23-1-1a ༄༅། །བི ཥ ཡ སཱཾ སྟུ ཏི ཙ ཏི ཀྲྀ ཡེ པཀྵ པིཎྜ ས པུ ཏྲ ཛ ཡ ན ནྡ སྱ ཤབྡ ནཱ མ བི ཧ ར ཏི སྨ། ། ༄༅། །ཡུལ་དམ་པ་རྣམས་ལ་བསྟོད་པ་དང་གསོལ་འདེབས་སྐོར་ཕྱོགས་བསྡུས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། ། 23-1-1b སུ སིདྡྷ དཱི དྷཱི སཾ ས དཱ ། དགེ༷་ལེ༷གས་རྟག་པ་དམ་པའི་སྣང་བ་ནི། །སུ སི དྡྷ སཾ བུདྡྷ བི དཱ། གྲུབ༷་པ༷་ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཏེ། ། 23-1-2a སུ དྡྷཱ སུ སཱ དྷཱུ དྭོ དྷི སཿབྱང་ཆུབ་མཆོག་གི་བདུད་རྩིས་རབ་མཛེས་དེས། །སུ སི དྡྷ སཱུ དྷཱ དྷཱ བཱ ད དཻ ། ཤི༷ས་པ༷འི་དགའ་སྟོན་ཀུན་ཏུ་སྦྱིན་གྱུར་ཅིག ། 23-1-2b བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྲིད་པ་སྣ་ཚོགས་སྒྱུ་མའི་གྲོང་ཁྱེར་ན། །སྒྱུ་མར་མཁྱེན་པའི་སྙིང་རྗེ་ཆེན་པོའི་ཐུགས། །འཇིགས་མེད་སེང་གེ་ལྟ་བུར་རྣམ་བསྒྱིངས་པ། །ཕྱོགས་ ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དྭངས་པའི་མཁའ་ལ་ཉ་རྒྱས་ཟླ་ལྟར་ཆོས་དབྱིངས་ཞི་བའི་དཀྱིལ་འཁོར་ན། །མཚན་དཔེའི་ཆ་རྫོགས་ལྟ་བས་མི་ངོམས་ལྷུན་གྲུབ་གཟུགས་སྐུའི་རང་བཞིན་ནི། །རྟག་ བརྟན་མི་གཡོ་དྲན་པས་སྙིང་ལ་བདུད་རྩིའི་དཔལ་སྟེར་བཅོམ་ལྡན་འདས། །མི་ཕྱེད་རྡོ་རྗེ་ཡེ་ཤེས་སྐུ་བརྙེས་ཤཱཀྱ་སེང་གེ་ཁྱོད་ལ་འདུད། །ཁྱོད་ནི་སྙིང་རྗེ་ཆེན་པོའི་གཞན་དབང་གིས། །བདག་ཅག་སྙིགས་མ་ ལྔ་ཡི་སྐྱེ་བོ་ཀུན། །གཟུང་སླད་མ་དག་ཞིང་གི་འདམ་དུ་ཡང་། །སངས་རྒྱས་པདྨ་རྒྱས་པའི་རྣམ་པར་རོལ། །སྲིད་པ་གསུམ་པོ་མཐའ་དག་འདི། །གཟུགས་མི་མཚུངས་ཤིང་དེ་བཞིན་དུ། །འབྱོར་དང་ཤེས་རབ་བདེ་སྡུག་ སོགས། །མི་མཚུངས་རྣམ་པ་སྣ་ཚོགས་ཀྱང་། །འདོད་དང་རྨོངས་དང་ཞེ་སྡང་དང་། །འཇིགས་པ་ཡི་ནི་ཞགས་པ་ཡིས། །ཀུན་ནས་དམ་པོར་བཅིངས་གྱུར་པ། །ཚུལ་འདི་ལ་ནི་ཀུན་ཀྱང་མཉམ། །མི་དང་འཁོར་ལོས་ སྒྱུར་བ་དང་། །ལྷ་དང་ཚངས་པའི་འབྱོར་པ་ནི། །ཡིད་འོང་ལྟ་བུར་གང་གནས་པ། །དེ་ཉིད་དེ་ཡིས་རྣམ་པར་འཆིངས། །གོམ་པ་གཅིག་གིས་ས་ཆེན་འདི་མནན་ཞིང་། །དགྲ་སྟྭ་རལ་གྲི་གདེངས་པའི་ལག་སྟབས་ཀྱིས། ། 23-1-3a གཞན་སྟོབས་ཕྱེ་མར་བརླག་པའི་མཐུ་བོ་ཆེ། །དེ་ཡང་སྡང་བ་ཁོ་ནའི་བྲན་དུ་གྱུར། །སྲིད་ལ་རྣམ་དཔྱོད་ཆགས་པའི་སྲིད་པ་ཡི། །འཇིགས་དུས་མཐའ་དང་སྲིད་པའི་སྒྱུ་རྩལ་ལ། །བློ་གྲོས་རིང་ནས་ འདྲིས་པ་དེ་དག་ཀྱང་། །རྨོངས་པའི་སྨག་ཆེན་དག་ཏུ་རྣམ་པར་འཁྱམས། །ལྷ་དང་མི་ཡི་ཆེ་དགུའི་ཅོད་པན་གྱིས། །རྐང་སྟེགས་ནོར་བུའི་ཁྲི་ལ་ཉེར་མཆོད་པ། །མངོན་མཐོའི་ཁེངས་པས་རློམས་པ་དེ་དག་ཀྱང་། ། མི་བཟློག་འཇིགས་པའི་དུས་ཀྱི་ཕྱི་བཞིན་འབྲངས། །དེ་སླད་ཚངས་དང་དབང་པོ་དབང་ཕྱུག་དང་། །ཁྱབ་འཇུག་ལ་སོགས་སྲིད་ན་མཆོད་བྱ་བ། །དེ་དག་འདོད་དང་ཁྲོ་བའི་སྟོབས་མཆོག་ཏུ། །མཐོང་བས་བྱིས་པ་རྣམས་ ཀྱི་སྐྱབས་སུ་བཟུང་། །གང་ཞིག་བདག་དང་བདག་གིར་རྣམ་བལྟ་བ། །འདི་ནི་སྲིད་པ་ཀུན་གྱི་ཚུལ་ལ་གནས། །འདི་ལ་གནས་རྣམས་རྒྱ་ཡིས་ཉ་བཞིན་དུ། །འདོད་རྨོངས་ཁྲོ་བ་འཇིགས་པའི་རུམ་དུ་འཆིང་། །ཆུ་ ལ་མེ་དང་སྨག་ལ་སྣང་བ་བཞིན། །སྲིད་ན་འདི་ལས་བརྒལ་བའི་བློ་མེད་དེ། །དེ་ཕྱིར་བློ་ངན་འདི་ཡིས་མཚུངས་བཅིངས་པ། །སུ་ལ་བརྟེན་ནས་སུ་ཞིག་གྲོལ་བར་འགྱུར། །གང་གིས་བདག་མེད་སེང་གེའི་ང་རོ་ ཡིས། །སྲིད་པའི་ཆོས་ཚུལ་ཀུན་ནས་རབ་བཤིག་ནས། །མཐའ་བཞིའི་བློ་ངན་མུན་པའི་གནས་མེད་པ། །རྟེན་འབྱུང་དྲི་མེད་བློ་གྲོས་སྣང་བའི་ལམ། །སྟོན་པ་རྒྱལ་བ་ཁྱོད་ལ་ནི། །བརྟེན་ན་རྣམ་པར་གྲོལ་འགྱུར་བ། ། 23-1-3b མཐོང་ནས་ཡིད་ཆེས་ཚིག་གིས་ནི། །སྐྱོན་བྲལ་ཁྱོད་ལ་ཅུང་ཟད་བསྟོད། །སྲིད་གསུམ་སྙིང་ལ་བདུད་རྩི་ཡི། །དཔལ་སྟེར་མཛེས་པའི་ཟླ་བ་དེའི། །འོད་ཀྱིས་འཇིག་རྟེན་གསུམ་པོ་འདི། །རྒྱུ་སྐར་བཞིན་དུ་རྣམ་པར་ མནན། །དེ་ཚེ་ཡེ་ཤེས་མེ་རྣོན་ཟེར། །སྲིད་པའི་ནགས་ཚལ་རྣམས་ཟ་བ། །མ་བཟོད་དུང་ཕྱུར་བདུད་ཀྱི་དམག །རི་དང་ནགས་ནས་བཤོར་བ་བཞིན། །སྟོབས་ཆེན་གད་རྒྱང་དགོད་པ་ཡིས། །རི་བོ་རྡུལ་ཕྲན་བཞིན་དུ་ འཐོར། །དགྲ་སཏྭ་རལ་གྲི་མདའ་དང་མདུང་། །སྣ་ཚོགས་སོ་རྣོན་མཚོན་གྱིས་གཟས། །དུག་དང་མེ་དང་རྡོ་རྗེའི་ཐོག །སེང་གེ་གླང་ཆེན་གདུག་པའི་སྦྲུལ། །མི་བཟད་འཇིགས་པ་སྣ་ཚོགས་དང་། །རི་རབ་འཕེན་ ཅིང་རྒྱ་མཚོ་དྲངས། །སྲིད་པ་འདི་ན་འཇིགས་སོ་ཅོག །སྣ་ཚོགས་སྟོང་དུ་བསྡོམས་པ་ཡིས། །སེམས་མེད་མཁའ་ཡང་གཡོ་ནུས་པའི། །འཇིགས་པ་ཆེན་པོ་དེ་དག་ཀྱང་། །ལྷ་ལ་ལྷ་ཡི་མེ་ཏོག་གིས། །མཆོད་པ་ བཞིན་དུ་བདེ་གཤེགས་ལ། །ལེགས་པ་ཁོ་ནར་གྱུར་པ་ཡིས། །དཔུང་བཅས་འདི་ནི་རྣམ་ར་བཏུལ། །རབ་འབར་དམྱལ་བའི་མེ་དཔུང་ཡང་། །གང་གིས་གཟིགས་པའི་མོད་ཉིད་ལ། །བདུད་རྩིའི་པད་ཚལ་ ཉིད་འགྱུར་ན། །འཇིགས་པ་གང་གིས་དེ་ལ་འཇིགས། །ཁྱོད་སྔོན་ལམ་གྱི་སྐབས་ན་ཡང་། །ལུས་ལ་མཚོན་ཆ་རྣོན་པོ་ཡིས། །དྲས་ཤིང་དྲས་ཤིང་བཅད་གྱུར་པས། །བུད་ཤིང་བསྣན་པའི་མེ་བཞིན་དུ། །ཕྱིར་ 23-1-4a ཞིང་སྙིང་རྗེ་འཕེལ་གྱུར་ན། །དམིགས་མེད་སྙིང་རྗེའི་ཆ་རྫོགས་པ། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ཚེ། །འཇིགས་པ་མེད་པར་ལྟ་ཅི་སྨོས། །གང་གིས་ཤེས་བྱའི་དངོས་པོ་ཀུན། །སྒྱུ་མ་ལྟ་བུར་རྣམ་ རྟོགས་པ། །ཤེས་བྱ་གང་གིས་དེ་ཉིད་ལ། །འཇིགས་པ་རབ་ཏུ་སྐྱེད་བར་ནུས། །སྟོང་དང་སྙིང་རྗེ་ཆེན་པོའི་མཐར་ཐུག་པ། །མཉམ་པ་ཉིད་བརྙེས་མི་ཕྱེད་རྡོ་རྗེའི་སྐུ། །འཇིགས་པ་ཀུན་ལས་དབུགས་འབྱིན་མཛད་ པ་པོ། །འཇིགས་མེད་ཞི་བའི་དབྱིངས་ལ་ཕྱག་འཚལ་ལོ། །ཁྱོད་ལ་བལྟ་ཞིང་ཟུར་གྱིས་འཛུམ་པ་སྒེག་པའི་འགྲོས་ལྡན་སྨིན་ལེགས་མ། །ཡིད་འོང་ཟླ་བ་པདྨ་དང་ནི་ཀུ་མུད་ཀུནྡ་ལྟ་བུའི་གདོང་། །འཆར་ཁའི་གཟི་ འབར་ནོར་བུའི་དོ་ཤལ་སིལ་སིལ་འཁྲོལ་བའི་འཇོ་སྒེག་གིས། །བརླ་ཡི་འཁྲི་ཤིང་ལྡེམ་ལྡེམ་གཡོ་བའི་རྫུ་བག་ངོམ་པའི་ལྷ་མོ་རྣམས། །མཐོན་མཐིང་སྤྲིན་ལས་གློག་ཕྲེང་ལྟར་འཁྱུག་ཙནྡན་ཏ་བའི་དྲི་བཟང་བཅས། ། མི་བརྟན་གཡོ་བའི་ཟློས་གར་རྩེ་ཞིང་སྙིང་དུ་སྡུག་སྡུག་ལྟར་འཇུག་པའི། །འདོད་པའི་ཚིག་གིས་ཡང་ཡང་བྲིད་ཀྱང་ཁྱོད་ཀྱི་བ་སྤུའི་རྩེ་མ་གཡོས། །དེ་ཚེ་དེ་རྣམས་མཁའ་ལ་རེག་ལྟར་རེ་བ་མེད་པའི་སེམས་ཀྱིས་སོང་། ། ཁ་བ་ལྟར་དཀར་གླང་པོ་ཆེ་དང་རྨ་བྱའི་མགྲིན་པ་ལྟར་སྔོ་བའི། །རྟ་མཆོག་རིན་ཆེན་གསེར་གྱི་འཁོར་ལོ་པདྨའི་མིག་ཅན་ཡིད་འོང་མ། །བསམ་འཕེལ་ནོར་འཛིན་བློན་པོ་དང་ནི་དཔུང་བཅས་དམག་དཔོན་ལྡན་པ་ཡི། ། 23-1-4b རྒྱལ་སྲིད་མཆོག་ཀྱང་རུལ་པའི་རོ་ལྟར་རྣམ་པར་སྤངས་ནས་གཅིག་པུར་གཤེགས། །རྣག་ཅན་སྲིད་པའི་རང་མཚང་རིག་ཅིང་དེ་ཡང་སྒྱུ་མ་ལྟར་མཁྱེན་པ། །སྲིད་ཞི་མཉམ་ཉིད་ཞི་བའི་དབྱིངས་སུ་དགོངས་པ་མཉམ་ པ་ཉིད་གྱུར་ཕྱིར། །མཁའ་འདི་བྲལ་ནས་སྣ་ཚོགས་ཡོ་བྱད་ཉེ་བར་བསྒྲུབས་པར་ནུས་མོད་ཀྱི། །འོན་ཀྱང་ཁྱོད་ཐུགས་ཆགས་དང་བྲལ་ལ་ནམ་ཡང་ཆགས་པས་བསླུ་མི་ནུས། །འབྱོར་པས་བརྒྱན་པའི་གླིང་བཞི་དང་ ནི་བུ་དང་བུ་མོ་ཆུང་མ་རྟ་དང་ཤིང་རྟ་དང་། །རྒྱལ་སྲིད་མཆོག་དང་རིན་ཆེན་སྣ་ཚོགས་འཇིག་རྟེན་ཡོད་རྒུའི་དངོས་གཞན་ཐམས་ཅད་དང་ནི་ཡང་། །མགོ་དང་ཡན་ལག་ལུས་གཏོང་བ་ཡི་གཞན་ལ་ཕན་པ་སློབ་པའི་ཚེ་ ན་ཁྱོད་མཛད་ན། །སྒྲིབ་གཉིས་མ་ལུས་ཡང་དག་ཟད་པ་དེ་ཡི་ཚེ་ན་ཆགས་དང་བྲལ་བ་སྨོས་ཅི་འཚལ། །མདོར་ན་མ་ལུས་སྲིད་པ་ཐམས་ཅད་ཀྱི། །ཆགས་པ་ཀུན་ལས་རྣམ་པར་གྲོལ་ན་ཡང་། །ཐུགས་རྗེས་འགྲོ་ ལ་རྗེས་སུ་ཆགས་པའི་ཐུགས། །མཁའ་ལྟར་འཛད་པ་མེད་པ་ཁྱོད་ལ་འདུད། །གཞན་ལ་ཕན་པ་ཁོ་ན་ལྷུར་མཛད་པའི། །མཐོང་ན་མངོན་པར་དགའ་བའི་སྐུ་མཆོག་ཀྱང་། །རྨོངས་པས་དཀྲུགས་པས་བཤིག་ལ་ མངོན་ཞེན་པ། །སྡང་བ་རྣམས་ཀྱང་བྱམས་པས་བུ་བཞིན་བསྐྱངས། །དྲེགས་པའི་གླང་པོ་མྱོས་པ་རྣམས་རྦད་ཅིང་། །མི་བཟད་དུག་གིས་སྐུ་ལ་བྱུགས་བྱས་ནས། །དྲག་པོའི་རྦབ་ཀྱིས་བསྣུན་པ་དེ་དག་ཀྱང་། །སྒྲ་ 23-1-5a གཅན་ཟིན་དང་མཚུངས་པར་ཀུན་ཏུ་གཟིགས། །སྡང་བའི་མེ་འབར་གདུག་པའི་སྦྲུལ་གྱི་ཁའི། །མི་བཟད་དུག་གི་ཚང་ཚིང་རབ་འཁྲིགས་ནས། །རྣོ་དབལ་ཤུགས་དྲག་མཚོན་ཆའི་ཆར་པ་ཡང་། ། བྱམས་པའི་སྟོབས་ཀྱིས་མེ་ཏོག་སྤྲིན་དུ་ཆགས། །ཕྱོགས་བཅུ་དག་ན་དུས་གསུམ་ཀུན་ཏུ་ཡང་། །མཁའ་ལས་བརྒལ་བའི་སྐྱེ་བོ་འགའ་མེད་པ། །དེ་བཞིན་བྱམས་ཆེན་ཁྱོད་ཀྱིས་མ་བཟུང་བ། །སྲིད་པའི་རིས་ན་འགྲོ་བ་ སུ་ཡང་མེད། །བཟོད་བླགས་འཇིགས་པ་མི་བཟད་དམྱལ་བའི་མེ། །བྱམས་པའི་མཐུ་ཡིས་བདུད་རྩི་ལྟ་བུར་བསིལ། །བསམ་གྱིས་མི་ཁྱབ་བརྩེ་བ་ཆེན་པོ་ལ། །དཔེ་རུ་བྱས་ན་ནམ་མཁའ་ཉིད་ཀྱང་ཆུང་། །བདུད་ རྩི་མཆོག་གི་གོ་འཕང་མ་བརྙེས་ཀྱང་། །དཔའ་བོ་ཁྱོད་ནི་སློབ་པ་ལམ་གྱི་དུས། །བདག་ཉིད་གཅེས་པར་འཛིན་པའི་བློ་ངན་ཀུན། །རབ་འབར་སྣང་བས་མུན་པ་བཞིན་དུ་བཅོམ། །བདག་གཞན་མཉམ་པ་ཉིད་དུ་མཐོང་ ནས་ཀྱང་། །བདག་བཞིན་སྒྱུ་མའི་དོན་ལ་མི་མཁས་པའི། །བདག་ལྷའི་སྐྱེ་བོ་ཀུན་ལ་སྙིང་རྗེའི་སེམས། །བདག་ལ་བདག་གིས་བྱམས་པ་ལས་ཀྱང་ལྷག །རིང་ནས་སྲོག་ལ་རྔམ་པའི་མཚོན་རྣོན་གྱིས། །འདེབས་ བཞིན་དུ་ཡང་སྡང་བའི་མེ་འབར་བ། །ཕྱིར་ཞིང་རང་གི་སྲོག་གིས་དེ་བསྲུངས་ནས། །ཕན་པའི་ཐབས་ཚུལ་སྟོང་ལ་རྣམ་པར་སྦྱར། །མི་བཟད་སྲིད་པ་འདི་ཡི་སྡུག་བསྔལ་ཀུན། །བདག་ཉིད་གཅིག་པུས་སྐལ་བར་ 23-1-5b ནོད་སྙམ་པའི། །སྙིང་སྟོབས་ཚུགས་མེད་རྡོ་རྗེའི་རང་བཞིན་ཅན། །དེ་ཡི་བྱམས་པ་གང་གིས་འཇོམས་པར་འགྱུར། །དེ་ལྟར་བསྐལ་པ་དུ་མར་ཡང་དང་ཡང་། །རྨད་བྱུང་གོམས་པ་མཆོག་གི་མཐར་ཕྱིན་ནས། ། སྒྲིབ་གཉིས་ཀུན་ཟད་བྱམས་པའི་དཀྱིལ་འཁོར་ཆ། །ཡོངས་རྫོགས་རྒྱལ་བའི་དབང་པོ་སྨོས་ཅི་འཚལ། །བརྩེ་བ་མི་བཟད་བདུད་རྩིའི་སྤྲིན་ཆེན་གང་། །སྟོང་ཉིད་ཞི་བའི་དབྱིངས་སུ་རོ་གཅིག་པའི། །བསམ་གྱིས་ མི་ཁྱབ་ཐུགས་རྗེའི་བདག་ཉིད་མཆོག །མགོན་པོ་སྟོབས་བཅུ་མངའ་བ་ཁྱོད་ལ་འདུད། །ཁྱོད་ཀྱི་ཡེ་ཤེས་ཆེན་པོ་ཡིས། །ཇི་ལྟ་ཇི་སྙེད་ཤེས་བྱའི་དོན། །མངོན་སུམ་ཉིད་དུ་གཟིགས་པས་ན། །ཐམས་ཅད་ མཁྱེན་ཅེས་ཀུན་ཏུ་གྲགས། །གདུལ་བྱའི་ཁམས་དབང་བསམ་པ་དང་། །བག་ལ་ཉལ་བཅས་ལེགས་གཟིགས་ནས། །མཐུན་པའི་ཆོས་ཀྱིས་འགྲོ་བ་ཀུན། །ཐར་བ་མཆོག་གི་གནས་སུ་བཀོད། །གང་གིས་ཇི་ སྙེད་གསུང་བ་ཀུན། །ཆུ་གཏེར་ལ་ནི་ཆུ་བོ་བཞིན། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ལ། །རྣམ་པ་ཀུན་ཏུ་གཞོལ་ཞིང་འབབ། །ནམ་མཁའི་ཁམས་ལས་བརྒལ་བ་ཡི། །འཇིག་རྟེན་གང་ན་ཡོད་མིན་པ། །དེ་བཞིན་ ཕྱོགས་དུས་ཤེས་བྱའི་ཆོས། །ཁྱོད་ཀྱིས་མི་མཁྱེན་གང་ཡང་མེད། །མཁྱེན་པ་དེ་ཡང་སྒྲིབ་གཉིས་ཀྱི། །དྲི་མ་ཀུན་ལས་རྣམ་གྲོལ་བའི། །ལག་མཐིལ་སྐྱུ་རུ་ར་བཞིན་དུ། །མ་ནོར་ཡང་དག་པར་ནི་གཟིགས། ། 23-1-6a མཁྱེན་པའི་སྐར་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་པ། །མེ་ལོང་ལ་ནི་གཟུགས་བརྙན་བཞིན། །འབད་པ་མེད་པར་ངང་གིས་མཁྱེན། །སྒྲིབ་པ་ཀུན་ལས་ངེས་ གྲོལ་ནས། །ཆོས་ཀྱི་དབྱིངས་དང་རོ་མཉམ་པའི། །རང་བྱུང་ཡེ་ཤེས་དེ་ལ་ནི། །རིས་མེད་ཕྱིར་ན་གང་མི་མཁྱེན། །སྲིད་པ་འདི་དག་ཐམས་ཅད་ཀྱི། །སྣ་ཚོགས་གཞལ་བར་དཀའ་པའི་ཚུལ། །དུས་ གཅིག་ཉིད་དུ་དྲིས་ན་ཡང་། །གསུང་གཅིག་དབྱངས་ཀྱིས་སོ་སོར་བརྗོད། །དགེ་སྦྱོང་བྲམ་ཟེ་ལྷ་དང་ནི། །ཚངས་སོགས་སྲིད་པའི་བློ་ལྡན་ཀུན། །འབད་དེ་བརྟགས་པར་གྱུར་ན་ཡང་། །ཀུན་མཁྱེན་ མིན་སྤྱོད་དམིགས་སུ་མེད། །དེ་ཕྱིར་ཡང་དག་རིག་པ་བཞིའི། །སྤོབས་པའི་མཐུ་ཡིས་འཇིག་རྟེན་དུ། །སྤངས་དང་རྟོགས་དང་སྤང་བླང་ལ། །མི་འཇིགས་སེང་གེའི་སྒྲ་དབྱངས་སྒྲོགས། །མེ་ཡི་ རང་བཞིན་ཚ་བ་ལྟར། །བདག་ཏུ་ལྟ་བ་འཁོར་བའི་གཤིས། །བུད་ཤིང་ཟད་པའི་མེ་བཞིན་དུ། །བདག་མི་ལྟ་ན་སྲིད་པ་འཇིག །དེ་ཕྱིར་བདག་ལྟའི་རྒྱ་མཚོ་ལ། །གནས་པའི་ཚངས་སོགས་ན་ཀྲ་ རྣམས། །དཔྱོད་པའི་ཟློས་གར་རྩེ་ན་ཡང་། །ལྟ་བའི་ཆུ་དང་བྲལ་མི་ནུས། །སྣ་ཚོགས་འཇིག་རྟེན་འདི་དག་ནི། །གང་ལས་བྱུང་ཞིང་གང་གིས་འགག །དེ་ལྟར་རྣམ་པར་དཔྱད་པ་ན། །མཐའ་གཉིས་ 23-1-6b གཅིག་ལས་ཅི་ལྟར་བརྒལ། །ལ་ལས་ཚངས་སོགས་རྟག་པ་ཡི། །རྒྱུ་ལས་འཇིག་རྟེན་བྱུང་བར་འདོད། །ཚངས་སོགས་དེ་དག་སྐྱེས་ན་ནི། །སྐྱེས་ཕྱིར་རྟེན་པའི་དམ་བཅའ་འཇིག །མ་སྐྱེས་ཉིད་ན་མཁའ་ བཞིན་དུ། །དེ་ཡོད་པར་ནི་ཅི་ཡིས་འགྲུབ། །མ་སྐྱེས་ཉིད་ཀྱི་གཏན་ཚིགས་ཀྱིས། །དངོས་པོ་མེད་པར་གྲུབ་པ་ཡིན། །དངོས་ཀུན་གཅིག་ཆར་མི་སྲིད་ཅིང་། །རིམ་གྱིས་སྐྱེ་ཞིང་འགག་འགྱུར་བས། །དངོས་པོ་དེ་ ཀུན་བྱེད་ན་ནི། །རྒྱུ་ཡང་མི་རྟག་ཉིད་དུ་འགྱུར། །རྒྱུ་ལ་འགྱུར་བ་ཡོངས་མེད་ན། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །ནམ་མཁས་པདྨོ་མི་བསྐྱེད་པ། །དེ་ལྟར་རྟག་པའི་རྒྱུ་ཡིས་ནི། །མི་རྟག་འབྲས་བུ་བསྐྱེད་ཅེས་ པ། །མི་འབྲེལ་མོ་གཤམ་བུ་བཞིན་ནོ། །ལ་ལས་འཇིག་རྟེན་སྣ་ཚོགས་པ། །རྒྱུ་མེད་ངོ་བོས་བྱུང་ཞེས་ཟེར། །འཇིག་རྟེན་ན་ནི་རྒྱུ་མེད་པའི། །དངོས་པོ་འགའ་ཡང་མ་མཐོང་བས། །མངོན་སུམ་ཉིད་དང་ འགལ་བ་ལས། །རྒྱུ་མེད་ཅི་ཡི་ཕྱིར་ན་སྨྲ། །གལ་ཏེ་ངེས་པར་རྒྱུ་མེད་ན། །འབྲས་རྣམས་རྒྱུ་ལ་མི་ལྟོས་པའི། །མར་མེ་ལས་ཀྱང་མུན་པ་དང་། །མཁའ་ལས་ཨུཏྤལ་ཅིས་མི་སྐྱེ། །དངོས་པོ་མ་ལུས་དུས་ཀུན་ཏུ། ། ཡོད་པར་ཅི་ཡི་ཕྱིར་མི་འགྱུར། །ཡང་ན་མཁའ་ལས་ཨུཏྤལ་ལྟར། །ཅི་ཡང་རྒྱུ་ཡིས་མི་བསྐྱེད་ཕྱིར། །རྒྱུ་ལ་བརྟེན་ཏེ་བྱུང་བ་ཡི། །དངོས་ཀུན་རྟག་ཏུ་མེད་པར་འགྱུར། །དེ་ལྟ་ན་ནི་འཇིག་རྟེན་དུ། །འབྲས་ཕྱིར་ 23-1-7a ས་བོན་གདབ་པ་སོགས། །རྩོམ་པ་ཐམས་ཅད་དོན་མེད་པས། །སུ་ཞིག་དེ་ལ་འཇུག་པར་འགྱུར། །དེ་ཕྱིར་རྟག་ཆད་མཐའ་བྲལ་བའི། །དངོས་པོའི་གཤིས་ལུགས་མ་ནོར་བར། །སྨྲ་བ་ འཇིག་རྟེན་འདིར་མེད་ཀྱང་། །དགེ་སྦྱོང་ཆེན་པོས་འདི་སྐད་དུ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །རྒྱུ་དང་དེ་འགོག་པ་ཡི་ལམ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡིས། །སྲིད་པ་སྐྱེ་ཞིང་འགག་པར་ གསུངས། །མ་ཚང་མེད་པའི་རྒྱུ་ལས་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །གང་དུ་རྒྱུ་མ་ཚང་གྱུར་ན། །འབྲས་བུ་ཅི་ཡི་ཕྱིར་ན་སྐྱེ། །དེ་ལྟར་རྒྱུ་རྐྱེན་རྟེན་འབྲེལ་ལས། །སྲིད་པའི་འཁོར་ལོ་རབ་བརྒྱུད་ པ། །དེ་ཡི་རྩ་བ་མ་རིག་སྟེ། །ཚུལ་བཞིན་རིག་པས་དེ་ལྡོག་གོ། འདི་ལ་བདག་ནི་ཡོད་མིན་ཏེ། །ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲའི། །ཚུལ་དུ་ཕུང་པོ་ཉིང་མཚམས་སྦྱོར། །དངོས་ པོའི་ཆོས་རྣམས་གང་ལགས་པ། །དེ་ཀུན་བརྟེན་ནས་རྣམ་པར་སྐྱེས། །དངོས་མེད་དངོས་པོ་ལ་ལྟོས་ཏེ། །རྣམ་བཅད་སྒོ་ནས་ཉེ་བར་བཏགས། །དེ་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཤེས་བྱ་གང་ཡང་ཡོད་མིན་ ཞིང་། །རྟེན་ཅིང་འབྲེལ་བར་གང་བྱུང་བ། །དེ་ནི་བདེན་པས་རྣམ་པར་སྟོང་། །གང་ཞིག་རྐྱེན་ལས་སྐྱེས་པ་དེ་དག་ནི། །འགྲོ་འོང་བྲལ་ཞིང་རང་དབང་རྣམ་སྤང་བ། །ངོ་བོས་མ་གྲུབ་བཅོས་མའི་གསོབ་ཡིན་ 23-1-7b ཏེ། །སྒྱུ་སོགས་རྣམས་དང་ཁྱད་པར་ཅུང་ཟད་མེད། །རྟེན་ནས་འབྱུང་གང་སྟོང་པ་ཁོ་ན་སྟེ། །སྟོང་བཞིན་སྣང་བར་ཤར་བ་དེ་མཐོང་ནས། །སྣང་སྟོང་མཉམ་པ་ཉིད་དུ་ངེས་ཤེས་པ། །འདི་ནི་ཡང་དག་ལྟ་ བ་མཆོག་ཡིན་ཏེ། །བློ་གྲོས་མཆོག་འདི་རྒྱལ་བ་དེས་བསྟན་ཅིང་། །འདི་ལ་གང་གནས་རྒྱལ་བའི་ལམ་དུ་འགྲོ། །འདི་ནི་སྨྲ་བ་བླ་ན་མེད་པ་སྟེ། །འདི་ལས་སྟོན་པའི་མཆོག་ཏུ་ཡིད་ཆེས་འཁྲུངས། །ཁྱོད་སྔོན་ བསྐལ་པ་དུ་མར་ཡང་དང་ཡང་། །གཅེས་པའི་སྲོག་མང་བཏང་ནས་བཟུང་བ་ཡི། །རིན་ཆེན་ཆོས་མཆོག་སྙིང་པོའི་མཐར་ཐུག་འདི། །བརྩེ་བའི་ཐུགས་ཀྱིས་འགྲོ་བ་ཀུན་ལ་གདམས། །མཁའ་ལ་ཐོགས་ རེག་དངོས་པོ་མི་གནས་པ། །དེ་བཞིན་སྒྲིབ་པའི་མཐའ་དག་སྤངས་པའི་ཐུགས། །ཇི་ལྟ་ཇི་སྙེད་ཤེས་བྱའི་དཀྱིལ་འཁོར་ཀུན། །ཆགས་ཐོགས་བྲལ་བར་གཟིགས་པ་ཁྱོད་ལ་འདུད། །མ་ལུས་ཤེས་བྱ་ཀུན་ གྱི་དེ་ཁོ་ན། །སྣང་སྟོང་མཉམ་པ་ཉིད་ཀྱི་ཆོས་དབྱིངས་སུ། །མངོན་པར་བྱང་ཆུབ་རྡོ་རྗེའི་བདག་ཉིད་ཆེ། །རང་བྱུང་ཡེ་ཤེས་སྐུ་ཅན་ཁྱོད་ལ་འདུད། །དེ་ལྟར་རབ་གུས་ཡིད་ཀྱིས་རྒྱལ་བ་ཉི་མ་དགྱེས་པའི་ཞབས་ པད་ལ། །མགོ་བོས་བཏུད་དེ་དོན་བཞིན་བསྟོད་པའི་ཚིག་གི་མེ་ཏོག་ལེགས་འཐོར་བ། །དེ་ཡི་དགེ་བས་སྐྱེ་བ་ཀུན་ཏུ་མཉམ་མེད་ཤཱཀྱ་སེང་གེ་ཡི། །རྗེས་སུ་བཟུང་ནས་བྱང་ཆུབ་མཆོག་གི་གོ་འཕང་བླ་མེད་ 23-1-8a བརྙེས་གྱུར་ཅིག །འདི་ན་འདུན་དང་རྨོངས་པ་ཞེ་སྡང་འཇིགས་པའི་མེ་ཡིས་རབ་གཙེས་པའི། །འགྲོ་བ་ཀུན་ལ་བསྟོད་པ་འདི་ཡིས་སྟོན་པའི་བྱ་བ་ཉིད་བྱས་ནས། །མཆོག་གི་སྟོན་པར་ རྒྱུ་མཚན་ཤེས་ནས་དད་པས་དེ་ཡི་བསྟན་པ་ལ། །ལེགས་ཞུགས་བསྒྲུབ་པ་སྙིང་པོར་བྱས་ནས་འཇིགས་དང་ཉོན་མོངས་སེལ་བར་ཤོག །གང་གི་འདི་ཡི་ཚིག་ཙམ་ཐོས་པ་ཡང་། །སྙིང་གི་པདྨོ་རྣམ་པར་ བཞད་པ་རུ། །འཇམ་མགོན་ཡེ་ཤེས་ཉི་མ་རབ་ཞུགས་ནས། །མཚུངས་མེད་བློ་གྲོས་སྣང་བ་རྒྱས་པར་ཤོག །དེ་ལྟར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཤཱཀྱའི་རྒྱལ་པོ་ ལ་བསྟོད་པ་འདི་ནི། གཞན་གྱིས་མ་བསྐུལ་བར་རང་གི་ཡིད་ལ་སྟོན་པའི་རྣམ་པར་ཐར་པ་ཅུང་ཟད་དྲན་པས་གུས་པ་ཚད་མེད་པའི་ངང་ནས་གང་ཤར་ཤར་མར་བྲིས་པ་སྟེ། རྩོམ་པ་པོའི་མིང་དུ་མི་ཕམ་བློ་གྲོས་དྲི་ མེད་ཅེས་གདགས་པ་ན་ཚོད་གཞོན་ནུར་གྱུར་པ་དེས་སོ། །མངྒ་ལཾ།། ༈ །། ཆོ་འཕྲུལ་བསྟོད་སྨོན་བཞུགས་སོ། །སྟོན་པ་མཆོག་དེས་རྨད་བྱུང་ཆོ་འཕྲུལ་ཚུལ། །བསྟན་རྣམས་རྗེས་ སུ་དྲན་ཅིང་གུས་པས་འདུད། །ཚེམས་ཤིང་སར་༡བཙུགས་དཔག་བསམ་ལྗོན་ཆེན་རྒྱས། །༢གཡས་གཡོན་རིན་ཆེན་རི་བོ་ངོ་མཚར་ལྡན། ། འབྲས་བུ་དང་རྩ་ལྗང་ལྡན་པས་ཚིམ། ཞབས་བསིལ་དོར་བ་༣ཡིད་འོང་པད་ 23-1-8b མཚོར་གྱུར། །རྫིང་བུར་༤ཆུ་ཀླུང་བརྒྱད་འཐོན་ཆོས་སྒྲ་སྒྲོགས། །ཞལ་གྱི་འོད་ཀྱིས་༥ཀུན་གསལ་སྒྲིབ་ལྔ་བྱང་། །འཁོར་ཀུན་༦ཕན་ཚུན་སེམས་ཤེས་བྱིན་གྱིས་བརླབས། །སློབ་ཚོགས་༧འཁོར་ལོས་བསྒྱུར་བའི་རྣམ་ པར་བསྒྱུར། །སྤྱོད་ལམ་སྣ་ཚོགས་ཆོ་འཕྲུལ་༨འདུ་མཛད་མུ་སྟེགས་ལག་ན་རྡོ་རྗེས་ཁྲི་བཤིགས་བསྡིགས་བྲོས། ཕམ། །གཙུག་ཏོར་ཚངས་༩པའི་ཡུལ་སར་མཐོ་ཞིང་ལྷམ། །རྩིབས་ཀྱི་མུ་ཁྱུད་ལྟ་བུའི་འཁོར་དང་བུ་སྟོང་ཅན། སྲིད་རྩེར་༡༠ཁྱབ་སྐུའི་འོད་ཀྱིས་སྲིད་གསུམ་ གསལ། །སྐུ་༡༡ལས་འོད་འབར་དམ་ཆོས་བདུད་རྩི་བསྟན། །གསེར་འོད་ཀུན་ཁྱབ་ཕོག་ཚད་ཆགས་སྡང་༡༢མེད་པར་བྱམས། །ལྟེ་བའི་སྦུབས་ནས་འོད་རྩེར་སངས་རྒྱས་གཉིས་དང་དེ་ལས་གྲངས་མེད། ༢༣སངས་རྒྱས་སྤྲུལ་པ་འགྱེད། ། མཆོད་པའི་༡༤མེ་ཏོག་རིན་པོ་ཆེར་གྱུར་འོད་འབར་སངས་རྒྱས་བཞུགས་པའི། ངོ་མཚར་བཀོད་པར་བསྟན། །འཁོར་ཀུན་རོ་བརྒྱའི་ཟས་ཀྱིས་རོས་ཚིམ་དམྱལ་གནས་བདེ་བར་མཛད། །ཆོ་འཕྲུལ་ཆེར་སྟོན་རྒྱལ་བར་གསོལ་བ་འདེབས། ། སྟོན་པའི་རྣམ་ཐར་དྲན་ཅིང་གུས་བྱེད་ལ། །ཐུགས་རྗེས་དགོངས་ཤིང་བྱིན་གྱིས་བརླབ་པར་མཛོད། །མི་ཕམ་པས་ཆོ་འཕྲུལ་ཆེན་པོའི་དུས་དགེ་བར་བྲིས་ པ་མངྒ་ལཾ།། །། ༈ ངེས་པ་དོན་གྱི་འཇམ་པའི་དབྱངས་ལ་བསྟོད་པ་རྡོ་རྗེ་རྒྱུད་ཀྱི་དགོངས་འགྲེལ་ཞེས་བྱ་བ། འདི༷་ལྟར༷་ཕྱོགས་བཅུའི་ཞིང་དང་དུས་ཀུན་གྱི། །ཇི་སྙེད་ས༷ངས་རྒྱས༷་ཀུན་ 23-1-9a གྱི་ཐུགས་ལ་ནི། །མཐར་ཐུག་སྙིང་པོའི་ཚུལ་གྱུར་བཅོ༷མ་ལྡ༷ན་འད༷ས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོད་ལ་འདུད། །སྲིད་ཞི་གདོད་ནས་མཉམ་པའི་ཡེ་ཀློང་ནི། །ཀུན་ཏུ་ བཟང་པོར་གྲུབ་པའི་ཟག་མེད་དབྱིངས། །དོན་དམ་ཡེ༷་ཤེ༷ས་སྐུ༷་སྟེ༷་རང༷་བྱུང༷་བ༷། །ཡང་དག་འབྲས་བུའི་མཐར་ཐུག་ཁྱོད་ལ་འདུད། །ཅེས་འབྲས་བུ་ཨ་ཏི། སྟོང་དྲུག་ཐིག་ལེ་འདུས་པའི་ཨེ་དབྱིངས་སུ། །ལྔ་ ལྡན་སྟོང་བདག་ཝ༷ྃ་ཡིག་ཞུ་བདེའི་སྲས། །བདེ་གཤེགས་ཡེ༷་ཤེ༷ས་མི༷ག་གཅི༷ག་དྲི༷་མ༷་མེ༷ད། །ཡང་དག་གཟིགས་པའི་མཐར་གྱུར་ཁྱོད་ལ་འདུད། ། ལམ་ཨ་ནུ་ཡོ་ག་བསྟན། མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ རྣམས། །སྤྲོས་བྲལ་སྟོང་པའི་དབྱིངས་སུ་རོ་གཅིག་པས། །མི་ཤིགས་ཡེ༷་ཤེ༷ས་སྣ༷ང་བ༷་ལ༷མ་མེ༷་བ༷། །ཡང་དག་གཞི་དབྱིངས་རྒྱལ་པོ་ཁྱོད་ལ་འདུད། །གཞི་མ་ཧཱ་ཡོ་གའོ། །དུས་གསུམ་ཀུན་ཏུ་ཆོས་ཀྱི་དབྱིངས་ གཏམས་པའི། །ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ་པའི་དཔལ། །མཁྱེན་བརྩེའི་རང་བཞིན་ལྷུན་གྲུབ་ཕན་དང་བདེས། །མ་ལུས་འགྲོ༷་བ༷་སྨིན༷་བྱེ༷ད་ཁྱོ༷ད་ལ༷་འ༷དུ༷ད། །མདོར་ན་ཕྱོགས་དུས་རྒྱལ་བའི་སྐུ་གསུང་ ཐུགས། །ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ་ཀུན་གྱི། །ཁྱབ་བདག་གཅིག་པུ་མི་ཤིགས་རྡོ་རྗེའི་དབྱིངས། །བདེན་མཆོག་ཡེ༷་ཤེ༷ས་སྐུ༷་ཉི༷ད་ཁྱོ༷ད་ལ༷་འ༷དུད། །རྫོ༷གས་པ༷འི་སང༷ས་རྒྱས༷་དུས་གསུམ་བྱོན་ཀུ༷ན་གྱིས༷། ། 23-1-9b ཡང་ཡང་རབ་བཤ༷ད་ཟབ་རྒྱས་རྡོ་རྗེའི་གསུང་། །ཆོས་ཚུལ་ཀུན་གྱི་དེ་ཉིད་མཐར་ཐུག་པ། །རྡོ་རྗེ་རྣོན་པོ་ཁྱོད་ལ་བདག་བསྟོད་པས། །ཤིན་ཏུ་དྲི་མེད་སྙིང་དབུས་ཡེ་ཤེས་སྐུའི། །གཟི་བྱིན་བསྙེལ་བ་མེད་པའི་ འོད་ཆེན་པོ། །རྟག་ཏུ་ཁྱབ་པར་བརྡལ་བས་འགྲོ་བ་ཀུན། །ཐུབ་མཆོག་དགོངས་པའི་ཆོ༷ས་ལ༷་སྦྱོར༷་ནུས་ཤོག ། ༈ རྒྱལ་བའི་ཡོན་ཏན་རྒྱ་ཆེ་ནམ་མཁའི་ཁྱོན། །ཚད་མེད་དབྱིངས་ལ་སྙོམས་པར་ཞུགས་པའི་ ངག །བསྟོད་པའི་མཆོག་འདིས་མཁའ་ལ་སྟོང་པས་བཞིན། །བདེ་གཤེགས་སྤྱོད་ཡུལ་རྒྱ་མཚོའི་གཏིང་མཐར་འཁྱུད། །སྐྱེས་བུའི་ལུས་ལ་གཅེས་པའི་སྲོག་བཞིན་དུ། །རྒྱལ་མཛོད་ཆོས་མང་སྙིང་པོའི་སྲོག་ གི་ཟུང་། །གང་ཡིན་ལེགས་རྟོགས་ཟབ་པའི་མཐར་ཐུག་བློ། །རྒྱལ་གསུང་ཆོས་ཕུང་ཀུན་གྱི་འབྱུང་གནས་ཡིན། །བློ་གྲོས་དྲི་མེད་ལས་འོང་དགའ་བ་ཡི། །བདུད་རྩིའི་ཆུ་གཏེར་མཛེས་པའི་སྙིང་དབུས་སུ། ། འཇམ་མགོན་ཟླ་བ་དགྱེས་པའི་བཅུད་འབབ་པ། །དེ་ལ་ལེགས་བཤད་རིན་ཆེན་མཆོག་འདི་གནས། །ཞེས་འདི་གོང་གིས་རྟོགས་ནུས་པའི་གང་ཟག་བསྟན་ཏོ། །འདི་ཡི་དགེ་བས་བདག་དང་འགྲོ་བ་ཀུན། །ཟབ་དང་རྒྱ་ ཆེའི་གནས་ལ་ཐོགས་མེད་པའི། །བློ་མཆོག་པདྨོ་བཞད་པའི་སྤྱན་བཟང་དེས། །འཇམ་མགོན་ཡེ་ཤེས་ཉི་མ་མཐོང་གྱུར་ཅིག ། འདི་ནི་མང་དུ་ཐོས་པ་ལས་བྱུང་བའི་དཀར་པོ་རྣམ་པར་འཕེལ་བའི་སྟོབས་ཀྱིས་ 23-1-10a རྒྱལ་བའི་གསུང་རབ་རྒྱ་མཚོ་ལ་ལྟ་བའི་མིག་ཅུང་ཟད་ཐོབ་པ་གཞོན་ནུ་བློ་གྲོས་དྲི་མེད་ཅེས་བྱ་བ་རང་གི་རིག་ཁམས་དྭང་པའི་མེ་ལོང་ངོས་ལ་སྐལ་བཟང་རྣམས་ཀྱི་ཆེད་དུ་འཇམ་པའི་རྡོ་རྗེའི་བྱིན་ རླབས་ཀྱི་གཟུགས་ངོམས་པ་སུ་ཛ་ལནྟུ། འདི་ནི་སྔར་རང་ལོ་ཉི་ཤུའི་སྐོར་ཞིག་ཏུ་བྲིས་པའོ།། ༈ །།ཨེ༷་ཡིག་སྟོང་ཆེན་འཇ༷མ་པའི་ཀློང་ཡངས་སུ། །ཝ༷ྃ་ཡིག་སྒྱུ་འཕྲུལ་གར་གྱིས་རྩེན་མཛད་ དཔ༷ལ། །ཟུང་འཇུག་ལྷན་སྐྱེས་བདེ་ཆེན་ཚུལ་གཅིག་མཐོང་། །ཨ་ཧོ་སྲིད་ཞི་ཀུན་ཁྱབ་ཡེ་ཤེས་མཚར། ། དཔལ་དབང་ཆེན་དགྱེས་རབ་རྡོ་རྗེའི་གསུང་གིས་བོད་ཡིག་ཕྱི་མོ་སུམ་ཅུ་དང་འདོགས་དྲུག་ཚིགས་ བཅད་གཅིག་གི་ནང་དུ་ཚང་བ་ཞིག་བྲིས་ཞེས་ཕེབས་པ་ལྟར་རབ་ཚེས་ཤིང་ཁྱི་ཟླ་༡༢ཚེས་༡༩ལ་ལབ་ལུང་ཆོས་སྡེ་ཆེན་པོར་བྲིས་ཏེ་ཕུལ་བ་ལ། སླར་ས་གླང་ཟླ་༡ཚེས་༣སུ་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་འབྲུ་རེ་ཟུང་ གསར་བཅོས་བྱས་པ་འཇམ་དཔལ་རྡོ་རྗེས་སོ། །འཕུལ་ལྔ་འཇུག་བཅུ་མིང་གཞི་ཉི་ཤུ་དང་། །བརྩེགས་གསུམ་འདོགས་གསུམ་དང་བཅས་ལེགས་པར་ཚང་། །ཨ་དགུ་སྐྱེ་མེད་ས་དགུ་ལེགས་པར་ནོན། ། ཡ་བརྒྱད་ག་བརྒྱད་འགྲེང་བུ་བརྒྱད་ཡོད་དེ། །གི་གུ་བདུན་ལ་ཞབས་ཀྱུ་དག་ཀྱང་བདུན། །ཞབས་འདོགས་མ་བརྩིས་ཡི་གེ་བརྩེགས་མ་དྲུག །ང་ལ་ར་ལྔ་ད་ན་རྣ་རུ་བཞི། །ཀ་གསུམ་མ་གསུམ་འ་གསུམ་ 23-1-10b ཉིད་དུ་ངེས། །པ་ཚ་བ་ཇ་ཨ་ཧ་གཉིས་རེ་སྟེ། །ལྷག་མ་རེ་རེར་ངེས་སོ་ལྟོས་དང་གསལ། །ཡིག་ཡིག་ཨེ་ཝྃ་འཇམ་དཔལ་དོན་དང་ལྡན། །ཨེ་མཚར་བར་ན་ངོ་མཚར་ཚིག་དོན་ཡོད། །མངྒ་ལཾ། །རྟེན་ འབྲེལ་དམ་པ་ཡོད་དོ་དགེའོ། ། ༈ འཇམ་བསྟོད་རྒྱུད་དང་བསྟན་བཅོས་ཅི་རིགས་ལས་བཏུས་པ། ཨོཾ། རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད། །ཤེས་རབ་ཡེ་ཤེས་སྐུ་ཅན་ཏེ། །ཡེ་ཤེས་སྐུ་ ཅན་གསུང་དབང་ཕྱུག །འགྲོ་བ་སྨིན་བྱེད་ཁྱོད་ལ་འདུད། །འཇམ་དཔལ་སྒྱུ་དྲྭ་ལས་སོ། ། ༈ སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པས། །སངས་རྒྱས་ཀུན་མཆོག་ གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་ལོ། །གཤེད་དམར་རྒྱུད་ལས་སོ། ། ༈ སྤྲོས་མེད་ཆོས་སྐུ་ཞི་བ་ལས། །ཐུགས་རྗེའི་འགྲོ་དོན་ཞི་ཁྲོའི་ཚུལ། །སྣ་ཚོགས་སྤྲུལ་པའི་སྐུ་འཆང་བའི། །འཇམ་ པའི་དཔལ་ལ་ཕྱག་འཚལ་ལོ། །སྒེག་རྡོར་གསུང་། ༈ རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཆོས་གྲགས་ གསུང་། ། ༈ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཡེ་ཤེས་སྐུ་ཡི་ངོ་བོ་ཉིད། །ངག་གི་དབང་ཕྱུག་གཟུགས་མཛེས་ལྡན། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཁན་ཆེན་ཞི་འཚོའི་གསུང་། ། ༈ 23-1-11a དཔལ་ལྡན་འཁྲུལ་བསལ་དྲི་མེད་འོད། །མཐའ་ཡས་འདས་ཀྱི་སྤྲུལ་པ་འཕྲོ། །ཤེས་རབ་མཆོག་ལྡན་འབར་ཞིང་མཛེས། །འཇམ་དཔལ་དེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡེ་ཤེས་ཞབས་ ཀྱི་གསུང་། ། ༈ གཞོན་ནུར་སྐུར་སྤྲུལ་མེ་ཏོག་ཐོད། །སྐུ་མདོག་གསེར་འདྲ་ཤེས་རབ་ལྷ། །མི་ཤེས་རྒྱུན་གཅོད་རལ་གྲི་འཛིན། །ཤེས་རབ་ཡེ་ཤེས་ལ་ཕྱག་འཚལ། །འཇམ་དཔལ་བཤེས་གཉེན་གསུང་། ། ༈ རྣམ་པར་རྟོག་ལས་མ་གཏོགས་པར། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །མྱ་ངན་འདས་ཁྱོད་ལ་ཕྱག་འཚལ། ། ཕྱོགས་གླང་གསུང་། ། ༈ ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་ དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའི་དབང་པོའི་གཞུ་བཞིན་དུ། །སྐུར་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཀླུ་སྒྲུབ་གསུང་། ། ༈ ཡོན་ཏན་དམ་པ་རེ་རེ་ཞིང་། །མཐའ་ཡས་མཁའ་དང་མཉམ་པ་ཡི། །བྱང་ ཆུབ་སེམས་ཀྱི་བདག་ཉིད་ཀྱི། །འཇམ་དཔལ་དེ་ལ་བདག་ཕྱག་འཚལ། །ཟླ་གྲགས་གསུང་། ། ༈ སྲིད་པ་མི་མངའ་སྐྱོན་མི་མངའ། །རྙོགས་པ་མི་མངའ་བཞུགས་མི་མངའ། །གཡོ་བ་མི་མངའ་ཆོས་ཀུན་ལ། ། མ་སྤྲོས་ཁྱོད་ལ་ཕྱག་འཚལ་ལོ། །ཕར་ཕྱིན་དྲུག་བསྟོད་ཤིང་རྟ་ཐོགས་མེད་གསུང་། ༈ བདག་ནི་མྱ་ངན་འདས་པར་དུ། །ཁྱོད་ཀྱི་གསུང་དང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་པ་གང་ལགས་པའི། །ཚིག་ལམ་གཉིས་ 23-1-11b ལས་ཉམས་མ་གྱུར། །དཔའ་བོའི་གསུང་། ། ༈ བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་པར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་ཐོབ་པར་ཤོག །གང་ཚེ་བལྟ་བར་ འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། །སེམས་ཅན་ཀུན་དོན་བསྒྲུབ་ བྱའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཞི་ལྷའི་གསུང་། ༈ ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཆོས་རྒྱལ་ཁྲི་སྲོང་གསུང་ངོ་། ། ༈ བསྟོད་པ་བཀྲ་ཤིས་མི་འགྱུར་མ་ཞེས་ བྱ་བ། ཨོཾ། བཀྲ་ཤིས་མི་འགྱུར་དཀོན་མཆོག་གསུམ། །གང་ལས་བྱུང་ཞིང་འཕྲོ་བའི་གནས། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག ༡ །ཕྱོགས་དུས་འགྲོ་ བའི་སྣང་ངོ་དང་། །མཐུན་པར་སྒྱུ་མའི་གར་མཛད་ཀྱང་། །བརྟག་ན་ཤེས་བྱ་གང་དུ་ཡང་། །མི་གནས་ཁྱོད་ལ་ཕྱག་འཚལ་ལོ། ༢ །ཞི་བའི་ནང་ན་ཞི་བ་སྟེ། །འཇམ་དཔལ་ཟུག་རྔུ་མེད་པའི་མཆོག ། 23-1-12a མཁའ་ཁྱབ་སྙིང་རྗེ་ཆེན་པོའི་སྐུ། །གཞོན་ནུ་རོལ་པ་ཁྱོད་ཕྱག་འཚལ། ༣ །ཁྲོ་བོའི་ནང་ན་ཁྲོ་བོ་སྟེ། །ཐམས་ཅད་མཐར་བྱེད་གཤིན་རྗེའི་གཤེད། །སྲིད་ཞི་དབྱིངས་སུ་ཟ་བའི་ཞལ། །དུས་ ཀྱི་དགྲ་ཆེན་ཁྱོད་ཕྱག་འཚལ། ༤ །སྣང་སྟོང་མི་ཕྱེད་རྡོ་རྗེའི་སྐུ། །མ་ལུས་རྒྱལ་བའི་ཡེ་ཤེས་དངོས། །ཁྱབ་བདག་ཀུན་ཏུ་བཟང་པོ་ནི། །འཇམ་དཔའི་རྡོ་རྗེ་ཁྱོད་ཕྱག་འཚལ། ༥ །ཁྱོད་ལ་ཕྱག་འཚལ་བསྟོད་བྱས་ པའི། །དགེ་བས་བྱང་ཆུབ་སྙིང་པོའི་བར། །འཇམ་པའི་དཔལ་གྱི་ཡེ་ཤེས་འོད། །སྙིང་གི་པདྨོར་སིམ་གྱུར་ཅིག ༦། འཇམ་དཔལ་ཞི་ཁྲོའི་རྒྱུད་སྡེ་ཀུན་གྱི་ནི། །སྙིང་པོ་ཡོངས་སུ་དྲིལ་ཏེ་གང་བསྟོད་པ། ། འཇམ་དཔལ་བསྟོད་པ་ཀུན་གྱི་ནང་ན་ནི། །སྙིང་ལ་གཙིགས་སུ་བྱ་བ་འདི་ལགས་སོ། ། མཁའ་ལྟར་ཟབ་ཅིང་རྒྱ་ཆེ་བའི་རྨད་བྱུང་རྟེན་འབྲེལ་གྱི་སྒོ་འཕར་ཀུན་ནས་འབྱེད་པའི་བསྟོད་པ་འདི་རབ་ཚེས་ཤིང་བྱི་ལོར་ མི་ཕམ་པས་སྤེལ་བ་དགེ་ཞིང་བཀྲ་ཤིས་པ་མི་ཟད་རྟག་ཏུ་འཕེལ་བའི་རྒྱུར་གྱུར་ཅིག །ཨ་ཐཾ། མངྒ་ལཾ། ། ༈ རྗེ་བཙུན་འཇམ་དཔལ་དཀར་པོ་ལ་བསྟོད་པ་རྒྱལ་ཀུན་དགྱེས་པའི་རོལ་ མོ་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པ་བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྙིང་གི་ཆུ་སྐྱེས་དད་པའི་དྲི་གཞོན་གྱིས། །ལྡེམ་ལྡེམ་བསྐྱོད་པའི་མོད་ལ་གདུང་བའི་ངག །སྦྲང་ 23-1-12b རྩིའི་རྡུལ་དམར་སྐྱུགས་པའི་རྩེ་དགའ་ཡིས། །གུས་པའི་སོར་མོ་སིམ་པ་བཞིན་དུ་ཟླུམ། ༡ །དེ་ནས་ཐུན་གསུམ་མཐའ་ཡི་སྣང་བ་བཞིན། །རབ་དགའ་ཤིན་ཏུ་གཞོན་པས་མདུན་དྲངས་པ། །གདུང་བའི་རེག་ པར་འཇ༷མ་པའི་བདུད་རྩི་ཡིས། །དབུགས་དབྱུང་སྐུ་ཡི་དཀྱིལ་འཁོར་ལམ་མེར་དྲན། ༢ །སྲིད་པའི་ཉེས་མང་གྱ་གྱུར་རྩེན་པའི་སྨག །ཉི་ཟླའི་ཁོངས་སུ་ཡང་ནི་འགྱིང་རོལ་པས། །ཕྱོགས་ཀུན་ཕྱོགས་མེད་ བཞིན་དུ་གནག་བྱས་བདག །ཆེར་གུས་སྤྱི་བོའི་པདྨ་གདན་བགྱིང་ན། ༣ །མཁའ་ཡི་དབྱིངས་དང་ཆོས་སྐུ་དང་མཉམ་བཞིན་སྐྲ་རྩེར་ཡང་། །དུ་མའི་གཟུགས་ཀྱིས་རྩེན་པ་བཅོམ་ལྡན་འདས། །རྨད་བྱུང་དགའ་ བ་ཀུན་གྱི་དཔ༷ལ་སྟེར་ཞིང་། །ཆགས་པའི་རབ་རིབ་འཕྲོག་ཁྱོད་འདིར་བཞུགས་ཤིག ༤ །རབ་དཀར་ཟླ་བ་སྤྲུལ་སྐུ་འབུམ་གྱི་སྙེམས་སེལ་བ། །གཟུགས་མཆོག་གཞོན་ནུའི་རོལ་པས་རྣམ་འགྱིང་ཞིང་། །དྲི་ མེད་ཨུཏྤལ་རྒྱས་པའི་ཕྱག་མཚན་དང་། །འདོད་དགུའི་མཆོག་སྦྱིན་ཕྱག་རྒྱས་རྣམ་པར་མཛེས། ༥ །མཚན་མཆོག་པདྨ་དཀར་པོའི་དཀྱིལ་འཁོར་ལ། །དཔེ་བྱད་ཟེའུ་འབྲུ་གསར་པས་ཉེར་མཛེས་པ། །དྲན་པའི་ མོད་ལ་སྲིད་པའི་རིམས་ནད་ཀྱི། །འབྱུང་གནས་སྙིང་གི་མུན་པ་འདར་ཞིང་གཡོ། ༦ །སྲིད་ཞིའི་མཛེས་སྡུག་བསྡུས་པའི་སྙིང་པོ་བཞིན། །སྣ་ཚོགས་དབང་པོའི་གཞུ་ལྟར་བཀྲ་བའི་གོས། །མཛེས་འབར་དྲི་ 23-1-13a བསུང་གཡོ་བའི་མེ་ཏོག་ཕྲེང་། །རིན་ཐང་བྲལ་བ་ནོར་བུའི་རྒྱན་མང་སྤུད། ༧ །མཐའ་ཡས་རྒྱལ་བའི་ལོངས་སྐུ་ཞིང་མང་རྒྱ་མཚོར་ཡང་། །གཅིག་ཅར་ཉིད་དུ་སྣང་བ་མི་འགོག་པ། །རྟག་ བརྟན་བགྲེས་རྒུད་བྲལ་བ་གཞོན་ནུའི་སྐུ། །མཁའ་དབྱིངས་དྭངས་པའི་ངོས་སུ་ཟླ་རྒྱས་བཞིན། ༨ །བ་སྤུའི་ཁོང་བུ་གཅིག་ན་དུས་གཅིག་ཏུ། །མ་ལུས་ཕྱོགས་དུས་སྲིད་ཞིའི་དངོས་སྣང་བ། །སྒྱུ་མ་ཀུན་ཤོངས་ ཡེ་ཤེས་སྒྱུ་མའི་གཟུགས། །ཟག་མེད་བདེ་བའི་འབྱུང་གནས་བླ་ན་མེད། ༩ །རྣམ་པ་ཐམས་ཅད་པར་ནི་འཆར་ན་ཡང་། །རོ་གཅིག་འདུ་ངོ་བོ་ཉིད་སྐུ་འབྲལ་མེད་པ་ཡེ་ཤེས་སྐུ། །ཐུགས་དང་གསུང་གི་གསང་བ་ཉིད་ཀྱང་དེ། ། མཐའ་དག་ཆོས་ཀྱི་སྙིང་པོ་ཡང་དེ་ཉིད། ༡༠ །གང་གི་གསུང་དབྱངས་ཕན་བདེའི་རོལ་མོ་ནི། །བཞི་ཡིས་ལྷག་པ་དྲུག་ཅུའི་དབྱངས་ལ་སོགས། །རབ་མང་འཕགས་ཆེན་བློ་ལས་བརྒལ་བ་ཡི། ། སྲིད་དང་ཞི་བའི་ཁྱོན་ཀུན་འགེངས་ཤིང་བསྐྱོད། ༡༡ །ཅེས་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བར་བསྐྱོད། སློབ་པ་མི་སློབ་པ་ལ༴ ཉན་རང་ཐེག་ཆེན་དུ༴ སོ་སྐྱེ་འཕགས་པར༴ གཞན་ཡང་ཤེས་བྱ་མི་ཤེས་པ་ཤེས་པར་བསྐྱོད་པ་སྟེ་གསུམ་ སྤྱིའོ། །བྱེ་བྲག ། བཅུ་གཉིས་རྟེན་ཅིང་འབྲེལ་བའི་འཁོར་ལོ་ཡིས། །བུམ་ནང་བུང་བ་བཞིན་དུ་བསྐོར་གྱུར་པ། །འབྱིན་པའི་ཐབས་མཆོག་བདེན་བཞི་སེང་གེའི་སྒྲ། ། འཇིགས་པ་མེད་པས་སྨྲ་བ་གཞན་ཟིལ་གྱིས་ 23-1-13b གནོན་པ། རྒྱལ་ཀུན་གསུང་གི་ཚུལ་གྱིས་རྣམ་གསུང་གི་དབང་ཕྱུག་ཀྱིའོ། །པར་བསྒྲགས། ༡༢ །ཐེག་དམན་སྟོན་ཚུལ་ལོ། །ཀུན་སྟོང་སྐྱེ་བ་མེད་པའི་རང་བཞིན་ལ། །མི་འགག་རྟེན་འབྱུང་རོལ་པའི་དབུགས་ཆེན་གྱིས། །རབ་དྲངས་ཞི་བ་ཆེན་ པོའི་ཞལ་གྱི་སྒོར། །ཀུན་ཀྱང་བགྲོད་པ་གཅིག་པུའི་ཚུལ་ལ་འཁྲིད། ༡༣ །ཐེག་ཆེན་ནོ། ། བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ཀྱིས། །འོད་གསལ་ཞི་བའི་དབྱིངས་ལ་རྟག་འཁྱུད་པ། ། རོ་མཉམ་མི་ཤིགས་ཡེ་ཤེས་རྡོ་རྗེའི་སྐུ། །རྒྱལ་ཀུན་ཐུགས་ལ་གཞི་འབྲས་དབྱེར་མེད་ཀྱི་ཡེ་ཤེས། བཞུགས་ནས་གཞན་ལ་འདོམས། །སྔགས། ༡༤ །གང་དང་ཐུན་མིན་དེ་བཞིན་གཤེགས་པའི་ཆོས། །མ་འདྲེས། རྫོགས་པར་བརྙེས་ནས་གདུལ་བྱའི་ འགྲོ་བ་ལ། །འདི་དང་གཏན་གྱི་བདེ་བའི་ཕུན་ཚོགས་དཔལ། །གཟུགས་སྐུའི་བསྡུས་པ། སྤྲོས་བྲལ་ཆོས་སྐུའི་དབྱིངས་ནས་ཆོས་དབྱིངས་ཡེ་ཤེས། ལྷུན་གྱིས་འཇུག ༡༥ །གདུལ་བྱའི་ དོན་སྒྲུབ་ཤེས་བྱའི་ཕ་མཐའ་ཀུན། །མ་ལུས་མངོན་སུམ་གཟིགས་པའི་སྟོབས་བཅུ་ཡེ་ཤེས་སྟོབས། །མི་འཇིགས་པ་བཞི་སེང་གེའི་སྒྲ་དབྱངས་འབྱུང་བའི་གནས། །ཁྱོད་ནི་ཕྱོགས་དུས་རྒྱལ་བའི་མཁྱེན་ མཁྱེན་རབ་མངའ་བདག་ཅེས་པའི་དོན། རབ་མཛོད། །མེ་ལོང་། ༡༦ མ་ལུས་སྐྱོན་གྱི་ས་བོན་དྲུང་ཕྱུང་ཞིང་། །བག་ཆགས་ཡང་དག་བཅོམ། གཞན་ཕན་བདུད་རྩིས་ཉོན་མོངས་མེད་འཇོམས་ཐུགས། །དྲན་ཉེ་རབ་ 23-1-14a སྙོམས་འཁོར་གྱི་ནང་ན་བག་བསྲུང་མེད་བརྐྱང་ཚུལ། །སོར་རྟོག །ཡང་དག་རིག་བཞི་པས་ཆོས་ཚུལ་རྟག་ཏུ་སྔོན། ༡༧ །འཇིག་རྟེན་འཇིག་རྟེན་འདས་པའི་ཏིང་སྙོམས་འཇུག །རྣམ་ཐར། ཟད་པར་གྱི་འཛིན་ཀུན། །མངོན་མཛད་མངོན་ཤེས་ དྲུག་མཆོག་གྲུབ་མཉམ་ཉིད་ལ། །རྟག་ཏུ་མཉམ་པར་བཞག་བཞིན་གདུལ་བྱའི་ལས། །དུས་ལས་མི་ཡོལ་བསྙེལ་མེད་གང་འདོད་དོན་ཀུན་སྨོན་ནས་ཤེས། སྟོན། ༡༨ །ཕ་རོལ་ཕྱིན་བཅུའི་བྱང་ཕྱོགས་དང་ས་བཅུའི་ཡོན་ཏན། ཕ་མཐར་སོན་པ་ཡི། །ཇི་ལྟ་ཇི་སྙེད་ཀུན་མཁྱེན་རྣམ་མཁྱེན་སོགས་ཡེ་ཤེས་ཀྱིས། །བཞེད་དོན་ཇི་བཞིན་འགྲུབ་ལ་དབང་བཅུ་འབྱོར་ཞིང་། །བྱ་གྲུབ་ཡེ་ཤེས། ཀུན་ནས་ཡོངས་སུ་དག་ཡང་དག་བཞི། པའི་ རང་བཞིན་ཅན། ༡༩ །གདོད་ནས་འདུ་འབྲལ་མེད་པ་གཞི་ལམ་འབྲས་བུ། ཆོས་ཀྱི་དབྱིངས། །ཐབས་ཤེས་རང་བྱུང་ཡེ་ཤེས། མཉམ་པའི་ལམ་གྱིས་མངོན་བྱས་པས། །རོ་མཉམ་དག་མཁྱེན་པས་ཤེས་བྱ་ཁྱབ་པ་སོགས། པ་ཆེན་པོའི་ཡེ་ཤེས་དང་། །མ་ལུས་ཤེས་བྱའི་ཁྱོན་ཀུན་དུས་གཅིག་གཟིགས། །༢༠ མཁའ་ཁྱབ་མཛད་ཕྲིན་འགྲོ་ལ་སྲིད་པ་ཇི་སྲིད་དུ། །རྟག་ཏུ་མི་གཏོང་རྟག་ཁྱབ་ཐུགས་རྗེ་ཆེན་པོ། ཐུགས་རྗེ་ཆེན་པོའི་ ཐུགས། །བརྩེ་བའི་གཞན་དབང་སོང་བའི་རང་བཞིན་ལས། །ཚད་མེད་བཞི། ཕན་བདེའི་སྒྱུ་འཕྲུལ་ནམ་ཡང་མེད་མི་ཤེས། ༢༡ །གསང་བ་བསམ་གྱིས་མི་ཁྱབ་ཚུལ་གང་ཚེ་སྐྱེ་རྒྱུ་རྣམས་ཀྱི་ཐོག་མའི་ཚད། ། 23-1-14b གཟུང་མེད་དེ་ལྟ་ན་ཡང་ཁྱོད་ཉིད་ཀྱང་། །དེ་ཙམ་དུ་ན་མངོན་པར་སངས་རྒྱས་པས། །དམན་པ་སྐྲག་སངས་རྒྱས་ཀུན་ལས་སྔར་སངས་རྒྱས། ཞེས་དང་པོའི་སངས་རྒྱས་ཀྱིས་སོ། །པའི་གསང་བ་ཁྱོད་ལ་མངའ། ༢༢ །སླར་ཡང་འགྲོ་བའི་ཁམས་འདི་སྟོང་པའི་མཐའ། །ཀུན་མཁྱེན་སྤྱན་ གྱིས་གཟིགས་པར་མི་ནུས་ཀྱང་། །ཁྱོད་ཀྱང་དེ་སྙེད་སྒྱུ་མའི་རོལ་རྩེད་གྱིས། །རྒྱལ་སྲས་སངས་རྒྱས་ཀུན་ལས་ཕྱིས་སངས་རྒྱས་པའི་དོན་དང་རྟག་པའི་དོན་ནོ། །གཞོན་ནུའི་ཟོལ་གྱིས་རྣམ་པར་རྒྱུ། ༢༣ །གང་གི་མཁའ་ ཡི་མུ་ནི་རབ་བརྟག་ན། །ཕ་མཐའ་རྙེད་པའི་བློ་གྲོས་ནམ་ཡང་མིན། །འོན་ཀྱང་མཁའ་ཡི་མུ་དང་ཁྱོད་ཀྱི་སྐུ། །མཉམ་བཞིན་དུ་ཡང་འདི་ལས་ལྷག་པར་ སྤྱན་གྱི་གཟིགས་པ་ཅིག་གིས་དུས་གསུམ་དུ་མཉམ་དུ་ཤེས་སོགས། སྣ་ཚོགས་ཚད་མེད་པ་དང་ཁྱབ་པའི་དོན་མཛད་པས་རོལ། ༢༤ །འཇིག་རྟེན་ཁམས་མང་ཆུད་པའི་མཁའ་བཞིན་དུ། །དུས་གསུམ་རྒྱལ་བ་ཀུན་ནས་ བསྐྲུན་པ་ཡིས། །རྒྱལ་བའི་སྣོད་བཞིན་ཁྱོད་ལ་ཡབ་ཅེས་པའི། །རྒྱལ་བའི་ཡབ་ཅེས་པའི་དོན། བསྔགས་པའི་མེ་ཏོག་རྒྱལ་ཀུན་མགྲིན་པར་དཔྱངས། ༢༥ །འོན་ཏེ་བསམ་གྱིས་མི་ཁྱབ་རྒྱལ་ཀུན་ཀྱང་། །གཅིག་ གི་ངོ་བོར་གང་གི་ཐུགས་དབུས་སུ། །བཞུགས་པ་ཁྱོད་ལ་རྒྱལ་བ་ཐམས་ཅད་ཀྱི། །འབྲེལ་སྒྲ་ཡིན། སྙིང་པོ་ཡེ་ཤེས་སེམས་དཔའ་ཡེ་ཤེས་སེམས་དཔའ་ཞེས་པའི་དོན། ཞེས་སུ་བསྔགས། ༢༦ །དེ་སླད་རྡུལ་སྙེད་རྒྱལ་ 23-1-15a བའི་མཚན་ལས་ཀྱང་། །གང་མཚན་ལན་གཅིག་བརྗོད་པ་དོན་ཆེ་ཞེས། །བསྔགས་པའི་སྒྲ་དབྱངས་གཡས་སུ་འཁྱིལ་པའི་དུང་། །དུས་གསུམ་རྒྱལ་བའི་གསུང་གིས་རྣམ་པར་བསྒྲགས། ༢༧ །འདི་ན་མ་ལུས་འགྲོ་བའི་ཕན་བདེའི་དཔྱིད། །ཕྱོགས་དུས་རྒྱལ་བའི་སྒྱུ་འཕྲུལ་ཇི་སྙེད་ཀྱང་། །མགོན་པོ་གཅིག་པུའི་རྣམ་རོལ་དུ་འཚལ་ནས། །སྙིང་རྗེའི་བདག་ཉིད་སྐྱབས་གཞན་རེ་བ་ལྷོད། ༢༨ །བློ་དང་ ལྡན་པས་མཐའ་བྲལ་ནམ་མཁས་ཀྱང་། །ཕ་མཐའ་མི་འཁྱུད་གང་གི་ཡོན་ཏན་ལ། །བརྗོད་པས་ཟད་པ་མེད་པར་ཡིད་ཆེས་ནས། །བརྗོད་པ་སྤངས་ཏེ་ངོ་མཚར་ཡིད་ཀྱིས་བཏུད། ༢༩ །དེ་ལྟར་བློ་མཆོག་རྣམས་ ཀྱིས་ཆོས་རྣམས་ལ། །ཆོས་ཀྱི་སྙིང་པོ་འཇམ་དཔལ་གཞོན་ནུའི་ཚུལ། །ཅུང་ཟད་བསྔགས་པའི་ལེགས་བྱས་མར་མེ་ཡིས། །སྙིང་གི་མུན་པ་མྱུར་དུ་འཇོམས་གྱུར་ཅིག ༣༠ །ཆོས་རྣམས་མཐའ་བྲལ་ཞི་བ་ འཇ༷མ་པའི་དབྱིངས། །གི་གུ་ཅན་ཡིན། མི་འགག་སྒྱུ་འཕྲུལ་དཔ༷ལ་གྱིས་འཁྱུད་པའི་གནས། །རང་བྱུང་གསང་བའི་ཐིག་ལེ་སྙིང་གི་མཛོད། །ཅི་དགར་འབྱེད་པའི་སྐལ་བཟང་མྱུར་དུ་སྩོལ། ༣༡ །མི༷་བརྗེད་ གཟུངས་ཀྱི་གསེར་བཟང་ཡུ་བ་ལ། །མི༷་འཕྲོག་བློ་གྲོས་ནོར་བུའི་ཏོག་མཛེས་ཤིང་། །མི༷་འཇིགས་སྤོབས་པའི་གོས་བཟང་གཡོ་བ་ཡི། །འབྲེལ་སྒྲ་ཡིན། མི༷་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག ༣༢ །མ་ 23-1-15b ལུས་རྒྱལ་བས་བསྔགས་པ་འཇམ་པའི་དབྱངས། །གང་ལ་བསྟོད་པའི་རྒྱལ་པོ་འདི་སྒྲོགས་པ། །དེ་ཡི་ཡིད་ལ་འཇམ་དཔལ་ཡེ་ཤེས་སྐུ། །དགྱེས་པའི་འོད་བཟང་མྱུར་དུ་འཇུག་གྱུར་ཅིག ༣༣ ། ཅེས་པའང་དད་ བརྩོན་རྣམ་དཔྱོད་མཆོག་ཏུ་ཡངས་པ་རབ་འབྱམས་པ་འཇམ་དབྱངས་བློ་མཆོག་ཆོས་འཕེལ་ནས་འཇམ་དཔལ་དཀར་པོ་ལ་བསྟོད་པ་ཞིག་བྲིས་ཞེས་ནན་ཏན་བསྐུལ་ངོར། འཇམ་དཔལ་རྡོ་རྗེའི་རིག་སྔགས་མོས་ པས་འཆང་བ་མི་ཕམ་རྣམ་པར་རྒྱལ་བ་ཞེས་བྱ་བས། གངས་ཅན་མཁས་གྲུབ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དབང་ཆེན་གར་གྱི་དབང་ཕྱུག་དགྱེས་རབ་རྡོ་རྗེ་ཞེས་ས་གསུམ་ན་སྙན་པར་གྲགས་པ་གང་གིས་མི་སློབ་ པའི་ཟུང་འཇུག་མངོན་དུ་མཛད་པའི་སྒྲུབ་གནས་པདྨ་གསང་སྔགས་བདེ་ཆེན་དགའ་འཁྱིལ་དུ་དམར་ཕྱོགས་མཁའ་འགྲོ་འདུ་སའི་ཚེས་ཀྱི་གུང་ཐུན་ལ་ཤར་མར་བྲིས་པ་འདི་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པའི་ རྒྱུར་གྱུར་ཅིག་གུ། སརྦ་དཱ་ཀ་ལྱཱ་ཎཾ་ཤྲ་ཡེ་བྷ་བ་ཏུ། ། ༈ འཇམ་དཔལ་བསྟོད་གསོལ་ཤེས་རབ་རབ་འཕེལ་བཞུགས། དྷཱིཿ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སྲས་བཅས་ཀྱི། ། སྐུ་ཡི་མཆོག་སྟེ་གསུང་གི་དབང་ཕྱུག་ཆེ། །ཡེ་ཤེས་སེམས་དཔའ་རྗེ་བཙུན་འཇམ་དཔའི་དབྱངས། །བདག་གི་སྙིང་དབུས་པདྨོར་རྟག་ཏུ་མཆོད། །ཁྱོད་ནི་བདེ་བར་གཤེགས་པ་ཀུན་གྱི་ཡབ། །མ་ལུས་ 23-1-16a འཕགས་ཚོགས་ཀུན་སྐྱེད་ཆོས་དབྱིངས་ཡུམ། །དུས་གསུམ་རྒྱལ་བའི་སྲས་ཀྱི་ཚུལ་སྟོན་པ། །མཚུངས་མེད་ཁྱོད་ལ་གུས་པས་ཕྱག་འཚལ་བསྟོད། །ཆོས་དབྱིངས་ཀུན་ཁྱབ་སྒྱུ་འཕྲུལ་ དྲྭ་བའི་གར། །ནམ་མཁའ་ཇི་སྲིད་འགྲོ་ཀུན་ཕན་བདེའི་མཛོད། །ཐམས་ཅད་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །འཇམ་དཔལ་གཞོན་ནུ་ཁྱོད་ལ་ཕྱག་འཚལ་བསྟོད། །དམར་སེར་ཉི་མ་འཆར་ཀའི་ལང་ཚོ་ཅན། ། སྙིང་ལ་མཚུངས་མེད་བདེ་སྟེར་གཞོན་ནུའི་གཟུགས། །ལྷ་རྫས་དར་དང་རིན་ཆེན་མེ་ཏོག་གིས། །རབ་མཛེས་ཟུར་ཕུད་ལྔ་ལྡན་སྐྱིལ་ཀྲུང་བཞུགས། །ཤེས་རབ་འོད་འབར་ཡེ་ཤེས་རལ་གྲི་ཡིས། །བདུད་བཅོམ་ མུན་པའི་འཐིབ་པོ་རྣམ་པར་འདྲལ། །ཡིད་འོང་ཨུཏྤལ་གཞོན་ནུའི་ཕྱག་མཚན་གྱིས། །ཡིད་ལ་གང་འདོད་དམ་པ་མཆོག་སྦྱིན་མཛད། །རྗེ་བཙུན་ཁྱེད་སྐུ་དྲན་པའི་མོད་ཉིད་ལ། །འཁྲུལ་སྣང་འཁོར་བའི་མུན་ པ་མཐར་བྱེད་ཅིང་། །ཡང་དག་ལམ་བཟང་མཐོང་བའི་སྣང་བ་སྦྱིན། །ཡིད་ལ་ཉིན་མོར་བྱེད་པའི་དཔལ་སྩོལ་བ། །ཤེས་རབ་ཡེ་ཤེས་སྐུ་ཅན་འཇམ་པའི་དཔལ། །བདག་སྙིང་ཆུ་སྐྱེས་བཞད་པའི་གེ་སར་ ལ། །གུས་པས་བསྟི་ཞིང་རིག་སྔགས་རྒྱལ་པོ་ཡིས། །མགོན་པོ་ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་ན། །ཚིག་དོན་རྣམ་པར་འབྱེད་པའི་བློ་གྲོས་མཐུ། །མཆོག་ཏུ་རྣོ་མྱུར་རྒྱ་ཆེ་རབ་ཟབ་པ། །ཀུན་གསལ་ཉི་ 23-1-16b ཟླའི་དཀྱིལ་འཁོར་དང་མཚུངས་པའི། །ཤེས་རབ་མེ་ཆེན་སྙིང་ལ་མྱུར་དུ་སྦོར། །ཞུམ་པ་དང་བྲལ་གང་གིས་མི་བརྫི་ཞིང་། །ཐོགས་མེད་རྒྱུན་ཆགས་འཛད་པ་ཡོངས་སྤང་བ། །འཇིགས་པ་མེད་པ་རྡོ་རྗེ་ལྟ་བུ་ཡི། ། སློབས་པའི་མཆོག་དེ་བདག་ལ་བསྒྲུབ་པར་མཛོད། །ཚིག་དང་དོན་གྱི་རྣམ་པ་མ་ལུས་རྣམས། །ནམ་ཡང་བརྗེད་པའི་ནོངས་པ་མ་མཆིས་པ། །ནམ་མཁའ་ལྟ་བུར་གོ་སྐབས་ཡངས་པ་ཡི། །མི་ཟད་གཟུངས་ཀྱི་ གཏེར་ཆེན་བདག་ལ་སྩོལ། །མགྲིན་པའི་འོ་མཚོར་དབྱངས་ཅན་དགྱེས་རོལ་བས། །མཁས་རྣམས་ཤིན་ཏུ་ཡིད་འཕྲོག་ཚིག་གི་ཉམས། །བདུད་རྩིའི་རོ་ལྡན་ཡིད་རབ་སིམ་བྱེད་པའི། །ངག་གི་དབང་ཕྱུག་གྲུབ་ པར་མཛད་དུ་གསོལ། །རྒྱལ་དང་རྒྱལ་སྲས་ཉན་རང་འཕགས་ཚོགས་དང་། །ལྷ་ཀླུ་མི་དང་གནོད་སྦྱིན་དྲང་སྲོང་སོགས། །འཇིག་རྟེན་ཀུན་ན་གང་མཆིས་བློ་གྲོས་ཀྱི། །དཔལ་རྣམས་ཡིད་ལ་རབ་ཏུ་འགུགས་ པར་མཛོད། །ཐོས་བསམ་སྒོམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས། །འཆད་རྩོད་རྩོམ་པའི་འོད་ཟེར་རབ་ཏུ་གསལ། །སྙེམས་མེད་ཞི་བ་གཞན་ཕན་སྙིང་བརྩེ་དང་། །དད་སོགས་ཡོན་ཏན་རྒྱ་མཚོས་མཛེས་ གྱུར་ཅིག །དེ་ཡི་མཐུ་ལས་རྒྱལ་བའི་བསྟན་པ་ལ། །བྱ་བ་རྒྱ་ཆེ་མཆོག་ཏུ་རབ་བགྱིད་ཅིང་། །འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་བཟུང་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག ། 23-1-17a ཅེས་ཤེས་རབ་འཕེལ་བྱེད་ཀྱི་བསྟོད་སྨོན་ཚིགས་སུ་བཅད་པ་བརྟན་གཡོའི་དྭངས་མ་བཅུ་བཞིའི་གྲངས་ལྡན་འདི་ནི་མེ་རྟ་དབྱུག་ཟླའི་ཚེས་དྲུག་བཟང་པོའི་གྲངས་ལ་མི་ཕམ་འཇམ་དཔལ་དགྱེས་ པས་སྤེལ་བ་དགེའོ་མངྒ་ལཾ། །འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན་བཞུགས། ཨོཾ། སྐུ་མཆོག་འཇམ་དཔལ་གཞོན་ནུར་ཕྱག་འཚལ་ལོ། །འཇམ་དབྱངས་གསུང་ དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁྱེན་རབ་ཡེ་ཤེས་སེམས་དཔར་ཕྱག་འཚལ་ལོ། །རྒྱལ་ཀུན་ཡེ་ཤེས་རྡོ་རྗེར་ཕྱག་འཚལ་ལོ། །ཡེ་ཤེས་རལ་གྲི་འཛིན་ལ་ཕྱག་འཚལ་ལོ། །ཐབས་ཀྱི་ཨུཏྤལ་བསྣམས་ལ་ ཕྱག་འཚལ་ལོ། །ཤེས་རབ་མདའ་རྣོན་འཕེན་ལ་ཕྱག་འཚལ་ལོ། །སྙིང་རྗེའི་གཞུ་ཆེན་འཆང་ལ་ཕྱག་འཚལ་ལོ། །བདག་གིས་མགོན་པོ་འཇམ་དབྱངས་ཁྱོད་དྲན་ཏེ། །གུས་པས་གསོལ་བ་སྙིང་ནས་འདེབས་ ལགས་ན། །ཐུགས་དམ་ཆེན་པོས་ཉེ་བར་རྗེས་བཟུང་ནས། །སྤོབས་པའི་གཏེར་བརྒྱད་གྲོལ་བར་མཛད་དུ་གསོལ། །ཨོཾ་ཨ་ར་པ་ཙ་ན་དྷཱི་ཧཱུྃ། ཞེས་པའང་ལྕགས་སྦྲུལ་ཟླ་བ་དགུ་པའི་ཚེས་ཉི་མའི་གྲངས་ཟིལ་ གནོན་ཆེན་པོའི་བསྙེན་སྒྲུབ་ལ་གནས་པའི་ཐུན་སྐབས་ཞིག་ཏུ་དྷཱིས་བྲིས་པ་མངྒ་ལཾ། །དགེའོ། ། ༈ བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་ 23-1-17b པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་པའང་ཐེག་པ་ཆེན་པོའི་ཚུལ་ལ་མི་ཕྱེད་པའི་འདུན་པ་ཅན་འཇམ་དཔལ་དགྱེས་པའི་རྡོ་རྗེས་ས་གླང་ཟླ་༡ཚེས་༡༣ ལ་བྲིས་པའོ། །འཇམ་དཔལ་གཞོན་ནུ་ཁྱེད་ཀྱི་ཐུགས་བསྐྱེད་དང་། །སོགས་གང་འདོད་ལྟར་ཁ་བསྒྱུར་བྱའོ། །འདི་དོན་ཆེ་བས་ཀུན་གྱིས་ཐུགས་དམ་མཛད་པར་ཞུ།། ༈ །། འཇམ་པའི་རྡོ་རྗེ་ལ་བསྟོད་པ་ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ་ཞེས་བྱ་བ། ཨོཾ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡབ་གྱུར་ཀྱང་། །རྟག་བརྟན་བགྲེས་རྒུད་བྲལ་བ་ཡི། །རྒྱལ་སྲས་གཞོན་ནུའི་རྣམ་རོལ་གྱིས། ། མཐའ་ཡས་ཞིང་ཀུན་ཏུ་སྣང་བ། །འཇམ་དཔལ་ཁྱོད་ལ་ཕྱོགས་དུས་ཀྱི། །སྲས་བཅས་རྒྱལ་བས་བསྔགས་མོད་ཀྱང་། །ཁྱོད་ཀྱི་ཡོན་ཏན་ཕ་མཐའ་ལ། །ནམ་ཡང་གཏུགས་པར་གྱུར་པ་མེད། །ཨེ་མ་ ཆོས་རྣམས་ཐམས་ཅད་ཀུན། །རྟག་ཆད་མཐའ་དང་བྲལ་བ་ཡི། །དབུ་མ་རྟེན་ཅིང་འབྲེལ་འབྱུང་གི། ལམ་འདི་ཁོ་ནས་ཁྱོད་སྐུ་མཐོང་། །གཞན་དུ་སྲིད་པར་བསམ་བྱས་ཀྱང་། །ཁྱོད་ཀྱི་སྐུ་མཆོག་མི་ མཐོང་སྟེ། །གལ་ཏེ་གཟུགས་སུ་མཐོང་ན་ཡང་། །དེ་དག་ཁྱོད་ཀྱི་སྐུ་མ་ཡིན། །ཁྱོད་ནི་དཀར་དང་སྔོ་བ་དང་། །དམར་སེར་ལྗང་དང་གནག་མ་ལགས། །སྲིད་པའི་ཁ་དོག་ཐམས་ཅད་ཀྱིས། །ཁྱོད་ནི་ 23-1-18a བརྗོད་པར་ནུས་མ་ཡིན། །དེ་ལྟ་ན་ཡང་ཁྱོད་ཀྱི་སྐུ། །དཀར་དང་གནག་དང་ལྗང་དང་སྔོ། །དམར་སེར་ལ་སོགས་མཐའ་ཡས་པའི། །ཁ་དོག་ཉིད་དུ་སྣང་བ་མཚར། །ཁྱོད་ལ་ཞལ་ དང་ཕྱག་དང་ཞབས། །ལུས་དང་ཡན་ལག་མི་མངའ་ཡང་། ། ཞི་དང་དྲག་པོ་སྣ་ཚོགས་ཀྱི། །གཟུགས་སུ་སྲིད་པ་ཀུན་ཏུ་སྟོན། །ཁྱོད་ལ་སྲིད་དང་ཞི་བའི་ཆོས། །མཉམ་པ་ཉིད་དུ་གྱུར་ན་ཡང་། །སྲིད་ན་ སྣ་ཚོགས་ཐབས་ཚུལ་གྱིས། །ཞི་བའི་ལམ་བཟང་སྟོན་པ་མཚར། །གང་གིས་སྣ་ཚོགས་སྲིད་པ་ཡི། །ཐོག་མཐའ་བཟུང་བར་མི་ནུས་པ། །ཁྱོད་ཀྱང་དེ་སྙེད་དུ་ནི་མཆིས། །དེ་སླད་ཤིན་ཏུ་རིང་པོའང་ལགས། ། རྫུ་འཕྲུལ་གྱིས་ནི་དུས་ཀུན་ཏུ། །སོང་ཡང་ནམ་མཁའ་མི་བརྒལ་མོད། །ཁྱོད་ནི་ནམ་མཁའ་ཇི་སྲིད་ཁྱབ། །དེ་སླད་ཤིན་ཏུ་རྒྱ་ཡང་ཆེ། །སྤྱན་ཀྱི་གཟིགས་པ་གཅིག་གིས་ནི། །ཕྱོགས་བཅུ་དུས་གསུམ་ཤེས་ བྱའི་ཆོས། །མ་ལུས་མཉམ་པ་ཉིད་དུ་མཐོང་། །དེ་སླད་ཁྱོད་ལ་དཔེ་མ་མཆིས། །འགྲོ་ཁམས་བསམ་གྱིས་མི་ཁྱབ་པ། །དེ་བཞིན་གཤེགས་ཀྱང་དེ་སྙེད་དེ། །ཤེས་བྱ་ཕ་མཐའ་ཡས་འདི་ཀུན། །ཁྱོད་ཀྱིས་ ཁྱབ་ཕྱིར་མང་པོའང་ཡིན། །འདྲེན་པ་རེ་རེས་བགྲང་མེད་པའི། །སྐྱེ་བོ་ཞི་བར་བཀོད་ན་ཡང་། །བྲི་གང་མེད་པའི་དཀྱིལ་འཁོར་དུ། །ཁྱོད་ནི་དགྱེས་པ་ཉིད་དུ་རོལ། །གང་གིས་འདི་སྟོང་མ་ཤེས་པ། །འདི་ན་ 23-1-18b སྲིད་པ་ཀུན་ཏུ་འཁྱམས། །འདི་ཉིད་སྟོང་པར་ཤེས་ན་ཡང་། །འདི་ལ་སྔར་དང་ཁྱད་མ་མཆིས། །དེ་ཕྱིར་ཁྱོད་ནི་འདི་ཀུན་ཏེ། །འདི་ཡིས་སྲིད་པར་སུ་ཞིག་བཅིངས། །བཅིང་གྲོལ་མེད་པའི་རང་བཞིན་ལ། ། བཅིང་གྲོལ་སྣང་བ་ཇི་ལྟར་འཛད། །གལ་ཏེ་དངོས་པོ་སྐྱེས་ནས་ནི། །དངོས་པོ་དེ་འགག་པ་ཡོད་ན། ། དེ་ལས་བཅིང་དང་གྲོལ་བ་ཡི། །སྲིད་པ་ཟད་པར་གདགས་སྲིད་ཀྱང་། །དང་པོ་ཉིད་ནས་མ་སྐྱེས་པ། ། སྐྱེ་བ་ལྟ་བུར་སྣང་བ་ཡི། །མེད་སྣང་འདི་ལ་མཐའ་དང་དབུས། །བྲལ་ཕྱིར་བྲི་གང་ཇི་ལྟར་ཡོད། །ཕྱོགས་དང་དུས་སུ་རྣམ་རྟོག་པ། །ཇི་ལྟ་ཇི་ལྟར་རྒྱ་ཆེ་ཡང་། །མེད་ཕྱིར་སྐད་ཅིག་མ་གཅིག་གི། ཁོངས་སུ་ མི་ཤོངས་ཅི་ཞིག་ཡོད། །དེས་ན་མཉམ་པ་ཉིད་འདི་ལ། །བདག་དང་གཞན་དང་སྲིད་དང་ཞི། །ཐ་དད་ཉིད་དུ་མི་གནས་པ། །འདི་ལ་ཁྱོད་སྐུ་མཐར་ཡང་ཐུག །གལ་ཏེ་མཉམ་ཉིད་མི་ཤེས་ན། །འགྲོ་ཁམས་ ཐོག་མཐར་སྐྱེ་དང་ཚད། །སྲིད་པ་སྟོང་དང་མི་སྟོང་སོགས། །སྣ་ཚོགས་ཉེས་པ་བརྒྱ་ཡིས་རྨོངས། །འདི་ལ་ཐོག་མཐའ་འདྲ་བ་སྟེ། །ནམ་མཁའ་དང་ནི་ལག་མཐིལ་མཚུངས། །གསེར་དང་བོང་བ་མཉམ་ པ་ཉིད། །སངས་རྒྱས་དང་ནི་སེམས་ཅན་གཅིག །དེ་ལྟར་འདི་ནི་མཉམ་པའི་ཕྱིར། །ཇི་ལྟར་སྣང་བ་འདི་འཐད་པ། །བསམ་གྱིས་མི་ཁྱབ་དབྱིངས་འདི་ནི། །མཐོང་བས་སྲིད་ཞིའི་རྫུན་ཕུག་གཏིབས། ། 23-1-19a འདི་ལྟར་ལྡོག་པ་མེད་པའི་དབྱིངས། །བརྗོད་དང་བྲལ་བ་དེ་ཡིས་ནི། །ཁྱོད་ཀྱི་ཡོན་ཏན་བསམ་བྲལ་བ། །ཀུན་ཀྱང་མཆོག་ཏུ་ཡིད་ཆེས་བྱས། །དངོས་པོ་དང་ནི་དངོས་མེད་ཆོས། །བརྟག་ ན་རྣམ་པར་དབེན་པ་སྟེ། །གང་ཤར་འདི་ཀ་རང་སྟོང་པ། །འདི་ལས་སྟོང་པ་ལོགས་སུ་མེད། །སྟོང་པ་དེ་ཡིས་འདི་སྟོང་ཞིང་། །འདི་ནི་སྟོང་པ་དེ་ཡིན་པས། །འདི་ལ་སྣང་སྟོང་ཐ་དད་དུ། །དབྱེ་བ་ནམ་ཡང་ ཡོད་མ་ཡིན། །དེ་སླད་ཤེས་བྱ་ཉིད་དོ་ཅོག །ཀུན་ཀྱང་འདི་ན་ཚུལ་གཅིག་སྟེ། །སྣང་སྟོང་ཏི་ལ་གཅིག་གི་ངང་། །བསམ་གྱིས་མི་ཁྱབ་ཆོས་སུ་སྣང་། །ཕྱོགས་དུས་ཀུན་ཏུ་འདི་ཉིད་ཀྱི། །ངང་ཚུལ་ གཅིག་ལས་མི་འདའ་བ། །དེ་ནི་རང་བྱུང་ཐུགས་ཀྱི་དབྱིངས། །འཇམ་དཔལ་ཡེ་ཤེས་སེམས་དཔའོ། །ཀ་སོགས་ཡི་གེ་མི་ཟད་པ། །བརྗོད་པ་ཀུན་གྱི་འབྱུང་གནས་ནི། །ཨ་ཡིག་དཀར་པོ་ཞུ་བ་ཡི། ། ཐིག་ལེ་མི་འགྱུར་སྙིང་གནས་པའི། །མུ་མཐའ་མེད་པའི་ནམ་མཁའ་ཡང་། །ཁམ་གཅིག་གིས་ནི་བཟར་བཟོད་པའི། །དད་པ་མི་ཤིགས་པ་ཡིས་འདིར། །འཇམ་དཔལ་རྡོ་རྗེ་མཆོག་ཏུ་བསྟོད། །འདིར་ བརྗོད་བྱ་མཐའ་ཡས་པའི་རྗེས་སུ་འགྲོ་བའི་བརྗོད་པ་ཐམས་ཅད་ཨ་གཅིག་ལ་འདུས། དེ་ཡང་བརྗོད་མེད་ཉག་གཅིག་ཏུ་ཞུ་བའི་མཉམ་པ་ཉིད་མཆོག་ཏུ་མི་འགྱུར་བའི་དོན་ལ་ཡིད་ཆེས་པས་སྲིད་པ་ལས་ 23-1-19b འདས་པའི་བློ་གྲོས་ཀྱི་ངོས་ན་ནམ་མཁའ་ཁམ་དུ་ཤོང་བའི་ཚུལ་ཟབ་མོའི་བཟོད་པར་རྗེས་སུ་མཐུན་པའི་དད་པས་ཞེས་སོ། །འདི་ནི་ཐོས་སམ་བསྒྲགས་པས་ཀྱང་། །སྙིང་ལ་འཇམ་དཔལ་རོལ་གྱུར་པས། ། གཟུངས་སྤོབས་བློ་གྲོས་མི་འཕྲོག་པ། །ཟད་མི་ཤེས་པ་མངོན་གྱུར་ཅིག །བདག་གིས་འདི་བསྟོད་དགེ་བ་ནི། །ཆོས་ལ་ཆོས་ཀྱི་སྙིང་པོ་སྟེ། །དེ་ཡི་བདེན་པ་མི་བསླུ་བས། །མྱུར་དུ་ཡེ་ཤེས་སྐུར་གྱུར་ཅིག ། ཤིན་ཏུ་དོན་ཟབ་གཟུངས་ཀྱི་སྒོ། །མཉམ་པ་ཉིད་དུ་ངེས་ཤེས་པ། །འཇམ་དཔལ་ཡེ་ཤེས་སྐུ་མཆོག་ལ། །བསྟོད་པ་ཀུན་གྱི་མཐར་ཐུག་གོ ། ཞེས་དོན་དམ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་ལ་མོས་པ་ལམ་དུ་ བྱེད་པ་མི་ཕམ་པས་རང་ལོ་ཉི་ཤུའི་སྐོར་ཞིག་ཏུ་བྲིས་པ་སླར་དཔེ་བཤུས་པ་མཇུག་གི་ཚིགས་བཅད་དང་བཅས་པའི་ཤློ་ཀ་མཚན་བཟང་གྲངས་དགེའོ། །མངྒ་ལཾ། ། ༈ འཇམ་དཔལ་ཡེ་ ཤེས་སེམས་དཔའ་ལ་རྩ་སྔགས་ཀྱིས་བསྟོད་པ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ། ཨོཾ་ཡིག་བཀྲ་ཤིས་མཆོག་གི་མཐར་ཐུག་པ། །མཉམ་མེད་རྒྱལ་བ་ཆོས་དང་འཕགས་པའི་ཚོགས། །ཀུན་ནས་མི་ཟད་འབྱུང་ བའི་གནས་གཅིག་པུ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོད་ལ་འདུད། །སྐུ་གསུམ་མི་ཕྱེད་པའི་བདག་ཉིད་འཇམ་པའི་རྡོ་རྗེ་ལ་མཆོད་པར་བརྗོད་ནས། ཨ་ཡིག་མ་སྐྱེས་འཇ༷མ་པའི་ངང་ཉིད་དུ། ། 23-1-20a ཐམས་ཅད་སྟོང་པ་ཉི༷་མ༷ས་སྣང༷་བ༷་ཡིས། །དངོས་མཚན་སྤྲོས་པའི་མུན་པ་ཀུན་བཅོམ་པའི། །འོད་གསལ་ཞི་བའི་དབྱིངས་མཆོག་ཁྱོད་ལ་འདུད། །ཅེས་ཤེས་རབ་སྟོང་པ་དང་འོད་གསལ་ དང་ཕྲིན་ལས་སོགས་མཚོན་པའི་ཚིགས་སུ་བཅད་པའོ། །ར༷་ཡིག་རྡུལ་བྲལ་བདེ་བའི་ལང་ཚོ་ནི། །བརྒྱད་གཉིས་མཛེས་པའི་མཐར་སོན་རབ་དགའི་དཔ༷ལ། །མཚན་དཔེའི་ཟླ༷་བ༷་དྲི༷་མ༷་མེ༷ད་པའི་འོད། ། ཆོས་ཀྱི་དབྱིངས་ཀུན་ཁྱབ་པ་ཁྱོད་ལ་འདུད། །ཐབས་བདེ་ཆེན་སྒྱུ་ལུས་དང་སྐུ་བསྟན། པ༷་ཡིག་དོན་དམ་མི་ཕྱེད་རྡོ་རྗེའི་བདག །བདེ་སྟོང་འདུ་འབྲལ་མེད་པའི་ཡེ་ཤེས་སྐུ། །སྲིད་ཞི་མཉམ་པ་ཉིད་བརྙེས་ བྱང་ཆུབ་ཆེ། །ཁྱབ་བདག་ཀུན་ཏུ་བཟང་པོ་ཁྱོད་ལ་འདུད། །ཟུང་འཇུག་དང་ཐུགས་སོགས་བསྟན། ཙ༷་ཡིག་འཆི་འཕོ་སྐྱེ་བའི་འགྱུར་བ་ཀུན། །ཡོངས་ཟད་མི་ཤིགས་རྡོ༷་རྗེ༷་ན༷མ་མཁ༷འི་ལུས༷། །ཟག་མེད་ དགོས་འདོད་ནོར་བུའི་རང་བཞིན་ཅན། །དྲན་པས་བདུད་རྩི་རྩོལ་བ་ཁྱོད་ལ་འདུད། །ལམ་གཏུམ་མོ་དང་ཡོན་ཏན་སོགས་མཚོན། ན༷་ཡིག་མིང་དང་བྲལ་ཡང་མིང་ཀུན་གྱིས། །ཇི་སྙེད་བརྗོད་པར་གྱུར་པའི་ དངོས་པོ་ཡི། །རྣམ་པ་ཐམས་ཅད་དུ་ཡང་རབ་འཆར་བ། །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །རྨི་ལམ་དང་གསུང་བསྟན། དྷཱི༷་ཡིག་དམར་སེར་ཞུན་མ་ལས་འཁྲུངས་པའི། །འཇམ་དཔལ་དཔའ་ 23-1-20b བོ་སྙིང་གི་ཉིན་མོར་བྱེད། །སྤྱི་བོའི་ཆུ་སྐྱེས་ཟེའུ་འབྲུར་རབ་བསམས་ནས། །གུས་པས་ལེགས་པར་བསྟོད་པའི་བསོད་ནམས་ཀྱིས། །འཁྲུལ་སྣང་འཁོར་བའི་མུན་པ་འཇོམས་པ་ལ། །གཅིག་ཏུ་དཔའ་བ་ འཇམ་མགོན་དགྱེས་པའི་འོད། །བདག་བློའི་ཨུཏྤལ་གཞོན་ནུའི་དབུས་ཞུགས་ནས། །བྱང་ཆུབ་བར་དུ་ཤིས་པས་བསྐྱང་བར་མཛོད། ། དེ་ཡང་རྒྱལ་བའི་ཡུམ་ལས། ཨ་ནི་མ་སྐྱེས་པའི་ཕྱིར་ཆོས་ ཐམས་ཅད་ཀྱི་སྒོའོ། །ར་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་པ་ལ་སོགས་པའི་དོན་མདོ་སྔགས་གང་དུའང་དྲང་ཆོག་པའི་ངག་གི་རོལ་མོར་འཁྲོལ་བ་འདི་ནི་མི་ཕམ་རྒྱ་མཚོ་ཞེས་ བྱ་བས་ན་ཚོད་ཕྲ་བའི་སྐབས་སུ་བྲིས་པའི་སྔ་རྩོམ་མོ། ། ༈ འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་གཟུགས་རི་མོར་བགྱིས་པ་ལ་གླེང་བསླངས་ནས་དཔེ་ལས་བརྩམ་སྟེ་བསྟོད་པ་སྦྲང་ རྩིའི་མཆོད་ཡོན་ཞེས་བྱ་བ། ཨོཾ། ཕྱོགས་དུས་རྒྱལ་བའི་མཁྱེན་རབ་བདུད་རྩིའི་མཚོ། །རྗེས་བརྩེའི་རི་དབང་མཆོག་གིས་ཉེར་བསྲུབས་པས། །རྒྱལ་སྲས་དབང་པོ་ཟླ་བ་རྒྱས་པའི་གཟུགས། །མིག་གི་ བདུད་རྩིར་གྱུར་པ་ཁྱོད་ལ་བསྟོད། །དམར་སེར་ཉི་མ་འཆར་ཀའི་འོད་བཟང་ནི། །མཛེས་སྡུག་གཞོན་ནུའི་ལང་ཚོར་གྲུབ་པའི་དཔྱིད། །རྒྱུ་སྐར་ཁྲོད་ན་གང་བའི་ཟླ་བ་བཞིན། །ལྷ་དང་བཅས་པའི་འཇིག་ 23-1-21a རྟེན་དབུས་ན་འཕགས། །བདུད་རྩིའི་ནང་ན་བདུད་རྩིའི་མཆོག་གྱུར་པའི། །མུ་མེད་འོད་ཟེར་དུ་མའི་དྲྭ་བ་འཁྲུགས། །ཉི་མ་བྱེ་བའི་སྣང་བ་ཟིལ་གནོན་པའི། །མཐོང་ན་དགའ་བ་སྐུ་ ཡི་སྣང་བ་མཛེས། །འདམ་ལས་གྲོལ་བའི་ཨུཏྤལ་གཞོན་ནུ་བཞིན། །རྡུལ་དང་བྲལ་བ་ཁྱོད་སྐུ་རྣམ་མཛེས་པ། །གུར་ཀུམ་གསར་པའི་མེ་ཏོག་ལང་ཚོའི་མདངས། །དྭངས་པའི་མེ་ལོང་དཀྱིལ་ན་མཛེས་ པ་བཞིན། །མཐའ་བྲལ་ཆོས་ཀྱི་དབྱིངས་དང་རོ་མཉམ་པའི། །རང་བྱུང་ཟག་པ་མེད་པའི་ཡེ་ཤེས་ལུས། །འཇའ་ཚོན་ཆུ་ཟླ་སྒྱུ་མའི་ཚུལ་སྟོན་པ། །རྟག་བརྟན་བགྲེས་རྒུད་བྲལ་བའི་གཞོན་ནུར་སྣང་། །འདི་ ཞེས་མཛེས་པའི་ཕ་མཐའ་མི་དཔོག་ཀྱང་། །སྲེག་པའི་མེ་ཕུང་ཤིན་ཏུ་བསིལ་མཛད་པ། །སྙིང་ལ་བདུད་རྩིར་གྱུར་པ་ཁྱོད་ཀྱི་སྐུ། །ལྟ་བས་ངོམས་པར་གྱུར་པ་ནམ་ཡང་མེད། །ཟླ་ལྟར་རབ་ཏུ་གསལ་བའི་ ཞལ་བཟང་ལ། །བརྩེ་བའི་སྤྱན་དཀྱུས་ཨུཏྤལ་ཡངས་པའི་འདབ། །རྟག་ཏུ་མི་ཟུམ་མཁའ་དང་མཉམ་པ་ཡི། །འཇིག་རྟེན་སྒྱུ་མའི་རོལ་མོ་ཀུན་ཀྱང་གཟིགས། །འཇམ་མཉེན་པདྨའི་ལྕུགས་ཕྲན་ལྟ་བུའི་ ཕྱག །གླང་པོའི་དབང་པོའི་སྣ་ལྟར་རྣམ་བསྒྱིངས་པས། །ཨིནྡྲ་ནཱི་ལའི་མདངས་འཛིན་རལ་གྲིའི་དཔལ། །ཀུན་རྨོངས་སྲིད་པར་བསྡིགས་པའི་ཚུལ་གྱིས་གདེངས། །ཆུ་སྐྱེས་དཀར་པོ་བཞད་པའི་ཟེའུ་ 23-1-21b འབྲུ་རུ། །རྒྱལ་གསུང་གླེགས་བམ་མཛེས་པའི་སྡོང་བུ་ནི། །གཡོན་པའི་ཕྱག་གི་དང་པོར་ལེགས་བསྣམས་ནས། །བསྟོད་པའི་ཚུལ་གྱིས་ཐུགས་ཀའི་གནས་སུ་བཟུང་། །དམར་སེར་དབང་པོའི་གཞུ་ལྟར་ རྣམ་མཛེས་པ། །འགྱིང་བག་དང་བཅས་གཡས་ཀྱི་ཕྱག་གཉིས་པར། །ཆོས་ཀུན་ཟང་ཐལ་འབིགས་པའི་མདའ་བོ་ཆེ། །ཉོན་མོངས་བདུད་ལ་ངོམས་པའི་ཚུལ་གྱིས་འཛིན། །ལྗོན་ཤིང་རྒྱལ་པོའི་ཡལ་ག་ ལྟར་བརྐྱང་བའི། །ཁྱོད་ཀྱི་གཡོན་པའི་ཕྱག་ནི་འོག་མ་ན། །རྨད་བྱུང་ཐབས་མཆོག་མཚོན་པ་སྙིང་རྗེའི་གཞུ། །བདག་གིར་མཛད་པའི་ཚུལ་གྱིས་རྣམ་པར་བཞེས། །སྐྱོན་བྲལ་པདྨ་རྒྱས་པའི་གེ་སར་ཁྱོན། ། ཟླ་བ་རབ་ཏུ་གསལ་བས་བཀབ་པའི་དབུས། །ཟླ་གཞོན་མེ་ཏོག་མདངས་ཀྱང་ཟིལ་གནོན་པའི། །མཛེས་སྐུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྣ་ཚོགས་ལྷ་རྫས་རིན་ཐང་བྲལ་བའི་གོས། །རཏྣའི་རྒྱན་ མང་སྤུད་པའི་ངོ་མཚར་གྱིས། །ས་གསུམ་མིག་ལ་བདུད་རྩིའི་དཔལ་སྟེར་བ། །ཟླ་བ་རྒྱས་པས་ཀུ་མུད་འཛུམ་པ་བཞིན། །ལྷ་དང་དྲང་སྲོང་དྲི་ཟ་གནོད་སྦྱིན་དང་། །རིག་འཛིན་གྲུབ་པ་དུ་མའི་ཚོགས་ཀྱི་ ཡང་། །ཁྱོད་ཀྱི་ཞབས་པད་བརྟན་པས་རབ་དགའ་བ། །སྦྲང་རྩིས་བཅུད་ཀྱིས་སྦྲང་རྩི་འཐུང་བ་བཞིན། །ཁྱོད་སྐུ་རི་མོར་བགྱིས་པའི་གཟུགས་ཀྱིས་ཀྱང་། །སྐོམ་པ་རྣམས་ལ་སྦྲང་རྩིའི་བཏུང་བ་ 23-1-22a ལྟར། །མཚུངས་མེད་དགའ་བའི་རོ་མཆོག་མྱང་མཛད་ན། །མཚན་དཔེའི་གཟུགས་སྐུ་མཐོང་བས་སྨྲོས་ཅི་འཚལ། །ཉོན་མོངས་བདུད་ཀྱི་སྨག་ཆེན་རབ་འཇོམས་པའི། །ཁྱོད་སྐུ་ བདུད་རྩིའི་ཐིག་ལེ་རྟག་གསལ་བ། །མཁའ་ཁྱབ་རྒྱལ་བའི་ཞིང་མང་རྒྱ་མཚོར་ཡང་། །རྙོགས་པ་མེད་པར་གཅིག་ཅར་ཉིད་དུ་གསལ། །རིན་ཆེན་འབྱུང་གནས་རྣམས་ལ་རིན་ཆེན་དང་། །སྦྲང་རྩི་འཛིན་ པ་རྣམས་ལ་སྦྲང་རྩི་བཞིན། །ཁྱོད་ནི་ཕྱོགས་དུས་རྒྱལ་བའི་ཐུགས་དང་གསུང་། །མཛེས་པར་བྱེད་པའི་སྙིང་པོར་གྱུར་པའང་ཡིན། །དེ་ཕྱིར་ཁྱོད་ཀྱི་ཡོན་ཏན་མཐའ་ཡས་པ། །ནམ་མཁའ་ལས་ཀྱང་ཟབ་ པའི་སྤྱོད་ཡུལ་ཅན། །ཚད་དང་ཕ་མཐའ་རྒྱལ་བས་མ་གཟིགས་ན། །བདག་གིས་དེ་དག་བསྟོད་པས་ཇི་ལྟར་བསྟོད། །འོན་ཀྱང་ཁྱོད་སྐུ་རི་མོར་བགྱིས་པའི་གཟུགས། །ཡིད་ལ་ཤར་བའི་ཀུན་དགའི་རོ་མྱང་ བ། །དཔེ་ལས་བརྩམས་པའི་སྙན་ངག་རྒྱུད་མང་གི། གདངས་སུ་འཕོས་པས་ཅུང་ཟད་བསྟོད་པ་ལགས། །དེ་ཡི་དགེ་བས་སྐྱེ་བ་ཐམས་ཅད་དུ། །འཇམ་མགོན་ཡེ་ཤེས་ཉིན་མོར་བྱེད་པའི་གཟུགས། ། མིག་གི་ཨུཏྤལ་གསར་པའི་དགའ་ཚལ་དང་། །ནམ་ཡང་འབྲལ་བ་མེད་པ་ཉིད་གྱུར་ཅིག །ཅེས་འཇམ་དཔལ་ཕྱག་བཞི་པའི་རས་བྲིས་ཀྱི་སྐུ་མིག་ལམ་དུ་ཤར་བའི་དགའ་བ་མཐོ་རིས་ཀྱི་དགའ་བ་ལས་ 23-1-22b ཀྱང་ལྷག་པར་ཉམས་སུ་བདེ་བའི་ངོས་ནས་རིག་བྱེད་པས་བཏགས་མིང་དུ་འཇམ་དཔལ་དགྱེས་པའི་རང་མདངས་མཚོ་བྱུང་བཞད་པའི་གེ་སར་དུ་འབོད་པ་གཞོན་ནུའི་དུས་ཀྱི་ན་ཚོད་དང་ལྡན་པས་གང་ཤར་བྲིས་ པ་མངྒ་ལཾ། ། ༈ ཨཱ། ཀ་དག་སྤྲོས་བྲལ་འཇམ་པའི་དབྱིངས་ཉིད་ལས། །ལྷུན་གྲུབ་སྣང་བ་མི་ཟད་ཆོ་འཕྲུལ་དཔལ། །ཟུང་འཇུག་མི་ཕྱེད་རང་བྱུང་ཡེ་ཤེས་སྐུ། །འཇམ་དཔལ་རྡོ་ རྗེའི་ཞབས་ལ་གུས་ཕྱག་འཚལ། །སྒྲིབ་གཉིས་ཚང་ཚིང་ཟ་བ་རྡོ་རྗེ་ཡི། །མེ་རྣོན་མི་བཟད་དྲན་པའི་མོད་ཉིད་ལ། །མི་འཕྲོག་བློ་ཡིས་མུན་པའི་སྟོབས་འཕྲོག་པ། །རྡོ་རྗེ་རྣོན་པོ་ཁྱོད་ལ་ཕྱག་འཚལ་ལོ། ། མཚན་གྱི་ཨུཏྤལ་མཐིང་གའི་མཛེས་སྡུག་ལ། །དཔེ་བྱད་བཟང་པོ་ཟེའུ་འབྲུས་གཡང་ཆགས་སྐུའི། །དགྱེས་ཞལ་ཅུང་ཟད་གཏུམ་པོའི་ལྟ་སྟངས་གང་། །བདུད་བཅས་སྲིད་གསུམ་གཡོ་བའི་འཐོར་ རླུང་བཞིན། །རྡུལ་བྲལ་གནམ་སྔོན་ཞུན་མར་གློག་མཛེས་བཞིན། །སྤྱན་གསུམ་ཡིད་འོང་བདུད་རྩིའི་གཟིགས་པ་ཅན། །དེས་ནི་སྒྲིབ་པའི་ཚང་ཚིང་མཐུག་པོའི་ནགས། །དུས་མཐའི་མེ་ཆེན་སྟོང་ལས་ ལྷག་པར་ཟ། །འོད་གསལ་ཞི་བའི་མཁའ་ལས་འཇའ་བཞིན་དུ། །མཐོན་མཐིང་ཧཱུྃ་ལས་སྐྱེས་པ་དཔའ་བོའི་སྐུ། །དྲན་པས་ཟབ་མོའི་ཤེས་རབ་རང་འབར་བ། །ཡུལ་དང་བྲལ་ཡང་མངོན་སུམ་ 23-1-23a གཟུགས་ཀྱིས་བཞུགས། །ཕྱག་གཡས་སྔོ་བསང་རལ་གྲིའི་ཡེ་ཤེས་མེས། །བདུད་བཅོམ་ལྟ་བའི་འཐིབ་བོ་རྣམ་པར་འདྲལ། །གཡོན་པས་ཨུཏྤལ་ལར་གནས་ཤེས་རབ་མཛོད། །དྲི་མེད་ ཉི་ཟླའི་འོད་འབར་གླེགས་བམ་འཛིན། །རབ་མཛེས་འདབ་སྟོང་ཟླ་ཉིའི་དཀྱིལ་འཁོར་ལ། །འོད་མཚན་སྟོང་འབར་དྲི་མེད་ཞི་བའི་སྐུ། །ཡིད་འཕྲོག་རྒྱན་ཕྲེང་དུ་མས་མངོན་མཛེས་པ། །མི་གཡོ་མཉམ་པ་ཉིད་ ཀྱི་རྣམ་པར་བཞུགས། །འབར་བའི་འོད་ཟེར་བྱེ་བས་ཞིང་ཁམས་ཁྱོན། །རབ་གསལ་ཉི་མ་ལ་གནས་དབང་སྔོན་གྱི། །རལ་གྲི་ཧཱུྃ་ཡིག་འབར་པའི་སྔགས་བཅས་ཀྱིས། །གང་ཐུགས་དག་པའི་མཁའ་དབྱིངས་ རྣམ་པར་མཛེས། །རྡུལ་ཕྲན་རེས་ཀྱང་སྲིད་ཀུན་བསྲེག་ནུས་པའི། །མདངས་མཛེས་ཁ་དོག་རྣམ་ལྔའི་ཡེ་ཤེས་མེ། །ཆེས་ཆེར་འཁྱིལ་བའི་ཀློང་ན་མཛེས་སྡུག་སྐུ། །གཟུང་མེད་ཆུ་ཟླ་འཇའ་ཡི་ཚུལ་དུ་བཞུགས། ། ལྷ་སྔགས་གཉིས་སུ་མི་ཕྱེད་རྡོ་རྗེའི་སྒྲ། །བཅུ་བཞིའི་འབྲུ་ལྡན་རིག་སྔགས་རྒྱལ་པོ་གང་། །གང་གི་མགྲིན་པའི་གདངས་སུ་ཤར་ཙམ་གྱིས། །སྲིད་འཇོམས་སྙིང་གི་མེ་ཆེན་རྣམ་པར་འཕེལ། །རྟག་ཏུ་རྒྱལ་བ་ ཀུན་དང་འགྲོ་ཀུན་གྱི། །སྙིང་ལ་དབྱེར་མེད་རོ་གཅིག་ཡེ་ཤེས་སྐུ། །འགྲོ་ལ་ཡིད་བཞིན་སྒྱུ་མའི་ཚུལ་སྟོན་པ། །རེ་འབྲས་ཀུན་སྩོལ་ཁྱོད་ལ་ཕྱག་འཚལ་འདུད། །རང་བྱུང་ཡེ་ཤེས་རྡོ་རྗེའི་སྐུ་ཅན་ནི། །སྲིད་ 23-1-23b དང་ཞི་བའི་ཆོས་སུ་སྣང་ན་ཡང་། །རྣམ་པ་ཀུན་ཏུ་གཅིག་ལས་མི་གཡོ་བ། །ཐམས་ཅད་ཐམས་ཅད་ཁྱོད་ལ་ཕྱག་འཚལ་འདུད། །ལྷར་བཅས་འགྲོ་བ་དགའ་བའི་བདུད་རྩི་ཅན། །མཁའ་ལྟར་རབ་ཡངས་ དུས་གསུམ་རྒྱལ་བའི་ཐུགས། །གང་ཞིག་སྙིང་པོར་གྱུར་པས་མཛེས་བྱེད་པ། །འཇམ་མགོན་ཟླ་བ་དྲི་མེད་ཁྱོད་ལ་འདུད། །སྐད་ཅིག་དྲན་པས་རྒོལ་ངན་འཁྲུལ་པའི་སྨག །མཐར་བྱེད་བློ་གྲོས་བྱེ་བའི་ཟེར་ རྣོན་གྱིས། །དྲི་མེད་ཡིད་ཀྱི་ཨུཏྤལ་རབ་དགོད་པ། །ངོ་མཚར་སྙིང་གི་ཉི་མ་ཁྱོད་ལ་འདུད། །བདེ་སྟོང་གདོང་གིས་དཀར་དམར་སྣང་བའི་ཚོགས། །དབྱིངས་སུ་ཟ་བ་མི་ཤིགས་ཐིག་ལེའི་ལུས། །ཆགས་ ཐོགས་སྒྲིབ་པ་བྲལ་བའི་ཟང་ཐལ་གཟུགས། །སྐབས་གསུམ་འཇིགས་པར་མཛད་པ་ཁྱོད་ལ་འདུད། །འཁྲུལ་སྣང་སེམས་ཀྱི་རྒྱ་མཚོར་འཐུམ་པ་བདག །སྣ་ཚོགས་མྱོང་བའི་རྨི་ལམ་གཡོ་ཞིང་འཁྱམས། ། ད་དུང་དུ་ཡང་སྲིད་པར་རབ་འཕྱན་ན། །འཇམ་མགོན་མཁྱེན་པའི་སྤྱན་གྱིས་གཟིགས་པར་མཛོད། །དེང་ནས་བྱང་ཆུབ་བར་དུ་འཇམ་པའི་དབྱངས། །རྡོ་རྗེ་རྣོན་པོའི་སྐུ་མཆོག་དྲི་མ་མེད། །སྙིང་ག་དཔལ་ བེའུའི་ཁྱིམ་དུ་དགྱེས་རོལ་ཞིང་། །རྨད་བྱུང་གཟུངས་སྤོབས་བློ་ཡི་གཏེར་འབྱིན་མཛོད། །སྤྲིན་མེད་མཁའ་ལ་ཉི་མའི་དཀྱིལ་འཁོར་དང་། །ཆུ་བྲལ་ནགས་ཚལ་མཐུག་པོར་མེ་ཆེན་བཞིན། །གང་ཐུགས་ 23-1-24a ཟབ་གསལ་མཁྱེན་པའི་འོད་རྣོན་པོ། །བདག་གི་སྙིང་ལ་ད་ལྟ་འཇུག་པར་མཛོད། །ཟབ་རྒྱས་བློ་ཅན་ཉི་ཟླའི་སྣང་བས་ཀྱང་། །ཟིལ་གྱིས་མི་གནོན་རྨད་བྱུང་བློ་ཡི་མཐུ། །སྲིད་གསུམ་ རྣམ་པར་རྒྱལ་བའི་དཔལ་ཐོབ་ནས། །རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་ཤོག །བརྗོད་མིན་བརྗོད་པ་ཀུན་གྱི་དེ་ཁོ་ན། །རིག་གདངས་འཇམ་པའི་རྡོ་རྗེ་མངོན་གྱུར་ནས། །ཟག་མེད་ཡིད་བཞིན་འབྱོར་བའི་ སྤྲིན་ཆེན་གྱིས། །འགྲོ་འདི་ཇི་སྲིད་དགྱེས་རྒུར་སྐྱོང་གྱུར་ཅིག །ཐེག་མཆོག་རྒྱལ་པོ་ཨ་ཏིའི་ལུགས་འཛིན་ཅིང་། །ཡི་དམ་རྒྱལ་པོ་རྡོ་རྗེ་རྣོན་པོ་ལ། །ཚིགས་སུ་བཅད་པ་མཁའ་མིག་གྲངས་ལྡན་འདིས། ། བསྟོད་ན་མཐའ་དག་ཕྱོགས་ལས་རྣམ་པར་རྒྱལ། །ཐེག་པའི་རྩེ་མོ་གངས་ཀྱི་སྤོར་འགྱིང་བའི། །བློ་གསལ་སེང་ཕྲུག་གཞོན་ནུའི་ཚོགས་རྣམས་ཀུན། །འཇིགས་མེད་རིག་པའི་གད་རྒྱང་སྒྲོགས་འདོད་ན། ། དབང་སྔོན་མདངས་འཛིན་ལྷ་འདི་བརྟེན་པར་མཛོད། །གང་དུ་མཛེས་སྡུག་སྔོ་བསང་རལ་པའི་ཁུར། །རྩལ་ལྡན་རི་དྭགས་རྒྱལ་བའི་ཁྱད་ཆོས་ཏེ། །རྫོགས་ཆེན་གྲུབ་མཐའི་རྒྱལ་པོ་སྨྲ་རྣམས་ཀྱི། །སྙིང་ལ་ བཞུགས་པའི་ལྷ་མཆོག་འདི་ཁོ་ན། །འདི་ལ་བརྟེན་ནས་རིག་གསང་ཡང་དག་མཐའ། །མངོན་བྱས་དཔལ་ཆེན་དགྱེས་པའི་གད་རྒྱང་གིས། །ཁམས་གསུམ་སྲོག་ཡིག་དབང་མེད་འཕྲོག་བྱས་ཏེ། །ཆོས་ 23-1-24b ཀྱི་རྒྱལ་པོ་དམ་པའི་རྒྱལ་ཐབས་འཐོབ། །ཅེས་ཁྱབ་བདག་འཇམ་པའི་དབྱངས་དངོས་ཟིལ་གནོན་རྡོ་རྗེ་གཟི་བརྗིད་རྩལ་གྱི་བཀའ་འབངས་སུ་བྱས་ཏེ་འཇམ་དཔལ་སྨྲ་བའི་སེང་གེའི་ཆོ་ག་མཛད་ཅིང་། དེ་ ཉིན་རྒྱལ་ཕུར་འགྲུབ་སྦྱོར་གྱི་རྟེན་འབྲེལ་སོགས་ཕྱི་ནང་གི་སྣང་ཆ་ཤིན་ཏུ་དགེ་བའི་དུས་སུ། བདག་ལ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཞེས་མིང་གིས་དབང་བསྐུར་ཞིང་། དབྱངས་ཅན་དམར་མོའི་རྗེས་སུ་གནང་བ་དང་ བཅས་པའི་ཉིན། རང་གི་ཡི་དམ་མཐར་ཐུག་པ་རྡོ་རྗེ་རྣོན་པོ་ལ་བསྟོད་པ་བགྱིས་པ་འདི་ལ་བླ་མ་དང་ཡི་དམ་ལྷག་པའི་ལྷས་བྱིན་རླབས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་ཞིག་ཡོད་ངེས་པའོ། །དགེའོ། །དགེའོ། ། དགེའོ། ། ༈ ཨོཾ་མཉྫུ་ཤྲཱི་བཛྲ་ཏིཀྵྞ་ཧ་ར་ཧཱུྃ་ཕཊཿ རི་བོང་གཟུགས་དང་བདུན་པའི་རྟ་ཅན་ལ་ནི་མེ་དང་མུན་པ་ཡིས། །སྣང་བ་གང་གྱུར་དེ་ཡི་ཚེ་ན་མཁས་པའི་ཆུ་ཟླའི་ཚུལ་ཅན་དུ། །བདག་ ཉིད་མི་ཕྱེད་མཚོན་ཆར་རྣམ་བསམ་སྙིང་གར་སྔགས་ཀྱི་ཕྲེང་བ་ལ། །རྩེ་གཅིག་གཏད་དེ་འགྱུ་བྱེད་ཡིད་དག་རོ་མཉམ་ཡང་དང་ཡང་བཟླས་པས། །མེ་ལ་སྣུམ་བཞིན་ཆེས་ཆེར་འབར་བས་དངོས་ཀུན་རབ་བསྲེག་ འོད་གསལ་བ། །སྟོང་པ་ཆེན་པོ་ཟང་ཐལ་སྒྲིབ་བྲལ་ནམ་མཁའི་གཟུགས་ཅན་སྒྲ་གཅན་ནི། །མྱོང་བར་གྱུར་བྱས་བུམ་པ་ཅན་གྱི་ངང་ནས་ཆུན་དུ་དྲིལ་བའམ། །བར་མེད་སྨྲ་བཅད་ངག་གིས་བཟླ་ཞིང་ཡིད་ནི་ཏིང་ 23-1-25a འཛིན་རྩེ་གཅིག་ཏུ། །ཇི་སྲིད་འོད་ཅན་འོད་གཞན་བྲལ་བ་དེ་སྲིད་སྐྱིལ་ཀྲུང་མི་བཤིག་པར། །བྱས་ན་དེ་ཡི་དེ་མ་ཐག་ལ་འདོད་པའི་འབྲས་འབྱིན་ནགས་ཚལ་ལ། །མེ་བཞིན་ཤིན་ཏུ་མྱུར་ བར་འཇུག་སྟེ་འདི་ནི་འདི་ཡི་ཁྱད་ཆོས་སོ། །དབང་སྔོན་བསྟར་བའི་གོས་ཀྱིས་བཀླུབས་པའི་ཟླ་བའི་བུ་ཆུང་རོ་འཛིན་གྱིས། །རྣམ་པར་བཀབ་སྟེ་ཇི་སྲིད་བཞག་པའི་ངོ་མཚར་མྱུ་གུའི་ལྟས་མངོན་པ། །འདི་ནི་ འདི་ཡི་རྟགས་སུ་བལྟ་སྟེ་རལ་དྲི་གྲིལ་ཡང་དེ་ཚེ་བསྒྲུབ། །དེ་ལ་སོགས་པ་རྣམ་མང་ལས་ཀྱི་རྟེན་འབྱུང་སྣ་ཚོགས་རྣམ་པར་བཀྲ། །མ་ཉམས་བཞིན་དུ་མགྲིན་པའི་ལམ་ནས་ཟླ་བ་ཁོང་དུ་ཟ་བ་ཡི། །བསོད་ ནམས་ལྡན་པ་འདི་ནི་ལྷ་དང་བཅས་ཏེ་ཁམས་གསུམ་སྨྲ་བའི་ལྕེས། །དུས་གཅིག་བསྐོར་ཀྱང་མེ་ལ་ཤིང་བཞིན་རྣམ་པར་རྒྱལ་ཞིང་རྒྱལ་བའི་སྒྲ། །སྲིད་པ་གསུམ་ན་ཆེས་ཆེར་སྒྲོགས་པ་འདི་ཡི་ལྕེ་ཡི་རྩེ་མོ་ ནི། །རལ་གྲིར་གང་གྱུར་དེ་ཡིས་འདོད་ན་སྲིད་པ་གསུམ་ཀྱང་དུས་མཐའ་ཡི། །རླུང་གི་མདུན་ན་རྣམ་པར་གནས་པའི་རྡུལ་ཕྲན་བཞིན་དུ་རྣམ་པར་བྱེད། །འཇམ་ཞིང་མཉེན་པ་པདྨའི་འདབ་མཚུངས་སྙན་གྱི་ དབུས་སུ་ཅུང་ཟད་ཙམ། །ཐུང་ངུར་གཡོ་བ་དེ་ལ་ཚངས་དབང་དང་བཅས་སྲིད་པ་གསུམ་པོ་ཀུན། །འཇིགས་རུང་མི་བཟད་རལ་གྲིའི་འཁྲུལ་འཁོར་སྟོང་ཕྲག་ལས་ཀྱང་ལྷག་པར་སྐྲག །འདི་ནི་ཅུང་ཟད་ 23-1-25b བསྐྱོད་ཚེ་སྒྲ་གདངས་ཆུང་ཡང་སེང་གེའི་གད་རྒྱང་བཞིན། །བསྟན་ལས་ཕྱིར་ཕྱོགས་རྒོལ་ངན་གླང་པོའི་སྙིང་ཁྲག་དཀྲུགས་ཤིང་འགྱེལ། །ཨ་ལ་ལ་ཧོ་རྡོ་རྗེ་རྣོན་པོ་རྩེ་བརྒྱའི་དཔལ་རྔམས་པ། །ཡེ་ཤེས་མེ་ ལྕེ་ཆེས་ཆེར་འཁྲུགས་འདི་ལག་པར་རབ་ཏུ་ཐོགས་གྱུར་ནས། །ཐེག་པའི་རྒྱལ་པོ་སུམ་རྩེན་གྲོང་གི་གྲོང་ཁྱེར་བདག་པོ་རབ་བྱེད་པའི། །སྐལ་བཟང་གང་དེ་ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་དབང་པོ་ལྷ་མིན་ འཇོམས། ། ༈ འཇམ་དབྱངས་དཀར་པོ་ལ་མཆོག་གསུམ་འདུས་པའི་ངོ་བོར་བསྟོད་པ་སྨྲ་བའི་སེང་གེ་བསྒྱིངས་པའི་ང་རོ་ཞེས་བྱ་བ། གང་གིས་ཕྱོགས་ཀྱི་མུ་དང་དུས་ཀྱི་ མཐའ། །གཏུགས་པ་མེད་པའི་འགྲོ་ཚོགས་ཕན་བདེ་ལ། །འགོད་པ་སྙིང་རྗེ་ཆེན་པོའི་སྟོབས་མཆོག་གིས། །ནམ་མཁའ་ཇི་སྲིད་གཞོན་ནུའི་གཟུགས་སུ་རོལ། ༡ །ཟག་མེད་ཚེས་དབང་བདུད་རྩིའི་ཆུ་ གཏེར་གྱི། །སྙིང་པོར་གྲུབ་པ་མཚན་དཔེའི་ཟླ་རྒྱས་གང་། །དྲན་པས་སྲིད་པའི་རིམས་ནད་མཐར་བྱེད་པ། །རྟག་བརྟན་གཞོམ་གཞིག་བྲལ་བའི་མཁའ་ལ་རོལ། ༢ །འདས་པའི་རྒྱལ་བས་ཁྱོད་ཉིད་མངོན་ གཟིགས་ཤིང་། །སྲས་ཀྱི་ཚོགས་རྣམས་རྟག་ཏུ་ཁྱོད་རྗེས་བསྙེགས། །མཁའ་ཁྱབ་འགྲོ་ཀུན་ཁྱོད་ལ་རྟག་འགྲོ་ཡང་། །ཁྱོད་ནི་རྟག་ཏུ་བྲི་གང་བྲལ་བར་མཉམ། ༣ །གང་གིས་ཁྱོད་ཀྱི་ཚུལ་ལ་སྤྱད་ཕྱེ་བ། ། 23-1-26a དེ་དག་དེ་བཞིན་གཤེགས་པའི་མཚན་གྱིས་བསྔགས། །དེ་སླད་ཕྱོགས་དུས་རྒྱལ་བའི་ཐུགས་ཀྱི་དབུས། །ཡེ་ཤེས་སེམས་དཔར་གྱུར་པ་ཁྱད་གཅིག་ལགས། ༤ །རྨད་བྱུང་སྒྲ་དབྱངས་འབྱུང་ བའི་དཔལ་གྱི་མགུར། །བཀྲ་ཤིས་ཆོས་དུང་གསང་བའི་ཕོ་བྲང་ན། །རྟག་ཏུ་དགྱེས་དགུར་རོལ་པ་ངག་གི་ལྷ། །ཁྱོད་ནི་མཐའ་ཡས་ཆོས་ཀྱི་རོལ་པར་སྣང་། ༥ །སྙིང་ལ་ཡུན་རིང་ཉལ་བ་རྨོངས་པའི་མུན། །སྐྱེ་ ཚོགས་སྐྱེ་བའི་ཚང་ཚིང་ཟ་བའི་མེ། །རྡོ་རྗེ་ཨཱ་ལི་ཀཱ་ལིའི་འཕྲུལ་ཐབས་ཀྱིས། །སྲིད་པ་ཇི་སྲིད་སྐྱེ་རྒུའི་སྙིང་ལ་འཇུག ༦ །ཀུན་ཏུ་བཟང་པོ་ཐབས་མཁས་ཚད་མེད་པས། །མ་ལུས་ཕྱོགས་ཞིང་བ་སྤུའི་ཁྱོན་དུ་ སྣང་། །སྤྱན་རས་གཟིགས་དབང་བརྩེ་བས་འགྲོ་ཚོགས་ཁམས། །མུ་མེད་རྟག་ཏུ་ཕན་བདེས་བསིལ་མཛད་པ། ༧ །དེ་སོགས་རྒྱལ་བའི་མྱུ་གུའི་མཛད་མཆོག་གི། རྒྱུར་གྱུར་མཁྱེན་པའི་རང་བཞིན་ཁྱོད་ཀྱིས་ནི། ། དེ་ཀུན་སྒྲུབ་པར་བྱེད་ཅིང་དག་པར་བྱེད། །ཡོངས་སུ་ལྡོག་པ་མེད་ཅིང་མཐར་ཕྱིན་བྱེད། ༨ །དེ་སླད་རྒྱལ་སྲས་ཐུ་བོའི་རྣམ་པར་མཐའ། །ཇི་ལྟ་ཇི་སྙེད་ཟབ་ཅིང་རྒྱ་ཆེ་བ། །དེ་ལྟ་དེ་ལྟར་མཁྱེན་རབ་ལྷག་པའི་ལྷ། ། ཁྱོད་ལ་ཕྱིར་ཞིང་མོས་པ་རྣམ་པར་འཕེལ། ༩ །འགྲོ་འོང་བྲལ་བ་རྨི་ལམ་ལྟ་བུ་ཡི། །སྲིད་པ་སྒྱུ་མའི་གྲོང་ཁྱེར་ཆེན་པོ་ནི། །བྲི་གང་བྲལ་བའི་དབུས་ན་བཅོམ་ལྡན་འདས། །ཁྱོད་ཀྱང་སྒྱུ་མའི་རྒྱལ་ཐབས་ཆེ་ལ་ 23-1-26b འགྱིངས། ༡༠ །རྡུལ་གཅིག་ཁྱོན་ལ་མཁའ་ཁྱབ་ཞིང་གི་ཚད། །རབ་རྫོགས་དེ་ཡི་རྡུལ་ལ་ཡང་དེ་ལྟར། །བསམ་ཡས་དཔག་པར་དཀའ་བའི་ཞིང་དང་སྐུ། །ཉིད་ཀྱི་བ་སྤུའི་ཁུང་བུ་རེར་ཡང་རྫོགས། ༡༡ །ཉེས་པ་ ཀུན་གྱི་འབྱུང་གནས་རྨོངས་པ་ནི། །འཇོམས་པའི་བློ་གྲོས་ལེགས་དགུའི་གཞིར་གྱུར་པ། །འཇམ་དཔལ་ཞེས་པའི་མཚན་གྱི་ཡི་གེས་ཀྱང་། །དཀའ་བ་མེད་པར་སྙིང་གི་དབུས་སུ་སྦྱིན། ༡༢ །གང་ཞིག་རྨོངས་པ་ སྡུག་བསྔལ་གསུམ་གྱིས་བཅིངས། །རྨོངས་དང་གང་བྲལ་ཐར་པའི་ལམ་ལ་འགྲོ། །རྨོངས་པའི་གཉེན་པོ་ཁྱོད་ནི་དུས་ཀུན་ཏུ། །སྐྱེ་རྒུའི་རྨོངས་པ་གཏན་དུ་ཟད་པར་བྱེད། ༡༣ །དེ་སླད་ཀུན་ནས་རྨོངས་པ་མི་བཟད་ པས། །ཡུན་རིང་སྲིད་པར་བསྡོམ་པའི་ཉམ་ཐག་འགྲོ། །དཀྲོལ་བར་འདོད་པ་སྙིང་རྗེའི་ཀུན་སློང་གིས། །རྟག་ཏུ་ཡང་ཡང་མགོན་ཁྱོད་བསྟོད་བགྱིས་ན། ༡༤ །རྨད་བྱུང་སྤོབས་པས་བདག་སྙིང་རྡོ་རྗེ་རུ། །རབ་ གྲུབ་རིགས་ལམ་སྨྲ་བའི་རལ་གྲིའི་ལྗགས། །རིང་དུ་གློག་བཞིན་བརྐྱང་བའི་དེ་མ་ཐག །སྨྲ་ངན་རྒོལ་བའི་འཁྲི་ཤིང་གཅོད་གྱུར་ཅིག ༡༥ །འཇམ་མགོན་མཁྱེན་པའི་འོད་བཟང་སྙིང་དབུས་སུ། །ཞུགས་པའི་ མོད་ལ་བློ་བརྩེ་གཟུངས་ཀྱི་མཆོག །གྲུབ་ནས་མགོན་པོ་ཁྱོད་ཉིད་ཇི་འདྲ་བར། །བདག་ཀྱང་འགྲོ་ཀུན་འདྲེན་པའི་དཔལ་གྱུར་ཅིག ༡༦ །ཚིག་གི་སྒོ་མོ་ཤིན་ཏུ་ཕྲ་བ་ལ། །འཇུག་པའི་རྣམ་དཔྱོད་ཟབ་མོའི་མིག་ 23-1-27a ཐོབ་ན། །བསྐལ་པ་བསྐལ་པར་བརྗོད་ཀྱང་འདི་ཡི་དོན། །ད་དུང་ཟད་པ་མེད་པ་ཉིད་དུ་འཚལ།། ༈ །། རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་མཁྱེན་བརྩེ་ནུས་ གསུམ་གྱི་སྒོ་ནས་བསྔགས་པ་འཆི་མེད་གྲུབ་པའི་གླུ་དབྱངས་ཞེས་བྱ་བ། མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །གཞོམ་མེད་བདེ་སྟོང་རྡོ་རྗེའི་ལང་ཚོ་ནི། །རྟག་བརྟན་བགྲེས་རྒུད་བྲལ་བའི་རྗེ་བཙུན་མ། ། འཆི་མེད་འཕགས་མའི་ཞབས་པད་གཙུག་ན་མཛེས། ༡ །མཁའ་བཞིན་སྲིད་པ་ཀུན་ལ་ཁྱབ་བརྡལ་བ། །མི་ཤིགས་སྙིང་རྗེ་ཆེན་པོའི་བདུད་རྩིའི་སྤྲིན། །རབ་ཞི་ཐུགས་ཀྱི་མཁའ་དབྱིངས་ཀུན་འགེངས་པས། །ངོ་ མཚར་འཆི་མེད་ཕན་བདེའི་མཆོག་སྩོལ་མ། ༢ །རབ་དཀར་ཟླ་བ་བྱེ་བའི་དྭངས་བཅུད་ཆ། །མ་ལུས་གཅིག་ཏུ་བསྡུས་འདྲའི་མཛེས་སྡུག་སྐུ། །དྲན་པའི་མོད་ལ་མཐའ་དག་རྒུད་པའི་དཔུང་། །སྡུག་བསྔལ་གཉིད་ ལས་སད་པའི་མཐའ་བཞིན་འགོག ༣ །རྡོ་རྗེའི་སྤྱན་བདུན་ལྡན་པས་མཁའ་ཡི་མུ། །ཀུན་ནས་གཟིགས་ཤིང་གང་གིས་ཁྱོད་དྲན་པ། །དེ་ལ་འཆི་མེད་གྲུབ་པའི་མཆོག་སྦྱིན་ཅིང་། །འདོད་རྒུའི་རེ་བ་ཡོངས་སུ་རྫོགས་ པར་མཛད། ༤ །གང་གི་ངང་ནས་སྲས་བཅས་རྒྱལ་བ་ཀུན། །བསྐྲུན་ཀྱང་རྟག་ཏུ་གཞོན་ནུའི་བཞིན་ལྡན་མ། །རབ་དཀར་ཟླ་བའི་གདན་ལ་ཟླ་རྒྱས་སྐུ། །འཆི་མེད་བདུད་རྩིའི་ཟེར་ཕྲེང་སྟོང་དུ་འཁུགས། ༥ །གང་ལ་ 23-1-27b འཆི་བདག་འཇིགས་པས་འཇིགས་བྱས་པ། །དེ་ལ་གཏན་དུ་འཆི་མེད་བདུད་རྩིའི་དཔྱིད། །སྙིང་ལ་ཅི་དགར་བགྱེད་པའི་མཆོག་སྦྱིན་ཕྱག །འགོག་མེད་སྤྱི་བོར་བརྐྱང་ཞིང་ཉུག་པར་མཛད། ༦ །སྡུག་བསྔལ་རྦ་ རྒལ་ཆེ་བ་འཁོར་བའི་མཚོ། །སྲིད་གསུམ་མཚུངས་པར་བརླག་པའི་ཤུགས་ཆེན་ལ། །བདེ་བར་སྒྲོལ་བ་སྙིང་རྗེའི་གྲུ་ཆེན་ནི། །སྲིད་པའི་མཐར་ཡང་འགོག་མེད་རྟག་ཏུ་འཇུག ༧ །ཉན་རང་ཞི་བདེའི་གཉིད་ལ་ ཡུར་བ་ཡང་། །བརྒྱལ་བའི་བུ་ལ་མ་བཞིན་བརྩེ་མཛད་ན། །སྡུག་བསྔལ་གསུམ་གྱིས་དཀྲུགས་པའི་ཉམ་ཐག་འགྲོར། །ཡུམ་མཆོག་རྟག་ཏུ་བརྩེ་བ་སྨོས་ཅི་འཚལ། ༨ །མཁའ་ཁྱབ་སེམས་ཅན་རེ་རེའི་མདུན་ དུ་ཡང་། །གྲངས་མེད་ཐབས་ཀྱིས་སྣ་ཚོགས་ཆོས་ཚུལ་གང་། །བདུད་རྩིའི་སྒོ་མང་ཀུན་ནས་འགྱེད་པ་ལ། །ཁྱོད་མཐུ་རྡོ་རྗེའི་སྟོབས་མཆོག་མཚུངས་པ་མེད། ༩ །གང་གིས་ཕྱོགས་དུས་ཤེས་བྱའི་དངོས་པོ་ཀུན། ། བདེན་སྟོང་སྒྱུ་མའི་རང་བཞིན་མངོན་གཟིགས་པས། །སྒྱུ་མས་བཤམས་པ་སྐྱེ་སོགས་དཔུང་ཚོགས་བཞི། །འཇོམས་པའི་འཕྲུལ་ཐབས་དཔའ་མོ་ཁྱོད་ལ་མངའ། ༡༠ །སྐྱེ་འཆིའི་ཟློས་གར་གློག་བཞིན་བསྐྱོད་པ་ ཡི། །མི་བརྟན་སྣ་ཚོགས་སྲིད་པའི་སྣང་བ་བརྒྱ། །འགྱུར་བྲལ་རོ་མཉམ་དབྱིངས་ཀྱི་གཤིས་སུ་ཡང་། །འགྱུ་བར་བྱེད་ལ་མཉམ་ཉིད་གཟིགས་པས་འཇུག ༡༡ །སེམས་ཀྱི་སྐད་ཅིག་གཅིག་ལ་མཐའ་ཡས་པའི། ། 23-1-28a སྒྱུ་འཕྲུལ་རྣམ་པར་རྩེན་པས་དགྱེས་རོལ་མ། །རྒྱལ་ཡུམ་མྱུར་མ་དཔའ་མོས་སྲིད་པ་འདིའི། །རྒུད་པའི་མཐར་ཐུག་འཕོ་བའི་བག་ཆགས་སྒྲོལ། ༡༢ །གང་ཚེ་བདུད་བཞིའི་དགྲ་ལས་རྣམ་རྒྱལ་ བ། །དེ་སྲིད་བཅོམ་ལྡན་འདས་མ་ཁྱོད་ལ་བདག །སྐྱབས་སུ་འཆི་ཞིང་སྙིང་ནས་གསོལ་འདེབས་ན། །འཆི་མེད་ཚེ་དབང་ཡེ་ཤེས་མཆོག་སྩོལ་ཅིག ༡༣ །མཁའ་བཞིན་ཀུན་ཏུ་མཉམ་པའི་ཆོས་ཉིད་ལ། ། འཆི་བ་མེད་པར་རྟག་ཏུ་གནས་མོད་ཀྱང་། །ཀུན་རྟོག་གཡོ་བའི་སེམས་དང་ལས་ང་གིས། །འཆི་བའི་འཇིགས་པ་བརྒྱུད་མར་མྱོང་བ་རྣམས། ༡༤ །གང་གིས་འཆི་བ་མེད་པ་བདུད་རྩིའི་གནས། །རབ་བསིལ་ འཕགས་མའི་ཞབས་པད་དྲི་མེད་ལ། །འགོད་པའི་བརྩེ་ཆེན་སྙིང་རྗེའི་ཤུགས་བསྐྱེད་དེ། །བཅོམ་ལྡན་འདས་མ་ཁྱོད་ལ་བདག་བསྟོད་ན། ༡༥ །གཞོམ་མེད་བདེ་སྟོང་རྡོ་རྗེའི་དེ་ཉིད་དུ། །འཆི་བདག་འཆི་ བར་བྱེད་པའི་ཐབས་མཁས་ཀྱིས། །རྟག་ཏུ་འཆི་མེད་ནམ་མཁའི་རྒྱལ་ཐབས་ལ། །འགོད་པའི་མཆོག་དེ་འགྲོ་ལ་སྦྱིན་པར་མཛོད། ༡༦ །རབ་བསིལ་ཞི་བ་བདུད་རྩིའི་རང་བཞིན་གྱི། །ལེགས་བཤད་རྦ་ རླབས་གཡོ་བའི་སྙན་ངག་མཚོ། །འདི་ལ་བློ་མཆོག་ངང་པའི་རྒྱལ་པོ་རྣམས། །ཡུན་དུ་སྤྱད་ཀྱང་དགའ་སྟོན་ཉིན་བཞིན་འཕེལ།། ༈ །། དཔལ་ལྡན་ཛཾ་བྷ་ལ་དཀར་པོ་ལ་ཕུན་ཚོགས་ 23-1-28b སྡེ་བཞིའི་སྒོ་ནས་བསྔགས་པ་སྤྲིན་ཆེན་རྣམ་པར་རོལ་བའི་འབྲུག་སྒྲ་ཞེས་བྱ་བ། དུས་གསུམ་སྲས་བཅས་རྒྱལ་བའི་བསོད་ནམས་སྤྲིན། །མཁའ་དང་མཉམ་པར་རྟག་ཏུ་བརྡལ་བ་ཡི། །སྙིང་པོ་གཞོམ་གཞིག་བྲལ་ པའི་ཡེ་ཤེས་སྐུ། །དགོས་དགུ་ཡིད་བཞིན་རྫོགས་པའི་མགོན་དེར་འདུད། །སྲིད་ཞི་ལེགས་བྱས་རིན་ཆེན་རྡུལ་ལས་གྲུབ། །ཡིད་འཕྲོག་ཟླ་བ་རྒྱས་པའི་གཟུགས་ཀྱི་སྐུ། །རབ་དཀར་ཕན་བདེའི་འོད་བཟང་ སྟོང་འཕྲོ་བས། །འགྲོ་བའི་ཡིད་ཀྱི་གདུང་བ་རྣམ་པར་སེལ། །གང་གི་ཡིད་ལ་ཁྱོད་ཀྱི་མིང་གནས་པ། །ཡིད་བཞིན་རིན་ཆེན་སྡུད་པའི་ནོར་བུ་བཞིན། །མ་ལུས་སྲིད་དང་ཞི་བའི་འབྱོར་པའི་མཚོ། །དེར་ནི་ ཉམས་པ་མེད་པར་རྟག་ཏུ་གནས། །ཕན་བདེ་གསེར་གྱི་སྙིང་པོའི་སྤྲིན་ཆེན་ཁྱོད། །གང་གི་ཡིད་ཀྱི་མཁའ་ལ་ཉེར་རོལ་ན། །གྲགས་སྙན་བྱེ་བའི་འབྲུག་སྒྲ་སྒྲོག་བཞིན་དུ། །མཁོ་རྒུའི་རིན་ཆེན་ཆར་མང་ མངོན་པར་འབེབས། །ནོར་བུ་བུམ་བཟང་དཔག་བསམ་དབང་པོ་སོགས། །སྲིད་ན་ཕུན་ཚོགས་གྲུབ་པའི་དངོས་པོ་བརྒྱ། །མདུན་ན་བསྟར་བ་ཡིས་ཀྱང་ཁྱོད་ཀྱི་མཚན། །སེམས་ཀྱིས་དྲན་པར་བྱེད་ལ་བསྐྲུན་ མི་ནུས། །མཆོག་གསུམ་དཔག་བསམ་གྲིབ་བསིལ་ཡངས་པར་འཁྲིད། །ཡང་དག་ལྷ་མཆོག་ནོར་བུའི་ཅོད་པན་བཅིངས། །གཞན་ཕན་སྤྱོད་པའི་བུམ་བཟང་མདུན་བསྟར་ནས། །སྲིད་ཞིའི་སྦྱིན་བདག་ཆེན་ 23-1-29a པོར་འགྲོ་འདི་མཛད།། ༈ །། སྐྱེ་རྒུའི་དབུལ་བ་རྨི་ལམ་དུ་ཡང་རྒྱུན། །གཅོད་འདོད་སྙིང་རྗེའི་ཕྱག་བཟང་བརྐྱང་ལ་བསྐུལ། །ཚད་མེད་མཆོད་པས་མཆོག་གསུམ་རྟག་མཆོད་པའི། །བློ་མཆོག་ ཡི་གེ་སྙིང་ལ་རྣམ་པར་འགོད། །རྣ་རྒྱན་ནོར་བུས་ནོར་ཅན་བྱེ་བའི་དཔུང་། །མོག་པོར་འགྱེད་པའི་སྡེ་དཔོན་རྒྱ་མཚོ་ཡི། །གཙུག་གི་ནོར་བུས་ནོར་སྦྱིན་ཁྱེད་ཀྱི་ཞབས། །བརྟེན་པའི་དགའ་བ་ཤིན་ཏུ་རྙེད་པར་ དཀའ། །སྲེད་ལས་རྣམ་པར་གྲོལ་བའི་མཁའ་དབྱིངས་ཐུགས། །སྲིད་ལས་ཡོངས་སུ་གཏོང་བའི་སྐབས་ཕྱེ་བས། །ཕྱོགས་དུས་ཀུན་ནས་འདོད་དགུར་འདི་སྤྱད་ཀྱང་། །ཕ་མཐས་དབེན་པ་མཆོག་ཏུ་ངོ་ མཚར་གཞི། །ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་ལྟར། །ཕས་རྒོལ་རྣམ་པར་འཇོམས་པ་ཁྱོད་ཀྱི་མཚན། །བཟུང་བའི་མོད་ལ་ཕྱོགས་ལས་རྣམ་རྒྱལ་ཞིང་། །དགེ་མཚན་སྙན་པའི་བ་དན་སྲིད་ན་མཐོ། ། གང་གི་མཐུ་ཡིས་ཚངས་དབང་འཁོར་སྒྱུར་སོགས། །སྲིད་པའི་བདེ་འབྱོར་གཅིག་ཏུ་བཀུག་པ་བཞིན། །མཚུངས་མེད་དགའ་སྟོན་བདུད་རྩིའི་མྱོང་བ་ཡིས། །སྙིང་དབུས་ཀུན་ཏུ་དགའ་བ་རྣམ་པར་ སྤེལ། །ཁྱོད་ལ་མོས་པའི་གཟི་བྱིན་ནོར་བུའི་འོད། །ལྷ་ཀླུ་གནོད་སྦྱིན་མི་ཡི་བུ་མོས་ཀྱང་། །རྙེད་པའི་མཆོག་ཏུ་བརྟེན་པའི་འཁོར་གྱི་ཁྱམ། །ཆེ་རྒུའི་འདུ་བས་སྤྲིན་བཞིན་དཀྲིགས་ཤིང་འདུད། །སྲིད་ 23-1-29b དང་ཞི་མཐའི་དབུལ་བ་ཀུན་འཕྲོག་པ། །དཔལ་ལྡན་རྒྱལ་བའི་འབྱོར་བ་བླ་མེད་པས། །མ་ལུས་རྒུད་པ་བཟློག་སླད་སྲིད་པ་འདིར། །འཛད་མེད་ནམ་མཁའི་མཛོད་ཁྱོད་རྟག་ཏུ་གནས། །སྲིད་དང་ཉན་ རང་རྒྱལ་སྲས་རྒྱལ་བ་ཡི། །འབྱོར་པའི་ཚུལ་ཆེན་ཆོས་ཀྱི་དབྱིངས་བཀང་ནས། །གང་འདོད་སློང་བའི་དབུལ་བ་རྟག་སེལ་བ། །ཡབ་མཆོག་ནོར་བུའི་ཁྲི་ལ་མགོས་བཏུད་དེ། །སྲེད་པས་སྐོམས་བཞིན་ དབུལ་ཕོངས་མྱ་ངན་ཐང་། །བགྲོད་དཀར་ཞུགས་ནས་རིག་རིག་པོར་བལྟ་བའི། །གཉེན་མང་འགྲོ་བ་འདི་ཀུན་རྗེས་བསམ་ཞིང་། །སྙིང་རྗེའི་ཡུས་ཀྱིས་མགོན་པོ་ཁྱོད་བསྟོད་ན། །མཁྱེན་དབྱིངས་བརྩེ་ བའི་སྤྲིན་ལས་འདོད་རྒུའི་ཆར། །རྟག་ཏུ་འཛད་པ་མེད་པའི་རྒྱུན་ཆེན་པོས། །དོན་གཉིས་ཡིད་བཞིན་འགྲུབ་པའི་དགའ་སྟོན་དང་། །བླ་མེད་རྒྱལ་བའི་འབྱོར་མཆོག་སྦྱིན་པར་མཛོད། །རྨད་བྱུང་དཔལ་ དང་གྲགས་པའི་འབྱུང་གནས་ནི། །བློ་མཆོག་དགའ་བའི་སྙན་ངག་རྫོགས་ལྡན་སྤྲིན། །གང་གི་མགུལ་པར་གནས་པའི་མི་དེ་ཡང་། །ཕུན་ཚོགས་བཀྲ་ཤིས་འབུམ་གྱིས་མངོན་པར་མཐོ།། ༈ །། རྡོ་རྗེ་སེམས་དཔའ་དཀར་པོ་ལ་རྡོ་རྗེ་བཞི་ཡི་ཚུལ་གྱིས་བསྔགས་པ་རྡོ་རྗེ་བདུད་རྩིའི་སྒྲ་དབྱངས་ཞེས་བྱ་བ། སྣང་སྟོང་གཉིས་སུ་མི་ཕྱེད་ཡེ་ཤེས་སྐུ། །ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་དཔྱིད། །རིགས་ 23-1-30a ཀུན་ཁྱབ་བདག་དང་པོའི་སངས་རྒྱས་གང་། །དཔལ་ལྡན་རྡོ་རྗེ་སེམས་དཔའ་དེ་ལ་འདུད། །དྭང་བའི་ཆུ་མཚོར་ཤར་བའི་ཟླ་གཟུགས་ལྟར། །བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་སྣང་རོལ་པ། ། རྟག་ཏུ་གཡོ་མེད་རྒྱལ་བའི་དཀྱིལ་འཁོར་ན། །ཁྱབ་བདག་ཁྱོད་ལ་རྟོག་མེད་དཔའ་རྣམས་མཆོད། ། ཕྱོགས་རེའི་མཁའ་མཐོང་མཁའ་ཡི་ངང་ཚུལ་ལ། །གཞལ་ཚེ་མཁའ་མཐའ་ནམ་ཡང་མི་རྙེད་པ། །དེ་བཞིན་ མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ། །མཁའ་མཉམ་སྒྱུ་མའི་རྩེད་འཇོས་དགྱེས་པར་རོལ། །རྟེན་མེད་སྟོང་པའི་དབྱིངས་ལས་སྨིན་པའི་གཟུགས། །ནམ་མཁའི་ལྗོན་ཤིང་ཆེན་པོ་ཕན་བདེ་ཡི། །ལོ་འབྲས་ཆེས་ཆེར་ རྒྱས་པས་མཁའ་ཡི་མུ། །རབ་འགེངས་སྲིད་དང་ཞི་བའི་དཔལ་དུ་འབར། །མཁའ་དབྱིངས་ཁམ་གྱིས་ཟོས་པའི་སྟོང་ཆེན་རོ། །སྙིང་དབུས་མི་ཤིགས་དཔྱིད་དུ་འཁྱིལ་བ་ལས། །ལྷན་སྐྱེས་བདེ་བའི་ལང་ཚོ་ སྟོང་འབར་བ། །གང་གིས་དྲན་པས་ཟག་མེད་བ དེ་བ་འཕེལ། །བརྗོད་མེད་བརྗོད་པ་ཀུན་དང་བྲལ་ན་ཡང་། །མཐའ་དག་དབྱངས་ཀྱི་ཡན་ལག་སེང་གེའི་སྒྲ། །བདུད་དང་མུ་སྟེགས་རི་དྭགས་རྣམ་འཇིགས་པའི། ། དེ་བཞིན་གཤེགས་པའི་སྒྲ་དབྱངས་ཀུན་ཏུ་ཁྱབ། །བདག་མེད་རྡོ་རྗེས་འཇིགས་བཅོམ་ཉན་རང་ཚོགས། །མནར་མེད་མེ་ཡིས་བསྡིགས་པར་མི་ནུས་ཀྱང་། །གང་གསུང་མི་ཕྱེད་རྡོ་རྗེའི་ཐེག་མཆོག་ལ། །བཟོད་ 23-1-30b པའི་སྙིང་སྟོབས་བྱིས་པ་བཞིན་དུ་གྱུར། །སྣ་ཚོགས་སྤྲོས་པས་སྲིད་ཞིར་མངོན་ཞེན་པ། །ཀུན་རྟོག་རྭ་བ་མཐུག་པོའི་ཚང་ཚིང་ནགས། །ཐབས་མཆོག་རིག་སྔགས་ཞུགས་ཀྱིས་སྐད་ཅིག་ལ། །འོད་གསལ་ཞི་བ་ ཆེན་པོའི་དབྱིངས་སུ་སྡུད། །བསྐལ་པར་བསམ་ཞིང་བསམ་ཡས་དཔེ་སོགས་ཀྱིས། །ཡང་ཡང་གཞལ་ཀྱང་མུ་མེད་ནམ་མཁའི་ཁྱོན། །ཡངས་པས་བཟུང་བྱས་སྲིད་པའི་ཁམས་ཀུན་ཀྱང་། །ཁྱོད་ཀྱི་བྱམས་ པ་དེས་ཀྱང་དེ་བཞིན་བཟུང་། །སྐད་ཅིག་དུས་ལ་མཐའ་དག་སྲིད་པ་ཡི། །དུས་གསུམ་སེམས་ཀྱི་འཇུག་པ་མ་ལུས་པ། །ཁྱབ་བདག་མཁྱེན་པའི་མེ་ལོང་གཙང་མའི་ངོས། །འབད་པ་མེད་པར་གཅིག་ཅར་ ཉིད་དུ་སྣང་། །མ་ལུས་ཕྱོགས་དུས་ཤེས་བྱའི་ཆོས་སོ་ཅོག །སྣང་སྟོང་རྡོ་རྗེ་མཉམ་པ་ཉིད་གཅིག་ལས། །འདའ་བ་མེད་པའི་ཆོས་ཉིད་རྡོ་རྗེའི་རྒྱ། །ཁྱོད་ཀྱིས་དུས་གསུམ་རྒྱལ་བའི་ཐུགས་ལ་བཏབ། །བློ་ མཆོག་དཔའ་བོ་རྡོ་རྗེའི་མིག་ཅན་རྣམས། །ས་བཅུའི་མངོན་རྟོགས་རྫོགས་པར་བྱས་ནས་སླར། །གཉིས་སྣང་འཁྲུལ་བའི་བག་ཆགས་དྲུང་ཕྱུངས་ནས། །བརྣག་པའི་མཐར་ཐུག་ཁྱོད་སྐུ་བལྟ་ལ་ངལ། །སྲིད་ དང་ཞི་བ་མཉམ་པར་སྦྱོར་བའི་དབྱིངས། །མ་ལུས་དཀྱིལ་འཁོར་ཐིག་ལེ་གཅིག་གི་ངང་། །དུས་གསུམ་རྣམ་བྲལ་དུས་མེད་རྡོ་རྗེའི་དུས། །ཁྱོད་ལ་བཟོད་པ་རྒྱུན་མཐའི་བློ་མིན་སུ། །མ་ལུས་ཕྱོགས་དུས་སྲས་ 23-1-31a བཅས་རྒྱལ་བ་ཡི། །སྒྱུ་འཕྲུལ་རྣམ་པར་རོལ་པ་ཚད་མེད་པས། །ཆོས་ཀྱི་དབྱིངས་ཀུན་རྒྱས་པར་གཏམས་པའི་དབུས། །སྙིང་པོར་གྱུར་པ་ཁྱོད་ལ་སྤྲོ་ཞིང་སྡུད། །སྒྲིབ་གསུམ་མུན་པ་ གནག་པའི་རྒྱུད་ཅན་ལ། །ཁྱོད་མཚན་མར་མེའི་འདུ་བྱེད་རྙེད་དཀའ་སྟེ། །གང་གིས་རྙེད་པས་ཐོག་མེད་གནས་པའི་མུན། །འགག་པར་བགྱིད་ལ་སོམ་ཉིའི་གོ་སྐབས་བྲལ། །དེ་སླད་རང་སེམས་ལ་གནས་ ཁྱོད་ཀྱི་ཞལ། །རྟག་ཏུ་བསྒྲིབས་པའི་འགྲོ་ཚོགས་ཉམ་ང་ལས། །འདོན་པའི་བློ་རྩེ་དད་པས་ཁྱོད་བསྟོད་ན། །རྒྱལ་མཆོག་དགྱེས་པའི་རང་ཞལ་མངོན་པར་མཛོད། །ཚིག་བཟང་སྦྲང་རྩི་གསར་པའི་རོ་ མཆོག་ལ། །དོན་བཟང་བདུད་རྩིའི་མྱང་བྱ་ཆེས་ཆེར་ཟབ། །སྙན་ངག་རྣམས་ཀྱི་ཁྱད་པར་ཟབ་མོ་ཡང་། །ཤིན་ཏུ་བློ་ཟབ་རྣམས་ཀྱིས་མྱོང་བར་མཛོད། །རབ་འབྱམས་རྒྱུད་སྡེ་རྒྱ་མཚོ་ཡི། །སྒྲུབ་ཐབས་ཀུན་གྱི་ སྙིང་པོའི་ཕུལ། །ཚེ་དཔལ་བློ་མཆོག་གྲུབ་པའི་ལྷ། །བསྟོད་པའི་རིམ་པ་འདི་ལྟ་བུ། །གྱིས་ཞེས་བདག་གི་འདྲེན་པ་མཆོག །བཀའ་དྲིན་མཚུངས་མེད་ཐམས་ཅད་མཁྱེན། །མཚོ་བྱུང་དགྱེས་པའི་བཤེས་གཉེན་ གྱིས། །དངོས་སུ་ཞལ་གྱི་ལུང་གནང་བས། །བླ་མའི་བྱིན་རླབས་འགོག་མེད་རླབས། །སྙིང་གི་མཚོ་ལས་བསྐྱོད་བྱས་ཏེ། །སྙན་ངག་མགྲིན་པའི་སྒྲ་གདངས་སུ། །འཕོས་པས་ས་གསུམ་ཀུན་དགར་བྱས། ། 23-1-31b ཞེས་པའང་བདག་གི་འདྲེན་མཆོག་མཚུངས་མེད་ཐམས་ཅད་མཁྱེན་པ་དཔལ་དབང་ཆེན་དགྱེས་རབ་རྡོ་རྗེའི་བཀའ་སྩལ་སྤྱི་བོར་མཆོད་དེ། དཎྚིའི་གཞུང་སྨྲ་བ་བནྡེ་བློ་གྲོས་དྲི་མེད་ཀྱིས་ཁྱབ་བདག་རིག་འཛིན་བླ་མ་ འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་དྲུང་རང་གནས་ཀྱི་ཁང་བུར་རབ་ཚེས་མེ་བྱི་ཟླ་༩ཚེས་༡གི་ཉིན་གཅིག་ལ་བསྟོད་པ་བཞི་ཆར་རྫོགས་པར་བྱས་པ་མངྒ་ལཾ།། ༈ །། མགོན་པོ་སྤྱན་ རས་གཟིགས་ལ་བསྟོད་པ་དབུགས་འབྱིན་ཆེན་པོ་ཞེས་བྱ་བ། ཨོཾ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སྲས་བཅས་ཀྱི། །སྙིང་རྗེའི་རང་གཟུགས་མགོན་པོ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ ཀུན་ཁྱབ་ཡེ་ཤེས་སྐུ། །ཡོན་ཏན་ཚད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཕྱོགས་དུས་གང་ན་རྒུད་པས་ཉམ་ཐག་པ། །དེ་ཡིས་ཁྱོད་མཚན་དྲན་ཅིང་སྐྱབས་གསོལ་ན། །དེ་མ་ཐག་ཏུ་མཁྱེན་ཅིང་དགོངས་ནས་ སུ། །མགོན་དང་སྐྱབས་སུ་འགྱུར་ཞེས་དམ་བཅའ་མཛད། །མནར་མེད་དམྱལ་བ་ཆེན་པོ་སོང་རྣམས་ལ། །ཐུགས་རྗེའི་ར་མདའ་མཛད་པའི་མོད་ཉིད་དུ། །མེད་དཔུང་དྲག་ཏུ་འབར་བའི་ཁང་སྒྲོམ་རྣམས། །ཡིད་ འོང་པད་ཚལ་བཞད་པའི་རྫིང་བུར་འགྱུར། །རབ་ཏུ་ཉམ་ཐག་བཀྲེས་པས་ཉེན་པ་ཡིས། །ཡི་དྭགས་ཚོགས་ལ་ཟས་སྐམ་བདུད་རྩིའི་ཆར། །འདོད་དགུར་བསྟབ་ཅིང་དྲི་མེད་ལྷ་ཡི་ལུས། །མོད་ལ་ཐོབ་པའི་སྐལ་ 23-1-32a བཟང་ཁྱོད་ཀྱིས་སྦྱིན། །མུན་པའི་འཐིབ་པོར་བླང་དོར་མི་ཤེས་ཤིང་། །རྨོངས་པས་སྙིང་བཀབ་དུད་འགྲོའི་རིགས་རྣམས་ལ། །སྣ་ཚོགས་གཟུགས་ཀྱིས་བདེ་དང་ཐར་པའི་ལམ། །ཅི་དགར་ མཐོང་བའི་སྣང་བ་ཡངས་པོར་འགྱེད། །འདོད་པས་མྱོས་པའི་ལྷ་རྣམས་སད་བྱེད་ཅིང་། །ན་རྒ་འཆི་བས་གཉེན་ལ་དབུགས་དབྱུང་སྩོལ། །ཉོན་མོངས་མདུད་པ་དྲག་པོ་ཐབས་ཀྱིས་དགྲོལ། །སྐྱེ་རྒུའི་གཉེན་ མཆོག་མཚུངས་པ་མེད་པ་ཁྱོད། བརྒལ་དཀའ་སྲིན་མོའི་གླིང་དུ་ཚུད་པ་རྣམས། །བདེ་བར་ཕ་རོལ་སྒྲོལ་བྱེད་རྟའི་རྒྱལ་པོ། །བ་ལ་ཧ་སོགས་རྣམ་མང་གཟུགས་དག་གིས། །རྣམ་པ་སྣ་ཚོགས་སྐྱེ་རྒུའི་དོན་ལ་ བརྩོན། །གང་གིས་ཁྱེད་མཚན་དྲན་པའི་མོད་ཉིད་དུ། །འཇིགས་པ་རྣམས་ལ་མི་འཇིགས་མཆོག་སྦྱིན་ཞིང་། །ཇི་ལྟར་འདོད་པའི་རེ་བ་ཡིད་བཞིན་སྐོང་། །འཇིགས་པ་ཀུན་བྲལ་གཏན་བདེའི་གནས་སུ་འདྲེན། ། མུ་མེད་ནམ་མཁའི་མུ་ཁྱུད་ཆེས་ཡངས་ཤིང་། །ཐོག་མཐའ་མེད་པའི་དུས་གསུམ་མཐའ་རིང་ལ། །འགྲོ་བའི་ལས་སྣང་འདི་ཡང་ཚད་མེད་ཀྱང་། །དེ་སྙེད་ཁྱོད་ཀྱི་རྣམ་ཐར་རྒྱ་མཚོས་ཁྱབ། །ཤེས་བྱའི་ཁོངས་ ན་ཕན་བདེ་ཅི་མཆིས་པ། །འགྲོ་འདིར་ཁྱེད་ཀྱིས་མ་བསྟབས་གང་ཡང་མེད། །སྲས་བཅས་རྒྱལ་བའི་རྣམ་ཐར་རྒྱ་མཚོ་ཡང་། །ཁྱོད་དང་དོན་གཅིག་མཉམ་པ་ཉིད་དུ་ཞུགས། །ཨོ༷ཾ་ནི་བདེ་བ་ཆེན་པོ་རྟག་པའི་བདག ། 23-1-32b སྐུ་ལྔ་ཡེ་ཤེས་ལྔ་དང་ཡེ་ནས་ལྡན། །རིགས་བདག་རྒྱལ་བ་མཆོག་དང་དབྱེར་མེད་པ། །མཉམ་ཉིད་ནམ་མཁའི་རྒྱལ་པོ་ཁྱེད་ལ་འདུད། །མ༷་ནི་ཆོས་དབྱིངས་ཡུམ་གྱི་མཁའ་དབྱིངས་སུ། །འགྲོ་ཀུན་བདེ་ བར་སྒྲོལ་བའི་རྣམ་ཐར་ཤུགས། །འབད་པ་མེད་པར་ལྷུན་གྱིས་གྲུབ་པ་ཡི། །མི་རྟོག་སྤྲོས་དང་བྲལ་བ་ཁྱེད་ལ་འདུད། །ཎི༷་ནི་སྙིང་རྗེའི་ཐབས་མཆོག་དཔའ་བོའི་གཟུགས། །སེང་གེ་སྒྲ་སོགས་ ཕྱོགས་བཅུའི་འཇིག་རྟེན་དུ། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་པར་སྟོན། །མ་ལུས་འགྲོ་ཀུན་སྐྱོབ་མཛད་ཁྱེད་ལ་འདུད། །པ༷ད་ནི་འདམ་སྐྱེས་པད་ལྟར་དྲི་མེད་ཅིང་། །སྙིང་རྗེས་རྗེས་ཆགས་བདེ་བ་ཆེན་ པོའི་དཔལ། །དོན་ཡོད་ཞགས་པས་འགྲོ་ཀུན་ཡིད་རབ་འདྲེན། །ས་གསུམ་རེ་བ་སྐོང་མཛད་ཁྱེད་ལ་འདུད། །མེ༷་ནི་མཐའ་ཡས་འགྲོ་བའི་མོས་པ་དང་། །རྗེས་སུ་མཐུན་པར་སྣ་ཚོགས་རོལ་པའི་གར། ། ཕྱོགས་དང་དུས་ཀྱི་མུ་མཐར་ཁྱབ་མཛད་པ། །འཇིག་རྟེན་སྐྱོང་བའི་དབང་ཕྱུག་ཁྱེད་ལ་འདུད། །ཧཱུ༷ྃ་ནི་རྟ་མཆོག་རོལ་པ་དྲག་པོའི་སྐུ། །ཡེ་ཤེས་ཁྲོས་པའི་ཤུགས་ཀྱིས་བདུད་དཔུང་འཇོམས། །འབར་བའི་ གཟི་བྱིན་མཁའ་དང་མཉམ་པར་བརྡལ། །གདུག་པ་མ་ལུས་འདུལ་མཛད་ཁྱེད་ལ་འདུད། །ཧྲཱིཿནི་ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ། །བདུད་དཔུང་འཇིགས་མཛད་འགྲོ་ཀུན་རྗེས་སུ་འཛིན། །དྲན་པ་ 23-1-33a ཙམ་གྱིས་ཡིད་བཞིན་མཆོག་སྩོལ་པ། །དངོས་གྲུབ་འདོད་དགུའི་གཏེར་ཆེན་ཁྱེད་ལ་འདུད། །སྲས་བཅས་རྒྱལ་བ་ཀུན་གྱིས་ཁྱོད་བསྔགས་ཀྱང་། །ཡོན་ཏན་མཐའ་ལ་ཐུག་པ་ མེད་མོད་ཀྱི། །མཚུངས་མེད་རྒྱལ་བའི་ལུང་གི་རྗེས་འབྲངས་ཏེ། །དམན་པ་བདག་ཀྱང་ཁྱོད་ལ་ཅུང་ཟད་བསྟོད། །འདི་ན་ཐོག་མེད་འཁྲུལ་པའི་དབང་སོང་སེམས། །ལས་དང་ཉོན་མོངས་བག་ཆགས་རྒྱས་བཅིངས་ ཤིང་། །སྡུག་བསྔལ་སྣ་ཚོགས་བརྒལ་བར་དཀའ་བ་ཡི། །ཕ་མཐའ་མི་མངོན་ཆུ་གཏེར་དབུས་སུ་ལྷུང་། །ཐུགས་རྗེ་ཆེ་མངའ་རྒྱལ་དང་དེ་སྲས་ལ། །ཉིན་མཚན་གདུང་བས་འོ་དོད་བོས་ན་ཡང་། །བྱུར་ངན་ རང་གི་ཉེས་པས་རང་བསྒྲིབས་ནས། །བྱིན་རླབས་དབུགས་དབྱུང་ཆ་ཙམ་མི་སྣང་བའི། །ཉམ་ཐག་ཡི་ཆད་སྐྱབས་དང་མགོན་བྲལ་བ། །ཤིན་ཏུ་ཕོངས་པར་གྱུར་པ་བདག་ཅག་རྣམས། །སྙིང་རྗེའི་ཡུལ་དུ་ལྷག་ པར་སོང་བས་ན། །མགོན་པོ་ཁྱོད་ཀྱི་དམ་བཅའ་མ་བསྙེལ་ཅིག །ཀྱེ་མ་ཀྱི་ཧུད་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེས་དགོངས་ཤིག་ད་ལྟ་ཉིད་དུ་ཡང་། །ཡེ་ཤེས་ཐུགས་རྗེ་ཚད་དཔག་མེད་པ་ཡིས། །བྱིན་ རླབས་ཆེན་པོའི་དབུགས་དབྱུང་བདག་ལ་སྩོལ། །ནད་དང་ཉོན་མོངས་རྒུད་པའི་སྐལ་པ་ལས། །མྱུར་བ་ཉིད་དུ་བདེ་བར་བསྒྲལ་བ་དང་། །ཡིད་ལ་ཅི་ལྟར་རེ་བའི་དོན་མཆོག་རྣམས། །ཡོངས་སུ་འགྲུབ་པའི་ 23-1-33b དགའ་སྟོན་ཉེ་བར་སྩོལ། །བདག་ཀྱང་ཁྱེད་ཀྱི་རྣམ་ཐར་རྗེས་ཞུགས་ཏེ། །མཐའ་ཡས་འགྲོ་ལ་ཕན་བདེའི་དཔལ་སྦྱིན་ཅིང་། །ཁྱེད་དང་དབྱེར་མེད་མཉམ་ཉིད་ཡེ་ཤེས་སྐུ། །གདོན་མི་ཟ་བར་མྱུར་དུ་འགྲུབ་པར་ ཤོག ། ཅེས་པའང་ས་ཕག་ཟླ་༡༠ཚེས་༡༤དགོང་མོར་འཕྲལ་དུ་མི་ཕམ་པས་བྲིས་པ་དགེ། ། ༈ དཔལ་ལྡན་རྡོ་རྗེ་འཛིན་པ་ལ་བསྟོད་པ་རྡོ་རྗེའི་སྒྲ་དབྱངས། ཧཱུྃ། རྒྱལ་ཀུན་མཐུ་སྟོབས་ནུས་པའི་རང་ གཟུགས་ནི། །གནམ་སྔོན་ཞུན་མར་འཁྱིལ་འདྲ་དཔའ་བོའི་སྐུ། །ཁྲོ་ཆགས་སྒེག་ཉམས་མཛེས་སྡུག་ཡིད་འཕྲོག་གཟུགས། །རབ་འབར་མེ་ལྕེ་ཕྲེང་བའི་དབུས་ན་འགྱིང་། །མ་ལུས་བདེ་བར་གཤེགས་པའི་ཡེ་ ཤེས་ཀྱི། །རྡོ་རྗེ་ཆེན་པོ་གཡས་ཀྱི་ཕྱག་ན་གསོར། །བདུད་དཔུང་རྣམ་གནོན་བསྡིགས་མཛུབ་ཐུགས་ཀར་གདེངས། །རིན་ཆེན་རྒྱན་བཟང་མཆོག་གིས་ལེགས་པར་སྤྲས། །པད་ཉིའི་གདན་ལ་ཕྱེད་སྐྱིལ་ཚུལ་ གྱིས་བཞུགས། །གླང་པོའི་རྣ་བ་སེང་གེའི་ལྟ་སྟངས་ཅན། །རྡོ་རྗེའི་ས་ཆུ་མེ་དང་ང་ཆེན་པོ། །རྒུད་ཚོགས་ཀུན་འཇོམས་ཅིར་ཡང་སྣང་བའི་འཕྲུལ། །ཁྱོད་ནི་སྐྱེ་རྒུའི་ཚོགས་ཀྱི་ཕ་དང་མ། །བདེན་པའི་སྤྲིན་ཉིད་ རིན་ཆེན་འབྱུང་གནས་གཙོ། །རྒྱལ་ཀུན་གསང་བ་ཀུན་འཛིན་ལྷག་པའི་ལྷ། །བཅོམ་ལྡན་རྡོ་རྗེ་འཛིན་པ་ཁྱོད་ལ་འདུད། །རྡོ་རྗེའི་ལུས་ཅན་རྡོ་རྗེ་མཆོག་འཆང་བ། །རྣམ་མང་རྡོ་རྗེའི་མཚན་མངའ་རྡོ་རྗེའི་གསུང་། ། 23-1-34a མི་ཕྱེད་རྡོ་རྗེའི་ཐུགས་ལྡན་རྡོ་རྗེའི་སྤྲིན། །རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་ཁྱོད་ལ་འདུད། །མ་ལུས་འགྲོ་བའི་མགོན་པོ་མཚུངས་མེད་རྗེ། །གནས་ལ་མི་སྐྱོ་ཡང་དག་ཡེ་ཤེས་ཐུགས། །གདུལ་བྱའི་ རེ་སྐོང་ཡིད་བཞིན་ནོར་བུའི་མཆོག །ཁྱོད་ལ་རྩེ་གཅིག་ཡིད་ཀྱིས་གསོལ་འདེབས་ན། །མི་ཕྱེད་རྡོ་རྗེའི་དམ་བཅའ་ཆེན་པོ་ཡིས། །བདུད་བཞིའི་གཡུལ་གྱིས་མནར་བའི་ཉམ་ཐག་བདག །ཐུགས་རྗེས་རྗེས་ བཟུང་མྱུར་དུ་དབུགས་དབྱུང་ཞིང་། །དོན་གཉིས་ལྷུན་གྲུབ་དཔལ་གྱི་མཆོག་སྩོལ་ཅིག། ། ༈ རྒྱུད་སྡེ་རྣམས་ནས་གསུངས་པའི་ཕྱག་ན་རྡོ་རྗེའི་མཚན་གྱི་དོན་བཞིན་བསྟོད་པ་རྒྱལ་སྲིད་བདུན་ནམ་རྡོ་རྗེའི་ཆོས་བདུན་ གྱི་གྲངས་ལྡན་འདི་ཉིད་མཛེས་བྱེད་ལོའི་ཟླ་༦ཚེས་༡༡ལ་མི་ཕམ་པས་བྲིས་པ་འདི་སུ་གང་གིས་འདོན་པ་དེ་དག་གིས་ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་པར་གྱུར་ཅིག །མངྒ་ལཾ།། ༈ །། བསྟོད་པ་ འཇམ་དབྱངས་དགྱེས་པའི་རོལ་མོ། ཨོཾ། འཇམ་དཔལ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །སངས་རྒྱས་སྐུ་ལྔའི་བདག་ཉིད་གཞོན་ནུའི་གཟུགས། །དྲན་པས་སྙིང་གི་མུན་པ་རྣམ་སེལ་ཞིང་། །མཚུངས་མེད་བདེ་ བ་སྟེར་ལ་ཕྱག་འཚལ་བསྟོད། །འཇམ་དབྱངས་སངས་རྒྱས་ཀུན་གྱི་གསུང་དབང་ཕྱུག །ཨཱ་ལི་ཀཱ་ལི་དམ་ཆོས་བདུད་རྩིའི་གཏེར། །སྨྲ་བའི་སེང་གེ་སྨྲ་བ་རྣམས་ཀྱི་མཆོག །སྨྲ་བའི་ཉི་མ་ཁྱོད་ལ་ཕྱག་ 23-1-34b འཚལ་བསྟོད། །འཇམ་པའི་རྡོ་རྗེ་བདེ་གཤེགས་ཀུན་གྱི་ཐུགས། །མཁྱེན་གཉིས་ཡེ་ཤེས་ལྔ་ལྡན་སྟོབས་བཅུ་དང་། །རྣམ་པ་ཀུན་མཁྱེན་རང་བྱུང་ཡེ་ཤེས་སྐུ། །ཡེ་ཤེས་སེམས་དཔའ་ཁྱོད་ལ་ཕྱག་འཚལ་ བསྟོད། །ཁྱོད་ནི་དམིགས་མེད་སྟོང་ཉིད་ཡང་དག་མཐར། །རྡོ་རྗེ་ཆགས་མཆོག་འདོད་དང་བདེ་བ་ཆེས། །དབྱེར་མེད་དགྱེས་རོལ་ཨེ་ཝྃ་ཟུང་འཇུག་ཉིད། །ཡེ་ཤེས་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །སྐྱེ་ མེད་སྟོང་པ་ཡེ་ཤེས་སྙིང་པོ་ཅན། །འོད་གསལ་གཉུག་མ་ཡིད་ཅན་ཀུན་གྱི་སྲོག །སངས་རྒྱས་བྱང་ཆུབ་མཆོག་ལས་མི་གཡོ་བར། །རྣམ་རོལ་སྣ་ཚོགས་སྟོན་ལ་ཕྱག་འཚལ་བསྟོད། །ཐམས་ཅད་མཉམ་ཉིད་ ཆོས་དབྱིངས་ནམ་མཁའ་ལས། །དགྱེས་འཛུམ་བཞད་སོགས་སྒྱུ་འཕྲུལ་དྲྭ་བའི་གར། །སྟོན་མཛད་ཨུཏྤལ་ཕྱག་རྒྱས་འགྲོ་ཀུན་ལ། །མཆོག་སྦྱིན་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་ཀུན་ཡབ་གཅིག་ རྒྱལ་བ་ཐམས་ཅད་ཀྱིས། །རབ་བསྔགས་འཕགས་ཀུན་བསྐྱེད་བྱེད་ཆོས་དབྱིངས་ཡུམ། །རྒྱལ་སྲས་ཐུ་བོའི་ཚུལ་འཆང་འགྲོ་ཀུན་སྐྱབས། །མཚུངས་མེད་ཁྱེད་ཞབས་གཙུག་ཏུ་ལེགས་བཀོད་ནས། །དད་ པས་བསྟོད་འདིར་བསོད་ནམས་གང་མཆིས་དེས། །ནམ་མཁའི་མཐས་གཏུགས་མཐའ་ཡས་འགྲོ་བ་རྣམས། །མགོན་པོ་ཁྱེད་ཀྱིས་རྗེས་སུ་འཛིན་པ་དང་། །ཁྱེད་དང་དབྱེར་མེད་བྱང་ཆུབ་མཆོག་ཐོབ་ཤོག ། 23-1-35a ཅེས་བསྟོད་པ་བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱི་གྲངས་ལྡན་འདི་ཉིད་མེ་རྟ་ཁྲུམས་ཟླའི་ཚེས་འཁོར་ལོའི་གྲངས་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེའོ།། ༈ །། བསྟོད་པ་པདྨའི་དགའ་ཚལ་བཞུགས། ཧྲཱིཿ འཇིག་རྟེན་མགོན་པོ་ཐུགས་རྗེའི་མངའ་བདག་མཆོག །སྤྱན་རས་གཟིགས་ཞེས་རྒྱལ་བས་ཞིང་ཀུན་དུ། །བསྔགས་པའི་སྒྲ་དབྱངས་མི་ཟད་རབ་བསྒྲགས་པ། །སྙིང་ རྗེའི་དབང་ཕྱུག་དེ་ལ་ཕྱག་འཚལ་བསྟོད། །ཡིད་འཕྲོག་པདྨ་བཞད་པའི་ཞལ་བཟང་ཅན། །པདྨ་ཡངས་པའི་སྤྱན་གྱིས་འགྲོ་ཀུན་གཟིགས། །རབ་རྒྱས་པདྨའི་གེ་སར་གདན་ལ་བཞུགས། །ཕྱག་ན་པདྨ་འཛིན་ལ་ ཕྱག་འཚལ་བསྟོད། །སྐྱོན་བྲལ་ཡིད་འོང་པདྨའི་ངང་ཚུལ་འཆང་། །རྒྱལ་ཀུན་གསུང་མཆོག་མ་ཆགས་པདྨའི་རིགས། །རྣམ་གྲོལ་པདྨའི་ཚུལ་གྱིས་འཁོར་བའི་འདམ། །མི་གཏོང་ཐུགས་རྗེ་ལྡན་ལ་ཕྱག་འཚལ་ བསྟོད། །སྟོབས་སོགས་རྒྱལ་བའི་ཆོས་དང་ཆོས་ཀུན་ལ། །དབང་བསྒྱུར་ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །མཁའ་མཉམ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །པདྨ་གར་དབང་ཁྱོད་ལ་ཕྱག་འཚལ་བསྟོད། །བདེ་ བའི་ལམ་འདྲེན་བདེ་ཆེན་འབྲས་བུ་སྩོལ། །བདེ་བའི་འབྱུང་གནས་བདེ་བ་འཛད་པ་མེད། །བདེ་བའི་སྐུ་མངའ་བདེ་བའི་གསང་སྔགས་གསུང་། །བདེ་མཆོག་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། །ལས་ཉོན་སྡུག་ 23-1-35b བསྔལ་འབར་བའི་འགྲོ་ཚོགས་རྣམས། །འཇིགས་མེད་བདེ་ཆེན་གནས་སུ་དབུགས་འབྱིན་ཞིང་། །གང་འདོད་དོན་གྱི་དམ་པ་མཆོག་སྦྱིན་པའི། །དབང་ཕྱུག་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །དཔག་མེད་ འགྲོ་ཀུན་སྒྲོལ་མཛད་མགོན་པོ་མཆོག ། ཚད་མེད་སྐྱེ་རྒུའི་ཚོགས་ཀྱིས་མཆོད་པའི་གནས། །བསམ་གྱིས་མི་ཁྱབ་ཡོན་ཏན་རྒྱ་མཚོའི་གཏེར། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཁྱེད་བསྟོད་པའི། །དགེ་ ཚོགས་དྲི་མེད་ཟླ་ལྟར་རབ་དཀར་བས། །བདག་དང་འགྲོ་ཀུན་ཚེ་རབས་ཐམས་ཅད་དུ། །འཇིག་རྟེན་མགོན་པོའི་ཞབས་སེན་ཀུནྡཱའི་འོད། །གཙུག་ཏུ་བཀོད་ནས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་ཚིགས་སུ་ བཅད་པ་སེམས་དཔའ་བརྒྱད་ཀྱི་གྲངས་ལྡན་འདི་ཉིད་མེ་རྟ་ཁྲུམས་ཟླའི་འཁོར་ལོའི་ཚེས་གྲངས་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་འཕེལ།། ༈ །། བསྟོད་པ་ཀུན་ཏུ་བཟང་ པོ་བཞུགས། ཧོཿ ཀུན་ཏུ་བཟང་པོ་ཀུན་ནས་མཉམ་པ་ཉིད། །རྒྱལ་བ་ཀུན་གྱི་སྲས་ཀྱི་མཆོག་གྱུར་ཅིང་། །འགྲོ་བ་ཀུན་ལ་རྒྱལ་བའི་མཛད་པ་སྟོན། །ཀུན་ལས་ཁྱད་འཕགས་ཁྱོད་ལ་ཕྱག་འཚལ་བསྟོད། ། མཆོད་པ་རྒྱ་མཚོས་རྒྱལ་བ་རྒྱ་མཚོ་མཆོད། །ཕན་བདེ་རྒྱ་མཚོས་སྐྱེ་རྒུ་རྒྱ་མཚོ་སྐྱོང་། །རྣམ་ཐར་རྒྱ་མཚོས་ཕྱོགས་རྣམས་རྒྱ་མཚོ་ཁྱབ། །ཡོན་ཏན་རྒྱ་མཚོ་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་དང་རྒྱལ་སྲས་རྣམས་ 23-1-36a ཀྱི་རྣམ་ཐར་དང་། །ལུང་དང་རྟོགས་པའི་ཆོས་ཚུལ་དཔག་མེད་ལ། །ཀུན་ནས་ཀུན་ཏུ་མངའ་དབང་བསྒྱུར་བ་ཡི། །ཀུན་ཏུ་བཟང་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །མཉམ་པ་ཉིད་གྱུར་བློ་གྲོས་ ཀུན་ཏུ་བཟང་། །མཁའ་བཞིན་གཡོ་མེད་ཏིང་འཛིན་ཀུན་ཏུ་བཟང་། །ལྷུན་གྲུབ་ཕྲིན་ལས་སྤྱོད་པ་ཀུན་ཏུ་བཟང་། །ཐམས་ཅད་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །ཀུན་ཏུ་བཟང་པོ་སངས་རྒྱས་ཀུན་བདག་ཉིད། ། སྲས་བཅས་རྒྱལ་བ་ཀུན་དང་མཉམ་པ་ཉིད། །ཕྱོགས་དང་དུས་ཀྱི་མུ་མཐར་ལེགས་ཁྱབ་པ། །ཀུན་གྱི་དཔལ་དུ་གྱུར་ལ་ཕྱག་འཚལ་བསྟོད། །ཆེ་བའི་བདག་ཉིད་ཀུན་ཏུ་བཟང་པོ་ལ། །ཀུན་ནས་གུས་པས་ ལེགས་བསྟོད་བསོད་ནམས་ཀྱིས། །སྐྱེ་ཀུན་གཟུགས་བཟང་ཏིང་འཛིན་ཤེས་རབ་དང་། །ངག་ཚིག་སྤོབས་པ་མི་ཟད་ཐོབ་གྱུར་ཅིག །རྒྱལ་བ་ཀུན་གྱི་ཆོས་མཛོད་ཀུན་འཛིན་ཞིང་། །འགྲོ་བ་ཀུན་ལ་ཀུན་ཏུ་ཕན་ བདེ་བྱེད། །ཀུན་བཟང་སྤྱོད་པས་དུས་ཀུན་གཞན་དོན་གནས། །ཀུན་ཁྱབ་ཕྲིན་ལས་ཀུན་གྱི་དཔལ་གྱུར་ཅིག །ཐམས་ཅད་མཉམ་ཉིད་ཀུན་ཏུ་བཟང་པོ་ལས། །གཡོ་བ་མེད་ཀྱང་ཀུན་རྟོག་སྣ་ཚོགས་ཀྱིས། ། ཀུན་ནས་འཁོར་བ་སྒྱུ་འདྲ་སྲིད་པའི་ཁམས། །ཀུན་ཀྱང་ཀུན་ཏུ་བཟང་པོ་འགྲུབ་གྱུར་ཅིག ། ཅེས་ཚིགས་སུ་བཅད་པ་འཕགས་ལམ་བརྒྱད་ཀྱི་གྲངས་ལྡན་འདི་ནི་མེ་རྟ་ཁྲུམས་ཟླའི་༨ འཁོར་ལོའི་ཚེས་༢༧ལ་མི་ཕམ་ 23-1-36b འཇམ་དཔལ་དགྱེས་པས་བཀོད་པ་མངྒ་ལཾ།། ༈ །། བསྟོད་པ་བྱམས་པའི་སྤྲིན་ཆེན་བཞུགས། མུཾ། བྱམས་པ་མཐའ་ཡས་འགྲོ་ལ་བྱམས་པས་ཁྱབ། །བྱམས་པ་ཆེན་པོས་འགྲོ་ཀུན་ཐར་པར་ འདྲེན། །བྱམས་པའི་འོད་ཀྱིས་ས་གསུམ་བདེ་དགའ་བསྐྱེད། །བྱམས་པ་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བསོད་ནམས་ཡེ་ཤེས་མི་ཟད་ནམ་མཁའི་གཏེར། །ཤེས་རབ་ཏིང་འཛིན་ཡོན་ཏན་ཀུན་གྱི་མཛོད། ། ཚུལ་ཁྲིམས་རྣམ་པར་དག་པའི་འབྱུང་གནས་མཆོག །རྒྱལ་བའི་རྒྱལ་ཚབ་ཁྱོད་ལ་ཕྱག་འཚལ་བསྟོད། །ཡང་དག་མཐར་གྱུར་སྟོང་ཉིད་ནམ་མཁའི་ཁྱོན། །བྱམས་བརྩེ་དཔག་མེད་བདུད་རྩིའི་སྤྲིན་གྱིས་ཁྱབ། ། ཕྱོགས་དུས་འགྲོ་ཀུན་སྨིན་ཅིང་གྲོལ་མཛད་པ། །སེམས་དཔའ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་བ་ཀུན་གྱི་བྱམས་པའི་ཏིང་འཛིན་ལས། །རྣམ་འཕྲུལ་རྒྱལ་སྲས་དཔའ་བོ་འགྲོ་ཀུན་གྱི། །མིག་གི་ བདུད་རྩི་ཡིད་ཀྱི་དཔྱིད་གྱུར་པ། །འགྲོ་བའི་མཆོད་སྡོང་ཁྱོད་ལ་ཕྱག་འཚལ་བསྟོད། །ཟུག་རྔུ་མེད་པ་ཐབས་མཁས་བདེ་བའི་ལམ། །གང་གིས་ཀུན་མཁྱེན་རྒྱལ་བར་བགྲོད་གྱུར་ནས། །འགྲོ་ཀུན་བདེ་ནས་ བདེ་བར་འདྲེན་མཛད་པ། །བདེ་བའི་གཏེར་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ཆེན་པོས་རྒྱལ་ཚབ་སེམས་དཔའི་ཚུལ། །ཕྱོགས་བཅུ་དུས་གསུམ་ཞིང་ཁམས་རྒྱ་མཚོར་སྣང་། །རྒྱལ་བ་ཀུན་དང་ 23-1-37a མཉམ་ཉིད་ཡེ་ཤེས་སྐུ། །རྟག་བརྟན་གཞོམ་གཞིག་བྲལ་ལ་ཕྱག་འཚལ་བསྟོད། །རྒྱལ་བ་ཀུན་གྱི་རྒྱལ་ཚབ་མཆོག་ཉིད་ལ། །དྭང་བའི་སེམས་ཀྱིས་ལེགས་པར་བསྟོད་པ་ཡིས། །རྒྱལ་ བའི་གསུང་རབ་ཀུན་གྱི་དོན་རྟོགས་ཤིང་། །འཇིགས་མེད་རྟག་པའི་ལམ་མཆོག་རྙེད་པར་ཤོག །སྡུག་བསྔལ་རྒྱ་མཚོར་བྱིང་བའི་ཉམ་ཐག་འགྲོ། །མ་ལུས་བྱམས་པའི་མགོན་གྱིས་རྗེས་བཟུང་ནས། །བདེ་དགའ་ མི་ཟད་རྒྱ་མཚོའི་དཔལ་ལ་སྤྱོད། །བདེ་ཆེན་རྟག་པ་རྡོ་རྗེའི་སྐུ་ཐོབ་ཤོག ། ཅེས་ཚིགས་སུ་བཅད་པ་གཏེར་ཆེན་པོ་བརྒྱད་ཀྱི་གྲངས་ལྡན་འདི་ཉིད་མེ་རྟ་དབྱུག་ཟླའི་བཟང་པོའི་ཚེས་གྲངས་ལ་མི་ཕམ་འཇམ་དཔལ་ དགྱེས་པས་བཀོད་པ་དགེའོ།། ༈ །། བསྟོད་པ་འོད་ཟེར་ཆེན་པོ་བཞུགས། ཨཱཿ སྒྲིབ་པ་རྣམ་པར་སེལ་བ་ཡེ་ཤེས་ཀྱི། །འོད་ཟེར་ནམ་མཁའ་མཉམ་པར་རབ་འཕྲོ་བས། །འགྲོ་ཀུན་སྒྲིབ་ གཉིས་མུན་པ་རྣམ་པར་འཇོམས། །དཔའ་བོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གང་མཚན་བརྗོད་པའི་ཡོན་ཏན་ལྗིད་ཆེན་པོས། །ཡངས་པའི་ས་ཆེན་གཡོ་བར་ནུས་པ་ཡི། །རླབས་ཆེན་ཕྲིན་ལས་ནམ་མཁའི་ མུ་ཁྱུད་དང་། །མཉམ་པར་གྱུར་པ་ཁྱོད་ལ་ཕྱག་འཚལ་བསྟོད། །གྲངས་མེད་བསྐལ་པའི་སྔོན་ནས་བྱང་ཆུབ་མཆོག །མངོན་དུ་གྱུར་ཀྱང་རྒྱལ་སྲས་སེམས་དཔའི་ཚུལ། །ནམ་མཁའ་ཇི་སྲིད་གཞན་ཕན་མི་ཟད་ 23-1-37b པ། །ངོ་མཚར་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྙིང་ལ་སྡིག་ལྟུང་མུན་པ་གང་གནས་པའི། །རྣ་བར་མཚན་གྱི་སྒྲ་དབྱངས་ཞུགས་པའི་མོད། །ཡིད་ལ་ཉིན་མོར་བྱེད་པའི་དཔལ་སྟེར་བ། །སྒྲིབ་འཇོམས་ དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཉི་མ་ཤེས་རབ་འོད་བཟང་ཅན། །ཕན་བདེའི་ཟླ་བ་འགྲོ་བའི་ཀུན་དགའི་དཔལ། །ས་གསུམ་གདུང་སེལ་བདུད་རྩི་སྨན་གྱི་མཆོག །བདེ་ཆེན་གཏེར་གྱུར་ཁྱོད་ ལ་ཕྱག་འཚལ་བསྟོད། །སྐྱེ་རྒུའི་ཡིད་ཀྱི་དཔལ་བེའུ་རེ་འདོད་ཀྱི། །འབྲས་བུས་ཡོངས་འགེངས་ཐབས་མཁས་དཔག་བསམ་ཤིང་། །སྨོན་ལམ་སྟོབས་ཀྱིས་འབད་མེད་གཞན་དོན་སྤྱོད། །ཡིད་བཞིན་ནོར་བུ་ ཆེ་ལ་ཕྱག་འཚལ་བསྟོད། །ཡོན་ཏན་ཆེན་པོ་རྒྱལ་བ་ཐམས་ཅད་དང་། །མཉམ་པར་གྱུར་ཀྱང་རྒྱལ་སྲས་སེམས་དཔའི་ཚུལ། །སྒྲིབ་པ་རྣམ་སེལ་མཆོག་ལ་ལེགས་བསྟོད་མཐུས། །འགྲོ་ཀུན་དཔའ་ཆེན་ ཁྱེད་དང་མཚུངས་གྱུར་ཅིག །ཐེག་ཆེན་ཆོས་ཀྱི་བདུད་རྩིས་ལས་བརྟས་ནས། །ཚོགས་ཆེན་རྣམ་གཉིས་རབ་ཏུ་རྫོགས་གྱུར་ཏེ། །རླབས་ཆེན་སྤྱོད་པས་རྫོགས་སྨིན་སྦྱངས་ལ་འཇུག །བདེ་ཆེན་རྡོ་རྗེའི་སྐུ་ མཆོག་ཐོབ་པར་ཤོག ། ཅེས་ཚིགས་སུ་བཅད་པ་རྣམ་ཐར་བརྒྱད་ཀྱི་གྲངས་ལྡན་འདི་ཉིད་མེ་རྟ་དབྱུག་ཟླའི་བཟང་པོའི་ཚེས་གྲངས་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེའོ།། ༈ །། 23-1-38a བསྟོད་པ་ནམ་མཁའ་དྲི་མེད་བཞུགས། ཏྲཱྃ། ནམ་མཁའི་སྙིང་པོས་ནམ་མཁའ་ཇི་བཞིན་དུ། །འགྲོ་ལ་ཕན་བདེའི་གོ་སྐབས་ཡངས་པོར་འགྱེད། །ཉེས་ལྟུང་སྒྲིབ་པ་ཀུན་གྱིས་མི་གོས་ པའི། །རྣམ་དག་འོད་ཟེར་འབར་ལ་ཕྱག་འཚལ་བསྟོད། །མཁའ་ཁྱབ་སྣང་བ་རང་བཞིན་མཉམ་པ་ཉིད། །འོད་གསལ་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་སྟོན། །བྱང་ཆུབ་རྡོ་རྗེ་རྒྱལ་བ་ཐམས་ཅད་དང་། །དབྱེར་མེད་ སྲས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ནམ་མཁའ་དང་མཉམ་དཔག་མེད་ཡེ་ཤེས་སྐུ། །སྤྱན་གྱི་འོད་ཟེར་དྲི་བཟང་མཁའ་དབྱིངས་ཁྱབ། །མཁའ་མཉམ་འགྲོ་ཀུན་བདེ་བར་འདྲེན་མཛད་པ། །གཉུག་མའི་ ནམ་མཁའ་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་སྲས་པོ་རྣམས་ཀྱི་རྒྱལ་མཚན་མཆོག །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་དཔའ་བོ་ཆེ། །གང་གིས་དྲན་པ་ཙམ་གྱིས་རྣམ་ཀུན་ཏུ། །རབ་མཆོག་དོན་ཡོད་ མཛད་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་ཀུན་གྱིས་དབང་བསྐུར་ཅོད་པན་འཛིན། །ཡིད་བཞིན་ནོར་བུའི་རྒྱལ་པོ་ས་གསུམ་ལ། །ཡོན་ཏན་རིན་ཆེན་ཆར་འབེབས་དགོས་འདོད་སྩོལ། །ནམ་མཁའི་སྙིང་ པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྲིད་འགྲོ་ཉམ་ངར་སྡུག་བསྔལ་བརྒྱས་མནར་ཞིང་། །སྙིང་གི་སྣོད་ཆག་ལྟུང་བས་རྙོགས་གྱུར་རྣམས། །དག་བྱེད་བདུད་རྩིའི་ཆུ་བོ་ཡོན་ཏན་གཏེར། །འགྲོ་བའི་གཉེན་ 23-1-38b མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཐབས་མཁས་ཐུགས་རྗེའི་སྨན་ཆེན་གྱིས། །མཐའ་ཡས་འགྲོ་བའི་གཅོང་ནད་དྲུངས་ནས་འབྱིན། །ཡང་དག་ཡེ་ཤེས་སྣང་བ་རབ་སྩོལ་བ། །བདེ་བའི་ལམ་སྟོན་ ཁྱོད་ལ་ཕྱག་འཚལ་བསྟོད། །ནམ་མཁའི་སྙིང་པོ་ཁྱོད་ལ་རབ་བསྟོད་པས། །ནམ་མཁའ་དང་མཉམ་ཡོན་ཏན་ཡེ་ཤེས་འཕེལ། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ལ། །ནམ་མཁའ་ཇི་སྲིད་ཕན་ བདེ་བྱེད་པར་ཤོག ། ཅེས་ཚིགས་སུ་བཅད་པ་སྒེག་སོགས་བརྒྱད་ཀྱི་གྲངས་མཚུངས་འདི་ཉིད་མེ་རྟ་དབྱུག་ཟླའི་ཚེས་བཟང་པོ་དྲུག་གི་གྲངས་ལྡན་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེའོ། ། ༄༅། །བསྟོད་པ་ས་བཞིའི་མཛེས་རྒྱན་བཞུགས། སྭཱ། ས་ཡི་སྙིང་པོས་འགྲོ་ཀུན་རྫེས་སུ་འཛིན། །ས་གཞི་བཞིན་དུ་རྣམ་མང་ཡོན་ཏན་རྟེན། །ས་གསུམ་རེ་སྐོང་ཡིད་བཞིན་ནོར་བུའི་ཚུལ། །ས་བཅུའི་ དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ས་ནས་སར་འདྲེན་རྒྱལ་བའི་ས་ལ་འགོད། །ས་བཅུད་རྩི་སྨན་ལོ་ཏོག་རྒྱུན་འཕེལ་ཞིང་། །ས་འདི་རྣམ་མང་འབྱོར་པས་ཡོངས་བཀང་བའི། །ས་ཡི་ལྷ་མཆོག་ཁྱོད་ ལ་ཕྱག་འཚལ་བསྟོད། །བུམ་བཟང་དཔག་བསམ་ཤིང་དང་རྫོགས་ལྡན་སྤྲིན། །བདུད་རྩིའི་ཆུ་མཚོ་ཇི་བཞིན་གང་གིས་ཁྱོད། །དྲན་པ་དེ་ལ་དཔལ་དུ་ལེགས་གནས་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ 23-1-39a ཕྱག་འཚལ་བསྟོད། །རབ་འབྱམས་སྲས་བཅས་རྒྱལ་བའི་ཡོན་ཏན་མཆོག །ནམ་མཁའ་མཛོད་ཀྱི་མངའ་བདག་ཁྱོད་གཅིག་པུ། །རྒྱལ་སྲས་ཚུལ་གྱིས་མཐའ་ཡས་ཞིང་རྣམས་སུ། །རྒྱལ་ བའི་མཛད་པ་མཐའ་དག་སྐྱོང་ལ་འདུད། །དཔག་མེད་ཡོན་ཏན་ནོར་བུའི་འོད་ཟེར་གྱིས། །སྙིགས་མའི་རྒུད་པ་མཐའ་དག་གཏན་དུ་བསྙིལ། །ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མངོན་མཐོ་བའི། །རླབས་ཆེན་ཕྲིན་ ལས་མཛད་ལ་ཕྱག་འཚལ་བསྟོད། །འཇམ་དབྱངས་འཇིག་རྟེན་དབང་ཕྱུག་ཀུན་ཏུ་བཟང་། །མི་ཕམ་པ་སོགས་རྒྱལ་སྲས་སེམས་དཔའ་མཆོག །རྣམ་མང་བསྐལ་པར་མཆོད་ཅིང་གསོལ་བཏབ་པས། །ཁྱོད་གཅིག་ ཡུད་ཙམ་དྲན་པས་རེ་འདོད་རྣམས། །ཡིད་བཞིན་སྩོལ་ལ་ཁྱད་པར་འཕགས་ཞེས་སུ། །རྒྱལ་བས་བསྔགས་པ་རྒྱལ་སྲས་ཐུ་བོ་མཆོག །རྒྱལ་བ་རྣམས་དང་དབྱེར་མེད་ཁྱེད་བསྟོད་པས། །བདག་ལ་ཇི་འདོད་ དཔལ་རྣམས་ལེགས་སྩོལ་མཛོད། །ས་གསུམ་འགྲོ་འདིས་དད་པའི་སྟོབས་རྙེད་ཅིང་། །ས་ཡི་དབང་ཕྱུག་ཁྱེད་ཀྱིས་རྗེས་སུ་འཛིན། །ས་བཅུད་དཔལ་འཕེལ་ས་སྟེང་བདེ་བས་ཁྱབ། །ས་ནས་སར་བགྲོད་ས་མཆོག་ འགྲུབ་པར་ཤོག ། ཅེས་ཚིགས་སུ་བཅད་པ་བཀྲ་ཤིས་རྫས་བརྒྱད་ཀྱི་གྲངས་སུ་སོན་པ་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པས་མེ་རྟ་ཁྲུམས་ཟླ་འཁོར་ལོའི་ཚེས་ལ་བཀོད་པ་དགེ་ལེགས་འཕེལ།། ༈ །། 23-1-39b རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་ངག་གི་དབང་པོའི་མེ་ཏོག་འོད་ཟེར་རབ་ཏུ་བརྩེགས་པ་ཞེས་བྱ་བ། བླ་མ་དང་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྙིང་རྗེའི་དབང་ཕྱུག་འཇིག་རྟེན་མགོན་ པོའི་ཞལ་གྱི་ཆུ་སྐྱེས་དྲི་མེད་ལས། །ལེགས་པར་འཁྲུངས་པ་རྒྱལ་བ་ཀུན་གྱི་ཕྲིན་ལས་རྨད་བྱུང་ལྷ་མོའི་གཟུགས། །སྒྲོལ་མ་ཞེས་པའི་མཚན་གྱི་སྒྲ་དབྱངས་མཐའ་དག་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །སྲས་ བཅས་རྒྱལ་ཀུན་ཡུམ་གྱུར་རྒྱལ་བས་གཙུག་ཏོར་གྱིས་བསྟེན་ཁྱོད་ལ་འདུད། །འཇིག་རྟེན་ཁམས་ན་འཇིགས་དང་རྒུད་པས་མནར་བའི་ཡིད་ཅན་ཐམས་ཅད་ལ། །མ་འཇིགས་ང་ཡིས་མྱུར་དུ་བསྐྱབ་ཅེས་བདེན་ པའི་གསུང་གིས་དབུགས་དབྱུང་ཞིང་། །ཕོངས་ཤིང་རྒུད་པའི་གདུང་བ་ཀུན་ལས་ངེས་པར་སྒྲོལ་ཕྱིར་ཁྱོད་ཀྱི་མཚན། །དོན་དང་རབ་ལྡན་འཇིག་རྟེན་གསུམ་གྱིས་མཆོད་ཅིང་བསྟོད་པར་གྱུར་ལ་འདུད། །འཁྲུལ་ སྣང་མུན་པའི་རུམ་དུ་ལས་ཀྱི་འཆིང་བ་དམ་པོས་བཅིངས་གྱུར་པས། །མཉེན་པོ་གཞན་གྱིས་བསྐྱབ་པའི་སྐལ་བ་རེ་ཞིག་བསྐལ་བར་གྱུར་ལ་ན་ཡང་། །ཚད་དཔག་མེད་པའི་བྱིན་རླབས་ཤུགས་རྗེའི་ཤུགས་ཆེན་ གློག་བཞིན་མྱུར་གཡོ་བ། །ཉམ་ཐག་འགྲོ་བའི་གཉེན་མཆོག་རྗེ་བཙུན་མྱུར་མ་དཔའ་མོ་ཁྱེད་ལ་འདུད། །སྟོབས་དང་ཕར་ཕྱིན་དབང་བཅུ་ལ་སོགས་ཡོན་ཏན་རྒྱ་མཚོའི་གཏེར་གྱུར་མ། །ཡོན་ཏན་དཔག་མེད་ 23-1-40a རྒྱལ་བའི་སྲས་པོ་མཐའ་དག་གིས་ཀྱང་ཁྱོད་ཞབས་བསྟེན། །རིག་བྱེད་བདག་པོ་ནོར་ལྷའི་བུ་དང་བདེ་བྱེད་མིག་སྟོང་ལྡན་པ་སོགས། །འཇིག་རྟེན་གཙོ་བོ་ཡོངས་ཀྱི་གཙུག་གི་ནོར་བུས་ཁྱེད་ཞབས་ མཆོད་ལ་འདུད། །འོད་དཔག་མེད་པས་དབུ་གཙུག་ལེགས་བརྒྱན་ཟླ་རྒྱས་སྟོང་མདངས་ཞལ་བཟང་ཅན། །གཡས་ཀྱི་ཕྱག་ནི་མཆོག་སྦྱིན་ཕྱག་རྒྱས་འགྲོ་ལ་མཆོག་རྣམས་ཀུན་ནས་སྩོལ། །དཀོན་མཆོག་གསུམ་ མཚོན་ཕྱག་རྒྱས་གསེར་མདངས་ཨུཏྤལ་སྔོན་པོ་གཡོན་ན་འཛིན། །འོད་ཟེར་དྲྭ་བས་ཕྱོགས་ཀྱི་འཁོར་ལོ་ཀུན་ནས་སྣང་བར་མཛད་ལ་འདུད། །མཚན་དཔེའི་དཔལ་འབར་ཡིད་འཕྲོག་སྐུ་ལ་ལྷ་རྫས་དར་དང་རིན་ ཆེན་བརྒྱན། །གཡས་བསྐུམ་གཡོན་བརྐྱང་རོལ་པའི་ཞབས་གཉིས་པདྨ་ཟླ་བའི་གདན་ལ་བཞུགས། །ཐུགས་རྗེའི་སྤྱན་རས་མཐའ་ཡས་འགྲོ་ལ་གློག་བཞིན་གཡོ་ཞིང་རྗེས་སུ་ཆགས། །གང་གིས་དྲན་རྣམས་དེ་ མ་ཐག་ཏུ་རྗེས་སུ་འཛིན་པར་མཛད་ལ་འདུད། །བདུད་སོགས་རྨོངས་པའི་འགྲོ་ལ་དབྱེ་ཞིང་རྒྱལ་བའི་ཡོན་ཏན་རྨད་བྱུང་ལ། །དམ་པའི་ཚུལ་གྱིས་བཞད་པ་རབ་བཞད་བཀྲ་ཤིས་གྲངས་ཀྱི་དབྱངས་ཆེན་པོས། ། ས་གསུམ་ཀུན་ཁྱབ་བདུད་སྡེ་དབང་བྱེད་བདེ་གཤེགས་ཡོན་ཏན་རབ་གསལ་མཛད། །འཇིག་རྟེན་མཐའ་དག་གཡོ་ཞིང་ཡིད་ཅན་མ་ལུས་དགུག་པར་མཛད་ལ་འདུད། །ལ་ལར་ཁྲོས་པའི་ཚུལ་འཆང་སྐུ་ནི་བསྐལ་ 23-1-40b པའི་མེ་ཆེན་དབུས་ན་འགྱིང་། །འགའ་ཞིག་ཏུ་ནི་མཆོག་ཏུ་ཞི་འཛུམ་འོད་ཟེར་བདུད་རྩིའི་ཆར་བཟང་འབེབས། །ལ་ལར་ཕུན་ཚོགས་རྒྱས་པའི་སྐུར་སྟོན་ཉི་མ་འབུམ་གྱི་གཟི་འོད་འབར། །སྐབས་འགར་ཡིད་ཅན་ དབང་བྱེད་ཡིད་འཕྲོག་དབང་གི་ལྷ་མོར་སྟོན་ལ་འདུད། །སྣ་ཚོགས་སྐུ་ཡི་རྣམ་འགྱུར་དང་ནི་རིག་སྔགས་བརྗོད་པའི་སྒྲ་དབྱངས་ཀྱིས། །བདུད་བགེགས་དགྲ་དང་ཕས་ཀྱི་རྒོལ་བ་འཁྲུལ་འཁོར་དང་བཅས་ རབ་འཇོམས་ཤིང་། །དུག་དང་རིམས་དང་ནད་རྣམས་ཀུན་སེལ་འཐབ་དང་རྩོད་པ་རྨི་ངན་གཞོམ། །གདོན་སྡིག་བར་ཆད་ཕོངས་པ་ཀུན་སྐྱོབ་མྱ་ངན་འདས་པར་འདྲེན་ལ་འདུད། །གང་གི་མཚན་ཙམ་དྲན་པའི་ མོད་ལ་མི་འཇིགས་རབ་སྟེར་ངན་འགྲོ་སྤོང་། །ཚེ་ཡི་རི་བོ་རིང་དུ་བརྟན་ཅིང་བུ་དང་ནོར་གྱི་རྒྱ་མཚོ་འཕེལ། །དཔལ་དང་གྲགས་སོགས་ཡོན་ཏན་ཀུན་ལྡན་ཇི་ལྟར་འདོད་པ་ཡིད་བཞིན་འགྲུབ། །བྱེ་བ་ཕྲག་ བདུན་རྒྱལ་བས་བྱིན་རློབས་སངས་རྒྱས་ཉིད་འཐོབ་མཛད་ལ་འདུད། །མདོར་ན་སྲས་བཅས་རྒྱལ་བ་ཡོངས་ཀྱི་ཡོན་ཏན་རྒྱ་མཚོའི་ཆ་ཤས་གང་། །ཤིན་ཏུ་ཕྲ་བའང་དབྱངས་ཀྱི་རྒྱལ་མོས་མཐའ་ཡས་བསྐལ་ པར་རབ་བསྔགས་ཀྱང་། །ཕ་མཐར་ཐུག་པ་ནམ་ཡང་མེད་ཕྱིར་རྒྱལ་བ་ཀུན་དང་རྒྱལ་སྲས་ཀྱི། །རྣམ་ཐར་རྒྱ་མཚོའི་མངའ་བདག་གཅིག་པུ་ཁྱོད་ལ་འདུད་དོ་རབ་ཏུ་འདུད། །ཁྱོད་ལ་བསྟོད་པའི་དགེ་བས་བྱང་ 23-1-41a ཆུབ་བར་དུ་ཁྱོད་ཀྱིས་རྗེས་འཛིན་ཞིང་། །ཁྱོད་ཀྱི་རྣམ་ཐར་བསམ་ཡས་ཇི་བཞིན་བདག་ཀྱང་འགྲོ་ལ་ཕན་པར་སྤྱོད། །ཐེག་མཆོག་ལམ་གྱི་ཡོན་ཏན་ཀུན་རྫོགས་བྱང་ཆུབ་མཆོག་གི་གནས་ཐོབ་ ནས། །མཁའ་མཉམ་འགྲོ་ལ་ཕན་བདེར་གྱུར་ཅིག་བཀྲ་ཤིས་དགེ་ལེགས་སུ་གྱུར་ཅིག །ཅེས་ཚིགས་སུ་བཅད་པ་སྡེ་སྣོད་བཅུ་གཉིས་ཀྱི་གྲངས་ལྡན་འདི་ནི་རབ་ཚེས་མེ་ལུག་ས་ག་ཟླ་བའི་ཡར་ངོའི་ཚེས་བདུན་ལ་ འཕྲལ་དུ་བྲི་བར་འདོད་པའི་བློ་སྐྱེས་པ་ལྟར་དེ་མ་ཐག་ཏུ་བྲིས་ཏེ་ཡོངས་སུ་རྫོགས་པར་བགྱིད་པ་པོ་ནི་མི་ཕམ་འཇམ་དཔལ་དགྱེས་པ་སྟེ། འདིས་ཀྱང་མཐོང་ཐོས་དྲན་རེག་གི་འགྲོ་བས་མཚོན་ནས་སེམས་ཅན་ཐམས་ ཅད་ལ་ཕན་པ་དང་བདེ་བ་བཀྲ་ཤིས་པ་དང་དགེ་ལེགས་དམ་པའི་དཔལ་སྦྱིན་པར་གྱུར་ཅིག །མངྒ་ལཾ།། ༈ །། ཨོཾ་ཕྱག་འཚལ་རྗེ་བཙུན་ཏཱ་རེ་ལྷ་མོ། །ཏུཏྟཱ་རེ་ཞེས་གདུང་བ་ཀུན་སྐྱོབ། ། ཐུགས་རྗེ་ཐོགས་མེད་ཏུ་རེ་དཔའ་མོས། །བདག་ལ་གྲུབ་མཆོག་སྩོལ་ཅིག་སྭཱ་ཧཱ། །ཞེས་རྩ་སྔགས་དང་བཅས་པའི་ཕྱག་འཚལ་འདོད་གསོལ་བཅས་ཡོད་པ་འདི་ནི་མི་ཕམ་པས་བྲིས་སོ་དགེ། ། ༈ རྡོ་རྗེ་དབྱངས་ཅན་མ་ལ་བསྟོད་པ་ངོ་མཚར་འབུམ་གྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །མ་ལུས་སྲས་བཅས་རྒྱལ་བ་ཀུན་གྱི་ཡུམ། །བཅོམ་ལྡན་ཤེས་རབ་ཕ་རོལ་ཕྱིན་མ་ཉིད། །འགྲོ་ལ་ 23-1-41b རྗེས་སུ་ཆགས་པའི་གར་གྱིས་ནི། །སྒྱུ་མའི་རྣམ་རོལ་སྲིད་ན་རྟག་ཏུ་སྣང་། ༡ །སྐྱེ་རྒུའི་ལས་སྣང་སྒྱུ་མའི་འཁྲུལ་འཁོར་དང་། །མཉམ་པར་འཇུག་པ་ཡེ་ཤེས་སྒྱུ་མའི་འཕྲུལ། །བརྒྱ་ཕྲག་ཤེལ་ལས་འཕོས་པའི་གཟུགས་བརྙན་ བཞིན། །ཕྲ་རབ་རྡུལ་དང་སྐད་ཅིག་དུས་ལ་ཡང་། ༢ །ཕྱོགས་དུས་སྒྱུ་མའི་སྣང་ཆ་ཇི་སྙེད་པ། །མ་འདྲེས་གསལ་བར་སྟོན་པའི་རྣམ་ཐར་ནི། །དབྱིངས་ཡུམ་ཁྱོད་ལ་རྟག་ཏུ་དགྱེས་རོལ་པའི། །རྒྱལ་མཆོག་འདྲེན་པ་རྣམས་ཀྱི་ སྤྱོད་ཡུལ་ལགས། ༣ །དེ་སླད་སྐྱེ་རྒུའི་ལས་ཚུལ་རྟེན་འབྱུང་གིས། །རྣམ་སྤྲུལ་སྣོད་བཅུད་བཀྲ་བའི་འཇིག་རྟེན་འདི། །ཆགས་ནས་མི་རིང་རྫོགས་ལྡན་དང་པོའི་དུས། །ལྷོ་ཕྱོགས་བདུད་རྩིའི་ཆུ་གཏེར་གཡོ་བ་ལ། ༤ །གཡོ་ ལྡན་ང་གིས་བསྐྱོད་པའི་རྒྱ་མཚོའི་རླབས། །སྲིད་གསུམ་བརྟན་དང་གཡོ་བའི་སྒྲ་སྐད་ཀུན། །རབ་ཚང་སྙན་པ་དྲི་ཟའི་དབྱངས་སོགས་ཀྱི། །མཐའ་ཡས་སྒྲ་མང་ཀུན་ནས་འབྱུང་བ་ཡིས། ༥ །ལུས་སེམས་ངེས་པར་སིམ་པའི་ རང་བཞིན་གྱིས། །དཔག་ཚད་བྱེ་བའི་ཁྱོན་ཀུན་ཁྱབ་ཅིང་གནས། །དེར་ནི་ཚངས་པའི་གྲོང་ཁྱེར་ཆེན་པོ་ནས། །འཇིག་རྟེན་གཙོ་བོ་འཆི་མེད་ཚངས་པ་ཆེས། ༦ །སྒྲ་དབྱངས་དེ་ལ་མངོན་དགས་སྟོང་ཕྲག་ལོར། །གཡོ་བའི་ཆུ་གཏེར་དེ་ ལ་གཟིགས་ནས་ཀྱང་། །གཡོ་བ་མེད་པར་བདུད་རྩི་བྱེ་བའི་རོས། །མི་མཚོན་སྒྲ་ཡི་མྱང་བྱ་རབ་ཏུ་མྱང་། ༧ །དེ་ཚེ་སྲིད་པ་གསུམ་གྱི་སྒྲ་དབྱངས་དེ། །འདུས་ལས་སྨིན་པ་ཡིད་འོང་ལྷ་མོའི་གཟུགས། །འཇིག་རྟེན་གསུམ་ན་ 23-1-42a འགྲན་པའི་ཟླ་བྲལ་མ། །དབྱངས་ཅན་ཚངས་པའི་སྲས་མོ་ཉེ་བར་ངོམས། ༨ །དེར་ནི་ལྷ་མོ་མཁའ་དབྱིངས་ལ་འདུག་ནས། །བརྟུལ་ཞུགས་བདེན་ལྡན་འཚེ་མེད་སྤྱོད་རྣམས་ལ། །དགྱེས་པའི་གར་གྱིས་བསྐྱོད་ པར་མཛད་པ་ན། །བརྟན་གཡོ་ཀུན་ལས་ཡིད་འོང་སྒྲ་དབྱངས་འབྱིན། ༩ །ཡིད་ཅན་ཀུན་གྱི་ཉམས་བག་བདེ་བར་བྱེད། །མཚུངས་མེད་བློ་མཆོག་ནོར་བུའི་འོད་གསལ་ཞིང་། །ཡིད་འཕྲོག་སྙན་པའི་དབྱངས་ཀྱིས་དོན་ཀུན་བརྗོད། ། ལྷ་ཀླུ་མི་སོགས་འགྲོ་བའི་འཇིག་རྟེན་ན། ༡༠ །ཀུན་སྤྱོད་ལོག་པར་གྱུར་ལ་མི་དགྱེས་པའི། །ཕྱིར་ཕྱོགས་པ་ཡི་རྣམ་པས་བཞུགས་པ་ན། །སྣོད་བཅུད་ཀུན་ཀྱང་ཡིད་འོང་སྒྲ་ཉམས་ཏེ། །བློ་མིག་ལྡོང་ཞིང་ལྡབ་ལྡིབ་སྨྲ་བས་གང་། ༡༡ །གང་ལས་དུ་མར་སྤྲུལ་པའི་ལྷ་མོའི་ཚོགས། །བདེན་ལྡན་འཚེ་མེད་ཚུལ་ལ་གནས་རྣམས་ཀྱི། །ངག་ཡིད་ཁ་ཡི་སྒོར་ནི་ཞུགས་ནས་ཀྱང་། །བརྗོད་པའི་བློ་དང་སྨྲ་བ་མཆོག་གི་སྒྲ། ༡༢ །ཀུན་ནས་རྒྱས་དེས་འཇིག་རྟེན་ཉིད་ དང་ཡང་། །འཇིག་རྟེན་འདས་པའི་དོན་རབ་སྟོན་བྱེད་པ། །དབྱངས་ཅན་ངག་གི་དཔལ་མོ་ཁྱོད་ཉིད་ནི། །རྒྱལ་ཀུན་མགུལ་གྱི་འོ་མཚོར་རྟག་ཏུ་རོལ། ༡༣ །རབ་དྭངས་ཡིད་ཀྱི་རྒྱ་མཚོ་མི་འཁྲུགས་པའི། །ངོས་ལ་ངང་པའི་བུ་མོ་ དེ་རོལ་ཚེ། །ལེགས་པར་བཤད་པའི་སྒྲ་དབྱངས་ཉམས་འགྱུར་སྟོང་། །འཇིག་རྟེན་ཀུན་ལ་དགའ་བའི་དཔྱིད་དུ་འབབས། ༡༤ །སྤྲིན་ཚོགས་བརྒྱ་བྱིན་གཞུ་ཡིས་ཉེར་བཅིང་ཞིང་། །དཔྱིད་ཀྱི་དཔལ་རྒྱས་ཡིད་འོང་འཛིན་མ་བཞིན། ། 23-1-42b སྣ་ཚོགས་བློ་བཟང་ངག་གི་ཀུན་དགའ་ནི། །ལྷ་མོ་ཁྱོད་ལ་བརྟེན་དེ་ཡང་དག་འབྱུང་། ༡༥ །ཕུལ་བྱུང་སྙན་པའི་ངག་དང་སྲིད་ཞི་ཡི། །ལེགས་ལམ་སྣང་བ་མི་འཕྲོག་བློ་ཡི་གཏེར། །གཟུངས་དང་སྤོབས་པ་བྱམས་ བརྩེ་དད་པའི་ཤུགས། །དཔལ་མོ་ཁྱོད་ལ་བརྟེན་པས་ལྷག་པར་འཕེལ། ༡༦ །གྲགས་པ་དྲི་མེད་ནོར་བུའི་གདུགས་བཟང་གིས། །འཇིག་རྟེན་གསུམ་གྱི་ཐ་གྲུ་ཁྱབ་པའི་ཁོངས། །མངོན་དགའ་མཚུངས་པ་མེད་པ་བདུད་རྩིའི་རོ། ། སྙིང་ལ་ཡང་ཡང་སིམ་པའི་སྐལ་བཟང་སྟེར། ༡༧ །མ་ལུས་ཤེས་བྱའི་རྣམ་རོལ་མཐའ་ཡས་ཀྱིས། །སྲིད་པའི་འགྲོ་ལ་ཡིད་དང་རྗེས་མཐུན་པར། །སྣ་ཚོགས་མཛད་པར་དགྱེས་པ་ལྷ་མོའི་འཕྲུལ། །འཕགས་པའི་སྤྱོད་ཡུལ་ ལས་ཀྱང་རིང་དུ་བརྒལ། ༡༨ །གང་གི་མཚན་དང་རིག་སྔགས་མཆོག་དང་ནི། །སྐུ་ཡི་རྣམ་འགྱུར་ཡིད་ལ་དྲན་བྱེད་པས། །དད་བརྩོན་སྐལ་པ་ཇི་བཞིན་མཆོག་རྣམས་ནི། །རིང་མིན་དེ་མ་ཐག་ཏུ་ཉེ་བར་སྦྱིན། ༡༩ །སྣ་ཚོགས་རྟེན་ འབྱུང་སྣང་བའི་འཛུམ་དཀར་གྱིས། །ཉེ་བར་བསུས་ཏེ་རྣམ་པར་ཐར་པའི་སྒོ། །ཉིད་ཀྱི་དབྱིངས་སུ་སྲས་བཅས་རྒྱལ་བ་རྣམས། །ཁྱོད་ཀྱིས་དྲངས་ནས་ལྡོག་པ་མེད་པར་མཛད། ༢༠ །སྲིད་དང་ཞི་བའི་ཆོས་ཚུལ་ཀུན་ལ་ཡང་། །ཁྱོད་ ཉིད་མཉམ་པར་སོང་བའི་ངང་ཚུལ་གྱིས། །ཕྱོགས་དང་དུས་ཀྱི་སྣང་བ་མི་ཟད་པའི། །གོ་སྐབས་ཡངས་པོར་ཀུན་ནས་ཕྱེ་བ་ལགས། ༢༡ །ཡུམ་ཆེན་ཁྱོད་དང་བྲལ་བ་མི་སྲིད་ཀྱང་། །བྱིས་པའི་སྐྱེ་བོ་རྨོངས་པས་ཁྱོད་ཉིད་ 23-1-43a བསྒྲིབས། །ཁྱོད་ཀྱི་རྡོ་རྗེ་བསྡོམས་པས་ཀུན་བསྡམ་སྟེ། །རྨོངས་པ་སེལ་བའི་འོད་བཟང་རྟག་ཏུ་འགྱེད། ༢༢ །མ་ལུས་འཕགས་བཞི་བསྐྱེད་པའི་ཡུམ་མཆོག་ནི། །གཉིས་མེད་གཅིག་པུར་གྱུར་པ་ཁྱོད་ ལགས་ཏེ། །བྲི་གང་བྲལ་བ་ཁྱོད་ལ་བརྟེན་ནས་ཀྱང་། །སྲིད་ཞིའི་ཕན་བདེའི་སྣང་ཚུལ་ཀུན་ནས་བཀྲ། ༢༣ །རྡུལ་གཅིག་ཁྱོན་ལ་རྡུལ་སྙེད་རྒྱལ་བ་ནི། །སྲས་བཅས་མཛད་པའི་རོལ་མོ་གཞལ་མེད་པའི། །ཚུལ་ཆེན་དེ་འདྲས་ ཆོས་ཀྱི་དབྱིངས་གང་བ། །ཀུན་ཀྱང་ཁྱོད་ཀྱི་ངང་དུ་བརྟེན་ཅིང་གནས། ༢༤ །སྲིད་ཞིའི་རྟེན་འབྱུང་སྒྱུ་མའི་འཇའ་རིས་ལ། །ཆགས་ལྡན་གཞོན་ནུ་བདག་གི་ཚུལ་མཁྱེན་ནས། །ཁྱོད་ནི་མཐའ་ཡས་ཆོས་ཀྱི་རོལ་མོ་ཡིས། །སྒྱུ་ མའི་རྩེ་འཇོས་རོལ་ལ་རྟག་ཏུ་དགྱེས། ༢༥ །སྲིད་དང་ཞི་བ་ཡོངས་ཀྱི་དྭངས་བཅུད་ཆ། །མ་ལུས་གཅིག་ཏུ་འདུས་པའི་སྙིང་པོ་ནི། །སྐྱོན་བྲལ་བདེ་བའི་འདུ་བྱེད་ཆགས་པའི་སྐུ། །ལ་ལར་ཟླ་བ་གསར་པའི་ངང་ཚུལ་དང་། ༢༦ ། དེ་བཞིན་བྱི་རུའི་འཁྲི་ཤིང་མཛེས་པའི་མདངས། །རིན་ཆེན་མ་རྒད་གསར་པའི་ལྷུན་པོའི་མདོག །གཞན་དུ་བཙོ་མའི་གསེར་གྱི་ཁ་དོག་དང་། །འགའ་ཞིག་དུ་ནི་ཨུཏྤལ་མཐིང་གའི་བཞིན། ༢༧ །རབ་འཛིན་སྣ་ཚོགས་མདངས་ དང་དབྱིངས་ཀྱིས་ཀྱང་། །དགྱེས་འཛུམ་ཆགས་པའི་ཉམས་འགྱུར་སྟོང་དུ་འབར། །མི་ཕྱེད་བརྩེ་བས་རྗེས་ཆགས་གར་གྱི་འཕྲུལ། །སྲིད་པའི་ཡུལ་དང་དབང་པོ་ཡིད་བྱེད་ཀུན། ༢༨ །ཟག་མེད་བདེ་བ་ཆེན་པོར་བཞུ་བྱེད་པ། ། 23-1-43b ཡང་ཡང་གློག་བཞིན་བསྐྱོད་པས་བརྟན་གཡོའི་ཁམས། །དབྱུག་གུས་བསྣུན་པའི་སིལ་ཁྲོལ་བཞིན་དུ་ཡང་། །དུ་མའི་སྒྲ་དབྱངས་ཉམས་ཀྱིས་གཡོ་ཞིང་འཁྲོལ། ༢༩ །དེས་ནི་བློ་ཡི་མིག་ལྡན་གཞོན་ནུའི་ཚོགས། ། ཤེས་བྱའི་སྣང་ཚུལ་བཀྲ་བའི་གཟིགས་མོ་ལ། །མངོན་དགའི་འདུ་བྱེད་ཡང་ནས་ཡང་བསྐུལ་ཞིང་། །ཆོས་འདོད་སྲེད་པའི་མེ་ཆེན་སྙིང་ལ་སྦར། ༣༠ །ཟླ་ཉི་རྒྱུ་སྐར་སྣ་ཚོགས་འོད་ཀྱི་ཁྱིམ། །མཛེས་པའི་འཇའ་ཡིས་བཅིང་ བའི་སྤྲིན་རུམ་སོགས། །རྣམ་མང་བཀོད་པའི་མཛེས་ལྡན་གཞལ་མེད་ཁང་། །འཆི་མེད་སྒེག་མོ་འབུམ་གྱིས་བསྟི་བའི་དབུས། ༣༡ །ཡིད་འོང་མཚན་དཔེའི་རྣམ་འགྱུར་སྟོང་འབར་མ། །ཞོ་འཐུང་བྱིས་པ་དྲེག་པའི་ཚུལ་ གྱིས་སུ། །ཆགས་པའི་ཞབས་གཉིས་ཙོག་པུའི་བཞུགས་སྟང་སྟངས་གིས། །རབ་དཀར་པད་ཟླའི་གདན་ལ་འགྱིང་ཞིང་རོལ། ༣༢ །སྣ་ཚོགས་ལྷ་ཡི་གོས་དང་ནོར་བུའི་རྒྱན། །མཛེས་སྡུག་མེ་ཏོག་གཞོན་ནུས་ཉེ་བར་སྤུད། ། མངོན་དགའི་དྲི་བསུང་མཆོག་དང་བདུད་རྩིའི་འོད། །སྣ་ཚོགས་མདངས་ལྡན་མུ་མཐའ་མེད་པར་ཁྱབ། ༣༣ །ཡིད་འདྲེན་ལྕགས་ཀྱུ་རྣོན་པོར་གྱུར་པ་ཡི། །རབ་མང་བརྗོད་པ་སྟོན་བྱེད་མཐའ་ཡས་སྒྲའི། །འབྱུང་གནས་ དྲི་ཟའི་པི་ཝཾ་ཕྱག་སོར་གྱིས། །དལ་བུར་བསྐྱོད་ལས་མི་ཟད་སྤོབས་པ་སྟེར ། ༣༤ །དེ་ཚེ་ཡིད་འོང་གློག་གི་ཟུག་མིག་དང་། །ནུ་འབུར་ཟླ་བ་གསར་པའི་ངང་ཚུལ་གྱིས། །ཡིད་རབ་དྲངས་ཏེ་འདོད་ལྡན་བདག་ཅག་ཀྱང་། ། 23-1-44a ཁྱོད་ཀྱིས་རིང་ནས་འདྲིས་པའི་གྲོགས་སུ་དགོངས། ༣༥ །སྲིད་ལ་རྟག་པར་སོང་བ་བདག་གི་སེམས། །སྒྱུ་མའི་ཐབས་ཀྱིས་བསླུས་ཏེ་ཉིད་དབྱིངས་སུ། །དྲངས་པའི་མོད་ལ་སྲེད་པའི་ལྕགས་ཀྱུ་ཡིས། ། འདེབས་རྩོམ་བདུད་བཞི་དབྱིངས་སུ་ཡལ་བ་མཚར། ༣༦ །བརྩེ་བའི་ཤུགས་ཀྱིས་ཐུགས་རྗེའི་ནུ་འབུར་ལས། །བརྒྱུད་མར་བབས་པའི་བྱིན་རླབས་འོ་མའི་རྒྱུན། །དད་པའི་ཡུས་ཀྱིས་རྟག་ཏུ་འཐུང་འདོད་པ། །ཁྱེའུ་ཆུང་ ཡིད་ཀྱི་འདོད་པ་མྱུར་འཇོ་མཛོད། ༣༧ །ཚངས་པའི་དབྱངས་དང་འབྲུག་སྒྲ་སེང་གེའི་གདངས། །གསེར་གྱི་དྲིལ་བུ་བྱེ་བའི་སྒྲ་སྙན་སོགས། །སྣ་ཚོགས་ཡིད་འོང་ཆོས་ཀྱི་ཚིག་དོན་ཅན། །རྣ་བའི་བདུད་རྩི་རྒྱུན་མི་ཆད་པར་ སྩོལ། ༣༨ །གང་གི་མགྲིན་པ་ཀུ་མུད་དཀར་པོའི་ཚལ། །མཐོང་བའི་མོད་ལ་འབྱེད་ནུས་ཟླ་བའི་ཞལ། །བཞད་པའི་རྣམ་འགྱུར་འོད་དཀར་ཕྲེང་བའི་འཛུམ། །རྟག་ཏུ་སྙིང་གི་འོ་མཚོར་འདྲེས་པར་མཛོད། ༣༩ །དབྱིངས་ཀྱི་ ཡུམ་ཆེན་གང་དུ་མི་གནས་ཀྱང་། །སྣ་ཚོགས་སེམས་ཀྱི་རྗེས་མཐུན་སྒྱུ་མའི་གར། །ཆགས་མེད་ཆགས་པ་ཆེན་པོའི་ཐབས་མཁས་ཀྱིས། །ཀུན་ཀྱང་ཆགས་མེད་བདེ་བའི་གནས་སུ་འདྲེན། ༤༠ །རྡོ་རྗེ་ཆགས་པ་ཆེན་པོའི་ ཐུགས་ཀྱིས་ནི། །ཟླ་བ་གཞོན་ནུའི་ལྕུགས་ཕྲན་ལྟ་བུའི་ཕྱག །སྲིད་ཞིའི་གཡང་ས་འགོག་ཕྱིར་བརྐྱང་པ་ཡིས། །དམ་པོར་བཟུང་ནས་རྩེ་དགའི་གནས་སུ་ཁྲིད། ༤༡ །ལས་ང་སྲིད་པའི་སྣང་བ་མི་བཟད་པ། །གང་ལས་ 23-1-44b ཕྱིར་མི་ལྡོག་པར་འགག་བྱེད་པའི། །རྡོ་རྗེ་བཙུན་མོའི་གསུང་བའི་ཆུ་སྐྱེས་གང་། །རྣམ་པར་ཐར་པའི་སྒོ་མོ་ངོམས་བཞིན་དུ། ༤༢ །ཨེ་མ་རིགས་མཆོག་རྒྱལ་པོ་འཇམ་པའི་དབྱངས། །རྟག་ཏུ་སྙིང་ལ་གནས་པའི་རང་ཞལ་གང་། ། རྗེན་པར་མཐོང་བའི་དཀྱིལ་འཁོར་འདི་བརྟེན་ཅེས། །སྲིད་ལས་དབུགས་དབྱུང་ཀུན་དགའི་མཆིད་ཀྱིས་ཀྱང་། ༤༣ །གཡོ་བའི་བག་ཅན་རེ་བས་བཅིངས་པའི་ཡིད། །ཟློག་མེད་དྲངས་ཏེ་རྩེ་དགས་འཁྱུད་ནས་ཀྱང་། །དམ་ པོར་རྩེན་པའི་ཐབས་མཁས་ལྕགས་ཀྱུ་ཡིས། །འཕོ་སེམས་འོད་གསལ་འཕོ་མེད་ཆེན་པོར་དྲོངས། ༤༤ །དེ་ཚེ་ཁྱོད་དང་ང་ཡང་ལྷན་ཅིག་ཏུ། །འདྲེས་པའི་མོད་ལ་མཉམ་ཉིད་ཡེ་ཤེས་སྐུ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ རྟག་པའི་བདག །ཁ་སྦྱོར་ཡན་ལག་བདུན་གྱིས་དགྱེས་པར་མཛོད། ༤༥ །དེར་ནི་སྲིད་དང་ཞི་བའི་ཆོས་ཁམས་སུ། །མི་བཟད་རྣམ་པ་ཐམས་ཅད་པ་ཡི་འཕྲུལ། །ཕན་དང་བདེ་བ་མཆོག་གི་འབྱུང་གནས་གང་། །རྟག་ཁྱབ་ ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ཤོག ༤༦ །ཚངས་པའི་རིག་བྱེད་ལ་དགའ་ཞིང་། །རྡོ་རྗེ་ཐེག་ལ་མོས་འཆང་བ། །མཚོ་བྱུང་བཞད་པའི་གེ་སར་ཞེས། །ལྷ་མོའི་རིག་སྔགས་འཛིན་པས་བྲིས། ། ཞེས་རྡོ་རྗེ་དབྱངས་ཅན་ མ་ལ་བསྟོད་པ་ངོ་མཚར་འབུམ་གྱི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་རབ་ཚེས་མེ་གླང་ནག་ཟླའི་ཉེར་ལྔ་ལ་ཤར་མར་བྲིས་ཤིང་དེ་ཡི་དབང་ལས་ཉིད་འཁྲུལ་དུ་ཡང་ཉི་མ་ཤར་བ་སོགས་བློ་གྲོས་འཕེལ་བའི་ལྟས་བཟང་དང་བཅས་པ་ 23-1-45a ལགས་སོ། །མངྒ་ལཾ།། ༈ །། དབྱངས་ཅན་མའི་བསྟོད་གསོལ་དགའ་བའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །ཨོཾ། དུས་གསུམ་སྲས་བཅས་རྒྱལ་བའི་ཡུམ་ཆེན་མོ། །ཤེས་རབ་ཕ་རོལ་ ཕྱིན་མ་ཆོས་ཀྱི་དབྱིངས། །ཀུན་གསལ་ནམ་མཁའི་མེ་ལོང་ཀུན་གྱི་གནས། །མཉམ་ཉིད་ཀུན་ཏུ་བཟང་མོ་ཁྱོད་ལ་འདུད། ༡ ། རྡུལ་བྲལ་སྟོང་པའི་དབྱིངས་ལས་འོད་གསལ་སྐུ། །ཡེ་གདངས་ཁ་དོག་འོད་ལྔའི་རང་མདངས་ ཅན། །མཁའ་མཉམ་བཀོད་པ་ཆེན་པོའི་གཞིར་གྱུར་པ། །རིགས་ཀྱི་ཡུམ་ལྔར་སྟོན་པ་ཁྱོད་ལ་འདུད། ༢ །སྐྱེ་རྒུའི་ལས་སྣང་སྒྱུ་མའི་སྣང་བ་དང་། །མཐུན་འཇུག་ཐབས་མཁས་ཡེ་ཤེས་སྒྱུ་མའི་གར། །སྒྱུ་འཕྲུལ་དྲྭ་བའི་ རྣམ་རོལ་མཐའ་ཡས་པ། །ཀུན་ནས་སྟོན་པར་མཛད་པ་ཁྱོད་ལ་འདུད། ༣ །འཇིག་རྟེན་འདིར་ནི་བློ་དང་ངག་གི་དཔལ། །སྩོལ་སླད་ཚངས་པའི་ཞལ་དང་ཡིད་ཀྱི་མཚོར། །བརྟེན་བྱས་སྲིད་ཞིའི་དྭངས་བཅུད་སྙིང་པོའི་གཟུགས། ། སྒྲ་དབྱངས་རྒྱ་མཚོའི་ལྷ་མོ་ཁྱོད་ལ་འདུད། ༤ །རབ་དཀར་ཡིད་འོང་ཟླ་བ་རྒྱས་པའི་མདངས། །ལྷ་རྫས་དར་དང་རིན་ཆེན་མེ་ཏོག་བརྒྱན། །ཙོག་པུའི་ཚུལ་བཞུགས་བཻཌཱུར་པི་ཝཾ་སྒྲས། །སྤོབས་པའི་གཏེར་བརྒྱད་གྲོལ་མཛད་ཁྱོད་ལ་ འདུད། ༥ ། ལ་ལར་རབ་དམར་བྱེ་རུའི་མདངས་ལྡན་མ། །ཡིད་འཕྲོག་པདྨ་བཞད་པའི་ཞལ་བཟང་ཅན། །རིན་ཆེན་དབང་གི་རྒྱལ་པོ་མེ་ལོང་བསྣམས། །དྲན་པས་ངག་གི་དཔལ་སྩོལ་ཁྱོད་ལ་འདུད། ༦ ། དེ་བཞིན་གསེར་དང་མཐོན་ 23-1-45b མཐིང་མ་རྒད་སོགས། །ཁ་དོག་དབྱིབས་དང་རྣམ་འགྱུར་སྣ་ཚོགས་པས། །ཡིད་མཐུན་ལས་ཀྱི་དངོས་གྲུབ་སྣ་ཚོགས་པ། །འགྲོ་ལ་སྩོལ་བར་མཛད་པ་ཁྱོད་ལ་འདུད། ༧ །དམར་སེར་ཡིད་འོང་གཞོན་ནུའི་སྐུ་ཅན་ལ། །ཁྱོད་ནི་ བདེ་ཆགས་མཛེས་པའི་ཉམས་ཀྱིས་འཁྱུད། །འཇིགས་རུང་གཤིན་རྗེའི་དགྲ་ལ་འབར་བའི་སྐུས། །རྟག་ཏུ་དགྱེས་པ་སྐྱེད་མཛད་ཁྱོད་ལ་འདུད། ༨ །རྒྱལ་ཀུན་ཡུམ་སྟེ་རྒྱལ་སྲས་རྣམས་ཀྱི་གྲོགས། །འཇིག་རྟེན་འགྲོ་ལ་མཐུན་ འཇུག་ཐབས་ཀྱི་གཉེན། །སྣ་ཚོགས་སྒྱུ་མའི་རྣམ་རོལ་ཀུན་སྟོན་ཀྱང་། །རྣམ་དག་ཡེ་ཤེས་སྐུ་མངའ་ཁྱོད་ལ་འདུད། ༩ །སྤྲུལ་པ་རྒྱ་མཚོ་ཕྱོགས་དུས་ཀུན་ན་སྣང་། །སྒྲ་དབྱངས་རྒྱ་མཚོས་མཐའ་ཡས་དོན་རྣམས་སྟོན། །ཡེ་ཤེས་ རྒྱ་མཚོའི་རྣམ་རོལ་འཛད་པ་མེད། །དཔལ་ཡོན་རྒྱ་མཚོའི་བདག་ཉིད་ཁྱོད་ལ་འདུད། ༡༠ །སྲས་བཅས་རྒྱལ་ཀུན་མཆོད་པས་དགྱེས་བསྐྱེད་ཅིང་། །དམ་ཆོས་རྒྱ་མཚོའི་སྒྲ་དབྱངས་ཕྱོགས་ཀུན་སྒྲོགས། །འགྲོ་ཁམས་རྒྱ་མཚོ་ སྨིན་ཅིང་གྲོལ་མཛད་མ། །ཕན་བདེའི་གཏེར་ཆེན་དཔལ་མོ་ཁྱོད་ལ་འདུད། ༡༡ །རྒྱལ་ཀུན་ཤེས་རབ་རང་གཟུགས་ལྷ་མོ་ཁྱོད། །ཕྱག་རྒྱའི་མཆོག་སྟེ་སྟོང་ཉིད་དབྱིངས་ཀྱི་གཟུགས། །འཕོ་མེད་བདེ་བ་ཆེན་པོའི་གཏེར་གྱུར་མ། ། དཔལ་མོ་ཁྱོད་ལ་གུས་པས་བདག་འདུད་ན། ༡༢ །ཁྱེད་སྐུ་ཡིད་འོང་ཟླ་བ་རྒྱས་པའི་ཞལ། །དགྱེས་འཛུམ་འོད་ཟེར་བདུད་རྩི་དཀར་པོའི་རྒྱུན། །བདག་གི་སྙིང་དབུས་ཀུནྡའི་དགའ་ཚལ་འདིར། །ཅི་དགར་འགྱེད་པའི་སྐལ་བཟང་ 23-1-46a མྱུར་དུ་སྩོལ། ༡༣ །ངང་པའི་བུ་མོ་སྒྲ་དབྱངས་རྒྱ་མཚོའི་བདག །དགའ་བའི་སྒྲ་བཅས་རྩེད་འཇོའི་སྒྱུ་རྩལ་གྱིས། །བདག་མགྲིན་འོ་མའི་རྒྱ་མཚོ་འདི་རོལ་ལ། །རྨད་བྱུང་ཚིག་གི་སྤོབས་པ་ཉེ་བར་སྒྲུབ། ༡༤ །མཐོང་བས་བདེ་ཆེན་འདྲེན་པ་ཁྱོད་ཀྱི་སྐུ། །མཛེས་སྡུག་ཡིད་འོང་གཞོན་ནུའི་རོལ་རྩེད་ཀྱིས། །བདག་གི་ཡིད་ལ་བདེ་དགའ་རབ་བསྐྱེད་ནས། །སྙིང་གི་ཐིག་ལེར་རོ་གཅིག་འདྲེས་པར་མཛོད། ༡༥ །དེ་ཚེ་རང་རིག་གདོད་ མའི་འཇམ་དཔལ་དང་། །དབྱེར་མེད་དབྱིངས་ཀྱི་ལྷ་མོ་ཁྱོད་ཀྱི་ཞལ། །མཐོང་བས་འོད་གསལ་གཉུག་མ་བདེ་ཆེན་ངང་། །བདག་དང་ཁྱོད་ཉིད་འདུ་འབྲལ་མེད་ཐོབ་ཤོག ༡༦ །མི་འཕྲོག་བློ་གྲོས་སྩོལ་ཅིག་དབྱངས་ཅན་ མ། །མི་བརྗེད་གཟུངས་གཏེར་སྩོལ་ཅིག་དབྱངས་ཅན་མ། །མི་འཇིགས་སྤོབས་པ་སྩོལ་ཅིག་དབྱངས་ཅན་མ། །ངག་གི་དབང་ཕྱུག་སྩོལ་ཅིག་དབྱངས་ཅན་མ། ༡༧ །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། ། འབྲལ་མེད་ཐུགས་རྗེས་རྗེས་སུ་བཟུང་ནས་ཀྱང་། །ཡིད་ལ་ཇི་ལྟར་འདོད་པའི་དཔལ་རྣམས་དང་། །བླ་མེད་མཆོག་གི་གྲུབ་པ་སྩལ་དུ་གསོལ། ༡༨ ། ཞེས་ཚིགས་སུ་བཅད་པ་མ་འདྲེས་པ་བཅོ་བརྒྱད་ཀྱི་གྲངས་ལྡན་འདི་ ནི་རབ་ཚེས་ས་བྱ་ཟླ་བ་དགུ་པའི་ཚེས་ཉེར་གསུམ་ལ་གོ་ཐི་རི་ཁྲོད་བཀྲ་ཤིས་དཔལ་འབར་གླིང་དུ་མི་ཕམ་པ་མཚོ་བྱུང་བཞད་པའི་གེ་སར་གྱིས་ཤར་མར་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ།། ༈ །། དབྱངས་ 23-1-46b ཅན་བསྟོད་པ་རྒྱ་མཚོ་མ་ཞེས་བྱ་བ་བཞུགས་སོ། །ཧྲཱིཾ། རྒྱལ་བ་རྒྱ་མཚོའི་ཡུམ་གྱུར་ཤེར་ཕྱིན་མ། །རྒྱལ་སྲས་རྒྱ་མཚོའི་གྲོགས་གྱུར་རྗེ་བཙུན་མ། །འགྲོ་ཁམས་རྒྱ་མཚོའི་མགོན་གྱུར་བཅོམ་ལྡན་མ། །ཡོན་ཏན་རྒྱ་ མཚོའི་མཆོག་མངའ་ཁྱོད་ལ་འདུད། ༡ །ངག་ཚིག་རྒྱ་མཚོའི་འབྱུང་གནས་ངག་གི་ལྷ། །བློ་གྲོས་རྒྱ་མཚོའི་དཔལ་སྟེར་བློ་ཡི་ལྷ། །ལྷ་མཆོག་རྒྱ་མཚོས་མངོན་མཆོད་ལྷ་ཡི་ལྷ། །རྒྱ་མཚོའི་ལྷ་མོ་དབྱངས་ཅན་ཁྱོད་ཕྱག་ འཚལ། ༢ །མཛེས་སྡུག་རྒྱ་མཚོའི་སྐུ་མཆོག་ཅིར་ཡང་སྟོན། །སྒྲ་དབྱངས་རྒྱ་མཚོས་དམ་ཆོས་སྒོ་བརྒྱ་འབྱེད། །ཡེ་ཤེས་རྒྱ་མཚོའི་རང་བཞིན་ཕ་མཐའ་ཡས། །སེམས་ཅན་རྒྱ་མཚོ་སྨིན་མཛད་ཁྱོད་ལ་འདུད། ༣ །འཇིག་ རྟེན་རྒྱ་མཚོར་རྣམ་རོལ་མཐའ་ཡས་པས། །ངོ་མཚར་རྒྱ་མཚོའི་མཛད་པ་སྣ་ཚོགས་སྟོན། །ཕན་བདེ་རྒྱ་མཚོས་འགྲོ་ཀུན་རྟག་ཏུ་སྐྱོངས། །རྣམ་ཐར་རྒྱ་མཚོའི་དཔལ་མོ་ཁྱོད་ལ་འདུད། ༤ །མཁྱེན་བརྩེའི་རྒྱ་མཚོ་རྡོ་རྗེ་ དབྱངས་ཅན་མར། །དད་པ་རྒྱ་མཚོས་རྟག་ཏུ་ཕྱག་འཚལ་ཏེ། །མཆོད་པ་རྒྱ་མཚོས་ཀུན་ནས་མཆོད་བགྱིད་ཅིང་། །བསྟོད་པ་རྒྱ་མཚོས་རབ་ཏུ་བསྟོད་བགྱིད་ན། ༥ །ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོ་རྗེས་དགོངས་ཏེ། །བྱིན་རླབས་ ཡེ་ཤེས་རྒྱ་མཚོའི་སྤྲིན་ཆེན་ལས། །དངོས་གྲུབ་རྒྱ་མཚོའི་གྲུ་ཆར་དེང་ཕབ་ནས། །རེ་འདོད་རྒྱ་མཚོ་ཡིད་བཞིན་སྐོང་བར་མཛོད། ༦ །གཟུངས་སྤོབས་བློ་གྲོས་རྒྱ་མཚོའི་མཆོག་སྩོལ་ཞིང་། །ངག་ཚིག་རྒྱ་མཚོ་སྨྲ་ལ་རང་ 23-1-47a དབང་ཐོབ། །དཔལ་ཡོན་རྒྱ་མཚོའི་གཏེར་དུ་བདག་གྱུར་ཏེ། །ནུས་སྟོབས་རྒྱ་མཚོས་རྒྱལ་བསྟན་སྤེལ་གྱུར་ཅིག ༧ །སྐྱེ་བ་རྒྱ་མཚོར་ཁྱོད་ཀྱིས་རྗེས་འཛིན་ཅིང་། །ལུང་རྟོགས་རྒྱ་མཚོའི་མཛོད་ལ་མངའ་ དབང་བསྒྱུར། །རྫོགས་སྨིན་སྦྱངས་པ་རྒྱ་མཚོ་མཐར་ཕྱིན་ཏེ། །བདེ་གཤེགས་རྒྱ་མཚོར་མཉམ་ཉིད་སྐུ་ཐོབ་ཤོག ༨ །ལྷ་མཆོག་རྒྱ་མཚོའི་ལྷ་མོར་བསྟོད་པ་འདི། །མི་ཕམ་རྒྱ་མཚོའི་མིང་ཅན་བདག་གིས་བྲིས། །བློ་ མཆོག་རྒྱ་མཚོ་ཆེ་ལ་རོལ་འདོད་པས། །བསྟོད་པ་རྒྱ་མཚོ་འདི་བསྟེན་དོན་ཡོད་འགྱུར། ། ས་བྱ་ཟླ་༡༢ཚེས་༩གུང་ཐུན་ལ་དབྱངས་ཅན་དཀར་མོ་བསྙེན་པའི་ཐུན་གསེང་དུ་བྲིས་པ་དགེའོ།། ༈ །། དབྱངས་ཅན་བསྟོད་པ་ མཆོག་གྲུབ་ཅེས་བྱ་བ། ཨོཾ། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །རྒྱལ་ཀུན་ཤེས་རབ་ལྷ་མོར་ཕྱག་འཚལ་བསྟོད། །ཡེ་ཤེས་མེ་ལོང་ཁྱོད་ལ་ཕྱག་འཚལ་བསྟོད། །མཛེས་སྡུག་མཚུངས་མེད་ཁྱོད་ལ་ཕྱག་ འཚལ་བསྟོད། ༡ །སྨྲ་བའི་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་བྱའི་དོན་ཀུན་སྟོན་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་ཀུན་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །འགྲོ་ལ་མ་བཞིན་བརྩེ་ལ་ཕྱག་འཚལ་བསྟོད། ༢ ། གདུལ་བྱ་བུ་བཞིན་སྐྱོང་ལ་ཕྱག་འཚལ་བསྟོད། །སྐལ་ལྡན་རྗེས་སུ་འཛིན་ལ་ཕྱག་འཚལ་བསྟོད། །གཟུངས་སྤོབས་བློ་གྲོས་སྩོལ་ལ་ཕྱག་འཚལ་བསྟོད། །ངག་གི་དབང་ཕྱུག་སྦྱིན་ལ་ཕྱག་འཚལ་བསྟོད། ༣ །ཚངས་ 23-1-47b པའི་སྲས་མོ་སྒྲ་དབྱངས་རྒྱ་མཚོའི་དཔྱིད། །སྲིད་ཞིའི་དྭངས་བཅུད་སྙིང་པོར་གྱུར་པའི་གཟུགས། །ངག་ཚིག་སྤོབས་པ་མི་ཟད་གཏེར་གྱུར་མ། །དྲན་པས་མཆོག་སྩོལ་ཁྱོད་ལ་ཕྱག་འཚལ་བསྟོད། ༤ །བདག་གིས་ཁྱོད་དྲན་ མཆོད་བསྟོད་གསོལ་འདེབས་ན། །སྐྱེ་བ་ཀུན་ཏུ་ཁྱེད་ཀྱིས་རྗེས་འཛིན་ཅིང་། །གཟུགས་བཟང་བློ་གསལ་སྨྲ་བ་རྣམ་དག་དང་། །ཡེ་ཤེས་སྤོབས་པ་མི་ཟད་རྙེད་པར་ཤོག ༥ །ཚིགས་སུ་བཅད་པ་སྟོབས་ལྔའི་གྲངས་ལྡན་འདི་ ནི་རབ་ཚེས་ས་བྱ་ཟླ་༩ ཚེས་༣༠ལ་མི་ཕམ་པ་མཚོ་བྱུང་བཞད་པའི་གེ་སར་གྱིས་བྲིས་པ་དགེའོ།། ༈ །། རིགས་བྱེད་མའི་བསྟོད་གསོལ་དབང་གི་ལྕགས་ཀྱུ་རྣོན་པོ་བཞུགས་སོ། །ཧྲཱིཿ རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས་ རྗེའི་དཔྱིད། །བདེ་སྟོང་དབང་གི་ལྷ་མོར་ལེགས་ཤར་བའི། །ཡིད་འཕྲོག་སྐུ་ཡི་བཀོད་པས་འཇིག་རྟེན་གསུམ། །དབང་མཛད་རིགས་བྱེད་དབང་མོ་ཁྱོད་ལ་འདུད། ༡ །ཁྱོད་ནི་འཕོ་མེད་ཡེ་ཤེས་སྐུ་ཅན་ཏེ། །སྲས་བཅས་ རྒྱལ་བ་ཀུན་དང་མཉམ་ཉིད་ཀྱང་། །གཟུང་འཛིན་ཀུན་རྟོག་གཡོ་བའི་ཡིད་ཅན་རྣམས། །མི་གཏོང་རྡོ་རྗེ་ཆགས་པའི་རོལ་པས་སྙེམས། ༢ །ཆགས་པས་ཁྲིད་ནས་འཕོ་བའི་སྡུག་བསྔལ་རྒྱུན། །ཁོར་མོར་མྱོང་བའི་འགྲོ་ཀུན་ ཕོམས་པ་ལས། །སྒྲོལ་མཛད་མྱུར་མ་དཔའ་མོ་རིགས་བྱེད་མ། །བདེ་ཆེན་དབང་གི་རྒྱལ་མོ་ཁྱོད་ལ་འདུད། ༣ །རབ་དམར་ཆགས་པའི་མདངས་ལྡན་ཡིད་འཕྲོག་གཟུགས། །ཨུཏྤལ་མདའ་གཞུས་ས་གསུམ་བརྟན་པ་ 23-1-48a འཕྲོག །བརྟན་གཡོའི་དྭངས་བཅུད་གཡོ་ཞིང་སྡུད་མཛད་པའི། །བདེ་ཆེན་དབང་གི་འོད་དམར་ཀུན་ཏུ་ཁྱབ། ༤ །ཆགས་མེད་སྐྱོན་བྲལ་ནམ་མཁའ་ལྟ་བུ་ཡི། །ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ པར། །ཆགས་པ་ཅན་ལ་རྗེས་སུ་ཆགས་པའི་སྐུ། །པདྨ་བཞད་པའི་རྣམ་འགྱུར་སྟོང་འབར་མ། ༥ །ཁྱོད་ཀྱི་སྐུ་མཆོག་ཡིད་ལ་དྲན་ཙམ་གྱིས། །ས་གསུམ་དབང་བྱེད་ལྕགས་ཀྱུ་རྣོན་པོར་འགྱུར། །རིག་སྔགས་ཨུཏྤལ་ དམར་པོའི་ཞགས་པ་ཡིས། །འགུག་ཅིང་འཆིང་བར་མི་ནུས་གང་ཡང་མེད། ༦ །བདག་སེམས་མ་སྐྱེས་འོད་གསལ་བདེ་བ་ཆེའི། །རོལ་པའི་ཆོ་འཕྲུལ་ཁྱོད་ཀྱི་སྐུར་བསྒོམ་སྟེ། །དབང་བྱེད་རིག་སྔགས་བཟླས་པས་ རྒྱུད་བསྐུལ་ན། །ས་གསུམ་འགྲོ་བ་གང་དང་གང་དམིགས་ལ། ༧ །ཁབ་ལེན་རྡོ་ཡིས་ལྕགས་བཞིན་ཆགས་པའི་སེམས། །རང་དབང་མེད་པར་གཡོ་ཞིང་བསྐྱོད་མཛད་དེ། །མོས་པ་རྣམ་བཞིའི་ཚུལ་གྱིས་གདུལ་བྱ་ རྣམས། །ད་ལྟ་ཉིད་དུ་བདག་གི་དབང་དུ་མཛོད། ༨ །གཟུང་འཛིན་ཀུན་རྟོག་གཡོ་བའི་འཁྱགས་རོམ་རྣམས། །བདེ་བའི་མེ་དཔུང་འབར་བས་བཞུས་ནས་ཀྱང་། །དྭངས་བཅུད་བདུད་རྩི་སྙིང་གི་དཔྱིད་དུ་ཁུག །རོ་མཉམ་ བདེ་ཆེན་ཐིག་ལེར་རོ་གཅིག་མཛོད། ༩ །ཉི་ཟླའི་བགྲོད་པ་སྒྲ་གཅན་ལམ་དུ་ཞུགས། །ཀུན་རྟོག་གཡོ་བ་འཕོ་མེད་དབྱིངས་སུ་བསྟིམ། །གཉུགས་མ་བདེ་བ་ཆེན་པོའི་ངང་ཉིད་དུ། །སྣང་སྲིད་དབང་དུ་བྱེད་པའི་མཆོག་ 23-1-48b སྩོལ་ཅིག ༡༠། ཅེས་ཚིགས་སུ་བཅད་པ་དབང་བཅུའི་གྲངས་ལྡན་འདི་ནི་མི་ཕམ་པ་པདྨ་བཞད་པ་རྩལ་གྱིས་རབ་ཚེས་དབྱུག་ཟླའི་དམར་ཕྱོགས་རྒྱལ་བ་གསུམ་པའི་དགོང་མོར་འཕྲལ་བཀོད་མངྒ་ལཾ།། ༈ །། མགོན་པོ་སྤྱན་རས་གཟིགས་ལ་བསྟོད་པ་དབུགས་འབྱིན་ཆེན་པོ་ཞེས་བྱ་བ་བཞུགས་སོ། །ཨོཾ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སྲས་བཅས་ཀྱི། །སྙིང་རྗེའི་རང་གཟུགས་མགོན་པོ་སྤྱན་རས་གཟིགས། ། ནམ་མཁའ་ལྟ་བུར་ཀུན་ཁྱབ་ཡེ་ཤེས་སྐུ། །ཡོན་ཏན་ཚད་དཔག་མེད་ལ་ཕྱག་འཚལ་བསྟོད། །ཕྱོགས་དུས་གང་ན་རྒུད་པས་ཉམ་ཐག་པ། །དེ་ཡིས་ཁྱོད་མཚན་དྲན་ཅིང་སྐྱབས་གསོལ་ན། །དེ་མ་ཐག་ཏུ་མཁྱེན་ཅིང་ དགོངས་ནས་སུ། །མགོན་དང་སྐྱབས་སུ་འགྱུར་ཞེས་དམ་བཅའ་མཛད། །མནར་མེད་དམྱལ་བ་ཆེན་པོར་སོང་རྣམས་ལ། །ཐུགས་རྗེའི་ར་མདའ་མཛད་པའི་མོད་ཉིད་དུ། །མེ་དཔུང་དྲག་ཏུ་འབར་བའི་ཁང་སྒྲོམ་ རྣམས། །ཡིད་འོང་པད་ཚལ་བཞད་པའི་རྫིང་བུར་འགྱུར། །རབ་ཏུ་ཉམ་ཐག་བཀྲེས་པས་ཉེན་པ་ཡིས། །ཡི་དྭགས་ཚོགས་ལ་ཟས་སྐོམ་བདུད་རྩིའི་ཆར། །འདོད་དགུར་བསྟབ་ཅིང་དྲི་མེད་ལྷ་ཡི་ལུས། །མོད་ལ་ཐོབ་ པའི་སྐལ་བཟང་ཁྱོད་ཀྱིས་སྦྱིན། །མུན་པའི་འཐིབས་བོར་བླང་དོར་མི་ཤེས་ཤིང་། །རྨོངས་པས་སྙིང་བཀབ་དུད་འགྲོའི་རིགས་རྣམས་ལ། །སྣ་ཚོགས་གཟུགས་ཀྱིས་བདེ་དང་ཐར་པའི་ལམ། །ཅི་དགར་མཐོང་བའི་སྣང་ 23-1-49a བ་ཡངས་པོར་འགྱེད། །འདོད་པས་མྱོས་པའི་ལྷ་རྣམས་སད་བྱེད་ཅིང་། །ན་རྒ་འཆི་བས་ཉེན་ལ་དབུགས་དབྱུང་སྩོལ། །ཉོན་མོངས་མདུད་པ་དྲག་པོ་ཐབས་ཀྱིས་དགྲོལ། །སྐྱེ་རྒུའི་གཉེན་མཆོག་ མཚུངས་པ་མེད་པ་ཁྱེད། །བརྒལ་དཀའ་སྲིན་མོའི་གླིང་དུ་ཚུད་པ་རྣམས། །བདེ་བར་ཕ་རོལ་སྒྲོལ་བྱེད་རྟའི་རྒྱལ་པོ། །བ་ལ་ཧ་སོགས་རྣམ་མང་གཟུགས་དག་གིས། །རྣམ་པ་སྣ་ཚོགས་སྐྱེ་རྒུའི་དོན་ལ་བརྩོན། །གང་གིས་ ཁྱེད་མཚན་དྲན་པའི་མོད་ཉིད་དུ། །འཇིགས་པ་རྣམས་ལ་མི་འཇིགས་མཆོག་སྦྱིན་ཞིང་། །ཇི་ལྟར་འདོད་པའི་རེ་བ་ཡིད་བཞིན་སྐོང་། །འཇིགས་པ་ཀུན་བྲལ་གཏན་བདེའི་གནས་སུ་འདྲེན། །མུ་མེད་ནམ་མཁའི་མུ་ ཁྱུད་ཆེས་ཡངས་ཤིང་། །ཐོག་མཐའ་མེད་པའི་དུས་གསུམ་མཐའ་རིང་ལ། །འགྲོ་བའི་ལས་སྣང་འདི་ཡང་ཚད་མེད་ཀྱང་། །དེ་སྙེད་ཁྱོད་ཀྱི་རྣམ་ཐར་རྒྱ་མཚོས་ཁྱབ། །ཤེས་བྱའི་ཁོང་ན་ཕན་བདེ་ཅི་མཆིས་པ། ། འགྲོ་འདིར་ཁྱེད་ཀྱིས་མ་བསྟབས་གང་ཡང་མེད། །སྲས་བཅས་རྒྱལ་བའི་རྣམ་ཐར་རྒྱ་མཚོ་ཡང་། །ཁྱོད་དང་དོན་གཅིག་མཉམ་པ་ཉིད་དུ་ཞུགས། །ཨོཾ་ནི་བདེ་བ་ཆེན་པོ་རྟག་པའི་བདག །སྐུ་ལྔ་ཡེ་ཤེས་ལྔ་དང་ཡེ་ནས་ ལྡན། །རིགས་བདག་རྒྱལ་བ་མཆོག་དང་དབྱེར་མེད་པ། །མཉམ་ཉིད་ནམ་མཁའི་རྒྱལ་པོ་ཁྱེད་ལ་འདུད། །མ་ནི་ཆོས་དབྱིངས་ཡུམ་གྱི་མཁའ་དབྱིངས་སུ། །འགྲོ་ཀུན་བདེ་བར་སྒྲོལ་བའི་རྣམ་ཐར་ཤུགས། །འབད་པ་ 23-1-49b མེད་པར་ལྷུན་གྱིས་གྲུབ་པ་ཡི། །མི་རྟོག་སྤྲོས་དང་བྲལ་བ་ཁྱེད་ལ་འདུད། །ཎི་ནི་སྙིང་རྗེའི་ཐབས་མཆོག་དཔའ་བོའི་གཟུགས། །སེང་གེ་སྒྲ་སོགས་ཕྱོགས་བཅུའི་འཇིག་རྟེན་དུ། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རོལ་པར་སྟོན། ། མ་ལུས་འགྲོ་ཀུན་སྐྱོབ་མཛད་ཁྱེད་ལ་འདུད། །པད་ནི་འདམ་སྐྱེས་པད་ལྟར་དྲི་མེད་ཅིང་། །སྙིང་རྗེས་རྗེས་ཆགས་བདེ་བ་ཆེན་པོའི་དཔལ། །དོན་ཡོད་ཞགས་པས་འགྲོ་ཀུན་ཡིད་རབ་འདྲེན། །ས་གསུམ་རེ་བ་སྐོང་མཛད་ ཁྱེད་ལ་འདུད། །མེ་ནི་མཐའ་ཡས་འགྲོ་བའི་མོས་པ་དང་། །རྗེས་སུ་མཐུན་པར་སྣ་ཚོགས་རོལ་པའི་གར། །ཕྱོགས་དང་དུས་ཀྱི་མུ་མཐར་ཁྱབ་མཛད་པ། །འཇིག་རྟེན་སྐྱོང་བའི་དབང་ཕྱུག་ཁྱེད་ལ་འདུད། །ཧཱུྃ་ནི་རྟ་མཆོག་ རོལ་པ་དྲག་པོའི་སྐུ། །ཡེ་ཤེས་ཁྲོས་པའི་ཤུགས་ཀྱིས་བདུད་དཔུང་འཇོམས། །འབར་བའི་གཟི་བྱིན་མཁའ་དང་མཉམ་པར་བརྡལ། །གདུག་པ་མ་ལུས་འདུལ་མཛད་ཁྱེད་ལ་འདུད། །ཧྲཱིཿནི་ཕྱག་སྟོང་སྤྱན་སྟོང་བཅུ་ གཅིག་ཞལ། །བདུད་དཔུང་འཇིགས་མཛད་འགྲོ་ཀུན་རྗེས་སུ་འཛིན། །དྲན་པ་ཙམ་གྱིས་ཡིད་བཞིན་མཆོག་སྩོལ་པ། །དངོས་གྲུབ་འདོད་རྒུའི་གཏེར་ཆེན་ཁྱེད་ལ་འདུད། །སྲས་བཅས་རྒྱལ་བ་ཀུན་གྱིས་ཁྱོད་བསྔགས་ཀྱང་། ། ཡོན་ཏན་མཐའ་ལ་ཐུག་པ་མེད་མོད་ཀྱི། །མཚུངས་མེད་རྒྱལ་བའི་ལུང་གི་རྗེས་འབྲངས་ཏེ། །དམན་པ་བདག་ཀྱང་ཁྱོད་ལ་ཅུང་ཟད་བསྟོད། །འདི་ན་ཐོག་མེད་འཁྲུལ་པའི་དབང་སོང་སེམས། །ལས་དང་ཉོན་མོངས་བག་ 23-1-50a ཆགས་རྒྱས་བཅིངས་ཤིང་། །སྡུག་བསྔལ་སྣ་ཚོགས་བརྒལ་བར་དཀའ་བ་ཡི། །ཕ་མཐའ་མི་མངོན་ཆུ་གཏེར་དབུས་སུ་ལྷུང་། །ཐུགས་རྗེ་ཆེ་མངའ་རྒྱལ་དང་དེ་སྲས་ལ། །ཉིན་མཚན་གདུང་བས་འོ་ དོད་བོས་ན་ཡང་། །བྱུར་ངན་རང་གི་ཉེས་པས་རང་བསྒྲིབས་ནས། །བྱིན་བས་དབུགས་དབྱུང་ཆ་ཙམ་མི་སྣང་བའི། །ཉམ་ཐག་ཡི་ཆད་སྐྱབས་དང་མགོན་བྲལ་བ། །ཤིན་ཏུ་ཕོངས་པར་གྱུར་པ་བདག་ཅག་རྣམས། །སྙིང་ རྗེའི་ཡུལ་དུ་ལྷག་པར་སོང་བས་ན། །མགོན་པོ་ཁྱོད་ཀྱི་དམ་བཅའ་མ་བསྙེལ་ཅིག །ཀྱེ་མ་ཀྱི་ཧུད་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེས་དགོངས་ཤིག་ད་ལྟ་ཉིད་དུ་ཡང་། །ཡེ་ཤེས་ཐུགས་རྗེ་ཚད་དཔག་མེད་པ་ ཡིས། །བྱིན་རླབས་ཆེན་པོའི་དབུགས་དབྱུང་བདག་ལ་སྩོལ། །ནད་དང་ཉོན་མོངས་རྒུད་པའི་སྐལ་བ་ལས། །མྱུར་བ་ཉིད་དུ་བདེ་བར་བསྒྲལ་བ་དང་། །ཡིད་ལ་ཅི་ལྟར་རེ་བའི་དོན་མཆོག་རྣམས། །ཡོངས་སུ་འགྲུབ་པའི་ དགའ་སྟོན་ཉེ་བར་སྩོལ། །བདག་ཀྱང་ཁྱེད་ཀྱི་རྣམ་ཐར་རྗེས་ཞུགས་ཏེ། །མཐའ་ཡས་འགྲོ་ལ་ཕན་བདེའི་དཔལ་སྦྱིན་ཅིང་། །ཁྱེད་དང་དབྱེར་མེད་མཉམ་ཉིད་ཡེ་ཤེས་སྐུ། །གདོན་མི་ཟ་བར་མྱུར་དུ་འགྲུབ་པར་ཤོག ། ཅེས་པའང་ས་ཕག་ཟླ་༡༠ཚེས་༡༤དགོང་མོར་འཕྲལ་དུ་མི་ཕམ་པས་བྲིས་པ་དགེ། ༈ །དཔལ་ལྡན་མི་གཡོ་བའི་བསྟོད་པ་བདུད་ལས་རྣམ་རྒྱལ་བཞུགས། ཧཱུྃ། རྒྱལ་བ་ཀུན་གྱི་ཐུགས་མཆོག་རྡོ་རྗེའི་རིགས། ། 23-1-50b བདེ་གཤེགས་མི་འཁྲུགས་རྒྱལ་པོ་རྡོ་རྗེ་སེམས། །ཧཱུྃ་ལས་བདེ་ཆེན་དཔའ་བོ་རྡོ་རྗེའི་སྐུ། །རྡོ་རྗེའི་ཁྲོ་བོ་མཆོག་ལ་ཕྱག་འཚལ་བསྟོད། ༡ །སྲས་བཅས་རྒྱལ་བའི་ཡེ་ཤེས་ཐུགས་རྗེའི་ཤུགས། །བདུད་འདུལ་ཁྲོ་བོ་མཆོག་གི་ སྐུར་ཤར་བ། །གཏུམ་དྲག་ཉམས་བརྒྱས་རོལ་པའི་ཧེ་རུ་ཀ །དཔལ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། ༢ །མཐིང་ནག་དུས་མཐའི་སྤྲིན་འདྲ་བཟོད་དཀའི་གཟུགས། །ཡེ་ཤེས་རལ་གྲིས་བདུད་བཞིའི་གཡུལ་ འཇོམས་ཤིང་། །སྡིགས་མཛུབ་ཞགས་པས་ཉེར་འཚེ་མཐའ་དག་འཆིང་། །དྲན་པས་བདུད་དཔུང་འཇོམས་ལ་ཕྱག་འཚལ་བསྟོད། ༣ །ཡེ་ཤེས་མེ་ཕུང་འབར་བའི་དབུས་ཉིད་ན། །པད་ཉིའི་གདན་ལ་ཞབས་གཡོན་པུས་ བཙུགས་འགྱིང་། །རབ་བརྗིད་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད། ༤ །ཧཱུྃ་ཕཊ་ང་རོས་ས་གསུམ་ལོག་འདྲེན་འདུལ། །སྐུ་གསུང་ཐུགས་ཀྱི་རོལ་པ་མཐའ་ ཡས་ཀྱང་། །བདེ་ཆེན་འོད་གསལ་དབྱིངས་ལས་གཡོ་བ་མེད། །མི་གཡོ་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། ༥ །མཉམ་ཉིད་བདེ་ཆེན་དབྱིངས་སུ་ཀུན་མཉམ་ཡང་། །གཟུང་འཛིན་ཀུན་རྟོག་གཡོ་བའི་རླབས་འཁྲིགས་ པའི། །རང་སྣང་འཇིགས་པའི་རྒྱ་མཚོར་འཕྱན་པ་རྣམས། །ཐུགས་རྗེས་ངེས་པར་སྐྱོབས་ལ་ཕྱག་འཚལ་བསྟོད། ༦ །གསོལ་བ་འདེབས་སོ་དཔལ་ལྡན་མི་གཡོ་བ། །ཉམ་ཐག་འགྲོ་བ་ཀུན་གྱི་མགོན་གཅིག་པུ། །ཁྱེད་ཀྱི་ 23-1-51a གསང་གསུམ་ཡེ་ཤེས་རྡོ་རྗེ་ཡིས། །བདག་ཅག་བྱིན་རློབས་བདུད་ཀྱི་དཔུང་ཆོམས་ཤིག ༧ །དེང་ནས་བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །ལྷ་མཆོག་ཁྱེད་དང་དབྱེར་མེད་ཉིད་གྱུར་ནས། །བདུད་དང་བར་ ཆད་འཇིགས་པ་ཀུན་བསལ་ཏེ། །འཇིགས་མེད་བདེ་ཆེན་རྡོ་རྗེའི་དཔལ་སྩོལ་ཅིག ༨ །ཅེས་མི་གཡོ་བའི་བསྟོད་གསོལ་ཚིགས་སུ་བཅད་པ་ས་བརྒྱད་པ་མི་གཡོ་བའི་གྲངས་ལྡན་འདི་ཉིད་ས་བྱ་དབྱུག་ཟླའི་ཚེས་ཉེར་གསུམ་ ལ་མི་ཕམ་མི་བསྐྱོད་རྡོ་རྗེས་བྲིས་པའོ། ། མངྒ་ལཾ།། ༈ །། སློབ་དཔོན་ཆེན་པོའི་བསྟོད་པ་སྐུ་གསུམ་མ་ཞེས་བྱ་བ་བཞུགས་སོ། །སྐུ་གསུམ་རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་ཤུགས། །གཅིག་བསྡུས་རིག་ འཛིན་རྒྱལ་པོའི་ཚུལ་འཆང་བ། །བདེ་ཆེན་མཁའ་འགྲོའི་དབང་ཕྱུག་རྡོ་རྗེའི་སྐུ། །པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད། ༡ །སྣང་བ་མཐའ་ཡས་མགོན་པོ་སྤྱན་རས་གཟིགས། །དབྱེར་མེད་སིནྡྷུའི་དྭངས་མཚོར་ སྤྲུལ་པའི་སྐུ། །འཇིག་རྟེན་གསུམ་ན་ཆེ་བའི་རིག་སྔགས་འཆང་། །མཉམ་མེད་བླ་མ་ཁྱེད་ལ་ཕྱག་འཚལ་བསྟོད། ༢ །པདྨ་ལས་འཁྲུངས་པདྨ་བཞད་པའི་ཞལ། །མཚན་དཔེའི་གཟི་འབར་རྒྱལ་ཀུན་ཞལ་སྐྱིན་ མཆོག །འཇིག་རྟེན་མངའ་བསྒྱུར་མཚུངས་མེད་རྒྱལ་བའི་སྲས། །བདེ་མཆོག་པདྨ་རྒྱལ་པོར་ཕྱག་འཚལ་བསྟོད། ༣ །གནས་ཡུལ་རྣམས་སུ་བརྟུལ་ཞུགས་སྤྱོད་པ་བསྐྱངས། །མ་ཚོགས་དྲེགས་པ་དབང་བསྡུས་ 23-1-51b ལས་ལ་བཀོལ། །ས་སྟེང་ཀུན་ཏུ་གསང་སྔགས་བསྟན་པ་སྤེལ། །ཉི་མ་འོད་ཟེར་ཞབས་ལ་ཕྱག་འཚལ་བསྟོད། ༤ །ཤེས་བྱའི་གནས་རྣམས་གཟིགས་པ་ཙམ་གྱིས་རྟོགས། །ལྔ་རིག་ཀུན་མཁྱེན་མཁས་པའི་ཕུལ་ དུ་ཕྱིན། །འཇམ་པའི་དབྱངས་དང་དབྱེར་མེད་རྒྱལ་བའི་སྲས། །བློ་ལྡན་མཆོག་སྲེད་ཁྱེད་ལ་ཕྱག་འཚལ་བསྟོད། ༥ །སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་དྲུག་གི། དགོངས་སྤྱོད་མཐར་ཕྱིན་རྒྱལ་དང་རྒྱལ་སྲས་ཀྱི། ། རྣམ་ཐར་རྒྱ་མཚོའི་ཚུལ་ལ་མངའ་དབང་བརྙེས། །པདྨ་སཾ་བྷ་བ་ལ་ཕྱག་འཚལ་བསྟོད། ༦ །རྒྱལ་བ་མཆོག་ཉིད་སླར་ཡང་བྱོན་པ་བཞིན། །རྣམ་དག་ཕུང་པོ་ལྔ་འཆང་མཆོག་སྤྲུལ་ཚུལ། །ཆོས་མཆོག་སེང་གེའི་སྒྲ་དབྱངས་ ས་གསུམ་བསྒྲགས། །ཤཱཀྱ་སེང་གེ་ཁྱོད་ལ་ཕྱག་འཚལ་བསྟོད། ༧ །འཆི་མེད་རྡོ་རྗེའི་ཚེ་དང་རིག་འཛིན་ས། །དངོས་གྲུབ་ཀུན་གྱི་མངའ་དབང་དམ་པ་བརྙེས། །དཀྱིལ་འཁོར་ཀུན་གྱི་གཙོ་དང་གཉིས་སུ་མེད། །པདྨ་ འབྱུང་གནས་ཁྱེད་ལ་ཕྱག་འཚལ་བསྟོད། ༨ །བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་བ་རྣམས། །རྫུ་འཕྲུལ་ཆེན་པོས་མིང་གི་ལྷག་མར་བྱས། །ཆེ་བཙན་འགྲན་མེད་རྡོ་རྗེའི་མཐུ་སྟོབས་བདག །སེང་གེ་སྒྲ་སྒྲོགས་ཁྱེད་ ལ་ཕྱག་འཚལ་བསྟོད། ༩ །གངས་ཅན་ལྗོངས་སུ་རྒྱལ་བའི་བསྟན་པ་སྤེལ། །ནག་པོའི་རྩ་ལག་རྡོ་རྗེའི་མཐུ་ཡིས་བཏུལ། །ས་སྟེང་ཐམས་ཅད་ཟབ་མོའི་གཏེར་གྱིས་བཀང་། །རྡོ་རྗེ་གྲོ་ལོད་རྩལ་ལ་ཕྱག་འཚལ་བསྟོད། 23-1-52a ༡༠ །སྐུ་གཅིག་མཚན་བརྒྱད་འཕྲུལ་མཚན་ཉི་ཤུ་དང་། །མི་འཇེད་འཇིག་རྟེན་སོ་དྲུག་ལ་སོགས་པར། །མཐའ་ཡས་སྤྲུལ་པའི་ཞིང་ཁམས་ཀུན་ཏུ་ཁྱབ། །སྒྱུ་འཕྲུལ་རྒྱལ་པོ་ཁྱེད་ལ་ཕྱག་ འཚལ་བསྟོད། ༡༡ །རྒྱལ་སྲས་སེམས་དཔའ་བརྒྱད་དང་སྒྲུབ་སྡེ་བརྒྱད། །ལ་སོགས་རྒྱལ་བ་རྒྱལ་སྲས་རྒྱ་མཚོ་དང་། །དབྱེར་མེད་བླ་མ་དཀྱིལ་འཁོར་ཀུན་གྱི་བདག །མཚུངས་མེད་འདྲེན་པ་ཁྱོད་ལ་ཕྱག་ འཚལ་བསྟོད། ༡༢ །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་ནས། །སྙིགས་མའི་འགྲོ་བ་བསྐྱབ་པར་མཛད་པའི་ཕྱིར། །བྱིན་རླབས་ཐུགས་རྗེ་ལྷག་པར་མྱུར་བ་ཡིས། །ལས་ཅན་རྗེས་སུ་འཛིན་ལ་ཕྱག་འཚལ་ བསྟོད། ༡༣ །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །རྣམ་པ་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རིག་འཛིན་རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་སྟོན། །ཀུན་ལས་ཆེ་བ་སངས་རྒྱས་རིག་སྔགས་འཆང་། ༡༤། རང་བྱུང་ཀུན་ཏུ་བཟང་པོ་ཁྱོད་ཉིད་ལ། །མི་ཕྱེད་དད་པས་ལེགས་པར་བསྟོད་པ་ཡི། །བསོད་ནམས་ཉིན་མོར་བྱེད་པའི་འོད་ཟེར་གྱིས། །མཚོ་སྐྱེས་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག ༡༥ །སྣོད་བཅུད་རྒུད་པ་མཐའ་དག་ རབ་ཏུ་ཞི། །དཔལ་དང་གྲགས་པ་བཀྲ་ཤིས་བདེ་ལེགས་འཕེལ། །འགྲོ་ཀུན་མཚུངས་མེད་གུ་རུས་རྗེས་བཟུང་ནས། །རང་བྱུང་པདྨའི་གོ་འཕང་མཆོག་ཐོབ་ཤོག ༡༦ །ཅེས་ཚིགས་སུ་བཅད་པ་དགའ་བ་བཅུ་དྲུག་གི་ 23-1-52b གྲངས་ལྡན་འདི་ནི་ཟིལ་གནོན་མེ་རྟ་ཟླ་བ་བརྒྱད་པའི་ཚེས་ཉེར་བདུན་ལ་མི་ཕམ་འཇམ་དཔལ་དགྱེས་པས་སྤེལ་བ་དགེ་ལེགས་འཕེལ།། ༈ །། མཁན་ཆེན་བསྟོད་པ་འཇམ་དཔལ་མ་ཞེས་བྱ་བ་བཞུགས་སོ། ། འཇམ་དཔལ་དཔའ་བོའི་ཞབས་པད་དྲི་མེད་ཉིད། །ཡན་ལག་མཆོག་གི་པདྨར་རབ་བཀོད་ནས། །ཟབ་རྒྱས་ཆོས་ཚུལ་དངོས་སུ་ལེགས་ནོད་པ། །མཁན་ཆེན་ཞི་བ་འཚོ་ལ་ཕྱག་འཚལ་བསྟོད། ༡ །བསྟན་པའི་རྩ་བ་སོ་ སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་ངུར་སྨྲིག་རྒྱལ་མཚན་འཆང་། །སྡོམ་བརྩོན་སྡེ་སྣོད་འཛིན་པའི་རྒྱལ་པོར་བསྔགས། །ཤཱཀྱའི་སྲས་གཅིག་ཁྱེད་ལ་ཕྱག་འཚལ་བསྟོད། ༢ །ཟབ་ཡངས་ཏིང་འཛིན་རྒྱ་མཚོ་ཆེན་ པོའི་ཀློང་། །མངོན་ཤེས་ལ་སོགས་ཡོན་ཏན་ནོར་བུའི་གཏེར། །རྒྱལ་སྲས་སྤྱོད་པའི་རླབས་ཕྲེང་ཆེར་གཡོ་བ། །བྱང་ཆུབ་སེམས་དཔའི་མཆོག་ལ་ཕྱག་འཚལ་བསྟོད། ༣ །གཞལ་བྱ་བདེན་པ་གཉིས་ཀྱི་ཆོས་ཚུལ་ཀུན། ། ཡང་དག་རིགས་པའི་ལམ་ནས་གསལ་མཛད་པའི། །ཤེས་རབ་ཉི་ཟླའི་འོད་ཀྱིས་ས་སྟེང་ཁྱབ། །མཁས་པའི་དབང་པོ་ཁྱེད་ལ་ཕྱག་འཚལ་བསྟོད། ༤ །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན། །དབུ་སེམས་ ཟུང་འཇུག་ཤིང་རྟའི་ལམ་སྲོལ་ཕྱེས། །འཕགས་པའི་ཡུལ་ན་ཉི་ཟླ་ལྟ་བུར་གྲགས། །བསྟན་པའི་རྒྱན་གཅིག་ཁྱེད་ལ་ཕྱག་འཚལ་བསྟོད། ༥ །གངས་ཅན་མུན་པའི་ཁྲོད་དུ་རྒྱལ་བསྟན་མཆོག །སྣང་བའི་སྒོ་ཆེན་ཐོག་ 23-1-53a མར་ཁྱོད་ཀྱིས་ཕྱེས། །ཡང་དག་ལུང་དང་རིགས་པའི་རྒྱལ་རྔ་བསྒྲགས། །མཁན་ཆེན་ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་བསྟོད། ༦ ། བགྲང་བྱ་བརྒྱ་ཕྲག་དགུ་ཡི་གྲངས་བཞུགས་ཏེ། །འཕགས་ ཡུལ་རྒྱ་ནག་གངས་ཅན་ལ་སོགས་པར། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་བསྒྲེང་། །བསྟན་འཛིན་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད། ༧ །རྨད་བྱུང་ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོ་དང་། །ཐབས་ལ་ མཁས་པའི་རྣམ་རོལ་སྣ་ཚོགས་ཀྱིས། །བཟང་པོའི་ཕྲིན་ལས་ས་སྟེང་ཀུན་ཏུ་ཁྱབ། །བཀའ་དྲིན་འགྲན་མེད་ཁྱེད་ལ་ཕྱག་འཚལ་བསྟོད། ༨ །མཐུ་སྟོབས་བདག་པོར་གྱུར་ཀྱང་བྱམས་བརྩེའི་ངང་། །ཡོན་ཏན་རྒྱ་མཚོས་ འབྱོར་ཀྱང་སྙེམས་མེད་ཞི། །གསང་སྔགས་ས་ལམ་རྫོགས་ཀྱང་དགེ་སྦྱོང་ཚུལ། །དམན་རྣམས་རྗེས་སུ་འཛིན་ལ་ཕྱག་འཚལ་བསྟོད། ༩ །བོད་འདིར་རྒྱལ་བསྟན་ཇི་སྲིད་གནས་ཀྱི་བར། །སྤྲུལ་པའི་བསྟན་འཛིན་ཡང་ ཡང་འབྱོན་པ་དང་། །བསྟན་ལ་བྱ་བ་བྱེད་པར་ཞལ་གྱིས་བཞེས། །གངས་ཅན་མགོན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། ༡༠ །གང་སྐུ་བསྒོམ་པས་བསྟན་པའི་མངའ་ཐང་འཕེལ། །ཚུལ་ཁྲིམས་རྣམ་དག་ཏིང་འཛིན་ ཤེས་རབ་རྒྱས། །མཐར་གྱིས་རྡོ་རྗེ་འཛིན་རྒྱལ་འགྱུར་ཞེས་གསུངས། །དཔག་མེད་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་བསྟོད། ༡༡ །དུས་མཐར་རྒྱལ་བའི་བསྟན་པ་ཉམས་དམའ་ཞིང་། །བསྟན་རྗེས་འཇུག་རྣམས་ 23-1-53b ཤིན་ཏུ་ཉམ་ཐག་ཚེ། །ཁྱེད་ཉིད་དྲན་པས་སྐྱོབས་པར་འགྱུར་རོ་ཞེས། །ཞལ་བཞེས་རྗེས་སུ་དྲན་ནོ་ཐུགས་རྗེ་ཅན། ༡༢ །དེང་དུས་སྙིགས་མ་ལྔས་བཅོམ་འགྲོ་བ་རྣམས། །ཡང་དག་ལྟ་བའི་དམིགས་རྣམ་རྙེད་དཀའ་ ཞིང་། །ཚུལ་ཁྲིམས་ཏིང་འཛིན་བདུད་རྩིའི་སྐལ་བས་དབེན། །བསྟན་ལ་འཚེ་བའི་ཕྱོགས་རྣམས་ཆེས་ཆེར་བདོ། ༡༣ །ཆར་ལྡན་དུས་བཟང་རྫོགས་པའི་ནམ་གཞུག་བཞིན། །ཅི་ལ་བསམས་ཀྱང་སྐྱོ་བའི་དུས་འདི་ན། ། རྒྱལ་ཀུན་མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན། །མགོན་པོ་ཁྱོད་ཀྱི་དམ་བཅའ་མ་བསྙེལ་ཅིག ༡༤ །སྡེ་སྣོད་རྒྱུད་སྡེའི་འཆད་ཉན་དར་བ་དང་། །བསླབ་གསུམ་རིམ་གཉིས་རྣལ་འབྱོར་གོང་དུ་འཕེལ། །ལུང་རྟོགས་ བསྟན་པའི་མངའ་ཐང་རབ་རྒྱས་པའི། །རྫོགས་ལྡན་དུས་བཟང་གསར་དུ་ངོམས་པར་མཛོད། ༡༥ །སྐྱེ་བ་ཀུན་ཏུ་ཁྱེད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་དགྱེས་པའི་ལམ་ལས་མི་གཡོ་ཞིང་། །མཐའ་ཡས་འགྲོ་བ་ ཀུན་ཀྱང་རྒྱལ་ཀུན་གྱི། །གསང་འཛིན་གསང་བའི་བདག་པོ་ཉིད་གྱུར་ཅིག ༡༦ ། ཅེས་ཚིགས་སུ་བཅད་པ་དེ་ཉིད་རྣམ་པ་བཅུ་དྲུག་གི་གྲངས་ལྡན་འདི་ནི་མེ་རྟ་ཟླ་བ་དགུ་པའི་ཚེས་ལྔ་ལ་མི་ཕམ་འཇམ་དཔལ་དགྱེས་པས་ བཀོད་པ་དགེ་ལེགས་འཕེལ།། ༈ །། ཆོས་རྒྱལ་ཆེན་པོའི་བསྟོད་པ་གངས་ཅན་མ་ཞེས་བྱ་བ་བཞུགས་སོ། །གངས་ཅན་འགྲོ་བ་ཐབས་ཀྱིས་གདུལ་བྱའི་ཕྱིར། །རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་པའི་ 23-1-54a དབྱངས། །བོད་ཡུལ་རྒྱལ་པོའི་ཚུལ་དུ་ལེགས་སྣང་བ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་ཕྱག་འཚལ་བསྟོད། ༡ །ཉི་ཟླ་ཟུང་འདྲའི་མཁན་སློབ་རྣམ་གཉིས་སོགས། །རྒྱ་གར་པཎ་གྲུབ་བོད་ཀྱི་ ལོ་ཙཱ་བ། །གངས་ཅན་ཕན་བདེའི་བྱེད་པོ་སྤྲུལ་པའི་སྐུ། །རྣམ་མང་བསྡུ་བར་མཛད་ལ་ཕྱག་འཚལ་བསྟོད། ༢ །རིག་པའི་གནས་དང་མདོ་རྒྱུད་བསྟན་བཅོས་གཞུང་། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་མཛད་ ཅིང་། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རབ་ཏུ་བསྒྲེངས། །མངའ་བདག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། ༣ །མཐའ་བཞིའི་རྒྱལ་ཁམས་སྟོབས་ཀྱིས་དབང་དུ་བསྡུས། །གཙུག་ལག་ཁང་དང་སྐུ་གསུང་ ཐུགས་ཀྱི་རྟེན། །མདོ་སྔགས་འཛིན་པའི་སྡེ་གཉིས་བོད་དུ་བཀོད། །བོད་ཡུལ་སྐྱོང་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། ༤ །སྣ་ཚོགས་ཐབས་ཀྱིས་ཆོས་སྲིད་ཟུང་དུ་སྐྱོང་། །བཀའ་བཙན་སྲོལ་བཟང་རྒྱལ་ ཁམས་བདེ་ལ་བཀོད། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཅེས། །སྙན་པས་ས་སྟེང་ཁྱབ་ལ་ཕྱག་འཚལ་བསྟོད། ༥ །ཆེ་མཆོག་བདུད་རྩིས་གྲུབ་པ་མངོན་དུ་གྱུར། །ཏིང་འཛིན་གཡོ་མེད་དགོངས་པའི་རྩལ་ཆེན་ རྫོགས། །ཚད་མ་ལ་སོགས་ལེགས་བཤད་བསྟན་བཅོས་སྤེལ། །ཆོས་ཀྱི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད། ༦ །སངས་རྒྱས་ལས་ཀྱང་ཆེས་དཀོན་གསང་སྔགས་ཀྱི། །གཞུང་ལུགས་རྣམས་དང་དེ་ཡི་གདམས་ 23-1-54b ངག་གིས། །བྷོ་ཊའི་ཡུལ་འདི་ཨོ་ཌཱི་ཡཱ་ན་དང་། །མཚུངས་པར་མཛད་པ་ཁྱེད་ལ་ཕྱག་འཚལ་བསྟོད། ༧ །དབྱིངས་ཀྱི་མཁའ་འགྲོས་རྒྱས་བཏབ་ཟབ་གསང་ཆོས། །སུས་ཀྱང་རྙེད་པར་དཀའ་བ་ནང་རྒྱུད་གསུམ། །གྲུབ་ མཆོག་རྣམས་ཀྱིས་ཡོངས་བླངས་ནོར་བུའི་གཏེར། །ས་འདིར་འགོད་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། ༨ །བསིལ་ལྡན་ར་བ་དཀར་པོའི་ལྗོངས་འདི་ན། །རྒྱལ་བའི་བསྟན་དང་དེ་འཛིན་འདུས་པའི་སྡེ། །ཇི་སྙེད་བྱུང་བ་ མགོན་པོ་ཁྱོད་ཀྱི་དྲིན། །བཀའ་དྲིན་འགྲན་བྲལ་ཁྱེད་ལ་ཕྱག་འཚལ་བསྟོད། ༩ །ད་དུང་སངས་རྒྱས་བསྟན་པ་གནས་ཀྱི་བར། །སྣ་ཚོགས་སྤྲུལ་པས་རྒྱལ་བའི་བསྟན་པ་དང་། །གངས་ཅན་ཕན་བདེ་སྤེལ་བར་མཛད་པ་ཡི། ། ཐུགས་བསྐྱེད་མཉམ་མེད་ཁྱེད་ལ་ཕྱག་འཚལ་བསྟོད། ༡༠ །བདག་ཅག་གངས་རིའི་ཁྲོད་གནས་མི་རྣམས་ཀྱིས། །རྒྱལ་བསྟན་རིན་ཆེན་ཆོས་ཀྱི་སྒྲ་ཙམ་ཡང་། །རྣ་བར་ཐོས་པ་ཁྱོད་ཀྱི་དྲིན་ཡིན་ན། །བློ་ལྡན་སུ་ཞིག་ཁྱེད་ ལ་ཅིས་མི་གུས། ༡༡ །དེ་ཕྱིར་བདག་ནི་དད་མོས་རྩེ་གཅིག་པས། །མགོན་པོ་ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ན། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་ཡིས། །བདག་ཅག་རྗེས་བཟུང་བྱིན་གྱིས་བརླབ་པར་མཛོད། ༡༢ །ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་ལུང་བསྟན་ཅིང་། །སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་མཐུ་བཙན་པས། །འཇམ་དཔལ་སྤྲུལ་པའི་རྒྱལ་པོའི་ཐུགས་བཞེད་བཞིན། །རྒྱལ་བསྟན་ཡུན་དུ་གནས་པ་ཉིད་གྱུར་ཅིག ༡༣ ། 23-1-55a མཐའ་ཡས་འགྲོ་ཀུན་ཐུགས་བརྩེས་ཡོངས་སུ་བཟུང་། །ནམ་མཁའ་ཇི་སྲིད་གཞན་ཕན་ཕྲིན་ལས་སྤྱོད། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་གཙུག་གི་རྒྱན། །མགོན་པོ་ཁྱེད་དང་མཚུངས་པར་བདག་གྱུར་ ཅིག ༡༤ །ཁྱེད་ལ་ཚིགས་བཅད་འདི་ཆོས་རྒྱལ་ཆེན་པོ་ཉིད་ཀྱི་གསུང་ཡིན་པར་གྲགས། བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ༡༥ ། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྨོན་ལམ་དང་། །བདག་ཅག་མོས་དགེ་རྣམ་པར་དཀར་བའི་མཐུས། །མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་རྗེའི། །ཐུགས་བསྐྱེད་བསྟན་པ་ མཐར་རྒྱས་བཀྲ་ཤིས་ཤོག ༡༦ ། ཅེས་ཚིགས་སུ་བཅད་པ་མཆོད་པའི་ལྷ་མོ་བཅུ་དྲུག་གི་གྲངས་ལྡན་འདི་ནི་མེ་རྟ་ཟླ་བ་བརྒྱད་པའི་ཚེས་ཉེར་བདུན་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་འཕེལ། ། ༄༅། །རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་པོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་བསྔགས་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། མ་ལུས་ཕྱོགས་དུས་རྒྱལ་བའི་མཁྱེན་རབ་གང་། །གཅིག་བསྡུས་ རྗེ་བཙུན་ངག་གི་དབང་ཕྱུག་ནི། །ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ། །མཚུངས་མེད་བློ་བཟང་རྒྱལ་བའི་དབང་པོ་ཁྱོད། ༡ །རྙོག་བྲལ་ཡིད་ཀྱི་རྒྱ་མཚོ་དྭངས་བའི་ངོས། །དད་པའི་འདབ་སྟོང་བཞད་པའི་ 23-1-55b གེ་སར་ལ། །དགྱེས་པར་བཞུགས་ནས་མོས་ལྡན་བདག་ཅག་གིས། །བསྟོད་པའི་མེ་ཏོག་འཐོར་ལ་ཡུད་ཙམ་དགོངས། ༢ །སྟོན་པ་མཆོག་དེས་དཔག་མེད་དཀའ་བ་ཡིས། །བསྒྲུབས་པའི་ཆོས་ཚུལ་ཡིད་བཞིན་རིན་པོ་ ཆེ། །བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་འགོད་པའི། །སྙིང་སྟོབས་རྡོ་རྗེའི་དམ་བཅའ་ཁྱོད་ཀྱིས་བཞེས། ༣ །རྒྱུ་སྐར་ཕྲེང་བར་རྒྱུ་སྐར་བདག་པོ་བཞིན། །རྒྱལ་སྲས་རྒྱ་མཚོའི་དབུས་ན་ཁྱོད་ཉིད་ནི། །རྒྱལ་བའི་རྒྱལ་ ཚབ་གཅིག་པུར་བསྔགས་པ་ཡི། །སྒྲ་དབྱངས་མཐའ་ཡས་རྒྱལ་བའི་ཞིང་ཀུན་གྲགས། ༤ །རྨད་བྱུང་རྒྱལ་སྲས་ཐུ་བོའི་རྣམ་ཐར་མཐའ། །རྫོགས་ཀྱང་ད་དུང་བྱིས་པའི་རོལ་རྩེད་ཀྱིས། །བསྟན་ལ་རིམ་གྱིས་སློབ་པའི་ བརྫུ་བག་འདིས། །ཡང་དག་ལམ་ལ་སྐྱེ་བོའི་ཚོགས་ཀུན་དྲོངས། ༥ །རབ་འབྱམས་མདོ་དང་རྒྱུད་སྡེའི་ཟབ་རྒྱས་གནད། །ཇི་བཞིན་མ་ནོར་འབྱེད་པའི་རྣམ་དཔྱོད་ཀྱིས། །མང་དུ་ཐོས་པ་རྒྱ་མཚོའི་ཚུལ་འཆང་བས། ། ལེགས་བཤད་བྱེ་བའི་ཆུ་ཀླུང་གནས་སུ་གྱུར། ༦ །སྣ་ཚོགས་གཞུང་ལུགས་སོ་སོའི་དགོངས་པའི་དོན། །རང་བཟོའི་དྲི་མ་གཞར་ཡང་མ་མཆིས་པར། །ཚུལ་བཞིན་འགྲེལ་བར་བྱེད་ལ་ཁྱོད་དང་ནི། །མཚུངས་པ་ མེད་ན་ལྷག་པ་ལྟ་ཅི་ཞིག ༧ །འདི་ན་གྲུབ་མཐའི་ཚུལ་དང་ཐེག་པའི་གཞུང་། །རང་འདོད་ཕྱོགས་སུ་ལྟུང་བས་རྣམ་པར་དཀྲུགས། །ཁྱོད་ནི་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་ཕྱོགས་མེད་གཟུ་བོའི་ 23-1-56a ལམ་ལ་རྒྱུ། ༨ །ཐོག་མེད་སྲིད་པའི་ས་བོན་དངོས་ཞེན་དགྲའི། །སྲོག་ལ་བདག་མེད་ལྟ་བའི་མཚོན་འདེབས་པར། །ཁྱེད་ཉིད་ལྷག་པར་སྒྲིན་པའི་ངང་ཚུལ་གྱིས། །བདུད་ཀྱི་སྡེ་ཆེན་ཕམ་པའི་ཆོ་ངེ་ བསྒྲགས། ༩ །སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ། །སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ། །ཡིད་ཆེས་གཏིང་ནས་རྙེད་པའི་སྒོ་གཅིག་པུ། །ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་སུ། ༡༠ །ཐེག་ མཆོག་སྔགས་ཀྱི་སྙིང་པོར་གྱུར་པ་ཡི། །སྒྱུ་ལུས་འོད་གསལ་གྱིས་མཚོན་ཟབ་མོའི་གནད། །ཇི་བཞིན་བཀྲོལ་བས་དཀྱིལ་འཁོར་བདག་པོས་ཀྱང་། །ཁྱོད་ལ་ཟླ་བ་བཟང་པོ་འདྲ་བར་བསྔགས། ༡༡ །ལྷག་བསམ་དག་ པ་ཁྱོད་ཐུགས་འོ་མའི་མཚོར། །འཇམ་མགོན་ཟླ་བའི་འོད་བཟང་རྟག་འཐུང་བས། །ཕྲིན་ལས་ཟེག་མ་དཀར་པོ་གཅིག་གིས་ཀྱང་། །བསིལ་ལྡན་ར་བའི་ཁོར་ཡུག་ཕྱུར་བུར་བཀང་། ༡༢། ༈ མཐའ་ཡས་གཞུང་ ལུགས་ཀུན་གྱི་བརྗོད་བྱའི་དོན། །འགལ་བ་མེད་པར་ལམ་གྱི་ཆ་རྐྱེན་དུ། །ཉམས་ལེན་གནད་ཀྱི་གདམས་པར་འཆར་བ་ཡི། །ཀུན་ཕན་བདུད་རྩིའི་མཆོད་སྦྱིན་ཁྱོད་ཀྱིས་བཀྲམ། ༡༣ །རྒྱལ་སྲས་རྣམས་ཀྱི་ཟབ་རྒྱས་སྤྱོད་ པའི་ཚུལ། །ཉིད་ཀྱི་མཛད་བཟང་སྣང་བས་གསལ་བྱས་པ། །དེ་ཚེ་ཕྱོགས་རེའི་ཁེངས་ལྡན་གཞན་གྱི་ལུགས། །ཉིན་མོར་བྱེད་པས་རྒྱུ་སྐར་བཞིན་དུ་མནན། ༡༤ །རྨད་བྱུང་ཤིང་རྟ་གཉིས་ཀྱི་གཞུང་ལུགས་དང་། །གྲུབ་ 23-1-56b མཆོག་རྣམས་ཀྱིས་ལེགས་པར་བཀྲལ་བ་ཡི། །ཟབ་མོ་རྡོ་རྗེ་ཐེག་པའི་ལམ་གྱི་འགྲོས། །ཉམས་ལེན་གནད་དུ་བསྒྲིལ་བ་ཁྱོད་ཀྱི་སྲོལ། ༡༥ །དེ་ཕྱིར་མདོ་དང་སྔགས་ཀྱི་བསྟན་པ་གང་། །ཡོངས་རྫོགས་ཆོས་ཀྱི་ རྒྱལ་པོ་ཁྱོད་ཀྱི་ནི། །བཤད་དང་སྒྲུབ་པའི་རྒྱལ་ཐབས་རིན་པོ་ཆེ། །སྲིད་པ་གསུམ་གྱི་བླ་ན་མངོན་པར་འཕགས། ༡༦ །བཤད་དང་སྒྲུབ་པ་ཕྱོགས་རེའི་བརྟུལ་ཞུགས་ཀྱི། །འོད་བཟང་སྤྲོ་བའི་བློ་ལྡན་རྒྱུ་སྐར་བརྒྱས། ། མཁྱེན་མཆོག་ནམ་མཁའི་ནོར་བུ་ཁྱེད་གཅིག་ལ། །འགྲན་མི་ནུས་ན་སུ་ཞིག་དེ་ལ་བསྙོན། ༡༧། ། ༈ མཁྱེན་མཆོག་སྟོན་པ་དེ་ཡི་བསྟན་པ་གང་། །རྣམ་པར་གྲོལ་བའི་འཇུག་ངོགས་མཚུངས་མེད་ལམ། །ནན་ཏན་ སྙིང་པོར་མཛད་པའི་བརྩོན་ཆེན་གྱིས། །ཉིན་དང་མཚན་མོ་ཁོར་ཡུག་གཅིག་ཏུ་བཟླུམས། ༡༨ །སྟོང་དང་སྙིང་རྗེ་ཟུང་དུ་འབྲེལ་བ་ཡི། །ལམ་མཆོག་མཚུངས་པ་མེད་ལས་རྒྱལ་སྲས་ཀྱི། །རྣམ་ཐར་རྒྱ་མཚོ་ལྟ་བུའི་རང་ བཞིན་ལ། །ཁྱོད་ནི་ཡིད་བཞིན་འདོད་དགུར་རྣམ་པར་རོལ། ༡༩ །ཉེ་བར་ཞི་བ་ཐུགས་ཀྱི་མཁའ་དབྱིངས་སུ། །རླབས་ཆེན་བསོད་ནམས་གསེར་གྱི་སྙིང་པོའི་སྤྲིན། །ཆེས་ཆེར་དཀྲིགས་ལས་ཕན་བདེ་ནོར་བུའི་ཆར། ། མ་ལུས་ཞིང་ཀུན་ཏུ་ཡང་ཁྱབ་པར་བརྡལ། ༢༠ །སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རོལ་མོ་ཡིས། །ཐ་མལ་སྣང་ཞེན་དྲི་མ་ཀུན་བཀྲུས་ཏེ། །ཟབ་གསལ་བདེ་བ་ཆེན་པོའི་དབྱིངས་ཉིད་དུ། །དཀྱིལ་འཁོར་ཀུན་གྱི་ 23-1-57a བདག་པོར་མངའ་དབང་འབྱོར། ༢༡ །ཇི་ལྟ་ཇི་སྙེད་ཆོས་ཀྱི་གནས་ཚུལ་ལ། །ཡང་དག་རིགས་པས་དྲངས་པའི་ངེས་ཤེས་ནི། །ཐེ་ཚོམ་སྨག་དང་བྲལ་བའི་ཉམས་མྱོང་གིས། །ཉམས་ལེན་གནད་ དུ་འཛུད་པ་ཁྱོད་ཀྱི་སྲོལ། ༢༢ །རྒྱལ་བ་མཆོག་དང་རྒྱལ་སྲས་སེམས་དཔའ་དང་། །མཁས་ཤིང་གྲུབ་བརྙེས་རྣམས་ཀྱིས་དགྱེས་པའི་ཞལ། །རྟག་ཏུ་ཁྱོད་ལ་ཕྱོགས་པའི་ངང་ཚུལ་གྱིས། །ཟབ་དོན་ཐུགས་ཀྱི་གསང་ བ་མངོན་སུམ་འདོམས། ༢༣ །མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་བཟང་ནས། །གྲུབ་མཆོག་ནོར་བུའི་གླིང་དུ་གཤེགས་ཁྱོད་ཀྱི། །ཞབས་སེན་ཨུཏྤལ་གཞོན་ནུའི་ཕྲེང་བ་གང་། །གྲུབ་བརྙེས་བྱེ་བའི་གཙུག་ཏོར་ རྩེ་ན་མཛེས། ༢༤། ། ༈ ས་སྟེང་ཆུ་ཀུན་ཆུ་གཏེར་ཆེན་པོ་ལ། །གཞོལ་བ་ཇི་བཞིན་ཉིད་ཀྱི་མཛད་པའི་སྒོ། །ཀུན་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་ན་རྒྱས་པའི་ཐབས་སུ་བཤམས། ༢༥ ། དམིགས་མེད་སྙིང་རྗེའི་སྟོབས་མཆོག་མཚུངས་མེད་པས། །རིགས་གསུམ་སེམས་དཔའ་དགྱེས་པའི་རྣམ་ཐར་མཐའ། །གངས་ཅན་འདི་ན་ཁྱོད་ཀྱིས་ལེགས་བསྐྱངས་བས། །ད་དུང་དུ་ཡང་བསྟན་པའི་སྣང་བ་འབར། ༢༦ ། རིང་ནས་གོམས་པའི་ཐུགས་བརྩེས་ཞིང་ཀུན་དུ། །རྒྱལ་བསྟན་འཛིན་པའི་སྨོན་ལམ་མཐུ་གྲུབ་པས། །ཕྲིན་ལས་བཟང་པོའི་ཆ་ཤས་ཙམ་གྱི་ཡང་། །གྲགས་པས་རྒྱ་མཚོའི་གོས་ཅན་ཀུན་ནས་ཁེབས། ༢༧ །མཁྱེན་ 23-1-57b རབ་ཉི་མའི་འོད་དང་མཛད་བཟང་གི། ཨུཏྤལ་གཞོན་ནུའི་དགའ་ཚལ་རྟག་འགྲོགས་པས། །བརྩེ་ཆེན་སྐྱོབ་པ་དགྱེས་པའི་ལམ་མཆོག་ནི། །ཁྱོད་ལ་ཕྱོགས་སུ་ལྷུང་བ་བཞིན་དུ་བཀུག ༢༨ །དེ་ཕྱིར་ལྷ་རྣམས་དག་ལས་ ལྷ་དབང་དང་། །པདྨའི་ཚལ་ན་པདྨ་དཀར་པོ་བཞིན། །ཁྱོད་ཀྱི་རིང་ལུགས་གཙང་མའི་གཟི་བྱིན་དེས། །ཕྱོགས་གཞན་གྲུབ་མཐའ་དཔལ་དང་ལྡན་པར་བརྒྱན། ༢༩ །ཐུབ་བསྟན་ཡོངས་སུ་རྫོགས་པའི་སེང་གེའི་སྒྲས། ། བསིལ་ལྡན་ར་བ་དཀར་པོའི་ཁོར་ཡུག་ཁྱོན། །ཁྱབ་མཛད་མཚུངས་པ་མེད་པའི་རྣམ་ཐར་གྱིས། །བདུད་སྡེ་བྱེ་བའི་རུ་མཚོན་གཅིག་ཅར་བསྙིལ། ༣༠ །བློ་བཟང་མཁྱེན་པའི་ཉི་མ་གཅིག་གིས་ནི། །ས་སྟེང་གནས་པའི་ རབ་རིབ་རྣམ་བཅོམ་པས། །ཡང་དག་རིགས་པའི་ལམ་ནས་ཟབ་རྒྱས་ཆོས། །སྨྲ་བའི་སེང་གེས་ས་ཆེན་རྣམ་པར་བཀང་། ༣༡ །རྨད་བྱུང་རྣམ་ཐར་གཙང་མའི་མཛད་བཟང་གིས། །ཐུབ་བསྟན་རྙོགས་མར་གྱུར་པ་ཀུན་ བགྲུངས་ནས། །བཟང་པོའི་གསེར་དང་མཚུངས་པའི་ཁྲིམས་འཆང་བ། །ངུར་སྨྲིག་འཛིན་པས་ས་འདི་དོག་པོར་བྱས། ༣༢ །ཡང་དག་བསླབ་པ་གསུམ་གྱི་ཉམས་ལེན་དང་། །རྗོད་བྱེད་སྡེ་སྣོད་གསུམ་གྱི་ འཆད་ཉན་གང་། །ལྷན་ཅིག་འགྲན་པ་བཞིན་དུ་འཕེལ་བ་ཡི། །རླབས་ཆེན་ཕྲིན་ལས་ཁྱོད་ཉིད་གཅིག་པུས་མཛད། ༣༣ །འཕགས་མཆོག་ཁྱོད་ཀྱི་རྣམ་ཐར་འདི་འདྲ་བ། །ཐོས་པ་ན་ཡང་རྒྱལ་སྲས་སེམས་དཔའ་གཞན། ། 23-1-58a དགའ་བས་སྙིང་གི་ཆུ་གཏེར་གཡོ་ནུས་ན། །བདུད་ཀྱི་ཡིད་ལ་ཟུག་རྔུ་ཅིས་མི་སྟེར། ༣༤ །ཁྱོད་ཀྱི་བརྒྱུད་འཛིན་དམ་པའི་སྐྱེ་བོ་རྣམས། །ཀུན་སྤྱོད་སྨད་དུ་མེད་པའི་ཚུལ་ཁྲིམས་དང་། །སྐྱོན་བྲལ་རྣམ་ དཔྱོད་བཟང་པོའི་ངང་ཚུལ་གྱིས། །ཕྱོགས་ཀྱི་སྐྱེ་བོ་ཀུན་གྱི་གཙུག་ན་མཐོ། ༣༥ །བློ་ཆུང་ཕྲག་དོག་གཡོ་བའི་ངང་ཚུལ་གྱིས། །ཁྱོད་ཀྱི་བསྟན་ལ་ལྷག་པར་གཤེ་ན་ཡང་། །རང་ཚུལ་བཟང་པོའི་འོད་བཟང་མ་ཉམས་པས། ། སྨག་ལ་ཟླ་རྒྱས་བཞིན་དུ་ལྷག་པར་གསལ། ༣༦ །དེ་ཕྱིར་ཁྱོད་ཀྱི་རིང་ལུགས་རིན་པོ་ཆེ། །པདྨའི་དགའ་ཚལ་ལྟ་བུར་ཡིད་འོང་བ། །ལྷར་བཅས་འགྲོ་བ་དགའ་བའི་མཆོད་སྡོང་འདི། །སེམས་བཅས་སུ་ཡི་སྙིང་ལ་ ཕོངས་ཕངས་མི་འགྱུར། ༣༧ །བདག་ཅག་འདི་ནས་སྐྱེ་བ་ཀུན་ཏུ་ཡང་། །ཀུན་སྤྱོད་གཙང་མའི་ཁྲིམས་ལྡན་པདྨའི་སྦུབས། །བློ་མཆོག་འཆར་ཀའི་འོད་དང་ལྷན་ཅིག་པས། །འཇམ་མགོན་དགྱེས་པའི་བརྟུལ་ཞུགས་འཛིན་ གྱུར་ཅིག༣༨། བློ་དང་ཚུལ་ཁྲིམས་འཆལ་བའི་ཉེས་ཚོགས་ཀྱིས། །ཁྱོད་ཀྱི་ལུགས་བཟང་གཙང་མ་རྙོགས་བགྱིད་ཅིང་། །དྲི་མེད་བསྟན་ལ་རྨ་སྲོལ་འབྱིན་པ་ཀུན། །བདག་གི་སྟོབས་ཀྱིས་རྩད་ནས་ཞི་གྱུར་ཅིག ༣༩ ། སྲས་བཅས་རྒྱལ་བའི་ཕྲིན་ལས་ཙོང་ཁ་པའི། །རྣམ་ཐར་མཚུངས་པ་མེད་པའི་བདག་ཉིད་དང་། །ཀུན་ཏུ་མཚུངས་པའི་ཐབས་མཁས་སྤྱོད་པ་ཡིས། །འཇམ་མགོན་རྒྱལ་བའི་གོ་འཕང་འགྲུབ་གྱུར་ཅིག ༤༠ ། 23-1-58b ཅེས་པའང་གསེར་མདོག་ཅོད་པན་འཛིན་པའི་རིང་ལུགས་པ་ཆེན་པོ་བསླབ་གསུམ་ནོར་བུའི་གཏེར་མཛོད་སྤྲུལ་པའི་སྐུ་བྲག་གཡབ་གདོང་ཀོ་སྤྲུལ་སྐུ། ངག་དབང་དམ་ཆོས་རྒྱ་མཚོའི་ཞལ་སྔ་ནས་རྗེ་ཙོང་ཁ་པ་ལ་བསྟོད་པ་ཤྩོ་ཀ་བཞི་བཅུར་ཉེ་བ་ཞིག་ རྩོམས་ཤིག་ཅེས་བཀྲ་ཤིས་པའི་ལྷ་རེག་དང་། རྗེ་རྒྱལ་པ་གཉིས་པའི་ན་བཟའི་གནང་སྐྱེས་དང་བཅས་ཏེ་བཀའ་ཡིས་བསྐུལ་མ་ཡང་ཡང་བྱུང་བ་ལ་བརྟེན་ནས། མི་ཕམ་བློ་བཟང་ཉི་མས ་རང་ལོ་སོ་གཉིས་པའི་དུས་སུ་མཛེས་ལྡན་འཆི་མེད་ལྗོན་པའི་དགའ་ཚལ། རིན་ཆེན་བྲག་རི་བརྩེགས་པའི་སྟ་ཟུར་དུ་རང་གནས་བདུད་རྩིའི་ཤིང་གི་སྤྱིལ་བུ་ནས་བསྙེན་མཚམས་ལ་གནས་པའི་ཐུན་གསེང་དུ་སྤེལ་བ་དགེ་ ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ།། ༈ །། འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྔགས་པ་དྲང་གཏམ་བདེན་ཚིག་རྡོ་རྗེའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །མཁྱེན་ བརྩེ་ནུས་པ་མཚུངས་མེད་པའི། །དཔལ་ལྡན་བླ་མའི་ཞབས་པད་ལ། །དྭང་བའི་ཡིད་ཀྱིས་ཕྱག་བཅས་པའི། །དྲང་པོའི་གཏམ་གྱི་རོལ་མོ་འཁྲོལ། །ཁྱོད་ཀྱི་ཡོན་ཏན་རིན་ཆེན་གཏེར། །ཀུན་ནས་བརྗོད་པ་ལྟ་ཅི་སྟེ། ། ཉི་ཚེའི་མཐོང་བས་མཐོང་ལས་ཀྱང་། །ཅུང་ཟད་ཙམ་ཞིག་འདི་ན་བརྗོད། །སྙིགས་མའི་ནགས་ཀྱི་ཚང་ཚིང་འདིར། །རྟོག་དཔྱོད་སྤྲེའུ་འདྲའི་གཡོ་བག་ཅན། །ཕྱོགས་རྣམས་མངོན་པར་བལྟས་ནས་སུ། །གང་གི་ཞབས་ 23-1-59a ཀྱི་དྲུང་དུ་ལྷགས། །མཁས་ཤིང་གྲུབ་པའི་ངོ་མཚར་གཏམ། །རྒྱང་ནས་ཐོས་པའི་རྗེས་བསྙེགས་ཏེ། །དྲུང་དུ་ཡུན་རིང་བརྟགས་ན་ཡང་། །ཕྱི་ཕྱིར་གཏིང་དཔག་དཀའ་བ་ཁྱོད། །རྟོག་གེའི་ལྟ་བས་ ཅི་བལྟས་ཀྱང་། །སྐྱོན་མེད་ཡོན་ཏན་ལྡན་མཐོང་ན། །རྟོག་མེད་དད་པས་འཇུག་རྣམས་ལ། །མཐོང་བས་ཕན་པ་ཅི་ཞིག་མཚར། །དེང་སང་གངས་རིའི་ཁྲོད་འདི་ན། །གྲུབ་པར་གྲགས་ཀྱང་མཁས་བཙུན་བྲལ། །མཁས་ ཀྱང་གྲུབ་འབྲས་མཐོང་དཀའ་བས། །ཕུན་ཚོགས་ལྡན་པ་རྙེད་པར་དཀའ། །མཁས་དང་བཙུན་དང་གྲུབ་པ་གསུམ། །འགྲན་པ་བཞིན་དུ་ཁྱོད་ལ་འཕེལ། །འདི་འདྲའི་ཕུན་ཚོགས་མཐོང་དཀའ་བ། །ངོ་མཚར་ཆེ་ཡང་ ཤེས་པ་དཀོན། །དེ་དག་རེ་རེའི་ངང་ཚུལ་ལའང་། །འགྲན་པར་དཀའ་ན་ཀུན་བསྡོམས་པའི། །རྣམ་ཐར་བཟང་པོ་ནམ་མཁའི་ཁྱོན། །རྒྱས་པར་བཀང་ལ་སུ་ཞིག་འགྲན། ། ༈ རང་གི་རིགས་པས་མ་གྲུབ་ཀྱང་། །གྲགས་ པ་ཙམ་གྱི་རྗེས་འབྲངས་ནས། །བྲག་ཅ་ལྟ་བུའི་ཀློག་པ་བ། །མང་པོ་བ་ལ་ཛ་བཞིན་འཛིངས། །རྟོག་གེའི་རློམས་པས་འགྱིང་རྣམས་ཀྱང་། །རྟོག་གེའི་གནད་གསང་མ་རྙེད་པར། །གཅོང་རོང་དོག་པོའི་ཆུ་བཞིན་དུ། ། བླུན་པོའི་ཁྲོད་ན་ཤགས་ཀྱིས་གཅོལ། །ཁྱོད་ནི་རབ་འབྱམས་གཞུང་ལུགས་ལ། །རང་བྱན་ཚུད་པའི་རྣམ་ཐར་གྱིས། །དོགས་མེད་རི་རབ་འདྲ་བ་ཡི། །ངེས་གསང་སྙིང་པོའི་རིང་ལུགས་འཛིན། །མཁས་པའི་གདུགས་ 23-1-59b དཀར་མངོན་མཐོ་བ། །བློ་ལྡན་བརྒྱ་ཕྲག་གིས་བརྩམས་པའི། །བསྟན་བཅོས་རྣམས་ན་དཀའ་བ་ཡི། ། ཁུར་ཆེན་འབད་པས་བཏེགས་པ་ཀུན། །ཁྱོད་ཀྱི་ཞལ་དུ་སོན་པ་ན། །ཞུགས་ཀྱིས་འཚེད་པའི་གསེར་བཞིན་དུ། །གང་ གིས་ནག་ནོག་གྱུར་པའི་སྐྱོན། །བསལ་ཕྱིར་བདེ་བླག་རྟོགས་པར་མཛད། ། ཇི་ལྟ་ཇི་ལྟར་ཟབ་པ་ཡི། །མདོ་རྒྱུད་སྙིང་པོའི་ངེས་གསང་ལ། །དེ་ལྟ་དེ་ལྟར་ལྷག་པར་ཡང་། །མཁས་པའི་ངོ་མཚར་ཁྱོད་ཀྱིས་བཟུང་། །ཕྱི་དང་ ནང་གི་རིག་པའི་གནས། །ཀུན་ལ་ཁྱབ་པར་རྗེས་སོང་བ། །མཁའ་དང་མཉམ་པའི་བློ་གྲོས་ཅན། །ཁྱོད་ནི་ཆོས་གཏེར་ཆོས་ཀྱི་མཛོད། །མཁས་པར་གྲགས་པ་མང་ན་ཡང་། །ཐེ་ཚོམ་སྨག་དང་བྲལ་བ་ཡི། །ཡེ་ཤེས་ ཉི་མའི་འོད་ཟེར་ཅན། །མཁྱེན་རབ་གཙང་མ་ཁྱོད་འདྲ་དཀོན། །ཟབ་མོའི་གཞུང་གི་དཀའ་གནད་བརྒྱ། །གཅིག་ཅར་འགྲོལ་བའི་ལེགས་བཤད་གསུང་། །མཁའ་ལ་མཚོན་གྱིས་བསྣུན་པ་བཞིན། །རྒོལ་བའི་སྐབས་ མི་ཐོབ་པ་མཚར། །གང་གིས་བརྩམས་པའི་ཚིག་དོན་ཀུན། །ཟབ་དང་གསལ་དང་སྙན་པ་ཡི། །ཕུན་ཚོགས་དངོས་པོ་བརྒྱ་འབར་བས། །ལེགས་བཤད་ཀུན་གྱི་བླ་ན་འཕགས། ། ༈ ལྟ་གདེངས་མཐོན་པོར་གཤེགས་ ན་ཡང་། །བསྟན་པའི་མིག་ལྟོས་དྲི་མེད་ལ། །བསམས་ཏེ་རྣམ་ཐར་གཙང་མའི་ཚུལ། །སྐྱོང་བ་བསྟན་འཛིན་དམ་པའི་སྲོལ། །དེ་ལྟ་ན་ཡང་བསྟན་ཞབས་འདིར། ། སྣ་ཚོགས་ཐོ་ཅོའི་སྤྱོད་པ་ཡིས། །རིམ་གཉིས་ལམ་ལ་ 23-1-60a སྙིང་བཏགས་ནས། །རྒྱལ་བསྟན་རྙོགས་མར་བགྱིད་པ་མང་། །གཞན་སྣང་ཟིལ་གྱིས་གནོན་པ་ཡི། །ཀུན་སྤྱོད་སྨད་དུ་མེད་པའི་སྟོབས། །བྲལ་བཞིན་ཆས་དང་སྤྱོད་ལམ་སོགས། །རྒྱུད་དང་འགལ་ བས་མ་དད་སྤེལ། །དེ་འདྲའི་སྤྱོད་ངན་གདོལ་པའི་ཁྱུ། །ས་སྟེང་འདིར་ནི་ཆེས་མང་ཞིག །སྔགས་ལམ་རྣལ་མའི་སྐྱེས་བུ་ལའང་། །ཐེ་ཚོམ་བགྱིད་སླད་བདུད་ཀྱིས་སྤྲུལ། །ཁྱོད་ནི་རིམ་གཉིས་ཟབ་མོ་ཡིས། །གང་ བའི་བུམ་པ་ལྟར་གང་ཡང་། །དམན་པའི་སྐྱེ་བོ་སྲུང་བའི་སླད། །སྤྱོད་ལམ་པདྨ་བཞིན་དུ་གཙང་། །ངུར་སྨྲིག་མཛེས་པའི་བླ་གོས་ཀྱིས། །འཆར་ཀའི་འོད་ཀྱིས་ཟླ་བ་བཞིན། །མཛེས་པར་བཀླུབས་པའི་སྐུ་ཡི་ཁྱོན། ། ཚུལ་ཁྲིམས་དྲི་བསུང་བཟང་པོས་གཏམས། །མཆོག་ཏུ་གཙང་མའི་རྣམ་ཐར་གྱིས། །ཕྱོགས་ཀུན་སྐྱེ་བོའི་ཡིད་ཀྱི་མཚོ། །བགྲུངས་པས་བསྟན་པ་རིན་ཆེན་གྱི། །མཆོད་ཡོན་རྨད་དུ་བྱུང་བར་མཛད། །གཙང་མའི་ ཁྲིམས་ཀྱི་འོད་ཆགས་པའི། །འདུལ་འཛིན་རྒྱུ་སྐར་ཕྲེང་བའི་ཁྲོད། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི། །འོད་བཟང་ཁྱོད་ནི་ཟླ་བ་བཞིན། ། ༈ རིག་པའི་གཞུང་ལུགས་ཕྱོགས་རེ་བའི། །དོན་ལ་མཁས་པའི་ སྙེམས་པ་དང་། །བཟླས་དང་དཀའ་ཐུབ་ཏིང་ངེ་འཛིན། །ཕྲ་མོའི་བརྟུལ་ཞུགས་བརྟེན་རྣམས་ཀྱི། །གྲུབ་པའི་འབྲས་བུ་ཟང་ཟིང་དང་། །ཚེ་འདིའི་སྙན་པར་བཙོངས་ནས་སུ། །མི་བཟད་གདོན་དང་མཚུངས་པ་ཡི། །འཁོར་ 23-1-60b ངན་རྣམས་ཀྱི་རྩོད་གཞིར་སྒྲུབ། །ཀློག་དང་སྤོང་བ་ཕྲིན་ལས་ཀྱི། །འཁོར་ལོ་གསུམ་གྱི་ཚུལ་བཟང་ལ། །ཕན་པའི་ཐབས་ཚུལ་སེམས་པ་ནི། །ཀྱེ་མ་དེང་སང་དུས་ན་སུ། །རྟག་ཏུ་བསྟན་ལ་གང་ཕན་ཐབས། །འཆད་ དང་འབྲི་དང་སྤེལ་སོགས་ལ། །རྩེ་གཅིག་ཐུགས་ནི་ཞུགས་གྱུར་པ། །རང་དོན་སྤངས་པ་ཁྱོད་འདྲ་དཀོན། །ཁྱོད་ཀྱི་རྣམ་དཀར་ཕྲིན་ལས་གང་། །བརྒྱུད་ནས་ངང་གིས་འཇུག་པ་ཡིས། །རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ ཀྱང་། །དེ་ལོངས་སྤྱོད་པས་མི་ཤེས་སོ། །གཞན་བརྒྱས་འབད་དེ་སྒོ་ཀུན་ནས། །འཁོར་ལོ་གསུམ་ལ་ཆེར་བརྩོན་པ། །དེ་ལས་ཁྱོད་ནི་བཞུགས་བཞིན་དུ། །ཉིན་གཅིག་མཛད་པའི་སྟོབས་རབ་འཕེལ། །མཁས་ ཤིང་གྲུབ་པའི་རྣམ་ཐར་ནི། །མཆོག་ཏུ་མཐོ་བའི་རི་དབང་རྩེར། །འཛེགས་ནས་གཞན་གྱི་ཡོན་ཏན་གང་། །ཆུང་ངུའང་ཐུགས་ཀྱི་གཙིགས་སུ་མཛད། །རིགས་དང་གཟུགས་དང་སྟོབས་དང་ནི། །མང་ཐོས་བློ་དང་ དཔལ་རྣམས་ཀྱིས། །དྲེགས་པ་རྣམས་ཀྱང་ཁྱོད་དྲུང་ན། །ཉི་མས་རྒྱུ་སྐར་བཞིན་དུ་གྱུར། །ཁྱོད་ཀྱི་མཛད་པ་རེ་རེས་ཀྱང་། །ཡ་རབ་དམ་པའི་ཟླ་འོད་སྟོང་། །སྙིགས་མའི་སྨག་ཏུ་བཀྱེས་མོད་ཀྱང་། །བླུན་རྣམས་ ཁྱོད་རྗེས་སྙོགས་མི་སེམས། །ཁྱོད་ཀྱིས་བསྟན་དང་འགྲོ་བ་ལ། །བཟང་པོའི་ཕྲིན་ལས་གང་བྱུང་བ། །གཞན་དང་མཉམ་པ་མེད་པ་ཡི། །རླབས་ཆེན་ཕུལ་དུ་བྱུང་བར་སྣང་།། ༈ །། རྡེའུ་ཁབ་ཤིང་སོགས་ལ་བརྟེན་ 23-1-61a པ། །དོན་ཆུང་ཉི་ཚེའི་རྫུ་བག་ལས། །ལམ་གྱི་རྟོགས་པ་ངོམས་བྱེད་པའི། །གྲུབ་པས་དེང་སང་ས་འདི་གང་། །ཅི་འདི་ཟག་བཅས་ཟག་མེད་ཀྱི། །བསམ་གཏན་དག་གམ་རིག་སྔགས་ཀྱིས། ། གྲུབ་སྟེ་འདི་ལ་འདི་ལས་གཞན། །གཙོ་བོའི་ཡོན་ཏན་ཅི་ཞིག་ཅེས། །དྲིས་ནས་བརྟགས་ཤིང་དཔྱད་པ་ན། །ལམ་གྱིས་གྲུབ་པ་ལྟ་ཞོག་སྟེ། །ལམ་གྱི་ཚུལ་ལའང་ཆེར་རྨོངས་པའི། །རང་མཚངས་མ་སྦས་གསལ་ པོར་མངོན། །རབ་འབྱམས་མདོ་དང་རྒྱུད་སྡེ་ནས། །ཇི་སྐད་བཤད་པའི་དོན་མཐོང་བ། །དེ་ལྟ་དེ་ལྟར་ཁྱོད་ཉིད་ལ། །གྲུབ་པ་ཆེན་པོར་ངེས་པ་རྙེད། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྲོལ། །བརྒྱུད་ལྡན་བླ་མའི་ཞལ་ སྒོ་ནས། །བླངས་ཏེ་ཐོག་མཐའ་བར་གྱི་གནད། །ཁྱོད་ཀྱིས་མྱོང་བས་གྲུབ་པར་བྱས། །གཞན་གྱིས་འབད་དེ་བརྙེས་པ་གང་། །གྲུབ་པ་ཆེན་པོའི་རྣམ་ཐར་དུ། །ངོམས་པ་སྟོང་དུ་འཕེལ་བ་སྙེད། །ཁྱོད་ལ་རྩེད་མོའི་ ཞོར་གྱིས་རྫོགས། །སྣང་སྲིད་འདོད་རྒུར་སྒྱུར་བ་ཡི། །གྲུབ་པའི་རོལ་རྩེད་རྨད་བྱུང་བ། །དུས་དང་དུས་སུ་སྣང་བ་ནི། །སྐལ་བཟང་སྐྱེ་བོའི་རྣ་རྒྱན་བྱས། །སྲིན་བུས་ཤིང་ལ་ཡི་གེ་བཞིན། །སྟེས་དབང་འགྲིགས་པའི་ ལུང་བསྟན་གྱིས། །སྐྱེ་བོ་མགུ་བའི་ཟློས་གར་ལ། །ཁྱོད་ནི་ཡ་མཚན་མི་མཛད་ཀྱང་། །ལྐོག་གྱུར་ཕྱོགས་དུས་སྣང་ཚུལ་གཏམ། །རྒྱུ་དང་རྐྱེན་དང་འབྲས་བུར་བཅས། །རེས་འགའ་དགོས་པས་གསུངས་བ་ཀུན། །ཤིན་ 23-1-61b ཏུ་ཡིད་ཆེས་ཁོ་ནར་གནས། །ཡེ་ཤེས་དམ་པའི་གཟིགས་པ་ཡིས། །སྣང་སྲིད་ལག་མཐིལ་བཞིན་མངོན་ཀྱང་། །ཟབ་མོའི་རྣམ་པར་ཐར་བའི་མཐའ། །སྦས་པའི་ཚུལ་གྱིས་རྟག་ཏུ་བཞུགས། ། ༈ གྲོང་ཚིག་སྤེལ་མའི་ རྫུན་ལུང་གིས། །སྣ་དྲངས་རྡོལ་བོན་ཟོལ་མའི་གཏེར། །འདོན་པ་སོམ་ཉིའི་དཔྱོད་ཐག་ཅན། །བག་ཡངས་རྒྱུ་བས་ས་འདི་གང་། །མདོ་རྒྱུད་དོན་དང་མི་འགལ་བར། །མན་ངག་མྱོང་བས་གྲུབ་པ་ཡི། །མཁའ་འགྲོའི་ སྙིང་གི་ཟུངས་ཁྲག་གང་། །འདོན་པའི་གང་ཟག་དེ་ཅི་འདྲ། །ཇི་ལྟར་འཕགས་པའི་ཡུལ་དག་ན། །མཁས་ཤིང་གྲུབ་པ་གྲངས་མང་ཡང་། །མཁའ་འགྲོ་གསང་བའི་གཏེར་གྱི་སྒོ། །འབྱེད་པ་འཕགས་མཆོག་རེ་ཟུང་ ཡིན། །དེ་ཕྱིར་འདི་འདྲའི་ཚུལ་གྱིས་སུ། །གཏེར་གྱི་ཆོས་དང་འདོན་པ་པོ། །ལུང་བཞིན་རིགས་པས་ལེགས་བརྟགས་ན། །ཕལ་ཆེར་ལྦུ་བ་བཞིན་དུ་གསོབ། །ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་ལས། །རྒྱལ་བའི་ཐུགས་ཀྱི་ གསང་བའི་གཏེར། །དགོངས་པས་རང་གིར་མཛད་པ་ཡི། །རྣམ་ཐར་དྲི་མེད་ཁྱོད་ལ་མངའ། །མཚོར་འཁྲུངས་རྒྱལ་བའི་བྱིན་རླབས་དང་། །རྗེ་འབངས་གྲུབ་པའི་རིག་འཛིན་རྣམས། །སྤྲུལ་དང་བྱིན་རླབས་སྨོན་ལམ་ གྱིས། །གངས་ཅན་ཕན་བདེའི་གཏེར་གྱི་སྒོ། །འབྱེད་ནུས་མཁས་ཤིང་གྲུབ་པ་ཡི། །རྣམ་ཐར་བཟང་པོའི་ཚུལ་གནས་པ། །དེ་ཀུན་ཁྱོད་ཀྱི་ཞབས་པད་ལ། །བརྟེན་ནས་དོན་གཉིས་ལྷུན་གྱིས་གྲུབ། །ངོ་མཚར་བཀའ་ 23-1-62a བབས་བདུན་ལྡན་གྱི། །རིན་ཆེན་རྒྱལ་སྲིད་ཆེ་ལྡན་པ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ཁྱོད། །རྒྱལ་ཐབས་སྲིད་པ་གསུམ་ན་འཕགས། །ཁྱེད་ཀྱི་ཟབ་མོའི་ཆོས་བཀའ་རྣམས། །མདོ་རྒྱུད་ལུང་གི་སྙིང་པོ་ རུ། །རིག་པས་ངེས་ཤིང་མྱོང་བས་གྲུབ། །ངོ་མཚར་ཚང་མ་བཞི་དང་ལྡན། །མཁས་ཤིང་གྲུབ་པའི་རྣམ་ཐར་གྱི། །ཡང་རྩེར་སོན་པ་ཁྱོད་འདྲ་བས། །ཐུན་མིན་མཁའ་འགྲོའི་ཟབ་རྒྱའི་སྒོ། །འབྱེད་པ་ཤིན་ཏུ་ཚུལ་དང་ མཐུན། །རྒྱལ་དབང་པདྨ་ཐོད་ཕྲེང་དང་། །སྲས་བཅས་རྒྱལ་བས་མགྲིན་གཅིག་ཏུ། །སྙིགས་མའི་མུན་སེལ་སྒྲོན་མེ་རུ། །བསྔགས་པའི་མེ་ཏོག་ཁྱོད་ལ་འཐོར། ། ༈ འདི་ན་སྙིགས་མའི་མྱ་ངམ་ཐང་། །ཕྱོགས་དང་ ཕྱོགས་སུ་བལྟ་ན་ཡང་། །ཡ་རབ་བཟང་པོའི་ལུགས་སྲོལ་ཆུ། །སྤྱད་དུ་རུང་བའང་མི་སྣང་བས། །སྲེད་པས་སྐོམ་བཞིན་རྒྱུ་བ་བདག །ཡོན་ཏན་ནོར་བུའི་གཏེར་གྱི་མཛོད། །ཆོས་ཀྱི་རྒྱ་མཚོ་ཁྱོད་ལྟ་བུ། །མཐོང་བས་ ཡིད་ནི་ལྷག་པར་དགའ། །ཁྱོད་ལ་ཡོན་ཏན་ཚད་མེད་ཀྱང་། །སྤྲིན་གྱི་མཐོངས་ཀར་ནམ་མཁའ་བཞིན། །རང་གི་མཐོང་བ་ཉི་ཚེ་བས། །གང་དཔོག་སྒྲོ་སྐུར་བྲལ་ཏེ་བརྗོད། །རང་ལ་ངེས་པ་མ་སྐྱེས་ཀྱང་། །ངོ་བསྟོད་ བསྔགས་པའི་བྲག་ཅའི་སྒྲ། །སྡེབ་སྦྱོར་ཙམ་གྱི་དབང་བྱས་པ། །དེ་དག་རྣམས་དང་འདི་མི་མཚུངས། ། ཕྱོགས་སུ་ལྷུང་བའི་བསམ་པ་ཡིས། །ཁྱོད་ལ་བསྟོད་པ་མ་ལགས་ཏེ། །བསྟོད་བྱའི་ཡོན་ཏན་འདི་འདྲ་རྣམས། ། 23-1-62b ཁྱོད་ལ་ཕྱོགས་སུ་ལྷུང་བར་གྱུར། །ཕྱོགས་སུ་ལྷུང་བའི་བསམ་པ་ཡིས། །གཞན་ལ་སྨད་པ་མ་ལགས་ཏེ། །ཁྱོད་ཀྱི་ཚུལ་དང་འགལ་བའི་སྐྱོན། །སྙིགས་མས་བཟུང་བ་རྣམས་ལ་སྣང་། །དེ་སླད་དྲང་པོར་བརྗོད་པ་ འདི། །གང་ལ་བདེན་པའི་ཚིག་ཏུ་སོང་། །དེ་ལའང་ཁྱོད་འདྲའི་རིན་པོ་ཆེ། །ཕངས་པར་བྱ་བ་ཉིད་དུ་འཚལ། །དེ་ཕྱིར་རྒྱལ་བའི་བསྟན་པ་ལ། །ཁྱོད་ནི་ཀུན་ནས་མངའ་དབང་འབྱོར། །སྐྱེ་རྒུ་སྐལ་བ་བཟང་རྣམས་ཀྱི། ། མཆོད་པའི་སྟེགས་ལ་ཡང་དག་འཛེགས། །འདི་འདྲའི་དཔལ་ནི་མངོན་སུམ་དུ། །འཛིན་པའི་གཟུགས་སྐུ་རིན་པོ་ཆེ། །ཞིང་འདིར་ཇི་ཙམ་བཞུགས་པ་སྲིད། །བསྟན་འདི་སྐྱོང་བའི་མགོན་དང་བཅས། །དེ་སླད་སྤྲུལ་ པའི་གཟུགས་གཞན་གྱིས། །འདི་འདྲའི་བསྟན་དོན་འབྱུང་དཀའ་བས། །སྤྲུལ་པའི་བཀོད་པ་འདི་ཉིད་ཀྱིས། །བསྐལ་པའི་བར་དུ་བཞུགས་གསོལ་འདེབས། །སེམས་ཅན་གཅིག་ཕྱིར་བསྐལ་མང་དུ། །སྙིང་རྗེ་ཆེ་ རྣམས་བཞུགས་བགྱིད་ཕྱིར། །བདག་གིས་ཁྱོད་ཉིད་ཁོ་ན་ལ། །རེ་བ་བཅས་ཏེ་གསོལ་བ་ལགས། །སྤྱད་རུང་འབྱོར་པའི་མཎྜལ་དང་། །མཐོང་རུང་ལུས་ཀྱི་རིམ་གྲོ་ཡིས། །རེ་འབྲས་ཞུ་བའི་སྟོབས་བསྐྱེད་པ། །དེ་ འདྲ་བདག་ལ་མ་མཆིས་ཕྱིར། །མཐོང་དུ་མི་རུང་སེམས་ཀྱིས་ནི། །ངེས་པ་བརྟན་པོས་གསོལ་འདི་ལ། །གཞན་དུ་སུ་ཞིག་ཡིད་རྟོན་ཏེ། །ལྷ་དང་འཕགས་རྣམས་དཔང་མཛོད་ཅིང་། །གང་སྐུ་རིན་ཆེན་སྣང་བ་ནི། ། 23-1-63a འཇིག་རྟེན་འདིར་ནི་ཇི་བཞུགས་པ། །བདག་ལ་བཀའ་དྲིན་གནང་སྦྱིན་ནི། །དེ་ཡིན་མཆོག་ནི་དེ་གཅིག་ཞུ། །རྟེན་འབྲེལ་བསླུ་བ་མེད་པ་ནི། །དངོས་པོའི་རྗེས་སུ་འབྲང་བ་སྟེ། །ལྟར་སྣང་རྣམས་ཀྱི་ རྗེས་མི་འགྲོ། །འདི་ནི་ཆོས་རྣམས་ཆོས་ཉིད་ཡིན། །དེ་ཕྱིར་དམན་པ་བདག་གིས་ཀྱང་། །དང་བའི་ཡིད་ཀྱིས་ཁྱོད་ཉིད་ལ། །གསོལ་བ་གང་ཞིག་བཏབ་པ་ཡི། །རེ་བ་འབྲས་བུར་བཅས་གྱུར་ཅིག །ཚེ་དཔག་མེད་མངའ་ རྒྱལ་བ་ཀུན། །སྲིད་གསུམ་དགྲ་ལས་རྣམ་རྒྱལ་ཞིང་། །སྐྱེ་རྒུར་ཡིད་བཞིན་འདོད་འཇོ་བའི། །ཕྲིན་ལས་འཁོར་ལོ་མཆོག་ལྡན་པས། །དེང་འདིར་སྐྱེ་རྒུའི་གཉེན་གཅིག་པུ། །མགོན་པོ་བསྐལ་བརྒྱར་ཞབས་བརྟན་པར། ། བདག་གིས་རེ་ཞིང་སྨོན་པའི་འབྲས། །ཡིད་བཞིན་འགྲུབ་པའི་དགའ་སྟོན་སྩོལ། ། ཅེས་པའང་སྐྱབས་རྗེ་དམ་པ་གང་གི་བཀའ་དྲིན་ལས་སྐྱེས་པའི་བཙུན་གཟུགས་གྱི་ན་བ་མི་ཕམ་ཞེས་པས་རབ་ཚེས་དབང་ཕྱུག་ ཁྲུམས་ཟླའི་ཚེས་༢༨ཀྱི་སྔ་ཐུན་གཉིས་པར་གང་ཤར་དུ་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། ། ༈ ཨོཾ་སྭ་སྟི། བསམ་གྱིས་མི་ཁྱབ་རྒྱལ་བའི་ཡེ་ཤེས་སྐུ། །རྟག་བརྟན་གཞོམ་གཞིག་བྲལ་བ་རྡོ་ རྗེའི་ཚོ་མཚོན། །འོད་མཚན་སྟོང་འབར་དེ་བཞིན་གཤེགས་པ་ཡིས། །རེ་འབྲས་ཡིད་བཞིན་གྲུབ་པའི་ཤིས་པ་སྩོལ། ༡ །ལྷར་བཅས་འགྲོ་བ་ཀུན་གྱི་བསོད་ནམས་ཞིང་། །བདག་ཅག་རྣམས་ཀྱི་འདྲེན་པ་མཚུངས་མེད་རྗེ། ། 23-1-63b མཁས་ཤིང་གྲུབ་པའི་རྣམ་ཐར་མཁའ་བཞིན་དུ། །ཟབ་མོ་གཏིང་དཔག་དཀའ་བའི་བདག་ཉིད་ཆེ། ༢ །འཇམ་དཔལ་དབྱངས་དངོས་མཁྱེན་དང་བརྩེ་བའི་གཏེར། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཉིད། །བསམས་ བཞིན་སྤྲུལ་པའི་ཟློས་གར་བསྒྱུར་བ་ཡི། །འཇིགས་བྲལ་ཁྱོད་ལ་སྤྱི་བོས་རྣམ་པར་འདུད། ༣ །གངས་ལྗོངས་མཁས་ཤིང་གྲུབ་པའི་རྒྱུ་སྐར་དབུས། །ཟབ་རྒྱས་མཁྱེན་པའི་ཆ་རྫོགས་ཉ་གང་ཟླ། །གྲུབ་པའི་རི་ དྭགས་བཀྲ་བས་རབ་མཛེས་ཤིང་། །གྲགས་སྙན་བདུད་རྩི་བྱེ་བའི་འོད་དཀར་འཕྲོ། ༤ །བསིལ་ལྡན་ར་བ་དཀར་པོས་བསྐོར་བ་ཡི། །ཁོར་ཡུག་འདི་ན་ཕན་བདེའི་ནོར་བུ་ནི། །རྒྱལ་དབང་པདྨའི་རྒྱལ་ཚབ་གཅིག་པུ་པ། ། མགོན་པོ་ཁྱོད་ལ་བདག་ཅག་ལྟོས་བཅས་རྣམས། ༥ །གུས་པའི་ཡིད་ཀྱིས་གསོལ་བ་འདེབས་བགྱིད་ན། །ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་བཞིན་དུ། །གངས་ལྗོངས་ཕན་བདེའི་ཉི་མ་གཟུགས་ཀྱི་སྐུ། །ནུབ་མེད་ བསྐལ་པ་རྒྱ་མཚོར་གསལ་གྱུར་ཅིག ༦ །ཤིན་ཏུ་བརྩེ་བ་ཆེན་པོའི་གཞན་དབང་གིས། །སྒྱུ་མའི་རང་བཞིན་སྲིད་པའི་ཁམས་ཀུན་ཏུ། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ནི། །དྭངས་པའི་ཆུ་ལ་ཟླ་བའི་གཟུགས་བཞིན་ འཇུག ༧ །ཁྱད་པར་གདོང་དམར་མུན་པའི་སྨག་རུམ་དུ། །ཐུབ་བསྟན་རིན་ཆེན་སྒྲོན་མེའི་སྣང་བ་ནི། །གང་གིས་ཡང་ནས་ཡང་དུ་གསལ་མཛད་ཀྱང་། །བདག་ཅག་སྙིགས་མར་གྱུར་བའི་སྐྱེ་བོ་རྣམས། ༨ །འཇིགས་ 23-1-64a རུང་སྲིད་པའི་མུན་པ་འཐིབས་པོ་རུ། །འཁྲིད་ལ་རིང་བར་ཆས་པ་ལྟར་གྱུར་བ། །མི་བཟད་བདུད་དཔུང་གཡོ་བའི་སྤྲིན་གྱི་ཚོགས། །དགའ་བས་གྱ་གྱུར་བགྲོད་པ་འདི་དགོངས་ལ། ༩ །རྨད་བྱུང་དམ་ བཅའ་རྡོ་རྗེའི་རང་བཞིན་དུ། །བརླིང་བར་གྱུར་པའི་སྙིང་པོས་བཟུང་བ་ཡིས། །ཐུབ་བསྟན་རིན་ཆེན་མཛེས་པའི་རྒྱལ་མཚན་ནི། །སྲིད་པ་གསུམ་ན་མངོན་པར་མཐོ་བར་མཛོད། ༡༠ །རྒྱལ་གསུང་ལྷ་ཡི་རྔ་ཆེན་རབ་བསྒྲགས་ པས། །སྐལ་བཟང་ཡིད་ལ་དགའ་བའི་དཔལ་སྟེར་ཞིང་། །ནག་ཕྱོགས་བདུད་སྡེ་བྱེ་བའི་བ་དན་ནི། །གཅིག་ཅར་ཉིད་དུ་རྣམ་པར་བསྙིལ་བར་མཛོད། ༡༡ །འདྲེན་པ་ཁྱོད་ནི་བཞེད་པས་རབ་འཇུག་ཅིང་། །བདག་ཅག་ རྣམས་ཀྱང་གུས་པས་གསོལ་འདེབས་ན། །བསླུ་མེད་རྟེན་ཅིང་འབྲེལ་བའི་ཆོས་ཉིད་ཀྱིས། །རེ་བ་ཇི་བཞིན་བསྒལ་བརྒྱར་འཚོ་གྱུར་ཅིག ༡༢ །ཞབས་སེན་ཟླ་བ་གསར་པའི་དཀྱིལ་འཁོར་ལ། །ས་གསུམ་བཀྲ་ཤིས་བྱེད་ པའི་འོད་འཕྲོ་བ། །མི་ཤིགས་རྡོ་རྗེའི་ཁྲི་འཕང་མཐོན་པོའི་རྩེར། །གཡོ་མེད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག༡༣། གང་གི་མཛད་བཟང་བདུད་རྩིས་རེག་པ་ཡིས། །སྲིད་པའི་ཐ་གྲུ་ཀུན་ནས་ཁྱབ་གྱུར་ཏེ། །དཀར་ ཕྱོགས་མངོན་པར་དགའ་བའི་གླུ་དབྱངས་ཀྱིས། །རྫོགས་ལྡན་གསར་པ་མགྲོན་དུ་འགུགས་གྱུར་ཅིག ༡༤ །བདག་ཅག་འདི་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱེད་ཀྱིས་རྗེས་སུ་འཛིན་གྱུར་ནས། །ནམ་ཞིག་ 23-1-64b བྱང་ཆུབ་སྙིང་པོར་སྨིན་པའི་ཚེ། །འབྲལ་མེད་རིགས་ཀྱི་བདག་པོར་ཁྱོད་གྱུར་ཅིག ༡༥ །སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཆོས་སྐྱོང་ནོར་ལྷ་རྒྱ་མཚོའི་བྱིན་རླབས་ཀྱིས། །ཅི་ལྟར་སྨོན་པ་ཡིད་ བཞིན་འགྲུབ་པ་དང་། །ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག ༡༦ །དེ་སྐད་རྣམ་དཔྱོད་དཔལ་མངའ་བ། །མིང་གི་མཐའ་ན་བཀྲ་ཤིས་ཀྱི། །ཡི་གེ་རྣམ་པར་བཀོད་གྱུར་པས། །ཉེ་བར་བསྐུལ་ཚེ་རང་གི་ཡིད། ༡ ། བཀའ་དྲིན་གཞལ་དུ་མེད་པ་ཡི། །འདྲེན་པ་མཆོག་གི་ངང་ཚུལ་ལ། །ཤིན་ཏུ་གུས་པའི་ཡིད་ཀྱིས་ནི། །གང་དྲན་ཐོལ་བྱུང་ཉིད་དུ་བྲིས། ༢ །སྡེབ་སྦྱོར་ལང་ཚོ་མི་ལྡན་ཅིང་། །ཟབ་དོན་ཤ་བཀྲག་ཆུང་ན་ཡང་། ། ལྷག་བསམ་སྐྲ་ལོ་དཀར་བ་ཡི། །མ་བཅོས་དྲང་སྲོང་མི་ཕམ་རྒྱ་མཚོ་རྒན་པོའི་གཏམ། ༣ །ནྱ་གྲོ་ཏ་ཡི་ས་བོན་ལྟར། །བདག་གི་ཚིག་འདི་ཞན་ན་ཡང་། །རྟེན་ཅིང་འབྲེལ་བའི་མཐུ་ཟབ་པས། །འབྲས་བཟང་རྒྱ་ཆེན་འབྱིན་གྱུར་ཅིག ༤། ཟླ་༡༢ཚེས་༡༠ལའོ།། ༈ །། བཀའ་མི་ཕམ་རྒྱ་མཚོ། བརྒྱད་སོགས་ཀྱི་བསྟོད་སྐོར། བདེ་སྟོང་དབྱེར་མེད་རྡོ་རྗེའི་ཞལ་གཅིག་གིས། །ཕྱོགས་བཅུ་དུས་གསུམ་འཁོར་འདས་འགྱུར་བའི་རྒྱུན། །གཅིག་ ཅར་༡༢ཟ་བར་བགྱིད་པ་གཤིན་རྗེའི་དགྲ། འཇམ་དཔལ་ཁྲོས་པས་རྟག་ཏུ་སྐྱོང་བར་མཛོད། །ཅེས་སོ།། ༈ །། འཁོར་འདས་དབང་བསྒྱུར་ཡེ་ཤེས་རྡོ་རྗེའི་སྐུ། །རྟ་མཆོག་རོལ་པ་རྒྱལ་ཀུན་ཐུགས་རྗེའི་བདག ། 23-1-65a བདེ་ཆེན་གར་གྱི་དབང་ཕྱུག་ཧེ་རུ་ཀ །པདྨ་དབང་གི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་སོ། ། ༈ རྒྱལ་ཀུན་གཉིས་སུ་མེད་པའི་ཡེ་ཤེས་ནི། །རྡོ་རྗེ་ཁྲོ་བོ་ཆེན་པོར་ལེགས་ཤར་བ། །དངོས་གྲུབ་ མཆོག་གི་འབྱུང་གནས་ཧེ་རུ་ཀ །ཡང་དག་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་དང་།། ༈ །། ངང་ཉིད་ཡེ་ནས་བདུད་རྩིར་རྣམ་དག་པའི། །རོལ་པ་སྣང་སྲིད་ཀུན་བདག་དཔལ་ཆེན་པོ། །ཆེ་བའི་ཆེ་ མཆོག་སངས་རྒྱས་ཀུན་གྱི་དངོས། །ཡོན་ཏན་བདུད་རྩིའི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ༈ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ཐོག་མེད་གཅོད་པའི་མཐུ་ལྡན་རྡོ་རྗེའི་མཚོན། །སྒྲོལ་བྱེད་ དྲག་པོའི་མཐར་ཐུག་ཕྲིན་ལས་ལྷ། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ། ༈ སྣང་སྲིད་རྣམ་དག་དབྱིངས་ཀྱི་ཡུམ་མཆོག་ལ། །དགྱེས་རོལ་ཡེ་ཤེས་མངོན་པར་རྫོགས་པའི་རྗེ། །དབང་བསྒྱུར་ སྟོབས་ཀྱི་རྒྱལ་པོ་རྒྱལ་ཀུན་ཡབ། །རྦོད་གཏོང་མ་མོའི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ། ༈ རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པའི་རྩལ། །གཅིག་བསྡུས་གཏུམ་དྲག་མི་བཟད་ཁྲོ་བོའི་རྒྱལ། །མཐར་ བྱེད་དམོད་པའི་སྟོབས་ལྡན་གདུག་པའི་གཤེད། །དྲག་སྔགས་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ། ༈ རྒྱལ་བ་ཀུན་དངོས་ཐུགས་ཀྱི་རྡོ་རྗེ་འཛིན། །སྣང་སྲིད་དྲེགས་པ་ཀུན་གྱི་མངའ་བདག་ 23-1-65b མཆོག །གདོན་བགེགས་ཀུན་འདུལ་འཇིག་རྟེན་ཡོངས་ཀྱི་མགོན། །མཆོད་བསྟོད་དྲེགས་པའི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ། ༈ རྡོ་རྗེའི་ལམ་མཆོག་གྲུབ་པའི་རྩལ་ལྡན་པ། །རིག་འཛིན་ཀུན་གྱི་རྒྱལ་ པོ་ཡེ་ཤེས་སྐུ། །རྣམ་གཉིས་དངོས་གྲུབ་གཏེར་ཆེན་རྒྱལ་ཀུན་སྲས། །རིག་འཛིན་བླ་མའི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་སྒྲུབ་སྡེ་ཆེན་པོ་ཚོམ་བུ་དགུའི་ལྷ་ལ་བསྟོད་པའི་སྡེ་ཚན་ནོ།། ༈ །། ཧཱུྃ། རྒྱལ་བ་ཀུན་གྱི་ ཐུགས་མཆོག་རྡོ་རྗེའི་རིགས། །བདེ་གཤེགས་མི་འཁྲུགས་རྒྱལ་པོ་རྡོ་རྗེ་སེམས། །ཧཱུྃ་ལས་གཏུམ་ཆེན་མི་བཟད་ཁྲོ་བོའི་སྐུ། །དཔལ་ལྡན་མི་གཡོ་མགོན་པོ་ཁྱོད་ལ་འདུད། །དྷཱིས་སོ།། ༈ །། རྒྱལ་ཀུན་སོ་སོར་ རྟོག་པའི་ཡེ་ཤེས་མདངས། །རྗེས་ཆགས་བདེ་ཆེན་ལྷ་མོར་ཤར་བའི་གཟུགས། །དྲན་པས་སྲིད་ཞིའི་དྭངས་བཅུད་འགུགས་མཛད་མ། །བཅོམ་ལྡན་རིག་བྱེད་དབང་མོར་ཕྱག་འཚལ་བསྟོད། །ཅེས་དང་། ། ༈ རྒྱལ་ ཀུན་བྱིན་རླབས་འདུས་པ་ཡེ་ཤེས་སྐུའི། །འོད་ཟེར་དྲྭ་བས་མཁའ་མཉམ་ཞིང་བཀང་སྟེ། །བདུད་འཇོམས་དངོས་གྲུབ་འདོད་དགུའི་དཔལ་སྩོལ་བ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད། །ཅེས་སོ། ། ༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་བསྟོད་པ་རྒྱུན་ཆགས་ནོར་བུའི་དཎྚ་ཀ་བཞུགས་སོ། །ཨོཾ་སྭ་སྟི་ཤྲཱི་ཛ་ཡནྟུ། ཕྱོགས་རྣམས་ཀུན་ནས་ཡོངས་བསྐོར་རབ་ཟླུམ་སྲུང་བའི་འཁོར་ལོའི་དབུས་སུ་ 23-1-66a ནམ་མཁའ་ལ་གནས་ང་མེ་ཆུ་དང་ས་དཀྱིལ་ལྷུན་པོའི་སྟེང་དུ་སྐུ་གསུང་ཐུགས་ལྡན་རིན་ཆེན་རྩིག་པ་ལས་གྲུབ་ནོར་བུའི་འོད་ཟེར་ཀུན་ནས་འཕྲོ་བའི་གཞལ་མེད་ཁང་ཆེན་སོ་སོར་སྒོ་བཞི་རྟ་བབ་ བཞི་ལྡན་ཕྱོགས་ཀྱི་མདོག་ཅན་དྭངས་ཤིང་སྒྲིབ་མེད་བཀོད་པས་རབ་མཛེས་དེ་ཡི་དབུས་སུ་སྣ་ཚོགས་མདོག་སྟེ་ལྗང་གུའི་མདངས་ལྡན་པདྨ་ཆེན་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་ཉི་སྒྲ་གཅན་གདན་ལ་ཁྱབ་བདག་གཙོ་བོ་ དུས་ཀྱི་འཁོར་ལོ་གནམ་སྔོན་ཞུན་མའི་སྐུ་གཅིག་ཉིད་ལ་ནག་དམར་དཀར་བའི་མགྲིན་པ་གསུམ་ལྡན་གནག་དང་དམར་དང་སེར་དང་དཀར་བའི་ཞལ་ནི་རིམ་བཞིན་དྲག་པོ་དང་ནི་ཆགས་དང་བསམ་གཏན་ཞི་བའི་ཉམས་དང་ ལྡན་པའི་ཞལ་རེ་ལ་ཡང་སྤྱན་གསུམ་མངའ་བ་གང་གི་དབུ་སྐྲའི་ཐོར་ཚུགས་ཉིད་ལ་སྣ་ཚོགས་རྡོ་རྗེ་དང་ནི་ཟླ་བ་ཚེས་པས་བརྒྱན་ཅིང་རྡོ་རྗེ་སེམས་དཔའི་ཅོད་པན་ལྡན་པ་གཡས་དང་གཡོན་གྱི་ནག་དམར་དཀར་བའི་ཕྲག་པ་ དྲུག་པོ་དེ་ལས་གྱེས་པ་རྣམས་ཀྱང་དེ་ཡི་མདོག་ཅན་དཔུང་པ་བཅུ་གཉིས་ཕྱག་ནི་ཉེར་བཞི་དག་ལས་བྱུང་བའི་སེར་དཀར་དམར་ནག་ལྗང་བའི་སོར་མོ་ལྔ་པོའི་ཚིགས་ཀྱང་མས་ནས་ནག་དམར་དཀར་བའི་སུམ་བརྒྱ་དྲུག་ཅུའི་ ཚིགས་དང་ལྡན་པ་གཡས་པའི་ཕྱག་རྣམས་ཉིད་ན་རིམ་བཞིན་རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མེ་ཡི་མདའ་དང་ལྕགས་ཀྱུ་ཌཱ་མ་རུ་དང་ཐོ་བ་འཁོར་ལོ་མདུང་དང་དབྱུག་པ་དགྲ་སཏྭ་བསྣམས་ཤིང་གཡོན་པ་རྣམས་ཀྱིས་དྲིལ་བུ་ཕུབ་ 23-1-66b དང་ཁ་ཊྭཱཾ་ཐོད་ཁྲག་གཞུ་དང་ཞགས་པ་རིན་ཆེན་པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་པའི་མགོ་བོ་འཛིན་མཛད་གང་གི་སྤྱི་གཙུག་རྡོ་རྗེ་ནོར་བུའི་རྒྱན་དང་དེ་བཞིན་རྡོ་རྗེའི་སྙན་རྒྱན་མགུལ་རྒྱན་དཔུང་རྒྱན་ཕྱག་གདུབ་ ཞབས་གདུབ་དོ་ཤལ་དང་ནི་སྐ་རགས་དར་དཔྱངས་དང་བཅས་སྟག་གི་པགས་པའི་ཤམ་ཐབས་འཛིན་གང་ཞབས་གཡས་དམར་པོ་བརྐྱང་པས་འདོད་ལྷ་དམར་པོ་དང་ནི་གཡོན་པ་དཀར་པོ་བསྐུམས་པས་དྲག་པོ་དཀར་པོའི་སྙིང་ གར་བརྫིས་པ་རོལ་པའི་སྟབས་ཅན་དེ་ལ་འཁྱུད་པ་སྣ་ཚོགས་ཡུམ་ནི་གསེར་མདོག་ཞལ་བཞི་བཅུ་གཉིས་སྤྱན་ལྡན་ཕྱག་བརྒྱད་གྲི་ཐོད་ལ་སོགས་ཕྱག་མཚན་འཛིན་པ་དང་ནི་མཉམ་པར་སྦྱོར་ཞིང་དྲི་མ་མེད་པའི་ཡེ་ཤེས་འོད་ ཟེར་ཁ་དོག་རྣམ་ལྔ་ཀུན་ནས་འཕྲོ་བའི་གཙོ་བོ་ཡབ་ཡུམ་དེ་ཡི་པདྨའི་འདབ་མ་བརྒྱད་པ་ནུ་མ་བརྒྱད་ནི་མདུན་ནས་གཡས་བསྐོར་ནག་མོ་འབར་མ་དུ་བ་མ་དང་དམར་མོ་འབར་མ་སྨྲིག་རྒྱུ་མ་ཉིད་སེར་མོ་འབར་མ་མར་མེ་མ་དང་ དཀར་མོ་འབར་མ་མཁའ་སྣང་མ་རྣམས་ཞལ་བཞི་བཅུ་གཉིས་སྤྱན་ཅན་ཕྱག་བརྒྱད་སོ་སོའི་ཕྱག་མཚན་འཛིན་ཅིང་སྐུ་ལུས་ཕྱོགས་ཀྱི་མདོག་ཅན་ཕྱག་རྒྱ་ལྔས་སྤྲས་རྡོ་རྗེ་སེམས་དཔའི་ཅོད་པན་འཛིན་པ་མཉམ་པའི་སྟབས་སུ་ བཞུགས་ཤིང་དེ་ཡི་ཟུར་བཞིར་དབང་ལྡན་ནས་ནི་གཡས་སུ་བསྐོར་བས་ཆོས་དུང་དཀར་པོ་ནོར་བུ་ནག་པོ་གཎྡི་དམར་དང་དཔག་བསམ་ཤིང་སེར་དང་བཅས་ཡེ་ཤེས་དཀྱིལ་འཁོར་དེ་ཡི་ཕྱི་རོལ་ཐུགས་ཀྱི་འཁོར་ལོར་ཕྱོགས་ 23-1-67a བཞིར་པད་དཀར་ཉི་མའི་གདན་ལ་ཤར་ནས་གཡས་བསྐོར་དོན་ཡོད་གྲུབ་པ་རིན་ཆེན་འབྱུང་ལྡན་རྣམ་པར་སྣང་མཛད་འོད་དཔག་མེད་རྣམས་སྤྱན་མ་ལ་སོགས་ཡུམ་བཞིར་འཁྱུད་པ་དང་ནི་མཚམས་བཞིར་ པདྨ་དམར་པོ་ཟླ་བའི་གདན་ལ་ཤར་ལྷོ་ནས་བརྩམས་གཡས་སུ་བསྐོར་བས་སྒྲོལ་མ་དང་ནི་གོས་དཀར་མོ་དང་སངས་རྒྱས་སྤྱན་མ་མཱ་མ་ཀཱི་རྣམས་རྣམ་སྣང་ལ་སོགས་ཐབས་ཀྱིས་འཁྱུད་པའི་བདེ་གཤེགས་ཡབ་ཡུམ་བཅུ་ དྲུག་དེ་རྣམས་ཞལ་གསུམ་སྤྱན་དགུ་ཕྱག་དྲུག་སོ་སོའི་རིགས་ཀྱི་ཕྱག་མཚན་འཛིན་ཅིང་དར་དང་རིན་ཆེན་རྒྱན་ལྡན་རིགས་ཀྱི་བདག་པོའི་ཅོད་པན་འཛིན་པ་ཡབ་རྣམས་རྡོ་རྗེའི་གདན་དང་ཡུམ་རྣམས་པདྨའི་གདན་གྱིས་ མཉམ་པར་སྦྱོར་བའི་ཕྱོགས་བཞིའི་གཡས་གཡོན་པདྨ་ལ་གནས་བདུད་རྩིའི་བུམ་པ་བརྒྱད་དང་སྟེང་དང་འོག་ཏུ་ཡང་སྟེ་སྒོ་བཞིའི་ཤར་དུ་བགེགས་མཐར་བྱེད་ནག་རེངས་བྱེད་སེར་མོ་ལྷོ་རུ་ཤེས་རབ་མཐར་བྱེད་དམར་པོ་ ཁེངས་བྱེད་མ་དཀར་ནུབ་ཏུ་གཤིན་རྗེ་གཤེད་སེར་རབ་བརྩོན་ནག་མོ་བྱང་དུ་པདྨ་མཐར་བྱེད་དཀར་དང་རྨུགས་བྱེད་དམར་མོ་དེ་རྣམས་རབ་ཁྲོས་སྤྱན་དགུ་དམར་ཟླུམ་རལ་པ་དམར་སེར་གཟེངས་ཤིང་ཕྱག་རྒྱ་ལྔ་དང་ཀླུ་དབང་ གིས་བརྒྱན་སྟག་ཤམས་འཛིན་མཛད་ཤར་དང་བྱང་སྒོར་པད་དཀར་ཉི་མ་དག་དང་ལྷོ་དང་ནུབ་སྒོར་པདྨ་དམར་པོ་ཟླ་བའི་གདན་ལ་བརྐྱང་བསྐུམ་སྟབས་ཀྱིས་བཞུགས་པའི་སྒོ་ཡི་གཡས་གཡོན་མཚམས་བཞི་རྣམས་སུ་ 23-1-67b མིག་རྣ་སྣ་ལྕེ་ལུས་ཡིད་རྣམ་དག་སེམས་དཔའ་ཆེན་པོ་ས་སྙིང་དམར་པོ་ཕྱག་རྡོར་ལྗང་གུ་ནམ་སྙིང་ནག་པོ་འཇིག་རྟེན་དབང་ཕྱུག་རབ་དཀར་སྒྲིབ་སེལ་སེར་པོ་ཀུན་བཟང་སྔོན་པོ་དྲུག་ལ་ཡུལ་དྲུག་རྣམ་པར་དག་ པའི་སེམས་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་རྡོ་རྗེ་མ་དྲུག་རིམ་བཞིན་དཀར་སྔོ་སེར་དམར་ནག་དང་ལྗང་བས་འཁྱུད་པ་རྣམས་ཏེ་ཐབས་དང་ཤེས་རབ་གཙོ་བོར་གྱུར་པས་ལུས་ཀྱིས་ཕྱེ་བ་བཅུ་གཉིས་དག་ནི་ཤར་ནས་ རིམ་པར་ཕྱོགས་བཞིའི་སྟོད་དུ་ཀུན་ཏུ་བཟང་པོ་ཕྱག་ན་རྡོ་རྗེ་དང་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་སྒྲ་ཡི་རྡོ་རྗེ་མ་སྟེ་ཕྱོགས་བཞིའི་སྨད་དུ་ནམ་མཁའི་སྙིང་པོ་ས་ཡི་སྙིང་པོ་སྒྲིབ་པ་རྣམ་སེལ་འཇིག་རྟེན་དབང་ཕྱུག་བཞི་དང་ མེ་ནས་གཡས་བསྐོར་རེག་བྱ་རྡོ་རྗེ་མ་དང་རོ་ཡི་རྡོ་རྗེ་དེ་བཞིན་དྲི་དང་གཟུགས་ཀྱི་རྡོ་རྗེ་མ་རྣམས་ཡུལ་ལ་འཇུག་པའི་བསམ་པས་ཕྱེ་བ་རང་རང་གི་ནི་ཤེས་རབ་ཐབས་དང་ལྡན་པ་ཉིད་དེ་བདེ་གཤེགས་ཁྲོ་བོ་སེམས་ དཔའ་ཡབ་ཡུམ་ཐམས་ཅད་ཞལ་གསུམ་སྤྱན་དགུ་ཕྱག་དྲུག་རིགས་ཀྱི་ཕྱག་མཚན་རྣམས་འཛིན་རིགས་བདག་དྲུག་གི་ཅོད་པན་དང་ལྡན་ཞི་བ་རྣམས་ནི་ཞི་བའི་ཚུལ་འཆང་དར་དང་རིན་ཆེན་རྒྱན་མཛེས་ཐབས་ཉིད་གཙོ་ པོར་གྱུར་རྣམས་པད་དཀར་ཉི་མ་ལ་གནས་ཤེས་རབ་གཙོར་གྱུར་པདྨ་དམར་པོ་ཟླ་བའི་གདན་ལ་ཡབ་རྣམས་རྡོ་རྗེའི་གདན་དང་ཡུམ་རྣམས་པདྨའི་གདན་གྱིས་ཕན་ཚུན་འཁྱུད་བཞུགས་ཐུགས་དཀྱིལ་དེ་ཡི་ཕྱི་རོལ་དུ་ 23-1-68a ནི་ཕྱོགས་བཞིར་གནས་རྣམས་དམར་དང་མཚམས་བཞིར་དཀར་གྱུར་ཆུ་སྐྱེས་འདབ་མ་བརྒྱད་ལྡན་དེ་ཡི་ལྟེ་བར་སོ་སོའི་གདན་གྱི་སྟེང་དུ་ཤར་ནས་གཡས་བསྐོར་ཙིཏྟ་ཀ་དང་ཁྱབ་འཇུག་མ་དང་ཕག་ མོ་དང་ནི་གཞོན་ནུ་མ་དང་དབང་མོ་ཚངས་མ་དྲག་མོ་དཔལ་མོ་དང་བཅས་རྣལ་འབྱོར་མ་བརྒྱད་ཕྱོགས་ཀྱི་མདོག་ཅན་ཚངས་མ་ཞལ་བཞི་གཞོན་ནུ་མ་ནི་ཞལ་དྲུག་ཉིད་དེ་གཞན་རྣམས་ཞལ་གཅིག་ཀུན་ཀྱང་ཕྱག་བཞི་ སོ་སོའི་ཕྱག་མཚན་འཛིན་པར་དབང་པོ་ཚངས་པ་སེར་པོ་དྲག་པོ་ཚོགས་བདག་དཀར་པོ་དག་དང་བདེན་བྲལ་ཁྱབ་འཇུག་ནག་པོ་གཤིན་རྗེ་དང་ནི་གདོང་དྲུག་དམར་པོ་རྣམས་ཀྱིས་རིམ་པར་འཁྱུད་པའི་ཐབས་ཤེས་ གཉིས་ཀ་ས་གའི་སྟོབས་ཅན་འདབ་མའི་ལྷ་མོ་རྣམས་ནི་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་རང་གི་གཙོ་མོ་དང་མཚུངས་དཔའ་མོ་རྐྱང་པ་རོལ་པའི་སྟབས་ཅན་བརྒྱད་ཀྱིས་ཡོངས་བསྐོར་གཙོ་འཁོར་ཀུན་ཀྱང་ ཞལ་རེ་ལ་ཡང་སྤྱན་གསུམ་དང་ལྡན་གསུང་དཀྱིལ་དེ་ཡི་ཕྱི་རོལ་སྐུ་ཡེ་དཀྱིལ་འཁོར་གྱི་ནི་སྒོ་བཞིར་ཕག་པ་སོགས་ཀྱི་ཤིང་རྟ་ལ་གནས་དབྱུག་སྔོན་འདོད་རྒྱལ་སྟོབས་པོ་ཆེ་དང་མི་གཡོ་བ་སྟེ་སྟེང་དུ་གཙུག་ཏོར་ དང་ནི་འོག་ཏུ་གནོད་མཛེས་རྣམས་ནི་ཁྲོ་བོའི་ཚུལ་ཅན་སྦྲུལ་སོགས་རྒྱན་ལྡན་ཞལ་གཅིག་སྤྱན་གསུམ་ཕྱག་བཞིས་སོ་སོའི་ཕྱག་མཚན་བསྣམས་པར་རིམ་བཞིན་འོད་ཟེར་ཅན་སེར་སྐུལ་བྱེད་དཀར་མོ་ལྕགས་སྒྲོག་ 23-1-68b མ་ནག་ཁྲོ་གཉེར་ཅན་དམར་ཤིན་སྔོན་སྔོན་མོ་དྲག་སྦྱིན་ལྗང་མོ་རྣམས་ནི་རང་རིགས་ཁྲོ་བོ་དག་དང་མཚུངས་པས་བརྐྱང་བསྐུམ་སྟབས་སུ་འཁྱུད་དེ་བཞུགས་པའི་ཕྱོགས་བཞིའི་སྒོ་ཡི་གཡོན་དང་གཡས་དང་མཚམས་ བཞིར་པདྨ་འདབ་མ་ཉེར་བརྒྱད་ཕྱོགས་བཞིའི་བརྒྱད་ནི་ཁ་དོག་དམར་ཞིང་མཚམས་བཞིའི་དཀར་པོར་གྱུར་པའི་ལྟེ་བར་སོ་སོའི་བཞོན་པའི་སྟེང་དུ་ཤར་སྒོའི་གཡོན་ཏེ་ཤར་གྱི་སྟོད་ནས་གཡས་སུ་བསྐོར་བའི་རིམ་པས་ ཁྱབ་འཇུག་བདེན་བྲལ་ང་ལྷ་གཤིན་རྗེ་མེ་ལྷ་གདོང་དྲུག་ནོར་བདག་དབང་པོ་ཚངས་པ་དྲག་པོ་ཆུ་ལྷ་ཚོགས་བདག་རྣམས་ལས་ཚངས་པ་ཞལ་བཞི་གདོང་དྲུག་ཞལ་དྲུག་གཞན་ཀུན་ཞལ་གཅིག་ཞལ་རེར་སྤྱན་གསུམ་ མངའ་བ་ཕྱོགས་བཞིའི་སྟོད་དུ་བཞུགས་པའི་དྲག་པོ་ནོར་བདག་སྔོན་པོ་ཁྱབ་འཇུག་གཤིན་རྗེ་ལྗང་གུ་གཞན་རྣམས་ཕྱོགས་ཀྱི་མདོག་ཅན་ལྷ་ཆེན་བཅུ་གཉིས་ཀུན་ཀྱང་ཕྱག་བཞི་སོ་སོའི་ཕྱག་མཚན་འཛིན་པར་གོང་གི་རིམ་ པ་དག་དང་མཚུངས་པར་དཔལ་མོ་སྔོན་མོ་སྲིན་མོ་དང་ནི་རབ་གཏུམ་སེར་མོ་གཤིན་རྗེ་སྔོན་མོ་ཆུ་ལྷ་མོ་དང་དཔལ་ཆེན་དཀར་མོ་ནོར་གྱི་དབང་མོ་ལྗང་གུ་ང་ལྷ་མོ་དང་གློག་མ་ནག་མོ་རི་སྲས་ལྗང་གུ་ཕག་མོ་དང་ནི་གཞོན་ནུ་ དམར་མོ་རྣམས་ནི་ཡུམ་སྟེ་ཐབས་རྣམས་རྡོ་རྗེའི་གདན་གྱིས་བཞུགས་པར་ཡུམ་རྣམས་པདྨའི་གདན་གྱིས་འཁྱུད་པ་དེ་རྣམས་སོ་སོའི་པདྨའི་འདབ་མར་ཚེས་ཀྱི་ལྷ་མོ་རྡོ་རྗེ་མ་རྣམས་དཔའ་མོ་རྐྱང་པ་རང་རང་སོ་སོའི་གཙོ་བོའི་ 23-1-69a ཁ་དོག་དང་ནི་ཞལ་དང་ཕྱག་དང་ཕྱག་མཚན་ཇི་ལྟ་བ་བཞིན་གྱུར་པ་རོལ་པའི་སྟབས་སུ་གཙོ་བོ་ཉིད་ལ་ཞལ་གྱིས་ཕྱོགས་ཤིང་བཞུགས་པའི་སྐུ་དཀྱིལ་དེ་ཡི་ཕྱི་རོལ་རྟ་བབ་འོག་གི་སྟེགས་བུའི་གཞི་ ལ་ཤར་སྒོ་ལ་སོགས་གཡོན་གཡས་དག་ཏུ་རླུང་སོགས་གདན་ལ་སྟོབས་རྒྱུ་པདྨ་ནོར་རྒྱས་དུང་སྐྱོང་འཇོག་པོ་པད་ཆེན་མཐའ་ཡས་རིགས་ལྡན་རྣམས་དང་སྟེང་དང་འོག་ཏུ་རྒྱལ་བ་དང་ནི་རྣམ་རྒྱལ་དག་སྟེ་ཀླུ་ཆེན་བཅུ་ པོ་ཞལ་གཅིག་སྤྱན་གསུམ་སྦྲུལ་གྱི་གདེངས་ཀ་ལྡན་པ་ཕྱག་བཞིས་བུམ་པ་ལ་སོགས་ཕྱག་མཚན་འཛིན་ཅིང་རྡོ་རྗེའི་གདན་གྱིས་བཞུགས་པར་རབ་གཏུམ་མ་བཅུས་པདྨའི་གདན་གྱིས་འཁྱུད་པ་དཀྱིལ་འཁོར་ཕྱི་རོལ་ ས་ཆུ་མེ་ང་ཁོར་ཡུག་བཞི་ལས་མེ་ང་མཚམས་སུ་རྩེ་མོས་འབིགས་སོགས་དུར་ཁྲོད་བརྒྱད་ལ་བསེ་སོགས་སོ་སོའི་གདན་གྱི་སྟེང་དུ་ཕྱོགས་བཞིར་དམར་དང་མཚམས་བཞིར་དཀར་བའི་འཁོར་ལོ་རྩིབས་བརྒྱད་ དག་གི་གདན་ལ་ཤར་ནས་རིམ་པར་ཁྱི་དང་ཁྭ་དང་ཕག་དང་བྱ་རྒོད་ཅེ་སྤྱང་མཁའ་ལྡིང་སྟག་དང་འུག་པའི་གདོང་ཅན་མ་བརྒྱད་སྟེང་དང་འོག་ཏུ་ཤིང་རྟ་ལྗང་དང་སྔོ་བར་རིམ་བཞིན་ཤིན་ཏུ་སྔོན་པོ་དང་ནི་རྡོ་རྗེའི་མིག་ མ་དང་བཅས་རབ་གཏུམ་མ་བཅུ་ཕྱོགས་ཀྱི་མདོག་ཅན་དེ་ཀུན་ཞལ་གཅིག་སྤྱན་གསུམ་ཕྱག་གཉིས་གྲི་ཐོད་འཛིན་ཅིང་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་མགོ་ཕྲེང་འཕྱངས་པ་ཟླུམ་པོའི་སྟབས་ཀྱིས་བཞུགས་པར་ཀླུང་ 23-1-69b བཅུས་ཟླུམ་པོའི་སྟབས་ཀྱིས་འཁྱུད་པ་དང་ནི་དུར་ཁྲོད་ཐ་མར་ང་དཀྱིལ་ལ་ནི་སྣ་ཚོགས་འབྱུང་པོའི་ཚོགས་རྣམས་ཀུན་ནས་གནས་པ་ཉིད་དོ་དཀྱིལ་འཁོར་དག་གི་ལྷ་རྣམས་སྟེང་དང་འོག་ཏུ་བཞུགས་པ་མཁའ་ དང་ཡེ་ཤེས་རིགས་གྱུར་རྣམས་དང་དེ་ཡི་རིགས་ཅན་ཕྱོགས་བཞིའི་སྟོད་དུ་བཞུགས་རྣམས་ལྟ་བུ་མ་གཏོགས་གཙོ་དང་འཁོར་རྣམས་ཕྱོགས་ཀྱི་མདོག་ཅན་ཉིད་དེ་ཤར་དང་ཤར་ལྷོའི་ལྷ་རྣམས་ནག་པོ་དེ་བཞིན་ལྷོ་དང་ ལྷོ་ནུབ་པ་རྣམས་དམར་ཞིང་ནུབ་དང་ནུབ་བྱང་སེར་པོ་བྱང་དང་བྱང་ཤར་དཀར་ལ་འདི་རྣམས་རིགས་བཞི་དང་ནི་ང་སོགས་ཁམས་བཞིའི་རིགས་གྱུར་སྟེང་གི་ནམ་མཁའི་ཁམས་ཅན་ལྗང་གུ་མི་བསྐྱོད་པ་དང་འོག་གི་ ཡེ་ཤེས་ཁམས་ནི་སྔོན་པོ་རྡོ་རྗེ་སེམས་དཔའི་རིགས་སོ་གཙོ་བོའི་ཞལ་གྱི་དབྱེ་བ་བཞིན་དུ་སྐུ་དང་ཞལ་ནི་འགྱུར་ཏེ་བཞི་དང་གསུམ་ཡང་དེ་ནས་གཡས་སུ་རིམ་བསྐོར་བཞིན་ནོ་འདིར་ནི་ང་དང་ས་ཡི་རང་བཞིན་ནག་ པོ་སེར་པོ་ཕན་ཚུན་ཐབས་དང་ཤེས་རབ་ཏུ་འགྱུར་ཏེ་བཞིན་མེ་དང་ཆུ་ཡི་དམར་དང་དཀར་བ་ཡང་སྟེ་མཁའ་དང་ཡེ་ཤེས་ལྗང་གུ་སྔོན་པོ་དག་ནི་ཕན་ཚུན་ཐབས་ཤེས་ཉིད་གྱུར་གཞན་གྱི་རིགས་ལ་འཁྱུད་པས་བདེ་ མཉམ་འབྲས་བུ་སྟེར་བའི་བདག་ཉིད་དུ་ནི་རབ་བཞུགས་ཉིད་དོ་ཐུགས་དཀྱིལ་འདོད་སྣམ་ལ་གནས་དྲི་ཆབ་མ་དང་མར་མེ་ལ་སོགས་ཁམས་དྲུག་གི་ནི་མཆོད་པའི་ལྷ་མོ་བཅུ་གཉིས་རྣམས་ནི་རང་གི་རིགས་ཀྱི་མདོག་ 23-1-70a ཅན་རང་རང་མཆོད་རྫས་འཛིན་པ་དང་ནི་གསུང་དང་སྐུ་དཀྱིལ་དག་གི་འདོད་སྣམ་ལ་ཡང་ཡུམ་བཞི་སེམས་མ་དྲུག་དང་ཁྲོ་མོ་རྣམ་བཅུ་རྣལ་འབྱོར་མ་བརྒྱད་གཏུམ་མོ་བརྒྱད་བཅས་རྣལ་འབྱོར་ ཆེན་མོ་སོ་དྲུག་ལས་སྐྱེས་འདོད་དང་ཕྱིར་འདོད་རྣམས་ནི་རང་རིགས་མདོག་ཅན་ཞལ་གཅིག་ཕྱག་གཉིས་སོ་སོའི་ལས་མཐུན་མཆོད་རྫས་འཛིན་པ་ཕྱོགས་བཞིར་ཀུན་ནས་འཁོར་བར་བཞུགས་ཤིང་མི་བསྐྱོད་པ་དང་ ཤེས་རབ་ཕ་རོལ་ཕྱིན་མ་ཟུང་སྟེ་རྡོ་རྗེ་སེམས་དཔའ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ཡབ་ཡུམ་དང་བཅས་དཀྱིལ་འཁོར་བདག་པོ་ཡབ་དང་ཡུམ་དག་གི་ནི་རང་བཞིན་ཉིད་དུ་བཞུགས་པ་ལགས་ཏེ་ཁམས་ལྔའི་རང་བཞིན་རྩ་ བའི་དབྱངས་ལྔ་ཐུང་ངུ་རིང་པོ་ཡོན་ཏན་འཕེལ་བ་བསྒྱུར་བའི་དབྱེ་བས་བཅུ་ཕྲག་གསུམ་གྱི་དབྱངས་དང་ཀ་ཙ་ཊ་པ་ཏ་ས་དག་གི་སྡེ་དྲུག་གསལ་བྱེད་སུམ་ཅུ་ཉིད་དེ་དེ་ལྟར་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་སུམ་ཅུ་རྩ་དྲུག་ གིས་མཚོན་ཕུང་ཁམས་ལ་སོགས་རྣམ་པར་དག་པའི་རབ་ཏུ་ཕྱེ་བ་གཅིག་དང་གསུམ་དང་ལྔ་དང་དགུ་ནས་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་འཆར་བའི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆོས་དབྱིངས་གསུང་ གི་དབང་ཕྱུག་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་གང་ཞིག་རིགས་མཆོག་དྲུག་གི་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་འདུས་པའི་ངོ་བོ་གང་འདིར་ཕྱི་དང་ནང་གི་དུས་ཀྱི་ཆ་དང་ཁམས་དྲུག་དང་སྣོད་དང་ 23-1-70b བཅུད་དང་སྲིད་པ་གསུམ་དང་ལུས་ངག་ཡིད་ཀྱིས་བསྡུས་པ་མ་དག་འཁོར་བའི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བྱ་བ་དང་བཅས་ཡོངས་སུ་རྣམ་པར་དག་པའི་བདག་ཉིད་པྲ་ཕབ་ལྟ་བུའི་དཀྱིལ་འཁོར་འཁོར་ལོ་བརྟན་ གཡོ་ཀུན་ལ་ཁྱབ་ཅིང་དངོས་གྲུབ་ཀུན་གྱི་འབྱུང་གནས་འདི་ནི་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་དང་མཆོག་ཏུ་མི་འགྱུར་བདེ་བ་རོ་མཉམ་དུས་གསུམ་དུས་མེད་མཉམ་པ་ཉིད་ཀྱི་རྡོ་རྗེའི་དུས་སུ་གྱུར་པ་རྣམ་པར་དག་པའི་ ཡེ་ཤེས་སྐུ་ཡི་རང་བཞིན་རྒྱལ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོ་ཁྱབ་བདག་གཙོ་བོ་མཆོག་གི་ཡེ་ཤེས་གཅིག་གི་ངོ་བོ་ཉིད་ལས་འདའ་བ་མེད་བཞིན་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་མིག་འཕྲུལ་ ལ་སོགས་བཅུ་གཉིས་སྒྱུ་མའི་དཔེ་ཡི་ཚུལ་དུ་ནམ་མཁའ་མཉམ་པར་སྤྲོ་ཞིང་གཞོམ་མེད་རྡོ་རྗེའི་གསུང་དང་ཨཱ་ལི་ཀཱ་ལི་ལས་བྱུང་ཟབ་མོ་སྔགས་ཀྱི་ཚུལ་གྱིས་འགྲོ་ཀུན་རེ་བ་ལེགས་སྐོང་རྟོག་མེད་ལྷུན་གྱིས་གྲུབ་པའི་ ཡེ་ཤེས་ཆེན་པོས་ཤེས་བྱ་མཐའ་དག་གཅིག་ཅར་གཟིགས་མཛད་དཔག་བསམ་ཤིང་ཆེན་དང་ནི་ཡིད་བཞིན་ནོར་བུ་བུམ་པ་བཟང་པོ་སོགས་བཞིན་རྩོལ་བ་མེད་པའི་ཕྲིན་ལས་ནམ་མཁའ་ཇི་སྲིད་ཕན་བདེའི་རྣམ་རོལ་ ཟད་པ་མེད་པའི་ཡོན་ཏན་རྒྱ་མཚོ་ཕ་མཐས་དབེན་པའི་བདག་ཉིད་དུ་གྱུར་དཀྱིལ་འཁོར་དམ་པ་གང་ལ་དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་པའི་ཀུན་བཟང་མཆོད་སྤྲིན་རབ་འབྱམས་དང་བཅས་རྣམ་པ་ཀུན་ཏུ་མི་ཕྱེད་ 23-1-71a མཆོག་གི་དད་པས་དངོས་པོ་ཀུན་གྱིས་བཏུད་དེ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་རྟག་པར་ཕྱག་འཚལ་བ་དང་བསྟོད་ཅིང་གསོལ་བ་འདེབས་སོ་བདག་དང་བདག་ལ་འབྲེལ་བ་རྣམས་དང་ནམ་མཁའི་ མཐས་ཁྱབ་སེམས་ཅན་མཐའ་དག་ཡེ་ཤེས་ཐུགས་རྗེ་ཆེན་པོས་བླ་མེད་བྱང་ཆུབ་མངོན་དུ་འགྱུར་གྱི་བར་དུ་འབྲལ་མེད་རྗེས་སུ་འཛིན་ཅིང་ཡིད་ལ་ཇི་ལྟར་རེ་བའི་དཔལ་དང་དངོས་གྲུབ་གཉིས་ཀྱི་དགའ་སྟོན་ཆེན་པོས་རེ་ འདོད་ཡིད་བཞིན་ལེགས་སྐོང་དོན་ཀུན་གྲུབ་མཛོད་ཁྱད་པར་སྟོང་ཆེན་ལྔ་བདག་ཝཾ་ཡིག་རྡོ་རྗེ་ཟླ་བ་དྲི་མེད་འོད་བཟང་བཅུ་དྲུག་དགའ་བའི་ཆ་རྫོགས་བྱང་ཆུབ་སེམས་ཉིད་ཐིག་ལེ་སྟོང་དྲུག་ཨེ་ཡིག་རྡོ་རྗེ་བཙུན་མོའི་ མཁའ་དབྱིངས་རྣམ་ཐར་བཞི་ལྡན་རྡོ་རྗེ་ཉི་མ་སྣང་བ་ཆེན་པོར་མཉམ་སྦྱོར་ལམ་གྱིས་དེ་ཉིད་བཅུ་དྲུག་རིག་ཅིང་བདེན་དོན་བཅུ་གཉིས་མཐར་སོན་སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེའི་ཐིག་ལེ་རྣམ་བཞི་སྒྲིབ་བྲལ་ཀུན་ མཁྱེན་ཉིན་བྱེད་པདྨའི་སྤྱན་མངའ་སངས་རྒྱས་སྐུ་བཞིའི་བདག་ཉིད་ཚེ་འདིར་མངོན་བྱེད་ལམ་མཆོག་རྡོ་རྗེའི་ཐེག་པར་གཅིག་ཏུ་ངེས་པའི་ཡིད་ཀྱིས་འཇུག་ཅིང་བཞི་པའི་ཡེ་ཤེས་དང་ལྡན་དཔལ་ལྡན་བླ་མ་མཆོག་ བསྟེན་བཅུ་གཅིག་དབང་གིས་རྒྱུད་སྨིན་རྩ་བ་ཡན་ལག་དང་བཅས་དམ་ཚིག་སྡོམ་པ་རྣམ་དག་ལ་གནས་ཕྱི་ནང་གཞན་གསུམ་གྱིས་བསྡུས་དཔལ་ལྡན་རྒྱུད་ཀྱི་རྒྱལ་པོ་ལེགས་མཉན་ཤེས་རབ་འོད་ཀྱིས་ལྟ་བའི་མུན་ 23-1-71b པ་རབ་བསལ་གྲུབ་མཐའི་རིམ་པ་ཀུན་ལ་མཁས་བྱས་ཀུན་གྱི་རྩེར་གྱུར་འཕོ་མེད་མཆོག་གི་བདེ་བ་དང་ནི་རྣམ་ཀུན་མཆོག་ལྡན་སྟོང་ཉིད་དབྱེར་མེད་གཉུག་མ་དོན་གྱི་ཡེ་ཤེས་ལྷན་སྐྱེས་ཉིད་ལ་ངེས་པ་རབ་ཏུ་འདྲོངས་ ཤིང་བསོད་ནམས་ཡེ་ཤེས་ཚུལ་ཁྲིམས་དག་གི་ཚོགས་གསུམ་ཡོངས་སུ་རྫོགས་པར་བགྱི་སླད་ཐ་མལ་སྣང་ཞེན་སྦྱོང་བྱེད་རྣམ་དག་དཀྱིལ་འཁོར་འཁོར་ལོའི་ལྷ་ཡི་ཚུལ་ལ་རྗེས་སུ་དཔགས་པས་དམིགས་པ་རྒྱལ་ མཆོག་རྣམ་གཉིས་དག་དང་ཐིག་ལེ་དང་ནི་ཕྲ་མོའི་རྣལ་འབྱོར་དག་སྟེ་བསྙེན་སྒྲུབ་རྣམ་བཞི་བསྐྱེད་པའི་རིམ་པ་ཡན་ལག་དག་དང་བཅས་པས་རང་རྒྱུད་ལེགས་པར་སྦྱངས་བྱས་བཟླས་དང་བསམ་གཏན་སྦྱིན་སྲེག་ འཁྲུལ་འཁོར་སོགས་བརྟེན་ཞི་སོགས་ལས་དང་འཇིག་རྟེན་པ་ཡི་དངོས་གྲུབ་དག་ཀྱང་གཞན་ཕན་ཆེད་དུ་ཅི་རིགས་བསྒྲུབ་རྣམས་ལེགས་འགྲུབ་དཀྱིལ་འཁོར་མཆོག་གི་ལྷ་རྣམས་ཉིད་ཀྱི་རྡོ་རྗེ་ཡེ་ཤེས་འབེབས་ པ་ཆེན་པོའི་བྱིན་རླབས་ཉེ་བར་ཐོབ་པས་དངོས་གྲུབ་རྣམ་གཉིས་མིག་འཕྲུལ་ལྟ་བུར་ཚེགས་མེད་འགྲུབ་ཅིང་ཆོས་ཉིད་གཉུག་མའི་འོད་གསལ་མངོན་སུམ་ལམ་བྱེད་རྫོགས་པའི་རིམ་པ་སོ༷་སོ༷ར་སྡུ༷ད་པ༷ས་ཐ་མལ་ དབང་ཡུལ་འབྲེལ་པ་བཅད་དེ་ང་སེམས་དབྱིངས་སུ་བསྡུས་པས་འོད་གསལ་རྟགས་བཅུ་མངོན་དུ་མཐོང་བ་དེ་ལ་རྩེ་གཅིག་དམིགས་པའི་ཡན་ལག་ལྔ་ལྡན་བས༷མ་ག༷ཏན་ལེགས་གྲུབ་སྲོ༷ག་གི་རྩོ༷ལ་བས་རྣམ་ 23-1-72a རྟོག་བཞོན་པར་གང་གྱུར་རོ་རྐྱང་ལམ་བགྲོད་ང་རྣམས་དབུ་མར་གཞུག་ཅིང་དེར་ནི་འགྲོ་འོང་བྱེད་པ་གང་ཞིག་འཛི༷ན་པ༷འི་སྟོབས་ཀྱིས་དྷཱུ་ཏིའི་ནང་གི་མི་ཤིགས་ཐིག་ལེར་སྡུད་ཅིང་བཟུང་བས་ སྲོག་གཟུགས་ལེགས་འདྲེས་སྤྱི་བོའི་ཧཾ་ལ་རབ་ཟིན་གློག་གི་དབྱུག་པ་དང་མཚུངས་གཏུམ་མོའི་མེ་ནི་ངང་གིས་འབར་བས་སྤྱི་བོའི་ཟླ་བ་ཞུ་བའི་བདུད་རྩིའི་རྒྱུན་གང་འོང་དང་འགྲོ་བ་ལ་བརྟེན་དགའ་བ་བཞི་ནི་རྟག་པར་ རྗེ༷ས་དྲ༷ན་ཐབས་ཤེས་རོ་མཉམ་རྣལ་འབྱོར་དམ་པ་ཏིང༷་ངེ༷་འཛི༷ན་གྱི་སྦྱོར་བས་འགྱུར་མེད་བདེ་བའི་དབང་གིས་བཅུ་གཉིས་ང་གི་འཕོ་བ་གསང་བའི་འཁོར་ལོ་ནས་ནི་གཙུག་ཏོར་ནམ་མཁའི་འཁོར་ལོའི་བར་དུ་རིམ་པར་ འགགས་པས་བཅུ་གཉིས་ས་བགྲོད་གཞོམ་མེད་ལྷན་སྐྱེས་ཡེ་ཤེས་སྐུ་ནི་ཚེ་འདིར་ཡོངས་སུ་གྲུབ་པ་དེ་ལ་བརྟེན་ནས་མཐར་ཐུག་འབྲས་བུའི་མཆོག་གྱུར་སྐུ་བཞི་ཡེ་ཤེས་ལྔ་ལྡན་ལྷག་པའི་ལྷ་མཆོག་ཁྱེད་ཀྱི་མཉམ་ ཉིད་ཡེ་ཤེས་སྐུ་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས་ཤིག་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་དགེ་ལེགས་སུ་ཡང་མཛོད་ཅིག་བི་ཛ་ཡནྟུ། དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ནམ་མཁའི་མཐས་ ཁྱབ་མཐའ་ཡས་སེམས་ཅན་རྣམས། །སྡུག་བསྔལ་ཀུན་བྲལ་བདེ་དགའ་རྒྱ་མཚོར་སྤྱོད། །འཇིགས་མེད་བདེ་ཆེན་རྡོ་རྗེའི་གནས་ཐོབ་ཤོག །ལམ་མཆོག་འདི་ཉིད་ཕྱོགས་ཀུན་དར་ཞིང་རྒྱས། །ལམ་འདིར་ཞུགས་ 23-1-72b རྣམས་གེགས་མེད་བསམ་དོན་འགྲུབ། །ལེགས་བྱས་རྒྱ་མཚོས་འཇིག་རྟེན་ཁམས་ཀུན་ཁྱབ། །ལེགས་ཀུན་ཕུན་ཚོགས་བཀྲ་ཤིས་དཔལ་འབར་ཤོག ། ཅེས་བསྟོད་པ་རྒྱུན་ཆགས་འདི་ལ་ཡི་གེ་བརྒྱད་པ་རྗེས་ བསྔགས་ཀྱི་སྡེབ་སྦྱོར་དག་གི་དབང་དུ་བྱས་ན་ཚིགས་བཅད་བརྒྱ་དང་དྲུག་ཡོད་ལ་མཇུག་གི་ཚིགས་བཅད་གཉིས་བཅས་བརྒྱ་རྩ་བརྒྱད་དོ། །འདི་ནི་རབ་བྱུང་བཅོ་ལྔ་པའི་ཞི་བ་ས་བྱ་ལོའི་རྒྱལ་ཟླའི་དམར་ཕྱོགས་རྒྱལ་བ་ གསུམ་པའི་ཐུན་གསེང་ཞིག་ལ་ཡི་གེ་བརྒྱད་པའི་དབང་དུ་བྱས་པའི་ཚིགས་བཅད་གྱ་བདུན་བར་དུ་བྲིས་པ་ལ་ཟླ་བ་དེའི་རྗེས་ཐོག་ལྕགས་ཁྱི་གསར་ཚེས་མཆུ་ཟླའི་བཟང་པོ་དང་པོར་མཇུག་ཡོངས་སུ་རྫོགས་པར་མི་ཕམ་ འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་འཕེལ།། ༈ །། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས་འཁོར་དང་བཅས་པ་ལ་བསྟོད་པ་རྒྱུན་ཆགས་རྡོ་རྗེའི་དཎྚ་ཀཾ་བཞུགས་སོ། །ཨོཾ་ཛ་ཡེ་བི་ཛ་ཡནྟུ། ཆོས་ འབྱུང་ནམ་མཁའི་དབྱིངས་སུ་ས་སོགས་དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པར་གྱུར་ལས་རྡོ་རྗེའི་ས་གཞིར་རྡོ་རྗེའི་ར་བ་ཕྱི་ནང་རིམ་པ་གཉིས་དང་དབུས་སུ་རྡོ་རྗེའི་ཁང་བརྩེགས་ནང་དུ་འཁོར་ལོ་རྩིབས་བཅུའི་ལྟེ་བར་ སྣ་ཚོགས་པདྨ་ཉི་གདན་ལ་གནས་ཧཱུྃ་ད ང་རྡོ་རྗེ་ལས་སྐྱེས་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་དུས་མཐའི་སྤྲིན་ལྟར་གནག་པའི་སྐུ་མཆོག་ནག་དམར་སེར་དང་དཀར་བའི་ཞལ་བཞི་མཆེ་གཙིགས་རབ་ཁྲོས་འཇིགས་རུང་དུས་ 23-1-73a མཐའི་མེ་ལྟར་རབ་འབར་བཅུ་གཉིས་སྤྱན་བགྲད་དབུ་སྐྲ་དམར་སེར་གྱེན་བརྫེས་མི་བསྐྱོད་དབུར་བརྒྱན་ནག་དམར་དཀར་བའི་མགྲིན་པ་གསུམ་ལྡན་ཕྲག་པ་དྲུག་དང་དཔུང་པ་བཅུ་གཉིས་ཕྱག་གི་ པདྨ་ཉེར་བཞི་ཕྱག་མཚན་ལྡན་པ་གཙོ་བོ་བཞིན་ཏེ་ལྷག་པའི་ཕྱག་གཉིས་སྡིགས་མཛུབ་དང་བཅས་གླང་ཆེན་པགས་རློན་མནབས་ཤིང་བདུད་ཀྱི་མགོ་དང་ཐོད་པ་ཁྲག་བཀང་འཛིན་མཛད་བདུད་དང་ཉོན་མོངས་ཡི་དྭགས་ གདན་ལ་གཡས་དམར་གཡོན་དཀར་ཞབས་ནི་བརྐྱང་བསྐུམ་གྱིས་བཞུགས་རྡོ་རྗེའི་རྒྱན་སོགས་དང་ལྡན་མཆོད་ཕྱིར་ཐོགས་འཆང་སྟག་ཤམ་བཀླུབས་པ་བདུད་རིགས་བརྒྱ་ཡི་མགོ་ཕྲེང་དོ་ཤལ་རབ་འཕྱངས་ཀླུ་ཆེན་བཅུ་ ཡི་སྦྲུལ་རྒྱན་རབ་སྤྲས་སྐུ་ཡི་གནས་དང་ཚིགས་རྣམས་ཀུན་ཏུ་རྡོ་རྗེས་ལེགས་གཏམས་དེ་ལས་སྤྲོས་པ་ནག་དམར་སེར་དཀར་ལྗང་དང་སྔོ་བའི་མེ་དཔུང་ཕྱོགས་བཅུར་རབ་འབར་གདུག་པའི་ཚོགས་ཀུན་སྲེག་མཛད་ཁྲོ་ ཚོགས་ཀུན་གྱི་དབང་པོ་བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས་ཀྱི་དབང་ཕྱུག་རྡོ་རྗེ་འཇིགས་བྱེད་འཇིགས་མཛད་ཆེན་པོ་གང་གི་ཡེ་ཤེས་དྲུག་གི་རང་རྩལ་སྲུང་མ་དྲུག་ཅུའི་ཚོགས་ནི་འཁོར་ལོའི་རྩིབས་ཀྱི་ནང་དུ་ སྟེང་དུ་གཙུག་ཏོར་འོག་ཏུ་གནོད་མཛེས་ཤར་ནས་ཕྱོགས་བརྒྱད་རིམ་པར་གཡས་སུ་བསྐོར་བས་བགེགས་མཐར་བྱེད་དང་དབྱུག་པ་སྔོན་པོ་ཤེས་རབ་མཐར་བྱེད་འདོད་པའི་རྒྱལ་པོ་གཤིན་རྗེ་མཐར་བྱེད་སྟོབས་པོ་ཆེ་ 23-1-73b དང་པདྨ་མཐར་བྱེད་མི་གཡོ་བ་རྣམས་བཞུགས་ཏེ་ཁང་བརྩེགས་དེ་ཡི་ཕྱི་རུ་སྟེང་དང་འོག་ཏུ་ནམ་མཁའ་དང་ནི་སྟོང་པའི་ཟད་པར་ཤར་དང་མེ་སོགས་ཕྱོགས་བརྒྱད་རིམ་པར་གཡས་བསྐོར་ང་གཉིས་མེ་གཉིས་ ས་གཉིས་ཆུ་གཉིས་དག་སྟེ་ཟད་པར་བཅུ་དང་ས་དང་ནམ་མཁའ་འབྱར་བར་སྣང་བའི་མཚམས་སུ་ནང་ནས་རིམ་བཞིན་དཀར་དམར་ནག་པའི་རིམ་པ་གསུམ་ལྡན་ར་བ་ནང་མའི་ནང་དུ་སྟེང་འོག་ཕྱོགས་བརྒྱད་རྣམས་ ལ་ཚངས་པ་ཁྱབ་འཇུག་བདེན་བྲལ་ང་ལྷ་གཤིན་རྗེ་དབང་པོ་གནོད་སྦྱིན་ཆུ་ལྷ་དྲག་པོ་ཉིད་དེ་ཕྱོགས་སྐྱོང་ལྷ་ཆེན་བཅུ་དང་ར་བའི་ཕྱི་ལ་དེ་བཞིན་སྒྲ་གཅན་དུས་མེ་ཟླ་བ་ཉི་མ་ལྷག་པ་མིག་དམར་མཇུག་རིང་སྤེན་ པ་པ་སངས་ཕུར་བུ་གཟའ་བཅུ་རྣམས་ཏེ་དེའི་ཕྱི་རོལ་གང་སྲུང་ཡུལ་འཁོར་མཚམས་ཀྱི་མཐར་ནི་ནང་ནས་རིམ་པས་ལྗང་ནག་དམར་དཀར་སེར་བའི་ར་བ་ལྔ་ཡི་རྡོ་རྗེའི་གུར་ལ་ནང་དུ་སྟེང་དང་འོག་དང་ཤར་དང་མེ་ སོགས་ཕྱོགས་བརྒྱད་གཡས་སུ་བསྐོར་བའི་རིམ་པས་རྒྱལ་བ་རྣམ་རྒྱལ་སྟོབས་རྒྱུ་པདྨ་ནོར་རྒྱས་དུང་སྐྱོང་འཇོག་པོ་པད་ཆེན་མཐའ་ཡས་རིགས་ལྡན་དག་སྟེ་ཀླུ་ཆེན་བཅུ་དང་ར་བའི་ཕྱི་ལ་སྔ་མའི་རིམ་པ་ཇི་བཞིན་རོ་ ལངས་དང་ནི་གྲུལ་བུམ་དག་དང་མིའམ་ཅི་ནི་ཁྱི་ཡི་གདོང་ཅན་སྐྱེས་བུའམ་ཅི་བྱ་རོག་གདོང་དང་དྲི་ཟ་ཕག་གདོང་འབྱུང་པོ་བྱ་རྒོད་གདོང་ཅན་རྗེད་བྱེད་ཅེ་སྤྱང་གདོང་དང་ནམ་མཁའ་ལྡིང་ནི་ཁྱུང་གདོང་སྲིན་པོ་སྟག་ 23-1-74a གདོང་ཡི་དྭགས་འུག་གདོང་བཅུ་ནི་འབྱུང་པོ་རྣམས་ཏེ་འདི་ལྟར་རང་བཞིན་ཡོན་ཏན་དབང་གིས་རྩ་བའི་དབྱངས་ལྔ་ཐུང་རིང་གིས་བསྒྱུར་ཧ་སོགས་ལྔ་དང་ཀ་སོགས་སྡེ་པ་ལྔ་ཡི་ལྔ་བཞི་གསུམ་ གཉིས་དང་པོའི་སྡེ་ཚན་རྣམས་ནི་སྐྱེད་པའི་རིམ་པར་བཀོད་པའི་ས་བོན་ལས་བྱུང་ལྷ་ཡི་ཚོགས་ནི་རྣ་བ་སྣ་དང་མིག་ནི་གཡོན་གཡས་དག་དང་ལྕེ་དང་ཆུ་ལམ་དང་ནི་བཤང་ལམ་གཙུག་ཏོར་ནས་སྤྲོས་རང་རང་རིགས་ ཀྱི་ཕྱོགས་སུ་བཀོད་རྣམས་སྟེང་ལྗང་འོག་སྔོ་ཤར་དང་ཤར་ལྷོ་རྣམས་ནག་ལྷོ་དང་ལྷོ་ནུབ་པ་དམར་ནུབ་དང་ནུབ་བྱང་པ་སེར་བྱང་དང་བྱང་ཤར་གནས་རྣམས་དཀར་པོ་ཉིད་དོ་ཁྲོ་བཅུ་ཞལ་གསུམ་ཕྱག་དྲུག་རིགས་དྲུག་ ཕྱག་མཚན་རབ་འཛིན་ཁྲོ་ཆས་ཉི་གདན་ལ་བཞུགས་ཕྱོགས་སྐྱོང་ལྷ་ཡི་ཆ་ལུགས་ངང་པ་སོགས་ཀྱི་གདན་བཞུགས་ལྷག་མ་སྡེ་བཞི་སྟེང་མཁའ་འོག་ཏུ་ཡེ་ཤེས་ཕྱོགས་བརྒྱད་ང་མེ་ས་ཆུའི་རང་བཞིན་རང་རང་ གདན་བཞུགས་ཟད་པར་ཞལ་གཅིག་ཕྱག་གཉིས་ལྷ་ཡི་ཆ་ལུགས་མཉམ་གཞག་མཛད་ཅིང་གཟའ་རྣམས་ཞལ་གཅིག་ཕྱག་བཞི་སོ་སོའི་ཕྱག་མཚན་ལེགས་བསྣམས་ཕྱོགས་སྐྱོང་ཀླུ་རྣམས་སྒྲུབ་ཐབས་བཞིན་ཏེ་ འབྱུང་པོ་བཅུ་ཡང་གཏུམ་མོ་བཅུར་མཚུངས་དེ་རྣམས་ས་བླ་ས་སྟེང་ས་འོག་འཇིག་རྟེན་དག་ཏུ་རང་རང་ཕྱོགས་ནི་སྐྱོང་ཞིང་འགྲོ་བའི་མི་ཤིས་རྒུད་པ་ཀུན་འཇོམས་དཔལ་དང་ཕུན་ཚོགས་རབ་སྤེལ་རྒྱལ་བའི་བཀའ་ 23-1-74b ཉན་ཕྲིན་ལས་པ་སྟེ་དེ་ལྟར་སྡེ་དྲུག་སྲུང་མ་དྲུག་ཅུ་རྣམས་ནི་ནང་དང་ཕྱི་ནས་ཡང་དག་སྦྱོར་ཏེ་རིམ་བཞིན་ཁྲོ་བོ་ཟད་པར་ཡེ་ཤེས་ནམ་མཁའ་སྦྱོར་བས་སེམས་དང་ཕྱོགས་སྐྱོང་གཟའ་ནི་ང་མེ་སྦྱོར་བས་དག་སྟེ་ཀླུ་ དང་འབྱུང་པོ་ཆུ་དང་ས་སྦྱོར་ལུས་ནི་སྲུང་བྱེད་ཁམས་དྲུག་རྣམ་དག་སྲུང་བའི་འཁོར་ལོ་ཆེན་པོའི་ལྷ་རྣམས་དམ་ཡེ་དབྱེར་མེད་དབང་བསྐུར་ཡོངས་རྫོགས་ཕྱོགས་བཅུའི་བགེགས་རྣམས་ཕུར་བུས་གདབ་ཅིང་གཡོ་ འགུལ་མེད་མཛད་བཀའ་ལས་འདའ་རྣམས་མིང་མེད་གཞོམ་པ་རྟེན་དང་བརྟེན་པའི་ལྷ་ཡི་འཁོར་ལོ་མངོན་སུམ་དམིགས་ཏེ་ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད་ཅིང་ཕྱག་འཚལ་བསྟོད་པ་བགྱིད་ན་དུས་ ཀུན་སྲུང་བསྐྱབས་སྦ་མཛོད་བར་ཆད་ཀུན་སོལ་ལས་ཀུན་མྱུར་འགྲུབ་འཁོར་ལོ་དྲུག་ཏུ་ང་སེམས་རབ་འཆིང་རྒྱལ་བ་རིགས་དྲུག་འགྲུབ་མཛོད་བཀྲ་ཤིས་བདེ་ལེགས་སུ་ཡང་མཛོད། ཅེས་ཡི་གེ་བརྒྱད་པའི་ སྡེབ་སྦྱོར་གྱི་དབང་དུ་བྱས་ན་ཚིགས་བཅད་མཚན་བཟང་གྲངས་ལྡན་སོ་སོར་མ་བཅད་པར་རྒྱུན་ཆགས་སུ་སྦྱར་བ་འདི་ནི་རབ་ཚེས་ལྕགས་ཁྱི་ཁྲུམས་ཟླའི་ཚེས་གྲངས་བཟང་པོའི་གྲངས་ལ་མི་ཕམ་པས་སྤེལ་བ་དགེའོ། ། ༄༅། ། ཨོཾ། དཔལ་ལྡན་མི་གཡོ་མགོན་པོ་ལ་ཕྱག་འཚལ་ལོ། །སྣང་སྟོང་མཆོག་ཏུ་མི་ཕྱེད་རྡོ་རྗེའི་ཐུགས། །མ་ལུས་རྒྱལ་བའི་ཕྲིན་ལས་དཔའ་བོའི་སྐུ། །དྲན་པས་བར་ཆད་བདུད་ལས་རྣམ་ 23-1-75a རྒྱལ་བ། །དཔལ་ལྡན་མི་གཡོ་མགོན་པོ་ཁྱོད་ལ་འདུད། །སྣ་ཚོགས་འཇིགས་པ་འཁྲུགས་པའི་ཆུ་གཏེར་གྱི། །དབུས་ན་གནས་ཤིང་འཆི་བདག་ཆུ་སྲིན་ཁར། །ལྡོག་མེད་སོན་པའི་སྡུག་ བསྔལ་འགྲོ་བ་ལ། །མི་ཤིགས་བརྩེ་བའི་དམ་བཅའ་ཁྱོད་ཀྱིས་བཟུང་། །ཆོས་དཀར་གྲུ་ལ་ཞོན་པའི་སྐྱེ་བོ་རྣམས། །ཐར་མཆོག་རིན་ཆེན་གླིང་དུ་ཉེར་ཆས་ཀྱང་། །མི་བཟད་བདུད་ཀྱི་ང་གིས་བཏབ་པའི་ཚེ། ། སྐྱོབ་པར་ཞལ་བཞེས་རྡོ་རྗེའི་རི་བོ་ཁྱོད། །དུས་མཐའི་མེ་ཡིས་འཁྱུད་པའི་དབང་སྔོན་རི། །ཇི་བཞིན་རབ་འབར་འཇིགས་པའི་སྟབས་ཀྱིས་ནི། །ཉི་ཟླའི་སྤྱན་རས་གཡོ་བས་བདག་ལ་གཟིགས། །གསོལ་བ་ འདེབས་སོ་དཔལ་ལྡན་མི་གཡོ་བ། །རང་སྣང་ཡུལ་དུ་ཞེན་པའི་སྐྱེ་བོ་ལ། །མི་བཟད་སྣ་ཚོགས་འཇིགས་པས་ཉེར་གཙེས་པ། །སྐྱོབ་པའི་ཐབས་གཞན་རྣམ་པར་སྤང་བའི་ཚེ། །དྲན་པས་འཇིགས་འཕྲོག་ཁྱོད་ ལ་ཕྱག་འཚལ་ལོ། །ཁྱོད་ནི་སྒྲིབ་གཉིས་སྤངས་པའི་སངས་རྒྱས་ཏེ། །མ་ལུས་ཤེས་བྱའི་དེ་ཉིད་མངོན་གཟིགས་ཤིང་། །ཕྱོགས་དུས་དངོས་ཀུན་སྒྱུ་མ་ལྟར་མཁྱེན་པས། །བདུད་དཔུང་བཟློག་ལ་དཀའ་བ་ཅུང་ ཟད་མེད། །བདག་ཅག་ཤིན་ཏུ་རྟབས་པའི་ཡིད་ཀྱིས་ནི། །རིངས་པར་རིངས་པར་བཅོམ་ལྡན་ཁྱེད་ལ་འབོད། །ཐུགས་རྗེ་བསླུ་བ་མེད་པའི་མགོན་ཉིད་ཀྱིས། །གཟིགས་པ་དུས་སུ་འོས་པ་དགོངས་པར་མཛོད། །མ་ལུས་ཕྱོགས་ 23-1-75b དུས་བདུད་དང་བར་ཆད་ཀྱིས། །གང་དྲན་བ་སྤུའི་ཆ་ཙམ་མི་གཡོ་བ། །མཁའ་བཞིན་རྟག་ཏུ་མི་བསྐྱོད་རྡོ་རྗེའི་ཐུགས། །འགྲོ་ལ་དགོངས་པར་མཛད་ལ་ཕྱག་འཚལ་ལོ། །འདི་ན་རང་སྟོབས་ཆེས་ཆེར་ཕྲ་གྱུར་ཅིང་། ། བདུད་དང་བར་ཆད་འཇིགས་པའི་སྟོབས་འཕེལ་ན། །སྟོབས་མཆོག་བརྫི་བ་མེད་པ་ཁྲོ་བའི་རྒྱལ། །ཁྱོད་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རྟག་ཏུ་མི་གཏོང་ཡེ་ཤེས་ཐུགས་རྗེ་ཡིས། །ཉམ་ཐག་བདག་ཅག་རྗེས་ སུ་བཟུང་ནས་ཀྱང་། །ཕྱི་ནང་གསང་བའི་བར་ཆད་ཀུན་བསལ་ནས། །བདུད་བཞིའི་དགྲ་ལས་རྒྱལ་བའི་མཆོག་སྩོལ་ཅིག །ཅེས་སྙིང་ནས་གསོལ་བ་བཏབ་ལ་རྡོ་རྗེའི་ཡི་གེ་བཅུ་པ་བཟླས་པས་བར་ཆད་རྨིང་ནས་ཞི་ སྟེ་དངོས་གྲུབ་ཡིད་བཞིན་ཐོབ་པར་འགྱུར་རོ། །གཞོན་ནུ་ང་ནི་རང་ལོ་ཉེར་བཞིའི་དུས། །དཔལ་ལྡན་ལྷ་མཆོག་དྲན་པའི་གདུང་ཤུགས་ཀྱིས། །གང་ཤར་བོས་པ་འདི་ལ་མཛེས་ཆོས་ཀྱི། །འཕྱོར་ངག་མེད་ཀྱང་ བཟང་པོའི་གསེར་དང་འདྲ། །མི་ཕམ་པས་བྲིས་པ་དགེའོ་མངྒ་ལཾ།། ༈ །། བདེ་སྟོང་ཕྱག་རྒྱའི་རྣལ་འབྱོར་གྱི་ཚུག་ཚུལ་མདོ་ཙམ་བརྗོད་པ་མཚོ་བྱུང་དགྱེས་པའི་འཛུམ་དཀར་ཞེས་བྱ་བ། བླ་མ་ དང་གཉིས་སུ་མེད་པ་དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འཆི་མེད་བགྲེས་རྒུད་བྲལ་བའི་ལང་ཚོ་ལ། །བདེ་ཆེན་མཁའ་འགྲོའི་ཆགས་ཀྱིས་རྟག་མཆོད་པ། །བདེ་མཆོག་པདྨ་ 23-1-76a རྒྱལ་པོ་དགྱེས་པའི་བྱིན། །འགྲོ་འདིའི་སྙིང་ལ་རྟག་ཏུ་འཇུག་གྱུར་ཅིག ༡ །འཕོ་འགྱུར་དང་བྲལ་བདེ་སྟོང་ཕྱག་རྒྱའི་སྐུ། །ཁ་སྦྱོར་ལྷན་སྐྱེས་བདེ་བའི་དཔྱིད་འབར་བས། །སྙིང་ལ་ བདེ་ཆེན་རྡོ་རྗེའི་བྱིན་འབེབས་པ། །རབ་འབྱམས་ཡི་དམ་རྒྱལ་བས་དགེ་ལེགས་མཛོད། ༢ །རྡུལ་བྲལ་སྟོང་པའི་དབྱིངས་ལས་འོད་གསལ་སྐུ། །ཡེ་གདངས་ཁ་དོག་འོད་ལྔའི་དྲྭ་བ་ཅན། །བདེ་ཆེན་ ཌཱ་ཀིའི་སྤྲིན་ཕུང་གཏིབས་པ་དེས། །འགྲོ་ལ་བྱིན་རླབས་ཆར་ཆེན་སྩོལ་གྱུར་ཅིག ༣ །ལྷན་སྐྱེས་བདེ་བའི་རང་བཞིན་རྗེ་བཙུན་མ། །གནས་སྐབས་གང་དུ་གནས་ཀྱང་ཁྱོད་ལ་འདུན། །རྡོ་སོལ་རི་ལ་ ཆར་གྱི་རྒྱུན་བབས་བཞིན། །འགྱུར་བཅས་བདེ་བས་ཕྱི་ཕྱིར་སྲེད་འདི་གཟིགས། ༤ །གནས་སྐབས་བཞི་པོ་ཁྱབ་པར་རྗེས་སོང་ཡང་། །གནས་སྐབས་བཞི་ཡི་འགྱུར་བས་མ་བསླད་པ། །ཉི་མ་ལྟ་བུར་ ལྷམ་པ་ཁྱོད་ཀྱི་ཞལ། །མཁྱེན་ལྡན་རིག་འཛིན་རྣམས་ཀྱིས་གཟིགས་ཞེས་གྲགས། ༥ །སྐལ་དམན་བདག་གིས་ཇི་ལྟར་བཙལ་ན་ཡང་། །དམུས་ལོང་རྣམས་ཀྱིས་ནམ་མཁའི་ནོར་བུ་བཞིན། །མཐོང་ བའི་གོ་སྐབས་ནམ་ཡང་མ་མཆིས་པས། །སྤྲོས་པའི་དུབ་པས་ཤ་ཐང་ཆད་པར་གྱུར། ༦ །ཡོད་པ་དམིགས་དང་བཅས་པས་རྣམ་པར་ཕུང་། །དེ་བསལ་མེད་པའི་མཐར་ཡང་ཁྱོད་མི་གནས། །ཁྱོད་ཀྱི་ 23-1-76b རང་བཞིན་གང་དུའང་མ་དམིགས་ན། །ཐ་སྙད་བློ་ཡིས་ཁྱོད་གཟུགས་ཇི་ལྟར་བཙལ། ༧ །རྟོག་བཅས་ཀུན་རྟོག་ང་གིས་རྣམ་པར་དཀྲུགས། །རྟོག་མེད་ཚེ་ན་མུན་པའི་རུམ་དུ་འཁྱམས། །གཉིས་ཀྱི་ བར་ན་གནས་པ་ཁྱོད་ཀྱི་ཞལ། །མཐོང་བའི་ཡུལ་ཅན་འགྲོ་འདིར་ཅི་ཞིག་མཆིས། ༨ །དེ་ཚེ་དཔའ་བོའི་ལུང་ལས་བཞི་པ་ཡི། །རྒན་པོའི་གསང་ལམ་རྙེད་པ་རྗེ་བཙུན་ཞལ། །བལྟ་བར་དཀའ་བ་མིན་ཅེས་ ཐོས་རྣམས་ཀྱང་། །འཚོལ་བའི་དཀའ་ཐུབ་སྣང་མིན་རུམ་དམ་དུ་བཟུང་། ༩ །ཆགས་བཅས་འདོད་པའི་མེ་ཆེན་སྙིང་ལ་འབར། །དེ་མཐར་ཆགས་བྲལ་རྙོགས་མའི་རྒྱ་མཚོར་བྱིངས། །དེ་ཡི་བར་དུ་འབད་པས་ བལྟས་ན་ཡང་། །མ་རྙེད་ཁྱོད་ཞལ་མཐོང་བ་སུ་ཞེས་འཛེར། ༡༠ །རྡུལ་བྲལ་དག་པའི་དབྱིངས་ན་ལྷན་སྐྱེས་སྐུ། །བརྩེ་བས་རྗེས་ཆགས་བཞད་པའི་རྣམ་འགྱུར་གྱིས། །ཉེས་སྤངས་ལུང་གི་རོལ་མོ་སེང་ གེའི་སྒྲས། །དབུགས་འབྱིན་སྙིང་གི་བདུད་རྩིར་འདི་སྐད་དུ། ༡༡ །འདི་ན་རིག་འཛིན་རྣམས་ཀྱི་གཤེགས་པའི་ཤུལ། །མཁའ་ལྟར་ཡངས་པ་དེ་ནི་ཅི་ཞིག་ཅེས། །ཁབ་རྩེར་གྲོང་ཁྱེར་ཆེ་བཞིན་མ་མཐོང་ཁྱོད། ། བལྟ་དཀའ་ལྟ་བའི་རྐྱེན་དང་བྲལ་བས་ནོངས། ༡༢ །ཡང་ན་ཐབས་མཆོག་དམིགས་བུའི་སྟོབས་ལ་བསྟེན། །དེ་ཡང་ཟླ་ཉི་བཞོན་པར་བཅས་པ་ཡི། །རྒྱུ་བ་སྒྲ་གཅན་ལམ་དུ་འགོགས་ནུས་པའི། །སྟོབས་ཀྱིས་ 23-1-77a གར་ཡང་མ་བཏང་འདིར་བཅིངས་ན། ༡༣ །གཞན་དུ་འཚོལ་བའི་དཀའ་བ་མེད་པ་དེར། །སེན་མོའི་དབུས་ན་ལྷ་ཡི་གྲོང་མཐོང་བཞིན། །འཕོ་བ་ཀུན་བྲལ་ལྷན་སྐྱེས་གཉུག་མའི་ཞལ། །མཐོང་ ནས་དེ་ཡིས་དངོས་ཀུན་ཟ་བར་བྱེད། ༡༤ །ཡང་ན་གྲོལ་ལམ་བློ་མིག་གསལ་བས་བལྟ། །དེས་ཀྱང་བསྒུལ་བས་ཆུ་ཟླ་ལྟར་ཤེས་ནས། །རྟོག་པས་མ་རྙོགས་རང་གསལ་སྤྱན་བགྲད་པས། །ལག་པའི་མཐིལ་ ན་རིན་ཆེན་གཏེར་མཐོང་བཞིན། ༡༥ །བཅུ་དྲུག་ཆ་ཡིས་གང་བའི་ཐ་མ་ལ། །སྣང་མུན་གཉིས་བྲལ་བདེ་ཆེན་ནམ་མཁའི་དཀྱིལ། །སོ་སོ་རང་གིས་རིག་པར་བྱ་བ་ཡི། །ཟུང་འཇུག་བློ་ལས་འདས་པའི་དེ་ཉིད་མཐོང་། ༡༦ ། དེ་ཚེ་གྲུབ་མཆོག་མཁའ་ལྡིང་དབང་པོའི་ཚོགས། །གང་དུ་གཤེགས་པའི་ཤུལ་བཟང་འཆི་མེད་ལམ། །རྡུལ་བྲལ་འགྱུར་མེད་དེ་ནི་འདིའོ་ཞེས། །གཉིས་ལ་བརྟེན་པའི་ཐེ་ཚོམ་དཔྱང་ཐག་ཆོད། ༡༧ །དེ་ ཕྱིར་ཐབས་མཆོག་བརྩོན་པས་མ་སྦྱངས་ཤིང་། །ཟབ་མོའི་ཤེས་རབ་གནད་དུ་མ་སྨིན་ལ། །དད་དང་དྲན་པ་ཏིང་འཛིན་སྟོབས་ཞན་པའི། །དབང་པོ་དམན་པས་ཅིས་ཀྱང་འགྲུབ་པར་དཀའ། ༡༨ །རྒྱུ་མཆོག་དབང་པོ་རྣོ་ བའི་སྐལ་བཟང་དེས། །དབང་སོགས་བདག་པོའི་རྐྱེན་དང་མ་བྲལ་བར། །ཐབས་གྲོལ་མན་ངག་དེ་མ་ཐག་པའི་མཐུའི། །རྐྱེན་ཚོགས་པ་ལས་བདེ་ཆེན་འབྲས་གྲུབ་ཅིང་། ༡༩ །དེ་ཡི་དམིགས་རྐྱེན་ལས་ཀྱི་ཕྱག་ 23-1-77b རྒྱ་སྟེ། །འཇིག་རྟེན་གསུམ་པོ་ཀུན་ཏུ་བཙལ་བྱས་ཀྱང་། །བདེ་མཆོག་རྙེད་པར་དཀའ་བ་སངས་རྒྱས་ཞལ། །ཆུ་སྐྱེས་མཆོག་གི་དབུས་ན་གནས་ཞེས་སུ། ༢༠ །བདེ་བར་གཤེགས་པའི་ཚངས་དབྱངས་སེང་གེའི་སྒྲ། ། ཉན་ཐོས་རི་དྭགས་ཚོགས་ལ་སྦས་ཚུལ་གྱིས། །གྲངས་མེད་སྦྱངས་པ་མཐར་སོན་སེམས་དཔའ་ཡི། །རིག་འཛིན་ཚོགས་ལ་གསང་མཐོར་རྣམ་པར་བསྒྲགས། ༢༡ །པདྨ་བཞད་པའི་ལང་ཚོ་རབ་ངོམས་ཤིང་། །རེག་ འཇམ་ཆུ་སྐྱེས་གཞོན་ནུའི་རེག་པ་ཡིས། །བདེ་བའི་ངང་ནས་བདེ་ཆེན་སྦྱིན་མཛད་མ། །དངོས་པོ་ཀུན་གྱིས་རྟག་ཏུ་ཅིས་མི་དྲན། ༢༢ །ཆུ་སྐྱེས་འཛུམ་པའི་གེ་སར་སྙིང་པོ་ལས། །དུས་གསུམ་རྒྱལ་བའི་ཞལ་རས་ མངོན་སྣང་བ། །དེ་འདྲ་ཐབས་མེད་བྱང་སེམས་མང་པོ་ཡིས། །བསྐལ་པར་འབད་ཀྱང་མཐོང་བར་མི་ནུས་སོ། ༢༣ །ཡིད་འཕྲོག་འཛུམ་པའི་ཞལ་བཟང་མཐོང་བས་ཀྱང་། །དངོས་གྲུབ་ལེན་པར་མཁས་ལ་རིང་ ཞིག་ནས། །ཞུགས་པ་འཁོར་བའི་ཚ་དཔལ་གཞིལ་མཛད་ཕྱིར། །བཟོད་དཀའི་སྲིད་པར་ཁྱོད་ལས་གཉེན་མཆོག་སུ། །༢༤ བསྐལ་བར་འབད་ཀྱང་དགག་པར་མི་ནུས་པའི། །ཀུན་རྟོག་འཕོ་བའི་སེམས་འདི་སྐད་ ཅིག་ལ། །མེ་ཏོག་ལམ་དུ་བདེ་བཞིན་འཆི་མཛད་པའི། །བདག་ཅག་གཏན་སྲིད་སྦྱིན་ལ་ཁྱོད་འདྲ་སུ། ༢༥ །ཡིད་འོང་གདུང་སེལ་སྙིང་རྗེའི་རླན་ལྡན་པ། །བྱང་ཆུབ་སེམས་ཀྱི་སྤྲིན་ལས་ལེགས་ཐོན་པའི། ། 23-1-78a ཚད་མེད་ཚོགས་གཉིས་ནོར་བུའི་ཆར་རྒྱུན་ཀྱང་། །གང་ལས་བསྐྲུན་ན་སྐད་ཅིག་ཡུད་ལ་འགྲུབ། ༢༦ །སྨིན་བྱེད་དབང་གི་ཆུ་རྒྱུན་འབྱུང་བའི་གནས། །གྲོལ་བྱེད་ལམ་གྱི་རིན་ཆེན་སྦྱིན་པའི་ གཉེན། །གང་ལ་སྨད་པ་རྩ་བའི་ལྟུང་བ་སྟེ། །ལེགས་པ ར་བརྟེན་ལ་རྣམ་གཉིས་གྲུབ་པ་སྦྱིན། ༢༧ །གང་གི་ལུས་ལ་རབ་འབྱམས་མཁའ་འགྲོའི་ཚོགས། །བདེ་སྟོང་རོལ་པས་རྟག་ཏུ་དགྱེས་བཞུགས་པ། ། རྨོངས་པ་གང་གིས་དེ་སྤངས་མཆོད་པའི་ཞིང་། །གཞན་དུ་འཚོལ་བ་དབང་གཞུའི་རྗེས་བསྙེགས་བཞིན། ༢༨ །ཕྱོགས་དུས་མུ་མཐར་ཁྱབ་པ་རྟོག་པའི་དཔུང་། །འཇིགས་རུང་བདུད་བཞིའི་གཡུལ་ཆེན་རབ་ བཤམས་པ། །རེག་འཇམ་པདྨ་གཞོན་ནུའི་མདའ་གཅིག་གིས། །གཅིག་ཅར་གསོད་པར་བྱེད་པའི་སྒྱུ་ཐབས་ཅན། ༢༩ །བུད་མེད་སྒྱུ་མའི་རོལ་རྩེད་འདི་འདྲ་བ། །འཇིག་རྟེན་སྒྱུ་མའི་ཆོས་ཀྱི་ཁྱོན་ཀུན་ཏུ། ། མི་རྙེད་སྒྱུ་མ་རྡོ་རྗེ་བཙན་པོའི་སྟོབས། །དཔུང་དུ་མི་འགུགས་བདུད་ལས་སུ་ཞིག་རྒྱལ། ༣༠ །རེག་པ་ཙམ་གྱིས་ཆན་ཆམ་ལ་ཕབས་བཞིན་དུ། །སྔགས་ཀྱི་དེ་ཉིད་བདེ་སྟོང་མཆོག་གི་རྒྱས། །སྒོ་གསུམ་འགྱུར་བ་ མེད་པར་འདེབས་བྱེད་པ། །ལས་ཀྱི་ཕྱག་རྒྱའི་ལམ་མཆོག་མི་བསྟེན་པར། ༣༡ །བདུད་ལ་འགྲན་ཅིང་སྔགས་ལ་འཇུག་བྱེད་པ། །བློ་དམན་ཕལ་ཆེར་རི་མོའི་མར་མེ་བཞིན། །སྒྲིབ་པའི་མུན་པ་ཡོང་ཡི་མི་ 23-1-78b འགོག་ཅིང་། །ལམ་གྱི་དེ་ཉིད་སྣང་བར་མི་ནུས་སོ། ༣༢ །རིན་ཆེན་དབང་གི་རྒྱལ་པོའི་གཟི་བྱིན་གྱིས། །ལུས་ལ་བཏབ་བ་བཞིན་དུ་དེ་ཡི་མཐུས། །ཞི་སོགས་རབ་འབྱམས་ལས་ཀྱི་ནུས་པའི་སྟོབས། །དཀའ་བ་ མེད་པར་མྱུར་དུ་འབྱིན་པར་བྱེད། ༣༣ །ཟབ་མོ་ནང་གི་རྟེན་འབྲེལ་མཁས་རྣམས་ལ། །དགོས་ཀུན་ཡིད་བཞིན་བྱེད་པ་ནོར་བུའི་གཏེར། །བདེ་བའི་འབྱུང་གནས་མེ་ཏོག་ཅན་གཅིག་ལས། །གནས་གཞན་མེད་པར་དེ་ ཡིས་འདོད་དགུ་འཇོ། ༣༤ །ཞི་བའི་ཐུགས་ལྡན་བཟོད་དཀའི་གོ་བཞེས་ནས། །གྲངས་མེད་བསྐལ་པའི་ལམ་སྦྱངས་ཚེགས་ཀྱིས་ཅི། །བདེ་ཆེན་པདྨའི་སྟན་ལ་འདུག་ཙམ་གྱིས། །མིག་འཕྲུལ་བཞིན་དུ་ཚེགས་མེད་ ས་མཆོག་བགྲོད། ༣༥ །ཁྲོ་ཚོགས་འཇིགས་རུང་འབར་བའི་གར་དགུ་དང་། །ལྡན་པས་མཚོན་རྣོན་གདེངས་པས་ཅི་ཞིག་བྱ། །ཡང་དག་ལམ་གྱི་མི་མཐུན་བདུད་གཞིའི་བཞིའི་གཡུལ། །ལྷག་མེད་པདྨའི་ཟེའུ་འབྲུར་ངེས་ པར་ཤི༣༦། རྒྱལ་རྣམས་དཀྱུས་རིང་པདྨའི་སྤྱན་རས་ཀྱིས། །རྟག་ཏུ་བསྐྱང་ཡང་འཁོར་བར་ལུས་པའི་འགྲོ། །འདི་ན་པདྨ་གཞོན་ནུའི་སྦུབས་ཀྱིས་ནི། །ལྡོག་མེད་རྟག་བརྟན་ཆོས་སྐུའི་རྒྱལ་སར་དྲངས། ༣༧ །ཀུན་ རྟོག་སྤྲོས་པའི་ཟུག་རྔུ་བྲལ་བས་འཇ༷མ། །ལྷུན་གྲུབ་འོད་གསལ་བདེ་བའི་དཔ༷ལ་དང་ལྡན། །འཕོ་ཆགས་འགྱུར་བའི་རྒུད་མེད་གཞོན༷་ནུའི༷་གཟུགས། །གང་གིས་མཐོང་དེ་དུས་གསུམ་རྒྱལ་བའི་སྲས། ༣༨ །གཟུང་ 23-1-79a འཛིན་ཀུན་ཏུ་རྟོག་པའི་རྣམ་ཤེས་ནི། །ལས་ང་དང་འགྲོགས་འཕོ་བའི་ངང་ཚུལ་ཅན། །བློ་བྲལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །འཕོ་མེད་རྡོ་རྗེའི་སྐུ་ཡིན་དེ་ཡི་སླད། ༣༩ །ཐབས་ལ་བརྟེན་དེ་འདི་ མངོན་བྱས་གྱུར་ན། །མཛུབ་མོས་ཟླ་བ་བཞིན་དུ་མཐོང་སྲིད་ཀྱང་། །ལུས་སེམས་ཚོར་བ་ལྷན་སྐྱེས་བདེ་ཆེན་དུ། །འདོད་པའི་དབང་ཕྱུག་པ་བཞིན་གནས་མིན་འཁྱམས། ༤༠ །བདེ་ཆེན་སེམས་ཀྱི་གཤིས་ཡིན་དེ་ རྟོགས་པས། །སེམས་ཞེས་བྱ་བ་གཞན་དུ་མི་དམིགས་ཀྱང་། །ཟུང་འཇུག་གཤིས་སུ་མ་སོན་བློས་བྱས་ཀྱི། །བདེ་སྟོང་སྦྱར་ཀྱང་བདེ་ཆེན་འཚོལ་བ་ཙམ། ༤༡ །ཆུ་རྙོགས་རིམ་གྱིས་དྭང་བའི་དཔེ་བཞིན་དུ། །རྟོག་པའི་ འཇུར་མདུད་ཞིག་ཚེ་ཐབས་ལྡན་དེས། །བཅུ་དྲུག་དགའ་བར་ཟུང་འཇུག་སྟོང་པའི་དབྱིངས། །དཀར་ཕྱོགས་དུས་ཀྱི་ཟླ་བ་བཞིན་དུ་མཐོང་། ༤༢ །བདེ་ཆགས་དགའ་བའི་ཉམས་འགྱུར་རྨད་བྱུང་གིས།༔།རབ་དྲངས་ བདེ་སྟོང་དཔྱིད་ཀྱི་ཐིག་ལེ་རུ། །ཡེ་ཤེས་རང་ཞལ་མཐོང་བའི་རིག་འཛིན་ལ། །རྩ་གསུམ་དགྱེས་པའི་མེ་ཏོག་ཆར་དུ་འབེབས། ༤༣ །ཁ་སྦྱོར་བདུན་ལྡན་བདེ་མཆོག་རྡོ་རྗེའི་སྐུའི། །མ་སྦས་གསུང་གི་ལམ་དང་ མཐུན་འཇུག་པ། །སྐལ་དམན་སྣང་ངོར་སྐུ་བསྒྱུར་གསུང་སྦས་པའི། །ཆགས་བྲལ་ལམ་གྱིས་དེ་ལ་སྨད་དུ་མེད། ༤༤ །གཞན་ཟེར་བྱིས་པ་བསྡིགས་འདྲའི་ངང་ཚུལ་ལ། །འཇིགས་ནས་ཀུན་སྤྱོད་གཙང་མའི་ 23-1-79b ཟོལ་འཛིན་ཕྱིར། །དམར་སེར་སྣལ་མས་ཡིབ་ཀྱང་ག་བུར་ཆབ། །སྣ་ཚོགས་རྐྱེན་གྱིས་ཟག་གྱུར་བདག་བདག་འདྲའི། ༤༥ །སྐལ་དམན་འགྲོ་བ་ཕལ་ཆེར་ད་རུང་ཡང་། །རྩུབ་མོའི་ལས་ང་ཀུན་རྟོག་གིས་ བཅོམ་བཞིན། །ཐབས་མཆོག་ལམ་བཟང་རྙེད་པའི་སྐལ་ལྡན་ལ། །གཤེ་ཞིང་མཆོག་འཛིན་གདོན་གྱིས་རྣམ་པར་བརླམ། ༤༦ །འདོད་པའི་མེ་ཕུང་སྙིང་ལ་རབ་འབར་བ། །ཕྱི་ཚུལ་གང་གིས་ཞི་བར་མི་ནུས་ཤིང་། ། བསམ་དང་སྒོམ་པ་ཕལ་གྱིས་གཞིལ་དཀའ་བ། །ཉིད་ཀྱིས་ཉིད་གཞིལ་ཐབས་མཆོག་དཔའ་བོའི་ལམ། ༤༧ །ཡེ་གདངས་རང་ངོ་མ་ཤེས་སྒྲིབ་པའི་རྒྱུན། །ཀུན་རྟོག་སེམས་དང་ལས་ང་འཕོ་བ་ཡི། །རང་གཟུགས་ ཙམ་ལས་འཁོར་བ་གཞན་མེད་ཅིང་། །སྲིད་རྒྱུ་དབྱིངས་སུ་སྡོམ་པའི་ཐབས་མཁས་ཀྱིས། ༤༨ །གདོད་མའི་རང་ཞལ་མཇལ་ཚེ་ལོག་རྟོག་རྒྱུན། །རང་མལ་རང་ཞིར་གྱུར་ནས་འཁོར་འདས་ཀྱི། །ཀུན་རྟོག་ཀུན་ཀྱང་ ལྕགས་ལ་གསེར་འགྱུར་རྩིས། །ཐེབས་པ་བཞིན་དུ་བདེ་བ་ཆེན་པོར་སྒྱུར། ༤༩ །འཁྲིག་པའི་བདེ་བ་ཙམ་ཞིག་ངོ་བོ་ཡིས། །ཆོས་སུ་སྨྲ་བའི་མུ་སྟེགས་ལྟར་མིན་ཀྱང་། །དངོས་པོའི་དེ་ཉིད་མཁས་པའི་སྐལ་ བཟང་རྣམས། །སྲིད་པའི་འཁྲུལ་འཁོར་བཤིགས་ལ་ཐབས་འདི་སྦྱོར། ༥༠ །ཆགས་པས་དྲངས་ནས་བདེ་བ་འབར་གྱུར་ཅིང་། །བདེ་བའི་མེ་ཡིས་ཀུན་རྟོག་བུད་ཤིང་ཟ། །དེ་ཡིས་མི་རྟོག་ཡེ་ཤེས་རང་འོད་རྒྱས། ། 23-1-80a ཤིང་ལས་སྐྱེས་པའི་སྲིན་བུས་ཤིང་བཞིན་དུ། ༥༡ །ཆགས་པའི་རྐྱེན་གྱིས་ཆགས་སོགས་བྲལ་བྱེད་པའོ། །དེ་ཕྱིར་ཐབས་མེད་ཆགས་བདེ་ཙམ་གནས་དང་། །ཆགས་པ་མེད་བཞིན་ཕྱག་རྒྱ་བརྟེན་ ཞེས་པ། །གཉིས་ཀ་གསང་ཆེན་ཐེག་པའི་གནད་ལས་གོལ། ༥༢ །མ་བཅོས་མཉམ་པར་བཞག་པ་བཞག་ཐབས་ཏེ། །བཅོས་མིན་གཤིས་སུ་ཤར་བ་བཞག་འབྲས་ཡིན། །ཀུན་རྟོག་ཟུག་རྔུས་བསླད་པའི་གནས་སྐབས་ ལ། །འོད་གསལ་འདོད་པ་རྡོ་ལ་ནོར་བུ་བཞིན། ༥༣ །ཐབས་མེད་རང་གར་ཆགས་ན་འཆིང་བའི་གཙོ། །ཐབས་ལྡན་རྣམ་གྲོལ་ལམ་གྱི་རྒྱུ་མཆོག་ཕྱིར། །ཀུན་ཀྱང་ལྡོག་མེད་འཇུག་པ་དགའ་བའི་ཚལ། །ཐར་པའི་ སྒོ་མོར་བསྒྱུར་ལ་སུ་མི་སྤྲོ། །༥༤ ཆགས་ལ་ཉིན་མཚན་ཉམས་ལེན་སྙིང་པོ་རུ། །བྱས་ནས་དབྱེ་དཀའ་སྲེད་པའི་ལྕགས་སྒྲོག་གིས། །སྲིད་པར་རང་ཉིད་དམ་དུ་འཆིང་བྱེད་པ། །ཟློག་བྱེད་སྟོང་གིས་བཟློག་པའི་རུབ་ བཞིན་དུ། ༥༥ །ཆགས་མཆོག་རྡོ་རྗེའི་ལམ་འདིར་རྣམ་བསམ་ན། །ཆགས་བྲལ་རྣམས་ནི་སྐལ་བ་ཆེས་དམན་ཅེས། །རྡོ་རྗེ་འཆང་གིས་བསྔགས་པའི་སེང་གེའི་སྒྲ། །ཐོས་བཞིན་དེ་དོན་མི་དཔྱོད་སུ་ཡིས་བསླུས། ༥༦ ། རང་གིས་གང་ནུས་ཐབས་མཆོག་བརྩོན་ཅིག་དང་། །དེ་ཡིས་ཁྱོད་ལ་ཕན་སྲིད་གནོད་མི་འགྱུར། །མྱང་བྱའི་བདེ་བའང་ཅུང་ཟད་མི་འགོང་གི། ངོ་ཚ་མེད་ཁྱོད་འདི་ལ་ངོ་ཚ་ཅི། ༥༧ །ལྔས་རྩེན་མཐུ་ཡིས་ནོར་བུའི་ 23-1-80b སྒོ་འབྱེད་ཅིང་། །བཞི་བསྣོལ་དཔུང་གིས་དཔལ་གྱི་བུ་ག་རུ། །དངུལ་ཆུའི་བཅུད་ལེན་འགུགས་པར་བགྱིད་རྣམས་ཀྱང་། །འཕོ་བའི་རྒུད་བྲལ་འབྱོར་པས་མཛེས་ན་ལེགས། ༥༨ །གཞན་དུ་ནོར་བུའི་ཁྱིམ་ དུ་བདེ་ཆེན་གཏེར། །མ་རྙེད་གློག་གི་རོལ་མོའི་རྗེས་བསྙེགས་ནས། །རྟག་ཏུ་སྲེད་པས་སྐོམ་བཞིན་སྲིད་རྒྱུ་བ། །དབང་མེད་དེ་དག་དབང་ལྡན་གདམས་པ་འཚོལ། ༥༩ །འཛག་པས་ཆགས་བྲལ་ནག་པོའི་ ཕྱོགས་ཤར་བའི། །མུན་པ་འདིས་ནི་དཀའ་ཐུབ་ཅན་དང་ནི། །ཚངས་པར་སྤྱོད་པ་དག་ལའང་རྨི་ལམ་དུ། །བཀབ་པ་བཞིན་དུ་རང་དབང་ཉམས་པར་བྱེད། ༦༠ །གང་ཞིག་ཕྱོགས་གཉིས་དབུས་སུ་གཡོ་མེད་ དུ། །རྡོ་རྗེ་ནམ་མཁའི་ཁམས་ན་སྐྱིལ་ཀྲུང་གིས། །གནས་པ་འཛག་བྲལ་བཅུ་དྲུག་ཆ་རྫོགས་པ། །དཀའ་ཐུབ་མཐར་ཕྱིན་ཚངས་པར་སྤྱོད་པའི་མཆོག །༦༡ གཞོམ་དཀའ་རྟོག་པའི་རི་བོ་བརྒྱད་ཅུ་ཡི། ། སྣང་ཞེན་མཐའ་དག་བདེ་སྟོང་བདུད་རྩི་རུ། །བཞུས་པའི་སྤྲིན་གྱིས་རྩ་ཁམས་རྒྱལ་བའི་ཚོགས། །མཉེས་པས་རྣམ་གཉིས་དངོས་གྲུབ་ཆར་དུ་འབེབས། ༦༢ །རྣམ་པ་སྣ་ཚོགས་ཐབས་ཀྱི་སྒོ་དག་ནས། །བདེ་ ཆེན་གཅིག་པུ་དེ་ནི་སྤེལ་བྱ་སྟེ། །སངས་རྒྱས་མངོན་སུམ་བྱེད་པ་དེ་ལས་གཞན། །སྒོ་གསུམ་བྱ་བ་ཀུན་གྱིས་ཅི་ཞིག་བྱ། ༦༣ །བསྐལ་མང་སྦྱངས་པའི་མཐུ་ལས་སྐྱེ་གཞན་དུ། །ལམ་འདིའི་མཚན་ཙམ་ 23-1-81a རྣ་ལམ་གྲགས་དཀའ་ཕྱིར། །རེ་ཞིག་སྦྱོར་བས་ཉམས་སུ་མ་ལོན་ཀྱང་། །གུས་པའི་སྨོན་ལམ་ཡང་ཡང་སུ་མི་བགྱིད། ༦༤ །ལམ་འདི་འཛིན་པ་རྒྱལ་ཀུན་འདུས་པའི་སྐུ། །ལམ་མཆོག་ འདི་ནི་རྒྱལ་བས་དཀོན་གསུངས་ན། །འདི་ཡི་གཟུགས་བརྙན་ཙམ་ཞིག་འཛིན་པ་ཡང་། །ཆགས་བྲལ་དང་བཅས་ལྷ་མིའི་མཆོད་སྡོང་ཡིན། ༦༥ ། ལྟར་སྣང་ཕྱི་ཚུལ་ཧྲིལ་ཀྱང་ནང་གི་སེམས། །དག་པའི་ གསེར་འདྲ་འོད་གསལ་མེས་སྦྱངས་པ། །དམན་པའི་འགྲོ་རྣམས་གཤེ་ཡང་རྒྱལ་ཀུན་གྱི། །དགྱེས་པའི་རང་ཞལ་ངོམས་པའི་རིག་འཛིན་དང་། ༦༦ །མཁའ་འགྲོ་སྲུང་མའི་ཚོགས་བཅས་མངོན་སུམ་དུ། ། ཡིད་ཀྱིས་གསལ་བྱས་ཕྱི་ཚུལ་ལེགས་བཅོས་ཀྱང་། །ནང་ཚུལ་མ་དག་དྲི་མས་ཆེས་རྙོགས་པ། །སྐལ་དམན་བདག་དང་བདག་འདྲས་ལམ་མཆོག་དང་། ༦༧ །དེ་འཛིན་རྣམས་ལ་སྒོ་གསུམ་ཟུར་གྱིས་ཀྱང་། ། བརྙས་པར་གྱུར་གང་ཐོག་མེད་ནས་བསགས་པ། །མ་ལུས་བསྡོམས་ཏེ་འགྱོད་པས་བཤགས་བགྱི་ན། །དེ་ཀུན་དག་ཅིང་ཚངས་པར་མཛད་དུ་གསོལ། ༦༨ །དངོས་པོའི་དེ་ཉིད་དང་ནི་ཟབ་མོའི་གནད། །ཇི་ བཞིན་མི་ཤེས་ལོག་པའི་ང་རྒྱལ་ཅན། །ལམ་མཆོག་འདི་འདྲར་ཕྱིན་ཅི་ལོག་ལྟ་བའི། །ལུས་སུ་སྐྱེ་བ་ཀུན་ཏུ་མ་གྱུར་ཅིག ༦༩ །རྩ་གསུམ་དགྱེས་པའི་བྱིན་རླབས་སྙིང་ལ་ཞུགས། །བློ་རྩེ་མཆོག་སྨིན་ 23-1-81b དམ་ཚིག་རྣམ་པར་དག །ཐབས་ཤེས་བདེ་སྟོང་རྡོ་རྗེའི་དགོངས་སྤྱོད་ལྡན། །རིག་འཛིན་འདུ་བའི་གྲལ་དུ་ངེས་གནས་ཤོག༧༠ །ཟབ་གནང་གནད་ཤེས་ཤིང་ཟབ་མོའི་གནད་ལ་གུས། །ཟབ་གནད་རང་རྒྱུད་འདྲེས་ པའི་ཉམས་ལེན་གྱིས། །རྒྱལ་བ་དགྱེས་པའི་ལམ་མཆོག་རྙེད་གྱུར་ནས། །ཐེག་མཆོག་སེང་གེའི་སྒྲ་དབྱངས་སྒྲོགས་གྱུར་ཅིག༧༡། ཟབ་མོའི་མཐུ་ལས་སྣང་ཞེན་རྟོག་པ་ཀུན། །ཞིག་པའི་མོད་ལ་ངེས་ གསང་ཆོས་ཀྱི་མཛོད། །འཛད་མེད་སྙིང་གི་དབུས་ནས་འཇོ་བྱེད་ཅིང་། །འཇིགས་བྲལ་ཆོས་ཀྱི་རྒྱལ་མཚན་སྒྲེངས་གྱུར་ཅིག ༧༢ །སྲིད་འདིར་རིག་འཛིན་དཔའ་བོའི་གདུང་འཚོབ་ནས། །ཆུ་སྐྱེས་ མཆོག་གི་དབུས་ན་གནས་པ་ཡི། །བདེ་བའི་ཟིལ་དངར་རྟག་ཏུ་འཐུང་བྱེད་ཅིང་། །སྲིད་པའི་དགྲ་སྡེ་འཇོམས་ལ་དཔའ་གྱུར་ཅིག ༧༣ །སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྒྲིབ་པའི་དྲི་ མ་མྱུར་དུ་གཅོད་བྱེད་པ། །ངེས་གསང་བདེ་ཆེན་སྔགས་ཀྱི་འཁོར་ལོ་གང་། །འགྲོ་བ་ཀུན་གྱི་སྙིང་ལ་བསྐོར་གྱུར་ཅིག ༧༤ །རྡོ་རྗེའི་དཀྱིལ་འཁོར་གཅིག་ཏུ་འདུས་པ་ཡི། །བླ་མ་ལྷ་དང་མཆེད་ལྕམ་རིག་ འཛིན་ཚོགས། །རྟག་ཏུ་མི་འབྲལ་བརྩེ་བའི་དམ་ཚིག་གིས། །བདེ་སྟོང་ངང་དུ་འདྲེས་ཤིང་དགྱེས་གྱུར་ཅིག ༧༥ །ཡིད་ལ་བདེ་ཆེན་བདུད་རྩིའི་དཔལ་གནས་པའི། །རང་མདངས་མཚུངས་བྲལ་དགའ་བ་རྒྱས་པའི་ 23-1-82a ལུས། །སྲིད་གསུམ་བརྟན་པ་དབང་མེད་འཕྲོག་པ་ཡི། །ཌཱ་ཀིའི་འདུ་བ་སྤྲིན་བཞིན་སྡུད་གྱུར་ཅིག ༧༦ །བདེ་སྟོང་རྡོ་རྗེ་ཆགས་པའི་རང་མདངས་ཀྱིས། །སྣང་སྲིད་འོད་དམར་ཀློང་དུ་ བཞུས་པའི་མཐུས། །གང་སྣང་བདེ་བར་ཤར་བའི་ཏིང་འཛིན་གྱིས། །སྲིད་ཞི་མཉམ་པ་ཆེན་པོར་མཆོད་གྱུར་ཅིག༧༧ །བགྲེས་རྒུད་བྲལ་བ་རྡོ་རྗེའི་ལང་ཚོ་སོགས། །བརྟན་གཡོའི་དྭངས་མའི་དགེ་མཚན་ མ་ལུས་པ། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་དབང་འདུས་ནས། །དགེ་མཚན་སྙན་པས་ས་གསུམ་ཁྱབ་གྱུར་ཅིག༧༨། ཀུན་རྟོག་ལས་ང་ཉི་ཟླའི་འཕོ་བ་ཀུན། །གཞོམ་མེད་བདེ་སྟོང་དྷཱུ་ཏིར་དྭང་པའི་ མོད། །རྟག་བརྟན་བགྲེས་རྒུད་བྲལ་བ་བདེ་ཆེན་སྐུ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བར་མངོན་གྱུར་ཅིག ༧༩ །ཡིད་འཕྲོག་མཚན་རྫོགས་ཡེ་ཤེས་སྒྱུ་མའི་ལུས། །རྡུལ་སྙེད་མཁའ་འགྲོའི་ཚོགས་དང་དགྱེས་ རོལ་བས། །བདེ་མཆོག་ནོར་བུའི་སྤྲིན་གྱིས་མཁའ་མཉམ་ཞིང་། །ཀུན་ཁྱབ་ཕན་བདེའི་ཆར་ཆེན་འབེབས་གྱུར་ཅིག༨༠ ། བདག་ཉིད་མཐོང་ཐོས་དྲན་རེག་འགྲོ་ཀུན་གྱི། །སྙིང་ལ་བདེ་སྟོང་དཔྱིད་ཀྱི་དྲོད་ཐོབ་ ནས། །ཐེག་མཆོག་ཆོས་ལ་མོས་པ་བཟོད་མེད་དུ། །འབར་བས་གཞན་སྣང་དབང་དུ་བསྒྱུར་བར་ཤོག ༨༡ །བདེ་བའི་གཟི་བྱིན་ཉི་མ་སྟོང་ལྟ་བུར། །ཀུན་ནས་ལྷམ་མེར་གསལ་བས་འཇིག་རྟེན་གསུམ། །དགེ་ 23-1-82b ལེགས་ཉིན་མོར་བྱེད་པའི་བཀྲ་ཤིས་ཀྱིས། །རྟག་ཏུ་སྐྱོང་ཞིང་དགའ་བས་རོལ་གྱུར་ཅིག ༨༢ །ཅེས་ཚིགས་སུ་བཅད་པ་རྒྱན་དཔེ་བྱད་ལ་བརྒྱན་བྱ་གཟུགས་སྐུ་གཉིས་ཀྱིས་ལྷག་པའི་གྲངས་ལྡན་འདི་ནི་རང་ གཞན་གྱི་ངག་གི་ཉེས་པ་ལ་སོགས་པ་འགོག་ཅིང་། ཟབ་མོའི་ལམ་ལ་རྒྱུ་མཚན་ཤེས་ནས་གུས་པ་སོགས་དགེ་ལེགས་ཀྱི་ཡོན་ཏན་འཕེལ་བའི་འདུན་པས་རབ་ཚེས་ལྕགས་སྦྲུལ་གྱི་ཟླ་བ་དྲུག་པའི་ཚེས་གསུམ་ ལྷག་པའི་ལྷའི་བསྙེན་མཚམས་ལ་གནས་པའི་སྲོད་ཐུན་གྱི་མཐར་སྒྲོན་མེའི་འོད་ཀྱི་སྣང་བས་གོ་ཕྱེས་ཏེ་འགྱུར་མེད་མི་བསྐྱོད་རྡོ་རྗེས་བྲིས་པ་དགེའོ། །མངྒ་ལཾ།། ༈ །། དྲག་པོ་སྔགས་ ཀྱིས་སྒྲོལ་བའི་རྣལ་འབྱོར་གྱི་ཚུལ་མདོ་ཙམ་བརྗོད་པ་ཟིལ་གནོན་ཁྲོ་བོ་དགྱེས་པའི་གད་རྒྱངས་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པ་སྲིད་གསུམ་དབྱིངས་སུ་སྒྲོལ་བ་དཔལ་རྡོ་རྗེ་ཁྲག་འཐུང་ཆེན་པོ་ལ་ཕྱག་ འཚལ་ལོ། །སྡང་མིག་གཡོ་བའི་གཟིགས་པ་གཅིག་གིས་ཀྱང་། །སྲིད་གསུམ་གདུག་པའི་དཔུང་ཚོགས་སྐད་ཅིག་ལ། །དུས་མཐའི་མེ་ཡིས་རི་བཞིན་སྲེག་མཛད་པ། །རྡོ་རྗེ་དྲག་པོ་རྩལ་གྱིས་འགྲོ་འདི་ སྐྱོངས། ༡ །དམར་ནག་བསྐལ་པའི་མེ་ང་འཁྲུགས་པའི་ཀློང་། །གཏུམ་དྲག་ཉམས་བརྒྱས་རོལ་པ་ཁྲོ་བོའི་སྐུ། །བདུད་བཞིའི་ཁྲག་ལ་དགྱེས་རོལ་དཔལ་ཆེན་པོ། །རྡོ་རྗེའི་ཁྲོ་མཆོག་རྣམས་ཀྱིས་དགེ་ 23-1-83a ལེགས་མཛོད། ༢ །སྡིག་ཅན་སྙིང་ཁྲག་རོལ་བཞིན་མི་བཟད་གཟུགས། །རིག་འཛིན་རྣམས་ཀྱི་ཅི་བགྱིའི་ཕོ་ཉ་བ། །གང་དུ་རྦད་པར་ཐོགས་མེད་རྡོ་རྗེའི་སྟོབས། །རབ་འབར་དྲེགས་པའི་ ཚོགས་ཀྱིས་སྲུང་གྱུར་ཅིག ༣ །ཤིན་ཏུ་གདུལ་བར་དཀའ་བ་སྡིག་ཅན་སྡེ། །མི་བཟད་ཐུགས་རྗེ་ཁྲོས་བའི་རྣོ་རྒྱུན་གྱིས། །ཡུད་ལ་སྒྲོལ་བ་དྲག་པོ་སྔགས་ཀྱི་ལས། །རྒྱལ་བའི་ཕྲིན་ལས་ནང་ན་རྒྱལ་པོ་བཞིན། ༤ ། འགྲོ་ཀུན་གཅིག་གིས་གསོའམ་བསད་ན་ཡང་། །ཆོས་ཉིད་མཉམ་པའི་དོན་ལ་བྲི་གང་བྲལ། །སྒྱུ་མའི་རྟེན་འབྲེལ་དབང་གིས་སྐྱེ་བ་དང་། །ནུབ་པ་དངོས་པོའི་དེ་ཉིད་ཡོངས་ཤེས་ནས། ༥ །མིག་ཡོར་ སྒྱུ་མའི་ཚུལ་དུ་ལས་ངན་རྒྱུན། །གཅོད་ལ་དགྱེས་པ་ཐབས་ཀྱི་མདའ་རྣོན་ཅན། །སྲིད་ལས་རྣམ་རྒྱལ་དཔའ་བོའི་ཟླ་བ་ནི། །རྒྱལ་སྲས་རྒྱུ་སྐར་ཕྲེང་བའི་དབུས་ན་མཛེས། ༦ །སྦྱོར་བའི་བདུད་རྩི་འཐུང་བའི་ གླང་ཆེན་ཀྱང་། །སྒྲོལ་བ་སེང་གེའི་སྒྲ་དབྱངས་བཟོད་པར་དཀའ། ། ཕུལ་བྱུང་མཁྱེན་བརྩེས་འདིར་འཇུག་རིག་པ་འཛིན། །འཇིགས་མེད་རྩལ་གསུམ་རྫོགས་པའི་སེང་གེ་བཞིན། ༧ །དཀོན་མཆོག་གསུམ་ ལ་ལོག་པར་རྣམ་ལྟ་བ། །གཉེན་པོ་གཞན་གྱིས་སྤང་བའི་སྐྱབས་མེད་འགྲོ། །ཤིན་ཏུ་གདུལ་བར་དཀའ་བའི་ལས་ངན་རྒྱུན། །ཕྲིན་ལས་དྲག་པོའི་སྤྱོད་ཡུལ་ཁོ་ནར་གནས། ༨ །བརྩེ་བའི་མ་རྣམས་ལས་ 23-1-83b ཀྱི་གཞན་དབང་གིས། །བསྟན་འགྲོའི་བདེ་སྐྱིད་བཤིག་ལ་མངོན་དགའ་བའི། །བཟློག་མེད་སྦྲུལ་གདུག་ཁྲོས་པའི་ངང་ཚུལ་སེམས། །བཏང་སྙོམས་བཞག་པར་ནུས་པའི་བརྩེ་ལྡན་སུ། ༩ །འདི་ཡི་འཇུག་པ་ འཇུག་བཞིན་དེ་བཀག་ན། །རྒྱལ་ལ་དྲིན་མི་གཟོ་ཞིང་ལས་ངན་འགྲོ། །བརྩེ་བས་ཁུར་དུ་བཟུང་བ་སྤང་བའི་ཕྱིར། །སྔགས་པ་དེ་ཉམས་རྩ་བའི་ལྟུང་བར་གསུངས། ༡༠ །རྩྭ་ལ་མེ་བཞིན་ངན་པའི་ཕྱོགས་འཕེལ་ ཞིང་། །ནག་པོའི་རྩ་ལག་དགའ་བས་དབུགས་འབྱིན་པའི། །རྒྱལ་མཚན་བསྙིལ་བར་འདོད་པའི་ཁྲོ་བ་ནི། །རྒྱལ་བའི་ཕྲིན་ལས་སྙིང་ལ་མངོན་སུམ་ཞུགས། ༡༡ །ཉེས་མང་འཕེལ་བའི་ས་བོན་སྲིད་པའི་སྲོག ། གཅོད་པའི་མཚོན་རྣོན་བདག་ལ་ལེགས་ཐེབས་པས། །ཆགས་སྡང་གཡུལ་ལས་རྒྱལ་བ་དེ་ཡིས་གཞན། །གདུལ་དཀའ་སྒྲོལ་བ་སྙིང་རྗེའི་རྒྱུ་ལས་ཅི། ༡༢ །སེམས་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ཀྱང་། །གློ་བུར་ ཀུན་རྟོག་རྐྱེན་གྱིས་ཅིར་ཡང་འགྱུར། །དེ་ཕྱིར་ཉེས་མང་བསྐྱེད་པའི་སྐྱོན་ལྡན་ཆ། །ཁྲོས་པས་བསད་པར་བྱ་བ་དེ་ཙམ་ཉིད། ༡༣ །ཕ་ནི་བུར་གྱུར་དགྲ་དག་གཉེན་གྱུར་སོགས། །སྲིད་པའི་ཟློས་གར་གློག་བཞིན་ བསྒྱུར་བའི་ཕྱིར། །གང་དག་སྙིང་རྗེས་བསྒྲལ་བར་འོས་པ་ལ། །བློ་ལྡན་སུ་ཞིག་བདེན་ཞེན་ཡུས་ཀྱིས་ཁྲོ། ༡༤ །འགྱུར་མེད་རང་བཞིན་བདེ་གཤེགས་སྙིང་པོའི་ཞལ། །འགྱུར་བཅས་དྲི་མས་རང་ལ་རང་བསྒྲིབས་ 23-1-84a ནས། །བརྩེ་བའི་མ་རྣམས་རྒྱུན་རིང་བཅིང་བ་གང་། །སྒྲོལ་བའི་ཐབས་ཆེན་སྙིང་རྗེའི་དབང་གིས་རྩོམ། ༡༥ །གདུལ་དཀའི་ལས་ངན་དེ་ཡིས་དེ་ཉིད་ལ། །དྲག་པོའི་ཕྲིན་ལས་འཇུག་པར་ཤེས་གྱུར་ ན། །སྲིད་འདིར་ཐབས་མཁས་ཟབ་མོའི་དགོངས་སྤྱོད་དང་། །ལྡན་པ་དེ་ཡིས་ཉམ་ཐག་སུ་ཞིག་འདོར། ༡༦ །གུས་པས་ཕན་པར་བརྩོན་པའི་འགྲོ་བ་རྣམས། །གཅིག་ཅར་གསོ་བར་དཀའ་ཡང་བསམ་སྦྱོར་རྒྱུན། ། ལོག་པར་གྱུར་པ་ཡུད་ལ་བདེར་སྒྲོལ་བ། །ཐབས་མཆོག་འདི་ལ་བློ་ལྡན་སུ་མི་མཚར། ༡༧ །དུས་མཐའི་མེ་ཡིས་གཞོམ་པར་མི་ནུས་ཤིང་། །གནམ་ལྕགས་ཐོག་གིས་ཤིག་པར་མ་གྱུར་པའི། །སྡིག་ཅན་སྙིང་ལ་ གནས་པ་ལས་ངན་གྲོང་། །བརླག་པ་ཐབས་ཀྱི་ནང་ན་ཐབས་མཁས་མཆོག ༡༨ །ལས་ངན་སྲིད་པའི་ང་རྒྱུན་སྲོག་གསོ་བ། །གསོ་བའི་ཚུལ་ཅན་བདེ་བ་གསོད་པའི་མཆོག །མངོན་སྤྱོད་སྟོབས་ཀྱིས་སྡིག་པའི་སྲོག་ འཇོམས་པ། །གསོད་པའི་ཚུལ་ཅན་ཕན་བདེ་གསོ་བའི་གཉེན། ༡༩ །ལྷ་སྔགས་དབྱེར་མེད་རིག་པ་ཡེ་ཤེས་མཚོན། །ཉེས་མང་སྲིད་པའི་རྒྱུན་ལ་གང་ཐེབས་པར། །ཐབས་ཀྱིས་བསད་པར་གྲགས་ཀྱང་རྣམ་ བརྟགས་ན། །གང་ཞིག་ཤི་བ་དེ་ནི་དེ་ཡི་དགྲ། ༢༠ །གདུལ་དཀའི་མཐར་ཐུག་གྱུར་ལ་སྙིང་རྗེ་ཡི། །ཕུལ་ཕྱིན་གང་གིས་མཚུངས་མེད་ཐབས་མཆོག་མཐུས། །བསྒྲལ་བ་དེ་ནི་སྲས་བཅས་རྒྱལ་བ་ཡི། །རྡོ་རྗེའི་ 23-1-84b ཐུགས་ལ་བརྣ༷ག་པ༷་དེ༷་ཁོ༷་ན། ༢༡ །གང་ཕྱིར་འཚེ་བ་ཆོས་མིན་ངོ་བོ་ལ། །སྲོག་གཅོད་པ་ནི་འཚེ་བའི་རྒྱལ་པོ་སྟེ། །དེ་ཡིས་རང་གཞན་ཕན་པའི་ཚུལ་ཅི་ཞེས། །བློ་ཆུང་ཐེ་ཚོམ་དྲྭ་བའི་གཟེབ་ཏུ་ཚུད། ༢༢ །བརྩེ་ལྡན་ གྱིས་ཀྱང་འདོར་རྣམས་རྗེས་འཛིན་པ། །བློ་མཆོག་དང་འགྲོགས་བྱམས་པའི་རྒྱལ་པོ་ལས། །གཅོད་དཀའི་ལས་ངན་གཞོམ་པའི་ཐབས་རྩོམ་པ། །ཕན་བྱེད་རྣམས་ཀྱི་ནང་ན་རྒྱལ་པོ་བཞིན། ༢༣ །དགྲ་བོའི་དགྲ་ཆེན་ ཀུན་རྟོག་འཕོ་བའི་སྲོག །རྡོ་རྗེའི་མཚོན་གྱིས་བསད་ཚེ་དགྲ་རྣམས་ཀྱང་། །འགྱུར་མེད་ཡེ་ཤེས་སྲོག་གི་རྩིས་ཐེབས་ནས། །འཆི་མེད་རྟག་པའི་གནས་སུ་རིམ་གྱིས་འཇུག ༢༤ །ལས་ཉོན་སྟོབས་ལྡན་གྱིས་བསྐྱེད་ མིང་གཟུགས་རྒྱུན། །འཚོ་བ་ཇི་སྲིད་ཉེས་མང་འཕེལ་བྱེད་པ། །རིགས་མཐུན་སྲོག་དབང་འགགས་པས་དེ་ལྡོག་ཅིང་། །སླར་མི་སྐྱེ་བ་བསད་པ་ཆེན་པོའང་ཡིན། ༢༥ །བསྟན་འགྲོའི་བདེ་ལེགས་འཇོམས་ པའི་སྡིག་ཅན་ལ། །རྨོངས་རྣམས་ཁྲོ་ཞིང་ཐབས་མེད་སྙིང་རྗེ་ཡིས། །ཉམ་ངར་གྱུར་ལ་ཐབས་མཁས་བློ་ལྡན་རྣམས། །འཇིགས་མེད་ཚུལ་གྱིས་རྗེས་སུ་བཟུང་ལ་དགྱེས། ༢༦ །ཨ༷་བྷི༷་ཙ༷ཪྻ༷འི་དུ༷ས་ལ༷་གང་བ༷བ་ པར། །སྙིང་རྗེའི་གནམ་རུ་ལག་ཏུ་ལེན་བྱེད་ཅིང་། །སྒྲོལ་བ་སྔགས་ཀྱི་མདའ་ཆེན་འཕེན་དེ་ལ། །རྒྱལ་རྣམས་དགྱེས་པའི་སྤྱན་བཟང་རྟག་ཏུ་ཕྱོགས། ༢༧ །ཟབ་མོ་སྔགས་ཀྱི་ནང་ན་ཟབ་པའི་མཐའ། །ཉམས་འོག་ 23-1-85a ཚུད་དེས་རྒྱལ་བའི་ཆོས་མཛོད་ལ། །རང་དབང་མ་གྱུར་ཅི་ཞིག་དེ་ཡིས་འདིའི། །མཚུངས་མེད་སྙན་པ་རྒྱལ་བའི་ཞིང་ཀུན་གྲགས། ༢༨ །སྲིད་པའི་ཚེ་སྲོག་ཟ་བ་གཤིན་རྗེའི་གཡུལ། །འཇིགས་ རུང་མཚོན་རྣོན་ལྡན་པ་དེ་དག་ཀྱང་། །གང་མཐོང་དུས་མཐའི་མེ་ཡིས་སྦྲང་བུ་བཞིན། །དཔའ་བའི་རོ་ཉམས་དབུགས་བྲལ་བཞིན་འགྱེལ་བའི། ༢༩ །ཁྲི་ལ་འཇིགས་རུང་གར་དགུས་རོལ་པ་ཡིས། །རྣམ་འགྱིང་ ཁྲོ་བོའི་སྐུ་དང་རྡོ་རྗེའི་གསུང་། །ཟབ་གསལ་ཏིང་འཛིན་མཆོག་དང་རབ་འབྱམས་ཀྱི། །ཕྲིན་ལས་ཚོགས་ལ་ནུས་པའི་གདེང་ཐོབ་པའི། ༣༠ །རིམ་པ་དང་མཚུངས་སྡིག་ཅན་ཞིང་གི་སྲོག །གཅོད་པའི་སྟོབས་ལ་ མངའ་དབང་འབྱོར་པ་གང་། །རྣོ་དཔལ་སྔགས་ཀྱིས་སྡིག་པའི་གཟེབ་བཅོམ་ནས། །སྒྱུ་མའི་ཤེས་པ་བདེ་གནས་འཁྲིད་ལ་མཁས། ༣༡ །ཕ་རོལ་ཚེ་བསོད་འཕྲོག་པའི་འོད་ཆེན་འདི། །ཕོངས་ལ་བརྩེ་བས་ལུས་ གཏོང་རྣམས་ལས་ཀྱང་། །བསམ་དང་སྦྱོར་བའི་ཡོན་ཏན་ཁྱད་འཕགས་པའི། །ངོ་མཚར་ཆེན་པོར་མཁྱེན་ལྡན་རྣམས་ཀྱིས་གཟིགས། ༣༢ །སྡིག་སེམས་མེ་ཡི་ཟེར་མ་ཕྲ་མོས་ཀྱང་། །བཟོད་དཀའ་དམྱལ་བའི་མེ་ ཆེན་སྟོང་འབར་བ། །དངོས་མེད་འཚིག་པར་བྱེད་པ་སྔགས་ཀྱི་མེ། །ངོ་མཚར་མཐུ་དང་ལྡན་པ་སུ་མི་སྦོར། ༣༣ །བདག་ཏུ་ལྷག་པར་ཆགས་པ་སྲེད་པའི་ཆུ། །སྙིང་ལ་གནས་པས་གདུང་བའི་མེ་འབར་བ། །རླན་ 23-1-85b བྱེད་སྔགས་ཀྱི་ཆུ་བོ་མངོན་སྤྱོད་ལས། །འདི་མིན་གདུལ་དཀའི་དྲི་མ་གང་གིས་འཁྲུད། ༣༤ །གང་མ་བསད་ན་སྦྱོར་ངན་འཐོར་ང་གིས། །བདག་གཞན་ཕན་བདེའི་རི་བོ་རླག་བྱེད་པ། །དུམ་བུར་གཅོད་པ་དྲག་ པོ་སྔགས་ཀྱི་ང་། །ཤུགས་ཆེན་མདའ་བཞིན་འཕེན་དེ་དགྲ་ལས་རྒྱལ། ༣༥ །བསམ་སྦྱོར་གདུག་པའི་རི་བོ་ལྷུན་མཐོ་བ། །མི་མཐོང་རུམ་དུ་གནོན་པ་སྔགས་ཀྱི་རི། །གང་ལ་གནས་པའི་རིག་འཛིན་དཔའ་བོ་ ཡིས། །བདུད་བཞིའི་ཅོད་པན་རྐང་པས་རྣམ་པར་བསྙིལ། ༣༦ །གང་གི་རྒྱུད་ལ་ཕན་དང་བདེ་བའི་དཔལ། །དབྱེ་བ་དབྱེ་ཞིང་འཇིགས་རུང་འཇིགས་པས་བསྡིགས། །བསྐྲོད་པ་སྐྲོད་པར་བྱེད་སོགས་སྔགས་ ཀྱི་མཐུས། །རྩུབ་མོའི་སྨན་གྱིས་ཟུག་རྔུ་འབྱིན་པ་བཞིན། ༣༧ །སེམས་ཀྱི་རང་བཞིན་གང་དུ་མ་དམིགས་ཀྱང་། །དད་སོགས་འཕེལ་བ་རྗེས་བཟུང་བརྩེ་ཡིན་ན། །འཇིགས་རུང་ཁྲོས་པའི་དབལ་འདིས་ལས་ངན་ རྒྱུན། །གཅོད་ལ་ཁྲོ་ཕྱིར་སྙིང་རྗེའི་རབ་མཆོག་ཉིད། ༣༨ །རབ་འབར་སྡང་མིག་ལ་སོགས་ཁྲོ་བོའི་ཚུལ། །ལེགས་པར་དཔྱད་ན་ཞི་བའི་ཞལ་གྱི་བཞིན། །པདྨ་འཛུམ་པའི་རྣམ་འགྱུར་ལས་ཀྱང་འདི། །སྙིང་རྗེ་ ཤིན་ཏུ་རྒྱས་པར་མཁས་རྣམས་འཚལ། ༣༩ །གེགས་ཀུན་ཞི་ཞིང་དངོས་གྲུབ་གྱུར་པ་ལ། །ཐུགས་རྗེའི་རྣོ་དཔལ་ཁྲོ་བོའི་རྣལ་འབྱོར་དང་། །ལམ་མཆོག་བགྲོད་པ་མྱུར་ལ་སྒྲོལ་བ་ཞེས། །བསྔགས་པའི་སྒྲ་ 23-1-86a དབྱངས་རྒྱལ་བའི་ཞིང་ཀུན་ཁྱབ། ༤༠ །དད་པས་མདུན་གྱིས་བལྟ་བའི་སྨིན་ལེགས་མར། །བརྩེ་བས་དབང་སོགས་སྦྱིན་ལ་ངོ་མཚར་ཅི། །ལོག་ལྟས་རྒྱབ་ཕྱོགས་སྡིག་ཅན་སྙིང་གི་དྲི། །སྔགས་ ཀྱི་བདུད་རྩིས་སྦྱོང་བ་ངོ་མཚར་ཕུལ། ༤༡ །ཞི་བའི་གཞལ་ཡས་ཉིད་ཀྱང་རང་སྣང་གི། འཇིགས་རུང་མེ་འདྲ་ལོག་པར་ལྟ་བགྱིད་ལ། །དྲག་པོའི་ཁྱམས་སུ་འབར་བས་དགུག་པ་ཡང་། །བྱམས་ཆེན་འགྲན་ ཟླ་མེད་པའི་ཞགས་པ་ཡིན། །༤༢ ཆོས་ཕྱིར་སྲོག་བཏང་བ་དང་ལྕེབས་པས་ཤི། སྲོག་དབང་འགག་པ་མཉམ་སྟེ་འབྲས་མི་མཉམ། །དེ་བཞིན་སྔགས་ཀྱིས་བསད་དང་མཚོན་སོགས་བསད། །འཚོ་བ་ཉམས་ པར་འདྲ་ཡང་འབྲས་མི་ཉམས། ༤༣ །འཁོར་འདས་དབྱེར་མེད་རྟོགས་པའི་རྟ་གདོང་ཅན། །འདི་ཡི་ཏིང་འཛིན་རྡོ་རྗེའི་མཚོན་རྣོན་པོ། །ལས་ང་སྲོག་གི་དྭངས་མར་གང་ཐེབས་པ། །སྲིད་པའི་འཁྲུལ་འཁོར་ ཧྲུལ་བའི་རྩི་མཆོག་ཡིན། ༤༤ །སྔོན་གྱི་འདུ་བྱེད་དཀར་པོའི་མཐུ་མེད་ན། །སྲིད་པའི་དྲྭ་བ་གཅོད་པའི་འཁྲུལ་འཁོར་གྱི། །མཚོན་རྣོན་པོ་ལ་སྒྱུ་མའི་སྲོག་འགྲོ་བ། །དུས་རིང་བསྐལ་པ་བརྒྱར་ཡང་རྙེད་པ་མིན། ༤༥ ། དྲག་པོའི་སྔགས་དཔལ་སྲོག་ལ་མ་ཐེབས་ན། །འཚོ་བའི་རྒྱུན་ཀྱང་ཉམས་པར་ཅི་སྟེ་འགྱུར། །གང་གི་སྡིག་པའི་འཚོ་བ་ཉམས་པ་ཡིས། །ཕུང་ཀྲོལ་འགགས་པ་སྔགས་ཀྱི་མཐུ་མིན་ནམ། ༤༦ །ཉེས་ 23-1-86b མང་སྲོག་གི་རྒྱུན་ལ་དྲག་པོའི་སྔགས། །རྣོ་བའི་མཚོན་ཆ་བཞིན་དུ་རྣམ་ཞུགས་པ། །གསོ་དཀའི་གནད་ལ་ཕན་པའི་བདུད་རྩི་བཞིན། །རྒྱལ་བའི་ཕྲིན་ལས་ཞུགས་ལ་སོམ་ཉི་ཅི། ༤༧ །སྔགས་ཀྱིས་བཟུང་ བ་ལྕགས་ཀྱུས་ཉ་བཞིན་ཏེ། །བདེ་ཆེན་གནས་སུ་འཁྲིད་ལ་ཐེ་ཚོམ་བྲལ། །སངས་རྒྱས་ཆུད་མི་ཟ་ཞིང་སངས་རྒྱས་ཉིད། །ཟབ་མོ་སྔགས་ཀྱི་རྣམ་པར་བཞེངས་པ་ཡིན། ༤༨ །སྔགས་ཀྱིས་ཚུལ་བཞིན་བསྒྲལ་ བའི་ཆོ་ག་ལ། །ཞུགས་པས་རྣལ་འབྱོར་དབང་པོའི་སྟོབས་བཞིན་དུ། །ཕན་པར་བྱེད་ལ་ཡིད་གཉིས་ཅི་ཞིག་སྟེ། །གནས་སྦྱོང་འཕོ་བའི་ཆོ་ག་ལ་སོགས་བཞིན། ༤༩ །ལྷག་པར་རང་དབང་གྱུར་པའི་བྲན་ བཞིན་དུ། །འདི་ཡི་འཚོ་བ་བདག་གི་དབང་གྱུར་པའི། །འབྲེལ་བ་ཉིད་ཀྱིས་དེ་ལ་ཕན་པའི་ཚུལ། །དབང་མེད་འཇུག་པ་དེ་དག་དངོས་པོའི་མཐུ། ༥༠ །རྫས་སོགས་མཐུ་ཡིས་ནད་གཞིལ་དུག་འཇོམས་ སོགས། །དངོས་པོའི་ནུས་པ་མཐོང་བཞིན་སུ་ཡིས་བསྙོན། །རྒྱལ་བ་མངོན་སུམ་ཉིད་སླད་དངོས་ཀུན་ལས། །སྟོབས་མཆོག་སྔགས་ཀྱི་མཐུ་ཡིན་བསམ་མི་ཁྱབ། ༥༡ །དེ་ཕྱིར་བདེན་གཉིས་དབྱེར་མེད་རྡོ་རྗེའི་ སྐུའི། །རྣམ་རོལ་ལྷ་སྔགས་དམིགས་པའི་འཁྲུལ་འཁོར་གྱིས། །ཕ་རོལ་ལས་རྒྱུན་གཅོད་པ་དངོས་པོ་ཡི། །ཆོ༷ས་ཉི༷ད་སྟོབ༷ས་དེ་ནམ་ཡང་གཞན་དུ་མིན། ༥༢ །ཀུན་དགའི་དབྱངས་ཀྱིས་གཞོན་ནུ་དགྲ་དང་ 23-1-87a བཅས། །མཆོད་སྡོང་འཁོར་བའི་སྲིན་བུ་བདུན་སོགས་བཞིན། །ཆོས་མཆོག་སྟོབས་ཀྱིས་སྒྲོལ་བ་ཆོས་ཉིད་ཀྱང་། །རྨད་བྱུང་སྔ༷གས་ཀྱི༷་སྤྱོ༷ད་པ༷་ལྷག་པར་ཟབ། ༥༣ །ཤིན་ཏུ་བཟློག་དཀའ་ ལས་ངན་འཚོ་བའི་རྒྱུན། །རྡོ་རྗེའི་སྔགས་ཀྱིས་བཅད་ནས་དེ་དག་གི། ཟག་བཅས་ཕུང་པོ་དེས་ཀྱང་རྩ་གསུམ་ལྷ། །དགྱེས་པའི་མཆོད་སྦྱིན་བརྩེ་བའི་གཉེན་དེས་བྱས། ༥༤ །འཚོ་བ་བཀག་པའི་རྣམ་སྨིན་ཚེ་ ཉམས་ཀྱང་། །འདི་ཡི་འཚོ་བ་འདི་ལ་གྲོགས་གྱུར་པ། །ཅི་ཞེས་ཟབ་མོའི་གནས་ལ་ཐེ་ཚོམ་བློ། །གཡོ་བ་གང་ཞིག་བློ་ལྡན་རྣམས་ལ་མེད། ༥༥ །ཕ་རོལ་གནོད་པས་བདག་ལ་བསྡིག་འགྱུར་ན། །ལོག་པའི་ འཚོ་རྒྱུན་བཅད་པའི་ཕན་མཆོག་དེས། །བདེ་བའི་འཚོ་བ་བསྲིང་སླད་ཉེས་པའི་དྲི། །རྣམ་བྲལ་ཆོས་དཀར་བདུད་རྩིའི་མཚོ་ཆེན་ཉིད། ༥༦ །ཕན་པའི་བསམ་སྦྱོར་དྲི་མ་མེད་པའི་རྒྱུན། །ཐབས་མཆོག་དང་འགྲོགས་ ནུས་པའི་ལྕགས་ཀྱུ་ཡིས། །སྦྲང་རྩི་འཐུང་བས་སྦྲང་རྩིའི་བཅུད་བཞིན་དུ། །ཕ་རོལ་ཚེ་བསོད་འགུགས་པ་རྟེན་འབྱུང་སྟོབས། ༥༧ ། ༈ བདེ་སྟོང་དབྱེར་མེད་འབྲས་བུའི་ཡེ་ཤེས་སྐུ། །རྟགས་ཀྱི་ཕྱག་རྒྱར་ཁ་ སྦྱོར་ཚུལ་དུ་སྣང་། །ཐུགས་རྗེའི་རྣོ་དབལ་ལས་ངན་གཅོད་པའི་ཚུལ། །འབར་བའི་ཁྲོ་བོར་སྣང་བའང་སྒྱུ་འཕྲུལ་གར། ༥༨ ། དབང་གྱུར་རྣམས་ནི་ཡེ་ཤེས་རོལ་པ་ཡིས། །ཆགས་སྡང་དང་བྲལ་བརྩེ་སོགས་ 23-1-87b གར་གྱིས་འཇུག །དང་པོའི་ལས་ཅན་ངག་གི་ཆགས་སྡང་ལ། །བརྟེན་ནས་སྦྱོར་དང་སྒྲོལ་བ་འཇུག་ན་ཡང་། ༥༩ །ཐབས་ཀྱིས་ཟིན་པ་དུག་ཆེན་སྨན་བཞིན་དུ། །ཉོན་མོངས་ཉིད་ཀྱིས་ཉིད་གཞིལ་དཔའ་བོ་ ཡི། །གསང་ལམ་མི་ཤེས་སྔགས་ལ་འཇུག་བྱེད་པ། །ཙ་ཡི་མིང་ཅན་བྲམ་ཟེའི་བུ་བཞིན་ཉམས། ༦༠ །སྔགས་ནི་རྟོག་མིད་ཡིད་བཞིན་ནོར་བུའི་ཚུལ། །ཤིན་ཏུ་ལོག་པར་སྤྱོད་པའང་འགྲུབ་བྱེད་ན། །ཐབས་ མཁས་བརྩེ་བ་དང་ལྡན་སྐལ་བཟང་གིས། །དོན་གཉིས་སྔགས་ཀྱིས་བསྒྲུབས་ལ་ངོ་མཚར་ཅི། ༦༡ །སྔགས་འཛིན་བསམ་སྦྱོར་སྨིན་པའི་གདེང་ལྡན་ན། །རང་གཞན་འཚེངས་ལ་སྒྲོལ་བ་དང་མཚུངས་བྲལ། ། ཚུལ་བཞིན་རྩོམ་ལ་དགོས་པ་ཅི་རིགས་ཀྱང་། །གནད་དང་མི་ལྡན་རང་གཞན་བརླག་པའི་རྒྱུ། ༦༢ །དེ་ཕྱིར་བདག་གི་ཉམས་དང་སྦྱར་ནས་སུ། །རྡོ་རྗེ་ཐེག་པའི་དགོངས་དོན་བླང་བྱ་ཡི། །གདེང་མེད་སྔགས་ལ་ ཅི་དགར་འཇུག་བྱེད་པ། །གཉེན་པོ་མེད་པར་དུག་ཆེན་ཟ་བ་བཞིན། ༦༣ །བདག་གཞན་བརྒྱུད་མར་ཡང་ཡང་འཆི་བྱེད་པའི། །འཕོ་བའི་ཀུན་རྟོག་རྡོ་རྗེའི་མཚོན་ཆ་ཡིས། །སླར་ཡང་སྐྱེ་བ་མེད་པར་གསོད་བྱེད་ པ། །དེ་དག་རྒྱལ་ཀུན་ཁྲོས་པ་གཤིན་རྗེའི་གཤེད། ༦༤ །རྡོ་རྗེའི་ཁྲོ་བོ་རྣམས་ཀྱི་རིག་པ་མཆོག །ལྷ་སྔགས་དབྱེར་མེད་ཚུལ་གྱིས་ཡོངས་བཟུང་བས། །ལས་བཞིའི་སྟོབས་རྩལ་ཉི་ཟླའི་གཟི་འབར་བ། ། 23-1-88a དཀར་ཕྱོགས་དགའ་བའི་རྒྱལ་མཚན་སྒྲེངས་ལ་དབང་། ༦༥ །རྒྱལ་བསྟན་རིན་ཆེན་སྲུང་བའི་ལྕགས་རི་ནི། །དྲག་པོའི་མཐུ་ཞེས་རིག་འཛིན་རྣམས་ཀྱིས་བསྔགས། །གདུག་པའི་སྙིང་ལ་ འཁོར་བའི་རྣོ་དབལ་ཅན། །སྒྲོལ་བྱེད་སྔགས་ཀྱི་འཁོར་ལོར་སུ་མི་གུས། ༦༦ །ཟབ་མོའི་ཆོས་མཆོག་སྐད་ཅིག་སྤངས་པས་ཀྱང་། །བགྲང་ཡས་བསྐལ་པར་མནར་མེད་གནས་ལ་སོགས། །ལས་ངན་ཟུག་རྔུ་ འབྱིན་པར་སྤྲོ་བ་ཡི། །བློ་ལྡན་སུ་ཞིག་ལམ་མཆོག་འདི་མི་འཛིན། །༦༧ དམ་ཆོས་བསྲུང་བའི་སླད་དུ་མཚོན་ཆ་ཡང་། །འཆང་བར་མདོ་ལས་གནང་ན་རྒྱལ་བ་ཡི། །ཕྲིན་ལས་མངོན་སྤྱོད་དམོད་པའི་མཚོན་གཅིག་ གིས། །མཐའ་དག་བདུད་ཆེན་འཇོམས་པ་སུ་མི་འཆང་། ༦༨། སྲིད་པའི་སྲོག་རྒྱུན་གཏན་དུ་མ་ཆོད་ཀྱང་། །ཕུང་ཀྲོལ་རིས་མཐུན་འཕེལ་བའི་མིང་གཟུགས་སྲོག །སྔགས་ཀྱིས་བཀག་པས་ཕན་ཆེན་གདགས་ བགྱིད་ཅིང་། །ཐར་པའི་ས་བོན་བསྐྲུན་ལ་ཅིས་མི་སྤྲོ། ༦༩ །གདུལ་བར་དཀའ་རྣམས་རྒྱལ་བའི་ཕྲིན་ལས་ཀྱིས། །བསྒྲལ་བར་བྱས་ལ་སྡིག་པར་བལྟ་བཞིན་དུ། །རང་སེམས་གདེང་མེད་སྤྱོད་ལ་ཟབ་མོའི་ སྔགས། །ཇི་བཞིན་ཉམས་སུ་ལེན་པའི་སྐལ་བས་དབེན། ༧༠ །དངོས་པོའི་དེ་ཉིད་མཐོང་བའི་ཤེས་རབ་མིག །གདུལ་དཀའི་འགྲོ་ལ་ཆགས་པའི་སྙིང་རྗེའི་ཤུགས། །ཐབས་མཁས་སྒྲོལ་བར་ཤར་ཚེ་རྒྱལ་བ་ 23-1-88b རྣམས། །དགྱེས་པ་དེ་ཙམ་ཐབས་གཞན་གང་གིས་མིན། ༧༡ །བཟོད་དཀའི་དམྱལ་སོགས་རྣམ་སྨིན་སྲོག་གི་རྒྱུན། །བསྒྲལ་བའི་ཁུར་ཆེན་བརྩེ་ལྡན་སུ་མི་ལེན། །སྡུག་བསྔལ་རྒྱུ་མཆོག་འཕེལ་ལ་ལྷག་བརྩེ་ བ། །དེད་དཔོན་སྙིང་རྗེ་ཆེན་པོའི་རྣམ་ཐར་བཞིན། ༧༢ །སྡིག་ཅན་གདུལ་དཀའ་འདུལ་བ་སྔགས་ཀྱི་ལས། །རྒྱལ་བའི་ཕྲིན་ལས་ནང་ན་རབ་མཆོག་ཀྱང་། །གུས་པས་ཕུ་དུད་བྱ་བ་བོར་ནས་སུ། །དམན་པར་ སེམས་དེའི་ཕུང་ཀྲོལ་མཐའ་མི་མངོན། ༧༣ །ཇི་བཞིན་ལག་ཏུ་ལོན་པ་མ་བྱུང་ཡང་། །རྒྱལ་བའི་ཕྲིན་ལས་ཟབ་མོའི་གནས་ཚུལ་ལ། །མོས་པའི་དགའ་བ་ཡུད་ཙམ་རྙེད་པ་ཡིས། །སྐྱེ་རྒུའི་བསོད་ནམས་ཕུང་པོ་ ཟིལ་གྱིས་གནོན། ༧༤ །འགའ་ཞིག་ཐུབ་པའི་བརྟུལ་ཞུགས་བཟུང་ན་ཡང་། །དགྲ་སྙིང་ལག་པས་དམར་འབྱིན་བཟོད་བཞིན་དུ། །ནུས་མེད་གྱི་ནར་འཁྱམས་ལ་རང་རློམ་ཅན། །སྒྲོལ་བྱེད་དྲག་པོའི་སྔགས་ ལ་གཤེ་བ་མཚར། ༧༥ །གནད་མེད་སྔགས་ཀྱིས་བསད་པ་ངོ་ཚ་ཡང་། །གཡོ་སོགས་གཞན་གྱིས་བསད་ལས་ངོ་ཚ་ཆུང་། །བདེ་བའི་མལ་ན་གནས་བཞིན་འཇིགས་རུང་གི། གཡུལ་གྱིས་གཞོམ་པར་ དཀའ་རྣམས་གསོད་པ་མཚར། ༧༦ །འགའ་ཞིག་བདག་ཉིད་དམ་པ་རློམ་བཞིན་དུ། །བདག་མ་བསྒྲལ་བར་བདག་ལ་ཆགས་པ་ཡིས། །སྔགས་ཀྱིས་གཞན་བསད་སྡོམ་པ་གསུམ་ཉམས་ཀྱང་། །བདག་ཚུལ་ 23-1-89a མི་ཤེས་ངོ་འཕངས་བསྟོད་དེ་གནས། ༧༧ །ཀྱེ་མ་ཚུལ་འདི་རྣམས་ཀྱིས་གསང་སྔགས་ཀྱི། །དགོངས་སྤྱོད་ཟབ་མོའི་མཐར་ཐུག་ཡིད་བཞིན་ནོར། །གདུག་པའི་སྦྲུལ་གྱི་ཁྲོད་ན་སྒྲོན་མེ་བཞིན། ། མོག་པོར་གྱུར་ལ་སྐྱོ་བའི་ཡིད་ཀྱང་ལྡང་། །༧༨ མ་སྨད་ལྟ་བ་རྡོ་རྗེའི་རྫོང་ལ་གནས། །ཟུང་འཇུག་བསྒོམ་པའི་འོད་གསལ་འཕྲེང་ལ་གཅུན། །སྒྲོལ་ནུས་ཐབས་མཁས་སྤྱོད་པས་སྲོག་འཕྲོག་པ། །འཚེངས་ལྡན་ རིག་འཛིན་དཔའ་བོ་རྣམས་ཀྱང་དྲན། ༧༩ །དབྱེར་མེད་མཉམ་པའི་ཆོས་ཉིད་མངོན་རྟོགས་པས། །བདག་རྒྱུད་གཟུང་འཛིན་གདུག་པའི་སྲོག་བཅད་ནས། །སླར་ཡང་དབང་མེད་གདུལ་བར་དཀའ་བའི་འགྲོ། །ཐུགས་ རྗེས་བསྒྲལ་བར་མཛད་དེ་རྒྱལ་གྱུར་ཅིག ༨༠ །ཁམས་གསུམ་ཡེ་གྲོལ་དགོངས་པའི་རྩལ་རྫོགས་ཤིང་། །སྲིད་གསུམ་ཡོངས་སྒྲོལ་ནུས་པའི་གདེང་ཐོབ་ནས། །ཧེ་རུ་ཀ་དཔལ་དགྱེས་པའི་བརྟུལ་ཞུགས་འདིས། ། འགྲོ་ཀུན་རེ་བ་ཡིད་བཞིན་སྐོང་གྱུར་ཅིག ༨༡ །སྒྱུ་མའི་ནགས་གནས་སྒྱུ་མའི་སེམས་ཅན་ཀུན། །སྒྱུ་མ་རྡོ་རྗེའི་སྔགས་ཀྱིས་གསོད་བྱེད་པ། །རྡོ་རྗེ་ལས་ཀྱི་ཤན་པ་ཉིད་གྱུར་ནས། །བདུད་བཞིའི་གཡུལ་ཆེན་ ཡུད་ལ་འཇོམས་གྱུར་ཅིག ༨༢ །རྒྱལ་བའི་ཕྲིན་ལས་ནང་ན་ཟབ་མོ་ཡི། །མཐར་ཐུག་སྒྲོལ་བ་དྲག་པོའི་ལམ་མཆོག་ལ། །ཟུར་རྩིས་ཐེ་ཚོམ་ཙམ་ཡང་མི་སྐྱེ་ཞིང་། །ཡིད་ཆེས་མཆོག་གི་གདེང་དང་ལྡན་གྱུར་ 23-1-89b ཅིག ༨༣ །ལས་ང་རྒྱུ་བ་ངན་པའི་བདུད་ཀྱི་སྲོག །འཕྲོག་བྱེད་སྒྱུ་མའི་སྦྱོར་བས་རྣམ་རྩེན་པ། །སྲིད་པར་འཇིགས་བྲལ་སེང་གེའི་ལྟ་སྟངས་ཀྱིས། །གྲུབ་པའི་རྒྱལ་ཐབས་ཆེ་ལ་རོལ་གྱུར་ཅིག ༨༤ །ཕུལ་ བྱུང་མཁྱེན་བརྩེས་དྲག་པོ་སྔགས་ཀྱི་ལས། །བསྒྲུབ་ལ་སྤྲོ་བ་ཡར་ཟླ་ལྟར་འཕེལ་ཞིང་། །ནག་ཕྱོགས་བདུད་ཀྱི་རུ་མཚོན་གཅིག་ཅར་དུ། །སྙིལ་བྱེད་ཆོས་འདིའི་རྒྱལ་རྔ་བརྡུང་གྱུར་ཅིག ༨༥ །སྔགས་མཆོག་ ཚུལ་བཞིན་གྲུབ་པའི་སྙན་གྲགས་སྒྲས། །བདུད་དཔུང་སྤོབས་པ་ལྷག་མེད་བཅོམ་ནས་སུ། སྣང་སྲིད་བྲན་དུ་བཀོལ་བའི་སྟོབས་རྩལ་གྱིས། །རྟག་ཏུ་རྒྱལ་བསྟན་བསྲུང་ཞིང་སྤེལ་གྱུར་ཅིག༨༦ །བརྩེ་བ་ མེད་པར་བདག་དོན་ཁོ་ན་ལ། །ཆགས་པས་སྔགས་ཀྱི་དུག་མདའ་གང་བྱུང་དུ། །འཕེན་པ་ཁྲེལ་མེད་རྔོན་པའི་ངང་ཚུལ་ཅན། །སྔགས་བསྟན་རྙོགས་མར་བགྱིད་ཀུན་མེད་གྱུར་ཅིག ༨༧ །གིང་བརྒྱད་བྲན་དུ་ བཀོལ་བ་དཔའ་བོའི་སྐུ། །ཁྲོས་འཁྲུགས་རྔམས་པའི་སྟབས་ཀྱིས་སྲིད་པ་གསུམ། །ཟིལ་དུ་རླག་བྱེད་འཇིག་དུས་མེ་འདྲ་བ། །བདུད་སྲིན་འདུལ་བའི་གཤེད་དུ་འབར་གྱུར་ཅིག ༨༨ །བཟླས་པའི་མོད་ལ་ སྲིད་གསུམ་གདུག་པའི་དཔུང་། །དོན་སྙིང་ལྐོག་མར་འབྱིན་ལ་དྲག་པོའི་སྔགས། །བསྐལ་པའི་མེ་ང་འཁྲུགས་པའི་སྒྲ་བཞིན་དུ། །རྟག་ཏུ་ཞལ་གྱི་དབྱིངས་ནས་སྒྲོགས་གྱུར་ཅིག༨༩ །འོད་གསལ་ 23-1-90a དབྱིངས་ལས་སྙིང་རྗེས་ཁྲོས་པའི་ཐུགས། །སྲིད་གསུམ་ཡུད་ལ་བརླག་པའི་སྟོབས་ཤུགས་ཅན། །སྡིག་ཅན་སྙིང་ལ་བརྣག་པའི་དམ་བཅའ་འདིས། །གདུག་པའི་འདུལ་བྱ་འདོར་བར་མ་ གྱུར་ཅིག ༩༠ །སྣ་ཚོགས་རྫས་སྔགས་དམིགས་པའི་འཁྲུལ་འཁོར་ལས། །འཇིགས་རུང་ལས་ཀྱི་ཐོག་སེར་གདུག་པའི་དབལ། །ཞིང་བཅུའི་སྙིང་ལ་འཁོར་བའི་རྣོ་རྒྱུན་ཅན། །སྲིད་འདིར་བསྟན་པའི་དགྲ་ ལ་དབབ་གྱུར་ཅིག ༩༡ །སྙིང་རྗེའི་ལྕགས་ཀྱུས་དགུག་ཅིང་ལས་ངན་ནད། །འབྱིན་བྱེད་དྲག་པོའི་ཚུལ་བསྟན་སྔགས་ཀྱི་ཐུན། །སྐྱིན་ཐང་ཐོག་མདའ་འཁྲུགས་པའི་ངང་ཚུལ་ཅན། །ཡེ་ཤེས་ཁྲོས་པའི་ཤུགས་ ཀྱིས་འཕེན་གྱུར་ཅིག ༩༢ །གང་ན་བསྟན་འགྲོའི་དཔལ་འཇོམས་གདུག་པའི་དཔུང་། །ཐབས་གཞན་གང་གིས་གདུལ་བར་དཀའ་བའི་ཚོགས། །དེ་དག་ཐབས་མཆོག་སྒྲོལ་བའི་ལམ་འདི་ཡིས། །བདག་གིས་ བྱང་ཆེན་གནས་སུ་སྒྲོལ་གྱུར་ཅིག ༩༣ །ཤེས་རབ་མཆོག་གི་རང་བཞིན་ཁྲོ་བོ་ཡི། །ལྟ་བས་སྲིད་གསུམ་ཐལ་བར་རླག་བྱེད་ཅིང་། །གདུག་པའི་སྙིང་ཁྲག་རྡུང་བའི་གློག་དམར་ལྗགས། །གཡོ་བའི་གད་རྒྱངས་ འབྲུག་སྟོང་རྔམ་པའི་སྒྲས། ༩༤ །རི་རབ་འབུམ་བསྙིལ་གཏུམ་དྲག་ཁྲོ་བོའི་ལུས། །རྡོ་རྗེའི་བ་སྤུ་ཐོག་མདའི་ཟེར་མ་ཅན། །མཁའ་མཉམ་འཇིགས་རུང་རྡོ་རྗེ་སྲིན་པོ་ཡི། །སྒྱུ་མའི་གར་གྱིས་གདུག་ཅན་ 23-1-90b འདུལ་གྱུར་ཅིག ༩༥ །མཉམ་ཉིད་ངང་ལས་ཐུགས་རྗེ་ཁྲོས་པ་ཡིས། །གདུག་པའི་ཚོགས་ཀུན་མཐར་བྱེད་ཡེ་ཤེས་སྐུ། །དེ་བཞིན་གཤེགས་པ་ཀུན་གྱི་དམ་ཚིག་མཆོག །རྡོ་རྗེ་ཁྲོས་པའི་རྒྱལ་པོ་འགྲུབ་ གྱུར་ཅིག༩༦། ཅེས་པའང་གསང་སྔགས་འཛིན་པ་དག་གིས་ལས་སུ་བྱ་བའི་གཙོ་བོ་སྦྱོར་སྒྲོལ་གཉིས་སུ་གནས་པ་ལས། སྔར་ཞི་བ་འཇམ་དཔལ་གྱི་བསྙེན་པའི་སྐབས་འཕྲལ་དུ་སྦྱོར་བསྟོད་ཅིག་ཤར་མར་ བྲིས་ཟིན་ལ། དེ་དང་འབྲེལ་བར་སྒྲོལ་བ་ལ་བསྔགས་པ་ཞིག་བྱུང་ན་ལེགས་པར་བསམས་ནས། ཚིགས་སུ་བཅད་པ་མཚན་བཟང་སུམ་འགྱུར་དུ་བགྲེས་པའི་གྲངས་ལྡན་འདི་ནི། ལྷ་མཆོག་རྡོ་རྗེ་ཁྲོ་ བོའི་རིག་སྔགས་འཛིན་པ་ཟིལ་གནོན་དགྱེས་པ་རྩལ་ཅེས་བྱ་བས། དཔལ་རྡོ་རྗེ་གྲོ་བོ་ལོད་ཀྱིས་བདུད་སྲིན་དྲེགས་པ་བཏུལ་བའི་གནས་མཆོག་མདོ་ཁམས་ཙམ་ན་འགྲན་ཟླ་དང་བྲལ་བ་དཀར་མོ་སྟག་ཚང་གི་ སྒྲུབ་ཁང་བདུད་ལས་རྣམ་པར་རྒྱལ་བའི་གླིང་དུ། རབ་ཚེས་ཀྱི་ནང་ཚན་དྲག་བྱེད་གདུག་པའི་དུས་སུ་གྱུར་པ་ལྕགས་སྦྲུལ་གྱི་ལོར། དཔལ་ཡ་མཱནྟ་ཀའི་བསྙེན་སྒྲུབ་ལྷུར་བླང་བའི་གསུང་བསྙེན་གྱི་སྐབས་ ཐུན་གསེང་གསུམ་ཙམ་ཞིག་ཏུ་བྲིས་ཤིང་། ཟླ་བ་དགུ་པའི་ཚེས་དགུ་གྲུབ་པའི་སྦྱོར་བ་བཟང་པོ་དང་ལྡན་པ་ལ་ཡོངས་སུ་གྲུབ་པར་བགྱིས་པ་འདིས་འགྲོ་བ་ཀུན་ལ་དཔལ་ཧེ་རུ་ཀའི་དགོངས་སྤྱོད་ཟབ་མོ་གྲུབ་ 23-1-91a པའི་མཆོག་སྦྱིན་པར་གྱུར་ཅིག །མངྒ་ལཾ།། ༈ །། རྒྱལ་བསྟོད་ལེགས་བྲིས་རྔ་སྒྲ་ཞེས་བྱ་བ། ཨོཾ། ཚངས་དབང་ཁྱབ་འཇུག་བརྒྱ་བྱིན་རྒྱལ་ཆེན་བཞི། །ས་དང་མཁར་ གནས་ཕྱོགས་དང་དུས་ཀྱི་ལྷ། །མ་ལུས་ཀུན་ལ་རབ་ཏུ་བསྟོད་བགྱི་ཞིང་། །རིག་བྱེད་གཙང་མའི་ཚུལ་དེ་ལ་ཡང་ངོ་། །ས་ལ་སྐྱེ་རྒུའི་བདེ་སྡུག་བླང་དོར་རྣམས། །མ་ནོར་རྩིས་སུ་འདེབས་པ་ལྟ་བུ་ཡི། །འཆི་མེད་ལམ་ དུ་རྒྱུ་སྐར་ལྷ་མོའི་ཚོགས། །མེ་ཏོག་གསར་བའི་ཕྲེང་བ་རྣམ་པར་མཛེས། །དེར་ནི་ཡིད་འོང་བདུད་རྩིའི་ཐིག་ལེ་སོགས། །གཟའ་མཆོག་བུང་བ་གཞོན་ནུའི་རོལ་རྩེད་གར། །དུས་བཞིར་ཆད་མེད་རྒྱུ་བའི་དཀྱིལ་ འཁོར་དུ། །དྭང་བས་བལྟ་ཞིང་བསྟོད་བགྱི་ཁྱད་པར་དུའང་། །མཁྱེན་སྤྱན་ཨུཏྤ ལ་གཞོན་ནུའི་འདབ་ཡངས་ཤིང་། །བདེན་པའི་ལྗགས་བཟང་རིང་དུ་བརྐྱངས་པ་ཡིས། །སྔོན་གྱི་དྲང་སྲོང་རྣམས་ཀྱིས་གང་བསྟོད་པ། ། རྒྱལ་ཞེས་བྱ་བ་རབ་བསྔགས་ཡུལ་དུ་གྱུར། །གང་ཕྲད་ཕུན་ཚོགས་བཀྲ་ཤིས་གྲུབ་པ་ཡི། །ནོར་བུ་བུམ་བཟང་དཔག་བསམ་ལྗོན་པ་བཞིན། །ལྷ་མོ་ཁྱོད་ཀྱི་དུས་སུ་ལས་བྱས་པའང་། །གྲུབ་པར་འགྱུར་ཞེས་ཐུབ་ པ་རྣམས་ཀྱིས་བཤད། །སྐོམ་པ་རྣམས་ལ་བདུད་རྩིའི་བཏུང་བ་དང་། །འདོད་ལྡན་རྣམས་ལ་མཆོག་གི་གཟུགས་ཅན་བཞིན། །གང་གི་དུས་སུ་བྱས་པའི་ལས་ཀྱི་འབྲས། །ཤིན་ཏུ་ཡིད་འོང་ཚིམ་པར་བྱེད་པ་ཉིད། ། 23-1-91b ཇི་ལྟར་རྐང་བཞི་རྣམས་ལས་སེང་གེ་དང་། །རྐང་གཉིས་རྣམས་ལས་འཁོར་ལོས་སྒྱུར་བ་བཞིན། །མཁའ་ལ་རྒྱུ་བའི་རྒྱུ་སྐར་རྣམས་ཀྱི་དབུས། །ཁྱོད་ནི་སྟོབས་དང་ལྡན་ཅིང་དགེ་བར་གྲགས། །ལྷར་བཅས་ འགྲོ་ཀུན་མིག་གི་བདུད་རྩི་ནི། །རྣམ་འདྲེན་མི་ཡི་སེང་གེ་སངས་རྒྱས་ཀྱི། །མཚན་དཔེའི་གཟུགས་སྐུ་ཉི་མ་བརྒྱ་པ་ཡི། །སྣང་བ་དེ་ཡང་ཁྱོད་ཀྱི་དུས་སུ་ཤར། །ཁྱོད་ནི་ཉེས་པའི་དྲི་མ་འཁྲུད་པའི་ཆུ། །དགེ་ བའི་ལྟས་མཚོན་ལྷ་ཡི་རྔ་བོ་ཆེ། །བཀྲ་ཤིས་དཔལ་དང་ལྡན་པའི་གདུགས་དཀར་པོ། །འདུད་དོ་རྒྱལ་མ་བསྟོད་དོ་རྣམ་རྒྱལ་མ། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །བཀྲ་ཤིས་ནོར་བུའི་རྒྱལ་མཚན་ མངོན་མཐོ་བ། །རྒྱལ་ཞེས་རབ་གྲགས་ཁྱོད་ལ་བསྟོད་པས་བདག །རྒྱལ་གྱུར་རྟག་ཏུ་དགེ་ཞིང་ཤིས་གྱུར་ཅིག །ལྷ་མོ་གྲུབ་པ་དང་ལྡན་ཚེས། །ལྷག་པར་ལྷ་ཡི་བླ་མའི་རེས། །བསྟོད་པ་འདིས་བསྟོད་ལས་བྱས་ པ། །གྲུབ་འགྱུར་རྟེན་འབྲེལ་དམ་པའི་མཐུ། །ཞེས་པའང་རྨི་ལམ་གྱི་རྐྱེན་སོགས་ལ་བརྟེན་ནས་རབ་ཚེས་འབྲུ་མང་པོའི་ཟླ་༡ཚེས་༡༣གཟའ་༦སྐར་༧དུས་སྒྲུབ་པའི་ཐུན་གསེང་ཞིག་ཏུ་མཚོ་བྱུང་བཞད་པའི་གེ་སར་གྱིས་བྲིས་པ་ དགེ་ལེགས་འཕེལ།། ༈ །། ཀླུ་ཆེན་ནོར་རྒྱས་ཀྱི་མཆོད་བསྟོད་ཀླུ་དབང་ཀུན་ཏུ་དགའ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །རྒྱལ་བའི་ཞལ་མཐོང་རྒྱལ་བསྟན་སྲུང་མཛད་པ། །ནོར་རྒྱས་ནོར་བུའི་ 23-1-92a ཆར་འབེབས་དབུལ་བ་སེལ། །དཔལ་འབྱོར་འཛད་མེད་དཔལ་གྱིས་མངོན་མཐོ་བ། །ཀླུ་དབང་ཀླུ་ཡི་མགོན་པོ་གཤེགས་སུ་གསོལ། །གསེར་གྱི་མདངས་ལྡན་ལྷ་མཆོག་གཞོན་ནུའི་ལུས། །ལྷ་ རྫས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །འཆར་ཁའི་འོད་ཟེར་དྲྭ་བས་རྣམ་མཛེས་པ། །སྐྱེ་རྒུའི་མིག་གི་བདུད་རྩིར་གྱུར་པ་ཁྱོད། །ལང་ཚོའི་དབང་ཕྱུག་མ་དང་ལྷན་ཅིག་ཏུ། །དགྱེས་ཞལ་ཟླ་བ་འཛུམ་པའི་འོད་དཀར་ གྱིས། །སྙིང་ལ་བདུད་རྩིའི་བཅུད་ལེན་སྩོལ་བཞིན་དུ། །གནས་འདིར་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །གུས་པའི་ཡིད་ཀྱིས་དངོས་སུ་བཤམས་པ་རྣམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ པས། །ཡིད་བཞིན་འདོད་དགུར་འཆར་བའི་མཆོད་པ་ནི། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབས་བྱས་པའི། །ནོར་བུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་རྣམས་ཀྱི། །འོད་ཟེར་དྲྭ་བ་མཛེས་པའི་མུ་ཁྱུད་དང་། །ནམ་མཁའི་ ཁོར་ཡུག་མཉམ་པར་གྱུར་པ་ཡིས། །དཔལ་ལྡན་ཀླུ་ཡི་དབང་པོ་ཁྱོད་མཆོད་དོ། །རྣམ་མང་དགའ་བའི་གར་བཅས་རྡོ་རྗེ་གླུས། །ཆེ་བའི་ཡོན་ཏན་རྒྱ་མཚོར་བསྔགས་པ་དང་། །ལྷན་ཅིག་སྙན་འཇེབ་རོལ་མོའི་ཚོགས་ ཀྱི་སྒྲས། །ས་གསུམ་གཡོ་བ་སྙམ་དུ་བསྟོད་པར་བགྱི། །རིན་ཆེན་རི་འདྲ་གཟི་བརྗིད་མཚུངས་མེད་སྐུ། །དཔག་བསམ་ཤིང་ལྟར་བསམ་པའི་རྗེས་འགྲོའི་དབྱངས། །རྫོགས་ལྡན་སྤྲིན་བཞིན་རེ་བ་རྫོགས་མཛད་ཐུགས། ། 23-1-92b ནོར་བུའི་གཏེར་མཚུངས་ནོར་གྱི་འབྱུང་གནས་མཆོག །བདུད་རྩིའི་རྒྱུན་མཚུངས་རྒྱུན་ཆད་མེད་པ་ནི། །བུམ་པ་བཟང་ལྟར་བཟང་དགུའི་མཆོག་རྣམས་ཀྱང་། །འདོད་འཇོའི་བ་བཞིན་འདོད་དགུར་སྩོལ་བ་ཡི། ། ནོར་སྦྱིན་ནོར་གྱི་དབང་ཕྱུག་ཁྱོད་ལ་འདུད། །ཐུབ་དབང་རྒྱལ་པོ་ཤཱཀྱའི་བསྟན་པའི་མཐར། །དབུལ་བའི་སྐལ་བ་ལྷག་པར་བདོ་བའི་ཚེ། །གདུང་བའི་དབྱངས་ཀྱིས་འབོད་པ་གསན་མཛོད་ལ། །འདོད་དགུའི་ ཆར་རྒྱུན་མྱུར་དུ་འབེབས་པར་མཛོད། །བདུད་རྩིའི་སྤྲིན་ཆེན་གློག་གི་དྲྭ་བ་ཅན། །ཟབ་མོའི་སྒྲ་དང་ལྡན་པ་འདིར་ནི་འོང་། །རྒྱ་མཚོ་ཆེན་པོ་རྣམས་ཀྱང་འཕེལ་ཞིང་འཕེལ། །ན་བུན་གཡོ་བས་ཕྱོགས་ཀྱི་གོ་སྐབས་ བཅིངས། །གསེར་ལྡན་དགའ་མའི་ལྟོ་བ་རིན་ཆེན་དང་། །རྩི་བཅུད་འབྲས་བུའི་ཚོགས་ཀྱིས་ཡོངས་གང་བར། །ས་སྟེང་སྐྱེ་བོ་དགའ་བའི་སྒྲ་འབྱིན་པའི། །ལས་འདར་མཐུ་དང་ལྡན་པ་ཁྱོད་མིན་ནམ། །སྟོན་ཀའི་ ཟླ་རྒྱས་དང་འདྲ་དྲི་མེད་པའི། །སྙིང་རྗེའི་འོད་ཟེར་གསལ་བས་འགྲོ་ཀུན་ལ། །ཕན་འདོད་བསམ་པས་ཀླུ་མཆོག་ཁྱོད་བསྐུལ་ན། །རེ་བའི་འབྲས་བུ་དེང་འདིར་མཆིས་པར་མཛོད། །མཁའ་ལྟར་ཡངས་པའི་ འབྱོར་པ་ཐོབ་པ་དང་། །བསོད་ནམས་ཚད་མེད་ས་ལས་སྨན་ལྟར་འཕེལ། །བདེ་བའི་ལོངས་སྤྱོད་རྒྱ་མཚོའི་ཆུ་ལྟར་འབྱིན། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་དངོས་གྲུབ་སྩོལ། །ཅེས་པའང་རབ་ཚེས་ལྕགས་ 23-1-93a སྟག་ཟླ་༣ཚེས་༡༥ལ་འཇམ་དཔལ་རྡོ་རྗེས་འཕྲལ་དུ་བྲིས་པ་མངྒ་ལཾ།། ༈ །། གཟའ་བཅུའི་བསྟོད་པ་དོན་ཀུན་འགྲུབ་བྱེད་ནོར་བུའི་རྒྱལ་མཚན་ཞེས་བྱ་བ་བཞུགས་སོ། །གཟའ་ཉི་ མའི་བསྟོད་པ། ཨོཾ། གཟི་བརྗིད་འོད་ཟེར་སྟོང་གི་མུ་ཁྱུད་ཅན། །ལེགས་ལམ་སྣང་བས་ཕྱོགས་ཀྱི་ཁོར་ཡུག་ཁྱབ། །ས་སྟེང་སྐྱེ་བོ་ཀུན་གྱི་མིག་ཏུ་གྱུར། །འགྲོ་བའི་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་བསྟོད། །གླིང་ བཞིའི་འཇིག་རྟེན་འདི་ན་ཁྱོད་གཅིག་པུས། །ཕན་པའི་ཕྲིན་ལས་འགྲན་ཟླ་ཀུན་བྲལ་བ། །ཕྱོགས་ལྷུང་མེད་པར་མངོན་སུམ་ཡུལ་དུ་མཛད། །ནམ་མཁའི་ནོར་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །དཔལ་གྱི་གཟི་འབར་ ཁྱོད་དང་མཚུངས་པ་གཞན། །འཆི་མེད་ལམ་བཟང་ཡངས་པར་མ་མཆིས་ཤིང་། །ས་གསུམ་ཟིལ་གྱིས་གནོན་བཞིན་རྗེས་སུ་བཟུང་། །གཟའ་མཆོག་ཉི་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་མཆོག་ཁྱེད་ནི་བདག་གི་ མགོན་ཉིད་དེ། །དེང་ནས་ལྷ་དང་དཔལ་དུ་མཛད་ནས་ཀྱང་། །བཀྲ་ཤིས་ལེགས་ལམ་སྣང་བའི་སྒོ་འཕར་བརྒྱ། །ཡང་ནས་ཡང་དུ་འབྱེད་པའི་མཆོག་སྩོལ་ཅིག །ཨོཾ་མེ་བྷོ་ལ་ཀཱ་ཡ་སྭཱ་ཧཱ། ས་ཕག་ཟླ་༡ཚེས་༡༨ལ་རྫ་རྒྱལ་ འཕེན་ཕྱུག་གི་རི་ཞོལ་དུ་མི་ཕམ་པས་བྲིས་པ་དགེ། ། ༈ ཟླ་བའི་བསྟོད་པ། ཨོཾ། རྒྱུ་སྐར་ལྷ་མོའི་ཚོགས་ཀྱི་མགོན་པོ་ནི། །ཤིན་ཏུ་ཡིད་འོང་ཞི་བ་བདུད་རྩིའི་གཟུགས། །ས་གསུམ་བཀྲ་ཤིས་ཀུན་དགར་ 23-1-93b བྱེད་པ་པོ། །ལྷའི་བུ་ཟླ་བ་ཁྱོད་ལ་ཕྱག་འཚལ་བསྟོད། །རབ་དཀར་དྲི་མ་མེད་པ་ལྷ་ཡི་ལུས། །མཐོང་བས་དགའ་བསྐྱེད་སྨན་གྱི་འོད་བཟང་ཅན། །གང་གི་མདུན་དུ་གནས་ལ་དཔལ་སྟེར་བའི། །ལྷ་མཆོག་གཞོན་ ནུ་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་འཇིག་རྟེན་འདི་ན་བདེ་ལེགས་དཔྱིད། །འཆི་མེད་བདུད་རྩིའི་ཟེར་ཕྲེང་ཕྱོགས་ཀུན་འགྱེད། །ལྷ་མོ་གཞོན་ནུའི་ཚོགས་ཀྱིས་བསྟོད་ཅིང་འདུན། །མཚན་མོའི་མགོན་པོ་ཁྱོད་ལ་ ཕྱག་འཚལ་བསྟོད། །ལྷ་མཆོག་ཁྱོད་ནི་བདག་ལ་མགོན་གྱུར་ཏེ། །འཇིགས་དང་སྡུག་བསྔལ་ཀུན་ལས་དབུགས་འབྱིན་ཅིང་། །ཤིན་ཏུ་ཞི་དང་བཀྲ་ཤིས་བདེ་ལེགས་ཀྱི། །དཔལ་དང་སྐལ་བ་བཟང་པོ་འགྲུབ་པར་ མཛོད། །ཨོཾ་ཤཱ་ཏིཾ་ཤ་བེ་སྭཱ་ཧཱ། ཞེས་མེ་སྤྲེལ་ཟླ་༦ཚེས་༡༤ལ་ཟླ་བའི་དཀྱིལ་འཁོར་མདུན་དུ་བྱས་ཏེ་འཇམ་དཔལ་དགྱེས་པས་བསྟོད་པ་འདི་གང་གིས་འདོན་པ་དེ་ལ་བཀྲ་ཤིས་པར་འགྱུར་རོ། །མངྒ་ལཾ།། ༈ །། མིག་དམར་གྱི་བསྟོད་པ། ཧཱུྃ། དམར་ནག་མདོག་ཅན་གཏུམ་དྲག་རྔམས་པའི་སྐུ། །འོད་ཟེར་དམར་པོ་མེ་ལྕེའི་ཕྲེང་བས་དཀྲིགས། །དྲག་པོའི་གཟའ་མཆོག་ཤིན་ཏུ་སྟོབས་ལྡན་པ། །ལུས་དམར་གཞོན་ནུ་ཁྱོད་ ལ་ཕྱག་འཚལ་བསྟོད། །ཁྲོས་པའི་ཤུགས་ཀྱིས་དགྲ་དཔུང་ཐལ་བར་བརླགས། །དམག་ཇག་རྒོལ་བ་དྲག་པོའི་ལས་ཀུན་ལ། །དབང་མཛད་མཐུ་སྟོབས་ནུས་པའི་རྡོ་རྗེ་ཅན། །བཀྲ་ཤིས་དྲག་པོ་ཁྱོད་ལ་ཕྱག་འཚལ་ 23-1-94a བསྟོད། །འཇིགས་རུང་དུས་མཐའི་མེ་འདྲ་བཟོད་དཀའ་བ། །གང་གིས་མཆོད་ལ་མགོན་དང་སྐྱབས་སུ་མཛད། །རྒྱལ་བའི་བསྟན་དགྲ་མ་ལུས་ཆམས་ལ་འབེབས། །གཟའ་མཆོག་མིག་ དམར་ཁྱོད་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཁྱོད་ནི་བདག་གི་དཔལ་གྱུར་ཏེ། །མ་རུང་འཚེ་བ་ཀུན་ལས་ཁྱོད་ཀྱིས་སྲུངས། །དགྲ་དང་འཇིགས་པའི་བུད་ཤིང་ཐལ་བར་རློག །བཀྲ་ཤིས་དོན་འགྲུབ་ཕྱོགས་ ལས་རྣམ་རྒྱལ་མཛོད། །ཨོཾ་རཀྟ་ཨངྒ་ཀུ་མཱ་ར་ཡ་སྭཱ་ཧཱ། ། ས་ཕག་ཟླ་༡ཚེས་༡༨ལ་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་ནོར་བུའི་གླིང་དུ་མི་ཕམ་པས་བྲིས་པ་དགེ། ། ༈ གཟའ་ལྷག་པའི་བསྟོད་པ། ཨོཾ། བུམ་བཟང་དཔག་བསམ་ཡིད་བཞིན་ནོར་བུ་བཞིན། །ཕུན་ཚོགས་དཔལ་ཡོན་རྒྱས་པར་བྱེད་པའི་ལྷ། །སྔོ་བསང་ལུས་ཅན་མཁས་ཤིང་གསལ་ལྡན་པ། །ཟླ་བའི་སྲས་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་པོའི་ བུ་ཞེས་གྲགས་ལྡན་བདེ་དང་ལྡན། །ཚིམ་བྱེད་སྐྱེས་ཞེས་དགའ་ལྡན་དབྱིག་དང་ལྡན། །རྟག་ཏུ་དགའ་བའི་ལོངས་སྤྱོད་རྣམ་འཕེལ་བ། །མངོན་མཐོའི་རྒྱལ་སྲིད་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱ་མཚོ་ཆེན་པོའི་ ཀློང་བཞིན་ཟབ་གྱུར་ཅིང་། །རིན་ཆེན་ནོར་བུའི་གཏེར་ལྟར་འཛད་པ་མེད། །དཔལ་ལྡན་ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག །གཟའ་ཆེན་ལྷག་པ་ཁྱོད་ལ་ཕྱག་འཚལ་བསྟོད། །དྲང་སྲོང་ཁྱེད་ཀྱིས་བདག་ལ་ 23-1-94b ཕན་པ་དང་། །བདེ་བའི་དཔལ་རྣམས་གོང་ནས་གོང་དུ་སྤེལ། །མཆོག་ཏུ་དགའ་དང་ལོངས་སྤྱོད་མི་ཟད་པའི། །དཔལ་ཡོན་རྒྱ་ཆེན་བདག་ལ་དེང་སྩོལ་ཅིག །ཨོཾ་བུདྡྷཱ་ཡ་སྭཱ་ཧཱ། ས་ཕག་ཟླ་༢ཚེས་༡༩ལ་མི་ཕམ་པས་ འཕྲལ་བྲིས་དགེའོ།། ༈ །། གཟའ་ཕུར་བུའི་བསྟོད་པ། ཨོཾ། འཇིག་རྟེན་གསུམ་ན་ལེགས་བྱས་འབྱུང་བའི་སྒོ། །བློ་གྲོས་དྲི་མེད་ཉི་མ་བརྒྱ་པའི་འོད། །སྙིང་དབུས་པདྨོར་འཁྱིལ་པའི་དཔལ་ཡོན་ ཅན། །ལྷ་ཡི་བླ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །གསེར་གྱི་མདངས་ལྡན་ལྷ་མཆོག་གཞོན་ནུའི་ལུས། །ལྷ་བརྒྱའི་ཅོད་པན་ནོར་བུ་ཞབས་པད་བཏེགས། །ངག་ཚིག་སྨྲ་བའི་དབང་ཕྱུག་ཕན་བདེའི་གཏེར། ། བློ་ལྡན་དྲང་སྲོང་ཁྱོད་ལ་ཕྱག་འཚལ་བསྟོད། །འགྲོ་ཀུན་སྙིང་ལ་བདེ་བའི་སྤོབས་པ་སྦྱིན། །ས་གསུམ་དཔལ་རྣམས་ཡིད་ཀྱི་མགྲོན་དུ་འགུགས། །འཇིག་རྟེན་ཀུན་ན་ཉི་ལྟར་ལྷམ་མེ་བ། །གཟའ་མཆོག་ ཕུར་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །དྲང་སྲོང་ཆེ་ཁྱོད་བདག་ལ་དཔལ་གྱུར་ཏེ། །རྒུད་པའི་མུན་པ་མ་ལུས་གཏན་བཅོམ་ནས། །དཔལ་དང་གྲགས་དང་ཡེ་ཤེས་སྣང་བ་ཡིས། །དུས་ཀུན་བདེ་ལེགས་བཀྲ་ཤིས་ ཕུན་ཚོགས་མཛོད། །ཨོཾ་པྲྀ་ཧསྤ་ཏ་ཡེ་སྭཱ་ཧཱ། ཞེས་པའང་ས་ཁྱི་ཟླ་༣ཚེས་༧དྲང་སྲོང་ལྷ་ཡི་བླ་མ་དང་རྒྱུ་སྐར་གྲུབ་པའི་རྒྱལ་མོ་རྩེ་བའི་དུས་ཚེས་བཟང་པོ་ལ་འཇམ་དཔལ་དགྱེས་པས་བྲིས་པ་འདི་བཏོན་ན་བློ་གྲོས་ 23-1-95a འཕེལ་ཞིང་རྒུད་པ་ཞི་བར་འགྱུར་རོ། །མངྒ་ལཾ།། ༈ །། པ་སངས་ཀྱི་བསྟོད་པ། ཨོཾ། ས་གསུམ་ཡིད་འོང་དབང་གི་གཟའ་མཆོག་ནི། །སྣ་ཚོགས་མདོག་ཅན་བཅུ་དྲུག་འོད་ཀྱིས་ མཛེས། །སྙིང་ལ་བདེ་བའི་བཅུད་ཀྱི་དཔྱིད་སྤེལ་བ། །དཀར་པོའི་གཟུགས་ཅན་ཁྱོད་ལ་ཕྱག་འཚལ་བསྟོད། །ཚིག་བརྒྱའི་དབང་པོ་སྙན་ངག་རིག་བྱེད་མཁས། །འདོད་ལྡན་ལྷ་མོའི་ཚོགས་ཀྱི་སྙིང་གི་དཔལ། ། བདུད་རྩི་ཁུ་བའི་མཆོག་སྟེ་ཀུན་དགའི་གསོས། །ལྷ་མིན་བླ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །དབང་པོ་ཀུན་འདྲེན་དགའ་བའི་ལྕགས་ཀྱུ་ཅན། །བདེ་བའི་དྲི་བསུང་ཕྱོགས་ཀྱི་ཁོར་ཡུག་ཁྱབ། །སྙན་པའི་གད་མོ་ ཁོང་ནས་སློང་བ་ཡི། །གཟའ་མཆོག་པ་སངས་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདིར་ནི་འཇིགས་པ་མེད་པ་ཡི། །དགའ་སྟོན་ཆེན་པོའི་དབུགས་འབྱིན་མཆོག་སྩོལ་བའི། །གཉེན་དུ་གཟའ་ཡི་རྒྱལ་པོ་ཁྱོད་ གྱུར་ནས། །བདག་ལ་ལེགས་པའི་དཔལ་ཀུན་དེང་བྱིན་ཅིག །ཨོཾ་ཨ་སུ་ར་ཏྟོ་མཱ་ཡ་སྭཱ་ཧཱ། ས་ཕག་ཟླ་༢ཚེས་༡༩གཟའ་༦སྐར་༡༦ལ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ་ལོ།། ༈ །། གཟའ་སྤེན་པའི་བསྟོད་ པ་ལེགས་ལམ་ཅན་བཞུགས་སོ། །ཨེ། མིག་སྨན་ལྟར་གནག་གཤིན་རྗེ་ཁྲོས་པའི་གཟུགས། །སྐེམ་ལ་རིད་པ་ཤ་མེད་མདངས་ཀྱི་ལུས། །དགྲ་ལས་རྣམ་རྒྱལ་རྡོ་རྗེའི་བེ་ཅོན་ཅན། །གཤིན་རྗེའི་བ་དན་ཁྱོད་ལ་ 23-1-95b ཕྱག་འཚལ་བསྟོད། །དུས་མཐའི་སྤྲིན་ནག་ང་གིས་དཀྲུགས་པ་ཡི། །དབྱར་རྔ་འབུམ་གྱི་སྒྲ་ལྡན་ཀློང་ན་འགྱིང་། །དཔའ་བོ་ཆེན་པོ་དཔའ་མཚན་བརྗིད་པའི་སྐུ། །ཉི་མའི་སྲས་པོ་ཁྱོད་ལ་ཕྱག་འཚལ་བསྟོད། ། བརྟན་ལ་སྟོབས་ལྡན་བཟློག་པར་དཀའ་བ་ཡི། །ངོ་མཚར་ཆོ་འཕྲུལ་དུ་མ་རབ་ཏུ་སྟོན། །རྒྱལ་བའི་བསྟན་སྲུང་སྐྱེ་རྒུའི་ལེགས་ཉེས་གཅོད། །ལེགས་ལྡན་སྤེན་པ་ཁྱོད་ལ་ཕྱག་འཚལ་བསྟོད། །གཟའ་མཆོག་ཁྱོད་ ནི་བདག་ལ་མགོན་གྱུར་ཏེ། །དུས་ཀག་བར་ཆད་ཉེར་འཚེ་ཀུན་ཞི་ནས། །ཞི་དང་བཀྲ་ཤིས་བདེ་ལེགས་ཕུན་ཚོགས་པའི། །དཔལ་གྱི་མཆོག་རྣམས་རབ་ཏུ་གྲུབ་པར་མཛོད། །ཨོཾ་ཀྲྀཥྞ་བརྑཱ་ཡ་སྭཱ་ཧཱ། ཞེས་པ་ འཇམ་དཔལ་རྡོ་རྗེས་དགོས་པའི་དབང་གིས་མེ་སྤྲེལ་ཟླ་༤ཚེས་༢༥ལ་དགེ་བར་བྲིས་པ་མངྒ་ལཾ།། ༈ །། སྒྲ་གཅན་གདོང་བསྟོད། ཨོཾ། དཔལ་ལྡན་བསོད་ནམས་ལྡན་པ་གཟའ་ཀུན་གྱི། །རྒྱལ་པོ་མཆོག་སྟེ་ མཐོ་རིས་སྣང་བྱེད་ཅིང་། །ཕྱོགས་དུས་ཀུན་ན་དབང་ལྡན་སྟོབས་དང་ལྡན། །ཁམས་གསུམ་རྣམ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །དྲག་པོ་གདོང་ལྔའི་གཟུགས་ཅན་ཉི་ཟླ་ཟ། །རྒྱུ་སྐར་ཚོགས་ཀྱང་མཐོང་བ་ཙམ་ གྱིས་འདར། །སྲིད་གསུམ་འཇིགས་པར་བྱེད་པ་དཔའ་བོའི་སྐུ། །ཁྱབ་འཇུག་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །དབུ་མའི་གཟུགས་ཅན་འགྲོ་བའི་སྲོག་གི་ཟུངས། །བདུད་རྩིའི་ཆ་སྟེ་འཆི་མེད་དག་ཀྱང་སྦྱིན། ། 23-1-96a དུས་ཀྱི་ཆ་འཛིན་མ་རུང་བསྟན་དགྲའི་གཤེད། །སྒྲ་གཅན་དྲག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །གཟའ་ཡི་རྒྱལ་པོ་ཁྱོད་ནི་དུས་ཀུན་ཏུ། །བདག་ལ་ལྷ་དང་དཔལ་དུ་གྱུར་ནས་སུ། །ཕྱོགས་ ལས་རྣམ་པར་རྒྱལ་ཞིང་མི་ཚུགས་པའི། །སྟོབས་མཆོག་རྡོ་རྗེ་ལྟ་བུ་གྲུབ་པར་མཛོད། །ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ཡ་སྭཱ་ཧཱ། ས་ཕག་ཟླ་༢ཚེས་༡༩ལ་རྫ་ཡི་རྒྱལ་པོའི་རི་ཞོལ་དུ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་མངྒ་ལཾ། ། ༅། །དུས་ཀྱི་མེའི་བསྟོད་པ། ཨོཾ། སྲིད་གསུམ་ཁྱབ་པར་འཇུག་པའི་ལུས་ཀྱི་ཆ། །ཐོགས་མེད་གཟུགས་ཅན་སྣ་ཚོགས་མདངས་འོད་འཕྲོ། །ཉི་ཟླའི་སྣང་བ་དག་ཀྱང་ཟིལ་གནོན་པ། །དུས་ཀྱི་མེ་ཆེན་ ཁྱོད་ལ་ཕྱག་འཚལ་བསྟོད། །ཚངས་པའི་དབྱུག་པ་ནམ་མཁའི་རྒྱུ་ལམ་དུ། །འབར་བའི་མེ་སྟེ་བདུད་རྩིའི་ཆར་ཀྱང་བསྐུལ། །ས་གསུམ་འཆི་བར་བྱེད་པའི་དགྲ་གསོད་པ། །སྤྱང་ཀིའི་གདོང་ཅན་ཁྱོད་ལ་ཕྱག་ འཚལ་བསྟོད། །ཤིན་ཏུ་འབར་བ་གཏུམ་པོའི་ཚུལ་སྟོན་ཀྱང་། །དབུ་མའི་དབྱིངས་ན་རྟག་ཏུ་ཞི་བའི་སྐུ། །དྲན་པས་འཇིགས་པ་ཐམས་ཅད་ཞི་མཛད་པ། །འཇིགས་མེད་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། ། ཁྱོད་ནི་སྲིད་པ་འདི་ནི་མེ་ལོང་བཞིན། །སྣ་ཚོགས་ལས་ཀྱི་གཟུགས་བརྙན་ཉེ་བར་ངོམས། །ཡང་དག་དོན་ལ་དུས་མེད་མཉམ་པར་བདེ། །བདག་ལ་བདུད་རྩི་གྲུབ་པའི་མཆོག་བྱིན་ཅིག །ཨོཾ་ཛྱོ་ཏི་ཀེ་ཏ་བེ་སྭཱ་ཧཱ། 23-1-96b ས་ཕག་ཟླ་ཚེས་ལ་མི་ཕམ་པས་བྲིས།། ༈ །། ཀེ་ཏུའི་བསྟོད་པ། ཨོཾ། འགྲོ་བའི་ལུས་ཀྱི་གཡོན་ཕྱོགས་ཡན་ལག་གང་། །རབ་དཀར་བདུད་རྩིའི་ཆ་ལས་ལེགས་པར་འཁྲུངས། །ཞི་ཡང་དྲག་པོའི་ ཚུལ་ཅན་སྟོབས་ལྡན་པ། །གཟའ་ཆེན་ཀེ་ཏུ་ཁྱོད་ལ་ཕྱག་འཚལ་བསྟོད། །ཏོག་བཞིན་སྟེང་དུ་རབ་འགྲོ་ནོར་བུའི་ལུས། །གདེངས་ཀ་ཅན་གྱི་ལྷ་མོའི་དཔལ་དུ་སྐྱེས། །འཇིགས་གཟུགས་སྦྲུལ་ཅན་མི་ཤིས་རྒུད་ པ་རྣམས། །དགེ་ཞིང་ཤིས་པར་མཛད་པ་ཁྱོད་ལ་བསྟོད། །ཁྱོད་ནི་འཇིག་རྟེན་འདིར་ནི་ཕོད་ཆེན་ཞེས། །དུ་བའི་འོད་མདངས་མཁའ་ལམ་ཁྱབ་པར་རྐྱོང་། །མཇུག་རིང་ཞེས་གྲགས་གཟའ་ཡི་སྡེ་དཔོན་ཆེ། ། སྐྲ་གཉིས་གཙུག་ཕུད་ཅན་ལ་ཕྱག་འཚལ་བསྟོད། །མཐུ་ལྡན་གཟའ་ཆེན་ཁྱོད་ནི་བདག་ཅག་ལ། །དུས་ཀུན་ཕན་བྱེད་གཉེན་གྱི་མཆོག་གྱུར་ནས། །མི་མཐུན་རྒུད་པ་ཀུན་ལས་བསྐྱབ་པ་དང་། །དཔལ་དང་ ལེགས་པའི་སྒོ་འཕར་འབྱེད་མཛོད་ཅིག །ཨོཾ་ཀེ་ཏུ་སྭཱ་ཧཱ། ཞེས་ལྕགས་ཁྱི་ཟླ་ཚེས་༤ལ་མི་ཕམ་པས་བྲིས་སོ། །རེས་གཟའི་དུས་དང་ཚེས་རྩིས་ཀྱི། །གཟའ་ཡི་དུས་སོགས་དེ་དག་ལ། །གཟའ་བཅུའི་ གནོད་པ་ཞི་བ་དང་། །དོན་གྲུབ་དགེ་ལེགས་འབྱུང་ཕྱིར་བསྟོད། །ཅེས་པའང་རྩོམ་པ་པོས་སྨྲས་པ་དགེ་ལེགས་འཕེལ།། ༈ །། རྟ་མགྲིན་པདྨ་དབང་ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས་ 23-1-97a བཅོམ་ལྡན་འདས་ཀྱིས་འཕགས་པ་ཛཾ་བྷ་ལ་ལ་བསྟོད་པ་འདི་གསུངས་སོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ། །གནོད་སྦྱིན་མང་པོའི་ནོར་འཆང་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་ མགོན་པོ་ཛམྦྷ་ལ། །བཅོམ་ལྡན་གྲུབ་མཆོག་སྩོལ་ལ་ཕྱག་འཚལ་བསྟོད། །གང་གི་ཐུགས་ནི་སྟོན་ཟླ་ལྟར་དཀར་བ། །ཡོན་ཏན་འོད་ཟེར་ཐམས་ཅད་རབ་རྫོགས་ཤིང་། །ཉེས་པའི་མུན་པ་མ་ལུས་རབ་སེལ་ བ། །བཅོམ་ལྡན་ནོར་ལྷའི་པདྨོར་རབ་ཏུ་འདུད། །ཐུགས་རྗེའི་དབང་བྱས་བཀྲ་ཤིས་སྐུ་མངའ་བ། །གསེར་གྱི་པདྨ་ལྟ་བུར་ཡིད་འོང་ཞིང་། །དམན་པ་རྣམས་ཀྱིས་མཐོང་དཀའ་དམ་པ་ཡི། །གཙུག་གི་ནོར་ བུ་ཁྱོད་ལ་ཕྱག་འཚལ་བསྟོད། །གསུང་གི་ཆུ་འཛིན་ཤིན་ཏུ་སྟུག་པོ་ལས། །ཆོས་དབྱིངས་བདུད་རྩིའི་ཆུ་རྒྱུན་རབ་འབེབས་པས། །དད་པའི་ལྟོ་བར་རབ་རྒྱས་དགེ་བ་ཡི། །པདྨ་སྐྱེད་མཛད་ཁྱེད་ལ་ཕྱག་ འཚལ་བསྟོད། །བྱམས་དང་སྙིང་རྗེའི་རང་བཞིན་མི་གཡོ་ཡང་། །ནོར་བུ་རིན་ཆེན་དཔག་བསམ་ཤིང་ལྟ་བུར། །ས་གསུམ་པོ་ཡི་དགོས་པ་དུས་གཅིག་ཏུ། །སྩལ་བར་མཛད་པ་ཁྱོད་ལ་ཕྱག་འཚལ་བསྟོད། ། ཡུལ་རྣམས་སྒྱུ་མ་ལྟ་བུར་རབ་མཁྱེན་ཀྱང་། །སྔོན་གྱི་སྨོན་ལམ་ལྗགས་ཀྱི་སོ་བརྡར་བས། །གཏེར་གྱི་དབང་པོ་མ་ལུས་རབ་བསྣམས་པ། །གནོད་སྦྱིན་གཟུགས་འཛིན་ཁྱོད་ལ་ཕྱག་འཚལ་བསྟོད། ། 23-1-97b མ་རིག་མུན་པས་ཐར་བའི་ལམ་དང་བྲལ། །སྲིད་པའི་གཡང་ས་སྡུག་བསྔལ་མེ་ནང་དུ། །བརྩེ་མེད་སྟོབས་ལྡན་ལས་ཀྱིས་འཕངས་པས་ན། །མགོན་པོ་ཉིད་ཀྱིས་བདག་ལ་མྱུར་དུ་སྐྱོབས། །ཞེས་ནི་རྣལ་ འབྱོར་སྒྲུབ་པ་པོ། །གང་གིས་བསྟོད་པ་འདིས་བསྟོད་ན། །ནོར་གྱི་ཆར་པ་མྱུར་དུ་འབེབས། །འབྲུ་ཡིས་བང་མཛོད་རྒྱས་པར་འགྱུར། ། ཞེས་གསུངས་སོ། །མངྒ་ལཾ།། ༈ །། རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་གསོལ་འདེབས་བཞུགས་སོ། །ཨེ་མ་ཧོ། །མགོན་པོ་སྲིད་ཞིའི་ཁྱབ་བདག་ཀུན་ཏུ་བཟང་། །རང་བྱུང་ཡེ་ཤེས་སྐུ་གསུམ་སྟོན་པར་ཤར། །ཆོས་སྐུའི་བདག་ཉིད་ལོངས་སྐུ་ རིགས་ལྔར་སྣང་། །སྤྲུལ་སྐུ་མཚན་རྫོགས་རྡོ་རྗེ་འཆང་དུ་བཞེངས། །དེ་ལས་གདུལ་བྱའི་གནས་རིས་བཅུ་གཉིས་སུ། །ཚེ་ལོ་དཔག་མེད་དུས་ནས་བརྒྱ་པའི་བར། །རྫོགས་ཆེན་སྟོན་པ་བཅུ་གཉིས་ཚུལ་སྣང་ བའི། །སངས་རྒྱས་དྲུག་ཕྲག་གཉིས་ལ་གསོལ་བ་འདེབས། །དང་པོ་དགའ་ལྡན་བརྩེགས་པར་ཁྱེའུ་ནི། །སྣང་བ་དམ་པ་བསམ་གྱིས་མི་ཁྱབ་དང་། །གཉིས་པ་མི་མཇེད་ཀྱི་ནི་འཇིག་རྟེན་དུ། །སྟོན་པ་ ཁྱེའུ་འོད་མི་འཁྲུགས་པ་དང་། །གསུམ་པ་དྲོ་གཤེར་འདུས་པ་འོད་ཕུང་དུ། །སྟོན་པ་འཇིགས་པ་སྐྱོབ་པའི་ཡིད་ཅེས་དང་། །བཞི་པ་ཆགས་འབྱུང་མངལ་དུ་སྣང་བ་རུ། །གཞོན་ནུ་རོལ་པ་རྣམ་པར་བརྩེ་ 23-1-98a བ་དང་། །ལྔ་པ་འཚོ་བྱེད་གཞོན་ནུའི་ལྡུམ་ར་རུ། །སྟོན་པ་རྡོ་རྗེ་འཆང་ཞེས་བྱ་བ་དང་། །དྲུག་པ་དུར་ཁྲོད་མེ་རི་འབར་བ་རུ། །སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། །བདུན་པ་ སྲིན་པོ་རུ་ལུའི་སྒྲ་ལྡན་དུ། །སྟོན་པ་དྲང་སྟོང་ཁྲོས་པའི་རྒྱལ་པོ་དང་། །བརྒྱད་པ་བྱ་རྒོད་སྤུངས་པའི་རི་བོ་རུ། །སྟོན་པ་དགྲ་བཅོམ་གསེར་འོད་དམ་པ་དང་། །དགུ་པ་སོག་པོ་གཡུ་སྨིན་ཅན་གནས་སུ། །སྟོན་ པ་བརྩེ་བས་རོལ་པའི་བློ་གྲོས་དང་། །བཅུ་པ་བྱ་རྒོད་ཕུང་པོའི་གནས་ཉིད་དུ། །སྟོན་པ་འོད་སྲུང་འགྲེས་པོ་ཞེས་བྱ་དང་། །བཅུ་གཅིག་རྡོ་རྗེ་གདན་གྱི་ཤིང་དྲུང་དུ། །སྟོན་པ་མངོན་རྫོགས་རྒྱལ་པོ་ཞེས་བྱ་ དང་། །བཅུ་གཉིས་མགོན་མེད་ཟས་སྦྱིན་ཀུན་དགའ་རར། །སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་སྟེ། །འདི་ལྟར་གདོད་མའི་མགོན་པོ་ཡེ་ཤེས་སྐུ། །སྣ་ཚོགས་རོལ་པར་སྣང་བས་འགྲོ་ཀུན་ལ། །གནས་དུས་ སྐལ་བ་ཇི་བཞིན་དོན་མཛད་པ། །རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས། །བརྒྱད་ཁྲི་བཞི་སྟོང་ཟབ་རྒྱས་ཆོས་ཀུན་གྱི། །སྙིང་པོ་མཐར་ཐུག་ངེས་གསང་རྫོགས་པ་ཆེ། །དུས་གསུམ་རྒྱལ་ བའི་ཐུགས་ཀྱི་གསང་བ་ཉིད། །བླ་མེད་ཐེག་པའི་རྒྱལ་པོར་གསོལ་བ་འདེབས། །ལམ་མཆོག་འདི་ཉིད་ཚུལ་བཞིན་འཛིན་པ་ཡི། །རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་ཁུངས་བརྒྱུད། །མཁའ་འགྲོ་ 23-1-98b དམ་ཅན་སྲུང་མར་བཅས་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །བདག་ནི་མཁའ་ཁྱབ་འགྲོ་བ་ཀུན་དོན་དུ། །སྐྱེ་བ་ཀུན་ཏུ་ཐེག་མཆོག་རྫོགས་ཆེན་གྱི། །སྟོན་དང་བསྟན་པའི་སྣང་ བ་ཡང་དག་པས། །ཡོངས་སུ་འཛིན་ཅིང་ཚུལ་བཞིན་བརྩོན་པར་ཤོག །ལས་དང་ཉོན་མོངས་བག་ཆགས་སྒྲིབ་པ་སོགས། །ལམ་ལ་བར་དུ་གཅོད་པ་ཀུན་ཞི་ནས། །རང་གཞན་དོན་དུ་ངེས་གསང་ སྙིང་པོའི་ཆོས། །ཚུལ་བཞིན་འཛིན་ཅིང་གཞན་ལ་སྤེལ་ནུས་ཤོག །གདོད་མའི་མགོན་པོ་རིགས་ལྔ་གང་ཆེན་མཚོ། །སྟོན་པ་བཅུ་གཉིས་སངས་རྒྱས་སྟོང་ལ་སོགས། །དུས་གསུམ་རྒྱལ་བའི་ དགོངས་སྤྱོད་ཇི་བཞིན་དུ། །བདག་དང་འགྲོ་བས་ཡོངས་སུ་འགྲུབ་པར་ཤོག །བླ་མེད་སྟོན་པ་ཆོས་དང་དགེ་འདུན་གྱི། །བདེན་པས་བདག་ཅག་གར་གནས་ཕྱོགས་དུས་སུ། །འཇིགས་དང་སྡུག་ བསྔལ་རྒུད་པ་མིང་མེད་པར། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག ། ཅེས་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་རང་གྲྭ་འོད་གསལ་གྱིས་ སྔ་ཕྱིར་གསོལ་བ་བཏབ་པའི་ངོར། འཇམ་དཔལ་དགྱེས་པའི་རྡོ་རྗེས་ས་ཕག་ཟླ་༥ ཚེས་༡༣དུས་མཆོག་ཏུ་དགེ་བར་རྫ་རྒྱལ་དགོན་གྱི་ཆོས་སྡེར་གང་ཤར་དུ་མགྱོགས་པར་བྲིས་པ་དགེ་ལེགས་འཕེལ།། ༈ །། 23-1-99a ཀུན་བཟང་དགའ་རབ་ཤྲཱི་སེང་པདྨ་འབྱུང་། །ཀློང་ཆེན་རབ་འབྱམས་རྩ་བའི་བླ་མ་སོགས། །དགོངས་བརྡ་སྙན་བརྒྱུད་བླ་མར་གསོལ་བ་འདེབས། །རྫོགས་ཆེན་ དགོངས་པ་རྟོགས་པར་བྱིན་གྱིས་རློབས། །མོས་ལྡན་འོད་གསལ་ངོར་མི་ཕམ་འོད་གསལ་རྡོ་རྗེས་བྲིས་པ་དགེ། ། ༈ ཧོཿ གདོད་མའི་མགོན་པོ་རང་བྱུང་ཡེ་ཤེས་སྐུ། །སྙིང་ལ་ དབྱེར་མེད་ཞུགས་པའི་འོད་ཟེར་གྱིས། །འཁྲུལ་སྣང་འཁོར་བའི་མུན་པ་མ་ལུས་པ། །མཉམ་ཉིད་བདེ་ཆེན་དབྱིངས་སུ་དག་པར་མཛོད། །ཅེས་འཇམ་དཔལ་དགྱེས་པའི་རྡོ་རྗེས་སོ། ། ༅། །ཚེས་བཅུའི་མཛད་པ་རྗེས་དྲན་བཞུགས། ཨེ་མ་ཧོ། སངས་རྒྱས་ཀུན་འདུས་གུ་རུ་པདྨ་ཡི། །ཚེས་བཅུའི་མཛད་པ་རྗེས་དྲན་གུས་པས་འདུད། །དྷ་ན་ཀོ་ཥར་པདྨའི་མཚོ་སྐྱེས་རྡོ་རྗེ། སྙིང་པོར་འཁྲུངས། ། ཨོ་རྒྱན་རྒྱལ་པོའི་པདྨ་རྒྱལ་པོ། སྲས་སུ་རྒྱལ་སྲིད་བཟུང་། །རྒྱལ་སྲིད་སྤངས་ནས་དུར་ཁྲོད་ཤཱནྟ་རཀྵི་ཏ། བརྟུལ་ཞུགས་མཛད། །བསྟན་ལ་ཤཱཀྱ་སེང་གེ རབ་བྱུང་མདོ་སྔགས་བློ་ལྡན་མཆོག་སྲེད། ཤེས་བྱ་མཁྱེན། །ཟ་ཧོར་རྒྱལ་ཁམས་ཆོས་ བཀོད་ལྷ་ལྕམ་བརྟེན། །འཆི་མེད་པདྨ་འབྱུང་གནས། ཨོ་རྒྱན་ཡུལ་ཁམས་བྱང་ཆུབ་ལམ་ལ་བཀོད། །པདྨ་བཛྲ། མུ་སྟེགས་ཚར་བཅད་སེང་གེ་སྒྲ་ 23-1-99b སྒྲོགས། བསྟན་པའི་རྒྱལ་མཚན་བསྒྲེངས། །ཕྱི་རོལ་འཚེ་བ་རྫུ་འཕྲུལ་ཆེ་བས་གུ་རུ་མཁའ་ལྡིང་རྩལ། བཏུལ། །དུག་ཆེན་སྨན་བསྒྱུར་མུ་སྟེགས་ཆོས་བདེ་ཆེན་ཉི་མ་འོད་ཟེར། ལ་བཙུད། །བལ་ཡུལ་བགེགས་བཏུལ་ཡང་ཕུར་རྡོ་རྗེ་ཐོད་ཕྲེང་རྩལ། དངོས་གྲུབ་བརྙེས། ། བོད་ཡུལ་ས་བཏུལ་པདྨ་སཾ་བྷ་ཝ། དམ་ཆོས་སྒྲོན་མེ་སྦར། །གངས་ཅན་མཐའ་དབུས་གཏེར་ཁ་རྡོ་རྗེ་གྲོ་ལོད་རྩལ། གྲངས་མེད་སྦས། །ལོ་གཅིག་བཅུ་གཉིས་ཟླ་བའི་ཚེས་བཅུ་ལ། །མཛད་ ཆེན་བཅུ་གཉིས་བསྟན་ལ་དད་བྱེད་ན། །དངོས་གྲུབ་བཅུ་གཉིས་སྩལ་ཞེས་ཞལ་བཞེས་ཅན། །གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས། །བར་ཆད་ཀུན་ཞི་བསམ་དོན་ཡིད་བཞིན་འགྲུབ། ། ཆོས་དང་སྲིད་ཀྱི་ལེགས་ཚོགས་གོང་དུ་འཕེལ། །མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པ་དང་། །གུ་རུ་ཉིད་དང་དབྱེར་མེད་སངས་རྒྱས་ཤོག ། ཅེས་པའང་རུ་དམ་ཡང་དབེན་པདྨ་བསམ་གཏན་བདེ་ལྡན་གླིང་ དུ་རབ་ཚེས་ཆུ་སྟག་གྲོ་བཞིན་ཟླ་བ་ཕྱི་མའི་ཚེས་ཉེར་བརྒྱད་པའི་དགོང་མོ་མི་ཕམ་འཇམ་དཔལ་དགྱེས་པས་སྦྱར་བ་དགེ་ལེགས་འཕེལ།། ༈ །། གུ་རུའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས། ཨེ་མ་ཧོ། ཕྱོགས་དུས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །སྙིགས་མའི་སྐྱབས་གཅིག་ཨོ་རྒྱན་རིན་པོ་ཆེ། །མཚན་མཆོག་སྤྲུལ་པའི་ཟློས་གར་རྣམ་པ་བརྒྱད། །ཕྱི་ལྟར་གྲུབ་པའི་རིག་འཛིན་བརྒྱད་དུའང་སྣང་། ། 23-1-100a ནང་ལྟར་རྒྱས་སྲས་སེམས་དཔའ་ཆེན་པོ་བརྒྱད། །གསང་བ་དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་ཉིད། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་མངའ་བདག་མཆོག །བཀའ་བརྒྱུད་བླ་མའི་ཚོགས་ཀྱི་འབྱུང་གནས་ རྗེ། །རབ་འབྱམས་ཡི་དམ་ཞི་ཁྲོའི་ཁྱབ་བདག་དཔལ། །མ་ཚོགས་མཁའ་འགྲོ་འདུས་པའི་རྗེ་བོ་སྟེ། །བཀའ་སྲུང་དམ་ཅན་ཡོངས་ཀྱི་རྒྱལ་པོ་ལ། །སྒོ་གསུམ་གུས་པས་བྲན་དུ་ཁས་བླངས་ནས། །གློ་སྙིང་ བྲང་གསུམ་གུ་རུ་ཁྱེད་ལ་གཏད། །གཏན་གྱི་སྐྱབས་མཆོག་དམ་པར་ཡོངས་སུ་འཛིན། །བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས། །ལས་དང་ཉོན་མོངས་བག་ཆགས་ཤུགས་དྲག་པས། །བཟོད་ མེད་སྡུག་བསྔལ་དྲག་པོའི་རྦ་ཀློང་འཁྱམས། །དེ་ཕྱིར་གདུང་བའི་ཤུགས་ཀྱིས་ཁྱེད་ལ་འབོད། །སེམས་ཅན་སྤྱི་དང་གངས་ཅན་བོད་འབངས་ཚོགས། །སྙིགས་མའི་འགྲོ་བ་སྐྱོབ་པར་ཞལ་བཞེས་པའི། ། རྡོ་རྗེའི་ཐུགས་དམ་ཆེན་པོ་ཉེར་དགོངས་ལ། །ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེས་གཟིགས་ཤིག་རྗེ་བཙུན་གུ་རུ་མཆོག །བྱིན་གྱིས་རློབས་ཤིག་པདྨ་ཐོད་ཕྲེང་རྩལ། །དངོས་གྲུབ་སྩོལ་ཅིག་ ཨོ་རྒྱན་རིན་པོ་ཆེ། །བར་ཆད་སོལ་ཅིག་དབང་དྲག་ཧེ་རུ་ཀ །ཐུགས་དམ་མ་གཡེལ་ཐུགས་རྗེས་རྗེས་སུ་ཟུངས། །ཐུགས་རྒྱུད་དགོངས་པ་བདག་ལ་འཕོས་ནས་སུ། །རིག་པ་རྩལ་གྱི་དབང་ཆེན་ 23-1-100b ཐོབ་པ་དང་། །བསྟན་འགྲོའི་དོན་ལ་སྟོབས་དང་ལྡན་པ་ཡི། །རྨད་བྱུང་མཐུ་དང་དབང་གི་དངོས་གྲུབ་སྩོལ། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ། རབ་ཚེས་ས་བྱི་ཟླ་༡༢ཚེས་༢༣ལ་ཁོ་བོ་འཇམ་ དཔལ་དགྱེས་པའི་རྡོ་རྗེས་གདུང་ཤུགས་དྲག་པོས་གང་ཤར་དུ་གསོལ་བ་བཏབ་པ་ཕྱོགས་དུས་ཀུན་ཏུ་དགེ་ལེགས་རྒྱ་ཆེར་འཕེལ་ལོ།། ༈ །། གསོལ་འདེབས་དངོས་གྲུབ་ཀུན་འབྱུང་བཞུགས། སྤྲུལ་པའི་གུ་རུ་མཚན་བརྒྱད་དང་། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད། །བྱང་སེམས་ཉེ་བའི་སྲས་བརྒྱད་དང་། །སྒྲུབ་ཆེན་འགའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་ནང་གསང་ བའི་བར་ཆད་སོལ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གསེར་འཕྱོང་མེ་བྱ་སྨིན་ཟླའི་དམར་ཕྱོགས་དགའ་བ་དང་པོའི་ཉི་ཤར་ལ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ ལས་བརྡོལ་བའོ། །རང་གི་དུས་གསུམ་ཀུན་གྱི་འདོན་ཆ་ཡི། །སྙིང་པོ་འདི་ནི་འདི་ཤར་ནས་ནི་བདག །ཤིན་ཏུ་བརྒལ་དཀའ་སྡུག་བསྔལ་འདམ་ལས་ཐར། །དགེ་ལེགས་རྟག་པ་དམ་པའི་དངོས་གྲུབ་ ཐོབ། །སླན་ཆད་འདི་འབུམ་བཏོན་ན་རང་བསམ་གེགས་མེད་བསམ་འཕེལ་ལྷུན་གྲུབ་འབྱུང་། དགེ། ། ༈ ན་མོ་པདྨཱ་ཀ་ར་མཉྫུ་ཤྲཱི་ཡེ། རྒུད་དམ་དུད་དམ་ཡང་ལེན་ཡང་ཞིག་སོགས། །ཤུགས་འབྱུང་ཅི་ 23-1-101a འཕང་འདི་ལས་དབང་གཞན་མེད། །གཉུག་མ་དབང་ཆེན་རྡོ་རྗེའི་བཀའ་བྱུང་བ། །ཐམས་ཅད་དང་དུ་ལོངས་དང་བདེ་ཆེན་འཐོབ། ། ཨོཾ། རང་གི་སེམས་ཉིད་གདོད་ནས་བདེ་བ་ཆེ། །རང་བྱུང་ ཡེ་ཤེས་པདྨ་མཉྫུ་ཤྲཱི། །དབྱེར་མེད་རྩོལ་སྒྲུབ་བྲལ་བར་གསོལ་བ་འདེབས། །ཐམས་ཅད་བདེ་ཆེན་ལྷུན་གྲུབ་དངོས་གྲུབ་སྩོལ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ མ་ཧཱ་སུ་ཁ་སིདྡྷི་ཧཱུྃ། མེ་བྱ་ཟླ་༢ཚེས་༡༠ལ་འཛོམ་ནང་དུ་ བྲིས་པ་དགེ་ལེགས་བཀྲ་ཤིས་འཕེལ་ལོ། ། ༈ རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས་པ་ཐུགས་རྗེའི་འོད་ཟེར་སྙིང་ལ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། རབ་འབྱམས་རྩ་གསུམ་རྒྱལ་བ་ཀུན་འདུས་པ། །ཁྱབ་བདག་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་ནི། །ཏིལ་གྱི་གོང་བུ་ལྟ་བུར་རབ་སྣང་བ། །མོས་པའི་དབང་གིས་མངོན་སུམ་སད་བྱས་ནས། །གསོལ་བ་ འདེབས་སོ་མགོན་པོ་འཇམ་པའི་དབྱངས། །ཐུགས་རྗེས་དགོངས་ཤིག་ཡེ་ཤེས་ཐུགས་ཀྱི་འོད། །བདག་གི་སྙིང་ལ་མྱུར་དུ་ཞུགས་ནས་ཀྱང་། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། ། མ་ལུས་ཕྱོགས་དུས་རྒྱལ་བའི་ཐུགས་དབུས་སུ། །དྲི་བྲལ་མཁའ་ལ་ཟླ་བ་ལྟར་མཛེས་པ། །མཁྱེན་གཉིས་ལང་ཚོ་ཡོངས་སུ་རྫོགས་པའི་སྐུ། །ཡེ་ཤེས་སེམས་དཔའ་ཞེས་སུ་གྲགས་པར་འབར། །གསོལ་ 23-1-101b བ་འདེབས་སོ་སོགས་ཚིག་བཞི་འོག་མ་རྣམས་ལ་འགྲེའོ། ། གང་ཞིག་དྲན་པས་མཐའ་མེད་སྲིད་པའི་སྨག །མཐར་མཛད་འཆར་ཁའི་གཟི་འབར་གཞོན་ནུའི་སྐུ། །མཚན་དཔེའི་སྣང་བ་བྱེ་བས་མཐའ་ཡས་ཞིང་། ། ཁྱབ་མཛད་དམར་སེར་འོད་ཀྱི་དྲྭ་བ་འཁྲུགས། །གསོལ་བ་འདེབས་སོ༴ མི་བཟད་བདུད་ཀྱི་སྡེ་ཆེན་དཔུང་གི་ཚོགས། །འདོད་དགུར་རོལ་པ་སྲིད་པའི་སྨག་དང་བཅས། །རབ་འཇོམས་རྡོ་རྗེ་རལ་གྲིའི་ མཚོན་རྣོན་དང་། །མཐའ་དག་ཆོས་ཀྱི་འབྱུང་གནས་གླེགས་བམ་ཅན། །གསོལ་བ་འདེབས་སོ༴ བཞི་ཡིས་ལྷག་པ་དྲུག་ཅུའི་དབྱངས་ལ་སོགས། །སྣ་ཚོགས་ཡན་ལག་དང་ལྡན་ཆོས་ཀྱི་སྒྲ། །སྲིད་ པ་གསུམ་པོ་ཀུན་ཏུ་བསྒྲགས་པ་ཡིས། །འགྲོ་ཁམས་གཏི་མུག་གཉིད་ལས་སློང་མཛད་པ། །གསོལ་བ་འདེབས་སོ༴ མ་ལུས་སྣང་ཞིང་སྲིད་པའི་ཆོས་སོ་ཅོག །མཁྱེན་པའི་སྐད་ཅིག་གཅིག་གི་ཀློང་ ཉིད་དུ། །མ་འདྲེས་མཚོ་ལ་ཟླ་སྐར་བཞིན་བཀྲ་བ། །རྨད་བྱུང་མཁྱེན་པའི་དཀྱིལ་འཁོར་བྲི་གང་བྲལ། །གསོལ་བ་འདེབས་སོ༴ །མེ་ཡི་དོང་དུ་ཚུད་པའི་བུ་ཆུང་ལ། །མདུན་ན་གནས་པའི་མ་བཞིན་ བརྩེ་བའི་སྤྱན། །རྟག་ཏུ་མི་ཟུམ་བདག་སོགས་སྡུག་བསྔལ་གྱིས། །རབ་གཟིར་འགྲོ་བའི་ཁམས་ལ་རྟག་ཏུ་གཟིགས། །གསོལ་བ༴ མ་ལུས་ཤེས་བྱའི་ཆོས་ཀྱི་སྙིང་པོ་ནི། །ཁྱོད་ཡིན་ཁྱོད་ནི་བདེན་པའི་མཐར་ཐུག་ 23-1-102a སྟེ། །ཁྱོད་ལ་དམིགས་ནས་འདོད་དོན་གང་སྨོན་པ། །གདོན་མི་ཟ་བར་རེ་བའི་འབྲས་བུ་སྨིན། །གསོལ་བ་འདེབས་སོ༴ མཁའ་ཁྱབ་སྲིད་པའི་གྲོང་ན་རྟག་ཏུ་ཡང་། །འཇིགས་སྲེད་ བྲལ་བ་སྒྱུ་མའི་རྣམ་རོལ་གྱིས། །སྲིད་པའི་མཐའ་དང་མཉམ་པར་དགྱེས་རོལ་པ། །རྒུད་མེད་ཞི་བ་གཞོན་ནུའི་གཟུགས་སུ་སྣང་། །གསོལ་བ་འདེབས་སོ༴ སྐྱབས་ཀུན་ཁྱེད་ཀྱི་ཐུགས་རྗེའི་རོལ་གར་ ཏེ། །ཁྱོད་ལས་སྐྱབས་གཞན་ནམ་ཡང་མི་ཚོལ་ཞིང་། །ཉིན་མཚན་ཁོར་ཡུག་ཁྱེད་ལ་དད་པའི་བློས། །གདུང་བའི་བུ་ཆུང་མ་ལ་འབོད་པ་ལྟར། ། གསོལ་བ༴ རབ་འབར་ངན་འགྲོའི་གཡང་སར་མངོན་ ཕྱོགས་ཤིང་། །གཡོ་བའི་སྤྲིན་རུམ་འདུ་བྱེད་གློག་འགྱུའི་ཡིད། །མཚོ་གླིང་གྲུ་ཞིག་བཞིན་དུ་ཕྱོགས་ཀུན་ནས། །རབ་ཏུ་སྐྱོ་བའི་ཡིད་ལྡན་བདག་ཅག་གིས། །གསོལ་བ༴ བརྩེ་བས་འབྲེལ་ནས་གཏོང་དུ་ མི་བཟོད་པའི། །གཉེན་མང་སྡུག་བསྔལ་སྲིད་པའི་རྦ་ལ་གཡེང་། །བྱར་མེད་སྙིང་རྗེའི་ཡུས་ཀྱིས་ནོན་པ་བདག །དོན་གཉིས་གྲུབ་པའི་རེ་ལྟོས་ཁྱོད་ལ་འཆའ། །གསོལ་བ༴ གཏི་མུག་ཚང་ཚིང་འཐུག་ པོའི་ནགས་ཁྲོད་དུ། །ཚུལ་མིན་ཡིད་བྱེད་ང་གིས་སྦར་བ་ཡི། །ཆགས་སྡང་དུད་སྤྲིན་འཁྲིགས་པའི་མེ་དཔུང་གིས། །རྟག་ཏུ་ཡིད་དབང་ཉམས་པར་བྱས་པ་བདག །གསོལ་བ་འདེབས་སོ་མགོན་པོ༴ 23-1-102b ཀུན་རྨོངས་མུན་པའི་དྲྭ་བས་གང་གི་ཡིད། །ཀུན་ནས་བཅིངས་ཏེ་སྣ་ཚོགས་ལྟ་ཐིབས་ཀྱིས། །ཕྱོགས་རྣམས་མི་མཐོང་གནག་སྟེ་བསྐོར་གྱུར་ཅིང་། །ཐེ་ཚོམ་བརྒལ་དཀས་སྙིང་ལ་ནོན་པ་བདག །གསོལ་བ་ འདེབས་སོ༴ དྭངས་མཁར་དྲི་མེད་ཉི་མའི་དཀྱིལ་འཁོར་དང་། །རླན་མེད་སྤྲ་བའི་དབུས་སུ་མེ་བཞིན་དུ། །མཁྱེན་གཉིས་ཐུགས་ཀྱི་ཀློང་ནས་རྩལ་ཕྱུངས་ལ། །ཐེ་ཚོམ་སྙིང་གི་མུན་པ་འཇོམས་པ་རུ། ། གསོལ་བ༴ མི་བརྗེད་གཟུངས་ཀྱིས་ཆོས་ཀུན་འཛིན་པ་དང་། །མི་འཕྲོག་བློ་ཡིས་ཟབ་རྒྱས་དོན་ཀུན་མཐོང་། །མི་འཇིགས་སྤོབས་པས་གང་ལ་ཐོགས་མེད་ཅིང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་ སྦྱིན་པར། ། གསོལ་བ༴ འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྨི་ལམ་དུ་ཡང་བཅོམ་ལྡན་དགྱེས་པའི་འོད། །བདག་གི་སྙིང་དབུས་པདྨོའི་དགའ་ཚལ་དང་། །ནམ་ཡང་འབྲལ་བ་མེད་པ་ཉིད་ དུ་ཡང་། །གསོལ་བ༴ ཡིད་བཞིན་ནོར་བུའི་མཆོག་དང་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་བཟང་པོ་ཇི་བཞིན་དུ། །ཁྱོད་ལ་དམིགས་ནས་གང་འདོད་སྨོན་པའི་ངག །མ་ལུས་གེགས་མེད་ཡིད་ བཞིན་གྲུབ་པ་རུ། །གསོལ་བ༴ རང་དོན་ཐོས་བསམ་སྒོམ་པ་མཐར་ཕྱིན་ཅིང་། །གཞན་དོན་འཆད་རྩོད་རྩོམ་པས་འཇིག་རྟེན་འདིར། །དྲི་མེད་རྒྱལ་བའི་བསྟན་པའི་རྒྱལ་མཚན་ནི། །མི་ནུབ་ཕྱོགས་དུས་ཀུན་ཏུ་ 23-1-103a བསྒྲེངས་ནུས་པར། །གསོལ་བ༴ གང་གིས་བདག་ཉིད་མཐོང་ཐོས་དྲན་པ་དང་། །བདག་ལས་ལེགས་བཤད་ཐོས་པ་དེ་ཀུན་ཀྱང་། །འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་ནས། ། ཐེག་མཆོག་སྙིང་པོའི་རིང་ལུགས་འཛིན་བྱེད་པར། །གསོལ་བ༴ ཚེ་དང་བསོད་ནམས་བསྟན་འགྲོར་ཕན་པའི་ལས། །འགྲིབ་མེད་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་། །བསམ་སྦྱོར་གདུག་པའི་མི་དང་མི་ མིན་སོགས། །བར་ཆད་བདུད་ལས་རྒྱལ་བའི་སྟོབས་འབར་བར། །གསོལ་བ༴ མྱུར་དུ་ཁྱེད་ཀྱི་ཐུགས་རྗེས་བདག་ཉིད་ཀྱང་། །མགོན་པོ་ཁྱོད་དང་དབྱེར་མེད་བྱང་ཆུབ་ནས། །མཐའ་ཡས་འགྲོ་བའི་ ཚོགས་ལ་དུས་རྟག་ཏུ། །ཕན་བདེའི་དགའ་སྟོན་མཆོག་གིས་དབུགས་དབྱུང་བར། །གསོལ་བ༴ བདག་ཉིད་གང་དུ་གནས་པའི་ཕྱོགས་དུས་དེར། །མི་ཤིས་རྒུད་པ་མིང་ཡང་མི་གྲགས་པར། །རྟག་ ཁྱབ་བཀྲ་ཤིས་དགེ་མཚན་སྣང་བ་ཀུན། །ཕུན་ཚོགས་ཡིད་བཞིན་འདོད་དགུའི་དཔལ་འབར་བར། །གསོལ་བ་འདེབས་སོ་མགོན་པོ་འཇམ་པའི་དབྱངས། །ཐུགས་རྗེས་དགོངས་ཤིག་ཡེ་ཤེས་ཐུགས་ཀྱི་ འོད། །བདག་གི་སྙིང་ལ་མྱུར་དུ་ཞུགས་ནས་ཀྱང་། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །རབ་ཚེས་ཤིང་ཕག་ཟླ་༩ཚེས་༡༤ཀྱི། །སྲོད་ལ་བཅོས་མིན་དད་པའི་བས། །བསྐྱོད་ 23-1-103b ཚེ་ཆུ་ལས་ཆུ་བུར་བཞིན། །ཡིད་ཀྱི་མཚོ་ལས་འདི་བཞིན་བྱུང་། །དེ་ཚེ་ལྷག་བསམ་རྣམ་དཀར་གྱིས། །རབ་དཀར་ཟླ་བའི་འོད་ཟེར་ལ། །བརྟེན་ནས་སམ་ཊར་འཕྲལ་དུ་བྲིས། །དགེའོ་ལེགས་ སོ་བཀྲ་ཤིས་རྒྱལ། །འཇམ་དཔལ་དགྱེས་པའི་རང་མདངས་ཞེས་འབོད་པས་བྲིས་པ་མངྒ་ལཾ།། ༈ །། འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་གསོལ་འདེབས་འདོད་དོན་ཡོངས་སྩོལ་བཞུགས། ཨོཾ། ཕྱག་འཚལ་མཆོག་སྦྱིན་རྡོ་རྗེ་མཆོག །འཇམ་པའི་དབྱངས་ནི་སྟོབས་པོ་ཆེ། །དཔའ་བོ་ཆེན་པོ་ཆེར་གྲགས་པ། །མ་དུལ་རྟག་ཏུ་འདུལ་མཛད་ལའོ། །འདོད་འབྱུང་རིན་ཆེན་རི་བོའི་སྟེང་། ། པད་ཉིའི་གདན་ལ་སྐྱིལ་ཀྲུང་བཞུགས། །དམར་སེར་ཡིད་འོང་གཞོན་ནུའི་གཟུགས། །འཇམ་དཔལ་ཁྱེད་ལ་གསོལ་བ་འདེབས། །མཆོག་སྦྱིན་ཨུཏྤལ་རྡོ་རྗེ་ཅན། །དར་དང་རིན་ཆེན་རྒྱན་ཆས་ རྫོགས། །འོད་ཟེར་མེ་ལྕེའི་ཕྲེང་བས་མཛེས། །འཇམ་དཔལ་ཁྱེད་ལ༴ སངས་རྒྱས་ཀུན་འོད་དབུ་ལ་འབེབས། །སེམས་དཔའ་སེམས་མ་ཁྲོ་ཚོགས་དང་། །འཇིག་རྟེན་སྐྱོང་བའི་འཁོར་གྱི་གཙོ། ། འཇམ་དཔལ་ཁྱེད་ལ༴ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཡེ་ཤེས་རྡོ་རྗེའི་བདག་ཉིད་མཆོག །སྟོབས་བཅུའི་སྟོབས་དང་ལྡན་པ་པོ། །འཇམ་དཔལ༴ མཁའ་ཁྱབ་སེམས་ཅན་ཐམས་ཅད་ལ། ། 23-1-104a ཐུགས་རྗེ་ཆེན་པོས་རྟག་ཏུ་གཟིགས། །རྒུད་པ་མ་ལུས་སེལ་མཛད་པ། །འཇམ་དཔལ་ཁྱེད་ལ༴ ཁྱོད་ལ་གསོལ་བ་གང་བཏབ་པའི། །རེ་བ་མཐའ་དག་ཡིད་བཞིན་སྐོང་། །དབང་ བཅུའི་དབང་ལྡན་ཆེ་བའི་མཆོག །འཇམ་དཔལ་ཁྱེད་ལ་གསོལ་བ་འདེབས། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་ དཔལ་དང་ལྡན་པའི་མཆོག །ཁྱོད་ལ་གསོལ་བ་བཏབ་པའི་མཐུས། །གེགས་དང་བར་ཆད་མི་འདོད་ཞི། །བསམ་དོན་ཡིད་བཞིན་ལྷུན་གྱིས་གྲུབ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་ བྱས་ལ་རིག་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བས་གང་འདོད་པའི་མཆོག་སྦྱིན་པར་བསམས་ལ། ཨོཾ་མཉྫུ་ཤྲཱི་བ་ར་ད་བཛྲ་མཾ་སྭཱ་ཧཱ། ཞེས་བཟླ། མཆོག་སྦྱིན་རྡོ་རྗེའི་བྲིས་སྐུའི་ཞལ་དུ་དྲི་བཟང་གིས་ སྤགས་པའི་མེ་ཏོག་དཀར་པོ་སོགས་ལས་དང་མཐུན་པ་འཐོར་ཞིང་གསོལ་འདེབས་རེ་དང་བསྒྲགས་པ་ཇི་སྲིད་རྟགས་མ་བྱུང་གི་བར་དུ་འབད། རྟགས་བྱུང་ནས་མེ་ཏོག་སོགས་ཀྱིས་སྦྱིན་སྲེག་རིག་སྔགས་ ཀྱིས་ཕུལ་བས་ཇི་ལྟར་དམིགས་པའི་མཆོག་ཡིད་བཞིན་དུ་འགྲུབ་པར་གདོན་མི་ཟའོ། །བྱ་སླ་དོན་ཟབ་ཀུན་ལས་འཕགས། །བུམ་བཟང་དཔག་བསམ་ནོར་བུའི་ཚུལ། །ཡིད་ཀྱི་རེ་བ་སྐོང་བའི་དཔལ། ། 23-1-104b ཆོ་ག་འདི་ལྡན་ངེས་པར་འགྲུབ། །ས་མ་ཡ། རབ་ཚེས་དགེ་བྱེད་ཆུ་སྟག་སྨིན་ཟླའི་ཉེར་ལྔར་འཇམ་དཔལ་དགྱེས་པས་སྤེལ་བ་ཤུ་བྷཾ་མངྒ་ལཾ།། ༈ །། རྗེ་བཙུན་མའི་གསོལ་འདེབས་ བྱིན་རླབས་སྤྲིན་ཕུང་འཁྲིགས་པ་བཞུགས་སོ། །ཨོཾ། ཉི་མ་ཟླ་བའི་ལམ་ལས་གཡོ་ཞིང་བགྲོད་པའི་འཕོ་བ་མཐའ་དག་ཀུན་ནས་གཞོམ་མེད་དྷཱུ་ཏིར་ནི། །རབ་ཞུགས་ཡེ་ཤེས་ཐིག་ལེ་ཆེ་གང་ཀུན་ཁྱབ་ ཕྱག་རྒྱ་ཆེན་མོ་རྣམ་ཀུན་མཆོག་ལྡན་སྟོང་པའི་དབྱིངས། །རྣམ་ཐར་གསུམ་ལྡན་མི་ཤིགས་རྡོ་རྗེའི་མཁའ་ཀློང་སྲིད་ཞིའི་རྒུད་པ་ཀུན་ནས་འཕྲོག་པར་བྱེད་པ་ཉིད། །སྲས་བཅས་རྒྱལ་བའི་ཡུམ་གྱུར་ཡེ་ ཤེས་སྐུ་ཅན་ཕྲིན་ལས་མྱུར་མ་དཔའ་མོ་སྒྲོལ་མའི་ཞབས་ལ་འདུད། །དགྲ་དང་སེང་གེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆིང་བ་དང་། །ཆུ་གཏེར་འཁྲུགས་པ་ དང་ནི་ཤ་ཟའི་འཆི་བའི་འཇིགས་བྱེད་ནད་དང་དབང་པོའི་ཉེ་བར་འཚེ་བ་དང་། །དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས་པའི་འཇིགས་པ་དང་ནི་རྡོ་རྗེ་ལྷུང་དང་དོན་ཉམས་པ། །གང་ཞིག་རྣལ་ འབྱོར་མ་རྣམས་ཞབས་ནི་ཉིན་ཞག་སོ་སོར་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར། །སྐྱབས་སུ་མཆིའོ་ཆོས་ཉིད་མཁའ་ལ་ཐུགས་རྗེའི་སྤྲིན་ལྡན་ཕྱོགས་དུས་ཀུན་ཁྱབ་བདེན་པའི་མཐར་ཐུག་མ། །བསླུ་མེད་སྐྱོབས་པ་ 23-1-105a མཆོག་གི་གནས་ནི་ཁྱོད་དེ་དགོངས་པ་དུས་སུ་བསྐུལ་ན་བྱིན་རླབས་ཐོགས་མེད་མཐུས། །བུ་གཅིག་བདག་ཅག་སྐྱོངས་ཤིག་སྐྱོངས་ཤིག་མཁྱེན་བརྩེ་ནུས་པ་མཆོག་གི་བདག་ཉིད་བཅོམ་ ལྡན་འདས་མ་ཀྱེ། །རྒུད་པ་ཀུན་སོལ་ཕན་བདེའི་ཕྱག་གིས་འཆི་མེད་རབ་མཆོག་ཞི་བ་ཉིད་ཀྱི་ཐུགས་དབྱིངས་དྲངས་པར་མཛོད། །ཅེས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྡོ་རྗེའི་ཚིག་ལ་གོང་འོག་གི་ ཚིགས་བཅད་ཉེ་བར་བསྡེབས་པ་རབ་ཚེས་ས་སྟག་ཟླ་༩ཚེས་༢༨ལ་མི་ཕམ་རྣམ་པར་རྒྱལ་བས་སྤེལ་བ་དགེའོ།། ༈ །། ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་རིས་མེད་དད་པའི་ལྷ་ལམ་ཞེས་བྱ་བ་ བཞུགས་སོ། །ཨེ་མ། པད་དཀར་ལྟར་བསྔགས་མཚུངས་མེད་སྟོན་པ་དེའི། །མདོ་སྔགས་བསྟན་པ་རིན་ཆེན་རྗེས་ཞུགས་པ། །འཕགས་བོད་རྒྱ་ནག་ཤམྦྷ་ལ་སོགས་ཀྱི། །བསྟན་འཛིན་དམ་པ་རྣམས་ལ་ གསོལ་བ་འདེབས། །མཁས་ཤིང་གྲུབ་བརྙེས་ལོ་པཎ་མཆོག་རྣམས་ཀྱིས། །ལེགས་བསྒྱུར་མདོ་སྔགས་སྤྱི་དང་ནང་རྒྱུད་གསུམ། །ཁྱད་པར་རྫོགས་པ་ཆེན་པོའི་སྲོལ་འཛིན་པ། །གསང་སྔགས་རྙིང་མ་པ་ལ་གསོལ་ བ་འདེབས། །གྲུབ་ཆེན་ནཱ་རོ་པ་དང་མི་ཏྲི་པའི། །གདམས་ཟབ་སྐོར་དང་ཁྱད་པར་ཕྱག་ཆེན་གྱི། །ཉམས་ལེན་བྱིན་རླབས་བརྒྱུད་པ་གཙོར་འདོན་པ། །འགྲོ་མགོན་བཀའ་བརྒྱུད་པ་ལ༴ མགོན་པོ་བིཪྺ་པ་ཡི་ 23-1-105b ཐུགས་བཅུད་ཆོས། །གདམས་སྐོར་སྤྱི་དང་ཁྱད་པར་ལམ་འབྲས་ཀྱི། །བཤད་དང་སྒྲུབ་པའི་བསྟན་པ་གསལ་མཛད་པ། །དཔལ་ལྡན་ས་སྐྱ་པ་ལ༴ དཔལ་ལྡན་ཨ་ཏི་ཤ་ཡི་ལམ་རིམ་ལ། །ཉམས་ལེན་གཙོར་ མཛད་མདོ་སྔགས་ལམ་གྱི་གནད། །འཇམ་དཔལ་སྙིང་པོའི་རིང་ལུགས་གཙོར་འཛིན་པ། །རི་བོ་དགེ་ལྡན་པ་ལ༴ འཁོར་ལོ་ཐ་མའི་མདོ་དང་དུས་འཁོར་གྱི། །དགོངས་དོན་གཙོར་བཟུང་བདེ་གཤེགས་སྙིང་པོ་ ཡི། །དོན་ལ་ངེས་རྙེད་རྡོ་རྗེའི་རྣལ་འབྱོར་ཅན། །རྗེ་བཙུན་ཇོ་ནང་པ་ལ༴ དཔལ་ལྡན་ཤངས་པ་གཅོད་ཡུལ་ཞི་བྱེད་དང་། །བསྙེན་སྒྲུབ་པ་སོགས་ཟབ་མོའི་གདམས་པའི་སྐོར། །གངས་ཅན་འདི་ན་ཇི་སྙེད་ མཆིས་པ་ཡི། །རིས་བྲལ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཕྱོགས་ལྷུང་ཞི་ཞིང་ཕྱོགས་མེད་མོས་གུས་འབར། །བསྟན་འཛིན་ཚོགས་རྣམས་ཐུགས་ མཐུན་རྒྱལ་ཁམས་བདེ། །བསྟན་པ་ཡུན་རིང་རྒྱས་པའི་བཀྲ་ཤིས་ཤོག ། ཅེས་པའང་ས་ཕག་ཟླ་༡༠ཚེས་༡༤ལ་མི་ཕམ་པས་ཡིད་ལ་འཕྲལ་ཤར་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །། ༈ ལྷ་ མཆོག་ཡ་མཱནྟ་ཀའི་གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས་བཞུགས། ཨོཾ་ཨཱཿཧཱུྃ། གཉུག་མ་སྤྲོས་བྲལ་ཆོས་སྐུ་གཤིན་རྗེ་གཤེད། །ཀུན་ཁྱབ་ཀུན་གྱི་བདག་ཉིད་རྟག་ཏུ་བཞུགས། །མཉམ་ཉིད་ངང་གིས་ 23-1-106a ཁྲོ་ལ་གསོལ་བ་འདེབས། །བརྗོད་མེད་བློ་འདས་རྟོགས་པར་བྱིན་གྱིས་རློབས། །བདེ་ཆེན་ལྷན་སྐྱེས་ལོངས་སྐུ་གཤིན་རྗེ་གཤེད། །ཡེ་གདངས་ནས་གསལ་འཕོ་འགྱུར་བྲལ་བར་བཞུགས། ། ཁྲོ་བོ་ལོངས་སྤྱོད་མཛད་ལ་གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན༴ མ་འགགས་རང་རྩལ་སྤྲུལ་སྐུ་གཤིན་རྗེ་གཤེད། །གདུག་ཅན་དགྲ་བགེགས་འདུལ་བའི་གཉེན་པོར་བཞུགས། །རྡོ་ རྗེ་འདུ་འཕྲོ་མཛད་ལ༴ མི་མཐུན་བར་ཆད་བརླག་པར་བྱིན༴ སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་པའི་དབྱངས། །ཐུགས་རྗེའི་ཁྲོས་པ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །སྲིད་གསུམ་འཇོམས་པའི་ལྷ་ལ་གསོལ་ བ༴ མཐུ་དབང་དྲག་པོའི་དངོས་གྲུབ་སྩལ་དུ་གསོལ། །འདི་ནི་ཐམས་ཅད་འདུལ་གྱི་མགོ་ཟླའི་དཀར་ཕྱོགས་བཟང་པོའི་དང་པོ་ལ་བསྙེན་མཚམས་ཐུན་བར་དུ་འཇམ་དཔལ་དགྱེས་པའི་བློ་ལ་འཕྲལ་ཤར་ ལྟར་སྤེལ་བ་དགེའོ། །དེ་བཞིན། རྟ་མགྲིན་དབང་། ཞེས་དང་། གསང་བའི་བདག་གམ། རྡོ་རྗེ་འཛིན་ཅེས་སོགས་ཁ་བསྒྱུར་རོ། །མངྒ་ལཾ།། །།རྒྱལ་བ་ཀུན་གྱི་བརྩེ་ཆེན་སྤྱན་རས་གཟིགས། །རྒྱལ་ བ་ཀུན་གྱི་མཐུ་སྟོབས་རྡོ་རྗེ་འཛིན། །ཅེས་སོགས་སོ།། ༈ །། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཡེ་ཤེས་སྐུ། །བསམ་གྱིས་མི་ཁྱབ་བདེ་བ་ཆེན་པོའི་ངང་། གང་འདུལ་མོས་པ་བཞིན་འཆར་ཡིད་བཞིན་ནོར། ། 23-1-106b གསོལ་བ་འདེབས་སོ་ཡི་དམ་ལྷག་པའི་ལྷ། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འབྲལ་མེད་ཐུགས་རྗེས་ཟུངས་ལ་བར་ཆད་སོལ། །མཆོག་ཐུན་དངོས་གྲུབ་ཆར་བཞིན་འབེབས་མཛད་ནས། ། བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་སྦྱར་རོ། །འདི་འང་མི་ཕམ་པས་སོ།། ༈ །། རྨད་བྱུང་ཐུགས་བསྐྱེད་ཆེན་པོར་སྟོབས་ཀྱིས་ནི། །པདྨ་དཀར་པོ་ལྟ་བུར་རབ་བསྔགས་ཤིང་། ། གང་གི་མཚན་ཐོས་ཕྱིར་མི་ལྡོག་འགྱུར་བ། །སྟོན་མཆོག་ཤཱཀྱ་ཐུབ་པར་ཕྱག་འཚལ་ལོ། །མཁའ་ལྟར་མི་གཡོ་ཡེ་ཤེས་སྐུ་བརྙེས་ཏེ། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཅན། །མགོན་པོ་ཡོན་ཏན་ མཐའ་ཡས་གང་ཆེན་མཚོ། །རྒྱལ་སྲས་ནམ་མཁའི་སྙིང་པོར་ཕྱག༴ རྒྱལ་བའི་རྒྱལ་ཚབ་རྒྱལ་སྲས་ཀུན་གྱི་ཏོག །བྱམས་ཆེན་སྤྲིན་གྱིས་ཆོས་དབྱིངས་ཡོངས་འགེངས་ཤིང་། །རྨད་བྱུང་ཆོས་ཀྱི་ མཛོད་འཆང་ཆོས་ཀྱི་རྗེ། །མགོན་པོ་བྱམས་པ་མཆོག་ལ་ཕྱག་འཚལ་ལོ། །ས་ཡི་དབང་ཕྱུག་སྐྱེ་རྒུ་རྗེས་སུ་འཛིན། །རྒྱལ་དང་རྒྱལ་སྲས་ཡོངས་ཀྱི་སྙིང་པོ་མཆོག །ཡིད་བཞིན་རེ་སྐོང་ཕུན་ཚོགས་དཔལ་ གྱི་གནས། །སེམས་དཔའ་ས་ཡི་སྙིང་པོར་ཕྱག༴ ཆོས་དབྱིངས་མཁའ་ལ་ཐུགས་རྗེ་ཟླ་བའི་འོད། །རབ་གསལ་སྒྲིབ་པའི་མུན་པ་ཡོངས་འཇོམས་ཤིང་། །ཕན་བདེའི་གཏེར་ཆེན་རྒྱལ་སྲས་ཀུན་གྱི་མཆོག ། 23-1-107a སྒྲིབ་པ་རྣམ་པར་སེལ་ལ་ཕྱག་འཚལ་ལོ། །རྗེ་བཙུན་སྙིང་རྗེའི་གཏེར་ཆེན་རྒྱལ་བའི་སྲས། །མཁའ་མཉམ་འགྲོ་ཀུན་སྐྱོབས་པའི་མགོན་གཅིག་པུ། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོའི་ཕ་ རོལ་ཕྱིན། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་མཐུ་སྟོབས་དབང་ཕྱུག་རྡོ་རྗེ་ཅན། །མཁའ་དང་མཉམ་པ་སྤྲུལ་པའི་རོལ་གར་གྱིས། །བདུད་ཀྱི་དཔུང་འཇོམས་རྒྱལ་བའི་ ཆོས་ཚུལ་སྲུང་། །གསང་བདག་ལག་ན་རྡོ་རྗེར་ཕྱག་འཚལ་ལོ། །ཆོས་ཉིད་ཟབ་མོའི་ཚུལ་ལ་དབང་ཐོབ་ནས། །ཆོས་ཀྱི་དབྱིངས་ཀུན་རྨད་བྱུང་མཛད་པས་ཁྱབ། །བསམ་བརྗོད་ལས་འདས་རྒྱལ་བའི་ ཡུལ་ལ་གནས། །མགོན་པོ་ཀུན་ཏུ་བཟང་པོར་ཕྱག༴ རྒྱལ་ཀུན་ཡེ་ཤེས་སྐུ་སྟེ་མཁྱེན་པའི་གཏེར། །གང་གི་འོད་ཟེར་སྲིད་ཞིའི་མཐར་ཁྱབ་པས། །དཀོན་མཆོག་གསུམ་གྱི་འབྱུང་གནས་རིན་པོ་ཆེ། ། འཇམ་དཔལ་གཞོན་ནུར་གྱུར་པར་ཕྱག་འཚལ་ལོ། །ཞེས་ཐུབ་དབང་ཉེ་སྲས་བརྒྱད་དང་བཅས་པའི་བསྟོད་གསོལ་ཚིགས་བཅད་འདི་དག་རབ་ཚེས་ལྕགས་ཡོས་ཆོ་འཕྲུལ་ཟླ་བའི་ཉ་ལ་མི་ཕམ་པས་བྲིས་ པའི་དགེ་བས་འགྲོ་ཀུན་བརྐམ་ཆགས་ཀྱི་གདུང་བ་ཞི་ཞིང་ཕུན་ཚོགས་ཀྱི་དཔལ་མ་ལུས་པ་རྟག་ཏུ་ཐོབ་པར་གྱུར་ཅིག། ། ༈ ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །བྱང་ཆུབ་སེམས་ 23-1-107b དཔའ་ཉེ་བའི་སྲས་ཆེན་བརྒྱད། །འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གིས། །བདག་ལ་དགོངས་ཤིང་བྱིན་གྱིས་བརླབ་པར་མཛོད། །བདག་ནི་ནད་གདོན་གནོད་པ་ཀུན་ལས་གྲོལ། །བསྟན་དང་ འགྲོ་ལ་ཕན་པའི་དོན་ཆེན་འགྲུབ། །ཉམས་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ནས། །བདེ་བའི་གཏན་སྲིད་ཟིན་པར་བྱིན་གྱིས་རློབས། །མེ་ལུག་ཟླ་༡༢ཚེས་༡༢ལའོ།། ༈ །། བདག་གཞན་ཐོག་མེད་དུས་ནས་ ད་ལྟའི་བར། །འཁྲུལ་པའི་དབང་གིས་སྡིག་ལྟུང་གང་བགྱིས་པ། །ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །སྒྲིབ་མེད་དག་ཅིང་ཚངས་པའི་མཆོག་སྩོལ་ཅིག །ཤིང་སྤྲུལ་ཟླ་༡༠ཚེས་༡༥ལ་དྷཱིས་སོ།། ༈ །། བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ། །ཡེ་ཤེས་ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །བདག་སོགས་དམ་ཚིག་ཉམས་ཆག་ཐམས་ཅད་ཀུན། །ཐུགས་དམ་ཆེན་པོའི་དབང་གིས་དག་ པར་མཛོད། །ཅེས་དང་། ། ༈ ཧོཿ འཇམ་དཔལ་གཞོན་ནུ་རང་བྱུང་ཡེ་ཤེས་སྐུ། །སྙིང་ལ་དབྱེར་མེད་བཞུགས་པའི་འོད་ཟེར་གྱིས། །འཁྲུལ་སྣང་འཁོར་བའི་མུན་པ་མ་ལུས་པ། །མཉམ་ཉིད་བདེ་ ཆེན་དབྱིངས་སུ་དག་པར་མཛོད། །ཅེས་དང་། ། ༈ ཧོཿ བརྒྱུད་གསུམ་རིག་འཛིན་བླ་མ་ཐུགས་རྗེ་ཅན། །ཡི་དམ་ཞི་ཁྲོ་རབ་འབྱམས་བྱིན་རླབས་ཅན། །གནས་གསུམ་དཔའ་བོ་མཁའ་འགྲོ་མཐུ་རྩལ་ 23-1-108a ཅན། །དམ་ཅན་ཆོས་སྐྱོང་སྲུང་མ་ཐུགས་དམ་ཅན། །མ་ལུས་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཉམ་ཐག་གདུང་བའི་ཡིད་ཀྱིས་གསོལ་བ་འདེབས། །ཐུགས་དམ་མ་གཡེལ་ ཐུགས་རྗེས་མྱུར་དུ་གཟིགས། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །འདི་གསུམ་ས་ཕག་ལོ་ལ་དྷཱིས་བྲིས་དགེ། ། ༈ ཨེ་མ་ཧོ། ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་ འདས། །བདུད་དང་མུ་སྟེགས་རྒོལ་བ་ཟིལ་གནོན་པ། །ཤཱཀྱ་སེང་གེའི་ཞབས་ཀྱི་པདྨོ་ལ། །གུས་པས་གཙུག་གིས་རྟག་ཏུ་ཕྱག་བགྱིའོ། །མཉམ་མེད་སྟོན་པ་ཤཱཀྱའི་རྒྱལ་པོ་ཡི། །སྔོན་གྱི་ཐུགས་ བསྐྱེད་དམ་བཅའ་མ་བསྙེལ་བར། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འབྲལ་བ་མེད་པར་ཐུགས་རྗེས་རྗེས་སུ་ཟུངས། །འཇམ་དབྱངས་སྤྱན་རས་གཟིགས་དབང་གསང་བའི་བདག །ས་ཡི་ སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །བྱང་སེམས་ཉེ་སྲས་བརྒྱད་ལ་གུས་ཕྱག་འཚལ། །མཚུངས་པ་མེད་པའི་ཐུགས་བསྐྱེད་མཆོག་གིས་ནི། །བདག་སོགས་ འགྲོ་ལ་བྱང་ཆུབ་སྙིང་པོའི་བར། །རྒྱལ་བའི་སྲས་ཀྱི་ལམ་བཟང་སྟོན་མཛད་ཅིང་། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་པར་མཛོད། །ཡན་ལག་འབྱུང་དང་མི་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་ 23-1-108b བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བརྟན་ཀླུ་སྡེ་སྦེད་བྱེད་མི་ཕྱེད་པ། །ཤཱཀྱ་སེང་ གེའི་རྒྱལ་ཚབ་ཆོས་ཀྱི་རྗེ། །གནས་བརྟན་ཆེན་པོ་བཅུ་དྲུག་ལ་ཕྱག་འཚལ། །ཟླ་མེད་སྟོན་པའི་བསྟན་པའི་རྒྱལ་མཚན་ནི། །ཕྱོགས་དུས་ཀུན་ན་ཆད་པ་མེད་བསྒྲེངས་པ། །འཕགས་མཆོག་རྣམས་ཀྱིས་དམ་ བཅའ་ཉེར་དགོངས་ལ། །ཐུབ་བསྟན་ཆོས་ཀྱི་སྣང་བ་གསལ་བར་མཛོད། །སྤྲིན་མེད་མཁའ་ལ་རྒྱུ་སྐར་ཕྲེང་བའི་དབུས། །གསལ་མཛེས་ཟླ་བ་རྒྱས་པའི་དཀྱིལ་འཁོར་ལྟར། །མཉམ་མེད་ཤཱཀྱའི་རྒྱལ་ པོ་བཅོམ་ལྡན་འདས། །རྒྱལ་སྲས་སེམས་དཔའ་བརྒྱད་དང་འཕགས་པའི་ཚོགས། །བརྒྱད་ཕྲག་གཉིས་ཀྱིས་ཀུན་ནས་ཡོངས་བསྐོར་བ། །རེ་རེ་ལ་ཡང་མཆོག་ཚོགས་འདུས་པ་ནི། །བྱེ་བ་ཕྲག་བརྒྱ་ བསམ་གྱིས་མི་ཁྱབ་འཁོར། །ཏིལ་གྱི་གོང་བུ་ལྟ་བུར་ཡོངས་གང་བ། །མདུན་མཁར་གུས་པའི་སེམས་ཀྱིས་མངོན་སུམ་དུ། །བཀོད་ནས་མི་ཕྱེད་དྭང་བས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་ དུས་གསུམ་དགེ་བའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་གྱིས་ཉེ་བར་བསྙེན། །སྡིག་པའི་ཚོགས་རྣམས་བཤགས་ཤིང་སྙིང་ནས་བསྡམས། །སྐྱེ་འཕགས་དུས་གསུམ་དགེ་ལ་ཡི་རངས་ཤིང་། །མྱ་ 23-1-109a ངན་མི་འདའ་གཟུགས་སྐུས་མངོན་སུམ་དུ། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དུས་གསུམ་བསགས་པའི་དགེ་བ་ཀུན་བསྡོམས་པས། །སྡུག་བསྔལ་འགྲོ་ལ་ རྟག་ཏུ་མགོན་གྱུར་པ། །རྒྱལ་མཆོག་སྟོན་པ་ཁྱོད་བཞིན་བྱང་ཆུབ་ནས། །མཐའ་ཡས་འགྲོ་ལ་ཆོས་ཆར་འབེབས་གྱུར་ཅིག །གང་ཚེ་སྐྱབས་མཆོག་དམ་པ་ཁྱེད་རྣམས་དང་། །དབྱེར་མེད་ངོ་བོ་གཅིག་ ཏུ་མ་གྱུར་བར། །སྲས་བཅས་བརྩེ་ལྡན་མགོན་གྱིས་བདག་བཟུང་ནས། །སྐད་ཅིག་འབྲལ་མེད་བྱིན་གྱིས་རློབས་གྱུར་ཅིག །དེ་ཡི་མཐུ་ལས་དམན་པ་བདག་གིས་ཀྱང་། །རྒྱལ་བསྟན་དྲི་མེད་ ཕྱོགས་བཅུའི་འཇིག་རྟེན་དུ། །སྤྲིན་མེད་མཁའ་ལ་སྒྲིབ་བྲལ་ཉིན་བྱེད་བཞིན། །རྟག་ཏུ་གསལ་བར་བྱེད་པ་ཉིད་གྱུར་ཅིག །ཟུང་འཇུག་ཤིན་ཏུ་དྲི་མེད་ཡེ་ཤེས་དབྱིངས། །མི་བསླུ་རྟེན་འབྱུང་སྒྱུ་མའི་ སྣང་རོལ་བ། །ལེགས་པར་དམིགས་པའི་སྨོན་པ་འདི་དག་ཀྱང་། །མཆོག་གསུམ་བདེན་པས་ལྷུན་གྱིས་གྲུབ་གྱུར་ཅིག །དེ་ལྟར་སྟོན་པ་ཐུབ་པའི་དབང་པོ་འཁོར་དང་བཅས་པ་ལ་གུས་པའི་གདུང་ ཤུགས་ཀྱིས་གསོལ་འདེབས་འདི་རབ་ཚེས་ཆུ་བྱ་ཟླ་༦ཚེས་༥ལ་རྫོང་སར་བཀྲ་ཤིས་ལྷ་རྩེར་རང་གནས་ཀྱི་ལྷ་ཁང་བདེ་སྐྱིད་ཆོས་འབྱོར་གླིང་དུ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་འདིས་རྒྱལ་བསྟན་རིན་པོ་ཆེ་དར་ 23-1-109b ཞིང་རྒྱས་ལ་ནུབ་པ་མེད་པར་འཇིག་རྟེན་གྱི་ཁམས་ཀུན་ཏུ་གསལ་ཞིང་འབར་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། ༈ །། རིགས་བྱེད་དཔལ་མོའི་བསྟོད་པ་གསོལ་འདེབས་ཙིནྟ་མ་ཎི་ཞེས་བྱ་བ་ བཞུགས་སོ། །ཨོཾ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །སོ་སོར་རྟོག་པའི་ཡེ་ཤེས་ལས། །ཡིད་འཕྲོག་ལྷ་མོའི་གཟུགས་ངོམས་པ། །རིགས་བྱེད་དབང་མོ་ཁྱོད་ལ་འདུད། །བདེ་ཆེན་ཆགས་ པའི་རང་གཟུགས་ཅན། །བརྒྱད་གཉིས་ལང་ཚོའི་དཔལ་འབར་མ། །རབ་དམར་ཉི་མ་འཆར་ཁའི་འོད། །མཚན་དཔེས་མཛེས་པ་ཁྱོད་ལ་འདུད། །ཨུཏྤལ་མདའ་གཞུས་སྲིད་གསུམ་གྱི། །ཡིད་ སྣང་བསྐུལ་ཞིང་དྭངས་མའི་བཅུད། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་འགུགས། །དྲན་པས་མཆོག་སྩོལ་ཁྱོད་ལ་འདུད། །རིན་ཆེན་དར་དང་མེ་ཏོག་གིས། །རབ་བརྒྱན་འགྱིང་བག་རོལ་བ་ཡིས། ། ཞབས་ཟུང་པད་ཉིའི་གདན་ལ་རོལ། །སྲིད་གསུམ་དབང་བྱེད་ཁྱོད་ལ་འདུད། །ཉི་མའི་རྒྱབ་ཡོལ་དང་བཅས་ཤིང་། །རབ་དམར་འོད་ཀྱི་ཕྲེང་བ་འཁྲུགས། །འཁོར་འདས་ཀུན་གྱི་དྭངས་བཅུད་དཔལ། ། གཅིག་ཏུ་འཆང་བར་མཛད་ལ་འདུད། །སྣང་སྲིད་ཡོངས་ཀྱི་ཕུན་ཚོགས་དང་། །མཛེས་སྡུག་བདེ་བའི་ཉམས་འགྱུར་ཀུན། །གང་སྐུ་གཅིག་ལས་འཕྲོ་ཞིང་འདུ། །རྨད་བྱུང་ཕན་བདེའི་གཏེར་ལ་ 23-1-110a འདུད། །ཨེ་མ་བདེ་ཆེན་མཆོག་གི་གཏེར། །དྲན་པས་ཡིད་ཀྱི་གདུང་སེལ་མ། །མཁྱེན་བརྩེ་ནུས་པའི་བདག་ཉིད་མཆོག །ཡེ་ཤེས་དཔལ་མོ་བདག་ལ་དགོངས། །རྨི་ལམ་ལྟ་བུའི་ འདོད་ཡོན་ལ། །སྤྱད་ཀྱང་ངོམས་པ་མ་མཆིས་པར། །སྲིད་པའི་ཐ་ན་རྒྱུ་བ་ཡི། །འདོད་ལྡན་བྱིས་པའི་སྐྱེ་བོ་ལ། །སྒྱུ་མ་ལྟ་བུའི་སྒྱུ་འཕྲུལ་གྱིས། །འདོད་དགུར་ཚིམ་པར་བྱའོ་ཞེས། །ཐུགས་རྗེའི་དམ་ བཅའ་བདག་བསྐུལ་ན། །བྱིན་རླབས་གློག་ཕྲེང་གཡོ་བར་མཛོད། །དཔལ་གྱིས་སྤངས་པའི་ཉམ་ཐག་རྣམས། །བརྩེ་བའི་ཕྱག་གིས་འཁྱུད་མཛོད་ལ། །ཇི་ལྟར་ཡིད་ལ་རེ་བ་ཡི། །མཆོག་རྣམས་དེ་མ་ ཐག་ཏུ་སྩོལ། །དགྱེས་སྤྱན་ཨུཏྤལ་དམར་པོ་ཡི། །ཟུར་མིག་གང་ལ་གཟིགས་པའི་མོད། །ས་གསུམ་དཔལ་ཡོན་མཐའ་དག་ཀྱང་། །དེ་ལ་ངང་གིས་འདུ་མཛད་པ། །དཔལ་མོ་ཁྱོད་ཀྱི་ཞབས་པད་ ལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །གུས་པས་བཏུད་ཅིང་གསོལ་འདེབས་ན། །དོན་གཉིས་ཡིད་བཞིན་འགྲུབ་པར་མཛོད། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། །དེ་ལྟར་བདེ་ཆེན་དཔལ་མོའི་ཞབས། །ཡིད་ ཀྱི་གདུང་སེལ་དྲན་བྱས་ནས། །བསྟོད་པ་འདི་ཡིས་ཉེར་བསྟོད་ན། །འཕྲལ་དུ་དཔལ་གྱིས་ཚིམ་པར་འགྱུར། །སྙིང་ལ་བདུད་རྩིའི་བཅུད་དང་ནོར་བུའི་མཐུ། །དཔལ་དུ་ཁུག་པས་སྟོབས་བཟང་དེས་རྙེད་ནས། ། 23-1-110b ཟུར་མིག་གཅིག་གིས་ས་གསུམ་ལང་ཚོ་མ། །ཅི་དགར་དབང་དུ་བྱེད་པའི་སྐལ་བཟང་ཐོབ། །འདི་ནི་ས་གླང་ས་གའི་ཟླ་བ་ཡི། །ཚེས་དགུའི་དགོང་མོར་འཇམ་དཔལ་རྡོ་རྗེ་བདག །ཡིད་ཀྱི་ཆུ་གཏེར་དཔལ་ མོའི་དྲི་བཞོན་གྱིས། །ཉེ་བར་བསྐུལ་བའི་རླབས་ཀྱི་སྒྲ་དབྱངས་མཛེས། །མངྒ་ལཾ།། ༈ །། སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ། །བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས་སྐུ། ། མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས། །རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། །ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས། ། འཇིག་རྟེན་དབང་ཕྱུག་ཐུགས་རྗེས་རྗེས་ཆགས་གཟུགས། །པདྨ་རྒྱལ་པོ་འཁོར་འདས་མངའ་དབང་བསྒྱུར། །སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ །གསང་བ་ཡེ་ཤེས་བཛྲ་ཝཱ་ར་ཧི། །བདེ་མཆོག་ འདོད་པའི་རྒྱལ་པོ་བདེ་ཆེན་གཏེར། །མ་ལུས་སྐྱེ་རྒུའི་ཡིད་འཕྲོག་རིགས་བྱེད་མ། །མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར། །དབང་མཛད་རྡོ་རྗེ་དཔའ་བོ་ཌཱ་ཀིའི་ཚོགས། །སྣང་སྟོང་མཉམ་པ་ཆེན་ པོའི་ངང་ཉིད་དུ། །རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ། །འགག་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས། །འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ། །སྲིད་ཞིའི་དྭངས་བཅུད་གཡོ་ 23-1-111a ཞིང་སྡུད་པར་བྱེད། །རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི། །རྣམ་གཉིས་དངོས་གྲུབ་འདོད་དགུའི་མཆོག་སྩོལ་ཞིང་། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས། །སྣང་སྲིད་བདེ་བ་ཆེན་ པོར་སྡོམ་བྱེད་པ། །མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན། །ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། །རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་ རློབས། །མཆོག་ཐུན་དངོས་གྲུབ་འདོད་དགུའི་དཔལ་མཐའ་དག །ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ། ། ཅེས་པའང་རབ་ཚེས་ས་ཡོས་ཟླ་༩ཚེས་༡ལ་དྷཱི་མིང་པས་སྤེལ་བ། གསོལ་བ་བཏབ་ན་ གང་ཟག་སུ་ཡང་རུང་སྟེ་དབང་གི་ལས་ཀུན་ཇི་ལྟར་བསམ་པ་བཞིན་འགྲུབ་པར་གདོན་མི་ཟའོ། །དར་དམར་ལ་བྲིས་ཏེ་ཕྱར་བའམ། མེ་རླུང་ལ་འཁོར་ལོ་བྱས་ཀྱང་འགྲུབ་བོ། །མངྒ་ལཾ།། ༈ །། གསོལ་འདེབས་བྱིན་རླབས་འོད་སྣང་བཞུགས། ཨེ་མ་ཧོ། དགོངས་ཤིག་ཐུགས་རྗེ་ཆེ་མངའ་སྤྲུལ་པའི་སྐུ། །རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །རབ་འབྱམས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན་སྤྲོ་བ། ། ལེགས་པར་སྨོན་ལ་ཐུགས་རྗེས་བྱིན་གྱིས་རློབས། །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དངོས། །ཆོས་ཀྱི་རྒྱལ་པོ་མཁན་སློབ་ཆོས་གསུམ་གྱི། །ཐུགས་བསྐྱེད་ཟབ་མོས་གངས་ཅན་མུན་པའི་ཁྲོད། ། 23-1-111b དམ་ཆོས་སྣང་བས་ཁྱབ་པར་མཛད་ན་ཡང་། །སྙིགས་མའི་དབང་གིས་ཐེག་མཆོག་སྙིང་པོའི་དོན། །རྟོག་གེས་དཀྲུགས་ཤིང་བསྟན་པའི་མངའ་ཐང་བཅོམ། །དམ་སྲི་འགོང་པོས་བར་ཆད་ང་ལྟར་འཚུབས། ། འདི་འདྲའི་དུས་སུ་རྡོ་རྗེའི་སྟོབས་བསྐྱེད་ལ། །ཁྱེད་ཀྱི་རྗེས་འཇུག་རྗེས་འབྲངས་སློབ་བུའི་ཚོགས། །སྲུང་སྐྱོབ་བྱིན་རླབས་བདུད་སྡེའི་གཡུལ་འཇོམས་པའི། །དབང་མཆོག་བསྐུར་ལ་དངོས་གྲུབ་འདོད་དགུའི་ རྒྱུན། །འཛད་མེད་ཆར་དུ་སྙིལ་ཅིག་རིན་པོ་ཆེ། །བསྟན་འཛིན་རྒྱལ་བའི་ཐེགས་མཆོག་སྤྲུལ་པའི་སྐུ། །བསྟན་པ་དམ་པ་ངེས་གསང་སྙིང་པོའི་དོན། །སྔ་འགྱུར་རིང་ལུགས་མཆོག་གི་ཁྱད་པར་གྱི། །ཆོས་ སུ་གནས་ཀྱང་དེང་སང་སྙིགས་མའི་དུས། །གདུག་པའི་སྦྲུལ་གྱི་ཁྲོད་ན་ནོར་བུ་བཞིན། །མི་གསལ་མོག་པོར་གྱུར་པའི་གནས་སྐབས་འདིར། །སྙིང་ནས་གདུང་ཤུགས་དྲག་པོས་རྩ་གསུམ་ལྷའི། །རྡོ་རྗེའི་ཐུགས་ དམ་ཉེ་བར་བསྐུལ་ལགས་ན། །མཆོག་གསུམ་བདེན་པ་བསླུ་བ་མེད་པ་དང་། །བརྒྱུད་གསུམ་བླ་མ་ཡི་དམ་ཌཱ་ཀིའི་ཚོགས། །བསྟན་སྲུང་རྒྱ་མཚོའི་མཐུ་བྱིན་རྨད་བྱུང་དང་། །ཆོས་ཉིད་འགྱུར་མེད་ཆོས་ཅན་རྟེན་ འབྲེལ་མཐུས། །སྨག་ལ་ཉི་ཟླའི་སྣང་བ་ཇི་བཞིན་དུ། །སྙིང་པོའི་བསྟན་པའི་མངའ་ཐང་རབ་གསལ་ནས། །མ་རུང་རྒོལ་བའི་མུན་པ་མཐར་བྱས་ཏེ། །བདེན་དོན་ཟབ་མོའི་ཚུལ་དེ་རྒྱལ་བར་མཛོད། །ས་གསུམ་ 23-1-112a དབང་བྱེད་སྲིད་གསུམ་བྲན་དུ་བཀོལ། །ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི། །ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་མཆོག །ཕྱོགས་དུས་ཀུན་ན་མཚུངས་མེད་རྒྱལ་ གྱུར་ཅིག །ས་བྱི་ཟླ་༣ཚེས་༢༣ལ་འཇམ་དཔལ་རྡོ་རྗེས་བྲིས་པ་མངྒ་ལཾ།། ༈ །། གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རིག་འཛིན་ཤྲཱི་སེང་ཧ། ། རྗེ་བཙུན་འཇམ་པའི་དབྱངས་སོགས་ཁ་བསྒྱུར། ཐུགས་རྗེས་དགོངས་ཤིག་རྩ་གསུམ་སྲུང་མའི་ཚོགས། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཐུགས་དམ་མ་གཡེལ་ཡེ་ཤེས་སྤྱན་གྱིས་གཟིགས། །དེང་ནས་སྒོ་གསུམ་ལོངས་སྤྱོད་ དངོས་པོ་ཀུན། །བདེ་ཆེན་ཚོགས་ཀྱི་འཁོར་ལོར་མཆོད་པ་འབུལ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །མོས་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་ རློབས། །ས་སྟག་ཟླ་༡༡ཚེས་༡༢ལ་ཚོགས་འབུམ་ཕྲག་གཅིག་ཕུལ་བའི་མཐར་སྨོན་ལམ་དུ་བཏབ་པར་རྨིས་པའི་ཤློ་ཀ་གཅིག་ལ་བསྣོན་ཅུང་ཟད་བཅས་ལྕགས་སྦྲུལ་ཟླ་༦ཚེས་༥ལ་བྲིས་པ་དགེའོ།། ༈ །། ཕྱོགས་དུས་སྲས་བཅས་རྒྱལ་བའི་ངོ་བོ་ཉིད། །སྙིགས་མའི་འགྲོ་བ་ཀུན་དང་ཁྱད་པར་དུ། །གངས་ཅན་བོད་འབངས་སྐྱོབས་པའི་ཐུགས་རྗེ་ཅན། །ཨོ་རྒྱན་རིག་འཛིན་ཆེན་པོའི་བཀྲ་ཤིས་ཤོག ། མེ་སྤྲེལ་ 23-1-112b ཟླ་༢ཚེས་༢༩ལ་ཨ་ཛི་ཏས་སོ།། ༈ །། བསམ་ལྷུན་བསྡུས་པ་ནི། སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མི་མཐུན་འགལ་རྐྱེན་བར་ཆད་ཞི་བ་ དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཤིང་སྦྲུལ་ཟླ་བ་བཞི་པ་རྗེས་མའི་ཚེས་ཉེར་དྲུག་ཉི་ཐལ་ལ་དྷཱི་མིང་པའི་ཡིད་ལ་ཤར་བ་དགེའོ།། ༈ །། ཡང་གུ་རུ་ལ་གསོལ་བ་གནད་ འདེབས་ནི། མཁྱེན་བརྩེ་ནུས་ལྡན་གུ་རུ་རིན་པོ་ཆེ། །ཉམ་ཐག་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བསླུ་མེད་རྡོ་རྗེའི་ཞལ་བཞེས་ཇི་བཞིན་དུ། །བདེན་པའི་བྱིན་རླབས་མངོན་སུམ་སྩལ་དུ་ གསོལ། །ཤིང་སྦྲུལ་ཟླ་༡༡ཚེས་༡༠ལ་དྷཱིས་སོ།། ༈ །། དཔལ་ལྡན་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །པདྨ་ལས་འཁྲུངས་འཆི་མེད་ཡེ་ཤེས་སྐུ། །སྣང་སྲིད་ཟིལ་གནོན་རིག་འཛིན་ཀུན་གྱི་རྗེ། །ཆེ་ མཆོག་པདྨ་རྒྱལ་པོར་ཕྱག་འཚལ་ལོ། །རབ་ཚེས་ལྕགས་ཡོས་ཟླ་༡ཚེས་༡༥ལའོ།། ༈ །། མཚན་དཔེའི་དཔལ་འབར་ཡིད་འོང་གཞོན་ནུའི་སྐུ། །ཚངས་དབྱངས་གསུང་གིས་ཟབ་རྒྱས་ཆོས་ཚུལ་སྒྲོགས། ། མཁྱེན་པ་གཉིས་ལྡན་དམིགས་མེད་སྙིང་རྗེའི་ཐུགས། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། རབ་ཚེས་ལྕགས་ཕག་ཟླ་ཚེས་ཉི་དྲོས་དྷཱིས་བྲིས་དགེ། ། ༈ ཧོཿ མཁྱེན་བརྩེ་ནུས་པ་ 23-1-113a མཚུངས་པ་མེད་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་མ་ལུས་པས། །སྡུག་བསྔལ་ཉམ་ཐག་སྐྱབས་བྲལ་བདག་ལ་གཟིགས། །མྱུར་བར་དབུགས་དབྱུང་ཐུགས་རྗེས་བྱིན་གྱིས་ རློབས། །ཤིང་འབྲུག་ཟླ་༩ཚེས་༡༩ལ་རྒྱ་སྟོད་དུ་དྷཱིས་སོ།། ༈ །། དྭངས་གསལ་རྙོགས་པ་མེད་པའི་ཤེས་རབ་འོད། །ས་གསུམ་སྙིང་ལ་ཉིན་མོར་བྱེད་པའི་དཔྱིད། །འཇམ་དཔལ་གཞོན་ནུར་དགྱེས་པའི་ རང་མདངས་ནི། །བློ་ལྡན་པདྨའི་དགའ་ཚལ་རྒྱས་བྱེད་པའོ། ། ཤིང་འབྲུག་ཟླ་༡༠ཚེས་༢༨ལ་རང་བཞིན་བརྡོལ།། ༈ །། ཧྲཱིཿ རིག་འཛིན་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ། །བདེ་སྟོང་ཡེ་ཤེས་མཚོ་རྒྱལ་ཡུམ་ དང་སྦྱོར། །བདག་གི་སྙིང་དབུས་པདྨོར་རྟག་བཞུགས་ལ། །བདེ་ཆེན་རྡོ་རྗེའི་དངོས་གྲུབ་སྩལ་དུ་གསོལ། །སྙིང་དབུས་སུ་བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྙིང་ནང་གང་ བར་བསམས་ལ་བཛྲ་གུ་རུ་བཟླ། འདི་ཉིན་རེ་བཞིན་མ་ཆགས་ན་ཁྱོད་དུས་སུ་ནད་འདི་རྨིང་མེད་གྲོལ། ལྟས་སྡུག་ཀྱང་ཞི། དཔལ་མོས་འཁྱུད། གང་ལ་མི་འཇིགས། ཤིན་ཏུ་བདེ་ཞིང་ཡིད་བདེ་བ་འོང་ ངོ་། །དེ་པདྨའི་དྲིན་ཡིན། དེ་དུས་བདེ་ཆེན་པདྨར་མཆོག་ཏུ་ཡིད་འགྱུར་བའི་ཡིད་ཆེས་རྙེད་པར་འགྱུར་རོ། །མེ་བྱ་ཟླ་༤ཚེས་༤ལ་བྲིས།། ༈ །། ཨོཾ། ཕྱོགས་དུས་རྒྱལ་བ་སྲས་བཅས་ཡེ་ཤེས་སྐུ། །འཇམ་ 23-1-113b དཔལ་ཡེ་ཤེས་སེམས་དཔར་གསོལ་བ་འདེབས། །བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །རང་གི་བླང་དོར་བྱ་བའི་གནས་རྣམས་ལ། །མ་རྟོགས་ལོག་རྟོག་ཐེ་ཚོམ་མི་འབྱུང་བར། །ཇི་ལྟ་བ་བཞིན་ཡང་ དག་དོན་རྟོགས་ནས། །རྨོངས་མུན་དང་བྲལ་ཤེས་རབ་ཡེ་ཤེས་ཀྱི། །སྣང་བས་སྙིང་ལ་བདེ་དགའ་སྐྱེད་པར་ཤོག །ཨོཾ་ཨ་ར་པ་ཙ་ན་དྷཱིཿ པྲཛྙཱ་ཛྙཱ་ན་མ་ཏྟཱ་ཡེ་སརྦ་སིདྡྷི་ཧཱུྃ། མཆོག་གསུམ་རྩ་གསུམ་དམ་ ཅན་རྒྱ་མཚོ་དང་། །པདྨ་ཐོད་ཕྲེང་འཇམ་དཔལ་སེང་ཆེན་རྗེས། །བླང་དོར་ཤན་འབྱེད་རྨོངས་མུན་གཏན་ནས་བཅོམ། །སྤྲིན་མེད་ཉི་ཤར་ཇི་བཞིན་དོན་གསལ་མཛོད། །ལྕགས་བྱི་ཟླ་༡༡ཚེས་༢༨ལའོ། ། ༅། །རྫོགས་ཆེན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ནི། ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡི། །སོགས་དང་། ཨེ་མ་ཧོ། སྤྲོས་བྲལ་ཆོས་ཀྱི་དབྱིངས་སོགས་ཚིགས་བཅད་ གསུམ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ལོངས་སྐུ་རྒྱལ་བ་རིགས་ལྔ་ལ༴ སྤྲུལ་སྐུ་རིགས་གསུམ་མགོན་པོ་ལ༴ ཡང་སྤྲུལ་དགའ་རབ་རྡོ་རྗེ་ལ༴ སློབ་དཔོན་འཇམ་དཔལ་ བཤེས་གཉེན་ལ༴ རིག་འཛིན་ཤྲཱི་སིཾ་ཧ་ལ༴ མཁས་པ་ཛྙཱ་ན་སཱུ་ཏྲ་ལ༴ པཎ་ཆེན་བི་མ་མི་ཏྲ་ལ༴ ཨོ་རྒྱན་པདྨ་འབྱུང་གནས་ལ༴ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ༴ མཁའ་འགྲོ་ཡེ་ཤེས་མཚོ་ 23-1-114a རྒྱལ་ལ༴ ལོ་ཆེན་བཻ་རོ་ཙ་ན་ལ༴ གནུབས་པཎ་ནམ་མཁའི་སྙིང་པོ་ལ༴ གཉགས་ཆེན་ཡེ་ཤེས་གཞོན་ནུ་ལ༴ གྲུབ་ཆེན་རྗེ་འབངས་ཉེར་ལྔ་ལ༴ ཉང་བན་ཏིང་འཛིན་བཟང་པོ་ ལ༴ སྦས་པ་བློ་གྲོས་དབང་ཕྱུག་ལ༴ འབྲོམ་སྟོན་རིན་ཆེན་འབར་བ་ལ༴ གཏེར་སྟོན་ལྡང་མ་ལྷུན་རྒྱལ་ལ༴ ལྕེ་བཙུན་སེང་གེ་དབང་ཕྱུག་ལ༴ རྒྱལ་བ་ཞང་སྟོན་ཆེན་པོ་ལ༴ སྲས་མཆོག་ མཁས་པ་ཉི་འབུམ་ལ༴ གསང་བདག་གུ་རུ་ཇོ་འབེར་ལ༴ འཁྲུལ་ཞིག་སངས་རྒྱས་དབོན་པོ་ལ༴ གྲུབ་ཐོབ་མེ་ལོང་རྡོ་རྗེ་ལ༴ རིག་འཛིན་ཀུ་མ་རཱ་ཛ་ལ༴ གཏེར་སྟོན་པདྨ་ལས་འབྲེལ་ལ༴ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ༴ མཁས་གྲུབ་བདེ་ལེགས་རྒྱ་མཚོ་ལ༴ གྲུབ་དབང་བྱ་བྲལ་ཆོས་རྗེ་ལ༴ བྱ་བཏང་སངས་རྒྱས་བཀྲ་ཤིས་ལ༴ ཀུན་སྤངས་གུ་ཎ་ཤྲཱི་ལ༴ འགྲོ་མགོན་ སངས་རྒྱས་རྒྱལ་མཚན་ལ༴ རིག་འཛིན་ཀུན་དགའ་དཔལ་བཟང་ལ༴ ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ༴ རྗེ་བཙུན་པྲཛྙཱ་ར་སྨི་ལ༴ རིག་འཛིན་འཇིགས་མེད་གླིང་པ་ལ༴ ཀུན་སྤངས་གཞན་ ཕན་མཐའ་ཡས་ལ༴ འཇིགས་མེད་རྒྱལ་བའི་མྱུ་གུ་ལ༴ འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ༴ ཀུན་མཁྱེན་བློ་གྲོས་མཐའ་ཡས་ལ༴ འཇིགས་མེད་ཆོས་ཀྱི་དབང་པོ་ལ༴ དབང་ཆེན་ 23-1-114b དགྱེས་རབ་རྡོ་རྗེ་ལ༴ མི་འགྱུར་ནམ་མཁའི་རྡོ་རྗེ་ལ༴ ཀུན་བཟང་ཐེག་མཆོག་རྡོ་རྗེ་ལ༴ ལུང་རྟོགས་བསྟན་པའི་རྒྱལ་མཚན་ལ༴ དྲིན་ཅན་རྩ་བརྒྱུད་བླ་མ་ལ༴ ཡི་དམ་ཡི་དམ་ཞི་ཁྲོ་རབ་འབྱམས་ལ༴ སྒྲུབ་པ་བཀའ་བརྒྱད་ལ༴ གནས་གསུམ་དཔའ་བོ་མཁའ་འགྲོ་ལ༴ མ་མོ་མཁའ་འགྲོའི་ལྷ་ཚོགས་ལ༴ ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ༴ བསྟན་སྲུང་དམ་ཅན་རྒྱ་མཚོ་ལ༴ འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །འཁོར་བ་སྡུག་བསྔལ་ གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ། །སྐྱེ་མེད་སྙིང་པོ་ལོན་པར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གསོལ་བ་འདེབས་སོ་རིག་ འཛིན་བླ་མའི་ཚོགས། །ཐུགས་རྗེས་ཟུངས་ཤིག་རྫོགས་ཆེན་བརྒྱུད་པ་རྣམས། །དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །རིག་སྟོང་གཉུག་མ་རྟོགས་པར་བྱིན་གྱིས་རློབས། །རང་བྱུང་ ཡེ་ཤེས་རྫོགས་པ་ཆེན་པོའི་དོན། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས༴ མྱུར་བ་ཉིད་དུ་རྟོགས་པར་བྱིན༴ འདུག་ས་འདི་རུ་རྟོགས་པར་བྱིན༴ འཁྲུལ་སྣང་མུན་པ་ཞི་བར་བྱིན༴ སྣང་བཞི་མྱུར་དུ་ བགྲོད་པར་བྱིན་གྱིས༴ འཕོ་མེད་འཇའ་ལུས་འགྲུབ་པར༴ གདོད་མའི་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །ཟབ་ལམ་སྙིང་པོའི་བསྟན་པ་དར་བ་དང་། །བསྟན་འཛིན་ཚོགས་ཀྱང་ཞབས་ 23-1-115a པད་ཡུན་དུ་བརྟན། །རང་གཞན་དོན་གཉིས་འབད་མེད་ལྷུན་གྱིས་གྲུབ། །རིག་འཛིན་བླ་མའི་གོ་འཕང་འགྲུབ་པར་ཤོག །མེ་བྱ་ཟླ་༦ཚེས་༢༤ ལ་མི་ཕམ་འོད་གསལ་རྡོ་རྗེས་བྲིས་པ་ དགེ་ལེགས་འཕེལ་ལོ།། ༈ །། རིག་སྟོང་འཇམ་དཔལ་གཞོན་ནུའི་སྒྱུ་འཕྲུལ་གར། །བྱིན་བས་ལས། དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ། །ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་ བདག་མཆོག །ཨ་ཛི་ཏ་བི་ཛ་ཡ་ལ་གསོལ་བ་འདེབས། །ཞེས་པའང་གཞན་གྱིས་མ་བསྐུལ་རང་བབས་ཆུ་རྟ་ཟླ་༩ཚེས་༡༨ ལ་བྲིས་པ་བཀྲ་ཤིས།། ༈ །། སྨྲ་བའི་སེང་གེའི་ མཁྱེན་རབ་སྙིང་ལ་ཤར། །ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས། །སྲས་བཅས་རྒྱལ་བའི་ཕྲིན་ལས་འཛིན་མཛད་པ། །འཇམ་དབྱངས་བླ་མའི་ཞབས་ལ་གསོལ་བ་འདེབས། །ཚུལ་འདིས་ རང་གང་ལ་དད་པའི་བླ་མ་རྣམས་ལ་གསོལ་བ་བཏབ་ན་བྱིན་རླབས་འཇུག་པར་འགྱུར་ཏེ་མི་ཕམ་པས་སོ།། ༈ །། རྗེ་བཙུན་དམ་པ་སངས་རྒྱས་ལ་གསོལ་བ་འདེབས་པ་བཞུགས། ཨེ་ མ་ཧོ། རྣལ་འབྱོར་དབང་ཕྱུག་རྗེ་བཙུན་བླ་མ་མཆོག །མདོ་རྒྱུད་བསྟན་བཅོས་ཀུན་གྱི་དེ་ཉིད་གཟིགས། །རྟེན་འབྲེལ་ཟབ་མོའི་དགོངས་དོན་ཐུགས་སུ་ཆུད། །གཞན་ཕན་བྱང་ཆུབ་སེམས་ཀྱི་ 23-1-115b མངའ་བདག་ཉིད། །བདེ་གཤེགས་རྒྱལ་བ་རྒྱ་མཚོས་བྱིན་གྱིས་བརླབས། །རྒྱལ་སྲས་རྒྱ་མཚོའི་ཚོགས་དང་དགོངས་སྤྱོད་གཅིག །མཁའ་འགྲོ་རྒྱ་མཚོའི་ཐུགས་ཀྱི་སྲས་གཅིག་པོ། །རྗེ་བཙུན་དམ་ པའི་ཞབས་ལ་གསོལ་བ་འདེབས། །ཁྱེད་ནི་གསང་སྔགས་ནང་གི་ས་ལམ་བགྲོད། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས། །གནས་ཡུལ་རྣམས་སུ་བརྟུལ་ཞུགས་སྤྱོད་པ་བསྐྱངས། །རིག་འཛིན་ མཁའ་འགྲོའི་ཐུགས་བཅུད་གདམས་པ་ཐོབ། །མངོན་ཤེས་རྟེན་འབྲེལ་ཕྱོགས་མེད་ཤར་བ་ཡིས། །མཐའ་ཡས་འགྲོ་ལ་ཕན་བདེའི་ཕྲིན་ལས་མཛད། །རྩ་གསུམ་ཀུན་འདུས་བླ་མ་རིན་པོ་ཆེ། །སྙིང་ནས་དྲན་ནོ་ ཐུགས་རྗེས་བྱིན་གྱིས་རློབས། །བདུད་དཔུང་ཟིལ་གནོན་མཐིང་ནག་དཔའ་བོའི་སྐུ། །བདེ་བ་ཆེན་པོའི་གཟི་བྱིན་མཆོག་ཏུ་འབར། །མཁའ་འགྲོ་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཏུ། །ཅང་ཏེའུའི་སྒྲ་དང་གར་གྱི་ རོལ་པས་རྩེན། །ཨཱ་ལི་ཀཱ་ལིའི་སྒྲ་དབྱངས་ཚངས་པའི་གསུངས། །གསང་སྔགས་རིག་སྔགས་རྒྱ་མཚོའི་ཆོས་ཆར་འབེབས། །རྣམ་མང་སྔགས་ཀྱི་ཕྲིན་ལས་ཡིད་བཞིན་དུ། །འགྲུབ་པའི་དགའ་སྟོན་སྐལ་ ལྡན་ཡོངས་ལ་འགྱེད། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་ཐུགས། །མཁའ་ལྟར་མཉམ་པའི་འོད་གསལ་ངང་ཉིད་ནས། །དམིགས་མེད་སྙིང་རྗེའི་རང་མདངས་མི་འགག་པས། །སྐལ་ལྡན་བུ་ལ་ཡེ་ 23-1-116a ཤེས་བྱིན་ཆེན་འབེབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གྲུབ་པའི་དབང་ཕྱུག་ཡེ་ཤེས་སྐུ་ཅན་ཉིད། །བདེ་ཆེན་མཁའ་འགྲོའི་ཚོགས་དང་ལྷན་ཅིག་ཏུ། །བདག་གི་མདུན་དུ་བཞུགས་ ཏེ་བྱིན་རློབས་མཛོད། །ཆོས་ཀུན་སྒྱུ་མའི་རང་བཞིན་ཐུགས་ཆུད་ནས། །བརྟུལ་ཞུགས་གྲུབ་པའི་དཔའ་བོ་བླ་མ་མཆོག །དྲན་ནོ་དངོས་ཞེན་གདོན་གྱིས་བརླམས་པ་བདག །རང་སྣང་འཇིགས་པའི་གཟེབ་ལས་ མྱུར་དུ་སྒྲོལ། །འོད་གསལ་བདེ་ཆེན་དགོངས་པ་མངོན་གྱུར་ནས། །འཕོ་མེད་གོ་འཕང་བརྙེས་པའི་བླ་མ་མཆོག །དྲན་ནོ་གཉིས་སྣང་སྡུག་བསྔལ་རྒྱ་མཚོ་ཆེར། །འཕྱན་པ་བདག་ལ་ཆོས་ཉིད་རང་ཞལ་སྟོན། ། མངོན་ཤེས་རྟེན་འབྲེལ་ཕྱོགས་མེད་ཤར་བ་ཡིས། །གཞན་ཕན་ཕྲིན་ལས་མཁའ་མཉམ་བླ་མ་མཆོག །དྲན་ནོ་བཟླས་བསྒོམ་འབད་ཀྱང་མངོན་རྟགས་ཀྱིས། ། དབུལ་གྱུར་བདག་ལ་སྔགས་ཀྱི་གྲུབ་པ་སྩོལ། ། ལུས་ཀྱི་འབྱུང་འཁྲུགས་ཐབས་མཁས་སྨན་གྱིས་གསོས། །སེམས་ཀྱི་ཟུག་རྔུ་འོད་གསལ་དབྱིངས་སུ་སྒྲོལ། །རྡོ་རྗེའི་ཚེ་དང་རྡོ་རྗེའི་ལང་ཚོ་དང་། །རྡོ་རྗེའི་སྤོབས་པ་མྱུར་དུ་འགྲུབ་པར་མཛོད། །བླ་མའི་སྐུ་གསུང་ ཐུགས་ཀྱི་བྱིན་རླབས་བཅུད། །བདག་གི་ལུས་ངག་ཡིད་ལ་ཞུགས་གྱུར་ནས། །རྗེ་བཙུན་དམ་པ་ཁྱེད་དང་མཚུངས་པ་ཡི། །དངོས་གྲུབ་གཉིས་ཀྱི་མངའ་དབང་འབྱོར་གྱུར་ཅིག །རྟེན་འབྲེལ་སྒྱུ་མའི་དོན་ལ་ 23-1-116b རང་བྱན་ཚུད། །འོད་གསལ་སྟོང་པའི་དབྱིངས་ལས་གཡོ་བ་མེད། །བདེ་ཆེན་མཉམ་པ་ཉིད་ཀྱི་ཐིག་ལེ་རུ། །བླ་མ་ཁྱེད་དང་དབྱེར་མེད་འགྲུབ་པར་ཤོག །མཉམ་ཉིད་ཆོས་སྐུའི་ཐིག་ལེར་ཀུན་བཟླུམས་ཀྱང་། ། ཀུན་སྣང་རྟེན་འབྲེལ་སྒྱུ་འཕྲུལ་དྲྭ་བའི་གར། །ཕྱོགས་དུས་ཀུན་ན་བདག་གི་ཕྲིན་ལས་ཀྱི། །དགེ་ལེགས་བཀྲ་ཤིས་ཀུན་ཁྱབ་དཔལ་འབར་ཤོག ། ཅེས་པ་འདི་ནི་རབ་ཚེས་ས་བྱ་ཟླ་༩ཚེས་༧ལ་རྗེ་དམ་པ་རིན་པོ་ ཆེའི་གསང་སྒྲུབ་ལ་བརྩོན་པའི་ཐུན་གསེང་དུ་མི་ཕམ་འཇམ་དཔལ་དགྱེས་པས་བྲིས་པ་དགེ་ལེགས་འཕེལ།། ༈ །། མཚུངས་མེད་ཡོན་ཏན་མགོན་པོའི་གསོལ་འདེབས་དད་བརྒྱའི་པདྨོ་བཞད་པ་ཞེས་ བྱ་བ། ན་མོ་གུ་རུ་གུ་ཎ་ནཱ་ཐ་ཡ། མ་ལུས་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་བསྡུས་ཉིད། །གངས་ཅན་འགྲོ་བའི་མགོན་པོ་གཡུ་ཐོག་པ། །མཚུངས་མེད་བླ་མ་ཁྱེད་ ལ་གསོལ་བ་འདེབས། །གང་སྐུའི་གསང་བ་བརྟན་གཡོ་ཀུན་ལ་ཁྱབ། །གཞོམ་མེད་རྡོ་རྗེའི་གསུང་ནི་ཆོས་ཀུན་མཛོད། །ཇི་ལྟ་ཇི་སྙེད་མཁྱེན་པས་ཤེས་བྱ་གཟིགས། །བདེ་ཆེན་རྡོ་རྗེའི་སྐུ་ལ༴ མཚན་དཔེའི་ དཔལ་འབར་ལྟ་ན་སྡུག་པའི་སྐུ། །བདེ་ཆེན་གཟི་བྱིན་སྟོང་གི་ལྷམ་མེ་བ། །དྲན་པའི་མོད་ལ་དངོས་གྲུབ་རྣམ་གཉིས་སྟེར། །ཡིད་བཞིན་ནོར་བུ་ཁྱེད་ལ༴ ཕྲིན་ལས་རྒྱལ་བ་ཀུན་དང་མཉམ་གྱུར་ཀྱང་། །ཉམ་ 23-1-117a ཐག་ནད་པའི་ཚོགས་ལ་རྗེས་བརྩེ་བའི། །གསུང་གི་ཕྲིན་ལས་གངས་ཅན་གསོས་སུ་སྨིན། །སྨན་པའི་རྒྱལ་པོ་ཁྱེད་ལ༴ འཇམ་དཔལ་དཔའ་བོས་རྗེས་བཟུང་རིག་པའི་གནས། །ཀུན་ མཁྱེན་མུ་སྟེགས་རྒོལ་བ་རྩོད་པས་བཅོམ། །རྒྱ་བོད་འཛིན་མའི་ཁྱོན་ན་ཉི་ལྟར་གསལ། །མཁས་པའི་ཁྱུ་མཆོག་ཁྱེད་ལ༴ མེ་ཆུ་གཅན་གཟན་རྐུན་པོ་ལ་སོགས་པ། །ལྟ་སྟངས་ཙམ་གྱིས་བཏུལ་ཞིང་ གནས་ཡུལ་འགྲིམས། །རྣམ་མང་སྤྲུལ་པས་ཌཱ་ཀི་དབང་དུ་སྡུད། །གྲུབ་པའི་དབང་ཕྱུག་ཁྱེད་ལ༴ པདྨ་འབྱུང་གནས་མགོན་པོ་ཀླུ་སྒྲུབ་དང་། །འཚོ་བྱེད་གཞོན་ནུ་མཉམ་མེད་དྭགས་པོ་སོགས། །གང་ འདུལ་རོལ་པར་སྟོན་པ་ང་ཉིད་ཅེས། །བདེན་པའི་ཞལ་བཞེས་གནང་ལ༴ སྨན་བླ་མི་བསྐྱོད་རྒྱལ་བའི་ཡེ་ཤེས་སྐུ། །དེ་ལས་ཅུང་ཟད་གཡོ་བ་མེད་བཞིན་དུ། །སྣ་ཚོགས་སྤྲུལ་པའི་རོལ་པ་ཆུ་ཟླ་བཞིན། ། གང་འདུལ་མོས་ངོར་སྣང་ལ༴ རྡོ་རྗེའི་ལུས་ཀྱིས་འབྱུང་འཁྲུགས་གསོ་བ་དང་། །རྗེས་འབྲེལ་གསང་སྔགས་ཟབ་མོའི་སྨིན་གྲོལ་གྱིས། །སྐལ་ལྡན་གདུལ་བྱའི་ཚོགས་རྣམས་རྗེས་བཟུང་སྟེ། །རྫུ་འཕྲུལ་སྣ་ ཚོགས་སྟོན་ལ༴ གངས་ཅན་འདི་ན་ཕན་དང་བདེ་བའི་སྒོ། །ཇི་སྙེད་སྣང་བར་མཛད་ནས་གཟུགས་ཀྱི་སྐུ། །སྐྱེ་འཆི་ལས་འདས་མཁའ་སྤྱོད་བདེ་ཆེན་དུ། །མངོན་སུམ་བྱོན་པར་མཛད་ལ༴ བསྙེན་སྒྲུབ་ 23-1-117b གཞན་ལ་ལོ་ཟླར་འབད་པ་ལས། །གང་ཉིད་ཡུད་ཙམ་དྲན་པ་དོན་ཆེ་ཞིང་། །ཞག་བདུན་གསོལ་བཏབ་ངེས་པར་རྗེས་འཛིན་ཞེས། །ཞལ་བཞེས་བསླུ་མེད་མཛད་ལ༴ སྲས་བཅས་རྒྱལ་བ་ཐུགས་རྗེ་རབ་མཉམ་ ཡང་། །སྙིགས་འགྲོ་སྐལ་པ་དམན་རྣམས་སྐྱོབ་པའི་ཕྱིར། །སྲས་བཅས་རྒྱལ་བའི་ཕྲིན་ལས་ང་ཡིན་པས། །བྱིན་རླབས་མྱུར་ཞེས་གསུང་ལ་གསོལ་བ་འདེབས། །དེ་ཕྱིར་མགོན་པོ་ཁྱེད་ལ་སྙིང་ནས་ནི། །མོས་ གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །སྙིགས་མའི་དུས་སྐྱེས་ནད་གདོན་སྡུག་བསྔལ་གྱི། །འཇིགས་པས་ཉེན་པ་བདག་ལ་སྐྱབས་མཛོད་ཅིག །ལས་ཉོན་འཁྲུལ་པའི་སྦུབས་སུ་འཐུམས་པ་དག ། རང་གི་ཉེས་པས་སྲས་བཅས་རྒྱལ་བ་ཡི། །ཕྲིན་ལས་འཇུག་པའི་ཡུལ་དུ་མ་གྱུར་པས། །སྐྱབས་བྲལ་ཡི་ཆད་བདག་ལ་ཐུགས་རྗེས་གཟིགས། །ཁྱོད་ལས་རེ་ས་སྐྱབས་གནས་གཞན་མེད་པས། །མཁྱེན་བརྩེ་ ནུས་པའི་བདག་ཉིད་རིགས་གསུམ་དང་། །དབྱེར་མེད་བླ་མ་སྙིགས་མའི་འགྲོ་བ་ཡི། །མགོན་པོ་གཅིག་པུས་བདག་ཅག་མ་འདོར་ཅིག །བདག་གིས་ནམ་མཁའ་ཇི་སྲིད་འགྲོ་ཀུན་དང་། །ཁྱད་པར་སྐལ་དམན་ སྡུག་བསྔལ་གྱུར་པ་ལ། །ཕན་འདོད་སྙིང་རྗེའི་དམ་བཅའ་འདི་འཛིན་ན། །མཁྱེན་ནུས་བརྩེ་བའི་དབང་བསྐུར་བདག་ལ་སྩོལ། །འདི་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །འབྲལ་མེད་རིགས་ཀྱི་བདག་པོར་ 23-1-118a དགྱེས་བཞུགས་ནས། །རྒུད་པ་ཀུན་བྲལ་དངོས་གྲུབ་ཡིད་བཞིན་ཐོབ། །མགོན་པོ་ཁྱེད་དང་དབྱེར་མེད་འགྲུབ་པར་ཤོག །རབ་ཚེས་མེ་བྱ་ཟླ་༩ཚེས་༢༨ལ་མི་ཕམ་པས་གང་ཤར་མྱུར་བར་ གསོལ་བ་བཏབ་པ་དགེ་ལེགས་འཕེལ་ལོ།། ༈ །། ཨེ་མ་ཧོ། ཐེག་མཆོག་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བརྒྱུད་གསུམ་བླ་མའི་ཚོགས་ལ་གསོལ་བ་འདེབས། །ཐུགས་རྒྱུད་དགོངས་པའི་ བྱིན་རླབས་སྙིང་ཞུགས་ནས། །ཚེ་འདིར་རྡོ་རྗེའི་གྲུབ་མཐའ་སྙོགས་པར་ཤོག །མཐོང་བའི་ཆོས་ལ་དགོངས་པའི་རྩལ་རྫོགས་ཏེ། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ནས། །ནམ་མཁའ་ཇི་སྲིད་རྡོ་རྗེ་ རྩེ་མོའི་ལམ། །འགྲོ་ལ་སྟོན་ཅིང་ཐམས་ཅད་སྨིན་གྱུར་ཅིག །གང་ལ་མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །ཐེག་མཆོག་རྫོགས་པ་ཆེ་ལ་དད་གྱུར་ནས། །ལམ་དེས་འབྲས་བུ་མངོན་དུ་བྱེད་པ་ཡི། །སྐལ་ བཟང་གདུལ་བྱ་དག་ཏུ་འགྱུར་བར་ཤོག །བདག་གིས་འགྲོ་ཁམས་རྒྱ་མཚོ་གནས་ཀྱི་བར། །རྒྱལ་བ་རིག་འཛིན་དགྱེས་པའི་ཐུགས་ཀྱི་བཅུད། །འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་མཆོག །མཁའ་ ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་གྱུར་ཅིག །གང་དུ་སྐྱེས་ཀྱང་མི་མཐུན་བར་ཆད་བྲལ། །མཐུན་པའི་རྐྱེན་ཚང་བསམ་དོན་ཡིད་བཞིན་འགྲུབ། །བསྟན་འགྲོའི་དོན་ལ་མཐུ་དང་ལྡན་པ་ཡི། །སྤྲུལ་པའི་རྣམ་ 23-1-118b རོལ་གྲངས་མེད་འགྱེད་པར་ཤོག །མ་ལུས་འགྲོ་ཀུན་གདོད་མའི་གྲོང་ཁྱེར་དུ། །ཕྱམས་གཅིག་ཀུན་ཏུ་བཟང་པོའི་གོ་འཕང་ལ། །འགོད་པའི་བས་ཆེན་སྨོན་ལམ་མཐུ་གྲུབ་ནས། །རྩ་གསུམ་རྒྱལ་བས་ བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའང་རང་གྲྭ་འོད་གསལ་གྱི་རེ་འདོད་བཞིན་འཇམ་དཔལ་དགྱེས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། ༈ །། ཞབས་བརྟན་གསོལ་ འདེབས་འཆི་མེད་གྲུབ་པའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཧྲཱིཿ སྣང་སྲིད་རྣམ་དག་ལྷ་ཡི་དཀྱིལ་འཁོར་དུ། །སྒོ་གསུམ་རྡོ་རྗེར་སྨིན་ཅིང་གྲོལ་མཛད་པའི། །རིགས་ཀུན་ཁྱབ་བདག་རྒྱུད་ཀྱི་སྟོན་ པ་པོ། །རྡོ་རྗེ་རྒྱལ་པོ་རྟག་ཏུ་ཞབས་བརྟན་གསོལ། །རྡོ་རྗེའི་ལུས་ལ་གཞོམ་མེད་གསང་གསུམ་གྱི། །བདེ་ཆེན་དཀྱིལ་འཁོར་མངོན་དུ་འབྱིན་པ་པོ། །རྡོ་རྗེའི་ལུང་གི་བདག་པོ་ཆེ་བའི་མཆོག །རྡོ་རྗེ་སློབ་དཔོན་ བསྐལ་བརྒྱར་ཞབས་བརྟན་གསོལ། །རང་རིག་འགྱུར་མེད་བདེ་བ་ཆེན་པོའི་དབྱིངས། །རྩོལ་མེད་ལམ་ནས་མངོན་སུམ་གསལ་བྱེད་པ། །རྫོགས་པའི་མན་ངག་ཟབ་མོའི་གཉེར་འཛིན་པའི། །དཔལ་ལྡན་བླ་མ་ སྲིད་མཐར་ཞབས་བརྟན་གསོལ། །བརྒྱུད་གསུམ་བླ་མའི་ཞལ་སྐྱིན་རིན་པོ་ཆེ། །དུས་གསུམ་རྟག་པར་རྡོ་རྗེའི་སྐུར་བཞུགས་ནས། །བརྒྱུད་གསུམ་ཆོས་ཀྱི་རྒྱལ་མཚན་ཆེན་པོ་གང་། །ས་གསུམ་ཁྱབ་པར་རྟག་ཏུ་བསྒྲེང་གྱུར་ཅིག ། 23-1-119a ཅེས་པའང་རབ་ཚེས་ས་བྱི་ཟླ་༣ཚེས་༥ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་གང་ཤར་བྲིས་པ་ཚུལ་འདིའི་དོན་དང་ལྡན་པའི་བསྟན་འཛིན་རྣམས་ལ་ཚིག་འདིས་གསོལ་བ་བཏབ་པ་ཙམ་གྱིས་ཞབས་པད་བསྐལ་པ་རྒྱ་ མཚོར་བརྟན་པའི་རྟེན་འབྱུང་དང་དགེ་ལེགས་རྒྱ་ཆེན་པོ་འཕེལ་ལོ།། ༈ །། ཧྲཱིཿ བདེ་ཆེན་རྒྱལ་པོ་འཆི་མེད་རྡོ་རྗེའི་སྐུ། །མཁའ་འགྲོའི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ། །བདེ་སྟོང་མནྡཱ་ར་བ་ཡུམ་དང་སྦྱོར། །རབ་འབྱམས་ དཔའ་བོ་ཌཱ་ཀིའི་སྤྲིན་ཕུང་འཕྲོ། །དྲན་པ་ཙམ་གྱིས་ཚེ་དབང་བྱིན་རླབས་འབེབས། །སྲིད་ཞིའི་དྭངས་བཅུད་གཡོ་ཞིང་སྡུད་མཛད་པའི། །འཆི་མེད་རིག་འཛིན་ཚེ་ཡི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱིཿ ཞེས་བཟླས་ཚེ་ཡི་དངོས་གྲུབ་ཐོབ། །བདེ་ཆེན་དགའ་བའི་རོལ་མོ་འཕེལ། །འཇམ་དཔལ་དགྱེས་པའི་རྡོ་རྗེ་ཡིས། །ས་བྱི་ཟླ་༣པའི་ཚེས་༢༠ལའོ། །མངྒ་ལཾ།། ༈ །། ཨོཾ་ སྭ་སྟི། སྲས་བཅས་རྒྱལ་རྣམས་དགྱེས་པའི་བསྟོད་ཚོགས་སྤྲིན། །ཆོས་དབྱིངས་རྒྱས་པར་འགེངས་བའི་རོལ་མོ་དང་། །རྩ་གསུམ་བྱིན་རླབས་མྱུར་དུ་འགུགས་བྱེད་པའི། །གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ་རྣོན་པོ་འདི། །འཇམ་དཔལ་ དགྱེས་པའི་བློ་གཏེར་རོལ་མཚོར་བྱུང་། །ཆོས་སྦྱིན་མི་ཟད་བསྐྲུན་པའི་དགེ་ཚོགས་འདིས། །བདག་གཞན་འཇམ་མགོན་བླ་མས་དགྱེས་བཟུང་ཞིང་། །ཐེག་མཆོག་དམ་པའི་ཆོས་ལ་སྤྱོད་པར་ཤོག །ཅེས་པའང་རྣམ་དཀར་སྒྲུབ་པ་པོས་སྨྲས་པ་དགེ། 23-1-119b empty page 23-2-1a རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་དབྱངས། །འཇིགས་བྲལ་པཎ་ཆེན་ཚུལ་བཟུང་ནས། །ཐེག་མཆོག་སེང་གེའི་སྒྲ་དབྱངས་ཀྱིས། །ས་གསུམ་ཁྱབ་མཛད་ཨ་ཛི་ཏའི། ། བསྟོད་ཚོགས་གསོལ་འདེབས་དང་བཅས་པ། །སྔ་འགྱུར་བསྟན་པའི་མཛེས་རྒྱན་དུ། །གུས་སློབ་དིལ་མགོ་མཁྱེན་སྤྲུལ་པས། །འཕྲུལ་སྤར་དཔེ་རྒྱུན་ཁྱབ་སྤེལ་གྱི། །དགེ་བས་ཚེ་རབས་ ཐམས་ཅད་དུ། །ཀུན་མཁྱེན་བླ་མས་རྗེས་བཟུང་ནས། །དེ་ཡི་རིང་ལུགས་འཛིན་ནུས་ཤོག །ཅེས་ཐམས་ཅད་མཁྱེན་གཟིགས་འཇམ་དཔལ་ཆོས་ཀྱི་བློ་གྲོས་ཀྱི་ཕྲིན་ལས་ཀྱི་རང་གཟུགས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ ཤིང་སྤར་གྱི་མ་ཕྱི་ལ་བརྟེན་སྤར་བསྐྲུན་ཞུས་པའོ།། །། 23-2-1b empty page 23-3-1a ༄༅། །གཏམ་ཚོགས་ཐོར་བུའི་རིགས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལེགས་བཤད་ནོར་བུའི་བང་མཛོད་བཞུགས་སོ། ། 23-3-1b ༄༅། །དུས་མཐའི་སྔགས་བཙུན་རྣམས་ལ་སྙིང་གཏམ་དུ་བགྱིས་པ་ནོར་བུའི་ཕྲེང་བ་བཞུགས། གང་ཞིག་དྲན་པས་དོན་ཀུན་ཡིད་བཞིན་དུ། །གྲུབ་པ་རིན་ཆེན་གསུམ་གྱི་ འབྱུང་གནས་མཆོག །ཡེ་ཤེས་སྒྱུ་མའི་སྐུ་ཅན་འཇམ་པའི་དབྱངས། །སྙིང་གི་འོ་མཚོར་རྟག་ཏུ་དགྱེས་པར་རོལ། །འདི་ན་བློ་ཡི་མིག་ལྡན་སྐྱེ་བོའི་ཚོགས། །ཐོས་པའི་ ལམ་ཞུགས་དོན་མཆོག་ལྷུར་ལེན་ཀྱང་། །སྙིགས་ལྔའི་ཁུར་གྱིས་ལྷག་པར་མནར་གྱུར་བས། །འདོད་པའི་གནས་སུ་བདེ་བླག་ཕྱིན་པར་དཀའ། །ནམ་མཁའ་མེད་པར་ གྱུར་ཀྱང་གསང་སྔགས་ཀྱི། །དངོས་གྲུབ་མེད་མི་སྲིད་ཅེས་རྒྱལ་བས་གསུངས། །གང་ལ་དད་པའི་ཡིད་འགྱུས་ཙམ་ཞིག་ཀྱང་། །ཆུད་མི་ཟ་བ་ཡི་དམ་ལྷ་མཆོག་ཡིན། ། 23-3-2a འོན་ཀྱང་དད་དང་དམ་བཅའ་བརྟན་པོ་གཞན། །ཀུན་སྤངས་རྩེ་གཅིག་དབེན་པའི་རི་ངོགས་སུ། །སྔགས་སྒྲུབ་པ་ཡི་ཚུལ་ལ་ཞུགས་རྣམས་ཀྱིས། ། བགྲང་བྱ་ཆུ་ཡི་གཉེར་མ་མང་འདས་ཀྱང་། །འདི་གྲུབ་འབྲས་བུའི་མངོན་རྟོགས་སོར་མོའི་རྩེར། །ངོམས་པའི་ངང་ཚུལ་འཛིན་པར་མ་མཐོང་ཞིང་། །རང་ཉིད་ལོ་ཟླར་བརྩོན་ ཀྱང་ཇི་ཞིག་ནས། །ཡི་ཆད་འབྲས་བུ་ཕྱི་དུས་ར་རེ་བ་རྣམས། །ལྷ་སྔགས་ཐབས་ཚུལ་བསླུ་བ་མི་སྲིད་ན། །སྒྲུབ་ལ་དངོས་འབྲས་མི་འབྱིན་ཅིས་ལས་ལན་ཅེས། །གཟུ་བོས་ དཔྱོད་དང་དུས་ཀྱིས་མནར་བ་རྣམས། །ཚུལ་བཞིན་སྒྲུབ་པའི་སྐལ་བ་དམན་འདིས་ནོངས། །བྱིས་པའི་ཚེ་ན་རྣམ་གཡེངས་རྦ་ལ་འཕྱོ། །གཞོན་པའི་དུས་ན་འདོད་པའི་ 23-3-2b ཁོལ་པོར་འཕྱན། །གློག་འདྲའི་ལང་ཚོ་ཡུད་ཀྱིས་འགྱུར་བ་ན། །རྒ་བའི་ཆད་པས་ལུས་སེམས་མགོ་འཕང་སྨད། །བླང་དོར་དམིགས་བུ་གཙུག་ལག་ཤེས་པར་དཀའ། །ཅུང་ཟད་ཤེས་ཀྱང་དེ་དོན་ལག་ལེན་ དཀའ། །ཤེས་ནས་བགྱིད་སྙམ་ན་ཡང་ཚད་ལྡན་ཞིག །ལམ་དུ་སོན་པ་ཉིན་མོའི་སྐར་མ་འདྲ། །ལྟ་བའི་སྙིགས་མ་ཤིན་ཏུ་བདོ་བ་ཡི། །ཚང་ཚིང་འ ཐུག་པོའི་ནགས་ཁྲོད་ཟད་པ་མེད། །ཡང་དག་དམིགས་ རྣམ་ཕྱེས་ནས་བློ་མཆོག་རྣམས། །གང་ནས་གཤེགས་པའི་ལམ་བཟང་རྙེད་པར་དཀའ། །རྒྱལ་བའི་ཤུལ་ལམ་འདི་ཞེས་མངོན་རློམས་ཀྱིས། །བཟུང་བ་བྱིས་པའི་སྤྱོད་ཡུལ་ལ་ཞེན་པ། །ཅི་ཙམ་གོམས་ ཀྱང་ཡིད་ཆེས་དད་པའི་གདེང་། །སོ་མི་ཐུབ་ཅིང་ཡིད་གཉིས་དྲྭ་བ་འཕེལ། །དོན་ལ་ངེས་པའི་མན་ངག་རྣམ་བྲལ་བའི། །ལྟ་དང་བསྒོམ་ལ་སྒྲུབ་པའི་གཟུགས་བརྙན་ཕལ། །ཡིན་ཡིན་མཛེས་མཛེས་འདྲ་ ཡང་གྲུབ་དོན་གྱིས། །རྣམ་པར་དབེན་པ་རི་མོའི་མར་མེ་བཞིན། །ཁྱད་པར་བྱིས་པའི་སྤྱོད་ཡུལ་ལས་འདས་པ། །ཟབ་མོའི་ཡེ་ཤེས་ལྡན་པས་གང་མཐོང་དོན། །དོན་བརྒྱུད་མན་ངག་ལྡན་པས་རྟོགས་འགྱུར་ གྱི། །ལོང་བ་བརྒྱུད་པས་འུར་གྱིས་སྲིད་མཐར་མིན། །ལྟ་བ་རྙོགས་མར་བཅས་པའི་སྐྱོན་དག་གིས། །ལམ་ལ་ཡིད་ཆེས་དྲང་པོ་མི་རྙེད་ཅིང་། །སྒོམ་སྤྱོད་སྒྲུབ་པའི་གནས་སྐབས་མཐའ་དག་ཀྱང་། །ཚད་ 23-3-3a དང་མི་ལྡན་རྙོགས་མ་ཅན་དུ་བྱེད། །དེ་ཕྱིར་ལྟ་བའི་རབ་རིབ་སྦྱང་བའི་ཕྱིར། །བརྒྱུད་ལྡན་བླ་མའི་མན་ངག་བདུད་རྩིའི་བཅུད། །དད་པའི་སྙིམ་པས་རྟག་ཏུ་འཐུང་གྱིས་ལ། །ཡིད་ཆེས་ མྱོང་བས་ཐེ་ཚོམ་མུན་པ་སེལ། །ཉོན་མོངས་སྙིགས་མ་བདོ་བའི་འཐོར་ང་གིས། །ཡིད་ཀྱི་ཆུ་གཏེར་རྟག་ཏུ་དཀྲུགས་པ་ཡིས། །རྦ་རླབས་མེད་པའི་བསམ་གཏན་དྭངས་པའི་གནས། །འབད་པས་བཙལ་ ཀྱང་བདེ་བླག་ཐོབ་པར་དཀའ། །གཡོ་བའི་སེམས་ཀྱིས་གང་ལ་དམིགས་བྱས་ཀྱང་། །ཆུ་ཡི་རི་མོ་བཞིན་དུ་སོ་མི་ཐུབ། །རྩེ་གཅིག་འདུན་པས་མ་བཟུང་འལ་འོལ་དུ། །འཕྱན་པས་ལས་ཀྱི་འབྲས་བུ་ ཤིན་ཏུ་འགྱངས། །དམན་པའི་དུས་འདིར་བདེ་བའི་འབྱོར་པ་ཉུང་། །སེམས་ཅན་སྙིགས་མ་ལུས་ཞན་སེམས་གཤིས་ངན། །མི་སྲུན་གྱ་གྱུ་རྣམ་པར་འཚེ་ཞིང་གཡོ། །སྣོད་བཅུད་གང་ལ་བསམ་ཀྱང་མྱ་ ངན་མང་། །དེ་ཕྱིར་འགྱོད་དང་རེ་དོགས་སྣ་ཚོགས་ཀྱི། །རྟོག་པའི་རྦ་རླབས་འཁོར་མོ་ཡུག་ཏུ་འཕྱན། །ཕལ་ཆེར་བསོད་ནམས་ཆུང་ངུར་སྐལ་མཉམ་པའི། །དུས་ངན་དེ་ལ་རེ་འདོད་རྫོགས་པར་དཀའ། ། དེ་ཕྱིར་སྙིགས་མས་དད་སོགས་དབང་པོ་ལྔ། །རྙོགས་མར་བྱས་ཤིང་སྐལ་བ་དམན་པའི་ཕྱིར། །ཤེས་ནས་བཟང་པོའི་ལམ་སྲོལ་འཇུག་འདོད་ཀྱང་། །རང་དབང་མེད་པར་ལོག་ལམ་ཤུགས་ཀྱིས་ 23-3-3b འགྲོ། །སྐྱེདགུའི་ནང་སེམས་དགེ་བའི་དབང་བྱས་ཚེ། །བཟང་པོའི་དུས་ཞེས་དཀར་ཕྱོགས་དབུ་འཕང་མཐོ། །ལེགས་བྱས་ལས་ལ་སྤྱོད་རྣམས་ངོ་མཐོ་ཞིང་། །ལེགས་པར་སྨོན་པའི་འབྲས་བུ་ སྟོབས་དང་ལྡན། །དུས་ཀྱི་སྙིགས་མར་དེ་ལས་གོ་ལྡོག་ཏུ། །འབྱུང་བར་རྒྱལ་བས་གསུངས་ཕྱིར་དུས་ངན་གྱིས། །མནར་བ་རང་ལ་ལེ་ལན་མཐོང་ནས་སུ། །ལྷ་སྔགས་གནས་ལ་ཐེ་ཚོམ་བསྲིང་བར་ གྱིས། །ཤེས་ཤིང་ཅུང་ཟད་བརྩོན་པ་ལྷུར་བྱེད་ཀྱང་། །གདུག་པའི་སྦྲུལ་ཁྲོད་ནོར་བུའི་འོད་དང་ནི། །རླུང་གསེབ་མར་མེ་བཞིན་དུ་སྟོབས་ཆུང་བའི། །རང་ཚུལ་མཐོང་ནས་དད་དང་བརྩོན་པའི་སྟོབས། ། བརྒྱ་ཕྲག་འགྱུར་དུ་བསྐྱེད་ན་དུས་དམན་ཀྱང་། །རྒྱུ་རྐྱེན་ཚོགས་པའི་འབྲས་བུ་མི་བསླུ་བས། །རིག་སྔགས་གྲུབ་པ་མཆོག་གི་དགའ་སྟོན་གང་། །ཡིད་ཀྱི་དཔལ་དུ་ཉེ་བར་ཁུག་པར་འགྱུར། །དེ་སླད་ དད་པ་རི་དང་འདྲ་བ་ཡིས། །བརྩོན་པ་ཆུ་བོའི་རྒྱུན་ལྟར་རབ་བསྐྱེད་ལ། །བསོད་ནམས་རྒྱ་མཚོ་ལྟ་བུར་བསགས་ནས་ནི། །ལྷ་སྔགས་གཅེས་པའི་སྲོག་ལྟར་བསྟུན་པར་མཛོད། །རྒྱལ་བར་དཀའ་བ་ གཡོ་བའི་ཀུན་རྟོག་སྟེ། །རྙེད་པར་དཀའ་བ་ཏིང་འཛིན་བཟང་པོ་ཡིན། །རྒྱུན་ཆགས་ལོ་ནས་ལོ་རུ་ལེགས་བརྩོན་ན། །རྟོག་པའི་དགྲ་ཆོམ་བསམ་གཏན་གཏེར་ཀྱང་རྙེད། །ལུས་ངག་བརྩོན་པ་ལོ་ཟླར་བསྲིང་ 23-3-4a ནུས་ཀྱང་། །རྩེ་གཅིག་ཡིད་ལ་རྒྱུན་ཆགས་འཇུག་བྱེད་དཀོན། །ལོ་མང་དབེན་པར་སྒྲུབ་ཀྱང་སྔར་བཞིན་དུ། །སེམས་ལ་སྐྱེད་བྲལ་དེ་ལས་མདོ་མེད་སུ། །དེ་ཕྱིར་འལ་འོལ་ བྱིས་པའི་བྱེ་རིས་ལྟར། །མ་བྱེད་སྙིང་ནས་སྙིང་ལ་རུས་པ་བསྐྱེད། །རྒྱལ་པོ་ལྟ་བུ་ཡིད་ལས་གཙོར་ཐོན་ལ། །རྒྱུན་ཆགས་བརྩོན་པས་ལས་རུང་སེམས་སུ་མཛོད། །མིན་ལ་ཡིན་མདོག་སྒྲུབ་དང་ ཕྲིན་ལས་ཀྱི། །བྱས་སོ་གྲུབ་བོ་སྙམ་པའི་མངོན་རློམ་དེས། །མཁོ་བའི་དུས་སུ་རལ་གྲི་ཕྱུང་བརྡེག་བཞིན། །འདོད་པའི་འབྲས་བུ་གྲུབ་པར་མི་འགྱུར་བས། །ཡུན་རིང་བྱས་ལ་མ་བསགས་འལ་འོལ་ གྱི། །ལས་འདི་ཞོག་ལ་ལུང་དང་མན་ངག་བཞིན། །འདུན་པ་དྲག་པོས་རྒྱུན་ཆད་མེད་པར་ནི། །མངོན་རྟོགས་ལག་རྩེར་འཛིན་པར་འབོད་ཅིག་ཨང་། །ཡུན་རིང་བརྡར་བས་གཙུབ་ཤིང་གཙུབ་གཏན་ གཉིས། །ཟད་ཀྱང་མེ་ཡི་བྱ་བ་དངོས་སུ་མིན། །བར་མེད་དྲག་ཏུ་བརྡར་བས་དོན་གྲུབ་པའི། །དཔེ་འདི་ལྟོས་ལ་ལས་ཀྱི་སྦྱོར་བ་རྩོམ། །རིག་སྔགས་སྦྱོར་བས་ནམ་ཡང་མི་བསླུ་བས། །བཟླས་པའི་གྲངས་ བཞིན་ནུས་པ་སྟོབས་འཕེལ་ནས། །ཤིན་ཏུ་དཀའ་བའི་གནས་ཀྱང་ཇི་ཞིག་ན། །ཡིད་བཞིན་འདོད་དགུར་བྱེད་ལ་ཡིད་གཉིས་བྲལ། །ཕྲ་མོའི་མེ་ཡིས་ནགས་ཚལ་མི་འཇོམས་ཀྱང་། །ཆེས་ཆེར་འཕེལ་ན་ 23-3-4b ནགས་ཀྱི་ཚང་ཚིང་སྙེད། །མེ་ཡི་གྲོགས་སུ་འགྱུར་ལ་སོམ་ཉི་ཅི། །དཔེ་འདི་ལྟོས་ལ་སྔགས་ཀྱི་བརྩོན་པ་བསྐྱེད། །རྫས་སྔགས་དམིགས་པ་རྩེ་གཅིག་ཆུན་དྲིལ་བའི། །ཆོ་གའི་ཡན་ལག་རྫོགས་པར་ མ་བྱས་ཤིང་། །འབྲས་བུའི་བར་དུ་བརྩོན་པའི་ཁུར་ལྷོད་པའི། །སྔགས་ཀྱི་ལས་དེས་འབྲས་བུ་ཕྱི་དུས་འགྱངས། །འཇིག་རྟེན་མཐུ་ཆེན་དྲེགས་པ་གང་རུང་ཞིག །མཐོང་ཁོལ་དངོས་སུ་འབྱུང་ བའི་ལས་སྒྲུབ་པས། །གནས་སྐབས་ཞི་སོགས་གང་འདོད་སྒྲུབ་ནུས་ན། །ཡེ་ཤེས་ལྷ་ལ་ནུས་ཐོབ་སྨོས་ཅི་དགོས། །ཕྲལ་གྱི་ལས་ལ་སྔགས་ཀྱི་ནུས་པ་ནི། །མཐོང་བའི་ཡུལ་དུ་མངོན་སུམ་མ་གྱུར་ བར། །མི་གཏོང་གང་དེས་སྔགས་ཀྱི་ཡོན་ཏན་རྣམས། །རིམ་བཞིན་འདོད་རྒུར་བྱེད་ལ་སོམ་ཉི་བྲལ། །མྱོང་བའི་རྒྱུན་བྲལ་རང་གིས་ཉམས་མ་བླང་། །མང་མང་ཡིག་ཚོགས་མཁོ་འདོད་ཀྱིས་བསྡུས་ ཀྱང་། །གཅིག་ཀྱང་ཉམས་སུ་ཕན་པ་མ་བྱུང་བའི། །སྙིགས་དུས་སྔགས་འཛིན་རྣམས་ཀྱི་ཚུལ་ལ་ལྟོས། །འདོད་པའི་མེ་ཡིས་ནང་ནས་ཚིགས་གྱུར་ཀྱང་། །ན་ཆུང་སྙིང་རྩ་བསྒུལ་ཙམ་མི་ནུས་པར། ། རྫུན་དང་ནོར་གྱིས་འགུག་པའི་མཐུ་ཟད་ན། །ཐབས་བྲལ་ཡི་ཆད་སྐྱེ་དེ་ནུས་ལྡན་ནམ། །སྙིགས་མའི་སྐྱེ་བོ་སྣ་ཚོགས་མནར་བའི་རྐྱེན། །རླུང་ལྟར་འཚུབས་པ་ལས་ཀྱི་མཐུ་ཡིན་ཀྱང་། །དགྲ་ལ་གང་བྱུང་ 23-3-5a བདག་གི་མཐུར་རློམས་པའི། །ཤེས་མེད་རང་མཐོང་ཅན་ཚོ་དུས་གང་དུ། །ངེས་པར་དགྲ་ཡིས་སྙིང་རྗེའི་ཡུལ་བྱས་ཚེ། །འཁྲུལ་མེད་མངོན་རྟགས་དང་བཅས་དགོས་དུས་ལ། །མངོན་ སྤྱོད་མཐུ་ཡིས་སླེབས་པ་ཉིན་སྐར་ཙམ། །འདིས་མཚན་སྔགས་ཀྱི་ལས་རྣམས་ཚུལ་བཞིན་དུ། །གྲུབ་པའི་རང་གདེང་རྙེད་དམ་མ་རྙེད་པའི། །འཁྲུལ་མེད་མངོན་རྟགས་རང་གི་མངོན་སུམ་ལ། །ཚད་ ཟུང་ཡིན་རློམ་རང་མགོ་མ་བསྐོར་བར། །སྔགས་ཀྱི་སྦྱོར་བ་གནད་དུ་ཚུད་ཅིག་ཨང་། །ལས་ཕྲན་ཕལ་ལ་ཞག་གསུམ་བདུན་ཡིན་ཏེ། །དེ་ལས་ལྔ་འགྱུར་ཡང་ན་སུམ་ལོག་གམ། །བཞི་འགྱུར་ ཙམ་ཡིན་དེ་ལས་འདའ་བ་དཀོན། །དེ་བར་ཆེས་ཆེར་མི་བརྩོན་ལས་སྒྲུབ་ཅིང་། །སྔགས་ཀྱི་ལས་ཕྲན་ཚུལ་བཞིན་གྲུབ་པ་ནའང་། །སྔགས་ལ་ཡིད་ཆེས་སྐྱེ་ཞིང་སྤྲོ་བ་འཕེལ། །དེ་ཡི་དབང་གིས་ གང་སྒྲུབ་འབྲས་བུར་བཅས། །ནུས་པའི་ཉམས་རྙེད་སྔགས་ཀྱི་དགའ་སྟོན་མྱོང་། །སྣ་ཚོགས་ལས་ལ་ཞུགས་ཀྱང་གང་རུང་གཅིག །མཐར་མ་ཐོན་དེས་གང་སྒྲུབ་ཐེ་ཚོམ་སྐྱེ། །ཞུམ་བཅས་ངང་ནས་ སྔགས་མཆོག་ནོར་བུའི་གླིང་། །བརྟེན་བཞིན་དོན་གྱིས་དབུལ་བས་མི་ཚེ་འདའ། །སྦྱོར་བ་བསམ་པ་བཟང་པོས་གཞི་བཟུང་ལ། །དངོས་གཞི་ཤེར་ཏིང་ཟབ་མོས་གནད་དུ་གཅུན། །གྲོགས་སུ་དམ་ 23-3-5b ཚིག་སྲོག་ལྟར་སྲུང་བ་ན། །སྔགས་ཀྱི་སྦྱོར་བ་ཆུད་མི་ཟ་བ་ཡིན། །དང་པོར་མན་ངག་གནས་ལ་ཐེ་ཚོམ་བཅད། །བར་དུ་ལྷོད་མེད་བརྩོན་པས་ཉམས་སུ་བླངས། །ཐ་མ་གྲུབ་འབྲས་བསྟན་འགྲོའི་ གསོས་སུ་བཤམས། །འདི་ནི་སྔགས་གྲུབ་དམ་པའི་སྤྱོད་པ་ཡིན། །དུས་མཐར་རྐྱེན་ངན་བར་ཆད་མང་བ་དང་། །ཉོན་མོངས་རགས་ཚེ་ལྷག་པར་འགྲུབ་པ་དང་། །བྱིན་རླབས་མྱུར་ཁྱད་ཆེ་ ཕྱིར་ཁྲོ་བོ་ཡི། །དྲག་སྔགས་བསམ་མི་ཁྱབ་པའི་མན་ངག་རྣམས། །གཉེན་པོ་གཞན་གྱིས་སྐྱོབ་པར་དཀའ་བ་ཡི། །དུས་མཐའི་རྗེས་འཇུག་དམན་ལ་དགོངས་ནས་སུ། །ལྷུན་གྲུབ་རིག་འཛིན་ པདྨ་སམ་བྷ་བའི། །དམིགས་མེད་སྙིང་རྗེ་ཆེན་པོའི་རྩལ་ལས་བྱུང་། །ཕས་རྒོལ་གཞོམ་པར་ཆེད་དུ་བཤམས་པ་ཡི། །དྲག་སྔགས་དཔུང་གི་བཀོད་པ་བཞི་ལྡན་འདི། །རྒྱལ་དབང་རིག་འཛིན་ཆེན་ པོའི་ཕ་ཕོག་ཡིན། །སྙིང་སྟོབས་ལྡན་པས་དང་དུ་ལོང་ཤིག་ཨང་། །ཚུལ་བཞིན་དྲག་པོའི་སྔགས་ལ་སྤྱོད་པ་རྣམས། །བར་ཆད་ཉུང་ཞིང་ལམ་གྱི་བགྲོད་པ་མྱུར། །དངོས་གྲུབ་ཐོགས་མེད་ དམ་ཅན་བྲན་དུ་འདུ། །མཐུ་དང་ནུས་པའི་རྩལ་ཤུགས་ངང་གིས་རྫོགས། །འདི་ན་བསོད་ནམས་དམན་པས་དད་པ་དང་། །ཤེས་རབ་ཞན་ཅིང་ཕྲག་དོག་ང་རྒྱལ་སོགས། །ལྷག་པར་བདོ་བས་རིག་ 23-3-6a འཛིན་བརྒྱུད་པའི་ལུགས། །ཁྱི་བཞིན་ཁྱད་དུ་གསོད་པ་མ་མཐོང་ངམ། །ཐེག་ཆེན་བསྟན་པ་བསྣུབ་པའི་དམ་ཉམས་འདི། །ཞི་བའི་ཐབས་ཀྱིས་ཅིས་ཀྱང་མི་ཐུལ་བས། །སྔགས་ ཀྱི་སྦྱོར་བས་བསྒྲིམ་ཏེ་བསད་བྱས་ན། །བླ་མེད་བྱང་ཆུབ་ཐོབ་ཅེས་རྒྱུད་ལས་གསུང་། །སྙིགས་མའི་རང་མདངས་མི་དང་མི་མིན་ཚོགས། །ཤིན་ཏུ་གདུག་པ་གདུལ་བར་དཀའ་བའི་ཕྱོགས། །ཇི་ཙམ་ འཕེལ་བ་དེ་ཙམ་དྲག་པོའི་སྔགས། །སྟོབས་དང་ལྡན་པ་མེ་དང་བུད་ཤིང་བཞིན། །འདི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་ཚོགས། །སྙིང་རྗེར་ལྡན་པས་ཐབས་ཀྱིས་མ་བསྒྲལ་ན། །མུ་མེད་ངན་འགྲོར་འཁྱམས་ པ་ཡ་ང་བས། །སྙིང་རྗེས་སྒྲོལ་བ་སྙིང་རྗེའི་ནང་ན་མཆོག །དེ་ཕྱིར་སྙིང་རྗེ་ལས་ཀྱང་སྙིང་རྗེ་ཅན། །གང་གིས་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ལས་དྲན་རྒྱུ་འབྲས་མྱུར་དུ་འཇོམས་པ་ཡི། །ལྷ་དང་སྔགས་ལ་ ནུས་པ་རྙེད་པར་བྱོས། །གིང་བརྒྱད་དྲེགས་པ་མཆོད་ཅིང་བརྟེན་པ་དང་། །སྒྲུབ་ཅིང་རྦད་པས་ལས་ལ་མངོན་སུམ་དུ། །ངོ་མཐོན་རྟགས་དང་བཅས་ཏེ་རྒྱུ་བ་ཡི། །གདེང་རྙེད་བར་དུ་དང་པོར་ཅིས་ཀྱང་འབད། ། རིག་འཛིན་རྒྱལ་པོས་བརྩེ་བས་འདི་ལྟར་དུ། །སློབ་དཔོན་དགྲ་མནན་མི་འདྲ་བརྒྱ་རྩ་མཛད། །མཐུ་གཏད་བུ་ལོན་བཞིན་དུ་བསྙག་དུས་འབྱུང་། །བསྟན་པ་སྲུངས་ཤིག་ཕྱི་རབས་སྔགས་པ་རྣམས། །སྔགས་པའི་ 23-3-6b ལས་ཀ་འདི་མིན་གཞན་མ་ཡིན། །དགྲ་མགོ་ཡན་པར་བཏང་ན་དམ་ཚིག་ཉམས། །ལྷ་འདྲེ་མ་རུང་ཡིད་ཀྱི་གཟུགས་ཅན་ལ། །ཤ་ཡི་མིང་ན་མཐིལ་བརླག་གཏོང་བྱེད་ན། །སངས་རྒྱས་བསྟན་པ་དཀར་འབྱམས་ རྒྱས་པར་འགྱུར། །སྔགས་པ་མཐུ་མེད་གྲོང་སྟོང་ཁྱི་དང་འདྲ། །སུས་བརྡུང་འདིས་བརྡུང་མེད་དེ་རྫས་མི་ཐུབ། །ལས་སུ་མཐུ་བསྒྲུབ་བྲན་དུ་ལྷ་འདྲེ་བཀོལ། །ནོར་དུ་རྫས་སོགས་མཚོན་དུ་ཀླུ་གཏད་རྒྱོབ། ། སྲིད་དུ་ལང་ག་ཆོས་ལ་མནན་པ་གྱིས། །ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོན། །གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གསོས། །མཐུ་དང་ཆོས་སུ་ལྡན་པས་འགྲོ་དོན་གྱིས། །ཞེས་གསུངས་གདམ་ པའི་བདུད་རྩི་སྙིང་ལ་བཅངས། །རང་དོན་ཆེད་ཆེར་གཉེར་བའི་ཁོང་སྐྲན་བཅས། །འདི་ཕྱིའི་ཕུང་ཁྲོལ་སྒྲུབ་པ་མ་ཡིན་པར། །རླབས་ཆེན་བསྟན་འགྲོའི་དོན་གང་ཕུག་བཞག་སྟེ། །དུས་བབ་གཉེན་པོའི་ ངང་ཚུལ་ངོ་ཤེས་ནས། །དྲག་པོའི་ཕྲིན་ལས་གནམ་ལྕགས་འབར་བ་ཡིས། །གདུག་ཅན་བསྟན་པའི་དགྲ་དཔུང་གཞོམ་པར་བྱ། །འཕྲོ་འདུས་དོན་གཉིས་སྒྲུབ་ཅིང་སྣང་སྲིད་ཀུན། །དག་མཉམ་བདེ་བ་ཆེན་པོར་ བློ་བཞག་སྟེ། །གསང་སྔགས་བཟླས་པ་གཅིག་པུས་བྱམས་སོགས་དང་། །རིན་ཆེན་སེམས་གཉིས་སྦྱིན་སོགས་ལམ་གྱི་ཚུལ། །མ་ཚང་མེད་པའི་གནད་ལ་བློ་འབྱོང་ཞིང་། །ལྷ་ཉིད་སྔགས་སུ་ཤར་བའི་ཐབས་ 23-3-7a མཁས་ལ། །བརྟེན་ཕྱིར་རྡོ་རྗེ་ཐེག་པའི་ཉམས་ལེན་གནད། །དབང་ཐོབ་སེམས་དཔའི་རྗེས་སུ་འགྲོ་བའང་ཡིན། །དོན་བརྒྱུད་དགོངས་པའི་བདུད་རྩི་མི་མྱང་ཞིང་། །དཔང་གྱུར་ལུང་དོན་རྟོག་ གེའི་རང་བཟོས་དཀྲུགས། །མྱོང་བྲལ་ཚིག་གི་སྦུན་པ་བསགས་བསགས་ནས། །འཕགས་པའི་རིང་ལུགས་བསྟན་རྙིང་གྲུབ་པའི་མཐའ། །ཡོད་ཡོད་འདྲ་ཡང་དོན་ལ་མེད་ངེས་པའི། །སེང་གེའི་གསོབ་བཞིན་ ཕྱི་ཡི་ཚུལ་འཆོས་དང་། །རྣམ་ཤེས་སྤྱོད་ཡུལ་ཚིག་གི་སྤྲོས་པས་བསྒྱུར། །ཆགས་སྡང་དུག་མདས་སངས་རྒྱས་བསྟན་པ་བསྣུབ། །བསྟན་ཞབས་ཀླ་ཀློས་སྡུད་པའི་དུས་འདི་ན། །ཉོན་མོངས་ཤུག་དྲག་ གཉེན་པོ་འབྱོང་དཀའ་ཤིང་། །ཚེ་ཐུང་རྐྱེན་མང་བཀའ་ཡི་དོན་སྟོར་བས། །རྩོལ་བའི་ལམ་ལ་ཅི་ཙམ་གོམས་བྱས་ཀྱང་། །འཕགས་པའི་དགོངས་དོན་མི་རྙེད་ལམ་མིན་དུ། །འཕྱན་པ་མང་ཕྱིར་སྙིང་པོའི་མན་ངག་ གིས། །རྩོལ་མེད་ལམ་གྱི་གསང་གནད་ཟིན་པ་ན། །ལྟ་བའི་རྫོང་ཟིན་ཚེ་འདིར་གདེང་ཐོབ་ཅིང་། །སྒྲུབ་པ་དོན་ཡོད་ལས་ཀྱི་འབྲས་བུ་འབྱིན། །དུས་ཀྱི་མཐར་ཡང་གསང་སྔགས་ཆེ་བ་མཐོང་། །བཟང་པོའི་ གསེར་བཞིན་སྙིང་པོའི་བསྟན་པ་ཡི། །རང་གཟུགས་བསྒྲིབ་ཀྱང་མི་ཁེགས་ཉི་མ་བཞིན། །དེ་ཕྱིར་ཤིན་ཏུ་སྙིགས་མའི་དུས་འདི་ན། །རྒྱལ་ཀུན་ཕྲིན་ལས་དུས་ངན་སྙིགས་མའི་སྐྱབས། །མགོན་པོ་མཚོ་ 23-3-7b འཁྲུངས་རྒྱལ་བའི་ཞབས་པད་ནི། །གཙུག་ཏུ་བཀོད་ནས་དེ་ཡི་བསྟན་པ་ཡི། །གཞུང་དང་སྒྲུབས་ཐབས་བསྐྱེད་རྫོགས་མན་ངག་ལ། །ཚད་མར་འཛིན་པ་ཁོ་ན་དོན་བཅས་ཕྱིར། །བདག་ཤེས་སྐལ་བཟང་ རྣམས་ཀྱིས་ལེགས་སོམས་ལ། །རང་རློམས་རྟོག་གེར་འགྲམ་ཆུ་མི་ལྡང་ཞིང་། །ཡིན་རློམས་གསར་ཆས་མང་ལ་ཡིད་སྨོན་མེད། །ཡིན་ངེས་རིག་འཛིན་བརྒྱུད་པའི་བཀའ་གཏེར་ལ། །ཡིད་ཆེས་གཏིང་ ཚུགས་བསྙེན་སྒྲུབ་མཐར་འདོན་མཛོད། །དེ་ལྟར་མཛད་ན་རང་རློམས་རྟོག་གེའི་ཚོགས། །སྨྲ་ལྕེ་རྣོ་རྣོ་བྱས་ཀྱང་ལྕེ་སྟོངས་ལ། །ཡིན་རློམས་གསར་ཆོས་མང་ལ་འདི་ཟབ་ཅེས། །ངེས་ངེས་བསྟོད་ར་མང་ ཡང་ལག་སྟོངས་པའི། །གཞན་ཚུལ་མཐོང་ནས་རིན་ཆེན་ཕ་ཕོགས་ཀྱིས། །རང་ལག་བཀང་བའི་དགའ་སྟོན་མྱོང་བའི་ཚེ། །བདེ་སྐྱིད་ནམ་མཁའི་ཁོངས་སུ་མི་ཤོངས་པའི། །རང་རྟགས་བཞད་པ་ བརྒྱད་ཀྱི་འབྲུག་སྒྲ་ཡིས། །ཕས་རྒོལ་བསྔངས་ཤིང་སྐལ་བཟང་རྨ་བྱ་དགའ། །ཨེ་མ་འདི་ལྟར་ལེགས་པར་བརྗོད་པ་འདི། །ཆགས་པས་མ་ཡིན་སྡང་བས་མ་ཡིན་ལ། །ཚིག་ལ་འཆེལ་བས་སྙན་པར་ སྤྲོས་པ་མིན། །དོན་ལ་ལེགས་སེམས་སྙིང་ཡོད་འགའ་མཆིས་ན། །སྙིང་ལ་སྙིང་གི་གཏམ་དུ་བསྒྲགས་པ་སྟེ། །སྙིང་གི་བུ་དང་འདྲ་བས་སྔ་འགྱུར་པ། །བདག་ལ་དགའ་བ་གང་དག་འདི་ཟུངས་ཤིག ། 23-3-8a གང་ལ་འདི་དོན་འཐད་པ་ངའི་སློབ་མ། །བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་འཁྲིགས་ཤིང་། །སྙིང་པོའི་ཆོས་ཀྱི་འབྲུག་སྒྲོགས་རྩ་གསུམ་ལྷའི། །དངོས་གྲུབ་ཆར་འབེབས་དམ་ ཅན་ཕྲིན་ལས་ཀྱི། །གློག་དམར་དང་བཅས་འདི་འཛིན་ཤིས་གྱུར་ཅིག །འཆི་མེད་པདྨའི་ཚལ་ན་རྐང་དྲུག་ཚོགས། །པདྨའི་གེ་སར་བདུད་རྩིའི་བཅུད་མྱོང་བས། །མཆོག་གི་དཔྱིད་གྲུབ་བདེ་བའི་གླུ་དབྱངས་ སྒྲོགས། །ཕྱོགས་ལས་རྣམ་རྒྱལ་མཁའ་ལ་ལྡིང་གྱུར་ཅིག ། རབ་ཚེས་ཐམས་ཅད་འདུལ་ཅེས་མེ་མོ་ཕག་ལོའི་མགོ་ཟླའི་ཚེས་མི ག་ཟུང་གྲངས་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བས་མཚན་མོ་སྒྲོན་མེའི་འོད་ལ་ཤར་མར་དཀྱུས་ གཅིག་ཏུ་བྲིས་པ་དགེའོ། །འདི་ནི་ཁོ་བོའི་བརྩེ་བ་ཆེན་པོའི་རང་རྟགས་ཀྱི་ཚིག་ཟོལ་མེད་ཡིན་པས་བློ་གྲོས་དང་ལྡན་པས་ཤེས་ཤིང་གཅེས་སྤྲས་སུ་བྱ་བར་རིགས་སོ། །མངྒ་ལཾ། །དགེའོ།། ༈ །། བཙུན་ཆུང་རྣམས་ལ་གཏམ་དུ་བྱ་བ་བདུད་ རྩིའི་ཐིག་ཕྲེང་བཞུགས་སོ། །འཇམ་པའི་རྡོ་རྗེའི་ཞབས་ཀྱི་ཆུ་སྐྱེས་ལ། །གུས་པས་ཕྱག་བྱས་ཕན་པའི་གཏམ་ཞིག་འབྲི། །ཀྱེ་ཧོ་ཤེས་པར་བྱོས་ཤིག་བློ་ལྡན་གྲོགས། །འཆིང་བ་མི་བཟད་གང་ཡིན་ངོ་ཤེས་ འཚལ། །གཞན་གྱིས་མི་ཐུབ་པ་རྣམས་ཐབས་འདི་ཡིས། །ཐུབ་པར་བྱས་ནས་བྲན་དུ་བཀོལ་བྱེད་པ། །མི་གཙང་འཁྲུལ་འཁོར་མཛེས་པའི་ཟོལ་འཛིན་ཅན། །ས་སྟེང་བུད་མེད་འདོད་ལྷའི་ཞགས་པ་ 23-3-8b ཡིན། །ཇི་ལྟར་དཔའ་བོ་སུས་ཀྱང་མི་བརྫི་བ། །ཐག་ཧྲུལ་ཞགས་པས་བཅིངས་ནས་དགྲ་རྣམས་ཀྱི། །ལག་ན་འདོད་དགུར་བསྒྱུར་ན་ཇི་ལྟར་མཛེས། །དེ་བཞིན་བུད་མེད་འཆིང་བ་དེ་འདྲ་སྟེ། །ཆོས་དང་ འཇིག་རྟེན་བྱ་བའི་ལམ་པོ་ལ། །རང་དབང་ཕུན་སུམ་ཚོགས་པ་རྣམས་ཀྱང་ནི། །ཕལ་ཆེར་བུད་མེད་ཞགས་པས་འདོད་དགུར་བཅིང་། །དེ་ལ་འཆིང་བ་ཉིད་དུ་ཤེས་པའང་དཀའ། །རྒྱལ་པོ་ཆེན་པོའི་ བཀའ་ཡིས་མི་བརྫི་བ། །དེ་དག་བུད་མེད་རྐང་པས་བརྫི་བར་ནུས། །ཁྱུང་དང་ཁྱབ་འཇུག་འཐབ་པའི་གཏམ་རྒྱུད་བཞིན། །སྔོན་ཁྱུང་དང་ཁྱབ་འཇུག་འཐབ་པའི་ཚེ་རྟག་ཏུ་ཁྱུང་རྒྱལ་བ་ལས། ཁྱབ་འཇུག་ན་རེ་ང་ལས་ མཆོག་སློང་ཅེས་བྱས་པས། ཁྱུང་ན་རེ། ཁོ་བོ་ལས་ཁྱོད་ཀྱིས་བསླང་འོས་ཀྱི་ཁོ་བོས་ཁྱོད་ལས་མཆོག་མི་སློང་ཞེས་ཟེར་བ་ལ། ཁྱབ་འཇུག་ན་རེ། འོ་ན་ཁྱོད་ངའི་བཞོན་པར་གྱུར་ཅིག་ཅེས་བྱས་པས་ཁྱབ་འཇུག་གི་གཡོ་སྒྱུ་དེས་ཁྱུང་བཞོན་པར་ གྱུར་པ་དཔེར་བྱས་པ་ཡིན་ནོ། །བུད་མེད་བསླུ་བྲིད་མཚོན་རྣོན་སྟོང་ལས་ཐུ། །རིག་སྔགས་ལྕགས་ཀྱུས་ཕ་རོལ་བཀུག་གྱུར་ཀྱང་། །འདོད་པའི་ལྕགས་ཀྱུས་རང་ཉིད་དམ་དུ་འཛིན། །ལྕགས་ཀྱུ་ལས་ཀྱང་རྣོ་ བའི་བུད་མེད་རྣམས། །ས་སྟེང་སྐྱེ་བོའི་ཚོགས་ལ་རང་དབང་སྒྱུར། །འཆིང་བ་མི་བཟད་དེ་ཡི་དབང་སོང་ན། །རང་དབང་མེད་པར་གཞན་གྱི་དབང་གིས་འགྲོ། །དེ་ནས་མི་བྲན་རྣམས་ཀྱང་བརྙས་ 23-3-9a བགྱིད་ན། །མཐུ་ལྡན་ཆེན་པོ་རྣམས་ཀྱིས་སྨོས་ཅི་འཚལ། །སྔར་ཚེ་འདོད་པ་ཉུང་ཞིང་ཆོག་ཤེས་ཀྱང་། །བུད་མེད་འཆིང་བས་ཟིན་ནས་འདོད་པ་དང་། །འབྱོར་པའི་དོན་གྱི་ངལ་བ་ཤུགས་ ཀྱིས་འཕེལ། །དེ་སླད་གཞན་གྱི་ངོ་སྲུང་སོ་ཚིས་འབད། །དང་པོར་སེམས་སྟོབས་སྤོབས་པ་མཐོ་གྱུར་ཀྱང་། །བུད་མེད་དབང་དུ་སོང་ནས་སྤོབས་པ་ཞུམ། །ཀུན་ལ་འཇིགས་བཅས་རི་དྭགས་རྨས་ མའི་ཚུལ། །རང་གནོང་གཞན་འཕྱ་ཀུན་གྱིས་བརྙས་པར་འགྱུར། །ལུགས་ཟུང་ཡོན་ཏན་དུ་མའི་རྩ་བ་ནི། །ཁྲེལ་དང་ངོ་ཚའི་རྒྱན་བཟང་མཛེས་པ་ཡིན། །དེ་དག་འཕྲོག་པར་བྱེད་པའི་སྒྱུ་ཐབས་ ཅན། །མཛེས་མའི་ཆོམ་རྐུན་ཆགས་ལྡན་རྣམས་ལ་འགྱེད། །གང་ཞིག་རྙོགས་མེད་ཡིད་མཚོ་དྭངས་བ་ཡང་། །བུད་མེད་བརྟེན་ནས་ཆགས་དང་སྡང་བ་དང་། །ཕྲག་དོག་གྱ་གྱུ་རེ་དོགས་སྣ་ཚོགས་ ཀྱིས། །རྟོག་པའི་རྦ་བས་རྙོགས་མས་བརྒྱུད་མར་བསླད། །རང་ལ་བུད་མེད་ཉེས་པའི་རྨ་བྱུང་ཚེ། །གཞན་གྱིས་ཤེས་སུ་དོགས་དང་གླེང་གིས་དོགས། །བཅའ་འདོད་གྱ་གྱུ་རྫུན་གྱི་ལམ་ཞུགས་ནས། ། དྲང་པོ་རྣམས་ཀྱང་མི་དྲང་གནས་སུ་འཕེན། །གཞན་ལ་འཐབ་དང་འཁོན་དུ་འཛིན་པ་དང་། །ནོར་ཉམས་གྲགས་པ་ཉམས་ཤིང་ཆོས་ཀྱང་ཉམས། །སྣ་ཚོགས་ཉེས་པའི་ལོ་འདབ་བརྒྱ་ཕྲག་རྣམས། །བུད་ 23-3-9b མེད་བརྟེན་པའི་རྩ་བ་དེ་ལས་བྱུང་། །རྩེད་མོའི་གྲལ་དུ་གཞན་གྱིས་བསྟོད་ན་ཡང་། །དེ་ལ་ཐོག་མའི་ལན་དུ་བུད་མེད་དང་། །འབྲེལ་པའི་ཚིག་གིས་སྨ་ཕབ་བྱེད་མིན་ནམ། །རབ་བྱུང་སྐྱོན་ལ་འདི་བས་ ཆེ་བ་ཅི། །ཕྱི་ཕྱིར་འཕེལ་བ་འདོད་པའི་ཆོས་ཉིད་དེ། །ཇི་ཙམ་འདོད་ལ་བརྟེན་པ་དེ་ཙམ་འཕེལ། །ཁ་རོག་འདུག་ན་བུད་མེད་བརྒྱ་མཐོང་ཀྱང་། །གྲོགས་སུ་རེ་བའི་འདུན་པ་སྐྱེ་མི་སྲིད། །བུད་མེད་ཅན་ གྱིས་བུད་མེད་གང་མཐོང་ཡང་། །ཆགས་པས་བལྟ་ཞིང་གཏམ་སྨྲ་རེག་པར་འདོད། །ངོམས་པ་མེད་པའི་རྣམ་རྟོག་མེ་ཆེན་གྱིས། །ཉིན་དང་མཚན་མོར་ཡིད་ལ་གདུང་བ་སྐྱེད། །ཇི་ལྟར་གདུག་པའི་ སྦྲུལ་གྱི་གཟེབ་བཞིན་དུ། །བུད་མེད་བརྟེན་པ་ལས་བྱུང་ཉོན་མོངས་དང་། །སྡིག་སྡུག་གཏམ་ངན་ཡིད་མི་བདེ་བ་བརྒྱ། །ཆུ་བོའི་གཉེར་མ་བཞིན་དུ་ཟད་པ་མེད། །རིགས་མེད་གཟུགས་མེད་ཀློག་ ཙམ་མི་ཤེས་ཀྱང་། །རབ་ཏུ་བྱུང་ནས་བུད་མེད་མ་བརྟེན་ན། །ཡོན་ཏན་གཅིག་པུ་དེ་ཡིས་འཇིག་རྟེན་འདིར། །གདུགས་བཞིན་མངོན་པར་མཐོ་བ་མ་ཡིན་ནམ། །མཁས་ཀྱང་ཁ་བཤད་ལག་ལེན་ འཆུག་སྙམས་སུ། །བུད་མེད་ཅན་གྱི་དགེ་སྦྱོང་ཀུན་གྱིས་བརྙས། །ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཀེ་ཏ་ཀ །སྐྱེ་རྒུའི་ཡིད་མཚོ་དྭངས་བྱེད་མཚུངས་མེད་ཡིན། །ཁྱད་པར་རྒྱལ་བའི་དམ་ཆོས་ 23-3-10a འཛིན་པ་རྣམས། །ཚུལ་ཁྲིམས་བཟང་པོའི་འོད་དང་ལྡན་གྱུར་ན། །སྤྲིན་མེད་མཁའ་ལ་ཟླ་རྒྱས་ཇི་བཞིན་དུ། །འགྲོ་བའི་ཡིད་ཀྱི་ལྷ་ལམ་མཛེས་པར་བྱེད། །རྒྱལ་པོ་ཁྲིམས་ དང་ཁྱིམ་བདག་ནོར་དང་ནི། །སྨད་འཚོང་གཟུགས་དང་དགེ་སྦྱོང་ཚངས་སྤྱོད་ཀྱིས། །འཚོ་བ་ཉིད་སླད་རང་གི་ཚུལ་བོར་ན། །ཚུལ་གཞན་གང་གིས་བསྐྱབས་པར་ནུས་མ་ཡིན། །དེ་བས་རབ་བྱུང་རྣམས་ ལ་ཅི་སྨོས་ཀྱི། །ཁྱིམ་པ་ཡིན་ཡང་རང་གི་བུད་མེད་ཀྱིས། །མི་ཆོག་གཡེམ་ལ་དགའ་བ་དེ་དག་ནི། །རིམ་བཞིན་ཉེས་པ་དུ་མའི་བས་སུ་ལྷུང་། །འདོད་པའི་མེ་ཆེན་མཆེད་ལ་མཐའ་མི་རྙེད། །རྒ་ བའི་ཆད་པས་མནར་ཀྱང་སྐྱོ་མི་ཤེས། །སྐྱེ་བོའི་ཚོགས་ཀྱིས་འཕྱ་ཡང་ངོ་ཚ་ཆུང་། །འདི་དག་གཡེམ་ལ་དགའ་བའི་ཉེས་པ་ཡིན། །མི་གཙང་རྐྱལ་པ་ཕྱི་མདོག་བཟང་ཙམ་གྱི། །ལང་ཚོ་དར་ལ་བབ་པས་ ཡིད་བསླུས་ནས། །རེ་བ་ཆེན་པོས་བརྟེན་པའི་མོད་ཉིད་ལ། །ལང་ཚོ་ཡལ་བའི་མི་སྡུག་བཞིན་རས་ངོམས། །མི་གསོ་ཀ་མེད་བུ་ཚའི་འབྲེལ་ཐག་དང་། །མི་གསོག་ཀ་མེད་ནོར་གྱི་འཚོ་སྡུད་དང་། །མི་ བསྐྱང་ཀ་མེད་ཁྱིམ་གྱི་བྱ་བ་ཡིས། །ཇི་སྲིད་འཚོ་ཡི་བར་དུ་ལྡོག་མེད་འཆིང་། །རང་དབང་དང་བཅས་ཡིད་ཕེབ་སོས་དལ་བར། །དགེ་བའི་བསམ་སྦྱོར་བྱེད་པར་འདོད་ན་ཡང་། །མི་ཁོམས་བྲེལ་བས་ 23-3-10b ཡི་ཆད་སྐྱེ་བའི་ཚེ། །བུད་མེད་ཉེས་པ་ཤེས་ཀྱང་ལྡོག་ཐབས་མེད། །གཞོན་པའི་དུས་ན་འདོད་པའི་གཞན་དབང་ཅན། །རྒས་པའི་དུས་སུ་འགྱོད་པས་ལྷག་པར་གདུང་། །འདོད་པའི་ལྕགས་ཀྱུས་ ཟིན་པར་མ་གྱུར་རྣམས། །ན་ཚོད་ཡོལ་ཀྱང་ཡོན་ཏན་ལང་ཚོས་མཛེས། །ངོས་ལྐོག་མི་མཚུངས་གྱ་གྱུ་མི་བརྟན་པ། །འདོད་པས་མི་ངོམས་ཕྲག་དོག་སེར་སྣ་ཆེ། །རྟག་ཏུ་འཐབ་ལ་དགའ་བ་ཆེས་མང་གི ། ཡོན་ཏན་ཚུལ་ལུགས་ལྡན་པའི་བུད་མེད་ཉུང་། །དང་པོ་འཛུམ་པའི་མདངས་ཀྱིས་དགའ་སྟོན་ཡང་། །སྐྱིད་སྡུག་འདྲེས་ནས་སྡང་བའི་ཁྲོ་གཉེར་མང་། །བདག་པོའི་ཡིད་མཐུན་ཁྲེལ་ལྡན་རེས་འགའ་ཙམ། ། དེ་བས་བུད་མེད་ཡེ་ནས་སྤང་བ་གཅེས། །གང་ཞིག་བལྟ་བར་འདོད་ལས་སྨྲ་བར་འདོད། །སྨྲས་ཤིང་སྨྲས་ནས་རེག་པའི་དུག་གིས་འཆིང་། །ཡུད་ཙམ་གློག་ལྟར་འགྱུར་བའི་བདེ་བ་ལས། །འབུམ་ཕྲག་འགྱུར་གྱི་ སྡུག་བསྔལ་རྗེས་སུ་སྡང་། །འབྲལ་བའི་ཚེ་ན་གདུང་བ་བཟོད་པར་དཀའ། །འགྲོགས་པའི་ཚེ་ན་ངོ་སྲུང་སོ་ཚིས་དཀའ། །དེ་སོགས་དོན་མེད་བརྒྱ་ཕྲག་དཀའ་བའི་ཁུར། །མི་ལེན་རང་སར་གནས་པ་མཆོག་ ཏུ་བདེ། །དེ་ཕྱིར་ལྷ་མིའི་སྟོན་པས་མདོ་རྣམས་སུ། །བུད་མེད་ཉེས་པ་གང་དག་རབ་བསྒྲགས་པའི། །བདེན་པའི་གསུང་རྣམས་ཡང་ཡང་ཡིད་བྱས་ཏེ། །བུད་མེད་འཆིང་བའི་རྒྱ་ལས་བྱོལ་བར་བྱ། །འཆིང་ 23-3-11a བ་དེས་ཟིན་འདའ་བར་དཀའ་བ་སྟེ། །འདོད་བདེ་ཡོན་ཏན་ཆེ་བས་མ་ཡིན་ཀྱང་། །སྲེད་པའི་སེམས་ཀྱི་གཤིས་ངན་མི་འདོར་བས། །ཇེ་བས་ཇེ་ཞན་འགྲོ་ལ་སོམས་ཉི་མེད། །འཆིང་བས་མ་ཟིན་ སོས་དལ་སྡོད་པ་རྣམས། །ཡིད་བདེ་རང་སྐྱིད་རྒྱུན་མི་ཆད་པར་འཕེལ། །རང་དབང་དང་བཅས་གང་དུ་སྡོད་ན་ཡང་། །ཟུག་རྔུ་མེད་ཅིང་ཅི་བྱེད་རང་མཐུར་ལྡན། །ལེགས་པར་དཔྱད་ན་གཞོན་ནམ་རྒས་ཀྱང་ རུང་། །ལུས་ནི་མི་གཙང་སོ་དྲུག་འཁྲུལ་འཁོར་ཏེ། །གློག་འདྲ་འགྱུར་ཞིང་ཡིད་བརྟན་མི་རུང་བར། །ཤེས་ནས་བུད་མེད་དོན་གྱི་ནན་ཏན་སྤོང་། །རྒས་ཚེ་འདོད་པའི་བདེ་བ་འཇའ་ལྟར་ཡལ། །རྒ་བ་འདི་ ཡང་ཀུན་ལ་མྱུར་དུ་འབྱུང་། །ལང་ཚོའི་དུས་སུ་བསམ་བཞིན་ལེགས་བྱས་ཏེ། །རྒས་པའི་དུས་སུ་འགྱོད་མེད་བདེ་བར་མནོས། །མཆོག་གི་བློ་མངའ་དྲང་སྲོང་ཆེ་རྣམས་ཀྱིས། །བུད་མེད་རིན་པོ་ཆེ་འདྲའི་ བཙུན་མོའི་ཚོགས། །ཁྲི་ཕྲག་དུ་མའི་ཚོགས་པ་ལེགས་སྤངས་ནས། །གཞོན་བཞིན་དཀའ་ཐུབ་ནགས་ན་གནས་པ་སོམས། །ཡོན་ཏན་རྣམ་པ་མང་པོས་མཛེས་གྱུར་ཀྱང་། །བུད་མེད་བརྟེན་པའི་རབ་བྱུང་ མི་མཛེས་ཏེ། །བརྒྱ་ཕྲག་རིན་ཆེན་སྤྲས་པའི་གསེར་དངུལ་སྣོད། །བཤང་གཅིས་བཀང་བར་གྱུར་པ་ཇི་བཞིན་ནོ། །ཚུལ་ཁྲིམས་འཆལ་བ་ལས་བྱུང་ངན་འགྲོ་ཡི། །སྡུག་བསྔལ་མུ་མཐའ་མེད་པ་ཕར་ཞོག་ 23-3-11b གི། ཚེ་འདིར་འབྱུང་བའི་ཉེས་པ་རྣམ་བསམ་ན། །དུག་ཅན་ཟས་བཞིན་ཡིད་འབྱུང་སྐྱེ་བར་རིགས། །འཇིགས་བཅས་དོགས་བཅས་ཚེགས་དང་བཅས་པ་ཡིས། །ལན་གཅིག་བརྟེན་པའི་བདེ་བ་གློག་ བཞིན་དུ། །འགྱུར་ཀྱང་དེ་ཡིས་རྨས་པའི་གཏམ་གྱི་རྨ། །ཇི་སྲིད་འཚོ་ཡི་བར་དུ་ཉམས་པ་མེད། །གདུག་པའི་སྦྲུལ་གྱིས་ཟིན་འདྲ་དེ་ཡི་ཡིད། །འདོད་པའི་དུག་གིས་མྱོས་ཤིང་སླར་ཡང་མཆེད། །རེ་ཤིག་ མི་ལ་གསང་སྟེ་སྦས་ན་ཡང་། །ལྷ་དང་རྣལ་འབྱོར་ལྡན་པས་ཁྲེལ་བར་འགྱུར། །འཁྲིགས་བདེའི་གློགས་འོད་མྱུར་དུ་ནུབ་མོད་ཀྱང་། །གྲགས་ཉམས་ཚུལ་ཁྲིམས་ཞིག་སོགས་འགྱོད་གདུང་གི། མུན་པ་ དེ་ནི་རྒས་པའི་མཐར་ཐུག་པར། །ཇེ་བས་ཇེ་མངོན་ཉིད་དུ་གནས་པར་འགྱུར། །བཙུན་པའི་ཚོགས་ཀྱི་དབུས་ན་ངོ་མཐོ་ཞིང་། །གནོད་བག་མེད་པར་བག་ཕེབ་སེང་གེའི་ཚུལ། །འདོད་པའི་ཟུག་རྔུས་ཟུག་པར་ མ་གྱུར་པའི། །བདེ་བ་དེ་ནི་འདོད་བདེ་འབུམ་ལས་ལྷག །དེ་སླད་འཁྲིག་བདེ་འཚོལ་བ་བཤོལ་ཅིག་དང་། །དེ་ཡིས་ཁྱོད་ལ་ཅུང་ཟད་མི་གནོད་ཀྱི། །ཡུན་གྱིས་བདེ་ཞིང་སྐྱིད་པ་རྒྱུན་ཆགས་པའི། །འབྲས་བུ་ བཟང་པོ་འཚོ་བའི་བར་དུ་འཕེལ། །མར་མེའི་འོད་ལ་ཆགས་པའི་སྦྲང་བུ་བཞིན། །རྙེད་པ་ཀུན་ལས་དེ་གཅིག་ཆེས་ལྷག་པར། །ནན་ཏན་དཀའ་བ་བརྒྱ་ཡིས་བཙལ་བྱེད་རྣམས། །རང་ཉིད་ཉམས་པར་ 23-3-12a བྱེད་པ་མི་མཐོང་ངོ་། །དེ་ལྟར་ཤེས་ནས་ཉེས་པ་མང་པོ་ཡིས། །རང་རྒྱུད་མནར་བའི་འཆིང་བ་མི་བཟད་ལ། །བུད་མེད་ལུས་ཀྱི་ཞགས་པ་ཡིན་ཤེས་ནས། །དེ་དབང་མ་སོང་རང་དབང་ ཐོབ་པ་གཅེས། །ཅིས་ཀྱང་འདོད་པའི་ལྕགས་ཀྱུའི་དབང་སོང་ན། །བདེ་གཤེགས་བསླབ་པ་ཁྱད་དུ་མ་གསོད་བར། །ལེགས་པར་ཕུལ་ནས་རྫུན་མེད་དྲང་པོ་ཡིས། །དམན་ས་ཟུང་ལ་ཆོས་ལམ་མ་འགལ་ ཅིག །ཚེ་འདིའི་བསྟོད་སྨད་རེ་བ་མེད་པ་དང་། ། ཟབ་མོའི་ལམ་གྱི་མན་ངག་ལྡན་པ་དང་། །འཇིག་རྟེན་འདས་པའི་ཤུལ་ལམ་མཆོག་སྙེགས་པའི། །སྔགས་འཛིན་རྣམས་ལ་བུད་མེད་གྲོགས་སུ་ བཟང་། །དེ་ཡང་ཟབ་མོའི་གནད་དང་མི་ལྡན་པར། །སྔགས་ལ་ཁུངས་བྱུངས་འཇིག་རྟེན་ཐ་མལ་བ། །འདི་མེད་ཕྱི་མེད་མདོ་མེད་འབྱུང་སྲིད་ཀྱི། །བདག་དོན་ཤེས་པ་རྣམས་ཀྱིས་ལེགས་པར་ སོམས། །རྡོ་རྗེའི་ལུས་ལ་རྩ་ཐིག་ང་གི་ཚུལ། །གནད་དུ་བསྣུན་ལས་ཡེ་ཤེས་འཆར་བའི་ལམ། །མ་རྙེད་རལ་བའི་ཁུར་འཆང་བུད་མེད་ལུས། །བསྟེན་པ་ཙམ་གྱིས་སྔགས་པར་སུ་ཞིག་འགྱུར། ། ལམ་གནད་མེད་ཀྱང་ཆགས་པའི་དབང་སོང་སྟེ། །ཕྱག་རྒྱའི་གྲོགས་ལྡན་སྔགས་པའི་ཚུལ་འཛིན་ན། །རྫོགས་རིམ་མན་ངག་བརྩོན་བྱ་དེ་མེད་ཀྱང་། །ལྷ་སྔགས་བསྙེན་སྒྲུབ་མེད་དུ་མི་རུང་ངོ་། །ཁྱད་པར་ 23-3-12b དུས་ཀྱི་སྙིགས་མར་མ་མོའི་ཚོགས། །དམར་མོ་འཁྲུགས་པའི་ཁ་རླང་ངད་ཕོག་པས། །ཕྱི་རྐྱེན་སྡེ་བརྒྱད་འབྱུང་པོ་སྙིང་ཞུགས་ནས། །འཁྲིག་པའི་འདོད་ཆགས་མེ་ལྟར་འབར་བར་བྱེད། །མི་ཆེན་བླ་ཆེན་ མཁས་དང་མཛངས་པ་རྣམས། །བུད་མེད་དབང་སོང་སྐྱོན་ལ་ཡོན་ཏན་རློམ། །ཉིན་མཚན་བུད་མེད་བསམ་དཔྱོད་ཁོ་ན་ལ། །ནན་ཏན་སྙིང་པོར་བྱེད་པ་འབྱུང་བས་ན། །རྒྱལ་བས་ཉི་སྙིང་མདོ་ལས་ཞིང་ འདི་ཡི། །མཁས་རྣམས་བུད་མེད་དབང་དུ་འགྱུར་བའི་ཚུལ། །གསུངས་པ་བཞིན་དུ་སྐྱོན་ཡོན་ཤེས་བྱོས་ལ། །སྣ་ཚོགས་ཐབས་ཀྱིས་རང་དོན་བསྲུང་ན་ལེགས། །རྡོ་རྗེ་འཆང་གིས་སྔགས་ཀྱི་རྒྱུད་ རྣམས་སུ། །བུད་མེད་སྨད་པ་རྩ་བའི་ལྟུང་བར་གསུང་། །ཐེག་མཆོག་ལམ་གྱི་གྲོགས་སུ་བསྔགས་མོད་ཀྱི། །སྔགས་འཛིན་ཚད་དང་ལྡན་པར་དེ་བཞིན་ཏེ། །བློ་དམན་སྦྱང་པ་ཆུང་དང་འདོད་ཆགས་ ཆེ། །ཁྲེལ་མེད་རང་མདོ་འཆོར་པའི་མི་རྣམས་ཀྱིས། །བུད་མེད་བརྟེན་ལས་ཉེས་པ་བརྒྱ་ཐོབ་ནས། །སྔགས་ཀྱི་ཡོན་ཏན་མི་ཐོབ་ཕལ་པ་བཞིན། །དེ་བས་བུད་མེད་སྤང་དང་བུད་མེད་བསྟེན། །གཞན་གྱི་ གཡེམ་ལ་རྒྱུག་པར་མ་བྱེད་པར། །ནང་གི་རྣལ་འབྱོར་སྨིན་པའི་དུས་དང་ནི། །བསྟུན་ལ་རང་གིས་རང་མདོ་ཚུལ་བཞིན་སྡོམས། །གཏེར་དང་ལམ་གྲོགས་ཡིན་ཀྱང་དེ་སྨྲས་ན། །དེང་དུས་ཟོག་པོ་སྙམ་དུ་ 23-3-13a འཕྱ་བའི་རྒྱུ། །དེ་ཕྱིར་དགོས་པ་ཡོད་ཀྱང་མི་སྨྲ་སྨོས། །ཡོན་ཏན་ཁྱད་པར་ཐོབ་ན་སླད་ནས་ངོམས། །རང་ལ་བུད་མེད་མེད་པས་ཡིད་ཁེངས་ནས། །བུད་མེད་དང་བཅས་ རྣལ་འབྱོར་དངོས་སམ་གཞན། །གཟུགས་བརྙན་ཡིན་ཡང་བརྙས་པར་མ་བྱེད་པར། །ཡིད་ཀྱི་དག་སྣང་རྒྱ་ཆེར་སྤེལ་ན་ལེགས། །རྒྱལ་བས་བསྔགས་ཤིང་རྟེན་འབྲེལ་གནད་ཟབ་པའི། །བུད་མེད་ སྒྱུ་མ་གསང་སྔགས་ལམ་གྱི་གྲོགས། །ཚུལ་བཞིན་བརྟེན་ལ་ཡོན་ཏན་ཚད་མེད་ཕྱིར། །སྐྱེས་པས་སྐྱེས་པར་གཡེམ་པས་འཕྱ་འོས་མིན། །གསང་སྔགས་ལམ་གྱི་རྟེན་འབྲེལ་ཟབ་པའི་ཕྱིར། ། ལམ་མཆོག་དེ་ལ་ཚུལ་བཞིན་གུས་ལྡན་ན། །ལམ་གྲོགས་ཕོ་ཉའི་རེག་པ་སྨོས་ཅི་དགོས། །ལྷན་ཅིག་འདུས་པ་ཙམ་གྱིས་དགེ་བར་གྲགས། །རབ་བྱུང་བསླབ་ལ་ལེགས་གནས་དེ་གཅིག་པུས། ། གྲུབ་མཚན་མེད་ཀྱང་ཀུན་གྱི་མཆོད་འོས་ཡིན། །གཏེར་སྟོན་པའམ་སྔགས་པར་ཁས་འཆེ་ན། །གྲུབ་མཐུ་ནུས་མེད་ཀུན་གྱི་བཞད་གད་འགྱུར། །ཆགས་ལམ་བརྟེན་པའི་ཡོན་ཏན་མི་སྣང་ཡང་། །སྐྱེ་ བོ་གཞན་ལ་སྤྱོད་ངན་ཤུགས་ཀྱིས་འགོ། བསྟན་པ་རིན་ཆེན་འདི་ཡང་སྨ་འབེབ་ཕྱིར། །བསྟན་འཛིན་རྣམས་ཀྱིས་ཅི་ནས་བག་ཡོད་མཛོད། །རྒྱ་གར་པཎ་གྲུབ་ཚོགས་ཀྱང་སྤྱོད་པ་ལ། །གཤེགས་ 23-3-13b ཚེ་ནགས་སུ་སྤས་པའི་ཚུལ་གྱིས་བཞུགས། །དགེ་འདུན་ཆོས་སྡེའི་མགོ་འཛིན་མི་མཛད་པ། །དེ་བཞིན་དབེན་པར་གནས་ཏེ་སྒྲུབ་ན་ལེགས། །ཆགས་པའི་དབང་གིས་བུད་མེད་བཟུང་བྱས་ ཀྱང་། །བླ་མའི་ཚུལ་གྱིས་འཚོ་བ་སྒྲུབ་དགོས་པའི། །དུས་ངན་ཁྲིམས་ལ་འཐོགས་པ་མང་ན་ཡང་། །གྲུབ་བརྫུ་གཏེར་རྫུའི་ཟོལ་ཟོག་དེས་ཅི་བྱ། །ཆགས་ཅན་ཆགས་པའི་ལམ་གྱིས་གྲོལ་བ་ཡི། ། གསང་སྔགས་བསྟན་པ་ཉི་མ་བཞིན་གནས་ཕྱིར། །སྔགས་ཀྱི་ལམ་ཚོལ་ཚུལ་བཞིན་བརྩོན་ཅིག་དང་། །ཕྱི་ནས་ཡང་དག་སྔགས་པར་འགྱུར་ཀྱང་སྲིད། །བསླབ་པ་ཞིག་དང་རྙེད་བཀུར་ཉམས་ སོགས་ཀྱི། །དོགས་མེད་ཟོལ་མེད་ཁེངས་པ་མེད་བཞིན་དུ། །རང་ཉམས་བདེ་ལྡན་ཆོས་དང་མ་འགལ་ན། །གྲོང་ཁྱེར་སྔགས་པའི་ཚོགས་ཀྱང་སྨད་དུ་མེད། །སྙིགས་མའི་སྨག་ཆེན་བདོ་དང་གསང་ སྔགས་ནི། །རྒྱུ་སྐར་བདག་པོར་འགྲན་པ་བཞིན་དུ་འབྱུང་། །དེ་ཕྱིར་ཡང་དག་སྔགས་འཛིན་གཏེར་སྟོན་ཀྱང་། །འབྱུང་པའི་དུས་ཡིན་དག་སྣང་སྤེལ་ན་ལེགས། །ཆགས་པའི་མདའ་རྣོན་སྙིང་ལ་མ་དྲུག་ པ། །དེ་དག་འཇིག་རྟེན་ནང་ན་དཔའ་བའི་མཆོག །ཆགས་ལ་བརྟེན་ནས་ཆགས་ལས་རྣམ་གྲོལ་བ། །དེ་དག་ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ། །འཇམ་དཔལ་དཔའ་བོ་གཞོན་ནུ་མཛེས་པའི་སྐུ། ། 23-3-14a རྟག་ཏུ་ཚངས་པར་སྤྱོད་པའི་ངང་ཚུལ་ཅན། །ལྷན་སྐྱེས་བདེ་བའི་བཙུན་མོར་རོལ་བཞིན་པ། །ངོ་མཚར་སྲིད་པ་གསུམ་གྱི་དབུས་ན་མཛེས། །དེ་ཉིད་བདག་དང་གཞན་གྱི་སྙིང་ལ་ཡང་། ། ཡེ་ནས་བྲི་གང་བྲལ་བར་ལེགས་བཞུགས་པའི། །བདེན་པ་དེ་ཡིས་མཁའ་ཁྱབ་ཡིད་ཅན་རྣམས། །བདེ་བ་ཆེན་པོའི་གྲོང་ཁྱེར་ཕྱིན་གྱུར་ཅིག ། ཅེས་པའང་རབ་ཚེས་རྣམ་རྒྱལ་ཆུ་སྦྲུལ་ཟླ་༦ཚེས་༨ལ་སྙིགས་མའི་གྲོང་ སྔགས་པ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ལཾ། །དགེའོ།། ༈ །། དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ་བཞུགས། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །འདྲིས་པའི་གྲོགས་པོ་རྣམས་ལ་འཐད་ཞིག་ གླེང་། །ཟབ་དོན་བརྗོད་ཀྱང་ཤེས་ཤིང་ཉམས་ལེན་དཀའ། །འདི་དག་རྣམས་ལ་མི་གོ་ཅང་མཆིས་སམ། །ཟས་མང་ཟོས་པ་མི་གཙང་ཕུང་པོར་འགྲོ། །གསོས་པའི་ལུས་ཀྱང་རྒ་ན་འཆི་བས་འཇོམས། །དེ་ བས་འཚོ་བ་ཙམ་གྱི་ཟས་བསྟེན་ནས། །དལ་འབྱོར་དོན་ཡོད་བགྱིས་ན་མི་འཐད་དམ། །གཏམ་མང་སྨྲས་པས་རྣམ་གཡེང་འཁོར་ལོ་བསྐོར། །ཆགས་སྡང་ཟ་ཟིས་རང་རྒྱུད་རྟག་ཏུ་དཀྲུགས། །ཅི་ཙམ་སྨྲས་ ཀྱང་སྙིང་པོ་ཏིལ་ཙམ་མེད། །དོན་ཆེན་བཟླས་པར་འབད་ན་མི་འཐད་དམ། །རྣམ་རྟོག་ཆུ་ཡི་གཉེར་མ་ཟད་མཐའ་མེད། །རང་མགོ་རང་བསྐོར་རྨི་ལམ་ཉོ་ཚོང་འདྲ། །དོན་མེད་ཟུག་རྔུའི་རྦ་རླབས་འདི་བཏང་ནས། ། 23-3-14b རྩེ་གཅིག་བསམ་གཏན་བསྒོམ་ན་མི་འཐད་དམ། །ནོར་མང་བསགས་པ་སེར་སྣ་ཕོང་སེམས་རྒྱུ། །བསགས་དང་སྲུང་དང་བརླག་པའི་གདུང་བ་མང་། །ཇི་ཙམ་བསགས་ཀྱང་ནམ་ཞིག་འདོར་ངེས་པས། ། ནོར་གཏང་དམ་ཆོས་སྒྲུབ་ན་མི་འཐད་དམ། །གཉེན་མང་སྡུད་པ་སེམས་སྲུང་སོ་ཚིས་དཀའ། །གཉེན་ཕྱིར་མྱ་ངན་ཟུག་རྔུ་སྣ་ཚོགས་འབྱུང་། །ཅི་ཙམ་འདུས་ཀྱང་ཐ་མ་འབྲལ་པའི་རྒྱུ། །འཁོར་སྤང་ དབེན་པར་བསྡད་ན་མི་འཐད་དམ། །གཉིད་དང་རྩེད་མོ་ཆང་དང་འཁྲིགས་པ་སོགས། །བསྟེན་ཞིང་བསྟེན་ན་ཕྱིར་ཡང་ཇེ་ཆེར་འཕེལ། །སྤངས་ཤིང་སྤང་ན་ཇེ་བས་ཇེ་ཆུང་འགྲིབ། །དེ་བས་རན་ཚོད་བཟུང་ ན་མི་འཐད་དམ། །འཁོར་བའི་ཕུན་ཚོགས་ཀུན་ལ་སྙིང་པོ་མེད། །ཇི་ཙམ་འབྱོར་ཀྱང་མི་ངོམས་སྲེད་པ་འཕེལ། །དེ་ཤེས་བྱ་བཏང་རང་སེམས་བག་ཡངས་རྣམས། །ཚངས་དབང་འཁོར་སྒྱུར་བདེ་བ་ལས་ ཀྱང་འཕགས། །འཇིག་རྟེན་ཆོས་བརྒྱད་རོ་ལ་གཡེང་ཆེས་ན། །བདུད་ཀྱིས་རྨོངས་བྱས་ཆོས་ཀྱི་བྱ་བ་འཆོར། །ཚེ་འདི་གློག་གི་ཟློས་གར་ནུབ་པའི་ཚེ། །མི་བཟད་འགྱོད་པ་དུ་མས་མདུན་ནས་བསུ། །བཟློག་ མེད་འཆི་བ་ཀུན་གྱི་ཆོས་ཉིད་ལ། །ནམ་འཆི་ཆ་མེད་འདི་ཡང་ཀུན་ལ་ཡོད། །ཤི་ནས་ལས་ཀྱི་རྗེས་འབངས་རང་དབང་མེད། །ད་ལྟ་རང་དབང་ཡོད་དུས་མ་ལགས་སམ། །བདག་ལ་བདག་ནི་མི་བརྩེ་མི་སྲིད་ལ། ། 23-3-15a བདག་བདེ་འདོད་ཕྱིར་བདེ་བའི་དོན་ཆེན་པོ། །སྒྲུབ་པའི་ཐབས་ཀྱང་རྒྱལ་བས་བསྟན་ལགས་ན། །ཀྱེ་མ་བག་མེད་ངང་དུ་མ་སྡོད་ཅིག །འདུས་སྡེའི་བཅའ་ཁྲིམས་རང་དོན་མཛེས་རྒྱན་ཡིན། ། བཤེས་གཉེན་བསྟེན་པ་ལམ་གྱི་རྩ་བར་བསྔགས། །ཡོན་ཏན་སློབ་པ་རང་ཉིད་ཕུན་ཚོགས་རྒྱུ། །དེ་གསུམ་དང་དུ་བླང་ན་བདེ་ལེགས་འཕེལ། །དམ་པའི་ཆོས་འདི་སྟོན་པ་མཆོག་གིས་ཀྱང་། །སྐུ་སྲོག་ལན་ མང་བཏང་ནས་བཙལ་བ་ཡིན། །ཐོས་ན་དོན་ཆེ་འདི་དང་འདྲ་གཞན་མེད། །ཐོས་དུས་ལེགས་པར་ཉན་ན་མི་འཐད་དམ། །ཚེ་གཅིག་ཆོས་ལ་བརྩོན་པར་མ་ནུས་ཀྱང་། །རྒྱལ་བའི་བསྟན་ལ་ཞུགས་པའི་དོན་སྒོ་ ལ། །མདོ་སྔགས་ལམ་གྱི་ཉམས་ལེན་སྣ་རེ་ཙམ། །དུས་དང་རྒྱུན་དུ་ཅུང་ཟད་བརྩོན་ན་འཐད། །མེ་སྤྲེལ་ཟླ་༢ཚེས་༢༠ལ་མི་ཕམ་པས་བྲིས་པ་མངྒ་ལཾ།། ༈ །། ཡུལ་མི་རྣམས་ལ་གཏམ་དུ་བྱ་བ་བཞུགས། བླ་མ་ འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །རང་ཕྱོགས་ཡུལ་མི་རྣམས་ལ་གྲོས་ཞིག་འདེབས། །ལུགས་ཀྱི་ཆོས་ལས་རྒྱ་ཆེར་བཤད་ན་ཡང་། །དམན་པས་གོ་དཀའ་འདི་ཙམ་འཕྲལ་དུ་ཕན། །ཡུལ་མི་ཐམས་ ཅད་སྐྱིད་ཡ་སྡུག་རོག་ཡིན། །ཁེ་ཕམ་རྒྱལ་ཁ་བརྩད་ཀྱང་དོན་སྒོ་ཆུང་། །འཐབ་རྩོད་ཉུང་ལ་ཕན་ཐོགས་མང་བར་གྱིས། །དེ་ལྟར་བྱས་ན་རང་སྐྱིད་རོག་ཀྱང་སྐྱིད། །བཟའ་ཚང་མི་རྣམས་སྐྱིད་སྡུག་མཉམ་ཁུར་ 23-3-15b ཡིན། །བློ་སེམས་མཐུན་ན་རང་བདེ་རོག་ཀྱང་སྐྱིད། །ཁ་འཐབ་མང་ན་རང་སྡུག་རོག་ཀྱང་སྡུག །ཡུད་ཙམ་འདུས་ཚེ་ཅི་དགའ་ཅི་སྐྱིད་བྱ། །ཡུལ་མི་མཐུ་བསྡོང་རང་ཕྱོགས་བསྲུང་དགོས་པས། །འཐེན་ ཁྱེར་མ་མང་བློ་སེམས་གཅིག་ཏུ་བསྟུན། །རང་རྐྱ་ཁེར་ཕེར་སུས་ཀྱང་མི་འོང་བས། །རང་དོན་རོགས་དོན་མཉམ་སྲུང་བྱས་ན་ལེགས། །ཕན་པ་བྱེད་ལ་འོས་ཚོད་དྲིན་གཟོ་གྱིས། །བཟང་ངོ་མེད་ན་སུས་ཀྱང་ ཕན་མི་འདོགས། །མི་སྲུན་བླུན་པོ་ཅི་ལྟར་འོས་པས་འདུལ། །ངན་པ་རང་དབང་ཆེ་ན་ཡུལ་དེ་རྒུད། །ཅུང་ཟད་ཙམ་གྱིས་དགའ་སྡུག་མི་སྐྱེན་པར། །སེམས་ཕུག་འཇམ་ན་ཐམས་ཅད་མཛའ་བཞིན་དགའ། ། བུད་མེད་ངན་མ་བཞིན་དུ་དབྱེན་གྱི་ཁར། །མ་ཉན་བློ་རྒྱུད་བརྟན་ན་དུས་ཀུན་བདེ། །ཡོད་པོས་མེད་ལ་གཡར་པོ་ཁུང་བཟང་གིས། །དེ་ལྟར་བྱས་ན་ཡོད་པོ་ཀུན་གྱིས་རྩི། །མེད་པོས་ཡོད་ལ་རོག་དང་ མངག་གཞུག་གིས། །དེ་ལྟར་བྱས་ན་མེད་ཀྱང་གཡར་ཁུང་རྙེད། །རང་ཤེས་རོག་ཤེས་བསམ་དཔྱོད་མེད་པ་ཡི། །རང་འདོད་ཆེ་བའི་ཡུལ་དེར་བག་མི་ཕེབ། །བསམ་བཟང་ཤེས་པ་ཅན་གྱི་མི་མང་ན། །ཡུལ་དེ་བདེ་ཞིང་དམ་ པའི་སྐྱེ་བོས་བསྟེན། །ཤེས་ཅན་ཡོན་ཏན་ཡོད་པ་ཀུན་གྱིས་བར། །ཤེས་མེད་བསམ་རྒྱ་ཆུང་བ་གྱི་ནར་ཞོག །སྟོན་པའི་རྗེས་འཇུག་ཇི་ལྟར་ཞན་ཀྱང་མཆོད། །གཉོམ་ཆུང་མ་ནུས་པ་ལ་ཅི་ཕན་བྱོས། །བཟང་ཕྱུག་སུ་བྱུང་ 23-3-16a རང་ཡུལ་བསོད་ནམས་ཡིན། །དེ་ལ་ཕྲག་དོག་བྱས་ན་རང་ཡུལ་བརླག །ངན་དབུལ་སུ་བྱུང་ལས་ཀྱི་བསྐོས་ཐང་ཡིན། །དེ་ལ་དམན་སྡང་བྱེད་ན་ཐ་ཤལ་རྟགས། །མཉམ་དུ་འགྲོགས་ན་རེད་ དང་མ་རེད་བརྒྱ། །སུ་ལའང་འབྱུང་ཕྱིར་ཡུལ་མི་བཟའ་ཚང་ལ། །ཉེས་པ་ཅུང་ཟད་ཙམ་ལ་མི་འཐབ་པར། །བྱམས་པར་བསྐྱང་ན་སླར་ཡང་འཛའ་བར་འགྱུར། །རྗེ་བོ་འཁུར་ཞིང་ཡུལ་མི་བློ་མཐུན་ལ། །དཀོན་ མཆོག་གསུམ་ལ་བཀུར་སྟི་ཆེ་བ་དང་། །ཡ་རབ་བྱ་བར་དགའ་ཞིང་བསམ་དཀར་ཅན། །གང་དུ་མང་པའི་ཡུལ་དེ་དར་བར་འགྱུར། །རྐུ་ཁྲམ་རྫུན་གསུམ་སྤང་བ་ཀུན་ཡིད་ཆེས། །རྩི་འཚོ་སྐྱོང་གསུམ་མཁས་ན་ ཀུན་དང་མཐུན། །བསགས་གཏོང་ཚོང་གསུམ་ཤེས་ན་འབྱོར་པ་འཕེལ། །དཔའ་གཉེན་ཚོད་གསུམ་ལྡན་ན་ཀུན་གྱིས་རྩི། །རང་རྒྱུད་དྲང་ན་ནམ་མཁའི་ལྷ་ཡང་མགུ། །མི་གཞི་བཟང་ན་ཐམས་ཅད་གཉེན་ལྟར་ འདུན། །བསམ་པ་བཟང་ན་རང་གི་ལས་ལམ་དགེ། ཤེས་པ་ཡོད་ན་རང་ལ་ཕུན་སུམ་ཚོགས། །བློ་ཁོག་ཡངས་ན་འཐབ་རྩོད་ཉུང་ཞིང་སྐྱིད། །གཞན་ལ་གང་ཕན་བྱས་ན་རང་ཉིད་བདེ། །དཀོན་མཆོག་ གསུམ་ལ་དད་ན་འདི་ཕྱིར་ལེགས། །བསོད་ནམས་ཚོགས་བསགས་བྱས་ན་བསམ་པ་འགྲུབ། །ཅིས་ཀྱང་འཆི་ངེས་ལས་འབྲས་བསླུ་མེད་པས། །རང་མཁོས་གང་ཡོད་དགེ་སྒྲུབ་སྡིག་སྤང་གིས། །བླང་ 23-3-16b དོར་འབྱེད་པ་ད མ་ཆོས་ཐོས་ལས་འབྱུང་། །དམ་པ་བསྟེན་ཞིང་དམ་ཆོས་ཉན་ན་དགེ། དེ་བས་དེ་ལྟར་བཤད་པ་ཇི་བཞིན་དུ། །སེམས་ལ་བླང་ན་ཕན་དང་བདེ་བ་འཕེལ། །ཡུལ་གྱི་བདེ་ཐབས་ཅི་ཞིག་དགོས་ ཞེས་སུ། །འདྲི་བ་དེ་ལ་འདི་ལྟར་སྟོན་པར་གྱིས། ། མེ་སྤྲེལ་ཟླ་༢ཚེས་༢༠ལ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ།། ༈ །། སྒྲུབ་བརྩོན་རྣལ་འབྱོར་རྣམས་ལ་གཏམ་དུ་བྱ་བ། ཨ་ཧོ། གཉུག་མ་བདེ་བ་ཆེན་པོའི་ནམ་ མཁའ་འདི། །དམ་པར་མི་ཆེ་གཞན་ལ་མི་ཆུང་ཡང་། །ཐུན་མོང་མ་གྱུར་སྐལ་དམན་སྐལ་བ་ཆད། །སྐལ་བཟང་རྣམས་ནི་རང་ཁྱིམ་འདི་ན་བདེ། །རྣམ་པར་རྟོག་པ་ནམ་མཁའི་སེར་བུ་འདི། །རང་གར་ བསྐྱུར་ན་མི་ཕན་མི་གནོད་ཀྱང་། །ང་དང་ངའི་ཞེས་རྨི་ལམ་ཉོ་ཚོང་འགྲིམ། །དོན་མེད་ཤ་ཐང་ཆད་པ་ཀྱེ་མ་འཁྲུལ། །རྒྱལ་བསྟན་སྙིང་པོ་གསང་སྔགས་ཟབ་མོའི་ཆོས། །ཁྱད་པར་མ་བཅད་ཀུན་གྱི་ ཕ་ཕོག་ཀྱང་། །བློ་ཆུང་སྐལ་པ་ངན་རྣམས་རྒྱབ་ཀྱིས་ཕྱོགས། །བློ་ལྡན་སྐལ་པ་བཟང་རྣམས་འདི་ལ་མོས། །རིག་སྔགས་ཡིད་བཞིན་ནོར་བུའི་གཏེར་ཆེན་འདི། །བརྩོན་པས་བསྒྲུབ་ན་སུས་ཀྱང་ འགྲུབ་སྲིད་ཀྱང་། །རྒུད་པས་མནར་བའི་ལྕེ་ལ་ཡོད་མ་བབ། །རྒུད་པ་ཟད་འདོད་རྣམས་ཀྱིས་རྟག་ཏུ་བཟླ། །མདོ་རྒྱུད་རིན་ཆེན་གླིང་བཟང་བཀོད་པ་འདི། །ཐོས་བསམ་མིག་གིས་བལྟས་ན་སུས་ 23-3-17a ཀྱང་མཐོང་། །འོན་ཀྱང་སྐལ་དམན་རྣམས་ཀྱིས་མིག་མི་རྩོལ། །སྐལ་བཟང་སྐྱེ་བོ་ཡ་མཚན་ལྟད་མོར་གཡེངས། །དཀོན་མཆོག་ཡིད་བཞིན་ནོར་བུའི་རྒྱལ་པོ་ལ། །གསོལ་བ་བཏབ་ ན་དགོས་འདོད་སུ་ལའང་སྩོལ། །འོན་ཀྱང་སྐལ་པ་དམན་རྣམས་རེ་རྩོལ་བྲལ། །སྐལ་བཟང་རྣམས་ཀྱིས་རྟག་ཏུ་ཡིད་ཆེས་བྱེད། །བསམ་བཟང་བཅུད་ཀྱིས་ལེན་པའི་སྨན་མཆོག་འདི། །ཁོང་དུ་ བཟུང་ན་སུ་ལའང་ཕན་སྲིད་ཀྱང་། །ཉེས་པས་མནར་པའི་སེམས་ལ་ཡོངས་མ་བཟུང་། །ལེགས་ཚོགས་འཕེལ་འདོད་རྣམས་ཀྱི་སྙིང་ལ་འཁྱིལ། །བསམ་ངན་གདུག་པ་ཧ་ལའི་ཡལ་འདབ་འདི། ། ཁོང་དུ་སོང་ན་སུ་ཡང་མནར་བྱེད་ཀྱང་། །སྙིགས་མའི་སྐྱེ་བོ་ཕལ་གྱི་སྙིང་ལ་ཟུག །བདག་ལེགས་འདོད་པ་རྣམས་ཀྱིས་སྤང་བར་བརྩོན། །ཤེས་རབ་སྦྱོང་ཞིང་བརྩོན་པ་འཕེལ་བྱེད་ལ། །དད་ པ་བྱ་ཞིང་སྨོན་ལམ་ལེགས་པར་གདབ། །མན་ངག་འཚོལ་ཞིང་སྙིང་པོའི་དོན་ལ་སྒོམ། །མི་དེ་བདེ་བ་མཆོག་གི་རྒྱལ་སྲིད་ཐོབ། །གཡེངས་པའི་ཁྱིམ་ན་ན་ཆུང་རོ་ལ་གཡེམ། །ཟས་མང་ཟ་ཞིང་གཏམ་ མང་སྨྲ་བྱེད་ཅིང་། །ཆགས་སྡང་དུག་ཆུས་རྒྱུན་པར་མྱོས་བྱས་པའི། །བློ་ངན་རྣམས་ལ་བདེ་བ་ཇི་ལྟར་ཡོད། །བསམ་གཏན་ཁྱིམ་ན་ལྷན་སྐྱེས་མཛེས་མས་མཆོད། །ཆོས་དོན་ཟས་ཀྱིས་ལུས་རྒྱས་ 23-3-17b རིག་སྔགས་བཟླ། །ཆགས་བྲལ་ཞི་བ་བདུད་རྩིས་ཡིད་སིམ་པ། །བློ་བཟང་རྣམས་ནི་རྟག་ཏུ་བདེ་བས་འབྱོར། །ཀྱེ་ཧོ། སྙིང་ལ་མི་བདེའི་ཟུག་རྔུ་ནི། །རྣམ་རྟོག་གདོན་ཡིན་སྙིང་དུ་མ་བཟུང་བར། །ནམ་ མཁའི་དབྱིངས་སུ་ཕྱལ་ལེ་ཏལ་གྱིས་ཐོང་། །དེ་ནས་བདེ་བའི་ཉི་མ་སྤྲིན་མེད་འཆར། །འདི་དང་གཏན་གྱི་བདེ་པའི་འབྱུང་གནས་ནི། །རང་སེམས་གཉུག་མ་ཆོས་སྐུའི་རྒྱལ་ཐབས་ཡིན། །དེ་ལ་རྟག་ཏུ་ འདྲིས་ན་དངོས་གྲུབ་མཆོག །དེ་བས་རང་སེམས་མེ་ལོང་རྟག་ཏུ་ལྟོས། །ནམ་མཁའི་དཔལ་མོར་ཡིད་ཀྱི་ཁྱེའུ་ཆུང་རོལ། །རྣམ་རྟོག་རྐུན་བུ་གར་སོང་མེད་པར་བཏང་། །བྱ་ལམ་རྗེས་མེད་འདི་ལ་དགའ་བ་ རྣམས། །བདེ་ཆེན་ནམ་མཁའི་ཁོངས་སུ་མི་ཤོང་ངོ་། །མི་ཟད་གཏེར་ཆེན་ཡིད་ཀྱི་ནང་ན་གདའ། །རྨི་ལམ་ཐང་ལ་འགྲིམ་པས་དེ་མི་མཐོང་། །བྱ་བ་ཀུན་སྤངས་སོས་དལ་རྣལ་འབྱོར་པས། །ཡིད་ལས་ ཡིད་ཀྱི་གཏེར་ནི་རྙེད་པར་འགྱུར། ། མེ་སྤྲེལ་ཟླ་༢ཚེས་༣༠ལ་མི་ཕམ་པས་སོ།། ༈ །། དགེ་སྦྱོང་རྣམས་ལ་གཏམ་དུ་བྱ་བ་སྒྱུ་མའི་ལམ་ཁྱེར་གནད་འདུས་བཞུགས། དྲན་པས་འཁྲུལ་སྣང་འཁོར་བའི་མུན་སེལ་བ། ། འཇམ་དཔལ་ཉིན་མོར་བྱེད་པས་དགེ་ལེགས་སྩོལ། །དེང་སང་དུས་ངན་སྡུག་བསྔལ་སྣ་ཚོགས་བདོ། །སྐྱེ་བོ་རྣམས་ཀྱང་མི་དྲང་ཆགས་སྡང་ཆེ། །ཅི་ལ་བསམ་ཀྱང་ཡིད་སྐྱོ་མང་དུས་འདིར། །གང་དུ་བསྡད་ 23-3-18a ཀྱང་མཐུན་རྐྱེན་འབྱོར་དཀའ་ལ། །གང་ལྟར་བྱས་ཀྱང་སྐྱེ་བོ་མི་མགུ་ཞིང་། །གང་ལྟར་བསམ་ཀྱང་དགེ་སྦྱོར་མི་འཕེལ་བས། །ཕྱི་རོལ་དངོས་ལ་བསམ་དཔྱོད་མི་མང་བར། །རང་ སེམས་འདུལ་ཞིང་སྒྱུ་མའི་ལམ་ཁྱེར་ལ། །ཉམས་ལེན་གནད་དུ་བསྣུན་པ་ཁོ་ན་གལ། །མིག་གིས་གང་མཐོང་གཟུགས་བརྙན་ལྟ་བུ་སྟེ། །བརྟག་ན་གཞི་མེད་མ་བརྟག་ཉམས་དགར་སྣང་། །རྟོག་པ་ དེ་རྗེས་འབྲང་ན་ཆགས་ཤིང་འཆིང་། །རང་དགར་བསྐྱུར་ན་ཕན་གནོད་ཅི་ཡང་མེད། །དེ་བས་གཟུགས་སུ་སྣང་ངོ་ཅོག་ཀུན་ལ། །སྒྱུ་མ་རྨི་ལམ་ལྟ་བུའི་བློ་བཞག་ནས། །བྱུང་ཡང་མི་དགའ་འགག་ ཀྱང་མི་སྡུག་པར། །ཕན་གནོད་རྩིས་གདབ་བྲལ་བར་བོར་ལ་ཐོང་། །རྣ་བས་གང་ཐོས་བྲག་ཆ་ལྟ་བུ་སྟེ། །བརྟག་ན་གཞི་མེད་མ་བརྟག་ཉམས་དགར་སྣང་། །དེ་བས་རྣ་བས་ཐོས་ཚད་གཏམ་རྣམས་ལ། །སྒྱུ་མ་ རྨི་ལམ་ལྟ་བུའི་བློ་བཞག་ནས། །བཟང་བརྗོད་དགའ་དང་ངན་བརྗོད་མི་དགའ་མེད། །ཕན་གནོད་རྩིས་གདབ་བྲལ་བར་བོར་ལ་ཐོང་། །ཡིད་ལ་གང་ཤར་བར་སྣང་སྨིག་རྒྱུ་འདྲ། །བརྟག་ན་གཞི་མེད་མ་བརྟག་ ཉམས་དགར་སྣང་། །དེ་བས་ཡིད་ལ་གང་ཤར་རྣམ་རྟོག་ལ། །སྒྱུ་མ་རྨི་ལམ་ལྟ་བུའི་བློ་བཞག་ནས། །བཟང་རྟོག་དགའ་དང་ངན་རྟོག་མི་དགའ་མེད། །ཕན་གནོད་རྩིས་གདབ་བྲལ་བར་བོར་ལ་ཐོང་། །དེས་ 23-3-18b མཚོན་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སྒྱུ་མ་རྨི་ལམ་ཇི་བཞིན་བདེན་གྲུབ་མེད། །རྟོག་པའི་དབང་གིས་ཕན་གནོད་རེ་དོགས་འཁྲུལ། །ད་ནི་རྟོག་མེད་བླང་དོར་མེད་པར་ཞོག །སྣང་བ་འདི་ཀུན་སྣང་ བའི་དུས་ཉིད་ན། །བདེན་བདེན་ཡོད་ཡོད་ལྟ་བུར་མངོན་ན་ཡང་། །སྐད་ཅིག་མི་རྟག་གློག་དང་སྤྲིན་ལྟ་བུར། །རིམ་པས་འགྱུར་ཞིང་ཐ་མར་འགག་པ་སྟེ། །ཕྱི་ཡི་ཆགས་གནས་འཇིག་དང་ནམ་ཟླའི་དུས། །ནང་གི་ རྒན་གཞོན་དར་རྒུད་བདེ་སྡུག་སོགས། །ངེས་མེད་གཡོ་བ་འདི་དོན་ལེགས་བསམ་ནས། །རྟག་འཛིན་བདེན་འཛིན་མ་ཆེ་སྒྱུ་མར་ལྟོས། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །རང་གཞན་བདེ་སྡུག་ཅི་སྣང་ སྒྱུ་མ་འདྲ། །གར་སོང་མེད་དེ་དེང་སང་ཕན་གནོད་བྲལ། །ད་ལྟ་མ་འོང་སྣང་ཚད་དེ་དང་འདྲ། །ལེགས་པར་དཔྱད་ན་འཁོར་འདས་བདེ་སྡུག་གི། སྣང་བ་སྣ་ཚོགས་མི་འདྲ་ཅི་སྣང་ཡང་། །རྟོག་པའི་ དབང་གིས་བཞག་པ་ཙམ་ཞིག་ལས། །ངོ་བོ་ཉིད་མེད་སྒྱུ་མ་རྨི་ལམ་འདྲ། །དེ་དོན་ཤེས་ནས་དོན་མེད་རང་སྡུག་གི། འབྱུང་གནས་རྣམ་པར་རྟོག་པའི་མཚང་མཐོང་སྟེ། །དགའ་སྡུག་རེ་དོགས་སྤོང་ལེན་རྩོལ་ བ་བརྒྱ། །ཆུ་ལ་རི་མོ་བཞིན་དུ་ཞིག་དེ་སྐྱིད། །ཐོག་མེད་འཁྲུལ་པའི་གཞན་དབང་སོང་སོང་བས། །རེ་ཤིག་བསྒོམ་ཀྱང་ཇི་བཞིན་འཕྱོང་དཀའ་ཡང་། །མ་བརྗེད་གོམས་ན་གོམས་པ་ཇེ་ཆགས་ནས། །འདི་ 23-3-19a ལྟར་རྟེན་འབྱུང་སྣང་བ་བསླུ་མེད་རྣམས། །སྣང་ཡང་ནམ་མཁའི་ངང་ན་སྨིག་རྒྱུ་བཞིན། །སེམས་ཉིད་གཉུག་མའི་ཀློང་ན་རྩལ་སྣང་དུ། །འཁོར་འདས་སྒྱུ་མའི་སྣང་བ་སྣ་ཚོགས་སྟོན། །རྟོག་ པས་མ་བཅང་རང་སར་རང་གྲོལ་ཡིན། །འགྱུར་མེད་གཤིས་ཀྱི་གནས་ལུགས་རིག་པའི་ངང་། །འགྱུ་བའི་རྩལ་སྣང་རང་གྲོལ་ཝ་ལེ་བ། །རང་བྱུང་ཤེས་རབ་མིག་ལྡན་རྣལ་འབྱོར་ལ། །འཇིགས་དང་སྡུག་ བསྔལ་མུན་པ་རྩད་ནས་མེད། །ཨེ་མ་ཧོ། འཇམ་དཔལ་གཞོན་ནུ་སྙིང་ལ་ཡེ་གནས་པའི། །བྱིན་བས་རྡོ་རྗེ་སྒྱུ་མའི་ཆོ་འཕྲུལ་གྱི། །གདམས་པ་འདི་ཡིས་སྐལ་ལྡན་སྐྱེ་བོ་ཀུན། །རང་ཤར་རང་གྲོལ་དགོངས་ པ་མཐོང་གྱུར་ཅིག །ས་ཕག་ཟླ་༨ཚེས་༡༣ལ་རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་དུ་མི་ཕམ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ལཾ།། ༈ །། རིག་སྔགས་སྒྲུབ་པ་རྣམས་ལ་གདམས་པ་གནད་བཞི་པ་བཞུགས། འཇམ་དཔལ་གསང་ སྔགས་རིགས་སྔགས་ཀུན་གྱི་བདག །གསང་འཛིན་དཔའ་བོ་དེ་ལ་ཕྱག་འཚལ་ནས། །གསང་སྔགས་འཛིན་པ་རྣམས་ལ་བརྩེ་བ་ཡིས། །གནད་ཀྱི་གདམས་ངག་ཅུང་ཟད་བཤད་ཀྱིས་ཉོན། །དེང་སང་གསང་སྔགས་ ཁྱབ་བརྡལ་དར་ཆེ་ཡང་། །ཕལ་ཆེར་ལས་མཐའ་ལོག་པའི་ལམ་དུ་ཞུགས། །དངོས་གྲུབ་ཐོབ་པ་ཉིན་མོའི་སྐར་མ་ཙམ། །གསང་སྔགས་རྒྱལ་པོའི་ཆེ་བ་མངོན་པར་དཀའ། །གསང་སྔགས་ཟབ་མོ་ཡིད་ 23-3-19b བཞིན་ནོར་བུ་སྟེ། །རྙེད་པར་དཀའ་བ་ཨུ་དུམ་ཝ་ར་འདྲ། །འོན་ཀྱང་གསང་སྔགས་ལེགས་པར་མ་སྤྱད་ན། །སྦྲུལ་ལ་བཟུང་ཉེས་བཞིན་དུ་རང་ཉིད་བརླག །གསང་སྔགས་རྩ་བ་དམ་ཚིག་གཉེན་པོ་སྟེ། །དམ་ ཚིག་ཉམས་ན་ལྷ་ཡང་གཤེད་དུ་འབབ། །མ་ཉམས་ལེགས་པར་བསྲུང་ན་དངོས་གྲུབ་ཐོབ། །དེ་ཕྱིར་དམ་ཚིག་སྲོག་ལྟར་བསྲུང་བ་གཅེས། །གསང་སྔགས་གསང་བས་འགྲུབ་ཅེས་ཡང་ཡང་གསུངས། །མ་ གསང་དངོས་གྲུབ་ཡལ་ཞིང་བར་ཆད་མང་། །དེ་སླད་འཕྱར་འདོད་གཡེར་བག་མ་ཤོར་བར། །ཤིན་ཏུ་གསང་སྟེ་སྤྱད་ན་དངོས་གྲུབ་མྱུར། །རྟགས་དང་མཚན་མ་མངོན་དུ་མ་ཕྱིན་ན། །བཟླས་ལོ་སྒྲུབ་ལོས་དགོས་ དུས་ཕན་པར་དཀའ། །དེ་བས་ནན་ཏན་ཆེན་པོའི་བརྩོན་འགྲུས་ཀྱིས། །སྒྲུབ་པ་མཐར་འདོན་དམ་པ་རྣམས་ཀྱི་ཚུལ། །སེམས་ཀྱི་རྒྱལ་པོ་ཡན་པར་བཏང་གྱུར་ན། །བསྐལ་པར་བཟླས་ཀྱང་འབྲས་བུ་མི་ འབྱིན་གསུངས། །རང་སེམས་གནད་དུ་ཚུད་པའི་ཏིང་འཛིན་ལ། །དཀའ་བ་བརྒྱ་ཡིས་འབད་དེ་དོན་ལྡན་བྱ། །དེ་ལྟར་དམ་ཚིག་གཙང་ཞིང་གསང་སྒོ་དམ། །བརྩོན་འགྲུས་མཐར་འདོན་ཏིང་འཛིན་ལྡན་གྱུར་ན། །གསང་ སྔགས་གྲུབ་པའི་འབྲས་བུ་ལག་མཐིལ་དུ། །འཛིན་པར་མི་འགྱུར་གནས་སྐབས་ཅི་སྟེ་ཡོད། །རིག་སྔགས་བདེན་པས་ནམ་ཡང་བསླུ་མི་སྲིད། །ཚུལ་བཞིན་བཟླས་ན་མི་སླུའི་ཡིད་ཆེས་རྙེད། །ཚད་དང་མི་ལྡན་ 23-3-20a བཟླས་ལོའི་གཟུགས་བརྙན་གྱིས། །རང་མགོ་རང་བསྐོར་མ་བྱེད་གནད་ལྡན་མཛོད། །དོན་ཆུང་ཚེ་འདིའི་བདེ་བ་ཅི་སྨྲོས་ཀྱི། །སྲིད་བདེའི་རྒྱུ་བྱེད་ཀུན་ཀྱང་སྡུག་བསྔལ་རྒྱུ། །དེ་བས་ཐར་པ་ མཆོག་དང་གཞན་དོན་ལ། །དམིགས་ཏེ་གསང་སྔགས་ཚུལ་བཞིན་བསྒྲུབ་པར་མཛོད། །སྙིགས་དུས་ཚེ་འབྱོར་ནམ་ལང་སྐར་མ་འདྲ། །ཅིས་ཀྱང་ཡུན་དུ་མངོན་པར་མི་འགྱུར་ལ། །དེ་བར་གནོད་པའི་རྐྱེན་ཡང་ ཆེས་མང་བས། །བག་ཡོད་བགྱིས་ཏེ་ནན་ཏན་སྒྲུབ་ན་ལེགས། །དོན་ཆེན་སྒྲུབ་པའི་ཞར་ལ་དོན་ཆུང་གི། བདེ་འབྲས་མང་པོ་མ་བསྒྲུབ་ཤུགས་ཀྱིས་འགྲུབ། །དེ་ཕྱིར་ལྷ་དང་སྔགས་ལ་བརྟེན་ནས་སུ། །ཡུན་ གྱི་དོན་ཆེན་འདུན་མ་སྒྲུབ་ན་འཐད། །ལན་གཅིག་དྲན་པ་ཡིས་ཀྱང་བྱང་ཆུབ་བར། །ཕན་བདེའི་དོན་ཆེན་འགྲུབ་པའི་ཡིད་བཞིན་ནོར། །མི་བསླུ་ལྷ་སྔགས་ཟབ་མོའི་ཆོ་ག་ལ། །གཞོལ་བའི་རྣལ་འབྱོར་འདུན་ མ་ལེགས་པའི་རྩེ། །དེ་སྐད་གདམས་པའི་བདུད་རྩི་སྙིང་དབུས་སུ། །ཕན་པའི་བཅུད་ལེན་དཔྱིད་དུ་གྱུར་པ་ལས། །དོན་གཉིས་ཡིད་བཞིན་འགྲུབ་པའི་དགའ་སྟོན་གྱི། །འབྱོར་པ་ཆེན་པོ་ཚེ་འདིར་ཐོབ་པར་ ཤོག ། ཅེས་པའང་རབ་ཚེས་ས་ཁྱི་ཟླ་༡༢ཚེས་༢༠ལ་རྫ་རྒྱལ་དགོན་དུ་དགུན་བསིལ་ལྡན་རྒྱལ་མོའི་རེག་པས་སོར་མོ་རྣམས་ཀླུབ་བཞིན་དུ་མི་ཕམ་པས་ཕྲལ་མར་བྲིས་པ་དགེ་ལེགས་འཕེལ་ལོ།། ༈ །། གྲོས་འདེབས་བདེན་གཏམ་མེ་ལོང་ 23-3-20b ཞེས་བྱ་བ། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །གཞན་ཕན་སེམས་ཀྱིས་གྲོས་འདེབས་གཏམ་ཞིག་གླེང་། །རང་བློ་ནང་བཀུག་རང་དོན་ཤེས་པ་ཡི། །སྐྱེ་བོ་འགའ་ཞིག་སྲིད་ན་འདི་དོན་སོམས། ། སེམས་ཅན་ཐམས་ཅད་རང་བདེ་འདོད་པ་ལས། །ལམ་ལོག་ལམ་གོལ་གྱུར་པས་བདེ་འབྲས་བྲལ། །བོད་ཕྲུག་སྤྲེལ་ཚ་ཅོལ་ཆུང་གསར་ངས་ཆེ། །འདོད་ཐག་ཉེ་ཞིང་བློ་རྒྱ་ཆུང་བའི་ཕྱིར། །ལམ་མཆོག་མདོ་ སྔགས་ཉམས་ལེན་འདོད་རྣམས་ཀྱང་། །ཚེ་འདི་ཆེད་བཟུང་དྲེགས་པ་གཙོ་བོར་བསྟེན། །རྒྱལ་དབང་པདྨའི་གསུང་གི་སྐབས་འགའ་རུ། །ཡེ་ཤེས་ལྷ་ནི་བྱིན་རླབས་རྒྱ་ཆེ་ཡང་། །ལས་དང་སྐལ་ལྡན་མིན་ལ་སྒྲུབ་ ཐག་རིང་། །འཇིག་རྟེན་ལྷ་འདྲེ་སྒྲུབ་ཐག་ཉེ་བའི་ཕྱིར། །ལས་བཅོལ་དགོས་པ་ཕྲལ་གྱི་ལས་འགའ་ལ། །དགོངས་ཏེ་གསུང་པ་དེ་ལྟར་ཡིན་མོད་ཀྱི། །རྣམ་པ་ཀུན་ཏུ་འདི་ཕྱིར་མི་བསླུ་པའི། །ཡེ་ཤེས་ལྷ་ཡི་ བསྙེན་སྒྲུབ་གལ་ཆུང་དུ། །བཏང་ནས་དྲེགས་པ་མཆོད་བསྟོད་སྒྲུབ་པ་རྣམས། །ཤིན་ཏུ་ནོར་བའི་གཡང་སར་རྡོག་འཆལ་ནས། །འདི་མེད་ཕྱི་མེད་ལག་སྟོང་འཁྱམས་མཐོང་སྟེ། །བློ་ལ་འཕྲིག་གཟུང་ཚིག་ གསུམ་སྙིང་ལ་བཞག །འདི་དོན་ལེགས་པར་དཔྱད་ནས་བདེན་ནམ་རྫུན། །རང་གི་བློ་ཡི་སྟེང་དུ་ཡིད་ཆེས་བྱོས། །ཚེ་འདིར་འབྱོར་དང་གྲགས་དང་དགྲ་ཐུལ་པའི། །རེ་འདོད་ཞེ་ལ་བརྣག་ནས་དྲེགས་པ་གང་། ། 23-3-21a ཉིན་འདོན་མཚན་འདོན་རྔ་བརྡུང་འུར་ཆོམ་གྱི། །བརྩོན་པ་ཚེ་གཅིག་བསྟེན་ནུས་རྣམས་ལ་ལྟོས། །དེ་དག་ཇི་ལྟ་ཇི་ལྟར་བརྩོན་ན་ཡང་། །འབྱོར་པ་དག་ཀྱང་ཕལ་ལས་དབུལ་མཐོང་ལ། ། གྲགས་ལྡན་དགྲ་མེད་གྱུར་ནའང་ཇི་ལྟར་མཐོང་། །དེ་ལྟར་མ་འབད་སྡོད་རྣམས་དེ་ལས་བཟང་། །འདི་འདྲ་བཏོན་བཏོན་སྒྲུབ་སྒྲུབ་འབྲས་བུ་ལ། །ཇི་ལྟར་ལེགས་པའི་རྩེ་མོར་ཕྱིན་ན་ཡང་། །རྟ་རྐུན་ནོར་རྐུན་ རེ་ཟུང་སོད་པ་དང་། །མནོག་ཆུང་གྲོང་གི་གཏོ་དཔོན་ཙམ་ཞིག་འགྲུབ། །དེ་ལས་རྒྱ་ཆེ་རབ་ཀྱི་དངོས་གྲུབ་ཞིག །དེ་སྔ་ཐོབ་པ་ཡོད་དམ་ད་ལྟ་དང་། །ད་གཟོད་དུ་ཡང་འབྱུང་སྙམ་ཁོ་ཐག་ཆོད། །དེ་འདྲའི་ ཚེགས་ཆེ་དོན་ཆུང་བརྩོན་པ་ལ། །དེ་ཙམ་འབད་པ་དེ་བས་ཞག་ཤས་ཞིག །བློ་སྦྱོང་སེམས་དང་འབྲེལ་བའི་དགེ་སྦྱོར་ཞིག །བྱས་ན་འདི་ཕྱིར་དོན་འབྲས་མི་ཆེའམ། །དོན་ཆེན་བཞག་ནས་དོན་ཆུང་འབད་ དེས་ཅི། །བྱ་བ་ཅི་བྱས་བསམ་པར་རག་ལས་ཤིང་། །དགེ་རྩ་ཆེ་ཆུང་མི་ལྟོས་བསྔོ་བ་ཡིས། །ཐེག་གསུམ་འབྲས་བུར་སྨིན་ཚུལ་ཐ་དད་གསུངས། །དེ་བས་ནང་གི་འདུན་པ་ལེགས་བརྟགས་ན། །དྲེགས་ པ་མཆོད་དགའ་ཚེ་འདིའི་བསམ་པས་བྱས། །ཚེ་འདིར་དངོས་གྲུབ་གཞན་ལས་ཁྱད་འཕགས་ཞིག །མཐོང་རྒྱུ་མེད་བཞིན་ཡོད་དོ་སྙམས་རློམ་ནས། །ཡང་ཡང་དེ་སྒྲུབ་ཡང་ཡང་རང་མགོ་འཁོར། །ལས་ཀྱིས་ 23-3-21b རྙེད་པའི་བདེ་འབྱོར་ཅུང་ཟད་ཞིག །བྱུང་ན་ལྷ་མཆོད་པ་ལས་བྱུང་ངོ་ཟེར། །མི་འདོད་གང་བྱུང་ལྷ་མ་དགའ་བར་བརྟག །དོན་དུ་བདེ་སྐྱིད་འབྱོར་པའི་སྐབས་ཀྱང་ཉུང་། །དྲེགས་པ་མི་མཆོད་ལྷ་འདྲེ་མ་བརྔན་ཀྱང་། ། ཆོས་དང་སྲིད་ཀྱི་མངོན་པར་མཐོ་བ་དང་། །ནད་མེད་ཚེ་རིང་བདེ་བར་ལྡན་རྣམས་ལྟོས། །ཁྱེད་ལ་དེ་ལས་ལྷག་པོར་བྱུང་ངམ་སེམས། །དགྲ་ལ་བསམ་ནས་རྟག་ཏུ་དྲག་པོའི་སྔགས། །བཟླ་བ་རྣམས་ལ་དགྲ་སྲིད་རྒྱུན་ དུ་ལྡང་། །གཅོད་ལོག་འདྲེར་འཛིན་ཅན་ལ་རང་སྣང་གི། རྟག་ཏུ་འདྲེ་ཡིས་འཚེ་བ་རྒྱུན་མི་འཆད། །དེ་ཕྱིར་ཚེ་འདི་གཙོར་བཟུང་ལས་སྒྲུབ་ཀྱང་། །ཚེ་འདིར་བདེ་བ་གཞན་ལས་ཉུང་མཐོང་ནས། །རང་མགོ་རང་ བསྐོར་དོན་མེད་བརྩོན་པ་ལ། །རང་རློམས་མ་བྱེད་སེམས་འཕྲིག་གཞུག་ཅིག་ཨང་། །རྡོ་རྗེ་འཆང་དང་པད་འབྱུང་ལ་སོགས་པས། །བཀའ་བགོས་ཆོས་སྐྱོང་དྲེགས་པ་ཆེན་པོ་རྣམས། །བསྟན་དང་བསྟན་འཛིན་སྲུང་ མ་ཡིན་མོད་ཀྱི། །དེ་དག་ཡི་དམ་བརྟེན་པའི་ཁོར་ཡུག་ཏུ། །དུས་ཀྱི་མཆོད་པ་ཙམ་ཞིག་བཞག་ནས་སུ། །དམ་ཚིག་སྲུང་ན་དེ་དག་ཤུགས་ཀྱིས་འདུ། །དགོས་པ་བྱུང་ན་ཕྲིན་ལས་བཅོལ་བས་ཆོག །ཡི་དམ་ ལས་ལྷག་དྲེགས་པ་སྒྲུབ་མི་བྱ། །བཀའ་གདམས་ཞུས་ལན་ནོར་བུའི་ཕྲེང་བ་ལས། །མཐུ་ཆེན་འདོད་པས་བེ་ཧར་སོགས་སྒྲུབ་ཀྱང་། །མཆོད་མཆོད་ནོངས་པ་གཅིག་གིས་འཇོམས་བྱས་ཏེ། །དབུགས་ 23-3-22a ལེན་བྱས་ནས་ངན་སོང་འགྲིམ་མཐོང་གསུངས། །ཤེས་བྱའི་ཁོངས་ན་རྒྱལ་བ་ལས་ལྷག་པའི། །མཁྱེན་བརྩེ་ནུས་པ་ཆེ་ཞིང་མྱུར་བ་མེད། །འདི་ལ་ལན་གཅིག་ཡིད་ཀྱིས་གསོལ་བཏབ་ ཀྱང་། །འདི་ཕྱི་ཀུན་ཏུ་མི་བསླུ་ངེས་པ་ཉིད། །དེ་བས་ལྷག་པར་དྲེགས་པ་སྒྲུབ་དགའ་ན། །སྔགས་པ་འདྲེས་ཁྱེར་དངོས་གྲུབ་པྲ་ཡས་ནས། །སྟུ་དགའ་མཐུ་དགའི་ངང་ཚུལ་ཙམ་ཞིག་གིས། །འདི་མེད་ཕྱི་ མེད་སྐྱ་མིན་སེར་མིན་འགྱུར། །རང་རྒྱུད་ཆོས་ལྡན་བསྐྱེད་རྫོགས་གདེང་ལྡན་ན། །ཆོས་སྐྱོང་དྲེགས་པ་མ་སྒྲུབ་རང་བཞིན་འཁོར། །དད་དང་དམ་ཚིག་ལམ་གྱི་གདེང་མེད་ན། །དྲེགས་པ་བསྒྲུབ་ཀྱང་ནམ་ མཁར་ལག་ཡུག་འདྲ། །མཆོད་ཅིང་བསྟོད་ན་ཅུང་ཟད་འཁོར་མོད་ཀྱི། །བསོད་ནམས་དམན་ལ་འཇིག་རྟེན་དྲེགས་པ་དེས། །དངོས་གྲུབ་རྒྱ་ཆེ་སྦྱིན་པར་མི་ནུས་པའི། །སྔར་གྱི་ལོ་རྒྱུས་ཚད་མ་མང་དུ་སྣང་། ། གལ་ཏེ་ནུས་སོ་སྙམས་ན་དྲེགས་པ་ལ། །མཆོད་བསྒྲུབ་འབད་འབད་བརྩོན་བརྩོན་ཁྱེད་རང་གི། སྐུ་མདོག་ཕྱག་མཚན་ཉམས་འགྱུར་ངོམས་དང་ཤེས། །གཞན་ལས་ཁྱད་འཕགས་བྱུང་ན་ཁྱེད་བདེན་ནོ། ། རྒྱལ་བཙན་ལ་སོགས་དྲེགས་པ་མཆོད་རྣམས་ལ། །དང་པོར་དེ་ཡི་རིགས་གཏོགས་འདྲེ་རྣམས་འདུ། །འཁུ་ལྡོག་མང་ཞིང་ཕྱི་ནང་རྩུབ་ཉམས་ཆེ། །དེ་དང་དེ་འདྲའི་ངང་དུ་མི་ཚེ་འཛད། །དད་དང་དམ་ཚིག་ 23-3-22b བསྐྱེད་རྫོགས་གདེང་མེད་ན། །དྲེགས་པའི་གཙོ་བོ་ཆོས་སྐྱོང་ཆེན་པོ་རྣམས། །ཚུལ་བཞིན་ཉེ་ཞིང་དངོས་གྲུབ་སྟེར་བ་ཉུང་། །དེ་དག་བདེན་མིན་སྒྲུབ་པ་པོ་ལ་ལྟོས། །སྒྲིབ་སྦྱང་རྣམ་དཀར་དགེ་ཚོགས་ལ་ འབད་ཅིང་། །བསམ་བཟང་ཚུལ་ལྡན་དགེ་སྦྱོང་རྣམས་ལ་ལྟོས། །འདི་བདེ་ཕྱི་བདེ་འཚུབ་ཉུང་བདེ་འབྱོར་ཆེ། །དེ་བས་ཁྱེད་རང་ལྷག་ན་ཁྱེད་ལེགས་སོ། །ཚེ་གང་རྒྱུན་མཆོད་དངོས་གྲུབ་འདི་ཞེས་མེད། །ཞག་ གཅིག་མཆོད་བསྐང་ཆགས་ན་ཆད་པ་གཅོད། །དེ་འདྲའི་རང་སེམས་འཚུབས་ཀྱི་ཡོ་ལང་ལ། །རྒྱུན་མར་འཕྱན་པས་ཅི་བྱ་དེ་བས་ནི། །བདེ་བའི་སྟན་ལ་རང་སེམས་ཟོ་ལྷོད་དེ། །བསམ་པ་དང་བས་མ་ཎི་ འབྲུ་དྲུག་སྔགས། །བརྒྱ་ཕྲག་ཙམ་ཞིག་བགྲང་བ་བཟང་མཐོང་སྟེ། །འདོན་རྒྱུ་བཟང་ལ་བསམ་པ་བཟང་ཕྱིར་རོ། །ཚེ་འདི་གཙོར་བྱས་འདི་ལ་སྐྱབས་རྣམས་ཀྱིས། །དངོས་གྲུབ་མྱུར་པོར་རེ་བའི་དྲེགས་པ་ལ། ། བརྟེན་བརྟེན་བསྒྲུབ་བསྒྲུབ་བྱས་ཀྱང་ཚེ་འདི་ཉིད། །མ་ལོ་མ་ཉན་ངང་དུ་འདའ་བ་མཐོང་། །ལྷ་མཆོད་འདྲེ་བཀར་རྣམ་རྟོག་རྦ་རླབས་ཅན། །ཁབ་ཙམ་རྙེད་ཚེ་སཏྭ་རེ་ཙམ་ཞིག་འཆང་། །དུས་ཀུན་མི་བདེ་བྲེལ་ དང་རྙེད་ཚོལ་དང་། །ཟ་ཐབས་གྱོན་ཐབས་ཆགས་བཞིན་གནས་པ་མང་། །བྱས་བྱས་ཚེ་འདི་གཙོར་བཟུང་ཆེད་ཡིན་པས། །མཐོང་བའི་ཆོས་ལ་སྒྲུབ་འབྲས་མ་མཐོང་ན། །འཇིག་རྟེན་ཕ་རོལ་རྣམས་སུ་དེའི་ 23-3-23a འབྲས་བུ། །མྱོང་བ་དེ་ནི་དེ་བས་རྫུན་མིན་ནམ། །རྒྱལ་བའི་བཀའ་ཉན་དྲེགས་པ་ཆེ་རྣམས་ཀྱིས། །ས་ལམ་བར་ཆད་སེལ་ཞེས་གྲགས་མོད་ཀྱི། །ཕྱི་མའི་འབྲས་བུ་ཁྱོད་ཀྱིས་དོན་གཉེར་ན། ། རྒྱལ་བ་ལས་ལྷག་དྲེགས་པ་ཅི་སྟེ་ཡིན། །རྒྱལ་བ་མཆོག་དང་ས་བཅུའི་དབང་ཕྱུག་རྣམས། །གང་འདུལ་ཆོས་སྐྱོང་རྣམ་པར་བསྟེན་པས་ན། །ཡི་དམ་ལྷ་དང་བཟང་ངན་མ་དམིགས་ཕྱིར། །དེ་ཉིད་མཆོད་ལ་ འགལ་བ་མེད་སྙམས་ན། །མཆོད་ལ་འགལ་བ་བདག་གིས་མི་བརྗོད་ཀྱང་། །རྒྱལ་བ་མཆོག་དང་ས་བཅུའི་དབང་ཕྱུག་ལས། །ལྷག་པར་ཆོས་སྐྱོང་དྲེགས་པ་སྒྲུབ་ཁྱོད་ལ། །བཟང་ངན་དབྱེ་བའི་བློ་གྲོས་མ་ བྱུང་ངམ། །དད་དང་བསམ་པ་བཟང་པོས་ཡི་དམ་ལྷར། །ཅི་ཙམ་བརྟེན་ཀྱང་ཉེས་མེད་བདེ་ལེགས་འཕེལ། །འཇིག་རྟེན་རང་རྒྱུད་དྲེགས་པ་ཕལ་མོ་ཆེ། །རྒྱུད་རྩུབ་ཕྱིར་ན་བརྟེན་པའི་གནད་དང་ནི། །གོང་ནོན་ གཉེན་པོའི་སྟོབས་ཀྱིས་མ་ཆུན་ན། །འཁུ་ལྡོག་ཆེ་ཞིང་རྣལ་འབྱོར་སྲོག་ལ་རྒོལ། །དེ་ཕྱིར་གནད་ཡིག་མི་ཤེས་དྲེགས་པ་ནི། །བསྟེན་མི་བྱ་ཞེས་གུ་རུ་པདྨས་གདམས། །དེང་སང་རིག་འཛིན་བརྒྱུད་པའི་ཐ་ཚིག་ ལ། །གནས་པའི་ཆོས་སྐྱོང་རྒྱལ་པོ་རྣམས་ལས་ཀྱང་། །གློ་བུར་འདྲེ་རྒོད་སྒྲུབ་ལ་ཆེས་དགའ་བས། །ཀྱེ་མ་སྙིགས་མའི་དུས་ཀྱི་བློ་གྲོས་ལྟོས། །རྒྱལ་བ་ལས་ཀྱང་ཆོས་སྐྱོང་དྲེགས་པ་དང་། །དེ་ལས་ཀྱང་ནི་ 23-3-23b འཇིག་རྟེན་རང་རྒྱུད་པ། །དེ་བས་གློ་བུར་གདུག་རྩུབ་ཆེ་བའི་འདྲེ། །ལྷ་ཡི་གཙོ་བོར་འཛིན་པ་ཀྱེ་མ་འཁྲུལ། །གཏན་བདེ་ཐར་བ་མཆོག་ལས་ཚེ་འདི་དང་། །ཡེ་ཤེས་ལྷ་མཆོག་ལས་ཀྱང་འཇིག་རྟེན་པ། །སྒྲུབ་པའི་ ཚུལ་ལ་དགའ་བ་འདི་དག་གིས། །སྒྲུབ་པོ་དེ་ཡི་རྣམ་ཐར་སྲང་ལ་བཏེགས། །ཆོས་སྐྱོང་ཕལ་ཆེར་ཡེ་ཤེས་ལྷ་ཉིད་ཀྱང་། །རང་གི་བསམ་པས་གདུག་རྩུབ་རང་རྒྱུད་པར། །བཟུང་ནས་ཚེ་འདིའི་ཆེ་ཐབས་སྒྲུབ་ པའི་བློས། །མཆོད་ཅིང་བསྒྲུབ་པ་ཕལ་ཆེར་ལོག་ལམ་སོང་། །རྒྱལ་ཀུན་ཡེ་ཤེས་འཇམ་དཔལ་ཁྲོས་པའི་སྐུ། །གཤིན་རྗེ་གཤེད་ལས་ལྷག་པའི་ལྷ་གཞན་མེད། །འོན་ཀྱང་བསམ་པ་ལོག་པས་སྒྲུབ་པ་ཡིས། ། ཙན་ཀྵ་ཉིད་ཉམས་པའི་ལོ་རྒྱུས་བཞིན། །དྲེགས་པ་རང་རྒྱུད་བསྒྲུབ་པའི་བསམ་སྦྱོར་ཅན། །འཇིག་རྟེན་དྲེགས་པ་ཕལ་གྱིས་རྒྱུད་བརླམ་ནས། །རང་རྒྱུད་བསམ་སྦྱོར་ཇེ་བས་ཇེ་རྩུབ་ལ། །རང་ཕུང་གཞན་བརླག་ འདི་ཕྱིར་སྡུག་བསྔལ་མཐོང་། །སྔོན་ཚེ་བོན་གྱིས་དམར་མཆོད་བྱས་དུས་དང་། །ད་ལྟ་ནག་ཕྱོགས་བཞི་བདག་ཤ་ཁྲག་གིས། །བརྔན་པ་རྣམས་ཀྱིས་སྟོང་གྲོགས་བྱེད་ཚུལ་གྱིས། །ཆོ་འཕྲུལ་ཕྲ་མོ་མཐོང་ནས་ དགའ་བ་ལྟར། །འཇིག་རྟེན་ལྷ་འདྲེ་མཆོད་པའི་ལག་རྗེས་ལ། །ལུང་བསྟན་མཐུ་རྟགས་ཅུང་ཟད་བྱུང་བ་ཡིས། །ལྷ་སྲུང་འཁོར་ཞེས་བླུན་རྣམས་ཡ་མཚན་ནས། །ཡང་ཡང་མཆོད་བྱས་ཐ་མར་མྱལ་བར་འཁྲིད། ། 23-3-24a རྟགས་དང་ཆོ་འཕྲུལ་མི་ཡི་ཚེ་རྐུ་བ། །མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་ཀྱང་ནུས། །དེ་ཙམ་ཞིག་ལ་ལྷ་མཆོད་དངོས་གྲུབ་ཞེས། །བློ་དང་ལྡན་པ་སུ་ཞིག་ཡ་མཚན་བྱེད། །འཇིག་རྟེན་མཁའ་ འགྲོ་ཤ་ཟ་ཡི་དྭགས་ཀྱིས། །ཅོལ་ཆུང་སྒྲུབ་པ་པོ་རྣམས་མངོན་ཤེས་དང་། །གྲུབ་རྟགས་ཕྲ་མོས་བསླུས་ནས་ཉམས་འགྱུར་ཞེས། །སྔ་འགྱུར་མན་ངག་དག་ལས་ཡང་ཡང་གསུངས། །ལྷ་དང་དམ་ཅན་བསྒྲུབ་པའི་ ལག་རྗེས་ལ། །འདི་དང་ཕ་རོལ་ཆོས་དང་མི་འགལ་ཞིང་། །ཕན་དང་བདེ་བའི་འབྲས་བུ་རྒྱ་ཆེ་བ། །རང་གིར་གྱུར་ན་ཡང་དག་སྒྲུབ་པོ་ཡིན། །བྱས་སོ་སྒྲུབ་པོ་བདག་གི་བྱ་བ་འདི། །ཡིན་ནོ་ལེགས་སོ་སྙམ་དུ་ མངོན་རློམས་ཀྱིས། །འདི་ཕྱིའི་ཕུང་གྲོལ་རྒྱུ་དང་ལེགས་པའི་གཞི། །མི་དཔྱད་ཀྱི་ནར་འཁྱམས་རྣམས་ཤིན་ཏུ་བླུན། །རྒྱལ་དབང་པདྨས་ཟབ་མོའི་གཏེར་རྣམས་སུ། །དྲག་པོའི་སྔགས་དང་དྲེགས་པ་བསྒྲུབ་པའི་ ཐབས། །ཡང་ཡང་བསྟན་བྱས་འདི་དག་སྒྲུབ་ཅེས་པར། །རྗེས་སུ་གདམས་ཕྱིར་བསྒྲུབ་པར་འདོད་ཅེ་ན། །རིག་འཛིན་མཆོག་དེས་ཟབ་མོའི་གཏེར་རྣམས་སུ། །དྲག་སྔགས་དྲེགས་པའི་བསྒྲུབ་ཐབས་གསུང་མོད་ཀྱི། ། འདི་དག་བསྟན་པ་བསྲུང་བའི་ཡན་ལག་ཏུ། །ཐབས་མཁས་སྙིང་རྗེར་ལྡན་པས་སྤྱོད་ཅེས་གསུངས། །གཙོ་བོར་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱི། །བྱང་ཆུབ་སེམས་གཉིས་བསྐྱེད་དང་རྫོགས་པ་དང་། །ཁྱད་ 23-3-24b པར་འོད་གསལ་རྡོ་རྗེ་རྩེ་མོའི་ལམ། །ཉམས་ལེན་གནད་ཀྱི་ཆོས་གཏེར་བགྲང་ཡས་གསུངས། །མཐོང་ཐོས་དྲན་རེག་དོན་དང་ལྡན་པ་ཡི། །ཟབ་མོའི་ཆོས་མཛོད་དེ་རྣམས་བཞག་ནས་སུ། །དྲག་སྔགས་དྲེགས་ པ་ལོག་པར་བསྒྲུབ་པ་ཡི། །དོ་གལ་འདི་ཀོ་ཁྱོད་ལ་སུ་ཡིས་བཀལ། །གདུག་ཅན་འགྲོ་ལ་ཤིན་ཏུ་སྙིང་རྗེ་ཞིང་། །རྒྱལ་བསྟན་རིན་ཆེན་སྲོག་ལས་ཕངས་པ་དང་། །རང་འདོད་ཞེན་འཁྲིས་མེད་གང་ཤུགས་སྒྲོལ་བྱ། ། དགོངས་སྤྱོད་ཚད་དུ་ཕྱིན་པ་ཉིན་སྐར་ཙམ། །རང་ཉིད་གཅེས་འཛིན་གཞན་ལ་གནོད་པའི་བློས། །སྒྲོལ་པའི་དགོངས་སྤྱོད་མེད་པར་དམོད་ངན་གྱི། །དྲག་སྔགས་དུག་མདའ་གང་བྱུང་འཕེན་པ་དེ། །སྒྲོལ་བ་ལོག་པའི་ བརྟུལ་ཞུགས་ཉིད་དུ་གསུངས། །གསང་བ་སྔགས་ཀྱི་སྦྱོར་སྒྲོལ་ཟབ་མོ་ལ། །དགོངས་སྤྱོད་ཟབ་མོའི་གནད་དང་མི་ལྡན་པར། །རང་གར་ཞུགས་ན་ལོག་ལམ་འགྱུར་རོ་ཞེས། །རྒྱལ་དབང་རིག་འཛིན་བརྒྱུད་པའི་ ལུང་ལས་གདམས། །ཚེ་འདི་གློག་གི་ཟློས་གར་ལྟ་བུ་ལ། །བདག་བདེ་འདོད་རྣམས་སྔགས་ཀྱི་ལམ་སྒྲུབ་ན། །འདི་ཕུང་ཕྱི་ཕུང་སྒྲུབ་པར་མི་འཚལ་གྱི། །འདི་སྐྱིད་ཕྱི་བདེ་བསྒྲུབ་པར་ཅིས་མི་རིགས། །དེ་བས་ དྲེགས་པ་མཆོད་བསྒྲུབ་མི་རུང་ཉེས། །བཀག་པ་མིན་མོད་ཡི་དམ་བསྙེན་བསྒྲུབ་དང་། །རྣམ་དཀར་དགེ་བའི་ཕྱོགས་ལ་བརྩོན་པའི་ཞོར། །ཅུང་ཟད་ཙམ་ལས་ཆེད་གཏད་བརྩོན་མི་བྱ། །དེ་བཞིན་དྲག་པོའི་སྔགས་ 23-3-25a དང་དྲག་པོའི་ལས། །ཟབ་མོ་སྔགས་ཀྱི་དགོངས་སྤྱོད་ལྡན་གྱུར་ན། །ལས་དང་རིག་སྔགས་ཀུན་ལས་ཟབ་མོད་ཀྱི། །ཕལ་ཆེར་ཚེ་འདིའི་ཆེད་དུ་རྩོམ་པ་མེད། །དེ་ལྟར་གྱུར་ན་སྔགས་ལོག་སྤྱོད་ པ་ཡིས། །འདི་དང་ཕྱི་མར་རྩུབ་མོའི་རྣམ་སྨིན་ཆ། །ཡང་དང་ཡང་མྱོང་དེ་ལ་དགོས་པ་ཅི། །དེ་བས་འདི་བདེ་ཕྱིས་བདེ་མི་དགའ་འམ། །དྲེགས་པ་མ་བསྟེན་དྲག་སྔགས་མ་བསྒྲུབ་ཀྱང་། །ཁ་རོག་འདུག་རྣམས་དགྲ་ འདྲེས་མི་འཚེ་མང་། །དྲེགས་པ་བསྟེན་ཅིང་དྲག་སྔགས་བསྒྲུབ་རྣམས་ཀྱང་། །དགྲ་དང་བགེགས་ཀྱིས་འཚེ་བ་མེད་པ་མིན། །སེམས་ཅན་གཞན་གྱི་ཀླད་པའི་ནད་ཙམ་ཞིག །བསལ་འདོད་ཕན་སེམས་ཡོན་ཏན་ རྒྱ་ཆེ་ཞེས། །རྒྱལ་བའི་བཀའ་ལས་བྱུང་ཕྱིར་བསམ་བཟང་གི། རྣམ་དཀར་ཅུང་ཟད་ཙམ་ཀྱང་འབྲས་བུ་ཆེ། །རང་སྣང་དགྲར་ལང་དགྲ་འདྲེའི་དོགས་པ་ཡིས། །དགྲ་སོད་བགེགས་འདུལ་དམོད་ངན་བསམ་ངན་ ལ། །ཉིན་མཚན་རྒྱུན་མར་གོམས་པའི་ཞེ་སྡང་ཅན། །འདི་སྐྱིད་ཕྱི་བདེའི་གོ་སྐབས་ཇི་ལྟར་འབྱུང་། །དེ་བས་རྒྱུ་འབྲས་བསླུ་བ་མེད་པ་འདི། །རྒྱལ་པའི་གསུང་གི་ནང་ན་ཉམས་ལེན་ཆོས། །མེད་མི་རུང་བ་གཅིག་ པུར་ཤེས་བྱས་ནས། །རང་བདེ་འདོད་རྣམས་དགེ་བའི་རྒྱུ་ལ་འབོད། །རང་ལ་བདེ་འབྲས་སྨིན་པའི་རྒྱུ་ཡོད་ན། །ལྷ་མཆོད་འདྲེ་བརྡུང་མི་དགོས་རང་བསམ་འགྲུབ། །རང་ལ་བདེ་པའི་སྐལ་བ་མི་ལྡན་པས། ། 23-3-25b ལྷ་མཆོད་འདྲེ་བཀར་བརྒྱ་ཕྲག་བརྩོན་ཀྱང་ཅི། །དེ་ཕྱིར་དྲེགས་པ་མཐུ་རྩལ་ཅན་རྣམས་ལ། །ལུང་བཞིན་དམ་ཚིག་ལྡན་པའི་རྣལ་འབྱོར་པས། །གཞུང་བཞིན་མཆོད་དང་སྒྲུབ་པའང་བཟང་མོད་ཀྱང་། །དེ་བས་ རྩ་གསུམ་ལྷ་ལ་བསྟེན་པ་གལ། །ཚོགས་གཉིས་ཡོངས་རྫོགས་རྒྱལ་དང་རྒྱལ་བའི་སྲས། །བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་ཙམ་ཞིག །དྲན་པ་དེ་ཡང་འདི་ཕྱིར་དོན་ཆེ་བས། །སྐྱིད་ཀྱང་སྡུག་ཀྱང་དེ་ལ་ ཡིད་རྟོན་ཕེར། །མཆོད་མཆོད་བརྟེན་བརྟེན་ཚེ་གང་འབད་ན་ཡང་། །དངོས་གྲུབ་མ་མཐོང་འཁུ་ལྡོག་མཐོང་བ་ཡི། །འཚུབ་སྣང་རྦ་ལ་འཕྱོ་ཞིང་སྔགས་གཟུགས་པ། །ཕལ་ཆེར་རང་སྣང་ལྷ་འདྲེས་བརླམ་སྟེ་ འཁྱམས། །གསོན་པའི་དུས་སུ་འབད་པ་རྒྱ་ཆེ་ཡང་། །དབུལ་ཞིང་བདེ་འབྲས་ཉུང་བཞིན་ཚེ་ཟད་ནས། །འཕེན་པའི་དབང་གིས་ལྷ་འདྲེའི་གཡོག་ཏུ་སྐྱེས། །གྲོང་ཁྱེར་ཉུལ་ཞིང་ཟ་འདྲེ་བྱེད་ལ་རྒྱུ། །དེ་ལྟར་ཡི་ དམ་བཟླས་པ་ཐུན་གཅིག་དང་། །བློ་སྦྱོང་བྱང་སེམས་རྣམ་དཀར་དགེ་ཚོགས་ལ། །སྔ་དྲོ་གཅིག་གི་ཉམས་ལེན་མི་ནུས་པར། །རྒྱུན་དུ་རྔ་བརྡུང་ལྷ་འདྲེ་མཆོད་དགའ་ཅན། །ཁྱོད་ཀྱིས་འདི་ཙམ་བརྩོན་པའི་འབྲས་བུ་ དེ། །ཚེ་འདིའི་ཆེད་དུ་ཡིན་ན་ཚེ་འདི་ལ། །འདི་བྱུང་འདི་ཐོན་མེད་ན་ཚེ་ཟད་ནས། །འཆི་ཚེ་ཁྱོད་ལ་ལག་རྗེས་ཅི་འདུག་སོམས། །གལ་ཏེ་དེ་འདྲའི་གྲོང་སྔགས་ཁ་ཅིག་གིས། །མཐུ་དང་སྔགས་ཀྱི་སྙན་གྲགས་ 23-3-26a ཅུང་ཟད་ཞིག །ཐོབ་ཀྱང་གྲོགས་ཆུང་གཅིག་ན་ངོ་མཐོ་ཙམ། །དེ་བས་ལྷག་པའི་ཡ་མཚན་ཅུང་ཟད་མེད། །དེ་ལྟར་དོན་ཆུང་ཆེད་དུ་འབད་པའི་ཚབ། །རྣམ་དག་ཆོས་ལམ་འབད་ན་འདི་དང་ཕྱིར། ། དེ་བས་རྒྱ་ཆེའི་བདེ་དང་གྲགས་པ་རྒྱས། །དེ་ཕྱིར་རང་མདོ་ཆུང་བ་མིན་ནམ་སོམས། །བདག་ནི་རང་གི་སྔོན་གྱི་བག་ཆགས་དང་། །སྔ་རབས་རྣམས་ཀྱི་ཨ་ཕའི་ཁ་ལྟ་ཡིས། །དྲེགས་པ་མཆོད་དང་དྲག་སྔགས་ སྒྲུབ་པ་ལ། །ཤིན་ཏུ་མོས་ཤིང་བརྩོན་པ་ཡིན་མོད་ཀྱི། །བླ་མ་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ལས། །རེས་གཅིག་བློ་ཡི་བསམ་དཔྱོད་ལེགས་ཤར་ནས། །དྲག་པོའི་སྔགས་ཀྱི་ལས་རྒྱུན་འཛུད་སྙམས་སོགས། ། དོན་མེད་བསམ་དཔྱོད་འགའ་ཞིག་འདོར་བློ་སྐྱེས། །སྙིགས་མའི་སྐྱེ་བོ་ཚེ་འདི་ཆེད་འཛིན་རྣམས། །དྲག་སྔགས་ཤེས་ན་གཞན་གནོད་འབའ་ཞིག་རྩོམས། །བསྟན་པ་བསྲུང་བའི་ལྕགས་རིར་མི་འགྱུར་གྱི། །རང་ ཕུང་གཞན་ཕུང་ཧ་ལ་ལམ་བསྐྱུར་འདྲ། །དེ་སྔ་གསང་སྔགས་རྙིང་མའི་ཆོས་སྡེ་ལ། །དྲག་སྔགས་སྣ་ཚོགས་ཟབ་རྒྱས་བྱུང་མོད་ཀྱི། །ཕལ་ཆེར་རང་འདོད་ཁོ་ནས་གཞན་གནོད་རྒྱུར། །སོང་གིས་དགོས་དུས་བསྟན་ པ་སྲུང་མ་མཐོང་། །བློ་སྦྱོང་གཙོར་བྱེད་བཀའ་གདམས་བསྟན་འཛིན་རྣམས། །དྲག་སྔགས་གནོད་སྦྱོར་མེད་ཀྱང་བསྟན་པ་འཕེལ། །བོན་དང་རྙིང་མ་དྲག་སྔགས་ལས་སྦྱོར་ལ། །དགའ་ཡང་བསྟན་པ་དེ་རྒྱས་ 23-3-26b བྱུང་ངམ་ཅི། །རྒྱུ་འབྲས་བསླུ་མེད་རྒྱལ་བའི་རང་ལམ་ཡིན། །བསམ་སྦྱོར་དགེ་བ་རང་ཕན་གཞན་ཕན་ཡིན། །གཞན་ཕན་ཚུལ་འཇམ་འདི་བཟང་ཕྱི་བཟང་ཡིན། །དེ་དག་ཨེ་བདེན་སྔར་བྱུང་རྣམས་ལ་ལྟོས། །དེ་ བས་རང་ཕན་བསྟན་ཕན་འདོད་རྣམས་ཀྱིས། །བསམ་པ་བཟང་པོ་བྱང་ཆུབ་སེམས་བསྐྱེད་ལ། །སྦྱོར་བ་བཟང་པོ་ཡང་དག་ཆོས་བརྩོན་དང་། །གནད་མེད་རང་འདོད་དྲག་སྔགས་སྒྲུབ་པ་དང་། །དྲེགས་པ་ མཆོད་ལས་བརྒྱ་སྟོང་འགྱུར་གྱིས་འཕགས། །རང་སྐྱིད་གཞན་སྐྱིད་ཆོས་སྲིད་རིགས་རྒྱུད་དང་། །བཀྲ་ཤིས་ལས་མཐའ་བཙན་ཞིང་ཀུན་དང་མཐུན། །བསམ་སྦྱོར་རྩུབ་མོའི་ཆོས་སྲིད་རིགས་རྒྱུད་འཛད། །འདི་ ནི་ཁ་ཙམ་མིན་པར་སྙིང་ནས་བརྗོད། །དོན་ལ་བདེན་ནམ་རྫུན་པ་ལེགས་པར་དཔྱོད། །བསམ་སྦྱོར་འཇམ་རྩུབ་ཅན་གྱི་མི་རྣམས་ལྟོས། །དཔེ་དང་གཏན་ཚིགས་དུ་མས་འདི་དོན་སོམས། །ཚིག་ནི་གང་ཤར་ སྡེབ་སྦྱོར་སྤང་སྟེ་བྲིས། །འདི་དོན་འདི་འདྲར་གནས་ཞེས་བློ་ཡིས་དཔྱོད། །ལག་ལེན་འདི་དང་འདི་ལྟར་བཏབ་མཛོད་དང་། །ཁྱེད་ཅག་ནམ་ཡང་བདེ་ནས་བདེ་བར་འགྲོ། །དེ་སྐད་མི་ཕམ་ཞེས་གྲགས་རྟོག་གེ་བ། ། རྟོག་པའི་རྦ་ལ་གཡེངས་བཞིན་སྤང་ཀློག་གི། བྱ་བ་མང་བསྟེན་འབྲས་བུ་གཡེལ་བ་དེས། །གཞན་ཕན་བསམ་པས་གློ་བུར་ཉིད་དུ་བྲིས། །བསམ་པ་བཟང་པོའི་རྩ་བ་ལས་བྱུང་ཞིང་། །སྦྱོར་བ་བཟང་ 23-3-27a པོས་ཡི་གེར་བཀོད་པ་འདིས། །དུས་མཐའི་ལམ་ལོག་གནས་སུ་གོམ་འཆལ་བ། །མང་ཞིག་དོན་ལྡན་ཆོས་དང་འཕྲད་པར་ཤོག །རབ་ཚེས་ས་ཁྱི་ཟླ་༡༡ཚེས་༢༢ལ་རྫ་རྒྱལ་འཕེན་པོའི་རི་ཞོལ་རྫ་རྒྱལ་ དགོན་ཞེས་གྲགས་པར་བྲིས་པ་དགེའོ། །མངྒ་ལཾ།། ༈ །། ལུགས་ཟུང་བླང་དོར་གྱི་བསླབ་བྱ་ཉུང་ངུ་བཞུགས། རྒྱལ་ཀུན་ཡེ་ཤེས་སྐུ་སྟེ་འཇམ་པའི་དབྱངས། །མཁྱེན་རབ་ལྷག་པའི་ལྷ་དེའི་ཐུགས་ཀྱི་འོད། །ཁྱོད་ ཀྱི་སྙིང་ལ་མྱུར་དུ་ཞུགས་ནས་ཀྱང་། །ལུགས་བཟུང་བླང་དོར་སྣང་བ་གསལ་གྱུར་ཅིག །བླང་ཞེས་བྱ་བ་ཡ་རབས་ལུགས་ཡིན་ཏེ། །རྒྱུ་འབྲས་ཡིད་ཆེས་དགེ་བཅུའི་ལམ་ལ་གནས། །རང་དོན་ལེགས་གྲུབ་ གཞན་ལ་ཕན་པ་མཆོག །འདི་ཕྱིར་ལེགས་ལམ་གོང་འཕེལ་འགྱུར་བ་ཡིན། །དོར་ཞེས་བྱ་བ་མ་རབས་སྤྱོད་པ་སྟེ། །རང་དོན་ཕུག་བཅུག་རྫུན་ཁྲམ་གཡོ་སྒྱུས་འཚོ། །རྒྱུ་འབྲས་གོ་ལོག་གཞན་གནོད་ལས་ ལ་སྤྱོད། །འདིར་སྡུག་ཕྱི་མ་ངན་སོང་འགྲོ་བའི་རྒྱུ། །བླང་དོར་དམིགས་འབྱེད་རྒྱལ་བའི་བཀའ་ལུང་སྟེ། །དམ་པ་རྣམས་ཀྱི་ལེགས་གསུང་གཞུང་རྣམས་ཡིན། །དེ་དག་ལེགས་པར་ཉན་ཞིང་དོན་ལ་ བསམ། །ཡིད་ཆེས་སྐྱེས་ན་བཟང་པོའི་གྲལ་དུ་ཚུད། །ཡིན་ལུགས་དེ་ལྟར་ཡིན་ཀྱང་དེང་སང་དུས། །དྲི་མེད་རྒྱལ་བའི་བསྟན་པ་ནུབ་ལ་ཉེ། །བསྟན་འཛིན་ཚུལ་དང་མཚུངས་པ་ཉིན་སྐར་འདྲ། །ཇི་ལྟར་ 23-3-27b བཤད་ཀྱང་གོ་བ་ཤིན་ཏུ་དཀའ། །ཁྱད་པར་ནག་ཕྱོགས་ཀླ་ཀློའི་རྒྱབ་དཔུང་དུ། །ལྷ་མིན་གདོན་ཆེན་རྣམས་ཀྱི་འཕྲུལ་བཀྱེ་ནས། །གཞི་བདག་ཚོགས་ཀྱི་བློ་ཁ་བསྒྱུར་བྱས་པས། །མི་རྣམས་རང་དབང་ མེད་པར་ལོག་སྤྱོད་བྱེད། །བརྐམ་ཆགས་འདོད་པ་མེ་ལྟར་འབར་བ་དང་། །གནས་མིན་ཞེ་སྡང་ཆུ་ལྟར་ཁོལ་བ་དང་། །ཕན་ལ་མི་ཕན་མི་ཕན་ཕན་བྱེད་དུ། །གོ་ལོག་མཐོང་བའི་གཏི་མུག་མུན་ལྟར་ གཏིབ། །འདི་རྣམས་གདོན་གྱི་ཆོ་འཕྲུལ་ཡིན་མོད་ཀྱི། །མི་རྣམས་སུས་ཀྱང་དེ་དོན་ཤེས་མི་འགྱུར། །རློམ་པས་འགྱིང་ཞིང་རང་ལ་རང་མགུ་བས། །ནམ་ཞིག་རང་བྱས་རང་སྨིན་ཡི་ཆད་སྐྱེ། །དེ་ཕྱིར་ དུས་ངན་འདི་ལ་ང་ལྟ་བུ། །ཆོས་དང་འཇིག་རྟེན་ཅི་ཡང་མ་འགྲུབ་པ། །གླང་རྒན་མུན་ཁུང་ཉལ་བ་ལྟ་བུ་ཡིས། །བྲག་ཆའི་རྗེས་བརྗོད་གདམས་པས་སུ་ལ་ཕན། །འོན་ཀྱང་བླང་དོར་གནད་བསྡུས་བྲིས་ ཞེས་པའི། །ཚིག་གི་བསྐུལ་མའི་རྗེས་འབྲང་གང་དྲན་དང་། །སྨྱོན་ཐལ་སྨྲས་ལ་དར་ཅིག་གསན་མཛད་དེ། །རྣམ་དཔྱོད་བགྱིས་ན་ཅུང་ཟད་དོན་དུ་འགྱུར། །དེང་སང་ཕལ་གྱིས་བླང་དོར་མི་ཤེས་ཤིང་། ། ཤེས་ཀྱང་ལག་ཏུ་མི་ལོན་དུས་ཀྱིས་མནར། །དེ་འདྲར་བཤད་རྒྱ་མང་བས་མི་ཕན་ཏེ། །རང་སེམས་རང་གིས་བཟུང་ན་གནད་དོན་ཡིན། །ནག་ཕྱོགས་ཁ་དར་བསྟན་པ་ཉམས་དམའ་ཞིང་། །དཀར་ཕྱོགས་ 23-3-28a དགྲ་བླ་དམ་ཅན་མཐུ་ཆུང་བས། །བཟང་པོའི་བསམ་འདུན་བྱས་ཀྱང་འགྲུབ་པར་དཀའ། །བཟང་པོ་རྣམས་ལ་བར་ཆད་ལྷག་པར་སྡང་། །ངན་པའི་སྙིང་ལ་དམ་སྲི་སྡེ་བརྒྱད་ཞུགས། ། དཀོན་མཆོག་གསུམ་དང་རྒྱལ་ཁམས་ཡོངས་ལ་གནོད། །སྤྱི་སྒེར་མི་བདེ་བསམ་པ་གོ་ལོག་དུས། །བཤད་བཤད་མང་བས་ཅི་ཡང་མི་ཕན་པས། །སྙིང་ནས་བླ་མ་མཆོག་གསུམ་ཡི་དམ་ལྷ། །བསྟན་སྲུང་ དྲེགས་པའི་ཐུགས་དམ་གནད་ནས་བསྐུལ། །ཁྱད་པར་ཨོ་རྒྱན་ཆེན་པོར་གསོལ་བ་ཐོབ། །སྙིགས་མའི་སྐྱབས་གཅིག་དེ་མིན་དེ་ལས་གཞན། །བྱ་བ་ཐབས་རྡུག་བཤད་པ་རྣར་གཟོན་པའི། །ལས་ ཀ་མངོན་སུམ་མཐོང་དུས་སྐྱོ་བའི་བློ། །ད་དུང་མི་སྐྱེ་ཁོང་སྙིང་མེད་པའམ། །ཅི་ཡང་མི་ཤེས་བྱིས་པའི་ངང་ཚུལ་ཡིན། །དེ་ལྟར་འཛམ་གླིང་ཡུལ་གྲུ་ཐམས་ཅད་དུ། །མི་རྣམས་བློ་གཏད་མི་ཕེར་ལོག་ལམ་ ཅན། །ཕན་པའི་སྤྱི་ཆུས་མེད་པར་རང་ཆུས་གཉེར། །རྒྱལ་ཁྲིམས་དྲང་པོའི་གཉའ་ཤིང་ཆག་པས་ན། །རྒྱལ་ཁམས་མི་བདེའི་རྩ་བ་དེ་ལ་ཐུག །རྒྱལ་ཁྲིམས་མེད་ན་རྒྱལ་པོའི་བཀའ་མི་བཙན། །རྒྱལ་ པོའི་བཀའ་མི་བཙན་ཚེ་རྒྱལ་ཁམས་འཁྲུགས། །རྒྱལ་ཁམས་འཁྲུགས་ན་སངས་རྒྱས་བསྟན་ལ་གནོད། །གནོད་པ་མི་བདེ་བྱུང་ཚེ་སུས་ཀྱང་ཤེས། །གནོད་པའི་རྩ་བ་གང་བྱུང་སེམས་ལས་བྱུང་། །སེམས་ 23-3-28b ལ་རང་དབང་མེད་པ་གདོན་གྱི་མཐུ། །གདོན་ལ་རྩ་གསུམ་བླ་མའི་ཐུགས་རྗེ་ལས། །གཞན་པའི་གསོ་དཔྱད་ཅི་ཡང་མི་རྙེད་པས། །ད་ནི་བླ་མ་ཨོ་རྒྱན་ཆེན་པོ་ལ། །ནང་ནུབ་དུས་རྒྱུན་གདུང་ཤུགས་གསོལ་བ་ ཐོབ། །དེ་ལྟར་བྱས་ན་བདེ་བའི་འབྲས་བུ་སྨིན། །དེ་ལྟར་མ་ཤེས་བཟང་པོར་རེ་བ་ཡིས། །བྱ་བ་ཐལ་ན་ཉེས་པ་ཆེན་པོ་འབྱུང་། །རང་ལ་རང་རྩིས་ཆེན་པོ་མ་ཞུགས་པས། །ལེ་ལན་རང་དེ་ཤེས་ན་མཁས་པའི་ མཆོག །མཆོག་འདི་བློ་མང་ཅན་གྱིས་ཡོངས་མི་འགྲུབ། །མི་འགྱུར་རི་བོ་ལྟ་བུའི་སེམས་བྱས་ན། །གནས་སྐབས་དེ་བྱས་མངོན་པར་མ་གྱུར་ཀྱང་། །ནམ་ཕུག་ཇེ་དམའ་མི་འགྲོ་རང་ས་ཟིན། །དེ་བས་དུས་ ཀུན་བློ་གདེང་བསྲན་པ་གལ། །དུས་ཚོད་མཐོང་བའི་སྐྱོ་བས་ཡིད་ཁྲེལ་ཏེ། །དུས་སུ་བསྐུལ་ནས་གང་དྲན་སྨྲས་པ་ལ། །སྨྱོན་ངག་བཞིན་དུ་གལ་ཆུང་མ་མཛད་པར། །ཡང་ཡང་བསམ་ན་ཕན་པ་སྲིད་ཀྱང་ ཐང་། །བླ་མ་བློ་ལྡན་མཆོག་སྲེད་མཁྱེན་པའི་ལྷ། །འཇམ་དཔལ་ཞི་དང་ཁྲོ་བོའི་བྱིན་རླབས་མཐུས། །གང་ལ་གདམས་པ་དེ་ཡི་སྙིང་དབུས་སུ། །བློ་གྲོས་ལེགས་ལམ་སྣང་བ་འབར་གྱུར་ཅིག །མི་ཕམ་ པས་སོ།། ༈ །། ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་ཞེས་བྱ་བ་བཞུགས་སོ། །གང་ཞིག་དྲན་པས་ལུགས་གཉིས་ཀྱི། །བློ་གྲོས་ནོར་བུའི་གཏེར་གྱི་སྒོ། །འགྱེད་མཛད་རྒྱལ་བའི་མཁྱེན་རབ་ 23-3-29a གཏེར། །འཇམ་དཔལ་དཔའ་བོས་ཁྱོད་ལ་སྲུངས། །འཇིག་རྟེན་འདི་ན་བསྔགས་བོས་པ། །ལྷ་དང་དཔལ་ཞེས་བྱ་བ་གཉིས། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་ཏུ། །རང་གི་རྒྱུད་ལ་འགུགས་ འདོད་པས། །གདམ་ངག་བཟང་པོའི་ཚིག་འདི་རྣམས། །བལྟ་ཞིང་དེ་དོན་བསམ་པ་དང་། །བསམ་ནས་དེ་ལ་ཡིད་ཆེས་པས། །དེ་ཡི་དོན་བཞིན་སྤྱད་པར་བྱ། །འཇིག་རྟེན་ཁམས་ན་ཡ་རབས་དང་། །མ་ རབས་སྤྱོད་པ་གཉིས་སུ་ངེས། །ཡ་རབས་ལམ་ནས་འདི་ཕྱིར་བདེ། །མ་རབས་ལམ་ནས་འདི་ཕྱིར་ཕུང་། །ཡ་རབས་ཆུང་ངུ་འཇིག་རྟེན་ལུགས། །ཡ་རབས་ཆེན་པོ་འཕགས་པའི་ལམ། །མི་ཆོས་ཆོས་ཀྱི་རྩ་བ་ ཡིན། །འཇིག་རྟེན་ཡ་རབས་སྤྱོད་པ་ཞིག །མེད་པ་དེ་ལ་ཆོས་ཀྱི་ཚུལ། །ཡོད་པ་ནམ་ཡང་མི་སྲིད་དེ། །རྩ་བ་མེད་པའི་སྡོང་པོ་དང་། །ནོར་མེད་པ་ལ་ནོར་བུ་བཞིན། །སྐྱེ་བོ་འདི་ཡི་གོ་རིམ་ནི། །གཞན་གྱིས་ བྱས་པ་ཅང་མེད་ཀྱང་། །འཇིག་རྟེན་ཡ་རབས་སྤྱོད་པ་ནི། །ཆུང་འབྲིང་ཆེན་པོས་རིམ་བཞིན་བྱས། །འདི་ན་ཐམས་ཅད་བདེ་ལ་དགའ། །ཀུན་ཀྱང་རང་དོན་ཁོ་ན་གཉེར། །འཕགས་པ་མིན་པའི་སྐྱེ་བོ་ཕལ། ། ཚུལ་འདི་མིན་པ་གཞན་ཡོད་མིན། །འོན་ཀྱང་སྔོན་གྱི་ལས་དབང་གིས། །ལ་ལ་དཔལ་གྱི་ནོར་བུ་རྙེད། །ལ་ལ་བྱུར་གྱི་རིམས་ནད་ཟིན། །ཀྱེ་མ་སྐྱེ་དགུའི་བདེ་སྡུག་ལྟོས། །ཟས་མེད་ལྟོ་ཡི་སྡུག་བསྔལ་ཏེ། ། 23-3-29b གྲགས་མེད་ཡིད་ཀྱི་སྡུག་བསྔལ་ཡིན། །གང་ལ་གྲགས་པའི་དཔལ་གནས་ན། །ཟས་ནོར་འབྱོར་བ་མདུན་དུ་འཕྱུར། །དེ་ཕྱིར་ཤེད་བྱེ་ཚུན་ཆད་ནས། །ཀུན་ཀྱང་སྙན་གྲགས་རོ་ལ་རྒྱུག །ཀྱེ་མ་སྙན་པའི་ཡིད་ འོང་མ། །ཕལ་ལ་འབྲོས་པ་ལྟ་བུར་གྱུར། །དེ་ཡི་རྒྱུ་མཚན་བཤད་པ་ན། །སྔོན་གྱི་བསོད་ནམས་མཐུ་ཆུང་བས། །རྒྱ་ཇ་ཚགས་ལ་དྲངས་བ་ལྟར། །ལོག་པ་དྲན་ཅིང་བཟང་པོ་ཤོར། །ཕ་མ་སློབ་དཔོན་རྒན་ རབས་དང་། །ཕན་བྱེད་དྲིན་གཟོ་ཆུང་བ་ཡིས། །སྐྱོབས་བྱེད་ལྷ་ཡི་དགོངས་པ་ཁྲེལ། །སྡོང་གྲོགས་མེད་པའི་རོ་ལྟར་གྱུར། །འདི་ཕྱིའི་ཁྲེལ་དང་རྒྱུ་འབྲས་ལ། །རྩི་བཞག་ཆུང་བས་གཏམ་དང་མནའ། །ཇི་ སྨྲས་གཅིག་ཏུ་མི་ཆོད་པས། །དྲང་མཁན་གཉན་པོ་ཐུགས་སུན་ཕྱུང་། །ཕན་གནོད་གོ་ལོག་བབ་བབ་སྤྱོད། །ཐུང་ན་ལྷ་ཡང་བྲན་དུ་བཀོལ། །མ་ཐུབ་དགྲ་ཡང་མཆོད་བྱས་པས། །ཕོ་ལྷ་ཝེར་མ་གཏིང་ནས་ཁྲོས། ། མཆོག་གསུམ་བཀུར་བཟོས་ཡིད་ཆེས་ཆུང་། །མངོན་སུམ་དང་ནི་ལྐོག་གྱུར་དང་། །སྔ་ཕྱིའི་བྱ་བ་མི་མཚུངས་པས། །ཆོས་སྐྱོང་དམ་ཅན་ཐུགས་སྐྱོ་འཕེལ། །ལ་ཡོག་དང་ནི་ཁྲེལ་དང་མནས། །ཉོས་ པའི་ཟས་ནོར་དོགས་མེད་སྤྱོད། །གཏམ་ངན་མི་ཁ་མི་འཛེམས་པས། །ལུས་ལྷ་ཕྲག་ལྷ་གནམ་དུ་ཡལ། །གཞན་གྱི་ཕུན་ཚོགས་དཔལ་འབྱོར་ལ། །དོན་མེད་སེམས་ཀྱི་ཟུག་རྔུར་ལྡང་། །ཐམས་ཅད་སྨད་པ་ 23-3-30a ལྷུར་བླང་བས། །མགོན་སྐྱབས་ལྷ་སྲུང་ནུས་པ་ཟད། །དེ་ལ་སོགས་པའི་རྒྱུ་རྐྱེན་གྱིས། །རང་གི་ཕུན་ཚོགས་འཇོམས་པ་ཡི། །མི་གཙང་རྫིང་བུར་གནས་བཞིན་དུ། །ལྷ་བརྒྱ་ཀླུ་སྟོང་ བོས་ན་ཡང་། །དྲུང་དུ་འདུ་བར་ཤིན་ཏུ་དཀའ། །དེ་ཚེ་ཀྱེ་མ་བདག་གིས་ནི། །རིམ་འགྲོ་འདི་ཙམ་བགྱིས་ན་ཡང་། །བྱ་བ་ལས་ཀྱི་སྟོབས་ཤུགས་ལ། །ཅུང་ཟད་ཕན་པ་མེད་དོ་ཟེར། །སྙིགས་མའི་སྐྱེ་བོ་ བསོད་ནམས་ཞན། །འཕྲལ་ལའང་སྤྱོད་པ་མི་མཁས་པ། །འདི་འདྲའི་ལེ་ལན་ཤེས་གྱིས་ལ། །ཁྱོད་ནི་འདི་ལས་ལྡོག་པར་མཛོད། །སྐྱེ་བོ་ཕལ་ཆེར་བདག་ཉིད་ལ། །དཔལ་ཀུན་འདུ་བར་འདོད་ན་ཡང་། །ཞིང་ ས་ངན་ལ་ས་བོན་བཞིན། །གཞི་རྩ་འཕྱུགས་པ་མི་ཤེས་སོ། །བློ་ལྡན་བསོད་ནམས་ལྡན་པ་ལ། །ཡོན་ཏན་ལྡན་པ་ཆོས་ཉིད་དེ། །ཡོན་ཏན་ལྡན་ན་ལྷ་རྣམས་ཀྱང་། །མ་བོས་ངང་གིས་འདུ་བ་ཡིན། །གང་ལ་ མངོན་ལྐོག་མེད་པ་ཡི། །དམ་བཅའ་ཤིན་ཏུ་བརྟན་པ་ལ། །ཆུ་བུར་མིག་ཅན་རྣམས་དགའ་ན། །ལྷ་མིག་ལྡན་པ་སྨོས་ཅི་འཚལ། །བྱས་པ་དྲིན་དུ་གཟོ་བ་དང་། །རྒྱུ་འབྲས་གོ་ལོག་མི་འཛིན་ལ། །མི་ཡང་ ཕན་པའི་ཐབས་རྩོམ་ན། །དཀར་ཕྱོགས་ལྷ་རྣམས་སྨོས་ཅི་འཚལ། །གང་ན་སྙིང་སྟོབས་མི་ཞུམ་པས། །དགྲ་གཉེན་བྱམས་སྡང་མི་ལོག་པ། །ཇེ་བཟང་སྤྱན་རས་ཀྱིས་བཙལ་ན། །དགྲ་བླ་ཝེར་མས་ 23-3-30b སྨོས་ཅི་འཚལ། །གང་ན་སྤང་བླང་བྱ་བ་ནི། །མི་ལ་གསང་ཏེ་བྱས་ན་ཡང་། །ལྷ་ལ་སྤེད་བར་མི་ནུས་བས། །ལྷ་འགྲུབ་པ་ལ་དམ་ཚིག་གཙོ། །གང་ན་དམ་བཅའི་ཚིག་བརྟན་ཅིང་། །དོན་ཆེན་བསྒྲུབ་ལ་ བློའི་ནུས་པ། །སྟོབས་དང་ལྡན་པར་གྱུར་པ་ལ། །ལྷ་ཡང་སྐྲག་ན་གཞན་ལྟ་ཅི། །དེ་ནས་ཕོ་ལྷ་དགྲ་ལྷ་ཡི། །རྫོངས་ཆེན་རང་གི་ལུས་དང་སེམས། །སྤྱོད་ངན་མི་གཙང་ཕྱག་བདར་གྱིས། །ཡོན་ཏན་ མཆོད་པའི་བཀོད་པ་ཤོམས། །དེ་ནས་མ་བོས་བཞིན་ཏུ་ཡང་། །དགྲ་བླ་མཚོ་ལ་ངང་པ་བཞིན། །ཝེར་མ་པད་ཚལ་བུང་བ་ལྟར། །ངང་གི་འདུ་བ་ཆོས་ཉིད་ཡིད། །གང་ན་ལྷ་ཡི་མགོན་བྱས་པའི། །མི་དེ་ གཅིག་པུར་གྱུར་ན་ཡང་། །སྟོང་ཕྲག་དུ་མའི་མི་དག་དང་། །ནུས་པ་ཀུན་ནས་མཉམ་པ་ཡིན། །ལྷ་ཡིས་ལག་ནས་དྲངས་གྱུར་པ། །བཟང་པོའི་སྐས་ལ་འཛེགས་གྱུར་ན། །མཐོ་དང་བདེ་དང་གྲགས་པ་ཡི། ། གཞལ་མེད་ཁང་པར་ཡང་དག་རོལ། །དཔལ་རྗེས་བསྙེགས་པས་དཔལ་མི་འདུ། །དཔལ་གྱི་འཁྲི་ཤིང་བཟང་པོ་འདི། །ཡ་རབས་སྤྱོད་པའི་ཚལ་ན་ནི། །གཡོ་བ་མེད་པར་གནས་ཞེས་གྲགས། །སྙིགས་མའི་ མི་རྣམས་བསོད་ནམས་དམན། །དེ་ཕྱིར་བློ་རྒྱ་ཆེ་བ་དཀོན། །དེས་ན་ཡ་རབས་སྤྱོད་པ་ལ། །བཅུག་ཀྱང་ཤེས་པ་ཤིན་ཏུ་དཀའ། །གནའ་བོའི་ལུགས་དང་དམ་པའི་སྲོལ། །རྩི་བཞག་ཤིན་ཏུ་ཆུང་བ་ཡི། །མ་ 23-3-31a རབས་རྣམས་ཀྱི་ནང་དུ་ནི། །ཡ་རབས་སྤྱོད་པ་གསལ་མི་འགྱུར། །ས་འདི་མ་རབས་ཀྱིས་གང་ཡང་། །རང་ཉིད་ཡ་རབས་སྤྱོད་པ་བྱ། །དེ་ལྟ་ན་ནི་ཆོས་ཉིད་ཀྱིས། །རང་ལ་ཕུན་སུམ་ཚོགས་ པར་འགྱུར། །ཡ་རབས་དམ་པའི་སྤྱོད་པ་ཡི། །རྩ་བ་བློ་དང་ཟུང་ཐུབ་ཡིན། །སྡོང་པོ་ཁྲེལ་དང་བག་ཡོད་ཡིན། །ཡལ་ག་དྲང་དང་དམ་བཅའ་བརྟན། །ལོ་མ་བྱས་ཤེས་གཞན་ཕན་བརྩོན། །མེ་ཏོག་དད་ དང་གཏོང་ཕོད་དེ། །འབྲས་བུ་བདེ་དང་གྲགས་པར་སྨིན། །འདི་རྣམས་མེད་དུ་མི་རུང་ངོ་། །བློ་ཞེས་བྱ་བ་ཤེས་རབ་སྟེ། །བླང་དོར་མ་ནོར་འབྱེད་པ་ཡིན། །མིག་དང་འདྲ་བ་འདི་མེད་ན། །ཡོན་ཏན་གཞན་གྱི་ གོ་སྐབས་འགག །དེ་ལའང་བླང་དོར་བྱ་བ་ལ། །ཤིན་ཏུ་ཞིབ་མོར་ཕྱེ་ཞིང་དཔྱད། །མི་ཤེས་པ་དང་མ་བརྟག་པ། །འདི་ཡིས་འཇིག་རྟེན་སྐྱེ་བོ་ཕུང་། །ན་ཚོད་མ་སྨིན་པ་དང་ནི། །ས་རྒྱ་ཆུང་ངུའི་རང་མཐོང་གིས། ། སྐྱེ་བོ་རང་གིས་སྔར་བྱས་ལ། །རང་ཉིད་ཁྲེལ་པ་མང་དུ་འོང་། །དེ་ཕྱིར་བཟང་ངན་བྱ་བའི་རིགས། །མཐོང་བ་ཤིན་ཏུ་རྒྱ་ཆེ་ཞིང་། །ཁྱད་པར་ཆབ་སྲིད་ཆེན་པོའི་སྲོལ། །མཐོང་ཞིང་ཐོས་པ་གནད་དུ་ཆེ། ། ནམ་ཞིག་ བཟང་ཤོང་ངན་ཤོང་པའི། །མཐོང་རྒྱ་ཡངས་པོ་སྐྱེས་པ་ན། །ད་གདོད་སྐྱེ་བོའི་གྲལ་དུ་ཚུད། །དེ་ཕྱིར་མཐོང་རྒྱ་ཆེ་བ་གཙོ། །དེ་སླད་བློ་དང་ལྡན་པ་རྣམས། །ཤིན་ཏུ་ཕུགས་སུ་ཕན་པ་ཡི། །མིག་རྒྱང་རིང་པོར་ 23-3-31b བལྟ་བྱ་ཞིང་། །བློ་སྟོབས་རྒྱ་ཆེར་བསྐྱེད་པར་བྱ། །བློ་ཆུང་ཕྱི་ཐག་ཐུང་བ་འདི། །རང་དང་གཞན་གྱི་དོན་དག་ལ། །འབད་ཀྱང་བྱིས་པས་མཁར་ལས་བཞིན། །འབྲས་བུ་ཤིན་ཏུ་ཆུང་བ་ཡིན། །ཕལ་ཆེར་རང་གིས་ ཤེས་པའམ། །མི་ཤེས་ན་ཡང་མཁས་པར་དྲི། །མཁས་པའི་བསྟན་བཅོས་རྣམས་ལ་བལྟ། །མཁས་དང་བླུན་པོའི་ཁྱད་པར་བསམ། །དེ་ལྟར་བྱས་ན་ཆོས་ཉིད་ཀྱི། །བློ་གྲོས་ཇེ་བས་ཇེ་བཟང་འགྱུར། ། བློ་གྲོས་ཇི་ཙམ་འཕེལ་བ་ན། །ཡ་རབས་སྤྱོད་པ་དེ་ཙམ་འཕེལ། །སྤྱོད་པ་བཟང་པོ་འཕེལ་བ་ན། །དཔལ་རྣམས་དབྱར་གྱི་ཆུ་བཞིན་འཕེལ། །དེ་ལས་ལོ་ཟླ་ཞག་རེ་བཞིན། །རང་ལ་རང་སྐྱེད་འདོན་པར་གྱིས། ། རང་ལས་གཅེས་པར་གྱུར་པ་ནི། །འཇིག་རྟེན་འདི་ན་མེད་བཞིན་ཏུ། །རང་གི་སྐྱོན་ཡོན་མི་བསམ་པ། །དུད་འགྲོ་རྣམས་དང་ཁྱད་པར་ཅི། །འཕྲལ་གྱི་ཚོང་སོགས་བྱ་བ་ཕལ། །རང་གི་དཔྱད་ཅིང་གཞན་ལ་དྲི། ། ཚེ་གང་བླང་དོར་བྱ་བ་ལ། །མི་དཔྱད་མི་འདྲི་བླུན་མིན་ནམ། །སྐྱོན་མེད་སྐྱེ་བོ་དཀོན་ན་ཡང་། །སྐྱོན་རྣམས་སྐྱོན་དུ་ཤེས་བྱས་ནས། །སྤང་ན་སྐྱོན་ཀུན་འདུས་བྱས་ཉིད། །ཡིན་ཕྱིར་སྤྲིན་བྲལ་ཟླ་འདྲར་འགྱུར། ། ཡོན་ཏན་ཀུན་ཚང་དཀའ་ནའང་། །ཡོན་ཏན་ཉིད་ལ་དགའ་བྱས་ནས། །བླང་བྱའི་ཡོན་ཏན་གོམ་བྱས་ན། །ནམ་ཞིག་ཡོན་ཏན་ཆེན་པོར་འགྱུར། །སྐྱོན་ལ་སྐྱོན་དུ་མ་ཤེས་པ། །དེ་སྲིད་སྐྱོན་ལ་རབ་ཏུ་འཇུག །དེ་ 23-3-32a བཞིན་སྐྱོན་གྱི་རྒྱུན་སྐྱོང་ན། །ཡོན་ཏན་སྔར་ཡོད་དག་ཀྱང་འགྲིབ། །ཡོན་ཏན་ཅི་ཙམ་གོམས་གྱུར་བ། །དེ་ལྟ་དེ་ལྟར་སྐྱོན་ལས་གྲོལ། །མ་བརྟག་བཏང་སྙོམ་ངང་གནས་ན། །ལོ་བརྒྱ་སོང་ ཡང་བཟང་སྐྱེད་མེད། །རང་རྒྱུད་ཡོན་ཏན་འཕེལ་བ་ན། །མི་མཉམ་པ་དང་མཉམ་པར་འགྱུར། །མཉམ་པ་རྣམས་ལས་ཁྱད་དུ་ཐོན། །གོང་ནས་གོང་དུ་འཕར་ཏེ་འགྲོ། །རང་རྒྱུད་སྐྱོན་གྱི་ཆ་འཕེལ་ན། །རི་གཟར་ དག་གི་འབབ་ཆུ་བཞིན། །འོག་ནས་འོག་ཏུ་འགྲོ་བ་ལ། །ལག་ནས་དྲང་ཀྱང་ལྡོག་མི་བཏུབ། །དེ་ཕྱིར་བདག་ལ་ཕན་འདོད་པས། །རང་རྒྱུད་སྐྱོན་གྱི་ཆ་སྤོངས་ལ། །ཡོན་ཏན་ཇེ་བས་ཇེ་ཆེ་རུ། །སྤེལ་བ་ འདི་ལ་ནན་ཏན་མཛོད། །དེ་དག་བླང་དོར་ཤེས་པ་ལ། །རག་ལས་པས་ན་དམ་པ་དང་། །དམ་པའི་གསུང་ལ་རབ་དགའ་བས། །རྟག་ཏུ་བསྒྲིམས་ཏེ་ཉམས་སུ་ལོངས།། ༈ །། སྐྱེ་བོ་ཟུང་ཐུབ་གང་ཞེ་ ན། །ཡིད་བརྟན་གནས་སུ་གྱུར་པ་ཡིན། །ཟུང་མི་ཐུབ་ལ་ཡོན་ཏན་མཆོག །མི་སྲིད་ཆུ་ལ་རི་མོ་བཞིན། །ཟུང་ཐུབ་ཡོད་ན་གཞན་མེད་ཀྱང་། །ཡོན་ཏན་བརྒྱ་གོ་གཅིག་ཆོད་ཡིན། །མི་ཆོས་རྩ་བ་ འདི་མེད་ན། །ཡོན་ཏན་གཞན་ལ་རེ་ཐག་ཆད། །རང་ཉིད་ཡོན་ཏན་ལམ་ནས་ཀྱང་། །མི་ལྡོག་རང་ལ་ཡིད་རྟོན་པའི། །སྐྱེ་བོ་ནམ་ཡང་མི་བསླུ་བ། །ཟུང་ཐུབ་ཅེས་གྲགས་མི་ཡི་མཆོག །ལུས་ཟུང་ 23-3-32b ཐུབ་པ་སེང་གེ་འདྲ། །བརྙས་སུ་མི་བཏུབ་ཟིལ་གནོན་ཆེ། །ངག་ཟུང་ཐུབ་པ་དྲང་སྲོང་འདྲ། །སྐྱེ་བོ་ཐམས་ཅད་ཡིད་ཆེས་དགའ། །ཡིད་ཀྱི་ཟུང་ཐུབ་ནོར་བུ་འདྲ། །བདག་དང་གཞན་གྱི་འདོད་པ་འཇོ། །ལུས་ཀྱི་ ཟུང་མ་ཐུབ་པ་དེ། །ཁྱུ་མཆོག་རྭ་ཆད་བཞིན་དུ་བརྙས། །ངག་གི་ཟུང་མ་ཐུབ་པ་དེ། །ཁ་བཞིན་གཞན་གྱིས་སྡང་ཞིང་གཤེ། ཡིད་ཀྱི་ཟུང་མ་ཐུབ་པ་དེ། །རླུང་ཁྱེར་རྫས་བཞིན་གཏོལ་མེད་འགྲོ། །གློ་ཡིས་མ་ ནོར་འབྱེད་པ་བཞིན། །བཟང་པོའི་ལམ་ལ་ཟུང་ཐུབ་པར། །གནས་ན་མི་ཆོས་དམ་པ་ཡི། །དཔག་བསམ་བཟང་པོ་རྩ་བ་ཟུག། ། ༈ ཁྲེལ་ཡོད་ཅེས་བྱ་གང་ཞེ་ན། །མ་རབས་ངན་པའི་བྱ་བ་ལ། །ཤིན་ཏུ་སྐྱོ་ ཞིང་སུན་པ་སྟེ། །འདི་ནི་ལུགས་གཉིས་གོས་བཟང་ཡིན། །ཇི་ལྟར་སྐྱེ་བོའི་མདུན་ས་རུ། །མི་གཙང་སྟོང་གིས་སྦགས་བཞིན་དུ། །གཅེར་བུར་རྒྱུ་བ་ངོ་ཚ་མིན། །ཁྲེལ་མེད་འདི་ཀ་ངོ་ཚ་ཆེ། །མི་གཙང་གཙང་མའི་ ཁྲུས་ཀྱིས་དག །གཅེར་བུར་བཟང་དགུས་བརྒྱན་དུ་རུང་། །ཁྲེལ་མེད་ཁྲུས་ཀྱིས་མ་དག་ལ། །བཟང་པོས་བརྒྱན་ཀྱང་མཛེས་མི་འགྱུར། །ཕན་ལ་བྱས་པ་མི་གཟོ་དང་། །ངན་ལ་རྟིང་གཅོད་ཅི་ཡང་མེད། ། ཅི་མེད་ཅང་མེད་གཏོལ་མེད་པོ། །འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། །ངན་སྨྲས་གྱུར་ཀྱང་འཛེམ་བག་ཆུང་། །ཕན་པའི་གཏམ་ལ་རྣ་མི་གཏོད། །བཟང་པོའི་གནས་ལ་རེ་ཐག་ཟད། །འདི་འདྲ་འདི་ཡང་ཁྲེལ་ 23-3-33a མེད་ཡིན། །ནང་ག་གསང་གཏམ་ཁ་རུ་བྱུང་། །རེ་ལྟོས་ཅན་ལ་ཡི་ཆད་བསྐྱེད། །མཆོད་འོས་གྱུར་ཀྱང་བདག་མི་སེམས། །འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། །བཟང་པོའི་ཚུལ་དང་ བཟང་པོའི་གཏམ། །ཐོས་ན་དགའ་བར་མི་བྱེད་ཅིང་། །དམ་པ་བརྟེན་པར་མི་བྱེད་པ། །འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། །མ་རབས་སྡིག་སྤྱོད་གདོལ་པའི་གྲོགས། །བླུན་པོའི་ཁྱུ་ན་འདོད་རྒུར་རྩེ། །ལུགས་ གཉིས་སྤྱོད་པ་རྒྱབ་ཏུ་དོར། །འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། །ཉིན་སྣང་ཆང་དང་རྒྱན་པོ་སོགས། །གྲགས་པ་ཉམས་པའི་རྒྱུ་ཡིས་གཡེངས། །མཚན་མོ་འཁྲིག་པ་ཁོ་ནས་འདའ། །འདི་འདྲ་འདི་ཡང་ཁྲེལ་མེད་ ཡིན། །དོན་མེད་གཡེངས་པའི་མནོག་ཆུང་གི། ལས་དང་སྡིག་པ་སྣ་ཚོགས་ལ། །འཇུག་ཀྱང་ངོ་ཚ་མི་ཤེས་པ། །འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། །དམ་པའི་ཚུལ་དང་བསྟན་བཅོས་གཞུང་། །མཐོང་ན་ དགའ་བར་མི་བྱེད་ཅིང་། །དེ་ཡི་རྗེས་སུ་མི་སེམས་པ། །འདི་འདྲ་འདི་ཡང་ཁྲེལ་མེད་ཡིན། །མདོར་ན་བླང་དོར་བྱ་བ་ལ། །བརྟག་ཅིང་འཇུག་པར་མི་བྱེད་པའི། །ལུགས་གཉིས་ལམ་ནས་གང་འདའ་བ། །བླུན་པོ་ ཁྲེལ་མེད་ཞེས་བྱ་ཡིན། །ཁྲེལ་དང་ལྡན་པ་དེ་ཡིས་དེ། །ཕྱིན་ཅི་ལོག་གི་གཡེངས་ལས་སྐྱོབ། །ཁྲེལ་མེད་སྙིང་མེད་པོ་དེ་ལ། །གདམས་ངག་རྣམས་ནི་ཅི་ཞིག་བྱ། །དེ་བས་ཁྲེལ་དང་ལྡན་པ་དག །ལུགས་ 23-3-33b གཉིས་བྱ་བ་བཟང་པོ་ཡི། །ལམ་སྲོལ་འདི་ལས་མ་འདས་པར། །རྟག་ཏུ་བག་ཡོད་སྙིང་པོར་བྱ། །བག་ཡོད་ཅེས་བྱ་གང་ཞེ་ན། །གཡང་ཁར་འདུག་པའི་མི་བཞིན་དུ། །རང་གིས་རང་ཚུལ་བསྲུང་བ་ལ། །རྟག་ ཏུ་གཟོབ་པ་ལྷུར་ལེན་པའོ། །བྱིས་པ་མནོག་ཆུང་རྩེད་མོས་བསླུ། །དར་མ་ཆགས་སྡང་ཡུལ་གྱིས་བསླུ། །རྒན་པ་ལུས་སེམས་རྒུད་པས་བསླུ། །བག་མེད་ནམ་ཡང་བསླུ་ཞིང་བསླུས། །འདོད་དང་རྨོངས་པས་ བསླུས་ནས་སུ། །འཇིགས་རུང་འཁོར་བའི་འདམ་དུ་སྐྱུར། །ད་རུང་འདོད་རྨོངས་ཁ་ཐལ་བས། །མ་རབས་ལམ་ནས་དམན་པར་བསླུ། །བག་མེད་བདུད་ཀྱི་ལྕགས་ཀྱུ་འདིས། །ཁྲི་དང་གདུགས་ཀྱི་བར་ ནས་ཀྱང་། །ཡུད་ཙམ་གྱིས་ནི་འགྲོ་བ་འདི། །དམན་པའི་གནས་སུ་བསྒྱུར་བར་བྱེད། །བུད་མེད་གཞོན་ནུ་བཙུན་པའི་དགྲ། །ཕྱུགས་དབུལ་རྒྱལ་ཁྲིམས་མཁན་པོའི་དགྲ། །འཁོར་ངན་ངོ་སྲུང་གཙོ་བོའི་དགྲ། །དགྲ་ འདིས་གང་བཅོམ་ངེས་པར་བཅོམ། །སྐྱེ་བོའི་དཔལ་འབྱོར་གློག་ལྟར་གཡོ། །ལུས་ཀྱང་ཆུ་བུར་ལྟར་འཇིག་ཅིང་། །ནད་དང་གདོན་དང་འཇིགས་པ་ནི། །ཤིན་ཏུ་མང་པའི་དབུས་གནས་པ། །རླུང་གསེབ་མར་མེ་ ལྟ་བུ་ལ། །ཡིད་བརྟན་ཅི་ཡང་མེད་བཞིན་དུ། །འབྱུང་འགྱུར་གནས་ལ་མི་སེམས་པར། །བག་བརྐྱང་ཚུལ་གྱིས་ཇི་ལྟར་གནས། །མཐོན་པོ་རྣམས་ཀྱང་དམའ་བ་དང་། །འབྱོར་བ་རྣམས་ཀྱང་རྒུད་འགྱུར་ལ། ། 23-3-34a མཛེས་པ་རྣམས་ཀྱང་ཉམས་འགྱུར་པའི། །འདུས་བྱས་འདི་ཚུལ་ཅིས་མ་མཐོང་། །རང་བློ་ནང་དུ་བཀུག་ནས་སུ། །བག་ཡོད་པར་ནི་མ་བྱས་ན། །བདག་སྐྱོན་བདག་གི་མི་ཤེས་ཏེ། །གཞན་ གྱིས་བཤད་ཀྱང་གོ་བར་དཀའ། །སྣ་ཚོགས་ཡུལ་རྐྱེན་དང་འཕྲད་ཚེ། །ཅོལ་ཆུང་ཤེས་པ་ཁྱི་བཞིན་འཁྲིད། །བཟང་ཚུགས་ཤོར་བའི་སྐྱེ་བོ་ལ། །བཞད་གད་བྱས་ཀྱང་བསྟོད་པར་རློམ། །སྲང་ལ་གཞལ་པའི་ལྗིད་ བཞིན་དུ། །ལུགས་གཉིས་གྱི་ནི་བྱ་བ་ལ། །བྱས་པའི་ལག་རྗེས་ཆེ་ཆུང་གིས། །སྐྱེ་བོ་རྣམས་ཀྱིས་བཟང་ངན་ཤེས། །བསམ་མེད་ཞེ་མདོ་ཆུང་བ་རྣམས། །སྐྱེ་བའི་དུས་དང་རྒས་པའི་དུས། །ཉི་མ་གཅིག་ལ་བྱུང་ བ་ལྟར། །ཚེ་གང་འདི་བྱས་ངོས་བཟུང་མེད། །མཁས་རྣམས་ཉི་མ་རེ་རེར་ཡང་། །ཆོས་དང་ནོར་དང་འདོད་དང་ཐར། །སྡེ་བཞིའི་དོན་ཆེན་ལྷུར་བླང་བས། །ནམ་ཞིག་གྲུབ་འབྲས་རྒྱ་ཆེ་ལྡན། །དོན་མེད་པ་དང་དོན་ ཉམས་པ། །ཀུན་ཀྱང་བག་མེད་ལས་བྱུང་བས། །ཉི་མ་རེ་རེ་བཞིན་དུ་ཡང་། །བག་མེད་སྤོང་ལ་དོན་རེ་བསྒྲུབ། །སྤྱང་པོ་སྤྱང་མཐར་མ་ཕྱིན་པར། །སྤྱང་པོ་འཚལ་བ་ཁྲམ་པའི་རྒྱུ། །དོན་མེད་ཀུན་ལ་མགོ་བདེ་ བསྒྱུར། །འདི་འདྲ་བག་མེད་པ་ཡི་སྐྱོན། །ཁོང་ཡངས་ཤོང་རྒྱ་ཡོད་ན་ཡང་། །ངང་རིང་ངང་ནས་བྱ་བ་ཤོར། །ཕན་མེད་གནོད་མེད་རྒྱ་མཚོའི་རྡོ། །འདི་ཡང་བག་མེད་པ་ཡི་སྐྱོན། །བློ་ཆེན་ཤེས་རྒྱ་མི་ཡངས་ 23-3-34b པའི། །བྱ་བྱེད་ཆུ་བོའི་རླབས་ལྟར་འཚུབ། །བབ་བབ་སྤྱོད་པས་ལུས་སེམས་འཁྲུག །འདི་ཡང་བག་མེད་པ་ཡི་སྐྱོན། །གཏོང་བའི་བློ་སྟོབས་མེད་ན་ཡང་། །ཟས་ནོར་ཚགས་སུ་མི་འཛུད་པར། །ཞིག་མིན་ ཞིག་པོའི་བརྟུལ་ཞུགས་ཅན། །འདི་ཡང་བག་མེད་པ་ཡི་སྐྱོན། །བྱམས་བརྩེའི་བློ་རྒྱུད་མ་འབྱོང་བར། །དགྲ་བོ་ཇི་འདོད་ལམ་དུ་བཏང་། །ཀུན་ལ་རང་རྒྱུས་གསལ་བོར་ངོམ། །འདི་ཡང་བག་མེད་པ་ཡི་ སྐྱོན། །འཛིན་མེད་སྒྱུ་མར་མ་ཤར་བར། །ལུས་དང་གཏམ་དང་སྤྱོད་ལམ་ཀུན། །ཀུན་དང་འདྲེས་པས་ཀུན་གྱིས་བརྙས། །འདི་ཡང་བག་མེད་པ་ཡི་སྐྱོན། །དགོས་མེད་སྐྱོ་ཤས་མ་སྐྱེས་པར། །ཀུན་དང་མི་ བསྟུན་ཁོང་འཕྲིག་ཅན། །རང་གཞན་སྣང་བ་དགྲ་རུ་ལངས། །འདི་ཡང་བག་མེད་པ་ཡི་སྐྱོན། །དེ་ལ་སོགས་པའི་སྤྱོད་ལམ་མཐའ། །ཡུལ་དུས་ཚད་ལས་བརྒལ་བའི་སྐྱོན། །བསྒྲིམ་སྟེ་བརྟགས་པར་མ་ བྱས་པའི། །བག་མེད་པ་ཡི་རྒྱུ་ལས་བྱུང་། །ཕྱོགས་སུ་ལྷུང་བའི་སྤྱོད་པ་ཡིས། །སྐྱེས་བུའི་དོན་རྣམས་མི་རྫོགས་ཀྱི། །བསྒྲིམ་སྟེ་གང་ལའང་མ་ཐོགས་པའི། །སྤྱོད་ལམ་ཉི་ཟླའི་འགྲོས་བཞིན་བསྒྱུར། ། ཅི་བྱ་ཅི་བྱེད་ས་མཚམས་ལ། །བསླུ་མེད་རྒྱལ་བའི་བཀའ་ཡིན་ཏེ། །མཚན་ལྡན་དགེ་བའི་བཤེས་གཉེན་ཀྱང་། །དེ་ནས་རང་སེམས་དྲི་མེད་ཡིན། །འདི་གསུམ་མིན་པ་གཞན་གྱི་ངག །སྣ་ཚོགས་རྟོག་པས་ 23-3-35a བསླད་པ་ཅན། །གཉེན་ནམ་གཉན་མིན་ཅི་ཡང་རུང་། །དེ་ལ་ལྟོས་པས་ཅི་ཞིག་བྱ། །འབྱུང་འགྱུར་ལས་ནི་འགྱུར་མིན་ལ། །གང་སྲིད་ན་ཡང་འགྱོད་མེད་བཞིན། །སྔ་བློ་དཔྱད་པས་ བསྒྲིམ་བྱས་ནས། །འགྱོད་མེད་ཁོ་ནས་གནས་པ་མཆོག །འགྱོད་མེད་ཡིད་འོང་དགའ་བ་ཡི། །ཟླ་བ་དྲི་མ་མེད་པའི་གཟུགས། །བག་ཡོད་ཆུ་གཏེར་ཆེ་ལས་འབྱུང་། །དེ་ཕྱིར་དུས་ཀུན་བག་ཡོད་མཛོད། ། ༈ དྲང་སྲོང་ལྷ་ཡི་ལམ་ཡིན་ལ། །གྱ་གྱུ་ཅན་ནི་འདྲེ་ཡི་ལམ། །ལམ་འདི་གཉིས་ལས་ལྷ་དང་ནི། །བདུད་ཀྱི་སྒོ་རུ་འདུག་པ་ཡིན། །བདེ་སྡུག་འདོར་ལེན་བྱེད་པ་ལ། །རང་ཉིད་ཇི་འདྲ་གཞན་དེ་འདྲ། ། དེ་ལྟ་ན་ཡང་དྲང་པོ་རྣམས། །བདེན་ས་འབྱོར་འགྱུར་ཅིག་ཤོས་ལྡོག །བཟང་པོའི་ལས་ལ་དབུག་དབྱུང་དང་། །ངན་པ་ལ་ནི་ཚར་གཅོད་མེད། །ཕན་པ་ཆེ་ཡང་རྗེས་མི་སྐྱོང་། །བྱམས་པ་ཆེ་ཡང་སེམས་ མི་འཛིན། །སྔར་བྱས་ལས་ཀྱི་རྟིང་གཅོད་དང་། །ད་ལྟའི་བྱ་བ་ལེགས་ཉེས་ལ། ། ཇི་བཞིན་གསལ་ཤན་མི་བྱེད་པ། །མི་དྲང་གཡོ་སྒྱུ་ཅན་གྱི་རྟགས། །དང་པོ་དགྲ་རུ་གྱུར་ཀྱང་བླ། ། རང་གི་བྱ་བ་དེ་བྱས་ ཡིན། །མི་དྲང་གཉེན་དུ་འགྱུར་མི་རུང་། །ཕན་པ་བྱས་ཀྱང་ལོག་པར་སྒྲུབ། །དྲང་པོས་དྲངས་པོ་སྐྱངས་བ་ལ། །སྐྱེ་བོའི་འགྲོག་ཡུན་ཆུ་བས་རིང་། །གཡོན་ཅན་འདོད་པས་བཀུག་པའི་གྲོགས། ། 23-3-35b ཇི་ལྟར་བྱམས་ཀྱང་ནམ་ཕུག་དགྲ། །དྲང་ལ་ལྷ་ཡང་མགུ་ནས་འདུ། །དྲང་པོ་ལྷ་ཡི་གནས་སུ་འགྲོ། །དྲང་པོའི་བྱ་བ་ཕྱི་ཐག་རིང་། །དྲང་པོ་རྒྱལ་ཁམས་རྗེ་རུ་འོས། །དྲང་པོ་ཞེས་བྱའི་ཡོན་ཏན་ནི། །ཡོན་ཏན་ ནང་ན་ཡོན་ཏན་མཆོག །མི་ཆོས་གཙང་མའི་སྙིང་པོ་སྟེ། །མང་དུ་བསྟོད་པས་ཅི་ཞིག་བྱ། །གང་ཞིག་ཇི་ལྟར་ཁས་འཆེས་པ། །འགྱུར་བ་མེད་དོ་དམ་བཅའ་བརྟན། ། དམ་བཅའ་བརྟན་ན་རང་དོན་འགྲུབ། ། གཞན་གྱིས་འདི་ཡི་ཚིག་གཟུང་འོས། །ལེགས་པར་དཔྱད་ནས་ཁས་འཆེས་པ། །བསྐལ་པའི་མཐར་ཡང་གཏོང་མི་རུང་། །དམ་བཅའ་ཉམས་པས་ཇི་འཇིགས་པ། །དེ་ཙམ་རྒྱལ་ཁྲིམས་ཀྱིས་མི་འཇིགས། ། གཏམ་དང་མནའ་ལ་མ་རྩི་བའི། །མི་དེ་ཁྲོལ་ཚགས་ཇི་བཞིན་དུ། །བཟང་པོའི་བཅུད་ཀྱིས་དབེན་པ་ཡང་། །རྟགས་དེ་ཁོ་ནས་ཡང་དག་ངེས། །འདི་འདྲའི་མི་ལ་ལྷ་དང་དཔལ། །ལྗོན་ཤིང་བསྐམ་པའི་ གྲུབ་བཞིན་དུ། །གཞན་དང་གཞན་དུ་བྱོལ་བ་ལ། །ཐེ་ཚོམ་ཙམ་ཡང་སྲིད་མ་ཡིན། །དམ་བཅའ་ཅི་ཙམ་བརྟན་གྱུར་པ། །དེ་དང་དེ་ཙམ་ཡིད་རྟོན་གནས། །ཡིད་རྟོན་གནས་སུ་ཇི་རུང་བ། །དེ་ལྟར་ལྷ་དང་ དཔལ་ཀྱང་གནས། །དམ་པ་རྣམས་ཀྱིས་སྨྲས་ཟིན་ཚིག །དོན་ཆེན་མེད་ཀྱང་ལྡོག་དཀའ་ན། །དོན་ཆེན་ལྡན་དང་མནའ་བོར་པའི། །ཚིག་ལ་ལྡོག་པ་ག་ལ་སྲིད། །དམན་པ་རྣམས་ལ་སྲོག་ཕོངས་བ། ། 23-3-36a དེ་བཞིན་མཆོག་ལ་དམ་བཅའ་ཕོངས། །དམན་པས་དམ་བཅའ་དོར་བ་ལ། །མཆོག་རྣམས་ཤིན་ཏུ་ངོ་ཚར་བྱེད། །མཆོག་རྣམས་ཀྱི་ནི་དམ་བཅའ་དོན། །སྲོག་གཏོང་པ་ལ་དམན་པ་རྣམས། ། ངོ་ཚར་བྱེད་ཀྱང་དམ་བརྟན་ལ། །ཡོན་ཏན་ཆེ་བར་མི་སེམས་ཀྱང་། །དམན་པ་རྣམས་ཀྱི་རྒྱུད་སྤངས་ནས། །དམ་པའི་རྒྱུད་ལ་རྟག་གནས་པ། །དམ་བཅའ་བརྟན་པ་ཞེས་བྱ་བའི། །ཡོན་ཏན་འཇིག་རྟེན་ཆེ་ བའི་རྒྱན། །འདི་ནི་བདག་ལ་འདི་ལྟར་དུ། །ཕན་འདོགས་བྱེད་པོ་ཡིན་སྙམ་པ། །བྱས་པ་ཤེས་པས་དྲིན་བཟོ་བ། །ཡ་རབས་སྤྱོད་པ་མཚོན་པའི་སྒོ། །ཕན་གནོད་བྱས་པ་མི་ཤེས་པ། །དེ་ལ་ལན་དུ་སེམས་ པ་མེད། །དེ་ཕྱིར་འཕགས་རྣམས་མ་གཏོགས་པ། །འདི་ལ་ཕན་གནོད་སུ་ཡིས་རྩོམ། །ཕན་དང་གནོད་ལན་གོ་བཟློག་མཁན། །མི་རུ་བརྟགས་ཀྱང་འདྲེ་ཡིན་ན། །དེ་ལ་སྤྱོད་ལམ་བསྟུན་པ་ཅི། །ལྟ་བ་ཙམ་ ཡང་སུ་ཞིག་འདོད། །དམ་པའི་སྐྱེས་བུ་མཆོག་རྣམས་ནི། །བྱས་པ་ཆུང་ཡང་དྲིན་གཟོ་ཆེ། །འདི་འདྲའི་ཡོན་ཏན་ལྡན་གྱུར་ན། །ཡོན་ཏན་ཆེན་པོ་གཞན་ཀྱང་བདོག །གང་ཞིག་བྱས་པ་མི་གཟོ་བ། །དེ་ལ་བློ་ མེད་ཟུང་ཐུབ་དང་། །ཁྲེལ་དང་བག་ཡོད་དྲང་པོ་སོགས། །ཡོན་ཏན་གཞན་ཀྱང་ཇི་ལྟར་ཡོད། །བྱས་པ་ཤེས་ཤིང་དྲིན་གཟོ་བའི། །མི་ལ་དཔལ་མགོན་གནས་ཞེས་གྲགས། །ཡོན་ཏན་འདི་ལས་ཡོན་ཏན་ 23-3-36b གཞན། །མཚོན་པར་བྱས་པས་མི་དེ་མཛེས།། ༈ །། གཞན་ལ་ཕན་པར་བརྩོན་པ་དེ། །རང་ཉིད་ཕུན་སུམ་ཚོགས་པའི་རྒྱུ། །དཔལ་དང་འབྱོར་པ་རྒྱ་ཆེ་བ། །འདི་ལས་འཁྲུངས་ཤིང་འདི་ཡིས་བཞུགས། །རང་དོན་ ཆེས་ཆེར་གཉེར་བ་དེ། །དང་པོ་དཔོན་དུ་གྱུར་ན་ཡང་། །ཇེ་བས་ཇེ་དམའ་དག་ཏུ་འགྱུར། །རི་གཟར་པོ་ཡི་འབབ་ཆུ་བཞིན། །གཞན་ལ་ཕན་པ་ལྷུར་ལེན་པ། །དང་པོ་བྲན་དུ་གྱུར་ན་ཡང་། །ཇེ་བས་ཇེ་མཐོར་ཕྱིན་གྱུར་ ཏེ། །གཡུ་འབྲུག་མཁའ་ལ་འགྲོ་བ་བཞིན། །སྐྱེ་བོ་བླུན་པོ་རང་དོན་ལ། །ཆགས་པས་རང་དོན་ཁོ་ན་གཉེར། །རང་དོན་ཅི་ཡང་མི་འགྲུབ་པའམ། །འགྲུབ་ཀྱང་རྒྱ་ཆེར་འགྲུབ་པ་དཀའ། །སྐྱེ་བོ་མཁས་པ་རང་ དོན་ལ། །ཆགས་ཀྱང་གཞན་དོན་གཙོ་བོར་གཉེར། །གཞན་དོན་གཉེར་བའི་ཤུགས་ལ་ནི། །རང་དོན་ཤིན་ཏུ་ཕུན་སུམ་ཚོགས། །འདི་དང་ཕྱི་མར་རང་གི་དོན། །ཤིན་ཏུ་རྒྱ་ཆེར་འགྲུབ་འདོད་ན། །གཞན་དོན་ གཉེར་བ་ཐབས་སུ་བཟང་། །ཐབས་འདི་རྒྱ་ལ་སྲས་རྣམས་ཀྱིའང་ལམ། ། ༈ སྐྱབས་འོས་ཡོན་ཏན་ལྡན་པ་ལ། །བདེན་པའི་གནས་དང་དེའི་བྱེ་བྲག །རྒྱུ་འབྲས་མི་བསླུའི་འཇུག་ལྡོག་ལ། །ཡིད་ ཆེས་དད་པ་ཞེས་བྱའོ། །དད་པ་ཆོས་ཀྱི་རྩ་བ་སྟེ། །དད་ལས་བསོད་ནམས་ཚོགས་འཕེལ་ཞིང་། །བསོད་ནམས་ཅན་ལ་ཡ་རབས་ཀྱི། །སྤྱོད་པ་ཀུན་གྱི་ངང་གིས་གནས། །དད་པས་རྒུད་པ་ཕྱིར་ལ་ 23-3-37a འདོར། །དད་པ་ཡིད་བཞིན་ནོར་བུ་སྟེ། །ཇི་ལྟར་བསམ་པ་འགྲུབ་བྱེད་པའོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ནམ་ཡང་མི་བསླུའི་སྐྱབས་གནས་ཡིན། །སྐྱབས་དེའི་ ཡོན་ཏན་ཚད་མེད་ལ། །ཡིད་ཆེས་གུས་པ་རྟག་ཏུ་བྱ། །དཀར་ནག་ལས་ཀྱི་འབྲས་བུ་ནི། །ནམ་ཡང་ཆུད་མི་ཟ་བར་སྨིན། །དེ་ཕྱིར་རང་ལ་རང་བརྩེ་ན། །ལས་འབྲས་བླང་དོར་ཞིབ་ཏུ་བྱ། །འདི་ནི་ ལས་ཀྱི་ས་ཡིན་ལ། །འདི་ནས་ཕ་རོལ་འབྲས་བུའི་ས། །དེ་ཕྱིར་རང་དབང་ཡོད་དུས་འདིར། །དགེ་བའི་ས་བོན་འདེབས་པར་གྱིས། །སྣ་ཚོགས་སྐྱེ་བོའི་བདེ་སྡུག་ལྟོས། །འདི་ཡི་རྒྱུ་ནི་ལས་ཡིན་ ཞེས། །བདེན་པར་སྨྲ་བས་ལེགས་གསུངས་ན། །སུ་ཞིག་ལས་འབྲས་བསམ་མི་བྱེད། །དཀོན་མཆོག་གསུམ་དང་བདེན་པ་བཞིན། །ཡིད་ཆེས་པ་ཡི་དད་པ་ནི། །རྙེད་ན་རྙེད་པའི་མཆོག་ཡིན་ཏེ། །ཨེ་མ་ བཟང་པོའི་བསོད་ནམས་འབྲས། ། ༈ བདག་གི་ལོངས་སྤྱོད་འཆང་གྱུར་ཀྱང་། །དབང་མེད་ཤུལ་དུ་ལུས་ཏེ་འགྲོ། །དེ་བས་གཏོང་ཕོད་བློ་སྐྱེད་ལ། །འདི་ཕྱིའི་ཕུན་སུམ་ཚོགས་པ་བསྒྲུབ། །གཏོང་བ་ ཆུང་ཡང་འབྲས་བུ་ཆེ། །ལོངས་སྤྱོད་ཆེ་ཡང་ཕན་པ་ཆུང་། །སྔོན་ཆད་བྱིན་པས་འདིར་འབྱོར་ཀྱང་། །འདིར་མ་བྱིན་ན་ཕྱི་མར་དབུལ། །བསགས་དང་བསྲུང་དང་བརླག་པ་ཡི། ། 23-3-37b ནོར་ལ་ཉེས་པ་ཤིན་ཏུ་མང་། །ས་གཞི་ནོར་གྱིས་གང་ན་ཡང་། །སྐྱེ་བོའི་འདོད་པ་ངོམ་མི་འགྱུར། །ཟས་ནོར་གནས་མལ་ཙམ་ཞིག་ལས། །ལྷག་མ་ཕན་མེད་སྡུག་བསྔལ་རྒྱུ། །གཏོང་བས་འདི་དང་ཕྱི་མར་ཡང་། ། ནོར་རྣམས་ཆེར་འཕེལ་དབྱར་ཆུ་བཞིན། །གཏོང་བས་ཚེ་དང་གྲགས་པ་འཕེལ། །གཏོང་བས་དཔལ་དང་བདེ་བ་འཕེལ། །གཏོང་བ་འདི་ནི་འཕེལ་བའི་སྒོ། །ཡིན་ཀྱང་སྐྱེ་བོས་ཟད་པར་དོགས། །མི་གཏོང་ཤིན་ ཏུ་བསགས་པ་ཡི། །ཞེ་ཕུག་བརྟགས་ན་དུད་འགྲོ་འདྲ། །གཡོ་ཞིང་སྙིང་པོ་མེད་པ་ཡི། །ནོར་ལས་སྙིང་པོ་ཅིས་མི་ལེན། །མ་གཏོང་སྤྱད་པར་མ་བྱས་པའི། །རྒྱལ་སྲིད་འབྱོར་པ་གཡོ་ལ་ལྟོས། །ཟན་སྐྱ་ཁམ་ གཅིག་གིས་ཉོས་པའི། །འཁོར་བསྒྱུར་དཔལ་དེ་ཅིས་མ་བསྒྲུབས། །དེ་ལྟར་བློ་ལྡན་ཟུང་ཐུབ་དེས། །ཁྲེལ་དང་བག་ཡོད་པའི་ཚུལ་གྱིས། །དྲང་དང་དམ་བརྟན་གཞི་གཟུང་ནས། །བྱས་པ་ཤེས་ཤིང་ཕན་པར་ བརྩོན། །དད་དང་གཏོང་བའི་ཤུགས་བསྐྱེད་ན། ། ༈ འདི་དང་ཕྱི་མའི་གནས་སྐབས་སུ། །ཚེ་རིང་བ་དང་ནད་མེད་དང་། །ཡིད་དུ་འོང་དང་འབྱོར་ལྡན་དང་། །ཀུན་གྱིས་བཀུར་ཤིང་བསྔགས་པ་དང་། །དབུ་འཕང་ མཐོ་ཞིང་མངའ་ཐང་རྒྱས། །མཐའ་བཞི་ལས་རྒྱལ་ལས་ཤུགས་དང་། །སྟོབས་མཐུ་ནུས་པ་མེ་ལྟར་འབར། །བདེ་དང་ཡིད་བདེའི་དཔལ་རྣམས་ཀུན། །རྟག་ཏུ་མདུན་ན་གནས་བཞིན་པར། །སྙན་གྲགས་ལྷ་ཡི་རྔ་ 23-3-38a བོ་ཆེ། །འཇིག་རྟེན་འདི་ན་ཁྱབ་པར་སྒྲོགས། །དེ་ཕྱིར་ལྷ་དང་དཔལ་རྣམས་ཀུན། །གང་གི་རྒྱུད་ལ་གནས་འདོད་པས། །ཀུན་སློང་གིས་བསྐུལ་འདི་ལྟ་བུ། །སྡེབས་སྦྱོར་སྤང་སྟེ་ལེགས་པར་བྲིས། །བདག་ གི་རྒྱལ་དང་རྒྱལ་སྲས་དང་། །དམ་པ་རྣམས་ཀྱི་ལེགས་བཤད་ལ། །འདྲིས་པས་ལེགས་པ་སྨྲ་བ་ནི། །བྲག་ཆ་བཞིན་དུ་བརྗོད་ལ་མཁས། །འོན་ཀྱང་ཐོག་མེད་ངན་གོམས་ཀྱིས། །བསླད་ཕྱིར་ལེགས་པར་སྤྱོད་པའི་ཆ། ། ཤིན་ཏུ་ཕྲ་ཡང་ལེགས་སྤྱོད་ལ། །བཟང་པོར་མཐོང་བ་ཙམ་དུ་ཟད། །དེ་ཕྱིར་སྐྱེ་བོ་ཡ་རབས་ཀྱི། །སྤྱོད་པ་གང་གིས་སྤྱོད་པ་ལ། །ཤིན་ཏུ་ཡི་རབ་ཉིད་གྱུར་ཕྱིར། །གཞན་ཀུན་འདི་འདྲའི་ཚུལ་བཟང་ལ། །གཞུག་པར་ འདོད་པའི་བརྩེ་བ་དང་། །བློ་ལྡན་གང་གིས་བསྐུལ་བའི་རྒྱུས། །སྐྱེ་བོའི་ལུགས་ཀྱི་བསྟན་བཅོས་ལས། །ཅུང་ཟད་བསྡུས་ཏེ་བརྗོད་པ་ལགས། །འདི་ཡི་དགེ་བས་འགྲོ་ཀུན་ལ། །བཟང་པོའི་ཡོན་ཏན་རྣམ་པ་བཅུ། །འབད་ པ་མེད་པར་ཞུགས་ནས་ཀྱང་། །ལྷ་དང་དཔལ་གྱིས་བརྒྱན་པར་ཤོག །ཞེས་པ་འདི་ཡང་ཡ་རབས་བཟང་པོའི་ལུགས་ཀྱི་སྲོལ་དྲི་མ་མེད་པ་ལ་དགའ་ཞིང་དང་དུ་ལེན་པར་འདོད་པའི་སྐལ་བ་བཟང་པོའི་ཡོན་ཏན་གྱིས་ཕྱུགས་པ་རྒྱལ་བར་དཀོན་ མཆོག་གིས་འདི་འདྲ་བ་ཞིག་བྲིས་ཞེས་བསྐུལ་ངོར་འཇམ་དཔལ་དགྱེས་པའི་རང་མདངས་ཞེས་འབོད་པས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བྲིས་པ་མངྒལཾ། །དགེའོ། །དགེའོ། །དགེའོ།། །། 23-3-38b empty page 23-3-39a འཇམ་མགོན་ཐུགས་ཀྱི་དབྱིངས་བཞུགས་ཤིང་། །མཚོ་བྱུང་ལྷ་མོ་མགྲིན་ཆགས་པའི། །ངེས་པ་དོན་གྱི་པཎྜི་ཏ། །མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི། ། ལེགས་གསུངས་ངོ་མཚར་གཏམ་ཚོགས་ཀྱི། །གླེགས་བམ་དཔྱོད་ལྡན་གཟུར་གནས་ལ། །ཀུན་དགའི་རྒྱན་དུ་ངེས་མཐོང་ནས། །ཀུན་མཁྱེན་བླ་མས་རྗེས་བཟུང་འབངས། །དིལ་མགོ་ མཁྱེན་བརྩེའི་མཚན་འཛིན་དེས། །རྫོང་སར་བཀྲ་ཤིས་ལྷ་རྩེ་ཡི། །སྤར་ལས་དཔེ་རྒྱུན་ཞུས་ཀྱིས། །དབང་རྣོན་ཆོས་ཀྱི་རྗེས་འབྲང་ལ། །རབ་དགའི་དཔལ་བསྐྱེད་གྱུར་ནས་ ཀྱང་། །སྔ་འགྱུར་བསྟན་མཆོག་འཕེལ་རྒྱས་དང་། །འགྲོ་ཀུན་ཡང་དག་ལམ་རྙེད་ཤོག། །། 23-3-39b empty page 23-4-1a ༄༅། །བདུད་ཀྱི་སྒྱུ་ཐབས་འཇོམས་པ་མཁྱེན་པའི་རལ་གྲི་ཞེས་བྱ་བ་བཞུགས་སོ། ། 23-4-1b ༄༅། །འཇམ་དཔལ་ཤེས་རབ་འོད་པོ་ཆེ། །བདུད་ཀྱི་སྒྱུ་ཐབས་ཀུན་འདུལ་བ། །དེ་ལ་བཏུད་ནས་སེམས་ཀྱི་ནི། །ཟུག་རྔུ་འབྱིན་པའི་མན་ངག་བཤད། །ཤེས་ ལྡན་ཁྱོད་ཀྱི་རྨི་ལམ་དུའང་། །བདེ་ལ་སྡུག་པ་དེ་ལྟ་མོད། །སྲིད་འདིར་དཔལ་ལས་སུ་ཡིས་བཀག །རྒུད་པར་འཕེན་པོ་སུ་ཞིག་ཡིན། །ཕུན་ཚོགས་དཔལ་དང་རྒུད་པའི་ ལམ། །སྲིད་ན་ཐུན་མོང་བཞིན་ཏུ་སྤྱོད། །རང་དགས་འཇུག་ན་གང་སུ་ཞིག །རྒུད་པའི་གནས་སུ་ཕྱིན་པར་བྱེད། །དམྱལ་ལ་སོགས་པར་བསྲེགས་ལ་སོགས། །མི་བཟད་དུ་ མའི་སྡུག་བསྔལ་རྒྱུན། །ཕ་མཐའ་མེད་ལ་སྦྱོར་བ་པོ། །ཡོད་ན་དེ་ལ་སུ་མི་ཁྲོ། །གདོན་ཆེན་མི་སྣང་ཕུགས་སུ་གབ། །དེ་ཡི་ཕྱག་རྒྱ་ལྔ་ཡིས་ནི། །ལྷར་བཅས་འགྲོ་བ་གསུམ་པོ་འདི། ། 23-4-2a བྲན་བཞིན་བྱས་ཏེ་རྟག་ཏུ་མནར། །དེ་ལྟ་ན་ཡང་འགྲོ་བ་ཡིས། །འདི་ཡི་ངང་ཚུལ་མི་ཤེས་པའི། །བདུད་ཀྱི་སྒྱུ་ཐབས་གཞོམས་པའི་འཕྲུལ། །རྩོམ་པ་དེ་ ནི་ཡོད་མ་གྱུར། །མཐོ་བའི་རྣམ་པས་དམར་འཇུག་ཅིང་། །གཞན་བཟུང་བ་ཡིས་བདག་འཆིང་ན། །མདུད་པའི་དབང་གིས་འདོར་བྱེད་ཉིད། །གཞན་གཟིར་བ་ཡིས་བདག་སྲེག་ ཅིང་། །གཞན་ལ་བསྣུན་པས་བདག་འཇོམས་པ། །སྙེམས་དང་ཆགས་དང་སེར་སྣ་དང་། །ཁོང་ཁྲོ་བ་དང་ཕྲག་དོག་སྟེ། །མི་བཟད་བདུད་ཀྱི་སྒྱུ་ཐབས་ལྔས། །སྔོན་གྱི་དུས་ ནས་བདག་གི་སེམས། །བཅིངས་ཏེ་དེ་ལས་ཉམས་བྱས་པས། །ཀྱེ་མ་སེམས་ལ་རང་ཞུགས་པའི། །ཕུང་ཁྲོལ་འདི་ནི་ཅིས་མ་མཐོང་། །ཚུལ་འདི་ཤེས་ན་སྐད་ཅིག་དང་། ། 23-4-2b དགྲ་ཆེན་འདི་དང་འགྲོགས་མི་འདོད། །སྒྱུ་འདི་རྨོངས་པའི་སྨག་ལ་བརྫུ། །རྨོངས་པ་ཤེས་རབ་སྣང་བས་སེལ། །སྣང་བའི་རལ་གྲི་ཐོགས་ནས་སུ། །བདུད་ཀྱི་ཕྱག་རྒྱ་ལྔ་བཤིགས་ནས། །བདུད་ཆེན་ཕུགས་ སུ་གཞུག་ནས་ཀྱང་། །རོ་མེད་པར་ནི་གསོད་པར་འདོད། །ཡུལ་ནི་ཉེ་བར་གནས་པ་དང་། །ཕྲ་རྒྱས་སྤོང་བ་མ་ཡིན་ཅིང་། །ཚུལ་མིན་ཡིད་ལ་བྱེད་པོའི་མཐུས། །ཆགས་སོགས་སྐྱེ་ཞིང་རྒྱས་པར་བྱེད། །ཡུལ་ མེད་པ་ན་སུ་ལ་ཆགས། །ཡུལ་ཅན་མེད་ན་སུ་ཞིག་ཆགས། །ཉོན་མོངས་མེད་ན་ཇི་ལྟར་ཆགས། །དེ་ཕྱིར་རྟེན་ནས་འབྱུང་བར་ཤེས། །དངོས་ཆེན་ཡུལ་ལ་སུ་ཞིག་ཆགས། །དངོས་ལས་བེམས་པོའི་ཚོགས་ པ་ནི། །དུ་མའི་རྡུལ་ཡིན་སིལ་བུ་པ། །རྡུལ་ཀྱང་ཕྱོགས་ཆས་དབྱེ་བ་ན། །རང་བཞིན་རྣམ་པར་བྲལ་བ་ཡི། །དབུ་བ་རྡོས་པ་བཞིན་དུ་གནས། །སེམས་ནི་དུ་མའི་རང་བཞིན་ཉིད། །དེ་ཡི་ཆ་ཤས་གཅིག་དག་ ཀྱང་། །རྣམ་པར་དཔྱད་ན་གང་དུ་ཡང་། །གནས་པ་མེད་ལ་བཟུང་དུ་མེད། །སྤྱན་ལྔས་བལྟ་བར་མི་ནུས་པ། །དེ་ལ་སུ་ཞིག་ཇི་ལྟར་ཆགས། །དུ་མའི་ཆ་ཤས་རེ་རེ་ལ། །ཆགས་པ་མིན་ན་དེ་ལས་གཞན། ། ཆགས་པར་བྱ་བའི་ཡུལ་མེད་པས། །གང་ལ་ཆགས་ནས་བཟུང་བར་འདོད། །ཆགས་པར་བྱེད་པོའང་དངོས་མེད་དང་། །དངོས་པོ་ཉིད་དུ་རྣམ་དཔྱོད་པས། །ཇི་ལྟར་ཡུལ་གྱི་དངོས་བཞིན་དུ། །སུ་ཞིག་ཆགས་ 23-4-3a པ་མཐོང་མི་འགྱུར། །དེ་ཕྱིར་གཏོང་བར་མི་འདོད་པའི། ། ཆགས་པ་འདི་ནི་སྔོན་མེད་ཅིང་། །ཕྱི་མའི་མཐར་ནི་མི་གནས་ཀྱང་། །རྐྱེན་ལས་བྱུང་བའི་གློ་བུར་བ། ། འདི་ཡི་ཡུལ་དང་ཡུལ་ཅན་ཀྱང་། ། རྒྱུ་ལས་སྐྱེ་ཕྱིར་སྐད་ཅིག་མ། །མི་རྟག་གློག་བཞིན་གཡོ་བ་ལ། །སུ་ལ་སུ་ཞིག་ཆགས་པར་བྱེད། །དེ་བཞིན་སེར་སྣ་སྡང་སོགས་ཀྱི། །ཡུལ་དང་ཡུལ་ཅན་མཐའ་དག་ནི། །རིགས་པ་འདི་འདྲའི་ཚུལ་གྱིས་ནི། །སོ་ སོར་བརྟགས་ཏེ་གཞིག་པར་བྱ། །དེ་ལྟར་ཡུལ་དང་ཡུལ་ཅན་ལ། །དངོས་པོའི་མཐར་ཐུག་མ་དམིགས་ན། །དངོས་པོ་ཉིད་དུ་གྱུར་པ་ཡི། །བདག་དང་གཞན་ནི་ཅི་ཞིག་ཡིན། །དངོས་མེད་རང་བཞིན་བདག་མིན་ཏེ། ། མཁའ་སོགས་བཞིན་དུ་བྱ་བ་བྲལ། །དེས་ན་དངོས་དང་དངོས་མེད་ཀྱི། །ཆོས་འདི་བདག་གཉིས་ངོ་བོས་སྟོང་། །དེ་ལྟར་དོན་དམ་རང་བཞིན་གྱིས། །མཁའ་འདྲ་དམིགས་པ་མེད་པ་ལ། །རྣམ་པར་རྟོག་པས་ དམིགས་བྱས་པས། །ཕུང་བ་འདི་སྙེད་འབྱུང་བར་ཟད། །ད་ནི་དམིགས་པ་མེད་པ་ལ། །གོམས་པའི་དམིགས་པའི་བག་ཆགས་ཀུན། །རང་བཞིན་དབྱིངས་སུ་ཞི་བ་ཡི། །ཐབས་ཚུལ་འདི་ལ་ཡིད་བརྟན་གྱིས། ། མེད་བཞིན་སྣང་བའི་དངོས་དེ་ལ། །ཆགས་པ་ཤིན་ཏུ་མི་བཟད་དེ། །ཆགས་འོས་མིན་ལ་ཆགས་ནས་སུ། །སྡུག་བསྔལ་སྟོང་དུ་སྦྱོར་ཕྱིར་རོ། །འདི་ལྟར་མི་གཙང་སོ་དྲུག་རྫས། །དབྱིབས་སུ་བཀོད་པའི་ཁྱད་ 23-4-3b པར་གྱིས། །སྐྱེས་པ་བུད་མེད་སོགས་ཀྱི་ལུས། །གང་ལ་འཁྱུད་ཅིང་ཉུག་པར་འདོད། །འདི་ཡི་ཁྲག་དང་གཤང་གཅིའི་མཚོར། །མི་གཙང་སྲིན་བུའི་གྲངས་གནས་པ། །དེ་ལས་ཆགས་པར་བྱ་བའི་འོས། །ཡོད་ན་ འདི་ཞེས་བསྟན་པར་གྱིས། །དེ་ལྟར་རང་བཞིན་མི་གཙང་བར། །ཆགས་པའི་དབང་གིས་བསླུས་ནས་སུ། །སྡུག་བསྔལ་འདམ་ལ་སྦྱོར་བྱེད་ཅིང་། །ཡིད་བརྟན་སྙིང་པོ་ཅང་མེད་པར། །དུས་ཀྱི་དབང་གིས་འཇིག་ འགྱུར་གང་། །བཏགས་ན་ཡོན་ཏན་མེད་པར་ཡང་། །ཉེས་པ་དུ་མའི་སྐྱོན་གནས་པའི། །དངོས་པོ་འདི་ལ་དམིགས་ནས་སུ། །ཆགས་པ་མེད་པར་མ་ཟད་ཀྱི། །མི་གཙང་རྫིང་བུའི་ཁྲོད་བཞིན་དུ། །ཤིན་ཏུ་ཡིད་ དབྱུང་གོམས་པར་གྱིས། །དེ་ཕྱིར་འདི་ལ་ཞེན་པ་ཡིས། །བཅིངས་ནས་ཕུན་ཚོགས་དཔལ་མི་ཐོབ། །དངོས་ངན་འདི་ཡང་གཏོང་བ་ཡི། །ཐབས་ཀྱིས་ཕན་བདེ་འབུམ་འགུགས་ན། །རང་བཞིན་གྱིས་ནི་ འབྲལ་འགྱུར་ཞིང་། །སྙིང་པོ་མེད་ལ་སྙིང་པོ་ནི། །བླང་ཕྱིར་བདོག་པའི་དངོས་པོ་ཀུན། །ཅི་ཞིག་མི་གཏོང་བ་ཡོད་དེ། །གཏོང་ལ་ཤིན་ཏུ་དགའ་བར་བྱ། ། ༈ མི་ཤེས་བདུད་ཀྱི་སྒྱུ་ཐབས་ཀྱི། །བསླུས་པ་ ཅན་གྱི་སྐྱེ་བོ་འདི། །སྲིད་པའི་ཐང་ལ་དབང་མེད་དུ། །ཀྱེ་མ་ཡང་ཡང་འཁྱམ་པར་གྱུར། །དུས་སུ་འདི་དག་གིས་ནི་བདག །མངལ་དུ་བཟུང་ཞིང་བཅོས་པའི་ཚེ། །སྙིང་གི་དུམ་བུ་བཞིན་བལྟས་ནས། །རང་ 23-4-4a ལ་ཡོད་རྒུའི་དཔལ་གྱིས་བསྙེན། །དེ་འདྲའི་ཕུན་ཚོགས་བརྩེ་བའི་མ། །རང་གི་དབང་གིས་ནམ་དུ་ཡང་། །གཏོང་བའི་གོ་སྐབས་མི་སྲིད་ཀྱང་། །གཞན་དབང་སྐྱེ་དང་འཆི་བས་འཕྲོག །ཕྱོགས་ བཅུ་སེམས་ཅན་གང་མཆིས་པ། །ཐམས་ཅད་བདག་བཞིན་བདེ་ལ་འདུན། །འོན་ཀྱང་རྨོངས་པས་བདེ་འདོར་བ། །ཀྱེ་མ་བདག་གི་མ་རྣམས་མཐོང་། །ཡུན་རིང་བརྩེ་བས་བཅིངས་གྱུར་ནས། །འབྲལ་བའི་ སྡུག་བསྔལ་གྱིས་ཤི་བ། །དེས་ཀྱང་ད་ལྟ་འཕྲད་པ་ནས། །མི་ཤེས་བཞིན་དུ་གཤེ་བ་ཡི། །མྱོས་པའི་གདོན་གྱིས་སེམས་དཀྲུགས་ནས། །སྡང་བ་ལ་སོགས་ཟུག་རྔུའི་ནད། །འདི་ཡི་སྙིང་ལ་རྟག་ ཞུགས་པས། །མ་རྣམས་རྒུད་པས་ཅིས་མ་བཅོམ། །མགོན་མེད་སྲིད་པར་འཁྱམས་པ་ཡི། །མི་བཟད་སྡུག་བསྔལ་རྒྱུན་རིང་ལ། །གཉེན་གྱུར་འགྲོ་བ་འདི་ཀུན་ལ། །སེམས་ཤེས་སུ་ཞིག་བརྩེ་ མི་འགྱུར། །དེ་ཕྱིར་སེམས་ཅན་གང་དག་ལ། །ཁྲོ་བ་མེད་པར་མ་ཟད་ཀྱི། །སྡུག་པའི་བུ་ལ་མ་བཞིན་དུ། །ཤིན་ཏུ་བྱམས་པ་བསྒོམ་པར་བྱ། །བདག་གིས་གསོ་བར་བྱ་དགོས་པ། །འདི་ཡིས་བརྒྱ་ ལམ་བདེ་བའི་དཔལ། །ཅུང་ཟད་རྙེད་ལའང་བདག་ཁྲོ་ན། །ཀྱེ་མ་བདག་སེམས་སུ་ཡིས་བསླུས། །ཕ་རོལ་དཔལ་དང་འབྱོར་བ་ནི། །བདག་ལས་ཅུང་ཟད་མ་འཕྲོག་སྟེ། །འདི་ལ་མེད་ཀྱང་བདག་ 23-4-4b ལ་ནི། །ཆ་ཤས་ཙམ་ཡང་འབྱོར་བ་མེད། །ཡོན་ཏན་རྒྱ་མཚོའི་མཐར་སོན་པ། །སངས་རྒྱས་ཉིད་དུ་ཀུན་གྱུར་ཀྱང་། །བདག་གི་ཡོན་ཏན་སྐལ་མི་ཆད། །ཅི་ཕྱིར་འདི་ལ་བདག་སེམས་འཁུ། །སྙེམས་ བཅས་དཔལ་གྱིས་བདག་མནན་ཀྱང་། །དཔལ་ནི་ལེགས་བྱས་འབྲས་བུ་སྟེ། །སྙེམས་པ་དེ་ཡིས་དེ་བརླག་པ། །དེ་ཕྱིར་དེ་ཡང་སྙིང་རྗེའི་འོས། །སྐྱོན་ལྡན་འདི་ཡི་གོང་ན་ནི། །ཡོན་ཏན་ལྡན་པ་ མང་ཡོད་ཀྱང་། །དེ་དག་ཀུན་ལ་མི་འཁུ་ན། །དམན་པ་འདི་ལ་ཇི་ལྟར་འཁུ། །དམན་པ་དང་ནི་ཡོན་ཏན་ཅན། ། འཇིག་རྟེན་འདི་ན་མཐའ་ཡས་ཕྱིར། །སུ་ཡིས་སུ་དག་སྐལ་དམན་བྱས། །ཕྲག་ དོག་ཀྱིས་ནི་བདག་སྐལ་བརླག །དེ་ཕྱིར་གཞན་གྱི་ཕུན་ཚོགས་ལ། །ཕྲག་དོགས་མེད་པར་མ་ཟད་ཀྱི། །དབུལ་པོས་གཏེར་ཆེན་རྙེད་པ་བཞིན། །ཤིན་ཏུ་ཡི་རང་དགའ་བ་སྒོམས། །ཡོན་ཏན་ཉིད་ཀྱིས་ གང་ལས་བདག །མཆོག་གོ་སྙམ་ན་བདག་ཉིད་ནི། །སྔ་ནས་ཡོན་ཏན་ལྡན་མིན་ཏེ། །རྐྱེན་ལས་འཕྲལ་དུ་བྱུང་བ་ཙམ། །བདག་ནི་འདུས་བྱས་རྐྱེན་དབང་ཅན། །གཞན་པ་དག་ཀྱང་དེ་འདྲ་སྟེ། །འདིས་ནི་ བདག་ལས་ཆེས་ལྷག་པའི། །དཔལ་རྣམས་འཛིན་ལ་སུ་ཡིས་འགོག །སྐྱེ་བོའི་རྒྱུད་ནི་བདག་ཉིད་ཀྱི། །མངོན་སུམ་མིན་སླད་འདི་ལའང་། །བདག་ལས་ཆེས་ལྷག་ཡོན་ཏན་ནི། །མེད་ལ་ཚད་མ་ཅི་ཞིག་ 23-4-5a བདོག །བདག་ནི་འདི་འདྲའི་ང་རྒྱལ་སོགས། །ཉོན་མོངས་ཚོགས་ཀྱི་སྐྱོན་ལྡན་ཞིང་། །སྐྱེ་འཆིའི་རང་བཞིན་འཁོར་བའི་མཚོ། །སྡུག་བསྔལ་རྦ་ལ་དབང་མེད་འཕྱོ། །འདུས་བྱས་རང་ བཞིན་གློ་བུར་བའི། །ཡོན་ཏན་འདི་ཡང་རྐྱེན་གཞན་གྱིས། །ཉམས་པར་རུང་བའི་ཆོས་ཅན་སྟེ། །ཅི་ཕྱིར་བདག་ལ་སྙེམས་པ་འཕེལ། །ཏིལ་ལ་མེ་ཏོག་དྲི་བཞིན་དུ། །ཡོན་ཏན་སུ་ལའང་འགོ་མོད་ཀྱི། ། ཟག་པའི་དྲི་མ་འདྲེས་གྱུར་ཕྱིར། །བདག་ལ་ཡིད་འོང་ཅི་ཞིག་ཡོད། །གང་ན་རིགས་གཟུགས་དཔལ་འབྱོར་སོགས། །ཡོན་ཏན་རྣམས་ནི་གོང་ནས་གོང་། །བརྒྱ་སྟོང་བྱེ་བའི་ལྷག་ཡོད་ཕྱིར། །ཕལ་ལ་བལྟས་ ན་བདག་ཆེས་དམན། །སྐྱོན་བྲལ་ཡོན་ཏན་ལྡན་པ་རྣམས། །བཏང་སྙོམས་ཐུགས་ཀྱིས་གནས་མཛད་ན། །སྐྱོན་མང་བཅས་ཤིང་ང་རྒྱལ་གྱིས། །སྨ་ཕབ་བདག་ཡིད་ཇི་ལྟར་སྙེམས། །ཡོན་ཏན་ཕྲ་མོས་བདག་གི་ རྒྱུད། །མཐོ་བ་ཉིད་དུ་སྙེམས་བྱེད་ན། །སྐྱོན་མང་གནས་པས་བདག་གི་རྒྱུད། །ཤིན་ཏུ་དམའ་བར་ཅིས་མི་འཛིན། །ང་རྒྱལ་དྲི་མ་གཏན་མེད་པ། །དེ་ཚེ་བདག་ནི་མཆོག་ཉིད་ཀྱང་། །འདི་ལྟར་ང་རྒྱལ་དང་ལྡན་ ཕྱིར། །བདག་ལས་དམན་པ་སུ་ཞིག་ཡོད། །བདག་མེད་འདུས་བྱས་ཕུང་པོའི་རྒྱུན། །རྐྱེན་ལས་དངོས་པོའི་གནས་འཛིན་པ། །དེ་ཕྱིར་ཡོན་ཏན་མཁའ་མཉམ་ཡང་། །བདག་ལ་ང་རྒྱལ་ཅི་ཞིག་ཡོད། །གལ་ཏེ་ 23-4-5b སྙེམས་སོགས་ཡོད་ཀྱི་རིང་། །ཀུན་ལས་དམན་པར་ཤེས་བྱས་ནས། །དུལ་བའི་རྟ་མཆོག་བཞིན་དུ་ནི། །ཀུན་ལ་གུས་པའི་སྤྱོད་ལམ་བསྐྱོངས། །དེ་ལྟར་བདེན་གཉིས་གནས་ཚུལ་ལ། །རྣམ་པར་དཔྱོད་པའི་ངེས་ ཤེས་དང་། །བློ་ནི་ཡང་ཡང་གོམས་བྱས་པས། །སྣང་ཞེན་ཟང་མ་ཐལ་དུ་སྦྱོངས། །སྟོང་བཞིན་དུ་ཡང་རྐྱེན་རྣམས་ཀྱིས། །སྤྲུལ་པ་སྲིད་པའི་གྲོང་ཁྱེར་ཀུན། །མ་བརྟག་ཉམས་དགའི་ངང་ཚུལ་ཅན། །སྒྱུ་མའི་ དཔེ་ཡིས་ཚུལ་དུ་སྤྱད། །འདི་ལྟར་འཇམ་དཔལ་དཔའ་བོ་ཡི། །ཐུགས་རྗེ་ལས་བསྐྲུན་ཤེས་རབ་ཀྱི། །རལ་གྲིས་བདུད་ཀྱི་སྒྱུ་ཐབས་ལྔ། །དྲལ་ནས་བདག་འཛིན་ཉོན་མོངས་བདུད། །གང་དུ་སླར་ཡང་མི་འབྱུང་ ཞིང་། །སྔར་བྱུང་བ་ཡི་རོ་ཙམ་ཡང་། །མེད་པའི་ཚུལ་དུ་ཡང་དག་པར། །གསོད་པའི་ཐབས་ཀྱིས་བསད་པ་ན། །མདུང་ཁྱིམ་བཤིག་པའི་ཚུལ་གྱིས་ནི། །ལྷའི་བུའི་བདུད་ནི་ཆོམས་པར་འགྱུར། །ས་བོན་ བསྲེག་པའི་མྱུ་གུ་བཞིན། །ཕུང་པོའི་བདུད་ནི་འགག་བྱེད་ཅིང་། །སྣུམ་ཟད་པ་ཡི་མར་མེ་བཞིན། །འཆི་བདག་བདུད་ནི་འཆི་བར་འགྱུར། །དེ་ཚེ་བདུད་བཞིའི་གཡུལ་འཇོམས་པ། །དཔའ་བོ་སེང་གེ་རྣམ་བསྒྱིང་ བའི། །ཚུལ་གྱིས་སྲིད་པར་སྲིད་པའི་རྒྱུན། །གཅོད་ལ་རྟག་ཏུ་འཇིགས་མེད་སྤྱོད། །བདུད་ཀྱི་གཡུལ་ཆེན་འཇོམས་པའི་སྒོ། །ཐབས་མཁས་ཤེས་རབ་སྣང་བའི་ལམ། །ཡང་དག་ངག་གིས་གསལ་བྱས་ 23-4-6a པའི། །དགེ་བས་འགྲོ་བ་འདི་དག་ཀུན། །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ནས། །འཇམ་དཔལ་རྡོ་རྗེ་གྲུབ་གྱུར་ཅིག །ཞེས་པའང་མི་ཕམ་རྣམ་པར་རྒྱལ་བས་རབ་ཚེས་ས་སྟག་ཟླ་༡༠ཚེས་༤ལ་ བྲིས་པའོ། ། ༈། །དུག་གསུམ་གྱི་གཉེན་པོ་བསྒོམ་ཚུལ་གྱི་ཚིག་ལེའུར་བྱས་པ་བདུད་རྩིའི་ཐིག་ཕྲེང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞ་ཡ། ཆགས་བྲལ་ཞི་བ་པདྨ་རྒྱས་ པའི་མཚོ། །སྡང་བའི་གཟའ་བྲལ་བྱམས་པའི་ཉ་གང་ཟླ། །གཏི་མུག་སྤྲིན་མེད་ཡེ་ཤེས་ཉི་མའི་འོད། །འཇམ་མགོན་རྒྱལ་བ་དེ་ཡིས་བདག་སྐྱོངས་ཤིག །འདི་ན་སྲིད་པའི་འབྲོག་དགོན་ཉམ་ང་ བར། །ལ་ལ་བདུད་རྩི་གསར་པའི་བཏུང་བས་མྱོས། །འགའ་ཞིག་འབར་བའི་ཁྲོ་ཆུའི་རྦ་ལ་འཕྱོ། །སྣ་ཚོགས་མྱོང་སྣང་སྒྱུ་མའི་བྱེད་པོ་ནི། །གཞན་ན་ཅུང་ཟད་ཙམ་ཡང་ཡོད་མིན་ཏེ། །སྲིད་པར་འགྲེ་ ལྡོག་སྒྱུར་བའི་ཁ་ལོ་པ། །རང་སེམས་རྣམ་པར་གཡོ་བའི་ངང་ཚུལ་དུ། །རིག་ནས་རིགས་པའི་ལམ་ལ་འཆོས་པར་མཛོད། །ཤིན་ཏུ་ཉམས་དགའ་མེ་ཏོག་རྒྱས་པའི་ཚལ། །མཛེས་ལུས་ཟླ་འོད་ ངོམས་པས་རབ་རྒྱུ་ཡང་། །མི་སྡུག་བེ་ཅོན་འཆང་བའི་སྲིན་པོ་ཡིས། །སྐྲ་ནས་དྲངས་ཏེ་ཉམ་ངའི་གཡང་སར་འཁྲིད། །ཁོལ་མའི་ཆུ་བོར་འཕྱན་པའི་འབྲས་ཆན་བཞིན། །མཐོ་དམན་སྣ་ཚོགས་ངེས་ 23-4-6b པ་མེད་པ་ཡིས། །སྲིད་པ་ཀུན་དུ་བརྒྱུད་མར་འཁོར་འགྱུར་བའི། །ངང་ཚུལ་འདི་ལ་རྣམ་དཔྱོད་བཀོད་པར་མཛོད། །བདེ་གཤེགས་སྐྱོབས་པའི་གསུང་སྙན་ཆོས་ཀྱི་སྒྲ། །ཐོས་དང་དོན་སེམས་ གོམས་པས་ལྷུར་བླངས་ན། །ལྷ་ཡི་རྔ་སྒྲ་སྦྲང་རྩིའི་རོ་དང་ནི། །བདུད་རྩི་མྱང་བའི་བཅུད་བཟང་སྟོང་ལས་ཟབ། །བདེ་བའི་གློག་འོད་ཕྲ་མོ་འགྱུ་བའི་མཐར། །སྡུག་བསྔལ་མུན་པ་སྟོང་གིས་གནག་ བྱས་པ། །ཡིད་བརྟན་མི་རུང་སྲིད་པའི་ཆོས་ཚུལ་ལ། །བག་ཡོད་བགྱི་པ་དམ་པ་རྣམས་ཀྱི་ཚུལ། །ཅི་ཡང་མི་སེམས་ཉམས་དགའི་སྣང་ཚུལ་ལ། །འཆི་བ་མེད་པ་སྙམ་དུ་བདེ་སྤྱོད་ཀྱང་། །ཀྱེ་མ་ གློ་བུར་འཆི་བདག་ཕོ་ཉ་ནི། །སྤྱི་བོར་གནམ་ལྕགས་བབས་པ་བཞིན་དུ་འོང་། །ཀྱེ་ཧུད་མཛེས་པ་དང་བྲལ་བགྲད་པའི་མིག །གདུང་བའི་མཆི་རྒྱུན་ཟག་པའི་གཉེན་བཤེས་ཀྱི། །གདོང་ལ་ཅེ་རེ་བལྟ་ བའི་ངང་ཉིད་ནས། །ནམ་ཡང་མཐོང་བ་མིན་པའི་གནས་སུ་འགྲོ། །སྣང་ཚུལ་བདེ་ལ་ཞེན་པས་བསླུས་པ་དེ། །ཕན་པའི་ཐབས་ཚུལ་རྣམས་ཀྱིས་རབ་སྤངས་ནས། །གནོད་པའི་ལས་མང་གཡང་ ས་མདུན་བདར་བ། །ཅི་ལྟར་བདེ་བར་འགྲོ་བ་ཉིད་དུ་སེམས། །བཞི་ལྡན་དཔུང་གིས་སྒྲོན་པའི་བ་དན་གྱིས། །ཕྱོགས་ཀྱི་ཐ་གྲུ་བསྐོར་བའི་དབུས་ཉིད་དུ། །མཛེས་སྡུག་བཙུན་མོ་གཞོན་ནུའི་ 23-4-7a ཚོགས་རྣམས་ཀྱིས། །ཀུན་ད་འཛུམ་པའི་མིག་གིས་ལེགས་མཆོད་པའི། །བཞིན་བཟང་ཟླ་བ་གསར་བའི་ངང་ཚུལ་ཅན། །ངོ་མཚར་སྙེམས་པའི་འོད་དང་འགྲོག་བཞིན་པ། །གང་ གི་ཁྲི་འཕང་མཐོན་པོའི་ཉེ་དྲུང་དུ། །སྟོབས་ལྡན་སེང་གེའི་བརྟུལ་ཞུགས་བསྒྱིང་རྣམས་ཀྱང་། །རལ་པའི་ཅོད་པཎ་སྨད་པའི་རྣམ་འགྱུར་གྱིས། །བརྒྱུད་མར་བཏུད་པའི་མངོན་མཐོའི་རྗེ་རྣམས་ ཀྱང་། །མགོ་བོར་གཤིན་རྗེའི་སྐྱེས་བུའི་རྡོག་པ་ཡིས། །རབ་ཏུ་བསྣུན་ཞིང་ཉམ་ངའི་མུན་པར་འཁྲིད། །གང་མཐོང་དགའ་བའི་སྤུ་ལོང་གཡོ་བ་ཡི། །ཞལ་བཟང་པདྨ་རྒྱས་པའི་རྣམ་འགྱུར་ལ། །འཛུམ་ པའི་ཚེམ་ཕྲེང་གེ་སར་ངོམས་པ་ཡང་། །རུལ་བའི་ཐང་ཤིང་སྒོག་པོ་བཞིན་དུ་འགྲོ། །དེ་སླད་འཇིག་རྟེན་འདི་དང་འཇིག་རྟེན་གཞན། །གང་ན་ན་རྒ་འཆི་བའི་དགྲ་མེད་པར། །འདོད་ལ་རང་གར་སྤྱོད་པའི་ སྐྱེས་བུ་ནི། །ཡོད་མིན་ཡོད་པར་སྲིད་པའང་མ་ཡིན་ནོ། །ཤིན་ཏུ་ཉམས་ཆུང་ལུས་ལྟ་སྨྲོས་ཅི་འཚལ། །སྣ་ཚོགས་མངོན་པར་བཀྲ་བའི་སྟོང་ཆེན་པོ། །ནམ་ཞིག་མཁའ་ལ་ཡལ་བའི་འཇའ་བཞིན་དུ། །ཅུང་ ཟད་ལུས་པ་མེད་པ་ཉིད་དུ་འགྱུར། །དེ་ལྟར་རབ་འབྱམས་ནམ་མཁའི་མཐར་ཐུག་པར། །བདེ་སྡུག་སྣ་ཚོགས་སྣང་བའི་སྲིད་པ་ཀུན། །མཁའ་ལ་གློག་གི་འདུ་འཕྲོད་ཇི་བཞིན་དུ། །མི་བརྟན་ངེས་པར་ 23-4-7b འགྱུར་བའི་ཆོས་ཡིན་ཀྱང་། །བླུན་པོ་གང་གིས་སྒྱུ་མའི་ལུས་དང་ནོར། །ཡིད་བརྟན་སྙིང་པོར་བྱས་ནས་མི་དགེའི་ལས། །དུ་མར་འཕྱན་ཏེ་ནམ་ཞིག་ལུས་དང་ནོར། །བཏང་སྟེ་མི་དགེའི་ལས་རྣམས་བཟུང་ ནས་འགྲོ། །ཀྱེ་མ་བློ་གྲོས་ཤིན་ཏུ་མཐུ་ཆུང་བ། །མངོན་སུམ་གནས་ལའང་རྨོངས་པའི་བག་འཛིན་ན། །དེ་ལ་གང་གིས་གདམས་པ་ཅི་ལྟར་འདོམས། །རང་སེམས་གོམས་པ་ཁོ་ན་བྱ་བར་རིགས། ། འཆི་བར་ངེས་ཤིང་དེ་ཚེ་འབྱོར་པའི་ཚོགས། །ཅུང་ཟད་ཙམ་ཡང་རྗེས་སུ་མི་འབྲང་བར། །རང་གིས་ངེས་པ་ཉིད་དུ་ནུས་མོད་ཀྱི། །ད་རུང་བསམ་སྦྱོར་འགལ་བའི་རྒྱུན་བསྲིང་ངམ། །དེ་སླད་རང་ལ་རང་ གིས་ཕན་བཞེད་ན། །བག་ཡོད་གནས་ལ་ཡང་དང་ཡང་གོམས་མཛོད། །འདི་ལས་ལྷག་པར་གྱུར་བའི་གདམས་པ་ནི། །སུས་ཀྱང་བརྗོད་པར་འགྱུར་བ་འགའ་ཡང་མེད། །གང་ལ་གོམས་པར་བྱ་བའི་དངོས་ པོ་ནི། །སྲིད་ལ་ཡིད་བརྟན་མེད་པའི་ཚུལ་དང་ཡང་། །ཡིད་བརྟན་གང་ལ་རུང་བའི་སྐྱབས་དང་ནི། །རང་ལ་ཕན་པར་གྱུར་པའི་དངོས་ལའོ། །མཐའ་དག་སྲིད་པའི་ཉེས་མང་གིས་བཟུང་བའི། །སྡུག་བསྔལ་ བརྒྱུད་མར་མྱོང་བའི་སྐལ་ངན་བདག །མི་བསླུ་ཡིད་ཆེས་མཆོག་གི་སྐྱབས་གསུམ་ལ། །དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ། །སྲིད་པའི་བདེ་སྡུག་ལས་ཀྱིས་རྣམ་པར་བྲིས། །ལས་ནི་རྩ་བ་གསུམ་ 23-4-8a ལས་ཡང་དག་བྱུང་། །དེ་སླད་གསུམ་ལས་བཟློག་སྟེ་གསུམ་ལ་ཡིད། །ཡང་ཡང་གོམས་པར་བསྟེན་པ་ཉིད་དུ་མཛོད། །འདོད་པའི་སེམས་ནི་ཕུང་ཀྲོལ་འབྱུང་གནས་ཏེ། །འདིས་ནི་ སྲིད་པ་གསུམ་དུ་རྣམ་པར་བཅིངས། །གང་ལ་འདི་ཡིས་ལྕགས་སྒྲོག་གིས་འཆིང་བ། །བག་ཡངས་ཞི་བའི་གནས་ལ་བགྲོད་མི་ནུས། །མི་གཙང་དྲི་མ་ཀུན་གྱི་འབྱུང་གནས་ནི། །རྟག་ཏུ་དྲི་མ་འཛག་པའི་ཁྲོལ་ ཚགས་ཅན། །ཤ་ཁྲག་རུས་པ་སྣབས་ལུད་བཤང་གཅི་སོགས། །མི་གཙང་ཁོ་ན་ཉིད་ལས་གཞན་མེད་པ། །མཛེས་པའི་ཟ་འོག་དར་གྱི་འགྱིང་ཁུག་ནས། །འགྱིང་བཞིན་གྲལ་དུ་བསྒྲིག་པ་དེ་གཅིག་ གི། ཁོང་གི་མི་གཙང་དེ་ཡིས་དེ་ཀུན་ཀྱང་། །མི་དགར་ནུས་ན་ཀུན་གྱིས་སྨྲོས་ཅི་འཚལ། །གང་ལ་ཡིད་རབ་སོང་བའི་གདོང་དེ་ཡང་། །རྣ་བ་ལ་སོགས་གཅིག་གིས་མ་ཚང་ཚེ། །གང་ལ་སྡང་བཞིན་ ཡིད་དགར་མི་འགྱུར་ན། །ལྷག་མ་སྔར་ལས་འགྱུར་བ་འགའ་ཡོད་དམ། །བཞིན་བཟང་ཡི་གར་འོང་བའི་གཞོན་ནུ་མའི། །དྲི་མའི་ཚོགས་ཀྱང་སྐྱེ་བོས་འདོད་བྱར་ཞེན། །དེ་ལ་དྲི་མ་གཞན་གྱི་དངོས་ དང་མི་འདྲ་བ། །ཅུང་ཟད་མེད་པ་འཇིག་རྟེན་འདིས་མ་རྟོགས། །རྟག་ཏུ་བལྟ་བར་འདོད་པའི་བྱད་བཞིན་གྱི། །ཤུན་པ་ཕྲལ་ཏེ་མདུན་དུ་མངོན་གྱུར་ན། །དགའ་མེད་འཇིགས་པའི་ངང་ཚུལ་རྣམས་ 23-4-8b པར་སློངས། །སླར་ཡང་དེ་ལ་སྲེད་པ་འབྱུང་མིན་པས། །ཁྱོད་ཡིད་འདོད་རྒུར་བཅིངས་པའི་བྱེད་པོ་ནི། །བརྟགས་ན་པདྨའི་སྣལ་མ་ལས་སྲབ་པའི། །ཤ་ཡི་རྡུལ་ཕྲན་འདབ་འབྱོར་འདི་ལགས་ན། །ངལ་ བའི་ཤ་ཐང་ཆད་པ་འདི་དོར་ཅིག །བདག་གྲོགས་འདི་ཡིད་དགའ་བའི་དངོས་ཀུན་གྱིས། །དགའ་བར་བྱའོ་སྙམ་པའི་འདོད་ཆེན་དེས། །གང་གིས་ཡིད་ལ་གྲོགས་སུ་བཟུང་བའི་སེམས། །རྡུལ་ཕྲན་ ཚོགས་ཀྱི་ཡིན་པ་ཆ་མ་འཚལ། །འབར་བའི་མེ་ལ་བུད་ཤིང་ཇི་བཞིན་དུ། །གང་ན་འདོད་པ་བརྟེན་པའི་བདེར་ངོམས་པ། །དེ་ནི་ནམ་ཡང་སྲིད་པ་མ་ཡིན་ན། །ངོམས་མེད་བྱ་བ་ཤ་ཐང་ཆད་པའི་རྒྱུ། །འདོད་ པ་གང་གིས་བསྟེན་ཙམ་གྱིས་ཆོག་ན། །སྔར་མ་མྱོང་བའི་འདོད་ཡོན་དེ་སུ་ཞིག །ད་ཡང་མྱོང་བ་དེ་འདྲ་ཁོ་ནའི་ཕྱིར། །འདི་ལ་སླར་ཡང་འབད་པས་ཅི་ཞིག་བྱ། །སྲིད་པའི་འདོད་ཡོན་ཅི་ལྟར་བཟང་ན་ ཡང་། །འདུས་བྱས་ཉིད་ཕྱིར་སྐད་ཅིག་ངང་གིས་འཇིག །གང་ཞིག་སོང་བ་སླར་ཡང་མི་འབྱུང་ན། །མ་མྱོང་རང་གར་འདུག་པས་ཅི་ཞིག་བསླུས། །གང་ལ་བསྟེན་ནས་འཇིགས་རུང་སྲིད་པའི་ མུན། །ཉམ་ངའི་གཡང་ས་བརྒྱུད་མར་འཁྲིད་ཅིང་འཛིན། །བདེ་མང་སྡུག་བསྔལ་ཆེ་བའི་འདོད་ཡོན་ནི། །བཀོལ་བའི་ཕྱུགས་ཀྱིས་རྩ་ཁམས་ཟ་བ་བཞིན། །རོ་མངར་དུག་གི་འབྲས་བུ་ཅི་བཞིན་དུ། ། 23-4-9a གང་མྱོང་བ་ན་ངེས་པར་རྗེས་འབྲེལ་བར། །འགྱུར་དང་འདུ་བྱེད་རྣམ་པར་སྨིན་པ་ཡི། །སྡུག་བསྔལ་མི་བཟད་དུ་མའི་རྩ་བ་ཉིད། །ཅི་འདི་གླིང་བུ་སྒྲོགས་པའི་རྔོན་པ་བཞིན། །དགའ་ བའི་ཚུལ་གྱིས་སྙིང་ལ་ཞུགས་མིན་པར། །འབྲས་བུའི་སྡུག་བསྔལ་མཚོན་རྣོན་ཐོགས་མཐོང་ན། །སྐྱེ་རྒུ་མ་ལུས་འདི་རྗེས་འབྲང་ངམ་ཅི། །དེ་ལྟར་བློ་མིག་ལྡོང་བའི་སྐྱེ་བོ་རྣམས། །ཐོག་མེད་དུས་ནས་འདི་ཡིས་ རྣམ་པར་བཅིངས། །དེ་ཡང་ཕ་མཐའ་མི་མངོན་སྲིད་པའི་མཚོར། །རྒྱུན་ཆད་མེད་པར་ཡང་ནས་ཡང་དུ་འཁྲིད། །དེ་ལྟར་རང་གིས་འདོད་པའི་མཚང་རིག་ནས། །འདོད་པས་བསླུ་བའི་སྐྱེ་བོ་གཞན་དག་ ལ། །ཤིན་ཏུ་སྙིང་རྗེས་ཡིད་རབ་བརླན་གྱུར་ནས། །རྣམ་པ་སྣ་ཚོགས་ཐབས་ཀྱིས་ཕན་པར་སྦྱོར། །གང་ཞིག་མནར་མེད་གནས་པའི་འགྲོ་བ་ནི། །སྐད་ཅིག་རེ་བཞིན་སྡིག་པའི་ཁུར་པོ་འཇིག །འདོད་ ཆེན་བདེ་ལ་ཞེན་པའི་སྐྱེ་བོ་ནི། །སྐད་ཅིག་རེ་བཞིན་སྡིག་པའི་ཁུར་མང་འཕེལ། །དེ་ཕྱིར་གང་དང་གང་ལ་བདོག་རྒུའི་དངོས། །དེ་དང་དེ་དག་མི་བརྟན་མཐོང་བའི་བློས། །ཡང་ནས་ཡང་དུ་སྙིང་རྗེའི་ཤུགས་ བསྐྱེད་ནས། །གོང་ནས་གོང་དུ་འགྲོ་བའི་སྨོན་ལམ་བྱེད། །འདོད་ཡོན་དགྲ་ལྟར་བལྟ་བའི་ཤེས་རབ་དང་། །འདོད་ཞེན་ཅན་ལ་བརྩེ་བའི་ཡུལ་གྱིས་ནི། །འདོད་པས་རང་རྒྱུད་འཆིང་བའི་ཉོན་མོངས་དགྲ། ། 23-4-9b འདོད་པའི་དབུགས་བྲལ་བཞིན་དུ་ཉམས་པར་གྱིས། །ཞི་བསིལ་བདུད་རྩིས་མྱོས་པའི་མདུན་ས་རུ། །མི་གཙང་རྫིང་བུ་བཞིན་དུ་འདོད་པའི་ཆོས། །རྟོགས་པའི་སྐལ་བཟང་སྐྱེས་བུ་འདི་དག་ནི། །རིམ་ནད་ བྱང་བའི་གནས་སྐབས་བཞིན་དུ་བདེ། །སྲིད་པའི་འདོད་ཡོན་སྤྲིན་གྱི་དྲྭ་བ་རུ། །དྭངས་གསལ་བདུད་རྩི་གཙང་མའི་འོད་བཟང་ཅན། །མཐོང་བ་ཀུན་དགར་བྱེད་པའི་རི་དྭགས་འཛིན། །འདོད་ཆུང་དགེ་སྦྱོང་ རྣམས་ཀྱི་ཚུལ་ཉིད་དོ། །གང་ཚེ་འདི་དང་ལྡན་པའི་སྐྱེ་བོ་ལ། །འདི་དང་གཏན་གྱི་བདེ་བའི་དཔག་བསམ་ཤིང་། །མདུན་ན་བསྟར་བ་ལྟ་བུར་ལེགས་གནས་ཏེ། །སྣང་ནས་སྣང་བའི་མཐར་ཐུག་ཉིད་དུ་འགྲོ། ། སྐོམ་པའི་ཚ་གདུང་སེལ་བའི་བདུད་རྩིའི་མཚོ། །དྲི་མེད་པདྨ་རྒྱས་པས་ཁེབས་པ་ལྟའི། །རྙོག་བྲལ་ཞི་བའི་བདེ་བ་འདི་བཟུང་སྟེ། །བག་ཡངས་གནས་ལ་རྟག་ཏུ་འདུག་པར་མཛོད། །སྡང་བའི་ཟུག་རྔུ་སྙིང་ལ་ ཉལ་གྱུར་ན། །མཐོང་དང་མ་མཐོང་བདེ་བའི་དཔལ་ལས་ཉམས། །ཡུན་རིང་སྲིད་པར་བསྲེག་པའི་མེ་བོ་ཆེ། །དགྲ་ཆེན་འདི་འདྲ་སྲིད་པའི་ཁམས་ན་མེད། །གང་གིས་ཡུན་རིང་ལྟོ་བར་བཟུང་བྱས་ནས། ། ལུས་ཀྱི་ཟུང་གིས་རྣམ་པར་སྨིན་གྱུར་ཏེ། །མི་བཟད་སྡུག་བསྔལ་བཅས་ཏེ་བཙས་པའི་མོད། །འཇམ་པའི་ལག་གཉིས་དལ་བུས་པང་དུ་བླངས། །སྙིང་གི་དུམ་བུ་ཐང་ལ་ལྟུང་བ་ལྟར། །བྱམས་པའི་མིག་ 23-4-10a ཟུང་གཡོ་བས་ཡང་དང་ཡང་། །འབྲལ་མི་ཕོད་པར་བལྟ་བས་ཉེར་བསྐྱང་ནས། །ཡོད་རྒུའི་བཟའ་བཏུང་འབྱོར་བའི་དྭངས་མས་བསྙེན། །གང་ལ་ཚངས་བཅས་འཇིག་རྟེན་མཐའ་དག་ཏུ། ། བདག་ལས་གཅེས་རྒུར་གྱུར་པ་སྲིད་མིན་བློ། །རང་གི་ངང་གིས་རྣམ་མང་མི་གཏོང་ཡང་། །གཞན་དབང་སྐྱེ་འཆི་བརྒྱུད་མས་རྣམ་པར་ཕྲོག །ལ་ལར་དབུལ་ཞིང་ཕོངས་པའི་སྡུག་བསྔལ་དང་། །ལ་ལར་སྔ་ ཕྱིར་ཤི་བའི་མྱ་ངན་སོགས། །མི་བཟད་ཡིད་གདུང་དུ་མའི་རོ་གཅིག་གིས། །བདག་ཅག་སྐྱེ་བ་མང་པོར་མཉམ་དུ་བཅིངས། །ད་ཡང་འདི་དག་སྲིད་པའི་བདེ་འབྱོར་གྱི། །གློག་འོད་ཕྲ་མོ་ནུབ་པའི་དེ་མ་ཐག །ཉེས་ མང་སྲིད་པའི་སྡུག་བསྔལ་གཡང་ས་ཆེས། །མདུན་ན་བསྒུགས་པ་བཞིན་དུ་རྣམ་པར་གནས། །བདག་ཕྱིར་སྲོག་ཀྱང་གཏོང་བའི་བརྩེ་ལྡན་མ། །བདག་མ་མཐོང་བའི་སྡུག་བསྔལ་གྱིས་གཟིར་བ། །དེང་ནི་ བདག་ཅག་དགའ་བས་གང་མདུན་དུ། །ཕྱིན་ཀྱང་མི་ཤེས་བཞིན་དུ་གྱི་ནར་གནས། །འདི་བློ་རྨོངས་པའི་གཞན་དབང་མ་གྱུར་ན། །བདག་གིས་སྤྱོས་ཀྱང་བདག་ལ་བརྩེ་བགྱིད་ན། །རྨོངས་པའི་གཞན་དབང་གྱུར་ པ་དེ་ཡི་སླད། །དོན་མེད་གྱི་ནར་འགྲོ་ཞིང་རྣམ་པར་འཚེ། །ཇི་ལྟར་སྙིང་རྗེ་རྒྱུན་དུ་འཆིང་བའི་མ། །གློ་བུར་སྨྱོན་པའི་གཞན་དབང་གྱུར་པ་ཞིག །འཇིགས་པའི་གཡངས་ལ་གོམས་པའི་སྟབས་འཆའ་བ། །གཤེ་ 23-4-10b བར་གྱུར་ཀྱང་བདག་གིས་སྲུང་བའི་རིགས། །སྡུག་བསྔལ་རྣམ་པ་མང་པོའི་ཁུར་བཟུང་ནས། །བདེ་བའི་རྒྱུ་ཚོགས་ཤིན་ཏུ་ཉུང་བ་ཡིས། །བྱམས་ལྡན་མ་དེས་སྲིད་པའི་ཐང་འདི་ན། །ཅུང་ཟད་བདེ་བའི་གོ་ སྐབས་རྙེད་ཡོད་དམ། །གལ་ཏེ་རང་ལ་བདེ་བའི་དཔལ་ཡོད་ན། །དེ་ཡི་དྭངས་མ་འདི་ལ་སྟོབས་འོས་ན། །དེ་དག་རང་གིས་རྙེད་པའི་བདེ་འབྲས་ལ། །མི་དགར་འགྱུར་བ་མཛངས་པའི་ཚུལ་ཡིན་ནམ། ། འདི་ཡི་སྔོན་དང་ཕྱི་མའི་མཐར་ཡང་ནི། །བདེ་བའི་འབྱོར་པ་ཤིན་ཏུ་ཉུང་ངུ་ལ། །སྣ་ཚོགས་སྡུག་བསྔལ་ཐོབ་པ་གཞལ་མེད་པས། །ད་ལྟ་ཅུང་ཟད་བདེ་ལ་སུ་མི་དགའ། །འདི་ཡི་སེམས་ལ་ཆགས་ཁྲོ་ང་རྒྱལ་ གྱིས། །གནོད་པ་དུ་མར་སྦྱོར་བའི་ནད་གནས་པ། །གང་གིས་ཞི་བའི་ཐབས་ལ་མི་བརྩོན་པར། །དེ་ཡིས་རྒྱུ་བྱས་ཁྲོ་བ་འདི་ཅི་ཞིག །འདི་ལྟར་ཡང་དང་ཡང་དུ་རྣམ་དཔྱད་ནས། །གང་གིས་བདེ་བ་མཐོང་ བའི་དེ་མ་ཐག །སྙིང་དབུས་དགའ་བའི་ཉམས་འགྱུར་རབ་གཡོ་བ། །སེམས་མཆོག་འདི་ལ་འབད་བ་དང་དུ་ལོངས། །རྨོངས་པའི་མུན་པས་སྙིང་ལ་རྟག་འཁྱུད་པ། །སྡུག་བསྔལ་བརྒྱུད་མར་འཕྱན་པའི་ ཉམ་ཐག་རྣམས། །བདག་བཞིན་བདེ་བ་འདོད་པའི་ཚུལ་རིག་ནས། །བདག་དང་མཚུངས་པའི་བློ་ལ་གོམས་པར་མཛོད། །འདི་འདྲ་སུ་ཡི་སེམས་ལ་གནས་གྱུར་པ། །དེ་ནི་ནོར་བུས་གང་བའི་མཚོ་ཆེན་ 23-4-11a བཞིན། །ཡོན་ཏན་དུ་མའི་ཆུ་ཡིས་ཉེར་གང་ནས། །སྲིད་ཞིའི་དཔལ་ཀུན་གང་ན་རྣམ་པར་གནས། །དེ་ཡི་ཡིད་ལ་དགའ་བའི་དཔལ་དང་ནི། །རེ་བའི་འབྲས་བུ་རྣམ་པར་སྨིན་གྱུར་ནས། ། དེར་ཡང་འགྲིབ་པ་མེད་པར་རྟག་ཏུ་ཡང་། །དཀར་ཕྱོགས་དུས་ཀྱི་ཟླ་བ་བཞིན་དུ་མཛེས། །ཕན་བདེའི་སྣང་བ་འགོག་པའི་རང་བཞིན་ཅན། །རྨོངས་པའི་མུན་ནག་འཐིབ་པོ་འདི་ཁོ་ན། །སྲིད་པའི་ ཉེས་མང་ཀུན་གྱི་འབྱུང་གནས་ཏེ། །ཁྱོད་མིན་འཁོར་བའི་རྩ་བ་གཞན་ཡོད་མིན། །དམྱལ་ནས་སྲིད་རྩེའི་བར་གྱི་འགྲོ་བ་ཡི། །སྙིང་ལ་དོགས་མེད་བདེ་བའི་ཚུལ་དུ་ཉལ། །དེ་དག་སྔགས་ཀྱིས་རྨོངས་ པར་བྱས་པ་བཞིན། །འོག་ནས་འོག་ཏུ་འཁྲིད་པའི་རྟེན་ཡང་བྱེད། །སྟོན་མཆོག་ཡེ་ཤེས་ཉི་མའི་ལུང་མེད་པར། །རང་གར་དཔྱད་པའི་བློ་གྲོས་ཇི་སྙེད་པ། །གང་དང་མཚུངས་པར་ལྡན་པ་ཉིད་ཀྱིས་ན། ། ཁྱོད་དང་ངོ་བོས་འགལ་བ་མེད་མོད་ཀྱི། །འདི་ན་བསྐལ་པར་གནས་པའི་མུན་པ་ཡང་། །གང་དང་འཕྲད་ན་དེ་མ་ཐག་འཇོམས་པ། །རིན་ཆེན་སྒྲོན་མེ་ལྟ་བུར་གང་གྱུར་བའི། །རྒྱལ་གསུང་ཆོས་ཀྱི་མར་མེ་ རྣམ་པར་གནས། །གང་གིས་གཞལ་མེད་བསམ་གྱིས་མི་ཁྱབ་པའི། །བསྐལ་པར་གོམས་པའི་ཐ་མར་ཡེ་ཤེས་ཀྱིས། །གཏི་མུག་མུན་པའི་ས་བོན་དྲུང་ཕྱུང་ནས། །བརྩེ་བས་གཞན་ལ་འདོམས་པ་དམ་ 23-4-11b པའི་ཆོས། །ཐོས་ནས་རྣམ་པར་བསམ་ན་དགའ་བའི་རོ། །སྲིད་པའི་ཁོང་ལས་བརྒལ་བ་མྱོང་ན་ཡང་། །རྟོག་དཔྱོད་མེད་པར་གྱི་ནར་བཞག་པ་ཡི། །ཀྱཻ་ཧུད་འགྲོ་འདི་རྨོངས་པས་ཅིས་མ་བཅོམས། །གདུལ་ བྱ་བྱང་གྲོལ་ཞི་བའི་གནས་གཞུགས་པ། །གཟུགས་སྐུས་མ་ཡིན་དམ་པའི་ཆོས་ཀྱིས་ཏེ། །འདི་ནི་ད་ལྟ་ན་ཡང་རྒྱལ་མཆོག་གི། ལྗགས་ལས་བཀྲམ་པ་བཞིན་དུ་རྣམ་པར་གནས། །གང་གིས་འདི་ལ་ ཡང་དང་ཡང་དཔྱོད་ན། །བློ་གྲོས་མེ་རྣོན་འབར་བ་ཆོས་ཉིད་སྟེ། །དེས་ནི་སྲིད་པའི་ཆང་ཚིང་འཐུག་པོའི་ནགས། །མ་འབད་པར་ཡང་ངང་གིས་བརླག་པར་བྱེད། །སྣ་ཚོགས་རྣམ་པར་བཀྲ་བའི་སྲིད་པ་འདི། ། རྟག་དང་མི་རྟག་མཐའ་ལྡན་མི་ལྡན་སོགས། །ངོ་བོས་གྲུབ་པར་ལྟ་བས་རྣམ་དཔྱད་ན། །འགལ་མེ་བཞིན་དུ་རྨོངས་པའི་མགོ་བོ་འཁོར། །དེ་ལྟར་ལམ་ཚོལ་རྣམས་ཀྱིས་རྟོག་གེ་ཡིས། །རྣམ་པར་ བརྟགས་པའི་རང་འདོད་གྲུབ་མཐའི་གཞུང་། །སྲིད་པའི་མུན་པ་གནག་པའི་བསྣོན་པ་བཞིན། །དཔྱད་ཅིང་དཔྱད་ན་སླར་ཡང་ཆེས་ཆེར་རྨོངས། །དེ་ཕྱིར་ཟླ་བྲལ་སྟོན་པའི་གསུངས་དབྱངས་ཀྱིས། །ལུང་ མ་བསྟན་པ་བཅུ་བཞིར་གང་གསུངས་པ། །འདིས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་ན། །ཁྱོད་མཚུངས་སྟོན་པ་གཞན་གྱིས་དབེན་པར་རྟོགས། །མཁའ་ཡི་མུ་དང་མཉམ་པར་གྱུར་པ་ཡི། །སྲིད་པའི་ 23-4-12a མུན་པ་འཐུག་པོ་རྣམ་གནས་པ། །ལམ་གཞན་གང་གིས་དཔྱད་ཀྱང་ཞི་བའི་ཡིད། །བདེ་བའི་ངལ་བསོ་ཐོབ་པ་ཅུང་ཟད་མེད། །དེ་ཕྱིར་ཡང་དག་རིགས་པ་གཅིག་གིས་ཀྱང་། །དུས་ གསུམ་སྲིད་དང་ཞི་བའི་ཆོས་སོ་ཅོག །ཅིག་ཆར་རྣམ་པར་གསལ་བ་ཉིད་གྱུར་པའི། །རྟེན་ཅིང་འབྲེལ་འབྱུང་རྒྱལ་བའི་མགུར་ནས་གདམས། །འདི་ནི་འཆི་མེད་ཞི་བའི་བདུད་རྩི་སྟེ། །སྲིད་པའི་མུན་ པ་འཇོམས་པའི་སྒྲོན་མེ་ཉིད། །རྟོག་གེའི་གྲྭ་ཟུར་གཅོད་པའི་རལ་གྲི་ཆེ། །ལྟ་ངན་རིམ་ནད་སེལ་བའི་སྨན་མཆོག་ཡིན། །འདི་ཐོས་བསོད་ནམས་བྱེ་བའི་འབྲས་བུ་སྟེ། །འདི་དོན་རྣམ་པར་སེམས་ པའི་སྐལ་བཟང་ལ། །སྲིད་པའི་སྡུག་བསྔལ་རྒྱ་མཚོ་ཆེ་འདི་ཡང་། །ཁྱོར་བའི་ཆུ་བཞིན་ཤིན་ཏུ་ཉུང་ངུར་གནས། །ལག་མཐིལ་གནས་པའི་སྐྱུ་རུ་ར་བཞིན་དུ། །མཐའ་དག་ཤེས་བྱའི་དེ་ཉིད་མངོན་ གཟིགས་པ། །ཐམས་ཅད་མཁྱེན་པར་གྲགས་པའི་གོ་འཕང་ཡང་། །གང་གི་ལག་ན་གནས་པ་བཞིན་དུ་སྤྱོད། །གང་ལ་བདག་གི་སྟོན་པ་མཚུངས་མེད་ཅེས། །ཡིད་ཆེས་དོན་གྱིས་ངེས་པར་བྱ་ འདོད་པ། །དེས་ནི་ཐོག་མར་རྟེན་ཅིང་འབྲེལ་བའི་གནད། །འཕགས་པའི་ལུང་གི་རྗེས་སུ་དཔྱད་པར་བྱ། །མེད་ན་མི་འབྱུང་རྒྱུ་ཡི་ངེས་པ་དང་། །ཚོགས་ན་མི་ལྡོག་འབྲས་བུར་འབྲེལ་བའི་ཚུལ། ། 23-4-12b ཕྱི་ནང་ཆོས་རྣམས་ཀུན་གྱི་རང་བཞིན་དེ། །འདི་ལས་རྣམ་པར་བརྒལ་བའི་ཤེས་བྱ་མེད། །གང་གི་ཕྱིར་ན་ལྟོས་ཏེ་བཏགས་པ་ཡིས། །འདུས་བྱས་འདུས་མ་བྱས་པའི་ཆོས་རྣམས་ཀུན། །རང་དབང་ ཚུགས་ཐུབ་གྲུབ་པ་འགའ་མེད་པ། །འདི་ནི་རྟེན་ཅིང་འབྲེལ་བའི་དེ་ཉིད་དོ། །གང་གིས་ཆོས་ཀྱི་དེ་ཉིད་མ་རིག་པས། །ཡུལ་རྣམས་ཕྱིན་ཅི་ལོག་པར་སྣང་གྱུར་པ། །དེ་ཡིས་ཆགས་སྡང་སྒྱུ་མའི་ ལས་བསགས་ནས། །སྲིད་པ་དག་དུ་རྣམ་པར་ཤེས་པ་འཁྱམས། །སྲིད་པའི་རྩེ་ནས་མནར་མེད་དམྱལ་བའི་བར། །སྣ་ཚོགས་ཁམས་སུ་སྐྱེ་བ་རབ་གྲུབ་པ། །ཉི་ལྡན་མེ་ཤེལ་མེ་ཡིས་སྤྲ་བ་ལྟར། ། སྒྱུ་མའི་ལས་ཀྱིས་སྲིད་པར་ངང་གིས་འཇུག །བག་ཆགས་སྟོབས་ཀྱིས་མིག་སོགས་སྐྱེ་མཆེད་དྲུག །དྭང་བའི་ཤེལ་ལས་མཆེད་པའི་འཇའ་བཞིན་དེ། །དེ་དང་རང་ཡུལ་དྲུག་པོ་མཉམ་སྦྱོར་བའི། ། རེག་པའི་རྟེན་ཅིང་འབྲེལ་བ་རྣམ་པར་གྲུབ། །རེག་པ་དེ་ལས་ཚོར་བ་དེ་སྐྱེ་ཞིང་། །ཚོར་བར་སྲེད་པས་དབང་བསྒྱུར་འཇུག་ཅིང་ལྡོག །དེ་མི་གཏོང་བར་དང་དུ་ལེན་པར་བྱེད། །དེ་ཡིས་སྲིད་པ་འགྲུབ་ པའི་ལས་བྱེད་དོ། །དེ་ཚེ་དེ་ཡི་དབང་གིས་སྐྱེ་འགྱུར་ཞིང་། །སྐྱེས་དེ་འཇིག་པའི་དོན་དུ་སྐྱེས་པ་བཞིན། །རིམ་པས་རྒ་ཞིང་ཤི་བའི་སྐབས་སུ་འགྱུར། །དེ་ལྟར་ཡང་ནས་ཡང་དུ་རྣམ་པར་འཁོར། ། 23-4-13a གང་ཞིག་ཉོན་མོངས་ཚོགས་ལས་ལས་འབྱུང་ཞིང་། །ལས་ལས་ཀྱང་ནི་སྡུག་བསྔལ་ཕུང་པོ་འགྲུབ། །ཕུང་པོ་ཉིད་ལས་སླར་ཡང་ལས་ཉོན་གྱིས། །སྲིད་པའི་གཡང་ས་བརྒྱུད་མར་ འཁོར་ཞིང་འཁོར། །རྒྱུ་འབྲས་བར་མ་ཆད་དུ་འཁོར་བ་ཡི། །སྲིད་པ་བདག་མེད་ཕུང་པོའི་རྒྱུན་ཙམ་སྟེ། །གང་གིས་དེ་རྒྱུ་ཉོན་མོངས་མ་སྤང་བར། །སྲིད་པའི་ཆུ་བོ་ལྟ་ཞིག་ལྡོག་མི་འགྱུར། །ཁ་ཏོན་ མར་མེ་མེ་ལོང་རྒྱ་དང་ནི། །མེ་ཤེལ་ས་བོན་སྒྱུར་དང་སྒྲ་ཡི་ཚུལ། །རྟག་མེད་ཆད་པ་མེད་པའི་ངང་ཚུལ་འདི། །རྣམ་དཔྱོད་དྲི་མེད་སྐལ་བཟང་རྣམས་ཀྱིས་མཐོང་། །དེ་ཚེ་ཐོག་མར་སྐྱོ་བའི་ཡིད་དང་ནི། ། སྙིང་རྗེའི་སེམས་ཉིད་འགྲན་པ་ལྟར་འཕེལ་ནས། །སྲིད་པ་སྒྱུ་མའི་གྲོང་ན་སྒྱུ་མའི་སྲས། །རྟེན་མེད་མཁའ་ལ་རྒྱུ་བའི་བྱ་བཞིན་གནས། །སྐྱེ་འཇིག་སྣ་ཚོགས་དུ་མའི་རང་བཞིན་ཅན། །ཐོག་མཐའ་ གཞལ་མེད་སྲིད་པའི་ཚུལ་བྱུང་བ། །ཟད་མེད་འཕེལ་བ་མེད་པའི་མ་རིག་གི། འཁྲུལ་འཁོར་འཇིགས་རུང་མུན་པའི་དྲྭ་བ་འདིས། །མཁའ་ཡི་མུ་དང་མཚུངས་པར་འཁྱུད་བྱས་ནས། །སྲིད་པའི་ འགྲོ་བ་མཐའ་དག་བཅིང་འགྱུར་བ། །བློ་མཆོག་རྟེན་ཅིང་འབྲེལ་བའི་མེ་བོ་ཆེ། །སྤར་བའི་གྲོགས་སུ་བུད་ཤིང་བཞིན་དུ་གྱུར། །ཀུན་བརྟགས་སྤྲིན་ནག་འཐུག་པོ་སྲབ་བྱས་པའི། །དྭང་བའི་མཁའ་ལ་ 23-4-13b རྒྱུ་སྐར་བཀྲ་བ་ལྟར། །སྤྲིན་ཀློང་ཆུ་བུར་འཇའ་ཡི་གཟུགས་བརྙན་བཞིན། །གཡོ་བའི་རྣམ་ཅན་སྲིད་པའི་ཆོས་ཚུལ་མཐོང་། །དེ་ཚེ་སྐལ་བཟང་དེ་ཡི་ཡིད་མཁའ་ལ། །བློ་གྲོས་དྲི་མ་མེད་པའི་འོད་ ཟེར་མདངས། །ཟླ་གསར་ཉི་གཞོན་འཆར་ཀའི་མདངས་མཚུངས་པས། །མཚུངས་མེད་དགའ་བའི་སྣང་བ་རྣམ་པར་སྤེལ། །དེར་ནི་སྲིད་པའི་འགྲོ་ལ་སྲིད་པའི་མཐར། །ཕན་བཞེད་སྙིང་རྗེའི་བདུད་རྩི་ དཀར་པོའི་མཚོ། །ཡངས་པའི་མཁའ་དང་མཉམ་པར་རྒྱས་པའི་དབུས། །མི་ཕྱེད་དད་པའི་པདྨ་འཛུམ་པའི་སྟེང་། །རྒྱལ་བ་ཀུན་གྱི་ཡེ་ཤེས་རྡོ་རྗེའི་སྐུ། །དམར་སེར་གུར་ཀུམ་གཞོན་ནུའི་ལང་ཚོ་ ཡིས། །ཟག་མེད་བདེ་བའི་དཔལ་སྟེར་དགྱེས་པའི་གཟུགས། །བཀོད་ནས་ཟབ་རྒྱས་ཆོས་ཀྱི་ཚུལ་ལ་བརྟག །གང་ཞིག་བརྟེན་ནས་འབྱུང་བའི་དེ་ཁོ་ན། །ངོ་བོ་ཅིར་ཡང་གྲུབ་པ་མེད་ཉིད་སྟེ། ། འདིས་ནི་བདག་དང་གཞན་དང་གཉིས་ཀ་དང་། །རྒྱུ་མེད་ངོ་བོས་སྐྱེ་བ་རྣམ་པར་ཁེགས། །དེ་སླད་འཇིག་རྟེན་རྟག་སོགས་གང་དཔྱད་པས། །ལྟ་བའི་རིམ་ནད་དུ་མས་ཉེར་བཏབ་ནས། །སྐྱེས་བུའི་ཡིད་ ལ་ཞི་བའི་རོ་སྤང་བ། །འདི་ཡིས་དྲུང་ནས་འབྱིན་པ་ཉིད་དུ་གྱུར། །མཐའ་མེད་སྒྱུ་མའི་ཀློང་ན་སྒྱུ་མའི་ཚུལ། །མཐོང་བའི་བློ་མཚོར་འཇམ་དཔལ་དགྱེས་པའི་འོད། །འདྲེས་པས་སྲིད་ན་མཚུངས་མེད་ 23-4-14a བདེ་བའི་རོ། །མཉམ་པར་བཞག་པའི་རྣལ་འབྱོར་རྣམས་ཀྱིས་མཐོང་། །ཁམས་དང་སྐྱེ་མཆེད་ཕུང་པོའི་ཆོས་འདི་ལ། །རང་དང་སྤྱི་ཡི་མཚན་ཉིད་གང་གནས་པ། །རྫས་དང་ སེལ་བའི་ཚུལ་དུ་དཔྱད་ཤེས་ན། །ཆོས་རྣམས་ལེགས་པར་འབྱེད་པའི་བློ་གྲོས་ཐོབ། །མངོན་རྗེས་ཚད་མའི་སྟོབས་ཀྱིས་ཡང་དག་ཏུ། །གང་ལ་ཡོད་དང་མེད་སོགས་རབ་ངེས་པའི། །ཚུར་མཐོང་ གནས་ལ་དཔྱོད་པའི་མིག་གཅིག་པུ། །རིགས་པའི་ལམ་དང་མཚུངས་པ་གཞན་ཡོད་མིན། །དེ་སླད་སྲིད་པའི་བླང་དོར་རྣམ་དཔྱད་ན། །ཡང་དག་རིགས་ལམ་འདི་དང་ཉེར་བསྟུན་ནས། །དོན་ཆེན་བདུད་རྩིའི་ གནས་ལ་འཇུག་པའི་བློ། །རྟེན་འབྱུང་རྟོགས་པའི་འོད་ལ་བསྟེན་པར་མཛོད། །དེ་ལྟར་ཆོས་རབ་འབྱེད་པའི་བློ་གྲོས་དང་། །ཁྱད་པར་རྟེན་འབྱུང་སྟོང་པ་ཟུང་འཇུག་པའི། །ཟབ་མོའི་གནད་ལ་ངེས་པ་ རྙེད་གྱུར་ན། །ཐེག་མཆོག་ལྟ་བའི་རྒྱལ་པོར་ངེས་ཤེས་སྐྱེ། །དེ་ཚེ་འོད་གསལ་རྫོགས་པ་ཆེན་པོའི་དོན། །རིག་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ལ། །རྟོག་གེའི་སེམས་ཀྱིས་རྙོགས་པར་མ་གྱུར་པར། ། གཞིར་གནས་གཉུགས་མའི་མཉམ་བཞག་སྐྱོང་བར་མཛོད། །དེ་ཡིས་སྲིད་པ་འདི་ལས་སྲིད་པ་གཞན། །མཐའ་མེད་སྐྱེ་བའི་རྟེན་འབྱུང་ལས་ཀྱི་ང་། །འོད་གསལ་ཞི་བའི་དབྱིངས་སུ་ཞི་གྱུར་ནས། ། 23-4-14b ཟུང་འཇུག་གདོད་མའི་ཡེ་ཤེས་མངོན་དུ་གྱུར། །དེས་ནི་མཁའ་འདི་ཇི་སྲིད་མཁའ་ཁྱབ་འགྲོ། །མི་གཏོང་ཟག་མེད་ཐུགས་རྗེའི་བདག་ཉིད་ནི། །ཞི་སྐུ་དཔག་བསམ་ཤིང་ལྟར་རབ་གསལ་བ། །ཡེ་ཤེས་ བླ་ན་མེད་པ་ཉིད་དུ་འགྲུབ། །དེ་ལྟར་ལྷག་བསམ་དགའ་བའི་ཡིད་ཀྱིས་ཇི་སྐད་བརྗོད་པ་འདི་ཡི་ཚིག །གང་གི་དབང་པོའི་ལམ་ནས་སོན་ཏེ་སྙིང་གི་པདྨོར་ཞུགས་མ་ཐག །འཇམ་དཔལ་དྲི་མེད་དགྱེས་ པའི་སྐུ་ཡི་སྣང་བ་མར་མེ་ལྟར་གསལ་ནས། །རྟེན་འབྱུང་ཟབ་མོའི་དེ་ཉིད་མ་ལུས་འབད་མེད་ལྷུག་པར་མཐོང་གྱུར་ཅིག །ཅེས་པའང་འཇམ་པའི་དབྱངས་དངོས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་ ཞབས་ཀྱི་པདྨོ་རྙོགས་པ་མེད་པ་སྤྱི་བོས་ལེན་པའི་སྐལ་བཟང་ཐོབ་ནས་ཟབ་མོ་རྟེན་འབྱུང་གི་གནད་ལ་ངེས་པ་ཅུང་ཟད་རྙེད་པའི་བཙུན་པ་མ་ཏིས་བྲིས་པའོ། །ཤོ་ལོ་ཀ་བརྒྱ་རྩ་བརྒྱད་འཇུག་གི་ཤོ་ལོ་ཀ་༡ དང་བཅས་པའོ། །མངྒ་ལཾ།། ༈ །། སོ་སོར་བརྟགས་པའི་དཔྱད་སྒོམ་བྱེད་ཐབས་ཉོན་མོངས་དྲྭ་བ་གཅོད་པའི་འཁོར་ལོ་བཞུགས་སོ། །སྙིང་གི་ཉི་མ་ཡེ་ཤེས་གཟི་ལྡན་སྐུ། །འཇམ་དཔལ་ སྐྱབས་ཀྱི་དམ་པ་དེར་བཏུད་ནས། །སྙིང་ལ་ཉལ་བའི་དགྲ་ཆེན་གཞོམ་པའི་ཕྱིར། །བདེན་པའི་ངག་འདི་རང་བསམ་གཞན་ལ་སྨྲ། །སྙིགས་མའི་དུས་སུ་སྐྱེས་ཕྱིར་སྡུག་བསྔལ་དང་། །ཉོན་མོངས་སྣ་ཚོགས་ 23-4-15a མེ་ཆེན་རབ་འབར་བས། །ཞི་གནས་བསིལ་བའི་ཆུ་ལ་རྟག་འདུན་ཡང་། །རེ་བ་བཞིན་དུ་ཐོབ་པ་ཤིན་ཏུ་ཉུང་། །བདག་གི་རྒྱུད་ལ་ཉེས་པའི་སྐྱོན་མེད་ན། །སྤྱོད་ཡུལ་ཐམས་ཅད་བདེ་ བའི་འོབས་སུ་གནས། །ཇི་ལྟར་ལྷ་ཡི་གནས་དང་བྱང་སེམས་ཀྱི། །ཡོངས་སུ་སྤྱད་པ་འབད་མེད་གྲུབ་ལ་སོམས། །རང་གི་སྔོན་བྱས་ཉེས་པས་རང་གི་རྒྱུད། །རྒུད་པས་མནར་ལ་གཞན་གྱི་ལེ་ལན་དུ། ། བལྟ་བ་ཤིན་ཏུ་རྨོངས་ཏེ་དམྱལ་བ་རྣམས། །ཡུན་རིང་སྡུག་བསྔལ་ཁུར་དེ་སུ་ཡིས་བཀལ། །འདི་ན་རང་གི་གདོང་ལ་དྲི་ཡོད་པ། །མེ་ལོང་ནང་དུ་མཐོང་བ་ཇི་བཞིན་དུ། །སྔོན་བྱས་མི་དགེའི་ལས་ཀྱི་ རྣམ་སྨིན་ནི། །རང་གི་སྤྱོད་ཡུལ་དུ་ནི་མངོན་པར་སྣང་། །དེ་ཕྱིར་ཡིད་མི་བདེ་དང་སྡུག་བསྔལ་གྱི། །རྩ་བ་རང་ལ་ཟུག་པ་ཤེས་བྱས་ནས། །གནས་གྲོགས་རྫས་ཀྱིས་ལེན་པ་ཅང་མེད་པར། །ཐམས་ ཅད་རང་ལས་བྱུང་བ་ཅི་ནས་སོམས། །ཕྱི་རོལ་རྐྱེན་གྱིས་བདེ་སྡུག་འབྱུང་མོད་ཀྱི། །རྐྱེན་ལ་རང་དབང་མེད་དེ་ལས་ཀྱི་མཐུས། །གང་ཞིག་བསྐུལ་བ་དེ་ནི་བདག་གིས་མྱོང་། །འདི་ལ་རྫུ་འཕྲུལ་སྟོབས་ ཀྱིས་བྲོས་ཀྱང་ཅི། །རྨི་ལམ་སྣང་བ་ཇི་འདྲར་བདེ་སྡུག་གི། སྤྱོད་ཡུལ་དེ་ཡང་རང་སེམས་དག་ལ་སྣང་། །སེམས་འདི་དྲི་མ་བྲལ་བར་མ་གྱུར་བར། །ཇི་ལྟར་བྱས་ཀྱང་དེ་ལས་ཐར་མི་ནུས། །རྟག་ཏུ་ 23-4-15b ཡུལ་གྱི་རྐྱེན་ལ་འདི་དང་འདིས། །བདག་ལ་བདེ་དང་སྡུག་བསྔལ་བྱས་སོ་ཞེས། །རྣམ་པར་དཔྱོད་པ་མི་མཁས་བྱིས་པ་རྣམས། །ཡུལ་ལ་ཆགས་དང་སྡང་བ་ཤིན་ཏུ་འཕེལ། །རྐྱེན་ལས་བྱུང་བའི་ བདེ་དང་སྡུག་བསྔལ་རྣམས། །སྔོན་གྱི་ལས་ལས་བྱུང་ཞེས་རྒྱལ་བས་གསུང་། །རང་གི་ལས་ལ་སེམས་པ་སྤང་ནས་སུ། །རྐྱེན་ལ་དཔྱོད་པས་རྣམ་རྟོག་ལྷག་པར་འཕེལ། །རྐྱེན་གྱི་རྒྱུ་ལ་ཚེ་འདིའི་ བྱ་བ་ཡི། །རྒྱུ་གཞན་སྣ་ཚོགས་དཔྱོད་པས་ཉེར་ཚོལ་ན། །ཡིད་དཔྱོད་དེ་ཡིས་ཡིན་མིན་སྣ་ཚོགས་སུ། །སྒྲོ་འདོགས་བྱེད་ཅིང་ཆགས་སྡང་བྱེ་བ་བསྒྲུབ། །བྱེད་པོ་མེད་པར་རྟེན་ཅིང་འབྲེལ་འབྱུང་གི ། ཚུལ་ལ་རྐྱེན་འདི་ཁོ་ནས་བྱས་སོ་ཞེས། །ཡུལ་ལ་ཆགས་དང་སྡང་བས་རྣམ་རྨོངས་ཏེ། །རྟག་ཏུ་འཁྲུགས་པར་བྱེད་པ་རང་ཉིད་འཁྲུལ། །རང་ལས་བྱུང་བའི་ལེ་ལན་གཞན་བཀལ་ན། །ཉེས་པའི་ རྩ་བ་འབྱིན་པར་མི་ནུས་པར། །སླར་ཡང་འདི་དང་ཕྱི་མར་མི་བདེ་བའི། །ཉེས་པ་མང་པོ་ཤིན་ཏུ་ལྷག་པར་སྡུད། །ཇི་སྙེད་ཉེས་པ་ཀུན་གྱི་རྩ་བ་ནི། །རང་གིས་བྱས་ཤིང་རང་ལ་སྣང་སྙམ་དུ། ། ལེ་ལན་རང་ལ་འགེལ་བ་འདི་ཤེས་ན། །གོང་གི་ཉེས་པ་ཐམས་ཅད་འགག་པར་འགྱུར། །ནད་ཀྱི་རྩ་བ་རང་ལ་གནས་པ་ནི། །མ་ཤེས་ནད་སློང་བྱེད་པའི་ཟས་དག་ལ། །ཁྲོ་བ་བླུན་པོའི་ཚུལ་ 23-4-16a ཡིན་ཚུལ་དེ་འདྲར། །གནས་པས་རང་གི་ནད་དེ་འབྱིན་མི་ནུས། །མཁས་པ་གང་ཞིག་ཟས་ཀྱིས་མི་བདེ་བ། །རང་གི་འདུ་བའི་ཁམས་ལས་བྱུང་ཤེས་ནས། །འདུ་བ་སྙོམས་པར་ བྱེད་པའི་སྨན་སྦྱོར་བ། །ནད་མེད་བདེ་བར་གནས་པའི་དཔལ་ཐོབ་འགྱུར། །དེ་ཕྱིར་ཇི་སྙེད་ཡིད་མི་བདེ་བའི་རྒྱུ། །རང་གི་ལས་ཡིན་དེ་ལ་གསོས་འདེབས་པ། །རང་སེམས་ལ་གནས་ཉོན་མོངས་ དགྲ་འདི་ཉིད། །འདི་དག་བཅད་ན་རྟག་ཏུ་བདེ་བར་གནས། །དེ་སླད་ཉོན་མོངས་འདི་ཡི་རྒྱུ་དང་རྐྱེན། །ངོ་བོ་བྱེད་ལས་རྣམས་ལ་ཚུལ་བཞིན་དུ། །སོ་སོར་རྟོག་པའི་ཤེས་རབ་མཐུ་བསྐྱེད་དེ། །ནད་ འདི་གསོ་བའི་ཐབས་ལ་ཅི་ནས་བསམ། །རྒྱུ་ནི་ཚུལ་བཞིན་མ་ཡིན་རྟོག་པ་དེ། །རྐྱེན་ནི་ཡུལ་གྱི་རྣམ་པར་དམིགས་ལས་བྱུང་། །ངོ་བོ་བརྟགས་ན་དབེན་པ་སྨིག་རྒྱུ་འདྲ། །བྱེད་ལས་བླུན་པོའི་ཚོགས་ ལ་འཆིང་བ་སྦྱིན། །གང་གིས་སྤང་བྱའི་རང་བཞིན་ཤེས་པ་དེས། །དེ་ཡི་གཉེན་པོའང་ཁོང་དུ་ཆུད་འགྱུར་ཏེ། །གང་གི་རྒྱུ་སོགས་དང་ནི་འགལ་བ་ཡི། །འདུ་ཤེས་གོམས་པས་ཅིག་ཤོས་འགག་ པར་འགྱུར། །གང་ལ་སྡུག་པའི་མཚན་མ་ཡིད་བྱས་ན། །དེ་ལས་འདོད་ཆགས་མི་བཟད་སྐྱེ་བར་འགྱུར། །སྡུག་པར་བཟུང་བའི་ཡུལ་གྱི་རང་བཞིན་ལ། །དཔྱད་ན་སྡུག་པར་གྱུར་པ་གང་ཡང་མེད། ། 23-4-16b གཤང་གཅི་ཤ་ཁྲག་སྲིན་བུ་སྣུབ་ལུད་སོགས། །མི་གཙང་དུ་མའི་རྫས་ནི་མངོན་སུམ་པ། །དེ་གཅིག་ཕྱི་རོལ་ཕྱུངས་ཀྱང་མི་དགའ་ན། །དུ་མ་ཐུམ་པོར་སྤུངས་ལ་དགའ་བ་ཅི། །དབང་པོ་གང་རུང་ གཅིག་གིས་མ་ཚང་ན། །གང་ལ་སྔོན་བཞིན་དགའ་བ་མེད་པར་འགྱུར། །ཐམས་ཅད་ཚང་ཡང་རྡུལ་ཕྲན་སིལ་བུ་པ། །གཅིག་ཏུ་མ་གྲུབ་ཆགས་བྱའི་ཡུལ་གྱིས་དབེན། །ཁྱད་པར་རྐྱེན་གཞན་ མཐོང་བས་སྔ་མའི་ཡུལ། །སྡུག་པར་བལྟ་བ་དེ་ཡང་ཉམས་པར་བྱེད། །སྡུག་པ་ཡུལ་ལ་ངོ་བོས་ཡོད་གྱུར་ན། །གཅིག་ལ་སྡུག་པ་ཀུན་ལ་དེ་བཞིན་འགྱུར། །ཕུང་པོ་ཚོགས་པ་སྙིང་པོ་མེད་པའི་ ཆོས། །སྡུག་བསྔལ་གསུམ་གྱི་གཞི་རུ་རབ་གྱུར་པ། །སྐད་ཅིག་མི་སྡོད་གློག་བཞིན་གཡོ་བ་ལ། །ལེགས་པར་བརྟགས་ན་ཆགས་པ་འབྲལ་བར་འགྱུར། །འོན་ཀྱང་རང་བློས་བཏགས་ནས་རང་ གི་བློ། །རང་གིས་རང་བཅིང་དོན་མེད་སྡུག་བསྔལ་ལ། །ཤ་ཐང་ཆད་དུ་ངལ་བར་མ་བྱེད་པར། །རྣམ་པར་རྟོག་པའི་རྫུན་མཚང་རིག་པས་ཕུད། །སོ་སོར་རྟོག་པའི་ཤེས་རབ་དེ་ལྟ་བུས། །ཡུལ་ ལ་དཔྱད་ན་རྐྱེན་གྱི་མཚན་མས་དབེན། །བློ་ལ་དཔྱད་ན་སྨིག་རྒྱུ་བཞིན་དུ་སྟོང་། །བྱེད་པར་དཔྱད་ན་རྫུན་མཚངས་གཏིང་ནས་རིག །བརྟེན་ནས་སྐྱེས་པའི་ཡུལ་དང་ཤེས་པ་ལ། །དུ་མ་འདུས་པའི་ 23-4-17a ཆོས་རྣམས་ཕྱེ་ཞིང་བརྟག །རྣམ་པ་སྣ་ཚོགས་ཚུལ་གྱིས་དཔྱད་པ་ཡིས། །ཆགས་པའི་ཡུལ་དང་ཡུལ་ཅན་གཏན་ལ་ཕབ། །འདི་ནི་བདེན་པའི་དོན་ཏེ་ཅིག་ཤོས་ཀྱིས། །གནོད་ མི་ནུས་ཕྱིར་ཡང་ནས་ཡང་དུ་ནི། །རྣམ་དཔྱོད་དེ་འདྲ་བར་མེད་འཁོར་ལོ་བསྐོར། །དེ་ཡིས་ཉོན་མོངས་དྲྭ་བ་རིམ་གྱིས་གཅོད། །དེ་བཞིན་སྡང་བ་སོགས་ཀྱི་ཡུལ་ལ་ཡང་། །ཕྱེ་ཞིང་བརྟགས་ལ་རང་ དབང་མེད་པར་ནི། །རྐྱེན་ལས་བྱུང་བའི་ངང་ཚུལ་ཤེས་བྱས་ནས། །ཇི་སྲིད་ཉོན་མོངས་སྐྱེ་བ་དེ་སྲིད་དུ། །དཔྱད་པ་དེ་ཡང་དེ་དང་འགྲན་པ་ལྟར། །རྩོལ་བ་མི་དོར་ཡང་ནས་ཡང་དུ་བྱེད། །འདི་ལ་ དཔྱད་པ་ཁོ་ན་མ་གཏོགས་པར། །བཞག་སྟེ་སྒོམ་པ་ཅི་ཡང་མི་དགོས་སོ། །ཇི་ཙམ་དཔྱད་པ་དེ་ཙམ་ངེས་པ་སྐྱེ། །ཇི་ཙམ་ངེས་པ་དེ་ཙམ་ཉོན་མོངས་འབྲལ། །རང་གི་ངང་གིས་སྣང་དང་མུན་ པ་བཞིན། །སོ་སོར་བརྟགས་པས་ཉོན་མོངས་ཕྱོགས་ལ་གནོད། །ཚུལ་བཞིན་ཡིད་ལ་བྱེད་པ་འདི་ལྟ་བུ། །ཡུད་ཙམ་ཡིད་ལ་བྱས་ཀྱང་ཇི་ལྟར་ན། །ནད་ལ་སྨན་བཞིན་དེ་དང་མཚམས་པར་ནི། ། ཉོན་མོངས་གཡོན་ཅན་ནུས་པ་སྨད་པར་བྱེད། །ཕྱིན་ཅི་ལོག་རྣམས་རྐུན་པོ་གཡོན་ཅན་འདྲ། །ངང་ཚུལ་ཤེས་ན་ནུས་པ་ཅི་ཡང་མེད། །མ་ཤེས་དེ་དབང་སོང་བའི་གོམས་ཤུགས་འདི། །རིང་ནས་གནས་ 23-4-17b ཕྱིར་འཕྲལ་ལ་མི་ལྡོག་ཀྱང་། །བདེན་དང་བརྫུན་ཕྱིར་སྣང་དང་མུན་པ་ལྟར། །ངོ་བོ་ཉིད་ཀྱི་ནུས་སྟོབས་མི་འདྲ་བས། །ཚུལ་བཞིན་ཡིད་ལ་བྱེད་པ་མ་དོར་ན། །ཐུང་ངུའི་དུས་ཀྱིས་དགྲ་ཆེན་སྟོབས་མེད་བྱེད། ། དེ་ཕྱིར་ཉོན་མོངས་ཚོགས་ཀྱིས་གཙེས་པ་ན། །བདེ་བའི་ཚོགས་ཀྱི་གོ་སྐབས་མི་སྲིད་པས། །ནད་ལ་སྨན་བཞིན་སོ་སོར་བརྟགས་པའི་བློ། །ཉོན་མོངས་བུད་ཤིང་ཚོགས་ལ་མེ་བཞིན་སྦོར། །སྣ་ཚོགས་ ཡུལ་གྱི་མཚན་མ་བཟུང་ནས་སུ། །འདོར་ལེན་ཁོར་མོ་ཡུག་གི་རྣམ་རྟོག་བརྒྱ། །རྟག་ཏུ་འཁོར་ལོ་བཞིན་དུ་བསྐོར་བ་དེས། །འདི་དང་ཕྱི་མར་ཉེས་པ་གྲངས་མེད་སྐྱེད། །འདི་ལྟར་ཕྱིན་ཅི་ལོག་གི་ རྟོག་པ་རྣམས། །ཆུ་བོའི་གཉེར་མ་ལྟ་བུར་མི་འཛད་པར། །ཉིན་རེ་བཞིན་དུ་སྐྱེད་ལ་སྤྲོ་བ་ཁྱོད། །ཡང་དག་དཔྱོད་པར་འཇུག་ལ་ཅིས་མི་སྤྲོ། །གལ་ཏེ་ཚུལ་བཞིན་བརྟགས་པ་བརྗེད་ན་ཡང་། །ཉོན་ མོངས་རྟོག་པ་མཐོང་བས་དྲན་བྱ་སྟེ། །ཇི་ལྟར་དགྲ་བོ་མཐོང་བས་མཚོན་ཆ་བཞིན། །དེ་ལ་བརྟེན་ནས་དེ་ཉིད་ནན་ཏན་མཛོད། །ཡང་དག་དོན་ལ་བརྟགས་པའི་སྟོབས་ཀྱིས་ནི། །སྒྲིབ་པ་མེད་པར་ངེས་ ཤེས་རྒྱུན་སྐྱེས་པས། །ཉོན་མོངས་ངང་གིས་ཆུང་བའི་བདེར་གནས་ལ། །རེག་ན་ཞི་གནས་སེམས་ཀྱང་རྙེད་མི་དཀའ། །ཚུལ་བཞིན་ཡིད་ལ་བྱས་པས་ཉོན་མོངས་ཀྱི། །ངོ་བོ་ངོ་བོ་མེད་པར་རྟོགས་པ་དེས། ། 23-4-18a རྟེན་འབྱུང་སྒྱུ་མ་ལྟ་བུའི་ཆོས་ཀུན་ལ། །རང་བཞིན་མེད་པ་བདེ་བླག་ཁོང་དུ་ཆུད། །ཉོན་མོངས་རྦ་རླབས་ཞི་བའི་ཡིད་དེ་ནི། །རྒྱ་མཚོ་གཡོ་བ་མེད་པ་བཞིན་དུ་འགྱུར། །སེམས་ལ་ སེམས་ཀྱི་རང་དབང་ཐོབ་ནས་ནི། །དགེ་བའི་དམིགས་པ་ཀུན་ལ་འདོད་དགུར་འཇུག །ཉོན་མོངས་མུན་པ་དྭང་བའི་ཡིད་དེ་ནི། །ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུར་འགྱུར། །ཞི་གནས་ལ་བརྟེན་ དངོས་པོའི་དེ་བཞིན་ཉིད། །ལྷག་པར་མཐོང་བས་ཡང་དག་ལམ་ལ་གནས། །དེ་ལྟར་དཔྱད་པ་འབའ་ཞིག་གོམས་བྱེད་པ། །ཞི་གནས་གྲུབ་པའི་ཐབས་ཏེ་ལྷག་མཐོང་ལམ། །འཇིག་རྟེན་འདི་ན་དོན་ ཆེན་འདིར་འཇུག་པ། །བས༷མ་གཏ༷ན་འདོད་པས་བས༷མ་བྱ༷་བློ༷་ལྡ༷ན་བད༷ག །དེ་ནས་ནད་དང་བྲལ་བའི་སྐྱེས་བུ་བཞིན། །དུག་གསུམ་འདུ་བ་སྙོམས་པའི་སྐལ་བཟང་དེས། །ཡང་དག་ལམ་ལ་ མཆོག་ཏུ་སྤྲོ་བ་ཡིས། །མཉམ་པར་བཞག་སྟེ་དངོས་པོའི་དེ་ཉིད་བལྟ། །གང་ལ་རང་བཞིན་ཅི་ཡང་མ་གྲུབ་བཞིན། །རྟེན་འབྱུང་དབང་གིས་སྣང་བ་འགོག་མེད་འདི། །རྨི་ལམ་ཆུ་ཟླ་སྨིག་རྒྱུའི་ཚུལ་ བཞིན་དུ། །ཤེས་རབ་དྲི་མ་མེད་པའི་མིག་གིས་མཐོང་། །དེ་ནས་སྟོང་དང་མི་སྟོང་རྣམ་རྟོག་གི། དྲྭ་བ་ལས་འདས་མི་རྟོག་ཡེ་ཤེས་ཀྱིས། །མི་གནས་དབུ་མ་ཆེན་པོ་ཆོས་དབྱིངས་དོན། །མཐོང་བས་ 23-4-18b སོ༷་སོ༷་རང་རིག༷་མི་གཡོ༷་བ༷། །ཐོབ་ནས་ཚོགས་གཉིས་ཟུང་དུ་འཇུག་པའི་ལམ། །ཕ་རོལ་ཕྱིན་ནམ་རྡོ་རྗེའི་ཐེག་པ་ལས། །ཇི་སྐད་གསུངས་པ་བཞིན་དུ་སྒྲུབ་བྱས་ན། །མཆོ༷ག་གི༷་ད༷ང་པོ༷་སྐུ༷་གསུ༷མ་འཆ༷ང་ བ་འགྲུ༷བ། །འདི་ལྟར་ལེགས་པར་བརྗོད་པའི་དགེ་བ་ཡིས། །འགྲོ་ཀུན་ཡིད་ཀྱི་རྙོགས་པ་བསལ་བྱས་ནས། །རང་བཞིན་འོད་གསལ་གཉུག་མའི་དོན་མཐོང་སྟེ། །ས༷ངས་རྒྱས༷་སྐུ༷་ལྔའི༷་བདག༷་ཉི༷ད་ཅ༷ན་གྱུར་ ཅིག ། དཔྱད་སྒོམ་འཁོར་ལོ་མ་ཞེས་པ་འདི་ལྕགས་ཡོས་ཟླ་༡༠ཚེས་༡༨ལ་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་རིག་འཛིན་བླ་མ་སྒྲུབ་པ་ལ་གནས་པའི་སྔ་དྲོའི་ཐུན་གསེང་དུ་མི་ཕམ་པས་ཤར་མར་བྲིས་པ་དགེའོ། ། ༅། །རང་བློར་གྲོས་འདེབས་གསལ་བའི་མེ་ལོང་བཞུགས་སོ། །སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་རིན་ཆེན་གསུམ། །གཅིག་འདུས་བླ་མ་མཁྱེན་རབ་ཆོས་ཀྱི་རྗེ། །ཟོལ་མེད་སྙིང་གི་པདྨོར་ གུས་བསྟེན་ནས། །རང་གིས་རང་ལ་གྲོས་འདེབས་འདི་ལྟར་བརྗོད། །སྲིད་ན་འདི་དང་ཕྱི་མར་སྐྱོན་འགྱུར་བ། །ཉོན་མོངས་དུག་ཆེན་ལྔ་ལས་གཞན་ཡོད་མིན། །འདི་དག་རང་སར་གྲོལ་ན་རབ་མཆོག་ སྟེ། །སྔར་བས་ཤས་ཆུང་སོང་ནའང་བཟང་མོད་ཀྱི། །དུག་ལྔའི་རྩེ་ཡང་གཞིལ་བར་མ་ནུས་བཞིན། །དབེན་པ་བསྟེན་ཅིང་ཆོས་བཤད་ཆོས་སྒྲུབ་པའི། །གཟུགས་བརྙན་ཙམ་གྱིས་བླུན་པོ་ 23-4-19a མགོ་བསྐོར་ནས། །གཞན་གྱིས་དམ་པར་བརྩིས་པའི་དུས་ངན་འདིར། །བློ་ལྡན་རང་དོན་ཤེས་པ་རྣམས་ཀྱིས་ནི། །རང་བློ་རང་ལ་མངོན་སུམ་གྱུར་པའི་ཕྱིར། །གཞན་ ཚོད་མ་བལྟ་རང་གི་སེམས་ལ་ལྟོས། །རང་སེམས་བལྟས་ནས་རང་ལ་གྲོས་འདེབས་མཛོད། །སེམས་འདི་རྣམ་རྟོག་དུ་མའི་བས་ཀྱིས་དཀྲུག །དེ་ལ་བལྟས་ན་ཆོས་བརྒྱད་རྟོག་པ་མང་། ། དགེ་སེམས་ཞི་ལྷག་རྣལ་འབྱོར་ཚུལ་མཐུན་དཀོན། །དེ་དང་མི་ཚེ་ཟད་ན་ཨ་རེ་སྡུག །ཆོས་ཐོས་ནས་ནི་ནན་ཏན་བྱ་བའི་ཕྱིར། །དབེན་པར་སེམས་ཀྱི་རྣལ་འབྱོར་བསྒོམ་པའི་ཚུལ། །བྱས་ཀྱང་ རང་རྒྱུད་སྔར་ལས་ཅུང་ཟད་ཞིག །སྐྱེད་ཐོན་ཡོད་མེད་ཚུལ་བཞིན་རང་སེམས་ལྟོས། །དེང་སང་ཁ་ལྟ་སྟོང་སྐད་གོ་ཡུལ་གྱིས། །དགེ་སྡིག་བླང་དོར་རེ་དོགས་མེད་སྐད་དུ། །སྒོམ་ཆེན་ཡིན་ རློམ་རང་ཚུལ་མི་ཤེས་པ། །ཡང་དག་དོན་ལ་ཉེ་རུ་མ་སོང་མང་། །འཆི་བ་ཞེས་བྱ་བཟོད་དཀའི་སྡུག་བསྔལ་ཡིན། །དམྱལ་སོགས་མྱོང་བ་དེ་བས་ལྷག་པར་ཐུ། །འཁོར་བར་སྤོང་བ་མེད་ ཅེས་སྨྲ་བ་རྣམས། །ད་ལྟའི་ཚིག་རྩུབ་སོགས་ལ་དོགས་པ་མཚར། །ལྷ་མིའི་དབང་ཕྱུག་སྲིད་པའི་བདེ་བའི་ཕུལ། །རྣམ་པར་གྲོལ་བ་དེ་བས་མཆོག་ཏུ་བདེ། །སངས་རྒྱས་ཐོབ་ལ་རེ་ 23-4-19b མེད་གདེང་ལྡན་དེས། །ནག་ཆང་དོན་དུ་གདུང་བ་ཅི་སྟེ་སྐྱེད། །གང་ཤར་རང་གྲོལ་ཐེག་མཆོག་ལམ་ཡིན་ཡང་། །ཆོས་བརྒྱད་འཆིང་བས་རྟག་ཏུ་བཅིངས་བཞིན་དུ། །གང་ཤར་རང་གྲོལ་ སྨྲ་བ་ངོ་ཚའི་རྒྱུ། །ཆོས་ཉིད་མཉམ་པའི་དོན་ལ་གོ་བ་ཙམ། །ལེགས་པར་སྐྱེ་བའང་བསྐལ་མང་དགེ་འབྲས་ཡིན། །མཉམ་ཉིད་གདིང་དུ་གྱུར་པའི་རྣལ་འབྱོར་ལ། །ཆགས་སྡང་རེ་དོགས་ ཟུག་རྔུ་གཞན་ཡང་མེད། །དེ་ཕྱིར་རང་བློ་འདི་ལ་ཚུར་ལྟོས་དང་། །བདག་བདེ་འདོད་པའི་ཚུལ་འཆོས་བདག་བསྟོད་དང་། །གཞན་དཔལ་མི་བཟོད་ཕྲག་དོག་གཡོ་སྒྱུ་སོགས། །ཉེས་ པའི་དྲི་མ་མེད་པ་འདུག་གམ་ཅི། །རྣམ་རྟོག་རྦ་རླབས་ཞི་བའི་ཞི་གནས་དང་། །གནས་ལུགས་རང་ངོ་མཐོང་བའི་ལྷག་མཐོང་རྩལ། །སྔ་ནས་ད་བར་བཟང་སྐྱེད་ཅི་འདུག་ཅེས། །རང་གི་ སེམས་ལ་ཡང་ཡང་གྲོས་མཛོད་ཅིག །བདེ་བས་འབྱོར་ཀྱང་ཆོག་ཤེས་མི་བྱེད་པར། །གཅིག་ཡོད་གཉིས་ཚོལ་འདི་ཡོད་གཞན་པ་ཚོལ། །ས་སྟེང་འབྱོར་བ་ཀུན་དང་ལྡན་ན་ཡང་། ། ཚིམ་མེད་སེམས་ཀྱི་རང་གཤིས་མཐོང་བར་བྱོས། །རྣམ་རྟོག་རྦ་རླབས་ཆུ་ཡི་གཉེར་མ་འདྲ། །རང་གར་བཞག་ན་ཟད་པའི་མཐའ་མེད་ལ། །ཇི་ཙམ་བསམ་ཀྱང་སྙིང་པོ་རྡུལ་ཙམ་མེད། ། 23-4-20a ཕལ་ཆེར་ཉོན་མོངས་སྡུག་བསྔལ་རང་བཞིན་ཡིན། །རྟོག་མང་ཆོས་གཅིག་ཕྱམ་གྱིས་མ་བསྒྱུར་ན། །བྱིས་པས་རྡེའུ་ཤིང་བུ་འཆང་བ་ལྟར། །ངང་གིས་མི་འདོར་དེ་རྒྱུན་ དེ་ངང་འབྱམས། །དེ་ཕྱིར་ངན་གོམས་རྣམ་རྟོག་རྦད་ཀྱིས་ཆོད། །གནས་པའི་འདུ་བྱེད་རྒྱུན་ཐག་མ་བསྲིང་ན། །གོམས་པའི་དྲོད་ཐོབ་རང་སོ་མི་ཟིན་པས། །སྐད་ཅིག་མ་ཡེངས་བསྒྲིམ་པའི་ རྩོལ་བ་ཡིས། །རྒྱུན་ཆགས་བརྩོན་པ་ལོ་ཟླར་བརྟེན་པ་འབད། །འོག་འགྱུའི་འཕྲེང་ཐག་བཅད་དེ་མ་བསྒོམ་ན། །ཏིང་འཛིན་སྐྱོན་མེད་རང་འོད་མི་འབྱིན་པས། །རིམ་གྱིས་ཇེ་ཞི་ཇེ་ཞི་གནས་བྱས་ ཏེ། །སྤྲོ་གསལ་ལྷོད་པོས་འོག་འགྱུ་དབྱིངས་སུ་སྦྱངས། །འདོད་པ་ཅན་གྱི་མོས་པ་ཁྱི་འདྲར་གསུངས། །དབེན་པར་གནས་ཚེ་རང་གི་སེམས་ལ་ལྟོས། །ལེགས་པར་བརྟགས་ན་འདོད་པའི་མོས་ པ་ལ། །རྒྱུན་འབྱམས་ཁྱི་དང་འདྲ་ན་ངོ་ཚའི་གནས། །རེ་བཅས་སེམས་འདི་གཡོ་བའི་རང་བཞིན་ཏེ། །ལ་ལས་གྲོགས་འདོད་ལ་ལས་སྙན་གྲགས་འདོད། །ལ་ལ་ནོར་འདོད་ལ་ལ་བསྐུར་བསྟི་ འདོད། །མ་གྲུབ་གདུང་ཞིང་གྲུབ་ཀྱང་ཚིམ་པ་མེད། །རྨི་ལམ་ཆུ་འཐུང་བཞིན་དུ་ངོམས་པ་མེད། །བུད་ཤིང་མེ་ལྟར་ཚིམ་མེད་རང་གི་སེམས། །འདོད་པའི་སྤྱོད་ཡུལ་རྣམས་ལས་སེམས་བཟློག་ 23-4-20b ལ། །ནང་དུ་ཡང་དག་འཇོག་ལ་རྩེ་གཅིག་འབད། །བཟོད་དཀའ་བ་མཐའ་མི་མངོན་སྡུག་བསྔལ་གྱི། །རང་བཞིན་ཉིད་གྱུར་སྲིད་པའི་རྒྱ་མཚོ་འདིར། །གནས་སྐབས་བདེ་བ་ལྟ་བུར་སྣང་ན་ཡང་། ། སྲིན་མོའི་འཛུམ་དཀར་བཞིན་དུ་བསླུ་བྲིད་ཅན། །སྐད་ཅིག་མི་སྡོད་གློག་འདྲ་གཡོ་བག་ངོམས། །ཅི་ཙམ་སྤྱད་ཀྱང་ངོམས་པ་མི་འདུག་ལ། །ཇི་ལྟར་བཟང་ཡང་ཡིད་བརྟན་གཏན་ནས་མེད། །ཇི་འདྲར་ སྣང་ཡང་དེ་ལྟར་མ་གྲུབ་ཅིང་། །ཅི་ཙམ་ཞེན་པ་དེ་ཙམ་སྡུག་བསྔལ་རྒྱུ། །བརྟགས་ཤིང་དཔྱད་ན་འཁོར་བའི་ཆོས་རྣམས་ལ། །ཆུ་ཤིང་བཞིན་དུ་སྙིང་པོ་ངེས་པར་དབེན། །དེ་ལྟར་ཤེས་ནས་འདུས་ བྱས་འཕོ་འགྱུར་ཅན། །བཟང་ངན་རོ་སྙོམ་ཞེན་མེད་ཧྲུལ་པོའི་སེམས། །གང་སྣང་ཀུན་ལ་ངང་གིས་སྐྱེ་བ་ཡིས། །འཕོ་མེད་བདེ་བ་ཆེ་ལ་འདུན་པར་བྱ། །ལུས་ཀྱི་བྱ་བ་མང་པོས་ཤ་ཐང་ཆད། །ངག་ གི་སྨྲ་བ་མང་པོས་ཀུན་རྟོག་སློང་། །སེམས་ཀྱི་བསམ་བསམ་མང་པོས་ཟུག་རྔུ་བསྐྱེད། །ཆུ་གཉེར་ལྟ་བུའི་ཚེགས་ཆེན་འདི་བསྐྱུར་ལ། །ལས་དང་སྨྲ་དང་སྤྲོས་ལ་དགའ་བ་ཡི། །ཉེས་པ་གང་ཞིག་ ལྷ་མིའི་བླ་མ་ཡིས། །མདོ་ལས་གསུངས་པའི་བདེན་ཚིག་དྲན་གྱིས་ལ། །རྟག་ཏུ་རང་སེམས་བསྲུང་བའི་བརྟུལ་ཞུགས་ལོང་། །ཟད་མེད་སེམས་ཀྱི་ཆུ་གཉེར་མ་བགྲང་བར། །མ་བསྒུལ་རྙོགས་མ་ 23-4-21a དྭང་བའི་ཆུ་བཞིན་ཞོག །གཏོག་འདོད་སེམས་ཀྱི་སྤྲེལ་འཁྱམས་བཟུང་ནས་སུ། །དྲན་པའི་ཐག་པས་བཏང་སྙོམ་ར་བར་ཆུག །འཐོར་ང་མེད་པའི་མར་མེ་གསལ་བ་ལྟར། ། རང་སེམས་རང་བབ་གསལ་ན་ཤིན་ཏུ་སྐྱིད། །དགྲ་བོ་མཚོན་ཐོགས་བརྒྱ་ཡིས་བསྐོར་གྱུར་ཀྱང་། །འཐབ་པ་རྒྱལ་སྲིད་བརྒྱུད་ནས་བཏང་ཡང་སྲིད། །སྔ་ནས་ཤེས་ན་བྱོལ་བའི་ཐབས་ཀྱང་ཡོད། ། གལ་ཏེ་བྱུང་ཡང་བརྒྱ་ལམ་ཐེངས་གཅིག་ཡིན། །མ་དུལ་སེམས་ཀྱི་དགྲ་འདི་དེ་ལས་ཐུ། །འཐབ་ན་རྒྱལ་ཡང་འཐབ་མཁན་ཤིན་ཏུ་དཀོན། །བརྒྱུད་ནས་ཁོ་དབང་སོང་ནས་བདག་སྐལ་བརླགས། །འདི་ སྐྱོན་ཤེས་ཀྱང་སྙིང་ལ་འདི་གནས་ནས། །ཐོག་མེད་དུས་ནས་མཐའ་མའི་བར་དུ་མནར། །ཆུང་མ་སྙིང་རིང་གཏན་ཆུས་སྡུག་ལ་བསྒྲེ། །འདི་ནི་སྤང་བར་འདོད་ན་རང་དབང་ཡིན། །མ་དུལ་སེམས་ འདི་བཏང་བར་འདོད་ན་ཡང་། །སེམས་ལ་དབང་བསྒྱུར་གནོད་པ་བརྒྱ་ཕྲག་སྐྱེད། །མདོར་ན་འཇིག་རྟེན་འཚེ་བ་གང་ཡོད་པ། །རང་སེམས་མ་དུལ་རང་དབང་མེད་ལས་བྱུང་། །རང་སེམས་དུལ་ན་ མངོན་མཐོ་ངེས་ལེགས་ཀྱི། །ཡོན་ཏན་ཀུན་ཀྱང་རང་དབང་ཉིད་དུ་འགྱུར། །དེ་ཕྱིར་རང་སེམས་རང་དབང་གྱུར་པ་ཡིས། །དོན་འདི་ནན་ཏན་དོན་དུ་གཉེར་བྱ་ཡི། །མཛེས་མའི་གྲོགས་མིན་རྒྱལ་ 23-4-21b སྲིད་བས་ཀྱང་མིན། །ནད་མེད་ལང་ཚོ་ནོར་དང་གྲགས་པ་མིན། །ཐོས་པའི་རྗེས་ཞུགས་སྒྲུབ་པ་འདོད་པ་ཡིས། །རྣལ་འབྱོར་དབེན་པར་གནས་པ་རྣམས་ཀྱིས་ནི། །སེམས་མ་དུལ་ན་སྒྲུབ་ པའི་འབྲས་བུ་སྟོར། །དེ་ཕྱིར་རང་གི་སེམས་ལ་བརྟགས་དཔྱད་བྱོས། །སྡུག་བསྔལ་གྱུར་ན་གདུང་ཞིང་ཡིད་མི་གནས། །བདེ་བར་གྱུར་ན་ཞེན་ཅིང་དེ་ངང་འཕྱན། །ཇི་ལྟར་གྱུར་ཀྱང་ཞི་གནས་ མི་འགྲུབ་པས། །བདེ་སྡུག་འདོར་ལེན་རྟོག་པ་རྦད་ཆོད་བྱིས། །གདུང་བ་ཟད་ནས་སེམས་འདི་བདེ་སྙམ་ཡང་། །གདུང་བ་གཅིག་ཟད་ན་ཡང་གཞན་པ་སྐྱེ། །རེ་བ་གཅིག་རྫོགས་རང་སེམས་ བདེ་སྙམ་ཡང་། །རེ་བ་གྲུབ་ཀྱང་རེ་བ་གཞན་པ་སྐྱེ། །རེ་དང་དོགས་པའི་འདུ་ཤེས་སྣ་ཚོགས་པ། །ཤེས་བྱ་མ་ཟད་བར་དུ་འཛད་པ་མེད། །དེ་ཕྱིར་ནམ་ཞིག་དུས་ལ་མ་བསྒུག་པར། །ད་ལྟ་ཉིད་ དུ་རང་སེམས་རང་སོ་ཟུང་། །གཡོ་ཅན་སེམས་འདི་ཕྱི་རོལ་དངོས་ཀུན་གྱིས། །རྣལ་དུ་འབེབས་པའི་དུས་མེད་ཤེས་བྱས་ནས། །རེ་དང་དོགས་པ་ཐམས་ཅད་ཆམ་གཅིག་བཞག །གང་བྱུང་ ཐད་ཀར་རང་སེམས་རྣལ་དུ་ཕོབ། །མེ་འབར་བ་དང་དྲག་ང་གཡོ་བ་དང་། །ཆུ་ཡི་གཉེར་མ་རི་གཟར་རྦབ་རྡོ་རྣམས། །རང་བཞིན་ངང་གིས་སྡོད་པ་གང་ན་མཐོང་། །གཡོ་བའི་སེམས་ཀྱང་ 23-4-22a འདི་འདྲ་ཁོ་ན་སྟེ། །རྣམ་རྟོག་སྤྲིན་གྱི་གཡོ་འགྱུར་མཐའ་མི་མངོན། །སྤོས་རྒྱའི་རི་མོ་མཐུད་ན་ཟད་དུས་མེད། །དུས་ལ་མ་བསྒུག་ད་ལྟའི་རྣམ་རྟོག་རྣམས། །སྔོན་བསུ་རྗེས་ དཔྱོད་མེད་པར་ཙམ་གྱིས་བོར། །ནམ་མཁའི་བྱ་ལམ་བལྟས་པས་ཅི་ཞིག་བྱ། །ཐང་ལ་སྤྱང་ཀུའི་རྗེས་བཅད་གང་དུ་འགྲོ། །རྨི་ལམ་ཉོ་ཚོང་འགྲིམ་པའི་དགོས་པ་ཅི། །རྩེ་གཅིག་ནང་དུ་ གནས་པའི་རང་ས་ཟུངས། །རྟོག་པའི་དམག་དཔུང་གཡོ་རུ་བཅུག་བྱས་ན། །མཁའ་དབྱིངས་ཁྱབ་པར་སྤྲོ་ཞིང་ཟད་མཐའ་མེད། །ཆམ་གྱིས་བཞག་ན་ཁད་ཀྱིས་མུ་མེད་ཞི། །སྒྱུ་མའི་སྒྱུ་ ཐབས་འདུལ་ཚེ་མ་འཇིགས་ཤིག །སྡུག་བསྔལ་གསུམ་ལྡན་སྲིད་པ་བཟོད་པར་དཀའ། །གློག་འདྲའི་ཚེ་ལ་ཡིད་བརྟན་མེད་བཞིན་དུ། །འདིར་སྣང་བསླུ་བྲིད་ཆོས་བརྒྱད་ཕུག་བཞག་ནས། ། བཙུན་མཁས་སྒྲུབ་ལོ་བྱས་ཀྱང་ས་ཆོད་ཆུང་། །རྩེ་གཅིག་དམིགས་པའི་འབེམ་ལ་གཏད་དུས་སུ། །མདུང་ཚུགས་བསྒྲིམ་ནས་གང་བྱུང་རྗེས་མེད་བོར། །རྣམ་རྟོག་ལུ་གུ་རྒྱུད་ཀྱི་དྲྭ་བ་འདི། ། བསྟེན་ན་གཅིག་རྗེས་གཅིག་འཕེལ་ཆུ་གཉེར་འདྲ། །གཅིག་ཀྱང་མི་ཆོད་མཐའ་མེད་རྒྱ་འབྱམས་འཕེལ། །ཐོག་མེད་དུས་ནས་ད་བར་འདི་ངང་འཕྱན། །བཞག་ན་གཅིག་ཐིམ་གཉིས་ཐིམ་ཆུ་བུར་འདྲ། ། 23-4-22b ངང་བརྟན་ཚུག་ན་རྣམ་རྟོག་ཤེས་སྟོབས་འབྲི། །རང་ཚུགས་མ་ཟིན་རྣམ་རྟོག་ཤེད་སྟོབས་འཕེལ། །རྣམ་རྟོག་མ་དུལ་ཞི་གནས་ཇི་ལྟར་འགྲུབ། །གཡོན་ཅན་རྐུན་པོ་ལྟ་བུའི་རྣམ་རྟོག་འདི། ། མི་ངན་བཞིན་དུ་བཟུར་ན་ལྷག་པར་འཚེ། །བཅར་ན་སྟོབས་མེད་གོམས་པའི་གཡོ་འཕྲུལ་གྱིས། །སྲིད་གསུམ་དབང་བྱེད་བརྫུན་བ་ཅན་འདི་ལྟོས། །མཚོ་ཆེན་བརྒལ་ནས་ནོར་བུ་ལེན་ པ་དང་། །བྲག་རི་བཤིག་དང་ས་འོག་དཔག་ཚད་བརྒྱ། །བརྐོས་ནས་རིན་ཆེན་སྣ་ཚོགས་གཏེར་རྙེད་ལས། །རང་སེམས་དུལ་བའི་ཞི་གནས་དོན་ཆེ་ཡང་། །དབེན་པར་ལོ་མང་སྒྲུབ་པ་བྱས་རྣམས་ ཀྱང་། །ཞི་གནས་གྲུབ་པ་ཙམ་ཡང་དཀོན་མཐོང་བས། །ཅི་ནས་རང་སེམས་ནང་དུ་འཇོག་པ་ཡི། །བཞག་ཐབས་མན་ངག་གནད་ལ་བརྟེན་ནས་སུ། །ཁབ་མིག་སྐུད་པ་འཇུག་པ་ཇི་བཞིན་ དུ། །བརྩོན་པ་ལྷག་པར་མ་བརྟེན་འགྲུབ་མི་འགྱུར། །ངང་ཚུལ་སྦྲུལ་གདུག་ཁྲོས་འདྲ་ཀུན་རྟོག་མེ། །གསོད་པའི་ཆར་རྒྱུན་གང་དེ་བསམ་གཏན་ཡིན། །བསམ་གཏན་དྭང་བ་ལས་བྱུང་ཤེས་ རབ་ཀྱི། །མིག་སྒྲོན་ནོར་བུ་དཔག་བསམ་གཏེར་མཆོག་རྙེད། །ངན་སྐྱུགས་དང་བཅས་དུག་གི་ཁྲོན་ཟབ་ནང་། །སྦྲུལ་ནག་མགོ་མང་ཚང་དེ་སློང་བ་བས། །འཕྲལ་སྡུག་ཕུག་བརླག་ཉེས་ 23-4-23a པ་ཀུན་གྱི་སྒོ། །རྣམ་རྟོག་གྱ་གྱུའི་ཚང་ཚིང་སློང་མི་བྱ། །གང་ལ་གནས་ན་བདུད་རྩིའི་བཏུང་བ་དང་། །ལྷ་ཡི་སྐྱེད་ཚལ་ནོར་བུའི་གཏེར་བཞིན་དུ། །འཕྲལ་བདེ་ཕུག་སྐྱིད་ཡོན་ ཏན་ཀུན་གྱི་གཞི། །ཞི་བར་གནས་པའི་ཡིད་ལ་རྟག་གོམས་བྱ། །དོན་མེད་དོར་བྱ་བསམ་པས་ཅི་ཞིག་བྱ། །དོན་ཆེན་ངང་ལེན་ཅི་ནས་བསམ་པར་བྱ། །ཤེས་བཞིན་བདུད་རྩི་འཐུང་བྱ་དུག་ འདི་སྤངས། །འདི་དག་རང་ལག་གནས་ཀྱི་གཞན་དབང་མིན། །རེས་འགའ་དགའ་བའི་རྣམ་པས་ཞེན་རྟོག་དང་། །རེས་འགའ་མི་དགའ་བ་ཡི་སེམས་རྟོག་དང་། །རེས་འགའ་ཐ་མལ་སྤྱོད་ ཡུལ་སྣ་ཚོགས་ལ། །རྣམ་རྟོག་རྗེས་མཐུད་ངེས་མེད་ང་ལྟར་རྒྱུ། །མ་བསམ་ཐབས་ཆགས་བསམ་ན་དོན་ཡོད་པ། །མིན་ཡང་གོམས་པའི་དབང་གིས་གཡོ་བ་འདི། །བཅད་ནས་རྩེ་ གཅིག་ནང་དུ་མ་བསྡུས་ན། །ཞི་གནས་སྐྱོན་མེད་འགྲུབ་པའི་དུས་མེད་པས། །དམིགས་ལ་རྩེ་གཅིག་མཉམ་པར་བཞག་དུས་སུ། །རྣམ་རྟོག་གང་དང་ཅི་སྐྱེས་རྗེས་མི་མཐུད། །ངན་གོམས་ བག་ཆགས་ཤོག་དྲིལ་དཔེ་བཞིན་དུ། །དྲན་པའི་སྒོ་གླེགས་དམ་པོས་སེམས་བསྲུང་བྱ། །འདོད་པའི་བདེ་བ་ཤིན་ཏུ་མནོག་ཆུང་ལ། །ཉེས་དམིགས་ཆེ་ཡང་སྐྱོན་དུ་མི་མཐོང་བར། །ཚུལ་ 23-4-23b ཁྲིམས་དཔལ་དང་གྲགས་པ་ཡོངས་བརླག་ནས། །དེ་གཅིག་དང་དུ་ལེན་པའི་བླུན་པོ་རྣམས། །བླ་མའི་བཀའ་དང་གཉེན་གྱི་མན་ངག་དང་། །བདེན་གསུང་ཐོས་ཀྱང་ཤེས་བཞིན་ཡོངས་ སྤངས་ནས། །སྙིགས་མ་ཚེ་ཐུང་དུས་ཀྱི་ལང་ཚོའི་ཆ། །འདོད་པའི་ཁོལ་པོར་འཕྱན་པར་བྱེད་རྣམས་འཁྲུལ། །བ་མོས་རྣམ་པར་ཉམས་པའི་མེ་ཏོག་བཞིན། །གཞོན་པའི་གནས་སྐབས་ ཡུན་ཐུང་དུས་ཀྱིས་འཛད། །རྒ་བའི་ཆད་པས་ལུས་སེམས་མནར་བའི་ཚེ། །འགྱོད་ཀྱང་བཅོས་སུ་མེད་པ་འབྱུང་ངེས་པས། །འདོད་པའི་ལྕགས་ཀྱུ་རྣོན་པོས་བཏབ་ནས་ཡང་། །ཡིད་ བརྟན་མེད་པའི་ལུས་གྲོགས་ལོངས་སྤྱོད་ཀྱི། །ངང་ཚུལ་ཤེས་པའི་དྲན་ཤེས་བརྟན་པོ་ཡིས། །འདོད་པའི་ཡུལ་ལས་བཟུང་ཞིང་བྱོལ་བར་བྱ། །རྐྱེན་ལས་བྱུང་བའི་རྣམ་རྟོག་མགོ་རྒོད་པོ། ། སྔར་མེད་གསང་འབྱུང་བྱུང་ནས་ཡུན་དུ་ཡང་། །མི་གནས་རྐྱེན་གྱིས་ཁ་ན་ལས་པའི་ཕྱིར། །བློ་སྟོབས་བརྟན་པོའི་ནུས་པ་མེད་རྣམས་ཀྱང་། །ཡུལ་ལས་རྒྱང་དུ་བསྲིང་ན་དེ་གཅིག་པུས། ། རིམ་གྱིས་འདོད་པའི་རྣམ་རྟོག་ཡལ་བར་འགྱུར། །དེ་ཕྱིར་མཁས་བཙུན་གནས་ཀྱི་སློབ་དཔོན་དང་། །དམ་པའི་གྲོགས་དང་ཡ་རབས་ཚོགས་ནང་དུ། །ཇི་སྲིད་གནས་པ་དེ་སྲིད་ངོ་ཚ་དང་། ། 23-4-24a ཁྲེལ་ཡོད་སེམས་སུ་གྱུར་ནས་བག་མེད་ལ། །འཇུག་པའི་གོ་སྐབས་ཤིན་ཏུ་རྙེད་དཀའ་བས། །གྲོགས་བཟང་བསྟེན་པ་བསླབ་པའི་ལྕགས་རི་ཡིན། །སྐྱོན་ལ་ཡོན་ ཏན་རློམས་པའི་ཁྲེལ་མེད་ཀྱི། །ཚོགས་སུ་གནས་ན་ངོ་ཚའི་ལྗོན་བཟང་སྐམ། །གཏན་འདུན་ཚུལ་ཁྲིམས་བཟང་པོའི་མེ་ཏོག་རྣམས། །ཞག་གཅིག་གིས་ཀྱང་ཤིན་ཏུ་ཉམས་པར་བྱེད། ། སྐྱེ་བོ་སྔ་སྲོལ་རྗེས་སུ་འཇུག་པའི་ཕྱིར། །བསྟན་ལ་སྲོལ་བཟང་གཏོད་པའི་རྗེས་ཞུགས་ན། །བསྟན་པ་རིན་ཆེན་ལྷ་མིའི་མཆོད་སྡོང་དུ། །འཇིག་རྟེན་འདིར་ནི་ངོ་མཚར་གནས་སུ་འགྱུར། ། འདོད་ཡོན་མི་སྤངས་ལམ་དུ་ཁྱེར་བ་ཡི། །རྡོ་རྗེའི་ཐེག་པ་ཤིན་ཏུ་ཕུལ་བྱུང་ཡང་། །ཇི་བཞིན་ཉམས་སུ་ལེན་པ་ཤིན་ཏུ་དཀོན། །སྔགས་ལ་ཁུངས་ཕྱུང་འཆལ་སྤྱོད་བྱེད་པ་མང་། །སྤྱོད་ངན་ སྔགས་སུ་རློམས་ནས་རང་གི་རྒྱུད། །ཆུད་ཟར་བྱེད་ཅིང་གཞན་སེམས་སུན་འབྱིན་པ། །བསྟན་ལ་རྨ་སྲོལ་བཏོད་པས་རྒྱལ་བསྟན་ཡང་། །རྙོགས་མར་བགྱིད་པ་སྙིགས་མའི་དུས་སུ་མང་། ། དེ་ཕྱིར་ནང་གི་རྣལ་འབྱོར་ལྡན་ན་ཡང་། །གསང་སྤྱོད་ཤིན་ཏུ་སྦ་བྱ་མང་པོའི་ཁྲོད། །ཅི་དགར་སྤྱོད་པ་རྒྱལ་བས་ལུང་གིས་བཀག །འདི་དོན་མི་སེམས་བདུད་ཀྱི་ལས་སུ་འགྱུར། །གལ་ཏེ་ 23-4-24b གསང་སྤྱོད་ཚུལ་བཞིན་ཉམས་ལེན་ན། །སྤས་པའི་གནས་སུ་རྙེད་བཀུར་སེམས་སྤངས་ཏེ། །སྐྱེ་བོའི་སེམས་ལ་སུན་འབྱིན་འགྱུར་བ་དང་། །བསྟན་ལ་རྨ་སྲོལ་བཏོད་པ་ནམ་ཡང་སྤངས། །ནང་ གི་རྣལ་འབྱོར་གསང་སྔགས་དོན་ལྡན་ཡང་། །ཕྱི་ཡི་སྤྱོད་པ་སོ་ཐར་ཚུལ་མཐུན་ན། །རྒྱལ་བ་རྣམས་ཀྱི་ཇི་སྐད་གསུང་བ་བཞིན། །རང་དོན་འགྲུབ་ཅིང་བསྟན་འགྲོར་ཕན་པ་ཡིན། །ལྕགས་ཁྱི་ ཟླ་༩ཚེས་༣ལའོ།། ༈ །། གྲོས་འདེབས་སྤྲིན་གྱི་རྔ་སྒྲ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཐབས་དང་བསོད་ནམས་མཛངས་པའི་བློ་གྲོས་ཀྱི། །དཔལ་བེའུ་རབ་ཏུ་རྒྱས་པའི་དྲྭ་བ་ ན། །སྲིད་པའི་དཔལ་ཡོན་སྒྱུ་མའི་རོལ་མོ་བ། །ནང་གི་རིན་ཆེན་དགའ་བ་འདི་ལ་ལྟོས། །ལེགས་བཤད་རིན་ཆེན་བདུད་རྩི་ལྟ་བུའི་ཆོས། །ཚིག་གི་ཟེག་མ་རེས་ཀྱང་སྲིད་པའི་ནད། ། དྲུངས་འབྱིན་ཟབ་མོའི་མན་ངག་ཅི་བཤད་ཀྱང་། །ཀརྐ་ཊ་ཡིས་སྦྲང་རྩི་བཞིན་མི་མྱོང་། །སྲིད་ལ་རྣམ་དཔྱོད་རིང་ནས་འདྲིས་པའི་ཕྱིར། །སྲིད་པའི་ཆོས་ཚུལ་འདི་ཡི་རོ་མྱོང་བ། །དེ་ལ་འཇིག་ རྟེན་སྒྱུ་མའི་རྣམ་དཔྱོད་ཀྱི། །མཛེས་སྡུག་གདོང་གི་ཟུར་མིག་ཅུང་ཟད་ངོམས། །རྒྱབ་བརྟེན་ལྷ་དང་བསོད་ནམས་ལས་ཀྱི་ཤུགས། །རྒྱལ་པོ་བཞིན་དུ་འདི་ཡི་དབང་འགྲོ་བ། །ལེགས་པར་ 23-4-25a མཐོང་ནས་མཆོག་གསུམ་དད་པས་བསྟེན། །བསོད་ནམས་ནགས་ལ་མེ་ཆེན་བཞིན་དུ་སྦར། །མི་ནི་ཇི་ལྟར་བཟང་ཡང་ལྷ་ལས་དམན། །དེ་ཕྱིར་དགྲ་བླ་ཝེར་མའི་ སྟོབས་དཔུང་ཤུགས། །བདག་གི་གྲོགས་སུ་བཀུག་ནས་གང་བསམ་ལས། །ཆོས་སྐྱོང་དགྲ་བླས་རྒྱལ་ཁ་བློན་བཞིན་བསྒྱུར། །དགྲ་ཡི་སྟོབས་འཕྲོག་མུན་པ་ཇི་གནག་པ། །དེ་ཙམ་ དུ་ཡང་ཞི་བའི་ཟླ་མཛེས་པས། །ཤིན་ཏུ་བཟང་པོའི་ལུས་ངག་ལས་བྱམས་པ། །ཡིད་འོང་མ་བཞིན་ཀུན་གྱི་སྙིང་དུ་སྡུག །དམན་དང་བར་མ་མཆོག་གི་མི་ལ་ཡང་། །མཐུན་པས་ དགའ་བར་བྱས་ན་དེ་ཉིད་ཀྱིས། །བདག་ལ་སྐྱོན་གྱིས་རྙོགས་པའང་བསྒྲིབས་བྱས་ནས། །གྲགས་པའི་གཏམ་བཟང་མཐར་གྱིས་ཕྱོགས་སུ་འཁྱེར། །བདག་ལ་ཇི་ཙམ་དགའ་བ་ཡོད་གྱུར་ པ། །དེ་ལྟ་དེ་ལྟར་དགྲ་ཡི་སྟོབས་ཀྱང་དམན། །དེ་ཕྱིར་འགལ་ཟླ་རྩུབ་མོས་ཚར་གཅོད་ན། །བདག་ཤེས་པས་ནི་ཞི་བས་དང་དུ་བླངས། །མཛའ་བ་ཉུང་ལ་གྲགས་པ་ཡོད་ན་ཡང་། །རླུང་ མེད་མེ་བཞིན་ཕྱོགས་སུ་འབར་མི་འགྱུར། །བདག་ལ་དགའ་བ་མང་པོ་ཡོད་གྱུར་ན། །སྙན་པ་ཆུང་ཡང་མེ་སྟག་བཞིན་དུ་མཆེད། །ཕལ་ཆེར་ནན་གྱིས་བདག་གི་གྲགས་པ་སྒྲོགས། །སྐྱེ་ 23-4-25b བོ་རྣམས་ཀྱིས་བརྐུས་པའི་རྫས་བཞིན་སྦེད། །ཕལ་ཆེར་ནང་མིས་བསྟོད་པའི་དབྱངས་བསྒྲགས་པ། །གཞན་དང་གཞན་དུ་དཔྱད་པ་མེད་པར་སྒྲོགས། །གནས་སྐབས་འགལ་ཟླ་འཇོམས་ པའི་མཐུ་ཡོད་པས། །ཁེངས་པའི་རློམས་པས་སེང་གེ་ལྟར་འགྱིང་བ། །མི་ཤེས་རྣམས་ཀྱིས་དེ་ལ་ལྷ་བཞིན་མཆོད། །དེ་ཡི་སྙེམས་པ་མེ་ལ་ཤིང་ལྟར་རྒྱས། །ཕལ་ཆེར་དཔའ་ཤུགས་ གཏུམ་པོས་བཟུང་དཀའ་ཡང་། །ཐབས་ཀྱིས་དྲངས་ན་ལྕགས་ཀྱུས་གླང་པོ་བཞིན། །འཛངས་པ་རྣམས་ཀྱིས་ལག་ན་འདོད་རྒུར་འགྲོ། །བློ་མེད་ཤུགས་ལ་རེ་བའི་དགྲ་འདྲ་མིན། ། ཕལ་ཆེར་རྩུབ་མོ་ཁོ་ནས་རང་དོན་བསྒྲུབས། །དེ་ནི་གནས་སྐབས་འཁོར་ལོས་བསྒྱུར་འདྲ་ཡང་། །སོག་ལེས་གཟས་པའི་སྡོང་པོ་ཇི་བཞིན་དུ། །མྱུར་དུ་ཆེ་ཐང་དཔལ་ལས་རྣམ་པར་ ཉམས། །འགའ་ཞིག་གཡོ་སྒྱུ་ཁོ་ནས་དོན་བསྒྲུབ་པ། །དེ་ལ་གོམས་ནས་ཅི་བྱེད་གཡོ་སྒྱུར་འགྲོ། །སྐྱེ་བོ་བསླུས་ནས་དགྲ་སྡེ་ཆོམས་འདྲ་ཡང་། །རི་ཡི་ཆུ་བཞིན་བདག་ཉིད་རིམ་ གྱིས་དམའ། །ལ་ལས་དྲང་ཤིང་འཇམ་པ་ཁོ་ན་བྱེད། །སྙིགས་མའི་སྐྱེ་བོ་ཕྱིན་ཅི་ལོག་གྱུར་པས། །འཕྲལ་དང་འཕྲལ་ལ་ཡིད་ཆར་རྒྱུར་འགྱུར་ཡང་། །ཕྱི་མའི་མཐར་ནི་ཇེ་བས་ 23-4-26a ཇེ་བཟང་འགྲོ། །བྱིས་པའི་སྐྱེ་བོ་བློ་གྲོས་མཐུ་ཆུང་བས། །མིག་མི་གསལ་བས་གཟུགས་ལ་བལྟ་བ་ལྟར། །ཉེ་བར་ཉེ་བར་གྱུར་པའི་དོན་མཐོང་ན། །དེ་ལྟ་དེ་ལྟར་ དེ་ལ་འཇུག་པར་འགྱུར། །བདག་ཉིད་ཆེ་རྣམས་བློ་གྲོས་མཐུ་ཆེ་བས། །ཤིན་ཏུ་མིག་རྒྱང་རིང་པོའི་ཕུགས་སུ་བལྟ། །ཅི་ཙམ་རིང་བ་རིང་བར་ཕན་གྱུར་བ། །དེ་དང་དེ་ནི་ད་ལྟ་འབད་པས་ སྒྲུབ། །མཐོན་པོ་རྣམས་ལ་དམན་པ་དག་གི་ནི། །ངོ་བསྟོད་ཕལ་ཆེར་ཆུད་ཟོས་ཁོ་ན་ཡིན། །རྒན་པོར་སྡང་མིག་ལྟ་བའི་གཞོན་ནུ་མ། །འདོད་ཕྱིར་རྐང་པར་བརྒྱུད་པའི་བགྲེས་པོ་ བཞིན། །བསགས་ཤིང་མི་སྤྱད་བསྲུངས་པའི་ནོར་རྫས་འདིས། །སྲོག་གམ་ཡང་ན་གྲགས་པ་དག་དང་ནི། །འདི་ཕྱིའི་བདེ་བ་ཤིན་ཏུ་བརླག་པར་བྱེད། །དོན་མེད་དགྲ་ཡི་ལག་ཏུ་རྣམ་པར་ འཁྱམས། །གཞན་ལ་སྨད་པ་ཁོ་ན་ལྷུར་ལེན་པའི། །སྨྲ་བ་འདིས་ནི་བདག་གི་དཔལ་ལ་ཟ། །ལག་ནས་ཡོད་རྒུ་སྟེར་ཀྱང་ཁ་ཡི་ཚིག །མེ་ལྟར་རྣོ་བས་བསྲེག་པ་ཞི་མི་འགྱུར། ། བླུན་པོ་ཕལ་ཆེ་རྟག་ཏུ་ཆང་ལ་དད། །ཉི་སྣང་ཀུན་དུ་མུན་པ་ཆེན་པོར་གྱུར། །མཚན་མོ་བུད་མེད་སྲེད་པ་ཁོ་ནས་འདའ། །བསམ་བརླག་དེ་ནི་མི་རོ་བཞིན་དུ་རུལ། །འབྱུང་མེད་བྱ་བ་མང་ 23-4-26b པོའི་ཤོམས་ར་ཡིས། །ཉིན་མཚན་ཁོར་ཡུག་ཡིད་ལ་ཟུག་རྔུ་མྱང་། །རྟག་ཏུ་བདག་གི་ཚེ་འགྲོ་མི་ཤེས་པ། །དགའ་མེད་སྡུག་བསྔལ་ཁོ་ནའི་ངང་དུ་འཕྱན། །དེ་ལྟར་བླུན་པོ་རྣམས་ ཀྱི་བྱ་བ་དང་། །ནོར་དང་གཏམ་དང་ལུས་དང་སེམས་ཀྱི་ཚུལ། །ཐམས་ཅད་ཆུད་ཟོས་འབའ་ཞིག་ཁོ་ན་ཡིས། །དལ་འབྱོར་རིན་ཆེན་དོན་མེད་ཉིད་དུ་བྱེད། །རང་ཉིད་ཡོན་ཏན་གང་གིས་ མཐོང་གྱུར་པ། །དེ་ལས་དམན་པར་གྱུར་པའི་སྐྱེ་བོ་ཡི། །ཡོན་ཏན་དེ་ལ་ཆེ་ཐང་དུ་བརྩི་བ། །རང་གི་ཡོན་ཏན་ནོར་བུའི་བྱི་དོར་ཡིན། །དམན་པར་གྱུར་ཚེ་བྱམས་པས་སྐྱོངས་བ་དང་། །ནོར་ མེད་དུས་ན་ལོངས་སྤྱོད་སྦྱིན་པ་གཉིས། །འབྱོར་ཞིང་མཐོ་ཚེ་བརྗེད་པར་གྱུར་ན་ནི། །བཟང་པོར་གྲགས་ཀྱང་ངན་པའི་ཐ་ཆད་ཡིན། །སྔོན་ཆད་བྱམས་པ་དམན་པའི་ཕྱོགས་བོར་ནས། །གསར་ པ་གསར་པར་སྟོབས་ལྡན་རྣམས་བསྙེན་པ། །གལ་ཏེ་དེ་འདྲ་བ་ལ་ཡིད་རྟོན་ན། །ནམ་ཞིག་ཡིད་ཆད་ངེས་པར་སྐྱེ་བའི་རྒྱུ། །གལ་ཏེ་བདག་ལ་དགྲ་རུ་གྱུར་ན་ཡང་། །མཛའ་དང་མི་མཛའི་ སེམས་རབ་བརྟན་གྱུར་པའི། །སྐྱེ་བོ་དེ་ལ་ཡོན་ཏན་ལྡན་གྱུར་ན། །གཉེན་དུ་བཟླུམ་པས་བདག་གཞན་བདེ་བར་འགྱུར། །གལ་ཏེ་བདག་ལ་གཉེན་དུ་གྱུར་ན་ཡང་། །སྔོན་ཆད་ཁོ་ན་བྱམས་ 23-4-27a པའི་གཉེན་སྤངས་ན། །དེས་ནི་གཞན་ལ་ཅི་བྱེད་བདག་ལའང་བྱེད། །དེ་ལྟ་བས་ན་དེ་ནི་སྤང་བར་བྱ། །བྱས་པ་ལོག་པར་གཟོ་བའི་སྐྱེ་བོ་དང་། །རང་ལ་ཡིད་རྟོན་པ་དག་ བསླུ་བྱེད་ཅིང་། །དཀོན་མཆོག་གསུམ་ལ་ལོག་པར་རྣམ་བལྟ་བ། །མཐོང་ཡང་གནོད་ན་འགྲོགས་པ་ལྟ་ཅི་སྨོས། །བྱས་པ་གཟོ་ཞིང་ཡིད་ཆེས་རུང་བ་དང་། །མཆོག་གསུམ་རིན་ཆེན་གཙུག་ གིས་བརྟེན་པ་དང་། །ལས་འབྲས་སེམས་པས་དགྲ་བླས་མགོན་བྱེད་པ། །དེ་འདྲ་མཐོང་བ་ཙམ་ཡང་དགེ་བ་ཡིན། །མཛའ་ཕྱོགས་ཞན་པ་རྣམས་ལ་ཤིན་ཏུ་བྱམས། །དགྲ་ཕྱོགས་སྟོབས་ཆེན་ གྱུར་ཀྱང་མི་འདུད་པ། །སྔར་ཚུལ་གསར་དུ་འགྱུར་བ་མེད་པའི་མི། །དེ་འདྲ་གང་ཡོད་བདག་གི་གྲོགས་སུ་བྱ། །བླུན་པོ་རྣམས་ནི་ལྟར་སྣང་འབྱོར་པ་དང་། །རིགས་དང་གཟུགས་ལ་བལྟས་ ནས་གཉེན་དུ་སྦྲེལ། །མཁས་རྣམས་ངང་པས་ཆུ་ལས་འོ་མ་བཞིན། །ཡིད་རྟོན་འོས་པ་དེ་དག་རྣམ་པར་འདོམས། །གལ་ཏེ་ཇེ་མཐོར་ཇེ་མཐོར་ཕྱིན་གྱུར་ཀྱང་། །ཁེངས་པ་ཇེ་དམའ་ཇེ་དམར་ གྱུར་པ་ཡི། །ས་ལུའི་འབྲས་བཟང་སྨིན་པའི་སྙེ་མ་ལྟའི། །སྐྱེ་བོ་དེ་ནི་ཟླ་བ་ལྟ་བུར་གསལ། །གང་ཚེ་འབྱོར་པར་གྱུར་ན་སྔོན་གྱི་ནི། །དམན་པའི་སྐབས་དང་ཕྱི་མར་རྒུད་པའི་དུས། །གཉིས་ 23-4-27b ཀའི་བར་བུ་ཆུད་པའི་གནས་སྐབས་འདི། །སྐྱེ་བོའི་གཉིད་ཀྱི་བདེ་བ་ལྟ་བུར་བལྟ། །གལ་ཏེ་རྒུད་པར་གྱུར་ན་བདེ་བ་ཡིས། །བདག་སེམས་བསླུ་བར་གྱུར་པ་དེ་མེད་པས། །གཉིད་ལས་སད་ པའི་སྐྱེ་བོ་ཇི་བཞིན་དུ། །བག་ཡངས་རང་དོན་སེམས་པ་ཉིད་དུ་བྱེད། །དགྲ་ཡི་སྟོབས་འཕྲོག་མེ་ལྟར་འབར་བའི་གཟི། །ལས་ཤུགས་བཙན་པོའི་སྟོབས་དང་ལྡན་ན་ཡང་། །ཕལ་པ་རྣམས་ ལ་གངས་རི་ལྟར་བསིལ་བ། །སྐྱེས་བུ་དེ་ནི་འགྲོ་བའི་ནང་ན་བརྗིད། །དེང་སང་སྐྱེ་བོ་སྙིགས་མའི་མཐུས་བརླབས་པས། །བདེན་པར་སྨྲས་ཀྱང་བདེན་པར་ཤེས་པ་དཀོན། །དེ་ཕྱིར་མི་སྨྲ་ བཞིན་དུ་དོན་བསྒྲུབས་ནས། །ཐབས་ཀྱི་འཁོར་ལོས་སྐྱེ་བོ་མགུ་བར་བྱ། །དྲག་པོའི་རྣོ་དབལ་མཚོན་གྱི་ཡུ་བ་ལ། །དབང་གི་རུ་དར་དམར་པོ་ཕྱར་བ་ཅན། །དགྲ་ལས་རྣམ་པར་རྒྱལ་བའི་བ་དན་ ནི། །བློ་མཆོག་དཔའ་བོའི་ལག་ན་རྣམ་པར་གནས། །གཞན་གྱི་དཔུང་ནི་རང་གི་ཟིལ་གནོན་ཅིང་། །རང་གི་སྡེ་རིས་ཤིན་ཏུ་བྱམས་པས་སྐྱོང་། །རང་དང་དགྲ་ལ་བྱམས་སྡང་མ་ལོག་པ། ། འཇིག་རྟེན་གནའ་བོའི་ལུགས་སྲོལ་སོ་མ་ཡིན། །དགྲ་བོ་སྟོབས་དང་དཔུང་གིས་མ་མནན་ན། །འཇམ་པོའི་རྒྱུད་ལ་འཁྲིས་ཤིང་རྒོལ་བར་རྩོམ། །སྟག་གིས་འཇིགས་པར་གྱུར་པའི་སྐྱེ་བོ་འགས། ། 23-4-28a སྟག་ཉིད་ཞི་བར་མཐོང་ན་གསོད་པར་རྩོམ། །འཇིག་རྟེན་ཕུང་བཤིག་ཕྱེད་པའི་སྐྱེ་བོ་ནི། །བཞག་ན་མི་སྲུན་འཕེལ་ཞིང་རྒྱལ་ཁྲིམས་འཇིགས། །བསད་ན་རྒྱལ་ཁམས་ བདེ་ཞིང་བཀའ་བཙན་པས། །སྐྱེ་བོ་ངན་པ་མཛེ་པོའི་རོ་བཞིན་འདོར། །གཅིག་ཏུ་གཏུམ་ཤིང་གཅིག་ཏུ་འཇམ་པ་དང་། །གཅིག་ཏུ་སྨྲ་ཞིང་གཅིག་ཏུ་མི་སྨྲ་བ། །ཕྱོགས་སུ་ལྟུང་བས་དོན་གྲུབ་ མ་ཡིན་ཏེ། །དུས་ཤེས་པ་ནི་སྣ་ཚོགས་ཐབས་ཀྱིས་མཛེས། །ཆོས་ལྡན་རྒྱལ་པོའི་སྟོབས་དང་ཉི་མའི་འོད། །སྐྱེ་བོ་ཀུན་ལ་ཕན་པར་ཤིན་ཏུ་མཉམ། །ལྷག་པར་དམན་པ་དག་ལ་སྐྱབས་ གྱུར་ཕྱིར། །ཆེན་པོ་དེ་འདྲ་བ་ནི་དོན་དང་བཅས། །གལ་ཏེ་ལ་ལ་གོ་འཕང་མཐོ་གྱུར་ན། །དམན་ལ་ཤིན་ཏུ་སྡང་ཞིང་མཐོ་ལ་བྱམས། །རྫས་ལ་བརྐམ་པས་རྒྱལ་ཁྲིམས་འཆོལ་བར་སྤྱོད། །དེ་ ནི་རང་སྡེ་བརླག་པའི་འཐོར་རླུང་ཡིན། །དྲངས་ཤིང་བྱམས་པ་རྒྱན་དུ་ཤེས་ན་ཡང་། །བློ་ངན་ནོར་ལ་ཆགས་པས་བླང་དོར་འཆུག །སྐྱེ་བོ་ཆུ་ཡིས་ཉེན་པ་རབ་སྒྲོལ་བའི། །རི་དྭགས་མཆོག་ནི་ བྱ་དགའི་ཆེད་དུ་བསྟེན། །མདོར་ན་ཚེ་འདིར་མྱུར་དུ་འཛད་པ་དང་། །དཀར་ནག་ལས་འབྲས་སྙིང་ནས་བསམ་གྱུར་ནས། །བླང་དོར་ཕྱིན་ཅི་ལོག་ཏུ་མི་འགྲོ་བ། །སྐྱེས་བུ་དེ་འདྲ་བདེ་ནས་བདེ་བར་ 23-4-28b འགྲོ། །རྟག་ཏུ་བདེན་པ་ཁོ་ནའི་ལམ་དུ་གཞོལ། །གལ་ཏེ་བདེན་པས་མི་དུལ་མི་ངན་ལ། །རྩུབ་མོའི་ཐབས་ཀྱིས་འདུལ་བ་སྲིད་པའི་ལུགས། །འགྲོ་བའི་ཁམས་མང་སྣ་ཚོགས་རོ་བཞིན་ནོ། ། ནོར་ནི་ཉམས་པས་གནས་སྐབས་འཕྲལ་དུ་གནོད། །གྲགས་པ་ཉམས་པ་ཚེ་འདིར་རྗེས་སུ་འབྲངས། །ལས་འབྲས་མ་བསམ་སྐྱེ་བ་གཏན་དུ་བརླག །དེ་ཕྱིར་སྐྱེ་བོ་རྣམས་ཀྱིས་བག་ཡོད་ མཛོད། །ལ་ལས་ཆེན་པོ་དག་གི་ཐོབ་རྙེད་ཀྱང་། །མུན་པའི་ཁང་བུར་རྒྱན་གྱིས་བརྒྱན་པ་ལྟར། །རང་གཞན་ཕན་པ་ཅི་ཡང་མ་བྱས་པར། །ཤི་བར་གྱུར་པ་ཤི་བའི་ནང་ན་ཤི། རྨོངས་པའི་ སྐྱེ་བོ་འདི་སྣང་ཁོ་ནར་ཞེན། །རྒྱལ་གསུང་ཤེས་པ་ཕྱི་མཐར་སེམས་འོས་ཀྱང་། །ངུར་སྨྲིག་འཛིན་པ་ཞལ་ལྕེ་གཅོད་ལ་དགའ། །དེ་ནི་ཁྲེལ་བ་རྣམས་ཀྱི་ནང་ན་ཁྲེལ། །གང་ན་ཡོན་ཏན་ དགའ་བ་ཡོད་གྱུར་ན། །གང་བའི་མཚོ་ལ་ནམ་མཁའི་ངང་པ་ལྟར། །ཕྱོགས་ཀྱི་སྐྱེ་བོ་ཀུན་ཀྱང་ངང་གིས་འདུ། །བཟློག་ན་རང་རིགས་ཕྱོགས་ཀྱང་གཞན་དུ་འབྱེར། །ཤིན་ཏུ་དམན་པ་རྣམས་ཀྱི་ ངོ་འཕང་ནི། །དུད་པ་དང་བཅས་རེ་བའི་ཚིག་གི་རོ། །མ་མྱོང་གྱི་ནར་འཇོག་པའི་སྐྱེ་བོ་ནི། །ཆེན་པོར་གྱུར་ཀྱང་དམན་པའི་ཐ་ཆད་ཡིན། །དེང་སང་ཕན་དང་གནོད་པ་གང་བྱས་པ། །ལྟར་ 23-4-29a སྣང་རྗེས་སུ་འབྲང་ནས་ཤིན་ཏུ་འཆོལ། །བློ་མཆོག་ངང་པའི་རྒྱལ་པོ་ལ་ལ་ཞིག །ཕན་གནོད་ཆུ་དང་འོ་མ་བཞིན་དུ་འབྱེད། །འཇིག་རྟེན་ལུགས་བཟང་རྒྱ་མཚོ་ཆེན་པོ་ ན། །ཡོན་ཏན་ནོར་བུའི་ཁམས་མང་རབ་ཏུ་གནས། །དེ་ལས་བསམ་པར་བྱ་བ་ཅུང་ཟད་ཙམ། །འདི་ན་བསྟན་པས་མཁས་རྣམས་མགུ་བར་གྱིས། །མཁའ་ལ་འབྲུག་སྒྲ་སྒྲོགས་པའི་སྤྲིན་གྱིས་ ནི། །རྨ་བྱ་རབ་དགའ་བུང་བའི་དབྱངས་ཉམས་བྱེད། །དེ་བཞིན་ཚིག་འདིས་མཛངས་པ་རྣམས་མགུ་ཞིང་། །ངན་པའི་བློ་གྲོས་ཟིལ་གྱིས་རྣམ་པར་གནོན། ། ཞེས་མི་ཕམ་བློ་གྲོས་དྲི་མེད་ཞེས་ བྱ་བས་སྙན་པས་མ་བཅིང་བར་གོ་བདེའི་ཚུལ་དུ་ཐུན་བར་ལ་ཤར་མར་བྲིས་པ་མངྒ་ལཾ།། ༈ །། པུརྞྱ་ས་ར་ལ་གདམས་པ། ན་མོ་ཨཱཪྱ་མཉྫུ་ཤྲཱི་ཡེ། མདོ་རྒྱུད་དགོངས་འགྲེལ་ ལས་གསུངས་གདམས་ངག་གི། ཉམས་ལེན་གང་ནུས་བྱས་ན་དེ་ཉིད་མཆོག །སོ་སྐྱེ་བདག་འདྲས་གང་ཟག་རེ་རེའི་ངོར། །གདམས་ངག་རེ་རེ་བརྗོད་པར་རྔོ་མི་ཐོགས། །འོན་ཀྱང་ནན་ ཏན་ཡང་ནས་ཡང་བསྐུལ་བཞིན། །གདམས་པ་བཞིན་དུ་བྱེད་ན་འདི་བཞིན་མཛོད། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ལ། །ཤི་ནས་གང་དུ་སྐྱེ་བ་ལས་ཀྱི་དབང་། །དེ་ཕྱིར་དལ་འབྱོར་ 23-4-29b རྟེན་བཟང་ཐོབ་དུས་སུ། །སྙིང་ནས་རྣམ་དཀར་གཙང་མ་སྒྲུབ་པར་གྱིས། །བདག་དང་བདག་འདྲ་བསམ་མེད་ཅོལ་ཆུང་ཚོགས། །ལྟ་བ་མཐོ་ཟབ་སྤྱོད་པ་བརླིང་པོ་ལ། །གནད་མེད་ རང་གར་ཞུགས་ནས་བསམ་ངན་གྱིས། །དྲག་སྔགས་བཟླ་སོགས་ཕན་ལས་གནོད་པ་ཆེ། །མ་གྱུར་སེམས་ཅན་འདི་དག་ཐམས་ཅད་ཀྱང་། །རང་དབང་མེད་པར་སྡུག་བསྔལ་གསུམ་ གྱིས་མནར། །འདི་ཡི་སྡུག་བསྔལ་བདག་གིས་བསལ་འོས་ཕྱིར། །སྙིང་རྗེའི་སེམས་ཀྱིས་གང་ལ་གང་ཕན་གྱིས། །བྱིན་བས་རྩ་བ་བླ་མ་གཙུག་ཏུ་ཁུར། །དངོས་གྲུབ་རྩ་བ་ཡི་དམ་ ལྷ་སྔགས་བསྟེན། །ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་བསྐང་། །ཀུན་གྱི་རྩ་བ་དམ་ཚིག་སྲོག་ལྟར་སྲུངས། །རང་སེམས་མ་སྐྱེས་གཉུག་མའི་དོན་ལ་བལྟ། །ཞི་ལྷག་ཟུང་འཇུག་ ཏིང་འཛིན་རྒྱུན་དུ་བསྒོམ། །གཞན་ཕན་སེམས་ཀྱིས་རྟག་ཏུ་འགྲོ་དོན་སྤྱོད། །དེ་ལྟར་གྱུར་ན་སྔགས་པ་དོན་དང་ལྡན། །གང་གིས་གདམས་པ་ནན་ཏན་སློང་བྱེད་ལ། །གདམས་པ་བྱིན་ནས་ སེམས་ལ་མ་འཆང་ན། །ནད་པ་ཉམས་ཐག་འབྲི་རྩོམ་མི་ནུས་ལ། །དཀའ་བའི་བུ་ལོན་བསྙེགས་པ་ཁོ་ནར་ཟད། །གལ་ཏེ་ཇི་ལྟར་ནུས་པར་ཉམས་བླང་ནས། །རང་རྒྱུད་ཆོས་དང་མཐུན་པར་ 23-4-30a གྱུར་པ་ན། །ཕན་པའི་གདམས་ངག་བརྗོད་པ་དོན་ཡོད་པས། །ཁྱེད་ཅག་རྟག་ཏུ་དགེ་ཞིང་ལེགས་པར་འགྱུར། ། ཞེས་པའང་རེ་སྐོང་སྔགས་པ་བསོད་ནམས་རྒྱ་མཚོ་ཞེས་བྱ་བས་ གདམས་པ་ཞིག་དགོས་ཞེས་བསྐུལ་ན་ཡང་རང་ནད་ཀྱིས་མནར་བས་ཡི་གེ་ཆེ་ཕྲ་གང་ཡང་འབྲི་མི་ནུས་པ་དང་། །མི་རེའི་ཞེ་འདོད་ལྟར་གང་དྲན་འབོད་རྩོམ་འདི་འདྲ་ཕྱིས་སུ་བྲི་མོས་གཏན་ནས་མེད་ ཚུལ་སྨྲས་ཀྱང་མི་ཉན་པར་ནན་ཏན་ཆེ་བའི་ངོར་ཨ་ཛི་ཏ་བི་ཛ་ཡས་བྲིས་པ་དགེའོ།། ༈ །། དྲི་མེད་རིག་པའི་ཐིག་ལེར་རོ་གཅིག་སྐུ། །རྡོ་རྗེ་རྣོན་པོ་དེ་ལ་ཕྱག་བགྱིས་ནས། །གནད་ཀྱི་མན་ ངག་སྙིང་གི་བུ་ལ་སྦྲོན། །དེས་ཀྱང་ཡལ་བར་མ་དོར་ཉམས་སུ་ལོངས། །བསྒོམ་བསྒྲུབ་བརྩོན་ཚེ་ཏིང་ངེ་འཛིན་དཀྲུགས་སླད། །ལུས་ཀྱི་སྣ་ཚོགས་འདུ་འགོད་བྱ་བ་དང་། །ངག་གི་ ལོང་གཏམ་མང་དུ་འཕེལ་ཞིང་རྙོགས། །ཡིད་ཀྱི་ཀུན་རྟོག་རྒྱ་མཚོའི་རླབས་ལྟར་གཡོ། །ཁྱབ་པར་ཆགས་རྟོག་ལྕགས་ཀྱུས་དྲངས་པ་དང་། །མི་འདོད་སྡང་སེམས་རལ་གྲིས་འདྲལ་བ་ཡི། །དུས་ གསུམ་ཞེན་རྟོག་སློང་བའི་ཉུལ་ལེ་འདི། །བསྐྲད་ནས་གཞུང་དོན་སྐྱོངས་དང་བསྒྲུབ་འབྲས་མཐོང་། །སྣོད་ལ་བསམ་ན་མེ་ཆུ་ང་གིས་འཇིག །བཅུད་ལ་བསམ་ན་ཐམས་ཅད་སྐྱེ་ཞིང་འཆི། ། 23-4-30b མཐོན་པོར་བསམ་ན་ཚངས་དབང་ཉིད་ཀྱང་ལྟུང་། །ཇི་ཙམ་བདེ་ཡང་ཐམས་ཅད་གློག་ལྟར་གཡོ། །ནུབ་རིར་ཉེ་བའི་ཉི་མ་ཇི་བཞིན་དུ། །སྐད་ཅིག་མི་སྡོད་སྔར་འདས་ཕྱིས་དེ་བཞིན། །རྐྱེན་ དང་ཕྲད་ན་དེ་རིང་ན་ཡང་འཆི། །ཅི་ལའང་ཡིད་བརྟན་མེད་པ་འདི་ཤེས་མཛོད། །བདེ་གཤེགས་སྐུ་གཟུགས་རྩིགས་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟ་ན་ཡང་། །དེ་ དག་རིམ་གྱིས་སངས་རྒྱས་བྱེ་བ་དག །མཐོང་བར་འགྱུར་ཞེས་རྒྱལ་བ་དེ་ཡིས་གསུང་། །དེས་ན་བློ་ཆེན་ཡིད་ཀྱི་རྒྱ་མཚོ་རུ། །ཡེ་ཤེས་གཏིང་དཔག་བྲལ་བའི་བདེ་གཤེགས་ཉིད། །བཞིན་ལེགས་ མཚན་དཔེའི་གང་དུ་སུས་བསྒོམ་པ། །སྐྱེ་དང་སྐྱེ་བར་འབྲས་བཅས་ཁོ་ན་ཡིན། །ཟག་བཅས་ཡོན་ཏན་འཐོབ་པའི་དྲང་སྲོང་གིས། །བྱས་པའི་སྔགས་ཀྱི་འབྲས་བུ་འདིར་མཐོང་ན། ། ཇི་ལྟར་ཆུ་ལས་མེ་འབར་འགྱུར་སྲིད་ཀྱི། །རྟག་ཏུ་རྫུན་གྱི་གོ་སྐབས་མི་མངའ་ཉིད། །བདེན་མཆོག་རྒྱལ་གསུང་ཆུ་གཏེར་ལས་འཐོན་པ། །ཟག་མེད་བྱིན་རླབས་འདོད་དགུའི་དཔལ་འབར་བའི། ། གཟུང་མཆོག་སྔགས་ཀྱི་ཡིད་བཞིན་དབང་རྒྱལ་ལས། །གང་འདོད་འབྲས་བུ་འབྱིན་ལ་བསླུ་བ་མེད། །སྙིང་པོའི་དོན་གྱིས་མ་ཟིན་བཟླས་བསྒོམ་ཕལ། །བདེ་བར་གཤེགས་པའི་ཚུལ་ལ་ 23-4-31a འཇུག་རྩོམ་མོད། །ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ནི། །བདེ་བར་གཤེགས་དངོས་མངོན་སུམ་ཉིད་བགྱིས་སླད། །ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབ་པ་ནི། །ཨ་ཏི་ ཡོ་གའི་ཡེ་ཤེས་མཐོང་ལ་རག །དེ་རྒྱུ་ཤེས་རབ་དྲི་མ་མེད་པ་སྟེ། །དེ་ཡང་བསྒོམ་བསམ་ཐོས་ལ་རིམ་པས་རག །མེད་ན་མི་འབྱུང་རྒྱུ་ཡི་ནུས་པ་དང་། །ཚོགས་ན་མི་ལྡོག་འབྲས་བུར་འབྲེལ་ བའི་གཞུང་། །ཀུན་མཁྱེན་བརྒྱུད་པར་བཅས་པའི་ལམ་འདི་ལས། །བདེན་བཞིའི་འཇུག་ལྡོག་དམིགས་པའི་གོ་བ་ཚོལ། །སྲིད་པ་མྱ་ངམ་ཐང་ལ་འཁྱམས་པའི་འགྲོ། །ཐུབ་མཆོག་ཕྱག་གིས་ཀྱང་ ནི་མི་འདྲེན་ན། །སྐྱེ་དགུའི་ཐར་ལམ་གསུང་ལ་རག་ལས་ཕྱིར། །ཆོས་ཚུལ་རིན་ཆེན་འབད་པས་བླང་བར་འོས། །ཐོས་མང་འོད་ཟེར་ཕྲེང་བས་དཀྲིག་གྱུར་པའི། །རྨད་བྱུང་སྤོབས་པའི་བློ་ མཆོག་ཟླ་བ་ནི། །ཐུབ་བསྟན་ལྷ་ལམ་ཡངས་པོར་རྒྱུ་བའི་ཚེ། །བློ་དམན་རྒྱུ་སྐར་བྱེ་བ་ཟིལ་གྱིས་གནོན། །དེ་ཚེ་ལུགས་ཟུང་དཔལ་ལ་སྒྲིབ་པའི་སྨག །འཇུག་པའི་གོ་སྐབས་འཚལ་བར་མ་ གྱུར་ཚེ། །ཕྲལ་ཡུན་དཔལ་ཡོན་སྟོང་གི་ཀུནྡ་རྣམས། །ངོ་མཚར་འཛུམ་མིག་གཡོ་བའི་ས་འདི་ག །མི་སྡུག་རྒ་ན་དྲི་མས་སྦག་པའི་ལུས། །འབད་པས་བྱི་དོར་བྱེད་ལ་མངོན་དགའ་ན། ། 23-4-31b ཤི་ཡང་འབྲལ་བ་མིན་གྱུར་རང་གི་སེམས། །ཡོན་ཏན་ཚོགས་ཀྱི་བཀོས་པར་ཅིས་མི་དང་། །རྨོངས་པའི་གྲིབ་གཟུགས་གྱིས་མནན་དམན་པའི་སར། །བག་ལ་ཞ་བའི་བློ་ངན་གནམ་སྟོང་ཟླ། ། འབད་པས་ཡོན་ཏན་འགྲོས་སུ་ཉེར་གནས་ན། །དཀར་ཕྱོགས་བཞིན་དུ་བློ་སྟོབས་རིམ་གྱིས་འཕེལ། །འཇིག་རྟེན་དཔལ་ཡོན་སྟོན་གྱི་ཀླུངས་ཆེན་ཡང་། །བློ་གྲོས་མཉན་པའི་མཐུ་ཡིས་ བགྲོད་དགོས་ན། །ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་ཆེར་འཇུག་པ། །བློ་མཆོག་གཟིངས་ལ་བརྟེན་པ་སྨོས་ཅི་འཚལ། །ནགས་སུ་ཞི་བའི་བདུད་རྩི་འཐུང་བ་དང་། །ཡང་ན་སྐྱེ་བོའི་ཁྲོད་དུ་མེ་ ཏོག་གི། མགོ་ལྕོག་བཞིན་དུ་སྤྱི་བོས་བཀུར་བ་གཉིས། །ཡ་རབས་དམ་པའི་སྤྱོད་པ་ཉིད་དུ་གསུང་། །ཇི་ལྟར་རིན་ཆེན་གླིང་བགྲོད་སྐྱེས་བུ་དག །འདི་ནས་ལེན་གྱི་ཡུལ་དུ་སྤྱོད་སྨྲ་ལྟར། ། དམ་པའི་གྲོགས་པོ་འདི་ནི་ལས་ཀྱི་ས། །འདི་ནས་ཕ་རོལ་འབྲས་བུའི་ས་རུ་གསུངས། །དུས་ནི་ཡུན་ཐུང་ཟིན་མེད་བྱ་བ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ནང་ནས་ནི་འོ་ མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་གྱིས། །ཇི་སྲིད་སྡུག་པའི་དུས་ཀྱི་ཟླ་རྒྱས་དེ། །འཆི་བདག་གཟའ་ཆེན་འདི་ཡིས་མ་རྙེད་པར། །དེ་སྲིད་བག་ཡོད་སེམས་ཀྱིས་བདག་གིས་ 23-4-32a བདག །སྙིང་རྗེའི་འོས་སུ་བྱ་བ་མ་ཡིན་ནམ། །རེ་ཞིག་ཕུན་སུམ་ཚོགས་ལྡན་མི་དབང་ནས། །བྲན་གྱི་ཐ་མའི་བར་གྱུར་སོ་སྐྱེ་སྙེད། །མཚུངས་པར་བཅིང་བའི་འཁྲུལ་སྣང་ སྨག་ཆེན་འདིས། །ཞི་བའི་མཐའ་ལ་སེམས་པའི་མིག་སྒྲིབ་ནས། །འདི་སྣང་ཙམ་ལ་ཞེན་ཅིང་དེ་ཡི་དོན། །གཏམ་སྲིད་བརླག་པའི་ཟོང་གིས་བསྒྲུབས་པ་རྣམས། །ཇི་སྙེད་རང་གཤེད་བཀོལ་ བའི་མཚང་རིག་ནས། །འཁྲུལ་ལོ་སྙམ་དུ་བློ་ཡིས་ཞེ་འཕྲིག་ཚུད། །གྲང་རེག་དགུན་མཐའ་རྫོགས་པའི་སོས་དུས་བཞིན། །ཤེས་ན་ལང་ཚོ་ཡོལ་བ་བདེ་བའི་དུས། །ཆར་སྤྲིན་གཡོ་བའི་དུས་ཀྱི་ རྨ་བྱ་བཞིན། །ཆོས་བྱེད་དགའ་བ་འཆིང་བའི་དུས་སུ་བཤད། །བླུན་པོ་ཁ་ཅིག་མཛེས་སྡུག་གཞོན་ནུ་མ། །བདག་གི་གྲོགས་སུ་ཞུག་པའི་བཞིན་གྱི་དཔལ། །བདག་མིག་མེ་ལོང་དྭངས་པར་ཡང་ དང་ཡང་། །བཀོད་ནས་སྙིང་གི་བཅུད་དུ་བསྒོམ་པ་བཞིན། །བདེ་གཤེགས་ཀུན་གྱི་སྙིང་པོར་གྱུར་པ་ཡི། །སངས་རྒྱས་པདྨ་སྐྱེས་གང་འཇམ་པའི་དབྱངས། །བདག་སྙིང་ཡེ་ཤེས་སེམས་དཔར་ གྱུར་དེ་ལ། །ཡང་ཡང་བལྟ་འདུད་སྙིང་གི་བཅུད་དུ་སྒོམས། །འདིས་ནི་བྱང་ཆུབ་སྙིང་པོར་བདག་ཉིད་ནི། །སྐྱེ་རྒུའི་མགོན་དུ་མ་གྱུར་དེ་སྲིད་དུ། །མི་གཏོང་ཐུགས་རྗེ་ཞི་བའི་བསིལ་གྲིབ་ལ། །འདོད་ 23-4-32b རྒུར་རོལ་པའི་ཕན་བདེ་སྦྱིན་པ་ཡིན། །ལུགས་མང་མེ་ཏོག་ཚལ་ནི་བགྲང་དཀའ་ཡི། །དོན་གྱི་སྙིང་པོ་གདམས་ངག་མངར་བའི་རོ། །མྱང་ན་སྙིང་ལ་ཕན་བདེར་གྱུར་གང་ཞིག །བདག་བློའི་རྣམ་ དཔྱོད་བུང་བས་བསྐྲུན་པ་ཡིན། །གཏམ་འདི་རྒྱ་མཚོ་ཆེ་ལ་ཆར་བཞིན་དུ། །བློ་གསལ་ཁྱོད་ཐུགས་དཔལ་བེར་སིམ་པའི་མོད། །དྲི་མེད་ཤེས་རབ་འབུམ་གྱི་ཟེར་འཕྲོ་བའི། །རྨད་བྱུང་དགའ་བདེའི་ ཟླ་བ་གསལ་གྱུར་ཅིག །ཅེས་གདམས་པ་ཉུང་ངུ་འདི་ནི་འཇམ་དཔལ་ན་ག་རཀྵའི་བསྙེན་མཚམས་སྐབས་སུ་གང་ཤར་སྤེལ་བའོ།། ༈ །། བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །སེམས་ཉིད་འོད་ གསལ་ཐེག་པ་མཆོག་གི་རྩེ། །རང་ལ་ཡེ་ནས་གནས་པའི་ཡེ་ཤེས་སྐུ། །གྲུབ་མཐའི་རྟོག་པ་གང་གིས་མ་བསླད་པ། །ཐ་མལ་རང་གྲོལ་རང་ངོ་རང་གིས་རིག །འདི་ལ་བསལ་དང་བཞག་པ་གང་ཡང་ མེད། །མ་བྱས་ལྷུན་གྲུབ་རང་བཞིན་རང་འོད་གསལ། །ནམ་མཁའ་བཞིན་དུ་གདོད་ནས་སྒྲིབ་པས་དབེན། །སྒྲ་དང་ཚིག་གི་ལམ་བྲལ་བརྗོད་དུ་མེད། །མི་ཤེས་མུན་པ་ཡེ་ནས་ངང་གིས་སངས། །བྱར་ མེད་རྩོལ་མེད་གཉུག་མ་རྒྱ་ཡན་ཀློང་། །སྒོམ་དུ་མེད་ལ་འབྲལ་དུ་མེད་པ་སྟེ། །རང་ལས་གཞན་མེད་ཡུལ་དང་ཡུལ་ཅན་མེད། །བལྟ་བྱ་ལྟ་བྱེད་གཉིས་མེད་ཟང་ཐལ་དབྱིངས། །ཐམས་ཅད་ཅིག་ཆར་མཐོང་ 23-4-33a བས་ཐེ་ཚོམ་ཟད། །འདི་ཡིན་དེ་ཡིན་རྩིས་གདབ་ཡུལ་ལས་འདས། །དམིགས་པའི་ཐ་སྙད་ཀུན་དང་ཡོང་ཡེ་བྲལ། །མ་སྒོམ་མ་སྒྲུབ་མ་བཅོས་རང་བབ་གཤིས། །ཆོས་ཀུན་ཟད་ པ་གནས་ལུགས་མཐར་ཐུག་དོན། །བཏང་བཞག་འགྲོ་འོང་མེད་པས་ལྷན་ནེ་བ། །རྒྱུ་ལས་མ་སྐྱེས་རྐྱེན་གྱིས་མི་འགྱུར་ཞིང་། །རྩོལ་བས་མི་འགྲུབ་རང་བྱུང་གཉུག་མའི་སེམས། །ནམ་མཁའ་འདྲ་སྟེ་ ཐམས་ཅད་དེ་ཡི་ངང་། །དེ་ཉིད་རྟོགས་ནས་གང་ལའང་རེ་འདོད་མེད། །གདེང་དུ་ཕྱིན་ན་སུ་ལའང་འདྲི་མི་དགོས། །བྱ་བྲལ་ནམ་མཁའི་རྣལ་འབྱོར་བློ་རེ་བ དེ། །ཀུན་ཤོངས་གང་གིས་མི་ཤིགས་རྡོ་རྗེའི་སྐུ། ། དེ་མཐོང་རྟོག་པའི་རྦ་རླབས་འཁྱམ་པོ་ཡིས། །རིང་ནས་བསྒྲུབ་པ་སྲིད་པའི་གྲོང་ཁྱེར་གྱི། །འཇིགས་པའི་གཡུལ་ངོར་མི་འཇིགས་སེང་གེ་བཞིན། །དགྲ་ལས་རྣམ་པར་རྒྱལ་བ་ཨེ་མ་མཚར། །འདི་འདྲའི་ དོན་ལ་འཇུག་པར་འདོད་པ་རྣམས། །གྲུབ་བརྙེས་རིག་འཛིན་བརྒྱུད་པའི་རིང་ལུགས་ལ། །སྙིང་གི་ནོར་བུར་བཟུང་ནས་བཞག་ཐབས་ཀྱི། །མན་ངག་གནད་བསྣུན་དད་པའི་མེ་ཆེན་སྦོར། །བལྟར་མེད་ དམིགས་བསམ་བྲལ་བའི་རིག་པ་ལ། །ལྟ་འདོད་མ་བྱེད་རང་བབས་དྭངས་སུ་ཆུག །རྒྱ་ཆད་ཕྱོགས་ལྷུང་མེད་པའི་རིག་པ་ལ། །འཇུར་བུས་མ་བཅིང་རྒྱ་ཡན་གཉུག་མར་ཞོག །བཏང་བཞག་འགྲོ་ 23-4-33b འོང་མེད་པའི་རིག་པ་ལ། །རྩོལ་བས་མ་སྒྲུབ་རང་གཤིས་ལྷོད་ལ་ཞོག །དགག་སྒྲུབ་བསལ་བཞག་མེད་པའི་རིག་པ་ལ། །ཡིན་མིན་རྟོག་དཔྱོད་མ་འཇུག་ལྷན་ནེར་ཞོག །དེ་ལྟར་བཞག་ན་ཆོས་ཉིད་ རང་གནད་ཀྱིས། །ཆོས་ཀུན་དེ་ཉིད་རྫོགས་པ་ཆེན་པོ་མཐོང་། །ཟབ་མོའི་མན་ངག་ལྡན་ན་ཚེགས་མེད་འབྱུང་། །བླ་མའི་བྱིན་རླབས་ཞུགས་ན་ཡུད་ཀྱིས་འཆར། །ལམ་མཆོག་གོམས་ཡུན་བསྲིང་ན་ གདོད་ཀྱིས་ཤེས། །ཚོགས་རྫོགས་སྒྲིབ་པ་དག་ན་གསལ་བར་མངོན། །མ་བལྟས་ཆོས་རྣམས་ཀུན་གྱི་རང་བཞིན་ཤེས། །མ་བསྒོམ་གཡོ་བ་མེད་པའི་ཏིང་འཛིན་ཐོབ། །མ་བགྲོད་ས་ལམ་ཀུན་གྱི་ རྩེ་མོར་ཕྱིན། །མ་སྒྲུབ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ། ། ས་མ་ཡ། ཆུ་འབྲུག་སྨིན་ཟླའི་ཚེས་བཅུ་བཞིར་སེམས་ཉིད་འོད་གསལ་ཐེག་པ་མཆོག་གི་རྩེ་ཞེས་རང་གར་ཡིད་ལ་ཤར་བའི་རྐྱེན་གྱིས་མུ་མཐུད་དེ་ཁ་ ནས་རྩེད་མོ་ལྟ་བུར་རྡོལ་བ་འདི་ནི་མི་ཕམ་རྣམ་པར་རྒྱལ་བས་སོ།། ༈ །། སྡུག་བསྔལ་གང་བྱུང་རྒྱུ་དེ་རང་ལ་ཡོད། །རང་ལ་ལས་མེད་སྡུག་བསྔལ་ནམ་ཡང་མིན། །བླུན་པོས་རང་གི་ལེ་ལན་བཞག་ ནས་སུ། །གཞན་གྱིས་བྱས་སོ་སྙམ་དུ་སླར་ཡང་རྨོངས། །སྡུག་བསྔལ་སློང་རྐྱེན་གཞན་དག་ཡོད་མོད་ཀྱི། །བཟོ་བོས་སྤྱད་ཆ་བཞིན་དུ་རང་གིས་སྒྲུབ། །བསྒྲུབ་ཟིན་དུས་སུ་བབ་ན་མངོན་དུ་འགྱུར། ། 23-4-34a དེ་བས་ལེ་ལན་ཐམས་ཅད་རང་ལ་དེང་། །རང་གིས་ལས་ཀྱིས་གང་གང་འདུ་བྱས་པ། །དེ་དེ་མངོན་སྣང་གཞན་ལ་རང་དབང་མེད། །དཔེར་ན་ལྟ་ན་སྡུག་པའི་བུ་མོ་དང་། །མི་སྡུག་ རྒན་མོའི་མདུན་གྱི་འདོད་ལྡན་བཞིན། །ལ་ལ་འདོད་པ་གཞན་ལ་ཐོབ་པ་གཞན། །ལ་ལ་འདོད་བཞིན་ཐོབ་སྟེ་གཞན་དག་ནི། །མི་འདོད་བཞིན་ཐོབ་འདོད་པ་འབྲས་མེད་པ། །དེ་དག་ཐམས་ཅད་ལས་ ཀྱི་གཞན་དབང་ཉིད། །དེ་བས་སྲིད་པ་འདི་ན་སྣང་བ་ཀུན། །རང་དབང་མེད་པར་སྔོན་གྱི་འདུ་བྱེད་ལས། །ཇི་ལྟར་འཕངས་བ་བཞིན་དུ་འཇུག་ཤེས་ནས། །རྒྱུ་འབྲས་བཟང་པོའི་འདུ་བྱེད་བརྟེན་ན་ལེགས། ། སྔོན་སོང་འདུ་བྱེད་བཟང་པོའི་མཐུ་ཡོད་ན། །ཇི་ལྟར་བསམ་པ་དེ་དང་དེ་བཞིན་འགྲུབ། །དེ་ཚེ་བདག་ནི་རང་དབང་ཅན་སྙམ་ཡང་། །ད་ལྟའི་སེམས་ཀྱི་སྟོབས་མིན་སྔོན་ལས་དབང་། །དེ་བས་སྡིག་ ལྟུང་ཉེས་པ་བཤགས་བྱོས་ལ། །དགེ་ཚོགས་འབད་བྱོས་ཀུན་ལ་ཕན་པ་སྒྲུབ། །མཆོག་གསུམ་གུས་བྱོས་ལྷ་སྔགས་ཟབ་མོ་བསྟེན། །དེས་ནི་ཕུན་སུམ་ཚོགས་པའི་འབྲས་བུ་འགྲུབ། །ཆུ་སྦྲུལ་ ཟླ་བ་༣ཚེས་༡༠བཟང་པོར་བྲིས། ། ༈ སྲས་བཅས་རྒྱལ་བའི་མཁྱེན་རབ་འཇམ་པའི་དབྱངས། །བདག་ཡིད་པདྨའི་གེ་སར་དབུས་ཉིད་དུ། །དེང་ནས་བྱང་ཆུབ་བར་དུ་དགྱེས་བཞུགས་ལ། །ཚད་མེད་ 23-4-34b བློ་གྲོས་སྣང་བ་འཕེལ་བར་མཛོད། །སྲིད་འབྱོར་མ་ལུས་གཅིག་ལ་ཡོད་གྱུར་ཀྱང་། །ཆོག་ཤེས་མེད་ལ་རྒྱགས་དང་དྲེགས་པ་འཕེལ། །ཟིན་མེད་གཡེངས་བའི་ལམ་ལ་བག་མེད་རྒྱུ། །འདུས་བྱས་ གཡོ་བས་བསླུ་ཞིང་གང་མྱོང་བ། །རྨི་ལམ་རྨིས་པ་བཞིན་དུ་བཏོལ་མེད་འགྲོ། །འདོད་སྲེད་ཀུན་རྟོག་གཡོ་བ་རྒྱུན་ཆད་མེད། །འདི་འདྲའི་འ་འོལ་བརྫུན་པའི་རང་སྣང་ལ། །ཐད་ཀར་བལྟས་ན་སྐྱོ་ཤས་ འཕེལ་བའི་གནས། །ཨེ་མ་འདི་འདྲའི་འདོར་ལེན་འཁོར་ལོ་འདི། །ཡང་ཡང་ཐོག་མཐའ་མེད་པར་བསྐོར་བས་ཅི། །མ་འཁྲུལ་གཤིས་སུ་རིག་པ་ངལ་གསོས་ཏེ། །ང་མེད་ངང་དུ་གང་དགར་བོར་ ན་ལེགས། །སྨིག་རྒྱུའི་ཆུ་བོར་ཆུ་ལོན་བརྩིག་མི་དགོས། །རང་མཚང་གོ་ན་འདོར་ལེན་མདུད་པ་འཇིག །དོན་མེད་ཤ་ཐང་ཆད་པའི་འགྲོ་བ་རྨོངས། །ཀྱེ་ཧོ། རང་དབང་ཐོབ་མཛོད་རྣལ་ འབྱོར་པ། །སྨིག་སྒྱུར་དངོས་པོར་རློམ་པའི་འཆིང་ཐག་དེས། །ནམ་མཁའི་ཁྱེའུ་ཆུང་དམ་པོར་འཆིང་ལ་ལྟོས། །མི་གཙང་གཟེབ་ལ་དགའ་ཞིང་རེ་འདོད་ཀྱིས། །སྐྱོ་བ་འདི་ཀོ་མཐུ་ལྡན་སུ་ཡི་ མཐུ། །མཁའ་འདྲའི་སེམས་ཀྱི་རང་བཞིན་སེམས་ཀྱིས་མཐོང་། །མངོན་སུམ་གྱུར་ལ་ལུང་གིས་ཅི་ཞིག་བཙལ། །དེ་ངང་བདུད་ཀྱི་རྒྱུ་བ་འགག་ངེས་པར། །མ་ཡེངས་དྲན་པས་སྐྱོངས་དང་ 23-4-35a བདུད་ལས་རྒྱལ། ། ས་གླང་ཟླ་༣བ་ཚེས་༣དགེ་བར་བྲིས་སོ།། ༈ །། གང་སྣང་རྨི་ལམ་ལོངས་སྤྱོད། །བསམ་བསམ་ཆུ་གཉེར་སྤོས་རྒྱ། །འདི་གཉིས་འདེད་ཚོད་མི་ འདུག །གང་བྱུང་ཐད་ཀར་བོར་ཤོག །ལས་ང་འཁོར་ལོ་བསྐོར་ན། །ངལ་གསོ་གཏན་ནས་མི་གདའ། །སྔོན་ནས་ད་བར་དེ་འདྲ། །ད་ལྟ་རང་སོ་ཟུངས་ཨང་། །གང་དྲན་ཙམ་གྱིས་ཐོངས་ལ། ། བྱར་མེད་ངང་དུ་ལྷོད་ནས། །དེ་མིན་བྱ་བྱེད་དྲན་བསམ། །གཅིག་ཀྱང་མེད་པར་མཛོད་དང་། །རྙོག་མ་དྭངས་བའི་ཆུ་དང་། །སྤྲིན་བྲལ་ནམ་མཁའི་ཚུལ་དུ། །རྣལ་མ་སེམས་ཀྱི་རང་ཚུགས། །ཅུང་ ཟད་ཟིན་ཚེ་སྐྱིད་དོ། །ས་གླང་ཟླ་ཚེས་༣ལའོ།། ༈ །། རང་གིས་རང་ལ་གྲོས་འདེབས་ནམ་མཐའ་ཅན་བཞུགས། ཀྱེ་ཧོ། དྲིན་ཅན་བླ་མ་འཇམ་པའི་དབྱངས་ཀྱི། །ཞལ་རས་ཟླ་བ་ རྒྱས་པའི་གསུང་ཟེར། །མ་ཡེང་ཏིང་འཛིན་ལམ་གྱི་གཙོ་བོར། །གདམ་པ་སྙིང་གི་བདུད་རྩི་མིན་ནམ། །ཀྱེ་མ་བུ་ཧྲུལ་མི་ཕམ་རྣམ་རྒྱལ། །ཁྱོད་ནི་རྣམ་དཔྱོད་གསལ་བར་གྲགས་ཤིང་། །བཀའ་ དང་དགོངས་འགྲེལ་གཞུང་ལུགས་མཐོང་བས། །འཁོར་འདས་སྐྱོན་ཡོན་ཤེས་ཁུལ་མིན་ནམ། །དལ་འབྱོར་གྲུ་བོ་རྙེད་པར་དཀའ་ཞིང་། །ཡུད་ཙམ་ཚེ་འདི་གློག་བཞིན་གཡོ་བ། །ལས་འབྲས་ 23-4-35b བསླུ་མེད་རྗེས་སུ་འབྲངས་ཏེ། །སྲིད་པའི་བདེ་སྡུག་མྱོང་བ་མིན་ནམ། །འཁོར་བ་འདི་ནི་སྡུག་བསྔལ་རྒྱ་མཚོ། །རང་སྡུག་མི་ཤེས་རྨོངས་པའི་འགྲོ་བ། །ཡང་ཡང་འཁོར་བའི་རང་གནས་ ཡིན་པ། །ཅུང་ཟད་ཁྱོད་ཀྱིས་ཤེས་ཁུལ་མིན་ནམ། །ཅིས་རྨོངས་བཙལ་ན་རྩ་བ་རང་སེམས། །རང་དབང་མེད་པའི་ཉོན་མོངས་གདོན་ཆེན། །ཡེ་ནས་རང་ཞུགས་འདི་ག་མིན་པ། །ཕུང་ཁྲོལ་ བྱེད་པོ་གཞན་མེད་མིན་ནམ། །མགོན་མེད་སྲིད་མཚོར་ལྷུང་བའི་ཨ་མ། །དྲིན་ཅན་ཚོགས་ཀྱང་ཡིད་ལ་བཅག་སྟེ། །བསླུ་མེད་སྐྱབས་གསུམ་ཐུགས་རྗེའི་གྲིབ་བསིལ། །དད་པ་གསུམ་གྱིས་ བརྟེན་ཁུལ་མིན་ནམ། །བྱ་སྤུ་ང་ཁྱེར་ལྟ་བུའི་ཡིད་འདིས། །སྲིད་འགྲོ་གཞན་གྱི་སྐྱབས་བྱེད་ཕར་ཞོག །རང་སེམས་རྣལ་གནས་ཙམ་གྱི་བདེ་བ། །ཐོབ་པའི་རེ་བ་མེད་པ་མིན་ནམ། །ཆུ་བོའི་ གཉེར་མ་ཟད་མཐའ་མི་འདུག །བར་སྣང་སེར་བུ་སྡོད་མཐའ་མ་མཐོང་། །རང་གིས་རང་གཡོ་ནམ་གཡེངས་ཀུན་རྟོག །རང་གར་གནས་དུས་མེད་པ་མིན་ནམ། །ཆུ་ལོན་དྲག་པོས་ཆུ་ཤུགས་ བཟློག་བཞིན། །དྲན་ཤེས་ར་བའི་སྲང་དུ་གཅུན་ན། །གདུལ་དཀའ་སེམས་ཀྱི་གླང་པོ་དེ་ཡང་། །དུལ་བའི་གནས་སྐབས་ཡོད་པ་མིན་ནམ། །འདི་ན་དབང་མེད་བསམ་དུ་བཅུག་མཁན། །སུ་ཡང་ 23-4-36a མེད་བཞིན་རང་གིས་བསམ་ཕྱིར། །དོན་མེད་བསམ་པ་མཐའ་དག་སྤངས་ནས། །དོན་ཆེན་བསམ་པར་འོས་པ་མིན་ནམ། །བསམ་ཀྱང་འབྱོང་དཀའ་ངན་གོམས་ཤོག་ དྲིལ། །རང་གཤིས་ཤོར་བ་ཙམ་གྱི་ལན་པས། །གོམས་པའི་རང་ཉམས་རྙེད་པའི་བར་དུ། །རྒྱུན་ཆགས་འབད་པ་བགྱི་འོས་མིན་ནམ། །ཡིན་པར་ཤེས་ཀྱང་རྩོལ་བ་དོར་ནས། །མ་བྱུང་ལན་ ཁག་རྐྱེན་ལ་བཀལ་ཏེ། །ལོངས་ཡོད་དུས་སུ་ཡེངས་ལ་བོར་ན། །བཤད་བཤད་མཁས་པ་སྟོང་ཟོབ་མིན་ནམ། །ལོ་ནས་ལོ་ལ་དབེན་པར་བསྒོམས་ཀྱང་། །འདི་བྱུང་བཟང་སྐྱེད་ཆེན་པོ་མི་ སྣང་། །དོན་མེད་ཆུ་འབྱམས་རྟོག་པའི་རྐུན་པོས། །སྒྲུབ་འབྲས་ཆུད་ཟར་བྱེད་པ་མིན་ནམ། །ལངས་ཤོར་སེམས་འདི་མ་དུལ་ཆུང་མའི། །ངང་ཚུལ་འདྲ་ཞིང་མགུ་དུས་མི་གདའ། །བསྟེན་པས་ མི་བདེ་སྤངས་ན་དགའ་འདུག །རྣམ་རྟོག་རྒྱབ་ལ་བོར་དུས་མིན་ནམ། །ཡུད་ཙམ་དམིགས་ཀྱང་འདི་ཕྱིའི་དོན་ཆེན། །ལོ་བཟང་སྙེ་མ་ལྟ་བུར་འཕྱུར་བའི། །ལྷ་སྔགས་ཏིང་འཛིན་དམིགས་པའི་ འཕྲོ་འདུ། །ཆུ་བོའི་རྒྱུན་བཞིན་བསྟེན་དུས་མིན་ནམ། །དལ་བའི་རྟེན་ལ་དམ་པའི་མན་ངག །དབེན་པའི་གནས་སུ་རང་ཉམས་ལེན་པའི། །སྐལ་བ་བཟང་པོ་རིན་ཆེན་གཏེར་འདྲ། །ཡང་ཡང་རྙེད་པར་ 23-4-36b དཀའ་བ་མིན་ནམ། །བསམ་བསམ་སྣ་ཚོགས་འབྲས་མེད་ངལ་བས། །ཤ་ཐང་གཅོད་པ་རིམས་ནད་གདོན་འདྲ། །ཞི་བྱེད་བདུད་རྩི་ཞི་གནས་བཟང་པོ། །དུས་ཐབས་འགྲིགས་ཚེ་འཚོལ་ འོས་མིན་ནམ། །དེ་རིང་ཇི་བཞིན་སོང་ཡང་དེ་བཞིན། །དམིགས་དང་རྣམ་གཡེངས་འདྲ་མ་འདྲེས་ཀྱི། །ངང་ལ་རི་ཁྲོད་དབེན་པར་གབ་ཀྱང་། །བཟང་སྐྱེད་བོགས་ཐོན་དཀའ་བ་མིན་ནམ། །ཉིན་ རེ་བཞིན་ཡང་ཇེ་བས་ཇེ་སྒྲིམ། །བསམ་རྒྱུ་དྲན་རྒྱུ་ཏིང་འཛིན་ཁོ་ན། །དེ་འདྲའི་རྩེ་གཅིག་རྩོལ་བ་མེད་ན། །འདོད་འབྲས་སྨིག་རྒྱུའི་རྗེས་འགྲོ་མིན་ནམ། །རྩ་གསུམ་དམ་ཅན་ཡེ་ཤེས་སྤྱན་ལྡན། ། སྐལ་བ་ཡོད་ན་ཐུགས་རྗེ་མི་ཡོལ། །མྱ་ངམ་ཐང་བཞིན་བྱིན་རླབས་བརླན་ཙམ། །མེད་པ་འདི་ཀོ་རང་ཉེས་མིན་ནམ། །གནས་ཆ་བག་ཙམ་མེད་པས་ཉམས་སྣང་། །ཟ་ཟི་ཙམ་གྱི་སྣ་ནས་མ་ཟིན། ། ཕ་རོལ་བ་སྤུ་གཡོ་བའི་ནུས་པ། །མ་ཐོབ་ལག་སྟོང་འཁྱམས་ཤོམ་མིན་ནམ། །ལོ་ཟླ་མང་པོའི་བསྒོམ་བཟླས་བྱས་ཞེས། །ཁ་གཏམ་ཙམ་གྱི་ཁ་ཕོ་མིན་པ། །ཁ་སྟོང་ལག་སྟོང་ངང་ནས་སྒྲུབ་ འབྲས། །གར་སོང་འདིར་ཡོད་མེད་པ་མིན་ནམ། །རྣམ་གཉིས་གྲུབ་འབྲས་རྒྱ་ཆེར་མངོན་པ། །སྐལ་དམན་ངེད་འདྲས་འགྲུབ་ཟེར་དཀའ་ཡང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པས། །དྲོད་ 23-4-37a རྟགས་ཕྲ་མོ་སླ་བ་མིན་ནམ། །སླ་ཡང་མ་བྱུང་རང་གི་ཉེས་པ། །རྒྱུ་ཚང་འབྲས་འབྱིན་རྟེན་འབྲེལ་ཆོས་ཉིད། །ལྷ་སྔགས་མི་བསླུ་དེ་ཕྱིར་སེམས་འདིས། །རང་གིས་རང་ བསླུས་བྱས་པ་མིན་ནམ། །སྐྲ་དང་མིག་འབྲས་ཇེ་བས་ཇེ་དཀར། །ཞེ་ཕུག་ངོ་ཟུམ་ཇེ་བས་ཇེ་ནག །མ་བསྒུག་མགྲོན་པོ་ཉིན་བཞིན་ཉེ་ཡི། །འདོད་ཡོན་ཞི་བསྒུག་བསྐྱུར་རན་མིན་ནམ། །གཅེས་ དགུའི་དབང་པོ་འགྲིབ་གྱིན་འདུག་པས། །དབང་ཡུལ་འདོད་ཡོན་བསྙེགས་ཀྱང་ཅི་བྱ། །ཏིང་འཛིན་འཆི་མེད་བདུད་རྩི་བཟང་པོ། །ཕན་ངེས་བསྙེགས་རྒྱུ་འདི་གཅིག་མིན་ནམ། །ད་ནི་གཡོ་ ཅན་སེམས་ཀྱི་རྐུན་པོར། །དོན་ཆེན་ནོར་བུ་བྱིན་པས་ཆོག་གི། བདག་དོན་ཕྲ་མོ་ཙམ་ཡང་འགྲུབ་པའི། །གེགས་བྱེད་འདི་ལ་ཟོན་དགོས་མིན་ནམ། །མ་གཡེངས་མ་ཡེངས་ཡིད་ཀྱི་ཁྱེའུ་ཆུང་། །ད་སྔ་ གཡེངས་བས་བསླུས་བསླུས་ཨེ་དྲན། །བར་མེད་གཡེང་བ་ཆུ་རིས་འདྲ་བས། །རྒྱུན་ཆགས་དྲན་པའི་བྱ་ར་སྒྲིམས་ཤིག །བསྒྲིམ་ན་ཁོ་བས་ང་སྟོབས་ཇེ་ཆེ། །མ་བསྒྲིམ་སྔོན་ནས་ཁོ་དབང་ ང་སོང་། །ངེད་གཉིས་ད་ནས་འདུམ་པོ་མི་འདུག །གཅིག་ཤི་གཅིག་ལུས་མི་བྱེད་ཀ་མེད། །རྩོལ་བ་མེད་ཀྱང་ངང་གིས་གནས་པའི། །གནས་སྐབས་བག་ཡང་ཙམ་གྱི་ངལ་གསོ། །དེ་སྔ་ 23-4-37b མཐོང་བ་མེད་པར་མནར་བས། །ཡི་ཆད་བརྒྱ་ཕྲག་ད་ནི་ལངས་སོང་། །བརྒྱ་ལ་ད་རུང་ལོ་ཟླའི་མཐར་ཡང་། །རང་དབང་ཅུང་ཟད་མེད་པར་སྔར་བཞིན། །ཕུ་མདའ་ཉིན་སྲིབ་གར་ཡང་མངགས་ པའི། །ས་དེར་རླུང་བཞིན་འཁྱམས་ཀྱིན་འདུག་ན། །ཕ་བསད་ཁྲག་གིས་ལག་པ་དམར་བའི། །མི་ཤ་ཅན་གྱི་བྲན་དུ་ལོ་བརྒྱར། །ཅི་མི་སེམས་སུ་གནས་པ་འབུམ་ལས། །འདི་ཉིད་ནོངས་པ་ བརྒྱ་ཡིས་ལྕིའོ། །མི་བསད་ཤན་པ་གནས་སྐབས་དགྲ་བོ། །རྣམ་གཡེངས་བཟློག་མེད་གཏན་གྱི་ལྟག་བདུད། །ཨེ་མ་དེ་གཉིས་མཉམ་པར་ལྟ་ན། །མི་དེ་ཤེས་རབ་མིག་ལྡན་ཡིན་ནམ། །ཉེས་ཆུང་ དགྲ་ལ་ཞག་གཅིག་མི་འདུད། །ཉེས་ཆེན་དགྲ་བོར་ཤ་མཁོན་ཤེས་བཞིན། །ད་རུང་འདུད་ན་དེ་ལས་ལྷག་པའི། །ནོངས་པ་བཙལ་ཀྱང་རྙེད་པར་དཀའོ། །ཨེ་མ་མི་ངན་མི་ཕམ་རྒྱ་མཚོ། །ཤེས་རབ་ ཅུང་ཟད་ཡོད་ན་དེ་སོམས། །རང་དོན་ཅུང་ཟད་ཤེས་ན་དེ་སྒོམས། །ཁ་བཤད་ཤེས་པས་འདོད་འབྲས་མི་འགྲུབ། །ལག་ལེན་ཁེལ་ན་ཡང་དག་མཁས་པ། །འདི་ན་རང་མགོ་སྐོར་བའི་སྒྲུབ་ གཟུགས། །བྱས་ལོའི་ཁྲལ་འདེད་སུ་ཡང་མེད་པས། །རང་སེམས་དཔང་པོར་ཞོག་ཅིག་ཨ་བུ། །ཅེས་མི་ཕམ་པའི་ཡིད་གཅོང་གི་གླུ་ཆུང་རང་ལ་བཞེན་བསྐུལ་གདབ་པའི་གཏམ་ས་གླང་ཟླ་༧ཚེས་ 23-4-38a ༡ལའོ། །མངྒ་ལཾ།། ༈ །། བླ་མ་ལ་ཕྱག་འཚལ་ལོ། ། ཀྱེ་ཧོ། མི་ཡི་ལུས་ལ་མ་འོངས་རང་གི་དོན། །སྒྲུབ་པའི་བློ་དང་ལྡན་བཞིན་རྒྱལ་བསྟན་གྱི། །སྣང་བས་ལམ་ཡངས་ ཕྱེ་བ་མ་ནུབ་པས། །བག་མེད་སྤོངས་ལ་བདག་དོན་སྒྲུབ་པར་རིགས། །ཡང་དག་ལྟ་བ་འཇིག་རྟེན་བདེ་ཀུན་རྒྱུ། །དད་པ་དྲི་མེད་འདི་ཕྱིར་ཕུན་ཚོགས་གཏེར། །འདི་གཉིས་སྲིད་ན་ཡིད་བརྟན་ཕེར་བའི་ གྲོགས། །གཞན་པའི་ནོར་གྲོགས་ལམ་ཁའི་འདུ་ཚོགས་མཚུངས། །གློག་འདྲའི་ཚེ་ལ་ཡིད་བརྟན་གང་ཡང་མེད། །སྐད་ཅིག་མི་སྡོད་རི་ག ཟར་འབབ་ཆུ་འདྲ། །སྙིགས་མའི་རང་ཚེ་ནམ་ལངས་སྐར་ མ་བཞིན། །བསམ་ན་ཅུང་ཟད་མི་སྐྱོ་རང་དབང་ཅི། །གཅེས་པར་བསྐྱངས་བའི་ལུས་ཀྱང་ངེས་འདོར་ན། །གཉེན་གྲོགས་འབྱོར་པ་སྨོས་ཀྱང་ཅི་ཞིག་དགོས། །ཆབས་གཅིག་ཡུད་ལ་བསྒྱུར་བ་ཤེས་མཛོད་ ལ། །ཕྱི་མར་རང་ཕན་སྒྲུབ་ན་མི་ལེགས་སམ། །ཕྱུག་ན་ཆོག་ཤེས་གྱིས་ལ་སྦྱིན་པ་ཐོང་། །མཐོ་ན་ཁེངས་སེམས་བསྐྱུང་ལ་གཞན་ཕན་གྱིས། །གཞོན་ན་རྒྱགས་པ་མེད་པར་བག་ཡོད་བྱ། །དེ་ལྟར་ བྱས་ན་འདིར་ལེགས་ཕྱི་མར་བདེ། །ཕྱུག་པོ་མི་རྟག་ནམ་མཁའི་སྤྲིན་དང་མཚུངས། །མཐོན་པོ་མི་རྟག་ལ་ཁའི་ན་བུན་འདྲ། །གཞོན་པ་མི་རྟག་སྟོན་གྱི་མེ་ཏོག་བཞིན། །རྟག་འཛིན་ཆེན་ན་རང་བསྡུས་རང་ 23-4-38b སྡུག་འབོད། །སྙན་པར་གྲགས་པ་བྲག་ཆ་ལྟ་བུ་སྟེ། །ཀུན་གྱིས་བཀུར་བ་རྨི་ལམ་ལོངས་སྤྱོད་བཞིན། །ཤི་ནས་འདིར་སྣང་གཏོགས་པའི་དཔལ་ཀུན་འདོར། །དེ་བས་ཧ་ཅང་ཞེན་འཛིན་མ་ཆེ་ཨང་། ། ཞེན་པས་འཇུས་ཀྱང་ཡུན་གྱི་དོན་མེད་པ། །དངོས་པོའི་ཆོས་ཡིན་སུས་ཀྱང་བཅོས་མེད་པའི། །ངང་ཚུལ་མ་ཤེས་ལྷག་པར་ཕོངས་པ་སྐྱེད། །དེ་བས་འཁོར་བའི་རང་མཚངས་སེམས་ཀྱིས་གཞིག ། འཚོ་བས་ཕོངས་དང་མི་ཡི་དབང་པོ་གཉིས། །ཤི་བའི་ཚེ་ན་མཐོ་དམན་གང་ཡང་མེད། །ལས་ཀྱི་རྗེས་འབྲངས་དབང་མེད་ལུས་ཅན་རྣམས། །ཡུད་ཙམ་བདེ་སྡུག་བདེན་པར་ཞེན་པས་བསླུས། །གང་ དུ་སྐྱེས་ཀྱང་ད་ལྟའི་སྐབས་བཞིན་དུ། །རང་བདེ་འདོད་པ་ནམ་ཡང་མི་འབྲལ་བས། །བགྱི་བ་ཆུང་ངུས་ཡུན་རིང་བདེ་སྒྲུབ་པ། །ད་ལྟ་ལག་ཏུ་མཆིས་པས་བག་བྱོས་ཤིག །ཡུད་ཙམ་ཚེ་འདིར་སྲིད་ པའི་བདེ་བ་ཡི། །གློག་གི་བུ་མོའི་ཟློས་གར་ལ་གཡེངས་རྣམས། །རྒ་བའི་ཆད་པས་མནར་ཀྱང་མི་སྐྲག་པར། །འདོད་པས་མྱོས་ནས་མུན་པར་འཇུག་པ་མཚར། །ལུས་ཀྱི་ལྗོན་ཤིང་སེམས་ཀྱི་བྱེའུ་ཆུང་ གཉིས། །ཡུད་ཙམ་འགྲོགས་པའི་རིང་ལ་དགེ་བ་སྒྲུབ། །དམ་པའི་བཀའ་ལུང་སྙིང་ལ་འཆང་གྱིས་དང་། །བདེ་བའི་ལམ་ནས་བདེ་བར་འགྲོའོ་གྲོགས། །ཞེས་རབ་ཚེས་ས་གླང་ཟླ་༡༡ཚེས་༢ལ་མི་ཕམ་པས་ 23-4-39a བྲིས་པ་དགེའོ།། ༈ །། བླ་མ་འཇམ་དཔལ་དེ་ལ་ཕྱག་འཚལ་ལོ། །ང་ནི་དབེན་པར་ཏིང་འཛིན་སྒོམ་གྱུར་ཀྱང་། །སྲིད་གསུམ་སྡུག་བསྔལ་ཡིད་ལ་འཁོར་ནས་སུ། །སྣ་ཚོགས་ རྟོག་པས་ཞི་གནས་རྒྱུན་ཐག་བསྲིང་། །རྩ་གསུམ་ཐུགས་རྗེ་ཐན་ཁྱེར་སྤྲིན་དང་འདྲ། །རང་གི་ལས་ངན་མྱ་ངམ་ཐང་དང་མཚུངས། །ཡུན་རིང་གདུང་བས་བོས་ཀྱང་ཐུགས་རྗེའི་ཤུགས། །ཅུང་ཟད་ མེད་སྙམ་ཡི་ཆད་ངང་ལ་གནས། །ཐོག་མེད་དུས་ནས་ད་ལྟའི་བར་དང་ནི། །ད་ནས་ཕྱི་མའི་མུ་མཐར་ཐུག་གི་བར། །འདོར་ལེན་འཁོར་ལོ་བསྐོར་ས་བདེ་སྡུག་དང་། །ཇི་ཙམ་བདེ་ཡང་བདེ་ མཐའ་སེམས་ལ་ཐུག །ཅི་ཙམ་སྡུག་ཀྱང་སྡུག་མཐའ་སེམས་རང་ཉིད། །སེམས་ལ་བདེ་སྡུག་ཕན་གནོད་མ་བྱས་ན། །ཕྱི་ཡི་རྐྱེན་ནི་བཟང་ངན་ཅིར་མི་འགྱུར། །ཐམས་ཅད་རྩ་བ་རང་སེམས་ འདི་ལ་ཐུག །དེ་སླད་རང་ལ་ཡོད་པའི་རང་སེམས་ལ། །རང་གི་ཉམས་མྱོང་མདེའུ་ལག་སྤྲད་ནས་སུ། །ཅི་ག་གསལ་གསལ་རིག་རིག་འགྱུ་འགྱུ་པོ། །སྣང་སྲིད་བདེ་སྡུག་རྩ་བ་འདི་ཙམ་ཞེས། ། ཐག་ཆོད་བྱས་ནས་དེ་ལ་རྩད་བཅད་ཚེ། །འཛིན་པའི་དབང་གིས་བདེ་དང་སྡུག་བསྔལ་བྱུང་། །རེ་དོགས་འདོར་ལེན་རྟོག་པའི་རླབ་ཆེན་གཡོ། །བར་མེད་འཁོར་ལོ་སྲིད་པའི་གྲོང་ན་འཁོར། །སུས་ 23-4-39b ཀྱང་མ་བཅིང་བྱེད་པོས་མ་བཟུང་བར། །བར་སྣང་སིར་བུ་ལྟ་བུ་རང་གིས་རང་། །གཡོ་ཞིང་འབྱིན་འཇུག་འཁོར་བའི་ལམ་དུ་འཕྱན། །རྟེན་ནས་འབྱུང་བའི་སྣང་བར་འབྱམས་ཤིང་རྨོངས། །ཨེ་མ་ འཛིན་མཁན་འདི་ལ་ཐད་ཁ་རུ། །བལྟས་པས་རྗེས་མེད་སྨིག་རྒྱུའི་གཡོ་བ་འདྲ། །སྣང་སྲིད་བདེ་སྡུག་བྱས་ཀྱང་འདི་ག་རང་། །ཙམ་ཞིག་མ་གཏོགས་བཙལ་ཀྱང་མི་རྙེད་དོ། །དེ་བས་རྨི་ལམ་ གྲོང་ཁྱེར་ཉུལ་བས་ཆོག །ཟད་མེད་ནམ་མཁའི་རི་མོ་སུ་ཡིས་འགོད། །ད་ནི་རང་སེམས་ཕུ་ཐག་ཆོད་པའི་ངང་། །འལ་འོལ་རྗེས་མེད་འདི་དང་དྲན་པས་བསྟེན། །མ་བརྟག་འཛིན་པའི་དབང་ གིས་སྡུག་བསྔལ་ཞིང་། །དེ་དེར་ཆེད་དུ་ཞེན་པས་དེ་ལྟར་བཅིངས། །བརྟག་ན་གཟུང་དང་འཛིན་པ་གཉིས་མེད་པས། །མྱོང་བྱ་མྱོང་བྱེད་རྩིས་གདབ་ཡུལ་ལས་འདས། །ཡེ་ནས་འཛིན་མེད་བྱར་ མེད་སྐྱེ་མེད་ཀློང་། །གང་ཤར་འགག་མེད་སྣང་ཡང་རྩིས་གདབ་བྲལ། །དེ་ངང་དེ་ངང་གོམས་དང་གོམས་པའི་རྩལ། །ཇེ་རྫོགས་ཇེ་རྫོགས་འཁྲུལ་སྣང་དབྱིངས་སུ་འགག །ད་ནི་རྣམ་རྟོག་རང་ གིས་སྤྲུལ་པ་ཡི། །བསྐྱེད་རིམ་སྒྲོག་གིས་སྡོམ་པས་ཅི་ཞིག་བྱ། །རིག་པ་སྦུབས་འཇུག་མཚན་བཅས་རྫོགས་རིམ་ཀྱང་། །སྨིག་རྒྱུའི་ཆུ་ལོན་འདྲ་སྟེ་བསྐྱུར་ལ་ཞོག །གང་ཤར་སྐྱེ་མེད་ཀློང་དུ་རྩད་ 23-4-40a ཆོད་ནས། །འཛིན་མེད་རྒྱ་ཡན་ངང་དང་མ་བྲལ་ན། །རྣམ་རྟོག་མི་བཟང་ན་བུན་དབྱིངས་སུ་ཡལ། །ཡེ་གདངས་ལྷག་མཐོང་ནམ་མཁའི་རང་ཞལ་ངོམས། །སྙིགས་མ་ཉོན་ མོངས་རང་སའི་དུས་ཚོད་འདིར། །རྣམ་རྟོག་སྦྲུལ་ནག་གཙེས་པའི་དུག་རླངས་ཀྱིས། །གྲོང་ཁྱེར་གསུམ་གྱི་ཁྱོན་ཀུན་རྙོག་བྱེད་པས། །གདོད་མའི་ངང་དྭངས་བདུད་རྩིའི་ཆར་པ་བརྟེན། ། ཨེ་མ་ཧོ་རིག་འཛིན་བརྒྱུད་པའི་བྱིན་རླབས་ལས། །འདི་ན་སྐལ་བ་ཅན་དེ་ཤིན་ཏུ་སྐྱིད། །ད་ནས་རྣལ་འབྱོར་གནས་ལ་དབུགས་དབྱུང་གི། འཇམ་དཔལ་གཞོན་ནུའི་ཞབས་པད་ཡིད་ལ་ཆོངས། ། ཞེས་ས་གླང་ཟླ་༡༢ཚེས་༡༩ཀྱི་དུས་བྲིས་པ་དགེ། ། ༈ ཆོས་བརྒྱད་ནང་ནས་ཞིག་པའི་རང་རྟགས་ལ། །ཆོས་བརྒྱད་ཅན་ལ་སྙིང་རྗེ་ཆེས་ཆེར་སྐྱེ། །རང་ཉིད་ཆོས་བརྒྱད་མེད་པའི་ཟོལ་བཟུང་ཡང་། ། བདག་བསྟོད་གཞན་སྨོད་ཆོས་བརྒྱད་ཕུལ་བྱུང་ཡིན། །ཐེག་ཆེན་ཚུལ་ཁྲིམས་བརྟན་པའི་རང་རྟགས་སུ། །ཚུལ་ཁྲིམས་འཆལ་ལ་སྙིང་རྗེ་རབ་ཏུ་རྒྱས། །རང་ཉིད་ཚུལ་ཁྲིམས་ལྡན་པའི་ང་རྒྱལ་གྱིས། ། བདག་བསྟོད་གཞན་སྨོད་ཚུལ་ཁྲིམས་འཆལ་བར་གསུངས། །ཐེག་ཆེན་ལྟ་བ་རྟོགས་པའི་ལག་རྗེས་ལ། །སྣང་སྲིད་རྣམ་དག་དག་སྣང་ཕྱོགས་མེད་མཐོང་། །བདག་ཉིད་རྟོགས་ལྡན་ཡིན་ཞེས་ང་ 23-4-40b རྒྱལ་གྱིས། །བདག་བསྟོད་གཞན་སྨོད་ལྟ་བའི་དུག་རུ་ཡིན། །ཞེན་ལོག་ནང་ནས་སྐྱེས་པའི་ལག་རྗེས་ལ། །འཇིག་རྟེན་བྱ་བའི་ངན་སྐྱུགས་རིང་དུ་འདོར། །ལྟོག་རྒུར་འཁྱག་རྒུར་བསྡད་པའི་ སྡུག་ཡུས་ཀྱིས། །བདག་བསྟོད་གཞན་སྨོད་ཞེན་པའི་སྟོད་ཕུར་ཡིན། །ཆོས་ཀུན་གནད་ལ་མཁས་པའི་ལག་རྗེས་ལ། །སྒྱུ་མར་འབྱོར་བའི་གྲུབ་མཐའི་ཆགས་སྡང་ཆུང་། །བདག་གིས་ཤེས་ སོ་སྙམ་པའི་ང་རྒྱལ་གྱིས། །བདག་བསྟོད་གཞན་སྨོད་བླུན་པའི་བག་ཆགས་སྲ། །བདུད་བཞི་དབྱིངས་སུ་ཆོད་པའི་ལག་རྗེས་ལ། །ལྷར་འཛིན་འདྲེར་འཛིན་ཀུན་རྟོག་རང་སར་གྲོལ། །ལྷ་མཐོང་ འདྲེ་མཐོང་རྣམ་རྟོག་ཇེ་རྒོད་ཅན། །བདག་བསྟོད་གཞན་སྨོད་གཅོད་སྙིང་བདུད་ཞུགས་ཡིན། །འདི་དང་འདི་འདྲའི་ཚུལ་གྱིས་རང་རྒྱུད་ནི། །སྐྱོན་ལ་ཡོན་ཏན་མཐོང་བའི་བདུད་ཆེན་གྱིས། །བཟུང་ བ་མ་ཚོར་རློམ་པའི་རང་རྟགས་ཀྱི། །ཚིག་རྣམས་ཁ་རུ་འདོན་པ་དེ་དག་ལ། །དུས་ངན་བླུན་པོས་དེ་དང་དེ་དག་ནི། །སྐྱོན་དུ་མི་མཐོང་ཡོན་ཏན་དྭངས་མར་ལྟ། །བསྟོད་ཅིང་བཀུར་བའི་ང་རྒྱལ་ ཅན་དེ་ནི། །ཇི་སྲིད་ཤིང་ལ་མེ་བཞིན་འབར་བར་འགྱུར། །བདེ་བར་གཤེགས་པས་གསུང་རབ་རིན་པོ་ཆེར། །རྟག་ཏུ་བདག་གི་འཁྲུལ་བ་བཙལ་བྱ་ཡི། །གཞན་གྱི་འཁྲུལ་བ་བཙལ་བར་མི་བྱ་ 23-4-41a ཞེས། །གསུངས་པ་དེ་དོན་གདམ་པའི་མཐིལ་བྱས་ནས། །རང་གི་རྒྱུད་ལ་རང་གིས་བརྟགས་ནས་སུ། །རང་རྒྱུད་ཆོས་དང་འདྲེས་པའི་ཉམས་ལེན་ལ། །འབད་བྱ་དེ་བས་ གཞན་གྱིས་ཅི་ཞིག་བྱ། །རྟག་ཏུ་འདི་བཞིན་གོམས་ན་བདུད་ལས་རྒྱལ། །རང་དོན་ཞེན་འཛིན་མེད་ཀྱང་དད་པ་ཅན། །མགུ་བའི་ཕྱིར་དང་སྙེམས་པ་ཅན་འདུལ་ཕྱིར། །དགོས་པའི་དབང་གིས་དམ་ པ་རྣམས་ཀྱིས་ནི། །བསྟོད་སྨད་ཚུལ་སྟོན་དེ་ལ་བརྙས་མི་རུང་། །རིགས་པའི་ལམ་བཞིན་གྲུབ་མཐའི་དགག་སྒྲུབ་དང་། །མ་ནོར་མཁྱེན་པས་བླང་དོར་སྟོན་པ་དང་། །ཕན་པའི་ཚིག་གིས་ ཕན་གནོད་བརྗོད་པ་གསུམ། །ཆགས་སྡང་མེད་པར་སྙིང་རྗེས་བསྐུལ་ན་ལེགས། །དགོས་པ་མེད་པར་རང་དོན་ཡོད་བྱེད་ཀྱིས། །བདག་བསྟོད་གཞན་སྨོད་ཟོལ་ཟོག་ང་རྒྱལ་དག །བྱུང་ངམ་ མ་བྱུང་ནང་དུ་རང་རྒྱུད་ལྟོས། །བྱུང་ན་བདག་ལ་དེ་བས་གནོད་གཞན་མེད། །དེ་བས་ཡིད་ཁྱོད་གཞན་ཚོད་མི་ཟིན་གྱི། །རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ། །འདི་ལ་མེ་ལོང་བཞིན་དུ་བལྟ་བྱོས་ ལ། །རང་རྒྱུད་དྲི་མ་རང་གིས་བསལ་བར་གྱིས། །དུས་མཐར་རང་གཞན་ཀུན་ལ་གོ་ཐོས་སླད། །ཚིག་འདི་བྱམས་པས་བསྒྲགས་པ་དེ་ཡི་ཕྱིར། །རང་ལ་རང་ཕན་འདོད་པས་ནན་ཏན་དུ། ། 23-4-41b བསམ་བློ་འདི་ལྟར་བཏང་ན་ལེགས་སོ་སྙམ། །ཆུ་སྦྲུལ་ཟླ་༡ཚེས་༡༦ལའོ།། ༈ །། རང་གིས་རང་ལ་གདམས་པ་ངོ་མཚར་མངའ་དབང་ཞེས་བྱ་བ་བཞུགས་སོ། །ཨོཾ། སྲས་བཅས་རྒྱལ་ བ་ཀུན་གྱི་ཡེ་ཤེས་སྐུ། །མཚན་ཙམ་དྲན་པས་འཇིགས་མེད་བདེ་ཆེན་ལ། །མངའ་དབང་འབྱོར་མཛད་འཇམ་དཔལ་དཔའ་བོ་དེས། །བྱང་ཆེན་བར་དུ་འབྲལ་མེད་རྗེས་འཛིན་མཛོད། །འདི་ན་ སྡུག་བསྔལ་ཉེས་པ་བརྒྱས་གཙེས་པ། །མཐོང་ནས་ཡང་དག་ལམ་ལ་མངོན་བརྩོན་ཀྱང་། །རྟོག་པའི་དགྲ་ཡིས་རྟག་ཏུ་མནར་བ་དག །ཅི་ལྟར་བརྩོན་ཀྱང་འདི་གྲུབ་མ་བྱུང་བས། །ད་ནི་ ཤིན་ཏུ་སླ་བའི་ཐབས་གཅིག་གིས། །ལམ་ཆེན་ཀུན་གྱི་རྩེ་མོར་འགོད་པ་ཡི། །ཡང་དག་ནོར་མཆོག་རྙེད་པ་བླ་མའི་དྲིན། །དེ་གཅིག་ཁོ་ནར་བརྟེན་པ་གདམ་ངག་ཡིན། །རང་སེམས་གདོད་ནས་ སྐྱེ་བ་མེད་པའི་དོན། །ལག་མཐིལ་བལྟས་པ་བཞིན་དུ་གསལ་བའི་ཚེ། །རིག་པ་འགྱུར་མེད་གཞི་ཡི་བཞུགས་ཚུལ་ལ། །ཁོ་ཐག་ཆོད་འདི་ལམ་ཀུན་འབྲས་བུ་སྟེ། །འདི་ལ་རང་བབས་ འཇོག་པའི་ཉམས་ལེན་གནད། །རྒྱུན་ཆགས་དྲན་པ་ཙམ་ཞིག་ཁོ་ན་སྟེ། །འདི་ལས་སླ་བའི་ལམ་གཞན་མ་མཆིས་ལ། །འདི་ལས་འཕགས་པའི་མདོ་སྔགས་ལམ་ཟབ་མེད། །འདི་དོན་ཤེས་ 23-4-42a བཞིན་དོན་མེད་རྣམ་རྟོག་གིས། །ཐོག་མེད་རང་སྡུག་ཉོས་པའི་འཁོན་དྲན་ཅིང་། །མ་འོངས་དེ་བཞིན་བྱ་སྤུ་ང་ཁྱེར་གྱི། །ངང་ལ་གནས་ན་ཁོང་སྙིང་མེད་པར་ཟད། །བསྒོམས་ ཀྱང་དཔྱད་ཀྱང་འདི་ཚུགས་མ་ཤོར་ལ། །གཡེངས་ཤིང་རྩེ་ཡང་འདི་ཡི་ངང་མ་བརྗེད། །བསམས་ཀྱང་སྨྲ་ཡང་འདི་ཉིད་མ་སྟོར་བར། །སྤྱོད་ལམ་ཐམས་ཅད་འདི་ཡི་ངང་དུ་ཁྱེར། །དལ་དང་ ཉལ་དང་བདེ་དང་སྡུག་ན་ཡང་། །རྟོག་མེད་གཉུག་མ་ནམ་མཁའི་ངང་དུ་སྡོད། །འདི་ངང་མ་བརྗེད་གནས་པ་ཆོས་ཀུན་རྩེ། །རྐང་པ་རང་བྱུང་ཡེ་ཤེས༴ རང་ཤར༴ གཉིས་ཀྱི་དོན་ལས་གཞན་མི་བསམ། །ཟླ་དྲུག་བར་མ་ཆད་ པ་ས་བོན་ལ། །དེ་ནས་དུས་བསྟུན་ཡ་མ་ཡེངས་འདྲེས་དང་། །མ་འདྲེས་རྩེ་གཅིག་ལོ་ཟླར་གནད་དུ་བསྣུན། །རྒྱལ་པོའི་རང་ཚུགས་ཟིན་ཚེ་མངའ་དབང་ཐོབ། ། རྟོག་པའི་དགྲ་ཡང་རང་གི་བྲན་དུ་འགྱུར། །ཕྱི་ཡི་སྣང་བ་ཀུན་ཀྱང་གྲོགས་སུ་འཆར། །བདེ་བ་ཆེན་པོ་ངམ་ངམ་ཤུགས་ལས་འབྱུང་། །ལམ་ནི་འདི་བས་སླ་དང་ཟབ་པ་མེད། །བརྩོན་པ་ཅི་ བརྟེན་རང་གི་ལག་ན་གདའ། །མངོན་ཤེས་ཞལ་མཐོང་ལ་སོགས་མཁྱེན་པ་དང་། །གཞན་ཕན་བརྩེ་བ་དབང་འབྱོར་ནུས་པའི་ཤུགས། །འདི་གསུམ་གྲུབ་པའི་འབྲས་ཡིན་ལག་རྗེས་ལྟོས། །ཀུ་ 23-4-42b ཤའི་རྩེ་མོ་ཙམ་གྱིས་དེ་འབྱོར་ཀྱང་། །དེ་བས་ལྷག་པར་སྤྲོ་བས་བརྩོན་པ་སྤེལ། །བརྩོན་པ་བར་མ་ཆད་པ་གནད་སོང་ན། །གྲུབ་པའི་རིག་འཛིན་དགྱེས་པའི་ཡོན་ཏན་དང་། །རང་དབང་ ཕུན་སུམ་ཚོགས་པའི་དགའ་སྟོན་གཉིས། །རང་ལས་རང་སྣང་ཡ་མཚན་ཁོང་ནས་འཆར། །དེ་ཚེ་ཆོས་དང་བརྒྱུད་པའི་ཆེ་བ་མཐོང་། །རྣམ་རྟོག་བསྒོམ་པས་རྣམ་རྟོག་མི་ཆོམ་ལ། །སྙིགས་ མའི་རྐྱེན་མང་རྨི་ལམ་མི་ཞི་བས། །ཆོས་གཞན་གང་གིས་ཁྱོད་འདུལ་སྐབས་མེད་པས། །ཆོས་མཆོག་རྫོགས་པ་ཆེན་པོར་ཉམས་ལེན་དྲིལ། །ཉི་མ་ཁོང་ནས་ཤར་ན་ས་སྟེང་གསལ། །སྡུག་ བསྔལ་མུན་པ་བརྒྱ་ཕྲག་དབྱིངས་སུ་ཡལ། །ལྷ་དང་མཁའ་འགྲོའི་སྣང་བ་རྒྱུན་ཆད་མེད། །དེ་ཀུན་གཞན་ནས་མ་བྱུང་རང་གི་བབས། །གནད་མེད་ཐབས་ལ་འབད་ཀྱང་རང་སྡུག་ཉོ། ། གསོལ་བ་བརྒྱ་ཕྲག་བཏབ་ཀྱང་ཡི་ཆད་རྒྱུ། །དེ་ཀུན་རང་སེམས་ཆོ་འཕྲུལ་རང་མགོ་སྐོར། །བཅོས་ཤིང་ཆོས་སྒྲུབ་ཅི་བྱས་ངལ་བའི་རྒྱུ། །མ་འབད་རང་སར་བཞག་པས་ལམ་ཀུན་ བགྲོད། །མ་བསྒྲུབ་རྩིས་གདབ་བོར་བས་ལྷ་དང་མཇལ། །འདི་དག་མ་བཅོས་རིག་པའི་ཡོན་ཏན་ཏེ། །བཅོས་མས་བསྒྲུབ་ན་བསྐལ་པ་བརྒྱར་ཡང་རིང་། །ཀྱེ་ཧོ་ཤེས་པར་བྱོས་ཤིག་ 23-4-43a བློ་གྲོས་ཅན། །མ་བཟླ་གལ་ཏེ་བཟླས་ཀྱང་ངང་དུ་ཟློས། །མ་སྒོམ་གལ་ཏེ་བསྒོམས་ཀྱང་ངང་དུ་བསྒོམ། །ཡང་ན་ཁ་རོག་འདུག་ལ་བསམ་མེད་མཛོད། །བྱས་བྱས་ཐམས་ཅད་ཡི་ ཆད་འབའ་ཞིག་རྒྱུ། །ལྷ་སྒོམ་སྔགས་བཟླས་འདིས་ཀྱང་རང་བསླུ་ན། །འཁོར་བའི་བྱ་བྱེད་གཞན་གྱི་ལྟ་ཅི་སྨྲོས། །རྣལ་མར་འདུག་ལུགས་མཁས་ན་དེ་གཅིག་པུས། །ཡིད་ཆད་ཀུན་སེལ་མ་ བསྒྲུབ་དོན་ཀུན་འགྲུབ། །རྣལ་མར་གྱུར་ཚེ་རྙོག་པ་མ་བྱུང་ན། །ལྟ་བསྒོམ་སྔགས་བཟླས་ལྟ་ཡང་ཅི་སྨོས་ཀྱི། །འཁོར་བའི་བྱ་བྱེད་བརྩོན་ཡང་བདེ་ལེགས་འཕེལ། །ཀུན་བྱེད་རྒྱལ་པོ་མ་བྱས་ ལྷུན་གྲུབ་ལ། །བྱ་རྩོལ་མེད་པར་འཁོར་འདས་བཟུང་ཤེས་ན། །ལྷ་མེད་སྔགས་མེད་བསྒྲུབ་བྱ་ཅི་ཡང་མེད། །གཉུག་མའི་རྒྱལ་པོ་ཁོ་ན་མགུ་བར་བྱ། །དེ་ཡི་ཆོས་ཀུན་མངའ་དབང་བསྒྱུར་བའི་ཚེ། ། ལྷ་དང་མཁའ་འགྲོའི་སྲོག་ཀྱང་རང་དབང་འགྱུར། །སྲིད་པའི་ཁམས་ན་ཆེ་བཙན་འགྲན་ཟླ་བྲལ། །པདྨ་རྒྱལ་པོ་ནམ་མཁའི་རྒྱལ་སྲིད་སྐྱོང་། །ས་མ་ཡ། མེ་བྱ་ཟླ་༡༢ཚེས་༡༨ལའོ། །མངྒ་ལཾ།། ༈ །། ལས་དང་པོ་པ་ལ་གདམས་པ་བཞུགས། ཀྱེ་ཧོ། འཁོར་བའི་བྱ་བ་ཀུན་ལ་སྙིང་པོ་མེད། །མི་བརྟན་གཡོ་བ་གློག་གི་ཟློས་གར་མཚུངས། །འཆི་བ་འདི་ཡང་ནམ་འབྱུང་ཆ་མེད་ལ། །ཅིས་ཀྱང་འཆི་ 23-4-43b ངེས་བློ་སྣ་བསྟུང་ནས་སུ། །བླ་མའི་གདམ་ངག་གནད་དུ་བསྣུན་བྱས་ཏེ། །རྩེ་གཅིག་དབེན་པར་རང་སེམས་ཕུ་ཐག་བཅད། །སེམས་ནི་གློག་དང་ང་དང་སྤྲིན་དང་འདྲ། །མི་བསམ་དགུ་བསམ་སྣ་ཚོགས་ རྟོག་པས་བསླད། །ལེགས་པར་བརྟགས་ན་གཞི་རྩ་གང་ཡང་མེད། །བར་སྣང་སྨིག་རྒྱུ་ལྟ་བུར་ངོ་བོས་སྟོང་། །སྟོང་བཞིན་སྣང་ལ་སྣང་བཞིན་སྟོང་པ་ཡི། །རང་སེམས་རང་བབས་བཞག་ནས་རྣལ་མར་ སྡོད། །གོམས་པ་བརྟན་ན་རང་སེམས་གཤིས་ལུགས་མཐོང་། །བླ་མར་མོས་གུས་ཆེ་ན་བྱིན་རླབས་འཇུག །ཚོགས་བསགས་སྒྲིབ་པ་སྦྱང་ན་རྟོགས་པ་སྐྱེ། །དེ་བས་ནན་ཏན་འབད་པས་ཉམས་སུ་ ལོངས། ། ལས་དང་པོ་ཁ་ཅིག་གིས་ཉམས་ལེན་གྱིས་གདམ་པ་དགོས་ཟེར་བ་ལ་མི་ཕམ་པས་བསླབ་བྱར་བྲིས་དགེའོ། །མངྒ་ལཾ།། ༈ །། རང་སེམས་འོད་གསལ་དྲི་མ་མེད་པའི་ དབྱིངས། །མགོན་པོ་བདེ་བ་ཆེན་པོར་རྟག་བཞུགས་ཏེ། །མི་ཟད་ཡོན་ཏན་རྣམ་པ་ཐམས་ཅད་པའི། །འབྱུང་གནས་འཇམ་དཔལ་གཞོན་ནུས་ཤིས་པ་སྩོལ། །ཀྱེ་ཧོ་ལེགས་པར་སོམས་དང་གྲོགས་ མཆོག་རྣམས། །འདི་ན་བདེ་བ་དང་ནི་སྡུག་བསྔལ་ཞེས། །རྟག་ཏུ་འདོར་ལེན་བྱེད་པའི་བྱེད་པོ་ནི། །རང་སེམས་ཀུན་རྟོག་འདི་ལས་གཞན་དུ་མེད། །རང་གི་རྟོག་པས་བདེ་དང་སྡུག་བསྔལ་བརྟག །དེ་ལ་ 23-4-44a ཞེན་པས་རྟག་ཏུ་འཆིང་ཞིང་མནར། །རྨི་ལམ་ལྟ་བུའི་སྲིད་པར་སྡུག་བསྔལ་རྒྱུན། །ཡང་ཡང་མྱོང་བ་འདི་ཀོ་མི་སྐྱོའམ། །རང་སེམས་བདེ་ན་ཇི་ལྟར་གྱུར་ཀྱང་བདེ། །རང་ སེམས་སྡུག་ན་ཇི་ལྟར་བྱས་ཀྱང་སྡུག །ཕྱི་ཡི་རྐྱེན་ལ་སྙད་དུ་གདགས་མོད་ཀྱང་། །དོན་ལ་སེམས་ཀྱིས་ཅི་བཏགས་དེ་གང་ཟད། །གང་ལ་ཆགས་པ་དེ་ཉིད་བཟང་བར་མཐོང་། །ཆགས་ཡུལ་ ཡོན་ཏན་མེད་ཀྱང་ཡོད་ལྟར་སྣང་། །རང་སེམས་མགུ་བ་མེད་ན་ཕ་རོལ་ལ། །གཟུགས་སོགས་ཡོན་ཏན་ཡོད་ཀྱང་དགར་མི་འགྱུར། །གོམས་པའི་ཀུན་རྟོག་ཀུ་ཤའི་རྩེ་འདྲ་བ། །རྐྱེན་སྣང་སེར་བུ་ཕྲ་ མོས་བསྐྱོད་པའང་། །མི་ལྡོག་གླང་པོ་སྟོང་གི་སྟོབས་ལྡན་པས། །ནང་ན་རང་དབང་བསྒྱུར་འདི་མི་ཤེས་སམ། །བདེ་དང་སྡུག་བསྔལ་གང་དང་ཅི་མྱོང་བ། །སེམས་ཀྱི་མ་མྱོང་བར་དུ་ཕན་གནོད་ཅི། ། སེམས་ཀྱི་གང་མྱོང་རང་སེམས་རྣམ་འགྱུར་ཙམ། །དེ་ལ་མྱང་བྱ་མྱོང་བྱེད་ཕན་གནོད་ཅི། །འོན་ཀྱང་རང་གི་སེམས་ཀྱི་རྫུ་བག་ལ། །དཔྱད་པ་མེད་པར་གཉིས་འཛིན་རྟོག་པ་ཡི། །བརྐམ་ཆགས་འཁོར་ལོ་ བར་མ་ཆད་དུ་བསྐོར། །དོན་མེད་རང་སྡུག་ཆེ་བ་མི་ཤེས་སམ། །སེམས་ལ་བརྟགས་ན་ངོ་བོ་ངོས་བཟུང་བྲལ། །མཐའ་དང་དབུས་མེད་སྒྱུ་མའི་སྣང་བ་དང་། །སྨིག་རྒྱུ་བཞིན་དུ་སྣང་ཡང་གཤིས་ལུགས་ལ། ། 23-4-44b ཅུང་ཟད་མ་གྲུབ་སོ་སོ་རང་གིས་རིག །དེ་ཚེ་སྲིད་པ་གསུམ་གྱི་སྣང་བ་ཀུན། །བྱེད་པོ་སེམས་ཀྱི་རང་སྣང་ཙམ་ཞིག་སྟེ། །རྨི་ལམ་བཞིན་དུ་འགྲོ་འོང་བྲལ་བ་སྣང་། །ཨེ་མ་སྒྱུ་ཅན་སེམས་ཀྱི་རང་མཚང་ ལྟོས། །ཐོག་མཐའ་མེད་པ་འཁོར་བའི་རྒྱ་མཚོ་ནི། །སྡུག་བསྔལ་མང་ལྡན་ཕ་མཐའ་འཚོལ་མེད་པ། །གཡེར་པོ་ཆེ་དེ་ཕྱོགས་གཞན་གང་ན་མེད། །རང་སེམས་བརྫུན་པོ་ཆེ་ཡི་ཆོ་འཕྲུལ་ལགས། །འདུས་ བྱས་ཐམས་ཅད་སྐད་ཅིག་གཡོ་བ་སྟེ། །བསག་ཏུ་མེད་པ་གློག་ལྟར་ངང་གིས་འཇིག །སྔོན་མཐའ་ཐུག་པ་མེད་པར་ཕྱོགས་དུས་ཀྱི། །བདེ་སྡུག་སྣང་བ་ཇི་ལྟར་གྱུར་པ་ལྟོས། །དེ་བཞིན་ཕྱི་མའི་མུ་ ཡི་བར་དུ་ཡང་། །སྲིད་པའི་སྣང་བ་རྣམས་ཀྱང་འཇིག་པའི་ཆོས། །འདི་འདྲ་འདི་འདྲའི་འདུས་བྱས་བསླུ་བ་ལ། །གཏན་དུ་ཡིད་བརྟན་གནས་དེ་ཅི་ཞིག་མཆིས། །གང་འདིར་རྟེན་ནས་འབྱུང་བ་བསླུ་ མེད་ཀྱི། །དབང་གིས་དུས་གསུམ་རིམ་བྱུང་སྣང་བ་ཀུན། །ལེགས་པར་བརྟགས་ན་མ་སྐྱེས་མ་འགག་ལ། །སྟོང་གཟུགས་སྒྱུ་མའི་ཚུལ་དུ་སྣང་བར་ཟད། །དེ་ལ་འགྲོ་དང་འོང་བ་མ་མཆིས་ཤིང་། ། གཅིག་དང་དུ་མ་བདག་དང་གཞན་མི་དམིགས། །རྟག་དང་ཆད་པ་ལ་སོགས་སྤྲོས་པ་ཡི། །སྤྱོད་ཡུལ་གང་ཡང་གདགས་སུ་མེད་པར་ཟད། །ཆོས་ཀུན་རང་བཞིན་ཉིད་ཀྱིས་མཉམ་པ་སྟེ། །བླང་དང་ 23-4-45a དོར་བ་འགའ་ཡང་མ་དམིགས་པས། །ཐམས་ཅད་གདོད་ནས་ཞི་ཞིང་མྱ་ངན་འདས། །དེ་ལྟར་ཤེས་པ་ལྟ་བ་བཟང་པོ་ཡིན། །འོན་ཀྱང་ཇི་ལྟར་སྣང་བའི་ཆོས་རྣམས་ལ། །དེ་ལྟར་བདེན་ པར་ཞེན་ཅིང་བླང་དོར་གྱི། །མཐའ་ལ་ཁོར་མོ་ཡུག་ཏུ་འཕྱན་པ་རྣམས། །བདག་བདེ་སྒྲུབ་པར་འདོད་པའི་ཀུན་རྟོག་གིས། །ཟག་པར་བཅས་པའི་ཆོས་ལ་གནས་ནས་སུ། །སྲིད་པར་ཡང་ནས་ ཡང་དུ་སྐྱེ་བགྱིད་ཅིང་། །སྲིད་པའི་ཕུང་པོ་སྲེད་པས་བཟུང་བ་རྣམས། །ངོ་བོ་ཉིད་ཀྱིས་སྡུག་བསྔལ་རྒྱ་མཚོར་བྱིངས། །ཨེ་མ་འདི་ལ་སྡུག་བསྔལ་མ་མཆིས་བཞིན། །སྡུག་བསྔལ་ཆུ་བོར་ སེམས་ཀྱི་དབང་གིས་འཕྱན། །གཉིད་ཀྱི་དབང་གིས་རྨི་ལམ་སྡུག་བསྔལ་བ། །རང་གི་ཉམས་སུ་མྱོང་བ་ཇི་བཞིན་ནོ། །དེ་ལྟར་གཟིགས་ནས་བདེན་མཐོང་འཕགས་པ་རྣམས། །སྒྱུ་ མའི་སྲིད་པར་སྙིང་རྗེའི་གཟུགས་བཟུང་སྟེ། །འཕགས་ལམ་ཆོས་ཀྱི་འབྲུག་སྒྲ་རབ་བསྒྲགས་པས། །སྡུག་བསྔལ་གཉིད་ལས་རབ་ཏུ་སད་པར་བྱེད། །འདི་ན་སྡུག་བསྔལ་སྦྱིན་དང་འཕྲོག་པ་ཡི། ། ཕྱི་རོལ་བྱེད་པོ་འགའ་ཡང་མ་མཆིས་ཏེ། །རང་སེམས་རྨོངས་པའི་དབང་གིས་འཁོར་བ་ལ། །འཕགས་པའི་བདེན་པ་ཁོ་ན་སྨན་མཆོག་ཡིན། །བདེན་པ་དེ་ལ་བརྟེན་ནས་རྨོངས་པ་ཡིས། །སྤྲུལ་ 23-4-45b པ་སྲིད་པའི་གྲོང་ཁྱེར་ཆེན་པོ་འདིའི། །བདག་པོ་ཀུན་ཏུ་རྟོག་པའི་དགྲ་ཆོམས་ན། །ཕྱིན་ཆད་འཇིགས་པ་མེད་པའི་གནས་སུ་འགྲོ། །འདི་ལྟར་གཏན་དུ་ཞི་བ་བསིལ་བའི་གནས། །རབ་མཆོག་མྱ་ངན་ འདས་པའི་གྲོང་ཁྱེར་ལ། །འགྲོ་ཀུན་འགོད་པའི་སྙིང་རྗེ་སྒྱུ་མའི་ཤུགས། །མཁའ་ཡི་མུ་དང་མཉམ་པར་རྒྱས་པར་འགྱུར། །དེ་ལྟར་ཤེས་ནས་ད་ནི་སྲིད་པ་འདིར། །དོན་མེད་སྡུག་བསྔལ་མྱོང་ ལ་ཡིད་སྐྱོ་བས། །འཁོར་འདས་གཉིས་ཀའི་ཞེན་པ་བཅད་ནས་སུ། །སྒྱུ་མའི་རང་མཚང་མཐོང་ལ་ནན་ཏན་མཛོད། །ཤེས་ཀྱང་ནན་ཏན་བསྒོམས་པར་མ་བྱས་ན། །ཐོག་མེད་འཁྲུལ་བའི་ བག་ཆགས་བཟློག་དཀའ་བས། །སྔར་བཞིན་གདུང་བའི་གནས་ན་རྟག་ཏུ་སྡོད། །དེ་ཕྱིར་ཉིན་དང་མཚན་མོ་ཀུན་ཏུ་ཡང་། །བསམ་པར་བྱ་བ་གཞན་ནི་སྤངས་ནས་སུ། །འཁྲུལ་པའི་དབང་ གིས་སྲིད་པར་འཁྱམས་པ་ལ། །འཁྲུལ་པའི་གཞི་རྩ་སེམས་ཀྱི་ཕུག་ཏུ་བཅད། །ཐམས་ཅད་བདེན་མེད་རང་མཚང་རིག་པར་བྱ། །དེ་ལྟར་ཡང་ནས་ཡང་དུ་བསྒོམས་བྱས་ན། །ཡང་དག་ དོན་དང་ཕྱིན་ཅི་ལོག་གི་བློ། །སྣང་དང་མུན་པ་བཞིན་དུ་འགལ་བས་ན། །སྟོབས་ལྡན་གཉེན་པོས་འཁྲུལ་སྣང་ཟིལ་གྱིས་གནོན། །བརྫུན་ཆེན་རང་མགོ་འཁོར་བའི་འཁྲུལ་སྣང་ལ། །འདི་ཙམ་ 23-4-46a སྲིད་པར་མནར་བའི་མཐུ་ཡོད་ན། །ཡང་དག་བདེན་པའི་དོན་ལ་ཕྱོགས་པའི་བློ། །དེ་ནི་ཇི་ལྟར་སྟོབས་དང་ལྡན་མི་འགྱུར། །བདག་བདེ་རེ་བས་སྔགས་དང་བསམ་གཏན་ དང་། །མཆོད་དང་དཀའ་ཐུབ་ལ་སོགས་ཀུན་ཞོག་ལ། །བདག་འཛིན་འཆིང་བ་གཅོད་པའི་ཡང་དག་དོན། །འདི་ལ་གཅིག་ཏུ་འདྲིས་ཤིང་གོམས་པར་མཛོད། །རྨི་ལམ་ན་ནི་ཆུ་ཡིས་ཁྱེར་བ་ རྣམས། །ཆུ་དེ་བཟློག་པའི་འབད་པ་ཇི་སྙེད་པ། །རྒྱ་ཆེར་བརྩོམས་ཀྱང་རང་གི་ངལ་བར་ཟད། །རྨི་ལམ་བརྫུན་པར་ཤེས་ན་དོན་དང་ལྡན། །དེ་བཞིན་རང་བདེ་འདོད་པའི་འཆིང་བ་ཡིས། །རྩོམ་ པ་བརྒྱ་ཕྲག་བརྩམས་ཀྱང་མཁས་པ་མིན། །ཡང་དག་དོན་ལ་གཞོལ་བའི་བློ་གྲོས་ནི། །ཡུད་ཙམ་སྐྱེས་ཀྱང་རྒྱལ་བའི་རྗེས་སུ་སློབ། །འདི་ན་རྒྱལ་བ་མཆོག་དང་རྒྱལ་བའི་སྲས། །ཀུན་གྱི་ལམ་ བཟང་ཤེས་རབ་ཕ་རོལ་ཕྱིན། །རང་སེམས་འོད་གསལ་སྔགས་ཀྱི་དེ་ཁོ་ན། །ཟུང་འཇུག་གནད་ལ་གོམས་ན་ལམ་མཆོག་ཡིན། །རང་སེམས་མེ་ལོང་བཞིན་དུ་དྭངས་ལ་གསལ། །ངོ་བོ་ངོས་ བཟུང་མེད་དེ་ནམ་མཁའ་འདྲ། །སྣང་བ་སྟོང་གཟུགས་དེ་ཡི་ངང་ན་བཀྲ། །ཐམས་ཅད་བརྟགས་ན་དབེན་འདི་མངོན་སུམ་ལ། །དེ་དང་གོམས་པར་བྱས་ན་ཆོས་རྣམས་ཀྱི། །གཤིས་ལུགས་ 23-4-46b སྒྲིབ་མེད་མཁའ་ལ་ཉི་བཞིན་མཐོང་། །ཡང་དག་དོན་མཐོང་དེ་ཡི་ཡོན་ཏན་ལས། །རྒྱལ་བའི་ཆོས་ཀུན་རང་གི་ལག་མཐིལ་གནས། །འཇམ་པའི་རྡོ་རྗེའི་ཞབས་ཀྱི་ཆུ་སྐྱེས་ལ། །གུས་པའི་ཡིད་ ཀྱིས་མངོན་པར་ཕྱོགས་བྱས་པས། །ལེགས་བཤད་མི་ཟད་སྨྲ་བའི་སྤོབས་པ་ཅན། །མི་ཕམ་རྣམ་པར་རྒྱལ་བས་སྤེལ་བ་དགེ། རབ་ཚེས་ལྕགས་ཡོས་ཟླ་༢ཚེས་༢༦ལ་ཤར་མར་བྲིས་པ་དགེའོ།། ༈ །། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། །ནང་དུ་མཉམ་པར་བཞག་སྟེ་བལྟས་ཙ་ན། །རང་སེམས་རྣམ་པར་རྟོག་པའི་འཕྲོ་རྒོད་འདི། །མུ་མཐའ་མེད་པ་ཆུ་བོའི་གཉེར་མ་འདྲ། །ངེས་པ་མེད་པ་བར་སྣང་སྤྲིན་དང་འདྲ། ། རྒྱུན་ཆད་མེད་པ་ཆུ་ཀླུང་ཆེན་པོ་འདྲ། །དོན་མེད་སྟོང་འཁྱམས་བར་སྣང་ང་དང་འདྲ། །འདི་རྗེས་དེད་ནས་ཐོག་མེད་ད་བར་སོང་། །དེ་ཡིས་རང་དོན་ཅུང་ཟད་མ་འགྲུབ་པར། །ཕྱི་མའི་རྣམ་སྨིན་ ཁུར་ལེན་ད་ལྟར་ཡང་། །གདོན་ཟིན་ནད་པ་བཞིན་དུ་མི་བདེས་མནར། །ངན་གོམས་ལངས་ཤོར་བག་ཆགས་རྗེས་འགྲོ་བ། །ཤོག་དྲིལ་བརྐྱང་པ་སླར་ཡང་རང་མལ་བཞིན། །རང་དབང་མེད་པར་ གཡེངས་བའི་རྦ་བས་འདི། །རང་ལ་རང་གནོད་བྱེད་པའི་རྩ་བ་ཡིན། །དེ་བས་དྲན་པས་བྱ་རས་ནམ་ཟིན་ཚེ། །རྩ་བའི་དམིགས་པ་གཅིག་པུ་མ་གཏོགས་པ། །ཅི་དྲན་གང་དྲན་ཐད་ཁར་རྦད་ཀྱིས་ 23-4-47a ཀྱིས་ཆོད། །བཅད་ནས་དེ་དང་ཤེས་བཞིན་ལྷན་ནེར་སྡོད། །ཡང་འབྱུང་ཡང་འཕྲོ་བྱུང་ན་མགོ་ནས་ནོན། །ཤེས་བཞིན་ལུ་གུ་རྒྱུད་དུ་མ་སྦྲེལ་ན། །ཞི་གནས་ཏིང་འཛིན་བསྐལ་ པ་བརྒྱར་ཡང་དཀའ། །ནམ་ཞིག་རྣམ་རྟོག་གདོན་འདྲ་ཤུགས་ཆུང་ལ། །བཏང་འགྲོ་བཞག་སྡོད་རང་སེམས་ལས་རུང་ཚེ། །ཏིང་ངེ་འཛིན་གྱི་ཡོན་ཏན་སྙིང་ལ་འཆར། །དེ་བར་ཆད་མེད་གོམས་པ་ སྲིངས་ཤིག་བུ། །ཆུ་སྦྲུལ་ཟླ་༢ཚེས་༤ལ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་མངྒ་ལཾ། ། ༈ ཇི་ལྟར་རྨི་ལམ་སྣང་བ་ལ། །མཐའ་བཙལ་མཐའ་རྙེད་ནམ་ཡང་མིན། །ཀུན་ཀྱང་རྨི་ལམ་ སྣང་བ་སྟེ། །རང་སེམས་གཅིག་པུའི་ངང་དུ་འདུས། །དེ་བཞིན་འཁོར་འདས་སྣང་ཆ་ལ། །ཕ་མཐའ་ནམ་ཡང་མི་མངོན་ཀྱང་། །ཐམས་ཅད་འོད་གསལ་སེམས་ཉིད་ཀྱི། །ངང་དུ་འདུས་ ཤིང་ཐ་མི་དད། །མཐའ་དབུས་མེད་པའི་སེམས་ཉིད་ཀྱི། །རང་སྣང་མཐའ་བྲལ་ཕྱོགས་དུས་སྣང་། །ཐམས་ཅད་བདེན་སྟོང་ངོས་བཟུང་བྲལ། །འོད་གསལ་བསམ་མི་ཁྱབ་ལས་ཤར། ། དེ་ཕྱིར་འོད་གསལ་ཡེ་ཤེས་ཀྱི། །རང་གཟུགས་མུ་ཡིག་ཟླ་བའི་མདངས། །ཆུ་ཟླ་ལྟར་གསལ་འགག་མེད་སྟོང་། །ཀུན་ཁྱབ་ལྷུན་གྲུབ་ཆོ་འཕྲུལ་གྱིས། །མ་དག་སྣོད་དང་བཅུད་ཀུན་སྦྱང་། །ཐམས་ 23-4-47b ཅད་མཉམ་ཉིད་དག་པར་སད། །འོད་ཟེར་དང་བཅུད་མུ་ལ་འདུས། །སྟོང་གསལ་ཐིག་ལེ་འཕོ་འགྱུར་བྲལ། །སྙིང་གི་དབུས་སུ་མུ་ཉིད་གསལ། །འཇམ་དཔལ་རྡོ་རྗེ་རང་བྱུང་བའི། །ཡི་གེ་མུ་ཡི་ ཏིང་འཛིན་གྱིས། །མུ་བཟླས་དངོས་གྲུབ་འགྲུབ་པར་བྱེད། །ས་མ་ཡ། །ལྕགས་སྟག་ཟླ་༢ཚེས་༨མུ་ཡི་བཟླས་སྐབས་བྲིས་དགེ། ། ༈ ཧོ། དུས་གསུམ་སངས་རྒྱས་ཀུན་གྱི་ མཁྱེན་རབ་སྐུ། །འཇམ་དཔལ་གཞོན་ནུ་བདག་ལ་དགོངས་སུ་གསོལ། །ཆོས་ཀུན་སྐྱེ་མེད་མཉམ་པའི་བྱིན་རླབས་ཀྱིས། །གསང་སྔགས་ཡི་གེ་གཅིག་པ་གྲུབ་པར་ཤོག །མ་རྟོགས་ལས་ཉོན་ སྡུག་བསྔལ་བསམ་མི་ཁྱབ། །རྟོགས་ན་མཁྱེན་བརྩེ་ནུས་གསུམ་ཕ་མཐའ་བྲལ། །ཀུན་ཀྱང་རྟེན་འབྲེལ་རོལ་པ་མ་འགགས་ལ། །ཆོས་ཉིད་མཉམ་པ་ཆེན་པོར་གཉིས་སུ་མེད། །གཉིས་མེད་ཡེ་ ཤེས་ཐིག་ལེ་མུ་ཡི་གཟུགས། །ཚེ་མཐའ་ཡས་པའི་ཐུགས་དབྱིངས་ནས་ཤར་ཏེ། །ཀུན་ཏུ་བཟང་པོ་ནམ་མཁའི་རྒྱན་དུ་བཀོད། །འཇམ་དཔལ་གཞོན་ནུའི་བློ་མཚོར་ལེགས་གནས་པ། །མཁའ་ ཁྱབ་རྒྱལ་བའི་སྙིང་པོར་རྗེས་དྲན་ཏེ། །མཐའ་ཡས་འགྲོ་ཁམས་རྒྱ་མཚོར་སྙིང་རྗེའི་སེམས། །འགྱུར་མེད་ཡེ་ཤེས་ཐིག་ལེར་རོ་གཅིག་དང་། །བཟླས་བརྗོད་བརྩོན་པས་རྒྱལ་བ་རྒྱལ་སྲས་ཚོགས། ། 23-4-48a ཇི་སྙེད་ཀུན་ཀྱང་ཏིལ་གྱི་གོང་བུ་བཞིན། །མངོན་སུམ་འདིར་གཤེགས་བྱིན་གྱིས་རླབས་ཆེན་པོ། །དབང་བསྐུར་བྱིན་རློབས་རྟགས་དང་མཚན་མ་སྟོན། །དགོངས་པ་མི་འགྱུར་ཡེ་ ཤེས་མཆོག་གྲུབ་སྩོལ། ། ཞེས་པའང་ལྕགས་སྟག་ཟླ་༢ཚེས་༢༦ལ་གསང་སྔགས་རྒྱལ་པོ་མུ་ཡི་བཟླས་པའི་སྐབས་སུ་མཉྫུ་ཤྲཱི་བཛྲ་གྱིས་བྲིས་པ་དགེའོ།། ༈ །། ཀྱེ་ཧོ། རྨི་ལམ་དག་ན་སྣ་ ཚོགས་སྣང་བ་ནི། །རང་སེམས་མ་ཟད་བར་དུ་ཟད་མི་འགྱུར། །དེ་བཞིན་སྲིད་པའི་ལས་སྣང་ལོངས་སྤྱོད་ཀྱང་། །སེམས་སྣང་ཉིད་དེ་སེམས་ཀྱི་ཆོ་འཕྲུལ་ལོ། །སྔར་འདས་ལྷ་མིའི་ཡུལ་གྱི་འབྱོར་ པ་དང་། ངན་སོང་གནས་ཀྱི་སྤྱོད་ཡུལ་གང་ཡིན་པ། །དེ་དུས་སྐྱེ་འགག་འཕེལ་འབྲི་ལྟར་སྣང་ཡང་། །ད་དུང་ཟད་པ་མེད་ལ་དེང་ནས་ཀྱང་། །ཕྱི་མའི་མུ་མཐའ་སྲིད་དུ་དེ་དང་འདྲ། །སེམས་ ཀྱིས་ལས་བསགས་གང་ཞིག་རྐྱེན་གྱུར་པའི། །སེམས་སྣང་འདི་ལ་ཕ་མཐའ་སུ་ཡིས་ནུས། །དེ་ཕྱིར་འབྱོར་པ་ཟད་པར་དོགས་པ་འདི། །རྨི་ལམ་སྣང་བར་བདེན་ཞེན་བསགས་སྲུང་འདྲ། །ལས་སྣང་བརྫུན་པ་རང་སེམས་ཆོ་འཕྲུལ་ལ། །རང་ལས་གཞན་དུ་བདེན་བཟུང་རང་གིར་བྱས། །སྐད་ཅིག་མ་ལ་རྟག་བརྟན་ཐེར་ཟུག་གཅིག །རང་དབང་མ་ཐོབ་སེམས་ཀྱི་འཁོར་ལོ་བསྐོར། ། 23-4-48b ཀྱེ་མ་ཀུན་ཏུ་རྟོག་པ་འཕྲུལ་པོ་ཆེ། །མ་དུལ་འདི་ལ་རང་ཞི་རང་གྲོལ་གྱི། །གནད་ཤེས་རང་མཚང་རྗེན་པར་ཕུད་ནས་སུ། །རང་དབང་ཐོབ་པའི་སེམས་ཀྱི་རྒྱལ་ས་ལ། །ཀུན་བྱེད་རྒྱལ་པོ་གཉུག་ མར་སོ་ཟིན་པའི། །རྣལ་འབྱོར་དབང་གི་དོན་དུ་ནམ་མཁའི་སྙིང་། །སྙིང་ལ་བཀོད་པར་གྱིས་དང་ཕྱོགས་ལས་རྒྱལ། །རབ་ཚེས་རྣམ་འགྱུར་ལྕགས་སྟག་གི་ཟླ་༨ཚེས་༥ནམ་སྙིང་སྒྲུབ་པའི་དུས་སུ་ བྲིས་པ་དགེའོ།། ༈ །། ཕྱོགས་བཅུ་དུས་གསུམ་ཆོས་རྣམས་མ་ལུས་པ། །མཉམ་པ་ཉིད་གྱུར་ཡེ་ཤེས་རྡོ་རྗེའི་སྐུ། །དཀྱིལ་འཁོར་བདག་པོའི་ངོ་བོར་རྣམ་དག་པས། །ཕྱོགས་ དང་དུས་ཀྱིས་བསྡུས་པའི་སྲིད་པ་ན། །གཟུགས་སུ་སྣང་བ་ཐམས་ཅད་དེ་ཡི་སྐུ། །སྒྲ་རུ་གྲགས་པ་ཐམས་ཅད་དེ་ཡི་གསུང་། །སེམས་ཀྱི་འཕྲོ་འདུ་ཐམས་ཅད་དེ་ཡི་ཐུགས། །ཐམས་ཅད་ ཐམས་ཅད་དེ་ཡི་རང་བཞིན་ཡང་། །རོལ་པ་མ་འགག་རྟེན་འབྲེལ་སྒྱུ་མའི་ཚུལ། །ཐུགས་རྗེ་ཆེན་པོ་ཞི་སོགས་ཕྲིན་ལས་ཀྱིས། །ཞི་བ་སོགས་སུ་མ་གྱུར་གང་ཡང་མེད། །དེ་ཕྱིར་སྣང་གྲགས་རིག་ གསུམ་གཤིན་རྗེ་གཤེད། །ཀིང་ཀང་དྲག་པོའི་སྐུ་གསུང་ཐུགས་སུ་ཤར། །བསྐལ་མེ་ལྟར་འབར་སྐུ་ཡིས་ཁམས་གསུམ་གང་། །འབྲུག་སྟོང་ལྟར་སྒྲོགས་གསུང་གིས་སྲིད་གསུམ་གཡོ། །མཁའ་ 23-4-49a ལྟར་ཟབ་པའི་ཐུགས་ཀྱིས་ས་གསུམ་ཁྱབ། །མེ་ལྟར་རྣོ་བའི་ལས་ཀྱིས་གདུག་པ་བརླག །བསམ་སྦྱོར་ངན་པ་གདུལ་དཀའི་དགྲ་བགེགས་ཀྱིས། །སྙིང་ལ་རྒྱ་གྲམ་འབར་བའི་ འཁོར་ལོ་བསྐོར། །ལྷན་སྐྱེས་ལྷ་འདྲེས་དེ་ཡི་ཤ་ཁྲག་འཇིབ། །སྲིད་པ་གསུམ་ན་གདུག་པ་སུ་ཡང་རུང་། །སྡང་ཞིང་གནོད་པ་མ་ལུས་རྩ་སྦུར་མེས། །བསྲེགས་པ་བཞིན་དུ་བཅོམ་བྱས་སྟོབས་ བསྡུས་པས། །བདག་ཉིད་བསྐལ་པའི་མེ་ལྟར་གཟི་བྱིན་འབར། །དམོད་པ་དྲག་པོ་སྔགས་ཀྱི་དངོས་གྲུབ་ཐོབ། །འདི་འདྲའི་ཚུལ་གྱིས་ཆོས་ཀུན་ཕྱག་རྒྱ་བཞིའི། །རྣལ་འབྱོར་མཆོག་གི་ལམ་དུ་ ཁྱེར་བ་ནི། །སྣང་སྲིད་གཞིར་བཞེངས་བསྐྱེད་རིམ་རྒྱལ་པོ་སྟེ། །བཞི་ལྟར་སྣང་ཡང་རང་བཞིན་དབྱེར་མེད་པ། །བདེ་ཆེན་མཉམ་པ་བྱང་ཆུབ་སེམས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་འཕོ་འགྱུར་ མེད་པ་ཡི། །ཐིག་ལེ་ཆེན་པོ་གཅིག་གི་ངང་དུ་ཟླུམ། །རྫོགས་པ་ཆེན་པོའི་རིམ་པ་འདི་དང་ནི། །རོལ་པ་ཆེན་པོའི་བསྐྱེད་རིམ་ཟུང་འཇུག་ལ། །སློབ་པའི་རྣལ་འབྱོར་རྒྱལ་པོ་རིག་འཛིན་གྱི། །གདུང་ འཛིན་གང་དེ་སྲིད་གསུམ་དགྲ་ལས་རྒྱལ། །ཞེས་ལྕགས་སྟག་ཟླ་བ་༡༠ཚེས་༡༥ཀིང་ཀང་དམར་པོའི་ང་སྒྲུབ་ཀྱི་སྒྲུབ་ཞགས་༢༥ལ་འཇམ་དཔལ་རྡོ་རྗེས་གང་ཤར་བྲིས་པ་མངྒ་ལཾ། །ཞི་སོགས་ལས་གཞན་ 23-4-49b ཀུན་ཀྱང་འདི་ཡི་འགྲོས་སུ་ཤེས་པར་བྱའོ།། ༈ །། དངོས་ཀུན་བླང་དོར་མེད་པར་རང་བཞིན་གྱིས། །མཉམ་པ་ཉིད་གྱུར་བདེ་བ་ཆེན་པོའི་དབྱིངས། །རྟོག་པའི་དྲྭ་བ་ཅན་གྱིས་མཐོང་མི་ འགྱུར། །ཇི་བཞིན་བཞག་པ་དག་ལས་མངོན་སུམ་སྣང་། །བདེ་བའི་དབྱིངས་དང་རྗེས་མཐུན་བདེ་བ་ཡིས། །ཡིད་ཀྱི་ཀུན་རྟོག་ཟུག་རྔུའི་ཚང་ཚིང་རྣམས། །གཞིལ་བྱས་སྟོང་པའི་གདངས་ སུ་མཉམ་སྦྱར་བའི། །ཐབས་མཆོག་དེས་ནི་བདེ་བླག་འགྲུབ་པར་བྱེད། །དེ་ཕྱིར་དཀའ་ཐུབ་ཟུག་རྔུས་ཡིད་གཙེས་པ། །བསྒུལ་བའི་ཆུ་བཞིན་རྟོག་པས་རྙོགས་ནས་སུ། །བདེ་ཆེན་ངང་ཚུལ་ རྙེད་པར་མི་འགྱུར་བས། །རྟག་ཏུ་བདེ་བ་མཆོག་གི་རོལ་མོ་བྱ། །ཁྱད་པར་ལྷན་སྐྱེས་བདེ་བའི་དཔལ་སྟེར་མ། །ཕོ་ཉ་ལམ་མཆོག་གྲུབ་པའི་རྟེན་བཟང་དང་། །དམ་ཚིག་བཞིན་དུ་དགའ་བས་ འགྲོག་པ་ན། །རྡོ་རྗེ་བདེ་མཆོག་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོ། །སྙིང་རྗེ་ཆེན་པོས་སེམས་ཅན་མི་འདོར་ཞིང་། །དད་པ་ཆེན་པོས་རྩ་གསུམ་མི་འདོར་ལ། །ཤེས་རབ་ཆེན་པོས་ ཆོས་མཆོག་མི་འདོར་བའི། །དམ་ཚིག་འདི་ལ་མཁའ་འགྲོ་ཀུན་དགྱེས་ནས། །པདྨའི་ཚལ་ལ་འདུ་བའི་བུང་བ་བཞིན། །སྒྲུབ་པའི་གནས་འདིར་འཛུམ་པའི་མདངས་ཀྱིས་བྱོན། །དབྱེར་ 23-4-50a མེད་དགོངས་པ་རྡོ་རྗེའི་ཡེ་ཤེས་ཀྱིས། །བྱིན་རློབ་དབང་བསྐུར་སྔགས་མཆོག་གྲུབ་པར་མཛོད། །ཅེས་སོ། །སྦྱོར་རྫོགས་ངོ་བོ་གཅིག་པའི་སོར་སྡུད་ནི། །མ་ཡེངས་རང་ སེམས་རང་བབས་ཁོང་ལྷོད་ལ། །མཁའ་ལ་ངང་བཞག་བྱ་སླ་དོན་ཆེ་བ། །དེ་ངང་བརྟན་གོམས་རྟགས་འབྱུང་དོན་ཀུན་འགྲུབ། །མེ་རྟ་ཟླ་༨ཚེས་༩ལའོ།། ༈ །། ན་མོ་ཨཱཪྱ་མཉྫུ་ཤྲཱི་ཡ། རྒྱུན་ཆད་མེད་པའི་དྲན་པས་མ་བཟུང་ན། །སྐད་ཅིག་མི་སྡོད་མྱོས་པའི་གླང་ཆེན་སེམས། །དུལ་བའི་བདེར་གནས་ནམ་ཞིག་ཐོབ་པར་འགྱུར། །དེ་ཕྱིར་འབྲས་མཆོག་གྲུབ་པར་བརྩོན་པ་བསྐྱེད། །ཆམ་ མེར་བཞག་པའི་ངང་ནས་ལྷུན་གྱིས་གསལ། །ཙབ་ཙུབ་བཅོས་སྔས་རྟོག་རླབས་འཚུབ་ཕྱིར་སྤངས། །ཆུ་རྙོགས་རིམ་གྱིས་དྭངས་བ་མ་མཐོང་ངམ། །དེ་ནས་དེ་ངང་ཞོག་ལ་མ་བསྒུལ་ཨང་། ། བཙིར་བས་སྡོད་དུ་མི་འདོད་ཆམ་གྱིས་ལྷོད། །ནམ་མཁའ་འཕར་ཞིང་གཡོ་བ་གང་ན་མཐོང་། །རྟོག་པའི་ང་ལང་རང་གིས་རང་གཡོ་བ། །མ་གཏོགས་ལུས་མེད་འདི་ཀོ་སུས་གཡོ་ནུས། ། ལྷོད་པའི་ངང་ན་དམིགས་པའི་རང་ཚུགས་ནི། །བག་ཡངས་ཚུལ་གྱིས་རྟག་ཏུ་མ་ཤོར་བ། །དྲན་པའི་བྱ་ར་སྒྲིམ་པོའི་ཀློང་ན་གནས། །ཤིན་ཏུ་སྦྱངས་པའི་འབྲས་བུ་མྱུར་དུ་རེག །སྦྱངས་ན་ 23-4-50b ལས་སུ་བཏུབ་ལ་སེམས་འདྲ་བ། །གཞན་མེད་མ་སྦྱངས་མི་བཏུབ་འདི་ལས་གང་། །ནམ་ཞིག་ཕྱལ་ཡངས་ནམ་མཁར་མདུང་བསྐོར་བཞིན། །རང་དབང་ཏིང་འཛིན་མི་གཡོ་ཨ་ལ་ལ། ། དྲན་པའི་མུ་ཁྱུད་ཟླུམ་པོའི་མཐའ་ནས་བསྐོར། །ཕྱལ་ཡངས་རེ་དོགས་མེད་པའི་དབུས་ན་གནས། །མི་བདུད་ཀྱི་སྒྱུ་ཐབས་འཇོམས་པ་མཁྱེན་པའི་རལ་གྲི་སོགས། མི་བསྒུལ་རང་བཞིན་གསལ་བའི་ཏིང་འཛིན་གྱི། །རྒྱལ་པོ་སེམས་ཀྱི་རྒྱལ་སར་མྱུར་དུ་ འཁོད། །ལྕགས་སྦྲུལ་ཟླ་༩ཚེས་༢ལ་དཔལ་ཡ་མནྟ་ཀའི་བསྙེན་མཚམས་ཀྱི་ཐུན་སྐབས་ཞིག་ཏུ་བྲིས་པའོ།། ༈ །། ཞི་གནས་བདུད་རྩི་འཐུང་འདོད་ན། །ཕྱི་ཡི་འདུ་འཛིའི་རྒྱུན་ཐག་མ་ བཅད་ན། །ནང་གི་རྣམ་གཡེངས་ལྡོག་ཐབས་མེད། །ནང་གི་རྣམ་གཡེངས་རྒྱུན་ཐག་ཆོད། །རྣམ་གཡེངས་རྒྱུན་ཐག་མ་བཅད་ན། །རྩེ་གཅིག་གནས་པའི་སྐབས་མི་རྙེད། །དྲན་པས་ཆུ་ལོན་ བར་མེད་བརྩིགས། །ཅུང་ཟད་སྡོད་ནས་ཤེས་བཞིན་བརྟེན། །ཡེངས་མེད་ངང་ལ་རྒྱུན་ཆགས་སུ། །ཇི་གནས་ཡུན་བསྲིང་བརྩོན་པ་བསྐྱེད། །གོམས་པ་ཆགས་ནས་སླར་ཡང་སྒྲིམ། །འོག་ འགྱུའི་དགྲ་ཆོམས་གནས་ཆ་བསྐྱེད། །བརྟན་ནས་ཇི་སྲིད་རྩོལ་མེད་དུ། །འཇུག་ཅིང་དེ་ལས་ཤིན་སྦྱངས་ཀྱི། །ཞི་གནས་དངོས་སུ་མ་གྲུབ་པར། །བར་མེད་བརྩོན་ཅིག་ཐང་ལྷོད་བྱས། །ཡུན་ 23-4-51a རིང་འབྱོང་དཀའ་ཞུམ་སྲིད་པས། །དང་པོ་བསྲན་ཚུགས་བརྩོན་པ་སྤེལ། །བར་དུ་རྒྱུན་ཆགས་བར་མེད་འབད། །ཐ་མ་སྟོབས་རྙེད་དགའ་འབྲས་མྱོང་། །དེ་ལྟར་འབད་ན་དོན་ བཟང་འབྱུང་། །ཟླ་༦ཚེས་༧ལའོ།། ༈ །། ཀྱེ་ཧོ་སྔགས་དམིགས་གྲུབ་གཞན་ནུས་པ་སོམས། །རྟེན་འབྲེལ་འདི་ཡིས་གང་ཟག་ངོར་མི་བྱེད། །རྒྱུ་ཚང་འབྲས་བུ་བཤོལ་བ་ཅི་ལ་སྲིད། ། མ་བྱུང་ལེ་ལན་རང་ལས་སུ་ལ་བཀལ། །གོམས་ཉམས་ཟ་ཟི་ཙམ་ཡང་མ་ཤར་ལ། །དངོས་ནུས་སྤུ་འགུལ་ཙམ་ཡང་མ་ཐོན་པར། །གྲུབ་འབྲས་འཕྲལ་དུ་འབྱིན་འདོད་སྔགས་པ་དེ། །སྨིག་ རྒྱུའི་ཆུ་ལ་སྙེགས་པ་མི་འདྲའམ། །རང་ཉམས་གདིང་རྙེད་ནུས་པའི་རྟགས་ཐོབ་ན། །དོན་ཡོད་ལགས་ཏེ་ཡ་བྲལ་མངོན་རློམས་ཀྱི། །ནུས་པ་ལྟར་སྣང་འདི་ལ་ཡིད་བརྟན་ཅི། །མ་ཞུམ་བརྩོན་ པ་བསྐྱེད་ཅིག་རིགས་ཀྱི་བུ།། ༈ །། སེམས་ཡོད་ཐབས་ཤེས་གང་གིས་སྔགས་དམིགས་ལ། །བརྩོན་པ་ཁོ་ན་འབྲས་བུ་འབྱིན་པའི་རྒྱུ། །ནགས་ལ་མེ་ཆེན་སྤར་བའི་དཔེ་ཡིས་ནི། །ཇི་སྲིད་མངོན་ དུ་གྱུར་པར་འབད་དང་འགྲུབ། །ས་གླང་ཟླ་༦ཚེས་༢༤ལའོ།། ༈ །། ཡེ་ཤེས་སྐུ་ནི་ཀུན་ཁྱབ་ཐིག་ལེ་གཅིག །སྒྱུ་འཕྲུལ་རོལ་པ་ཞི་ཁྲོ་གང་ཡིན་ཀྱང་། །ལྷ་ཀུན་ཡེ་ཤེས་ལྷ་གཅིག་ངོ་བོར་ 23-4-51b འདུ། །སྔགས་ཀུན་རིག་སྔགས་གཅིག་གི་རྗེས་སུ་ཞུགས། །ཏིང་འཛིན་ཐུགས་ཀྱི་རང་བཞིན་དབྱེ་བ་མེད། །དེ་ཕྱིར་ལྷ་གཅིག་སྒྲུབ་སྟེ་ཕྱོགས་དུས་ཀྱི། །རབ་འབྱམས་རྩ་གསུམ་ཡེ་ཤེས་བྱིན་ནུས་ འདུས། །དེ་ལྟར་བློ་ཐག་ཆོད་ལ་སྒྲུབ་ཅིག་ཨང་། །ཟླ་༦ཚེས་༢༨ལའོ།། ༈ །། ཀྱེ་ཧོ། བུ་རང་སེམས་གཤིས་ལ་བཅོས་མ་ཕོག་དང་། །གསལ་ཡེ་རེ་བ་ལ་སྟོང་སང་ངེ་བ། །ཡེ་མ་སྐྱེས་པ་ ལ་མཉམ་ཁད་དེ་བ། །གང་འཛིན་པ་མེད་ལ་ཟངས་ཐལ་ལེ་བ། །འདི་ཡིན་པ་མེད་ཀྱང་ཐག་ཆོད་དེ་བ། །དེ་ཐད་ཀར་མཐོང་ན་དེ་ག་རང་ཡིན། །དེ་ཁོ་ན་སྐྱོངས་དང་འཁོར་འདས་ཆོས་རྣམས། །གཞི་ སྐྱེ་མེད་ངང་དུ་རང་གྲོལ་ཧ་ཧ། །ཟླ་༦ཚེས་༣༠ལའོ་དགེ། ། ༈ འགྱུ་བ་འགྱུ་བཞིན་འགྱུ་མེད་སྨིག་རྒྱུ་འདྲ། །དགག་དང་སྒྲུབ་མེད་ནམ་མཁའི་བང་དུ་གནས། །དེ་ལྟར་རིག་བཞིན་གང་ ཤར་རང་གྲོལ་བ། །འཁོར་འདས་གཟའ་གཏད་ཞིག་པའི་རྣལ་འབྱོར་སྐྱིད། །གང་ཚེས་ལའོ།། ༈ །། སྔར་ནི་བདེའམ་སྡུག་བསྔལ་ཀྱང་། །ད་ལྟ་དེ་རྗེས་སེམས་པས་ཅི། །རྨི་ལམ་ བདེའམ་སྡུག་བསྔལ་ལ། །ད་ལྟ་ཕན་གནོད་བྲལ་བ་འདྲ། །དེ་དུས་སྐྱེས་པའི་སེམས་དེ་ཀ །མངོན་སུམ་སྐྱེས་པས་ཕན་གནོད་བྱས། །ད་ལྟ་བསམ་ན་དེ་འདྲའི་སེམས། །གང་དུ་ཡོད་པའམ་ 23-4-52a མེད་པ་ཡིན། །ཡོད་དམ་འགགས་སམ་མེད་ན་ཡང་། །སྔར་གྱི་ཡོད་དོ་གང་དུ་སོང་། །ད་ལྟ་མ་འོངས་པ་ཡི་སེམས། །དེ་འདྲ་ཕྱོགས་སུ་མ་དམིགས་བཞིན། །མ་སྐྱེས་ བཞིན་དུ་སྐྱེ་བར་སྣང་། །སྣང་ལྟར་ཞེན་པས་ཕན་གནོད་བྱེད། །ཐམས་ཅད་སྒྱུ་མ་ལྟར་བརྫུན་ལ། །ཞེན་འཐས་ལུ་གུ་རྒྱུད་དུ་འཁོར། །དེ་ཕྱིར་སྔ་རྗེས་མ་བཅད་ལ། །ཕྱི་རྗེས་ཤོམས་ར་མ་གཏོད་ པས། །འགྱོད་དང་རེ་དོགས་ཡུར་བ་རུ། །སྨིག་རྒྱུའི་ཆུ་བོ་མ་འདྲེན་ཅིག །ཐད་ཀར་དམིགས་པར་བཞག་སྟེ་བསྲང་། །གཡོ་བག་ཆེ་ན་གར་དགར་བཏང་། །བརྫུན་ཕུག་གཏིབ་ལ་རང་སར་ བཏོལ། །བརྫུན་གྱིས་རླབས་དེས་སྲིད་གསུམ་དཀྲུགས། །བརྫུན་ཕུག་རྡེབ་ན་བདེ་བའི་མཆོག །བརྫུན་འུར་དེད་ན་སྡུག་བསྔལ་ཕུལ། །ཨེ་མའོ་བར་སྣང་སེར་བུ་ཡིས། །སྒྱུ་མའི་བཀོད་པ་ སྟོན་འདི་མཚར། །མེད་པས་དོན་ལ་ང་དང་ཡུལ། །རང་གིས་སྤྲུལ་ནས་བདེ་སྡུག་མྱོང་། །རུས་སྦལ་སྤུ་ཡི་ཐག་པ་དེ། །ལྕགས་ཐག་དགུ་བསྒྲིལ་འབུམ་ལས་སྲ། །ཆོད་ཅིག་ནང་དུ་མེད་ ལག་སྤྲོད། །སྒྲིམས་ཤིག་མྱུར་དུ་རང་སྲོག་ཆོད། །བདེ་ཡངས་རྒྱལ་ས་མ་ཟིན་པར། །ལེ་ལོ་བྱེད་ཐབས་ག་ལ་ཡོད། །ཟླ་༧ཚེས་༡༣ལའོ།། ༈ །། སྐྱེ་བའི་སེམས་འདི་གང་དུ་སྐྱེས། ། 23-4-52b ངོ་བོ་བལྟས་ན་ཅང་མ་སྐྱེས། །གནས་པའི་སེམས་འདི་གང་དུ་གནས། །ཕྱོགས་ཆ་བཙལ་ན་གར་མི་གནས། །འགག་པའི་ཚེ་ན་གང་དུ་སོང་། །གང་དུ་འགྲོ་བ་མ་དམིགས་པས། །འགགས་པ་ ཞེས་བྱ་བརྫུན་ཉིད་དེ། །སྔ་མ་གང་དུའང་མ་སོང་ན། ། འགགས་པ་ཉིད་དུའང་མི་རུང་ཞིང་། །སོང་ན་གར་སོང་དེར་དམིགས་པས། །དེ་ཡང་འགགས་པར་མི་རུང་ངོ་། །འདས་པ་སྐྱེས་ ནས་འགག་ཞེས་དང་། །ད་ལྟ་མངོན་གྱུར་ཕན་གནོད་བྱེད། །མ་འོངས་འབྱུང་ཞེས་བྱ་བའི་སེམས། །དུས་དང་གང་དུ་སྐྱེ་བ་ཡི། །ཕྱོགས་ཀྱི་རིམ་པ་ལྟར་སྣང་ཡང་། ། རྨི་ལམ་བཞིན་དུ་སྣང་ བ་ལ། །དེར་ཞེན་དབང་གིས་ཕན་གནོད་སྣང་། །དོན་ལ་དུས་གསུམ་ཀུན་ཏུ་ཡང་། །མ་སྐྱེས་མི་འགགས་འགྲོ་འོང་བྲལ། །མི་གནས་མི་དམིགས་བསམ་བྲལ་དབྱིངས། །དབྱིངས་ལས་མ་ འདས་བཞིན་དུ་ཡང་། །རོལ་པ་ལྷུན་གྲུབ་རྩིས་ལས་འདས། །ཞེན་པས་འཆིང་ལ་ཞེན་མེད་གྲོལ། །སུས་ཀྱང་བཅིང་གྲོལ་མེད་བཞིན་དུ། །རང་སྣང་ཞེན་པས་བཅིང་གྲོལ་སྣང་། །སེམས་ ཀྱི་སྣང་བ་མ་གཏོགས་པར། །འཁོར་འདས་ཆོས་གཞན་ཤེས་མི་འགྱུར། །སེམས་ཀྱིས་འཁོར་ཞིང་སེམས་ཀྱིས་གྲོལ། །སེམས་ཀྱིས་འདུ་བྱེད་སེམས་ལ་སྣང་། །སེམས་ཀྱི་མྱོང་ཞིང་སེམས་ 23-4-53a ཀྱིས་ཞེན། །རྟོགས་ན་ཐམས་ཅད་རོ་གཅིག་གོ། གོང་ཚེས་ལའོ།། ༈ །། ལྟ་བའི་རྫོང་ནི་ཟིན་པར་བྱ། །སྒོམ་པའི་འཕྲང་ནི་བགྲོད་པར་བྱ། །གདུལ་དཀའི་ སྲོག་ནི་འཕྲོག་པར་བྱ། །འདི་ནི་ཧེ་རུ་ཀ་ཡི་ལམ། ། རུ་ལུ་ཧཱུྃ། ཟླ་༧ཚེས་༡༥ལའོ།། ༈ །། ཉོན་མོངས་མ་ལུས་ཡེ་ཤེས་ཆེན་པོར་སྨིན། །སྡུག་བསྔལ་མཐའ་དག་བདེ་བ་ཆེན་པོར་གྲོལ། ། སྣང་སྲིད་ཐམས་ཅད་དག་མཉམ་ཆེན་པོར་རྫོགས། །ཀུན་བཟང་ཡངས་པ་ཆེན་པོས་བཀྲ་ཤིས་ཤོག ། ཟླ་༧ཚེས་༢༢ནུབ། རྨི་ལམ་ལ་བརྗོད་པར་གཞི་བྱས་ཚེས་༢༣ནང་བྲིས་པ་བཀྲ་ཤིས།། ༈ །། རྟོག་པ་ཐམས་ཅད་ཡོངས་སྤང་སྟེ། །རོ་མཉམ་ལྟ་བུའི་གཟེར་གྱིས་བཏབ། །གང་བྱུང་དེ་ཡི་གྲོགས་སུ་ཁྱེར། །རྣལ་འབྱོར་བརྟག་པ་མཐར་དབྱུངས་ཤིག །ས་གླང་ཟླ་༨ཚེས་༡༧སྔ་དྲོར་ཤར་དོན་ཆེའོ། ། ༈ དཔའ་སྙིང་དགྲ་བླ་གང་ཆེ་དམག་དཔོན་ཏེ། །དར་ལྡན་བྱ་ཞིང་དམག་ལས་ཁོ་ཡི་དབང་། །ལས་དོན་གྲུབ་ན་ནོར་གྱིས་བྱ་དགའ་བཏང་། །རང་ཚེ་ཧྲིལ་མོར་སྙད་མེད་དེ་སྲིད་དཔོན། །སྤྱི་དོན་ ཕན་སེམས་གང་ཆེ་འགོ་བ་སྟེ། །སྡེ་ལ་འགྲིགས་ཤིང་དཔོན་ལ་བསམ་པ་དང་། །ནང་འཚོ་ཕྱི་སྲུང་ནོར་ངོ་མི་འཚོ་བ། །དེ་འདྲ་སུ་ཡོད་ཡུལ་གྱི་གཙོ་བོར་བྱ། །ལུགས་གཉིས་བློ་གྲོས་ཆེ་ཞིང་ཕྱི་ 23-4-53b མཐར་སེམས། །ཡ་རབས་ཚུལ་ལྡན་དཀར་ནག་དྲང་ཤན་འབྱེད། །རྒྱུ་འབྲས་རྩི་ཞིང་བླང་དོར་ཞིབ་དཔྱོད་པ། །དེ་འདྲ་གང་ཡོད་དཔོན་བློན་བཀའ་རྟགས་སྦྱིན། །དེ་དག་རྣམས་ཀྱང་རབ་འབྲིང་ཐ་མ་བཞིན། ། གོ་ས་རྩི་བཀུར་དབང་ཡང་དེ་བཞིན་དུ། །བྱ་ཞིང་ཐམས་ཅད་བློ་གཅིག་སྤྱི་ཆུས་ལ། །གང་ཕན་སྒྲུབ་ན་སྡེ་སྲིད་ཡར་ཟླ་བཞིན། །ཞེས་ས་གླང་ཟླ་༩ཚེས་༡༩ གཟ༷འ་སྐར་༣འཆར་དུས་ཀྱི་དགུང་མོར་བདེ་བའི་རྡོ་རྗེས་བྲིས་ པ་དགེ། ། ༈ རང་རིག་འཇམ་པའི་རྡོ་རྗེའི་བཀའ་ལུང་འདི། །རང་གིས་ཉམས་སུ་བླང་ན་མཆོག་ཏུ་ཕན། །གང་ཤར་འགྱུ་བ་དངོས་མེད་སྨིག་རྒྱུ་འདྲ། །དེ་ལྟར་ཤེས་བཞིན་གཟའ་གཏད་མེད་ པའི་ངང་། །རྒྱུན་ཆགས་དྲན་པ་ཙམ་ཞིག་བརྟེན་ན་ལེགས། །ཤེས་པ་གསལ་རིག་རྒྱུན་ཆད་མེད་པའི་དངོས། །སྟོང་པ་ཟང་ཐལ་སྔ་ཕྱི་མེད་པར་མཉམ། །དབྱེར་མེད་ལྷུན་འབྱམས་རང་གིས་རང་རིག་ པ། །དེ་ཙམ་ངང་དུ་རྒྱ་ཡན་བཞག་ན་ལེགས། །ཡིད་དང་སྒོ་ལྔ་མ་ཕྱེད་ཆམ་མེར་བཞག །ཀུན་གཞི་ཆོས་སྐུ་མ་ཕྱེད་སེང་ངེར་ཞོག །རྣམ་ཤེས་ཡིད་ཤེས་མ་ཕྱེད་ཝལ་ལེར་ཞོག །ཆུ་རྙོག་རིམ་ གྱིས་དྭངས་བ་མ་མཐོང་ངམ། །གཤིས་སུ་ལྷོད་དེ་གང་དགར་བབ་ཙམ་བསྐྱང་། །གཉུག་མའི་དབང་གིས་རྣལ་མའི་དོན་དང་འཕྲད། །ཙབ་ཙུབ་ཡིད་དཔྱོད་སྒྲིན་པོའི་སྣ་རྡོ་འདིས། །གཉུག་མའི་ 23-4-54a མགྲོན་པོ་ལམ་ནས་དཀྲོགས་ཉེན་གདའ། །བཅོས་ཤིང་བཙལ་བའི་ཡིད་དཔྱོད་རྡུལ་འཚུབ་ཀློང་། །གཤིས་དོན་ནོར་བུ་པྲ་ཡས་ལྟ་བུར་སྟོར། །ཡིན་ཡིན་མིན་མིན་འབྱེད་འབྱེད་རིག་ རིག་པོས། །བྱ་རའི་ཟོལ་གྱིས་རྣལ་དོན་དཀྲུགས་པར་བྱེད། །མགོ་མཁྲེགས་དེ་ཀོའི་མགོ་འཕང་རྩིས་མེད་དུ། །མནན་བར་མ་བྱས་གཉེན་པོ་དུག་ཏུ་འགྱུར། །མ་བཅོས་གཤིས་སུ་ལྷོད་ཅིང་རང་བབ་ ཙམ། །སྐྱོང་ཤེས་དེ་ལ་ཆེད་འཛིན་མ་ཞུགས་ན། །རང་དྭངས་རིག་པའི་ཉི་མ་རྩོལ་མེད་འཆར། །འགྱུ་དྲན་བསམ་རྟོག་ཀུན་ཀྱང་དེ་ཡི་གྲོགས། །རིམ་གྱིས་ཐེ་ཚོམ་བྲལ་བའི་རྒྱལ་སར་སླེབ། །འཇམ་ དཔལ་རྡོ་རྗེས་བླ་མ་པདྨར་ཕུལ་བ་དགེ ། ས་གླང་ཟླ་༡༠ཚེས་༡༡ཉིན་ཕྱེད་དང་ཕྲལ་བྲིས་མངྒ་ལཾ།། ༈ །། ཀྱེ་ཧོ། མི་ཡི་ལུས་ལ་མ་འོངས་རང་གི་དོན། །སྒྲུབ་པའི་བློ་དང་ལྡན་བཞིན་རྒྱལ་བསྟན་གྱི། །སྣང་ བས་ལམ་ཡངས་ཕྱེ་བ་མ་ནུས་པས། །བག་མེད་སྤོངས་ལ་བདག་དོན་སྒྲུབ་པར་རིགས། །ཡང་དག་ལྟ་བ་འཇིག་རྟེན་བདེ་ཀུན་ཏུ། །དད་པ་དྲི་མེད་འདི་ཕྱིར་ཕུན་ཚོགས་གཏེར། །འདི་གཉིས་སྲིད་ན་ཡིད་ བརྟན་ཕེར་བའི་གྲོགས། །གཞན་པའི་ནོར་གྲོགས་ལམ་ཁའི་འདུ་ཚོགས་མཚུངས། །གློག་འདྲའི་ཚེ་ལ་ཡིད་བརྟན་གང་ཡང་མེད། །སྐད་ཅིག་མི་སྡོད་རི་གཟར་ཆུ་དང་འདྲ། །སྙིགས་མའི་རང་ཚེ་ནམ་ 23-4-54b ལངས་སྐར་མ་བཞིན། །བསམ་ན་ཅུང་ཟད་མི་སྐྱོ་རང་དབང་ཅི། །གཅེས་པར་བསྐྱང་བའི་ལུས་ཀྱང་ངེས་འདོར་ན། །གཉེན་གྲོགས་འབྱོར་པ་སྨོས་ཀྱང་ཅི་ཞིག་དགོས། །ཆབས་ཅིག་ཡུད་ལ་བསྒྱུར་བ་ ཤེས་མཛོད་ལ། །ཕྱི་མར་རང་ཕན་སྒྲུབ་ན་མི་ལེགས་སམ། །ཕྱུག་ན་ཆོག་ཤེས་ཀྱིས་ལ་སྦྱིན་པ་ཐོང་། །མཐོ་ན་ཁེངས་སེམས་བསྒྱུར་ལ་གཞན་ཕན་གྱིས། །གཞོན་ན་རྒྱགས་པ་མེད་པར་བག་ཡོད་ བྱ། །དེ་ལྟར་བྱས་ན་འདིར་ལེགས་ཕྱི་མར་བདེ། །ཕྱུག་པོ་མི་རྟག་ནམ་མཁའི་སྤྲིན་དང་མཚུངས། །མཐོན་པོ་མི་རྟག་ལ་ཁའི་ན་བུན་འདྲ། །གཞོན་པ་མི་རྟག་སྟོན་གྱི་མེ་ཏོག་བཞིན། །རྟག་འཛིན་ཆེ་ ན་རང་བསླུས་རང་སྡུག་འབད། །སྙན་པར་གྲགས་པ་བྲག་ཆ་ལྟ་བུ་སྟེ། །ཀུན་གྱིས་བཀུར་བ་རྨི་ལམ་ལོངས་སྤྱོད་བཞིན། །ཤི་ནས་འདིར་སྣང་གཏོགས་པའི་དཔལ་ཀུན་འདོར། །དེ་བས་ཧ་ཅང་ ཞེན་འཛིན་མ་ཆེ་ཨང་། །ཞེན་པས་འཇུས་ཀྱང་ཡུན་གྱི་དོན་མེད་པ། །དངོས་པོའི་ཆོས་ཡིན་སུས་ཀྱང་བཅོས་མེད་པའི། །ངང་ཚུལ་མ་ཤེས་ལྷག་པར་ཕོངས་པ་བསྐྱེད། །དེ་བས་འཁོར་བའི་རང་ མཚང་སེམས་ཀྱིས་གཞིག །འཚོ་བས་ཕོངས་དང་མི་ཡི་དབང་པོ་གཉིས། །ཤི་བའི་ཚེ་ན་མཐོ་དམན་གང་ཡང་མེད། །ལས་ཀྱི་རྗེས་འབྲངས་དབང་མེད་ལུས་ཅན་རྣམས། །ཡུད་ཙམ་བདེ་སྡུག་ 23-4-55a བདེན་པར་ཞེན་པས་བསླུས། །གང་དུ་སྐྱེས་ཀྱང་ད་ལྟའི་སྐབས་བཞིན་དུ། །རང་བདེ་འདོད་པ་ནམ་ཡང་མི་འབྲལ་བས། །བགྱི་བ་ཆུང་ངུས་ཡུན་རིང་བདེ་སྒྲུབ་པ། །ད་ལྟ་ ལག་ཏུ་མཆིས་པས་བག་བྱོས་ཤིག །ཡུད་ཙམ་ཚེ་འདིར་སྲིད་པའི་བདེ་བ་ཡི། །གློག་གི་བུ་མོའི་ཟློས་གར་ལ་གཡེངས་རྣམས། །རྒ་བའི་ཆད་པས་མནར་ཀྱང་མི་སྐྲག་པར། །འདོད་པས་མྱོས་ ནས་མུན་པར་འཇུག་པ་མཚར། །ལུས་ཀྱི་ལྗོན་ཤིང་སེམས་ཀྱི་བྱེའུ་ཆུང་གཉིས། །ཡུད་ཙམ་འགྲོགས་པའི་རིང་ལ་དགེ་བ་སྒྲུབ། །དམ་པའི་བཀའ་ལུང་སྙིང་ལ་འཆང་གྱིས་དང་། །བདེ་བའི་ ལམ་ནས་བདེ་བར་འགྲོའོ་གྲོགས། །ས་གླང་ཟླ་༡༡ཚེས་༢ལའོ།། ༈ །། བརྒྱད་ཁྲི་བཞི་སྟོང་ཆོས་སྒོའི་མཐའ། །རྫོགས་ཆེན་ཨ་ཏི་ཡོ་གར་འདུས། །ཨ་ཏི་ཡོ་གའི་ལམ་གྱི་གནད། །རང་ བྱུང་ཡེ་ཤེས་ཉིད་ལ་ཐུག །སེམས་ཉིད་གདོད་ནས་མ་སྐྱེས་ལ། །མ་འགག་རང་གསལ་བཟོ་བཅོས་བྲལ། །བླ་མའི་མན་ངག་ལ་བརྟེན་ནས། །རང་ངོ་ཤེས་པ་ཡེ་ཤེས་ཡིན། །ཐིག་ལེ་ ཉག་གཅིག་ཆོས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་རང་བཞིན་སྟེ། །གཉིས་མེད་ཡེ་ཤེས་བླ་ན་མེད། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག ། མེ་སྤྲེལ་ཟླ་༤ཚེས་༩ལ་མཉྫུ་ཤྲཱི་བཛྲ་གྱིས་ 23-4-55b བྲིས་སོ་དགེ། ། ༈ ན་མོ་གུ་རུ། ཅོལ་ཆུང་སྤྲེའུ་ལྟ་བུའི་གཡོ་བག་སེམས། །ཡུལ་གྱི་དྲྭ་བ་འཇིགས་སུ་རུང་བས་མཆི། །དེ་ཕྱིར་དང་པོར་རང་གི་སེམས་བརྟག་སྟེ། །སྤྱོད་ཡུལ་ ཞི་བའི་ནགས་སུ་གནས་བྱས་ནས། །ཀྱེ་མ་རང་དང་གཞན་གྱི་ལུས་འདི་ནི། །ཆུ་ཡི་ཆུ་བུར་བཞིན་དུ་མི་རྟག་ཅིང་། །མྱུར་དུ་རྒ་བས་ཟིལ་གྱིས་གནོན་གྱུར་པ། །དུས་ཀྱི་བ་མོས་ཕོག་པའི་མེ་ཏོག་ བཞིན། །ཡིད་འོང་ལང་ཚོ་ཟླ་བཞིན་མ་རྣམས་ཀྱང་། །གང་ལ་སེམས་སོང་གྲོགས་མོའི་རྗེས་འབྲང་བ། །གང་ལ་དོར་བའི་དུར་ཁྲོད་འཇིགས་རུང་ན། །གཡོ་མེད་ཉལ་བའི་ལུས་ཀྱི་ངང་ཚུལ་ལྟོས། ། འཇིག་རྟེན་དག་ན་རྒྱུ་སྐར་ཟླ་ཉི་བཞིན། །གཅིག་ལས་གཅིག་གི་མཛེས་པ་ལྷག་འཕེལ་བ། །གངྒཱའི་བྱེ་མ་བཞིན་དུ་ཆེས་མང་ན། །གཅིག་ལ་བདག་སེམས་ལྷག་པར་ཆགས་པ་འཁྲུལ། །ཆུ་ལས་ རྡོལ་བའི་ཆུ་བུར་བཞིན་དུ་ཡང་། །གང་དུ་སྔར་ཡང་ཡིད་འོང་མཛེས་པའི་ལུས། །གྲངས་ཀྱིས་མི་ཆོད་སྐྱེས་ཤིང་ཞིག་གྱུར་ལ། །ད་ལྟ་གནས་དང་ཕྱིས་ཀྱང་དེ་བཞིན་ནོ། །འདོད་ཆེན་རྨོངས་ པས་དེ་དོན་མ་ཤེས་ནས། ། གཏན་གྱི་འཚོ་བ་ཆོས་མཆོག་བདུད་རྩིའི་ཟས། །དོར་ནས་འདོད་ཡོན་གློག་གི་ཟློས་གར་ལ། །ཆགས་པས་སྲིད་པ་ཁྲོན་ཆུའི་དོང་དུ་ཚུད། །དུས་རྒྱུན་འགྱུར་བའི་ཟློས་ 23-4-56a གར་གློག་ལྟ་བུའི། །འདུས་བྱས་འདི་ཡི་རང་མཚང་རིག་བྱས་ནས། །ཟིན་མེད་འདོད་པའི་ཡུལ་ལ་རྟག་འཕྱན་པས། །ཤ་ཐང་ཆད་པའི་སེམས་ཁྱོད་ངལ་གསོ་ མཛོད། །གང་གིས་ལྷ་ཡི་འདོད་བདེ་ཆེན་པོའི་ཡུལ། །མཐོང་ན་མི་ཡི་རྒྱལ་པོ་ཆེ་རྣམས་ཀྱང་། །རུལ་བའི་རོ་ལ་ཆགས་པ་བཞིན་དུ་ཡང་། །རང་འབྱོར་སྙེམ་པ་ཡོངས་སུ་ཟད་པར་འགྱུར། ། གང་ཞིག་བདག་པོར་གྱུར་པ་རྣམས་ཀྱི་ཡང་། །འབྱོར་པ་ཡོད་དགུ་བསྡོམ་པས་འགའ་ཞིག་གི། བྲན་གྱི་རྒྱན་ལ་བསྒྲུན་པར་མི་བཟོད་ཀྱང་། །རང་གི་འབྱོར་པ་མཆོག་ཏུ་འཛིན་པས་འགྱིང་། ། ཀྱེ་མ་ཕྱི་ནང་སྒྱུ་མའི་སྣང་ཚུལ་ལྟོས། །ནང་གི་མི་རྟག་སོགས་ཀྱི་འདུ་ཤེས་དང་། །སྦྱར་ཏེ་བསམ་ཞིང་བསམ་ཞིང་གཞིག་པ་ན། །སྒྱུ་མས་སྤྲུལ་པ་འདི་ཀུན་ཅི་ཞིག་གོ། ཨེ་མ་ཕྱོགས་ དུས་ཡངས་པའི་འཇིག་རྟེན་ཁམས། །བདག་གི་བློ་ཡི་མདུན་དུ་བྱས་ནས་ཀྱང་། །སྡང་ཆགས་མེད་པར་ཀུན་གྱི་གནས་ཚུལ་ལྟོས། །འདི་ལས་ལུགས་གཉིས་མཐོང་བ་བཟང་པོ་སྐྱེ། །ཆོས་ མིག་རྡུལ་དང་བྲལ་བའི་མཐོང་བ་ནི། །ཤེས་བྱའི་དཀྱིལ་འཁོར་ཡངས་པར་ཁྱབ་མོད་ཀྱི། །མི་མཆོག་ཤེས་རབ་མར་མེའི་སྣང་བ་ཡང་། །ཡངས་པའི་ཁོར་ཡུག་ཀུན་ཏུ་སྣང་བ་ཡིན། ། 23-4-56b ཉི་ཚེའི་མཐོང་བ་བླུན་པོའི་བློ་གྲོས་ཀྱིས། །ཁྲོན་པའི་རུས་སྦལ་རྣམ་ཐར་འཛིན་པ་གང་། །དྲེགས་དང་རྒྱགས་པ་སྡང་ཆགས་རྨོངས་པས་བསྒྲིབས། །ལུགས་གཉིས་མཐོང་བ་བཟང་པོ་དེ་ལ་མེད། ། ཡུལ་གྱི་བསླུ་བྲིད་འདི་ལ་ཡིད་བརྟན་མེད། །ཐོས་དོན་གོམས་པ་ནགས་ཀྱི་ནང་དུ་བདེ། །འདོད་པས་བསླུས་གང་འཁོར་བའི་འདམ་དུ་བྱིང་། །ཐོས་རྗེས་འབྲང་བ་ཞི་བའི་བདུད་རྩིས་འཚོ། །འདི་ ན་གཉེན་མེད་གྲོགས་ཀྱང་མེད་པ་དང་། །འབྱོར་མེད་གོས་ཧྲུལ་ནང་ན་ཉལ་བའི་མི། །འཇིག་རྟེན་གསུམ་གྱི་འབྱོར་པ་མདུན་བསྟར་ན། །ཡིད་ཀྱི་རྒྱལ་པོ་རྟག་ཏུ་གཟིགས་མོར་མཛད། །འདི་ལ་འདི་ ལས་ལྷག་པའི་དཔལ་གང་ཞིག །བརྒྱ་བྱིན་གྱིས་ཀྱང་སྦྱིན་པར་མི་ནུས་ན། །འདི་ཉིད་གང་ལ་ཆགས་ནས་གང་ཞིག་གི། བྲན་དུ་འགྱུར་བ་དེ་དག་མ་འཚལ་ཏོ། །ཞེས་པའང་མི་ཕམ་པས་སོ། ། ༈ རྒྱལ་ཀུན་ངོ་བོ་འཆི་མེད་པདྨ་འབྱུང་། །དད་བརྒྱའི་སྙིང་གི་གེ་སར་དབུས་སུ་མཆོད། །སྙིང་སྟོབས་ལྡན་པ་སྙིང་པོའི་ཉམས་ལེན་མཁན། །ཀུན་ལ་བརྩེ་བས་སྙིང་གཏམ་ཅུང་ཟད་སྨྲ། ། སྙིགས་མའི་དུས་ན་མི་འདོད་སྡུག་བསྔལ་མང་། །རྣམ་རྟོག་ཉོན་མོངས་ཤུགས་དྲག་བཟོད་པར་དཀའ། །འདི་འདྲའི་དུས་ན་གཉེན་པོ་ཕལ་དང་ཕལ། །ཅུང་ཟད་གོམས་པས་འཕྲལ་ཕན་འབྱུང་ 23-4-57a བཀའ་བས། །ཆོས་ཀུན་རང་བཞིན་རྣམ་དག་དོན་ཤེས་པས། །ཆོས་ཅན་ཀུན་ཀྱང་ཡེ་ནས་རྣམ་པར་དག །སྣང་སྲིད་རྣམ་དག་རྒྱལ་བའི་འཁོར་ལོ་སྒོམས། །མ་ལུས་གསང་ བ་སྔགས་ཀྱི་རང་སྒྲར་ཟློས། །དེ་ལྟར་འབད་ཚེ་རྐྱེན་ངན་ཅི་ཤར་ཡང་། །དུག་ལྔ་ཆེ་རུང་ཆུང་རུང་ཡེ་ཤེས་རྒྱུ། །སྡུག་བསྔལ་ཆེ་རུང་ཆུང་རུང་བདེ་ཆེན་གནས། །གང་བྱུང་ཅི་བྱུང་དོགས་མེད་ལམ་ དུ་ཁྱེར། །མི་ནུས་བརྟུལ་ཞུགས་ཆུང་ན་དཔའ་གདིང་བསྐྱེད། །མ་གོམས་ཤེད་མ་རྫོགས་ན་བརྩོན་པས་འབད། །སྙིགས་མའི་གཡུལ་ལ་དཔའ་བའི་གོ་མེད་ན། །བདུད་ཀྱི་དམག་ལས་རྒྱལ་ འདོད་བཞད་གད་གནས། །སྐྱིད་སྡུག་རྣམ་རྟོག་མེ་ལྟར་འབར་ན་ཡང་། །ལྷ་སྔགས་ཆོས་སྐུར་ལམ་ཁྱེར་བརྟུལ་ཞུགས་ཀྱིས། །མེ་ལ་ཤིང་ལྟར་གྲོགས་སུ་བསྒྱུར་མཛོད་དང་། །ལྷ་སྔགས་ཆོས་ ཉིད་ཟབ་མོའི་བྱིན་རླབས་ཀྱིས། །ཐོག་མེད་ནས་བསགས་ལས་ཉོན་བག་ཆགས་ཀུན། །ཡུད་ཙམ་ཡུད་ཙམ་གྱིས་ནི་བསྲེགས་གྱུར་ནས། ། སྨག་ལ་ཟླ་འོད་ཇི་བཞིན་འགོག་མེད་དུ། །གྲུབ་པའི་ འབྲས་བུ་མཐོང་ལ་བསླུ་བ་མེད། །མ་འབད་ཡིད་ཀྱི་རེ་བ་རྫོགས་དུས་མེད། །མ་བསྒོམ་ཆོས་ཟབ་གྱུར་ཀྱང་ཕན་མི་ཐོགས། །སྡུག་བསྔལ་རྦ་རྒོད་ཆེ་བ་འཁོར་བའི་གཤིས། །སྙིང་སྟོབས་ཆུང་ངུས་ 23-4-57b བརྒལ་བར་ཡོངས་མི་ནུས། །དཔུང་ཚོགས་བཞི་ལྡན་གཡུལ་གྱི་བཀོད་པ་ལས། །རྒྱལ་འདོད་དཔའ་བོ་རལ་གྲི་འཆང་ནས་བརྟུལ། །འཐབ་པའི་ཚེ་ན་འཇམ་པོ་ཇི་ལ་སྲིད། །སྙིང་སྟོབས་མ་ ཞུམ་འཐབ་ན་ངེས་པར་རྒྱལ། །ལུས་ནད་སེམས་ཀྱི་ཀུན་རྟོག་ཕྱི་རྐྱེན་ངན། །དུས་གཅིག་ཚོགས་ན་བདུད་བཞི་སློང་བའི་དམག །འདི་ལས་རྒྱལ་ན་ཕྱོགས་རྣམས་ཀུན་ལས་ཀྱང་། །རྣམ་པར་རྒྱལ་ བའི་ཅོད་པཎ་ཐོབ་ངེས་པའི། །སྒྱུ་འདྲའི་གཡུལ་ལ་མི་འཇིགས་གོ་བགོས་ཏེ། །དོན་ཆེན་གནད་ལ་སྤྲོ་བའི་ཤུགས་བསྐྱེད་ནས། །བུད་ཤིང་མང་ལ་མེ་བཞིན་ལམ་དུ་ཁྱེར། །གླང་ཆེན་སྨྱོན་པ་ ལམ་དུ་ཞུགས་ལྟར་སོང་། །ཀྱེ་ཧོ། རྨི་ལམ་ལྟ་བུའི་རང་སྣང་གཡུལ། །བརྟུལ་ཞུགས་སྤྱོད་པས་ཕམ་བྱས་ཡེ་ཤེས་མེ། །རབ་འབར་སྲིད་པ་གསུམ་ན་སྙན་པའི་སྒྲ། །དབྱར་གྱི་རྔ་ཆེན་ སྟོང་བཞིན་ངེས་པར་ལྡིར། ། ཆུ་སྦྲུལ་ལོ་རྣམ་རྒྱལ་ཞེས་པའི་ཟླ་༡ཚེས་༢ལ་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་ཀྱི་སྔ་ཐུན་ལ་འཇམ་དཔལ་རྡོ་རྗེས་ཤར་མར་བྲིས་པ་དགེ། ། ༈ ན་མོ་གུ་རུ། རྒྱལ་པོའི་ཆད་ པས་སྲོག་ལ་དོགས་པ་ཡང་། །སྙིང་ལ་ཁུར་ཆེན་ཉིད་དུ་དྲན་གྱུར་ན། །ཐེ་ཚོམ་མེད་པར་སྲོག་འཆད་པ་ཡི་དུས། །ངེས་པར་འབྱུང་བ་ཤེས་བཞིན་ཅིར་མི་སེམས། །ནད་ཕྱིར་ཆེད་དུ་བྱས་པའི་མེ་ 23-4-58a བཙའ་ལ། །ཡ་ང་དང་བཅས་བསྲན་པར་མི་འདོད་བཞིན། །དམྱལ་བར་ལྕགས་བསྲེག་ས་གཞིར་རྗེན་ཉལ་བའི། །རྒྱུ་ལ་ཤེས་བཞིན་འཇུག་པ་འདི་ཀོ་ཅི། །སྐྱེ་མཐའ་ འཆི་དང་འདུས་མཐའ་འབྲལ་བ་དང་། །འབྱོར་མཐའ་རྒུད་དང་བསགས་མཐའ་མཛད་ངེས་པས། །ལུས་གྲོགས་ལོངས་སྤྱོད་འདི་ནི་ཅི་དགའ་བ། །དེ་ལྟ་དེ་ལྟར་སྡུག་བསྔལ་རྗེས་སུ་འབྲང་། ། འཁོར་བའི་ཆུ་བོའི་རླབས་ཀྱིས་འཁྱེར་བ་རྣམས། །རང་དབང་མེད་པར་འདོད་པའི་འདམ་དུ་བྱིངས། །གློག་འདྲ་སྐད་ཅིག་གཡོ་བའི་འདུ་བྱས་ཀྱི། །རང་མཚང་ཡུད་ཙམ་དུ་ཡང་ཤེས་མི་ འགྱུར། །ཡང་ཡང་སྡུག་བསྔལ་གསུམ་གྱི་བརྫུན་ཆེན་པོ། །འགལ་མེ་བསྐོར་བ་བཞིན་དུ་འཇུག་པས་ན། །ད་ནི་འཁྲུལ་བའི་སེམས་ཀྱི་མཚང་ཕུད་ལ། །འཁྲུལ་མེད་གཤིས་ཀྱི་གནས་ ལུགས་བལྟ་བར་མཛོད། །ལྕགས་ཡོས་ཟླ་༡ཚེས་༢༧ལའོ།། ༈ །། རྨི་ལམ་སྣང་བ་སྣང་བཞིན་དེ་དག་ལ། །བརྟགས་ན་དངོས་མེད་ཤེས་ཀྱང་དེ་ཙམ་ཞིག །ཨ་འཐས་བདེན་ཞེན་ ལྡོག་པའི་སྒོ་ཡིན་ཀྱང་། །རང་སྣང་ཡུལ་བཟུང་ཡིད་དཔྱོད་གནས་ལུགས་སུ། །འཛིན་པ་དེ་ཀོ་མཁའ་ལ་ཁབ་མིག་བཞིན། །རྨི་ལམ་སྣང་བ་སྣང་བཞིན་སྣང་བའི་མཐའ། །བསྐལ་པ་བྱེ་ 23-4-58b བར་བཙལ་ཀྱང་མཐའ་མི་མངོན། །དེ་བཞིན་ཕྱོགས་དུས་སྣང་སྲིད་ཤེས་བྱའི་ཆོས། །རང་སྣང་སྣང་བ་འདིའང་མཐའ་མི་མངོན། །སྣང་ལ་དེར་འཛིན་ཨ་འཐས་གོམས་པ་ཡིས། །རང་གཞན་ བདེ་སྡུག་སྣང་བས་བཅིངས་ཤིང་སྒྲིབ། །དཔྱད་ན་མི་བདེན་སྒྱུ་མར་ཤེས་མོད་ཀྱང་། །ཡུན་རིང་མ་སྦྱང་དངོས་ཞེན་འཇིལ་བར་དཀའ། །རྨི་ལམ་སྣང་བ་དེ་ལ་ཐད་ཀ་རུ། །དཔྱད་དཔྱད་བརྒྱ་ཡིས་ འབིགས་ཀྱང་དཔྱོད་པ་པོ། །རང་སྣང་ངང་ལ་རང་མགོ་འཁོར་ཏེ་འཁྱམས། །བདེན་མེད་གོ་ཡང་སྒྱུ་མའི་སྣང་བས་སྒྲིབ། །རྨི་ལམ་མི་བདེན་སྒྱུ་མར་བསམ་པ་དང་། །བདེན་པར་ཞེན་ནས་བླང་ དོར་བྱེད་པ་གཉིས། །སྣང་བའི་ངང་ལ་རྟོག་པར་རོལ་པའི་ཕྱིར། །མཉམ་པའི་དོན་ལ་ཡང་དག་ཉེ་བ་མེད། །བཙལ་བས་མི་རྙེད་རང་སྣང་བརྫུན་རིས་ལ། །ངོ་ཤེས་ངང་ནས་དགག་སྒྲུབ་ཀུན་དོར་ཏེ། ། བཅས་བཅོས་མེད་པར་ཕྱལ་གྱིས་གནས་པ་ན། །རྨི་ལམ་སྣང་བ་མ་བཙལ་རང་སར་རྙེད། །ཇི་ཙམ་བཙལ་བ་གནས་ལུགས་སྟོར་སྟོང་བའི་སྒོ། །མ་བཙལ་ངང་བཞག་ཆོས་ཉིད་དོན་དང་འཕྲད། །དེ་བས་ བཙལ་མེད་གཤིས་ལུགས་ངང་སྐྱོང་དང་། །སྣང་བས་མི་སྒྲིབ་ཞེན་པས་མི་འཆིང་བར། །མ་སྒྲུབ་ལྷག་མཐོང་ཡེ་སངས་རྒྱས་པའི་དོན། །རང་ལས་རང་རྙེད་རང་ངོ་ཤེས་ཞེས་བྱ། །སྣང་བ་འདི་ནི་ཆུ་ཡི་ 23-4-59a ཟླ་བ་འདྲ། །མེད་སྣང་སྟོང་པའི་གཟུགས་ཅན་ཡིན་མོད་ཀྱི། །དངོས་ཞེན་གོམས་པའི་ལག་རྗེས་བཞག་པའི་ཕྱིར། །རེ་ཤིག་ཡོད་ཡོད་ཡིན་ཡིན་འདྲ་མོད་ཀྱང་། །དགག་སྒྲུབ་ རྗེས་དཔྱད་གང་ཡང་མི་དགོས་སོ། །འཛིན་པའི་སེམས་འདི་སྨིག་སྒྱུའི་སྣང་བ་བཞིན། །རྒྱ་མཚོར་ཟླ་སྐར་བཞིན་དུ་སྣང་བ་ལ། །འལ་འོལ་རྗེས་མེད་རང་གི་མྱོང་བ་འདི། །ངོ་ཤེས་དྲན་པའི་རྒྱུན་ཐག་ སྐྱོངས་མཛོད་དང་། །སྣང་སེམས་འདྲེས་ཚེ་གཉིས་ཀ་མཉམ་པར་ཞིག །ཡིད་དཔྱོད་ལྟ་སྒོམ་བསྐལ་བརྒྱར་གོམས་པ་ལས། །རང་གནད་ལྷུག་པར་ཡུད་ཙམ་སྐྱོང་བར་མཆོག །དང་པོར་མན་ངག་ལྡན་ པའི་བླ་མ་ཡི། །བཀའ་བཞིན་བྱར་མེད་གནད་ཀྱི་འཇོག་ཚུལ་གཅེས། །དེ་དང་ལྡན་ན་ཆོས་ཉིད་གནད་ཀྱིས་ནི། །རང་གིས་རང་གྲོལ་རང་བྱུང་ཡེ་ཤེས་ཞབས། །མཐོང་ཚེ་སྒྲིབ་གཉིས་མུན་པ་སངས་པའི་ མཁར། །ཐེ་ཚོམ་དཔྱང་ཐག་འཇུག་པའི་གོ་སྐབས་བྲལ། །ཨེ་མ་ཧོ། ། ༈ སད་རྨི་རྩོད་པའི་གླུ་སྒྱུ་མའི་རོལ་མོ་དགུ་འགྱུར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། ལྷ་ཨཱཪྱ་མཉྫུ་ཤྲཱི་ ཡ། །ལུས་གཙུག་གིས་གཏུགས་ནས་གཏམ་འདི་འཆད། །མདང་བཟང་པོ་རྨིས་པའི་སྣང་བ་དང་། །ད་དངོས་སུ་འཕྲད་པའི་སྣང་བ་གཉིས། །གཉིས་ཀས་ཆགས་པ་བསྐྱེད་པར་མཉམ། །གཉིས་ 23-4-59b ཀ་མཐར་ནི་འཇིག་པར་མཉམ། །མདང་མདང་གི་སྣང་བ་བདེན་པར་བཟུང་། །ད་ད་ལྟའི་སྣང་བ་བདེན་པར་འཛིན། །ད་མདང་དང་ད་ལྟ་སུ་བདེན་བརྩད། །དེ་རིང་སྣང་བ་འུད་པོ་ཆེས། །མདང་ སྣང་བ་ཁྱོད་ནི་འཁྲུལ་ལོ་ཟེར། །མདང་གི་སྣང་བ་འཕྲུལ་པོ་ཆེས། །ངར་མ་ཟད་ཁྱོད་ཀྱང་འཁྲུལ་ལོ་ཟེར། །ད་ལྟས་མ་འཁྲུལ་བདེན་རྟག་ལ། །ད་དངོས་སུ་སྣང་བ་འདི་ཡིན་ཟེར། །མདང་ གིས་ལན་ལ། །དེ་མདང་ཡང་ཡོད་པས་མ་ངེས་ཟེར། །དེ་ད་ལྟ་མེད་པས་ངེས་སོ་ཟེར། །འདི་སང་ཉིན་མེད་པས་མ་ངེས་ཟེར། །ངས་མངོན་སུམ་མཐོང་བས་ངེས་སོ་ཟེར། །དེ་ངས་ཀྱང་མཐོང་ བས་མ་ངེས་ཟེར། །འདི་ཡུན་རིང་བརྟན་པས་ངེས་སོ་ཟེར། །ཡུན་རིང་ཐུང་སུ་ལའང་ཡོད་ཅེས་ཟེར། །ཁྱོད་བྲག་རི་རྨིས་ཕྲལ་ཟང་ཐལ་ནུས། །འདི་དེ་ལྟར་ནུས་ན་ཁྱོད་བདེན་ཟེར། །འདི་རྐྱེན་ དང་ཕྲད་ན་དེ་ལྟར་ནུས། །རྐྱེན་མེད་པ་མདང་ཡང་མི་ནུས་ཟེར། །མདང་རྐྱེན་མེད་པར་ཡང་ནུས་སོ་ཟེར། །དེ་རྟག་ཏུ་མི་ནུས་ཅི་ཡིན་ཟེར། །ཁྱོད་ཤི་བའི་གཉེན་དང་བརྩེ་བ་ཡོད། །མེད་པའི་ བུ་ཚ་བཙའ་བ་ཡོད། །ངེད་ལ་དེ་ལྟར་མེད་དོ་ཟེར། །ངེད་ལ་དེ་ལྟར་ཡོད་དོ་ཟེར། །ཡོད་པས་ཡོད་ལ་མ་ཕན་ན། །ཁྱོད་ཀྱང་བུ་སོགས་ཅི་ཞིག་ཡོད། །ཤི་བ་སླར་ཡང་སྐྱེ་བ་དང་། །མེད་པ་ 23-4-60a མངོན་དུ་འགྱུར་རུང་བ། །ཁྱོད་ལ་ཡོད་ཀྱང་མེད་འདྲ་ཟེར། །ཤི་བ་ཁྱོད་དེ་མཐོང་བ་ངེད། །མེད་པ་ཁྱོད་དེ་བཙས་པ་ངེད། །ཁྱོད་ལ་མེད་ཀྱང་ཡོད་འདྲ་ཟེར། །མདང་ ཞིམ་མངར་བཟའ་བཏུང་ཆེར་ཟོས་ཀྱང་། །ཉིན་ད་ནང་བཀྲེས་སྐོམ་མི་སེལ་ཟེར། །ཉིན་དེ་རིང་གི་ཁར་བཟང་འདིར་ཉལ་ཀྱང་། །དགུང་དོ་ནུབ་ཆར་རྨིས་མི་ཁེགས་ཟེར། །དེ་དོན་མེད་རང་གི་ འཁྲུལ་སྣང་ཟེར། །འོ་ན་བཀྲེས་སོགས་ཀྱང་འཁྲུལ་ཞེས་ཟེར། །མཚན་རྨིས་པ་ཉིན་དུས་བརྫུན་པར་ཤེས། །ཉིན་མཐོང་བ་མཚན་མོར་ཅི་བརྫུན་ཟེར། །ཉིན་མཐོང་བའི་བརྫུན་ཕུག་མཚན་ མོས་ཏིབ། །མཚན་རྨིས་བ་ཉིན་མོས་རྒྱུ་མིང་འབྲས་ཏེ་སད་པ་ལ་གོ་དགོས་ཅི་གནོད་ཟེར། །དེ་ནས་ཁྲིམས་མཁན་ཛྙཱ་ན་ཡིས། །ཤེས་རབ་ཞེས་བྱའི་ཞལ་ལྕེ་མངགས། །དེས་རྩོད་མཁན་གཉིས་ལ་འདི་འདྲ་ཟེར། །ད་ད་རུང་དེ་འདྲ་ བཤད་པ་ན། །མང་མང་ཡོད་ཀྱང་དེ་ཙམ་ཆོག །ཁྱེད་གཉིས་ལ་བདག་གིས་རྟིང་གཅོད་བྱེད། །ཁྱོད་གཉིས་ཀ་བདེན་དེ་གཉིས་ཀ་བརྫུན། །མ་དཔྱད་སོ་སོ་རང་སར་ བདེན། །དཔྱད་ན་གཅིག་མཚང་གཅིག་གིས་ཕུད། །དོན་ལ་འདྲ་འདྲ་མཉམ་མཉམ་རེད། །གཉིས་ཀ་མི་བདེན་ཡིན་ན་ཡང་། །རྨི་ལམ་མཁན་པོས་འཁྲུལ་པ་ལ། །འཁྲུལ་ཞེས་ཁས་ལེན་ 23-4-60b ཤིན་ཏུ་དྲང་། །ཁྱོད་སད་པས་འཁྲུལ་ཀྱང་མ་འཁྲུལ་ཞེས། །ད་རུང་ཞེན་པས་ཁྲིམས་ལ་འཐོག །རྨི་གླེན་ཁ་ཆེས་ཏེ་གྲུང་པོར་སོང་། །སད་སྤྱང་ཁ་ཆས་ཏེ་ཆེས་ཆེར་རྨོངས། །བརྟན་མི་བརྟན་ བག་ཆགས་རྒྱུ་ཡི་ལག །རང་འབྲས་བུ་གཉིས་ལ་ཁྱད་པར་མེད། །ད་རྨི་ལམ་མཁན་པོའི་རྗེས་སྙོགས་ལ། །ལྟ་སྤྱོད་གཅིག་ཏུ་འདྲེ་བར་གྱིས། །ཟེར་ནས་དྲན་པ་ཞགས་པས་བཅིང་བྱས་ནས། །རྨི་ལམ་ མཁན་པོའི་ལག་ཏུ་གཏད། །ཁྱེད་གཉིས་མ་རྩོད་མཐུན་པར་གྱིས། །འགལ་ན་སྟོང་གསུམ་ཕུང་སྲི་ཡིན། །མཐུན་ན་དུས་གསུམ་འདྲེན་པ་ཡིན། །གོ་ན་གཉིས་ཀར་ཕན་ནོ་གསུངས། །དེ་ནས་ གཉིས་ཀས་གཉིས་ཀ་ཡང་། །ཁྱད་མེད་ཁྱོད་མེད་ཤེས་གྱུར་ནས། །སུ་མཐོང་སུ་ཕྲད་མཉམ་མཉམ་བྱས། །དེ་ནས་གཉིས་ཀའི་རྩོད་པ་ཞི། །གཉིས་ཀ་བློ་རྩེ་གཅིག་ཏུ་གྱུར། །འདྲ་མ་ འདྲེས་ལ་ཆོ་མ་འུར། །ཡ་མ་ཟུང་གི་གླུ་ཞིག་བླང་། །ངེད་མི་འདྲ་མི་འདྲ་ཟེར་མཁན་ཚོ། །འདྲ་འདྲ་འདྲ་འདྲ་ནོར་ནས་གདའ། །འདི་འདྲ་འདྲ་བ་ལ་འདྲ་འདྲ་བ། །འདྲ་ཟེར་མཁན་དཀོན་ན་ཤེས་ མཁན་ཅི། །ཉིན་དོན་ལ་འདྲ་འདྲ་མཉམ་མཉམ་ཤེས། །མཚན་སྐབས་སུ་འདྲ་འདྲ་མ་ནོར་ན། །དོན་གལ་པོ་ཆེ་སྟེ་རྨོངས་པ་ལ། །དེ་བསམ་ནས་བསྣོལ་བ་འདྲ་བར་སྣང་། །ད་སྒྱུ་མའི་སངས་རྒྱས་རྒྱལ་ 23-4-61a པོའི་ཞལ་ལུང་གིས། །ཚིག་ཁ་ལ་མ་འཁྱེར་དཔྱད་ན་འདི། །ངེད་གཉིས་འགྲོག་པའི་རྩེ་དགའ་ལས། །མ་ཟོས་སྦྲང་རྩི་རོ་མངར་མྱོང་། །མ་འཐུང་མྱོས་པའི་སྨྱོན་གར་རྩེ། །མ་ བསྒྲིག་ཡ་མཚན་ལྟད་མོ་མཐོང་། །གནད་དེ་ལས་ཆེ་བ་མེད་དོ་ཨང་། །དེ་ཀུན་གྱིས་ཐུགས་ལ་ཞོག་ཅིག་ཟེར། །དེ་ནས་གཉིས་ཀ་གཅིག་ཏུ་གྱུར། །གཅིག་པོ་དེ་ཡང་མཁའ་ལ་འདྲེས། །དེ་ནས་ ཞལ་ལྕེ་པྲཛྙཱ་ཡིས། །ཡེ་ཤེས་རྒྱལ་པོར་དེ་སྐད་ཞུས། །རྒྱལ་པོ་དགྱེས་ནས་ཞལ་ལྕེ་བ། །ཁྱོད་འདུན་མ་མཁས་པའི་དར་སོ་ལ། །ད་ནས་ནམ་མཁའི་མཐར་ཐུག་པར། །རང་དབང་ཁྱུང་ལྟར་ ལྡིང་མཛོད་ལ། །མི་འཇིགས་ནམ་མཁའི་རྒྱལ་ཐབས་འདི། །ཁྱོད་ལ་གཏད་དོ་ཟུངས་ཤིག་ཀྱེ། །དེ་ན་ནམ་མཁའི་མེ་ཏོག་ཚལ། །རོ་མངར་སྦྲང་རྩིས་དུད་ཅིང་ལྡེམ། །དེ་ཟ་ཞིང་ཟ་ཞིང་སོང་ཞིག་དང་། ། ནམ་ཡང་ཟད་པ་མེད་དོ་ཀྱེ། །དེར་གནས་མོ་གཤམ་བུ་མོ་ནི། །ཕུལ་ཕྱིན་མཛེས་སྡུག་ངོམས་བཞིན་རྩེ། །རྒས་མེད་བཙུན་མོ་ཁྱོད་ལ་སྦྱིན། །དེ་ལ་འཁྲིགས་ཤིང་རོལ་ཅིག་ཀྱེ། །བདུད་རྩིའི་ མདུན་ན་ངན་སྐྱུགས་བཞིན། །དེ་དང་འགྲོག་པའི་དགའ་བ་དེ་ཡིས། །མཐའ་དག་སྲིད་པའི་བདེ་བ་ལ། །ཞེ་འདོད་ལྷོད་པར་འགྱུར་རོ་ཀྱེ། །ཞེས་གསུང་དེས་ཀྱང་དེ་བྱས་པས། །ནམ་ཞིག་ 23-4-61b ཡེ་ཤེས་རྒྱལ་པོ་དང་། །འདྲེས་ཤིང་ཐིམ་པར་གྱུར་རོ་སྐད། །དེ་ལྟར་ཟུང་ལྡན་ཉམས་སྦྱར་བརྡ་ཡི་ངག །དཔྱད་ན་ཤེས་སླ་མ་དཔྱད་ཤེས་མི་སླ། །བསམ་ན་དོན་ཆེ་མ་བསམ་དོན་ཆུང་གཏམ། ། བདེ་ཆེན་དགའ་བ་འཁྱིལ་དུ་དྷཱིས་བྲིས་སོ།། ༈ །། སྔགས་རྒན་འདྲ་དཔེ་ཉམས་མྱོང་མེ་བཙའ་ཞེས་པ་ཚིག་ཧྲུལ་གོ་དོན་ཟབ་མོ་བཞུགས། ས་ཐང་ཡངས་པདྨ་ཅན་ཞེས་པ་ན་སྔགས་རྒན་ འདོད་པའི་མེ་འབར་བྱ་བ་ཞིག་ཡུལ་གྱི་བུད་མེད་མཛེས་མ་སྒྱུ་མ་བུད་ཤིང་བྱ་བ་དང་ཕྲད་ནས་དེ་མ་ཐག་སྔགས་རྒན་ལྕགས་ཀྱུས་གླང་པོ་བཞིན་དུ་ཡིད་དབང་མེད་དུ་མྱོས་ཏེ་མཛེས་མ་དེའི་དྲུང་དུ་སོང་ནས། ཀྱེ་བཟང་མོ་བདག་ལ་རྩེ་དགའ་རྩོམས་ཤིག་ཅེས་རྐང་པ་ལ་མགོས་གཏུག་ཀྱང་། རྒན་པོ་མི་སྡུག་པའི་དབང་གིས་བུད་མེད་དེས་འདོད་པའི་གཏམ་སྨྲ་བ་ལྟ་ཅི། ཁྲོས་ནས་ཕར་སོང་ཞེས་མགོ་ལ་ རྡོག་པ་བསྣུན་ནས་གཞོན་ནུ་བདེ་བའི་ལང་ཚོ་ཞེས་པ་མཐོང་ན་དགའ་བ་དེར་སོང་ནས་ཕན་ཚུན་འོ་བྱེད་ཅིང་རྩེ་དགས་དུས་འདའ་བ་དེ་མཐོང་ནས། རྒན་པོ་དེ་ལུས་སེམས་འདོད་གདུང་གི་མེ་འབར་ཞིང་། མྱོས་མྱོས་པོར་གྱུར་ཏེ། གཉིད་ཀྱང་ཡལ་ཟས་ཀྱང་ཡི་གར་མི་འོང་བར་གླལ་ཏེ་འདུག་པ་ལ། སྨན་པ་ལ་ལས་ཚ་བར་ངོས་བཟུང་། ལ་ལས་ང་དུ་ངོས་བཟུང་། ལ་ལས་གདོན་དུ་ངོས་ 23-4-62a བཟུང་ནས་སྨན་དཔྱད་སྣ་ཚོགས་བྱས་ཀྱང་ཇེ་བས་ཇེ་ཐུར་སོང་ཏེ་སྨྱོས་ནས་མཛེས་མ་འབའ་ཞིག་འབོད་བྱུང་བ་ལ། བླ་མ་དུ་མས་དབང་བསྐུར་རྟོགས་པ་སྤར་ཀྱང་མ་ཕན་ པར་སྡུག་བསྔལ་གྱི་ཚོར་བ་བཟོད་དུ་མེད་པས་ཉེན་པ་ལ། འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཁྱེའུ་ལོ་བཅུ་དྲུག་པ་ལྟ་བས་ཆོག་མི་ཤེས་པ་སྨན་གྱི་ངད་པ་འཐུལ་བ་ཟླ་བ་གཞོན་ནུ་ཟེར་བ་ཞིག་ གིས་རྒན་པོའི་ཁར་འོ་བྱས་ནས་བྱམས་པའི་ངག་གིས་ཕ་ཁྱོད་ཅི་ལ་གདུང་ཟེར། །རྒན་པོ་དེ་དེ་ལ་དགའ་ཞིང་ཆགས་པས་དྲན་པ་ཅུང་ཟད་རྣལ་དུ་ཕབ་ནས་ཁྱེའུ་ལག་པས་ཉུག་ཉུག་བྱས་ནས་ཁྱེའུ་ ལགས་བདག་བུད་མེད་བཟང་པོ་དེ་འདྲ་བ་མཐོང་ནས་ཆགས་པ་བཟོད་མེད་དུ་འབར། འབར་ཀྱང་དེ་བདག་ལ་བྱོལ་ཏེ་ཁྱེའུ་བདེ་བའི་ལང་ཚོ་དང་ལྷན་གཅིག་དགའ་མགུར་གནས་པ་མཐོང་བའི་མོད་ ངས་བུད་མེད་དེ་ཁྱེའུ་དེ་ལ་ཇི་ཙམ་དགའ་བ་དེ་ཙམ་བདག་ལ་དགའ་ན་ཅི་མ་རུང་སྙམ་པའི་སེམས་པ་ཡང་ཡང་ལྡོག་ཏུ་མ་བཏུབས་པ་དེས་བདག་དྲན་པ་སོ་ན་མི་གནས་པར་གྱུར་ཏོ་ཟེར། དེ་ནས་ ཁྱེའུ་དེས་རྒན་པོ་ཁྱོད་བླུན་པ་ལྟ། ལང་ཚོ་པདྨ་དང་འདྲ་ཡང་རྒས་ནས་འདོད་མཁན་སུ་ཡང་མི་འོང་བས། རེ་ཐག་ནང་ནས་མཆོད་པར་མར་མེ་ལ་བྱེ་ལེབ་ལྟར་མཆོང་བ་ཁྱོད་མཚང་རེ་ཆེ། བུད་མེད་ 23-4-62b མཛེས་མ་དེ་ཡང་སང་རྒ་བས་ནོན་ཚེ་རེག་ཏུའང་མི་འདོད་ན་འཁྱུད་པ་ལྟ་ཅི། དེས་ན་རང་གཞན་གྱི་ཚུལ་མི་ཤེས་པ་ཁྱོད་བདུད་ཀྱིས་བསླུས་པར་གདོན་མི་ཟ་བས་ད་རེ་ཐག་མྱུར་དུ་ཆོད་ཟེར་བ་ལ། རྒན་པོ་མིག་མཆི་མས་གང་ནས་ད་ཁྱེའུ་ཁྱེད་བདག་ལ་སྙིང་བརྩེ་ན་བུད་མེད་དེ་ངའི་གམ་དུ་ཁུག་ཅིག དེ་མ་གཏོགས་སྲིད་པ་གསུམ་གྱི་འབྱོར་པ་སྟེར་ཡང་ང་དགའ་བའི་ཐབས་མི་འདུག་ཟེར། དེ་ནས་ ཁྱེའུ་དེས། འོས་པའི་ལས་ལ་འཇུག་པར་རིགས་ནའང་། །མི་འོས་བཞིན་དུ་ནན་གྱིས་སྦྱར་གྱུར་པ། །བདུད་ཀྱི་མདའ་ཆེན་སྙིང་ལ་ཟུག་པ་སྟེ། །དོན་མེད་རང་གིས་རང་ཕུང་མ་ལགས་སམ། ། མཛེས་མ་མ་མཐོང་སྔ་རོལ་དག་ན་ནི། །ཁྱོད་ཡིད་དྭངས་བའི་ཆུ་བཞིན་རྣལ་མར་གནས། །འདི་མཐོང་དེ་ཡིས་ཁྱོད་ཡིད་རྙོགས་བྱས་པས། །བཟོད་མེད་སྡུག་བསྔལ་དུ་མའི་སྦུབས་སུ་འཐུམས། ། འཐོབ་མེད་ལས་ལ་གདུང་བ་ཁྱོད་ལྟ་ན། །མི་ཀུན་ལྷ་ཡི་བུ་མོའི་གཟུགས་སེམས་ནས། །ཁོང་ཁྲག་སྐྱུགས་ནས་འཆི་བར་འོས་ན་ཡང་། །ཁྱོད་འདྲ་ས་སྟེང་འདི་ན་དཀོན་པར་སྣང་། །འགྲུབ་ པ་མེད་ཅིང་རེ་བའི་སྡུག་བསྔལ་གྱི། །ཟུག་རྔུས་ཟུག་བཞིན་འདིར་ཡང་ཆེར་མནར་བ། །དབང་མེད་ཉོན་མོངས་རྦ་རླབས་འཁྲུགས་པ་ཡིས། །ཀྱཻ་ཧུད་སྐྱེ་གཞན་དུ་ཡང་མཉམ་པར་འགྱུར། །ཕྱི་ཡི་ 23-4-63a འདྲེ་ལ་དཔའ་དཔའ་ལྟར་འཆོས་པ། །བླུན་པོ་རྣམས་ཀྱིས་ལྷ་བཞིན་མཆོད་པ་ཁྱོད། །ནང་གི་འདྲེ་ཡིས་སྙིང་ལ་གར་བྱས་པས། །དེ་རིང་བརྫུན་ཕུག་བརྟོལ་བ་ངོ་རེ་ཚ། ། དགའ་བཞིན་རྩེ་ཡང་ཆུ་བུར་བཞིན་དུ་གཡོ། །གཞན་མཐོང་དེ་ཡིས་སྔ་མའི་བློ་འདོར་ཞིང་། །ཆགས་བྲལ་ཡིད་ལ་མི་དགའ་བཟང་མོའི་གཟུགས། །བཟང་པོར་ཞེན་པའི་འདུ་ཤེས་སྨིག་རྒྱུ་འདྲ། ། ཞེས་སྨྲས་ཀྱང་རྒན་ཕོ་ན་རེ། །དེ་ཡིན་མོད་ཀྱི་ཇི་སྨྲས་ཀྱང་ངའི་སྙིང་ལ་བུད་མེད་དེ་ཕུར་པ་བཏབ་པ་ལྟར་ཟུག་འདུག་པ་ལ་བུད་མེད་དེ་ཁུག་ན་མ་གཏོགས་གཞན་སེལ་ཐབས་ཅི་ཡང་མེད་ཟེར་ནས་ ཤུགས་རིང་འདོན་པ་ལ། ཁྱེའུ་དེ་ན་རེ། གྲོགས་སོམས་ཤིག་དལ་ཅིག་ངག་ལ་ཉོན། །སེམས་ཟུག་རྔུའི་རྟོད་ཕུར་འདི་ལྟར་ཕྱུང་། །དེ་རང་གི་སེམས་ཀྱིས་མ་ཕྱུང་ན། །ཐབས་གཞན་ པ་འཇིག་རྟེན་ཀུན་ན་མེད། །ཀུན་གཞི་ཡི་ས་ཐངས་ཡངས་པ་རུ། །སེམས་ཀུན་རྟོག་གི་བུ་ཆུང་བསམ་མེད་པོ། །ཁྱོད་དོན་མེད་ཀྱི་ངུ་སྐད་ཅི་ལ་འབྱིན། །མཛེས་མ་སེམས་ལ་བཏབ་བོ་ཟེར། ། སེམས་མཛེས་མར་བཏབ་པ་མི་ཤེས་སམ། །ལུས་བེམ་པོ་འདི་ལ་མཛེས་མ་བརྒྱས། །འཁྱུད་ཀྱང་འདོད་པ་སྐྱེ་མི་ཤེས། །མི་སྡུག་མཛེ་མོ་སྟོང་ཕྲག་གིས། །བཤང་གཅིས་སྦགས་ཀྱང་ 23-4-63b ཡ་མི་ང་། །དེས་ན་འདོད་ཅིང་ཆགས་པ་པོ། །ནང་གི་སེམས་ཉིད་མ་ལགས་སམ། །འདི་མཛེས་མས་ཕྱི་ནས་མ་བསླུས་ཏེ། །རང་གི་རྟོག་པས་ནང་ནས་བསླུས། །སེམས་རང་སོ་རང་ གནས་བཟུང་བ་ནས། །སྤྱན་ལྔས་གཟིགས་པར་མི་བཏུབ་པ། །འདི་སུ་ཡིས་འཆིང་ཞིང་དབང་དུ་ནུས། །རང་གི་རྣམ་རྟོག་ཕར་བརྐྱང་ནས། །ཡུལ་དེ་ལ་དམ་པོར་འཁྱུད་བྱས་པ། ། ཡང་ཡང་གོམས་པའི་བག་ཆགས་སྐྱོན། །ཕུར་པ་བཏབ་པ་བཞིན་དུ་གྱུར། །སེམས་རྣམ་རྟོག་ནང་ནས་འཆར་ལུགས་ཀྱིས། །འཛིན་མེད་སེམས་ཀྱང་བཙོན་དུ་བཟུང་། །ནམ་མཁའ་ སྟོང་པར་མདུད་པ་བོར། །དོན་མེད་སྡུག་བསྔལ་སྣ་ཚོགས་མྱོང་། །ད་ཞེན་འཛིན་གྱི་རྟོད་ཕུར་ཕྱུང་ལ་ཐོངས། །མཚང་རིག་ན་འབྱིན་པ་རང་ལག་ཡིན། །གནད་མ་མཐོང་འབྱིན་ཐབས་ཤིན་ ཏུ་དཀའ། །དངོས་མེད་ཀྱི་འགྱུ་བ་གློ་བུར་བས། །ཁྱོད་སྡུག་ལ་གཏད་པ་མ་ཤེས་སམ། །སེམས་ངོས་བཟུང་མེད་པའི་བར་སྣང་ལ། །མཛེས་མ་ཇི་ལྟར་ཟུག་པའི་ཚུལ། །དཔྱོད་ཅིང་དཔྱོད་ ཅིང་མཛེས་མ་སོམས། །དཔེ་འདི་ཡིས་བོགས་བསྐྱེད་འབྱུང་ལས་ཆེ། །ཟེར་བས་སྔགས་རྒན་སེམས་ཟུག་རྔུའི་རྟོད་ཕུར་རྩ་བ་ནས་ཕྱུང་སྟེ་རིག་པ་གསལ་སྟོང་ནམ་མཁའ་སྤྲིན་བྲལ་ལྟ་བུ་བློ་བདེ་ 23-4-64a བ་རྒྱུན་མི་འཆད་པའི་གནད་ལ་རེག་ནས་འདི་སྐད་དུ། ཁྱེའུ་ཁྱོད་ནི་ཕན་བདེའི་ས་མཁན་དེ། །སྔ་ནས་ཁྱོད་དང་མ་ཕྲད་ཤིན་ཏུ་ནོངས། །སྣང་ཚད་སེམས་ཡིན་ཞེས་པའི་ འུད་པོ་ཆེ། །གནད་དུ་མ་ཕབ་ཚིག་གིས་རློམས་པས་འགྱིངས། །ལང་ཚོ་དོན་མེད་འདོད་པའི་ཁོལ་པོར་སོང་། །བདེ་སྟོང་འུད་ཀྱིས་མ་བཏང་ལག་ཏུ་བླང་། །ཉིན་སྣང་མུན་པར་བྱེད་པའི་མྱོས་ ཆུ་བཏུང་། །མཚན་མོ་བུད་མེད་སྲེད་པའི་མེ་ཆེན་འབར། །ཀྱེ་མ་གདམས་ངག་གནད་དུ་མ་སོང་བས། །ཉོན་མོངས་འཆིང་བ་ཕྱིར་ཞིང་ཆེས་ཆེར་དམ། །ལུས་ཀྱི་འཁྲི་ཤིང་ཇི་ལྟར་རྐམ་གྱུར་ པ། །དེ་ལྟ་དེ་ལྟར་འདོད་པའི་མེ་ཡིས་གདུང་། །སྡང་ཆགས་ཉོན་མོངས་ཧ་ཅང་འཕེལ་གྱུར་ན། །ངེས་པར་གདོན་གྱི་རིགས་སུ་མི་འགྲུབ་མིན། །རྣམ་སྨིན་ཆེས་ཆེར་ཟབ་པའི་ངན་སོང་ཡང་། ། ཉོན་མོངས་འདི་ཡིས་མ་བསྒྲུབས་གཞན་སུ་ཞིག །ཤན་པ་སྲོག་གི་གནད་ལ་མཁས་པ་བཞིན། །གལ་ཏེ་ཐབས་ཆེན་སྔགས་ལ་མཁས་གྱུར་ན། །ཆགས་དང་སྡང་བཞིན་དུ་ཡང་དེ་དག་སྲོག །ཕྲོག་ པའི་སྒྱུ་མའི་སྦྱོར་བས་རྩེ་ཞིང་འགྱིངས། །དེ་དག་རྣམས་ལ་ཆགས་སོགས་དངོས་པོ་དེས། །མི་འཆིང་ཆུ་ཡིས་ཆུ་ཟླ་མི་འགོགས་བཞིན། །མེ་ཆེན་འབར་ལ་སྐམ་པོའི་ཤིང་བཞིན་དུ། །དེ་ལ་ 23-4-64b ཆགས་སོགས་ཅི་ཞིག་གནོད་བྱེད་ཡིན། །གལ་ཏེ་ཆགས་སོགས་ཀྱིས་ཀྱང་མི་འཆིང་ན། །ཐབས་གཞན་གང་གིས་དེ་དག་འཁོར་བར་འཛིན། །མདོར་ན་ཉོན་མོངས་འདམ་ལས་མྱུར་གྲོལ་བ། །ཐབས་ ཆེན་འདི་ཡི་མན་ངག་འཆུག་པ་མེད། །ཀྱེ་མ་གནད་མེད་ང་འདྲའ་ཆགས་པ་སོགས། །གང་བྱུང་འཛེམ་མེད་སྤྱད་པ་སྔགས་སུ་རློམས། །དབང་ཕྱུག་པ་བཞིན་འཁྲིགས་པ་ཆོས་ཡིན་ན། །འབུ་ སྲིན་ཆུན་ཀུན་ཀྱང་སྔ་ནས་ཅིས་མ་གྲོལ། །ཀྱེ་ཧུད་ད་རུང་འཇིག་རྟེན་ཁྱོན་ཡངས་པས། །ང་དང་འདྲ་བའི་སྔགས་རློམས་གཞན་ཡོད་ན། །ངོ་མཚར་ཁྱེའུ་ཁྱོད་ཀྱིས་རྫུ་འཕྲུལ་གྱིས། །ཚིག་དོན་ ལེགས་པར་སྟོན་ལ་གནད་དུ་ཕོབ། །ད་ནི་དྲིན་ཅན་ཁྱོད་ཀྱིས་རྗེས་བཟུང་བས། །འདོད་པའི་རྗེས་འབྲང་ཐར་པ་མི་ཚོལ་བར། །འདོད་ལ་དང་ལེན་རང་གི་གཟེར་དམིགས་ལ། །གདམས་ངག་ མེ་བཙའ་རྣོན་པོ་འདེབས་ལུགས་སོ། །འདོད་པ་ཅན་ལ་དགྲ་ཆེན་རྒས་པའི་ཁུར། །ཉམས་མྱོང་ཅན་ལ་དུག་གིས་རྨ་བྱ་བཞིན། །ཡོན་ཏན་དགའ་བའི་མདངས་བཟང་སྤེལ་བྱེད་པ། །ཕན་པའི་ སློབ་དཔོན་ཉིད་དུ་ངེས་པར་འཁུམ། །ཞེས་ཟེར་ཞིང་མིག་མཆི་མས་བརྣང་ནས་ཡང་ཡང་ཕྱག་འཚལ་བས། ཁྱེའུ་ན་རེ། ཀྱེ་ཧོ། །སྐལ་མེད་ནང་ན་སྐལ་བཟང་པོ། །ཡང་ཅིག་ཁྱེའུ་ང་ལ་ 23-4-65a ཉོན། །ངས་གོལ་ས་མེད་པའི་ལམ་ཞིག་བཤད། །མཛེས་མ་མིག་གིས་མཐོང་བའི་ཚེ། །བལྟ་འདོད་ཀྱི་འདུན་བདེ་ལྷང་ལྷང་སྐྱེ། །དེ་སྲིད་པར་འཆིང་བའི་འབྱར་རྩི་ཡིན། ། དེ་བཟློག་ནས་བཀག་པ་འོག་མའི་ལུགས། །གལ་ཏེ་ལམ་དུ་བསླང་འདོད་ན། །སྣང་བ་སེམས་སུ་ཨི་འཆར་ལྟོས། །སེམས་ཉིད་སྟོང་པར་ཨི་འཆར་ལྟོས། །ཤར་ན་དེ་འདྲའི་རྟོག་པ་དེས། །བར་ སྣང་འཇའ་ཚོན་ཞགས་པ་ཡིས། །ནམ་མཁའ་བཅིངས་སུ་ཡོད་དམ་ཅི། །བཅིངས་དང་མ་བཅིང་ཁྱད་པར་མེད། །དེ་བཞིན་བལྟས་དང་མ་བལྟས་འདྲ། །ཕལ་པས་དེ་ལྟར་མ་རྟོགས་ནས། ། བལྟ་འོ་ཡིད་ཀྱི་ཁྱེའུ་ཆུང་། །བལྟ་བྱ་ཞགས་པས་བཅིང་དུ་བཅུག །དེས་སྲེད་ལེན་སྲིད་པར་ཉིང་མཚམས་སྦྱར། །ཟག་བཅས་ཕུང་པོ་རྒྱུན་མི་འཆད། །ཕུང་པོ་གང་བླང་སྡུག་བསྔལ་སྣོད། ། སྡུག་གི་རྨི་ལམ་ཟད་མཐའ་མེད། །འཁོར་བ་ཞེས་བྱ་སྨད་འདི་གྲུབ། །ཉན་ཐོས་དེ་ལ་སྐྲག་ཅིང་བྲོས། །ཐེག་ཆེན་དེ་ལ་མཚར་ཞིང་རོལ། །དེ་རྣམས་བློ་ཡི་ཁྱད་པར་ཏེ། །སྔགས་ནི་བློ་ མཆོག་གྱུར་པས་སོ། །མེ་ལ་སྔགས་ཀྱིས་བཏབ་པ་ལ། །ད་རུང་ཚ་བ་མ་ལོག་ན། །སུ་ཞིག་དེ་ལ་རེག་པར་བྱེད། །སྔགས་ཀྱི་མཐུ་ནི་རབ་གྲུབ་པས། །མེ་མངོན་སུམ་ཉིད་ཀྱང་མི་ཚ་ན། ། 23-4-65b དེ་ལ་བྱོལ་ཡང་ཅི་ཞིག་དགོས། །དེ་བཞིན་ཆགས་སོགས་དེ་དང་དེའི། །སྐབས་ན་རང་གི་ཉམས་མྱོང་ལ། །བསྟུན་ནས་འཆིང་དང་མི་འཆིང་ཤེས། །འཆིང་ན་ད་རུང་སྤང་ཞིང་བསྒོམས། །མི་ འཆིང་ལམ་གྱི་གྲོགས་སུ་ཁྱེར། །དོན་ལ་གནད་དུ་མ་ཕབ་པར། །གདམས་ངག་ཁ་ལ་ཁྱེར་ནས་སུ། །གསང་སྔགས་འཆོལ་བར་སྤྱད་ན་ནི། །ཕན་ལས་གནོད་པ་མེད་རེ་སྐན། །བཅིང་བ་མེད་ ཕྱིར་འཇའ་ཞགས་ལ། །མི་བྱོལ་བཅིངས་ཀྱང་མ་བཅིངས་འདྲ། །གཟུང་བ་མེད་ཕྱིར་འཇའ་ཞགས་ལ། །མི་རྙོབ་ཟིན་དང་མི་ཟིན་འདྲ། །གང་ལྟར་བྱས་ཀྱང་ཆོག་པ་འོང་། །དེ་ཚེ་ཡུལ་ལ་ ཐོབ་ཤོར་རེ་དོགས་གཉིས། །བུན་བུན་གྲོལ་ན་རྨི་ལམ་དུ། །མེ་ལ་ཐོག་བརྫིས་བྱེད་པ་ལྟར། །བལྟས་ནས་བལྟ་བཞིན་བལྟ་བ་ཡི། །ཆགས་པའི་དབང་དུ་མ་སོང་བར། །ཆགས་པ་རང་ དབང་དུ་འཁོལ་ན། །བལྟ་བ་ལམ་བྱེད་ནུས་པ་ཡིན། །དེ་ནས་རྒོད་དང་ལག་བཅིང་འཁྱུད། །རང་གི་ཉམས་དང་སྦྱར་ཏེ་བསྒྲུབ། །ཇི་ལྟར་སྒྲོན་མེ་ཆུང་ངུ་ལ། །གེགས་གྱུར་འཐོར་རླུང་ གཡོ་བ་ཡང་། །ནགས་ལ་མཆེད་པའི་མེ་ཆེན་གྱི། །གྲོགས་སུ་ངེས་པ་ཉིད་དུ་འགྱུར། །དེ་བཞིན་རང་གི་བློ་ནུས་ཀྱི། །མེ་དྲོད་དང་སྦྱར་གདམ་ངག་ཟས། །འཆུན་པར་བསྟེན་ན་དགེའོ་ཞེས། ། 23-4-66a གཞོན་ནུ་བདག་ནི་དེ་སྐད་སྨྲ། །དེ་ཡིས་སྔགས་ནག་ཕ་ཇོའི་རིགས། །འདོད་བདེ་སྒོམ་དུ་བསྒོམ་པ་རྣམས། །ངན་སོང་གཏིང་རྡོར་མི་འགྱུར་བར། །ཐབས་མཁས་ སྔགས་ལ་མཁས་པར་ཤོག །སྔགས་མཐའ་འདོད་པས་གཟིར་བ་ལ། །སྔགས་རབ་ལམ་དུ་སོང་བའི་ཚད། །སྔགས་མཆོག་གྲུབ་པའི་དབེན་གནས་སུ། །སྔགས་འཛིན་དྷཱི་ཡིས་གང་ དྲན་སྨྲས།། ༈ །། མེ་ཏོག་དམར་པོ་ཞིག་གི་ཚལ་དུ། ཕྱོགས་ནས་འོང་བའི་ཁྱེའུ་གུར་ཀུམ་གཞོན་ནུའི་མེ་ཏོག་གིས་བརྒྱན་པ་ཞིག་སླེབ་པ་དེ་ལ། གཞི་ལ་གནས་པ་རྣམས་ཀྱིས་ ཁྱོད་འདིར་ཅི་ལ་འོང་ཟེར་བ་ལ། ཁྱེའུ་དེ་ན་རེ། ཀྱེ་ཧོ། རིགས་གསུམ་གར་གྱིས་གསལ་བར་བྱས་པའི་ལུགས་བཟང་གཙང་མའི་ཤིང་རྟ་ནི། །ཕྱོགས་གཉིས་ཉམས་པའི་དབང་གིས་སྣང་མིན་ འདམ་དུ་ཉེ་བར་བྱིངས་གྱུར་ཚེ། །རྨ་མེད་རྨས་པས་ངལ་བ་ཁྱུ་མཆོག་འགའ་ཞིག་དག་གི་སླད་དུ་ནི། །བཟློག་པར་གྱུར་ཀྱང་འདི་ནི་བདག་གི་ཕྲག་པའི་ཁུར་ཡིན་འདིར་འོང་ངོ་། །གང་གི་ཀུན་བྱེད་ གནས་ཀྱི་ལྟེ་བར་འཆར་ཁའི་དྷཱི་འབར་ལས་བྱུང་བའི། །གཞོན་ནུས་མུན་བཅོམ་བདུད་རྩིའི་བཅུད་ལེན་ཡུན་རིང་བསྟེན་པས་པདྨའི་མིག །བགྲད་པ་དང་ལྡན་དེ་ཡི་ངག་ཚིག་དཔྱིད་ཀྱི་རྒྱལ་མོའི་ 23-4-66b གླུ་དབྱངས་ཀྱིས། །སོས་ཀ་མིན་ཡང་སོས་ཀའི་དུས་བཞིན་སྐྱེ་བོའི་ཀུན་དགའ་མགྲོན་དུ་འགུགས། །ཆེན་པོ་རྣམས་ཀྱི་ཕྲག་ན་ལྕི་བ་ཡང་པོར་ཁུར་ནས་གང་ན་ཞེས། །བློ་གྲོས་ཞེན་ལྟས་དཀྲུག་ལ་རེ་ཤིག་ ཡིད་ཆེས་པར་ནི་མ་གྱུར་ཀྱང་། །གང་གི་བློ་ཡི་གཟུགས་བརྙན་ཡི་གེ་སྒྲ་གཅན་གྲིབ་མས་ཆེར་རློམ་པའི། །ཉི་ཟླ་གནོན་པ་དེ་ཚེ་ད་གདོད་རིམ་གྱིས་འདི་ཤེས་འགྱུར་བ་ཡིན། །ལྟོ་གང་ཟས་ཀྱི་རོ་མྱང་ཕྱིར་མིན་ དེ་ནི་གང་ནའང་སླ་བ་སྟེ། །གྲགས་པའི་ཟླ་ཟེར་ཁྱབ་པའི་ཕྱིར་མིན་ལང་ཚོའི་ཟླ་བ་གཞན་དུ་ཕྱོགས། །རྙེད་པའི་ཕུང་པོ་ཟིན་པར་འདོད་མིན་རྙེད་པས་རིང་དུ་ཕན་མ་མཐོང་། །འདི་ནི་རེས་འགའ་མ་ ཡིན་གང་ཟག་བརྒྱུད་མའི་ཆེད་དུ་དམིགས་ཏེ་འབད། །ལང་ཚོའི་མེ་ཏོག་ཡལ་ཀྱང་དགའ་བའི་འབྲས་བུ་ལྷག་པར་རྒྱས་གྱུར་པ། །སྙིགས་མའི་མུན་པ་བདེ་ཡང་ཕན་སེམས་ཟླ་བ་ཆེས་ཆེར་མངོན་ པ་ཅན། །འདི་ན་གར་མིན་གར་གྱིས་བྲེལ་བཞིན་གླུ་མིན་གླུ་དབྱངས་སྟོང་གི་སྒྲ། །རྟག་འཛིན་མེད་ཀྱང་རྟག་པར་སྒྲོགས་ལ་འཇམ་པའི་རྡོ་རྗེ་ཡང་ཡང་བསྐུལ། །གཡས་ན་མཚོན་རྣོན་རྡོ་རྗེ་བྱེ་བའི་ སྟོབས་འཕྲོག་དབང་སྔོན་ལ་འཁུ་བ། །བདུད་ཀྱི་གཡུལ་ཆེན་འཇིགས་རུང་འཇིགས་པ་སྟེར་བྱེད་གདེང་པ་ཤིན་ཏུ་ཡང་། །ཞི་ཞིང་དགྱེས་པའི་སྤྱན་རས་ཨུཏྤལ་གཞོན་ནུ་གང་ལ་རོལ་པ་ཡི། ། 23-4-67a དྭངས་བསིལ་བདུད་རྩིའི་མཚོ་དེ་གང་གི་མགྲིན་པར་གཅིག་ཏུ་འཁྱིལ་ཞིང་གནས། །འབུམ་ཕྲག་མེ་ཏོག་ཟླ་བའི་མཛེས་སྡུག་བསྡུས་པའི་ལང་ཚོ་ངོམ་པ་ཡི། །སོར་མོས་ བསྣུན་པའི་མོད་ལ་སེམས་མེད་ཉིད་ཀྱང་ཆགས་པའི་སྒྲ་དབྱངས་བརྒྱར། །དགོད་པའི་ཟོལ་འཛིན་མཛེས་མའི་མིག་ཟུར་རྟག་ཏུ་ཆགས་པའི་གཞིར་གྱུར་པ། །གུར་གུམ་གཞོན་ནུའི་མདངས་འཛིན་ མེ་ཏོག་དེ་ནི་གང་གི་སྙིང་ལ་བཞད། །མི་བཟད་མཆེ་སྡེར་བགྲད་པའི་གདོང་ལྔ་སྤྲིན་སྔོན་རལ་པ་དགུང་གི་ཉི་ཟླའི་སྤོར། །བསིགས་པའི་སྟེང་ན་འགྱིང་བཞིན་བཞད་པའི་གད་རྒྱངས་འབྲུག་སྒྲ་ སྟོང་ལྟར་མངོན་མཐོ་བ། །དཔལ་ལྡན་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་མཐོན་པོ་སྲིད་པའི་རྩེ་མོར་བསྒྲེངས་འཛིན་པ། །མི་དང་ལྷ་ཀུན་གྱི་ཡང་དབང་ནོར་འཇམ་པའི་རྡོ་རྗེས་བཀོད་དེ་རྒྱལ་གྱུར་ཅིག ། ཞེས་ཟེར་བ་ལ་ཁྱེའུ་རྣམས་ངོ་མཚར་དུ་གྱུར་ནས། །དེའི་དོན་དཔྱད་པ་ལ་ཞུགས་སོ། །ཞེས་རབ་ཚེས་ཆུ་སྤྲེལ་ཟླ་༨ཚེས་༡༣ལ་ཨ་ཛི་ཏས་བྲིས། ཧེ་ཧེ། མངྒ་ལཾ།། ༈ །། ཐེག་པའི་གནད་ བསྡུས་འཆི་མེད་བདུད་རྩི་ཐིགས་པའི་གདམས་པ་བཞུགས། རྣམ་པ་ཐམས་ཅད་པ་ཡི་ཡེ་ཤེས་སྐུ། །གང་འདུལ་དེར་སྣང་རོལ་པས་མཁའ་ཡི་མུ། །རབ་ཁྱབ་ཕན་དང་བདེ་བའི་དཔལ་སྩོལ་བ། ། 23-4-67b འཇམ་དཔལ་སྒྱུ་འཕྲུལ་དྲྭ་བས་དགེ་ལེགས་མཛོད། །མདོ་རྒྱུད་དྲི་མེད་ནོར་བུའི་གླིང་མཐོང་བའི། །བློ་ལྡན་རྣམས་ཀྱིས་ཟབ་རྒྱས་ཆོས་ཚུལ་ཀུན། །ཉམས་ལེན་ལམ་གྱི་རིམ་པར་གནད་གཅིག་ཏུ། ། འཆར་བའི་ཚུལ་ལ་ངེས་ཤེས་བསྐྱེད་པར་བྱ། །སྡུག་བསྔལ་གང་ལས་ཀུན་འབྱུང་བྱུང་ཞིང་གང་དུ་གང་གིས་འགག་ལམ་པའི་ཚུལ་ལ་ལུང་བཞིན་དུ། །ངེས་པར་རྙེད་ན་ཐར་འདོད་བློ་སྐྱེ་བས། །ལམ་ གྱི་དང་པོར་བདེན་བཞི་རྒྱལ་བས་གསུངས། །དེ་ལ་བརྟེན་ནས་རང་དོན་ལྷུར་བྱེད་རྣམས། །གང་ཟག་བདག་མེད་རྟོགས་པ་གཙོར་གྱུར་པའི། །བསླབ་གསུམ་བྱེ་མདོ་རང་རྒྱལ་གསུམ་བློའི་ཁྱད་པར་ཉི་ཚེའི་ལམ་ གྱི་འཁོར་བ་ཡི། །སྡུག་བསྔལ་ཉེ་བར་ཞི་བ་མངོན་དུ་བྱེད། །བློ་ཆེན་རྣམས་ཀྱི་བདག་མེད་གཉིས་རྟོགས་ཤིང་། །བདེན་ཐ་སྙད་དུ་བཞིར་ངེས་ཀྱང་དངོས་དེ་ལ་པོར་མི་ཞེན་པར། ། སྙིང་རྗེས་གཞན་གྱི་དོན་ཕྱིར་ཕར་ཕྱིན་དྲུག །ཚད་དཔག་མེད་སྤྱོད་མི་གནས་མྱང་འདས་འགྲུབ། །འཁོར་འདས་རྟེན་འབྱུང་སྣང་བ་བསླུ་མེད་འདིར། །ལེགས་པར་དཔྱད་ན་ གཉིས་སྣང་གི་ཆོས་རྣམས་བཏགས་ཙམ་དང་གཉིས་སྟོང་གི རང་རིག་རྫས་སུ་འདོད་པ་སེམས་ཙམ་པ་དེ་འདྲའི་རྫས་ཡོད་ཀྱི་གཞི་རྩ་བྲལ་བ་དབུ་མ། བདེན་གཉིས་ཟུང་དུ་འཇུག་པའི་དོན་མཐོང་བ། །ཐེག་པ་ཆེན་པོ་སྤྱི་ཡི་ 23-4-68a གཞུང་ལམ་ཉིད། །བདེན་གཉིས་དབྱེར་མེད་སྤྲོས་དང་བྲལ་བའི་དབྱིངས། །རང་བཞིན་འོད་གསལ་སྐུ་དང་ཡེ་ཤེས་མཛོད། །སེང་གེའི་སྒྲ་ཡིས་བདེ་གཤེགས་སྙིང་པོའི་ གཏམ། །རྒྱུ་འབྲས་ཐེག་པའི་མཚམས་སྦྱོར་ཚུལ་དུ་བསྒྲགས། །དེ་ལྟར་རྟོགས་ནས་སེམས་མཆོག་གཉིས་བསྐྱེད་དོ། །ཚོགས་གཉིས་ལམ་ལ་ཡུན་རིང་ལེགས་བསླབ་པས། །ས་དང་ ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །འབྲས་བུ་སྐུ་གཉིས་ཟུང་དུ་འཇུག་པ་ཐོབ། །མཐའ་བཞིའི་སྤྲོས་མཚ༷ན་མེ༷ད་པའི་དབྱིངས་ཤེས་ཤིང་། །མཚན་བཅ༷ས་ལྷ་སྔགས་ཕྱག་རྒྱའི་རྣལ་འབྱོར་ མཐུས། །མཆོག་ཐུན་བསྒྲུབ་ལ་མདོ་ལས་མྱུར་བའི་ལམ། །ཕྱི་པ་ཐུབ་པའི་རྒྱུད་དུ་ལེགས་པར་བསྟན། །འདི་ཡང་བཟང་ངན་གཉིས་སུ་ཞེན་པའི་བློ། །ཆེ་དང་འབྲིང་དང་ཆུང་ངུའི་རིམ་ པ་ཡིས། །རྗེ་བྱ་ཁོལ་སྤྱོད་སྤུན་གྲོགས་ཆུ་ནང་རྣལ་འབྱོར་ཟླ་གཟུགས་ལྟར། །བསྒོམ་པའི་ཐབས་ཚུལ་གསུམ་གྱི་རྣམ་བཞག་མཛད། །འབྲས་བུར་ལྷུན་རྫོགས་དག་མཉམ་གཞིའི་དཀྱིལ་འཁོར། ། མངོན་བྱེད་ ཐབས་གྲོལ་གདམས་པ་ཆེས་ཟབ་པས། །མིག་འཕྲུལ་ལྟ་བུར་བདེ་མྱུར་གྲོལ་བའི་ལམ། ། ནང་པ་ཐབས་ཀྱི་རྒྱུད་དུ་མ་སྦས་གསལ། །སྣང་སྲིད་རྣམ་དག་ལྷ་ཡི་འཁོར་ 23-4-68b ལོ་དང་། །མཉམ་པ་ཆེན་པོའི་དབྱིངས་ཉིད་དབྱེར་མེད་དོན། །སྨིན་གྲོལ་ལམ་གྱིས་ལེགས་པར་ཁོང་ཆུད་ནས། །ཏིང་ངེ་འཛིན་གྱིས་བསྒོམ་པ་བསྐྱེ༷ད་པའི་ཚུལ། །འཁོར་འདས་སྣང་བ་ང་སེམས་ ཆོ་འཕྲུལ་ཏེ། ། ལས་རླུང་དང་གཟུང་འཛིན་ཅན་གྱིས་འཁོར་བ། ཡེ་ཤེས་ཀྱི་ང་དང་འོད་གསལ་བའི་སེམས་ལས་མྱང་འདས། །མ་དག་ལས་ང་དྷུ་ཏིའི་ལམ་གཞུག་པས། །རང་གནས་བདེ་ཆེན་འོད་གསལ་འཆར་བྱེད་པ། །ཐབས་མཆོག་མཚན་བཅས་རྫོ༷གས་པའི་རིམ་པ་ཡིན། །ཡེ་ནས་རྡོ་རྗེ་གསུམ་མཆོག་ དབྱེར་མེད་པའི། །རང་བྱུང་ཡེ་ཤེས་རྩོལ་སྒྲུབ་བྲལ་བའི་དོན། །རང་ལ་གནས་པ་མངོན་སུམ་ལམ་བྱེད་གནད། །རྫོ༷གས་ཆེ༷ན་ རྡོ་རྗེ་སྙིང་པོའི་ཐེག་པར་བསྟན། །དེ་ཕྱིར་བློ་ཡི་རིམ་པས་མདོ་སྔགས་ལམ། །ཀུན་ཀྱང་རྡོ་རྗེ་སྙིང་པོའི་ལམ་མཆོག་འདིར། །མཐར་ཕྱིན་གྱུར་ནས་སངས་རྒྱས་ཐོབ་དེའི་ཕྱིར། །ལམ་འདིར་འཇུག་རྣམས་ སྐལ་པ་བཟང་པོའི་ཕུལ། །ཐེག་པ་སོ་སོའི་གཞི་ལམ་འབྲས་བུ་ཡི། །རྣམ་པར་བཞག་པ་ཤིན་ཏུ་རྒྱ་ཆེ་ཡང་། །མདོ་རུ་བསྡུས་ན་ལམ་གནད་འདི་ཡིན་ཕྱིར། །བློ་ལྡན་ཁྱེད་ཀྱི་དེ་བཞིན་རྟོགས་པར་ མཛོད། །འདི་ལྟར་བརྗོད་པའི་དགེ་བས་འགྲོ་ཀུན་གྱིས། །དུས་གསུམ་རྒྱལ་བའི་ཆོས་མཛོད་མཐའ་ཡས་པའི། །ལམ་གནད་འཆུག་པ་མེད་པར་ལེགས་རྟོགས་ནས། །ཀུན་ཀྱང་གདོད་མའི་གཏན་ 23-4-69a སྲིད་ཟིན་གྱུར་ཅིག །ཅེས་པའང་གླིང་སྤྲུལ་པའི་སྐུའི་བཞེད་ངོར་མི་ཕམ་འོད་གསལ་རྡོ་རྗེས་སྤེལ་བ་དགེ་ལེགས་འཕེལ།། ༈ །། གྲོས་འདེབས་རྫིང་བུ་རྙོགས་མེད་ བཞུགས་སོ། །འདབ་སྟོང་ཆུ་སྐྱེས་བཞད་པའི་གེ་སར་དབུས་ན། །དྲི་མེད་ཟླ་བའི་གདན་ལ་མཚན་དཔེའི་མཛེས་སྐུ། །ཉི་གཞོན་འཆར་ཁའི་མདངས་ཀྱིས་རབ་ཏུ་མཛེས་པ། །འཇམ་དབྱངས་བླ་མས་ ཁྱོད་ལ་དགེ་ལེགས་མཛོད་ཅིག །ལེགས་པར་སེམས་དང་བློ་ལྡན་སྐལ་བཟང་ཚོགས་རྣམས། །བྱས་བྱས་ཟིན་མེད་གཡོ་བ་ཆུ་ཡི་རི་མོ། །སྨྲས་སྨྲས་དགོས་པ་མེད་པའི་དར་ལྕེ་ང་བསྐྱོད། །བསམ་ བསམ་འབྲས་བུ་མེད་པ་བར་སྣང་སེར་བུ། །འདི་དང་འདི་དང་ཡང་དང་ཡང་འཕྱན་འདི་འདྲ། །ཐོག་མཐའ་མེད་པར་གྱུར་ཀྱང་སྡུག་བསྔལ་འཁོར་ལོ། །ཤ་ཐང་ཆད་ཆད་བསྐོར་ལས་ཅི་ཡང་མི་འདུག ། དེ་ཕྱིར་གཏན་བདེ་ཞི་བའི་འདུན་མ་སྒྲུབ་དུས། །ལས་དང་སྨྲ་བ་སྤྲོས་པའི་ཉེས་པ་སོམས་ལ། །ཐམས་ཅད་ཐམས་ཅད་ཆབ་གཅིག་རྦད་ཀྱིས་བསྐྱུར་ནས། །མ་རྙོགས་ཡིད་ཀྱི་རྫིང་བུ་དྲན་ཤེས་ར་བས། ། རྒྱུན་ཆགས་བསྐོར་བར་གྱིས་ལ་ཏིང་འཛིན་སྒོམས་ཤིག །ཐོག་མེད་ངན་གོམས་བག་ཆགས་ཤོག་དྲིལ་འདྲ་བས། །ཐོག་མར་རྩེ་གཅིག་བསྒྲིམས་ཤིང་བསྒྲིམ་པའི་སྩོལ་བ། །ཅིས་ཀྱང་བར་མ་ཆད་པའི་ 23-4-69b ཞེ་རུས་མེད་ན། །རྣམ་རྟོག་ལངས་ཤོར་ཐུལ་བའི་དུས་ཚོད་མི་གདའ། །ཅུང་ཟད་གོམས་ཤིང་གོམས་བཞིན་གོང་ནས་གོང་དུ། །འདུ་འཛི་རྣམ་གཡེང་བཅད་དེ་ཏིང་འཛིན་ནོར་བུ། །ནམ་ཞིག་རྙེད་སྙམ་སྤྲོ་ བས་རྒྱུན་ཆགས་འབད་ན། །ཞི་གནས་ཡིད་ཀྱི་ཆུ་ངོགས་ཇེ་བས་ཇེ་ཉེ། །དབེན་པར་ལོ་མང་སྒོམ་ལོ་སྒྲུབ་ལོ་བྱས་ཀྱང་། །མི་སྲུན་སེམས་ཀྱི་གླང་པོ་ཡན་པར་བཏང་ན། །བརྒྱ་ཕྲག་ལོ་ཟླ་འདས་ཀྱང་ བཟང་སྐྱེད་མེད་ལ། །ཅི་བྱས་འབྲས་བུ་མི་མཐོང་ཡི་ཆད་རྒྱུ་ཡིན། །དཔུང་ཚོགས་བཞི་ལྡན་འཇིགས་རུང་གཡུལ་གྱི་ངོ་ལས། །གཅིག་པུས་རྒྱལ་བ་གང་དེ་དཔའ་བོར་གྲགས་ཀྱང་། །རྟོག་པའི་དགྲ་ འདིས་དེ་དག་བྲན་བཞིན་བྱས་སླད། །འདི་ག་ཆོམས་ན་ཡང་དག་དཔའ་བོར་བསྔགས་འོས། །དུས་ཀྱི་ང་དང་རྒྱ་མཚོ་ཆེན་པོའི་རྦ་རླབས། །ཇི་བཞིན་བཟློག་པར་དཀའ་བའི་ངང་ཚུལ་ངོམས་པ། །རང་ སེམས་ཀུན་རྟོག་གྱ་གྱུའི་སྒྱུ་ཅན་འདི་ག །འདུལ་ཐབས་མི་མཁས་པ་ལ་འཇིགས་འཇིགས་འདྲ་ཡང་། །ཞེ་དམ་བརྟན་པོས་ལོ་ནས་ལོ་རུ་བརྩོན་ན། །དངོས་པོའི་སྟོབས་མེད་ངན་གོམས་ཙམ་གྱི་ཁོང་ ཤེད། །རང་གིས་རང་ཚོད་རང་མཚངས་ནང་ནས་རིག་དུས། །སྤྲོ་བའི་རང་ཉམས་མི་རྙེད་རང་དབང་མི་གདའ། །གང་ཞིག་ཐུལ་ན་རྒུད་པའི་ཕྱོགས་ཀུན་ཐུལ་བ། །དུལ་བའི་བདེ་གནས་ཐོབ་ཚེ་ཡོན་ཏན་ 23-4-70a ཀུན་རྟེན། །འདི་འདྲའི་དོན་ཆེན་བཏང་ནས་དོན་མེད་བྱ་བས། །རང་མགོ་བསྐོར་རྣམས་ཀྱེ་མ་རྨོངས་པས་བསླུས་སོ། །གལ་ཏེ་དགའ་བའི་ཡིད་ཀྱིས་གཡེང་བར་ གྱུར་ན། །དོན་ཆེན་གནས་ལས་བསླུ་བར་རྟོགས་ནས་སྤངས་ཤིང་། །སྡུག་བསྔལ་ཉོན་མོངས་བརྒྱ་ཡིས་རང་རྒྱུད་མནར་ཚེ། །དེ་དེས་རྐྱེན་བྱས་ལྷག་པར་བརྩོན་པ་བསྐྱེད་ཅིག །བགྱི་བར་ འོས་པ་ཀུན་གྱི་རྩེ་མོར་གྱུར་པ། །རང་སེམས་འདུལ་བའི་ཐབས་འདི་ཁོ་ནར་ཤེས་ནས། །རྟེན་བཟང་མ་དོར་རིང་ལ་འདི་འདྲའི་བརྩོན་པ། །ཇི་ལྟར་མི་བསྐྱེད་སྙམ་དུ་ཞེ་དམ་ཆོས་ཤིག །ལག་ པར་ནོར་བུ་ཐོགས་པས་འདོད་དགུ་འབྱིན་དང་། །གཤོག་ཟུང་རྒྱས་པ་གང་འདོད་མཁའ་ལ་འཕུར་ལྟར། །ཞི་གནས་གྲུབ་ན་མདོ་སྔགས་ལམ་གྱི་ཉམས་ལེན། །གར་འདོད་ཅི་དགར་ཞུགས་པས་ དོན་ཆེན་འགྲུབ་བོ། །ཀུན་རྟོག་རིམས་ནད་བྱང་བའི་རང་སེམས་གཞོན་ནུ། །རང་དབང་བདེ་བའི་ལང་ཚོ་མཆོག་ཏུ་དར་ཚེ། །གནས་སྐབས་ཞི་སོགས་རབ་འབྱམས་ལས་ཀྱི་ཚོགས་དང་། །མཐར་ཐུག་ བདེ་བའི་སྨིན་ལེགས་གྲོགས་སུ་ཁུག་འོང་། །འདོད་འདོད་མང་སྟེ་ཐོབ་ཐོབ་ཉུང་བར་འདུག་གི། སྒྲིམ་བརྩོན་ལྷག་པར་བསྐྱེད་ཅིག་སྙིང་གི་བུ་རྣམས། །དྲུག་ཕྲག་ཟུང་གི་བགྲང་བྱ་རིང་པོ་མ་ལགས། ། 23-4-70b ཁོར་ཡུག་ཟླུམ་པོར་བསྐོར་དང་ངེས་པར་འགྲུབ་བོ། །འདི་ལྟར་གདམ་པ་དེ་བཞིན་སྙིང་གི་དབུས་སུ། །ལེན་པ་གང་ལ་ཚིག་གི་བདུད་རྩི་བཟང་པོ། །ཡིད་ཀྱི་དཔལ་གྱུར་ཕུན་ཚོགས་བདེ་བའི་ལང་ཚོ། ། རིང་མིན་མངོན་དགར་འབར་ཚེ་གཟིགས་མོར་མཛེས་སོ། ། ཞེས་པ་འདི་ས་གླང་ཟླ་༦ཚེས་༢༠ལ་འཇམ་དཔལ་དགྱེས་པས་ཤར་མར་བྲིས་པ་དགེའོ།། ༈ །། མི་དྲན་དགུ་དྲན་མི་འགྱུ་དགུ་འགྱུ་འདི་ ག །མ་ཐུལ་ལམ་གྱི་ཡོན་ཏན་རྒྱ་ཆེར་མི་འབྱུང་། །བཟུང་ན་སྦྲུལ་གདུག་གཅེས་འདྲ་ཇེ་བས་ཇེ་རྩུབ། །དེ་ཕྱིར་སེམས་ཀྱི་གཤིས་སུ་རང་བབ་ལྷོད་ནས། །ཅི་ཡང་ཡིད་ལ་མ་བྱེད་ཕྱམ་གྱིས་བསྐྱུར་ ཐོང་། །ཆུ་རྙོགས་མི་བསྒུལ་འཇོག་པ་ཐབས་ཡིན་ཨེ་གོ། དང་པོར་གནས་ཆ་བཟང་པོ་སྐྱེ་བའི་ཐབས་སུ། །སྒོ་ལྔ་ཡིད་ཤེས་མ་ཕྱེད་ཆམ་མེར་བསྐྱུར་ཐོངས། །ཡུལ་དང་ཡུལ་ཅན་འཇོག་པ་ཐབས་ ཡིན་ཨེ་གོ། འདས་དང་མ་འོངས་མ་ཕྱེད་ཆམ་མེར་བསྐྱུར་ཐོང་། །བདེ་བ་སྡུག་བསྔལ་འཇོག་པ་ཐབས་ཡིན་ཨེ་གོ། ཞི་གནས་ལྷག་མཐོང་མ་ཕྱེད་ཆམ་མེར་བསྐྱུར་ཐོངས། །བླང་བྱ་དོར་བྱ་འཇོག་ པ་ཐབས་ཡིན་ཨེ་གོ། ཀུན་གཞི་ཆོས་སྐུ་མ་ཕྱེད་ཆམ་མེར་བསྐྱུར་ཐོངས། །རྣམ་ཤེས་ཡེ་ཤེས་འཇོག་པ་ཐབས་ཡིན་ཨེ་གོ། རྟོག་དཔྱོད་ཅི་ཡང་མ་ཕྱེད་ཆམ་མེར་བསྐྱུར་ཐོངས། །སྒོ་ལྔའི་ཤེས་པ་ 23-4-71a མ་བཀག་ཧ་རེར་བསྐྱུར་ཐོངས། །ལུས་དང་ཤེས་པ་མ་བསྒུལ་ཅོག་གེ་བསྐྱུར་ཐོངས། །ཅི་བྱས་གང་བྱུང་མ་ལྟ་རང་བབ་བསྐྱུར་ཐོངས། །བྱུང་ཚོར་ཆེད་དུ་མ་བཀག་རྩིས་མེད་ བསྐྱུར་ཐོངས། །རྟོག་མེད་རྩོལ་བས་མ་སྒྲུབ་རང་བབས་ཤིག་ཐོངས། །གནས་པར་ཆེད་འཛིན་མ་གཞུག་གང་དགར་བསྐྱུར་ཐོངས། །འགྱུ་བ་རྗེས་མཐུད་མ་བྱེད་རྗེས་མེད་བསྐྱུར་ཐོངས། །མཁའ་ལ་ པྲ་ཡས་སོང་ན་དགའ་བ་ལགས་ཏེ། །དམིགས་བསམ་ཆེད་འཛིན་ངོ་ཐག་རྩད་ནས་བཅད་ཚེ། །མ་བཟུང་རང་གར་བསྐྱུར་བའི་ཤེས་པ་ཁོ་རང་། །བཟོ་བཅོས་དྲན་བསམ་མེད་པར་ལྷུག་པར་ཞོག་ ཐོངས། །བྱ་བྱེད་འཁྲིས་ཐག་ཆོད་པའི་རང་བབས་གཤིས་འདི། །གསལ་ལེ་མེ་རེ་ཡེ་རེ་བ་ཞིག་འདུག་གི། སེམས་མེད་མུན་པའི་གོ་སྐབས་གཏན་ནས་མི་གདའ། །འདི་ངང་འདི་ངང་བཞག་ན་ ཀུན་རྟོག་ཐམས་ཅད། །ཇེ་དྭངས་ཇེ་དྭངས་ཞི་གནས་ངང་གིས་སྐྱེ་བས། །འདི་ཉིད་ཁོ་ན་སེམས་གནས་མན་ངག་དམ་པ། །གལ་ཏེ་རྩོལ་བས་དམིགས་པ་འབའ་ཞིག་བསྒོམ་ཀྱང་། །སྐབས་སུ་ ངལ་གསོའི་ཚུལ་གྱིས་འདི་འདྲ་སྤེལ་ན། །ཞི་གནས་བསྐྱེད་པའི་ཐབས་སུ་ཆེས་ཆེར་བཟང་ངོ་། །གནས་པའི་ངང་ན་གནས་བྱའི་རིག་པ་དེ་ཉིད། །ཟང་ཐལ་བདེན་མེད་ཁོ་ཐག་ནང་ནས་ཆོད་པས། ། 23-4-71b ཡེ་ནས་སྐྱེ་མེད་འགགས་མེད་མཉམ་ཉིད་ངང་དུ། །གནས་དང་མི་གནས་བསམ་བརྗོད་བློ་དང་བྲལ་ན། །གཉུག་མ་ཆོས་སྐུའི་རང་ཞལ་རྗེན་པར་དེར་མཐོང་། །འདི་བས་སླ་བ་ཅི་ཡང་མེད་ལ། །འདི་ བས་དོན་ཆེན་གང་ཡང་མི་འདུག །འདི་བས་བདེ་བའི་ལམ་མཆོག་མི་གདའ། །འདི་ཉིད་ཁོ་ན་བདེ་མྱུར་གྲོལ་ལམ། །ཟླ་༦ཚེས་༡༣ལ་བྲིས་པ་དགེའོ།། ༈ །། གནད་རྣམས་ཉམས་པར་བྱས་པའི་ བཤད་ཡམ་གང་། །ཟིན་པ་མེད་པ་དབང་པོའི་གཞུ་བཞིན་དུ། །ཚུར་མཐོང་བློ་ཡི་ཡུལ་དུ་མཛེས་ན་ཡང་། །བྱིས་པ་བསླུ་བའི་རྣམ་ཐར་ཙམ་ཞིག་ཏུ། ༡ །མཐོང་ནས་རིག་འཛིན་བརྒྱུད་པའི་བཀའ་ སྲོལ་ལ། །ལྷག་པར་མོས་པ་ཐོབ་པའི་རྣལ་འབྱོར་པ། །རྟོག་གེའི་ནགས་ཚལ་ཀུན་ཏུ་འཇིགས་མེད་པར། །རྒྱུ་བའི་སེང་གེ་མང་ཞིག་ད་གདོད་འབྱུང་། ༢ །དེ་ཚེ་རྒྱལ་དང་སེམས་དཔའ་ཆེ་རྣམས་ཀྱིས། །ཇི་བཞིན་ གཟིགས་པའི་དོན་དང་མཐུན་པའི་གནད། །མི་འཕྲོག་ཡང་དག་རིགས་པའི་ང་རོ་ཡིས། །ཚིག་གིས་བསླུས་པའི་ཝ་སྐྱེས་ཟིལ་གྱིས་གནོན། ༣ །ལྟ་དང་སྒོམ་དུ་འགལ་བའི་བསྐྱེད་རིམ་དང་། །ཀུན་རྟོག་ གདོན་གྱིས་དཀྲུགས་པའི་འོད་གསལ་གཟུགས། །སྔགས་སུ་འཁྲུལ་པའི་སྙིགས་མའི་བྱིས་པ་རྣམས། །རང་སེམས་ནང་དུ་བླན་ཏེ་བག་ཡོད་འཚལ། ༤ །འདི་ན་སྣང་སྲིད་གདོད་ནས་དག་པ་ལ། །ལྟ་དོན་ 23-4-72a རྗེས་སུ་སོན་པའི་བསྐྱེད་རིམ་དང་། །རྟོག་བྲལ་ནམ་མཁའི་རྡོ་རྗེ་བདེ་བ་ཆེ། །ཡེ་ཤེས་རང་གིས་མཐོང་བའི་གཟིགས་མོ་ཞིག ༥ །མདོ་རྒྱུད་ཆུ་གཏེར་ཆེ་ལས་ལེགས་ཐོན་པའི། །རྟ་བདུན་ དཀྱིལ་འཁོར་བཞིན་དུ་གསལ་བ་གང་། །སྐལ་དམན་ལོག་སྲེད་ཅན་གྱི་སྲིན་བྱ་ལས། །ཡང་དག་མིག་ལྡན་རྣམས་ཀྱིས་ཅིས་མི་མཐོང་། ༦ །ཡིན་ལ་ཡིན་པར་ངེས་པའི་བློ་མིག་གིས། །མིན་ལ་ ཡིན་པར་རློམས་པའི་རབ་རིབ་ཀུན། །ཕ་མཐར་བྱེད་ལ་དཀར་བ་མིན་དེའི་ཕྱིར། །མདོ་རྒྱུད་གཞུང་ལུགས་དྲང་པོར་དཔྱོད་ཅིག་ཀྱེ། ༧ །མཚན་མོའི་སྨག་ལ་ཟླ་བ་ནོར་བུའི་འོད། །ལྷག་པར་གསལ་བ་ ཇི་བཞིན་སྙིགས་མར་ཡང་། །རིག་འཛིན་བརྒྱུད་པའི་མཐུ་དང་སྔགས་ཀྱི་ལམ། །ཕྱོགས་ལས་རྣམ་པར་རྒྱལ་བཞིན་ཆེས་ཆེར་མཛེས། ༨ །བཀྲ་ཤིས།། ༈ །། མན་ངག་གསང་དགོས་ པའི་ཚུལ་བརྗོད་པ་དྲང་སྲོང་རྒན་པོའི་བདེན་གཏམ་བཞུགས། ན་མོ་མཉྫུ་ཤྲཱི་ཡེ། བྱམས་བརྩེས་ཀུན་ལ་སྙོམ་པར་གྱུར་མོད་ཀྱི། །སྣོད་དང་སྣོད་མིན་མཁྱེན་ནས་མན་ངག་ཚིག །སྦས་ཤིང་ཆུད་མི་ ཟ་བར་གཞན་གྱི་དོན། །སྤྱོད་པའི་དྲང་སྲོང་ཆེ་རྣམས་རྒྱལ་གྱུར་ཅིག །གསང་བ་འཆལ་ན་མན་ངག་རིན་ཐང་ཆུང་། །དམ་ཚིག་ཉམས་པས་མཁའ་འགྲོའི་བཀའ་ཆད་འབྱུང་། །གཞན་ཕན་ཐུགས་ལྡན་ 23-4-72b རྡོ་རྗེའི་ལྗགས་ཡོད་ཀྱང་། །གནས་མིན་སྨྲ་བ་རྒྱལ་བའི་ལུང་གིས་བཀག །སྒྲ་ཚད་བཟོ་གསོ་ལ་སོགས་ཐུན་མོང་གཞུང་། །མི་རྟག་སྡུག་བསྔལ་རྒྱུ་འབྲས་མདོ་ཡི་ཆོས། །ཐམས་ཅད་སུ་ལ་ བཤད་ཀྱང་བཀག་པ་མེད། །ཕན་དང་བདེ་བའི་ཕྱིར་ནི་ཅི་ནུས་བཤད། །མ་སྦྱངས་སྟོང་ཉི༷ད་བསྟན་ན་སྐྲག་ཅིང་སྤོང་། །སྒྲུབ་བྱའི་ལྷ་སྔགས་མ་གསང་དངོས་གྲུབ་གཡེལ། །གསང་བའི་སྨན་ རྣམས་མ་གསང་ནུས་པ་ཆུང་། །ངོ་མཚར་གདམས་པ་མ་གསང་བཀའ་དང་འགལ། །ཁྱད་པར་གསང་སྔགས་བསྐྱེད་རྫོགས་ཟབ་མོའི་གནད། །གཞན་གྱིས་ཤེས་ཀྱང་རང་གིས་གསང་སྟེ་དཔྱད། ། མ་གསང་གཞན་ལ་ཅི་དགར་སྤེལ་གྱུར་ན། །ངེས་པར་མཁའ་འགྲོའི་ཆད་པས་རང་སྲོག་འཇིག །གསང་བ་འཆལ་བའི་ཉེས་པ་རྣམ་མང་པོ། །འདི་དང་ཕྱི་མར་འབྱུང་ཚུལ་ལུང་ལས་གསུངས། །ལྷ་དང་ བླ་མས་བཀའ་རྒྱས་བཏབ་པ་བཞི༷ན། །མི་འགལ་ལག་ལེན་བྱས༷་ན༷་དངོ༷ས་གྲུབ༷་འབྱུང༷་། །དེ་ཕྱིར་ཡུལ་དང་དུས་དང་དགོས་གནད་དང་། །བཀའ་དང་བསྟུན་ནས་གསང་དང་མི་གསང་བའི། །རྣམ་དབྱེ་ ལེགས་པར་ཕྱེད་པའི་བློ་ལྡན་དེས། །གསང་བའི་ཆོས་མཛོད་འཛིན་པར་ནུས་པ་ཡིན། །རྟག་པར་བླ་མ་གཙུག་ཏུ་ཁུར་བ་དང་། །ཟབ་མོའི་ཆོས་ཕྱིར་སྲོག་ཀྱང་འདོར་ནུས་ཤིང་། །རང་དང་གཞན་ 23-4-73a དོན་སྒྲུབ་པའི་བློ་སྟོབས་ཅན། །འདི་དག་གསང་སྔགས་ཆོས་ཀྱི་སྣོད་བཟང་ཡིན། །ངེས་པར་སྣོད་དུ་གྱུར་པའི་གང་ཟག་ལ། །ཕན་པར་ཤེས་ཀྱང་སེར་སྣས་མི་སྟོན་ན། ། བྱང་ཆུབ་སེམས་དང་སྔགས་ཀྱི་སྡོམ་པ་ལས། །རིང་དུ་འགྱུར་ཞིང་རྒྱལ་བའི་ཐུགས་ཀྱིས་ཁྲེལ། །བླ་མས་ཟང་ཟིང་སྡུད་པར་མི་འདོད་ཀྱང་། །སློབ་མས་མཉེས་པར་བྱས་ནས་གང་ཞུས་པའི། ། གདམས་པ་དེ་ལས་བསྟན་པའི་དངོས་གྲུབ་རྣམས། །སྒྲིམ་མི་དགོས་པར་ཐོབ་ཅེས་རྒྱལ་བས་གསུངས། །མཁས་པས་ལེགས་བཤད་གདམ་པ་ལེགས་བསླབ་པས། །འབད་པ་མེད་ཀྱང་ ཟང་ཟིང་སྤྲིན་ཕུང་སྡུད། །བླུན་པོ་ལེགས་བཤད་བྱིན་ཀྱང་མི་ལེན་རྣམས། །རྟག་ཏུ་ནོར་ཕྱིར་འབད་ཀྱང་ནོར་གྱིས་དབུལ། །དཀའ་ཚེགས་མི་དགོས་མན་ངག་ཉན་འདོད་ལ། །བློ་བཟང་ཁྱོད་ལགས་ མཁས་ལས་ཉོན་ཅེས་སོགས། །འཇམ་པོའི་ཐབས་ཀྱིས་བྲིད་དེ་གཞན་དུ་བཏང་། །གསང་དོན་སེར་བུའི་སྒྲ་ཙམ་བསྒྲགས་མི་བྱ། །བསྟན་ཀྱང་རབ་དགེའི་འདུ་ཤེས་མི་སྐྱེ་ལ། །མ་བསྟན་ཁྲོ་ཞིང་ འཁྲུགས་པ་ལྷུར་བྱེད་པས། །བུ་ལོན་བཞིན་དུ་བསྙགས་ལ་མན་ངག་དབྱིག །སྟེར་བར་འདོད་པའི་བློ་ལྡན་སུ་ཞིག་ཡོད། །གལ་ཏེ་ཟང་ཟིང་དངོས་པོ་མི་བདོག་ཀྱང་། །བླ་མ་མཉེས་པའི་ 23-4-73b ཐབས་གཞན་མེད་པ་མིན། །མན་ངག་རིན་ཐང་ཆེ་བར་ཤེས་གྱུར་ན། །ཚིག་ཙམ་དག་གིས་ཞུ་བར་སུ་ཞིག་སྤོབས། །དེང་སང་གདམ་ཟབ་བརྒྱ་ཞུས་སྟོང་ཞུས་ཀྱང་། །རང་གིས་མི་སྒྲུབ་གཞན་ལ་མི་སྤེལ་ བར། །ཐོས་ལོ་ཐོབ་ལོའི་གཏམ་གྱིས་ཆོག་འདྲ་བའི། །མི་ཚེ་སྟོང་ཟད་སྐྱེ་བོས་ས་འདི་གང་། །ཐོས་པ་བྱེད་ན་བསམ་པས་དེ་དོན་དཔྱོད། །མ་དཔྱད་ཚིག་འབྲུ་ནེ་ཙོའི་ཀློག་དང་འདྲ། །མན་ངག་ ཐོབ་ན་དེ་དོན་ཉམས་སུ་ལོངས། །མ་བླང་གསེར་ཡོད་མུ་གེས་གུམ་དང་མཚུངས། །ཨ་ཧོ་དོན་བཟང་ལྡན་པའི་གཏམ་འདི་རྣམས། །མན་ངག་ཡིག་སྣ་འཆད་དང་ཉན་རྣམས་ཀྱིས། །ལེགས་པར་བསམ་ ནས་མན་ངག་གང་ཡིན་དང་། །དེ་འཚོལ་དེ་བསྟེན་གནད་རྣམས་རྟོགས་པར་གྱིས། །མན་ངག་ཞེས་པ་ཨུ་པ་དེ་ཤའི་སྒྲ། །ཉེར་གདམས་དོན་སྟེ་གཞུང་གི་ཡིག་ཆ་ལས། །བཤད་པ་ཙམ་མིན་དེ་ཡི་ གནད་ཟབ་མོ། །དམར་འབྱིན་བླ་མའི་ཞལ་ལ་གནས་པ་ཡིན། །དེ་ཤེས་ན་ནི་སྐབས་དེའི་སྒྲུབ་བྱའི་དོན། །ཚེགས་མེད་བདེ་བླག་རྟོགས་ཤིང་འགྲུབ་ངེས་པའི། །གནད་དོན་ཅི་ཡོད་མན་ངག་ཁོངས་གཏོགས་ ཀྱང་། །དོན་ཆེན་དོན་ཆུང་ཟབ་སོགས་ཁྱད་པར་ཆེ། །སྙིགས་དུས་སྐྱེ་བོ་ངན་པའི་ཚོགས་རྣམས་ཀྱིས། །སློབ་དཔོན་གསང་ནས་རང་གི་ཆེ་བ་འབྱིན། །མན་ངག་དཔེ་རྐུན་གདམ་པ་རང་བཟོས་བཅོས། ། 23-4-74a ཡང་ན་མ་ཐོབ་ཐོབ་ཅེས་སྨྲ་བ་དང་། །དམན་ལས་ལུང་དང་མན་ངག་བླང་ནས་སུ། །ཆེ་ལ་ཁུངས་ཕྱུངས་སློབ་དཔོན་མིང་མི་བརྗོད། །བྱས་པ་མི་གཟོ་བླ་མའི་སྐྱོན་བརྗོད་པ། །འདི་ དང་ཕྱི་མར་རྒུད་པ་ཐོབ་པའི་རྒྱུ། །འདི་དང་མི་འདྲ་མདོར་ན་བརྫུན་དང་ཟོལ། །འདྲེས་པའི་སྐྱེ་བོ་བླུན་རྨོངས་ལོངས་སྤྱོད་ཀྱིས། །ལས་རྣམས་སྒྲུབ་ཀྱང་འགྲུབ་པར་མི་འགྱུར་ལ། །ཅུང་ཟད་འགྲུབ་ ཀྱང་ནམ་ཕུག་བཀྲ་མི་ཤིས། །རང་ལ་བཀའ་དྲིན་སུ་ཆེ་བླ་མ་སྟེ། །རིགས་འབྱོར་སྙན་གྲགས་ཆེ་བས་དྲིན་ཅི་ཞིག །དེས་ན་བླ་མ་གཙུག་ཏུ་འཁུར་བ་དང་། །གདམ་པ་གཅེས་སྤྲས་བྱས་ན་དངོས་ གྲུབ་འབྱུང་། །བརྒྱུད་པའི་ལུང་མེད་མན་ངག་མེད་པར་ནི། །རང་གི་ཤེས་སོ་ཞེས་པའི་ཐ་སྙད་འདི། །མཁས་པའི་ཚོགས་སུ་དབྱུང་བའི་གཏམ་མིན་ཏེ། །དམ་པའི་མན་ངག་བྲལ་ཕྱིར་འགལ་རྟགས་ ཡིན། །མཁས་རྣམས་རང་གི་བློ་དང་ལས་འཕྲོ་ཡིས། །གདམས་པའི་དོན་བཟང་ལག་ཏུ་ལོན་ན་ཡང་། །ལྷ་དང་བླ་མའི་ཐུགས་རྗེར་ངེས་ཤེས་ཤིང་། །བརྒྱུད་པའི་དྲིན་ལས་བྱུང་བར་ལེགས་པར་ སྨྲ། །བདེན་པར་སྨྲ་བ་ས་སྟེང་རྒྱན་གཅིག་སྟེ། །བརྫུན་ཅན་གྱ་གྱུ་ཉེས་པའི་འབྱུང་ཁུང་ཡིན། །དེ་སོགས་བརྫུན་ཅན་ཟོག་པོས་ས་གང་བས། །མན་ངག་སྨྲ་འདོད་ཅིས་ཀྱང་བསྐྱུར་བར་རིགས། །དངོས་ 23-4-74b སུ་གཡོ་སྒྱུ་ཟོལ་མས་དད་ཚུལ་སྟོན། །གདམས་ངག་ཐོབ་ནས་བླ་མ་འདོར་བྱེད་ཅིང་། །སུ་ཡི་དྲིན་མིན་རང་དྲིན་ཡིན་སྨྲ་བའི། །བླུན་པོས་དངོས་གྲུབ་རང་སྐལ་རང་གིས་བཅད། །གང་དག་ཟོག་ཅན་ བྱས་པ་མི་གཟོ་བས། །དཔལ་མགོན་སྲུང་མའི་ཚོགས་ཀྱིས་འདོར་ཞིང་སྨད། །ལས་བྱེད་དྲེགས་པས་བཀའ་ཡི་ཆད་པ་གཅོད། །སྡུག་བསྔལ་རྒུད་པ་མང་པོ་མྱོང་བར་འགྱུར། །ཟོལ་མེད་དྲང་པོ་ བྱས་པ་གཟོ་བ་རྣམས། །ལྷ་དང་དཔལ་མགོན་རྣམས་ཀྱིས་བུ་བཞིན་སྐྱོངས། །རང་གིས་སྒྲུབ་པའི་དངོས་གྲུབ་གོང་ཟག་མེད། །མཐའ་ནས་མཐར་ཡང་བཀྲ་ཤིས་བདེ་ལེགས་འགྱུར། །ལེགས་ པར་བསྟན་ཀྱང་བྱས་པ་མི་གཟོ་བའི། །སྐྱེ་བོ་ངན་པ་གདམས་པའི་ཆོམ་རྐུན་ཡིན། །ད་དུང་འདི་ལ་ཅི་ཞིག་གསང་ཞེས་སུ། །བླ་མ་དང་ནི་གདམས་ངག་བརྙས་པར་བྱེད། །ཤིན་ཏུ་དཀོན་པའི་གདམས་ པ་ལྟ་ཅི་སྨྲོས། །ཀུན་གྱིས་ཤེས་ཤིང་དགོས་གནད་མི་ཆེ་ཡང་། །གང་ལ་གདམས་པ་ཞུས་པའི་བླ་མ་དང་། །གདམས་པའི་དོན་ལ་ཡ་རབ་སྐྱེ་བོ་གུས། །གསང་བ་འཆལ་བའི་ཉེས་པ་མི་ཤེས་ ཤིང་། །མན་ངག་ཁ་ཁྱེར་རྩིང་ཆོས་ཅན་རྣམས་ལ། །སྣོད་ངན་སེང་གེའི་འོ་མ་བླུགས་པ་བཞིན། །སྦྱིན་པར་བྱས་ན་གདམས་པ་འབྲས་མེད་འགྱུར། །ས་སྟེང་རིན་ཆེན་གསེར་གྱིས་བཀང་བྱས་ 23-4-75a ཀྱང་། །གདམས་ཟབ་ནོར་བུ་གཅིག་གི་ཡོན་དུ་ཆུང་། །ཡོན་མེད་མན་ངག་འདོད་པའི་བླུན་པོ་ལ། །བྱིན་ཀྱང་རྩིས་སུ་མི་འཛིན་ཕན་མི་ཐོགས། །འདོད་དོན་བདེ་བླག་སྒྲུབ་བྱེད་ མན་ངག་སྟེ། །དེ་དོན་ཉམས་སུ་བླང་ན་ཕན་པ་ཆེ། །འདི་ལ་བསམ་ན་མན་ངག་སྣ་གཅིག་ཀྱང་། །ཟང་ཟིང་ནོར་གྱི་རིང་ཐང་གཞལ་དུ་མེད། །ཟབ་མོའི་མན་ངག་བཀྲོལ་བའི་ཚིག་རྣམས་ཀྱང་། ། ཁ་ནས་དབྱུང་བར་མི་ནུས་ཅི་ཞིག་ཡོད། །བརྗོད་ཀྱང་བརྗོད་དོན་ཉམས་སུ་མི་ལེན་པའི། །བླུན་པོ་རྣམས་ཀྱིས་མན་ངག་ངོ་མི་མཚར། །མན་ངག་ཉམས་སུ་བླང་བས་དོན་གྲུབ་པའི། །མཁས་རྣམས་ བླ་མ་དང་ནི་གདམས་ངག་ལ། །ཕྱིར་ཞིང་ངེས་ཤེས་སེམས་ཀྱིས་བྱས་པ་གཟོ། །མན་ངག་གཙིགས་སུ་བྱེད་ཅིང་མཉེས་དགུས་ཞུས། །དོན་ལ་མི་རྟོན་ཚིག་འཆེལ་བླུན་པོ་ཡིས། །མན་ངག་ ཟབ་མོའི་རིན་ཐང་མི་ཤེས་པས། །གདམས་ཟབ་བརྒྱ་ཕྲག་ཅི་དགར་བྱིན་པ་ལས། །ཟང་ཟིང་ངན་ངོན་ཙམ་ལ་ངོ་སོར་བྱེད། །དེ་ཕྱིར་དེ་འདྲ་སྣོད་དུ་མ་གྱུར་ལ། །སྟེར་བའི་གལ་ཆེན་སུ་ལ་སུ་ ཡིས་བཀལ། །མ་སྨྲས་འཚོ་བར་འགྱུར་བ་མིན་ནམ་ཅི། །གསེར་ཕྱེ་ཆུ་ལ་འཕོ་བ་ཞེ་རེ་བླུན། །གུས་པ་མེད་ན་ཕན་པའི་རྟེན་འབྲེལ་འཆུག །བློ་གྲོས་ཉམས་ན་བརྗོད་པའི་དོན་མི་ཤེས། །དོན་ 23-4-75b གཉེར་ཆུང་ན་ཐུགས་མཛོད་གཏིང་མི་རྙེད། །གསང་མི་ཐུབ་ལ་སྨྲས་ན་གསང་བ་འཆལ། །དེ་ཕྱིར་དེ་ལས་ལྡོག་པའི་ཡོན་ཏན་བཞིས། །འབྱོར་པའི་སྐྱེས་བུ་གཞན་ཕན་སེམས་ལྡན་ཞིང་། །བླ་ མའི་ཐུགས་བརྙེས་གསང་བའི་གཉེར་འཛིན་ལ། །བཀའ་རྒྱས་བཏབ་སྟེ་གབ་སྦས་མེད་པར་སྦྱིན། །དེས་ཀྱང་ཇི་སྐད་སྨྲས་པའི་དོན་ཉིད་ལས། །སྲོག་ལ་བབས་ཀྱང་འགལ་བར་མི་སྤྱོད་ཅིང་། ། གདམས་པ་ཟབ་མོའི་བརྒྱུད་པ་མི་འཆད་པའི། །ཐབས་མཁས་བརྟེན་པས་འཇིག་རྟེན་དགེ་བར་འགྱུར། །བླ་མའི་བཀའ་བཞིན་གུས་པས་སྒྲུབ་བྱེད་ཅིང་། །མན་ངག་སྦས་ནས་བདེན་དོན་ ལེགས་སྒྲུབ་པ། །འབྲས་བཟང་བཞིན་དུ་དཔལ་གྱིས་ཡངས་ཤིང་རྒྱས། །གཞན་དག་གིས་ཀྱང་མན་ངག་ཆེ་བ་ཤེས། །དོན་མེད་ཚིག་ཙམ་ཁ་ཁྱེར་ངས་ཤེས་ཞེས། །འཕྱོར་བས་གཞན་ ལ་མན་ངག་ཁར་འབྱིན་པས། །བྱ་ཡིས་རྨས་པའི་འབྲས་བུ་ཇི་བཞིན་དུ། །རང་ཉིད་ཉམས་ཤིང་གདམས་པའི་མདངས་མི་འབྱིན། །ཀུན་གྱིས་ཤེས་ན་མཁས་པར་སུ་ཞིག་རྩི། །གསེར་གྱི་གླིང་ ན་གསེར་ཉིད་རིན་ཐང་ཆུང་། །རང་གར་སྨྲས་ན་ཉན་པ་དག་ཀྱང་དཀོན། །སྦྱིན་པ་པོ་ལས་ལེན་པོ་ངོ་འཕང་མཐོ། །ཀྱེ་མ་དེང་སང་དུས་ན་མན་ངག་གནད། །མི་ཤེས་ཚིག་ཙམ་ཁ་ཁྱེར་སློབ་དཔོན་ 23-4-76a དང་། །གཡོ་སྒྱུའི་མན་ངག་འདོད་པའི་སློབ་མ་གཉིས། །གདམས་པ་ཆུད་ཟར་བྱེད་པའི་རྒྱུ་རྐྱེན་ཡིན། །ཅོལ་ཆུང་དབུལ་པོའི་ལག་གི་རིན་ཆེན་དང་། །ཐོས་ཆུང་བླུན་པོའི་ ཁ་ཡི་མན་ངག་གཉིས། །མནན་ཀྱང་མི་ནོན་ཟང་ཁའི་གློ་བ་བཞིན། །གཞན་ལ་སྟེར་འདོད་བྲེལ་བ་ལངས་ལ་ལྟོས། །དེ་ཕྱིར་སློབ་དཔོན་ནོར་ལ་མི་གདུང་ཡང་། །སློབ་མའི་སྣོད་ཀྱི་བཟང་ངན་གདམས་ པ་ལས། །དོན་གཉེར་ཡོན་སོགས་མཉེས་པ་སྒྲུབ་ཚུལ་གྱིས། །གསལ་ཕྱིར་ཡོན་མེད་རང་གར་སྦྱིན་མི་བྱ། །སྦྱིན་ན་དེས་ཀྱང་དམ་པར་འཛིན་མི་བྱེད། །ཡོན་ཆེན་དཀའ་བ་ཆེན་པོས་ཞུ་ནུས་ན། །ངས་ ཀྱང་འདི་ལྟར་བགྱིས་ནས་ཞུས་སྙམ་དུ། །གཞན་ལ་དོན་མེད་འཆལ་དུ་མི་གཞུག་གོ། མན་ངག་གཅེས་སྤྲས་བྱེད་ཅིང་སྤ་བྱེད་ལ། །ལྷ་དང་མཁའ་འགྲོས་སྟོང་གྲོགས་ཚུལ་བཞིན་མཛད། །སྣོད་དུ་ གྱུར་ཀྱང་སེར་སྣས་མི་སྟེར་བའི། །བློ་ངན་རྣམས་དང་དེ་དག་ག་ལ་མཚུངས། །གསང་ཐུབ་འདི་ནི་གསང་སྔགས་ཟབ་མོ་སོགས། །གདམས་པའི་སྣོད་ཀྱི་ཡོན་ཏན་ཁྱད་འཕགས་ཏེ། །འདི་དང་བྲལ་ ལ་གསང་བ་གང་སྤེལ་བ། །ལྷ་དང་སྲུང་མའི་ཚོགས་ཀྱིས་ཁྲེལ་བར་འགྱུར། །བླ་མ་མཉེས་བྱས་ཚུལ་བཞིན་ཞུས་པ་ཡི། །གདམས་པ་ཆུང་ཡང་ཕན་ཐོགས་ཆེ་བར་འགྱུར། །སློབ་དཔོན་གསང་ནས་རང་ 23-4-76b ཆེ་འབྱིན་པ་དང་། །གསང་འཆལ་གྱུར་ན་མི་ཤེས་སྐྱོན་མང་འབྱུང་། །དེ་ཕྱིར་དེང་སང་སྐྱེ་བོ་རྣམས་མཐོང་ན། །མན་ངག་སྣོད་དུ་གྱུར་པ་ཆེས་དཀོན་པས། །བརྩེ་བའི་བསམ་པ་ཤིན་ཏུ་རྒྱ་ཆེར་ཡང་། །སྨྲ་ བའི་ཞེ་འདོད་ཤིན་ཏུ་ཆུང་བར་གྱུར། །ནོར་བུའི་རྒྱན་བཟང་ཁྱི་ལ་བཏགས་པ་ཡི། །བླུན་པོའི་ཁ་ནས་མན་ངག་ཁྱི་བཞིན་འཁྱམས། །རང་གི་མན་ངག་དྲོད་ཚད་མ་རྙེད་པའི། །ཁ་འཆལ་བླུན་པོ་བླུན་པོའི་ ཚོགས་ཀྱིས་འབྲིད། །ཡང་ན་རིག་དང་རིག་པ་བརྗེ་བར་བྱ། །ཡང་ན་རིག་པ་མི་ཕངས་ནོར་གྱིས་བསླུ། །ཡང་ན་གུས་ལྡན་བུ་ལ་སྦྱིན་བྱ་སྟེ། །གཞན་དུ་ཁོང་འཆང་ཤི་ཡང་སྦ་ཞེས་གསུངས། །མཁས་ བརྩེ་མན་ངག་དོན་ལྡན་བླ་མ་དང་། །གུས་བཅས་སྣོད་བཟང་སློབ་མའི་རྟེན་འབྲེལ་ལས། །ཟབ་དོན་རིག་གནས་བཅས་པའི་གདམས་པ་རྣམས། །གསེར་གྱི་མདངས་བཞིན་ཀུན་ནས་ལྷང་ངེར་འགྱུར། །དེ་ ཕྱིར་སྣོད་ཀྱི་ཁྱད་པར་ལེགས་བརྟག་ལ། །གང་ལ་དུས་སུ་འདོམ་པའི་གདམ་ངག་ཚོགས། །མང་ངམ་ཉུང་ངམ་དོན་ཆེ་དོན་ཆུང་ཡང་། །གཞོག་སློང་གཡོ་སྒྱུ་ཅན་ལ་སྨྲ་མི་བྱ། །རང་གི་གདམ་ངག་ ཟག་ཏུ་མ་བཅུག་ན། །གཞན་ལས་དེས་ཤེས་གྱུར་ཀྱང་གསང་འཆལ་གྱིས། །ཆོས་བདག་སྲུང་མས་ཐུགས་ཁྲེལ་རང་ལ་མེད། །དེ་ཕྱིར་ཀུན་གྱིས་ཤེས་ཀྱང་མན་ངག་གསང་། །གལ་ཏེ་བསྟན་དང་འགྲོ་ 23-4-77a ལ་ཕན་ངེས་པའི། །སྣོད་བཟང་བྱུང་ན་དུས་སུ་འདོམ་བྱ་སྟེ། །ཡོངས་སུ་མ་གྲགས་དཀོན་པའི་མན་ངག་ཀྱང་། །བརྩེ་བའི་སེམས་ཀྱིས་ཕོང་པ་མེད་པར་སྦྱིན། །གང་ཞིག་ལྷ་དང་བླ་ མས་གནང་བའོ། །ཚུལ་བཞིན་བརྟགས་ནས་གཞུང་བཞིན་བྱེད་པ་ལ། །ལྷ་དང་དམ་ཅན་དགྱེས་པའི་ཞལ་རས་ཀྱིས། །འཚོ་ཞིང་གསང་བསྒྲགས་ཉེས་པ་འབྱུང་མི་འགྱུར། །ཁ་འཆལ་མན་ངག་བྱུང་རྒྱལ་ སྨྲ་བ་དང་། །གསང་སྔགས་ཟབ་མོ་ནོར་དང་ངོ་དགའི་ཕྱིར། །སྣོད་ལ་མི་བརྟག་ཅི་དགར་སྐྱུག་པ་རྣམས། །དོན་སྙིང་ཁ་རུ་ཕྱུངས་པའི་དཔེ་དང་མཚུངས། །དེ་ཕྱིར་ཟང་ཟིང་འབྱོར་བའི་དངོས་ཀུན་ལས། །མན་ ངག་རིན་ཐང་ཆེ་བ་ཤེས་པའི་བློས། །ཟབ་དོན་གདམས་པ་ཆེ་ཕྲ་གང་ཡང་རུང་། །ལེགས་པར་ཞུ་ཞིང་དེ་དོན་ཉམས་བླང་ནས། །རྒྱལ་བའི་ཕྲིན་ལས་ཆུད་མི་ཟ་བ་དང་། །རང་གཞན་དོན་གཉིས་འབྱོར་པས་ མཛེས་པ་ཡི། །ས་སྟེང་འདི་ན་ཡོངས་འདུའི་ལྗོན་བཟང་བཞིན། །དཔལ་དང་སྐལ་བ་བཟང་པོས་མངོན་མཐོར་མཛོད། །སླར་ཡང་ཆེད་དུ་གདམས་པ། །ས་སྟེང་གསེར་གྱིས་བཀང་ན་ཡང་། །གདམས་ པ་སྣ་རེའི་རིན་ཐང་མེད། །དེང་དུས་ནོར་ལ་རྩིས་ཆེ་ཞིང་། །མན་ངག་ཟབ་མོར་རྩིས་ཐང་ཆུང་། །ཅི་འབྱོར་ནོར་གྱིས་མི་བསླུ་བར། །ཁ་འཛུམ་གཡོ་སྒྱུས་མན་ངག་འདོད། །གལ་ཏེ་ཟབ་དགུ་བྱིན་ན་ 23-4-77b ཡང་། །དེ་ལ་དྲིན་དུ་མི་ཚོར་བར། །འཕྱོར་འདོད་དབང་གིས་གཞན་ལ་སྤེལ། །མཁའ་འགྲོའི་བཀའ་ཆད་རྒྱུར་འགྱུར་པས། །ཤིན་ཏུ་ཟབ་པའི་མན་ངག་རྣམས། །རང་གི་སྙིང་སྒྲོམ་ཁོ་ནར་ སྦ། །གལ་ཏེ་བླ་མ་ཆེས་བཀུར་ཞིང་། །ངོས་ལྐོག་མེད་པའི་དམ་ཚིག་ཅན། །ལུས་སྲོག་འབྱོར་པས་སུས་མཆོད་ན། །དེ་ཉིད་མན་ངག་སྣོད་དུ་རུང་། །དེ་མིན་གར་ཐོད་མན་ངག་གནད། །འཆལ་ ཞིང་བྱིན་རླབས་ཉམས་པའི་རྐྱེན། །སྣོད་ངན་དམ་ཉམས་ཚོགས་རྣམས་ཀྱི། །སྙིང་ཁྲག་དྲེགས་པས་རོལ་ཅིག་ཡཱཿ གསང་བར་གྱིས་ཤིག་ཁ་ཐམ་རྒྱཿ ཟབ་པར་ཤེས་བྱོས་ཨི་ཐི་རྒྱཿ གཞན་ལ་མ་སྤེལ་གཏད་དོ་རྒྱཿ དམ་ཚིག་ཐུབ་ཀྱིས་ས་མ་ཡཿ རྒྱཿ ཞེས་པའང་ཤིང་འབྲུག་དབོ་ཟླའི་ཚེས་ཕུན་ཚོགས་ལྔ་ཡི་གྲངས་ལྡན་ལ་འཇམ་དཔལ་དགྱེས་པས་བྲིས་པ་དགེ། མངྒ་ལཾ། ། ༈ ཨོཾ་སྭ་སྟི། མཁྱེན་བརྩེའི་ཡེ་ཤེས་འོད་པོ་ཆེ། །མི་ཕམ་འཇམ་པའི་དབྱངས་ཉིད་ཀྱིས། །གཞན་ལ་བརྩེ་བས་ལེགས་འདོམ་པའི། །གདམས་ངག་བདུད་རྩིའི་ཐིག་ཕྲེང་ འདི། །གསུང་རབ་རྒྱ་མཚོའི་སྙིང་པོའི་བཅུད། །མཁས་དང་གྲུབ་པའི་མན་ངག་ལས། །བརྒྱུད་པ་ཚད་མས་དཔྱད་བཟོད་པ། །འདི་འདྲ་བསྐལ་བརྒྱར་རྙེད་པར་དཀའ། །འོན་ཀྱང་མདོ་ 23-4-78a རྒྱུད་བསྟན་བཅོས་ལ། །དེང་དུས་སྙིགས་མའི་སྐྱེ་བོ་རྣམས། །གུས་ཤིང་དད་པར་མི་བྱེད་ན། །བླ་མའི་ཞལ་གདམས་དགོས་པ་ཆུང་། །ཁ་ཅིག་ཕན་པར་འགྱུར་བའང་ སྲིད། །བློ་གྲོས་རྒྱ་མཚོས་སྤར་དུ་བསྐྲུན། །དགེ་འདིས་བདག་གཞན་མ་ལུས་པ། །ཡང་དག་ལམ་གྱིས་གྲོལ་བར་ཤོག །ཅེས་པའང་སྦར་བྱང་སྨོན་ཚིག་ཏུ་བྲིས་པ་དགེའོ། །མངྒ་ལཾ།། ༈ །། 23-4-78b empty page 23-5-1a ཀུན་མཁྱེན་ཡེ་ཤེས་མེ་ལོང་ངོགས། །ཟབ་རྒྱས་ཆོས་ཀུན་རབ་གསལ་ཡང་། །སྙིགས་དུས་གདུལ་བྱར་རྗེས་བརྩེ་བའི། །ཞལ་གདམས་བདུད་རྩིའི་བུམ་ པ་བཟང་། །ཕྱོགས་ལས་རྣམ་རྒྱལ་པཎྜི་ཏ། །མི་ཕམ་རྣམ་པར་རྒྱལ་བ་ཡི། །ཞལ་གདམས་ངོ་མཚར་ཆོས་ཀྱི་སྐྱེས། །མི་ཉམས་འཕེལ་རྒྱས་སྣང་བའི་ཕྱིར། །མཁས་ གྲུབ་བྱེ་བའི་མདུན་ས་ཆེ། །བཀྲ་ཤིས་ལྷ་རྩེའི་མ་ཕྱི་ལས། །ཞལ་བཤུས་འཕྲུལ་སྤར་དགའ་སྟོན་ཆེ། །གུས་སློབ་དིལ་མགོ་མཁྱེན་སྤྲུལ་གྱིས། །སྔ་འགྱུར་བསྟན་པའི་ རྒྱན་བསྐྲུན་ནས། །ཆོས་དོན་གཉེར་བའི་སྐལ་བཟང་ལ། །རབ་དགའི་དཔལ་ཡོན་རྒྱས་བྱས་ནས། །རྣམ་གྲོལ་ལམ་བཟང་རྙེད་པར་ཤོག ། 23-5-1b empty page