3-1-1a ༄༅། །བྷཱིཀཤཀནྟཀཎྛཱལངྐཱརནཱམསུདྷརྨཱབྷཀོཥྵབྱཉྫནཔྲྀཏྟིརཏྣནིཥྐབིཛཧརཾཏིསྨ། ༄༅། །དམ་པའི་ཆོས་མངོན་པ་མཛོད་ཀྱི་མཆན་འགྲེལ་རིན་པོ་ཆེའི་དོ་ཤལ་བློ་གསལ་དགྱེས་པའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། ། 3-1-1b གང་ཞིག་ཚོགས་གཉིས་ཆུ་གཏེར་ལས་བྱུང་ཞིང་། །སྤངས་རྟོགས་ཆ་ཤས་གང་བའི་བསིལ་ཟེར་གྱིས། །མཐའ་ཡས་ཕན་བདེའི་ཀུ་མུད་ ཡོངས་འབྱེད་པ། །ཐུབ་དབང་ཟླ་བ་མཆོག་གིས་ཀུན་ཏུ་སྐྱོངས། །རྒྱལ་བའི་གོ་འཕང་གདོད་ནས་མངོན་མཛད་ཀྱང་། །འགྲོ་བའི་དཔལ་དུ་སྲས་ཀྱི་ཚུལ་སྟོན་ཅིང་། ། རྟོགས་དཀའ་ཟབ་མོའི་དོན་ཡང་བདེ་བླག་ཏུ། །སྐྱེད་མཁས་སྨྲ་བའི་སེང་གེར་མགོས་ཕྱག་འཚལ། །མཁའ་དང་མཉམ་པས་ཕ་མཐའ་མི་མངོན་པ། །རྒྱ་ཆེའི་གནས་ ཀུན་འཇལ་བའི་བློ་གྲོས་ལས། །ཆོས་ཀྱི་རྒྱལ་པོས་རང་གི་རྒྱལ་ཚབ་ཏུ། །མངའ་གསོལ་ཡིད་དགའ་ཆོས་འཛིན་མགོན་པོར་འདུད། །དྲང་ངེས་འདབ་བརྒྱ་འབྱེད་ལ་ 3-1-2a ཐོགས་མེད་དུ། །འཇུག་པའི་བློ་མངའ་སྟོན་པས་ལུང་བསྟན་ཅིང་། །རྒྱལ་བའི་སྲས་ཀྱི་ས་ལ་མངོན་མཐོ་བ། །སློབ་དཔོན་འཕགས་པ་ཉིན་མོའི་མགོན་ལ་དད། །རྒྱལ་བའི་ བསྟན་ལ་གཅེས་པར་འཛིན་པའི་བློས། །སྒྲ་ཚད་རིག་པའི་གྲུ་གཟིངས་ལ་བརྟེན་ནས། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཐར་སོན་ཏེ། །གསུང་རབ་རིན་ཆེན་གླིང་ལ་དབང་བསྒྱུར་བ། །གྲགས་ པ་དོན་ལྡན་ཀུན་མཁྱེན་གཉིས་པར་བསྔགས། །སྲིད་པའི་ལྗོན་པ་གཅོད་བྱེད་སྡེ་བདུན་གྱི། །ཨུཏྤལ་འདབ་དང་མཚུངས་པའི་རལ་གྲི་མཆོག །ཉེ་བར་ཆུད་པ་གང་གི་ཆོས་མངོན་མཛོད། །ཚུལ་ བཞིན་མཐོང་ནས་ལེགས་པར་དགྲོལ་བར་བྱ། །ཞེས་མཆོད་པར་བརྗོད་པ་ཅུང་ཟད་ཀྱིས་མདུན་བསུས་ཏེ་གང་བརྗོད་པར་བྱ་བ་ནི། དེ་ལ་འདིར་ཤེས་བྱ་མཐའ་དག་རབ་ཏུ་རྣམ་པར་འབྱེད་པ་དམ་པའི་ 3-1-2b ཆོས་མངོན་པ་མཛོད་འདི་ཉིད་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ། རྒྱ༷་གར༷་ཞེས་པ་ཡུལ་གྱི་མིང་སྟེ། ཡུལ་དེའི་སྐད་ལ་ཨ་བ་བྷྲཾ་ཤ་ཟུར་ཆག་དང་། བི་ཤ་ཙི་ཤ་ཟ་དང་། པྲ་ཀྲྀ་ཏཾ་ཐ་མལ་པའམ་རང་བཞིན་དང་། སཾ་སྐྲྀ་ཏ་ལེགས་སྦྱར་གྱི་སྐད་དང་བཞི་ལས། འདིར་སཾ་སྐྲྀ་ཏའི་སྐ༷ད་དུ༷། ཨ༷་བྷི༷་དྷ༷རྨ༷་ཀོ༷་ཥ༷་ཀ༷་རི༷་ཀ༷་ཞེས་བྱ་བ་ཡོད་ལ། དེའང་བསྒྱུར་ན་རིམ་པ་བཞིན། མངོན་པ། ཆོས་མཛོད། ཚིག་ ལེའུར་བྱས་པ་སྟེ། བོ༷ད་སྐ༷ད་དུ༷། ཆོ༷ས་མངོ༷ན་པ༷འི་མཛོ༷ད་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ཞེས་པའོ། །གཉིས་པ་སྒྲིབ་གཉིས་དང་བྲལ་བས་འཇམ༷་ཞིང་མཁྱེན་གཉིས་ཀྱི་དཔ༷ལ་དང་ལྡན་པ་རྒྱལ་ཀུན་ཡབ་གཅིག་རྒྱལ་སྲས་ཚུལ་འཛིན་གཞོ༷ན་ནུར༷་ གྱུར༷་པ༷་དེ་ལ༷་ཕྱག༷་འཚལ༷་ལོ༷་ཞེས་ལོ་ཙཱ་བས་འགྱུར་ཕྱག་མཛད་པའོ། །གསུམ་པ་གཞུང་གི་དོན་ལ་གསུམ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན། མཇུག་ཡོངས་སུ་རྫོགས་པའི་བྱ་བའོ། ། དང་པོ་ལ་མཆོད་བརྗོད་སྔོན་དུ་འགྲོ་བས་བརྩམ་པར་དམ་བཅའ་བ། བརྗོད་བྱ་དོན་ལྡན་གྱི་མཚན་བཤད་པ། དགོས་པ་དང་གསུམ། དང་པོ། ག༷ང་ཞི༷ག་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཆོས༷་ཀུན༷་ལ་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་ པ་ཉོན་ཤེས་ཀྱི་སྒྲིབ་པའི་མུན༷་པ༷་བག་ཆགས་དང་བཅས་པ་དྲུང་ནས་སླར་མི་སྐྱེ་བར་གཏན༷་བཅོ༷མ་ཞི༷ང་དེས་ནི་སྤངས་པ་དང་ཤུགས་ལ་ཡེ་ཤེས་བསྟན་པས་རང་དོན་ཕུན་ཚོགས་བསྟན། དེ་ཡང་ཆགས་པ་སོགས་ཉོན་མོངས་པ་ཅན་དང་། ཉོན་མོངས་ 3-1-3a ཅན་མིན་པ་ཡུལ་དང་དུས་ཀྱིས་བསྐལ་པ་དང་། སངས་རྒྱས་ཀྱི་ཆོས་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་མི་ཤེས་པ་བཞི་ལས། དང་པོ་མཽ་གལ་གྱི་བུས་རང་གི་མ་འོད་ཟེར་ཅན་གྱི་འཇིག་རྟེན་དུ་སྐྱེས་པ་མ་ ཤེས་པ་དང་། དུས་བསྐལ་ཤཱ་རིའི་བུས་ཁང་བདག་དཔལ་སྐྱེས་ཀྱིས་སྔོན་ཐར་ཆ་བསྐྱེད་པ་མ་ཤེས་པ་ལྟ་བུ་དང་། སངས་རྒྱས་ཀྱི་ཆོས་ནི་སྟོན་པས་ཤཱ་རིའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཤེས་སམ་ཞེས་ བཀའ་བསྩལ་བ་ན་མ་འཚལ་ཏོ། །ཞེས་གསོལ་བ་ལྟ་བུའོ། །དོན་དབྱེ་ནི། ཁམས་དང་འགྲོ་བ་སྐྱེ་གནས་སྐྱེ་བ་ལ་སོགས་པའི་བྱེ་བྲག་རྟོགས་པར་དཀའ་བ་སྟེ། རྨ་བྱའི་མདོངས་ཀྱི་ཁ་དོག་སྣ་ཚོགས་པའི་རྒྱུ་བཞིན་ནོ། །ཉན་ཐོས་པས་ཉོན་སྒྲིབ་ནི་ངོ་ བོའང་སྤང་། ཤེས་སྒྲིབ་ནི་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཏེ། དགེ་སློང་དག་ཁྱེད་ཀྱིས་མིག་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག་དང་། དེ་ལྟ་ན་ཁྱེད་ཀྱིས་མིག་དེ་སྤང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། ། ཁམས་གསུམ་དུ་བརྒྱུད་མར་འཁོ༷ར་ཞིང་ཆགས་ཏེ་བྱིང་བའི༷་གནས་ལས་གཞན་ལ་བརྟེན་ནས་བརྒལ་དགོས་པ་འདམ༷་ལྟ་བུ་ལ༷ས་འགྲོ༷་བ༷་དྲང༷ས་བར་མཛ༷ད་པ༷་ཇི་ལྟར་ན་རྫུ་འཕྲུལ་དང་དམ་པ་སྦྱིན་པས་ནི་མ་ཡིན་ཏེ་བདེན་བཞིའི་དོ༷ན་ཇི་ལྟ་བ་བཞི༷ན་སྟོན༷་པར་ མཛད་པ༷་ཞེས་པས་གཞན་དོན་ཕུན་ཚོགས་བསྟན། དེ་ལྟར་སྤངས་རྟོགས་དོན་གཉིས་མཐར་ཕྱིན་པའི་སྟོན་པ་དེ༷་ལ༷་ཕྱག༷་འཚ༷ལ་ན༷ས་ཅི་ཕྱིར་བྱེད་ན་རང་སྤྱིའི་མཚན་འཛིན་པས་ཆོས༷་མྱང་འདས་ལ་མངོ༷ན་དུ་ཕྱོགས་པའི་ཕྱིར་དང་། ཡང་ 3-1-3b ཡང་མངོན་པར་གཏན་ལ་འབེབས་པའི་དང་། ཕས་རྒོལ་མངོན་པར་ཟིལ་གྱིས་གནོན་པའི་དང་། མདོའི་དོན་མངོན་པར་རྟོགས་པའི་ཕྱིར་ཏེ། མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་ སོ། །མཛོ༷ད་ཀྱི༷་སྒྲ་བཤད་འོག་ཏུ་འཆད་ལ། ཤཱསྟྲ་ཞེས་ཤཱ་ས་ན་འཆོས་པ། ཏྲ་ཡཱ་སྐྱོབ་པ་སྟེ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་ན། །འཆོས་སྐྱོབ་ཡོན་ཏན་ཕྱིར་ ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་འཕགས་པ་ལྷས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བསྟན༷་བཅོས༷་རབ༷་ཏུ་བཤ༷ད་པར་བྱ༷འོ། །ཞེས་དམ་བཅས་པའོ། །གཉིས་པ། ཅིའི་ ཕྱིར་ཆོས་མངོན་མཛོད་ཅེས་བྱ་ན། དོན་དམ་པའི་ཆོས༷་མངོ༷ན་པ་ནི་མཐོང་བསྒོམ་མི་སློབ་ལམ་གསུམ་གྱི་ཤེ༷ས་རབ༷་ཟག་བཅས་ཀྱི་དྲི༷་མ་མེ༷ད་པ་རྗེས༷་འབྲང༷་ཕུང་པོ་ལྔའམ་བཞིར་བཅས༷་ཏེ། དེ་ཡང་བསམ་གཏན་ས་དྲུག་ལ་ལམ་གསུམ་པོ་དེ་བརྟེན་ན་ ཕུང་པོ་ལྔ་སྟེ། ཟག་མེད་ཀྱི་སྡོམ་པ་དེ་གཟུགས། དང་པོ་དང་གཉིས་པའི་ཡིད་བདེ། གསུམ་པའི་བདེ་བ། དང་པོའི་ཉེར་བསྡོགས། དངོས་གཞི་ཁྱད་པར་ཅན། བཞི་པའི་དངོས་གཞི་རྣམས་བཏང་སྙོམས་ཡིན་པས་ཚོར་བ། འདུ་ཤེས་འདུ་ བྱེད་རྣམ་ཤེས་ཀུན་ཚོགས་པ་གཅིག་ལ་འབྲལ་མི་ཤེས་སུ་ཡོད་དོ། །ལམ་ཕྱི་མ་གཉིས་གཟུགས་མེད་དང་པོ་གསུམ་ལ་བརྟེན་ན་དེ་ན་གཟུགས་མེད་པས་ཕུང་པོ་བཞིའོ། །འདིར་རྣམ་ཤེས་ཤེས་རབ་ཀྱི་འཁོར་དུ་བསྟན་ཀྱང་གཙོ་འཁོར་འཆོལ་བར་མི་ 3-1-4a འགྱུར་ཏེ། ཆོས་རབ་རྣམ་འབྱེད་ལ་ཤེས་རབ་གཙོ་སྟེ། དཔེར་ན་ཆུ་ལ་བརྒལ་ཚེ་གྲུ་པ་གཙོ་བ་བཞིན་ནོ། །དོན་དམ་པའི་ཆོས་མངོན་པ་དེ༷་ཐོ༷བ་པར་བྱ༷་བའི་ཕྱིར༷་རྒྱུ་སྐྱེས་ཐོབ་དང་ཐོས་བསམ་སྒོམ་པའི་ ཤེས་རབ་ཟག་བཅས་རྗེས་འབྲང་དང་བཅས་པ་ག༷ང་ད༷ང་དེ་རྗོད་བྱེད་ཀྱི་བསྟན༷་བཅོས༷་ག༷ང་ཡིན་པ་སྟེ། སྐྱེས་ཐོབ་ནི་ཁམས་གསུམ་ལ་ཡོད་རྗེས་འབྲང་གཟུགས་ནི་མེད། གཟུགས་ཀྱི་སྒོམ་བྱུང་ལ་དེ་ཡོད་པས་ཕུང་པོ་ལྔའོ། །གཟུགས་མེད་ཀྱི་དེ་ བཞི་པའོ། །འདོད་ཁམས་ན་སྒོམ་བྱུང་དང་། གཟུགས་ཁམས་ན་བསམ་བྱུང་དང་། གཟུགས་མེད་ན་ཐོས་བྱུང་ཡང་མེད་དོ། །བསྟན་བཅོས་ནི་ངག་གི་སྒྲ་རང་མཚན་པ་ནི་འདོད་པ་དང་བསམ་གཏན་དང་པོ་ལ་ཡོད་ཀྱི་གཞན་ན་མེད། མིང་ཚིག་ཡི་གེའི་ཚོགས་ནི་འོག་མ་གཉིས་ན་ཡོད་ཀྱི་གཟུགས་མེད་ན་མེད་དོ། །ཅིའི་ཕྱིར་མཛོད་ཅེ་ན་བསྟན་བཅོས་འདི༷ར་སྡེ་བདུན་དང་། བྱེ་བྲག་བཤད་མཛོད་ཀྱི་མངོན་པ་དེ༷་དོ༷ན་དུ༷་ཡ༷ང་ད༷ག་པར་ཏེ་གཅེས་པ་རྣམས་ཆུད༷་ཕྱིར༷་ར༷མ་སྟེ་ནོར་བུ་གང་ དུ་བཞག་པའི་གནས་ལྟ་བུའམ། ཡང་ན་འདི༷་ཡི༷་འབྱུང་ཁུངས་ཀྱི་གན༷ས་མངོན་པ་དེ༷་ཡི༷ན་པ༷ས་མཛོད་ནས་བྱུང་བའི་ནོར་བུ་ལ་མཛོད་ཅེས་བཏགས་པ་ལྟར་ཡིན་པས་ན་ཆོ༷ས་མངོ༷ན་མཛོ༷ད་ཅེས་བྱའོ། །ཆོས་མངོན་ལ་དབྱེ་ན་ཟག་མེད་ཀྱི་ཤེས་རབ་ འབྲས་བུའི་ཆོས་མངོན་དང་། སྐྱེས་ཐོབ་སོགས་བཞི་རྒྱུའི་ཆོས་མངོན། བསྟན་བཅོས་ནི་གཞུང་གི་ཆོས་མངོན་དང་གསུམ་མོ། །སྔ་མ་དངོས་དང་། ཕྱི་མ་དག་འབྲས་མིང་རྒྱུ་ལ་དང་། བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པས་དབྱེའོ། 3-1-4b གསུམ་པ། ཟག་བཅས་ཟག་མེད་ཀྱི་ཆོས༷་རྣམ༷ས་འདིའི་བརྗོད་བྱ་དང་། དེ་དག་ར༷བ་ཏུ༷་རྣམ༷་འབྱེ༷ད་ཀྱི་ཤེས་རབ་ནི་དགོས་པ། དེ་མེ༷ད་པ༷ར་འཁོར་བའི་རྒྱུ་རྩ་བ་དང་ཉེ་བའི་ཉོ༷ན་མོ༷ངས་རྣམ༷ས་ག༷ང་ཕྱིར༷་ཉེ༷་བ༷ར་ཞི༷་བ༷ར་བྱ༷་བ༷འི་ཐ༷བས་གཞན་མེ༷ད་ལ༷། ཞེས་པ་དེའི་ལྡོག་ཕྱོགས་ནས་ཉེར་ཞིའི་མྱང་འདས་ཐོབ་པ་ཉིང་དགོས་དང་འབྲེལ་བ་ཤུགས་ལ་བསྟན། དེ་དག་ཉེ་བར་མ་ཞི་ན་ཉོ༷ན་མོ༷ངས་པ༷ས་ལས་བསགས་ནས་ཀྱང༷་འཇི༷ག་རྟེན༷་པ་རྣམས་སྲི༷ད་པའི་རྒྱ་མཚོ༷་ཆེན་པོ་འདིར༷་ཉེར་ལེན་ཕུང་པོ་ལྔ་ འཁྱམ༷ས་པར་འགྱུར་ཏེ༷། རྒྱུ་མཚན་དེ༷་བ༷ས་ཉོན་མོངས་སྤངས་ནས་ཐར་པ་ཐོབ་པ་དེ༷འི་ཕྱིར༷་མངོན་པ་སྡེ་བདུན་འདི༷་ནི༷་སྟོན༷་པ༷ས་གསུང༷ས་པ་རྣམས་བསྡུས་སོ༷། །ཞེས་བྱེ་སྨྲ་རྣམས་ཟེར་རོ་ལོ༷། དེ་ལ་ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། ། རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་གལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །ཞེས་ དཔེར་ན་ཆོས་སྐྱོབས་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམ་བཞིན་དུ་ཤཱ་རིའི་བུ་ལ་སོགས་པས་ཀྱང་། དང་པོར་སངས་རྒྱས་ཀྱིས་མ་གསུངས་པར་ཆོས་ཀྱི་མཚན་ཉིད་དང་རབ་ཏུ་དབྱེ་བར་མི་ནུས་པས་སིལ་བུར་གསུངས་པ་རྣམས་ཕྱིས་བསྡུས་སོ་ ཟེར། མདོ་སྡེ་པས་དེ་མི་འདོད་དེ་འདུས་མ་བྱས་རྫས་གྲུབ་འདོད་པ་སོགས་རིགས་པ་དང་འགལ་བར་སྣང་བས་སོ་ཟེར་རོ། །གཉིས་པ་ལ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་ཕབ་པ་དང་། སྤང་བླང་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་། 3-1-5a མདོར་བསྟན། རྒྱས་བཤད་གཉིས། དང་པོ། བརྗོད་བྱ་བསྡུ་ན་ཟག༷་བཅ༷ས་ཟག༷་པ༷་མེ༷ད་པའི་ཆོ༷ས་རྣམ༷ས་ཏེ། དེ་ལས་གཞན་ཕུང་གསུམ་པ་མེད་དོ། །གཉིས་པ་ལ། ཟག་བཅས་ཟག་མེད་ཀྱི་ངོ་ བོ་ངོས་བཟུང་བ་དང་། དེ་ཕུང་ཁམས་སྐྱེ་མཆེད་དུ་རྣམ་པར་འཇོག་ཚུལ་གཉིས། དང་པོ་ལ་ཟག་བཅས་བཤད་པ་དང་། ཟག་མེད་བཤད་པ་གཉིས། དང་པོ་ལ་ཟག་བཅས་ཀྱི་ངོ་བོ་ངོས་བཟུང་བ་དང་། དེ་ཟག་བཅས་ཡིན་པའི་རྒྱུ་མཚན་ གཉིས་ལས། དང་པོ། དེ་ལ་འཕགས་གསུམ་གྱི་ལ༷མ་བདེན་མ༷་གཏོག༷ས་པ༷འི་སྡུག་ཀུན་འདུས༷་བྱས༷་རྣམ༷ས་ནི་ཟག༷་བཅས༷་ཡིན་ལ། གཉིས་པ། ག༷ང་གི་ཕྱིར༷་ན་འདུས་བྱས་དེ༷་ད༷ག་ལ༷་ཟ༷ག་པ་ཉོན་མོངས་རྣམ༷ས་ཀུན༷་ཏུ༷་རྒྱས༷་པར༷་འགྱུར༷་ བའི་ཕྱིར་རོ། །གཞན་ཡང་འདུས་བྱས་འདུས་མ་བྱས་སོགས་གཉིས་སུ་བསྡོམ་རུང་མོད་ཀྱི་འདིར་སྤང་བླང་གིའམ་གཞན་ཡང་མཚོན་པར་རུང་བའི་ཕྱིར་རོ། །དེ་ཡང་ཟག་པ་ནི་རྩ་བ་དང་ཉེ་བའི་ཉོན་མོངས་ཡིན་ལ། རྒྱས་པ་ནི་གནས་ ཐོད་པས་རྒྱུན་ཆགས་སུ་འབྱུང་བའམ། ཟག་པ་རྣམས་ཀྱང་དེ་དག་དང་ཕན་ཚུན་འཕྲོད་ཅིང་མཐུན་པའི་ཕྱིར་རོ། །ཀུན་བཏུས་སུ་ཟག་པའི་སྒོ་དྲུག་དང་འབྲེལ་བས་ཟག་བཅས་སུ་གསུངས་པ། ཟག་པ་དེའི་བདག་ཉིད་ནི་རྩ་ཉོན་ཉེ་ཉོན་ རྣམས་ཟག་པའི་ངོ་བོ། ཟག་པ་དང་འབྲེལ་བ་ནི་ཟག་པ་དང་ལྷན་ཅིག་འབྱུང་བའི་སེམས་སེམས་བྱུང་དང་། དེའི་བདག་རྐྱེན་མིག་སོགས་དེ་དང་མཚུངས་པར་ལྡན་པ་དང་རྟེན་ཡིན་པ་དང་། ཟག་པས་བཅིངས་པ་ནི་ཁམས་གསུམ་ 3-1-5b གྱི་དགེ་བ་ཟག་བཅས་རྣམས། ཟག་པའི་རྗེས་སུ་འབྲེལ་བ་ནི་ཟག་པའི་གནས་ངན་ལེན་དང་ལྡན་པ། ཟག་པའི་རྗེས་སུ་མཐུན་པ་ནི་དེའི་གཉེན་པོ་མིན་པར་དེ་ལ་འཕྲོད་པའམ། ཡང་ན་གཟུགས་སོགས་ཉོན་མོངས་པའི་དམིགས་པ་ཡིན་པས་ ཟག་པའི་དམིགས་པའོ། །ཟག་པའི་རྒྱུ་ལས་བྱུང་བ་ནི་དེའི་འབྲས་བུ་ཡིན་པས་ཟག་བཅས་སོ། །དེ་ལ་ནམ་མཁའ་དང་བརྟག་མིན་ཟག་བཅས་ཀྱི་དམིགས་པ་མིན་ལ། འགོག་ལམ་དམིགས་པ་ཡིན་ཀྱང་དེ་ཞི་བས་རྒྱས་པར་མི་འགྱུར་ ཞིང་བདག་གིར་མ་བྱས་གཉེན་པོ་ཡིན་པས་སོ། །གཉིས་པ་ཟག་མེད་ལ། སྤྱིར་བསྟན་པ་དང་། འགོག་པ་གསུམ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ཟ༷ག་མེ༷ད་ནི་ལ༷མ་གྱི༷་བདེ༷ན་པ༷་ད༷ང་། རྒྱུ་རྐྱེན་གྱིས་འདུས༷་མ༷་བྱས༷་པ་རྣམ༷་ པ་གསུམ༷་ཡ༷ང་ཡིན་ཏེ༷། ཟག་པའི་གནས་མི་ཐོད་ཅིང་ཕན་ཚུན་མི་འཕྲོད་པས་རྒྱས་སུ་མི་རུང་བའི་ཕྱིར་རོ། །ཅི་སྟེ་ལམ་མ་གཏོགས་པའི་འདུས་བྱས་ཟག་བཅས་སུ་བཤད་པས་ལམ་དང་འདུས་མ་བྱས་ཟག་མེད་དུ་གོ་བས་ཡང་བརྗོད་པ་དོན་ མེད་ཅེ་ན། ལམ་ལ་འདས་མ་འདས་ཡོད་པས་འདིར་ལམ་བདེན་ནི་ཟག་མེད་དུ་གོ་བའམ། ཡང་ན་ཕུང་གསུམ་སེལ་བའི་ཕྱིར་སྨོས་པའོ། །དེ་གསུམ་གང་ཞེ་ན། ནམ༷་མཁ༷འ་ད༷ང་ནི༷་བརྟགས་བརྟག་མིན་གྱི་འགོ༷ག་པ༷་གཉི༷ས་སོ། ། གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ། ཅིའི་ཕྱིར་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་ཆོས་བདག་མེད་མི་འདོད་ལ། གང་ཟག་གི་བདག་མེད་འགོག་བདེན་ནི་བརྟགས་འགོག་དང་། བདེན་པ་གཞན་གསུམ་གྱི་རྣམ་ 3-1-6a པ་འདུས་བྱས་ཡིན་པས་དེ་བཞིན་ཉིད་ཅེས་འདུས་མ་བྱས་ལོགས་པ་ནི་མེད་དོ། །བརྟགས་འགོག་ནི་བྲལ་འབྲས་ཏེ་རྒྱུ་ལས་སྐྱེས་པར་མི་འདོད་དེ། བྲལ་རྫས་སུ་འདོད་དོ། །གཉིས་པ། དེ༷་ལ༷་ནམ༷་ མཁ༷འ་ནི་བསྒྲིབ་བྱ་སྒྲིབ་བྱེད་གཉིས་དང་བྲལ་བ་ཐོགས་རེག་མེད་པས་མི༷་སྒྲིབ༷་པ༷འོ༷། །འོ་ན་སེམས་པ་སོགས་འདུ་བྱེད་རྣམས་དང་། འགོག་པ་གཉིས་ཀྱང་ནམ་མཁར་ཐལ་ཏེ། མི་སྒྲིབ་པས་སོ་ཟེར་ན། རྟགས་མ་གྲུབ་སྟེ། ཏིང་ ངེ་འཛིན་གྱིས་སེམས་གཡོ་སྡོད་ལ་སོགས་པའི་གེགས་བྱེད་པ་དང་། འགོག་པ་གཉིས་ཀྱིས་སོ་སོའི་དགག་བྱ་ལ་བསྒྲིབ་ཟེར་ཡང་། དེ་ལྟ་ན་བྱེ་སྨྲའི་རང་ལུགས་ལ་ནམ་མཁས་རླུང་སོགས་ཐུར་ལྷུང་ལ་རྟེན་བྱེད་པ་ཡང་སྤང་དགོས་སོ། ། འབྱུང་བ་གཞན་གྱི་གོ་ས་ན་ནམ་མཁའ་ཡོད་ཀྱང་འདྲེས་པར་མི་འགྱུར་ཏེ་ལུས་ལ་སེམས་བཞིན་ནོ་ཟེར། བདེན་པ་རྣམས་ལ་ཤེས་རབ་ཀྱིས་སོ༷་སོ༷ར་བརྟག༷ས་པའི་སྟོབས་ཀྱིས་ཐོབ་པ༷ས་འགོ༷ག་པ༷་ག༷ང་ཡིན་པ་ནི་སྤང་བྱ་དང་བྲལ༷་བ༷འོ༷། ། སྤང་བྱ་སོ༷་སོ༷་བཞིན་དུ་བྲལ་ཆའི་རྫས་སོ༷་སོ༷་ཡི༷ན་གྱི་གཅིག་མིན་ནོ། །གཅིག་ཡིན་ན་ལམ་ཕྱི་མ་དོན་མེད་དུ་ཐལ་བས་སོ་ཟེར། རྐྱེན་མ་ཚང་བས་མ་འོངས་པའི་ཆོས་ཟག་བཅས་ཟག་མེད་གང་ཡང་རུང་བ་སྐྱེ་བ༷་ལ༷་གཏན༷་དུ༷་གེ༷གས་ བྱེ༷ད་པ༷། དེ་ནི་བརྟགས་འགོ༷ག་ལས་གཞ༷ན་སོ༷་སོ༷ར་བརྟག༷་པ་མི༷ན་པས༷་འགོག་པའོ། །གཉིས་པ་དེ་ཕུང་ཁམས་སྐྱེ་མཆེད་དུ་དབྱེ་ཚུལ་ལ། ཕུང་ཁམས་སྐྱེ་མཆེད་ཀྱི་ངོ་བོ་ངོས་བཟུང་བ་དང་། དེ་དག་གི་རང་བཞིན་ 3-1-6b གཏན་ལ་དབབ་པ་གཉིས། དང་པོ་ལ་ཕུང་སོགས་སུ་དབྱེ་ཚུལ་དང་། དབྱེ་བའི་གྲངས་ངེས་ལ་རྩོད་པ་སྤོང་བ་གཉིས། དང་པོ་ལ། གཞི་ཕུང་ལྔ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ལའང་། དབྱེ་བ་རྣམ་གྲངས་ གཉིས་ལས། དང་པོ། རྒྱུ་རྐྱེན་རྣམས་ཕྲད་ཅིང་འ༷དུས་ནས་བྱས༷་པའི་ཆོས༷་རྣམ༷ས་དེ༷་ད༷ག་སྟེ་ཟག་བཅས་དང་ལམ་བདེན་ནོ། །མ་འོངས་མི་སྐྱེ་བའི་ཆོས་ཅན་ཡང་སྐྱེ་འགྱུར་གྱི་ཆོས་ཅན་དེ་དང་རིགས་མཐུན་པས་མི་འཇོ་བ་བ་གཞན་གྱི་ལུས་ལ་ ཡོད་པའི་འོ་མ་བཞིན་ནོ་ཟེར། ཀྱང༷་སྒྲས་འདུས་མ་བྱས་ལ་དབྱེབ་ཡོད་པར་མ་ཟད་ཅེས་སོ། །དེ་ཡང་གཟུགས༷་ཚོར་ལ༷་སོ༷གས་པ༷འི་ཕུང༷་པོ༷ལྔ༷འོ། །དེ་དག་འདུས་བྱས་ཀྱི་མཚན་གཞི་ཡིན་ལ། བྱེ་སྨྲས་ཕུང་པོ་རྫས་ཐ་དད་དུ་འདོད། མདོ་སྡེ་པས་ཕུང་པོ་བཏགས་པ་དང་། གཟུགས་སེམས་རྫས་ཡོད་དེ། གཟུགས་ཕུང་གཞི་ཐ་དད་པའི་བསྡུ་བ་ལྷས་སྦྱིན་གྱི་རིལ་བ་བཞིན་ནོ་ཞེས་འདོད། གཉིས་པ་ལ། ཕུང་ལྔ་སྤྱིའི་རྣམ་གྲངས་དང་། བྱེ་བྲག་ཟག་ཕུང་གི་རྣམ་གྲངས་ གཉིས། དང་པོ། ཕུང་པོ་དེ༷་ད༷ག་ཉི༷ད་ལ་དུས༷་གསུམ་དུ་བཞག་ཅིང་། གཏམ༷་གཞི༷་སྟེ་ཞེས་པས་བརྗོད་བྱ་ད༷ང་། འདུས་མ་བྱས་བརྗོད་བྱ་ཉུང་བའམ་རང་ལ་དམིགས་པའི་ཡིད་ཀྱང་རྒྱུར་བྱས་ནས་མི་སྐྱེ་བས་དེར་མ་བཞག་གོ། འདུས་བྱས་ ནི་སྡུག་བསྔལ་ལས་ངེ༷ས་པ༷ར་འབྱུང༷་བ་དང་བཅས༷་ཏེ་ལམ་བདེན་ཡང་སྤངས་པས་སོ། །གཞན་ཡང་རྒྱུའམ་གཞི༷་ད༷ང་བཅ༷ས་པ་ཞེས་ཀྱང་བྱའོ། །གཉིས་པ། བྱེ་བྲག་ཏུ་འདུས་བྱས་ག༷ང་ད༷ག་ཟ༷ག་བཅ༷ས་རྣམས་ནི་ཉེ༷་བར་ལེན༷་པ༷འི་ཕུང༷་པོ༷འ༷ང་ཡིན་ 3-1-7a ཏེ། ཉེ་བར་ལེན་པ་ནི་ཉོན་མོངས་པ་ཡིན་ལ། དེ་ལས་དེ་བྱུང་བས་རྩྭ་དང་སོག་མའི་མེ་བཞིན་ནམ། ཕུང་པོ་དེ་ལས་ཉོན་མོངས་རྣམས་བྱུང་བའི་ཕྱིར་འབྲས་བུའི་ཤིང་བཞིན་ནམ། ཡང་ན་ཉོན་མོངས་ལ་རགས་ལས་པས་ རྒྱལ་པོའི་མི་བཞིན་ནོ། །ཡང་ཟག་བཅས་དེ༷་ད༷ག་རང་གཞན་ལ་གནོད་པས་འཐ༷བ་པ་ཉོན་མོངས་པ་དང་བཅས༷་པ་ཞེས་ཀྱང༷་བྱའོ། །སྡུག་བསྔལ་གསུམ་དང་ཅི་རིགས་ལྡན་པས་སྡུག༷་བསྔ༷ལ་དང་། ཟག་བཅས་རྒྱུར་གྱུར་ལས་འབྲས་བུར་གྱུར་པའི་ སྡུག་བསྔལ་མ་ལུས་པ་ཀུན༷་འབྱུང༷་བ་དང་། འཇི༷ག་པའི་རྟེན༷་དུ་གྱུར་པ་ད༷ང་། ཟག་བཅས་འདི་ལ་བདག་ལྟ་སོགས་ལྟ་བ་རྒྱས་པར་འགྱུར་བས་ལྟ༷་གན༷ས་ཞེས་བྱ། དེ་ཡང་། དགྲ་བཅོམ་པའི་ཕུང་པོ་ཐ་མ་ལ་དམིགས་ནས་གཞན་རྒྱུད་ ཀྱི་ཉེར་ལེན་འབྱུང་བས་སོ། །གལ་ཏེ་ཟག་བཅས་ལ་ཉོན་མོངས་ཐམས་ཅད་རྒྱས་པ་ཡིན་ན་ཅིའི་ཕྱིར་ལྟ་བ་ཁོ་ནའི་གནས་ཡིན་ཞེ་ན། ཟག་བཅས་ཀྱི་དངོས་པོ་ཐམས་ཅད་ལ་དུས་ཐམས་ཅད་ཀྱི་ཚེ་རྣམ་གྲངས་མེད་པར་བརྟན་པར་འཛིན་པས་སོ། ། མ་རིག་པ་དུས་ཐམས་ཅད་ཀྱི་ཚེ་ཡིན་ཀྱང་ཆགས་སོགས་མཚུངས་ལྡན་རྣམ་གྲངས་མེད་པར་མིན་པས་མཚུངས་ལྡན་གྱི་ཆགས་སོགས་བཞིན་དུ་སོ་སོར་རྟོགས་པའི་ཕྱིར་རོ། །ཐེ་ཚོམ་ནི་བརྟན་པར་འཛིན་པ་མིན་པས་སོ། །འཁོར་བ་ཐོག་མེད་ནས་ སྲི༷ད་པ༷འང་ཟ༷ག་བཅས་ཀྱི་ཕུང་པོ་དེ༷་ད༷ག་གི་མིང་གི་རྣམ་གྲངས་ཡི༷ན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། གཟུགས་ཕུང་བཤད་པ། ཚོར་འདུ་འདུ་བྱེད་གསུམ་བཤད་པ། རྣམ་ཤེས་ཀྱི་ཕུང་པོ་བཤད་པའོ། །དང་པོ་ལ། གཟུགས་ 3-1-7b ཕུང་དངོས་བཤད་པ་དང་། དེ་སྐྱེ་མཆེད་དང་ཁམས་སུ་དབྱེ་ཚུལ་གཉིས། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ། གཟུག༷ས་ནི༷་མིག་སོགས་དབ༷ང་པོ༷་ལྔ༷་ད༷ང་གཟུགས་སོགས་དོ༷ན་ལྔ༷་ད༷ང་རྣམ་པར་རི༷ག་བྱེ༷ད་མིན༷་ཉི༷ད་དང་བཅུ་གཅིག་ གོ། གཞན་དུ་བཅོ་ལྔ་བཤད་པ་ནི་རེག་བྱ་བཞི་ལོགས་སུ་ཕྱེ་བས་སོ། །མཚན་ཉིད་གཟུགས་སུ་རུང་བའོ། །དེ་ཡང་འབྱུང་བ་བཞི་དག་རྒྱུར་བྱས་པ་གཟུགས་དྭངས་པ་མིག་གི་རྣམ་ཤེས་སོགས་ཀྱི་རྟེན། ཟར་མའི་མེ་ཏོག །གྲོ་གའི་འཛེར་བུ་ གཅུས་པ། ཟངས་ཁབ་གཤིབ་པ། ཟླ་བ་བཀས་པ། བྱ་རེག་འཇམ་གྱི་པགས་པ་ལྟ་བུའོ། །གཉིས་པ་རྒྱས་བཤད་ལ། འབྲས་བུ་འབྱུང་འགྱུར་གྱི་གཟུགས་དང་། རྒྱུ་འབྱུང་བའི་གཟུགས་གཉིས། དང་པོ་ལ་གཟུགས་སྤྱི་དང་། རྣམ་ པར་རིག་མིན་གྱི་གཟུགས་གཉིས། དང་པོ་ལ། ནང་གི་སྐྱེ་མཆེད་ཀྱི་གཟུགས་དང་། ཕྱིའི་སྐྱེ་མཆེད་ཀྱི་གཟུགས་གཉིས་ལས། དང་པོ། མིག་སོགས་སམ་གཟུགས་སོགས་དེ༷་ད༷ག་རྣམ༷ས་ཀྱི༷་སོ་སོའི་རྣམ༷་ཤེས༷་ཀྱི་རྟེན༷་དུ་གྱུར་པ་མི༷ག་ལ༷་སོ༷གས་གཟུགས༷་ཅན་ ད༷ང་བ༷་རྣམ༷ས་དབང་པོའོ། །གཉིས་པ། མིག་ཡུལ་གཟུ༷གས་ལ་དབྱིབས་ཁ་དོག་རྣམ༷་གཉི༷ས་དང༷་ཕྱེ་ན་རྣམ༷་པ་ཉི༷་ཤུ༷་སྟེ། རྩ་བའི་ཁ་དོག་སྔོ་སེར་དཀར་དམར་བཞི། དེ་དག་གི་བྱེ་བྲག་སྤྲིན་དང་དུ་བ། རྡུལ་དང་། ཁུག་སྣ། ཉི་མ། གྲིབ་མ། སྣང་མུན་ཏེ་ཡན་ལག་གི་ཁ་དོག་བརྒྱད། རིང་། ཐུང་། ལྷམ་ཟླུམ། མཐོ། དམའ། ཕྱལ་བ། ཕྱལ་བ་མིན་པ་སྟེ་དབྱིབས་གཟུགས་བརྒྱད་དོ། །དེ་ལ་ལྷམ་པ་གྲུ་བཞི། ཟླུམ་པོ་ནི་རིལ་བུའོ། །སྔོ་དམར་འདུས་པ་ནག་པོ་སོགས་སོ། ། 3-1-8a ཁ་ཅིག་དེའི་སྟེང་དུ་གནམ་སྔོན་དང་ཉེར་གཅིག་ཟེར། ཀུན་བཏུས་སུ་ཉེར་ལྔ་བཤད། ཡན་ལག་བརྒྱད་པོ་རྫས་སུ་མ་གྲུབ་པ་སོགས་ཀྱིས་གཟུགས་མིན་ནམ་སྙམ་པ་བཟློག་ཆེད་དོ། །མདོ་སྡེ་པས་དབྱིབས་རྫས་སུ་མེད་ པར་འདོད། བྱེ་སྨྲས་དེ་གཉིས་ལ་ཡིན་མིན་མུ་བཞི་འདོད་དོ། །སྒྲ༷་ནི༷་རྣམ༷་པ༷་བརྒྱ༷ད་ཡོ༷ད་དེ༷། ཟིན་པའི་འབྱུང་བ་དང་། མ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་གཉིས། དེ་རེ་རེ་ལ་སེམས་ཅན་དུ་སྟོན་པ། དོན་རྗོད་པར་བྱེད་པ་དང་། དེ་མིན་ པ་གཉིས། དེ་རེ་རེ་ལ་སྙན་མི་སྙན་གཉིས་ཏེ་བརྒྱད་དོ། །དེ་ལ་མ་ཟིན་པའི་རྒྱུ་བྱུང་སེམས་ཅན་དུ་སྟོན་པ་ལྷའི་རྔ་སྒྲ་ལྟ་བུའོ། །རོ༷་ནི༷་མངར། སྐྱུར། ལན་ཚྭ། ཚ་བ། ཁ་བ། བསྐ་བ་སྟེ་རྣམ༷་པ་དྲུ༷ག་དྲི༷་ནི་ཞིམ་མི་ཞིམ་གཉིས། དེ་རེ་རེ་ལ་ མཉམ་མི་མཉམ་གཉིས་ཏེ་རྣམ༷་པ་བཞི༷འོ། །མཉམ་པ་དྲི་ཞིམ་དང་ང་བ་གཉིས་ཤས་ཆུང་ལ། ཅིག་ཤོས་ཆེ་བའོ། །བསྟན་བཅོས་ལས། དྲི་ཞིམ་པ་དང་། ང་བ་དང་། གཉིས་ཀའི་ཆ་ལྡན་དང་གསུམ་དུ་གསུངས། ཆ་ལྡན་ལ་མི་མཉམ་མཉམ་ གཉིས་ཕྱེ་ན་ལེགས། རེ༷ག་བྱ༷་བ༷ཅུ་གཅི༷ག་བད༷ག་ཉི༷ད་དོ༷། །གང་ཞེ་ན། རྒྱུའི་རེག་བྱ་ས་སོགས་འབྱུང་བ་བཞི། འབྲས་བུའི་རེག་བྱ། འཇམ་རྩུབ། ལྕི་ཡང་། གྲང་བ། བཀྲེས་སྐོམ་བདུན་ནོ། །གྲང་བ་ཆུ་རླུང་ཤས་ཆེ་བ་ལས་དྲོ་བ་འདོད་པའོ། །བཀྲེས་པ་ཕོ་ནང་རླུང་ཤས་ཆེ་བས་ཟས་འདོད་པ། སྐོམ་པ་མེ་ཤས་ཆེ་བས་སྐོམ་འདོད་པའོ། །དེ་གཉིས་ལ་འདོད་པ་སྨོས་པ་ནི། རྒྱུ་ལ་འབྲས་མིང་བཏགས་པའོ། །ཡུལ་ལྔ་ལས་གཟུགས་ཁམས་ན་དྲི་རོ་བཀྲེས་སྐོམ་མེད་དོ། །ཡུལ་ 3-1-8b དུ་མ་དང་གཅིག་གིས་རྣམ་ཤེས་སྐྱེ་ཚུལ་ལ། སྒྲ་དང་གཟུགས་ལ་མུ་བཞི་ཡོད། གཞན་གསུམ་ལ་མེད། དེ་བཞིན་མིག་སོགས་བཞི་རིལ་པོས་རྣམ་ཤེས་སྐྱེད། ལུས་ཀྱི་ཕྱོགས་གཅིག་གིས་ཀྱང་སྐྱེད་ཟེར། ལུས་ལྕེའི་དབང་པོ་གཅིག་ཆར་ཡུལ་དང་འ ཕྲད་ན། ཡུལ་གང་ཤས་ཆེ་བའི་རྣམ་ཤེས་སྔར་བསྐྱེད་ལ། མཉམ་ན་ལུས་ལས་ལྕེ་ཡི་རྣམ་ཤེས་སྐྱེ་སྔ་སྟེ་ཟ་བར་འདོད་པའི་རྒྱུད་གཏད་པས་སོ། །གཉིས་པ་རིག་མིན་ནི། ཀུན་སློང་གི་སེམས་ལས་གཞན་དུ་གཡེ༷ང་བའི་སེམས་དང༷་། དེས་ ནི་རིག་བྱེད་ལས་ཁྱད་པར་བྱེད། སེ༷མས་མེ༷ད་འདུ་ཤེས་མེད་དང་འགོག་སྙོམས་པ༷་ཡི༷་རྗེས་སུ་བྱེད་པ་དང་། དེས་ནི་སེམས་སེམས་བྱུང་གཅོད། ཡང༷་སྒྲས་མ་ཡེངས་སེམས་བཅས་བཟུང་ངོ་། །ངོ་བོ་དགེ༷་ད༷ང་མི༷་དགེ༷་གང་རུང་དུ་ངེས་པ་སྟེ། དེས་ མིག་སོགས་ལུང་མ་བསྟན་བསལ། གཏོང་རྒྱུ་མ་བྱུང་གི་བར་རྒྱུན་རྗེས༷་སུ་འབྲེ༷ལ་བ་ག༷ང་། འབྱུང༷་བ༷་ཆེ༷་རྣམ༷ས་སྐྱེད་རྟེན་གནས་འཕེལ་གྱི་རྒྱུར༷་བྱས༷་ནས་ཐོབ་པ༷། དེས་ཐོབ་པ་བསལ། ཁྱད་པར་གསུམ་ལྡན་དེ༷་ནི༷་རྣམ༷་པར་རི༷ག་བྱེ༷ད་མི༷ན་པའི་ གཟུགས་སུ་བརྗོ༷ད་དོ། །དེ་ཡང་གཟུགས་དང་བྱེད་པ་ལས་ཀྱི་རང་བཞིན་གཉིས་ཀ་ཡིན་ཡང་། ལུས་ངག་གི་ཕྱག་འཚལ་བ་སོགས་རྣམ་རིག་བཞིན་དུ་རང་ཀུན་ནས་སློང་བྱེད་གཞན་ལ་རིག་པར་མི་བྱེད་པས་སོ། །འདི་ལ་མུ་བཞི། གཟུགས་ ཡིན་ལ་ལས་དང་རིག་བྱེད་མིན་པ་མིག་སོགས་དང་གཟུགས་སྒྲ་ཕལ་པ་ལྟ་བུ། ལས་ཡིན་གཞན་གཉིས་མིན་པ་སེམས་པ་ལྟ་བུ། གསུམ་ཀ་ཡིན་པ་ལུས་ངག་གི་རྣམ་པར་རིག་བྱེད། གཟུགས་དང་ལས་གཉིས་ཀ་ཡིན་ལ་གཞན་ལ་ 3-1-9a རིག་པར་མི་བྱེད་པས་རིག་མིན་ཞེའོ། །འདུན་བཟང་ན་རེ། འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་པའི་སྐྱོན་ འཕེན་ནོ། །གཉིས་པ་རྒྱུ་འབྱུང་ལ་དབྱེ་བ། ལས། མཚན་ཉིད། འཇིག་རྟེན་ཐ་སྙད་དུ་འདོགས་པའམ་ས་དང་ས་ཁམས་ཀྱི་ཁྱད་པར་བསྟན་པ་སྟེ་བཞི་ལས། དང་པོ། རྒྱུ་འབྱུང༷་བ༷་ཞེས་བྱ་བ་དག༷་ནི༷་ས༷་ཁ༷མས་དང་། ཆུ༷་དང༷་མེ༷་ད༷ང་རླུང༷་ ཁམ༷ས་རྣམ༷ས། དེ་ལ་ཁམས་ནི་རང་གི་མཚན་ཉིད་དམ་འབྲས་བུའི་གཟུགས་ཀྱི་རྒྱུའི་ཕྱིར་དང་། སེམས་ཅན་གྱི་ལས་ཀྱི་དབང་གིས་ཐོག་མེད་འཁོར་བ་ནས་ནམ་ཡང་མ་བྱུང་མ་མྱོང་བས་ན་འབྱུང་བ། ཆེན་པོ་ནི་རང་གི་བྱ་བ་ལ་ཤས་ཆེར་འཇུག་ པའོ། །བློ་བརྟན་གྱིས་རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་རྟེན་ཡིན་པས་བརྟེན་པ་གཏོས་ཆེ། གཟུགས་འདུས་པ་ཐམས་ཅད་ལ་ས་སོགས་ཡོད་པས་ཡོད་པ་རྒྱ་ཆེ། གནས་པ་ཐ་གྲུ་ཆེ་ཕྱིར་ཆེན་པོ་ཞེས་བྱའོ། །བྱེ་སྨྲས་འབྱུང་བ་ གཅིག་གི་ཚོགས་པ་ན་བཞི་ཀ་ཡོད་པར་འདོད། མདོ་སྡེ་པས་གང་སྣང་བ་མངོན་གྱུར་མི་སྣང་བ་ས་བོན་གྱི་ཚུལ་དུ་ཡོད་ཟེར་རོ། །གཉིས་པ། སས་གཞི་འཛི༷ན་པ༷་དང་ལ༷་སོ༷གས་ཀྱི་སྒྲས་ཆུ་མེ་རླུང་གིས་རིམ་པར་སྡུད་སྨིན་རྒྱས་པའི་ལ༷ས་ སུ་གྲུབ༷་བོ། །གསུམ་པ། ས་སོགས་རིམ་པར་སྲ༷་གཤེ༷ར་དྲོ༷་ཉི༷ད་གཡོ༷་བ༷་རྣམ༷ས་མཚན་ཉིད་དོ། །བཞི་པ། འཇི༷ག་རྟེན༷་གྱི༷་ནི༷་ཐ༷་སྙད༷་དུ༷་ནི། ཁ༷་དོ༷ག་དང་དབྱིབ༷ས་ལ་ས༷་ཞེ༷ས་བརྗོ༷ད་དོ། །ས་མཐོང་ངོ་ཞེས་ཟེར་བ་དང་། དེ་བཞིན་ 3-1-9b དུ་ཆུ༷་དང་མེ༷་ཡ༷ང་ངོ༷་ཞེས་དེ་ཡང་ཁ་དོག་དབྱིབས་ལ་གྲགས། རླུང༷་ཚོ༷གས་པའི་རེག་བྱའི་ཁམ༷ས་ཉི༷ད་ཡི༷ན་པར་ཡང་གྲགས་ལ། སྔ་མ་དེ༷་ད༷ང་འ༷དྲ་བ༷། མདོག་དབྱིབས་ལ་གྲགས་པའ༷ང་ཡི༷ན་ནོ། །གཉིས་པ་དེ་སྐྱེ་མཆེད་ དང་ཁམས་སུ་དབྱེ་ཚུལ། དབ༷ང་པོ་ལྔ་དང་དོ༷ན་ལྔ་པོ་དེ༷་ད༷ག་ཁོ༷་ན༷་ལ༷་མིག་གི་སྐྱེ༷་མཆེ༷ད་སོགས་ད༷ང་ནི༷་མིག་གི་ཁམ༷ས་སོགས་བཅུར༷་འདོ༷ད། ཁོ་ན་ཞེས་པས་རིག་མིན་བསལ་ཏོ། །གཉིས་པ་ཕུང་པོ་བར་མ་གསུམ་བཤད་པ་ལ་གཉིས། དངོས་དང་། དེ་སྐྱེ་མཆེད་དང་ཁམས་གང་དུ་བསྡུ་བར་བསྟན་པའོ། །དང་པོ། ཚོར༷་བ༷་རང་སྟོབས་ཀྱིས་དོན་གྱི་ཁྱད་པར་མྱོང༷་བ༷འོ༷། །དེ་ལ་ངོ་བོའི་སྒོ་ནས་གསུམ་མམ་ལྔ། རྟེན་གྱི་ལུས་སེམས་གཉིས། ཡང་ན་དྲུག་ཏུ་འདོད། སེམས་སེམས་བྱུང་གཞན་ལ་མྱོང་བ་ཡོད་ན་དེ་དག་ཀྱང་ཚོར་བར་འགྱུར་ལ་མེད་ན་རིག་པ་ཙམ་དུ་མི་འགྱུར་རོ་ཞེ་ན། དེ་ནི་གཞན་སྟོབས་ཀྱིས་མྱོང་བ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འ༷དུ་ཤེས༷་ནི༷་སྔོ་སོགས་ཁྱད་པར་གྱི་མཚ༷ན་མ༷ར་ཡོངས་ སུ་གཅོད་ཅིང་འཛི༷ན་པ༷འི་བད༷ག་ཉི༷ད་དོ༷། །དེ་ཡང་དོན་ལ་མཚན་མར་འཛིན་པ་སྔོ་སོགས་ལ་འཛིན་པ་དང་། ཐ་སྙད་ལ་སྐྱེས་པ་དང་བུད་མེད་སོགས་དང་། རྟེན་གྱི་སྒོ་ནས་འདུ་ཤེས་ཀྱི་ཚོགས་དྲུག་གོ། ཡང་འདོད་པའི་འདུ་ཤེས་རྒྱ་ཆུང་། གཟུགས་ཀྱི་འདུ་ཤེས་རྒྱ་ཆེ། གཟུགས་མེད་པའི་འདུ་ཤེས་ཚད་མེད་པའོ། །དམིགས་པའི་སྒོ་ནས་ཀུན་བཏུས་ལས་དྲུག་སོགས་བཤད་དོ། །འཕགས་པའི་ཡེ་ཤེས་ལ་ཁྱད་པར་འཛིན་པ་ཡོད་མོད་ཀྱི་བདག་གཉིས་ཀྱི་མཚན་མ་ལས་གྲོལ་ 3-1-10a བར་བཤད་ཟེར་རོ། །འདུ༷་བྱེ༷ད་གཟུགས་ཚོར་འདུ་ཤེས་རྣམ་ཤེས་ཀྱི་ཕུང༷་པོ༷་བཞི༷་ལ༷ས་གཞ༷ན་པའི་འདུས་བྱས་ཐམས་ཅད་དོ། །དེ་ལ་སེམས་དང་མཚུངས་ལྡན་རྣམས་དང་མཚུངས་ལྡན་མིན་པའི་འདུ་བྱེད་ ཐོབ་པ་སོགས་སོ། །སེམས་སེམས་བྱུང་ཁ་གཅིག་གིས་གཅིག་དང་། ལ་ལས་ཐ་དད། ལ་ལས་འདུ་ཤེས། ཚོར་བ། རེག་པ། སེམས་པ་བཞི་སེམས་ལས་ཐ་དད་ལ། གཞན་སེམས་ཀྱི་གནས་སྐབས་ལ་བཏགས་སོ་ཟེར། སེམས་སེམས་བྱུང་གཅིག་ན་ཕུང་པོ་ལྔ་ཉིད་མི་འཐད་པ་དང་སེམས་ཀྱི་གནས་སྐབས་ལ་ཚོར་བ་སོགས་ཀྱི་དབྱེ་བ་ལ་སྐྱོན་ནི་མཚན་ཉིད་དང་བྱེད་པ་ཐ་དད་ཡོད་ན་དངོས་པོ་ཐ་དད་དུ་ཐལ་བ་དང་། མེད་ན་གནས་སྐབས་དང་གནས་སྐབས་ཅན་གྱི་དབྱེ་ བ་ཉིད་མི་འཐད་པར་འགྱུར་རོ། །སེམས་དང་སེམས་བྱུང་དག་ཡུལ་དབང་སོགས་བྱེད་རྒྱུ་ལ་བྱེ་བྲག་མེད་ན་འབྲས་བུ་ལ་ཁྱད་པར་མི་འཐད་པའི་ཕྱིར་དང་། སེམས་སེམས་བྱུང་ཐ་དད་དུ་གསུངས་པའི་མདོའི་ལུང་འགལ་གྱི་སྐྱོན་དང་། གཞན་ཡང་སེམས་ཀྱི་ངོ་བོ་མི་དགེ་བ་ལ་སོགས་སུ་འགྱུར་བ་དང་། རྒྱུ་འབྲས་གཅིག་པར་ཁས་ལེན་སོགས་ཀྱི་སྐྱོན་ཡོད་ཟེར། གཉིས་པ། ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་དེ༷་གསུམ༷་དང་རྣམ༷་པར་རི༷ག་བྱེ༷ད་མིན༷་པ་ད༷ང་། འ༷དུས་མ༷་བྱས༷་གསུམ་རྣམ༷ས་བཅས༷་པ༷་དེ་བདུན་པོ་དག་ལ་ནི༷། ཆོས༷་ཀྱི༷་སྐྱེ༷་མཆེ༷ད་དང་ཆོས་ཀྱི་ཁམ༷ས་ཞེས༷་བྱའོ༷། །གསུམ་པ་རྣམ་ཤེས་ལའང་། དངོས་དང་། དེ་སྐྱེ་མཆེད་དང་ཁམས་སུ་འཇོག་ཚུལ་གཉིས། དང་པོ། 3-1-10b རྣམ༷་ཤེ༷ས་ནི་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་སོ༷་སོ༷ར་རྣམ༷་པར་རི༷ག་པ༷་སྟེ། དེ་ལ་ཚོགས་དྲུག་དང་། རྣལ་འབྱོར་སྤྱོད་པ་བས་བརྒྱད། སློབ་དཔོན་ཡང་དག་བདེན་གྱིས་དྲི་མེད་ཀྱི་ཡིད་དང་དགུ་ཟེར། དགའ་བོ་དང་ཀླུའི་སྡེ་ལ་སོགས་ པས་རྣམ་ཤེས་ནི་ཡིད་རྣམ་དང་རྫས་གཅིག་ཡིན་ལ། དབང་པོའི་སྒོ་སོ་སོ་ནས་མངོན་པས་དྲུག་ཏུ་སྣང་ཟེར་རོ། །གཉིས་པ་ལ་དེ་སྐྱེ་མཆེད་གང་ཡིན་པ་དང་། ཁམས་སུ་དབྱེ་ཚུལ་གཉིས། དང་པོ། རྣམ་ཤེས་ཀྱི་ ཕུང་པོ་དེ་ནི་ཡི༷ད་ཀྱི༷་སྐྱེ༷་མཆེ༷ད་ཀྱང༷་དེ༷་ཡི༷ན་ནོ། །གཉིས་པ་ལ་གཉིས། ཁམས་བདུན་སྤྱིར་དབྱེ་བ་དང་། ཡིད་ཁམས་བྱེ་བྲག་ཏུ་བཤད་པའོ། །དང་པོ། དེ་ནི་སེམས་ཀྱི་ཁ༷མས་བདུན༷་ད༷ག་ཏུའ༷ང་འདོ༷ད་པ༷་སྟེ༷། དེ་ཡང་རྣམ༷་ པ༷ར་ཤེས༷་པ༷་དྲུག༷་ད༷ང་ཡི༷ད་ཀྱི་ཁམས་སོ། །གཉིས་པ། རྣམ་ཤེས་དྲུག༷་པོ༷་སྔ་མ་འད༷ས་མ༷་ཐག༷་པ༷་ཡི༷། རྣམ༷་ཤེས༷་གང༷་ཡི༷ན་པ་དེ༷་ལ་ཡི༷ད་ཅེས་བརྗོད་དོ༷། །གཉིས་པ་གྲངས་ངེས་ཀྱི་དོགས་སྤངས་ལ། ཁམས་ཉུང་བར་ཐལ་བའི་ རྩོད་སྤང་དང་། མང་བའི་རྩོད་སྤང་གཉིས། དང་པོ་ལ། རིགས་པར་མི་མཐུན་པའི་ཉུང་བ་དགག །རིགས་པར་མཐུན་པའི་ཉུང་ངུར་བསྡུ་ཚུལ་བཞག་པ་གཉིས། དང་པོ། དྲུག༷་པ་ཡིད་ཀྱི་ཤེས་པའི༷་རྟེན༷་ནི༷་ར༷བ་ཏུ་བསྒྲུབ༷་པའི་ ཕྱིར༷་ཡིད་ཀྱང་བཤད་པས། ཁ༷མས་ནི༷་བཅོ༷་བརྒྱ༷ད་ད༷ག་ཏུ༷་མདོ་ལས་གསུངས་པར་འདོ༷ད། དེ་ཡང་གོས་དམར་སྡེ་པས་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་ནི་སྙིང་གི་ངོ་བོར་འདོད། དེ་གཟུགས་མེད་ན་ཡང་ཡོད་པར་འདོད་དོ། །གཉིས་པ་ལ་བསྡུ་བ་ 3-1-11a དང་། ཇི་ལྟར་བསྡུ་ཚུལ་གཉིས། དང་པོ། གཟུགས་ཀྱི་ཕུང༷་པོ༷་ད༷ང་ནི༷་ཡིད་ཀྱི་སྐྱེ༷་མཆེ༷ད་ད༷ང་། ཆོས་ཀྱི་ཁམ༷ས་གཅི༷ག་གི༷ས་ནི༷་ཕུང་ཁམས་སྐྱེ་མཆེད་ཐམ༷ས་ཅ༷ད་བསྡུས༷་སོ། །དེ་ལྟ་ན་རྣམ་རིག་མིན་ པ་ལན་གཉིས་བསྡུས་ཟེར། གཉིས་པ། བསྡུ་བྱ་སོ་གཉིས་བསྡུ་བྱེད་གསུམ་པོ་དེ་དག་གིས་བསྡུ་ཚུལ་ཡང་ར༷ང་གི༷་ངོ༷་བོ༷་ཉི༷ད་ཡིན་པའི་ཚུལ་གྱིས༷་བསྡུས་ཏེ༷། འདུས་བྱས་རྣམས་མི་རྟག་པས་བསྡུས་པ་བཞིན། རང་མིན་པ་གཞ༷ན་གྱི༷་ དངོ༷ས་ད༷ང་མི༷་ལྡན༷་པའི་ཕྱིར༷། རྒྱལ་པོས་ཡུལ་འཁོར་བསྡུ་བ་ལྟ་བུ་མ་ཡིན་ནོ། །གཉིས་པ་མང་བར་ཐལ་བ་ནི། འོ་ན་མིག་རྣ་སྣ་དག་གཉིས་གཉིས་ཡོད་ཕྱིར་ཉེར་གཅིག་ཏུ་ཐལ་ཞེ་ན། མི༷ག་དང་རྣ་བ་ལ༷་སོ༷གས་པ༷་གཉི༷ས་གཉིས་ཡོད་ མོ༷ད་ཀྱི༷། གཉིས་པོ་མིག་སོགས་ཀྱི་རང་བཞིན་དུ་རི༷གས་འདྲ་ཞིང་མཚན་ཉིད་གཅིག་པ་དང༷་། སྤྱོ༷ད་ཡུ༷ལ་གཟུགས་སོགས་སུ་འདྲ་བ་དང་། འབྲས་བུ་གཟུགས་སོགས་སུ་འཛིན་པའི་རྣམ༷་པ༷ར་ཤེས༷་པ་འདྲ༷་བའི༷་ཕྱིར༷་ན༷་ཁམ༷ས་གཅི༷ག་ ཉི༷ད་དུ་བགྲང་ངོ་། །འོ་ན་གཉིས་གཉིས་དགོས་པ་མེད་ཅེ་ན། རྟེན་ལུས་མཛེ༷ས་བྱའི༷་ཕྱིར༷་ན༷་སྲེད་པས་ལས་བསགས་པས་གཉིས་གཉི༷ས་འབྱུང༷་ངོ༷་། །གཉིས་པ་དེ་དག་གི་རང་བཞིན་གཏན་ལ་དབབ་པ་ལ། ཕུང་ཁམས་ ཀྱི་རྣམ་བཞག་སྤྱིར་བསྟན་པ་དང་། གལ་ཆེ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་དངོས་དང་། གནས་ཀྱི་མིང་གཉིས། དང་པོ་ལ་ཕུང་ཁམས་སྐྱེ་མཆེད་སྤྱིའི་རྣམ་བཞག་དང་། ཁམས་ཀྱི་རབ་དབྱེ་གཉིས། 3-1-11b དང་པོ་ལ་ཕུང་སོགས་སྤྱིའི་དོན་གཏན་ལ་དབབ་པ་དང་། ཕུང་སོགས་ཀྱི་མིང་ཅན་གཞན་དེར་འདུ་བའི་ཚུལ་གཉིས། དང་པོ་ལ། བཞི་སྟེ། སྒྲ་དོན། དགོས་པ། གོ་རིམ། སྤྱི་མིང་བྱེ་བྲག་ལ་བཏགས་པའི་རྩོད་ སྤོང་ངོ་། །དང་པོ། སྤུང༷ས་ད༷ང་ཞེས་ཆོས་དུ་མ་སྤུངས་པའི་དོན་ནི་ཕུང་པོའི་མཚན་ཉིད་ཡིན་ཏེ། མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱི་ཡིའམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་པོ་ན་ཡོད་པ་གང་ཡིན་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ ཞེས་བྱ་བ་ནས་རྣམ་ཤེས་ཀྱི་བར་དུ་གསུངས་པས་སོ། །དེ་ལ་མདོའི་དོན་འདས་སོགས་དུས་གསུམ་གྱིས་བསྡུས་པའི་གཟུགས་དང་། ནང་རང་རྒྱུད་ཀྱིས་བསྡུས་པ་དང་། དེ་ལས་གཞན་ནི་ཕྱི་ཡིན་ནོ། །ཡང་ན་ནང་དང་ཕྱི་ཡི་སྐྱེ་མཆེད་ཀྱི་ གཟུགས་སོ། །རགས་ཕྲ་ནི་ཐོགས་བཅས་ཐོགས་མེད་དམ། ཡང་ན་རྡུལ་སོགས་ལ་ལྟོས་ནས་སོ། །ངན་པ་དང་གྱ་ནོམ་ཉོན་མོངས་པ་ཅན་ཡིན་མིན་དང་། རིང་བ་འདས་མ་འོངས་དང་། ཉེ་བ་ད་ལྟའོ། །ཞེས་བྱེ་སྨྲས་ཟེར། དེ་བཞིན་ རྣམ་ཤེས་བར་དུ་ཤེས་པར་བྱ་སྟེ། འོན་ཀྱང་ཁྱད་པར་འདི་ཡོད་དེ། ཡིད་སོགས་རགས་ཕྲ་ནི་དབང་པོ་དང་ཡིད་ལ་བརྟེན་པའམ་ཡང་ན་ལས་ལས་རིགས་པར་བྱའོ་ཟེར། བཙུན་པ་ནི། འདས་སོགས་རང་མིང་གིས་བསྟན། ཕྲ་རགས་ 3-1-12a དབང་ཡིད་ཀྱིས་བཟུང་བྱ། ངན་གྱ་ནོམ་ཡིད་མི་འོང་དང་། ཡིད་འོང་། ཉེ་རིང་ཡུལ་སྣང་མི་སྣང་ཟེར། ཚོར་བ་སོགས་ལའང་དེ་བཞིན་ཤེས་པར་བྱ། ཕུང་པོ་ལྔ་པ་ལས་ནི། དང་པོ་གསུམ་དུས་དང་། ཕྱི་ ནང་རྒྱུད་དང་། ཕྲ་རགས་རྣམ་པ། ངན་གྱ་ནོམ་འགྲོ་བ། ཐག་ཉེ་རིང་ཡུལ་ལོ། །སྐད་ཅིག་དང་རྡུལ་ལ། བྱ་བའི་ཁུར་ཁྱེར་ནུས་དང་། ཕུང་པོར་ཡོངས་སུ་ཆད་པའི་དོན་ཚང་བས་ཕུང་པོ་ཡིན་ནོ། །ཡང་ན་ཕུང་པོ་བཏགས་པ་ཡིན་ པས་དེ་རེ་རེ་ཕུང་པོ་མིན་པར་ཡང་འདོད་དེ། ཕུང་པོ་བཏགས་ཡོད་ཡིན་ན་རྡུལ་གཟུགས་ཕུང་མིན་པ་དེའི་ཕྱོགས་གཅིག་ཡིན་ལ། རྫས་ཡོད་ཡིན་ན་དེ་ཕུང་པོ་ཡིན་ནོ། །བདག་དམིགས་ཀྱི་རྐྱེན་དྲུག་དྲུག་ལ་བརྟེན་ནས་རྣམ་ཤེས་སྐྱེ༷་བའི་སྒོ༷་གྱུར་ པའི་དོན་ནི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་ལ། རྒྱུའམ་རང་བཞིན་ནི་རི༷གས་ཀྱི༷་དོན༷་ཏེ། ཕུང༷་པོ༷་དང་སྐྱེ༷་མ༷ཆེད་དང་། ཁམ༷ས་རྣམ༷ས་ཀྱི་མཚན་ཉིད་ཡི༷ན་ནོ། །གཉིས་པ་ལ། ཕུང་སོགས་སྤྱིར་དབྱེ་བའི་དགོས་པ་དང་། ཚོར་འདུ་བྱེ་བྲག་ཏུ་དབྱེ་ བའི་དགོས་པ། ཞར་ལ་འདུས་མ་བྱས་ཕུང་པོར་མི་འཇོག་པའི་འཐད་པ་དང་གསུམ། དང་པོ། དགོས་པ་རྨོང༷ས་པ་གསུམ་བཟློག་པ་དང་དབ༷ང་པོ་གསུམ་དང་། འདོ༷ད་པ་རྣམ༷་གསུམ༷་གྱི༷་སྤྱིར༷་ཕུང༷་པོ༷་ལ༷་སོག༷ས་གསུམ༷་བསྟན༷་ཏེ༷། དེ་ལ་སེམས་ སེམས་བྱུང་ལ་རིལ་པོ་གཅིག་ཏུ་འཛིན་པ་ཟློག་ཕྱིར་ཕུང་ལྔ་སྟེ། དེ་ལས་སེམས་ལ་བཞིར་དབྱེ། གཟུགས་ལ་དེ་ཟློག་ཕྱིར་སྐྱེ་མཆེད། གཉིས་ཀ་ལ་དེ་ཟློག་ཕྱིར་ཁམས་བཅོ་བརྒྱད་དོ། །དེ་གསུམ་ལ་རིམ་པར་གང་སྤེལ་གྱིས་དང་པོ་རྨོངས་ཚབ་ཆུང་ 3-1-12b སྟེ། དངོས་པོ་ཕྲ་བ་དང་རིགས་མཐུན་ལ་རྨོངས། གཉིས་པ་རྨོངས་ཚབ་འབྲིང་སྟེ། དངོས་པོ་རགས་པ་དང་། རིགས་མཐུན་ལ་རྨོངས། གསུམ་པ་རྨོངས་ཚབ་ཆེ་སྟེ། དངོས་པོ་ཕྲ་རགས། རིགས་མཐུན་མི་མཐུན་ཐམས་ཅད་ལ་རྨོངས་ པས་སོ་ཟེར། དབང་པོ་རྣོན་པོ་ལ་ཕུང་ལྔར་བསྡུས་ཏེ་བསྟན་པ་དང་། དེ་བཞིན་འབྲིང་ལ་སྐྱེ་མཆེད། རྟུལ་པོ་ལ་ཁམས་བཅོ་བརྒྱད་དུ་བཤད་དོ། །ཡང་ཞི་གནས་སྤྱོད་པ་ཚིག་བསྡུས་པ་ལ་དགའ་བ་དང་། ཞི་ལྷག་གཉིས་སྤྱོད་འབྲིང་ ལ་དགའ་བ་དང་། ལྷག་མཐོང་སྤྱོད་པ་རྒྱས་པ་ལ་དགའ་བའི་འདོད་པ་གསུམ་གྱི་ཕྱིར་གསུམ་དུ་དབྱེ་བར་འདོད་དོ་ཞེས་སོ། །གཉིས་པ། ཚོར་འདུ་གཉིས་ཁྱིམ་པ་དང་རབ་བྱུང་གཉིས་ཀྱིས་འདོད་པ་དང་ལྟ་བ་ལ་རྩོད༷་པ༷འི་རྩ༷་བ༷ར་གྱུར༷་པ༷་ད༷ང་། ཚོར་ བས་ཆགས་ལྡན་གྱིས་ལས་སོག་ཅིང་། དེའང་འདུ་ཤེས་ཕྱིན་ཅི་ལོག་གིས་ཡིན་པས་དེ་དག་འཁོ༷ར་བ༷འི་རྒྱུ༷་ཡི་གཙོ་བོ་ཡིན་པའི་ཕྱིར༷་དང་། འོག་ནས་འཆད་འགྱུར་གྱི་གོ་རིམ༷་ལྟར་སྟོན་པའི་རྒྱུ༷་མཚན་བཞི་ཡོད་པའི་ཕྱིར༷་ན། སེམ༷ས་བྱུང༷་རྣམ༷ས་ ལ༷ས་ཚོ༷ར་བ༷་ད༷ང་། འ༷དུ༷་ཤེ༷ས་གཉིས་ནི་ལོ༷གས་ཤི༷ག་ཏུ་ཕུང༷་པོ༷ར་བཞག༷་པ་ཡིན་ནོ། །གསུམ་པ། ཕུང༷་པོ༷་དག༷་ཏུ༷་འདུས༷་མ༷་བྱས༷་དུ་མ་སྤུངས་པའི་དོ༷ན་དུ༷་མི༷་རུང༷་བའི་ཕྱིར༷་ན་མ༷་བཤ༷ད་དེ། དེ་ཡང་འདུས་མ་བྱས་ཁམས་སྐྱེ་མཆེད་དུ་བསྟན། ཕུང་པོར་མི་སྟོན་པ་ནི། ཕུང་ལྔ་སོ་སོའི་མཚན་ཉིད་མེད་པས་དེ་རེ་རེ་ནས་མ་བསྡུས་ལ། ཕུང་པོ་དྲུག་པར་ཡང་མི་བཞག་སྟེ་དུ་མ་སྤུངས་པའི་དོན་མེད་པས་སོ། །གཞན་ཡང་ཀུན་ཉོན་གྱི་གཞི་ཤེས་ཕྱིར་ཉེར་ལེན་གྱི་ཕུང་ལྔ་དང་། ཀུན་བྱང་ 3-1-13a གཉིས་ཀའི་གཞི་ཤེས་ཕྱིར་ཕུང་པོ་བསྟན་ལ། འདུས་མ་བྱས་དེ་གཉིས་ཀའི་དོན་དུ་མི་རུང་བ་དང་། སྐྱེ་མཆེད་དང་ཁམས་སུ་ནི་དམིགས་པའི་ཚུལ་གྱིས་སྐྱེ་སྒོ་དང་རིགས་ཀྱི་དོན་ཡོད་པའི་ཕྱིར་བཤད་དོ། །གསུམ་ པ་གོ་རིམ་ལ། ཕུང་པོའི་གོ་རིམ་དང་། ཁམས་སྐྱེ་མཆེད་ཀྱི་གོ་རིམ་གཉིས། དང་པོ་གོ་རི༷མ་ནི༷། ཐོག་མར་གཟུགས་ནི་གཟུགས་ཅན་ཐོགས་བཅས་ཡིན་པས་ཀུན་ལས་ར༷གས་པས་དང་། དེ་ནས་ཚོར་བའི་རྒྱུ་བ་རགས་པ་སོགས་ཀྱི་ཕྱིར་ ཏེ་རགས་ཕྲའི་གོ་རིམ་ད༷ང་། ཐོག་མེད་ནས་སྐྱེ་བོ་གཟུགས་ལ་མངོན་པར་དགའ། དེ་ལས་བདེ་སོགས་ཚོར་བ་ལ་རོ་མྱོང་བས་ཆགས། དེ་ལས་གཙང་བདེ་སོགས་འདུ་ཤེས་ཕྱིན་ཅི་ལོག་སྐྱེ། དེས་ཆགས་སོགས་ཉོན་མོངས་པ་འདུ་བྱེད། དེས་སེམས་ཉོན་མོངས་པར་བྱེད་པས། ཀུན༷་ནས་ཉོ༷ན་མོང༷ས་པ་སྐྱེ་བའི་རིམ་པ་དང་། ཡང་ན་སྣོ༷ད་དང་སོ༷གས་པས་ཟས་དང་ཚོད་མ་བྱན་པོ་ཟ་པོ་དང་མཐུན་པའི་དོ༷ན་གྱིས་ཏེ་གཟུགས་ཚོར་བའི་རྟེན། ཚོར་བ་ཟས། འདུ་ཤེས་ཚོར་བ་གསལ་ འདེབས་པ་ཚོད་མ། སེམས་པས་རྣམ་སྨིན་གྱི་ཚོར་བ་འདུ་བྱས་ནས་ཉེ་བར་གཏོད་ཕྱིར་བྱན་པོ་སྟེ་ཟས་སྟོབ་པ་པོ་ལྟ་བུ་དང་། རྣམ་ཤེས་དེ་ལ་ཚོར་བས་ཕན་འདོགས་པའི་ཟ་བ་པོ་ལྟ་བུ་ཡིན་ནོ། །ཡང་ན་འདོད་པ་སོགས་ཁམ༷ས་ཇི༷་ལྟ་བ་བཞི༷ན་ ནོ༷། །དེ་ཡང་འདོད་ཁམས་གཟུགས་ཀྱིས་ཕྱེ་སྟེ་འདོད་པའི་ཡོན་ཏན་གཟུགས་ཡིན་པས་སོ། །གཟུགས་ཁམས་ཚོར་བས་ཏེ། དང་པོ་ཡིད་བདེ་དང་བདེ་བ། གཉིས་པར་ཡིད་བདེ། གསུམ་པར་སེམས་བདེ། བཞི་པར་བཏང་སྙོམས། 3-1-13b གཟུགས་མེད་དང་པོ་གསུམ་འདུ་ཤེས་ཀྱིས་ཕྱེ་ལ། སྲིད་རྩེ་འདུ་བྱེད་ཙམ་གྱིས་ཕྱེ་སྟེ་དེས་ཚེ་བསྐལ་པ་བརྒྱད་ཁྲིར་འཕེན་ཞིང་། རྣམ་ཤེས་དེ་དག་གི་གཞི་ཡིན་པས་སོ། །གཉིས་པ། ད༷་ལྟའི༷་དོ༷ན་འཛིན་ཕྱིར༷་སྐྱེ་མཆེད་དང༷་པོ༷་ལྔ༷་སྔོན་ལ་བསྟན་ ལ། ཡིད་ནི་དུས་གསུམ་དང་དུས་མིན་འདུས་མ་བྱས་ཀྱི་ཡུལ་ཅན་ཡང་ཡིན་པའི་ཕྱིར་ཕྱིས་བཤད་དོ། །ལྔ་པོ་དེ་ལས་ཀྱང་འབྱུང༷་བ༷་ལ༷ས་གྱུར༷་པའི་དོ༷ན་འབྲས་གཟུགས་ཁོ་ན་འཛིན་ཕྱི༷ར་མིག་སོགས་དང་པོ་བཞི༷་བསྟན། ལུས་ནི་གཉིས་ ཀའི་ཡུལ་ཅན་ཡིན་པས་ཕྱིས་བཤད། བཞི་པོ་དེ་ལས་ཀྱང་གཞ༷ན་མིག་རྣ་གཉིས་ནི༷་ཆེས༷་རྒྱང་རི༷ང་པོ་ལ་འཇུག་པས་སྔར་བསྟན་ལ། རྣ་བ་ལས་ཀྱང་མིག་རྒྱང་རིང་ལ་འཇུག་པས་སྔར་བཤད། སྣ་ལྕེ་ནི་ཡུལ་ཕྲད་ནས་ཉེ་བ་ཁོ་ན་ལ་འཇུག་པས་ ཕྱིས་བཤད་དོ། །སྣ་ནི་ལྕེ་བས་ཆེས་མྱུར༷་དུ་འཇུ༷ག་པའི་ཕྱིར༷་སྔར་བསྟན༷་ལ། ཡང༷་ན༷་ལུས་ལ་ཇི༷་ལྟར༷་མིག་སོགས་གན༷ས་པའི་གོ་རིམ་བཞིན༷་ཏེ། མིག་དང་པོ་ན་གནས་པ་ནས། ལུས་བྱིང་ཕལ་ཆེར་འོག་ཏུ་གནས་པའི་ཕྱིར་རོ། །ནང་གི་སྐྱེ་མཆེད་ ཀྱི་གོ་རིམ་ལྟར་ཕྱིའི་ཡང་གྲུབ་སྟེ། ཡུལ་ཅན་གྱིས་ཡུལ་བསྟན་པ་དང་། ཁམས་ཀྱི་གོ་རིམ་ཡང་དེས་གྲུབ་སྟེ། རྒྱུའི་གོ་རིམ༷་ལྟར་བསྟན་པའི་ཕྱིར་རོ། །བཞི་པ་ཅི་སྐྱེ་མཆེད་བཅུ་ཆར་གཟུགས་ཡིན་ན་མིག་གི་ཡུལ་ཁོ་ན་ལ་གཟུགས་ཀྱི་སྐྱེ་མཆེད་དུ་ རྗོད་ཅེ་ན། མིག་གི་ཡུལ་དེ་གཟུགས་ཞེས་བསྟན་པ་ཉིད་ཀྱིས་བཅུ་པོ་སྐྱེ་མཆེད་བྱེ༷་བྲ༷ག་སོ་སོའི་དོ༷ན་ཡིན་པར་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་དེ་ལྟར་བརྗོད་པ་ད༷ང་། བསྟན་ཡོད་ཐོགས་བཅས་གཟུགས་ཀྱི་གཙོ༷་བོ༷་ཡིན་པའི༷་ཕྱིར༷། 3-1-14a གཟུགས་ཅན་གྱི་ཁམས་བཅུ་ལས་མིག་གི་ཡུལ་ཁོ་ནར་སྤྱི་སྒྲ་བྱེ་བྲག་ཏུ་སྦྱར་བ་དང་། གཞན་རང་མིང་གིས་གོའོ། །ཐམས་ཅད་ཆོས་ཡིན་ཀྱང་ཁམས་བདུན་ལ་ཆོས་ཟེར་བ་མིང་མེད་མིང་དུ་གྱུར་པ་ལྟར་གཞན་སོ་ སོ་རང་མིང་གིས་ཤེས་ལ། འདི་ལ་སྤྱི་སྒྲ་ཐོབ་པས་སོ། །ཡང་ན་ཚོར་སོགས་ཆོ༷ས་མ༷ང་པོ་བསྡུས་པ༷་དང༷་། ཆོས་ཀྱི་མཆོ༷ག་མྱང་འདས་འདིས་བསྡུས༷་པའི་ཕྱིར༷་ན་རིམ་པར་མིག་གི་ཡུལ་གཅི༷ག་ནི༷་གཟུག༷ས་ཀྱི༷་སྐྱེ༷་མཆེ༷ད་དང༷་ཁམས། ཡིད་ ཡུལ་གཅི༷ག་ནི༷་ཆོས༷་ཀྱི་སྐྱེ་མཆེད་དང་ཁམས་ཞེས༷་བྱ༷་བ༷་བར༷་བརྗོ༷ད་དོ། །གཉིས་པ་ཕུང་ཁམས་ཀྱི་མིང་ཅན་གཞན་བསྡུ་བ་ལ། ཆོས་ཕུང་གི་བསྡུ་བ་དངོས་སུ་བཤད། དེས་མཚོན་ནས་གཞན་བསྡུ་བར་གདམས། ཁམས་གཉིས་ལ་འདོད་ ཚུལ་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ་བསྡུ་བ་དངོས་དང་། ཞར་ལ་ཆོས་ཕུང་གི་ཚད་འདོད་ཚུལ་གཉིས། དང་པོ། ཆོས༷་ཀྱི༷་ཕུང༷་པོ༷་བརྒྱ༷ད་ཁྲི༷་ད༷ག །གང༷་རྣམ༷ས་ཐུབ༷་པ༷ས་གསུང༷ས་དེ༷་ད༷ག །མདོ་སྡེ་བས་རྣ་བའི་ཡུལ་ གྱུར་སྒྲ་རང་མཚན་པའི་ཚིག༷་ག༷མ། བྱེ་སྨྲས་ཡིད་ཡུལ་ལྡན་མིན་མིང༷་ཡི༷ན་པར་འདོད་པས། དེ༷་དག༷་ནི༷་སྔ་མ་ལྟར་ན་གཟུག༷ས་ད༷ང་། ཕྱི་མ་ལྟར་ན་འ༷དུ་བྱེ༷ད་ད༷ག་ཏུ༷་འདུས༷་སོ། །གཉིས་པ། ཆོས་ཕུང་དེ་ཡང་ཁ༷་ཅི༷ག་ཤཱ་རིའི་བུས་ཉེ་ བར་བསྡུས་པའི་བསྟན༷་བཅོ༷ས་ཚད༷་ཙམ་རེ་ཡིན་ཅེས༷་ཟེ༷ར། དེ་ལ་ཤོ་ལོ་ཀ་དྲུག་སྟོང་ཡོད་དོ། །དེ་ལྟ་ན། ཆོས་ཕུང་བརྒྱད་ཁྲི་ལ་ཚིག་ལེའུར་བྱས་པ་དུང་ཕྱུར་ཕྲག་བཞི་དང་། བྱེ་བ་ཕྲག་བརྒྱད་དུ་འགྱུར་རོ། །བམ་པོ་ས་ཡ་ཕྲག་ 3-1-14b གཅིག་དྲུག་འབུམ་བརྒྱད་ཁྲིའོ། །ཚིག་ལེའུར་བྱས་པ་ཚིགས་བཅད་རྐང་པ་རེ་ལ་ཚིག་འབྲུ་སོ་གཉིས་ཞེས་བཤད་པས་བོད་ཀྱི་ཚེགས་བར་ཉེར་བརྒྱད་དུ་འགྱུར་རོ། །གཞན་དག་ཕུང༷་པོ༷་དང་ལ༷་སོ༷གས་པས་ཁམས། སྐྱེ་མཆེད་ རྟེན་འབྲེལ་སོགས་སྡེ་ཚན་རེ་རེ་རྫོགས་པར་སྟོན་པའི་གཏམ༷་རེ༷་རེ་ཆོས་ཕུང་རེ་ཡི༷ན་གྱི། ཤོ་ལོ་ཀའི་གྲངས་ངེས་མེད་ཟེར། ཆགས་སྡང་སོགས་ཉོན་མོངས་པ་སྤྱོ༷ད་པ༷་ཐ་དད་པ་བརྒྱད་ཁྲི་རྣམ༷ས་ཀྱི༷་གཉེན༷་པོ༷ར་ནི༷། ཆོས༷་ཀྱི༷་ཕུང༷་པོ༷འང་དེ་ དང་མཐུན༷་པ༷ར་གསུ༷ངས་སོ། །གཉིས་པ། དེ༷་བཞི༷ན་གཞན༷་ཡ༷ང་མདོ་ལས་གསུངས་པ་ཅི༷་རི༷གས་པ༷ར། ཟག་མེད་ཀྱི་ཕུང༷་པོ༷་ཟད་པར་ཟིལ་གནོན་གྱི་སྐྱེ༷་མཆེ༷ད། ཁམས་མང་པོའི་མདོ་ལས་ཁམ༷ས་དྲུག་ཅུ་རྩ་གཉིས་ རྣམ༷ས་ནི༷། དེ་དག་ར༷ང་གི༷་མཚ༷ན་ཉི༷ད་ལེ༷གས་པར་དཔྱ༷ད་དེ༷། ཇི༷་སྐ༷ད་བཤ༷ད་པ༷ར་ཕུང་ཁམས་སྐྱེ་མཆེད་དེར་བསྡུ༷་བར༷་བྱའོ༷། །དེ་ཡང་ཟག་མེད་ཕུང་ལྔ་བྱེ་སྨྲ་ལྟར་ན་ཚུལ་ཁྲིམས་གཟུགས། ཏིང་འཛིན་ཤེས་རབ་གཉིས་ འདུ་བྱེད་དང་། རྣམ་གྲོལ་ནི་མི་སློབ་པའི་མོས་པ། ཡེ་ཤེས་གཟིགས་པ་ཤེས་རབ་ཀྱི་བྱེ་བྲག་ཡིན་པས་ཕྱི་མ་བཞི་འདུ་བྱེད་དོ། །སྡིག་བཤགས་ཡི་རངས། གསོལ་གདབ་ཀྱི་ཕུང་པོའང་འདུ་བྱེད་དེ། འགྱོད་ དང་དད་དང་འདུན་པའི་རང་བཞིན་ཡིན་པས་སོ། །ཡང་དག་ངེས་པ་སོགས་གསུམ། ཕུང་པོ་ལྔས་བསྡུས་པའོ། །ཟད་པར་བཅུའི་དང་པོ་བརྒྱད་མ་ཆགས་པ་ཡིན་པས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས། འཁོར་དང་བཅས་ན་ 3-1-15a ཕུང་ལྔའི་རང་བཞིན་ཡིན་པས་ཡིད་དང་ཆོས་ཀྱིས་སོ། །ཟིལ་གནོན་བརྒྱད་ཀྱི་བསྡུ་ཚུལ་ཀྱང་ཟད་པ་དང་པོ་བརྒྱད་དང་འདྲའོ། །ཕྱི་མ་གཉིས་ནི་གཟུགས་མེད་དེ། ཡིད་དང་ཆོས་ཀྱིས་སོ། །གསུམ་པ། ཁམས་དྲུག་གི་ས་སོགས་བཞི་རེག་བྱ་ཡིན་ལ། ཁམས་དྲུག་གི་ནང་ཚན་དུ་གྱུར་པའི་ནམ་མཁའ་དང་། རྣམ་ཤེས་ནི་ནམ་མཁའ་དང་རྣམ་ཤེས་སྤྱི་ལས་བྱེ་བྲག་ཞིག་ལ་གོ་དགོས་ཏེ། འདི་ལྟར་སྒོ་དང་སྐར་ཁུང་སྣ་ཚོགས་ཀྱི་བུ༷་ག༷་ནི་ ནམ༷་མཁ༷འི་ཁམ༷ས་ཤེས༷་བྱ༷་སྟེ། དེ་ཡང་ཉིན་མོ་སྣང༷་བ་ད༷ང་མཚན་མོ་མུན༷་པ༷་དག༷་ཡི༷ན་པས་གཟུགས་ཡིན་ནོ་ལོ༷། །བྱེ་སྨྲས་ནང་གི་ནམ་མཁའ་ཐོགས་བཅས་ཉེ་འཁོར་ཏེ་གཟུགས་ཡིན་ནོ་ཟེར། མདོ་སྡེ་པས་སྣང་མུན་འདུས་བྱས་ ཡིན་ལ། ནམ་མཁའ་འདུས་མ་བྱས་ཡིན་ཕྱིར་ཐོགས་མེད་ཉེ་འཁོར་ཡིན་ཟེར་རོ། །དེ་ལྟར་ན་ནམ་མཁའི་ཁམས་ཆོས་ཁམས་ཡིན་ནོ། །རྣམ་ཤེས་ཐམས་ཅད་ཁམས་མིན་ཏེ་འོན་ཀྱང་ཟ༷ག་པ་ད༷ང་བཅས༷་པ༷འི་རྣམ༷་ཤེས༷་ནི༷། རྣམ༷་ཤེས༷་ཀྱི་ཁམ༷ས་ཞེས་བྱ་བ་ཡི༷ན་ཏེ། དེ་སྲིད་པར་སྐྱེ༷་བ༷འི་རྟེན༷་དུ་གསུངས་པའི་ཕྱིར་རོ། །དེས་ན་རྣམ་ཤེས་ཀྱི་ཁམས་ནི་སེམས་ཁམས་བདུན་དུ་འདུས་སོ། །དེའི་རྗེས་ལ་འདོད་པ་དང་། གནོད་སེམས། རྣམ་འཚེ་ངེས་པར་ འབྱུང་བ། གནོད་སེམས་མེད་པ། རྣམ་པར་མི་འཚེ་བའི་ཁམས་དང་དྲུག་ནི་ཆོས་ཀྱི་ཁམས་སོ། །བདེ་བ། སྡུག་བསྔལ། ཡིད་བདེ། ཡིད་མི་བདེ། བཏང་སྙོམས། མ་རིག་པའི་ཁམས་ཏེ་དྲུག་ནི་དང་པོ་ལྔ་ཚོར་བ་དང་། 3-1-15b ཐ་མ་ནི་འདུ་བྱེད་ཀྱི་ནང་དུ་འདུས་སོ། །དེ་རྗེས་ཚོར་འདུ། འདུ་བྱེད། རྣམ་ཤེས་ཀྱི་ཁམས་བཞི་ནི། ཆོས་དང་། སེམས་ཀྱི་ཁམས་སོ། །འདོད་གཟུགས་གཟུགས་མེད་གསུམ་ནི་རིམ་པར་ཁམས་བཅོ་བརྒྱད་དང་། དྲི་རོ་སྣ་ལྕེའི་རྣམ་ཤེས་ཁམས་མ་གཏོགས་བཅུ་བཞི་དང་། ཁམས་ཐ་མ་གསུམ་གྱིས་བསྡུས། གཟུགས་གཟུགས་མེད་འགོག་པའི་ཁམས་གསུམ་ནི་ཁམས་བཅུ་བཞི་དང་། ཐ་མ་གསུམ་དང་། ཆོས་ཀྱིས་སོ། །དུས་ གསུམ་དུ་བྱུང་བའི་ཁམས་གསུམ་གསུངས་པ་ནི་ཁམས་བཅོ་བརྒྱད་ཐམས་ཅད་ཀྱིས་བསྡུས་སོ། །དེ་རྗེས། ངན་པ། བར་མ། གྱ་ནོམ་གསུམ་ནི། འདོད་ཁམས་སོགས་གསུམ་པོ་ཡིན་ནོ། །དགེ་མི་དགེ་ལུང་མ་བསྟན་ གསུམ། དང་པོ་གཉིས། གཟུགས་སྒྲ། ཆོས་དང་སེམས་ཁམས་བདུན་གྱིས་སོ། །ཐ་མ་བཅོ་བརྒྱད་ཀྱིས་སོ། །སློབ་མི་སློབ་གཉིས་ཀ་མིན་པ་གསུམ་གྱི་དང་པོ་གཉིས། ཁམས་ཐ་མ་གསུམ་གྱིས་དང་། ཐ་མ་ནི་བཅོ་ བརྒྱད་དོ། །ཟག་བཅས་ཟག་མེད་གཉིས་ཀྱི་དང་པོ་ཁམས་བཅོ་བརྒྱད་དང་། ཐ་མ་གསུམ་གྱིས་བསྡུས། འདུས་བྱས་འདུས་མ་བྱས་གཉིས། དང་པོ་བཅོ་བརྒྱད་དང་། ཐ་མ་ཆོས་ཁམས་གཅིག་པུས་བསྡུས་སོ། །དེ་ལྟ་ན་ ཁམས་བཅོ་བརྒྱད་དང་དེ་ནས་དྲུག་ཚན་གསུམ་དང་བཞི་ཚན་གཅིག་གསུམ་ཚན་དྲུག་དང་གཉིས་ཚན་གཉིས་བཅས་ཁམས་དྲུག་ཅུ་རྩ་གཉིས་ཏེ་དེ་དག་ལ་མཁས་ན་ཁམས་ལ་མཁས་པར་གསུངས་སོ། །གཉིས་པ། ཁམས་ཀྱི་ 3-1-16a དབྱེ་བ་ལ། མིག་ལ་བསྟན་དུ་ཡོད་མེད་ཀྱི་ཁྱད་པར། ༡ ཐོགས་བཅས་ཡིན་མིན་གྱི་ཁྱད་པར། ༢ ལུང་བསྟན་ཡིན་མིན་གྱི་ཁྱད་པར། ༣ ཁམས་གསུམ་གང་དུ་ཡོད་མེད་ཀྱི་ཁྱད་པར། ༤ ཟག་བཅས་ཟག་ མེད་ཀྱི་ཁྱད་པར། ༥ རྟོག་དཔྱོད་དང་བཅས་མ་བཅས་ཀྱི་ཁྱད་པར། ༦ དམིགས་བཅས་ཡིན་མིན་གྱི་ཁྱད་པར། ༧ ཟིན་མ་ཟིན་གྱི་ཁྱད་པར། ༨ འབྱུང་བ་འབྱུང་འགྱུར་ཡིན་མིན་གྱི་ཁྱད་ པར། ༩ རྡུལ་ཕྲན་བསགས་པ་ཡིན་མིན་གྱི་ཁྱད་པར། ༡༠ གཅོད་བྱེད་གཅད་བྱར་གྱུར་མ་གྱུར་གྱི་ཁྱད་པར། ༡༡ བྱུང་བ་གསུམ་གྱི་ཁྱད་པར། ༡༢ ཐོབ་པ་འབྱུང་མིན་གྱི་ཁྱད་པར། ༡༣ ཕྱི་ནང་གི་ཁྱད་པར། ༡༤ རྟེན་བཅས་དེ་མཚུངས་ཀྱི་ཁྱད་པར། ༡༥ སྤང་བྱ་ཡིན་མིན་གྱི་ཁྱད་པར། ༡༦ ལྟ་བ་ཡིན་ མིན་གྱི་ཁྱད་པར། ༡༧ ཡུལ་དབང་ཤེས་གསུམ་ཕན་ཚུན་བརྟེན་ཚུལ་གྱི་ཁྱད་པར། ༡༨ དབང་པོ་དུས་ཡུལ་ཡིན་ཚུལ་གྱི་ཁྱད་པར། ༡༩ རྟག་མི་རྟག་གི་ཁྱད་པར། ༢༠ དབང་པོ་ཡིན་མིན་དུ་དཔྱད་པ་༢༡ སྟེ་སྐབས་ཉེར་གཅིག་སྟེ། རྫས་དང་པོ་ ལྡན་མི་ལྡན་ནི། རྟག་མི་རྟག་གི་ཁོངས་སུ་འདུ་སྟེ། གོང་དུ་དམིགས་བསལ་དུ་འཆད་ན་བདེ་ཞིང་། མིང་ནི་ཉེར་གཉིས་དོན་གྱི་ཉེར་གཅིག་ཡིན་ནོ། །དང་པོ། མིག་གི་ཤེས་པས་འདི་ནའོ་ཞེས་བསྟན༷་དུ༷་ཡོ༷ད་པ་འདི༷ར་ནི༷་གཟུགས༷་གཅི༷ག་པུ༷་གཞན་ བཅུ་བདུན་བསྟན་མེད་དོ། །གཉིས་པ། ཕན་ཚུན་སྒྲིབ་པས་ཐོ༷གས་པ་ད༷ང་བཅ༷ས་པ༷་གཟུག༷ས་ཅ༷ན་བ༷ཅུ། སྒྲིབ་པས་ཐོགས་པ་ནི་གཅིག་གི་གོ་སར་གཅིག་མི་འཇུག་པའོ། །ཡུལ་ལ་ཐོགས་པ་མིག་སོགས་རང་ཡུལ་ལས་གཞན་ལ་མི་འཇུག་པའོ། ། 3-1-16b དམིགས་པ་ལ་ཐོགས་པ་སེམས་སེམས་བྱུང་རྣམས་རང་ཡུལ་ལ་འཛིན་གྱི་གཞན་ལ་མི་འཛིན་པའོ། །ཡུལ་དང་སྒྲིབ་ཐོགས་གཉིས་ལ་མུ་བཞི་སྟེ། ཡུལ་ཐོགས་སྒྲིབ་མི་ཐོགས་ནི། སེམས་ཁམས་བདུན་དང་ཆོས་ཁམས་ཀྱི་མཚུངས་ལྡན་ ནོ། །གཉིས་པ་ཡུལ་ལྔ། གསུམ་པ་དབང་ལྔ། བཞི་པ་ཆོས་ཁམས་ཀྱི་མཚུངས་ལྡན་མ་གཏོགས་པའོ། །མིག་ལ་ཡུལ་ཐོགས་ལ་ཆུ་དང་། སྐམ་ཉིན་མཚན་ལ་ཐོགས་མི་ཐོགས་ཀྱི་མུ་བཞི་ཡུལ་དང་དམིགས་ཐོགས་ཀྱི་མུ་གཉིས་ཀྱང་ བཤད་དོ། །གསུམ་པ། མཐའ་གཅིག་ཏུ་དགེ་མི་དགེ་ལུང༷་མ༷་བསྟན༷་བརྒྱ༷ད་དེ། གང་ཞེ་ན། གཟུགས་ཅན་གྱི་ཁམས་བཅུ་དེ༷་ད༷ག་ཉི༷ད་ལས་གཟུགས༷་སྒྲ༷་མ༷་གཏོག༷ས་པ་བརྒྱད་དོ། །གཞན༷་དུ་བཅུ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ༷་གསུམ༷་ མོ། །བཞི་པ། འདོ༷ད་ཁམ༷ས་སུ་གཏོགས༷་པ༷་ཁམས་བཅོ་བརྒྱད་པོ་ཐམ༷ས་ཅ༷ད་དོ༷། །གཟུགས༷་ཀྱི༷་ཁམ༷ས་ན༷་བཅུ༷་བཞི༷འོ༷། །གང་ཞེ་ན། ཡུལ་དྲི༷་ད༷ང་རོ༷་ད༷ང་དེ་གཉིས་ཀྱི་ཡུལ་ཅན་སྣ༷་ད༷ང་ནི༷། ལྕེ༷་ཡི༷་རྣམ༷་ཤེ༷ས་ཁ༷མས་མ༷་གཏོག༷ས་པའོ། ། གཟུགས༷་མེ༷ད་དུ་གཏོགས༷་པ༷་མ་བྲལ་བས་དེའི་བདག་གིར་བྱས་པའི་ཡི༷ད་ད༷ང་ནི༷། ཆོས༷་ད༷ང་། ཡི༷ད་ཀྱི༷་རྣམ༷་ཤེ༷ས་ཁམ༷ས་ཏེ་གསུམ་མོ། །ལྔ་པ། ཆོས་ཡིད་རྣམ་ཤེས་དེ༷་གསུམ༷་ཟ༷ག་བཅས༷་དང་། ཟ༷ག་པ༷་མེ༷ད་པ་གཉིས་ཡོད་དེ། ལམ་བདེན་ གྱིས་བསྡུས་པའི་ཆོས་ཡིད་རྣམ་ཤེས་གསུམ་དང་། འདུས་མ་བྱས་ཟག་མེད་དང་། ཁམས་ལྷག༷་མ༷་བཅོ་ལྔ་རྣམ༷ས་ནི༷་མཐའ་གཅིག་ཏུ་ཟ༷ག་བཅས༷་ཡིན་ཏེ། ཟག་པ་རྒྱས་པ་དང་སྒོམ་སྤང་ཡིན་པས་སོ༷། །དཔེས་སྟོན་པས་དགྲ་བཅོམ་པའི་ཕུང་ 3-1-17a པོ་དང་སྣོད་ཟག་པའི་རྟེན་དང་གཉེན་པོ་གཉིས་ཀ་མིན་པས་དེ་གཉིས་གང་ཡང་མིན་པར་འདོད་ཀྱང་། དེ་མི་སྲིད་དེ་ཕུང་གསུམ་མེད་པས་སོ། །དཔེས་སྟོན་པས་ལུས་ཤིན་སྦྱངས་བྱང་ཆུབ་ཡན་ལག་གིས་བསྡུས་པའི་རེག་བྱ་ དང་། ལུས་ཤེས་ཀྱང་ཟག་མེད་དུ་འདོད་པར་བཤད་དོ། །དྲུག་པ་ལ་དངོས་དང་། ཞར་བྱུང་དགོས་ཆེད་གཉིས། དང་པོ། རྩིང་བར་རྟོག༷་ད༷ང་ཞིབ་པའི་དཔྱོ༷ད་ད༷ང་བཅ༷ས་པ༷་ནི༷། རྣམ༷་པ༷ར་ཤེ༷ས་པ༷འི་ཁམ༷ས་ལྔ༷་ཡི༷ན་ཏེ། ཁ་ཕྱིར་བལྟས་ཀྱི་རྩིང་ ཞིབ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཐ༷་མ༷་ཆོས་སོགས་གསུམ༷་ནི༷། གཉིས་བཅས་རྟོག་མེད་དཔྱོད་བཅས་གཉིས་མེད་དེ་བསམ་གཏན་ས་པ་བཞིན་དུ་རྣམ༷་པ་གསུམ༷་མོ༷། །ལྷག༷་མ༷་བཅུ་པོ་རྣམ༷ས་ནི༷། རྟོག་དཔྱོད་གཉི༷ས་ཀ༷་སྤང༷ས་སོ། ། གཉིས་པ། སྒོ་ལྔ་རྟོག་མེད་དུ་བཤད་པ་དང་འགལ་ཞེ་ན། དེ་ནི་གསུམ་ལས། ངེ༷ས་པ༷ར་རྟོག༷་ད༷ང་རྗེས༷་སུ་དྲ༷ན་པ༷འི་རྣམ༷་པ༷ར་རྟོག༷་པ༷ས་རྣམ༷་པར་མི༷་རྟོག༷་གི། ངོ་བོ་ཉིད་ཀྱི་རྟོག་པ་ཡིན་ནོ། །ངོ་བོ་ཉིད་རྟོག་སེམས་བྱུང་ནང་དུ་འཆད་ལ། ཕྱི་མ་གཉིས་པོ་དེ༷་ད༷ག་ཡི༷ད་ཀྱི༷་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས༷་ར༷བ་ཡུལ་ལ་གཡེ༷ང་བ་དེ་ངེས་རྟོག་དང་། གཡེང་ཞེས་པས་མཉམ་པར་མ་བཞག་པ་ཐོས་བསམ་དང་། སྐྱེས་ཐོབ་བསྟན་པ་ཡིན་ནོ། །ཡི༷ད་ཀྱི༷་རྣམ་ཤེས་དང་མཚུངས་ལྡན་ མིང་ལ་མི་ལྟོས་པར་དོན་དྲ༷ན་པ༷་མཉམ་པར་བཞག་མ་གཞག་ཐམ༷ས་ཅ༷ད་རྗེས་དྲན་གྱི་རྟོག་པ་ཉི༷ད་དོ། །བདུན་པ། དམི༷གས་པ་དང་བཅས༷་པ་སེ༷མས་ཀྱི༷་ཁམ༷ས་བདུན༷་ནོ༷། །ཆོས༷་ཀྱི༷་ཕྱེ༷ད་སེམས་བྱུང་རྣམས་ཀྱང༷་དམིགས་བཅས་སོ། ། 3-1-17b ཁམས་ལྷག་མ་ཕྱེད་དང་བཅུ་གཅིག་ནི་དམིགས་པ་མེད་པར་གྲུབ་བོ། །བརྒྱད་པ། སེམས་ཀྱི་ཚོར་བས་མ༷་ཟི༷ན་པ་ནི་དགུ༷་སྟེ། དམིགས་བཅས་སུ་བཤད་པ་བརྒྱ༷ད་པོ༷་དེ༷་དག༷་རྣམ༷ས་ད༷ང་སྒྲའོ༷། །ཟིན་པ་ནི་ཟིན་བྱེད་སེམས་ཀྱིས་ བཟུང་ནས་གཟུང་བྱ་ལ་ཕན་གནོད་བྱས་ན་སེམས་ཀྱིས་ཚོར་བའོ། །དེས་ན་སེམས་དང་བཅས་པའོ། །མིག་སོགས་ལྔ་དང་གཟུགས་དྲི་རོ་རེག་དགུ༷་པོ༷་གཞ༷ན་ནི༷་ཟིན་མ་ཟིན་རྣམ༷་པ༷་གཉི༷ས་ཀ་སྟེ། དབང་ལྔ་འདས་འོངས་མ་ཟིན་པ། ད་ ལྟ་བ་ཟིན་པ། གཟུགས་སོགས་བཞི་ད་ལྟ་བ་དབང་པོའི་ཚོགས་པ་ན་ཡོད་པ་ཟིན་པ། དེ་ལས་གཞན་པ་རྒྱུད་བསྡུས་ད་ལྟ་བ་ལ་ཡང་རྩ་བ་མ་གཏོགས་པའི་སྐྲ་བ་སྤུ་སོ་སེན་བཤང་གཅི་མཆིལ་སྣབས་ཁྲག་སོགས་དང་། རྒྱུད་ཀྱིས་ མ་བསྡུས་པའི་གཟུགས་སོགས་མ་ཟིན་པའོ། །དགུ་པ། རེ༷ག་བྱ༷་འབྱུང་དང་འབྱུང་འགྱུར་རྣམ༷་པ༷་གཉི༷ས་ཡི༷ན་ཏེ༷། ས་སོགས་བཞི་འབྱུང་བ་དང་། འཇམ་སོགས་བདུན་འབྱུང་འགྱུར་ཡིན་པའི་ཕྱིར་རོ། །ལྷག༷་མ༷་གཟུགས༷་ ཅ༷ན་དགུ༷༷་པོ༷་ནི༷་འབྱུང༷་འགྱུར༷་ཡིན་ལ། ཆོས༷་ཁམ༷ས་ཕྱོག༷ས་གཅི༷ག་རྣམ་རིག་མིན་པ་དག་ཀྱང༷་འབྱུང་འགྱུར་དང་། ལྷག་མ་གཉིས་ཀ་མིན་ནོ། །བཅུ་པ། གཟུག༷ས་ཅ༷ན་བ༷ཅུ་ནི༷་རྡུལ་ཕྲན་བས༷གས་པ༷འོ༷། །གཞན་བརྒྱད་དེ་མིན་ནོ། ། བཅུ་གཅིག་པ་ལ་དངོས་དང་། ཞར་བྱུང་བསྲེག་འཇལ་བསྟན་པ་གཉིས། དང་པོ། གཅོ༷ད་བྱེ༷ད་ཡིན་པ་དང་གཅ༷ད་པ༷ར་བྱ༷་བ༷་ཉི༷ད་ཡིན་པ་ནི། ཕྱི༷་རོ༷ལ་གྱི༷་ནི༷་ཁ༷མས། གཟུགས་དྲི་རོ་རེག་བཞི༷་ཡི༷ན་གྱི་དབང་པོ་རྣམས་ནི་བཅད་བྱ་མིན་ཏེ། དབང་ 3-1-18a པོ་འབྲེལ་རྒྱུན་གཉིས་སུ་བྱར་མེད་དོ། །དེ་འོད་ལྟར་དྭངས་པས་སོ། །སྣའི་རྩེ་མོ་བཅད་པས་རེག་བྱ་འཛིན་པ་ནི་དུམ་བུས་མི་འཛིན་པས་དེ་འབྱར་བ་ན་དབང་ཅན་གྱི་ལུས་དང་འབྲེལ་བས་རྒྱས་བྱུང་གིས་དབང་པོ་སླར་ སྐྱེས་པའོ། །རྨིགས་བུ་སོགས་ཀྱི་མཇུག་མ་བཅད་པ་འགུལ་བའང་རླུང་ཡིན་གྱི་དབང་པོ་དང་སེམས་མིན་ཏེ། རྒྱུད་གཉིས་སུ་ཐལ་བས་སོ། །དབང་པོ་གཅོད་བྱེད་ཀྱང་མིན་ཏེ་དྭངས་པས་སོ། །སྒྲ་ལ་རྒྱུན་མེད་པ་དང་། ཆོས་དང་སེམས་ཁམས་ ལ་ལུས་མེད་པས། འདུས་པར་མི་གནས་པས། གཅོད་བྱེད་བཅད་བྱ་གཉིས་ཀ་མིན་ནོ། །གཉིས་པ་ལ་དངོས་དང་། འདོད་ཚུལ་ཐ་དད་ཡོད་པར་བསྟན་པ་གཉིས། དང་པོ། ཕྱི་རོལ་གྱི་ཁམས་བཞི་པོ་གཅོད་བྱེད་དང་བཅད་བྱ་ཡིན་ པ་དེ༷་བཞི༷ན་མེས་བསྲེག༷་པར་བྱ༷་བ་དང་། སྲང་གིས་འཇ༷ལ་བར་བྱེ༷ད་པ༷འང་དེ་བཞིའོ༷། །གཉིས་པ། སྲེག༷་ད༷ང་གཞ༷ལ་ལ༷་མི༷་མ༷ཐུན་པར་སྨྲ༷་སྟེ། ཁ་ཅིག་སྲེག་བྱེད་མེ་ཁོ་ན་ཡིན་པར་རེག་བྱ་དང་། གཞལ་བྱ་ལྕི་བ་ཁོ་ན་ཡིན་པས་དེའང་ རེག་བྱ་ཡིན་ཟེར། ཁ་ཅིག་རེག་བྱ་ཁོ་ན་མིན་གྱི་ཕྱི་རོལ་གྱི་ཁམས་བཞི་པོ་དེ་འདུས་པ་ཡིན་ནོ་ཟེར། བཅུ་གཉིས་པ་ལ། བྱུང་བ་གསུམ་པོ་གང་གི་ཡིན་མིན་ངེས་པ་བཤད་པ་དང་། མ་ངེས་པ་བཤད་པ། ཐོགས་མེད་བརྒྱད་ཀྱི་ དམིགས་བསལ་བཤད་པ་དང་གསུམ། དང་པོ། དགེ་མི་དགེའི་རྣམ༷་པ༷ར་སྨིན༷་པའི་རྒྱུ་ལ༷ས་བྱུང༷་བ༷་ད༷ང་། རྒྱས༷་པའི་རྒྱུ་ལ༷ས་བྱུང༷་བ༷་ནང༷་གི༷་དབང་པོ་ལྔ༷་སྟེ། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱིས་བསྐྱེད་པའི་ཕྱིར་དང་། རྒྱས་པའི་ 3-1-18b རྒྱུ་དག་གིས་རྒྱས་པར་བྱེད་པའི་ཕྱིར་རོ། །དེ་ལ་རྒྱས་པའི་རྒྱུ་ནི་བཞི་སྟེ། ཟས་དང་། བསྐུ་མཉེ་དང་དྲིལ་ཕྱིས་སོགས་ལེགས་པར་བྱ་བ་དང་། གཉིད་དང་། ཏིང་ངེ་འཛིན་ནོ། །ཁ་ཅིག་ཚངས་སྤྱོད་དང་ལྔ་ཟེར་ཡང་། དེ་མི་ གནོད་པ་ཙམ་དུ་ཟད་ཀྱི་རྒྱས་བྱེད་མིན་ནོ། །སྒྲ༷་ནི༷་ཆད་ནས་མཚམས་སྦྱོར་བ་དང་། བརྗོད་འདོད་ཀྱིས་བསྒྱུར་བཏུབ་བས་རྣམ༷་སྨིན༷་ལ༷ས་སྐྱེས༷་པ་མི༷ན་ནོ། །འོ་ན་དེ་བཞིན་གཤེགས་པའི་གསུང་རྣམ་སྨིན་ལས་སྐྱེས་པ་དང་། དགེ་ སློང་སྙན་པ་བཟང་ལྡན་གྱི་ང་རོ་འཁོར་བ་འཇིག་གི་མཆོད་རྟེན་ལ་དྲིལ་བུ་བཏགས་པའི་རྣམ་སྨིན་དུ་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། ལས་ལས་འབྱུང་བ་སྐྱེ་དེ་ལས་ཚངས་དབྱངས་ཏེ་བརྒྱུད་པ་གསུམ་མམ། ལས་ལས་ འབྱུང་བ། དེ་ལས་རྒྱས་བྱུང་། དེ་ལས་རྒྱུ་མཐུན། དེ་ལས་གསུང་དབྱངས་འབྱུང་བས་ལྔ་པ་ཡིན་ཞེས་ཟེར། དེ་དག་ལས་བརྒྱུད་ནས་བྱུང་བས་དེ་ལྟར་བཤད་ཀྱི་དངོས་སུ་ནི་མ་ཡིན་ཏེ། དེ་ནི་འདོད་པ་ཙམ་གྱིས་མི་འབྱུང་བ་དང་། ཆད་ནས་མཚམས་མི་སྦྱོར་བར་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ཚོར་བ་ལའང་མཚུངས་ཏེ། བརྒྱུད་པ་གསུམ་ལྡན་ཡིན་པས་སོ་ཞེ་ན། མི་མཚུངས་ཏེ། སྒྲ་འདོད་དགུར་འབྱུང་བས་དང་། ལུས་ཚོར་འགའ་ཞིག་མི་འདོད་བཞིན་ འབྱུང་བས་སོ། །དེའི་ཕྱིར་སྒྲ་ལ་རྒྱས་བྱུང་དང་རྒྱུ་མཐུན་གཉིས་ཀ་ཡོད་ཟེར། རང་གི་རིགས་འདྲའི་རྒྱུ༷་མ༷ཐུན་ལ༷ས་བྱུང༷་བ་དང་རྣ༷མ་སྨི༷ན་ལས་སྐྱེ༷ས་པ་ཐོག༷ས་པ༷་མེ༷ད་པ་སེམས་ཁམས་བདུན་ཆོས་དང་བརྒྱ༷ད་པོ་ཡིན་ཏེ། སྐལ་མཉམ་ 3-1-19a དང་ཀུན་འགྲོའི་རྒྱུས་བསྐྱེད་པ་དང་། རྣམ་སྨིན་རྒྱུས་བསྐྱེད་པ་ཡོད་པའི་ཕྱིར་རོ། །གཉིས་པ། ཁམས་ལྷག་མ་གཞ༷ན་གཟུགས་དྲི་རོ་རེག་བཞི་ནི་རྣམ་སྨིན་སོགས་རྣ༷མ་པ་གསུ༷མ་སྟེ་དབང་པོའི་ཚོགས་ པ་ན་ཡོད་པ་ལ་གསུམ་ཀ་དང་། ཕྱི་རོལ་རྒྱུ་མཐུན་ལས་སོ། །གསུམ་པ། རྫས་ལ། རྟག་བརྟན་གྱི་རྫས་དང་། དོན་བྱེད་ནུས་པ། རང་རྒྱུད་དུ་གྲུབ་པ། དེ་ལས་གཞན་པ་དང་བཞི་ལས། རྟག་བརྟན་གྱི་རྫས༷་དང༷་ལྡན༷་པ་ གཅི༷ག་སྟེ། ཆོས་ཀྱི་ཕྱོགས་གཅིག་འདུས་མ་བྱས་སོ། །ཆོས་སོགས་ཁམས་ཐ༷་མ༷་གསུམ༷་གྱི་སྡུག་བསྔལ་ཆོས་བཟོད་ཀྱི་སྐ༷ད་ཅི༷ག་མ༷་དང་པོ་ནི་རྒྱུ་མཐུན་ལས་བྱུང་བ་མིན་ཏེ༷། དེ་ལས་གཞན་པའི་ཁམས་ལྷག་མ་རྣམས་ནི་དེ་ལྟར་ མ་ཡིན་པས་འདུས་བྱས་རྒྱུ་མཐུན་ལས་མ་བྱུང་བ་མེད་པའི་ཕྱིར་དང་། འདུས་མ་བྱས་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །རྫས་ལྡན་གཅིག་དང་། ཐ་མ་གསུམ་སྐད་ཅིག་མ་ཞེས་པ་ཐོགས་པ་མེད་བརྒྱད་ཀྱི་རྒྱུ་མཐུན་གྱི་དམིགས་ བསལ་ཡིན་ནོ། །བཅུ་གསུམ་པ། མི༷ག་དང༷་ནི༷། དེ་ཡི་རྣམ༷་ཤེས༷་ཁམ༷ས་གཉིས་པོ་ད༷ག་སོ༷་སོ༷་ད༷ང་ཞེས་པས་མུ་དང་པོ་གཉིས་བསྟན་ཏེ། མིག་དབང་ཐོབ་ལ་མིག་ཤེས་མ་ཐོབ་པ། འདོད་པར་སྐྱེས་པ་རིམ་གྱིས་མིག་ དབང་ཐོབ་པ་ལ་ལུང་མ་བསྟན་གྱི་ཐོབ་པ་དུས་མཉམ་པ་དང་། མིག་ཤེས་ཉོན་མོངས་ཅན་དང་། དགེ་བའི་ཐོབ་པ་སྔར་ནས་ཡོད་ཟིན་པ་དང་། གཟུགས་མེད་ནས་འཕོས་ནས་བསམ་གཏན་གཉིས་པ་ཡན་ཆད་དུ་སྐྱེས་པ་བསམ་ 3-1-19b གཏན་གཉིས་པ་ཡན་རང་ས་ན་མིག་ཤེས་མེད་པས་དང་། དབང་པོ་གསར་དུ་ཐོབ་པས་སོ། །གཉིས་པ་མིག་ཤེས་མི་ལྡན་པ་ལྡན་པ་ཐོབ་ལ། མིག་དབང་མ་ཐོབ་པ། བསམ་གཏན་གཉིས་པ་ཡན་ཆད་དང་པོའི་མིག་ཤེས་ མངོན་དུ་བྱེད་པ་སོགས་ལྟ་བུའམ། བསམ་གཏན་གཉིས་པ་ཡན་ཆད་ཤི་འཕོས་ནས། འདོད་པ་དང་དང་པོའི་བར་སྲིད་དུ་ཉིང་མཚམས་སྦྱོར་ཚེ་ནའོ། །དེ་གཉིས་མིག་དང་པོ་ནས་ཡོད་པས་སོ། །མུ་གསུམ་པ། ལྷན༷་ཅི༷ག་ ཏུ༷་ཡ༷ང་ཐོབ༷་པ༷་ཡོ༷ད་དེ། གཟུགས་མེད་ནས་ཤི་འཕོས་ནས། འདོད་དང་བསམ་གཏན་དང་པོར་སྐྱེས་པ་ལྟ་བུའོ། །གཉིས་ཀ་མ་ཐོབ་པ་གཟུགས་མེད་ནས་གཟུགས་མེད་དུ་སྐྱེ་བ་ལྟ་བུའོ། །དེ་བཞིན་མིག་དང་གཟུགས། མིག་ ཤེས་དང་གཟུགས་ཀྱི་མུ་བཞི། དེ་བཞིན་རྣ་བ་སོགས་ལ་སྦྱར་རོ། །ཡང་སྒྲས་མིག་དང་མིག་ཤེས་སོ་སོ་དང་། ལྷན་ཅིག་ཏུ་ནི་ལྡན་པ་ཡོད། ཅེས་ཟེར། བསམ་གཏན་གོང་མ་གསུམ་གཟུགས་ལ་མི་ལྟ་བ་མུ་དང་པོ་དང་། དང་པོ་དང་འདོད་རྟེན་མིག་མ་ཐོབ་པ་དང་། དེ་བཏང་བ་གཉིས་པ། དེའི་རྟེན་ཅན་ཐོབ་པ་མ་བཏང་བ་དང་གཟུགས་ཁམས་པ་གཟུགས་ལ་ལྟ་བ་རྣམས་གསུམ་པ། གཟུགས་མེད་པའི་རྟེན་ཅན་བཞི་པ་ཡིན་ནོ། །དབང་པོ་ལྷག་མ་ རྣ་བ་ལའང་སྦྱར་ཞིང་། སྣ་ལྕེ་ལ་མུ་བཞིའི་གཉིས་སྦྱར་རུང་ངོ་། །ལུས་ཤེས་ཐོབ་ཚུལ་མུ་བཞི་འདྲ། ལྡན་མུ་གཉིས་པས་འཇོག་འདྲ། ཡིད་ལ་གསར་ཐོབ་དང་སོ་སོ་བ་མེད་དོ། །བཅུ་བཞི་པ། ནང༷་གི༷ས་བསྡུས་པའི་ 3-1-20a ཁམས་བཅུ༷་ག༷ཉིས་ཏེ། གང་ཞེ་ན། གཟུགས༷་ལ༷་སོ༷གས་ཕྱིའི་ཁམས་དྲུག་མ༷་གཏོག༷ས་ཆོས་ཁམས་ལ་ཕྱི་ནང་གཉིས་ཀ་ཡོད་མོད་ཀྱི་དམིགས་ཡུལ་གྱི་དབང་དུ་བྱས་པའོ། །བཅོ་ལྔ་པ་ལ། དངོས་དང་། དེའི་ ངོས་འཛིན་གཉིས། དང་པོ། ཁམས་བཅོ་བརྒྱད་ལས་ཆོས༷་ཀྱི་ཁམས་ཞེས༷་བྱ༷་བ༷་ནི༷། རྟག་ཏུ་རྟེན༷་པ༷་ད༷ང་བཅ༷ས་པ་ཡིན་ཏེ། ཆོས་ཀྱི་ལས་ནི་ཡིད་བསྐྱེད་པ་ཡིན་ན། འཕགས་པའམ་སོ་སྐྱེ་གང་གི་ཡིད་ཀྱི་རྣམ་ཤེས་སྐྱེ་བའི་བྱ་བ་ བྱེད་པ་ལ་ངེས་པར་བརྟེན་པས་ཁྱབ་པའི་ཕྱིར། དེ་ལ་རང་རིག་མི་འདོད་པ་ལྟར་ན་ཆོས་ཐམས་ཅད་བདག་མེད་དོ་ཞེས་ཡིད་ཡུལ་དུ་རང་གི་ཤེས་པ་དང་དེ་དང་ལྷན་ཅིག་འབྱུང་བའི་མཚུངས་ལྡན་རྣམས་མ་གཏོགས་དུས་གསུམ་གྱི་ཆོས་ཐམས་ ཅད་འགྱུར་ལ། རང་རིག་འདོད་ན་དེ་ཡང་འགྱུར་ཏེ། སྐད་ཅིག་གིས་སྡོམ་པའི་དམིགས་པར་ཆོས་ཐམས་ཅད་འགྱུར་བའོ། །འོ་ན་ཁམས་ཐམས་ཅད་རྟེན་བཅས་ཏེ་བདག་མེད་རྟོགས་པའི་ཡུལ་ལོ་ཞེ་ན། ལྷག་མ་རྣམས་ནི་ རང་རང་གི་བྱེད་ལས་སོ་སོ་ལ་ལྟོས་ནས་དེ་མི་བྱེད་པ་ནི་དེ་མཚུངས་སོ། །ཁམས་ལྷག༷་མ༷་བཅུ་བདུན་ནི༷་རྟེན་བཅས་དང་ཡང་དེ༷་ད༷ང་མཚུང༷ས་པ༷་ད༷ག་ཀྱང༷་ཡི༷ན་ནོ། །གཉིས་པ་དེའི་ཁྱད་པར་ནི། ཁམས་གང༷་ཞིག༷་ར༷ང་གི༷་བྱེ༷ད་ལ༷ས་མི༷་བྱེ༷ད་པ་དེ་ མཚུངས། བྱེད་པ་རྟེན་བཅས་ཏེ། དེ་ཡང་མིག་དབང་གིས་གཟུགས་ལ་བལྟས། བལྟ་བ། ལྟ་འགྱུར་རྣམས་རྟེན་བཅས་ཏེ་ལུས་ཀྱི་བར་དུའོ། །དེ་མཚུངས་མིག་དབང་གིས་གཟུགས་མ་མཐོང་བར་འགགས། འགག་བཞིན། 3-1-20b འགག་འགྱུར། མི་སྐྱེ་བའི་ཆོས་ཅན་དང་བཞི་ཡིན་ཞེས་ཁ་ཆེ་བས་ཟེར། ནུབ་ཕྱོགས་པས་མི་སྐྱེའི་ཆོས་ཅན་ལ་འདོད་པ་དང་དང་པོའི་ལྟ་བུ་རྣམ་ཤེས་ལྡན་པ་དང་། གཉིས་པ་སོགས་ཀྱི་ལྟ་བུ་མི་ལྡན་པ་གཉིས་ཕྱེ་སྟེ་ལྔར་འདོད་དོ། །དེ་བཞིན་ གཟུགས་སོགས་ཁམས་ལྔ་ལའང་མཐོང་། མཐོང་འགྱུར་སོགས་སྦྱར་རོ། །སེམས་ཁམས་ནི་སྐྱེ་བ་ཡིན་ན་རྟེན་བཅས་སུ་ངེས་པ་དང་། ཡུལ་ལ་དམིགས་པས་ཁྱབ། མི་སྐྱེ་བ་དམིགས་པ་མི་འཛིན་པས་དེ་མཚུངས་སོ་ཟེར། མིག་སོགས་ གཅིག་གི་རྟེན་བཅས་ཡིན་པ་ཐམས་ཅད་ཀྱི་རྟེན་བཅས་མིན་ཏེ། སྐྱེས་བུ་གཉིས་སོགས་མིག་གཅིག་གིས་མི་བལྟ་བས་སོ། །གཟུགས་སོགས་དྲུག་ནི་ཡུལ་ཐུན་མོང་ཡིན་པས། ཡུལ་ཅན་སོ་སོ་ལ་ལྟོས་ནས་གཉིས་ཀ་ཡིན་རུང་ངོ་། །དྲི་ སོགས་ཀྱང་ཕྲད་ནས་འཛིན་མོད། གཅིག་ལ་ཕྲད་པའི་ངེས་པ་མེད་པ་དང་། ལྷས་བྱིན་གྱི་སྣའི་ནང་གི་སྲིན་བུ་སོགས་ཀྱི་སྣའི་རྣམ་ཤེས་བསྐྱེད་བསྲིང་བས། གཅིག་ཏུ་ངེས་པ་མེད་དོ། །བཅུ་དྲུག་པ་ལ། དངོས་དང་། གཞན་གྱི་ལོག་ རྟོག་དགག་ཚུལ་གཉིས། དང་པོ། གཟུགས་ཅན་བཅུ༷་ནི༷་བསྒོམ༷་པ༷ས་སྤང༷་བྱ༷་ཡི༷ན་ཏེ། ཟག་བཅས་ཡིན་པ་གང་ཞིག་བདེན་པ་ལ་ལོག་པར་མི་རྟོག་པའི་ཕྱིར། དེས་ཀུན་ནས་བསླངས་པའི་དེ་དང་འབྲེལ་བའང་མིན་པས་མཐོང་སྤང་མིན་ནོ། ། མིག་ཤེས་སོགས་ལྔ༷་ཡ༷ང་སྒོམ་སྤང་ཡིན་ལ། ཁམས་ཐ༷་མ༷་གསུམ༷་ལ་རྣམ༷་པ་གསུམ༷་སྟེ་འདི་ལྟར་ཕྲ་རྒྱས་གྱ་བརྒྱད་དེ་དག་དང་མཚུངས་ལྡན་དེ་དག་གི་མཚན་ཉིད་ཐོབ་པ་བཅས་མཐོང་སྤང་དང་། ཟག་བཅས་ལྷག་མ་སྒོམ་སྤང་། ཟག་མེད་ 3-1-21a སྤང་བྱ་མིན་པ་དང་གསུམ་མོ། །གཉིས་པ། འདིར་གནས་མ་བུ་སྡེ་ན་རེ། སོ་སྐྱེ་དང་ངན་སོང་གི་ལུས་ངག་གི་ལས་མཐོང་སྤང་ཡིན་ཏེ། མཐོང་ལམ་སྐྱེས་ན་སོ་སྐྱེ་འགགས་པའི་ཕྱིར་དང་། མདོ་ལས། རྒྱུན་ དུ་ཞུགས་པས་ངན་སོང་གི་འགྲོ་བ་འགོག་པར་གསུངས་པས་སོ་ཟེར། དེ་མིན་ཏེ་སོ་སོའི་སྐྱེ་བོ་ཉོ༷ན་མོ༷ངས་ཅ༷ན་མི༷ན་པས་ན་མཐོ༷ང་སྤང༷་མི༷ན་ལ། གལ་ཏེ་སོ་སྐྱེ་ཉོན་མོངས་ཅན་ཡིན་ན། འཇིག་རྟེན་ལམ་གྱིས་ཆགས་བྲལ་སོ་སྐྱེ་མིན་པའམ། དེ་དགེ་ བ་ཡིན་ན་དགེ་རྩ་ཆད་པ་སོ་སྐྱེ་མིན་པར་ཐལ་བས་སོ། །དེས་ན་སོ་སྐྱེ་མ་སྒྲིབ་ལུང་མ་བསྟན་ཡིན་ནོ། །ངན་སོང་གི་ལུས་ངག་གི་ལས་ཀྱང་གཟུག༷ས་ཡིན་པས་དེས་བདེན་པ་ལ་ལོག་པར་མི་རྟོག་ཅིང་། དེའི་རྗེས་འབྲང་ཐོབ་པའང་མི༷ན་པས་མཐོང་ སྤང་མིན་ནོ། །སོ་སྐྱེ་དང་ངན་སོང་གི་ལུས་ངག་གི་ལས་གཉིས་ཀའང་དྲུག༷་པ༷་ཡིད་ཤེས་མི༷ན་པ་ལས་སྐྱེས༷་ཕྱིར་མཐོང་སྤང་མིན་ནོ། །མཐོང་སྤང་ཡིན་ན་ཡིད་ཤེས་ལས་སྐྱེས་པ་དང་། དེ་དང་འབྲེལ་བས་ཁྱབ་བོ། །ངན་སོང་གི་ལུས་ངག་གི་ ལས་ནི་དེར་སྐྱེ་བའི་རྒྱུ་མི་དགེ་བ་ལ་འདོད་དོ། །གཟུགས་དང་དབང་ཤེས་ཉོན་མོངས་ཅན་ཡིན་ཡང་མཐོང་སྤང་མིན་ནོ། །གཞན་ཡང་སོ་སྐྱེ་མཐོང་སྤང་ཡིན་ན། སྡུག་བསྔལ་ཆོས་བཟོད་ཚེའང་སོ་སྐྱེར་འགྱུར་རོ། །མཐོང་ལམ་གྱི་ཚེ་དེ་ སྤོང་བ་བརྟག་མིན་གྱི་འགོག་པ་ཡིན་ནོ། །བཅུ་བདུན་པ་ལ། སྤྱི་དང་བྱེ་བྲག་མིག་གི་ལྟ་བ་ལ་འདོད་ཚུལ་གཉིས། དང་པོ་ལ། དངོས་དང་དོགས་སྤང་གཉིས། དང་པོ། མི༷ག་ད༷ང་ཆོ༷ས་ཀྱི༷་ཁ༷མས་གཉིས་ཀའི་ཕྱོག༷ས་གཅིག་མིག་རྟེན་བཅས་ 3-1-21b དང་། ཆོས་ཁམས་ཀྱི་ཤེས་རབ་ཀྱི་ཆ་གཅིག་ནི༷། ལྟ༷་བ༷་ཞེས་བྱ་བ་ཡི༷ན་ཏེ༷། གཟུགས་ལ་བལྟ་བ་དང་ཡུལ་ལ་ངེས་པར་རྟོག་པའི་ཕྱིར་རོ། །ཆོས་ཁམས་ཀྱི་ཕྱོགས་གཅིག་ནི། འཇིག་ལྟ་སོགས་ལྔ་དང་། འཇིག་རྟེན་པའི་ཡང་དག་ པའི་ལྟ་བ། སློབ་པའི་ལྟ་བ། མི་སློབ་པའི་ལྟ་བ་དང་གསུམ་སྟེ་རྣམ༷་པ༷་བརྒྱ༷ད་དོ། །དང་པོ་ལྔ་ཉོན་མོངས་ཅན། ༡ འཇིག་རྟེན་ཡང་དག་ལྟ་བ་དགེ་བ་ཟག་བཅས། ༢ སློབ་པ་སྒོམ་སྤང་དང་བཅས་པ། ༣ མི་སློབ་པ་དེ་མེད་པའོ། ༤ ལྟ་ཚུལ་ཡང་། རིམ་པར་མི་གསལ་བ་སྤྲིན་བཅས་དང་། ༡ ཅུང་ཟད་གསལ་བ་ ༢ སྤྲིན་མེད་ཀྱི་མཚན་མོ། ཤིན་ཏུ་གསལ་བ་༣དང་ཆེས་ཤིན་ཏུ་གསལ་བ་ ༤ ཉིན་མོ་གཟུགས་ལ་བལྟ་བ་ལྟར་རོ། །གཉིས་པ་འཇིག་རྟེན་པའི་ཡང་དག་ལྟ་བ་ཡང་ཡིད་ཤེས་མཚུངས་ལྡན་གྱི་ ཤེས་རབ་དགེ་བ་ཟག་བཅས་ལྟ་བ་ཡིན་ན་གཞན་ཅིའི་ཕྱིར་མ་ཡིན་སྙམ་ན། རྣམ༷་ཤེ༷ས་ལྔ༷་ད༷ང་མཚུང༷ས་ལྡན་དུ་སྐྱེས༷་པའི་བློ༷་སྟེ་ཤེས་རབ་དགེ་བ་ཟག་བཅས་ནི། རང་ཡུལ་ལ་ངེ༷ས་རྟོག༷་མེ༷ད་ཕྱིར༷་ལྟ༷་བ་མ༷་ཡི༷ན་ནོ། །གཉིས་པ། འོ་ན་མིག་ཀྱང་ལྟ་བར་ མི་འགྱུར་ཞེ་ན། མི༷ག་གི༷ས་གཟུག༷ས་རྣམ༷ས་མཐོ༷ང་བའི་ཆ་ནས་སོ། །ཐམས་ཅད་ཀྱིས་མཐོང་ངམ་ཞེ་ན། རྟེན༷་བཅ༷ས་ཀྱིས་སོ། །དེ༷་ལ༷་བརྟེན༷་པ༷འི་རྣམ༷་ཤེས༷་ཁོ་ནས་མཐོང་བ་ནི་མི༷ན་ཏེ། གང༷་གི་ཕྱིར༷་ན་རྩིག་པ་སོགས་ཀྱིས་བ༷ར༷་དུ་ ཆོད༷་པ༷་ཡི༷་གཟུགས༷་ནི༷་མཐོང༷་བ༷་མི༷ན་པའི་ཕྱིར་ཞེས་ཟེར། དེ་ལ་རྣམ་ཤེས་ཀྱིས་མཐོང་ན་དེ་ཐོགས་མེད་ཡིན་པས་བར་ཆོད་ཀྱང་མཐོང་དགོས་ན་དེ་མིན་པའི་ཕྱིར༷་རོ་ཟེར། ལོ༷་ཞེས་པ་ནི། མདོ་སྡེ་པས་དེ་ཟློག་པ་སྟེ། རྣམ་ཤེས་ཀྱིས་མཐོང་ཡང་ 3-1-22a སྒྲིབ་པ་ཐམས་ཅད་ལ་མི་འཇུག་སྟེ། མཐོང་བའི་རྒྱུ་མ་ཚང་བས་སོ། །ཚང་ན་ཤེལ་དང་ཆུ་སོགས་ཀྱིས་ཆོད་ཀྱང་མཐོང་བས་སོ་ཟེར། མིག༷་ནི༷་གཉི༷ས་ཀ༷་ད༷ག་གི༷ས་ཀྱང༷་མཐོ༷ང་སྟེ༷། གཉིས་ཀས་མཐོང་བ་ནི་ གས༷ལ་བ༷ར་མཐོང༷་བའི་ཕྱིར༷་རོ༷། །རྟེན་གཉིས་སུ་ཆད་པས་བརྟེན་པ་རྣམ་ཤེས་གཉིས་སུ་ཆད་པར་ཐལ་སྐྱོན་མེད་དེ། རྣམ་ཤེས་གཟུགས་ཅན་མིན་པས་ཡུལ་ན་མི་གནས་པས་སོ། །བཅོ་བརྒྱད་པ་ལ། དབང་ཡུལ་རྟེན་ཚུལ་དང་། དབང་ ཤེས་རྟེན་ཚུལ། ཞར་ལ་དེ་གསུམ་ལུས་དང་བཅས་པ་ས་གཅིག་གམ་ཐ་དད་དཔྱད་པ་གསུམ། དང་པོ་ལ། དབང་ཡུལ་ཕྲད་མ་འཕྲད་དང་། མཉམ་མི་མཉམ་གཉིས་ཀྱི། དང་པོ། མི༷ག་ད༷ང་ཡི༷ད་དང༷་རྣ༷་བ༷་གསུམ་ནི༷། རང་གི་ཡུལ༷་ད༷ང་མ༷་འཕྲ༷ད་པར་འཛིན་ལ། སྣ་ལྕེ་ལུས་གསུམ༷་གཞན༷་དུ༷་སྟེ་ཕྲད་ནས་སོ། །གཉིས་པ། སྣ༷་དང་ལ༷་སོ༷གས་པ༷་སྟེ་ལྕེ་ལུས་གསུམ༷་གྱིས༷་ནི༷། ཡུལ༷་ནི༷་དབང་པོ་རང་གི་རྡུལ་ཚད་དང་མཉམ༷་པ༷་ཡི་ཡུལ་གྱི་རྡུལ་འཛི༷ན་པར༷་ འདོ༷ད། ཡིད་ལུས་ཅན་མིན་པས་ཚད་མེད་ལ། མིག་རྣས་རེས་འགའ་དབང་པོ་བས་ཆེ་བ་དང་རེས་ཆུང་། རེས་མཉམ་པར་འཛིན་པའོ། །དེ་དག་བསགས་པ་ལ་དམིགས་ཀྱིས་རྡུལ་ཕྲན་གཅིག་གིས་བསྐྱེད་པ་མེད་དོ། །གཉིས་ པ་ལ་དངོས་དང་། དེ་གཉིས་ཐུན་མིན་གྱི་རྒྱུ་འབྲས་སུ་བསྟན་པ་གཉིས། དང་པོ། ཁམས་དེ་དག་གི་ཐ༷་མ༷འི་ཡིད་ཤེས་ཀྱི་རྟེན༷་འདས༷་མ་ཐག་པ་ཡིན་ལ། མིག་ཤེས་སོགས་ལྔ༷་རྣམ༷ས་ཀྱི༷་རྟེན་དེ༷་ད༷ག་རང་དང་དུས་མཉམ་པ་ད་ལྟ་བ་ལྷན༷་ 3-1-22b ཅི༷ག་སྐྱེས༷་པ༷འང༷་ཡི༷ན་ལ། འང་ཞེས་ཡིད་འདས་པའང་ཡིན་ཞེས་སོ། །འདིར་མིག་ཤེས་ཀྱི་རྟེན་དང་། དེ་མ་ཐག་རྐྱེན་ཡིན་མིན་མུ་བཞི་སྟེ། དབང་ཤེས་ལ་ལྟོས་ནས་རྟེན་ཡིན་པ་དབང་ལྔ། ཅིག་ཤོས་སེམས་སེམས་ བྱུང་འདས་མ་ཐག་པ། གཉིས་ཡིན་འདས་མ་ཐག་པའི་ཡིད། ཕྱིའི་གཟུགས་ཅན་ལྔ་མུ་བཞི་པའོ། །ཡིད་ཤེས་ལ་ལྟོས་ནས་མུ་དང་པོ་མེད། མུ་གཉིས་པ་དང་བཞི་པ་འདྲ། གསུམ་པ་ཡིད་སྔ་མ་གཉིས་ཀའོ། །གཉིས་ པ། ཅིའི་ཕྱིར་གཟུགས་ལས་ཀྱང་སྐྱེ་ན་མིག་ཤེས་ཞེས་བརྗོད་ཀྱི་གཟུགས་ཤེས་སོགས་མི་བརྗོད་ཟེར་ན། དབང་པོ་དེ༷་ད༷ག་གྱུར༷་པ༷ས་ཤེས་པའང་འགྱུར༷་བ་ཉི༷ད་ཀྱི་ཕྱིར༷་ཏེ། དབང་པོ་འགྱུར་ན་ཕན་གནོད་ལ་བརྟེན་ནས་དབང་པོ་དེའི་རྗེས་སུ་ ཤེས་པ་འགྲོ་ཞིང་དབང་པོ་གསལ་ན་ཡུལ་མི་གསལ་ཡང་བྱ་རྒོད་ལྟར་ཤེས་པ་གསལ་ལ། དབང་པོ་མི་གསལ་ན་ཡུལ་གསལ་ཡང་ཤེས་པ་མི་གསལ་བས་སོ། །རྟེན༷་ཐུན་མིན་ནི༷་མིག༷་ལ༷་སོ༷གས་པ༷་ཡི༷ན་པ་དེ༷་ཡི་ཕྱིར༷་ཐུན༷་མོང༷་མ༷་ཡི༷ན་པའི་ རྒྱུ་ཡིན་པའི་ཕྱིར༷་དབང་པོ་དེ༷་དག༷་གི༷་སྒྲས༷་ནི༷་རྣམ༷་ཤེས༷་བསྟན༷་ཏེ་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་བཞིན་ནོ། །ཡུལ་ནི་མིག་ཤེས་དང་ཡིད་གཉིས་ཀའི་ཐུན་མོང་ཡིན་ནོ། །གསུམ་པ། ཡང་ལུས་གང་ལ་གནས་ཏེ་མིག་གིས་གཟུགས་ལ་ལྟ་བ་རྣ་བས་ཉན་པ་ སོགས་ལ་ལུས་མིག་གཟུགས་ཤེས་བཞི་ས་གཅིག་གམ་ཐ་དད་ཟེར་ན། ཐ་དད་པ་དང་གཅིག་པའང་ཡོད་དོ་ཞེས་བསྟན་པ་ནི། དེ་ལ་དབང་པོ་གཟུགས་ཅན་པ་ལྔ། ཡུལ་སྒྲ་གཟུགས་རེག་གསུམ་འདོད་ཁམས་དང་བསམ་གཏན་བཞི་སྟེ་ས་ 3-1-23a ལྔ་པའོ། །མིག་རྣ་ལུས་ཤེས་གསུམ། འདོད་དང་བསམ་གཏན་དང་པོ་ནའོ། །དྲི་རོ་སྣ་ལྕེའི་ཤེས་པ་འདོད་པ་ཁོ་ནའོ། །འདོད་པར་སྐྱེས་པའི་རང་སའི་མིག་གིས་གཟུགས་ལ་ལྟ་ན་ཐམས་ཅད་རང་ སའོ། །འདོད་པ་བསམ་གཏན་བཞི་པའི་མིག་གིས་བསམ་གཏན་གཉིས་པའམ་གསུམ་པའི་གཟུགས་ལ་ལྟ་ན་ཐམས་ཅད་ས་ཐ་དད་པའོ། །ཞེས་སྤྱིར་གོ་བར་བྱས་ནས། གོང་མའི་ལུས༷་རྟེན་ཁོག་པ་ལ༷་འོ༷ག་མའི༷་མི༷ག་བརྟེན་པ་མ༷་ཡི༷ན་ ཏེ་རང་ས་ན་མིག་མཆོག་ཡོད་པས་སོ། །འོག་མའི་མི༷ག་གི༷ས་གོ༷ང་མ༷འི་གཟུགས༷་མཐོང་བ་མ༷་ཡི༷ན་ཏེ་ཕྲ་བས་སོ། །རྣམ༷་པ༷ར་ཤེས༷་པ༷འ༷ང་ཞེས་ས་འོག་མའི་མིག་ལ་གོང་མའི་ཤེས་པ་མཆོག་མི་བརྟེན་ནོ། །གོང་མའི་མིག་ལ་འོག་ མའི་རྣམ་ཤེས་བརྟེན་པ་སྲིད་དེ། བསམ་གཏན་གཉིས་པ་ཡན་ཆད་གཟུགས་ལ་ལྟ་ན་དང་པོའི་མིག་ཤེས་མངོན་དུ་བྱེད་པས་སོ། །དང་པོ་པས་འདོད་པའི་མིག་ཤེས་ནི་མི་རྟེན་ཏེ་དགོས་པ་མེད་པས་སོ། །མིག་ཤེས་ཙམ་པོ་དེ༷་ཡི༷ས་ རང་ས་དང་། གོང་འོག་གཉིས་ཀའི་གཟུགས༷་མཐོང་སྲིད་དེ། དང་པོའི་མིག་ཤེས་ཀྱིས་གོང་མ་གསུམ་དང་འདོད་པའི་གཟུག༷ས་མཐོང་བས་ཡིན་གྱི་འདོད་པས་གོང་ས་མི་མཐོང་ངོ་། །རྣམ་ཤེས་ཀྱིས་ས་ཐམས་ཅད་པའི་གཟུགས་ མཐོང་བར་མ་ཟད་རྟེན་ལུས༷་ཀྱི༷འ༷ང་། གོང་འོག་གཉི༷ས་ཀ༷འི་ཡུལ་ཤེས་ས་ཐམ༷ས་ཅ༷ད་དུ༷་ཅི་རིགས་པར་མཐོང་རྟེན་བྱེད་དེ། འདོད་པ་དང་བསམ་གཏན་བཞི་སྟེ་ས་ལྔ་ཡི་ལུས་ལ་བརྟེན་ནས་ལྔ་པོའི་གཟུགས་མཐོང་ནུས་པས་སོ། ། 3-1-23b མིག་ལ་བཤད་པ་ལྟར་རྣ༷་བ༷འང་དེ༷་བཞི༷ན་དུ་ཤེས་པར་བྱ་སྟེ་ལུས་ལ་འོག་མའི་རྣ་བ་མ་ཡིན་སོགས་སྦྱར་བར་བྱའོ། །སྣ་ལྕེ་ལུས་དབང་གསུམ༷་ད༷ག་ནི༷་ཕྲད་ནས་འཛིན་པས་ཡུལ་ཤེས་ཐམ༷ས་ཅ༷ད་རང༷་གི༷་ས༷་པ༷་ཉི༷ད་ཅེས་སྤྱིར་བསྟན་ནས། དམིགས་བསལ། ལུས་དང་རེག་བྱ་ལུས་དབང་གསུམ་རང་ས་ཡིན་ལ། བསམ་གཏན་གཉིས་པ་ཡན་གྱིས་རེག་བྱ་འཛིན་ན་ལུས༷་ཀྱི༷་རྣམ༷་ཤེས༷་འོ༷ག་མ་བསམ་གཏན་དང་པོའི་ས་པ་ད༷ང་ནི༷། འདོད་པ་དང་བསམ་གཏན་དང་པོས་རེག་བྱ་འཛིན་ན། ར༷ང་གི༷་ས༷འི་རྣམ་ཤེས་ཀྱིས་འཛིན་ཏོ། །ཡི༷ད་སོགས་ཁམས་ཐ་མ་གསུམ་དང་དེའི་རྟེན་ལུས་ནི་ས་མ༷་ངེ༷ས་ཏེ༷་ཅི་རིགས་ཡོད་པར་གནས་གསུམ་པ་དང་བརྒྱད་པར་ཡང་འཆད་དོ། །བཅུ་དགུ་པ། དབང་ཡིད་གཉི༷ས་ཀྱིས༷་རྣམ༷་པར་ཤེས༷་པར་བྱ་བ་ཕྱི༷་ཡི༷་ཡུལ་ལྔ༷་ཡིན་ལ། ལྷག་མ་བཅུ་གསུམ་ནི་ཡིད་ཤེས་གཅིག་པུས་ཤེས་བྱའོ། །ཉི་ཤུ་པ། ཁམས་བཅོ་བརྒྱད་ལས་འདུས༷་མ༷་བྱས༷་ཆོས༷་ཁམས་ནི་སྐད་ཅིག་མ་མིན་པས་རྟག༷་པ༷་ཡིན་ལ། གཞན་འདུས་བྱས་ཡིན་པས་མི་རྟག་པར་ཤེས་པར་བྱའོ༷། །འདི་རྫས་དང་ལྷན་ཅིག་ཞེས་པའི་དམིགས་བསལ་ཡིན་འདྲ་དཔྱོད། ཉེར་གཅིག་པ། ཆོ༷ས་ཀྱི༷་ཕྱེ༷ད་སྲོག་དང་དད་སོགས་དང་ཚོར་སོགས་ད༷ང་། ཟག་མེད་གསུམ་དང་བཅུ་བཞི་སྟེ་ཁམས་གང༷་དག༷་ནི༷་བཅུ༷་ག༷ཉིས༷་ནང༷་གི༷་ཡིན་པར་བཤ༷ད་པ་དེ་རྣམས་དབ༷ང་པོ༷་ཡིན་ལ། ལྷག་མ་ཆོས་ཀྱི་ཕྱེད་དང་། གཟུགས་སོགས་ལྔ་དབང་པོ་མིན་པར་གྲུབ་བོ། །གཉིས་པ་ལེའུའི་མཚན། ཆོ༷ས་མངོ༷ན་པ༷འི་མཛོ༷ད་ཀྱི༷་ཚི༷ག ། 3-1-24a ལེ༷འུ༷ར་བྱས༷་པ༷་ལ༷ས། ཁམ༷ས་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གན༷ས་དང༷་པོ༷འི་འགྲེལ་བའོ༷།། ༈ །།གཉིས་པ་དངོས་པོའི་ཆོས་ལས་གལ་ཆེ་བ་བྱེ་བྲག་ཏུ་བཤད་པ་དབང་པོའི་གནས་འཆད་ པ་ལ། གནས་དང་། ལེའུའི་སྐབས་བསྡུ་བ་གཉིས། དང་པོ་ལ། འདུས་བྱས་ཀུན་བྱང་གི་གཙོ་བོ་དབང་པོ་ཉེར་གཉིས་བཤད་པ་དང་། འདུས་བྱས་ཀྱི་ཆོས་སྐྱེད་ཚུལ་བཤད་པ་གཉིས། དང་པོ་ལ། དབང་པོར་འཇོག་པའི་རྒྱུ་ མཚན། གྲངས་ངེས། སྐབས་སུ་བབས་པའི་ངོ་བོ། རབ་དབྱེ་བཞི། དང་པོ། བྱེ་མདོའི་ལུགས་གཉིས་ལས། དང་པོ། མདོ་ལས། བྲམ་ཟེ་རང་བཞིན་ཉན་གྱི་དབང་དུ་མཛད་ནས་དབང་པོ་ཉེར་གཉིས་ནི་མིག་གི་དབང་པོ་ནས་ ལུས་བར་དང་། ཡིད་དང་། མོ་དང་། ཕོ་དབང་དང་། སྲོག་དང་། བདེ་སྡུག་དང་། ཡིད་བདེ་དང་། མི་བདེ་དང་། བཏང་སྙོམས་དང་། དད་སོགས་ལྔ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོའོ། །དེ་ལ་མིག་སོགས་ལྔ༷་པོ༷་རྣམ༷ས་ནི༷་ལུས་མཛེས་པར་བྱེད་པ། ལུས་ཡོངས་སུ་བསྲུང་བ། རང་གི་རྣམ་ཤེས་མཚུངས་ལྡན་བཅས་བསྐྱེད་པ། རང་ཡུལ་ལ་ལྟ་བ་སོགས་ཐ་སྙད་ཐུན་མོང་མིན་པའི་ དོ༷ན་བཞི༷་ལ༷་དབ༷ང་བྱེ༷ད་དོ། །བསྲུང་ཚུལ་མིག་རྣས་མཐོང་ཐོས་ཀྱིས་ཀྱང་ལུས་སྲུང་། གཞན་གསུམ་གྱིས་ཁམ་ཟས་ལ་ལོངས་སྤྱོད་པས་སོ། །ཕོ་མོ་སྲོག་ཡིད་ཀྱི་དབང་པོ་བཞི༷་པོ་རྣམ༷ས་དོན་གཉི༷ས་ལ༷་དབ༷ང་བྱེད་དེ། ཕོ་མོའི་དབང་པོས་ 3-1-24b ནི་འདི་ནི་ཕོའོ། །མོའོ། །ཞེས་སེམས་ཅན་ལས་བྱེ་བྲག་ཏུ་ཕྱེད་པ་དང་། ཁྱད་པར་དུ་ཕོས་མོ་ལས་ཁྱད་པར་ལ་དབང་བྱེད་པ་དང་། མོས་དེ་ཟློག་སྟེ་གཉིས་སོ། །སློབ་དཔོན་གཞན་དག་གིས་ནི་ཀུན་བྱང་ལ་དབ༷ང་བྱེད་དེ། དེ་དག་ནི་སྡོམ་ མིན་མཚམས་མེད་དང་། དགེ་རྩ་གཅོད་པ་དང་། སྡོམ་པ་འབྲས་ཐོབ། ཆགས་བྲལ་གྱི་གཞིར་རུང་གི། ཟ་མ་མ་ནིང་མཚན་གཉིས་པ་དེ་ལྟར་མ་ཡིན་པའི་ཕྱིར་རོ་ཟེར། སྲོག་དབང་གིས་རིས་མཐུན་པར་ཉིང་མཚམས་སྦྱོར་བ་དང་། དེའི་རྒྱུན་གནས་པ་གཉིས་ལའོ། །ཡིད་ཀྱིས་ཡང་སྲིད་དུ་ཉིང་མཚམས་སྤྱོར་བ་དང་། ཡིད་ཀྱི་དབང་གིས་ལུས་སོགས་དགེ་བ་སོགས་སུ་བྱེད་པས་དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་དོ། །ལོ༷་ཞེས་བྱེ་སྨྲའི་འདོད་པ་ལ་མ་རངས་ པ་སྟེ། ལུས་མཛེས་པ་དབང་རྟེན་གྱིས་བྱེད་པའི་ཕྱིར་དང་། བསྲུང་དང་ཐ་སྙད་ཐུན་མིན་དབང་ཤེས་ཀྱིས་དང་། གཟུགས་ཁམས་ལྷ་དང་། བསྐལ་པ་དང་པོའི་མིའང་ཕོ་ཡིན་པ་དང་། སྲོག་ཀྱང་ཉོན་མོངས་ཅན་མིན་པས་ དེ་མཚམས་སྦྱོར་བྱེད་དུ་མི་འཐད་དོ། །ཞེས་སོ། །ཚོར་བ་ལྔ༷་ད༷ང་དད་སོགས་ལྔ་དང་ཀུན་བྱེད་སོགས་གསུམ་དང་བརྒྱ༷ད་པོ༷་དེ༷་རྣམ༷ས་ནི༷་རིམ་པར་ཀུན༷་ན༷ས་ཉོ༷ན་མོ༷ངས་པ་དང་། རྣམ༷་བྱང༷་ལ༷་དབང་བྱེད་དེ། ཚོར་བ་ལྔས་ཆགས་ སྡང་རྨོངས་གསུམ་བསྐྱེད་པའི་ཕྱིར་དང་། ཚོགས་སྦྱོར་ཀྱི་དད་སོགས་ལྔ་རྣམ་བྱང་གི་རྒྱུ་དང་། མཐོང་ལམ་སོགས་གསུམ་པོ་རྣམ་བྱང་གི་ངོ་བོ་ཡིན་པས་སོ། །གཉིས་པ། མདོ་སྡེ་པས་མིག་སོགས་རང༷་གི༷་དོ༷ན་གཟུགས་ 3-1-25a སོགས་ལ་དམིགས་པ་ད༷ང་ཡིད་ནི་ཡུལ་ཐ༷མས་ཅ༷ད་ལ༷་དམིག༷ས་པ༷ར་དབ༷ང་བྱེ༷ད་པའི་ཕྱིར༷་དབ༷ང་པོ་དྲུག༷་གོ། གཟུགས་སོགས་ཀྱིས་རྣམ་ཤེས་བསྐྱེད་པར་བྱེད་མོད་ལྷག་པར་དབང་བྱེད་པ་མིན་ནོ། ། མོ་དབང་ནུ་མ་ཆེ་བ་སོགས་དང་ང་རོ་ཆུང་བ་བསམ་པ་ཞན་པ་ཕོ་ལ་སེམས་པ་སོགས་མོ༷་ཉི༷ད་དང་། ཕོ་དབང་དེ་ལས་ལྡོག་པའི་ཕོ༷་ཉི༷ད་ལ༷་དབ༷ང་བྱེད་པའི་ཕྱིར༷་ལུས༷་དབང་ལ༷ས་བྱེ་བྲག་ཏུ་མོ༷་ད༷ང་ཕོ༷་དབ༷ང་ད༷ག་དབྱེ་བ་དང་། སྲོག་གིས་རིགས༷་མཐུན་དུ་གན༷ས་པ་དང་། ཚོར་བས་ཀུན༷་ན༷ས་ཉོ༷ན་མོ༷ངས་པ་ད༷ང་། དད་སོགས་རྣམ༷་པ༷ར་བྱང༷་བ་ལ༷་དབ༷ང་བྱེ༷ད་ཕྱིར༷་སྲོག༷་ད༷ང་ཚོར༷་བ༷་རྣམ༷ས་ད༷ང་ནི༷་ད༷ད་སོ༷གས་དབ༷ང་པོ༷་ལྔར༷་འདོ༷ད་དོ༷། །མཐར་ཐུག་གི་མྱ༷་ང༷ན་ལས་འད༷ས་ཐོབ་པ་ལ། ཀུན་ཤེས་ལྡན་པའི་དང་། ཀུན་ཤེས་པ་དག་སོ༷གས་ གོ༷ང་ནས༷་གོ༷ང་དུ་འཐོ༷བ་པ༷་ལ༷་ནི༷་དབ༷ང་བྱེ༷ད་པའི་ཕྱིར༷། ཀུན༷་ཤེ༷ས་བྱེ༷ད་པ་དང༷་། ཀུན༷་ཤེ༷ས་པ་དང༷་དེ༷་བཞི༷ན་དུ་ཀུན༷་ཤེ༷ས་ལྡན༷་པའི་དབ༷ང་པོ༷ར་བཞག་སྟེ། རང་གི་གོང་མ་ཀུན་ཤེས་པའི་དབང་པོ་ཐོབ་པ་ལ་དབང་བྱེད་པ་ཀུན་ཤེས་པར་བྱེད་པའི་དབང་པོ། གོང་མ་ཀུན་ཤེས་ལྡན་པའི་དབང་པོ་ཐོབ་པ་ལ་དབང་བྱེད་པ་ཀུན་ཤེས་པའི་དབང་པོ། ལྷག་མེད་ཀྱི་མྱང་འདས་ཐོབ་པ་ལ་དབང་བྱེད་པའི་ཀུན་ཤེས་ལྡན་པའི་དབང་པོ། དེ་བཞིན་ཞེས་མིག་སོགས་ནས་དད་སོགས་བར་དབང་པོ་ཡིན་པ་དེ་བཞིན་ཞེས་ བསྙེགས་པར་གང་སྤེལ་འཆད་དོ། །སོགས་སྒྲས་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོས་ནི། མཐོང་སྤང་སྤོང་བ་དང་། ཀུན་ཤེས་སྒོམ་སྤང་དང་། ཀུན་ཤེས་ལྡན་པ་མཐོང་ཆོས་བདེ་བར་གནས་ལ་དབང་བྱེད་དོ། །ཞེས་སོ། 3-1-25b གཉིས་པ་གྲངས་ངེས་ལ། བྱེ་མདོའི་ལུགས་གཉིས། དང་པོ། དབང་བྱེད་པ་ཙམ་གྱིས་ཡིན་ན། མ་རིག་པས་འདུ་བྱེད་ལ་དབང་བྱེད་པ་དང་། ཁ། ལག་རྐང་། རྐུབ། འདོམ་སོགས་དབང་པོར་འགྱུར་ཏེ། ཚིག་སྨྲ་བ་ཟས་ལེན་པ་ སོགས་ལ་དབང་བའི་ཕྱིར་ཞེ་ན། དབང་པོ་ཉེར་གཉིས་ནི་དགོས་པའི་གྲངས་ངེས་ཏེ། ཀུན་ཉོན་དང་། རྣམ་བྱང་གི་གཞི་དང་ངོ་བོའམ་འབྲས་བུའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལ་སེམས་ཅན་གྱི་རྫས་ཀྱི་གཞིའི་དབང་དུ་བྱས་ནས་ སེ༷མས་རྣམ་ཤེས་ཀྱི༷་རྟེན༷་མིག་སོགས་དྲུག་དང༷་། སེམས་ཅན་དེ༷འི་བྱེ༷་བྲག༷་འབྱེད་པ་ཕོ་མོའི་དབང་པོ་གཉིས་དང་། སེམས་ཅན་དེ་གན༷ས་པ་སྲོག་ད༷ང་དགུ་ནི་ཀུན་ཉོན་གྱི་གཞི་ཡིན་ནོ། །ཚོར་བ་ལྔ་ཀུན༷་ནས༷་ཉོ༷ན་མོང༷ས་པ་ཉི༷ད་ཀྱི་འབྲས་ བུའམ་ངོ་བོ་ཡིན་པའི་ཕྱིར་བསྟན་ཏོ། །དད་སོགས་ལྔ་ཚོགས༷་སོག་པར་བྱེད་པས་རྣམ་བྱང་གི་གཞི་ད༷ང་། ཀུན་ཤེས་སོགས་གསུམ་གྱིས་རྣམ༷་པར་བྱང༷་བར་བྱེད་པའམ། རྣམ་བྱང་དེའི་ངོ་བོ་ཡིན་པའི་ཕྱིར་བསྟན་ཏེ། དེ་ལྟར་ན་ ཀུན་ཉོན་རྣམ་བྱང་གི་གཞི་དང་ངོ་བོའི་གྲངས་ཇི༷་སྙེད༷་པ༷་དབ༷ང་པོ༷་ད༷ག་ཀྱང༷་དེ༷་སྙེད༷་དུ༷་ཕྱེ་བས་ཉེར་གཉིས་སོ། །གཉིས་པ། ཡ༷ང་ན༷་སྡེ་པ་གཞན་དག་ནི། འཁོར་བར་འཇུག་ལྡོག་གི་དབང་དུ་མཛད་ནས། འཇུག༷་པའི༷་རྟེན༷་དབང་པོ་དྲུག་སྟེ། སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་པས་ད༷ང་། བར་དོའི་སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི༷་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བས་སོ། །འཁོར་བར་སྐྱེ༷་བ་ཕོ་མོའི་དབང་པོ་སྟེ། དེ་དག་ལས་སྐྱེས་པས་སོ། །བརྫུས་སྐྱེས་ལ་མེད་ཀྱང་གཙོ་ཆེ་བས་ 3-1-26a ད༷ང་། སེམས་ཅན་དེ་དག་གན༷ས་བྱེད་སྲོག་ད༷ང་། སེམས་ཅན་དེ་དག་ཉེ༷་བར་ལོངས་སྤྱོ༷ད་པ་ལ༷ས་ཚོར་བ་ལྔ་སྟེ། འཁོར་བར་འཇུག་པའི་དབང་དུ་མཛད་ནས་དབང་པོ་བཅུ༷་བཞི༷་ཡིན་ལ། དེ༷་བཞིན༷་དུ་འཁོར་བ་ལས་ལྡོག༷་པ༷་ལ༷་ ཡང་། རྟེན་དད་སོགས་ལྔ། རྣམ་བྱང་ཉིད་དུ་དང་པོར་སྐྱེ་བ་ཀུན་ཤེས་པར་བྱེད་པའི་དབ༷ང་པོ༷་རྣམ་པར་བྱང་བ་གནས་པ་ཀུན་ཤེས་པའི་དབང་པོ། རྣམ་པར་བྱང་བ་ཉེ་བར་ལོངས་སྤྱོད་པ་ཀུན་ཤེས་ལྡན་པ་སྟེ། དེ་རྣམ༷ས་ནི༷་སྔ་མ་རྣམས་ལས་ གཞ༷ན་དབང་པོ་བརྒྱད་ཡི༷ན་ནོ༷། །གསུམ་པ། དེ་ལ་དབང་པོའི་ངོ་བོ་མིག་སོགས་དྲུག་དང་ཕོ་མོའི་དབང་པོ་སྟེ་བརྒྱད་བཤད་ཟིན་ལ། དད་སོགས་ལྔ་དང་། སྲོག་དབང་དང་དྲུག་འོག་ནས་འཆད་པར་འགྱུར་བས། འདིར་ཚོར་བ་ལྔ་ དང་ཟག་མེད་ཀྱི་དབང་པོ་གསུམ་སྟེ་བརྒྱད་པོ་འཆད་པ་ལ། ལུས༷་ཞེས་བྱ་བ་དབང་པོ་གཟུགས་ཅན་པ་ཐམས་ཅད་ལ་ཟེར་རོ། །དེ་ལ་བརྟེན་ནས་སྐྱེས་པའི་ཚོ༷ར་བ་སི༷མ་པ༷་མ༷་ཡི༷ན་པ་ག༷ང་དེ་ནི་སྡུག༷་བསྔ༷ལ་གྱི་དབ༷ང་པོ༷འོ༷། །དེ་ཡང་ མིག་སོགས་ཀྱི་རྣམ་ཤེས་ལྔའི་འཁོར་དུ་སྐྱེས་པའི་ཚོར་བ་གདུང་བ་ལ་དེ་སྐད་བརྗོད་དོ། །དེ་དག་གི་འཁོར་དུ་སྐྱེས་པའི་ཚོར་བ་སི༷མ་པ༷་ནི༷་བདེ༷་བ༷འི་དབང་པོའོ༷། །དེར་མ་ཟད་བས༷མ་གཏན༷་གསུམ༷་པ༷་ན༷་སེམ༷ས་ཀྱི༷་སིམ་པ་དེ༷་ནི༷་བདེ༷་ བའི་དབ༷ང་པོ༷་ཡིན་ཏེ། དེ་ན་སྒོ་ལྔའི་རྣམ་ཤེས་མེད་པས་ལུས་ཚོར་མེད་པའི་ཕྱིར་དང་། དགའ་བ་ལས་འདོད་ཆགས་བྲལ་ནས་སིམ་པ་དེ་ཡིད་བདེའང་མིན་པས་སོ། །གཉིས་པ་དང་པོ་འདོད་པ་སྟེ་གཞ༷ན་ན༷་སེམས་ཀྱི་སིམ་པ་དེ༷་ 3-1-26b ནི་ཡི༷ད་བདེ༷་བ༷་ཡི༷ན་ཏེ། དགའ་བ་ལས་འདོད་ཆགས་མ་བྲལ་བས་དེ་དག་གི་ཡིད་ཀྱི་འཁོར་དུ་སྐྱེས་པའི་སིམ་པ་ནི་དགའ་བ་ཡིན་པའི་ཕྱིར་རོ། །སེམས་བདེ་དང་ཡིད་བདེའི་ཁྱད་པར་ནི། འདོད་པ་ནས་བསམ་གཏན་གཉིས་ པའི་བར་གྱི་ཡིད་དགའ་བ་རྣམ་རྟོག་ཙམ་གྱིས་སྐྱེ་ཞིང་མི་བརྟན་པ་ཡིད་བདེ་ཡིན་ལ། གསུམ་པ་ན་བརྟན་གནས་ཡིད་སིམ་ནི་སེམས་བདེའོ། །སེམ༷ས་ཏེ་ཡིད་ཀྱི༷་འཁོར་དུ་སྐྱེས་པའི་ཚོར་བ་སི༷མ་པ༷་མ༷་ཡི༷ན་པ༷་དེ་ནི་ཡི༷ད་མི༷་བདེ༷་བ༷འོ༷། ། བཏ༷ང་སྙོམ༷ས་ནི༷་བདེ་སྡུག་བ༷ར་མ༷འོ༷། །བཏང་སྙོམས་ལ་ལུས་སེམས་གཉིས་སུ་མི་ཕྱེ་བར་གཉི༷ས་ཀ༷འི་དེ་བསྡམས་ནས་གཅིག་ཏུ་བརྩིས་པ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། སེམས་ཚོར་རྣམ་རྟོག་ཙམ་གྱིས་སྐྱེ་ཞིང་ལུས་ཀྱིས་མིན་ལ། ལུས་བདེ་ སྡུག་ནི་ལུས་ལ་ཕན་གནོད་ཀྱིས་བྱུང་བས་ཐ་དད་དུ་བྱས་ལ། བཏང་སྙོམས་རྣམ་པར་མི༷་རྟོག༷་པ་དང་། ཕན་གནོད་མེད་པར་ངང་གིས་སྐྱེ་བའི་ཕྱིར༷་རོ། །མཐོ༷ང་བསྒོ༷མ་མི༷་སློབ༷་ལ༷མ་གསུམ་ལ༷་རིམ་པར་དད་སོགས་ལྔ་ཡིད་དང་བདེ་བ་ཡིད་ བདེ་བཏང་སྙོམས་ཏེ། དགུ༷་ལ་ནི་ཀུན་བྱེད་ཀུན་ཤེས་ཀུན་ཤེས་ལྡན་པའི་དབང་པོ་གསུམ༷་ཡི༷ན་ནོ། །ཟག་མེད་ཀྱི་བདེ་བ་ནི་བསམ་གཏན་གསུམ་པ་ལ་བརྟེན་པའི་དབང་དུ་བྱས་ཀྱི་ལུས་བདེ་མིན་ཏེ་སྒོ་ལྔའི་ཤེས་པ་འཁོར་བཅས་ཟག་བཅས་སུ་ ངེས་པས་སོ། །ཚོར་བ་དེ་དག་ས་སོ་སོ་ཡིན་གྱི་ཚོགས་པ་གཅིག་ལ་མིན་ནོ། །བཞི་པ་ལ། ཟག་བཅས་ཡིན་མིན། ༡ རྣམ་སྨིན་ཡིན་མིན། ༢ རྣམ་སྨིན་དང་བཅས་མ་བཅས། ༣ དགེ་སོགས་གསུམ་གྱི་ཁྱད་པར། ༤ ཁམས་གང་དུ་གཏོགས་ 3-1-27a པ། ༥ སྤང་བྱའི་ཁྱད་པར། ༦ རྙེད་གཏོང་གི་ཁྱད་པར། ༧ འབྲས་བུ་བཞི་པོ་རེ་རེ་དབང་པོ་དུའི་ཐོབ་དཔྱད་པ། ༨ ལྡན་པའི་ཚུལ་དང་༩ རྣམ་པ་དགུ་ལས། དང་པོ། ཀུན་ཤེས་སོགས་གསུམ༷་ནི༷་དྲི༷་མ༷་མེ༷ད་པ་དང་། གཟུག༷ས་ ཅ༷ན་བདུན་དང་། སྲོག༷་ད༷ང་སྡུག༷་བསྔལ༷་གཉིས་པོ་ད༷ག་བསྒོམ་སྤང་ཡིན་པས་གཅིག་ཏུ་ཟག༷་པ་ད༷ང་བཅས༷་པ༷་ཡིན་ལ། ཚོར་བ་གསུམ་དད་སོགས་ལྔ་ཡིད་དང་དགུ༷་ནི་ཟག་བཅས་ཟག་མེད་རྣམ༷་པ་གཉི༷ས་ཏེ། ལམ་གསུམ་གྱི་ཚོགས་པ་ན་ཡོད་ པ་ཟག་མེད་དང་། གཞན་ཟག་བཅས་ཡིན་པའི་ཕྱིར། ཀུན་བཏུས་འགྲེལ་པ་སོགས་ལས་དང་པོ་གཉིས་ཀྱི་གདགས་གཞི་ཡིད་མི་བདེའང་ཡིན་པས་བཅུར་བཤད་དོ། །གཉིས་པ། སྲོག༷་ནི༷་རྣམ༷་སྨིན༷་ཏེ། མཐོ་རིས་ན་དགེ་བ་ཟག་ བཅས་དང་། ངན་སོང་ན་མི་དགེ་བས་འཕང་བས་སོ། །འོ་ན་དགྲ་བཅོམ་པ་སྐུ་ཚེ་བཏང་འཇོག་བྱེད་པ་ཅི་ཞེ་ན། ཚེའི་འདུ་བྱེད་ནི་སྔོན་ནམ་འདིའི་ལས་བསྒྱུར་དགོས་སོ་ཟེར། །ཁ་ཅིག་བཏང་འཇོག་ནི་ཏིང་ངེ་འཛིན་གྱིས་བྱེད་པས། དེ་ རྣམ་སྨིན་མིན་ཀྱང་འདིར་སྤྱིའི་དབང་དུ་བྱས་སོ་ཟེར། བཅུ༷་ག༷ཉིས་ལ་རྣམ་སྨིན་ཡིན་མིན་གཉི༷ས་ཡོད། བཅུ་གཉིས་གང་ཞེ་ན། དབང་པོ་ཐ༷་མ༷་དགེ་དབང་བརྒྱ༷ད་ད༷ང་། ཡི༷ད་མི༷་བདེ༷་མ༷་གཏོ༷གས་པ༷་སྲོག་དབང་ལས་གཞན་པ་རྣམས་ ཏེ༷། ཐ་མ་བརྒྱད་དགེ་བ་ཡིན་པས་དང་། ཡིད་མི་བདེའང་དགེ་མི་དགེ་གང་རུང་དུ་ངེས་པས་སོ། །དེ་ལ་མིག་སོགས་བདུན་རྒྱས་བྱུང་རྣམ་སྨིན་མིན་ལ། རྣམ་སྨིན་ལས་བྱུང་རྣམས་དེ་ཡིན་ནོ། །ཡིད་དང་ཚོར་གཞན་བཞི་དགེ་དང་། 3-1-27b ཉོན་མོངས་ཅན། གཟོ་གནས། སྤྱོད་ལམ། སྤྲུལ་སེམས་རྣམས་རྣམ་སྨིན་མིན་ལ། རྣམ་སྨིན་ལས་སྐྱེས་རྣམས་དེ་ཡིན་ནོ། །དེས་ན་སྲོག་དང་གཟུགས་ཅན་བདུན། བདེ་འགྲོ་ན་དགེ་བའི་རྣམ་སྨིན་དང་། བདེ་བ་ཡིད་བདེ། བཏང་སྙོམས་གསུམ་དགེ་བའི་དང་། སྡུག་བསྔལ་མི་དགེ་བའི་རྣམ་སྨིན་ནོ། །ཡིད་མི་བདེ་ནི་རྣམ་སྨིན་མིན། འོ་ན་ཡིད་མི་བདེ་མྱོང་འགྱུར་གྱི་ལས་བཤད་པ་དང་འགལ་ཞེ་ན། དེ་མྱོང༷་འགྱུར་གྱི་ལས་ནི། མཚུངས་ལྡན་མྱོང་འགྱུར་ ལ་དགོངས་ཀྱི། རྣམ་སྨིན་མྱོང་འགྱུར་མིན་ནོ། །གསུམ་པ། ཡིད་མི་བདེ་དེ༷་གཅི༷ག་ནི༷་མཉམ་གཞག་མིན་ཅིང་། མི་འདོད་པ་སོགས་ལ་རྟོག་ཙམ་གྱིས་སྐྱེ་བས་རྣམ་སྨིན་མིན་ལ། དགེ་མི་དགེ་གང་རུང་དུ་ངེས་ཀྱི་ལུང་མ་བསྟན་ མེད་པས་རྣམ༷་པ༷ར་སྨི༷ན་པའི་འབྲས་བུ་དང་བཅས༷། བཅུ༷་ལ་ནི་རྣམ༷་པ་གཉི༷ས་ཏེ་གང་ཞེ་ན། ཡི༷ད་ད༷ང་ཚོར༷་བ་གཞ༷ན་ཡིད་མི་བདེ་མ་གཏོགས་བཞི་དང་ད༷ད་པ༷་སོ༷གས་ལྔ་སྟེ་བཅུ་ལ་མི་དགེ་དང་། དགེ་བ་ཟག་བཅས་རྣམ་སྨིན་བཅས་པ་ དང་། ལུང་མ་བསྟན་དང་ཟག་མེད་རྣམ་སྨིན་མེད་པ་གཉིས་སོ། །ལྷག་མ་གཟུགས་ཅན་བདུན་དང་། སྲོག་ཟག་མེད་ཀྱི་དབང་པོ་གསུམ་རྣམ་སྨིན་མེད་པ་ཁོ་ནའོ། །བཞི་པ། གཅིག་ཏུ་དགེ༷་བ༷་ཐ་མ་བརྒྱ༷ད། ཡི༷ད་མི༷་བདེ༷་བ༷་ནི་དགེ་མི་ དགེ་རྣམ༷་པ་གཉི༷ས་དང་ཡི༷ད་དང༷་ཚོ༷ར་གཞ༷ན་བཞི་ནི༷་དགེ་མི་དགེ་ལུང་མ་བསྟན་རྣམ༷་གསུམ༷་སྟེ་གསུམ་ཀ་དང་མཚུངས་པར་ལྡན་པས་སོ། །གཞ༷ན་གཟུགས་ཅན་བདུན། སྲོག་དང་བརྒྱད་ནི༷་ལུང་མ་བསྟན་གྱི་རྣམ༷་པ༷་གཅི༷ག་ཏུ་ངེས་པ་ 3-1-28a ཡིན་ནོ། །ལྔ་པ། དྲི༷་མེ༷ད་གསུམ་པོ་མ༷་གཏོག༷ས་པ་གཞན་བཅུ་དགུ་ནི་འདོ༷ད་པ༷ར་གཏོག༷ས་ལ། དེ་དག་ལས་ཕོ༷་མོ༷འི་དབ༷ང་པོ་ད༷ང་། སྡུག༷་བསྔལ༷་གཉིས་པོ་ད༷ག་མ༷་གཏོག༷ས་བཅོ་ལྔ་གཟུགས༷་སུ་ གཏོག༷ས་པ་ཡིན་ཏེ། གཟུགས་ཁམས་འཁྲིག་པ་ལ་ཆགས་པ་བྲལ་ཞིང་མི་མཛེས་པར་བྱེད་ཕྱིར་ཕོ་མོའི་དབང་པོ་མེད། མཉམ་བཞག་གི་ས་པ་ཡིན་པས་སྡུག་བསྔལ་མེད། ལུས་ཤིན་ཏུ་དྭངས་ཕྱིར་བསྣུན་སོགས་ཕྲལ་ རྐྱེན་གྱི་སྡུག་བསྔལ་མེད། མི་དགེ་བ་མེད་ཕྱིར་རྣམ་སྨིན་གྱི་སྡུག་བསྔལ་མེད། རྒྱུད་ཞི་གནས་ཀྱིས་བརླན་ཕྱིར་དང་། ཀུན་ནས་མནར་སེམས་ཀྱི་གཞི་དགུ་མེད་པའི་ཕྱིར་ཡིད་མི་བདེའང་མེད་དོ། །གལ་ཏེ་ཕོ་དབང་མེད་ན། ཁམས་མང་པོའི་མདོ་ལས། མོ་ཚངས་པར་བྱེད་པའི་གནས་མེད་པར་དང་། ཕོ་གང་ཡིན་པ་སྐབས་ཡོད་གསུངས་པ་ཅི་ཞེ་ན། ཕོའི་མཚན་ཉིད་ང་རོ་དང་གསང་མཐོ་སོགས་གཟུགས་ནའང་ཡོད་པས་སོ་ཟེར། དེའི་སྟེང་ གཟུགས༷་ཅ༷ན་ལྔ་ད༷ང་བདེ༷་བ༷་ཡིད་བདེའ༷ང་མ༷་གཏོག༷ས་ལྷག་མ་བརྒྱད་ནི་གཟུག༷ས་མེ༷ད་དུ་གཏོག༷ས་སོ། །དྲུག་པ། ཡི༷ད་ད༷ང་ཚོ༷ར་བ༷་བདེ་བ་ཡིད་བདེ་བཏང་སྙོམས་གསུམ༷་སྟེ་བཞི་ནི། མཐོང་སྤང་དང་མཚུངས་ལྡན་མཐོང་སྤང་དང་། སྒོམ་སྤང་དང་མཚུངས་ལྡན་སྒོམ་སྤང་དང་། སྤང་བྱ་མིན་པ་ཟག་མེད་དང་མཚུངས་ལྡན་སྤང་བྱ་མིན་པ་སྟེ་རྣ༷མ་པ་གསུ༷མ་མོ། །འདི་སྐབས་བདེ་བའང་གསུམ་པའི་དེ་ཡིན་གྱི་ལུས་བདེ་སྒོམ་སྤང་ཁོ་ནའོ། །མཐོང་སྒོམ་གཉི༷ས་ 3-1-28b ཀྱིས༷་སྤང༷་བྱ༷་ཡི༷ད་མི༷་བདེ༷་སྟེ་སྤང་བྱ་གཉིས་ཀ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཟུགས་ཅན་བདུན། སྲོག་སྡུག་བསྔལ་དང་དགུ༷་ནི༷་བསྒོ༷མ་པ༷ས་སྤང་བྱ་སྟེ་ཟག་བཅས་སུ་ངེས་ཤིང་། དྲུག་པ་ལས་མ་སྐྱེས་ཤིང་ མཐོང་སྤང་མིན་པས་སོ། །ལྔ༷་པོ༷་ལ་ནི༷་ཟག་བཅས་སྒོམ་སྤང་ཡིན་ལ། ཟག་མེད་སྤང༷་བ༷ར་བྱ༷་བ༷་མི༷ན་པ་ཡ༷ང་ཡིན་ལ། ཟག་མེད་གསུམ༷་སྤང་བྱ་མི༷ན་ཏེ་གཉེན་པོ་ཡིན་པའི་ཕྱིར་རོ། །བདུན་པ་ལ་རྙེད་ཚུལ་དང་གཏོང་ ཚུལ་གཉིས། དང་པོ། དབང་པོ་ཐོབ་ཚུལ་ནི་དབང་པོ་ཐམས་ཅད་ཀྱི་མ་ཡིན་ཏེ། རྣམ་སྨིན་གྱི་དབང་པོའི་ཐོབ་ཚུལ་འཆད་དེ། དེ་ཡང་འདོ༷ད་པ༷ར་ད༷ང་པོ༷ར་ཉིང་མཚམས་སྦྱོར་བ་ན། སྐྱེ་གནས་དང་པོ་གསུམ་གྱིས་དང་པོར་ རྣམ༷་སྨིན༷་གྱི་དབང་པོ་ལུས་སྲོག་གཉི༷ས་གསར་དུ་རྙེད༷་དེ༷། ཡིད་སོགས་རྣམ་སྨིན་དུ་མ་ངེས་པས་དང་། མིག་སོགས་མེད་པས་དང་། ཁ་ཅིག་སྔར་ཡོད་པས་སོ། །རྫུས༷་ཏེ༷་སྐྱེ་བ༷ས༷་དེ་དང་འདྲ་བ་མི༷ན་ཏེ། རྫུས་སྐྱེས་དེ༷་ཡི༷ས་ དྲུག༷་ག༷༷མ་སྟེ། མཚན་མེད་བསྐལ་པ་དང་པོའི་མི་སོགས་ལྟ་བུས་མིག་སོགས་ལྔ་སྲོག་དང་དྲུག་གོ། མཚན་གཅིག་པ་འཕགས་པ་ལྷ་དང་འདོད་ལྷ་རྣམས་ལྟ་བུ་ལ་དྲུག་སྟེང་ཕོ་མོའི་དབང་པོ་གང་རུང་དང་བདུན༷་ན༷མ། མཚན་གཉིས་ པ་རྫུས་སྐྱེས་ངན་སོང་རྣམས་ན་སྲིད་པས་དེ་ལྟར་ན་བརྒྱ༷ད་གཅིག་ཆར་གསར་དུ་རྙེད་དོ། །གཟུགས༷་ན༷་མིག་སོགས་ལྔ། སྲོག་དང་དྲུག༷་གོ༷། གོང༷་མ༷ར་གཟུགས་མེད་པར་སྲོག་དབང་གཅི༷ག་གསར་དུ་རྙེད་དོ། །རྣམ་སྨིན་གྱི་ 3-1-29a དབང་པོ་གཞན་ས་དེ་ན་མེད་པའི་ཕྱིར་རོ། །གཉིས་པ། གཟུགས༷་མེ༷ད་དག༷་ཏུ༷་འཆི༷་བ༷་ན༷་ས་དེས་བསྡུས་པའི་སྲོག༷་ད༷ང་ཡི༷ད་ད༷ང་བཏང༷་སྙོམ༷ས་དང་གསུམ་ཉི༷ད་དུས་གཅིག་ཏུ་འག༷ག་པ༷ར་འགྱུར༷་རོ༷། ། གཟུགས༷་ན༷་མིག་སོགས་ལྔ་དང་། སྔར་གྱི་གསུམ་སྟེ་བརྒྱ༷ད། འདོ༷ད་པ༷ར་རྫུས་སྐྱེས་མཚན་གཉིས་པ་གཅིག་ཆར་འཆི་བ་ལ་གཟུགས་ཅན་བདུན། སྲོག་སོགས་གསུམ་སྟེ་བཅུ༷་འགག་པའ༷མ། མཚན་གཅིག་པ་ཡིན་ན་དགུ༷འམ༷། མཚན་ མེད་པ་ཡིན་ན་བརྒྱ༷ད་འགགས་པར་འགྱུར་ལ། རིམ༷་གྱིས༷་འཆི༷་བ༷་ད༷ག་ལ༷་ལུས་སྲོག་བཏང་སྙོམས་ཡིད་དང་བཞི༷་གཅིག་ཆར་འགགས། དེ་དག་མ་སྒྲིབ་ལུང་མ་བསྟན་དང་ཉོན་མོངས་ཅན་གྱི་དབང་དུ་བཤད་པ་ཡིན་གྱི་དགེ༷་སེམས་ཀྱིས་ འཆི་འཕོ་བ་ལ༷་ཁམས་གསུམ་གྱི་གནས་སྐབས་དྲུག་པོ་ཐམ༷ས་ཅ༷ད་ད༷ག་ཏུ༷་དད་སོགས་ལྔ༷་བསྣན་ཏེ་གཟུགས་མེད་ཁམས་སུ་བརྒྱད་གཅིག་ཆར་འགག་པ་སོགས་སོ། །ཟག་མེད་རྣམ་སྨིན་མིན་པ་དང་། འཆི་སེམས་ཀྱང་མིན་ལ། འཆི་ བ་དེ་དག་གི་གཏོང་རྒྱུ་ཡང་མིན་པས་འཆི་ཚེ་འགག་པར་མ་བཤད་དོ། །བརྒྱད་པ། འབྲས༷་བུ༷་གོང་འོག་གི་ཐ༷་མ༷་རྒྱུན་ཆགས་དགྲ་བཅོམ་གཉི༷ས་ནི་དབང་པོ་དགུ་དགུས༷་འཐོབ༷་སྟེ། རྒྱུན་ཆགས་དགྲ་བཅོམ་གཉིས་ལ་དད་སོགས་ལྔ་ དང་ཡིད་གཞིར་བཞག་ལ། རྒྱུན་ཆགས་ལ། འཕགས་པ་ཆགས་བཅས་ཡིན་པས་མི་ལྕོགས་མེད་ཀྱི་ཚོར་བ་བཏང་སྙོམས། སྐད་ཅིག་བཅོ་ལྔ་མན་ཀུན་ཤེས་བྱེད་དང་། བཅུ་དྲུག་པ་ཀུན་ཤེས་པ་སྟེ་བར་ཆད་མེད་ལམ་གྱིས་བྲལ་ 3-1-29b ཐོབ་འདྲེན་པ་དང་། རྣམ་གྲོལ་ལམ་གྱིས་བྲལ་ཐོབ་འཛིན་པས་སོ། །དགྲ་བཅོམ་བསམ་གཏན་དང་པོ་གཉིས་པའི་དངོས་གཞི་ལ་བརྟེན་ན་ཡིད་བདེ་གསུམ་པའི་བདེ་བ། ས་གཞན་གྱི་བཏང་སྙོམས་གང་རུང་དང་། བར་ཆད་མེད་ལམ་རྡོར་ ཏིང་ཀུན་ཤེས་དང་། རྣམ་གྲོལ་ལམ་ཀུན་ཤེས་ལྡན་ཏེ་དགུའོ། །འབྲས་བུ་བར་པ་གཉི༷ས་ལ་དད་སོགས་ཡིད་དང་དྲུག་གི་སྟེང་། ཕྱིར་འོང་མཐར་གྱིས་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་ཐོབ་པར་བྱེད་ན་ནི༷། མི་ལྕོགས་མེད་ཀྱི་ བཏང་སྙོམས་དང་བདུན༷་དང༷་། འདས་ལམ་གྱིས་ཐོབ་ན་དད་སོགས་ལ་ཀུན་ཤེས་ཀྱི་མིང་ཐོབ་པས་དེ་དང་བརྒྱ༷ད་ད༷ང་། ཆགས་བྲལ་སྔོན་སོང་གིས་མཐོང་ལམ་དུ་ཕྱིར་འོང་རང་འབྲས་ཐོབ་པ་ལ་བརྒྱད་སྟེང་ཀུན་ཤེས་བྱེད་དང་དགུས་འཐོབ་བོ། །ཕྱིར་མི་འོང་དབང་རྟུལ་གྱིས་འཇིག་རྟེན་པའི་ལམ་གྱིས་མཐར་གྱིས་འཐོབ་ན། སྔར་གྱི་དྲུག་སྟེང་། དངོས་གཞིའི་ཡིད་བདེ་རྣམ་གྲོལ་དགུ་པའི་ཚེ་མངོན་དུ་བྱེད་མི་ནུས་པས་མི་ལྕོགས་མེད་ཀྱི་བཏང་སྙོམས་དང་བདུན་ནོ། །ཡང་མཐར་ གྱིས་དབང་རྟུལ་འདས་ལམ་གྱིས་འཐོབ་ན་དེ་སྟེང་ཀུན་ཤེས་དང་བརྒྱད། གལ་ཏེ་དབང་རྣོན་འཇིག་རྟེན་ལམ་གྱིས་ཀྱང་རྣམ་གྲོལ་དགུ་པའི་ཚེ་ཡིད་བདེ་མངོན་དུ་བྱེད་པས་ཀྱང་བརྒྱད་དོ། །དབང་རྣོན་འདས་ལམ་གྱིས་ཐོབ་ན། བཏང་སྙོམས་ཡིད་ བདེ་གཉིས་དང་། བར་ཆད་མེད་ཚེ་ཀུན་ཤེས་དང་དགུས་ཐོབ་བོ། །ཡང་ཆགས་བྲལ་སྔོན་སོང་གིས་རང་འབྲས་ཐོབ་ན། ཚོར་བ་གསུམ་གང་རུང་དང་། ཀུན་ཤེས་བྱེད་པ་དང་། ཀུན་ཤེས་པ་དང་དགུས་ཐོབ་བོ། །བཅུ༷་གཅི༷ག་ད༷ག་གི༷ས་དགྲ༷་ 3-1-30a བཅོ༷མ་ཉི༷ད་ཐོབ་པ་ཉམས་པ་སོར་ཆུད་པའི་སྐབས་འགའ༷་ཞི༷ག་ཏུ་སྲི༷ད་ཕྱིར༷་བཤ༷ད་པ༷་ཡི༷ན་ཏེ། ཡེ་ཤེས་ལ་འཇུག་པ་ལས་དགྲ་བཅོམ་པ་དབང་པོ་བཅུ་གཅིག་གིས་ཐོབ་པར་བཤད་པ་ནི། མི་ལྕོགས་མེད་དམ། བཞི་པ་ཡན་གྱི་བཏང་སྙོམས་ལ་བརྟེན་ནས་ཐོབ་པ་ཉམས་ནས་གསུམ་པའི་དངོས་གཞི་བདེ་བ་ལ་བརྟེན་ནས་ཡང་ཐོབ་པ་སོར་ཆུད་པར་བྱེད་ན། བདེ་བ་དང་། དེ་ཡང་ཉམས་ནས་བསམ་གཏན་དང་པོ་གཉིས་ལ་བརྟེན་ནས་སོར་ཆུད་ན་ ཡིད་བདེ་སྟེ། སྔར་གྱི་དགུ་བསྡོམས་པས་བཅུ་གཅིག་གོ། དེ་ལས་མང་མི་སྲིད་དེ་ལན་དུ་མར་ཉམས་ཀྱང་ཚོར་བ་གསུམ་ལས་གཞན་ལ་བརྟེན་པ་མི་སྲིད་པས་སོ། །ལན་གཅིག་ཉམས་ན་བཅུས་ཀྱང་ངོ་། །ཕྱིར་མི་འོང་ཉམས་ པ་ལ་མི་མཚུངས་ཏེ་དབང་རྣོན་མི་ཉམས་ལ་རྟུལ་པོས་ཉམས་ཀྱང་ཡིད་མི་བདེ་ལས་བདེ་བ་མི་སྲིད་དེ། དེ་ལྡན་ལ་མ་ཉམས་པས་ཁྱབ་ལ། ཉམས་ལ་དེ་མེད་པས་ཁྱབ་སྟེ། འདོད་ཉོན་སྤོང་བ་དང་པོའི་ཉེར་བསྡོགས་ལ་ལྟོས་པས་སོ། ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་བ་བཞི་པ་ཡན་ལས་ཉམས་པ་ལའང་། བདེ་ཡིད་བདེ་སྲིད་པས་བཅུ་གཅིག་གོ་ཟེར་ན། དེ་ཉམས་མི་སྲིད་དེ། ལམ་གཉིས་ཀྱིས་བརྟན་པར་བྱས་པས་སོ། །དགུ་པ་ལ། ངེས་ལྡན། སྲིད་ལྡན། མང་ མཐའ་མང་མཐའི་ལྡན་ཚུལ་གསུམ། དང་པོ། བཏང༷་སྙོམ༷ས་དང༷་ནི༷་སྲོག༷་དང༷་ནི༷་ཡི༷ད་ད༷ང་ལྡན༷་ལ༷་ངེ༷ས་པར་དེ་གསུམ༷་འབྲལ་མེད་དུ་ལྡན༷་པས་ཁྱབ་ལ། འོ་ན་འགོག་སྙོམས་དུས་གཞན་གཉིས་མེད་པས་སྲོག་ཀྱང་མེད་དམ་ཟེར་ན། དེ་གཉིས་ཀྱི་ 3-1-30b ཐོབ་པ་ཡོད་པས་ལྡན་ནོ། །གཞན་ནི་ལྡན་པར་མ་ངེས་ཏེ། དེ་ལྡན་ལ་ལུས་དང་ཚོར་གཞན་ལྡན་པས་མ་ཁྱབ་པ་གཟུགས་མེད་བཞིན་དང་། མིག་སོགས་ལྡན་པར་མ་ངེས་ཏེ་ནུར་ནུར་པོ་བཞིན། ཕོ་མོའི་དབང་པོ་དང་མིག་ཉམས་སོགས་ བཞིན་དང་། རིམ་གྱིས་འཆི་ཚེའོ། །སྡུག་བསྔལ་དང་ཕོ་མོའི་དབང་པོ་མི་ལྡན་པ་གཟུགས་ཁམས་བཞིན་དང་། ཟག་མེད་དང་མི་ལྡན་པ་སོ་སྐྱེས་ཏེ། དེ་ཡང་སྔར་མ་ཐོབ་པ་དང་བཏང་ཟིན་སོགས་སོ། །དད་སོགས་ལྡན་པར་ མ་ངེས་པ་དགེ་རྩ་ཆད་པ་བཞིན་ནོ། །ཡིད་མི་བདེ་འདོད་ན་ཆགས་བྲལ་ལ་མི་ལྡན་ནོ། །བདེ༷་བ་དང་ལུས༷་ལྡན༷་ལ༷་སྔར་གྱི་གསུམ་དང་རང་རང་བཞི༷་དག༷་ད༷ང་ལྡན། དེ་ལ་བདེ་ལྡན་ལུས་མི་ལྡན་གསུམ་པའི་སས་བསྡུས་ཟག་མེད་ཀྱི་བདེ་བ་ ཐོབ་པའི་ཕྱིར་མི་འོང་དང་། དགྲ་བཅོམ་གཟུགས་མེད་པར་སྐྱེས་པའོ། །ལུས་ལྡན་འདོད་གཟུགས་པའོ། །ལུས་ལྡན་མིག་སོགས་མི་ལྡན་པ་ནི་མིག་སོགས་མ་ཐོབ་པ་དང་ཉམས་པའོ། །མི༷ག་དང་སོ༷གས་པས་རྣ་སྣ་ལྕེ་ཡི་ དབང་པོ་ལྡ༷ན་པ་ལ༷་སྔར་བཤད་ལུས་སོགས་བཞི་དང་། རང་རང་དང་ལྔ༷་ད༷ང་ལྡན༷་ལ། ཡི༷ད་བདེ༷་བའི་དབང་པོ་དང་ལྡན༷་པར་ཡ༷ང་སྔར་གྱི་གསུམ་སྟེང་བདེ་བ་དང་ཡིད་བདེ་རང་དང་ལྔ་ལྡན་ནོ། །དེ་ལ་བདེ་ལྡན་ཡིད་བདེ་མི་ལྡན་པ་གསུམ་པའི་ བྱིས་པའོ། །ཡིད་བདེ་ལྡན་གཉིས་པ་མན་ཆད་ཀྱི་བྱིས་པའོ། །གཉིས་པའི་བྱིས་པ་ལ་ཡིད་བདེ་ལྡན་ཡང་བདེ་བ་མེད་དེ། ལུས་བདེ་དང་པོ་མན་ཆད་པའི་ས་པ་ཡིན་པས་སྤང་བས་དང་། གསུམ་པའི་བདེ་བ་མ་ཐོབ་པས་སོ་ཟེར་ན། 3-1-31a གསུམ་པའི་བདེ་བ་ཉོན་མོངས་ཅན་གྱི་ཐོབ་པ་དེ་ནའང་ཡོད་དེ། གོང་མའི་ཉོན་མོངས་མ་སྤང་པས་བདེ་དང་ལྡན་ཞེས་གྲུབ་མཐའ་འོ། །སྡུག༷་བསྔལ༷་དབང་ལྡན༷་འདོད་པ་སྟེ་དེ་ལ་ཀུན་ཁྱབ་གསུམ་དང་། ལུས་བདེ་བ། ཡིད་བདེ་སྡུག་བསྔལ་རང་དང་བདུན༷་ད༷ང་ལྡན་ཏེ། ཡིད་མི་བདེ་ནི་འདོད་པ་ཆགས་བྲལ་ལ་མི་ལྡན་ནོ། །ཚོར་གཞན་དགེ་བ་དང་ཉོན་མོངས་ཅན་གྱི་ཐོབ་པ་ཅི་རིགས་ལྡན་ནོ། །མོ༷་ཡི༷་དབ༷ང་པོ་དང་སོགས་ཁོངས་ནས་ཕོ་དབང་ཡིད་མི་བདེ། དད་ སོ༷གས་ལྡན༷་པ་ལ། སྔ་མ་གསུམ་ལ་བདུན་སྟེང་རང་རང་ཀླགས་པ་དང་། ཕྱི་མ་དད་སོགས་ལྔ་ལྡན་ལ་ཀུན་ཁྱབ་གསུམ་དང་བཅས་བརྒྱ༷ད་ད༷ང་། ཀུན༷་ཤེ༷ས་དང་ཀུན་ཤེས་ལྡན༷་པ༷་ཡི༷། དབ༷ང་པོ༷་གཉིས་པོ་ལྡན༷་ལ༷་རང་ཉིད་དང་ཟག་མེད་དགུ་ སྲོག་དང་བཅུ༷་གཅི༷ག་ངེས་པར་ལྡན༷། ཕྱིར་མི་འོང་དང་དགྲ་བཅོམ་ཞུགས་པ་ཁམས་གསུམ་ཆར་ཐོབ་སྲིད་པས་སོ། །བསམ་གཏན་གསུམ་པ་མན་ན་བཅུ་གཅིག་ལྡན་ཀྱང་། བཞི་པ་ཡན་ཆད་དུ་སྐྱེས་པའི་འཕགས་པ་སློབ་པ་ལ་བདེ་ ཡིད་བདེ་རང་ས་ན་མེད་ཅིང་། ས་འཕོས་པས་བཏང་བའི་ཕྱིར་ཟེར་ན། ཟག་བཅས་ཀྱི་དེ་གཉིས་མེད་ཀྱང་སྔར་ཐོབ་པའི་ཟག་མེད་ཀྱི་དེ་གཉིས་ཡོད་ལ། དེ་འབྲས་བུ་ཐོབ་སྦྱངས་སོགས་ཀྱིས་བཏང་ཡང་གསར་པ་མི་གཏོང་བས་ངེས་པར་ བཅུ་གཅིག་གོ། ཞེས་སོ། །ཀུན༷་ཤེ༷ས་བྱེ༷ད་པའི༷་དབ༷ང་པོ་ལྡ༷ན་པ་འདོད་རྟེན་མཐོང་ལམ་པ་ཡིན་པས་དེ་ལ༷་རང་དང་། ཡིད་སྲོག་ལུས་དབང་། ཡིད་བདེ་བདེ་བ། སྡུག་བསྔལ་བཏང་སྙོམས། དད་སོགས་ལྔ་སྟེ་བ༷ཅུ་གསུམ༷་དག༷་ 3-1-31b དང༷་ལྡན༷་པ༷་ཡི༷ན་ནོ། །མཐོང་ལམ་ལ་ཕོ་མོའི་དབང་པོ་གང་རུང་ལྡན་དགོས་ཀྱང་ངེས་ལྡན་མིན་པའི་ཕྱིར་ཟེར། །གཉིས་པ་སྲིད་ལྡན་འདོད་པ་ཁོ་ནར་ངེས་པ། དགེ༷་རྩ་མེ༷ད་པའི་ནང༷་ན༷་དབང་པོ་ཉུང༷་ཤེས་དང་ལྡན༷་པ༷། ལུས༷་ དང་ཚོར༷་བ་ལྔ་སྲོག༷་ཡི༷ད་དེ་བརྒྱ༷ད་དང༷་ལྡན༷་ལ། གཟུགས༷་མེ༷ད་པའི་བྱིས༷་པ༷་སོ་སྐྱེའང༷་དེ༷་བཞིན༷་བརྒྱད་དེ༷། བཏང༷་སྙོམ༷ས་སྲོག༷་ཡི༷ད་དད་སོགས་དགེ༷་བ་རྣམ༷ས་དང༷་ལྡན་པས་སོ། །གསུམ་པ། མང༷་པོར༷་ལྡན༷་ལ༷་བཅུ༷་དགུ༷་སྟེ༷། དྲི༷་མ༷་ མེ༷ད་པ་གསུམ་པོ་རྣ༷མས་མ༷་གཏོགས༷་སོ༷། །དེ་ཡང་མཚ༷ན་གཉི༷ས་སམ་ཡང་ན་རྒྱུན་ཞུགས་ཕྱིར་འོང་གི་འཕ༷གས་པ༷་ཆགས༷་བཅས༷་ཏེ༷། དེ་ལ་ཕོ་མོའི་མཚ༷ན་གང་རུང་གཅི༷ག་མ་གཏོགས་པ་དང་། ཀུན་ཤེས་བྱེད་ལ་དྲི༷་མེ༷ད་ཕྱི་མ་གཉིས་པོ་དང་། ཀུན་ཤེས་ལ་དྲི་མེད་གོང་འོག་གཉི༷ས་མ༷་གཏོགས༷་པ་རྣམས་དང་ལྡན་ནོ། །གཉིས་པ་འདུས་བྱས་ཀྱི་ཆོས་སྐྱེ་ཚུལ་བཤད་པ་ལ་གཉིས། བསྐྱེད་བྱ་བེམ་ཤེས་ལྡན་མིན་གསུམ་སྐྱེ་ཚུལ་དང་། དེ་ལྟར་སྐྱེ་བའི་རྒྱུ་རྐྱེན་འབྲས་བུ་གསུམ་ གྱི་རྣམ་བཞག་བཤད་པའོ། །དང་པོ་ལ་བེམ་པོ་དང་། ཤེས་པ་ལྡན་མིན། སྐྱེ་ཚུལ་བཤད་པ་གསུམ་ལས། དང་པོ། སྤྱིར་ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པ་ལས། འདུས་མ་བྱས་ལ་སྐྱེ་བ་མེད་ལ། འདུས་བྱས་ ལ་བེམ་ཤེས་ལྡན་མིན་གསུམ། དེ་ལ་གཟུགས་ཕུང་རྡུལ་ཕྲ་རབ་དང་། རགས་པ་དབང་དོན་ལྔ། ཕྲ་རགས་གཉིས་མིན་པ་རིག་བྱེད་མིན་པའོ། །ཕྲ་རབ་ཆ་མེད་བསྐོར་བ་བར་བཅས་འདོད། སྣང་མུན་སོགས་ཉེ་བས་གཅིག་ཤོས་ཀྱི་ 3-1-32a འགྲོས་འགགས་པས་གནོད་པ་དང་སྒྲིབ་པར་བརྗོད་ཀྱི་ཆ་ཕྲད་པས་མ་ཡིན་པ་དང་། ཕན་ཚུན་མཐུས་མི་གྱེས་པར་འཛིན་པས་ཞིག་པར་མི་འགྱུར། རྔ་དང་དབྱུག་པ་མ་ཕྲད་ཀྱང་ཤིན་ཏུ་ཉེ་བས་རླུང་འདུས་ནས་སྒྲ་འབྱིན་ ཟེར། ཡུལ་དབང་རྡུལ་ཕྲན་གྱིས་ཤེས་པ་བསྐྱེད་པ་ནི་མེད་ལ་བསགས་པས་སོ། །ཡུལ་རྣམ་མེད་དེ་སྣང་བ་འདི་དོན་མིན་ན། མི་སྣང་བའི་དོན་ཡོད་པ་ལ་སྒྲུབ་བྱེད་མེད་ཅིང་། རགས་སྣང་ཤེས་པ་ཡིན་ན། རགས་སྣང་རྡུལ་ཕྲན་བསགས་པ་མིན་ པར་ཐལ་ཟེར། རྣམ་ཤེས་རང་ལ་རང་རིག་པ་འགལ་ཟེར། དེ་ལྟར་ཞར་ལ་འོང་བ་ཅུང་ཟད་བརྗོད་ནས། ཚིག་གི་དོན་ནི། འདོ༷ད་པའི་ཁམས་ན༷་ལུས་སོགས་ཀྱི་དབ༷ང་པོ༷་མེ༷ད་པ༷་དང༷་སྒྲ༷་མེ༷ད་པའི་བསགས་རྡུལ་སྣང་རུང་ཕྲ༷་ར༷བ་ཉི་ཟེར་གྱི་རྡུལ་ལྟ་ བུ་ལ་འབྱུང་བཞི་དང་གཟུགས་དྲི་རོ་རེག་སྟེ་རྡུལ༷་རྫས༷་བརྒྱ༷ད་ངེས་པར་ལྷན་ཅིག་སྐྱེ། ལུས༷་དབ༷ང་ལྡན༷་ལ༷་དེ་དང་རྡུལ་རྫས༷་དགུ༷འོ༷། །དབ༷ང་པོ༷་མིག་སོགས་གང་རུང་གི་རྫས་གཞན༷་ལྡན༷་ན་དེ་དང་རྫས༷་བཅུ༷འོ༷། །དེ་དག་སྒྲར་བཅས་སུ་སྐྱེ་ན་བཅུ་གཅིག་ གོ། རྟེན་རྡུལ་ལ་བསགས་མིན་ཕྲ་རབ་སིལ་བུ་བརྒྱད་ཡོད། དེ་ཡང་བྱེ་སྨྲས་རྐྱེན་ཕྲད་ན་ལྕགས་གཤེར་བ་སོགས་མཐོང་བས་ཤས་ཆེ་ཆུང་གིས་དམིགས་མི་དམིགས་ལས་འབྱུང་བ་ཀུན་ལ་ཀུན་ཡོད་དེ། རང་རང་ལ་སྲ་སྡུད་སྨིན་གཡོ་ཡོད་པས་སོ་ ཟེར། མདོ་སྡེ་པས་ཁམས་ཡོད་ཀྱི་དངོས་སུ་མེད། དངོས་སུ་ཡོད་པ་གསར་དུ་སྐྱེས་པར་འདོད། རྣམ་རིག་པས་འབྱུང་བ་རེ་རེ་དང་། བཞི་ལྡན་དང་། སྐྱེ་མཆེད་ཀྱང་གཅིག་གཉིས་སོགས་སོ་སོར་འདོད། འབྱུང་བ་བཞིའི་རྒྱུར་བྱས་གསུངས་ 3-1-32b པ་ཚང་བ་སྲིད་པ་ལ་དགོངས་ཟེར་ཀྱང་དཔྱད། རྡུལ་བརྒྱད་ཅེས་པ་རྫས་ལ་ཡིན་ན་ཉུང་སྟེ་དབྱིབས་སོགས་ཡོད་པ་དང་། སྐྱེ་མཆེད་ཀྱི་རྫས་སུ་འདོད་ན་མང་སྟེ། འབྱུང་བཞི་རེག་བྱ་ཡིན་པས་སོ་སྙམ་ན་གཉིས་ཀའི་ཡང་རྡུལ་དེ་གོ་ས་གཅིག་པའམ་ འདབ་འབྱོར་ཡིན། དང་པོ་ལྟར་ན་ཐོགས་བཅས་མིན་ལ། གཉིས་པ་ལྟར་ན། བུམ་སོགས་ལ་གྲངས་མེད་ཡོད་པས་བརྒྱད་དུ་མ་ངེས་སོ་ཟེར་ན། ཁ་ཅིག་གོ་ས་གཅིག་ཏུ་འདོད། ཐོགས་བཅས་ནི་རིགས་མཐུན་ཁོ་ན་སྟེ་གཟུགས་ཀྱི་གོ་ན་རེག་བྱ་སོགས་ ཡོད་ཟེར། ཁ་ཅིག་དེ་ལྟར་ན་གཅིག་ཏུ་འགྱུར་བས་འདབ་འབྱར་བ་ཡིན་ཡང་མང་པོ་ལྷན་ཅིག་སྐྱེར་མི་ངེས་ལ་བརྒྱད་ངེས་པའི་དབང་དུ་བྱས་པའོ་ཟེར་འཐད་གསུངས། གཟུགས་ཁམས་ན་དྲི་རོ་མེད་པའི་ཕྱིར་དབང་པོ་མེད་པ་དྲུག་སོགས་སོ། གཟུགས་ མེད་ན་གཟུགས་ཅན་ལྷན་ཅིག་སྐྱེ་བ་མེད་དོ། །གཉིས་པ་ལ་སྤྱི་དང་བྱེ་བྲག་སེམས་བྱུང་བཤད་པ་གཉིས། དང་པོ། སེམ༷ས་དང༷་སེམ༷ས་བྱུང༷་ངེས༷་པར་ལྷན༷་ཅི༷ག་ཏུ་སྐྱེ་སྟེ་ཕན་ཚུན་མེད་ན་མི་འབྱུང་བས་སོ། །འདུས་བྱས་ཐམ༷ས་ཅ༷ད་འདུས༷་བྱས༷་ཀྱི་མཚ༷ན་ ཉི༷ད་སྐྱེ་སོགས་དང་ལྷན་ཅིག་ཏུ་སྐྱེ་བ་དང༷་། རང་རྒྱུད་ཀྱིས་བསྡུས་པ་ཐོབ་བྱའི་ཆོས་དང་། ཐོབ༷་པ༷་ལྷན་ཅིག་པའ༷མ། འགོག་པ་གཉིས་ཀྱི་ལྟ་བུ་ཐོབ་པ་སྐྱེས་ཀྱང་ཐོབ་བྱ་མི་སྐྱེ་བའང་ཡོད་ཕྱིར་འམ་ཞེས་འདམ་པའི་སྒྲའོ། །གཉིས་པ་ལ་སེམས་བྱུང་ས་ མང་ལྔའི་ངོ་བོ་ངོས་བཟུང་བ་དང་། དེ་དག་གི་རྣམ་བཞག་གཞན་བསྟན་པ་གཉིས། དང་པོ་ལ་བསྟན་བཤད་གཉིས་ཀྱི་དང་པོ། སེམ༷ས་བྱུང༷་ནི་རྣམ༷་པ་ལྔ༷་ཡོད་སྟེ༷། སེམས་ཀྱི་ས༷་མང༷་པོ་དང་ལ༷་སོ༷གས་པས་དགེ་བའི་ས་མང་། ཉོན་མོངས་ས་ 3-1-33a མང་། མི་དགེ་བའི་ས་མང་། ཉོན་མོངས་ཆུང་ངུའི་ས་པ་ཞེས་པའི་སྡེ་ཚན་ཐ༷་ད༷ད་པ་ཡོད་པའི་ཕྱི༷ར་རོ། །གཉིས་པ་ལ། སེམས་ཀྱི་ས་མང་སོགས་ལྔ་པོ་རིམ་པར། དེ་ལ་ཚོར༷་བ་བཤད་ཟིན་པ་དང༷་། སྲེད་པའི་རྟེན་བྱེད་ པའི་ལས་ཅན་ནོ། །ཡུལ་ལ་གཡོ་བའི་སེམ༷ས་པའི༷་ཚོགས་དྲུག་སྟེ་ཡུལ་དྲུག་ལ་གཡོ་བའོ། །བྱེད་ལས་ལུས་ངག་གི་ལས་ཀུན་ནས་སློང་བའོ། །འདུ༷་ཤེས༷་ནི་ངོ་བོ་བཤད་ཟིན་དང༷་། བྱེད་ལས། ཐ་སྙད་འདོགས་པའོ། །ཡུལ་དྲུག་ལ་དམིགས་ ནས་དོན་གཉེར་འདུན༷་པ་སྟེ། དེ་ལ་འདས་པ་ལ་ཕྲད་པ། ད་ལྟ་བ་ལ་མི་འབྲལ་བ། མ་འོངས་དོན་གཉེར་འདུན་པ་གསུམ་ད༷ང་། ལས་བརྩོན་འགྲུས་བརྩོན་པའོ། །རེག༷་པ་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའོ། ། དབྱེ་ན་ཚོགས་དྲུག །བྱེད་ལས་ཚོར་བའི་རྟེན་ཅན་དང༷་། ཟག་བཅས་ཟག་མེད་སོགས་ཆོས་རབ་རྣམ་འབྱེད་ནི་བློ༷་གྲོས༷་ཏེ་ཤེས་རབ་ཡིན་ལ། དབྱེ་ན་སྐྱེས་ཐོབ་དང་། ཐོས་སོགས་གསུམ་དང་བཞིའོ། །ཡང་ན་རིགས་པ་དང་རིགས་མིན་གྱིས་བསྐྱེད་པའི་ཤེས་རབ་ དང་། དེ་གཉིས་ལས་གཞན་པ་སྟེ་གསུམ། བྱེད་ལས་སོམ་ཉི་ལྡོག་པའོ། །སོམ་ཉི་ལྡན་ལ་ཤེས་རབ་ཅུང་ཟད་ཡོད་ཀྱང་། དེ་ཤས་ཆུང་བས་སོམ་ཉི་མེད་པར་མི་འགྱུར་ཏེ། ཡན་ལག་བརྒྱད་ལྡན་གྱི་ཆུ་བ་ཚྭའི་རྒྱ་མཚོར་འདྲེས་པ་བཞིན་ནོ། ། དེ་བཞིན་ཁྲོ་བ་ལྡན་པའི་སེམས་ལ་འདུན་པ་དང་། གཡེང་བའི་སེམས་ལྡན་ལ་ཏིང་ངེ་འཛིན་སོགས་དེ་བཞིན་ནོ་ཟེར། སྡེ་པ་གཞན་གྱིས་དེ་ལྟ་བུའི་ཉེས་པ་ཡོད་པས་འདུན་སོགས་རང་རང་གི་ཡུལ་སོ་སོར་ངེས་པ་ཡིན་གྱི་ཀུན་འགྲོ་མིན་པར་འདོད་ 3-1-33b དོ། །དྲ༷ན་པ་དམིགས་པ་མ་བརྗེད་པའོ། །དབྱེ་ན་ཉོན་མོངས་དང་། དེ་མིན་གཉིས། ལས་ནི་དམིགས་པ་ལ་སེམས་མི་གཡེང་བའོ། །ཡི༷ད་ལ༷་བྱེ༷ད་པ་ནི་སེམས་ཡུལ་ལ་གཏོད་པའི་འཇུག་པའོ། །དབྱེ་ན་ཚུལ་ཚུལ་མིན་གཉིས་ ད༷ང་། ལས་ནི་དམིགས་པ་ལ་སེམས་འཛིན་པའོ། །མོས༷་པ༷་དམིགས་པ་ལ་འདོད་པའམ་ཡོན་ཏན་དུ་འཛིན་པའོ། །དབྱེ་ན་ཡང་དག་པར་མོས་པ་དང༷་། ལོག་པར་མོས་པ་གཉིས་ལས་དམིགས་པ་ལས་མི་འཕྲོག་པར་བྱེད་པའོ། ། ཏིང༷་ངེ༷་འཛིན༷་ནི་དམིགས་པ་ལ་གཅིག་ཏུ་འཇུག་པའོ། །ལས་ཇི་ལྟ་བར་ཤེས་པའི་རྟེན་བྱེད། དབྱེ་ན་ས་དགུ་དང་འདས་པའི་ཏིང་འཛིན་དང་བཅུའོ། །བཅུ་པོ་དེ་དག་ནི་སེམ༷ས་ཐམ༷ས་ཅ༷ད་ལ༷་འབྱུང་བས་སེམས་ཀྱི་ས་མང་པོ་བ་ཞེས་བྱའོ། ། སྨན་སྣ་ཚོགས་འདྲེས་པའི་རོ་བཞིན། ལུང་དང་རྗེས་དཔག་གིས་ཤེས་པ་ལས་བཅུ་པོ་མངོན་སུམ་དམིགས་མི་ནུས་སོ། །ད༷ད་པ་སེམས་ཉོན་མོངས་པའི་རྙོགས་པ་དྭངས་པར་བྱེད་པ་དང༷་། ལས་འདུན་པ་སྐྱེད་པར་བྱེད་པའོ། །དབྱེ་ན་ ལས་འབྲས་ཡིད་ཆེས། དཀོན་མཆོག་གི་ཡོན་ཏན་ལ་དང་བ། བདེན་བཞི་ལ་སྤང་སྒྲུབ་འདོད་པའོ། །བག༷་ཡོ༷ད་ནི་དད་སོགས་དགེ་ཆོས་ལ་གཅེས་སྤྲས་སུ་བྱེད་ཅིང་བསྒོམ་པའམ། ཟག་པའམ། ཟག་པའི་གནས་ལས་སེམས་སྲུང་ བའི་རང་བཞིན་ཏེ། བྱེད་ལས་འདས་མ་འདས་ཀྱི་ཕུན་ཚོགས་རྫོགས་པར་བྱེད་པའོ། །དབྱེ་ན་བསོད་ནམས་དང་། ཐར་པ་དང་། ངེས་འབྱེད་ཆ་མཐུན་དང་། ཟག་མེད་ཀྱི་དགེ་བ་བསྒོམ་པའི་བག་ཡོད་པ་བཞིའོ། །ཤིན༷་ཏུ༷་སྦྱང༷ས་པ་སེམས་ 3-1-34a དམིགས་པ་ལ་གཏད་བཟོད་པའི་ལས་རུང་ངོ་། །ཉོན་མོངས་སོགས་ཀྱི་སྒྲིབ་པ་སེལ་བའི་བྱེད་པ་ལས་སོ། །དབྱེ་ན་སྒོ་ལྔའི་རྣམ་ཤེས་འཁོར་བྱུང་ལུས་ཤིན་སྦྱངས་དང་། ཡིད་ཤེས་འཁོར་བྱུང་སེམས་ ཤིན་སྦྱངས་གཉིས། ཡང་ན་ལུས་ཤིན་སྦྱངས་ལུས་ཤིང་བལ་ལྟར་ཡང་བ། རྐེད་པ་གསེར་གྱི་ཏོང་ཚེ་བརྩེགས་པ་ལྟར་མཉམ་པ་སོགས་ལུས་ཉིད་ལས་རུང་ཡིན་གྱི་སེམས་བྱུང་མ་ཡིན་ནོ། །འགྲེལ་པར་ལུས་ཤིན་སྦྱངས་དེས་ སེམས་ཤིན་སྦྱངས་བྱང་ཆུབ་ཡན་ལག་འདྲེན་པར་བྱེད་པས་དེ་དང་མཐུན་ཕྱིར་དེ་ལའང་བྱང་ཆུབ་ཀྱི་ཡན་ལག་ཏུ་བཏགས་ནས་བརྗོད་དེ། དཔེར་ན་མདོ་ལས་དགའ་བ་དང་། དགའ་བའི་གནས་ལྟ་བུའི་ཆོས་རྣམས་དགའ་བ་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་ཏུ་བཤད་པ་དང་། ཁོང་ཁྲོ་བ་དང་ཁོང་ཁྲོ་བའི་རྒྱུ་མཚན་གནོད་སེམས་ཀྱི་སྒྲིབ་པར་གསུངས་པ་དང་། ཡང་དག་པའི་རྟོག་པ་རྩོལ་བ་ཤེས་རབ་ཀྱི་རང་བཞིན་མ་ཡིན་ཡང་། དེ་དག་མཐུན་པས་ཤེས་རབ་ཀྱི་ཕུང་ པོར་བརྗོད་པ་བཞིན་ནོ། །ཞེས་སོ། །འདུ་བྱེད་བཏང༷་སྙོམས༷་ནི། སེམས་བྱིང་རྒོད་དང་བྲལ་བའི་རྣལ་དུ་འདུག་པ་སྟེ། ལས་ཟག་པ་རྣམས་ཀྱིས་སྐབས་མི་འབྱེད་པའོ། །དབྱེ་ན་དང་པོར་རེས་འགའ་བྱིང་རྒོད་འབྱུང་བའི་ མཉམ་པ་ཉིད་དང་། བར་དུ་དོགས་པ་ཡོད་ཀྱང་མི་འབྱུང་བའི་རྣལ་དུ་གནས་པ་དང་། ཐ་མར་དོགས་པ་མེད་པའི་ལྷུན་གྱིས་གྲུབ་པ་གསུམ་མོ། །ངོ༷་ཚ༷་ཤེས༷་པ་དང་ཁྲེལ༷་ཡོ༷ད་པ་ནི་འཆད་པར་འགྱུར་ལ། དེ་དག་གི་ལས་ 3-1-34b ཉེས་སྤྱོད་སྡོམ་པའོ། །རྩ༷་བ༷་གཉི༷ས་ནི་འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་སྟེ། གཏི་མུག་མེད་པ་ནི་ཤེས་རབ་ཀྱི་ཆ་ལ་བཏགས་པས་འདིར་མ་བརྗོད་དོ། །དགག་ཚིག་ནི། མེད་པ་དང་། གཞན་པ། གཉེན་པོ་གསུམ་ལ་ འཇུག་པས་འདིར་གཉེན་པོའོ། །དེ་བཞིན་དུ་གཞན་གཉིས་ཀྱང་ངོ་། །དེ་དག་གི་ལས་སྲོག་གཅོད་སོགས་ཉེས་སྤྱོད་ལ་མི་འཇུག་པའོ། །རྣམ༷་པར་མི༷་འཚེ༷་བ་ནི་སྙིང་བརྩེ་བ་སྟེ། སེམས་ཅན་ལ་དབྱུག་པ་སོགས་ཀྱིས་ཐོ་མི་འཚམས་ པའི་རྣམ་པ་ཅན་ནོ། །དབྱེ་ན། སེམས་ཅན། ཆོས། དམིགས་པ་མེད་པ་གསུམ་དང༷་། བརྩོ༷ན་འགྲུས༷་དགེ་བའི་བྱ་བ་ལ་སེམས་མངོན་པར་སྤྲོ་བ་སྟེ། ལས་དགེ་བ་རྫོགས་པར་བྱེད་པའོ། །མི་དགེ་བ་ལ་སྤྲོ་ན་ནི་ལེ་ལོ་ཁོ་ནའོ། །དབྱེ་ ན་གོ་ཆ། སྦྱོར་བ། ཕྱིར་མི་ལྡོག་པའི་བརྩོན་འགྲུས་གསུམ་མོ། །འདི་དག་རྟག༷་ཏུ༷་དགེ༷་སེམས་ཐམས་ཅད་ལ༷་འབྱུང༷་བས་དགེ་བའི་ས་མང་བའོ། །གལ་ཏེ་དད་བརྩེ་གཉིས་དགའ་གདུང་གི་རྣམ་པ་ཅན་ཡིན་པས་སེམས་གཅིག་གི་འཁོར་ དུ་ཇི་ལྟར་འབྱུང་ཟེར་བ་དང་། དེ་བཞིན་ཡིད་བྱེད་རྩོལ་བཅས་དང་། བཏང་སྙོམས་རྩོལ་མེད་དང་། འདོད་ཁམས་པ་གཡེང་བ་བཅས་པས་ཤིན་སྦྱངས་ཇི་ལྟར་འབྱུང་ཟེར་ན། དེ་དག་ཤས་ཆེ་ཆུང་མ་གཏོགས་ཆ་ཤས་ཐམས་ཅད་ལ་ འབྱུང་བར་སྔར་བཤད་ཟིན་ཏོ། །སྡེ་པ་གཞན་དག་གིས་འདི་རྣམས་ངོ་བོ་དགེ་བ་ཡིན་གྱི་དགེ་སེམས་ཐམས་ཅད་ལ་ཁྱབ་པ་མིན་ཞེས་སོ། །རྨོངས༷་པ་ལས་འབྲས་ད༷ང་བདེན་པ་དཀོན་མཆོག་སོགས་མི་ཤེས་མི་གསལ་བ་སྟེ། རྨོངས་མ་རིག་ 3-1-35a གཏི་མུག་རྣམ་གྲངས་སོ། །ལས་ནི་རྩ་ཉོན་དང་ཉེ་ཉོན་གྱི་རྟེན་བྱེད་པའོ། །བག༷་མེ༷ད་ནི། བག་ཡོད་ཀྱི་མི་མཐུན་ཕྱོགས། དགེ་བ་མི་བསྒོམས་ཞིང་ཟག་བཅས་ལས་སེམས་མི་སྲུང་བ་སྟེ། ལས་ཉེས་སྤྱོད་དམ་མི་དགེ་བ་ འཕེལ་བའོ། །ལེ༷་ལོ༷་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས། ལས་དགེ་ལ་བར་དུ་གཅོད་པ་དང༷་། མ༷་ད༷ད་པ༷་ནི་དད་པའི་མི་མཐུན་ཕྱོགས་སེམས་མ་དང་བའོ། །ལས་ལེ་ལོའི་རྟེན་བྱེད་པ་དང༷་། རྨུགས༷་པ་ལུས་སེམས་ལྕི་ཞིང་དམིགས་པ་མི་ གསལ་བའི་བློང་བློང་པོ་སྟེ་ལུས་སེམས་ལས་སུ་མི་རུང་བའོ། །ལས་ཉོན་མོངས་དང་ཉེ་ཉོན་རྣམས་ཀྱི་གྲོགས་བྱེད་པ་ད༷ང་། དབྱེ་ན། ལུས་སེམས་རྨུགས་པ་གཉིས་སོ། །རྒོ༷ད་པ་སེམས་མ་ཞི་བར་དམིགས་པ་ལས་གཞན་དུ་འཕྲོ་ བ་སྟེ། ལས་ཞི་གནས་ལ་བར་དུ་གཅོད་དོ། །དྲུག་པོ་དེ་ཉོ༷ན་མོང༷ས་ཅ༷ན་གྱི་སེམས་ཐམས་ཅད་ལ་རྟག༷་ཏུ༷་འབྱུང༷་བའི་ཕྱིར་ཉོན་མོངས་པའི་ས་མང་ངོ་། །རྒོད་རྨུགས་གསལ་མི་གསལ་སེམས་གཅིག་ལ་འབྱུང་ཚུལ་སྔ་མ་བཞིན་ནོ། ། མངོན་པའི་བསྟན་བཅོས་ལས་རྨུགས་པ་མི་འབྱུང་ལ། བརྗེད་ངས། རྣམ་གཡེང་། ཤེས་བཞིན་མིན་པ། ཚུལ་མིན་ཡིད་བྱེད། ལོག་པར་མོས་པ། རྨོངས་པ་ལ་སོགས་པ་ལྔ་སྟེ། བཅུ་འབྱུང་བའི་སྔ་མ་ལྔ་འདིར་མི་འཆད་པ་ ཅི་ཞེ་ན། བྱེ་སྨྲས་རྨུགས་པ་ཏིང་ངེ་འཛིན་དང་རྗེས་སུ་མཐུན་ཕྱིར་མ་སྨོས་ལ། བརྗེད་ངས་ལ་སོགས་པ་དྲན་པ་ལ་སོགས་པ་ལ་བཏགས་པ་ཡིན་ཕྱིར་འདིར་མ་སྨོས་སོ་ཞེས་འདོད་ལ། སློབ་དཔོན་ནི། རྨུགས་པའང་རྒོད་པ་དང་འདྲ་བར་ཏིང་ 3-1-35b ངེ་འཛིན་དང་མི་མཐུན་པས་འདིར་སྨོས་སོ་ཞེས་སོ། །གང་ས་མང་ཡིན་པ་ཉོན་མོངས་པའི་ས་མང་བ་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ། དང་པོ་ཀུན་འགྲོ་ལྔ། གཉིས་པ་མ་དད་སོགས་ལྔ། གསུམ་པ་དྲན་པ་ཉོན་མོངས་ཅན་སོགས་ཡུལ་ ངེས་ཀྱི་ལྡོག་ཕྱོགས། བཞི་པ་དེ་ལས་གཞན་ནོ། །མི༷་དགེ༷་ལ༷་ནི༷་ཁྲེལ༷་མེ༷ད་དང༷་ངོ༷་ཚ༷་མེ༷ད་པ་གཉིས་པོས་ཁྱབ་ལ། ངོ་བོ་ནི་འཆད་པར་འགྱུར་རོ། །ལས་ནི་ཉོན་མོངས་དང་ཉེ་ཉོན་གྱི་གྲོགས་བྱེད་པ༷འོ༷། །ཉོན་མོངས་ཆུང་ངུའི་ས་པ། ཁྲོ༷་ བ༷་གནོད་བྱེད་མངོན་འགྱུར་ལ་སེམས་ཁོང་ནས་འཁྲུགས་པ་དང་། ཐོ་འཚམས་པའི་ལས་ཅན་ནོ། །ཁྲོས་པའི་རྒྱུན་སྐྱོང་བ་ཁོ༷ན་དུ༷་འཛིན༷་པ་ལས་མི་བཟོད་པའི་རྟེན་བྱེད་པ་དང༷་། གཡོ༷་དང༷་ནི༷་སྟེ་རང་གི་ཉེས་པ་ཁས་མི་ལེན་པའི་སེམས་གྱ་ གྱུ་པ། ཡང་དག་པའི་གདམས་ངག་རྙེད་པ་ལ་བར་དུ་གཅོད་པའི་ལས་ཅན་ནོ། །ཕྲག༷་དོག༷་ནི་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པ་སྟེ་ལས་བློ་མི་བདེ་བའི་རྟེན་བྱེད་པའོ། །འཚིག༷་པ་ནི། སྡིག་པ་ལ་མངོན་པར་ཞེན་པའོ། །ཕུང་པོ་ ལྔ་པ་ལས་ནི་འཚིག་པ་གང་ཞེ་ན་ཚིག་བརླང་པོས་ཞེར་འདེབས་པ་ཞེས་ཞེ་སྡང་གི་ཆར་གཏོགས་སུ་བཤད་དོ། །ལས་ནི་ངག་གི་ཉེས་པ་དང་། བདེ་བ་ལ་རེག་པར་མི་གནས་པ་དང་། བསོད་ནམས་མིན་པ་འཕེལ་བའོ། །དེའི་ཕྱིར་བློ་བརྟན་ གྱིས་དེ་དང་ལྡན་པའི་གང་ཟག་འགྲོགས་པར་དཀའ་འོ། །ཞེས་སོ། །འཆབ༷་པ་ནི་ཉེས་པ་སྦེད་ཅིང་གསང་བ་སྟེ། ལས་ནི་འགྱོད་ཅིང་ཡིད་མི་བདེ་བའི་རྟེན་ཅན་ནོ། །སེར༷་སྣ༷་ནི་ཆོས་ད༷ང་ཟང་ཟིང་དང་མཁས་པའི་དངོས་པོ་རྣམས་ལ་ 3-1-36a ཆགས་ནས་གཞན་ལ་མི་གཏོང་བར་འཛིན་པ་སྟེ། ཡོ་བྱད་མི་བསྙུང་བར་བྱེད་པའི་ལས་ཅན་དང་། སྒྱུ༷་ནི་རྙེད་བཀུར་སོགས་ལ་ཆགས་ནས་རང་ལ་ཡོན་ཏན་ཡོད་པ་ལྟར་འཆོས་པ་སྟེ། ལས་ལོག་འཚོའི་རྟེན་ཅན་ དང༷་། རྒྱགས༷་པ་ནི་སྟོན་པར་འགྱུར་ལ། ལས་ནི་ཉོན་མོངས་པའི་རྟེན་བྱེད་པ་དང༷་། རྣམ༷་པར་འཚེ༷་བ་ནི༷། སེམས་ཅན་སྡུག་བསྔལ་བར་འདོད་པ་སྟེ། ཐོ་འཚམས་པའི་ལས་ཅན་ནོ། །དེ་རྣམ་བཅུ་ཉོ༷ན་མོང༷ས་ཆུང༷་ངུའི༷་ས༷་པ༷་རྣམ༷ས་ཏེ། རྩ་ཉོན་མ་རིག་ཙམ་དང་མཚུངས་ལྡན། སྤང་བྱ་སྒོམ་སྤང་ཁོ་ན། སྒོམ་སྤང་གི་ཡིད་ཤེས་ཁོ་ན་དང་མཚུངས་པར་ལྡན་པས་སོ། །ཞར་ལ། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་པ་ས་མང་སོགས་སྡེ་ཚན་དང་པོ་བཞིར་ནི་མ་ངེས་པ་དང་། ཆུང་ངུའི་ས་པའང་མིན་ཏེ། རྒྱུ་མཚན་རྟོག་དཔྱོད་ལ་སུམ་ཆར། འགྱོད་པར་དང་པོ། གཉིད་ལ་དང་པོ་གཉིས། ཆགས་ སྡང་ལ་ཐ་མ་གཉིས། ང་རྒྱལ་དང་ཐེ་ཚོམ་ལ་བར་མ་མེད་པས། མ་རིག་ཙམ་དང་མཚུངས་ལྡན་དང་། སྒོམ་སྤང་ཙམ་དང་ཡིད་ཙམ་དང་མཚུངས་ལྡན་མིན་པས་སོ། །གཉིས་པ་རྣམ་བཞག་ལ། སེམས་གང་གི་འཁོར་དུ་ སེམས་བྱུང་དུ་འབྱུང་དཔྱད་པ། ཁམས་གང་དུ་ཡོད་མེད་ཀྱི་ཁྱད་པར་དཔྱད་པ། སེམས་བྱུང་ལས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ། ཞར་ལ་སེམས་སེམས་བྱུང་གི་རྣམ་གྲངས་བསྟན་པ་དང་བཞི་ལས། དང་པོ། འདོད་ན་དགེ་བ་ 3-1-36b དང་། མི་དགེ་མ་འདྲེས་དང་། མི་དགེ་འདྲེས་པ་དང་། ལུང་མ་བསྟན་ལ་སྒྲིབ་མ་སྒྲིབ་གཉིས་ཏེ་ལྔ་ལས། དང་པོ། འདོ༷ད་པའི༷་དགེ༷་བའི༷་སེམ༷ས་ལ༷་ནི༷་རྟོག༷་དང༷་དཔྱོ༷ད་དང༷་བཅས༷་པའི༷་ཕྱིར༷། སྡེ་ཚན་དང་པོ་གཉིས་ཏེ་སེམ༷ས་ལ༷ས་བྱུང༷་བ༷་ཉི༷་ཤུ༷་རྩ་ གཉི༷ས་འབྱུང་ངོ་། །འདོད་པའི་དགེ་སེམས་ཐམས་ཅད་ལ་འགྱོད་པ་མི་འབྱུང་བས་འགྱོད་པ་དགེ་བའི་སེམས་ལ༷་ལ༷་དག༷་ཏུ༷་མི་དགེ་བ་ལ་འགྱོ༷ད་པ༷་བསྣན༷་པས་ཉི་ཤུ་རྩ་གསུམ་མོ། །ངོ་བོ་ནི་དམིགས་པ་ལ་གནོད་པའི་ཡིད་ལ་བཅགས་པ་ཡིན། ལས་ནི་སེམས་གནས་པ་ལ་བར་དུ་གཅོད། མི༷་དགེ༷་བ༷་ནི༷་རྩ་ཉོན་གཞན་དང་མ༷་འདྲེས༷་པའི་མ་རིག་ཙམ་དང༷་མཚུངས་ལྡན་ལ། སེམས་ཀྱི་བཅུ། ཉོན་མོངས་དྲུག །མི་དགེ་གཉིས། རྟོག་དཔྱོད་གཉིས་ཏེ་ཉི་ཤུ་དང་། འདྲེས་ལའང་ལྟ༷་ བ་དང་པོ་གཉིས་དང་མཚུངས་ལྡན་མི་དགེ་བ་མིན་པས་ལྟ་བ་ཕྱི་མ་གསུམ་དང༷་ལྡན༷་ལ༷འང༷་དེ་ལྟར་ཉི༷་ཤུ༷་འབྱུང༷་། མ་རིག་པ་རང་ཉིད་མི་སྨོས་པར་ཉོན་མོངས་པའི་སར་བགྲངས་ཤིང་། ལྟ་བ་ཤེས་རབ་ཀྱིས་བསྡུས་པས་རྫས་གཞན་མེད་ལ། དགེ་ བའི་ས་པ་རྣམས་མི་སྲིད་པས་དངོས་སུ་མ་སྨོས་སོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་ཐེ་ཚོམ་སྟེ་རྩ་བའི་ཉོ༷ན་མོང༷ས་བཞི༷་དང༷་། ཁྲོ༷་བ་ལ་སོ༷གས་པ་ཉོན་མོངས་པ་ཆུང་ངུའི་ས་པ་དང༷་། འགྱོ༷ད་པ༷་མི་དགེ་བ་དང༷་ལྡན་པ་ལ་ནི༷་རང་རང་ཀླགས་ཏེ་ཉི༷་ཤུ༷་གཅི༷ག་ འབྱུང་སྟེ། རྩ་ཉོན་བཞི་དང་ཁྲོ་སོགས་མ་རིག་པ་ཙམ་ལས་ཆགས་སོགས་དེ་གའི་ནང་ཕན་ཚུན་མཉམ་དུ་མི་འབྱུང་བའི་ཕྱིར་དང་། འདི་དག་ཆིག་རྐྱ་ཐུབ་པའི་ཉོན་མོངས་ཡིན་ལ། མ་རིག་ཉོན་མོངས་ནང་དུ་བགྲངས་ཟིན་པས་སོ། །འཇིག་མཐར་ཏེ་ 3-1-37a སྒྲིབ༷་ལུང་མ་བསྟན་ལ༷་སེམས་བཅུ་ཉོན་མོངས་དྲུག་རྟོག་དཔྱོད་དང་བཅོ༷་བརྒྱ༷ད་འབྱུང་ལ། ལུ༷ང་མ༷་བསྟ༷ན་གཞན༷་མ་སྒྲིབ་ལ༷་སེམས་བཅུ་དང་རྟོག་དཔྱོད་དང་བཅུ༷་གཉི༷ས་དག༷་ཏུ༷་འབྱུང་བར་འདོ༷ད། །གཉི༷ད་ནི༷་རྒྱུ་ཉམས་ཆུང་བ་དང་ངལ་ བ་དང་ལུས་ལྕི་བ་དང་མུན་པའི་མཚན་མ་ཡིད་བྱེད་དང་། ཁ་ཟས་སོགས་ལ་བརྟེན་ནས་ལུས་འཛིན་མི་ནུས་པར་འཇུག་པ་རང་དབང་མེད་པར་དབང་པོ་དང་སེམས་ནང་དུ་སྡུད་པ་སྟེ། ལས་བྱ་བ་ཤོར་བའི་རྟེན་བྱེད་པའོ། །དེ་ཀུན་སློང་དང་མཚུངས་ལྡན་ གྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་ཀུན༷་ལ༷་མི༷་འགལ༷་བར་འབྱུང་སྲིད་ཕྱིར༷། དགེ་སོགས་ཀྱི་སེམས་ག༷ང་ལ༷་གཉིད་ཡོ༷ད་པ༷་དེ༷་ལ་གཉིད་དེ་བསྣན༷་ནོ༷་སྟེ་བགྲང་ངོ་། །ཉི་འོག་བྱེ་བྲག་པས་འགྱོད་པ་ལའང་གསུམ་ག་ཡོ༷ད་པར་འདོད་དོ། །ངས་ ཁང་པར་རི་མོ་ཅིས་མ་བྲིས་སྙམ་པ་སོགས་འགྱོད་པ་ལུང་མ་བསྟན་དང་། དེ་དང་མཚུངས་ལྡན་གྱི་ཡིད་མི་བདེའང་དེ་ལྟར་ཟེར་ཀྱང་། ཁ་ཆེ་བས་ཆགས་བྲལ་ལ་ཡིད་མི་བདེ་མེད་པས་ལུང་མ་བསྟན་ནི་མེད་དོ་ཟེར། གཉིས་པ། ཁམས་གོང་མ་ལ་འདོད་ སེམས་དེ༷་ལ༷ས་འགྱོ༷ད་གཉི༷ད་དང་མི༷་དགེ༷་བ་མི་དགེའི་ས་མང་གཉིས། མ་ངེས་པའི་ཁོང་ཁྲོ། གཡོ་སྒྱུ་རྒྱགས་གསུམ་མ་གཏོགས་ཉོན་མོངས་ཆུང་ངུའི་ས་པ་བདུན་པོ་རྣམ༷ས་བས༷མ་གཏན༷་དང༷་པོ༷་དག༷་ན༷་མེ༷ད་དོ། །ཉོན་མོངས་སྐྱེས་ཀྱང་རྣམ་སྨིན་སྡུག་བསྔལ་ མི་འབྱིན་ཅིང་ལུས་ངག་གི་ཉེས་སྤྱོད་མི་སྤོང་བས་ཁྲོ་སོགས་མེད་དོ། །རྟོག༷་པ༷འང༷་བས༷མ་གཏན༷་དང་པོའི་དངོས་གཞི་ཁྱ༷ད་པར༷་ཅ༷ན་ན་མེད་པ་དང་། དེ༷་ཡི༷་གོང༷་གཉིས་པ་ཡན་ན༷་དཔྱོ༷ད་པ༷་ཡང༷་མེད་ལ། ཡང་ཞེས་པས་གཡོ་སྒྱུ་ཡང་མེད་པར་བསྟན་ཏོ། ། 3-1-37b གསུམ་པ། འདྲ་བ་ལ་ངོ་ཚ་ཁྲེལ་མེད་གཉིས་འཛེམ་མེད་དུ་གཅིག་གམ་ཞེ་ན། ཡོན་ཏན་དང་ཡོན་ཏན་ཅན་ལ་མ༷་གུས༷་པ་ངོ༷་ཚ༷་མེ༷ད་པ་དང་ཁྲེལ༷་མེ༷ད་པ་ནི་སྲོག་གཅོད་སོགས་ཁ༷་ན༷་མ༷་ཐོ༷་བ་ལ་འཇིག༷ས་པར་མི༷་ལྟ༷་བ་ཡིན་ནོ། །ཡོན་ཏན་དང་ཡོན་ཏན་ཅན་ ལ་དགའ༷་བ་ད༷ད་པ་ཡིན་ལ། བུ་དང་ཆུང་མ་སོགས་ལ་དགའ་བ་འདོད་ཆགས་ཡིན་ནོ། །དགའ་དད་ལ་ཆོས་དང་གང་ཟག་ལ་ལྟོས་ནས་བཞི་སྟེ། བདེན་པ་དང་པོ་གཉིས་ལ་དད་ཡིན་དགའ་བ་མིན་པ་སོགས་དང་། བུ་དང་ཆུང་མ་སོགས་ལ་དགའ་ཡིན་ དད་མིན་སོགས་སོ། །གུས༷་ཉི༷ད་ནི། ཡོན་ཏན་དང་ཡོན་ཏན་ཅན་ལ་བཀུར་བའི་ངོ༷་ཚ༷་ཤེས༷་པ་ཡིན་ནོ། །དགའ་གུས་དེ༷་གཉི༷ས་ནི་འདོ༷ད་དང༷་གཟུགས༷་ཁམས་དག༷་ན༷་ཡོད་ཅེས་པ་གང་ཟག་ལ་དམིགས་པའི་དབང་དུའོ། །རྟོག་དང་དཔྱོད་པ་ནི་དོན་གྱི་ངོ་བོའི་ རྣམ་པ་ཅན་གྱི་རྩིང༷་བ་དང་། ཁྱད་པར་གྱི་རྣམ་པ་ཅན་གྱི་ཞིབ༷་པར་འཇུག་པ་ཉི༷ད་ཡིན་ལ། འདི་གཉིས་ཀྱི་ལས་ནི་བདེ་བ་ལ་རེག་པ་དང་། རེག་པར་མི་གནས་པའི་རྟེན་བྱེད་ཟེར། སེམས་གཅིག་ལ་དེ་གཉིས་བྱུང་བས་ཧ་ཅང་མི་རྩིང་མི་ཞིབ་ཆུ་ནང་ གི་མར་ལ་ཉི་འོད་ཕོག་པ་བཞིན་ཟེར། སྡེ་པ་གཞན་དེ་ལྟ་ན། དེ་གཉིས་སྲིད་རྩེའི་བར་དུ་ཡོད་པར་ཐལ། ལྟོས་ས་ལྟོས་འཇོག་ཡིན་པས་སོ། །དེས་ན་ཡུལ་གཅིག་ལ་ལྟོས་ནས་རྩིང་ཞིབ་རྣམ་པ་འགལ་ཕྱིར་སེམས་གཅིག་ལ་མེད་ཀྱི། འོན་ ཀྱང་ཡིད་ཤེས་ཀྱི་འཁོར་དུ་བྱུང་བ། དོན་གྱི་ངོ་བོ་དང་ཁྱད་པར་ཚོལ་བ་ངོ་བོ་དང་ཁྱད་པར་བརྗོད་པའི་ངག་ཀུན་ནས་སློང་བ་སྟེ། མདོ་ལས། བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲ་ཡི་མ་བརྟགས་མ་དཔྱད་པ་ནི་མ་ཡིན་ནོ། །ཞེས་སོ། །བསམ་གཏན་ 3-1-38a དང་པོའི་ཡན་ལག་ལྔའང་རྒྱུན་ལས་སམ་ས་ལས་ཡིན་གྱི་སྐད་ཅིག་ལ་མིན་ནོ། །ཞེས་འཆད་དོ། །ང༷་རྒྱལ༷་ཕ་རོལ་ལས་གང་ཡང་རུང་བའི་ཁྱད་པར་བརྟགས་ནས་རང་སེམས་མཆོག་ཏུ་ཁེངས༷་པ༷་ཡིན་ལ། ལས་ནི་བླ་མ་ སོགས་ལ་མི་གུས་པ་དང་ཡང་སྲིད་ཀྱི་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའོ། །རྒྱ༷གས་པ༷་ནི༷་ར༷ང་གི༷་རིགས་གཟུགས་སོགས་ཀྱི་ཆོས༷་ལ༷་ཆགས༷་པ༷་ཡི༷་སེམ༷ས་ནི༷་ཡོངས༷་སུ༷་གཏུག༷ས་པ༷འམ་ཟད་པའོ༷། །ལས་དེར་ཟད་ཆོག་ཤེས་པའོ། །རྒྱལ་རྒྱགས་ དེ་གཉིས་རང་གཞན་གྱི་ཆོས་ལ་དམིགས་པའི་ཁྱད་པར། གཏུགས་པ་རང་གི་དེ་ལ་ཆགས་ནས་སེམས་དགེ་ལས་ཕྱིར་ལོག་པ་ཞེས་འདུན་བཟང་འཆད། ཁ་གཅིག་རིགས་སོགས་ལས་སྐྱེས་པའི་དགའ་བར་འདོད་ཀྱང་བསམ་གཏན་གསུམ་པར་ དགའ་བ་མེད་ལ་རྒྱགས་པ་ཡོད་པར་བཤད་པས་མི་འཐད་ཟེར། བཞི་པ། མདོ་ལས། སེམ༷ས་དང༷་། ཡི༷ད་དང༷་། རྣམ༷་ཤེས༷་ཞེས་གསུངས་པ་ནི༷། དོན༷་གཅི༷ག་མིང་གི་རྣམ་གྲངས་ཏེ། དགེ་སོགས་འབྱེད་པས་སེམས། གཟུགས་ སོགས་ཤེས་པས་ཡིད། དམིགས་པ་རྣམ་པར་ཤེས་པས་རྣམ་ཤེས་སོ། །མདོ་སྡེ་པས། བག་ཆགས་བསགས་པས་སེམས། རྟེན་དུ་གྱུར་པས་ཡིད། བརྟེན་པར་གྱུར་པས་ཤེས་པ་དང་། དེ་བཞིན་དུ་མ་འོངས་པ་ནི་སེམས། འདས་པ་ཡིད། ད་ལྟར་ཤེས་པ་ཟེར་རོ། །ཕུང་ཁམས་སྐྱེ་མཆེད་དུ་རྣམ་ཤེས་སོགས་སོ་སོའི་མིང་གིས་བསྟན་ཏོ། །སེམས་ཙམ་པས། སེམས་ཀུན་གཞི། ཡིད་ཉོན་ཡིད། རྣམ་ཤེས་ཚོགས་དྲུག་གོ། ཞེས་སོ། 3-1-38b དེ་བཞིན་སེམ༷ས་དང༷་སེམ༷ས་བྱུང༷་གཉིས་ཟེར་བ་དང༷་། རྟེན༷་བཅས་དང༷་དམི༷གས་པ་དང༷་བཅས་པ་དང་། རྣམ༷་པ་དང་བཅས༷་པ་དང༷་། མཚུངས༷་པ༷ར་ལྡན༷་པ༷་ཞེས་གསུངས་པའ༷ང་དོན་གཅིག་སྟེ། སེམས་སེམས་བྱུང་དབང་པོ་ དྲུག་ལ་བརྟེན་པའི་ཕྱིར་དང་། གཟུགས་སོགས་ལ་དམིགས་པ་དང་བཅས་པ་དང་། སྔོ་སོགས་རྣམ་པ་དང་བཅས་པ་དང་། མཚུངས་ལྡན་ལྔས་མཚུངས་པར་ལྡན་པས་སོ། །དེའང་མཚུངས་ལྡན་རྣམ༷་པ༷་ལྔ༷་ནི། དབང་པོ་། རྟེན། ཡུལ། དམིགས་པ། སྔོ་སོགས་རྣམ་པ། དུས་སྔ་ཕྱི། རྫས་རེ་རེ་པར་འདྲ་བའོ། །གསུམ་པ་ལྡན་མིན་ལ། བསྟན་བཤད་གཉིས་ལས། དང་པོ། སེམས་དང་མི༷་ལྡན༷་པ༷་ཡི༷་འདུ༷་བྱེ༷ད་རྣམ༷ས་ནི་བཅུ་བཞི་སྟེ། ཐོབ༷་ པ་དང༷་གཅིག །མ༷་ཐོབ༷་པ་དང་གཉིས། སྐལ༷་མཉམ༷་དང༷་གསུམ། འདུ༷་ཤེ༷ས་མེ༷ད་པ་པ་དང་བཞི། སྙོམས༷་པར་འཇུག་པ༷་གཉིས་ད༷ང་ལྔ་དྲུག་སྲོག༷་དང༷་བདུན། སྐྱེ་སོགས་མཚ༷ན་ཉི༷ད་རྣམ༷་བཞི་དང༷་ནི༷་བརྒྱད་དགུ་བཅུ་བཅུ་གཅིག །མི༷ང་ གི༷་ཚོགས༷་དང་བཅུ་གཉིས། ལ༷་སོ༷གས་པ༷ས་ཚིག་གི་ཚོགས་དང་བཅུ་གསུམ། ཡི་གེའི་ཚོགས་དང་བཅུ་བཞི་ཡོད་པའི་ཕྱིར་རོ། །ཡང༷་སྒྲས་དགེ་འདུན་འཁོར་ལོའི་དབྱེན་སོགས་ཀྱང་བསྡུ་བའོ། །རྣལ་འབྱོར་སྤྱོད་པའི་གཞུང་ལྔས། རྒྱུ་ འབྲས་རྒྱུན་མི་འཆད་པའི་གནས་སྐབས་ལ་བཏགས་པའི་འཇུག་པ། ༡ རྒྱུ་དགེ་མི་དགེའི་འབྲས་བུ་ཡིད་དུ་འོང་མི་འོང་གི་གནས་སྐབས་ཐ་དད་ལ་བཏགས་པ་སོ་སོར་ངེས་པ། ༢ སྦྱིན་འབྲས་ལོངས་སྤྱོད་ཕུན་ཚོགས་རྗེས་སུ་མཐུན་ཞིང་འཚམས་ 3-1-39a པ་ལ་སོགས་པའི་གནས་སྐབས་ལ་བཏགས་པ་འབྱོར་པ། ༣ ཁ་ཅིག་ལས་འབྱོར་འབྲེལ་བ་ཞེས་ཀྱང་འབྱུང་། རྒྱུ་འབྲས་མྱུར་དུ་འབྱུང་བའི་གནས་སྐབས་ལ་བཏགས་པའི་མགྱོགས་པ། ༤ རྒྱུ་འབྲས་གཉིས་དུས་ གཅིག་ཆར་མི་འབྱུང་གི་རིམ་པ་ལྟར་འབྱུང་བའི་གནས་སྐབས་ལ་བཏགས་པའི་གོ་རིམ། ༥ རྒྱུ་འབྲས་བྱུང་ནས་འགགས། མ་བྱུང་བ་དང་། བྱུང་ལ་མ་འགགས་པའི་གནས་སྐབས་ལ་བཏགས་པའི་དུས་དང་། ༦ རྒྱུ་འབྲས་གཟུགས་ཅན་ ཕྱོགས་བཅུ་ན་ཡོད་པའི་གནས་སྐབས་ལ་བཏགས་པའི་ཡུལ། ༧ འདུ་བྱེད་སོ་སོ་ཐ་དད་པའི་གནས་སྐབས་ལ་བཏགས་པའི་གྲངས། ༨ འབྲས་བུ་བསྐྱེད་པའི་རྒྱུ་རྐྱེན་འདུས་པའི་གནས་སྐབས་ལ་བཏགས་པའི་ཚོགས་པ་སྟེ་དགུ་དང་ སྔར་དང་བསྡོམས་པས་ཉེར་གསུམ་ཡོད། གཞན་ཡང་། གནས་བཅུ་བསྟན་པའི་མདོ་ལས་མི་ལྡན་པའི་འདུ་བྱེད་བདུན་བརྒྱ་བཤད་དོ་ཞེས་གྲགས་སོ། །གཟུགས་དང་ཤེས་པ་གཉིས་མིན་པའི་འདུས་བྱས་ལྡན་མིན་ནོ། །གཉིས་ པ་ལ་གཉིས། ལྡན་མིན་འདུ་བྱེད་བཅུ་བཞི་སོ་སོར་བཤད་པ་དང་། དེ་རྣམས་ཀྱི་ཁྱད་པར་གཞན་བཤད་པའོ། །དང་པོ་ལ་དགུ་སྟེ། ཐོབ་པ། ༡ མ་ཐོབ་པ། ༢ སྐལ་མཉམ། ༣ འདུ་ཤེས་མེད་པ་པ། ༤ འདུ་ཤེས་ མེད་པའི་སྙོམས་འཇུག །༥ འགོག་སྙོམས། ༦ སྲོག །༧ མཚན་ཉིད། ༨ མིང་ཚིག་ཡི་གེ་སྟེ་སྐབས་དགུ་ལས། ༩ དང་པོ་ལ། ངོ་བོ་དང་ཁྱད་པར་གཉིས་ལས། དང་པོ། ཐོབ༷་པ༷་ཞེས་པ་ཐོབ་བྱའི་ཆོས་ལྡན་པར་བྱེད་པའི་རྫས་ 3-1-39b སོ། །དེ་ལའང་གཉིས་ཏེ། གསར་དུ་རྙེད༷་པ་དང༷་། སྐད་ཅིག་གཉིས་པ་ཕན་ཆད་རྒྱུན་ལྡན༷་པ༷འོ༷། །ཐོབ་པ་རྙེད་པ་ལ་སྔར་མ་ཐོབ་པ་ལས་རྙེད་པ་ཟག་མེད་སྐད་ཅིག་དང་པོའི་རྙེད་ཐོབ་ལྟ་བུ། རྣམ་ཉམས་རྙེད་པ་བསམ་ གཟུགས་ལྟ་བུའོ། །དེ་གཉིས་ཀའི་རྒྱུན་ལྡན་གཉིས་དང་། སོ་སྐྱེ་ལ་སྲིད་རྩེའི་ཉོན་མོངས་ཡེ་ལྡན་ཏེ། མདོར་ན་ལྔའོ། །གཉིས་པ་ལ། རྒྱུད་དུ་གཏོགས་མི་གཏོགས་ཀྱི་ཁྱད་པར། དུས་ཀྱི་ཁྱད་པར། དགེ་སོགས་ ཀྱི་ཁྱད་པར། ཁམས་གང་དུ་ཡོད་མེད་ཀྱི་ཁྱད་པར། སློབ་སོགས་ཡིན་མིན་གྱི་ཁྱད་པར། སྤང་བྱ་ཡིན་མིན་གྱི་ཁྱད་པར། ཐོབ་པ་སྔ་ན་ཡོད་མེད་ཀྱི་ཁྱད་པར་དང་བདུན་ལས། དང་པོ། ཐོ༷བ་ད༷ང་མ༷་ཐོ༷བ་ཅེས་བྱ་བ་ ནི་རང༷་རྒྱུ༷ད་དུ༷་གཏོགས༷་པ༷་ཡི་ཆོས་རྣམ༷ས་ཁོ་ན་ཉིད་ཀྱི༷འོ༷་སྟེ་ཡིན་ལ། གཞན་རྒྱུད་དང་སེམས་ཅན་གྱི་རྒྱུད་དུ་མ་གཏོགས་པའི་མིན་ནོ། །དེ་ཡང་གཞན་ཆོས་གཞན་གྱིས་ཐོབ་པར་འགལ་ལ། རྒྱུད་ཀྱིས་མ་བསྡུས་པ་ཐུན་མོང་ཡིན་ པས་དང་། ཐོབ་པ་གང་ཟག་གི་ཐུན་མོང་མིན་པས་སོ། །རྒྱུད་དུ་མི་གཏོགས་ཀྱང་འགོག༷་པ་གཉི༷ས་ཀྱི༷་ཐོབ་པ་གང་ཟག་གི་རྒྱུད་དུ་འབྱུང་སྟེ་དགག་བྱ་རྒྱུད་དང་འབྲེལ་བས་སོ། །གཉིས་པ། ཐོབ་བྱའི་ཆོས་དུས༷་གསུམ༷་པ༷་ཡི༷་ ཐོབ་པ་དེ་ཡང་རྣམ༷་པ༷་གསུམ༷་སྟེ། ཆོས་འདས་པའི་ཐོབ་པ་འདས་པ་དང་། ཆོས་འདས་ཀྱང་ཐོབ་པ་ད་ལྟ་བ་དང་མ་འོངས་པ་ནའང་ཡོད་པ་སྲིད་ལ། དེ་བཞིན་ད་ལྟར་གྱི་གསུམ། མ་འོངས་པའི་གསུམ་མོ། །འགོག་གཉིས་ 3-1-40a ཀྱི་ཐོབ་པ་དུས་ཀྱིས་བསྡུས་ཀྱང་དེ་གཉིས་དུས་ཀྱི་དབྱེ་བ་མེད། མ་འོངས་པའི་ཐོབ་པ་དུས་གསུམ་པ་ཅན་ཀུན་མ་འོངས་སྐྱེ་བའི་ཆོས་ཅན་གྱིའོ། །ཐོབ་བྱའི་ཆོས་སྟོབས་ཅན་ཁ་ཅིག་ལ་ཐོབ་པ་དུས་གསུམ་ པ་ཡོད། ད་ལྟའི་སྐད་ཅིག་དང་དེའི་སྔ་ཕྱིར་དུས་གསུམ་སྦྱར་རོ། །གསུམ་པ། ཐོབ་བྱ་དགེ༷་བ་དང་ལ༷་སོ༷གས་པ༷ས་མི་དགེ་ལུང་མ་བསྟན་གྱི༷་ཐོབ་པའང་དགེ༷་ལ༷་སོ༷གས་སུ་ངེས་སོ། །བཞི་པ། ཆོས་ཁམས་དེར༷་གཏོག༷ས་ པ་རྣམ༷ས་ཀྱི༷་ཐོབ་པའང་རང༷་ཁ༷མས་པ༷་སྟེ། འདོད་པའི་རྟེན་ལ་འདོད་པའི་ཆོས་ཐོབ་ན་དེའི་ཐོབ་པ་ཡང་འདོད་པ་དང་། གོང་མ་གཉིས་ཀྱི་ཆོས་ཐོབ་ན་དེའི་ཐོབ་པའང་ཁམས་དེ་གཉིས་སུ་གཏོགས་ལ། གཟུགས་ཀྱི་རྟེན་ལའང་ དེ་བཞིན་ཏེ། འདོད་པའི་ཆོས་ནི་སྤྲུལ་སེམས་ལྟ་བུའོ། །གཟུགས་མེད་ཀྱི་རྟེན་ལ་གཟུགས་མེད་ཀྱི་ཆོས་ཁོ་ན་སྟེ་དེའི་ཐོབ་པའང་དེ་ཁོ་ནར་གཏོགས་པས་སོ། །ཁམས་སུ་མ༷་གཏོག༷ས་པའི་ཆོས་འགོག་ལམ་རྣམ༷ས་ཀྱི༷་ཐོབ་པ་ ལ་རྣམ༷་པ༷་བཞི༷་སྟེ། བརྟགས་མིན་འགོག་པ་ལ་ཐོབ་བྱའི་ཆོས་གང་ཡིན་ཀྱང་འདྲ། ཐོབ་པ་རང་འདོད་པར་ཐོབ་ན་འདོད་སོགས་གང་ཐོབ་དེའི་ཁམས་སུ་གཏོགས། བརྟགས་འགོག་འཇིག་རྟེན་པ། བསམ་གཏན་གྱིས་ཐོབ་པ་ གཟུགས་དང་། གཟུགས་མེད་ཀྱིས་ཐོབ་པ་གཟུགས་མེད་དང་། འདས་ལམ་ཟག་མེད་ཀྱིས་ཐོབ་པ་ཟག་མེད་དུ་གཏོགས་ཏེ། རྒྱུའམ་གཉེན་པོ་སྟོབས་ཆེ་བས་སོ། །བརྟགས་འགོག་འཕགས་པས་འཇིག་རྟེན་ལམ་གྱིས་ 3-1-40b ཐོབ་པ་ཟག་བཅས་ཟག་མེད་གཉིས་སོ། །ལམ་བདེན་གྱིས་ཐོབ་པ་ཁམས་སུ་མི་གཏོགས་ཟག་མེད་དུ་གཏོགས་ཏེ། དེ་ཆོས་སྟོབས་ཆེ་བས་སོ། །ལྔ་པ། སློབ་པའི་ལམ་བདེན་ཆོས་རྣམས་ཀྱི་ཐོབ་པ། སློབ༷་པ་དང༷་མི༷་སློབ༷་ པའི་ལམ་བདེན་ཆོས་རྣམས་ཀྱི་ཐོབ་པ་མི་སློབ་པ་ཡིན་ལ། དེ་གཉིས་ཀ་མིན༷་པ་འགོག་གཉིས་དང་། རྒྱུད་ཀྱིས་བསྡུས་པའི་ཟག་བཅས་ཀྱི༷་ཐོབ་པ་ལ་ནི་གསུ༷མ་ཡོད་དེ། ཟག་བཅས་དང་བརྟགས་མིན་བརྟགས་འགོག་ གི་ཐོབ་པ་འཕགས་པ་མིན་པས་ཐོབ་པ་རྣམས་ནི་སློབ་མི་སློབ་གཉིས་ཀ་མིན་ལ། བརྟགས་འགོག་སློབ་པས་ཐོབ་པ་འདས་ལམ་སློབ་པ་དང་། མི་སློབ་པ་འདས་ལམ་སྲིད་རྩེ་སྤོང་ལ་རྣམ་གྲོལ་དགུ་པས་ཐོབ་པ་མི་ སློབ་པ་ཡིན་ནོ། །དྲུག་པ། ཡང་མཐོང་སྤང་གི་ཐོབ་པ་མཐོང་སྤང་དང་། སྒོམ་སྤང་གི་ཐོབ་པ་སྒོམ་སྤང་ཡིན་ནོ། །སྤང༷་བྱ༷་མི༷ན་པ་ཟག་མེད་ལ་བརྟགས་མིན་གྱི་འགོག་པའི༷་ཐོབ་པ་ལུང་མ་བསྟན་ཐམས་ཅད་ དང་། བརྟགས་འགོག་འཕགས་མིན་གྱིས་ཐོབ་པ་དགེ་བ་ཟག་བཅས་ཐམས་ཅད་སྒོམ་སྤང་དང་། བརྟགས་འགོག་འཕགས་ལམ་གྱིས་ཐོབ་པའི་ཐོབ་པ་དང་། ལམ་བདེན་གྱི་ཐོབ་པ་ནི་སྤང་བྱ་མིན་པ་རྣམ༷་པ་གཉི༷ས་ སུ་འདོ༷ད་དོ། །བདུན་པ། མ་སྒྲིབ་ལུང༷་བསྟན༷་མིན༷་པ་དབང་པོ་སོགས་ཀྱི་ཐོབ༷་པ་ཐོབ་བྱ་དང་ལྷན༷་ཅི༷ག་སྐྱེས༷་པ་ཡིན་གྱི་སྔ་ཕྱིར་མི་སྐྱེ་སྟེ་ཆོས་དེ་རྣམས་སྟོབས་ཆུང་བས་སོ། །དེ་ལའང་དམིགས་བསལ་ལྷའི་མིག་རྣའི་ 3-1-41a མངོ༷ན་ཤེས༷་ལུང་མ་བསྟན་གཉིས་དང་སྤྲུལ༷་པ༷འི་སེམས་ལུང་མ་བསྟན་མ༷་གཏོག༷ས་པ༷འོ། །དེ་གསུམ་སྦྱོར་བ་དྲག་པོས་སྒྲུབ་དགོས་པས་ཐོབ་པ་དུས་གསུམ་དུའང་སྐྱེ་བ་ཡོད་དོ། །དེ་བཞིན་བཟོ་དང་སྤྱོད་ ལམ་ཤིན་ཏུ་གོམས་པའི་ཐོབ་པ་དུས་གསུམ་པར་སྐྱེ་བ་སྲིད་དོ། །སྒྲིབ༷་ལ་ལུང་དུ་མ་བསྟན་པའི༷་གཟུགས༷་རིག་བྱེད་ཀྱི༷འང༷་ཐོབ་པ་ལྷན་ཅིག་གོ། དེའང་སྒྲིབ་ལུང་མ་བསྟན་གྱི་གཟུགས་དེ་ནི་བསམ་གཏན་དང་པོ་ན་རང་སའི་ཉོན་མོངས་པས་ཀུན་ ནས་བསླངས་པའི་ལུས་ངག་གི་ལས་ཐམས་ཅད་ཡིན་ནོ། །ཀུན་སློང་མེད་པས་ཁམས་དང་ས་གཞན་ན་མེད་དེ་དེ་ཁོ་ན་ནའོ། །འདོ༷ད་པ༷་ན༷་དགེ་མི་དགེའི་རིག་བྱེད་ཡིན་མིན་གྱི་གཟུགས༷་ཀྱི༷་ཐོབ་པ་ལྷན་ཅིག་དང་ཕྱིས་སྐྱེ་མོད་ཀྱི་སྔར༷་ནི༷་སྐྱེ༷་བ༷་མེ༷ད་ལ། དེ་བཞིན་སྙོམས་འཇུག་གཉིས་དང་། སྐྱེ་བའི་ཆོས་ཅན་གྱི་མཐོང་ལམ་དང་། མངོན་ཤེས་དང་ཚད་མེད་ལྟ་བུ་མ་འདྲེས་པ་རྣམས་དང་། ཡེ་ཤེས་བསྟན་པའི་ཤེས་པ་དང་། ལྟ་བ་ལ་སོགས་པ་སྤྱོར་བས་ཐོབ་པ་ཕལ་ཆེ་བ་རྣམས་ལའང་སྔར་སྐྱེས་ མེད་དོ། །དེས་ན་སེམས་སེམས་བྱུང་མཚུངས་ལྡན་ཉོན་མོངས་ཅན་རྣམས་དང་། དགེ་བ་རྣམས་དང་གཟུགས་ན་ཡོད་པའི་དགེ་བ་གཟུགས་ཅན་རྣམས་དང་། མི་ལྡན་པའི་འདུ་བྱེད་དགེ་མི་དགེ་ཐམས་ཅད་ཀྱི་ཐོབ་པ་དུས་གསུམ་པ་ཡིན་པར་ འདོད་དོ། །ཐོབ་པ་ཐོབ་བྱ་དང་རྒྱུད་ལས་ཐ་དད་པའི་ཐོབ་པ་ཡོད་པ་ཅིའི་ཕྱིར་ཞེ་ན། ལུང་ཚད་མར་སྟོན་ཏེ། མི་སློབ་པའི་ཆོས་བཅུ་པོ་འདི་དག་བསྐྱེད་ཅིང་སོ་སོར་ཐོབ་ལ། ཀུན་དུ་ལྡན་པས་ན། ཞེས་གསུངས་པས་ཟེར། སློབ་དཔོན་ 3-1-41b གྱིས་དེ་ནི་འཕགས་པ་དག་དབང་འབྱོར་པས་ལྡན་པར་བཤད་ཀྱི་རྫས་སུ་ཡོད་པར་སྟོན་པ་མིན་ཏེ། འཁོར་སྒྱུར་རིན་པོ་ཆེ་སྣ་བདུན་དང་ལྡན་ཞེས་པ་དང་འདྲ་ཞེས་གསུངས་པ་དང་། རིགས་པས་སྣང་རུང་མ་དམིགས་པས་རྟོག་བཏགས་དང་། སྐྱེད་བྱེད་དང་ རྣམ་འཇོག་གཉིས་ཀར་མི་རུང་བ་དང་། ཐུག་མེད་དུ་འགྱུར་བས་མི་འཐད་དོ། །དེས་ན་ཆོས་རྣམས་ཀྱི་རྒྱུ་ས་བོན་དང་། དབང་ནི་ས་བོན་མངོན་དུ་རྒྱུ་སྐྱེ་བ་ལ་ཕྱོགས་པ་དང་། མངོན་དུ་རྒྱུ་ནི་ཆོས་རྣམས་རང་གི་ངོ་བོ་སྟེ་དེ་གསུམ་སྐྱེ་འཕགས་ལ་ ལྡན་པ་ལ་ཐོབ་པ་དང་། མི་ལྡན་པ་ལ་མ་ཐོབ་ཅེས་གདགས་ཀྱི། རྫས་གཞན་ཅི་ཡང་མེད་དོ། །གཉིས་པ་ལ་ངོ་བོ་དང་ཁྱད་པར་གཉིས། དང་པོ། མ༷་ཐོབ༷་པ་ནི་རྒྱུད་ཀྱི་ཆོས་དང་འགོག་གཉིས་དང་མི་ལྡན་པའོ། །མ་རྙེད་པ་སྔར་ཐོབ་ ཉམས་པ། གསར་དུ་མེད་པ། མི་ལྡན་པ་དེའི་རྒྱུན་མི་ལྡན་པའོ། །ཡེ་ནས་མི་ལྡན་པ་ནི་ཐོབ་མ་མྱོང་བའོ། །དེ་ལྟ་བུའི་མ་ཐོབ་པ་ནི་མཐའ་གཅིག་ཏུ་མ༷་སྒྲིབ༷་ལུང༷་མ༷་བསྟན༷་ཡིན་ནོ། །གཉིས་པ་ལ་དུས་ཀྱི་ཁྱད་པར་དང་། ཁམས་གང་དུ་ གཏོགས་པའི་ཁྱད་པར་གཉིས། དང་པོ། ཆོས་འད༷ས་པའང་མ༷་སྐྱེས༷་པ་མ་འོངས་པ་རྣམས་ཀྱི༷་མ་ཐོབ་པ་དེ༷་ལ་དུས་རྣམ༷་པ་གསུམ༷་ཡོད་ཀྱི་ཆོས་ད་ལྟ་བ་ཡིན་ན་མ་ཐོབ་པ་ད་ལྟ་བ་འགལ་བས་དེ་མེད་ལ། འདས་འོངས་ཡོད། བསྡོམས་ན་བརྒྱད་དོ། ། གཉིས་པ་ལ་ཁམས་སུ་གཏོགས་པ་དང་། ཟག་མེད་མེད་ཚུལ་གཉིས། དང་པོ། མ་ཐོབ་རྒྱུའི་ཆོས་ཁམས་གསུམ་དང་ཟག་མེད་གང་ཡིན་ཀྱང་། ཁམས་གང་གི་རྟེན་ལ་མ་ཐོབ་པ་ས་དེར་གཏོགས་ཏེ། འདོ༷ད་པ་དང་སོ༷གས་པས་གཟུགས་ 3-1-42a དང་གཟུགས་མེད་པར་མ་ཐོབ་པ་ཐམས་ཅད་དེའི་སར་གཏོག༷ས་པ་དང༷་། དྲི༷་མེ༷ད་ལམ་དང་འགོག་གཉིས་ཀྱི༷་མ་ཐོབ་པའང༷་ཁམས་གསུམ་དུ་གཏོགས་པས་སོ། །གཉིས་པ་ལམ་གྱི་མ་ཐོབ་པ་དང་། མ་ཐོབ་པ་དེ་ཉམས་ཚུལ་ གཉིས། དང་པོ། ཟག་མེད་ཀྱི་མ་ཐོབ་པ་ཁམས་གསུམ་དུ་ཇི་ལྟར་གཏོགས་སྙམ་ན་དེ་ཡིན་ཏེ། ལམ༷་མ༷་ཐོབ༷་པའམ་ལམ་གྱི་མ་ཐོབ་པ༷་ནི༷་སོ༷་སོ༷་ཡི༷་སྐྱེ༷་བོ༷ར་འདོ༷ད་དོ༷་ཞེས་པས་ཟག་བཅས་ཡིན་གྱི་ལམ་རང་མིན་པས་སོ། །འགོག་གཉིས་ཀྱི་མ་ཐོབ་པའང་ ཟག་བཅས་སོ། །འོན་ཀྱང་བརྟགས་མིན་གྱི་མ་ཐོབ་པ་འཕགས་པ་ལ་ཡོད་དེ། ཡེ་ཤེས་སོགས་ཀྱི་བརྟགས་མིན་འགོག་པ་མ་ཐོབ་པ་ཡོད་ལ། ཡེ་ཤེས་སོགས་ཀྱི་སོ་སོར་བརྟགས་མིན་གྱི་འགོག་པའི་མ་ཐོབ་པ་དེ་མེད་ན་ཡེ་ཤེས་སོགས་ མེད་པས་སོ། །དེ་ཟག་བཅས་ཀྱང་མིན་ཏེ། དེ་ཡེ་ཤེས་སོགས་ལས་གཞན་དུ་མེད་པས་སོ། །ཟག་བཅས་ཀྱི་མ་ཐོབ་པའང་ཟག་མེད་དུ་འགྱུར་བ་མཚུངས་པས་མ་ཐོབ་པ་ཟག་མེད་ཀྱང་ཡོད་དགོས་པར་གྲུབ་བོ། །གཉིས་པ། འཕགས་ལམ་དེ༷་ ཐོབ༷་པས་གཏན་ཉམས་དང༷་། ས༷་འཕོས༷་ནས༷་ནི༷་ས་དེའི་སོ༷་སྐྱེ་བྱེ་བྲག་པ་རྣམ༷ས་ཉ༷མས་པར་འགྱུར༷་རོ། །གསུམ་པ། སྐལ༷་མཉམ༷་ནི་སེམ༷ས་ཅ༷ན་དང་དེའི་ཆོས་རྣམས་ཀྱི་འདྲ༷་བའི༷་སྤྱིའོ༷། །སེམས་ཅན་ཞེས་པས་ཕྱིའི་ས་ལུ་སོགས་ ལ་སྐལ་མཉམ་མི་འདོད་དེ། །སྤྱིའི་སྐལ་མཉམ་སེམས་ཅན་ཐམས་ཅད་ཀྱི་སྤྱི་དང་། བྱེ་བྲག་མི་དང་ལྷ་སོགས་ཀྱི་སྤྱིའོ། །ཡང་ན་སེམས་ཅན་གྱི་སྐལ་མཉམ་སེམས་ཅན་རྣམས་འདྲ་བ་དང་། ཆོས་ཀྱི་སྐལ་མཉམ་ཕུང་ཁམས་ 3-1-42b སོགས་ཀྱི་སྤྱིའོ། །དེ་མེད་ན་སེམས་ཅན་དང་ཆོས་ལ་སྒྲ་མཐུན་པར་མི་འཇུག་ཟེར་ཀྱང་། ས་ལུ་སོགས་ལའང་མཚུངས་ཤིང་། བྱེ་བྲག་པའི་སྤྱི་དང་འདྲ་བས་མི་འཐད་དོ། །འདྲ་བ་ལ་བཏགས་པ་ཙམ་ཡིན་གྱི་རྫས་ནི་མེད་དོ། །བཞི་པ་ལ། ངོ་བོ། དེ་རྒྱུས་བསྐྱེད་ཚུལ། ས་གང་ན་ཡོད་གསུམ། དང་པོ། འདུ༷་ཤེས༷་མེ༷ད་པ༷་པ༷་ནི་འདུ༷་ཤེས༷་མེ༷ད་པར༷་སྐྱེས་པའི་རྒྱུད་ལ་མ་འོངས་པའི་སེམ༷ས་དང༷་སེམ༷ས་བྱུང༷་རྣ༷མས་ཆུ་ལོན་གྱིས་ཆུ་ལྟར་རེ་ཞིག་འགོག༷་པའི་རྫས་སུ་འདོད་པ༷འོ༷། །གཉིས་ པ། དེ་ཡང་དེའི་སྙོམས་འཇུག་གི་རྣམ༷་སྨིན༷་གྱི་འབྲས་བུ་ཡིན་གྱི་རྒྱས་བྱུང་མིན་ཏེ། གཟུགས་ཅན་མིན་པ་དང་། སེམས་མེད་པས་སོ། །གསུམ་པ། དེ༷་ནི་འབྲས༷་བུ་ཆེ༷་བའི་ཕྱོགས་གཅིག་ན་ཡོད་པ་དེའི་ཕྱིར་བསམ་གཏན་བཞི་པའི་ལྷ་ཡིན་ པས་གནས་གཞན་མེད་དོ། །ལྔ་པ་ལ། ངོ་བོ། རྟེན། བསམ་པ། དགེ་སོགས་གང་ཡིན། འབྲས་བུ་ནམ་མྱོང་། གང་ཟག་སུས་བསྐྱེད་མི་བསྐྱེད། ཐོབ་པ་ནམ་བྱུང་བདུན་པོ་རིམ་པས། འདུ་ཤེས་མེད་པ་པ་སེམས་སེམས་བྱུང་ འགོག་པ་དེ༷་བཞིན༷་འདུ༷་ཤེས༷་མེ༷ད་པའི་སྙོམས༷་འཇུག༷་ཀྱང་སྙོམས་འཇུག་ལས་མ་ལྡང་གི་བར་དུ་སེམས་སེམས་བྱུང་འགོག་པའི་རྫས་སུ་འདོད། དེ་ནི་ས་བས༷མ་གཏན༷་ཐ༷་མ༷་བཞི་པར་གཏོགས། བསམ་པ་འཁོར་བའི་སྡུག་བསྔལ་ལས་ངེས་པར་འབྱུང༷་ བའི་ཐར་པ་འདོ༷ད་པ༷ས་འཇུག་ལ་དེའི་ཕྱིར་ཀུན་སློང་གིས་བསམ་གཏན་སས་བསྡུས་པའི་དགེ༷་བ༷འོ༷། །འདུ་ཤེས་མེད་སྙོམས་ཐོབ་པ་དེ་ལ་འགོག་པ་ཐར་ལམ་དུ་ངེས་པར་འདུ་ཤེས་ཤིང་གུས་པས་ཉམས་པའང་སོར་ཆུད་པར་བྱས་པས་ན། 3-1-43a མ་ངེས་པ་དང་། མྱང་འགྱུར་གཞན་མེད་པར་སྐྱེས༷་ནས༷་མྱོང༷་འགྱུར༷་གྱི་དགེ་བ་ཉི༷ད་ཁོ་ནའོ། །དེས་སངས་རྒྱས་པའི་ལམ་ལ་མི་འཇུག་སྟེ། རང་ས་ལ་རློམས་པས་སོ་ཟེར་ཀྱང་། གཞན་དག་མྱོང་བར་མ་ངེས་པའང་ ཡོད་པར་འདོད་དེ། ཉམས་སམ་མ་ཉམས་ཀྱང་བཤེས་གཉེན་དང་ཕྲད་ནས་སྐྱོན་དུ་བལྟ་ན། དེ་ལ་མི་འཇུག་གོ། ཞེས་སོ། །འདི་སྐྱེད་པ་པོ་ནི་བྱིས་པ་ཁོ་ནས་འཇུག་གི་འདི་ལས་སླར་ལྷ་ཚེ་རིང་པོར་འབྱུང་བས་དེར་མི་ཁོམས་པའི་གནས་ ཡིན་པའི་ཕྱིར་ལྟུང་བའི་གནས་སུ་གཟིགས་པ་དང་། སྲིད་པ་ལ་ཐར་ལམ་མིན་པར་མཐོང་བས་འཕ༷གས་པ༷ས་འཇུག་པ་མ༷་ཡི༷ན། དུས་འདས་འོངས་མི་ཐོབ་ཀྱི་དུས༷་ད་ལྟ་བ་གཅི༷ག་པུ་འཐོབ༷་སྟེ། སེམས་མེད་པས་སོ། །སྐད་ཅིག་དང་པོ་ལ་ད་ ལྟ་བ་ཐོབ་ལ་མ་བཏང་བར་ཐོབ་པ་འདས་པ་དང་ཡང་ལྡན་ཏེ་སོ་ཐར་བཞིན་ནོ། །འདི་འདྲིས་པ་ཡིན་ཀྱང་འབད་པ་ཆེན་པོས་སྒྲུབ་དགོས་པས་སོ། །འདི་ཡང་ཡིད་བྱེད་ཀྱིས་ཚོགས་དྲུག་བཀག་པ་ལ་བཏགས་ཀྱི་འགོག་བྱེད་ཀྱི་རྫས་གཞན་ནི་མེད་དོ། ། དྲུག་པ་ལ། ངོ་བོ། དོན་ཅི་སླད་འཇུག་པ། སེམས་རྟེན། དགེ་བ་ཡིན་མིན། ནམ་མྱོང་། རྐྱེན་ཅིས་ཐོབ། ལུས་རྟེན་བཅས་བདུན་རིམ་པས། འགོག༷་པའི༷་སྙོམས་འཇུག་ཅེས༷་པ༷འང༷་སེམས་སེམས་བྱུང་འགོག་པའི་རྫས་སུ་གོང་ མ་འདུ་ཤེས་མེད་སྙོམས་ཇི་ལྟ་བ་དེ༷་བཞིན༷་ཉི༷ད་དུ་འདྲ་ཡང་། ཡིད་བྱེད་སོགས་ཀྱིས་མི་འདྲ་སྟེ། བསམ་པ་འགོག་སྙོམས་འདི༷་ནི། འདུ་ཤེས་དང་། ཚོར་བ་ཞི་བར་གན༷ས་པའི་དོན༷་དུ༷་འཇུག་གི་ངེས་པར་འབྱུང་བས་མིན་ལ། ས་ནི་སྲི༷ད་རྩེའི༷་ 3-1-43b མཇུག་ཐོགས་ལས་སྐྱེས༷་པས་དེ་ཁོ་ན་ལ་ཡོད་ཀྱི་ས་གཞན་ལ་མེད་དོ། །ངོ་བོ་ཀུན་སློང་གིས་དགེ༷་བ༷འོ། །མྱོང་འགྱུར་ནི་སྐྱེས་ནས་དང་ལན་གྲངས་གཞན་གཉི༷ས་སུ༷་མྱོང༷་འགྱུར༷་ད༷ང་། མྱོང་བར་མ༷་ངེས༷་པ་དང་གསུམ་ཡོད་ཀྱི་མཐོང་ཆོས་ མེད་དེ། འདིའི་རྣམ་སྨིན་སྲིད་རྩེའི་མིང་བཞིའི་ཕུང་པོ་ཡིན་པས། འདོད་གཟུགས་པ་དག་སྐྱེ་བ་དེ་ལ་དེར་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་ལ་སྐྱེས་ནས་མྱོང་འགྱུར་ནི་འདོད་པའི་འཕགས་པ་དག་དེ་ཐོབ་ནས་མ་ཉམས་པར་སྲིད་རྩེར་ འགྲོ་བ། ལན་གྲངས་གཞན་ལ་མྱོང་འགྱུར་ནི་འདོད་པར་དེ་ཐོབ་པ་ཉམས་པ་གཟུགས་ཁམས་སུ་མངོན་དུ་བྱས་ཏེ་སྲིད་རྩེར་འགྲོ་བའོ། །མྱོང་བར་མ་ངེས་པ་ནི་དེ་གཉིས་ཀ་འདོད་གཟུགས་སུ་དགྲ་བཅོམ་པ་ཐོབ་པའོ། །དེ་བྱིས་པས་བསྐྱེད་ མི་ནུས་ཏེ། འདི་ལ་ཞི་གནས་སྲིད་རྩེ་མན་གྱི་སེམས་བརྒྱད་ཐོབ་པ་དང་། ལྷག་མཐོང་ནི་སྲིད་རྩེའི་མཐོང་སྤང་སྤངས་པའི་འཕ༷གས་པའི༷་ཤེས་རབ་དེ་གཉིས་མེད་པར་མི་ནུས་ལ། བྱིས་པས་སྲིད་རྩེའི་སེམས་ལ་བདག་བཀག་ན་བདག་ ཆད་དུ་དོགས་པས་འདི་ལ་གཡང་སའི་འདུ་ཤེས་སྐྱེ་བས་སོ། །དེར་ཡང་འཕགས་པ་ཆགས་བཅས་དང་། ཕྱིར་མི་འོངས་ཁ་ཅིག་དང་། ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་རྣམས་ཀྱིས་སྲིད་རྩེའི་སེམས་མ་ཐོབ་ པས་འདི་ལ་སྙོམས་པར་འཇུག་མི་ནུས་ལ། སྲིད་རྩེའི་སེམས་ཐོབ་པའི་ཕྱིར་མི་འོང་དང་། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་པ་གཉིས་ཀྱིས་མཐོང་བའི་ཆོས་ལ་ཞི་བའི་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཡིན་ནོ། ། 3-1-44a རང་སངས་རྒྱས་དང་། བྱང་སེམས་ས་དྲུག་པ་ཡན་ཆད་དང་སངས་རྒྱས་རྣམས་འདི་ལ་འཇུག་ནུས་སོ། །འཕགས་པས་ཀྱང་སེམས་ཀྱི་སྟོབས་བསྐྱེད་པའི་སྦྱོ༷ར་བ༷ས་འཐོ༷བ་ཀྱི་ཆགས་བྲལ་ཙམ་ གྱིས་མིན་ནོ། །དེའི་ཕྱིར་སོར་སྡོམ་བཞིན་ད་ལྟ་བ་ཁོ་ན་འཐོབ་ཀྱི་འདས་མ་འོངས་མི་ཐོབ་བོ། །འདོད་པར་ཁམ་ཟས་ཀྱིས་ནུས་པ་གཏུགས་པས་ཞག་བདུན་ལས་མི་འཇུག་ལ། གོང་མ་ཇི་འདོད་དུའོ། །འོ་ན་འཕགས་པ་ ཐམས་ཅད་ཀྱིས་སྦྱོར་བས་ཐོབ་དགོས་སམ་ཞེ་ན། ཐུ༷བ་པའི༷་ཟད་མཁྱེན་ཐོབ་པའི་བྱང༷་ཆུབ༷་ཀྱིས༷་ཞར་ལ་ཐོབ༷་པར་བྱ༷་བ་ཡིན་གྱི་སྦྱོར་བས་མ་ཡིན་ཏེ། ཡོན་ཏན་ཐམས་ཅད་རྩོལ་བ་མེད་པའི་ཕྱིར། འོ་ན་ཐུབ་པས་འགོག་ སྙོམས་བརྙེས་ཀྱི་མངོན་དུ་མ་བྱས་ན་དེ་གཉིས་ཀའི་ཆ་ལས་རྣམ་གྲོལ་མིན་པར་འགྱུར་ཏེ། འགོག་སྙོམས་མངོན་དུ་མ་བྱས་པར་སྙོམས་འཇུག་གི་སྒྲིབ་པ་ལས་མི་གྲོལ་བའི་ཕྱིར་ཞེ་ན། ཁ་ཆེ་ནུབ་ཕྱོགས་བྱེ་བྲག་སྨྲ་བ་ན་རེ། ཐུབ་པས་བྱང་ཆུབ་ཤིང་དྲུང་དུ་བསམ་གཏན་བཞི་པ་ལ་བརྟེན་ནས་མཐོང་ལམ་བསྐྱེད་ཅིང་། དེ་རྗེས་སྲིད་རྩེའི་སེམས་ཀྱིས་འགོག་སྙོམས་བསྐྱེད་ལ། དེ་ལས་ལངས་ནས་བསམ་གཏན་བཞི་པའི་སེམས་ལ་བརྟེན་ཏེ། སྲིད་རྩེའི་ སྒོམ་སྤང་རྣམས་སྤངས་ཏེ་ཟད་དང་མི་སྐྱེ་ཤེས་པ་མངོན་དུ་མཛད་ཟེར། ཁ་ཆེ་བ་ན་རེ། ཟད་མི་སྐྱེ་ཤེས་པའི་དང༷་པོར༷་འགོག་སྙོམས་མངོན་དུ་བྱས་པ་མ༷་ཡི༷ན་ཏེ། སྟན་གཅིག་ལ་མཐོང་ལམ་སྐད་ཅིག་བཅུ་དྲུག །སྒོམ་ལམ་སྲིད་རྩེའི་ 3-1-44b དགུ་སྤོང་བའི་བར་ཆད་མེད་དང་རྣམ་གྲོལ་ལམ་བཅོ་བརྒྱད་དེ་སྐ༷ད་ཅི༷ག་མ༷་སུམ༷་ཅུ༷་རྩ༷་བཞི༷་རྒྱུན་བར་མ་ཆད་དུ་བྱང་ཆུབ་དམ་པ་ཐོབ༷་པའི་ཕྱིར༷་རོ༷། །འོག་ས་བརྒྱད་ཀྱི་མཐོང་སྒོམ་གྱི་སྤང་བྱ་རྣམས་དེ་བཞིན་གཤེགས་པ་ཆགས་བྲལ་སྔོན་སོང་ ཡིན་པས་དེ་དག་གི་གཉེན་པོར་འདིར་མི་བསྐྱེད་དོ་ཟེར་རོ། །འགོག་པའི་གེགས་བྲལ་བས་གཉིས་ཀའི་ཆ་ལས་རྣམ་གྲོལ་ཡིན་ཞིང་། བསམ་པ་ལྡང་བ་ཅན་དུ་འགྱུར་བས་རིམ་ཅན་དུ་མིན་ནོ་ཟེར། ནུབ་ཕྱོགས་པས་འགོག་པས་ བར་ཆོད་ཀྱང་བསམ་པ་ལྡང་བ་ཅན་དུ་མི་འགྱུར་ཏེ། ལུང་གཞི་ལས། ཇི་སྲིད་ཟག་ཟད་མ་ཐོབ་བར་སྐྱིལ་ཀྲུང་མི་བཤིགས་པར་དམ་བཅས་ཀྱི་ཟག་མེད་ཀྱི་ལམ་ལས་མི་ལྡང་བར་མིན་པས་སྐྱོན་མེད་དོ་ཞེས་ལན་འདེབས་སོ། ། སྙོམས་འཇུག་གཉི༷ས་ཀ༷་འདོ༷ད་དང༷་གཟུགས༷་ཀྱི་རྟེན༷་ཅ༷ན་ཡིན་གྱི་གཟུགས་མེད་ཀྱི་རྟེན་ཅན་མ་ཡིན་ཏེ། དགག་གཞི་མེད་པའི་ཕྱིར་དང་། འདུ་ཤེས་མེད་སྙོམས་བསམ་གཏན་བཞི་པས་བསྡུས་པའི་ཕྱིར་དང་། འགོག་པ་འདུ་ཤེས་དང་ ཚོར་བ་རགས་པས་སྐྱོ་བ་ཡིན་ན་གཟུགས་མེད་ཞི་བར་གནས་པས་དེ་དག་གིས་སྐྱོ་བ་མེད་པས་སོ། །རྣལ་འབྱོར་སྤྱོད་པས་ཀུན་གཞི་རྣམ་ཤེས་དགག་གཞིར་འདོད་པ་དེ་དག་གི་ལྟར་ན། འགོག་སྙོམས་གཟུགས་མེད་ཀྱི་ཁམས་སུ་ ཡང་མངོན་དུ་བྱེད་དོ། །འགོག༷་པ༷་སྔར་མ་ཐོབ་པ་དག་གིས་དང༷་པོ༷ར་མངོན་དུ་བྱེད་པ་མིའི༷་ནང༷་དུ༷་ཡིན་ཏེ་སྔར་མ་འདྲིས་པས་བསྐྱེད་དཀའ་ལ་མི་བློ་གསལ་བས་སོ་ཟེར། དེ་ཐོབ་ནས་ཉམས་པ་དག་གིས་ཕྱིས་གཟུགས་ཁམས་སུའང་ 3-1-45a མངོན་དུ་བྱེད་དེ། གང་སྤེལ་གྱིས་དང་པོ་མིའི་ནང་དུ་སྟེ་སྟོན་པོ་དང་། འཆད་པོ་དང་། སྦྱོར་བའི་སྟོབས་ཡོད་པས་སོ། །གཟུགས་མེད་དུ་མིན་ཏེ་རྟེན་མེད་པས་སོ་གསུངས། འདུ་ཤེས་མེད་སྙོམས་ དང་པོ་གཟུགས་སུའང་བསྐྱེད་དེ། འཁོར་བར་ཐོག་མེད་ནས་འདྲིས་པས་སོ་ཟེར། འགོག་སྙོམས་ལས་ཉམས་ན་འཕགས་པ་ལ་ཉམས་པ་ཡོད་པར་ཐལ་ཟེར་ན། བྱེ་སྨྲས་འདོད། མདོ་སྡེ་པས་འཕགས་ལམ་ལ་ ཉམས་པ་མེད་ཀྱི་མདོའི་དོན་སྲིད་རྩེའི་སེམས་དང་། འགོག་པའི་སྙོམས་འཇུག་ལས་ཉམས་པར་ཡོད་པར་བཤད་དོ། །ཞེས་འདོད་དོ། །རྗེས་ཀྱི་སེམས་ནི། བྱེ་སྨྲས་འདས་པ་རྫས་ཡོད་དུ་འདོད་པས་དེ་ལས་དང་། མདོ་སྡེ་པས་ལུས་ལ་སེམས་ཀྱི་ས་བོན་ཡོད་པ་ལས་སྐྱེ་ཟེར་ཡང་། དང་པོ་ལྟར་ན། འདས་སེམས་དེའི་རྒྱུད་ལ་ཡོད་ན་མཚུངས་ལྡན་མ་བཀག་པ་དང་། མེད་ན་རྫས་སུ་མ་གྲུབ་བོ། །གཉིས་པ་ལའང་། ས་བོན་སེམས་ ཡིན་ན་མཚུངས་ལྡན་མ་བཀག་པར་ཐལ་བ་དང་། སེམས་མིན་ན་བེམ་པོ་སེམས་ཀྱི་ཉེར་ལེན་དུ་འགྱུར་བས་གནོད་པར་ཐལ་བ་སོགས་སོ། །སྙོམས་འཇུག་གཉིས་ལ་ཁྱད་མེད་དེ། སེམས་སེམས་བྱུང་ལུས་ལ་བཀག་པའི་ངོ་བོ་ ཡིན་པས་སོ་ཟེར་ན། མདོ་བྱེ་གཉིས་ཀྱིས་དེ་ཙམ་དུ་ཁྱད་མེད་ཀྱང་ཀུན་སློང་དང་། དང་པོ་སྐྱེ་ཚུལ། ཁམས། ས། གང་ཟག་རྣམ་སྨིན་མྱོང་འགྱུར་ལ་ཁྱད་ཡོད་པས་སོ་ཟེར། རྣལ་འབྱོར་སྤྱོད་པ་ལྟར་ན། ཚོགས་དྲུག་འཁོར་ 3-1-45b བཅས་དང་ཚོགས་བདུན་འཁོར་བཅས་བཀག་པའི་ཁྱད་པར་རོ། །བདུན་པ། སྲོག༷་ནི༷་ཁམས་གསུམ་པོའི་ཚེ༷་ཞེས་བྱ་བ་ཡི༷ན་ལ། དེ་ཡང་ལུས་ཀྱི་དྲོད༷་དང༷་ནི༷་རྣམ༷་ཤེས༷་རྟེན༷་གང༷་ཡི༷ན་པ༷འོ༷། །སྲོག་མེད་པ་ལ་དྲོད་མ་མཐོང་བས་སོ། ། དེ་ཡང་རིས་མཐུན་པར་གནས་ཙམ་ལ་གདགས་པས་སོ། །ཚེ་དང་བསོད་ནམས་གང་རུང་ཟད་པ་དང་། གཉིས་ཀ་ཟད་ནས་འཆི་བ་དང་། བར་མ་དོར་འཆི་བ་དང་བཞི། བདག་གཞན་གྱིས་འཆི་བ་མུ་བཞི་ལས། དང་པོ་བདག་ཉིད་ཀྱིས་ འཆི་ལ། གཞན་གྱིས་མི་འཆི་བ། སངས་རྒྱས་དང་འདོད་ལྷ་རྩེད་མྱོས་དང་ཡིད་འཁྲུགས་སོགས་སོ། །གཉིས་པ་མའི་མངལ་ན་གནས་པ་དང་། སྒོ་ང་ལ་གནས་པའོ། །གཉིས་ཀས་འཆི་བ་འདོད་སྤྱོད་ཕལ་ཆེའོ། །གཉིས་ཀས་མི་ འཆི་བ་དམྱལ་བ་པ། སྒྲ་མི་སྙན། མཐོང་ལམ་དང་། བྱམས་པ་དང་། སེམས་མེད་པའི་སྙོམས་འཇུག་གཉིས་ལ་སྙོམས་པར་འཇུག་པ་དང་། རྒྱལ་པོའི་དྲང་སྲོང་། རྒྱལ་པོའི་ཕོ་ཉ། སངས་རྒྱས་ཀྱིས་ལུང་བསྟན་པ། སྲིད་པ་ ཐ་མ་པ། དེའི་མ་སྦྲུམ་བཞིན་དང་། འཁོར་སྒྱུར་དང་། དེའི་མ་སྦྲུམ་སྐབས་དང་ཁམས་གོང་མ་གཉིས་སོ། །དེ་ལ་རྒྱལ་པོའི་དྲང་སྲོང་སྔོན་འཁོར་སྒྱུར་ཡིན་པ་ཕྱིས་རབ་ཏུ་བྱུང་བའོ། །དེ་ཡང་བདག་གིས་འཆི་བ་ནི་ ལྕེབ་ནས་འཆི་བ་སོགས་དང་། གཞན་གྱིས་འཆི་བ་ན་གསོད་པའོ། །བརྒྱད་པ་ལ་ངོ་བོ་དང་བྱེད་ལས་གཉིས། དང་པོ་ལ་རྩ་བའི་མཚན་ཉིད་དང་། ཡན་ལག་གི་དེ་གཉིས། དང་པོ། འདུས་བྱས་ཀྱི་མཚ༷ན་ཉི༷ད་དག༷་ནི༷་ 3-1-46a ཆོས་རྣམས་སྐྱེ་བྱེད་ཀྱི་སྐྱེ༷་བ༷་དང༷་། རྙིང་བྱེད་རྒ༷་བ་དང༷་། གནས་བྱེད་གན༷ས་པ་དང༷་། འཇིག་བྱེད་མི༷་རྟག༷་ཉི༷ད་ཅེས་བྱ་བ་བཞིའོ། །མཚན་ཉིད་བཞི་ཡིན་མོད། མདོ་ལས། གནས་པ་མི་བརྟན་པ་ནི་སྐྱེ་བའི་ ཕྱིར་རྒ་བ་དང་འབྲེལ་བར་བསྟན་ནོ་ཟེར། གཉིས་པ། སྐྱེ་སོགས་དེ༷་དག༷་ལའང་རྗེས་སུ་མཐུན་པའི་མཚན་ཉིད་སྐྱེ༷་བའི༷་སྐྱེ༷་བ་དང་ལ༷་སོ༷གས་པས་རྒ་བའི་རྒ་བ། གནས་པའི་གནས་པ། མི་རྟག་པའི་མི་རྟག་པ་བཞིའོ། །གཉིས་པ་ལ། དངོས་དང་། རྩོད་སྤོང་གཉིས། དང་པོ། རྩ་བའི་བཞི་པོ་དེ༷་ནི་རང་མིན་བདུན་དང་། བྱ་ཡུལ་བུམ་སོགས་མཚན་གཞི་དང་ཆོས༷་བརྒྱ༷ད་ལའང་འཇུག་པ་ད༷ང་རྗེས་མཐུན་བཞི་པོ་རེ་རེས་རྩ་བའི་ཆོས་གཅི༷ག་པུ་དེ་ཁོ་ན་ལ༷་འཇུག༷་ཅིང་སྐྱེད་པས་ཐུག་མེད་དུ་མི་འགྱུར་ རོ། །མཚན་ཉིད་ནི་དོན་གཞན་གྱིས་འདུས་བྱས་སུ་མཚོན་པར་བྱེད་ཅེས་འདོད། དེ་དོན་གཞན་དུ་འདོད་ན་རིགས་པ་དུ་མས་མི་འཐད་ལ། རྒྱུན་ལ་བཏགས་ཀྱི་སྐད་ཅིག་ལ་མིན་ནོ། །གཉིས་པ། དུས་གཅིག་ཏུ་མཚན་ཉིད་བཞི་ ཚང་ཡང་། གནས་འཇིག་དུས་གཅིག་ཏུ་མི་བྱེད་དེ། སྐྱེ་བ་མ་འོངས་པ་ཆོས་མ་འོངས་པ་ལ་བྱ་བ་བྱེད། ད་ལྟ་བའི་ཆོས་ལ་གནས་པ་སོགས་བྱ་བ་བྱེད་པས་དུས་ཐ་དད་པས་སྐྱོན་མེད་ལ། ཡང་མ་འོངས་པ་གཅིག་ཆར་སྐྱེ་བར་ཐལ་ཞེ་ ན་མི་སྐྱེ་སྟེ། རང་རང་གི་རྒྱུ༷་དང༷་རྐྱེན༷་དག༷་མེ༷ད་པ༷ར་ནི༷། སྐྱེ༷་བ༷་ཁོ་ནས་བསྐྱེ༷ད་བྱ༷་སྐྱེད༷་པར་བྱེ༷ད་པ་མིན༷་ཟེར་ཀྱང་རྒྱུ་རྐྱེན་ཡོད་དགོས་ན་སྐྱེ་བ་གཞན་དེ་རྒྱུར་འདོད་པས་ཅི་བྱ། འདི་ཡང་རྫས་སུ་གྲུབ་པར་སྒྲོ་བཏགས་སོ། །དགུ་པ་ལ་ངོ་བོ་དང་ 3-1-46b ཁྱད་པར་གཉིས། དང་པོ། མིང༷་གི༷་ཚོགས༷་དང་། ལ༷་སོ༷གས་པ༷ས་བཟུང་བ་ངག་དང་། ཡི་གེ་དག་ནི༷། དོན་གྱི་ངོ་བོ་སྟོན་པ་མིང༷་སྟེ། གཟུགས་ཞེས་པ་ལྟ་བུ་དང༷་། དོན་གྱི་ཁྱད་པར་སྟོན་པ་ངག༷་གམ་ཚིག་སྟེ། འདུས་བྱས་རྣམས་ མི་རྟག་ཅེས་པ་ལྟ་བུ་དང༷་། དེ་དག་གི་རྩོམ་གཞི་ཡི༷་གེ༷འི་ཚོགས༷་ཏེ་ཀ་ལ་སོགས་པ་ལྟ་བུའོ། །དེ་ཡང་མིང་སོགས་སྒྲ་སྤྱི་ལ་རྫས་སུ་ཞེན་པའོ། །མདོ་སྡེ་པས། མིང་དག་ཀྱང་བརྡས་མཚམས་མ་བཅད་ན་དོན་རྗོད་བྱེད་དུ་མི་འགྱུར་ལ། དེ་ ཡང་མིང་སོགས་སྒྲ་སྤྱི་ལ་རྫས་སུ་ཞེན་པའོ། །མདོ་སྡེ་པས། མིང་དག་ཀྱང་བརྡས་མཚམས་མ་བཅད་ན་དོན་རྗོད་བྱེད་དུ་མི་འགྱུར་ལ། དེ་སྒྲ་རང་མཚན་དང་། མིང་ལ་དོན་དུ་འཁྲུལ་པ་དང་བཅས་པས་རྟོག་ཡུལ་རྫས་སུ་མེད་ཟེར། བྱེ་ སྨྲས་རྟོག་ཡུལ་རྫས་སུ་ཡོད་པར་ཞེན་པའོ། །གཉིས་པ་ལ་ཁམས་གར་ཡོད། སེམས་ཅན་དུ་སྟོན་མི་སྟོན་སོགས་བཞི་པོ་རིམ་པ་ལྟར། མིང་སོགས་དེ་དག་ཀྱང་འདོ༷ད་དང༷་གཟུག༷ས་སུ་གཏོགས༷་ཀྱི། གཟུགས་མེད་ན་ཕན་ཚུན་ཡུལ་མིན་པས་ རྗོད་བྱེད་མིན་ནོ། །རྒྱུད་གཏོགས་རྩོལ་བྱུང་ཡིན་པས་སེམ༷ས་ཅ༷ན་དུ་སྟོན༷་པ་ཡིན་ནོ། །སྐལ་མཉམ་གྱི་རྒྱུས་བསྐྱེད་པས་བྱུང་བ་གསུམ་ལས་རྒྱུ༷་མཐུན༷་ཁོ་ན་ཡིན་གྱི་མིང་སོགས་རྡུལ་བསགས་པ་མིན་ཕྱིར་རྒྱས་བྱུང་མིན་ལ། འདོད་པའི་རྗེས་སུ་ འགྲོ་བས་རྣམ་སྨིན་མིན་ནོ། །དགེ་དང་ཉོན་མོངས་ཅན་དུ་ལུང༷་བསྟན༷་མིན༷་ཏེ་དགེ་རྩ་ཆད་པ་དང་། འདོད་ཆགས་བྲལ་བ་རྣམས་ལའང་ལྡན་པའི་ཕྱིར་རོ། །དེས་ན་མ་སྒྲིབ་ལུང་མ་བསྟན་ཁོ་ནའོ། །གཉིས་པ་རབ་དབྱེ་གཞན་ལ། རྒྱུ་མཐུན་ 3-1-47a སེམས་ཅན་དུ་སྟོན་པ། ལུང་མ་བསྟན་ཡིན་པ་དེ༷་བཞིན༷་དུ་སྐལ༷་མཉམ༷་ཀྱང་དེ་གསུམ་ཡིན་ལ། དེར་མ་ཟད་དེ་ནི་རྣམ༷་པར༷་སྨིན༷་པ༷་ལས་བྱུང་བའང༷་ཡི༷ན་ཏེ། དབང་པོ་སོགས་རྣམ་པར་སྨིན་པའི་སྐལ་མཉམ་ དག་སྔོན་ལས་ལས་བྱུང་བའི་ཕྱིར་རོ། །ཁ༷མས་ནི་གསུམ༷་དུ་གཏོགས་པ༷་སྟེ༷། གཟུགས་མེད་ནའང་དེ་ཡོད་པས་སོ། །ཐོབ༷་པ་ནི་རྒྱུ་མཐུན་དང་རྣམ་སྨིན་ལས་བྱུང་བ་རྣམ༷་པ་གཉི༷ས་ཡིན་ལ། མཚ༷ན་ཉི༷ད་རྣམ༷ས་ཀྱང༷་དེ་བཞིན་བྱུང་གཉིས་ དང་ཁམས་གསུམ་པའོ། །མཚན་ཉིད་ལ་སེམས་ཅན་དུ་སྟོན་མི་སྟོན་གཉིས་ཀ་དང་། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་དོ། །སྙོམ༷ས་འཇུག༷་གཉིས་དང༷་། མི༷་ལྡན༷་པ༷་མ་ཐོབ་པ་དག༷་རྒྱུ༷་མ༷ཐུན་པ༷་ལས་བྱུང་ཁོ་ན་ཡིན་གྱི། རྒྱས་དང་རྣམ་སྨིན་ལས་བྱུང་བ་མེད་དེ། དེ་གསུམ་གཟུགས་ཅན་མིན་པ་དང་། སྙོམས་འཇུག་གཉིས་དགེ་བ་དང་། མི་ལྡན་པ་དགེ་མི་དགེའི་ལས་ཀྱིས་འཕངས་པ་མིན་པར་ཞར་ལ་བྱུང་བས་སོ། །གཉིས་པ་རྒྱུ་འབྲས་རྐྱེན་གསུམ་གྱི་ རྣམ་བཞག་ལ། རྒྱུ་ཡི་རྣམ་བཞག་འབྲས་བུའི་རྣམ་བཞག་རྐྱེན་གྱི་རྣམ་བཞག་གསུམ་ལས། དང་པོ་ལ། བསྟན་བཤད་གཉིས། དང་པོ། བྱེ༷ད་པའི་རྒྱུ༷་དང་། ལྷ༷ན་ཅི༷ག་འབྱུང༷་བ༷་དང༷་། སྐལ༷་མཉམ༷་དང་། མཚུངས༷་ པར༷་ལྡན༷་པ༷་དང༷་། ཀུན༷་ཏུ༷་འགྲོ༷་དང༷་། རྣམ༷་སྨིན༷་གྱི་རྒྱུ་དང༷་། རྒྱུ༷་ནི༷་རྣམ༷་པ༷་དྲུག༷་ཏུ༷་ཆོས་མངོན་པ་བ་རྣམས་ཀྱིས་འདོ༷ད་དོ། །གཉིས་པ་ལ། རྒྱུ་དྲུག་གི་ངོ་བོ་བསྟན་པ་དང་། དེ་དག་དུས་དུ་ཡིན་དཔྱད་པ་གཉིས། དང་པོ་ལ། བྱེད་རྒྱུ། ལྷན་ 3-1-47b འབྱུང་། སྐལ་མཉམ། མཚུངས་ལྡན། ཀུན་འགྲོ། རྣམ་སྨིན་དྲུག་ལས། དང་པོ། འདུས་བྱས་རང༷་ལ༷ས་གཞན༷་པ༷་ཐམས་ཅད་བྱེ༷ད་རྒྱུའི༷་རྒྱུར༷་འདོད་དོ། །འདི་ནི་སྤྱི་སྟེ་རྒྱུ་ལྔ་ཡང་འདིའི་ཁོངས་སུ་འདུ་ལ། དེ་ཡང་། བྱེད་རྒྱུ་ལ་ ནུས་བཅས་དང་། ནུས་མེད་གཉིས་ལས། དང་པོ་མྱུ་གུ་ལ་ས་བོན་ལ་སོགས་པ་ལྟ་བུ་སྟེ། བྱེད་རྒྱུ་མཚན་ཉིད་པའོ། །གཉིས་པ་མྱུ་གུ་ལ་འདུས་མ་བྱས་དང་། གཟུགས་མེད་ཀྱི་ཕུང་པོ་ལ་དམྱལ་བ་ལ་སོགས་པ་ལྟ་བུ་གེགས་ མི་བྱེད་པ་ལ་རྒྱུར་བཏགས་པ་སྟེ། རྒྱལ་པོས་ཁྲལ་མ་བྱས་པ་ལ་བདེ་བར་བྱས་ཞེས་ཟེར་བ་བཞིན་ནོ། །ཁ་ཅིག་ན་རེ། བརྒྱུད་ནས་ཅི་རིགས་པར་འདུས་མ་བྱས་དང་དམྱལ་སོགས་ཀྱིས་ཀྱང་ཡིད་ཤེས་དམིགས་ཚུལ་གྱིས་བསྐྱེད་ནུས་ལ། དེ་ལས་དགེ་མི་དགེ་དང་། དེ་ལས་རིམ་གྱིས་སྣོད་ཀྱི་འཇིག་རྟེན་དང་། གཟུགས་མེད་ཀྱི་ཕུང་པོ་སོགས་སྐྱེ་བས་སོ་ཟེར། སྣང་བ་ལ་མུན་སོགས་གེགས་བྱེད་པ་བྱེད་རྒྱུར་མི་འགྱུར་ལ། དེ་ལྟ་ན་རང་ལས་གཞན་པ་བྱེད་རྒྱུར་མི་རུང་ངོ་ ཞེ་ན། དེས་དེ་དག་མི་སྐྱེ་བའི་ཆོས་ཅན་ལ་གེགས་བྱེད་ཀྱི་སྐྱེ་བ་ལ་བྱེད་མི་ནུས་པས་དེ་དག་ཀྱང་བྱེད་རྒྱུ་ཡིན་ནོ་ཞེས་གྲུབ་མཐའའོ། །ཡང་སྣང་བས་མུན་པ་ནུས་ཆུང་ངུ་བསྐྱེད་ལ་གེགས་སུ་འདོད་ན་དེ་ནི་བྱེད་རྒྱུ་ཡིན་ལ། མུན་པ་མེད་ པ་དང་འཇིག་པ་དེས་བྱས་པ་མིན་པས་སོ་ཟེར་རོ། །གཉིས་པ་ལ། མཚན་ཉིད་དང་། མཚན་གཞི་དཔེར་མཚོན་པ་གཉིས། དང་པོ། ལྷན༷་ཅི༷ག་འབྱུང༷་བའི་རྒྱུ་གང༷་ཡིན་པ་ནི་ཕན༷་ཚུན༷་འབྲས༷་བུར་གྱུར་པ་ཞིག་གོ། གཉིས་པ་ལ་སྤྱི་ 3-1-48a དང་། སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤད་པའོ། །དང་པོ། དེ་ཡང་ཚོགས་པ་གཅིག་པའི་ས་སོགས་འབྱུང༷་བ་བཞི་ཚན་ཕན་ཚུན་རྒྱུ་འབྲས་ཡིན་པ་བཞིན༷་དང་། སེམ༷ས་ཀྱི༷་རྗེས༷་འཇུག༷་དང༷་། སེམ༷ས་ཀྱང་ཕན་ ཚུན་རྒྱུ་འབྲས་ཡིན་པ་བཞིན་དང༷་། འདུས་བྱས་ཀྱི་མཚ༷ན་ཉི༷ད་དང་མཚ༷ན་གཞི༷་ཕན་ཚུན་རྒྱུ་འབྲས་ཡིན་པ་བཞིན༷་མཚན་ཉིད་མཚན་གཞི་ཡིན་ན་ཕན་ཚུན་རྒྱུ་འབྲས་ཡིན་པས་ཁྱབ་པ་ནི་མེད་ཀྱི་ཕལ་ཆེ་བའི་དབང་དུ་བྱས་པ་སྟེ། རྗེས་མཐུན་ མཚན་ཉིད་བཞིས་རྩ་བའི་གཅིག་པུ་མ་གཏོགས་གཞན་ལ་དངོས་སུ་བྱ་བ་མི་བྱེད་དེ། རྒྱལ་པོའི་ཉིང་གཡོག་གིས་རྒྱལ་པོ་ལ་དངོས་སུ་བྱ་བ་བྱེད་མི་ནུས་པ་བཞིན་ནོ། །གཉིས་པ་ལ་སེམས་ཀྱི་རྗེས་འཇུག་ངོས་བཟུང་བ་དང་དེ་རྗེས་ སུ་འཇུག་ཚུལ་གཉིས། དང་པོ། སེམས་ཀྱི་རྗེས་འཇུག་གི་ཆོས་དེ་དག་གང་ཞེ་ན། སེམ༷ས་ལ༷ས་བྱུང༷་བ་རྣམས་དང༷་། བསམ་གཏན་ཟག་མེད་ཀྱི་སྡོམ༷་པ་གཉི༷ས་དང༷་། སེམ༷ས་དང༷་། དེའི་རྗེས་འཇུག་བཤད་མ་ཐག་པ་དེ༷་དག༷་གི༷་མཚ༷ན་ ཉི༷ད་རྣམས་སོ། །གཉིས་པ། ཅིའི་ཕྱིར་སེམ༷ས་ཀྱི༷་རྗེས༷་སུ་འཇུག༷་པར་བྱ་ཞེ་ན། སྤྱིར་སེམས་དང་དུས༷་གཅིག་པ་དང༷་ནི༷་འབྲས༷་སོ༷གས་གཅིག་པ་ནི་དགེ༷་ལ༷་སོ༷གས་པ་གཅིག་པས༷་སོ༷། །དེ་ལ་སྤྱིར་དུས་ཙམ་གཅིག་སྟེ། སེམས་གྲུབ་ པའི་དུས་སུ་དེ་དག་ཀྱང་གྲུབ་པས་སོ། །ཁྱད་པར་སྐྱེ་དུས་གནས་དུས་འཇིག་དུས་གཅིག་པ་སྟེ་དུས་གཅིག་པ་བཞི་དང་། བདག་འབྲས་ནི་འདིར་མ་ཟད་ཆོས་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་ལ། སྐྱེས་བུ་བྱེད་འབྲས་དང་བྲལ་འབྲས་ 3-1-48b གཅིག་པ་འབྲས་བུ་ཙམ་གཅིག་པ་དང་། སོགས་སྒྲས་རྒྱུ་མཐུན་དང་རྣམ་སྨིན་འབྲས་ཀྱང་གཅིག་པར་བསྟན་ཏེ། སེམས་ཀྱི་རྣམ་སྨིན་འབྲས་དང་རྒྱུ་མཐུན་འབྲས་ཡིན་ན། དེ་དག་གི་ཡང་ཡིན་པས་འབྲས་བུ་གཅིག་པ་གསུམ་ དང་། སེམས་དགེ་སོགས་ཡིན་ན་རྗེས་འཇུག་རྣམས་ཀྱང་དགེ་སོགས་གསུམ་དུ་འདྲ་བ་གསུམ་སྟེ། རྒྱུ་མཚན་བཅུས་སེམས་ཀྱི་རྗེས་འཇུག་ཏུ་བཤད་དོ། །དགེ་སོགས་གསུམ་སེམས་གཅིག་ལ་མི་འདུ་བས་ཡང་དག་པར་ན་ བརྒྱད་དོ། །བརྒྱད་ཀྱང་མང་མཐའ་བཟུང་བ་སྟེ་མ་བསྒྲིབ་ལུང་མ་བསྟན་དང་། ཟག་མེད་ལ་རྣམ་སྨིན་འབྲས་མི་སྲིད་ལ། མི་སྐྱེ་བའི་ཆོས་ཅན་ལ་དུས་ཙམ་གཅིག་པ་མ་གཏོགས་སྐྱེ་སོགས་གསུམ་གཅིག་པ་མི་སྲིད། སེམས་ འཁོར་ཉུང་བ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་མ་བསྒྲིབ་ལུང་མ་བསྟན་ནི་འཁོར་ཀུན་འགྲོ་བཅུ་ལས་མི་འབྱུང་བས། ཁོས་ཕར་ལ། ང་བརྒྱད་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་བྱེད་དེ་སེམས་ཀྱི་ས་མང་བཅུ། དེ་དག་གི་ མཚན་ཉིད་བཞི་བཅུ། སེམས་རང་གི་མཐུན་པའི་མཚན་ཉིད་བཞི་དང་རྗེས་སུ་མཐུན་པའི་མཚན་ཉིད་བཞིའོ། །སེམས་རང་ལ་ཚུར་ང་བཞིས་ལྷན་ཅིག་འབྱུང་རྒྱུ་བྱེད་དེ། རང་གི་མཐུན་པའི་མཚན་ཉིད་བཞི་པོ་མ་གཏོགས་པས་ སོ། །ཉི་འོག་པ་རྣམས་སེམས་ལ་བཅུ་བཞིས་བྱེད་དེ། སེམས་བྱུང་གི་མཚན་ཉིད་རྣམས་ཀྱང་རང་གི་མཚན་གཞི་ལ་བྱེད་ཀྱི་སྟོབས་ཆུང་བས་སེམས་ལ་མི་བྱེད་ཟེར་རོ། །ཁ་ཆེ་བ་རྣམས་དེ་ལྟ་ན། རབ་ཏུ་བྱེད་པ་ལས། 3-1-49a འཇིག་ལྟའི་རྒྱུ་ཅན་དང་། རྒྱུ་གཉིས་ཀྱི་མུ་ལ། དང་པོ་འཇིག་ལྟའི་རྒྱུ་ཅན་ཡིན་ལ་རྒྱུ་མིན་པ། འཇིག་ལྟ་དང་དེ་དང་མཚུངས་ལྡན་གྱི་ཆོས་རྣམས་ཀྱི་མཚན་ཉིད་བཞི་མ་གཏོགས་པ་གཞན་པའི་སྡུག་ བདེན་ཉོན་མོངས་ཅན་གསུངས་པ་དང་། གཉིས་ཀ་ཡིན་པ་མ་གཏོགས་པ་རྣམས་སོ། །ཞེས་གསུངས་པ་དང་འགལ་ཏེ། སེམས་བྱུང་གི་མཚན་ཉིད་རྣམས་སེམས་ཀྱི་ལྷན་ཅིག་འབྱུང་རྒྱུ་མ་ཡིན་ན་འཇིག་ལྟ་དང་། མཚུངས་ ལྡན་གྱི་སེམས་སེམས་བྱུང་རྣམས་ཀྱི་མཚན་ཉིད་རྣམས་འཇིག་ལྟའི་རྒྱུ་ཅན་ཡིན་ལ། རྒྱུ་མ་ཡིན་པར་འགྱུར་ཏེ། མཚན་ཉིད་རྣམས་དེ་ཡི་སྐལ་མཉམ་ཀུན་འགྲོ་མཚུངས་ལྡན་མ་ཡིན་ལ། ལྷན་འབྱུང་རྒྱུ་ཡང་ མ་ཡིན་པའི་ཕྱིར་རོ། །དེས་ན་རབ་ཏུ་བྱེད་པ་ལས། དེ་དག་གཉིས་ཀ་ཡིན་པའི་མུར་བཤད་པའི་ཕྱིར་དང་། ཇི་ལྟར་འཇིག་ལྟ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་མཚན་ཉིད་རྣམས་འཇིག་ལྟའི་ལྷན་འབྱུང་ ཡིན་པ་ལྟར་རྒྱུ་མཚན་མཚུངས་ཕྱིར་སེམས་དང་མཚུངས་ལྡན་གྱི་མཚན་ཉིད་རྣམས་ཀྱང་ལྷན་ཅིག་འབྱུང་རྒྱུ་ཡིན་ནོ་ཟེར། ཉི་འོག་པ་རྣམས་དེ་སྐད་དུ་རབ་བྱེད་མི་འདོན་གྱི་འཇིག་ཚོགས་ལ་ལྟ་བའི་སྐྱེ་བ་དང་སོགས་འདོན་པས་ མི་སྐྱོན་ཟེར། ཁ་ཆེ་བས་མི་འདོན་ཀྱང་དོན་གྱིས་ཐོབ་པས་གདོན་པར་བྱའོ་ཟེར། དེ་ལ་འདིར་རྒྱུ་དྲུག་ལས་བྱེད་རྒྱུ་ནུས་མེད་མི་བརྩི་སྟེ། བཏགས་པ་བ་ཡིན་པས་སོ། །ནུས་བཅས་ཀྱང་རྒྱུ་ལྔའི་ཁོངས་སུ་འདུ་ལ་ཤེས་བྱ་ 3-1-49b ཐམས་ཅད་བྱེད་རྒྱུ་ཡིན་པས་ལོགས་སུ་མི་བགྲང་། རྣམ་སྨིན་རྒྱུ་འབྲས་དང་བྲལ་འབྲས་ཀྱང་མི་གཟུང་སྟེ། འཇིག་ལྟ་སྒྲིབ་ལུང་མ་བསྟན་ཡིན་པས་རྣམ་སྨིན་གྱི་རྒྱུ་འབྲས་གཉིས་ཀར་མི་འཐད་པས་སོ། །འཇིག་ལྟ་བྲལ་བ་མིན་ ཞིང་བྲལ་རྒྱུ་ཡང་མིན་པས་སོ། །བདག་འབྲས་ཀྱང་མི་བརྩི་སྟེ། འདུས་བྱས་ཐམས་ཅད་བདག་འབྲས་ཡིན་ཕྱིར་རམ། ཡང་ན་འབྲས་བུ་བཞིའི་ཁོངས་སུ་འདུ་བས་སོ། །དེས་ན་རྒྱུ་ལྷན་འབྱུང་། སྐལ་མཉམ། མཚུངས་ལྡན། ཀུན་འགྲོ་བཞི་དང་། འབྲས་བུ་རྒྱུ་མཐུན་དང་། སྐྱེས་བུ་བྱེད་འབྲས་གཉིས་ལ། རྒྱུ་དང་རྒྱུ་ཅན་གྱི་མུ་བརྩི་བར་བྱའོ། །དེ་ཡང་རབ་བྱེད་ལས། བདེན་བཞི་ལས་བརྩམས་ནས་གསུངས་ཀྱང་། འདིར་བདེན་བཞི། ནམ་ མཁའ་བརྟག་མིན་བཅས་པ་ལ་བརྩི་སྟེ། དེ་ཡང་མུ་བཞི་པ་སྔོན་ལ་བཤད་ན་གོ་བདེ་བས། བདེན་བཞི་ལས། འཇིག་ལྟའི་རྒྱུ་འབྲས་གཉིས་ཀ་མིན་པ། འགོག་ལམ་བདེན་པ་དང་། ནམ་མཁའ་བརྟགས་མིན་འགོག་དང་། སྡུག་བདེན་གྱི་སྒོམ་སྤང་ཉོན་མོངས་ཅན་མིན་པ་རྣམས་ཏེ། དེ་དག་དང་འཇིག་ལྟ་ལ་ཕན་ཚུན་རྒྱུ་བཞི་དང་། འབྲས་བུ་གཉིས་ནི་མི་སྲིད་པས་སོ། །འཇིག་ལྟའི་རྒྱུ་ཡིན་ལ་འབྲས་བུ་མིན་པའི་མུ་གཉིས་པ་མི་སྲིད་དེ། འཇིག་ལྟའི རྒྱུ་རྣམ་བཞི་ཡིན་པ་དེ་དག་ནི་ཉོན་མོངས་ཅན་ཁོ་ནར་ངེས་ལ། ཉོན་མོངས་ཅན་ཐམས་ཅད་འཇིག་ལྟའི་ཀུན་འགྲོའི་རྒྱུ་ལས་སྐྱེས་པས་སོ། །འཇིག་ལྟའི་འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པ་ནི། སྤང་བྱ་རིས་ལྔ་ལས། སྡུག་བསྔལ་ 3-1-50a མཐོང་སྤང་གི་ཕྲ་རྒྱས་བཅུ་ལས་འཇིག་ལྟ་རང་ཉིད་དང་། གཞན་དགུ་ལས་མ་རིག་པ་མ་གཏོགས་པ་བརྒྱད་པོ་མ་འོངས་པ་མཚུངས་ལྡན་དང་བཅས་པ་ཡིན་ཏེ། དེ་དག་ཉོན་མོངས་ཅན་ཡིན་པས་འདས་ད་ལྟར་གྱི་འཇིག་ལྟ་ ཀུན་འགྲོའི་རྒྱུ་ལས་སྐྱེས་པའི་ཕྱིར་དང་། འཇིག་ལྟའི་རྒྱུ་ནི་མིན་ཏེ། མ་འོངས་པ་ནི་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་མིན་པའི་ཕྱིར་དང་། མ་རིག་པ་མ་གཏོགས་རྩ་ཉོན་ཕན་ཚུན་མཚུངས་པར་མི་ལྡན་པའི་ཕྱིར་རོ། །དེ་བཞིན་ཀུན་འབྱུང་ མཐོང་སྤང་ཀུན་འགྲོ་མ་འོངས་པ་མཚུངས་ལྡན་དང་བཅས་པ་རྣམས་ཀྱང་། སྤང་བྱ་རིས་ཐ་དད་ལྷན་ཅིག་ཏུ་མི་འབྱུང་བས་རྒྱུ་མཚན་དེ་དག་མཚུངས་ཕྱིར། འཇིག་ལྟའི་འབྲས་བུ་ཡིན་ལ་རྒྱུ་མིན་པའོ། །དེ་རྣམས་ཀུན་འགྲོ་མ་འོངས་ པ་ཡིན་པས་ཀུན་འགྲོའི་རྒྱུར་མི་རུང་ལ། རིས་ཐ་དད་པས་སྐལ་བ་མི་མཉམ། མཚུངས་པར་མི་ལྡན་པས་ལྷན་ཅིག་ཀྱང་མི་འབྱུང་བས་སོ། །ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མིན་པ་མཚུངས་ལྡན་དང་བཅས་པ་དུས་གསུམ་པ་རྣམས་ དང་། འགོག་ལམ་མཐོང་སྤང་དང་། སྒོམ་སྤང་ཉོན་མོངས་ཅན་རྣམས་ཀྱང་འཇིག་ལྟ་ཀུན་འགྲོའི་རྒྱུ་ལས་སྐྱེས་ལ། དེ་དག་ཀུན་འགྲོའི་རྒྱུ་མིན་ཞིང་སྐལ་མི་མཉམ་ཞིང་། རིས་ཐ་དད་ལ་མཚུངས་པར་མི་ལྡན་ལ། ལྷན་འབྱུང་ཡང་ མིན་པས། འཇིག་ལྟ་དེ་དག་གི་འབྲས་བུ་མིན་ནོ། །དེ་བཞིན་འཇིག་ལྟ་སོགས་ཉོན་མོངས་ཅན་ཐམས་ཅད་ཀྱི་ཐོབ་པ་དུས་གསུམ་པ་རྣམས་དང་། འཇིག་ལྟ་དང་། མཚུངས་ལྡན་རྣམས་ཀྱི་མཚན་ཉིད་རྣམས་མ་གཏོགས་པའི་ཉོན་མོངས་ཅན་གྱི་ 3-1-50b མཚན་ཉིད་ཐམས་ཅད་ཀྱང་། འཇིག་ལྟ་འདས་དང་ད་ལྟ་བའི་སྐལ་མཉམ་ཀུན་འགྲོ་ཅི་རིགས་ཀྱི་འབྲས་བུ་ཡིན་ལ། རྒྱུ་མིན་པའོ། །རྒྱུ་འབྲས་གཉིས་ཀ་ཡིན་པ་ནི་ཚན་པ་བཞི་ལས། དང་པོ་སྡུག་བསྔལ་མཐོང་སྤང་ཕྲ་རྒྱས་ བཅུ་པོ་འདས་ད་ལྟ་མཚུངས་ལྡན་བཅས་པ་ནི། འཇིག་ལྟའི་རྒྱུ་ཡིན་ཏེ། དེ་བཅུ་པོ་སྐལ་མཉམ་ལས། འཇིག་ལྟ་བྱུང་བ་དང་། བཅུ་པོའང་འཇིག་ལྟའི་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ལས་བྱུང་བས། དེ་དག་གི་ལྟ་བ་ཐེ་ཚོམ་མ་ རིག་རྣམས་ལྟ་བ་དང་པོ་དེའི་ཀུན་འགྲོའི་རྒྱུའང་ཡིན་པས་སོ། །རྩ་ཉོན་ལས་མ་རིག་དང་། དེ་ལས་གཞན་པའི་སེམས་སེམས་བྱུང་འཇིག་ལྟ་དང་མཚུངས་ལྡན་དུས་གསུམ་པ་རྣམས་ཀྱང་། འཇིག་ལྟའི་རྒྱུ་འབྲས་གཉིས་ཀ་ཡིན་ ཏེ། དེ་དག་འཇིག་ལྟའི་རྒྱུ་བཞི་ལས་བྱུང་ཞིང་། འཇིག་ལྟའང་མཚུངས་ལྡན་འདས་ད་ལྟར་གྱི་རྒྱུ་བཞི་དང་། མ་འོངས་པའི་ལྷན་མཚུངས་གཉིས་ལས་བྱུང་བའི་ཕྱིར། དེ་བཞིན་ཀུན་འབྱུང་མཐོང་སྤང་ཀུན་འགྲོའི་འདས་ད་ལྟ་བའང་འཇིག་ལྟའི་ཀུན་ འགྲོའི་རྒྱུ་ལས་བྱུང་ཞིང་། འཇིག་ལྟའང་དེའི་ཀུན་འགྲོའི་རྒྱུ་ལས་བྱུང་བའི་ཕྱིར་གཉིས་ཀའི་མུའོ། །འཇིག་ལྟའི་མཚན་ཉིད་བཞི་དང་། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ཀྱི་མཚན་ཉིད་རྣམས་ཀྱང་། འཇིག་ལྟའི་སྐལ་ ཀུན་ལྷན་འབྱུང་གི་རྒྱུ་ལས་སྐྱེ་ལ། འཇིག་ལྟའང་དེ་དག་གི་ལྷན་འབྱུང་གི་རྒྱུ་ལས་སྐྱེ་བས་གཉིས་ཀ་ཡིན་ནོ་ཞེས་ཁ་ཆེ་བས་འདོད་ལ། ཉི་འོག་པས་ནི་འཇིག་ལྟའི་མཚན་ཉིད་རྣམས་དེའི་རྒྱུ་འབྲས་གཉིས་ཀ་ཡིན་ཀྱང་། དེ་དང་མཚུངས་ལྡན་ 3-1-51a གྱི་མཚན་ཉིད་རྣམས་ནི་འཇིག་ལྟའི་རྒྱུ་ཡིན་པས། དེའི་འབྲས་བུ་ཡིན་ལ་རྒྱུ་མིན་པའི་མུའོ། །ཞེས་འདོད་དོ། །འདི་དག་ཀྱང་བྱེ་སྨྲའི་གྲུབ་མཐས་བཏགས་པ་ཡིན་གྱི་ཡང་དག་མིན་ནོ། །འདིར་བྱེ་སྨྲས་ལྷན་ ཅིག་འབྱུང་བའི་རྒྱུ་ཡིན་པ་དེ་ནི་ལྷན་ཅིག་ཁོ་ནར་ངེས་ལ། ལྷན་ཅིག་འབྱུང་བ་ལ་ནི་ལྷན་ཅིག་འབྱུང་བའི་རྒྱུས་མ་ཁྱབ་སྟེ། མཐུན་པའི་མཚན་ཉིད་རྣམས་ཆོས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མིན་ལ། མཐུན་པའི་མཚན་ཉིད་རྣམས་ཀྱང་ནང་ ཕན་ཚུན་རྒྱུ་མིན་པ་ལྟ་བུའོ་ཟེར། དེ་བཞིན་རྡུལ་བརྒྱད་ཀྱི་གཟུགས་དྲི་རོ་རེག་བཞིའོ། །མདོ་སྡེ་པས་ལྷན་ཅིག་འབྱུང་བ་རྒྱུ་མིན་ཏེ། བསྐྱེད་བྱ་སྐྱེད་བྱེད་མེད་པའི་ཕྱིར། འབྱུང་སོགས་ཚོགས་པ་སྔ་མས། གོ་ས་གཅིག་ཏུ་འཕངས་ པ་ནི། མཚེ་མའི་སྤུན་ལྟ་བུའོ་ཞེས་འདོད། མདུང་ཁྱིམ་གནས་པ་དེ་རྣམ་པར་འཇོག་པའི་རྒྱུའམ། གཅིག་མེད་གཅིག་མི་འབྱུང་བའི་རྒྱུ་གང་ཡིན་ཞེ་ན། རྣམ་པར་བཞག་འཇོག་ཡིན་ནམ་སྙམ་མོ། །གསུམ་པ་ལ། སྤྱིར་ བསྟན་པ་དང་། དམིགས་བསལ་བ་གཉིས། དང་པོ། སྐལ༷་མཉམ༷་རྒྱུ༷་ནི༷་དགེ་ཉོན་མོངས་མ་བསྒྲིབ་ལུང་མ་བསྟན་གསུམ་དུ་འདྲ༷་བ༷་སྐྱེད་པའི་རྒྱུའོ༷། །དེ་ཡང་སྤང་བྱ་ལྔ་རང༷་རིས༷་དང་ས་དགུ་པོ་རང་རང་གི་ས༷་པ་སྐྱེད་པར་བྱེད་པ་སྐལ་ མཉམ་ཡིན་གྱི་རིས་གཞན་དང་ས་གཞན་ནི་མ་ཡིན་པའོ༷། །དེ་ལ་སྔར༷་སྐྱེས༷་ཟིན་འདས་པ་དང་ད་ལྟ་རྣམ༷ས་ནི་ཕྱི་མ་སྐྱེས་པ་དང་མ་སྐྱེས་པ་རྣམས་ཀྱི་ཡིན་གྱི་མ་འོངས་པ་ནི་མིན་ཏེ། སྐལ་མཉམ་ཀུན་འགྲོ་དག་གོ་འབྱེད་པའི་རྒྱུ་ཡིན་ན་ 3-1-51b འདས་པས་ནི། འདས་དང་ད་ལྟ་བའི་གོ་འབྱེད། ད་ལྟ་བས་ད་ལྟ་དང་མ་འོངས་པའི་གོ་འབྱེད་ན། མ་འོངས་པ་ནི་རྒྱུ་འབྲས་སྔ་ཕྱིའི་དབྱེ་བ་མེད་པས་སྐལ་མཉམ་མི་བཞག་དེའང་སྐལ་ཀུན་གཉིས་ལ་རྒྱུ་འབྲས་མ་འོངས་པ་མ་ བཞག་པ་ནི་རྒྱུ་འབྲས་ཐ་དད་མེད་པས་སོ་ཟེར་ཀྱང་། གཞན་དང་ངེས་པར་མཚུངས་པས་མི་འཐད་ཟེར། གྲུབ་པའི་མཐའ་ལས་མིག་མིག་གི་སྐལ་མཉམ། ཕྱིའི་ས་ལུ་ས་ལུའི་སྐལ་མཉམ་འདོད་པའི་ཆོས་འདོད་པའི་སྐལ་མཉམ་ སོགས་རང་གི་ས་པ་ཁོ་ནར་བཤད་དོ། །གཉིས་པ། འོ་ན་རང་གི་ས་དང་རིས་ཁོ་ནར་ངེས་སམ་སྙམ་ན། ཟག་བཅས་ལ་ངེས་ཀྱང་། ཟག་མེད་ལ་དང་པོའི་ཉེར་བསྡོགས་དང་། ཁྱད་པར་ཅན་བརྩིས་པས་བསམ་གཏན་བཞི་གཟུགས་ མེད་དང་པོ་གསུམ་སྟེ། ས༷་དགུའི༷་ལམ༷་བདེན་ནི༷་ས་མི་མཚུངས་ཀྱང་ཕ༷ན་ཚུན༷་དུ༷་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ་ལམ་དེ་ས་དེར་གློ་བུར་དུ་འོང་གི་བདག་གིར་མ་བྱས་པས་ཁམས་སུ་མ་གཏོགས་པས་སོ། །དེ་ཡང་ཕན་ཚུན་དུ་ཞེས་གོང་ འོག་ཕན་ཚུན་ཏེ། གོང་མས་འོག་མའི་སྐལ་མཉམ་བྱེད་སྲིད་དེ། བསམ་གཏན་བཞི་བའི་དབང་རྟུལ་དབང་པོ་སྦྱངས་ཏེ་གསུམ་པ་མན་གྱི་དབང་རྣོན་ཐོབ་པ་ལྟ་བུའོ། །འོག་མ་དམན་པས་གོང་མའི་སྐལ་མཉམ་བྱེད་པ་སྟེ། དད་འབྲང་ནི་ཆོས་འབྲང་དད་མོས་མཐོང་ཐོབ་དུས་ཀྱི་རྣམ་གྲོལ་དང་དུས་དང་མི་སྦྱོར་བར་གྲོལ་བར་དྲུག་གི་རྒྱུ་དང་། ཆོས་བཟོད་ཆོས་ཤེས་ཀྱི་རྒྱུ་ཡིན་པ་ལྟ་བུའོ། །དེས་ན་རང་དང་སྐལ་མཉམ༷་དང༷་། རང་ལས་ཁྱ༷ད་པར༷་ཅ༷ན་གྱི༷་ཡི༷ན་གྱི་ 3-1-52a དམན་པས་ནི་མིན་ནོ། །ཟག་མེད་དུ་མ་ཟད་སྦྱོར༷་བྱུང༷་གི་དགེ་བ་ཟག་བཅས་ཐམས་ཅད་ཀྱང་མཉམ་པ་དང་ཁྱད་པར་ཅན་དེ༷་གཉི༷ས་ཁོ༷་ནའི༷་སྐལ་མཉམ་ཡི༷ན་ཏེ། ཇི་ལྟ་ན་ཐོས༷་བྱུང་རང་དང་ཕྱི་མ་གཉིས་དང༷་། བས༷མ་བྱུང༷་རང་དང་ཕྱི་མ་གཅིག་དང་ལ༷་སོ༷གས་པའི༷་སྒྲས་བསྒོམ་བྱུང་རང་ཁོ་ནའོ། །བཞི་པ། མཚུངས༷་ལྡན༷་གྱི་རྒྱུ༷་ནི༷་སེམ༷ས་དག༷་དང༷་སེམ༷ས་བྱུང༷་གང་ཞིག་མིག་སོགས་རྟེན༷་མཚུངས༷་པ་ཅ༷ན་རྣམ༷ས་སོ༷། །ཞེས་མཚུངས་པ་ལྔ་གཟུང་ ངོ་། །དེ་ཡང་ལྷན་འབྱུང་གི་རྒྱུ་ནི་སྤྱི་ཡིན་ལ། མཚུངས་ལྡན་གྱི་རྒྱུ་ནི་བྱེ་བྲག་གོ། ལྔ་པ། ཀུན༷་འགྲོ༷་ཞེས༷་བྱ༷་བའི་རྒྱུ་ནི། གནས་ལྔ་པར་འཆད་འགྱུར་གྱི་སྡུག་བསྔལ་མཐོང་སྤང་གི་ལྟ་བ་ལྔ་ཐེ་ཚོམ་དང་མ་རིག་པ་དང་བདུན། ཀུན་ འབྱུང་མཐོང་སྤང་གི་ལྟ་བ་མཆོག་འཛིན། ལོག་ལྟ། ཐེ་ཚོམ། མ་རིག་པ་དང་བཞི་སྟེ་བཅུ་གཅིག ཁམས་གོང་མ་གཉིས་ནས་དེ་ལྟར་ཏེ་ཕྲ་རྒྱས་སུམ་ཅུ་རྩ་གསུམ་གྱི་ཐོབ་པ་མ་གཏོགས་པའི་གཞན་མཚུངས་ལྡན་དང་མཚན་ཉིད་བཅས་ པ་ཀུན་འགྲོའི་རྒྱུ་ཡིན་ཏེ། ཉོ༷ན་མོ༷ངས་ཅ༷ན་རྣ༷མས་ཀྱི༷་སྔོན་དུ་འགྲོ་བའི་རྒྱུ་ཐུན་མིན་ཡིན་པས་སོ། །དེ་ཡང་རང་སར་གཏོགས་པ་ཡིན་གྱིས་གཞན་གྱི་མ་ཡིན་ལ། རིས་གཞན་ནི་རིས་གཞན་གྱི་ཀུན་འགྲོའི་རྒྱུ་ཡིན་ཏེ། སྡུག་ཀུན་མཐོང་ སྤང་ཉོན་མོངས་རིས་ལྔ་ཆར་གྱི་རྒྱུ་ཡིན་པས་སོ། །དེ་ཡང་མ་འོངས་པ་ཀུན་འགྲོའི་རྒྱུ་མི་འཐད་པས། ཀུན༷་འགྲོ༷འི་རྒྱུ་ནི་སྔར༷་སྐྱེས་པ་ཁོ་ན་ཡིན་ནོ། །འོ་ན་འཕགས་པའི་གང་ཟག་གི་ཀུན་ཉོན་རྣམས་རྒྱུ་དེ་ལས་མ་སྐྱེས་པར་འགྱུར་ 3-1-52b ཏེ་ཀུན་འགྲོ་དེ་དག་སྤངས་ནས་མེད་པས་སོ་ཟེར་ན། བྱེ་སྨྲས་དེ་དག་འདས་པ་ལས་སྐྱེ་བར་འདོད། ཀུན་འགྲོ་སྐལ་མཉམ་གྱི་བྱེ་བྲག་ཡིན་པའི་ངེས་པ་མེད་དེ། འདི་ལ་རིས་གཅིག་མི་དགོས་པས་སོ། །དྲུག་པ། རྣམ༷་སྨིན༷་གྱི་ རྒྱུ༷་ནི༷་མི༷་དགེ༷་བ་དང༷་དགེ༷་བ༷་ཟག༷་བཅས༷་རྣམ༷ས་ཁོ༷་ན༷་ཡིན་ཏེ། འབྲས་བུ་འཕེན་ནུས་ཀྱི་ངོ་བོ་སྟོབས་ལྡན་སྲེད་པའི་རླན་དང་བཅས་པས་སོ། །ཁོ་ན་ཞེས་པས་ལུང་མ་བསྟན་དང་། ཟག་མེད་བཅད་དེ། དེ་དག་ནི་ས་བོན་རུལ་བ་དང་། རླན་བྲལ་གྱི་ས་བོན་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ་དུས་དུ་ཡིན་ནི། ཀུན༷་འགྲོ༷་དང་སྐལ༷་མཉམ༷་རྒྱུ་ནི། འདས་ད་ལྟ་བའི་དུས༷་གཉི༷ས་པ༷་ཁོ་ན་ཡིན་གྱི་མ་འོངས་པ་མེད་ལ། གཞན་གསུམ༷་པོ༷་དག༷་ནི༷་དུས༷་གསུམ༷་པ༷་ཡིན་ནོ། ། བྱེད་རྒྱུའི་འདུས་བྱས་རྣམས་ནི་དུས་གསུམ་པ་དང་། འདུས་མ་བྱས་དུས་ཀྱིས་མ་བསྡུས་པ་ཡང་ཡོད་ཕྱིར་ངེས་པར་མ་བཤད་དོ། །གཉིས་པ་འབྲས་བུ་ལ་ངོ་བོ། དབྱེ་བ། སྐྱེ་ཚུལ་གསུམ་ལས། དང་པོ་ནི། རྣམ་སྨིན་ དང་རྒྱུ་དང་བདག་གསུམ་དང་སྐྱེས་བུ་བྱེད་འབྲས་ཕྱེད་སྟེ་ཕྱེད་བཞི་འདུས༷་བྱས༷་ལ་ཐོབ་ལ། འདུས་མ་བྱས་ལ་ཐོབ་པའི་སྐྱེས་བུ་བྱེད་འབྲས་དང་། བྲལ༷་འབྲས་སོ་སོར་བརྟགས་འགོག་དང་བཅས༷་ཕྱེད་གཉིས་ཐོབ་པས་དེ་དག་ནི་ འབྲས༷་བུ༷་ཡི༷ན་ནོ། །འོ་ན་འདུས་མ་བྱས་རྒྱུ་ཡིན་པ་དང་། བརྟགས་འགོག་བྲལ་འབྲས་ཡིན་པས་འདུས་མ་བྱས་རྒྱུ་འབྲས་སུ་རུང་བས་འདུས་བྱས་སུ་ཐལ་ཞེ་ན། འདུས༷་མ༷་བྱས༷་གཞན་ལ༷་དོན་དུ་རྒྱུ་འབྲས་དེ༷་དག༷་མེ༷ད་དེ། ལམ་ 3-1-53a གྱིས་ཉོན་མོངས་རྒྱུན་ཆད་པ་ལ་བཏགས་ནས་དེ་ལྟར་བརྗོད་ཀྱི་སྐྱེད་རྒྱུ་དངོས་མིན་ནོ། །གཉིས་པ་ལ། རྒྱུའི་སྒོ་ནས་དབྱེ་བ་དང་། འབྲས་བུ་རང་གི་ངོ་བོའི་སྒོ་ནས་དབྱེ་བ་གཉིས། དང་པོ། རྣམ༷་སྨིན༷་གྱི་འབྲས༷་བུ༷་ནི་ རྒྱུ་ཐ༷་མ༷་རྣམ་སྨིན་གྱི་རྒྱུའི་འབྲས་བུ་ཡི༷ན་ལ། བདག༷་པོའི༷་འབྲས༷་བུ༷་ནི། དང༷་པོ༷་བྱེད་རྒྱུའི་འབྲས་བུ་ཡི༷ན་ནོ། །རྒྱུ༷་མཐུན༷་གྱི་འབྲས་བུ་ནི་སྐལ༷་མཉམ༷་དང་ཀུན༷་ཏུ་འགྲོ༷་བའི༷་འབྲས་བུ་ཡིན་ལ། སྐྱེས༷་བུ༷་བྱེ༷ད་པ༷འི་འབྲས་བུ་ནི༷་ལྷན་མཚུངས་ གཉི༷ས་ཀྱི༷་འབྲས་བུ་ལ་ཟེར་བ་ཡི༷ན་ནོ། །དེ་ཡང་སྐྱེས་བུ་བྱེད་འབྲས་ནི་རྒྱུ་དེ་གཉིས་ལ་ངེས་པའི་ཕྱིར་བཞག་གི་དེ་གཉིས་ཁོ་ནའི་འབྲས་བུར་ནི་མ་ཡིན་ཏེ། བྱེད་རྒྱུ་དང་། སྐལ་མཉམ་ཀུན་འགྲོ་རྣམས་ཀྱིས་ཀྱང་། སྐྱེས་བུ་བྱེད་འབྲས་སྐྱེད་པའི་ ཕྱིར་རོ། །གཉིས་པ་ལ་རྣམ་སྨིན། རྒྱུ་མཐུན། བྲལ་བ། བྱེད་འབྲས། བདག་འབྲས་ལྔ་ལས། དང་པོ། རྣམ༷་སྨི༷ན་འབྲས་བུ་ནི་ཁྱད་པར་བཞི་སྟེ། མ་བསྒྲིབ་ལུང༷་དུ༷་མ༷་བསྟན༷་པའི་ཆོས༷་ཡིན་ལ། དེ་ཙམ་ཕྱིའི་འབྱུང་བ་འབྱུང་འགྱུར་ལའང་ཡོད་ པས། སེམ༷ས་ཅ༷ན་གྱི་རྒྱུད་ཀྱིས་བསྡུས་པའི་ཆོས་སུ་བརྗོ༷ད་ལ། དེ་གཉིས་དབང་པོ་རྒྱས་པ་དང་། རྒྱུ་མཐུན་ལས་བྱུང་བ་ལའང་ཡོད་པས་དེ་བསལ་ཕྱིར་རྒྱུ་ལུང༷་བསྟན༷་པ་དགེ་མི་དགེ་ལས་བྱུང་བ་དེ་ཙམ་ཏིང་ངེ་འཛིན་གྱིས་རྒྱས་པ་དང་སྤྲུལ་སེམས་ལ་ ཡང་ཡོད་པས་དེ་བསལ་ཕྱིར། རྒྱུ་རྣམ་སྨིན་ལས་དུས་ཕྱིས༷་འབྱུང༷་བའི་ཕྱིར་དེ་ནི་ལས་ཀྱི་རྣམ་སྨིན་ཡང་ཡིན་ལ་འབྲས་བུའང་ཡིན་ནོ། །གཉིས་པ། རྒྱུ༷་མཐུན༷་གྱི་འབྲས་བུ་ནི་རྒྱུ༷་ད༷ང་འདྲ༷་བ༷་སྟེ། ཟག་བཅས་ལ་ངོ་བོ། རིས་ས་འདྲ་བ་ 3-1-53b ཡིན་ལ། ཟག་མེད་ལ་ངོ་བོ་འདྲ་བའི་ཕྱིར་ནའོ༷། །གསུམ་པ། བྲལ༷་བ༷་ཡི་འབྲས་བུ་ནི་བློ༷་ཡི༷ས་ཏེ་ཤེས་རབ་ཀྱིས་སྤང་བྱ་ཟག་བཅས་ཟ༷ད་པ༷འོ༷། །བཞི་པ། རྒྱུ་གང༷་གིས༷་སྟོབ༷ས་ཀྱིས༷་འབྲས་བུ་ག༷ང་སྐྱེས༷་པའི༷་འབྲས༷་བུ་དེ༷་ནི སྐྱེས༷་བུའི༷་བྱེ༷ད་པ་ལ༷ས་སྐྱེས༷་པའི་འབྲས་བུའོ། །དེ་ནི་འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་ངོ་། །འདི་ཡང་ཁ་ཅིག་རྒྱུའི་དེ་མ་ཐག་གམ་ཅིག་ཆར་བྱུང་བ་ལ་འདོད་དེ། དེ་ཡང་ས་འོག་མའི་སྦྱོར་བས་གོང་མའི་ཏིང་འཛིན་དང་། ཆོས་མཆོག་གི་རྗེས་སུ་མཐོང་ལམ་དང་། ལྷན་འབྱུང་གི་རྒྱུ་ལས་འབྲས་བུ་ལྟ་བུའོ། །ཁ་ཅིག་ཆོད་པའི་རྒྱུ་ལས་ཀྱང་བྱེད་འབྲས་འབྱུང་སྟེ། ཞིང་པ་རྣམས་ཀྱིས་ལོ་ཏོག་ལྟ་བུའོ་ཞེས་ཟེར་ཏེ། འདི་ལྟར་ན་འབྲས་བུ་ཐམས་ཅད་ལ་སྐྱེས་བུའི་ བྱེད་འབྲས་ཀྱིས་ཁྱབ་པར་འདོད་ཀྱང་། རང་གིས། གང་གིས་སྟོབས་ཞེས་པས་རྒྱུན་ལྟ་བུ་མིན་པར། རྒྱུ་མ་འགགས་བཞིན་གཅིག་ལ་ཕན་འདོགས་པ་ལ་གོ་དགོས་སོ་སྙམ་མོ། །ལྔ་པ། སྔོ༷ན་བྱུང༷་མ༷་ཡི༷ན་པར་རྒྱུ་དང་དུས་མཉམ་མམ། ཕྱིས་ བྱུང་གི་འདུས༷་བྱས༷་ཐམས་ཅད་ནི༷། འདུས༷་བྱས༷་ཁོ༷་ན༷འི་བདག༷་པོ༷འི་འབྲས༷་བུ་ཡིན་གྱི་འདུས་མ་བྱས་ལ་འབྲས་བུ་མེད་པས་ཁོ་ན་ཞེས་སྨོས་སོ། །དེའང་འདུས་བྱས་བདག་འབྲས་ཞེས་གཞི་གཅིག་གིས་བསྡུ་བ་ཡིན་ནོ། །དེ་དང་སྐྱེས་བུ་བྱེད་འབྲས་ལ་ ཁྱད་ཅི་ཡོད་ཅེ་ན། བྱེ་སྨྲས་བྱེད་འབྲས་བྱེད་པོ་ཁོ་ནའི་དང་། བདག་འབྲས་བྱེད་པོ་གཞན་གྱིའང་ཡིན་པ་དང་། གཞན་ཡང་སྐྱེས་བུ་བྱེད་འབྲས་ནི། བཟོ་རྣམས་བཟོ་བའི་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་ཀའི་འབྲས་བུ་དང་། སྤྲུལ་པ་རྣམས་ 3-1-54a བསམ་གཏན་གྱི་བྱེད་བདག་གཉིས་ཀྱི་འབྲས་བུ་ཡིན་གྱི། གཞན་གྱིས་ནི་སྐྱེས་བུ་བྱེད་འབྲས་མིན་ནོ། །ཞེས་སོ་སོར་ངེས་པ་ཡིན་ལ། བདག་པོ་ནི། དེ་དག་ཀྱང་འདུས་བྱས་ཐམས་ཅད་ཀྱི་བདག་འབྲས་ཡིན་ཏེ། དེ་ སྐྱེ་བ་ལ་འདུས་བྱས་ཐམས་ཅད་མི་སྒྲིབ་པར་གནས་པས་སོ་ཟེར་ཀྱང་ཀུན་བརྟགས་ཏེ། དེ་ལྟ་ན་འདུས་མ་བྱས་ཀྱི་བདག་འབྲས་སུའང་ཐལ། འོན་ཀྱང་བདག་འབྲས་སྤྱི་ལ། གཞན་བྱེ་བྲག་ཡིན་ནོ། །གསུམ་པ་འབྲས་བུ་དེ་རྣམས་སྐྱེ་ཚུལ་ལ། དུས་གང་གི་རྒྱུས་བསྐྱེད་པ་དང་། རྒྱུ་དུས་བསྐྱེད་ནས་སྐྱེ་ཚུལ་གཉིས། དང་པོ། བྱེད་རྒྱུ་ལས་གཞན་ལྔ༷་པོ༷་ནི་རང་དུས་ད༷་ལྟར༷་འབྲས༷་བུ༷་ས་བོན་ནམ་ནུས་པའི་ཚུལ་དུ་འཛིན༷་ལ། ལྷན་མཚུངས་གཉི༷ས་ནི༷་ད་ལྟ་ནས་འབྲས་བུ་རབ༷་ཏུ༷་འབྱི༷ན་པར༷་ བྱེ༷ད་དོ། །ད༷་ལྟར༷་གྱི༷་རྒྱུ་དང༷་འདས༷་པ༷་ཡི་རྒྱུས་འབྲས་བུ་འབྱིན་པ་ནི་སྐལ་མཉམ་གྱི་རྒྱུ་དག༷་སྟེ། སྐལ་ཀུན་འདས་པས་བརྒྱུད་ནས་དང་། ད་ལྟ་བས་རང་གི་མཇུག་ཐོགས་དེ་མ་ཐག་ཏུ་འབྲས་བུ་འབྱིན་པའི་བྱ་བ་བྱེད་པས་སོ། །རྣམ་སྨིན་གྱི་རྒྱུ་ གཅི༷ག་པུ་ནི༷་སྔར་འདས༷་པས༷་འབྱི༷ན་པར༷་འགྱུར༷་གྱི་ད་ལྟ་བས་འབྲས་བུ་ནམ་ཡང་མི་འབྱིན་ཏོ། །དེའང་རྣམ་སྨིན་གྱི་འབྲས་བུ་འདིའི་རྒྱུ་ཡིན་ན་འདས་པས་ཁྱབ། སྐལ་ཀུན་ལ་བར་མ་ཆོད་པ་ཙམ་ལ་བསམ་གྱི་གཞན་དུ་ད་ལྟ་བ་རྒྱུ་འབྲས་དུས་མཉམ་པ་ མེད་པ་ཤེས་དགོས་སོ། །གལ་ཏེ་དགེ་བའི་སྐལ་མཉམ་གྱི་རྒྱུས་འབྲས་བུ་འཛིན་ལ་མི་འབྱིན་པ་ཡོད་དམ་ཟེར་ན་མུ་བཞི་སྟེ། འཛིན་ལ་མི་འབྱིན་པ་དགེ་རྩ་གཅོད་པ་ན་དགེ་བའི་ཐོབ་པ་ཐ་མ་ལྟ་བུ། ཟློག་པ། ཉིང་མཚམས་སྦྱོར་ཚེ་དགེ་ཐོབ་ 3-1-54b དང་པོ། གཉིས་ཡིན། དགེ་རྩ་མ་ཆད་པའི་སྐབས་ལྷག་མ། གཉིས་མིན། དེ་དག་མ་གཏོགས་པ་སྟེ། གོང་ས་ལས་ཉམས་པའམ་དགེ་རྩ་ཆད་པའི་སྐབས་སོ། །མངོན་པ་བ་ཁ་ཅིག་རྟེན་གྱི་འབྲས་བུ་ཆུ་དཀྱིལ་རླུང་ལ་རྟེན་ སོགས་དང་། སྦྱོར་འབྲས་ལམ་སྔ་མས་ཕྱི་མ་སྐྱེད་སོགས། བྱེད་འབྲས་དང་བདག་འབྲས་ཀྱི་བྱེ་བྲག་གོ། གཉིས་པ། སེམས་དང་སེམས་བྱུང་ཉོ༷ན་མོང༷ས་ཅ༷ན་ ༡ རྣམས་དང༷་ནི་རྣམ༷་སྨིན༷་ལས་སྐྱེས༷་པ་དང་། ༢ ལྷག༷་མ་རྣམ་ ༣ སྨིན་ སྐྱེས་མིན་པའི་མ་བསྒྲིབ་ལུང་མ་བསྟན། བཟོ་སྤྱོད་ལམ་སྤྲུལ་སེམས་སོགས་དང་ཟག་མེད་སྐད་ཅིག་དང་པོ་ལས་གཞན་པའི་དགེ་བ་རྣམས་ད༷ང་། ད༷ང་པོ༷་འཕ༷གས་པ་སྟེ་ཟག་མེད་སྡུག་བསྔལ་ཆོས་བཟོད་སྐད་ཅིག་དང་པོ་བཞི་པོ་ རྣམས་ནི་གོང་གི་རིམ༷་པ་བཞིན༷་དུ་རྣམ༷་སྨིན༷་ ༡ མ་གཏོགས་པ་རྒྱུ་ལྔ་ལས་སྐྱེ་སྟེ། ཉོན་མོངས་ཅན་རྣམ་སྨིན་འབྲས་མིན་ལ་རྣམ་སྨིན་འབྲས་ལ་ཉོན་མོངས་ཅན་མི་སྲིད་པས་སོ། །ཀུན༷་འགྲོའི༷་རྒྱུ་ ༢ མ་གཏོགས་པ་ལྷག་མ་ལྔ་ལས་སྐྱེས་ཏེ། དེ་ཉོན་མོངས་ཅན་མ་ཡིན་པའི་ཕྱིར། རྣམ་ཀུན་དེ་གཉིས་ ༣ མ་གཏོགས་པའི་ལྷག་མ་བཞི་ལས་སྐྱེ་སྟེ། དེ་རྣམ་སྨིན་སྐྱེས་དང་ཉོན་མོངས་ཅན་མིན་པས་སོ། །རྣམ་ཀུན་དེ༷་གཉི༷ས་དང༷་སྐལ༷་མཉམ༷་དང་གསུམ་མ༷་གཏོགས༷་ལྷག༷་མ་གསུམ་ལ༷ས་ སྐྱེ༷་སྟེ། དགེ་བ་ཡིན་པ་དང་རིགས་འདྲ་སྔ་མ་སྔོན་དུ་མ་སོང་བའི་ཕྱིར་རོ། །དེ་ཐམས་ཅད་ནི་སེམ༷ས་དང༷་སེ༷མས་ལ༷ས་བྱུང༷་བའི་དབང་དུ་བྱས་པ༷་ཡི༷ན། མཚུངས༷་ལྡན༷་གྱི་རྒྱུ་མ༷་གཏོགས༷་པ་ནི་སེམས་སེམས་བྱུང་ལས་གཞན༷་ལའང་ 3-1-55a དེ༷་བཞིན༷་དུ་ཤེས་པར་བྱ་སྟེ། དེ་ལ་གཞན་ནི་མི་ལྡན་པའི་འདུ་བྱེད་དང་གཟུགས་སོ། །ཟག་མེད་སྐད་ཅིག་དང་པོའི་གཟུགས་དང་མི་ལྡན་འདུ་བྱེད་ཅེས་པ་ཟག་མེད་སྡོམ་པ་དང་པོར་ཐོབ་པ་དང་། སེམས་སེམས་བྱུང་ དང་སྡོམ་པ་དེ་དག་གི་ཐོབ་པ་དང་མཚན་ཉིད་སོགས་ལ་ཟེར་བ་ཡིན་ནོ། །གསུམ་པ་རྐྱེན་བཤད་པ་ལ། བསྟན་བཤད་གཉིས། དང་པོ། རྐྱེན༷་ནི༷་རྒྱུ་རྐྱེན་སོགས་བཞི༷་པོ༷་དག༷་ཏུ༷་གསུ༷ངས། དེ་ལ་རྒྱུ་དང་རྐྱེན་གྱི་ཁྱད་པར་འབྲས་བུ་སྐྱེས་པ་ན་རྒྱུན་ ལྡོག་མི་ལྡོག་དང་འབྲས་བུ་ལ་ཐུན་མིན་དང་ཐུན་མོང་གི་སྒོ་ནས་ཕན་གདགས་པ་རྒྱུ་དང་རྐྱེན་ནོ་ཞེས་དང་། ཉེ་རྐྱེན་རྒྱུ་དང་། རིང་བ་རྐྱེན་ཁོ་ནའོ་ཞེས་དང་། སྐྱེ་བྱེད་རྒྱུ་དང་། རྐྱེན་ནི་དམིགས་པ་ཙམ་དུ་ཟད་དོ་ཞེས་ཟེར་ཀྱང་། དེ་གཉིས་ཁྱད་ མེད་པར་གདུལ་བྱའི་མོས་པའི་དབྱེ་བ་ཙམ་དུ་ཟད་དོ། །འབྲས་བུ་སྐྱེ་བ་དང་། འགྲུབ་པར་བྱེད་པའི་ཆ་ནས་བརྗོད་ཀྱི་དོན་ལ་ཐ་དད་མེད་དོ། །དེས་ན། རྒྱུ། རྐྱེན། གཞི། རྒྱུ་མཚན། རྟགས་རྒྱུ། འབྲས་གནས་ཞེས་བྱ་བ་རྣམ་གྲངས་སོ། ། གཉིས་པ་ལ། རྐྱེན་བཞི་སྤྱིར་བསྟན་པ་དང་། དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རྐྱེན་རང་གི་ངོ་བོ་བསྟན་པ། རྐྱེན་དེས་འབྲས་བུ་ལ་བྱ་བ་བྱེད་ཚུལ་གཉིས་སོ། །དང་པོ་ལ་བཞི། རྒྱུ་རྐྱེན། དེ་མ་ཐག་རྐྱེན། དམིགས་ རྐྱེན། བདག་རྐྱེན་ནོ། །དང་པོ། རྒྱུ༷་རྐྱེན་ཞེས༷་བྱ༷་བ༷་ནི་བྱེད་རྒྱུ་མ་གཏོགས་པ་རྒྱུ༷་ལྔ༷་ཡི༷ན་ནོ། །གཉིས་པ། སེམ༷ས་དང༷་སེམ༷ས་བྱུང༷་སྐྱེས༷་པ༷་རྣམ༷ས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །ཐམས་ཅད་དམ་ཞེ་ན་དགྲ་བཅོམ་ལྷག་མེད་དུ་ 3-1-55b འཇུག་ཀའི་སེམས་སེམས་བྱུང་ཐ༷་མ༷་མིན༷་པ་མ་གཏོགས་པ་རྣམས་མཚུ༷ངས་པ་དེ༷་མ༷་ཐག༷་རྐྱེན་ཡིན་ནོ། །དེ་ལ་མཚུངས་པ་ཞེས་པ་སེམས་གཅིག་གི་དེ་མ་ཐག་ཏུ་སེམས་གཅིག་དང་ཚོར་བ་གཅིག་གིས་གཅིག་བསྐྱེད་པ། རྫས་མཚུངས་པས་ན་མཉམ་ པ་ཡིན་པས་སོ། །གཟུགས་ནི་མི་མཉམ་པར་འབྱུང་བས་རྫས་མི་མཚུངས་པས་སོ། །འདི་མཚུངས་པའང་ཡིན་ལ་དེ་མ་ཐག་པའང་ཡིན་ནོ། །མི་མཉམ་པ་ནི་གཟུགས་རྒྱས་བྱུང་གཅིག་མ་འགགས་བཞིན་དུ་གཅིག་འབྱུང་བ། ཟས་དང་ལེགས་ བྱས་གཉིས་ཀས་རྒྱས་པ་དུས་མཉམ་དང་། ཡང་སོག་མ་ལས་ཐལ་བ་དང་། ནྱ་གྲོདྷའི་ས་བོན་ལས་ཡལ་ག་སོགས་བཞིན་མང་ཉུང་འཆོལ་བས་སོ་ཟེར། འགྲེལ་པས་སོར་སྡོམ་འདོད་པའི་གཟུགས་རྗེས་བསམ་གཏན་ཟག་མེད་འབྱུང་བས་ འཆོལ་ཞེས་གསུངས། དེ་སེམས་ལ་མཚུངས་ཕྱིར་མི་ལེགས་ཟེར་ཀྱང་དཔྱད། མ་འོངས་པ་ལ་རིམ་པ་མེད་པས་དེ་མཁྱེན་ཚུལ་ལ་སྣ་ཚོགས་ཟེར་ཀྱང་མི་འཐད། ཀུན་འགྲོ་སྐལ་མཉམ་ལ་མ་འོངས་པ་མེད་ན་འདས་པ་ལ་ཡང་ངེས་པར་མཚུངས་ ལ། དེ་ལ་ཡོད་ན་ཀུན་སྐལ་མ་འོངས་པ་མེད་པའང་བཀག་པར་དཀའ་འོ། །སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་དང་། སེམས་ཀྱི་དེ་མ་ཐག་རྐྱེན་ལ་མུ་བཞི་སྟེ། དང་པོ། སེམས་མེད་སྙོམས་འཇུག་གཉིས་ལས་ལྡང་སེམས་དང་། སྙོམས་འཇུག་གཉིས་ཀྱི་སྐད་ཅིག་མ་གཉིས་པ་ལ་སོགས་པ་སྟེ། མཚུངས་ལ་སྙོམས་འཇུག་གིས་བར་ཆོད་པས་སེམས་ཀྱི་དེ་མ་ཐག་མིན་ནོ། །གཉིས་པ། སེམས་མེད་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་དང་པོའི་སྐྱེ་སོགས་བརྒྱད་དང་ཐོབ་སོགས་དང་། 3-1-56a སེམས་བཅས་ཀྱི་སེམས་སེམས་བྱུང་ཐམས་ཅད་ཀྱི་མཚན་ཉིད་བརྒྱད་དང་ཐོབ་སོགས་སོ། །གསུམ་པ། སྙོམས་འཇུག་གཉིས་ཀྱི་སྐད་ཅིག་དང་པོ་དང་། སེམས་བཅས་སྐད་ཅིག་བར་མ་ཆོད་པའི་སེམས་སེམས་བྱུང་ཕྱི་མ་རྣམས་ སོ། །བཞི་པ་སྙོམས་འཇུག་གཉིས་ཀྱི་སྐད་ཅིག་གཉིས་པ་སོགས་ཀྱི་མཚན་ཉིད་དང་ཐོབ་སོགས་དང་། ལྡང་སེམས་ཀྱི་དེ་རྣམས་སོ། །དེ་བཞིན་སེམས་ཀྱི་མཚུངས་པ་དེ་མ་ཐག་དང་། སྙོམས་འཇུག་གི་མཚུངས་པ་དེ་མ་ཐག་ལ་མུ་བཞི། མུ་དང་པོ། གོང་གི་གསུམ་པ་དང་འདྲ། གཉིས་པ་བཞི་པ་དང་འདྲ། གསུམ་པ་དང་པོ་དང་འདྲ། བཞི་པ་གཉིས་པ་དང་འདྲའོ། །གསུམ་པ། དམི༷གས་པ༷འི་རྐྱེན་ནི་ཚོགས་དྲུག་གི་ཡུལ་གྱི་ཆོས༷་རྣམ༷ས་ཐམ༷ས་ཅ༷ད་དོ༷། །དེ་ཡང་། རྣམ་ཤེས་ཀྱི་མི་ དམིགས་པའི་ཆོས་ཀྱང་དེ་དང་འདྲ་བས་སམ། འགའ་ཞིག་གིས་མི་དམིགས་ཀྱང་འགའ་ཞིག་གིས་དམིགས་པའི་ཕྱིར་རོ། །འདུས་མ་བྱས་ཀྱང་དམིགས་རྐྱེན་ཡིན་ན་དངོས་པོར་འགྱུར་ཏེ། འབྲས་བུ་སྐྱེད་པའི་དོན་བྱེད་ནུས་པས་སོ་ཟེར་ན། བྱེ་སྨྲས་འདོད་མོད་ཀྱི་དེས་འབྲས་བུ་སྐྱེད་ན་རྟག་ཏུ་ཡོད་མེད་དུ་ཐལ་ཏེ། རྟག་པར་ཁས་བླངས་པས་སོ་གསུངས། དེས་ན་འདུས་མ་བྱས་ངོ་བོ་མེད་པའི་ཕྱིར་དམིགས་ཡུལ་ཙམ་ཡིན་གྱི་འབྲས་བུ་སྐྱེ་བའི་རྐྱེན་ནི་མིན་ནོ། །ཞེས་སོ། །བཞི་ པ། བྱེ༷ད་རྒྱུ༷་ཞེས༷་བྱ༷་བ་དེ་ནི་བདག༷་པོའི༷་རྐྱེན་ཡིན་པར་བཤ༷ད་དོ། །འོ་ན་དམིགས་བདག་རྐྱེན་གཉིས་ཀ་ཆོས་ཐམས་ཅད་ཡིན་པས་ཁྱད་ཅི་ཡོད་ཟེར་ན། སེམས་རང་དང་ལྷན་འབྱུང་གི་ཆོས་རྣམས་དམིགས་པ་མིན་ལ་བདག་རྐྱེན་ཡིན་པ་ 3-1-56b དང་། ཡང་དམིགས་རྐྱེན་དམིགས་བཅས་ཁོ་ནའི་རྐྱེན་དང་། སེམས་སེམས་བྱུང་རང་གི་ཡུལ་ཁོ་ན་དམིགས་རྐྱེན་ཡིན་གྱི་གཞན་གྱི་ཡུལ་མིན་ལ། བདག་རྐྱེན་རང་ལས་གཞན་པའི་ཆོས་ཐམས་ཅད་ཀྱི་རྐྱེན་ནོ། །ལྷན་མཚུངས་བདག་རྐྱེན་ཡིན་ ཡང་དམིགས་རྐྱེན་མིན་པས་སོ། །གཉིས་པ་རྐྱེན་དེས་བྱ་བ་བྱེད་ཚུལ་ལ། དུས་གང་གི་འབྲས་བུ་ལ་བྱ་བ་བྱེད་པ་དང་། དངོས་པོ་གང་ལ་བྱ་བ་བྱེད་ཚུལ་གཉིས། དང་པོ། རྒྱུ་རྐྱེན་ལ་ལྔ་ལས་ལྷན་མཚུངས་ཀྱི་རྒྱུ༷་གཉི༷ས་པོ༷་དག༷་འབྲས་བུ་ འགག༷ས་པ༷་ལ༷་མངོན་པར་ཕྱོགས་པ་ད་ལྟ་བ་ལ་བྱ༷་བ༷་བྱེ༷ད་དོ༷། །སྐལ་ཀུན་རྣམ་སྨིན་གསུམ༷་པོ༷་ནི༷་སྐྱེ༷་བ་ལ་མངོན་ཕྱོགས་མ་འོངས་པ་ལ༷འོ༷། །དེ༷་ལ༷ས་གཞན༷་པ༷་ཡི༷་དེ་མ་ཐག་དང་དམིགས་པའི་རྐྱེན༷་གཉིས་པོ་དག༷་གོ་རིམ་དེ༷་ལ༷ས་ཟློག༷་པ༷་སྟེ། དེ་མ་ཐག་རྐྱེན་སྐྱེ་བ་ལ་མངོན་ཕྱོགས་མ་འོངས་པ་དང་། དམིགས་རྐྱེན་ད་ལྟ་བ་ལ་བྱ་བ་བྱེད་པ་ཡི༷ན་ནོ། །དེ་ལྟ་ན་སེམས་སེམས་བྱུང་དག་འདས་འོངས་དང་། འདུས་མ་བྱས་ལ་མི་དམིགས་ཏེ། དམིགས་རྐྱེན་དང་ཡུལ་ཅན་དུས་མཉམ་ པས་སོ་ཟེར་ན་བྱེ་སྨྲས་འདས་འོངས་རྫས་སུ་འདོད་པས་ད་ལྟར་ཡོད་པ་དེ་དག་ལ་དམིགས་པའང་དུས་མཉམ་པ་ཁོ་ན་ཟེར། མདོ་སྡེ་པས་རྒྱུ་འབྲས་དུས་མི་མཉམ་པས་མ་འོངས་ལ་བྱ་བ་བྱེད་ཀྱི་ད་ལྟ་བ་ལ་མི་བྱེད་ཟེར། ལྷན་མཚུངས་རྒྱུ་འབྲས་ སུ་གསུངས་པའང་རྒྱུན་ལ་ཡིན་གྱི་སྐད་ཅིག་ལ་རྒྱུར་གྱུར་པ་མིན་ལ། འོ་ན་སེམས་མེད་ལས་ལངས་མ་ཐག་གི་སེམས་ལ་ཚོར་བ་ཡོད་མེད་དཔྱད་པས་དུས་མཉམ་གྱི་རྒྱུ་ཡོད་ཟེར། འདས་འོངས་མེད་པས་དེ་ལ་དམིགས་པ་དམིགས་རྐྱེན་མིན་ནོ། ། 3-1-57a བདག་རྐྱེན་ནི་ཐམས་ཅད་དུ་མི་སྒྲིབ་པ། དེ་དག་ལས་གཞན་དུ་མེད་ཕྱིར་ལོགས་སུ་མ་བཤད་དོ། །གཉིས་པ་ལ། ཤེས་པ་དང་གཟུགས་སྤྱི་ལ་རྐྱེན་དུ་འགྱུར་ཚུལ་དང་། བྱེ་བྲག་བེམ་པོ་ལ་རྐྱེན་བྱེད་ཚུལ་གཉིས། དང་པོ་ལ། རྐྱེན་བྱེད་ཚུལ་དངོས་དང་། དེ་ལ་བརྟེན་ནས་ལོག་རྟོག་གཞན་དགག་པ་གཉིས་ཀྱི། དང་པོ། རྐྱེན་བཞི༷་ཡིས༷་སེམ༷ས་དང༷་སེམ༷ས་བྱུང༷་རྣམ༷ས་སྐྱེད་པར་བྱེད་དོ། །རི་རྭ་དང་ནམ་མཁའི་མེ་ཏོག་སོགས་འཛིན་པའི་ཡིད་ཀྱང་། ཁ་ཅིག་གིས་རི་བོང་དང་རྭ་ལ་སོགས་པའང་ཁ་ཡར་དུ་ཡོད་པས་དེ་ལས་སྐྱེ་བར་འདོད། བྱེ་སྨྲས་རི་རྭ་སོགས་མིང་མཚན་མ་རྫས་སུ་ཡོད་པ་དེ་དག་ལས་སྐྱེ་བར་འདོད། ཁ་ཅིག་སེམས་སེམས་བྱུང་ཕྱིན་ཅི་ལོག་དག་དམིགས་རྐྱེན་ལས་མི་སྐྱེ། མ་ལོག་པ་རྣམས་དམིགས་རྐྱེན་ལས་སྐྱེ་བར་འདོད་དེ་དེ་ལེགས་གསུངས། སེམས་སེམས་བྱུང་ལ་རྒྱུ་རྐྱེན་ནི་ལྔ་པོ་ཅི་རིགས་སོ། །དམིགས་རྐྱེན་མ་གཏོགས་གསུམ༷་གྱི༷ས་སྙོམ༷ས་པར༷་འཇུག༷་པ༷་གཉི༷ས་སྐྱེ་སྟེ། སྙོམས་འཇུག་གཉིས་ལ་རྒྱུ་རྐྱེན་ལྷན་ འབྱུང་དང་ས་མཚུངས་པའི་དགེ་བའི་ཕུང་པོ་ལྔའམ་བཞིའོ། །འདི་ལ་མཚུངས་པ་དེ་མ་ཐག་རྐྱེན་སྙོམས་པར་འཇུག་པའི་སེམས་ཡིན་ལ། དེ་ཡི་ཕྱིར་སྙོམས་འཇུག་འདི་གཉིས་པོ་སེམས་ཀྱི་མངོན་པར་འདུ་བྱེད་ལས་སྐྱེ་བས། སེམས་ཀྱི་མཚུངས་ པ་དེ་མ་ཐག་པའི་རྐྱེན་ཡིན་གྱི། སེམས་སྐྱེ་བ་ལ་གེགས་བྱེད་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་མིན་ནོ། །རྐྱེན་མིན་རྐྱེན་ཅན་ཡིན་ཞེས་སོ། །དམིགས་རྐྱེན་ལས་མི་སྐྱེ་སྟེ་དམིགས་པར་བྱེད་པ་མིན་པས་སོ། །དེས་ན་བྱེ་སྨྲས། གཟུགས་ 3-1-57b མཚུངས་པ་དེ་མ་ཐག་རྐྱེན་མི་འདོད་ཀྱི་མཚུངས་ལྡན་མིན་པ་འགའ་ཞིག་ལ་ནི་འདོད་དེ། སྙོམས་འཇུག་གཉིས་མི་ལྡན་འདུ་བྱེད་བེམ་པོ་ཡིན་པས་སོ། །འདུ་ཤེས་མེད་པ་པ་སྔོན་ལས་ཀྱིས་འཕངས་པས་ངང་གིས་འཇུག་པ་ཡིན་གྱི་སེམས་ ཀྱིས་མངོན་པར་འདུ་བྱེད་པས་བསྐྱེད་པ་མིན་ཕྱིར་དེ་མ་ཐག་རྐྱེན་ལས་སྐྱེས་པར་མ་བརྗོད་དོ། །དེ་གསུམ་ལས་ལྷག་མ་གཞན༷་གཟུགས་ནི༷་བདག་རྒྱུ་གཉི༷ས་པོ༷་དག༷་ཅི་རིགས་པ་ལ༷ས་སྐྱེའོ༷། །གཉིས་པ། སྣོད་བཅུད་འདི་དག་རྒྱུ་རྐྱེན་དུ་མ་དེ་ལྟར་ ཚོགས་ནས་སྐྱེ་ཡི་དབ༷ང་ཕྱུག༷་སོ༷གས་རྒྱུ་རྟག་པ་གཅིག་གིས་སྐྱེད་པ་མིན༷་ཏེ་རིམ༷་གྱིས་འབྱུང་བ་དང་སོ༷གས་པས། ཡུལ་དུས་རྫས་གསུམ་རེས་འགའ་བ་སོ་སོ་སྣ་ཚོགས་ཐ་དད་ཡིན་པའི་ཕྱིར༷། ཁྱབ་སྟེ་གཅིག་རྟག་གིས་བསྐྱེད་ན་ཡུལ་ དུས་རྫས་གསུམ་ཁྱད་མེད་པར་ཡོད་པའམ། མེད་པར་ཐལ་བའི་ཕྱིར་འབྲས་བུ་ཡུལ་དུས་རྫས་གསུམ་སོ་སོ་བ་ཡིན་པ་དེས་རྒྱུ་གཅིག་པུ་མི་འགྲུབ་བོ། །གཉིས་པ་བེམ་པོ་ལ་རྐྱེན་དུ་འགྱུར་ཚུལ་ནི། གཟུགས་ཅན་གྱི་རྒྱུ་རྐྱེན་བྱེ་བྲག་ ཏུ་བཤད་པ་ལ། གལ་ཏེ་འབྱུང་བ་དེའི༷་རྒྱུ༷་འབྱུང༷་བ༷་ཡིན་ན། སྐལ་ལྷན་རྣམ༷་པ༷་གཉི༷ས་ཡིན་ཏེ། རིས་མཐུན་སྔ་མས་ཕྱི་མ་བསྐྱེད་ན་སྐལ་མཉམ། གཞན་གསུམ་དང་ཚོགས་པ་གཅིག་པའི་དུས་མཉམ་པ་ནི་ལྷན་འབྱུང་ངོ་། །འབྱུང་བས་འབྱུང༷་ བ་ལ༷ས་གྱུར༷་པའི༷་གཟུགས་གཞན་བདག་རྐྱེན་བྱས་ནས་སྐྱེད་ན། བྱེད་རྒྱུའི་རྒྱུ་ཁོ་ན་རྣམ༷་པ༷་ལྔ༷་བྱེད་དོ། །རྒྱུ་རྐྱེན་མེད་དོ། །དེ་གང་ཞེ་ན། འབྲས་གཟུགས་སྔར་མ་གྲུབ་པ་གསར་དུ་སྐྱེད་པ་དང་། སློབ་དཔོན་ལས་སློབ་མ་ལྟར་སྐྱེས་པའི་ 3-1-58a རྒྱུན་རྣམས་རྗེས་སུ་མཐུན་པར་བྱེད་པ་དང་། རི་མོའི་རྩིག་པ་བཞིན་རྒྱུན་གནས་པའི་གཞི་བྱེད་པ་དང་། ལུས་ལ་ཁ་ཟས་ལྟར་རྒྱུན་མི་འཆད་པའི་རྒྱུ་བྱེད་པ་དང་། གོང་ནས་གོང་དུ་འཕེལ་བར་བྱེད་པ་སྟེ། དེ་ བསྡུས་ན་སྐྱེ་གནས་འཕེལ་གསུམ་དུའོ། །སྐྱེ་དང་རྗེས་མཐུན་རྟེན་དང་ནི། །རྒྱུན་མི་འཆད་དང་འཕེལ་བ་ལས། །ཞེས་སོ། །དེ་ལྔ་བྱེད་རྒྱུའི་བྱེ་བྲག་ཡིན་པས། འབྱུང་བས་འབྱུང་འགྱུར་ལ་བྱེད་ན་རྒྱུ་བྱེད་ཀྱི་གཞན་མིན་ཏེ། སྐལ་བ་ མི་མཉམ་པ་དང་། ལྷན་ཅིག་འབྱུང་ཡང་ཕན་ཚུན་རྒྱུ་འབྲས་མིན་པ་དང་། ཀུན་འགྲོ་མིན་པ་དང་། མཚུངས་པར་མི་ལྡན་པ་དང་། འབྱུང་བ་དག་དགེ་མི་དགེར་འགྱུར་མི་སྲིད་པས་སོ། །འབྱུང་འགྱུར་གྱི་གཟུགས་ཀྱིས་འབྱུང་འགྱུར་གྱི་ གཟུགས་སྐྱེ་ན། ལྷན། སྐལ། རྣམ་སྨིན་རྣམ༷་གསུམ༷་ཅི་རིགས་ཏེ། དེ་ཡང་ཕན༷་ཚུན༷་དུ༷་སྐྱེ་ནའོ། །ལྷན་འབྱུང་འབྱུང་བཞི་ཚོགས་པ་གཅིག་ལས་སྐྱེ་བས་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་སྤོང་བདུན་པོ་དག་ཕན་ཚུན་ཡིན་གྱི་ ཚོགས་པ་ཐ་དད་ཀྱིས་སྐྱེ་ནས་མིག་སོགས་དང་། དེའི་ཡུལ་ལྔ་དང་པོར་སྡོམ་སོགས་ནི་མིན་ནོ། །སྐལ་མཉམ་དགེ་སོགས་རིགས་མཐུན་སྔ་མས་ཕྱི་མ་སྐྱེ་ནའོ། །རྣམ་སྨིན་ནི། རིག་བྱེད་དང་རིག་བྱེད་མིན་པ་དགེ་བ་ཟག་བཅས། མི་དགེའི་ལུས་ངག་གི་ལས་དག་གིས་མཐོ་རིས་དང་ངན་སོང་གི་དབང་པོ་དང་བཅས་པའི་ལུས་སྐྱེད་པ་ལྟ་བུའོ། །འབྱུང༷་བ༷་རྣམ༷ས་ཀྱི༷་རྒྱུ་འབྱུང༷་འགྱུར་དེ༷་ཡིན་པ་ལ། རྣམ༷་སྨིན་གྱི་རྒྱུ་གཅི༷ག་པུ་སྟེ། དེ་ཡང་ལུས་ངག་གི་རིག་རིག་ 3-1-58b མིན་དགེ་བ་ཟག་བཅས་དང་། མི་དགེ་བ་དག་གིས་དབང་པོའི་ཚོགས་པ་ན་ཡོད་པའི་འབྱུང་བ་སྐྱེས་པ་ཡིན་ནོ། །བྱེད་རྒྱུའང་ཡོད་མོད་ཀྱི་དེ་དག་ནི་བྱེ་བྲག་མེད་པར་འཇུག་པའི་ཕྱིར་རྟག་ཏུ་མི་བགྲང་ངོ་། །ཞེས་འགྲེལ་ པ་ལས་འབྱུང་ངོ་། །གཟུགས་ཅན་ལ་གཉིས་ཀ་ལས་སྐྱེ་བ་ཡོད། བྱེད་རྒྱུ་ཁོ་ན་ལས་སྐྱེ་བའང་ཡོད། འབྱུང་བས་འབྱུང་བ་བཞི་སྐྱེ་ན་རྒྱུ་རྐྱེན་ཁོ་ན་ལས་མིན་ཏེ། དེ་ལའང་བྱེད་རྒྱུས་ཁྱབ་པས་སོ་ཞེས་རང་གིས་བསམ་མོ། ། གཉིས་པ་དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པ་ལ། རྐྱེན་དང་རྐྱེན་ཅན་རྣམ་འཇོག་གི་གཞི་ཁམས་གསུམ་གྱི་སེམས་རྣམ་པ་བཅུ་གཉིས་སུ་དབྱེ་བ། དེ་ལྟར་དབྱེ་བའི་སེམས་གང་ཞིག་གང་གི་རྐྱེན་དུ་འགྱུར་ཚུལ་དཔྱད་པ། སླར་ཡང་ཉི་ཤུར་དབྱེས་ ནས་རྙེད་གཏོང་དཔྱད་པ་གསུམ། དང་པོ། འདོ༷ད་ཁམས་ཀྱི་ཡི༷ད་དགེ༷་དང༷་མི༷་དགེ༷་དང༷་། སྒྲིབ༷་ལུང་མ་བསྟན་པ༷་དང༷་ནི༷་མ༷་སྒྲིབ༷་པ༷་ལུང་མ་བསྟན་དང་བཞི། གཟུགས༷་དང༷་གཟུགས༷་མེ༷ད་པ༷་དག༷་ན༷་མི༷་དགེ༷་ལ༷ས་གཞན༷་གསུམ་གསུམ་དྲུག་ ཟག༷་མེ༷ད་སློབ་མི་སློབ་གཉི༷ས་ཏེ་དེ་ལྟར་ན་འཁོར་འདས་ཀྱི་སེམས་ཐམས་ཅད་རྣམ་པ་བཅུ་གཉིས་སུ་འདུས་སོ། །དེ་གང་གི་དེ་མ་ཐག་ཏུ་གང་འབྱུང་བའི་མཐའ་དཔྱད་པ་ལ། རང་ས་དང་། གཞན་ས་འབྱུང་བ་གཉིས། དང་ པོ་ལ་རྒྱུན་གྱི་ཚེ། ས་མཚུངས་འབྱུང་བ་གཉིས། ཕྱི་མ་ལ་སྙོམས་པར་འཇུག་པ། སྙོམས་འཇུག་ལས་ལྡང་བ། ཉིང་མཚམས་སྦྱོར་བ། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བ་དང་གནས་སྐབས་དྲུག་ཡོད་ལ། 3-1-59a སྙོམས་འཇུག་ལ་འཇུག་ལྡང་གི་ཁོངས་སུ་གཏོགས་པ། སྤྲུལ་སེམས་ལ་འཇུག་ལྡང་གཉིས་ལོགས་སུ་བརྩིས་ན་བརྒྱད་དེ། སྤྲུལ་ལ་འཇུག་པ་སྙོམས་འཇུག་ལས་ལྡང་བ་དང་། སྤྲུལ་ལས་ལྡང་བ་ སྙོམས་འཇུག་ལ་འཇུག་པ་ཡིན་པས་སོ། །དེ་ལ་རྒྱུན་ཞེས་པ་རིས་འདྲ་རྒྱུན་ཆགས་པ་དགེ་བ་ལས་དགེ་སོགས་སོ། །ས་མཚུངས་རིས་མི་མཐུན་ཀྱང་འདོད་པ་སོགས་ས་འདྲ་ན། དེ་ནི་རང་སའི་དེ་མ་ཐག་པར་རང་སའི་འདོད་པའི་ སྤྲུལ་སེམས་མ་གཏོགས་པ་དགེ་བ་ལ་སོགས་པ་ཐམས་ཅད་འབྱུང་ངོ་། །སྙོམས་འཇུག་ཚེ་འོག་མའི་དགེ་བ་སྦྱོར་བྱུང་ལས་གོང་མའི་དགེ་བ་སྦྱོར་བྱུང་དང་ཟག་མེད་གཉིས་འབྱུང་བའོ། །སྙོམས་འཇུག་ལས་ལྡང་བ་ན། གོང་ མའི་དགེ་བ་སྦྱོར་བྱུང་དང་ཟག་མེད་གཉིས་ཀྱི་མཇུག་ཐོགས་སུ་འོག་མའི་དགེ་བ་འབྱུང་བ་ནི། འདོད་པའི་དགེ་བ་གཉིས་ཀ་དང་། ཁམས་གོང་མ་གཉིས་ཀྱི་སྦྱོར་བྱུང་ཁོ་ན་འབྱུང་བ་ཉིད་དུ་ངེས་སོ། །སྤྲུལ་པ་ལ་འཇུག་ཚེ། དག་དང་ རང་ལས་དེ་ལས་གཉིས། ཞེས་པ་ལྟར། གཟུགས་དགེ་སྦྱོར་བྱུང་གི་རྗེས་སུ་འདོད་པའི་སྤྲུལ་སེམས་དང་། གཟུགས་ཀྱི་སྤྲུལ་སེམས་ལུང་མ་བསྟན་གཉིས་ཁོ་ནའོ། །སྤྲུལ་པ་ལས་ལྡང་ཚེ། སེམས་གཉིས་པོ་དེའི་མཇུག་ ཐོགས་སུ་གཟུགས་དགེ་སྦྱོར་བྱུང་འབྱུང་སྟེ། སྤྲུལ་པ་ལས་ལངས་ནས་ཀྱང་བསམ་གཏན་གྱི་སེམས་མངོན་དུ་བྱེད་པས་སོ། །ཉིང་མཚམས་སྦྱོར་ཚེ་འཆི་སྲིད་ནས་བར་སྲིད་དང་། སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་སྟེ། དེ་ཡང་ 3-1-59b འཆི་སེམས་ནི་ཟག་མེད་གཉིས་དང་། དགེ་བ་སྦྱོར་བྱུང་། བཟོ་གནས་སྤྲུལ་སེམས་མ་གཏོགས་པ་རང་སའི་དགེ་བ་སྐྱེས་ཐོབ་དང་། མི་དགེ་བ་དང་། སྒྲིབ་ལུང་མ་བསྟན་དང་། རྣམ་སྨིན་སྐྱེས་དང་། སྤྱོད་ལམ་ པ་རྣམས་ཅི་རིགས་ཡིན་ལ། སྐྱེས་སེམས་སྐྱེ་བའི་སྲིད་པ་ཉོན་མོངས་ཅན། ཞེས་དང་། འཆི་འཕོ་དག་ལས་ཉོན་མོངས་ཀུན། ཞེས་འབྱུང་བས། གང་དུ་སྐྱེས་པའི་ས་པ་དེའི་ཉོན་མོངས་ཅན་སེམས་ཡིན་ཕྱིར། སྒྲིབ་ ལུང་མ་བསྟན་དང་། མི་དགེ་བ་གཉིས་སོ། །འོག་ནས་གོང་མར་སྐྱེ་ཚེ་འཆི་སེམས་དགེ་བ་སྐྱེས་ཐོབ་མ་སྒྲིབ་ལུང་མ་བསྟན། རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་ཡིན་ལ། སྐྱེ་སེམས་གོང་ན་མི་དགེ་མེད་ཕྱིར་སྒྲིབ་ལུང་མ་ བསྟན་ཁོ་ནའོ། །གོང་ནས་འོག་སྐྱེ་ན། འཆི་སེམས་གོང་དང་འདྲ། སྐྱེ་སེམས་འདོད་པར་སྐྱེ་ན་སྒྲིབ་མི་དགེ་ཅི་རིགས་གོང་མར་སྒྲིབ་པ་ཁོ་ནའོ། །རང་སའི་རང་ས་ན་དགེ་བ་སྦྱོར་བྱུང་སྤྲུལ་བཟོ་མ་གཏོགས་པའི་རང་ས་ན་གང་ཡོད་ཀྱི་ སེམས་འཆི་སེམས་དང་། སྐྱེ་སེམས་འདོད་ན་གཉིས། གོང་ན་སྒྲིབ་ལུང་མ་བསྟན་ཁོ་ནའོ། །ཟག་མེད་གཉིས་སྐྱེ་འཆིའི་སེམས་གཉིས་ཀར་མི་གཏོགས་ཏེ། དེ་སྲིད་པའི་གཉེན་པོ་ཡིན་པས་སོ། །སྙོམས་འཇུག་ཉོན་མོངས་ ཅན་གྱིས་གཟིར་ཚེ། གོང་མའི་སྒྲིབ་ལུང་མ་བསྟན་ལས་འོག་མའི་དགེ་བ་སྟེ། དེ་ཡང་གཟུགས་ཀྱི་ཉོན་མོངས་ཅན་ལས་འདོད་དགེ་གཉིས་ཀ་དང་། གཟུགས་མེད་ཀྱི་དེ་ལས་གཟུགས་དགེ་སྦྱོར་བྱུང་ཁོ་ནའོ། །དོན་དེ་དག་བློ་ལ་ 3-1-60a བཞག་ནས་ངེས་པར་བྱའོ། །གཉིས་པ། འདོ༷ད་སེམ༷ས་དགེ༷་བ༷་དེ་མ་ཐག་རྐྱེན་བྱས་པ་ལ༷ས་སེམ༷ས་བཅུ་གཉིས་ལས་དགུ༷་འབྱུང་སྲིད་དེ། འདི་ལྟར་རྒྱུན་གྱི་ཚེ་འདོད་དགེ་རང་ས་མཚུངས་ཚེ་འདོད་ པའི་མི་དགེ་སོགས་གཞན་གསུམ། སྙོམས་འཇུག་གི་ཚེ་འདོད་དགེ་སྦྱོར་བྱུང་ལས། གཟུགས་དགེ་སྦྱོར་བྱུང་ཟག་མེད་གཉིས། ཉིང་མཚམས་སྦྱོར་ཚེ། འདོད་དགེ་སྐྱེས་ཐོབ་ལས་ཁམས་གོང་མ་གཉིས་ཀྱི་སྒྲིབ་པ་གཉིས་ སོ། །འདོད་དགེ་ལས་གཟུགས་མེད་དགེ་བ་སྦྱོར་བྱུང་སོགས་མི་འབྱུང་བ་ནི་གཟུགས་མེད་ཀྱི་རྟེན་གྱིས་འདོད་པའི་སྤྲུལ་སེམས་མངོན་དུ་མི་བྱེད་པས། དེ་མ་ཐག་རྐྱེན་མིན་པས་རྟེན་རིང་བ། རྣམ་པ་ནི། འདོད་པ་རགས་པ་དང་། དེ་ལ་ཞི་བར་མི་ལྟ་བས་དང་། དམིགས་པ་དེས་འདོད་ལ་མི་དམིགས། གཉེན་པོས་རིང་བ་དེས་འདོད་གཉེན་མི་བྱེད་པས་ཏེ། འདོད་སེམས་དགེ་བས་ཀུན་ནས་སློང་ནས་གཟུགས་མེད་ལ་འཇུག་ནའང་བར་དུ་བསམ་གཏན་གྱི་ སེམས་ཀྱིས་ཆོད་པས་སོ་ཟེར། འདོད་སེམས་དགེ་བ་རང་དེ༷་ནི༷་བརྒྱ༷ད་པོ༷་ཁོ༷་ན༷་ལ༷ས་ཏེ། རྒྱུན་དང་། ས་མཚུངས་ཀྱི་ཚེ་རང་སའི་བཞི་དང་། སྙོམས་འཇུག་ལས་ལྡང་བ་ན་དགེ་བ་སྐྱེས་ཐོབ་ལ་སྙོམས་པར་འཇུག་མི་སྲིད་ པས་གཟུགས་དགེ་སྦྱོར་བྱུང་གི་རྗེས་དང་། ཟག་མེད་གཉིས་དང་། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་ཚེ། གཟུགས་ཀྱི་སྒྲིབ་སེམས་ལས་སོ། །དེ་ཡང་འདོད་པའི་དགེ་བ་སྐྱེས་ཐོབ་གསལ་བས། དེ་བཞིའི་རྗེས་སུ་སྲིད་ 3-1-60b པའི་ཡིན་གྱི་སྐྱེས་སྦྱོར་གཉིས་ཀ་འབྱུང་བའང་ཡོད་དོ། །འདིར་ས་མཚུངས་ལ། འདོད་དགེ་ལས་མ་སྒྲིབ་འབྱུང་བར་བཤད་པ་ནི་སྤྲུལ་སེམས་ལས་གཞན་རྣམས་ཡིན་གྱི། སྤྲུལ་སེམས་ནི་རང་དང་གཟུགས་དགེ་ སྦྱོར་བྱུང་ཁོ་ན་ལས་འབྱུང་གི་འདོད་དགེ་སོགས་ལས་མི་འབྱུང་ངོ་། །དེ་བཞིན་འོག་མ་རྣམས་སུ་རྒྱུན་དང་ས་མཚུངས་ཀྱི་ཚེའང་ཤེས་པར་བྱའོ། །གཞན་དག་མི་འབྱུང་བ་ནི་ཚེ་དྲུག་གི་རྣམ་པར་བཞག་པ་མི་འཐད་པའི་ཕྱིར་ རོ། །འདོད་པའི་མི༷་དགེ༷་བ༷འི་སེམས་ནི༷། ཟག་མེད་གཉིས་མ་གཏོགས་བཅུ༷་པོ་དག༷་ལ༷ས་འབྱུང་སྟེ། རྒྱུན་དང་ས་མཚུངས་ཀྱི་སྤྲུལ་སེམས་མ་གཏོགས་རང་སའི་བཞི། ཉིང་མཚམས་སྦྱོར་ཚེ་ཁམས་གོང་འོག་གཉིས་ ནས་ཤི་འཕོས་ནས་འདོད་པར་སྐྱེ་ན། གཟུགས་དགེ་སྦྱོར་བྱུང་དང་། སྤྲུལ་སེམས། གཟུགས་མེད་དགེ་བ་སྦྱོར་བྱུང་མ་གཏོགས་པ་ལ་འཆི་སེམས་སྲིད་པས། དེ་དག་གི་སེམས་གསུམ་གྱི་རྗེས་སུ་འབྱུང་བས་སོ། །འདོད་ པའི་མི་དགེ་བའི་སེམས་དེ༷་ལ༷ས་བཞི༷་འབྱུང༷་སྟེ། རྒྱུན་དང་ས་མཚུངས་ཀྱི་ཚེ་སྤྲུལ་སེམས་མ་གཏོགས་པ་བཞི་ཁོ་ན་སྟེ། གོང་མའི་སེམས་དྲུག་དང་ཟག་མེད་གཉིས་ནི་མིན་ཏེ། མི་དགེ་བ་སྙོམས་པར་འཇུག་སེམས་མིན་པ་ དང་། མི་དགེ་ལས་གོང་མར་ཉིང་མཚམས་སྦྱོར་བ་མི་སྲིད་ཅིང་། ནམ་ཡང་རྒྱུན་དང་ས་མི་གཅིག་པས་སོ། །འདོད་པའི་སྒྲིབ༷་ལུང་མ་བསྟན་གྱི་སེམས་ཀྱང་ཇི་ལྟར་འདོད་པའི་མི་དགེ་བའི་སེམས་བཅུའི་རྗེས་སུ་འབྱུང་ 3-1-61a ཞིང་། དེ་ལས་བཞི་འབྱུང་བར་བཤད་པ་དེ༷་བཞིན༷་ཁྱད་མེད་པར་བརྩི་ཤེས་པར་བྱའོ། །འདོད་པའི་མ༷་སྒྲིབ༷་ལུང་དུ་མ་བསྟན་པའི༷་སེམས་ནི༷་སེམས་ལྔ༷་དག༷་ལ༷ས་འབྱུང་སྟེ། རྒྱུན་དང་། ས་མཚུངས་ རང་ས་བཞི། སྤྲུལ་པར་འཇུག་ཚེ། འདོད་པའི་སྤྲུལ་སེམས་གཟུགས་དགེ་སྦྱོར་བྱུང་ལས་འབྱུང་བས་སོ། །མ་སྒྲིབ་ལུང་མ་བསྟན་དེ༷་ལ༷ས་མཇུག༷་ཐོག༷ས་སེམ༷ས་བདུན༷་ཏེ། རྒྱུན་དང་། ས་མཚུངས་ཀྱི་རང་སའི་བཞི། སྤྲུལ་ པ་ལས་ལྡང་ཚེ། གཟུགས་དགེ་སྦྱོར་བྱུང་། ཉིང་མཚམས་སྦྱོར་བ་ན། རྣམ་སྨིན་སྐྱེས་དང་སྤྱོད་ལམ་གཉིས་ཀྱིས་འཆི་སེམས་བྱས་ན། ཁམས་གོང་མའི་སྒྲིབ་པ་གཉིས་འབྱུང་བ་ཡིན་ནོ༷། །གཟུགས༷་ན༷་སྤྱོད་པའི་སེམས་དགེ༷་བ་ ལ༷ས་ནི་གཟུགས་མེད་ཀྱི་མ་སྒྲིབ་ལུང་མ་བསྟན་མ་གཏོགས་པ་སེམས་བཅུ༷་གཅིག་གོ་འབྱུང་སྟེ། རྒྱུན་དང་ས་མཚུངས་ན་རང་སའི་གསུམ་སྟེ། སྦྱོར་བྱུང་ལས་མ་སྒྲིབ་པ་གསུམ་ཀ་དང། སྐྱེས་ཐོབ་ལས། སྤྲུལ་སེམས་ལས་གཞན་ གཉིས་དང་། སྒྲིབ་པ་ནི་དགེ་བ་གཉིས་ཀ་ལས་འབྱུང་བས་སོ། །སྙོམས་འཇུག་ལས་ལྡང་བ་ན། གཟུགས་དགེ་སྦྱོར་བྱུང་ལས། འདོད་དགེ་གཉིས། སྤྲུལ་པར་འཇུག་པ་ན་གཟུགས་དགེ་སྦྱོར་བྱུང་ལས། འདོད་པའི་མ་སྒྲིབ་ལུང་མ་ བསྟན་སྤྲུལ་སེམས་ཁོ་ན་དང་། ཉིང་མཚམས་སྦྱོར་བ་ན། གཟུགས་ཀྱི་སྐྱེས་ཐོབ་ལས་འདོད་པའི་མི་དགེ་སྒྲིབ་གཉིས་དང་། གཟུགས་ཀྱི་སྐྱེས་ཐོབ་ལས་གཟུགས་མེད་ཀྱི་སྒྲིབ་པ་དང་། སྙོམས་པར་འཇུག་པ་ན་གཟུགས་ཀྱི་སྦྱོར་བྱུང་ཁོ་ན་ལས། 3-1-61b གཟུགས་མེད་དགེ་བ་སྦྱོར་བྱུང་དང་ཟག་མེད་དག་འབྱུང་བས་སོ། །གཟུགས་མེད་ཀྱི་མ་སྒྲིབ་ལུང་མ་བསྟན་གཅིག་པུ་འབྱུང་བ་མེད་དེ། དེ་དང་ཚེ་དྲུག་གི་རྣམ་པར་བཞག་པ་མེད་པའི་ཕྱིར་རོ། །གཟུགས་ཀྱི་དགེ་སེམས་དེ་ནི་དགུ་ཡི་མཇུག་ ཐོགས་སུ་འབྱུང་སྟེ། རྒྱུན་དང་ས་མཚུངས་ན་རང་སའི་གསུམ་སྟེ། དགེ་བ་སྦྱོར་བྱུང་སྤྲུལ་སེམས་ཁོ་ན་ལས་དང་། སྐྱེས་ཐོབ་རྣམ་སྨིན་སྤྱོད་ལམ་པ་གཞན་གཉིས་ལས་ཀྱང་འབྱུང་བས་སོ། །སྙོམས་པར་འཇུག་ན་འདོད་དགེ་སྦྱོར་བྱུང་ལས་ གཟུགས་དགེ་སྦྱོར་བྱུང་ཁོ་ན་དང་། གཟུགས་མེད་ཀྱི་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་ཚེ། གཟུགས་མེད་སྒྲིབ་རྗེས་གཟུགས་ཀྱི་སྦྱོར་བྱུང་ཁོ་ན་དང་། སྤྲུལ་པ་ལས་ལྡང་ཚེ། འདོད་པའི་མ་སྒྲིབ་ལུང་མ་བསྟན་སྤྲུལ་སེམས་ལས་ སྦྱོར་བྱུང་དང་། སྙོམས་འཇུག་ལས་ལྡང་ན་གཟུགས་མེད་དགེ་བ་སྦྱོར་བྱུང་དང་། ཟག་མེད་གཉིས་ལས་གཟུགས་དགེ་སྦྱོར་བྱུང་ངོ་། །འདོད་པའི་མི་དགེ་བ་དང་སྒྲིབ་དང་། གཟུགས་མེད་ཀྱི་མ་སྒྲིབ་ལུང་མ་བསྟན་གསུམ་ལས་མི་འབྱུང་སྟེ། དེ་དག་ དང་ཚེ་དྲུག་ཏུ་བཞག་པ་མི་འཐད་པས་སོ། །གཟུགས་ཀྱི་སྒྲིབ༷་ལུང་མ་བསྟན་པའི༷་སེམས་ནི་བརྒྱ༷ད་ལ༷ས་འབྱུང་སྟེ། འདོད་པའི་ཉོན་མོངས་ཅན་གཉིས་ཟག་མེད་གཉིས་མ་གཏོགས་པའོ། །རྒྱུན་དང་ས་མཚུངས་ན་སྤྲུལ་སེམས་མ་གཏོགས་པའི་ རང་སའི་གསུམ། ཉིང་མཚམས་སྦྱོར་ན། འདོད་པའི་དགེ་བ་སྐྱེས་ཐོབ་དང་མ་སྒྲིབ་ལུང་མ་བསྟན་རྣམ་སྨིན་སྤྱོད་ལམ་པ་གཉིས། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་མ་གཏོགས་པ་གསུམ་གྱི་རྗེས་སུའོ། །དེ༷་ལ༷ས་དྲུག༷་སྟེ། རྒྱུན་དང་ 3-1-62a ས་མཚུངས་ན་སྤྲུལ་སེམས་མ་གཏོགས་རང་ས་གསུམ། ཉིང་མཚམས་སྦྱོར་ཚེ། འདོད་པའི་མི་དགེ་སྒྲིབ་གཉིས། ཉོན་མོངས་ཅན་གྱིས་གཟིར་ཚེ། འདོད་དགེ་གཉིས་ཀའོ། །གཟུགས་ཀྱི་མ༷་སྒྲིབ༷་པ༷་ལུང་མ་བསྟན་ནི༷། རྒྱུན་ ཚེ་སྤྲུལ་སེམས་རང་ཉིད་ལས་དང་། སྤྱོད་ལམ་པ་རྣམ་སྨིན་སྐྱེས་གཉིས་སྤྲུལ་སེམས་མ་གཏོགས་པ་ཕན་ཚུན་དང་། ས་མཚུངས་པ་ན་དགེ་བ་སྦྱོར་བྱུང་ལས་མ་སྒྲུབ་པ་གསུམ་ག་དང་། སྐྱེས་ཐོབ་དང་། སྒྲིབ་པ་ལས་སྤྲུལ་སེམས་ལས་གཞན་ གཉིས་པོ་སྟེ། རང་སའི་གསུམ༷་ལ༷ས་གཞན་མི་འབྱུང་བ་ནི་ཚེ་དྲུག་གམ་བརྒྱད་དུ་བཞག་པ་མི་འཐད་པས་སོ༷། །དེ༷་ལ༷ས་དྲུག༷་སྟེ༷། རྒྱུན་ཚེ་སྤྲུལ་སེམས་རང་ཉིད་ལས་དང་། སྤྱོད་ལམ་པ་དང་རྣམ་སྨིན་སྐྱེས་ཕན་ཚུན་དུ་འབྱུང་བ་དང་། ས་ མཚུངས་ན་རང་ས་གསུམ། ཉིང་མཚམས་སྦྱོར་ན་གཟུགས་ཀྱི་རྣམ་སྨིན་དང་སྤྱོད་ལམ་པ་གཉིས་ལས། འདོད་པའི་མི་དགེ་དང་སྒྲིབ་པ། གཟུགས་མེད་པའི་སྒྲིབ་པའོ། །གཟུགས༷་མེ༷ད་ཀྱི་མ་སྒྲིབ་ལུང་མ་བསྟན་པ༷འང༷་། ཇི་ལྟར་གཟུགས་ ཀྱི་མ་སྒྲིབ་ལུང་མ་བསྟན་གསུམ་ལས་འབྱུང་ཞིང་། དེ་ལས་དྲུག་འབྱུང་བ་དེ༷་ཡི༷་ཚུལ༷་ལོ༷་སྟེ། རང་ཉིད་རྒྱུན་དང་ས་མཚུངས་ཀྱི་རང་སའི་གསུམ་ཁོ་ན་ལས་འབྱུང་བ་དང་། རང་ལས་ནི། ཉིང་མཚམས་སྦྱོར་བ་ན། རྣམ་སྨིན་སྐྱེས་ལས་ འདོད་པའི་ཉོན་མོངས་ཅན་གཉིས། གཟུགས་སྒྲིབ། རྒྱུན་ཚེ། རྣམ་སྨིན་སྐྱེས་རང་། ས་མཚུངས་ན་དགེ་བ་སྐྱེས་ཐོབ་ཁོ་ན་དང་། སྒྲིབ་པ་འབྱུང་བས་རང་སའི་གསུམ་སྟེ་དྲུག་ཁོ་ནའོ། །གཟུགས་མེད་དགེ༷་བའི༷་སེམས་ལ༷ས་སེམ༷ས་དགུ༷་དག༷་ 3-1-62b འབྱུང་སྟེ། རྒྱུན་ཚེ་དགེ་བ་གཉིས་ཀ་ཕན་ཚུན་དང་། ས་མཚུངས་ན་དགེ་གཉིས་ལས་སྒྲིབ་མ་སྒྲིབ་གཉིས་ཀ་འབྱུང་བས་རང་སའི་གསུམ་དང་། སྙོམས་འཇུག་ཚེ་སྦྱོར་བྱུང་ཁོ་ན་ལས་ཟག་མེད་གཉིས། སྙོམས་འཇུག་ལས་ལྡང་ ཚེ་གཟུགས་མེད་དགེ་བ་སྦྱོར་བྱུང་ལས། གཟུགས་དགེ་སྦྱོར་བྱུང་། ཉིང་མཚམས་སྦྱོར་ཚེ་གཟུགས་མེད་དགེ་བ་སྐྱེས་ཐོབ་ལས། འདོད་པའི་ཉོན་མོངས་ཅན་གཉིས་དང་། གཟུགས་སྒྲིབ་དག་གོ༷། དེ༷་ནི༷་དྲུག༷་གི༷་རྗེས་སུ་སྟེ། རྒྱུན་ཚེ་ དགེ་གཉིས་ཕན་ཚུན་དང་། ས་མཚུངས་ན། སྒྲིབ་ལས་དགེ་བ་གཉིས། མ་སྒྲིབ་རྣམ་སྨིན་སྐྱེས་ལས། དགེ་བ་སྐྱེས་ཐོབ་ཁོ་ན་སྟེ། རང་སའི་གསུམ། སྙོམས་པར་འཇུག་ཚེ་གཟུགས་དགེ་སྦྱོར་བྱུང་ལས་གཟུགས་མེད་ཀྱིའང་སྦྱོར་ བྱུང་། སྙོམས་འཇུག་ལྡང་ཚེ་ཟག་མེད་གཉིས་ཀྱི་རྗེས་ལས་སོ། །གཟུགས་མེད་སྒྲིབ༷་པའི་ལུང་དུ་མ་བསྟན་པ༷་ལ༷ས་སེམས་བདུན་འབྱུང་སྟེ། རྒྱུན་དང་ས་མཚུངས་ན། རང་སའི་གསུམ། ཉིང་མཚམས་སྦྱོར་ཚེ། གཟུགས་ སྒྲིབ། འདོད་པའི་ཉོན་མོངས་ཅན་གཉིས། སྙོམས་འཇུག་ཉོན་མོངས་པས་གཟིར་ཚེ། གཟུགས་དགེ་སྦྱོར་བྱུང་ངོ་། །དེ་ལས་བདུན་འབྱུང་བ་ལྟར། དེ༷་ཡང་དེ༷་བཞིན༷་དུ་བདུན་ལས་འབྱུང་སྟེ། རང་སའི་གསུམ། ཉིང་མཚམས་ སྦྱོར་ཚེ། འདོད་གཟུགས་དགེ་བ་སྐྱེས་ཐོབ་གཉིས། འདོད་གཟུགས་ཀྱི་མ་སྒྲིབ་ལུང་མ་བསྟན། རྣམ་སྨིན་སྤྱོད་ལམ་པའི་སེམས་ཀྱི་རྗེས་སུ་བྱུང་བས་སོ། །སློབ༷་པའི༷་སེམས་ནི་བཞི༷་ལ༷ས་ཏེ་སྙོམས་པར་འཇུག་ཚེ། ཁམས་གསུམ་ 3-1-63a གྱི་དགེ་བ་སྦྱོར་བྱུང་གསུམ་དང་། རྒྱུན་ཚེ་སློབ་པ་རང་ལས་སོ། །དེ༷་ལ༷ས་ལྔ༷་སྟེ། སྙོམས་འཇུག་ལས་ལྡང་ན་འདོད་པའི་སྐྱེས་ཐོབ་གསལ་བས་དེ་དང་སྦྱོར་བྱུང་གཉིས་ཀ །ཁམས་གོང་གཉིས་ཀྱི་སྐྱེས་ ཐོབ་མི་གསལ་བས་ལྡང་སེམས་མིན་པས་སྦྱོར་བྱུང་གཉིས་འབྱུང་བས་ཁམས་གསུམ་གྱི་དགེ་བ་གསུམ་དང་། རྒྱུན་གྱི་ཚེ་རང་དང་། སྙོམས་འཇུག་ཚེ་སློབ་པའི་རྡོར་ཏིང་ལས་མི་སློབ་ཟད་ཤེས་སོ། །མི༷་སློབ༷་པའི༷་སེམས་ནི༷་ལྔ༷་ ལ༷ས་འབྱུང་སྟེ། སྙོམས་པར་འཇུག་ཚེ་ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་གསུམ་དང་། སློབ་པ་རྡོར་ཏིང་གི་རྗེས་དང་། རྒྱུན་གྱི་ཚེ་རང་ཉིད་ལས་འབྱུང་བས་སོ༷། །དེ༷་ལ༷ས་སེམ༷ས་ནི༷་བཞི༷་དག༷་གོ༷་འབྱུང་སྟེ། སྙོམས་འཇུག་ ལྡང་ན་ཁམས་གསུམ་དགེ་བ་འདོད་པའི་གཉིས་དང་། གོང་མའི་སྦྱོར་བྱུང་གཉིས་ཏེ་གསུམ། རྒྱུན་ཚེ་མི་སློབ་རང་འབྱུང་བས་སོ། །ཉམས་ཚེ་སློབ་པ་མིན་ཏེ་ཉོན་མོངས་པས་བར་ཆོད་ཟེར་ཀྱང་། དེ་ལྟར་ན་ཁམས་གསུམ་གྱི་སྒྲིབ་ གསུམ་དང་བདུན་འབྱུང་བར་ཐལ་ལོ་ཞེ་ན། སློབ་པ་དང་། ཉོན་མོངས་ཅན་དེའི་དེ་མ་ཐག་ཏུ་མི་འབྱུང་སྟེ། མི་སློབ་ལས་མ་ལྡང་ན་མི་ཉམས་ལ། ལངས་ན་དགེ་སེམས་ཀྱིས་ལངས་དགོས་པས་བར་དགེ་བས་ཆོད་པས་སོ། །གསུམ་ པ། བཅུ༷་གཉི༷ས་དེ༷་དག༷་ཉི༷་ཤུར༷་ཡང༷་དབྱེར་ཡོད་དེ། ཁམས་གསུམ༷་དུ༷་དགེ་བ་སྐྱེས༷་ནས༷་ཐོབ༷་པ༷་དང༷་། སྦྱོར༷་བྱུང༷་དགེ༷་བ་རྣམ༷་པ་གཉིས་གཉི༷ས་སུ་ཕྱེ༷་ནས༷་བཤད་པའི་ཕྱིར། དེ་ཡང་དགེ་བ་སྐྱེས་ཐོབ་ནི་སྦྱོར་བ་ལ་མི་ལྟོས་པར་བར་སྲིད་དམ། 3-1-63b གཟུགས་མེད་ཀྱི་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་ཚེ་ཐོབ། སྦྱོར་བྱུང་ཐོས་བསམ་སྒོམ་གསུམ་ཅི་རིགས་ཏེ་སྦྱོར་བ་གོམས་པས་སོ། །དེ་ལྟར་སྔར་གྱི་བཅུ་གཉིས་སྟེང་དུ་དགེ་བ་ལ་གཉིས་གཉིས་སུ་ཕྱེས་པས་བཅོ་ལྔ་དེའི་སྟེང་རྣམ༷་སྨིན༷་ སྐྱེས༷་དང༷་སྤྱོ༷ད་ལམ༷་པ༷། བཟོ༷་ཡི༷་གན༷ས་དང༷་། སྤྲུལ༷་པ༷་དང༷་སྟེ། འདོ༷ད་ཁམས་ན༷་ལུང༷་བསྟན༷་མིན༷་པ་རྣམ༷་པ་བཞིར༷་དབྱེ་བས་བཅོ་བརྒྱད། གཟུགས༷་ན༷་བཟོ༷་མ༷་གཏོགས༷་པའི༷་ལུང་མ་བསྟན་གསུམ་ཡོད་པས་ཉི་ཤུའོ༷། །དེ་ ཡང་རྣམ་སྨིན་ནི་ལས་ཀྱི་མཐུས་རང་གི་ངང་གིས་འབྱུང་བས་སྦྱོར་བ་མེད་ལ། སྤྱོད་ལམ་པ་དང་བཟོའི་སྤྱོར་བ་ནི་དབང་ཤེས་ལྔ་སྟེ་མཐོང་ཐོས་སོགས་ལས་སྐྱེས་པའི་ཕྱིར་རོ། །རྣམ་སྨིན་པ་ཡུལ་ཐམས་ཅད་ལ་དམིགས་ཤེས་པ་ ཚོགས་དྲུག་ལ་ཡོད། ཕྱི་མ་གསུམ་ནི་སྤྱོད་པ་སོགས་གཟུགས་རོ་དྲི་རེག་བཞི་དང་། བཟོའི་གནས་པའི་སྒྲ་དང་ལྔ་ལ་ཅི་རིགས་དམིགས་སོ། །རྟོག་པས་མངོན་པར་འདུ་བྱེད་དགོས་པས་ཡིད་ཤེས་ཁོ་ན་ལ་འབྱུང་། སྤྲུལ་སེམས་ཀྱི་ སྦྱོར་བ་ནི་བསམ་གཏན་དངོས་གཞིའོ། །སེམས་དེ་བཞིར་མ་འདུས་པའི་ལུང་མ་བསྟན་གཞན་ཡོད་དེ་གཉིས་པ་སོགས་ན་ལུས་མིག་དང་ཞེས་སོགས་དང་། དགྲ་བཅོམ་ལྷག་མེད་དུ་འཇུག་པའི་སྤྱོད་ལམ་པའི་སེམས་ཀྱང་ སྤྱོད་ལམ་པ་འདྲ་བ་ཞིག་ཡིན་ཏེ་སོགས་ཀྱིས་བཅུ་གཉིས་ཁྱབ་ཆེ། ཉི་ཤུར་ཕྱེ་བའི་དགོས་པ། ཁམས་གསུམ་གྱི་དགེ་བ་སྐྱེས་ཐོབ་དང་རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་ལ་འཆི་སེམས་ཡོད་ཀྱི་སྦྱོར་བྱུང་དང་། ལུང་མ་བསྟན་གཞན་ 3-1-64a གཉིས་ལ་མེད་པ་སོགས་ཤེས་ཆེད་ཡིན་ཏེ། ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་ཁོ་ན་ལ་སྙོམས་པར་འཇུག་སེམས་ཡོད་ཀྱི་གཞན་ལ་མེད། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས། རང་དང་གཟུགས་ཀྱི་དགེ་བ་ སྦྱོར་བྱུང་གཉིས་ལས་གཞན་ལས་མི་འབྱུང་། སྙོམས་འཇུག་ལས་ལྡང་སེམས་ལ་འདོད་པའི་དགེ་གཉིས། གོང་མའི་སྦྱོར་དགེ་ཁོ་ན་ཡིན་པར་ཤེས་ཆེད་དོ། །སེམས་བཅུ་གཉིས་ཀྱི་རྙེད་པ་ལ་དཔྱད་ན། ཁ༷མས་གསུམ༷་པ༷་ཡི༷་ཉོ༷ན་ མོང༷ས་ཅ༷ན་ནི། འདོད་པར་མི་དགེ་བ་དང་། སྒྲིབ་པ་གཉིས། གོང་མ་གཉིས་ན་སྒྲིབ་པ་གཉིས་ཏེ་བཞི་ལས། འདོད་པའི་དེ་ལས་དྲུག༷་རྙེད་པ་དང༷་། གཟུགས་ཀྱི་དེ་ལས་དྲུག༷་དང༷་། གཟུགས་མེད་དེ་ལས་གཉི༷ས་རྙེད༷་དོ༷། །དེ་ཡང་ གོང་ནས་འོག་མར་སྐྱེ་དང་། འོག་ནས་གོང་མ་སྙོམས་པར་འཇུག་པ་དང་། ས་ལས་ཆགས་བྲལ་དང་། ཁམས་གསུམ་གྱི་ཉོན་མོངས་མངོན་གྱུར་གྱིས་དགྲ་བཅོམ་ལས་ཡོངས་སུ་ཉམས་པ་དང་། དགེ་རྩ་སྦྱོར་བ་དང་ལྔ་ནི་སྔར་མི་ ལྡན་ལས་གསར་དུ་རྙེད་པ་ལ། འདོད་པར་སླར་ལྡོག་ནས་སྐྱེས་ཚེ། མི་དགེ་སྒྲིབ་གཉིས་གང་རུང་མངོན་དུ་གྱུར་ན། དེ་གཉིས་ཀྱི་ཐོབ་པ་དང་། འདོད་དགེ་སྐྱེས་ཐོབ་ཀྱི་ཐོབ་པ་འབྱུང་། འདོད་ཁམས་སུ་དགེ་རྩ་ཆད་པ་ཐེ་ཚོམ་ ཉོན་མོངས་ཅན་གྱིས་ཉིང་མཚམས་སྦྱོར་ན་སྐྱེས་དགེའི་ཐོབ་པ་དང་། འདོད་པའི་མི་དགེས་དགྲ་བཅོམ་ལས་ཉམས་ན། ཁམས་གོང་གཉིས་ཀྱི་སྒྲིབ་གཉིས་དང་། སློབ་པའི་ཐོབ་པ་གསུམ་སྟེ་དྲུག་འབྱུང་། དེ་དྲུག་གཅིག་ཅར་ 3-1-64b རྙེད་པ་མིན་ཏེ། འདོད་ཉོན་གྱི་སེམས་ལས་སེམས་དྲུག་གི་ཐོབ་པ་འཕེན་རུང་གི་མང་མཐའ་ཡིན་གྱི་ཚེ་སོ་སོར་དཔྱད་ན་མང་ཉུང་ཅི་རིགས་སོ། །གཟུགས་མེད་ནས་གཟུགས་ཁམས་སུ་སྐྱེ་ནས་གཟུགས་ཀྱི་སྒྲིབ་པ་མངོན་དུ་ གྱུར་ན། དེ་ཉིད་དང་། དེའི་དགེ་སྐྱེས་དང་། ཐོབ་པ་སྔར་སྐྱེས་ཡོད་པས་འདོད་གཟུགས་ཀྱི་སྤྲུལ་སེམས་དང་བཞིའི་ཐོབ་པ་དང་། གཟུགས་སྒྲིབ་ཀྱིས་དགྲ་བཅོམ་ཉམས་ན། གཟུགས་མེད་སྒྲིབ་དང་། སློབ་པའི་ ཐོབ་པ་དང་དྲུག་འབྱུང་། གཟུགས་མེད་ཉོན་མོངས་པས་དགྲ་བཅོམ་ཉམས་ན། གཟུགས་མེད་ཉོན་མོངས་ཅན་དང་སློབ་པ་སྟེ་གཉིས་རྙེད་དོ། །གཟུགས༷་ཁམས་སུ་སྐྱེས༷་པ་བསམ་གཏན་དངོས་གཞིའི་དགེ༷་བ་དང་པོར་ མངོན་དུ་བྱས་པ་ལ༷་གསུམ༷་འཐོབ་སྟེ། གཟུགས་དགེ་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་ཀྱི་ཐོབ་པ་འབྱུང་བ་དག༷་གོ༷། སློབ༷་པའི༷་སེམས་མངོན་གྱུར་ལ༷། ཟག་མེད་སྐད་ཅིག་དང་པོ་ལ་འཇུག་པས་ན་སློབ་པ་དེ་ཉིད་ དང་། འཕགས་ལམ་གྱིས་འདོད་ལ་མི་ལྕོགས་མེད་ཀྱིས་ཆགས་པ་བྲལ་ཚེ། རྣམ་གྲོལ་དགུ་པར། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས། ས་དྲུག་གང་རུང་ལ་བརྟེན་པའི་འཕགས་ལམ་གྱིས་གཟུགས་ལས་ཆགས་ པ་བྲལ་ན་གཟུགས་མེད་ཀྱི་དགེ་བའི་ཐོབ་པ་འབྱུང་བས་བཞི༷འོ། །གཟུགས་དགེ་རིགས་ཙམ་སྔར་དྲོད་ཐོབ་པ་ནས་ཡོད་ཅིང་། སློབ་སྟོབས་ཀྱིས་གསར་ཐོབ་མིན་པས་མི་བགྲང་ངོ་། །དྲུག་པོ་དེའི་ལྷག༷་མ་འདོད་དང་ 3-1-65a གཟུགས་མེད་ཀྱི་དགེ་བ་དང་མི་སློབ་པ་དང་ཁམས་གསུམ་གྱི་མ་སྒྲིབ་ལུང་མ་བསྟན་གསུམ་སྟེ་སེམས་དྲུག་ལ༷། དེ༷་ཉིད་ཀྱི་ཐོབ་པ་འབྱུང་གི་གཞན་གྱི་ཐོབ་པ་མི་འབྱུང་སྟེ། ལ་ལ་སྔ་ནས་ཐོབ་ལ། ལ་ལ་དེ་ཚེ་མི་འཐོབ་པས་སོ། །ཞར་ལ་ཉི་ཤུའི་རྙེད་ཚུལ་ཡང་དཔྱད་དོ། །གཉིས་པ་སྐབས་བསྡུ་བ། ཆོས༷་མངོ༷ན་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུ༷ར་བྱས༷་པ༷་ལ༷ས་དབ༷ང་པོ༷་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གན༷ས་གཉི༷ས་པ༷འི་འགྲེལ་ པ༷འོ།། ༈ །།གཉིས་པ་སྤང་བླང་བྱེ་བྲག་ཏུ་བཤད་པ་ལ་གཉིས། སྤང་བྱ་ཀུན་ནས་ཉོན་མོངས་པའི་ཕྱོགས་བཤད་པ་དང་། བླང་བྱ་རྣམ་བྱང་ཕྱོགས་བཤད་པའོ། །དང་པོ་ལ་གཉིས། ཀུན་ཉོན་ཕྱོགས་ཀྱི་འབྲས་བུ་སྡུག་བདེན་གྱི་གཞི་སྣོད་བཅུད་ཀྱི་འཇིག་རྟེན་བཤད་པ་དང་། དེ་ཀུན་ནས་འབྱུང་བའི་རྒྱུ་ཀུན་འབྱུང་བདེན་པ་བཤད་པའོ། །དང་པོ་ལ། གང་སྐྱེ་བ་སེམས་ཅན་གྱི་འཇིག་རྟེན་དང་། གང་དུ་སྐྱེ་ བ་སྣོད་ཀྱི་འཇིག་རྟེན་གཉིས། དང་པོ་ལ། དབྱེ་བ། ཆོས་ཀྱི་ཁྱད་པར། རང་བཞིན་རྒྱས་པར་བཤད་པ་གསུམ། དང་པོ་ལ། ཁམས་གསུམ་དུ་དབྱེ་བ་དང་། འགྲོ་བ་ལྔར་དབྱེ་བ་གཉིས། དང་པོ། དམྱ༷ལ་བ༷་ ཡི༷་དྭག༷ས་དུད༷་འགྲོ༷་དང༷་། མི༷་རྣམ༷ས་དང་ནི༷་ལྷ༷་རིས་དྲུག་པོ་དག༷་སྣོད་དང༷་བཅས་པ་ནི་འདོ༷ད་པའི༷་ཁ༷མས་ཡི༷ན་ལ། དམྱལ༷་བ༷་ཚ་དམྱལ་བརྒྱད་དང༷་། གླིང༷་བཞིར་དབྱེ༷་བ༷་ལ༷ས་ཏེ། གྲང་དམྱལ་དང་ཉེ་འཁོར་ནི་ཚ་དམྱལ་གྱི་ 3-1-65b འཁོར་དང་། ཉི་ཚེ་ལ་ངེས་པ་མེད་པ་དང་། གླིང་ཕྲན་རྣམས་གླིང་གི་འཁོར་ཡིན་པས་མ་བརྩིས་སོ། །ལྷ་མ་ཡིན་སོགས་འདོད་ཁམས་ཡིན་མོད་དེ་ནི་འདོད་པའི་འགྲོ་བ་ལྔར་འདུས་པས་སོ། །དེ་ལྟར་ངན་སོང་གི་ གནས་བཅུ་དང་། མཐོ་རིས་བཅུ་སྟེ་འདོད་ཁམས་ལ་དེ༷་རིས་ཉི༷་ཤུ༷འོ། །དེའང་སའི་དངོས་གཞི་ལས། གྲང་དམྱལ། ལྷ་མིན། གླིང་བརྒྱད་ཕྱེ་བས་སོ་དྲུག་དུད་འགྲོ་ནི་ལྷ་མི་དང་ལྷན་ཅིག་རྒྱུ་བས་དེ་དག་གི་གནས་ལོགས་ སུ་མི་བཞག་གོ། ཞེས་དང་། གཞན་དག་དམྱལ་བ་བཅོ་བརྒྱད། ཡི་དྭགས་དུད་འགྲོ་ལ་བྱིང་གནས་ཁ་འཐོར་གཉིས་གཉིས་ཕྱེ་བས་བཞི། མི་བཅུ་གཉིས། ལྷ་མིན་སྒྲ་གཅན་སོགས་བཞི། ལྷ་དྲུག་བརྩིས་པས་ཞེ་བཞི་ཟེར། འདོད་པ་ ལས་ཡོན་ཏན་དང་། གནས་གཞན་གྱིས་གོང༷་མའི༷་གན༷ས་དག༷་བཅུ༷་བདུན༷་ནི༷་གཟུགས༷་ཁ༷མས་ཡི༷ན་ལ། ཁམས་དེར༷་སོ༷་སོ༷་ཡི༷་བས༷མ་གཏན༷་དང་པོ་གསུམ། སོ་སོའི་ས༷་སྟེ་རྒྱུ་སྙོམས་འཇུག་ནི༷་ཆུང་འབྲིང་ཆེན་པོར་བསྒོམ་ པ་ལས་འབྲས་བུ་སྐྱེ་བའི་གནས་ཚངས་རིས། ཚངས་པ་མདུན་འདོན། ཚངས་ཆེན་གསུམ། འོད་ཆུང་ཚད་མེད་འོད། འོད་གསལ། དགེའམ་དགེ་ཆུང་། ཚད་མེད་དགེ་ཡིད་བདེ་ལ་དགེ་བར་བཏགས་པས་དགེ་རྒྱས་ ཏེ། བསམ་གཏན་དང་པོ་གསུམ་རེ་རེ་ལའང་གསུམ་གསུམ༷་པ༷་ཡི༷ན་ནོ། །བསམ་གཏན་བཞི༷་པ༷་ས༷་ནི༷་སྟེ་རྒྱུ་ཟག་བཅས་བསམ་གཏན་བཞི་པ་ཆུང་འབྲིང་ཆེ་གསུམ་དང་། དེ་ཟག་མེད་སྤེལ་བ་ཆུང་འབྲིང་ཆེ་ཤིན་ཏུ་ཆེ་དང་། ཆེས་ཆེ་དང་ 3-1-66a ལྔ་སྟེ་བརྒྱ༷ད་བསྒོམ་པ༷་ཡིས་རིམ་པ་ལྟར། འབྲས་བུ་གནས། སྤྲིན་མེད་འོད། བསོད་ནམས་སྐྱེས། འབྲས་བུ་ཆེ། མི་ཆེ། མི་གདུང་། གྱ་ནོམ་སྣང་། ཤིན་ཏུ་མཐོ། འོག་མིན་ནོ། །ཁ་ཆེ་བས། ཚངས་ཆེན་ གཙོ་བོ་གཅིག་པུ་སྟེ་གནས་མདུན་འདོད་ལས་ཐ་དད་མེད་པས་བཅུ་དྲུག་འདོད་ལ། ཉི་འོག་པ་དང་། མདོ་སྡེ་པས་གཞན་ཡིན་པས་བཅུ་བདུན་ཟེར། ཐེག་ཆེན་པ་རྣམས་གནས་གཙང་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་པར་འདོད་དེ། ས་བཅུ་ པ་རྣམས་ཀྱི་ལོངས་སྐུའི་ཞིང་འོད་ཟེར་དབང་བསྒྱུར་བའི་འོག་མིན་ཆེན་པོ་དང་། དབང་ཕྱུག་ཆེན་པོའི་གནས་ཡི༷ན་ནོ་ཞེས་བཞེད་དོ། །མདོ་ལས་བསམ་གཏན་གྱི་གནས་བཞི་པོ་རེ་རེ་ལ་གནས་བཞི་བཞི་བཤད་པའི་དང་པོ་སྤྱི་མིང་དུ་མངོན་ནོ། ། གཟུགས༷་མེ༷ད་ཁ༷མས་ན༷་གན༷ས་གཞན་ཐ་དད་པ་མེ༷ད་དོ༷། །འོ་ན་རྣམ་པ་བཞི་ཇི་ལྟར་འགྱུར་ན། རྒྱུ་སྙོམས་འཇུག་གིས་འབྲས་བུའི་ཁྱད་པར་མི་འདྲ་བར་སྐྱེ༷་བ༷་ལ༷ས་ནི༷་རིས་རྣམ༷་པ༷་བཞི༷ར་དབྱེའོ། །གོས་དམར་བ་ལ་སོགས་པའི་སྡེ་པ་ཁ་ཅིག་གཟུགས་ མེད་ན་གཟུགས་ཕྲ་བ་ཡོད་ཀྱང་དམན་པ་ལ་དགག་སྒྲ་ཡིན་ཟེར། གནས་ཀྱང་འོག་མིན་གྱི་སྟེང་དུ་བརྩེགས་པར་འདོད་དོ། །གཟུགས་མེད་དེ༷ར་ནི༷་རིས༷་མཐུན་པ་དང༷་། སྲོག༷་ལ༷་ཡང༷་། སེམ༷ས་ཀྱི༷་རྒྱུ༷ད་ནི༷་བརྟེན༷་པ༷་ཡི༷ན་ལ། ཡང་ཞེས་ལས་ལ་ཡང་བརྟེན་ པ་བསྡུའོ། །གཉིས་པ། ཁམས་གསུམ་བཤད་པ་དེར༷་ནི༷་དམྱལ༷་བ་དང་སོ༷གས་པས་ཡི་དྭགས་དུད་འགྲོ། མི་ལྷ་སྟེ་འགྲོ༷་བ༷་ལྔ༷་ཡིན་པར། སྲིད་པ་བདུན་བསྟན་པའི་མདོ་ལས། རང༷་གི༷་མིང༷་གིས༷་བསྟན༷་པ་དེ༷་དག༷། རང་གི་ངོ་བོ་ཉོ༷ན་མོང༷ས་ཅ༷ན་ 3-1-66b སྒྲིབ་པའང་མིན༷་ལ། ལུང༷་བསྟན༷་དགེ་མི་དགེའང་མིན༷་ཏེ། གལ་ཏེ་ཡིན་ན་འཕགས་པ་དང་དགེ་རྩ་ཆད་པ་འགྲོ་བས་མ་བསྡུས་པར་འགྱུར་རོ། །འགྲོ་བ་དེ་དག་སེམ༷ས་ཅ༷ན་ཞེས༷་བྱ༷་བ་ཡིན་ཀྱང་། བར༷་སྲི༷ད་ནི་མིན༷་ཏེ། སྲིད་པ་བདུན་བསྟན་ པའི་མདོ་ལས་སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། ཡི་དྭགས་ཀྱི་སྲིད་པ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ་ཞེས་ཐ་དད་དུ་གསུངས་པའི་ཕྱིར་དང་། གདགས་པ་ལས། སྐྱེ་གནས་བཞིས་འགྲོ་བ་ལྔ་བསྡུས་ལ། འགྲོ་བ་ལྔས་དེ་བཞི་མ་བསྡུས་ཏེ། གང་ཞེ་ན། སྲིད་པ་བར་མའོ། །ཞེས་དང་། དེ་ལྔ་སྔོན་དུས་ཀྱི་སྲིད་པ་ཡིན་ལ། དེ་དག་འགྲུབ་པའི་རྒྱུ་ལས་ནི། ལས་ཀྱི་སྲིད་པའོ། །དེས་ ན་འགྲོ་བ་མ་བསྒྲིབ་ལུང་མ་བསྟན་དུ་གྲུབ་བོ། །གཞན་ཡང་ལྷ་མིན་ནི། དྲན་ཉེར་ལས། ཡི་དྭགས་དང་དུད་འགྲོར་གཏོགས་པ་སྟེ། དང་པོ་བདུད་ཀྱི་རིས་དང་རྫུ་འཕྲུལ་ཆེ་བའི་ཡི་དྭགས་རྣམས་སོ། །གཉིས་པ་ནི་མཚོ་གཏིང་གི་ས་གཞི་རི་རབ་ལ་ གནས་སོ། །ཞེས་དང་། ཐོགས་མེད་ཀྱིས་ལྷའི་ནང་དུ་བསྡུས་པ་དང་། ཡོན་ཏན་འོད་ཀྱིས་ལྷ་དང་ཡི་དྭགས་སུའོ། །ལ་ལར་རིགས་དྲུག་ཏུའང་བཞེད། དྲི་ཟ་ནི་བར་སྲིད་དང་། ལྷའི་རོལ་མོ་བྱེད་པ་གཉིས། དང་པོ་འགྲོ་བས་མ་བསྡུས་ལ། ཕྱི་ མ་ནི་ལྷའོ། །གྲུལ་བུམ་དང་ལུས་སྲུལ་པོ་ཡི་དྭགས་ཤས་ཆེ་ལ་ལྷར་གཏོགས་པའང་ཡོད། ཀླུ་མཁའ་ལྡིང་མིའམ་ཅི་ལྟོ་འཕྱེ་ཆེན་པོ་དུད་འགྲོར་གཏོགས། ཤ་ཟ་སྨྱོ་བྱེད་བརྗེད་བྱེད་མ་མོ་དུར་ཁྲོད་ཀྱི་ཤ་ཟ་རྣམས་ནི་ཡི་དྭགས་སུ་གཏོགས། 3-1-67a སྲིན་པོ་མིའི་བྱེ་བྲག །གནོད་སྦྱིན་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བདུད་རྣམས་ཕལ་ཆེར་ལྷ་ཀླུ་དང་ཡི་དྭགས་སུ་གཏོགས་པའང་ཡོད་དོ། །གཉིས་པ་ཁྱད་པར་གྱི་ཆོས་ལ། རྣམ་ཤེས་གནས་པ་བདུན་གྱི་ཁྱད་པར། སེམས་ ཅན་གྱི་གནས་དགུའི་ཁྱད་པར། རྣམ་ཤེས་གནས་པ་བཞིའི་ཁྱད་པར། བཞི་དང་བདུན་ཡིན་མིན་གྱི་མུ་དཔྱད་པ་བཞི་ལས། དང་པོ། འགྲོ་བ་ལྔའི་ཁམས་གསུམ་པོ་འདིར་རྣམ་ཤེས་གནས་པ་བདུན་བཤད་དེ། དང་པོ་ལུས༷་དང༷་འདུ༷་ ཤེས༷་ཐ༷་ད༷ད་ནི། མི། འདོད་ལྷ། བསམ་གཏན་དང་པོ་ཕྱིས་སྐྱེས་པ་རྣམས་ཏེ། ལུས་ཀྱང་ཁ་དོག་དང་རྟགས་དབྱིབས་དང༷་། འདུ་ཤེས་བདེ་སྡུག་བཏང་སྙོམས་ཐ་དད་པས་སོ། །གཉིས་པ། ལུས༷་ཐ༷་ད༷ད་ཅིང༷་འདུ༷་ཤེས༷་གཅི༷ག་པ་ཚངས་རིས་ན་ དང་པོར་སྐྱེས་པ་སྟེ། ལུས་ཆེ་ཆུང་ཁ་དོག་སོགས་ཐ་དད་ཅིང་བདག་ཅག་ཚངས་པས་སྐྱེད་དོ་འདི་དག་ནི་བདག་གི་འདོད་པ་ལས་བྱུང་ངོ་ཞེས་འདུ་ཤེས་གཅིག་པས་སོ། །དེ་དག་གོང་ས་མི་དམིགས་ཟེར་ན་རང་སའི་སྐྱེས་ཐོབ་སྔོན་གནས་དྲན་པས་ སོ། །གསུམ་པ། ཟློག༷་པ་ལུས་གཅིག་འདུ་ཤེས་ཐ་དད་ནི་འོད་གསལ་ལྷ་སྟེ། ལུས་འོད་ལ་རྟགས་དབྱིབས་སོགས་འདྲ་བ་ད༷ང་། བསམ་པ་ཡིད་བདེ་དང་ཉེར་བསྡོགས་གཉིས་གཅིག་གིས་སྐྱོ་ཚེ་གཅིག་ཤོས་མངོན་དུ་བྱེད་པས་སོ། །གསུམ་ པར་མི་མཚུངས་ཏེ། བདེ་བ་ཞི་བས་མི་གཡོའོ། །མདོ་སྡེ་པས་ཆགས་འཇིག་ལ་མཁས་མི་མཁས་དག་སྣོད་འཇིག་ཚེ་སྐྲག་མི་སྐྲག་གིས་འདུ་ཤེས་ཐ་དད་པར་འདོད། །བཞི་པ། ལུས་དང་འདུ༷་ཤེས༷་གཅི༷ག་པ་དགེ་རྒྱས་ལྷ་སྟེ། ལུས་ 3-1-67b གཅིག་པ་སྔ་མ་ལྟར་དང་། འདུ་ཤེས་ནི། དང་པོར་ཉོན་མོངས་ཅན་གྱི་འདུ་ཤེས་གཅིག་ཅིང་། གཉིས་པར་དགེ་བའི་འདུ་ཤེས་སུ་ཐ་དད་ལ། འདིར་རྣམ་སྨིན་ལས་སྐྱེས་པའི་བདེ་བ་དང་མཚུངས་ལྡན་དུ་འདུ་ཤེས་གཅིག་པའི་ ཕྱིར་རོ། །དེ་གཉིས་གོང་མ་སྨོས་པས་འོག་མ་གཉིས་ཀྱང་མཚོན་ནོ། །གཟུགས༷་ཅ༷ན་མ༷་ཡི༷ན་པ་གཟུགས་མེད་སྔ་མ་གསུམ༷་པོ༷་དག༷་དང་བཅས་པ་ནི་རྣམ༷་ཤེས༷་གན༷ས་པ༷་ཡིན་ཏེ། དེ་བདུན༷་དུ་རྣམ་ཤེས་སྲེད་པའི་ཚུལ་གྱིས་བརྟེན་ ཅིང་རྒྱས་པས་སོ། །དེའི་ལྷག༷་མ༷་ངན་སོང་གསུམ་བསམ་གཏན་བཞི་པ་སྲིད་རྩེ་རྣམས་རྣམ་ཤེས་དེ༷་འཇོམས༷་པར་བྱེ༷ད་པ་དང་ལྡན༷་ཏེ། ངན་སོང་དུ་སྡུག་བསྔལ་གྱིས་འཇོམས་པ་དང་། བསམ་གཏན་བཞི་པར་འདུ་ཤེས་མེད་པ་པ་ དང་། དེའི་སྙོམས་འཇུག་དང་། སྲིད་རྩེ་ན་འགོག་སྙོམས་ཀྱིས་རྣམ་ཤེས་འཇོམས་པས་སོ། །གཞན་ཡང་ངན་སོང་དུ་གནས་པར་མི་འདོད་པར་གོང་དུ་བསྐྱོད་འདོད་པ་དང་། བསམ་གཏན་བཞི་པར་སོ་སྐྱེས་རྣམས་འདུ་ཤེས་མེད་པ་ དང་། འཕགས་པ་རྣམས་གནས་གཙང་མར་དང་། གནས་གཙང་རྣམས་མྱང་འདས་སུ་བསྐྱོད་འདོད་པས་དེ་རྣམས་མིན་ཏེ། གནས་པ་གཞན་དེར་ཚོལ་འདོད་དང་དེར་གནས་གཞན་དུ་འགྲོ་མི་འདོད་པའོ། །ཟེར། སྲིད་རྩེ་ སེམས་ཀྱི་རྒྱུ་བ་མི་གསལ་བས་སོ་ཟེར། གཉིས་པ། ཡང་དེ་བདུན་དང་སྲི༷ད་རྩེ༷་དང༷་། འདུ༷་ཤེས༷་མེ༷ད་པའི༷་སེམ༷ས་ཅ༷ན་རྣམ༷ས་ཏེ་དགུ་པོ་དེ་ནི་སེམ༷ས་ཅ༷ན་གྱི༷་ནི༷་གན༷ས་དགུར༷་བཤ༷ད་དོ། །འདུ་ཤེས་མེད་པའང་སེམས་ཅན་གྱི་ 3-1-68a གནས་ཡིན་ན་གཞན་ལྟ་ཅི་སྨོས་ཞེས་བསམ་གཏན་བཞི་པའང་བཟུང་ཟེར། འདུན་བཟང་འདུ་ཤེས་མེད་མ་གཏོགས་བཞི་པ་གཞན་གནས་པ་མིན་ཏེ་གོང་དུ་བསྐྱོད་པར་འདོད་པས་སོ་ཟེར། ངན་སོང་རྣམས་ནི་ ལས་ཀྱིས་མི༷་འདོ༷ད་བཞི༷ན་དུ་བཟུང་ནས་གན༷ས་པའི་ཕྱིར༷་སྔར་གྱི་གནས་དགུ་ལས་གཞན༷་ངན་སོང་བ་རྣམས་ནི་སེམས་ཅན་གྱི་གནས་མིན༷་ནོ། །ཞེས་སོ། །རང་གིས་བསམ་གཏན་བཞི་པ་གནས་ཡིན་ཏེ། སེམས་གནས་པའི་གནས་སུ་ རུང་བས་སོ། །ངན་སོང་ནི་རང་རང་ལས་དབང་གིས་དེ་ལ་མི་འདོད་བཞིན་གནས་པས་གནས་མིན་ཀྱང་ལས་ཀྱིས་བཟུང་བས་སོ། །ཞེས་བཤད་དོ་སྙམ་མོ། །གསུམ་པ། གན༷ས་པ༷་དག༷་ནི༷་གཞན་ཡང༷་བཞི༷་སྟེ༷། ཟག༷་དང༷་བཅ༷ས་པའི༷་ གཟུགས་ཚོར། འདུ་ཤེས། འདུ་བྱེད་ཀྱི་ཕུང༷་པོ༷་བཞི༷་སྟེ། མདོ་ལས། རྣམ་ཤེས་གནས་པ་གཟུགས་སུ་ཉེར་འགྲོ་དང་སོགས་གསུངས་པས་སོ། །དེ་ཡང་ར༷ང་གི༷་ས༷་པ༷་ཉི༷ད་ཡིན་གྱི་ས་གཞན་དང་ཟག་མེད་ནི་མིན་ཏེ། ས་གཞན་ནི་ ས་གཞན་གྱི་རྣམ་ཤེས་ཀྱི་རྟེན་དུ་མི་འཐད་པ་དང་། ཟག་མེད་རྣམ་ཤེས་ཀྱི་གཉེན་པོ་ཡིན་པས་སོ། །རྣམ༷་ཤེས༷་རང་འབའ༷་ཞིག༷་གནས་པ་པོ་ཡིན་པས་གན༷ས་པར༷་མ༷་བཤ༷ད་དོ༷། །བཞི་པ། བསྡུ༷་ན༷་མུ༷་ནི༷་བཞི༷་སྟེ། བདུན་གྱིས་ བསྡུས་ལ་བཞིས་མ་བསྡུས་པ་ནི་གནས་པ་བདུན་དུ་གཏོགས་པའི་རྣམ་ཤེས་སོ། །བཞིས་བསྡུས་ལ་བདུན་གྱིས་མ་བསྡུས་པ་བསམ་གཏན་བཞི་པ་ཟག་བཅས་དང་། སྲིད་རྩེའི་རྣམ་ཤེས་ལས་གཞན་པའི་ཕུང་པོའོ། །གཉིས་ཀ་ 3-1-68b ཡིན་པ། རྣམ་ཤེས་གནས་པ་བདུན་དུ་གཏོགས་པའི་ཕུང་པོ་བཞིའོ། །གཉིས་ཀ་མིན་པ་ངན་སོང་གསུམ། བསམ་གཏན་བཞི་པ་སྲིད་རྩེའི་རྣམ་ཤེས་དང་ཟག་མེད་རྣམས་ཡི༷ན་ནོ༷། །གསུམ་པ་རང་བཞིན་རྒྱས་བཤད་ ལ། དང་པོར་འཇུག་ཚུལ། བར་དུ་གནས་ཚུལ། མཐར་འཕོ་ཚུལ་གསུམ། དང་པོ་ལ། གང་དུ་འཇུག་པའི་སྐྱེ་གནས། གང་གིས་འཇུག་པའི་བར་སྲིད་གཉིས། དང་པོ་ལ། དངོས་དང་། འགྲོ་བ་གང་ན་སྐྱེ་གནས་ གང་ཡོད་བསྟན་པ་གཉིས། དང་པོ། སེམས་ཅན་གྱི་སྐྱེ་གནས་འཆི་གསུམ་ལས། དང་པོ་གང་དུ་འཇུག་པའི་གནས་ནི། ཁམས་གསུམ་པོའི་གནས་དེར༷་ནི༷་སྒོ༷་ང༷་ལ༷ས་སྐྱེས༷་པ་སོ༷གས་སེམ༷ས་ཅ༷ན་རྣམས་ནི་སྐྱེ༷་གན༷ས་བཞི༷་ དག༷་ཏུ༷་འཇུག་གོ། དེ་བཞི་ཀ་ལ་འཕགས་ཆོས་སྐྱེ་བའི་གོ་སྐབས་ཡོད་ཀྱང་འཕགས་པ་ཉན་རང་སྒོ་ང་དང་དྲོད་གཤེར་དུ་མི་སྐྱེ་ཟེར། རྫུས་དྲོད་མངལ་སྒོང་རིམ་པས་དམན། རྫུས་སྐྱེས་ཕུང་པོ་བཞི་ལྔ་ཅི་རིགས་ཡོད་ལ། གཞན་ གསུམ་ཕུང་ལྔ་ཅན་ནོ། །གཉིས་པ། མི༷་དང༷་དུ༷ད་འགྲོ༷་ལ་སྐྱེ་གནས་རྣམ༷་པ༷་བཞི༷། དམྱལ༷་བ༷་རྣམ༷ས་དང༷་འདོད་གཟུགས་ཀྱི་ལྷ༷་རྣམ༷ས་དང༷་། སྲི༷ད་པ༷་བར༷་མ༷་རྣམས་རྫུས༷་ཏེ༷་སྐྱེ༷། རྫུས་སྐྱེས་སུ་མ་ཟད་ཡི༷་དྭགས༷་མ༷ངལ་ནས་སྐྱེ༷་བ༷འང་ ཡི༷ན་ཏེ་འདི་ལྟར་མི་སྒོང་སྐྱེས་གནས་བརྟན་བྲག་དང་ཉེ་བའི་བྲག་དང་། རི་དྭགས་འཛིན་གྱི་མ་ས་གའི་བུ་སོ་གཉིས། རྒྱལ་པོ་ལྔ་ལེན་གྱི་བཙུན་མོ་ལྷ་ཆེན་ལ་སྒོ་ང་ལྔ་བརྒྱ་སྐྱེས་པའི་བུ་ལྔ་བརྒྱ་བྱུང་བ་རྣམས་སོ། །མངལ་སྐྱེས་ད་ལྟའི་མི་ 3-1-69a རྣམས་དང་། དྲོད་གཤེར་སྐྱེས། རྒྱལ་པོ་བསྙེན་གནས་པའི་སྤྱི་བོ་ལས་སྐྱེས་པ་ང་ལས་ནུ་ལྟ་བུ་དང་། དེའི་ཕྲག་པ་གཡས་ལས་སྐྱེས་པ་མཛེས་པ། གཡོན་ལས་ཉེ་མཛེས། བརླ་གཡས་མཛེས་ལྡན། གཡོན་ མཛེས་ཅན། བྲང་ལས་བུ་མོ་ཐི་བའི་ཕྲེང་བ་ཅན། ཨ་མྲའི་སྡོང་པོ་ལས་སྐྱེས་པ་ཨ་མྲ་སྐྱོང་མ་ལ་སོགས་པ་ལྟ་བུའོ། །རྫུས་སྐྱེས་བསྐལ་པ་དང་པོའི་མི་དང་། འཕགས་པ་ལྷ་དང་། མཚོ་སྐྱེས་ལྟ་བུའོ། །དུད་འགྲོ་རྫུས་སྐྱེས་ ཀླུ་དང་མཁའ་ལྡིང་ལ་ཡོད་པར་གདགས་པ་ལས་བཤད། ཡི་དྭགས་མངལ་སྐྱེས་ནི། ཡི་དྭགས་མོས་ཉིན་མོ་བུ་ལྔ། མཚན་བུ་ལྔ་སྐྱེས་ནས་ཟོས་ཀྱང་མ་ཚིམ་ཞེས་མཽའུ་གལ་བུ་ལ་སྨྲས་པས་སོ། །སྲིད་མཐའི་བྱང་སེམས་སྐྱེ་བ་ ལ་དབང་ཐོབ་ཀྱང་མངལ་ནས་སྐྱེ་བ། ཉེ་དུ་ཆོས་ལ་གཟུད་པ་དང་། འཁོར་བསྒྱུར་སོགས་ཀྱི་རིགས་སུ་ཤེས་ནས་གཞན་གྱིས་དེ་ལ་བཀུར་བ་དང་མི་དང་རྗེས་མཐུན་མཛད་པའམ་ཡང་ན་མིས་ཀྱང་གྲུབ་པ་འདི་ཐོབ་ཅེས་དང་། མུ་སྟེགས་ པས་ཁ་ཟེར་བའི་སྒྱུ་མར་རྟོག་པ་སྤངས་པ་དང་། སྐུ་གདུང་དང་རིང་བསྲེལ་བཞག་པའི་ཕྱིར་རོ། །གཉིས་པ་ལ། ངོ་བོ། སྒྲུབ་བྱེད། ཁྱད་པར། སྐྱེ་གནས་སུ་འཇུག་ཚུལ་བཞི་ལས། དང་པོ་ལ། དངོས་དང་། སྐྱེ་སྲིད་དང་། མི་འདྲ་ བའི་ཚུལ་གཉིས་ལས། དང་པོ། གང་གིས་འཇུག་པའི་བར་སྲིད་ནི་འདས་འོངས་ཀྱི་བར་འདིར༷་ཕུང་པོ་གང༷་ཞིག་འཆི༷་སྲིད་དང༷་། སྐྱེ༷་བ༷་ཡི༷་སྲི༷ད་པའི༷་བར༷་དུ༷་འབྱུང༷་བ༷་དེ་ནི་སྲིད་པ་བར་མའོ༷། །འདིར་ཞེས་དང་། གང་ཞེས་པ་འོག་གི་ 3-1-69b བར་དུ་དང་། འབྱུང་བར་སྦྱར་རོ། །གཉིས་པ། གང་དུ་ལས་ཀྱིས་བགྲོད༷་པར་བྱ་བའི༷་ཡུལ༷་རྣམ་སྨིན་གྱི་ཕུང་པོའི་ངོ་བོ་ཉིད་དུ༷་མ༷་ཕྱིན༷་པའི་ཕྱིར༷་སྲི༷ད་པ༷་བར༷་མ༷་ལས་བྱུང༷་བའི༷་སྲིད་པ་ཞེས་བྱ་བ་མིན༷་ཏེ་བྱུང་བ་ནི་རྣམ་སྨིན་ གྱི་ཕུང་པོ་གྲུབ་ཟིན་སྔོན་དུས་སྲིད་པ་ཞེས་བྱའོ། །དབྱེ་ན་ཁམས་ཀྱི་ས་གཉིས། སས་ལྔ། གནས་གཞན་གྱི་སོ་བདུན། རབ་འབྲིང་གིས། སངས་རྒྱས་རང་རྒྱལ་འཁོར་སྒྱུར། དེ་ལས་གཞན་དང་བཞིའོ། །གཉིས་པ་ལ་རིགས་ པའི་སྒྲུབ་བྱེད་དང་། ལུང་གི་སྒྲུབ་བྱེད་གཉིས་ལས། དང་པོ། ཕལ་ཆེན་སྡེ་པས་སྐྱེ་འཆིའི་བར་ན་སྲིད་པ་མེད་དེ། བར་ཆད་པ་ཁོ་ན་ལས་སྐྱེ་སྲིད་དུ་འཇུག་པས་སོ། །བཅོམ་ལྡན་འདས་ཀྱིས་བྲམ་ཟེ་རྒན་པོའི་དབང་དུ་མཛད་ ནས། བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་དང་། །ན་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང་། །ཁྱོད་ཀྱི་ལམ་རྒྱགས་ཀྱང་ནི་ཡོད་མ་ཡིན། །ཞེས་སྲང་མདའི་མཐོ་དམན་བཞིན་དུ་སྲིད་པ་གཉིས་ཀྱི་ བར་ན་གནས་མེད་པར་བཤད་པ་དང་། བདུད་སུན་འབྱིན་བྱེད་བྱ་བས་སངས་རྒྱས་འོད་སྲུང་གི་ཉན་ཐོས་མཁས་མགུ་ཞེས་བྱ་བའི་ཀླད་དུ་ཁུ་ཚུར་བསྣུན་པ་ལས། དེས་མ་རངས་པའི་སྐད་ཕྱུང་བ་དང་། སྐད་ཅིག་དེ་ཉིད་ལ་རང་ལུས་ ཁོ་ནས་མནར་མེད་དུ་ལྟུང་བར་བཤད་པས་དང་། མདོ་ལས་མཚམས་མེད་ཀྱིས་དེ་མ་ཐག་ཏུ་དམྱལ་བར་སྐྱེ་བར་གསུངས་པས་སོ་ཟེར། དེ་མི་འཐད་དེ། ས་བོན་ལས་མྱུ་གུ་སོགས་འབྲུ༷་ཡི༷་རྒྱུན༷་སྐྱེ་བ་ད༷ང་ཆོས༷་མཐུན༷་པའི་ཕྱིར༷། 3-1-70a སྐྱེ་འཆིའི་སྲི༷ད་པ༷་གཉིས་པོ་བར་ཆ༷ད་པ་ལ༷ས་སྐྱེ་སྲིད་བྱུང༷་བ༷་མི༷ན་ལ། དེ་ཡང་། སྐྱེ་སྲིད་ཀྱི་རྒྱུ་དེའི་བར་གྱི་སྲིད་པ་ཡིན་ལ། དེ་བར་ཆད་ན་རྒྱུ་དང་རྒྱུ་མིན་མཚུངས་པས་སོ། །དེ་ལྟ་ནའང་བར་སྲིད་མི་འགྲུབ་སྟེ། འཆི་བ་ དང་སྐྱེ་སྲིད་གཉིས་ཀྱི་བར་དུ་སྐད་ཅིག་མ་གཞན་གྱིས་བར་མ་ཆོད་དོ་ཟེར་ན། དམྱལ་བ་དང་ལྷ་སོགས་ཡུལ་སོ་སོ་ཐག་རིང་པོ་ན་ཡོད་པ་དེར་བགྲོད་པ་ལ་སྐད་ཅིག་ཙམ་མེད་ན་མི་རུང་ལ། འདི་ནས་དེ་གྲུབ་ན་ཡུལ་འཆོལ་བར་ཐལ་བས་སོ། ། གལ་ཏེ་ཡུལ་དུས་ཀྱིས་བར་ཆོད་པ་ལས་ཀྱང་འབྲས་བུ་འབྱུང་བ་ཡོད་དེ། བྱད་ལས་མེ་ལོང་སོགས་སུ་གཟུགས་བརྙན་འབྱུང་བ་བཞིན་ནོ་ཟེར་ན། དཔེ་གཟུགས༷་བརྙན༷་ནི་འཁྲུལ་པ་མ༷་གྲུབ༷་པ་ཡིན་པས་སྒྲུབ་བྱེད་མི་རུང་བའི་ཕྱིར༷་ན༷་མི་འཐད་པ་ དང༷་། བསྒྲུབ་བྱ་དང་མི་མཚུངས་པའམ་མི༷་འདྲའི༷་ཕྱིར༷་ན༷་བར་ཆོད་པའི་བར་སྲིད་མེད་པའི་དཔེ༷་མ༷་ཡི༷ན་པ་གཉིས་སོ། །དང་པོ་ཡིན་ཏེ་གོ་ས་གཅི༷ག་ན༷་དུས་ལྷན༷་ཅི༷ག་གཟུགས་ཐོགས་བཅས་གཉི༷ས་འབྱུང་བ་མེ༷ད་པའི་ཕྱིར༷་ནའོ། །དེ་ཡིན་ཏེ། དེ་ གཉིས་གོ་ས་གཅིག་ན་ཐོགས་བཅས་མིན་པར་ཐལ་ལ་མེ་ལོང་གི་ཡུལ་ལས་གཟུགས་བརྙན་ཐ་དད་དུ་མ་དམིགས་པས་སོ། །མེ་ལོང་ཉིད་བྱད་བཞིན་གྱི་རྣམ་པར་སྐྱེ་བའང་མིན་ཏེ། ཟུར་ན་གནས་པས་མཐོང་བར་ཐལ་བས་སོ། །དེས་ན་ གཟུགས་བརྙན་ནི་སུའི་འང་ཉེར་ལེན་གྱི་འབྲས་བུ་མིན་ཏེ། རྐྱེན་སྟོབས་ཀྱིས་མེད་བཞིན་སྣང་བ་སྒྲ་བརྙན་བཞིན་ནོ། །རྣམ་པ་གཅིག་ཏུ་ན་ཡོད་དུ་ཆུག་ཀྱང་མི་འདྲ་སྟེ། གཟུགས་བརྙན་གཟུགས་ཀྱི་ཉེར་ལེན་གྱི་རྒྱུ༷ན་མི༷ན་པའི་ཕྱིར༷་དང་། གཟུགས་ 3-1-70b བརྙན་ལས་གཞན་བྱད་དང་མེ་ལོང་གཉི༷ས་མ་འགག་བཞིན་པ་ལ༷ས་བྱུང༷་བས་ཕུང་གསུམ་པ་ཡིན་པའི་ཕྱི༷ར་དང་། སྐྱེ་སྲིད་ནི་རྒྱུན་དང་། འཆི་སྲིད་དང་། གཞན་ཞིག་གཉིས་ལས་ལོགས་སུ་བྱུང་སྟེ། གསུམ་ཀ་མཉམ་དུ་ཡོད་པར་མི་སྲིད་པས་སོ། ། གཉིས་པ་ལུང་ནི། དེ་བཞིན་གཤེགས་པའི་མགུར༷་ནས༷་སྲིད་པ་བདུན་བསྟན་པ་ལས། སྲིད་པ་བདུན་གསུ༷ངས་ཕྱིར༷་བར་སྲིད་ཡོ༷ད་དོ། །མདོ་དེ་མི་འདོན་ཞེ་ན། འོ་ན་མངལ་འཇུག་གི་མདོ་ལས། གནས་གསུམ་མངོན་དུ་གྱུར་པས་མའི་ མངལ་དུ་བུ་ཆགས་པར་འགྱུར་ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་ཤིང་ཕྲད་པ་དང་། དྲི༷་ཟ༷་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་གསུངས་པས་བར་སྲིད་ལས་གཞན་པའི་དྲི་ཟ་མེད་དོ། །དྲི་ཟ་ཞེས་མི་འདོན་གྱི་ཕུང་པོ་ཞིག་ པ་ཉེ་བར་གནས་པར་གྱུར་ན་ཞེས་འདོན་ཞེ་ན། བྲམ་ཟེ་རྟ་ལེན་གྱི་བུ་ལ་ཁྱོད་ཀྱི་མཆིས་བྲང་ལ་དྲི་ཟ་ཉེ་བར་གནས་པ་དེ་རྒྱལ་རིགས་སམ། ཤར་ལྷོ་སོགས་ནས་འོངས་པ་ཤེས་སམ་གསུངས་པས་ཕུང་པོ་ཞིག་པ་མེད་དགག་ལ་རིགས་སོགས་མི་འཐད་ པའི་ཕྱིར་རོ། །ལུང་ཕྲན་ཚེགས་ལས། དགའ་བོ་དྲི་ཟ་ཞེས་བྱ་བ་སྲིད་པ་བར་མའི་ཚིག་བླ་དྭགས་སོ་ཞེས་དང་། བར་མ་དོ་དང་། སྐྱེས་ནས་འདའ་བ་སོགས་ཕྱིར་མི་འོང་ལྔ༷་གསུ༷ངས་ན་བར་སྲིད་མེད་ན་ཇི་ལྟར་དྲངས། སྐྱེས་བུ་དམ་པའི་འགྲོ༷་བ་བདུན་ གསུངས་པའི་མདོ༷་ལ༷ས། མེ་སྟག་གི་དཔེས་བར་མ་དོར་མྱང་འདས་ལ་མྱུར་བུལ་གསུམ་གསུངས་པས་ཀྱང༷་གྲུབ༷་བོ། །ཀྱང་ཞེས་གཞན་ཡང་ངོ་། །བྲམ་ཟེ་ལ་བར་ན་གནས་མེད་པར་བཤད་པ་ནི་འདི་དང་། ངན་སོང་གི་བར་ན་མཐོ་རིས་ཀྱི་གནས་མེད་པ་ 3-1-71a དང་། མཐོང་ཆོས་མེ་འབར་ཤི་ནས་དམྱལ་བར་སྐྱེ་བར་དགོངས་ལ། མཚམས་མེད་ནི་སྐྱེ་གཞན་བར་མ་ཆོད་པ་རྣམས་ལ་དགོངས་ནས་གསུངས་པས་སོ། །གསུམ་པ་ཁྱད་པར་ནི། བར་སྲིད་དེ༷་ནི༷་འཕེན༷་པ༷་ཡི་ ལས་གཅི༷ག་ལས་སྐྱེས་པ་ཡིན་པའི༷་ཕྱིར༷། དེ་ཡང་སྔོན་དུ༷ས་ཀྱི་སྲི༷ད་པ་མ་འོངས་འབྱུང༷་འགྱུར་དེའི༷་ཤ༷་ཚུགས༷་ཅ༷ན་ཡིན་ནོ། །སྔོན་དུས་སྲིད་པ་ཞེས་པ་དེ༷་ནི༷་འཆི༷་བའི༷་སྐད་ཅིག་ཐ་མའི་སྲིད་པའི་སྔོ༷ན་རོལ༷་ཏེ༷། སྐྱེ༷་བ༷འི་སྐ༷ད་ཅི༷ག་དང་པོ་ཕན༷་ཆ༷ད་ཀྱི་བར་དེ་ ཉིད་དོ༷། །སྐྱེ་འཆི་བར་དོ། །སྔོན་དུས་ཀྱི་སྲིད་པ་དང་བཞི་ལས། གཉིས་ནི་སྐད་ཅིག་མ་དང་། གཉིས་ནི་རྒྱུན་ནོ། །དེ་ཡང་འདས་པ་ནི་བྱུང་བའམ་སྔོན་དུས་ཏེ་བྱུང་ཟིན་པའོ། །འོ་ན་ཁྱི་མོ་སོགས་ཀྱི་མངལ་གནས་ཤི་ནས་དམྱལ་བར་སྐྱེ་ན་འབྱུང་ འགྱུར་གྲུབ་པས་མངལ་སོགས་འཚིག་གམ་ཞེ་ན། རང་རང་གི་ལས་ཀྱིས་མཚམས་བཅད་པ་དང་། བར་སྲིད་དྭངས་པས་རེག་དུའང་མི་རུང་ངོ་། །འཛམ་གླིང་ནས་འོག་མིན་དུ་སྐྱེ་བའི་བར་སྲིད། འཛམ་གླིང་དུ་གྲུབ་པའི་སྐབས་མེད་པར་གསལ། བར་ སྲིད་གང་དུ་ཤི་བ་དེར་གྲུབ་པ་ལ། འོག་མིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡིན་ཞིང་། གཟུགས་ཁམས་པའི་བར་སྲིད་ལུས་རྫོགས་པར་གྲུབ་པ་ཡིན་ལ། འཛམ་གླིང་དཔག་ཚད་དྲུག་སྟོང་དང་ཕྱེད་དང་བཞི་ལས་མེད་པས་སོ། །ཞེ་ན། ནམ་མཁའ་ ཡངས་ཤིང་རྟེན་འོད་ལྟར་དྭངས་པས་འགར་ཡང་ཐོགས་པ་མེད་པས་སྐྱོན་མེད་ཅེས་གསུངས། དེའི་ཁ་དོག་ནི་དམྱལ་བ་སྡོང་དུམ་ཚིག་པ། དུད་འགྲོ་དུ་བ། ཡི་དྭགས་ཆུ། མི་དང་ལྷ་གསེར། གཟུགས་ཁམས་པའི་དཀར་པོའོ་ཟེར། བྱང་སེམས་ 3-1-71b གླང་པོའི་རྣམ་པར་ཞུགས་པ་ནི་ཡུམ་གྱི་རྨི་ལམ་སྟེ། དངོས་སུ་གཞོན་ནུའི་རྣམ་པའོ་ཟེར། བར་སྲིད་དེ་ཡང་ལྷའི་བར་སྲིད་སོགས་རིགས༷་མཐུན༷་གཅིག་གིས་གཅིག་དང་། སྒོམ་བྱུང་གི་ལྷ༷་མིག༷་སྐྱོན་བཅུ་གཅིག་གིས་དག༷་པས༷་མཐོང༷་གི་སྐྱེས་ཐོབ་ ཀྱིས་མིན་ནོ། །དེ་ལ་ལྷའི་མིག་རྣམ་དག་ནི་ཐེ་ཚོམ་ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན། རྨུགས། གཉིད་རྒོད། བརྩོན་དྲགས་པ། སེམས་ཡ་ཡོ་པོ་དང་། བག་ཚ་བ་དང་། འདུ་ཤེས་སྣ་ཚོགས། སྨྲ་བ་མང་བ། ཧ་ཅང་སྒོམ་ དྲགས་པ་ཞེས་བྱ་བའི་སྐྱོན་བཅུ་གཅིག་བྲལ་བའོ། །དེའང་ལྷའི་བར་སྲིད་ཀྱིས་འགྲོ་བ་ལྔའི་བར་སྲིད་མཐོང་བ་ནས། དམྱལ་བས་རང་ཁོ་ནའི་བར་སྲིད་མཐོང་བའི་བར་དང་། རིགས་མཐུན་དང་ལྷ་མིག་དག་པ་གསུམ་གྱིས་མཐོང་ཞེས་ཁ་ཅིག་འདོད། དེ་ནི་སྔོན་ལ༷ས་ཀྱིས༷་བསྐྱེད་པས་གང་བསམ་པར་ཕྱིན་པའི་རྫུ༷་འཕྲུལ༷་ཤིན་ཏུ་མགྱོགས་པའི་ཤུགས༷་དང༷་ལྡན༷་ལ། སྲིད་པ་ཚོལ་བས་དབ༷ང་པོ༷་ཀུན༷་ཚང༷་ཞིང་རི་བྲག་སོགས་ལ་ཐོགས༷་པ་མེ༷ད་པ་དང་ལྡན༷་ཏེ། མའི་མངལ་དང་། རྡོར་གདན་མ་གཏོགས་ མི་ཐོགས་པར་འཆད། སྐྱེ་གནས་ཀྱང་མངལ་སྒོ་ནས་འཇུག་གི་ལྟོ་བ་བརྡོལ་ཏེ་འཇུག་པ་མིན་པས། མཚེ་མ་ལས་གང་ཕྱིས་བྱུང་བ་ཕུ་བོ་དང་སྔར་བྱུང་ནུ་བོ་ཞེས་བཤད་དོ། །གང་གྲུབ་པ་དེ་ལས་སྲིད་པ་གཞན་དུ་མི༷་ཟློག༷་སྟེ། དགེ་མི་དགེས་ འཕངས་པའི་རྣམ་སྨིན་གྲུབ་ཟིན་པའི་ཕྱིར་དེའི་དོན་དུ་དགེ་རྩ་རྣམས་ནི་དམྱལ་སོགས་སྐྱེས་ཀྱང་སྡུག་བསྔལ་ཆུང་བ་དང་། དེ་ལས་ཐར་ཕྱིར་ཡིན་ཟེར། ཀུན་བཏུས་ལས་ཅི་སྟེ་ན་ལྡོག་གོ། དེ་ན་གནས་པ་ཡང་ལས་སོགས་སོ་ཞེས་གསུངས། 3-1-72a འདོད་པའི་བར་སྲིད་དེ༷་ནི༷་སྐལ་བ་བཟང་ངན་གྱིས་དྲི༷་ཞིམ་མི་ཞིམ་ཟ༷་བའོ༷། །གཟུགས་ཀྱི་དེ་ཁམས་ཟས་ལ་ཆགས་པ་བྲལ་ཕྱིར་དྲི་ཟ་བ་མིན་ནོ། །གནས་ཡུན་ཞག་བདུན་དང་། ངེས་མེད་དང་ཐུང་ངུར་ འདོད་པ་སོགས་སོ། །བཞི་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ། ལས་ལས་བྱུང་བའི་མིག་གིས་ཐག་རིང་ན་གནས་པའི་རང་སྐྱེ་བའི་གནས་མཐོང་སྟེ། ཐོག་མེད་ནས་གོམས་པའི་བློ༷་ནི༷་ཕོར་སྐྱེ་ན་མོ་ལ་ཆགས་ཕོ་ལ་ སྡང་། ཅིག་ཤོས་དེ་ལས་ལྡོག་པའི་ཕྱིན༷་ཅི༷་ལོག༷་ཏུ་གྱུར༷་པས༷་སྐྱེ་གནས་དང་པོ་གཉིས་མའི་མངལ་ལ་རྩེ༷་དགས༷་འགྲོ༷་བའི༷་ཡུལ༷་མངལ་དུ༷་འགྲོ༷་ཞིང༷་། མ་ནིང་ཀྱང་དང་པོ་ཕོ་མོ་གང་རུང་དུ་ཡོད་དེ། དབང་པོ་ཀུན་ཚོང་ཡིན་ཕྱིར། དེ་ ཞུགས་ནས་ཕྱིས་མ་ནིང་གི་ལུས་འཛིན་ཟེར། གཙོ་ཆེ་བའི་དབང་ལས་གཞན་ཡང་མངལ་དུ་འཇུག་པ་ལ་རྨི་ལམ་བཞིན་སྣང་ཚུལ་ཡོད་པར་གསལ་ལོ། །གང་ལྟར་ཡང་སྲེད་པས་དྲངས་ཏེ་འཁོར་བར་འཁྱམས་པས་སོ། །དབང་པོ་ནི་ཁུ་ཁྲག་དེ་ ཉིད་ཀྱིས་འབྱུང་བའམ་དེ་ལས་སྐྱེས་པའི་འབྱུང་བ་གཞན་གྱིས་སྐྱེས་པར་འདོད་པ་གཉིས་ཡོད་ཀྱང་། ཕ་མའི་ཁུ་ཁྲག་ཉེར་ལེན་རང་གི་བར་སྲིད་ཀྱི་རྐྱེན་རྒྱུ་བྱས་ནས་སོ། །དྲོད་གཤེར་སྐྱེས་ནི་དྲི༷་དང༷་རྫུས་སྐྱེས་ནི་གན༷ས་ལ༷་མངོ༷ན་པར་འདོ༷ད་པས་ འགྲོ་བ་དེ་ནི་སྐྱེ་གནས་གཞ༷ན་གཉིས་ཀྱིས་འཇུག་ཚུལ་ལོ། །དབྱིབས་ནི་དམྱལ༷་བ༷་ཡི༷་བར་སྲིད་ནི༷་མི་འདོད་བཞིན་སྤྱི༷འུ༷་ཚུགས༷་སུ་ལྷུང་བའམ་གཤིན་རྗེའི་ཞགས་པས་བཏབ་སྟེ་འཁྲིད་པ་ཡི༷ན་ལ། ཡི་དྭགས་དུད་འགྲོ་སྐས་ལས་འབབ་པ་ལྟ་བུ་ 3-1-72b དང་། མི་ཡི་ནི་ཐང་ལ་འགྲོ་བ་ལྟ་བུ། ཡི་དྭགས་ཀྱི་ནི་རྒྱབ་ཀྱིས་འགྲོ་བར་བཤད་དོ། །ལྷ་ཡི་ནི་སྟན་ལས་སྡང་བ་ལྟ་བུ་གྱེན་དུའོ་ཟེར། གཉིས་པ། བར་སྲིད་མངལ་དུ་འཇུག་པ་ལ་གསུམ་ལས། གཅི༷ག་ནི༷་དང་པོ་ཤེས༷་བཞིན༷་ དུ༷་འཇུག༷་གོ༷། གཞན༷་ནི༷་འཇུག་པར་མ་ཟད་གན༷ས་པ༷་ཡང༷་ཤེས་ལ་། གཞན་ནི་འཇུག་པར་མ་ཟད་གནས་པ་ཡང་ཤེས་ལ་གཞན་ནི་འབྱུང་བའང་སྟེ་གསུམ་ཀ་ཤེས་སོ། །གཞན༷་ནི༷་གསུམ་པོ་ཐ༷མས་ཅ༷ད་ལ་རྨོངས༷་ཤིང་། དེ་ཡང་སྒོ༷་ང༷་ལ༷ས་ སྐྱེས༷་པ་ནི་གསུམ་ཀ་ལ་རྟག༷་ཏུ༷་རྨོངས་པའོ༷། །དེ་ལ་སྐྱེས་ཞེས་པ་ནི་མ་འོངས་པའི་མིང་གིས་བསྟན་པ་སྟེ་ཕྱེ་འཐག་ཅེས་པ་བཞིན་ནོ། །འཇུག་སོགས་མི་ཤེས་པ་སྐལ་དམན་ཆར་རླུང་སོགས་ཀྱིས་བདས་ནས་རྩྭའི་སྤྱིལ་པོ་སོགས་སུ་ ཞུགས་པ་དང་། གནས་པ་དང་། འབྱིན་པའི་སྣང་བ་ཕྱིན་ཅི་ལོག་དང་། སྐལ་བཟང་དག་ཁང་བཟང་སོགས་ལ་ཞུགས་གནས་འབྱིན་པའི་སྣང་བ་དང་། ཤེས་བཞིན་ནི་མའི་མངལ་ཡིན་པར་ཤེས་ནས་འཇུག་གནས་འབྱུང་བར་ཤེས་པས་ དེ་ལ་ཕྱིན་ཅི་ལོག་གི་འདུ་ཤེས་དང་མོས་པ་མེད་དོ། །རྩཱའི་གསེབ་ཏུ་ཞུགས་པ་སོགས་ལ་ཆགས་སྡང་མེད་ཀྱང་དེར་འདུ་ཤེས་པས་ན། རང་སའི་ཉོན་མོངས་ཀུན་ཞེས་བཤད་པར་འཆད་ལ། གཞན་དག་རང་དང་རིང་བའི་ སྐབས་ཆགས་སྡང་དང་། རང་དང་ཉེ་བའི་སྐབས་ནགས་ཐིབ་པོ་སོགས་ཟེར་ཀྱང་ཕྱོགས་གཅིག་གི་ངེས་པ་མེད་ལ། ཉོན་མོངས་ཅན་ཡིན་པར་གྲུབ་བོ། །ཡང་འཇུག་པ་ཤེས་ལ་ཕྱི་མ་གཉིས་མི་ཤེས་པ་དང་། དང་པོ་གཉིས་ཤེས་ 3-1-73a ལ་འབྱུང་བ་མི་ཤེས་པ། གསུམ་ཀ་ཤེས་པ་དང་། མངལ༷་དུ༷་འཇུག༷་པ༷་ནི་གསུམ༷་དག༷་སྟེ༷་དེ་ལ་འཁོར༷་ལོས༷་སྒྱུར༷་ནི་དང་པོ་དང༷་རང༷་བྱུང༷་རང་རྒྱལ་སངས་རྒྱས་གཉི༷ས་ནི་གཉིས་པ་དང་གསུམ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ ན། འཁོར་སྒྱུར་ནི་བསོད་ནམས་ཀྱི་ལ༷ས་སམ༷། རང་རྒྱལ་ལ་བསྐལ་པ་བརྒྱར་དངོས་པོ་དྲུག་ཤེས་པའི་ཡེ༷་ཤེས༷་སམ༷། སངས་རྒྱས་ནི། བསོད་ནམས་དང་ཡེ་ཤེས་གཉི༷ས་ཀ༷་རྒྱ༷་ཆེ༷་བའི་ཕྱིར༷་ན༷་གོ༷་རིམ༷་བཞིན༷་དུ་སྦྱར་རོ། །འཁོར་སྒྱུར་ སོགས་ཀྱང་འབྱུང་འགྱུར་གྱི་མིང་ངོ་། །འོ་ན་རང་རྒྱལ་སྒོང་སྐྱེས་རྣམས་ཅི་ཞེ་ན། འདི་མངལ་སྐྱེས་ཀྱི་དབང་དུ་བྱས་པའམ། ཡང་ན་འཇུག་གནས་ཤེས་པ་དེ་བསེ་རུ་ལྟ་བུའི་དབང་དུ་བྱས་ལ་སྒོང་སྐྱེས་དེ་དག་ནི་ཚོགས་སྤྱོད་ཡིན་པས་ ཉེས་པ་མེད་དོ་ཟེར་རོ། །གཉིས་པ་ལ། གང་གནས་པ་སེམས་ཅན་གྱི་རྟེན་འབྲེལ་དང་། གང་གིས་གནས་པ་ཟས་ཀྱི་རྟེན་འབྲེལ་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད། དེ་དག་གི་དོན་སྲིད་པ་བཞིར་བསྡུས་ནས་དེ་ དག་ཉོན་མོངས་ཡིན་མིན་དང་ཁམས་གང་ན་ཡོད་དཔྱད་པ་དང་གསུམ་ལས། དང་པོ། ཕྱི་རོལ་པ་རྣམས་འཆི་སྲིད་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་བར་སྲིད་མིན། བདག་རྟག་པ་གཞན་དུ་འཕོ་བ་ཡིན་ནོ་ཟེར། སྲིད་པ་གཞན་ དུ་འགྲོ་བའི་བདག༷་རྟག་པ་ནི་མེད་དེ། སྐྱེ་སྲིད་སོགས་ལས་གཞན་དུ་བདག་མ་དམིགས་ལ་དེ་དང་གཅིག་ན་མི་རྟག་པ་དུ་མ་ཡིན་པས་སོ། །འོ་ན་འཆི་སྲིད་ནས་ཉིང་མཚམས་སྦྱོར་བ་དེ་གང་ཞེ་ན། ཕུང༷་པོ༷་ཡི་རྒྱུན་ཙམ༷་རྟེན་ཅིང་འབྲེལ་ 3-1-73b བ་ཉི༷ད་དོ༷། །དེ་ཡང་ཇི་ལྟར་ན་སྔ་མའི་ཉོ༷ན་མོང༷ས་དང་ལ༷ས་ཀྱི༷་རྒྱུས་མངོ༷ན་པར་འདུས༷་བྱས༷་པའི་སྲི༷ད་པ༷་བ༷ར་མའི༷ རྒྱུན༷་གྱིས༷་ནི༷་སྐྱེ་སྲིད་ཀྱི་གནས་མངལ་དུ་འགྲོ་སྟེ་ཉིང་མཚམས་སྦྱོར། མངལ་དུ་འགྲོ་ཞེས་པས་སྐྱེ་གནས་གཞན་ ཡང་མཚོན། བར་སྲིད་སྐྱེ་སྲིད་དུ་འཕོ་བ་མིན་ཏེ། དཔེར་ན། མར༷་མེ༷་སྐད་ཅིག་མ་ཡིན་ཡང་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་བ་བཞིན༷་དུ༷་སྐྱེ་སྲིད་ཀྱི་གནས་མང༷ལ་དུ༷་འགྲོ༷་བའི་དཔེ་འདིས་ཁ་ཐོན་མེ་ལོང་སོགས་གཞན་ཡང་ མཚོན་ནོ། །དེ་ནས་སྔོན་གྱི་ལས་ཉོན་གྱིས་ཇི༷་ལྟར༷་འཕངས༷་པ་བཞིན༷་དུ་ནུར་ནུར། མེར་མེར། ལྟར་ལྟར། གོར་གོར། མཁྲང་འགྱུར་སོགས་རིམ༷་གྱིས༷་རྒྱུན༷་རྒས་པའི་བར་དུ་སྐྱེ༷ས་ན༷ས་ཡང་ལ༷ས་དང༷་ཉོ༷ན་མོང༷ས་ཀྱིས༷་འཇིག༷་ རྟེན༷་ཕ༷་རོལ༷་དག༷་ཏུ༷་འགྲོ༷་བའོ། །དེ་ལྟར་ཡང་ཡང་འཁོར་བའི་སྲི༷ད་པའི༷་འཁོར༷་ལོ༷་ཐོག༷་མ༷་མེ༷ད་པ་གང་དེ༷་ནི༷་རྟེན༷་ཅིང༷་འབྲེལ༷་བར་འབྱུང༷་བའི༷་ཡན༷་ལག༷་བཅུ༷་གཉི༷ས་ཀྱི་ཚུལ་དུ་འཁོར་ལ་དེ་ཡང་ཆ༷་གསུམ༷་མོ༷། །ཇི་ལྟར་ན་ཚེ་ སྔོ༷ན་མ་རིག་པ་དང་འདུ་བྱེད་གཉིས་དང༷་ཕྱི༷་མཐར༷་སྐྱེ་རྒ་སྟེ་གཉི༷ས་གཉི༷ས་དང༷་། བར༷་དུ༷་བརྒྱ༷ད་དོ། །དེ་ལ་སྐྱེ་གནས་དང་པོ་གཉིས་ཚེ་ཡོངས༷་སུ་རྫོགས༷་པ་དང་ལྡན༷་པ་ལ༷འོ། །རྫུས་སྐྱེས་དང་བར་མ་དོར་འཆི་བ་དང་། ཁམས་གོང་མ་ གཉིས་ལ་དེ་ལྟར་མ་ངེས་པས་སོ། །རྣམ་ཤེས་སྐྱེ་བ་གཉིས་སྐད་ཅིག་རེ་རེ་ལ་གཞན་རྣམས་རྒྱུན་ཆགས་པའོ། །མིང་ནི་མིང་ལྟར་ཐོགས་མེད་བཞི། གཟུགས་མེར་མེར་པོ་ལ་སོགས་པའོ། །གཉིས་པ་ལ། གནས་སྐབས་པའི་ 3-1-74a རྟེན་འབྲེལ་ངོ་བོ་ཡན་ལག་གསུམ་དཔེ་དང་སྦྱར་བ་གསུམ་ལས། དང་པོ་ལ། གནས་སྐབས་ཀྱི་རྟེན་འབྲེལ་བཤད་པ་དང་། རྟེན་འབྲེལ་གྱི་དགོས་པ་སོགས་བཤད་པ་གཉིས། དང་པོ་ལ། དངོས་དང་། དོགས་སྤང་གཉིས་ཀྱི་། དང་པོ། མ༷་རིག༷་པ་ནི་ཉོ༷ན་མོང༷ས་སྤྱོད་པ་སྐྱེ་བ་སྔོ༷ན་མའི་གན༷ས་སྐབས༷་ཀྱི་ཕུང་པོ་ལྔའོ། །འདུ༷་བྱེ༷ད་དག༷་ནི༷་སྐྱེ་བ་སྔོ༷ན་མར་དགེ་སོགས་ལ༷ས་སྤྱོད་པའི་སྡུག་བསྔལ་གྱི༷་ཕུང་པོ་ལྔའོ། །རྣམ༷་ཤེས༷་ནི་སྐྱེ་ བ་འདིར་མངལ་དུ་ཉིང་མཚ༷མས་སྦྱོར༷་བའི་སྐད་ཅིག་གི་ཕུང༷་པོ༷་ལྔ་པོ་ཡི༷ན་ཞིང་། མིང༷་དང༷་གཟུ༷གས་ནི༷་མཚམས་སྦྱར་བའི་སྐད་ཅིག་དེ༷་ཕན༷་ཆ༷ད་དང་། སྐྱེ༷་མཆེ༷ད་དྲུག༷་དོད་ཀྱི་བར་མངལ་གྱི་གནས་སྐབས་དང་པོ་བཞི་ཚུན༷་ཆ༷ད་དོ༷། །སྐྱེ་ མཆེད་དྲུག་པོ་དེ༷་ནི༷་ཡུལ་དབང་ཤེས་གསུམ༷་འདུས༷་ནས་ཡུལ་ཡོངས་སུ་གཅོད་པ་ཚུན༷་ཆ༷ད་དོ༷། །གསུམ་འདུས་ནས་རེག༷་པ༷་འཇོག་སྟེ། གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པ་ནས་ཚོར་བ་བདེ༷་སྡུག༷་ལ༷་སོ༷གས་ཀྱི༷་རྒྱུ༷་ཡིད་འོང་མི་འོངས་ སོགས་ཡོངས་སུ་གཅོད་ནས་ཤེས༷་ནུས༷་པ༷་ཚུན༷་ཆ༷ད་དོ༷། །ཡུལ་ལོངས་སྤྱོད་ནུས་ནས་ཚོར༷་བ་འཇོག་སྟེ། དེ་ཡང་གསུམ་གྱི་རྒྱུ་གཅོད་ནུས་པ་ནས་བཟུང་སྟེ་འཁྲི༷ག་པ་ལ་སྤྱོད་མི་ནུས་པ་ཚུན༷་ཆ༷ད་དོ། །ཞེས་དངོས་སུ་མི་སྤྱོད་པའི་བར་གྱི་ཕུང་ པོ་ལྔའོ། །སྲེ༷ད་པ༷་ནི༷་ལོངས༷་སྤྱོ༷ད་དང་འཁྲིག༷་པ༷་ལ་སྤྱོད་ནུས་ཤིང་དངོས་སུ་མ་སྤྱོད་པར་ཆགས༷་པ་ཅ༷ན་གྱི༷་གནས་སྐབས་ཀྱི་ཕུང་པོ་ལྔའོ། །ཉེ༷་བར༷་ལེན༷་པ༷་ནི་ཡུལ་འདོད་པའི་ལོངས༷་སྤྱོ༷ད་རྣམ༷ས་ཐོབ༷་པར༷་བྱ༷་ཕྱིར༷་ཡོངས༷་སུ་རྒྱུག༷་ཅིང་སྤྱད་ 3-1-74b པའི༷་ཕུང་ལྔའོ། །དེ༷་ཡིས་ཡང་སྲི༷ད་ཀྱི་བདེ་སོགས་འབྲས༷་བུ༷་འབྱུང༷་བར་འགྱུར༷་བའི༷་ལ༷ས་བྱེ༷ད་པའི་ཕུང་ལྔ་དེ༷་ནི༷་སྲི༷ད་པ༷་ཞེས་བྱ་བ་ཡི༷ན་ནོ། །འདི་ནས་འཕོས་ནས་ཕྱི་མར་ཉིང༷་མཚ༷མས་སྦྱོར༷་བའི༷་ཕུང་པོ་དེ་ནི་སྐྱེ༷་བ༷་ཡི༷ན་ལ། དེའི་ མིང་གཟུགས་ནས་ཚོར༷་བའི༷་བར༷་བཞི་ཡི་ཕུང་པོ་ནི༷་རྒ༷་ཤི༷་ཡི༷ན་ནོ། །དེ་ལྟ་བུའི་རྟེན་འབྲེལ་དེ་ཡང་སྐད་ཅིག་མ་དང་། རྒྱུན་ཆགས་པ། འབྲེལ་བ་ཅན་དང་། གནས་སྐབས་པ་དང་བཞི་གསུངས་པ་ལས། འདི༷་ནི༷་ཕྱི་མ་གན༷ས་སྐབས༷་ པའི་རྟེན་ཅིང་འབྲེལ་བར་འབྱུང་བར༷་འདོ༷ད་དོ། །ལོ༷་ཞེས་བྱེ་སྨྲའི་འདོད་པའོ། །གཉིས་པ། ཐམས་ཅད་དུ་ཕུང་པོ་ལྔ་པར་ངེས་ན་ཅིའི་ཕྱིར་མ་རིག་པ་སོགས་སུ་བསྟན་ཅེ་ན། སྐབས་དེ་ནི་གཙོ༷་བོ༷འི༷་ཕྱིར༷་ན༷། དེའི་མིང་གིས་ཡན༷་ལག༷་ ལ་ཡང་བཏགས་པའམ་བསྒྲགས༷་པ་སྟེ་དཔུང་ཚོགས་ཡན་ལག་བཞི་ལྡན་ལ་རྒྱལ་པོ་བྱུང་ངོ་ཞེས་བརྗོད་པ་བཞིན་ནོ། །དེ་ནི་འབྲེལ་བ་ཅན་དང་། རྒྱུན་ཆགས་པའི་རྟེན་འབྲེལ་ཡང་ཡིན་ཏེ་རྒྱུ་འབྲས་སུ་འབྲེལ་བའི་ཕྱིར་དང་། ཚེ་གསུམ་བར་ ཆད་མེད་པར་རྒྱུན་ཆགས་སུ་འབྱུང་བས་སོ། །སྐད་ཅིག་མའི་རྟེན་འབྲེལ་ནི་སྲོག་གཅོད་སོགས་ཚེ་ཀུན་སློང་རྨོངས་པ་མ་རིག་པ། སེམས་པ་ལས་འདུ་བྱེད། ཡུལ་རིག་པ་རྣམ་ཤེས། དེ་དང་ལྷན་ཅིག་པའི་ཕུང་པོ་མིང་གཟུགས། མིག་དབང་ སོགས་སྐྱེ་མཆེད་དྲུག །གསུམ་འདུས་རེག་པ། རེག་པ་ཉམས་མྱོང་ཚོར་བ། ཤ་སོགས་ལ་ཆགས་པ་སྲེད་པ། དེ་དང་མཚུངས་ལྡན་ངོ་ཚ་མེད་སོགས་ཀུན་དཀྲིས་རྣམས་ལེན་པ། དེས་ཀུན་སློང་ལུས་ངག་གི་ལས་སྲིད་པ། སྔར་མེད་པ་འབྱུང་བ་ 3-1-75a སྐྱེ་བ། ཡོངས་སྨིན་རྒ་བ། དེ་ཞིག་ཤི་བ་སྟེ། དེ་རྣམས་བྱ་རྫོགས་སྐད་ཅིག་ལ་འབྱུང་བས་སོ། །གཉིས་པ་ལ། དགོས་པ། བསྡུ་བ། དབྱེ་བ། བརྒྱུད་མར་འབྱུང་ཚུལ། ཞར་ལ་མདོ་ལས་གསུངས་པའི་རྟེན་ འབྲེལ་བྱུང་བ་དང་འབྱུང་བའི་ཁྱད་པར་ལྔ་ལས། དང་པོ། གལ་ཏེ་ཕྱིའི་ས་བོན་ལས་མྱུ་གུ་སོགས་འབྱུང་བའང་རྟེན་འབྲེལ་ཡིན་ན། སེམས་ཅན་གྱི་མ་རིག་སོགས་ལ་རྟེན་འབྲེལ་ཞེས་ཁྱད་པར་དུ་ཅི་ལ་སྟོན་ཞེ་ན། བདག་སྔོ༷ན་མ་བྱུང་དང༷་། ཕྱི༷་མཐའ༷་ འབྱུང་མི་འབྱུང་དང་། ད་ལྟའི་བར༷་དག༷་ལ༷་བདག་ཇི་ལྟ་བུ་ཞེས་འདུ་ཤེས་སྣ་ཚོགས་ལོག་པར་བཏགས་པའི་བློ་དང་། དེའི་རྒྱུ་བདག་ཏུ་རྨོངས༷་པ༷་རྣམ༷་པ་གསུམ༷་ཟློག༷་པའི་ཕྱིར༷་རོ༷། །གཉིས་པ། གསུམ་དུ་བསྡུ་ན། ཉོ༷ན་མོང༷ས་པ་ནི་མ་རིག་སྲེད་པ་ལེན་ པ་གསུམ༷་མོ༷། །ལས་འདུ་བྱེད་སྲིད་པ་གཉི༷ས་སོ༷། །ལས་ཉོན་གྱི་རྟེན་ནམ་གཞི༷་རྣམ་ཤེས་སོགས་བདུན༷་ནོ། །བདུན་པོ་གཞི་ཡིན་པ་དེ༷་བཞིན༷་འབྲས་བུ༷འང༷་ཡི༷ན་ཞིང་། ཡང་ན་གཞི་བདུན་པོ་ནི་ལས་ཉོན་ཡང་ཡིན་ལ། མདོར་ན་ཕན་ཚུན་ཡིན་པར་བསྟན་ཏོ། ། དེས་ན་མ་རིག་ལ་རྒྱུ་དང་རྒ་ཤི་ལ་འབྲས་བུ་ཡོད་ན་བཅུ་གཉིས་སུ་མ་ངེས་ལ། མེད་ན་སྲིད་པ་རང་བཞིན་གྱི་ཐོག་མཐའ་ཡོད་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། མ་རིག་པའི་རྒྱུ་རྒ་ཤི་ཡིན་ལ། རྒ་ཤིའི་འབྲས་བུ་མ་རིག་པ་ཡིན་པས་སོ། །གསུམ་པ། སྔོན་ཕྱི་ གཉི༷ས་ཀྱི༷་རྒྱུ༷་འབྲས༷་ཕྲུག་གཉིས་པོ་མདོར༷་བསྡུས༷་པ༷་ནི། སྔོན་མཐའ་དང་ཕྱི་མཐའ་གཉིས་ལ་མ་རིག་པ་དང་འདུ་བྱེད་སྔོན་མཐའི་རྒྱུ་རྣམ་ཤེས་ནས་ཚོར་བའི་བར་དེའི་འབྲས་བུ། སྲེད་ལེན་སྲིད་གསུམ་ཕྱི་མཐའི་རྒྱུ། སྐྱེ་རྒ་དེའི་འབྲས་བུའོ། །ཀུན་བཏུས་ལས། 3-1-75b ཀུན་གཞིའི་རྣམ་ཤེས་ལ་བག་ཆགས་འཛིན་པའི་ཆ་ནས་ལས་སུ་བསྡུས་ཏེ། ལས་གསུམ་དུ་བཤད་དོ། །སྔ་ཕྱིར་རྒྱུ་འབྲས་འབྲེལ་བ་ལ་ཁྱད་མེད་བཞིན། སྔ་མའི་རྒྱུ་གཉིས་སུ་བསྡུས་ལ། ཕྱི་མའི་འབྲས་བུ་གཉིས་སུ་བསྡུས་པ་ཅི་ཞེ་ན། དེ་ ནི་དེ་ལྟར་བསྡུས་ཀྱང་ད་ལྟའི་སྐྱེ་བ་བར༷་མ༷འི་འབྲས་བུ་ལྔ་དང་རྒྱུ་གསུམ་ཡོད་པ་དེ་བཞིན། སྔ་མའི་རྒྱུ་ལའང་གསུམ་དང་། ཕྱི་མའི་འབྲས་བུ་ལའང་ལྔ་ཡོད་པར་རྗེས༷་སུ༷་དཔག༷་པ༷་ལ༷ས་ཤེས་ནུས་པ་ཡིན་ལ། སྔ་མའི་རྒྱུ་འབྲས་བཞིན་དུ་བར་མའི་རྒྱུ་ འབྲས་བསྡུ་བར་ཤེས་པར་བྱ་སྟེ། དགོས་པའི་དབྱེ་བསྡུ་ཡིན་གྱི་དོན་གཅིག་པར་ཤེས་པར་བྱའོ། །རྒ་ཤི་ནི་ཚོར་བའི་བར་ཡིན་པས་དེ་ལས་མ་རིག་པ་སྐྱེ་ལ་བར་མ་ཆད་པ་རྐྱེན་ཡོད་པ་སྲིད་དུ་མཐའ་མེད་པར་འཁོར་རོ། །བཞི་པ། མ་རིག་པ་ལ་རྒྱུ་དང་ རྒ་ཤི་ལ་འབྲས་བུ་ཡོད་ན་བཅུ་གཉིས་སུ་མི་ངེས་ལ། མེད་ན་རང་བཞིན་གྱིས་ཐོག་མཐའ་ཡོད་པར་འགྱུར་རོ་ཞེ་ན། ཉོ༷ན་མོ༷ངས་པ༷་སྲེད་པ་ལ༷ས་ཉོ༷ན་མོང༷ས་པ་ལེན་པ་འབྱུང་བ་དང༷་། མ་རིག་པ་དང་ལེན་པ་ལས་བྱ༷་བ༷་སྟེ་འདུ་བྱེད་དང་སྲིད་པ་འབྱུང་བ་ཉི༷ད་དོ༷། ། དེ༷་ལ༷ས་གཞི༷་རྣམས་སྐྱེ་སྟེ་འདུ་བྱེད་ལས་རྣམ་ཤེས་དང་། སྲིད་པ་ལས་སྐྱེ་བ་འབྱུང་བས་སོ། །གཞི་དེ་ལས་མིང་གཟུགས་རྒ་ཤི་སོགས་གཞི༷་འབྱུང་སྟེ་རྣམ་ཤེས་ལས་མིང་གཟུགས་སོགས་དང་། སྐྱེ་བ་ལས་རྒ་ཤི་འབྱུང་བ་དང༷་། གཞི་དེ་ལས་ཚོར་བ་ལས་ སྲེད་པ་དང་། ཚོར་བའི་བར་ནི་རྒ་ཤི་ཡིན་ལ་སྲེད་པ་མ་རིག་པ་ཡིན་པས་རྒ་ཤི་ལས་མ་རིག་པའི་ཉོ༷ན་མོང༷ས་སྐྱེ༷་བ་སྟེ་བར་མེད་པ་འདི༷་ནི༷་སྲི༷ད་པའི༷་ཡན༷་ལ༷ག་འཁོར་བའི་ལུགས༷་སམ་ཚུལ་ཡིན་པས་རང་བཞིན་གྱི་ཐོག་མཐའ་མེད་པ་བཅུ་གཉིས་སུ་ངེས་པས་ 3-1-76a སྐྱོན་གཉིས་ཀ་ལས་གྲོལ་ཏེ། མ་རིག་པའི་རྒྱུ་ནི་རྒ་ཤི་ཡིན་ལ་རྒ་ཤིའི་འབྲས་བུའང་མ་རིག་པ་ཡིན་པའི་ཕྱིར་རོ། །ལྔ་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དང་། རྟེན་ཅིང་འབྲེལ་བར་བྱུང་བའི་ཆོས་ ཞེས་གསུངས་པ་ཅི་ཞེ་ན། བསྟན་བཅོས་ལས་གཉིས་ཀ་འདུས་བྱས་ཀྱི་རྣམ་གྲངས་སུ་བཤད་ཀྱང་། འདི༷་ནི༷་འབྱུང༷་བ༷་ཞེས་པ་རྒྱུ༷་ཡིན་པ་རྣམས་ཡི༷ན་ཏེ༷་འདི་ལས་འབྲས་བུ་འབྱུང་བའི་ཕྱིར་རོ། །བྱུང༷་བ༷་ཞེས་པ་དེས་སྐྱེད་པའི་འབྲས༷་བུ༷་རྣམས་ཡི༷ན་པར༷་ འདོ༷ད་དེ། །རྒྱུ་ལས་བྱུང་བའི་ཕྱིར་རོ། །གཉིས་པ་ངོ་བོ་ལ། འདིར་སྐབས་སུ་བབས་པ་བཤད་པ། གཞན་འདིར་འཆད་མི་དགོས་པའི་རྒྱུ་མཚན་གཉིས། དང་པོ་ལ། མ་རིག །མིང་། རེག །ཚོར་བཞི་ལས། དང་པོ་ལ། རང་ ལུགས་བཞག་པ། གཞན་ལུགས་དགག་པ་གཉིས། དང་པོ། མདོ་སྡེ་པ་སོགས་ཀྱིས་ཐམས་ཅད་ཕུང་པོ་ལྔ་པ་མིན་ཏེ། མ་རིག་པ་སྔོན་མཐའ་མི་ཤེས་པའོ། །ཞེས་སེམས་བྱུང་རྐྱང་པར་གསུངས་པ་དང་། འདུ་བྱེད་སེམས་པ་སོགས་ཁོ་ ནར་གསུངས་པའི་ཕྱིར། གཙོ་ཆེ་བའང་མིན་ཏེ། དེ་ལྟ་ན་རྣམ་ཤེས་འབའ་ཞིག་སྟོན་པར་ཐལ་བས་སོ། །ཤས་ཆེ་ཆུང་ཡང་སྔོན་དུས་མ་རིག་པ་དང་། འདིར་སྲེད་པ་ཤས་ཆེ་བ་སོགས་མི་འཐད་པས་སོ། །རྣམ་ཤེས་དང་མིང་གཟུགས་ནི་ འདོད་གཟུགས་ན་ཁྱད་མེད་པར་ཡོད་པས་སོ། །དེས་ན་དེ་ལྟར་བསྟན་པ་འདི་ནི་རྒྱུ་འབྲས་བྱེ་བྲག་པ་འབའ་ཞིག་ཁོ་ན་ཡིན་གྱི་འདུས་བྱས་རྟེན་འབྱུང་གི་སྤྱི་མིན་ཏེ། ཕྱིའི་དེ་མ་བསྡུས་པས་སོ། །དེས་ན་མ་རིག་སོགས་སྒྲ་ཇི་བཞིན་པ་ཡིན་པས་དེ་ 3-1-76b བཤད་ན་ཞེས་པ་རྒྱུན་ཆགས་པའི་རྟེན་འབྲེལ་བཤད་ན་ཞེས་སོ། །འདི་ལྟར་ཡང་དག་པའི་རིགས༷་པའི༷་མི༷་མཐུན༷་ཕྱོག༷ས་སུ་གྱུར་པའི་ཆོས༷་གཞན༷་བདེན་པ་ལས་འབྲས་སོགས་ལ་རྨོངས་པའི་སེམས་བྱུང་ནི་མ༷་རིག༷་པ་ཞེས་བྱ་སྟེ། དེ་ལ་ རིག་པ་མེད་ཙམ་དང་། རིག་པ་མིན་པ་ཙམ་དངོས་མེད་དང་བེམ་པོའང་ཡིན་པས། དེ་ལྟར་མིན་པ་ནི་དཔེར་ན་མི༷་མཛ༷འ་ཞེས་པ་མཛའ་བ་མེད་པ་དང་། མིན་པ་ཙམ་ལ་མི་གོ་བར་དགྲ་ལ་གོ་བ་དང་། དེ་བཞིན་མི་བདེན་པའང་རྫུ༷ན་ཁོ་ ན་ལ་གོ་བ་དང་སོ༷གས་སྒྲས་ཆོས་མིན་པ་མི་དགེ་བ་དང་། བྱ་བ་མིན་པ་བྱ་བ་ངན་པ་དང་། དོན་མིན་པ་དོན་ལོག་པའི་དོན་ལ་གོ་བ་བཞིན༷་ནོ། །རིག་པ་མེད་ཙམ་མིན་པར་ཅིས་ཤེས་ན་མ་རིག་པ་ནི་ཀུན༷་སྦྱོར༷་འཆིང་བ་ཕྲ་རྒྱས་ཆུ་སྦྱོར་སོ༷གས་འཁོར་ བའི་རྐྱེན་གྱི་དངོས་པོ་དང་འདུ་བྱེད་ཀྱི་རྐྱེན་དུ་བསྟན་པའི་ཚིག༷་གིས་བསྟན་དོན་ཡིན་དགོས་པས། མེད་པ་ཙམ་རྐྱེན་གྱི་དངོས་པོར་ནམ་ཡང་མི་འོས་པའི་ཕྱི༷ར་རོ། །གཉིས་པ། ཁ་ཅིག་ན་རེ། གལ༷་ཏེ༷་དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་མ་ རིག་པ་ཞེས་པའི་སེམས་བྱུང་ལོགས་སུ་བ་ནི་མེད་དེ། ཤེས༷་ར༷བ་ངན༷་པ༷་ལ་དམན་པར་དགག་སྒྲ་སྦྱར་ཏེ་བུ་ངན་པ་ལ་བུ་མེད་དོ། །བུ་མིན་ནོ་ཞེས་བརྗོད་པ་བཞིན་དུ་འོ༷་ཟེར་ན། དེ་ནི་མིན༷་ཏེ། ཤེས་རབ་ཕྱིན་ཅི་ལོག་ངན་པ་ནི་ལྟ༷་བ་ཡིན་ལ། ལྟ་བ་ དང་མ་རིག་རྩ་ཉོན་དང་ཆུ་བོ་སོགས་སུ་ཐ་དད་པར་གསུངས་པའི་ཕྱིར༷། གལ་ཏེ་ལྟ་བ་མིན་པའི་ཤེས་རབ་མ་རིག་པའོ་ཞེ་ན། དེ་ཡང་མིན་ཏེ། ལྟ༷་བ༷་དེ༷་དང༷་མ་རིག་པ་མཚུངས༷་ལྡན༷་དུ་བསྟན་པས་ན་ལྟ་བ་མ་རིག་གཉིས་ཀ་ཤེས་རབ་ཡིན་པས་ཤེས་ 3-1-77a རབ་ཀྱི་རྫས་གཉིས་མཚུངས་ལྡན་མི་སྲིད་པའི་ཕྱིར༷་དང་། མདོ་ལས་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ་ཞེས། ཤེས༷་རབ༷་མ་རིག་པས་ཉོ༷ན་མོང༷ས་པར་བྱ་བ་ཅན་དུ་ བསྟན༷་ན། རང་ལ་རང་བྱེད་པར་འགལ་བའི་ཕྱི༷ར་རོ༷། །འདིས་ནི་དཔལ་ལེན་མ་རིག་པ་ཉོན་མོངས་སྤྱིའི་མིང་དང་། ཆོས་སྐྱོབ་ངའོ་སྙམ་དུ་སེམས་ཅན་ལ་འཇུག་པ། ཆོས་གྲགས་འཇིག་ལྟ་མ་རིག་པར་བཞེད་པ་བསལ་ཟེར་ཀྱང་། འཇིག་ ལྟ་མ་རིག་པར་བཤད་པ་ལ་དགོངས་པ་གཏིང་མཐུན་འདྲའོ། །གཉིས་པ། མི༷ང་ནི༷་མིང་ལྟར་ཐོགས་མེད་གཟུགས༷་ཅ༷ན་མི༷ན་པ་ཚོར་སོགས་ཀྱི་ཕུང༷་པོ༷་བཞིའོ། །གསུམ་པ་ལ་དངོས་དང་། དེའི་རྣམ་གྲངས་གཞན་བཤད་པ་གཉིས། དང་ པོ། རེ༷ག་པ་དྲུག༷་ནི་ཡུལ་དབང་ཤེས་གསུམ་འདུས༷་ཏེ༷་ཡུལ་ཡོངས་སུ་གཅོད་པ་བྱུང༷་བ༷་ཡི༷ན་ཏེ། དེ་ལ་མིག་གི་འདུས་ཏེ་རེག་པ་སོགས་དྲུག་གོ། ཁ་ཅིག་གིས། གསུམ་འདུས་ཙམ་ལ་བཏགས་ཟེར། ཁ་ཅིག་གསུམ་འདུས་ལས་བྱུང་བའི་ ཡུལ་ཡོངས་གཅོད་ཀྱི་ཤེས་པ་ཞིག་སྟེ། དྲུག་ཚན་དྲུག་གི་མདོ་ལས། ཕྱི་ནང་གི་སྐྱེ་མཆེད་དྲུག་དང་། རྣམ་ཤེས་དྲུག་ལས་ཐ་དད་དུ་གསུངས་པའི་ཕྱིར་རོ། །གཉིས་པ། རེག་ཚུལ་མིག་སོགས་དང་པོ་ལྔ༷་ནི༷་ཐོག༷ས་པའི༷་རེག༷་པ༷་ཡི༷ན་ཏེ། ཐོགས་ བཅས་ཀྱི་དབང་སོགས་ལ་བརྟེན་པས་སོ། །དྲུག༷་པ༷་ཡིད་རེག་ནི་བླ༷་དྭགས༷་མིང་ངམ་ཚིག༷་གི་རེག་པ་ཞེས༷་བྱ༷་སྟེ། བླ་དྭགས་ནི་མིང་སྟེ་ཡིད་ཀྱིས་གཙོ་བོར་མིང་ལ་དམིགས་པས་སོ། །མིག་གིས་སྔོན་པོར་ཤེས་ཀྱི་སྔོན་པོའོ་ཞེས་སུ་མི་ཤེས་ལ་ཡིད་ 3-1-77b ཀྱིས་དེ་གཉིས་ཀ་ཤེས་པར་གསུངས་པས་སོ། །ཁ་ཅིག་སྒོ་ལྔ་ཚིག་ལ་མ་ལྟོས་པར་དོན་འཛིན་ལ་ཡིད་ཤེས་ཚིག་གིས་དབང་དུ་བྱས་ནས་དོན་ལ་འཇུག་པས། དེ་དང་མཚུངས་ལྡན་གྱི་རེག་པའང་གྲོགས་ཀྱིས་ཕྱེ་བའོ། །ཞེས་ཟེར་ཀྱང་འདི་ནི་མིག་ སོགས་ཡུལ་རྗེན་ཅེར་དང་། ཡིད་ཀྱིས་སེམས་ཀྱི་རྣམ་པ་ཙམ་ཞིག་གི་སྒོ་ནས་ཡུལ་གཅོད་པས་དེ་གཟུགས་མིན་པ་ལ་མིང་ཞེས་བཤད་པ་ཡིན་ནམ་སྙམ། ཡང་དབྱེ་ན་རིག༷་པའི་རེག་པ་དང༷་མ༷་རིག༷་པའི་རེག་པ་དང༷་། དེ་གཉིས་ལས་ གཞན༷་པའི་རེག༷་པ་ཞེས་གསུམ་ནི་ཟག་མེད་དམ་དྲི༷་མེ༷ད་ཀྱི་རེག་པ་དང་། ཉོ༷ན་མོང༷ས་ཅ༷ན་གྱི་རེག་པ་དང་། གཞན་ལྷག༷་མ༷་དགེ་དང་། མ་སྒྲིབ་ལུང་མ་བསྟན་དང་མཚུངས་ལྡན་གྱི་རེག་པའོ། །མ་རིག་པའི་རེག་པ་ལའང་གནོད་ སེམ༷ས་ཀྱི་རེག་པ་དང་། རྗེས༷་སུ༷་ཆ༷གས་པ་དང་མཚུངས་པར་ལྡན་པའི༷་རེ༷ག་པ་གཉིས་སོ། །ཡང་འབྲས་བུ་ལ་ལྟོས་ན་བདེ༷་བ༷་མྱོང༷་འགྱུར༷་གྱི་རེག་པ་དང་ལ༷་སོ༷གས་པས་སྡུག་བསྔལ་མྱོང་འགྱུར་གྱི་རེག་པ་དང་། བཏང་སྙོམས་མྱོང་འགྱུར་ གྱི་རེག་པ་གསུམ༷་མོ། །བཞི་པ་ལ། དངོས་དང་། དེའི་རྣམ་གྲངས་གཞན་གཉིས། དང་པོ། རེག་པ་དེ༷་ལ༷ས་བྱུང༷་བའི༷་ཚོར༷་བ༷་ལ་མིག་གི་འདུས་ཏེ་རེག་རྐྱེན་ཚོར་སོགས་དྲུག༷་གོ། གཉིས་པ་ལ་ཚོར་བ་གཉིས་སུ་དབྱེ་བ་དང་། བཅོ་ བརྒྱད་དུ་དབྱེ་བའོ། །དང་པོ། ལྔ༷་ནི༷་དབང་པོ་གཟུགས་ཅན་ལ་བརྟེན་པས་ལུས༷་ཀྱི༷་ཚོར་བའོ༷། །སེམ༷ས་ཀྱི༷་ཚོར་བ་ནི་མིག་སོགས་ལས་གཞན༷་ཡིད་གཅིག་པུ་ལ་བརྟེན་པའོ། །ཡང་རེག་ཚོར་གཉིས་དུས་མཉམ་མམ་མི་མཉམ། 3-1-78a མཉམ་ན་རྒྱུ་འབྲས་དུས་མཉམ་ལ། མི་མཉམ་ན་རེག་ལྡན་ལ་ཚོར་བ་མེད་ན་ཚོར་བ་སེམས་ཀྱི་ས་མང་པོ་མིན་པར་འགྱུར་ལ། མཉམ་ན་བསྐྱེད་བྱ་སྐྱེད་བྱེད་དུ་མི་འཐད་ཟེར། དེ་ལ་བྱེ་སྨྲས་དེ་དག་ལྷན་འབྱུང་གི་རྒྱུ་ཡིན་ པས་དུས་མཉམ་སྟེ། མར་མེའི་འོད་དང་། མྱུ་གུའི་གྲིབ་མ་བཞིན་ནོ་ཟེར། མདོ་སྡེ་པས་རེག་རྗེས་ཚོར་བ་ཡིན་ཏེ་ཕན་ཚུན་རྒྱུ་འབྲས་ཡིན་པར་གསུངས་པ་དང་། ཚོར་བ་ས་མང་པོར་བཤད་པ་ནི། རྟོག་དཔྱོད་དང་བཅས་པའི་ས་སོགས་ གསུམ་དང་། དགེ་སོགས་གསུམ་དང་། སློབ་མི་སློབ་གཉིས་ཀ་མིན་པའི་ས་ཐམས་ཅད་ན་ཚོར་བ་ཡོད་པའི་དོན་ཡིན་གྱི་སེམས་ཐམས་ཅད་ལ་ཚོར་བས་ཁྱབ་པར་མི་འདོད་དོ། །བཙུན་པ་དཔལ་ལེན་ན་རེ། རེག་ལྡན་སེམས་ལ་རེག་ པ་སྐད་ཅིག་སྔ་མ་ལས་སྐྱེས་པའི་ཚོར་བ་ཡོད་པས་ན་སེམས་ཐམས་ཅད་ལ་མ་ཁྱབ་པར་མི་འགྱུར་ཟེར་ཡང་། སེམས་མེད་ལས་ལངས་མ་ཐག་པའི་སེམས་ལ་དེ་མེད་པས་དང་། མིག་ཤེས་ཀྱི་རྗེས་ཐོག་ཉིད་དུ་རྣམ་ཤེས་གཞན་འབྱུང་ བ་ལ་རེག་ཚོར་མེད་པར་ཐལ་བས་སོ། །དེའི་ཕྱིར་འདི་སེམས་ཐམས་ཅད་ལ་ཁྱབ་པར་སྨྲ་ན་དུས་མཉམ་པའི་རྒྱུ་འབྲས་ཁས་བླང་བར་བྱའོ། །གཉིས་པ་ཡིད་ཉེར་རྒྱུའི་ཚོར་བ་བཅོ་བརྒྱད་བཤད་པ་དང་། ཁམས་གང་གི་ཚོར་བ་ལ་གང་གི་ ཡིད་རྒྱུ་ཚུལ། ཞར་ལ་དེ་ཀུན་ཟག་བཅས་ཡིན་པར་བསྟན་པ་གསུམ། དང་པོ། སེམས་ཚོར་དེ༷་ལ་དབྱེ་ན། ཡུལ་ལ་ཡི༷ད་ཉེ༷་བར༷་རྒྱུ༷་བ༷་ཞེས་པ་ཡིད་དང་མཚུངས་ལྡན་ཡིན་ལ། དེའི་བྱེ་བྲག་ལས་རྣམ༷་པ༷་དག༷་ནི༷་དམིགས་པ་ཡུལ་ 3-1-78b དྲུག་ལ་ཉེ་བར་རྒྱུ་བ་སྟེ་དེ་རེ་རེ་ལ་ཡང༷་ཡིད་བདེ་སོགས་ངོ་བོ་གསུམ་རེ་སྦྱར་བས་བཅོ༷་བརྒྱ༷ད་དེ། ཡིད་བདེ་བའི་ཉེར་རྒྱུ་དྲུག་ལ་སོགས་པའོ། །ལུས་ཚོར་ཡིད་ཉེར་རྒྱུ་མིན་ཏེ། ཡིད་ཉེར་རྒྱུ་ནི་རྟོག་བཅས་ཡིད་ལ་བརྟེན་ལ། ཅིག་ཤོས་ དབང་གཟུགས་ལ་བརྟེན་ནས་རྟོག་མེད་ཡིན་པས་སོ། །བཅོ་ལྔ་ཡུལ་སོ་སོར་ངེས་པ་མ་འདྲེས་པ་ལ་དམིགས་ལ། ཆོས་ཡིད་གསུམ་ནི་གཉིས་ཀ་ལ་དམིགས་པ་ཡིན་ནོ། །བསམ་གཏན་གསུམ་པའི་བདེ་བའང་ཡིད་ཉེར་རྒྱུ་མིན་ཏེ་བརྟན་ པར་གནས་པས་སོ། །བྱེ་སྨྲས་ཡིད་ལ་བརྟེན་ནས་ཚོར་བ་ཡུལ་ལ་རྒྱུ་བར་འདོད་ལ། མདོ་སྡེ་པས་ཚོར་བའི་དབང་གིས་ཡིད་ཡུལ་ལ་རྒྱུ་བར་འདོད་དོ། །གཉིས་པ། འདོ༷ད་ན༷་བཅོ་བརྒྱད་པོ་ཐམ༷ས་ཅ༷ད་ཡོད་ལ། དེ་ཡང་རང༷་ས་ལ་ དམི༷གས་པ་ཅ༷ན་གྱི་གོང་སར་དམིགས་ན་མི་ཚང་ངོ་། །འདོད་པའི་ཡིད་ཉེར་རྒྱུའི་སྤྱོ༷ད་ཡུལ༷་གཟུགས༷་ཅ༷ན་གྱི་ཁམས་པ་ཡིན་ན། དྲི་རོ་མེད་པས་བཅུ༷་གཉི༷ས་སོ༷། །གོང༷་མ༷་གཟུགས་མེད་ལ་ཡུལ་ལྔ་མེད་པས་ཆོས་ལ་དམིགས་པ་ལ་འདོད་པའི་ཡིད་ བདེ་མི་བདེ་བཏང་སྙོམས་གསུམ༷་གྱི༷་ཉེ་རྒྱུའོ། །བས༷མ་གཏན༷་ནི༷་དང་པོ་དང་གཉིས་པ་གཉི༷ས་ན༷་ཡིད་མི་བདེ་དྲུག་མེད་པས་ཉེར་རྒྱུ་བཅུ༷་གཉི༷ས་ཡོད་པའང་འདོ༷ད་པར་ཡིད་རྒྱུ་ཞིང་། འགྲོ༷་བ་རྣམ༷ས་ཡིན་གྱི། གལ་ཏེ་རང༷་ས་ལ༷་དམི༷གས་ན་ནི་གཟུགས་ སྒྲ་རེག་ཆོས་ལ་དམིགས་པའི་ཡིད་བདེ་དང་བཏང་སྙོམས་དག་ཡོད་པས་བརྒྱ༷ད། གཟུགས༷་མེ༷ད་པ༷་ནི་ཆོས་ལ་དམིགས་པའི་ཡིད་བདེ་བཏང་སྙོམས་གཉི༷ས་ཀྱི༷འོ༷། །བས༷མ་གཏན༷་ཕྱི་མ་གཉི༷ས་ན༷་ཡིད་བདེའང་མེད་ཅིང་སེམས་པ་དེ་ནི་ཡིད་ཉེར་རྒྱུར་མི་འགྱུར་ 3-1-79a བས་བཏང་སྙོམས་ཀྱི་དྲུག༷་གོ། དྲུག༷་གི༷་དམིགས་པའི་ཉེར་རྒྱུ་ཡོད་པ་དེ་ཡང་འདོ༷ད་པ༷་ལ་དམིགས་པའི་དབང་དུའོ༷། །རང༷་ས་ལ་ནི༷་གཟུགས་སྒྲ་རེག་ཆོས་བཞི༷་ལ་དམིགས་པའི་བཏང་སྙོམས་ཀྱི་ཉེར་རྒྱུ་བཞིའོ། །གོང༷་མ༷་ གཟུགས་མེད་ན་ཆོས་ལ་དམིགས་པའི་བཏང་སྙོམས་ཀྱི་ཉེར་རྒྱུ་གཅི༷ག་གི༷་དམི༷གས་པ༷་ཡི༷ན་ནོ། །གཟུགས༷་མེ༷ད་ནམ་མཁའ་མཐའ་ཡས་ཀྱི་ཉེ༷་བར༷་བསྡོགས༷་ན༷་ནི་རགས་པར་ལྟ་བ་བསམ་གཏན་གྱི་ཡུལ་གཟུགས་སོགས་བཞི་ལ་དམིགས་པའི་བཏང་སྙོམས་བཞི༷། དེ་ཡང་གཟུགས༷་ཀྱི་དམིགས་པ་ལ་འགྲོ༷་བའོ། །གོང༷་མར༷་ཞི་བ་གཟུགས་མེད་ལ་རྒྱུ་བའམ་འགྲོ༷་བ༷་ན་ཉེར་བསྡོགས་ལའང་ཆོས་ལ་དམིགས་པ་གཅི༷ག་དང་། དངོ༷ས་གཞི༷་བཞི༷་ན༷་ཡང་གཅི༷ག་སྟེ། དེ་ནི་རང་སའི་ཡུལ་ཁོ་ན་ཅ༷ན་ཡིན་ནོ། །གསུམ་པ། བཅོ༷་བརྒྱ༷ད་པོ་ཐམ༷ས་ཅ༷ད་ནི་ཡིད་ཡུལ་ལ་ཞེན་ཅིང་སྲེད་པ་འཕེལ་བས་ཟག༷་པ་དང༷་བཅས༷་པ་ཡིན་ཞེས་བྱེ་སྨྲའི་ལུགས་ཡིན་ལ། འདི་ནི་སྲིད་པ་ལ་རྒྱབ་ཀྱིས་མ་ཕྱོགས་པའི་ཞེན་པ་ལ་བརྟེན་པའི་བདེ་སོགས་ལ་བཤད་ཀྱི་ཡིད་ཉེར་རྒྱུ་ཐམས་ཅད་ཟག་ བཅས་ཡིན་མི་དགོས་སོ། །གཉིས་པ་གཞན་འདིར་བཤད་མི་དགོས་ཚུལ། འདིར་མ་རིག་མིང་གཟུགས་རེག་པ་ཚོར་བ་རྣམས་ལས་རྟེན་འབྲེལ་གཞན་མི་སྟོན་པ་ཅི་ཞེ་ན། གཟུགས་རྣམ་ཤེས་སྐྱེ་མཆེད་དྲུག་ནི་ཁམས་བསྟན་པར་བཤ༷ད་ཟིན་པ་དང༷་། འདུ་བྱེད་དང་སྲིད་པ་གནས་བཞི་པ་དང་། སྲེད་ལེན་ལྔ་པར་འཆ༷ད་པར༷་འགྱུར༷་བ༷་ཡིས་གཞན༷་སྐབས་འདིར་བཤད་མི་དགོས་ཞེས་སོ། །གསུམ་པ་དཔེ་དང་སྦྱར་བ། རྟེན་འབྲེལ། ཉོན་མོངས། ལས་དང་གཞི་གསུམ་དུ་བསྡུས་ནས་བསྟན་པའི་སྐབས་འདིར༷་ནི༷། 3-1-79b ས༷་བོ༷ན་ལས་སྡོང་བུ་འབྱུང་བ་ལ་སོགས་པ་བཞིན༷་དུ། ཉོ༷ན་མོ༷ངས་ལས་ཉོན་མོངས་དང་ལས་དང་སྡུག་བསྔལ་གསུམ་འབྱུང་བས་དང་། ཀླུ་གནས་པའི་མཚོ་མི་སྐམ་པ་བཞིན༷་དུ་ཉོན་མོངས་པའི་ཀླུ་གནས་པའི་སྐྱེ་བའི་མཚོ་མི་སྐམ་པའི་ཕྱིར་དང་། ནགས་ སོགས་རྩ༷་བ་ནས་མ་ཕྱུང་ན་སླར་ཡང་སྐྱེ་བ་བཞིན༷་དུ་ཉོན་མོངས་པའི་རྩ་བ་མ་ཕྱུང་ན་འགྲོ་བའི་སྐྱེ་བ་སླར་སྐྱེ་བས་དང་། ལྗོན༷་ཤི༷ང་གིས་དུས་སུ་མེ་འབྲས་བསྐྱེད་པ་བཞི༷ན། ཉོན་མོངས་པས་ཀྱང་ལན་གཅིག་མིན་པར་ལས་ཉོན་གཞིའི་མེ་འབྲས་སྐྱེད་པས་སོ། ། དེ༷་བཞི༷ན་འབྲས་ཀྱི་ཤུན༷་པ་བཞི༷ན་དུ༷་སྟེ། དཔེར་ན་ཤུན་པ་དང་བཅས་པའི་འབྲས་ཐུག་པོ་ཆེ་རྣམས་སྐྱེ་ནུས་ཀྱི་ཤུན་པ་དང་བྲལ་ན་སྐྱེ་མི་ནུས་པ་ལྟར་ཉོན་མོངས་པའི་ཐོབ་པའི་ཤུན་པ་དང་བཅས་པའི་ལས་ཀྱིས་སྲིད་པའི་མྱུ་གུ་སྐྱེ་བར་འདོ༷ད་པས་སོ། །ལ༷ས་ནི༷་ ཤུན༷་བཅ༷ས་ཀྱི་འབྲས༷་ད༷ང་འདྲ༷་སྟེ་ཉོན་མོངས་པའི་ཤུན་པ་དང་བཅས་པའི་ལས་ནི་སྲིད་པའི་མྱུ་གུ་སྐྱེ་བའི་ཉེར་ལེན་ཡིན་པས་སོ། །དེ༷་བཞིན༷་དུ་ཡང་སྨན༷་གྱིས་ནད་གཅིག་བསལ་ནས་ནུས་པ་ཞི་བ་ལྟར། ལས་ཀྱིས་ཀྱང་རྣམ་སྨིན་གཅིག་བྱུང་ནས་གཉིས་པ་མི་འབྱིན་པས་ ད༷ང་། དེ་ཡང་རང་འབྲས་ལས་གཉིས་པ་ཞེས་གོ་དགོས་སོ། །ཡང་མེ༷་ཏོག༷་བཞིན༷་སྟེ་མེ་ཏོག་འབྲས་བུའི་ཉེ་རྒྱུ་ཡིན་པ་བཞིན་ལས་ཀྱང་རྣམ་སྨིན་གྱི་ཉེ་རྒྱུའོ། །སྡུག་བསྔལ་གྱི་གཞི༷་བདུན་པོ་ནི༷། ལོངས་སྤྱོད་མ་རག་པའི་བཟ༷འ་བཏུང༷་གཡོས་ཟིན་པ་ བཞིན་ཏེ། ལོངས་སྤྱད་བྱར་གྲུབ་ཟིན༷་པ༷་བཞིན༷་དང་། ལོངས་སྤྱད་ནས་སླར་ཡང་མཚམས་སྦྱོར་བ་ས་བོན་དུ་མི་རུང་བས་སོ། །གསུམ་པ་སྲིད་པ་བཞི་པོར་དོན་བསྡུས་ནས་དེ་ལ་དཔྱད་པ། སྲི༷ད་པ༷་བཞི༷་པོ༷་དེ༷་དག༷་ལ༷ས་སྐྱེ༷་བའི༷་སྲི༷ད་པ༷་ནི་གཅིག་ཏུ་ཉོ༷ན་ 3-1-80a མོང༷ས་ཅ༷ན་ཁོ་ན་སྟེ་ལས་ཀྱིས་རྣམ་སྨིན་སྐྱེས་པ་ཉོན་མོངས་ལ་ལྟོས་པས་ས་དེའི་སྲེད་སོགས་ཀྱིས་དྲངས་པས་སོ། །དེ་ཡང་ཀུན་དཀྲིས་ཆིག་རྐྱ་ཐུབ་པ་མ་རིག་ཙམ་དང་མཚུངས་ལྡན། ཕྲག་དོག་སེར་སྣ་ཁྲོ་འཆབ་ བཞི་དང་། གང་སྤེལ་གྱིས་འགྱོད་པ་དང་ལྔ་བཤད་དེ་དེ་རྣམས་མ་གཏོགས་པ་ཀུན་གྱིས་སོ། །དེ་བཞིན་བར་སྲིད་དུ་མཚམས་སྦྱོར་བའང་ཉོན་མོངས་ཅན་ཁོ་ནའོ། །དེ་ཡང་ས་གཞན་གྱི་ཉོན་མོངས་ཀྱིས་ས་གཞན་གྱི་མཚམས་མི་སྦྱོར་བས། རང༷་གི༷་ ས༷་པའི༷་ཉོ༷ན་མོང༷ས་པ་ཀུན༷་གྱིས་སོ། །ས་དེར་སྲིད་པ་སྙིང་རྗེས་བཟུང་ན་ནི་ལམ་ཤེས་ཀྱི་རྟེན་བཞིན་ནོ། །སྲིད་པ་གཞ༷ན་གསུམ་ནི་དགེ་སོགས་རྣམ༷་པ་གསུམ༷་པོ༷་ཡོད་ལ། ཐེག་ཆེན་པས་ས་ཡི་དངོས་གཞི་ལས་འཆི་སེམས་ལ་སེམས་རགས་པ་ གསལ་ཚེ་སྔོན་བརྟེན་དགེ་བ་ཐམས་ཅད་དྲན་པར་བྱས་ཀྱང་རུང་ལ། འདུ་ཤེས་ཕྲ་བ་ནི་མི་ནུས་ཏེ། འཆི་སེམས་ལུང་མ་བསྟན་ཁོ་ནར་བཞེད་དོ། །གཟུགས༷་མེ༷ད་ལ་བར་སྲིད་མེད་པས་སྲིད་པ་གཞན་གསུ༷མ་མོ། །གཉིས་པ་གང་གིས་གནས་པ་ཟས་ ཀྱི་རྟེན་འབྲེལ་ལ། ཟས་ཀྱི་རང་བཞིན་དང་། ཟས་དེས་སྲིད་པ་གསོ་བའི་ཚུལ་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད། འཕྲོས་དོན་བར་སྲིད་ཀྱི་མིང་གི་རྣམ་གྲངས་བཤད་པ་གསུམ། དང་པོ། འགྲོ༷་བ༷་རྣམས་ནི་ཟས༷་ཀྱི༷ས་གན༷ས་པ༷་ ཡི༷ན་ནོ། །གཉིས་པ་ལ། ཁམ་ཟས་བཤད་པ། ལྷག་མ་གསུམ་བཤད་པ་གཉིས། དང་པོ་ལ་དངོས་དང་། ལོག་རྟོག་དགག་པ་གཉིས། དང་པོ། ཕྲ་རགས་ཀྱི་ཁམ༷་གྱི༷་ཟ༷ས་ནི༷་འདོ༷ད་པ༷་ཁོ་ན༷་ལ་ཡོད་དོ། །དེ་ཡང་དྲི་རོ་རེག་བྱའི་སྐྱེ༷་མཆེ༷ད་ 3-1-80b གསུམ༷་གྱི༷་བདག༷་ཉི༷ད་ཅན་ཉིད་དོ༷། །དེ་ཡང་སྣ་ལྕེ་ལུས་གསུམ་གྱིས་ཁམ་དུ་བཅད་ནས་མིད་པས་སོ། །ཁམ་ཟས་ཕྲ་བ་བར་སྲིད། འདོད་ལྷ། བསྐལ་པ་དང་པོའི་མི་རྣམས་ཀྱི་ཡིན་ཏེ། དྲི་ཟ་བས་དང་། བྱེ་མ་ལ་ཏིལ་མར་བླུགས་པ་ ལྟར་ཡན་ལག་གི་ནང་དུ་འཇུ་བས་རྒྱུ་མཐུན་མེད་པས་སོ། །ཡང་ན་བྱིས་པ་དང་དྲོད་གཤེར་སྐྱེས་སོགས་སེམས་ཅན་ཕྲ་མོ་རྣམས་ཀྱི་ཟས་ནི་ཕྲ་མོ་དང་། དེ་ལས་གཞན་ནི་རགས་པའོ། །ཁྲུས་བསྐུ་མཉེ་སོགས་ལུས་གནས་བྱེད་དག་ཀྱང་ ཟས་ཡིན་ནོ། །འོ་ན་གྲིབ་མ་ཉི་མ་སོགས་ལ་ཡོད་པའི་རེག་བྱ་ཇི་ལྟར་ཟས་ཡིན་ན། འདི་ཕལ་ཆེ་བའི་དབང་དུ་སྟེ། དེ་ནི་མིན་ནོ་ཞེས་ཁ་ཅིག་འདོད། འདིས་ནི་སྐྱེ་མཆེད་གསུམ་ཕལ་ཆེར་ཁམ་ཟས་ཡིན་གྱི་ཉི་གྲིབ་སོགས་ཕལ་ཆེར་ ཁམ་དུ་བྱེད་པར་མི་སྟོན་ནོ། །གཉིས་པ། གལ་ཏེ་འབྲས་ཆན་སོགས་ཀྱི་གཟུགས༷་ཀྱི༷་སྐྱེ༷་མཆེ༷ད་ཀྱང་ཁམ་དུ་བྱས་ནས་མིད་པས་ཁམ་ཟས་ཡིན་ནོ་ཞེ་ན། དེ་ནི་ཁམ་ཟས་མ༷་ཡི༷ན་ཏེ། དེ་མིད་པའི་ཚེ་སྐྱེ་མཆེད་། དེས༷་རང༷་གི་ དབ༷ང་པོ་མིག་ལ་དང་། དེའི་རྟེན་འབྱུང་བ་ལ་མི་ཕན་ན། གཞན་ལ་ལྟ་ཅི་སྨོས། བཀྲེས་པས་ཉེན་པ་ཟས་མཐོང་བ་ཙམ་གྱིས་ཕན་པ་མིན་ནམ་ཞེ་ན། དེ་མཐོང་བས་ཡིད་བདེ་བ་མྱོང་འགྱུར་གྱི་རེག་པ་ཟས་སུ་བྱས་པ་ཡིན་གྱི་གཟུགས་ མིན་པ་དང་། དེ་ཡིན་ན་འདོད་པ་ལས་ཆགས་བྲལ་གྱིས་ཟས་མཐོང་བ་ཙམ་གྱིས་ཚིམ་པར་འགྱུར་ན། འདོད་ཉོན་ལས་རྣམ་པར་གྲོལ༷་བ་རྣམས་ལ༷་མི༷་ཕན༷་པའི་ཕྱིར༷་དང་། ད་ལྟ་ཡང་རེ་བྲལ་གྱི་ཟས་མཐོང་བས་མི་ཕན་པས་སོ། ། 3-1-81a གང་སྤེལ་གྱིས་གཟུགས་ཁམས་ཟས་མིན་ཏེ་ཕྲད་ནས་འཛིན་པའི་དབང་པོའི་ཡུལ་མིན་པས་སྒྲ་བཞིན་ནོ་གསུངས། ཕན་པ་ནི་རེག་པའམ། སེམས་པ་ཟས་སུ་སོང་བ་ཡིན་ནོ། །གཞན་དབང་པོ་སོགས་ ཟས་མིན་ནོ། །གཉིས་པ་ལ་དངོས་དང་། དེ་ཁམས་ཀུན་ན་ཡོད་པར་བསྟན་པ་གཉིས། དང་པོ། བྱེ་སྨྲས་རེག༷་པ་དང༷་སེམ༷ས་པ༷་རྣ༷མ་ཤེས༷་ནི༷་ཟག༷་བཅས༷་ཁོ་ན་ཟས༷་ཡི༷ན་ལ། རེག་སེམས་ཤེས་གསུམ་ཟག་མེད་ནི་ཟས་མིན་ཏེ། ཟས་ཀྱི་དོན་སྲིད་པ་གསོ་བར་བྱེད་པ་ཡིན་ན། དེ་དག་གིས་སྲིད་པ་ཟད་པའི་གཉེན་པོ་ཡིན་པས་སོ། །གཉིས་པ། དེ་གསུམ་ནི་ཁམས་གསུམ༷་པོ་དག༷་ན༷་ཡོད་དོ། །གསུམ་པ། ཡང་མདོ་ལས། ཟས་རྣམས་ནི། སེམས་ཅན་ བྱུང་བ་རྣམས་གནས་པར་བྱེད་པ་དང་། འཚོ་བར་བྱེད་པ་དང་། སྲིད་པ་ཚོལ་བ་རྣམས་ལ་ཕན་པར་བྱེད་པ་ཡིན་ནོ། །གསུངས་པའི་བྱུང་བ་ནི་སྐྱེས་པ་ཡིན་ན། སྲིད་པ་ཚོལ་བ་གང་ཞེ་ན། ཕ་མའི་མི་གཙང་བ་ལ་མི་ལྟོས་པར་ ཡིད་ཀྱིས་རྫུས་ཏེ་སྐྱེ་ཕྱིར་ཡི༷ད་ལ༷ས་བྱུང་བ་ད༷ང་། སྔོན་དུས་སམ་སྐྱེ་སྲིད་ཚོལ་བའི་ངང་ཚུལ་ཅན་ཡིན་པས་སྲི༷ད་པ་ཚོ༷ལ་བ་དང༷་། ཟས་སུ་དྲི་ཕྲ་བ་ཟ་བའི་ཕྱིར་དྲི༷་ཟ༷་དང་། འཆི་དང་སྐྱེ་བའི་བར་ན་གནས་ཕྱིར་སྲི༷ད་པ༷་བར༷་མ༷་དང༷་། སྐྱེ་བ་ལ་ མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ༷་པའི༷་སྲིད་པ་ཞེས་བྱའོ༷། །དེ་རྣམས་ནི་རྣམ་གྲངས་སོ། །དེས་ན་མདོ་ལས། མངོན་པར་འགྲུབ་པའི་ཀུན་སྦྱོར་སྤངས་ལ། སྐྱེ་བའི་ཀུན་སྦྱོར་མ་སྤངས་བ་སོགས་མུ་བཞི་གསུངས་པའི་དང་པོ་ 3-1-81b ནི་ཕྱིར་མི་འོང་། འོག་མ་གཉིས་ལས་ཆགས་བྲལ་དང་། གཉིས་པ་བར་མ་དོར་མྱ་ངན་ལས་འདའ་བ། གསུམ་པ་དགྲ་བཅོམ་པ། བཞི་པ་དེ་དག་མ་གཏོགས་པའོ། །ཡང་ན་བྱུང་བ་དགྲ་བཅོམ་དང་། སྲིད་པ་ཚོལ་བ་ནི། སྲིད་པ་དང་ བཅས་པ་རྣམས་སོ། །གཉིས་པ་ཟས་ཡིན་ཚུལ། ཚེ་འདི༷་ལ༷་སེམས་སེམས་བྱུང་གི་རྟེན་ནམ་གན༷ས་དབང་པོ་བཅས་པའི་ལུས་རྒྱས་པའི་དོན་ཁམ་ཟས་དང༷་ནི༷། བརྟེན༷་པ༷་སེམས་སེམས་བྱུང་རྒྱས༷་པའི༷་དོན༷་དུ༷་རེག་པ་སྟེ། ཟས་དང་པོ་གཉི༷ས་ཚེ་འདིའི་ སྲིད་པ་གསོ་བ་མ་མ་ལྟ་བུའོ། །སྲི༷ད་པ་གཞན༷་འཕེན༷་པ་སེམས་པའི་དང༷་སྲིད་པ་ཕྱི་མ་འགྲུབ་པ༷་ཡི༷་དོན༷་དུ༷་རྣམ་ཤེས་ཏེ། མ་ལྟ་བུའི་ཟས་གཉི༷ས་ཏེ༷་གོ༷་རིམ༷་བཞི༷ན་ནོ། །ཟས་ཀྱིས་སྲིད་པ་འདི་དང་ཕྱི་མ་གསོ་བ་ཡང་གཙོ་ཆེ་བའི་དོན་ཡིན་གྱི་ ཁམ་རེག་གིས་ཀྱང་བརྒྱུད་ནས་ཕྱི་མའི་སྲིད་པར་འཕེན་ཏེ། དེ་ལས་ཉོན་མོངས་དང་དེས་ལས་སོགས་པས་སོ། །མདོ་ལས་དགེ་སློང་ཟས་བཞི་པོ་འདི་དག་ནད་དང་། འབྲས་དང་། དེ་ལ་འབྲས་ནི་རྨ་འབྲས་སམ་སྙམ། ཟུག་རྔུའི་རྩ་བ་ཡིན་ནོ། །རྒ་ཤིའི་རྐྱེན་ཡིན་ནོ། ། ཞེས་སོ། ཕྱི་མ་གཉིས་ཀྱིས་ཀྱང་སེམས་ཅན་གནས་པར་བྱེད་དེ། ཐལ་རྐྱལ་རྩམ་པར་བསྒོམས་པས་མ་ཤི་བ་སེམས་པའི་དང་། རྣམ་ཤེས་ཀྱིས་ཟིན་ན་ལུས་དང་སེམས་བྱུང་ཡང་རྒྱས་པས་སོ། ། སྒོ་ང་སོགས་ཕའམ་མས་རང་གི་བུ་དྲན་ན་འཚོ་གསུངས་པ་རྟེན་འབྲེལ་འདྲ་སྟེ་གཞན་དུ་གཞན་གྱི་ཟས་སུ་ཐལ་ལོ། །ཡང་ན་སྒོ་ང་རང་གིས་དྲན་པར་གསུངས། གཏན་དབབ་བསྡུ་བ་ལས། ལུས་ཚོར་སེམས་སེམས་བྱུང་རྒྱས་པའམ་དྲན་ 3-1-82a ཉེ་སོགས་ལ་འཇུག་པའི་གཞིར་ངེས་པར་འདོད། ཁམས་དང་ཟས་ལ་མུ་བརྩི་ན། ཐོ་ལུམ་འབར་བ་སོགས་ཟ་འཇུ་གཉིས་ཀའི་ཚེ་ཕན་མི་འདོགས་པ་དང་། གཉིས་པ་རེག་སོགས་གསུམ། གཉིས་ཡིན་རྟེན་ བཅས་རྒྱས་པའི་ཁམ་ཟས་གང་ཡིན་པ་དང་། གཉིས་མིན་སྒྲ་དང་ཚོར་བ་སྡུག་བསྔལ་དང་མཚུངས་ལྡན་ཐམས་ཅད་དོ། །དེ་བཞིན་རེག་པ་དང་། ཟས་ལའང་མུ་བཞི་རིམ་པར། རེག་པ་ཟག་མེད། ཟས་གསུམ་རེག་པ་ཟག་བཅས། དེ་ལས་གཞན་པ་ཐམས་ཅད་དོ། །ཟས་གཞན་ལའང་དེ་འདྲའི་མུ་བརྩིའོ། །བྱེ་སྨྲས་ཟས་ཟ་འཇུ་གཉིས་ལས་ཐོ་ལུམ་སོགས་ཟ་ཚེ་བཀྲེས་སྐོམ་འཇོམས་ནུས་པས་ཟས་སུ་བཤད། བསྟན་བཅོས་ལས་རྒྱས་འགྱུར་གྱི་ཟས་ལ་དགོངས་ ཏེ་གསུངས་སོ། །གསུམ་པ་མཐར་འཕོ་ཚུལ་ལ། སེམས་གང་འགགས་པ་དང་། ལུས་ཀྱི་ཆ་གང་དུ་འགག་པ་དང་། གནད་གང་གིས་གཅོད་པ་དང་། འགགས་ནས་ཇི་ལྟར་འགྱུར་ཚུལ་བཞི། དང་པོ། དགེ་རྩ་འཆ༷ད་པ་དང༷་ དེ་མཚ༷མས་སྦྱོར༷་བ་དང་། ཁམས་དང་ས་ལས་འདོ༷ད་ཆགས༷་བྲལ༷་བ་དང་། དེ་ལས་ཉམས་པ་དང་། འཆི༷་འཕོ༷་བ་དང་། བར་སྲིད་དང་སྐྱེ་སྲིད་དུ་སྐྱེ༷་བ༷་ལེན་པའི་སེམས་དྲུག་པོ་རྣམ༷ས་ནི་ཁ་ཅིག་རྟོག་བཅས་དང་། ཁ་ཅིག་མཉམ་ གཞག་དང་། ཁ་ཅིག་མི་གསལ་བས་ཡི༷ད་ཀྱི༷་རྣམ༷་པར་ཤེ༷ས་པ་ཁོ༷་ནར༷་འདོ༷ད་དེ་གཞན་རྣམས་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པས་སྐྱེ་འཆིའི་སེམས་ཀུན་གཞི་ཡིན་པར་འདོད། འཆི༷་འཕོ༷་སྐྱེ༷་བ༷་ཚོར་བ་བཏང༷་སྙོམ༷ས་ལ༷་གནས་ནས་བྱེད། བཏང་ 3-1-82b སྙོམས་ལས་ཚོར་གཞན་གསལ་བས་མི་འོང་ངོ་། །དེའི་ཕྱིར་བསམ་གཏན་གསུམ་ན་ཉེར་བསྡོགས་ཁོ་ན་ལ་འཆི་སེམས་ཡོད་ཅེས་གང་སྤེལ་འཆད་དོ། །ཡིད་ཤེས་དེ་ཡང་རྩེ༷་གཅི༷ག་པའི་མཉམ་བཞག་ཏུ་གནས་བཞིན་དུ་འཆི་མི་སྲིད་དེ། མཉམ་ གཞག་དང་རིས་མི་འདྲ་བའི་སེམས་མངོན་དུ་བྱས་པའི་ཕྱིར་དང་། ཏིང་འཛིན་མངོན་པར་འདུ་བྱེད་པའི་སྦྱོར་བྱུང་ཡིན་པས་གསལ་ཞིང་ལུས་ལ་ཕན་འདོགས་པའི་རང་བཞིན་ཡིན་ན་འཆི་སེམས་དེ་ལས་ལྡོག་པས་སོ། །སེམ༷ས་མེ༷ད་གསུམ་ལ༷་ གནས་པའི་ངང་ལ་འཆི་བ་དེ༷་མེ༷ད་དེ། དེ་དག་ལ་གནས་པ་ལ་གནོད་པ་བྱ་མི་ནུས་པས་དང་། འཆི་བ་ན་སེམས་འཕོ་ཞིང་། སྐྱེ་བ་ན་སེམས་གཞན་དུ་མཚམས་སྦྱར་བ་ཡིན་ན་དེ་དག་ལ་དེ་མེད་པས་སོ། །དེའི་ཕྱིར་འདུ་ཤེས་མེད་པའི་ སེམས་ཅན་དག་སྐྱེ་དང་། འཆི་དུས་སེམས་འབྱུང་བར་བཤད་དོ། །ཡང་ཉོན་མོངས་མེད་པར་ཡང་མི་སྐྱེའོ། །ཡིད་ཤེས་དགེ་སོགས་གང་གིས་འཆི་འཕོ་ན། དགྲ་བཅོམ་པ་མྱ༷་ངན༷་ལས་འདའ༷་བ་ན། སྤྱོད་ལམ་པ་དང་། རྣམ་ སྨིན་གྱི་ལུང༷་བསྟ༷ན་མིན༷་གཉི༷ས་གང་རུང་ལ་གནས་ནས་སོ། །དེ་ཡང་དགེ་སོགས་གསུམ་གྱི་དམིགས་བསལ་དགྲ་བཅོམ་པ་མྱ་ངན་ལས་འདའ་ན། འདོད་ན་རྣམ་སྨིན་བཏང་སྙོམས་ཡོད་པར་འདོད་པ་ལྟར་ན་རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པའི་ ལུང་མ་བསྟན་གཉིས་གང་རུང་། མེད་པ་ལྟར་ན། སྤྱོད་ལམ་པའི་སེམས་ལུང་མ་བསྟན་ལ་གནས་ནས་སོ། །སེམས་དེ་གཉིས་སྟོབས་ཆུང་བས་སེམས་རྒྱུན་འཆད་པར་མཐུན་ལ་གཞན་གསལ་བས་མིན་ཟེར། གང་སྤེལ་གྱིས་ཟག་མེད་ 3-1-83a ཀྱིས་འཆི་སེམས་མི་བྱེད་ལ། མི་དགེ་ཉོན་མོངས་མེད་པ་དགེ་བ་ཟག་བཅས་རྣམ་སྨིན་དང་བཅས་པས་དེ་ལ་རྒྱབ་ཀྱིས་ཕྱོགས་པས་དགེ་བ་མེད་ཟེར། གཞན་དག་རིམ་གྱིས་འཁོར་བ་སྤངས་ཏེ་འདོད་ལ་ ཆགས་པ་བྲལ་བས་མི་དགེ་དང་། སྲིད་རྩེ་ལ་ཆགས་པ་བྲལ་བས་སྒྲིབ་ལུང་མ་བསྟན་དང་། མྱང་འདས་སེམས་མ་སྒྲིབ་ལུང་མ་བསྟན་མངོན་དུ་གྱུར་པས་དགེ་བ། ལྷག་མེད་དུ་ཞུགས་པས་མ་སྒྲིབ་ལུང་མ་བསྟན་སྤང་བས་ སོ། །གཉིས་པ་འཆི་དུས་ལུས་ཀྱི་ཕྱོགས་གང་དུ་རྣམ་ཤེས་འགགས་ཟེར་ན། འོ༷ག་ངན་སོང་གསུམ་དང་། མི༷་དང་ལྷར༷་འགྲོ༷་བའམ་སྐྱེ་བ་དང་། མི༷་སྐྱེ༷་བ་དགྲ་བཅོམ་མྱང་འདས་རྣམ༷ས་ནི་རྫུས་སྐྱེས་ལུས་དབང་ཐམས་ཅད་ གཅིག་ཆར་འགགས་པས་མ་ངེས་ཀྱང་། རིམ༷་གྱིས༷་འཆི༷་ན༷། ངན་སོང་རྐང༷་པ༷་དང༷་། མི་ལྟེ༷་བ༷། ལྷ་དགྲ་བཅོམ་གཉིས་སྙིང༷་ག༷་ནས་ཡི༷ད་འཆི༷་འཕོ༷འོ། །ཁ་ཅིག་དགྲ་བཅོམ་སྤྱི་བོ་ནས་འཕོ་ཟེར་རོ། །ཡིད་དབང་ཡུལ་ན་མི་ གནས་ཀྱང་རྡོ་བསྲེགས་ལ་ཆུ་བཏབ་པ་ལྟར་ལུས་ཀྱི་རྐང་པ་ལ་སོགས་པར་ནུབ་པར་འགྱུར་བ་ལ་ཡིད་འཆི་འཕོ་ཞེས་སོ། །ལ་ལས་དྲོད་སྡུད་ཕྱོགས་མ་གཏོགས་མཐར་ཐམས་ཅད་ཀྱི་སྙིང་ག་ནས་ཀུན་གཞི་འཕོ་བར་འདོད་དོ། ། གསུམ་པ། སྲོག་གི་གན༷ད་གཅོ༷ད་པ༷་ནི༷། ཆུ༷་དང་མེ་རླུང་སོ༷གས་ཀྱིས༷་ཡིན་ནོ། །དེ་ཡང་། རླུང་མཁྲིས་བད་ཀན་གྱིས་སོ། །དེ་ཡང་གང་རུང་འཁྲུགས་པས་ཚོར་བ་མི་བཟད་པས་ལུས་ཀྱི་ཆ་ཉམས་པར་བྱས་པས་མཚོན་ 3-1-83b བཏབ་པ་འདྲ་བར་གཡོ་བ་མེད་པ་ལ་དེར་བཏགས་ཀྱི་ཤིང་བཅད་པ་ལྟ་བུ་ནི་མིན་ནོ། །སས་མི་གཅོད་པ་ནི། ཉེས་པ་གསུམ་ལས་གཞན་མེད་པ་དང་། ཁ་ཅིག་སྣོད་འཇིག་པ་དང་ཆོས་མཐུན་ཟེར། དགེ་བ་བྱེད་པ་རྣམས་དང་། གཞན་གནད་དུ་མི་བསྣུན་པ་དང་། ལྷ་སོགས་ཅིག་ཆར་འཆི་བ་ལ་གནད་གཅོད་མེད་དོ། །བཞི་པ། ཤི་ནས་ཅིར་འགྱུར་ན། འཕ༷གས་པ་དང༷་མཚ༷མས་མེ༷ད་པ་བྱེ༷ད་པ༷་དག༷་ནི་རིམ་པར་ཡ༷ང་དག༷་པ་མཐོ་རིས་སུ་སྐྱེས་ནས་ཐར་པར་ངེས་པ་དང་། ལོ༷ག་པ༷་ངན་སོང་ཉི༷ད་དུ༷་ངེ༷ས་ལ་ལྷག་མ་རྣམས་ནི་མ་ངེས་སོ། །གཉིས་པ་གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་ལ། གཞལ་བྱ་འཇིག་རྟེན་གྱི་ཁམས་དང་། འཇལ་བྱེད་ཚད་གཉིས། དང་པོ་སྣོད་ཀྱི་རིམ་པ་དང་ཚད། ཞར་ལ་ སེམས་ཅན་གྱི་རིམ་པ་དང་ཚད་བསྟན་པ་གཉིས། དང་པོ་ལ། རྟེན་ས་དཀྱིལ་སོགས་བཤད་པ་དང་། བརྟེན་པ་རི་མཚོ་གླིང་གསུམ་བཤད་པ། སེམས་ཅན་གྱི་གནས་བྱེ་བྲག་ཏུ་བཤད་པ་གསུམ། དང་པོ་ལ་ས་དཀྱིལ་སོགས་བཞི་པོ་རིམ་པར། འཇིག་རྟེན་གྱི་ཁམས་ཁ་ཅིག་སྤྱིའུ་ཚུགས་དང་། སྣྲེལ་ཞི། སྟེང་གཡོགས་མེད་པ། ཁ་ཅིག་ཉི་ཟླ་མེད་པ། ཁ་ཅིག་ཉི་ཟླ་གཅིག་གིས་འཁོར་བ་ཀུན་བཟང་གི་ཞིང་ལྟ་བུ། ཁ་ཅིག་བྱང་ཆུབ་ཀྱི་ཤིང་ལའང་སྟོང་གསུམ་འདིའི་ཚད་ཙམ་ཡོད་པ་ སོགས་མཐའ་ཡས་ཀྱང་། འདིར་མི་མཇེད་འདིའི་རྣམ་བཞག་ནི། དེ༷་ལ༷་སྣོ༷ད་ཀྱི༷་འཇིག༷་རྟེན༷་ཀུན་གྱི༷་གན༷ས་པར༷་གྱུར་པའི་གཞིར་འདོ༷ད་པའི༷་འོ༷ག་དག༷་གི༷་ང༷་གི༷་དཀྱིལ༷་འཁོར༷་དེ་དག་སྟེང་འོག་གི་རྔམས༷་སུ༷་ནི༷་དཔག་ཚད་ས༷་ཡ༷་དྲུག༷་འབུམ༷་ཡོད་ 3-1-84a ལ། རྒྱར་ནི་གྲངས༷་མེ༷ད་དོ༷། །དེ་ལ་གནས་པར་འདོད་པའི་ཞེས་སྣོད་ཀྱི་འཇིག་རྟེན་གནས་པ་ནི། ཁྱབ་འཇུག་པས་རུས་སྦལ་གྱི་སྟེང་ན་གནས་པ་དང་། དབང་ཕྱུག་པས་དབང་ཕྱུག་གི་འདོད་པ་ལས་འཇིག་ རྟེན་གནས་པར་འདོད་པ་སེལ་ལོ། །མིང་འཇམ་པོ་ཟེར་དབྱིབས་ནི་ཟླུམ་པོའོ། །ཁ་དོག་སྣ་ཚོགས་སམ་སྔོ་སྐྱར་འདོད། ཡོན་ཏན་ནི་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པས་བརྟེན་པ་རྣམས་འདེགས་པ་དང་། ངོ་བོ་ས་སོགས་ བརྒྱད་ཀྱི་རང་བཞིན་ཡིན་ཀྱང་རླུང་ཤས་ཆེ་བས་དེ་སྐད་ཅེས་ཟེར་རོ། །དེ་འདྲའི་རླུང་དེ་ཡི་སྟེང་ནམ་མཁའ་ལ་སྤྲིན་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བ་འཁྲིགས་པ་ལས། ཆར་རྒྱུན་ལོ་མང་པོར་བབས་པས་ཆུ་དཀྱིལ་ཆགས། ཆུ༷་དཀྱིལ་དེའི་ཚད་ནི་རྔམས༷་ སུ་འབུམ༷་ཕྲ༷ག་བཅུ༷་གཅི༷ག་དང༷་། སྟོང༷་ཕྲག༷་ད༷ག་ནི༷་ཉི༷་ཤུ༷་ཡོད་པའོ༷། །ཆུ་དེ་རླུང་གིས་དཀྲུགས་པས་ཕྱིས༷་ནི༷་རྔམས༷་སུ༷་འབུམ༷་ཕྲག༷་བརྒྱ༷ད་ཡོད་པའི་མཚོར་གྱུར་ལ། དེ་ཐད་ཀར་མི་འཕོ་བ་ལས་ཀྱིས་བཟུང་བ་སྟེ་ཟས་མ་ཞུ་བར་ལོང་ཀར་སྡོད་པ་ བཞིན་ནོ། །ཡང་ན་གློ་ན་གནས་པའི་རླུང་གིས་སོ། །ལྷག༷་མ༷་འབུམ་གསུམ་སྟོང་ཉི་ཤུ་དག༷་ནི༷་མཚོ་སྟེང་གསེར༷་གྱི་དཀྱིལ་འཁོར་དུ༷་གྱུར༷་ཏོ། །ཆུ༷་དང༷་གསེར༷་གྱི༷་དཀྱིལ༷་འཁོར༷་གཉིས་ཀྱི༷་ཐད༷་ཀར༷་ནི་དཔག་ཚད་འབུམ༷་ཕྲག༷་བཅུ༷་གཉི༷ས་དང༷་། སྟོང༷་ཕྲག༷་གསུམ༷་དང༷་བརྒྱ༷་ཕྲག༷་ནི༷་ཕྱེ༷ད་དང༷་ལྔ༷་རྣམ༷ས་ཁོ༷་ན༷འོ༷། །ཁོར༷་ཡུག་སྟེ་མཐའ་སྐོར་དུ༷་ནི༷་སུམ༷་འགྱུར༷་རོ༷། །དེས་ན་ཁོར་ཡུག་ཏུ་ས་ཡ་ཕྲག་གསུམ་དྲུག་འབུམ་ཁྲི་དང་སུམ་བརྒྱ་ལྔ་བཅུའོ། །ཆུ་དང་གསེར་ནི་གླིང་བཞིའི་འོག་གཞི་ལ། རླུང་ 3-1-84b སྟོང་གསུམ་འོག་གཞི་ཡིན་པས་ཚད་མེད་དོ། །དེའི་ཕྱིར་གླིང་བཞིའི་འོག་གི་རླུང་དཀྱིལ་ཚད་ས་ཆུ་དང་འདྲའོ། །སྟོང་གསུམ་གྱི་འོག་གཞིའི་ཆུ་ས་ལའང་ཚད་མེད་དོ། །ཁ་ཅིག་རླུང་སྟོང་གསུམ་གྱི་གཞི་འདབས་ཆགས་ལ། ཆུ་དང་གསེར་ནི་ཟིལ་པའི་ ཐིགས་པ་ལྟར་དུམ་བུར་ཆགས་པས་ཚད་ཡོད་ཟེར། དེ་དག་གི་བར་ན་གླིང་བར་གྱི་མུན་པ་ཡོད་དོ། །གཉིས་པ་ལ། རི། མཚོ། གླིང་གསུམ་ལས། དང་པོ། དེ་རྗེས་ནམ་མཁའ་ལ་ས་བོན་ནམ་ཁམས་སྣ་ཚོགས་ཅན་གྱི་སྤྲིན་འཁྲིགས་ ནས་ཆར་ལོ་མང་དུ་བབས་པས་མཚོ་ཆེན་པོ་ཞིག་ཆགས་ཏེ། ཚད་དཔག་ཚད་བརྒྱད་ཁྲི་ཙམ་ཞིག་གོ། དེ་ལ་ཁམས་རབ་སྡུད་ཅིང་འབྱེད་པའི་རླུང་གིས་གྲུ་བཞིར་དཀྲུགས་པ་ལས་གསེར་གྱི་ས་གཞི་དེ༷་ལ༷་ལྷུན༷་པོའི༷་རི་ཆགས་ཏེ། བརྗིད་ཆེ་བས་ལྷུན་པོ་སོགས་ སུ་གྲགས་ལ། དེ་ནས་ཁམས་འབྲིང་སྡུད་འབྱེད་རླུང་གིས་གྲུ་བཞིར་རི་དེ་ལ་བསྐོར་ཏེ་དཀྲུགས་ཤིང་རི་གླིང་རང་དབྱིབས་འདྲ་བའི་རླུང་ལས། ལྷུན་པོ་དེའི་ཕྱི་རོལ་དུ་གཉའ་ཤིང་འཛིན་སོགས་རི་བདུན་ཆགས་ཏེ། སའི་དངོས་གཞི་ལས་གོ་རིམ་ འདི་དང་མི་མཐུན་པར་བཤད་མོད། རིའི་རྩེ་མོར་ཉི་མའི་ཤིང་རྟའི་གཉའ༷་ཤིང༷་འཛིན༷་པའམ་དེའི་རྣམ་པ་ཅན་དང་། གཤོལ༷་མདའ༷་ཡི་རྣམ་པ་འཛིན༷་པ་དང༷་། སེང༷་ལྡེང༷་གི་མདོག་འདྲ་བ་ཅ༷ན་དང་དེ༷་བཞི༷ན་ཡིད་འོང་ལྟ༷་ན༷་སྡུག༷་རི༷་དང༷་། བྲག་རྟ༷་རྣ༷་འདྲ་བ་ དང༷་ནི༷་དབུས་ཕྱོགས་སུ་རྣམ༷་པར་འདུད༷་པ་དང༷་། ཐམས་ཅད་ཀྱི་མཐའ་བསྐོར་བ་མུ༷་ཁྱུད༷་འཛིན༷་རི༷འོ༷། །དེ༷་ན༷ས་ནི༷་ཕྱོགས་བཞིར་ཁམས་ཐ་མ་སྡུད་ཅིང་འབྱེད་རླུང་གིས་ཁོལ་བུར་དཀྲུགས་པས་ལུས་འཕགས་སོགས་གླིང༷་རྣམ༷ས་དུས་མཉམ་དུ་ཆགས་པ་ 3-1-85a ཡི༷ན་ནོ༷། །དེ༷་ཀུན་དག༷་གི༷་ཕྱི༷་རོལ༷་ན༷་ནི༷་ཁོར༷་ཡུག༷་ལྕགས་ཀྱི་རི༷་སྟེ། དེའི་ཕྱི་སྐོར་དུ་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །ནང་གི་རི༷་བདུན༷་ནི༷་གསེ༷ར་ཡི༷ན་ལ་ཁོར་ཡུག་དེ༷་ལྕག༷ས་ སོ༷། །ལྷུན༷་པོ༷་ཤར་དངུལ། ལྷོར་བཻ་ཌཱུཪྱ། ནུབ་ཤེལ་དམར། བྱང་གསེར་ཏེ་རི༷ན་ཆེན༷་བཞིའི༷་རང༷་བཞིན༷་ཡིན་ནོ། །དེའི་ངོས་ཀྱི་འོད་ཀྱིས་ནམ་མཁའ་དང་རྒྱ་མཚོའི་འོད་ཀྱང་དེའི་མདོག་ཏུ་སྣང་ངོ་། །རི་གླིང་ཐམས་ཅད་གསེར་གྱི་ས་ གཞི་ལ་བརྟེན་པས་ཆུ༷་ཡི༷་ནང༷་དུ༷་དཔག་ཚད་བརྒྱ༷ད་ཁྲི༷་ད༷ག་ནུབ༷་བོ༷། །དེ༷་བཞིན༷་རི་རབ་ནི་སྟེང༷་དུ༷་ཡང༷་དཔག༷་ཚད༷་དག༷་ནི༷་བརྒྱ༷ད་ཁྲི༷འོ༷། །རི་རབ་དཔག་ཚད་འབུམ་དྲུག་ཁྲི་བརྒྱད་སྟོང་དང་། རྒྱ་མཚོའང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་ཡོད་ཅེས་ལ་ ལར་བཤད་ཀྱང་། འདི་འདུལ་བ་ལུང་གཞི་དང་མཐུན་ནོ། །རི་བརྒྱ༷ད་པོ༷་འཕང༷་དུ༷་དཔག་ཚད་ཕྱེ༷ད་ཕྱེ༷ད་དབྲི༷་སྟེ། གཉའ་ཤིང་འཛིན་བཞི་ཁྲི་ནས། ཁོར་ཡུག་སུམ་བརྒྱ་ཕྱེད་བཅུ་གསུམ་ཡིན་པའི་བར་དུའོ། །དེ༷་དག༷་རྔམས༷་སུ༷འང༷་སྟེ། ཞེང་ ནི་ཆུ་ཡན་གྱི་རང་གི་འཕང༷་དང༷་མཉམ་སྟེ་རི་རབ་བརྒྱད་ཁྲི། གཉའ་ཤིང་བཞི་ཁྲི་སོགས་སོ། །གཉིས་པ། རི་རབ་ནས་ཁོར་ཡུག་དེ༷་དག༷་གི་བར༷་བདུན༷་ན་ཀླུ་རྒྱལ་རྣམས་རོ༷ལ་ཞིང་རྩེ་བའི་མཚོ༷་བདུན་ཡི༷ན་ཏེ། དེ་དག་ནི་བསིལ་བ་དང་། ཞིམ་པ་ དང་། ཡང་བ་དང་། འཇམ་པ་དང་། དྭངས་པ་དང་། དྲི་ང་མེད་པ་དང་། འཐུང་ན་ལྟོ་བར་བྱམས་པ་དང་། མགྲིན་པར་མི་གནོད་པའི་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་ངོ་། །ཀླུ་བརྒྱད་ནི། དགའ་བོ། ཉེར་དགའ། རྟས་རྒལ། བཏང་ 3-1-85b བཟུང་། གཟི་ཅན། ཡུལ་འཁོར་སྲུང་། ནག་པོ་ཆེ། ཨེ་ལའི་འདབ་བོ། །དེ་དག་གི་ཟབས་སུ་བརྒྱད་ཁྲི་བར་མཉམ་ལ། དང༷་པོ༷་རི་རབ་ནས་གཉའ་རིའི་བར་གྱི་མཚོའི་ཁ་ཞེང་དུ་དཔག་ཚད་སྟོང༷་ཕྲག༷་བརྒྱ༷ད་ཅུ༷འོ༷། །ཤར་ནུབ་ཏུ་ནི། ཉིས་འབུམ་བཞི་ཁྲིའི་དཔག་ཚད་ཡོད་དོ། །ནང་གི་མཚོ་ལ་གཟའ་སྐར་སོགས་ཀྱི་གཟུགས་བརྙན་འཆར་བ་དང་ཆུའི་གཏེར་ཡིན་ནོ། །རོལ་མཚོ་དང་པོ་ལ་སོགས་པ་བདུན་པོ་དེ༷་ནི༷་ཐམས་ཅད་ཀྱི་ནང༷་གི༷་རྒྱ༷་མཚོ༷་ཡི༷ན་ལ། དེ༷་ཡི༷་ཕྱོགས་ རེའི་ངོས༷་རེ་ལ༷་ཤར་ནུབ་ཏུ་གཞལ་ན་སུམ༷་འགྱུར༷་རོ༷་སྟེ་དཔག་ཚད་ཉིས་འབུམ་བཞི་ཁྲིའོ། །རོལ༷་མཚོ༷་གཞན༷་གྱི་ཁ་ཞེང་ནི༷་སྔ་མ་སྔ་མའི་ཕྱེ༷ད་ཕྱེ༷ད་དོ༷། །དེ་དག་གི་ངོས་ནི་སྔ་མ་སྔ་མ་བས་ཆེས་ཆེ་བ་ཡིན་ནོ། །དེ་བདུན་ལས་ལྷག༷་མ༷་མུ་ཁྱུད་ འཛིན་དང་ཁོར་ཡུག་གི་བར་གྱི་ཆུ་རྣམས་ནི། ཕྱི༷འི༷་རྒྱ༷་མཚོ༷་ཆེན༷་པོ༷་ཡི༷ན་ཏེ། དེའི་ཚད་མུ་ཁྱུད་འཛིན་གྱི་ཐེལ་ནས་ཁོར་ཡུག་གི་ཐེལ་གྱི་བར་དུ་དཔག་ཚད་འབུམ༷་ཕྲག༷་གསུམ༷་དང༷་སྟོང༷་ཕྲག༷་ནི༷་ཉི༷་ཤུ༷་གཉི༷ས་སོ༷། །མཐའ་བསྐོར་དཔག་ཚད་ས་ཡ་ ཕྲག་གསུམ་དང་དྲུག་འབུམ་བདུན་བརྒྱ་ལྔ་བཅུའོ། །དེ་ལྟར་བརྩིས་པས་ཁོར་ཡུག་ལྕགས་རིའི་མཐའ་བསྐོར་ས་ཡ་ཕྲག་གསུམ་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉེར་ལྔའོ། །ཕྱིའི་རྒྱ་མཚོ་བ་ཚྭ་ཅན་གྱི་ཆུས་གང་ངོ་། །ཕལ་ཆེན་ལས་ཕྱིའི་ རྒྱ་མཚོ་དེར་གླིང་འདི་ནས་ཆུ་ཀླུང་སྟོང་ཕྲག་ཕྱེད་བཅུ་གསུམ་དང་། མྱང་འདས་ལས་ཆུ་བོ་ས་ཡ་དབུས་ནས་ཐིག་བཏབ་པ་བཞིན་འབབས། བྱང་ན་སྟོང་བཅུ། ནུབ་ན་སྟོང་ལྔ། ཤར་ན་སྟོང་ཕྱེད་བརྒྱད་བབས་ལ། དེ་བས་ཀྱང་ཀླུ་རྒྱལ་འོད་ 3-1-86a ཟེར་བཅུ་པའི་སྤྲིན་ལས་བྱུང་བའི་ཆུ་མང་ངོ་། །དེ་ཁྲག་ཁྲིག་བརྒྱད་ཅུར་བསྒྲེས་པའི་ཀླུའི་རྒྱལ་པོའི་སྤྲིན་ལས་བྱུང་བའི་ཆུ་ལས། ཀླུ་གངས་ཅན་མཚོའི་བུ་ཛམ་བུའི་རྒྱལ་མཚན་གྱི་སྤྲིན་ལས་བྱུང་བའི་ཆུ་མང་། དེ་ དག་ཐམས་ཅད་ལས་གངས་ཅན་མཚོ་ཉིད་ཀྱིས་སྤྲུལ་པའི་སྤྲིན་ལས་བྱུང་བའི་ཆུ་མང་། དེ་ཐམས་ཅད་ལས་གངས་ཅན་མཚོའི་གནས་ནས་འབབས་པའི་ཆུ་བོ་བཻ་ཌཱུཪྱ་ལྟ་བུ་ཞེས་བྱ་བ་ཆེས་མང་ངོ་། །དེ་དག་ཐམས་ཅད་ཀྱིས་ཀྱང་རྒྱ་མཚོ་ཆེན་ པོའི་བྲེས་ལས་མི་འདའ་འོ་ཞེས་བཤད། གཞན་ཡང་རྦ་རླབས་ལས་ཡོལ་བ་མེད་པ་དང་། མི་རོ་དང་ཞག་གཅིག་ཏུ་མི་འགྲོགས་པ་དང་། འབྱུང་པོ་དང་རིན་པོ་ཆེ་ཟད་མི་ཤེས་པའི་འབྱུང་གནས་བལྟ་བས་ཆོག་མི་ཤེས་པ་སྟེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས་ཀྱང་། དེ་ན་རིན་པོ་ཆེ་ཐམས་ཅད་སྡུད་པ་ཞེས་བྱ་བའི་རིན་པོ་ཆེ་ཡོད་དེ། དེ་འཇིག་རྟེན་གཞན་དུ་མ་འཕོས་ན་བསྐལ་པ་འཇིག་པའི་མེས་ཀྱང་། རྒྱ་མཚོ་ཆེན་པོ་ཅུང་ཟད་ཀྱང་འབྲི་མི་ནུས་པར་ བཤད། ཆུ་དང་གསེར་གྱི་ས་གཞིའི་ཐད་ཀའི་ཚད་ལས། ཁོར་ཡུག་གི་ཚད་ཆུང་བ་ཅི་ཟེར་ན། རྒྱལ་པོའི་སྲས་ཁོར་ཡུག་གི་ཕྱི་རོལ་དུ་ཆུ་དང་གསེར་ཚད་དེས་ལྷག་པར་འདོད་ལ། སློབ་དཔོན་གཞན་དག་རི་ཐམས་ཅད་འབྲུའི་ཕུང་ པོ་ལྟར་གནས་ཀྱི་ཟང་ཡག་མིན་པས། རི་ཁོར་ཡུག་སོགས་ཀྱི་ཚད་དེ་དག་རྔམས་སུ་འཕང་དང་མཉམ་ཞེས་པ་ཆུ་མཚོ་ཡན་གྱི་དབང་དུ་བྱས་ལ། ཁོར་ཡུག་གི་རྩ་བས་ཇི་སྐད་བཤད་པའི་ཆུ་གསེར་ཁྱབ་པར་གནས་ཟེར་རོ། །གསུམ་པ། 3-1-86b མཚོ་དེ༷་ཡི་བར་ལ༷་ནི༷། ཤིང་ཛམ༷་བུས༷་མཚན་པའི་གླིང༷་སྟེ༷། ངོས༷་གསུམ༷་ལ༷་དཔག་ཚད་སྟོང༷་ཕྲག༷་གཉི༷ས་སོ༷། །ཤིང༷་རྟའི༷་དབྱིབས༷་ལྟ་བུ་ཁོར་ཡུག་ལ་བསྟན་པའི་ངོས་གཅི༷ག་ལ༷་དཔག༷་ཚད༷་ཕྱེ༷ད་དང༷་བཞི༷་ཡོད་ལ། དེའི་མཐའ་ བསྐོར་དཔག་ཚད་སྟོང་ཕྲག་དྲུག་དང་ཕྱེད་བཞིའོ། །དེའི་དབུས་སུ་རྡོ་རྗེའི་གདན་གྲུབ་བོ། །ཤར༷་གྱི༷་ལུས༷་འཕ༷གས་པོ་ནི་དབྱིབས་ཟླ༷་གམ༷་འདྲ༷་སྟེ། བཅད་ཁམ་ནི་རི་རབ་ལ་བསྟན་པའོ། །ངོས༷་གསུམ༷་འཛམ་གླིང་འདི༷་དང༷་འདྲ༷་བར་ སྟོང་གཉིས་དང་ཆུང་ཤོས་ཁོར་ཡུག་ལ་བསྟན་པ་གཅི༷ག་ལ༷་དཔག༷་ཚད༷་སུམ༷་བརྒྱ༷་ལྔ༷་བཅུ༷འོ༷། །ནང་དུ་བསྟན་ཡང་ཟེར་རོ། །དེའི་མཐའ་བསྐོར་དྲུག་སྟོང་ཕྱེད་དང་བཞི་བརྒྱའོ། །གླིང་དེ་གཞན་བས་ཤིང་ཏ་ལ་བདུན་སྲིད་ཀྱིས་ འཕགས་པའམ་དེར་སྐྱེས་པའི་མི་རྣམས་ལུས་ཆེ་བས་སོ། །བ༷་ལང༷་སྤྱོ༷ད་ཅེས་པའི་གླིང༷་དབྱིབས་ནི་ཟླུམ༷་པོ༷་སྟེ༷། མཐའ་བསྐོར་སྟོང༷་ཕྲག༷་ཕྱེ༷ད་དང༷་བརྒྱ༷ད་ཡི༷ན་ནོ༷། །དེའི༷་དབུས༷་དཔག༷་ཚད་སྟོང༷་ཕྲག༷་ཕྱེ༷ད་ད༷ང་གསུམ༷་ཡིན་ནོ། ། གླིང་དེར་རིན་པོ་ཆེ་དང་གཙོ་བོ་བ་ལང་ལ་ལོངས་སྤྱོད་པས་སོ། །སྒྲ༷་མི༷་སྙན༷་ངོས་རེ་ལ་དཔག་ཚད་ཉིས་སྟོང་དང་། མཐའ་བསྐོར་སྟོང་ཕྲག་བརྒྱ༷ད་འཁོར་ཏེ་གྲུ༷་བཞི༷ར་མཉམ༷་མོ། །དེར་སྐྱེས་པའི་མི་ཁྱོད་ཞག་བདུན་གོང་དུ་འཆིའོ་ ཞེས་སྒྲ་མི་སྙན་པ་ནམ་མཁའ་ལས་ཐོས་པས་སམ། པི་ཤ་ཙི་ཏ་འདྲེའི་སྐད་དུ་སྨྲ་བས་སོ། །གླིང་གི་དབྱིབས་བཞིན་མི་རྣམས་ཀྱི་གདོང་དང་བུད་མེད་ཀྱི་སྐྱེ་གནས་ཀྱི་དབྱིབས་ཀྱང་དེ་འདྲའོ། །སའི་དངོས་གཞི་ལས་ལྷོ་ཤར་ 3-1-87a གླིང་གཉིས་ལ་ཚད་མི་མཐུན་པ་གསུངས་སོ། །གླིང་དེ༷་ཡི༷་བར༷་གྱི༷་གླིང༷་ཕྲན་བརྒྱ༷ད་ནི༷། ཤར་གླིང་གི་ལྷོ་ན་ལུས༷་དང༷་། བྱང་ན་ལུས༷་འཕ༷གས། བྱང་གི་ཤར་ན་སྒྲ༷་མི༷་སྙན༷། ནུབ་ན་སྒྲ༷་མི༷་སྙན༷་གྱི༷་ཟླ༷་ད༷ང་ནི༷། འཇམ་གླིང་གི་ནུབ་ན་རྔ༷་ཡ༷བ་དང༷་ནི༷། ཤར་ན་རྔ༷་ཡབ༷་གཞ༷ན་དང་། བ་ལང་སྤྱོད་ཀྱི་བྱང་ན་གཡོ༷་ལྡན༷་དང༷་ནི༷། ལྷོ་ན་ལམ༷་མཆོ༷ག་འགྲོ༷་རྣམས་ནི་གླིང་གཡོག་ཡིན་ནོ། །ཁ་ཅིག་རྔ་ཡབ་ན་སྲིན་པོ་གནས་སོ་ཟེར། དེ་ཡང་མི་ཡིན་ཕྱིར་ཐམས་ ཅད་ན་མི་གནས་སོ། །ཐམས་ཅད་ཀྱི་དབྱིབས་ནི་གླིང་གཙོ་བོ་དང་འདྲ་ལ། ཚད་མངོན་པ་ལས་མ་གསུངས། དུས་འཁོར་ལས་གླིང་གཙོ་བོའི་ཕྱེད་དུ་གསུངས་སོ། །གསུམ་པ་སེམས་ཅན་གྱི་གནས་བཤད་པ་ལ། འདི་ལ་སྐབས་སུ་བབས་ པའི་གནས་བྱེ་བྲག་ཏུ་བཤད་པ་དང་། སྟོང་གསུམ་གྱི་རྣམ་བཞག་སྤྱིར་བསྟན་པ་གཉིས། དང་པོ་ལ། འཛམ་གླིང་གི་ཁྱད་པར་བཤད་པ་དང་། ལྷ་གནས་ཀྱི་ཁྱད་པར་གཉིས། དང་པོ་ལ་གླིང་འདིར་གནས་པའི་ཁྱད་པར། འདིའི་འོག་ཏུ་ གནས་གང་ཡོད་པ། འདིའི་སྟེང་དུ་ཡོད་པ་ཉི་ཟླའི་འཆར་ནུབ་བཤད་པ་དང་གསུམ། དང་པོ། ཡུལ་དབུས་མ་ག་དྷ་འདི༷་ནས༷་བྱང༷་དུ༷་རི༷་ནག༷་པོ༷་གསུམ་གསུམ་དགུ༷་འདས༷་པ་ན། གངས༷་རི༷་དཔལ་དང་ལྡན་པ་ཞེས་བྱ་བའོ༷། །དེ༷་འད༷ས་ནས༷་ནི༷་ བྱང་ངོས་ནས་སྤོས༷་ངད༷་ལྡ༷ང་བའི༷་རི་ཡོད་ལ། དེའི་ཚུ༷་རོལ༷་གངས་རི་དང་། བར་ན༷་ཟབས་དང་ཆུ༷་ཞེང༷་དུ་ཡང་དཔག་ཚད་ལྔ༷་བཅུ༷་ཡོ༷ད་པའི༷་མཚོ༷་མ་དྲོས་པ་ཡོད་ལ། དེ་ཡང་། ཀླུ་རྒྱལ་མ་དྲོས་པ་གནས་པའི་མཚོ་མཐའ་སྐོར་དཔག་ཚད་གཉིས་ 3-1-87b བརྒྱས་འཁོར་བའི་གྲུ་བཞི་དབྱིབས་ལྟ་ན་སྡུག་པ། ཡན་ལག་བརྒྱད་ལྡན་ཆུས་གང་བ། ཨུཏྤལ་སོགས་ཀྱིས་གང་བ། དེའི་ནང་ནས་གངྒཱ་སོགས་ཆུ་ཕྲན་ལྔ་བརྒྱ་བཅས་མ་དྲོས་པ་ལས་གཡས་ཕྱོགས་སུ་བསྐོར་ནས་ཤར་ཕྱོགས་ནས་གླང་པོ། ལྷོར་ཁྱུ་མཆོག་ནུབ་རྟ། བྱང་སེང་གེའི་ཁ་ལྟ་བུའི་བྲག་ལས་བབས་ཏེ་རིམ་པས་ཤར་ལྷོ་ནུབ་བྱང་གི་རྒྱ་མཚོར་འབབ་པ། གངྒཱ། སིནྡྷུ། པཀྵུ། སི་ཏ་རྣམས་ཆུ་གསལ་ཞིང་བཟང་བ་ཡིན་ལ་རྫུ་འཕྲུལ་ཐོབ་པ་མིན་པས་བགྲོད་དཀའ་བར་ གསུངས། ཕྱོགས་བཞིར་དངུལ། གསེར། བཻ་ཌཱུཪྱ། རྡོ་རྗེའི་ཁ་དོག་ཅན་གྱི་བྲག་གླང་ཆེན་སོགས་ཀྱི་ཁའི་སྒོ་དཔག་ཚད་ཙམ་ནས་བབས་ཏེ་རིམ་པར་གསེར་དངུལ་བཻ་ཌཱུཪྱ་རྡོ་རྗེའི་བྱེ་མ་འདྲེན་ཅིང་། དེ་དག་གི་བྱེ་མ་ལ་གནས་ནས་མ་དྲོས་ལ་ ལན་བདུན་གཡས་བསྐོར་གྱིས་ཕྱོགས་བཞིའི་མཚོར་འགྲོའོ། །གཡས་སུ་བསྐོར་བའི་བར་གླིང་དེ་དག་ལྷ་རྫས་ཀྱི་མེ་ཏོག་གིས་མཛེས་པ་དང་། མ་དྲོས་པའི་ས་གཞི་ཡང་རིན་པོ་ཆེའི་གསེག་མ་བརྡལ་ཞིང་། ངོས་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་ རྩིག་པ་ལྟར་གནས་པར་གསུངས། མཚོ་དེའི་གཡས་ན་འཇིག་རྟེན་ཆགས་ཚེ་ཁམས་སྙིང་པོ་ཟུང་གི་མཆོག་ལས་རླུང་གིས་བསྡུས་པ་ལས་གྲུབ་པ་ཤིང་ཆེན་བཞིའི་ཡ་གྱལ། ཤིང་འཛམ་བུ་བྱ་བ། འབྲས་བུ་མངར་བོ་རྫ་མ་ཙམ་ལྡན་པ་སྨིན་པ་ཆུ་ནང་དུ་ ལྷུང་བ་ལས་འཛམ་བུ་ཞེས་པའི་སྒྲ་འབྱུང་བ་ཡོད་དེ། དེ་ཀླུ་རྒྱལ་རྣམས་ཉ་རུ་སྤྲུལ་ནས་ཟ་བར་བྱེད་དོ། །མ་ཟོས་པ་ཆུ་ནང་དུ་ལྷུང་བ་མ་དྲོས་པའི་ཆུ་དང་ཕྲད་པས་འཛམ་བུའི་ཆུ་གསེར་དུ་འགྱུར་རོ། །རི་སྤོས་ངད་ལྡང་གི་བྱང་དུ་དཔག་ཚད་ཉི་ཤུ་འདས་ 3-1-88a པ་ན། བྲག་གསེར་གྱི་བྱ་སྐྱིབས་ཅན་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་ངོས་རེ་ལ་དཔག་ཚད་ལྔ་བཅུ་ཡོད་པ། མཐའ་སྐོར་ཉིས་བརྒྱས་འཁོར་བ། སྟེང་དུ་ཕྱེད་བཞི་འཕགས་པ། བྲག་གཡོག་བྱ་སྐྱིབས་བརྒྱ་སྟོང་དང་བཅས་ པ། ལམ་སྲང་དུ་དཔག་ཚད་ཉི་ཤུ། ཞེང་དུ་བྱེད་གཉིས། བྲག་དེའི་བྱང་དུ་དཔག་ཚད་ཉི་ཤུ་འདས་པ་ན་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་ཞེས་པ། སཱ་ལའི་ཕྲེང་བ་རིམ་པ་བདུན་རིམ་གྱིས་བསྐོར་བ། རྩ་བ་འདོམ་བཞི་བཅུ་ཐུར་དུ་ཟུགས་པ། རིམ་པ་དང་པོའི་ རྩ་བ་འདོམ་བཅུ་གསུམ་ནས་བདུན་པ་བདུན་ཐུར་དུ་ཟུགས་པར། སཱ་ལའི་རྒྱལ་པོའི་ཡལ་འདབ་ཀྱིས་སཱ་ལའི་དང་པོའི་ཕྲེང་བ་ལ་ཐུག་པ་ནས་བདུན་པའི་ཡལ་འདབ་ཀྱིས་ནམ་མཁའ་ཁྱབ་པའོ། །ཤིང་དེའི་ཤར་དུ་དཔག་ཚད་ཉི་ཤུ་འདས་པ་ན། རྫིང་བུ་ དལ་འབབ་ཅེས་ཆུ་ཞེང་ལྔ་བཅུ་པ། མཐའ་སྐོར་ཉིས་བརྒྱ། རྫིང་གཡོག་བརྒྱ་སྟོང་བཅས་བརྒྱ་བྱིན་གྱི་གཡུལ་ངོར་སྤྱོད་པའི་གླང་པོ་རབ་བརྟན་གླང་གཡོག་བརྒྱ་སྟོང་བཅས་དགུན་ཟླ་བཞིར་བྲག་གསེར་གྱི་བྱ་སྐྱིབས་དང་། དཔྱིད་ཟླ་བཞིར་སཱ་ལའི་རྒྱལ་པོ་རབ་ བརྟན་གྱི་དྲུང་དང་། དབྱར་ཟླ་བཞིར་རྫིང་བུ་དལ་འབབ་འགྲམ་དུ་གནས་སོ། །གླང་པོའི་ལུས་ཚད་སྲིད་དཔག་ཚད་ཕྱེད་གསུམ། ཞེང་དུ་གཅིག་མཐའ་བདུན་གྱིས་བསྐོར་བ། འཕང་དུ་ཕྱེད་གཉིས། ལུས་དཀར་མགོ་སྔོ་བ། མགོ་དབུས་དམར་བ། མཆེ་བ་དྲུག་ལྡན། གནས་གཞན་དུ་འགྲོ་ན་ཐ་མལ་པའམ། ལྷའི་རྫུ་འཕྲུལ་ཆེ་བ་གང་རུང་དུ་སྤྲུལ་ནས་གླང་པོ་དག་གི་མཆོག་ལ་ཞོན་ནས་སིལ་སྙན་སོགས་རྒྱ་ཆེར་བྱེད་ཅིང་འགྲོ། དེར་གནས་པ་ན་འཁོར་རྣམས་ཀྱིས་ཁ་ནང་དུ་བལྟས་སཱ་ལའི་ཕྲེང་བ་རིམ་ 3-1-88b བདུན་གྱི་ས་ལ་པདྨའི་རྩ་བ་ཟ་བའོ། །གླིང་འདིའི་ནུབ་ན། ཨོ་རྒྱན་རྡོ་རྗེ་ཆེན་པོའི་ཕོ་བྲང་ན་རིག་འཛིན་རྣམས་ཀྱི་གནས་དང་། ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་གྲུ་འཛིན་ལ་རྩེ་མོར་སྤྱན་གཟིགས། རྩ་བར་སྒྲོལ་མའི་གནས་དང་། ཤར་རི་བོ་རྩེ་ལྔ་ན་ འཇམ་དཔལ་བཞུགས་གནས་དང་། བྱང་ན་ཤམྦྷ་ལ་རིགས་ལྡན་སྤྲུལ་གནས་དང་། དབུས་ན་དུས་གསུམ་གྱི་སངས་རྒྱས་བཞུགས་གནས་རྡོ་རྗེ་གདན། མེ་ཆུ་རླུང་གིས་འཇིག་པར་མི་འགྱུར་བའོ། །གཞན་ཡང་གྲོང་ཁྱེར་ཆེན་པོ་དྲུག་དང་། འཛམ་གླིང་འདི་ན་མཐའ་འཁོབ་ན་ཐོ་ཀོར་དུ། རྒྱ་ཡུལ་དང་། ཧུ་ན་དང་། ཕུ་ན་དང་། ཀམ་པོ་ཙེ་དང་། ཤ་ཁ་དང་། སྦལ་ཁ་དང་། ཁྱི་གདོང་དང་། ཝ་གདོང་དང་། ཀྲི་བ་ཤིའི་གདོང་དང་། གནམ་གདོང་དང་། ཕྱིར་ཕྱོགས་གདོང་དང་། གཤོག་ཐོག་དང་། གཅེར་བུ་དང་། སྒྱུས་ཏེ་འགྲོ་བ་དང་། སྣ་མེད་དང་། གླག་ཀྲ་སོགས་ཡུལ་ཆེན་བཅུ་དྲུག་ཡུལ་ཕྲན་སྟོང་། མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་འདྲ་བ་བདུན་བརྒྱ་ཉི་ཤུ་ཡོད་ཅེས་གྲགས་སོ། །གཉིས་པ། འཛམ་གླིང་འདི༷་འོ༷ག་དཔག་ཚད་སྟོང༷་ཕྲག༷་ཉི༷་ཤུ༷་ན༷། མནར༷་མེ༷ད་པའི་གནས་ཀྱི་ཡ་ཐོག་ཡོད་པ༷འོ༷། །དེ་ཡི་ཚད་ཀྱང་ཕྱོགས་རེར་དཔག་ཚད་སྟོང་ཕྲག་ཉི་ཤུ་ཉི་ཤུར་གནས་པས་དེ༷་ཙམ༷་མོ༷་ཞེས་འདོད་ལ། མནར་མེད་པའི་འོག་གཞི་འདི་ནས་དཔག་ཚད་བཞི་ ཁྲི་ན་ཡོད་དོ། །ཛྙཱ་ན་ཤྲཱིས་རི་རབ་ཀྱི་འོག་ཟེར། མནར་མེད་དེ༷་ཡི༷་སྟེང༷་ན༷་དམྱལ༷་བ༷་བདུན༷་ཏེ། རབ་ཏུ་ཚ་བ། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད། བསྡུས་འཇོམས། ཐིག་ནག་ཡང་སོས་རྣམས་འོག་ནས་སྟེང་དུ་བརྩེགས་མར་ 3-1-89a གནས་སོ། །ཁ་ཅིག་དེ་དག་མནར་མེད་ཀྱི་གློ་ན་གནས་སོ་ཟེར། སའི་དངོས་གཞི་ལས། འདི་ནས་སུམ་ཁྲི་ཉིས་སྟོང་འོག་ན་ཡང་སོས་ནས་མར་བཞི་སྟོང་རེའི་བར་ཁྱད་ཀྱིས་གནས་ཟེར། དེ་ལྟར་ན་མནར་མེད་ཀྱི་འོག་གཞི་གསེར་ གྱི་ས་གཞི་ལ་གནས་པར་མངོན་ལ། དེ་ཡང་། ཡང་སོས་ཕན་ཚུན་མཚོན་ཆས་བསད་ནས་ཡང་སོས་པས་འཐབ་བོ། །ཐིག་ནག་སྟོད་གཤགས་ཚེ་སྨད་སོས་པ་དང་། བསྡུས་འཇོམས་ལྕགས་ཀྱི་ཐོ་བས་བརྡུང་བ་དང་། ལྕགས་ཀྱི་རི་ལུག་གི་ གདོང་པ་འདྲ་བས་འཇོམས་ཤིང་འཚིར་བ་ཕྱིར་བཀྱེད་ཚེ་སོས་པ་དང་། ངུ་འབོད་ལྕགས་འབར་གཞིར་འཇིགས་ཏེ་ནགས་ཐིབ་པོར་ཞུགས་པ་ན་ཡང་འབར་ལ། ལྕེར་རྨོས་པ་དང་། ངུ་འབོད་ཆེན་པོ་དེ་ལས་སྡུག་བསྔལ་ཉིས་འགྱུར་ཆེ་བ་དང་། ཚ་བ་ ལྕགས་བུམ་སུམ་རིམ་གྱི་ནང་དུ་བསྲེགས་པ། རབ་ཚ་དེ་ལས་ཉིས་འགྱུར་ཆེ་བ། མནར་མེད་ལྕགས་ཁང་ནང་ལུས་མེ་ལྕེ་གཅིག་ཏུ་འབར་རོ། །དེ་བརྒྱད་པོར་སྐྱེ་བའི་རྒྱུ་རིམ་པར། མི་གསོད་ཁོན་འཛིན་ཞེ་སྡང་ལས། ༡ མཆོག་གསུམ་ཉན་ རང་ཕ་མ་སྡང་། བྱ་བ་མིན་པ་ལ་བསྐུལ། རྫུན་ཕྲ་མ་གཡོ་སྒྱུ་བྱེད་པ། ༢ ལུག་རི་དྭགས་གསོད་པར་དགའ་བ། ལུས་མི་དགེ་གསུམ་ཤས་ཆེར་སྤྱོད་པ། ༣ སྲོག་བཅད་ཁྲག་འཐུང་དགའ་བ་དང་། གཞལ་ལ་སྒྱུ་བྱེད་པ། ༤ ལྟ་ངན་འཛིན། སྲེད་ ཆེན་སྒྱུ་བྱེད་པ། ༥ དགེ་སྦྱོང་བྲམ་ཟེ་ཕ་མ་སེམས་ཅན་མང་པོ་ལ་གནོད་པ། ༦ མཆོད་འོས་གསོད་པ། ༧ ཆོས་ལ་ཆོས་མིན་དུ་སྨྲ། ཆོས་མིན་ཆོས་སུ་སྨྲ། སྐྱེས་བུ་དམ་པར་སྡང་བ་དང་མེད་པར་སྨྲ་བའོ། ༨། ཚ་དམྱལ་བརྒྱ༷ད་པོ༷་ཀུ༷ན་ལ༷འང་ལྷག༷་ 3-1-89b པའི་གནོད་པར་བྱེད་པའི་འཁོར་བཅུ༷་དྲུག༷་ཡོད་དེ། ཚ་དམྱལ་དེ༷་དག༷་གི༷་ནི༷་ངོས༷་བཞི༷་ན༷། མེ༷་མ༷་མུར༷་འོབས་པུས་ནུབ་ཙམ་དང༷་། རོ༷་མྱགས༷་མི་གཙང་འདམ་རྐེ་ནུབ་ཙམ་སྲིན་བུ་མཆུ་རྣོན་གྱིས་ཟ་བ་དང༷་། སྤུ༷་གྲི༷འི༷་གཏམས་པའི་ལ༷མ་ དང་སོ༷གས་པས་རལ་གྲི་ལོ་མའི་ནགས་ཚལ། ཁྱི་སྲེ་བོ་ལྕགས་ཀྱི་མཆེ་བ་ཅན། ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་ཚེར་མ་རྣོ་བ། སྟེང་ན་བྱ་ཁྭ་ཏ་འདབ་འཇིག་ཅེས་པ་ལྕགས་མཆུ་ཅན། དེ་དག་མཚོན་ཆའི་སྐོར་ཞེས་གཅིག་ཏུ་བགྲང་ ངོ་། །ཐལ་ཚན་གྱི་ཆུ༷་བོ༷་རབས་མེད་པ་ཡང་ཡི༷ན་ནོ། །ཆུ༷་བུར༷་ཅ༷ན་དང་སོ༷གས་ཀྱིས་ཆུ་བུར་རྡོལ་བ། སོ་འཐམ། ཨ་ཆུ། ཀྱི་ཧུད། ཨུཏྤལ། པདྨ། པདྨ་ལྟར་ཆེར་གས་པ་རྣམས་ཏེ་གྲང༷་བའི་དམྱལ་བ་བརྒྱ༷ད་ནི་ཚ་ དམྱལ་ལས་གཞན༷་ཡིན་ནོ། །གནས་ནི། ཚ་དམྱལ་ཐད་ཀའི་བྱང་འཁྱག་རུམ་ནང་ན་གནས་སོ་ཟེར། གཞན་ཡང་གནས་ལ་འདོད་པ་མང་ངོ་། །ཡི་དྭགས་འཛམ་གླིང་རྒྱལ་པོའི་ཁབ་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡི་དྭགས་ ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་པར་གཤིན་རྗེའི་རྒྱལ་པོ་འཁོར་བཅས་དང་། དེའི་འཁོར་ན་ལྟོ་གུག་སོགས་ཡི་དྭགས་རིས་སུམ་ཅུ་སོ་དྲུག་ཡོད་པ་དང་། ཁ་འཐོར་བ་མིའི་གནས་སོགས་ན་མང་། དེ་ལ་ཕྱིའི་སྒྲིབ་པ་ཅན་སོགས་རིགས་གསུམ་ དུ་བསྡུ་བ་སོགས་གསུངས་སོ། །དུད་འགྲོ་བྱིང་གནས་རྒྱ་མཚོ་དང་། ཁ་འཐོར་གནས་མ་ངེས་པའོ། །ལྷ་མིན་རི་རབ་ཀྱི་ཆུ་མཚམས་མན་ལ་རིམ་པར་སྒྲ་གཅན་དང་། མགུལ་ཕྲེང་དང་། མེ་ཏོག་ཕྲེང་དང་། རབ་སྤྲོ་ཐགས་ 3-1-90a བཟང་རིས་རབ་དགོད་གསུམ་གནས་གཅིག་སྟེ། དེ་དག་འཁོར་དང་བཅས་པ་ལྷ་དང་འགྲན་པར་ཡོད་དོ། །གསུམ་པ། ཉི༷་ཟླ༷་ལྷུན༷་པོ༷འི་ཕྱེ༷ད་གཉའ་ཤིང་རིའི་རྩེ་མོ་ན༷འོ༷། །ཟླ་བ་ཐད་ཀར་དཔག༷་ཚད༷་ལྔ༷་བཅུ༷་དང་ ཉི་མ་ང་གཅི༷ག་དང༷་བཅས༷་མཐའ་སུམ་འགྱུར་རོ། །ཉི་ཟླའི་འོག་མེ་དང་ཆུའི་ཤེལ་ལས་གྲུབ་པའོ། །བྱང་དུ་ནམ༷་ཕྱེ༷ད་པ་དང་། ཤར་དུ་ཉི༷་མ༷་ནུབ༷་པ༷་དང༷་། ལྷོར་ཉི༷་མ༷་ཕྱེ༷ད་དང༷་། ནུབ་ཏུ་འཆར༷་བ་རྣམས་དུས༷་གཅི༷ག་ལ་དེ་ཡང་མཉམ་པའི་དབང་ དུའོ། །དབྱར༷་གྱི༷་ཟླ༷་བ༷་གཉི༷ས་པ༷་ཡི༷་ཕྱོགས་ཕྱི་མའམ་ཐ༷་མའི༷་ཞེས་དཀར་ཕྱོགས་ཀྱི་ཚེས༷་དགུ༷་ནས༷་མཚ༷ན་རིང༷་བའི་མགོ་བརྩམས་ལ། དགུན༷་རྣམ༷ས་ཀྱི༷་ནི༷་ཟླ་བ་བཞི༷་པ༷་ལ༷་ཐ་མའི་ཚེས་དགུ་ནས་མཚན་ཐུང༷་ངུར༷་འགྱུར༷་རོ༷། །ཉིན༷་མོ༷་དེ་ལས་ཟློག༷་སྟེ་ རིང་ངོ་། །དེ་ཡང་དུས་ལ་བཞི་སྟེ། འདུལ་བ་ལས། དགུན་ར་ནས་བརྩམས་ཏེ་ཟླ་བ་བཞི་བཞི་དང་། གཅིག་དང་། ཞག་གཅིག་དང་། ཞག་གཅིག་ཆད་པའི་ཟླ་བ་གསུམ་ལ། རིམ་པར་དགུན། དཔྱིད། དབྱར། དབྱར་ཐུང་ངུ་། དབྱར་རིང་བོ་ལྔ་དང་། དགུན་དཔྱིད་དབྱར་གསུམ་དང་དེ་རེ་རེ་ལ་གཉིས་གཉིས་བྱས་པའི་དུས་ཚིགས་དྲུག་སོགས་གསུངས། དགུན་ནི་ཟླ་བ་དགུ་པའི་ཚེས་བཅུ་དྲུག་ནས་བརྩམས་ཏེ་ཞག་སུམ་ཅུ་ལ་ཟླ་བ་རེར་བརྩིའོ། །ཡང་ཟླ་བ་བཞི་བཞིར་དགུན་ དཔྱིད་དབྱར་གསུམ་དུ་གྲགས་པ་དེ་བཞིན་འདིས་ནི་དེ་བརྩིའོ། །མཆིམས་ལས། བརྒྱད་པའི་བཅུ་དྲུག་ནས་དགུན་དང་པོ་རྩི་བར་གསུངས། དེའང་སྐར་མ་གང་གིས་ཉ་བའི་སྐར་མ་དེའི་བཅུ་དྲུག་ནས་རང་ཟླ་ཐོབ། དབྱར་ཟླ་གཉིས་པའི་ཚེས་ 3-1-90b བརྒྱད་ལ་ཉིན་རིང་བ་མཐར་ཐུག་ཡུད་ཙམ་བཅོ་བརྒྱད་དོ། །དེའི་ཕྱི་ཉིན་ནས་ཐང་ཙམ་རེས་ཉིན་ཚད་ལ་བྲིའོ། །འདི་དཔེ་བརྗོད་པ་ཙམ་སྟེ། དབྱར་བརྒྱད་ལ་ལོག་པ། དགུན་བཅུ་དྲུག་ལ་ལོག །དེ་བཞིན་ནུར་ནས་ལོ་གསུམ་གསུམ་ན་ དབྱར་ལྡོག་གི་ཤུལ་ལ་ལན་གཅིག་འཁོར་བས་ཉི་མ་བརྒྱད་གསུམ་དག་ལ་ལྡོག །ལྔ་འགྱུར་དག་གིས་ཤེས་པར་བྱ་ཞེས་འཇིག་རྟེན་ལ་གྲགས་ཞེས་ཟེར་ཏེ་རྒྱལ་ཟླ་ལ་ལྡོག་པ་འདི་ཡུལ་དབུས་ཀྱི་དབང་དུ་བྱས་སམ་སྙམ། ཉིན་མཚན་རིང་ ཐུང་ཚད་ཅི་ཙམ་ཞིག་གིས་ན། ཉིན༷་མཚ༷ན་རིང༷་བ༷་ནི་ཐང༷་ཅི༷ག་གོ༷། དེ་ནི་ཉིན་ཞག་གཅིག་གི་དགུ་བརྒྱའི་ཆ་གཅིག་སྟེ། དུས་འཁོར་ལྟར་ན་དབུགས་ཉེར་བཞི་ཆུ་སྲང་བཞིས་རིང་ཐུང་བྱེད་པར་བཤད་པས་སོ། །ཅི་ཙམ་རིང་ཐུང་བྱེད་ཟེར་ན། ཉི༷་མ༷་ལྷོ༷་དང་བྱང༷་དུ་འགྲོ༷་ཚེ༷འམ་དེའི་ཡུན་དུའོ༷། །འདིར་དབྱར་དགུ་ལ་ལྡོག་པ་དཔེར་བྱས་ནས་བཤད་པ་ཡིན་ཀྱང་། དགུ་ལ་ལྡོག་ན་དགུན་བཅོ་ལྔ་སྟེ། དྲུག་རེས་ཕྱིར་ནུར་བས་ལོ་གསུམ་ན་དགུ་ལ་ལྡོག་པ་སོར་ཆུད་ཟེར། གླིང་བཞིར་ལྡོག་ མཉམ་དུ་འདོད་དེ། རྨ་བྱ་ཆེན་མོ་ལས། མཚོན་ཆའི་འཁོར་ལོ༷་བཞིན་དུ་གསུངས་པས་སོ་ཟེར། དབྱར་སྟེང་ནས་ཐད་ཀར་འབབ་པས་ཚ་བ་དང་དགུན་ཐད་ནས་མིན་པར་ཟུར་ནས་ཕོག་པས་མི་ཚ་ཟེར། ཉི༷་མ༷་དང༷་ནི༷་ཉི༷་བ༷་ལ༷ས་དེའི་ འོད་ཟེར་ཕོག་སྟེ་ཕར་ཕྱོགས་སུ་རྩིག་སྐྱབ་ཀྱི་རང༷་གི༷་གྲིབ༷་མ༷་འབབ་པས༷་ཟླ་བ་མ་ལུས་པར་འགྲིབ༷་པར༷་སྣང༷་ལ། ཉི་མ་དང་རིང་བ་ལས་རང་གི་གྲིབ་མ་ཆུང་བས་ཟླ་བ་སྣང་བ་ཆེ་བར་འགྱུར་རོ། །ཐོགས་མེད་ཀྱིས་བཻཌཱུཪྱ་ཆུ་ཤེལ་བླ་འོག་ཏུ་ 3-1-91a འཛུལ་གསུངས་པ་བླ་འོག་ནི་ཕར་ཚུར་ལ་གོ་སྟེ། དེ་ཡང་གྲིབ་མ་ཡིན་ནོ། །ཞེས་ཟེར་རོ། །གཉིས་པ་ལ་ལྷ་གནས་ཀྱི་རྣམ་བཞག་སྤྱི་དང་། ཞར་བྱུང་གནས་རིས་ཀྱི་ཁྱད་པར་འགའ་བཤད་པ་གཉིས། དང་པོ་ ལ། རྒྱལ་ཆེན་རིས་བཞི། སུམ་ཅུ་རྩ་གསུམ། ལྷ་གནས་གཞན་བཤད་པ་གསུམ། དང་པོ། རི་རབ་འདི༷་ལ༷་བ༷ང་རི༷མ་བཞི༷་ཡོ༷ད་དེ། རེ་རེའི་སྟེང་འོག་གི་བར༷་གྱི༷་ཐག༷་ནི༷་སྟོང༷་ཕྲག༷་བཅུ༷་དང་། བང་རིམ་དང་པོ་རི་རབ་ལས་སྟོང༷་ ཕྲག༷་དག༷་ནི༷་བཅུ༷༷་དྲུག༷་ད༷ང་། གཉིས་པ་བརྒྱ༷ད་དང༷་། གསུམ་པ་བཞི༷་དང༷་། ཐོག་མ་གཉི༷ས་ཕྱིར་འཕ༷གས་སོ༷། །དེ་ལ་ཁ་ཅིག་རི་རབ་ཆུའི་སྟེང་ནས་དཔག་ཚད་སུམ་ཁྲི་ཕྱིར་སྦོམས་ལ། སྟེང་དུ་དཔག་ཚད་སྟོང་ཕྲག་བཅུ་འདས་པ་ན་ཕར་ཕར་ཕྲ་ སྟེ། དཔག་ཚད་སྟོང་བཅུ་དྲུག་གིས་ཞུམ་པ་དང་པོ། དེ་ལས་ཕྱེད་ཕྱེད་ནང་དུ་བསྐུམ་སོགས་ཟེར། བླ་མ་དག་ཆུ་སྟེང་རི་རབ་བགས་ཀྱིས་སྒྲམ་དུ་སོང་སྟེ་དཔག་ཚད་ཁྲི་འཕགས་པ་ན་ཞུམ་པ་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡིན་པ་སོགས་ སོ། །གང་ལྟར་ཕྱིར་འཕགས་པ་ནི་རི་རབ་ཀྱི་དངོས་གཞི་ལས་ཡིན་ནོ། །འདུན་བཟང་ནི་བཅུ་དྲུག་སོགས་རིམ་པས་ཞུམ་པས་རི་རབ་མཆོད་རྟེན་ལྟར་ཇེ་ཕྲར་སོང་བར་འདོད་ལ། དེའི་ངོས་ལ་བརྒྱད་ཁྲི་ཞེས་པ་མཐའ་སྐོར་གྱི་ཚད་དུ་ འདོད་ཟེར་རོ། །བང་རིམ་དེ༷་ལ༷་ལག༷་ན༷་རིན་པོ་ཆེའི་གཞོང༷་པ་ཐོགས༷་པ་དང༷་། མེ་ཏོག་གི་ཕྲེང༷་བ་ཐོགས༷་པ་དང༷་ནི༷་རྒུན་ཆང་གིས་རྟག༷་ཏུ་མྱོས༷་པ་དང༷་། རྒྱལ༷་ཆེན༷་བཞི༷་འཁོར་དང་བཅས་པའི༷་ལྷ༷་རྣམ༷ས་གན༷ས་སོ། །བང་རིམ་ལ་རྒྱལ་ཆེན་ 3-1-91b བཞིའི་རིས་གནས་པ་དེ་བཞིན་རི༷་ནི༷་བདུན༷་པོ༷་དག༷་ལ༷་ཡང༷་རྒྱལ་ཆེན་བཞིའི་ལྷ་གནས་སོ། །ཡང་སྒྲས་ཁོར་ཡུག་དང་གླིང་རྣམས་ཀྱི་རི་དང་། ཤིང་དང་། ཆུ་སོགས་ལའང་ཡོད་དོ། །དེས་ན་ལྷའི་རིས་དེ་ནི་འདོད་ལྷ་གཞན་ ལས་མང་ངོ་། །ཞེས་སོ། །གདགས་པ་ལས། གཉའ་ཤིང་འཛིན་གྱི་སྟེང་ངོས་ཕྱོགས་བཞི་ན། རྒྱལ་ཆེན་བཞིའི་ཕོ་བྲང་ཡོད་པར་བཤད་ལ། རི་རབ་བང་རིམ་གཉིས་པ་ལ་ལག་ན་ཕྲེང་ཐོགས་ཀྱི་གནས་སུ་བཤད་དོ། ། གཉིས་པ་ལ། གྲོང་ཁྱེར་དང་ལྷ་གནས་ཀྱི་ཁྱད་ཆོས་འགའ་བཤད་པ་གཉིས། དང་པོ། ལྷུན༷་པོ༷འི་རྩེ༷་མོ་ན༷་སུམ༷་ཅུ༷་རྩ༷་གསུམ༷་ཡོད་དེ། ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག་ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་གཉིས་ཏེ་དབང་ པོ་དང་ཉེ་དབང་སོ་གསུམ་གྱི་གནས་ཡིན་པའི་ཕྱིར་རམ། རྣམ་པར་མཉམ་འཕྲུལ་དང་། རབ་འབབ་སོགས་གནས་འཛམ་གླིང་ལ་བསྒྲག་ཏུ་རུང་བ་སུམ་ཅུ་རྩ་གསུམ་ཡོད་པས་སོ། །དྲན་ཉེ་ལས། ཆོས་བཟང་དང་མཐོང་བ་དང་རི་རྩེ་སོགས་གནས་ སུམ་ཅུ་རྩ་གསུམ་བཤད་དོ། །དེ་ཡང་། ཆུ་དང་ཟླ་བ་བརྟན་པ་དང་། །འཛིན་བྱེད་རླུང་དང་མེ་དང་ནི། །ནམ་ལངས་འོད་བྱེད་ཅེས་བྱ་བ། །བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ། །མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། །དྲག་པོ་དང་ནི་བརྩོན་ འགྲུས་ལྡན། །འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། །སྤྱན་གསུམ་གཞན་ལས་རྒྱལ་བ་དང་། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས་པར་བྱ། །དབང་པོ་བྱེད་པོ་ལམ་པ་དང་། །ཆར་འབེབ་བསྟོད་བྱེད་སྔོན་མིན་ 3-1-92a འཕགས། །མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། །ཆུ་བདག་གཤིན་རྗེའི་ཞེས་བྱ་བ། །ཉི་མ་བཅུ་གཉིས་དག་ཏུ་གྲགས། །ཚོགས་བདག་དང་སྨིན་དྲུག་གི་བུ་ནི་ཐ་སྐར་གྱི་གཞོན་ནུ་གཉིས་སོ། །རི་རབ་དེ༷་ཡི༷་ངོས༷་ རེ་རེ་ལ༷་དཔག་ཚད་བརྒྱ༷ད་ཁྲི༷། མཐའ་བསྐོར་སུམ་འབུམ་ཉི་ཁྲིའོ༷། །འདུན་བཟང་ངོས་རེར་ཉི་ཁྲི་ཡོད་པས་མཐའ་སྐོར་ན་བརྒྱད་ཁྲི་ཡིན་ལ། ལུང་ལས་བཤད་པ་ཆུ་མཚམས་ཀྱི་དབང་དུ་བྱས་ཟེར་ཀྱང་བརྒྱད་ཁྲི་སྟེང་ཡིན་ནམ་དཔྱད། རི་རབ་ དེ་ཡི་ཕྱོག༷ས་མཚ༷མས་གྲྭ་བཞི་ན་ཁ༷ང་པ༷་བརྩེག༷ས་པ༷་བཞི༷་པོ་ལ༷་ནི༷་ལག༷་ན༷་རྡོ༷་རྗེ༷་གན༷ས་སོ། །དེ་ཡང་། གདགས་པ་ལྟར་ན་ངོས་རེར་བརྒྱ་ཉེར་ལྔ་མཐའ་སྐོར་ལྔ་བརྒྱ། འཕང་དུ་འདི་དང་ས་ལས་དཔག་ཚད་ལྔ་བརྒྱར་བཤད། གདགས་པ་ལྟར་ན་ དཔག་ཚད་ཕྱེད་ལྔ་གྱེན་དུ་འཕགས་པའི་རྩིག་པ་བཞི་ལ་གནོད་སྦྱིན་ལག་ན་རྡོ་རྗེ་གོས་སྔོན་ཅན་བྱ་བ་གནས་ཏེ། དེས་བག་མེད་པའི་ལྷ་སྲུང་བའི་ཕྱིར་ཞེས་གང་སྤེལ་འཆད་ལ་གསང་བདག་དེའི་ཆ་ལུགས་སུ་སྤྲུལ་ནས་དོན་བྱེད་ཀྱི་འདིའི་སྡེར་ གཏོགས་པ་མིན་ནོ། །དེ་དག་ནི་གདགས་པ་ལས། ནུབ་ལྷོ་ཤར་བྱང་རིམ་བཞིན། དངུལ་བཻ་ཌཱུཪྱ། ཤེལ། གསེར་གྱི་རང་བཞིན་ཡིན་ཟེར། རི་རབ་དེའི་རྩེ་མོའི་དབུས༷་ན༷་གྲོང༷་ཁྱེར༷་བལྟ༷་ན༷་སྡུ༷ག་ཅེ༷ས་པ༷་ངོས་ལ་དཔག་ཚད་ཉིས༷་སྟོང༷་ལྔ༷་ བརྒྱ༷་པ༷་མཐའ་སྐོར་ཁྲིས་བསྐོར་བ། དེའི་འཕང་དུ་དཔག༷་ཚད༷་ཕྱེ༷ད་དང༷་གཉི༷ས་གསེར༷་གྱི༷་རང༷་བཞིན༷་དབྱིབས་ལེགས་པ་རིན་པོ་ཆེའི་ཀ་བ་དྲུག་ཁྲི་ཡོད་པ། གསེར་གྱི་ར་བ་འཕང་དུ་དཔག་ཚད་ཕྱེད་དང་གསུམ་པས་བསྐོར་བ། ར་བ་དེ་ལ་གསེར་ 3-1-92b དངུལ་བཻཌཱུཪྱ་ཤེལ་བཞི་ལས་བྱས་པའི་རྩིགས་སྐྱབས་དང་། གྱེན་དང་ཐུར་དུ་འཕང་བའི་མདའ་ཡབ། རིན་པོ་ཆེའི་སྣ་བཞིའི་ཟམ་པ་བརྒྱུད་མ་བཞི། ནང་གི་ས་གཞི༷་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ༷་བར་བྱ་བ་ནེམ་སྤར་བྱེད་པས་མཉེན༷་པ༷། མེ་ཏོག་མན་ད་རའི་ཆར་པུས་ནུབ་གསར་པ་འགྲེམས་པ། རྙིང་པ་རླུང་གིས་འདོར་བ་ཡོ༷ད་དོ། །གཞན་ཡང་ལྷའི་གྲོང་ཁྱེར་ལ་རིན་ཆེན་སྣ་བཞིའི་སྐར་མའི་གཟུགས་དང་ཟླ་ཕྱེད་མེ་ལོང་སོགས་ཀྱིས་བརྒྱན་ཅིང་། འཕང་དཔག་ཚད་ ཕྱེད་གསུམ། ཞེང་ཕྱེད་གཉིས་ཡོད་པའི་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་པ། སྒོ་རེ་རེར་རྩ་གསུམ་པའི་ལྷ་རྣམས་སྲུང་ཕྱིར། སྲུང་མ་གོ་བགོས་མཚོན་ཐོགས་པའི་གནོད་སྦྱིན་གོས་སྔོན་ཅན་ལྔ་བརྒྱ་རེ་བཀོད་དེ་གནས་སོ། །ལམ་ སྲང་ཞེང་དུ་དཔག་ཚད་བཅུ་གཉིས། སྲིད་དུ་ཉིས་སྟོང་ལྔ་བརྒྱ་པ། གསེར་བྱེ་བརྡལ་ཞིང་ཙན་དན་ཆུས་ཆག་ཆག་བཏབ་པ་ཡོད་ལ། དེའི་གཡས་གཡོན་ན་ཆུ་བསིལ་སྦྲང་རྩི་ལྟ་བུའི་གང་ཞིང་། མེ་ཏོག་དང་སྐད་སྙན་འབྱིན་པའི་བྱ་ཚོགས་གནས་པའི་རྫིང་བུ་ རིན་པོ་ཆེ་སྣ་བཞིའི་ཕ་གུ་རྩིགས་ཤིང་ཐེམ་སྐས་དང་ལྡན་པ། རྫིང་བུའི་ཉེ་འཁོར་ན་སེམས་བསྐྱེད་མ་ཐག་འབྱུང་བའི་མེ་ཏོག་འབྲས་བུ་གོས་རྒྱན། རོལ་མོ། བདུད་རྩི་ཁ་དོག་བཞི་པ་སྦྲང་རྩི་དང་སྦྲང་ཆང་སོགས་འབྱུང་བའི་ཤིང་སྣ་ཚོགས་སྐྱེས་ཤིང་། ཐང་ལས་སྐྱེས་པའི་བྱ་ཚོགས་སྐད་སྙན་འབྱིན་པ་ཡོད་དོ། །ཆུ་བསིལ་སྦྲང་རྩི་ལྟ་བུས་གང་བ་རིན་པོ་ཆེ་བཞིའི་ཕ་གུས་བརྩེགས་པ་ལ་མེ་ཏོག་དང་ཆུ་བྱས་གང་བ། གང་དུ་ལྷ་རྣམས་ཆུ་ལ་རྩེ་བའི་གྲུ་སྣ་ཚོགས་བཅས་པའི་འོབས་ཟབས་དང་ཁ་ཁྱོན་དུ་དཔག་ཚད་རེ་ 3-1-93a ཡོད་པ་རིམ་པ་བདུན་གྱིས་བསྐོར་བ། དེའི་ཉེ་འཁོར་ན་དཔག་བསམ་ཤིང་དང་ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་འབྱིན་པའོ། །གཞན་ཡང་ཡང་ཐོག་དང་། ཁང་བརྩེགས་ཁང་བཟངས་བསིལ་ཁང་ལྟད་མོ་ ལྟ་ས་དང་། ཟམ་པ་རྣམས་ལྷའི་བུ་མོའི་ཚོགས་ཀྱིས་མཛེས་པ་འདོད་ཡོན་དང་ལྡན་པ་དག་ན་ལྷ་རྣམས་རྩེ་དགས་རང་རང་གི་ལས་འབྲས་ཉམས་སུ་མྱོང་བར་བྱེད་པ་རྣམས་ཡོད་དོ། །གྲོང་ཁྱེར་དེ༷་ཡི་དབུས་ན༷་བརྒྱ་བྱིན་གྱི་ཁང་བཟངས་རྣམ༷་ པར༷་རྒྱལ༷་བྱེ༷ད་ཅེས་བྱ་བ་ཡོད་དེ༷། དེའི་ངོས༷་རེ་རེ་ལ༷་དཔག་ཚད་ཉིས༷་བརྒྱ༷་ལྔ༷་བཅུ༷་ཡོད་ལ་མཐའ་སྟོང་གིས་འཁོར་བ། ལྷའི་ཕོ་བྲང་ལས་དཔག་ཚད་ཕྱེད་ལྔ་འཕགས་པ་ཀ་བ་བཞི་བཅུའོ༷། །དབང་པོའི་ཕོ་བྲང་ལ་བ་གམ་བརྒྱད། དེ་རེ་རེ་ལ་ ཁང་བརྩེགས་བདུན་བདུན། དེ་རེ་རེ་ལ་གནས་ཁང་བདུན་བདུན། དེ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། དེ་རེ་རེ་ལའང་གཡོག་མོ་བདུན་བདུན། དེ་རེ་རེ་ལ་སིལ་སྙན་བདུན་བདུན་ཡོད་པས་བརྒྱ་བྱིན་བསུ་སྐྱེལ་བྱེད་པར་བཤད། སའི་དངོས་གཞི་ ལས་བ་གམ་བརྒྱ་རྩ་གཅིག་ལ་ཁང་བརྩེགས་སོགས་བཤད་དོ། །ཁང་བཟང་རྣམ་པར་རྒྱལ་བའི་ནང་ན་རྫིང་བུ་ཆུ་ཞེང་དཔག་ཚད་ལྔ་བཅུ་མཐའ་ཉིས་བརྒྱས་འཁོར་བ་ཁྱད་པར་སྔ་མ་ལྟར་ལྡན་པ་ཡོད་དོ། །གཉིས་པ། ལྟ་ན་སྡུག་གི་ཕྱི༷་རོལ༷་ཤར་དུ་ དཔག་ཚད་ཉི་ཤུ་ན་ཤི༷ང་རྟ་སྣ༷༷་ཚོ༷གས་དང༷་། ལྷོ་ན་རྩུབ༷་འགྱུར༷་དང་། ནུབ་ན་འདྲེས༷་མའི་ཚལ༷་དང་། བྱང་ན་དགའ༷་བས༷་བརྒྱན༷་པའི་ཚལ་ཏེ། ཉིས་བརྒྱ་ལྔ་བཅུ་མཐའ་སྟོང་གིས་འཁོར་བ། གསེར་གྱི་ར་བ་དཔག་ཚད་རེ་རེའི་འཕང་དུ་ཡོད་ 3-1-93b པས་བསྐོར་བ། དེའི་རྩིགས་སྐྱབས་སོགས་སྔར་བཤད་པ་ལྟར་རོ། །དང་པོ་ན་རིན་པོ་ཆེའི་ཤིང་རྟ་སྣ་ཚོགས་ཡོད་ལ་གཉིས་པ་དེར་ཞུགས་ན་ཤེས་པ་རྩུབ་པར་འགྱུར་རོ། །གསུམ་པར་ལྷའི་བུ་བུ་མོ་དག་འདྲེས་ནས་སྤྱོད་ལམ་སྣ་ཚོགས་ལ་ འཇུག་། བཞི་པར་འདོད་ཡོན་ལ་དགའ་ཞིང་རྩེ་བའོ། །དེ་དག་ན། རིམ་པར་རྫིང་བུ་སྣ་ཚོགས། རྩུབ་འགྱུར། འདྲེས་པ། དགའ་བ་ཞེས་པ་བཞི་ཡོད་དེ་དཔག་ཚད་ལྔ་བཅུ་མཐའ་ཉིས་བརྒྱ་པའོ། །ཚལ་དེ༷་དག༷་གི༷་ནི༷་ ཕྱི་རོལ་གྱི་ཕྱོགས༷་བཞི༷་ན༷་དཔག་ཚད་ཉི༷་ཤུ༷ས་བར་བཅ༷ད་པ་ན༷། ཤར་ན་ས༷་གཞི༷་བཟང༷་པོ་སྣ་ཚོགས་ཅན་དང་། ལྷོ་ན་རྩུབ་འགྱུར་དང་། ནུབ་ན་འདྲེས་པ་ཅན་དང་། བྱང་ན་དགའ་བ་ཞེས་བྱ་བ་བཞི་ཡོད་ལ། ཚལ་དང་ཚད་སོགས་ཕན་ ཚུན་འགྲན་པ་ལྟ་བུ་ཡོད་དེ། དེ་ན་ལྷའི་དྲང་སྲོང་ཚངས་སྤྱོད་རྣམས་ཡོད་དོ། །གྲོང་དང་ཚལ་དང་ས་གཞིའི་བར་དུ་རྒྱུ་བའི་ལམ་སྲང་། ཞེང་དཔག་ཚད་ཕྱེད་གཉིས། ཆུར་ཉི་ཤུ་ཡོད་པ་ན། རྟ་གླང་། ཤིང་རྟ། ཁྱོགས་ སོགས་སྣ་ཚོགས་ཡོད་པས་ལྷ་རྣམས་འགྲོ་བའོ། །གྲོང་ཁྱེར་དེའི་བྱང༷་ཤར༷་མཚ༷མས་ན༷་ཡོངས༷་འདུ༷་ས་བརྟོལ་ལྗོན་པ་སྟེ༷། འདི་དང་ས་ལས་དཔག་ཚད་ལྔ་ཐུར་དུ་ཟུག་ལ། གདགས་པ་ལྟར་ལྔ་བཅུ་ཐུར་དུ་ཟུག །སྟེང་དུ་ དཔག་ཚད་བརྒྱ་འཕགས་པ། ཡལ་འདབ་ཀྱིས་དཔག་ཚད་ལྔ་བཅུ་ལྔ་བཅུར་ཁྱབ་པ། ཆུ་ཞེང་བརྒྱ་ལྔ་བཅུ་ལྔ་བཅུ་པ། མཐའ་སྐོར་བཞི་བརྒྱ་ལྔ་བཅུ་པ། དེའི་དྲིས་རྫི་ཕྱོགས་མིན་བར་ལྔ་བཅུ། རྫི་ཕྱོགས་སུ་བརྒྱར་ཁྱབ་ལ། འོད་ཀྱིས་ 3-1-94a དཔག་ཚད་བརྒྱད་ཅུར་གསལ་བའོ། །ཤིང་དེའི་དྲུང་ན། ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཆུ་ཞེང་དཔག་ཚད་ལྔ་བཅུ། མཐའ་ཉིས་བརྒྱས་འཁོར་བའི་གྲུ་བཞི་པ། འཕང་དུ་དཔག་ཚད་ཕྱེད་དྲུག་དང་དཔག་ ཚད་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་པ། བརྒྱ་རྩ་གཅིག་གིས་བཀྲ་བ་མེ་ཏོག་པུས་ནུབ་ལ་བརྒྱ་བྱིན་གྱི་སེང་ཁྲི་དང་ཉེ་དབང་སོགས་ཀྱི་སེང་ཁྲི་བཤམས་པའོ། །དབང་པོ་འཁོར་བཅས་དབྱར་ཟླ་བཞིར་དེར་འདོད་ཡོན་ལ་རྩེའོ། །གྲོང་ཁྱེར་གྱི་ལྷོ༷་ ནུབ༷་མཚ༷མས་ན༷་འདུན་ས་ཆོས་བཟང་སྟེ། དེར་ལྷ་རྣམས་འཁོད་ནས་བྱ་བ་དང་བྱ་བ་མིན་པ་བགྲོ་བ། ཆུ་ཞེང་དུ་དཔག་ཚད་སུམ་བརྒྱ། མཐའ་དགུ་བརྒྱ། ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་བཞི་གྱེན་དུ་འཕགས་པའི་སྟེང་ཐམས་ཅད་ ཤེལ་སྤྲིན་དཀར་ལྟར་དཀར་བ། རིན་པོ་ཆེ་སྣ་བཞིའི་ལན་ཀན་དང་། དབུས་ན་བཻ་ཌཱུཪྻའི་ཀ་བ་ཟུར་བརྒྱད་པ། བརྒྱ་བྱིན་གྱིས་ཆོས་སྟོན་པའི་གསེར་ཁྲི་ཡོད་ལ། དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གནས་པ་ན་དེའི་སྲུང་མ་རྒྱལ་ཆེན་ བཞིའི་གཡོག་དང་བུ་དང་རྒྱལ་པོ་ཆེན་པོ་རྣམས་གོ་རིམ་བཞིན་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད། བཅུ་བཞི། བཅོ་ལྔ་ལ་འཇིག་རྟེན་ཐམས་ཅད་ཉུལ་བས། ཆོས་མཐུན་མི་མཐུན་སྒྲོགས་ཤིང་ཆོས་དང་མཐུན་པ་ལ་བསྟོད་པ་དང་མི་མཐུན་པ་ལ་སྨོད་ ཅིང་ལྷ་མིའི་དོན་སེམས་སོ། །ལམ་སྲང་དཔག་ཚད་བཅུ་གཉིས་བཤད་པས། དེ་ལྟར་ན་གྲོང་ནས་དཔག་ཚད་བཅུ་གཉིས་ན་ཡོད་པ་འདྲའོ། །ལ་ལ་ན་བྱང་ཤར་ན་འདུན་ས་དང་། ཤིང་ཡོངས་འདུ་ནི་གྲོང་གི་ནང་ན་ཡོད་པར་བཤད་ལ་ 3-1-94b ཕྱོགས་མ་བཤད་དོ། །གཞན་ཡང་གཡུལ་ངོར་སྤྱོད་པའི་གླང་པོ་རབ་བརྟན། སྐྱེད་ཚལ་དུ་སྤྱོད་པའི་གླང་པོ་ས་སྲུང་གི་བུ་གཉིས་ཀའང་དཔག་ཚད་བདུན་པ། འཁོར་བརྒྱད་སྟོང་དང་། ཕལ་ཆེར་ནུབ་ཕྱོགས་ཀྱི་གླིང་ཕྲན་ ཁམ་བུ་ཅན་ཞེས་པར་ཡོད་པ། རྟ་རྒྱལ་སྤྲིན་གྱི་ཤུགས་ཅན་ཞེས་པ། འཁོར་བརྒྱད་སྟོང་བཅས་པ། ལྷའི་རྔ་སྡོམ་བཞི་སྟོན་པ། ཀྱེ་ལྷ་རྣམས་རྒྱལ། ལྷ་མིན་ཕམ་པར་འགྱུར་རོ། །ཞེས་ལྷ་མིན་གྱི་འཚོ་བ་ཞི་བའི་སྒྲ་འབྱུང་ བ་རྣམས་ཀྱང་ངོ༷་། །གསུམ་པ། སུམ་ཅུ་རྩ་གསུམ་དེ༷་ཡི་སྟེང༷་ན་འཐབ་བྲལ་སོགས་ལྷ༷་རྣམ༷ས་ཀྱི་གཞལ༷་མེ༷ད་ཁང༷་མཁའ་ལ་ཆགས་ཏེ། དེ་དག་ནི་འདོ༷ད་པ༷་ན་སྤྱོ༷ད་པ༷་ཡི་ལྷ་དྲུག༷་ཡི༷ན་ནོ༷། །གཉིས་པ་གནས་རིས་ཀྱི་ཁྱད་པར་ནི། རྒྱལ་ཆེན་དང་རྩ་གསུམ་པ་གཉིས་ནི་གཉི༷ས་ཀྱིས་གཉི༷ས་སྦྱོར་བ་དང་། འཐབ་བྲལ་དཔུང་པ་འཁྱུད༷་པ་ཙམ་དང༷་། དགའ་ལྡན་པ་ལག༷་བཅངས༷་དང༷་། འཕྲུལ་དགས་དགོད༷་པ་དང༷་། གཞན་འཕྲུལ་བས་བལྟས༷་པའི༷་སྒོ་ནས་འཁྲིག༷་པ༷་ སྤྱོད་པ་ཡི༷ན་ནོ། །རྒྱལ་ཆེན་བཞིར་འཛམ་གླིང་གི་བྱིས༷་པ༷་ལོ༷་ལྔ༷་ལོ༷ན་པ༷་ནས༷། རྩ་གསུམ་པ་ལོ་དྲུག །འཐབ་བྲལ་བདུན། དགའ་ལྡན་བརྒྱད། འཕྲུལ་དགའ་ལོ་དགུ། གཞན་འཕྲུལ་ལོ༷་བཅུ༷་ལོ༷ན་པ༷་ལྟ༷་བུའི༷་བར༷་གྱི་བོང་ཚད་ ཅན་གྱི་བུ་བུ་མོ་དེ༷་དག༷་ལྷ་ཕོ་མོའི་པང་དུ༷་རྫུས་ཏེ་སྐྱེའོ༷། །གཟུགས༷་ཅ༷ན་གྱི་ལྷ་རྣམ༷ས་ནི་བོང་ཚོད་ལུས་ཀུན༷་རྫོགས༷་ཤིང་ངོ་ཚ་ཁྲེལ་མེད་སྤངས་པས་གོས༷་དང༷་བཅས༷་པ༷་ཉི༷ད་སྐྱེ་བ་དང་། འཆི་ནའང་གོས་བཅས་འགགས་སོ། །གཟུགས་ཁམས་ལྷ་ 3-1-95a ཐམས་ཅད་རྫུན་སྤངས་ཕྱིར། བདེན་པར་སྨྲ་བ་འཕགས་པའི་སྐད་དུ་སྨྲ་བ་ཡིན་ནོ། །འདོ༷ད་པ༷་སྐྱེ༷་བ༷་གསུམ༷་པོ༷་མདོ་ལས་གསུངས་པ་དེ་ནི༷་འདོ༷ད་པ༷འི་ལྷ༷་དང༷་མིར༷་བཅ༷ས་པ་རྣམ༷ས་ཡིན་ཏེ། འདོད་པའི་མི་ནས་དགའ་ལྡན་ གྱི་བར་ནི་རྣམ་སྨིན་གྱི་འདོད་པ་ཉེ་བར་གནས་པ་དབང་ཕྱུག་གིས་སམ་བདག་པོའི་ཚུལ་གྱིས་ལོངས་སྤྱོད་པས་འདོད་པ་ཉེ་བར་སྐྱེའོ། །འཕྲུལ་དགའ་བ་རང་གི་སྤྲུལ་པ་ལ་དབང་བྱེད་པས་འདོད་པ་ཉེ་བར་སྐྱེའོ། །གཞན་འཕྲུལ་པ་གཞན་ འཕྲུལ་པ་ལ་དབང་བྱེད་པས་ཏེ། དེ་ཡང་ཇི་ལྟར་འདོད་པ་བཞིན་རང་གཞན་གཉིས་ཀས་སྤྲུལ་པ་ལ་ལོངས་སྤྱོད་དོ། །བདེ༷་བ༷་སྐྱེ༷་བ༷་གསུམ༷་པོ༷་ནི༷། བས༷མ་གཏན༷་དང་པོ་གསུམ༷་ལ༷་ནང་གསེས་གསུམ་རེ་སྟེ་ས༷་དགུ༷་ལ་བཤད་པ་ཡི༷ན་ཏེ། བསམ་གཏན་དང་པོ་འདོད་པས་དབེན་པ་ལས་སྐྱེས་པའི་བདེ་བ་དང་། གཉིས་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང་། གསུམ་པའི་གསུམ་ནི་དགའ་བ་མེད་པའི་བདེ་བ་ཡིན་པས་སོ། །དང་པོའི་ཁྱད་པར་ཅན་བཏང་སྙོམས་ཡིན་ པས་བདེ་སྐྱེས་མིན་ནོ་ཞེ་ན། བདེ་སོགས་ཕལ་ཆེ་བའི་དབང་དུ་བྱས་ཟེར། གོང་འོག་གི་བར་ཐག་ནི་གོང་མ་རང་གི་གན༷ས་ནས༷་གན༷ས་འོ༷ག་མ་འདོད་པའི་བར་ཐག་ཇི༷་སྲི༷ད་པ༷། གནས་དེ༷་ནས༷་དེ༷་ཡི༷་གོང༷་མའི་བར་དུའང་དེ༷་སྲི༷ད་ཡོད་དེ། རྩ་གསུམ་པ་ནས་ འཛམ་གླིང་དུ་བརྒྱད་ཁྲི་ཡོད་པ་བཞིན། རྩ་གསུམ་ནས་འཐབ་བྲལ་དུའང་བརྒྱད་ཁྲི་ཡོད་པ་སོགས་བཞིན་ནོ། །དེ་དག་ཏུ་འགྲོ་ན་རང་རྫུ༷་འཕྲུལ༷་དང་ལྡན་པའམ། དེ་ལྡན་གཞན༷་ལ་བརྟེན༷་ན་མ༷་གཏོགས༷་པ༷་ཁམས་དང་ས་འོག་མ་དེ༷་ 3-1-95b ད༷ག་གོང་དུ་འགྲོ་བ་དང་། གོ༷ང་མ༷་མཐོ༷ང་བ༷་དག་མེ༷ད་དེ། གོང་མ་མཐོང་བ་དག་ཀྱང་སྤྲུལ་པ་ཡིན་གྱི་དམན་ཡུལ་མཆོག་མིན་པས་འོག་མས་གོང་གཟུགས་མཐོང་བ་མིན་ནོ་ཞེས་ཟེར། བསམ་གཏན་བཞིའི་ཚད་ནི་རིམ་པར་གླིང་ བཞི་པ་དང་། སྟོང་ཆུང་ངུ་དང་། བར་མ་དང་། སྟོང་གསུམ་ག་དང་མཉམ་མམ། ཁ་ཅིག་དང་པོ་སོགས་བསམ་གཏན་གསུམ་ནི་སྟོང་ཆུང་ངུ་སོགས་དང་མཉམ་ལ། བཞི་པ་ཚད་མེད་དེ། འོག་གཞི་གཅིག་ཏུ་འབྲེལ་བ་མེད་པས་ སོ་ཟེར་རོ། །གཉིས་པ་སྟོང་གསུམ་གྱི་རྣམ་བཞག་སྤྱིར་བསྟན་པ་ནི། གླིང༷་བཞི༷་པ༷་དང༷་ཉི༷་ཟླ༷་དང༷་། རི༷་རབ༷་དང༷་ནི༷་རི་མཚོ་ཁོར་ཡུག་བར་དང་། འདོ༷ད་ལྷ༷་དྲུག་དང༷་། ཚངས༷་པའི༷་འཇིག༷་རྟེན༷་སྟོང༷་ལ༷་ནི༷། སྟོང༷་ནི༷་སྤྱི༷་ཕུད༷་ཀྱི་ འཇིག་རྟེན་གྱི་ཁམས་ཡི༷ན་པར༷་འདོ༷ད་ལ། སྤྱི་ཕུད་དེ༷་སྟོང༷་ལ༷་ནི༷། སྟོང༷་གཉི༷ས་པ༷་བར༷་མའི༷་འཇིག༷་རྟེན༷་ཁ༷མས་ཡི༷ན་ནོ༷། །བར་མ་དེ༷་སྟོང༷་ལ༷་ནི༷། སྟོང༷་གསུམ༷་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་སྟོང་གསུམ་མོ༷། །དེ་ལ་གླིང་བཞི་ནས་ ཚངས་པའི་བར་བྱེ་བ་ཕྲག་བརྒྱ་ཡོད་དོ། །སྟོང་ཆུང་ངུ་སོགས་གསུམ་ཡང་ཁོར་ཡུག་ལྕགས་རི་རེ་རེས་བསྐོར་ཏེ་གནས་སོ། །རྒྱ་ཆེར་རོལ་བ་ལས། འོག་མིན་མན་བྱེ་བ་ཕྲག་བརྒྱ་ལ་གསུངས་སོ། །སྟོང་གསུམ་པོ་དེ་དག་མཐར་མཉམ༷་དུ༷་འཇི༷ག་ ཅི༷ང་དང་པོ་མཉམ་དུ་ཆགས་ནས་འབྱུང༷་བ༷་ཡི༷ན་ནོ། །གཉིས་པ་སེམས་ཅན་གྱི་ཚད་བསྟན་པ་ལ། ལུས་ཚད་དང་། ཚེ་ཚད་གཉིས། དང་པོ། དམྱལ་སོགས་རྣམ་སྨིན་ལྕི་བ་ལུས་ཆེ་བ་སོགས་ངེས་པ་མེད་པས་ཚད་མ་བཤད་ལ། འཛ༷མ་བུ༷་གླིང༷་ 3-1-96a བ༷་རྣམ༷ས་ཀྱི༷་ལུས་ཚད༷་ཆེ་བ་རྣམས་ཁྲུ༷་བཞི༷་པ༷་དང་། ཆུང་བ་རྣམས་ཕྱེ༷ད་དང༷་བཞི༷་ཡིན་ལ། ཤར་གླིང་ཁྲུ༷་བརྒྱ༷ད་དང་། བ༷་ལང༷་སྤྱོ༷ད་ཁྲུ་བཅུ་དྲུག་དང༷་ནི༷་བྱང༷་སྒྲ་མི་སྙན་ཞེས༷་བྱ༷་བ༷་ཁྲུ་སོ་གཉིས་ཏེ་ཉིས༷་འགྱུར༷་གྱིས་བསྐྱེ༷ད་ པའོ། །འདོ༷ད་པ་དང༷་ལྡན༷་པའི༷་ལྷ༷་ཡི༷་ལུས༷་ནི་རྒྱལ་ཆེན་བཞི་རྒྱང་གྲགས་གཅིག་གི་བཞི༷་ཆ༷་ནས༷་ནི༷། གཞན་འཕྲུལ་རྒྱང༷་གྲགས༷་དག༷་ཕྱེ༷ད་དང༷་གཉི༷ས་ཀྱི༷་བར༷་དུ༷་བསྐྱེ༷ད་དོ། །འདིར་འཇལ་བྱེད་ཁྲུ་ནི། འོག་ནས་འཆད་འགྱུར་ལྟར་ཡིན་གྱི་རང་ཁྲུ་ནི་ མིན་ནོ། །སའི་དངོས་གཞི་ལས་རང་ཁྲུར་བཤད་དོ། །གླིང་གཞན་གྱི་ཚད་ཀྱང་འཛམ་གླིང་གི་ཁྲུའི་དབང་སྟེ་རང་ཁྲུ་ནི་བཞིའམ་ཕྱེད་ཡིན་ནོ་གསུངས། གླིང་ཕྲན་གྱི་མི་རྣམས་གཙོ་བོའི་ཕྱེད་ཙམ་ཡང་ཟེར། སའི་དངོས་གཞི་ལས། རྩ་ གསུམ་པ་རྒྱང་གྲགས་གཅིག་གི་བཞི་ཆ་གཅིག་དབང་པོ་བརྒྱ་བྱིན་དང་འཐབ་བྲལ་བ་རྒྱང་གྲགས་ཕྱེད་དོ་ཟེར། དེ་ཡན་བཞི་ཆ་རེས་ལྷག་གོ། གཟུགས༷་ཅ༷ན་དང༷་པོ་ཚངས་རིས་ནི་དཔག༷་ཚད༷་ཕྱེ༷ད་པ་ཡིན་ལ། དེ༷་ཡི༷་གོང༷་མ༷་མདུན་འདོན་ནི་དཔག་ཚད་ གཅིག་སོགས་ཕྱེ༷ད་ཕྱེ༷ད་ཀྱིས་བསྐྱེ༷ད་ལ། འོ༷ད་ཆུང༷་རྣམ༷ས་ཀྱི༷་ཕྱེད་གཉིས་སོ། །དེའི་ལྟག༷་ཚད་མེད་འོད་ཡན༷་ཆ༷ད། ལུས༷་ནི༷་ཉིས༷་འགྱུར༷་ཉིས༷་འགྱུར༷་ཏེ༷། ཚད་མེད་འོད་དཔག་ཚད་བཞི་ནས། དགེ་རྒྱས་དྲུག་ཅུ་རྩ་བཞི་སྟེ། འོན་ཀྱང་སྤྲིན༷་མེ༷ད་དཔག༷་ ཚད༷་གསུམ༷་དོར༷་བས་བརྒྱ་དང་ཉེར་ལྔ་དང་། བསོད་ནམས་སྐྱེས་ཕྱེད་སུམ་བརྒྱ། འབྲས་བུ་ཆེ་བ་ལྔ་བརྒྱ་ནས། འོག་མིན་ཁྲི་དྲུག་སྟོང་བར་རོ༷། །གཟུགས་མེད་ལུས་མེད་ལ། དེ་ན་སྤྲུལ་གཟུགས་ཡོད་པར་འདོད་པ་ལྟར་ནའང་ཚད་ངེས་པ་མེད་དོ། ། 3-1-96b གཉིས་པ་ལ། དངོས་དང་། ཞར་བྱུང་དུས་མིན་དུ་འཆི་བ་ཡོད་མེད་བསྟན་པ་གཉིས། དང་པོ་སྒྲ༷་མི༷་སྙན༷་ན༷་ཚེ༷་ལོ་སྟོང༷་སྟེ༷། ནུབ་དང་ཤར་གཉིས་ན་དེ་ལས་ཕྱེ༷ད་བྱེ༷ད་སྤངས༷་པས༷་ལྔ་བརྒྱ་དང་ཕྱེ༷ད་སུམ་བརྒྱའོ། །འཛམ་གླིང་འདི༷་ན༷་མ༷་ངེས༷་ཏེ། ཇི་ལྟར་ན། ཐ༷་མ༷ར་ནི༷་ལོ༷་བཅུ༷་དང་། དང༷་པོ༷་ནི་དཔག༷་ཏུ༷་མེ༷ད་པའི་བར་དུ་འཕེལ་འགྲིབ་ཡོད་པས་སོ། །མི༷་རྣམ༷ས་ཀྱི༷་ལོ༷་ལྔ༷་བཅུ༷་ཐམ་པ་ལ༷་འདོ༷ད་པ༷་ད༷ག་གི༷་ལྷ༷་རྣམ༷ས་ལ༷ས་འོ༷ག་མ༷་རྒྱལ་ཆེན་རིས་བཞི་དག༷་གི༷་ཉིན༷་ཞག༷་གཅི༷ག་ཏུ་བརྩིས་པས་རང་གི་ཞག་དེ་ སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོར་བྱས་པའི་ཚུལ་དེས༷་ན༷་དེ་དག་གི་ཚེ༷་ནི་རང་ལོ༷་ལྔ༷་བརྒྱ༷འོ༷། །གོང༷་མ༷་རྩ་གསུམ་པ་སོགས་ནི་ཞག་དང་ལོ་གཉི༷ས་ཀ༷་ཉིས༷་འགྱུར༷་རོ༷་སྟེ་མིའི་ལོ་བརྒྱ་ལ་ཞག་ཏུ་བརྩིས་པའི་ལོ་སྟོང་ཐུབ་པ་རྩ་གསུམ་པ་ཡིན་ ལ། མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་བརྩིས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་པ་གཞན་འཕྲུལ་གྱི་བར་དུའོ། །དང་པོ་རྒྱལ་ཆེན་བ་ལ་མི་ལོ་ས་ཡ་ཕྲག་དགུ་དང་། གཉིས་པ་ལ་ས་ཡ་ཕྲག་སུམ་ཅུ་རྩ་དྲུག་སོགས་སོ། །རྩ་གསུམ་པ་ཡན་ན་ཉི་ཟླ་ མེད་ཀྱང་། དུས་དབང་གིས་མེ་ཏོག་ཁ་ཟུམ་པ། བྱ་སྐད་མི་འབྱིན་པ། གཉིད་བྲོ་བ། མཚན་མོ་དེ་ལྡོག་ལ་ཉིན་མོར་འདོག་ལ་རང་འོད་ཀྱིས་སྣང་ངོ་། །ལྷ་མིན་ལུས་དང་ཚེ་ཚད་རྩ་གསུམ་ལྷ་དང་འདྲ་བར་བཤད་ལ། མི་ལོ་ལྔ་བརྒྱ་ལ་ཉིན་ ཞག་བྱས་པའི་རང་ལོ་ལྔ་སྟོང་སྒྲ་གཅན། མི་ལོ་དྲུག་བརྒྱར་ཉིན་ཞག་བྱས་པས་རང་ལོ་དྲུག་སྟོང་མགུལ་ཕྲེང་དང་བརྟན་པས་ཐུབ། བདུན་བརྒྱ་ལ་ཉིན་ཞག་བྱས་པས་རང་ལོ་བདུན་སྟོང་མེ་ཏོག་ཕྲེང་གིས་ཐུབ་པར་བཤད་ལ། ཐགས་བཟང་ལ་ཚེ་ཚད་ 3-1-97a མ་གསུངས་སོ། །གཟུགས༷་ཅ༷ན་གྱི་ཁམས་ན་ཉིན༷་མཚ༷ན་སོ་སོར་འབྱེད་པ་མེ༷ད་ལ། ཚེ༷་ནི༷་རང༷་ལུས༷་ཀྱིས་དཔག་ཚད་ལ་གཞལ༷་བའི༷་བསྐལ༷་པ༷་ཡིས༷་གྲངས་ཤེས་པར་བྱ་སྟེ། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། དེའི་གོང་མ་སོགས་ནས། སྤྲིན་མེད་བསྐལ་པ་གསུམ་དོར་བར་ཁ་བསྒྱུར་བས་འཐུས་སོ། །དོན་དུ་བར་བསྐལ་ལ་བརྩིས་ན་ཚངས་རིས་ཉི་ཤུ། མདུན་འདོན་བཞི་བཅུ་སོགས་སོ། །སའི་དངོས་གཞི་ལས། བར་བསྐལ་དེ་དག་ལ་བསྐལ་པ་ རེར་བཏགས་ཏེ། ཚངས་རིས་སོགས་བསྐལ་པ་རེ་ཐུབ་པར་བཤད་དོ། །གཟུག༷ས་མེ༷ད་རྣམས་ནི་བསྐལ༷་པ༷་སྟོང༷་ཕྲག༷་ནི༷་ཉི༷་ཤུ༷་ལྷག༷་པས༷་ལྷག༷་པ༷་ཡི༷ན་ཏེ། ནམ་མཁའ་མཐའ་ཡས་སྟོང་ཕྲག་ཉི་ཤུ། རྣམ་ཤེས་མཐའ་ཡས་བཞི་བཅུ། ཅི ཡང་མེད་པ་དྲུག་ཅུ། ཡོད་མིན་མེད་མིན་བརྒྱད་ཅུའོ། །བསྐལ་པ་དེ་ཡང་འོ༷ད་ཆུང༷་ནས༷་བཟུང༷་སྟེ་དེ་ཡན་བསྐལ༷་ཆེན༷་ཏེ༷། དེ༷་ཡི༷་འོ༷ག་མ༷་ཚངས་ཆེན་མན་ཆད་བསྐལ་ཆེན་དེའི་ཕྱེ༷ད་བར་བསྐལ་བཞི་བཅུ་ལ་བསྐལ་པར་བཏགས་པ་དེ་ཡི༷ན་ནོ༷། ། ཡང༷་སོ༷ས་ལ༷་སོ༷གས་དང་པོ་དྲུག༷་པོ་རིམ༷་བཞིན༷། འདོ༷ད་ལྷའི༷་ཚེ༷་ཇི་ཙམ་པ་དང༷་ཡང་སོས་ཀྱི་ཉི༷ན་ཞག༷་མཉམ༷་སྟེ། རྒྱལ་ཆེན་བཞིའི་ཚེ་ཚད་རང་ལོ་ལྔ་བརྒྱ་ལ་ཡང་སོས་ཀྱིས་ཞག་གཅིག་ཏུ་བརྩི་བ་ལ་སོགས་རང་གི་ཞག་སུམ་ཅུ་ལ་ཟླ་བ། ཟླ་བ་ བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པ་དེས༷་ན༷་ཡང་སོས་སོགས་དེ༷་དག༷་རྣམ༷ས་ཀྱི༷་ཚེ༷་ཚད་རང་ལོ་ལྔ་བརྒྱ། སྟོང་ཉིས་སྟོང་སོགས་སུ་བརྩི་ཚུལ་འདོ༷ད་པ༷འི་ལྷ༷་དང༷་འདྲ༷་བ༷་ཡི༷ན་ནོ། །རབ༷་ཏུ༷་ཚ༷་བ་བར་བསྐལ་ཕྱེ༷ད་ཐུབ་ལ་མནར༷་མེ༷ད་ནི༷་བར༷་གྱི་བསྐལ༷་ 3-1-97b པ༷་གཅིག་ཐུབ་པའོ༷། །དུད༷་འགྲོ༷་རྣམ༷ས་མཆོག༷་ཏུ་ཚེ་རིང༷་བ་རྣམས་བར་བསྐལ༷་གཅིག་ཡིན་པ༷་ནི་ཀླུ་བརྒྱད་དེ་དགའ་བོ་སོགས་སོ། །དུད་འགྲོ་ཤིན་ཏུ་ཚེ་ཐུང་བ་ཡུད་ཙམ་རེ་རེའི་ཚད་ཀྱང་ཡོད་པའོ༷། །ཡི༷་དྭགས༷་རྣམ༷ས་མིའི་ཟླ་སྟོད་ལ་ཉིན་མོ་ སྨད་ལ་མཚན་མོར་བྱས་པས་ཟླ༷་བ༷་གཅིག་ལ། ཉི༷ན་ཞག༷་གཅིག་གི༷་གྲངས་སུ་བརྩིས་པས་རང་ལོ་ལྔ༷་བརྒྱའོ༷། །ཏིལ༷་གྱིས་སྦྱང༷ས་པ་ཞེས་པ་མ་ག་དྷའི་བྲེ་ཏིལ་ཁལ་བརྒྱད་ཅུས་གང་བ་དེའི་ཚད་དོ། །དེའི་ནང༷་ནས༷་མིའི་ལོ༷་བརྒྱ༷་རེ་ཞིང༷་ ཏིལ༷་གཅི༷ག་ཕྱུང༷་བས༷་ཏིལ་དེ་དག་ཟ༷ད་པར་གྱུར༷་པ༷་ནི༷་ཆུ༷་བུར༷་ཅ༷ན་གྱི༷་ཚེ༷་ཚད༷་ཡི༷ན་ཏེ། ཆུ་བུར་རྡོལ་སོགས་གཞན༷་གྱི༷་ཚེ༷་ནི༷་ཉི༷་ཤུས༷་བསྒྱུར༷་བའི་འགྱུར་གྱིས་ཕྱི་མ་ཕྱི་མ་རིང་ངོ་། །གཉིས་པ། སྒྲ༷་མི༷་སྙ༷ན་ཚེ་ལོ་སྟོང་དུ་ངེས་པ་དུས་མིན་འཆི་བ་ མེད་པ་མ༷་གཏོག༷ས་པ༷ར་གཞན་ནི་ཚེ་ཚད་མིན་ཀྱང་འཆི༷འོ། །གཞན་ཡང་འདིར་མ་སྨོས་པ་གདགས་པ་ལས་གསུངས་པ་ཆོས་གང་ཞིག་ཁམས་གོང་འོག་ན་ཡོད་མེད་ཀྱི་ཁྱད་པར་བཀྲེས་སྐོམ། ཟླ་མཚན་སྦྲུམ་མ་བུ་བཙའ་བ་གླིང་བཞི་ན་ ཡོད། ཁུ་བ་འབྱུང་བ་མི་རྣམས། ལྷ་རྣམས་རླུང་གཏོང་བས་འདོད་པ་སེལ་བ་སོགས་སོ། །གཉིས་པ་འཇལ་བྱེད་ཀྱི་ཚད་བཤད་པ་ལ། ཕྲ་བའི་མཐའ་ངོས་བཟུང་བ་དང་། དེ་བསགས་པའི་འཇལ་བྱེད་དུ་འགྱུར་ཚུལ་གཉིས། དང་པོ། གཟུགས༷་དང་མི༷ང་དང་དུས༷་ཀྱི་ཆུང་མཐའ༷་ནི་རིམ་པར༷་རྡུལ་ཕྲ་རབ་དང་། ཡི༷་གེ་སིལ་བུ་དང༷་། སྐ༷ད་ཅི༷ག་ཆ་མེད་ཡིན་ནོ། །གཉིས་པ་ལ་ཡུལ་གྱི་འཇལ་བྱེད་དང་། དུས་ཀྱི་འཇལ་བྱེད་གཉིས། དང་པོ། ཕྲ༷་རབ༷་ཀྱི་རྡུལ༷་དང༷་ནི༷་དེ་བདུན་ལ་ 3-1-98a རྡུལ༷་ཕྲན༷་དང༷་ནི༷་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་ཡིན་པ་དེ༷་བཞིན༷་དུ༷་རིམ་པར་བདུན་འགྱུར་གྱིས་ལྕགས༷་ཆུ༷་རི༷་བོང༷་ལུག༷་རྡུལ༷་དང༷་། གླང༷་དང༷་ཉི༷་ཟེར༷་རྡུལ༷་དང༷་སྲོ༷་མ༷་དང༷་། དེ༷་ལས་བྱུང༷་བ་ཤིག་དང༷་། དེ༷་བཞིན༷་དུ༷་ ནས་དང་སོར༷་ཚིགས༷་ཞེས༷་བྱ༷་བ་རྣམས་གོང་ནས་གོང༷་དུ་བདུན༷་བདུན་དུ་འགྱུར༷་རོ། །གདགས་པ་དང་རྒྱ་ཆེར་རོལ་པ་ལས། མིང་དང་བརྩི་ཚུལ་སོ་སོར་གསུངས་མོད་ཀྱི་དོན་དུ་རྡུལ་ཕྲ་རབ་ཆུང་ཤོས་ལས་བརྩམས་དགོས་སོ། །སོར༷་མོ༷་ ཉི༷་ཤུ༷་རྩ་བཞི༷་ལ༷་ཁྲུ༷་གང་ངོ་། ཁྲུ༷་བཞི༷་ལ༷་ནི༷་གཞུ༷་འདོམ༷་གང༷་ངོ༷་། །འདོམ་དེ༷་དག༷་ལྔ༷་བརྒྱ༷་རྣམ༷ས་ལ༷་ནི༷་རྒྱང༷་གྲགས༷་དང་། གྲོང་ལས་དེ༷་དཔག་པ་ལ༷་དགོན༷་པར༷་འདོ༷ད་དེ། རྒྱང་གྲགས་དེ༷་བརྒྱ༷ད་ལ་དཔག༷་ཚད༷་ཅེས༷་བྱ༷འོ༷། །གཉིས་པ་དུས་ ལ་སྤྱིར་བསྟན་པ་དང་། བསྐལ་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དུས་ནི་རྡུལ་ཕྲ་རབ་བླ་འོག་འཛུར་བའི་དུས་སམ། རྒྱུ་ནུས་པ་ཐོགས་པ་མེད་པའི་དུས་ཞེས་དཔེར་མཛད་མོད་ཀྱི། མངོན་པ་བ་རྣམས་སྐྱེས་བུ་སྟོབས་ལྡན་ གྱིས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདའའོ། །ཞེས་ཟེར་བ། དེ་ལྟ་བུའི་སྐ༷ད་ཅི༷ག་མ༷་བརྒྱ༷་ཉི༷་ཤུ༷་ལ༷་ནི་དེ༷་ཡི༷་སྐད་ཅིག་དང་དེའི་སྐ༷ད་ཅི༷ག་དེ༷་དག༷་ཀྱང༷་དྲུག༷་ཅུ༷་ལ༷་ནི༷་ཐང༷་ཅི༷ག་གོ༷། ཐང་ཅིག་སུམ་ཅུ་ལ་ཡུད༷་ཙམ༷་ གཅིག་དང་། དེ་སུམ་ཅུ་ལ་ཉི༷ན་ཞག༷་དང་། དེ་སུམ་ཅུ་ལ་ཟླ༷་བ་སྟེ། དེ་གསུམ༷་ནི༷་གོང༷་ནས༷་གོང༷་དུ༷་སུམ༷་ཅུ༷་འགྱུར༷་རོ༷། །ཟླ་བ་ཐམས་ཅད་ཞག་སུམ་ཅུ་ཁོ་ནར་མི་ངེས་ཏེ། ཞག་མི་ཐུབ་ཅེས་པ་གནམ་ཟླས་ས་ཟླའི་དོད་མི་ཐུབ་པ་ཡིན་ལ། མི་ 3-1-98b རུང་བའི་རྒྱུ་མཚན་ཆོས་ཉིད་ཡིན་པས། ཁོ་བོས་མ་དཔྱད་ལ་གཞན་གྱིས་དཔྱད་པའང་ཇི་བཞིན་དུ་མི་སྣང་ཞེས་མཆིམས་ཆེན་ན་གསུངས། ཞག༷་མི༷་ཐུབ༷་པ་དྲུག་པོ་དང༷་བཅས༷་ཞེས་དྲུག་ཆད་པ༷་དང་བཅས་ཏེ་མི་ཐུབ་པ་ཆད་པ་ཡི༷་དོན་ཡིན་ པས། དེ་འདྲ་བའི་ཟླ༷་བ༷་དྲུག་དང་ཐུབ་པ་དྲུག་བཅས་བཅུ༷་གཉི༷ས་ལ༷་ལོ༷་གཅི༷ག་གོ་ཞེས་བཞག་གི་དངོས་སུ་ཉིན་ཞག་སུམ་ཅུ་ཚང་བའི་ཟླ་བ་བཅུ་གཉིས་མིན་ནོ། །ཞེས་སོ། །དེ་ལྟ་ན་ལོ་ལྔ་ལྔ་ན་ཟླ་བཤོལ་འབྱུང་ཡང་། ལོ་གསུམ་ན་འདོར་བ་ ཤིན་ཏུ་ཞིབ་པར་རྒྱལ་པོ་དང་མཐུན་པར་འདོར་ཅིག་ཅེས་བཀའ་སྩལ་པ་ཡིན་ལ། དང་པོ་ནི་རགས་པའི་དབང་དུ་མཛད་པའོ། །གཉིས་པ་ལ་འཇིག་ཆགས་གནས་སྟོང་བསྐལ་ཆེན་ལྔ་བཤད་པ་དང་། དེ་དག་གི་ཞར་བྱུང་བཤད་པ་ གཉིས། དང་པོ། ཆགས་གནས་འཇིག་སྟོང་། བར་བསྐལ་བསྐལ་ཆེན་ཏེ། བསྐལ༷་པ༷་རྣམ༷་པ༷་མང༷་དུ་བཤ༷ད་པ༷། དེ་དག་ནི་འདི་ལྟར་འཇི༷ག་པ༷འི་བསྐལ༷་པ༷་ཞེས་བྱ་བ་ནི་དམྱལ༷་བ༷་པ་ཡི༷་སྲི༷ད་པ༷་མེ༷ད་ནས༷་མགོ་བརྩམས་ཏེ་སྣོ༷ད་ཟ༷ད་པའི༷་ བར་དེའོ། །བར་བསྐལ་ཉི་ཤུ་རྫོགས་རྗེས་མནར་མེད་དུ་གསར་དུ་མི་སྐྱེ། སྐྱེས་པ་ལས་ཟད་པ་འཕོ་ལ། མ་ཟད་པ་ཞིང་གཞན་གྱི་དམྱལ་བར་འཕོས་ནས་སོ། །ཚུལ་དེ་འདྲས་ཡི་དྭགས་དང་དུད་འགྲོ་སྟོང་ངོ་། །འཛམ་གླིང་པས་ ཆོས་ཉིད་ཀྱི་བསམ་གཏན་དང་པོ་ཐོབ་སྟེ་དང་པོར་སྐྱེ་བ་དེ་བཞིན་གླིང་གསུམ་དང་འདོད་ལྷ་ཡང་ངོ་། །དེ་ནས་བསམ་གཏན་དང་པོ་རྣམས་ཀྱང་གཉིས་པའི་ཏིང་འཛིན་ཐོབ་ནས་གཉིས་པར་སྐྱེ་ལ། མེས་འཇིག་ན་དེ་ཙམ་དང་། མིན་ན་བསམ་ 3-1-99a གཏན་གཉིས་པ་དང་གསུམ་པ་ཡང་བཞི་བར་སོང་ནས་སྟོང་རྗེས་སྣོད་འཕེན་པའི་ལས་ཟད་ནས། སྣོད་འཇིག་པ་བར་བསྐལ་གཅིག་གོ། མེ་བདུན་ནི་ཉི་མ་བདུན་གྱིས་རིམ་པས་བསྲེགས་པ་དང་དེ་ཡང་རང་སའི་ མེས་ཡིན་གྱི་འདོད་མེས་མི་ནུས་སོ། །དེ་བཞིན་རང་སའི་ཆུ་དང་། རླུང་གིས་བཀྲུ་འཐོར་བྱས་ཏེ། ས་ཀུན་གྱི་ཆུ་རླུང་འབྲེལ་ཏེ་འཇིག་བྱེད་ཀྱང་རང་ཞིའོ། །འཆ༷གས་པ༷་ནི་ཞིག་རྗེས་དང་པོར་བསམ་གཏན་དང༷་པོའི༷་འོག་གཞིར་རླུང༷་ ཆགས་པ་ནས༷་ནི༷་དམྱལ༷་བ༷་མནར་མེད་པའི་སེམས་ཅན་གྱི་སྲི༷ད་པ་གཅིག་ཆགས་པའི༷་བར༷་དུ༷འོ༷། །དེ་ཡང་ཐ་མར་འཇིག་པ་གང་ཡིན་པ་དང་པོར་ཆགས་ལ། སྣོད་མཁའ་ལ་བརྟེན་པ་རྣམས་ཡས་ནས་མར་ཆགས་ཤིང་། ས་ལ་བརྟེན་ པ་རྣམས་མས་ནས་ཡར་ཆགས་ལ། བཅུད་ནི་རྣམ་པ་ཀུན་ཏུ་ཡས་ནས་མར་རོ། །བར༷་གྱི༷་བསྐ༷ལ་པ༷་ཞེས་པ་ནི་འཛམ་གླིང་མི་རྣམས་ཀྱི་ཚེ་ལོ་དཔ༷ག་མེ༷ད་ན༷ས་ཕྲི་བའི་མགོ་བརྩམས་ནས་བརྒྱད་ཁྲི་བར་འཆགས་པ་ཡིན་ལ། དེ་ནས་ཚེ༷་ལོ༷་ བཅུ༷་པའི༷་བར༷་དུ༷་ཕྲི་བའི་མཐའ་བར་བར་བསྐལ་དང་པོའོ༷། །དེ་ནི་བར་བསྐལ་དངོས་སོ། །དེ༷་ནས༷་ཡར༷་བརྒྱད་ཁྲི་བར་སྐྱེ་ལ༷་མར༷་བཅུ་པའི་བར་འབྲི༷་བའི༷་ཟུང་སྦྱར་བའི་བསྐལ༷་པ༷་གཞན༷་ན༷་བཅོ༷་བརྒྱ༷ད་དང༷་། ཡང་ཡར༷་སྐྱེ༷་བ༷་ནི༷་བར་གྱི་བསྐལ་ པ་གཅི༷ག་ཡི༷ན་ཏེ༷། ཡར་སྐྱེ་བ་དེ༷་དག༷་ཚེ༷་ནི༷་བརྒྱ༷ད་ཁྲིའི༷་བར༷་དུ་འཕེལ་གྱི་དེ་ལས་ལྷག་པར་མིན་ནོ། །དང་པོ་འགྲིབ་པ་ཡ་གཅིག་དང་། ཐ་མ་འཕེལ་བ་ཡ་གཅིག་ལ། བར་ཁུག་འཕེལ་འགྲིབ་ཟུང་རེ་ཡིན་ཀྱང་། དེ་དག་ཚད་ 3-1-99b མཉམ་སྟེ། བར་མའི་འཕེལ་འགྲིབ་མྱུར་ལ། ཐོག་མཐའ་འགྲོ་བ་བུལ་བས་སོ། །སའི་དངོས་གཞི་ལས་ནི། འཕེལ་འགྲིབ་བཞི་བཅུ་ལ་གནས་བསྐལ་པ་བྱས་པས། ཐོག་མཐའ་ལ་ཟུང་ཡོད་པར་བཤད་དོ། ། དེ༷་ལྟར༷་འཇི༷ག་རྟེན༷་སྔར་ཆགས༷་པ༷་འདི༷། བར༷་གྱི༷་བསྐལ༷་པ༷་ཉི༷་ཤུར༷་གན༷ས་པ་ནི་གནས་པའི་བསྐལ་པའོ། །འཆ༷གས་པ༷་དང༷་ནི༷་འཇིག༷་པ༷་དང༷་། ཞིག༷་ནས༷་སྟོང་སྟེ་འདུག༷་པ༷་དག༷་བར་བསྐལ་ཉི་ཤུ་རེར་མཉམ༷་མོ༷། །དེ་ལྟར་བར་ བསྐལ་དེ༷་དག༷་བརྒྱ༷ད་ཅུ༷་ལ༷་ནི་བསྐལ༷་ཆེན༷་གཅིག་ཅེས་བྱ་ལ། བསྐལ་པ་ནི་ཕུང་པོ་ལྔས་བསྡུས་པར་བཤད་དོ། །གཉིས་པ་ལ། བསྐལ་ཆེན་དང་བསྐལ་པ་འཕེལ་འགྲིབ་ཀྱི་ཞར་བྱུང་། བར་བསྐལ་གྱི་ཞར་བྱུང་། འཇིག་བསྐལ་གྱི་ཞར་བྱུང་གསུམ། དང་པོ་ལ། སངས་རྒྱས། རང་རྒྱལ། འཁོར་བསྒྱུར་འབྱུང་ཚུལ་གསུམ། དང་པོ། བསྐལ་ཆེན་དེ༷་གྲངས༷་མེ༷ད་གསུམ༷་དུ་ཚོགས་བསགས་པ་ལ༷ས་སངས༷་རྒྱ༷ས་འབྱུང༷་ངོ༷་། ། དེ་ཡང་བརྒྱད་ཁྲི་ནས་མར༷་ནི༷་འགྲིབ༷་པ༷་ཡི༷་བརྒྱ༷་ཡི༷་བ༷ར་ལ༷་སངས་རྒྱས་དེ༷་དག༷་འབྱུང༷་ངོ་། །དེ་ལ་གྲངས་མེད་ནི་གཅིག་བཅུ་སོགས་གྲངས་གནས་དྲུག་ཅུའི་ཐ་མ་དེའོ། །དེའང་བར་ནས་བརྒྱད་ནི་མིང་མ་རྙེད་པས། དུང་ཕྱུར་མན་ ཆད་དག་ཏུ་ནི་གང་ཡང་རུང་བ་བརྒྱད་བསྣན་ནོ། །ཞེས་སོ། །བྱང་ས་ལས་བསྐལ་ཆེན་ལ་ཉིན་མཚན་ཟླ་བ་ཟླ་ཕྱེད་དུ་བགྲངས་པའི་ཚད་མེད་པ་ཡོད་པས། མདོ་ལས། གྲངས་མེད་མང་ཞིག་གིས་ཐོབ་པ་དེ་ལ་དགོངས་ 3-1-100a ལ། གསུམ་གསུངས་པ་བསྐལ་ཆེན་གྱི་དབང་དུའོ་གསུངས། བྱེ་སྨྲ་ལྟར་ན་གྲངས་མེད་གསུམ་ཀ་ཚོགས་ལམ་དུ་འདའ་དགོས་ལ། ཐེག་ཆེན་ལྟར་ན། མོས་སྤྱོད། མ་དག །དག་ ས་གསུམ་ལ་སྦྱར། བརྒྱད་ཁྲི་ཡན་སྐྱོ་བ་མེད་པ་དང་། བརྒྱ་མན་སྙིགས་མ་ལྔ་བདོ་བས་སངས་རྒྱས་རྣམས་མི་བྱོན་ཟེར། དེ་ཡང་སྲོག་རྒུད་པ་ཚེའི་སྙིགས་མ། ལོངས་སྤྱོད་རྒུད་པ་དུས་ཀྱི་སྟེ་འབྲས་བུ་རོ་ནུས་མཐུ་ཆུང་ བས་སོ། །ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་ཀྱི་སྙིགས་མ། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ། ལུས་རྒུད་པ་སེམས་ཅན་གྱི་སྙིགས་མའོ། །གཟུགས་བློ་ནད་མེད་སོགས་ཉམས་པའི་ངན་སྙིགས་ལྟ་ བུ་ཡིན་པས་སོ། །དེ་ཡང་བསྐལ་པ་འདིའི་དབང་དུ་བྱས་ཀྱི་གཞན་དུ་མ་ངེས་ཏེ། བསྐལ་པ་འགའ་ཞིག་བརྒྱད་ཅུ་སོགས་ལས་རིང་བས་སོ། །གཉིས་པ། རང༷་སངས༷་རྒྱས༷་རྣམ༷ས་སངས་རྒྱས་མི་བཞུགས་པའི་ཞིང་དུ་འཕེལ་འགྲིབ་ གཉི༷ས་ཀ༷་ལ༷་འབྱུང་ཞིང་། རང་རྒྱལ་བསེ༷་རུ༷་ལྟ་བུས་བསྐ༷ལ་པ༷་ཆེན་པོ་བརྒྱ༷་ལ་བདེན་བཞི་རྟེན་འབྲེལ་དགེ་བཅུ་རྣམས་ནི་རྟོགས་པ་ཡི༷་རྒྱུས༷་འཐོབ་པའོ། །གསུམ་པ། འཁོར༷་ལོས༷་བསྒྱུར༷་བའི༷་རྒྱལ་པོ་འབྱུང༷་བ༷་ནི༷། མི་ཡི་ཚེ་ ལོ་སྟོང༷་ཕྲག༷་བརྒྱ༷ད་ཅུ༷་ལ༷ས་མི༷་འཕྱི༷་བར་འབྱུང་ལ། དེ་ཡན་ལ་ནི་མི་འབྱུང་སྟེ། དཔག་མེད་ནས་འབྱུང་བ་དང་། དེ་མན་ཆད་དུ་བསོད་ནམས་མི་ཆུད་པས་སོ། །སྟོབས་ཀྱི་འཁོར་བསྒྱུར་ནི་བརྒྱད་ཁྲི་ཕྱིན་ལ་འབྱུང་སྟེ། ཀ་ནི་ཀ་ 3-1-100b སོགས་སོ། །འཁོར་བསྒྱུར་ནི་འཛམ་གླིང་གི་རྟེན་ཅན་དུ་ངེས་སོ། །དེ་ཡང་གསེར༷། དངུལ༷། ཟ༷ངས། ལྕགས༷་ཀྱི་འཁོར༷་ལོ༷་ཅ༷ན་དང་བཞི་ཡིན་ལ། དེའི་ཚད་ཀྱང་འཁོར་ཡུག་ཏུ་རྒྱང་གྲགས་བཞི་དང་གསུམ་དང་གཉིས་དང་གཅིག་ཅན་དུ་ གསུངས་སོ། །དེ༷་དག༷་ཀྱང་འཛམ་གླིང༷་གཅི༷ག་དང་། ལྷོ་ཤར་གྱི་གླིང༷་གཉི༷ས་དང༷་། བྱང་མ་གཏོགས་གསུམ༷་དང༷་། བཞི༷་ལ༷་མས༷་རིམ༷་བཞི༷ན་དབང་ངོ་། །ཡུལ་གཅིག་དུས་ལྷན༷་ཅི༷ག་འཁོར་བསྒྱུར་གཉི༷ས་འབྱུང་བ་མིན༷་ཏེ་འགྲན་ཟླ་མེད་པའི་ལས་ བསགས་པས་སོ། །དཔེར་ན་སངས༷་རྒྱས༷་གཉིས་འཇིག་རྟེན་གཅིག་ན་དུས་གཅིག་ཏུ་མི་འབྱུང་བ་བཞིན༷་ནོ། །སངས་རྒྱས་གཉིས་ལྷན་ཅིག་མིན་པའང་བྱེ་སྨྲས་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་གཅིག་ལས་མི་འབྱུང་སྟེ། གཅིག་གིས་འདུལ་མི་ནུས་པ་ གཞན་གྱིས་ཀྱང་འདུལ་མི་འོས་ལ། སངས་རྒྱས་མཁྱེན་བརྩེ་ནུས་པ་ཐོགས་བཅས་སུ་ཐལ་བས་སོ། །ཕལ་ཆེན་སྡེ་སོགས་དེ་འཇིག་རྟེན་ཁམས་གཅིག་གི་དབང་དུ་སྟེ། གཞན་ཤར་སོགས་ན་སངས་རྒྱས་དུ་མ་ཡོད་པར་གསུངས་པས་སོ་ཟེར། གསེར་འཁོར་ཅན་ ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཕས༷་བསུ༷་བ་དང་། དངུལ་ཅན་ཡུལ་འཁོར་དུ་རང༷་འགྲོ༷་བ་དང་། ཟངས་ཅན་གཡུལ༷་བཤམ༷ས་པ་དང༷་། ལྕགས་ཅན་མཚོན༷་བརྩམས༷་པས་ཕྱོགས་ལས་རྒྱལ༷་གྱི་སེམས་ཅན་ལ་གནོ༷ད་པ༷་ནི་མེ༷ད་དོ། །དེ་ཡང་འཁོར་བསྒྱུར་ལ་ ཡོ་བྱད་ཕུན་སུམ་ཚོགས་པ། འཁོར་ལོ་རིན་པོ་ཆེ་དང་དེ་བཞིན་དུ་གླང་པོ་དང་རྟ་དང་ནོར་བུ་དང་བཙུན་མོ་དང་ཁྱིམ་དག་དང་བློན་པོ་སྟེ་རྒྱལ་སྲིད་རིན་པོ་ཆེ་བདུན་དང་། ཉེ་བའི་རིན་ཆེན་བདུན་ཡང་། རལ་གྲི། པགས་པ། མལ་ཆ། ཚལ། ཁྱིམ། གོས། ལྷྭམ་ 3-1-101a མོ། །ལུས་ཕུན་ཚོགས་སྐྱེས་བུ་ཆེན་པོར་མཚོན་པའི་མཚན་སུམ་ཅུ་ཡང་ཡོད་དེ། མཛོད་སྤུ་དང་། གཙུག་ཏོར་མ་གཏོགས་སོ། །དེ་ལ་ཐུབ༷་པའི་མཚ༷ན་ནི་། སོ་སོའི་གནས་སམ་། གནས་ཡུ༷ལ་ན༷་མ་ འཆོལ་བར་གན༷ས་པ༷་དང༷་། གས༷ལ་ལ༷་ཡོངས་སུ་རྫོགས༷་པས༷་ཁྱད་པར་འཕ༷གས་པ༷་ཡི༷ན་ནོ། །དེའི་སྐྱེ་རྒྱུ་ནི་སྔར་མེད་པའི་ས་ཕྱོགས་སུ་མཆོད་རྟེན་བརྩིགས་པ། གླེགས་བམ་བྲི་བ། ཆོས་འཁོར་བྱེད་སོགས་ཡིན་ནོ། །གཉིས་ པ་ལ། བསྐལ་པ་འགྲིབ་ཚུལ་དང་རྫོགས་ཚུལ་གཉིས། དང་པོ། སྔར༷་བྱུང༷་བའི་མིའི་སེམ༷ས་ཅ༷ན་ཀྱང་གཟུགས༷་ཅ༷ན་གྱི་ལྷ་བཞིན༷་ཏེ། སྔར་འཇིག་རྟེན་ཆགས་ནས་རིང་པོ་མ་ལོན་པ་ན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ ཆར་བབས་པས། ས་ཆེན་པོ་འདི་ཆུས་གང་བ། རླུང་གིས་བསྡུས་ཤིང་འཐས་པར་བྱས་པས་སའི་སྟེང་དུ་སའི་རོའམ་བཅུད་ཁ་དོག་མར་གསར་འདྲ་བ། རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུ་དྲི་ཕུན་ཚོགས་ཆགས་སོ། ། བསྐལ་པ་དང་པོའི་མི་ལ་ཕོ་མོ་སོགས་མེད་པས། ཐམས་ཅད་སྤྱི་མིང་དུ་སེམས་ཅན་ཞེས་གྲགས་སོ། །དེ༷་ན༷ས་རིམ༷་གྱིས༷་སེམས་ཅན་རོ༷་ལ༷་བརྐམས་ཤིང་ཆགས༷་པ་ཞིག་གིས་སའི་རོ་བསྣོམ་ཞིང་ཟོས་པས། འོད་ནུབ་ནས་ ཆོས་ཉིད་ཀྱིས་ཉི་ཟླ་ཕྱུང་ངོ་། །ཟས་མང་པོ་དང་ཉུང་ངུ་ཟོས་པས་ཁ་དོག་ངན་པ་དང་བཟང་པོ་བྱུང་ལ། བཟང་པོར་སྙེམས་ཤིང་ངན་པ་ལ་བརྙས་པས་རོ་དེ་ནུབ། དེ་ནས་སའི་ཞག་དྲི་རོ་སྔ་མ་འདྲ་བ་བྱུང་སྟེ་དེ་ཡང་ནུབ། 3-1-101b དེ་ནས་འབྲས་མྱུ་གུའི་ཚལ་བྱུང་བ་དེ་ཡང་ཟད་ནས། མ་རྨོས་པའི་འབྲས་ས་ལུ་སོར་བཞི་པ་བྱུང་། ཤུན་པ་མེད་དོ། །དེས་ཕོ་མོའི་ལམ་དོད། མི་གཙང་བ་བྱུང་། དེ་ཚེ་འདོད་པ་ལ་ཞུགས། ཁྱིམ་བྱས། མ་རྨོས་ པའི་འབྲས་དེ་ནམ་འདོད་དུ་ལེན་ཙ་ན། ལེ༷་ལོ༷་ཅན་གྱིས་ལེ་ལོའི་དབང་གིས་བསོ༷གས་འཇོག༷་བྱས༷་ནས༷་ནི༷་ཕུབ་ཤུན་བྱུང་ཞིང་། བརྔས་ཤུལ་ཡང་མངོན་ལ། དེ་ནས་མ་མཐུན་པས་སོ་སོར་རང་བདག་ཏུ་ཡོངས་སུ་འཛིན༷་པ་ དང་བཅས༷་པ་རྣམ༷ས་ཀྱིས༷། ཞིང༷་བགོས་ཏེ་གནས་ཕན་ཚུན་བརྐུ་བ་ན། དེ་ཚར་གཅོད་ཕྱིར་ཚོགས་ནས་དེ་དགག་ཕྱིར་རང་བཞིན་བཟང་པོ་ཞིག་ཞིང༷་གི་དཔོན༷་དུ་བསྟབས༷་ཤིང་བསྐོས་ནས་ལོ་ཏོག་གི་དྲུག་ཆ་འབུལ་ བར་བྱས་ཏེ། རྒྱལ་པོ་མང་པོས་བཀུར་བ་ཞེས་བྱའོ། །དེ་ཡང་ཚུལ་མཐུན་སྤྱོད་ཤེས་པ་གཞན་མགུ་བར་བྱེད་པས། རྒྱལ་པོ་དང་། ཞིང་རྣམས་ཀྱི་བདག་པོར་གྱུར་ཅིང་། ཕོངས་པ་ལས་སྐྱོབས་པའི་ རྒྱལ་རིགས་ཞེས་བྱ་ཞིང་། རྒྱལ་པོ་དང་པོ་དེ་ཡིན་ལ། དེའི་ཁྱིམ་ལ་རྒྱལ་པོའི་ཁབ་ཅེས་ཟེར་རོ། །དེའི་ཚེ་རིགས་བཞི་ཐ་དད་དུ་བྱུང་ངོ་། །དེའི་བུ་འོད་མཛེས་སོགས་བསྐལ་པ་དང་པོའི་རྒྱལ་པོ་ལྔ། དེ་ རྗེས་ང་ལས་ནུ་སོགས་འཁོར་བསྒྱུར་ལྔ། དེ་དག་ལས་རྒྱལ་པོ་བརྒྱུད་པས་། མཐར་བཅོམ་ལྡན་འདས་དང་། སྒྲ་གཅན་ཟིན་གྱིས་མཐར་ཐུག་གོ། དེ༷་ནས༷་འདོད་ལོག །མ་བྱིན་ལེན། སྲོག་གཅོད། རྫུན་ 3-1-102a སོགས་མི་དགེ་བའི་ལ༷ས་ཀྱི༷་ལམ༷་གསར་དུ་ཆེས་ལྷག༷་པས༷་ཚེ༷་ཐུང༷་བའི་མཐར་ཐུག་ལོ༷་ནི༷་བཅུ༷་པའི་བར་འགྲིབ་པ༷་ཡི༷ན་ནོ། །གཉིས་པ། བར་གྱི་བསྐལ༷་པ༷་མཚོན༷་དང༷་། ནད༷་དང༷་ནི༷་མུ༷་གེ༷་དག༷་གིས༷་ཚར༷་ ཕྱིན༷་ཏོ༷་སྟེ་མཐར་ཕྱིན་པའམ་ཟད་པར་ཐུག་པའོ། །དེ་ཡང་མཚོན་ཞག༷་རྣམ༷ས་བདུན་དང༷་ནི༷། ནད་ཟླ༷་བ༷་བདུན་དང༷་ཞག་བདུན། མུ་གེ་ལོ༷་བདུན༷་ཟླ་བདུན་ཞག་བདུན་དག༷་ཏུ༷་གོ༷་རིམ༷་བཞིན༷་དུ་སྦྱར་རོ། །བཅུ་པའི་དུས་རོ་ཁ་བ་མིན་ པ་ལྔ་ནུབ་སྟེ། མར། ཏིལ་མར། སྦྲང་རྩི། བུ་རམ། ལན་ཚྭ་ལྔ་ནུབ། བཅུ་པའི་དུས་མཚོན་གྱིས་འཛད། ལྷག་མ་འདུས་ནས་སྲོག་གཅོད་སོགས་སྤངས་བརྒྱད་ཁྲིར་འཕེལ། ཡང་འགྲིབ་བཅུ་པར་མི་དགེ་བའི་འབྲས་བུ་ མི་མ་ཡིན་རྣམས་འཁྲུགས་ནས་ནད་གསོར་མི་རུང་བཏང་བས་ཟད་ལ། ལྷག་མས་མི་དགེ་བ་སྤངས་པས་རིམ་པར་བརྒྱད་ཁྲིར་འཕེལ། ཡང་འགྲིབ་ནས་བཅུ་པའི་དུས་གབ་ཚེ་པ་སོགས་མུ་གེས་མནར། ལྷག་མས་དགེ་བ་སྤྱད་པས་ བརྒྱད་ཁྲིར་འཕེལ། ནད་མཚོན་དུས་ཤི་བ་དམྱལ་བ་དང་། མུ་གེ་དུས་ཤི་བ་ཡི་དྭགས་སུ་སྐྱེ་བར་བཤད། བར་བསྐལ་དེར་མི་སྐྱེ་བའི་ཕྱིར་ཉིན་རེ་ཙམ་སྲོག་གཅོད་སྤང་བ། དགེ་འདུན་ལ་ཨ་རུ་ཙམ་དང་ཞལ་ཟས་འབུལ་བའོ། །ལ་ལས་ སུམ་ཅུ་པ། ཉི་ཤུ་པ། བཅུ་པ་རྣམས་རིམ་བཞིན་མུ་གེ་ནད་མཚོན་འབྱུང་བར་བཤད་དོ། །འདི་དག་གི་དུས་གླིང་གཉིས་སུ་གནོད་སེམས་ལྷག་པ་དང་མདོག་ངན་པ་ཉམ་ཆུང་བ་དང་བཀྲེས་སྐོམ་འབྱུང་ལ། བྱང་ན་ཅུང་ཟད་ཀྱང་མི་འབྱུང་ངོ་། ། 3-1-102b གསུམ་པ་ལ་གང་གིས་འཇིག་པའི་རྐྱེན། གནས་ཅི་ཙམ་བར་དུ་འཇིག་པ། ཇི་ལྟར་འཇིག་པའི་གོ་རིམ་དང་གསུམ། དང་པོ། མེ༷་དང༷་། ཆུ༷་དང༷་། རླུང༷་དག༷་གིས༷་སྣོད་འཇིག༷་པ༷་དག༷་ནི༷་ཡང༷་གསུམ༷་ཡི༷ན་ནོ། །གཉིས་པ། བས༷མ་ གཏན༷་གཉི༷ས་པ་དང་སོ༷གས་པས་གསུམ་པ་དང་བཞི་པ་གསུམ༷་པོ༷་ནི༷་འཇིག༷་པ་དེ༷་དག༷་གི༷་རྩེ༷་མོ་སྟེ་ལུས་པ་ཡིན་པར་གོ༷་རིམ༷་བཞིན༷་ནོ། །ཅིའི་ཕྱིར་ན། བསམ་གཏན་དེ༷་ཡི༷་སྐྱོན༷་དང༷་ཆོས༷་མཐུན༷་པའི་ཕྱིར༷་ཏེ། རིམ་པར་རྟོག་དཔྱོད་མེ་ དང་། དགའ་བདེ་ཆུ་དང་། དབུགས་འབྱུང་རྔུབ་རླུང་དང་འདྲ་བ་ཡོད་པས་སོ། །བཞི༷་པ༷་ན༷་འབྱུང་བའི་འཇིག་པ་དེ་མེ༷ད་དེ། ཏིང་ངེ་འཛིན་གྱི་སྐྱོན་བརྒྱད་ཀྱིས་མི༷་གཡོ༷་བའི་ཕྱིར༷་དང་། བཞི་པ་རླུང་སོགས་འོག་གཞི་གཅིག་ཏུ་འབྲེལ་བ་ མེད་པས་སོ། །འོ་ན་རྟག་པར་འགྱུར་རམ་ཞེ་ན། དེ་ཡང་མི༷་རྟག༷་སྟེ། དེ༷་ཡི༷་གཞལ༷་མེ༷ད་ཁང༷་དང་། ནང་གི་སེམ༷ས་ཅ༷ན་བཅས༷་ཏེ༷་དང་པོ་འབྱུང༷་ཞིང་མཐར་འཆི་བ་སྟེ་འཇིག༷་པའི་ཕྱིར༷་རོ། །གསུམ་པ། དེ་ལྟར་ མེ༷་ཡིས༷་ལན་བདུན༷་འཇིག་པ་ཡིན་ནོ༷། །དེ་རྗེས་ཆུ༷་ཡིས༷་ལན་གཅི༷ག་འཇིག་པ་དང་། ཡང་མེ་བདུན་གྱི་རྗེས་ཆུ་གཅིག་སོགས་དེ༷་ལྟར༷་ཆུ་ཡི་འཇིག་པ་བདུན༷་ཐལ༷་ནས༷་ཀྱང༷་ཡང༷་མེ༷་ཡི༷་བདུན༷་ནོ༷། །དེ༷་ནས༷་ནི༷་མཇུག༷་ཏུ༷་རླུང༷་གིས༷་འཇིག༷་ པ༷་ཡི༷ན་ནོ། །གཉིས་པ་ལེའུའི་མཚན། ཆོས༷་མངོ༷ན་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལ༷ས། འཇིག༷་རྟེན༷་བསྟན༷་པ༷་ཞེ༷ས་བྱ༷་བ༷་སྟེ༷་གན༷ས་གསུམ༷་པའི༷་འགྲེལ་པའོ༷།། ༈ །། 3-1-103a གཉིས་པ་རྒྱུ་ཀུན་འབྱུང་བདེན་པ་ལ། ལས་ཀྱི་ཀུན་འབྱུང་། ཉོན་མོངས་པའི་ཀུན་འབྱུང་གཉིས། དང་པོ་ལ་ལས་སྟོན་པའི་སྐབས་དངོས་དང་། སྐབས་བསྡུ་བའི་མིང་གཉིས། དང་པོ་ལ་མཚམས་ སྦྱར་བ་དང་། ལས་དངོས་བཤད་པ་གཉིས། དང་པོ། ལ༷ས་དགེ་མི་དགེ་སྣ་ཚོགས་ལ༷ས་སྣོད་བཅུད་ཀྱི་འཇིག༷་རྟེན༷་བཟང་ངན་སྣ༷་ཚོགས༷་སྐྱེས༷་སོ། །གཉིས་པ་ལ་ལས་ཀྱི་ངོ་བོ་དང་། མདོ་ལས་བྱུང་བའི་རྣམ་གྲངས་ གཉིས་། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ། ཐུན་མོང་དང་སོ་སོའི་ལས་དེ༷་ནི༷་སེམ༷ས་པ༷་དང༷་། དེས༷་ཀུན་ནས་སློང་སྟེ་བྱས༷་པ་བསམ་པའི་ལས་གཉིས་སོ། །སེམ༷ས་པ༷་ནི་སེམས་བྱུང་སྟེ་ཡི༷ད་ཀྱི༷་སྐྱེ་མཆེད་དང་ མཚུངས་ལྡན་གྱི་ལ༷ས་ཡུལ་ལ་གཡོ་བ་ཡི༷ན་ནོ༷། །ཡིད་ཀྱང་རིག་བྱེད་རིག་བྱེད་མིན་པར་འགྱུར་ཞེ་ན། རིག་མིན་ནི་རྟེན་འབྱུང་བ་ལ་ལྟོས་ལ་ཡིད་ལ་མི་ལྟོས་པས་སོ། །ལས་ཀྱང་རྐྱེན་ལ་ལྟོས་པས་ལས་ཁོ་ན་རྒྱུར་ལྟ་ བར་མི་འགྱུར་རོ། །དེ་ཡང་རྣམ་སྨིན་ཁོ་ན་མིན་གྱི་སྐྱེས་བུ་བྱེད་འབྲས་གཙོ་ཆེ། འཇིག་རྟེན་དེ་ཡང་ལུས་དང་ཡུལ་ལ་ཆགས་པས་འགྲུབ་བོ། །དེས༷་བསྐྱེ༷ད་པ་བསམ་པའི་ལས་ལ་ལུས༷་དང༷་ངག༷་གི༷་ལ༷ས་གཉིས་ཡོད་ལ། དེ་ཡང་ལུས་ཀྱི་ལས་ནི་ལུས་ལ་བརྟེན་པས་དེའི་ལས་དང་། ངག་ནི་ངག་གི་རང་བཞིན་ཉིད་ལས་དང་། ཡིད་ལས་ཡིད་ཀྱིས་ཀུན་ནས་བསླངས་པའི་ཕྱིར་ལས་སུ་འདོད་དོ། །ལུས་ངག་གི་ལས་དེ༷་དག༷་ལ་རྣམ༷་པར་རིག༷་ 3-1-103b བྱེད་དང་རྣམ༷་རིག༷་མིན༷་པའི་ལས་གཉིས་སོ། །གཉིས་པ་ལ་བསམ་པའི་ལས་བྱེ་བྲག་ཏུ་བཤད་པ་དང་། ལས་སྤྱིའི་དབྱེ་བ་གཉིས། དང་པོ་ལ་རིག་བྱེད་བཤད་པ་དང་། རིག་མིན་བཤད་པ་གཉིས། དང་པོ་ལ་ ལུས་རིག་བྱེད་བཤད་པ་དང་། ངག་རིག་བྱེད་བཤད་པ་གཉིས། དང་པོ་ལ་བྱེ་སྨྲའི་ལུགས་བཤད་པ་དང་། གནས་མ་བུའི་ལུགས་དགག་པ། མདོ་སྡེ་པའི་ལུགས་བརྗོད་པ་དང་གསུམ། དང་པོ། ལུས༷་ཀྱི་རྣམ༷་པར་ རིག༷་བྱེ༷ད་ནི་བྱེ་སྨྲས་ཕྱག་འཚལ་བ། འགྲོ་བ་སྲོག་གཅོད་སོགས་ལུས་ལས་ཐ་དད་པའི་དབྱི༷བས་ཀྱི་ཁྱད་པར་རྫས་སུ༷་གྲུབ་པ་ཞིག་འདོ༷ད་ལ། དེ་ཡང་། རྣམ་སྨིན་གྱི་ལུས་ནི་ལུང་མ་བསྟན་ཡིན་པས་དེ་དང་ཐ་དད་ཀྱི་དགེ་མི་དགེ་ ལུས་མིན་ལ། ཕྱག་འཚལ་བ་སོགས་རིག་བྱེད་ཀྱི་སྐབས་ན་ལུས་གཡོ་བའི་དབྱིབས་ཁྱད་པར་བ་ཞིག་ངེས་པར་དགོས་སོ་བསམ་པའོ། །དེ་ཡང་སྤྱི་གཙུག་ནས་རྐང་མཐིལ་བར་ཡོད་པ་འོད་ལྟར་དྭངས་པ། རྣམ་སྨིན་ གྱི་ལུས་ཀྱི་གསེབ་ཏུ་ཆུད་པས་ཆེ་ཞིང་ལྕི་བར་མི་འགྱུར་ཏེ། ནགས་ལ་མེ་ཞུགས་པ་བཞིན་ནོ། །ཞེས་ཟེར་རོ། །གཉིས་པ། འདི་ལ་གནས་མ་བུའི་སྡེ་པ་ན་རེ། སྤྱིར་འདུས་བྱས་སེམས་སེམས་བྱུང་སྒྲ་མེ་ལྕེ་ གློག་དང་འབབ་ཆུ་ལས་གཞན་སྐད་ཅིག་མར་མི་འདོད་དེ། འཇིག་རྒྱུ་དང་ཕྲད་ན་དེ་དུས་མི་རྟག་ལ། དེ་བར་རྟག་པར་འདོད་པས། ལུས་ཀྱི་ལས་ནི་བྱ་བ་ཡིན་ན་དེ་ལུས་གཡོ་བ་ལ་རིགས་ཀྱི་མི་གཡོ་བ་ལ་མིན་ཞིང་། 3-1-104a དེ་ལྟར་སེམས་པས་དབྱིབས་གང་ལ་དམིགས་པ་དེ་བཞིན་ལུས་ཀྱང་དེ་འདྲ་ཁོ་ནར་སྐྱེ་ཞིང་། དེ་ཡང་ཡུལ་གཞན་ན་ཡོད་པའི་རིག་བྱེད་མ་ཉམས་བཞིན་དུ་ཡུལ་གཞན་དུ་འགྲོ་བར་འདོད་དེ། ལུས་ཀྱི་ དབྱིབས་དེ་མ་ཉམས་བཞིན་དུའོ། །དེ་ལ་ལུས་ཉིད་སྐད་ཅིག་མ་མ་འགག་པར་གཡོ་ཞིང་ཕྱོགས་གཞན་དུ་འགྲོ་བ་ཁོ་ནས་ཡིན་གྱི་དབྱིབས་ནི་མིན་ནོ། །དེ་ཡང་གཡོ། ལྕི། འགུལ་བའི་ལུས་ཁོ་ནར་ཡོད་ཀྱི་གཞན་ལ་མིན་ པས་ལུས་རིག་བྱེད་འགྲོ་བ་ཁོ་ནའོ་ཟེར། དེ་ཡང་དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་པས་ཡུལ་གཞན་དུ་འགྲོ་བ་ཡོད་ཀྱང་སྐད་ཅིག་མ་འདབས་ཆགས་ལ་འགྲོ་བར་རློམ་སྟེ་རྩྭའི་མེ་བཞིན་ནོ། །རིག་བྱེད་མ་འགགས་བཞིན་ གཞན་དུ་འགྲོ་བ་ནི་མིན༷་ཏེ། གང༷་གི་ཕྱིར༷་ན་འདུས༷་བྱས༷་ཐམས་ཅད་ནི༷་སྐ༷ད་ཅི༷ག་མ༷་ཡི༷ན་ཏེ། དུས་གཉིས་པར་རྒྱུ་གཞན་ལ་མི་ལྟོས་པར་འཇིག༷་པའི་ཕྱིར༷་རོ༷། །རྒྱུ་གཞན་ལ་མི་ལྟོས་པ་དང་རྒྱུ་མེད་ཀྱི་འཇིག་པ་ཞེས་པ་ནི་ འཇིག་པ་དངོས་པོའི་ཞིག་ཆ་ཡིན་པའི་གནད་ཀྱིས་དང་། བུམ་པ་རང་གྲུབ་པའི་རྒྱུ་ལས་གཞན་མི་དགོས་པས་སོ། །ཕྱོགས་སྔ་ན་རེ། རྒྱུ་མེད་པར་འཇིག་པ་མིན་ཏེ། བུམ་སོགས་འཇིག་པ་ཐོ་བ་དང་། གྲང་ བ་འཇིག་པ་ཚ་བ་སོགས་ལ་ལྟོས་པས་སོ་ཟེར་ན། འཇིག་པ་ཞེས་པ་སྟེ་བུམ་སོགས་མེད་པའམ། དེ་ལས་གཞན་པའི་དངོས་པོའམ། དེའི་བདག་ཉིད་ཀྱི་འཇིག་པ་ཡིན། དང་པོ་ལྟར་ན་མེད་པ་ལ་ཐོ་བ་སོགས་ཀྱིས་ 3-1-104b བྱེད་པར་འགལ་ལ། གཉིས་པ་ལྟར་ན་བུམ་སོགས་ཀྱི་འཇིག་རྒྱུ་མིན་པར་ཐལ་ལོ། །གསུམ་པ་ལྟར་ན་རང་གི་རྒྱུ་ལས་གྲུབ་པའོ། །མ་གྲུབ་ན་འཇིག་པ་བུམ་སོགས་ཀྱི་བདག་ཉིད་མིན་པར་ཐལ་ལོ་ཟེར་ཀྱང་། བྱེ་སྨྲའི་རང་གི་གྲུབ་མཐའ་དང་བསྟུན་ཏེ། འདི་ལྟར། འཇིག་རྒྱུ་གཞན་ཞིག་གསར་དུ་དགོས་ན། གློག་སོགས་འཇིག་པའི་རྒྱུ༷་གཞན་མེ༷ད་པ༷་རྣམས་ལ༷ས་འགའ༷་ཡང་འཇིག་པ་མི༷་འབྱུ༷ང་བར་ཐལ། རྒྱུ་མེད་ན་མི་ འཇིག་ཅེས་པས་སོ། །དེ་རྒྱུ་མེད་ཀྱང་ངང་གིས་འཇིག་ན། འཇིག་པ་རྒྱུ་ལ་ལྟོས་དགོས་ཞེས་པ་ཉམས་སོ། །དེར་བྱེ་བྲག་པ་བློ་ལ་སོགས་པ་འཇིག་པའི་རྒྱུ་ནི་རང་རང་གི་སྐད་ཅིག་ཕྱི་མ་སྐྱེས་པས་སྔ་མ་འཇིག་གོ་ཞེ་ན། དེ་དག་གཅིག་ཆར་མི་འབྱུང་བས་ཕྲད་པ་མེད་པའི་ཕྱིར་དང་། གལ་ཏེ་ཡོད་ན་བློ་བར་མ་ལྟ་བུ་དེས་སྔ་ཕྱི་འཇིག་སྐྱེད་ཀྱི་བྱ་བ་གཉིས་བྱེད་པས་སྐྱེ་བའི་རྒྱུ༷་ཡང༷་འཇིག༷་པ༷་པོར༷་འགྱུར༷་རོ༷། །དེ་ཡང་མེས་འབྲས་ཆན་སོགས་ འཚེད་ན་མ་ཚོས་པ་དང་། ཚོས་པ་དང་། ཆེར་ཚོས་སོགས་ཕྱི་མ་ཕྱི་མས་སྔ་མ་འཇིག་པར་བྱེད་པའི་ཕྱིར་སྐྱེ་རྒྱུ་འཇིག་རྒྱུར་ཐལ། དེ་ལྟ་ན་རྒྱུ་ཡིན་ན་འབྲས་བུ་འགལ་བ་གཉིས་བྱེད་པའམ། སྐྱེས་ཙམ་ཉིད་ན་འཇིག་པས་ འདུས་བྱས་རྣམས་མ་འགག་པར་ཡུལ་གཞན་དུ་མི་འགྲོ་བ་དང་། རྒྱུ་གཞན་ལ་ལྟོས་པ་མེད་པར་ཡང་གྲུབ་བོ། །བདག་གིས་ནི། སྐད་ཅིག་སྔ་མས་ཕྱི་མ་བསྐྱེད་པ་དང་དུས་མཉམ་དུ་རང་འཇིག་པས་རང་ཡང་འཇིག་པ་པོར་འགྱུར་ 3-1-105a རོ། །དེ་ལྟ་ན་རྒྱུ་ཡིན་ན་རང་འཇིག་རྒྱུ་ཡིན་པས་ཁྱབ་བོ། །གསུམ་པ། བྱེ་སྨྲས་རིག་བྱེད་དབྱིབས་དང་། དབྱིབས་དེ་ཡང་ཁ་དོག་ལས་གཞན་དུ་འདོད་པ། དེ་ལྟ་ན་རིང་པོ་ལྟ་བུའི་དབྱིབས་ནི་མིག་ ལུས་ཤེས་གཉི༷ས་ཀྱིས་གཟུང༷་བྱར་འགྱུར༷་ཏེ༷། མིག་གིས་མངོན་སུམ་དུ་མཐོང་ནས་ཤེས་ཤིང་། ལུས་དབང་གིས་རེག་ནའང་ཤེས་པའི་ཕྱིར་རོ། །དེས་ན་མདོ་སྡེ་པས་དབྱིབས་རྫས་སུ་མེད་དེ་སྐྱེ་མཆེད་ཀྱིས་གཟུང་བྱར་གྱུར་ པ་དེ་ཤེས་པའོ། །དེའང་ཁ་དོག་དང་རེག་བྱའི་རྡུལ་བཀོད་པའི་ཁྱད་པར་ལ་རྟོག་པས་བཏགས་པའོ་ཟེར། རྫས་སུ་ཡོད་ན་ཕྲ་རྡུལ༷་ལ་ཡོད་དགོས་ཀྱང་། དེ་ལ༷་མེ༷ད་དེ་ཡོད་ན་དེ་ཆ་བཅས་སུ་ཐལ་ལོ་ཟེར་ཀྱང་། དེ་ལྟ་ན་ཁ་དོག་དང་ རེག་བྱའང་མེད་དེ། དབྱིབས་ནི་དེ་དག་གི་ཁྱད་པར་ཡིན་པ་དང་། དེ་དང་གཅིག་ཐ་དད་གཉིས་མིན་ན་དངོས་པོར་མེད་པས་དབང་ཤེས་ལ་མི་སྣང་ཕྱིར་དབྱིབས་རྫས་སུ་གཏན་མ་གྲུབ་ཅེས་པའང་མི་ལེགས་གསུངས་སོ། །གཉིས་པ། ངག༷་གི་རྣམ༷་པར་རིག༷་བྱེ༷ད་ནི༷་ངག༷་གི་རང་བཞིན་གྱི་སྒྲ༷འོ། །མདོ་སྡེ་པས་རིག་བྱེད་ནི་ལས་མ་ཡིན་པར། རྣམ་པ་ཀུན་ཏུ་སེམས་པ་ལས་ཡིན་ལ། སེམས་པ་དང་བསམ་པའི་ལས་གཉིས་གསུངས་པ། རིམ་པར་རྒྱུ་དུས་ཀྱི་ ཀུན་སློང་གི་དབང་དུ་བྱས་པས་སོ་ཟེར། ལུས་ངག་ལས་སུ་གསུངས་པ་སེམས་པ་དེས་མཐར་ཕྱིན་པའི་ལས་སུ་བཏགས་པའོ། །དེ་ཡང་། སེམས་པ་དགེ་མི་དགེས་ལུས་ངག་ཀྱང་དེ་ལྟར་འགྱུར་རོ་གསུངས་སོ། །གཉིས་པ། 3-1-105b རིག་མིན་ལ། སྒྲུབ་བྱེད། རྒྱུ། ཁྱད་ཆོས། རྒྱུའི་ཁྱད་པར། ངོ་བོ། ཁམས་གང་ཡོད་དཔྱད་པ་དང་དྲུག་ལས། དང་པོ། རིག་མིན་ལུང་གིས་བསྒྲུབ་ན། མདོ་ལས་གནས་གསུམ་གྱི་གཟུགས་ཀྱིས་གཟུགས་ཐམས་ ཅད་བསྡུས་ཏ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་མེད་ཐོགས་པ་དང་བཅས་པའི་གཟུགས་དང་། བསྟན་དུ་ཡང་མེད་ལ་ཐོགས་པ་མེད་པའི་གཟུགས་ཀྱང་ཡོད་ཅེས་གཟུགས་རྣམ༷་པ་གསུམ༷་ གསུངས་པའི་ཕྱི་མ་དེ་ལས་གཞན་མེད་པ་དང་། ཡང་དྲི༷་མེ༷ད་ཀྱི་གཟུགས༷་གསུ༷ངས་པ་ནི་ཟག་མེད་ཀྱི་སྡོམ་པ་ལས་གཞན་མེད་པས་དང༷་། ཡང་རིག་བྱེད་དང་སེམས་པ་མེད་ཀྱང་བསོད་ནམས་འཕེལ་བའི་དངོས་པོ་གསུངས་ཏེ། ཚེ་ དང་ལྡན་པ་སྐུལ་བྱེད་ཀྱིས་སངས་རྒྱས་ལ་ཞུས་པ་ན་། བཅོམ་ལྡན་འདས་ཀྱིས་རྫས་ལས་འབྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་གསུངས་ཏེ། དེ་དང་ལྡན་པ་འགྲོ་འཆག་ཉལ་འདུག་སོགས་སུའང་བསོད་ནམས་ རྒྱུན་མི་འཆད་པ་འཕེལ་བར་གསུངས་ཏེ། དེ་བདུན་ནི་དགེ་འདུན་ལ་ཀུན་དགའ་ར་བ་ཕུལ་བ། དེར་གཙུག་ལག་བརྩིགས་པ། མལ་ཆ་དང་སྟན་འབུལ་བ། འཚོ་བ་ནར་མར་འབུལ་བ། མགྲོན་གློ་བུར་འགྲོ་འོང་ ལ་སྦྱིན་གཏོང་། ནད་པ་ནད་གཡོག་ལ་སྦྱིན་གཏོང་། རླུང་ཆར་སོགས་ཡུལ་ངན་པའི་ཚེ་གཙུག་ལག་གི་ནང་དུ་བསོད་སྙོམས་འབུལབའོ། །དེ་བཞིན་དུ་རྫས་ལས་མ་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་ནི། 3-1-106a དེ་བཞིན་གཤེགས་པའམ་དེའི་ཉན་ཐོས་ཞིང་གང་ན་བཞུགས་པ་ཐོས་ནས་དགའ་བ་རྒྱ་ཆེན་ཐོབ་པ་དང་། དེ་བཞིན་གཤེགས་པའམ་ཉན་ཐོས་ཚུར་གཤེགས་པར་རྩམས་པ་དང་། ལམ་དུ་ ཞུགས་པ་དང་གསུམ་མཐོང་བའི་དགའ་དད་དང་། དེ་ལས་ཆོས་ཐོས་པ་དང་། སྐྱབས་འགྲོའི་བསླབ་གཞི་འཛིན་ན་དེ་དང་ལྡན་པའི་རིགས་ཀྱི་བུ་སོགས་རྒྱུ་བའམ་འགྲོ་བ་སོགས་སུ་བསོད་ནམས་མངོན་པར་འཕེལ༷་ ཞིང་སྐྱེ་བར་གསུངས་པས་དེ་དག་ཀྱང་བར་མ་རིག་མིན་དགེ་བ་ཡིན་གྱི་རིག་བྱེད་ཡིན་ན་ཉལ་བ་སོགས་ན་མི་འབྱུང་བར་ཐལ་བ་ལས་འབྱུང་བའི་ཕྱིར་དང༷་། དེ་བཞིན་རང་ཉིད་ཀྱིས་དངོས་སུ་མ༷་བྱས༷་པའི་ལས་ཀྱི་ལ༷མ་ ལ་སོ༷གས་པ་གསུངས་པའི་ཕྱི༷ར་ཏེ། སྲོག་གཅོད་གཞན་ལ་བཅོལ་བས་ཕ་རོལ་པོའི་སྲོག་ཆད་པའི་དངོས་གཞི་རྫོགས་ན་རང་སེམས་པ་དང་། རིག་བྱེད་དགེ་བར་ཡོད་ཀྱང་། ལས་ལམ་འབྱུང་བ་དང་སོགས་པས། ཡང་ནང་གི་སྐྱེ་མཆེད། བསྟན་མེད། ཐོགས་བཅས། ཕྱིའི་སྐྱེ་མཆེད་བསྟན་ཡོད་ཐོགས་བཅས། ཆོས་ཀྱི་སྐྱེ་མཆེད་བསྟན་མེད་ཐོགས་མེད་དུ་གསུངས་པ་དེ་ལ་རིག་བྱེད་མིན་པའི་གཟུགས་མེད་ན། གཟུགས་ ཅན་མིན་པ་ཞེས་གསུངས་རིགས་པ་དང་། འཕགས་ལམ་བརྒྱད་ཀྱི་མཉམ་གཞག་ན་རིག་བྱེད་མེད་པས། ངག་ལས་འཚོ་གསུམ་སྤོང་བདུན་གྱི་རིག་བྱེད་མིན་པ་མེད་པས་དེ་མ་ཚང་བར་ཐལ་བ་དང་། སོར་སྡོམ་རྒྱུན་ཆགས་ 3-1-106b མིན་པ་དང་། སྡོམ་པ་ཆུ་ལོན་ལྟར་གསུངས་པས་སོ་ཟེར། མདོ་སྡེ་པས། རིག་མིན་གཟུགས་མཚན་ཉིད་པ་མིན། བསྟན་མེད་ཐོགས་མེད་ཀྱང་ཟད་པ་ཟིལ་གནོན་མི་སྡུག་སོགས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ ཀྱི་དབང་དུ་དང་། ཟག་པའི་རྟེན་མིན་པའི་གཟུགས་ལ་ཟག་མེད་ཀྱི་གཟུགས་སུ་བཏགས་པ་དང་། མིང་གཟུགས་ཇི་སྙེད་ཟག་བཅས་སུ་གསུངས་པ་ཟག་པའི་གཉེན་པོ་མིན་པའི་ཆ་ནས་སོ། །བསོད་ནམས་འཕེལ་བ་ དག་ཀྱང་བག་ཆགས་བསྒོས་པའི་རྒྱུད་འགྱུར་བའི་ཁྱད་པར་དང་། མ་བྱས་པའི་ལས་ལམ་ཡང་བྱེད་དུ་འཇུག་པའི་སེམས་པ་དང་། གཞན་གྱིས་བྱས་པའི་རྐྱེན་དང་། ལུས་ངག་གི་རིག་བྱེད་ལ་སྡིག་པའི་བག་ ཆགས་བརྟན་པ་ཐོབ་པ་དང་། འཕགས་ལམ་ཡང་རྗེས་ཐོབ་ལ་དགོངས་ལ། སྡོམ་པ་དྲན་ཤེས་སེམས་པའི་རྒྱུན་ལ་དང་། ཆུ་ལོན་སྤང་བྱ་ཉེ་བ་ན་ངོ་ཚ་སྐྱེས་པས་ཡིན་གྱི། རིག་མིན་ཁོ་ནས་འཆལ་ཚུལ་གྱི་གེགས་ བྱེད་ན་བརྗེད་པ་སོགས་ལ་ཚུལ་འཆལ་མི་སྲིད་པས་སོ་ཟེར་རོ། །གཉིས་པ་ལ་རྒྱུའི་འབྱུང་བ་དུས་གང་ཡིན་དཔྱད་པ་དང་། ས་གང་ཡིན་དཔྱད་པ་གཉིས། དང་པོ། འདོ༷ད་པ་ན་གཏོགས༷་པའི་རྣམ༷་པར་རིག༷་བྱེད་མིན༷་ པ་སྡོམ་པ་སོགས་གསུམ་ནི། སྐ༷ད་ཅི༷ག་དང་པོ་རང་དང་དུས་མཉམ་གྱི་འབྱུང་བ་ལས་སྐྱེ་ལ། དེ་ཕྱིན༷་ཆ༷ད་སྔར་འཕེན་བྱེད་འདས༷་པའི༷་འབྱུང༷་བ་ལ༷ས་སྐྱེ༷་ཞིང་། རྟེན་བྱེད་ད་ལྟའི་ལུས་ཀྱི་ཚོགས་པའི་འབྱུང་བ་ལས་ཀྱང་ 3-1-107a སྐྱེ་བས་འབྱུང་བ་བཞི་ཚན་གཉིས་ལས་སྐྱེ་སྟེ། འཁོར་ལོ་འགྲིལ་བ་ལས་ཕྱོགས་བཞིན་ནོ་ཟེར་རོ། །གཉིས་པ། ཟག༷་བཅས༷་ཀྱི་ལུས༷་དང༷་ངག༷་གི༷་ལ༷ས་རིག་རིག་མིན་ཐམས་ཅད་ནི་རང༷་གི༷་ ས་པ་འདོད་པ་ནས་བསམ་གཏན་བཞི་པའི་སེམས་ཅན་གྱི་འབྱུང༷་བ༷་དག༷་རྒྱུར༷་བྱས༷་པའོ། །ཟག༷་མེ༷ད་ཀྱི་ལུས་ངག་གི་ལས་ནི་རྟེན་དབང་བཙན་པས་གང༷་དུ༷་སྐྱེས༷་པའི༷་འབྱུང་བ་དག་ཡི༷ན་ནོ། །གསུམ་པ་ཁྱད་པར་གྱི་ ཆོས། རྣམ༷་པར་རིག༷་བྱེ༷ད་མིན༷་པ་ནི་རྡུལ་ཕྲན་བསགས་གཟུགས་མིན་པས་ཡུལ་ན་མི་གནས་པས་ཕན་གནོད་ཀྱི་ཚོར་བའི་རྟེན་དུ་མ༷་ཟིན༷་པ་དང༷་། སྐལ་མཉམ་ལས་སྐྱེས་ཕྱིར་རྒྱུ༷་མཐུན༷་ལ༷ས་བྱུང༷་གི་རྣམ་སྨིན་རྒྱས་བྱུང་ གཉིས་མིན་ལ། སེམ༷ས་ཅ༷ན་དུ་སྟོན༷་པ་སྟེ་དེའི་རྒྱུད་དུ་གཏོགས་པའི་ཆོས་ཡིན་པས་སོ། །བཞི་པ་འདོད་པའི་རིག་མིན་ནི། ཀུན་སློང་གི་སེམས་ལ་ལྟོས་པས་གཉིད་དང་། མཉམ་གཞག་མིན་པས་ཏིང་ངེ་འཛིན་གྱི་ རྒྱས་བྱུང་གཉིས་དང་། གཟུགས་ཅན་ཆད་ནས་མཚམས་སྦྱོར་བས་རྣམ་སྨིན་ལས་བྱུང་བའི་འབྱུང་བ་ལས་སྐྱེ་བ་མིན་གྱི་སྐལ་མཉམ་གྱི་རྒྱུ༷་མཐུན༷་གྱི་འབྱུང་བ་ལས་སྐྱེའོ། །ད་ལྟའི་རྒྱུད་སེམས་ཀྱིས་ཟིན༷་པའི༷་ འབྱུང༷་བ་ལ༷ས་སྐྱེ༷་ལ། ཡང་དེ་སེམས་ཀྱི་རྗེས་འབྲང་མིན་པས་འབྱུང་བ་བཞི་ཚན་ཐ་དད་ལས་སོ། །ཏིང༷་ངེ་འཛིན༷་ལས་སྐྱེས༷་པའི་རིག་མིན་ནི་རྒྱུའི་འབྱུང༷་བ་འགོག་སྙོམས་སོགས་ཀྱི་ཚེ་ཟིན་འབྱུང་མེད་པས་མ༷་ཟིན༷་ 3-1-107b པ་དང་། ཏིང་ངེ་འཛིན་གྱིས་རྒྱས༷་བྱུང༷་གི་འབྱུང་བ་ལས་དང་། སྤོང་བ་བདུན་ཀའང་སེམས་ཀྱི་རྗེས་སུ་འཇུག་པས་འབྱུང་བ་བཞི་ཚན་ཐ༷་ད༷ད་མིན༷་པ་ལ༷ས་སྐྱེ༷་ཡི་ཐ་དད་དུ་མེད་དོ། །དེའི་འབྱུང་བ་ནི་རྟེན་གྱི་དོན་མིན་ལ་ འཇུག་པའི་དོན་ནོ། །ལྔ་པ། རྣམ༷་རིག༷་མིན༷་པ་ལ་ནི། དགེ་མི་དགེ་ཡིན་པས་ལུང༷་བསྟན༷་མིན༷་པ་ལུང་མ་བསྟན་ནི་མེ༷ད་ལ། གཞན༷་རིག་བྱེད་དང་སེམས་པ་དག་ནི༷་དགེ་སོགས་རྣམ༷་པ་གསུམ་དུ་ཡོད་དོ། །དྲུག་ པ། མི་དགེ་བའི་རིག་བྱེད་རིག་མིན་སེམས་པ་གསུམ་ནི༷་འདོ༷ད་པ་ཁོ་ན༷འོ༷། །གཟུགས༷་ན༷འང༷་བསམ་གཏན་ཟག་མེད་སྡོམ་པ་རྣམ༷་རིག༷་མིན༷་པ་ཡོད་ལའང་སྒྲས་འདོད་ནའང་ཡོད་པར་བསྟན་ལ། གཟུགས་མེད་ན་ནི་ མེད་དེ། གཟུགས་ཅན་མེད་པའི་ཕྱིར་རོ། །ལུས་ངག་གི་རྣམ༷་པ་རིག༷་བྱེད་ནི་དཔྱོ༷ད་པ་དང༷་བཅས༷་དག༷་ན༷་ཡོད་ཀྱི་གཉིས་པ་ཡན་ཆད་ན་མེད་དེ་ཀུན་སློང་མེད་པས་སོ། །འདོ༷ད་པ༷་ན༷་ཡང༷་སྒྲིབ༷་ལ་ལུང་མ་བསྟན་པའི༷་རིག་བྱེད་མེ༷ད་དེ། གང༷་གི་ཕྱིར༷་ན། འདོད་ན་སྒྲིབ་ལུང་མ་བསྟན་གྱི་སེམས་རིག་བྱེད་ཀུན༷་ནས་སློང༷་ནུས་པ་མེ༷ད་པས་སོ། །དེ་ཡང་འདོད་ན་ལྟ་བ་དང་པོ་གཉིས་མཚུངས་ལྡན་དང་བཅས་པ་སྒྲིབ་ལུང་མ་བསྟན་གྱི་སེམས་ཡིན་ཀྱང་། དེ་དག་ནི་མཐོང་ སྤང་ཡིན་ལ། ཁ་ནང་བལྟས་ཀྱིས་བདག་ཙམ་ལ་དམིགས་པས་དེས་རིག་བྱེད་ཀུན་ནས་སློང་བ་མ་ཡིན་ནོ། །དེ་མིན་གཞན་གྱི་ཉོན་མོངས་ཅན་གྱིས་བསླངས་ན་མི་དགེ་བར་འགྱུར་རོ། །དེས་ན་ཁམས་གོང་མའི་ཉོན་མོངས་ 3-1-108a ཐམས་ཅད་སྒྲིབ་ལུང་མ་བསྟན་ཡིན་པས། ས་གཞན་གཉིས་པ་ཡན་ན་རྟོག་དཔྱོད་སྤངས་པས་རིག་བྱེད་མེད་ལ། ཚངས་པ་ཆེན་པོས་གཡོ་སྒྱུས་ཀུན་ནས་བསླངས་ཏེ་ངག་སྨྲ་བ་སོགས་བྱེད་པས་ བསམ་གཏན་དང་པོ་ཁོ་ན་ན་ཡོད་དོ། །གཉིས་པ་ལས་སྤྱིའི་དབྱེ་བ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལ་ངོ་བོའི་དབྱེ་བ་དང་ཀུན་སློང་གཉིས། དང་པོ། ཐར༷་པ༷་མྱང་འདས་ནི་དམ༷་པའི༷་དོན༷་དུ་དགེ༷་བའི་རྩ༷་བ༷་ཡིན་ ཏེ། མི་དགེ་བ་དང་སྡུག་བསྔལ་ཞི་བས་མཆོག་ཏུ་བདེ་བའི་ཕྱིར་ནད་མེད་པ་ལ་བདེ་བ་ཞེས་ཟེར་བ་བཞིན་ནོ། །འདོད་ཆགས་མེད་པ་སོགས་དགེ་བའི་རྩ་བ་གསུམ་དང་། ངོ༷་ཚ༷་ཁྲེལ༷་ཡོ༷ད་དག་ནི་མཚུངས་ལྡན་དང་ཀུན་སློང་ལ་མི་ལྟོས་ པས་འཕྲོད་པའི་སྨན་ལྟར་བདག༷་སྟེ་ངོ་བོ་ཉི༷ད་ཀྱི༷་དགེ་བའོ། །བཅུ་གཅིག་པོ་དགེ་བ་ཡིན་མོད་ཀྱི་འདིར་ལྔ་བསྟན་པ་ནི་ཟློག་པ་མི་དགེ་བར་སྟོན་པའི་ཕྱིར་རོ། །ངོ་བོའི་དགེ་བ་དེ༷་དག༷་དང༷་མཚུངས་ལྡ༷ན་སེམས་སེམས་བྱུང་རྣམས་ སྨན་སྦྱར་བཏུང་བ་ལྟར་མཚུངས༷་ལྡན༷་གྱི༷་དགེ་བ་ཡིན་ནོ། །ངོ་བོ་ཉིད་དང་མཚུངས་ལྡན་དེ་དག་གིས་ཀུན་ནས་སློང་བའི་ལུས་ངག་གི་བྱ༷་བ༷འི་ལས་རྣམས་དང་ལ༷་སོ༷གས་པས་ཐོབ་པ་དང་མཚན་ཉིད་དང་སེམས་མེད་སྙོམས་འཇུག་ གཉིས་པོ་རྣམས་ནི་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་ལྟར་ཀུན༷་ནས་སློང༷་བས༷་དགེ་བ་ཡིན་ནོ། །འོ་ན་རྩ་ཆད་ཐེ་ཚོམ་གྱིས་སྦྱར་བ་དང་། ཉིང་མཚམས་སྦྱོར་བ་དགེ་ཐོབ་རྣམས་དགེ་བ་མིན་པར་འགྱུར་ཏེ། སྐལ་པ་ 3-1-108b མི་མཉམ་པའི་སེམས་ཀྱིས་ཀུན་ནས་སློང་བས་དགེ་བ་བཞི་གང་ཡང་མིན་ནོ་ཞེ་ན། འདི་ལ་དེ་དག་གི་ནི་ཐོབ་པའི་གེགས་སེལ་བའམ། སྐྱེ་བའི་རྐྱེན་ཙམ་དུ་ཟད་དེ་དགེ་བ་ནི་ཐོབ་བྱ་ཉིད་ཀྱིས་བྱེད་དོ། །ཞེས་ཟེར་རོ། །དགེ་ བ་དེ་ལས་ཟློག༷་པ༷་མི༷་དགེ༷་བ་རྣམ་པ་བཞི་ཡིན་ཏེ། འཁོར་བ་དོན་དམ་པའི་མི་དགེ་བ་དང་། མི་དགེའི་རྩ་བ་གསུམ་དང་ངོ་ཚ་མེད་ཁྲེལ་མེད་རྣམས་ངོ་བོས་མི་དགེ་བ་ཁྲོ་བ་ཁོན་འཛིན་སོགས་ཀྱང་དེ་ཡིན་མོད་དེ་རྩ་བ་གསུམ་གྱི་ཆ་ལ་ བཏགས་པའམ། འདི་པ་ལྟར་ན་དགེ་རྩ་གསུམ་ལས་ཟློག་པ་མིན་པས་མ་བསྟན་ཏོ། །དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་མཚུངས་ལྡན་མི་དགེ་དང་། དེས་ཀུན་ནས་སློང་བའི་ལུས་ངག་གིས་ལས་སོགས་ཀུན་སློང་ གིས་མི་དགེ་བ་ཡིན་ནོ། །དེ་བཞིའི་དཔེ་ནི་ནད་དང་མི་འཕྲོད་པའི་སྨན་དང་། དེ་དང་སྦྱར་བའི་བཏུང་བ་དང་། དེ་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་ལྟར་རོ། །དོན༷་དམ༷་པར༷་ལུང༷་མ༷་བསྟན༷་པ༷་བརྟན༷་པ༷་བརྟགས་ མིན་དང་ནམ་མཁའ་དག༷་ཡིན་ཏེ། དེ་གཉིས་ནི་རྟག་ཅིང་དགེ་མི་དགེར་མི་འགྱུར་བས་སོ། །བརྟག་འགོག་དོན་དམ་དགེ་བ་དང་། ལམ་བདེན་ངོ་བོ་ཉིད་སོགས་ཕྱི་མ་གསུམ་ཅི་རིགས་པར་འདུ་ལ། ཟག་བཅས་ཐམས་ ཅད་དོན་དམ་པར་མི་དགེའི་ཕྱིར་རོ། །བཟོ་དང་སྤྱོད་ལམ་པ་སྤྲུལ་སེམས་རྣམ་སྨིན་སྐྱེས་ཀྱི་སེམས་དང་ཕྱི་ནང་གི་བེམ་པོ་རྣམས་ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ཡིན་ལ། འདོད་ན་འཇིག་མཐར་དང་གོང་མ་གཉིས་ཀྱི་སེམས་སེམས་ 3-1-109a བྱུང་ཉོན་མོངས་ཅན་ཐམས་ཅད་དང་། བཟོ་སེམས་སོགས་དང་མཚུངས་ལྡན་ནི་མཚུངས་ལྡན་ལུང་མ་བསྟན་དང་། བཟོ་དང་སྤྱོད་ལམ་དང་སྤྲུལ་སེམས་ཀྱིས་ཀུན་ནས་སློང་བའི་ལུས་ངག་གི་ལས་ ཀུན་སློང་གི་ལུང་མ་བསྟན་ཡིན་ནོ། །འདི་གསུམ་གཅིག་གི་ནང་གཅིག་འདུ་བ་ནི་ཡོད་ཀྱི་ལྡོག་པས་ཕྱེ་བའོ། །ཞེས་སོ། །གཉིས་པ་ལ་ཀུན་སློང་དངོས་དང་། མུ་དཔྱད་པ། ཞར་བྱུང་གསུམ། དང་པོ། ཀུན་སློང་ ལ་མཐོང་སྤང་གིས་རིག་བྱེད་མི་སློང་ན། ལོག་ལྟ་ལས། ལོག་རྟོག །ལོག་པའི་ངག་ལས་མཐའ་འབྱུང་བར་བཤད་པ་ཅི་ཞེ་ན། ཀུན༷་སློང༷་ལ་རྣམ༷་པ་གཉི༷ས་ཡོད་དེ་རྒྱུ༷་ཡི་ཀུན་སློང་དང༷་ནི༷། བྱ་བ་དེ༷་ཡི༷་དུས༷་ཀྱི༷་ ཀུན་སློང༷་ཞེས༷་བྱ༷་བ་གཉིས་སོ། །དེ་གཉི༷ས་ལ༷ས་དང༷་པོ༷་ནི་ལས་ལ་ར༷བ་ཏུ་འཇུག༷་བྱེ༷ད་ཀྱི་རྒྱུ་ཡིན་ལ། གཉི༷ས་པ༷་ལས་བྱ་དུས་མཐུན་པར་བྱེད་པས་རྗེས༷་སུ༷་འཇུ༷ག་པར་བྱེ༷ད་པ་དངོས་གཞི་ལྟ་བུ་ཡི༷ན་ནོ། །གཉིས་པ། དེ་ལ་ མཐོང༷་བས༷་སྤང༷་བྱའི༷་རྣམ༷་ཤེས༷་ནི༷་ཁ་ནང་བལྟས་ཡིན་པས་དངོས་སུ་རིག་བྱེད་མི་སློང་ཡང་རིག་བྱེད་རབ༷་ཏུ༷་འཇུག༷་བྱེ༷ད་ཡི༷ན་ལ། ཡི༷ད་ནི༷་བསྒོམ༷་པས༷་སྤང༷་བྱ༷་ནི་རྟོག་བཅས་ཁ་ཕྱིར་བལྟས་ཀྱང་ཡོད་པས་རྒྱུ་དུས་ཀྱི་ཀུན་སློང་གཉི༷ས་ ཀ༷་ཡི༷ན་ལ། མིག་ཤེས་སོགས་ལྔ༷་ནི༷་རྟོག་མེད་ཡིན་ཕྱིར་རྗེས༷་སུ༷་འཇུག༷་བྱེ༷ད་དུས་སློང་ཁོ་ན་ཡི༷ན་ནོ། །དེའི་ཕྱིར་དེ་དག་དང་མཚུངས་ལྡན་སེམས་བྱུང་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་ཕྱིར་མདོ་ལས་མཐོང་ 3-1-109b སྤང་གིས་རིག་བྱེད་སློང་བར་བཤད་པ་རྒྱུ་ཡི་དབང་དུ་དང་། འདོད་ན་སྒྲིབ་པའི་རིག་བྱེད་ཀྱི་ཀུན་སློང་མེད་པར་བཤད་པ་དུས་སློང་གི་མཛད་པ་ཡིན་ལ། འདོད་པའི་མཐོང་སྤང་འཇིག་མཐར་གྱིས་རིག་བྱེད་ཀྱི་རྒྱུའི་ཀུན་སློང་བྱེད་ཀྱང་ དུས་སློང་སྒོམ་སྤང་གི་རྣམ་ཤེས་ཁོ་ན་ལ་ལྟོས་ལ། བསྒོམ་སྤང་གི་རྣམ་ཤེས་སྒྲིབ་པའང་འདོད་པ་ན་མེད་པས་སོ། །འོ་ན་དུས་སློང་གཙོ་བས། རྒྱུ་སློང་དགེ་བས་བྱས་ནས་དུས་སློང་མི་དགེ་བའམ་ལུང་མ་བསྟན་གྱིས་བྱས་པའི་ སྡོམ་པའང་དགེ་བ་མིན་པར་འགྱུར་ཞེ་ན། ཀུན་སློང་གི་བསམ་པ་དེ་དག་མཐོང་སྒོམ་སྤང་བྱ་རིགས་ཐ་དད་ན། དུས་སློང་གཙོ་བོར་འགྱུར་གྱི། རིས་གཅིག་ལ་རྒྱུ་སློང་གཙོ་ཆེའོ་ཟེར། གསུམ་པ། རྒྱུ་དུས་ཀྱི་ཀུན་སློང་དེ་ འདྲའམ་ཞེ་ན། ཅི་རིགས་ཡོད་དེ། རབ༷་ཏུ༷་འཇུག༷་བྱེད་དགེ༷་སོ༷གས་གསུམ་པོ་ལ༷ས་རྗེས༷་འཇུག༷་བྱེ༷ད་ཀྱང༷་དགེ་སོགས་རྣམ༷་གསུམ༷་ཅི་རིགས་སུ་འགྱུར༷་བ་ཡོད་ལ། དེའང་རབ་རྗེས་གཉིས་ལ་མུ་བཞི་སྟེ་མཐོང་སྤང་སེམས་ནི་རབ་ འཇུག་དང་། སྒོ་ལྔའི་ཤེས་པ་རྗེས་འཇུག་དང་། ཡིད་ཤེས་སྒོམ་སྤང་གཉིས་ཀ་དང་། ཟག་པ་མེད་ནི་གཉིས་མིན་ནོ། །དམིགས་བསལ་ཐུབ༷་པའི༷་རྒྱུ་སློང་དགེ་ལུང་མ་བསྟན་ལས་དུས་སློང་དགེ་ལུང་མ་བསྟན་འདྲ༷་བ༷འམ། ཡང་ན་དམན་པར་མི་འགྱུར་བས་རྗེས་སློང་ལུང་མ་བསྟན་དང་དགེ་བ་དེ༷་གཉིས་ཀྱང་དགེ༷་བ༷་ཁོ་ནའོ། །གཞན་དག་གཤེགས་བཞེངས་མནལ་བཞུགས་ནམ་དུའང་མཉམ་པར་བཞག་པས་སངས་རྒྱས་ལ་ལུང་མ་བསྟན་མེད་དེ་ 3-1-110a དགེ་བ་ཁོ་ནའོ། །མདོ་ལས། གླང་ཆེན་གཤེགས་ནའང་མཉམ་པར་གཞག་སོགས་གསུངས་པ་ལྟར་རོ། །དེ་ལ་སྐུ་གསུང་ཐུགས་ཀྱིས་ངན་པ་མི་མཛད་པའམ་ཉེས་མེད་པས་གླང་པོ་ཆེན་ པོའོ། །བྱེ་སྨྲས་སངས་རྒྱས་ལ་རྣམ་སྨིན་སྐྱེས་དང་། སྤྱོད་ལམ་སྤྲུལ་སེམས་ཡོད་ཟེར། ཡིད་དང་སྒོ་ལྔའི་ཤེས་པ་ཀུན་སློང་དུ་བཤད་པ་རྣམ་སྨིན་སྐྱེས་མིན་པ་ལ་དགོངས་ཀྱི་རྣ༷མ་སྨིན༷་ལ༷ས་སྐྱེས༷་པ་མངོན་པར་འདུ་བྱེད་ མེད་པར་ངང་གིས་འཇུག་པའི་ཕྱིར་ཀུན་སློང་གཉི༷ས་ཀ༷་མིན༷་ལ། དེ་བཞིན་དུ་ཟག་མེད་ནི་མི་རྟོག་ཅིང་མཉམ་པར་གཞག་པས་གཉིས་ཀ་མིན་ནོ། །རིག་བྱེད་མིན་པ་ཀུན་སློང་གིས་དགེ་མི་དགེར་འགྱུར་རོ་ཞེས་པ་མི་རིགས་ཏེ། བསམ་ སྟོབས་ཙམ་ལས་བྱུང་བས་ཡིན་ན། རིག་མིན་དང་ལྷན་ཅིག་པའི་འབྱུང་བཞི་དང་། མིག་རྣའི་མངོན་ཤེས་ཀྱང་དགེ་བར་ཐལ་ལ། ཀུན་སློང་གི་བསམ་པ་ནི་རིག་མིན་ལ་སེམས་པ་མེད་པས་སྡོམ་པ་ནི་སེམས་པའི་རྒྱུན་ཡིན་ པས་རྣམ་བཞག་འདི་དག་བྱེ་སྨྲས་ཀུན་བཏགས་སོ། །ཞེས་གསུངས་སོ། །གཉིས་པ་བྱེ་བྲག་རིག་མིན་ལ་བསྟན་བཤད་གཉིས། དང་པོ། རྣམ༷་རིག༷་མི༷ན་པ་ལ་རྣམ༷་པ་གསུམ༷་དུ་ཤེས༷་པར་བྱ༷་སྟེ། གང་ཞེ་ན། གནོད་པ་ གཞིར་བཅས་སྡོམ༷་པ་ད༷ང་། གནོད་པ་གཞིར་བཅས་ལ་རྒྱུན་དུ་ཞུགས་པ་སྡོམ༷་པ༷་མིན༷་པ༷་དང༷་། གཞན༷་ཕྱོགས་རེ་སྤོང་བའམ་ཕྱོགས་རེར་ཞུགས་པ་བར་མའོ། །དེ་ཡང་གནོད་པ་ནི་ལུས་ངག་གི་མི་དགེ་བདུན་དང་། གཞི་ 3-1-110b ནི་ཡིད་ཀྱི་གསུམ་མོ། །ཡང་ན་གནོད་པ་ནི་རང་བཞིན་གཞི་ནི་བཅས་པའོ། །གཉིས་པ་ལ་སྡོམ་པ་བྱེ་བྲག་ཏུ་བཤད་པ་དང་། གསུམ་ཀ་ཐུན་མོང་དུ་བཤད་པ་གཉིས། དང་པོ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ། སྡོམ༷་པ༷་ལ་སོ༷་སོར༷་ཐར༷་བའི་སྡོམ་པ་ཞེས༷་བྱ༷་བ་དང་། དེ༷་བཞིན༷་དུ་ཟག༷་མེ༷ད་ཀྱི་སྡོམ་པ་དང་། བས༷མ་གཏན༷་ལས་སྐྱེས༷་པའི་སྡོམ་པའོ། །གཉིས་པ་བྱེ་བྲག་ཏུ་སོ་ཐར་བཤད་པ་ལ། དབྱེ་བ། སོ་སོའི་རང་བཞིན། མིང་གི་རྣམ་གྲངས། ལྡན་པའི་གང་ཟག་བཞི། དང་པོ་ལ་དངོས་དང་ཞར་བྱུང་གཉིས། དང་པོ་ལ་བརྒྱད་དུ་དབྱེ་བ་དང་། བཞིར་བསྡུ་བ་གཉིས། དང་པོ། སོ༷་སོར༷་ཐར༷་པའི་སྡོམ་པ་ཞེས༷་བྱ༷་བ་ནི་རྣམ༷་པ་བརྒྱ༷ད་ དེ། དགེ་སློང་ཕ་མ། དགེ་སློབ་མ། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ། བསྙེན་གནས་སོ། །བཤེས་སྤྲིངས་འགྲེལ་བར་དགེ་སློབ་མ་དོར་ནས་བསྙེན་གནས་ལ་གཉིས་སུ་ཕྱེ་བའོ། །གཉིས་པ། གང་ ཟག་ཐ་དད་པ་མ་གཏོགས་སྡོམ་པའི་རྫས༷་སུ༷་ནི་རྣ༷མ་པ༷་བཞི༷་ཡི༷ན་ནོ༷། །དེ་ཡང་དགེ་སློང་ཕ་མའི་སྡོམ་རྫས་འདྲ་ལ། དགེ་སློབ་མ་དང་དགེ་ཚུལ་ཕ་མ་འདྲ་ལ། དགེ་བསྙེན་ཕ་མ་འདྲ་བས་སོ། །འདིར་རྫས་མཚན་ཉིད་ལ་འདོད་ དོ། །བསྙེན་གནས་ལ་གཉིས་སུ་མ་བཤད་པ་ཡུན་ཐུང་བས་སམ། བསྡུ་བ་ལས་ཟ་མ་སོགས་ལའང་སྐྱེ་བར་བཤད་པས་སོ། །དེ་དག་བསྲུང་བྱ་མང་ཉུང་མི་འདྲ་ཡང་སྡོམ་རྫས་ལ་ཁྱད་མེད་པས་མཚ༷ན་འགྱུར་བ་ལ༷ས་མིང༷་ནི༷་ 3-1-111a འཕོ༷་བ༷་ཙམ་ཡིན་པའི་ཕྱིར༷། སྔར་གྱི་སྡོམ་པ་མི་གཏོང་ཞིང་གསར་དུ་མི་ཐོབ་པས་སོ། །གཉིས་པ། ཞར་བྱུང་སྡོམ་རྫས་གཅིག་ཐ་དད་དཔྱད་པ་ནི། དགེ་བསྙེན་སོགས་སྡོམ་རྫས་གསུམ་པོ་གང་ཟག་ གཅིག་གི་རྒྱུད་ལ་རྫས་ཐ་དད་དུ་ཡོད་དེ། ཐོབ་གཏོང་གི་རྒྱུ་མི་གཅིག་པས་སོ། །འོ་ན་མི་གཅིག་དགེ་བསྙེན་སོགས་གསུམ་ཀ་ཡིན་པ་འགལ་ཞེ་ན། རྫས་བཞི་པོ་རྒྱུད་ལ་ཐ༷་ད༷ད་དུ་ཡོད་ཀྱང་། སྡོམ་རྫས་དེ༷་དག༷་ངོ་བོ་ལ་འགལ༷་བ༷་མེ༷ད་དེ། གཅིག་གིས་བསྲུང་བྱ་གཅིག་འགོག་པ་ལྟ་བུ་མེད་པས། རྒྱུད་ལ་ཐ་དད་དུ་ལྡན་ཆོག་པས་སོ། །དགེ་སློང་ལ་གཞི་ལྔ་ནི་སྤོང་བ་གསུམ་གསུམ་དང་། གླུ་གར་སོགས་ནི་སྤོང་བ་གཉིས་དང་། སྤོང་བ་གཞན་ནི་རེ་རེའོ། །འོན་ ཀྱང་གཞི་བསམ་གྱི་ཁྱད་པར་ལས། དགེ་སློང་གིས་སྲོག་གཅོད་སྤོང་བ་ཆེ་ལ། དགེ་ཚུལ་གྱི་འབྲིང་། དགེ་བསྙེན་གྱི་ཆུང་ངོ་། །འོ་ན་དགེ་སློང་དེ་ཉིད་དགེ་ཚུལ་སོགས་སུ་འགྱུར་རོ། །ཞེ་ན། དགེ་སློང་ཞེས་པ་ནི་གཙོ་ཆེ་ བས་སོ། །དོན་ལ་སྤོང་སེམས་གཅིག་ལས་དུ་མ་དུས་མི་མཉམ་པ་དང་། ཚིག་སྔ་མ་མེད་པ་ལ། བསྙེན་རྫོགས་སྐྱེ་བ་དང་། ན་སྨད་པ་དག་ནི་སེམས་པའི་ཁྱད་པར་ཁས་བླང་སྟོབས་ཀྱིས་འཐོབ་པ་དང་གཏོང་བའི་ ཕྱིར་རོ། །གོང་མའི་ཁོངས་སུ་འོག་མ་འདུ་བས་ན་སྡོམ་པ་གསུམ་ལྡན་ཅེས་བྱའོ། །གཉིས་པ་སོ་སོའི་རང་བཞིན་ནི། འདིར་ཆེད་ཀུན་སློང་དང་། ཉིད་ཐོབ་པར་བཞག་སྟེ། སྲོག་གཅོད་སོགས་སྤང༷་བྱ༷་ལྔ༷་དང་ 3-1-111b བརྒྱ༷ད་དང་བཅུ༷་དང༷་ནི༷་ཐམ༷ས་ཅ༷ད་སྤོང༷་བ༷་མནོས༷་པ༷་སྟེ། ཁས་བླང་བ་ལ༷ས་རིམ་པ་བཞིན་དུ་འདི་ལྟར་ཤེས་པར་བྱ་སྟེ། དེ་ཡང་གསོད་རྐུ་འདོད་ལོག་རྫུན་ཆང་སྟེ་ལྔ་པོ་གཏན་དུ་སྤོང་བ་མནོས་པ་ལས་དགེ༷་བསྙེན༷་དང༷་ནི༷། དགེ་བསྙེན་ཉིད་ལ་གནས་པའི་ཆེད་དུ་ཞེས་ཉིད་ངེས་བཟུང་དུ་ཡང་འཆད། ལྔ་པོ་དེའི་སྟེང་དུ། གླུ་གར་རོལ་མོའི་སྒྲ་དང་། ཕྲེང་སྤོས་རྒྱན་ཁ་དོག་འཆང་བ་རྣམས་ཏེ་གར་ཕྲེང་གཅིག་ཏུ་བརྩིས་པའི་དྲུག་ཁྲི་སྟན་མཐོན་ པོ་དང་ཆེན་པོ་གཉིས་དང་བདུན། དུས་མིན་གྱི་ཁ་ཟས་ཏེ་བརྒྱད་པོ་ཉིན་ཞག་གཅིག་གི་བར་དུ་སྤོང་བར་མནོས་པ་ནི་བསྙེན༷་གན༷ས་དང༷་། དེ་བརྒྱད་ལས་གར་སོགས་ཕྲེང་སོགས་གཉིས་སུ་ཕྱེ་བ་དང་། གསེར་དངུལ་ལེན་པ་ཇི་ སྲིད་འཚོའི་བར་སྤོང་བར་མནོས་པ་ནི་དགེ༷་ཚུལ༷་ལ་གནས་པའི་ཆེད༷་དུ་དང༷་། ལུས་ངག་གི་ལས་སྤང་བྱ་ཐམས་ཅད་སྤོང་བ་ཡང་དག་པར་མནོས་པ་ལས་ནི་དགེ༷་སློང༷་ཉི༷ད་དེ། སྤོང་བྱ་སྡོམ་དུ་བསྡུས་པ་ཕམ་པ་བཞི། ལྷག་ མ་བཅུ་གསུམ། ལྟུང་བྱེད་ལ་སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ཉིས་བརྒྱ་དང་ང་གསུམ་མོ། །གསུམ་པ་ལ་སྤྱིའི་མིང་དང་། སྐད་ཅིག་དང་པོའི་མིང་བྱེ་བྲག་ཏུ་བཤད་པའོ། །དང་པོ། རང་གཞན་གྱི་ལུས་སེམས་གདུང་བ་བསིལ་བས་ཚུལ༷་ཁྲིམས༷་དང༷་ནི༷། མཁས་པས་བསྔགས་པས་ལེགས༷་སྤྱད༷་དང༷་། བྱ་བའི་རང་བཞིན་ཡིན་པས་ལ༷ས་དང༷་། 3-1-112a ཉེས་སྤྱོད་སྡོམ་པས་སྡོམ༷་པ༷་ཞེས༷་བྱ༷་བ་རྣམས་ནི་མིང་གི་རྣམ་གྲངས་སོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་མིང་གི་རྣམ་གྲངས་ལ་རྩ་བ་དང་རྒྱན་དང་བྱུག་པ་དང་སྤོས་ཞེས་ཀྱང་བྱའོ༷། །གཉིས་པ། སོར་སྡོམ་ ཐོབ་པ་དང༷་པོའི༷་རྣམ༷་པ་རིག༷་བྱེད་དང་རྣམ༷་རིག༷་མིན༷་པ་ནི་སོ༷་སོར༷་ཐར༷་པའི་སྡོམ་པ་ཞེས་བྱ་བ་དང༷་། བྱ༷་བའི༷་ལས་ཀྱི་ལམ༷་ཞེས་བྱ་སྟེ། དང་པོ་ནི་སྡིག་པ་ལས་དང་པོར་ཐར་པ་དང་། སྡོམ་པའི་བྱ་བ་འབྱུང་བའི་ལམ་དངོས་ ཡིན་གྱི། སྐད་ཅིག་གཉིས་པ་ཕན་ཆད་དེའི་དོན་མེད་དེ། པྲ་ཏི་མོཀྵ་ཞེས་པ་དང་པོར་ཐར་པ་ཡིན་ན་དེ་ཐར་ཟིན་པ་ཡིན་པས་དང་། ལས་ལམ་གྱི་མཇུག་ཡིན་པས་སོ། །བཞི་པ་ལ་དངོས་དང་ཞར་བྱུང་གཉིས། ། དང་པོ། སྡོམ་པ་དེ་སུ་ལ་ལྡན་ན། སོ༷་སོར༷་ཐར༷་དང༷་ལྡན༷་པ༷་དགེ་སློང་སོགས་བརྒྱ༷ད་དོ། །ཕྱི་རོལ་པ་རྣམས་ལ་སོ་ཐར་མེད་དམ་ཞེ་ན། དེ་དག་ལ་སྡོམ་པ་ཙམ་ཡོད་མོད་ཀྱི་སོ་ཐར་སྡོམ་པ་མེད་དེ་ལོག་ལྟ་སོགས་ཀྱིས་ཉམས་པ་ དང་། སྲིད་པའི་ཁྱད་པར་ལ་ཐར་པར་འདུ་ཤེས་པས་སྡིག་པ་ལས་གཏན་དུ་ཐར་བྱེད་མིན་པས་སོ། །གཉིས་པ་ཞར་བྱུང་དུ་སྡོམ་པ་གཞན་གཉིས། གང་ཟག་སུ་དང་ལྡན་ཚུལ་དང་། སྐབས་སུ་བབས་པ་སྡོམ་པའི་མིང་ཅན་གཞན་ གསུངས་པའི་དོན་བཤད་པ་གཉིས། དང་པོ། བས༷མ་གཏན༷་ལས་སྐྱེས༷་པའི་སྡོམ་པ་དང༷་ནི། བསམ་གཏན་གྱི་ཉེར་བསྡོགས་དང་དངོས་གཞི་དེ༷་དང་ལྡན༷་པ༷་རྣམས་དང་ལྡན་ནོ། །ཟག༷་མེ༷ད་སྡོམ་པ་ནི། འཕ༷གས་པའི༷་སེམ༷ས་ 3-1-112b ཅ༷ན་སློབ་མི་སློབ་རྣམས་དང༷་ལྡན་ནོ། །གཉིས་པ་ལ་སེམས་ཀྱི་རྗེས་འབྲང་གི་སྡོམ་པ་གང་ཡིན་པ་དང་། བསམ་གཏན་དང་སྤོང་སྡོམ་གྱི་གཞི་མཐུན། ཡིད་དང་དབང་པོའི་སྡོམ་པ་བཤད་པ་དང་གསུམ། དང་པོ། ཐ༷་མ༷་བསམ་གཏན་དང་ཟག་མེད་སྡོམ་པ་གཉི༷ས་ནི༷་སེམ༷ས་རྗེ༷ས་འབྲང༷་སྟེ་མཉམ་པར་བཞག་ན་ཡོད་ལ། མ་བཞག་ན་མེད་པས་སོ། །སོར་སྡོམ་ནི་གཡེང་བ་དང་། སེམས་མེད་པའི་རྗེས་སུའང་བྱེད་པས་མིན་ནོ། །གཉིས་ པ། ཡང་སྤོང་བའི་སྡོམ་པ་ཞེས་བཤད་པ་གང་ཞེ་ན། བར༷་ཆ༷ད་མེ༷ད་པའི་ལམ༷་དགུ་དག་ཏུ་སྐྱེས༷་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དེ༷་གཉི༷ས་ཡིན་ལ། འོ་ན་བར་ཆད་མེད་ལམ་ཐམས་ཅད་དམ་ཞེ་ན། མིན་ཏེ་ དང་པོའི་ཉེར་བསྡོགས་མི༷་ལྕོག༷ས་མེ༷ད་པ་ལ༷་སྤོང༷་སྡོམ་ཞེས༷་བྱ༷་སྟེ། དེས་འཆལ་ཁྲིམས་དང་དེའི་ཀུན་སློང་ཉོན་མོངས་རྣམས་སྤོང་བས་སོ། །བསམ་སྡོམ་དང་སྤང་སྡོམ་ཡིན་མིན་ལ་མུ་བཞི་ལས། དང་པོ་བསམ་སྡོམ་ཡིན་ལ་སྤང་སྡོམ་མིན་པ། མི་ལྕོགས་མེད་པའི་ བར་ཆད་མེད་ལམ་མ་གཏོགས་པའི་ཟག་བཅས་བསམ་གཏན་གྱི་སྡོམ་པའོ། །གཉིས་པ། ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་གྱི་ཟག་མེད་ཀྱི་སྡོམ་པའོ། །གཉིས་ཡིན་མི་ལྕོགས་མེད་པའི་བར་ཆད་མེད་ལམ་གྱི་བསམ་གཏན་གྱི་སྡོམ་པའོ། །གཉིས་མིན་ནི་དེ་ལས་མ་གཏོགས་པ་མི་ལྕོགས་མེད་ པའི་ལམ་མ་གཏོགས་པའི་ཟག་མེད་ཀྱི་སྡོམ་པའོ། །དེ་བཞིན་ཟག་མེད་སྤོང་སྡོམ་ལ་མུ་བཞིའང་ཤེས་པར་བྱའོ། །གསུམ་པ། ཡང་སོ་སོར་ཐར་པ་ལས། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་ 3-1-113a དུ་ནི་སྡོམ་པ་ལེགས། །ཞེས་དང་། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས། གང་ཡང་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ་ཞེས། ཡིད་དང་དབང་པོའི་སྡོམ་པ་དེ་རིག་བྱེད་མིན་པ་ཡིན་ ནམ་ཞེ་ན་མིན་ཏེ། ལྟུང་བ་དང་དེའི་གཉེན་པོ་ཤེས༷་བཞིན༷་པ་དང༷་ནི༷་སྤོང་སེམས་མ་བརྗེད་པའི་དྲ༷ན་པ་དག༷་དང་གཉི༷ས་ནི་ཡི༷ད་དང༷་དབ༷ང་པོའི༷་སྡོམ༷་པ༷་ཡི༷ན་ཏེ། ཡིད་ཀྱི་ཉེས་སྤྱོད་དང་དབང་པོ་ཡུལ་ལ་ལོངས་སྤྱོད་སྤངས་པས་སོ། ། གཉིས་པ་དེ་གསུམ་ཐུན་མོང་དུ་བཤད་པ་ལ། ལྡན་ཚུལ། འཐོབ་ཚུལ། གཏོང་ཚུལ། རྟེན་དང་བཞི། དང་པོ་ལ་དངོས་དང་ཞར་བྱུང་གཉིས། དང་པོ་ལ། རིག་མིན་དངོས་དང་། རིག་བྱེད་ཀྱི་ལྡན་ཚུལ་གཉིས་ ལས། དང་པོ་ལ། སོ་ཐར། སྡོམ་མིན་བསམ་གཏན་དང་ཟག་མེད། བར་མའི་ལྡན་ཚུལ་ཞར་བྱུང་བཞི་ལས། དང་པོ། སོ༷་སོར༷་ཐར༷་པ་ལ་གན༷ས་པ་ཇི༷་སྲི༷ད་དུ༷་གཏོང་རྒྱུས་མ༷་བཏང༷་གི་བར༷་དག༷་ཏུ་རྟག་ཏུ་ད༷་ ལྟ༷ར་གྱི༷་རྣམ༷་རིག༷་མིན༷་པ་དག་དང་ལྡན༷་ལ། སྐ༷ད་ཅི༷ག་མ༷་དང༷་པོ༷་ཕྱིན༷་ཆ༷ད་སྡོམ་པ་འདས༷་པ༷་རྣམས་ཀྱི་ཐོབ་པ་དང༷་ཡང་ལྡན་ནོ། །དེ་ཡང་སོར་སྡོམ་སེམས་ཀྱི་རྗེས་འབྲང་མིན་པས་གཏོང་རྒྱུས་མཚམས་བཅད་པ་དང་། མ་འོངས་ པའི་ཐོབ་པ་མ་བྱུང་བའི་ཕྱིར་སྐད་ཅིག་མ་དང་པོ་ད་ལྟ་བ་ཁོ་ན་དང་ལྡན་པར་བཤད་དོ། །གཉིས་པ། སྡོམ༷་མིན༷་གན༷ས་པ༷འང་སྡོམ་པ་དེ༷་དང༷་འདྲ༷་བར་ཤེས་པར་བྱའོ། །གསུམ་པ། བས༷མ་གཏན༷་གྱི་སྡོམ༷་པ་དང༷་ལྡན༷་པ༷་ནི༷་ 3-1-113b ད་ལྟ་བར་མ་ཟད་རྟག༷་ཏུ༷་གཏོང་རྒྱུས་བར་ཆོད་པའི་ཡང་འདས༷་པ་དང༷་། བར་མ་ཆོད་པའང་མ༷་འོངས༷་ཀྱི་སྡོམ་པ་དང༷་ཡང་ལྡན་ནོ། །བསམ་གཏན་སྡོམ་པ་སེམས་ཀྱི་རྗེས་འབྲང་ཡིན་པས། སྐད་ཅིག་དང་པོར་ཡང་ཚེ་ གཞན་དང་། འདིར་བཏང་བའི་བསམ་སྡོམ་འདས་པ་ཐོབ་ལ། འོན་ཀྱང་ངེས་འབྱེད་ཆ་མཐུན་གྱིས་བསྡུས་པ་ནི་མ་གཏོགས་སོ། །ཞེས་འཆད། འདས་འོངས་ལྡན་ཞེས་ཁོ་རང་གི་གྲུབ་མཐའ་འོ། །འཕ༷གས་པའི་ཟག་ མེད་ཀྱི་སྡོམ་པ་ནི༷། དང༷་པོ༷་སྡུག་བསྔལ་ཆོས་བཟོད་ཀྱི་ཚེ་ན་འདས༷་པའི་ཐོབ་པ་དང༷་ལྡན་པ་མིན༷་ཏེ། ཟག་མེད་ཀྱི་ལམ་སྔོན་བསྐྱེད་མ་མྱོང་བས་སོ། །གཞན་བསམ་གཏན་སྡོམ་པ་དང་འདྲ་བར་ཤེས་པར་བྱའོ། །དེ་ནི་འདས་འོངས་ ཀྱི་དབང་དུ་བྱས་པའོ། །ད་ལྟའི་དབང་དུ་ན་ཟག་བཅས་བསམ་གཏན་ལ་མཉམ༷་པར་བཞག༷་པ་དང་། འཕ༷གས་ལ༷མ་ལ་གན༷ས་པ་དེ་སྙོམས་པར་ཞུགས་པ་ན། བསམ་གཏན་ཟག་མེད་ཀྱི་སྡོམ་པ་དེ༷་གཉི༷ས་ད༷་ལྟར༷་བ་དང༷་ཡང་ལྡན༷་ གྱི། མཉམ་གཞག་ལས་ལངས་ན་མིན་ཏེ། དེ་དག་ད་ལྟ་བ་ནི་མཉམ་བཞག་གི་སེམས་ཀྱི་རྗེས་སུ་འབྲང་བས་སོ། །འདས་མ་འོངས་ཀྱི་ཐོབ་པ་ནི་མཉམ་པར་མ་བཞག་པའི་ཚེ་དང་། གཏོང་རྒྱུ་མ་བྱུང་གི་བར་དུ་ལྡན་ནོ་ཞེས་གྲུབ་ མཐའ་འོ། །བཞི་པ་ལ་སྤྱིའི་ལྡན་ཚུལ་དང་། བྱེ་བྲག་སྡོམ་སྡོམ་མིན་ཅན་ལ་ལྡན་ཚུལ་གཉིས། དང་པོ། བ༷ར་མའི་སྡོམ་པ་ལ་གན༷ས་པ་ལ༷། གལ་ཏེ་རིག་བྱེད་མིན་པ་ཡོ༷ད་ན༷་སྐད་ཅིག་དང༷་པོ༷་ལ་ད་ལྟའམ་བར༷་གྱི་དང༷་ 3-1-114a ལྡན་ལ་མ་བཏང་གི་བར་དུ་ཕྱིན༷་ཆ༷ད་དུ༷ས་ནི༷་འདས་ད་ལྟ་གཉི༷ས་དང༷་ལྡན་པ་ཡང་ངོ༷་། །གཉིས་པ། སྡོམ༷་མིན༷་ལ་གན༷ས་པ༷་བར་མའི་དགེ༷་བའི༷་རིག་བྱེད་མིན་པ་དང༷་། སྡོམ༷་ལ༷་གན༷ས་པ༷་བར་མའི་མི༷་ དགེ༷་བའི༷་རྣམ༷་རིག༷་མིན༷་པ་དང་ལྡན༷་པ་ཡོད་དམ་ཞེ་ན་ཡོད་དེ། ཇི༷་སྲི༷ད་དུ༷་སྡོམ་མིན་ཤན་པ་སོགས་ཀྱང་རབ༷་ཏུ་དང༷་བའི་ཤུགས་དང་ལྡན་པས་ཕྱག་འཚལ་བ་སོགས་དང་། སོར་སྡོམ་ཅན་ཡང་ཉོ༷ན་མོང༷ས་ཤུགས༷་དྲག༷་པ་དང་ ལྡན་པས་སྲོག་ཆགས་གསོད་པ་རྐུ་སོགས་བྱེད་པར༷་དེ་སྲིད་དུ་དགེ་མི་དགེའི་རིག་མིན་དང་ལྡན་པས་སོ། །གཉིས་པ་རིག་བྱེད་ལྡན་ཚུལ་ལ། ལུས་ངག་གི་རིག་བྱེད་ལྡན་ཚུལ་དངོས་དང་འཕྲོས་དོན་གཉིས། དང་པོ། ལུས་ངག་གི་རྣམ༷་པར་རིག༷་བྱེ༷ད་ནི༷། སྡོམ་སྡོམ་མིན་བར་གནས་ཐམ༷ས་ཅ༷ད་ལ༷་རིག་བྱེད་དངོས་སུ་བྱེ༷ད་པ༷་དག༷་ལ༷་ད༷་ལྟ༷་བར་དང་ལྡན༷་ལ། བྱེད་པ་དེ་གཏོང་རྒྱུས་མ༷་བཏང༷་གི་བར༷་དུ༷་དང་པོའི་སྐ༷ད་ཅི༷ག་མ༷་ཕྱིན༷་ཆ༷ད་འདས༷་པ་དང་ཡང་ ལྡན༷་ལ། མ༷་འོངས༷་པ་དང་ལྡན་པ་མེ༷ད་དེ་རིག་བྱེད་སེམས་ཀྱི་རྗེས་འབྲང་མིན་པས་དང་། བེམ་པོ་ཡིན་པས་དེ་ལྟ་བུའི་ནུས་པ་མེད་དོ། །སྒྲིབ༷་ལ་ལུང་མ་བསྟན་པ༷་ཡི་རིག་བྱེད་དང༷་ནི༷། མ༷་སྒྲིབ༷་ལུང་མ་བསྟན་པ༷་ཡི་ རིག་བྱེད་དག་ལ་མ་འོངས་མི་ལྡན་པར་མ་ཟད་འདས༷་པ༷་དག༷་དང༷་ལྡན༷་པ༷འང༷་མེ༷ད་དེ། ལུང་མ་བསྟན་པའི་ཆོས་རྣམས་སྟོབས་ཆུང་ལ་དེ་དང་ལྷན་སྐྱེས་ཀྱི་ཐོབ་པའང་སྟོབས་ཆུང་བས། ཆོས་དེ་འགགས་ནས་དེའི་ཐོབ་པ་སྔ་ཕྱིར་ 3-1-114b འདྲེན་མི་ནུས་པས་སོ། །ཐོབ་པ་ཐམས་ཅད་སེམས་སྟོབས་ཆེ་ཆུང་གིས་འབྱེད་པས། སྔ་མའི་ཤུགས་ཀྱིས་ཕྱི་མ་འཕེན་ནུས་ཞིག་ལ་འདས་འོངས་ཐོབ་པར་འཁྲུལ་པའོ། །དེ་ཡང་དེ་ལས་བྱུང་ཙམ་མིན་གྱི་རྒྱུ་ནུས་ པ་ཐོགས་མེད་དུ་ངེས་པ་འདྲ་ཞིག་ལའོ། །གཉིས་པ་ལ་གཉིས། སྡོམ་མིན་གྱི་རྣམ་གྲངས་དང་། རིག་རིག་མིན་དང་ལྡན་ཚུལ་གྱི་མུའོ། །དང་པོ། ལུས་ངག་མི་སྡོམ་པས་སྡོམ༷་པ༷་མིན༷་པ་དང༷་། དམ་པས་སྨད་ཅིང་ འབྲས་བུ་ཡིད་མི་འོང་སྐྱེད་པས་ཉེས༷་སྤྱོ༷ད་དང༷་། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་འཆལ༷་བའི༷་ཚུལ༷་ཁྲི༷མས་དང་། ལུས་ངག་གི་ལས་ཡིན་པས་ལ༷ས་དང་། དངོས་ཀྱིས་བསྡུས་པས་ལ༷ས་དེའི༷་ལམ༷་ཞེས་ བྱ་བ་རྣམས་ནི་རྣམ་གྲངས་སོ། །གཉིས་པ། འདིར་རིག་བྱེད་དང་རིག་བྱེད་མིན་པ་ལྡན་མི་ལྡན་ལ་མུ་བཞི་སྟེ། རིག་བྱེད་དང་ལྡན་ལ་རིག་མིན་མི་ལྡན་པ་ནི། སྡོམ་སྡོམ་མིན་གཉིས་ཀ་མིན་པའི་བར༷་མ༷་དོར༷་གན༷ས་པ་ཞིག་གིས་ སེམ༷ས་ཞན༷་པ༷་སྟེ། ཀུན་སློང་དྲག་པོ་མིན་པའི་སེམས་ཀྱིས་དགེ་མི་དགེ་གང་རུང་བྱེ༷ད་ན༷་སེམས་ཞན་པས་རིག་མིན་སློང་མི་ནུས་པས་རྣམ༷་རིག༷་བྱེད་ཁོ་ན་ཉི༷ད་དང༷་ལྡན༷་ལ་ཞེས་པ་དགེ་མི་དགེའི་སེམས་ཞན་པས་ཀྱང་རིག་བྱེད་མིན་པ་སྐྱེད་ མི་ནུས་ན་ལུང་མ་བསྟན་གྱིས་བྱེད་ན་ལྟ་སྨོས་ཀྱང་ཅི་དགོས། སེམས་ཞན་པ་ཞེས་པས་སེམས་དྲག་པོས་བྱེད་ན་རིག་རིག་མིན་དང་ལྡན་ནོ། །ཞེས་སོ། །འདི་སྤྱིར་བཏང་སྟེ་དམིགས་བསལ་ནི། རྫས་བྱུང་དངོས་པོ་བདུན་དང་། 3-1-115a སྲོག་གཅོད་སོགས་ལས་ལམ་རྣམས་སེམས་ཞན་པ་དང་ལུང་མ་བསྟན་གྱིས་བྱེད་ཀྱང་རིག་མིན་དང་ལྡན་ནོ། །ཚེ་འདིའི་རྣམ༷་པར་རིག༷་བྱེད་བཏང༷་བ་དང༷་། ཕྱི་མའི་རྣམ་རིག་མ༷་སྐྱེས༷་པའི༷་ འཕ༷གས་པའི༷་གང༷་ཟག༷་ནི་ཟག་མེད་ཀྱི་རྣམ༷་རིག༷་མིན༷་པ་ཁོ་ན་དང་ལྡན་ནོ། །དེ་ལ་རིག་བྱེད་ནི་འགགས་ཤིང་མ་སྐྱེས་པས་མེད་ལ། ཟག་མེད་ཀྱི་སྡོམ་པའི་ཐོབ་པ་ངེས་པར་ལྡན་པས་སོ། །འདིར་སོ་སྐྱེ་དཔེ་མ་བརྗོད་པ་དེ་ བསམ་གཏན་ཐོབ་པ་ཚེ་རྗེས་ནས་རིག་བྱེད་མ་སྐྱེས་པ་ལ་དེ་ཡོད་ཀྱང་། སྤྱིར་བྱིས་པ་ལ་མ་ངེས་འཕགས་པ་ལ་ངེས་པས་སོ། །འཕགས་པ་བཞིན་ཅིག་ཤོས་ཀྱང་དེ་དང་འདྲ་བ་ཡོད་ཅེས་ཀྱང་ཟེར། འཕགས་ལ་ དཔེ་བརྗོད་པས་ས་འཕོས་པའི་དབང་དུ་སྟེ། མ་འཕོས་པ་སོ་སྐྱེས་བསམ་གཏན་ཐོབ་པ་འཕོ་བ་ལའང་དེ་ཡིན་པའི་ཕྱིར་རོ། །གཉིས་ལྡན་སྡོམ་སྡོམ་མིན་གཉིས་རིག་བྱེད་དང་བཅས་པའོ། །གཉིས་མིན་གཟུགས་མེད་ཀྱི་སོ་སྐྱེ་དང་། སོ་སྐྱེ་འདོད་ཆགས་མ་བྲལ་བ་ཤི་ནས་རིག་ བྱེད་མ་བྱུང་བའོ། །དེ་བཞིན་སྡོམ་དང་ལྡན་ལ་བར་མ་དང་མི་ལྡན་པ་སོགས་ལའང་མུ་ཤེས་པར་བྱའོ། །གཉིས་པ་འཐོབ་ཚུལ་ལ། སྡོམ། སྡོམ་མིན། བར་མ་འཐོབ་ཚུལ་གསུམ། དང་པོ་ལ། རྒྱུ་གང་ལས་ཐོབ་པ་དང་། གཞི་གང་ལས་ཐོབ་པ་གཉིས། དང་པོ། བསམ་གཏན། ཟག་མེད། སོར་ཐར་ཐོབ་རྒྱུ་གསུམ་ལས། དང་པོ། བས༷མ་གཏན༷་ལ༷ས་སྐྱེས༷་པའི་སྡོམ་པ་ནི་ཟག་བཅས་བས༷མ་གཏན༷་གྱི༷་དངོས་གཞི་ཉེར་བསྡོགས་གང་རུང་གི་ས༷་པའི་སེམས་ཉི༷ད་ཀྱིས་འཐོབ༷་སྟེ། དེ་དག་དང་དུས་མཉམ་དུ་འབྱུང་བས་སོ། །གཉིས་ 3-1-115b པ། ཟག༷་མེ༷ད་སྡོམ་པ་ནི༷་འཕ༷གས་པ་ཟག་མེད་ཀྱི་བསམ་གཏན་ས་དྲུག་གི་སེམས་ཐོབ་པ་དེས༷་ཐོབ་པ་ཡིན་ནོ། །གསུམ་པ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ་དངོས་དང་། འཕྲོས་དོན་གཉིས་ཀྱི། དང་པོ། སོ༷་སོ༷ར་ཐར༷་ཞེས༷་པ༷་ཡི་སྡོམ་པ་ནི་གཞན༷་མཁན་སློབ་ཀྱིས༷་གསོལ་བ་དང་བརྗོད་པ་སོགས་ཀྱི་རྣམ༷་པ་རིག༷་བྱེ༷ད་པ་དང་། སོ༷གས་ཀྱིས༷་རང་གི་སེམས་དང་། ལུས་ངག་གི་རིག་བྱེད་ཀྱིས་ཀྱང་ཐོབ་བོ། །དེ་ཡང་དགེ་སློང་ཕ་མ་དགེ་ སློབ་མའི་སྡོམ་པ་རྣམས་ནི་དགེ་འདུན་ལས་ཐོབ་ལ། དགེ་བསྙེན་ཕ་མ། དགེ་ཚུལ་ཕ་མ། བསྙེན་གནས་རྣམས་ནི་གང་ཟག་ལས་སོ། །ཁ་ཅིག་བསྙེན་པར་རྫོགས་པའི་ཚུལ་བཅུ་བཟུང་ཕྱིར་སོགས་སྒྲ་གསུངས་པར་ འདོད་དེ། བདེན་མཐོང་ཚུར་ཤོག་སོགས་སོ། །བདུན་ནི་ཇི༷་སྲི༷ད་འཚོ༷་བ་སྲོག་གི་མཐའ་དང༷་། བསྙེན་གནས་ནི་ཉིན༷་ཞག༷་གི་མཐའ་སྟེ་ཉིན་ཞག་གཅིག་ཏུ༷་སྡོམ༷་པ༷་ཡང༷་དག༷་པར་བླང༷་བར༷་བྱ༷འོ། །གལ་ཏེ་འཚོ་ བའི་འོག་ཏུ་བླང་པོ་ཡོད་ཀྱང་ལུས་སྐལ་བ་མི་འདྲ་བ་དང་། དེས་ཀྱང་ཚེ་ཕྱི་མ་དེར་སྦྱོར་བ་མ་བྱས་པའི་ཕྱིར་དང་། མི་དྲན་པས་སྡོམ་པ་མི་སྐྱེ་ན། ཉིན་ཞག་གི་འོག་ཏུ་བསྙེན་གནས་སྡོམ་པ་མི་སྐྱེ་བ་ལ་རྒྱུ་མཚན་ཅི་ཡོད་ ཅེ་ན། མདོ་ལས། ཞག་གཅིག་ཏུ་གསུངས་ཕྱིར་མེད་པར་ཤེས་ཟེར། དེ་མེད་པས་མི་སྐྱེའམ་གདུལ་བྱས་སྲུང་མི་ནུས་པར་གཟིགས་ནས་ཡིན་ཟེར་ན། འདུན་བཟང་ནི་དེ་ལྟ་བུའི་རྒྱུ་མཚན་བརྟགས་མི་ནུས་ཏེ། 3-1-116a འདུལ་དོན་མཐའ་དག་ཐམས་ཅད་མཁྱེན་པའི་ཡུལ་ཡིན་པའི་ཕྱིར་ཟེར། སློབ་དཔོན་ནི་མདོ་ལས་དེ་ལྟར་གསུངས་ཀྱི་ཉིན་ཞག་གི་འོག་ཏུ་སྐྱེ་བ་ལ་རིགས་པ་དང་འགལ་བ་མེད་ཟེར་མོད། ནུས་ན་ཇི་སྲིད་འཚོ་དང་། མིན་ན་ཞག་རེ་བཞིན་བླང་བ་ལ་དྲན་པ་གསོ་བ་སོགས་དགོས་པ་དུ་མ་ཡོད་ཅིང་། གཞན་མི་དགོས་པས་སོ། །གཉིས་པ། ཉིན༷་ཞག༷་གཅིག་གི་མཐའ་པ༷་ཡི༷་སྡོམ༷་མིན༷་ནི་མེ༷ད་དེ། བདག་ཉིན་ཞག་གཅིག་ཏུ་སྡོམ་མིན་དང་ལྡན་པར་གྱུར་ཅིག་ཅེས། སྡོམ་མིན་དེ༷་ཉིན་ཞག་གཅིག་གཅིག་ཏུ་གནས་པ། དེ༷་ལྟ༷ར་ནོ༷ད་པ་མེ༷ད་པས་སོ། །ཅེས་གྲ༷གས་སོ། །དེའི་ཕྱིར་སྡོམ་མིན་ནི། ཇི་སྲིད་འཚོ་བར་ཡིན་ ནོ་ཞེས་བྱེ་སྨྲ་ལ་གྲགས་ཀྱང་། དེ་ལྟར་ལེན་པ་མེད་པས་མེད་པར་འགྱུར་ན་ཇི་སྲིད་འཚོའི་བར་གྱི་སྡོམ་མིན་ཡང་མེད་པར་འགྱུར་ཏེ། ལས་སྨད་པ་ཡིན་པས་ལེན་པ་མེད་པས་དང་། གལ་ཏེ་ཇི་སྲིད་འཚོའི་བར་དུ་ སྲོག་གཅོད་པས་འཚོ་བར་བྱའོ་སྙམ་པ་ཉིད་ལེན་པར་འདོད་ན། ཉིན་ཞག་པའང་ཡོད་པས་དང་། གྲོ་བཞིན་སྐྱེས་ཀྱི་རྟོགས་བརྗོད་ལས་ཉིན་ཞག་པའི་སྡོམ་དང་སྡོམ་མིན་གསུངས་པས་སོ། །མདོ་སྡེ་བས་མི་དགེ་བའི་སེམས་ པ་ལ་སྡོམ་པ་མིན་པར་འདོད་དོ། །གཉིས་པ་བྱེ་བྲག་ལ། བསྙེན་གནས། དགེ་བསྙེན་ཐོབ་ཚུལ་གཉིས། དང་པོ་ལ། སྡོམ་པ་ལེན་ཚུལ། བསྲུང་བྱའི་ངོ་བོ། སྡོམ་པའི་རྟེན་ངོས་བཟུང་བ་གསུམ། དང་ 3-1-116b པོར། མ་གུས་པ་སྤང་ཕྱིར་སྟན་དམའ༷་བར༷་ཙོག་པུའམ་པུས་བཙུགས་སུ་འདུག༷་ནས་ཐལ་སྦྱར་རམ་ལག་པ་བསྣོལ་ཏེ། ངག་གིས་སློབ་དཔོན་གྱིས་སྨྲས༷་པའི་རྗེས་སུ་བཟླས༷་པ༷་ཡིས༷་ཡིན་གྱི་། སྨྲས་པའི་རྗེས་སུ་མི་ཟློས་ པར་སྔར་དང་ཁ་མཉམ་སྟེ་སྨྲས་པས་མིན་ཏེ། དེ་གཞན་ལས་ནོད་པར་མི་འགྱུར་བས་སོ། །ནར་མ་ལས་རྒྱན་གསར་པས་མི༷་བརྒྱན༷་པ་དང་། དུས་ནི་ད་ནས་སང་གི་ནམ༷་ནི༷་ལང༷ས་ཀྱི་བར༷་དུ༷། ཡན་ལག་མ་ཚང་ན་བར་ མར་འགྱུར་བས། བསྙེན༷་གན༷ས་ཀྱི་ཡན༷་ལག༷་བརྒྱད་པོ་ཚང༷་བར༷་ནི༷་ནོད་དགོས་ཏེ། སྤོང་བ་རྣམས་ཕན་ཚུན་རག་ལས་པས་སོ། །ནང༷ས་པར༷་ཉི་མ་མ་ཤར་ཞིང་ཟས་མ་ཟོས་གོང་དུ་ངོ་ཚ་ཁྲེལ་ཡོད་པས་ཡུལ་གཞན༷་ལ༷ས་ བསྙེན་གནས་ཀྱི་སྡོམ་པ་ནོད༷་པར༷་བྱའོ༷། །གཞན་དེ་ཡང་འདུལ་བར་དགེ་སློང་ལས་ལེན་པར་བཤད་ལ། གནས་འཇོག་གི་མདོ་ལས། དགེ་སྦྱོང་ངམ། བྲམ་ཟེ་གཞན་གང་ཡང་རུང་བ་ཞེས་ཆོ་ག་ཤེས་པ་ཙམ་གྱིས་ཆོག་ པར་བཤད་ལ། རྣམ་པར་གཏན་ལ་དབབ་པར་བསྡུ་བ་ལས། ཡུལ་མེད་ན་རང་གིས་ལེན་པའང་བཤད་ཅིང་ཚེ་གང་གི་བསྙེན་གནས་གནས་གཅིག་ཏུ་ལེན་པའང་བཤད་དོ། །གཉིས་པ་ཡན་ལག་གསུམ་སོ་སོར་བཤད་པ་ དང་། ཡན་ལག་ཕྱི་མ་གཉིས་ཀྱི་དགོས་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ཅིའི་ཕྱིར་ཡན་ལག་བརྒྱད་དུ་བཤད་ཅེ་ན། རང་བཞིན་ཁ་ན་མ་ཐོ་བ་སྤང་བའི་ཕྱིར་ཚུལ༷་ཁྲིམས༷་ཡན༷་ལག༷་དང་། ཆང་འཐུང་ན་ཚུལ་ལྡན་ཡང་ 3-1-117a བག་མེད་པས་བག༷་ཡོ༷ད་པའི༷་ཡན༷་ལག༷་ཆང་སྤང་བ་དང་། སྐྱོ་བ་དང་རྗེས་མཐུན་བརྟུལ༷་ཞུགས༷་ཡན༷་ལག༷་སྟེ༷། བཞི༷་དང་། གཅི༷ག་དང་། དེ༷་བཞིན༷་གསུམ༷་པོ་གསུམ་དང་རིམ༷་བཞིན༷་ སྦྱར་རོ། །གཉིས་པ། གལ་ཏེ་སྲོག་གཅོད་སྤོང་བ་སོགས་བཞི་བླངས་པས་ཚུལ་ཁྲིམས་རྫོགས་ན་ཆང་སོགས་སྤང་བས་ཅི་བྱ་ཟེར་ན། ཆང་འཐུང་བ་དེ༷་ཡི༷ས་དྲ༷ན་པ་ཉ༷མས་ནས་བསླབ་པ་འཆལ་བས་དང་། གླུ་གར་གྱིས་ དྲེགས༷་པར༷་འགྱུར༷་ཞིང་འཆལ་ཚུལ་དང་ཉེ་བས་དང་། དུས་མིན་ཟས་ཀྱིས་སྐྱོ་བ་མི་འབྱུང་བས་སོ། །གསུམ་པ། དགེ་བསྙེན་མ་ཡིན་པ་གཞན་ལ་བསྙེན་གནས་མེད་དམ་ཞེ་ན། སྐྱབས་སུ་སོང་ནས་ལེན་ན་གཞན༷་ལ༷འང༷་ བསྙེན༷་གན༷ས་ཡོ༷ད་མོ༷ད་ཀྱི༷་མཆོག་གསུམ་ལ་སྐྱབས༷་སུ༷་མ༷་སོ༷ང་བ༷་ལ༷་མེ༷ད་དོ། །གཉིས་པ་དགེ་བསྙེན་ལ་ལེན་ཚུལ་དང་། བསླབ་བྱ་བྱེ་བྲག་པའི་དགོས་པ་གཉིས། དང་པོ་ལ་སྡོམ་པ་ལེན་ཚུལ་བྱེ་སྨྲའི་ལུགས་དང་། སྡོམ་པའི་རྟེན་སྐྱབས་འགྲོ་བཤད་པ་གཉིས། དང་པོ་ལ་དངོས་དང་། དོགས་སྤང་། དབྱེ་བ་གསུམ། དང་པོ། སྐྱབས་སུ་སོང་ནས་བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་སྨྲ་ན་དེས་དགེ་བསྙེན་དུ་འགྱུར་རོ་ཞེས་མིང་ཆེན་གྱི་ མདོ་ལས་གསུངས་པ་ལ། ཉི་འོག་པས་སྐྱབས་སུ་འགྲོ་བ་ཁོ་ནས་དགེ་བསྙེན་དུ་འགྱུར་ཟེར། ཁ་ཆེ་བས་དེ་ཙམ་གྱིས་མི་འགྱུར་ཏེ། དགེ་བསྙེན་དུ་ཁས་ལེན་དགོས་ཟེར། མདོ་དེ་ལས་ཀྱང་བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ 3-1-117b དགེ༷་བསྙེན༷་ཉི༷ད་དུ༷་ཁས༷་བླང༷ས་པས༷་སྡོམ་པ་སྐྱེ་བ་ཡིན་ནོ། །གཉིས་པ། འོ་ན་སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ ལྡོག་པ་དེ་བཞིན། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་འཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཞེས་བྱ་བ་ལ་སོགས་པའི་བསླབ་པའི་གནས་ཁས་བླང་བ་ དོན་མེད་དམ་ཟེར་ན། སྡོམ་པ་ནི་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་པས་ཐོབ་ཀྱང་། སྲོག་གཅོད་སོགས་སྤོང་བར་ཁས་འཆེས་སུ་གཞུགས་ཤིང་། སྡོམ༷་པ༷་བསྟན༷་པ༷་ཡིན་ཏེ། དཔེར་ན་དགེ༷་སློང༷་གི་སྡོམ་པ་གསོལ་བ་དང་བཞིའི་ ལས་ཀྱིས་ཐོབ་ཀྱང་། བསླབ་པའི་གནས་རྣམས་བརྗོད་དགོས་པ་བཞིན༷་ནོ་ཟེར། གལ༷་ཏེ༷་སྡོམ་པ་ནི་དགེ་བསྙེན་དུ་ཁས་བླང་བ་ཙམ་གྱིས་ཐོབ་སྟེ་དགེ་བསྙེན་གྱི་བསྲུང་བྱ་ཡན་ལག་ཐམ༷ས་ཅ༷ད་བསྡམས༷་དགོས་པ་ཡི༷ན་ན༷་ནི་མིང་ཆེན་གྱི་ མདོ་ལས་སྲོག་གཅོད་སྤངས་པས་སྣ༷་གཅི༷ག་སྤྱོ༷ད་པ་དང་སོ༷གས་པས་དེ་དང་མ་བྱིན་ལེན་གཉིས་སྤོང་བའི་སྣ་འགའ་སྤྱོད་དང་འདོད་ལོག་དང་གསུམ་སྤོང་བ་ཕལ་ཆེར་སྤྱོད། རྩ་བཞི་ཆང་ལྔ་ཆར་སྤོང་བ་ལ་ཡོངས་སུ་རྫོགས་པའི་དགེ་བསྙེན་ ཞེས་པའི་དབྱེ་བ་ཇི༷་ལྟ༷་བུ༷་གསུང་ཞེ་ན། བྱེ་སྨྲས་དང་པོ་ཁས་བླངས་པས་ལྔ་ཆར་ཐོབ་པ་འདྲ་ཡང་། ཕྱིས་སྲུང་དུས་རེ་རེ་གཉིས་གཉིས་ཉམས་ནས་གཞན་དེ༷་སྲུང༷་བ༷་ལ༷་དགོངས་ནས་གསུང༷ས་ཞེས༷་གྲགས༷་ཀྱང་དེ་ལྟ་བུ་ལ་ཞུ་བ་དང་དྲི་བའང་ 3-1-118a མི་རིགས་པས་མདོའི་དགོངས་པ་དང་པོ་ནས་སྣ་གཅིག་སོགས་བླང་ནས་སྲུང་བར་ཤེས་སོ། །གཞན་ཡང་ལུང་རྣམ་འབྱེད་ལས། མི་ཚངས་སྤྱོད་སྤོང་བའི་དགེ་བསྙེན་ཀྱང་གསུངས་ལ། གོ་མི་དང་། སྐྱབས་ གསུམ་འཛིན་པ་དང་། ཉིན་མོ་དང་། མཚན་མོ་ཙམ་གྱི་དགེ་བསྙེན་ཡང་ཨ་བྷ་ཡའི་གཞུང་ལས་བཤད་དོ། །གསུམ་པ་དགེ་སློང་སོགས་ཀྱི་སྡོམ་པ་ཆུང༷་ངུ༷་ལ༷་སོ༷གས་པས་འབྲིང་དང་ཆེན་པོ་ནི་ཡང་དག་པར་ལེན་པའི་ཀུན་སློང་གི་ཡི༷ད་ ཆེ་ཆུང་ཇི༷་ལྟ་བུ་བཞིན༷་དུའོ། །དེས་ན་དགྲ་བཅོམ་ལས་སོ་སྐྱེའི་སྡོམ་པ་ཆེ་བའང་སྲིད་དོ། །གཉིས་པ་སྡོམ་རྟེན་སྐྱབས་འགྲོ་ནི། གལ་ཏེ་སྡོམ་པ་ཐམས་ཅད་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་ཡིན་ན། གང༷་ཞིག༷་དཀོན་མཆོག་གསུམ༷་ ལ༷་སྐྱབས༷་སུ༷་འགྲོ༷་བ་དེ༷། ཅི་ལ་སྐྱབས་སུ་འགྲོ་ཞེ་ན། སངས༷་རྒྱས༷་དང་དགེ༷་འདུན༷་དུ་བྱེ༷ད་པའི༷་ཆོས༷་མི༷་སློབ༷་པའི༷་ལམ་དང༷་། སློབ་མི་སློབ་གཉི༷ས་ཀའི༷་ལམ་དང༷་། ཆོས་སུ་བྱེད་ཆོས་མྱ༷་ངན༷་ལས་འདས༷་པ་བརྟགས་འགོག་ལ༷་ སྐྱབས༷་སུ༷་འགྲོ༷་བ་ཡིན་ནོ། །དེ་ལ་མི་སློབ་ལམ་སངས་རྒྱས་ཆོས་སྐུ་ཡིན་པས་དང་། སློབ་མི་སློབ་ཀྱི་དགེ་འདུན་གང་ཟག་ཡ་བརྒྱད་དུ་འབྱེད་པ་དང་། མྱང་འདས་འགོག་པའི་ཆོས་ཡིན་པའི་ཕྱིར། འདི་རང་ལུགས་ཀྱི་མཆོག་གསུམ་ མཐར་ཐུག་ངོས་བཟུང་བའོ། །འོ་ན་སངས་རྒྱས་ལ་ཁྲག་ཕྱུང་གི་མཚམས་མེད་མེད་པར་ཐལ། ཆོས་ཀྱི་སྐུ་ལ་ཁྲག་དབྱུང་དུ་མེད་པའི་ཕྱིར་ཞེ་ན། དེའི་རྟེན་ལ་གནོད་པས་སམ་གཙོ་ཆེ་བས་ཆོས་སྐུ་ཞེས་སྨོས་ཀྱི་གཞན་དུ་གཟུགས་སྐུ་ 3-1-118b སངས་རྒྱས་སུ་བྱེད་པའི་ཕྱིར་ཟེར། སྐྱབས་སུ་འགྲོ་བའི་དོན་ནི། ཀུན་སློང་དང་བཅས་པའི་ངག་གི་རིག་བྱེད་དེ། ཀུན་སློང་ནི་དེ་ལ་བརྟེན་པར་འདོད་པའོ། །དེ་ནི་ནོད་དུས་ཀྱི་དབང་དུ་བྱས་པའོ། །དེ་ལ་བརྟེན་ནས་སྡུག་བསྔལ་ལས་ སྐྱོབས་པས་སོ། །དེའི་ཕྱིར་ཡུལ་དང་ཀུན་སློང་དང་བྱེད་པས་འཕགས་ཏེ། ལུང་ཕྲན་ཚེགས་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་རྣམས་ ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་གྱུར་མ་ཡིན་ལ། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །སྡུག་བསྔལ་ཀུན་ལས་མི་གྲོལ་གྱི། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ལ། ། སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང་། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། ། སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་མཆོག་ཏུ་གྱུར་པ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་སོ། །གཉིས་པ་བསླབ་བྱ་བྱེ་བྲག་པའི་དགོས་པ་ལ། ལོག་གཡེམ་སྤངས་པའི་ དགོས་པ། རྫུན་སྤངས་པའི་དགོས་པ། ཆང་སྤངས་པའི་དགོས་པ་དང་གསུམ། དང་པོ་ལ། དངོས་དང་དོགས་སྤངས་གཉིས། དང་པོ། དགེ་བསྙེན་ལ་འདོད་ལོག་སྤོང་བ་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན། ལོག༷་གཡེམ༷་ 3-1-119a གཞན་གྱི་ཆུང་མ་སུན་འབྱིན་ཅིང་ངན་སོང་གི་རྒྱུ་ཡིན་པས་འཇིག་རྟེན་ན་ཤིན་ཏུ་སྨད་པའི་ཕྱིར་དང་། ཁྱིམ་པ་ལ་མི་ཚངས་སྤྱོད་སྤོང་ལས་དེ་སླ༷་བའི་ཕྱིར༷་དང་། འཕགས་པ་རྣམས་ཀྱིས་ཚེ་བརྗེས་ནས་ ཀྱང་འདོད་ལོག་མི༷་བྱེ༷ད་པའི་སྡོམ་པ་ཐོབ༷་པའི་ཕྱིར་དང་། གཅིག་ཏུ་ཉེས་པ་ཆེ་བའི་ཕྱིར༷་རོ༷། །གཉིས་པ། དགེ་བསྙེན་གྱིས་ཆུང་མ་གསར་པ་ལེན་པའམ་སྔ་མ་ཤི་ནས་ཡང་ལེན་ན་སྡོམ་པ་ཉམས་སམ་ཞེ་ན་མི་ཉམས་ཏེ། སྡོམ༷་པ༷་ དང་པོ། ཇི༷་ལྟར༷་ཁས༷་བླང༷་བ་བཞིན༷་དུ་ཐོབ་སྟེ་གཞན་གྱིས་བདག་ཏུ་བཟུང་བར་འདོད་ལོག་སྤང་བར་ཁས་བླང་བ་དེ་ཐོབ༷་ཀྱི༷། རྒྱུ༷ད་འདི་ལ་མི་སྤྱོད་ཅེས་ཁས་བླང་བ་ལ༷ས་ཐོབ་པ་མ༷་ཡི༷ན་ནོ༷། །དེས་ན་བུད་མེད་དེ་དག་དགེ་བསྙེན་གྱི་ཆུང་ མར་མ་བྱས་པའི་ཚེ་སྤྱོད་ན་འདོད་ལོག་ཏུ་འགྱུར་གྱི་ཆུང་མར་བྱས་ཕན་ཆད་མི་འགྱུར་ཏེ་རང་གི་ཆུང་མ་ཡིན་པས་སོ། །གཉིས་པ། ངག་གི་མི་དགེ་བཞི་ལས་རྫུན་ཁོ་ན་སྤང་བར་བསྟན་པ་ནི། བསླབ༷་པ༷་སྲོག་གཅོད་སྤང་བ་སོགས་ ཐམ༷ས་ཅ༷ད་ལས་འདས༷་པར་གྱུར༷་ན༷། ཁྱོད་ལ་ལྟུང་བ་འདི་བྱུང་ངོ་ཞེས་བརྗོད་ན། རྫུན་སྤོང་བ་མ་བཤད་ན་མ་བྱུང་ངོ་ཞེས་རྫུན༷་དུ༷་སྨྲ་བར་ཐལ༷་བར༷་འགྱུར༷་བའི་ཕྱིར༷་དེ་སྤོང་བ་བཤད་ཟེར་ཀྱང་དཔྱད། དེ་བཞིན་དུ་རྫུན་སྨྲ་ཤིན་ཏུ་སྨད་ ཕྱིར་དང་སོགས་རྐང་པ་གཉིས་སྦྱར་རོ། །གསུམ་པ། བཅས༷་པའི༷་ཁ༷་ན༷་མ༷་ཐོ༷་བ༷་ལས་མྱོས༷་འགྱུར༷་ཁོ་ན་བཤད་པ་ནི་དེ་ལ༷ས་གཞན༷་རྣམས་བསྲུང༷་ནུས་པའི་ཕྱིར༷་རོ༷། །བྱེ་སྨྲའི་འདུལ་འཛིན་རྣམས་ནད་པ་ལའང་མ་གནང་བ་སོགས་ 3-1-119b ཀྱིས་རང་བཞིན་ཁ་ན་མ་ཐོ་བ་ཡིན་ཟེར། མངོན་པ་བ་རྣམས་བཅས་པའི་ཡིན་གྱི་རང་བཞིན་མིན་ཟེར་རོ། །གཉིས་པ་གཞི་གང་ལས་ཐོབ་པ་ལ། སྦྱོར་དངོས་མཇུག་གསུམ། གཞི་སེམས་ཅན་ཡིན་མིན། དུས་གང་ ལས། ཡན་ལག་དུ་ལས། རྒྱུ་ཐམས་ཅད་དང་རེ་རེ་ལས་ཐོབ་ཚུལ་ལྔ་པོ་བསྡམས་ཏེ་སྡོམ་སྡོམ་མིན་སོགས་ཀུན་ལ་སྦྱར་བ་ནི། ཐོབ་པའི་གཞི་ནི། འདོ༷ད་པར་གཏོགས༷་པའི་སྡོམ་པ་སོ་ཐར་ནི་དགེ་བའི་ལས་ལམ་གྱི་སྦྱོར་ དངོས་མཇུག་ཐམ༷ས་ཅ༷ད་ལས་དང་། གཞི་སེམས་ཅན་དུ་སྟོན་མི་སྟོན་གཉི༷ས་ཀ༷་དང༷་། བཅས་རང་གཉིས་ཀ་ལས་དང་། དུས་ད༷་ལྟ༷་བའི་ཕུང་ཁམས་སྐྱེ་མཆེད་དག༷་ལ༷ས་འཐོབ༷་པར༷་འགྱུར༷་གྱི་འདས་འོངས་ལས་མིན་ཏེ། དེ་ དག་སེམས་ཅན་དུ་མི་བགྲང་བས་སོ། །བས༷མ་གཏན༷་དང་ཟག༷་མེ༷ད་སྡོམ༷་པ༷་ནི༷། སྦྱོར་མཇུག་ཕལ་ཆེར་དང་། ལས་ལམ་དངོས༷་གཞི་ཁོ་ན་ལས་དང༷་། འདི་ལ་མཉམ་པར་བཞག་ན་ལས་ལམ་དངོས་གཞི་འོག་ས་སྤང་བའི་ངོ་ བོར་སྐྱེ་བས་སྦྱོར་མཇུག་ཕལ་ཆེར་འོག་སར་གཏོགས་པས་སོ། །དེས་ན་ལས་ཀྱི་སྦྱོར་མཇུག་ལས་ཀྱང་མིན་ན་བཅས་པའི་ཁ་ན་མ་ཐོ་བ་ལྟ་ཅི་སྨོས་ཏེ་ཁས་བླང་བ་མེད་པའི་ཕྱིར་རོ། །ཡང་ན་འདི་གཉིས་ཉོན་མོངས་དང་། དེས་ བསླང་བའི་ལས་སྤོང་ན་བཅས་པ་ནི་ཉོན་མོངས་ཀྱིས་སློང་བར་མ་ངེས་པས་སོ། །དེ་བཞིན་སེམས་ཅན་མིན་པ་ལས་མི་ཐོབ་བོ། །ཞེས་སོ། །དུས༷་ནི༷་གསུམ་པོ་ཐམ༷ས་ཅ༷ད་ལ༷ས་ཏེ་སེམས་རྗེས་འབྲང་བས་སོ། །སྡོམ༷་པ༷་ 3-1-120a གསུམ་ཀའང་ཡུལ་སེམ༷ས་ཅ༷ན་ཐམ༷ས་ཅ༷ད་ལ༷ས་ཐོབ་ཀྱི་ཉི་ཚེ་བ་མིན་ནོ། །ཡན༷་ལག༷་གང་ལས་དང་རྒྱུ༷་ལ༷་དབྱེ༷་བ༷་ཡོ༷ད་དེ། ཐམས་ཅད་ལས་དགེ་སློང་དང་ཡན་ལག་ལྔ་ལས་དགེ་བསྙེན་དང་ བརྒྱད་ལས་བསྙེན་གནས་དང་བཅུ་ལས་དགེ་ཚུལ་དང་། ཡང་ན་ལས་ལམ་བཅུ་ལས་དགེ་སློང་དང་བཞི་ལས་དགེ་ཚུལ་སོགས་གཞན་རྣམས་སོ། །རྒྱུ་ནི་མ་ཆགས་སོགས་གསུམ་ཡིན་ན་ཐམས་ཅད་ལས་དང་། སེམས་ ཆུང་འབྲིང་ཆེ་བ་དུས་གཅིག་ལ་མི་སྲིད་པས་རེ་རེ་ལས་སོ། །སྡོམ༷་པ༷་མིན༷་པ༷་སེམས་ཅན་ཐམ༷ས་ཅ༷ད་ལས་འཐོབ་པ་དང༷་། ཡན༷་ལག༷་ཀྱང་ལས་ལམ་ཀུན༷་ལ༷ས་རྒྱུ༷་ཐ༷མས་ཅད་ཀྱིས་མིན༷་ནོ༷་སྟེ་ཆགས་སྡང་དང་ཀུན་ སློང་ཆུང་ངུ་སོགས་ཅིག་ཆར་མི་སྲིད་པས་སོ། །མདོ་སྡེ་པས་ཐམས་ཅད་གསོད་སོགས་མི་སྲིད་པས། སྡོམ་མིན་སེམས་ཅན་ཀུན་དང་ཡན་ལག་ཀུན་ལས་མིན་པ། གང་རུང་སྟེ་རྒྱུན་དུ་བྱའོ་སྙམ་པས་ལས་དེ་སྤྱད་པས་དེར་ འགྱུར་ཟེར་རོ། །རང་གིས་དེའི་རྒྱུད་ལ་འདི་མི་བྱའོ་སྙམ་པའི་སྤོང་བ་བདུན་ལས་སྣ་གཅིག་ཀྱང་མེད་པ་ལ་དང་། གང་རུང་རེ་ལའང་དེ་ལྟར་མེད་པའང་ཡིན་པར་སེམས། སྡོམ༷་པ༷་མིན༷་པ༷་ནི། ཤན་པ་སོགས་ཀྱི་རིགས་ སུ་སྐྱེས་པ་སྡོམ་པ་མིན་པར་ངེས་པ་རྣམས་ནི་དངོས་སུ་བྱ༷་བ༷་ལ་ཞུགས་པ་ཙམ་ན་ཐོབ་པའ༷མ། དེ་མིན་པ་གཞན་གྱི་རིགས་སུ་སྐྱེས་པ་རྣམས་རང་གིས་དམ་བཅས་པའམ། གཞན་དྲུང་དུ་ཁས༷་ལེན༷་པ༷་ལ༷ས་འཐོབ༷་པར༷་འགྱུར༷་རོ། ། 3-1-120b སྡོམ་སྡོམ་མིན་གྱི་ལྷག༷་མ༷་བར་མའི༷་རྣམ༷་རིག༷་མིན༷་པ་ནི་བསོད་ནམས་གཞི་བདུན་ལྟ་བུ་ཞིང༷་དང༷་། ཟས་མ་ཟོས་གོང་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སོགས་ཁས་ལེན༷་ཅིང་དམ་བཅས་པ་དང༷་། བྱ་བ་དེ་ལ་ གུས༷་པར༷་བྱེ༷ད་པས༷་འཐོབ༷་བོ། །གསུམ་པ་གཏོང་ཚུལ་ལ་རིག་མིན་གྱི་གཏོང་ཚུལ་དངོས་དང་། འཕྲོས་དོན་འདོད་ཡིད་དགེ་མི་དགེའི་ལས་གཏོང་ཚུལ་གཉིས། དང་པོ་ལ་སྡོམ་སྡོམ་མིན། བར་མའི་གཏོང་ ཚུལ་གསུམ། དང་པོ་ལ། སོ་ཐར། བསམ་གཏན། ཟག་མེད་སྔ་མ་གཏོང་ཚུལ་གསུམ། དང་པོ་ལ། སྤྱིར་གཏོང་ཚུལ་དང་བྱེ་བྲག་སོ་སོའི་འདོད་པ་བཤད་པ་གཉིས། དང་པོ། མི་བརྡའ་འཕྲོད་པའི་དྲུང་དུ་ བསམ་པ་ཐག་པས་བསླབ༷་པ༷་ཕུལ༷་བ་དང༷་། རྟེན་བོར་བ་ཤི༷་འཕོས༷་པ་དང༷་། རྟེན་ཉམས་ཏེ་ཕོ་མོའི་མཚ༷ན་གཉི༷ས་དག༷་ནི༷་ཅིག་ཆར་བྱུང༷་བ༷་དང༷་། གཞི་རྟེན་དགེ་བའི་རྩ༷་བ༷་ཆ༷ད་པ་དང༷་། བསྙེན་གནས་ནི་གོང་མ་བཞིའི་སྟེང་དུ་ མཚ༷ན་མོ་འདས༷་པ་ལ༷ས་གཏོང་བ་སྟེ་རྒྱུ་ལྔས་སོ༷་སོར༷་ཐར༷་པའི༷་འདུལ༷་བ༷་གཏོང༷་ངོ་། །གཉིས་པ། མདོ་སྡེ་པ་དང་། ཉི་འོག་པ་ཁ༷་ཅི༷ག་ལྟུང༷་བར༷་འགྱུར༷་བ་བཞི་ལ༷ས་གང་རུང་བྱུང་བ་ལས་གཏོང་བར༷་སྨྲ༷འོ། །གོས་དམར་ པ་སོགས་སྡེ་པ་གཞན༷་དག༷་དམ༷་ཆོས༷་ནུབ༷་པ༷་ན་བསླབ་མཚམས་དང་། ལས་མཐའ་མེད་པས་དེ་ལ༷ས་གཏོང་བར་འདོད་ལ། སློབ་དཔོན་སྐུ་མཆེད་དམ་ཆོས་ནུབ་པས་དེ་ཕྱིན་ཆད་བླང་དུ་མེད་པས་མི་སྐྱེ་བ་ཡིན་གྱི་སྔར་ཡོད་མི་གཏོང་བར་ 3-1-121a བཞེད། ཁ་ཅིག་ན་རེ། དེ་ལྟ་ན་དགེ་སློང་སོགས་སྡོམ་ལྡན་ཡོད་པས་དམ་ཆོས་མ་ནུབ་པར་འགྱུར་བས་སྔ་མ་ཉིད་ལེགས་ཟེར། ཁ༷་ཆེ༷་རྣམ༷ས་ནི༷་ལྟུང་བ་གང་རུང་བྱུང༷་བ༷་ལ༷་སྡོམ་པ་ཡོད་མེད་ ཀྱི་ཆ་ནས་བུ༷་ལོན༷་ཅན་དང་ནོར༷་ཅན་གཉིས་ཀ་ཡིན་པ་བཞིན༷་སྡོམ་འཆལ་དང་ཚུལ་ལྡན་གཉི༷ས་སུ༷་ཡིན་པར་འདོ༷ད་དོ། །དེ་ཡང་ལྟུང་བ་དེ་བཤགས་ན་ནི་ཚུལ་ལྡན་ཁོ་ན་ཡིན་ཏེ་བུ་ལོན་འཇལ་བ་བཞིན་དང་། འདི་ལའང་ སྲོག་གཅོད་པའི་རྩ་ལྟུང་གཅིག་བྱུང་ན་སྲོག་གཅོད་སྤང་སྟོབས་ཀྱི་ཆ་ཐམས་ཅད་གཏོང་བ་དང་། དེས་ཐམས་ཅད་མི་གཏོང་བར་གང་བསད་པའི་སེམས་ཅན་དེ་ཁོ་ནའི་སྡོམ་པ་གཏོང་བར་འདོད་པ་གཉིས་ཡོད། དེ་ལ་རྣམ་ འབྱེད་ལས་ཚུལ་འཆལ་ཞིག་དགེ་སློང་མ་ལ་ཆོས་འདོམས་ན་ལྟུང་བྱེད་དང་། དྲུག་ཚན་དྲུག་གི་མདོ་ལས། ལམ་སུན་འབྱིན་གསུངས་པ་སོགས་ལུང་དང་། སྤོང་བདུན་ཡན་ལག་སོ་སོ་བ་ཡིན་པས་གཅིག་བླང་བས་ ཀུན་མི་ལེན་པ་ལྟ་བུ་སོགས་ཟེར། གཞན་དག་འདོམས་པའི་ལྟུང་བྱེད་ནི་ངན་སོང་དུ་འགྲོ་བ་ཙམ་ལ་དང་། ལམ་སུན་འབྱིན་པའི་དགེ་སྦྱོང་མིང་ཙམ་གྱི་དགེ་སྦྱོང་ལ་དགོངས་ལ། ཕམ་པ་ཅན་རབ་ཏུ་མི་འབྱིན་པ་ངོ་ཚ་ ཁྲེལ་མེད་ཤས་ཆེན་པོས་ཉམས་པས་སོ། །གཏོང་བ་ལ་རྩ་ལྟུང་གཅིག་བྱུང་བས་གཏོང་ཡང་། ལེན་པ་ནི་དེ་དང་མི་འདྲ་སྟེ། སྡོམ་པ་ནི་ཐམས་ཅད་བསྡམས་པ་ཡིན་པའི་ཕྱིར་རོ། །ཞེས་སོགས་ལུང་རིགས་མང་པོས་ 3-1-121b དེ་བཀགས་ལ། ཕམ་པ་འཆབ་བཅས་གཏོང་རྒྱུར་གསོར་མི་རུང་བ་དེ་ལེགས་པར་བཤད་དོ། །གཉིས་པ་བསམ་གཏན་གཏོང་ཚུལ། བས༷མ་གཏན༷་དུ་གཏོགས༷་པའི༷་དགེ༷་བ༷་གཟུགས་ཅན་ཡིན་པ་ཐམས་ཅད་ནི༷། ས༷་འཕོ༷ས་ པ་ན་གོང་འོག་རང་སས་བསྡུས་པ་གཏོང་ལ་སྙོམས་འཇུག་ལས་ཉ༷མས་པ༷་དག༷་གིས༷་ཀྱང་གཏོང༷་ཞིང་། དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ཙམ་ནི་ཤི་བས་ཀྱང་གཏོང་ངོ་། །དེ༷་བཞིན༷་དུ་གཟུགས༷་མེ༷ད་གཏོགས༷་པའི་དགེ་བའང་འཕོས་ ཉམས་གཉིས་ཀྱིས་སོ། །གསུམ་པ་འཕ༷གས་པའི༷་དགེ་བ་ཟག་མེད་ནི་འཕགས་པའི་འབྲས༷་བུ༷་ཕྱི་མ་ཐོབ༷་པས་ཞུགས་པ་དང་སྔ་མ་གཏོང་ལ། དབང་པོ་རྟུལ་པོ་སྦྱང༷ས་པས་རྣོན་པོ་ཐོབ་ན་བརྟུལ་སེམས་ཀྱིས་བསྡུས་པ་གཏོང་ལ། འབྲས་བུ་ཕྱི་མ་གསུམ་ལས་ཉ༷མས་པ༷་དང་གསུམ་ལ༷ས་ཀྱང་གཏོང་ངོ་། །གཉིས་པ་སྡོམ་མིན་གཏོང་ཚུལ། སྡོམ༷་མིན༷་ནི་གཉེན་པོ་སྡོམ༷་པ༷་དང་པོ་གཉིས་གང་རུང་ཐོབ༷་པ༷་དང༷་། རྟེན་བོར་བ་དང་ཤུགས་ཆད་པས་ཤི༷་ འཕོས་པ་དང༷་། རྟེན་ཉམས་པས་མཚ༷ན་གཉི༷ས་བྱུང༷་བ༷་ལ༷ས་གཏོང་ངོ་། །གསུམ་པ་བར་མའི་གཏོང་ཚུལ། བར༷་མ༷་ནི་འཕེན་ཤུགས༷་ཀུན་སློང་དྲག་པོ་ཆད་པ་དང་། ཁས་བླངས༷་པ་ཆད་པ་དང་། འཇུག་པའི་བྱ༷་བ༷་ ཆད་པ་དང༷་། གཙུག་ལག་ཁང་དང་རྒྱ་སོགས་ལ་བརྟེན་པ་ནི་དེ་ཞིག་པས་དོན༷་ཆད་པ་དང་། ཚེ༷་དང་དགེ་བའི༷་རྩ༷་བ༷་ཆ༷ད་པ༷་ལ༷ས་ཀྱང་གཏོང་སྟེ། ཤི་འཕོས་པས་བར་མའི་དགེ་མི་དགེའི་རིགས་མིན་གཏོང་ལ། དགེ་རྩ་ཆད་པས་ 3-1-122a བར་མའི་དགེ་བའི་རིགས་མིན་གཏོང་བའི་ཕྱིར་རོ། །གཉིས་པ་འཕྲོས་དོན། འདོ༷ད་པར་གཏོགས༷་པའི་དགེ༷་བ༷་གཟུགས༷་མིན༷་སེམས་སེམས་བྱུང་གི་ཐོབ་པ་མཚན་ཉིད་བཅས་པ་དེ་དག་ནི༷་ དགེ་རྩ༷་ཆ༷ད་པ་དང་། གནས་གོང༷་དུ༷་བསམ་གཟུགས་སུ་སྐྱེས༷་པ༷་ལ༷ས་གཏོང་བར་འགྱུར་ལ་གོང་མ་གཉིས་ཀྱི་དགེ་བའི་གཏོང་རྒྱུ་ཁྱད་མེད་པར་བཤད་ཟིན་ཏོ། །ཁམས་གསུམ་གྱི་ཉོ༷ན་མོང༷ས་པ༷་ཅ༷ན་གཟུགས༷་མིན༷་པ་སེམས་ སེམས་བྱུང་མི་དགེ་བ་དང་སྒྲིབ་དང་། ཐོབ་པ་མཚན་ཉིད་དང་བཅས་པ་དག་ནི༷་འཇིག་རྟེན་དང་འདས་ལམ་གྱི་རང་རང་གི་གཉེན༷་པོ༷་སྐྱེས༷་པས༷་རྣམ༷་པར་ཉ༷མས་པར་འགྱུར༷་གྱི་གཞན་གྱིས་ནི་མིན་ནོ། །དེའི་ཕྱིར་སྲིད་རྩེ་འདས་ལམ་ ཁོ་ནས་སོ། །བཞི་པ་རྟེན་ལ། རྟེན་དངོས་དང་། རྟེན་གྱི་དབང་གི་སྡོམ་པ་སོགས་གསུམ་པོ་དེ་གནས་གང་ན་ཡོད་དཔྱད་པ་གཉིས། དང་པོ། དབང་པོ་གང་ཡང་མེད་པ་ཟ༷་མ༷་དང་། མ༷་ནིང༷་ནི་དབང་པོ་ཡོད་ཀྱང་ཉམས་པའོ། ། སྒྲ༷་མི༷་སྙན༷་དང་། མཚ༷ན་གཉི༷ས་གཅིག་ཆར་དུ་ཡོད་པ་དེ་རྣམས་མ༷་གཏོགས༷་པའི་མི༷་རྣམ༷ས་ལ༷་སྡོམ༷་མིན༷་དང་། སྡོམ༷་པ༷འང་དེ༷་བཞིན༷་ཡོད་པ་ཡིན་ནོ། །འདུལ་བ་ལས་ནི། སྐྱེས་ནས་དང་། ཟླ་ཕྱེད། འཁྱུད་ལྡང་། ཕྲག་དོག་ཅན། ཉམས་པ་སྟེ་ཕོ་མ་ནིང་ལྔ་དང་། མཚན་གཉིས་པ། གླེ་འདམས་པ། རྟག་ཏུ་ཟླ་མཚན་ཟག་པ་དང་། མི་ཟག་པ་དང་། མཚན་མ་ཙམ་ཡོད་པ་སྟེ་མོ་མ་ནིང་ལྔ་སྟེ་བཅུ་བཤད་ཅིང་། ཀུན་བཏུས་སུ་མ་ནིང་ལྔ་ 3-1-122b བཤད་ལ། གཏན་དབབ་བསྡུ་བར་གསུམ་ཡང་བཤད། གྲོང་ཆོས་ཀྱི་ནུས་པ་མེད་པ་ལ་ཟ་མ་མ་ནིང་དུ་ཡང་བཤད་དོ། །སྡོམ་མིན་གང་ལ་སྐྱེ་བ་དེ་དག་ལ་གཉེན་པོ་ཡིན་པས་སྡོམ་པའང་སྐྱེ་ལ༷། འོན་ཀྱང་སྡོམ་པ་ནི་ལྷ༷་ ལ༷འང༷་སྐྱེའོ་ཞེས་པ་ནི་ཁྱད་པར་ཡིན་ནོ། །གཉིས་པ། དེ་ཡང་མི༷་རྣམ༷ས་ལ༷་སོ་ཐར་སོགས་སྡོམ་པ་རྣམ་པ་གསུམ༷་མོ༷། །འདོ༷ད་ལྷ༷་དང་གཟུགས༷་སྐྱེས༷་ལྷ༷་རྣམ༷ས་ལ༷། བས༷མ་གཏན༷་སྐྱེས༷་ཀྱི་སྡོམ་པ་ཡོ༷ད་ལ། གཟུགས་མེད་ན་ནི་མིན་ ཏེ། རང་ས་ན་གཟུགས་མེད་ལ། འོག་མར་ཐོབ་པ་དག་ཀྱང་ས་འཕོས་པས་གཏོང་བས་སོ། །ཟག༷་མེ༷ད་སྡོམ་པ་ཉི༷ད་བས༷མ་གཏ༷ན་ཁྱ༷ད་པ༷ར་ཅན་ཚངས་ཆེན་དང་འདུ༷་ཤེས༷་མེ༷ད་པའི་སེམ༷ས་ཅ༷ན་མ༷་གཏོགས༷་འདོད་པ་དང་དག་གཟུགས་སྐྱེས་ རྣམས་དང་གཟུགས༷་མེ༷ད་པ་ན༷འང༷་འདས་འོངས་ལྡན་པའི་སྒོ་ནས་ཡོད་དེ། གཟུགས་མེད་རང་ས་ནས་གཟུགས་མེད་པས་སྡོམ་པ་མངོན་གྱུར་མེད་ཀྱང་། སྔར་གཟུགས་ཁམས་སུ་ཟག་མེད་སྡོམ་པ་གཏོང་རྒྱུ་མ་བྱུང་བར་གཟུགས་ མེད་དུ་སྐྱེས་པ་དག་ལ་ཐོབ་པ་ལྡན་པའི་ཕྱིར་རོ། །ཚངས་པ་ནི་ཕྱིན་ཅི་ལོག་གི་ལྟ་བ་དང་ལྡན་པའི་ཕྱིར་དང་། འདུ་ཤེས་མེད་པ་མི་ཁོམ་པའི་གནས་ཡིན་པས་དང་། ཚངས་པ་དང་འདུ་ཤེས་མེད་པར་འཕགས་པ་མི་སྐྱེ་ བས་སོ་ཟེར། ཐེག་ཆེན་པས་ལས་ཀྱིས་སྐྱེས་པའི་ཚངས་ཆེན་ལ་ཟག་མེད་མེད་ཀྱང་བྱང་སེམས་དེར་སྤྲུལ་པ་ལ་ཡོད་པར་འདོད་དོ། །འདོད་པའི་ལྷ་ལ་སོར་སྡོམ་མེད་དེ་སྐྱོ་བ་མེད་པས་སོ། །གཉིས་པ་མདོ་ལས་བྱུང་ 3-1-123a བའི་མིང་གི་རྣམ་གྲངས་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། འབྲས་བུའི་སྒོ་ནས་དབྱེ་བའི་རྣམ་གྲངས། མྱོང་འགྱུར་གྱི་སྒོ་ནས་དབྱེ་བའི་རྣམ་གྲངས། ཀུན་སློང་གི་སྒོ་ནས་དབྱེ་བའི་རྣམ་ གྲངས། དཀར་ནག་མུ་བཞིར་དབྱེ་བའི་རྣམ་གྲངས། རྟེན་གྱི་སྒོ་ནས་དབྱེ་བའི་རྣམ་གྲངས། བྱེད་ལས་ཀྱི་སྒོ་ནས་དབྱེ་བའི་རྣམ་གྲངས། ངོ་བོའི་སྒོ་ནས་དབྱེ་བའི་རྣམ་གྲངས་དང་བདུན་ལས། དང་པོ་ལ། ལས་སྤྱི་དང་། ཁམས་སོ་སོའི་འབྲས་བུ་མྱོང་བའི་ལས་གཉིས། དང་པོ། ལ༷ས་ཀྱི་རྣམ་སྨིན་ཡིད་འོང་བདེ༷་བ་མྱོང་བ་དང་། གཏན་དུ་སྡུག་བསྔལ་ལས་སྐྱོབ་པ་མྱང་འདས་འཐོབ་བྱེད་དང་། རྣམ་སྨིན་ཡིད་མི་འོང་མི༷་བདེ༷་མྱོང་འགྱུར་ གྱི་ལས་དང༷་། དེ་གཉིས་ལས་གཞན༷་མྱོང་བྱ་མི་འཕེན་པ་ནི༷་གསུམ་པོ་རིམ་པར་དགེ༷་དང༷་། མི༷་དགེ༷་དང༷་། གཞན༷་ལུང་མ་བསྟན་ཡི༷ན་ནོ། །འོ་ན་བསམ་གཏན་བཞི་པ་དང་གཟུགས་མེད་ཀྱི་དགེ་བའང་ལུང་མ་བསྟན་དུ་འགྱུར་ཏེ། བདེ་མི་བདེ་གཉིས་ཀ་མི་མྱོང་བའི་ལས་ཡིན་པའི་ཕྱིར་ཞེ་ན། ས་དེའི་དགེ་བ་ནི་ཉེར་ཞིའི་བདེ་བ་མྱོང་བའི་ལས་ཡིན་པའི་ཕྱིར་རམ། ཡང་ན་བདེ་བ་མྱོང་འགྱུར་དགེ་བ་ཡིན་ནོ། །ཞེས་པ་ཕལ་ཆེ་བའི་དབང་དུ་བྱས་སོ་ཞེས་ཟེར་ ཀྱང་སྔ་མ་ལེགས། རང་གི་ཆེད་དུ་གཉེར་བྱའི་འབྲས་བུ་ཡིན་པས་འདོད་པ་ཡིན་ཏེ། འདོད་པ་ནི་རང་དང་མཐུན་པས་བདེ་བའོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། བསོ༷ད་ནམས༷་དང་། བསོ༷ད་ནམས༷་མིན༷་པ་ 3-1-123b དང་། མི༷་གཡོ༷་བ་སྟེ་གསུམ་དང་། བདེ༷་བ༷་མྱོང༷་འགྱུར༷་དང་། ལ༷་སོ༷གས་པས་སྡུག་བསྔལ་མྱོང་འགྱུར། གཉིས་ཀ་མིན་པ་མྱོང་འགྱུར་དང་གསུ༷མ་ཡོད་དོ། །གཉིས་པ་ལ། དངོས་དང་། ཞར་བྱུང་གཞན་གྱི་འདོད་ པ་བཀོད་པ་གཉིས། དང་པོ། བསོ༷ད་ནམས༷་ནི་འདོ༷ད་ཁ༷མས་སུ་གཏོགས་པའི་དགེ༷་བའི༷་ལ༷ས་ཡིན་ལ། མི༷་གཡོ༷་བའི་ལས་ནི་ཁམས་གོང༷་མ༷་གཟུགས་གཟུགས་མེད་ལ༷ས་སྐྱེས༷་པའི༷་དགེ་བ་ཡིན་ནོ། །གང༷་གི་ཕྱིར༷་ མི་གཡོ་ཞེ་ན། དེ་དག་གི་དགེ་འབྲས་རང་གི་ས༷་ནི༷་དེ༷་དག༷་ཏུ༷་དེའི་དགེ་བའི་ལ༷ས་རྣམ༷་སྨིན༷་པའི་ཕྱིར༷་དང་། ས་གཞན་དུ་མི༷་གཡོ༷་བའི་ཕྱིར༷་རོ། །འོ་ན་མདོ་ལས་བསམ་གཏན་དང་པོ་གསུམ་གཡོ་བར་བཤད་པ་ དང་འགལ་ཞེ་ན། དེ་ནི་རྟོག་དཔྱོད་དགའ་བདེས་གཡོ་བ་ལ་འཕགས་པ་རྣམས་ཀྱིས་གཡོ་བར་བཤད་དེ། དེ་ནི་རྣམ་རྟོག་བསམ་གཏན་གྱི་སྐྱོན་གྱིས་གཡོ་བ་ཡིན་ལ། སྐབས་འདིའི་གཡོ་མི་གཡོ་ནི་རྣམ་སྨིན་ས་གཞན་ དུ་གཡོ་མི་གཡོའོ། །འདོད་པའི་ལས་ནི་ལྷར་སྐྱེ་འགྱུར་ཡང་དུད་འགྲོ་སོགས་སུའང་སྨིན་པ་ཡོད་པས་སོ། །བསོད་ནམས་མིན་པ་མི་དགེ་བ་ཡིན་པར་གྲགས་པའི་ཕྱིར་མ་བཤད་དོ། །འདོད་ནས་བས༷མ་ གཏ༷ན་གསུ༷མ་པའི༷་བར༷་གྱི་དགེ༷་བ༷་ཐམས་ཅད་ནི་བདེ༷་བ༷་མྱོང༷་འགྱུར༷་ཏེ། ས་དེ་དག་ན་ཚོར་བ་དེ་ཡོད་ཅིང་། དེ་དགེ་བ་ཁོ་ན་ལས་སྐྱེས་པའི་ཕྱིར་རོ། །དེ༷་ཡན༷་ཆ༷ད་བཞི་པ་དང་གཟུགས་མེད་བཞིའི་དགེ་བ་ནི་སྡུག༷་མིན༷་བདེ༷་མིན༷་ 3-1-124a ཏེ། བཏང་སྙོམས་མྱོང༷་བར་འགྱུར༷་བ༷་ཡི་ལས་དང་། སྡུག༷་བསྔལ༷་མྱོང༷་འགྱུར༷་གྱི་ལས་ནི་འདོད་པ་འདིའི༷་མི༷་དགེ༷་བ་ཁོ་ན་ཡིན་ནོ། །མྱོང་འགྱུར་གསུམ་པོའང་ཚོར་བ་འབའ་ཞིག་ མིན་ཏེ་དབང་ཡུལ་ཤེས་པའི་ཚོགས་བཅས་སོ། །གཉིས་པ། བསམ་གཏན་བཞི་པའི་འོ༷ག་སྟེ་དེ་མན་ཆད་བསམ་གཏན་གསུམ་ན༷འང༷་བར༷་མ༷་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོ༷ད་དོ༷། །ཞེས༷་སྔོན་གྱི་སློབ་ དཔོན་ཁ༷་ཅི༷ག་ཟེར༷་ཏེ༷། གང༷་གི༷་ཕྱིར༷་ན་བས༷མ་གཏན༷་ཁྱ༷ད་པར༷་ཅན་གྱི་ཚོར་བ་བཏང་སྙོམས་ནི་དགེ་ལས་རྣམ༷་སྨིན༷་ཡིན་པ་ལ༷ས་ཤེས་པས་སོ་ཟེར། སློབ་དཔོན་ཁ་ཅིག་བསམ་གཏན་དང་པོའི་བསམ་གཏན་ཁྱད་ པར་ཅན་གྱི་རྣམ་སྨིན་ནི། དང་པོའི་མིག་ཤེས་སོགས་གསུམ་གྱི་འཁོར་བྱུང་བདེ་དབང་ཡིན་ནོ་ཟེར། ཁ་ཅིག་དེ་ནའང་རྣམ་སྨིན་གྱི་ཚོར་བ་མེད་ཀྱི་འོན་ཀྱང་ཚོར་བ་བཏང་སྙོམས་ཇི་སྙེད་པ། རྒྱུ་མཐུན་ལས་བྱུང་བ་ཡིན་ ནོ་ཟེར། དེ་གཉིས་ཀའང་བསྟན་བཅོས་དང་འགལ་ཏེ། རབ་ཏུ་བྱེད་པ་ལས། ལས་ཀྱི་རྣམ་སྨིན་སེམས་ཚོར་ཁོ་ནར་སྨིན་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ་རྟོག་པ་མེད་པའི་ལས་དགེ་བ་ཡིན་ནོ་ཞེས་འབྱུང་ ལ། རྟོག་མེད་ཀྱི་ལས་དགེ་བ་ནི་བསམ་གཏན་ཁྱད་པར་ཅན་ཡན་ཆད་ན་ཡོད་དེ། དང་པོའི་དངོས་གཞི་མན་ཆད་རྟོག་པ་དང་བཅས་པའི་ཕྱིར་རོ། །ཞེས་པའི་ལུང་འདིས་བསམ་གཏན་ཁྱད་པར་ཅན་གྱི་ལས་ལ་ 3-1-124b རྣམ་སྨིན་ཡོད་ཅིང་དེ་ཡང་སེམས་ཚོར་ཡིན་པར་བསྟན་ཏོ། །ཡང་བསྟན་བཅོས་ལས། སྔ༷་ཕྱི༷་མེ༷ད་པར་མྱོང་འགྱུར་གྱི་ལས་གསུམ༷་གྱི་རྣམ་སྨིན་སྨིན༷་པར་འདོ༷ད་པའི་ཕྱིར༷་ཡང་། འོག་འདོད་པ་ན་ཡང་ བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོད་པར་ཤེས་ཏེ། ཡེ་ཤེས་ལ་འཇུག་པ་ལས། འདི་ལྟར་ལས་གསུམ་པོ་རྣམས་ཀྱི་རྣམ་པར་སྨིན་པ་ལ་སྔ་ཕྱིར་མེད་པར་རྣམ་པར་སྨིན་པར་འགྱུར་བ་ཡོད་དམ་ཞེ་ན་ ཡོད་དེ། བདེ་བ་མྱོང་བར་འགྱུར་བ་ནི་གཟུགས་སོ། །སྡུག་བསྔལ་མྱོང་འགྱུར་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ ནི། སེམས་དང་ལྡན་པ་མིན་པའི་འདུ་བྱེད་རྣམས་སོ། །ཞེས་འབྱུང་བའི་ཕྱིར་ཏེ་ས་གཞན་ན་སྡུག་བསྔལ་མྱོང་འགྱུར་གྱི་ལས་མེད་པས་སོ། །ལུང་གི་དོན་ཡང་མཐོ་རིས་ཀྱི་མིག་སོགས་དང་། རྣམ་ཤེས་ཚོགས་ ལྔའི་སྡུག་བསྔལ་དབང་པོ་དང་། ལྡན་མིན་སྲོག་དབང་སོགས་སོ། །འདི་ཡང་དགེ་བ་སྟོབས་ཆུང་བའི་དབང་དུ་སྟེ། སྟོབས་ཆེན་སེམས་སེམས་བྱུང་ཡང་བདེ་བ་མྱོང་བར་འགྱུར་བའི་ཕྱིར་དང་། མི་དགེས་ བདེ་བ་མྱོང་འགྱུར་མི་སྲིད་པས་དང་། ལུང་མ་བསྟན་ལ་རྣམ་སྨིན་མེད་པས་སོ། །འོ་ན་དགེ་བ་ཡིན་ན་བདེ་བ་མྱོང་འགྱུར་མིན་ཏེ་བཏང་སྙོམས་ཀྱང་ཡོད་དོ་ཟེར་ན་འདོད་དེ། གོང་མ་སྤྱིའི་དབང་དུའོ་ཟེར། །གཉིས་ 3-1-125a པ་ལ་སྤྱིར་མྱོང་འགྱུར་གྱི་དབྱེ་བ་དང་། རྣམ་སྨིན་མྱོང་འགྱུར་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། གཞན་ཡང་མྱོང་འགྱུར་ལྔ་སྟེ། ངོ༷་བོ༷་ཉི༷ད་ཀྱིས་མྱོང་འགྱུར་ཚོར་བ་དང༷་། མཚུངས༷་ལྡན༷་ གྱིས་མྱོང་འགྱུར་རེག་པ་དང༷་། དམི༷གས་པ༷འི་མྱོང་འགྱུར་ཡུལ་དང༷་ནི༷། རྣམ༷་སྨིན༷་མྱོང་འགྱུར་མཐོང་ཆོས་སོགས་ལྟ་བུ་དང༷་། མངོ༷ན་སུམ༷་དུ༷་ནི༷་མྱོང་བར་འགྱུར༷་བ༷འི་ལ༷ས་ནི་བདེ་བ་མངོན་དུ་གྱུར་ན་གཞན་གཉིས་འགག་པ་ ལྟ་བུའོ། །དེས་ན་དང་པོ་བཞི་ཚོར་བ་སྤྱི་དང་། ལྔ་པ་བྱེ་བྲག་མྱོང་བའོ། །ཞེས་སོ། །འདི་ལ་དཔག་ན་གོང་གི་མྱོང་འགྱུར་ནི་ཚོར་བ་དངོས་ལ་མིན་ཏེ་འབྲས་མིང་རྒྱུ་ལ་བཏགས་པ་འདྲ་དཔྱོད། དེ་ལྟར་མྱོ༷ང་འགྱུར༷་རྣམ༷་པ༷་ལྔ༷་ལས་ འདི་ནི་རྣམ་སྨིན་མྱོང་འགྱུར་ཡི༷ན་ནོ༷། །གཉིས་པ་ལ། དབྱེ་བ་དང་ཁྱད་པར་གཉིས། དང་པོ་ལ། བྱེ་སྨྲའི་འདོད་པ་དང་། དཔེ་སྟོན་པའི་ལུགས་གཉིས། དང་པོ་ལའང་ལུགས་གཉིས་ཀྱི་དང་པོ། བདེ་བ་མྱོང་འགྱུར་སོགས་ གསུམ་པོ་དེ༷་ཡང༷་མྱོང་བར་ངེས༷་པ་དང༷་། མ༷་ངེས༷་དང༷་། ངེས་པ་ལའང་མཐོང༷་བའི༷་ཆོས༷་ལ༷་མྱོང་འགྱུར་དང་། སོ༷གས་པས་སྐྱེས་ནས་དང་། ལན་གྲངས་གཞན་པ༷་ལ༷་མྱོང༷་བར་འགྱུར༷་བའི་ཕྱིར༷་ན༷་མྱོང་བར་ངེས༷་པ་ལའང་ རྣམ༷་པ་གསུམ༷་མོ། །དེ་ལྟར་ངེས་པ་གསུམ་མ་ངེས་པ་དང་བཞིའོ། །གཉིས་པ། ཁ༷་ཅི༷ག་དེ་གསུམ་སྟེང་མ་ངེས་པ་ལ་རྣམ་སྨིན་ངེས་མ་ངེས་གཉིས་བརྩིས་པས་ལ༷ས་རྣམ༷་པ་ལྔ༷་ཡིན་ནོ་ཞེས༷་ཟེར༷་རོ། །གཉིས་པ་མདོ་ 3-1-125b སྡེ་བའི་ལུགས། གཞན༷་དཔེས་སྟོན་པ་དག༷་གནས་སྐབས་མྱོང་བར་ངེས་པ་དང་། མ་ངེས་པ་དང་། རྣམ་སྨིན་མྱོང་བར་ངེས་པ་དང་། མ་ངེས་པ་དང་མུ༷་ནི༷་བཞི༷་ཡིན་ནོ། །དེ་ལ་གནས་སྐབས་ངེས་ལ་རྣམ་སྨིན་མ་ངེས་པ་ནི་ གལ་ཏེ་མྱོང་ན་མཐོང་ཆོས་སོགས་ལ་མྱོང་འགྱུར་ཡིན་ནའང་རྣམ་པར་སྨིན་པ་མ་ངེས་པའོ། །རྣམ་སྨིན་ངེས་ལ་སྐབས་མ་ངེས་པ། རྣམ་སྨིན་ནི་གདོན་མི་ཟ་བར་མྱོང་ལ། མཐོང་ཆོས་སོགས་ལ་ནི་མ་ངེས་པ་ཡིན་ནོ། །གཉིས་ཀ་ངེས་པ་ མཐོང་ཆོས་སོགས་ལ་རྣམ་སྨིན་མྱོང་བར་ངེས་པའོ། །གཉིས་ཀ་མ་ངེས་པ་ནི་གོ་སླའོ། །དེ་ལྟར་ན་ངེས་པ་ལ་མཐོང་ཆོས་སོགས་ལ་ངེས་མ་ངེས་གཉིས་གཉིས་དྲུག་དང་། མ་ངེས་ལ་གནས་སྐབས་དང་རྣམ་སྨིན་མ་ངེས་གཉིས་ཏེ་ བརྒྱད་དུ་འགྱུར་རོ། །ཁ་ཅིག་མཐོང་མྱོང་གི་ལས་སྟོབས་ལྡན་ཡིན་ཕྱིར་སྐྱེས་ནས་མྱོང་སོགས་ཡོད་ཀྱང་འདིར་མགོ་རྩོམ་པའི་དབང་དུ་སྟེ་གཞན་དུ་ན་ལས་ཆེ་བའི་འབྲས་བུ་ཆུང་བར་ཐལ་བའི་ཕྱིར་རོ་ཟེར། བྱེ་སྨྲས་ལས་ཀྱི་རང་བཞིན་ ཐ་དད་པས་མཐོང་ཆོས་ལ་མྱོང་བ་ནི། སྐྱེས་ནས་སོགས་མིན་ཏེ། དཔེར་ན་ལྕམ་པ་ཟླ་བ་ཕྱེད་གཉིས་ན་འབྲས་བུ་སྨིན་ལ། ནས་གྲོ་སོགས་ཟླ་བ་དྲུག་ན་སྨིན་པ་བཞིན་ནོ་ཞེས༷་འདོད་དོ་ཟེར༷་ཅེས་པ་ནི་ཅུང་ཟད་མ་རངས་པའོ། །གཉིས་པ་ རྣམ་སྨིན་མྱོང་འགྱུར་ཁྱད་པར་དུ་བཤད་པ་ལ། སྤྱི། བྱེ་བྲག །ཞར་བྱུང་གསུམ། དང་པོ་ལ། རིས་མཐུན་གཞན་འཕེན་མི་འཕེན་དཔྱད་པ་དང་། གང་ན་ཡོད་དཔྱད་པ་གཉིས། དང་པོ། སྐྱེས་ནས་མྱོང་འགྱུར་སོགས་གསུ༷མ་ 3-1-126a གྱིས༷་རིས༷་མཐུན་པ་སྲོག་དབང་ནི༷་འཕེན༷་པར༷་བྱེ༷ད་ལ་མཐོང་མྱོང་གིས་མིན་ཏེ། འདིའི་སྲོག་དབང་ཐོབ་ཟིན་ལ་རིས་མཐུན་གཞན་གསར་དུ་འཕེན་ན་འདིར་མྱོང་འགྱུར་མིན་པས་ཁྱབ་བོ། །དེས་ན་ གཞན་གྱིས་འཕང་ཟིན་དེར་སྨིན་ལ་ཚེ་བསྲིང་བའི་བསོད་ནམས་སོགས་ནི་བར་ཆད་སེལ་བ་ཙམ་ཡིན་ནོ་ཟེར། རྣམ་སྨིན་ནི་བཞི་ཀས་ཀྱང་འཕེན་ནོ། །གཉིས་པ་ལ། ས་གང་ན་ཡོད་དང་། རྒྱུད་གང་ན་ཡོད་དཔྱད་པ་གཉིས། དང་པོ། གལ་ཏེ་ལས་བཞིས་རྣམ་སྨིན་འཕེན་པ་ཁམས་དང་། ས་ཐམས་ཅད་ན་ཡོད་དམ་ཞེ་ན། ཁམས་གསུམ་གཏོགས་པའི་ས་ཐམ༷ས་ཅ༷ད་ན༷་ནི༷་འཕེན༷་པ༷་ཡི་ལས་བཞི༷་ཡོད་ལ་ཞེས་སྤྱིར་བསྟན་ནས་དམིགས་བསལ་ནི། དམྱལ༷་ བ༷་ན༷་ནི༷་དགེ༷་བའི༷་སྐྱེས་ནས་སོགས་གསུམ༷་ཡོད་ཀྱི་མཐོང་ཆོས་ལ་མྱོང་བ་མེད་དེ། དེ་ན་རྣམ་སྨིན་ཡིད་འོང་མེད་པས་སོ། །གཉིས་པ། འདོད་པ་ལ་སོགས་པ་གང༷་ལ༷ས་འདོ༷ད་ཆགས༷་བྲལ༷་བ་དེ་ཡང་མི་ཉམས་པའི་ཆོས་ཅན་བརྟན༷་ པའི༷་བྱིས༷་པ༷འང་བྲལ་རྒྱུའི་ས་དེར༷་སྐྱེས༷་ནས་མྱོང༷་འགྱུར་གྱི་ལས་མི༷་བྱེ༷ད་ལ་གཞན་གསུམ་བྱེད་དེ་དེ་ནི་ཕྱི་མར་སོགས་ལ་གོང་མ་ཁོ་ནར་སྐྱེ་བའི་ཕྱིར་རོ། །འདོད་སོགས་ལས་ཆགས་བྲལ་འཕ༷གས་པ༷་བརྟན་པ་དེ་ཡང་སྐྱེས་མྱོང་དུ་མ་ ཟད་ལན་གྲངས་གཞན༷་དུའང༷་མྱོང༷་བའི་ལས་མི༷་བྱེ༷ད་དེ་དེ་ནི་ས་དེར་གཏན་དུ་ཕྱིར་མི་འོང་བའི་ཕྱིར་རོ། །མཐོང་ཆོས་དང་མ་ངེས་པ་བྱེད་དོ། །ཕྱིས་འཕགས་པ་དེ་དག་ཆགས་པ་བྲལ་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ན་ 3-1-126b སྐྱེས་ནས་དང་། ལན་གྲངས་གཞན་གཉིས་ལ་མྱོང་འགྱུར་ཡང་བྱེད་དོ། །སྲིད་རྩེའི་སེམས་ཐོབ་པའི་འཕགས་པའང་ཉམས་ནས་གཟུགས་སུ་སྐྱེ་བར་བཤད་པས་སོ། །འདོ༷ད་པ་དང་སྲིད་རྩེ༷འི་ཆགས་བྲལ་འཕགས་པ་ནི་ མི༷་བརྟན༷་པ༷་ཉམས་པའི་ཆོས་ཅན་ཡང༷་སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གཉིས་བྱེད་པ་མིན༷་ཏེ། དེ་གཉིས་ནི་ཕྱིར་མི་འོང་དང་དགྲ་བཅོམ་པའི་འབྲས་གནས་ཡིན་ན་འབྲས་བུ་ལས་ཉམས་པ་ནི། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་ངེས་པར་སོར་ཆུད་པར་བྱེད་པས་ཁྱབ་པས་སོ། །མ་ངེས་པ་དང་མཐོང་ཆོས་མྱོང་འགྱུར་བྱེད་སྲིད་དོ། །ཐམས་ཅད་ན་འཕེན་པ་བཞི་ཡོད་ན་སྲིད་པ་བར་མ་ནའང་ལས་ ཀྱི་འཕེན་པ་ཡོད་དམ་ཞེ་ན། ཡོད་དེ། འདོད་པའི་སྲི༷ད་པ༷་བར༷་མ༷་ནི་འདོ༷ད་པའི་ཁ༷མས་སུ༷་འཕེ༷ན་པ༷་རྣམ༷་པ༷་ཉི༷་ཤུ༷་རྩ་གཉི༷ས་འཕེན་པར་བྱེད་དེ། ནུར། མེར། ནར། གོར། རྐང་ལག་འགྱུས་པ་སྟེ་མངལ་གྱི་གནས་ སྐབས་ལྔ་དང་། བྱིས། གཞོན། དར། དར་ཡོལ། རྒན་པོ་སྟེ་སྐྱེ་བའི་གནས་སྐབས་ལྔ་དང་བཅུ་སྟེ། དེ་བཅུ་པོར་མྱོང་བར་ངེས་མ་ངེས་གཉིས་སུ་ཕྱེ་བའི་ཕྱིར་དང་། སྲིད་པ་བར་མ་རང་ཉིད་དུ་མྱོང་བར་ངེས་མ་ ངེས་གཉིས་ཏེ་ཉེར་གཉིས་སོ། །དེ་དག་མྱོང་ངེས་ཀྱི་ལས་བཅུ་གཅིག་པོ་དེ༷་ཉི༷ད་མཐོང༷་ཆོས༷་ལ་མྱོང་བའི་འབྲས༷་བུ༷་ཅ༷ན་ཡིན་ལ། གནས་སྐབས་བཅུ་གཅིག་པོ་དེ༷་ནི༷་རིས༷་མཐུན་པ་གཅི༷ག་ཁོ༷་ན༷་ཡི༷ན་ཏེ། སྐྱེས་ནས་མྱོང་ 3-1-127a འགྱུར་གྱི་ལས་གཅིག་ཁོ་ནས་འཕངས་པའི་ཕྱིར་རོ། །སྲིད་པ་བར་མ་མཐོང་མྱོང་ལས་གཞན་གཉིས་མ་བཤད་དེ། འདི་བློ་མི་གསལ་བས་ལས་གཞན་མི་བྱེད་གསུངས་ཏེ་མི་ལྡོག་པར་འདོད་པས་སོ། ། འདོད་ཁམས་སུ་ཞེས་པ། གཟུགས་ན་ནུར་ནུར་སོགས་གནས་སྐབས་བཅུ་པོ་མེད་པའི་ཕྱིར་དང་། གཟུགས་མེད་ན་བར་སྲིད་མེད་པས་སོ། །མྱོང་བར་ངེས་མ་ངེས་ཉེར་གཉིས་ནི། སྤྱིར་བསྟན་ཏེ། བྱེ་བྲག་ལ་གཉིས་ གཉིས་ཀྱིས་ཤེས་འདྲའོ། །གཉིས་པ་བྱེ་བྲག་ལ། ངེས་པར་བྱེ་བྲག་ཏུ་བཤད་པ་དང་། མཐོང་ཆོས་མྱོང་འགྱུར་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། མྱོང་ངེས་ཀྱི་ལས་གང་ཞེ་ན། ཉོ༷ན་མོང༷ས་པའམ་རབ༷་ཏུ་དང༷་པ་དྲག༷་ པོའི༷་ཀུན་སློང་ཅན་གྱིས་བྱས་པའི་དགེ་མི་དགེའི་ལས་ད༷ང་། ཀུན་སློང་དེ་མེད་ཀྱང་ཡོན༷་ཏན༷་ཞིང༷་དཀོན་མཆོག་གསུམ་ད༷ང་འབྲས་བུ་ཁྱད་པར་ཅན་རྒྱུན་ཞུགས་དང་། དགྲ་བཅོམ་འབྲས་གནས་དང་། སྙོམས་འཇུག་ཁྱད་པར་ ཅན་འགོག་པ་དང་། བྱམས་པ་དང་། ཉོན་མོངས་མེད་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ལ་ཕན་གནོད་བྱས་པ་སོགས་དང་། དགེ་མི་དགེ་རྒྱུན༷་ཆགས༷་སུ༷་བྱ༷ས་པ༷་ག༷ང་ཞིག༷་ཡི༷ན་པ༷་དང༷་། ཕ༷་མ༷་གསོད༷་པའི་ལས་གང༷་ ཡིན་པ་དེ༷་དག་ནི་ཞིང་བསམ་སྦྱོར་བ་གསུམ་སྟོབས་དང་ལྡན་པས་དེ་མྱོང་བར་ངེས༷་སོ༷། །གཉིས་པ་ལ་སྤྱི་དང་། ཞིང་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ཡང་མཐོང༷་ཆོས༷་ལ་འབྲ༷ས་བུ༷་མྱོང་བ་ཅ༷ན་གྱི༷་ལ༷ས་དེ་ཅི་ལྟ་བུ་ 3-1-127b ཞེ་ན། ཞི༷ང་དང༷་བས༷མ་པའི༷་ཁྱ༷ད་པ༷ར་ལ༷ས་འགྱུར་བ་གཉིས་ཡོད་དེ། སྔོན་སྟོན་པ་མ་ཕམ་པ་ཞེས་པའི་བསྟན་པ་ལ་སྟོན་པ་འདི་ཕྱུགས་པོའི་བུར་སྐྱེས་པ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྡེ་སྣོད་གསུམ་པར་གྱུར་ཏོ། །དེའི་ ཚེ་དགེ་འདུན་ལ་རྩོད་པ་བྱུང་བ་དེས་སླར་སྤེལ་བས། དགེ་སློང་མདོ་སྡེ་འཛིན་པ་ཞིག་གིས་སྡེ་སྣོད་གསུམ་པ་བཏོན་ནས་རྩོད་པ་ཞི་བར་བྱས་པ་དང་། སྡེ་སྣོད་གསུམ་པ་ཁྲོས་ཏེ་བུད་མེད་རྣམས་ཀྱིས་རྩོད་པ་ཞི་བར་བྱས་སོ་ཞེས་ ཚིག་རྩུབ་སྨྲས་མ་ཐག༷་བུད་མེད་དུ་གྱུར་ཅིང་སླར་ཡང་སྐྱེ་བ་ལྔ་བརྒྱར་བུད་མེད་དུ་སྐྱེས་སོ། །ཕྱིས་རིན་ཆེན་གཙུག་ཏོར་ཅན་ལ་དད་པར་བྱས་པས་སྐྱེས་པའི་ལུས་ཐོབ་བོ། །ཞེས་གསུངས་པ་ལྟ་བུ་དང་། བསམ་པ་ནི། སྔོན་ རྒྱལ་པོ་ཀ་ནི་ཀའི་ཉུག་རུམ་པ་ལོང་བ་ཞེས་བྱ་བ་ཞིག་ཡོད་པ་དེས་མི་ཞིག་གིས་གླང་ལྔ་བརྒྱ་དེད་ནས་འགྲོ་བ་ལ་ཅི་བྱེད་དྲིས་པས་འབྲས་བུ་འབྱིན་ཏོ་ཟེར་བ་བདག་གིས་ཀྱང་སྔོན་འདི་ལྟ་བུ་བྱས་པས་ད་ལྟ་འདི་མྱོང་ལ། འདིས་ཀྱང་འདི་ བྱས་པས་སྐྱེ་བ་མང་པོར་བདག་ལྟ་བུ་སྡུག་བསྔལ་མྱོང་བར་འགྱུར་རོ་སྙམ་ནས། གླང་དེ་རྣམས་ནོར་གྱིས་ཉོས་ཏེ་བསམ་པ་དྲག་པོས་འབྲས་བུ་འབྱིན་པ་ལས་བཏང་བ་དང་། དེར་མཐོང་བའི་ཆོས་དེ་ལ་སྐྱེས་པའི་དབང་པོ་བྱུང་ངོ་ ཞེས་གྲགས་པ་ལྟ་བུའོ། །ཡང་ན་འདོད་པ་སོགས་ས༷་དེའི༷་འདོ༷ད་ཆགས༷་དང་གཏན༷་དུ་བྲལ༷་བའི་ཕྱིར༷་ས་དེར་སླར་མི་སྐྱེ་བ་ཡུལ་འཕོ་ན་བུ་ལོན་ལྡང་བ་ལྟར་དེར་མྱོང་ངེས་ཀྱི་ལས་རྣམས་ནི་རྣམ༷་སྨིན༷་ངེས་པ༷་གང༷་ཡི༷ན་པ༷་མཐོང་ 3-1-128a ཆོས་དེ་ལ་མྱོང་བའོ༷། །གཉིས་པ་ཞིང་བྱེ་བྲག་ཏུ་བཤད་པ། འཕགས་པ་ག༷ང་ད༷ག་འགོ༷ག་པའི་སྙོམས་འཇུག་ལ་ཞུགས་ལྡང་དང་། བྱམ༷ས་པ་དང་། ཉོ༷ན་མོང༷ས་མེ༷ད་པ་དང་། མཐོ༷ང་ལམ་དང༷་། དགྲ༷་བཅོ༷མ་གྱི་སྙོམས་འཇུག་འབྲས༷་བུ་ལས་ལངས༷་པ༷་སྟེ། གང་ཟག་ལྔ་པོ་དེ༷་ལ༷་ཕན༷་གནོ༷ད་བྱས༷་པ༷་ཡི༷་འབྲས༷་བུ༷་ནི་འཕྲལ༷་དུ༷་མྱོང༷་བར༷་འགྱུར༷་ཏེ། འགོག་པ་ལས་ལངས་བ་ནི་སེམས་མཆོག་ཏུ་ཞི་བ་ཐོབ་པས་མྱང་འདས་ལས་སླར་ ལྡོག་པ་དང་འདྲ་བའི་ཕྱིར་དང་། ཉོན་མོངས་མེད་པ་དང་། བྱམས་པ་ལས་ལངས་པ་ནི་སེམས་ཅན་ཚད་མེད་ལ་ཉོན་མོངས་མེད་པ་དང་། ཕན་པའི་ལྷག་བསམ་དང་རྗེས་སུ་འབྲེལ་བ་དང་། ཤིན་ཏུ་གསལ་བའི་བསོད་ནམས་ ཚད་མེད་པས་ཡོངས་སུ་བགོས་པ་དང་རྗེས་སུ་འབྲེལ་བའི་ཕྱིར་དང་། མཐོང་ལམ་དང་དགྲ་བཅོམ་ལས་ལངས་པའི་རྒྱུད་ནི་མཐོང་སྤང་མ་ལུས་དང་། སྒོམ་སྤང་མ་ལུས་པ་སྤང་བའི་གནས་གྱུར་གསར་བ་ཐོབ་པའི་དྲི་མ་མེད་པ་ཡིན་ པས་སོ། །འབྲས་བུ་བར་མ་གཉིས་ནི་གནས་འགྱུར་གསར་པ་མེད་པས་སོ། །གསུམ་པ་ཞར་བྱུང་དུ་ལུས་སེམས་གང་གི་མྱོང་བསྟན་པ་ལ། དངོས་དང་། འཕྲོས་དོན་དོགས་སྤོང་གཉིས། དང་པོ། གལ་ཏེ་རྣམ་སྨིན་ གཙོ་བོ་ཚོར་བ་ཡིན་པས་དེ་སེམས་ཀྱིའམ་ལུས་ཀྱི་ཡིན་ཞེ་ན། རྣམ༷་པར༷་རྟོག༷་པ༷་མེ༷ད་པ༷་ཡི༷ས་བསམ་གཏན་ཁྱད་པར་ཅན་ནས་སྲིད་རྩེའི་བར་གྱི་དགེ༷་བའི༷་ལ༷ས་ཀྱི༷་རྣམ༷་སྨིན༷་ནི༷། ཡིད་བདེ་སོགས་སེམ༷ས་ཀྱི༷་ཚོར༷་བ༷་ཁོ༷་ནར༷་ 3-1-128b འདོ༷ད་དེ། དེ་ཡན་ཆད་ན་ལུས་ཚོར་མེད་པས་སོ། །མི༷་དགེ༷་བའི༷་རྣམ་སྨིན་ནི༷་ལུས༷་ཀྱི༷་ཚོར་བ་ཁོ་ན་ཡི༷ན་ནོ། །ཅིའི་ཕྱིར་སེམས་ཀྱིས་མིན་ཞེ་ན། ཡིད་མི་བདེ་ནི་རྣམ་སྨིན་མིན་ནོ་ཞེས་ཀྱང་བཤད་པས་སོ། །དེའི་ཕྱིར་ དང་པོའི་དངོས་གཞི་མན་ཆད་ཀྱི་དགེ་བའི་ལས་ཀྱི་རྣམ་སྨིན་ནི་ལུས་སེམས་གཉིས་ཀའི་ཚོར་བ་ཡིན་པར་ཤུགས་ལ་བསྟན་ཏོ། །གཉིས་པ། འོ་ན་སེམས་ཅན་རྣམས་ཀྱི་སེམས་རྣམ་པར་གཡེངས་པ་སྨྱོ་བའི་སེམས་དེ། སེམས་ གང་ལས་འབྱུང་ཞིང་རྒྱུ་ཅི་ཞིག་གིས་འགྱུར་ཞེ་ན། རྣམ་པར་གཡེངས༷་པའི༷་སེམ༷ས་ནི༷་ཡི༷ད་ཀྱི་སེམ༷ས་ཁོ་ན་ལ༷་ཡིན་ཏེ་དབང་ཤེས་རྟོག་མེད་ཡིན་པས་སོ། །དེ༷་ནི༷་རྒྱུ་བཞི་པོ་གཞན་སྨྱོ་བར་བྱས་པ་དང་། དུག་དང་ཆང་བླུད་པ་ སོགས་ལ༷ས་ཀྱི༷་རྣམ༷་སྨིན༷་ལས་སྐྱེས༷་པ་དང་། མི་མིན་སོགས་ཀྱིས་སྐྲག༷་པར་བྱས་པ་དང་། མི་མིན་གྱིས་གནོ༷ད་པ་དང་། ནང་གི་འབྱུང་བ་ཆ་མ༷་མཉམ༷་པ་དང་། མྱ༷་ང༷ན་གྱིས༷་དཀྲུགས་པ་ལས་སོ། །གལ་ཏེ་ལས་ཀྱི་རྣམ་ སྨིན་ལས་སྐྱེས་པའི་སྨྱོ་བ་དེ་སེམས་ཚོར་མི་དགེ་བར་འགྱུར་རམ་ཞེ་ན། མི་དགེའི་ལས་ཀྱིས་འབྱུང་བ་རྣམས་འཁྲུགས་ལ། དེ་ལས་སེམས་གཡེང་བས་སོ། །དེས་ན་དེ་ལས་ཀྱི་བདག་འབྲས་ཡིན་གྱི། མི་དགེའི་ ལས་ལས་དངོས་སུ་སྐྱེས་པ་མིན་པས་རྣམ་སྨིན་མིན་ནོ། །དེ་ལས་འཕྲོས་ནས་སེམས་གཡེང་བ་དང་། རྣམ་པར་གཡེང་བ་ལ་མུ་བཞིར་བཤད་དེ་དེ་ལ་སེམས་གཡེངས་པ་ནི་བཤད་མ་ཐག་པ་རྣམས་སོ། །རྣམ་པར་གཡེང་ 3-1-129a བ་ནི་ཉོན་མོངས་ཅན་གྱི་སེམས་སོ། །དེས་ན་དེ་གཉིས་ཀའང་རྣམ་སྨིན་མིན་ནོ། །སྨྱོ་བ་དེ་སྒྲ༷་མི༷་སྙན༷་མིན༷་པའི་འདོ༷ད་པ་དང་ལྡན༷་པ་རྣམ༷ས་ལ་ཅི་རིགས་ཡོད་དེ། འདོད་ལྷ་ རྣམས་ལའང་སྨྱོན་པ་ཡོད་ན་དུད་འགྲོ་དང་ཡི་དྭགས་ལ་ལྟ་ཅི་སྨོས་སོ། །སངས་རྒྱས་མ་གཏོགས་པའི་འཕགས་པ་རྣམས་ལའང་འབྱུང་བ་མ་སྙོམས་པས་སེམས་རྣམ་གཡེང་ཡོད་ལ། ལས་དང་། འཇིགས་པ་ དང་། གནོད་པ་དང་། མྱ་ངན་གྱིས་གཡེངས་པ་རྣམས་མེད་དོ། །སངས་རྒྱས་ལ་ཐུགས་གཡེངས་པ་དང་། རིམ་གྱིས་འགྲོངས་པ། གསུང་འཛེར་བ། དབུ་སྐྱ་བ་མེད་དེ། ལས་ཤིན་ཏུ་དྭངས་པའི་རྣམ་སྨིན་གྱི་སྙིང་པོ་ ཡིན་པས་སོ། །གསུམ་པ་ཀུན་སློང་གི་སྒོ་ནས་དབྱེ་ན། ཡང་གསུམ་ཚན་གསུམ་པའི་མདོ་ལས། ལུས་ངག་ཡིད་ཀྱི་ཡོན༷་པོ་གསུམ་ ༡ དང་། སྐྱོན༷་ནམ་ ༢ ཉེས་པ་གསུམ་དང་། སྙིགས༷་ ༣ མ༷་གསུམ་གསུ༷ངས་པ༷་དེ་ནི༷་གང་ ཞེ་ན། རིམ་པ་ལྟར་སེམས་གྱ་གྱུ་བའི་ ༡ གཡོ༷་ལས་སྐྱེས་པ་དང༷་། ཞེ༷་སྡང༷་ ༢ པས་དང་། འདོ༷ད་ཆགས༷་ ༣ ལས་སྐྱེས༷་པའི་སྒོ་གསུམ་གྱི་ལས་སོ། །བཞི་པ་ལ་སྤྱི་དང་། བྱེ་བྲག་སོ་སོའི་འདོད་ཚུལ་གཉིས། དང་པོ། ཡང་མདོ་ལས་དཀར༷་ནག༷་ལ༷་སོ༷གས་བྱེ༷་བྲག༷་གིས༷་ལ༷ས་ནི༷་རྣམ༷་པ༷་བཞི༷་བཀའ་བསྩལ་པ་ཡི༷ན་ནོ༷། །དེ་གང་ཞེ་ན་མི༷་དགེ༷་བ་དང་། གཟུགས༷་དང༷་འདོ༷ད་པར་གཏོག༷ས་པའི༷་དགེ༷་བ༷་ཉི༷ད་ནི༷་རིམ༷་པ་བཞིན༷་དུ༷་ལས་མི་དགེ་བ་ནི་ 3-1-129b ཁྱད་མེད་དུ་ཉོན་མོངས་ཅན་ཡིན་པས། ལས་གནག་ལ་འབྲས་བུ་ཡིད་མི་འོང་འཕེན་པས་རྣམ་སྨིན་གན༷ག་པ་དང༷་། གཟུགས་དགེ་ནི་མི་དགེ་བ་དང་། མ་འདྲེས་པས་ལས་དཀར་ལ་རྣམ་སྨིན་ཀྱང་དཀ༷ར་བ་དང༷་། འདོད་དགེ་ནི་མི་དགེ་བ་དང་འདྲེས་པས་ལས་དཀར་ནག་འདྲེས་མ་ལས་འབྲས་བུ་ཡིད་འོང་མི་འོང་འདྲེས་མར་འབྱུང་བས་དཀར་ནག་གཉི༷ས་ཀའི༷་ལ༷ས་ཞེས་བྱའོ། །དེ་ཡང་རྒྱུད་ཀྱི་སྒོ་ནས་འདྲེས་པ་ཡིན་གྱི་ལས་ཀྱི་ངོ་བོ་ནི་ དཀར་ནག་འདྲེས་པ་མེད་དེ་འགལ་བས་སོ། །གལ་ཏེ་དེ་ལྟ་ན་མི་དགེའང་འདྲེས་མར་འགྱུར་ཏེ། མི་དགེ་དང་ལྡན་པའི་རྒྱུད་ལ་དགེ་བ་འབྱུང་བས་སོ་ཟེར་ན། དེ་ལྟ་མོད་ཀྱི་འོན་ཀྱང་འདོད་པ་རང་ས་ན་གཉེན་པོ་ཏིང་ངེ་འཛིན་ མེད་པས་དགེ་བས་མི་དགེ་བ་གཏན་མེད་དུ་བྱ་མི་ནུས་ལ། མི་དགེ་སྟོབས་དང་ལྡན་པ་ལོག་ལྟས་དགེ་རྩ་གཅོད་ནུས་པས་དགེ་བ་དང་གདོན་མི་ཟ་བར་འདྲེ་བ་མིན་ལ། དགེ་བ་སྟོབས་ཆུང་བས་འདྲེའོ་གསུངས། ཀུན་བཏུས་ལས་དཀར་ ལ་རྣམ་པར་སྨིན་པ་དཀར་བ་ཁམས་གསུམ་པའི་དགེ་བ། འདྲེན་མ་འདོད་པའི་འདྲེན་མ་སྟེ། བསམ་དཀར་སྦྱོར་གནག་གམ། བསམ་གནག་སྦྱོར་དཀར་རོ། །འདོད་པའི་འདྲེན་མ་ལས་འདོད་དགེ་དང་གཟུགས་མེད་དགེ་བའང་ དཀར་བར་བཤད་དོ། །བྱེ་སྨྲས་ཅིའི་ཕྱིར་གཟུགས་མེད་ཀྱི་དགེ་བ་དཀར་བར་མ་བཤད་ཟེར་ན། གང་ན་རྣམ་སྨིན་སྐྱེ་སྲིད་བར་སྲིད་གཉིས་ཡོད་པ་དང་། ལུས་སོགས་ལས་གསུམ་པོ་དེ་དག་གི་དབྱེ་བ་འཆད་ན། དེ་ལ་དེ་མེད་ 3-1-130a པས་སོ་ཟེར་ཡང་། འོན་ཀྱང་མདོ་གཞན་ལས་གཟུགས་མེད་དགེ་བའང་དཀར་བར་བཤད་པ་ཡིན་ནོ། །ལས་དང་རྣམ་སྨིན་གསུམ་པོ་དེ༷་སྤོང་ཞིང་ཟ༷ད་པར་བྱེ༷ད་པ༷། ཟ༷ག་མེ༷ད་ཀྱི་ལས་ཡི༷ན་ལ། དེ་ལ་མི་གནག་ཅིང་མི་དཀར་བ་ཞེས་བྱ་སྟེ། རྣམ་སྨིན་འབྲས་བུ་ཡིད་འོང་མི་འོང་གཉིས་ཀ་མི་འབྱིན་ལ། དེའི་རྒྱུ་དགེ་མི་དགེ་གཉིས་ཀའང་མིན་ཏེ་ཁམས་གསུམ་དང་འཇུག་པ་འགལ་བས་སོ། །དོན་དམ་པར་ཟག་མེད་ ནི་གཅིག་ཏུ་དཀར་བ་ཡིན་ནོ། །འོན་ཀྱང་ཟག་མེད་ཀྱི་ལས་ཡིན་ན་ལས་གསུམ་ཟད་བྱེད་ཡིན་པས་མ་ཁྱབ་སྟེ། མཐོང་ལམ་གྱི་སྡུག་བསྔལ་ལ་ཆོས༷་ཤེས་པའི་བཟོ༷ད་པ་བཞི་དང་། འདོ༷ད་པ་ལས་ཆགས༷་པ་བྲལ༷་ བ༷་ཡི༷་འདས་པའི་སྒོམ་ལམ་གྱི་བར༷་ཆ༷ད་མེ༷ད་ལམ༷་བརྒྱ༷ད་ཀྱི་སེམ༷ས་ག༷ང་ཡིན་པ་སྟེ། སེམ༷ས་པ༷་རྣམ༷་པ༷་བཅུ༷་གཉི༷ས་དེ་ནི༷་ནག༷་པོ༷་ཟ༷ད་པར༷་བྱེ༷ད་པའི༷་ལ༷ས་ཡིན་ཏེ་འདོད་པའི་སྡིག་པ་མི་དགེ་བའི་ཆོས་སྤོང་བས་སོ། ། ཆོས་ཤེས་བཞི་དང་རྣམ་གྲོལ་ལམ་རྣམས་ནི་མིན་ཏེ་བར་ཆད་མེད་ལམ་གྱིས་ཟད་པར་བྱས་ཟིན་པས་སོ། །རྗེས་བཟོད་ཤེས་ནི་འདོད་པའི་གཉེན་པོ་མིན་པས་སོ། །འདོད་ལས་ཆགས་བྲལ་སྒོམ་ལམ་བར་ཆད་མེད་ པའི་ལམ་དགུ༷་པའི༷་སེམ༷ས་པ༷་གང༷་ཡི༷ན་པ༷་དེ༷་ནི༷། དཀར༷་ནག༷་འདྲེས་མའི་ལས་ཟ༷ད་བྱེ༷ད་ཡི༷ན་ཏེ། དེས་ཡུལ་ཅན་འདོད་ཉོན་ཆུང་ངུའི་ཆུང་ངུའང་སྤངས་པ་ན། དམིགས་ཡུལ་དགེ་བའང་སྤོང་བ་དང་། འདོད་དགེའི་གཉེན་ 3-1-130b པོ་ཡིན་པས་སོ། །བར་ཆད་མེད་ལམ་སྔ་མ་དག་ནི་འདོད་དགེའི་གཉེན་པོ་མིན་ཏེ་འདོད་པར་སྐྱེ་བ་མ་སྤངས་པས་སོ། །འདིར་དེས་སྤང་ངོ་ཞེས་པའང་ངོ་བོ་ཐོབ་པ་ཆད་པའི་ཚུལ་གྱིས་སྤོང་བ་མིན་ཏེ། ལན་གཅིག་སྤངས་ ཀྱང་ཡང་འདོད་དགེ་མངོན་དུ་བྱེད་པས་སོ། །འོན་ཀྱང་དེ་ལ་དམིགས་པའི་ཡུལ་ཅན་གྱི་ཉོན་མོངས་སྤང་བ་ལ་དེ་སྐད་བརྗོད་དེ། མདོ་ལས་དགེ་སློང་དག་མིག་ལ་འདུན་པའི་འདོད་ཆགས་དེ་སྤོངས་ཤིག་དང་དེ་ལྟ་ན་མིག་ དེ་སྤང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དགུ་པ་མ་གཏོགས་སྔ་མ་དག་ནི་མིན་ཏེ། དང་པོའི་རྣམ་པ་སྤངས་ཀྱང་དེའི་ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས་ཞེས་གསུངས་པ་ལྟར། འདོད་དགེ་ལ་དམིགས་པའི་ ཡུལ་ཅན་འདོད་ཉོན་ཆུང་ངུའི་ཆུང་ངུ་ཡོད་པའི་ཕྱིར། ནག་པོ་ནི་ཐོབ་པ་ཆད་པའི་ཚུལ་གྱིས་སྤོང་བའི་ཕྱིར་སྔ་མ་དག་གིས་སྤང་ངོ་། །དེ་བཞིན་དཀར་པོ་ཟད་པའང་དེའི་ཡུལ་ཅན་སྤང་བ་ཁོ་ན་ཡིན་པ་ཤེས་པར་བྱའོ། ། དཀར༷་པོ༷་གཟུགས་དགེའི་ལས་ཟད་པར་བྱེད་པ་ནི། བས༷མ་གཏན༷་བཞི་པོ་སོ་སོ་ལས་ཆགས༷་པ་བྲལ༷་བར་བྱེད་པའི༷་སྒོམ་ལམ་བར༷་ཆ༷ད་མེ༷ད་ལམ༷་དགུ་དགུ་སྐྱེས༷་པའི་ཐ༷་མ༷་བཞི་པོ་དེས་སོ། །གང་དག་གཟུགས་མེད་ དཀར་པོའི་ལས་སུ་འདོད་པ་དེ་དག་གི་ལྟར་ན་དེ་བཞིའི་བར་ཆད་མེད་ལམ་ཐ་མ་བཞི་ཡང་དཀར་པོ་ཟད་བྱེད་ཡིན་ནོ། །འཇིག་རྟེན་པའི་ལམ་ཡང་ས་འོག་མའི་གཉེན་པོ་ཡིན་མོད་ཟག་མེད་ཀྱི་དབང་དུ་བྱས་པས་ན་འདིར་མི་འདོད་ 3-1-131a དོ། །གཉིས་པ། སྔོན་གྱི་སློབ་དཔོན་གཞན༷་ནི༷་དམྱལ༷་བ༷་མྱོང༷་འགྱུར༷་གྱི་ལས་ནི་གནག་པ་དང༷་། འདོ༷ད་པའི་ལས་གཞན༷་མྱོང༷་འགྱུར༷་འདྲེས་མ་སྟེ་གཉི༷ས་སུ༷་རིག༷་པར་བྱ་ཟེར། ཡང་ གཞ༷ན་ནི༷་མཐོ༷ང་བ༷ས་སྤང༷་བྱ༷༷་འདོད་པའི་ལས་ནི་གན༷ག་ལ་འདོ༷ད་པ་ལ༷ས་སྐྱེས༷་པའི་མཐོང་སྤང་ལས་གཞན༷་པ་སྒོམ་སྤང་ནི་དཀར༷་ནག༷་འདྲེས་མར་བཤད་ལ་གཞན་སྔ་མ་བཞིན་ནོ། །ལྔ་པ་རྟེན་གྱིས་དབྱེ་བ། མདོ་ལས་ ཐུབ་པའི་གསུམ་སྟེ། ཐུབ་པའི་ལུས་དང་། ཐུབ་པའི་ངག་དང་། ཐུབ་པའི་ཡིད་དོ་ཞེས་གསུངས་པ་ལ་རིག་བྱེད་ནི་ཟག་བཅས་ཡིན་པས་མི༷་སློབ༷་པའི་ལུས༷་ངག༷་གི་ལ༷ས། སྤོང་བའི་རང་བཞིན་ཟག་མེད་ཀྱི་རིག་བྱེད་མིན་ པ་གཉིས་དང་། མི་སློབ་པའི་ཡི༷ད་ཉི༷ད་ཐུབ་པ་ཡིན་གྱི་ཡིད་ཀྱི་ལས་ནི་ཐུབ་པ་མིན་ནོ། །དེས་ན་མདོ་ལས་གསུངས་པ་ཐུབ༷་པའི༷་ལུས་ཞེས་སོགས་གསུམ༷་སྟེ༷་གོ༷་རིམ༷་བཞིན༷་དུ་སྦྱར་རོ། །སློབ་པ་དང་སོ་སྐྱེ་ནི་ཐུབ་པ་ མིན་ཏེ་ཉོན་མོངས་པ་ཐམས་ཅད་སྤངས་བ་མིན་པས་སོ། །སྒོ་གསུམ་གྱི་མི་དགེ་དང་ཉོན་མོངས་པ་ཐམས་ཅད་སྤོང་བའི་སེམས་པ་ཉིད་ཐུབ་པ་གསུམ་ཡིན་ཏེ། སྒོ་གསུམ་གྱི་མི་དགེ་དང་ཉོན་མོངས་ལས་ཡང་དག་པར་ བསྡོམ་ཐུབ་པས་སོ། །དྲུག་པ་བྱེད་ལས་ནི། ལུས་ངག་ཡིད་ཀྱི་ལེགས༷་སྤྱད༷་གསུམ༷་པོ༷་དགེ་བ་བྱས་སོ་ཅོག་ཐམ༷ས་ཅ༷ད་ནི༷། ཡང་མདོ་ལས། ལུས་ངག་ཡིད་གཙང༷་བྱེ༷ད་རྣམ༷་པ༷་གསུམ༷་ཡི༷ན་ཏེ། ལུས་ཀྱི་དགེ་བ་ 3-1-131b ལུས་གཙང་བྱེད་སོགས་དང་། དུས་རེ་ཞིག་དང་གཏན་དུ་ཉེས་སྤྱོད་ཀྱི་དྲི་མ་སྤོང་བས་སོ། །ཐུབ་གཙང་བཤད་པའི་དགོངས་པ་ནི། ཕྱི་རོལ་པ་ཁ་ཅིག་མི་སྨྲ་བར་འདུག་པ་ལ་ཐུབ་པར་བལྟ་བ་དང་། གངྒཱ་སོགས་སུ་ ཁྲུས་བྱེད་པ་ལ་གཙང་བྱེད་དུ་ལྟ་བ་སེལ་བའི་ཕྱིར་བསྟན་པ་ཡིན་ནོ༷། །བདུན་པ་ངོ་བོའི་དབྱེ་བ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ། ལུས༷་ཀྱི༷་མི་དགེ་བ་དང་ལ༷་སོ༷གས་པས་ངག་དང་ཡིད་ཀྱི་མི༷་དགེ༷་བ༷་གསུམ་ནི་འབྲས་བུ་ཡིད་མི་ འོང་འབྱིན་པས་ཉེས༷་པར༷་སྤྱད༷་པ༷་གསུམ༷་དུ༷་འདོ༷ད་ལ། འོ་ན་ཡིད་ལས་མི་དགེ་ཁོ་ན་ཉེས་སྤྱད་ཡིན་ནམ་ཞེ་ན་མིན་ཏེ། བརྣ༷བ་སེ༷མས་དང་ལ༷་སོ༷གས་པས་གནོད་སེམས་ལོག་ལྟ་གསུམ་ནི་འདོད་ཆགས་རྣམ་འཚེ་ལྟ་བའི་རང་ བཞིན་ཡིན་ཕྱིར་ཉོན་མོངས་པ་ཡིན་ལ། ཡིད་ཀྱི་ལས་ནི་སེམས་པའི་རང་བཞིན་ལས་ཡིན་པའི་ཕྱིར་དང་། ལས་ཉོན་ཐ་དད་ཡིན་ཕྱིར་དེ་ལ༷ས་མི༷ན་ཡང༷་ཉེས་སྤྱད་ཡིན་པས་དེ་དག་ཡི༷ད་ཀྱི༷་ཉེས༷་སྤྱད༷་རྣམ༷་པ་གསུམ༷་མོ༷། །དཔེས་ སྟོན་པ་ན་རེ། ཆེད་དུ་བསམ་པར་བྱ་བའི་མདོ་ལས། བརྣབས་སེམས་སོགས་མ་གཏོགས་པ་ཡིད་ཀྱི་ལས་གཞན་མ་གསུངས་པས་ཡིད་ཀྱི་ལས་འགའ་ཞིག་ཉོན་མོངས་པའང་ཡིན་པ་མི་འགལ་ཟེར་ལ། བྱེ་སྨྲས་ལས་ཉོན་གཅིག་ ཏུ་མི་འགྱུར་ཏེ། མདོ་ལས་བརྣབས་སེམས་དང་ལྡན་པ་ཡིན་ཞེས་ཉོན་མོངས་པའི་སྒོ་ནས་ཡིད་ཀྱི་སེམས་པ་འཇུག་པར་བཤད་པས་སོ། །ཟེར་ཀྱང་རྒྱུ་འབྲས་ཀྱི་ལྡོག་ཆ་ལ་བསམ་ཚུལ་དུ་མངོན་ནོ། །ཡང་དག་ལྟ་དང་ལོག་ལྟ་དགེ་ 3-1-132a མི་དགེ་གང་དུའང་མི་འགྱུར་ཏེ། ཕ་རོལ་ལ་ཕན་གནོད་བྱེད་པའི་བསམ་པ་མེད་པས་སོ། །ཟེར་ན། ཕན་གནོད་བྱེད་པའི་བསམ་པའི་རྒྱུ་ཡིན་པས་སོ། །ཉེས་སྤྱད་ལས་བཟློག༷་པ༷་དགེ་བ་དག་ནི་ལེགས༷་པར༷་ སྤྱད༷་པ༷་ཡི༷ན་ནོ། །གཉིས་པ་ལ། ལས་ལམ་བཅུ་པོ་དངོས་དང་། ཞར་བྱུང་ལས་ཀྱི་དབྱེ་བ་འགའ་ཞིག་བཤད་པ་གཉིས། དང་པོ་ལ་བསྟན་བཤད་གཉིས་ཀྱི་དང་པོ། ལེགས་སྤྱད་ཉེས་སྤྱད་དེ༷་དག་ལ༷ས་ཆེ༷་ལོང༷་ཙམ་ཞིག་བསྡུས༷་ ནས༷་ནི༷་དགེ༷་བའི་ལས་ལམ་དང༷་། མི༷་དགེ༷་བའི་ལས་ལམ་གཉིས་པོའང་ཅི༷་རིགས༷་པར༷་ལ༷ས་ཀྱི༷་ལམ༷་ནི༷་བཅུར༷་གསུ༷ངས་སོ༷། །ཆེ་ལོང་ཞེས་རགས་རིམ་ཙམ་བསྡུས་པ་དང་། དགེ་མི་དགེའང་ཅི་རིགས་པ་བསྡུས་ཀྱི་ཐམས་ཅད་བསྡུས་པ་ མིན་ཞེས་སོ། །གང་མ་བསྡུས་ཞེ་ན། རེ་ཞིག་མི་དགེ་བའི་ལས་ཀྱི་ལས་གསུམ་སྦྱོར་མཇུག་དང་ཉོན་མོངས་ཅན་གྱི་ལུས་ཀྱི་ལས་མི་ཚངས་སྤྱོད་པ་དང་། བརྡེག་པ་དང་། འཆིང་བ་ལ་སོགས་པ་དང་། སྲོག་གཅོད་ཀྱི་སྦྱོར་བ་ཡིན་པས་ མཚམས་མེད་ལྔའི་ཁྲག་འབྱིན་དང་། ཉེ་བ་ལྔའི་མཆོད་རྟེན་འཇིག་པའང་མ་བསྡུས། ངག་གི་ལས་ཆུང་བ་དག་ཀྱང་མ་བསྡུས་ལ། ཡིད་ལས་ཁྲོ་སོགས་དགུ་དང་། ངོ་ཚ་ཁྲེལ་མེད་དང་སེམས་པ་མི་དགེ་བ་དག་ཀྱང་མ་ བསྡུས་སོ། །དེ་བཞིན་དགེ་ཕྱོགས་ལའང་ལུས་ངག་གི་དགེ་བ་བདུན་གྱི་སྦྱོར་མཇུག་དང་། ལུས་དགེ་ཆང་མི་འཐུང་བ་དང་། ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་དང་། སྦྱིན་མཆོད་ལ་སོགས་པ་དང་། ངག་གིས་ཀྱང་སྙན་སྨྲ་ 3-1-132b བསྟོད་པ་སོགས་དང་། ཡིད་ཀྱིས་སེམས་པ་དགེ་བ་དང་ངོ་ཚ་ཁྲེལ་ཡོད་དད་སོགས་བཅུ་ཡང་མ་བསྡུས་སོ། །གཉིས་པ་ལ། ཁྱད་པར། རྒྱུ། ངོ་བོ། རབ་དབྱེ་བཞི། དང་པོ། ལུས་ངག་གི་མི༷་དགེ༷་འདོད་ལོག་མ་ གཏོགས་པ་དྲུག༷་ནི༷་གཞན་ལ་བྱེད་དུ་འཇུག་ན་རྣམ༷་རིག༷་མིན༷་པའི་རང་བཞིན་ཏེ་དྲུག་གཞན་ལ་བྱེད་དུ་བཅུག་ཀྱང་རང་ལ་ལས་ལམ་འབྱུང་བས་སོ། །འདོད་ལོག་གཅི༷ག་པུ་ནི་རང་གིས་རིག་རིག་མིན་རྣམ༷་པ་གཉི༷ས་ཏེ། ལས་དེ་གཞན་ ལ་བྱེད་དུ་བཅུག་ཀྱང་བདག་གིས་བདེ་བ་མི་མྱོང་བས་དངོས་གཞི་མི་རྫོགས་པས་སོ༷། །དྲུག་པོ་དེ༷་དག༷་ཀྱང༷་རང་གིས་བྱེ༷ད་དུས་ཤི་བ་སོགས་གྱུར་ན༷་རིག་རིག་མིན་གཉིས་ཀ་ཡིན་གྱི་ཕྱིས་ཤི་ན་རིག་མིན་ཁོ་ནའོ། །སྦྱོར་བའི་ཚེ་དངོས་ གཞི་མ་བྱུང་བའི་ཕྱིར་དང་དངོས་གཞིའི་ཚེ་རིག་བྱེད་མེད་པས་སོ། །ཡིད་ལས་གསུམ་རིག་རིག་མིན་གཉིས་ཀ་མིན་ནོ། །ལུས་ངག་གི་ལས་ཀྱི་དགེ༷་བ༷་བདུན༷་ནི་ཡང་དག་པར་བླང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་དེ་དག་ནི་གཞན་ལས་ ནོད་པས་རིག་བྱེད་དང་རིག་བྱེད་མིན་པ་རྣམ༷་པ་གཉི༷ས་ཀའོ། །བསམ་ཟག་གི་ཏིང༷་ངེ་འཛི༷ན་ལ༷ས་སྐྱེས༷་པའི་སྤོང་བདུན་ནི་མཉམ་གཞག་གི་སེམས་ཙམ་ལ་རག་ལས་པས་རྣམ༷་རིག༷་མིན༷་པ་ཁོ་ནའོ། །ལས་བདུན་པོ་དེའི་ཉེར༷་བསྡོགས༷་ཏེ་ སྦྱོར་བ་རྣམ༷ས་ནི༷་ངེས་པར་རྣམ༷་པར་རི༷ག་བྱེ༷ད་དེ་ལུས་ངག་གི་རང་བཞིན་ཡིན་པས་སོ། །སྦྱོར་བ་དེ་ཡང་གལ་ཏེ་ཉོན་མོངས་པ་དྲག་པོའམ་རབ་དད་དྲག་པོས་བྱེད་ན་རྣམ༷་རིག༷་བྱེ༷ད་མིན༷་དུ་འགྱུར༷་བ༷འམ༷་ཀུན་སློང་ཞན་ན་རིག་མིན་དུ་འགྱུར་བ་མ༷་ 3-1-133a ཡི༷ན་ནོ། །ལས་ཀྱི་མཇུག་ནི་རྣམ་པར་རིག་བྱེད་མིན་པའི་རང་བཞིན་ནི་ངེས་པར་ཡིན་ལ། རིག་བྱེད་དུ་ནི་འགྱུར་བའམ་མ་ཡིན་པ་སྟེ་སྦྱོར་བ་ལས་བཟློག༷་པ༷་ནི་ལས་ཀྱི་མཇུག༷་ཡི༷ན་ནོ༷། །ཇི་ལྟར་ན། གལ་ ཏེ་ལས་ལམ་བྱས་ནས་དེ་དང་རྗེས་སུ་མཐུན་པའི་ཆོས་སྤྱོད་ན་རིག་བྱེད་དུའང་འགྱུར་ལ། མི་སྤྱོད་ན་རིག་མིན་ཁོ་ནར་འགྱུར་བས་སོ། །སྦྱོར་དངོས་མཇུག་གི་ཁྱད་པར་ནི། འགའ་ཞིག་སྲོག་ཆགས་གསོད་འདོད་ནས་ཁྲི་སོགས་ལས་ ལངས་ཏེ། སྲོག་ཆགས་དེའི་དྲུང་དུ་འགྲོ་སོགས་ནས་མཚོན་བླངས་ཏེ་ལན་གཅིག་གམ་གཉིས་བསྣུན་པར་བྱེད་ཅིང་དངོས་སུ་སྲོག་གཅོད་པར་མི་བྱེད་པ་ནི་སྦྱོར་བ་ཡིན་ལ། དངོས་སུ་བསྣུན་པ་གང་གིས་སྲོག་གཅོད་པར་བྱེད་པ་ དེའི་ཚེ་རིག་རིག་མིན་གྱི་སྐད་ཅིག་མ་ནི་ལས་ལམ་དངོས་ཡིན་ནོ། །དེ་ཕྱིན་ཆད་རིག་བྱེད་མིན་པ་དང་། པགས་པ་བཤུ་བ་དང་། འཁྲུད་པ་དང་། ཤ་འཚོས་པ་དང་། ཟ་བ་དང་། སྒྲེགས་པ་ལ་སོགས་པའི་རིག་བྱེད་དག་ནི་མཇུག་ཡིན་ནོ། །དེ་བཞིན་བདག་གིར་བྱ་བར་འདོད་པས་འགྲོ་བ་སོགས་ལའང་ ཤེས་པར་བྱའོ། །བརྣབས་སེམས་སོགས་གསུམ་མངོན་དུ་གྱུར་པ་ཙམ་གྱིས་དངོས་གཞིར་གྱུར་པས་སྦྱོར་མཇུག་མེད་དོ། །གལ་ཏེ་གསད་བྱ་འཆི་སྲིད་ལ་གནས་དུས་ཀྱི་གསོད་པོའི་རིག་རིག་མིན་ལས་ལམ་དངོས་ཡིན་ནམ། ཤི་ཟིན་པ་དེའི་ཚེ་རིག་རིག་མིན་དེ་ཡིན། དང་པོ་ལྟར་ན་གཉིས་ཀ་ལྷན་དུ་ ཤི་བ་ལ་དངོས་གཞི་རྫོགས་པར་ཐལ་ལ། གཉིས་པ་ལྟར་ན་བསྣུན་པ་གང་གིས་དངོས་སུ་སྲོག་གཅོད་པ་དེ། དངོས་མིན་པར་ཐལ་ཟེར་ན། སྲོག་གཅོད་ཅེས་པ་སྦྱོར་འབྲས་ལས་ལམ་དངོས་སུ་རྫོགས་པ་ལ་འདོད་པས་ཤི་བའི་གནས་ 3-1-133b སྐབས་ཀྱི་རིག་རིག་མིན་དངོས་གཞི་ཡིན་ནོ། །འོ་ན་བསྟན་བཅོས་ལས། སྲོག་བཅད་ལ་སྦྱོར་བ་མ་འགག་པར་གསུངས་པ་དང་འགལ་ཞེ་ན། དེ་ནི་མཇུག་ལ་སྦྱོར་སྒྲར་གསུངས་སོ་ཟེར། སློབ་དཔོན་གྱིས་དེ་ལྟར་ན། རང་འདོད་དང་ འགལ་ཏེ་ཁྱེད་ཤི་ཟིན་ལས་ལམ་དུ་འདོད་པ་ལ། དེའི་ཚེ་སྲོག་གཅོད་ཀྱི་དངོས་གཞི་མ་འགག་པས་སོ་ཟེར། བྱེ་སྨྲས། དངོས་ལ་སྦྱོར་སྒྲར་གསུངས་ཟེར་བ་ལ་ཡང་། འོ་ན་དེའི་ཚེ་རིག་བྱེད་ལས་ལམ་དངོས་སུ་མི་འགྱུར་ཏེ། ཤི་ཟིན་པ་ལ་རིག་བྱེད་དེས་གསོད་མི་ནུས་པས་སོ་ཟེར། བྱེ་སྨྲས། དེ་ལྟར་ན་རིག་མིན་ལའང་མཚུངས་ཟེར། དེས་ན་དེའི་ཚེ་མི་ནུས་ཀྱང་རིག་མིན་ལས་ལམ་དངོས་ཡིན་པ་ལྟར་རིག་བྱེད་ཀྱང་དེ་འདྲའོ། །དེས་ན་ཤི་ཟིན་ལ་དངོས་སུ་བྱས་ ན་དངོས་ལ་སྦྱོར་སྒྲ་དང་། འཆི་བ་ལ་བྱས་ན་མཇུག་ལ་སྦྱོར་སྒྲར་གསུངས་པ་ཡིན་ཟེར་རོ། །ལས་ལམ་གཞན་གྱི་སྦྱོར་མཇུག་གཞན་གྱི་དངོས་སུ་སོང་བའང་ཡོད་དེ། འགའ་ཞིག་བསད་ཕྱིར་གཞན་ནོར་འཕྲོག་པ་དང་། དེའི་ཆུང་ མ་ལ་ཉལ་པོ་བྱེད་པ་དང་། རྫུན་སྨྲ་བ་སོགས་ལྟ་བུའོ། །གཉིས་པ་གང་གིས་བསྐྱེད་པའི་རྒྱུ་དང་། གང་ལས་བསྐྱེད་པའི་གཞི་གཉིས། དང་པོ། མི་དགེ་བའི་ལས་ལམ་གྱི་སྦྱོར༷་བ༷་ནི། འདོད་ཆགས་སོགས་རྩ༷་བ༷་གསུམ༷་ལ༷ས་ སྐྱེས༷་པ་ཡིན་ཏེ། ཤ་སོགས་ལ་སྲེད་ནས་གསོད་པ་ལ་ཆགས་པས་དང་། མཁོན་གྱི་གསོད་པ་སྡང་བས་དང་། གཏི་མུག་མཆོད་སྦྱིན་བྱེད་སོགས་ལོག་པའི་ལམ་གྱིས་གསོད་པ་སོགས་སོ། །གཞན་ལས་གཏི་མུག་ནི། བསྟན་བཅོས་ 3-1-134a ངན་པ་དང་། ལོག་ལྟས་བསླང་པའོ། །བརྣབས་སེམས་ཁོ་རང་ཀུན་སློང་ཡིན་པས་རྩ་བ་གསུམ་ལས་ཇི་ལྟར་སྐྱེ་སྙམ་ན། ཆགས་སོགས་གསུམ་པོ་དེ༷་ཡི༷་མཇུག༷་ཐོག༷་ལ༷ས་བྱུང༷་ཕྱིར༷་བརྣབས༷་སེམ༷ས་ སོ༷གས་གསུམ་པོའང་ཆགས་སོགས་རྩ༷་བ་གསུམ༷་ལ༷ས་སྐྱེས༷་པ་ཡིན་ནོ། །དགེ༷་བ༷་དངོས་གཞི་དང་སྦྱོར༷་བ་དང༷་མཇུག༷་བཅས༷་རྣམ༷ས་ནི་ཆགས༷་སྡང༷་གཏི༷་མུག༷་མེ༷ད་ལ༷ས་སྐྱེས༷་པའོ། །གསོ༷ད་པ་དང༷་གནོ༷ད་སེམ༷ས་དང་ཚིག༷་རྩུབ༷་པོ༷་རྣམས་ ནི་སེམས་ཅན་འདོར་བ་དང་རྩུབ་སེམས་མངོན་དུ་གྱུར་པས་ཞེ༷་སྡང༷་གི༷ས་ནི༷་མཐར༷་ཕྱིན༷་པར་བྱེ༷ད་དོ། །ལོག༷་གཡེ༷མ་དང་བརྣབ༷ས་སེ༷མས་དང་མ༷་བྱི༷ན་ལེན༷་རྣམས་ནི་ཆ༷གས་པ༷་ཡི༷ས་ནི༷་རྫོག༷ས་པར༷་བྱེ༷ད་ལ། ལོག༷་པ༷ར་ལྟ༷་བ༷་གཏི༷་མུག༷་གིས༷་ རྫོགས་པར་བྱེད་དོ། །ལྷག༷་མ༷་རྫུན་ཕྲ་མ་ངག་འཆལ་རྣམས་ཆགས་སོགས་གསུམ༷་གྱིས༷་ཅི་རིག་པར་རྫོགས༷་པར༷་འདོ༷ད་དོ། །གཉིས་པ་ལ་དངོས་དང་ཞར་བྱུང་གཉིས། དང་པོ། སྲོག་གཅོད་པ་སོགས་ཞེ་སྡང་གིས་ རྫོགས་པ་གསུམ་གྱི་གཞི༷་ནི༷། གསོད་བྱ་ལ་སོགས་པའི་སེམ༷ས་ཅ༷ན་ཡིན་ལ། ཆགས་པས་མཐར་ཕྱིན་པ་རྣམས་ཀྱི་གཞི་ནི་རེག་བྱ་ལ་སོགས་པའི་ལོངས༷་སྤྱོ༷ད་དང༷་། ལོག་ལྟའི་གཞི་ནི་མིང༷་དང༷་། གཟུགས༷་ཏེ་ཕུང་པོ་ལྔ་ ཆར་ལ་སྐུར་བ་འདེབས་པས་སོ། །རྫུན་སོགས་ཀྱི་གཞི་ནི༷་ངག་ཡིན་ལ་ངག་ནི་མིང༷་ཡི༷ན་ནོ༷། །ཡང་ན་ཚིག་རྩུབ་ཀྱི་གཞི་སེམས་ཅན་ཡིན་པ་ལྟར་རྫུན་སོགས་གསུམ་གྱིའང་ཡིན་ལ། གསུམ་གྱི་གཞི་མིང་ཡིན་པ་ལྟར་ཚིག་རྩུབ་ཀྱིའང་ 3-1-134b ཡིན་ནོ་ཞེས་ཕན་ཚུན་མཚོན་པའོ། །འདིར་གཞི་སྒྲ་རྟེན་ནམ་ཡུལ་ལ་བརྗོད་དོ། །གཉིས་པ་ཞར་བྱུང་དངོས་གཞི་ཐོབ་མི་ཐོབ་དཔྱད་པ་ནི། རང་གསད་བྱའི་སྔ༷་དང༷་ངམ། དེ་དང་མཉམ༷་དུ༷་ཤི༷་བ༷་ལ༷་སྦྱོར་བས་རེག་གི་ ལས་ལམ་དངོས༷་དང་མཇུག་འབྱུང་བ་མེ༷ད་དེ། གསད་བྱ་མ་ཤི་བར་སྲོག་གཅོད་ཀྱི་ཁ་ན་མ་ཐོ་བ་མི་འབྱུང་ལ། ཤི་བ་ན་གསོད་པ་པོའང་ཤི་སྟེ། སྦྱོར་བ་བྱེད་པའི་ལུས་ལ་བརྟེན་ནས་འབྲས་བུ་རྫོགས་པ་ཡིན་ན་སྲོག་ཆད་ཚེ་ སྦྱོར་བྱེད་ཀྱི་ལུས་ལས་སྐལ་པ་མི་མཉམ་པའི་ལུས༷་གཞ༷ན་སྐྱེས༷་པའི་ཕྱིར༷་རོ༷། །ཚོགས་ཏེ་གྲོས་མཐུན་པས་དམག༷་དང་རི་དྭགས་ཀྱི་ལིངས་ལ༷་སོ༷གས་པར༷་གསོད་སོགས་ཀྱི་དོན༷་གཅི༷ག་ལ་ཞུགས་པའི་སྦྱོར་བ་ཅན་ཡིན་པའི་ཕྱིར༷་ ཡང་ཐམ༷ས་ཅ༷ད་ལ་དངོས་སུ་ལས་བྱེ༷ད་པ༷་པོ༷་བཞིན༷་ལས་དངོས་དང་ལྡན༷་ནོ། །གལ་ཏེ་དམག་སོགས་ཀྱི་ཚོགས་ན་ཡོད་ཀྱང་རང་སྲོག་ལ་བབ་ཀྱང་མི་གསོད་སྙམ་ན་སྡིག་པ་མི་འབྱུང་གསུངས་ལ། གསོད་པའི་སྦྱོར་བ་ལ་དོན་ གཅིག་ཏུ་ཞུགས་ན་འབྱུང་ངོ་། །གསུམ་པ་ངོ་བོ་ནི་མི་དགེ་དངོས་སུ་བསྟན་པས་ཟློག་པ་དགེ་བ་ཤུགས་ལས་འཕངས་པ་ཡིན་ཏེ། དེ་ལ་ལུས་ཀྱི་མི་དགེ་བ་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་བཤད་པ་དང་གསུམ། དང་པོ་ལ། སྲོག་གཅོད། མ་བྱིན་ལེན། འདོད་ལོག་གསུམ་གྱི་དང་པོ་ནི། སྲོག༷་གཅོ༷ད་པ༷་ནི༷། འདི་གསོད་དོ་སྙམ་དུ་བས༷མ་བཞིན༷་དུ་གསོད་འདོད་དང་གཞན་མ༷་ནོར༷་བར༷་ནི༷། རང་ལས་གཞན༷་པ་བས༷ད་པའི་ཡན་ལག་ 3-1-135a གསུམ་དང་ལྡན་པ༷འོ༷། །གཅེར་བུ་པས་བསྲེག་པར་མ་བསམ་ཀྱང་མེ་ལ་རེག་ན་འཚིག་པ་ལྟར། རྐང་འོག་ཏུ་སྲོག་ཆགས་ཤི་བ་དང་། སེམས་ཅན་གྱི་བསམ་པ་མེད་པར་ཤིང་སོགས་བཅད་པ་སྲོག་གཅོད་ དུ་འགྱུར་བར་འདོད་པ་སེལ་ཕྱིར་བསམ་བཞིན་དུ་ཞེས་སོ། །དེས་ན་ནད་པ་ལ་དཔྱད་ཉེས་པ་སོགས་དང་། ནོར་བ་དང་། རང་བསད་པ་ལ་སྦྱོར་བ་ཙམ་དུ་འགྱུར་གྱི་དངོས་མེད་དོ། །ཐེ་ཚོམ་ཟ་ནས་གང་ཡིན་ཀྱང་གསོད་དོ་སྙམ་ ནས་བསད་ནའང་དངོས་འོང་ངོ་། །གཉིས་པ་མ༷་བྱི༷ན་ལེན༷་པ༷་ནི་གཞན༷་གྱིས༷་བདག་བཟུང་གི་ནོར༷་མཐུ༷འམ་དབང་གིས་འཕྲོག་པ་དང༷་མ་ཚོར་བ་འཇབ༷་བུས༷་བདག༷་གིར༷་བྱེ༷ད་པའོ། །དེ་ཡང་རྫས་མངོན་གྱུར་ལ་ཐོབ་བློ་སྐྱེས་ཕན་ དངོས་གཞིར་འགྱུར་རོ། །འདིར་ཡང་བསམ་བཞིན་མ་ནོར་བ་ཞེས་ཤེས་པར་བྱའོ། །གཏེར་དང་མཆོད་རྟེན་གྱི་དཀོར་དང་ཤི་བའི་རྫས་ཀྱང་། ཡུལ་བདག་དང་དཀོར་སྲུང་དང་། ཉེ་དུའམ་དགེ་འདུན་གྱིས་བདག་བྱས་པས་མ་བྱིན་ ལེན་པར་འགྱུར་རོ། །གསུམ་པ། བགྲོད༷་པར་བྱ་བ་མིན༷་པ་རྣམ་པ་བཞིར། འགྲོ༷་བར༷་འདོ༷ད་པ༷་ཡི༷ས་ལོག་པར་སྤྱོད་པའི་ཕྱིར་ལོག༷་པར༷་གཡེམ༷་པ༷་རྣམ༷་པ༷་བཞི༷་ནི། བགྲོད་པར་བྱ་བ་མ་ཡིན་པ་དང་། ཡན་ལག་མིན་ པ་དང་། ཡུལ་མ་ཡིན་པ་དང་། དུས་མིན་པར་བགྲོད་པའོ། །དང་པོ་གཞན་གྱིས་བཟུང་བའི་བུད་མེད་རྣམས་དང་། མ་དང་བུ་མོ་དང་། ཕ་མ་དང་བདུན་བརྒྱུད་དུ་འབྲེལ་བ་རྣམས་སོ། །དེ་ལ་དགེ་སྦྱོང་མ་ 3-1-135b རྣམས་ནི་ཡུལ་གྱི་བདག་པོས་བཟུང་བ་དང་། གཞོན་ནུ་མ་རྣམས་གང་ལ་བྱིན་པ་དེ་ཡིས་དང་། བྱིན་པ་མེད་ན་ཕ་མ་དང་མིང་པོ་སོགས་དང་། སྲུང་བ་གཞན་མེད་ན་ཐ་ན་རྒྱལ་པོ་ལ་ལྟོས་ནས་ཀྱང་ངོ་། །དྲན་ཉེ་ སོགས་ལས་སྐྱེས་པ་མ་ནིང་དུད་འགྲོ་སོགས་ཀྱང་བགྲོད་བྱ་མིན་པར་བཤད་དོ། །གཉིས་པ་ཁ་བཤང་ལམ་སོགས་རྨའི་སྒོ་གཞན་དུ་རྩོལ་བའོ། །དེ་དག་ཀྱང་རང་གི་ཆུང་མ་ཡིན་ཀྱང་འདོད་ལོག་ཏུ་འགྱུར་ན་གཞན་དུ་ ལྟ་ཅི་སྨོས་སོ། །ཚོད་ནི་ལྔ་ལས་ལྷག་པའང་བསྡུ་བ་ལས་བཤད་དེ་དུས་མིན་པ་བསྡུས་ཀྱང་རུང་ངོ་། །གསུམ་པ་སྣང་བཅས་དང་། མང་པོའི་མངོན་སུམ་དང་། དེ་ལ་གནོད་པའི་ས་འབར་འབུར་ཅན་དང་། སྲབ་མོ་ སོགས་དང་། མཆོད་རྟེན་དང་། གཙུག་ལག་ཁང་དང་། ཕ་མ། སློབ་དཔོན། བླ་མ། དགེ་སྦྱོང་སོགས་ཀྱི་དྲུང་དུ་རང་གི་ཆུང་མའང་ལོག་གཡེམ་དུ་འགྱུར་རོ། །བཞི་པ་སྦྲུམ་མ་དང་། ནུ་ཞོ་འཐུང་བ་དང་། ནད་ སྤྱད་མི་རུང་བས་ཐེབས་པ། མྱ་ངན། ཡིད་མི་བདེ། ཉིན་པར་བསྙེན་གནས་ལ་སོགས་པའི་དུས་སུའོ། །འདི་ཡང་བསམ་པ་དང་མ་ནོར་བར་སྦྱར་རོ། །གཉིས་པ་ལ། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་ བཞི་ལས། དང་པོ་ལ་དངོས་དང་། ཞར་བྱུང་བདེན་རྫུན་གྱི་ཐ་སྙད་བཅུ་དྲུག་བཤད་པ་གཉིས། དང་པོ། རྫུན༷་ཚིག༷་ནི་སྨྲ་པོ་རང་གིས་དོན་སྨྲ་བ་གང་ཡིན་པ་ལ་ཕ་རོལ་པོ་འདུ༷་ཤེས༷་གཞ༷ན་དུ་བསྒྱུར༷་བའི༷་བསམ་པས་མི་ 3-1-136a བདེན་པ་སྨྲས་པའི་ཚིག༷་དང་དོན༷་བརྡ་འཕྲད་ནས་མངོ༷ན་པ༷ར་གོ༷་བ༷འོ༷། །འདིར་ཡང་བསམ་པ་དང་མ་ནོར་བར་སྦྱར་རོ། །ཚིག་དོན་མངོན་པར་གོ་བ་ཕྲ་མ་སོགས་ལའང་སྦྱར་ཏེ་ཤེས་པར་བྱའོ། ། གཉིས་པ། འོ་ན་བརྒྱད་ཚན་བརྒྱད་པའི་མདོ་ལས་འཕགས་དང་འཕགས་མིན་གྱི་ཐ་སྙད་བརྒྱད་བརྒྱད་བཅུ་དྲུག་གསུངས་པ། མཐོང་ཐོས་རྟོགས་རྣམ་ཤེས་དང་བཞི་ལས། མཐོང་སོགས་ལ་མ་མཐོང་བར་སྨྲ་བ་སོགས་བཞི་ དང་། མ་མཐོང་བ་སོགས་ལ་མཐོང་སོགས་སྨྲ་བ་བཞི་སྟེ་བརྒྱད་ནི་བྱིས་པའི་ཐ་སྙད་དེ་རྫུན་དུ་འགྱུར་རོ། །མཐོང་ལ་མཐོང་ཐོས་ལ་ཐོས་སོགས་དང་། མ་མཐོང་བ་ལ་མ་མཐོང་ལ་སོགས་པར་སྨྲ་བ་བཞི་སྟེ་བརྒྱད་ནི་འཕགས་ པའི་ཐ་སྙད་དེ་བདེན་པའི་དོན་ཅན་ཡིན་ནོ། །ཞེས་འབྱུང་བ་མཐོང་བ་ལ་སོགས་པ་བཞི་ཉིད་གང་ཞེ་ན། མིག༷་གི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དང་། དེ་བཞིན་དུ་རྣ༷་བས་མྱོང་བ་དང་། ཡི༷ད་ཀྱི༷་རྣམ༷་ཤེས༷་ ཀྱིས་མྱོང་བ་དང༷་། སྣ་ལྕེ་ལུས་ཤེས་གསུམ༷་གྱིས༷་ཉ༷མས་སུ༷་མྱོང༷་བ་གང༷་ཡིན་པ་དེ༷། མཐོང༷་བ་དང་། ཐོས༷་པ་དང་། རྣམ༷་པར༷་ཤེས༷་པ༷་དང༷་། རྟོགས༷་པ༷་ཡི༷ན་ཏེ༷་རིམ༷་པ་བཞིན༷་དུ་བཤ༷ད་དོ། །དེ་ཡང་ཕྱི་མ་དྲི་རོ་རེག་ གསུམ་མ་སྒྲིབ་ལུང་མ་བསྟན་ཡིན་པས་རྣམ་སྨིན་མི་འབྱིན་པར་ཤི་བ་འདྲ་བར་ནུས་པ་ཆུང་བས་རྟོགས་པར་བཤད་དེ། རྟོགས་སྒྲས་ནི་ཤི་བའང་འདྲེན་པས་སོ་ཟེར། ཁ་ཅིག་ནི་རོ་ལྟར་དེ་གསུམ་ལ་ལུང་མ་བསྟན་འཇུག་ 3-1-136b པས་སོ་ཟེར། དེ་ཡང་མཆོད་བྱེད་ཀྱི་མ་ཅན་གྱིས་ཞུས་པའི་མདོ་ལས། ཡུལ་དྲུག་དང་། དབང་པོ་དང་སྦྱར་ཏེ་གསུངས་ནས་རྗེས་སུ་མཐོང་རྟོགས་སོགས་བཞི་གསུངས་པ་ལ། མིག་རྣ་ཡིད་གསུམ་གྱི་ཡུལ་ཤེས་པ་རང་མིང་གིས་ བསྟན་པས་ལྷག་མ་དོན་གྱིས་གོའོ་ཟེར། འདུན་བཟང་ནི་ཡུལ་དང་ཕྲད་པ་ལ་རྟོགས་པར་བཞག་ཟེར། ཁ་ཅིག་ཡུལ་ལྔ་དབང་ལྔ་ལ་བརྟེན་པའི་རྣམ་པར་ཤེས་པས་མངོན་སུམ་དུ་བྱས་པ་མཐོང་བ་དང་། གཞན་ལས་ཐོས་ཏེ་དྲུག་ཆར་ཤེས་ པ་ནི་ཐོས་པ་དང་། བདག་ཉིད་ཀྱིས་རིག་པའི་རྗེས་སུ་དཔགས་ནས་ཡུལ་དྲུག་རྟོགས་པ་ནི་རྟོགས་པ་དང་། ཡིད་ཀྱི་མངོན་སུམ་དུ་གྱུར་པ་བསྒོམ་པའི་རྣལ་མངོན་གྱིས་རྣམ་པར་ཤེས་པ་ལ་འཆད་པ་མདོའི་དོན་ཡིན་ཟེར། རྣལ་འབྱོར་སྤྱོད་པ་རྣམས། མིག་གིས་མཐོང་། རྣ་བས་ཐོས་སམ་ཕ་རོལ་ལས་འོང་བ་གཉིས་ཐོས་པ། བདག་ཉིད་ཀྱིས་བསམ་པ་རྟོགས་པ། འདས་མ་འདས་ཀྱི་སྒོམ་སྟོབས་ཀྱིས་རྟོགས་པ་རྣམ་པར་ཤེས་པའོ་ཟེར། གལ་ཏེ་སྲོག་གཅོད་ལུས་ཀྱི་ལས་ཁོ་ན་ཡིན་ནམ་ ཞེ་ན་མིན་ཏེ། དྲང་སྲོང་ཁྲོས་པའི་ཡིད་དང་། གཞན་བསྒོས་ངག་གིས་གསོད་པ་རྫོགས་པ་དང་། དེ་བཞིན་དུ་ཡོད་པ་ལ་མེད་པའི་ལུས་བརྡའ་བྱས་པ་ལྟ་བུ་དང་། གསོ་སྦྱོང་ལྟ་བུ་དག་གམ་ཞེས་དྲི་ན་ཤེས་བཞིན་མི་མཐོལ་ན་ཡིད་རྫུན་ཞེས་ བྱེ་སྨྲས་ཟེར། སློབ་དཔོན་གྱིས་ཡིད་ཁྲོས་པས་དང་། གསོ་སྦྱོང་གི་རྫུན་གཉིས་ལ་རིག་བྱེད་མེད་ན་རིག་མིན་ཀྱང་མེད་པར་འགྱུར་ཏེ་འདོད་པའི་རིག་མིན་རིག་བྱེད་དེ་ལ་ངེས་པར་ལྟོས་པས་སོ་ཟེར་ན། ཁ་ཅིག་ཁྲོས་པ་ལ་རང་ལ་གཡོ་བ་དང་། དེ་ 3-1-137a ལ་དགའ་བའི་མི་མིན་སོགས་ཀྱི་ལུས་ལས་དང་། གསོ་སྦྱོང་དུས་ཅང་མི་སྨྲ་བས་དག་པར་གོ་བའི་རིག་བྱེད་དག་པ་ལྟར་སྟོན་པ་དེའོ་ཟེར། ཁ་ཅིག་འདོད་པའི་རིག་མིན་ཐམས་ཅད་རིག་བྱེད་ལ་ལྟོས་དགོས་པར་མ་ངེས་ ཏེ། ལྔ་སྡེ་མཐོང་ལམ་ཐོབ་ཚེ་རིག་བྱེད་མེད་ཀྱང་སོར་སྡོམ་སྐྱེས་པ་བཞིན་ནོ་ཟེར། ངག་གིས་སྲོག་བཅད་པ་དང་། ལུས་བརྡས་རྫུན་ཀྱང་དངོས་གཞི་ལུས་ངག་གི་ལས་ཡིན་པར་བཤད་དོ། །གཉིས་པ། ཕྲ༷་མ༷་ཕ༷་རོལ༷་དག་མི་མཛའ་བར་ དབྱེ༷་བའི༷་ཕྱིར༷་ཉོ༷ན་མོང༷ས་ཅ༷ན་གྱི༷་སེམ༷ས་ཀྱིས༷་ཀུན་ནས་བསླངས་ཏེ་ཚིག༷་སྨྲ་བའོ། །དེ་ལ་བདེན་པར་བརྗོད་ན་ཕྲ་མ་ཙམ་དང་། མི་བདེན་བརྗོད་ན་རྫུན་དང་གཉིས་ཀར་འགྱུར་རོ། །གསུམ་པ། ཉོན་མོངས་པས་ཀུན་ནས་བསླངས་པའི་ཚི༷ག་རྩུབ༷་ པོ༷་ནི༷་མི༷་སྙན༷་པ༷་བརྗོད་པའོ། །བཞི་པ་ལ། འདོད་ཚུལ་གཉིས་ཀྱི་དང་པོ། སེམས་ཉོ༷ན་མོང༷ས་ཅ༷ན་གྱིས་ཀུན༷་ནས་བསླངས་པའི་རྫུན་སོགས་ཀུན་ནི་ཀྱལ༷་པ༷་ཉི༷ད་ཡིན་ཀྱང་ཉེས་པ་ཆེ་བས་ལོགས་སུ་བཤད་དོ། །གཉིས་པ། གཞན༷་ནི༷་ངག་ རྫུན་སོགས་གསུམ་པོ་དེ༷་ལ༷ས་གཞན༷་པའི་ཉོ༷ན་མོ༷ངས་ཅན་གྱི་ཚིག་གང་ཡིན་པའོ། །དཔེར་ན་དགེ་སློང་ལོག་འཚོ་ཅན་ཁ༷་བསག༷་སྨྲ་བ་དང་། ཆགས་པས་གླུ༷་དང༷་། གཞན་མགུ་ཕྱིར་ཟློས༷་གར༷་མཁན་ངག་ཀྱལ་ཚིག་འདོན་པ་བཞིན༷་དང་། ཕྱི་ རོལ་པའི་ལྟ་བ་ལ་ཞེན་ནས་དེའི་བསྟན༷་བཅོ༷ས་ངན༷་པ་ཁ་ཏོན་བྱེད་པ་དང་འདུ་འཛིའི་གཏམ་ལ་སོགས་པ་བཞི༷ན་ནོ། །གསུམ་པ་ཡིད་ལ། བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ། དང་པོ། བརྣབ༷་སེམ༷ས་ནི༷་ཕ་ 3-1-137b རོལ་པོའི་དེ་བདག་གི་ཡིན་པར་གྱུར་ན་ཅི་མ་རུང་སྙམ་ནས། མཐུའམ། འཇབ་བུའམ་གཞན་གྱི་ཡང་རུང་སྟེ་ལོག༷་པ་མི་རིགས་པས༷་བདག་གིར་བྱེད་འདོད་པས་གཞན༷་གྱི༷་ནོར༷་ལ༷་ཆགས༷་པའོ། །སློབ་དཔོན་གཞན་ནི་འདོད་པ་ན་སྤྱོད་ པའི་སྲེད་པ་ཐམས་ཅད་བརྣབས་སེམས་ཡིན་ཏེ། ཚུལ་ཁྲིམས་ཕུང་པོའི་མདོ་ལས། སྒྲིབ་པ་ལྔ་བསྟན་པའི་སྐབས་སུ། འདོད་པའི་ཚབ་ཏུ་བརྣབ་སེམས་བསྟན་པས་སོ་གསུངས། ཁ་ཅིག་དེ་ལྟར་ན་འཁོར་བསྒྱུར་དང་ སྒྲ་མི་སྙན་ནའང་དེ་ཡོད་པར་ཐལ་བས་འདོད་སྲེད་ཐམས་ཅད་བརྣབ་སེམས་ཡིན་ཡང་དེའི་བྱེ་བྲག་ལོག་པས་གཞན་ནོར་ལ་ཆགས་པ་ཁོ་ན་ལས་ལམ་ཡིན་གྱི་བརྣབ་སེམས་ཐམས་ཅད་མིན་ཏེ་འདིར་ཉེས་སྤྱད་ཆེ་ལོང་བསྡུས་ པས་སོ་ཟེར་རོ། །གཉིས་པ། གནོ༷ད་སེམ༷ས་ནི་སེམ༷ས་ཅ༷ན་ལ༷་སྡང༷་བ༷་སྟེ་གནོད་པར་ཞུགས་པའོ། །གསུམ་པ། ལས་དགེ༷་བ་དང༷་མི༷་དགེ༷་བ་མེ༷ད་པར་ལྟ༷་བ༷་ནི་ལོག༷་པར༷་ལྟ༷་བ༷་ཡི༷ན་ལ། དེ་ཡང་རྒྱུ་འབྲས་འཕགས་གསུམ་ ལ་སྐུར་བ་འདེབས་པའང་ལོག་ལྟ་ཡིན་མོད་འདིར་ཚིག་བཅད་དུ་མཚོན་པའི་དོན་དུ་དང་པོ་སྨྲོས་པའོ་ཟེར་རོ། །བཞི་པ་རབ་དབྱེ་ལ། ལས་དང་ལམ་གྱི་དབྱེ་བ། དགེ་རྩ་གཅོད་མི་གཅོད་ཀྱི་དབྱེ་བ། ལས་དུ་དང་སེམས་པ་ལྷན་ ཅིག་འབྱུང་སྲིད་ཚུལ་གྱི་དབྱེ་བ། ཁམས་གང་ན་ཡོད་དབྱེ་བ། འབྲས་བུ་ཇི་ལྟར་བསྐྱེད་ཚུལ་གྱི་དབྱེ་བ་ལྔ་ལས། དང་པོ། མི་དགེ་བཅུར་བཤད་པ་འདི༷་ལ༷་ཡིད་ཀྱི་གསུམ༷་ལམ༷་ཡིན་གྱི་ལས་མིན་ཏེ་དེ་གསུམ་ཉོན་མོངས་ཡིན་པས་དང་། 3-1-138a དེའི་དབང་གིས་དེ་དང་མཚུངས་ལྡན་གྱི་སེམས་པ་འཇུག་པས་སོ། །ལུས་ངག་གི་བདུན༷་ནི༷་བྱ་བ་ཡིན་པས་ལ༷ས་ཡིན་ལ། དེ་ཀུན་སློང་གི་སེམས་པའང་བདུན་པོ་དེ་ལ་བརྟེན་ནས་འཇུག་ཕྱིར་ལམ་ཀྱང༷་ཡི༷ན་ པའོ། །དེ་བཞིན་བརྣབས་སེམས་མེད་སོགས་དགེ་བཅུ་ལའང་ཤེས་པར་བྱའོ། །སྦྱོར་མཇུག་ནི་དངོས་དེའི་དོན་དུ་འཇུག་པ་དང་། དངོས་དེའི་རྩ་ཅན་ཡིན་པའི་ཕྱིར་དང་འདིར་ཆེ་ལོང་བསྡུས་པའི་ལས་ལམ་དུ་མི་འགྱུར་རོ། ། མདོ་སྡེ་བ་སོགས་བརྣབས་སེམས་ལས་སུ་འདོད་པ་དེ་ལྟར་ན། བདེ་འགྲོ་དང་ངན་འགྲོའི་ལས་དང་ལམ་ཡིན་པའམ། ཡང་ན་ཕན་ཚུན་གཅིག་གིས་གཅིག་འདྲེན་ནུས་པས་ཐམས་ཅད་ཀྱང་ལས་དང་ལམ་གཉིས་ཀ་ཡིན་ནོ། །གཉིས་པ་ ལ། དངོས་དང་། དེས་དགེ་བ་གཅོད་ཚུལ་གཉིས། དང་པོ། མེ༷ད་པ༷ར་ལྟ༷་བ༷་ཆེན་པོའི་ཆེན་པོ་ཡོངས་སུ་རྫོགས་པས་ནི། དགེ་བའི་རྩ༷་བ༷་ཐམས་ཅད་གཅོ༷ད་དོ། །འོ་ན་བསྟན་བཅོས་ལས་མི་དགེ་བའི་རྩ་བ་ཆེན་པོ་རྣམས་གང་ཡིན་ཞེ་ན། དགེ་བའི་རྩ་བ་གཅོད་པར་བྱེད་པ་དང་། འདོད་པ་ལ་འདོད་ཆགས་བྲལ་བ་ན་དང་པོ་ཉིད་དུ་སྤོང་བ་གང་ཡིན་པའོ། །ཞེས་བཤད་པ་དང་འགལ་ཟེར་ན། དེ་ལོག་ལྟས་མི་དགེ་བའི་རྩ་བ་ཀུན་ནས་བསླངས་ལ་དེས་གཅོད་པས་དངོས་སུ་མེས་བསྲེགས་ ཀྱང་ཆོམ་རྐུན་པས་གྲོང་བསྲེག་ཅེས་པ་བཞིན་ནོ་ཟེར་རོ། །གཉིས་པ་ལ་གང་གཅོད་པ་དང་། གང་གིས་གཅོད་པ། ཇི་ལྟར་གཅོད་པ། རྟེན་གང་ལ་བརྟེན་ནས་གཅོད་པ། བཅད་པའི་ངོ་བོ། སླར་མཚམས་སྦྱོར་ཚུལ་དང་དྲུག་ལས། ། 3-1-138b དང་པོ། གཅད་བྱ་འདོ༷ད་པར་གཏོགས༷་པའི་དགེ་བ་སྐྱེས༷་ནས༷་ཐོབ༷་པ༷་རྣམ༷ས་ཡིན་གྱི་དགེ་བ་གཅོད་པའི་ལོག་ལྟ་ཅན་ལ་ཁམས་གོང་མའི་དགེ་བ་མི་ལྡན་པས་དང་། འདོད་པའི་སྦྱོར་དགེ་ནི་ལོག་ལྟ་ཆུང་ངུའི་དུས་སུ་ཉམས་པས་ སོ། །འོ་ན་གདགས་པ་ལས་བསམ་བཞིན་ཕ་མ་བསད་ནས་ལས་འབྲས་མེད་ཅེས་ལོག་པར་ལྟ་ཞིང་འགྱོད་པ་ཅུང་ཟད་མི་སྐྱེ་ན་འདི་ཙམ་གྱིས་གང་ཟག་འདིས་ཁམས་གསུམ་པའི་དགེ་རྩ་རྣམས་ཀུན་ཏུ་བཅད་པ་ཡིན་ནོ་ཞེས་པ་ནི། དེ་ནི་ རྒྱུད་དེ་དེའི་སྣོད་མིན་པས་ཁམས་གསུམ་པའི་དགེ་བའི་ཐོབ་པ་ཐག་བསྲིང་བ་ལ་དགོངས་སོ། །གཉིས་པ། གཅོད་བྱེད་ནི་ལེགས་སྤྱད་ཉེས་སྤྱད་མེད་དོ་ཞེས་རྒྱུ༷་ལ་སྐུར་འདེབས་དང༷་། དེ་རྣམས་ཀྱི་འབྲས་བུ་མེད་དོ་ཞེས་འབྲས༷་ བུ་ལ༷་སྐུར༷་བ་འདེབས༷་པས༷་གཅོད་དོ། །ཁ་ཅིག་ཟག་བཅས་སྡུག་ཀུན་ལ་དམིགས་པ་དང་སྐལ་མཉམ་ཁམས་ལ་དམིགས་པ་ཁོ་ནས་གཅོད་ཀྱི་ཟག་མེད་འགོག་ལམ་དང་། སྐལ་མི་མཉམ་པའི་ཁམས་ལ་དམིགས་པས་མིན་ ལ། དེའི་ཕྱིར་འཕགས་པར་སྐུར་པ་སོགས་ཀྱིས་མིན་ནོ་ཟེར། བྱེ་སྨྲས་སྐལ་མཉམ་མི་མཉམ་ཁམས་ཟག་བཅས་ཟག་མེད་ལ་དམིགས་པའི་ལོག་ལྟ་དེ་ཀུན༷་གྱིས༷་གཅོད་ཟེར། ཀུན་འདི་ཐམས་ཅད་ཚང་དགོས་སམ་སྙམ་མོ། ། གསུམ་པ་རི༷མ་གྱི༷ས་ཞེས་པས་བསྟན། ཁ་ཅིག་དགེ་རྩ་དགུ་ཅིག་ཆར་གཅོད་དེ། བདེན་པ་མཐོང་ན་མཐོང་སྤང་ཆེན་པོའི་ཆེ་སོགས་དགུ་ཅིག་ཆར་སྤོང་བ་བཞིན་ནོ་ཟེར། ཁ་ཅིག་སྒོམ་སྤང་བཞིན་ཆེ་ཆུང་དགུས་དགེ་རྩ་དགུ་རིམ་གྱིས་ 3-1-139a སྤོང་ཟེར། དེ་ལྟར་ན་བསྟན་བཅོས་ལས། ཕྲ་མོ་ནི་དགེ་རྩ་གཅོད་པ་ན་ཐམས་ཅད་ཀྱི་ཐ་མར་འདོར་བ་སྟེ། དེ་མེད་པས་དགེ་རྩ་ཆད་པའི་གྲངས་སུ་འགྲོ་བའོ་ཞེས་གསུངས་པ་འདི་ལེགས་པར་དྲང་བར་ འགྱུར་རོ། །བཞི་པ། མི༷འི༷་ན༷ང་ཁོ་ན་ཉིད་དུ༷། རྟེན་སྐྱེ༷ས་པ༷་དང་། བུ༷ད་མེ༷ད་ཀྱི༷ས་གཅོ༷ད་དོ༷། །ངན་སོང་ནི་དགེ་སྡིག་གི་བསམ་པ་མི་བརྟན་པས་ལྷ་ལས་འབྲས་མངོན་གྱུར་དང་། སྒྲ་མི་སྙན་ན་སྡིག་སེམས་དེ་འདྲ་ མེད་པས་སོ། །ཁ་ཅིག་འཛམ་གླིང་ཁོ་ནར་གཅོད་ཅེས་མ་ངེས་ཏེ་དབང་པོ་བརྒྱད་ལྡན་ཤར་ནུབ་གླིང་ལའང་འདྲ་བར་བཤད་པས་སོ་ཟེར། བསམ་པ་གཡོ་ཕྱིར་སྲེད་པ་སྤྱད་པས་མིན་ལ་སྡིག་སེམས་བརྟན་པ་དང་། སྡིག་པ་འཆབ་ པ་ཅན་ཡིན་པའི་ཕྱིར་ལྟ༷་བ་སྤྱད༷་པས་སོ། །ཟ་མ་སོགས་ནི་བསམ་པ་མི་བརྟན་པས་མིན་ནོ། །ལྔ་པ་བཅད་པའི་ངོ་བོ་དེ༷་ནི༷་དགེ་ཐོབ་དང་མི༷་ལྡན༷་ཞིང་མ་ཐོབ་པ་སྐྱེས་པ༷འོ༷། །དྲུག་པ་མཚ༷མས་ནི༷། རྒྱུ་འབྲས་ལ་ཐེ༷་ཚོམ༷་ སྐྱེས་པའམ་ཡང་ན་རྒྱུ་འབྲས་ཡོ༷ད་པར་ལྟ༷་བའི་ཡང་དག་ལྟ་བས༷་སོ། །གང་དག་མཚ༷མས་མེ༷ད་བྱེ༷ད་པའི༷་དགེ་རྩ་ཆད་པ་དེ་ནི་ཚེ་འདི༷་ལ༷་མཚམས་སྦྱར་བ་མིན༷་ཏེ། མདོ་ལས་མཚམས་མེད་བྱེད་པ་མཐོང་ཆོས་ཁོ་ནས་ མཚམས་སྦྱོར་བའི་སྐལ་བ་མི་ལྡན་ལ། དམྱལ་བར་སྐྱེ་བའམ་དེ་ནས་འཕོས་ཚེ་ཉིང་མཚམས་སྦྱོར་ཞེས་གསུངས་པས་སོ། །དེ་ལ་སྐལ་མཉམ་གྱི་རྒྱུ་ཡི་སྟོབས་ཀྱིས་གཅོད་པ་འཆི་བ་ན་མཚམས་སྦྱོར་ལ། གཞན་གྱི་ 3-1-139b སྒྲའི་སྟོབས་ཀྱིས་གཅོད་པ་སྐྱེ་བ་ནའོ། །དེ་བཞིན་རང་གི་རྟོག་གེའི་སྟོབས་དང་། གཞན་ལས་ཐོས་པའི་སྟོབས་ཀྱིས་གཅོད་པའང་དེ་བཞིན་ནོ། །ཡང་བསམ་པ་ཉམས་པས་དགེ་རྩ་བཅད་པ་ཚེ་འདིར་དང་། བསམ་སྦྱོར་ གཉིས་ཀ་ཉམས་པས་ཉིང་མཚམས་སྦྱོར་བ་ནའོ། །དེ་ཡང་བསམ་པ་ནི་ལོག་ལྟ་མངོན་གྱུར་དང་། སྦྱོར་བ་མཚམས་མེད་དོ། །དེ་བཞིན་ལོག་ལྟ་དང་མཚམས་མེད་ཀྱིས་ལྟ་བ་དང་ཚུལ་ཁྲིམས་ཉམས་པའང་ཤེས་པར་ བྱ་སྟེ། དེ་རང་གཞན་གྱི་སྟོབས་ཀྱིས་ཉམས་པ་སྔ་མ་བཞིན་ནོ། །དེས་ན་འདིར་དགེ་རྩ་ཆད་པ་དང་། ལོག་པ་ཉིད་དུ་ངེས་པ་ལ་མུ་བཞི་ལས། དང་པོ་འོད་སྲུང་རྫོགས་བྱེད་སོགས་སྟོན་པ་དྲུག་། གཉིས་པ་མ་སྐྱེས་དགྲ། གསུམ་པ་ལྷས་བྱིན། བཞི་པ་གཞན་ནོ། །གསུམ་པ་ལས་དུ་དང་ལྷན་ཅིག་འབྱུང་ཚུལ་ནི། མི༷་དགེ༷་བ་ནི་གཅིག་ནས་བརྒྱ༷ད་ཀྱི༷་བར༷་དག༷་དང༷་སེམ༷ས་པ༷་ཅི༷ག་ཆར༷་ལྷན༷་ཅི༷ག་འབྱུང༷་གི་དགུ་དང་བཅུ་དང་སེམས་པ་ལྷན་ ཅིག་འབྱུང་བ་མིན་ནོ། །དེ་ལ་གཅིག་དང་ལྷན་ཅིག་འབྱུང་བ་ནི་སྲོག་གཅོད་སོགས་ལས་གཞན་མེད་པར་བརྣབས་སེམས་སོགས་སེམས་གཅིག་མངོན་དུ་གྱུར་པའམ། སེམས་པ་དགེའམ་མ་སྒྲིབ་ལུང་མ་བསྟན་གྱིས་འདོད་ལོག་ མ་གཏོགས་པ་གཟུགས་ཅན་རྣམས་ལས་གང་རུང་བྱེད་ནའོ། །གཉིས་གནོད་སེམས་ལྡན་པས་སྲོག་གཅོད་པ་སོགས་ནའོ། །གསུམ་གནོད་སེམས་ལྡན་པས་དུས་ཅིག་ཆར་གཞན་གྱི་སྲོག་ཆགས་འཕྲོག་ཅིང་གསོད་པའམ་བརྣབས་ 3-1-140a སེམས་མངོན་གྱུར་གྱིས་སྲོག་གཅོད་པ་དང་། མ་བྱིན་ལེན་གཞན་ལ་བཅོལ་ནའོ། །བཞི་དང་ལྷན་འབྱུང་གནོད་སེམས་དང་བརྣབ་སེམས་གང་རུང་གིས། དབྱེ་སེམས་ལྡན་པས་རྫུན་ནམ་ཚིག་རྩུབ་སྨྲ་ བའམ། བརྣབ་སེམས་སོགས་གང་རུང་ལྡན་པས་སྲོག་གཅོད་སོགས་ལས་གསུམ་གཞན་ལ་བཅོལ་བའོ། །དེ་བཞིན་ལྔ་དྲུག་བདུན་དང་ལྷན་འབྱུང་ཡང་ཤེས་པར་བྱའོ། །བརྒྱད་ནི་རང་བརྣབ་སེམས་ སོགས་གང་རུང་མངོན་དུ་གྱུར་པས། ལུས་ངག་གི་དྲུག་གཞན་ལ་བཅོལ་ནས་འདོད་ལོག་རང་ཉིད་ཀྱིས་བྱས་ཏེ། ཐམས་ཅད་དུས་མཉམ་པར་མཐར་ཕྱིན་པར་གྱུར་པའོ། །སེམས་ཉོན་མོངས་ཅན་མིན་ཚེ་ གཟུགས་ཅན་དྲུག་གང་རུང་བཅོལ་བས་རྫོགས་ན་གཅིག་དང་། གནོད་སེམས་ཀྱིས་སྲོག་གཅོད་པའམ། བརྣབས་སེམས་ཀྱིས་མ་བྱིན་ལེན་ནམ། ལོག་གཡེམ་མམ། ཚིག་ཀྱལ་བ་སྨྲ་ན་གཉིས། ཡིད་ཀྱི་ གསུམ་གང་རུང་གིས་རང་ལོག་པར་གཡེམ་ནས་དྲུག་གཞན་ལ་བཅོལ་བས་འགྲུབ་ན་བརྒྱད་དང་ལྷན་ཅིག་འབྱུང་ངོ་། །ཡིད་ཀྱི་གསུམ་པོ་གཉིས་དང་། གསུམ་ལྷན་ཅིག་འབྱུང་བ་མེད་པས་དགུ་དང་བཅུ་དང་མིན་ ནོ། །དགེ༷་བ༷་ནི་བཅུ༷་ཡི༷་བར༷་དག༷་དང༷་། སེམས་པ་ལྷན་ཅིག་འབྱུང་བ་ནི་སྤྱིར་བཏང་ལ། དམིགས་བསལ། ལས་ལམ་གཅི༷ག་ད༷ང་། བརྒྱ༷ད་དང༷་ལྔ༷་དང༷་མིན༷་ཏེ། དགེ་བ་གཅིག་དང་ལྷན་ཅིག་པ་མེད་པ་ནི་སེམས་ 3-1-140b པ་དགེ་བ་ལ་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་གཉིས་མི་འབྲལ་བ་ཡོད་པས་སོ། །གཉིས་དང་ལྷན་འབྱུང་སྒོ་ལྔའི་ཤེས་པ་དགེ་བ་ལ་གནས་ཚེ་དང་། གཟུགས་མེད་ཀྱི་སྙོམས་འཇུག་ལ་བརྟེན་ནས་ ཟད་མི་སྐྱེ་ཤེས་པ་ལ་གནས་པ་སྟེ། སྒོ་ལྔའི་ཤེས་པ་རྟོག་མེད་ཡིན་ལ། ཟད་དང་མི་སྐྱེའི་བློ་ལྟ་མིན་ཞེས་པས། དེ་དག་ལ་ཡང་དག་ལྟ་བ་མེད་ལ། དགེ་བ་ཡིན་པས་གནོད་བརྣབ་མེད་པ་གཉིས་ངེས་པར་ཡོད་པས་སོ། ། གཟུགས་མེད་ཅེས་སྨོས་པ་ནི་བསམ་གཏན་ཡིན་ན་ཟག་མེད་སྡོམ་པ་ཡོད་པས་སྤོང་བདུན་ཡོད་པར་བསམ་པའོ། །གསུམ་ནི་ཡང་དག་ལྟ་དང་མཚུངས་ལྡན་ཡིད་ཤེས་ལ་གནས་པ་སྟེ་དེ་ལ་ཡིད་དགེ་གསུམ་འབྲལ་མི་སྲིད་ པས་སོ། །བཞི་དང་ལྷན་འབྱུང་ནི་སེམས་མི་དགེའམ་ལུང་མ་བསྟན་ལ་གནས་ཏེ། དགེ་ཚུལ་དང་དགེ་བསྙེན་གྱི་སྡོམ་པ་ལེན་པ་ན་སྟེ་སྤོང་བཞི་འབྱུང་བས་སོ། །ལྔ་དང་ལྷན་འབྱུང་མེད་དེ། སེམས་དགེ་ལ་གནས་ པས་དེ་ལེན་ན་བདུན་ནམ་དྲུག་དང་། དགེ་སློང་ནི་སྤོང་བདུན་ཡིན་པས་སོ། །དྲུག་དང་ལྷན་འབྱུང་ནི་མིག་སོགས་ཤེས་པ་ལྔ་དགེ་བར་གནས་པས། དགེ་ཚུལ་དང་དགེ་བསྙེན་ལེན་ན་བརྣབ་གནོད་མེད་པ་གཉིས་དང་ སྤོང་བཞིའོ། །བདུན་ནི་ཡིད་ཤེས་དགེ་བས་དེ་ལེན་ནའམ། ཡང་ན་སེམས་མི་དགེའམ། ལུང་མ་བསྟན་གྱིས་དགེ་སློང་སྡོམ་པ་ལེན་ནའོ། །བརྒྱད་ལྷན་མེད་དེ། སྤོང་བདུན་སེམས་གསུམ་གང་རུང་གིས་ལེན་ཀྱང་ 3-1-141a དེ་མི་སྲིད་པས་སོ། །དགུ་ནི་སྒོ་ལྔའི་ཤེས་པ་དགེ་བར་གནས་པས་དགེ་སློང་གི་སྡོམ་པ་ལེན་ནའམ། ཟད་མི་སྐྱེ་ཤེས་དང་མཚུངས་ལྡན་ཡིད་ཤེས་ཀྱིས་དགེ་སློང་སྡོམ་པ་ལེན་ན་དང་། བསམ་ གཏན་ལ་བརྟེན་ནས་ཟད་མི་སྐྱེ་ཤེས་པ་མངོན་དུ་བྱེད་ནའོ། །བཅུ་པ་ཟད་མི་སྐྱེ་ཤེས་པ་ལས་གཞན་པའི་ཡིད་ཤེས་དགེ་བས་དགེ་སློང་གི་སྡོམ་པ་ལེན་པ་དང་། ཟད་མི་སྐྱེ་ཤེས་མ་གཏོགས་བསམ་ཟག་གི་སྡོམ་པ་དང་ ལྷན་ཅིག་འཇུག་པའི་སེམས་པ་ཐམས་ཅད་དོ། །དེ་དག་ཀྱང་སྡོམ་པའི་དབང་དུ་བྱས་ཀྱི། དགེ་ལས་གཞན་པའི་སེམས་ཀྱིས་ཡན་ལག་གང་རུང་ལེན་པ་དང་། དགེ་བའི་ཡིད་ཤེས་ཀྱིས་ཅིག་ཆར་ཡན་ལག་གཉིས་དང་ ལྔ་ལེན་པ་ན། གཅིག་དང་ལྔ་དང་། བརྒྱད་དང་ཡང་ལྷན་ཅིག་འབྱུང་བ་བར་མའི་དགེ་བའི་ཚུལ་ལ་ཡིན་ནོ། །བཞི་པ་ཁམས་གར་ཡོད་ལྡན་ཚུལ་མི་དགེ་བཅུ་ལས་དམྱལ༷་བ༷་ན༷་ནི༷་གསུམ་ཡོད་དེ། སྨྲེ་སྔགས་ འདོན་པས་ཀྱལ༷་པ༷་དང༷་། མི་སྙན་བརྗོད་པས་ཚིག༷་རྩུབ༷་དང་། གནོ༷ད་སེམ༷ས་གསུམ་ནི་ལྡན་པ་དང་མངོན་འགྱུར་རྣམ༷་པ་གཉི༷ས་ཀྱི་སྒོ་ནས་ཡོད་པས་སོ༷། །གཉེན་པོ་མ་སྐྱེས་པས་དང་། ཡིད་འོང་གི་དངོས་པོ་མེད་པས་བརྣབ༷་སེམ༷ས་ དང་། ལས་འབྲས་མངོན་དུ་གྱུར་པས་ལོག༷་ལྟ༷་ལྡན༷་པ༷ས་ཡོད་ཀྱི་མངོན་གྱུར་མིན་ཏེ། ལས་མ་ཟད་ན་བསད་ཀྱང་མི་འཆི་ལ། རྫས་དང་བུད་མེད་ཡོངས་བཟུང་མེད་ཅིང་བདེ་སྐབས་མེད་པ་དང་། དགོས་པ་མེད་པ་དང་། ཕན་ཚུན་སྙིང་དུ་ 3-1-141b མི་སྡུག་ཅིང་རྟག་ཏུ་བྱེ་ཟིན་པས་སྲོག་གཅོད་མ་བྱིན་ལེན། འདོད་ལོག་རྫུན་ཕྲ་མ་རྣམས་ཀྱང་མངོན་གྱུར་མེད་པས་སོ༷། །སྒྲ༷་མི༷་སྙན༷་ན༷་ཡིད་ཀྱི་གསུམ༷་ལྡན་པས་ཡོ༷ད་དེ༷། དེ་དག་གི་གཉེན་པོ་མེད་པའི་ཕྱིར་རོ། །མངོན་གྱུར་ མེད་དེ། རྫས་བཟུང་བ་མེད་པ་དང་། རྒྱུད་འཇམ་པ་དང་། མནར་སེམས་མེད་པ་དང་། སྡིག་པའི་སེམས་མིན་པས་སོ། །དེ༷་ན༷་ཉོན་མོངས་པའི་སེམས་ཀྱིས་གླུ་ལེན་པས་བདུ༷ན་པ༷་ངག་འཁྱལ་ནི་དངོས༷་སུ༷་ཡང༷་ཡོད་དོ། ། ཡང་སྒྲས་ལྡན་པའི་སྒོ་ནས་ཀྱང་ཡོད་པ་བསྡུ་ལ། རྒྱུད་འཇམ་པ་དང་། ཚེ་ངེས་པ་དང་། རྫས་སོགས་བཟུང་བ་མེད་པ་དང་། མ་སོགས་བགྲོད་བྱ་མིན་ན་དཔག་བསམ་ཤིང་གིས་མི་སྒྲིབ་པ་དང་། དགོས་པ་མེད་པ་སོགས་ཀྱིས་ མི་དགེ་བ་གཞན་མེད་དོ། །དམྱལ་བ་དང་སྒྲ་མི་སྙན་དེ་གཉིས་མ་གཏོགས་པའི་འདོ༷ད་པ༷་གཞ༷ན་ན༷་མི༷་དགེ༷་བཅུ༷་མངོན་ལྡན་གཉིས་ཅི་རིགས་ཀྱིས་ཡོད་དོ། །ཡིད་ཀྱི་དགེ༷་བ༷་གསུམ༷་ནི༷། ཁམས་དང་ས་ཐམ༷ས་ཅ༷ད་ན༷། རྙེ༷ད་དང༷་མངོ༷ན་ དུ༷་གྱུ༷ར་པའི་སྒོ༷་ནས༷་ཡོད་ཀྱང་གཟུགས༷་མེ༷ད་ཀྱི་འཕགས་པ་དང་འདུ༷་ཤེ༷ས་མེ༷ད་པའི་སེ༷མས་ཅ༷ན་ལ་རྙེ༷ད་པ༷ས་སྤོང་བ་བདུ༷ན་ཡོ༷ད་ཀྱི་མངོན་གྱུར་ནི་མིན་ཏེ། གཟུགས་མེད་འཕགས་པ་ལ་ནི། ཟག་མེད་ཀྱི་སྡོམ་པ་གཟུགས་ཁམས་སུ་གཏོང་ རྒྱུ་མ་བྱུང་བས་སྤོང་བདུན་འདས་འོང་གི་ཐོབ་པ་དང་ལྡན་པའི་ཕྱིར་དང་། འདུ་ཤེས་མེད་པའི་སེམས་ཅན་ལའང་བསམ་གཏན་གྱི་སྤོང་བདུན་གྱི་ཐོབ་པ་དང་ལྡན་གྱི་མངོན་གྱུར་མིན་ཏེ། གཟུགས་མེད་རང་ས་ན་གཟུགས་མེད་པ་དང་། འདུ་ 3-1-142a ཤེས་མེད་པ་ལ་སེམས་མེད་པས་སོ། །དེ་གཉིས་ཀྱི་ལྷག༷་མར་བྱས༷་པའི་ཁམས་ཀུན་ན༷། མངོ༷ན་དུ༷་གྱུར༷་པའི༷་སྒོ༷་ན༷ས་ཀྱང༷་ཡོད་ལ། དམིགས་བསལ། དམྱལ༷་བ་དང་བཅས༷་པའི་སྒྲ༷་མི༷་སྙན༷་མ༷་གཏོགས༷་ སོ། །དེ་ལ་དུད་འགྲོ་དང་ཡི་དྭགས་ན་སྡོམ་པས་བསྡུས་པ་མེད་ཀྱང་བར་མས་བསྡུས་པ་ཡོད་དོ། །གཟུགས་ན་བསམ་ཟག་གི་བསྡུས་པ་ཡོད་ལ། མི་རྣམས་ལ་སྡོམ་པ་གསུམ་དང་བར་མས་བསྡུས་པ་གཉིས་ཀ་ཡོད་ཅིང་འདོད་ལྷ་ ལ་སྡོམ་པ་གཉིས་དང་བར་མས་བསྡུས་པ་ཡོད་དོ། །དགེ་བ་སྤོང་བའི་སེམས་ལ་འཇོག་དགོས་ཀྱི་བསམ་པ་མེད་པ་ཙམ་དགེ་བ་ཡིན་ན་རྡོ་ཡི་དུམ་བུ་ཡང་དགེ་བར་ཐལ་བས་སོ། །ལྔ་པ་འབྲས་བུ་འབྱིན་ཚུལ་ནི། མི་དགེ་བཅུ་པོ་ཐམ༷ས་ ཅ༷ད་ཀྱིས་བདག༷་པོ༷་དང་། རྒྱུ༷་མཐུན༷་དང༷་། རྣམ༷་སྨིན༷་འབྲས༷་བུ༷་གསུམ་གསུམ་འབྱི༷ན་པར༷་འདོ༷ད་དེ། མི་དགེ་བཅུ་པོ་དེ་ཆེ་འབྲིང་ཆུང་གིས་དམྱལ་བ་ཡི་དྭགས་དུད་འགྲོར་སྐྱེ་བ་སྟེ། མདོ་ལས། མི་དགེ་བ་བཅུ་ཀུན་ཏུ་བརྟེན་པ་དང་། གོམས་པར་བྱས་པ་དང་། ལན་མང་དུ་བྱས་པ་ཐམས་ཅད་ཀྱིས་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །འདི་ནི་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུའོ། །ཞེས་ཀུན་བརྟེན་ཏེ་སྦྱོར་བ། གོམས་བྱས་ནི་དངོས། ལན་མང་ནི་ མཇུག་སྟེ། དེ་གསུམ་ཚང་བར་གྱུར་པ་ཆེ། གཉིས་ཚང་འབྲིང་། གཅིག་ཆུང་ངུ་ཞེས་བཤད་ལ། ལས་གདགས་པ་ལས། ཆེན་པོ་ཀུན་བརྟེན་དང་། གོམས་པ་དང་ལན་མང་བྱས་སོགས་གསུངས་པ་ཀུན་དཀྲིས་ཆེ་ཆུང་གི་ 3-1-142b ཁྱད་པར་རོ། །དེར་ཆུང་ངུས་ཡི་དྭགས་དང་། སའི་དངོས་གཞི་ལས་ཆུང་ངུས་དུད་འགྲོར་གསུངས། རྒྱུ་མཐུན་ལ་བྱེད་པ་རྒྱུ་མཐུན་ནི་མི་དགེ་བ་དེ་ལ་གོམས་ལངས་ཅན་དང་། མྱོང་བས་མིར་སྐྱེས་ནའང་། སྲོག་བཅད་པས་ ཚེ་ཐུང་། རྐུ་བས་ལོངས་སྤྱོད་ཕོངས་སོགས་སོ། །བདག་འབྲས་ཡུལ་ངན་པ་རྣམས་སུ་སྐྱེ་སྟེ། འདི་ལྟར་གསོད་པས་གཟི་བརྗིད་ཆུང་བ། བརྐུས་པས་ལོ་ཏོག་ལ་སེར་བ་སོགས་མང་བ། འདོད་ལོག་གིས་རྡུལ་འཁྲིགས་ ཅན་དང་། རྫུན་གྱིས་དྲི་ང་བ། ཕྲ་མས་མཐོ་དམན་ཅན་དང་། རྩུབ་མོས་ཚ་སྒོ་ཅན་འབྲུ་མི་སྐྱེ་བ། དགོན་དུང་སྟེ་ཆུ་མེད་པ་དང་། ཐ་ཆད་ནི་ཀླ་ཀློའི་ཡུལ་སོགས་སྡིག་པ་ཅན་དང་། སེམས་ཅན་ལ་གནོད་པ་མང་བའོ། །ཀྱལ་ པས་དུས་ལོག་པས་ཆར་དུས་སུ་མི་འབབ་པ་སོགས་དང་། བརྣབ་སེམས་འབྲས་བུ་ཕྲ་བ། གནོད་སེམས་འབྲས་བུ་ཁ་བ། ལོག་ལྟས་འབྲས་བུ་ཆུང་བའམ་མེད་པའི་ཡུལ་དུ་སྐྱེའོ། །དེ་ལ་ཁ་ཅིག །ལས་གཅིག་ པོ་དེ་ལ་འབྲས་བུ་གསུམ་ཡོད་ཟེར། ཁ་ཅིག་སྦྱོར་བས་ངན་སོང་དུ་སྐྱེ་ལ། དངོས་གཞིས་ཚེ་ཐུང་བ་སོགས་སུ་འགྱུར་རོ་ཟེར། དེ་དག་ཀྱང་རང་རྒྱུད་ལ་སྨིན་པ་རྣམ་སྨིན། ཕྱི་རོལ་ལ་སྨིན་པ་བདག་འབྲས། རིས་མཐུན་སྐྱེ་བ་རྒྱུ་ མཐུན་འབྲས་ཡིན་ནོ། །དགེ་བ་ལ་བྲལ་འབྲས་ཀྱང་ཡོད་ལ། གཉིས་ཀ་ལ་སྐྱེས་བུ་བྱེད་འབྲས་ཡོད་ཀྱང་། འདིར་འབྲས་བུ་གསུམ་དུ་བསྡུས་ནས་བསྟན་ཏོ། །འོ་ན་དེ་དག་ལས་འབྲས་བུ་གསུམ་འབྱུང་བ་ཅིའི་ཕྱིར་ཞེ་ན། 3-1-143a སྲོག་གཅོད་པས་ཕ་རོལ་པོ་སྡུག༷་བསྔལ༷་བའི་ཕྱིར༷་དང༷་སྲོག་དང་ཕྲལ་ནས་བསད༷་པའི་ཕྱིར༷་དང༷་། བསད་ནས་གཟི༷་བྱི༷ན་མེ༷ད་པར་བྱས་པའི་ཕྱིར༷་རིམ་པར་རྣམ་སྨིན་ངན་སོང་གི་སྡུག་བསྔལ་མྱོང་བ་ སོགས་འབྲས༷་བུ་རྣ༷མ་པ་གསུམ༷་འབྱུང་བ་ཡིན་ནོ། །ཤུགས་ལ་ཕྱིར་སོགས་ཀྱིས་རིགས་འདྲ་ཅི་རིགས་མ་བྱིན་ལེན་སོགས་ལའང་སྦྱར་རོ། །དགེ་བ་ཟག་བཅས་ཀྱི་འབྲས་བུ་རྣམས་བཟློག་སྟེ་སྦྱར་རོ། །གཉིས་པ་ཞར་ བྱུང་ལ། ལོག་འཚོ་བཤད་པ། ལས་གང་འབྲས་བུ་དུ་དང་བཅས་ཚུལ། རིགས་རིགས་མིན་གྱིས་སྐྱེད་པའི་ཁྱད་པར། འཕེན་རྫོགས་ཀྱི་ཁྱད་པར་དང་བཞི། དང་པོ། ཡང་མདོ་ལས། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་གསུམ་གསུངས་པ་ནི། སྡང་རྨོངས་ལས་སྐྱེས་པའི་ངག་ནི་ལོག་པའི་ངག་གོ། དེ་གཉིས་ལས་སྐྱེས་པའི་ལུས་ཀྱི་ལས་ནི་ལོག་པའི་ལས་སོ། །ལུས༷་དང༷་ངག༷་གི་ ལ༷ས་ཆགས༷་པ་ལ༷ས་སྐྱེས༷་པ་ནི་ལོག༷་པའི་འཚོ༷་བ་ཡིན་ནོ། །ཅིའི་ཕྱིར་དེ་གཉིས་ཕྱོགས་གཅིག་ཏུ་ལོག་འཚོ་བསྟན་ཟེར་ན། དེ་ནི་གཉེན་པོས་སྦྱང༷་དཀའ༷་བའི་ཕྱིར༷་སྡང་རྨོངས་ལས་སྐྱེས་པ་ལས་ལོགས༷་ཤིག༷་ཏུ་བསྟན༷་ཏོ༷། ། གལ༷་ཏེ༷་འཚོ་བའི་ཡོ༷་བྱད༷་ལ༷་ཆགས༷་པས་བསླང༷་བའི་ལུས་ངག་གི་ལས་ཁོ་ན་ལོག་འཚོ་ཡིན་གྱི། ཡོ་བྱད་ཆགས་བསླང་གི་ལས་མིན་པ་གཞན་དགའ་ཕྱིར་གླུ་གར་སོགས་བྱེད་པ་ལོག་འཚོ་མིན་ཟེར་ན། ཚུལ་ཁྲིམས་ཀྱི་ཕུང་པོའི་ 3-1-143b མདོ༷་དང༷་འགལ༷་བའི་ཕྱིར༷་མིན༷་ཏེ། དེ་ལས་དགེ་སློང་སོགས་དད་པས་བྱིན་པ་ལོངས་སྤྱོད་ནས་གླང་པོ་ཆེ་འཐབས་པ་དང་དམག་ལྟ་སོགས་ལྟད་མོ་སྣ་ཚོགས་བལྟ་བར་རྩོམ་པ་སྤོང་བ་ཡིན་ནོ། །དེ་བཞིན་གླང་པོའི་སྒྲ་སོགས་ལ་སྦྱར་ནས་ གཟུགས་སྒྲ་ལ་ཆགས་པས་ལྟ་ཉན་སོགས་ལོག་པའི་ཡུལ་ལ་སྤྱོད་ཕྱིར་ལོག་འཚོར་གསུངས་པའི་ཕྱིར་རོ། །དེས་ན་སློབ་དཔོན་གྱིས། རྟག་ཏུ་ལྟ་བ་སྣ་ཚོགས་ཀྱི། །ཁྱིམ་པས་ལྟ་བ་སྦྱང་བར་དཀའ། །འཚོ་བ་གཞན་ལ་རག་ལུས་ པའི། །དགེ་སློང་གིས་ནི་འཚོ་བ་ཉིད། །ཅེས་སྦྱང་དཀའ་བར་གསུངས་སོ། །གཉིས་པ། དྲིར༷་བཅས༷་སམ་ཟག་བཅས་སྤོང༷་བའི༷་ལམ༷་སྟེ། འཇིག་རྟེན་པའི་སྒོམ་ལམ་བར་ཆད་མེད་ལམ་དག༷་གི༷་ལ༷ས་ནི༷། རྣམ་སྨིན་ སོགས་ལྔ༷་ཡི༷་འབྲས༷་བུར༷་བཅས༷་ཏེ། འདིའི་རྣམ་སྨིན་འབྲས་ནི་རང་སར་གཏོགས་པའི་རྣམ་སྨིན་ཡིད་འོང་ཡིན་ལ། བདག་འབྲས་རང་ལས་གཞན་པའི་འདུས་བྱས་ཐམས་ཅད་དང་། རྒྱུ་མཐུན་འབྲས་ཏིང་འཛིན་ལས་སྐྱེས་པའི་ རིགས་འདྲ་ཕྱི་མ་རྣམས་སོ། །སྐྱེས་བུ་བྱེད་འབྲས་རྣམ་གྲོལ་ལམ་དང་ཐོབ་པ་དང་སྤང་བ་སོགས་དེ་མ་ཐག་གམ། ཅིག་ཆར་འབྱུང་བ་རྣམས་དང་། བྲལ་འབྲས་འོག་སའི་ཉོན་མོངས་སྤོང་བ་དང་ལྔ་ཡོད་པས་སོ། །དྲི༷་མེ༷ད་ སྤོང་ལམ་ནི་རྣམ་སྨིན་མ་གཏོགས་པ་བཞི༷་ཡི༷་འབྲས་བུར་བཅས་པའོ། །ཟག༷་བཅས༷་གཞན༷་སྤོང་ལམ་མིན་པའི་དགེ༷་དང༷་མི༷་དགེ༷་གང༷་ཡི༷ན་པ༷འང༷་བཞི་སྟེ་བྲལ་འབྲས་མ་གཏོགས་པས་སོ། །ཟག༷་པ༷་མེ༷ད་པ༷་སྤོང་ལམ་གྱི་ལྷག༷་མ༷་སྦྱོར་ 3-1-144a བ་རྣམ་གྲོལ་ལམ། ཁྱད་པར་གྱི་ལམ་དང༷་། སྒྲིབ་མི་སྒྲིབ་ཀྱི་ལུང༷་བསྟན༷་མིན༷་པ་ག༷ང་ཡིན་པ་དེ་དག་ནི་བྲལ་བ་དང་རྣམ་སྨིན་གཉིས་མ་གཏོགས་པའི་འབྲས་བུ་གསུམ༷་གྱིས༷་སོ༷། །དགེ༷་བའི༷་དགེ༷་ལ༷་སོ༷གས་ པ༷་ནི༷་སྟེ་དགེ་བའི་འབྲས་བུ་དག་པ་ཡིན་ན་འབྲས་བུ་བཞི༷་སྟེ། རྣམ་སྨིན་མི་སྲིད་ལ་སྤོང་ལམ་བྲལ་འབྲས་ཀྱང་དོན་དམ་པར་དགེ་བས་ད༷ང་ནི། སོགས་པས་དགེ་བའི་འབྲས་བུ་མི་དགེ་ལ། བྱེད་བདག་གཉི༷ས་དང༷་སྟེ། རྣམ་བྲལ་རྒྱུ་ གསུམ་མི་སྲིད་པས་སོ། །དགེ་བས་ལུང་མ་བསྟན་བསྐྱེད་པ་ལ་དེ༷་བཞིན༷་དུ་གསུམ༷་སྟེ། བྲལ་དང་རྒྱུ་མཐུན་མི་སྲིད་ལ། རྣམ་སྨིན་ནི་དགེ་བའི་སྨིན་འབྲས་ཡིན་པས་སོ། །མི༷་དགེ༷འི་འབྲས་བུ་དགེ༷་སོ༷གས་ལའང་མི་དགེས་དགེ་བ་ བསྐྱེད་ན། རྣམ་རྒྱུ་བྲལ་གསུམ་མི་སྲིད་པས་བྱེད་བདག་གཉི༷ས་དང༷་ནི༷། སོགས་པས་མི་དགེས་མི་དགེ་བསྐྱེད་ན་རྣམ་བྲལ་གཉིས་མི་སྲིད་པས། བྱེད་བདག་རྒྱུ་གསུམ༷་དང༷་། མི་དགེས་ལུང་མ་བསྟན་བསྐྱེད་ན། བྲལ་འབྲས་མ་གཏོགས་ བྱེད་བདག་རྒྱུ་རྣམ་བཞི༷་སྟེ༷། དེའི་རྒྱུ་མཐུན་ནི། ཉོན་མོངས་ཅན་དུ་འདྲ་བས་ཀུན་འགྲོ་མི་དགེ་བ་སྡུག་བསྔལ་མཐོང་སྤང་གིས་སྒྲིབ་ལུང་མ་བསྟན་འཇིག་མཐར་རྣམས་སྐྱེད་པར་བཟུང་ངོ་། །དེ་ལྟར་རིམ༷་པ༷་བཞིན༷་དུ་སྦྱར་རོ། ། ལུང༷་བསྟན༷་མིན༷་པ་ཉིད་ཀྱི༷་འབྲས་བུ་དགེ༷་བ་ལ༷་སོ༷གས་སྐྱེས་ན། རྣམ་བྲལ་རྒྱུ་གསུམ་མི་སྲིད་པས་བྱེད་བདག་དེ༷་དག༷་གཉི༷ས་དང༷་། སོགས་པས་ལུང་མ་བསྟན་འབྲས་མི་དགེ་ལ། བྲལ་རྣམ་མ་གཏོགས་བྱེད་བདག་རྒྱུ་གསུམ༷་དང༷་། 3-1-144b འདིའི་རྒྱུ་མཐུན་ནི་སྒྲིབ་ལུང་མ་བསྟན་འཇིགས་མཐར་གྱིས་སྡུག་བསྔལ་མཐོང་སྤང་སོགས་མི་དགེ་བ་བསྐྱེད་པ་དེ་དག་ཉོན་མོངས་ཅན་དུ་འདྲ་བས་སོ། །ལུང་མ་བསྟན་གྱིས་ལུང་མ་བསྟན་ལ། རྣམ་བྲལ་མ་གཏོགས་བྱེད་ བདག་རྒྱུ་གསུམ༷་མོ། །འདས༷་པའི༷་ཆོས་ཟག་བཅས་ཀྱིས་དུས་གསུམ་བསྐྱེད་པ་གང་ཡིན་ཀྱང་། ཐམ༷ས་ཅ༷ད་བྲལ་བ་མ་གཏོགས་བཞི༷་ཡི༷ན་ནོ༷། །འདི་ལྟར་འདས་པས་འདས་པ་བསྐྱེད་པའང་བཞི། འདས་པས་ད་ལྟ་ བསྐྱེད་པ་ལའང་བཞི། འདས་པས་མ་འོངས་བསྐྱེད་པའང་བཞི་ག་ཡོད་སྲིད་ཀྱི་འདས་པས་བསྐྱེད་པ་ཡིན་ན་བཞི་ཀ་ཚང་བས་ཁྱབ་པ་མིན་ནོ། །བྲལ་འབྲས་དུས་ཀྱིས་མ་བསྡུས་པས་དེར་མི་གཏོགས་སོ་ཟེར། བར༷་མ༷་ ད་ལྟ་ཡིས༷་ནི༷་མ༷་འོ༷ངས་པ༷་བསྐྱེད་པའང༷་སྔ་མ་དང་འདྲ་བས་བཞིའོ། །དེས་བར༷་མ༷་ད་ལྟ་བསྐྱེད་པ་ལ་བྲལ་རྣམ་རྒྱུ་གསུམ་མི་སྲིད་པས་བྱེད་བདག་གཉི༷ས་སོ༷། །མ༷་སྐྱེས༷་མ་འོངས་པའི༷་འབྲས༷་བུ༷་མ༷་འོངས༷་པ་སྐྱེ་བ་ལ་བྲལ་ རྒྱུ་གཉིས་མི་སྲིད་དེ་རྒྱུ་མཐུན་གྱི་འབྲས་བུ་སྔར་སོང་ཁས་ལེན་པས་སོ། །དེས་ན། བྱེད་བདག་རྣམ་གསུམ༷་ཡི༷ན་ནོ༷། །དེ་གཞན་ལའང་འདྲ་བས་འཐད་དཀའ་བར་བཤད་ཟིན་ལ། རྒྱུ་མ་འོངས་དང་ད་ལྟ་བས་ རང་མ་སྐྱེས་གོང་དུ་འབྲས་བུ་སྐྱེ་བ་ནི་མི་སྲིད་དོ། །ཟག་བཅས་རང་གི་ས་པའི་ལས་ཀྱིས་རང༷་གི༷་ས༷་པ༷འི་ཆོས་བསྐྱེད་ན་བྲལ་འབྲས་མ་གཏོགས་བཞི༷་ཡི༷ན་ནོ༷། །གཞན་པས་གཞན༷་གྱི་ས༷་པ༷་བསྐྱེད་ན་ཟག་མེད་ས་དགུའི་ལམ་ནི་ 3-1-145a ཕན་ཚུན་དུ་ཞེས་སོགས་གསུངས་པ་ལྟར་རྒྱུ་མཐུན་ཡང་ཡོད་པས་བྱེད་བདག་རྒྱུ་གསུམ༷་དང༷་། ཟག་བཅས་ལ་དེ་མེད་པས་བྱེད་བདག་གཉི༷ས་སོ། །སློབ༷་པའི༷་ལས་ཀྱིས་སློབ༷་པའི་ཆོས་བསྐྱེད་པ་དང་། ལ༷་སོག༷ས་པས༷་སློབ་པས་མི་སློབ་པ་དང་། སློབ་པས་སློབ་མི་སློབ་གཉིས་མིན་པ་བསྐྱེད་པ་ལའང་གསུམ་གསུ༷མ་སྟེ། དང་པོ་གཉིས་བྲལ་རྣམ་སྤོང་བ་སྟེ་བྱེད་བདག་རྒྱུ་གསུམ་དང་། ཕྱི་མ་ལ་རྣམ་རྒྱུ་གཉིས་མི་སྲིད་ལ་ བྲལ་འབྲས་སྲིད་པས་གསུམ་ཡོད་པའི་ཕྱིར་རོ། །མི༷་སློ༷བ་ལ༷ས་ཀྱི༷་འབྲ༷ས་བུ༷་ནི༷། སློབ༷་པ༷་ཡི༷་ནི༷་ཆོ༷ས་བསྐྱེད་པ་ལ༷་སོ༷གས་བདག་འབྲས་གཅི༷ག་པུ་སྟེ་བྲལ་རྣམ་རྒྱུ་གསུམ་ལྟ་ཅི། མི་སློབ་ལས་ཉམས་ཚེའང་ཉོན་མོངས་ པ་ཀུན་ཏུ་འབྱུང་བས་བར་ཆོད་པའི་ཕྱིར། མི་སློབ་པའི་མཇུག་ཐོག་དེ་མ་ཐག་གམ་ཅིག་ཆར་དུ་སློབ་པ་འབྱུང་བ་མིན་པས་བྱེད་འབྲས་ཀྱང་མི་སྲིད་དོ། །གང་དག་བྱེད་འབྲས་ཆོད་པ་ལས་ཀྱང་སྐྱེ་བ་དེ་དག་གི་ལྟར་ན་གཉིས་དང༷་། སོགས་པས་མི་སློབ་པས་མི་སློབ་པའི་ཆོས་སྐྱེད་ན་བྲལ་རྣམ་མིན་པ། བྱེད་བདག་རྒྱུ་གསུམ༷་དང༷་། མི་སློབ་པས་གཉིས་ཀ་མིན་པ་སྐྱེད་ན། རྒྱུ་རྣམ་བྲལ་གསུམ་མི་སྲིད་པས་བྱེད་བདག་གཉི༷ས་ཡི༷ན་ནོ༷། །དེ༷་གཉིས་ལ༷ས་ གཞན༷་སློབ་མི་སློབ་གཉིས་ཀ་མིན་པའི༷་འབྲས༷་བུ༷་ནི༷་སློ༷བ་པ་སོ༷གས་ཡིན་ན། རྣམ་རྒྱུ་བྲལ་གསུམ་མིན་པས་བྱེད་བདག་གཉི༷ས་དང༷་། སོགས་པས་དེ་འབྲས་མི་སློབ་པ་ལའང་དེ་བཞིན་བྱེད་བདག་གཉི༷ས་དང༷་། གཉིས་ 3-1-145b མིན་འབྲས་གཉིས་མིན་ལ་ལྔ༷་ཆར་སྲིད་དོ། །མཐོང༷་བས༷་སྤང༷་བར་བྱ༷་བའི་ལས་ཀྱི་འབྲས་བུ་མཐོང་སྤང་དེ༷་ཡིན་པ་ལ༷་སོ༷གས་ཏེ་མཐོང་སྤང་ཡིན་ན་རྣམ་བྲལ་མ་གཏོགས་བྱེད་བདག་རྒྱུ་གསུམ༷་དང༷་། སོགས་པས་དེའི་འབྲས་ བུ་སྒོམ་སྤང་ཡིན་ན་བྲལ་འབྲས་མ་གཏོགས་བཞི༷་ད༷ང་། དེ་འབྲས་སྤང་བྱ་མིན་ན་བདག་འབྲས་གཅི༷ག་ཡི༷ན་ནོ༷། །བསྒོམ༷་པས༷་སྤང༷་བར༷་བྱ༷་བའི་ལ༷ས་ཀྱི༷་འབྲས་བུ་མཐོང་སྤང་དང་སྒོམ་སྤང་སྤང་བྱ་མིན་པ་དེ༷་ད༷ག་ཡིན་ན་རིམ་པ་ བཞིན་དུ། མཐོང་སྤང་ལ་རྣམ་རྒྱུ་འབྲས་གསུམ་མི་སྲིད་པས་བྱེད་བདག་གཉི༷ས་དང༷་། སྒོམ་སྤང་ལ་བྲལ་འབྲས་མི་སྲིད་པས་བཞི༷་དང༷་། སྤང་བྱ་མིན་པ་ལ་རྒྱུ་རྣམ་གཉིས་མི་སྲིད་པས། བྱེད་བདག་བྲལ་གསུམ༷་ མོ། །སྤང༷་བྱ༷་མིན༷་པའི༷་ལས་འབྲས་མཐོང་སྤང་དང་སྒོམ་སྤང་སྤང་བྱ་མིན་པ་དེ༷་དག༷་ཡིན་ན། མཐོང་སྤང་ལ་རྒྱུ་རྣམ་བྲལ་བྱེད་མི་སྲིད་པས་བདག་འབྲས་གཅི༷ག་པུ་སྟེ། སྤང་བྱ་མིན་པ་འགོག་ལམ་མཐོང་སྤང་གི་ བདག་པོའི་རྒྱུར་སོང་གི་དེ་དང་མཚུངས་ལྡན་དང་དེ་ལས་གང་དུ་མི་འབྱུང་བས་སོ། །སྒོམ་སྤང་ཡིན་པ་ལ་བྱེད་བདག་གཉི༷ས་ཏེ་ཟག་མེད་ལས་ལངས་པ་དེའི་མཇུག་ཏུ་སྒོམ་སྤང་ཁམས་གསུམ་གྱི་དགེ་བ་ཟག་བཅས་འབྱུང་བས་བྱེད་ འབྲས་དང༷་བཅས་སོ། །སྤང་བྱ་མིན་པའི་འབྲས་བུ་སྤང་བྱ་མིན་པ་ལ་རྣམ་སྨིན་འབྲས་མ་གཏོགས་པ་བཞི༷་སྟེ༷་གོ༷་རིམ༷་བཞིན༷་ནོ། །གསུམ་པ། ཡང་བསྟན་བཅོས་ལས་རིགས་པ་མ་ཡིན་པས་བསྐྱེད་པ་དང་། རིགས་ 3-1-146a པས་བསྐྱེད་པ་དང་། གཉིས་ཀས་བསྐྱེད་པ་མ་ཡིན་པའི་ལས་གསུམ་གསུངས་པ་ལ། དང་པོ། རིགས༷་པ་མིན༷་པས་བསྐྱེ༷ད་པ༷་ནི་ལས་ཉོ༷ན་མོང༷ས་ཅ༷ན་ཡིན་ལ། དེ་ཡང་མི་དགེ་དང་སྒྲིབ་ལུང་ མ་བསྟན་ཏེ། ཚུལ་མིན་ཡིད་བྱེད་ཀྱིས་བསྐྱེད་པའི་ཕྱིར་རོ། །སྔོན་གྱི་སློབ་དཔོན་ཁ༷་ཅི༷ག་གིས་ནི་རིགས་མིན་གྱིས་བསྐྱེད་པའི་ལས་ནི། འགྲོ་བ་དང་། གནས་པ། བཟའ་བ་དང་བགོ་བ་ལ་སོགས་པ་འཇིག་རྟེན་ན་འདི་ལྟར་བྱའོ། ། ཞེས་གྲགས་པའི་ཆོ༷་ག༷་ལས་ཉམ༷ས་ནས། དེ་དང་མི་མཐུན་པར་བྱེད་པ༷འང༷་ཡིན་ནོ། །དེས་ན་ལས་ཉོན་མོངས་ཅན་ཁོ་ནར་མ་ཟད་བཅས་པའི་ཁ་ན་མ་ཐོ་བའང་དེར་འདུ་ཟེར། རིགས་བསྐྱེད་ནི་ལས་དགེ་བ། ཁ་ཅིག་དེར་མ་ཟད་ཆོ་ག་མ་ ཉམས་པའང་ཡིན་ཞེ༷འོ༷། །དེ་གཉིས་ལས་གཞན་པ་གཉིས་ཀ་མིན་པའོ། །བཞི་པ། འཕེན་རྫོགས་ཀྱི་ལས་ནི། ཅི་ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ནམ། འོན་ཏེ་དུ་མ་འཕེན། དེ་བཞིན་ལས་དུ་མས་སྐྱེ་བ་ གཅིག་འཕེན་ནམ། འོན་ཏེ་དུ་མས་དུ་མ་ཁོ་ན་འཕེན་ཞེ་ན། བྱེ་སྨྲ་བ་ན་རེ། ལས་གཅི༷ག་གིས༷་སྐྱེ༷་བ༷་གཅི༷ག་མ་གཏོགས་དུ་མ་མི་འཕེན་ལ། ལས་དུ་མས་སྐྱེ་བ་གཅིག་མི་འཕེན་ཏེ་རིས་མཐུན་དུམ་བུར་འཕེ༷ན་པ་དང་། སྐྱེས་ནས་ མྱོང་འགྱུར་སོགས་སྐབས་འཆོལ་བས་སོ་ཟེར། འོ་ན་རྒྱལ་པོ་དང་ཡང་དག་པར་ལྡན་པའི་མདོ་ལས། མ་འགག་པ་བདག་ཝ་ར་ཎ་སིར། སྐྱེས་བུ་དབུལ་པོ་རྩྭ་ཐུ་བ་ཞིག་ཏུ་གྱུར་པ་ན། རང་སངས་རྒྱས་སྟེང་གནས་ཞེས་བྱ་ 3-1-146b བའམ། སྤྱི་གཙུག་མེ་ཏོག་ཏ་ཀ་ར་ལྟ་བུ་ཞེས་བྱ་བ་ལ་བསོད་སྙོམས་ཕུལ་ཏེ། དེ་གཅིག་པུས་རྣམ་པར་སྨིན་པས་ལན་བདུན་པར་རྩ་གསུམ་གྱི་ལྷ་རྣམས་དང་། ལན་བདུན་འཁོར་ལོས་སྒྱུར་རྒྱལ་དུ་གྱུར་པ་ནས་ད་ལྟ་ཤཱཀྱའི་ ཕྱུགས་པོའི་རིགས་སུ་སྐྱེས་པའི་བར་དུ་ཡིན་ནོ་ཞེས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། བསོད་ནམས་དེས་བདེ་འགྲོའི་འབྱོར་པ་རྙེད་ནས་སྐྱེ་བ་དྲན་ཏེ་ཡང་བསོད་ནམས་བྱས་པས་ཏེ། དོང་ཚེ་གཅིག་ལན་དུ་མར་བསྒྱུར་བས་ཕྱུགས་པོར་ གྱུར་པ་ན། དོང་ཚེ་གཅིག་གིས་ཕྱུགས་པོར་གྱུར་ཏོ། །ཞེས་པ་ལྟར་རོ། །ཡང་ན་བསོད་སྙོམས་ཕུལ་བ་དེ་ལ་བརྟེན་ནས་དགའ་དང་ཡི་རང་སོགས་སེམས་པའི་ལས་དུ་མ་ཡོད་པའི་དེའི་འབྲས་བུ་ཡིན་ནོ་ཟེར། འཕེན་བྱེད་གཅིག་གིས་ འཕངས་པས་རིས་མཐུན་དེའི་ཁྱད་པར་གྱི་ཆོས་ཡོངས༷་སུ་རྫོགས༷་པར་བྱེ༷ད་པ༷་ནི་ལས་དུ༷་མ༷་ཡོད་པ་ཡི༷ན་ཏེ། སྐྱ་རིས་རི་མོ་གཅིག་གིས་བྱས་ནས་ཚོན་སྣ་ཚོགས་ཀྱིས་རྫོགས་པར་བྱེད་པ་ལྟར། མིར་མཚུངས་ཀྱང་གཟུགས་སྟོབས་འབྱོར་སོགས་ ཐ་དད་པ་བཞིན་ནོ། །དེས་ན་འཕེན་རྫོགས་དགེ་མི་དགེའི་མུ་བཞི་སྟེ། དང་པོ་འཕེན་བྱེད་དགེ་ལ་རྫོགས་བྱེད་མི་དགེ་བ་ནི་མི་དབུལ་པོ་སོགས་དང་། གཉིས་པ་ཆོས་རྒྱལ་གཤིན་རྗེ་དང་། གསུམ་པ་ལྷའི་དབང་པོ་དང་། བཞི་པ་མནར་མེད་ ལྟ་བུའོ། །མདོ་སྡེ་པ་དང་ཐེག་པ་གོང་མ་དག་ནི། ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་མདོ་ལས་བཤད་པ་དང་། གཅིག་གིས་གཅིག་འཕེན་པའང་ཡོད་དོ་ཞེས་པ་འདི་འདོད་དོ། །སེམ༷ས་མེ༷ད་སྙོམས༷་པར༷་འཇུག༷་པ༷་གཉིས་པོ་དག༷་ 3-1-147a འཕེན༷་བྱེ༷ད་མ༷་ཡི༷ན་ཏེ་དེ་དག་ལ་སེམས་མེད་པས་སེམས་པ་དང་ལྷན་ཅིག་མི་འབྱུང་བའི་ལས་ནི་སྟོབས་ཆུང་བས་ཚེ་རིང་ལྷ་སོགས་དེའི་འཕེན་བྱེད་ནི་བསམ་གཏན་བཞི་པ་དང་སྲིད་རྩེའི་སྙོམས་འཇུག་ཡིན་པས་ སོ། །རང་གི་སྙོམས་འཇུག་ནི་རྫོགས་བྱེད་ཀྱི་དབང་དུ་བྱས་ཏེ་དེས་དེ་ཐོབ་ཅེས་སོ། །དགེ་མི་དགེའི་ཐོབ༷་པ༷འང༷་ལས་དང་ལྷན་ཅིག་ཡིན་ཀྱང་འཕེན་བྱེད་ནི་མིན༷་ཏེ། ལས་དང་ཐོབ་པ་འབྲས་བུ་མི་གཅིག་ལ། ཐོབ་པ་ལ་སེམས་པ་མེད་ པས་ཞར་བྱུང་དང་། ཤིང་གི་ཤུན་པ་ལྟར་ལས་དང་ཐོབ་པ་ཐ་དད་པས་སོ། །འོན་ཀྱང་དགེ་མི་དགེའི་ཐོབ་པ་ཟག་བཅས་དེ་རྫོགས་བྱེད་ཡིན་ནོ་ཞེས་བྱེ་སྨྲའི་འདོད་པའོ། །དེ་བཞིན་འཕགས་རྒྱུད་ཀྱི་ཟག་བཅས་ལས་དང་། སྦྱོར་ལམ་བཞིའང་ རྫོགས་བྱེད་ཁོ་ན་ཡིན་ནོ། །གཉིས་པ་བྱེ་བྲག་ལ། སྤང་བྱ་སྒྲིབ་པ་བཤད་པ། བླང་བྱ་བསོད་ནམས་བཤད་པ། ཞར་བྱུང་ལས་ཕལ་པ་བཤད་པ་དང་གསུམ། དང་པོ་ལ། སྒྲིབ་གསུམ་སྤྱིར་བསྟན་པ། ལས་སྒྲིབ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། མདོ་ལས། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་གསུམ་བཤད་པ་ལ། མ། ཕ། དགྲ་བཅོམ་བསད་པ། དགེ་འདུན་གྱི་དབྱེན། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ འབྱིན་པ་སྟེ། སྐྱེ་བ་ཕྱི་མ་ཁོ་ནར་དམྱལ་བར་འགྲོ་བ་ལ། ལས་དང་། འགྲོ་བ་གཞན་གྱིས་བར་རམ་མཚམས་བཅད་པར་མི་ནུས་པས་མཚ༷མས་མེ༷ད་པ༷འི༷་ལ༷ས་རྣམ༷ས་ནི་ལས་ཀྱི་སྒྲིབ་པ་དང༷་། ཉོན༷་མོང༷ས་པ་ཤས༷་ཆེན༷་པོ་ཉོན་མོངས་པའི་སྒྲིབ་ 3-1-147b པ་ཡིན་ནོ། །དེ་ལ་ཉོན་མོངས་པ་ཤས་ཆེ་བ་དང་། རྣོ་བ་གཉིས་ལས། དང་པོ་ནི། རྒྱུན་ཆགས་སུ་འབྱུང་བ་གང་ཡིན་པ་སྟེ། དེ་ཆུང་ངུ་ལས་འབྲིང་དང་། འབྲིང་ལས་ཆེན་པོ་རྒྱུན་མི་ཆད་པར། གཉེན་པོས་སྤོང་བའི་སྐབས་མི་རྙེད་ པས་སྒྲིབ་པར་བཞག་གོ། གཉིས་པ་དྲག་ཏུ་འབྱུང་བ་གང་ཡིན་པ་སྟེ། དེ་སྤང་སླ་ཕྱིར་སྒྲིབ་གསུམ་གྱི་ནང་དུ་མ་གཏོགས་སོ། །ངན༷་འགྲོ༷་རྣམ་པ་གསུམ་དང༷་། འདུ༷་ཤེས༷་མེ༷ད་པའི༷་སེམ༷ས་ཅ༷ན་རྣམས་དང༷་། སྒྲ༷་མི༷་སྙ༷ན་དུ་སྐྱེས་པ་རྣམས་ ནི་རྣམ་སྨིན་སྒྲིབ་པ་སྟེ། སྔར་གྱི་ལས་ཀྱིས་རྒྱུད་ངན་པར་འཕངས་པས་སོ། །དེ་ལྟར་ན་སྒྲིབ༷་པ་ནི་གསུམ༷་དུ༷་འདོ༷ད་དེ། འཕགས་ལམ་དང་། དྲོ་བ་སོགས་འཕགས་ལམ་གྱི་སྦྱོར་བ་ལ་བསྒྲིབས་པས་སོ། །འོ་ན་ལམ་ཕྲན་པ་ དང་། སོར་ཕྲེང་དང་། དགའ་བོ་སོགས་ཉོན་མོངས་ཆེན་པོ་དང་ལྡན་པ་དེ་དག་ལ་འཕགས་ལམ་མི་སྐྱེ་བར་ཐལ་ཞེ་ན། དེ་དག་ལའང་ཇི་སྲིད་སྒྲིབ་པ་དེ་མ་སྦྱང་བ་དེ་སྲིད་དུ་ལམ་མི་སྐྱེ་བ་ཡིན་ལ། སྐྱེ་བ་ན་ཉོན་མོངས་པ་ཆེན་པོ་མེད་པ་ ཡིན་ནོ། །འཕགས་ལམ་ལ་བསྒྲིབས་པས་ཡིན་ན། ཚངས་ཆེན་འདུ་ཤེས་མེད་སྙོམས། སྒོང་སྐྱེས་དྲོད་གཤེར་སྐྱེས། བུད་མེད་དུ་འགྱུར་བ་དང་ཟ་མ་སོགས་དང་། ངན་སོང་གསུམ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་སྲིད་པ་ བརྒྱད་པར་འགྲུབ་པར་འགྱུར་བའི་ལས་རྣམས་ཀྱང་སྒྲིབ་པར་ཐལ། མཚམས་མེད་འཕགས་ལམ་ལ་སྒྲིབ་པའི་ལས་སུ་བཞག་པ་དང་རིགས་པ་མཚུངས་པས་སོ་ཟེར་ན། དེ་དག་ཀྱང་སྒྲིབ་པར་འགྱུར་མོད་ཀྱི་མཚམས་མེད་ཁོ་ནར་སྟོན་པ་ནི། 3-1-148a གཞི་འབྲས་བུ་སོགས་ཀྱི་སྒོ་ནས་གཞན་ལ་བསྟན་སླ་ཞིང་རང་གིས་ཐ་སྙད་གདགས་སླ་བས་དེ་གསལ་པོར་སྨྲར་བཏུབ་པས་སོ་ཟེར། ཉོན་སྒྲིབ་ལས་སྒྲིབ་རྣམ་སྨིན་སྒྲིབ་སྟེ་གསུམ་སྔ་མ་སྔ་མ་ཐ་ཤལ་ཏེ། ཕྱི་མ་འདྲེན་ པ་དང་། འདི་དང་ཕྱི་མ་ལ་ཡང་བསྒྲིབས་པས་སོ་ཟེར་རོ། །གཉིས་པ་ལ་གཉིས། མཚམས་མེད་པ་ལྔ་བཤད་པ་དང་། འཕྲོས་དོན་དུ་དེ་དང་ཉེ་བ་ལྔ་བཤད་པའོ། །དང་པོ་ལ། སྤྱི་དང་། བྱེ་བྲག །ཞར་བྱུང་གསུམ། དང་པོ། གནས་རྟེན་གང་དུ་ཡོད་དཔྱད་པ་ནི། མཚ༷མས་མེ༷ད་ནི་བྱང་མིན་པའི་གླིང༷་གསུམ༷་དག༷་ན༷་ཡོ༷ད་ལ། གླིང་གསུམ་གྱི་ཡང་ཟ༷་མ༷་དང་སོ༷གས་ཀྱིས། མ་ནིང་དང་མཚན་གཉིས་ལ༷འང་མཚམས་མེད་འབྱུང་བར་མི༷་འདོ༷ད་དོ༷། །ཅིས་ན་ ཕ་མས་དེ་དག་ལ་དབང་པོ་མ་ཚང་བར་སྐྱེད་པ་དང་། བྱམས་པ་ཆུང་བས་ཕན༷་པ་ཆུང་བ་དང༷་། རང་བཞིན་གྱིས་རྒྱུད་ངན་པ་ཞིང་ཚ་སྒོ་ཅན་ལྟར། དེ་དག་ཕ་མ་ལ་ངོ༷་ཚ༷་ཁྲེལ་ཡོད་ཆུང༷་བའི༷་ཕྱིར༷་ཡང་ངོ་། །ངན་སོང་ན་ཕ་གསོད་པ་སོགས་ཡོད་ ཀྱང་མཚམས་མེད་དུ་མི་འགྱུར་ཏེ། སྡིག་སེམས་མི་བརྟན་པས་དང་། གཉེན་པོ་ལམ་མེད་པས་སོ། །ལྷ་དང་སྒྲ་མི་སྙན་ན་མེད་དེ་སྡིག་སེམས་ཅན་མིན་པས་སོ། །ཟ་མ་སོགས་དེ་དག་ལ་མཚམས་མེད་མི་འབྱུང་བ་ཅིའི་ཕྱིར་ན། གང་ལ་མཚམས་མེད་མེད་པ་དེ་ལ་སྡོམ་པ་མི་སྐྱེ་བའི་གཏན་ཚིགས་དེའི་ཕྱིར་རོ། །མི་སོགས་བློ་གསལ་བས་ཡིན་གྱི། བློ་གསལ་ན་དུད་འགྲོ་ལ་ཡང་འགྱུར་ཏེ། རྟ་ཅང་ཤེས་མ་ལ་ལོག་གཡེམ་མི་བྱེད་པ་བཞིན་ནོ་ཞེས་ཁ་ཅིག་ཟེར་ 3-1-148b དབང་པོ་མ་ཚང་བར་སྐྱེ་ཞེས་པ་མངོན་པར་རྟོགས་པ་སྐྱེ་བའི་སྐལ་ཅན་གྱི་དབང་པོ་ལ་ཟེར་རོ། །ལས་སྒྲིབ་ཀྱི་ལྷག༷་མ༷་ཉོན་མོངས་དང་རྣམ་སྨིན་སྒྲིབ་གཉིས་ནི། འགྲོ༷་བ༷་ལྔ༷་པོ་ཐམས་ཅད་དག༷་ན༷་ཡོད་དོ། །གཉིས་པ་བྱེ་བྲག་ དགེ་འདུན་དབྱེན་ལ། ངོ་བོ་རྒྱུ། འབྲས་བུ་རྟེན། གནས་གང་དུ། གང་འབྱེད། དབྱེ་བའི་ཚད། ཡུན། ཡུལ་གང་དུ། གང་ཟག་དུ་འབྱེད། དུས་ནམ་གྱི་ཚེ། ཡོད་མེད་ཀྱི་ཁྱད་པར་བཅུ་ལས། དང་པོ། གཞན་ཤེས་སླ་ བས་མ་བཤད་ལ། དགེ༷་འདུན༷་དབྱེན༷་ནི༷། དགེ་འདུན་ཕན་ཚུན་ཐུགས་བརྩེ་མི༷་འཕྲོད༷་པའི༷་རང༷་བཞིན༷་དུ་གྱུར་པ་ལྡན༷་པ༷་མ༷་ཡི༷ན་པའི་ཆོས༷་འདུ་བྱེད་རྫས་གྲུབ་ཞིག་ཡོད་དོ་ཞེས་སོ། །དེ་ཡང་ཉོ༷ན་མོང༷ས་ཅ༷ན་ཡང་མི༷ན་ལ་ལུང༷་མ་བསྟན༷་པ་མིན༷་པ་ མ་བསྒྲིབ་ལུང་མ་བསྟན་ནོ། །དེ་ལྟ་བུའི་དབྱེན་དེ༷་དང༷་ཕྱོགས་གཉིས་པའི་དགེ༷་འདུན༷་རྣམས་ཡང༷་དག༷་པར་ལྡན༷་ལ། དེ་མཚམས་མེད་ཀྱི་ལས་ནི་མིན་ནོ། །གཉིས་པ། ལས་ནི་དབྱེན་དེ༷་ཡི༷་རྒྱུ་ཁ༷་ན༷་མ༷་ཐོ༷་བ་དགེ་འདུན་འབྱེད་པར་བྱེད་པའི་ རྫུ༷ན་ཏེ་ལས་དེ༷་ད༷ང་འབྱེ༷ད་པོ༷་ལྷས་བྱིན་ལ་སོགས་པ་ཡང༷་དག༷་པར་ལྡན༷་ནོ། །གསུམ་པ་ལ། དངོས་དང་འཕྲོས་དོན་གཉིས། དང་པོ་དབྱེན་གྱི་ལས་དེས་འབྱེད་པ་པོ་དེ་བར་གྱི་བསྐལ༷་པ༷ར་མནར༷་མེ༷ད་པར༷་སྡུག་བསྔལ་མྱོང་བའི་འབྲས་བུ་ སྨིན༷་པར་འགྱུ༷ར་རོ། །གཉིས་པ། དབྱེན་གྱིས་མནར་མེད་དུ་སྐྱེ་ལ་མཚམས་མེད་གཞན་གྱིས་དམྱལ་བར་སྐྱེ་ངེས་ཀྱང་མནར་མེད་ཁོ་ནར་མ་ངེས་ཟེར། འོ་ན་མཚམས་མེད་གཉིས་སོགས་བྱས་ན། དམྱལ་བར་ཚེ་གཅིག་ཁོ་ན་ལས་མི་སྐྱེ་ན་ 3-1-149a ལས་ཆེ་ཆུང་ཁྱད་མེད་དུ་འགྱུར་ལ། ཚེ་གཉིས་སོགས་སུ་སྐྱེ་ན་མཚམས་མེད་དང་། སྐྱེས་ནས་མྱོང་འགྱུར་ཁོ་ན་མིན་པར་ཐལ་ཞེ་ན། བྱེ་སྨྲས། མཚམས་མེད་ལྷག༷་པའི༷་གྲངས་བཞིན་ ལུས་གཉིས་འགྱུར་ཆེ་བ་སོགས་སྡུག་བསྔལ་གྱི་གནོ༷ད་པའི༷་ལྷག༷་པར༷་འགྱུར༷་ལ། སྔ་མ་འཕེན་བྱེད་དང་ཕྱི་མ་རྫོགས་བྱེད་དོ་ཟེར། མདོ་སྡེ་བ་སོགས་མནར་མེད་དུ་ཡང་ཡང་སྐྱེ་ཡང་སྐྱེ་བ་གཞན་བར་མ་ཆོད་པ་དང་། མདོ་ལས་སྐྱེས་ནས་མྱོང་འགྱུར་དུ་གསུངས་པ་ནི། དང་པོ་རྩོམ་པའི་དབང་དུ་བྱས་ཟེར་རོ། །བཞི་པ། འབྱེད་པོའང་དགེ༷་སློང༷་ཡིན་པས་ལྟ༷་བ་སྤྱ༷ད་པ་ཚུལ༷་ཁྲིམས་དང་ལྡན༷་པས༷་འབྱེ༷ད་དོ༷། །དེ་ཡང་འབྱེད་པོ་ཁྱིམ་པ་ དང་། སྲེད་པ་སྤྱད་པ་དང་། ཚུལ་འཆལ་གྱིས་མིན་ཏེ། སངས་རྒྱས་ལ་འགྲན་པ་ཡིན་པས་དང་། དབང་པོ་རྣོ་བས་དང་། དེ་དག་ལ་དགེ་འདུན་ཡིད་ཆེས་ཤིང་ཚིག་བཙན་དགོས་པས་སོ། །ལྔ་པ། གང་དུ་ན། སངས་རྒྱས་བཞུགས་པའི་གནས་དེ་ལས་གཞན༷་དུ༷འོ༷། །དེ་ཡང་སངས་རྒྱས་བཞུགས་པར་མངོན་སུམ་དུ་དབྱེ་བར་མི་བཟོད་དེ་སངས་རྒྱས་ཀྱི་གཟི་བརྗིད་མི་བཟོད་པས་སོ། །དྲུག་པ་བྱིས༷་པ༷་རྣམ༷ས་ཞེས་པས་བསྟན་ཏེ། འབྱེད་བྱ་བྱིས་པའི་དགེ་འདུན་རྣམས་ལས་འཕགས་པ་དབྱེ་མི་ནུས་ཏེ། ཆོས་མངོན་སུམ་དུ་གྱུར་པས་སངས་རྒྱས་ལ་ཤེས་ནས་དད་པ་འཐོབ་པས་སོ། །ཁ་ཅིག་བཟོད་ཐོབ་ཀྱང་དབྱེ་མི་ནུས་ཟེར་རོ། །བདུན་པ་དབྱེ་བའི་ཚད། 3-1-149b དཔེར་ན་ཀོ་ཀ་ལི་ཀ་རྒྱ་མཚོ་བྱིན་སོགས་ལྟ་བུ་སྟོན་པ་སངས་རྒྱས་ལས་གཞན་ལྷས་བྱིན་ལྟ་བུ་ལ་སྟོན༷་པ་དང༷་། དེས་བསྟན་པའི་ལམ༷་སངས་རྒྱས་ཀྱིས་བཅས་པ་ལས། གཞན༷་འོ་མ་མི་སྤྱད་པ་དང་། ཤ་སྤང་བ་དང་། ལན་ཚྭ་ལོངས་མི་སྤྱད་པ་དང་། གོས་མ་དྲས་པ་བགོ་བ་དང་། གྲོང་ནང་གི་གཙུག་ལག་ཁང་དུ་འདུག་པ་ཞེས་བྱ་བའི་བསླབ་པའི་ཚིག་ལྔ་བཅས་པ་ལ་སོགས་པ་ལ༷་བཟོ༷ད་ཅིང་ཡིད་ཆེས་བརྟན་པོར་རྙེད་དེ་དེ་ལྟར་རོ་སྙམ་ སྟེ་དང་དུ་ལེན་པ༷་དེའི་ཚེ་ན་བྱེ༷་བ༷འོ༷། །བརྒྱད་པ། ཕྱེ་བ་དེ༷་ནི༷་ཆོས་ཉིད་ཀྱིས་ཞག་གཅིག་ལས་རིང་དུ་མི༷་གན༷ས་སོ༷། །དེ༷་ནི༷་ཆོས་ཀྱི་འཁོར༷་ལོ༷འི་དབྱེ༷ན་དུ༷་འདོ༷ད་དེ། ཇི་སྲིད་དུ་དགེ་འདུན་བྱེ་ནས་མ་དུམ་པ་དེ་སྲིད་དུ་སུའི་ རྒྱུད་ལའང་ལམ་མི་སྐྱེ་བས་སོ། །དེ་མཚམས་མེད་ཡིན་གྱི་དབྱེན་གཞན་མཚམས་མེད་མིན་ནོ། །དགུ་པ་ལ་དངོས་དང་ཞར་བྱུང་གཉིས། དང་པོ་འཁོར་ལོའི་དབྱེན་དེ་གནས་གང་ན་ཡོད་ན་སངས་རྒྱས་ཉིད་བཞུགས་ པ་འཛམ༷་བུའི༷་གླིང༷་ནའོ༷། །གང་ཟག་དགུ༷་སོ༷གས་ཡན་ཆད་ཀྱིས༷་དབྱེ་ན་རུང་སྟེ། དགེ་འདུན་ནི་དགེ་སློང་བཞི་ཡན་ཆད་ཡིན་ལ། ཉུང་མཐའ་ཡང་སངས་རྒྱས་དང་འབྱེད་པོའི་ཕྱོགས་གཉིས་སུ་བཞི་བཞི་དང་འབྱེད་པོ་ དང་དགུ་ཚང་དགོས་པའི་ཕྱིར་རོ། །གཉིས་པ་ལ༷ས་ཀྱི༷་དབྱེ༷ན་ནི༷་བྱང་མིན་པའི་གླིང༷་གསུམ༷་ན༷་ཡོད་དེ། དེར་བསྟན་པ་ཡོད་པས་སོ། །ལས་ཀྱི་དབྱེན་དེ༷་ནི༷་མཚམས་ནང་གཅིག་ཏུ་སོ་ཐར་གྱི་ལས་གཞི་གསོ་སྦྱོང་སོགས་མི་ 3-1-150a མཐུན་པར་སོ་སོར་བྱེད་པ་དེ་ཡང་བཞི་བཞི་སྟེ་བརྒྱ༷ད་དག༷་ཡན༷་ཆ༷ད་ཀྱིས༷་འགྲུབ་སྟེ་འབྱེད་པོ་ལོགས་སུ་མི་དགོས་པས་སོ། །བཅུ་པ་འཁོར་ལོའི་དབྱེན་དེ་དུས་ནམ་འབྱུང་ན་དེའང་སངས་རྒྱས་ནས་ཆོས་ འཁོར་བསྐོར་བའི་དུས་དང༷་པོ༷་སྟེ་རིང་པོར་མ་ལོན་པ་ན་འཁོར་ལོའི་དབྱེན་མི་འབྱུང་སྟེ། ཐམས་ཅད་རབ་དགས་བློ་མཐུན་པས་ཤ་གཅིག་པས་དང་། སྐུ་ཚེའི་མཐའ༷་མ་མྱ་ངན་འདའ་བའི་ཚེའང་མིན་ཏེ། སངས་རྒྱས་ལ་ དཀོན་འཛིན་དང་། མི་རྟག་པས་སྐྱོ་བར་ཡིད་མཐུན་པས་སོ། །ཇི་སྲིད་བསྟན་པ་ལ་ལྟ་ཚུལ་གྱི་སྐྱོན༷་མ་བྱུང་བའི་སྔ་རོལ་དུའང་མིན་ཏེ་བསྟན་པ་སྐྱོན་མེད་ཡིན་པས་སོ། །མཆོག་ཟུང༷་གཅི༷ག་མ་བྱུང་གི༷་སྔ༷་རོལ༷་དུའང་མིན་ཏེ། བྱེ་བ་རིང་དུ་མི་གནས་ཤིང་། དེ་དག་གིས་བསྡུམ་པ་ཡིན་པ་ལ་སྡུམ་བྱེད་མེད་པས་སོ། །ཐུབ༷་པ༷་ནོངས༷་པ༷་ནའང་མེད་དེ། གང་ལ་འགྲན་ཡུལ་སངས་རྒྱས་མི་བཞུགས་པའི་ཕྱིར་ད༷ང་། མཚ༷མས་ཆེ་ཆུང་སོ་སོར་མ༷་བཅ༷ད་པ༷་དག༷་ ཏུ༷་ཡང༷་མིན་ཏེ། མཚམས་གཅིག་ཏུ་དགེ་འདུན་ཕྱེ་བ་ནི་དབྱེན་ཡིན་ན་དེ་མེད་པས་སོ། །དེས་ན་སྐབས་དྲུག་པོ་དེར་འཁོར༷་ལོའི༷་དབྱེན༷་ནི༷་མི༷་འབྱུང༷་ངོ༷་། །འཁོར་ལོའི་དབྱེན་འདི་ཡང་སངས་རྒྱས་ཐམས་ཅད་ལ་འབྱུང་བ་མིན་ཏེ། ཉན་ཐོས་པ་དག་གིས་སྔོན་གྱི་ལས་ལ་རག་ལུས་ཏེ། སྟོན་པ་འདིས་སེམས་དཔར་གྱུར་པ་ན་དྲང་སྲོང་མངོན་ཤེས་ལྔ་ལྡན་ཞིག་གི་འཁོར་ཕྱེ་བའི་རྣམ་སྨིན་ཕྱི་མ་ཡིན་ནོ། །ཞེས་འཆད་ཀྱང་དེ་དགོངས་པས་བཤད་པ་ཐེག་ཆེན་པ་ 3-1-150b འདོད་དོ། །གསུམ་པ་ཞར་བྱུང་ལ། མཚམས་མེད་སྡིག་པ་ལྕི་བའི་རྒྱུ་མཚན། མཚམས་མེད་དུ་འགྱུར་མི་འགྱུར་དཔྱད་པ། མཚམས་མེད་ལ་ཆགས་བྲལ་མི་སྲིད་པའི་ཚུལ། ཞར་ལ་ཟག་བཅས་ཀྱི་དགེ་སྡིག་ སྟོབས་གང་ཆེ་བར་བསྟན་པ་བཞི། དང་པོ། ཅིའི་ཕྱིར་ན་ཕ་མ་བསད་པ་སོགས་གསུམ་པོ་ཁོ་ན་མཚམས་མེད་དུ་འགྱུར་གྱི་གསོད་པ་གཞན་མིན་ཞེ་ན། ཕ་མས་རང་ལུས་ཐར་བ་དང་མཐུན་པར་བསྐྱེད་པས་ཕན༷་འདོགས༷་ པའི་ཞིང་ཁྱད་པར་ཅན་ཡིན་པ༷་དང༷་། དགྲ་བཅོམ་དང་སངས་རྒྱས་ཡོན༷་ཏན༷་ཞིང༷་ཁྱད་པར་བ་ཡིན་ལ་དེ་བསམ་པས་སྤང༷ས་དང༷་སྦྱོར་བས་མེ༷ད་པར༷་བྱས༷་པའི་ཕྱིར༷་རོ༷། །དེ་བཞིན་གཤེགས་པ་བཀྲོང་བར་མི་ནུས་ཀྱང་བསམ་པས་ སྤངས་ཤིང་སྦྱོར་བས་མེད་པར་བྱ་བར་བརྩམས་པས་སོ། །གཉིས་པ། གལ་ཏེ་ཕ་མ་མཚན་འགྱུར་བ་བསད་ན་ཕ་མ་བསད་པའི་མཚམས་མེད་དུ་འགྱུར་རམ་མི་འགྱུར་ཞེ་ན། ཕ་མ་གཉིས་ཀྱི་མཚ༷ན་ནི༷་གཞན༷་དུ༷་ གྱུར༷་ཀྱང༷་མཚམས་མེད་དུ་འགྱུར༷་ཏེ་རང་ལུས་ཁྱད་པར་ཅན་བསྐྱེད་པའི་ཕ་མའི་བྱ་བ་བྱས་ཟིན་པས་སོ། །དེ་ཉིད་ཀྱི་ཕྱིར་ཕ་ཡང་མིན་ལ་དགྲ་བཅོམ་པ་མིན་པའི་སྐྱེས་བུ་ཞིག་བསད་ན་མཚམས་མེད་པའི་ཉེས་པས་རེག་པར་ འགྱུར་བ་ཡོད་དམ་ཞེ་ན་ཡོད་དེ། མ་མཚན་གྱུར་པ་བསད་ན་མཚམས་མེད་པར་འགྱུར་རོ་ཞེས་བཤད་པ་སོགས་སོ། །སྤུན་གྱིས་སྤུན་མངག་སྟེ་ཁྱོད་ཁོ་ནས་ཕ་མ་སོད་ཅིག་ཅེས་པར་བསྒོ་ཞིང་། དེའང་བསད་ན་གཉིས་ཀ་ 3-1-151a མཚམས་མེད་དང་དེས་གཞན་ལ་གསོད་དུ་བཅུག་ན་ཕྱི་མར་མཚམས་མེད་ཀྱི་ལས་དང་ལྡན་ལ་སྔ་མར་མི་ཐོབ་ཅེས་སོ། །མ་བུད་མེད་གཞན་དུ་འདུ་ཤེས་པས་བསད་ན་དགྲ་བཅོམ་པ་མིན་ན་མཚམས་མེད་མིན་ ཟེར། གལ་ཏེ་བུད་མེད་གཞན་གྱི་ནུར་ནུར་པོ་གཞན་གྱི་མངལ་དུ་བླུག་ནས་གཞན་དེའི་མངལ་དུ་སྐྱེ་ན་དེ་གང་བསད་ན་མཚམས་མེད་དུ་འགྱུར་རམ་ཞེ་ན། དང་པོ་ག༷ང་གི༷་ཟླ༷་མཚ༷ན་ལ༷ས་བྱུ༷ང་བ་དེ་ཉིད་མ༷་ཡིན་ཏེ་ལུས་སྐྱེད་པའི་གཙོ་བོ་ཡིན་པས་ སོ། །གཉིས་པ་དེ་ཙམ་གཙོ་བོ་མིན་ཡང་གསོ་ཞིང་སྐྱེད་པས་མ་དང་འདྲ་བར་མ་ལ་ཞུ་བའི་བྱ་བ་རྣམས་ཞུ་དགོས་སོ། །ཕ་མ་ལ་གསོད་པའི་སྦྱོར་བ་བྱས་ནས་གཞན་བསད་པ་དང་། གཞན་ལ་སྦྱོར་བ་བྱས་ནས་མ་བསད་པ་མཚམས་མེད་དུ་ མི་འགྱུར་ཏེ། མཚམས་མེད་གང་ལ་སྦྱོར་བ་བྱས་པ་དེ་ཉིད་ལ་དངོས་པོ་རྫོགས་དགོས་པས་སོ། །མཚོན་ཐབས་གཅིག་གིས་མ་དང་སེམས་ཅན་གཞན་ཞིག་བསད་ན་མཚམས་མེད་དང་སྲོག་གཅོད་འབའ་ཞིག་པའི་ལས་གཉིས་ཡིན་ལ་རིག་བྱེད་ནི་ མཚམས་མེད་ཀྱིས་བསྡུས་པ་ཁོ་ན་སྟེ། དེ་ཉིད་སྟོབས་ཆེ་བའི་ཕྱིར་རོ་ཟེར། དབྱངས་སྒྲོགས་ན་རེ། རིག་བྱེད་རྡུལ་ཕྲན་བསགས་པ་ཡིན་པས་རྡུལ་ལ་ལ་མཚམས་མེད་ལ་ལ་སྲོག་གཅོད་འབའ་ཞིག་པའི་རིག་བྱེད་ཡིན་ནོ་ཟེར་རོ། །དགྲ་བཅོམ་ པ་མིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་བསད་ཀྱང་མཚམས་མེད་ཡིན་ཏེ། འདི་བསད་དོ་སྙམ་དུ་རྟེན་ངེས་པར་བཟུང་བས་སོ། །ཕ་དགྲ་བཅོམ་སོགས་བསད་ན་རྟེན་གཅིག་ཡིན་པས་མཚམས་མེད་གཅིག་ཡིན་ཟེར། ལུང་རྣམ་འབྱེད་ལས། 3-1-151b རྒྱལ་བུ་སྐྲ་ཅན་གྱིས་ཕ་ཨུ་ཏྲ་ཡ་ན་དགྲ་བཅོམ་བསད་པ་ལ། སོང་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པའོ། །ཞེས་སྨྲོས་ཤིག་ཅེས་ཕས་སྤྲིང་བ་དེ་ཅི་ཞེ་ན། མཚམས་མེད་པའི་རྒྱུ་ གཉིས་ཀྱིས་མཚམས་མེད་བྱས་ཞེའམ། ཡང་ན་སྒོ་གཉིས་ནས་སྤྱོས་པ་ཡིན་གྱི་མཚམས་མེད་གཅིག་ལས་མེད་ཟེར་ཀྱང་དཔྱད། སངས༷་རྒྱས༷་བཀྲོང་འདོད་མིན་པར་བརྡེག༷་པ༷ར་སེམ༷ས་པས་མཚོན་བསྣུན་པ་ལ༷་མཚམས་མེད་མིན༷་ཏེ་སྲོག་ གཅོད་པའི་བསམ་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་མཚོན་བསྣུན༷་དུས་དགྲ་བཅོམ་མིན་ལ་དེ་འོ༷ག་དགྲ༷་བཅོ༷མ་པ༷་ཐོབ་ནས་གྲོངས་ཀྱང་དེ་ལ༷་མཚམས་མེད་མིན༷་ཏེ་དེས་དེ་ལ་སྦྱོར་བ་མ་བྱས་པའི་ཕྱིར་རོ། །གསུམ་པ། མཚ༷མས་མེ༷ད་ཀྱི་ དངོས་ལྟ་ཅི་སྦྱོར༷་བ༷་བྱས༷་པ༷་དེ་མ་སྤང་བར་འབྲས་བུ་ཐོབ་བམ་ཞེ་ན། དེ་ལ༷་འདོ༷ད་ཆགས༷་བྲལ༷་བའི་དགེ་སྦྱོང་གི་ཚུལ་ཕྱི་མ་གཉིས་ཀྱི་འབྲས༷་བུ་ཐོབ་པ་མི༷་སྲི༷ད་དོ༷། །མཚམས་མེད་མིན་པའི་ལས་ལམ་གཞན་གྱི་སྦྱོར་བ་བྱས་པ་ལ་འཕགས་ལམ་ སྐྱེ། འཕགས་ལམ་སྐྱེས་པ་ལ་སྦྱོར་བ་དེའི་ལས་ལམ་མི་སྐྱེ་སྟེ། རྔོན་པས་འཚོ་བའང་སངས་རྒྱས་ཀྱིས་རྒྱུན་ཞུགས་ལ་བཀོད་པར་གསུངས་པས་མཚམས་མེད་ལས་གཞན་པའི་ལས་ཀྱིས་ཆགས་བྲལ་དང་འབྲས་བུ་ལ་གེགས་སུ་འགྱུར་བ་ མིན་ནོ། །ཞེའོ། །ཐེག་ཆེན་པ་ལྟར་ན་མཚམས་མེད་བྱས་པས་ཀྱང་འབྲས་བུ་ཐོབ་སྟེ། མ་སྐྱེས་དགྲ་དགྲ་བཅོམ་ཐོབ་པར་གསུངས་པ་ལྟ་བུའོ། །བཞི་པ་འབྲས་བུ་གང་ལྕི་ན། དགེ༷་འདུན༷་གཉིས་སུ་དབྱེ༷་བའི་ཕྱིར༷་རྫུན༷་སྨྲ༷་བ༷་དེ་ནི་ཁ༷་ན༷་ 3-1-152a མ༷་ཐོ༷་བ་རབ༷་ཏུ་ཆེ༷་བར་འདོ༷ད་དེ། ཆོས་སྐུ་ལ་བསྣུན་པའི་ཕྱིར་དང་། ཕྱེ་བ་སླར་མ་འདུམ་པར་མཐོ་རིས་དང་། འབྲས་བུ་ཐོབ་པ། ཆགས་བྲལ། ཟག་ཟད་རྣམས་ལ་གེགས་སུ་འགྱུར་ཞིང་། བསམ་གཏན་དང་ ཀློག་པ་དང་ཁ་ཏོན་དང་སེམས་པའི་ལས་རྣམས་ཀྱང་མི་འཇུག་པས་མཐོ་རིས་དང་བྱང་གྲོལ་གྱི་བར་དུ་གཅོད་ཕྱིར་ལྷར་བཅས་འཇིག་རྟེན་འཁྲུག་ཅིང་ཡིད་མི་བདེ་བ་དང་། རང་དབང་མེད་པར་དྲན་པ་ཉམས་པར་བྱས་པའི་ཕྱིར་དང་། རྣམ་ སྨིན་བར་བསྐལ་གཅིག་ཏུ་མནར་མེད་སྐྱེ་བའི་ཕྱིར་རོ། །དེ་རྗེས་ཁྲག་འབྱིན། དགྲ་བཅོམ། མ་ཕ་གསོད་པ་རྣམས་རིམ་པར་ལྕི། མདོ་ལས་ཉེས་གསུམ་ནང་ཡིད་ཀྱི་ལས་གསུམ་ལྕི་བ་དང་། དེའི་ནང་ནས་ལོག་ལྟ་ལྕི་ བར་བཤད་པ་དང་འགལ་ཞེ་ན། དེ་ལ་དབྱེ་ན་རྣམ་སྨིན་གྱི་དབང་དུ་དང་། ཡིད་ལས་ཉེས་པའི་རྒྱུ་ཡིན་པས་དང་། དགེ་རྩ་གཅོད་ཕྱིར་ལོག་ལྟ་དང་། ཡང་ན་དབྱེན་དང་། ཡིད་ལས་དང་། ལོག་ལྟ་རྣམས་ནི་རིམ་པར་ མཚམས་མེད་དང་། སྒོ་གསུམ་གྱི་ལས་དང་། ལྟ་བ་ལྔའི་ནང་ནས་ལྕི་བར་བཤད་པས་མི་འགལ་ཟེར་རོ། །འཇིག༷་རྟེན༷་པ༷་ཡི༷་དགེ༷་བ༷་ལ༷་ནི། སྲི༷ད་རྩེའི༷་སེམ༷ས་པ༷་འབྲས༷་བུ་རབ༷་ཏུ་ཆེ༷་སྟེ། དེས་རྣམ་སྨིན་བསྐལ་ཆེན་ བརྒྱད་ཁྲིར་སྡུག་བསྔལ་ཐམས་ཅད་ཉེར་ཞི་འཕེན་ནུས་པ་དེ་ལས་གོང་གྱུར་མེད་པས་སོ། །གཉིས་པ་འཕྲོས་དོན་ལ། ཉེ་བ་ལྔ་བཤད་པ་དང་། དེའི་སྐབས་སུ་བཤད་པའི་བྱང་སེམས་ངེས་གནས་ངོས་བཟུང་བ་གཉིས། 3-1-152b དང་པོ་ལ། དངོས་དང་། ཞར་བྱུང་། གེགས་བྱེད་པའི་རྣམ་སྨིན་དང་བཅས་པའི་ལས་གསུམ་བཤད་པ་གཉིས། དང་པོ། མ༷་ཡང་ཡིན་ལ་དགྲ༷་བཅོ༷མ་མ༷་ཡང་ཡིན་པ་འདོད་ལོག་གིས་སུན༷་ཕྱུང་བར་བྱས༷་པ་ དང༷་། བྱང༷་ཆུབ༷་སེམ༷ས་དཔའ༷་ངེས༷་པ་ལ་གན༷ས་པ་བསད་པ་དང༷་། འཕགས་པ་སློབ༷་པ༷་བདུན་པོ་གང་རུང་གསོད༷་པ་དང༷་། དགེ༷་འདུན༷་གྱི༷་ཞལ་དུ་འདུ༷་བའི༷་རྟེན་ནམ། སྒོ༷་ནི༷་འཕྲོག༷་པ༷་དག༷་རིམ་པར་མ་དང་། ཕ་ དང་དགྲ་བཅོམ་པ་གསོད་པ་དགེ་འདུན་དབྱེན་བྱེད་པའི་མཚ༷མས་མེ༷ད་པ༷་རྣམས་དང༷་ཉེས་པ་ཆ༷་འདྲ༷་སྟེ༷། འདི་རྣམས་ཀྱིས་ཀྱང་དམྱལ་བ་ཁོ་ནར་སྐྱེ་བའི་ཕྱིར་རོ། །ལྔ༷་པ༷འམ་ཐ་མ་ཁྲག་འབྱིན་དང་ཉེ་བ་ནི། ཞེ་སྡང་ལ་སོགས་པས་ཀུན་ནས་བསླངས་ནས་མཆོ༷ད་རྟེན༷་སྐུ་གསུང་ཐུགས་རྟེན་འཇིག༷་པར་བྱེད་པ༷་ཡི༷ན་ནོ། །འདུ་བའི་སྒོ་འཕྲོག་པ་ལ་དབྱིག་བཤེས་ནར་མ་འདུ་བ་འཕྲོག་པ་ལ་འདོད་ལ། རྒྱལ་པོའི་སྲས་དང་གང་སྤེལ་ནི། གང་གིས་དགེ་འདུན་འཚོ་བར་བྱེད་པ་ཞལ་དུ་གསོལ་བ་གང་ཡིན་པ་དེ་འཕྲོག་པ་ལ་འདོད། དྲན་ཉེ་ལས། དཀོན་མཆོག་གསུམ་ལས་ཆུང་ངུ་ཞིག་བླངས་ནའང་ཆེན་པོར་འགྱུར་ཏེ། དེ་དག་ལ་རིས་མཐུན་པ་སླར་ཕུལ་ན་སངས་ རྒྱས་དང་ཆོས་ཀྱིས་ནི་དག་པར་འགྱུར་ལ། དགེ་འདུན་གྱི་ནི་ཚོར་བ་མ་མྱོང་བར་དག་པར་མི་འགྱུར་ཏེ་ཞིང་ལྕི་བས་སོ། །གལ་ཏེ་དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ཞིག་ཡིན་ན་ནི་དམྱལ་བ་ཆེན་པོར་ལྟུང་ལ། ཞལ་དུ་འདུ་བ་མ་ཡིན་ན་ 3-1-153a ནི་མནར་མེད་པའི་ཁོར་ཡུག་མུན་པ་ཆེན་པོ་ལ་སོགས་པར་སྐྱེའོ། །ཞེས་སོ། །དེས་ན་ཆ་འདྲ་དང་ཉེ་བ་རྣམ་གྲངས་སོ། །ཁ་ཅིག་འདི་དག་བྱས་ན་དམྱལ་བ་ཁོ་ནར་སྨིན་ཀྱང་། བར་མེད་པ་ ཁོ་ནར་མིན་ཟེར་ལ། ཁ་ཅིག་བར་མེད་པར་སྐྱེས་ཀྱང་དུས་དང་རྣམ་སྨིན་ཆེ་ཆུང་ཡོད་པས་མཚམས་མེད་དང་མི་འདྲ་ཟེར། །གཉིས་པ། གཞན་ཡང་གེགས་བྱེད་པའི་རྣམ་སྨིན་དང་བཅས་པའི་ལས་གསུམ་བཤད་དེ། ཡུལ་འདོར་བ་ན་བུ་ལོན་ལྡང་བ་ལྟར། བཟོ༷ད་པ་ཐོབ་ལ་ངན་སོང་ད༷ང་། ཕྱིར༷་མི༷་འོང༷་ལ་མཐོང་ཆོས་མྱོང་བ་མ་གཏོགས་འདོད་པར་མྱོང་ངེས་ཀྱི་ལས་དང་། དགྲ༷་བཅོ༷མ་ཐོབ༷་པ་ལ༷་ཁམས་གོང་མར་ངེས་པར་སྐྱེ་འགྱུར་ གྱི་ལ༷ས་རྣམས་གེགས༷་ཤིན༷་ཏུ༷་བྱེ༷ད་དེ། དེ་དག་མ་ཐོབ་གོང་དུ་མ་སྨིན་ན་སླར་མི་མྱོང་ཞིང་མྱོང་ངེས་མི་བསླུ་བར་སྨིན་པས་སོ། །གཉིས་པ་ལ་དངོས་དང་། འཕྲོས་དོན། བདག་ཅག་གི་སྟོན་པས་ཚོགས་བསགས་ཚུལ་ གཉིས། དང་པོ། ས་མཚམས་གང༷་ན༷ས་བཟུང་སྟེ་བྱང༷་ཆུབ༷་ངེས་པ་ལ་གནས་པའི་སེམ༷ས་དཔའ༷་ཡི༷ན་ཞེ་ན། གང༷་ནས༷་བཟུང་སྟེ་མཚ༷ན་སོ་གཉིས་ཀྱི་རྣམ་སྨིན་གྱི༷་ལ༷ས་བསགས་པར་བྱེ༷ད་པ༷་དེ་ནས་བྱང་ཆུབ་སེམས་དཔའ་ ངེས་པ་ལ་གནས་པ་ཡིན་ཏེ། བསྐལ་པ་བརྒྱ་ན་སངས་རྒྱས་འཐོབ་པར་ངེས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཁྱད་པར་གྱི་ཆོས་ཅི་ལྟ་བུ་དང་ལྡན་ཞེ་ན། བྱང་སེམས་དེ་ནི་དེ་ཕན་ཆད་བདེ༷་འགྲོར༷་སྐྱེ་བ་དང་། དེའི་ནང་ནས་ 3-1-153b ཀྱང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པ་རི༷གས་མཐོན༷་པོར་སྐྱེ༷་བ་དང་། མིག་སོགས་དབ༷ང་པོ་ཚང༷་བ་དང་། ཕོར༷་གྱུར༷་པ་དང་། གང་དུ་སྐྱེ་བ་ཐམས་ཅད་དུ་ཚེ༷་ར༷བས་དྲ༷ན་པ་དང་། བསྐལ་པ་བརྒྱ་ན་སངས་རྒྱས་ འཐོབ་པར་ངེས་པས་ཕྱིར་མི༷་ལྡོག༷་པ་དང་ལྡན་པ་སྟེ་ཁྱད་པར་དྲུག་དང་ལྡན་པའོ། །དེ༷་ནི༷་མཚན་བཟང་གི་ལས་བྱེད་པ་ལ་བློ་གསལ་བས་འཛམ༷་གླིང༷་གི་ཕོར༷་གྱུར༷་ཉི༷ད་ཅེས་པ་ལས་སོག་པར་རྟེན་གྱི་ཁྱད་པར་རོ། །དེ་ཡང་མངོ༷ན་ སུ༷མ་དུ་བཞུགས་པའི་སངས༷་རྒྱས༷་ལ༷་བརྟེན་པ་ཞིང་གི་ཁྱད་པར། ལས་ཀྱི་ངོ་བོ་སངས་རྒྱས་དེ་ལ་སེམ༷ས་པ༷་ཞེས་པ་སངས་རྒྱས་ལ་དམིགས་པའི་སེམས་པ་དགེ་བ་ཡིན་གྱི། མཐོ་རིས་དང་། ཐར་པ་གཞན་ལ་དམིགས་པ་ མིན་ནོ་ཞེས་པ་དམིགས་པ་དང་། ངོ་བོའི་ཁྱད་པར་དེ་ཡང་བས༷མ་པ༷་ལ༷ས་བྱུང༷་བ་ཡིན་གྱི་ཐོས་བྱུང་མིན་ཏེ་དམན་པས་སོ། །སྒོམ་བྱུང་མིན་ཏེ། ཟག་མེད་མ་ཐོབ་ཅིང་། ཟག་བཅས་ནི་གོང་མའི་རྒྱུ་ཡིན་ལ་བྱང་སེམས་འདོད་པར་ སྐྱེས་པས་སམ། ཡང་ན་སྒོམ་བྱུང་ཟག་བཅས་ལ་གཉིས་ཏེ་སྲིད་པ་ལ་བརྟེན་པ་ཕྱི་རོལ་པའི་སྒོམ་བྱུང་སྲིད་རྩེ་ཐོབ་ཀྱང་མཚན་གྱི་རྒྱུར་མི་རུང་ཞིང་། ཐར་པ་ལ་བརྟེན་པ་འདི་སངས་རྒྱས་ཀྱི་རྒྱུ་ཡིན་མོད། དེ་ནི་སྟོན་དང་བསེ་ རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། ཞེས་སྟན་གཅིག་ལ་སྐྱེད་པས་སོ། །དུས་ཀྱི་ཁྱད་པར། འཚང་རྒྱ་བ་ལ་བསྐལ༷་པ༷་ཆེན་པོ་བརྒྱ༷་ལུས༷་པ༷་དག༷་ཏུ༷་ལས་དེ་དག་སོག་པའམ་འཕེན༷་པར༷་བྱེ༷ད་དོ། །དེ་ཡང་བསྐལ་པ་བརྒྱ་ 3-1-154a ལས་མང་དུ་ལུས་པ་ན་འཕེན་མི་སྲིད་ལ་ཉུང་དུ་ལུས་པ་ན་འཕེན་སྲིད་དེ། ཤཱཀྱ་ཐུབ་པས་བསྐལ་པ་དགུ་བཅུ་རྩ་གཅིག་ལུས་པ་ན་ལས་དེ་འཕང་བར་བཤད་དེ། མདོ་ལས། གྲོང་དཔོན་ ངས་འདི་ནས་བཟུང་སྟེ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ཡང་དག་པར་རྗེས་སུ་དྲན་ཏེ། ཟས་སྨིན་པར་སྟེར་བར་བྱ་བའི་ཕྱིར། ཁྱིམ་འགའ་ལའང་མི་བདེ་བའམ། གནོད་པར་འགྱུར་བ་གང་ཡིན་པ་དེ་ནི་མངོན་པར་མི་ མཁྱེན་ཏོ། །ཞེས་པའི་ལུང་འདིས་བསྐལ་པ་དགུ་བཅུ་རྩ་གཅིག་དྲན་པར་གསུངས་ལ། མཚན་གྱི་ལས་སོག་པ་ཕན་ཆད་ཚེ་རབས་དྲན་དགོས་པས་སོ་ཟེར། སློབ་དཔོན་ཁ་ཅིག་བསྐལ་པ་དང་པོ་ཚར་ཕྱིན་པའི་བྱང་སེམས། དེ་ནས་ངན་འགྲོ་དང་། རིགས་དམའ་བ། དབང་པོ་མ་ཚང་བ་དང་། བུད་མེད་ཀྱི་ངོ་བོར་འགྱུར་བའི་སྐྱོན་བཞི་ནི་ཟློག་ལ། ཚེ་རབས་དྲན་པ་ཕྱིར་མི་ལྡོག་པའི་ཡོན་ཏན་གཉིས་ནི་འཐོབ་པའི་ཕྱིར་ན་དེ་ཚུན་ཆད་བྱང་སེམས་ ངེས་གནས་ཡིན་ཟེར། མཚན་སོ་གཉིས་དེ་རེ༷་རེ༷འ༷ང་བསོ༷ད་ན༷མས་བརྒྱ་བརྒྱ༷་དག་ལས་སྐྱེ༷འོ་ཞེས་པ་ནི་ཚད་དེ། རེ་རེའི་ཚད་ཀྱང་། ཁ་ཅིག་བྱང་སེམས་ངེས་གནས་མ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལོངས་ སྤྱོད་ཀྱི་འབྲས་བུ་ཅན་གྱི་བསོད་ནམས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་དང་མཉམ་མོ་ཟེར། ཁ་ཅིག་སེམས་ཅན་སྤྱིའི་ལས་ཀྱིས་སྟོང་གསུམ་ཆགས་པ་ཇི་སྙེད་པ་དེ་ཙམ་དང་མཉམ་ལ། དེ་དག་བརྒྱ་ཡིས་མཚན་གཅིག་ 3-1-154b འགྲུབ་པ་ནས་སོ་གཉིས་བར་དེ་འདྲ་ཟེར། གཞན་དག་བསོད་ནམས་དེའི་ཚད་སངས་རྒྱས་ཀྱིས་མཁྱེན་པར་ཟད་ཀྱི་གཞན་དག་གིས་དཔག་དཀའ་འོ་ཟེར། བརྒྱའི་གྲངས། ཁ་ཅིག་སངས་རྒྱས་སྐྱེས་བུའི་སྐུ་མཚན་སོ་ གཉིས། ཆོས་སྐུ་མ་འདྲེས་པ་བཅོ་བརྒྱད་དེ་ལྔ་བཅུ་ལ་དམིགས་པའི་སེམས་པ་ལྔ་བཅུ། བདག་ཀྱང་འདི་འདྲར་གྱུར་ཅིག་སྙམ་པའི་སེམས་པ་ལྔ་བཅུ་སྟེ་བརྒྱར་འདོད་དོ། །གཞན་དག་འདོད་པ་ན་གནས་ཉི་ཤུ་དང་གྲང་ དམྱལ་བརྒྱད། གཟུགས་ཁམས་བཅུ་དྲུག་། གཟུགས་མེད་བཞི་སྟེ་ཞེ་བརྒྱད་ལ་བྱང་སེམས་སྙིང་རྗེ་དེ་སྙེད་སྐྱེ་ལ། དེ་དང་མཚུངས་ལྡན་གྱི་སེམས་པ་སངས་རྒྱས་ཀྱིས་ཁམས་གསུམ་འདི་ལས་སེམས་ཅན་དཀྲོལ་ལོ་སྙམ་པ་ གཅིག་དང་། བདག་གིས་དཀྲོལ་སྙམ་པ་གཅིག་སྟེ་ལྔ་བཅུ་ཡིན་ལ་དེ་ལན་གཉིས་ཡིད་ལ་བྱས་པས་བརྒྱ་ཡིན་ནོ་ཟེར། ཁ་ཅིག་སངས་རྒྱས་ནི་དགེ་བཅུ་རེ་རེའང་རྣམ་པར་དག་པའི་རྒྱུ་ལྔ་ལྔ་ལྡན་པ་སྟེ། ལས་ལམ་དངོས་ཡོངས་སུ་དག་པ། ཉེར་བསྡོགས་ཡོངས་སུ་དག་པ། རྣམ་པར་རྟོག་པས་མ་སྨད་པ། དྲན་པས་ཡོངས་སུ་ཟིན་པ་ཉིད་དང་། མྱང་འདས་ལ་བསྔོས་པ་སྟེ། དེ་ལྔ་བཅུ་ལ་དམིགས་པའི་སེམས་པ་ལྔ་བཅུ་དང་། ཇི་ལྟར་སངས་རྒྱས་དེ་རྒྱུ་ལས་ལམ་ལྔ་བཅུ་པོ་དེ་ ལས་བྱུང་བ་ལྟར། བདག་ཀྱང་རྒྱུ་ལྔ་བཅུས་སངས་རྒྱས་སུ་གྱུར་ཅིག་ཅེས་སྙམ་པ་ལྔ་བཅུ་སྟེ་བརྒྱ་ཡིན་ཟེར་ཀྱང་། འདིར་ནི་མཚན་འགྲུབ་པའི་བསོད་ནམས་རེ་རེའང་བརྒྱ་པར་འདོད་པས་ན་དེ་དག་ཀུན་བཏགས་ཙམ་མོ། །བློ་གྲོས་མི་ཟད་པ་ 3-1-155a བསྟན་པའི་མདོ་ལས་ནི། དུས་གསུམ་གྱི་སྐྱེ་བོ་དང་། ཉན་རང་ཐམས་ཅད་ཀྱི་བསོད་ནམས་བཅུ་འགྱུར་གྱིས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་དང་། བ་སྤུའི་ཁུང་བུ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱ་ འགྱུར་གྱིས་དཔེ་བྱད་གཅིག་དང་། དཔེ་བྱད་བརྒྱད་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་སྟོང་འགྱུར་གྱིས་མཛོད་སྤུ་དང་གཙུག་ཏོར་མ་གཏོགས་པ་མཚན་སུམ་ཅུའི་གང་རུང་གཅིག་དང་། མཚན་སུམ་ཅུ་པོ་ཐམས་ཅད་འགྲུབ་པའི་ བསོད་ནམས་ཁྲི་འགྱུར་གྱིས་མཛོད་སྤུ་དང་། མཛོད་སྤུ་འགྲུབ་པའི་བསོད་ནམས་འབུམ་འགྱུར་གྱིས་གཙུག་ཏོར་འགྲུབ་ལ། དེ་འགྲུབ་པའི་བསོད་ནམས་བྱེ་བ་ཕྲག་འབུམ་འགྱུར་གྱིས་གསུང་ཆོས་ཀྱི་དུང་འགྲུབ་པར་གསུངས་ལ། བྱང་ ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་མི་ལུས་ཐོབ་ནས། ཐམས་ཅད་འཁོར་ལོས་བསྒྱུར་བའི་བསོད་ནམས་དང་ལྡན་པར་གྱུར་པའི་བསོད་ ནམས་དེ་དག་བརྒྱ་འགྱུར་གྱིས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག །བ་སྤུའི་ཁུང་བུ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་གཅིག །དཔེ་བྱད་བརྒྱད་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་མཛོད་ སྤུ་དང་། གཙུག་ཏོར་ལས་གཞན་སུམ་ཅུའི་གང་རུང་གཅིག །མཚན་སུམ་ཅུ་པོ་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་མཛོད་སྤུ། དེ་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་གཙུག་ཏོར། དེའི་ཕྱིར་སངས་རྒྱས་ནི་བསོད་ནམས་བརྒྱ་པའི་ 3-1-155b མཚན་དང་ལྡན་པས་ན། ལྷར་བཅས་འཇིག་རྟེན་ནང་ན་བསོད་ནམས་གཏེར། །མཐོང་དང་ཐོས་དང་གཞེས་པ་མཛད་པས་ཀྱང་། །སེམས་ཅན་ཀུན་ལ་ཕན་པ་མཛད་པ་ལགས། །ཞེས་སོ། །རིན་ཕྲེང་དང་བྱང་ས་ལས་ཅུང་ཟད་འདྲ་མིན་ ལས། གཞན་བློ་གྲོས་མི་ཟད་པ་དང་འདྲ། རྒྱ་མཚོའི་སྤྲིན་ནི། བྱང་ས་ལས། སེམས་ཅན་ཐམས་ཅད་ཅེས་པ་འཛམ་གླིང་ལ་བྱ་ཟེར་རོ། །གཉིས་པ། དེ་ལ་ཤཱཀྱ་ཐུབ་པ་འདིས་སངས་རྒྱས་ཇི་སྙེད་གཅིག་ལ་བསྙེན་བཀུར་ནས་ སངས་རྒྱས་ཟེར་ན། དེ་ལ་ཐུགས་བསྐྱེད་པ་དང་ཚོགས་བསགས་པ་གཉིས། དང་པོ་བསྐལ་བཟང་ལྟར་ན། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ། །འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ ཀྱང་། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་དང་། སྙིང་རྗེ་པད་དཀར་ལས། བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པ་ན། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ་སེམས་བསྐྱེད་པར་གསུངས་ལ། བྱང་ཆུབ་སེམས་དཔའི་སྡེ་ སྣོད་ལས། གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བས། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལ་སེམས་བསྐྱེད་པ་དང་། མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས། ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བས་འཕགས་པ་འཇམ་དཔལ་ དགེ་སློང་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་པར་གྱུར་པ་ལ་སེམས་བསྐྱེད་པར་བཤད་པ་སོགས་ཐེག་ཆེན་ལས་སྣ་ཚོགས་འབྱུང་ཡང་། ཉན་ཐོས་པ་ལྟར་ན། ལུང་སྨན་གྱི་གཞི་ལས་གསུངས་པ་ལྟར། སྔོན་རྒྱལ་པོ་འོད་ལྡན་ཞེས་བྱ་ 3-1-156a བར་གྱུར་པ་ན། དང་པོར་སེམས་བསྐྱེད་པར་འདོད་དོ། །འདིར་ཚོགས་ཀྱི་དབང་དུ་བྱས་ནས། སྔོན་འདས་དུས་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་སྟོན་པ་འདི་བཞིན་རྩོད་དུས་བྱུང་བ་ལ། སྟོན་པ་འདི་རྫ་མཁན་གྱི་ཁྱེའུ་ སྣང་བྱེད་དུ་གྱུར་པ་ན། འབྲས་ཕོར་གང་དང་མཆིལ་ལྷྭམ་དང་། །རས་ཀྱི་ཁ་ཚར་དག་ཕུལ་ནས། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་སོགས་ཀྱི་སྨོན་ལམ་བཏབ་བོ། །ལུང་སྨན་གྱི་གཞི་ལས། རྫ་མཁན་ཡངས་པའི་འོད་དུ་གྱུར་པ་ན་ཤཱཀྱ་ཐུབ་ པ་བསེར་མའི་སྙུན་གྱིས་ཟིན་པ་ལ། ཆུ་འཇམ་པོས་ཁྲུས་གསོལ་ཏེ་མར་དང་ཏིལ་མར་གྱིས་བྱུགས་ནས། བུར་ཆུའི་བཏུང་བ་དྲང་བས་སྙུན་གྲོལ་ནས་དེ་དད་དེ། བདག་ཀྱང་རབ་ཏུ་སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་པ། །ཡོན་ཏན་ རིགས་དང་རུས་དག་མཉམ་པའི་སངས་རྒྱས་ཉིད་གྱུར་ཅིག །བདག་གིས་ཚངས་པའི་འཇིག་རྟེན་བར་གྱི་ཉམ་ཐག་འཆི་བ་ཡི། །ཕ་རོལ་ཞི་བ་རྒྱ་ཆེན་འཇིགས་པ་མེད་པས་སྒྲོལ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །དེ་ནས་བཟུང་སྟེ། སངས་རྒྱས་རྣམ༷་པར་གཟིགས༷་དང་མར༷་མེ༷་མཛད་དང་། རིན་ཆེན་གཙུག་ཏོར་ཅན་རྣམས་རིམ་པ་ལྟར་གྲངས༷་མེ༷ད་གསུམ༷་གྱི༷་ཐ༷་མར༷་བྱུང༷་ལ། དེ་རྣམས་ཀྱི་དང༷་པོ༷་ནི༷་ཤཱ༷ཀྱ༷་ཐུབ༷་པ༷་ཡི༷ན་ཏེ། དེ་ལས་བསྐལ་པ་གྲངས་མེད་དང་པོ་ལ་ སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མར་གཞུང་གི་གོ་རིམ་ལས་བཟློག་སྟེ། རིན་ཆེན་གཙུག་ཏོར་ཅན་བྱོན་པ་དང་གྲངས་མེད་དང་པོ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་དེ་ནས་གྲངས་མེད་གཉིས་པར། བདུན་ཁྲི་ 3-1-156b དྲུག་སྟོང་ལ་བསྙེན་བཀུར་མཐར་མར་མེ་མཛད་དང་། དེ་ནས་གྲངས་མེད་གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་མཐར་རྣམ་གཟིགས་བྱུང་སྟེ་གྲངས་མེད་གསུམ་པ་རྫོགས་སོ། །དེ་ལྟར་སངས་རྒྱས་དེ་གསུམ་ནི་གྲངས་ མེད་གསུམ་གྱི་མཐའ་མར་བྱུང་བར་འདོད་ལ། གྲངས་མེད་དང་པོ་བརྩམས་པ་ནི་ཤཱཀྱ་ཐུབ་པ་ནས་ཡིན་ནོ། །ཐེག་ཆེན་པས་གྲངས་མེད་རེ་རེ་ལ་ཡང་སངས་རྒྱས་དཔག་མེད་ལ་བསྙེན་བཀུར་པར་འདོད་དོ། །སེམས་ཅན་ཀུན༷་ལ༷་ ཕྱི་ནང་གི་དངོས་པོ་ཐམ༷ས་ཅ༷ད་ཀུན་སློང་མངོན་མཐོ་ལ་མི་རེ་བར་སྙིང༷་རྗེ༷་ཡིས༷་སྦྱིན༷་པར༷་བྱེ༷ད་པས༷་སྐབས་དེར་སྦྱིན༷་པའི༷་ཕར་ཕྱིན་རྫོགས༷་ལ། ཆགས་མེད་སྙིང་རྗེས་སྦྱིན་པ་སྟེ་སྐྱེས་རབས་སུ་བལྟའོ། །ལུང་གཞི་ལས་བྱང་སེམས་ སྦྱིན་པ་ཆེན་པོའི་དུས་ན་སྦྱིན་པའི་ཕར་ཕྱིན་རྫོགས་པར་བཤད་དོ། །གང་གི་ཚེ་འདོད་པ་ལ་ཆགས༷་པ་དང་བཅས༷་བཞིན་དུ་ཡན༷་ལག༷་བཅ༷ད་ཀྱང༷་ནི༷། སེ༷མས་མི༷་འཁྲུག༷་པས་བཟོ༷ད་པ་དང་། ལུས་ངག་གི་ཉེས་སྤྱོད་སྡོམ་པས་ཚུལ༷་ ཁྲིམས༷་ཀྱི༷་ཕར་ཕྱིན་རྫོགས་པའོ། །དེ་ཡང་བཟོད་པར་སྨྲ་བའི་རབས་བཞིན་ནོ། །སྟོན་པ་བྲམ་ཟེའི་ཁྱེའུར་གྱུར་པ་ན། སངས་རྒྱས་སྐར་རྒྱལ་རིའི་ཕུག་ཅིག་ན་མེ་ཁམས་ལ་སྙོམས་པར་ཞུགས་པ་མཐོང་ནས། རྐང་པ་ཡ་ གཅིག་གིས་འགྲེང་སྟེ་ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་སོགས་ཚིགས་བཅད་གཅིག་གིས་བསྟོ༷ད་པ༷ས་བརྩོ༷ན་འགྲུ༷ས་ཀྱི༷་ཕར་ཕྱིན་རྫོགས་ཤིང་། བསྟོད་པ་དེས་བསྐལ་པ་དགུའི་ཚོགས་ཀྱང་འདུམ་མོ། ། 3-1-157a བྱང་ཆུབ་པའི་སྔ་རོལ་དེ༷་མ༷་ཐག༷་རྒྱུན་མཐའི་རྡོར་ཏིང་ལ༷། རྟེན་རབ་མཐའི་བསམ་གཏན་གྱིས་ནི། ཏིང༷་ངེ་འཛིན༷་དང་། བརྟེན་པ་ལྷག་མཐོང་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་ནི་བློ༷འམ་ཤེས་རབ་ཀྱི་ ཕར་ཕྱིན་རྫོགས་པའོ། །གཉིས་པ་དགེ་བ་ལ་གསུམ། བསོད་ནམས་བྱ་བའི་དངོས་པོ་གསུམ། ཚངས་པའི་བསོད་ནམས་བཞི། ཆ་མཐུན་གསུམ་བཤད་པའོ། །དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་གསུམ༷་པོ༷་གསུངས་པ། དེ་དག་འབྲས་བུ་ཡིད་དུ་འོང་བས་བསོ༷ད་ན༷མས་དང་། ལས་ཀྱི་ངོ་བོ་ཡིན་པས་བྱ༷་བ༷་དང༷་། གསུམ་ པོ་དེ༷་དག་ལ་བརྟེན་ནས་ཀུན་སློང་གི་སེམས་པ་འཇུག་པའི་གཞི༷་ཡང་ཡིན་ཏེ། དཔེར༷་ན༷་ལུས་ངག་གི་བདུན་པོ། ལ༷ས་ཀྱང་ཡིན་ལ་ལམ༷་ཡང་ཡིན་པ་བཞིན༷་ནོ། །དེ་ཡང་སྦྱིན་པ་ལས་བྱུང་བའི་ལུས་ངག་གི་ལས་ནི་། བསོད་ ནམས་དང་བྱ་བ་དང་གཞི་གསུམ་ཀ་དང་། ཀུན་སློང་བའི་སེམས་པ་ནི་བསོད་ནམས་དང་བྱ་བ་ཡིན་ལ་དེ་དང་མཚུངས་ལྡན་གྱི་ཆོས་ཚོར་སོགས་ནི་བསོད་ནམས་ཁོ་ནའོ། །ཚུལ་ཁྲིམས་ལས་བྱུང་བ་ལུས་ངག་གི་ལས་ཁོ་ན་ཡིན་པས་ གསུམ་ཀའོ། །བསྒོམ་བྱུང་བྱམས་པ་བསོད་ནམས་དང་གཞི་གཉིས་ཀ་སྟེ། དེ་དང་མཚུངས་ལྡན་གྱི་སེམས་པ་འདུ་བྱེད་པའི་ཕྱིར་རོ། །དེ་དང་ལྷན་འབྱུང་གི་སེམས་པ་དང་། བསམ་ཟག་གི་སྡོམ་པ་ནི། བསོད་ནམས་དང་བྱ་བ་གཉིས་སོ། ། 3-1-157b བྱམས་དང་ལྷན་འབྱུང་ཚོར་སོགས་བསོད་ནམས་ཁོ་ནའོ། །ཡང་ན་གསུམ་པོ་བསྒྲུབ་ཕྱིར་བསོད་ནམས་ཀྱི་སྦྱོར་བ་རྩོམ་པས་ན། གསུམ་པོ་ལ། བསོད་ནམས་བྱ་བའི་གཞི་ཞེས་བྱའོ། །དེའང་གཞི་ནི་རྒྱུའི་དོན་ཏོ། །ཁ་ ཅིག་བསོད་ནམས་བྱ་བའི་དངོས་པོ་དོན་དམ་པར་ན། སེམས་པ་དགེ་བ་ཡིན་ལ། སྦྱིན་སོགས་གསུམ་སེམས་པ་དགེ་བ་དེའི་གཞི་ཡིན་ནོ་ཟེར་རོ། །གཉིས་པ་ལ་སྦྱིན་སོགས་རྒྱས་བཤད་དངོས་དང་། ཞར་བྱུང་གང་གཙོ་དཔྱད་པ་ གཉིས། དང་པོ་ལ། སྦྱིན་པ། ཚུལ་ཁྲིམས། བསྒོམ་པ་བཤད་པ་གསུམ། དང་པོ་ལ་སྤྱི་དང་། བྱེ་བྲག་དོགས་སྤང་གསུམ། དང་པོ་ལ་ངོ་བོ། འབྲས་བུ། གང་གི་ཕྱིར་སྦྱིན་ཚུལ་གསུམ། དང་པོ་ལ། ངོ་བོ་དང་། དབྱེ་བ་གཉིས། དང་པོ། སྦྱིན་པ་པོ་གང༷་གིས༷་དགེ་སེམས་ཀྱིས་བདོག་པ་གཞན་ལ་སྦྱིན༷་པར་བྱེ༷ད་པ་དེ༷་ནི་སྦྱིན༷་པ༷འོ། །གཉིས་པ། ཀུན་སློང་ཡུལ་བཟང་པོ་ལ་མཆོ༷ད་པར་འདོད་པ་དང༷་། རང་མཉམ་མམ་དམན་པ་ལ་ཕན༷་གདགས༷་པར་ འདོ༷ད་པ༷་ཡིས༷་སྦྱིན་གྱི། ལན་ལ་རེ་བ་དང་འཇིགས་སོགས་ཀྱིས་མིན་པའོ། །ལས་དེ་ཡང་ལུས༷་དང༷་ངག༷་གི་ལ༷ས་ཀུན༷་ནས་སློང༷་བའི་སེམས་པ་མཚུངས་ལྡན་དང༷་བཅ༷ས་པའོ། །སྦྱིན་པ་ལས་བྱུང་བ་ཞེས་པ་ནི་སྦྱིན་པའི་རང་བཞིན་ཡིན་ པས་དེ་སྐད་བརྗོད་པ་སྟེ། ལོ་མ་ལས་བྱུང་བའི་སྤྱིལ་པོ་ཞེས་པ་བཞིན་ནོ། །འོག་མ་དག་ལའང་དེ་བཞིན་དུ་ཤེས་པར་བྱའོ། །དེས་ན་སྦྱིན་ལས་ཕུང་པོ་ལྔ་པའོ། །གཉིས་པ། སྦྱིན་པ་དེ༷་ཡི་འབྲས༷་བུ་ནི་ལོངས༷་སྤྱོ༷ད་ཆེན༷་པོ༷་ཅ༷ན་ཡིན་ནོ། ། 3-1-158a གསུམ་པ། བདག་ཅག་དོན་དུ་སྦྱིན་པ་འཕགས་པ་འདོད་ཆགས་མ་བྲལ་བའམ། སོ་སྐྱེས་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་གྱིས་མཆོད་རྟེན་ལ་སྦྱིན་པ་ལ་བདག་ལ་ཕན་གྱི་མཆོད་རྟེན་ལ་མི་ཕན་ པས་སོ། །གཞན༷་གྱི་དོ༷ན་ཕྱིར༷་སྦྱིན་པ་འཕགས་པ་ཆགས་བྲལ་བས་སེམས་ཅན་གཞན་ལ་སྦྱིན་པའོ། །དེ་ཡང་ཁོང་འདོད་པ་ལས་འདས་ཤིང་སྦྱིན་པའི་རྣམ་སྨིན་འདོད་པས་བསྡུས་ལ་གཞན་ལ་ཕན་རང་ལ་མི་ཕན་པས་སོ་ཟེར། ། གཉིས་ཀའི་དོན་ཕྱིར་སྦྱིན་པ་ནི་འཕགས་པ་ཆགས་བཅས་སམ། སོ་སྐྱེས་ཆགས་བྲལ་གྱིས་སེམས་ཅན་གཞན་ལ་སྦྱིན་པའོ། །གཉི༷ས་ཀའི༷་དོན༷་དུ༷་མིན༷་པའི་ཕྱིར༷་སྦྱིན༷་པ་ནི། མཐོང་མྱོང་མ་གཏོགས་འཕགས་པ་འདོད་ཁམས་ཆགས་ བྲལ་བས་མཆོད་རྟེན་ལ་ཕུལ་བ་སྟེ། དེ་བཀུར་སྟི་དང་བྱས་པ་གཟོ་བ་འབའ་ཞིག་གིས་དབུལ་བའི་ཕྱིར་རོ། །གཉིས་པ་སྦྱིན་པ་ཁྱད་པར་བ་བྱེ་བྲག་ཏུ་བཤད་པ་ལ། བསྟན་བཤད་གཉིས། སྦྱིན་པ་དེ༷་ཡིས༷་གཞན་ལས་ཁྱ༷ད་པར༷་ དུ་འཕགས་པ་ནི་སྦྱིན༷་བདག༷་དང༷་དངོས༷་པོ་དང༷་ཞིང༷་གི༷་ཁྱ༷ད་པར༷་ལ༷ས་ཏེ་གསུམ་གྱིས་སོ། །གཉིས་པ་ལ། སྦྱིན་བདག་གི་ཁྱད་པར། དངོས་པོའི་ཁྱད་པར། ཞིང་གི་ཁྱད་པར་གསུམ། དང་པོ། སྦྱིན༷་བདག༷་ཁྱ༷ད་པར་འཕ༷གས་པ་ ནི་དད་པ་དང༷་སོ༷གས་ཀྱིས༷་བཟུང་བ་ཚུལ་ཁྲིམས་སོགས་འཕགས་ནོར་བདུན་དང་འདོད་པ་ཆུང་བ་དང་ལྡན་པས་སོ། །ཚུལ་ནི་གུས༷་པ་དང་ལ༷་སོ༷གས་པས༷་བཟུང་བ་རང་གི་ལག་ནས་དང་། ཕ་རོལ་ལ་མཁོ་བའི་དུས་སུ་དང་། གཞན་ལ་མི་ 3-1-158b གནོད་པར་སྦྱིན་པ་སྦྱིན༷་པར༷་བྱེ༷ད་དོ། །མདོ་ལས་དམ་པའི་སྦྱིན་པ་ལྔ་སྟེ། དད་པ་དང་གུས་པ་དང་རང་ལ་གནས་དང་། དུས་སུ་དང་། གཞི་དེས་གཞན་ལ་མི་གནོད་པ་སྦྱིན་པ་དང་ལྔར་གསུངས་སོ། །གཞན་ལ་མི་གནོད་པ་ ཡང་། བརྐུས་པ་དང་། ཤན་པ་ལ་ལུག་བྱིན་པ་ལྟ་བུ་སྦྱིན་བྱ་དང་། དུག་དང་མི་འཕྲོད་པའི་ཟས་ལྟ་བུ་ཞིང་ལ་གནོད་པ་མིན་པའོ། །གཞན་ཡང་དྲང་སྲོང་རྒྱས་པའི་མདོ་ལས་མ་དག་པའི་སྦྱིན་པ་སོ་གཉིས་སྤངས་ཏེ་དག་པའི་ སྦྱིན་པ་ཁྱད་པར་ཅན་སྒྲུབ་པར་གསུངས་པ། འདི་ལྟར་གཏོང་བ་པོ་ཕྱིན་ཅི་ལོག་ཏུ་ལྟ་ཞིང་མ་དད་པས་སྦྱིན་པ་དང་། ཕན་བཏགས་ལན་དུ་ཕན་འདོགས་ཕྱིར་སྦྱིན་པ་དང་། དམན་པ་སྦྱིན་པ་དང་། འདོད་པའི་རྒྱུས་མེ་དང་མེ་ལྕེ་ལ་སྦྱིན་ པ་དང་། ཆུ་ལ་སྦྱིན་པ་དང་། བདག་ཡོངས་སུ་ཤེས་པར་བྱ་ཕྱིར་རྒྱལ་པོ་ལ་སྦྱིན་པ་དང་། འཇིགས་པའི་ཕྱིར་ཆོམ་རྐུན་ལ་སོགས་པ་ལ་སྦྱིན་པ་དང་། དུག་སྦྱིན་པ་དང་། མཚོན་ཆ་སྦྱིན་པ་དང་། སྲོག་ཆགས་བསད་དེ་ཤ་སྦྱིན་ པ་དང་། བག་མེད་རྣམས་ལ་ཆང་སྦྱིན་པ་དང་། འདི་བདག་གིར་འགྱུར་ཏེ་བདག་གི་རིམ་འགྲོ་བ་དང་། མཆོད་པར་འགྱུར་རོ་སྙམ་དུ་སེམས་ཅན་བསྡུ་བ་དང་། འཐོབ་ཕྱིར་སྦྱིན་པ་དང་། རང་ལ་བསྟོད་པའི་རྗོད་པ་དང་སྒྲ་དང་ཚིགས་སུ་ བཅད་པའི་ཕྱིར་སྦྱིན་པ་དང་། གར་གླུ་བཞད་གད་རྩེད་མོ་གཏམ་དང་དགའ་ཕྱིར་རོལ་མོ་མཁན་ལ་སྦྱིན་པ་དང་། གཟའ་སྐར་གྱི་མཚན་མའི་ཕྱིར་སྐར་མཁན་ལ་སྦྱིན་པ་དང་། གཞན་གྱི་ནོར་མཛའ་བོ་ལ་སྦྱིན་པ་དང་། གཞན་གྱི་ཞིང་ 3-1-159a ངམ་འབྲུའི་ཕུང་པོ་ལ་རི་དྭགས་དང་བྱ་ཟ་བ་ལ་དགའ་མགུ་སྐྱེད་པ་དང་། བཟོའི་ཕྱིར་སྦྱིན་པ་དང་། ལུས་མི་བདེས་འཇིགས་པས་སྨན་པ་ལ་སྦྱིན་པ་དང་། སློང་བ་ལ་སྤྱོས་བརྒྱད་དེ་ཚིག་པ་ཟ་བར་བྱས་ ནས་སྦྱིན་པ་དང་། སྦྱིན་འབྲས་ལ་ཐེ་ཚོམ་ཟ་ཞིང་སྦྱིན་པ་དང་། སྤྱིན་པ་བྱིན་ནས་འགྱོད་ཅིང་གདུང་བ་དང་། བྱིན་ནས་བདག་ལས་ཁྱེར་བ་ཐམས་ཅད་ཀྱིས་ཚེ་ཕྱི་མ་ལ་སླར་བདག་ལ་སྦྱིན་པར་འགྱུར་རོ་སྙམ་དུ་སེམས་བསྐྱེད་ནས་ སྦྱིན་པ་དང་། སྦྱིན་འབྲས་བདག་གིས་སྤྱད་ཀྱི་གཞན་ལ་མ་གྱུར་ཅིག་སྙམ་དུ་སེམས་བསྐྱེད་ནས་སྦྱིན་པ་དང་། ལང་ཚོ་ལ་བབ་པས་སྦྱིན་པ་དང་། རྒ་ན་འཆི་བའི་མྱ་ངན་དུ་གྱུར་ན་སངས་རྒྱས་ལ་དགའ་དད་མེད་པར་རྩ་ལག་རྣམས་ ཀྱིས་བྱེད་དུ་བཅུག་སྟེ་སྦྱིན་གནས་ལ་སྦྱིན་པ་དང་། ཡུལ་གཞན་དུ་གྲགས་ཕྱིར་སྦྱིན་པ་དང་། ཁ་ཟས་གཏོང་མི་ཕོད་པ་ལ་འཇིག་རྟེན་པ་མི་དགའ་བར་མཐོང་ནས་སྦྱིན་ཕོད་པའི་ཉེས་པ་ནི་འཇིག་རྟེན་གྱིས་བཟོད་དོ་སྙམ་སྟེ་སྦྱིན་པ་དང་། བུད་མེད་ཀྱི་ཕྱིར་སྦྱིན་པ་དང་། བུ་མེད་པས་བདག་གིས་ཐག་རིང་བ་ལ་བཏང་བར་བྱའོ་སྙམ་སྟེ་སྦྱིན་པ་དང་། ཚེ་འདི་ལ་བྱིན་པས་ཕ་རོལ་ཏུ་རྙེད་བསམས་ནས་སྦྱིན་པ་དང་། དབུལ་པོ་བོར་ནས་ཕྱུག་པོ་ལ་སྟེར་བ་སྟེ། སྦྱིན་པ་དེ་དག་ ལ་རྣམ་སྨིན་མེད་པ་མིན་གྱི་ཚྭ་སྒོའི་ཞིང་ལ་ས་བོན་ངན་པ་བཏབ་པ་ལྟར། ཞིང་དང་ས་བོན་ཉེས་པས་འབྲས་བུ་ངན་ནོ་ཞེས་སོ། །འདི་ལ་བརྩི་ལུགས་འགའ་སྣང་། དེའི༷་ཕྱིར༷་གུས་པར་བྱིན་པས་རང་ལ་རྙེད་པ་བཀུར༷་སྟི༷་བཅས་ 3-1-159b པ་དང་། རང་ལག་གིས་བྱིན་པས་ལོངས་སྤྱོད་རྒྱ༷་ཆེན༷་པོ་དང་བཅས་ཏེ་འབྱུང་ཞིང་རང་དབང་འབྱོར་བ་དང༷་། དུས་སུ་བྱིན་པས་རང་ལ་དགོས་དུས༷་སུ་རྙེད་པ་དང༷་། མི་གནོད་པར་སྦྱིན་པས་རང་གི་ལོངས་སྤྱོད་ལ་དགྲ་སོགས་ཀྱིས་བར་ཆད་ མེ༷ད་པར༷་རྙེད༷་པ་ཡིན་ནོ། །གཉིས་པ་དངོས་པོ་ནི། ཁ༷་དོག༷་དང་ལ༷་སོ༷གས་པས་དྲི་རོ་རེག་བྱ་ཕུན༷་སུམ་ཚོགས༷་པའི་དངོས༷་པོ་སྦྱིན་པ་དེ༷་ལ༷ས་སྐྱེ་བ་ཕྱི་མར་མདོག་གིས་གཟུགས༷་བཟང༷་བ་དང་། དྲིས་སྙན་པའི་གྲགས༷་པ་དང་ལྡན༷་ པ་དང་། རོས་ཡིད་དགའ༷་བ་དང༷་། ལུས་ཤིན༷་ཏུ༷་གཞོན༷་ཤ༷་ཅན་དང༷་། རེག་བྱས་བུད་མེད་རིན་པོ་ཆེ་ལྟར། གྲང་བའི་ཚེ་དྲོ། དྲོ་བའི་ཚེ་གྲང་། ཐ་མལ་པའི་ཚེ་ཐ་མལ་པར་འདུག་པས་དུས༷་སུ༷་རེག༷་ན་བདེ༷་བ་བསྐྱེད་པའི་ ལུས་ཐོབ་པར་འགྱུར་རོ། །གསུམ་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ་སྐབས་ཀྱི་དོན་དངོས་དང་། འཕྲོས་དོན་ཞར་བྱུང་གཉིས། དང་པོ། ཞིང་ལ་འགྲོ་བ་ བཟང་བས་ཞིང་ཁྱད་པར་དུ་འཕགས་པ་ནི། གོའུ་ཏ་མའི་མདོ་ལས་གསུངས་པ་ལྟར། དུད་འགྲོའི༷་སྐྱེ་གནས་སུ་སོང་བའི་འགྲོ༷་བ་ལ་སྦྱིན་པ་བྱིན་ན་སླར་རྣམ་སྨིན་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་འཆལ་མི་ལ་ སྟོང་འགྱུར་དུ་རེ་བ་བྱ་བར་གསུངས་པ་ལྟ་བུ་དང་། སྡུག༷་བསྔལ༷་གྱི་ཞིང་ཁྱད་པར་འཕགས་པ་ནི། རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཞིའི་ནང་ནས་ནད་པ་ནད་གཡོག །གྲང་བ་སོགས་ཀྱི་དུས་སུ་བྱིན་པར་ཕན་ཡོན་ 3-1-160a ཆེ་བར་གསུངས་པ་ལྟ་བུ་དང་། མི་ཕྱུགས་པོ་ལས་དབུལ་པོ། དབུལ་པོ་ལས་ཡི་དྭགས། དེ་ལས་འཇུར་གེགས་ཅན་ལ་ཐིགས་པ་བསྔོས་པ་ཕན་ཡོན་ཆེ་བ་ལྟ་བུའོ། །ཕན་འདོགས་པ་ནི་ཕ་ མ་དང་གཞན་ཡང་རུང་སྟེ། དོམ་དང་རི་དྭགས་སོགས་སུ་སྐྱེས་པའི་རབས་བཞིན་རང་ལ་ཕན་འདོགས་པར་རོ། །ཡོན༷་ཏན༷་གྱི་ཞིང་ནི་གོ་ཏ་མའི་མདོ་ལས། ཚུལ་ལྡན་ལ་བྱིན་ན་རྣམ་སྨིན་འབུམ་འགྱུར་དུ་རེ་བར་བྱའོ། ། རྒྱུན་ཞུགས་འབྲས་ཞུགས་ལ་བྱིན་ན་རྣམ་སྨིན་ཚད་མེད་དོ། །དེ་བས་ཀྱང་རྒྱུན་ཞུགས་འབྲས་གནས་ལ་ཚད་མེད་པར་གསུངས་པ་སོགས་ལྟ་བུའོ། །དེ་ལྟ་བུའི་ཞིང་རྣམ༷ས་ཀྱིས༷་ཞིང༷་ཁྱ༷ད་པར་འཕ༷གས་པ་རིགས་པར་ བྱའོ། །གཉིས་པ་ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཀྱི་མཆོག༷་ནི༷། ཁམས་གསུམ་ལས་གྲོལ༷་བས༷་གྲོལ༷་བ༷་ལ་སྦྱིན་པ་སྟེ། དེ་ལ་སྒོ་ཀུན་ནས་རྣམ་པར་དག་པས་སོ། །ཡང་ནའམ༷་ཞེས་པས་བྱང༷་ཆུབ༷་སེམ༷ས་དཔའ་ ཡིས༷་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དུ་སྦྱིན་པ་ནི་མ་གྲོལ་བས་མ་གྲོལ་བ་ལ་བྱིན་ཡང་། རྫོགས་བྱང་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱིན་པས་མཆོག་ཡིན་པ་དང་། ཡང་མདོ་ལས། ཉེ་བ་ལ་སྦྱིན་པ་དང་། འཇིགས་པས་སྦྱིན་པ་དང་། བདག་ལ་བྱིན་པས་སྦྱིན་པ་དང་། བདག་ལ་བྱིན་པར་འགྱུར་བས་སྦྱིན་པ་དང་། སྔོན་བདག་གི་ཕ་དང་མེས་པོ་དག་གི་སྦྱིན་པ་བྱིན་པས་སྦྱིན་པ་དང་། མཐོ་རིས་ཀྱི་དོན་དུ་སྦྱིན་པ་དང་། གྲགས་པའི་ 3-1-160b དོན་དུ་སྦྱིན་པ་དང་། སེམས་ཀྱི་རྒྱན་གྱི་དོན་དང་། སེམས་ཀྱི་ཡོ་བྱད་ཀྱི་དོན་དང་། རྣལ་འབྱོར་གྱི་ཚོགས་ཀྱི་དོན་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་བྱིན་པའོ། །སྦྱིན་པ་བརྒྱད་གསུངས་པ་དེ་དག་གི་ནང་ན། བརྒྱད་པ་སེམས་ཀྱི་རྒྱན་ལ་སོགས་པའི་དོན་དུ་སྦྱིན་པ་ཡང་མཆོག་ཡིན་པར་བསྟན་ཏོ། །དེ་ལ་ཉེ་བ་ནི་ནམ་ཉེ་བར་ལྷག་པ་དག་ལ་སྦྱིན་པའོ་ཟེར། སེམས་ཀྱི་རྒྱན་ནི་རྫུ་འཕྲུལ། སེམས་ཀྱི་ཡོ་བྱད་ནི་འཕགས་ལམ་ཡན་ལག་ བརྒྱད། རྣལ་འབྱོར་གྱི་ཚོགས་ནི་ཞི་ལྷག་དོན་མཆོག་ནི་དགྲ་བཅོམ་པའམ་མྱང་འདས་སོ་ཞེས་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་འཆད། གང་སྤེལ་གྱིས་སེམས་ཀྱི་རྒྱན་སོགས་བཞི་རིམ་པས། དད་སོགས་ ནོར་འདྲེན་པ་དང་། སེར་སྣའི་དྲི་མ་དང་འགལ་བ་དང་། སྙོམས་འཇུག་གི་བདེ་བ་བསྐྱེད་པ་དང་། མྱང་འདས་འདྲེན་པའི་ཕྱིར་ཞེས་འཆད་ལ། ས་ལས་དོན་མཆོག་ནི་ཟང་ཟིང་མེད་པའི་སེམས་ཀྱིས་དོན་མཆོག་མྱང་ འདས་འཐོབ་པར་བསྔོས་པ་དང་། རྣལ་འབྱོར་ཚོགས་ནི་དེའི་རྒྱུ་ཚོགས་སུ་འགྱུར་བ་དང་། སེམས་ཀྱི་རྒྱན་ནི་མཐོ་རིས་ཀྱི་ལུས་སམ་བདེ་འགྲོར་འགྲོ་བ་དང་། སེམས་ཀྱི་ཡོ་བྱད་ནི་ལོངས་སྤྱོད་ཆེན་པོར་ཡང་འགྱུར་ བའོ་ཞེས་བཤད་དོ། །ཡང་དེ་བཞི་ལ་མོས་སྤྱོད་དང་། མཐོང་ལམ་ལ་སོགས་ལམ་གསུམ་མམ། མོས་སྤྱོད། མ་དག །དག་པ། མཐར་ལམ་བཞིར་ཡང་གསུངས་ལ། སྔ་མ་བདུན་ནི་རིམ་པས་ལེ་ལོ་དང་། 3-1-161a འདི་ཕྱིར་དབུལ་འཇིགས་དང་། ཕྱུག་པོ་འདོད་པ་དང་། འདས་ལ་ལྟ་བ་དང་། མ་འོངས་ལ་དགའ་བ་དང་། སྦྱིན་གནས་བརྙས་པ་དང་། མཐོ་རིས་དང་། གྲགས་པ་འདོད་པས་ཉམས་པའི་ཕྱིར་ དམན་པར་བཤད་དོ། །གཉིས་པ་བྱེ་བྲག་ནི། འཕ༷གས་པ༷་མིན༷་ཡང༷་རང་གི༷་ཕ༷་མ༷་དང༷་། ནད༷་པ༷་དང༷་ནི༷་ཆོས༷་སྨྲ༷་བ་དང༷་། སྲིད་པ་ཐ་མ་པའམ། སྐྱེ༷་བ་ཐ་མའམ་མཐའི༷་བྱང༷་ཆུབ༷་སེམས་དཔའ༷་སྟེ་སྐྱེ་བ་དེ༷་ཉིད་ལ་སངས་རྒྱ་བ་ དོན་གྲུབ་ལྟ་བུ་ལ། སྦྱིན་པའི་ཕན༷་ཡོན༷་ནི་བསོད་ནམས་གཞལ༷་དུ༷་མེ༷ད་པ༷་ཡི༷ན་ནོ། །གཉིས་པ་ཞར་བྱུང་ལ། ལས་ཆེ་ཆུང་གི་ཁྱད་པར། བྱས་ལ་བསགས་མ་བསགས་ཀྱི་ཁྱད་པར་གཉིས། དང་པོ་ལས་ལམ་གྱི་མཇུག༷་ ལ་རྒྱུན་དུ་བྱེད་པས་ཆེ་བ་དང༷་། ཞིང༷་གིས་ཆེ་བ་དང༷་། གཞི༷་ནི་ལུས་ཀྱི་ལས་ལ་སྲོག་གཅོད། ངག་ལས་ལ་རྫུན། ཡིད་ལས་ལ་ལོག་ལྟ་ཆེ་བ་ལྟ་བུ་དང༷་ནི༷། སྦྱོར༷་བས་ཆེ་བ་ལུས་ངག་གིས་དངོས་སུ་དང་དགའ་ བཞིན་སོགས་དང༷་། རྫོགས་པའམ་མཐར་ཕྱིན་པར་བྱེད་པའི་སེམ༷ས་པ༷་དང་ཀུན་སློང་གི་བས༷མ་པ༷་ཆེ་བ༷་སྟེ། མཇུག་སོགས་དྲུག་པོ་དེ༷་དག༷་ཆུང༷་དང༷་ཆེ༷་བ༷་ལ༷ས་ལ༷ས་ཀྱང༷་ཆུང༷་དང༷་ཆེ༷་བ༷་ཉི༷ད་དུ་འགྱུར་ལ་དྲུག་ཀ་ཚང་ན་ ཤིན་ཏུ་ཆེ་བའོ། །གཉིས་པ། ཡང་མདོ་ལས། བྱས་ལ་བསགས་པའི་ལས་དང་། བྱས་ལ་བསགས་པ་མ་ཡིན་པ་གསུངས་པ་ལ་དེ་ནི་བློ་སྔོན་དུ་མ་བཏང་བ་དང་། བབ་འཆོལ་མིན་པར་འདི་ངེས་པར་བྱའོ་སྙམ་ 3-1-161b དུ་ཆེད་དུ་བས༷མ་བཞིན༷་བྱས་པ༷་་དང༷་། ལས་ཀྱི་ཡན་ལག་རྫོགས༷་པར་བྱས་པ༷་དང༷་། བྱས་པ་ལ་ཕྱིས་མི༷་འགྱོ༷ད་པ་དང་། ལོག་ལྟ་དང་འཆག་པ་སོགས་ལས་དེ་ལ་གནོད་བྱེད་ཀྱི་གཉེན༷་པོ༷་མེ༷ད་པ༷་དང༷་། རྗེས་སུ་ཡི་རང་སོགས་སྦྱོར་ མཇུག་འཁོ༷ར་དང་བཅས་པ་དང༷་། རྣ༷མ་པ༷ར་སྨིན༷་པ༷་མྱོང་བར་ངེས་པ་ཞེས་བྱ་བ་དྲུག་ལ༷ས་ནི། བསགས༷་པའི༷་ལ༷ས་ཤེས༷་བྱ༷་བ༷་ཡི༷ན་ལ། ལས་གཞན་ནི་བྱས་ལ་བསགས་པ་མིན་པའི་ལས་སུ་བལྟའོ། །དེ་བཞིན་བསགས་ ལ་མ་བྱས་པ་དང་། གཉིས་ཀ་མིན་པའང་ཤེས་པར་བྱའོ། །དེ་ལ་གོང་ལས་ལྡོག་པ་དྲུག་མ་ཚང་བ་སོགས་བྱས་ལ་མ་བསགས་པའོ། །བསགས་ལ་མ་བྱས་པའི་ལས་ནི། གང་ལུས་ཀྱིས་ཡོངས་སུ་རྫོགས་པར་བྱ་བ་དེ་ སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས་ཤིང་ཚིག་ཏུའང་ལས་འདི་བྱའོ་ཞེས་སྨྲས་ནས་ལས་དེ་མ་བྱས་པའོ། །མ་བསགས་མ་བྱས་པ་ནི་ལས་གང་ཆེད་དུ་མ་བསམ་པར་བྱས་པའོ། །གཞན་ཡང་ལས་ཀྱི་བྱེ་བྲག་མང་དུ་ གསུངས་སོ། །གསུམ་པ་དོགས་སྤང་ཕལ་ཆེན་སྡེའི་བྱེ་བྲག་ཤར་ནུབ་ཀྱི་རི་བོའི་སྡེ་ལ་སོགས་པ་ན་རེ། ཆགས་བཅས་ཀྱིས་མཆོད་རྟེན་ལ་ཕུལ་བ་བདག་དོན་གྱི་སྦྱིན་པ་ཡིན་པར་མི་རིགས་ཏེ། མཆོད་རྟེན་ལ་ཕུལ་བ་ལ་ བསོད་ནམས་འབྱུང་བར་ག་ལ་འགྱུར་ཏེ། ལེན་པ་དང་ལོངས་སྤྱོད་པ་མེད་པས་སོ། །ཟེར་ན་ནི་མི་རིགས་ཏེ། དེ་དག་ལ་ལེན་པ་དང་ཡོངས་སྤྱོད་ལས་བྱུང་པའི་བསོད་ནམས་མེད་ཀྱང་། སེམས་དད་སོགས་ཀྱི་མཐུས་མཆོ༷ད་རྟེན༷་ལ་ 3-1-162a མཆོད་པའི་དངོས་པོ་བཏང༷་བའི༷་རྒྱུ་ལས་བྱུང༷་བའི༷་བསོ༷ད་ནམས༷་འབྱུང༷་སྟེ། དཔེར་ན་གཞན་ལ་དངོས་སུ་ལེན༷་པ་དང་། ཕན་པ་མེ༷ད་ཀྱང་བྱམས་པ་བསྒོམ་པ་དང་། ཡང་དག་ལྟ་བ་ལ་སོ༷གས་བསྒོམ་པ་ལ་ཕན་ ཡོན་འབྱུང་བ་བཞིན༷་ནོ། །དེའི་ཕྱིར་སྦྱིན་བྱུང་བསོད་ནམས་ལ་གཉིས་ཏེ། ལོངས་སྤྱོད་པ་ལས་བྱུང་བ་དང་། བཏང་བའི་རྒྱུ་ལས་བྱུང་བའོ། །མཆོད་རྟེན་ལ་ཕུལ་བ་སོགས་ནི་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་གཅིག་ པུ་ཡོད་དོ། །ཆགས་བཅས་ཀྱིས་ཆགས་བྲལ་འདོད་ཁམས་པ་ལ་བྱིན་ན་གཉིས་ཀའོ། །གལ་ཏེ་ཕན་འདོགས་པ་སོགས་ཞིང་བཟང་པོ་ལ་བྱིན་འབྲས་རྣམ་སྨིན་ཡིད་འོང་དུ་རིགས་ན། དུད་འགྲོ་སོགས་ཞིང་ངན་པ་ལ་བྱིན་པས་རྣམ་ སྨིན་ཡིད་དུ་འོང་བར་མི་འགྱུར་རོ་ཞེ་ན། རྒྱུ༷་དགེ་བ་ལ༷ས་འབྲས༷་བུ༷་རྣམ་སྨིན་ཡིད་འོང་འབྱུང་བ་ནི་ཐམས་ཅད་དུ་མི༷་འཁྲུལ༷་བའི་ཕྱིར༷། ངན༷་པའི༷་ཞིང༷་ལ༷་བཏང་བ་ལའང་འབྲས༷་བུ༷་ཡི༷ད་འོང༷་འབྱིན་ནོ། །འོན་ཀྱང་ཞིང་ངན་པས་ཞིང་ མཆོག་ལ་ལྟོས་ན། རྣམ་སྨིན་ཆུང་ཞིང་སྨིན་འབྲས་བུལ་བ་ནི། ཞིང་ངན་པ་ལ་བཏབ་པའི་འབྲས་བུ་བཞིན་ནོ། །ཟེར་ཀྱང་དམིགས་བསལ་དགོས་སོ། །གཉིས་པ་ཚུལ་ཁྲིམས་ལ། སྤྱི་དང་། བྱེ་བྲག་ཚུལ་ཁྲིམས་རྣམ་པར་དག་ པ་བཤད་པ་གཉིས། དང་པོ། འཆལ༷་བའི༷་ཚུལ༷་ཁྲིམ༷ས་ནི། མི༷་དགེའི་རིག་བྱེད་དང་རིག་བྱེད་མིན་པའི་གཟུགས༷་ཡིན་ལ། འཆལ་ཚུལ་དེ༷་སྤོ༷ང་བར་བྱེད་པའི་ཚུལ༷་ཁྲིམས༷་ནི་རིག་བྱེད་དང་རིག་མིན་རྣམ༷་པ་གཉི༷ས་སོ༷། །རང་བཞིན་གྱི་ 3-1-162b སྡིག་པ་མིན་ཡང་དུས་མིན་གྱི་ཟས་སྤོང་བ་སོགས་སངས༷་རྒྱས༷་ཀྱི༷ས་ནི༷་བཅ༷ད་པའམ་བཀག་པ༷་རིག་རིག་མིན་ཡང༷་ཚུལ་ཁྲིམས་ཡིན་ནོ་ཞེས་སོ། །གཉིས་པ། ཚུལ་ཁྲིམས་དེ་ཡང་རྣམ༷་པར་དག༷་པ་ནི། ཡོན༷་ཏན༷་བཞི༷་དང་ལྡན༷་པ་ཡིན་ནོ༷། ། དེ་གང་ཞེ་ན། འཆལ༷་ཁྲིམས༷་ཀྱི་སྐྱོན་མ་བྱུང་བ་དང་། དེའི༷་རྒྱུ༷་ཉོན་མོངས་དང་ཉེ་ཉོན་གྱིས་འཕེན༷་ཏེ་སྐྱོན་མ༷་བྱུང༷་བ་དང་། འཆལ་ཁྲིམས་དེའི༷་གཉེན༷་པོར༷་བྱེད་པའི་དྲན་ཉེ་ལ་བརྟེན་པ་དང༷་། ཐར་པར་བསྔོས་པས་ཞི༷་བ་ལ༷་བརྟེན༷་པ་སྟེ། བསྡུ་ན། མི་མཐུན་ཕྱོགས་ཀྱི་རྒྱུ་འབྲས་གཉིས་བྲལ་དང་། མཐུན་ཕྱོགས་རྣམ་བྱང་གི་རྒྱུ་འབྲས་གཉིས་ལྡན་ནོ། །གཞན་དག་ཚུལ་ཁྲིམས་རྣམ་དག་རྒྱུ་ལྔ་དང་ལྡན་ཏེ། སྲོག་གཅོད་སོགས་ལས་དངོས་ཀྱིས་དག་པས་དང་། དེའི་ སྦྱོར་བ་ཉེར་བསྡོག་གིས་རྣམ་པར་དག་པ་དང་། འདོད་པའི་རྣམ་རྟོག་སོགས་རྣམ་རྟོག་རྣམས་ཀྱིས་འཕེན་མ་བྱུང་བ་དང་། ལུས་དྲན་པ་ཉེར་བཞག་གིས་བརྟེན་པར་བྱས་པའམ་དྲན་པས་ཟིན་པས་དྲན་པས་ཡོངས་སུ་བཟུང་བ་དང་། མྱ་ངན་འདས་པར་བསྔོས་པ་ཡིན་ནོ་ཟེར། གཞན་དག་ཚུལ་ཁྲིམས་ལ་དབྱེ་བ་བཞི་སྟེ། འཚོ་བ་མེད་པ་དང་། ཆད་པ་དང་། ངན་འགྲོས་འཇིགས་ནས་སྲུང་བ་འཇིགས་པའི་ཚུལ་ཁྲིམས། སྲིད་པ་དང་། ལོངས་སྤྱོད་དང་ བཀུར་སྟི་ལ་ཆགས་ནས་སྲུང་བ་ལེགས་སུ་སྨོན་པའི་ཚུལ་ཁྲིམས། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཡང་དག་པའི་ལྟ་བ་ཅན་རྣམས་ཀྱིས་ཐར་པའི་དོན་དུ་སྲུང་བ་བྱང་ཆུབ་ཀྱི་ཡན་ལག་གི་རྗེས་སུ་མཐུན་པའི་ཚུལ་ཁྲིམས། 3-1-163a དྲི་མ་མེད་ཕྱིར་ཟག་མེད་ཀྱི་ཚུལ་ཁྲིམས་ནི་ཡོངས་སུ་དག་པའི་ཚུལ་ཁྲིམས་སོ། །ཞེས་འཆད་དོ། །གསུམ་པ་བསྒོམ་པ་སེམས་དམིགས་པ་ལ་མཉམ༷་པར༷་བཞག༷་པ་ལས་བྱུང་བའི་ཉོན་མོངས་ཅན་མིན་པའི༷་དགེ༷་ བ༷་ཏིང་འཛིན་མཚུངས་ལྡན་དང་བཅས་པ་ནི༷་བསྒོམ༷་པ༷་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ༷། །དེ་ལ་ཅིའི་ཕྱིར་བསྒོམ་པ་ཞེས་བྱ་ན་ཏིལ་མར་དང་མེ་ཏོག་གི་དྲི་ལྟར་སེམ༷ས་ལ༷་དགེ་བའི་བག་ཆགས་བགོ༷་ཞིང་གོམས་པ་དང་དབང་དུ་བྱེད་ པའི་ཕྱིར༷་རོ༷། །ཞེས་སོ། །གཉིས་པ་ཞར་བྱུང་གང་གཙོ་དཔྱད་པ། མཐོ༷་རིས༷་དོན༷་དུ་ཚུལ༷་ཁྲིམས༷་གཙོ་བོ་ཡིན་པ་དང༷་། ཉོན་མོངས་པ་དང་འབྲལ༷་བའི༷་དོན༷་དུ༷་བསྒོམ༷་པ༷་གཙོ༷་ཆེ་བའི་ཕྱིར་དེ་དག་འདོད་པས་དེ་བཞིན་དུ་བརྟེན་པར་བྱའོ། ། གཉིས་པ་ཚངས་པའི་བསོད་ནམས་བཞི་བཤད་པ་ལ། དངོས་དང་། ཞར་བྱུང་བསོད་ནམས་ཚད་མེད་པ་སངས་རྒྱས་ཀྱི་ཆོས་སྐུའི་གདུང་མི་ཆད་པར་བྱེད་པའི་ཆོས་སྦྱིན་བཤད་པ་གཉིས། དང་པོ། ཡང་མདོ་ལས། གང་ཟག་ བཞི་ནི་ཚངས་པའི་བསོད་ནམས་སྐྱེད་དེ། མ་བྱས་པའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེད་པ་འདི་ནི་གང་ཟག་ཚངས་པའི་བསོད་ནམས་སྐྱེད་པ་དང་པོ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་ཕྱོགས་ བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་ཞིང་དེ་ཉིད་དུ་གཙུག་ལག་ཁང་བརྩིགས་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་བྱེ་བ་བསྡུམ་པ་དང་། བྱམས་པ་ཚད་མེད་བསྒོམས་པ་ལ་ཡང་སྦྱར་ནས་གསུངས་སོ། །དེ་ལྟ་བུའི་ 3-1-163b ཚངས་པའི་བསོད་ནམས་ནི་ཚངས་པ་མདུན་འདོན་གྱི་ཚེ་ཚད་དང་མཉམ་པ་བསྐལ༷་པར༷་ཏེ་བར་བསྐལ་བཞི་བཅུར་མཐོ༷་རིས༷་ཀྱི་དགའ༷་བ་ཉམས་སུ་མྱོང་བ་ལ་གན༷ས་པའི་ཕྱིར༷་མཆོད་རྟེན་བརྩིགས་སོགས་བཞི་ཡི་ཚངས་པའི་བསོད་ ནམས་སྐྱེད་པ་ཡི༷ན་ཅེས་གསུངས་སོ། །བྱེ་སྨྲས་ཚངས་པའི་བསོད་ནམས་ནི་མཚན་རྣམ་པར་སྨིན་པ་ཅན་གྱི་ལས་ཏེ། ངེས་གནས་སེམས་དཔའ་མ་གཏོགས་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་ནོ་ཟེར། གང་ ལྟར་ཡང་ཚངས་པའམ་ཚངས་པར་སྐྱེ་བའི་བསོད་ནམས་དང་འདྲ་བས་བཏགས་སོ། །དེ་ཡང་འདོད་པའི་མཐོ་རིས་སུ་ཚེ་མཐུད་ཅིང་བར་བསྐལ་བཞི་བཅུར་བདེ་བ་མྱོང་བ་ཡིན་ནོ། །ཁ་ཅིག་བསོད་ནམས་ཆེན་པོ་ལ་ཚངས་པའི་ བསོད་ནམས་ཞེས་བཏགས་ཟེར། འདི་ཐོགས་མེད་སྐུ་མཆེད་ཀྱི་ལུགས་ཡིན་གྱི། བྱེ་སྨྲའི་མིན་ཏེ་ཚངས་པའི་དགེ་མཉམ་མཐོ་རིས་ཚེ་མི་སྲིད་དཔྱད། བསམ་འཕེལ་ཟེར་རོ། །གཉིས་པ། དེའི་ཞར་ལ་ཕན་ཡོན་ཚད་མེད་ པའི་ཆོས༷་སྦྱིན་ནི༷་བསམ་པ་ཀུན་སློང་རྙེད་བཀུར་སོགས་ཉོ༷ན་མོང༷ས་ཅ༷ན་མི༷ན་པས༷་བསྟན་བྱ་མདོ༷་སྡེ་ལ་སོ༷གས་པའི་གསུང་རབ་དོན་མ་ནོར་བར་ཡང༷་དག༷་པར་ཇི༷་ལྟ་བ་བཞིན༷་དུ་སྟོན༷་པའོ། །གསུམ་པ་ཆ་མཐུན་གསུམ་ནི། འཁོར་བར་རྣམ་སྨིན་ཡིད་འོང་འཕེན་པའི་ལས་བསོ༷ད་ནམ༷ས་ཆ་མཐུན་དང་། ཚོགས་ལམ་དུ་མྱ༷་ངན༷་ལས་འདས༷་པར༷་བསྔོས་པའི་དགེ་བ་ནི་མྱང་འདས་སམ་ཐར་པའི་ཆ་དང༷་མཐུན་པ་སྟེ། གང་སྐྱེས་ན་ཡོངས་སུ་མྱ་ངན་ལས་འདས་པའི་ 3-1-164a ཆོས་སུ་འགྱུར་བའོ། །དགེ་བ་དེ་ཡོད་རྟགས་འཁོར་འདས་ཀྱི་སྐྱོན་ཡོན་བརྗོད་པ་ན་དད་ཤུགས་ཀྱིས་བ་སྤུ་ལྡང་བ་སོགས་སོ། །ངེས༷་འབྱེ༷ད་ཆ༷་མཐུན༷་གྱི་དགེ༷་བ་ནི་དྲོ་བ་ལ་སོགས་པ་བཞི་སྟེ༷། ངེས་པར་འབྱེད་པའི་འཕགས་ ལམ་དང་མཐུན་པས་སོ། །དེས་ན་དེ་ལྟ་བུའི་དགེ་བ་རྣམ༷་གསུམ༷་ཡང་ཡོད་དོ་ཞེས་སོ། །གསུམ་པ་ཞར་བྱུང་ལས་ཕལ་པ་བཤད་པ་ལ། དངོས་དང་། ཞར་བྱུང་དུ་དགེ་སྡིག་གི་མིང་གི་རྣམ་གྲངས་གཞན་བསྟན་པ་གཉིས། དང་ པོ། སློབ་པའི་རིགས་པའམ་ཐབས་ཀྱིས་རབ་ཏུ་བཅུག་པའི་ལས་ནི། འདི་ལྟར་ལུས་ངག་ཡིད་ཀྱི་ལས་རྣམ་པ་གསུམ་ཀུན་སློང་མཚུངས་ལྡན་དང་བཅས་པ་ནི་ཕུང་པོ་ལྔ་ཡི་རང་བཞིན་ཡིན་ནོ། །ཇི་ལྟར་ན་ཀ་སོགས་ཡི༷ག་འབྲུའི༷་གཟུགས༷་ འབྲི་བ་དང་། ལྷ་སོགས་ཀྱི་འབུར་གྱི་རྒྱ་བརྐོ༷་བ་ནི་ལུས་ཀྱི་ལས་དང༷་། དངོས་པོ་གཅིག་སོགས་བགྲང༷་བ་དང་བཅས༷་པའི༷་སྙན༷་ངག༷་ནི་ངག་གི་ལས་དང་། བཅུ་བརྒྱ་སོགས་གྲངས༷་བསྡོམས་ཏེ༷་འཛིན་པ་ནི་ཡིད་ཀྱི་ལས་ཏེ་གོ༷་རིམ༷་བཞི༷ན་དུ་ཤེས་ པར་བྱའོ། །དེ་ཡང་རིགས་པས་ཞེས་བྱ་བ་དེའི་འགྲུབ་བྱེད་ཀྱི་ཆོ་ག་ཡིན་ལ། དེས་ཟིན་པའམ་དེས་བསྡམས་པའམ་དེས་བྱེད་དུ་བཅུག་པའི་ལས་ནི། ཡིག་འབྲི་སོགས་ལ་རང་རང་གི་ཐབས་རིགས་པས་བཅུག་པ་ཕལ་བ་དང་མི་ མཉམ་པ་ཞིག་ཡོད་པ་དེ་ལ་དགོངས་པ་འདྲ་སྙམ། བགྲང་བ་དང་སྙན་དངགས་གཉིས་ཀ་སོ་སོ་ངག་ལས་ཡིན་གྱི་གཅིག་མིན་པ་འདྲ་དཔྱད་དོ། །གཉིས་པ་ལས་ཀྱི་ཞར་ལ་དགེ་སོགས་ཀྱི་རྣམ་གྲངས་ནི། ཉོན་མོངས་པས་བཀབ༷་ 3-1-164b པས་སྒྲིབ༷་པ་དང་། ཉོན་མོངས་དང་བཅས་པས་གནག་ཅིང་འཕགས་པས་བོར་བས་ངན༷་པ། ཉོན་མོངས་དང་ལྷན་ཅིག་འདུག་པས་ཁ༷་ན༷་མ༷་ཐོ༷་བ་དང་བཅས༷་པ་ཞེས་པ་ནི་ཉོ༷ན་མོང༷ས་ཅ༷ན་གྱི་ཆོས༷་ཟག་བཅས་ཀྱི་མིང་གི་རྣམ་གྲངས་སོ། ། དྲི༷་མེ༷ད་དེ་ཟག་མེད་དགེ༷་བ་ནི་དག་པ་རབ་ཀྱི་མཐར་ཕྱིན་པས་གྱ༷་ནོམ༷་པ་ཞེས་བྱ་ལ། འདུས༷་བྱས༷་ཀྱི་ཆོས་དགེ༷་བ་ཟག་བཅས་ཟག་མེད་ནི་རྒྱུད་ལ་གུས་པའི་སྒོ་ནས་བརྟེན༷་པར་བྱ༷་བ་ཡིན་ནོ། །གཞན་འདུས་མ་བྱས་དང་མི་དགེ་དང་ སྒྲིབ་ལུང་མ་བསྟན་རྒྱུད་ལ་བརྟེན་བྱ་མིན་ནོ། །མི་དགེ་བ་དང་། སྒྲིབ་ལུང་མ་བསྟན་དང་། འདུས་བྱས་མ་སྒྲིབ་ལུང་མ་བསྟན་དང་། དགེ་བ་ཟག་བཅས་དང་། འདུས་བྱས་ཟག་མེད་དང་། འདུས་མ་བྱས་མ་བསྒྲིབ་ལུང་ མ་བསྟན་ནམ་མཁའ་བརྟགས་མིན་དང་། ཐར་པ་སོ་སོར་བརྟགས་འགོག་རྣམས་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བླ་མ་དང་བཅས་པ་ཡིན་ཏེ། རིམ་པ་ལྟར་རྣམ་སྨིན་ཡིད་མི་འོང་མེད་པ་དང་། ཉོན་མོངས་ཅན་མིན་པ་དང་། རྣམ་ སྨིན་ཡིད་འོང་ཅན་དང་། ཟག་བཅས་མིན་པ་དང་། རྟག་པའི་ཕྱིར་དང་། རྟག་ཅིང་དགེ་བས་སོ། །དེས་ན་ཆོས་གཞན་ཐམས་ཅད་ནི་བླ་མར་བཅས་པ་ཡིན་ལ། ཐར༷་པ༷་མྱང་འདས་བརྟགས་འགོག་ནི་དེ་ལས་ཕུལ་དུ་ཕྱིན་པ་དང་། ཁྱད་འཕགས་གཞན་མེད་པས་བླ༷་ན༷་མེ༷ད་པ༷་ཡི༷ན་ཏེ། མདོ་ལས། དགེ་སློང་དག་འདུས་བྱས་སམ་འདུས་མ་བྱས་གང་ཇི་སྙེད་པ་དེ་དག་གི་ནང་ན་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བརྗོད་དོ། །ཞེས་གསུངས་སོ། །གཉིས་པ་ 3-1-165a ལེའུའི་མཚན་ནི། ཆོས༷་མངོ༷ན་པའི༷་མཛོ༷ད་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལས། ལ༷ས་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གན༷ས་བཞི༷་པའི༷་འགྲེལ་པའོ༷།། ༈ །།གཉིས་པ་ ཉོན་མོངས་པའི་ཀུན་འབྱུང་ཕྲ་རྒྱས་འཆད་པའི་སྐབས་ལ། གནས་དང་གནས་ཀྱི་མིང་གཉིས། དང་པོ་སྤང་བྱ་ཕྲ་རྒྱས་དངོས་བཤད་པ་དང་། དེ་སྤང་ཚུལ་གཉིས། དང་པོ་ལ་ཕྲ་རྒྱས་ཀྱི་དབྱེ་བ་སྤྱི་དང་། མདོ་བསྟན་བཅོས་ ལས་འབྱུང་བའི་རྣམ་གྲངས་གཉིས། དང་པོ་ལ། སྤྱི་དང་། བྱེ་བྲག །རབ་དབྱེ་གསུམ། དང་པོ་ལ་རྩ་བའི་དབྱེ་བ་དང་། རྣམ་པའི་དབྱེ་བ་གཉིས། དང་པོ་ལ་རྩ་བ་དྲུག་ཏུ་དབྱེ་བ་དང་། དེ་བདུན་དུ་དབྱེ་བ་དང་། བཅུར་དབྱེ་བ་གསུམ། དང་པོ་ལ་བསྟན་བཤད་གཉིས། དང་པོ་གོང་དུ་བཤད་པའི་ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་གྱི། དེ་མེད་པར་ཟག་བཅས་ཀྱི་ལས་མི་སོག་པས། སྲི༷ད་པའི༷་རྩ༷་བ༷་ནི་ཕྲ༷་རྒྱས༷་དྲུག༷་ཡིན་ནོ། །ངེས་ཚིག་ནི་འོག་ ཏུ་འཆད་ལ། གང་སྤེལ་སྲིད་པ་ནི་ཡང་སྲིད་ལ་འདོད་ལ་དེའི་རྩ་བ་ཕྲ་རྒྱས་ཏེ། ལས་ཉོན་གཉིས་ཚོགས་ཀྱིས་སྐྱེ་བའི་ཕྱིར་ཞེས་འདོད་ལ། རྒྱལ་སྲས་ཀྱིས་སྲིད་པ་ནི་ཡང་སྲིད་དང་ལས་སྲིད་གཉིས་ཀ་ཡིན་པར་འདོད་ཅིང་། དེའི་རྩ་བ་ཕྲ་རྒྱས་ཏེ། ཉོན་མོངས་པ་འཇུག་པ་ན་རྒྱུན་མི་ཆད་པས་རྩ་བ་བརྟན་པར་བྱེད། ཐོབ་པའི་རྒྱུན་མི་ཆད་པར་བྱེད་པ་སོགས་བཅུ་བྱེད་ཟེར་རོ། །གཉིས་པ་གང་ཞེ་ན། ཟག་བཅས་ཀྱི་ཡུལ་ལ་འདོ༷ད་ཅིང་ཆགས༷་པ་དང་། དེ་ཕྲ་ 3-1-165b རྒྱས་ཡི༷ན་པར༷་དེ༷་བཞིན༷་གང་ལ་དམིགས་ནས་འདོད་ཆགས་རྒྱས་སུ་རུང་བ་དེ་ལ་ཁོང་ཁྲོ་སོགས་ཀྱང་རྒྱས་སུ་རུང་བས་སོ། །ཡིད་མི་འོང་ལ་རྒྱུད་ཁོང༷་ནས་ཁྲོ༷་བ་དང༷་། ང༷་རྒྱལ༷་དང་། མ༷་རིག༷་དང་། ལྟ༷་བ༷་དང༷་། ཐེ༷་ཚོམ༷་དང་དྲུག་ཡི༷ན་ལ་ ཏེ༷་ཞེས་པ་ནི་ལྷག་མ་འདྲེན་པའོ། །གཉིས་པ་དེ༷་དྲུག༷་ཀྱང༷་འདོ༷ད་ཆགས༷་ལ་འདོད་པ་དང་སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་གཉིས་སུ་དབྱེ༷་བས༷་བདུན༷་དུ༷་བཤ༷ད་དོ། །ཇི་ལྟར་དབྱེ་ན། ཁ༷མས་གོང་མ་གཉི༷ས་ལ༷ས་སྐྱེས༷་པའི་འདོད་ཆགས་ ནི་སྲི༷ད་པའི་འདོ༷ད་ཆགས༷་ཡིན་ཏེ། དེ་ཡང་ཁམས་གོང་མ་གཉིས་འདོད་པ་ལ་ཆགས་པ་བྲལ་ཡང་ཡང་སྲིད་འཕེན་པའི་འདོད་ཆགས་ཡིན་པས་སོ། །དེ་གཉིས་གཅིག་ཏུ་བཞག་པ་ནི། ཁ༷་ནི༷་ནང༷་དུ༷་བལྟས༷་ཏེ། མཉམ་བཞག་གི་རོ་མྱོང་དུ་ འདྲ་བའི་ཕྱིར༷་ཡིན་ལ། སྲིད་པའི་འདོད་ཆགས་ལོགས་སུ་ཕྱེ་བ་ནི། ཏིང་འཛིན་དེར༷་ཐར༷་པའི༷་འདུ༷་ཤེས༷་བཟློག༷་པའི་ཕྱིར༷་ཏེ། དེ་དག་ཀྱང་སྲིད་པར་འཕེན་བྱེད་ཆགས་པ་ཡིན་གྱི་ཆགས་བྲལ་ཐར་པ་མིན་ནོ། །ཞེས་ཤེས་པའི་ཆེད་དུ་ བཤ༷ད་པའོ། །སྐབས་འདིར༷་འདི་དཔྱད་དེ། འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་སམ། དེ་ལས་ཐ་དད་པའི་ཕྲ་རྒྱས་འདོད། དང་པོ་ལྟར་ན་མདོ་ལས། འདི་ན་ལ་ལ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་སོགས་ནས། དེས་ འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དེའི་མཐུས་ཡང་དག་པར་འཇོམས་ཤིང་ཕྲ་རྒྱས་དང་བཅས་པ་སྤོང་བར་བྱེད་ཅེས། ཀུན་དཀྲིས་དང་ཕྲ་རྒྱས་ཐ་དད་དུ་བཤད་པ་དང་འགལ་ལ། ཕྱོགས་ཕྱི་མ་ལྟར་ན་ཕྲ་རྒྱས་ཐོབ་པ་ཡིན་པར་ 3-1-166a འགྱུར་ལ། དེ་མི་ལྡན་འདུ་བྱེད་ཡིན་པའི་ཕྱིར། ཆོས་མངོན་པ་ལས། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་བདེ་ཡིད་བདེ་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་ལྡན་དུ་གསུངས་པ་དང་འགལ་ཞེ་ན། བྱེ་ སྨྲས་འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་སུ་འདོད་པས་མངོན་པ་ལས་བཤད་པ་མཚན་ཉིད་པ་ཡིན་ལ། མདོ་ལས་ཕྲ་རྒྱས་དང་བཅས་པའི་སྒྲ་ནི་ཆགས་སོགས་དང་། རྗེས་འབྲེལ་ཉོན་མོངས་གཞན་ནམ། ཡང་ན་ཐོབ་པ་ལ་བཏགས་ ནས་གསུངས་པར་འདོད། མདོ་སྡེ་པ་ཕྲ་རྒྱས་ཐོབ་པ་ཀུན་དཀྲིས་གཉིས་ཀ་མིན་གྱི་བག་ཉལ་ཡིན་ཞིང་། ཀུན་དཀྲིས་ཕྲ་རྒྱས་མངོན་གྱུར་ཡིན་ལ། བག་ཉལ་ནི་ཕྲ་རྒྱས་ས་བོན་ཡིན་ནོ། །དེའི་ཕྱིར་མདོ་ལས་གསུངས་པ་མཚན་ཉིད་པ་ལ། བསྟན་ བཅོས་ཁོ་བོ་ཅག་མི་འདོན་ནོ་ཟེར། གནས་མ་བུས་ཕྲ་རྒྱས་ལྡན་མིན་ཐོབ་པ་ལ་འདོད་དོ། །གསུམ་པ། མངོན་པ་ལས་ཕྲ་རྒྱས་བཅུར་བཤད་དེ་ཇི་ལྟར་ན་ལྟ༷་བ༷་ལ་ལྔ༷་ཕྱེ༷་སྟེ། འཇིག༷་ཚོགས༷་ལ་ལྟ་བ་དང༷་། ལོག༷་ལྟ༷་དང་། མཐར༷་འཛིན༷་ལྟ༷་བ༷་དང༷་། ལྟ༷་བ༷་མཆོག་འཛིན་དང༷་ནི༷། ཚུལ༷་ཁྲིམས༷་དང༷་བརྟུལ༷་ཞུགས༷་མཆོག༷་ཏུ་འཛིན༷་པ་དང༷་། ལྟ་མིན་ལྔ་སྟེ་བཅུ༷འོ༷། །འཇིག་ལྟའི་རྗེས་ལ་མཐར་འཛིན་ཡིན་ཀྱང་འདིར་ཚིགས་བཅད་ཀྱི་དབང་གིས་ལོག་ལྟ་སྔོན་དུ་བྱས་པའོ། །གལ་ཏེ་ལྟ་བ་བཞིན་ ང་རྒྱལ་དབྱེ་དགོས་ཤེ་ན་མི་མཚུངས་ཏེ། ལྟ་བ་རྣམས་བྱེད་ལས་ཐ་དད་ལ། ང་རྒྱལ་ཁེངས་རྣམ་གཅིག་དང་བྱེད་ལས་ཀྱང་གཅིག་པས་སོ། །ཞེས་སོགས་ཟེར་ཀྱང་དགོས་དབང་འདྲའོ། །གཉིས་པ་རྣམ་པའི་དབྱེ་བ་ལ་དངོས་དང་། ཞར་བྱུང་གཉིས། 3-1-166b དང་པོ། ཕྲ་རྒྱས་བཅུ་པོ་དེ༷་དག༷་འདོད་ཁམས་ན་ལྟ་བ་དང་པོ་གཉིས་ཀྱང་འབྲས་བསྡུས་ཀྱི་ཉེར་ལེན་ཕུང་པོ་ལ་ལོག་པར་འཇུག་པས་སྡུག་བསྔལ་མཐོང་སྤང་བཅུ༷་པོ་ཐམས་ཅད་དང༷་། ལྟ་བ་དང་པོ་གཉིས་དང་ལྔ་པ་གསུམ་དངོས་དང་བརྒྱུད་ནས་འགོག་ པ་དང་ཀུན་འབྱུང་ལ་ལོག་པར་མི་འཇུག་པས་བདུན༷་བདུན༷་དང་། ལམ་ལ་ལྟ་བ་དང་པོ་གཉིས་ལོག་པར་མི་འཇུག་པས་བརྒྱ༷ད་དེ། དེ་ལྟར་ན་ཀུན་འགོག་ལ་ལྟ༷་བ༷་དང་པོ་གཉིས་དང་ཐ་མ་སྟེ་གསུམ༷་དང་། ལམ་ལ་དང་པོ་གཉི༷ས་མ༷་གཏོགས༷་པ༷་ སོ་གཉིས་པོ་དེ་འདོ༷ད་ན༷་ཡོད་པ་གཉེན་པོ་སྡུག༷་བསྔལ༷་ཀུན་འབྱུང་ལ༷་སོ༷གས་པ༷་བདེན་བཞིའི་རང་མཚན་མཐོང༷་བས༷་རིམ༷་བཞིན༷་སྤོང༷་བར༷་བྱེ༷ད་དོ། །དེས་ན་འཇིག་མཐར་སྡུག་བསྔལ་མཐོང་སྤང་གཅིག་པུས་སྤོང་བས། སྤང་བྱ་རིས་གཅིག་ གི་སྒོ་ཅན་ནས། འདོད་ཁྲོ་ང་རྒྱལ་མ་རིག་པ་བཞི༷་ནི༷་བསྒོམ༷་པས༷་སྤང༷་བྱའང༷་ཡི༷ན་པས་ལྔ་ཡི་སྒོ་ཅན་གྱི་བར་དུའོ། །འདོད་པའི་ཕྲ་རྒྱས་སོ་དྲུག་ལས་ཁོང་ཁྲོ་ནི་ཁམས་གོང་ན་མ༷་གཏོགས༷་ཏེ། ཁམས་གོང་མ་ན་རྒྱུད་ཞི་གནས་ཀྱིས་བརླན་པ་དང་། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་མེད་པས་སོ། །དེ་ནི་བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་གསུམ་དང་། བདག་གི་མཛའ་བོ་ལ་དེ་གསུམ་དང་། བདག་གི་དགྲ་ལ་ཕན་བཏགས་སོ་སོགས་གསུམ་སྟེ་དགུའོ། ། ཁོ༷ང་ཁྲོ༷་མ༷་གཏོ༷གས་པའི་ལྷག་མ་མཐོང་སྒོམ་གྱི་སྤང་བྱ་དེ༷་དག༷་ཉི༷ད་ནི་གཟུགས༷་ཁ༷མས་དང་། གཟུགས༷་མེ༷ད་ཀྱི་མཐོང་སྒོམ་གྱི་སྤང་བྱ་འདོད་ཁམས་དེ༷་དང༷་འདྲ༷འོ༷། །དེས་ན་འདོད་ན་མཐོང་བསྒོམ་སྤང་བྱ་སོ་དྲུག །གཟུགས་ན་སོ་གཅིག །གཟུགས་མེད་ 3-1-167a ན་སོ་གཅིག་སྟེ། དེ༷་ལྟར༷་ཁམས་གསུམ་གྱི་སྤང་བྱ་བསྡོམས་ན་དགུ་བཅུ༷་རྩ་བརྒྱ༷ད་དུ༷་འདོ༷ད་དོ། །དེ་ལ་ཀུན་བཏགས་ནི་བདེན་པ་མཐོང་བ་ཙམ་གྱིས་སྤོང་ལ། ལྷན་སྐྱེས་ནི། བདེན་པ་མཐོང་ཙམ་གྱིས་མི་སྤོང་ ཡང་རིང་དུ་གོམས་པས་སྤོང་ངོ་། །སྤང་བྱ་གོ་བརྒྱད་དེ་ཁམས་དང་ས་དང་རྣམ་པའི་སྒོ་ནས་ཕྱེ་ན་ཉིས་བརྒྱ་ང་གཉིས་སུ་འགྱུར་རོ། །མངོན་པ་བ་ཁ་ཅིག་ལྟ་བ་དང་པོ་གཉིས་ལ་ལྷན་སྐྱེས་ཡོད་པས་སྒོམ་སྤང་དུའང་བཞེད། ཉོན་མོངས་བཅུ་པོ་ དེ་དག་ཀྱང་བདེན་བཞི་ལ་ཁྱད་མེད་དུ་འཇུག་པས། འདོད་ན་མཐོང་སྤང་བཞི་བཅུ། སྒོམ་སྤང་དྲུག་ཁམས་གོང་མ་ན་ཁོང་ཁྲོ་མེད་པ་མ་གཏོགས་གཞན་འདྲ་སྟེ། ཁམས་གསུམ་གྱི་བསྡོམས་པས་སྤང་བྱ་མཐོང་སྤང་བརྒྱ་དང་བཅུ་གཉིས། བསྒོམ་སྤང་བཅུ་དྲུག་ལ་ཁམས་དང་སའི་དབྱེ་བས། བཞི་བརྒྱ་དང་བཅུ་བཞི་འགྱུར་ཟེར་རོ། །གཏན་དབབ་ལས། བདེན་པ་ཕྱི་མ་གསུམ་ལ་ལྟ་བ་དང་པོ་གཉིས་མེད་པ་མ་གཏོགས་གཞན་འདི་དང་འདྲ་བར་བཤད། འདི་སྐོར་གལ་ཆེ་ཞིང་ཕྲ་ བས་ལོགས་སུ་བྲིའོ། །གཉིས་པ་དེ་གཉེན་པོ་གང་གིས་འཇོམས་བསྟན་པ། གལ་ཏེ་མཐོང་སྒོམ་གྱིས་སྤང་བྱའི་ཉོན་མོངས་པ་དེ་དག་རང་གི་གཉེན་པོ་ཁོ་ནས་སྤོང་བས་ཁྱབ་བམ་ཞེ་ན། ཁྱབ་མི་ཁྱབ་ཅི་རིགས་ཡོད་དེ། འདི་ལྟར་སྲི༷ད་ པའི་རྩེ༷་མོ་ལ༷ས་སྐྱེས༷་པའི་སྡུག་བསྔལ་མཐོང་སྤང་ལ་སོགས། ཕྲ་རྒྱས་གང་དག་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོ༷ད་པ༷་བཞི༷་ཡི༷ས་གཞོམ༷་པར་བྱ༷་བ་ནི་མཐོང༷་བས༷་སྤང༷་བྱ༷་ཉི༷ད་ཁོ་ན་སྟེ་སྲིད་རྩེ་སྤོང་བྱེད་འཇིག་རྟེན་པའི་ལམ་མེད་པས་སོ། ། 3-1-167b དེ་དག་གི་ལྷག༷་མ་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ལས་སྐྱེ༷ས་པའི་མཐོ༷ང་སྤོང་རྣམས་ནི་འཕགས་པས་མཐོ༷ང་ལམ་ཆོས་རྗེས་བཟོད་ཅི་རིགས་དང༷་། འཇིག་རྟེན་པས་ཞི་རགས་རྣམ་ཅན་གྱི་འཇིག་རྟེན་པའི་སྒོམ༷་ལམ་གཉི༷ས་ཀྱིས༷་སྤང་ བས་སོ། །བཟོ༷ད་པས༷་གཞོམ༷་བྱ་མིན༷་པ་ནི། འདས་མ་འདས་ཀྱི་སྒོམ༷་ལམ་ཁོ༷་ན༷ས་སྤང་བྱ་ཡིན་པས་ཁྱབ་བོ། །དེ་ལ་མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པས་སོ་སྐྱེས་མཐོང་སྤང་སྤོང་བ་མི་སྲིད་དེ། དེ་འཇིག་རྟེན་པའི་བསྒོམ་ལམ་ གྱིས་སྤང་བ་ཡིན་ན། བསམ་གཏན་ལྡན་པའི་སོ་སྐྱེ་ལ་འདོད་པར་དམིགས་པའི་ལོག་ལྟ། རྟག་ལྟ། རྒྱུ་མེད་ལྟ་སོགས་འབྱུང་བར་གསུངས་པ་དང་། བསྒོམ་སྤང་གི་ས་བོན་འཇིག་རྟེན་པའི་ལམ་གྱིས་སྤོང་མི་ནུས་པས་སོ་ཟེར། བྱེ་ སྨྲས་མདོ་ལས། བསམ་གཏན་མངོན་ཤེས་ལྡན་པས་སྲོག་གཅོད་སྤང་བ་ཤི་ནས་དམྱལ་བར་སྐྱེ་བར་འགྱུར་བ་ན། ལྷའི་མིག་གིས་རྒྱུ་མཚན་ལོག་པར་བཟུང་བ་ལས་འབྲས་མེད་དམ་སྙམ་པ་སྟེ། ལྷས་བྱིན་བཅོམ་ལྡན་འདས་ལ་ ཐུགས་ལས་ཆུང་ངུར་གསོལ་སྐབས་རྫུ་འཕྲུལ་ཉམས་པ་ལྟར། བསམ་གཏན་གྱི་སེམས་ཉམས་པ་དང་ལྟ་བར་སྐྱེ་བ་དུས་མཉམ་པ་ལ་དགོངས་ལ། ཉོན་མོངས་ས་བོན་ཐོབ་པ་ལ་འདོད་ན། དེ་འཇིག་རྟེན་ལམ་གྱིས་སྤོང་ཡང་ཕྱིས་ སྐྱེ་བ་འདས་པ་རྫས་སུ་ཡོད་པས་ཟེར་ཀྱང་མི་འཐད་འདྲ། སྤང་བ་འདི་རེ་ཞིག་མེད་པ་ལ་བསམ་དགོས་སོ། །གཉིས་པ་བྱེ་བྲག་ལ། ལྟ་བ་བྱེ་བྲག་ཏུ་བཤད་པ་དང་། ང་རྒྱལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་དངོས་དང་། 3-1-168a འཕྲོས་དོན་ཕྱིན་ཅི་ལོག་གི་ལྟ་བ་གཞན་བཤད་པ་གཉིས། དང་པོ། ཟག་བཅས་ལ་དམིགས་པའི་ལྟ་བ་ཐམས་ཅད་འཇིག་ལྟ་ཉོན་མོངས་ཅན་ཡིན་པར་འདྲ་ཡང་། སྤྱི་མིང་བྱེ་བྲག་ལ་བཏགས་ཏེ་ཉེར་ལེན་གྱི་ཕུང་པོ་ ལྔ་ལ། རྣམ་ཤེས་ལ་བདག་དང་། གཞན་བཞི་དབང་བསྒྱུར་བྱའི་བདག༷་གི༷་བའམ། ཡང་ན་མིང་བཞི་ལ་བདག་དང་། གཟུགས་ལ་བདག་གིར་ལྟ་བའོ། །བདག་དེ་ལ་དམིགས་ནས་རྟག༷་ཆ༷ད་དུ་མཐའ་གཅིག་ཏུ་ལྟ་བ་དང༷་། དམིགས་རྣམ་ལོག་ཞུགས་ཐམས་ཅད་ལོག་ལྟ་ཡིན་ཞིང་། མཐར་འཛིན་ཆད་ལྟའི་ཆའང་སྐུར་འདེབས་ཡིན་མོད། མར་ཐམས་ཅད་དྲི་ང་ཆེ་ཡང་མར་དྲི་ང་ཆེ་བ་ལ་མར་དྲི་ང་ཟེར་བ་ལྟར། འདི་རིལ་གྱིས་སྐུར་འདེབས་ཡིན་པས་ བདེན་བཞི་ཡོད་པ་ལ་མེ༷ད་པར་ལྟ་བ་དང༷་། འགྲེལ་བ་ལས། ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་ཞེས་པའི་སོགས་སྒྲ་མི་མངོན་པར་བྱས་སོ་གསུངས་པ་ལྟར། ལྟ་བ་དང་པོ་གསུམ་སོགས་གཙོ་བོར་གྱུར་པའི་ཟག་བཅས་ ཉེར་ལེན་གྱི་ཕུང་ལྔ་འཕགས་པས་སྤངས་པས་དམན༷་པ་ལ༷་དམིགས་ནས་བདེ་གཙང་སོགས་མཆོག༷་གཙོ་ཁྱད་པར་འཕགས་པའི་དམ་པར་ལྟ༷་བ་དང༷་། དབང་ཕྱུག་སོགས་འཇིག་རྟེན་གྱི་རྒྱུ༷་མིན༷་ལ་རྒྱུར་བལྟ་བ་དང་། མེ་ལྔ་བསྟེན་པ་ སོགས་མཐོ་རིས་ཀྱི་རྒྱུ་མིན་ལ་རྒྱུར་བལྟ་བ་དང་། འཆལ་ཚུལ་གྱི་གཉེན་པོ་ཚུལ་ཁྲིམས་དང་ཆ་བྱད་དང་ཚུལ་དང་ལུས་ངག་གི་འཇུག་པ་ངེས་པར་བྱེད་པའི་བརྟུལ་ཞུགས་ཙམ་དང་། གྲངས་ཅན་གྱི་རྣལ་འབྱོར་གྱི་ཤེས་པ་སོགས་ལ། སྡིག་ 3-1-168b པའི་དྲི་མ་དག་པ་དང་། འཆིང་བ་ལས་གྲོལ་བ་དང་། འཁོར་བ་ལས་ངེས་པར་འབྱིན་པའི་ཐར་ལ༷མ་མིན༷་པ་ལ་ལམ་དེར༷་ལྟ༷་བ༷་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་སོགས་མཆོག་འཛིན་ཞེས་གསུངས་ལ། བརྟུལ་ཞུགས་ཙམ་ གཟུགས་ཕུང་གིས་བསྡུས་པ་ཡིན་པས། དེ་ཁོ་ནར་མ་ཟད་ཕུང་པོ་གཞན་ལ་མཆོག་འཛིན་ཀྱང་ཡིན་པས་ཕུང་པོ་ལྔ་ལའོ། །དེ་ལྟར་ན་དེ༷་དག༷་ནི་ལྟ༷་བ༷་རྣམ་པ་ལྔ༷་ཡི༷ན་ནོ༷། །དེ་ལྔའི་ལས་ནི་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པ་དང་། དབུ་ མའི་ལམ་ལ་བར་དུ་གཅོད་པ་དང་། དགེ་རྩ་གཅོད་ཅིང་མི་དགེ་ལ་དམ་དུ་འཛིན་པ་དང་། ལྟ་ངན་ལ་མངོན་ཞེན་དང་། ངལ་བ་འབྲས་བུ་མེད་པའི་ལས་ཅན་ནོ། །གཉིས་པ། གལ་ཏེ་དབང་ཕྱུག་སོགས་རྒྱུ་མིན་ལ་རྒྱུར་བལྟ་བའི་ ཚུལ་བརྟུལ་ཞུགས་མཆོག་འཛིན་ཅིའི་ཕྱིར་ཀུན་འབྱུང་མཐོང་སྤང་མིན་ཏེ། རྒྱུ་ཀུན་འབྱུང་ཡིན་ལ། དེ་ལ་ལོག་པར་ཞུགས་པས་སོ་ཟེར་ན། དབ༷ང་ཕྱུག༷་དང་། སྐྱེ་དགུའི་བདག་པོ་དང་བདག་ལ་སོ༷གས་པ་རྒྱུ་མིན་ལ་རྒྱུ༷ར་ མངོ༷ན་པར་ཞེན༷་པ༷་དེ་ནི་རྟག༷་པར་ལྟ་བ་དང་། བདག༷་ཏུ་ལྟ་བ་ཕྱིན༷་ཅི༷་ལོག༷་པ༷་ཡིས༷་རབ༷་ཏུ༷་འཇུག༷་པས༷་སོ། །རྒྱུ་མཚན་དེའི༷་ཕྱིར༷་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དེ༷་ནི་སྡུག༷་བསྔ༷ལ་མཐོང༷་བས༷་སྤང༷་བྱ༷་ཁོ་ན་ཉི༷ད་ཡིན་ནོ། ། བདག་མེད་པས་བདག་དག་པར་བྱ་ཕྱིར་ཕུང་པོ་ལ་དག་འཛིན་དང་། རྟག་པ་མེད་པ་མཐོང་བས་རྟག་པའི་དབང་ཕྱུག་སོགས་ལ་ཞེན་པ་ལྡོག་གོ། དེས་ན་སྔ་མས་སྤངས་ཟིན་ལ་ཕྱི་མས་སྤང་དུ་མེད་དོ་ཞེས་རང་གིས་སྙམ། གཞན་ཟེར་ 3-1-169a མིན། བརྟགས་དཔྱད་ན་མི་འཐད་པས་རྣལ་འབྱོར་སྤྱོད་པའི་ལུགས་ཉིད་བཟང་བར་བཤད། རྟག་བདག་ཕྱིན་ཅི་ལོག་དེ་གཉིས་སུ་མ་ཟད་ཕྱིན་ཅི་ལོག་གཞན་གསུངས་ཏེ། གཙང་བདེ་རྟག་བདག་བཞི་དང་ སེམས་ཕྱིན་ཅི་ལོག་འདུ་ཤེས་ཕྱིན་ཅི་ལོག་ཀྱང་གསུངས་སོ། །འཇིག་ལྟ་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་མཐར་འཛིན་ཕྱེད་ཆ་ནི་རྟག་པར་ལྟ་བ་ཕྱིན་ཅི་ལོག་ལྟ་བ་མཆོག་འཛིན་ནི་གཙང་བདེར་ལྟ་བ་ཕྱིན་ཅི་ལོག་སྟེ། དེས་ ན་མཐར་འཛིན་སོགས་ལྟ་བ་ཕྱེད་དང་གསུམ༷་ལ༷ས་ཕྱིན༷་ཅི༷་ལོག༷་བཞི༷་ཚན༷་བཞག་ལ། དེ་དག་ཁོ་ན་ཕྱིན་ཅི་ལོག་བཞག་པའི་རྒྱུ་མཚན་མཐའ་གཅིག་ཏུ་དམིགས་པ་ལ་ཕྱིན༷་ཅི༷་ལོག༷་པའི་ཕྱིར༷་ད༷ང་། ངེས༷་པར་རྟོག༷་པའི་ཕྱིར༷་དང༷་། སྒྲོ༷་ འདོགས༷་པའི་རྒྱུ་མཚན་གསུམ་ཚང་བའི་ཕྱིར༷་རོ། །དེ་ཡང་རྒྱུ་གསུམ་ཚང་བ་ལ་ཕྱིན་ཅི་ལོག་ཏུ་བཞག་གི་ལྟ་བ་གསུམ་ལས་ཕྲ་རྒྱས་གཞན་ལ་ཕྱིན་ཅི་ལོག་མ་བཤད་དེ། དེ་གསུམ་གཅིག་ཏུ་མ་ཚང་བས་ཏེ། འདི་ལྟར་ མཐར་འཛིན་ཕྱེད་ནི་ཆད་ལྟ་སྐུར་འདེབས་ཡིན་པས་སྒྲོ་འདོགས་མེད་ལ། ཚུལ་བརྟུལ་ལ་ཅུང་ཟད་འདག་པ་སྲིད་པ་ལ་བཟུང་བའང་ཡོད་པས་མཐའ་གཅིག་ཕྱིན་ཅི་ལོག་མིན་པ་དང་། ཉོན་མོངས་གཞན་ལ་ངེས་པར་རྟོག་པ་མ་ཚང་ བས་སོ། །ཕྱིན་ལོག་བཞི་དང་མཚུངས་ལྡན་གྱི་སེམ༷ས་བཞི་དང༷་། འདུ༷་ཤེས༷་བཞི་ནི་གྲོགས་དེའི༷་དབ༷ང་གིས༷་སོ། །འོ་ན་ཚོར་བ་ཕྱིན་ཅི་ལོག་སོགས་ཀྱང་ཅི་སྟེ་མེད་ཅེ་ན་འཇིག་རྟེན་ན་མ་གྲགས་པས་སོ་ཟེར་ཀྱང་གཙོ་ཆེ་བས་སམ་ 3-1-169b སྙམ། ཕྱིན་ཅི་ལོག་དེ་ཐམས་ཅད་བྱེ་སྨྲས་ལྟ་བའི་ངོ་བོ་དང་མཚུངས་ལྡན་ཡིན་པས་མཐོང་སྤང་ཁོ་ནར་འདོད་ལ། གཞན་དག་རྒྱུན་ཞུགས་རྣམས་ལའང་འདོད་པའི་འདོད་ཆགས་སྐྱེ་བར་གསུངས་པས་ཕྱིན་ཅི་ལོག་གང་ཡང་ མེད་ན་དེ་སྐྱེ་མི་རིགས་པས་སྒོམ་སྤང་ཡང་ཡོད་ཟེར། བྱེ་སྨྲས་འཕགས་པ་ཆགས་སྐྱེ་ནི་འགལ་མེ་ལ་འཁོར་ལོ་ལྟར་ཡུད་ཙམ་འཁྲུལ་གྱི་དེ་ཕྱིན་ཅི་ལོག་མིན་ཟེར་རོ། །གཉིས་པ་ང༷་རྒྱལ༷་ལ་དབྱེ་བ་དང་། དེ་གང་གིས་ སྤང་བསྟན་པ་གཉིས། དང་པོ། ལྟ་བ་ལ་དབྱེ་བར་མ་ཟད་ང་རྒྱལ་ལའང་ཡུལ་གྱི་སྒོ་ནས་དབྱེ་བ་བདུ༷ན་ཡོད་དེ། ཆུང་ངུ་བས་བདག་ཁྱད་འཕགས་སྙམ་པའམ་མཉམ་པ་དང་མཉམ་མོ་སྙམ་པ་སེམས་ཁེངས་པའི་ང་རྒྱལ། མཉམ་ པ་བས་བདག་འཕགས་མཆོག་དང་མཉམ་སྙམ་པ་ལྷག་པའི་ང་རྒྱལ། ཁྱད་འཕགས་བས་ཀྱང་བདག་འཕགས་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ། ཉེར་ལེན་ཕུང་ལྔ་ལ་བདག་དང་བདག་གིར་སེམས་ཁེངས་པ་ངའོ་སྙམ་པའི་ང་རྒྱལ། བསམ་གཏན་ལ་བརྟེན་པའི་ཟག་བཅས་ཟག་མེད་ཀྱི་ཡོན་ཏན་མ་ཐོབ་པ་ལ་ཐོབ་པར་རློམས་པ་མངོན་པའི་ང་རྒྱལ། ཆེས་ཁྱད་འཕགས་པས་བདག་ཅུང་ཞིག་གིས་དམན་ནོ་སྙམ་པའི་སེམས་ཁེངས་པ་ཅུང་ཟད་སྙམ་པའི་ང་རྒྱལ། གསོད་ལ་དཔའ་སོགས་ཡོན་ཏན་མིན་པ་ལ་ཡོན་ཏན་དུ་རློམས་པས་སེམས་ཁེངས་པ་ལོག་པའི་ང་རྒྱལ་ལོ། །ཡང་ཡེ་ཤེས་ལ་འཇུག་པ་ལས། གཞན་ལྟོས་བདག་ལ་སྒྲུབ་པར་རློམས་པ་ནི་དམན་པ་ལ་དམིགས་ནས་ 3-1-170a བདག་མཆོག་གོ། མཉམ་པ་ལ་བདག་དང་འདྲའོ། །མཆོག་ལས་བདག་དམན་ནོ། །བདག་ལ་ལྟོས་ནས་གཞན་ལ་སྒྲུབ་པར་རློམས་པ། མཆོག་ལ་དམིགས་ནས་བདག་བས་མཆོག་ཡོད་དོ། །མཉམ་ པ་ལ་དམིགས་ནས་བདག་དང་མཉམ་པ་ཡོད་དོ། །དམན་པ་ལ་དམིགས་ནས་བདག་བས་དམན་པ་ཡོད་དོ། །བདག་ལ་ལྟོས་ནས་གཞན་ལ་དགག་པར་རློམས་པ། མཉམ་པ་ལ་དམིགས་ནས་བདག་པས་མཆོག་མེད་ དོ། །དམན་པ་ལ་དམིགས་ནས་བདག་དང་མཉམ་པ་མེད་དོ། །མཆོག་ལ་དམིགས་ནས་བདག་བས་དམན་པ་མེད་དོ། །ཞེས་ང་རྒྱལ་གྱི་རྣམ་པ་དགུ༷་བཤད་པ་ནི། འདིར་བཤད་པའི་ལྟ་བ་ལ་བརྟེན་པའི་ང་རྒྱལ་དང་། ལྷག་ པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ་དེ་གསུམ༷་པོར༷་འདུ་སྟེ་ཐོག་མར་ངའོ་སྙམ་དུ་བདག་ལྟ་འབྱུང་། དེ་ནས་ང་རྒྱལ་འབྱུང་བས་ན་ལྟ་བ་ལ་བརྟེན་པའི་ང་རྒྱལ་ཞེས་བྱའོ། །འདི་ལྟར་ང་རྒྱལ་དགུའི་ནང་གི་གཉིས་པ་ལྔ་པ་ བདུན་པ་གསུམ་ནི་ང་རྒྱལ་དུ་འདུ་ལ། གསུམ་པ་བཞི་པ་དགུ་པ་གསུམ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་དུ་འདུ་ཞིང་། དང་པོ་དང་དྲུག་པ་བརྒྱད་པ་རྣམས་ལྷག་པའི་ང་རྒྱལ་ལོ། །བདག་བས་དམན་པ་མེད་དོ་སྙམ་པ་ཇི་ལྟར་ང་ རྒྱལ་ཡིན་ཞེ་ན། མཆོག་གི་ཚོགས་པ་འདིའི་ནང་བདག་དམན་གྱི། བདག་ཀྱང་བཟང་པོ་ཞེས་ཁེངས་པ་སྟེ། ལྷ་གྲལ་དུ་མི་གཟུགས་བཟང་བཞིན་ནོ། །གཉིས་པ་ལ་སྤྱི་དང་། བྱེ་བྲག་ཞར་བྱུང་གསུམ། དང་པོ་ 3-1-170b ང་རྒྱལ་བདུན་པོ་དེ་ཐམས་ཅད་ཀྱང་ཀུན་བཏགས་མཐོང༷་ལམ༷་དང་། ལྷན་སྐྱེས་བསྒོམ༷་པས༷་ཟ༷ད་པར་བྱ་བ༷འམ། ཡང་ན་བྱེ་སྨྲ་ལྟར་ན། མཐོང་སྤང་ལ་དམིགས་པ་མཐོང་སྤང་དང་། སྒོམ་སྤང་ལ་དམིགས་པ་སྒོམ་ སྤང་ངོ་ཞེས་སོ། །གཉིས་པ་སྒོམ་སྤང་བྱེ་བྲག་ཏུ་བཤད་པ་ནི། ཅི་འཕགས་རྣམས་སྒོམ་སྤང་མ་སྤང་བ་གང་ཡིན་པ་དེ་སྤྱོད་དམ་ཟེར་ན་མ་ངེས་ཏེ། དད་སོགས་ཟག་བཅས་དང་གཉིད་དང་མིག་དབང་སོགས་སྡུག་བསྔལ་ དབང་པོ་རྣམས་མ་སྤང་ཡང་སྤྱོད་ལ། བསྒོམ༷་པ༷ས་སྤང༷་བར༷་བྱ༷་བ༷་ནི༷་གསོད༷་པ་དང་སོ༷གས་པས་ལུས་ངག་གི་སྤང་བདུན་ཉོན་མོངས་པ་ཀུན༷་ན༷ས་དཀྲིས༷་པ༷་ཡིས་བསླང་བ་དེ་ཡིན་ཏེ། སྒོམ་སྤང་གི་ཆོས་གཟུགས་ཅན་ཁོ་ན་ལ་ དམིགས་པའི་ཕྱིར་རོ། །དེ་དག་ནི་སློང་བྱེད་ཀྱི་ལྟ་བ་སྤངས་པས་སྐེད་པ་བཅད་པའི་མི་ལྡང་མི་ནུས་པ་བཞིན་མ་སྤངས་ཀྱང་མི་སྤྱོད་ལ་ཞེའོ༷། །འོ་ན་འཇིག་ལྟའང་དེར་ཐལ་ཟེར་ན། དེ་སྒོམ་སྤང་ལའང་དམིགས་མོད། དེ་ཁོ་ན་ལ་དམིགས་པ་མ་ཡིན་པས་སོ། །དེ༷་བཞིན༷་འཇིག༷་པ་ལ་སྲེད་པ་དང་། སྐྱེ་བ་ལ་སྲེད་པའང་སྒོམ་སྤང་ཡིན་ནོ། །དེ་ལ་ཁམས་གསུམ་པའི་བདག་ཆད་ན་སྙམ་པའི་འཇིག་སྲེད་འཕ༷གས་པ༷་ལ༷་མི་འབྱུང་སྟེ། ལོག་ ལྟ་སྤངས་པས་སོ། །བདག་དབང་པོ་སོགས་སུ་སྐྱེས་ན་སྙམ་པ་སྐྱེ་བའི་སྲེད་པ་མེད་དེ་རྟག་བདག་སྤངས་པས་སོ། །གསུམ་པ་དེ་འཕགས་པ་ལ་མངོན་དུ་འབྱུང་ངམ་ཞེ་ན། འཕགས་པ་ལ་ང་རྒྱལ་གྱི་རྣམ༷་པ་དགུ་དང་སོ༷གས་པས་ 3-1-171a གསོད་སོ༷གས་དང་སྐྱེ་འཇིག་གི་སྲེད་པ་དང་ང༷འོ༷་སྙམ༷་པའི་ང་རྒྱལ་ཀྱང་མི༷་འབྱུང༷་སྟེ། ཅིའི་ཕྱིར་ན། སྒོམ་སྤང་དེ་དག་ལྟ༷་བས༷་རྒྱས༷་པར༷་འགྱུར༷་བའི་ཕྱིར༷་རོ༷། །གསོད་སོགས་ཀུན་དཀྲིས་ཅན་ལོག་ལྟས་ རྒྱས་སོ། །མི༷་དགེ༷འི་ངོ་བོར་གྱུར་པའི་འགྱོ༷ད་པ༷འང༷་ངན་པར་བྱས་པ་བསྒོམ་སྤང་གི་ལུས་ངག་ལ་དམིགས་པས་བསྒོམ་སྤང་ཡིན་ཀྱང་དེ་ཐེ་ཚོམ་གྱིས་སློང་བས་འཕགས་པ་ལ་འབྱུང་བ་མ༷་ཡི༷ན་ནོ༷། །གསུམ་པ་རབ་དབྱེ་ལ། ཁྱད་ པར་གོ་རིམ་རྒྱུ་གསུམ་ལས། དང་པོ་དམིགས་པའི་ཁྱད་པར། རྒྱས་འགྱུར་གྱི་ཁྱད་པར། ངོ་བོའི་ཁྱད་པར། ཡུལ་གང་དང་ལྡན་ཚུལ་གྱི་ཁྱད་པར། ཡུལ་ཡུལ་ཅན་སྤྱར་བའི་ཁྱད་པར་ལྔ་ལས། དང་པོ་ལ། དམིགས་ཡུལ་ སྤང་བྱ་ལྔ་ཀུན་ཏུ་འགྲོ་མི་འགྲོའི་ཁྱད་པར། དམིགས་ཡུལ་ཟག་མེད་ལ་དམིགས་མི་དམིགས་ཀྱི་ཁྱད་པར་གཉིས། དང་པོ་རང་ས་ལ་ཀུན་ཏུ་འགྲོ་བ་དང་། གོང་སར་འགྲོ་བ་གཉིས། སྡུག༷་བསྔལ༷་མཐོང་བས་སྤང་བྱ་ལྟ་བ་ལྔ་དང་། རྒྱུ༷་ཀུན་འབྱུང་ མཐོང༷་བས་སྤང༷་བར་བྱ་བ༷་ལྟ་བ་གཉིས་ཏེ་ལྟ་བ༷་བདུན་དང༷་། དེ༷་བཞིན༷་དུ་བདེན་པ་གཉིས་ཀྱི་མཐོང་བས་སྤང་བྱ་ཐེ༷་ཚོམ༷་གཉིས་དང༷་། ལྟ་བ་དང་ཐེ་ཚོམ་གང༷་ཡིན་པ་དེ༷་དང་ལྷན༷་ཅི༷ག་མཚུངས་ལྡན་གྱི་མ་རིག་པ་དང་། རྩ་ཉོན་གཞན་དང་མ༷་འདྲེས༷་པའི༷་ མ༷་རིག༷་གཉིས་ག༷ང་ཡི༷ན་པ་སྡུག་ཀུན་མཐོང་སྤང་གཉིས་དང་། དེ་ལྟར་ན་ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་ཀུན༷་ཏུ༷་འགྲོ༷་བ་ཡིན་ཏེ། འདོད་པ་སོགས་སྐལ་མཉམ་གྱི་སྤང་བྱ་རིས་ལྔ་པོ་མཐའ་དག་ལ་ཀུན་ཏུ་དམིགས་ཤིང་དེ་དག་སྐྱེད་པའི་རྒྱུ་ཡིན་པས་ 3-1-171b ཁྱབ་པས་སོ། །ཆགས་སོགས་མཚུངས་ལྡན་གྱི་མ་རིག་ནི་ཀུན་འགྲོ་མིན་ནོ། །དེས་ན་དང་པོ་གཉིས་ཀྱི་ལྟ་སོགས་ཀྱིས་ཡུལ་ཟག་བཅས་ཐམས་ཅད་ལ་དམིགས་པས་བསགས་པས་བརྟན་ཞིང་སྟོབས་དང་ལྡན་ལ། འགོག་ལམ་ལ་ མཐོང་སྤང་ནི་དེ་ལྟར་མིན་ཅིང་། སྒོམ་སྤང་བཞི་ཟག་བཅས་ཐམས་ཅད་ལ་དམིགས་མི་ནུས་སོ། །འོ་ན་དེས་རིམ་མམ་ཅིག་ཆར་དམིགས། དང་པོ་ལྟར་ན་ཆགས་སོགས་ཀྱང་ཀུན་འགྲོར་འགྱུར་ལ། གཉིས་པ་ལྟར་ན། འདོད་ ཁམས་མཐའ་དག་གིས་འདག་པར་འཛིན་པ་སོགས་མི་སྲིད་པས། ཚུལ་བརྟུལ་ཡང་ཀུན་འགྲོ་མིན་པར་འགྱུར་ཞེ་ན། རྫས་མ་ལུས་ལ་མི་སྲིད་ཀྱང་། སྤང་རིས་ལྔ་པོ་ཐམས་ཅད་ལ་དམིགས་ནས་འདག་འཛིན་སོགས་སྲིད་པས་སོ། ། དེ་ལྟ་ན་བདག་སྲེད་དང་། དེ་ལ་མཆོག་དང་གྲོལ་རྒྱུར་ལྟ་བས་འདོད་ཆགས་དང་ང་རྒྱལ་ཡང་ཀུན་འགྲོར་འགྱུར་ཏེ། དེ་ལ་ལྟ་བ་སྐལ་བ་མཉམ་པའི་ཁམས་མཐའ་དག་ལ་དམིགས་ཤིང་ཉོན་མོངས་པ་དེ་གཉིས་ཀྱང་ལྟ་བའི་ཡུལ་ལ་འཇུག་ པས་སོ་ཟེར་ན། བྱེ་སྨྲས་དེ་ལྟ་མོད་ཀྱི་འདོད་ཆགས་དང་ང་རྒྱལ་ཕྱོགས་གཅིག་ལ་དམིགས་པས། སྤྱི་པ་མིན་ལ། ཀུན་འགྲོས་རིས་ལྔ་ཆར་ཅིག་ཆར་དམིགས་པའི་ཕྱིར་ཟེར། དེས་ན་ཆགས་པ་དང་ང་རྒྱལ་མཐོང་སྤང་ལ་དམིགས་པ་ མཐོང་སྤང་། སྒོམ་སྤང་ལ་དམིགས་པ་སྒོམ་སྤང་ཞེས་འདོད་དོ། །སློབ་དཔོན་ནི་མཐོང་སྤང་ལྟ་བའི་དབང་གིས་ཞུགས་པའི་འདོད་ཆགས་ང་རྒྱལ་མཐོང་སྤང༷་ཡིན་ལ། སྒོམ་སྤང་གི་ཉོན་མོངས་པའི་དབང་གིས་ཞུགས་པ་སྒོམ་སྤང་ངོ་ 3-1-172a ཞེས་གསུངས། ཡང་ན་མཐོང་སྤང་ལ་དམིགས་པའི་དེ་གཉིས་མཐོང་སྤང་དང་། གཉིས་ཀ་འདྲེན་མར་དམིགས་པ་སྒོམ་སྤང་ཞེས་འདོད་དོ། །གཉིས་པ། ཕྲ་རྒྱས་བཅུ་གཅིག་པོ་དེ༷་དག༷་ལ༷ས་དགུ༷་ནི༷་གོང༷་དུ༷་ སྐལ་བ་མི་མཉམ་པར་ཡང་དམིགས་པས་ཐམས་ཅད་དུ་ཀུན་ཏུ་འགྲོའོ། །འཇིག་མཐར་གྱི་ལྟ༷་བ༷་གཉི༷ས་པོ༷་མ༷་གཏོག༷ས་ཏེ། རང་ཕུང་ལ་བདག་ལྟ་དང་། དེ་རྟག་ཆད་དུ་ལྟ་བས་སོ༷། །ཚུལ་བརྟུལ་ནི་གཞན་རྒྱུད་ལ་ཡང་འཇུག་པས་སོ། ། འདོད་པ་པས་ཚངས་པ་ལ་སེམས་ཅན་དུ་དང་། དེ་རྟག་པར་ལྟ་བ་དེ་ནི་ཚངས་པ་ལ་བདག་དང་བདག་གིར་མི་འཛིན་པས་འཇིག་མཐར་མིན་ལ། འཇིག་ལྟ་མེད་པས་ལོག་ཤེས་ཡིན་གྱི་ལྟ་བ་ལྔར་མི་བགྲང་ཟེར། ཕྲ་རྒྱས་བཅུ་གཅིག་པོ་དེ་ དག༷་དང༷་ནི༷་ལྷན༷་ཅི༷ག་པ་སེམས་སེམས་བྱུང་དང་མཚན་ཉིད་ལ་སོགས་པ་ག༷ང་ཞིག་འབྱུང༷་བ༷་དེ༷འང་ཀུན༷་འགྲོ༷་ཡིན་ལ། དམིགས་བསལ་ཐོབ༷་པ་ནི་མ༷་གཏོགས༷་ཏེ། ཕྲ་རྒྱས་དང་ཐོབ་པ་ནི་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་མི་གཅིག་པས་སོ། །དེའི་ ཕྱིར་ཕྲ་རྒྱས་ཀུན་འགྲོ་དང་། རྒྱུ་ཀུན་འགྲོ་ལ་མུ་བཞི། དང་པོ། མ་འོངས་པའི་ཕྲ་རྒྱས་ཀུན་འགྲོ། གཉིས་པ་འདས་ད་ལྟར་གྱི་ཕྲ་རྒྱས་ཀུན་འགྲོ་དང་ལྷན་འབྱུང་རྣམས་སོ། །གསུམ་པ། འདས་ད་ལྟར་གྱི་ཕྲ་རྒྱས་ཀུན་འགྲོ་རྣམས་སོ། ། བཞི་པ་དེ་དག་མ་གཏོགས་པ་མ་འོངས་པའི་ལྷན་འབྱུང་དང་ཐོབ་པ་སོགས་སོ། །དེས་ན་ཕྲ་རྒྱས་གོ་བརྒྱད་ལས། ཀུན་འགྲོ་ཁོ་ན་ཉེར་བདུན། དེ་མིན་པ་རེ་ལྔ། ཀུན་འགྲོ་རྣམས་བདེན་པ་དང་པོ་གཉིས་ཀྱི་མཚན་ཉིད་དང་འགལ་བར་ཞུགས་པས། 3-1-172b དངོས་སུ་ལོག་ཞུགས་དང་། ཀུན་འགྲོ་མིན་པ་རྣམས་མཚན་ཉིད་དང་དངོས་སུ་མི་འགལ་བས་ལོག་ཞུགས་ལ་ལོག་ཞུགས་ཡིན་ནོ་ཞེས་འདོད། གོང་མ་པ་དག །ལྟ་བ་དང་པོ་གསུམ་དང་། མ་རིག་པ་ཐེ་ཚོམ་དང་ལྔ། བདེན་པ་ལ་དངོས་སུ་དང་། ཆགས་རྒྱལ། ལྟ་བ་ཕྱི་མ་གཉིས་ཏེ་བཞི་ནི། ལྟ་བ་དང་པོ་གསུམ་ལ་སྲེད་ཅིང་ཁེངས་ལ་མཆོག་དང་། དག་གྲོལ་གྱི་རྒྱུར་འཛིན་པས་ལོག་པ་ལ་ལོག་ཞུགས་དང་། ཁོང་ཁྲོ་རང་དང་ལྟ་བ་མི་མཐུན་པ་རྣམས་ལ་འཁྲུགས་པའི་དབང་གིས་ ལོག་ཞུགས་ཞེས་གསུམ་དུ་འཆད་དོ། །གཉིས་པ་ཟག་མེད་ལ་དམིགས་པ་ལ། དམིགས་བྱེད་དྲུག་དང་། དེས་དམིགས་ཡུལ་གྱི་ཟག་མེད་ས་གང་གི་ཡིན་དཔྱད་པ། དྲུག་པོ་ལས་གཞན་པས་མི་དམིགས་ཚུལ་བསྟན་པ་གསུམ། དང་པོ། འགོག༷་པ་དང༷་ལམ༷་མཐོང༷་བས་སྤང༷་བར་བྱ༷་བ༷་ནི་ལོག༷་ལྟ༷་གཉིས་དང་། ཐེ༷་ཚོམ༷་གཉིས་ཏེ་བཞི་པོ་དེ༷་དག༷་དང༷་མཚུངས༷་ལྡན༷་གྱི་མ་རིག་པ༷་དང་འབའ༷་ཞིག༷་ཅེས་མ་འདྲེས་པའི་མ༷་རིག༷་པ་དང༷་། དེ་དྲུག༷་ནི༷་ཟག༷་མེ༷ད་ལ་དམིགས་པའི་སྤྱོ༷ད་ཡུལ༷་ཅ༷ན་ ཡི༷ན་ལ༷་གཞན་བརྒྱད་ཅུ་ནི་ཟག་བཅས་ཀྱི་ཆོས་ཀྱི་སྤྱོད་ཡུལ་ཅན་ཡིན་ནོ། །འོ་ན་དྲུག་གིས་ཟག་མེད་འགོག་ལམ་ལ་དམིགས་ན་བདེན་པ་མཐོང་བར་ཐལ་ཞེ་ན། མ་ངེས་ཏེ། རྣམ་པར་ཕྱིན་ཅི་ལོག་ཏུ་དམིགས་པས་སོ། །གཉིས་པ། འགོག་པ་ལ་དམིགས་པའི་ལོག་ལྟ་སོགས་ནི་རང༷་གི༷་ས༷་པའི༷་གཉེན་པོ་འགོག༷་པ༷་ཁོ་ན་ལ་དམིགས་ཏེ། འདོད་པའི་ལོག་ལྟས་འདོད་པའི་གཉེན་པོ་འགོག་པ་ལ་དམིགས་པ་ལ་སོགས་པ་ནས་སྲིད་རྩེའི་བར་དུ་སྦྱར་བ་དང༷་། ལམ༷་ནི༷་ས་དགུའི་ 3-1-173a ལམ་ནི་ཕན་ཚུན་དུ་མཉམ་དང་ཁྱད་པར་ཅན་གྱི་ཡིན་ཞེས་གསུངས་ཕྱིར་ལམ་རང་ཕན༷་ཚུན༷་སྐལ་བ་མཉམ་པའི་རྒྱུ་ཡི༷ན་པས༷། ཟག་མེད་དང་པོའི་ཉེར་བསྡོགས་སོགས་བསམ་གཏན་ས༷་དྲུག༷་ལ་བརྟེན་པའི་ལམ་ ཆོས་ཤེས་ནི་འདོད་པའི་ལོག་ལྟ་སོགས་གསུམ་གྱི་ཡུལ་ཡིན་ལ། དེ་དང་གཟུགས་མེད་དང་པོ་གསུམ་བཅས་ས༷་དགུའི༷་ལམ༷་རྗེས་ཤེས་ནི༷་རྗེས་ཤེས་དེའི༷་སྤྱོ༷ད་ཡུལ༷་ཅ༷ན་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གོང་མའི་ཁམས་ཀྱི་མ་ རིག་ལོག་ལྟ་ཐེ་ཚོམ་གསུམ་གྱི༷་ཡུལ༷་ཡི༷ན་ནོ༷། །གསུམ་པ། འདོ༷ད་ཆགས༷་ཀྱིས་འགོག་ལམ་ལ་དམིགས་པ་མིན༷་ཏེ༷། དེའི་ཡུལ་ཡིན་ན་སྤང༷་བྱ༷ས་ཁྱབ་པའི་ཕྱིར༷་ཏེ། ཆགས་ཡུལ་སྤང་བྱ་ཡིན་ལ་འགོག་ལམ་དེ་མིན་པས་སོ། ། ཟག་མེད་ལ་དམིགས་པ་གཅིག་ཏུ་སྤང་བྱར་མ་ངེས་ཏེ་འདུན་པ་བཞིན་ནོ། །འགོག་ལམ་ཐོབ་སྒྲུབ་འདོད་པ་དགེ་བའི་ཆོས་ལ་འདུན་པ་ཡིན་གྱི་འདོད་ཆགས་མིན་ནོ། །གནོད་བྱེད་ལ་ཞེ་སྡང་ན་འགོག་ལམ་གྱིས་གནོ༷ད་པར་མི༷་བྱེ༷ད་པའི་ ཕྱིར༷་ཏེ། དེ་ཀུན་ནས་མནར་སེམས་ཀྱི་གཞི་དགུའི་མཚན་ཉིད་ལས་འདས་པས་ཞེ༷་སྡང༷་གིས་དམིགས་པ་མི༷ན་ནོ། །ང་རྒྱལ་ཁེངས་པ་ལ་དམིགས་ན་འགོག་ལམ་ཞི༷་བའི་རྣམ་པ་ཅན་ཡིན་པའི་ཕྱིར་དང༷་། ལམ་བདེན་ཉོན་མོངས་ དྲི་མ་སྤང་ཕྱིར་དག༷་པའི་རྒྱུ་ཡིན་ཅིང་ཚུལ་བརྟུལ་ཡང་དག་པའི་རྒྱུ་མིན་ལ་དེར་ལྟ་བས་དང༷་། འགོག་ལམ་དེ་ཡང་དག་པ་ཆོས་ཀུན་གྱི་མཆོག༷་ཏུ་གྱུར༷་ལ། ལྟ་བ་མཆོག་འཛིན་དམན་པ་ལ་མཆོག་ཏུ་འཛིན་པའི་ཕྱིར༷་ན་རིམ་པར་ང༷་རྒྱལ༷་ 3-1-173b གྱིས་དམིགས་པ་མ༷་ཡི༷ན་ལ། ཚུལ་བརྟུལ་དང་། ལྟ་བ་མཆོ༷ག་འཛིན༷་གྱིས་ཀྱང་དམིགས་པ་མིན༷་ནོ། །དེས་ན་ཕྲ་རྒྱས་གོ་བརྒྱད་ལས་ཟག་མེད་ལ་དམིགས་པ་ཁོ་ན་ཡིན་པ་བཅུ་གཉིས། ཟག་བཅས་ཁོ་ན་ལ་དམིགས་པ་བརྒྱད་ཅུ། ། གཉིས་ཀ་ལ་དམིགས་པ་འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་གོ། ཞེས་དངོས་སུ་བསྟན་པས། ཤུགས་ལ་ཟག་མེད་ལ་དམིགས་པ་རྣམས་དངོས་སུ་ལོག་ཞུགས། འགོག་ལམ་མཐོང་སྤང་གི་ཟག་བཅས་ལ་དམིགས་པ་རྣམས་ ལོག་ཞུགས་ལོག་ལྟ་སོགས་དེ་དག་ལ་དམིགས་པས་ལོག་ཞུགས་ལ་ལོག་ཞུགས་ཡིན་ནོ་ཞེས་བསྟན་པའོ། །གོང་མ་པ་དག་དྲུག་པོ་དེས་ཀྱང་རྟོག་བཅས་ཡིད་ཀྱིས་བརྟགས་པའི་ཟག་མེད་ཀྱི་མིང་ཙམ་ལ་དམིགས་ཀྱི་དངོས་སུ་མིན་ ཏེ། ཡིན་ན་དེ་ཡེ་ཤེས་སུ་ཐལ་ལོ་གསུངས་སོ། །གཏན་དབབ་བསྡུ་བ་ལས་དམིགས་པ་བསྡུ་ན་ལྔ་སྟེ། ལོག་པར་རྣམ་པར་བརྟགས་པའི་དངོས་པོ་ལ་དམིགས་པ། ལྟ་བ་ལ་དམིགས་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་ དམིགས་པ། རང་གིས་རྣམ་པར་བརྟགས་པའི་མིང་ལ་དམིགས་པ། རང་གི་ངང་གིས་ཡེ་ནས་ཡོད་པའི་དངོས་པོ་ལ་དམིགས་པའོ་ཞེས་གསུངས་སོ། །བྱེ་སྨྲས་ཟག་མེད་ལ་དམིགས་ཀྱང་འཕགས་པར་འགྱུར་བ་མ་ངེས་ཏེ་སྒྲ་རྟག་ འཛིན་བཞིན་ནོ་ཟེར་རོ། །གཉིས་པ་རྒྱས་འགྱུར་ལ་དམིགས་པ་དང་། མཚུངས་ལྡན་གྱི་རྒྱས་འགྱུར་གཉིས། དང་པོ། ཕྲ༷་རྒྱས༷་གོ་བརྒྱད་ལས་དམིགས་པས་རྒྱས་འགྱུར་དུ་མཚུངས་ལྡན་གྱི་རྒྱས་འགྱུར་དུ་ཞེ་ན། ཀུན༷་ཏུ༷་འགྲོ༷་བ་ 3-1-174a དེ་རྣམ༷ས་ནི༷་དམི༷གས་པའི༷་སྒོ༷་ནས༷་རང༷་གི༷་སའི༷་སྤང་བྱ་རིས་ལྔ་པོ་ཟག་བཅས་ཐམ༷ས་ཅ༷ད་དུ༷་ནི༷་དམིགས་ནས་རྒྱས༷་པ༷ར་འགྱུར༷་ལ། ཀུན་འགྲོ་མ་ཡིན་པ་ནི་རང་རིས་སུ་ཁོ་ན་ལ་དམིགས་ནས་རྒྱས་ཀྱི་རིས་གཞན་ལ་ དམིགས་ནས་མི་རྒྱས་ཏེ། སྡུག་བསྔལ་མཐོང་སྤང་ནི་སྡུག་བསྔལ་མཐོང་སྤང་ཁོ་ན་ལ་རྒྱས་པ་སོགས་ཀྱི་ཕྱིར་རོ། །འོ་ན་ཐམས་ཅད་རང་གི་ཡུལ་ལ་དམིགས་པས་རྒྱས་སམ་ཞེ་ན། ཟག༷་མེ༷ད་ལ་དམིགས་པ་དང་ས་གོང༷་མའི༷་ཡུལ༷་ཅ༷ན་ གྱི་ཉོན་མོངས་རྣམས་ཀྱང་རང་ཡུལ་དེ་དག་ལ་དམིགས་ཀྱང་རྒྱས་པ་ནི་མིན༷་ཏེ། དེ་གཉིས་འོག་མས་བདག་ལྟ་དང་སྲེད་པས་བདག༷་གི༷ར་མ༷་བྱས༷་པ་དང་། དེ་དག་གི་གཉེན༷་པོ༷་ཡིན་པས་དེ་ལ་དམིགས་ཀྱང་རྒྱུན་འཕེལ་ཞིང་རྒྱས་པ་མེད་པའི༷་ ཕྱིར༷་རོ། །དེའི་ཕྱིར་ཕྲ་རྒྱས་ཀུན་འགྲོ་ཡིན་མིན་གཉིས། དང་པོ་ལ་ཁམས་དང་ས་སྐལ་བ་མཉམ་པ་དང་མི་མཉམ་པ་གཉིས། ཀུན་འགྲོ་མིན་པ་ལ་ཟག་བཅས་ཟག་མེད་ལ་དམིགས་པ་གཉིས་སོ། །དེ་ལ་ཟག་མེད་དང་སྐལ་བ་མི་ མཉམ་པ་གོང་མ་ལ་དམིགས་པ་རྣམས་མཚུངས་ལྡན་ཁོ་ནས་རྒྱས་འགྱུར་ཏེ། ཞིང་རླན་བཅས་མྱུ་གུ་ལྟར་གང་ལ་བདག་ལྟ་དང་སྲེད་པ་འཇུག་པ་དེ་ལས་གཞན་རྒྱས་པ་མེད་དོ། །འདོད་པས་ས་གོང་མ་དོན་དུ་གཉེར་བ་དགེ་བ་ལ་འདུན་པ་ ཡིན་ནོ་ཞེས་བཤད། གཉིས་པ། ཕྲ་རྒྱས་གང༷་ཞིག༷་སེམས་དང་སེམས་བྱུང་ས་མང་ལ་སོགས་པ་གང་དང༷་མཚུངས༷་པར་ལྡན༷་པ༷་དེ༷་དག་ནི༷་གྲོགས་དེར་ཏེ། དེ་དག་མ་སྤངས་ཀྱི་བར་དུ་མཚུངས༷་པར་ལྡན༷་པའི་སྒོ༷་ནས༷་རྒྱས་པར་འགྱུར་ 3-1-174b ཏེ། དུག་དང་འདྲེས་པའི་ཆང་གིས་དུག་གི་ནུས་པ་འཕེལ་བ་བཞིན་ནོ། །དེས་ན་ཕྲ་རྒྱས་གོ་བརྒྱད་ལས་ཟག་མེད་ལ་དམིགས་པ་བཅུ་གཉིས་ནི་མཚུངས་ལྡན་ཁོ་ནས་རྒྱས་འགྱུར་དང་། འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་དང་། ཁམས་འོག་མ་གཉིས་ཀྱི་ཀུན་འགྲོ་བཅོ་བརྒྱད་དེ་ཉེར་བཞི་ནི། དམིགས་ཡུལ་ཟག་བཅས་ཟག་མེད་དང་རང་ས་དང་གོང་ས་ལ་ལྟོས་ནས་དམིགས་མཚུངས་ཀྱིས་རྒྱས་པ་གཉིས་ཀ་ཅི་རིགས་དང་། ལྷག་མ་རེ་གཉིས་ནི་རྒྱས་འགྱུར་གཉིས་ ཀར་ངེས་ལ། དམིགས་པས་རྒྱས་པ་ལ་མཚུངས་ལྡན་གྱིས་རྒྱས་པས་ཁྱབ་པས་དམིགས་རྒྱས་ཁོ་ན་ཡིན་པ་མེད་དོ། །ལར་ལམ་དམིགས་ལོག་ལྟ་དང་ཐེ་ཚོམ་གཉིས་ཀྱིས་དངོས་སུ་དམིགས་ན། དེ་གཉིས་ཙམ་ལ་ཐར་པར་ལྟ་ བ་སུ་ཡང་མེད་ལ། ལམ་འདི་ལས་གཞན་དག་པར་ལྟ་ན་དེ་ཡང་ཟག་བཅས་ཡིན་པས་སྡུག་མཐོང་སྤང་བྱར་འགྱུར་ལ། ཡང་ན་ཚུལ་བརྟུལ་ཡིན་ནོ། །གཞན་ཡང་ཀུན་འགོག་ལ་དམིགས་པའི་ལོག་ལྟ་ཐེ་ཚོམ་ལ་འདག་གྲོལ་དུ་ དམིགས་པ་དེ་ཡང་ཡོད་དགོས་ལ་དེ་ལྟ་ན། དེ་གཉིས་ལ་ཚུལ་བརྟུལ་ཡོད་པ་འགལ་ཞེས་སློབ་དཔོན་གསུངས་ཀྱང་རང་བཞེད་རྣལ་འབྱོར་སྤྱོད་པར་གསལ་ལོ། །གསུམ་པ་ངོ་བོ་ལ་བསྒྲིབ་ལུང་མ་བསྟན་དང་མི་དགེ་བའི་ཁྱད་པར། དེ་གཉིས་ཀྱི་རྒྱུ། ཞར་ལ་ལུང་མ་བསྟན་གྱི་མིང་ཅན་གཞན་བཤད་པ་དང་གསུམ། དང་པོ། ཁམས་གོ༷ང་མ༷་ན་ཡོད་པའི་ཉོན་མོངས་ཐམ༷ས་ཅ༷ད་སྒྲིབ་ལ་ལུང༷་མ༷་བསྟན༷་ཏེ། ཉོན་མོངས་ནི་ཡིན་མོད་རྒྱུད་ཏིང་ངེ་འཛིན་གྱིས་བརྟུལ་བས། ཉོན་ 3-1-175a མོངས་པ་དེས་འབྲས་བུ་ཡིད་མི་འོང་འབྱིན་མི་ནུས་པས་མི་དགེ་བའང་མིན་ཏེ། དེ་ན་གནོད་སེམས་སོགས་མེད་པས་སོ། །ཉོན་མོངས་པ་ཡིན་ཕན་ཆད་མ་སྒྲིབ་པ་དང་དགེ་བ་ནི་མི་སྲིད་དོ། །དེས་ན་སྒྲིབ་ལ་ དགེ་མི་དགེ་གང་དུའང་ལུང་མ་བསྟན་ཡིན་ནོ། །འདོ༷ད་ཁམས་ན༷་འཇིག༷་ཚོགས༷་ལ་ལྟ༷་བ༷་དང༷་མཐར༷་འཛིན༷་པའི་ལྟ་བ་དང་དེ་གཉིས་དང་ལྷན༷་ཅི༷ག་པའི་མ༷་རིག༷་པ༷་དང་གསུམ་ནི་སྒྲིབ་ལུང་མ་བསྟན་ནོ། །ཇི་ལྟར་ཞེ་ན། འཇིག་རྟག་གཉིས་ནི་ སྦྱིན་ཚུལ་སོགས་དགེ་བ་དང་མི་འགལ་བར་འཇུག་ལ་ཆད་ལྟ་ཡང་ཐར་པ་དང་མཐུན་ཏེ་བདག་མེད་པར་འདོད་པས་སོ། །གཞན་ཡང་ལྟ་བ་འདི་གཉིས་རང་རྒྱུད་ཀྱི་རྫས་ཙམ་ལ་རྨོངས་པ་ལས་གཞན་ལ་གནོད་པར་མ་ཞུགས་པས་མི་ དགེའང་མིན་ཟེར་ཀྱང་། ཁ་ཅིག་གིས་དེ་ལྟ་ན་མཐོ་རིས་ལ་སྲེད་པའི་འདོད་ཆགས་དང་། ངའོ་སྙམ་པའི་ང་རྒྱལ་ཀྱང་ལུང་མ་བསྟན་དུ་ཐལ་ཏེ་རྒྱུ་མཚན་མཚུངས་པས་སོ། །དེས་ན་དེ་གཉིས་ཀྱི་ལྷན་སྐྱེས་རི་དྭགས་དང་བྱ་སོགས་ལ་ ཡོད་པ་སྒྲིབ་ལུང་མ་བསྟན་ཏེ། བབ་ཅོལ་དུ་སྒྲ་ཐོས་པས་སྐྲགས་པའི་རྒྱུར་འགྱུར་བ་ལྟ་བུའོ། །སེར་སྐྱ་སོགས་ཀྱིས་ཀུན་ཏུ་བརྟགས་པ་ནི་མི་དགེ་བར་འདོད་ལ། དེས་ན་འདོད་ཆགས་དང་ང་རྒྱལ་ཡང་ལྷན་སྐྱེས་སྒྲིབ་ལུང་མ་བསྟན་ དང་ཀུན་བཏགས་མི་དགེ་བར་འགྱུར་ལ། ཁམས་གོང་ན་མཐོང་སྤང་ཀུན་བཏགས་མི་དགེ་བ་ཡོད་པའམ་མེད་ན་མཐོང་སྤང་མེད་པར་ཐལ་བ་འདི་སྤང་དགོས་སོ། །འདི་རྣམས་ཀྱང་སྤྱི་རིགས་ནས་བསྟན་ན་མི་འགལ་ལམ་སྙམ། ལྟ་ 3-1-175b བ་དང་པོ་གཉིས་མཚུངས་ལྡན་དང་བཅས་པ་མ་གཏོགས་པའི་ཕྲ་རྒྱས་ལྷག༷་མ༷་རྣམ༷ས་ནི་འདོད་ཁམས་འདིར༷་མི༷་དགེ༷་བ༷འོ༷། །དེའི་ཕྱིར་གཏན་དབབ་ལས། མང་དང་ཉོན་མོངས་ཅན་དང་ནི། །སྤྱོད་དང་སྡུག་བསྔལ་ཉིད་དང་ཡང་། ། ཁ་ན་མ་ཐོ་བུལ་འབྲས་དང་། །ཏིང་ངེ་འཛིན་དང་སྐྱེ་བའོ། །ཞེས་འདོད་པ་དང་གོང་མའི་ཉོན་མོངས་ལ་ཁྱད་པར་བརྒྱད་དམ་བཅུ་བཤད་དོ། །གཉིས་པ་རྒྱུ་ལ་མི་དགེ་བའི་རྒྱུ་དང་། ལུང་མ་བསྟན་པའི་རྒྱུ་གཉིས། དང་པོ། འདོ༷ད་ན༷་སྤང་བྱ་རིས་ལྔ་ཆར་གྱི་འདོ༷ད་ཆགས༷་དང་། ཁོང༷་ཁྲོ༷་ནི་རྩ་བ་གཉི༷ས་དང་འཇིག་ལྟ་དང་མཐར་ལྟ་གཉིས་དང་མཚུངས་པར་ལྡན་པའི་རྨོངས་པ་མ་གཏོགས་པའི་ཀུན་ཏུ་རྨོངས༷་པ་རྣམ༷ས་ནི། མི༷་དགེ༷་བའི་རྩ༷་བ༷་ཡི༷ན་ཏེ། མི་ དགེ་བ་ཐམས་ཅད་གསུམ་པོ་དེ་ལས་འབྱུང་བའི་ཕྱིར་རོ། །གཉིས་པ་ལ་ལུགས་གཉིས་ཀྱི་དང་པོ། ལུང༷་མ༷་བསྟན༷་ཡང་ཡིན་ལ་དེ་འབྱུང་བའི༷་རྩ༷་བའ༷ང་ཡིན་པ་ནི་གསུམ༷་སྟེ། གང་ཞེ་ན། དེ༷་ནི༷་ཁམས་གོང་མ་གཉིས་ན་ ཏིང་ངེ་འཛིན་གྱི་རོ་མྱང་དང་། གཞལ་མེད་ཁང་ལ་སྲེད་པ་སོགས་ཁམས་གོང་མའི་སྲེ༷ད་པ་ཐམས་ཅད་དང༷་། མ༷་རིག༷་པ་ཁམས་གསུམ་གྱི་སྒྲིབ་པ་ཐམས་ཅད་དམ། འདོད་པའི་ལྟ་བ་དང་པོ་གཉིས་དང་མཚུངས་ལྡན་དང་། བློ༷་ཤེས་ རབ་སྟེ་དེའི་ངོ་བོ་ཉོན་མོངས་ཅན་མིན་ཡང་། འདོད་ན་རྣམ་སྨིན་སྐྱེས་སོགས་སེམས་བཞི་དང་མཚུངས་ལྡན་དང་། ལྟ་བ་དང་པོ་གཉིས་དང་། གོང་ན་ཉོན་མོངས་དང་མཚུངས་ལྡན་དང་། རྣམ་སྨིན་སྐྱེས་སོགས་དང་མཚུངས་པར་ལྡན་ 3-1-176a པའི་ཤེས་རབ་ཐམས་ཅད་དོ། །ཐེ་ཚོམ་ནི་རྣམ༷་པ་གཉི༷ས་སུ་གཡོ་བས་མི་བརྟན་ལ། ང་རྒྱལ་ནི་སེམས་མཐོར༷་འཇུག༷་པའི་ཕྱིར༷་རྩ་བ་དུས་ཀུན་ཏུ་བརྟན་པ་དང་གཏིང་ན་གནས་པ་དང་མི་མཐུན་ པས་ཐེ་ཚོམ་དང་ང་རྒྱལ་ནི་ལུང་མ་བསྟན་གྱི་རྩ་བ་མིན་ལ། དེ༷་ལ༷ས་གཞན༷་ནི་ལུང་མ་བསྟན་གྱི་རྩ་བ་མིན༷་ཏེ་གོང་ན་ཁོང་ཁྲོ་མེད་ལ། འདོད་ན་ཡོད་པ་ནི་མི་དགེའོ། །ཞེས་ཁ་ཆེ་བས་འཆད་དོ། །ལུགས་གཉིས་པ། བརྟན་ པ་དང་གཏིང་གནས་ཙམ་འདིར་རྩ་བའི་དོན་མིན་ལ་འདིར་གཙོ་བོའི་རྒྱུ་ལ་བརྗོད་པས་དེའི་རྩ་བ་བཞི༷འོ་ཞེས༷་ཉི༷་འོ༷ག་བྱེ་སྨྲ༷་བ་རྣམས་འདོད་དོ། །དེ༷་དག༷་ཀྱང་ཁམས་གོང་མའི་སྲེ༷ད་པ་དང་། ལྟ༷་བ་ཐམས་ཅད་དང་། འདོད་པའི་ལྟ་བ་དང་ པོ་གཉིས་དང་། གོང༷་མའི༷་ང་རྒྱལ་དང་། རྨོང༷ས་པ་སྔར་བཤད་ཐམས་ཅད་དེ། དེ་ཡང་ལྟ་སྲེད་ང་རྒྱལ་ཤས་ཆེ་བའི་བས༷མ་གཏན༷་པ༷་གསུམ༷་ཡོད་དེ། རོ་མྱོང་མཚུངས་ལྡན་བསམ་གཏན་སྲེད་ཤས་ཆེ་བ་བསམ་གཏན་ལ་བརྟེན་ནས་རྟག་ལྟ་ སོགས་བསྐྱེད་པ་ལྟ་བ་ཤས་ཆེ་ལ། བདག་བསམ་གཏན་ཐོབ་ལ་གཞན་མིན་ཞེས་རློམས་པ་ང་རྒྱལ་ཤས་ཆེ་ལ། དེ་གསུམ་མ༷་རིག༷་པ་ལ༷ས་བྱུང་བས་སོ། །ཞེས་སོ། ཁ་ཅིག་ནི་འདི་ལམ་ཡིན་ནམ་མིན། བདག་འདས་སོགས་བྱུང་མ་བྱུང་ ཞེས་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་ཡོད་པར་བཤད་ལ། བསམ་གཏན་མཚོན་པ་སྟེ་གཟུགས་མེད་སྙོམས་འཇུག་ལུང་མ་བསྟན་དང་འདོད་པའི་སྒྲིབ་པ་ལ་སོགས་པ་གཞན་ཡང་ཡོད་དོ་ཅེས་སོ། །རྩ་བ་དེ་དག་ཚང་དགོས་པ་མིན་ཏེ་ཅི་ 3-1-176b རིགས་ལས་སོ། །གསུམ་པ་ཞར་བྱུང་དྲི་བ་ལུང་མ་བསྟན་ནི། འོ་ན་དགེ་མི་དགེ་ལུང་མ་བསྟན་འདི་ལས་གཞན་ལུང་མ་བསྟན་ཡོད་དམ་ཞེ་ན་ཡོད་དེ། དྲི་བ་ལུང་མ་བསྟན་ཡོད་དོ། །དེ་ལ་སྤྱིར་དྲི་བ་ལ་ལན་བཏབ་ཚུལ་བཞི་ སྟེ། མགོ༷་གཅི༷ག་ཏུ་ལུང་བསྟན་པ་དང༷་ནི༷། རྣམ༷་པར་འབྱེ༷ད་དེ་ལུང་བསྟན་པ་དང༷་། དྲི༷་བར་བྱས་ནས་ལུང་བསྟན་པ་དང༷་། བཞག༷་པ༷ར་ལུང༷་བསྟན༷་པ༷་སྟེ་བཞི་ལས། དང་པོ། མགོ་གཅིག་ཏུའམ་ཕྱོགས་གཅིག་ཏུ་ལུང་བསྟན་པ། སེམས་ཅན་སྐྱེས་པ་ཐམས་ཅད་འཆི༷འམ་ཞེ་ན་འཆི་ཞེས་ལན་གདབ་པ་ལྟ་བུ་དང༷་། གཉིས་པ་འཆི་བ་ཐམས་ཅད་སྐྱེའམ༷་ཞེ་ན་རྣམ་པར་ཕྱེས་ཏེ་ཉོན་མོངས་མེད་པར་མི་སྐྱེ་ལ་ཉོན་མོངས་བཅས་པ་རྣམས་སྐྱེའོ་ཞེས་པ་ལྟ་བུ་དང༷་། གསུམ་ པ། མི་འདི་ཁྱ༷ད་པར༷་འཕ༷གས་པ་ཡིན་ནམ། འོན་ཏེ་དམན་པ་ཡིན་ཞེ་ན། ལྷ་ལ་ལྟོས་ནས་སམ། ངན་སོང་ལ་ལྟོས་ནས་ཞེས་དྲིས་ཏེ་ལུང་སྟོན་པ། ལྷ་ལ་ལྟོས་ནས་ཟེར་ན་དམན་ལ་སོགས་ལན་གདབ་པ་ལྟ་བུའོ། །བཞི་པ། ཅི་བདག༷་ཕུང་པོ་ལས་གཞན༷་ཡིན་ནམ་གཅིག་ཡིན་ལ༷་སོ༷གས་པས་གཉིས་ཡིན་གཉིས་མིན་སོགས་གང་དུའང་ལན་མི་གདབ་པ་ལྟ༷་བུ༷་ཡི༷ན་ཏེ་ལུང་མ་བསྟན་བཅུ་བཞི་བཟུང་ངོ་། །ལུང་མ་བསྟན་བཅུ་བཞི་པོ་མི་དགེ་བ་ཡིན་ཡང་འདིར་དྲི་ བ་ལུང་མི་བསྟན་པར་གསུངས་ཏེ། ཐམས་ཅད་བདག་ལས་བརྩམས་པའི་དྲི་བ་ཡིན་པས། བདག་མ་གྲུབ་པས་སྨྲས་པ་ལྟར་དུ་ལུང་བསྟན་ན་དོན་ལ་མི་གནས་པས་སོ། །བདག་མེད་པར་བསྟན་ན་སྣོད་དུ་མི་འགྱུར་བས་དེ་དག་བསྟན་ 3-1-177a པ་ལ་རིམ་གྱིས་གཞུག་པའི་ཕྱིར་རོ། །དེ་ཡང་ལུང་མ་བསྟན་བཅུ་བཞི་ནི། བདག་དང་འཇིག་རྟེན་རྟག་སོགས་བཞི། མཐའ་ལྡན་སོགས་བཞི། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་མི་འབྱུང་སོགས་བཞི། ལུས་དེ་ཉིད་སྲོག་ཡིན་ནམ། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཡིན་ཞེས་སོ། །འོ་ན་ལུང་བསྟན་པར་འགལ་ལོ་ཞེ་ན། དེ་དག་ཏུ་ལུང་མི་བསྟན་ཏོ་ཞེས་བཞག་པར་ལུང་བསྟན་པའི་ཕྱིར་འགལ་བ་མེད་དོ། །བཞི་པ་ལྡན་ཚུལ་ལ་དངོས་ དང་། འཕྲོས་དོན་གཉིས། དང་པོ། ཆགས་སོགས་ཉོན་མོངས་རང་མཚན་པ་གསུམ་གྱི་ཡུལ་ལྡན་ཚུལ་དང་། རྨོངས་སོགས་ཉོན་མོངས་སྤྱི་པ་གསུམ་གྱི་ཡུལ་ལྡན་པར་བྱེད་ཚུལ་གཉིས། དང་པོ་ལ་དངོས་དང་ཞར་བྱུང་གཉིས། དང་པོ ལ་དངོས་དང་། དུས་གཉིས། དང་པོ། ལྡན་ཚུལ་སྤྱིར་ཉོན་མོངས་པ་རང་གི་མཚན་ཉིད་པ་དང་། སྤྱིའི་མཚན་ཉིད་པ་གཉིས། དང་པོ་འདོད་ཁྲོ་སྙེམས་གསུམ་སྟེ། འདོད་སྙེམས་བདེ་མྱོང་དང་། ཁྲོ་བ་སྡུག་བསྔལ་མྱོང་འགྱུར་ལ་དམིགས་ པས་སོ། །སྤྱིའི་མཚན་ཉིད་པ་ནི། ལྟ་བ་དང་ཐེ་ཚོམ་རྨོངས་པ་གསུམ་སྟེ། བདེ་སྡུག་བཏང་སྙོམས་ཀྱི་ཡུལ་གསུམ་ཀ་ལ་ཅི་རིགས་པར་དམིགས་པས་སོ། །དེ་ལ་ཕྲ་རྒྱས་ལྡན་ཚུལ་ནི། འདས༷་པ་དང༷་། ཉེ༷་བར་གན༷ས་པ་ད་ལྟ་བའི་ འདོ༷ད་ཆགས༷་དང་། ཁོང༷་ཁྲོ༷་དང་། ང༷་རྒྱལ༷་དག༷་གི༷ས་ནི༷་གང་ཟག་གང༷་ལ༷་ཉོན་མོངས་དེ༷་གསུམ་གང་རུང་སྐྱེས༷་ནས་མ༷་སྤང༷ས་པའི༷་ཡུལ་གྱི་དངོས༷་པོ༷་དེ༷་དང༷་ལྡན༷་པ༷་ཡི༷ན་ཏེ། ཆགས་སོགས་གསུམ་པོ་རྣམ་ཤེས་གང་གི་འཁོར་དུ་སྐྱེས་ཀྱང་དེས་གླང་བུ་ 3-1-177b ཐག་པས་ཕུར་པ་ལ་བཏགས་པ་ལྟར་གང་ཟག་དེ་དང་ཡུལ་དེ་ལྡན་པར་བྱེད་པས་སོ། །ལྡན་ཚུལ་ནི་དམིགས་པའི་ཚུལ་གྱིས་ལྡན་པ་ཡིན་གྱི་ཡུལ་ཐོབ་ལྡན་མིན་ཏེ་རྒྱུད་དུ་མ་གཏོགས་པ་ལ་ལྡན་པ་མེད་པས་སོ། །དེ་ཡང་ཆགས་སྡང་ནི་སྒོ་ལྔའི་ཤེས་ པའི་འཁོར་དུ་འབྱུང་གིང་རྒྱལ་ནི་ཡིད་ཤེས་ཁོ་ནའི་འཁོར་དུའོ། །སྐྱེས་ཞེས་པ་ཉོན་མོངས་དེ་དག་ཡུལ་འགའ་ལ་མི་སྐྱེ་བ་སྲིད་ལ། གལ་ཏེ་དང་པོར་སྐྱེས་ཀྱང་སྤང་ན་མི་ལྡན་པས་དེ་གཉིས་གཅོད་པའོ། །དཔེར་ན་ཁྱི་ཕག་དྲི་ཆེན་ལ་སྲེད་ པ་ལྟ་བུའོ། །འདས་ད་ལྟས་ཡུལ་དང་ལྡན་ཞེས་སྤྱིར་བསྟན་ཏོ། །གཉིས་པ་དུས་ལ་ཡིད་ཤེས་དབང་ཤེས་གཉིས། དང་པོ། ཡི༷ད་ཀྱི༷་ཆགས་སོགས་གསུམ་པོ་དེ༷་དག༷་མ༷་འོང༷ས་པས༷་ནི། འདས་ད་ལྟ་མ་འོངས་པ་ཀུན༷་དང༷་དམིགས་པའི་ཚུལ་ གྱིས་ལྡན་པར་བྱེད་དེ། ཡིད་ནི་དུས་གསུམ་པའི་ཡུལ་ཅན་ཡིན་པས་སོ། །མ་འོངས་དེ་ལའང་མ་སྤང་བ་སྦྱར་ཟེར་རོ། །གཉིས་པ། ཡིད་ཤེས་ལས་གཞན༷་སྒོ་ལྔའི་འཁོར་བྱུང་ཆགས་སྡང་མ་འོངས་པ་དེ་གཉིས་ཀྱིས༷་རང༷་དུས་མ་འོངས་ པའི་དངོས་པོ་ཁོ་ན་དང་ལྡན་པ༷ར་བྱེད་དེ། སྒོ་ལྔའི་འཁོར་བྱུང་གིས་འདས་འོངས་ལ་མི་དམིགས་པས་སོ། །གཉིས་པ་ཞར་བྱུང་སྐྱེ་བས་དེ་ལྟར་ཡིན་ཀྱང་ཚོགས་དྲུག་གི་འཁོར་བྱུང་ཆགས་སོགས་མི༷་སྐྱེ༷་བའི་ཆོས་ཅན་རྣམ༷ས་ཀྱི་ཡུལ་ཡང་ མི་སྐྱེ་ན་རང་དུས་པ་དང་། དེའི་ཡུལ་ཡང་མི་སྐྱེ་བར་མ་ངེས་པས་སྐྱེ་འགྱུར་ཡིན་པ་མ་སྤང་ན། དུས་གསུམ་དངོས་པོ་ཐམ༷ས་ཅ༷ད་དང༷་དམིགས་ཚུལ་གྱིས་ལྡན་ཟེར། དེ་ཡང་དམིགས་རུང་དུ་ལྡན་གྱི་དངོས་སུ་དམིགས་པ་ནི་མིན་ཏེ་དེ་དག་ 3-1-178a མེད་པས་སོ། །དེ་ལ་སྤྱིར་འདས་པ་དང་ད་ལྟ་ཡོད་རིགས་ལ་མ་འོངས་པའང་ཡོད་དགོས་ལ། དེ་ལ་སྐྱེ་མི་སྐྱེ་གཉིས་ཡོད་དགོས་ཏེ། མི་སྐྱེ་བའང་མིང་གིས་གདགས་རུང་དེ་ཡིད་ཡུལ་དུ་བྱར་ཡོད་པ་ལ་ཡོད་པར་ ཞེན་པ་སྟེ་ཐམས་ཅད་ཡོད་སྨྲ་ཡིན་པས་སོ། །མ་འོངས་མི་སྐྱེ་བའི་ཡུལ་དུ་ཐམས་ཅད་ཡིན་པ་ཆགས་པ་ཡིན་ལ། ཡུལ་རིས་ཆད་མེད་པས་སམ་དཔྱད་དོ། །གཉིས་པ། ལྷག༷་མ༷་ལྟ་བ་ཐེ་ཚོམ་མ་རིག་སྟེ་སྤྱི་པ་གསུམ་པོ། འདས་ སོགས་ཀུན༷་གྱིས༷་ཀྱང་ཡུལ་འདས་སོགས་ཀྱི་སྤང་བྱ་རིས་ལྔ་ཀུན༷་དང༷་ལྡན༷་པར་བྱེད་དེ་དེ་དག་ཉེར་ལེན་གྱི་ཕུང་པོ་ལྔ་ཆར་ལ་དམིགས་ཏེ་སྤྱིའི་མཚན་ཉིད་ལ་དམིགས་པས་སོ། །དེ་ཡང་ཇི་སྲིད་མ་སྤངས་ཀྱི་བར་དུའོ། །གཉིས་པ་འཕྲོས་དོན་ ལ་ཡུལ་དུས་གསུམ་ཡོད་པར་བཤད་པ་ལས་འཕྲོས་པ་དང་། ལྡན་ཚུལ་བཤད་པ་ལས་འཕྲོས་པ་གཉིས། དང་པོ་ལ། དུས་གསུམ་རྫས་ཡོད་དུ་སྒྲུབ་པ། དེ་ལ་ནང་གསེས་ཀྱི་འདོད་ཚུལ། དེ་ལ་རྩོད་པའི་ལན་བསྟན་པ་དང་གསུམ། དང་པོ། དུས་གསུམ་ལ་འདས་མ་འོངས་རྫས་སུ་ཡོད་ན་འདུས་བྱས་རྟག་པར་འགྱུར་ལ། མེད་ན་ཕྲ་རྒྱས་དེས་ལྡན་བྲལ་ཇི་ལྟར་འགྱུར་ཞེ་ན། བྱེ་སྨྲས་འདས་འོངས་རྫས་སུ་ཡོད་ཀྱང་རྟག་པར་མི་འགྱུར་ཏེ། མཚན་ཉིད་སྐྱེ་སོགས་ དང་ལྡན་པས་སོ་ཟེར། དེས་ན་དུས་ཀུན་ཏུ་རྫས་སུ་ཡོད་པར་གསལ་བར་དམ་བཅའ་འོ། །རྫས་སུ་ཡོད་པའི་རྒྱུ་མཚན་ཅི་ཞེ་ན་ལུང་རིགས་གཉིས་ཀས་ཏེ། མདོ་ལས། དགེ་སློང་དག་གཟུགས་འདས་པ་དང་། མ་འོངས་པའང་ 3-1-178b མི་རྟག་ན་ད་ལྟར་བྱུང་བ་ལྟ་ཅི་སྨོས་སོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ལྟར་ལྟ་བ་ནི། འདས་པའི་གཟུགས་ལ་ལྟ་བར་མི་འགྱུར་ཞེས་སོགས་ནས། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་ འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །ཞེས་སོགས་དུས་འདས་འོངས་གཉིས་ཀྱང་ཡོད་པར་གསུངས་པས་དུས༷་གསུམ་པོ་རྣམ༷་པ་ཀུན༷་ཏུ༷་ཡོ༷ད་པར་གསུ༷ངས་པའི་ཕྱིར༷་དང་། ཡང་ མདོ་ལས། མིག་ནས་ཡི༷ད་བར་ཤེས་པ་ནི་མིག་དང་གཟུགས་གཉིས། ཡིད་དང་ཆོས་བར་རྐྱེན་གཉི༷ས་ལ་བརྟེན་ནས་སྐྱེ་བར་གསུངས་པས། འདིའི་ཡིད་ཤེས་ནི་ཡིད་དང་ཆོས་གཉིས་ལ་བརྟེན་པ་ནི་འདིའི་ཤེས་བྱེད་དེ། ཡིད་ འདས་པ་རྫས་སུ་མེད་ན་རང་ཉིད་རང་ལ་བརྟེན་པ་འགལ་བའི་ཕྱིར༷༷་རོ་ཞེས་དང་། རིགས་པ་ནི། ཡུལ་མེད་ན་དམིགས་པ་མེད་ཕྱིར་དེ་ཤེས་པའི་རྣམ་ཤེས་ཀྱང་མེད་ན། འདས་འོངས་ལ་དམིགས་པའི་རྣམ་ཤེས་ཀྱི་དམིགས་རྐྱེན་ནམ་ཡུལ༷་ཡོ༷ད་པའི་ཕྱིར༷་དང་། ལས་ འགག་ཟིན་ལ་འབྲས༷་བུ་རྣམ་སྨིན་ཡོད་པའི་ཕྱིར༷་ཏེ་གལ་ཏེ་དེ་དག་རྫས་སུ་མེད་ན། ལས་ཡོད་ཚེ་རྣམ་སྨིན་མེད། རྣམ་སྨིན་ཡོད་ཚེ་ལས་མེད་པས་ལས་ཀྱི་འབྲས་བུ་མི་འཐད་དོ། །དེའི་ཕྱིར་འདས་འོངས་རྫས་སུ་ཡོད་དོ། །དེས་ན་དུས་གསུམ་པོ་ཐམས་ཅད་དེ༷་ཡོ༷ད་པར་སྨྲ༷་བའི༷་ཕྱིར༷་ན་གཞི་ཐམ༷ས་ ཅ༷ད་ཡོ༷ད་པར༷་སྨྲ༷་བ༷་ཞེས་འདོ༷ད་ཀྱི། ད་ལྟར་དང་འདས་པ་འབྲས་བུ་མ་སྐྱེད་པའི་ལས་འདས་པ་གང་ཡིན་པ་ཡོད་ཅིང་། མ་འོངས་དང་འབྲས་བུ་བསྐྱེད་ཟིན་པའི་འདས་པ་ནི་མེད་དོ་ཞེས་སྨྲ་བ་ནི་རྣམ་པར་ཕྱེ་སྟེ་སྨྲ་བར་འགྱུར་བའི་ཕྱིར་དང་། ད་ལྟར་བྱུང་བ་ཁོ་ན་ཡོད་པར་སྨྲ་བ་མདོ་སྡེ་པ་ཡིན་པར་ 3-1-179a གང་སྤེལ་འདོད་དོ། །གཉིས་པ། ཐམས་ཅད་ཡོད་སྨྲ་དེ༷་དག༷་ལ་དབྱེ་ན་རྣམ༷་པ་བཞི༷་སྟེ། དེ་རྣམས་དུས་གསུམ་རྫས་སུ་ཡོད་པར་འདོད་པར་ཁྱད་མེད་ཀྱང་། དངོས་པོ་གཞན་དུ་འགྱུར་བ་བཙུན་པ་ཆོས་སྐྱབས་ཏེ། དེས་ཤེས་བརྗོད་འཇུག་པའི་ཁྱད་པར་ལ་ལྟོས་ནས་ཐ་དད་དེ། དངོས་པོ་གཅིག་དུས་རྣམས་སུ་འཕོ་འཇུག་བྱེད་པ་ན། གཟུགས་སོགས་རྫས་རང་གི་མཚན་ཉིད་ནི་མི་འགྱུར་ཡང་དངོས་པོ་དག་གཞན་དུ་འགྱུར་ཏེ། མ་འོངས་ད་ལྟར་གྱུར་པ་ན། མ་འོངས་པའི་དངོས་པོ་འདོར་ཞིང་ད་ལྟར་གྱི་དངོས་པོ་ཐོབ་ལ། ད་ལྟ་འདས་པར་གྱུར་པ་ན། ད་ལྟའི་དངོས་པོ་འདོར་ལ་འདས་དངོས་ཐོབ་པས་སོ། །དེས་ན་དུས་དེའི་དངོས་པོའི་མིང་ཐོབ་སྟེ། གསེར་སྣོད་ཞོམ་ནས་སྣོད་གཞན་དུ་སྒྱུར་ ན་གསེར་གྱི་རང་བཞིན་དང་ཁ་དོག་མི་འགྱུར་ཡང་། སྣོད་དབྱིབས་ཙམ་གཞན་དུ་འགྱུར་བ་དང་། འོ་མ་ཞོར་གྱུར་པ་ན་རོ་ནུས་སོགས་ཀྱི་ཡོན་ཏན་ཙམ་འདོར་གྱི་རྫས་མདོག་མི་འདོར་བ་ལྟ་བུ་ཟེར་བ་དང༷་། བཙུན་པ་དབྱངས་སྒྲོགས་ མཚ༷ན་ཉི༷ད་གཞན་འགྱུར་ནི། མཚན་ཉིད་འཇུག་པ་ཐོབ་པ་ལ་ལྟོས་ནས་ཐ་སྙད་བྱེད་དེ། དངོས་པོ་གཅིག་ལ་འདས་ད་ལྟ་མ་འོངས་ཀྱི་མཚན་ཉིད་ལྡན་ཕྱིར་མཚན་ཉིད་ཐ་དད་པའི་སྒོ་ནས་དུས་གསུམ་དུ་བཞག་གི་། དེ་ལ་དུས་ གཞན་གྱི་མཚན་ཉིད་གཏན་མེད་པ་དང༷་། རྫས་ཐ་དད་ནི་མིན་ཏེ། དཔེར་ན་ཆགས་ཅན་བུད་མེད་གཅིག་ལ་ཆགས་པ་ན་དེ་ལ་ཆགས་ཞེས་བརྗོད་ཀྱི་གཞན་ལ་མ་ཆགས་པ་མིན་པ་བཞིན་ནོ་ཞེས་དང༷་། བཙུན་པ་དབྱིག་བཤེས་གན༷ས་ 3-1-179b སྐབས༷་གཞན་འགྱུར་སྨྲ་བ་ནི། གནས་སྐབས་ཐ་དད་ལ་ལྟོས་ནས་ཐ་སྙད་བྱེད་དེ། དངོས་པོ་གཅིག་དུས་རྣམས་སུ་འཇུག་པ་ན། ཆོས་དེ་བྱ་བ་མི་བྱེད་པ་དང་། བྱེད་པ་བྱས་ནས་འགགས་སྐབས་གསུམ་ལ། མ་འོངས་ ད་ལྟ་འདས་ཞེས་ཏེ། དངོས་པོ་དེ་སྐབས་དེ་དང་དེར་ཕྱིན་པ་ན། དེའི་མིང་ཐོབ་སྟེ། སྐབས་དེར་མིང་ཙམ་འགྱུར་གྱི་རང་མཚན་གྱི་རྫས་གཞན་དུ་མི་འགྱུར་ཏེ། རིལ་བུ་གཅིག་ཉིད་གཅིག་གི་ཤོད་མིག་ཏུ་བཞག་ན་གཅིག་དང་། བརྒྱ་དང་སྟོང་གི་ཤོད་མིག་ཏུ་བཞག་ན་དེའི་མིང་ཐོབ་པ་བཞིན་ནོ་ཟེར། བཙུན་པ་སངས་རྒྱས་ལྷས་གཞན༷་དང་གཞན༷་འགྱུར༷་སྨྲ་བ་ནི། སྔ་ཕྱི་ལ་ལྟོས་ནས་ཐ་སྙད་བྱེད་དོ། །དངོས་གཅིག་དུས་རྣམས་སུ་འཇུག་པ་ན། འདས་ད་ལྟ་ལ་ལྟོས་པའི་མ་འོངས་དང་། ད་ལྟ་དང་མ་འོངས་ལ་ལྟོས་འདས་པ། འདས་དང་མ་འོངས་ལ་ལྟོས་ད་ལྟར་བཞག་སྟེ། བུད་མེད་གཅིག་ཉིད་བུ་མོ་ལ་ལྟོས་ནས་མ་དང་། མ་ལ་ལྟོས་ནས་བུ་མོར་འགྱུར་བ་བཞིན་ ནོ་ཞེས༷་བྱའོ༷་ཟེར། གསུམ་པ། དེ་ལ་དངོས་པོ་གཞན་འགྱུར་རྫས་གནས་ལ་ཆོས་འདོར་ལེན་བྱེད་པ་གྲངས་ཅན་པའི་ནང་དུ་འདུ་ལ། མཚན་ཉིད་གཞན་འགྱུར་ནི་དུས་རེ་རེ་ལ་གསུམ་ཀའི་མཚན་ཉིད་དང་ལྡན་པའི་ཕྱིར་དུས་ འཆོལ་བར་འགྱུར་བ་དང་། དཔེ་དོན་མི་མཚུངས་པའི་སྐྱོན་དུ་འགྱུར་ཞིང་། གཞན་དང་གཞན་འགྱུར་ལ། འདས་དུས་ལའང་སྔ་ཕྱི་དབུས་གསུམ་ཡོད་པས། དེ་དག་རིམ་པར་དུས་གསུམ་འགྱུར་དགོས་པས། འདས་དུས་ 3-1-180a གཅིག་ལའང་དུས་གསུམ་ཅིག་ཆར་ཐལ་བའི་སྐྱོན་ཡོད་ཕྱིར། གསུམ་པ་གནས་སྐབས་འགྱུར་བ་བཟང༷་སྟེ༷་བྱ༷་བ༷་བྱེད་པ་དང་། མི་བྱེད་པ་དང་། བྱས་པ་གསུམ་པོ་ཡི༷ས་དུས༷་གསུམ་པོ་རྣམ༷ས་ཀྱི་ཁྱད་ པར་རྣམ༷་པར་བཞག༷་པས་དུས་གཅིག་ཏུ་ཐལ་བ་མེད་དོ་ཟེར། དེས་ན་དེ་ཅུང་ཟད་བཟང་ཡང་མཐར་གཏུག་ན་འདྲ་སྟེ་མི་འཐད་དོ། །ཐམས་ཅད་ད་ལྟར་ཡོད་ན་དུས་གསུམ་དུ་ཇི་ལྟར་འགྱུར་ཞེ་ན། མི་སྐྱོན་ཏེ་བྱ་བས་བཞག་ པས་སོ་ཟེར། དེ་ལྟ་ན་མིག་དེ་མཚུངས་ད་ལྟ་བ་ད་ལྟ་བ་མིན་པར་ཐལ་ཟེར་ན། རྒྱུ་མཐུན་འཛིན་པ་དང་། བྱེད་འབྲས་འབྱིན་པས་མི་སྐྱོན་ནོ་ཟེར། འོ་ན་སྐལ་ཀུན་རྣམ་སྨིན་གསུམ་གྱི་རྒྱུ་འདས་པ་ཉིད་ཀྱིས་ཀྱང་འབྲས་བུ་ འབྱིན་བཞིན་པའི་བྱ་བ་ཡོད་པས་དེ་ད་ལྟ་བར་ཐལ་ཟེར། གལ་ཏེ་ད་ལྟ་བར་འབྲས་བུ་འཛིན་འབྱིན་གྱི་བྱ་བ་གཉིས་ཀ་ཚང་དགོས་ཟེར་ན། དེ་ལྟ་ན་དུས་གསུམ་དུ་བྱ་བས་བཞག་པས་དེ་དག་ལ་འབྲས་བུ་འཛིན་པའི་བྱ་བ་འགག་པའི་ ཆ་ནས་འདས་པ། འབྱིན་པའི་བྱ་བ་དང་ལྡན་ཆ་ནས་ད་ལྟ་བར་འགྱུར་བས་དུས་གསུམ་མཚན་ཉིད་འཆོལ་བར་ཐལ་ཟེར། གཞན་ཡང་དགག་པ། འདས་འོངས་ཆོས་དེའི་བདག་ཉིད་དུ་ད་ལྟར་རྫས་སུ་ཡོད་པའི་ཕྱིར་དེའི་བྱ་བ་ བྱེད་པ་ལ་གེགས༷་སུ༷་ཞིག་གིས་བྱེ༷ད་དེ། དེ་དག་གིས་རྟག་ཏུ་བྱེད་པར་འགྱུར་རོ། །གལ་ཏེ་རྒྱུ་རྐྱེན་མ་ཚོགས་པས་ཡིན་ཟེར་ན། རྐྱེན་ཐམས་ཅད་རྟག་ཏུ་ཡོད་པར་ཁས་བླང་བས་ན། རྟག་ཏུ་ཡོད་པ་ལ་མ་ཚོགས་པ་མི་འཐད་ 3-1-180b པས་སོ། །བྱ་བ་དེ༷་ཡང༷་འགགས་པ་དང་མ་འོངས་པ་ཡིན་ན་བྱ་བ་དང་དངོས་པོ་ཐ་དད་ལ། དེ་ལྟ་ན་དངོས་པོ་ལ་བྱ་བ་མེད་པར་འགྱུར་རོ། །བྱ་བ་དེ་ཇི༷་ལྟར༷་འདས་སོགས་ཡིན་ནམ་མིན། དང་པོ་ལྟར་ན། བྱ་བ་ལ་བྱ་བ་ གཞན་ཡོད་ན་ཐུག་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་བྱ་བ་འདུས་མ་བྱས་སུ་འགྱུར་ཏེ་དུས་ཀྱིས་མ་བསྡུས་པས་སོ། །གལ་ཏེ་བྱ་བ་དངོས་པོ་ལས་གཞ༷ན་མ༷་ཡི༷ན་ནོ་ཞེ་ན། དེ་ལྟ་ན་བྱ་བས་དུས༷་གསུམ་པོ་རྣམས་སུ༷་ བཞག་པར་མི༷་རུང༷་སྟེ། དངོས་པོ་དང་བྱ་བ་གཅིག་ཡིན་ལ། འདས་འོང་གི་དངོས་པོ་ད་ལྟ་ཡོད་པའི་ཕྱིར། གལ་ཏེ་ད་ལྟ་བ་དེ༷་བཞིན༷་དུ༷་འདས་འོང་གི་དངོས་པོའང་ཡོ༷ད་ན༷། ཅིའི༷་ཕྱིར༷་མ༷་སྐྱེས༷་པ་དང་ཞིག༷་པ་ཞེས་བྱ་སྟེ་དེ་ ཡོད་པས་སོ། །མ་སྐྱེས་པ་དང་ཞིག་པ་བྱ་བ་ཡིན་ནོ་ཞེ་ན། དེ་ཡང་དངོས་པོའི་བདག་ཉིད་ཡིན་པས་དངོས་པོ་བཞིན་དུ་ཡོད་པར་འགྱུར་རོ། །གང་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པས། རྟག་པར་མི་འགྱུར་ཞེས་སྨྲས་པ་ དེ་ཡང་ཚིག་ཙམ་སྟེ། དངོས་པོ་དུས་ཐམས་ཅད་དུ་ཡོད་པ་ལ་སྐྱེ་འཇིག་མི་རུང་བས་སོ། །དེས་ན་འགྲེལ་པར། རང་བཞིན་ཡང་ནི་རྟག་ཏུ་ཡོད། །དངོས་པོ་ཡང་ནི་རྟག་མི་འདོད། །རང་བཞིན་ལས་ཀྱང་དངོས་མི་གནས། ། དབང་ཕྱུག་ཐ་སྙད་ཡིན་པར་གསལ། །ཞེས་བཤད་ལ། བཅོམ་ལྡན་འདས་ཀྱིས་འདས་འོངས་ཡོད་པར་གསུངས་པ། འདས་པ་སྔར་བྱུང་པ་ཉིད་དུ་ཡོད་པ་དང་། མ་འོངས་པ་རྒྱུ་རྐྱེན་ཡོད་ན་འབྱུང་འགྱུར་གྱི་དབང་དུ་ 3-1-181a མཛད་ནས་ཡོད་པའི་སྒྲར་གསུངས་ཀྱི། རང་གི་མཚན་ཉིད་རྫས་ཡོད་ནི་མིན་ཏེ། མར་མེ་ཤི་བ་ཡོད་དོ་ཞེས་བྱ་བ་བཞིན་ནོ། །ཡིད་ཀྱི་རྣམ་ཤེས་ཆོས་དང་ཡིད་གཉིས་ལ་བརྟེན་པར་བཤད་པའི་ ཡིད་ནི། སྔ་མའི་རྗེས་ཐོགས་སུ་འབྱུང་བའམ་ཉོན་ཡིད་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ལ། ཡིད་ཡུལ་འདས་འོངས་བཤད་པ་དམིགས་པ་ཙམ་དུ་གསུངས་པ་ཡིན་གྱི། དམིགས་རྐྱེན་ནི་མིན་ནོ། །ཡང་དག་པར་ ལྡན་པའི་ལུང་ལས། ཀུན་ཏུ་རྒྱུ་ཐོར་ཚུགས་ཅན་རྣམས་ཀྱི་དབང་དུ་མཛད་ནས། ལས་འདས་པ་དང་། ཟད་པ་དང་། འགག་པ་དང་། བྲལ་བ་དང་། རྣམ་པར་འགྱུར་བ་གང་ཡིན་པ་དེ་ནི་ཡོད་དོ། །ཞེས་གསུངས་པ་དེ་ཡང་ རྒྱུད་དེ་ལ་སྔོན་ལས་དེས་ཀུན་ཏུ་དྲངས་ཤིང་བཞག་པའི་རྣམ་སྨིན་སྐྱེད་པའི་ནུས་པ་ཡོད་པར་སྟོན་པའོ། །དེ་ལྟ་མིན་ན་འདས་པར་མི་འགྱུར་ཏེ་ད་ལྟ་རང་མཚན་དུ་ཡོད་པས་སོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་དོན་དམ་པ་ སྟོང་ཉིད་ཀྱི་མདོ་ལས། དགེ་སློང་དག་མིག་ནི་སྐྱེ་བ་ནའང་གང་ནས་ཀྱང་མི་འོང་ལ། འགག་པ་ན་གང་དུའང་སོང་བར་མི་འགྱུར་རོ། །དེ་ལྟ་བས་ན་དགེ་སློང་དག་མིག་ནི་མ་བྱུང་བ་ལས་བྱུང་ནས་ཀྱང་སླར་འཇིག་པར་འགྱུར་རོ་ཞེས་ སོགས་གསུངས་པ་དང་འགལ་ལོ། །འདིར་བྱེ་སྨྲ་དག་ནི་རྣམ་པར་བཏགས་པ་དེ་དག་གིས་ནི་མི་གནོད་དེ། ཆོས་རྣམས་ཀྱི་ཆོས༷་ཉི༷ད་དག༷་ནི༷་ཟབ༷་པ༷་ཡི༷ན་པས། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་ལན་འདེབས་སོ། ། 3-1-181b གཉིས་པ་ལྡན་ཚུལ་ལས་འཕྲོས་པ། སྤངས་ཀྱང་ལྡན་པའམ། སྤང་གྲོལ་གྱི་ཁྱད་པར་ནི། ཡང་ཉོན་མོངས་པ་གང་དག་རང་ཉིད་སྤངས་ཀྱང་ལྡན་པ་ཡོད་དེ། དེ་ལ་དམིགས་པའི་ཡུལ་ཅན་མ་སྤང་བས་ཡུལ་ ཡང་བྲལ་བར་མི་འགྱུར་བས་སོ། །གང་ཞེ་ན། འདི་ལྟ་སྟེ། བྲལ་སྤང་གི་ཁྱད་པར་ནི། བྲལ་བ་ཡུལ་ཅན་སྤངས་པ་དང་སྤང་བ་ཐོབ་པ་ཆད་པ་ཡིན་ལ། དེ་ལ་གང་དང་བྲལ་ན་དེས་དངོས་པོ་དེ་སྤང་བ་ཡིན་ཀྱང་། སྤངས་ཀྱང་མ་བྲལ་བ་ཡོད་དེ། སྡུག་བསྔལ་ཤེས་པ་སྐྱེས་ལ་ཀུན་འབྱུང་ཤེས་པ་མ་སྐྱེས་པའི་ཚེ། སྡུག༷་བསྔལ༷་མཐོ༷ང་བས་སྤང༷་བྱའི༷་ཟག་བཅས་སྤང༷ས་ཟིན་ཀྱང༷་། སྡུག་བསྔལ་མཐོང་སྤང་ལ་དམིགས་པའི་ཀུན༷་ འགྲོ༷་ལྷག༷་མ༷་ཀུན་འབྱུང་མཐོང་སྤང་རྣམ༷ས་ཀྱིས༷་དེ་དག་ལ་དམིགས་པས་ཡུལ་དུ་བྱས་ནས་དེ་དང་ལྡན༷་པར་བྱེད་ལ། དེ་བཞིན་དུ་སྒོམ་སྤང་དང༷་པོའི༷་རྣམ༷་པ༷་ཆེན་པོའི་ཆེན་པོ་ཅི་རིགས་སྤངས༷་ཀྱང༷་། དེའི༷་ཡུལ༷་ཅ༷ན་ཏེ་དེ་ལ་ དམིགས་པའི་ཡུལ་ཅན་གྱི་དྲི༷་མ༷་ཆེན་པོའི་འབྲིང་པོ་ལ་སོགས་པ་ལྷག༷་མ་གང་མ་སྤངས་པ་རྣམ༷ས་ཀྱིས༷་དམིགས་པའི་ཚུལ་གྱིས་ལྡན་པར་བྱེད་དོ། །འདིར་ཡུལ་ཅན་དེ་དག་ལྡན་ཙམ་སྟོན་པ་མིན་ཏེ། ཡུལ་ཅན་མ་སྤངས་པས་ ཡུལ་རང་གི་ངོ་བོ་སྤངས་ཀྱང་ཡུལ་ཅན་གྱིས་ལྡན་པར་བྱེད་ཅེས་པ་སྟེ། ངོ་བོ་སྤངས་ན་ཅི་ཞིག་ལྡན་ཏེ་ཐོབ་པ་རྫས་སུ་ཡོད་པ་ནི་བསལ་ཟིན་ཏོ། །ཞེས་བརྗོད་པར་བྱའོ། །ལྔ་པ་ཡུལ་ཡུལ་ཅན་བཅུ་དྲུག་པོ་གང་གི་ཡུལ་དུ་གང་ 3-1-182a འགྱུར་དཔྱད་པ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ། འདིར་ཆོས་གང་སེམས་དུའི་ཡུལ་དུ་འགྱུར་དཔྱད་པ་ལ་ཁམས་གསུམ་ན་སྤང་བྱ་རིས་ལྔ་ལྔ་སྟེ་བཅོ་ལྔ་དང་། ཟག་པ་མེད་པའོ། ། དེ་ལྟ་ན་བཅུ་དྲུག་པོ་དེའི་ཡུལ་ཅན་གྱི་སེམས་ཀྱང་བཅུ་དྲུག་གོ། དེ་གང་གི་ཡུལ་གང་འགྱུར་བ་ཕན་ཚུན་དཔྱད་ནས་ཤེས་ན་དམིགས་པའི་སྒོ་ནས་རྒྱས་པ་ཤེས་ཕྱིར་དེ་དཔྱད་ན། དེ་ཡང་མཐོང་སྤང་ཕུང་པོ་བཞི་དང་། སྒོམ་སྤང་ཕུང་པོ་ ལྔས་བསྡུས་སོ། །སྡུག༷་བསྔལ༷་དང་རྒྱུ་ཀུན་འབྱུང་མཐོ༷ང་བ་དང་ལམ་གོམ༷ས་པ༷་ཡི༷ས་སྤང༷་བར་བྱ༷་བ་འདོ༷ད་ཁམ༷ས་ལ༷ས་སྐྱེས༷་པ༷འམ་གཏོགས་པ་གསུམ་པོ་སོ་སོ་ལྷན་འབྱུང་རྗེས་འབྲང་དང་བཅས་ལ་སེམས་ལྔས་དམིགས་ཏེ། རང༷་གི༷་ ཡུལ་ཅན་གསུམ༷་དང༷་། གཟུགས༷་སུ་གཏོགས༷་པའི་སྒོམ་སྤང་སྟེ་གཅི༷ག། དྲི༷་མེ༷ད་རྣམ༷་ཤེས༷་དང་ལྔའི་སྤྱོ༷ད་ཡུལ༷་ལོ༷། །དེ་ཡང་ཀུན་འགྲོ་རིས་གཞན་ལའང་དམིགས་ལ། དེ་མིན་པའི་ཉོན་མོངས་ཅན་གྱིས་རང་རིས་ལ་དམིགས་ཤིང་། སྒོམ་སྤང་དགེ་བས་གསུམ་ཆར་ལ་དམིགས་པའི་ཕྱིར། གཟུགས་ཀྱི་སྒོམ་སྤང་གིས་དམིགས་ཏེ། །བསམ་གཏན་དགེ་ཡུལ་ཡོད་རྒུ་ཡིན། །ཞེས་པ་ལྟར། གཟུགས་སུ་སྐྱེས་པ་འདོད་པའི་སེམས་ལ་ལྟ་བ་དང་། འདིར་སྐྱེས་པ་ཆགས་བྲལ་ འཇིག་རྟེན་པའི་ལམ་གྱིས་འདོད་ཁམས་ལ་དམིགས་པས་སོ། །དྲི་མེད་ནི་སྡུག་ཀུན་ལ་ཆོས་ཤེས་ཕྱོགས་དང་མཐུན་པའི་རྣམ་ཤེས་དང་ལྔའི་ཡུལ་ལོ། །དེ་དག་ལས་གཞན་གྱིས་དམིགས་མི་ནུས་པ་ནི། འགོག་ལམ་མཐོང་སྤང་འགོག་ 3-1-182b ལམ་ཟག་མེད་ལ་དམིགས་པ་ནི། འགོག་ལམ་ཁོ་ན་ལ་དམིགས་ལ། ཟག་བཅས་ལ་དམིགས་པ་ཙམ་ནི་རང་རིས་ཁོ་ན་ལ་དམིགས་པ་ཀུན་འགྲོ་མིན་པ་དང་། གོང་མའི་ཉོན་མོངས་ཅན་གྱིས་འོག་མ་ལ་དམིགས་པ་མེད་ལ། གཟུགས་མེད་ ཀྱི་སྒོམ་སྤང་དགེ་བའང་འདོད་པ་ལ་རིང་བ་བཞིས་རིང་བས་སོ། །གཟུགས༷་ཁམ༷ས་ལ༷ས་སྐྱེས༷་པ་དེ་གསུམ་ནི་རང༷་གི༷་གསུམ་དང༷་། འོག་མ་འདོད་པའི་དེ་གསུམ༷་གྱིས་དམིགས་ཏེ་འདོད་པའི་ནི་སྐལ་བ་མི་མཉམ་པའི་ཀུན་འགྲོ་སྡུག་ཀུན་ སྤང་བྱ་དང་སྒོམ་སྤང་ཐོས་བསམ་ལས་བྱུང་བའི་དགེ་བས་སོ། །གོང་མ་གཟུགས་མེད་ཀྱི་སྒོམ་སྤང་གཅི༷ག་སྟེ། གཟུགས་མེད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་རགས་པར་ལྟ་བའི་ཤེས་པའི་ཡུལ་ཡིན་པས་སོ། །དྲི༷་ མེ༷ད་ཀྱི༷འང༷་སྟེ། རྗེས་ཤེས་ཕྱོགས་མཐུན་གྱི་ཤེས་པ་དང་བརྒྱད་ཀྱི་ཡུལ་ལོ། །གཟུགས༷་མེ༷ད་ལས་སྐྱེས༷་པའི་དེ་གསུམ་ནི་ཁམ༷ས་གསུམ་གཏོག༷ས་པའི་ཤེས་པ་གསུམ་གསུམ༷་སྟེ་དགུ་དང༷་། ཟག༷་མེ༷ད་ནི་རྗེས་ཤེས་ཕྱོགས་མཐུན་ཏེ་ བཅུའི་སྤྱོ༷ད་ཡུ༷ལ་ལོ༷། །དེ་ཡང་འདོད་གཟུགས་ཀྱི་སྡུག་ཀུན་མཐོང་སྤང་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་མཚུངས་ལྡན་གྱི་སེམས་ཀྱིས་དམིགས་པ་ཡིན་ལ། སྒོམ་སྤང་དགེ་བས་ཀུན་ལ་དམིགས་པས་སོ། །འགོ༷ག་ དང༷་ལམ༷་མཐོ༷ང་བས་སྤང༷་བྱ༷་ཟག་བཅས་ཀུ༷ན་ནི་སྔར་གྱི་དེ་དག་གི་སྟེང་དུ་རང༷་རང་གིས་གླགས༷་པའི༷་སྤྱོ༷ད་ཡུལ༷་ཏེ། ལྔའི་སྤྱོད་ཡུལ་ཡིན་པ་སོགས་ལ་དྲུག་དང་། དགུ་དང་། བཅུ་གཅིག་གི་ཡུལ་ལོ། །དེ་ཡང་མཐོང་སྤང་ཟག་བཅས་ལ་ 3-1-183a དམིགས་པ་ཟག་བཅས་ཆགས་སོགས་དང་མཚུངས་ལྡན་ཡིན་གྱི་ཟག་མེད་ལ་དམིགས་པ་ལོག་ལྟ་སོགས་དང་མཚུངས་ལྡན་ནི་མིན་ཏེ། དེ་དག་ནི་འགོག་ལམ་ཁོ་ན་ལ་དམིགས་པས་སོ། །ཟག༷་མེ༷ད་བརྟགས་ འགོག་དང་ལམ་བདེན་ནི། ཁ༷མས་གསུམ༷་ན་སྤང་བྱ་རིས་ལྔ་ལྔ་ཡོད་པའི་མཐའ༷་མ་གསུམ༷་གསུམ་གྱི་སྤྱོད་ཡུལ་ཏེ། ཁམས་གསུམ་གྱི་ལོག་ལྟ་སོགས་ཟག་མེད་ལ་དམིགས་པ་རྣམས་དང་མཚུངས་ལྡན་དང་། སྒོམ་སྤང་དགེ་བ་ཟག་ བཅས་ཀྱི་དང༷་། ཟག༷་པ༷་མེ༷ད་པའི༷་ཆོས་ཤེས་རྗེས་ཤེས་ཏེ་ཤེས་པ་དེ་བཅུའི་སྤྱོ༷ད་ཡུལ༷་ལོ༷། །འོན་ཀྱང་ནམ་མཁའ་དང་བརྟགས་མིན་གཉིས་ནི་སྒོམ་སྤང་གི་སེམས་ཉོན་མོངས་ཅན་མིན་པ་ཁོ་ནའི་དམིགས་པའོ། །དེ་བཞིན་སེམས་བཅུ་ དྲུག་པོ་རེ་རེའི་ཡུལ་དུ་ཆོས་བཅུ་དྲུག་པོ་དུ་འགྱུར་དཔྱད་པ་ལ། ཁམས་གསུམ་བདེན་བཞི་མཐོང་སྤང་དང་། །སྒོམ་སྤང་སེམས་ཀྱི་ཡུལ་དུ་ནི། །རིམ་བཞིན་བཅོ་ལྔ་གཉིས་བཅུ་དྲུག །བཅུ་དང་གཉིས་དང་བཅུ་དྲུག་དང་། །ལྔ་དང་གཉིས་ དང་བཅུ་གཅིག་འགྱུར། །ཟག་མེད་ཡུལ་དུ་བཅུ་དྲུག་འགྱུར། །ཞེས་སོ། །དེ་ལ་འདིར་ཡུལ་དེ་ཆོས་གང་དུ་གཏོགས། དེ་སེམས་དུའི་ཡུལ་དུ་འགྱུར། ཡུལ་ཅན་སེམས་དེ་ཕྲ་རྒྱས་ཡིན་མིན། ཕྲ་རྒྱས་ཡིན་པ་དེ་ཡུལ་དེ་ལ་རྒྱས་ མི་རྒྱས་དཔྱད་པ་བཞི་ལས། གཟུགས་ཕུང་ལ་མཚོན་ན། འདོད་གཟུགས་ཀྱི་སྒོམ་སྤང་དང་ཟག་མེད་གསུམ་དུ་གཏོགས་ལ། འདོད་པའི་སྒོམ་སྤང་གི་གཟུགས་རྒྱུད་བསྡུས་ཉོན་མོངས་ཅན་ཡིན་ན། འདོད་པའི་རང་སའི་བདེན་པ་དང་ 3-1-183b པོ་གཉིས་ཀྱིས་ཀུན་འགྲོ་གཉིས་དང་སྒོམ་སྤང་དང་། དང་པོའི་ཉེར་བསྡོགས་དང་སྒོམ་ལམ་ཟག་མེད་དང་། སེམས་ལྔའི་ཡུལ་དུ་འགྱུར་ལ། སེམས་ལྔ་ལས་དང་པོ་གསུམ་ཕྲ་རྒྱས་དང་། ཕྱི་མ་གཉིས། སྒོམ་ལམ་ཟག་བཅས་ཟག་ མེད་ཡིན་པས་ཕྲ་རྒྱས་མིན་པའོ། །དེས་ན་བདེན་པ་དང་པོ་གཉིས་ཀྱི་ཀུན་འགྲོ་བཅུ་གཅིག་དང་། སྒོམ་སྤང་བཞི་སྟེ་ཕྲ་རྒྱས་བཅོ་ལྔ་རྒྱས་པར་འགྱུར་ཞིང་། རྒྱུད་ཀྱིས་བསྡུས་ཀྱང་ཉོན་མོངས་ཅན་མིན་པ་དང་། རྒྱུད་ཀྱིས་མ་བསྡུས་པ་ ཐམས་ཅད་ལ་སྒོམ་སྤང་བཞི་པོ་ཁོ་ན་རྒྱས་པ་སོགས་ཤེས་པར་བྱའོ། །གཉིས་པ་ཕྲ་རྒྱས་དང་བཅས་ཚུལ་ལ་དཔྱད་པ་ནི། སེམས་གང་ཕྲ་རྒྱས་དང་བཅས་པ་དེའི་ཕྲ་རྒྱས་དེ་སེམས་དེ་ལ་རྒྱས་པར་འགྱུར་རམ་ཞེ་ན། རྒྱས་འགྱུར་ དག་ཀྱང་ཡོད་དེ། སེམས་དེ་དང་མཚུངས་པར་ལྡན་ཞིང་མ་སྤང་ལ་དམིགས་པ་ཡང་མ་སྤང་བའི་ཕྲ་རྒྱས་གང་དག་ཡིན་པའོ། །རྒྱས་པར་མི་འགྱུར་བ་དག་ཀྱང་ཡོད་དེ། སེམས་དེ་དང་མཚུངས་ལྡན་སྤངས་པའི་ཕྲ་རྒྱས་གང་ དག་ཡིན་པའོ། །ཞེས་གསུངས་པ། སེམས་ནི་མཚོན་པ་སྟེ། ཟག་བཅས་མཚུངས་ལྡན་དང་། དེ་མིན་གཉིས་ལས། དང་པོ། སེམས་ཉོ༷ན་མོང༷ས་ཅན་ནི་ཕྲ༷་རྒྱས༷་དང་བཅས༷་པ་ཡིན་པ་ལ་རྒྱས་མི་རྒྱས་རྣམ༷་པ་གཉི༷ས་ལས། དང་པོ། སོ་སྐྱེའི་སེམས་ཉོན་མོངས་ཅན་ནི། ཆགས་སོགས་མཚུངས་ལྡན་དང་དམིགས་པ་གཉིས་ཀས་རྒྱས་ཤིང་བཅས་པ་ཡིན་ལ། འཕགས་པ་ལ་མཚུངས་ལྡན་སྤངས་ཀྱང་དམིགས་པས་རྒྱས་པ་དང་བཅས་པ་ཡོད་ 3-1-184a དེ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཞེས་སོགས་བཤད་པ་ལྟར་རོ། །གཉིས་པ་དགྲ་བཅོམ་པའི་འདས་སེམས་ཉོན་མོངས་ཅན་ཉོན་མོངས་དང་ལྷན་ཅིག་ འདུག་པ་དང་། མ་འོངས་མི་སྐྱེ་བའི་ཆོས་ཅན་གྱི་སེམས་ཉོན་མོངས་ཅན་ཉོན་མོངས་དང་ལྷན་ཅིག་གནས་པ་བཞིན་ཏེ། དེ་དག་བཅས་པ་ཡིན་ལ་རྒྱས་པར་མི་འགྱུར་རོ། །མི་རྒྱས་ཀྱང་ཕྲ་རྒྱས་དང་བཅས་པར་འཇོག་པ་ནི། སྔར་མ་ སྤང་བའི་དུས་ན་རྒྱས་པའི་ཕྱིར་རོ་ཞེས་དུས་གསུམ་རྫས་གྲུབ་པའི་གྲུབ་མཐའ་འཁྲུལ་པ་ལ་འཁྲུལ་པ་འཇུས་པ་ཡིན་ནོ། །སེམས་ལ་ཕྲ་རྒྱས་བཅས་ཚུལ་ལ་མཚུངས་ལྡན་དང་དམིགས་པ་གཉིས། མཚུངས་ལྡན་ནི་སེམས་ ཉོན་མོངས་ཅན་ཏེ་དེ་དག་རང་དཔྲལ་བར་མི་ནུས་ལ། ཉོན་མོངས་ཅན་མིན་པ་དམིགས་པས་རྒྱས་འགྱུར་གྱི་ཕྲ་རྒྱས་བཅས་ཏེ། མི་རྒྱས་པ་ནི་ཕྲ་རྒྱས་དང་བཅས་པ་མིན་ནོ། །མཚུངས་ལྡན་ནི་མི་རྒྱས་ཀྱང་ཕྲ་རྒྱས་དང་བཅས་པ་ཡིན་ ནོ། །ཞེས་སོ། །ཕྲ་རྒྱས་དང་བཅས་པ་ནི་ཟག་བཅས་ཡིན་ལ། དེ་ལ་ཉོན་མོངས་ཅན་མཚུངས་ལྡན་གྱི་དང་། དམིགས་པས་རྒྱས་འགྱུར་གྱི་ཕྲ་རྒྱས་བཅས་ཚུལ་གཉིས་ཡོད། རང་སའི་སེམས་ཉོ༷ན་མོང༷ས་ཅ༷ན་མིན༷་པ་དགེ་བ་ཟག་བཅས་ དང་མ་སྒྲིབ་ལུང་མ་བསྟན་རྣམས་ནི་དམིགས་པའི་རྒྱས༷་འགྱུར༷་གྱིས༷་ཕྲ་རྒྱས་བཅས་པའོ། །ཟག་མེད་ནི་ཕྲ་རྒྱས་ཀྱིས་དམིགས་ཀྱང་རྒྱས་པ་གཉིས་ཀ་མིན་ནོ། །གཉིས་པ་གོ་རིམ་བདེན་བཞིའི་དམིགས་པ་ལ། ཀུན་ཏུ་རྨོངས༷་པ་ལ༷ས་ 3-1-184b བདེན་བཞི་ཡིན་མིན་སྙམ་པའི་ཐེ༷་ཚོམ༷་སྐྱེ་ལ། དེ༷་ནས༷་ནི༷། དེ་མེད་དོ་ཞེས་པའི་ལོག༷་ལྟ་དང༷་། དེ༷་ནས༷་བདེན་པའི་ལྡོག་ཕྱོགས་འཇིག༷་ཚོགས༷་ལྟ༷་བ་དང་། དེ༷་ལ་བརྟེན་ན༷ས་དེ་རྟག་ཆད་དུ་ལྟ་བའི་མཐ༷ར་འཛིན༷་ པའི་ལྟ་བ་དང་། དེ༷་ན༷ས་ནི༷་གང་ལ་མཐར་བཟུང་བ་དེས་འདག་པར་ཡིད་ཆེས་པས་ཚུལ་ཁྲིམས་བརྟུལ་ཞུགས་མཆོག༷་འཛིན༷་དང་། དེ༷་ནས༷་དེས་འདག་པར་ཡིད་ཆེས་པས་རང་ལྟ༷་དེ་ལ་མཆོག་འཛིན་དང་། རང༷་གི༷་ལྟ༷་བ་ དེ་ལ༷་བརྟེན་ནས་ང༷་རྒྱལ༷་དང་ཞེན་ཅིང་ཆགས༷་ལ། གཞན༷་ལྟ་ལ༷་ཞེ༷་སྡང༷་སྐྱེ་བ་དེ་འདྲ་བས་ན་དེ༷་ལྟར༷་སྐྱེ་བའི་རིམ་པར་བསྟན་ནོ། །སློབ་དཔོན་གཞན་དག་ན་རེ་མཐོང་སྤང་རྣམས་ཀྱི་དམིགས་པ་ནི་རང་རྒྱུད་ལ་ཡོད་པའི་ ལྟ་བ་ཡིན་ཕྱིར། ཞེ་སྡང་ཀྱང་གཞན་ལྟ་ལ་ཞེ་སྡང་བ་ནི་མིན་ཏེ། རང་གི་སྔར་བཟུང་བའི་ལྟ་བ་བོར་རྒྱུ་དེ་ལ་ཞེ་སྡང་བའོ་ཟེར། འདིར་སྤང་བྱའི་གོ་རིམ་ལྟར་ཏེ། དེ་ཡང་མཐོང་ལམ་སྔ་བས་དེ་ཡིས་སྤང་བྱའི་ གོ་རིམ་གཅིག་གི་དབང་དུ་བྱས་ནས་བཞག་ལ། གཞན་དུ་གང་གི་མཇུག་ཏུ་གང་སྐྱེ་མ་ངེས་སོ། །གསུམ་པ་སྐྱེ་བའི་རྒྱུ་ནི་རྒྱུའི་སྟོབས་དང་། རྐྱེན་རྒྱུད་ལ་ཐོབ་པ་མ་བཅད་ཅིང་གཉེན་པོ་མ་སྐྱེས་པས། ཕྲ༷་རྒྱས༷་སྤང༷་བ༷་ མ༷་ཡི༷ན་པ་དང༷་། ཡུལ་གྱི་སྟོབས་དང་དམིགས་རྐྱེན་ཆགས་སོགས་སྐྱེ་བ་དང་མཐུན་པའི་ཡུལ༷་ནི༷་ཉེ༷་བར༷་གན༷ས་པར་གྱུར་པ༷་དང༷་། སྦྱོར་བའི་སྟོབས་དང་དེ་མ་ཐག་རྐྱེན་ཚུལ༷་བཞི༷ན་མ༷་ཡི༷ན་པའི་ཡི༷ད་བྱེ༷ད་གསུམ་ལ༷ས་ཉོ༷ན་ 3-1-185a མོངས་འབྱུང་བས་ན་ཉོན་མོངས་པའི༷་རྒྱུ༷་ནི༷་ཚང༷་བ༷་ཡི༷ན་ནོ། །བྱེ་སྨྲས་དགྲ་བཅོམ་ཉམས་པའི་ཆོས་ཅན་གྱི་ཉོན་མོངས་པ་ལྟ་བུ་རྒྱུ་སྟོབས་མེད་ཀྱང་རེས་འགའ་ཡུལ་སྟོབས་ཁོ་ན་ལས་སྐྱེའོ་ཞེས་ཟེར་བ་ལ། འགྲེལ་པར་གྲག་གོ་ཞེས་པ་ནི། རྒྱུ་མ་ཚང་ན་ནི་འབྲས་བུ་མི་སྐྱེ་བར་ངེས་སོ་ཞེས་འཆད། ཕྲ་རྒྱས་སྤང་བ་མིན་པ་ཞེས་པ་མདོ་སྡེ་པས་ཉོན་མོངས་པའི་ས་བོན་དང་། བྱེ་སྨྲས་ཐོབ་པ་ལ་འདོད་དོ། །གཉིས་པ་མདོ་བསྟན་ བཅོས་ལས་འབྱུང་བའི་རྣམ་གྲངས་ལ། མདོ་ལས་བྱུང་བའི་རྣམ་གྲངས་དང་། བསྟན་བཅོས་ལས་བྱུང་བའི་རྣམ་གྲངས་གཉིས། དང་པོ་ལ། ཟག་པ། ཆུ་སྦྱོར། ཉེར་ལེན། དེ་རྣམས་ཀྱི་ངེས་ཚིག་དང་བཞི། དང་པོ་ ལ། ཟག་པ་གསུམ་དུ་དབྱེ་བ་དང་། དེ་ལྟར་དབྱེ་བའི་རྒྱུ་མཚན་གཉིས། དང་པོ། ཁམས་གསུམ་གྱི་སྤང་བྱ་རིས་ལྔ་ཆར་བསྡོམས་པའི་ཕྲ་རྒྱས་གོ་བརྒྱད་དང་། དེ་སྟེང་ཀུན་དཀྲིས་བཅུ་བསྣན་པའི་བརྒྱ་དང་བརྒྱད་ལ། དགོས་ དབང་གིས་ཟག་པ་གསུམ་དུ་ཕྱེ་བ། ཆུ་སྦྱོར་དང་ཉེར་ལེན་བཞི་བཞིར་ཕྱེ་བ་ལས། འདོ༷ད་ན༷་གཏི༷་མུག༷་ལྔ་པོ་མ༷་གཏོགས༷་པའི༷་ཉོ༷ན་མོང༷ས་སོ་གཅིག་དང་དེ་སྟེང་ཀུན༷་ནས༷་དཀྲིས༷་པ་བཅུ་དང་བཅས༷་ཏེ། ཞེ་གཅིག་ནི་འདོད་པའི་ཟག༷་པའོ། ། གཟུགས༷་དང༷་གཟུགས༷་ནི༷་མེ༷ད་པའི༷་ཁམས་ན༷་མ་རིག་བཅུ་མ་གཏོགས་པའི་ཕྲ༷་རྒྱས༷་ང་གཉིས་པོ་ཁོ༷་ན༷་སྲི༷ད་པ༷འི་ཟག༷་པའོ། །ཁམས་གསུམ་གྱི་མ་རིག་པ་བཅོ་ལྔ་མ་རིག་པའི་ཟག་པའོ། །འོ་ན་གོང་མ་གཉིས་ན་རྨུགས་རྒོད་ཀྱི་ཀུན་དཀྲིས་ 3-1-185b ཡོད་པས་དེ་དང་ང་དྲུག་ཏུ་འགྱུར་ཟེར་ན། ཁ་ཆེ་བ་རྣམས་ན་རེ། ཁམས་གོང་མའི་རྨུགས་རྒོད་ཆགས་སོགས་དང་མཚུངས་པར་ལྡན་པས། རང་དབང་ཅན་མིན་པའི་ཕྱིར་ཞེས་འཆད་ཀྱང་། འདོད་པའི་ངོ་ཚ་མེད་པ་ཁྲེལ་མེད་ རྨུགས་རྒོད་རྣམས་ཀྱང་འདོད་ཟག་མིན་པར་འགྱུར་ཏེ། ཆགས་སོགས་དང་མཚུངས་ལྡན་རང་དབང་ཅན་མིན་པའི་ཕྱིར་རོ་ཞེ་ན། འདིར་རང་གི་འཇུག་པ་ཤས་ཆུང་བས་རང་དབང་ཅན་མིན་པར་འདོད་ཀྱི་ཆགས་སོགས་དང་ མཚུངས་པར་ལྡན་པས་རང་དབང་ཅན་མ་ཡིན་པ་ནི་མིན་ནོ་ཞེས་སོ། །གཉིས་པ་ཟག་གཉིས་ལ་གཅིག་ཏུ་སྲིད་ཟག་ཅེས་འཇོག་པ་ནི། ཉོན་མོངས་པ་དེ༷་དག་བསྒྲིབ་ལ་ལུང༷་མ༷་བསྟན༷་ཡིན་པ་དང་། ཁ༷་ནང༷་དུ་བལྟས༷་པ་ མཉམ༷་བཞག༷་གི་ས༷་པ་ཡིན་པའི༷་ཕྱིར་སྲིད་ཟག་ཅེས་གཅི༷ག་ཏུ་བྱས༷་པའོ། །དགོས་པ་ནི་ཐར་བའི་འདུ་ཤེས་བཟློག་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་ཀྱི་རྩ༷་བ༷་མ༷་རིག༷་པ་ཡི༷ན་པས༷་ན༷་ལོགས༷་ཤིག༷་ཏུ༷་ནི༷་ཁམས་གསུམ་ གྱི་མ་རིག་པ་བཅོ་ལྔ་ནི་མ་རིག་པའི་ཟག༷་པ༷ར་བསྟན༷་ཏོ། །གཉིས་པ་ཆུ་བོ་བཞི་དང་། སྤྱོར་བ་བཞིར་དབྱེ་བ་ལ། དབྱེ་བ་དང་། དེ་ལྟར་འཇོག་པའི་འཐད་པ་གཉིས། དང་པོ། ཆུ༷་བོ༷་བཞི་དང་སྦྱོར༷་བ༷་བཞིའང༷་སྤྱི་ཁོག་དེ༷་བཞིན༷་ དུ༷་འཇོག་པ་དེ་ལས་ལྟ༷་བ་རྣམ༷ས་ཉོན་མོངས་གཞན་ལས་རྣམ་པ་གཡོ་ཞིང་གསལ༷་བའི་ཕྱི༷ར་ལོག༷ས་ཤིག༷་ཏུ་བསྟན༷་པས་འདོད་པའི་ཆུ་བོའམ་སྦྱོར་བ་ནི་ཉེར་དགུ། སྲིད་པའི་ཆུ་སྦྱོར་ཉེར་བརྒྱད། ཁམས་གསུམ་པའི་མ་རིག་པ་བཅོ་ 3-1-186a ལྔ་མ་རིག་པའི་ཆུ་སྦྱོར། ཁམས་གསུམ་གྱི་ལྟ་བ་སོ་དྲུག་ལྟ་བའི་ཆུ་སྦྱོར་རོ། །དེ་ཡང་གསལ་བས་ཡིན་ན་མ་རིག་པ་ལོགས་སུ་མི་སྟོན་ལ་ཆགས་ཁྲོ་སོགས་ལོགས་སུ་སྟོན་རིགས་པས་རྒྱུ་མཚན་དེ་མི་འཐད་པས་ གདུལ་བྱའི་བསམ་པ་ལ་ལྟོས་ནས་ཞེས་འཆད་དོ། །གཉིས་པ། ཟག༷་པ༷ར་ནི་ལྟ་བ་རྣམས་ལོགས་སུ་བསྟན་པ་མ༷་ཡི༷ན་ཏེ། འཁོར་བར་བཞག་པའམ་ཟག་པ་ལ་ཟག་པ་ཞེས་བྱ་ན། ལྟ་བ་ཆགས་སོགས་ཀྱི་གྲོགས༷་མེ༷ད་ རྐྱང་པ་རྣམ༷ས་ཀྱིས་འཁོར་བར་ཟག་པར་རམ་འཇོག༷་པའི༷་མིང་དོན་དང་རྗེས༷་སུ༷་མི༷་མཐུན༷་པའི་ཕྱིར་ཟེར། ལོ༷་སྒྲ་ནི་འཇོག་པའི་དོན་འཁོར་བར་དངོས་སུ་ཉིང་མཚམས་སྦྱོར་བ་ལ་འདོད་ན། མ་རིག་པའང་ཟག་པར་མི་འགྱུར་ཏེ་དངོས་ སུ་སྲེད་པ་ཁོ་ནས་ཉིང་མཚམས་སྦྱོར་བས་སོ། །ཀུན་སློང་ཙམ་ལ་འདོད་ན་ཉོན་མོངས་ཐམས་ཅད་ཀྱིས་ཀྱང་འཁོར་བ་འཇོག་པས་ལྟ་བའང་དེར་ཐལ་ལོ། །དེའི་ཕྱིར་འདིའང་གདུལ་བྱའི་བསམ་པའི་དབང་གིའོ་ཞེས་གསུངས་ཀྱང་ འདོད་དང་སྲིད་པའི་ཟག་པ་གཉིས་དངོས་སུ་དང་། དེའི་རྒྱུ་མ་རིག་པ་ཡིན་ནོ་ཞེས་སྟོན་པས་མི་འགལ་ལམ་སྙམ། ཆུ་སྦྱོར་ལ་གཞན་གསུམ་སྔ་མ་བཞིན་ལ། ལྟ་བའང་འཁོར་བའི་ཆུ་བོར་དབང་མེད་དུ་དྲང་བ་ལ་སོགས་པའི་ ཕྱིར་གཙོ་བོ་ཡིན་ནོ། །གསུམ་པ་ཉེ་བར་ལེན་པ་བཞིར་དབྱེ་བ་ལ། དབྱེ་ཚུལ་དང་། དེའི་དགོས་པ་གཉིས། དང་པོ། འདོད་པ་དང་སྲིད་པའི་ཆུ་སྦྱོར་ཇི༷་སྐ༷ད་བཤ༷ད་པ་ཉི༷ད་མ་རིག༷་པ་དང་བཅས༷་པ་ནི་འདོད་པ་དང་སྲིད་པའི་ཉེར༷་ 3-1-186b ལེན༷་རྣམ༷ས་ཏེ༷། ལྟ༷་བ་ལ་ལྟ་བ་དང་ཚུལ་བརྟུལ་ཉེར་ལེན་རྣམ༷་པ་གཉི༷ས་སུ་ཕྱེ༷་བའི་ཕྱིར༷་བཞི་ཚང་བར་འགྱུར་རོ༷། །དེ་ཡང་ཇི་སྐད་བཤད་ཉིད་ཅེས་འདོད་སྲིད་ཆུ་སྦྱོར་གཉིས་ཁོ་ན་ལ་གོ་བ་ནི། མ་རིག་པ་ནི་བཅས་རྒྱུ་དང་། ལྟ་བ་ནི་དེ་མ་ཐག་ཏུ་ གཉིས་སུ་ཕྱེ་བར་བཤད་པའི་དོན་ཐོབ་བོ་ཞེས་རང་གིས་སོ། །དེ་ལ་ཚུལ་བརྟུལ་ཉེར་ལེན་ཐ་དད་དུ་བསྟན་པ་ནི། གྲངས་ཅན་སོགས་ཀྱི་ལམ་དང་། ཟས་མི་ཟ་བ་དང་། ཆུར་འཇུག་པ་སོགས་ཀྱིས་འདག་པར་ཡིད་ཆེས་པས་ཁྱིམ་པ་དང་། རབ་བྱུང་ གཉིས་ཀ་བསླུ་ཕྱིར་ལོགས་ཤིག་ཏུ་བསྟན་ལ། དེ་ཡང་འདོད་པ་ཉེ་བར་ལེན་པ་སོ་བཞི། སྲིད་པ་ཉེ་བར་ལེན་པ་སོ་བརྒྱད། ཁམས་གསུམ་གྱི་ལྟ་བ་ཉེ་བར་ལེན་པ་སུམ་ཅུ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཉེ་བར་ལེན་པ་དྲུག ། སྲིད་པ་ཉེ་བར་ལེན་པ་ལ་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་ཀྱང་གསུངས་སོ། །གཉིས་པ། མ་འདྲེས་པའི་མ༷་རིག༷་པ༷་འབའ་ཞིག་པས་ནི་འཁོར་བར་འཛིན༷་པར༷་བྱེ༷ད་པ༷་མིན༷་པའི་ཕྱིར༷་དང་། འདྲེས་པས་འཛིན་པ་ཉོན་མོངས་གཞན་སྟོབས་ཀྱིས་ ཡིན་པས་འདོད་སྲིད་ཉེར་ལེན་དང་བསྲེས༷་ཏེ་ལོགས་སུ་མ་ཕྱེས་སོ། །ཉེར་ལེན་ནི་འཁོར་བ་ཉེ་བར་ལེན་པར་འདོད་དོ། །སློབ་དཔོན་ནི། འདུན་པའི་འདོད་ཆགས་ཁོ་ན་ཉེར་ལེན་ཡིན་པས་མ་རིག་པ་ལོགས་སུ་མ་བཤད་པ་ཡིན་གྱི་འཛིན་པར་བྱེད་པ་ མིན་པས་དེ་མ་བཤད་པ་མིན་ཞེས་སོ། །དེ་ལ་སྦྱོར་བ་དང་། ཉེར་ལེན་ནི་འདུན་པའི་འདོད་ཆགས་ཁོ་ན་ལས་ཉོན་མོངས་གཞན་མིན་ཏེ། དེའི་དོན་དངོས་སུ་འཁོར་བར་སྦྱོར་བ་དང་ལེན་པ་ཡིན་ན་ཉོན་མོངས་གཞན་གྱིས་དེ་ལྟར་མིན་པས་སོ། །དེའི་ 3-1-187a ཕྱིར་འདོད་པའི་སྦྱོར་བ་དང་ཉེར་ལེན་འདོད་པ་ལ་ཆགས་པ་ཡིན་ལ། དེ་བཞིན་སྲིད་པའི་སྦྱོར་བ་དེ་གོང་མ་ལ་ཆགས་པ་དང་། ལྟ་བ་ལ་འདོད་ཆགས་སོགས་མདོ་ལས་གསུངས་པ་ལྟར་འདོད་དེ། མདོ་ལས་འདོད་པའི་ སྦྱོར་བ་གང་ཞེ་ན། ཞེས་པ་ནས་འདོད་པ་རྣམས་ལ་འདོད་ཆགས་པ་དང་། འདོད་པ་ལ་འདུན་པ་དང་། འདོད་པ་ལ་སྲེད་པ་དང་། འདོད་པ་ལ་དད་ཆེ་དང་། འདོད་པས་བརྒྱལ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་དགའ་བ་ དང་། འདོད་པ་ལ་འཆུབས་པ་དང་། འདོད་པ་ལ་ལྷག་པར་ཆགས་པ་ཡོད་པ་གང་ཡིན་པ་དེས་འདིའི་སེམས་ཡོངས་སུ་གཏུགས་ཏེ་གནས་པ་འདི་ནི་འདོད་པའི་སྦྱོར་བའོ། །ཞེས་དང་། ཡང་ལྟ་བའི་སྦྱོར་བ་གང་ཞེ་ན། འདིའི་ལྟ་བ་རྣམས་ ལ་འདོད་ཆགས་པ་དང་། སོགས་ནས་གནས་པ་འདི་ནི་ལྟ་བའི་སྦྱོར་བའོ་ཞེས་བྱ་བའི་བར་དུ་གསུངས་ལ། ཉེ་བར་ལེན་པ་གང་ཞེ་ན། འདི་ལ་འདུན་པའི་འདོད་ཆགས་གང་ཡིན་པའོ་ཞེས་གསུངས་སོ། །བཞི་པ་ངེས་ཚིག་ལ། སྤྱིར་ཕྲ་ རྒྱས་ཀྱི་ངེས་ཚིག་དང་། བྱེ་བྲག་ཟག་སོགས་ཀྱི་ངེས་ཚིག་གཉིས། དང་པོ། གང༷་ཕྱིར༷་ཉོན་མོངས་པ་དེ༷་དག༷་གཟུགས་ཅན་མིན་ལ་སེམས་བྱུང་གི་ངོ་བོ་ཡིན་པས་རྟོགས་དཀའ་བས་ཕྲ༷་བ༷་དང༷་། ས་བོན་ནམ་ཐོབ་པ་དང་རྗེས༷་སུ་འབྲེལ༷་བས་ མི་རྟོགས་པས་ཕྲ་བ་དང་། དམིགས་མཚུངས་རྣམ༷་པ་གཉི༷ས་ཀྱིས་རྒྱས༷་པར་འགྱུར༷་བ་དང༷་། འབད་མི་དགོས་པར་བཟློག་བཞིན་དུ་ཡང་རྒྱུད་ལ་ཡང་ཡང་མངོན་དུ་འགྱུར་བས་རྒྱུན་ཕྱོགས་རྗེས༷་སུ༷་འབྲང༷་བས༷་ཡང་རྒྱས་པ་སྟེ། དེ༷་ལྟ་བུ་ཡི༷་ཕྱིར༷་ 3-1-187b ན་ཕྲ༷་རྒྱས༷་དག༷་ཏུ༷་བཤ༷ད་པ༷་ཡི༷ན་ནོ། །གཉིས་པ། ཁམས་གསུམ་པའི་ཆགས་པ་དང་མ་བྲལ་ན་ཉོན་མོངས་པ་དེ༷་དག༷་གིས་འཁོར་བར་འཇོག༷་པར་བྱེ༷ད་པའི་ཕྱིར་དང་། སྲིད་རྩེ་ནས་མནར་མེད་བར་སྐྱེ་མཆེད་དྲུག་གི་རྨའི་སྒོ་ནས་ཟག༷་པར་ བྱེ༷ད་པའི་ཕྱིར་དང༷་། འཁོར་མཚོར་ཁམས་དང་འགྲོ་བ་དང་། སྐྱེ་གནས་གཞན་དུ་ཆུ་བོས་འཁྱེར༷་བར༷་བྱེ༷ད་པ་དང་། འཁོར་བའམ་ཡུལ་ལ་རྣམ་ཤེས་སྦྱོར་ཞིང་འབྱར༷་བར་བྱེ༷ད་པ་དང༷་། འཁོར་བའི་གནས་སུ་རྣམ་ཤེས་ཉེ༷་བར༷་འཛིན༷་པའི་ ཕྱིར༷། རིམ་པར་ཟག༷་པ་དང་། ལ་སོགས་པས་ཆུ་བོ་སྦྱོར་བ་ཉེར་ལེན་ཞེས་པ་དེ༷་དག༷་གི༷་ནི༷་ངེས༷་ཚིག༷་ཡི༷ན་ནོ། །སློབ་དཔོན་ནི། རྣམ་ཤེས་ཀྱི་རྒྱུན་ཡུལ་ལ་འཛག་ཅིང་འཕོ་བར་བྱེད་པས་ཟག་པ་དང་། ཆུ་བོ་ལྟར་ཉོན་མོངས་ཤུགས་ ཆེན་པོས་འཁྱེར་བ་དང་། སྐྱེ་སོགས་སྡུག་བསྔལ་སྣ་ཚོགས་ལ་སྦྱོར་བའམ། རྒྱུད་ལ་ཡང་ཡང་སྦྱོར་བས་སྦྱོར་བ་དང་། འདོད་པ་ལ་སོགས་ཉེ་བར་ལེན་པས་འདུན་པའི་འདོད་ཆགས་ཉིད་ཉེ་བར་ལེན་པ་ཡིན་ནོ་ཞེས་འཆད་དོ། ། གཉིས་པ་བསྟན་བཅོས་ལས་གསུངས་པའི་རྣམ་གྲངས་ལ་བསྟན་བཤད་གཉིས། དང་པོ། ཕྲ་རྒྱས་དེ༷་དག༷་ཉིད་ལ་ཀུན༷་ཏུ༷་སྦྱོར༷་བ་དང་སོ༷གས་པས། འཆིང་བ་ཕྲ་རྒྱས་ཉེ་ཉོན་ཀུན་དཀྲིས་རྣམས་ཀྱི༷་དབྱེ༷་བས༷་ཡང༷་རྣམ༷་པ་ལྔར༷་མདོ་དང་ མངོན་པ་ནས་བཤ༷ད་དོ༷། །གཉིས་པ་ལ། ཀུན་སྦྱོར། འཆིང་བ། ཉེ་ཉོན་གསུམ། དང་པོ་ལ་ཀུན་སྦྱོར་དགུ་བཤད་པ། ཐ་མའི་ཆ་མཐུན་ལྔ། གོང་མའི་ཆ་མཐུན་ལྔ་བཤད་པ་དང་གསུམ། དང་པོ། དེ་ལ་ཕྲ་རྒྱས་ནི་བཤད་ 3-1-188a ཟིན་ལ། གཞན་དག་རིམ་པར་འཆད་པའི། དང་པོ་ཀུན་སྦྱོར་ནི་དགུ་སྟེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་འཛིན་དང་། ཐེ་ཚོམ་ དང་། ཕྲག་དོག་དང་། སེར་སྣའི་ཀུན་ཏུ་སྦྱོར་བ་རྣམས་སོ། །ཞེས་གསུངས་ལ། ཡུལ་དང་སྐྱེ་བའམ་སྡུག་བསྔལ་ལ་སྦྱོར་བས་སོ། །དེ་ལ་ཆགས་སོགས་ཁོང་ཁྲོ་མ་གཏོགས་དང་པོ་དྲུག་ནི་ཁམས་གསུམ་ཀའི་དང་། ཕྱི་ མ་གཉིས་དང་ཁོང་ཁྲོ་ནི་འདོད་ཁམས་ཁོ་ནའི་འོ། །དེས་ན་དབུས་མཐའ་ལས། ཀུན་ཏུ་སྦྱོར་རྣམས་སྒྲིབ་པ་ཡིན། ཆགས་པས་སྐྱོ༷་བ༷་དང༷་ནི༷་བཏང༷་སྙོམ༷ས་ཁྲོ་བས་དང༷་། དེ༷་ཁོ༷་ན༷་ནི༷་ལྷག་མ་བདུན་གྱིས་མཐོང༷་བ༷་དང༷་། ང་རྒྱལ་ གྱིས་འཇིག༷་ཚོགས༷་ལྟ༷་དང༷་མ་རིག་པས་དེའི༷་གཞི༷་དང༷་། ལྟ་བས་འགོག༷་དང༷་། མཆོག་འཛིན་ལམ༷་དང༷་དཀོན༷་མཆོག༷་ཐེ་ཚོམ་དང༷་། རྙེད༷་པ༷་ཕྲག་དོག་གིས་དང༷་ནི༷་བཀུར༷་སྟི༷་དང༷་། ཡོ༷་བྱད༷་སེར་སྣས་བསྙུང༷་བ༷་ཡོངས༷་ཤེས༷་ལ༷། སྒྲིབ༷་ཅེས་གསུངས་པ་བཞིན་ནོ། །དེ་ལ་ལྟ་བ་དང་པོ་གསུམ་ལྟ་བའི་ཀུན་སྦྱོར་དང་། ཕྱི་མ་གཉིས་མཆོག་ཏུ་འཛིན་པའི་ཀུན་སྦྱོར་ཞེས་གཅིག་ཏུ་བྱས་པ་ཅི་ཡིན་ཞེ་ན། སྔ་མ་གསུམ་ལ་རྫས༷་བཅོ་བརྒྱད་ཡོད་པ་དང་དེ་བཞིན་དུ་ཕྱི་ མ་གཉིས་བསྡོམས་ན་རྫས་བཅོ་བརྒྱད་པར་འདྲ་བས་རྫས་ཀྱི་དབང་དུའང་ཡིན་ཏེ། ལྟ་བ་དང་པོ་གཉིས་འདོད་པ་སྡུག་བསྔལ་མཐོང་སྤང་གཉིས་དང་། གོང་མ་གཉིས་ནའང་གཉིས་གཉིས་ཏེ་དྲུག་དང་། ལོག་ལྟ་ཁམས་གསུམ་ན་བདེན་ 3-1-188b བཞི་མཐོང་བའི་སྤང་བྱ་བཞི་བཞི་སྟེ་བཅུ་གཉིས་པོ་བསྡོམས་པས་བཅོ་བརྒྱད་ལ། ལྟ་བ་ལྔ་པ་དེ་ཁམས་གསུམ་ན་སྡུག་ལམ་མཐོང་སྤང་གཉིས་གཉིས་དྲུག་དང་། བཞི་པ་ཁམས་གསུམ་ན་བདེན་བཞི་མཐོང་བས་སྤང་བྱ་བཅུ་གཉིས་ བསྣན་པས་བཅོ་བརྒྱད་དེ། དེ་གཉིས་འདྲ་བས་སོ་ཟེར། དེ་ཡང་མཐོང་སྤང་རིས་བཅུ་གཉིས་པོའི་སྟེང་ནས་ཕྱེའོ། །འོན་ཀྱང་ལོགས་སུ་འཇོག་པ་ནི། ལྟ་བ་ཕྱི་མ་གཉིས་ཀྱིས་ལྟ་བ་སྔ་མ་གསུམ་ལ་མཆོག་དང་དག་པར་འཛིན་པས། སྔ་མ་ གསུམ་ནི་གཟུང་བྱ་དང༷་། ཕྱི་མ་གཉིས་དམན་པ་ལ་མཆོག༷་ཏུ་འཛིན༷་པར་འདྲ༷་བའི༷་ཕྱིར༷་ན། ལྟ༷་བ་ཕྱི་མ་གཉི༷ས་ལྟ་བའི་ཀུན་སྦྱོར་ལས་ཀུན༷་ཏུ༷་སྦྱོར༷་བ་གཞན༷་དུ་བཞག་པ་ཡིན་ནོ༷། །གལ་ཏེ་ཀུན་དཀྲིས་བརྒྱད་ལས། ཕྲག་དོག་དང་སེར་སྣ་ཁོ་ན་སྟོན་ པ་ལ་རྒྱུ་མཚན་ཅི་ཡོད་ཟེར་ན། ག༷ང་གི་ཕྱིར༷་ཕྲག་དོག་སེར་སྣ་གཉི༷ས་ཀ༷འང༷་གཅི༷ག་ཏུ༷་ནི༷་མི༷་དགེ༷་བ༷་ཡིན་པ་དང་། མ་རིག་ཙམ་དང་མཚུངས་ལྡན་གྱི་མི་དགེ་རང༷་དབ༷ང་བ་ཡིན་པ་དེ༷་ཡི༷་ཕྱིར༷་ཕྲ༷ག་དོག༷་སེར༷་སྣ༷་གཉིས་ནི་ངོ་ཚ་མེད་སོགས་ཀུན་དཀྲིས་དྲུག་པོ་དེ༷་ དག༷་ལ༷ས་ལོ༷གས་ཤིག༷་ཀུན༷་སྦྱོར༷་གཉི༷ས་སུ༷་བཤ༷ད་དོ། །ངོ་ཚ་མེད་དང་ཁྲེལ་མེད་གཉིས་ནི་གཅིག་ཏུ་མི་དགེ་བ་ཡིན་ཀྱང་རང་དབང་ཅན་མིན་ཏེ། ཆགས་སོགས་ཉོན་མོངས་གཞན་དང་མཚུངས་པར་ལྡན་པས་སོ། །འགྱོད་པ་རང་དབང་ཅན་ ཡིན་ཡང་མི་དགེ་བར་མ་ངེས་ཏེ་དགེ་བའང་ཡོད་པའི་ཕྱིར་རོ། །རྨུགས་རྒོད་གཉིད་ནི་དགེ་བའང་ཡོད་ཅིང་། ལུང་མ་བསྟན་ཡང་ཆགས་སོགས་དང་མཚུངས་པར་ལྡན་པའི་ཕྱིར། གཅིག་ཏུ་མི་དགེ་བ་དང་མ་རིག་ཙམ་དང་མཚུངས་ལྡན་ 3-1-189a གྱི་མི་དགེ་རང་དབང་བ་མིན་པས་སོ་ཞེས་བསྟན་བཅོས་རབ་ཏུ་བྱེད་པའི་རྗེས་སུ་འབྲང་བའི་བྱེ་སྨྲ་བ་ཁ་ཅིག་འདོད་ལ། གཞན་དག་ཀུན་དཀྲིས་བཅུར་འདོད་པ་དེ་ལྟར་ན་ཁྲོ་འཆབ་ཡང་མི་དགེ་རང་དབང་ཅན་ཡིན་ཕྱིར་ ཀུན་སྦྱོར་དུ་འཆད་པར་ཐལ་བར་འགྱུར་རོ་ཟེར། སློབ་དཔོན་འདུན་བཟང་གིས་དེའི་ལན་ལ་ཀུན་དཀྲིས་བཅུ་ཡོད་ཀྱང་། ཕྲག་དོག་དང་སེར་སྣ་ཡིས་བདེ་འགྲོ་ན་ལྷག་པར་འཆིང་བས་ཏེ། ཤིན་ཏུ་རྣོ་བ་དང་ཡང་ཡང་འབྱུང་བའི་ ཕྱིར་དང་། དེ་གཉིས་རིམ་པར་དབང་དང་ལོངས་སྤྱོད་ཆུང་བའི་རྒྱུ་ཡིན་པས་སོ་ཟེར། རྒྱལ་སྲས་ནི་འདི་གཉིས་ཀྱིས་རིམ་པར་ཀུན་ཏུ་གདུང་བའི་སྡུག་བསྔལ་དང་། ཀུན་ཏུ་དགའ་དང་ལྡན་པའི་ཉོན་མོངས་ཐམས་ཅད་སྟོན་པའི་ཕྱིར་ དང་། ཁྱིམ་པ་དང་རབ་བྱུང་ཕྱོགས་གཉིས་དང་། ལྷ་ལྷ་མིན་དེ་གཉིས་ཀྱིས་ལྷག་པར་འཆིང་བས་སོ་ཟེར་རོ། །གཉིས་པ་ལ་དངོས་དང་། དེ་ལས་ཀུན་སྦྱོར་གསུམ་བཤད་པ་གཉིས། དང་པོ། ཡང་མདོ་ལས་ཐ༷་མའི༷་ཆ༷་དང༷་ མཐུན༷་པའི་ཀུན་ཏུ་སྦྱོར་བ་རྣམ༷་པ་ལྔ༷་སྤང་བས་འཕགས་པ་ཕྱིར་མི་འོང་བ་ཡིན་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ལ་འདུན་པ་དང་། གནོད་སེམས་སོ། །ཞེས་སོ། །དེ་ལ་ཐ་མ་ནི་ཁམས་གསུམ་གྱི་ཐ་མ་འདོད་ཁམས་ཏེ། གཅིག་ཏུ་མཉམ་པར་མ་བཞག་པ། མི་དགེ་ངན་འགྲོ་སྡུག་བསྔལ་ཡིད་མི་བདེ་དང་ཉོན་མོངས་བར་མཚམས་མེད་པར་ཡོད་པས་སོ་ཞེས་དམན་ 3-1-189b པ་ལ་ཐ་མའི་སྒྲ་སྦྱར་བའོ། །དེའི་ཆ་དང་མཐུན་པ་ནི། ལྔ་པོ་འདི་དག་འདོད་པ་དང་རྗེས་སུ་མཐུན་པའི་ཕྱིར་ཏེ་འདི་ལྟར། འདུན་གནོད་གཉི༷ས་ཀྱིས༷་ནི། གང་ལ་ཡོད་པ་དེ་འདོད་ཁམས་པ་ཁོ་ནར་ངེས་ཤིང་ཁམས་གོང་ན་མེད་ པས། སྒོ་བས་བཙོན་བསྲུང་བ་ལྟར་འདོ༷ད་ལ༷ས་མི༷་འད༷འ་བར་བྱེད་ལ༷། འཇིག་ལྟ་སོགས་གསུམ༷་པོ༷་ཡིས༷་ནི༷་ལན་ཅིག་བཙོན་ར་ནས་ཐར་ཀྱང་རྗེས་སུ་འབྲང་བས་ཕྱིར༷་བཟློག༷་པ་ལྟར། གོང་མར་སྐྱེས་ཀྱང་ཕྱིར་ཟློག་པར་བྱེ༷ད་པའི་ ཕྱིར་ཟེར་ཀྱང་དེ་ལྟ་ན་ཁོང་ཁྲོ་མ་གཏོགས་རྩ་ཉོན་གཞན་ལྟ་བ་ལྔ་དང་ཐེ་ཚོམ་དང་དྲུག་ཆར་ཀྱང་དེར་ཐལ་བས་རྣལ་འབྱོར་སྤྱོད་པ་ལྟར་ན་ཅི་ཡང་མེད་ལས་འདོད་ཆགས་བྲལ་ཀྱང་། དང་པོ་གསུམ་དང་ལྡན་ན། དང་པོ་གསུམ་གྱིས་ སེམས་ཅན་གྱི་ཐ་མ་སོ་སྐྱེ་དང་། ཕྱི་མ་གཉིས་ཀྱིས་ཁམས་ཀྱི་ཐ་མ་འདོད་ལས་མི་འདའ་སྟེ། འཕགས་པས་ཀྱང་དེ་མ་སྤངས་ན་འདོད་ཁམས་ལས་མི་འདའ་བས་སོ། །དེ་ལས་མི་འདའ་བའི་ཉོན་མོངས་གཞན་ཡང་ཡོད་མོད་ ཀྱི་གཙོ་ཆེ་བས་སོ་ཟེར། གཉིས་པ། ཡང་འཕགས་པ་རྒྱུན་ཞུགས་ཀྱིས་མཐོང་སྤང་ཐམས་ཅད་སྤངས་པ་ཡིན་ན། སྟོང་ཆེན་རབ་འབྱམས་ལས། ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་ བརྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཆར་སྤངས་ཏེ་འཕགས་པའི་བདེན་པ་མཐོང་། །ཞེས་དང་། མིང་ཆེན་གྱིས་ཞུས་པའི་མདོ་ལས་ཀྱང་། འཇིག་ལྟ་སོགས་གསུམ་པོ་སྤངས་པས་རྒྱུན་ཞུགས་སུ་ 3-1-190a འགྱུར་བར་གསུངས་པ་ཅི་ཞེ་ན། གསུམ་པོ་འདིས་མཐོང་སྤང་རྣམས་ཀྱི་སྒོ༷་བསྡུས་པ་དང༷་། རྩ༷་བས༷་བསྡུས༷་པའི༷་ཕྱིར༷་ཏེ། འཇིག་ལྟ་ནི་སྤང་བྱ་སྒོ་གཅིག་པ་སྟེ་སྡུག་བསྔལ་མཐོང་བས་སྤང་བྱའོ། ། དེ་སྤང་བར་བསྟན་པས་མཐར་ལྟ་ཡང་སྤང་བར་གོ་སྟེ་སྒོ་གཅིག་པར་འདྲ་བས་སོ། །ཚུལ་བརྟུལ་སྒོ་གཉིས་པ་སྟེ་སྡུག་བསྔལ་དང་ལམ་གྱི་མཐོང་བའི་སྤང་བྱའོ། །ཐེ་ཚོམ་བདེན་བཞི་མཐོང་སྤང་སྒོ་བཞི་པ་སྟེ། དེ་སྤངས་པས་ལོག་ལྟ་ དང་། ལྟ་བ་མཆོག་འཛིན་སྤང་བར་གོ་སྟེ་སྒོ་བཞི་པར་འདྲ་བས་སོ། །དེས་ན་ལྟ་བ་བར་པ་གསུམ་སྒོ་ཡི་སྒོ་ནས་བསྡུས་ཟེར། ཡང་དེ་དག་སྤངས་པས་ཆགས་པ་ལ་སོགས་ཀྱང་སྤང་བར་བསྟན་ཏེ་ཆགས་སོགས་དེའི་ཡུལ་ཅན་ཡིན་པས་ སོ་ཞེས་འགྲེལ་བྱེད་དག་འཆད་དོ། །འོ་ན་སྒོ་འདྲ་བ་གཞན་མཐར་ལྟ་མཆོག་འཛིན་ལོག་ལྟ་གང་རུང་རེ་སྨྲས་ཀྱང་ཆོག་པ་ཡིན་ནམ་ཞེ་ན། དེ་ཁོ་ནར་མ་ཟད་རྩ་བའང་བསྡུས་པ་སྟེ་མཐར་ལྟ་འཇིག་ལྟའི་རྩ་བ་ཅན་ཡིན་ལ། ལྟ་བ་མཆོག་ འཛིན་ནི་གང་གིས་འདག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པས་ཚུལ་བརྟུལ་གྱི་རྩ་བ་ཅན་ཡིན་ལ། ལོག་ལྟ་ཐེ་ཚོམ་གྱི་རྩ་བ་ཅན་ཡིན་པས་ན་གསུམ༷་དུ་བསྟན་ཟེར་ལ། སློབ་དཔོན་གྱིས། འཇིག་ལྟས་བདག་ཆད་དོགས་ཀྱིས་ཐར་ པ་ལ་འགྲོ༷་མི༷་འདོ༷ད་པ་དང༷་། སོང་ཡང་ཚུལ་བརྟུལ་གྱིས་ལམ༷་ནོ༷ར་བ་དང༷་། ཕྱི་མས་ལམ༷་ལ༷་ཐེ༷་ཚོམ༷་ཇི་ཙམ་ཡོད་པ་དེ༷་སྙེད༷་ཅི༷ག་ཐར༷་པར༷་བགྲོད༷་པ་ལ༷་གེགས༷་བྱེ༷ད་པ༷་དེ༷་ཡི༷་ཕྱིར༷་ན༷་རྒྱུན་དུ་ཞུགས་པས་ཀུན་སྦྱོར་གསུམ༷་ཁོ་ན་སྤང་བར་བསྟན༷་ཏོ། ། 3-1-190b གསུམ་པ། ཡང་མདོ་ལས། གོང༷་མའི༷་ཆ༷་དང༷་མཐུན༷་པ་ལྔ༷་ཉི༷ད་སྤངས་པས་འཕགས་པ་དགྲ་བཅོམ་པའོ། །ཞེས་གསུངས་པ་ནི། གཟུགས༷་དང༷་གཟུགས༷་མེ༷ད་ལ༷ས་སྐྱེས༷་པའི༷་འདོ༷ད་ཆགས༷་གཉི༷ས་དང་། རྒོད༷་པ་དང་ང༷་རྒྱལ༷་ དང་ཀུན་ཏུ་རྨོངས༷་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན། འདི་དག་མ་སྤངས་པར་ཁམས་གོང་མ་ལས་མི་འདའ་བས་དང་། སྒོམ་སྤང་ཡིན་པས་སོ། །གོང་མ་མི་གཏོང་བའི་རྒྱུ་ཡིན་པས་གསུམ་པོ་རེ་རེ་བྱས་ལ། གོང་མ་ ཉེར་ལེན་གྱི་རྒྱུ་ཡིན་པས་འདོད་ཆགས་གཉིས་སོ་སོར་བྱས་སོ། །ཁོང་ཁྲོ་ནི་སྒོམ་སྤང་ཡིན་ཡང་ཁམས་གོང་མ་ན་མེད་པས་སོ། །གཉིས་པ། ཡང་མདོ་ལས། འཆིང་བ་གསུམ་སྟེ། འཆིང་བ་འདོད་ཆགས་ཐམས་ཅད་ དང་། ཞེ་སྡང་ཐམས་ཅད་དང་། གཏི་མུག་ཐམས་ཅད་དོ། །ཞེས་གསུངས་པ་ནི་བདེ་བ་ལ་སོགས་པའི་ཚོར༷་བའི༷་དབ༷ང་གི༷ས་ཆགས་སོགས་སྐྱེས་ནས། དེས་འཁོར་བར་འཆིང་བས་ན་འཆིང༷་བ༷་གསུམ༷་དུ་བཤད་དེ། ཚོར་བ་གསུམ་ ལས་དུག་གསུམ་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པའི་ཕྱིར་རོ། །ཀུན་བཏུས་ལས་ནི། དུག་གསུམ་གྱིས་རིམ་པར་འགྱུར་བ་དང་། སྡུག་བསྔལ་དང་། འདུ་བྱེད་གསུམ་ལ་འཆིང་བས་ན་འཆིང་བ་ཞེས་བཤད་དོ། །དེ་ཡང་ རང་རྒྱུད་ཀྱི་བདེ་སྡུག་ལ་ནི་དམིགས་མཚུངས་གཉིས་ཀས་དང་གཞན་རྒྱུད་ལ་ནི་དམིགས་པའི་སྒོ་ནས་རྒྱས་སོ། །བཏང་སྙོམས་ལ་ཆགས་སྡང་གཉིས་ཀའང་རྒྱས་མོད་ཀྱི། གཏི་མུག་དང་དེ་གཉིས་མི་གསལ་བར་མཐུན་པས་ལྷག་པར་རྒྱས་ཞེས་ 3-1-191a གང་སྤེལ་འཆད་དོ། །གསུམ་པ་ཉེ་ཉོན་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། རྩ་བའི་ཉོ༷ན་མོང༷ས་པ་དྲུག་ལ༷ས་གཞ༷ན་པའི་ཉོ༷ན་མོང༷ས་པ་ཅ༷ན་གྱི་སེ༷མས་ལས་བྱུང༷་བ་འ༷དུ་བྱེ༷ད་ཀྱི་ཕུང༷་ པོ་ཞེས༷་པ༷་ག༷ང་ཡིན་པ་དེ༷འང་ཉེ༷་བའི༷་ཉོ༷ན་མོ༷ངས་ཞེས་བྱ་སྟེ༷། དེ༷་དག༷་ལ་རྩ་བའི་ཉོན་མོངས་སམ་ཉེ་བ་མ་སྦྱར་བའི་ཉོ༷ན་མོང༷ས་པ་ཞེ༷ས་ནི་མི༷་བྱ༷་སྟེ་རྩ་བ་མིན་པས་སོ། །དེ་དག་ནི་ཉོན་མོངས་པ་དང་ཉེ་བར་འདུག་པས་ན་ཉེ་ཉོན་ཞེས་བྱའོ། །དེ་ དག་ཀྱང་ཀུན་དཀྲིས་དང་། དྲི་མ་དང་། གཞི་ཕྲན་ཚེགས་ལས་བྱུང་བ་མི་དགའ་བ་དང་། གླལ་བྱེད་པ་དང་། སེམས་ཞུམ་པ་དང་། རྨྱ་བ་དང་། ཟས་ཀྱི་དྲོད་མི་ཟིན་པ་དང་། ཐ་དད་པའི་འདུ་ཤེས་སོགས་ཉེར་བཞི་སྟེ། རིན་ཕྲེང་དང་ གཞི་བསྡུ་བ་ལས་ཤེས་པར་བྱའོ། །གཉིས་པ་ལ། ཀུན་དཀྲིས་བཤད་པ་དང་། དྲི་མ་དྲུག་བཤད་པ། ཐུན་མོང་དུ་དེ་གཉིས་ཀྱི་རབ་དབྱེ་བཤད་པ་དང་གསུམ། དང་པོ་ལ། དངོས་དང་། དེ་རྩ་ཉོན་གང་གིས་བསྐྱེད་ཚུལ་གཉིས། དང་པོ། ངོ༷་ཚ༷་མེ༷ད་པ་དང༷་། ཁྲེལ༷་མེ༷ད་པ་དང༷་། ཕྲག༷་དོག༷་དང་། སེར༷་སྣ༷་དང་། རྒོད༷་པ༷་དང༷་། མི་དགེའི་འགྱོ༷ད་དང༷་། རྨུགས༷་པ་དང༷་། མི་དགེའི་གཉི༷ད་དང༷་བརྒྱད་ནི༷། ཀུན༷་ནས༷་དཀྲིས༷་པ༷་རྣམ༷་པ་བརྒྱ༷ད་ཡི༷ན་ལ། བྱེ་སྨྲས་དེ་སྟེང་ཁྲོ༷་བ་དང༷་འཆབ༷་ པ༷་བསྣན༷་ཏེ་བཅུ༷འོ༷། །དེ་དག་གི་ངོ་བོ་ནི་བཤད་ཟིན་ལ། འདི་དག་གིས་སྲིད་པའི་བཙོན་རར་ཀུན་ནས་འཁྲི་བའམ། འདི་དག་ཡོད་ན་སྤྱོད་པ་ངན་པ་དག་ལྡང་བས་ན་ཀུན་དཀྲིས་སོ། །གཉིས་པ་རྩ་ཉོན་གང་གིས་བསྐྱེད་ན། འདོད་ཆགས་ཀྱིས་ངོ༷་ཚ༷་ 3-1-191b མེ༷ད་པ་དང་། རྒོད༷་པ་དང་། སེར༷་སྣ༷་གསུམ་བསླང༷་སྟེ། རིམ་པ་ལྟར་རང་གི་ཆོས་ལ་ཆགས་པས་གཞན་ལ་མ་གུས་པའི་ཕྱིར་དང་། འདོད་ཡོན་ལ་ཆགས་པས་སེམས་འཕྲོ་བའི་ཕྱིར་དང་། ཡོ་བྱད་ལ་ཆགས་པས་དམ་དུ་འཛིན་པས་སོ། ། འཆབ༷་པ༷་ནི། ཁ་ཅིག་འདོད་ཆགས་ཀྱིས་སྐྱེད་པར་འདོད་ལ། ལ་ལས་གཏི་མུག་དང་། གཞན་དག་གཉིས་ཀས་སྐྱེད་པར་འདོད་དེ། ཉེས་པ་བྱུང་བར་ཤེས་པ་རྣམས་ཀྱིས་འདོད་ཆགས་དང་། བྱུང་བ་མ་ཤེས་པས་གཏི་མུག་ལས་བྱུང་ ཞེས་མི་མཐུན་པར་རྩོད་དོ། །འོན་ཀྱང་རྙེད་བཀུར་སོགས་ཉམས་པར་དོགས་ནས་འཆབ་པས་ཆགས་པ་ལས་སྐྱེས་པར་འཐད་གསུངས། མ༷་རིག༷་པ་ལ༷ས་རྨུགས༷་དང༷་གཉི༷ད་དང༷་ཁྲེལ༷་མེ༷ད་གསུམ་སྐྱེད་དོ༷། །དེ་རིམ་པར། དམིགས་པ་ གསལ་བར་འཇུག་པ་ལ་རྨུགས་གཉིད་མེད་པས་དང་། སྡིག་འབྲས་སྡུག་བསྔལ་ཡིན་པར་མ་ཤེས་པས་སྡིག་པ་ལ་མི་འཇིགས་པས་སོ། །ཐེ༷་ཚོམ༷་ལ༷ས་འགྱོད་པ་མི་དགེ་བ་འབྱུང་སྟེ། དགེ་འབྲས་བདེ་བ་ཡིན་མིན་ལ་ཐེ་ཚོམ་ཟ་ནས་དགེ་བ་བྱས་ པ་ལ་འགྱོད་པས་སོ། །ཁྲོ༷་བ༷་དང༷་ཕྲག༷་དོག༷་ནི་ཁོང༷་ཁྲོའི༷་རྒྱུ༷་ལ༷ས་བྱུང༷་སྟེ། ཞེ་སྡང་ལས་ཀུན་ནས་མནར་སེམས་སྐྱེ་བའི་ཕྱིར་དང་། གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུགས་ནས་མི་བཟོད་པས་སོ། །གཉིས་པ་ལའང་དངོས་དང་། དེ་རྩ་ཉོན་གང་ལས་བྱུང་བསྟན་པ་གཉིས། དང་པོ། གཞན༷་ཡང༷་མདོ་ལས་ཉོ༷ན་མོང༷ས་པའི་དྲི༷་མ༷་དྲུག༷་གསུངས་ཏེ། སྒྱུ༷་དང༷་། གཡོ༷་དང༷་། རྒྱགས༷་པ༷་དང༷་། དེ༷་བཞིན༷་འཚིག༷་པ་དང༷་། ཁོན༷་འཛིན༷་དང༷་། རྣམ༷་འཚེ༷འོ། ། 3-1-192a དེ་དག་ངོ་བོ་ནི་བཤད་ཟིན་ཏོ། །གཉིས་པ། སྒྱུ༷་དང༷་རྒྱགས༷་པ༷་ནི༷། འདོ༷ད་ཆགས༷་ལ༷ས་སྐྱེས༷་ཏེ། རྙེད་སོགས་ཉམས་ཀྱིས་དོགས་པས་སྒྱུ་བྱེད་པ་དང་། རང་གི་ཆོས་ལ་ཆགས་པའི་ཡིད་བདེ་བས་སོ། ། ཁོན༷་འཛིན༷་དང༷་། རྣམ༷་འཚེ༷་ནི་ཁོང༷་ཁྲོ༷་ལ༷ས་སྐྱེས༷་ཏེ། དེའི་དབང་གིས་ཁོན་འཛིན་དང་སེམས་ཅན་ལ་འཚེ་བ་འབྱུང་བས་སོ༷། །འཚིག༷་པ༷་ནི་ལྟ༷་བ༷་མཆོག༷་འཛིན༷་ལ༷ས་འབྱུང་སྟེ། རང་ལྟ་ལ་དམ་དུ་བཟུང་ནས་གཞན་ལ་ འཚིག་པས་སོ། །གཡོ༷་ནི༷་ལྟ༷་བས༷་ཀུན༷་ནས༷་བསླང༷་སྟེ། མདོ་ལས་གྱ་གྱུ་ཅི་ཡིན་སྡིག་ཅན་ལྟ་ཞེས་འབྱུང་བས། ལོག་ལྟ་ལྡན་པ་སྡིག་པ་མི་འཆག་པར་སེམས་གྱ་གྱུ་བས་སོ། །གསུམ་པ་ལ་དངོས་དང་། ཞར་ལ་སྒྲིབ་པ་ ལྔ་བཤད་པ་གཉིས། དང་པོ་ལ། མཐོང་སྒོམ་གང་གིས་སྤང་བྱ་ཡིན་དཔྱད་པ། ངོ་བོ་སྒྲིབ་བྱེད་མི་དགེ་གང་ཡིན་དཔྱད་པ། ཁམས་གང་ན་ཡོད་དཔྱད་པ། ཕྲ་རྒྱས་དང་བཅས་པ་དབང་ཡིད་ཀྱི་ཤེས་པ་གང་ལ་བརྟེན་དཔྱད་ པ། ཚོར་བ་གང་དང་མཚུངས་པར་ལྡན་དཔྱད་པ་ལྔ་ལས། དང་པོ། ཀུན་དཀྲིས་བཅུ་པོ་དེ༷་ལ༷ས་ངོ༷་ཚ༷་མེ༷ད་པ༷་དང༷་། ཁྲེལ༷་མེ༷ད་པ་དང་། རྨུགས༷་པ་དང་། གཉི༷ད་པ་དང་། རྒོད༷་པ་ལྔ་ནི། རྣམ༷་པ་གཉི༷ས་ཏེ། མཐོང་སྤང་ དང་མཚུངས་ལྡན་མཐོང་སྤང་། སྒོམ་སྤང་དང་མཚུངས་ལྡན་སྒོམ་སྤང་ཡིན་པས་སོ། །དེ་ཡང་ངོ་ཚ་མེད་པ་དང་ཁྲེལ་མེད་གཉིས་ནི། མི་དགེ་ཐམས་ཅད་དང་མཚུངས་པར་ལྡན་ཅིང་། རྨུགས་རྒོད་ནི། ཉོན་མོངས་ཀུན་དང་མཚུངས་ 3-1-192b པར་ལྡན་ཆོག་པས་དང་། གཉིད་ནི་ཡིད་ཀྱི་ས་པ་ཡིན་པས་འདོད་པ་ན་སྤྱོད་པ་ཐམས་ཅད་དང་མཚུངས་ལྡན་ཡང་སྲིད་པས་སོ། །ལྔ་པོ་དེ༷་ལ༷ས་གཞན༷་ཕྲག་དོག་སེར་སྣ་འགྱོད་པ་ཁྲོ་བ་འཆབ་པ་ལྔ་ནི༷་སྒོམ༷་པས་སྤང༷་བར་བྱ༷་བ་ཡིན་ ཏེ་བདེན་པ་ལ་དངོས་སམ་བརྒྱུད་ནས་ལོག་པར་མི་འཇུག་པས་སོ། །དེ་དག་མི་དགེ་རང༷་དབ༷ང་ཅན་ཡང་ཡིན་ཏེ། སྒོམ་སྤང་གི་མ་རིག་ཙམ་དང་མཚུངས་པར་ལྡན་པས་སོ། །གལ་ཏེ་མ་རིག་ཙམ་དང་མཚུངས་པར་ལྡན་པ་དེ་རང་དབང་ ཅན་ཡིན་ནོ་ཞེས་པ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། དེ་དག་འཇུག་པ་རང་ཉིད་གཙོ་བོ་ཡིན་གྱི་ཆགས་སོགས་གཞན་ལ་མི་ལྟོས་ལ། མ་རིག་ཙམ་དང་མཚུངས་པར་ལྡན་ཡང་མ་རིག་གླེན་པའི་ཕྱིར་འཇུག་བྱེད་མིན་ནོ་ཞེས་གང་སྤེལ་འཆད། མི་དགེ་དེ་དག་ནི་རང་ཉིད་དབང་ཆེ་ཡི་མ་རིག་པ་ལ་སོགས་པ་ལྟར་ཆགས་སོགས་ཀྱི་དབང་དུ་མི་འགྱུར་བས་སོ། །དེ༷་བཞི༷ན་དུ༷་དྲི༷་མ༷་དྲུག་པོ་རྣམ༷ས་ཀྱང་སྒོམ་སྤང་དང་རང་དབང་ཅན་ཡང་ཡིན་ནོ། །གཉིས་པ། ཀུན་དཀྲིས་ངོ་ཚ་མེད་སོགས་བདུན་དང་དྲི་ མ་དྲུག་པོ་རྣམས་འདོ༷ད་པ་ན༷་ཡོད་པ་མི༷་དགེ༷་བ་ཡིན་ལ། རྨུགས་རྒོད་གཉིད་གསུམ༷་ནི་གཉིད་ལ་དགེ་བ་ཡོད་ཀྱང་འདིར་ཀུན་དཀྲིས་ཀྱི་སྐབས་ཡིན་པས་ཉོན་མོངས་ཅན་ཡིན་ཕྱིར་མི་དགེ་དང་། སྒྲིབ་ལུང་མ་བསྟན་རྣམ༷་པ་གཉི༷ས་ཀ་ཡིན་ནོ། །འདོད་ ཁམས་དེ༷་ཡན༷་ཆ༷ད་ཀྱི་ཉེ་ཉོན་རྣམས་ནི༷་སྒྲིབ་ལ་ལུང༷་མ༷་བསྟན༷་ཁོ་ན་ཡིན་ནོ། །གསུམ་པ། ཡང་ཉེ་ཉོན་དེ་དག་ཁམས་དང་ས་གང་ན་དུ་ཞིག་ཡོད་ཟེར་ན། འདོད་པ༷་དང༷་དེར་མ་ཟད་བས༷མ་གཏན༷་དང༷་པོ༷་ན༷འང་གཡོ༷་སྒྱུ༷་ཡོད་དེ། ཚུལ་ཁྲིམས་ 3-1-193a ཀྱི་ཕུང་པོའི་མདོ་ལས། འཕགས་པ་རྟ་ཐུལ་གྱིས་ཚངས་པ་ལ་འབྱུང་བ་ཆེན་པོ་བཞི་འདི་དག་མ་ལུས་པ་གང་དུ་འགག་པར་འགྱུར་ཞེས་དྲིས་པ་ན་ཚངས༷་པ༷ས་དེ་མ་ཤེས་པར་བདག་ནི་ཚངས་པའོ། །ཚངས་པ་ཆེན་ པོའོ། །དབང་ཕྱུག་གོ། བྱེད་པ་པོའོ། །སྤྲུལ་པ་པོའོ། །འབྱིན་པ་པོའོ། །འབྱིན་བྱེད་དོ། །དངོས་པོ་རྣམས་ཀྱི་བར་གྱུར་པའོ། །ཞེས་གཡོ་སྒྱུས་གཏམ་རླུང་ལ་བསྐུར་ཏེ་འཕགས་པ་རྟ་ཐུལ་འདྲིད༷་པར་བཤད་པའི་ཕྱིར༷་རོ༷། ། ཕྱིས་རྟ་ཐུལ་གྱིས་ལག་པ་ནས་ཁྲིད་ནས་སྟོན་པ་བཞུགས་བཞིན་དུ་བདག་ལ་འདྲི་བར་སེམས་སམ་ཞེས་སྟོན་པ་ལ་ཞུས་པ་དང་། རེ་ཞིག་གཟུགས་མེད་པར་འགགས་ལ། མཐར་མྱ་ངན་ལས་འདས་པར་འགག་གོ། ཞེས་གསུངས་སོ། ། ཉོན་མོངས་པའི་ས་པ་ཡིན་པས་རྨུགས༷་རྒོད༷་རྒྱགས༷་པ༷་གསུམ་ནི་ཁ༷མས་གསུམ༷་ཀ་ན༷་ཡོད་དོ། །གསུམ་པོ་དེ་དང་གཡོ་དང་སྒྱུ་གཉིས་ཏེ་ལྔ་ལས་གཞན༷་བཅུ་གཅིག་པོ་དག༷་ནི་འདོ༷ད་ཁམ༷ས་ལ༷ས་སྐྱེ༷ས་པ༷་ཁོ་ནའོ། །བཞི་པ། རྩ་བ་དང་ཉེ་བའི་ ཉོན་མོངས་དེ་དག་ལས་མཐོང་བས་སྤང་བ་ཐམས་ཅད་དང་མཐོང་སྤང་མིན་སྒོམ་སྤང་ཡིན་ཡང་། གཉི༷ད་དང་ང༷་རྒྱལ༷་དང་བཅ༷ས་པ་ནི་ཡི༷ད་ཀྱི༷་རྣམ༷་ཤེས༷་ཀྱི་ས༷་པ༷་ཡི༷ན་ཏེ། རྟོག་བཅས་དང་མི་གསལ་བས་ཡིད་ལས་གཞན་གྱི་འཁོར་དུ་མི་ འབྱུང་བས་སོ། །དེ་བཞིན་དུ་ཉེ་བའི་ཉོན་མོངས་པ་རང༷་དབ༷ང་ཅན་ཀུན་དཀྲིས་ཕྱི་མ་ལྔ་དང་དྲི་མ་དྲུག་སྟེ་བཅུ་གཅིག་པོ་ཡང༷་སྒོམ་སྤང་ཡིན་མོད་རྟོག་བཅས་ཡིན་པས་ཡིད་ཀྱི་ས་པ་ཁོ་ནའོ། །དེ་དག་ལས་གཞན༷་ནི༷་ཉོན་མོངས་དང་ཉེ་ཉོན་སྒོམ་ 3-1-193b སྤང་གི་མ་ངེས་པའི་ཆགས་སྡང་གཉིས། མི་དགེ་བའི་ས་པ་གཉིས། ཉོན་མོངས་པ་ཆེན་པོའི་ས་པ་དྲུག་པོ་རྣམས་ནི་རྣམ༷་པར་ཤེས༷་པ་དྲུག༷་ཅན་གྱི་རྟེན༷་ཅ༷ན་ཡིན་ནོ། །ལྔ་པ་ལ། རྩ་ཉོན་དང་། ཉེ་ཉོན་མཚུངས་པར་ལྡན་ཚུལ་གཉིས། དང་པོ། ཚོར་བ་བདེ༷་བ༷་དང་ཡིད་བདེ་དག༷་དང༷་འདོ༷ད་ཆགས༷་སུ༷་མཚུང༷ས་པར་ལྡན༷་ཏེ། དགའ་བའི་རྣམ་པས་འཇུག་པས་སོ། །དེ་ཡང་ལུས་བདེ་དང་འདོད་ཆགས་མཚུངས་ལྡན་སྒོ་ལྔའི་ཤེས་པའི་འཁོར་དུ་བྱུང་བའོ། །ཞེ༷་སྡང༷་སྐྱོ་བའི་ རྣམ་པར་འཇུག་པས་ཆགས་པའི་ཚོར་བ་ལས་བཟློག་པའོ། །དེ་ཡང་སྒོ་ལྔ་དང་ཡིད་ཤེས་ཀྱི་འཁོར་དུ་བྱུང་བ་རིམ་པས། སྡུག་བསྔལ་དང་ཡིད་མི་བདེ་དང་མཚུངས་པར་ལྡན་པས་སོ། །སྤང་བྱ་རིས་ལྔ་དང་འདྲེས་མ་འདྲེས་ཀྱི་མ༷་རིག༷་པ༷་ དག༷་ནི། ཚོར་བ་ཐམ༷ས་ཅ༷ད་དང༷་ཅི་རིགས་སུ་མཚུངས་པར་ལྡན་ཏེ། རྣམ་ཤེས་ཐམས་ཅད་དང་ཉོན་མོངས་ཐམས་ཅད་དང་མཚུངས་པས་སོ། །བདེན་བཞི་མེ༷ད་པར་ལོག་པར་ལྟ་བ་ནི། སྡིག་པ་དང་། བསོད་ནམས་བྱས་པ་རིམ་ པས་དེ་འབྲས་མི་འབྱུང་བར་བསམ་ནས་ཡི༷ད་བདེ༷་དང་ཡིད་སྡུག༷་བསྔལ༷་གཉིས་པོ་དང༷་ལྡན་ནོ། །གང་ཞིག་དོན་དུ་གཉེར་བྱ་ལ་འཇུག་ཚེ་ཐེ་ཚོམ་ཟ་ན་ཡིད་མི་བདེ་བའི་ཕྱིར། ཡི༷ད་མི༷་བདེ༷་བ་དང༷་མཚུངས་ལྡན་ནི་ཐེ༷་ཚོམ༷་མོ༷། །དེ་ལས་ གཞན༷་པའི་ཉོན་མོངས་ལྟ་བ་བཞི་དང་ང་རྒྱལ་དང་ལྔ་ནི་ཡིད་བདེ༷་དང༷་མཚུངས་ལྡན་ཏེ། དེ་དག་ཡིད་ཀྱི་ས་པ་ཁོ་ན་ཡིན་ལ་དགའ་བའི་རྣམ་པས་འཇུག་པས་སོ། །ཆད་ལྟའང་དགའ་རྣམ་ཅན་ཡིན་ནོ། །དེ་རྣམས་འདོ༷ད་པ་ལ༷ས་སྐྱེས༷་ 3-1-194a པའི་ཚོར་བ་ཉོན་མོངས་པའི་དབང་དུ་བྱས་པ་ཡིན་གྱི་ཁམས་གོང་མ་ན་ཁོང་ཁྲོ་དང་ཡིད་མི་བདེ་སྡུག་བསྔལ་མེད་པའི་ཕྱིར་དང་། བདེ་བའང་བསམ་གཏན་བཞི་པ་ན་མེད་པའི་ཕྱིར་རོ། །བཏང༷་སྙོམས༷་ དང༷་ནི་ཉོན་མོངས་པ་དེ་ཀུན༷་མཚུངས་པར་ལྡན་ཏེ། ཉོན་མོངས་དེ་དག་རྒྱུན་ཆད་པ་ན་བཏང་སྙོམས་ལ་གནས་ནས་འཆད་དགོས་པས་སོ་ཟེར། ས༷་གོང༷་མ༷་གཟུགས་གཟུགས་མེད་ཀྱི་རང་ས་ན་ཚོར་བ་དང་ཉོན་མོངས་ཇི༷་ཡོད་པ་བཞི༷ན་དུ༷་ ར༷༷ང་ར༷༷ང་དང་མཚུངས་ལྡན་གོང་ལྟར་ཤེས་པར་བྱའོ། །གཉིས་པ། ཉེ་ཉོན་འགྱོ༷ད་པ་དང༷་ཕྲག༷་དོག༷་དང་ཁྲོ༷་བ༷་དང༷་། རྣམ༷་འཚེ༷་དང་ཁོན༷་དུ༷་འཛིན༷་པ༷་དང༷་། འཚིག༷་པ༷་དང་དྲུག་པོ་ནི། ཡི༷ད་མི༷་བདེ༷་བ༷་དང༷་མཚུངས་པར་ལྡན་ཏེ། ཡིད་ ཀྱི་ས་པ་དང་སྐྱོ་བའི་རྣམ་པར་འཇུག་པའི་ཚོར་བ་ཡིན་པས་སོ། །སེར༷་སྣ༷་དག༷་ནི༷་ཡིད་ཀྱི་ས་པ་ཁོ་ན་ཡིན་ལ་ཆགས་པའི་རྒྱུ་ལས་བྱུང་བས་ན་དེ་ལས་བཟློག༷་པ༷་ཡིད་བདེ་དང་མཚུངས་པར་ལྡན་པ་ཡི༷ན་ནོ། །གཡོ༷་དང༷་སྒྱུ༷་དང༷་ འཆབ༷་པ་དང༷་གཉི༷ད་རྣམས་ནི་གཡོ་སྒྱུ་བཅས་པའི་བྱ་བ་གྲུབ་མ་གྲུབ་རིམ་པ་ལྟར་ཡིད་བདེ་དང་མི་བདེར་འགྱུར་བ་དང་། འཆབ་པའང་དེ་དང་འདྲ་ལ་གཉིད་ནི་ཀུན་ལ་མི་འགལ་ཞིང་། ཐམས་ཅད་ཡིད་ཀྱི་ས་པ་ཁོ་ན་ཡིན་པས་དེ་གསུམ་ ཀ་ཡིད་བདེ་མི་བདེ་གཉི༷ས་ཀ༷་དང༷་མཚུངས་པར་ལྡན༷་ནོ། །དགའ་བའི་རྣམ་པར་འཇུག་ཅིང་ཡིད་ཀྱི་ས་པ་ཡིན་པས། གསུམ་པའི་སེམས་བདེ་དང་། གཉིས་པ་མན་ཆད་ཀྱི་ཡིད་བདེ༷་དག༷་དང༷་། རྒྱགས༷་པ༷་མཚུངས་པར་ལྡན་ 3-1-194b ལ་བཞི་པ་ཡན་ཆད་ན་དེ་མེད་པས་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་ནོ། །ཅི་ལྟར་མ་རིག་པ་ཉོན་མོངས་དང་ཉེ་ཉོན་གང་ལའང་མཚུངས་པར་ལྡན་དུ་རུང་བ་ལྟར། བཏང༷་སྙོམས༷་ཀྱང་ས་དང་རྣམ་ཤེས་དང་ཉོན་མོངས་དང་། ཉེ་ཉོན་ཐམས་ཅད་ལ་ཀུན༷་ཏུ༷་འགྲོ༷་ཞིང་ཀུན་དང་མཚུངས་པར་ལྡན་རུང་ངོ་། །བཏང་སྙོམས་ཀུན་དང་ལྡན་པ་ཀུན་སྦྱོར་ཁོང་ཁྲོས་བཏང་སྙོམས་ལ་བསྒྲིབ་པར་གསུངས་པ་ནི་གཞི་ལ་བཏང་སྙོམས་སུ་བྱ་བས་མི་སྐྱོན་ནམ་རང་སྙམ། ། ཀུན་དཀྲིས་གཞན་ངོ་ཚ་མེད་པ་དང་། ཁྲེལ་མེད་རྨུགས་རྒོད་བཞི༷་པོ༷་གཞན༷་ནི༷་ཚོར་བ་ལྔ༷་དག༷་དང༷་མཚུངས་པར་ལྡན་སྲིད་དེ། དང་པོ་གཉིས་མི་དགེའི་ས་པ་དང་། ཕྱི་མ་གཉིས་ཉོན་མོངས་པའི་ས་པ་ཆེན་པོ་ཡིན་ལ། དེ་དག་ཀྱང་ རྣམ་ཤེས་དྲུག་ཆར་གྱི་འཁོར་དུ་འབྱུང་ཞིང་། དྲུག་ཆར་ལ་མི་དགེ་དང་ཉོན་མོངས་པའང་སྲིད་པའི་ཕྱིར་རོ། །གཉིས་པ་ཞར་བྱུང་སྒྲིབ་པ་ལྔ་ནི། མདོ་ལས། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དག་སྒྲིབ་པ་ལྔར་གསུངས་ན། འདུན། གནོད། གཉིད། འགྱོད་རྣམས་འདོད་པ་བ་ཡིན་མོད་ཀྱི། རྒོད་རྨུགས་ཐེ་ཚོམ་ཁམས་གསུམ་ཀ་ན་ཡོད་པས་དེ་དག་གསུམ་ཅར་གྱི་གཟུང་ ངམ་ཞེ་ན་མིན་ཏེ། བསམ་གཏན་དང་། རྣམ་ཐར་དང་། ཏིང་འཛིན་དང་། སྙོམས་འཇུག་ལ་བསྒྲིབས་པས་དེ་ལ་ནི་འདོ༷ད་ཁམས་ཁོ་ན་ན༷་སྒྲིབ་པ་ལྔ་པོ་རྣམ༷ས་ཡོད་དེ། མདོ་ལས་དེ་ལྔ་མི་དགེ་བའི་ཕུང་པོ་ཡིན་པར་གསུངས་པས་ 3-1-195a སོ། །རྨུགས་གཉིད་གཉིས་དང་། རྒོད་འགྱོད་གཉིས། སེམས་བྱུང་ཐ་དད་ཡིན་བཞིན་དུ་ཅིའི་ཕྱིར་སྒྲིབ་པ་གཅིག་ཏུ་བཤད་ཅེ་ན། རྨུགས་གཉིད་གཉིས་ཟས་མིན་པ་མི༷་མཐུན༷་ཕྱོགས་གཉེན་པོ་སྣང་བའི་ འདུ་ཤེས་གཅིག་གིས་གཉིས་ཀ་སེལ་བ་དང་། རྒྱས་བྱེད་ཟས༷་ནི་བཞི་སྟེ། རྨྱ་བ། མི་དགའ་བ། བྱ་རྨྱང། ཁ་ཟས་ཀྱི་དྲོད་མི་ཟིན་པ་སེམས་ཞུམ་པ་དང༷་ལྔས་དེ་གཉིས་ཀ་རྒྱས་ལ། གཉིས་པོ་དེས་སེམས་ཞུམ་པའམ་ནང་དུ་ སྡུད་པར་བྱེད་པའི་བྱ་བ་གཅིག་པའི་ཕྱིར་དང་། རྒོད་འགྱོད་ཀྱང་དེ་བཞིན་དུ། ཞི་གནས་ནི་མི་མཐུན་ཕྱོགས་ཏེ་གཉིས་ཀའི་གཉེན་པོ་ཡིན་ལ། ཟས་ནི་བཞི་སྟེ། ཉེ་དུའི་རྣམ་རྟོག ཡུལ་གྱི་རྣམ་རྟོག མི་འཆི་བའི་རྣམ་རྟོག སྔོན་བགད་རྩེས་དགའ་མགུར་སྤྱད་པ་རྣམས་རྗེས་སུ་དྲན་པའོ། །གཉིས་ཀའི་བྱ་བ་སེམས་རྣམ་པར་མ་ཞི་བར་བྱེད་པའོ། །དེས་ན་གཉིད་རྨུགས་སོགས་གཉི༷ས་རེ་ཡོད་ཀྱང་སྒྲིབ་པ་གཅི༷ག་ཏུ་བཞག་པ་ཡིན། རྩ་བ་དང་ཉེ་བའི་ཉོན་ མོངས་པ་ཐམས་ཅད་སྒྲིབ་པ་ཡིན་ན་ཅིའི་ཕྱིར་ལྔ་པོ་བསྟན་ཞེ་ན། འདུན་གནོད་གཉིས། རྒོད་འགྱོད་གཉིས། རྨུགས་གཉིད་གཉིས་ཏེ་གསུམ་པོས། རིམ་པར་ཚུལ་ཁྲིམས། ཏིང་འཛིན། ཤེས་རབ་ཀྱི་ཕུང༷་པོ༷་ལ་གནོ༷ད་པར་ བྱེད་པས་དང༷་། ཏིང་འཛིན་ཤེས་རབ་མེད་ན། ཐེ་ཚོམ་གྱིས་ཏིང་ཤེར་དང་བདེན་པ་དག་ལ་ཐེ༷་ཚོམ༷་ཟ་བའི་ཕྱིར༷་ན༷་ལྔར༷་ངེས་སོ་ཟེར། གཞན་དག་ཏིང་འཛིན་གྱི་སྦྱོར་དངོས་མཇུག་ལ་བར་དུ་གཅོད་པས་སྒྲིབ་པ་ལྔའི་གྲངས་ངེས་པ་ 3-1-195b ཉི༷ད་དོ༷་གསུངས། གཉིས་པ་སྤང་བྱ་དེ་སྤོང་ཚུལ་ལ། ཉོན་མོངས་ཇི་ལྟར་སྤོང་ཚུལ་དང་། དེ་ལྟར་སྤངས་པའི་འབྲས་བུ་ཡོངས་ཤེས་གཉིས། དང་པོ་ལ། མཐོང་སྒོམ་གྱིས་སྤོང་ཚུལ་སྤྱི་དང་། དེ་ལས་འཕྲོས་པ་གཉིས། དང་པོ་ལ། མཐོང་ལམ་གྱི་དང་། སྒོམ་ལམ་གྱི་སྤོང་ཚུལ་གཉིས། དང་པོ་ནི། མཐོང་སྤང་གྱ་བརྒྱད་ལ་སྡུག་བསྔལ་མཐོང་སྤང་འདོད་པར་དམིགས་པ་སྐལ་མཉམ་ཀུན་འགྲོ་ལྟ་བ་དང་པོ་གཉིས་དང་། ཀུན་འགྲོ་མིན་པས་ ཆགས་ཁྲོ་རྒྱལ་གསུམ་དང་། ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མིན་པ་ཆགས་སོགས་དེ་དག་ཉིད་དེ་བརྒྱད་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་སྡུག་བསྔལ་མཐོང་སྤང་དགུ་དགུ་དང་། ཀུན་འབྱུང་མཐོང་སྤང་ དྲུག་དྲུག་སྟེ་སུམ་ཅུ་དང་། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་མ་གཏོགས་པ་ཟག་མེད་ལ་དམིགས་པ་ལོག་ལྟ་དང་། ཐེ་ཚོམ་བཞི་གསུམ་བཅུ་གཉིས་ཏེ་ལྔ་བཅུ་པོ་རྣམས་ནི། དམིགས་པ་བདེན་པ་ བཞི་ལ་ལོག་པར་ཞུགས་པས་ན། ཐོར་ཤེས་པས་མིར་འཛིན་ལྡོག་པ་ལྟར། མཐོང་ལམ་གྱིས་དམི༷གས་པའི༷་ཡུལ་བདེན་བཞིའི་རང་མཚན་ཡོ༷ངས་སུ༷་ཤེས༷་པས༷་སྤོང་བ་དང༷་སྟེ་རྣམ་པ་འགལ་བས་སོ། །གཉིས་པ་ནི། དེ་ དག་ལས་དགུ་གོང་དུ་དམིགས་ཞེས་པའི་འདོད་པའི་སྡུག་ཀུན་མཐོང་སྤང་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་དགུ་པོ་རྣམས་ཏེ། དེ་དག་ནི་དེ༷་དག་ལ༷་དམི༷གས་པའི་ཡུལ་ཅན་འདོད་པའི་སྐལ་བ་མཉམ་པའི་ཁམས་ཀུན་ 3-1-196a འགྲོ་རྣམས་ཡང༷་དག༷་པར༷་ཟ༷ད་པས་སྤོང་བ་སྟེ། སྐལ་བ་མཉམ་པའི་ཁམས་ཀུན་འགྲོའི་དམིགས་པ་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་ཡིན་པའི་ཕྱིར་དང་། འདི་ནི་འདོད་པ་ལ་བསམ་གྱི། གོང་ མའི་དེ་དག་ནི་དམིགས་པ་ཡོངས་སུ་ཤེས་པས་སྤོང་བའོ་ཞེས་སོ། །གལ་ཏེ་དམིགས་པ་ཡིན་ཀྱང་སྤོང་བར་མ་ངེས་སོ་ཞེ་ན། ཡུལ་ཅན་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་སྔ་མས་བསྐྱེད་པའི་སྐལ་བ་མི་མཉམ་པའི་ཁམས་ཀུན་ འགྲོ་རྣམས་དམིགས་པ་ཡིན་པ་ནི། སྡུག་ཀུན་ཆོས་བཟོད་ཆོས་ཤེས་ཀྱིས་རྒྱུ་འདོད་པའི་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་རྣམས་སྤངས་པས་དེ་དག་གིས་སྐྱེད་པའི་འབྲས་བུ་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་ཀྱང་སྤངས་ ཏེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པས་སོ། །གསུམ་པ་ནི། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་ཟག་བཅས་ལ་དམི༷གས་པ༷། ལོག་པར་ལོག་ཞུགས་འདོད་པ་ན་འགོག་པ་མཐོང་སྤང་བཞི་དང་། ལམ་མཐོང་སྤང་ལྔ་སྟེ་དགུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་བདུན་བདུན་ཏེ་ཉེར་གསུམ་པོ་རྣམས། དེ་དག་གིས་དམིགས་པའི་ཡུལ་དངོས་སུ་ལོག་ཞུགས་འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་ལོག་ལྟ་ལ་སོགས་པ་དེ་དག་སྤངས༷་པས༷། ཡུལ་ ཅན་ལྟ་བ་མཆོག་འཛིན་ལ་སོགས་པ་ཟག་བཅས་ལ་དམིགས་པ་ལོག་པ་ལ་ལོག་ཞུགས་ཟག་བཅས་དེ་དག་ཀྱང་སྤང་བར་འགྱུར་ཏེ། འགོག་ལམ་ལ་ཆོས་བཟོད་ཤེས་རྗེས་བཟོད་ཤེས་ཀྱིས་ཡུལ་ཟག་མེད་ལ་དངོས་སུ་དམིགས་པ་ལོག་ལྟ་ལ་སོགས་ 3-1-196b པ་དེ་དག་དམིགས་ཡུལ་ཤེས་པས་སྤང་བ་ན་ཡུལ་མེད་པའི་ཡུལ་ཅན་མི་སྲིད་པས་སོ། །ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་ནི། དངོས་སུ་ལོག་ཞུགས་ཟག་མེད་ལ་དམིགས་པ་དང་། ལོག་པ་ལ་ ལོག་ཞུགས་ཟག་བཅས་ལ་དམིགས་པ་ནི་རིམ་པ་ལྟར། དམིགས་པ་ཡོངས་སུ་ཤེས་པ་དང་། དམིགས་ཡུལ་སྤང་བས་སྤོང་ངོ་། །དེ་བཞིན་ཁམས་གོང་གི་སྤང་བྱ་ཅིག་ཆར་སྤོང་ཞིང་བདེན་པ་ཅིག་ཆར་མཐོང་བས། གཟུགས་ ཁམས་ཀྱི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་ཀྱང་དམིགས་པ་ཤེས་པས་སྤང་ལ། སྔར་བཤད་འདོད་པའི་ཀུན་འགྲོ་དགུའི་སྐལ་མཉམ་ཀུན་འགྲོའི་ཆ་རྣམས་ཀྱང་དམིགས་པ་ཤེས་པས་སྤོང་ངོ་། །དེ་ལྟར་ན་ཐམས་ ཅད་ཀྱང་དམིགས་པ་ཡོངས་སུ་ཤེས་པས་སྤང་བའི་རྩ་བ་ཅན་ཡིན་ཏེ། འདོད་པའི་སྐལ་མི་མཉམ་ཀུན་འགྲོ་རྣམས་ཀྱང་ལམ་གྱིས་དམིགས་ཡུལ་བདེན་པ་ཤེས་པས་ཡུལ་ཅན་སྐལ་མཉམ་དང་ཀུན་འགྲོ་རྣམས་སྤང་པས་སྤོང་བ་ དང་། ཁམས་གསུམ་པའི་འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་ཀྱང་། འགོག་ལམ་ཤེས་པས་དམིགས་ཡུལ་ཟག་མེད་ལ་དམིགས་པ་རྣམས་སྤང་བའི་སྟོབས་ཀྱིས་སྤོང་བའི་ཕྱིར་དང་། དེ་དག་རང་རང་ གི་དམིགས་པ་ཤེས་པ་ཙམ་གྱིས་ནི་མི་སྤང་སྟེ། སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་ཀྱིས་དམིགས་པ་ནི་ཁམས་གོང་མ་གཉིས་ཡིན་ལ། གོང་མ་གཉིས་ནི་སྡུག་ཀུན་ལ་རྗེས་བཟོད་ཤེས་ཀྱིས་ཤེས་པ་ཡིན་པ་ན། 3-1-197a སྐལ་མི་མཉམ་ཀུན་འགྲོ་རྣམས་ནི། སྔར་འདོད་པའི་སྡུག་ཀུན་ལ་ཆོས་བཟོད་ཤེས་ཀྱིས་ཡུལ་ཅན་སྤོང་བའི་ཚུལ་གྱིས་སྤངས་ཟིན་པས་སོ། །དེ་བཞིན་འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་ཀྱིས་དམིགས་པ། ཟག་མེད་ལ་དམིགས་པའི་ལོག་ལྟ་ལ་སོགས་པ་དེ་དག་ནི་སྡུག་ཀུན་གྱིས་བསྡུས་པ་ཡིན་པས། སྡུག་ཀུན་ལ་ཆོས་དང་། རྗེས་བཟོད་ཤེས་ཀྱིས་ཤེས་ཀྱང་དེའི་ཚེ་མི་སྤོང་སྟེ། དེ་དག་འགོག་ལམ་མཐོང་ སྤང་ཡིན་པས། ཕྱིས་འགོག་ལམ་ལ་ཆོས་དང་རྗེས་ཤེས་བཟོད་ཀྱིས་ཟག་མེད་ལ་དམིགས་པ་དེ་དག་སྤངས་པས་ན་ཡུལ་སྤོང་བས་སྤངས་པའི་ཕྱིར་རོ། །སྤོང་ཚུལ་གསུམ་པོ་དེ་དག་ཀྱང་རང་རྒྱུད་ཀྱི་མཐོང་སྤང་སྤོང་ཚུལ་ཡིན་གྱི་ གཞན་རྒྱུད་ཀྱི་མཐོང་སྤང་ཐམས་ཅད་ནི། གང་ལ་དེ་སྐྱེས་མ་སྤང་བའི་ཞེས་སོགས་ལྟར་ཡུལ་ཅན་རང་རྒྱུད་ཀྱི་ཀུན་འགྲོ་རྣམ་གཉིས་སྤོང་བ་ཁོ་ནས་སོ༷། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། སྤོང་ཚུལ་བཞི་པ་བསྒོམ་སྤང་ རྣམས་ནི། ས་རེ་རེའི་ཉོན་མོངས་པའི་རྣམ་པ་དགུ་དགུར་བྱས་ཏེ། ཆེན་པོའི་ཆེ་སོགས་གང་གི་གཉེན༷་པོ༷་ཆུང་ངུའི་ཆུང་སོགས་གང་ཡིན་པ་དེ་སྐྱེས༷་པ༷ས་ཉོན་མོངས་དེ་ཟ༷ད་ཅིང་སྤང་བར༷་འགྱུར༷་གྱི། མཐོང་ལམ་གྱིས་དམིགས་པ་བདེན་ བཞི་ཤེས་ཀྱང་བསྒོམ་སྤང་མི་སྤོང་བས་དམིགས་པ་ཤེས་པས་ཀྱང་མིན་ལ། དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཞེས་སོགས་ལྟར་དམིགས་བྱེད་ཟད་པས་ཀྱང་མིན་ལ། དམིགས་ཡུལ་བསྒོམ་སྤང་སྔ་མ་བརྒྱད་སྤངས་ཀྱང་། 3-1-197b ཡུལ་ཅན་ཕྱི་མ་དགུ་པ་མི་སྤོང་བས་དམིགས་ཡུལ་སྤངས་བས་ཀྱང་མ་ཡིན་ནོ། །ཡང་རང་རྒྱུད་ཀྱི་བསྒོམ་སྤང་ཉོན་མོངས་ཅན་གཟུགས་ཅན་དང་ཉོན་མོངས་ཅན་མིན་པ་དང་། གཞན་རྒྱུད་ཀྱི་ཐམས་ཅད་ནི་ཡུལ་ཅན་ཟད་པས་སྤོང་ བ་ཡིན་ནོ། །གཉིས་པ། གཉེན༷་པོ༷་ལ་རྣམ༷་པ་བཞི༷་སྟེ། དང་པོ་སྤོང༷་བའི༷་གཉེན་པོ་ནི། ཉོན་མོངས་པའི་ཐོབ་པ་གཅོད་པ་ཆོས་བཟོད་སོགས་བར་ཆད་མེད་ལམ་དང་། གཉིས་པ་གཞི༷་ཡི་གཉེན་པོ་ནི། བར་ཆད་མེད་ལམ་གྱིས་ སྤང་བའི་བྲལ་ཐོབ་འཛིན་པ་སྟེ། བར་ཆད་མེད་ལམ་དང་པོ་མ་གཏོགས་པས་ཆོས་ཤེས་སོགས་རྣམ་གྲོལ་ལམ་ལ་སོགས་པ་ཐམས་ཅད་དང༷་། དེས་ན་བར་ཆད་མེད་ལམ་དང་པོ་ནི་སྤོང་གཉེན་ཡིན་གྱི་གཞི་གཉེན་མིན་ནོ། །གསུམ་པ་ཐག་ སྲིང༷་བའི་གཉེན་པོ་ཉི༷ད་ནི། རྣམ་གྲོལ་ལམ་དང་པོ་སྡུག་བསྔལ་ཆོས་ཤེས་མ་གཏོགས་པ་དེ་ཡན་ཆད་ཀྱི་ཁྱད་པར་ལམ་སྟེ། ཐོབ་པ་ཐག་སྲིང་བས་སོ། །བཞི་པ་རྣམ༷་པར༷་ནི༷་སུན་འབྱིན་པའི་གཉེན་པོ་ཞེ༷ས་བྱ༷་བ་ནི། བདེན་པ་དང་པོ་གཉིས་ལ་དམིགས་ པའི་ལམ་གང་གིས་དམིགས་པ་དེ་མི་རྟག་ལ་སོགས་པའི་རྣམ་པར་སུན་འབྱིན་པའོ། །དེས་ན་བདེན་པ་དང་པོ་གཉིས་ལ་དམིགས་པའི་སྤོང་བ་གཉེན་པོ་ལ་སོགས་པ་ནི་སུན་འབྱིན་པའི་གཉེན་པོའང་ཡིན་ནོ། །ཞེས་སོ། །སློབ་དཔོན་གྱིས་ ཐེམ་སྐས་ཀྱི་ཚུལ་བཞིན་སྐྱེ་རིམ་དང་མཚན་ཉིད་ཐུགས་ལ་བཞག་ནས། དང་པོ་བདེན་པ་དང་པོ་གཉིས་ལ་དམིགས་པའི་སྦྱོར་ལམ་དྲོད་སོགས་ཡིན་ལ། གཉིས་པ་བར་ཆད་མེད་ལམ་གྱ་དགུ་ཐམས་ཅད་དང་། གསུམ་པ། རྣམ་གྲོལ་ལམ་ 3-1-198a ཐམས་ཅད་དེ། རྣམ་གྲོལ་ལམ་ནི་དང་པོ་ནས་གཞི་ཁོ་ན་ཡིན་གྱི་ཐག་བསྲིང་པའི་གཉེན་པོ་མིན་ནོ། །བཞི་པ་ནི། ཁྱད་པར་གྱི་ལམ་སྟེ། སྔ་མ་གསུམ་ལས་གཞན་པའི་ལམ་ཐམས་ཅད་དོ། །གོ་རིམ་འདི་ཆེས་ལེགས་ ཞེས་བཤད་དོ། །གཉིས་པ་འཕྲོས་དོན་ལ། དམིགས་མཚུངས་གང་ལས་སྤོང་བ། ཐག་སྲིང་བའི་དབྱེ་བ་དུ་ཡོད། སྤང་བ་དང་བྲལ་ཐོབ་ཀྱི་ཁྱད་པར་དཔྱོད་པ་གསུམ། དང་པོ། གཉེན་པོ་དེ་དག་གིས་གང་ལས་སྤོང་ཞེ་ན། དམི༷གས་པའི༷་ ཡུལ་སུན་ཕྱུང་བ་ལ༷ས་ནི་ཉོ༷ན་མོང༷ས་པ༷་ནི༷་སྤང༷་བྱར༷་འདོ༷ད་ཀྱི། སྤང་གཉེན་མཚུངས་པར་ལྡན་པས་ནི་མིན་ཏེ། ཡིན་ན་ཕན་ཚུན་མེད་ན་མི་འབྱུང་བར་སྐྱེས་པས་རང་གི་ཚོགས་དབྱེ་བར་མི་ནུས་པའི་ཕྱིར་དང་། དམིགས་པ་ལས་དབྱེ་ནུས་པས་སོ། ། དེ་ཡང་རང་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ནི་ཐོབ་པ་ཆད་པ་དང་། བྲལ་ཐོབ་སྐྱེས་ཚེ་སྤང་བའོ། །རང་རྒྱུད་ཀྱི་ཉོན་མོངས་ཅན་མིན་པ་དགེ་བ་ཟག་བཅས་མ་སྒྲིབ་ལུང་མ་བསྟན་གཟུགས་ཅན་དང་གཟུགས་ཅན་མིན་པ་ཐམས་ཅད་ནི་དེ་དག་ལ་དམིགས་ པའི་ཡུལ་ཅན་རང་རྒྱུད་ལ་ཡོད་པའི་ཉོན་མོངས་པ་འདུན་པའི་འདོད་ཆགས་སྤང་བ་ལ་དེ་སྤང་བའི་ཐ་སྙད་བྱེད། དེ་ཡང་མཐོང་སྤང་ཅིག་ཅར། སྒོམ་སྤང་རིམ་པས་སྤོང་ལ་མཐོང་སྤང་ཡང་བྱིས་པས་སྤང་ན་རིམ་གྱིས་སྤོང་ཟེར་རོ། ། གཉིས་པ། ཐག་བསྲིང་བའི་ངོ་བོ་རིང་བ་ཉིད་ཀྱང་རྣམ་པ་བཞི་སྟེ། ཚོགས་པ་གཅིག་ན་གནས་ཀྱང་མཚ༷ན་ཉི༷ད་མི༷་མཐུན༷་པ་ཐ་དད་པས་རིང་བ་དང་། མི༷་མཐུན༷་ཕྱོགས༷་དང་གཉེན་པོས་རིང་བ་དང་། ཕན་ཚུན་ཡུལ༷་རྣམ་པར་ཆ༷ད་པས་རིང་བ་ 3-1-198b དང༷་། དུས༷་ཀྱི༷ས་རིང་བ་སྟེ༷་བཞི་རིམ་པ་བཞིན་དུས་སོགས་འབྱུང༷་བཞི་ལྟ་བུ་དང༷་། ཚུལ་འཆལ་དང་ཚུལ༷་ཁྲིམས༷་ལྟ་བུ་དང་། ཤར་ནུབ་ཀྱི་ཕྱོགས༷་ཀྱི་རྒྱ་མཚོ་ཐ་དད་པ་ལྟ་བུ་དང༷་ནི༷། དུས༷་གཉི༷ས་རིང༷་བ༷་ཉི༷ད་ནི་འདས་འོངས་ལྟ༷་བུའོ༷། ། དེ་ཡང་འདས་འོངས་ད་ལྟ་ལས་རིང་བ་དང་། དུས་ཐ་དད་པ་དང་། ཞིག་དང་མ་ཐོབ་དང་། ད་ལྟ་བས་བར་དུ་ཆོད་པས་རིང་བར་བཞག་པ་མི་འཐད་པས་དེ་གཉིས་ངོ་བོ་ཞིག་དང་མ་འཐོབ་པས། ཆོས་རང་མཚན་གྱིས་དངོས་པོ་ལས་རིང་བར་ སློབ་དཔོན་གྱིས་བཞེད་དོ། །གསུམ་པ། ཉོན་མོངས་ཐམས་ཅད་སྤང་གཉེན་སྤོང་ལམ་གང་ཡིན་དེས་སྤངས་ཤིང་། ཐོབ་པ་ཆད་པས་སྤང་བ་ལན༷་གཅི༷ག་ཏུ༷་ཟ༷ད་ཀྱི་ལན་དུ་མར་སྤང་དུ་མེད་ཀྱང་འོན་ཏེ་ཉོན་མོངས་པ་དེ༷་དག༷་གི༷་བྲལ༷་བའི༷་ཐོབ༷་ པ༷་ནི་ཡང༷་དང༷་ཡང་དུ་ཁྱད་དུ་འགྲོའོ། །གང་དུ་ན་དུས་དྲུག་སྟེ། གལ་ཏེ་དབང་བརྟུལ་ཡིན་ན་རང་རང་གི་གཉེན༷་པོ༷་སྐྱེས༷་པ་དང་རྒྱུན་ཞུགས་སོགས་དགེ་སྦྱོང་ཚུལ་གྱི་འབྲས༷་བུ་བཞི་ཐོབ༷་པ་དང༷་། དབ༷ང་པོ༷་བརྟུལ་པོ་ལས་རྣོན་པོར་རྣམ༷་པར༷་འཕེལ༷་ བ་རྣམ༷ས་སུ༷འོ༷། །བྲལ་ཐོབ་ཁྱད་པར་དུ་འགྲོ་བ་ལ། དབང་རྣོན་ཡིན་ན་དབང་པོ་འཕོ་བ་མེད་པས་དུས་ལྔར་ཁྱད་པར་དུ་འགྲོའོ། །དེ་ལ་གཉེན་པོ་སྐྱེས་པ་ནི་བྲལ་ཐོབ་དང་ལྷན་ཅིག་སྐྱེས་པའི་རྣམ་གྲོལ་གྱི་ལམ་ཡིན་ཏེ། བར་ཆད་ མེད་ལམ་ཚེ་བྲལ་ཐོབ་སྐྱེ་བ་ལ་མངོན་ཕྱོགས་ཙམ་ལས་ད་ལྟར་མ་སྐྱེས་པས་སོ། །བྲལ་བ་དེས་གནས་སྐབས་དེ་དག་ཏུ་ཡོངས་སུ་ཤེས་པའི་མིང་འཐོབ་བོ། །གཉིས་པ་འབྲས་བུ་ཡོངས་ཤེས་ལ། ཡོངས་ཤེས་དགུའི་ངོ་བོ་ངོས་བཟུང་ 3-1-199a བ་དང་། ཁྱད་པར་གཏན་ལ་དབབ་པ་གཉིས། དང་པོ། དེ་ལ་སྤྱིར་ཡོངས་ཤེས་ནི། ཡེ་ཤེས་ཀྱི་ཡོངས་སུ་ཤེས་པ་དང་། སྤང་བའི་ཡོངས་སུ་ཤེས་པ་གཉིས་ལས། དང་པོ་ཟག་མེད་རྣམ་གྲོལ་གྱི་ཡེ་ཤེས་ཡིན་ ལ། གཉིས་པ་དེའི་ཡུལ་སྤང་བྱ་བྲལ་བ་སོ་སོར་བརྟགས་འགོག་གོ། དེ་གཉིས་ལས་འདིར་ཕྱི་མ་སྟེ། དེ་ལ་ཡོངས་ཤེས་སུ་བཞག་པ་ནི་ཡུལ་ལ་ཡུལ་ཅན་གྱིས་བཏགས་པའམ། འབྲས་བུ་སྤང་བ་ལ་རྒྱུ་ཡེ་ཤེས་ཀྱིས་བཏགས་པས་སོ། ། དེ་ལྟ་བུའི་ཡོངས༷་སུ༷་ཤེས༷་པ་དེ་ལ་སྤང་བྱ་སྤོང་བའི་སྒོ་ནས་དབྱེ་ན་རྣམ་པ་དགུ་སྟེ་འདི་ལྟར། འདོད་པ་ན་བདེན་པ་དང༷་པོ༷་རྣམ༷་པ་གཉི༷ས་ཀྱིས་མཐོང་བས་སྤང་བྱ་གཉིས་ཀ་ཟ༷ད་པ་ལ༷། འདོད་པའི་སྡུག་བསྔལ་དང་ཀུན་འབྱུང་གི་མཐོང་སྤང་སྤངས་ པའི་ཡོངས་ཤེས་གཅི༷ག་དང་། འགོག་ལམ་གྱི་སྤང་བྱ་གཉི༷ས་ཟ༷ད་ཅིང་སྤངས་པ༷་ནི༷་འགོག་ལམ་གྱི་ཡོངས་ཤེས་དེ༷་གཉི༷ས་སོ༷། །འདོད་པར་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡིན་པ་དེ༷་བཞིན༷་དུ་ཁམས་གོང༷་མ༷་གཟུགས་དང་གཟུགས་ མེད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་དེ༷་ཡང་གསུམ༷་ཉི༷ད་དོ། །དེ་ལྟར་མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་དང་། མཐོང་སྤང་སྤངས་བའི་ཡོངས༷་སུ༷་ཤེས༷་པ༷་ལས་གཞན༷་བསྒོམ་ལམ་གྱི་ཡོངས་ཤེས་གསུམ༷་སྟེ༷། ཐ༷་མའི༷་ ཆ༷་དང༷་མཐུན༷་པ་སྤོང་བའི་ཡོངས་ཤེས་དང་། གཟུགས༷་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་དང༷་། ཟ༷ག་པ༷་ཀུན༷་ཟ༷ད་པའི་ཡོངས་ཤེས་སོ། །གལ་ཏེ་ཁམས་གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་གཉིས་པོ་གཅིག་ཏུ་བསྡོམས་ལ། 3-1-199b བསྒོམ་སྤང་གི་དེ་ཐ་དད་དུ་ཅིའི་ཕྱིར་ཕྱེ་ཞེ་ན། བསྒོམ་སྤང་ནི་གོང་མ་གཉིས་ན་ས་དང་ས་ན་བསྒོམ་སྤང་དགུ་དགུའི་གཉེན་པོ་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ། མི་ལྕོགས་མེད་སོགས་ཟག་མེད་དང་ཟག་བཅས་གཉིས་པའི་ ཉེར་བསྡོགས་ལ་སོགས་པས་བསྡུས་པ་དགུ་དགུ་ཡོད་པས་གཉེན་པོ་ཐ་དད་པའི་ཕྱིར་དང་། མཐོང་སྤང་རྣམས་ཀྱིས་ནི་གཟུགས་ན་སྤྱོད་པའི་གཉེན་པོ་རྗེས་བཟོད་ལ་སོགས་པ་དེ་དག་ཁོ་ན་གཟུགས་མེད་ཀྱི་མཐོང་སྤང་གི་ཡང་གཉེན་པོ་ ཡིན་པས་གཉེན་པོ་གཅིག་པའི་ཕྱིར་ཡིན་ནོ། །གཉིས་པ་ལ། ལམ་གང་གི་འབྲས་བུ་ཡིན་པ་དགུར་འཇོག་པའི་རྒྱུ་མཚན། གང་ཟག་གང་ལ་ལྡན། འཐོབ་གཏོང་བྱེད་ཚུལ་བཞི། དང་པོ་ལ་ཤེས་བཟོད་གང་གི ། ས་གང་གི ། ཆོས་རྗེས་ཤེས་གང་གི་འབྲས་བུ་ཡིན་དཔྱད་པ་གསུམ། དང་པོ། ཡོངས་ཤེས་དགུ་པོ་དེ་ལས་དང་པོ་དྲུག༷་ནི་བཟོ༷ད་པའི་འབྲས༷་བུ་ཡིན་ཏེ་མཐོང་ལམ་བར་ཆད་མེད་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡོངས་ཤེས་ནི་ བཟོད་འབྲས་མིན་ཏེ་དེ་ཟག་མེད་ཀྱི་ཤེས་པའི་འབྲས་བུ་ཡིན་ལ། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཞེས་གསུངས་པའི་ཕྱིར་རོ་ཞེ་ན། ཡོངས་ཤེས་བཟོད་པའི་འཁོར་ཤེས་པའི་འབྲས་བུ་ཡིན་ཡང་། ཤེས་བཟོད་གཉིས་ འབྲས་བུ་གཅིག་པས་ཤེས་འབྲས་ལ་བཟོད་འབྲས་བསྟན་པའོ། །རྒྱལ་པོའི་འཁོར་གྱིས་བྱས་པ་ལ་རྒྱལ་པོས་བྱས་ཞེས་བརྗོད་པ་བཞིན་ནོ་ཟེར། ཡང་ན་ཤེས་པ་གཙོ་བོ་དང་འཁོར་བཟོད་པ་ཡིན་པས་དངོས་སུ་གཙོ་བོ་ཤེས་འབྲས་ཡིན་ 3-1-200a ཡང་འཁོར་ལ་རྒྱལ་པོར་བཏགས་པ་ལྟར་བཟོད་འབྲས་སུ་བཏགས་པ་ཡིན་ཞེས་གང་སྤེལ་འཆད་དོ། །ཡོངས་ཤེས་དྲུག་གི་ལྷག༷་མ༷་རྣམ༷ས་ནི༷་ཤེས༷་པའི༷་འབྲས་བུ་ཡིན་ཏེ་སྒོམ་ལམ་གྱི་འབྲས་བུ་ཡི༷ན་ལ། བསྒོམ་ ལམ་ལ་བཟོད་པ་མེད་པས་སོ། །གཉིས་པ་ལ། བསམ་གཏན་གྱི་ས་གང་གི་འབྲས་བུ་ཡིན་སྲིད་ཚུལ་དང་། སྐྱེ་འཕགས་ཀྱི་ལམ་གང་གི་འབྲས་བུ་ཡིན་ཚུལ་གཉིས། དང་པོ་ནི། དང་པོའི་ཉེར་བསྡོགས་མི༷་ལྕོགས༷་མེ༷ད་པ་ནི་སྤང་ བྱ་ཀུན་གྱི་གཉེན་པོར་འགྱུར་སྲིད་པས་དེའི་འབྲས༷་བུ་ཡོངས་ཤེས་ཐམ༷ས་ཅ༷ད་ཡོད་སྲིད་དོ༷། །བས༷མ་གཏན༷་དངོས་གཞི་ཟག་མེད་རྣམ༷ས་ཀྱི༷་རང་སའི་ལྔ༷འམ༷་བརྒྱ༷ད་དེ། བསམ་གཏན་དངོས་གཞི་ཟག་མེད་རྣམས་ཀྱིས་ཁམས་གོང་མའི་ མཐོང་སྤང་གསུམ་དང་། སྒོམ་སྤང་སྤངས་པའི་ཡོངས་ཤེས་ཕྱི་མ་གཉིས་ཏེ་ལྔའོ། །དེ་ཡང་ཆགས་བྲལ་སྔོན་འགྲོའི་དབང་དུའོ། །འམ་ཞེས་པ་ནི་ལུགས་ཐ་དད་སྟོན་པ་སྟེ། དབྱངས་སྒྲོགས་ཀྱིས་བསམ་གཏན་དངོས་གཞིའི་ འབྲས་བུ་བརྒྱད་དེ་འདོད་པའི་མཐོང་སྤང་གི་གསུམ་ཡང་ཆགས་བྲལ་སྔོན་འགྲོའི་ཕྱིར་མི་འོང་གིས་མཐོང་ལམ་ཐོབ་པའི་བསམ་གཏན་གྱི་སྟོབས་ཀྱིས་བྲལ་ཐོབ་ཟག་མེད་རྙེད་པས་སོ་ཟེར། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ ཤེས་ནི་མི་ལྕོགས་མེད་འབྲས་ཁོ་ནར་ངེས་ལ། དེའི་བྲལ་ཐོབ་ནི་གོང་མའི་ལམ་མཐོང་སྤང་སྤངས་བའི་ཡོངས་ཤེས་དང་གཅིག་ཏུ་འདུའོ་ཟེར། བསམ་གཏན་ཁྱད་པར་ཅན་ཡང་བསམ་གཏན་གྱི་དངོས་གཞི་དང་འདྲ་བར་ཤེས་པར་བྱའོ། ། 3-1-200b གཟུགས་མེད་དང་པོ་ནམ་མཁའི་ཉེ་བར་བསྡོགས༷་པའི༷་འབྲས་བུ་གཟུགས་ཟད་ཀྱི་ཡོངས་ཤེས་བརྒྱད་པ་གཅི༷ག་པུ་ཡི༷ན་ཏེ༷། དེ་ཟག་བཅས་ཡིན་ཀྱང་འཕགས་པས་དེ་ལ་བརྟེན་ནས་ཡོངས་ཤེས་འདི་ཐོབ་པ་སྲིད་པས་སོ། །གཟུགས༷་མེ༷ད་ དངོས༷་གཞི༷་དང་པོ་གསུམ༷་ཟག་མེད་ཀྱི༷་ཡང༷་ཡོངས་ཤེས་ཟག་ཟད་གཅིག་ཁོ་ན་ཡིན་ནོ། །དེས་ན་འདོད་པ་དང་སྲིད་རྩེའི་སེམས་ནི་ཟག་མེད་ཀྱི་རྟེན་དུ་མི་རུང་བས་དེ་གཉིས་ཀྱི་འབྲས་བུ་ཡོངས་ཤེས་མེད་དོ། །གཉིས་པ། ཡོངས་ཤེས་དགུ་བོ་ ཐམ༷ས་ཅ༷ད་འཕ༷གས་པའི༷་ལམ༷་གྱི༷་འབྲས་བུ་ཡི༷ན་ཏེ་མཐོང་སྒོམ་གྱི་འབྲས་བུ་ཡིན་པས་སོ། །ཟག་བཅས་འཇིག༷་རྟེན༷་པའི༷་སྒོམ་ལམ་གྱི་འབྲས་བུ་ནི་བདུན་པ་དང་བརྒྱད་པ་གཉི༷ས་སྲིད་དེ། འཕགས་པ་འཇིག་རྟེན་པའི་ལམ་གྱིས་འདོད་གཟུགས་ ལས་ཆགས་བྲལ་སྲིད་པས་སོ། །གསུམ་པ། སྒོམ་ལམ་གྱིས་བསྡུས་པ་རྗེས༷་ཤེས་ཀྱི༷་འབྲས་བུ་ཡང༷་ཡོངས་ཤེས་ཐ་མ་གཉིས་ཡིན་ལ། སྒོམ་ལམ་གྱིས་བསྡུས་པ་ཆོས༷་ཤེས༷་པའི༷་འབྲས་བུ་ནི༷། བསྒོམ་པའི་ལམ་ལ་འགོག་པ་ འམ། །ལམ་ལ་ཆོས་ཤེས་སོགས་གསུངས་པ་ལྟར་ཁམས་གསུམ་གྱི་གཉེན་པོ་ཡིན་པས་ཡོངས་ཤེས་ཐ་མ་གསུམ༷་ཡི༷ན་ནོ༷། །ཆོས་ཤེས་དེའི༷་ཕྱོགས༷་མཐུན༷། ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱི༷་འབྲས་བུ་ཡོངས་ ཤེས་དྲུག༷་སྟེ། དང་པོ་འདོད་པའི་གསུམ་ཆོས་བཟོད་ཀྱི་འབྲས་བུ་དང༷་ཐ་མ་གསུམ་ཆོས་ཤེས་ཀྱི་འབྲས་བུ་ཡིན་པས་སོ། །དེ་ཡང་སྒོམ་ལམ་གྱིས་བསྡུས་པའི་སྡུག་ཀུན་ཤེས་པས་བསྡུས་པ་ནི་ཐ་མའི་ཆ་མཐུན་སྤངས་བའི་ཡོངས་ 3-1-201a ཤེས་གཅིག་པུ་ཡིན་ལ། འགོག་ལམ་ཤེས་པའི་ནི་ཡོངས་ཤེས་སུམ་ཅར་ཡིན་ནོ། །རྗེས་ཤེས་དེའི་ཕྱོགས་མཐུན། རྗེས་ཤེས་བཟོད་དང་ཤེས་པའི་འབྲས་བུ་ནི་ཡོངས་ཤེས་ལྔ་སྟེ། གོང་མ་གཉིས་ ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་ནི་རྗེས་བཟོད་ཀྱི་འབྲས་བུ་དང་། ཐ་མ་གཉིས་ནི་རྗེས་ཤེས་ཀྱི་འབྲས་བུ་ཡིན་པས་སོ། །གཉིས་པ་གྲངས་ངེས། གལ་ཏེ་ལ་ལར་ནི་སྤང་བ་མང་པོ་བསྡམས་ནས་ཡོངས་ཤེས་ རེ་རེ་འཇོག་ལ། ལ་ལར་སྤང་བ་རེ་རེ་ལ་ཡོངས་ཤེས་རེ་རེ་འཇོག་པ་ཅི་ཞེ་ན། དེ་ལ་ཤེས་བཟོད་རྣམས་ཀྱི་འབྲས་བུ་བྲལ་བ་ནི་རྒྱུ་གསུམ་གྱིས་ཡོངས་ཤེས་སུ་བཞག་སྟེ། གང་ཞེ་ན། བྲལ༷་བའི༷་ཐོབ༷་པ༷་ཟག༷་མེ༷ད་གསར་དུ་རྙེད་ པ་དང༷་། སྲི༷ད་རྩེའི༷་ཉོན་མོངས་པ་ཉ༷མས་པར༷་བྱས༷་པ༷་དང༷་། རྒྱུ༷་སྡུག་ཀུན་མཐོང་སྤང་གི་ཀུན་འགྲོ་གཉི༷ས་ཀུན༷་ཏུ༷་བཅོ༷མ་པའི༷་ཕྱིར༷་ཡོངས་ཤེས་སུ་བཞག་གོ། དེ་ཡང་སོ་སྐྱེ་ལ་རྒྱུ་གཉིས་བཅོམ་པ་ཡོད་ཀྱང་། སྔ་མ་གཉིས་མེད་ པས་ཡོངས་ཤེས༷་ཀྱི་མིང་མི་ཐོབ་པ་དང་། སྡུག་བསྔལ་ཆོས་ཤེས་ལ་དང་པོ་ཡོད་ཀྱང་ཕྱི་མ་གཉིས་མེད། རྗེས་ཤེས་ལ་དང་པོ་གཉིས་ཡོད་ཀྱང་ཕྱི་མ་མེད་པས་སོ། །ཀུན་འབྱུང་ཆོས་ཤེས་ལ་གསུམ༷་ཀ་ཚང་བའི་སྐབས་དེར་ཡོངས་ཤེས་ཞེས་ མིང་ཐོབ་བོ། །དེ་བཞིན་གོང་མ་གཉིས་ལའང་ཤེས་པར་བྱའོ། །འདོད་པའི་འགོག་ལམ་ཆོས་ཤེས་རེ་རེ་ལ་རྒྱུ་གསུམ་ཀ་ཚང་བས་བཞག་ལ། བཟོད་པ་རྣམས་བྲལ་ཐོབ་ཟག་མེད་གསར་དུ་མ་རྙེད་པས་སོ། །རྒྱུ་དེ་གསུམ་སྟེང་བཞི་པ་ 3-1-201b ནི་ཁ༷མས་གསུམ་ལ༷ས་འདས༷་པ༷་ལ༷ས་ཀྱང་ཡོངས་ཤེས་ཐ་མ་གསུམ་བཞག་གོ། ཆོས་མངོན་པ་གང་དག་དམིགས་པར་བྱ་བའི་ཉོན་མོངས་པ་དང་། དམིགས་བྱེད་ཀྱི་ཉོན་མོངས་པ་གཉིས་དང་བྲལ་བའི་རྒྱུ་ལྔ་འདོད་པ་ནི་འདིར་མ་ བརྗོད་དོ། །རྒྱུ་གཉིས་བཅོམ་པ་དང་། ཁམས་ལས་འདས་པའི་ནང་དུ་འདུས་པས་སོ། །གསུམ་པ་སུ་ལྡན་ལ། དངོས་དང་། འབྲས་བུ་སྡོམ་ཚུལ་གཉིས། དང་པོ། ཡོངས་ཤེས་གང་དག་གང་ཟག་གང་ལ་དུ་ལྡན་ཟེར་ན། སོ་སྐྱེ་ལ་ཡོངས་ཤེས་གཅི༷ག་ཀྱང་ལྡན་པ་མིན༷་ལ། སོ་སྐྱེར་མ་ཟད་སྡུག་བསྔལ་ཆོས་བཟོད་ནས་བཟུང་སྟེ་ཀུན་འབྱུང་ཆོས་བཟོད་བར་ཡེ་ཤེས་སྐད་ཅིག་མ་ལྔ་ལ་གནས་པའང་རྒྱུ་གཉིས་ཀུན་ཏུ་མ་བཅོམ་ཕྱིར་ཡོངས་ཤེས་དང་མི་ལྡན་ནོ། ། དེ་ལས་གཞན་པའི་འཕགས་པ་མཐོང༷་ལམ་ལ༷་གན༷ས་པ༷་ནི༷་ལྔ༷་ཡི༷་བར༷་དང༷་ཡང༷་དག༷་པར་ལྡན་ཏེ། ཀུན་འབྱུང་ཆོས་ཤེས་དང་ཀུན་འབྱུང་རྗེས་བཟོད་གཉིས་ལ་གནས་པ་ནི་ཡོངས་ཤེས་དང་པོ་དང་། ཀུན་འབྱུང་རྗེས་ཤེས་དང་འགོག་པ་ ཆོས་བཟོད་ལ་ཡོངས་ཤེས་སྔ་མ་དང་། ཁམས་གོང་མ་གཉིས་ཀྱི་སྡུག་ཀུན་སྤངས་པའི་ཡོངས་ཤེས་ཏེ་གཉིས་དང་ལྡན་ལ། འགོག་པ་ཆོས་ཤེས་དང་རྗེས་སུ་ཤེས་པའི་བཟོད་པ་ལ་སྔ་མ་གཉིས་དང་། འདོད་པའི་འགོག་པ་ མཐོང་སྤང་སྤངས་པའི་ཡོངས་ཤེས་ཏེ་གསུམ་དང་ལྡན་ནོ། །འགོག་པ་རྗེས་ཤེས་དང་། ལམ་ཆོས་བཟོད་ལ་གསུམ་པོ་དེ་དང་གོང་མ་གཉིས་ཀྱི་འགོག་པ་མཐོང་སྤང་སྤངས་པའི་ཡོངས་ཤེས་ཏེ་བཞི་དང་། ལམ་ཆོས་ཤེས་དང་རྗེས་ 3-1-202a སུ་ཤེས་པའི་བཟོད་པ་ལ་འདོད་པའི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་ཏེ་ལྔ་དང་ལྡན་ནོ། །ལམ་རྗེས་ཤེས་ནི་སྒོམ་ལམ་ཡིན་པས་མཐོང་ལམ་འདིར་མི་གཏོགས་སོ། །བསྒོམ༷་ལམ་པ་ ལམ་རྗེས་ཤེས་ནས་འདོད་པ་ལ་ཆགས་པ་མ་བྲལ་བ་བསྒོམ་སྤང་དང་པོ་ནས་བརྒྱད་པ་སྤངས་པའི་བར་ལ༷་གན༷ས་པ༷་ཡང་སྔར་གྱི་ལྔ་དང་གོང་མ་གཉིས་ཀྱི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་དང་དྲུག༷་དང་ལྡན་ལ། འདོད་པ་ལ་ཆགས་ བྲལ་ལས་ཉམས་ནའང་དྲུག་པོ་དེ་དང་ལྡན་པའོ། །གལ་ཏེ་ལམ་རྗེས་ཤེས་ན་ཡོངས་ཤེས་དྲུག་པར་མི་འགྱུར་ཏེ། འབྲས་བུ་བཞིར་རྣམ་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །ཞེས་སོགས་གསུངས་པ་ལྟར་སྤང་བ་སྡོམ་པར་བཤད་ཀྱང་། ཡོངས་ཤེས་མི་སྡོམ་པས་མི་འགལ་ལོ། །གམ༷་ཞེས་པ་ནི༷་འདམ་ཁའི་ཚིག་སྟེ་སྒོམ་ལམ་ལ་མཐའ་གཅིག་ཏུ་དེར་མ་ངེས་པའི་ཕྱིར་རོ། །ཡང་རིམ་དང་ཅིག་ཅར་ཡང་རུང་སྟེ་ཕྱིར་མི་འོང་སྒོམ་ལམ་པ་ལམ་རྗེས་ཤེས་ཚེ་སྔ་མ་རྣམས་བསྡོམས་ ཏེ་ཡོངས་ཤེས་བདུན་པ་གཅིག་པུ་དང་ལྡན་ལ། གཟུགས་ཀྱི་ཆགས་བྲལ་ལས་ཉམས་པའང་དེའོ། །དགྲ་བཅོམ་ཐོབ་ཚེ་ཡང་སྔ་མ་རྣམས་སྡོམ་པ་ཐ་མ་གཅིག་པུ་དང་ལྡན་པས་གཅི༷ག་གམ༷་ཡང༷་ན༷་གཉི༷ས་དང༷་ལྡན༷་ན་ཡང་ངོ༷་སྟེ། ཕྱིར་མི་འོང་ གཟུགས་ཀྱི་ཆགས་བྲལ་ཐོབ་པ་ཡང་དགྲ་བཅོམ་ལས་ཉམས་ནའང་བདུན་བརྒྱད་གཉིས་དང་ལྡན་ནོ། །གཉིས་པ། གལ་ཏེ་གཟུགས་ཀྱི་འདོ༷ད་ཆགས༷་མ་བྲལ་བས་ཕྱིར་མི་འོང་འབྲས་གནས་ཙམ་པོ་དང་དགྲ་བཅོམ་པའི་འབྲས་བུ་ཐོབ་ཚེ་སྤང་ 3-1-202b བ་མང་པོ་ཡོད་བཞིན་དུ་ཡོངས་ཤེས་རེ་རེ་བར་ཇི་ལྟར་འགྱུར་ཞེ་ན། དེའི་ཚེ་ན་ཁ༷མས་དང་པོ་དང་གསུམ་ལ༷ས་འདོ༷ད་ཆགས༷་བྲལ༷་བ༷་དང༷་། ཕྱིར་མི་འོང་དང་དགྲ་བཅོམ་པའི་འབྲས༷་བུ༷་ཐོ༷བ་པའི་རྒྱུ་གཉིས་གཉིས་ཚང་ཕྱིར༷་སྐབས་དེར་ཡོངས་ ཤེས་དེ༷་དག༷་བསྡོམ༷ས་ནས། ཐ་མའི་ཆ་མཐུན་སྤང་བ་དང་། ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་རེ་རེར་བཞག་གོ། དེས་ན་རྒྱུན་ཞུགས་དང་ཕྱིར་འོང་ལ་འབྲས་བུ་ཐོབ་པ་ཡོད་ཀྱང་། ཁམས་ལས་ཆགས་བྲལ་མེད་པའི་ཕྱིར་དང་། གཟུགས་ ཀྱི་ཆགས་བྲལ་ཕྱིར་མི་འོང་ལ་དང་པོ་ཡོད་ཀྱང་གཉིས་པ་མེད་པས་སོ། །གཞན་དག་ལ་གཉིས་ཀ་མེད་པས་སོ། །བཞི་པ་གཏོང་འཐོབ་ནི། ཡང་ཡོངས་ཤེས་དུ་ཞིག་གཏོང་བའམ་ཐོབ་ཅེ་ན། ལ༷་ལ༷་སྟེ་དགྲ་བཅོམ་ལས་ཉམས་ན་ཐ་མ་གཅིག་ པུ་དེ་གཏོང་བ་དང་། དེ་བཞིན་གཟུགས་ཀྱི་ཆགས་པ་མ་བྲལ་བའི་འཕགས་པ་ཕྱིར་མི་འོང་འདོད་པའི་ཆགས་བྲལ་ཉམས་ན་བདུན་པ་གཅིག་པུ་གཏོང་ལ། ལ་ལ་གཉི༷ས་ཏེ་ཕྱིར་མི་འོང་གཟུགས་ཀྱི་ཆགས་བྲལ་འདོད་ཉོན་གྱིས་ཉམས་པའམ་དེས་དགྲ་ བཅོམ་ཐོབ་ན་བདུན་བརྒྱད་གཉིས་གཏོང་ཞིང་། ཁ་ཅིག་ལྔ༷་གཏོང་སྟེ་ཆགས་བྲལ་སྔོན་འགྲོས་སྐད་ཅིག་མ་བཅུ་དྲུག་པ་ལ་དང་པོ་ལྔ་གཏོང་ངོ་། །དེ་ལ་གོང་མ་གཉིས་ཀྱི་ལམ་མཐོང་སྤང་སྤངས་པའི་ཡོངས་ཤེས་མི་གཏོང་མོད་ཀྱི་སྔར་ཁམས་ལས་ ཆགས་པ་བྲལ་ཕྱིར་དང༷་། འབྲས་བུ་ཐོབ་པའི་སྒོ་ནས་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་ཀྱི་ནང་དུ་བསྡོམས་པའི་ཕྱིར་དེ་ལས་ཐ་དད་དུ་བཤད་དུ་མེད་དོ། །ལ་ལ་དྲུག༷་གཏོང༷་སྟེ༷་འཕགས་པ་མཐར་གྱིས་པ་འདོད་པ་ལས་ཆགས་པ་བྲལ་བ་ན་སྔ་མ་ 3-1-203a དྲུག་གཏོང་སྟེ་བདུན་པ་ཐོབ་པས་སོ། །དེ་བཞིན་འཐོབ༷་པ༷་ནི་གཅིག་དང་གཉིས་དང་དྲུག་འཐོབ་པ་ཡོད་ཀྱི་ལྔ༷་ཐོབ་པ་ནི་ཡོད་པ་མིན༷་ནོ༷། །དེ་ལ་གཅིག་ནི་ཀུན་འབྱུང་ཆོས་ཤེས་པ་ནའོ། །དེ་བཞིན་ ཆགས་བྲལ་སྔོན་འགྲོས་ལམ་རྗེས་ཤེས་ན་བདུན་པ་གཅིག་པུ་ཐོབ་ལ། མཐར་གྱིས་པས་ཀྱང་འདོད་ལས་ཆགས་བྲལ་རྣམ་གྲོལ་ལམ་དགུ་པ་ན་བདུན་པ་གཅིག་པུ་དང་། དགྲ་བཅོམ་པ་ཐོབ་པ་ནའང་ཐ་མ་གཅིག་པུ་ཐོབ་པའོ། ། གཉིས་ནི་གཟུགས་མེད་ལས་ཆགས་བྲལ་གཟུགས་མེད་ཀྱི་ཉོན་མོངས་པས་ཉམས་ན་བདུན་བརྒྱད་གཉིས་འཐོབ་པ་ལྟ་བུའོ། །དྲུག་ནི་མཐར་གྱིས་པ་ཕྱིར་མི་འོང་ལས་ཉམས་ན་དང་པོ་དྲུག་ཐོབ་པ་ཡིན་ནོ། །འོ་ན་ཆགས་བྲལ་ སྔོན་འགྲོ་ཐ་མའི་ཆ་མཐུན་ལས་ཉམས་ན་དང་པོ་ལྔ་ཅིའི་ཕྱིར་མི་ཐོབ་ཅེ་ན་དེ་ནི་ཉམས་པ་མི་སྲིད་དེ་ལམ་གཉིས་ཀྱིས་བརྟན་པར་བྱས་པས་སོ། །དེས་ན་ལྔ་ཐོབ་པ་ནི་མེད་དོ། །ཅིག་ཆར་ཐོབ་པ་ཡིན་གྱི་ཐོབ་ཟིན་པ་ནི་གསར་དུ་ཐོབ་པ་མིན་ པས་སོ།། གཉིས་པ་གནས་ཀྱི་མིང་། ཆོས༷་མངོ༷ན་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལ༷ས། ཕྲ༷་རྒྱས༷་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གན༷ས་ལྔ༷་པའི༷་འགྲེལ་བ༷འོ།། ༈ །།གཉིས་པ་བླང་བྱ་ རྣམ་བྱང་ཕྱོགས་ལ། རྒྱུ་ལམ་བདེན་དང་། འབྲས་བུ་ཡེ་ཤེས་བཤད་པ་གཉིས། དང་པོ་ལ་གནས་དང་མིང་གཉིས། དང་པོ་ལ། དམིགས་ཡུལ་འཕགས་པའི་བདེན་པ། བདེན་པ་མངོན་པར་རྟོགས་པའི་རིམ་པ། བདེན་པ་ 3-1-203b མངོན་རྟོགས་ལ་གནས་པའི་གང་ཟག །མངོན་རྟོགས་ཀྱི་ལམ་རང་གི་ངོ་བོ་དང་བཞི་ལས། དང་པོ་ལ། མཚམས་སྦྱར་བའི་ཚུལ་གྱིས་ཡུལ་ཅན་ལམ་གྱི་ངོ་བོ་བསྟན་པ་དང་། ཡུལ་བདེན་པ་དངོས་སུ་བཤད་པ་གཉིས། དང་པོ་བདེན༷་པ༷་ མངོན་སུམ་དུ་མཐོང༷་བ་དང༷་། མཐོང་དོན་བསྒོམ༷་པ༷་ལ༷ས་ཉོ༷ན་མོང༷ས་རྣམས་སྤངས༷་པ༷འོ། །ཞེས༷་གང་བཤ༷ད་པ༷་དེ་ཡང་བསྒོམ༷་པའི༷་ལམ༷་ནི༷་ཟག་བཅས་དང་ཟག་མེད་རྣམ༷་པ་གཉི༷ས་ཏེ༷། འཇིག་རྟེན་པའི་བསྒོམ་ལམ་ཟག་བཅས་ཀྱི་ བསམ་གཟུགས་ལ་ཟག་པ་རྒྱས་པ་དང་། འདས་པའི་བསྒོམ་ལམ་བདེན་པའི་རྣམ་པ་ཅན་བདེན་པ་མཐོང་དོན་གོམས་པར་བྱེད་པ་ལ་ཟག་པ་རྒྱས་པ་མེད་པའི་ཕྱིར་རོ། །མཐོང༷་བ༷་ཡི་ལམ་ཞེས༷་བྱ་བ་ནི་གཅིག་ཏུ་ཟག༷་པ༷་མེ༷ད་པའོ། །གཉིས་ པ་ལ། སྤྱི་བྱེ་བྲག་ཞར་བྱུང་གསུམ། དང་པོ་ལ་བསྟན་བཤད་གོ་རིམ་གསུམ། དང་པོ། མཐོང་བ་དང་གོམས་བྱའི་བདེན༷་པ༷་དག༷་ནི༷་བཞི༷ར་མདོ་དང་བསྟན་བཅོས་ལས་ཀྱང་བཤ༷ད་དོ༷། །གཉིས་པ་གང་ཞེ་ན། སྡུག༷་བསྔལ༷་དང་། སྡུག་བསྔལ་ཀུན༷་འབྱུང༷་བ་དང་། དེ༷་བཞིན༷་དུ༷་འགོག༷་པ་དང༷་། ལམ༷་ འཕགས་པའི་བདེན་པ་སྟེ༷་བཞིའོ། །དེ་བཞིན་དུ་ཞེས་པས་བདེན་བཞི་རང་གི་ངོ་བོ་ནི་འདིར་གནས་དང་པོར་ཇི་སྐད་བཤད་པ་བཞིན་ནོ་ཞེས་འགྲེལ་བ་ལས་བྱུང་ངོ་། །གསུམ་པ། བཤད་མ་ཐག་པ་དེ་ལྟར་ན་བདེན་པ་དེ་དག་དང་པོ་ནི་ཇི་ལྟར་མངོན་པར་རྟོགས་པའི་གོ་རིམ་བཞིན་བསྟན་པ་ཡིན་ནོ། །དེ་ཡང་ རྒྱུད་ལ་མཐོང་ལམ་དུ་སྐྱེ་ཚུལ་ཏེ་རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །མཐོང་ལམ་དུ་དེ་ལྟར་ 3-1-204a ཡིན་པ་དེས། ཚོགས་སྦྱོར་དུ་ཡང་དེ་ལྟར་གསལ་སྣང་སྐྱེ་བར་ངེས་སོ། །ཅིའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱ་ནི། མི་རྟག་སྡུག་བསྔལ་སོགས་འཕགས་པའི་ངོར་བདེན་གྱི་བྱིས་པའི་ངོར་དེ་ལྟར་མ་ཡིན་པར་ཕྱིན་ཅི་ལོག་ ཏུ་མཐོང་ངོ་། །དེས་ན་འདིར་ཟག་བཅས་འབྲས་བུའི་ཆ་སྡུག་བསྔལ་དང་། རྒྱུ་གྱུར་ཆ་ཀུན་འབྱུང་འགོག་པ་འདུས་མ་བྱས་སོ་སོར་བརྟགས་འགོག་དང་། ལམ་ཟག་མེད་འདུས་བྱས་མཐོང་སྒོམ་མི་སློབ་ལམ་གསུམ་མོ། །སྡུག་ཀུན་རྒྱུ་འབྲས་ཀྱི་མིང་ གི་སྒོ་ནས་ཡིན་པས་རྫས་སུ་བྱེ་བྲག་མེད་ལ། འགོག་ལམ་ལ་ནི་རྫས་སུ་ཡང་ཡོད་དོ། །ཞེས་སོ། །དེས་ན་དང་པོ་གཉིས་ཁྱབ་མཉམ་ཡིན་ཟེར་རོ། །གཉིས་པ་སྡུག་བདེན་བྱེ་བྲག་ཏུ་བཤད་པ་ནི། གལ་ཏེ་སྡུག་བསྔལ་ནི་ཚོར་ཕུང་གི་ཕྱོགས་གཅིག་ཡིན་ན་ ཇི་ལྟར་ཟག་བཅས་ཐམས་ཅད་སྡུག་བསྔལ་གྱི་བདེན་པ་ཡིན་ཞེ་ན། ཡི༷ད་འོང༷་ཚོར་བ་བདེ་བ་དང་། ཡི༷ད་དུ༷་མི༷་འོང༷་བ་ཚོར་བ་སྡུག་བསྔལ་དང༷་། དེ༷་གཉིས་ལ༷ས་གཞན༷་བཏང་སྙོམས་ཀྱི་དངོས་པོ་ཟག་བཅས་རྣམས་ཀྱང་ཚོར་རྐྱང་མིན་ཏེ་དེའི་དབང་གིས་མྱོང་བའི་ འདུ་བྱེད་རྣམས་ལའང་ཡིད་འོང་སོགས་ཀྱི་མིང་ཐོབ་སྟེ། དམིགས་མཚུངས་བདག་རྐྱེན་ཐམས་ཅད་བཟུང་ངོ་། །དེ་ལྟར་ན་ཟག༷་པ་དང་བཅས༷་པ་དེ་རྣམ༷ས་ཉི༷ད་ནི། སྡུག་བསྔལ་གྱི་སྡུག་བསྔལ་སོགས་སྡུག༷་བསྔལ༷་ཉི༷ད་གསུམ༷་དང་ལྡན༷་པའི༷་ཕྱིར༷་སྡུག་བསྔལ༷་ ཡིན་ནོ། །དེ་ཡང་སྡུག་བསྔལ་གསུམ་པོ་ཅི༷་རིགས༷་དང་མི་ལྡན་པ་མེད་པས་ཟག་བཅས་མ༷་ལུས༷་པ་སྡུག༷་བསྔལ༷་ལོ༷། །དེ་ཡང་ཡིད་འོང་ནི་འགྱུར་བ་དང་། དེ་ཉིད་རྐྱེན་གྱིས་འདུ་བྱེད་པའི་ཕྱིར་འདུ་བྱེད་ཀྱིས་ཀྱང་སྡུག་བསྔལ་ལ། ཡིད་མི་འོང་ངོ་བོ་གནོད་ 3-1-204b པའི་བདག་ཉིད་ཀྱིས་སྡུག་བསྔལ་བ་དང་། འདུ་བྱེད་གཉིས་ཀ་བཏང་སྙོམས་འདུ་བྱེད་ཁོ་ནའོ། །འདུ་བྱེད་ནི་ལས་ཉོན་གྱི་གཞན་དབང་ཅན་འཕགས་པ་རྣམས་དང་མི་མཐུན་པ་སྐད་ཅིག་མ་ཡིན་པས་སོ། །ཡང་ན་ཅི་རིགས་ཞེས་པ། འདོད་པ་ན་ གསུམ་དང་། བསམ་གཏན་གསུམ་མན་ཆད་གཉིས་དང་། དེ་ཡན་ཆད་འདུ་བྱེད་གཅིག་ཡིན་ནོ་ཟེར། གལ་ཏེ་མི་རྟག་པ་ཉིད་ཀྱིས་སྡུག་བསྔལ་དུ་འགྱུར་ན་ལམ་བདེན་ཡང་དེར་ཐལ་ཟེར་ན་མིན་ཏེ། ལམ་སྡུག་བསྔལ་ཐམས་ཅད་འགག་པའི་ བདེ་བ་འདྲེན་པའི་རྒྱུ་ཟག་མེད་ཡིན་ལ་ཅིག་ཤོས་དེ་ལས་ལྡོག་པས་སོ། །དེའི་ཕྱིར་སློབ་དཔོན་གྱིས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་ན་ནི། །མི་དགའ་བ་དང་གནོད་བསྐྱེད་ལྟར། ། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་པ་ལྟར་འཕགས་པ་རྣམས་སྲིད་རྩེ་དག་ལ་སྡུག་བསྔལ་གྱི་བློ་འཇུག་པ་དེ་ལྟར། བྱིས་པ་ རྣམས་མནར་མེད་ལ་ཡང་དེ་ལྟ་བུའི་སྡུག་བསྔལ་གྱི་བློ་མི་འཇུག་གོ། ཞེས་གསུངས་སོ། །ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་མི་འཐད་དེ། །བདེ་བའང་ཡོད་པས་སོ་ཟེར་ན། ཁ་ཅིག་སྡུག་བསྔལ་གྱི་རྒྱུ་འབྲས་ཡིན་པ་དངོས་སུ་བཤད་པས་སོ་ ཟེར་ཡང་རྒྱུ་ཡིན་ན་ཀུན་འབྱུང་ཡིན་པས་སྡུག་བདེན་ཁོ་ནའི་རྣམ་པ་མིན་པས་མི་འཐད་པ་སོགས་ཀྱི་ཕྱིར་དང་། ཁ་ཅིག་ནི་ཚོར་བ་སྡུག་བསྔལ་ཏེ་ཟས་སོགས་སྤྱད་དྲགས་པ་བཞིན་ཟེར་ཡང་གནོད་པ་དང་མི་འདོད་པས་སྡུག་བསྔལ་ཡིན་ན། ཕན་པ་དང་འདོད་པས་ 3-1-205a བདེ་བ་དང་། སྡུག་བསྔལ་ཆུང་བས་བདེ་བློར་སྐྱེད་ན་བདེ་ཆུང་ལས་སྡུག་བློར་སྐྱེ་བས་ཕན་ཚུན་མཚུངས་པ་དང་། གང་ཚོར་སྡུག་བསྔལ་དུ་གསུངས་པའང་འདུ་བྱེད་འགྱུར་བ་དང་མི་རྟག་པ་ལ་དགོངས་པ་དང་། མདོ་ལས་བདེ་བའི་ཚོར་ བ་ནི་སྐྱེ་ནའང་བདེ་སོགས་ཀྱི་ལུང་དང་འགལ་བ་དང་། བདེ་བའི་ཚོར་བ་མངོན་སུམ་གྱིས་གྲུབ་པས་བདེ་སྡུག་དེ་གཉིས་དངོས་འགལ་ཡིན་པས་གནོད་དོ། །མདོ་སྡེ་པ་སོགས་སྲེད་པ་ཁོ་ན་ཀུན་འབྱུང་ཡིན་གྱི། སྡུག་བསྔལ་ཀུན་འབྱུང་དུ་མི་འདོད་ལ། དགྲ་ བཅོམ་པའི་ཕུང་པོ་ཐ་མ་ནི་སྡུག་བསྔལ་ཡིན་ཡང་ཀུན་འབྱུང་མིན་པར་འདོད་དེ། ཀུན་བཏུས་ལས། དགྲ་བཅོམ་ཐ་མའི་མིག་ནས་ཡིད་བར་ནི། མིག་ནས་ཡིད་བར་ཡིན་གྱི་དེ་དག་གི་ཁམས་ནི་མིན་ནོ་ཞེས་སོ། །གསུམ་པ་ཞར་ལ་གཞན་བདེན་པ་ གཉིས་ནི། ཆོས་གང༷་ལ༷་གཉེན་པོས་བཅོ༷མ་པ་དང༷་། བློ༷་ཡིས༷་གཞན༷་ཡིན་པ་བསལ༷་ན༷་ཆོས༷་དེ༷་འཛིན་གྱི་བློ༷་མི༷་འཇུག༷་པ༷་བུམ༷་པ་དང་ཆུ༷་བཞིན༷་དུ༷་ཀུན༷་རྫོབ་བཏགས་པ་ཙམ་དུ༷་ཡོ༷ད་པ་ནི། ཀུན་རྫོབ་བདེན་པ་དེ༷་དོན༷་དམ༷་པར་ཡོད་པ་ནི་གོང་དུ་ཀུན་རྫོབ་ ཡོ༷ད་ཚུལ་བཤད་པ་ལས་གཞན༷་ནི་དོན་དམ་བདེན་པ་ཡིན་ནོ༷། །དེ་ཡང་ཆུ་ལ་ས་སོགས་བསལ་ན་ཆུའི་བློ་མི་འཇུག་པ་ཀུན་རྫོབ་ཡིན་ཟེར་ཀྱང་དཔྱད། དཔེ་གཉིས་བཀོད་པ་ནི། འཇོམས་པས་འཇིག་པ་དང་། བློས་འཇིག་པ་གཉིས་ སམ། དབྱིབས་ཀྱི་ཀུན་རྫོབ་དང་། ཚོགས་པའི་ཀུན་རྫོབ་གཉིས་སམ། ཀུན་རྫོབ་གཞན་ལ་བརྟེན་པ་དང་། རྫས་གཞན་ལ་བརྟེན་པའི་ཀུན་རྫོབ་གཉིས་ཡོད་པའི་ཕྱིར་ཞེས་ཊཱིཀ྄་བྱེད་དག་འཆད་དོ། །དེས་ན་རྒྱུན་དང་རགས་པ་ནི་ཀུན་རྫོབ་བོ། །རྡུལ་ 3-1-205b དང་སྐད་ཅིག་མ་ནི་དོན་དམ་མོ། །ཐེག་པ་གོང་མ་དག་གིས་ཕྱོགས་ཆས་བསལ་ན་དཔྱད་མི་བཟོད་པའི་རང་འཛིན་གྱི་བློ་འདོར་བས་དེ་ཡང་ཀུན་རྫོབ་བོ་ཞེས་སོ། །གཉིས་པ་བདེན་པ་མངོན་རྟོགས་ཀྱི་གོ་རིམ་ལ། བསླབ་གསུམ་སྤྱིའི་གོ་རིམ་ དང་། བསྒོམ་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་དངོས་དང་། ཐོས་སོགས་ཀྱི་ཡུལ་ངོས་བཟུང་བ་གཉིས། དང་པོ། རྣམ་པར་མི་གཡེང་བའི་རྒྱུ་སོ་ཐར་རིས་བདུན་གྱི་ཚུལ༷་ཁྲིམས་གང་རུང་ལ་གན༷ས་ནས་མི་རྨོངས་པའི་རྒྱུ་བདེན་མཐོང་ དང་མཐུན་པའི་ཐོས༷་པ་ལ་བརྩོན་པ་དང༷་། གཏན་ལ་འབེབས་པའི་རྒྱུ་དེའི་དོན་ཕྱིན་ཅི་མ་ལོག་པར་བས༷མ་པ་དང་ལྡན༷་པས༷། འབྲལ་བའི་རྒྱུ་དོན་དེ་བསྒོམ༷་པ༷་ཏིང་ངེ་འཛིན་ལ༷་ནི༷་རབ༷་ཏུ༷་སྦྱོར༷་བར་བྱེད་པ་ཡིན་ནོ། །གཉིས་པ། ཐོས༷་པ་དང་སོ༷གས་ པས་བསམ་པ་དང་སྒོམ་པ་ལ༷ས་བྱུང༷་བའི་བློ༷་ཤེས་རབ་རྣམ༷ས་ནི༷་ཐོས་བྱུང་ནི་ཡི་གེ་དང་མིང༷་ལ་དམིགས་པས་དེའི་ཡུལ་ཅན་དང༷་། བསམ་པ་ནི་རེས་འགའ་ཡི་གེས་དོན་འདྲེན་ལ། རེས་འགའ་དོན་གྱིས་ཡི་གེ་འདྲེན་པས་གཉི༷ས་ཀ༷་དང་། སྒོམ་པ་ཡི་གེ་ ལ་མི་ལྟོས་པར་དོན་ལ་འཇུག་པས་དོན༷་ཁོ་ནའི་ཡུལ༷་ཅ༷ན་ཡིན་ཏེ། དཔེར་ན་རྐྱལ་མ་ལོབས་པ་དང་། ཅུང་ཟད་ལོབས་པ་དང་ལེགས་པར་ལོབས་པ་རྣམས་ནི་ཤིང་ལེབ་ལ་སོགས་པའི་འཇུ་བྱ་ལ་ལྟོས་པ་དང་། རེས་ལྟོས་རེས་མི་ལྟོས་པ་དང་། ཡེ་མི་ལྟོས་པ་བཞིན་ནོ་ཞེས་འདོད། དེ་ལྟ་ན། བསམ་བྱུང་གཉིས་ཀར་འགྱུར་བས་མི་འཐད་པས། བདག་རྐྱེན་ཡིད་ཆེས་པའི་ལུང་དང་། རིགས་པས་དཔྱད་པ་དང་། ཏིང་འཛིན་ལ་མཉམ་པར་བཞག་པ་ལས་དོན་རྟོགས་པ་ནི་རིམ་པ་ལྟར་ཤེས་རབ་གསུམ་ཡིན་ 3-1-206a ནོ། །ཞེས་འཆད་དོ། །གཉིས་པ་བསྒོམ་པ་བྱེ་བྲག་ཏུ་བཤད་པ་ལ། གང་ལ་སྐྱེ་བའི་རྟེན་དང་། ཅི་ལྟར་བསྒོམ་པའི་ཚུལ་དངོས་གཉིས། དང་པོ་ལ་དངོས་དང་། དེའི་མི་མཐུན་ཕྱོགས་དང་མཐུན་ཕྱོགས་ངོས་བཟུང་ བ་གཉིས། དང་པོ། བསྲིང་གཉིས་ལྡན་ཞེས་པས་བསྟན་ཏེ། ལམ་སྒོམ་པ་པོ་ནི་བསྲིང༷་བ་གཉི༷ས་དང་ལྡན༷་པ་ཞིག་དགོས་ཏེ། གཅིག་པུར་གནས་པས་ལུས་འདུ་འཛི་ལས་བསྲིང་བ་དང་། སེམས་རྣམ་རྟོག་ལས་བསྲིང་སྟེ་མི་དགེ་ དང་ཉོན་མོངས་ཅན་གྱི་རྣམ་རྟོག་ཞི་བར་བྱས་པས་སོ། །གཉིས་པ་ལ། མི་མཐུན་ཕྱོགས་བཤད་པ་དང་། མཐུན་ཕྱོགས་བཤད་པ་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། གཉིས་པོ་དེ་ཡང་ཆོག༷་མི༷་ཤེས༷་པ་དང༷་འདོ༷ད་ཆེན༷་ ཅ༷ན་ལ༷་འབྱུང་བ་མ༷་ཡི༷ན་ནོ༷། །གཉིས་པ། དེ་ལ་ཆོས་གོས་སོགས་གྱ་ནོམ་པ་རྙེད༷་པ་ལ༷་ཡང༷་ཡང་སྲེ༷ད་པ་ནི། ཆོག༷་མི༷་ཤེས༷་པ་ཡིན་ལ། དེ་དག་མ་རྙེད་པ་ལ་འདོད་ཅིང་བསམ་པ་ནི་འདོད་ཆེན་ཅན་ཡིན་ནོ་ཟེར་ཡང་ཆོས་གོས་སོགས་ ཡང་ཡང་རྙེད་ལ་སྲེད་པ་དེ་ཡང་མ་རྙེད་པ་ལ་སྲེད་པ་ཡིན་པས། དེ་ཡང་ཕྱི་མར་ཐལ་བས་ན་ངན་ཉུང་རྙེད་པས་ཡིད་མི་བདེ་བ་ཆོག་མི་ཤེས་པ་དང་། བཟང་མང་མ་རྙེད་པ་ལ་འདོད་པ་ནི་འདོད་ཆེན་ཅན་ནོ་ཞེས་སོ། །ཡང་སྔོན་མ་རྙེད་པ་ ལ་འདོད་པ་འདོད་ཆེན་དང་། རྙེད་ནའང་དེ་བས་བཟང་མང་འདོད་པ་ཆོག་མི་ཤེས་པའོ། །གཉིས་པ་ལ་ངོ་བོ་ངོས་བཟུང་བ་དང་། དེ་དག་གི་ཁྱད་པར་བཤད་པ་གཉིས། དང་པོ། དེ་ལས་བཟློག་པ་འདོད་ཆུང་དང་ཆོག་ཤེས་ནི་དེ༷་ཡི༷་གཉེན༷་ 3-1-206b པོ༷་དག༷་ཡིན་ནོ། །གཉིས་པ་ལ། ས་དང་། ངོ་བོ། མིང་། དབྱེ་བ། བྱེད་ལས། དགོས་པ་དང་དྲུག་དང་པོ། གཉེན་པོ་དེ༷་གཉི༷ས་ལ་ཁ༷མས་གསུམ༷་གཏོགས༷་པ་གསུམ་དང་ཟག་མེད་དམ་དྲི༷་མེ༷ད་དང་བཞིར་ཡང་ཡོད་དོ། །དེས་སྤང་བྱ་ གཉིས་ནི། ཆགས་པ་མི་དགེ་བ་ཡིན་པས་འདོད་ཁམས་པ་ཁོ་ནའོ། །གཉིས་པ། དེ་གཉིས་ནི་མ༷་ཆགས༷་པའི་དགེ་བ་དག་ཡིན་ནོ། །གསུམ་པ། དེ་དག་ནི་འཕ༷གས་པ་རྣམས་ཀྱི་རིགས༷་ཡིན་ཏེ། དེ་དག་ལས་འཕགས་པ་རྣམས་སྐྱེ་ བའི་ཕྱིར་རོ། །བཞི་པ། འཕགས་རིགས་དེ༷་དག༷་ལ་དབྱེ་ན། མདོ་ལས། འཕགས་པའི་རིགས་ནི་བཞི་སྟེ། ཆོས་གོས་ལ་མ་ཆགས་པ་དང་། བསོད་སྙོམས་ལ་མ་ཆགས་པ་དང་། མལ་ཆ་དང་སྟན་ལ་མ་ཆགས་པ་དང་། སྤོང་བ་དང་སྒོམ་ པ་ལ་དགའ་བའོ། །ཞེས་གསུངས་པ་དེ་དག་ལ༷ས་དང་པོ་གསུམ༷་ནི༷་ཆོག༷་ཤེས༷་པའི་བདག༷་ཉི༷ད་དོ༷། །གལ་ཏེ་འཕགས་པའི་རིགས་བཞི་པ་ཇི་ལྟར་ན་མ་ཆགས་པའི་རང་བཞིན་ཡིན་ཏེ། ཆོག་ཤེས་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ་ཞེ་ན། བཞི་པའང་འདོད་པ་དང་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་མ་ཆགས་པའི་རྣམ་ཅན་སྟེ། སྤོང་བ་ནི་འགོག་པ་དང་སྒོམ་པ་ནི་ལམ་ཡིན་ལ་དེ་དག་ལ་དགའ་བ་ནི་མ་ཆགས་པ་དང་མཚུངས་ལྡན་གྱི་དད་པ་ཉིད་དོ། །ཞེས་སོ། །ལྔ་པ། དང་པོ་གསུམ༷་གྱིས༷་ཐར་པ་སྒྲུབ་པའི་ཀུན་ཏུ་སྤྱོད་པའི་ཚུལ༷་བསྟན༷་ལ། ཐ༷་མ༷ས་བྱ་བའི་ལ༷ས་བསྟན་ཏེ། མདོ་ལས་འཕགས་པའི་རིགས་དང་པོ་གསུམ་གྱིས་ཚུལ་བཅས་སོ། །བཞི་པས་ནི་ལས་བཅས་ཏེ། ཁྱེད་ཅག་ཚུལ་འདིས་ལས་ 3-1-207a འདི་བྱེད་ན་རིང་པོར་མི་ཐོགས་པར་ཐར་པ་ཐོབ་པར་འགྱུར་རོ་ཞེས་གསུངས་པ་ལྟར། གོས་ཟས་སོགས་ལ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པའི་རང་གི་ཚུལ་དང་། ཞིང་ལས་དང་ཉོ་ཚོང་སོགས་ལས་མཐའ་ངན་པ་དེ་དག་ སྤངས་ནས་ཡང་དག་པའི་ཚུལ་དང་། ལས་འདོད་ཆུང་ཆོག་ཤེས་དང་སྤོང་སྒོམ་ལ་དགའ་ཞིང་བརྩོན་པས་ཐར་པ་ཐོབ་པར་འགྱུར་བའོ། །དྲུག་པ་ལ། སྲེ༷ད་པ༷་བཞི་སྐྱེ༷་བའི༷་གཉེན༷་པོའི༷་ཕྱིར༷་འཕགས་རིགས་བཞི་བསྟན་ཏེ། ཆོས་གོས་ ཀྱི་ཕྱིར་དང་། བསོད་སྙོམས་ཀྱི་ཕྱིར་དང་། མལ་སྟན་གྱི་ཕྱིར་སྲེད་པ་སྐྱེའོ། །གནས་སོ། །མངོན་པར་ཞེན་ཏོ་ཞེས་གསུངས་ན། སྐྱེ་བ་ནི་དང་པོ། གནས་པ་རྒྱུན་གནས་པ། མངོན་ཞེན་སྤང་དཀའ་བའོ། །ཡང་འབྱུང་བ་དང་ འཇིག་པ་སྟེ། དེ་ལྟ་བུའི་ཕྱིར་སྲེད་པ། སྐྱེ་གནས་སོགས་གསུངས་པ་ནི། འབྱུང་བ་སྐྱེ་བ་ལ་ཆགས་པ་བདག་དབང་པོ་དང་འཁོར་ལོས་བསྒྱུར་རྒྱལ་དུ་གྱུར་ན་ཅི་མ་རུང་སྙམ་པ་དང་། ངན་པས་འཇིགས་ནས་སྐྱེ་བ་ནའང་ཤི་ཡང་ཅི་མ་ རུང་མེད་པ་དང་མ་བྱུང་ཡང་ཅི་མ་རུང་སྙམ་པ་འཇིགས་སྲེད་དེ་ཆད་པ་ལ་ཆགས་པའོ། །དེ་ལ་འབྱུང་འཇིགས་ལ་སྲེད་པའི་གཉེན་པོ་ཐ་མ་བསྟན་ཏེ་སྐྱེ་བའི་གཉེན་པོ་བྱེད་པ་དང་། མཐའ་གཉིས་སྤང་བས་སམ་རང་བསམ། ཡང་ན་བདག༷་ གིར་འཛིན་པའི་དངོས་པོ་ཆོས་གོས་སོགས་གསུམ་དང་། བདག༷་ཏུ༷་འཛིན༷་པའི་དངོས་པོ་ལུས་ཡིན་ལ་དེ་དག་འདོ༷ད་པ་སྲེ༷ད་པ་ཡིན་པས་གསུམ་པོ་ལ་སྲེད་པ་དེ༷་ཡི༷་དུས་སུ་སྟེ་རེ་ཞིག་གི་ཕྱིར་རིགས་དང་པོ་གསུམ་དང༷་། གཉིས་ཀ་ལ་སྲེད་པ་གཏན༷་དུ་ 3-1-207b ཞི༷་བའི་ཕྱིར༷་ཐ་མ་ལས་བསྟན་པའོ། །གཉིས་པ་ཇི་ལྟར་བསྒོམ་ཚུལ་དངོས་ལ། རྟེན་ཞི་གནས་བསྒྲུབ་པ་དང་། བརྟེན་པ་ལྷག་མཐོང་སྤེལ་ཚུལ་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། བསམ་གཏན་བསྒོམ་པ་དེ་ལ་ འཇུག༷་པ༷་ལ་ཞི་ལྷག་གཉིས་ལས། དང་པོ། མི༷་སྡུག༷་པ༷་དང་དབུ༷གས་ནང་དུ་རྔུབ༷་པ་དང་། ཕྱིར་འབྱུང༷་བ༷་དྲ༷ན་པ༷་ཡིས༷་རིམ་པར་འདོ༷ད་ཆག༷ས་ལྷག་པར་སྤྱད་པའི་དང་རྣམ༷་རྟོག༷་ལྷ༷ག་པར་སྤྱད་པ་རྣམ༷ས་ཀྱི་གཉེན་པོར་འཇུག་ཅིང་སྒོམ་པར་བྱེད་པ་ རྣམས་སོ། །དེ་ལས་ཕྱི་མ་ལ་མདོག་དབྱིབས་སྣ་ཚོགས་མེད་ཅིང་ཁ་ནང་དུ་བལྟས་པས་དམིགས་པ་གཅིག་ལ་འཇུག་ཕྱིར་རྣམ་རྟོག་གི་གཉེན་པོར་བྱེད་པ་དང་། ཅིག་ཤོས་མདོག་དབྱིབས་སྣ་ཚོགས་ལ་འཇུག་ཅིང་། ཁ་ཕྱིར་བལྟས་པས་ རྣམ་རྟོག་འདྲེན་པས། དེའི་གཉེན་པོ་མི་བྱེད་ཀྱང་ཆགས་གཉེན་བྱེད་དོ། །གཉིས་པ་ལ། མི་སྡུག་པའི་གཙོ་བོ་ཀེང་རུས་ལ་སེམས་འཛིན་པ་དང་། དབུགས་འབྱུང་རྔུབ་ལ་སེམས་འཛིན་པ་གཉིས། དང་པོ་སེམས་འཛིན་དངོས་དང་། མི་སྡུག་པའི་ཁྱད་པར་བཤད་པ་གཉིས། དང་པོ། དེ་ལ་འདོད་ཆགས་བཞི་སྟེ། ཁ་དོག །དབྱིབས། རེག་པ། བསྙེན་བཀུར་གྱི་འདོད་ཆགས་སོ། །དང་པོའི་གཉེན་པོ་རྣམ་པ་བསྔོ་བ། གནག་པ། རྣམ་པ་དམར་པ་གསུམ་ལ་དམིགས་ ནས་མི་སྡུག་པའི་འདུ་ཤེས་བསྒོམ་པར་བྱའོ། །གཉིས་པའི་གཉེན་པོར་རྣམ་པར་ཟོས་པ། འཐོར་བ་གཉིས་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་བསྒོམ་པར་བྱའོ། །གསུམ་པའི་གཉེན་པོར་རྣམ་པར་འབུས་གཞིག་པ་དང་། རྒྱུས་པས་ 3-1-208a བྲང་བྲེང་དུ་སྦྲེལ་བའི་ཀེང་རུས་གཉིས་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་བསྒོམ་པར་བྱའོ། །བཞི་པའི་གཉེན་པོ་ཤི་རོ་གཡོ་བ་མེད་པ་ལ་དམིགས་ནས་མི་སྡུག་པའི་འདུ་ཤེས་སྒོམ་པར་བྱེད་པའོ། ། དེ་ལ་མི་སྡུག་པའི་ནང་ཚན་ཀེ༷ང་རུས༷་ཀྱི་འདུ་ཤེས་ནི་བྱེ་བྲག་མེད་པར་དབྱིབས་མདོག་སོགས་ཀྱི་ཆགས༷་བཅས༷་ཐམ༷ས་ཅ༷ད་ལ༷་བསྔགས་པས་ཐམས་ཅད་ཀྱི་གཉེན་པོར་བསྒོམ་མོ། །ཀེང་རུས་ལ་མདོག་སོགས་ཆགས་པའི་རྣམ་པ་བཞི་ མེད་པས་སོ། །དེ་ལྟར་ན་མི་སྡུག་པའི་འདུ་ཤེས་ནི་རྣམ་པ་དགུའོ། །འདི་གཟུགས་ཕུང་གི་ཕྱོགས་གཅིག་མདོག་དབྱིབས་ཉི་ཚེ་བ་བརྟགས་ནས་བསྒོམས་པས། ཉོན་མོངས་པ་རྣམ་པར་གནོན་པ་ཙམ་ཡིན་གྱི་གཏན་ནས་སྤོང་བ་ ནི་མིན་ནོ། །མི་སྡུག་པ་བསྒོམ་པའི་རྣལ་འབྱོར་དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དེ་ལ་རང་གི་ལུས་རྐང་པའི་མཐེ་བོང་ངམ། དཔྲལ་བའི་དབྱེས་ལ་སོགས་པ་གང་མོས་པ་ནས་ཤ་མཐེབ་གང་མྱགས་ཏེ། རུས༷་པ༷་ཉིད་དུ་ སེམས་ཤིང་གོམས་པར་བྱེད་ལ། དེ་ནས་རིམ་གྱིས་ལུས་རིལ་པོ་དང་། གནས་ཁང་དང་། མཐར་གྱིས་ཕྱིའི་རྒྱ༷་མཚོའི༷་བར༷་དུ༷་ནི༷་ཀེང་རུས་སུ་སྤྲོ༷་ཞིང༷་སྟེ་ཁྱབ་པར་བསམས་ལ། ཡང་རིམ་གྱིས་དམིགས་པ་མཐའ་ནས་རང་གི་ལུས་ འབའ་ཞིག་རུས་པ་ཡིན་པ་ལ་སེམས་སྡུད༷་པའམ་བསྡུས་ནས་བསྒོམས་པས༷་ལ༷ས་དང༷་པོ༷་པའི་རྣལ་འབྱོར་ཏེ་སྦྱོར་བ་ཡིན་ལ། དེ་ནས་སྤྲོ་བ་སྔར་བཞིན་ལ་སེམས་བསྡུ་བ་ཁྱད་པར་དུ་བྱ་བའི་ཕྱིར་རྐང༷་པའི་རུས༷་པ་རྣམས་བོར་ཞིང་། ལུས་ 3-1-208b ལྷག་མ་རུས་པ་ཉིད་དུ་དམིགས་པ་ནས་ལུས་ཕྱེད་དང་། དེ་ནས༷་ནི༷་ཐོད༷་པའི་ཕྱེ༷ད་ཀྱི་བར༷་དུ་རུས་པར་བཏང༷་ཞིང་བོར་ནས། ཐོད་པའི་ཕྱེད་རུས་པ་ཉིད་ཡིན་པ་ལ་སེམས་འཛིན་པས༷་ནི་ཡོངས་སུ་སྦྱང༷་བ༷་བྱས༷་པའི༷་རྣལ་འབྱོར་ཡིན་པར༷་ བཤ༷ད་དོ། །དེ་ཐོད་པ་ཕྱེད་ཀྱང་རུས་པ་ཡིན་པའི་དམིགས་པ་བོར་ནས་སྔར་བཞིན་སྤྲོས་ནས་སྡུད་པ་ན། སྨིན༷་མ༷་གཉིས་པོའི་བར༷་དུ༷་རུས་པ་མཐེབ་གང་ཙམ་ལ་སེམ༷ས་འཛིན༷་པས༷་ན་ཡི༷ད་ལ༷་བྱེ༷ད་པ༷་ཡོངས་སུ་རྫོག༷ས་པའི༷་རྣལ་འབྱོར་ ཡི༷ན་ནོ་ཞེས་བྱེ་སྨྲས་འཆད་དོ། །གཉིས་པ་ལ། ངོ་བོ་ས་གར་བརྟེན། དམིགས་པ་ཁམས་གར་གཏོགས། རྟེན་གང་ལ་བརྟེན་བཞི་པོ་རིམ་པར། མི༷་སྡུག༷་པ་ནི་ངོ་བོ་མ༷་ཆགས༷་པའི་དགེ་བ་དང་། འཁོར་དང་བཅས་ན་ཕུང་པོ་ལྔ འམ་བཞི་ཡིན་ནོ། །ས༷་ནི་བསམ་གཏན་གྱི་དངོས་གཞི་བཞི་ཁྱད་པར་ཅན་དང་། ཉེར་བསྡོགས་བཞི་དང་བཅས་པས་དགུ། འདོད་པར་བཅུ༷་དང༷་། དམི༷གས་པ༷་ནི་འདོ༷ད་པའི་སྣང༷་བའི་ཆོས་ཁ་དོག་དང་དབྱིབས་ལ་དམིགས་པའོ། །རྟེན་ནི་ གང་ཟག་གླིང་གསུམ་གྱི་མི༷་ཁོ་ནས་བསྐྱེད་དེ། བྱང་སྒྲ་མི་སྙན་བླུན་པས་དང་གཉེན་པོ་ཡིད་ལ་བྱེད་པ་མེད་པས་སོ། །འགྲོ་བ་གཞན་དང་ཁམས་གཞན་ནའང་མེད་དོ༷། །རྣམ་པ་ནི་མི་སྡུག་པའི་རྣམ་པའོ། །དུས་ནི་འདས་པའི་མི་སྡུག་ པ་འདས་པ་ལ་དམིགས་པ་ལ་སོགས་པས་སོ། །མི་སྐྱེ་བའི་ཆོས་ཅན་ནི། དུས་གསུམ་ལ་དམིགས་པའོ། །མོས་པ་ཡིད་ལ་བྱེད་པ་ཁོ་ནའི་ཕྱིར་ཟག་བཅས་སོ། །གཉིས་པ་དབུགས་འབྱུང་རྔུབ་ལ། ངོ་བོ། ས། སྤྱོད་ཡུལ། 3-1-209a རྟེན། དབྱེ་བ། གནས་གང་གི་ཡིན། སེམས་དང་ལྡན་མི་ལྡན། ཟིན་མ་ཟིན། རྒྱུ་གང་ལས། ཡུལ་ཡུལ་ཅན་ལ་ས་ཐ་དད་ཡོད་མེད་བསྟན་པ་བཅུ་པོ་རིམ་པར་དབུགས་རྔུབ༷་པ་དང་དབུག༷ས་མི་དེ་བས་ཀྱང་ནང་བའོ། །མཆན། དབྱུང༷་བར་དྲ༷ན་ པའི༷་ངོ་བོ་ནི༷། འབྱུང་རྔུབ་ཇི་ལྟ་བར་ཤེས་པའི་ཤེས༷་རབ༷་ཡིན་ནོ། །དེ་ལ་དྲན་པ་ཞེས་བརྗོད་པ་ནི། རྒྱུ་དྲན་པའི་སྟོབས་ཀྱིས་འབྲས་བུ་ཤེས་རབ་སྐྱེད་ཅིང་འཇུག་པས་རྒྱུ་མིང་འབྲས་ལ་བཏགས་པ་སྟེ་དྲན་པ་ ཉེ་བཞག་བཞིན་ནོ། །ས༷་ནི་བསམ་གཏན་དང་པོ་གསུམ་གྱི་ཉེར་བསྡོགས་གསུམ་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པའི་ས་པ་དང་ལྔ་སྟེ། འདི་རྣམ་རྟོག་གི་གཉེན་པོ་དང་མཐུན་པས་ཚོར་བ་བཏང་སྙོམས་དང་མཚུངས་ པར་ལྡན་ཕྱིར་ཉེར་བསྡོགས་གསུམ་ཀྱང་བཏང་སྙོམས་ཀྱི་ས་པ་ཡིན་པས་སོ། །དངོས་གཞི་དང་པོ་གསུམ་ན་ཡིད་བདེ་སོགས་ཡོད་ལ། བཞི་པ་ཡན་ཆད་རླུང་རྒྱུ་བ་མེད་པས་སོ། །ཁ་ཅིག་དངོས་གཞི་དང་པོ་གསུམ་ལ་མཉམ་པར་བཞག་ ན་བཏང་སྙོམས་དང་མཚུངས་ལྡན་སྲིད་པས་ས་བརྒྱད་པ་ཡིན་ནོ་ཞེས་འདོད་དོ། །སྤྱོ༷ད་ཡུལ༷་ཏེ་དམིགས་པ་ནི་ང༷་ངོ་། །འདོ༷ད་པའི་རྟེན༷་ཅན་ཡིན་ཏེ་རྣམ་རྟོག་མང་བས་སོ། །དེ་ཡང་བློ་གསལ་བས་ལྷ་མི་གཉིས་ཀྱིའོ། །ཆོས་འདི་ པ་ཁོ་ནའི་ཡིན་ཏེ། ཡང་དག་པར་སྟོན་པའི་ལུང་མེད་པའི་ཕྱིར་དང་། རང་ཉིད་ཀྱིས་ཆོས་ཟབ་མོ་མི་རྟོགས་པས་ཕྱི༷་པ་མུ་སྟེགས་པའི༷་མ༷་ཡི༷ན་ནོ༷། །དེ་ལ་ཟབ་མོ་གང་ཞེ་ན། བགྲང༷་ལ༷་སོག༷ས་པ༷་རྣམ༷་པ༷་དྲུག༷་སྟེ། དེ་ལ་བགྲང་བ་ནི་འདུ་ 3-1-209b བྱ་བ་མེད་པར་ལུས་སེམས་རྣལ་དུ་འདུག་སྟེ་དབུགས་འབྱུང་རྔུབ་ལ་སེམས་གཏད་ནས་གཅིག་ནས་བཅུའི་བར་དུ་ཡིད་ཀྱིས་བགྲང་བའོ། །དེ་ལས་ཉུང་ན་བྱིང་བ་དང་མང་ན་རྒོད་ཀྱིས་དོགས་པས་མི་བགྲང་ངོ་། །དེ་ཡང་གཉིས་ལ་གཅིག་ཏུ་ འཛིན་པ་མ་ཚང་བར་བགྲང་བ་དང་། གཅིག་ལ་གཉིས་སུ་འཛིན་ན་ལྷག་པར་བགྲང་བ་དང་། རྔུབ་པ་ལ་འབྱུང་བ་དང་འབྱུང་ལ་རྔུབ་པར་བཟུང་ན་འཆོལ་བར་བགྲང་བའི་སྐྱོན་གསུམ་དང་བྲལ་ཏེ་བགྲང་བ་ནི་ཡང་དག་པར་བགྲང་བའོ། ། རྗེས་སུ་འགྲོ་བ་ནི་འདི་དག་འཇུག་པ་ན། ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། སྐེད་པ། བརླ། རྐང་། བྱིན་པ། རྐང་མཐིལ་དང་། ས་ལ་སྟོབས་ཆེ་ཆུང་གིས་འདོམ་གང་དང་། མཐོ་གང་གི་བར་དུ་རིམ་གྱིས་འཇུག་གོ ། འབྱུང་བ་ན་རྐང་མཐིལ་ནས་རིམ་གྱིས་སྣ་བུག་ནས་སྟོབས་ཆེ་ཆུང་གིས་ཆུང་ན་མཐོ་གང་དང་། ཆེན་འདོམ་གང་གི་བར་དུ་འབྱུང་ངོ་། །ཁ་ཅིག་ན་རེ། འཇུག་པ་ན་རླུང་དཀྱིལ་དང་། འབྱུང་བ་ན་འཐོར་བྱེད་རླུང་གི་བར་དུའོ་ཟེར་བ་ནི་མིན་ ཏེ་འདི་དེ་ཁོ་ནའི་ཚུལ་ཡིད་ལ་བྱེད་པ་ཡིན་ལ། དེ་མི་སྲིད་པས་སོ། །འཇོག་པ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་མཐིལ་གྱི་བར་དུ་གནས་པར་ལྟ་ཞིང་ལུས་ལ་ཕན་འདོགས་པའམ་གནོད་པའམ་གྲང་བའམ་དྲོ་བ་ དག་ཅེས་རྟོག་པའོ། །ཉེ་བར་རྟོག་པ་ནི་དབུགས་འབྱུང་རྔུབ་འདི་རླུང་འབའ་ཞིག་ནི་མིན་གྱི། འོན་ཀྱང་འབྱུང་བ་དང་འབྱུང་འགྱུར་གྱི་གཟུགས་རྫས་བརྒྱད་ཀྱི་རང་བཞིན་ཡིན་ལ། དེ་ལ་བརྟེན་པའི་སེམས་སེམས་བྱུང་གི་ཆོས་དང་བཅས་ 3-1-210a ན་ཕུང་པོ་ལྔ་པོ་ཡིན་ནོ། །ཞེས་ཉེ་བར་རྟོག་པའོ། །བསྒྱུར་བ་ནི། རླུང་ལ་དམིགས་པའི་བློ་བསྒྱུར་ནས་དྲོ་བ་ནས་ཆོས་མཆོག་གི་བར་དུ་གོང་ནས་གོང་དུ་འཕེལ་བའི་དགེ་རྩ་རྣམས་ལ་ཡང་དག་པར་སྦྱར་བའོ། ། ཡོངས་སུ་དག་པ་ནི་མཐོང་སྒོམ་གྱི་ལམ་ལ་འཇུག་པའོ། །ཁ་ཅིག་ན་རེ། བསྒྱུར་བ་ནི་དྲན་ཉེ་ནས་རྡོར་ཏིང་གི་བར་དུ་ཡིན་ལ། ཡོངས་སུ་དག་པ་ནི་ཟད་མི་སྐྱེ་ཤེས་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བའོ་ཞེས་ཟེར། དེའི་ཕྱིར་འགྲེལ་བར། དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། བ༷གྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་སོ། །དབུ༷གས་རྔུབ༷་པ་དང་དབུ༷གས་འབྱུང༷་བ་ས་གང་ལས་ཡིན་ཞེ་ན། དེ་ལུས་ཀྱི་ ཕྱོགས་གཅིག་ཡིན་པས། སེམས་གང༷་ལ༷ས་ཏེ་གང་ལ་བརྟེན་པའི་ལུས༷་ས་གང་གི་ཡིན་པ་དེའི་ས་པར་རིག་པར་བྱ་སྟེ། འདོད་སེམས་ལ་བརྟེན་ན་འདོད་པའི་ས་པ་ཡིན་ལ། དང་པོ་ནས་གསུམ་པའི་བར་གང་ལ་བརྟེན་ན་དེའི་ས་པ་ཡིན་པར་ རིག་པར་བྱའོ། །དེ་ཡང་ལུས་སེམས་ཁྱད་པར་ཅན་སྦུབས་དང་བཅས་པ་དང་། སེམས་དང་བཅས་པ་ལ་བརྟེན་པས་ནུར་ནུར་པོ་སོགས་དང་། སེམས་མེད་དང་གཟུགས་མེད་རྣམས་ལ་ནི་མ་ཡིན་ནོ། །སྐྱེ་བ་དང་བསམ་གཏན་བཞི་ པ་ལས་ལྡང་བ་ན་རླུང་འཇུག་པ་ཁོ་ན་དང་། འཆི་བ་དང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ན་རླུང་འབྱུང་བ་ཁོ་ན་ཡིན་ནོ། །མི་སྡུག་པ་དང་འབྱུང་རྔུབ་ནི་སེམ༷ས་ཅ༷ན་ཞེས༷་བྱ༷་བའི་གྲངས་སུ་གཏོགས་ཀྱི་རྒྱུད་ཀྱིས་མ་བསྡུས་ 3-1-210b པ་ནི་མིན་ནོ། །ཚོར་བའི་རྟེན་དུ་མ༷་ཟིན༷་པ༷འོ༷། །བྱུང་བ་གསུམ་ལས། སྐལ་མཉམ་གྱིས་བསྐྱེད་པས་རྒྱུ༷་མཐུན༷་ལ༷ས་བྱུང༷་བ་ཁོ་ན་ཡིན་ཏེ། ཆད་ནས་མཚམས་སྦྱོར་བས་དང་། ལུས་རྒྱས་པ་ན་རླུང་འགྲིབ་པས་རྒྱས་བྱུང་དང་ རྣམ་སྨིན་མིན་པས་སོ། །རླུང་དེ་གཉིས་ཀྱང་རང་ས་དང་གོང་སའི་ཡིད་ཀྱིས་རྟོགས་ཀྱི། འོ༷ག་མ༷་ཡི༷་ཡི༷ད་ཀྱིས༷་ནི་རླུང་འབྱུང་རྔུབ་དེ༷་གཉི༷ས་མ༷་རྟོགས༷་སོ༷་ཞེས་གོང་མའི་ལུས་ལ་འོག་མའི་སེམས་ཇི་ལྟར་འབྱུང་ན། འདོད་ནས་བསམ་ གཏན་བཞིའི་བར་དུ་ས་གོང་མ་ཐོབ་པའི་ལུས་ལ་འོག་མ་འདོད་པ་ལ་སོགས་པའི་སྤྲུལ་སེམས་དང་། སྤྱོད་ལམ་པའི་སེམས་གཉིས་འབྱུང་བར་འདོད་དེ། །དེ་གཉིས་ཀྱིས་མི་རྟོགས་སོ། །ཞེས་སོ། །དེ་གཉིས་ཀྱིས་མི་རྟོགས་ན་ ཉོན་མོངས་ཅན་གྱིས་ལྟ་ཅི་སྨོས་ཞེས་པའོ། །གཉིས་པ་བརྟེན་པ་ལྷག་མཐོང་ལ། ཚོགས་ལམ། སྦྱོར་ལམ། བདེན་པ་མངོན་པར་རྟོགས་པའི་ལམ་བཤད་པ་གསུམ། དང་པོ་ལ་མཚམས་སྦྱར་བའི་ཚུལ་གྱིས་མདོར་ བསྟན་པ་དང་། དེ་རྒྱས་པར་བཤད་པ་གཉིས། དང་པོ། དེ་ལྟར་རྟེན་ཞི༷་གན༷ས་གྲུབ༷་པར༷་གྱུར༷་པ༷་ཡིས༷་ལྷག་མཐོང་སྐྱེད་པའི་དོན་དུ་དྲ༷ན་པ༷་ཉེ༷་བར་བཞག༷་པ་བཞི་བསྒོམ༷་པར༷་བྱའོ༷། །གཉིས་པ་ལ། དབྱེ་བ། ངོ་བོ། གོ་རིམ། དགོས་ པ། དངོས་གཞི་བསྒོམ་ཚུལ་ལྔ། དང་པོ་ཅི་ལྟར་ན། ལུས༷་དང་ཚོར༷་བ་དང་སེམ༷ས་དང༷་ཆོས༷་རྣམ༷ས་ལ༷་རང་སྤྱིའི་མཚ༷ན་ཉི༷ད་གཉི༷ས་སུ༷་གནས་པ་ཡོངས༷་སུ་བརྟགས༷་པས༷་སོ། །དེ་ལ་གཟུགས་གཟུགས་སུ་རུང་བ་ལ་སོགས་པ་རང་མཚན་ 3-1-211a དང་། འདུས་བྱས་ཐམས་ཅད་མི་རྟག །སྡུག་བསྔལ། སྟོང་། བདག་མེད་ནི་བཞི་ཀའི་མཚན་ཉིད་ཡིན་པས་སྤྱི་མཚན་དུ་གསུངས་སོ། །དེས་ན་ལུས་སོགས་ཀྱི་ཀུན་རྫོབ་དང་དོན་དམ་པའི་གནས་ཚུལ་རྣམ་པར་ འབྱེད་པའི་ཤེས་རབ་ཀྱིས་དེའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའོ། །གཉིས་པ་ལ། དངོས་དང་། ཞར་བྱུང་དྲན་ཉེ་གསུམ་གྱི་རྣམ་བཞག་བཤད་པ་གཉིས། དང་པོ། དེ་ལ་དབྱེ་ན་རང་བཞིན་དྲན་ཉེ། འབྲེལ་བ་དྲན་ཉེ། དམིགས་པའི་དྲན་པ་ཉེར་བཞག་གསུམ་ལས། དང་པོའི་ངོ་བོ་ནི། ཤེས༷་རབ༷་ཡིན་ལ། དེ་ཡང་ཐོས༷་སོ༷གས་སྦྱོར་བ་ལ༷ས་བྱུང༷་བ༷་ཡིན་གྱི་སྐྱེ་བས་ཐོབ་པ་ཙམ་ནི་མིན་ནོ། །ཤེས་རབ་འདིས་དྲན་པ་ཉེ་བར་འཇོག་པའི་ཕྱིར་འབྲས་བུ་ རྒྱུ་ལ་བཏགས་པར་སློབ་དཔོན་འཆད་དོ། །དེ་ལ་ནང་གི་ལུས་དང་། ཕྱིའི་ལུས་དང་། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་གསུངས་པ་ནི་རིམ་པར། རང་ལུས་དང་། ཕྱི་སྣོད་དང་། གཞན་རྒྱུད་ཀྱི་ལུས་སོ། ། ཕྱིའི་ཚོར་བ་སོགས་ནི་ཕྱི་ལ་སོགས་པ་ལ་དམིགས་པའི་ཚོར་བ་ལ་སོགས་པའོ། །ལུས་ལ་རྗེས་སུ་བལྟ་བ་ནི་ལྷག་མཐོང་དང་། གནས་པ་ནི་ཞི་གནས་སོ། །ཕྱི་ནང་གི་ལུས་ལ་བཤད་ཚུལ་གཞན་ཡང་ཡོད་དོ། །གཉིས་པ། དྲན་ཉེ་གཞན༷་གཉིས་ནི༷། ཤེས་རབ་དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་འབྲེལ༷་བ་དྲན་པ་ཉེར་བཞག་དང༷་། སྔ་མ་གཉིས་པོ་དེའི་དམི༷གས་པའི་ཡུལ་དུ་གྱུར་པ༷་ལ་ལུས་སོགས་བཞི་ལའང་དམིགས་པ་ལ༷ས་ 3-1-211b དྲན་པ་ཉེར་བཞག་ཅེས་བཞག་སྟེ། ཡུལ་ཅན་གྱིས་བཏགས་ནས་བསྟན་པས་སོ། །གསུམ་པ། གོ་རིམ༷་ནི༷། ཇི༷་ལྟར༷་སྐྱེ༷་བའི་རིམ་པ༷་བཞིན་ཡིན་ཏེ། རགས་པའི་རིམ་པས་སྔར་རྟོགས་པའི་ཕྱིར་རོ་ཞེས་བྱེ་སྨྲས་འདོད། སློབ་དཔོན་ནི། འདོད་ཆགས་ཀྱི་རྟེན་ནི་ལུས་ཡིན་ལ། དེ་ཡང་ཚོར་བདེ་འདོད་པས་དང་། དེ་ཡང་སེམས་མ་ཞི་བའི་ཕྱིར་དང་། དེ་ཡང་ཉོན་མོངས་པའི་ཆོས་མ་སྤང་བའི་ཕྱིར་ཞེས་འཇུག་པའི་རིམ་པ་ལྟར་བཞེད་དོ། ། བཞི་པ། ལུས་ལ་གཙང་བ་དང་། ཚོར་བར་བདེ་བ་དང་། སེམས་ལ་རྟག་པ་དང་། ཆོས་ལ་བདག་ཏུ་འཛིན་པའི་ཕྱིན༷་ཅི༷་ལོག༷་གི༷་རྟོག་པ་བཞིའི་གཉེན༷་པོ༷ར་དྲན་ཉེ་བཞི༷་གསུངས་སོ། །ལྔ་པ། དང་པོ་གསུམ་ནི་རང་རང་གི་ དམིགས་པ་ལ་དམིགས་པས་མ་འདྲེས་པ་ཡིན་ལ། བཞི་པ་ནི་ཆོས་ཐམས་ཅད་ལ་དམིགས་ནས་འདྲེས་པ་ཡིན་ནོ། །འདུ་ཤེས་དང་། འདུ་བྱེད། འདུས་མ་བྱས་ཁོ་ན་ལ་དམིགས་ན་མ་འདྲེས་པའོ། །དེ་ལྟར་ལུས་སོགས་ མ་འདྲེས་པ་ལ་དམིགས་པའི་དྲན་ཉེ་གོམས་པར་བྱས་ནས་དེ་ལ་གོམས་པ་དེ༷་ནི༷་ཆོས༷་དྲ༷ན་པ་ཉེ༷་བར་བཞ༷ག་པ༷། དམིགས་ཡུལ་བཞི་ཀ་བསྡོམས་པའི་འདྲེས་པ་སྤྱི༷་ལ༷་དམི༷གས་པ༷་ལ༷་སེམས་གན༷ས་པར་བྱས༷་ཏེ། ཆོས་ལུས་སོགས་ དེ༷་དག༷་ལ༷་ནི༷་དམིགས་པའི་རྣམ་པ་མི༷་རྟག༷་པ་དང༷་སྡུག༷་བསྔལ༷་དང་སྟོང༷་པ་དང་བདག༷་མེ༷ད་པའི་རྣམ་པར༷་ལྟ༷་བར་བྱའོ། །རང་མཚན་དང་སྤྱི་མཚན་དང་འདྲེས་པ་ལ་དམིགས་པ་གསུམ་ནི་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་ཡིན་ནོ། ། 3-1-212a ཞེས་ཟེར། དེ་ལྟར་ཞི་ལྷག་ཚོགས་ལམ་ན་གཙོ་བོ་ཡིན་པས་བསྟན་གྱི། གཞན་དུ་ན་རང་གི་སེམས་བསྐྱེད་པའི་དགེ་བ་སྦྱོར་ལམ་གྱི་སྔ་རོལ་ན་ཡོད་པ་ཐམས་ཅད་ཀྱང་ཚོགས་ལམ་ཡིན་ནོ། །གཉིས་ པ་སྦྱོར་ལམ་ལ། སྦྱོར་ལམ་གྱི་རང་བཞིན། ཆོས་ཀྱི་ཁྱད་པར། སྐབས་སུ་བབས་པའི་དོན་གཞན་བཤད་པ་གསུམ། དང་པོ་ལ་ངེས་འབྱེད་བཞིའི་དབྱེ་བ། ངོ་བོ། དོན་བསྡུ་གསུམ། དང་པོ་ལ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི། དང་པོ་ལ་བསྟན་བཤད་གཉིས། དང་པོ། ཆོས་དྲན་ཉེ་སྤྱི་དམིགས་དེ་ལྟར་གོམས་པ་དེ༷་ལ༷ས་དྲོ༷་བར༷་གྱུར༷་པའི༷་ཡེ་ཤེས་འབྱུང༷་སྟེ། གཙུབས་ཤིང་གཙུབས་པ་ལས་མེ་འབྱུང་བའི་སྔ་ལྟས་སུ་དྲོད་ ལྟར་ཉོན་མོངས་པའི་བུད་ཤིང་སྲེག་བྱེད་འཕགས་ལམ་གྱི་སྔ་ལྟས་ཡིན་པའི་ཕྱིར་རོ། །གཉིས་པ་ལ་དམིགས་པ་དང་རྣམ་པ་གཉིས། དང་པོ། ཡེ་ཤེས་དེ༷་ནི༷་རྒྱུན་ཆགས་ཡིན་པས་རིམ་གྱིས་བདེན༷་བཞི༷འི་སྤྱོ༷ད་ཡུལ༷་ཅ༷ན་ཡིན་ ནོ། །གཉིས་པ། རྣམ༷་པ༷་ནི་མི་རྟག་སོགས་བཅུ༷་དྲུག༷་ཡིན་ལ་དེ་ཡང་ཟག་བཅས་སོ། །གཉིས་པ་རྩེ་མོ་ལ་དངོས་དང་། ཞར་ལ་དྲོད་རྩེ་གཉིས་གང་གིས་འཐོབ་བསྟན་པ་གཉིས། དང་པོ། དྲོ༷་བ༷་དེ་ཆུང་འབྲིང་ཆེན་པོར་འཕེལ་ བ་ལ༷ས་དགེ་རྩ་གཡོ་བའི་རྩེ་མོ་ཡིན་པས་རྩེ༷་མོ༷་ཞེས་པ་དེ་སྐྱེ་ལ། དེ༷་ཡང༷་དམིགས་རྣམ་དྲོ་བ་དེ༷་དང༷་འདྲ༷འོ། །དེ་ལ་གཡོ་བ་ཆུང་ངུ་དྲོད་དང་། ཆེ་བ་རྩེ་མོ། མི་གཡོ་ཆུང་ངུ་བཟོད་པ། ཆེ་བ་ཆོས་མཆོག་གོ། གཉིས་པ་ལ་དང་ 3-1-212b པོར་གང་གིས་རྣམ་པ་གཏོད་པ་དང་། དེ་ནས་གང་གིས་འཕེལ་བ་གཉིས། དང་པོ། དྲོད་རྩེ་དེ་གཉི༷ས་ཀ༷་ཡང་ཆོས་སྤྱི་ལ་བདེན་བཞིའི་སྡུག་བདེན་གྱི་མི་རྟག་སོགས་ཀྱི་ཡེ་ཤེས་དེ་འབྱུང་གི་ལུས་ལྟ་བུ་ཉི་ཚེ་གཅིག་ལ་དྲོ་བ་སོགས་ སྐྱེ་བ་ལྟ་བུ་མེད་པས། དང་པོ་ཆོས༷་དྲན་ཉེའི་མི་རྟག་སོགས་ཀྱིས༷་རྣམ༷་པ༷་རྒྱུད་ལ་གཏོད༷་པའམ་གཏད་པར་བྱེད་དོ། །གཉིས་པ། ཕྱིས་ཡང་སྤེལ་བ་ནི་ལུས་སོགས་གཞན༷་རིས་ཆད་དུ་དམིགས་པ་དག༷་གིས༷་ཀྱང༷་འཕེལ༷་བར༷་བྱེ༷ད་དོ། ། གསུམ་པ་བཟོད་པ་ལ། བཟོད་པ་ཆུང་འབྲིང་དང་། ཆེན་པོ་བཤད་པ་གཉིས། དང་པོ་ལ། དངོས་དང་། དེ་གང་གིས་འཕེལ་བ་གཉིས། དང་པོ། རྩེ་མོ་ཆུང་འབྲིང་ཆེར་འཕེལ་བ་དེ་ལས་བཟོ༷ད་པ༷་ཞེས་པ་ཡང་སྐྱེ་སྟེ། བྱིས་པའི་ ཚེ་ན་བདག་ཆད་དུ་དོགས་པས་བདེན་པ་མཐོང་བར་མི་བཟོད་ལ། དྲོད་རྩེའི་གནས་སྐབས་ན་བདེན་པ་ལ་ཆུང་ངུ་དང་། འབྲིང་དུ་བཟོད་ཀྱང་ཉམས་པར་འགྱུར་ལ། འདིར་མི་ཉམས་པའི་སྒོ་ནས་བདེན་པ་མཐོང་བ་ལ་ཆེར་བཟོད་པས་སོ། ། དེ་ཡི་ཆུང་འབྲིང་གཉིས་དྲོད་རྩེ་ལ་དང་པོ་ཆོས་ཀྱི་རྣམ་པ་གཏོད་པ་དེ༷་བཞིན༷་དུ་ཆོས་དྲན་ཉེའི་ངོ་བོར་སྐྱེའོ། །གཉིས་པ་འཕེལ་བ་ནི། དྲོད་རྩེ་ལས་ཁྱད་ཡོད་དེ། བཟོད་པ་གསུམ་པོ་ཐ༷མས་ཅ༷ད་ཕྱིས་ཀྱང་ཆོས༷་དྲན་ཉེ་ཁོ་ན་ཉིད་ཀྱིས༷་ འཕེལ༷་བར༷་བྱེ༷ད་དེ། འདི་ཆོས་མཆོག་དང་ཉེ་ཞིང་ཆོས་མཆོག་མཐོང་ལམ་དང་ཉེ་ལ། མཐོང་ལམ་ཆོས་དྲན་ཉེའི་ངོ་བོ་ཡིན་པས་འདྲ་བར་བསྟན་པའོ། །དེ་ལ་བཟོད་ཆུང་གི་འདོད་དང་གོང་མའི་བདེན་བཞི་བཅུ་དྲུག་བསྡོམས་པས་སོ་ 3-1-213a གཉིས་ཀྱི་རྣམ་པ་ཅན་ཡིན་ལ། འབྲིང་གཟུགས་གཟུགས་མེད་པའི་གཉེན་པོ་ལ་སོགས་པའི་བདེན་པའི་རྣམ་པ་དམིགས་པ་རེ་རེ་ནས་ཕྲི་ནས། འདོད་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་སྐད་ཅིག་མ་ གཉིས་སུ་ཡིད་ལ་བྱེད་པའི་བར་དེ་ཐམས་ཅད་ནི་བཟོད་འབྲིང་ཡིན་ལ། གང་ཚེ་སྐད་ཅིག་མ་གཅིག་ཁོ་ན་ཡིན་པ་དེའི་ཚེ་ནི་ཆེན་པོ་ཡིན་ནོ་ཞེས་འགྲེལ་པར་གསུངས་སོ། །བཟོད་པ་ཆུང་ངུའི་རྣམ་པ་སོ་གཉིས་བསྒོམ་པའི་རྗེས་ལ་ དང་པོ་ཁམས་གོང་མ་གཉིས་ཀྱི་གཉེན་པོ་ལམ་བདེན་གྱི་རྣམ་པ་བཞིའི་དང་པོ་ལམ་བོར་ཏེ་ལྷག་མ་སོ་གཅིག་བསྒོམ། དེ་ནས་རིགས་པ་བོར་ཏེ་སུམ་ཅུ་བསྒོམ་པ་སོགས་ནས་གོང་མའི་འགོག་པ་ཀུན་འབྱུང་སྡུག་བསྔལ་གྱི་རྣམ་པ་དང་ དམིགས་པ་རྣམས་རིམ་གྱིས་རེ་རེ་ནས་དོར་ནས་ལྷག་མ་བསྒོམ་པ་དང་། དེ་ནས་འདོད་གཉེན་ལམ་བདེན་ནས་སྡུག་བདེན་བར་གྱི་རྣམ་པ་ཡང་སྔ་མ་ལྟར་དོར་ནས་མཐར་གང་ཟག་བཞིའི་གཉེན་པོའི་དབང་གིས་སྡུག་བདེན་གྱི་བཞི་ལས་གང་ རུང་གཅིག་ལན་གཉིས་སུ་བཟླས་ཏེ་བསྒོམ་པ། གོང་མའི་གཅིག་ཕྲི་ནས་བརྩམས་པའི་བཟོད་འབྲིང་དེ་ལ་སྐད་ཅིག་མ་བཞི་བརྒྱ་གོ་བདུན་ཡོད་ཟེར་རོ། །ཁ་ཅིག་དམིགས་ཡུལ་བདེན་པ་ཡོད་བཞིན་རྣམ་པ་འདོར་བ་མི་འཐད་དེ་བདེན་པ་དེའི་ རྣམ་པ་འདོར་བ་ཡིན་པས། བསྟན་བཅོས་ལས། བཟོད་འབྲིང་སྐད་ཅིག་མ་བརྒྱ་དང་བཅུ་དགུ་སྟེ། དང་པོ་གོང་མའི་ལམ་བོར་ལྷག་ཉེར་བརྒྱད། དེ་ནས་འདོད་པའི་ལམ་བོར་ལྷག་ཉེར་བཞི་སོགས་མཐར་འདོད་སྡུག་བཞི་རྗེས་ 3-1-213b ལ་དབང་རྣོན་ལྟ་སྤྱད་དང་། རྟུལ་པོས་སྲེད་སྤྱད་གཉིས་ལས། དང་པོས་སྡུག་བདེན་དང་པོ་གཉིས་ལས་གང་རུང་གཅིག་དོར་ནས་ལྷག་མ་གསུམ་བསྒོམ་པ་དང་། དེ་ནས་སྔ་མ་གཉིས་དོར་ནས་ཕྱི་མ་གཉིས་བསྒོམ། དེ་ནས་ལྟ་སྤྱད་དེ་ལའང་ བདག་ལྟ་སྤྱད་པ་ཡིན་ན་བདག་མེད་ལན་གཉིས་དང་། བདག་གིར་ལྟ་བ་སྤྱད་པ་ཡིན་ན་སྟོང་པ་ལན་གཉིས་སུ་བསྒོམ། སྲེད་སྤྱད་ཡིན་ན་འདོད་སྡུག་གི་རྣམ་པ་བཞི་ལས་ཕྱི་མ་གཉིས་གང་རུང་གཅིག་དོར་ནས་ལྷག་མ་དང་པོ་གསུམ་བསྒོམ་པ་ དང་། དེ་ནས་སྲེད་སྤྱད་དེ་ལའང་ངའོ་སྙམ་པའི་ང་རྒྱལ་ཤས་ཆེ་བ་དང་། ལེ་ལོ་ཤས་ཆེ་གཉིས། དང་པོ་ཡིན་ན་ང་རྒྱལ་གྱི་གཉེན་པོ་མི་རྟག་པ་ལན་གཉིས། གཉིས་པ་ཡིན་ན་ལེ་ལོའི་གཉེན་པོ་སྡུག་བསྔལ་ལན་གཉིས་སུ་བསྒོམ་ པའི་བར་རྣམས་ནི་བཟོད་འབྲིང་ཡིན་ཟེར་རོ། །ཁམས་གསུམ་སུན་འབྱིན་ན་དང་པོ་གཉེན་པོ་མཐའ་དག་ལ་དམིགས་ལ། ཕྱིས་འདོད་ཁམས་ཁོ་ན་དོར་བར་ཤེས་ཤིང་སྤང་བྱ་ཡིན་པས་དེ་ཁོ་ན་ལ་དམིགས་ཞེས་འགྲེལ་བྱེད་དག་འཆད་དོ། ། གཉིས་པ་ལ་ཡུལ་དང་དུས་ཀྱི་ཁྱད་པར་གཉིས། དང་པོ། ཇི་ལྟར་བཟོད་འབྲིང་གི་མཐར་སྔ་མ་ལྟར་ན་སྐད་ཅིག་དྲུག་དང་། ཕྱི་མ་ལྟར་ན་སྐད་ཅིག་བཅུ་གཅིག་འདོད་པའི་སྡུག་བསྔལ་བདེན་པ་ཁོ་ན་ལ་དམིགས་པ་ལྟར། བཟོད་པ་ ཆེན༷་པོ༷འང་འདོ༷ད་པར་གཏོགས༷་པའི་སྡུག༷་བསྔལ༷་བདེན་པའི་ཡུལ༷་ཅན་ནོ། །གཉིས་པ། བཟོད་ཆེན་དེ༷་ནི༷་སྔ་མ་ལྟར་རྒྱུན་མེད་པས་སྐ༷ད་ཅི༷ག་མ་གཅི༷ག་ཡིན་ནོ། །བཞི་པ་ཆོས་མཆོག་ནི། དེ༷་བཞིན༷་དུ་ཆོས༷་མཆོག༷་ཀྱང་འདོད་སྡུག་ཡུལ་ཅན་ 3-1-214a དང་། སྐད་ཅིག་མ་གཅིག་ཡིན་ནོ། །རྣམ་པ་ནི་བཟོད་པ་འབྲིང་གི་སྐད་ཅིག་མ་ཐ་མ་གཉིས་དང་། བཟོད་པ་ཆེ་བ་དང་ཆོས་མཆོག་གསུམ་ནི་རྣམ་པ་མཐུན་ཏེ། དེ་དང་ཆོས་བཟོད་ཤེས་འདྲ་བས་གང་ཟག་གི་དབང་གིས་ གང་སྦྱར་བ་དེ་སྐད་ཅིག་དྲུག་ཏུའོ། །གཉིས་པ་ངོ་བོ་ལ་དངོས་དང་། དོགས་སྤང་གཉིས། དང་པོ་དྲོ་བ་སོགས་ཡེ་ཤེས་བཞི་པོ་ཐམ༷ས་ཅ༷ད་ཀྱང༷་ཕུང༷་པོ༷་ལྔ༷་སྟེ། མཉམ་བཞག་གི་ས་པ་ཡིན་པས་གཟུགས་ནི་བསམ་གཏན་སྡོམ་པའོ། །གཉིས་ པ། དྲོད་སོགས་ཀྱི་ཐོབ༷་པ༷་ནི་དྲོད་སོགས་སུ་མ༷་གཏོགས༷་ལ། གཏོགས་ན་འཕགས་པ་མཐོང་ལམ་པས་དྲོ་བ་སོགས་མངོན་དུ་འགྱུར་རོ་ཟེར་རོ། །གསུམ་པ་དོན་བསྡུ། སྔར་བཤད་པ་དེ༷་ལྟར༷་ན༷་ངེས༷་འབྱེ༷ད་ཆ༷་མཐུན༷་པའི་དྲོ་བ་སོགས་རྣམ༷་པ༷་ བཞི་ཡིན་ནོ། །ཅིའི་ཕྱིར་ངེས་འབྱེད་ཆ་མཐུན་ཞེས་བྱ་ན། མཐོང་སྤང་གི་གཙོ་བོ་ཐེ་ཚོམ་སྤངས་པས་བདེན་པ་ལ་ངེས་པ་དང་། འདི་ནི་སྡུག་བསྔལ་ལོ་ཞེས་སོགས་ནས། ལམ་མོ་ཞེས་པའི་བར་རྣམ་པར་འབྱེད་པའི་ཕྱིར། ངེས་པར་འབྱེད་ པ་ནི། མཐོང་ལམ་ཡིན་ལ་དེའི་ཆ་ནི་མཐོང་ལམ་གྱི་ཕྱོགས་གཅིག་སྡུག་བསྔལ་ཆོས་བཟོད་ཡིན་ལ། དེ་ཉིད་དྲོ་བ་སོགས་ཀྱིས་དངོས་སམ་བརྒྱུད་ནས་འདྲེན་པར་བྱེད་པའི་ཕྱིར་རོ། །གཉིས་པ་ཁྱད་པར་ལ། རྒྱུ་དང་། ས་དང་། རྟེན་དང་། གཏོང་ཚུལ། ཉམས་ཚུལ། ཕན་ཡོན་དྲུག་ལས། དང་པོ་རྒྱུ་ཤེས་རབ་གསུམ་གང་ལས་བྱུང་ན། ངེས་འབྱེད་ཆ་མཐུན་བཞི་ཆར་ཡང་མཉམ་བཞག་གི་ས་པ་ཡིན་པས་བསྒོམ༷་བྱུང༷་ཡིན་གྱི་ཐོས་བསམ་ལས་བྱུང་བ་ནི་མ་ཡིན་ནོ། །གཉིས་པ་ས་ནི། 3-1-214b དང་པོའི་མི༷་ལྕོག༷ས་མེ༷ད་པ༷་དང༷་། ཁྱ༷ད་པར༷་ཅན་དང་བས༷མ་གཏན༷་དངོས་གཞི་བཞི་སྟེ་དྲུག་གི་ས༷་པ༷འོ༷། །མཐོང་ལམ་དང་མཐུན་པས་དེ་འདོད་པ་ལ་དམིགས་པས་གཟུགས་མེད་བཞི་ལ་མི་བརྟེན་ནོ། །དྲོད་རྩེ་གཉི༷ས་ནི༷། འོ༷ག་མ་འདོད་ ཁམས་ན༷འང༷་ཡོ༷ད་པ༷འམ༷་ཞེས་པ་ནི། བཙུན་པ་དབྱངས་སྒྲོགས་ལུགས་ཏེ་དེ་ལྟར་ན་ས་བདུན་པའོ། །གསུམ་པ་ལུས་རྟེན་ནི། བཞི་ཀ་འདོ༷ད་པའི་རྟེན༷་ཏེ། ངེས་འབྱེད་དང་པོ་གསུམ་ཐོག་མར་མིའི་ནང་དུ་སྐྱེད་ཅིང་སྔོན་བསྐྱེད་ཟིན་པ་ནི་ ལྷའི་ནང་དུ་ཡང་མངོན་དུ་བྱེད་དོ། །བཟོད་ཆེན་དང་ཆོས་མཆོག་ནི་ལྷ་དག་གི་ནང་དུའང་དང་པོར་སྐྱེད་དོ། །དང་པོ་གསུམ་ནི་སྐྱེས་པས་བུད་མེད་རྟེན་ཅན་ཐོབ་པ་ཡོད་པས་གཉིས་ཀའི་རྟེན་ཅན་ཞིག་གང་ཟག་གཅིག་གིས་ཐོབ་པ་ཡོད་དེ་ཕན་ཚུན་ མཚན་འགྱུར་བ་དང་འཆོལ་བར་སྐྱེ་བ་ལས་སོ། །ཆོས༷་མཆོག༷་ནི། བུ༷ད་མེ༷ད་ཀྱིས༷་གཉི༷ས་ཀའི༷་རྟེན༷་ཅ༷ན་ཐོབ༷་པར༷་འགྱུར༷་ཀྱང་། སྐྱེས་པས་ནི་བུད་མེད་རྟེན་ཅན་མིན་ཏེ། ཆོས་མཆོག་ཐོབ་པའི་ཕྱིར་སྐྱེས་པ་བུད་མེད་ལ་སོ་སོར་བརྟགས་མིན་ འགོག་ཐོབ་པས་རྟེན་དམན་དུ་འགྱུར་བ་མི་སྲིད་པས་སོ། །ཆོས་མཆོག་གི་དེ་མ་ཐག་མཐོང་ལམ་སྐྱེ་ལ། དེ་སྐྱེས་པ་དང་བུད་མེད་དུ་སྐྱེ་བ་མེད་དོ། །ཞེས་པ་གྲུབ་མཐའ་འོ། །ངེས་འབྱེད་ཆ་མཐུན་རྣམས་ནི་གཟུགས་སྤྱོད་དགེ་བ་ཟག་བཅས་ ཡིན་པས། དེ་དག་གི་རྣམ་སྨིན་གཟུགས་ཁམས་པའི་ཕུང་ལྔ་ཡིན་ནོ། །དེ་དག་གིས་མི་རྟག་པ་ལ་སོགས་པའི་རྣམ་པས་སུན་འབྱིན་བྱེད་སྲིད་པའི་གཉེན་པོ་ཡིན་པས་རྫོགས་བྱེད་ཡིན་གྱི་རིས་མཐུན་འཕེན་བྱེད་ནི་མིན་ནོ། །ཉམས་པ་ཆ་མཐུན་ 3-1-215a གྱི་བསམ་གཏན་ནི་འཕེན་བྱེད་ཡིན་ནོ། །ཞེས་འཆད་དོ། །བཞི་པ་གཏོང་ཚུལ་ནི། འཕ༷གས་པ༷་རྣམས་ཀྱིས་ངེས་འབྱེད་དེ༷་དག༷་ཐོབ་པ་ཉམས་པས་གཏོང་བ་མེད་ཀྱང་། གང་ལ་བརྟེན་ནས་སྐྱེས་པའི་ས༷་བོར༷་ནས༷་ གཏང༷་ངོ༷་སྟེ། དང་པོའི་སས་བསྡུས་པ་གཉིས་པར་འཕོས་ཚེ་གཏོང་བ་ལྟ་བུའོ། །དེ་ཡང་ཤི་སྟེ་འཕོས་པས་གཏོང་གི་ཆགས་བྲལ་གྱིས་མིན་ནོ། །འཕ༷གས་མིན༷་ཏེ་བྱིས་པ་ནི་ས་བོར་བའམ་མ་བོར་ཀྱང་རིས་མཐུན་དོར་བ་འཆི༷་བས༷་གཏོང་ སྟེ་མ་འདྲིས་ཤིང་མི་བརྟན་པས་སོ། །འཕགས་རྒྱུད་ཀྱི་ཐོབ་པ་ནི་སྦྱོར་ལམ་མིན་པར་བཤད་ཟིན་ཏོ། །ལྔ་པ་ལ་སྤྱིར་ཉམས་པ་ཡོད་མེད། ཉམས་ནས་ཐོབ་ཚུལ། ཉམས་པའི་དོན་གསུམ། དང་པོ། དང༷་པོ༷་དྲོད་རྩེ་གཉིས་ནི་སོ་སྐྱེ་ཉོན་ མོངས་ཀྱིས་ཡོངས་སུ་ཉམས་པས་ཀྱང་གཏོང་ལ། བཟོད་མཆོག་ནི་དེ་ལྟར་མ་ཡིན་ཏེ། དེས་ཉམས་པ་མེད་པའི་ཕྱིར་རོ། །ངེས་འབྱེད་དེ་དག་བསམ་གཏན་དངོས་གཞི་ལ་བརྟེན་ནས་བསྐྱེད་པ་དེས་ནི། དངོས་གཞིའི་ཚེ་དེ་ཉིད་ལ་བདེན་པ་མཐོང་ སྟེ་ཡིད་འབྱུང་ཤས་ཆེ་བས་སོ། །གཉིས་པ། གལ་ཏེ་བཟོད་འབྲིང་མན་ཆད་ལས་རྣམ༷་པ༷ར་ཉ༷མས་ཚེ་སླར་ཐོབ་ན༷་སོར་སྡོམ་ལྟར་སྔོ༷ན་མེ༷ད་གསར་དུ་འཐོབ༷་སྟེ། དེ་ཡང་ཉམས་པ་གསར་ཐོབ་ཡིན་པ་ནི་འཕགས་ལམ་གྱི་སྦྱོར་བ་མ་སྐྱེས་ པས་ཡང་ཡང་མ་གོམས་པ་དང་། ཆགས་བྲལ་གྱིས་མི་ཐོབ་པ་དང་། འབད་པས་བསྒྲུབ་བྱ་ཡིན་པས་སྔོན་གྱི་རང་ས་མི་ཐོབ་པའི་ཕྱིར་རོ། །སྨོན་ནས་ཤེས་པ་གཅིག་གིས་གསོས་འདེབས་མཁན་ཡོད་ན་འཕྲོ་ནས་སྐྱེ་ལ་མེད་ན་གཞི་ནས་སོ། ། 3-1-215b གསུམ་པ། རྣམ་ཉམས་དང་ཡོངས་ཉམས་ཏེ་ཉ༷མས་པ༷་གཉི༷ས་ལ་ཁྱད་ཅི་ཡོད་ཅེ་ན་ནི༷། ཆོས་མི༷་ལྡན༷་པའི༷་རང་བཞིན་ཡིན་པར་ཁྱད་ཅི་ཡང་མེད་དོ། །འོན་ཀྱང་ཡོངས་སུ་ཉམས་པ་ནི། ལོག་ལྟ་སྐྱེས་པ་ན་དགེ་རྩ་ཉམས་པ་ལྟ་བུ་ཉོན་ མོངས་པའི་ཉེས་པ་ཁོ་ནས་ཉམས་པ་ཡིན་ལ། རྣམ་ཉམས་བཤད་མ་ཐག་པ་ལྟ་བུ་ཉེས་ཉམས་དང་། མཐོང་ལམ་སྐྱེས་པ་ན་སོ་སྐྱེ་ཉམས་པ་ལྟ་བུ་དང་། ལམ་རྗེས་ཤེས་སྐྱེས་པ་ན་མཐོང་ལམ་གཏོང་བ་ལྟ་བུ་ཡོན་ཏན་གྱིས་ཉམས་ པའང་ཡོད་པས། ཉམས་པ་སྤྱི་ཡིན་པས་ཁྱབ་ཆེ་ཆུང་ཡོད་པར་བཤད་དོ། །དྲུག་པ་ཕན་ཡོན། དེ་ལ་དྲོད་ཐོབ་པ་ནི་ཡོངས་སུ་ཉམས་ཀྱང་ངེས་པར་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན་ལ་ཐར་ཆ་དང་གཉིས་ཀྱི་ཁྱད་པར་ནི་ བར་ཆད་བྱེད་པ་མེད་ན་བདེན་མཐོང་ལ་ཆེས་ཉེ་བའོ། །རྩེ༷་མོ༷་ཐོབ༷་པ༷་དག་ཡོངས་སུ་ཉམས་ཀྱང་དགེ་རྩ༷་ཀུན་ཏུ་མི༷་འཆ༷ད་པ་སྟེ། དཀོན་མཆོག་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པས་རྟེན་ལྷག་པས་སོ། །དེ་ནི་ངན་སོང་དུ་འགྲོ་བ་ དང་མཚམས་མེད་བྱེད་པ་དག་ཀྱང་སྲིད་དོ། །བཟོ༷ད་ཐོབ༷་ནི་རྣམ་པར་ཉམས་ཀྱང་ངན༷་སོང༷་གསུམ་དུ་མི༷་འགྲོ༷་སྟེ་དེར་འགྲོ་བའི་རྒྱུ་ལས་ཉོན་སྤངས་པས་སོ། །དེས་མཚོན་ནས་སྒོང་སྐྱེས་དང་དྲོད་སྐྱེས་ཏེ་སྐྱེ་གནས་གཉིས་དང་། འདུ་ཤེས་ མེད་པ་དང་། སྒྲ་མི་སྙན་པ་དང་། ཚངས་ཆེན་ཏེ་སྐྱེ་བ་གསུམ་དང་། ཟ་མ་དང་མ་ནིང་དང་མཚན་གཉིས་ཏེ་ལུས་གསུམ་དང་། བརྒྱད་པ་ཕན་ཆད་ལ་སོགས་པའི་སྲིད་པ་དང་མཐོང་སྤང་གི་ཉོན་མོངས་པ་སྟེ། དེ་དྲུག་ལ་བརྟགས་མིན་ 3-1-216a ཐོབ་པས་མི་སྐྱེ་བའི་ཆོས་ཉིད་དྲུག་ཐོབ་པས་སོ། །དེ་ཡང་བཟོད་ཆུང་འབྲིང་གིས་ངན་སོང་དུ་མི་སྐྱེ་བ་ཐོབ་ལ། ཆེན་པོས་ཐམས་ཅད་དུ་མི་སྐྱེ་བའི་ཆོས་ཉིད་འཐོབ་མོད་ཀྱི་རྩ་བར་ངན་སོང་དུ་མི་འགྲོ་བ་གཅིག་པུ་སྨོས་ པའོ༷། །གསུམ་པ་སྐབས་སུ་བབས་པའི་དོན་ལ། སྦྱོར་ལམ་དུ་རིགས་ལས་ལོག་པ་ཡོད་མེད་དཔྱད་པ་དང་། སྦྱོར་ལམ་གྱི་རྒྱུ་བསྟན་པ་གཉིས། དང་པོ། དྲོད་རྩེ་གཉི༷ས་སུ་སློབ༷་མ་ཉན་ཐོས་ཀྱི་རིགས་ཅན་རང་གི་རིགས༷་ལ༷ས་ བཟློག༷་ནས༷་ནི༷་སངས༷་རྒྱས༷་སུ༷་འགྱུར༷་སྲིད་ལ། ཉན་ཐོས་ཀྱི་རིགས་བཟོད་པ་ཐོབ་ནས་སངས་རྒྱས་སུ་མི་འགྱུར་ཏེ། དེ་ཐོབ་ནས་ངན་སོང་དུ་མི་འགྲོ་ལ། བྱང་སེམས་གཞན་དོན་དུ་ངན་སོང་དུ་འགྲོ་བས་སོ། །གཞན༷་རང་སངས་རྒྱས་སུ་ནི་ ཆོས་མཆོག་མ་གཏོགས་དང་པོ་གསུམ༷་དུ་ཡང༷་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་འགྱུར་ཏེ། རང་རྒྱལ་ཡང་རང་དོན་གཙོ་བས་གཞན་དོན་དུ་ངན་སོང་དུ་མི་འགྲོ་བས་སོ། །ཆོས་མཆོག་ཏུ་ནི་འགྱུར་བ་མེད་དེ། དེ་སྐད་ཅིག་མ་ཡིན་པས་སོ། ། མཐོང་ལམ་སྐྱེས་ནས་འགྱུར་བ་མེད་དེ་རིགས་ངེས་པའི་ཕྱིར་རོ། །སྟོན༷་པ་དང༷་རང་རྒྱལ་བསེ༷་རུ༷་ལྟ་བུ་ནི་དྲོད་ནས་སམ་མི་སྡུག་པ་ནས་བཟུང་སྟེ། ཟད་མི་སྐྱེ་ཤེས་པའི་བྱང༷་ཆུབ༷་ཀྱི་བར༷་བས༷མ་གཏན༷་མཐའ༷་བཞི་པའི་ཏིང་འཛིན་མི་གཡོ་བ་ ལ་བརྟེན༷་ནས་དབང་པོ་གསལ་ཞིང་སྦྱངས་པས། སྟན་གཅི༷ག་ལ༷་ལམ་ཐམས་ཅད་ཀུན༷་རྫོགས་པས་ལམ་གཞན་དུ་ཟློག་པར་མི་ནུས་སོ། །དེ་ལ་ཤེས་པ་མི་མཐུན་པ་མི་འབྱུང་བ་དང་རང་འབྲས་དེ་མ་ཐག་ཏུ་ཐོབ་པས་སྒྱིད་ལུག་པ་མེད་ལ། 3-1-216b རིགས་གཞན་དུ་འགྱུར་བ་མེད་དེ་བར་མ་ཆད་པས་སོ། །དེས་ན་ཉན་ཐོས་ནི་ཆོས་མཆོག་ནས་ཕྱིར་མི་ལྡོག་པ་དང་། རང་རྒྱལ་བསེ་རུ་ལྟ་བུ་དང་སངས་རྒྱས་ནི་སྦྱོར་ལམ་མམ་ཚོགས་ལམ་ནས་ཕྱིར་མི་ལྡོག་པར་ཡིན་ལ། མངོན་པ་བ་ལྟར་ ན་རང་རྒྱལ་ཚོགས་སྤྱོད་ནི་ལམ་བགྲོད་ཚུལ་ཉན་ཐོས་དང་འདྲ་བས་དེ་སངས་རྒྱས་སུ་འགྱུར་བ་ཉན་ཐོས་དང་འདྲའོ། །གཉིས་པ་ལ་དངོས་དང་། དེའི་ཁྱད་པར་བསྟན་པ་གཉིས། དང་པོ། སྦྱོར་ལམ་དེ༷་ཡི༷་རྒྱུ་ནི་དེ་ཡི་སྔོ༷ན་དུ༷་ངེས་ པར་ཐར༷་པའི་ཆ༷་དང་མཐུན༷་པའི་དགེ་བ་འགྲོ་བ་ཡིན་ནོ། །གཉིས་པ་ལ། དེ་ལྡན་གྱི་གང་ཟག་ནམ་ཐར་ཚུལ། རྒྱུ་གང་ལས་བྱུང་། དབྱེ་བ་དུ་ཡོད། རྟེན་གང་ན་ཡོད་བསྟན་པ་བཞི། དང་པོ། དེ་ནས་ཇི་སྲིད་ན་ཐར་ཞེ་ན། མྱུར༷་བ༷་ ནི་སྲི༷ད་པ༷་གསུམ༷་གྱིས༷་ཐར༷་ཏེ། ས་བོན་འདེབས་པ་དང་། མྱུ་གུ་སྐྱེ་བ་དང་། འབྲས་བུ་ཆགས་པ་ལྟར། སྐྱེ་བ་དང་པོ་ལ་ཐར་ཆ། གཉིས་པར་ངེས་ཆ། གསུམ་པ་ལ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྣམས་སྐྱེད་པའོ། །ཚེ་གཉིས་ ལས་ཀྱང་ཐར་བའང་བཤད་དོ། །གཉིས་པ། ཐར་ཆ་དེ་ཡང་ཐོས༷་བས༷མ་ལ༷ས་བྱུང༷་བ་ཡིན་གྱི་སྒོམ་བྱུང་མ་ཡིན་ཏེ། རྣམ་གཡེང་གི་ས་པ་ཡིན་པའི་ཕྱིར་རམ། ནང་པའི་སྒོམ་བྱུང་ད་རུང་མ་སྐྱེས་པས་སོ། །གསུམ་པ། དེ་ཡང་ཡིད་གཙོ་བོར་གྱུར་པའི་སྒོ་གསུམ་གྱི་ལ༷ས་གསུམ༷་མོ༷། །དེས་ན་ཐར་པ་ཐོབ་འདོད་ཀྱི་ཡིད་ཀྱིས་ཀུན་ནས་སློང་བའི་ལུས་ངག་གི་ལས་ཀྱང་ཐར་ཆ་སྟེ། ཟས་འགའ་ཙམ་སྦྱིན་པའམ་བསླབ་པ་འགའ་ཙམ་མནོས་པ་ 3-1-217a སོགས་ཅུང་ཟད་ཀྱིས་ཀྱང་འགྱུར་ལ། ཐར་འདོད་ཀྱི་སེམས་ཀྱིས་མ་བྱས་ན་དགེ་བ་ཆེ་ཡང་དེར་མི་འགྱུར་བའི་ཕྱིར་རོ། །ཐར་བ་མྱང་འདས་ཡིན་ལ་དེའི་ཆ་འཐོབ་བྱེད་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཡིན་ལ། དེ་འདྲེན་ཅིང་དེ་ལ་མཐུན་པས་ན་ཐར་ཆ་ཞེས་བྱའོ། །བཞི་པ། དེ་ནི་བློ་གསལ་བས་རྟེན་གླིང་གསུམ་གྱི་མི༷་ཡི༷་ནང༷་ནས༷་དང་པོ་ཁོ་ནར་འཕེན༷་བར༷་བྱེ༷ད་ལ། ལྷ་ལ་ཤེས་རབ་ཡོད་ཀྱང་སྐྱོ་ཤས་ཆུང་བ་དང་། ངན་སོང་ལ་སྐྱོ་བ་ཡོད་ ཀྱང་ཤེས་རབ་མི་གསལ་ཞིང་། སྒྲ་མི་སྙན་ལ་གཉིས་ཀ་མེད་པའི་ཕྱིར་མི་འཕེན་ནོ། །སྦྱོར་ལམ་མཉམ་བཞག་གི་བློ་དེ་རྣལ་མངོན་དང་ཡིད་མངོན་དུ་འདོད་པ་མི་འཐད་ལ༷། གསལ་སྣང་ཡོད་པར་བརྒྱད་སྟོང་འགྲེལ་ལས་ བཤད་པ་དེ་ཡང་ངེས་རྟོག་གི་དབང་དུ་བྱས་པའོ། །སྔར་ཆོས་དབྱིངས་ལ་ཐོས་བསམ་གྱི་ཤེས་རབ་ཀྱིས་རྟོགས་དོན་ཇི་ལྟ་བར་དྲན་པ་ཡིན་ལ། སྤྱི་ལ་དོན་དུ་རློམ་ཆ་ནས་ལོག་ཤེས་ཡིན་ནོ། །ཁ་ཅིག་ཡིད་དཔྱོད་བཅད་ཤེས་ སུ་འདོད་པ་ལའང་འགལ་བ་མེད་ཟེར་རོ། །གསུམ་པ་བདེན་པ་མངོན་པར་རྟོགས་པའི་ལམ་ལ། ལམ་གྱི་ངོ་བོ་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་བཤད་པ་དང་། དེ་དག་གི་རྣམ་བཞག་གཞན་བཤད་པ་གཉིས། དང་པོ་ལ། བསྟན་བཤད་གཉིས། དང་པོ། འཇིག༷་རྟེན༷་པ༷་ཡི༷་ཆོས༷་མཆོག༷་གི་ཡེ་ཤེས་དེ་ལ༷ས། ཆོས༷་ཤེས་ཀྱི༷་བཟོ༷ད་པ༷་ཟག༷་པ༷་མེ༷ད་པ་སྐྱེའོ། །གཉིས་པ། དེ་གང་ལ་དམིགས་ཤེ་ན་འདོ༷ད་པའི་སྡུག༷་བསྔལ་ལ༷འོ། །དེ་ནི་ཆོས་མཆོག་ 3-1-217b དང་འདྲ་བར་འདོད་པས་སྲེད་སྤྱད་ལ་སོགས་པའི་གང་ཟག་གི་བྱེ་བྲག་གིས་རྣམ་པ་བཞི་པོ་གང་རུང་ཡིན་ནོ་ཟེར། སྡུག་བསྔལ་གྱི་ཆོས་ཉིད་ཤེས་ཤིང་དེ་ལ་མི་སྐྲགས་པས་སོ། །ཡང་ན་འབྲས་བུ་ཆོས་ཤེས་པའི་རྒྱུ་ཡིན་པས་འབྲས་བུ་ མཚོན་ནས་བཏགས་ཏེ། མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ། །དེ་སྐྱེས་ན་འཕགས་པའི་གང་ཟག་དང་མྱང་འདས་ཉིད་དུ་ངེས་པར་འགྲོ་བས་ན་ངེས་པར་འཇུག་པ་ཞེས་ཀྱང་བྱའོ། །འདི་མ་འོངས་པ་སྐྱེ་བཞིན་པས་སོ་སྐྱེ་ ཟློག་པར་བྱེད་ཕྱིར་སོ་སྐྱེ་བཟློག་པར་བྱེད་པ་ཞེས་ཀྱང་བྱའོ། །ཁ་ཅིག་གིས་སོ་སྐྱེ་ཆོས་མཆོག་གིས་བཟློག་པར་བྱེད་ཟེར་ཡང་ཆོས་མཆོག་སོ་སྐྱེ་མིན་པར་ཐལ་ལ། སོ་སྐྱེ་བཟློག་པ་ལ་ཆོས་མཆོག་དང་ཆོས་བཟོད། བར་ཆད་མེད་ལམ་ དང་རྣམ་གྲོལ་ལམ་ལྟ་བུ་ཡིན་ཟེར་ཀྱང་རྣམ་པ་འགལ་བ་ཙམ་ཡིན་པས་རྗེས་སུ་མཐུན་པའི་སྒྲ་སྦྱར་བ་མ་གཏོགས། སོ་སྐྱེ་སྒོམ་སྤང་ཡིན་པས་མཐོང་ལམ་གྱིས་མི་སྤོང་ཞེས་བྱེ་སྨྲས་འདོད་ཀྱང་། བྱེ་སྨྲའི་འདོད་པ་ནི། ཆོས་མཆོག་ གིས་སྤང་ཡང་སོ་སྐྱེ་མིན་པར་ཐལ་བ་མེད་དེ། །དེ་སྤང་ཟིན་པ་མིན་པས། །འགགས་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོངས། །ཞེས་པ་ལྟར་རོ། །གཞན་ཡང་དེ་སྒོམ་སྤང་ཡིན་ཀྱང་ངན་སོང་སྐྱེད་བྱེད་ ཀྱི་ལས་རྐྱེན་མ་ཚང་བས་མཐོང་ལམ་ཐོབ་པ་ན་འགགས་པ་ལྟར། ཆོས་བཟོད་སྐྱེ་བཞིན་པ་ན་རྐྱེན་མ་ཚང་བས་སོ་སོའི་སྐྱེ་བོའི་ཐོབ་པ་ཆད་པས་སྤངས་ཏེ། དེ་ལྟ་མིན་ན་མཐོང་ལམ་པ་འཕགས་པ་མིན་པར་ཐལ་ལོ། །དེས་ན་དེ་ 3-1-218a གཉེན་པོས་དངོས་སུ་སྤང་བ་ནི་མིན་ཏེ་དེ་ཉོན་མོངས་ཅན་མིན་པས་སོ། །རྣམ་ཉམས་དང་སྤངས་པའི་ཁྱད་པར་ནི། དང་པོ་ནི་རྐྱེན་མ་ཚང་བས་ཐོབ་པ་ཆད་པ་ཡིན་ལ། གཉིས་པ་ནི་གཉེན་པོ་སྐྱེས་པས་ སྤངས་པ་ཡིན་ནོ། །དེས་ན་ཆོས་བཟོད་སྐྱེ་བཞིན་པ་ན་སོ་སྐྱེའི་བརྟག་མིན་འགོག་ཐོབ་པས་སྤངས་པ་ཡིན་ནོ་ཞེས་སོ། །ཆོས་བཟོད་སྐྱེས་པ་དེ༷་ནས༷་ནི༷། འདོད་པའི་སྡུག་བསྔལ་དེ༷་ཉི༷ད་ལ༷་དམིགས་པའི་ཆོས༷་ཤེས༷་པའི་ཡེ་ཤེས་སྐྱེའོ། ། འདི་ནི་དང་པོ་འདོད་པའི་ཆོས་ཀྱི་དེ་ཉིད་ཤེས་པས་ན་ཆོས་ཤེས་པ་ཡིན་གྱི། བཟོད་པ་ནི་མིན་ཏེ་སྔར་གྱི་ཡེ་ཤེས་ཀྱིས་སྐྲགས་པ་བཅོམ་ཟིན་པའི་ཕྱིར་རོ། །ཇི་ལྟར་འདོད་པའི་སྡུག་བསྔལ་ལ་དམིགས་པའི་བཟོད་ཤེས་ཟག་མེད་སྐྱེ་བ། དེ༷་ བཞིན༷་དུ་སྡུག༷་བསྔལ༷་ལྷག༷་མ་ཁམས་གོང་མའི་དེ་ལ༷་རྗེས༷་བཟོ༷ད་ཀྱི་ཡེ་ཤེས་དང་རྗེས་ཤེས༷་ཀྱི་ཡེ་ཤེས་སྐྱེ་ལ། ཡེ་ཤེས་དེ་དག་ཆོས་ཤེས་པའི་རྗེས་སུ་སྐྱེས་པས་རྗེས་ཤེས་དང་། གོང་མའི་སྡུག་བསྔལ་གྱི་ཆོས་ཉིད་ལ་མི་སྐྲགས་པས་ དང་། སྐྲགས་པ་བཅོམ་ཟིན་ལ་འཇུག་པས་བཟོད་པ་དང་ཤེས་པ་ཡིན་ནོ། །བདེན༷་པ༷་གཞན་གསུམ༷་ལ༷འང༷་དེ༷་བཞི༷ན་དུ་བཟོད་ཤེས་བཞི་བཞི་ཕྱེ་བ་ཡིན་ནོ༷། །དེ༷་ལྟ༷ར་ན་བདེན༷་པ༷་མངོན་སུམ་དུ་མཐོང་བའམ། མངོ༷ན་པར་རྟོགས༷་ པའི་ལམ་འདི༷་ནི་ཟག་མེད་ཀྱི་སེམ༷ས་སྐད་ཅིག་མ་བཅུ༷་དྲུག༷་གོ། དེ་ལ་བདེན་པ་ཅིག་ཅར་རམ་རིམ་གྱིས་རྟོགས། དང་པོ་ལྟར་ན་སྐད་ཅིག་བཅུ་དྲུག་འགལ་ལ། གཉིས་པ་ལྟར་ན་སྟོང་ཆེན་རབ་འབྱམས་ལས། ལྟ་བ་འདི་ལ་སྦྱར་ 3-1-218b མ་ཐག་ཏུ་ནི། །སོགས་ནས། ཅིག་ཆར་སྤངས་ཏེ་འཕགས་པའི་བདེན་པ་མཐོང་། །ཞེས་སྤང་བྱ་ཅིག་ཅར་སྤང་བར་བཤད་པ་དང་འགལ་ལོ་ཞེ་ན། གནས་བརྟན་པ་དང་། ཆོས་སྲུང་སྡེ་སོགས་ན་རེ། ཅིག་ཆར་རྟོགས་ཀྱང་བཅུ་ དྲུག་ནི་བདེན་བཞི་ལ་ཆོས་ཀྱི་རྣམ་པ་བཅུ་དྲུག་བཤད་པའི་དབང་དུ་ཡིན་ཟེར། ཐམས་ཅད་ཡོད་སྨྲ་རྣམས་ནི་རིམ་གྱིས་ཏེ། ཅིག་ཅར་སྤངས་ན་ཞུགས་གནས་མི་རུང་ལ། ཡང་དག་པར་ལྡན་པའི་མདོ་སོགས་ལས་ཁང་པའི་རྨང་ དང་རྩིག་པ་དང་ཐེམ་སྐས་ལ་དཔེ་མཛད་ནས་སྔ་མ་མ་སྐྱེ་བར་ཕྱི་མ་སྐྱེ་བའི་སྐབས་མེད་ཅིང་རིམ་གྱིས་ཡིན་པར་གསུངས་པས་སོ་ཟེར། ཅིག་ཆར་གསུངས་པ་ནི་བྱ་བའི་མངོན་རྟོགས་གཅིག་གི་དབང་དུ་མཛད་ཟེར། སྡུག་བསྔལ་མཐོང་ ན་དེས་ཀུན་འབྱུང་སྤང་ཞིང་འགོག་པ་མངོན་དུ་བྱེད་ལ་དེ་དག་ཀྱང་ལམ་གོམས་པ་ཡིན་པས་སོ། །འདིར་རིམ་གྱིས་མངོན་པར་རྟོགས་པ་ནི་མཐོང་བའི་མངོན་རྟོགས་ཡིན་ནོ། །གཉིས་པ་ལ་མངོན་རྟོགས་གསུམ་དུ་བཞག་པ། ས་གང་ལ་བརྟེན་པ། ཤེས་བཟོད་ཀྱི་ཁྱད་པར། མཐོང་སྒོམ་གྱི་ཁྱད་པར་བཞི། དང་པོ། མངོན་རྟོགས་དེ་ལ་བརྗོད་རིགས་ཀྱིས་དབྱེ་ན་རྣམ༷་པ་གསུམ༷་སྟེ༷། མཐོང༷་བ་མངོན་རྟོགས་ནི་ཤེས་རབ་ཟག་མེད་ཀྱི་བདེན་བཞི་རྣམ་པ་བཅུ་ དྲུག་མངོན་སུམ་མཐོང་བའོ། །དམི༷གས་པ་མངོན་རྟོགས་ཤེས་རབ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་བཅས་པའོ། །བྱ༷་བ༷་མངོན་པར་རྟོགས་པ་ཞེས༷་བྱ༷་བ་ནི་ཤེས་རབ་མཚུངས་ལྡན་དང་བཅས་པ་དང་། ལྡན་པར་ 3-1-219a མིན་པའི་ཚུལ་ཁྲིམས་དང་མཚན་ཉིད་ཐོབ་པ་སོགས་ཀྱང་ཡིན་ཏེ། དེ་དག་གིས་སྡུག་བསྔལ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤངས་སོགས་བྱ་བ་བཞི་པོ་བྱེད་པས་སོ། །དེས་ན་ཤེས་རབ་ནི་གསུམ་ཆར་དང་ཤེས་ རབ་ལས་གཞན་པའི་མཚུངས་ལྡན་ནི་ཕྱི་མ་གཉིས་དང་། ཤེས་རབ་དང་ལྷན་ཅིག་མཚུངས་ལྡན་མིན་པ་རྣམས་ནི་ཕྱི་མ་ཁོ་ནའོ༷། །གཉིས་པ། ཡེ་ཤེས་བཅུ་དྲུག་པོ་དེ༷་ནི༷་ཆོས༷་མཆོག༷་དང༷་ས༷་གཅི༷ག་པས་བསམ་གཏན་ས་དྲུག་ལ་བརྟེན་ པའོ། །གསུམ་པ། བཟོ༷ད་པ་བརྒྱད་དང༷་ཤེས༷་པ༷་བརྒྱད་པོ་ནི་གོ༷་རིམ༷་བཞིན༷་དུ་རྐུན་པོ་ཕྱིར་འབྱིན་པ་ལྟར་སྤང་བྱ་ལ་གནོད་པ་བྱེད་པ་ལ་གཞན་གྱིས་བར༷་ཆ༷ད་མེ༷ད་པའི་ལམ་དང༷་། སྒོ་འཕར་གཅོད་པ་ལྟར་སྤང་བྱ་ལས་རྒྱལ་བའི་ བྲལ་ཐོབ་སྐྱེས་པའི་རྣམ༷་གྲོལ༷་ལམ༷་ཡིན་ནོ། །བཞི་པ། བཅུ་དྲུག་པོ་དེ༷་དག་ལས་ཤེས་བྱ་ལ༷་ཤེས་པ་སྐྱེ་བའི་བྱ་བ་རྫོགས་པའི་སྐད་ཅིག་ཡིན་པས་ན་སྐ༷ད་ཅི༷ག་དང་པོ་བཅོ༷་ལྔ༷་ནི༷་བདེན་པ་སྔར་མ༷་མཐོང༷་བ་མངོན་སུམ་དུ་མཐོང༷་བའི་ཕྱིར༷་ མཐོང༷་བའི༷་ལམ༷་ཞེས་བྱའོ། །བཅུ་བཞི་པ་མན་ཆད་ཁམས་གོང་མའི་ལམ་མ་མཐོང་བས་མཐོང་ལམ་དུ་མ་བཤད་དོ། །བཅོ་ལྔ་པ་དེ་རྫོགས་པས་བདེན་བཞི་མཐོང་བ་རྫོགས་ལ་བཅུ་དྲུག་པ་ནི་སྔ་མ་རྣམས་ཀྱིས་མཐོང་ཟིན་བདེན་པ་ལ་ དམིགས་ནས་ལམ་གོམས་པར་བྱེད་པས་སོ། །འདི་སྒོམ་ལམ་ཡིན་ན་ཉམས་པ་སྲིད་པར་འགྱུར་རོ་ཟེར་ན་མིན་ཏེ། མཐོང་སྤོང་གི་སྤང་བ་འཛིན་པས་གཞིའི་གཉེན་པོ་ཡིན་པས་སོ་ཟེར། ཅིའི་ཕྱིར་ཤེས་པ་བདུན་མཐོང་ལམ་ཡིན་ཟེར་ན། 3-1-219b བདེན་པ་མཐོང་བ་ཐམས་ཅད་མ་རྫོགས་པས་ན་བཟོད་པ་གཉིས་ཀྱི་བར་མར་གྱུར་པའི་ཕྱིར་རོ། །འོ་ན་བཅུ་དྲུག་པའང་ལམ་ལ་ངེས་པར་འབྱིན་པའམ་ལམ་ལ་རྗེས་བཟོད་སྔར་མ་མཐོང་བ་མཐོང་བའི་ཕྱིར་མཐོང་ལམ་དུ་འགྱུར་རོ་ ཞེ་ན། མཐོང་མ་མཐོང་ནི་བདེན་པ་མཐོང་མ་མཐོང་གི་དབང་དུ་བྱས་ཀྱི། རྣམ་པའི་དབང་དུ་མ་བྱས་པས་རྣམ་པ་གཅིག་མ་མཐོང་བས་མ་མཐོང་བར་མི་འགྱུར་ཏེ། སྙེ་མ་ཉག་གཅིག་མ་བརྔས་ཀྱང་ཞིང་མ་བརྔས་པར་མི་འགྱུར་བ་བཞིན་ ནོ། །གསུམ་པ་བདེན་པ་མངོན་རྟོགས་ལ་གནས་པའི་གང་ཟག་ལ་ཞུགས་གནས་བརྒྱད་བཤད་པ་དང་། འཕགས་པའི་གང་ཟག་དེ་དག་གིས་ཐོབ་བྱ་འབྲས་བུའི་རྣམ་དབྱེ་གཞན་བཤད་པ་གཉིས། དང་པོ་ལ། ཆགས་བྲལ་སྔོན་སོང་ དང་། མཐར་གྱིས་པ་གཉིས། དང་པོ་ལ་ཞུགས་གནས་གཉིས། དང་པོ་ལ་སྤྱི་བྱེ་བྲག་གཉིས། དང་པོ། དབ༷ང་པོ༷་རྣོ༷་རྟུལ༷། སྐད་ཅིག་བཅོ་ལྔ་པོ་དེ༷་དག༷་ཏུ༷་གཞན་གྱི་ལུང་ལ་བརྟེན་ནས་དད་པའི་ཚིག་གི་རྗེས་སུ་འབྲང་བས་དང་། རང་ཉིད་ མདོ་སོགས་ཆོས་ཀྱི་དོན་གྱི་རྗེས་སུ་འབྲང་བས་ན་ད༷ད་པ་དང༷་ཆོས༷་ཀྱི༷་རྗེས༷་འབྲང༷་ཞེས་བྱ་བའི་མིང་ཐོབ་བོ། །མཐོང་ལམ་གྱི་མཚན་ཉིད་བདེན་བཞིའི་དེ་ཁོ་ན་ཉིད་སྔར་མ་མཐོང་བ་མངོན་སུམ་དུ་མཐོང་བ༷་ཡིན་ནོ། །དེ་ལ་གང་ཟག་ནི་ཕུང་པོ་བཞི་ འམ་ལྔའི་རྒྱུན་ལ་བཏགས་པའོ། །རྣལ་འབྱོར་སྤྱོད་པ་བས་ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པའི་རྒྱུན་གང་ཟག་ཏུ་བཞེད་དོ། །གཉིས་པ་ལ་རྒྱུན་ཞུགས་ཞུགས་པ། ཕྱིར་འོང་ཞུགས་པ། ཕྱིར་མི་འོང་ཞུགས་པ་གསུམ། དང་པོ། མཐོང་ 3-1-220a ལམ་སྐད་ཅིག་བཅོ་ལྔ་མན་ཆད་ལ་ཞུགས་པའི་དད་པ་དང་ཆོས་ཀྱི་རྗེས་འབྲང་དེ་ཡང་བསྒོམ༷་པས༷་སྤང༷་བར་བྱ༷་བ་སྣ་གཅིག་ཀྱང་མ༷་སྤངས༷་ན༷་ནི་འབྲས༷་བུ༷་དང༷་པོ༷་རྒྱུན་ཞུགས་ཀྱི་འབྲས་བུ་ལ༷་ཞུགས༷་ཡིན་པ༷་དེར་མ་ཟད་དེ་གཉིས་ སྔར་འཇིག་རྟེན་ལམ་གྱིས་འདོད་པའི་སྒོམ་སྤང་རྣམ༷་པ་ལྔ༷་འབྲིང་པོའི་འབྲིང་པོ་བར༷་དུ་གང་རུང་བཅོ༷མ་པའང་རྒྱུན་ཞུགས་ཞུགས་པ་ཡིན་ནོ། །གཉིས་པ། འབྲས་བུ་གཉི༷ས་པ༷་ལན་གཅིག་ཕྱིར་འོང་ལ༷་ཞུགས་པ་ནི་དྲུག་པ་ནས་དགུ༷་པ༷་ཚུ༷ན་ཆ༷ད་སྟེ་བརྒྱད་པའི་ བར་དུ་འཇིག་རྟེན་པའི་ལམ་གྱིས་ཟ༷ད་པ༷་སྐད་ཅིག་བཅོ་ལྔ་པ་ལ་གནས་པ་ཡི༷ན་ནོ། །གསུམ་པ། དེ་གཉིས་སྔར་འཇིག་རྟེན་པའི་ལམ་གྱིས་འདོ༷ད་པའ༷མ། ཡང༷་ན༷་གོང༷་མ༷་གཟུགས་དང་ཅི་ཡང་མེད་པའི་སྐྱེ་མཆེད་བར་གང་རུང་ལས་ཆག༷ས་པ་ དང་བྲལ་བ་ནི། གསུམ༷་པ༷་ཕྱིར་མི་འོང་ལ༷་ཞུགས༷་པ༷་ཡིན་ལ། དང་པོ་ལ་ཞུགས་སོགས་ཀྱི་ལ་སྒྲ་ནི་སྨྲ་སྒོ་ལས། ལ་ནི་གཉིས་པ་བཞི་པ་དང་། བདུན་པ་སྡུད་དང་སོགས་དོན་བརྒྱད་ལ་འཇུག་པར་བཤད་པ་ལས་འདིར་ཞིང་ལ་ཆུ་འདྲེན་ལྟ་བུ་ དགོས་ཆེད་ཀྱི་སྒྲ་ཡིན་ནོ། །དགྲ་བཅོམ་ལ་ཆགས་བྲལ་སྔོན་སོང་མེད་དེ། སྲིད་རྩེའི་གཉེན་པོ་འཇིག་རྟེན་པའི་ལམ་མེད་པས་སོ། །རྒྱུན་ཞུགས་ལའང་ཆགས་བྲལ་སྔོན་འགྲོ་མེད་དེ། འཇིག་རྟེན་པའི་ལམ་གྱིས་བདེན་པ་མཐོང་བ་མི་སྲིད་པས་ སོ། །གང་ཞིག་སྐད་ཅིག་བཅོ་ལྔ་མན་ལ་ལྔ་པའམ་བརྒྱད་པ་དང་། བཅུ་དྲུག་པ་ལ་དྲུག་པའམ་དགུ་པ་སྤོང་བའང་མེད་དེ། བཅོ་ལྔ་མན་ཆད་ཞི་གནས་གང་ལ་བརྟེན་པ་དེ་ལ་བཅུ་དྲུག་པ་ཡང་བརྟེན་པས། ས་གཞན་ལ་བརྟེན་པ་མེད་པས་སོ། །དེས་ 3-1-220b ན་ཆགས་བྲལ་སྔོན་སོང་འབྲས་བུ་བར་པ་གཉིས་ཁོ་ནའོ། །བཅུ་དྲུག་པ་ལ་དད་མོས་དང་མཐོང་ཐོབ་ཀྱི་མིང་ཐོབ་པ་དེ་བཞིན་དུ་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའི་བར་དུའང་ཤེས་པར་བྱའོ། །རྒྱུན་ཞུགས་ལ་དབྱེ་ན་ཞུགས་གནས་གཉིས། ཞུགས་པ་ལམ་གྱིས་དབྱེ་ན་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པས་བཅོ་ལྔའོ། །དེ་རེ་རེ་ལའང་ཆགས་བྲལ་གྱིས་དྲུག་སྟེ། སྒོམ་སྤོང་མ་སྤང་བ་ནས་ལྔ་པ་སྤོང་བའི་བར་རོ། །དེ་རེ་རེའང་གཉིས་གཉིས་ཏེ། དད་འབྲང་ལ་རིགས་ ཀྱི་དབྱེ་བ་ཉམས་པའི་ཆོས་ཅན་ནས་རྟོགས་སྐལ་ཅན་བར་ལྔ་དང་། དེ་རེ་རེའང་དབང་པོས་གསུམ་དང་། དེ་རེ་རེའང་རྟེན་གྱིས་དགུ་དགུ་སྟེ་གླིང་གསུམ་དང་ལྷ་དྲུག་གོ། དེ་ལྟར་བསྡོམས་པས་ཁྲི་ཉིས་སྟོང་བདུན་བརྒྱ་ལྔ་བཅུའོ། །དེ་བཞིན་ ཆོས་རྗེས་འབྲང་ལ་རིགས་བྱེད་མེད་པས་ཉིས་སྟོང་བཞི་བརྒྱ་སུམ་ཅུའོ། །འབྲས་གནས་ལ་དད་མོས་ནི་གཞན་དད་འབྲང་དང་འདྲ་ལ། ལམ་གྱིས་དབྱེ་བ་མེད་དེ། བརྒྱད་བརྒྱ་དང་བཅུ། མཐོང་ཐོབ་ནི་གཞན་ཆོས་རྗེས་འབྲངས་དང་འདྲ་ ལ། ལམ་དབྱེ་མེད་པས་བརྒྱ་རེ་གཉིས་སོ། །ཆགས་བྲལ་སྔོན་འགྲོའི་ཕྱིར་འོང་ལ་ཞུགས་གནས་གཉིས། དང་པོ། དད་འབྲངས་གཞན་རྒྱུན་ཞུགས་དང་འདྲ་ལ་ཆགས་བྲལ་གྱིས་གསུམ་སྟེ་བཞི་སྟོང་བརྒྱད་བརྒྱ་དྲུག་ཅུ། ཆགས་བྲལ་སྔོན་ འགྲོ་དད་རྗེས་འབྲངས་ལ་འབུམ་ཉི་ཁྲི་དགུ་སྟོང་དྲུག་བརྒྱའོ། །དེ་ལ་སོགས་པའོ། །གཉིས་པ་འབྲས་གནས་ལ་སྤྱི་དང་། འབྲས་གནས་ཙམ་དང་། གོང་མ་ལ་ཞུགས་པ་ཁྱད་པར་བ་གཉིས་ཀྱི་ཁྱད་པར་གཉིས། དང་པོ། དད་ཆོས་རྗེས་འབྲངས་ 3-1-221a གང༷་ཞིག༷་འབྲས་བུ་དང་པོ་གསུམ་གང༷་ལ༷་ཞུགས༷་པ༷་མཐོང་ལམ་ལ་གནས་པ་དེ་ནི༷། སྐད་ཅིག་མ་བཅུ༷་དྲུག༷་པ༷་ལ༷་རྒྱུན་ཞུགས་སོགས་དེ༷་ཡི་འབྲས༷་བུ་ལ་གན༷ས་པར་འགྱུར་ཞིང་དེ༷་ཡི་ཚེ༷་དབ༷ང་པོ༷་རྣོ༷་རྟུལ༷་དག༷་ཞུགས་པ་དང་། དད་ཆོས་ཀྱི་ རྗེས་འབྲངས་མིན་ཏེ། འབྲས་བུ་ཐོབ་ཟིན་པས་ད༷ད་པས༷་མོས༷་པ་དང༷་མཐོང༷་བས༷་ཐོབ༷་པ་ཞེས་བྱའོ། །གཉིས་པ། ཡང་ཅིའི་ཕྱིར་འདོད་པའི་སྒོམ་སྤང་ལྔ་པའི་བར་དུ་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཁོ་ན་ཞེས་བྱའི། ལན་ཅིག་ཕྱིར་ འོང་བ་ལ་ཞུགས་པ་ཞེས་མི་བྱ་སྙམ་ན། གང་གི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས༷་བུ་ཙམ་པོ་ཐོབ༷་ཀྱང་། སེམས་བཅུ་དྲུག་པ་ལ་གནས་པ་དེས་འབྲས༷་བུ༷་ཁྱ༷ད་པར༷་ཅན་ཕྱིར་འོང་གི་ལམ༷་ལ་ཞུགས་པ་ཐོབ༷་པ༷་མེ༷ད་པས༷་དེ༷་ཡི༷་ཕྱིར༷་རྒྱུན་ཞུགས་ཀྱི་འབྲས༷་གན༷ས་དེ་ལམ་ ཁྱ༷ད་པར༷་ཅན་ཐོབ་པར་བྱ༷་བའི༷་ཕྱིར༷་མི༷་བརྩོན༷་པ༷་ནི༷། ཕྱིར་འོང་ལ་ཞུག༷ས་པ་མ༷་ཡི༷ན་པར་བཤད་དོ། །གཞན་དག་ཀྱང་འབྲས་བུ་ལ་གནས་ཀྱང་གོང་མའི་ཆེད་དུ་ལམ་ལ་མི་བརྩོན་པ་ཞུགས་པ་མ་ཡིན་ལ་རང་འབྲས་ཐོབ་པ་ཙམ་མོ། །འཇིག་རྟེན་པའི་ལམ་ གྱིས་སྒོམ་སྤང་སྤོང་ན་བྱིས་པ་སླར་མི་ལྡོག་པའམ་འཕགས་པ་སླར་ལྡོག་གོ་ཟེར་ན། བྱེ་སྨྲས་འཕགས་པ་ལའང་ཉམས་པ་ཡོད་ན་འཇིག་རྟེན་པ་ལ་ལྟ་ཅི་སྨོས་ཟེར། འོན་ཀྱང་ཆགས་བྲལ་སྔོན་འགྲོ་ཉམས་མི་སྲིད་དེ་ལམ་གཉིས་ཀྱིས་བརྟན་པར་ བྱས་པས་སོ་ཟེར། མདོ་སྡེ་པ་སོགས་འཇིག་རྟེན་པའི་ལམ་གྱིས་སྤང་བྱ་མངོན་གྱུར་ཙམ་སྤང་ཡང་ས་བོན་ཉམས་སྨད་པ་ཙམ་ལས་རྩ་བ་ནས་མི་སྤོང་སྟེ། འདས་ལམ་གྱིས་དེ་སྤངས་ཤིང་ཆགས་བྲལ་སྔོན་འགྲོས་ནི་འཇིག་རྟེན་པའི་ལམ་གྱི་སྒོམ་ 3-1-221b སྤང་གི་ཉོན་མོངས་མངོན་གྱུར་སྤོང་ལ། ས་བོན་ཡང་དེ་མ་ཐག་པར་སྐྱེ་བའི་འདས་པའི་སྒོམ་ལམ་གྱིས་སྤོང་བའི་ཕྱིར་དེ་ཕན་ཆད་འདོད་པར་ལན་གཅིག་ལས་འོང་མི་སྲིད་པ་དང་། ཕྱིར་མི་འོང་བའི་ཕྱིར་དེ་སྐད་བརྗོད་དོ་ཟེར་རོ། ། གཉིས་པ་མཐར་གྱིས་པ་ལ། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་གང་ཟག་གཉིས། དང་པོ། འདོད་ནས་སྲིད་རྩེའི་བར་གྱི་ས༷་དགུ་དང༷་། ས༷་དེ་དག་སོ་སོ་ན༷་སྤང་བྱ་ཉེས༷་པ་རྣམ༷ས་ཀྱང་དགུ༷་ཡོད་པས། བརྒྱད་ཅུ་རྩ་གཅིག་ཡོད་ལ། དེ༷་བཞི༷ན་དུ༷་ནི༷་གཉེན་པོ་ཡོན༷་ཏན༷་སྒོམ་ལམ་རྣམ༷ས་ཀྱང་དགུ་སྟེ། ཆུང༷་དང༷་། འབྲིང༷་དང༷་ཆེ༷་རྣམ༷ས་ཀྱི༷་ཡང་ནང་གསེས་ཆུང་ངུའི་ཆུང༷་ངུ༷་ལ༷་སོ༷གས་ཐ༷་ད༷ད་པ་དགུ་ཡོད་པའི་ཕྱིར༷་སྤང་བྱ་ཆེ་རིམ་ནས་འགགས། གཉེན་པོ་ཆུང་རིམ་ནས་ སྐྱེ་སྟེ་གོས་འཁྲུད་པ་བཞིན་ནོ། །གཉིས་པ་ལ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་བཞི། དང་པོ་ལ། སྲིད་པ་ལན་བདུན་པ་པ། རིགས་ནས་རིགས་སྐྱེ། འདི་ལ་གཉིས་ཕྱེ་བའི་བཞི། མཆན། འབྲས་གནས་ཁྱད་པར་བ་གཞན་དང་གསུམ། དང་པོ། རྒྱུན་ཞུགས་ཀྱི་འབྲས༷་བུ་ལ་གན༷ས་པ་གང་ཞིག་སྔར་བསྒོམ༷ས་པས་སྤང༷་བྱ༷་གཅིག་ཀྱང་མ༷་ཟ༷ད་སྟེ་མ་སྤང་བ་ཡིན་ནའང་དེ་རེ༷་ལྟར༷་ཏེ་ཇི་ལྟར་ཞེས་ཅི་ཐོགས༷་ན༷འང་སྲིད་པ་ལན༷་བདུན༷་པ༷་ལས་མི་འབྱུང་ངོ་། ། མདོ་འགའ་ཞིག་ལས་པོ་ཟོས་ན་ལན་བདུན་པ་དང་། མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད། བྱེ་སྨྲས་ལྷའི་སྲིད་པ་བདུན། མིའི་སྲིད་པ་བདུན། དེ་གཉིས་ཀྱི་བར་སྲིད་བདུན་བདུན་ཏེ་ཉེར་བརྒྱད་ལེན་ཀྱང་། བདུན་ཚན་དུ་ཆོས་མཐུན་པས་ 3-1-222a སྲིད་པ་བདུན་པ་ཞེས་བྱ་སྟེ་ཤིང་ལོ་མ་བདུན་པ་བཞིན་ནོ་ཟེར། མདོ་སྡེ་པས་ཁམས་མང་པོའི་མདོ་ལས་སྲིད་པ་བརྒྱད་གྲུབ་པའི་གནས་མེད་པར་གསུངས་པས་གནོད་ཟེར། བྱེ་སྨྲས་དེ་རིས་མཐུན་གཅིག་ཏུ་མི་སྐྱེ་བའི་ དབང་དུ་བྱས་ཟེར། དེ་ཡང་སྲིད་པ་བདུན་པ་འདོད་པའི་སྲིད་པའི་དབང་དུ་བྱས་ཟེར། བདུན་ཁོ་ན་སྟེ་སྦྲུལ་གོམ་པ་བདུན་པས་ཟིན་པ་བཞིན་ཟེར། དེ་ཕྱི་མར་སངས་རྒྱས་ཀྱི་བསྟན་པ་མེད་ན་ཁྱིམ་པའི་རྟེན་ལ་ཆོས་ཉིད་ཀྱིས་ཐོབ་པའི་དགེ་སློང་ངམ། ཁ་ཅིག་ཕྱི་རོལ་པ་ལ་སོགས་པའི་དགེ་སྦྱོང་གི་ཚུལ་གྱིས་དགྲ་བཅོམ་འབྲས་བུ་ཐོབ་ཟེར། མི་དང་ལྷ་གང་གི་རྟེན་ལ་རྒྱུན་ཞུགས་ཐོབ་པའང་མཐར་དེའི་རྟེན་ལ་མྱ་ངན་ལས་འདའ་འོ། །གཉིས་པ། སྒོམ་སྤང་ལམ་གཉིས་པོ་གང་རུང་གིས་འདོད་ པའི་སྒོམ་སྤང་རྣམ༷་པ་གསུམ༷་མམ་རྣམ༷་པ་བཞི༷་ཡི་བར་དག་ལ༷ས་གྲོལ༷་བ༷་དེ་ནི་མཐར་གྱིས་པའམ་ཐོད་རྒལ་བ་གང་ཡིན་ཡང་རུང་སྟེ། བཞི་སྤང་ན་ཚེ༷་གཉི༷ས་དང་གསུམ་སྤང་ན་ཚེ་གསུམ༷་དུ༷་རིག༷ས་ནས༷་རིགས༷་སུ་སྐྱེ་བའོ། །དེའང་ལྷའི་རིགས་ནས་ རིགས་སུ་སྐྱེ་བ་དང་། མིའི་རིགས་ནས་རིགས་སུ་སྐྱེ་བ་གཉིས། ཉོན་མོངས་པ་གཅིག་དང་གཉིས་སྤང་བ་དེ་དྲུག་གམ་ལྔར་རིགས་ནས་རིགས་སུ་སྐྱེ་བ་ཡིན་ནོ་ཞེས་མ་སྨོས་ཀྱང་ཤུགས་ལ་གོའོ། །ཞེས་སྔོན་གྱི་སློབ་དཔོན་དག་འཆད་ལ། ཁ་ཅིག་ན་རེ། དེ་ཡང་ལན་གཉིས་སམ་གསུམ་དུ་རིགས་ནས་རིགས་སྐྱེ་ཡིན་པས་ལོགས་སུ་མ་བཤད་དོ། །ཞེས་སོ། །ཅིའི་ཕྱིར་ལྔ་པ་སྤང་བའང་རིགས་ནས་རིགས་སྐྱེར་མ་སྨོས་ཞེ་ན། ལྔ་པ་སྤངས་བས་ནི་དྲུག་པའང་ཚེ་དེ་ཉིད་ལ་ངེས་པར་སྤང་ཕྱིར་ 3-1-222b རིགས་སྐྱེ་མིན་ཏེ། རྣམ་པ་དྲུག་པ་གཅིག་པུས་ཕྱིར་འོང་གི་འབྲས་བུ་ལ་གེགས་བྱ་མི་ནུས་པས་སོ། །དེ་ལྟར་ན་བར་ཆད་གཅིག་པའི་རྣམ་པ་དགུ་པ་གཅིག་པུས་ཀྱང་ཕྱིར་མི་འོང་གི་འབྲས་བུ་ལ་གེགས་བྱེད་པར་མི་འགྱུར་རོ་ཞེ་ན་མི་ མཚུངས་ཏེ། བར་ཆད་གཅིག་པ་འདོད་ཁམས་ལས་འདའ་དགོས་པས་དཀའ་ཕྱིར་རྣམ་པ་གཅིག་གིས་ཀྱང་གེགས་བྱ་ནུས་ལ། གཅིག་ཤོས་ཁམས་ལས་འདའ་མི་དགོས་པའི་ཕྱིར་དེ་ལྟར་མིན་པས། དེ་གཅིག་པུས་བར་ཆད་ བྱ་མི་ནུས་སོ། །གསུམ་པ། རྒྱུན་ཞུགས་གང་འདོད་པའི་སྒོམ་སྤང་རྣམ༷་པ༷་ལྔ༷་ཡི༷་བར༷་སྤངས་པའམ་བཅོ༷མ་པ༷་གང་ཡིན་པ་དེ་ནི་འབྲས་བུ་དང་པོ་ལ་གནས་པ་མ་ཟད། གཉི༷ས་པ༷་ཕྱིར་འོང་ལ༷་ནི༷་ཞུགས༷་པ༷འང༷་ཡི༷ན་ནོ། །གཉིས་ པ་ལན་ཅིག་ཕྱིར་འོང་ལ། ཙམ་པོ་བ་དང་། ཁྱད་པར་ཅན་གཉིས། དང་པོ། འདོད་པའི་སྒོམ་སྤང་རྣམ༷་པ༷་དྲུག༷་པ༷་ཟ༷ད་པར་གྱུར༷་པ༷་དེ༷་ནི༷་འདོད་ཁམས་འདིར་ལན༷་ཅི༷ག་ཕྱིར༷་འོང༷་བ༷་སྟེ་འདོད་ཉོན་ཆུང་ངུ་གསུམ་གྱིས་འདོད་པར་ལན་གཅིག་ སྐྱེ་བ་ལས་མི་ནུས་པའི་ཕྱིར་རོ། །གཉིས་པ། ཕྱིར་འོང་འབྲས་གནས་འདོད་པའི་སྒོམ་སྤང་གི་ཉེས༷་པའི་ཆ༷་བདུན༷་དང༷་བརྒྱ༷ད་ཟ༷ད་པ༷་ནི་དགྲ་བཅོམ་ཐོབ་པ་ལ་ཚེ༷་གཅི༷ག་དང་། ཕྱིར་མི་འོང་ཐོབ་པ་ལ་ཉོན་མོངས་ཀྱི་བར༷་ཆ༷ད་གཅི༷ག་པ༷་ དང༷་། འབྲས་གནས་ཁྱད་པར་ཅན་དེ་གསུམ༷་པ༷་ཕྱིར་མི་འོང་ལ༷་ནི༷་ཞུགས༷་པ༷འང༷་ཡི༷ན་ནོ། །ཁམས་ལས་འདའ་ན་སྨིན་ངེས་ཀྱི་ལས་ཆུད་ཟ་བས་འདི་སྐབས་ཉོན་མོངས་ཀྱང་ལས་ལྟར་སྤང་དཀའ་བས་ཉོན་མོངས་གཅིག་གིས་ཀྱང་བར་ཆད་ 3-1-223a བྱེད་དོ། །གསུམ་པ་ཕྱིར་མི་འོང་ལ། ངོ་བོ་དང་དབྱེ་བ་གཉིས། དང་པོ། ཕྱིར་མི་འོང་འབྲས་གནས་དེ༷་འདོད་པའི་སྒོམ་སྤང་དགུ༷་པ་ཟ༷ད་པས༷་ནི་ཕྱིར༷་མི༷་འོང༷་དུ་འགྱུར་རོ། །གཉིས་པ་ལ། རྟེན་གཞན་དུ་ འཕོ་བ་དང་མི་འཕོ་བས་ཕྱིར་མི་འོང་དང་། འགོག་པ་ཐོབ་པའི་ཕྱིར་མི་འོང་བཤད་པ་གཉིས། དང་པོ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཡང་སྲིད་ཕྱི་མ་འགྲུབ་པའི་ཕྱིར་མི་འོང་གི་རྣམ་དབྱེ་གཞན་བཤད་པ་གཉིས། དང་པོ་ལ་ཡང་ སྲིད་ཡོད་པ་བཤད་པ་དང་། མེད་པར་རྟེན་འདི་ལ་མྱ་ངན་ལས་འདའ་བ་བཤད་པ་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ། ཕྱིར་མི་འོང་གི་འབྲས་གནས་དེ༷་ནི༷་གསུམ་དུ་དབྱེ་སྟེ། གཟུགས་སུ་ཉེར་འགྲོ། གཟུགས་མེད་ ཉེར་འགྲོ། ཚེ་འདིར་མྱ་ངན་ལས་འདའ་བའོ། །དང་པོ་ལ་ལྔ་སྟེ། དང་པོ་འདི་ནས་ཤི་འཕོས་ཏེ་གཟུགས་གནས་བཅུ་དྲུག་གང་རུང་གི་བར༷་དོར་ལྷག་མེད་དགྲ་བཅོམ་མྱ་ངན་ལས་འདའ་བའོ། །འདི་ཆོས་ཉིད་ཀྱིས་བར་དོར་ཡུན་རིང་གནས་ ལ་སྐྱེ་བའི་ཉོན་མོངས་མེད་པའོ། །གཉིས་པ་ཚངས་རིས་སོགས་སུ་སྐྱེས༷་མ་ཐག་ཏུ་མྱ་ངན་ལས་འདའ་བའོ། །གསུམ་པ་དེར་ལམ་སྒོམ་པ་ལ་རྩོལ་བའི་འདུ༷་བྱེ༷ད་དང༷་བཅས་ནས་གཟོད་དགྲ་བཅོམ་ཐོབ་པའོ། །བཞི་པ་དེར་སྐྱེས་ནས་ ཡུན་རིང་པོ་ན་རྩོལ་བའི་འདུ༷་བྱེ༷ད་མེ༷ད་པར་ཡོངས༷་སུ་མྱ༷་ངན༷་ལས་འདའ༷་བའོ། །ལྔ་པ་གནས་གཞན་གོང༷་དུ༷་འཕོ༷་བ༷་དང་ལྔ་པོ་རྣམ༷ས་སོ། །སློབ་དཔོན་ནི་འདུ་བྱེད་མེད་པ་མདོ་ལས་འབྱུང་བ་ལྟར་སྔོན་དུ་བྱས་ལ་གོ་རིམ་ཀྱང་དེ་ཁོ་ན་ལྟར་རུང་སྟེ། 3-1-223b དེ་གཉིས་ནི་ལམ་ངང་གིས་འབྱུང་བ་དང་མི་འབྱུང་བ་ཡིན་ལ། སྐྱེས་ནས་དང་ཁྱད་པར་ནི་ལམ་ཆེས་ངང་གིས་འབྱུང་བ་དང་། ལམ་ཆེས་ཆེ་བས་ཕྲ་རྒྱས་ངང་གིས་ཆེས་ཆུང་བ་ཡིན་ནོ། །ཞེས་སོ། །གཉིས་པ་གོང་འཕོ་བྱེ་བྲག་ཏུ་ བཤད་པ་ལ། གཟུགས་འགྲོ་དང་གཟུགས་མེད་འགྲོ་གཉིས། དང་པོ་ལའང་འོག་མིན་འགྲོ་དང་སྲིད་རྩེར་འགྲོ་གཉིས། དང་པོ། གོང་འཕོ་དེ་ནི་རྒྱུའི་སྒོ་ནས་ལྷག་མཐོང་ལ་དགའ་བ་བསམ་གཏན་སྤེལ་བ་དང་། ཞི་གནས་ ལ་དགའ་བ་མ་སྤེལ་བ་གཉིས་ཀྱི། དང་པོ་བས༷མ་གཏན༷་སྤེལ༷་ན༷་འབྲས་བུ་འོ༷ག་མིན༷་པར་དུ་འ༷གྲོ་བའོ། །དེ༷་ལའང་འཕར་བ་ནི། འདོད་པའི་འཕགས་པས་བསམ་གཏན་བཞི་པ་གོམས་པར་བྱས་པ་དེ་ལས་ཉམས་ཏེ་དང་པོའི་ རོ་མྱོང་བས་ཕྱི་མ་གསུམ་ལས་ཉམས་ནས། ཚངས་རིས་སོགས་སུ་སྐྱེས་པ་སྔོན་གོམས་ཤུགས་ཀྱིས་བསམ་གཏན་བཞི་པ་བཅོ་ལྔ་སྤེལ་ཏེ་བསྒོམས་པས་འོག་མིན་དུ་སྐྱེས་ནས་དགྲ་བཅོམ་ཐོབ་པར་བྱེད་པའོ། །ཕྱེ༷ད་འཕར༷་ནི། ཚངས་རིས་ཀྱི་རྟེན་ལ་གསུམ་སྤེལ་ལ་སོགས་གོམས་པས་གཙང་རིས་ལྷ་ལྔའི་འོག་མ་གང་རུང་ཞིག་ཏུ་སྐྱེས་ནས་དེར་བཅོ་ལྔ་སྤེལ་ཏེ་འོག་མིན་དུ་སྐྱེས་ཏེ་དགྲ་བཅོམ་པར་བྱེད་པའོ། །གནས་ཐམ༷ས་ཅ༷ད་དུ༷་འཆི༷་འཕོ་བ་ནི། ཚངས་ཆེན་ མ་གཏོགས་གནས་བཅུ་དྲུག་འདི་ལ་བཅུ་དྲུག་མི་སྲིད་གཅིག་འཕར་དགོས་ཟེར། མཆན། པོ་ཐམས་ཅད་བརྒྱུད་དེ་འོག་མིན་དུ་དགྲ་བཅོམ་ཐོབ་པར་བྱེད་པའོ། །འོག་མིན་མན་དུ་དགྲ་བཅོམ་ཐོབ་པ་ཡོད་པས་འདི་གསུམ་དུ་ངེས་པ་ནི་མིན་ཏེ་མཚོན་པའོ། །ཕྱིར་མི་འོང་ཞེས་པ་འདོད་ཁམས་ཁོ་ན་ལས་ 3-1-224a མིན་ཏེ། འོན་ཀྱང་ས་གང་དུ་སྐྱེས་པའི་འཕགས་པ་དེ་ས་དེ་དང་འོག་སར་མི་འོང་བས་ཡིན་ན། དེ་ཡང་འཕགས་པ་དེ་དག་རྟེན་དེ་ལ་དགྲ་བཅོམ་པ་ཐོབ་པར་བྱེད་ལ། དེར་མ་ཐོབ་ན་གོང་དུ་འཕོ་བ་ཡིན་ཏེ་ཁྱད་པར་དུ་འགྲོ་ བས་སོ། །སྤེལ་མ་ཉམས་ནས་སྤྲིན་མེད་སོགས་སུ་སྐྱེ་བ་ནི་མེད་དེ། སྤེལ་མའི་ཏིང་འཛིན་བཞི་པའི་ས་པ་ཡིན་ལ་དེ་རང་སའི་ཉོན་མོངས་ཀྱིས་མི་ཉམས་ལ། མ་ཉམས་ན་གནས་གཙང་དུ་སྐྱེ་བས་སོ། །གཉིས་པ། བསམ་གཏན་མི་ སྤེལ་བ་གཞན༷་ནི་གཟུགས་ནས་སྲིད་པའི་རྩེ༷་མོར༷་འགྲོ༷་སྟེ། བསམ་གཏན་དང་པོ་ནས་གནས་གཙང་མ་མ་གཏོགས་པར་རིམ་གྱིས་སོང་སྟེ། དེ་ནས་གཟུགས་མེད་པ་རྣམས་སུ་སོང་ནས་སྲིད་རྩེར་དགྲ་བཅོམ་ཐོབ་པར་བྱེད་པའོ། །གོང་འཕོ་ དེ་དག་ལ་བར་སྐབས་གནས་འོག་མ་དག་ཏུ་དགྲ་བཅོམ་པ་ཐོབ་པ་ཡོད་མོད་ཀྱི། སྲིད་རྩེ་དང་འོག་མིན་སྨྲོས་པ་ནི། མཐར་ཐུག་པའི་ཚད་དེ་ལས་གོང་དུ་འགྲོ་ས་མེད་པའི་བར་དུ་སྨོས་པ་སྟེ། དཔེར་ན་རྒྱུན་ཞུགས་ལ་སྲིད་པ་གསུམ་མམ་གཉིས་ མངོན་པར་གྲུབ་ནས་མྱ་ངན་ལས་འདའ་བ་སྲིད་ཀྱང་། ཕྱིན་ཆད་སྲིད་པ་བརྒྱད་པ་མི་འགྲུབ་པས་མཆོག་ཏུ་ཐོགས་ནའང་ལན་བདུན་པ་ཡིན་པས་སྲིད་པ་ལན་བདུན་པ་ཞེས་བཤད་པ་བཞིན་ནོ། །གཉིས་པ་གཟུགས་མེད་འགྲོ་ནི། གཟུགས་ སུ་ཉེར་འགྲོ་ལས་གཞན༷་ནི༷་འདོད་ཁམས་འདི་ནས་གཟུགས༷་མེ༷ད་དུ་འགྲོ༷་བ་སྟེ་དེ་ལ་སྐྱེས་ནས་སོགས་རྣམ༷་པ༷་བཞི༷་ཡོད་ལ། བར་སྲིད་མེད་པས་བར་འདའ་མེད་དོ། །བཞི་ཞེས་པའང་སྤྱིའི་དབང་དུ་སྟེ། ཅི་ཡང་མེད་མན་ཆད་ལས་སྲིད་རྩེ་ 3-1-224b ལ་གོང་འཕོ་མེད་པའི་ཕྱིར་རོ། །གཉིས་པ་མཐོང་ཆོས་ཞི་ནི། ཕྱིར་མི་འོང་སྔར་གྱི་དེ་དག་ལས་གཞན༷་པ་ནི༷་ཚེ་འདི༷་ལ༷་མྱ༷་ངན༷་ལས་འདའ༷་བ་ཞེས་བྱ༷་སྟེ། ཉིང་མཚམས་མི་སྦྱར་བའི་ཕྱིར་མི་འོང་ཡིན་པའི་ཕྱིར་རོ། ། དེ་ལ་རྟེན་གྱིས་དབྱེ་ན་དགུ། སྤང་བ་སོགས་ཀྱིས་དབྱེ་ན་ཆིག་སྟོང་དྲུག་བརྒྱ་རེ་གཉིས་སོ། །དེ་བཞིན་དུ་བར་མ་དོར་མྱང་འདས་ལ། གནས་དང་། རིགས་བྲལ་སོགས་ཀྱིས་ཕྱེ་ན་ཉིས་སྟོང་ལྔ་བརྒྱ་གོ་གཉིས་ཡིན་པ་སོགས་དབྱེ་ཚུལ་ ཤེས་པར་བྱའོ། །གཉིས་པ་བྱེ་བྲག་ཡང་སྲིད་ཕྱི་མ་འགྲུབ་པའི་ཕྱིར་མི་འོང་གི་རྣམ་དབྱེ་ལ། ངོ་བོའི་ཁྱད་པར་དང་། གནས་གཙང་མར་སྐྱེ་བ་དེའི་རྒྱུ་སྙོམས་འཇུག་གི་ཁྱད་པར་གཉིས། དང་པོ་ལ། གཟུགས་འགྲོའི་དབྱེ་བ་ དང་། གོང་འཕོ་ཐུན་མོང་གི་དབྱེ་ཚུལ་གཉིས། དང་པོ་ལ། དངོས་དང་། དེ་དག་གི་རྒྱུ་མཚན་གཉིས། དང་པོ། །ཡང་མདོ་ལས་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་དགུར་བཤད་པ་ཅི་ཞེ་ན། དེ་ནི་བར་འདའ་སྐྱེ་འདའ་ གོང་འཕོ་གསུམ༷་ལ༷་ཡང༷་རྣམ༷་པ་གསུམ༷་དུ་ཕྱེ༷་ནས༷་གཟུགས༷་སུ༷་ཉེར༷་འགྲོ༷་དགུར༷་བཤ༷ད་དོ༷། །དེ་ཡང་བར་འདའ་བ་ལ་ཞོག་མའི་མེ་སྟག་ཆུང་དུ་མངོན་པར་གྲུབ་བཞིན་དུ་འཆི་བ་དང་། ལྕགས་ཀྱི་ཚྭ་ཚྭ་སྟེང་དུ་ཡར་བཞིན་དུ་འཆི་ བ་དང་། ལྕགས་ཀྱི་ཚྭ་ཚྭ་སྟེང་དུ་ཡར་ནས་ས་ལ་མ་ལྷུང་བར་འཆི་བའི་དཔེ་གསུམ་གྱིས། མྱུར་བ་དང་། མྱུར་བ་མིན་པ་དང་། ཡུན་རིང་མོ་ཞིག་ན་མྱ་ངན་ལས་འདའ་བ་གསུམ་དང་། སྐྱེས་འདའ་ལ། སྐྱེས་མ་ཐག་ཏུ་དང་། 3-1-225a འདུ་བྱེད་བཅས་པ་དང་། འདུ་བྱེད་མེད་པར་འདའ་བ་གསུམ་དང་། གོང་འཕོ་ལ་འཕར་བའི་རིགས་གསུམ་སྟེ་དགུའོ། །གཉིས་པ། ཕྱིར་མི་འོང་གསུམ་དང་དགུ་པོ་དེ༷་དག༷་གི༷་ནི༷་ཁྱ༷ད་པར༷་རྣམ༷ས་ནི། རང་རང་གི་ལ༷ས་བར་སྲིད་འགྲུབ་པ་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ཁྱད་པར་གསུམ་ལས་དང་། དབ༷ང་པོ་རྣོ་འབྲིང་རྟུལ་པོ་གསུམ་དང་། ཉོ༷ན་མོང༷ས་ཆེ་འབྲིང་ཆུང་གསུམ་དང་། དབང་པོ་ དང་ཉོན་མོངས་པ་ལའང་རྣོན་པོའི་རྣོན་པོ་སོགས་དང་། ཆུང་ངུའི་ཆུང་ངུ་སོགས་ཀྱི་བྱེ༷་བྲག༷་དགུ་པོ་ལ༷ས་བྱུང་བ་ཡིན་ནོ། །དེའང་དབང་པོ་དང་ཉོན་མོངས་པ་ལས་ལས་ལ་བྱེ་བྲག་མེད་དེ་གསུམ་ཚན་དང་པོ་སོགས་མངོན་པར་ འགྲུབ་པར་མཚུངས་པ་དང་། སྐྱེས་ནས་མྱོང་འགྱུར་སོགས་སུ་འདྲ་བས་སོ་ཟེར་ཀྱང་དེ་ལའང་འཕེན་ཤུགས་ཀྱིས་རུང་འདྲ་སྙམ་མོ། །གཉིས་པ་ལ་དངོས་དང་། རྒྱུ་མཚན་གོང་འཕོ་དེ་སུ་ལ་མེད་ཚུལ་བཤད་པ་གསུམ། དང་པོ། ལུང་ལས་སྐྱེས་བུ་དམ་པའི་འགྲོ་བ་བདུན་གསུངས་པ་ལ་གོང་འཕོ་རྣམ་པ་མང་བས། དགུ་པོ་དེ་ལས་གོང༷་དུ༷་འཕོ༷་བ༷་གསུམ་སོ་སོར་མ༷་ཕྱེ༷་བར༷་གཅིག་ཏུ་བརྩིས་པ་ནི་དམ༷་པའི༷་འགྲོ༷་བ༷་བདུན༷། ཞེས་བྱ་བ་ཉི༷ད་དུ༷་འདོ༷ད་དོ། །གཉིས་པ་ཅིའི་ ཕྱིར་སློབ་པའི་ནང་ན་འདི་དག་ཁོ་ན་དམ་པར་བརྗོད་ཅེ་ན། དམ༷་པ༷་དམ༷་མིན༷་འཇུག༷་མི༷་འཇུག༷་ཅེས་ལས་དམ་པ་དགེ་བ་ལ་འཇུག་པའི་ཕྱིར་དང་འདོད་པའི་ཆགས་པ་དང་བྲལ་བས་མི་དགེ་བ་སྤངས་པས་དམ་མིན་མི་དགེ་བ་ལ་མི་འཇུག་པ་དེའི་ཕྱིར་ 3-1-225b དམ་པ་དང་། གང་དུ་སོ༷ན་པ༷་དེ་ལས་སླར་ཕྱིར༷་མི༷་འོ༷ང་བའི་ཕྱིར༷་དེ༷་དག་ཁོ་ནར་དམ་པའི་འགྲོ་བར་བཞག་སྟེ། སོ་སྐྱེ་དང་སློབ་པ་ཆགས་བཅས་ལ་དེ་མེད་པས་དང་། མི་སློབ་འཕགས་པ་དག་དམ་པ་ཡིན་ཀྱང་ཁམས་གོང་མར་འགྲོ་བ་མིན་པས་སོ། །ཞེས་སོ། ། འོ་ན་མདོ་ལས། སྐྱེས་བུ་དམ་པ་གང་ཞེ་ན་སློབ་པའི་ཡང་དག་པའི་ལྟ་བ་ནས་ཏིང་འཛིན་གྱི་བར་དུ་ལྡན་པའོ། །ཞེས་གསུངས་པ། སློབ་པ་ཆགས་བཅས་དེ་དག་སྲོག་གཅོད་པ་ནས་ཆང་གི་བར་གཞི་ལྔ་གཏན་མི་བྱེད་པའི་སྡོམ་པ་ཐོབ་པ་དང་། མི་དགེ་ བ་ཕལ་ཆེར་སྤངས་པའི་ཕྱིར་རྣམ་གྲངས་པའི་དམ་པ་ལ་དགོངས་ལ། འདིར་རྣམ་གྲངས་མིན་པའི་དམ་པར་བཤད་པས་འགལ་བ་མེད་དོ། །གསུམ་པ་ལ་དངོས་དང་ཞར་བྱུང་གཉིས། དང་པོ། གལ་ཏེ་འདོད་པར་ཚེ་དང་པོ་ལ་འཕགས་པའི་ བདེན་པ་མཐོང་ནས་ཚེ་རྗེས་ནས་ཡང་འདོད་པར་ཕྱིར་མི་འོང་ཐོབ་པ་ལའང་བར་འདའ་སོགས་ཀྱི་དབྱེ་བ་ཡོད་དམ་ཞེ་ན་དེ་མེད་དེ། གང་ཞིག་འདོ༷ད་པར༷་ཚེ༷་ཡོངས༷་སུ་གྱུར༷་པའི༷་འཕག༷ས་པ་ཕྱིར་མི་འོང་དེ་ནི། ཁ༷མས་གཞན༷་དུ༷་ནི༷་འགྲོ༷་བ༷་མེ༷ད་དེ། ཕྱིར་མི་འོང་ཐོབ་པའི་ཚེ་དེ་ལ་མྱ་ངན་ལས་འདའ་བས་སོ། །དེ་ཡང་འདོད་པ་སྡུག་བསྔལ་མང་བས་ཤིན་ཏུ་སྐྱོ་ཞིང་ཡིད་འབྱུང་བས་ཚེ་དེ་ཉིད་དམ། ཡང་ན་ཚེ་གཉིས་པ་དེ་ལ་འདོད་པར་སྐྱེས་ཤིང་ཕྱིར་མི་འོང་ཐོབ་ནས་དགྲ་བཅོམ་ཐོབ་པར་བྱེད་པའི་ ཕྱིར་རོ། །གཟུགས་ཀྱི་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི། རེས་འགའ་ཁམས་གཞན་གཟུགས་མེད་དུ་ཡང་འགྲོ་སྟེ། གོང་འཕོ་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་བཞིན་ནོ། །འདི་ནི་མཐར་གྱིས་པའི་འབྲས་བུ་ལ་དཀའ་བར་བཤད་པས་ 3-1-226a ཆགས་བྲལ་སྔོན་འགྲོའི་ཕྱིར་མི་འོང་གོང་དུ་འཕོ་བར་སྲིད་པར་གསལ་ལོ་ཞེས་ཤེས་འོད་གསུངས། འོ་ན་བརྒྱ་བྱིན་གྱིས་ཞུས་པའི་མདོ་ལས། བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས། །རྣམ་པར་གྲགས་པ་དེར་ནི་ སྐྱེ་བར་འགྱུར་བར་ཤོག །བཅོམ་ལྡན་བདག་ནི་རྒྱུན་ཞུགས་བདེ་གཤེགས་རྒྱུན་ཞུགས་ཏེ། །ཞེས་རང་ཉིད་རྒྱུན་ཞུགས་ཡིན་པར་ཡང་བཤད་ཅིང་། དེ་ནས་མིར་སྐྱེས་ནས་མྱ་ངན་ལས་འདའ་བར་གྱུར་ཅིག །དེར་མྱང་འདས་མ་ཐོབ་ན་གཟུགས་ཁམས་སུ་སྐྱེ་བར་ གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། སྟོན་པས་ཀྱང་། ལེགས་སོ་བརྒྱ་བྱིན་བག་ཡོད་པར་ནི་གནས་པར་གྱིས། ཞེས་གསུངས་ནས་དགག་པ་མ་མཛད་པའི་ཕྱིར་དེ་དང་འགལ་ཏེ། བརྒྱ་བྱིན་མིར་སྐྱེས་ན་འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཡིན་པས་ སོ་ཞེ་ན། དེ་ནི་བརྒྱ་བྱིན་གྱིས་ཆོས་མངོན་པ་མ་ཤེས་པའི་སྐྱོན་ཡིན་ལ། སྟོན་པས་མ་བཀག་པ་ནི། བརྒྱ་བྱིན་འཆི་ལྟས་ཀྱིས་སྐྱོ་བ་ལས་དགའ་བར་བྱ་བའི་ཕྱིར་ཡིན་ནོ་ཞེས་བྱེ་སྨྲས་འཆད་དོ། །གཉིས་པ། འདོད་པར་ཚེ་ཡོངས་གྱུར་འཕགས་པ་དེ༷་དང༷་ ཁམས་གོང༷་མ༷་གཉིས་པོར་སྐྱེས༷་པའི་འཕགས་པ༷་རྣམས་ནི༷་ཡོངས༷་སུ་ཉ༷མས་པ་དང་། དབ༷ང་པོ༷་འཕོ༷་བའང་མི༷་རྟེན༷་ཏེ། ལམ་མངོན་དུ་འགྱུར་བ་དང་མཐུན་པའི་ལམ་གྱི་རྟེན་ལུས་ཁྱད་པར་ཅན་ཐོབ་པས་ཡོངས་སུ་མི་ཉམས་ལ། སྐྱེ་བ་དུ་མར་ ལམ་ལ་འདྲིས་པར་བྱས་པས་ཤེས་རབ་སོགས། དབང་པོ་རྣམས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ཁྱད་པར་ཅན་དུ་གྱུར་པས་དབང་པོ་འཕོ་བ་མེད་དོ། །དེ་ཉིད་ཀྱིས་ན་དབང་པོ་ཡོངས་སུ་སྨིན་པས་དབང་པོ་འཕོ་བའང་མི་རྟེན་ལ་ཁམས་གཞན་དུ་ཡང་ 3-1-226b མི་འགྲོའོ། །ཅིའི་ཕྱིར་སློབ་པ་ཆགས་བཅས་དག་བར་དོར་མྱ་ངན་ལས་མི་འདའ་ཞེ་ན། སློབ་དཔོན་ནི་ཁམས་གོང་མའི་གཉེན་པོ་རྣམས་མ་འདྲེས་པས་མངོན་སུམ་དུ་མི་འབྱུང་བའི་ཕྱིར་དང་། ཉོན་མོངས་པའི་ཕྲ་རྒྱས་རྣམས་ཤིན་ཏུ་ མི་ཆུང་བའི་ཕྱིར་ཆགས་བྲལ་ཁོ་ན་ལ་བཤད་པ་ཡིན་ནོ། །བྱེ་སྨྲ་རྣམས་མྱང་འདས་ལ་འདོད་པའི་མི་དགེ་བ་དང་། གོང་མའི་སྒྲིབ་ལུང་མ་བསྟན་ཐམས་ཅད་སྤང་བ་དང་། དགེ་སྦྱོང་གི་འབྲས་བུ་རྒྱུན་ཞུགས་ཀྱིས་གསུམ་མམ། ཕྱིར་ འོང་གིས་གཉིས་འཐོབ་པ་སོགས་བྱ་བ་མང་པོ་ཞིག་དགོས་པས་འདོད་ཁམས་ལས་འདའ་བཀའ་བས་དེ་བར་དོ་ལ་མི་ནུས་པའི་ཕྱིར་ཟེར་རོ། །གཉིས་པ་རྒྱུ་ལ་སྙོམས་འཇུག་བསྒོམ་ཚུལ་དང་། དེ་ལྟར་བསྒོམས་པའི་དགོས་པ་གཉིས། དང་ པོ། སྤེལ་བ་དང༷་པོ༷་བསམ་གཏན་བཞི༷་པའི༷་དངོས་གཞི་ལ་བརྟེན་ནས་ཟག་ཟག་མེད་སྤེལ༷་བར༷་བྱེ༷ད་དེ་དེ་སྐྱོན་བརྒྱད་དང་བྲལ་བས་སོ། །གོམས་ནས་དང་པོ་སོགས་ཀྱི་དངོས་གཞི་དང་ཡང་སྤེལ་ལོ། །དགྲ་བཅོམ་མམ་ཕྱིར་མི་ འོང་དེས། དང་པོ་བསམ་གཏན་བཞི་པ་ཟག་མེད་རྒྱུན་ལྡན་དང་། དེ་ནས་ཟག་བཅས་རྒྱུན་ལྡན་ཡང་ཟག་མེད་རྒྱུན་ལྡན་ཏེ། རྒྱུན་དང་ལྡན་པར་སྤེལ་ལ། དེ་ནས་སྔ་མ་ལྟར་སྐད་ཅིག་མ་གཉིས་གཉིས་པ་སྤེལ་ནས་བསྒོམས་ ཏེ་དེ་དག་ནི་སྦྱོར་བའོ། །གང་ཚེ་སྐ༷ད་ཅི༷ག་མ་གསུམ་ནི༷་བར་མ་ཆད་དུ་འཇུག་པའམ་བསྲེས༷་པ༷ས་སྤེལ་ནུས་པའི་ཚེ་དངོས་གཞི་གྲུབ༷་པ་ཟེར། སློབ་དཔོན་ནི་སྐད་ཅིག་མ་སྤེལ་བ་སངས་རྒྱས་མ་གཏོགས་མི་ནུས་པས་རྒྱུན་སྤེལ་བ་ལ་རུང་ 3-1-227a གསུངས། །གཉིས་པ་ཅི་ཕྱིར་སྤེལ་ན། ཕྱིར་མི་འོང་དབང་རྣོན་གྱིས་གནས་གཙང་མར་སྐྱེ་བ༷་དང༷་། མཐོང་ཆོས་ལ་བདེ་བར་གན༷ས་པར༷་བྱ༷་ཕྱིར༷་དང༷་སྟེ། དེ་དག་ལས་ཉམས་མི་སྲིད་པས་ཉོན་མོངས་ པས་འཇིགས་པའི་ཕྱིར་ནི་མ་ཡིན་ནོ། །རྟུལ་བོས་སྔ་མ་གཉིས་དང་དེའི་སྟེང་དུ་ཉོ༷ན་མོང༷ས་པས༷་ནི༷་འཇིགས༷་པའི་ཕྱིར༷་ཡང༷་སྟེ། རོ་མྱང་དང་མཚུངས་ལྡན་གྱི་བསམ་གཏན་ཐག་བསྲིང་བའི་སྒོ་ནས་འབྲས་བུ་ལས་མི་ཉམས་པའི་ཕྱིར་ རོ། །དགྲ་བཅོམ་དབང་རྣོན་མཐོང་ཆོས་བདེར་གནས་ཁོ་ན་དང་། རྟུལ་པོས་འབྲས་བུ་ལས་ཉམས་པའི་རྐྱེན་ཉོན་མོངས་པས་འཇིགས་པའི་ཕྱིར་ཏེ་གཉིས་ཀའི་ཡང་ངོ་། །རྒྱུན་ཞུགས་དང་ཕྱིར་འོང་གིས་སྤེལ་བ་མི་སྲིད་དེ་ བསམ་གཏན་གྱི་དངོས་གཞི་མ་ཐོབ་པས་སོ། །རྒྱུ་སྤེལ་མ་དེ༷་ནི༷་ཟག་མེད་གཉིས་པར་ཟག་བཅས་གཅིག་སྤེལ་བ་ཆུང་ངུ་། འབྲིང་དྲུག་ཆེན་པོ་དགུ། ཤིན་ཏུ་ཆེན་པོ་བཅུ་གཉིས་དང་། ཆེས་ཤིན་ཏུ་ཆེན་པོ་བཅོ་ལྔ་སྤེལ་དུ་བསྒོམ་པ་སྟེ་ རྣམ༷་པ༷་ལྔ༷་ཡི༷ན་པའི་ཕྱིར༷་ན་གན༷ས་གཙང༷་མར་སྐྱེ༷་བ༷འང༷་མི་ཆེ་བ་སོགས་ལྔ༷་ཁོ༷་ན༷་ཡིན་ནོ། །དེ་དག་ཏུ་སྐྱེ་བ་ནི་ཟག་བཅས་ཀྱི་དབང་གིས་ཡིན་གྱི་ཟག་མེད་ནི་མིན་ཏེ་སྲིད་གཉེན་ཡིན་པས་འཕེན་བྱེད་མིན་ནོ། །དྲུག་སྤེལ་མན་ཆད་ནི་གོང་མ་ སླར་ཡང་བསྐྱར་བའོ། །གཉིས་པ་འགོག་ཐོབ་ནི། དེ་ལྟར་ན། མཆན། འགོག༷་པ༷་ཐོབ༷་པའི༷་ཕྱིར༷་མི༷་འོང༷་བ་ནི་མྱང་འདས་དང་འདྲ་བའི་སེམས་ཞི་བ་མངོན་དུ་བྱེད་ནུས་ལ། དེ་ལ་སེམས་མེད་པའི་ཆ་ནས་ལུས༷་ཀྱིས༷་མངོ༷ན་སུམ༷་ 3-1-227b བྱེ༷ད་པ་ཞེས་པར༷་འདོ༷ད་དོ། །ཅིའི་ཕྱིར། མདོ་ལས། སློབ་པ་བཅོ་བརྒྱད་ཅེས་གསུངས་པ་དེ་དག་ཏུ་ལུས་མངོན་བྱེད་མ་བཤད་ཟེར་ན། སློབ་པར་འཇོག་པ་ནི། རྒྱུ་ཟག་མེད་ཀྱི་བསླབ་གསུམ་དང་། དེའི་འབྲས་བུ་བྲལ་བའི་རང་ བཞིན་ཡིན་ལ། འགོག་སྙོམས་ནི་སྤོང་ལམ་གྱི་རང་བཞིན་མིན་པས་སློབ་པ་མིན་ལ། བྲལ་འབྲས་བརྟགས་འགོག་མིན་པས་སློབ་པའི་འབྲས་བུའང་མིན་ནོ། །སློབ་པ་བཅོ་བརྒྱད་ནི། ཞུགས་གནས་ཟུང་གསུམ་ཡ་ཅིག་ རྒྱུན་ཞུགས་ཞུགས་པ་ནས་དགྲ་བཅོམ་ཞུགས་པའི་བར་གྱི། མཆན། དང་། །རྣོ་རྟུལ་ཟུང་གཉིས་རིགས་སུ་སྐྱེ། །ཚེ་གཅིག་ཕྱིར་མི་འོང་བར་འདའ་ནས་གོང་འཕོ་བར། མཆན། ལྔ་སྟེ། །ཡོན་གནས་སློབ་པ་བཅོ་བརྒྱད་དོ། །ཞེས་སྡོམ་དུ་མཛད་པ་ལྟར་རོ། །མི་སློབ་པ་དགུ་ནི། ཡོངས་སུ་ཉམས་པའི་ཆོས་ཅན། འཆི་བར་སེམས་པའི་ཆོས་ཅན། རྗེས་སུ་བསྲུང་བའི་ཆོས་ཅན། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ ཆོས་ཅན་དང་། ཡོངས་སུ་མི་ཉམས་པའི་ཆོས་ཅན་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །བཞི་པ་དགྲ་བཅོམ་ལ་ཞུགས་གནས་གཉིས། དང་པོ། ཕྱིར་མི་འོང་ དེ་བསམ་གཏན་དང་པོའི་གཅིག་ལས་ཆགས་བྲལ་ནས་བཟུང་སྲི༷ད་རྩེའི༷་བར༷་དུ་སྟེ། དེ་ཡང་སྲིད་རྩེའི་ཉོན་མོངས་པ་ཆ༷་བརྒྱ༷ད་ཟ༷ད་པ༷་མན་ཆད་དེ་ནི་དགྲ༷་བཅོ༷མ་ཉི༷ད་ལ༷་ཞུགས༷་པ༷་ཡི༷ན་ལ་སྲིད་རྩེའི་ཉོན་མོངས་དགུ༷་པ་སྤང་བའི༷་བར༷་ 3-1-228a ཆ༷ད་མེ༷ད་ལམ༷་ཡང༷་དགྲ་བཅོམ་ལ་ཞུགས་པ་ཡིན་ནོ། །བར་ཆད་མེད་ལམ་དེ༷་ནི༷་རྡོ༷་རྗེ༷་ལྟ༷་བུའི༷་ཏིང་ངེ་འཛིན་ཞེས་བྱ་བ་ཡི༷ན་ལ། སྔར་གྱི་ལམ་ཐམས་ཅད་ཀྱི་སྐལ་མཉམ་གྱི་རྒྱུ་རྒྱས་པས་བར་ཆད་མེད་ལམ་ ཐམས་ཅད་ལས་ནུས་པ་ཆེ་ཞིང་རྩེ་མོའི་མཐར་ཐུག་ཏུ་གྱུར་པ་ཁམས་གསུམ་གྱི་ཕྲ་རྒྱས་འཇོམས་ནུས་ཤིང་ཚུར་གང་གིས་མི་ཚུགས་པའི་རྡོ་རྗེ་ལྟ་བུའོ། །དེ་ཡང་སས་དབྱེ་ན་དགུ། དམིགས་པས་དབྱེ་ན་བདེན་བཞི། རྣམ་པས་བཅུ་དྲུག ། ས་དམིགས་རྣམ་པ་གསུམ་ཆར་གྱིས་དབྱེ་ན་ཤིན་ཏུ་མང་སྟེ། མི་ལྕོགས་མེད་བརྟེན་རྡོར་ཏིང་དེ་འོག་སའི་ཟག་བཅས་ལ་མི་དམིགས་ཏེ། སྲིད་རྩེ་ཁོ་ནའི་སྡུག་ཀུན་ལ་དམིགས་པའི་རྗེས་ཤེས་ཕྱོགས་ཀྱི་རྣམ་པ་བརྒྱད་ཡིན་ལ། འགོག་ བདེན་ལ་དམིགས་པ་སོ་དྲུག་སྟེ། ས་ཐམས་ཅད་ཀྱི་འགོག་པ་ལ་དམིགས་སྲིད་པས་སོ། །དེ་ཡང་འདོད་པའི་འགོག་དམིགས་ཆོས་ཤེས་བཞི་དང་། གོང་མ་བརྒྱད་ཀྱི་འགོག་དམིགས་རྗེས་ཤེས་བཞི་ཚན་བརྒྱད་དོ། །ལམ་དམིགས་ བརྒྱད་དེ། འདོད་ལམ་ལ་དམིགས་པའི་ཆོས་ཤེས་བཞི་དང་། གོང་མའི་ལམ་སྤྱི་ལ་དམིགས་པའི་རྗེས་ཤེས་བཞི་ཡིན་ནོ། །དེ་ལྟ་ན་ཉེར་བསྡོགས་དང་པོས་བསྡུས་པའི་རྡོར་ཏིང་ལྔ་བཅུ་རྩ་གཉིས། དེ་བཞིན་ས་ལྷག་མ་ལྔ་ལའང་ བརྟེན་པའང་ཤེས་པར་བྱའོ། །གཟུགས་མེད་དང་པོ་གསུམ་གྱིས་བསྡུས་པ་ནི། རིམ་པས་ཉེར་བརྒྱད། ཉེར་བཞི། ཉི་ཤུ་སྟེ་དེ་དག་འདོད་པའི་ལམ་དང་། ས་འོག་མའི་འགོག་པ་ལ་མི་དམིགས་པས་སོ། །ལམ་ནི་ཕན་ཚུན་ 3-1-228b རྒྱུ་ཡིན་པས། །ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །ཞེས་གསུངས་པས། འོག་མ་གཟུགས་ཁམས་པའི་གཉེན་པོ་ལམ་སྤྱི་ལ་དམིགས་པས་སོ། །དེ་ལྟར་བསམ་གཏན་ས་དྲུག་ གིས་བསྡུས་པ་ལ་སུམ་བརྒྱ་བཅུ་གཉིས་དང་། གཟུགས་མེད་དང་པོ་གསུམ་ལ་དོན་གཉིས། བསྡོམས་ན་སུམ་བརྒྱ་གྱ་བཞི་ཡིན་ལ། དེ་དག་ལ་རིགས་དྲུག་དང་དབང་པོ་གསུམ་གྱིས་བསྒྱུར་ན། དྲུག་སྟོང་དགུ་བརྒྱ་བཅུ་ གཉིས་སུ་འགྱུར་རོ། །མངོན་པ་བ་གང་དག་ལམ་བདེན་ཡང་འགོག་བདེན་དང་འདྲ་བར་ས་རེ་རེ་ལ་དམིགས་པ་ལྟར་ན། གོང་མའི་ལམ་སྤྱི་ལ་དམིགས་པའི་རྗེས་ཤེས་བཞི་མི་འབྱུང་བས་ས་དགུའི་ལམ་བདེན་ལ་དམིགས་ པའི་ཆོས་ཤེས་བཞི། རྗེས་ཤེས་སོ་གཉིས་ཏེ་བསམ་གཏན་ས་དྲུག་རེ་རེ་ལ་བརྒྱད་ཅུ་བརྒྱད་ཅུ་སྟེ་བསྡོམས་པས་བཞི་བརྒྱ་བརྒྱད་ཅུ་དང་། གཟུགས་མེད་དང་པོ་གསུམ་ལ་རང་ས་གོང་སའི་ལམ་བདེན་ལ་དམིགས་པ་བཅུ་གཉིས་དང་ བརྒྱད་དང་བཞི་བསྣན་པས་རིམ་པར་བཞི་བཅུ། སོ་གཉིས། ཉེར་བཞི་ཡིན་ཕྱིར་གོ་དྲུག་ཏུ་འགྱུར་བས་ཐམས་ཅད་བསྡོམས་ན་ལྔ་བརྒྱ་དོན་དྲུག་ཏུ་འགྱུར་ལ། དེ་དག་རིགས་དང་དབང་པོའི་བྱེ་བྲག་གིས་དྲུག་འགྱུར་དང་གསུམ་ གྱིས་བསྒྱུར་ན་ཁྲི་དང་སུམ་བརྒྱ་རེ་བརྒྱད་དོ། །གཉིས་པ། སྲིད་རྩེའི་སྒོམ་སྤང་དགུ་པ་དེ༷་ཟ༷ད་པ་ཐོབ༷་པ་དང༷་རྣམ་གྲོལ་ལམ་ཟ༷ད་པ༷་ཤེས༷་པ་ལྷན་དུ་འབྱུང་བ་དེ༷་ཡི་ཚེ༷་དེ༷་ནི་མི༷་སློབ༷་པ་དང་དགྲ༷་བཅོ༷མ་པ་ཞེས་བྱའོ། །དགྲ་བཅོམ་ 3-1-229a ལ་དུས་ཀྱིས་རྣམ་གྲོལ་ནི། རིགས་ཀྱིས་ལྔ། དབང་པོས་གསུམ། རྟེན་གྱིས་ཉེར་དགུ་སོགས་སོ། །གང་ཟག་ཟུང་བཞི་ཡ་བརྒྱད་དོ། །གཉིས་པ་འཕགས་པའི་གང་ཟག་གི་འབྲས་བུ་རྣམ་ དབྱེ་གཞན་བཤད་པ་ལ། འཕགས་པའི་གང་ཟག་གིས་ཐོབ་བྱ་དགེ་སྦྱོང་གི་འབྲས་བུ་སྤྱིའི་རབ་དབྱེ་དང་། འབྲས་བུ་མཐར་ཐུག་པ་དགྲ་བཅོམ་པའི་རྣམ་དབྱེ་གཉིས། དང་པོ་ལ། ཐོབ་བྱེད་ཀྱི་རྒྱུ་དང་། དེ་ལྟར་ཐོབ་པའི་འབྲས་ བུའི་དབྱེ་བ་གཉིས། དང་པོ་ལ། ལམ་གང་གིས་ཐོབ་པ་དང་། ས་གང་ལ་བརྟེན་ནས་ཐོབ་པ་གཉིས། དང་པོ་ལ་དངོས་དང་། ལམ་དེ་གཉིས་ཀྱིས་ཆགས་བྲལ་འཕགས་པ་ལ་ཁྱད་པར་ཅི་ཡོད་བསྟན་པ་གཉིས། དང་པོ། འཇིག༷་ རྟེན༷་འདས༷་པའི༷་ལམ་གྱིས༷་སྲི༷ད་རྩེ༷་ལ༷ས་ཆགས༷་པ་བྲལ༷་བར་ངེས་ལ། ས་གཞན༷་ཐམས་ཅད་ལ༷ས་འདས་མ་འདས་ཀྱི་ཆགས་བྲལ་རྣམ༷་པ༷་གཉི༷ས་ཡོད་དོ། །གཉིས་པ་ལ། དངོས་དང་། གཞན་འདོད་དགག་པ་གཉིས། དང་པོ། འཇིག༷་རྟེན༷་པའི་བསྒོམ་པ༷་ཡི༷ས་ཆགས༷་པ་བྲལ༷་བའི༷་འཕ༷གས་པ་ལ༷འང༷་བྲལ༷་བའི༷་ཐོབ༷་པ་ནི་འདས་མ་འདས་རྣམ་པ་གཉི༷ས་ཡོད་དེ། དེ་མེད་ན་འཕགས་པར་ཉོན་མོངས་སྐྱེ་བར་ཐལ་ཟེར་རོ། །གཉིས་པ། ཁ༷་ཅི༷ག་འཇིག༷་རྟེན༷་ ལས་འདས་པའི༷་ལམ་གྱིས༷་སྤངས་བས་ཀྱང༷་། ཟག་བཅས་ཟག་མེད་གཉིས་ཀའི་བྲལ་ཐོབ་འདྲེན་ཏེ། གལ་ཏེ་དེས་འཇིག་རྟེན་པའི་བྲལ་ཐོབ་མི་འདྲེན་ན། སྔོན་འདས་ལམ་ལས་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཆགས་ 3-1-229b བྲལ་ཕྱིར་མི་འོང་དབང་རྟུལ་ཞིག་བསམ་གཏན་གྱི་སེམས་ལ་བརྟེན་ནས་དབང་པོ་རྣོན་པོར་འཕོ་བ་ན། ལམ་སྔ་མ་ཟད་པར་བཏང་བས་ན། འཇིག་རྟེན་པའི་བྲལ་ཐོབ་ཀྱང་མེད་ན། ནམ་མཁའ་མཐའ་ཡས་ལ་སོགས་པའི་ ཉོན་མོངས་དང་ལྡན་པར་འགྱུར་ཏེ། དེས་ན་དེས་འདས་པའི་བྲལ་ཐོབ་བཏང༷་ལ༷། འོག་མའི་ཉོ༷ན་མོང༷ས་དང་མི༷་ལྡན༷་པའི་ཕྱིར༷་འཇིག་རྟེན་པའི་བྲལ་ཐོབ་ཡོད་དོ་ཟེར་ཀྱང་ཐལ་བ་འདི་མི་འགྱུར་ཏེ། དཔེར་ན་ཁྱེད་ལྟར་ན་ འདས་ལམ་གྱིས་ཀྱང་སྲི༷ད་རྩེ༷འི་ཕྱེ༷ད་ནི་མཚོན་པ་སྟེ། དེའི་ཉོན་མོངས་བརྒྱད་མན་ཆད་ཅི་རིགས་སྤང་བའམ་དེ་ལ༷ས་རྣམ༷་པར་གྲོལ༷་བའི་ཕྱིར་མི་འོང་དབང་རྟུལ་བསམ་གཏན་ལ་བརྟེན་ནས་དབང་པོ་འཕོ་བ་ལ་སྲིད་རྩེའི་གཉེན་པོ་འཇིག་ རྟེན་པའི་ལམ་མེད་པའི་ཕྱིར་འཇིག་རྟེན་པའི་བྲལ་ཐོབ་ཀྱང་མེད་ལ། འདས་པའི་བྲལ་ཐོབ་ཀྱང་བསམ་གཏན་ལ་བརྟེན་ནས་དབང་པོ་འཕོ་བས་བཏང་ཕྱིར་བྲལ་ཐོབ་གཉིས་ཀ་མེད་ཀྱང་། སྲིད་རྩེ་ཉོན་མོངས་མི་ལྡན་པར་འདོད་པ་ དང་། ཡང་དཔེར་ན་བསམ་གཏན་དང་པོ་ལས་གོང་དུ་གཉིས་པ་སོགས་སུ་སྐྱེས༷་པའི་བྱིས་པ༷་བཞིན༷་ཏེ། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང་། །ཞེས་པས། འདོད་ཉོན་སྤངས་པའི་ བྲལ་ཐོབ་གཉིས་ཀ་མེད་ཀྱང་འདོད་ཉོན་མི༷་ལྡན༷་པས་སོ། །བསམ་གཏན་དང་པོ་སོགས་གོང་དུ་སྐྱེས་པ་འོག་མའི་ཉོན་མོངས་མི་ལྡན་པ་ནི་ས་བོན་ཡོད་ཀྱང་མངོན་གྱུར་གྱི་རྐྱེན་མ་ཚང་བས་ཡིན་ནོ་ཞེས་སོ། །གཉིས་པ་ས་གང་ 3-1-230a གིས་ཆགས་བྲལ་ལ། དངོས་དང་། འཕྲོས་དོན་གཉིས། དང་པོ་ལ། ས་ཀུན་ལས་ཆགས་པ་བྲལ་རུང་གི་རྟེན་དུ་རུང་བ་མི་ལྕོགས་མེད་བཤད་པ་དང་། བྱེ་བྲག་ལ་ཆགས་བྲལ་གྱི་རྟེན་བསམ་ གཏན་གཞན་བཤད་པ་གཉིས། དང་པོ་ལ། དངོས་དང་། ཞར་བྱུང་འོག་ས་ལ་ཆགས་བྲལ་གྱི་རྣམ་གྲོལ་ལམ་ཐ་མ་དེ་ཉེར་བསྡོགས་དང་དངོས་གཞི་གང་གི་ངོ་བོར་སྐྱེད་དཔྱད་པ་གཉིས། དང་པོ་ས་དགུ་ལས། དང་པོ། ཟག༷་མེ༷ད་མི༷་ལྕོག༷ས་མེ༷ད་པ༷་ཡིས༷་ས་དགུ་པོ་ཐ༷མས་ཅ༷ད་ལ༷ས་ནི༷་འདོ༷ད་ཆགས༷་འབྲལ༷་བར་འགྱུར་རོ། །གཉིས་པ་ཞར་བྱུང་། གལ་ཏེ་ཉེར་བསྡོགས་ལ་བརྟེན་ནས་འོག་མ་ལས་འདོད་ཆགས་བྲལ་ན། རྣམ་གྲོལ་གྱི་ལམ་ཐ་མས་ དེ་ཐམས་ཅད་དུ་ཉེར་བསྡོགས་ཀྱི་ངོ་བོར་སྐྱེའམ་འོན་ཏེ་མིན་ཞེ་ན། འདོད་དང་བསམ་གཏན་དང་པོ་གཉིས་ཏེ་ས༷་གསུམ༷་གྱི་ཉོན་མོངས་ལས་ཉེར་བསྡོགས་ཀྱིས་རྒྱལ༷་བ་ལ༷་ནི་དབང་པོ་རྣོ་ན་ལམ་ཐ་མ་བས༷མ་གཏན༷་གྱི་དངོས་གཞི་ལས་ སྐྱེ་བ་ཡིན་ནམ༷་སྟེ་ཚོར་བ་རིགས་མི་འདྲ་ཡང་བཏང་སྙོམས་དེ་དངོས་གཞིའི་ཡིད་བདེ་དང་བདེ་བར་སྤོ་བར་ནུས་པའི་ཕྱིར། དབང་པོ་རྟུལ་ན་ནི་ཉེར༷་བསྡོགས༷་ལ༷ས་མཐའི༷་རྣམ༷་གྲོལ༷་ལམ༷་སྐྱེ་ཡི་དངོས་གཞི་ལས་མ་ཡིན་ཏེ། ཉེར་ བསྡོགས་དང་དངོས་གཞི་ཚོར་བ་ཐ་དད་པས་བཏང་སྙོམས་ཀྱི་རྗེས་སུ་བདེ་བ་དང་ཡིད་བདེ་སྐྱེ་དཀའ་བའི་ཕྱིར་རོ། །གསུམ་པ་སོགས་གོང་མའི་ཆགས་པ་དང་བྲལ་བ་བཞི་པ་ཡན་ཆད་ཀྱིས་ནི་ཉེར༷་བསྡོགས༷་ལ༷ས་མིན༷་ཏེ་ཀུན་ཏུ་ 3-1-230b དངོས་གཞི་ལས་སྐྱེ་སྟེ། ཚོར་བ་ཐ་དད་མེད་པའི་ཕྱིར་ན་རྩོལ་མེད་དུ་དངོས་གཞི་སྐྱེ་བའི་ཕྱིར་རོ། །གཉིས་པ། མི་ལྕོགས་མེད་བཤད་ཟིན་པས་དེ་མ་གཏོགས་པའི་འཕ༷གས་པ་སྟེ་ཟག་མེད་ཀྱི་ས་གཞན་བརྒྱ༷ད་ཀྱིས༷་རང༷་ས་དང་ གོང༷་གི་ས༷་ལ༷ས་རྒྱལ༷་བར་འགྱུར་གྱི། འོག་ས་ལས་མིན་ཏེ་ཉེར་བསྡོགས་ཁོ་ནས་རྒྱལ་ཟིན་པས་སོ། །གཉིས་པ་འཕྲོས་དོན་ལ་འོག་ས་ལ་ཆགས་པ་བྲལ་ཚུལ༷་ལས་འཕྲོས་པ་འཇིག་རྟེན་པའི་ལམ་གྱི་དམིགས་རྣམ་ བཤད་པ་དང་། རྣམ་གྲོལ་ལམ་ཐ་མ་གང་གི་ངོ་བོ་སྐྱེ་བ་ལས་འཕྲོས་པའི་ཟད་ཤེས་ལས་མི་སྐྱེ་ཤེས་པ་སྐྱེ་མི་སྐྱེ་དཔྱད་པ་གཉིས། དང་པོ། འཇིག༷་རྟེན༷་པ༷་ཡི༷་རྣམ༷་གྲོལ༷་དང༷་བར༷་ཆ༷ད་མེ༷ད་ལམ༷་ནི་གོ༷་རིམ༷་བཞིན༷་དུ་འཇིག་རྟེན་པ་ ཡི་རྣམ་གྲོལ་ལམ་ནི་འོག་ས་ལ་ལྟོས་ནས་ཞི༷་བ་དང་སོ༷གས་སྒྲས་གྱ་ནོམ། ངེས་འབྱུང་གི་རྣམ་པ་ཅན་གོང་དང་ཞེས་གོང་མའི་སྤྱོད་ཡུལ་ཅན་ཏེ་གོང་མ་ལ་དམིགས་པ་ཡིན་ལ། འཇིག་རྟེན་པ་ཡི་བར་ཆད་མེད་ལམ་གོང་ས་ལ་ལྟོས་ནས་མངོན་ པར་འདུ་བྱེད་པ་ཤིན་ཏུ་ཆེན་པོས་བསྒྲུབ་བྱ་ཡིན་ཅིང་རགས༷་པ་དང་སོ༷གས་སྒྲས་གནས་ངན་ལེན་ཤིན་ཏུ་ཆེས་མང་བས་མི་མཐུན་པར་གྱུར་པས་ཐ་བ་ངན་པ། རྩིག་པས་རྩིག་པ་དེ་ལས་ངེས་པར་མི་འབྱུང་བ་ལྟར་ས་དེས་ས་དེ་ལས་ངེས་པར་མི་འབྱུང་ བས་རྩིག་པ་སྡུག་པོ་ལྟར་ལྟ་བའི་རྣམ༷་པ༷་ཅ༷ན་འོག་མ་སྟེ། གོང༷་མ༷་དང་འོ༷ག་མའི༷་སྤྱོ༷ད་ཡུལ༷་གྱི་ས་ལ་དམིགས་པ་ཅན་ནོ། །གཉིས་པ། འོ་ན་ཟད་པ་ཤེས་པའི་མཇུག་ཐོག་ཏུ་ཤེས་པ་གང་སྐྱེ་ཞེ་ན། གལ༷་ཏེ༷་དགྲ་བཅོམ་པ་དབང་རྣོན་ 3-1-231a མི༷་གཡོ༷་བའི་ཆོས་ཅན་ཡིན་ན་མི་ཉམས་པས་ཟ༷ད་པར་ཤེས༷་ལ༷ས་མི་སྐྱེ་བའི་ཤེས་པའམ་བློ༷་གྲོ༷ས་སྐྱེ་ལ། གལ༷་ཏེ༷་དབང་པོ་རྟུལ་པོ་ཡིན་ན་མིན༷་ཏེ་ཟ༷ད་ཤེས་ལས་ཟ༷ད་པ༷་ཤེས༷་པ་ཁོ་ནའི་རྒྱུན་སྐྱེས་སམ༷་ཡང་ན་མི༷་སློབ༷་པའི་ ཡང་དག་པའི་ལྟ༷་བ་སྐྱེ་ལ། མི་སྐྱེ་བ་ཤེས་པ་ནི་མིན་ཏེ་ཉོན་མོངས་པ་སྐྱེ་བའི་སྐབས་ཡོད་པས་ཉམས་པ་སྲིད་ལ། མི་སྐྱེ་བའི་ཤེས་པ་ནི་ཉམས་པ་མེད་པས་སོ། །མི་སློབ་པའི་ལྟ་བ་དེ༷་ནི༷་དགྲ༷་བཅོ༷མ་ཐམ༷ས་ཅ༷ད་ལ༷་འབྱུང་སྟེ། མི་གཡོ་བའི་ཆོས་ ཅན་ལའང་རེས་འགའ་མི་སྐྱེ་བའི་ཤེས་པ་ལས་མི་སྐྱེ་ཤེས་པ་ཁོ་ན་དང་། རེས་འགའ་མི་སློབ་པའི་ཡང་དག་ལྟ་བ་སྐྱེ་བས་སོ། །གཉིས་པ་དབྱེ་བ་ལ། དགེ་སྦྱོང་གི་འབྲས་བུ་བརྒྱད་ཅུ་རྩ་དགུར་བཤད་པ་དང་། དེ་ཉིད་བཞིར་བསྡུ་བ། བཞི་པོ་དེའི་ རྒྱུའི་མིང་གི་རྣམ་གྲངས། དེ་བཞི་ཁམས་གང་དུ་ཐོབ་དཔྱད་པ་བཞི། དང་པོ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་ཞེས་བརྗོད་ན། དགེ༷་སྦྱོང༷་ནི་གང་། ཚུལ༷་ནི༷་གང་། འབྲས་བུ་ནི་གང་ཞེ་ན། དགེ་སྦྱོང་ནི་ཉོན་མོངས་ཅི་རིགས་གཏན་ དུ་ཞི་བའི་རྒྱུད་དེ་འཕགས་པའི་གང་ཟག་ཡིན་ལ། ཉོན་མོངས་གཏན་དུ་ཞི་བའི་ཐབས་དྲི༷་མེ༷ད་བར་ཆད་མེད་ལམ༷་ནི་དགེ་སྦྱོང་གི་ཚུལ་ཡིན་ཏེ། རྣམ་གྲོལ་ལམ་ནི་འབྲས༷་བ྄ུ༷འོ། །དེའི་འབྲས་བུ་འདུས༷་བྱས༷་འདུས༷་མ༷་བྱས༷་དེ༷་དག༷་རེ་རེ་ལ་དབྱེ་ན་ བརྒྱ༷ད་ཅུ༷་རྩ༷་དགུའོ༷། །གང་ཞེ་ན། དེ་ལ་མཐོང་སྤང་ལ་ཁམས་གསུམ་གྱི་རྣམ་གྲོལ་ལམ་བརྒྱད་དང་། བསྒོམ་སྤང་གྱ་གཅིག་སྟེ་མཐོང་བསྒོམ་བསྡོམས་པས་གྱ་དགུའོ། །དེ་ལྟར་རྣམ་གྲོལ༷་ལ༷མ་བརྒྱད་ཅུ་རྩ་དགུ་དང་། བར་ཆད་མེད་ལམ་ཡང་གྱ་ 3-1-231b དགུ། སྤང་བྱ་ཟ༷ད་པའི༷་འགོག་པ་གྱ་དགུ་རྣམ༷ས་དང༷་བཅས༷་ཏེ། དེས་ན་བར་ཆད་མེད་ལམ་གྱ་དགུ་ནི་དགེ་སྦྱོང་གི་ཚུལ་ཡིན་ལ། རྣམ་གྲོལ་ལམ་གྱ་དགུ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་ཏེ་རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་དང་། གང་གི་ སྟོབས་ཀྱིས་གང་སྐྱེས་པ། །འབྲས་དེ་སྐྱེས་བུ་བྱེད་ལས་འབྱུང་། །ཞེས་པས། བར་ཆད་མེད་ལམ་གྱི་རྒྱུ་མཐུན་དང་བྱེད་འབྲས་སོ། །སྤང་བྱ་ཟད་པའི་འགོག་པ་གྱ་དགུ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་མ་བྱས་ཏེ། དེ་བར་ཆད་མེད་ ལམ་གྱིས་ཐོབ་པས་བྱེད་འབྲས་སུ་ཡང་བཞེད་ཟེར་རོ། །གཉིས་པ། འབྲས་བུ་མང་པོ་ཡོད་ཀྱང་དེ་དག་བསྡུ་ན། མདོ་ལས་འབྲས༷་བུ༷་བཞིར༷་རྣམ༷་པར་བཞག༷་པ༷་ནི༷། རྒྱུ་མཚན་རྣམ་པ་ལྔ༷་པོ་དག༷་ནི༷་སྲི༷ད་པའི་ཕྱིར༷་རོ༷། །གང་ཞེ་ན་རྒྱུན་ཞུགས་ སོགས་འབྲས་བུ༷་རེ་རེ་འཇོག་པ་ལ༷་ནི་སྔོ༷ན་གྱི་ལམ༷་ཞུགས་པ་སྔ་མ་བཏང༷་བ༷་དང༷་། དེ་ལས་གཞན༷་པའི་འབྲས་བུ་ལ་གནས་པའི་ལམ་ཐོབ༷་པ༷་དང་། སྤང་བྱ་ཟ༷ད་པ་བསྡོམས༷་པའི་ཐོབ་པ་གཅིག་རྙེད་པ་དང་། ཆོས་རྗེས་ཀྱི་ཤེས༷་པ༷་བརྒྱ༷ད་ཚན་ཚང་ བར་ཐོབ༷་པ༷་དང༷་། མི་རྟག་སོགས་ཡེ་ཤེས་ཀྱི་རྣམ༷་པ༷་བཅུ་དྲུག་ཚང་བར་ཐོབ༷་པའོ། །དེ་ལ་སྤང་བ་བསྡོམས་པ་ནི། སྤང་བ་སོ་སོ་བ་རྣམས་བཏང་ནས་ཐམས་ཅད་བསྡོམས་པའི་བྲལ་ཐོབ་ཟག་མེད་གཅིག་རྙེད་པ་སྟེ། འབྲས་བུ་དང་པོ་ལ་མཐོང་ སྤང་གི་ཟད་པ་བསྡོམ་པ་གཅིག་རྙེད་པ་དང་། གཉིས་པ་ལ་མཐོང་སྤང་དང་། འདོད་པའི་སྒོམ་སྤང་དྲུག་ཟད་པ་བསྡོམས༷་པ་གཅིག་རྙེད་པ་སོགས་སོ། །ཞུགས་པ་དང་པོ་ལ་རྒྱུ་མཚན་ལྔ་ཀ་མེད་པ་དང་། ཕྱི་མ་གསུམ་ལ་རྒྱུ་མཚན་ཕྱི་མ་གཉིས་ 3-1-232a ཡོད་ཀྱང་། སྔ་མ་གསུམ་མེད་པས་སོ་ཞེས་བྱེ་སྨྲས་འདོད། ཁ་ཅིག་འབྲས་བུ་དང་པོ་གཉིས་ལ་སྤང་བ་བསྡོམས་པ་མེད་དེ། ཁམས་ལས་འདས་པ་ལས་སྤང་བ་བསྡོམས་པར་བཤད་པ་ལ་ཁམས་ལས་འདས་ པ་མེད་པའི་ཕྱིར་ཟེར་ཀྱང་། དེ་ནི་ཡོངས་ཤེས་བསྡོམ་ཚུལ་ཡིན་གྱི་འདི་ལ་མིན་ནོ། །གལ་ཏེ་ཟག་མེད་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན། ཆགས་བྲལ་སྔོན་འགྲོས་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་བར་པ་གཉིས་ཐོབ་པར་སྲིད་ པས་དེ་དག་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཇི་ལྟར་ཡིན་ཟེར་ན། འཕགས་པས་འཇིག༷་རྟེན༷་པའི༷་བསྒོམ་པ་ཡིས༷་བར་པ་གཉིས་ཐོབ༷་པའི་འབྲས༷་བུ༷་ནི། ཟག་བཅས་ཁོ་ན་མིན་ཏེ་མཐོང་ལམ་ཟག་མེད་ཀྱི་ཐོབ་པའང་དེར་བསྲེས༷་པ་དང༷་། འབྲས་ བུ་བར་མ་གཉིས་ཀྱིས་བསྡུས་པའི་ཟག༷་མེ༷ད་ཀྱི་ཐོབ༷་པ་གཅིག་འཛི༷ན་པའི་ཕྱིར༷་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ནོ། །དེ་ཡང་འབྲས་བུ་བར་པ་གཉིས་ཀྱང་བྱིས་པས་ཐོབ་པ་དང་མི་འདྲ་སྟེ། སྔར་མཐོང་ལམ་གྱིས་ཐོབ་པ་ཟག་མེད་དང་ བསྲེས་ནས་མ་བཞག་པར་དེར་བཞག་མི་རུང་ལ། འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས་ཞེས་འབྱུང་བས། བསྒོམ་ལམ་རང་སྐལ་གྱི་ཡང་ཟག་མེད་ཀྱི་ཐོབ་པ་འབྱུང་བས་སོ། །བྲལ་ཐོབ་ཟག་མེད་ཀྱི་སྟོབས་ཀྱིས་ཡོངས་སུ་ ཉམས་པའང་མི་འཆིའོ། །ཟག་མེད་ཀྱི་ཐོབ་པ་འཇིག་རྟེན་པའི་ལམ་གྱིས་སྐྱེས་པ་ད་ལྟར་ཡོད་ལ། འཕགས་ལམ་བརྒྱད་དེའི་སྟོབས་ཀྱིས་མ་འོངས་པ་ཐོབ་པས། འདུས་བྱས་དེ་ལ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བྱས་ནའང་ 3-1-232b མི་འགལ་ལོ། །གསུམ་པ་ལ་དངོས་དང་། འཕྲོས་དོན་དུ་དེ་ལས་བྱེ་བྲག་མཐོང་ལམ་ཆོས་འཁོར་དུ་འདོད་ཚུལ་ལོ། །དང་པོ། དགེ་སྦྱོང་གི་ཚུལ་བར་ཆད་མེད་ལམ་དང་། ཟག་མེད་རྣམ་གྲོལ་འདུས་བྱས་དང་ བཅས་པ་གང་ཡིན་པ་དེ༷་ཉི༷ད་ནི། སྡིག་པ་མི་དགེ་བའི་ཆོས་དུ་མ་སྤངས་པས་ཚངས་པ་དང་། ཉོན་མོངས་པ་སྤང་བའི་ཟག་མེད་ཀྱི་ལམ་ཡིན་པས་ཚངས༷་པའི་ཚུལ༷་ཡང་ཡིན་ཏེ། བརྒྱ་བྱིན་གྱི་མདོ་ལས། བཅོམ་ལྡན་ འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ། ཞི་བ་དང་བསིལ་བར་གྱུར་པ་ཞེས་ཀྱང་བྱ། ཞེས་གསུངས་པའི་ཕྱིར་རོ། །དེ་ནི་ཚངས༷་པ༷་ཡི༷་འཁོར༷་ལོ༷་ཡང་ཡིན་ཏེ། འཁོར་ལོ་དང་འདྲ་བའི་ཕྱིར་དང་། ཚངས༷་པ༷་བཅོམ་ལྡན་འདས་ ཀྱིས་བསྐོར༷་བའི་ཕྱིར༷་རོ༷། །གཉིས་པ། དེ་ལ་ཆོས༷་ཀྱི༷་འཁོར༷་ལོ༷་ནི་མཐོང༷་བའི༷་ལམ༷་དེ་ཉིད་ཡིན་ཏེ། མྱུར༷་བར༷་འགྲོ༷་བ་དང་། སོ༷གས་སྒྲས། འདོར་བ་དང་། འཇུག་པ་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། རྒྱལ་བ་རྣལ་དུ་འགོད་པས་དང་། འཕར་བ་དང་། འབབ་པ་ཞེས་བྱ་བ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པས་སོ། །དེ་ལ་མཐོང་ལམ་སྐད་ཅིག་བཅོ་ལྔ་བར་མ་ཆད་དུ་གཅིག་རྗེས་གཅིག་མྱུར་དུ་སྐྱེ་བ་དང་། བདེན་པའི་ དམིགས་རྣམ་དང་བར་ཆད་མེད་ལམ་སྔ་མ་འདོར་བས་དང་། བདེན་པའི་དམིགས་རྣམ་དང་རྣམ་གྲོལ་ལམ་ཕྱི་མ་རྣམས་ལ་འཇུག་པ་དང་། བར་ཆད་མེད་ལམ་གྱིས་སྔར་མ་རྒྱལ་བ་མཐོང་སྤང་རྣམས་ཐོབ་པས་གཅོད་པའི་ 3-1-233a ཚུལ་གྱིས་དེ་ལས་རྒྱལ་བར་བྱེད་པ་དང་། རྣམ་གྲོལ་ལམ་གྱིས་བྲལ་ཐོབ་བཟུང་བས་རྒྱལ་བ་རྣལ་དུ་འགོད་པ་དང་། འཕར་བ་ནི། རྣམ་གྲོལ་གྱི་ལམ་མམ་གོང་མའི་བདེན་པ་ལ་འཇུག་པའོ། ། འབབ་པ་ལ་བར་ཆད་མེད་ལམ་དང་འདོད་པའི་བདེན་པ་ལ་འཇུག་པའོ། །བཙུན་པ་དབྱངས་སྒྲོགས་ན་རེ། མཐོང་ལམ་འཕགས་ལམ་བརྒྱད་ནི། འཁོར་ལོའི་རྩིབས༷་དང་སོག༷ས་ཀྱི༷་སྒྲས་ལྟེ་བ་དང་། མུ་ཁྱུད་དང་འདྲ་བས་ཆོས་ཀྱི་ འཁོར་ལོ་ཞེས་བྱའོ་ཟེར། དེ་ལ་ཤེས་རབ་ཀྱི་བསླབ༷་པ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། རྩོལ་བ་དང་། དྲན་པ་བཞི་ནི་རྩིབས་ལྟ་བུ་སྟེ་ཕན་ཚུན་འཇུག་པའི་ཕྱིར་དང་མཐོང་སྤང་གཅོད་པས་སོ། །ཡང་དག་པའི་ངག་དང་། ལས་མཐའ། འཚོ་བ་གསུམ་ནི། ལྟེ་བ་དང་འདྲ་སྟེ་དེ་དག་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ལ། དེ་ལ་བརྟེན་ནས་སེམས་ཀྱི་བསླབ་པ་ཏིང་འཛིན་ཐོབ་ལ། དེས་ཤེས་རབ་ཀྱི་བསླབ་པ་སྐྱེད་པས་སོ། །ཏིང་འཛིན་མུ་ཁྱུད་དང་འདྲ་ སྟེ་དེས་གཞན་ཉེ་བར་འཛིན་པའི་ཕྱིར་རམ་དམིགས་པ་ལ་སེམས་སྡུད་པའི་ཕྱིར་རོ་ཟེར། ཆོས་འཁོར་མཐོང་ལམ་ལ་ཟེར་བ་ཡང་མདོ་ལས། ཀུན་ཤེས་ཀོའུ་ཌིནྱ་ལ་མཐོང་ལམ་སྐྱེས་པ་ལ་སྐབས་དེར་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་གསུངས་ པས་སོ་ཟེར་རོ། །བཞི་པ། འདོ༷ད་པར༷་ནི་འབྲས་བུ་དང་པོ་གསུམ༷་སྔར་མ་ཐོབ༷་པ་ཐོབ་པར་འགྱུར་ལ། འབྲས་བུ་ཐ༷་མ༷་དགྲ་བཅོམ་ནི༷། ཁ༷མས་གསུམ༷་དུ༷་འཐོབ་པར་འགྱུར་བའོ༷། །ཅིའི་ཕྱིར་ན། ཁམས་གོང༷་ན༷་མཐོང༷་ལམ༷་མེ༷ད་པའི་ 3-1-233b ཕྱིར་དང་། མཐོང་ལམ་མ་སྐྱེས་པར་འདོད་པའི་ཆགས་པ་བྲལ་ཡང་ཕྱིར་མི་འོང་མི་ཐོབ་པའི་ཕྱིར་རོ། །གཟུགས་མེད་ན་གདམས་ངག་ཉན་པ་མེད་ལ། མཐོང་ལམ་དང་པོར་འདོད་པའི་སྡུག་བསྔལ་ལ་དམིགས་པའི་ཕྱིར་ གཟུགས་མེད་འདོད་པ་ལ་མི་དམིགས་ཤིང་གོང་མ་གཉིས་ན་མི༷་སྐྱོ༷་བའི་ཕྱིར་ཞེས་རིགས་པ་དང་། བཅུ་ཚན་བཅུ་ཡི་ལུང༷་ལ༷ས་ཀྱང་རིགས་ནས་རིགས་སྐྱེ་དང་མཆོག་ཏུ་ཐོགས་ན་ལན་བདུན་པ་དང་། བར་ཆད་གཅིག་པ་དང་། ཕྱིར་ འོང་དང་། བར་འདའ་ནས་གོང་འཕོ་བར་ལྔ་དང་། དགྲ་བཅོམ་པའོ་ཞེས་གང་ཟག་བཅུ་གསུངས་ནས། དེ་དག་ལས་དང་པོ་བཞི་དང་། དགྲ་བཅོམ་པ་ནི། འདིར༷་རྩོམ༷་ཞིང༷་འདིར་མཐར་ཕྱིན་པར་འགྱུར་རོ། །བར་མ་དོར་ མྱང་འདས་སོགས་ལྔ་ནི་འདིར་རྩོམ་ཞིང་གོང་མའི་ཁམས་དེར༷་མཐར༷་ཕྱིན༷་པར་འགྱུར་རོ་ཞེས༷་འབྱུང༷་བའི་ཕྱིར༷་རོ༷། །འདིར་འདོད་པ་དང་། དེར་གོང་མ། རྩོམ་པ་ནི་མྱང་འདས་ཐབས་ཀྱི་མགོ་འཛུག་པའོ། །གཉིས་པ་འབྲས་ བུ་མཐར་ཐུག་པ་དགྲ་བཅོམ་ལ་དབྱེ་བ་དང་ཞར་བྱུང་གཉིས། དང་པོ་ལ་དབྱེ་བ་དངོས་དང་། དེ་ཡི་ཁྱད་པར་གཉིས། དང་པོ། དགྲ༷་བཅོ༷མ་ལ་དབྱེ་ན་དྲུག་ཡོད་པར་འདོ༷ད་དེ། ཡོངས་སུ་ཉམས་པའི་ཆོས་ཅན། འཆི་བར་སེམས་པའི་ ཆོས་ཅན། རྗེས་སུ་བསྲུང་བའི་ཆོས་ཅན། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །ཞེས་གསུངས་པ་དེ་དག་ཀྱང་རིམ་པ་ལྟར། རྐྱེན་ཆུང་ངུས་རང་གི་རྟོགས་པ་ལས་ཉམས་པས་ 3-1-234a དང་། ཉམས་པར་དོགས་ནས་མྱ་ངན་ལས་འདའ་བར་སེམས་པ་དང་། ཉམས་པར་དོགས་པས་ལམ་བསྲུང་བ་ལ་བརྩོན་པ་དང་། རྐྱེན་ཆུང་ངུས་རྟོགས་པ་ལས་མི་བསྐྱོད་པ་དང་། དབང་པོ་འཕོས་ཏེ་མི་ གཡོ་བར་རྟོགས་པའི་སྐལ་བ་དང་ལྡན་པ་དང་། དབང་པོ་རྣོ་བས་རྟོགས་པ་ལས་ཉམས་མི་སྲིད་པ་རྣམས་སོ། །དེ༷་དག༷་ལ༷ས་དང་པོ་ལྔ༷་ནི༷་སློབ་པའི་སྐབས་ན༷་ད༷ད་པས༷་མོས༷་ལ༷ས་སྐྱེས་པ་ཡིན་ལ། དེ༷་དག༷་གི་རྣམ༷་པར༷་གྲོལ༷་བ༷་ནི༷་དུས༷་དང༷་ སྦྱོར༷་བ་ཡིན་ཏེ། ཟས་གོས་གནས་སོགས་ཀྱི་མཐུན་རྐྱེན་ཚང་བ་དང་། ནད་དང་དགྲའི་ཚེར་མ་ལ་སོགས་པའི་འགལ་རྐྱེན་མེད་པ་ལ་ལྟོས་པས་སོ། །དྲུག་པ་མི༷་གཡོ༷་བའི་ཆོས་ཅན་ནི། རྟོགས་པ་ལས་མི༷་གཡོ༷་བ༷་ཡིན་པ་དེ༷འི་ཕྱིར༷་དེ༷་ནི་ འགལ་རྐྱེན་དང་མཐུན་རྐྱེན་གྱི་དུས་དང་མི་སྦྱོར་བར་རང་དབང་གིས་གྲོལ་བ་ཡིན་ཏེ། འདོད་རྒུར་ཏིང་འཛིན་མངོན་དུ་གྱུར་པས་སོ། །མི་གཡོ་བའི་ཆོས་ཅན་དེ༷་ནི༷་ངེས་པར་སློབ་པའི་ཚེ་མཐོང༷་ཐོབ༷་སྔོན་དུ་འགྲོ་བའི་རྒྱུ༷་ལ༷ས་བྱུང༷་བ༷་ཡིན་ ནོ། །དེ་ཡང་དུས་དང་སྦྱོར་མི་སྦྱོར་གྱི་ཁྱད་པར་ནི། འདོད་རྒུར་ཏིང་ངེ་འཛིན་མངོན་དུ་འགྱུར་མི་འགྱུར་རམ། རྟོགས་པ་ལས་ཉམས་པ་སྲིད་མི་སྲིད་ཀྱིས་སོ། །དེ་ཡང་རྣམ་གྲོལ་ནི་དགྲ་བཅོམ་གྱི་འབྲས་བུ་ཡིན་ལ། དེ་གནས་མི་གནས་ རྐྱེན་ལ་རགས་ལས་པ་དུས་དང་སྦྱོར་བ་དང་། ཅིག་ཤོས་དེ་ལས་ལྡོག་པའོ་ཞེས་རང་གིས་བསམ་པ་འདི་ངེས་པའོ། །གཉིས་པ་ལ། དངོས་དང་། འཕྲོས་དོན། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གསུམ། དང་པོ་རྒྱུའི་ཁྱད་པར། ཉམས་ 3-1-234b མི་ཉམས་ཀྱི་ཁྱད་པར་གཉིས། དང་པོ། དེ་ཡང་དབང་པོ་མ་འཕོས་པ་ཁ༷་ཅི༷ག་ནི་དང༷་པོ༷་ནས༷་ཉམས་པའི་ཆོས་ཅན་སོགས་དེ༷་ཡི༷་རིགས་ཡིན་ལ། ཁ༷་ཅི༷ག་དབང་པོ་སྦྱང༷ས་པ༷་ལ༷ས་གྱུར༷་པ༷་ནི་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་དབང་ པོ་སྦྱངས་ནས་གཉིས་པར་འགྱུར་བ་ལ་སོགས་པ་ལྟ་བུའོ། །དེ་དག་རིགས་དྲུག་ཏུ་འགྱུར་བའི་རྒྱུ་ནི་རིམ་པར་སློབ་ལམ་དུ་ལམ་བསྒོམ་པ་ལ་རྟག་གུས་གཉིས་མེད་པ་དང་། གཉིས་ཀ་མེད་ལ་ཁྱད་པར་གུས་སྦྱོར་མེད་པ་དང་། རྒྱུན་སྦྱོར་ཙམ་ དང་ལྡན་པ་དང་། གུས་ལྡན་དང་། གཉིས་ལྡན་དབང་རྟུལ་དང་། གཉིས་ལྡན་དབང་རྣོན་ལས་གྱུར༷་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པའང་དེ་ལྟར་སྲིད་པས་ཡིན་གྱི་ངེས་པར་ཉམས་པ་སོགས་ནི་མིན་ནོ། །དེ་ལྟ་ན་ཁམས་ གསུམ་ཆར་ན་དགྲ་བཅོམ་དྲུག་གི་དབྱེ་བ་ཡོད་ལ། གང་དག་ངེས་པར་ཉམས་པར་འགྱུར་བ་འདོད་པ་ལྟར་ན། འདོད་པ་ལས་གོང་མ་གཉིས་ན་ནི་བཞི་པ་དང་དྲུག་པ་ལས་གཞན་མེད་དེ། དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་ པོ་འཕོ་མི་བསྟེན། །ཞེས་པ་བཞིན་ནོ། །གཉིས་པ། བར་པ་བཞི༷་ནི༷་རང་གི་རིགས༷་ལ༷ས་ཉམས་པར་འགྱུར་གྱི། དང་པོ་ནི་རང་གི་རིགས་ལས་ཉམས་པ་མིན་ཏེ་རིགས་དེ་བཅོས་མ་མ་ཡིན་པའི་ཕྱིར་དང་། དེ་བས་དམན་རིགས་མེད་ཅིང་དེ་སྦྱངས་ པ་ལས་གྱུར་པ་མི་སྲིད་པའི་ཕྱིར་རོ། །དང་པོ་ལྔ་པོ་ཐམས་ཅད་འབྲས་བུ་ལ༷ས་ཉ༷མས་པར་འགྱུར་ཏེ། སྒོམ་སྤང་ནི་གཞི་དང་བཅས་ཤིང་འབྲས་བུ་གློ་བུར་བ་ཡིན་པས་དང་པོ་ཡང་འབྲས་བུ་ལས་ཉམས་པ་སྲིད་དོ། །འོན་ཀྱང་དང་པོ་ནས་རིགས་ 3-1-235a ངེས་པ་ལ༷ས་ནི་ཐམས་ཅད་ཀྱང་ཉམས་པ་མ༷་ཡི༷ན་ཏེ། དེ་ནི་སློབ་མི་སློབ་ལམ་གཉིས་ཀྱིས་བརྟན་པར་བྱས་པས་སོ། །འོན་ཀྱང་དབང་པོ་སྦྱངས་པའི་རིགས་ནི་ཉམས་པ་ཡོད་དོ། །དགྲ་བཅོམ་དང་པོ་ལྔ་ཀའང་འབྲས་ བུ་ཕྱི་མ་གསུམ་ལས་ཉམས་པ་ཡིན་གྱི། དང་པོ་རྒྱུན་ཞུགས་ལས་མིན་ཏེ་ཆགས་སོགས་སྒོམ་སྤང་དམིགས་ཡུལ་གཞི་གཟུགས་སོགས་ཡོད་པས་དྲན་པ་ཉམས་པས་ངེས་པར་མི་རྟོག་པ་དག་ལ་ཉོན་མོངས་སོགས་སྐྱེ་སྲིད་ཀྱང་། མཐོང་སྤང་ངེས་རྟོག་ ཡིན་པས་ངེས་པར་མི་རྟོག་པར་འཕགས་པ་དག་ལ་མི་འབྱུང་སྟེ། མཐོང་སྤང་དེའི་གཞི་བདག་ཏུ་ལྟ་བ་སྤངས་པས་ཐག་པ་ལ་ཐག་པར་རྟོགས་པས་སྦྲུལ་འཛིན་མི་སྐྱེ་བ་བཞིན་ནོ། །མདོ་སྡེ་པ་འབྲས་བུ་བར་པ་གཉིས་འཇིག་རྟེན་ལམ་གྱིས་ཐོབ་ན་ ཉམས་སྲིད་ཀྱི། འདས་ལམ་གྱིས་ཐོབ་པ་ཉམས་པ་མེད་པར་འདོད། དགྲ་བཅོམ་ལ་ཉམས་པ་མེད་དེ་ཉོན་མོངས་ས་བོན་སྤངས་པས་སོ་གསུངས། གཉིས་པ་འཕྲོས་དོན་ལ་གསུམ་སྟེ། རིགས་ལས་འཕྲོས་པ། དབང་པོ་སྦྱངས་པའི་འཕྲོས་ དོན། ཉམས་པའི་འཕྲོས་དོན་གསུམ། དང་པོ། དགྲ་བཅོམ་དུ་མ་ཟད་འཕགས་པ་སློབ༷་པ༷་དང༷་འཕགས་མིན༷་སོ་སྐྱེའི་ཚེ་ནའང་ཉམས་པའི་ཆོས་ཅན་སོགས་རིགས༷་དྲུག༷་དང་ལྡན༷་ཏེ། འབྲས་བུ་རྒྱུ་ལ་མི་འཁྲུལ་བའི་ཕྱིར་རོ། །གཉིས་པ། དབང་ པོ་འཕོ་ན་སྐབས་གང་དུ་འཕོ་ཞེ་ན། མཐོང༷་བ༷་ཡི་ལམ་ལ༷་ནི༷་དབང་པོ་འཕོ༷་བ༷་མེ༷ད་དེ། དེ་ནི་མཉམ་བཞག་གི་རྒྱུན་གཅིག་ཡིན་པས་སྦྱོར་བ་མེད་པས་སོ། །དེས་ན་སོ་སྐྱེ་དང་། སློབ་པ་དད་མོས་དང་། མི་སློབ་པ་དུས་སྦྱོར་གྱི་སྐབས་ན་འཕོའོ། །དད་མོས་ 3-1-235b ནི་ཟག་མེད་ཁོ་ནས་འཕོ་ལ། བྱིས་པ་ནི་ཞི་རགས་རྣམ་ཅན་གང་ལ་བརྟེན་ཡང་མི་འགལ་ཏེ་ཅི་ནས་ཀྱང་བདག་དབང་པོ་དག་རྣོན་པོར་བྱའོ་སྙམ་དུ་སྦྱོར་བས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་རིམ་གྱིས་འཕོའོ། །གསུམ་པ་ལ་སྤྱིར་ཉམས་པའི་དབྱེ་ བ། དེ་སུ་ལ་ལྡན་གཉིས། དང་པོ། ཡང་མདོ་ལས་དགྲ་བཅོམ་པ་མི་གཡོ་བ་ལའང་མཐོང་ཆོས་བདེར་གནས་ལས་ཉམས་པར་བཤད་ན་དེ་མི་གཡོ་བར་ཅི་ལྟར་འགྱུར་ཞེ་ན། དེ་ལ་ཁྱད་ཡོད་དེ། ཡོངས་སུ་ཉམས་པ་ལ་རྣམ་པ་གསུམ་ ཡོད་དེ། ཡོན་ཏན༷་ཐོབ༷་ཟིན་རྙེད་པ་ལས་ཉམས་པ་དང༷་། ཡོན་ཏན་མ༷་ཐོབ༷་པ་ལས་ཉམས་པ་དང་། ཐོབ་ཀྱང་དེ་ལ༷་ཉེ་བར་ལོངས༷་སྤྱོད་པ་ལ༷ས་ཉམས་པ་སྟེ་ཡོངས༷་སུ་ཉ༷མས་པ་རྣམ༷་པ༷་གསུམ་དུ་ཡོད་པར་ཤེས༷་པར་བྱ༷་སྟེ། ཕྱི་མ་གཉིས་ལྡན་ པ་ལས་ཉམས་པ་ཡིན་ཏེ། རང་བཞིན་གྱིས་བླུན་པ་ལ་བློ་གྲོས་ཉམས་པ་ཞེས་བརྗོད་པ་བཞིན་ནོ། །གཉིས་པ་ལ། དངོས་དང་། དོགས་སྤང་གཉིས། དང་པོ། དེ་ལས་སྟོན༷་པ༷་སངས་རྒྱས་ལ་གདུལ་བྱའི་དོན་ལ་ཞུགས་པས་མཐོང་ཆོས་ བདེར་གནས་ཀྱི་ཡོན་ཏན་འགོག་སྙོམས་སོགས་ཐོབ་ཀྱང་མངོན་དུ་མི་བྱེད་པས་ཉམས་པ་ཐ༷་མ༷་ཉེར་སྤྱད་ལས་ཉམས་པར་བཤད་ལ། དགྲ་བཅོམ་མི༷་གཡོ༷་བ་ལ༷་ཉམས་པ་བར༷་མ༷་དང་མཐའ་མའང༷་ཡོད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སོགས་ མ་ཐོབ་པས་སོ། །དེ་དག་ལས་གཞན༷་དགྲ་བཅོམ་ལྔ་དང་སློབ་པ་སྒོམ་ལམ་པ་སོ་སྐྱེ་དབང་རྟུལ་རྣམས་ལ༷་ཉམས་པ་རྣམ་པ་གསུམ་མོ། །དེའི་ཕྱིར་དགྲ་བཅོམ་མི་གཡོ་བའི་ཆོས་ཅན། མཐོང་ཆོས་བདེར་གནས་ལས་ཉམས་པར་བཤད་པ་ཉེར་ 3-1-236a སྤྱད་ལས་ཉམས་པ་ཡིན་ལ། མི་གཡོ་བ་ནི་རྣམ་པར་གྲོལ་བ་ལས་ཡིན་ནོ། །མདོ་ལས་རྐྱེན་ལྔ་དང་རྒྱུ་ལྔས་དུས་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཡོངས་སུ་ཉམས་པར་འགྱུར་རོ། །ལྔ་གང་ཞེ་ན། ལས་ཀྱི་ མཐའ་ལ་ཞུགས་པ་ཡིན། སྨྲ་བ་ལ་ཞུགས་པ་ཡིན། རྩོད་པ་ལ་ཞུགས་པ་ཡིན། རིང་དུ་རྒྱུ་བའི་སྦྱོར་བ་དང་ལྡན་པ་ཡིན། ནད་ཀྱི་རྣམ་པ་ཡུན་རིང་པོས་ཐེབས་པ་ཡིན་ནོ་ཞེས་པས་དགྲ་བཅོམ་གཞན་དུ་མཐོང་བ་དེ་དང་འབྲས་བུ་གཉིས་ལས་ ཉམས་ཞེས་བྱེ་སྨྲས་ཟེར། མདོ་སྡེ་པ་སོགས་ཉམས་པའི་དགྲ་བཅོམ་གསུངས་པ་དེ་སློབ་པའི་དུས་སུ་དགོངས་ཟེར། གོང་མ་དག་བསྒོམ་སྤང་གི་ས་བོན་མ་སྤངས་པས་སོ་ཟེར་ཏེ་དེ་ཡིན་ནོ། །གཉིས་པ། དགྲ་བཅོམ་ཉམས་ཕྱིར་ཤི་ནས་ཡང་ འཁོར་བར་སྐྱེ་བར་འགྱུར་རོ་ཞེ་ན། འབྲས༷་བུ་ལ༷ས་ཡོངས་སུ་ཉ༷མས་པ༷་ནི། ཉམས་བཞིན་དུ་འཆི༷་འཕོ་བ༷་མེ༷ད་དེ། དྲན་པ་ཉམས་པ་ཆུང་ངུ་བྱུང་ཡང་དྲན་ཤེས་མི་འགྱུར་བར་སོར་ཆུད་པར་བྱེད་པའི་ཕྱིར་རོ། །ཉམས་པའི་རྒྱུ་འབྲས་ གནས་དང་འགལ་བའི་སྲོག་གཅོད་སོགས་བྱ༷་བ༷་མ༷་ཡི༷ན་པ་དེ༷་མི༷་བྱེད་དེ། ཟག་མེད་ཀྱི་ལམ་མངོན་དུ་གྱུར་པས་དེ་རིང་པོར་སྐབས་མི་ཐོབ་སྟེ་དྲན་ཤེས་མྱུར་དུ་སྐྱེ་བའི་ཕྱིར་རྩལ་པོ་ཆེ་འདྲེད་ཀྱང་རྡོག་མི་འཆོལ་པ་བཞིན་ནོ་ཟེར་རོ། །གསུམ་པ་ རྟོགས་དཀའ་བ་དབང་པོ་འཕོ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། ལམ་དུས་འཕོ། རྟེན་གང་ལ་འཕོ། ས་གང་ལ་བརྟེན་ནས་འཕོ་ཚུལ་གསུམ། དང་པོ་ལ་དངོས་དང་། ལམ་དེ་ཟག་ཟག་མེད་གང་ཡིན་བསྟན་པ་གཉིས། དང་པོ། 3-1-236b རྟོགས་པའི་སྐལ་བ་དང་ལྡན་པ་ཞིག་མི༷་གཡོ༷་བར་འཕོ་ན་རྣམ༷་གྲོལ༷་ལམ་དགུ་དང་། བར༷་ཆ༷ད་མེ༷ད་ལམ༷་དགུ༷་སྟེ་བཅོ་བརྒྱད་ཀྱིས་འཕོའོ༷། །མི་སློབ་པ་དབང་པོ་རྟུལ་པོའི་རིགས་དེ་སློབ་མི་སློབ་གཉིས་ཀྱིས་ཤིན༷་ཏུ༷་བསྟེན༷་ཅིང་གོམས་ པར་བྱས་པས་སྤང་དཀའ་བའི་ཕྱིར༷་རོ༷། །དེ་ཡང་མི་གཡོ་བར་འོག་མ་རྟོགས་སྐལ་འཕོ་བས་མཚོན། དགྲ་བཅོམ་དུ་ཞིག་འཕོའང་དེ་བཞིན་ཏེ་རང་ལམ་གྱི་དབང་པོ་ལམ་གཉིས་ཀྱིས་ཤིན་ཏུ་བརྟན་པར་བྱས་པའི་ཕྱིར་རོ། །སློབ་ པ་དད་པས་མོས་པ་ཞིག་མཐོང་བས༷་ཐོབ༷་པ་རྟོགས་པར་བྱེད་པ་ལ༷་ནི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་རེ༷་རེ༷་ཁོ་ན་ལ་སྐྱེ་བ་ཡིན་ཏེ། གོམས་པ་ཆུང་བས་སྤང་སླ་བའི་ཕྱིར་རོ། །སློབ་མི་སློབ་གཉིས་ཀྱི་ཡང་སྦྱོར་ལམ་ནི་གཅིག་ ཁོ་ནའོ། །གཉིས་པ། དབང་པོ་སྦྱོང་བའི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་དེ་ཡང་འཕགས་པ་ཡིན་ན་ཟག་མེད་ཁོ་ན་སྟེ། དོར་བྱའི་ལམ་ཡང་ཟག་མེད་ཡིན་ན་དེ་དམན་པས་མི་འདོར་བས་སོ། །སོ་སོ་སྐྱེ་བོས་ནི་ཟག་ བཅས་ཀྱིས་འཕོ་བ་ཡིན་ནོ། །གཉིས་པ། དབང་པོ་འཕོ་བ་དེ་ཡང་རྟེན་མི༷་ཁོ་ནའི༷་ནང་དུ་ཉམས་པ་སྲིད་པས་འཕེལ་ཞིང་འཕོ་ལ་གཞན་དུ་ནི་མིན་ཏེ། ངན་སོང་ལ་ལམ་མི་བརྟེན་པའི་ཕྱིར་དང་། གོང་ན་ཉམས་པ་མེད་ལ། འདོད་ ལྷས་བདེན་མཐོང་རྣམས་ནི་ཡུལ་བཟང་བས་ཡིད་བྱུང་ནུས་པའི་དབང་རྣོན་ཁོ་ན་ཡིན་ནོ། །གསུམ་པ་ལ། མི་སློབ་པ་ས་གང་ལ་བརྟེན་ནས་འཕོ་བ་དང་། སློབ་པ་གང་ལ་བརྟེན་ནས་འཕོ་བ་གཉིས། དང་པོ། ས་ནི་མི༷་སློབ༷་པ་དབང་པོ་སྦྱོང་ 3-1-237a བ་ཡིན་ན་ཟག་མེད་ས༷་དགུ༷་ལ༷་བརྟེན༷་ཏེ། དེའི་འབྲས་བུ་ས་དགུས་བསྡུས་པ་སྲིད་པའི་ཕྱིར་རོ། །གཉིས་པ་ལ་ས་དྲུག་ལ་བརྟེན་ཚུལ་དང་། དེ་ལས་ས་གཞན་ལ་མི་བརྟེན་པའི་རྒྱུ་མཚན་གཉིས། དང་པོ། དབང་པོ་འཕོ་བ་འདི་འབྲས་བུ་ཐོབ་པ་དང་ཚུལ་འདྲ་བས། སློབ༷་པ༷་ཕྱིར་འོང་ཡིན་ན་མི་ལྕོགས་མེད་དང་། ཕྱིར་མི་འོང་ཡིན་ན་བསམ་གཏན་ས་དྲུག་ལ་བརྟེན་གྱི་གཟུགས་མེད་ལ་མི་བརྟེན་ནོ། །གཉིས་པ། སློབ་པ་དེ་ས་གཞན་ ལ་མི་བརྟེན་པ་རྒྱུ་མཚན་གང༷་གི༷་ཕྱིར༷་ན་དབང་པོ་འཕེལ་བ་དབང་རྟུལ་གྱིས་བསྡུས་པའི་ཕྱིར་འོང་མི་འོང་གི་འབྲས༷་བུ༷་ཁྱ༷ད་པར༷་ཅ༷ན་བཏང༷་སྟེ། རྣོན་པོས་བསྡུས་པའི་འབྲས༷་བུ༷་ཙམ་པོ་བ་ཐོབ༷་པར་འགྱུར༷་བའི་ཕྱིར་དང་། ཕྱིར་མི་འོང་ ཐ་མའི་ཆ་མཐུན་སྤང་བས་ཕྱེ་བས་དང་། འདོད་པ་ལ་མི་དམིགས་པས་དེ་ན་མཐོང་ལམ་མེད་པའི་ཕྱིར། ཕྱིར་མི་འོང་གི་འབྲས་བུ་ཙམ་པོ་བ་སོགས་གཟུགས་མེད་ཀྱིས་བསྡུས་པ་མེད་པས་སོ། །གཉིས་པ། ཞར་ལ་ འཕགས་པའི་གང་ཟག་གི་དབྱེ་བ་གཞན་བཤད་པ་ལ། དགུར་དབྱེ་བ་དང་། བདུན་དུ་དབྱེ་བ་གཉིས། དང་པོ་ལ་དབྱེ་བ་དངོས་དང་། དེའི་རྒྱུ་མཚན་གཉིས། དང་པོ། ཡང་དགྲ་བཅོམ་པ་དེ་དག་རྣམ་པ་དགུར་ཕྱེ་སྟེ། སངས༷་རྒྱས༷་ དང་རང་སངས་རྒྱས་གཉི༷ས་དང༷་། ཉན་ཐོས་ཡོངས་སུ་ཉམས་པའི་ཆོས་ཅན་སོགས་སྔ་མ་ལྔའི་སྟེང་མི་གཡོ་བ་ལ་སྦྱངས་པ་ལས་གྱུར་པ་དང་། དང་པོ་ནས་མི་གཡོ་བའི་ཆོས་ཅན་གཉིས་ཏེ་བདུན༷་ནོ༷། །དེ་ལ་སངས་རྒྱས་གཉིས་ནི། 3-1-237b མི་གཡོ་བའི་བྱེ་བྲག་ཁོ་ན་ཡིན་ལ། གཉིས་ཀའི་ཆ་ལས་རྣམ་གྲོལ་ཡང་ཡིན་ནོ། །གཉིས་པ། དེ༷་དགུར༷་བཞག་པ་ནི། དབ༷ང་པོ༷་རྟུལ་འབྲིང་རྣོན་གསུམ་ལ་རེ་རེ་ཡང་གསུམ་གསུམ་དུ་ཕྱེ་བས་རྣམ༷་པ་དགུ་ཅ༷ན་ཡིན་ནོ། །དེ་ ཡང་ཉམས་པའི་ཆོས་ཅན་རྟུལ་པོའི་ཆུང་ངུ་སོགས་ནས་སྦྱངས་པ་ལས་གྱུར་པའི་མི་གཡོ་བ་འབྲིང་བོའི་ཆེན་པོའི་བར་གསུམ་གསུམ་བརྩིས་ཏེ་མཐར་རང་བཞིན་གྱིས་མི་གཡོ་བ་དང་། རང་རྒྱལ་དང་སངས་རྒྱས་གསུམ་ནི་རྣོན་པོའི་ ཆུང་འབྲིང་ཆེ་གསུམ་ཡིན་ནོ། །གཉིས་པ་ལ་སྤྱི་དང་། བྱེ་བྲག །ཞར་བྱུང་གསུམ། དང་པོ་ལ་བདུན་དུ་དབྱེ་བ་དང་། དྲུག་ཏུ་བསྡུ་བ་གཉིས། དང་པོ་ལ་དངོས་དང་། རྒྱུ་མཚན་གཉིས། དང་པོ། ཡང་འཕགས་པའི་གང༷་ཟག༷་ ཐམས་ཅད་བདུན༷་པོ་དག་ཏུ་བསྡུ་སྟེ། དེ་ལ་གང་ཟག་བདུན་ནི། དད་པའི་རྗེས་འབྲང༷་། ཆོས་ཀྱི་རྗེས་འབྲང་། དད་པས་མོས་པ། མཐོང་བས་ཐོབ་པ། ལུས་ཀྱིས་མངོན་བྱེད། ཤེས་རབ་ཀྱིས་རྣམ་པར་གྲོལ་བ། གཉིས་ཀའི་ཆ་ལས་ རྣམ་གྲོལ་ལོ། །བདུན་པར་སངས་རྒྱས་གཉིས་འདུའོ། །གཉིས་པ། དེ་ཡང་སྦྱོར༷་བས༷་བྱས་པ་ལས་ནི་དང་པོ་གཉིས་ཏེ། སྦྱོར་ལམ་སོགས་ཀྱི་དུས་ན་གཞན་དྲིང་ལ་འཇོག་པ་དང༷་མི་འཇོག་པས་སོ། །དབ༷ང་པོས༷་བྱས་པ་ནི་ གསུམ་པ་དང་བཞི༷་པ་གཉིས་ཏེ། གཉིས་ཀ་ལ་གཉིས་ཀ་ཡོད་ཀྱང་དད་པས་མོས་པ་ལྷག་པར་དང་། ཤེས་རབ་ལྷག་པར་ཡོད་པས་དབང་པོ་རྟུལ་རྣོན་འཇོག་པའི་ཕྱིར་རོ། །སྙོམས༷་འཇུག་གིས་བྱས་པ་ལྔ་པ་སྟེ། འགོག་སྙོམས་ལུས་ 3-1-238a ཀྱིས་མངོན་སུམ་དུ་བྱེད་ནུས་པས་སོ། །ཉོན་མོངས་ལས་རྣམ༷་པར་གྲོལ༷་བས་བྱས་པ་དྲུག་པ་སྟེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཁམས་གསུམ་གྱི་ཉོན་མོངས་ལས་གྲོལ་བའི་ཕྱིར་ད༷ང་། སྙོམས་ འཇུག་དང་རྣམ་གྲོལ་གཉི༷ས་ཀས་བྱས༷་པ་བདུན་པ་སྟེ། ཏིང་འཛིན་དང་ཤེས་རབ་ཀྱི་སྟོབས་ཀྱིས་སྙོམས་འཇུག་དང་ཉོན་སྒྲིབ་ཀྱི་ཆ་གཉིས་ཀ་ལས་གྲོལ་བའི་ཕྱིར་བཞག་པའོ། །གཉིས་པ་དྲུག་ཏུ་བསྡུ་བ་ནི། དེ༷་ད༷ག་མིང་གི་སྒོ་ནས་བདུན་ཡིན་ ཀྱང་རྫས་སུ་ནི་དྲུག༷་སྟེ། འདི༷་ལྟར༷་དབང་པོ་རྣོན་རྟུལ་གྱི་རིམ་པར་མཐོང་སྒོམ་མི་སློབ་པའི་ལམ༷་གསུམ༷་ལ༷་དད་པའི་རྗེས་འབྲང་། ཆོས་ཀྱི་རྗེས་འབྲང་། དད་མོས་མཐོང་ཐོབ་དང་། དུས་སྦྱོར་མི་སྦྱོར་གྱི་བར་གཉི༷ས་གཉི༷ས་ཏེ་དྲུག་གོ ། ཕྱི་མ་གསུམ་དུ་ཕྱེ་བ་ཕྱི་མ་གཉིས་སུ་འདུ་བས་སོ། །དེ་དག་ལ་དབང་པོ་རིགས་རྟེན་སོགས་ཀྱིས་དབྱེ་ན་མང་ངོ་། །གཉིས་པ་རྣམ་གྲོལ་གཉིས་བྱེ་བྲག་ཏུ་བཤད་པ་ནི། གང་ཞིག་བསམ་གཏན་དངོས་གཞི་ལ་བརྟེན་ནས་འགོག༷་པའི་ སྙོམས་འཇུག་ཐོབ༷་པ་ནི། གཉིས་ཀའི༷་ཆ་ལ༷ས་རྣམ་པར་གྲོལ་བ་ཡིན་ཏེ། ཤེས་རབ་ཀྱིས་ཉོན་སྒྲིབ་དང་། ཏིང་འཛིན་གྱིས་རྣམ་ཐར་གྱི་སྒྲིབ་པ་གདམས་ངག་བརྗེད་སོགས་ལྔ་དང་། བསམ་གཟུགས་སོ་སོའི་སྙོམས་པར་འཇུག་མི་ ནུས་པ་སྙོམས་འཇུག་གི་སྒྲིབ་པ་དང་གཉིས་སྤངས་བས་སོ། །མི་ལྕོགས་མེད་ལ་བརྟེན་པའི་ཤེས༷་རབ༷་ཀྱིས༷་ནི༷་ཁམས་གསུམ་གྱི་ཉོན་སྒྲིབ་འབའ་ཞིག་ལས་གྲོལ་བ་དེ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཡིན་ཏེ། གཉིས་ཀའི་ཆ་ལས་ 3-1-238b གྲོལ་བ་ལས་ཅི༷ག་ཤོས༷་ཡིན་པས་སོ༷། །དེ་ཡང་གཉིས་སུ་བསྡུ་ན་སྙོམས་འཇུག་གི་སྒྲིབ་པ་ནི་ཤེས་སྒྲིབ་ཡིན་ནོ། །གཉིས་གྲོལ་གཅིག་གྲོལ་དེ་ལ་དགྲ་བཅོམ་རྒྱན་ཅན་དང་རྒྱན་མེད་ཟེར་རོ། །གསུམ་པ་ཞར་བྱུང་དུ་སློབ་ མི་སློབ་དེ་དག་གང་གིས་རྫོགས་དཔྱད་པ་ནི། སྙོམ༷ས་འཇུག༷་གིས་སློབ་པ་རྫོགས་པ་ཕྱིར་མི་འོང་ལུས་མངོན་བྱེད། དབང་པོ༷་རྫོགས་པ་མཐོང་ཐོབ། འབྲས༷་བུས༷་རྫོགས་པ་ཕྱིར་མི་འོང་གི་འབྲས་བུ་ལ་གནས་པའོ། །དེ་ ལྟར་ཆོས་གསུམ་པོ་རྣམ༷ས་ཀྱིས༷་སློབ༷་པ༷་ཡོངས༷་སུ་རྫོགས༷་པ་ཞེས༷་བྱ་སྟེ། མདོ་ལས། འདི་ལ་གང་ཞིག་ཉོན་མོངས་ལྔ་སྤངས་ཏེ། །མི་འཕྲོག་ཆོས་ལྡན་སློབ་པ་ཡོངས་སུ་རྫོགས། །ཞེས་ཉོན་མོངས་ལྔ། ཐ་མའི་ ཆ་མཐུན་ལྔ་སྟེ་སྤངས་པས་འབྲས་བུ་རྫོགས་པ་དང་། གཞན་གྱིས་བསླབ་པ་མི་འཕྲོག་པ་ནི་མཐོང་ཐོབ་ཡིན་པས་དབང་པོས་རྫོགས་པ་དང་། མཐོང་ཆོས་བདེར་གནས་འགོག་པ་ལུས་ཀྱིས་མངོན་བྱེད་དང་ལྡན་པ་ནི་སྙོམས་འཇུག་ གིས་སོ། །དེས་ན་དབང་སྙོམས་གཉིས་དང་སྙོམས་འཇུག་ཁོ་ནས་རྫོགས་པ་མི་སྲིད་ལ། གཞན་རེ་རེ་གཉིས་གསུམ་གྱིས་རྫོགས་པ་ཅི་རིགས་སྦྱར་རོ། །དབང་པོ་ཁོ་ནས་རྫོགས་པ་ནི་མཐོང་ཐོབ་ཆགས་བཅས་འཕགས་པའོ༷། ། དབང་པོ་སྙོམས་འཇུག་གཉི༷ས་ཀྱིས་མི་སློབ༷་པ་ཡོངས་སུ༷་རྫོགས་ཏེ། འབྲས་བུ་མ་རྫོགས་པའི་མི་སློབ་པ་མི་སྲིད་པས་དེ་མ་བཤད་ལ། དབང་པོས་རྫོགས་པ་ཤེས་རབ་ཀྱིས་རྣམ་གྲོལ་དུས་དང་མི་སྦྱོར་རོ། །སྙོམས་འཇུག་གིས་ 3-1-239a རྫོགས་པ་དུས་སྦྱོར་གཉིས་ཀའི་ཆ་ལས་གྲོལ་བའོ། །དབང་སྙོམས་གཉིས་ཀས་རྫོགས་པ་གཉིས་ཆ་ལས་རྣམ་གྲོལ་དུས་མི་སྦྱོར་རོ། །འདིས་ནི་གང་ཟག་ཐམས་ཅད་སློབ་མི་སློབ་གཉིས་སུ་བསྡུས་ལ། དེ་ དེའི་ཆོས་ཡོངས་སུ་ཚང་བར་བྱེད་པ་ཅི་ཡིན་བརྟགས་པ་སྟེ། སློབ་དང་མི་སློབ་པའི་དབྱེ་བ་ཅི་རིགས་པ་དེ་དག་གིས་བྱས་པས་སོ། །ཡོངས་སུ་རྫོགས་པ་ནི་དེ་དག་རྫོགས་བྱེད་ཚང་དགོས་ལ་རེ་རེ་གཉིས་སོགས་ཀྱིས་རྫོགས་པ་ནི་དཔེར་ བརྗོད་པའོ། །བཞི་པ་བདེན་པ་མངོན་རྟོགས་ཀྱི་ལམ་རང་གི་ངོ་བོ་ལ། སྤྱི་བྱེ་བྲག །སྐབས་སུ་བབས་པའི་དོན་གཞན་བཤད་པ་གསུམ། དང་པོ་ལ་དངོས་དང་ཞར་བྱུང་གཉིས། དང་པོ། དེ་ཡང་ལམ་ལ། འདས། མ་འདས་ ལམ། མཐོང་སྒོམ་མི་སློབ་ལམ། སྦྱོར་བ་བར་ཆད་མེད་ལམ། རྣམ་གྲོལ་ལམ། ཁྱད་པར་གྱི་ལམ་ཞེས་མང་པོ་ཞིག་བཤད་པ་དེ་དག་བསྡུ་ན་དུ་ཞིག་ཡིན་ཞེ་ན། མདོར༷་ན་ལམ་ནི་རྣམ་བཞི༷་སྟེ། །ཁྱད་པར་ཅ༷ན་དང་རྣམ་གྲོལ་ དང་། །བར༷་ཆ༷ད་མེད་དང་སྦྱོར་ཞེས་བྱ། །ཞེས་པ་འདོན་པ་བསྒྱུར་ཏེ། སྦྱོར་དང་བར་ཆད་མེད་པ་དང་། །རྣམ་གྲོལ་ལམ་དང་ཁྱད་པར་ཅན། །ཞེས་བྱ་བ་བཞིར་རིགས་པར་བྱ་སྟེ། དང་པོ་ནི་བར་ཆད་མེད་པའི་ལམ་གྱི་རྒྱུའོ། །གཉིས་ པ་སྒྲིབ་པ་ལ་དངོས་སུ་གནོད་པ་བྱེད་པའོ། །གསུམ་པ་སྒྲིབ་པ་ལས་གྲོལ་བ་དང་པོར་སྐྱེས་པའོ། །བཞི་པ་དེ་ཕྱིན་ཆད་ཀྱི་རྣམ་པར་གྲོལ་བའི་ལམ་སྟེ། དེ་ཡང་མཐོང་ལམ་ལྟ་བུ་ལ་དཔེར་བརྗོད་ན། ངེས་འབྱེད་ཆ་མཐུན་རྣམས་ 3-1-239b དང་། བཟོད་པ་བརྒྱད་དང་ཤེས་པ་རྣམས་དང་། བསྒོམ་ལམ་རྣམས་རིམ་བཞིན་ནོ། །དེ་ལ་དང་པོ་གཉིས་རྣམ་གྲོལ་གྱི་ཁང་བཟང་དུ་འགྲོ་ཕྱིར་ལམ་ཡིན་ལ། ཕྱི་མ་གཉིས་ནི་དེ་དང་འདྲ་བའི་ཕྱིར་རྒྱུ་བསགས་པའི་སྒོ་ནས་སྔ་མ་ བས་ཆེས་ཁྱད་པར་དུ་འགྲོ་བའི་ཕྱིར་རམ། གོང་ནས་གོང་དུ་ཕྱིན་པར་བྱེད་པའམ། དེ་དག་སྐྱེས་ན་ལྷག་མེད་དུ་འཇུག་པའི་ཕྱིར་ལམ་མོ། །གཉིས་པ། ལམ་དཀའ་སླ་དང་། མངོན་ཤེས་མྱུར་བུལ་གྱི་ལམ་མུ་བཞི་བཤད་པ་ནི། ཡང་ མདོ་ལས། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་དང་། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་དང་། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་དང་། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཞེས་བཞི་བཤད་པ་གང་ཞེ་ ན། བསམ་གཏན་དངོས་གཞི་ལ་བརྟེན་པ་དག༷་གི༷་ལམ༷་རྣམ༷ས་ནི། གོམས་པ་སླ་བ་ཡིན་ཏེ། ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་ལྷག་ཆ་མཉམ་པར་འཇུག་པས་འབད་མི་དགོས་པར་ངང་གིས་འཇུག་པས་སོ། །ས༷་གཞ༷ན་མི་ལྕོགས་ མེད་དང་། བསམ་གཏན་ཁྱད་པར་ཅན་དང་། གཟུགས་མེད་པ་ལ་བརྟེན་པ་དག༷་གི༷་ལམ་རྣམས་ནི་གོམས་པ་དཀའ༷་བ༷་ཡི༷ན་ཏེ། གཟུགས་མེད་ཡན་ལག་གིས་མ་ཟིན་པས་དང་། མི་ལྕོགས་མེད་དང་ཁྱད་པར་ཅན་གཉིས་ལྷག་མཐོང་ཤས་ ཆེ་ལ། གཟུགས་མེད་ཞི་གནས་ཤས་ཆེ་བས་ཞི་ལྷག་ཆ་མི་མཉམ་པས་འབད་པས་བསྒྲུབ་དགོས་པས་སོ། །གང་ཟག་བློ༷་གྲོས༷་རྟུལ༷་པོས་ནི་ལམ་དཀའ་འམ་སླ་ཡང་རུང་ཤེས་བྱ་མངོ༷ན་པར་ཤེས༷་པ་བུལ༷་བ༷་སྟེ༷། རྟུལ་བ་ལས་ཅི༷ག་ཤོ༷ས་ 3-1-240a དབང་རྣོན་གྱི༷་ནི༷་ལམ་དཀའ་འམ་སླ་ཡང་རུང་མངོ༷ན་ཤེས༷་མྱུར༷་བ་ཡིན་ནོ། །དེས་ན་དབང་རྣོན་ས་གཞན་ལ་བརྟེན་པ་ལམ་དཀའ་ལ་མངོན་ཤེས་མྱུར་བ་སོགས་སོ། །གཉིས་པ་བྱེ་བྲག་ལམ་གྱི་གཙོ་བོ་བྱང་ཆོས་སོ་ བདུན་བཤད་པ་ལ། དངོས་དང་དེའི་ཁྱད་པར་གཉིས། དང་པོ་ལ། མིང་གི་སྒོ་ནས་སོ་བདུན་དུ་བཞག་ཚུལ་དང་། དོན་གྱིས་བཅུར་འདུ་ཚུལ། དེ་རྣམས་ལམ་དུ་བཞག་པའི་རྒྱུ་མཚན་བསྟན་པ་གསུམ། དང་པོ། སྒྲིབ་པ་ཟ༷ད་པ་དང༷་ཕྱིན་ ཆད་མི༷་སྐྱེ༷་ཤེས༷་པ༷་ནི༷། བྱང༷་ཆུབ༷་ཅེས་བྱ་སྟེ་སྒྲིབ་པ་ཟད་ཅིང་བྱང་བའི་ཕྱིར་དང་། ཟད་ཅིང་མི་སྐྱེ་བར་ཆུབ་ཅིང་རྟོགས་པས་སོ། །དེའང་གང་ཟག་གིས་དབྱེ་བས་གསུམ་མོ། །དེ༷་དང༷་དངོས་བརྒྱུད་ཀྱི་སྒོ་ནས་རྗེས་སུ་མཐུན༷་པའི་རྒྱུ་ཉི༷ད་ཡིན་པའི་ཕྱིར༷་ དྲན་ཉེ་སོགས་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་སུམ༷་ཅུ༷་རྩ༷་བདུན༷་པོ་ལ་ནི། བྱང་ཆུབ་དེའི༷་ཕྱོག༷ས་དང་མཐུན༷་པ་ཞེས་བྱའོ། །དེ་ཡང་མིང༷་གི༷་སྒོ༷་ནས༷་ཡིན་ནོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། རྫས༷་སུ༷་ནི་བཅུ༷་ཞེས་པས་བསྟན་ཏེ། དད་པའི་རྫས་རིགས་མཐུན་ནས་ཤིན་ཏུ་སྦྱངས་པའི་རྫས་རིགས་མཐུན་པར་བཅུ་ཡོད་པའི་ཕྱིར་རོ། །གཉིས་པ་རྒྱས་བཤད་ལ། བཅུ་པོ་བཤད་པ་དང་། གཞན་རྣམས་དེར་འདུ་ཚུལ་གཉིས། དང་པོ། གང་ཞེ་ན། ད༷ད་པ་དང༷་། བརྩོན་འགྲུས་དང་། དྲ༷ན་པ༷་དང༷་། ཤེས༷་རབ༷་དང་། ཏིང༷་ངེ་འཛིན༷་དང་། བཏང༷་སྙོམས༷་དང་། དགའ༷་བ་དང་། རྟོག༷ས་པ་དང༷་། ཚུ༷ལ་ཁྲིམས༷་དང་། ཤིན༷་ཏུ༷་སྦྱང༷ས་དང་བཅུའི་རང་བཞིན་ཡིན་ནོ། །གཉིས་པ། དྲ༷ན་པ༷་ཉེར༷་བཞག༷་བཞི་པོའི་ངོ་བོ་ཤེས༷་རབ༷་སྟེ༷། བརྩོན༷་ 3-1-240b འགྲུས༷་ལ་ནི་ཡང༷་དག༷་པར་འཇོག་ཅིང་སྤོང་བ་བཞི་ཞེས༷་བྱའོ༷། །རྫུ༷་འཕྲུལ༷་རྐང༷་པ༷་བཞི་ནི་ཏིང༷་འཛིན༷་ནོ༷། །དེ་ཡང་དབང་སྟོབས་ཀྱི་ཤེས་རབ་དང་། འཕགས་ལམ་བརྒྱད་ཀྱི་ནང་ནས་ཡང་དག་ལྟ་དང་། བྱང་ཆུབ་ཡན་ལག་བདུན་གྱི་ནང་ ནས་ཆོས་རབ་རྣམ་འབྱེད་གཉིས་ནི་ཤེས་རབ་ཡིན་ལ། དབང་སྟོབས་འཕགས་བྱང་གི་སྐབས་ན་ཏིང་འཛིན་སོགས་རང་མིང་གིས་སྨྲོས་པ་དེ་དང་དེ་ཡིན་ལ། ངག་ལས་འཚོ་གསུམ་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་སྤང་སེམས་ལ་འདོད་ན་རྫས་ གཅིག་དང་། བྱེ་སྨྲའི་ལྟར་ལུས་ངག་གི་ལས་ལ་འདོད་ན་ཚུལ་ཁྲིམས་ཀྱི་ཡན་ལག་རྫས་ཐ་དད་དེ་བཅུ་གཅིག་གོ། གསུམ་པ་དེ་རྣམས་ལམ་དུ་འཇོག་པའི་རྒྱུ་མཚན་གཙོ་བོའི་སྒོ་ནས་ཡིན་པར་སྟོན་པ། དྲན་ཉེར་ཤེས་རབ། ཡང་དག་སྤང་ བཞི་བརྩོན་འགྲུས། རྫུ་འཕྲུལ་རྐང་བཞི་ཏིང་འཛིན་ཡིན་ནོ་ཞེས་བྱ་བའང་། ཤེས་རབ་སོགས་ལམ་དེ་ན་གཙོ༷་བོ༷་སྨོས༷་པ༷་ཡིན་གྱི། དེ༷་དག༷་ནི༷་འཁོར་དང་བཅས་ན་སྐྱེས་ཐོབ་ཀྱི་ཡོན་ཏན་དད་སོགས་མ་གཏོགས། སྦྱོར༷་བྱུང༷་གི་ཡོན༷་ཏན༷་ཐོས་བསམ་སྒོམ་བྱུང་གི་ ཟག་ཟག་མེད་དང་། དགའ་ཤིན་སྦྱང་བཏང་སྙོམས་ཡང་དག་རྟོགས་དད་པ་དྲན་པ་ཚུལ་ཁྲིམས་སོགས་ཀུན༷་ཀྱང༷་དྲན་པ་ཉེར་བཞག་ལ་སོགས་པ་ཡི༷ན་གྱི། གཙོ་བོ་ཁོ་ན་མིན་ནོ། །གཉིས་པ་ཁྱད་པར་ལ། གནས་སྐབས་གང་དུ་འཇོག་པའི་ཁྱད་ པར། ཟག་མེད་ཟག་བཅས་ཀྱི་ཁྱད་པར། ས་གང་ན་ཡོད་དཔྱད་པ་གསུམ། དང་པོ། དྲན་པ་ཉེར་བཞག་སོགས་སྡེ༷་ཚན༷་བདུན༷་ནི༷། སྐབས་དེ་དང་དེར་གཙོ་བོ་ཡིན་པས་གོ༷་རིམ༷་བཞིན༷་དུ་ལ༷ས་ནི༷་དང༷་པོ༷་པ༷་ལ༷་ཚོགས་ལམ་དག༷་ལ་དྲན་ཉེར་བཞི་དང༷་། ངེས༷་འབྱེ༷ད་ 3-1-241a ཆ༷་མཐུན༷་དྲོད་ཀྱི་སྐབས་སུ་ཡང་དག་སྤོང་བ་བཞི་དང་། རྩེ་མོར་རྫུ་འཕྲུལ་རྐང་པ་བཞི་དང་། བཟོད་པ་ལ་དབང་པོ་ལྔ་དང་། ཆོས་མཆོག་ལ་སྟོབས་རྣམ༷ས་དང༷་ནི༷། སྒོམ༷་ལམ་ལ་ནི་བྱང་ཆུབ་ཡན་ལག་བདུན་དང༷་། མཐོ༷ང་ ལམ་ལ༷་འཕགས་ལམ་བརྒྱད་ཡིན་པར་རབ༷་ཏུ༷་ཕྱེ་བ༷་ཡིན་ནོ། །གཉིས་པ་ལ་ནི། བྱང༷་ཆུབ༷་ཡན༷་ལག༷་བདུན༷་དང་། འཕགས་ལམ༷་ཡན༷་ལག༷་བརྒྱད་ནི་ཟག༷་པ༷་མེ༷ད་པ་ཡིན་ལ། གཞན༷་ནི་ཟག་ཟག་མེད་རྣམ༷་པ་གཉི༷ས་ཏེ། སོ་སྐྱེའི་རྒྱུད་ལ་ཡོད་པ་སྦྱོར་ལམ་ གྱིས་བསྡུས་པ་ཟག་བཅས་དང་། འཕགས་རྒྱུད་ལ་ཡོད་པ་ལམ་གསུམ་གྱིས་བསྡུས་པ་དག་ཟག་མེད་ཡིན་པས་སོ། །གསུམ་པ། བས༷མ་གཏན༷་དང༷་པོ༷་ན༷་སོ་བདུན་པོ་ཐམ༷ས་ཅ༷ད་ཡོད་ལ། མི༷་ལྕོགས༷་མེ༷ད་ན༷་བཏང་སྙོམས་ས་པ་ཡིན་པས་དགའ༷་བ་མ༷་ གཏོགས༷་སོ་དྲུག་ཡོད་དེ། བདེ་བླག་ཏུ་ཐོབ་པ་དང་། དོགས་པ་མེད་ན་དགའ་བར་འགྱུར་བ་ལས་དང་པོའི་ཉེར་བསྡོགས་ནི་རྩོལ་ནས་བསྐྱེད་དགོས་པ་དང་། ས་འོག་མར་ཉམས་ཀྱིས་དོགས་པ་དང་། ཚོར་བ་བཏང་སྙོམས་ཡིན་པས་སོ། །བསམ་གཏན་ གཉི༷ས་པ༷་ནི༷་རྟོག༷ས་པ་མ༷་གཏོགས༷་སོ་དྲུག་ཡོད་དེ། རྟོག་པ་དེ་གཉིས་པས་སྤངས་ཟིན་པའི་ཕྱིར་རོ། །བསམ་གཏན་ཕྱི་མ་གཉི༷ས་ན༷་དགའ་རྟོག་དེ༷་གཉི༷ས་མ༷་གཏོགས༷་པ༷་སོ་ལྔ་ཡོད་ལ། བས༷མ་གཏན༷་དང་པོའི་དངོས་གཞི་ཙམ་པོ་དང་། གཉིས་པའི་བར༷་ མ་དང་པོའི་དངོས་གཞི་ཁྱད་པར་ཅན་ན༷འང་དགའ་རྟོག་མ་གཏོགས་སོ་ལྔ་ཡོད་ལ། གཟུགས༷་མེ༷ད་པ༷་དང་པོ་གསུམ༷་ན༷འང༷་། དགའ་རྟོག་དེ༷་དང༷་ཚུལ༷་ཁྲིམས་ཡན་ལག་གསུམ་མ་གཏོགས་སོ་གཉིས་ཡོད་དོ། །བྱང༷་ཆུབ༷་ཀྱི་ཡན་ལག་བདུན་ 3-1-241b དང༷་ནི༷་འཕ༷གས་ལམ༷་ཡན༷་ལག༷་བརྒྱད་མ༷་གཏོགས༷་པ་ཉེར་གཉིས་ནི་འདོ༷ད་ཁ༷མས་དང་སྲི༷ད་རྩེ༷་ན༷་ཡོ༷ད་དེ། དེ་དག་མེད་པ་ནི་ས་དེ་གཉིས་ལ་ཟག་མེད་ཀྱི་ལམ་མི་བརྟེན་པའི་ཕྱིར་རོ། །སྲིད་རྩེ་སོགས་གཟུགས་མེད་ན་ལུས་དྲན་ཉེ་ཇི་ལྟར་ ཡོད་དེ་རང་ས་ན་མེད་ལ་འོག་ས་ལ་མི་དམིགས་ན་དེའི་ཡུལ་ལུས་ཡིན་པའི་ཕྱིར་ཞེ་ན། རང་ས་ན་གཟུགས་མེད་ཀྱང་ནམ་མཁའ་མཐའ་ཡས་ཉེར་བསྡོགས་ལ་བརྟེན་པའི་དྲན་ཉེ་དགེ་བ་ཟག་བཅས་ཀྱིས་བསམ་གཏན་བཞིའི་གཟུགས་ ཟག་བཅས་ལ་དམིགས་པ་དང་། འོག་མ་ལ་མི་དམིགས་པར་བཤད་པ་ནི་དངོས་གཞི་དགེ་བས་ཟག་བཅས་ལ་མི་དམིགས་པ་ཡིན་ལ། གཟུགས་མེད་དང་པོ་གསུམ་གྱི་དངོས་གཞི་དགེ་བ་ཟག་བཅས་ཟག་མེད་ཀྱིས་བསམ་གཏན་ས་དྲུག་ ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པས་དང་། སྲིད་རྩེའི་ཤེས་རབ་དགེ་བ་ཟག་བཅས་ཀྱིས་བསམ་གཏན་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པའི་ཕྱིར་དང་། དེ་ཡང་འབྱུང་འགྱུར་གྱི་གཟུགས་སུ་འདོད་པའི་ཕྱིར་རོ། །ཞེས་ རྒྱལ་སྲས་འཆད་དོ། །ཡང་གལ་ཏེ་ཁམས་གོང་མ་གཉིས་ན་མི་དགེ་བ་མེད་ན་དེ་དག་སྐྱེས་སྤང་གི་བརྩོན་འགྲུས་ཇི་ལྟར་ཡོད་ཅེ་ན། དེ་ལྟ་མོད་ཀྱི་ཉོན་མོངས་དང་སྙོམས་འཇུག་གི་སྒྲིབ་པ་ཟག་བཅས་ལ་སྡིག་པའི་སྒྲར་བརྗོད་དེ་དོན་དམ་པའི་མི་ དགེ་བ་ཡིན་པའི་ཕྱིར་རོ་ཞེས་བསམས་སོ། །གསུམ་པ་སྐབས་སུ་བབས་པའི་དོན་ལ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ཤེས་ནས་དད་པ་ཁྱད་པར་དུ་བཤད་པ་དང་། ཡང་དག་པའི་རྣལ་གྲོལ་དང་། ཤེས་པ་ཁྱད་པར་དུ་ 3-1-242a བཤད་པ་གཉིས། དང་པོ་ལ། རྒྱུ་གང་གིས་ཐོབ་པ་དང་ངོ་བོ་གང་ཡིན་དཔྱད་པ་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ་ལ། བདེན་པ་དང་པོ་གསུམ་གྱི་སྐབས་སུ་ཐོབ་ཚུལ། ཕྱི་མའི་སྐབས་སུ་ཐོབ་ པ་གཉིས། དང་པོ། ཡང་མདོ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་ཅིང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་ཞེས་ཤེས་ནས་དད་པ་ཐོབ་པ་བཞི་བཤད་ན། ལམ་བྱང་ཕྱོགས་ལ་གནས་པ་དེ་དག་ གནས་སྐབས་གང་དུ་ཤེས་ནས་དད་པ་ཇི་ལྟར་ཐོབ་ཅིང་། དེ་དག་གི་ངོ་བོ་ཡང་གང་ཞེ་ན། མཐོང་ལམ་དུ་བདེན༷་པ་དང་པོ་གསུམ༷་མངོན་སུམ་དུ་མཐོང༷་ན༷་དེ་དག་ཆོས་ཡིན་ལ་སངས་རྒྱས་དང་དགེ་འདུན་གྱི་ངོ་བོ་མིན་པས། འཕགས་པ་དགྱེས་ པའི་ཚུལ༷་ཁྲིམས༷་དང༷་ཆོས༷་ལ༷་ཤེས༷་ནས༷་ད༷ད་པ༷་འཐོབ༷་སྟེ། དེའི་ཚེ་ཟག་མེད་ཀྱི་སྤོང་བདུན་ཐོབ་ཅིང་བདེན་པ་མངོན་སུམ་དུ་མཐོང་བས་ཆོས་ཙམ་དུ་ཡིད་ཆེས་པས་སོ། །གཉིས་པ། ལ༷མ་བདེན་མངོ༷ན་སུམ་དུ་རྟོག༷ས་ན༷་ལམ་དེ་སློབ་མི་ སློབ་དུ་བྱེད་པའི་ཆོས་ཡིན་པས། སང༷ས་རྒྱས༷་དང༷་སངས་རྒྱས་དེ༷་ཡི༷་ཉན་ཐོས་ཀྱི་དགེ༷་འདུ༷ན་དག༷་ལ༷་ཡ༷ང་ཤེས་ནས་དད་པ་ཐོབ་སྟེ། ཡང་སྒྲས་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་ཐོབ་པའང་སྡུད་པའོ། །འདི་ལ་འཕགས་རྣམས་ དགྱེས་ཤིང་མཉེས་པས་ཟག་མེད་སྡོམ་པ་ནི་ཚུལ་ཁྲིམས་སོ། །དེའང་བདེན་པ་རྣམས་ཇི་བཞིན་མངོན་སུམ་དུ་རྟོགས་ནས་ཡིད་ཆེས་ཀྱི་དད་པ་ཐོབ། གཉིས་པ། དད་ཡུལ་གྱི་ཆོས་བྱེ་བྲག་ཏུ་བཤད་པ། ཆོས་ནི་སློབ་མི་སློབ་ཀྱི་ 3-1-242b ལམ་བདེན་ཡིན་ན། དེ་ལ་བདེན་པ་དང་པོ་གསུམ་མཐོང་བས་ཆོས་ལ་ཤེས་ནས་ཇི་ལྟར་དང་། གལ་ཏེ་བདེན་པ་དེ་ཁོ་ན་ལ་ཆོས་སུ་འདོད་ན་སྡུག་བསྔལ་བདེན་པ་མཐོང་བ་ཙམ་ན་ཆོས་ལ་ཤེས་ནས་དད་པ་ཐོབ་པར་འགྱུར་བས་བདེན་ གསུམ་ཞེས་ཇི་ལྟར་བཤད་ཅེ་ན། འདིར་ཆོས་ཀྱི་སྒྲ་ནི་བདེན་པ་དང་པོ་གསུམ༷་ལ་བརྗོད་དེ། དེ་དག་གི་དེ་ཁོ་ན་ཉིད་ཆོས་ཡིན་པའི་ཕྱིར་དང༷་། འགོག་པ་ནི་ཆོས་རྣམས་ཀྱི་མཆོག་ཀྱང་ཡིན་པས་སོ། །དེའི་ཕྱིར་བདེན་གསུམ་མཐོང་ནས་ ཆོས་ལ་ཤེས་ནས་དད་ཅེས་པ་བདེན་གསུམ་ཅི་རིགས་པ་ཡིན་གྱི་ཚོགས་པ་ནི་མིན་ནོ། །དེ་བཞིན་རང༷་སང༷ས་རྒྱས༷་ཀྱི་སློབ་མི་སློབ་ཀྱི་ལམ་དང་། བྱང༷་ཆུབ༷་སེམ༷ས་དཔའི༷་སློབ་པའི་སྐབས་ཀྱི་ཟག་མེད་ཀྱི་ལམ༷་ཡང་ཆོས་ཡིན་ཏེ། དེ་ དག་ནི་མངོན་པར་རྟོགས་པའི་ཆོས་ཡིན་པས་སོ། །ཚོགས་པ་མིན་པས་དགེ་འདུན་མིན་ལ་སངས་རྒྱས་ཀྱང་མིན་ནོ། །བསེ་རུ་ལྟ་བུ་ནི་འདུས་པ་མེད་ལ། དེའི་ལམ་ཡང་གཞན་གྱི་སྒྲ་ལ་མི་བརྟེན་ཅིང་། བྱང་ཆུབ་སེམས་དཔའི་ལམ་ གཞན་གྱི་དྲིང་ལ་མི་འཇོག་པས་དགེ་འདུན་མིན་ནོ་ཟེར། ལམ་དེ་སངས་རྒྱས་མིན་པ་གོ་སླ་ལ། དེས་ན་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་ཆོས་ཡིན་པས་བདེན་པ་བཞི་ཆར་ཡང་ཆོས་ཡིན་པའི་ཕྱིར། བདེན་པ་བཞི་ཆར་ མངོན་པར་རྟོགས་པས་ཀྱང་ཆོས་ལ་ཤེས་ནས་དད་པར་འགྱུར་བ་ཡིན་ནོ༷། །གཉིས་པ་ངོ་བོ། ཤེས་ནས་དད་པ་བཞི་པོ་ཡང་ཡུལ་ལམ་གཞི་དཀོན་མཆོག་གི་སྒོ་ནས་ཕྱེ་སྟེ་མིང་གིས་ཡིན་གྱི། རྫ༷ས་སུ༷་གཉི༷ས་ཏེ༷་དཀོན་མཆོག་ལ་ད༷ད་པ༷་དང༷་ 3-1-243a འཕགས་པ་དགྱེས་པའི་ཚུལ༷་ཁྲི༷མས་སོ། །འདི་ཡང་སེམས་དང་སྟོབས་ཀྱིས་ཚུལ་ཁྲིམས་ཀྱང་དག་པ་ཡིན་པས་རྒྱུ་མིང་འབྲས་ལ་བཏགས་ཏེ་ཤེས་ནས་དད་པའི་མིང་གིས་བསྟན་ཏོ། །དད་ཚུལ་དེ་གཉིས་ཀའང་ཟག་པའི་ གཉེན་པོ་ཡིན་པས་དྲི༷་མ༷་མེ༷ད་པ༷་ཟག་མེད་ཡི༷ན་ནོ། །མདོ་ལས་བསྟན་པའི་གོ་རིམ་ནི་ཏིང་འཛིན་ལས་ལངས་ནས་ཇི་ལྟར་མངོན་དུ་བྱེད་པ་ལྟར་བཀོད་པ་སྟེ། ཀྱེ་མ་སངས་རྒྱས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །དེའི་ཆོས་འདུལ་ནི་ ལེགས་པར་གསུངས་པ། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ། །ཞེས་མངོན་དུ་ཕྱེད་དེ་རིམ་པར་སྨན་པ་སྨན་དང་ནད་གཡོག་ལྟ་བུ་དང་། དད་སྟོབས་ཀྱིས་ཚུལ་ཁྲིམས་ཀྱང་དང་བ་སྟེ་མི་སྙོགས་པའི་ཕྱིར་དང་། ཚུལ་ཁྲིམས་ནི་ནད་ མེད་པ་ལྟ་བུ་དང་། ཡང་ན་ལམ་སྟོན་དང་ལམ་དང་ལམ་གྲོགས་དང་བཞོན་པ་བཞིན་དུ་དེ་དག་ལ་ཡིད་ཆེས་པས་ན་བཞི་པོའི་གོ་རིམ་ཡང་དེ་ལྟར་རོ། །གཉིས་པ་ལ་སྤྱིར་བསྟན་པ་དང་། རྣམ་གྲོལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། སློབ་པའི་ ཡན་ལག་ཏུ་ཡང་དག་པའི་རྣམ་གྲོལ་མ་བཤད་པའི་ཚུལ་དང་། ཡང་དག་པའི་ཤེས་པ་མ་བཤད་པའི་ཚུལ་གཉིས། དང་པོ་ལ་དངོས་དང་། རྣམ་གྲོལ་གྱི་དབྱེ་བ་གཉིས། དང་པོ། འོ་ན་ཅིའི་ཕྱིར་མདོ་ལས། སློབ་པ་ནི་ཡང་དག་པའི་ལྟ་བ་ ནས། ཏིང་ངེ་འཛིན་བར་ཡན་ལག་བརྒྱད་ལྡན་དང་། མི་སློབ་པ་ནི་མི་སློབ་པའི་ཡང་དག་པའི་ལྟ་བ་ནས། ཏིང་ངེ་འཛིན་པར་བརྒྱད་དང་། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང་། མི་སློབ་པའི་ཡང་དག་པའི་ཤེས་པ་སྟེ་ཡན་ལག་བཅུ་ 3-1-243b དང་ལྡན་ནོ། །ཞེས་གསུངས་པས། སློབ་པ་ལ་ཡང་དག་པའི་རྣམ་གྲོལ༷་དང་ཤེས་པ་གཉིས་མ་བཤད་ཅེ་ན། ཉོན་མོངས་པས་འཆིང་བ་ལས་གཏན་དུ་ངེས་པར་གྲོལ་བ་དང་། གྲོལ་བ་དེ་སོ་སོ་རང་གིས་ཤེས་པས་དེ་གཉིས་སུ་འཇོག་པ་ལ། སློབ་པ་ རྣམས་ནི་ད་དུང་ཉོན་མོངས་པས་བཅིང༷ས་པའི་ཕྱིར༷། སློབ༷་པའི༷་ཡན༷་ལག༷་ཏུ༷་ཡང་དག་པའི་རྣམ༷་གྲོལ༷་དང་ཡང་དག་པའི་ཤེས་པ་མ༷་བཤ༷ད་ལ། འཆིང་བ་ཕྱོགས་གཅིག་ལས་གྲོལ་བ་ནི་ཡང་དག་པའི་རྣམ་གྲོལ་དུ་མི་འགྱུར་རོ། །གཉིས་པ་ལ་ བསྟན་བཤད་གཉིས། དང་པོ། རྣམ་གྲོལ་དེ༷་ལ་འདུས་བྱས་དང་འདུས་མ་བྱས་རྣམ༷་པ་གཉི༷ས་སོ། །གཉིས་པ་ལ་སྤྱི་དང་། བྱེ་བྲག་ཏུ་ཡན་ལག་ཏུ་རུང་བ་མོས་པ་རྣམ་གྲོལ་གྱི་དབྱེ་བ་གཉིས། དང་པོ་གང་ཞེ་ན། ཉོ༷ན་མོང༷ས་བཅོ༷མ་པ༷་སོ་སོར་ བརྟགས་འགོག་ནི་རྣམ་གྲོལ་འདུས༷་མ༷་བྱས༷་དང་། རྣམ་གྲོལ་དེ་ལ་དེར་ངེས་པ་མི་སློབ་པའི་མོས༷་པ༷་ནི་རྣམ་གྲོལ་འདུས༷་བྱས༷་ཡིན་ནོ། །གཉིས་པ། གང་ཞིག་མི་སློབ་པའི་ཡན༷་ལག༷་ཏུ་གསུངས་པའི་ཡང་དག་པའི་རྣམ་གྲོལ་ནི༷། རྣམ་གྲོལ་འདུས་ བྱས་མོས་པ་དེ༷་ཡི༷ན་ཏེ། མི་སློབ་པའི་ཡན་ལག་བཅུ་ཆར་འདུས་བྱས་ཡིན་པས་སོ། །འདུས་མ་བྱས་སྐལ་བ་མི་མཉམ་པའི་ཕྱིར་དང་། སློབ་མི་སློབ་གཉིས་ཀ་མིན་པས་ཡན་ལག་མ་ཡིན་ནོ། །རྣམ་པར་གྲོལ་བའི་ཡན་ལག་འདུས་བྱས་དེ༷་ཉི༷ད་ལ་ མདོ་ལས། སེམས་འདོད་ཆགས་ལས་རྣམ༷་པར་གྲོལ༷་བ་དང་། ཤེས་རབ་མ་རིག་པ་ལས་རྣམ་པར་གྲོལ་བ་གཉི༷ས་སུ་གསུངས་ཏེ་རྣམ་གྲོལ་འདུས་བྱས་དེ་ཉིད་ཚུལ་ཁྲིམས་ཀྱི་ཕུང་སོགས་ལྔའི་ནང་ནས་རྣམ་གྲོལ་གྱི་ཕུང་པོ་རང་དེ་ཡིན་ནོ། །ཞེས་བྱེ་སྨྲས་ 3-1-244a འཆད་དོ། །སློབ་དཔོན་ནི་མོས་པ་འབའ་ཞིག་རྣམ་གྲོལ་མ་ཡིན་གྱི་སེམས་ཤེས་རབ་རྣམ་པར་གྲོལ་བའི་ཟག་མེད་ཀྱི་སེམས་སེམས་བྱུང་འདུན་བརྩོན་སོགས་གཞན་དག་ཀྱང་ཡིན་ཏེ། མདོ་ལས་འདུན་བརྩོན་ཀྱང་དེར་བཤད་པས་སོ། ། གཉིས་པ། གལ་ཏེ་ཡང་དག་ཤེས་པ་ཡང་དག་ལྟ་བའི་ནང་དུ་འདུས་པས་ན་ཡན་ལག་བཅུ་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། བྱང༷་ཆུབ༷་ཟད་མི་སྐྱེ་ཤེས་པ་ཞེས་སྔར་ཇི༷་སྐ༷ད་བཤ༷ད་པ༷་དེ་ནི་ཡང་དག་པའི་ཤེས༷་པ་ཡིན་ལ་ཡང་དག་པའི་ལྟ་བ་མིན་ཏེ་ ཟད་དང་མི་སྐྱེའི་བློའི་ལྟ་མིན། །ཞེས་པས་སོ། །ཡང་དག་ཤེས་པ་དེ་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའང་ཡིན་ཏེ། རང་གི་བྱང་ཆུབ་ཤེས་པའི་ཕྱིར་རོ། །གཉིས་པ་རྣམ་གྲོལ་བྱེ་བྲག་ཏུ་བཤད་པ་ལ། སེམས་གང་རྣམ་པར་ གྲོལ། ལམ་གང་གིས་རྣམ་པར་གྲོལ། དེ་ལྟར་གྲོལ་བའི་གནས་ལ་དབྱེ་བ་དུ་ཡོད་གསུམ། དང་པོ། གལ་ཏེ་སེམས་རྣམ་པར་གྲོལ་ན་སེམས་འདས་པ་དང་མ་འོངས་པ་ད་ལྟ་བ་གསུམ་གང་ཞིག་རྣམ་པར་གྲོལ་བར་འགྱུར་ཞེ་ན། མི༷་སློབ༷་ པའི་སེམ༷ས་ནི༷། སྐྱེ༷་བར༷་འགྱུར༷་བ༷་མ་འོངས་པ་ཉིད་ནི་སྒྲིབ༷་པ༷་ལ༷ས་ནི༷་རྣམ༷་པར་གྲོལ༷་བར་འགྱུར༷་ཏེ། འདས་པའི་སྒྲིབ་པ་ཡོད་པ་ཡིན་ལ། ད་ལྟ་བ་ལ་དངོས་སུ་གནོད་པ་ནི་རྡོ་རྗེ་ལྟ་བུ་ཡིན་ལ། དེ་སྒྲིབ་པའི་ཐོབ་པ་དང་དུས་མཉམ་ པའི་ཕྱིར་དང་། དེའི་རྗེས་ཐོགས་སུ་སྒྲིབ་པ་ལས་རྣམ་པར་གྲོལ་བའི་སེམས་སྐྱེ་བས་སོ། །ཉོན་མོངས་པ་ནི་དེའི་ཐོབ་པ་ལ་བཞག་སྟེ། དེ་སྐྱེ་བ་ལ་གེགས་བྱེད་པས་སོ། །འོ་ན་མི་སྐྱེ་བའི་ཆོས་ཅན་དག་ཇི་ལྟར་སྒྲིབ་པ་ལས་གྲོལ་བ་ཡིན་ཞེ་ན། 3-1-244b དེ་དང་འདྲ་བའི་ཕྱིར་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་ལས་མི་སློབ་པའི་སེམས་མ་འོངས་པ་སྒྲིབ་པ་རྣམས་ལས་གྲོལ་བར་འགྱུར་རོ། །ཞེས་བཤད་དོ། །གཉིས་པ། འོ་ན་འདས་སོགས་གང་གིས་སྒྲིབ་པ་སྤང་ཞེ་ན། འགག་ པར༷་འགྱུར༷་བ་སྟེ་འགག་པ་ལ་མངོན་དུ་ཕྱོགས་པ་ད་ལྟ་བའི༷་ལམ༷་གྱིས༷་ནི༷། ད་ལྟར་དེ༷་ཡི༷་སྒྲིབ༷་པ༷་རབ༷་ཏུ༷་སྤངས༷་ཏེ། འདི་ལྟར་སྤང་བ་ནི་བྱ་བ་འགལ་བའི་སྒོ་ནས་གནོད་བྱེད་ཡིན་ན། འདས་འོངས་བྱ་བ་འགག་པ་དང་མ་སྐྱེས་པའི་ཕྱིར་རོ། ། གལ་ཏེ་ད་ལྟའི་ལམ་གྱིས་ད་ལྟའི་སྒྲིབ་པ་སྤང་བ་མིན་ཏེ། རྒྱུད་གཅིག་ལ་ཉོན་མོངས་དང་ཡེ་ཤེས་གཉིས་སུ་ཐལ་བའི་ཕྱིར་དང་། འགལ་བ་ལྷན་ཅིག་ཏུ་འབྱུང་བར་ཐལ་བའི་ཕྱིར་དང་། ཡེ་ཤེས་ཉོན་མོངས་པའི་འཇིག་རྒྱུར་ཐལ་ བའི་ཕྱིར་རོ་ཞེ་ན། དེ་ལྟ་མིན་ཏེ་ཉོན་མོངས་པའི་ཐོབ་པའམ་ས་བོན་སྤང་བྱར་འདོད་པས་ཡུན་རིང་དུ་མི་གནས་ཤིང་གནོད་པ་བྱེད་བཞིན་པའི་ལྷན་ཅིག་པ་ཡིན་པའི་ཕྱིར་དང་། སྤང་བྱ་ཕྱི་མ་སྐྱེད་པའི་ནུས་པ་དང་མི་ལྡན་པར་བསྐྱེད་པ་ལ་གནོད་པ་ བརྗོད་པའི་ཕྱིར་སྐྱོན་མེད་དོ། །གསུམ་པ་ལ་དངོས་དང་། འཕྲོས་དོན་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། ཡང་མདོའམ་བསྟན་བཅོས་ལས་སྤངས་པའི་ཁམས་དང་། འདོད་ཆགས་དང་བྲལ་བའི་ཁམས་དང་། འགོག་པའི་ཁམས་ཞེས་གསུམ་བཤད་པ་དེ་གང་ཡིན་ཞེ་ན། དེ་གསུམ་ནི། རྣམ་གྲོལ་འདུས༷་མ༷་བྱས༷་སུ་བཤད་པ་དེ་ཉི༷ད་ལ་ནི་སྤངས་བའི་ཁ༷མས་ཞེས༷་བྱ་བ་སོགས་གསུམ་དུ་ཤེས་པར་བྱའོ༷། །གཉིས་པ། འདི་ལྟར་ཁམས་གསུམ་གྱི་ 3-1-245a འདོ༷ད་ཆགས༷་ཀུན༷་ཟ༷ད་ཅིང་སྤངས་པ་ནི་འདོ༷ད་ཆགས༷་དང་བྲལ༷་བའི་ཁམས་ཡིན་ལ། སྤངས༷་པའི༷་ཁམ༷ས་ཞེས་བྱ་བ་ནི༷་ཆགས་ལས་གཞན་པའི་ཉོན་མོངས་ཞེ་སྡང་སོགས་ཡང་དག༷་པར་ཟད་ཅིང་སྤངས་པ་དག་གོ༷ ། འགོག༷་པའི༷་ཁ༷མས་ཞེས༷་བྱ༷་བ༷་ནི༷་ཉོན་མོངས་པའི་གཞི༷་ཡང་དག་པར་ཟད་པའོ། །དེ་གསུམ་ནི་རྣམ་གྲོལ་འདུས་མ་བྱས་ལས་དབྱེ་བ་སྟེ། དེའང་གཞིའི་སྒྲ་ནི། ཡུལ་དང་རྒྱུ་སྟེ་གཟུགས་སོགས་ཟག་པ་དང་བཅས་པ་དག་གོ། ཕྱི་མ་ལ་ འདུན་པའི་འདོད་ཆགས་དང་བྲལ་བས་སྤང་ངོ་། །གཉིས་པ་འཕྲོས་དོན་དུ་ཡིད་འབྱུང་དང་། ཆགས་བྲལ་གྱི་ལམ་གྱི་མུ་དཔྱད་པ་ནི། འོ་ན་དངོས་པོ་གང་གིས་ཡིད་འབྱུང་བར་འགྱུར་བའི་དངོས་པོ་དེས་འདོད་ཆགས་དང་འབྲལ་བར་འགྱུར་ རམ་ཞེ་ན། སྡུག༷་བསྔལ༷་དང་། རྒྱུ༷་ཀུན་འབྱུང་ལ་དམིགས་པའི་བཟོ༷ད་པ་དང་ཤེས༷་པ་རྣམ༷ས་ཀྱིས༷་ནི་བདེན་པ་དེ་གཉིས་ཟག་བཅས་ཡིན་པས་ཡུལ་དམན་པ་ལ་སྐྱོན་དུ་བརྟགས་པས་ཡི༷ད་འབྱུང༷་བར་འགྱུར་ལ། བཟོད་པ་བཞི་དང་སྒོམ་ལམ་ཤེས་པ་ གང༷་གིས༷་དངོས་སུ་ཉོན་མོངས་པ་སྤོང་པར་འགྱུར༷་བ༷་དེ་ནི་བདེན་པ་བཞི་པོ་གང་ལ་དམིགས་ཀྱང་རུང་ཀུན༷་གྱིས༷་འདོ༷ད་ཆགས༷་དང་འབྲལ༷་བར༷་འགྱུར༷་རོ། །དེ༷་ལྟ༷་ན༷་ནི་ཡིད་འབྱུང་བ་དང་འདོད་ཆགས་བྲལ་བ་ལ་མུ༷་བཞི༷་སྲི༷ད་དེ། ཡིད་འབྱུང་བར་འགྱུར་ ལ་འདོད་ཆགས་བྲལ་བར་མི་འགྱུར་བ་ནི། སྡུག་ཀུན་ལ་དམིགས་པའི་བསྒོམ་ལམ་ཡིན་ཡང་རུང་། སྦྱོར་བ་དང་རྣམ་གྲོལ་དང་། ཁྱད་པར་ལམ་དང་། ཆགས་བྲལ་སྔོན་འགྲོས་བདེན་པ་དང་པོ་གཉིས་ལ་དམིགས་པའི་ཆོས་ཤེས་པའི་ 3-1-245b བཟོད་པ་དང་ཤེས་པ་རྣམས་ཏེ། ཐམས་ཅད་ཀྱང་ཡིད་འབྱུང་བའི་དངོས་པོ་ལ་དམིགས་པས་ཡིད་སྐྱོ་བར་བྱེད་པའི་ཕྱིར་དང་། སྦྱོར་ལམ་སོགས་གསུམ་སྤོང་ལམ་མིན་པའི་ཕྱིར་དང་། ཆགས་བྲལ་སྔོན་འགྲོའི་བདེན་པ་དང་པོ་གཉིས་ལ་དམིགས་ པའི་ཆོས་ཤེས་པའི་བཟོད་པ་སྤོང་ལམ་ཡིན་ཡང་། འཇིག་རྟེན་པའི་བསྒོམ་ལམ་གྱིས་སྔར་ཡང་སྤངས་ཟིན་པས་དང་། ཤེས་པ་ནི་སྤོང་ལམ་མིན་པས་སོ། །རྗེས་ཤེས་ཀྱིས་བཟོད་པ་དག་གིས་ནི་ངེས་པར་ཉོན་མོངས་པ་རྣམས་ སྤངས་ཏེ། འཇིག་རྟེན་གྱི་ལམ་གྱིས་སྲིད་རྩེ་ལས་འདོད་ཆགས་མི་འབྲལ་བས་སོ། །གཉིས་པ་ནི། འགོག་ལམ་ལ་དམིགས་པའི་སྤང་བྱ་དངོས་སུ་སྤོང་བའི་ལམ་ཆགས་བྲལ་སྔོན་འགྲོའི་འགོག་པ་ཆོས་ཤེས་པའི་བཟོད་པ་མ་ གཏོགས་པ་རྣམས་ཏེ། དེ་དག་ནི་འཇིག་རྟེན་པའི་སྒོམ་ལམ་གྱིས་སྔོན་དུ་སྤངས་ཟིན་པའི་ཕྱིར་དང་། གཞན་ནི་སྤང་བྱ་ལ་དངོས་སུ་གནོད་བྱེད་ཡིན་པའི་ཕྱིར་དང་། དེ་དག་གི་དམིགས་པ་འགོག་ལམ་ཟག་མེད་ལ་ཡོན་ཏན་དུ་ལྟ་བས་མཆོག་ཏུ་ དགའ་བའི་དངོས་པོ་ལ་དམིགས་པས་སོ། །གཉིས་ཀ་ཡིན་པ་ནི། བདེན་པ་དང་པོ་གཉིས་ལ་དམིགས་པའི་བར་ཆད་མེད་ལམ་ཆགས་བྲལ་སྔོན་འགྲོའི་བདེན་པ་དང་པོ་གཉིས་ལ་དམིགས་པའི་ཆོས་ཤེས་དག་གི་བཟོད་པ་ལས་ གཞན་རྣམས་ཏེ། ཡིད་འབྱུང་གི་དངོས་པོ་ལ་དམིགས་པའི་ཕྱིར་དང། ཉོན་མོངས་པ་དངོས་སུ་སྤོང་བའི་ཕྱིར། །གཉིས་མིན་འགོག་ལམ་ལ་དམིགས་པའི་སྦྱོར་བ་དང། རྣམ་གྲོལ་དང། ཁྱད་པར་ཅན་གྱི་ལམ་དང། ཆགས་ 3-1-246a བྲལ་སྔོན་འགྲོའི་འགོག་ལམ་ཆོས་ཤེས་ཀྱི་བཟོད་པ་དང་། ཤེས་པ་རྣམས་དང་། བར་ཆད་མེད་ལམ་ཡིན་ཡང་ཉོན་མོངས་པ་མི་སྤོང་བ་དབང་པོ་འཕོ་བ་ལ་སོགས་པའི་གནས་སྐབས་ཀྱི་བར་ཆད་མེད་ལམ་ཁ་ཅིག་ ཀྱང་ཡིན་ནོ་ཞེས་སོ། །གཉིས་པ་ལེའུའི་མིང་། ཆོས༷་མངོ༷ན་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལ༷ས། ལམ༷་དང༷་གང༷་ཟག༷་བསྟན༷་པ༷་ཞེས༷་བྱ༷་བ༷་སྟེ༷་གན༷ས་དྲུག༷་པའི༷་འགྲེལ་བའོ།། ༈ །། གཉིས་པ་འབྲས་བུ་ཡེ་ཤེས་བསྟན་པ་ལ། བརྟེན་པ་ཡེ་ཤེས་དང་། རྟེན་སྙོམས་འཇུག་བཤད་པ་གཉིས། དང་པོ་ལ། གནས་དང་། གནས་རྫོགས་པའི་སྐབས་ཀྱི་མིང་གཉིས། དང་པོ་ལ་ཤེས་པའི་རང་བཞིན་དང་། ཤེས་ པས་བསྡུས་པའི་ཡོན་ཏན་གཉིས། དང་པོ་ལ་དབྱེ་བ་དང་། དེ་དག་གི་ཁྱད་པར་གཉིས། དང་པོ་ལ། ཤེས་པ་སྤྱིར་མཚན་གཞི་ལ་ལྟོས་ཏེ་དབྱེ་བ་དང་། ཡུལ་ལ་ལྟོས་ཏེ་ཤེས་བཅུའི་དབྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། གལ་ ཏེ་བཟོད་པ་དང་ཤེས་པ་དང་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་ཤེས་པ་རྣམས་ལ་ཁྱད་ཅི་ཡོད་ཅེ་ན། དྲི༷་མ་མེ༷ད་པའི་བཟོ༷ད་པ་བརྒྱད་པོ་རྣམ༷ས་ནི་ཤེས༷་པ༷་མིན༷་ཏེ། ཤེས་པ་ནི་ངེས་པའི་བདག་ཉིད་ཡིན་ན། བཟོད་པ་རྣམས་ནི་ བར་ཆད་མེད་ལམ་ཡིན་པས། དེའི་ཚེ་རང་གི་སྤང་བྱ་ཕྲ་རྒྱས་མ་སྤངས་པས་རང་ཡུལ་ལ་ཐེ་ཚོམ་དང་བཅས་པས་སོ། །བཟོད་པ་དེ་དག་ཡང་དག་པར་རྟོགས་པའི་བདག་ཉིད་ཡིན་པས་ལྟ་བ་ཡིན་ནོ། །དྲི་མེད་ཅེས་པས་བཟོད་པ། 3-1-246b ཟག་བཅས་ནི་ཤེས་པ་ཡིན་ལ། ཟ༷ད་དང༷་མི༷་སྐྱེ༷་བ་ཤེས་པའི་བློ༷་ནི་ལྟ༷་བ་མིན༷་ཏེ། ཡང་དག་པར་རྟོགས་པ་དང་། དམིགས་རྣམ་འཚོལ་བའི་བསམ་པ་ཅན་མིན་པས་སོ། །དེ་ནི་བྱ་བ་བྱར་མེད་ཙམ་དུ་རྟོགས་ཀྱི་བདེན་པ་བཞི་ལ་མི་རྟོག་ པས་འབྲས་བུ་རྫོགས་ཟིན་པའོ། །དེ་ནི་ཡང་དག་པའི་ཤེས་པ་ཞེས་བྱ་ཡི་ཤེས་པ་ཙམ་ཡང་མིན་ནོ། །བཟོད་པ་བརྒྱད་དང་ཟད་མི་སྐྱེ་ཤེས་པ་དེ༷་ལ༷ས་གཞན་པ་འཕ༷གས་པའི་བློ༷་སྟེ་ཟག་མེད་ཀྱི་ཤེས་པ་སྡུག་བསྔལ་ཆོས་ཤེས་ནས་ལམ་ རྗེས་ཤེས་བར་གྱི་ཤེས་པ་བརྒྱད་པོ་རྣམས་ནི། ཤེས་པ་དང་ཡང་དག་པའི་ལྟ་བ་གཉི༷ས་ཀ༷་སྟེ། རྣམ་གྲོལ་ལམ་ཡིན་པས་རང་ཡུལ་ལ་ཐེ་ཚོམ་སྤངས་པ་ངེས་པའི་བདག་ཉིད་ཡིན་པ་དང་། ཡང་དག་རྟོགས་པའི་བདག་ཉིད་ཅན་ཡང་ ཡིན་པས་སོ། །འཕགས་བློ་ལས་གཞན༷་པའི་ཟག་བཅས་འཇིག་རྟེན་པའི་ཤེས་རབ་ཐམས་ཅད་ནི་ཀུན་རྫོབ་ཤེས༷་པ་ཡིན་ཏེ། ཟག་བཅས་ལ་ཤེས་པ་མ་ཡིན་པའི་ཤེས་རབ་མི་སྲིད་པའི་ཕྱིར་དང་། ཤེས་རབ་གང་ཡིན་ཡང་ ཤེས་པ་ཡིན་པས་སོ། །སྒོ་ལྔའི་འཁོར་བྱུང་ཤེས་རབ་དགེ་མི་དགེ་ལུང་མ་བསྟན་ཐམས་ཅད་དང་། ཡིད་ཤེས་འཁོར་བྱུང་གི་ཤེས་རབ་ལྟ་བ་དྲུག་པོ་མ་གཏོགས་པའི་ཉོན་མོངས་ཅན་དང་མ་སྒྲིབ་ལུང་མ་བསྟན་རྣམས་ནི་ཤེས་པ་ཁོ་ ན་ཡིན་ནོ། །ཡིད་ཤེས་འཁོར་བྱུང་ཤེས་རབ་འཇིག་ལྟ་སོགས་ཉོན་མོངས་ཅན་ལྔ་དང་། འཇིག་རྟེན་པའི་ཡང་དག་ལྟ་བ་དང་དྲུག༷་ནི༷། ཀུན་རྫོབ་ཤེས་པ་ཡིན་པར་མ་ཟད་ལྟ༷་བ༷འང༷་ཡི༷ན་ཏེ་ངེས་པར་རྟོགས་པའི་བདག་ཉིད་ཡིན་པས་སོ། ། 3-1-247a དེས་ན་ལྟ་བ་ཁོ་ན་ཡིན་པ་ནི་མེད་དོ། །ཤེས་པ་བྱེ་བྲག་ཏུ་བཤད་པ་ཟེར་ཀྱང་ཤེས་པ་བཅུར་མིན་ནམ། བཟོད་པ་ཤེས་པ་མིན་ཞེས་པས་དེ་འཐད་འདྲའམ་དཔྱོད། གཉིས་པ་ལ་རྩ་བའི་དབྱེ་བ་གསུམ་བཤད་པ་ དང་། དེ་ལས་སྤྲོས་ཏེ་ལྷག་མ་བདུན་བཤད་པ་གཉིས། དང་པོ་ལ་དབྱེ་བ་དང་། དེ་དག་གི་དམིགས་ཡུལ་གཉིས། དང་པོ། མདོ་ལས། ཤེས་པ་ནི་བཅུ་སྟེ་འདི་ལྟ་སྟེ། ཆོས་ཤེས་དང་རྗེས་ཤེས་དང་། ཀུན་རྫོབ་ཤེས་པ་དང་། ཕ་རོལ་ ཀྱི་སེམས་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པར་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། །ཞེས་གསུངས་པའི་བཅུ་པོ་དེ་དག་སྤྱིར་ཤེས༷་པ༷་ཐམས་ཅད་ནི་ ཟག༷་བཅས༷་ཤེས་པ་དང་ཟག༷་པ༷་མེ༷ད་པ་གཉིས་སུ་འདུའོ། །དེ་ལ་དང༷་པོ༷་ཟག་བཅས་ནི་ཀུན༷་རྫོབ༷་ཤེས་པ་ཞེས༷་བྱ༷་བ་ཡིན་ལ། རེས་འགའ་རང་སྤྱིའི་མཚན་ཉིད་དང་། ཕལ་ཆེར་བུམ་སྣམ་སྐྱེས་པ་བུད་མེད་སོགས་ཀུན་རྫོབ་ཏུ་ཡོད་པའི་དངོས་ པོ་ལ་དམིགས་པའོ༷། །ཟག༷་མེ༷ད་ནི་རྣམ༷་པ་གཉི༷ས་ཏེ་གང་ཞེ་ན། ཆོས༷་ཤེས་དང༷་ནི༷་རྗེས༷་སུ༷་ཤེས༷་པ་གཉིས་པོ་ཁོ༷་ན༷་ཡི༷ན་ཏེ། སྡུག་བསྔལ་ཤེས་པ་སོགས་ནི་འདི་གཉིས་སུ་འདུས་པའི་ཕྱིར་རོ། །གཉིས་པ། དེ་ལ་ཀུན༷་རྫོབ༷་ཤེས་པའི་ཡུལ༷་ནི༷་འདུས་ བྱས་འདུས་མ་བྱས་ཀྱི་ཆོས་ཐམ༷ས་ཅ༷ད་དོ༷། །དེའང་ཡིན་ཏེ། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། ཞེས་དང་། མིག་ཤེས་ཀྱིས་གཟུགས་ཤེས་པ་སོགས་ཅི་རིགས་པར་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །ཆོས༷་ཤེས་ཞེས༷་བྱ༷་བའི༷་སྤྱོ༷ད་ཡུལ༷་ནི༷་ 3-1-247b འདོད་པའི་སྡུག་བསྔལ་དང་སོགས་པས་བསྡུས་པ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ཡིན་ལ། རྗེས༷་ཤེ༷ས་པའི༷་སྤྱོ༷ད་ཡུལ༷་ནི་གོང༷་མ༷་གཉིས་པོའི་སྡུག༷་བསྔལ༷་ཀུན་འབྱུང་སོ༷གས་ཡིན་ནོ། །ནམ་མཁའ་དང་བརྟགས་མིན་ནི་བདེན་བཞིར་མ་འདུས་ པས་དེ་དག་གི་དམིགས་པ་མིན་ནོ། །དེ་ལྟ་ན་ཤེས་པ་གསུམ་མོ། །གཉིས་པ་ལྷག་མ་བདུན་བཤད་པ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ་བདེན་བཞི་ཤེས་པ་བཤད་པ། མི་སྐྱེ་བ་དང་ཟད་ཤེས་བཤད་པ། ཕ་རོལ་སེམས་ཤེས་བཤད་པ་ གསུམ། དང་པོ། ཆོས་རྗེས་ཤེས་པ་དེ༷་དག༷་ཉི༷ད་ལ་སྡུག་བསྔལ་ཤེས་པ་སོགས་ཏེ། ཡུལ་བདེན༷་བཞི་ལ་དམིགས་པའི་བྱེ༷་བྲག༷་གིས༷་སོ། །བཞི༷་སྟེ༷་ཞེས་པ་བཞིའོ། །གཉིས་པ་ལ་དངོས་དང་། དང་པོར་སྐྱེ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་ པོ། སྡུག་བསྔལ་ཤེས་པ་སོགས་རྣམ་པ་བཞི༷་པོ་ལྟ་བའི་རང་བཞིན་མིན་པ་དེ༷་དག༷་ནི༷་མི༷་སྐྱེ༷་བ༷་ཤེས་པ་དང༷་། ཟ༷ད་པ༷་ཤེས༷་པ་གཉིས་སུ་འགྱུར་ཏེ་རྡོར་ཏིང་གི་རྗེས་སུ་སྐྱེས་པའི་བདེན་བཞི་ཤེས་པ་གང་ཡིན་པའོ། །གཉིས་པ། ཟད་མི་སྐྱེ་ཤེས་ པ་དེ༷་གཉི༷ས་དང༷་པོ༷ར་སྐྱེས༷་པ༷་ནི༷། སྡུག༷་བསྔལ་དང་རྒྱུ༷་ཀུན་འབྱུང་ལ་རྗེས༷་སུ་ཤེས༷་པ༷་ཡི༷ན་ཏེ། སྲིད་རྩེའི་ཕུང་པོས་བསྡུས་པའི་སྡུག་ཀུན་ལ་མི་རྟག་སོགས་དང་། རྒྱུ་ལ་སོགས་པར་དམིགས་པའི་ཕྱིར་རོ། །དང་པོར་སྐྱེས་པ་ལས་གཞན་དེ་ཕྱིན་ ཆད་ཀྱི་དེ་གཉིས་ནི་བདེན་པ་གཞན་དག་ལའང་དམིགས་སོ། །རྡོར་ཏིང་སྲིད་རྩེའི་བདེན་བཞི་ལ་དམིགས་ལ། ཟད་མི་སྐྱེ་ཤེས་དང་པོར་སྐྱེས་པ་སྡུག་ཀུན་ལ་དམིགས་སོ། །ཞེས་པ་བྱེ་སྨྲའི་གྲུབ་མཐའ་སྟེ། ཁྱད་མེད་ལ་ཁྱད་པར་རྟོག་པ་ཡིན་ནོ། ། 3-1-248a རྡོར་ཏིང་དང་དེ་གཉིས་དམིགས་པ་གཅིག་གམ་ཐ་དད་ཅེ་ན། རྡོར་ཏིང་གལ་ཏེ་སྲིད་རྩེའི་སྒོམ་སྤང་ཆུང་ངུ་ཆུང་ངུའི་ངོ་བོར་གྱུར་པ་བདེན་པ་དང་པོ་གཉིས་ལ་དམིགས་ན་གཅིག་ལ། འོན་ཏེ་སྒོམ་པའི་ལམ་ལ་འགོག་པའམ། ཞེས་སོགས་ལྟར་འགོག་ལམ་ལ་དམིགས་ན་མི་གཅིག་སྟེ། ཤེས་པ་གཉིས་པོ་ནི། སྲིད་རྩེའི་ཕུང་པོ་ཁོ་ནར་ངེས་པར་དམིགས་པའི་ཕྱིར་ཏེ་དུག་མདས་ཕོག་སྟེ་འཆི་བ་ན་ཐོག་མར་དུག་ཡན་ལག་ཐམས་ཅད་ལ་ཁྱབ་ནས་མཐར་ཤི་མ་ཐག་རྨའི་ཕྱོགས་ཁོ་ནར་ འདུ་བ་བཞིན་ནོ།། གསུམ་པ་ཕ་རོལ་སེམས་ཤེས་ལ་དངོས་དང་། དེའི་ཡུལ་དུ་སེམས་གང་འགྱུར་མི་འགྱུར་དཔྱད་པ་གཉིས། དང་པོ། ཆོས་ཤེས། རྗེས་ཤེས། ལམ་ཤེས། ཀུན་རྫོབ་ཤེས་པ་བཞི༷་ལ༷ས་ནི་ཕ༷་རོལ༷་སེམ༷ས་ རིག༷་པ༷་བཞག་སྟེ། གཞན་སེམས་ཟག་བཅས་ལ་དམིགས་པ་ཀུན་རྫོབ་ཤེས་པ་དང་། ཟག་མེད་ལ་དམིགས་པ་ལམ་ཤེས་པ་དང་། གཉེན་པོའི་བྱེ་བྲག་གིས་ཆོས་ཤེས་རྗེས་ཤེས་ཀྱང་ཡིན་པས་སོ། །གཉིས་པ་ལ། སྤྱི་བྱེ་བྲག་ཞར་ བྱུང་གསུམ། དང་པོ། སེམས་ཤེས་པ་དེས༷་ནི༷། བསམ་གཏན་དང་པོ་སོགས་འོག་མའི་སེམས་ཤེས་ཀྱིས༷་ས་འདས་པ་གོང་མ་གཉིས་པ་སོགས་ཀྱི་སེམས་མི་ཤེས་པ་དང་། དབ༷ང་པོ༷་འདས་པ་དབང་པོ་རྟུལ་པོས་རྣོན་པོའི་སེམས་མི་ཤེས་པ་ དང་དད་མོས་པའི་ལམ་གྱིས་མཐོང་ཐོབ་པའི་ལམ་མི་ཤེས་པ་དང་། དུས་སྦྱོར་གྱིས་དུས་མི་སྦྱོར་གྱི་ལམ་མི་ཤེས་པ་ལྟ་བུའོ། །གང༷་ཟག༷་འདས༷་པ་ཕྱིར་མི་འོང་གིས་དགྲ་བཅོམ་པའི་ལམ་སོགས་དང་། ཉན་ཐོས་ཀྱི་ལམ་པས་རང་སངས་ 3-1-248b རྒྱས་ཀྱི་ལམ་གྱི་སེམས་མི་ཤེས་པ་ལྟ་བུའོ། །འཕགས་པ་ཆགས་བཅས་མ་སྨྲོས་པ་ནི་དེ་དག་ལ་སེམས་ཤེས་བཀག་པས་སོ། །དེ་དག་གིས་རང་སྟོབས་ཀྱིས་ཏེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ན་གང་ཟག་དང་དབང་པོ་འདས་པ་ཡང་ཤེས་སོ། ། སེམས་ཤེས་དེ་ནི་ཡུལ་སེམས་ད་ལྟ་བ་ཁོ་ནའི་ཡུལ་ཅན་ཡིན་པས་དུས་ཞིག༷་པ་འདས་པ་དང༷་། མ༷་སྐྱེས༷་པ་མ་འོངས་པའང་མི༷་རིག༷་གོ༷། ཅིའི་ཕྱིར་ན། འདས་འོངས་ཤེས་པ་ནི་སྔོན་གནས་རྗེས་དྲན་དང་འཆི་འཕོ་སྐྱེས་ཤེས་ཡིན་ལ། དེ་ དག་ཀྱང་ཀུན་རྫོབ་ཤེས་པ་ཡིན་པས་སོ། །གཉིས་པ། ཆོས༷་ཤེས་དང་རྗེས༷་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་ཤེས་པའི་བློ༷་ཡང་། རང་རང་གི་རིགས་མཐུན་མིན་པ་ཕྱོགས༷་ཕན་ཚུན་གཅིག་གིས་གཅིག་རིག་པ་མིན༷་ཏེ། དེ་གཉིས་ འདོད་དང་གོང་མའི་གཉེན་པོ་ཐ་དད་ལ་དམིགས་པས་དང་། གང་ལ་རྒྱབ་ཀྱིས་ཕྱོགས་པ་དེ་ལ་མི་དམིགས་པར་འདོད་པས་སོ། །མཐོང་ལམ་ན་མཉམ་བཞག་གི་ཟག་མེད་བར་མ་ཆད་ལ་སེམས་ཤེས་ཀྱི་སྤྱོར་བ་བྱ་བའི་སྐབས་མེད་ པས་ཕ་རོལ་སེམས་ཤེས་མེད་དོ། །འོན་ཀྱང་སངས་རྒྱས་དང་དགེ་འདུན་ལ་ཤེས་ནས་དད་པ་ནི་བདེན་པ་མཐོང་བས་ཡིད་ཆེས་པ་ཡིན་གྱི་ཕ་རོལ་སེམས་མངོན་སུམ་དུ་ཤེས་པ་མིན་ནོ། །ཞེས་པ་ནི་གྲུབ་མཐའ་འོ། །ཐེག་པ་གོང་མ་འཇིག་ རྟེན་གྱི་ཁམས་བརྒྱ་ཤེས་པ་སོགས་སྐད་ཅིག་མ་ལ་སྐྱེས་པའི་ཡོན་ཏན་དུ་མ་བཞེད་ཅེས་གསུངས་སོ། །གསུམ་པ་མཐོང་ལམ་གྱི་སེམས་ཤེས་ཀྱི་ཡུལ་དུ་སྐད་ཅིག་དུ་འགྱུར་དཔྱད་པ། མཐོང་ལམ་ནི་ཕ་རོལ་སེམས་ཤེས་ཀྱི་ཡུལ་དུ་ 3-1-249a འགྱུར་བས་དེ་བཤད་ན་ཉན༷་ཐོས༷་ཀྱི་སེམས་ཤེས་པས་དབང་པོ་རྟུལ་བས་ནི་མཐོང༷་བའི༷་ལམ་གྱི་སྐད་ཅིག་བཅོ་ལྔ་ལས་སྐ༷ད་ཅི༷ག་མ་དང་པོ་གཉི༷ས་ཁོ་ན་རིག༷་སྟེ༷། རྗེས་ཤེས་ཕྱོགས་ནི་ཤེས་པར་འདོད་པ་ན་སྦྱོར་བ་གཞན་གྱིས་བསྒྲུབ་ དགོས་པའི་ཕྱིར་དང་། གྲུབ་པ་ནའང་དེའི་བར་ལ་ཡུན་རིང་འགོར་བས། སེམས་བཅུ་དྲུག་ཐོབ་པར་འགྱུར་ལ་ཐོབ་ནས་འདས་པའི་ཕྱིར་མི་རིག་ཟེར། འོ་ན་དང་པོ་གཉིས་ཀྱང་མི་རིག་སྟེ། དེ་ཤེས་འདོད་ཀྱི་སྦྱོར་བ་བརྩམ་ནས་གྲུབ་ཚེ་དེ་གཉིས་འགགས་ པས་སོ་ཟེར་ན་སྐད་ཅིག་མ་གཉིས་པོ་ཤེས་པར་བྱའོ། །ཞེས་སྦྱོར་བ་རྩོམ་པ་ནི་མིན་གྱི་གང་ཟག་འདིའི་སེམས་ཤེས་པར་བྱའོ། །ཞེས་སྦྱོར་བ་བརྩམ་པ་ན་མངོན་ཤེས་གྲུབ་དང་དུས་མཉམ་པར་སྐད་ཅིག་དང་པོ་གཉིས་སྐྱེས་པ་དག་ཤེས་པར་འགྱུར་རོ་ཞེས་ བྱེ་སྨྲས་འདོད་མོད་ཀྱི། དེ་ལྟ་ན་རྗེས་ཤེས་ཀྱི་བཟོད་པ་སོགས་ཀྱང་ཤེས་པར་འགྱུར་རོ། །དེའི་ཕྱིར་སྦྱོར་བ་ནི་སྤྱི་ལ་དམིགས་ཀྱི་བྱེ་བྲག་ལ་མ་ཡིན་པས་མི་ཤེས་སོ། །དེའི་ཕྱིར་འདི་དག་ཀྱང་ཁྱད་མེད་ལ་ཁྱད་པར་རྟོགས་པ་ཡིན་ནོ་ཟེར་ཡང་། གང་རུང་གཉིས་སམ་སྙམ། རང་རྒྱལ་བསེ༷་རུ༷་ལྟ༷་བུས༷་ནི་སྐད་ཅིག་དང་པོ་གཉིས་དང་བརྒྱད་པ་གསུམ༷་རིག་སྟེ། ཉན་ཐོས་སྤྱོར་བ་ཆེན་པོས་བསྒྲུབ་དགོས་ལ། འདི་ནི་སྦྱོར་བ་ལ་རྩོལ་བ་ཆུང་བས་དང་པོ་གཉིས་ཤེས་ནས་ཡང་སྐད་ཅིག་མ་ལྔའི་བར་ ལ་མངོན་ཤེས་འགྲུབ་པའི་ཕྱིར་རོ། །དེས་ན་བརྒྱད་པ་རིག་ནས་ཡང་དགུ་པ་ལ་སྦྱོར་བ་གཞན་གྱིས་བསྒྲུབ་དགོས་ལ་དེ་ནས་དུབ་པས་སྐད་ཅིག་མ་བདུན་ལའང་སྦྱོར་བ་མི་རྫོགས་ལ། དེ་ནས་མཐོང་ལམ་འདས་འགྲོའོ། །ཁ་ཅིག་སྐད་ཅིག་མ་དང་པོ་ 3-1-249b གཉིས་ཤེས་ནས། ཡང་སྦྱོར་བ་བྱས་པས་སྐད་ཅིག་བཅོ་ལྔ་པ་དང་གསུམ་ཤེས་ཟེར། ཉན་རང་གཉིས་ལ། དང་པོ་སྨོས་པ་ནི་མཚོན་པ་སྟེ། ཉན་ཐོས་ཀྱིས་ནི་རིགས་མཐུན་པའི་སྐད་ཅིག་མ་གཉིས་ཅི་རིགས་ཤེས་པར་འགྱུར་ལ། རང་ རྒྱལ་གྱིས་རིགས་མཐུན་གཉིས་མི་མཐུན་པ་གཅིག་སྟེ། གསུམ་ཅི་རིགས་ཤེས་ལ་དེ་ལས་མང་བ་མི་ཤེས་པའི་དབང་དུ་བྱས་པའོ། །སངས༷་རྒྱས༷་ལ་ནི་ལྷུན་གྱིས་གྲུབ་པས་ན་སྦྱོར༷་བ༷་འབད་རྩོལ་མེ༷ད་པར༷་སྐད་ཅིག་ཐམས་ཅད་ཀུན༷་ཤེས་སོ། ། གཉིས་པ་བྱེ་བྲག་ཟད་མི་སྐྱེ་ཤེས་པའི་རྣམ་པ་བཤད་པ། ཟ༷ད་པར༷་ཤེས༷་པ༷་ནི་བདེན༷་པ་བཞི་པོ་རྣམ༷ས་ལ༷་སྡུག་བསྔལ་ཡོངས་སུ་ཤེས༷་སོ༷་ལ༷་སོ༷གས་པས་ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ། ། ཞེས་མཉམ་བཞག་གི་དུས་སུ་ཤེས་པ་ལས་བྱུང་བའི་རྗེས་ཀྱི་ཤེས་པས་ངེས༷་པ༷འོ༷། །དེ་བཞིན་དུ་མཉམ་བཞག་ཏུ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱས་ཏེ། ཡང་ཡོངས༷་སུ༷་ཤེས༷་པ༷་བྱར༷་མེ༷ད་དོ༷། །ཞེས་པ་ལ༷་སོ༷གས་རྟོགས་ པ་ལས་ལངས་པའི་རྗེས་ཐོབ་ཀྱི་ཤེས་པས་ངེས་པ་ནི་མི༷་སྐྱེ༷་བ༷་ཤེས༷་པ༷་ཡི༷་བློར༷་ཁ་ཆེ་བས་འདོ༷ད་དོ༷། །ཉི་འོག་པ་མཉམ་བཞག་ན་ཟག་མེད་ཀྱི་རྣམ་པ་བཅུ་དྲུག་ལས་གཞན་ཡང་ཡོད་པས་དེས་དེ་ལྟར་ངེས་སོ་ཞེས་འདོད་དོ། །བསྟན་བཅོས་ ལས་མཐོང་བ་དང་རྟོགས་པ་གཅིག་པར་བཤད་ཀྱང་མཐོང་བ་ལྟ་བ་ནི་མིན་ཏེ་ཤེས་པའམ་མངོན་སུམ་དུ་ཤེས་པ་ལ་བཏགས་པའོ། །གཉིས་པ་ཤེས་བཅུའི་ཁྱད་པར་ལ། བཅུར་འཇོག་པའི་རྒྱུ་མཚན། དེ་དག་གི་རྣམ་པ། དགེ་སོགས་ 3-1-250a ཀྱི་ཁྱད་པར། ས་གང་ན་ཡོད། རྟེན་གང་ཡིན། དྲན་པ་ཉེར་བཞག་དུའི་ངོ་བོ་ཡིན། ཕན་ཚུན་གང་གི་སྤྱོད་ཡུལ་དུ་གང་འགྱུར། ལྡན་ཚུལ། འཐོབ་ཚུལ་དགུ་ལས། དང་པོ་ལ་དངོས་དང་། དམིགས་ བསལ་གཉིས། དང་པོ། ཟག་བཅས་ཀྱི་རང༷་བཞིན༷་ལས་ཀུན་རྫོབ་ཀྱི་ཤེས་པ་བཞག་པ་དང་། དེ་ནི་དོན་དམ་མི་ཤེས་ཤིང་ཀུན་རྫོབ་ཤེས་པས་སོ། །འདོད་དང་གོང་མའི་གཉེན༷་པོ༷་ལས་ཆོས་རྗེས་ཀྱི་ཤེས་པ་གཉིས་དང༷་། སྡུག་ ཀུན་གྱི་ཤེས་པ་གཉིས་ནི་རྣམ༷་པ༷་མི་རྟག་སོགས་མི་འདྲ་བ་ཙམ་གྱིས་ཕྱེ་བ་སྟེ་དམིགས་པ་གཉིས་ཀ་ཉེར་ལེན་ཕུང་པོ་ཡིན་པས་གཅིག་གོ། འགོག་པ་དང་ལམ་ལ་སོགས་པའི་རྣམ་པ་དང་འདུས་བྱས་དང་འདུས་མ་བྱས་ཀྱི་སྤྱོད་ཡུལ་ ལམ་དམིགས་པ་གཉིས་ཀ་ཐ་དད་པས་འགོག་ལམ་ཤེས་པ་དང༷་། སྦྱོར་བ་ལས་ཕ་རོལ་སེམས་ཤེས་བཞག་སྟེ། དེས་སེམས་བྱུང་ཡང་ཤེས་མོད་ཀྱི་སེམས་ཤེས་པར་བྱའོ། །ཞེས་སྦྱོར་གྱི་སེམས་བྱུང་ཤེས་པར་བྱའོ་ཞེས་མི་སྦྱོར་བའི་ ཕྱིར་དང༷་། བྱ༷་བ༷་བྱས༷་པ་ཉི༷ད་ལས་ནི་ཟད་ཤེས་བཞག་སྟེ། བྱ་བ་བྱས་པའི་རྒྱུད་ལ་དང་པོར་སྐྱེ་བའི་ཕྱིར་དང༷་། ཟག་མེད་ཤེས་པ་སྔར་སྐྱེས་ཀུན་གྱི་སྐལ་མཉམ་གྱི་རྒྱུ༷་རྒྱས༷་པའི༷་འབྲས་བུ་ཡིན་པ་ལ༷ས་མི་སྐྱེ་ཤེས་པ་བཞག་གོ། དེས་ན་ རྒྱུ་བདུན་གྱིས་ཤེས་བཅུར༷་བཞག་པ་ཡི༷ན་ནོ་ཟེར་ཡང་རང་བཞིན་གཉེན་པོ་ཡུལ་ཤེས་པའི་རྣམ་པ་ལས་སོ། །གཉིས་པ་གཉེན་པོ་ཞེས་པའི་དེར་ངེས་མ་ངེས་ཀྱི་དམིགས་བསལ། ཆོས་ཤེས་འདོད་པའི་གཉེན་པོ་ཡིན་ནོ་ཞེས་བྱ་བའང་ 3-1-250b འདོད་པའི་སྤང་བྱ་རིས་ལྔ་པོ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་དང་། གཉེན་པོ་ཆོས་ཤེས་མཐོང་སྒོམ་གྱིས་བསྡུས་པ་བདེན་བཞི་ལ་དམིགས་པ་ཐམས་ཅད་ཡིན་པའི་ཕྱིར་བཤད་པ་ཡིན་གྱི། དེར་མ་ཟད་གཞན་ཡང་ཆོས་ཤེས་ཀྱིས་ཁམས་ གོང་མ་གཉིས་ཀྱི་གཉེན་པོ་བྱེད་པའང་ཡོད་དེ། གང་ཞེ་ན་བསྒོམ༷་པའི༷་ལམ༷་ལ༷་འགོག༷་པ༷་ལ་ཆོས་ཤེས་པའ༷མ་ལམ༷་ལ༷་ཆོས་ཤེས་གང༷་ཡི༷ན་པ་དེ༷་དག༷་ནི་ཁ༷མས་གསུམ༷་གྱི༷་ནི༷་གཉེན༷་པོ༷་ཡི༷ན་ཏེ། འདོད་པའི་རྟེན་ཅན་གྱི་འཕགས་པས། འདོད་པའི་སྒོམ་སྤང་དགུ་ཆོས་ཤེས་པས་རིམ་གྱིས་སྤངས་ནས་ཁམས་གོང་མའི་སྒོམ་སྤང་ཡང་སྔར་འདྲིས་པའི༷་ལམ་དེ་ཉིད་བསྐྱེད་ནས་སྤོང་བ་དག་སྲིད་པའི་ཕྱིར་རམ། ཡང་ན་འགོག་ལམ་ཆོས་ཤེས་ཀྱི་དམིགས་པ་ནི་ཟག་མེད་ཡིན་ པས་ཁམས་གསུམ་མ་གཏོགས་པས་དམིགས་པ་དམན་པ་མིན་པས་དེ་ལ་དམིགས་པའི་ཆོས་ཤེས་ཁམས་གསུམ་གྱི་གཉེན་པོ་ཡིན་པ་སྲིད་པས་སོ། །འོ་ན་སྡུག་ཀུན་ཆོས་ཤེས་ཡང་དེར་ཐལ་ཞེ་ན། དེའི་དམིགས་པ་ཟག་བཅས་ཡིན་ལ་དེ་ སུན་འབྱིན་པ་ཡིད་ལ་བྱེད་དགོས་པས། དམན་པས་མཆོག་སུན་འབྱིན་མི་ནུས་པས་སོ་ཟེར། ཁ་ཅིག་སྤང་བྱ་སྤོང་བ་ལ་དེ་ལ་དངོས་སུ་གནོད་པའམ་ཡང་ན་དེ་དང་འགལ་བ་ལ་ཡོན་ཏན་དུ་ལྟ་བའི་ཤུགས་ལ་སྤང་བ་ཡིན་པས་ན་ སྡུག་ཀུན་ལ་ཆོས་ཤེས་པ་ནི་དེ་ལྟ་མིན་ཏེ། ཁམས་གོང་མའི་སྤང་བྱ་ལ་དངོས་སུ་མི་དམིགས་པས་དང་། འགལ་ཟླ་ལ་ཡོན་ཏན་དུ་ལྟ་བའང་མིན་ཏེ། འོག་མའི་བདེན་པ་ལ་དམིགས་ནས་ཡིད་སྐྱོ་བར་བྱེད་པའི་ཕྱིར་རོ། །འགོག་ 3-1-251a ལམ་ལ་དམིགས་པའི་ཆོས་ཤེས་ནི། གོང་མའི་སྤང་བྱ་དང་འགལ་བ་ལ་ཡོན་ཏན་དུ་ལྟ་བའི་ཕྱིར་ཤུགས་ལ་སྤོང་བ་ཡིན་ནོ་ཞེས་འཆད་དོ། །མཐོང་ལམ་འགོག་ལམ་ལ་ཆོས་ཤེས་དག་གོང་མའི་གཉེན་ པོ་མིན་ཏེ། བདེན་པ་ལ་དམིགས་པའི་ལོག་ཞུགས་ཐ་དད་པའི་ཕྱིར་ཏེ། ཐོ་ལ་མིར་འཛིན་པའི་ལོག་རྟོག་ཐག་པ་ལ་དེར་ཤེས་པས་མི་སྤོང་བ་བཞིན་ནོ། །འོ་ན་འགོག་ལམ་རྗེས་ཤེས་སྒོམ་ལམ་པས་བསྡུས་པའང་འདོད་པའི་གཉེན་པོ་ བྱེད་དམ་ཞེ་ན། འདོ༷ད་པའི༷་ཁ༷མས་ཀྱི༷་གཉེན་པོ་ནི་རྗེས༷་ཤེས་སྒོམ་ལམ་གྱིས་བསྡུས་པའང་རྣམ་པ་ཐམས་ཅད་དུ་མ་ཡི༷ན་ཏེ། འདོད་པའི་སྤང་བྱ་ཆོས་ཤེས་པས་སྤངས་ཟིན་པས་དང་། འོག་མའི་སྤང་བྱ་མ་སྤངས་བར་གོང་མའི་གཉེན་ པོ་སྐྱེ་བ་མེད་པས་སོ། །གང་སྤེལ་གྱིས། ཆོས་ཤེས་པས་ཡུལ་ཅན་འདོད་པའི་ཀུན་འགྲོ་བཅོམ་ལ་ཅིག་ཤོས་དེ་མིན་པས་ཟེར་བ་ནི་མིན་ཏེ་དེ་ལྟ་ན་སྡུག་ཀུན་ཆོས་ཤེས་པའང་གོང་མའི་གཉེན་པོར་འགྱུར་ཏེ་ཡུལ་ཅན་འདོད་པའི་ཀུན་ འགྲོ་བཅོམ་པའི་ཕྱིར་རོ། །ཞེས་པ་འདི་སྤང་དགོས་སོ། །གཉིས་པ་རྣམ་པ་ལ་དངོས་དང་། ཟག་མེད་ཀྱི་རྣམ་པའི་གྲངས་འདོད་ཚུལ། རྣམ་པའི་ངོ་བོ་དཔྱད་པ་གསུམ། དང་པོ། ཤེས་པ་བཅུ་པོ་དེ་དག་ལས། ཆོས༷་ཤེས༷་ པ་དང་རྗེས༷་སུ༷་ཤེས༷་པ་ནི་རྣམ༷་པ༷་ཡིན་ནོ། །གཉིས་པ་ལ། གྲངས་བཅུ་དྲུག་ལས་གཞན་མེད་པར་འདོད་པ་དང་། ཡོད་པར་འདོད་པའི་ལུགས་གཉིས། དང་པོ། མི་རྟག་སོགས་ཀྱི་རྣམ་པ་བཅུ༷་དྲུག༷་ཅན་ཡིན་ལ། ཀུན་རྫོབ་ཤེས་པ་ 3-1-251b ནི༷། སྦྱོར་ལམ་ན་ཡོད་པ་ནི་གཉིས་པོ་དེ༷་བཞིན༷་བཅུ་དྲུག་ཅན་ཡིན་ལ། གནས་སྐབས་གཞན་ན་ཡོད་པ་དག་ནི་རྣམ་པ་གཞན་དུའང་ཡིན་ཏེ། མི་སྡུག་དབུགས་འབྱུང་རྔུབ་བྱམས་སོགས་བསྒོམ་པ་ན་རང་སྤྱིའི་མཚན་ཉིད་འཛིན་ལ། དེ་ དག་ཏུ་མ་ཟད་བུམ་སྣམ་དང་། ཟོ་ཞིག་འཐུང་ཞིག་སོགས་རང་སྤྱིའི་མཚན་ཉིད་ལས་གཞན་པའི་རྣམ་པ་ཅན་ཡོད་དོ་ཞེས་ཊིཀ་བྱེད་དག་འཆད་ལ། འདིའི་རང་མཚན་ནི་ལྟོ་ལྡིར་བ་སྣལ་མ་ཐགས་སུ་བཏགས་པ་སོགས་མིན་པར་བུམ་སྣམ་ བཟུང་བ་ཙམ་ལ་ཟེར་རམ་དཔྱད། བདེན་པ་བཞི་ཤེས་པ་ནི། རང༷་རང༷་གི༷་བདེན༷་པ༷འི་རྣམ༷་པ་ཅན་དུ་འཇུག་པས༷་བཞི༷་ཡི༷ན་ནོ༷། །ཕ༷་རོལ༷་ཡི༷ད་ཤེས༷་དྲི༷་མེ༷ད་ཀྱང༷་ལམ་ཤེས་ཡིན་པས། ལམ་ཤེས་པ་དེ༷་བཞིན༷་དུ་ལམ་བདེན་གྱི་རྣམ་ པ་བཞི་ཅན་ཡིན་ལ། དྲི༷་མ༷་དང༷་བཅས༷་པའི་ཕ་རོལ་ཡིད་ཤེས་ནི༷་ཤེས༷་བྱ་སེམས་སེམས་བྱུང་རང༷་གི༷་མཚ༷ན་ཉི༷ད་ཀྱི༷་རྣམ་པ༷་ཅན་ཏེ། དེ་ཡུལ་དུ་བྱེད་པ་ཡིན་ལ། ཟག་བཅས་མ་བཅས་གཉིས་ཀའང་སེམས་འཛིན་པའི་ཚེ་སེམས་བྱུང་དང་། སེམས་ བྱུང་འཛིན་པའི་ཚེ་སེམས་མི་འཛིན་ལ། ཚོར་བ་འཛིན་པའི་ཚེ་འདུ་ཤེས་ལ་སོགས་པ་ཕན་ཚུན་མི་འཛིན་པ་སེམས་སེམས་བྱུང་གི་རྫས༷་རེ༷་རེ༷་ཞིག༷་གི༷་སྤྱོ༷ད་ཡུལ༷་ལོ༷། །འོ་ན་གནས་མང་པོའི་མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ ལ་ཡང་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་ཡང་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་པ་ 3-1-252a ནས། དེ་བཞིན་ཞེ་སྡང་གཏི་མུག་བཅས་བྲལ་དང་། ཀུན་ཏུ་བསྡུས་པ་དང་། རྣམ་པར་གཡེང་བ་དང་། ལེ་ལོ་དང་མཚུངས་ལྡན་ཉོན་མོངས་ཅན་ཞུམ་པ་དང་། བརྩོན་འགྲུས་དང་མཚུངས་ལྡན་དགེ་བ་རབ་ཏུ་བཟུང་ བ་དང་། ཉོན་མོངས་ཅན་ཆུང་ངུ་དང་། དགེ་བ་ཆེན་པོར་གྱུར་པ་དང་། རྒོད་པ་དང་མཚུངས་ལྡན་ཉོན་མོངས་ཅན་དང་། དེ་མ་ཡིན་པ་དེའི་གཉེན་པོ་དགེ་བ་དང་། ཉེ་བར་མ་ཞི་བ་དང་། ཉེ་བར་ཞི་བ་གཉིས་ཀྱང་དེ་དང་འདྲ། མཉམ་པར་ མ་བཞག་པ་རྣམ་གཡེང་དང་མཚུངས་ལྡན་ཉོན་མོངས་ཅན་དང་། དེ་མིན་པའི་མཉམ་པར་བཞག་པ་མ་བསྒོམ་པ་དང་། བསྒོམས་པ་དང་། ཉོན་མོངས་དང་མཚུངས་ལྡན་རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བའི་སེམས་ལ་སྦྱར་ཏེ་ གསུངས་པ་དང་འགལ་ལོ་ཞེ་ན། བྱེ་སྨྲས། འདོད་ཆགས་བཅས་བྲལ་ནི་མཚུངས་ལྡན་བཅས་པ་མིན་ཏེ། འདོད་ཆགས་ཀྱི་ཐོབ་པ་བཅས་པའམ་ཆགས་པ་རྒྱས་འགྱུར་གྱི་དམིགས་པ་ཡིན་པ་ལ་ལྡན་པ་ཁོ་ནས་བཅས་སྒྲར་བརྗོད་པས་དེ་འཛིན་ པ་སྟེ། གོས་སོ་སྙམ་ཚེ་དྲི་མ་མི་འཛིན་ལ་དེ་འཛིན་ཚེ་གོས་མི་འཛིན་པ་བཞིན་ནོ་ཟེར། ཁ་ཅིག་དེ་མཚུངས་ལྡན་ཡིན་དགོས་ཟེར། ཀུན་ཏུ་བསྡུས་པ་དང་རྣམ་གཡེང་ནི་བྱེ་སྨྲས་རྣམ་གཡེང་དང་མཚུངས་པར་མི་ལྡན་པ་དང་། ལྡན་པའི་བྱེ་བྲག་ གིས་དམིགས་པ་ལ་སེམས་སྡུད་པའི་ཕྱིར་དགེ་བ་དང་ཉོན་མོངས་ཅན་ཡིན་ནོ་ཟེར། ནུབ་ཕྱོགས་པས་དེ་གཉིས་ནི་རིམ་པར་གཉིད་ཉོན་མོངས་ཅན་དང་། གཉིད་ལས་གཞན་པའི་ཉོན་མོངས་དང་མཚུངས་ལྡན་ཡིན་པས་གཉིས་ཀའང་ཉོན་མོངས་ཅན་ 3-1-252b ཡིན་ནོ་ཟེར། ཡང་ན་བརྒྱད་ནི་དགེ་བ་དང་བརྒྱད་ནི་ཉོན་མོངས་ཅན་དུ་འཆད་པ་དེ་བདེའོ། །གཞན་ཡང་ཕ་རོལ་སེམས་ཤེས་ཀྱིས་སེམས་འདི་ཆགས་པ་དང་བཅས་པའོ་ཞེས་ཤེས་ཀྱི། གཟུགས་འདི་ལ་ཆགས་པའོ་ཞེས་དམིགས་ཡུལ་མི་ ཤེས་ཏེ། ཤེས་ན་གཟུགས་ལ་དམིགས་དགོས་པས་ཕ་རོལ་སེམས་ཤེས་མིན་པར་འགྱུར་བས་སོ། །སེམས་ཤེས་ཐམས་ཅད་ཡུལ་ཟག་ཟག་མེད་མཚུངས་ལྡན་དང་། རང་མཚན་འཛིན་པ་དང་། དུས་ད་ལྟ་བ་ཕ་རོལ་པོའི་རྒྱུད་ཀྱིས་བསྡུས་པ། ས་བསམ་གཏན་དངོས་གཞིས་བསྡུས་པ། གཟུགས་ལ་བརྟེན་ནས་བསྒྲུབ་བྱ་ཡིན་པས་ཁམས་འོག་མ་གཉིས་ཀྱིས་བསྡུས་པ་དང་། ལམ་སྒོམ་ལམ་གྱི་སྦྱོར་བ་དང་། རྣམ་གྲོལ་ལམ་དང་། ཁྱད་པར་ཅན་གྱི་ལམ་གསུམ་གྱིས་བསྡུས་པ་ཡིན་གྱི། གཟུགས་སོགས་དང་། སྤྱི་མཚན་དང་། འདས་འོངས་དང་། རང་རྒྱུད་དང་། གཟུགས་མེད་ལ་དམིགས་པ་མིན་ནོ་ཟེར། རྣམ་པ་ཟག་མེད་ནི་ལམ་བདེན་གྱི་རྣམ་པ་ཅན་ཡིན་པས་སྨོན་མེད་ཀྱི་རྣམ་པ་ཅན་ཡིན་གྱི། སྟོང་པ་དང་མཚན་མེད་ ནི་མིན་ཏེ། དེ་གཉིས་འགོག་སྡུག་གི་རྣམ་པ་ཡིན་པས་སོ་ཟེར། ཡུལ་གཟུགས་རྐྱང་མི་དམིགས་ཀྱང་ཕ་རོལ་རྟོག་ངོ་ན་ཤར་བ་ལྟར་དམིགས་རུང་ངོ་སྙམ། འདི་དག་གི་རྒྱུ་མཚན་བྱེ་སྨྲས་རྣམ་བརྟགས་ཙམ་སྟེ། ཞིབ་པར་མ་བྲིས་སོ་གསུངས། བརྒྱད་པོ་དེའི་ལྷག༷་མ༷་ཟད་མི་སྐྱེ་ཤེས་པ་ནི་མི་རྟག་སོགས་རྣམ༷་པ༷་བཅུ༷་བཞི༷་ཅ༷ན་ཏེ་གང་ཞེ་ན། བཅུ་དྲུག་པོ་ལས་སྟོང༷་དང༷་བདག༷་མེ༷ད་གཉིས་མ༷་གཏོགས༷་སོ༷། །དེའི་རྒྱུ་མཚན་ཡང་ཤེས་པ་དེ་དག་དོན་དམ་པའི་ཡུལ་ཅན་ཡིན་ཡང་། བདག་གི་སྐྱེ་བ་ 3-1-253a ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་སོགས་རྗེས་ཐོབ་ཀྱི་ཤེས་པས་བདག་གི་ཐ་སྙད་བྱེད་པས་བདག་སྟོང་པ་མ་ཡིན་ལ། རྗེས་ཐོབ་ཀྱང་ཀུན་རྫོབ་ཀྱི་ཡུལ་ཅན་ཡིན་པས་དང་། མཉམ་བཞག་ཀྱང་དེ་དང་མཐུན་པར་བྱ་བའི་ཕྱིར་སྟོང་བདག་མེད་གཉིས་མི་བསྒོམ་པས་དེ་གཉིས་མ་གཏོགས་ཟེར། ཁ་ཆེ་བ་རྣམས་ནི། དྲི༷་མ་མེ༷ད་པ་ལ་ནི་བཅུ༷་དྲུག་ལས་གཞན༷་རྣམ༷་པ་མེད་དེ། བདེན་རྣམ་ཅན་འདིར་འདུས་ལ་འདུས་མ་བྱས་གཞན་ གཉིས་ནི་ཀུན་རྫོབ་ཤེས་པའི་ཡུལ་ཡིན་པས་སོ། །གཉིས་པ་ཉི་འོག་པ་ནི། དྲི་མེད་ཀྱི་རྣམ་པ་བཅུ་དྲུག་ལས་གཞན་ཡང་ཡོ༷ད་ཅེས་པ༷་འདོད་དེ། བསྟན༷་བཅོས༷་རྣམ་ཤེས་ཀྱི་ཚོགས་ལས་མི་ལྡན་པའི་སེམས་ཀྱིས་འདོད་པ་དང་ལྡན་པའི་ཆོས་རྣམས་ ཤེས་པར་འགྱུར་བ་ཡོད་དམ་ཞེ་ན་ཤེས་པར་འགྱུར་ཏེ། རིགས་པས་བསྐྱེད་པའི་སྒོ་ནས་མི་རྟག་པ་དང་སོགས་ནས། རབ་སྐྱེ་དང་རྐྱེན་བར་བརྒྱད་ཀྱི་རྗེས་ལ། འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ། །ཞེས་བྱ་བར་ཤེས་པར་འགྱུར་རོ་ཞེས་ གསུངས་པའི་ཕྱིར་རོ། །དེ་ལ་མི་ལྡན་པའི་སེམས་ནི་ཟག་མེད་དོ། །རིགས་པས་བསྐྱེད་པ་ནི་ཕྱིན་ཅི་མ་ལོག་པའོ། །གནས་ནི་མཚན་ཉིད་དོ། །གཞི་ནི་རྒྱུའོ། །གལ་ཏེ་མི་རྟག་སོགས་ཤེས་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡོད། གཞི་ ཡོད་ཅེས་སྟོན་པ་ཡིན་གྱི་བདེན་པའི་རྣམ་པ་མིན་ནོ་ཞེ་ན་ཚིག་དེ་གཉིས་བསྟན་བཅོས་ཀྱི་གཞུང་གི་ཆ་གཞན་ནས་མི་འབྱུང་བས་ཏེ། དེ་ལས་རིགས་མིན་གྱིས་བསྐྱེད་པ་བདག་དང་བདག་གི་དང་ཆད་པ་སོགས་གསུངས་པ་དེ་ལ་ཡང་འདི་ནི་གནས་ཡོད་གཞི་ཡོད་ཅེས་ 3-1-253b འབྱུང་རིགས་པ་ལ་དེ་མེད་པས་སོ་ཟེར། མདོ་སྡེ་པས་བཅུ་དྲུག་ནི་མིང་གི་སྒོ་ནས་ཡིན་གྱི། རྫས་སུ་སྡུག་བདེན་གྱི་བཞི་དང་། ཕྱི་མ་གསུམ་ནི་རྒྱུ་འགོག་ལམ་གྱི་རྣམ་པ་རེ་རེ་བ་སྟེ་བདུན་ཡིན་ཟེར། ཁ་ཆེ་བྱེ་སྨྲས་དོན་དམ་པར་རྫས༷་སུ༷་རྣམ༷་པ༷་བཅུ༷་དྲུག༷་གོ༷་ ཞེས་འདོད་དེ། རྐྱེན་ལ་རག་ལས་པས་མི་རྟག་པ་དང་། གནོད་པའི་བདག་ཉིད་ཡིན་པས་སྡུག་བསྔལ་བ། བདག་གིར་ལྟ་བའི་མི་མཐུན་ཕྱོགས་ཡིན་པས་སྟོང་པ། བདག་ལྟའི་མི་མཐུན་ཕྱོགས་ཡིན་པས་བདག་མེད་དོ། །སྡུག་བསྔལ་ས་བོན་ གྱི་ཆོས་ཀྱི་ཚུལ་གྱིས་རྒྱུ་དང་། དེ་མ་ཐག་ཏུ་འབྱུང་བས་ཀུན་འབྱུང་། རྒྱུན་གྱིས་འབྲེལ་བས་རབ་སྐྱེ། རྒྱུ་རྐྱེན་མང་པོས་མངོན་པར་འགྲུབ་པའི་རྐྱེན། སྡུག་བསྔལ་གྱི་ཕུང་པོ་ཞི་བས་འགོག་པའོ། །དུག་གསུམ་གྱི་མེ་ཞི་བས་ཞི་བ། སྡུག་ བསྔལ་གྱི་འཚེ་བ་མེད་པས་གྱ་ནོམ་པའོ། །ལས་ཉོན་གྱི་སྐྱོན་ཐམས་ཅད་བྲལ་བས་ངེས་འབྱུང་། ཐར་བར་འགྲོ་བྱེད་ཀྱིས་ལམ། ཐབས་ཀྱི་རིགས་པ་དང་ལྡན་པས་རིགས་པ། མྱང་འདས་ཡང་དག་སྒྲུབ་པས་སྒྲུབ་པ། གཏན་དུ་ཡང་དག་ འདའ་བྱེད་ངེས་འབྱིན་ནོ། །རྣམ་པ་གཅིག་ཏུ་ན། རྟག་པ་དང་། བདེ་བ་དང་། བདག་གིར་དང་། བདག་ཏུ་ལྟ་བ་དང་། རྒྱུ་མེད་པ་དང་། རྒྱུ་གཅིག་པུ་དང་། རང་བཞིན་རྟག་ལ་གནས་སྐབས་འགྱུར་བ་དང་། བློ་སྔར་བཏང་བར་ལྟ་བ་དང་། ། ཐར་པ་མེད་པ་དང་། སྡུག་བསྔལ་ལ་ཐར་བར་ལྟ་བ་དང་། བསམ་གཏན་བདེ་བ་གྱ་ནོམ་པ་དང་། ཐར་པ་གཏན་དུ་བ་མིན་པར་ལྟ་བ་དང་། ལམ་མེད་པར་ལྟ་བ་དང་། ལམ་འདི་ངན་ནོ། །འདི་ལས་གཞན་ཡང་ཡོད་ཀྱི་ལམ་འདི་ཡང་ལྡོག་གོ་ 3-1-254a སྙམ་པའི་ལྟ་བ་སྤྱད་པ་བཅུ་དྲུག་གི་གཉེན་པོར་གོ་རིམ་བཞིན་མི་རྟག་སོགས་བཅུ་དྲུག་ཡིན་ནོ། །གསུམ་པ་ངོ་བོ་ལ། གཙོ་བོ། འཁོར། ཡུལ་གསུམ། དང་པོ་ནི། རྣམ༷་པ༷་ནི་ཤེས༷་རབ༷་ཡིན་ལ། དེ་ཁོ་ན་མིན་ པར་ཤེས་རབ་དེ་དང༷་བཅ༷ས་པའི༷་སྟེ་མཚུངས་པར་ལྡན་པས་འཛིན་པར་བྱེད་དོ། །གཉིས་པ། དམི༷གས་དང༷་བཅས༷་པ༷་སེམས་སེམས་བྱུང་ཚོགས་པ་གཅིག་པ་ཀུན་གྱིས་འཛིན༷་པར༷་བྱེ༷ད་དེ། དེ་ཡང་དམིགས་བཅས་ནི་སེམས་སེམས་བྱུང་གི་རྣམ་ གྲངས་སུ་བཤད་ཟིན་ལ། ཤེས་རབ་ནི་ས་མང་བ་ཡིན་པས་སོ། །གསུམ་པ། རྫས་བཏགས་སུ་ཡོ༷ད་པ༷འི་ཆོས་ཐ༷མས་ཅ༷ད་དེས་བ༷ཟུང་བྱ༷་ཡི༷ན་ཏེ། ཡུལ་ཡོད་ན་ཤེས་པས་བཟུང་བྱ་ཡིན་པས་ཁྱབ་པས་སོ། །དེ་ལྟ་ན་ཤེས་རབ་ནི། རྣམ་པ་དང་། འཛིན་པ་དང་། གཟུང་བྱ་གསུམ་ཀ་ཡིན་པ་དང་། ཤེས་རབ་ལས་གཞན་པའི་དམིགས་བཅས་ཐམས་ཅད་ནི་འཛིན་གཟུང་གཉིས་ཀ་དང་། དམིགས་པ་མེད་པ་རྣམས་ནི་གཟུང་བ་ཁོ་ནའོ་ཞེས་བྱེ་སྨྲས་འདོད། མདོ་སྡེ་པ་རྣམས་ ནི་ཤེས་རབ་རྣམ་པར་འདོད་ན་དེ་གྲོགས་སུ་ལྡན་པའམ་ངོ་བོ་ཡིན་པས་རྣམ་བཅས་ཡིན། དང་པོ་ལྟར་ན་ཤེས་རབ་ཉིད་རྣམ་པ་དང་བཅས་པར་མི་འགྱུར་ཏེ་རང་དང་རང་མཚུངས་པར་མི་ལྡན་པས་སོ། །གཉིས་པ་ལྟར་ན་ཤེས་རབ་ལས་གཞན་ མཚུངས་ལྡན་རྣམས་རྣམ་པ་དང་བཅས་པར་མི་འགྱུར་རོ། །དེ་གང་རུང་མིན་ན། རྟེན་དང་དམིགས་པ་རྣམ་བཅས་ཞེས་བཤད་པ་དང་འགལ་ལ། དེའི་ཕྱིར་དམིགས་པ་ཡུལ། རྣམ་པ་བློའི་འཛིན་སྟངས་ཏེ་ཡུལ་གྱི་རྣམ་ཅན་གྱི་སེམས་ 3-1-254b སེམས་བྱུང་ཐམས་ཅད་ལ་འདོད་དོ་ཟེར་རོ། །གསུམ་པ་དགེ་སོགས་ཀྱི་ཁྱད་པར། དང༷་པོ༷་ཀུན་རྫོབ་ཤེས་པ་ནི་ཅི་རིགས་དགེ་མི་དགེ་ལུང་མ་བསྟན་རྣམ༷་པ་གསུམ༷་ཡོད་ལ་གཞན༷་དགུ་པོ་རྣམ༷ས་ནི་དགེ༷་བའོ། །ཕ་རོལ་སེམས་ཤེས་སྒོམ་བྱུང་ ཡིན་པས་དགེ་བའོ། །བཞི་པ་ས་གར་ཡོད། དང༷་པོ༷་ཀུན་རྫོབ་ཤེས་པ་ནི་འདོད་ནས་སྲིད་རྩེའི་བར་གྱི་ས༷་རྣམ༷ས་ཐམ༷ས་ཅ༷ད་ན༷་ཡོད་དེ། ཁམས་གསུམ་ལ་དམིགས་པ་ཐམས་ཅད་དེར་འདོད་པས་སོ། །བསམ་གཏན་ས་དྲུག༷་ན༷་ཆོས༷་ཤེས༷་ ཞེས་བྱ་བ་ཡོད་དེ། དེ་དག་འདོད་པའི་སྡུག་བསྔལ་སོགས་ལ་དམིགས་པའི་ཕྱིར་དང་། གཟུགས་མེད་འདོད་པ་ལ་མི་དམིགས་པས་མེད་དོ། །ཟག་མེད་ས་དགུར༷་རྗེས༷་ཤེས༷་བྱ༷་བ༷་ཡོད་ལ། དེ་ཡང་གཟུགས་མེད་དང་པོ་གསུམ་ན་རྗེས་ ཤེས་སྒོམ་ལམ་གྱིས་བསྡུས་པ་ཁོ་ན་ཡོད་དོ། །ཇི་ལྟར་རྗེས་ཤེས་ས་དགུ་ན་ཡོད་པ་དེ༷་བཞིན༷་དུ། བདེན་པ་བཞི་ཤེས་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་སྟེ་དྲུག༷་ཀྱང་ས་དགུ་པོ་དེ་དག་ན་ཡོད་དེ། འདི་ཡང་ཆོས་ཤེས་ཀྱིས་བསྡུས་ པ་ས་དྲུག་དང་། རྗེས་ཤེས་ཀྱིས་བསྡུས་པ་ས་དགུ་ལ་ཡོད་པས་སོ། །གཞན༷་ཡི༷ད་ཤེས༷་པ༷་ནི་བས༷མ་གཏན༷་གྱི་དངོས་གཞི་བཞི༷་ཁོ་ན་ན་ཡོད་དོ། །ལྔ་པ་རྟེན་ནི། སེམས་ཤེས་དེ༷་ནི༷་འདོ༷ད་དང༷་གཟུགས༷་རྟེན༷་ཅ༷ན་ཡིན་གྱི་གཟུགས་ མེད་ནི་མིན་ཏེ། གང་ཟག་ཕན་ཚུན་ཡུལ་མིན་པས་སོ། །ཆོས༷་ཤེས༷་བྱ༷་བ༷་འདོ༷ད་པའི་རྟེན༷་ཅ༷ན་ཁོ་ན་སྟེ། དེ་གཙོ་བོར་འདོད་པ་སུན་འབྱིན་པ་ཡིན་ན་གོང་མ་གཉིས་སུ་སྤང་ཟིན་དེ་སུན་མི་འབྱིན་པས་སོ། །ཁ༷མས་གསུམ༷་པ༷་ཡི༷་རྟེན༷་ཅ༷ན་ 3-1-255a ནི་ཕ་རོལ་སེམས་ཤེས་དང་ཆོས་ཤེས་དེ་གཉིས་ལས་གཞན༷་པའི་ཤེས་པ་བརྒྱད་དོ། །དྲུག་པ་དྲན་པ་ཉེར་བཞག་དུའི་བདག་ཉིད་ཡིན་པ་ནི། འགོག༷་པ་ཤེས་པའི་བློ༷་ནི་ཆོས་དྲ༷ན་པ༷་ཉེ༷་བར་བཞག༷་པ༷་གཅི༷ག་སྟེ། དྲན་པ་ཉེར་ བཞག་བསྟན་པ་ལས། ཆོས་ནི་ལུས་ཚོར་སེམས་ལས་གཞན་པ་ཡིན་ནོ། །ཞེས་པ་ལྟར་དེ་ཁོ་ནའི་འོ། །ཕ༷་རོལ༷་སེམ༷ས་ཤེས་པའི་བློ༷་ནི༷་ལུས་ལ་མི་དམིགས་པས་སེམས་ཚོར་ཆོས་གསུམ༷་མོ༷། །ཤེས་པ་ལྷག༷་མ༷་བརྒྱད་ནི་ཅི་རིགས་ པར་རེས་འགའ་ལུས་ནས་རེས་འགའ་ཆོས་ཀྱི་བར་ལ་དམིགས་ཤིང་། ལམ་ཤེས་པའང་གལ་ཏེ་ཟག་མེད་ཀྱི་སྡོམ་པ་ལ་དམིགས་ན་ལུས་དྲན་ཉེར་དུ་འགྱུར་བས་བཞི༷་ཀ་ཡི༷ན་ནོ༷། །བདུན་པ་ཤེས་པ་གང་གི་ཡུལ་དུ་གང་འགྱུར་ལ། དངོས་དང་འཕྲོས་དོན་གཉིས། དང་པོ། འོ་ན་ཤེས་པ་དེ་དག་ཕན་ཚུན་གང་གིས་དམིགས་པར་འགྱུར་ཞེ་ན། ཆོས༷་ཤེས་བློའི༷་སྤྱོ༷ད་ཡུལ༷་ནི་རྗེས་ཤེས་མིན་པ་དགུ༷་ཡི༷ན་ནོ༷། །དེ་ཡང་ལམ་ཆོས་ཤེས་པས་རྗེས་ཤེས་མ་གཏོགས་ཟག་མེད་ཀྱི་ཤེས་པ་ བདུན་ལ་དམིགས་པ་དང་། སྡུག་ཀུན་ཤེས་པས་བསྡུས་པའི་ཆོས་ཤེས་པས། ཀུན་རྫོབ་ཤེས་དང་གཞན་ཤེས་ཟག་བཅས་ལ་དམིགས་པས་སོ། །ལམ༷་ཤེས་པའི་བློ་ཡི་དམིགས་པའང་ཀུན་རྫོབ་མ་གཏོགས་པའི་དགུ་ཡིན་ཏེ། དེ་ཟག་མེད་ ཁོ་ན་ལ་དམིགས་པར་ངེས་པས་སོ། །ལམ་རྗེ༷ས་སུ་ཤེས་པའི་བློ༷་ཡི༷་དམིགས་པའང་ཆོས་ཤེས་མ་གཏོགས་དགུ༷་ཡི༷ན་ནོ༷། །སྡུག༷་བསྔལ༷་དང་རྒྱུ༷་ཀུན་འབྱུང་ཤེས་པའི་བློའི༷་ཡུལ་དུ་བདེན་པ་དང་པོ་གཉིས་ཀྱིས་བསྡུས་པའི་ཀུན་རྫོབ་ཤེས་པ་དང་། 3-1-255b ཕ་རོལ་སེམས་ཤེས་ཟག་བཅས་གཉི༷ས་ཡི༷ན་ནོ༷། །ཀུན་རྫོབ་ཤེས་པ་དང་གཞན་སེམས་ཤེས་པ་དང་ཟད་དང་མི་སྐྱེ་ཤེས་པ་བཞི༷་ཡི༷་སྤྱོད་ཡུལ་ནི་བཅུ༷་ཆར་ཡིན་ཏེ། ཅི་རིགས་པར་ཐམས་ཅད་ལ་དམིགས་པས་སོ། །དེ་ཡང་ གཞན་གོ་སླ་ལ་ཕ་རོལ་སེམས་ཤེས་ཟག་མེད་ཀྱི་དམིགས་པ་ནི་ཤེས་པ་དགུ་ཡིན་ལ། ཟག་བཅས་ཀྱིས་ཀུན་རྫོབ་དང་ཕ་རོལ་སེམས་ཤེས་ཟག་བཅས་ཡིན་ནོ། །གཅི༷ག་གི༷་སྟེ་འགོག་པ་ཤེས་པ་གཅིག་པུའི་དམིགས་པར་ནི། ཤེས་ པ་ཐམས་ཅད་མིན༷་ཏེ། དེས་སོ་སོར་བརྟགས་འགོག་ཁོ་ན་ལ་དམིགས་ལ། དེ་ནི་ཤེས་པའི་རང་བཞིན་མིན་པས་སོ། །གཉིས་པ་འཕྲོས་དོན་དུ་ཤེས་བྱ་དུ་འགྱུར་དཔྱད་པ་ལ། བསྟན་བཤད་གཉིས། དང་པོ། ཤེས་བྱའི་ ཆོས༷་ཐམས་ཅད་རྣམ་པ་བཅུར༷་ཕྱེ་ལ། བཅུ་པོ་དེ་དག༷་ནི༷་ཤེས་པ་དུ་ཞིག་གི་ཡུལ་དུ་འགྱུར་བ་ནི་སྦྱར༷་ཏེ་ཤེས་པར༷་བྱའོ༷། །གཉིས་པ་ལ་ཆོས་བཅུར་དབྱེ་བ་དང་། དེ་ཡུལ་དུ་འགྱུར་ཚུལ་མདོ་ཙམ་བཤད་པའོ། །དང་པོ། དེ་ལ་ཤེས་ བྱའི་ཆོས་ཐམས་ཅད་ཇི་ལྟར་བཅུར་དབྱེ་ཞེ་ན། ཁ༷མས་གསུམ༷་པའི༷་ཆོས་གསུམ་དང༷་། དྲི༷་མ་མེ༷ད་པའི་ཆོས༷་ཏེ་རྣམ་པ་བཞི་དང་། འདུས༷་མ༷་བྱས༷་ཀྱི་ཆོས་རྣམ༷ས་ཏེ་ལྔ་པོ་རེ་རེ་ལའང་གཉི༷ས་གཉི༷ས་སུ་ཕྱེ་བས་སོ༷། །ཇི་ལྟར་ན་དང་པོ་འདུས་ བྱས་བཞི་ལ་མཚུངས་ལྡན་ཡིན་མིན་གཉིས་ཏེ་བརྒྱད་དང་། འདུས་མ་བྱས་ལ་ནམ་མཁའ་དང་བརྟགས་མིན་འགོག་ལུང་མ་བསྟན་དང་། བརྟགས་འགོག་དགེ་བ་སྟེ་གཉིས་སུ་ཕྱེ་བས་བཅུའོ། །གཉིས་པ། ཀུན་རྫོབ་ཤེས་པ་དེས་མཚོན་ 3-1-256a ནས་གཞན་དཔྱད་པར་བྱའོ། །ཡུལ་ཡུལ་ཅན་ཇི་ལྟར་སྦྱར་ཞེ་ན། ཀུན་རྫོབ་ཤེས་པའི་ཡུལ་དུ་བཅུ། ཆོས་ཤེས་ཀྱི་ཡུལ་དུ་འདོད་པའི་ཆོས་གཉིས་དང་། ཟག་མེད་འདུས་བྱས་ཆོས་ཤེས་ཀྱི་ཆ་གཉིས་ཏེ་བཞི་ དང་། འདུས་མ་བྱས་དགེ་བ་སྟེ་ལྔའོ། །རྗེས་ཤེས་ཀྱི་ཡུལ་དུ་ཁ༷མས་གོང་མ་གཉིས་དང་ཟག་མེད་འདུས་བྱས་ཀྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་དྲུག་དང་། འདུས་མ་བྱས་དགེ་བ་སྟེ་བདུན་དང་། སྡུག་ཀུན་ཤེས་ཡུལ་ཁམས་ གསུམ་གྱི་ཆོས་དྲུག་དང་། འགོག་ཤེས་ཡུལ་དུ་འདུས་མ་བྱས་དགེ་བ་གཅིག་པུ་དང་། ལམ་ཤེས་ཀྱི་ཡུལ་དུ་ཟག་མེད་འདུས་བྱས་ཀྱི་གཉིས་དང་། ཕ་རོལ་སེམས་ཤེས་ཀྱི་ཡུལ་དུ་འདོད་གཟུགས་དང་ཟག་མེད་ཀྱི་མཚུངས་ལྡན་ དང་གསུམ། ཟད་མི་སྐྱེ་ཤེས་པའི་ཡུལ་དུ་འདུས་མ་བྱས་ལུང་མ་བསྟན་མ་གཏོགས་དགུའོ། །གལ་ཏེ་ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཅིག་ཆར་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། དེ་མེད་ལ། འོན་ཀྱང་ཀུ༷ན་རྫོབ༷་ཤེས་པ་ གཅི༷ག་པུས༷་ར༷ང་དང་རང་གིས་ཚོ༷གས་པ་གཅིག་པའི་ཆོས་རྣམས་ལ༷ས་གཞན༷་ཆོས་ཐམས་ཅད་ནི༷་སྐད་ཅིག་མ་གཅིག་ཆར་བདག༷་མེ༷ད་ཉི༷ད་དུ་རིག༷་པར་འགྱུར༷་ཏེ། མོས་སྤྱོད་པའི་ས་པ་དག་ཐོས་བསམ་ལས་བྱུང་བའི་ཀུན་རྫོབ་ཤེས་པས་ ཆོས་ཐམས་ཅད་བདག་མེད་དོ་ཞེས་ཡིད་ལ་བྱེད་པས་སོ། །སྐད་ཅིག་མ་གཉིས་པའི་ཡུལ་དུ་དང་པོའང་འགྱུར་བས་སྐད་ཅིག་མ་གཉིས་བསྡོམས་པའི་ཡུལ་དུ་ནི་ཆོས་ཐམས་ཅད་གཅིག་ཀྱང་མ་ལུས་པར་འགྱུར་རོ། །རང་ཉིད་ཡུལ་ 3-1-256b དུ་མི་བྱེད་དེ་རང་ལ་རང་བྱེད་པར་འགལ་ལ། དེ་དང་མཚུངས་ལྡན་དང་མཚུངས་ལྡན་མིན་པའི་རང་དང་ལྷན་འབྱུང་རྣམས་ཀྱང་མི་རིག་སྟེ། དུས་མཉམ་པར་སྐྱེ་བས་སོ། །རང་རིག་འདོད་ན་སྐད་ཅིག་གིས་ཐམས་ཅད་རིག་ཅེས་བྱའོ། ། དེ་ནི་མདོ་སྡེ་པས་འདོད་པའོ། །བརྒྱད་པ་ལྡན་ཚུལ་ནི། གང་ཟག་གང་ཞིག་ཤེས་པ་དུ་དང་ལྡན་ཞེ་ན། སོ་སྐྱེ་ཆགས་བཅས་དང་གཟུགས་མེད་ཀྱི་བྱིས་པ་རྣམས་ནི་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན་ལ། འདོད་གཟུགས་ཀྱི་ཆགས་བྲལ་སོ་ སྐྱེ་ལ་ཕ་རོལ་སེམས་ཤེས་དང་གཉིས་ལྡན་ནོ། །འཕགས་པ་ལ་ནི། ཟག༷་མེ༷ད་སྐ༷ད་ཅི༷ག་དང༷་པོ༷་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་ལ༷། འདོད་པ་ལས་ཆགས་པ་མ་བྲལ་བས་ཆ༷གས་ཅ༷ན་ཞིག་ཡིན་ན་དྲི་མེད་བཟོད་རྣམས་ཤེས་པ་མིན་ཞེས་ འབྱུང་བས་བཟོད་པ་ནི་ཤེས་པ་མིན་ལ་ཤེས་པ་གཞན་དང་ཡང་མི་ལྡན་པས་ཀུན་རྫོབ་ཤེས༷་པ༷་གཅི༷ག་དང༷་ལྡན༷་ལ། སྐད་ཅིག་གཉི༷ས་པ༷་སྡུག་བསྔལ་ཆོས་ཤེས་ལ༷་ཀུན་རྫོབ་ཤེས་པ། ཆོས་ཤེས་པ། སྡུག་བསྔལ་ཤེས་པ་གསུམ༷་དང་ལྡན་ ཞིང་དེ་ཡན༷་ཆ༷ད་ཀྱི་ཤེས་པ་ནི༷། སྡུག་བསྔལ་རྗེས་ཤེས་ཀུན་འབྱུང་། འགོག་པ་ལམ་ཆོས་ཤེས་ཏེ་སྐད་ཅིག་མ་བཞི༷་ལ༷་རེ༷་རེ༷་འཕེལ༷་བ་དང༷་ལྡན༷་ཏེ། སྡུག་བསྔལ་རྗེས་ཤེས། ཀུན་འབྱུང་། འགོག་ལམ། ཆོས་ཤེས་བཞི་ལ་ནི་ སྔར་གྱི་གསུམ་སྟེང་། རྗེས་ཤེས། ཀུན་འབྱུང་ཤེས་པ། འགོག་པ་ཤེས་པ། ལམ་ཤེས་པ་རེ་རེ་ཀླགས་པའམ་འཕེལ་ཏེ་བཞི་དང་ལྔ་དང་དྲུག་དང་བདུན་དང་རིམ་པས་ལྡན་པའི་ཕྱིར། དེ་མིན་སྐད་ཅིག་གཞན་ལས་གསར་རྙེད་མེད་དོ། ། 3-1-257a གལ་ཏེ་འདོད་པ་ལ་ཆགས་བྲལ་ཡིན་ན། ཕ་རོལ་སེམས་ཤེས་ཟག་མེད་ཀྱི་ཐོབ་པ་འབྱུང་བས་དེ་སྡུག་བསྔལ་ལ་ཆོས་བཟོད་ནས་ལམ་ཆོས་ཤེས་ཀྱི་བར་དུ་ཐམས་ཅད་ལ་སེམས་ཤེས་བསྣན་ཏེ་ལྡན་པའོ། །ཁ་ཅིག་ལམ་རྗེས་ཤེས་ ཀྱི་ཚེ་ན་ཆགས་བཅས་ལ་ལམ་ཤེས་དེ་ཉིད་དང་། ཆགས་བྲལ་ལ་སེམས་ཤེས་དང་གཉིས་ལྡན་གྱི་གཞན་མིན་ཏེ། འབྲས་བུ་ཐོབ་པས་ཤེས་པ་སྔ་མ་རྣམས་བཏང་བའི་ཕྱིར་ཏེ། འཕགས་པ་འབྲས་བུ་ཐོབ་སྦྱང་ཉམས་པ་ལས་ཞེས་འཆད་མོད་ཀྱི། ཊི་ཀ་ལས། ལམ་རྗེས་ཤེས་ལ་ཆགས་བཅས་བདུན་པོ་དེ་དག་དང་ལྡན་ནོ། །ཆགས་བྲལ་ཡིན་ན་བརྒྱད་དེ། དེ་གཞན་སེམས་ཤེས་པ་དང་ལྡན་ནོ་ཞེས་བཤད་དོ། །དེ་བཞིན་སྒོམ་ལམ་ལ་གནས་པའང་ཆགས་བཅས་ཡིན་ན་ཟད་དང་། མི་སྐྱེ་ ཤེས་པ། ཕ་རོལ་སེམས་ཤེས་གསུམ་མ་གཏོགས་པ་བདུན་དང་། ཆགས་བྲལ་ཡིན་ན་སེམས་ཤེས་བསྣན་ཏེ་བརྒྱད་དོ། །མི་སློབ་ལམ་གནས་ཤེས་རབ་རྣམ་གྲོལ་ལ་སེམས་ཤེས་མ་གཏོགས་དགུ་དང་། གཉིས་ཀའི་ཆ་ལས་རྣམ་གྲོལ་བཅུ་དང་ ལྡན་ནོ། །ཞེས་སོ། །དགུ་པ་འཐོབ་ཚུལ་ལ། ལམ་གང་དུ་ཤེས་པ་དུ་འཐོབ་ཚུལ་དང་། ས་གང་དུ་ཤེས་པ་གང་ཐོབ་ཚུལ། ཐོབ་པའི་དབྱེ་བ་གསུམ། དང་པོ་ལ། མཐོང་ལམ་དུ་དུ་ཐོབ་པ་དང་། དེ་ཡན་ཆད་དུ་དུ་ཐོབ་བསྟན་པ་ གཉིས། དང་པོ་ལ་སྤྱི་དང་། བྱེ་བྲག་དེའི་སྐབས་སུ་ཐོབ་པ་ཀུན་རྫོབ་ཤེས་པའི་རྣམ་བཞག་གཉིས། དང་པོ། གནས་སྐབས་གང་དུ་ཤེས་པ་དུ་ཐོབ་ཅེ་ན། མཐོང་བའི༷་ལམ༷་ལ༷་ནི་བཟོ༷ད་པ༷་བརྒྱད་པོ་དང༷་ཤེས༷་པ༷་བདུན་པོ་ཇི༷་ལྟ༷ར་སྐྱེས༷་པ༷་རྣམ༷ས་ 3-1-257b རང་རང་གི་རིགས་འདྲ་མ་འོངས་པ་ཐོབ་པར་འགྱུར་ཏེ། སྡུག་བསྔལ་ཆོས་བཟོད་སྐྱེས་པ་ནས་གང་ལ་བརྟེན་ནས་སྐྱེས་པ་དེ་ནི་ད་ལྟ་བ་དང་མ་འོངས་པ་འཐོབ་པ་ལས་གཞན་ལ་བརྟེན་པ་ནི་མ༷་འོ༷ངས་པ་ཁོ་ན་འཐོབ༷་ལ། དེ་ཡང་ མི་སྐྱེ་བའི་ཆོས་ཅན་དག་ཡིན་གྱི་སྐྱེ་བའི་ཆོས་ཅན་ནི་མིན་ཏེ། མཐོང་ལམ་ལན་དུ་མར་སྐྱེས་པར་ཐལ་བས་སོ། །འགྲེལ་པ་ལས། རྣམ་བཞི་ཐོབ་ཅེས་བཤད་པ་དྲན་ཉེ་བཞིའོ་ཟེར་ཀྱང་མི་འབྲེལ་ཏེ་མི་རྟག་སོགས་བཞི་ཡིན་ནོ་། བཟོད་ཤེས་སོ་སོ་རང་གི་རིགས་འདྲ་མ་འོངས་པ་དེ་འདྲ་བ་ཁོ་ན་འཐོབ་ལ། བདེན་པ་གང་དང་གང་གི་ཤེས་བཟོད་ཡིན་པ། དེའི་རྣམ་པ་མི་རྟག་སོགས་ཁོ་ན་ཐོབ་ཅིང་། དེ་ཡང་བཟོད་ཤེས་རྣམས་སྐལ་མཉམ་གྱི་རྒྱུ་མ་ཐོབ་པས་དེ་དང་ འདྲ་བ་ཁོ་ན་འཐོབ་ལ། རྣམ་པ་ནི་བཞི་ཀའང་དམིགས་ཡུལ་བདེན་པར་མཚུངས་ཤིང་འདྲ་བས་བཞི་ཆར་གྱི་རིགས་འཐོབ་པར་བཤད་དོ། །སྒོམ་ལམ་ནི་ཤེས་པ་རིགས་འདྲ་བ་དང་མི་འདྲ་བ་དེ་དག་གི་རྣམ་པའང་ཐམས་ཅད་དུ་མངོན་སུམ་ འགྱུར་བའི་ཕྱིར་ཐམས་ཅད་ཀྱི་རྒྱུ་འཐོབ་པས་མཐོང་ལམ་ལས་ཁྱད་པར་འཕགས་པའི་རྣམ་པ་མ་འོངས་པ་འཐོབ་པར་འགྱུར་རོ། །འོ་ན་མཐོང་ལམ་ལ་རིགས་མི་འདྲ་བ་ཐོབ་བམ་ཞེ་ན། མཐོང་ལམ་དེ༷་ཉི༷ད་ལ༷་བདེན་ པ་དང་པོ་གསུམ་གྱི་རྗེས༷་སུ་ཤེས་པ་གསུམ༷་ལ༷་ནི༷། སྔོན་མ་ཐོབ་པ་ལས་ཀུན༷་རྫོབ༷་ཤེས་པ་རྣམས་ཀྱང༷་འཐོབ་པའི་ཕྱིར་མི་འདྲ་བའང་འཐོབ་བོ། །གསུམ་པོ་དེའི་ཆོས་ཤེས་ལ་ནི་ཐོབ་པ་མིན་ཏེ། ཁམས་ 3-1-258a གོང་མ་གཉིས་ཀྱི་སྡུག་བསྔལ་མ་ཤེས་ཤིང་ཀུན་འབྱུང་མ་སྤངས་ལ། འགོག་པ་མངོན་དུ་མ་བྱས་པས་བདེན་པ་ཟད་པར་མ་རྟོགས་པའི་ཕྱིར་རོ། །གཉིས་པ་ལ། མིང་། ངོ་བོ། ས། རྣམ་པ། རྒྱུ་ལྔ། དང་པོ། བདེན་གསུམ་དེ་ཟད་པར་རྟོགས་པའི་རྗེས་ལ་ཐོབ་པ་དེ༷་ཉིད་ཀྱི་ཕྱིར་ཀུན་རྫོབ་ཤེས་པ་དེ་ནི་མངོ༷ན་པར་རྟོགས་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །འདི་ལའང་ སྡུག་ཀུན་འགོག་རྗེས་ཤེས་གསུམ་ལ། བདེན་གསུམ་དེ་དག་ལ་དམིགས་པའི་རྗེས་སུ་ཤེས་པ་ཐོབ་བོ། །ཞེས་ཤེས་པར་བྱའོ། །ལམ་རྗེས་ཤེས་ལ་དེ་མི་ཐོབ་སྟེ། སྔོན་འཇིག་རྟེན་པའི་ལམ་གྱིས་བདེན་ པ་དང་པོ་གསུམ་རྟོགས་ཀྱི། ཀུན་རྫོབ་ཤེས་པས་ལམ་བདེན་ནི་ནམ་ཡང་རྟོགས་མི་སྲིད་པས་སོ། །འདི་བདེན་པ་ཟད་པར་མངོན་རྟོགས་ཀྱི་མཐའ་ལས་བྱུང་བ་ཡིན་ན། ལམ་ནི་ཟད་པར་བསྒོམ་མི་ནུས་ཏེ། ཉན་རང་ སངས་རྒྱས་གསུམ་གྱི་ལམ་གྱི་རིགས་མང་ཞིང་། དེ་རེ་རེ་ལ་ཆུང་འབྲིང་ལ་སོགས་པའི་དབྱེ་བ་མང་བས་མཐའ་མེད་པ་དང་། དེ་དག་གང་ཟག་གཅིག་གིས་དུས་གཅིག་ཏུ་བསྒོམ་པ་མི་སྲིད་པས་སོ། །མངོན་པར་རྟོགས་པ་ཞེས་བྱའང་སྡུག་བསྔལ་ཤེས་པ་ནས། ལམ་བསྒོམ་པའི་བར་རང་གི་ བྱ་བ་བྱས་པ་ཡིན་ནོ། །འོ་ན་ཀུན་འབྱུང་རྗེས་ཤེས་ལ་ཡང་མཚུངས་ཏེ། ཀུན་འབྱུང་མཐའ་དག་མ་སྤང་བའི་ཕྱིར་རོ་ཞེ་ན། ཀུན་འབྱུང་མཐོང་སྤང་ནི་མཐའ་དག་སྤངས་ལ། ལམ་ནི་རིགས་མང་བས་མཐོང་སྤང་གི་གཉེན་པོ་མཐའ་དག་བསྒོམ་པར་མི་ནུས་པས་སོ་ཟེར། ཁ་གཅིག་མངོན་རྟོགས་ 3-1-258b མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་འདི་མཐོང་ལམ་གྱི་འཁོར་ཡིན་པས། བདེན་གསུམ་གྱི་རྗེས་ཁོ་ན་ལས་ལམ་རྗེས་མི་ཐོབ་སྟེ་ལམ་རྗེས་སྒོམ་ལམ་ཡིན་པས་སོ་ཟེར་བ་མི་རིགས་ཏེ། དེ་ནི་སྒོམ་ལམ་གྱི་འཁོར་ཡང་མིན་ལ་མཐོང་ལམ་ ཁོ་ནའི་འཁོར་ཡིན་པའི་སྒྲུབ་བྱེད་མེད་པས་འདིའང་མི་འཐད་འདྲའོ། །གཉིས་པ། དེ་ལྟ་བུའི་ཀུན་རྫོབ་ཤེས་པ་དེ༷་ནི༷་གཅིག་ཏུ་མི༷་སྐྱེ༷་བའི་ཆོས༷་ཅ༷ན་ཡི༷ན་པས། ནམ་ཡང་མངོན་དུ་བྱེད་པ་མིན་ལ། དེས་ན་མི་སྐྱེ་བ་དེ་དག་ཏུ་ཐོབ་ཅེས་པའོ། ། མི་སྐྱེ་བའི་ཆོས་ཅན་ཡིན་ན་ཇི་ལྟར་འཐོབ། ཐོབ་པ་ཇི་ལྟར་མི་སྐྱེ་བར་འགྱུར་ཏེ་ཆོས་མེད་པ་འཐོབ་པ་འགལ་བའི་ཕྱིར་རོ། །དེའི་ཕྱིར་མཐོང་ལམ་ལ་མཉམ་པར་བཞག་པས་བདེན་བཞི་ལ་དམིགས་པའི་ཀུན་རྫོབ་ཤེས་པ་རྗེས་ལས་ཐོབ་པ་ སྐྱེ་བར་ནུས་པའི་ཕྱིར་ཀུན་རྫོབ་ཤེས་པ་རྙེད་ཅེས་བརྗོད་དོ་ཞེས་སྔོན་གྱི་སློབ་དཔོན་དག་སེམས་ཙམ་གྱིས་འདོད་པར་འཆད་དོ། །དེ་ལ་འདི་སྐབས་མི་སྐྱེ་བའི་ཆོས་ཅན་ཐོབ་པ་དང་། ལམ་ལ་ཀུན་རྫོབ་ཤེས་པ་མི་ཐོབ་པར་བཤད་པ་འདི་བསམ་གཞིག་ གཏོང་ལུགས་མ་ཤེས་ན་ཅི་ཡང་གཏོལ་མེད་པར་འདུག་པས་དེ་ལེགས་པར་བཤད་ན། སྐབས་འདིར་ཤེས་པ་བཅུ་ལས་གང་གང་གསར་དུ་ཐོབ་དཔྱད་པ་ཡིན་ལ། དེ་ལ་མཐོང་ལམ་དུ་གཙོ་བོར་ཤེས་པ་དུ་ཐོབ་ཡིན་ལ། ཞར་ལ་བཟོད་པའང་ཐོབ་ཚུལ་ བྱུང་བ་ཡིན་ནོ། །དེ་ལ་མཐོང་ལམ་སྔར་སྐྱེ་མ་མྱོང་བའི་བཟོད་ཤེས་དེ་དག་སྐབས་དེ་དག་ཏུ་སྔར་མེད་གསར་ཐོབ་ཡིན་པར་ནི་སུ་ལའང་བསྙོན་དུ་མེད་ལ། བྱེ་སྨྲས་མ་འོངས་པ་རྫས་སུ་འདོད་པས་དང་། མཐོང་ལམ་གྱི་ཐོབ་པ་གཏོང་བ་འཕགས་པ་ 3-1-259a ལ་མི་སྲིད་པས། མ་འོངས་ཀྱི་ཐོབ་པ་ཞིག་ཀྱང་ཡོད་དགོས་ལ། དེ་ཡང་སྒོམ་ལམ་དུ་སྔ་མ་དང་འདྲ་བ་ཐོབ་སྲིད་དེ་བསྒོམ་ལམ་སྡུག་བདེན་ཤེས་པ་སྔ་མ་དང་ཕྱི་མ་གཉིས་སྒོམ་ལམ་གྱིས་བསྡུས་པ་ཡིན་པས་ མ་འོངས་པར་སྐྱེ་བར་བསམས་ལ། མཐོང་ལམ་གྱི་སྐད་ཅིག་བཅོ་ལྔ་ནི་དུས་ལན་གཅིག་ལས་མི་སྐྱེ་བས་ཐོབ་ཀྱང་སྐྱེ་ན་ཡོན་ཏན་མི་སྐྱེ་སྙམ་པའོ། །བདེན་གསུམ་ཟད་པར་རྟོགས་རྗེས་དེ་དག་ཤེས་པའི་ཀུན་རྫོབ་ཤེས་པ་རེ་རེའང་ཐོབ་སྟེ། ཆོས་ ཤེས་དུས་ཟད་པར་མ་རྟོགས་པས་མངོན་རྟོགས་མ་ཚང་ལ་ཕྱི་མ་གསུམ་ལ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཞེས་སོ། །དེ་ཡང་མཐོང་ལམ་དེར་ནི་མངོན་སུམ་དུ་མི་བྱེད་ལ། སྒོམ་ལམ་དུ་བྱས་པ་ནི་མཐོང་ལམ་དུ་མི་གཏོགས་ པས་ནམ་ཡང་མི་སྐྱེ་བར་བསམ་པའོ། །ལམ་ནི་བཟོད་པ་ལ་ཤེས་པ་མེད་ལ་ལམ་རྗེས་ཤེས་ནི་བསྒོམ་ལམ་དུ་གཏོགས་ལ། བསྒོམ་ལམ་དུ་ཐོབ་པ་ནི་མི་སྐྱེ་བར་མ་ངེས་པའི་ཕྱིར་རོ། །གསུམ་པ་རང་དང་འོག་ས་ཞེས་པས་བསྟན། དེ་ ཡང་ཀུན་རྫོབ་ཤེས་པ་དེ་མཐོང་ལམ་ས་གང་ལ་བརྟེན་ནས་ཐོབ་པ་དེའི་རང༷་ས་དང༷་འོ༷ག་སའི༷་ཀུན་རྫོབ་ཤེས་པ་ཐོབ་སྟེ། མི་ལྕོགས་མེད་ལ་འདོད་པ་དང་མི་ལྕོགས་མེད་གཉིས་ཀྱིས་བསྡུས་པའི་དེ་ཐོབ་པ་ནས། བཞི་པ་ལ་བརྟེན་པ་ས་བདུན་ གྱིས་བསྡུས་པའི་ཀུན་རྫོབ་ཤེས་པ་ཐོབ་པའི་བར་དུའོ། །བཞི་པ། དེ་ལ་དམིགས་པ་འགོག༷་པའི༷་ཀུན་རྫོབ་ཤེས་པ་ནི་དྲན་ཉེ་བཞིའི་མཐའ༷་མ་ཆོས་དྲན་པ་ཉེར་བཞག་ཡིན་ལ། གཞན་སྡུག་ཀུན་མངོན་རྟོགས་མཐའ་ལས་བྱུང་བ་ནི་དེ་དག་ 3-1-259b ལ་ལུས་སོགས་ཡོད་པས། དྲན་པ་ཉེར་བཞག་བཞི་ཀ་ཡིན་ནོ། །དེ་གསུམ་སྡུག་བསྔལ་ཀུན་རྫོབ་ཤེས་པ་མི་རྟག་སོགས་བཞིའི་རྣམ་པ་སོགས་རང༷་གི་བདེན༷་པའི་རྣམ༷་པ་ཅ༷ན་དང་། དམིགས་པའང་སྡུག་བསྔལ་དེ་ཉིད་ཡིན་པ་སོགས་སོ། ། ལྔ་པ། དེ་སྐྱེས་ཐོབ་ནི་མིན་གྱི་སྦྱོར་བ་འབད༷་རྩོལ་ལ༷ས་བྱུང༷་བ་སྟེ། མཐོང་ལམ་བསྒོམ་སྟོབས་ཀྱིས་ཐོབ་པས་སོ། །ཞེས་ཁྱད་པར་ཅན་མེད་ལ་ཁྱད་པར་དཔྱོད་པ་དངོས་འདི་སྟེ། འོན་ཀྱང་མི་སྐྱེ་བའི་ཆོས་ཅན་ཡོད་པའི་འཁྲུལ་རྒྱུས་ བྱས་ཏེ། དེ་བྱུང་ཕན་ཆད་སྐྱེ་བ་ན་དེའི་དམིགས་རྣམ་སོགས་འདི་འདྲ་ཡིན་པ་ཞེས་དཔྱད་དེ་སྦྱར་བ་འདི་མཚར་མཚར་ཞིག་ལ་ཟླ་བ་གྲགས་པའི་ཕ་བཞིན་ནོ། །གཉིས་པ་མཐོང་ལམ་ཡན་ཆད་དུ་ཐོབ་ཚུལ། བསྒོམ་ལམ་དུ་ཐོབ་ཚུལ་ལ། ཆགས༷་བཅས༷་ཡིན་ན་བཅུ༷་དྲུག༷་པ༷་ལམ་རྗེས་ཤེས་ལ་གནས་པ་ལ༷་ནི་བདེན་བཞི་ཤེས་པ་དང་། ཆོས་ཤེས་རྗེས་ཤེས་དང་དྲུག༷་འཐོབ་སྟེ། དེ་ཡང་མཐོང་སྤང་ལས་རྣམ་པར་གྲོལ་བའི་ཤེས་པ་ཡིན་གྱི། སྒོམ་སྤང་ལས་གྲོལ་བ་མིན་ཏེ་ འབྲས་གནས་ཙམ་པོ་ཡིན་པས་སོ། །དེ་ལ་ལམ་རྗེས་ཤེས་ནི་ལམ་ཤེས་དང་རྗེས་ཤེས་གཉིས་ཀའི་ངོ་བོ་ཡིན་པས་དེ་གཉིས་ད་ལྟར་བྱུང་བ་ཡིན་ལ་གཞན་བཞི་མ་འོངས་པ་ཁོ་ན་འཐོབ་བོ། །ས་ནི་ཆགས་བཅས་ཡིན་པས་མི་ལྕོགས་མེད་ ཀྱིས་བསྡུས་ལ་མཐོང་བ་རྫོགས་པས་བསྐྱེད་ཕྱིར་སྐལ་མཉམ་གྱི་རྒྱུ་རྒྱས་པ་ལས་འཐོབ་བོ། །ཕ་རོལ་སེམས་ཤེས་དང་། ཀུན་རྫོབ་ཤེས་པ་དང་། ཟད་དང་མི་སྐྱེའི་ཤེས་པ་བཞི་ནི་མི་ཐོབ་སྟེ་རིམ་པས་ཆགས་བཅས་དང་། སྔོན་ 3-1-260a རྙེད་ཟིན་པའི་ཕྱིར་རམ་ཡང་ན་མངོན་རྟོགས་མཐའ་མིན་པའི་ཕྱིར་རོ་ཟེར་ཀྱང་དཔྱད། སློབ་པ་ཡིན་པས་སོ། །འདོ༷ད་པ་ལ༷ས་ཆགས༷་པ་དང༷་བྲལ༷་བ༷་ནས་ཅི་ཡང་མེད་པའི་བར་ཆགས་བྲལ་ཞིག་མཐོང་ལམ་བཅུ་ དྲུག་པ་ན་སྔར་གྱི་དྲུག་དང༷་། ཕ་རོལ་སེམས་ཤེས་དང་བདུན་ནོ། །དེའང་ས་གང་བརྟེན། དེའི་རང་ས་དང་འོག་སས་བསྡུས་པ་འཐོབ་པ་ཤེས་པར་བྱའོ། །སྔ་མ་ལྟར་ན་ད་ལྟ་བ་གཉིས་དང་ལྔ་ནི་མ་འོངས་པའོ། །བཅུ་དྲུག་པ་ལམ་རྗེས་ ཤེས་དེ༷་ཡི༷་གོང༷་མ༷་ཆགས༷་བཅ༷ས་ཀྱི༷་བསྒོམ༷་པའི༷་ལམ༷་ལ༷་ནི། སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་གྲོལ་དང་། ཁྱད་པར་གྱི་ལམ་ཐམས་ཅད་ལ་ཆོས་ཤེས་དང་། རྗེས་ཤེས་དང་། བདེན་བཞི་ཤེས་དང་། ཀུན་རྫོབ་ཤེས་ པ་དང་བདུན༷་ཐོབ༷་བོ༷། །དེ་ཡང་གལ་ཏེ་འཇིག་རྟེན་ལམ་ཞི་རགས་ཀྱི་རྣམ་ཅན་ཡིན་ན་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་དང་། འདས་པ་ཡིན་ན་རྗེས་ཤེས་འདོད་པའི་གཉེན་པོ་མིན་ལ། ཆོས་ཤེས་འདོད་གཉེན་ཡིན་པས་ཆོས་ཤེས་དང་བདེན་ བཞི་ཤེས་པ་གང་རུང་ཞིག་ད་ལྟ་བ་དང་། གཞན་མ་འོངས་པ་འཐོབ་བོ། །བསམ་གཏན་བཞི། གཟུགས་མེད་གསུམ་སྟེ་ས༷་བདུན༷་ལ༷ས་རྒྱལ༷་བ་དང་། སློབ་པ་ཞིག་མངོ༷ན་ཤེས༷་དང༷་པོ་ལྔ་སྦྱོངས་བའི་བར་ཆད་མེད་ལམ་ལའང་སྔ་མའི་ བདུན་པོ་ཐོབ་ལ། མི་སློབ་པས་མངོན་ཤེས་ཐོབ་པར་བྱེད་པ་ལ་ནི་མི༷་གཡོ༷་བ་ལ་དགུ་དང་། གཞན་ལ་ནི་བརྒྱད་འཐོ༷བ། རབ་ཏུ་རྟོགས་པའི་སྐལ་བ་ཅན་ཞིག་མི་གཡོ་བ་ཐོབ་པར་བྱེད་པའི་བར་ཆད་མེད་ལམ་ལའང་ཆོས་རྗེས་བདེན་བཞི་ཟད་ཤེས་ 3-1-260b དང༷་བདུན་ཐོབ་སྟེ་ཀུན་རྫོབ་ཤེས་པ་ཟག་བཅས་ཡིན་ལ། འདིར་སྙིང་པོ་ཟག་མེད་ཀྱི་དབང་པོ་འཕོ་བས་དང་། ཤེས་པ་གཞན་གཉིས་རྣམ་གྲོལ་ལམ་ཡིན་ལ་འདི་བར་ཆད་མེད་ལམ་ཡིན་པས་སོ། །སློབ་པ་ཞིག་བསམ་གཏན་ཟག་ བཅས་ཟག་མེད་སྤེལ་མར་བསྒོམ༷ས་པའི༷་བར༷་ཆ༷ད་མེ༷ད་པའི༷་ལམ༷་དག༷་ལའང་བདུན་ཐོབ་སྟེ། ཆོས་རྗེས་ཤེས་པ་དང་བདེན་བཞི་ཤེས་པ་དྲུག་པོ་དང༷་། ཀུན་རྫོབ་ཤེས་པའོ། །གོང༷་མ༷་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བའི་རྣམ་པར་གྲོལ༷་ བའི༷་ལམ༷་བརྒྱད་ལ༷འང༷་ཆོས་རྗེས་བདེན་བཞི་ཕ་རོལ་སེམས་ཤེས་དང་བདུན་འཐོབ་བོ། །སློབ༷་པ༷་དབང་རྟུལ་རྣོན་པོར་སྦྱང༷་བའི༷་རྣམ་པར་གྲོལ༷་བའི༷་ལམ་ལ༷་ནི་ཆགས་བཅས་ཡིན་ན་ཆོས་རྗེས་བདེན་བཞི་ཤེས༷་པ༷་དྲུག༷་དང༷་། ཆགས་བྲལ་ཡིན་ན་ སེམས་ཤེས་བསྣན་ནས་བདུན༷་ཐོབ༷་ལ། ཁ་ཅིག་སྔར་རྟོགས་ཟིན་པའི་མངོན་པར་རྟོགས་པའི་མཐའ་མེད་པས་དང་། མཐོང་ལམ་ནི་ཐོབ་བྱེད་ཡིན་ལ་འདི་ནི་ཐོབ་ཟིན་པའི་ཕྱིར་མཐོང་ལམ་དང་འདྲ་བའང་མིན་ནོ། །འོན་ཀྱང་སྦྱོར་ལམ་ ནི་ཆགས་བཅས་ཆགས་བྲལ་གཉིས་ཀས་ཀྱང་ཀུན་རྫོབ་ཤེས་པ་འཐོབ་བོ། །བམ༷་ཞེས་ཁ་ཅིག་འདི་ནི་མཐོང་ལམ་དང་འདྲ་ཕྱིར་མཐོང་ལམ་གྱིས་འབྲས་བུ་གསུམ་དང་ཀུན་རྫོབ་ཤེས་པ་ཐོབ་པ་ལྟར་འདི་ལའང་མངོན་རྟོགས་མཐའ་ལས་བྱུང་ བའི་ཀུན་རྫོབ་ཤེས་པའང་ཐོབ་པའི་ཕྱིར་བརྒྱད་ཐོབ་བོ། །ཞེས་འདོད་པ་སྟོན་པའོ། །སློབ་པ་དབང་པོ་སྦྱོང་བའི་བར༷་ཆ༷ད་མེ༷ད་པའི༷་ལམ༷་ལ༷་ཆགས་བཅས་ཆགས་བྲལ་གཉིས་ཀས་ཆོས་རྗེས་བདེན་བཞི་ཤེས་པ་དང་དྲུག་འཐོབ་ཀྱི། ཀུན་རྫོབ་ཤེས་པ་ 3-1-261a མི་ཐོབ་སྟེ་མཐོང་ལམ་དང་འདྲ་བས་སོ། །ཇི་ལྟར་འདྲ་ན། མཐོང་ལམ་གྱི་འབྲས་བུ་དང་པོ་གསུམ་གང་རུང་ཞིག་ཐོབ་པ་ལྟར་འདིས་ཀྱང་བར་ཆད་མེད་ལམ་གྱིས་སློབ་པ་དབང་པོ་སྦྱང་ན་འབྲས་བུ་དང་པོ་གསུམ་དབང་རྣོན་ གྱིས་བསྡུས་པ་འདུས་བྱས་གང་རུང་ཞིག་ཐོབ་པ་དང་། ཡང་མཐོང་ལམ་བར་ཆད་མེད་ལམ་བཟོད་པ་རྣམས་ལ་ཀུན་རྫོབ་ཤེས་པ་མི་ཐོབ་པ་ལྟར་འདིར་ཡང་དེ་དང་འདྲའོ། །དེ༷་བཞིན༷་སྲི༷ད་རྩེ༷་ཉོན་མོངས་ལས་རྣམ༷་པར་རྒྱལ༷་བའི་བར་ཆད་ མེད་ལམ་ལ༷འང༷་ཤེས་པ་དྲུག་འཐོབ་ལ། སྲིད་རྩེའི་རྣམ་གྲོལ་ལམ་དགུ་པ་ཟ༷ད་པ༷་ཤེས༷་པ༷་ལ༷་ནི་དབང་རྟུལ་ཉམས་པ་སྲིད་པས་མི་སྐྱེ་བ་མ་གཏོགས་ཤེས་པ་དགུའོ༷། །མི༷་གཡོ༷་བ༷ས་ནི༷་མི་སྐྱེ་བའང་འཐོབ་པས་ཤེས་པ་བཅུ༷་ཐོབ༷་བོ༷། ། མི་གཡོ་བ་དེར༷་དབང་པོ་འཕོ་བའི་རྣམ་པར་གྲོལ༷་བའི༷་ལམ་ཐ༷་མ༷་ལ༷འང༷་ཤེས་པ་བཅུའོ། །སྔར་བཤད་པའི་ལྷག་མ་འདོད་པ་ལས་ཆགས་བྲལ་རྣམ་གྲོལ་གྱི་ལམ་དགུ་པ་དང་། ས་བདུན་ལས་ཆགས་བྲལ་རྣམ་གྲོལ་དང་། མངོན་ཤེས་དང་། སྤེལ་བསྒོམ་དང་། མི་གཡོ་བ་རྟོགས་བྱེད་གསུམ་གྱི་རྣམ་གྲོལ་ལམ་དང་པོ་བརྒྱད་པོ་རྣམས་དང་། དེ་བཞིན་སྔར་མ་སྨོས་པ་འདོད་པ་ལས་ཆགས་བྲལ་ཕྱིར་མི་འོང་གི་སྦྱོར་བ་དང་། ཁྱད་པར་གྱི་ལམ་རྣམས་ལ་ནི་ཟད་མི་སྐྱེ་ཤེས་མ་གཏོགས་ བརྒྱ༷ད་མ་འོངས་པ་འཐོབ༷་སྟེ་སློབ་པའི་དབང་དུ་བྱས་པའོ། །མི་སློབ་པ་ནི་མངོན་ཤེས་དང་། སྤེལ་སྒོམ་དང་། མི་གཡོ་བ་རྟོགས་པའི་བར་ཆད་མེད་ལམ་ལ་དུས་ཀྱིས་རྣམ་གྲོལ་ཡིན་ན། ཕ་རོལ་སེམས་ཤེས་དང་མི་སྐྱེ་ཤེས་ 3-1-261b མ་གཏོགས་བརྒྱད་དང་། མི་གཡོ་བའི་ཆོས་ཅན་ཡིན་ན་བར་ཆད་མེད་ལམ་ལ་བཀག་པས་ཕ་རོལ་སེམས་ཤེས་མ་གཏོགས་དགུ་འཐོབ་བོ། །མངོན་ཤེས་དང་། སྤེལ་མར་བསྒོམ་པ་དང་། མི་གཡོ་བ་གསུམ་གྱི་སྦྱོར་བ་དང་། རྣམ་ གྲོལ་དང་། ཁྱད་པར་ལམ་གསུམ་ལ་དུས་གྲོལ་གྱིས་མི་སྐྱེ་མ་གཏོགས་དགུ་དང་། མི་གཡོ་བས་བཅུ་པོ་ཐམས་ཅད་དོ། །མིག་དང་རྣ་བའི་མངོན་ཤེས་ནི། ལུང་དུ་མ་བསྟན་ཞེས་འབྱུང་བ་ལྟར་མིག་རྣ་བའི་མངོན་ཤེས་གཉིས་ཀྱི་ རྣམ་གྲོལ་ལམ་ཡང་ལུང་མ་བསྟན་ལ་ནི་མ་འོངས་པ་ཐོབ་པ་མེད་དེ། དེ་དག་ནི་མི་སློབ་པའི་དབང་དུ་བྱས་པའོ། །སོ་སྐྱེ་འདོད་པ་དང་བསམ་གཏན་སྔ་མ་གསུམ་ལས་ཆགས་བྲལ་རྣམ་གྲོལ་ལམ་ཐ་མ་རྣམས་ལ་རིམ་པ་ལྟར་བསམ་ གཏན་དང་པོ་དང་། གཉིས་པ། གསུམ་པ། བཞི་པའི་སས་བསྡུས་པའི་ཀུན་རྫོབ་ཤེས་པ་དང་། ཕ་རོལ་སེམས་ཤེས་གཉིས་མ་འོངས་པ་འཐོབ་བོ། །བཞི་པ་ལས་ཆགས་བྲལ་གྲོལ་ལམ་དགུ་པ་ལ་ནམ་མཁའི་དངོས་གཞིས་ བསྡུས་པའི་ཀུན་རྫོབ་ཤེས་པ་ཐོབ་ཀྱི་ཕ་རོལ་སེམས་ཤེས་མིན་ཏེ་དེ་གཟུགས་མེད་ན་མེད་པས་སོ། །དེ་བཞིན་དུ་གཟུགས་མེད་ལྷག་མ་རྣམས་ལའང་ཤེས་པར་བྱའོ། །བསམ་གཏན་དངོས་གཞིའི་ས་པའི་སྦྱོར་ལམ་རྣམས་དང་། མིག་ རྣ་མ་གཏོགས་མངོན་ཤེས་གསུམ་གྱི་རྣམ་གྲོལ་ལམ་དང་ཚད་མེད་དང་རྣམ་ཐར་ཟད་པ་ཟིལ་གནོན་གྱི་སྐྱེ་མཆེད་སོགས་ཡོན་ཏན་མངོན་པར་སྒྲུབ་པའི་རྣམ་གྲོལ་ལམ་ལ་ནི་ཀུན་རྫོབ་དང་སེམས་ཤེས་གཉིས་ཀ་འཐོབ་སྟེ། བསམ་གཏན་དངོས་གཞིའི་ 3-1-262a སྟོབས་ཀྱིས་དེ་དག་མ་འོངས་པ་ཡང་ཐོབ་པར་བཤད། ངེས་འབྱེད་ཆ་མཐུན་རྣམས་ལ་བསམ་གཏན་ས་པ་དག་གིས་ཀྱང་ཕ་རོལ་སེམས་ཤེས་ཐོབ་པ་མེད་དེ། དེ་མཐོང་ལམ་གྱི་འཁོར་ཡིན་པས་ཇི་ལྟར་མཐོང་ ལམ་ལ་སེམས་ཤེས་མི་ཐོབ་པ་དེ་བཞིན་དེ་དང་འདྲ་བར་བསམ་པའོ། །དེ་ཡང་སོ་སྐྱེ་འདོད་པ་དང་བསམ་གཏན་སྔ་མ་གསུམ་ལས་ཆགས་བྲལ་རྣམ་གྲོལ་ལམ་ཐ་མ་མ་གཏོགས་སྦྱོར་ལམ། བར་ཆད་མེད་ལམ། ཁྱད་པར་ལམ་ དང་། མངོན་ཤེས་གསུམ་དང་། ཚད་མེད་སོགས་ཡོན་ཏན་མངོན་པར་སྒྲུབ་པའི་བར་ཆད་མེད་ལམ་རྣམས་ལ་ཀུན་རྫོབ་ཤེས་པ་ཁོ་ན་མ་འོངས་པ་འཐོབ་ཀྱི། གཉེན་པོ་མིན་པས་ཕ་རོལ་སེམས་ཤེས་མི་ཐོབ་ཅེས་ཊི་ཀར་འཆད་དོ། ། གཉིས་པ་ས་གང་དུ་ཤེས་པ་གང་ཐོབ་ཚུལ་ནི། འོ་ན་ཟག་བཅས་ཟག་མེད་ཀྱི་ལམ་གང་ལ་ས་དུ་པའི་ཤེས་པ་འཐོབ་ཅེ་ན། ལམ་གཉིས་ལས་དང་པོ་འཇིག་རྟེན་ལམ་ལ་མི་ལྕོགས་མེད་ལ་བརྟེན་ནས་འདོད་པ་ལས་ཆགས་བྲལ་དང་ པོའི་དངོས་གཞི་ཐོབ་ན་རྣམ་གྲོལ་ལམ་དགུ་པ་ལ། དང་པོའི་ཉེར་བསྡོགས་དང་དངོས་གཞིས་བསྡུས་པའི་ཀུན་རྫོབ་ཤེས་པ་ཐོབ་པ་ནས་སྲིད་རྩེའི་ཉེར་བསྡོགས་ཀྱིས་ཅི་ཡང་མེད་པ་ལས་ཆགས་བྲལ་དགུ་པ་ལ་སྲིད་རྩེའི་ཉེར་བསྡོགས་དང་ དངོས་གཞིས་བསྡུས་པའི་ཀུན་རྫོབ་ཤེས་པའི་བར་དུའོ། །གཉིས་པ་འདས་ལམ་ལ་ནི་བསམ་གཏན་གཉིས་པ་ལྟ་བུ་ས་གང༷་ལ༷ས་ཆ༷གས་བྲལ༷་བྱ༷་ཕྱིར༷་གཉིས་པའི་སས་བསྡུས་པའི་ཟག་མེད་ཀྱི་བསམ་གཏན་གཉིས་པ་གང༷་ཞིག་ཐོབ༷་པ༷་དེར༷་ 3-1-262b ཡང༷་འོ༷ག་མའི༷་དང་པོའི་ཉེར་བསྡོགས་དངོས་གཞི་ཙམ་ཁྱད་གཉིས་དང་། རྣམ་གྲོལ་དགུ་པའི་ཚེ་གསུམ་པའི་སས་བསྡུས་ཟག་མེད་པའང་འཐོབ༷་སྟེ་གཉེན་པོའི་རིགས་རྒྱས་པས་སོ། །དེ་བཞིན་གཞན་ལའང་སྦྱར་རོ། །གང་གིས་ཟ༷ད་པ༷་ཤེས༷་ པ་ཐོབ་པ་ལ༷་ཟག༷་བཅས༷་ཀྱི་ཡོན་ཏན་མི་སྡུག་དབུགས་འབྱུང་རྔུབ་དྲན་པ་དང་། དྲན་ཉེ་ཚད་མེད་རྣམ་ཐར་ཟིལ་གནོན་སོགས་ཀྱང༷་ཐོབ་སྟེ། རྒྱལ་སྲིད་ཐོབ་ན་འབུལ་བ་དང་བཅས་པས་ཡུལ་མི་རྣམས་ཀྱིས་བསུ་བ་ལྟར་རོ། །ཡོན་ཏན་ དེ་དག་ཀྱང་འདོད་པའི་རྟེན་ཅན་དགྲ་བཅོམ་པས་ཁམས་གསུམ་ཅིག་ཆར་གྱིས་བསྡུས་པ་དང་། གཟུགས་རྟེན་གྱིས་གོང་མ་གཉིས་ཀྱི་སས་བསྡུས་པ་དང་། གཟུགས་མེད་ལ་དེ་གཅིག་པུས་བསྡུས་པ་ན་ཁོ་ན་འཐོབ་བོ། །ས༷་ཀུན༷་ཏུའང་སྔོ༷ན་རྙེད༷་ ཟིན་པ་མི༷་འཐོབ༷་བོ༷། །དེ་ཡང་དེ་ཐོབ་ཟིན་པ་དང་། དམན་པས་དང་། ཐོབ་པ་བཏང་ཟིན་ན་འདས་པ་མི་ཐོབ་པས་སོ། །གསུམ་པ་ཐོབ་པའི་དབྱེ་བ་བཞི་པོ་ནི། རྙེད་ཐོབ་ཀྱི་ཁྱད་པར་ནི་ཐོབ་པ་བཞི་སྟེ། རྙེད༷་པ་དང༷་། བསྟེན༷་པ་ དང་། གཉེན་པོ་དང་། ཐག་བསྲིང་བ་ཐོབ་པའོ། །དེ་ལ་དང་པོ་རྙེད་པ་འཐོབ་པ་ཞེས་བྱ་བ་ནི། དགེ་བ་འདུས་བྱས་རྣམས་གོམས་པས་དེ་དག་མ་འོངས་པ་རྣམས་ཀྱིས་གསར་དུ་རྙེད་པ་ལྟ་བུའོ། །དེ་ཡང་བསྟེན་པ་འཐོབ་པ༷་ཞེས༷་བྱ༷་བ༷་ ནི༷། དགེ༷་བ༷་འདུས༷་བྱས༷་ཐོབ་ཟིན་རྣམས་ཀྱིས་ཡང་དང་ཡང་དུ་མངོན་དུ་བྱེད་པའི་ཐོབ༷་པ༷འོ༷། །དེ་ཡང་ད་ལྟ་བ་ལ་རྙེད་བསྟེན་གཉིས་ཀ་ཡོད་ལ་མ་འོངས་པ་ལ་རྙེད་པ་འབའ་ཞིག་དང་། འདས་པ་ལ་གཉིས་ཀ་མེད་དོ། །ཟག་བཅས་ཀྱི་ 3-1-263a གཉེན༷་པོ༷་གསར་དུ་ཐོབ་པ་དང༷་ནི༷། དེའི་རྣམ་གྲོལ་ཐོབ་པ་ཐག༷་བསྲིངས༷་བའི༷་ཐོབ༷་པ༷་གཉིས་ནི་ཟག༷་པ་དང༷་བཅས༷་པའི༷་གཉེན་པོ་ཐོབ་པ་ཡི༷ན་ཏེ། རིམ་པ་ལྟར་ལུས་སེམས་ལ་འདོད་ཆགས་དང་བྲལ་བར་བྱེད་པ་དང་། ཉོན་མོངས་པའི་ ཐོབ་པ་བཅད་པས་སོ། །དེ་ལྟ་ན་དགེ་བ་ཟག་བཅས་ལ་ཐོབ་པ་བཞི་ཆར། ཟག་མེད་ལ་ཐོབ་པ་དང་པོ་གཉིས། ཉོན་མོངས་ཅན་དང་། སྒྲིབ་ལུང་མ་བསྟན་ལ་ཕྱི་མ་གཉིས་ཏེ། ཤེས་པ་ཁ་ཅིག་ནི་དེ་དག་གི་གཉེན་པོ་དང་། ཁ་ཅིག་ནི་དེ་དག་ཐག་ བསྲིང་བ་ཡིན་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་ཤེས་པ་མི་དགེ་དང་ལུང་མ་བསྟན་ཡོད་པས། དེ་དག་རྙེད་བསྟེན་གྱི་ཐོབ་པའང་ཡོད་པས་དེ་དག་གི་ཐོབ་པ་བཞིར་འགྱུར་རོ་ཞེ་ན། འདིར་ཕལ་ཆེ་བའི་དབང་དུ་བྱས་ནས་དེ་དག་གི་ཐོབ་པ་གཉིས་སུ་བསྟན་ ཏོ། །ཉི་འོག་པས་སྡོམ་པ་ཐོབ་པ་དང་། འཇིག་པ་ཐོབ་པ་གཉིས་བསྣན་པས་དྲུག་གོ། དེ་ཡང་སྡོམ་ཐོབ་ནི་དབང་པོའི་སྒོ་བསྡམས་པའི་དྲན་ཤེས་དང་། འཇིག་ཐོབ་ལུས་ལ་དམིགས་པའི་ཉོན་མོངས་ཐག་བསྲིངས་པའི་ལུས་དྲན་ཉེའོ། ། གཉིས་པ་ཤེས་པས་བསྡུས་པའི་ཡོན་ཏན་ལ། ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་གཉིས། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ། མ་རིག་པའི་གཉིད་སངས༷་པ་དང་། ཡེ་ཤེས་ཀྱི་སྣང་བ་རྒྱས༷་པའི་སངས་རྒྱས་ཀྱི་ཡོན་ཏན་ གྱི་ཆོས༷་ནི༷་ཉན་ཐོས་ལ་སོགས་པ་གཞན་དང་ཐུན་མོང་མ་ཡིན་པས་མ༷་འདྲེས༷་པའི༷་སྟོབ༷ས་བཅུ་དང་ལ༷་སོ༷གས་པའི༷་སྒྲས་མི་འཇིགས་པ་བཞི་དང་། དྲན་པ་ཉེར་བཞག་གསུམ་དང་། ཐུགས་རྗེ་ཆེན་པོ་སྟེ་བཅོ༷་བརྒྱ༷ད་དོ༷། །མདོ་གཞན་ལས་སྐུ་ 3-1-263b འཁྲུལ་བ་མེད་པ་སོགས་མ་འདྲེས་པ་བཅོ་བརྒྱད་བཤད་པ་ནི་ཐེག་པ་གོང་མའི་ལུགས་སོ། །འདི་ནི་སྟོབས་སོགས་ལ་བརྩིའོ། །གཉིས་པ་རྒྱས་བཤད་ལ། སྟོབས་བཅུ། མི་འཇིགས་བཞི། དྲན་པ་ཉེ་བར་བཞག་པ་གསུམ། ཐུགས་ རྗེ་ཆེན་པོ་བཤད་པ་སྟེ་བཞིའོ། །དང་པོ་ལ་དངོས་དང་། ཞར་ལ་སྐུའི་སྟོབས་བཤད་པ་གཉིས། དང་པོ་ལ་སྟོབས་བཅུ་པོ་སོ་སོར་བཤད་པ་དང་། དེ་རྣམས་ས་གང་ན་ཡོད། དེ་ལ་སྟོབས་སུ་འཇོག་པའི་རྒྱུ་མཚན་གསུམ། དང་པོ། སྟོབས་ དང་པོ་གན༷ས་དང༷་གན༷ས་མིན༷་མཁྱེན་པ་ནི། བསྡུ་ན་འདུས་བྱས་འདུས་མ་བྱས་གཉིས་མཁྱེན་པ་ཡིན་པས་ཤེས༷་པ༷་བཅུ༷་ཀ་ཚང་བའི་ངོ་བོ་ཅན་ཡིན་ནོ། །དེ་ཡང་ཀུན་རྫོབ་ཤེས་པའི་ཡུལ་དུ་བཅུ། ཆོས་ཤེས་པའི་ཡུལ་དུ་ལྔ་ལ་སོགས་པ་གོང་བཤད་འདི་ བཅུའི་ཡུལ་དུ་ཆོས་ཐམས་ཅད་འགྱུར་ལ། ཆོས་ཀུན་སྲིད་མི་སྲིད་ཀྱི་གནས་མཁྱེན་པས་སོ། །ཟག་བཅས་ཀྱི་ལ༷ས་དང་དེའི་འབྲས༷་བུ་རྣམ་སྨིན་སྣ་ཚོགས་མཁྱེན་པའི་སྟོབས་ལ༷་ནི་འགོག་ལམ་ཟག་མེད་ཁོ་ན་ལ་དམིགས་པས་དེ་མ་གཏོགས་ཤེས་པ་བརྒྱ༷ད་ དོ། །བས༷མ་གཏན༷་བཞི་དང་སོ༷གས་སྒྲས་རྣམ་ཐར། ཟད་པ། ཟིལ་གནོན། གཟུགས་མེད། མཐར་གནས་དགུ། ཏིང་འཛིན་གསུམ་སོགས་ཀྱི་རང་བཞིན་དང་། ཐོབ་པ་དང་། ཕན་འདོགས་དང་། རོ་མྱང་ལྡན་སོགས་ཀྱི་ཁྱད་པར་མཁྱེན་ པའི་སྟོབས་ནི། ཟག་བཅས་ཟག་མེད་ཀྱི་འདུས་བྱས་ཁོ་ན་ལ་དམིགས་པས་འགོག་པ་ཤེས་པ་མ་གཏོགས་དགུའོ། །དད་སོགས་དབ༷ང་པོ༷་མཆོག་དང་མཆོག་མིན་མཁྱེན་པའི་སྟོབས་དང་། ཉན་ཐོས་སོགས་ལ་མོས༷་པ་སྣ་ཚོགས་དང༷་། ཉན་ཐོས་ལ་ 3-1-264a སོགས་པའི་ཁ༷མས་སྣ་ཚོགས་མཁྱེན་པའི་སྟོབས་ལ༷་ནི༷། འགོག་པ་ཤེས་པ་མ་གཏོགས་དགུ༷་སྟེ། དབང་མོས་སེམས་བྱུང་ཡིན་ལ། ཁམས་ཀྱང་སློབ་དཔོན་འདུན་བཟང་སྔོན་གུས་པའི་བག་ཆགས་ཀྱིས་ཡང་དག་པར་ འགྲུབ་པའི་བསམ་པ་ལ་འདོད་པས་དེ་ཡང་སེམས་སེམས་བྱུང་ཁྱད་པར་ཅན་ནོ། །དེས་ན་དེ་རྣམས་ཟག་ཟག་མེད་ཀྱི་སེམས་འདུས་བྱས་ལ་དམིགས་པའོ། །དམྱལ་བ་ནས་འགོག་པའི་བར་དུ་ཐམས་ཅད་དུ་འགྲོ་བའི་ལམ༷་མཁྱེན་པའི་སྟོབས་དག༷་ལ༷་ ནི། ལམ་ནི་རྒྱུ་དེ་ཉིད་འབྲས་བུ་བཅས་པ་མཁྱེན་པར་འདོད་ན་འགོག་པ་དང་བཅུ་ཆར་རམ། ལམ་འབའ་ཞིག་མཁྱེན་ན་འདུས་བྱས་ཡིན་པས་འགོག་པ་མ་གཏོགས་པའོ། །དེ་ལྟར་ལུགས་ཐ་དད་པས་འམ༷་ཞེས་སྨོས་པ་ཡིན་ནོ། །སྔོན་ གནས་དང་འཆི་འཕོ་མཁྱེན་པའི་སྟོབས་གཉི༷ས་ནི༷་བདེན་པ་ལ་མི་དམིགས་པས་ཀུན༷་རྫོབ༷་འབའ་ཞིག་ལ་དམིགས་པའི་ཤེས༷་པ༷་ཡི༷ན་ནོ༷། །དེ་ཡང་རང་གཞན་གྱི་འདས་འོངས་ཀྱི་སྐྱེ་བ་མཁྱེན་པ་སྟེ། དེ་འང་རང་མཚན་ལ་དམིགས་ཀྱི། སྤྱི་ མཚན་བདག་མེད་པའི་རྣམ་པར་མ་ཞུགས་པས་བདེན་པ་ལ་མི་དམིགས་སོ། །ཟག་ཟད་ཀྱིས་གལ་ཏེ་ཟག་པ་ཟ༷ད་པ༷་འགོག་བདེན་འབའ་ཞིག་མཁྱེན་པར་འདོད་ན། ཆོས་རྗེས་ཤེས་དང་། འགོག་ཤེས་ཟད་དང་། མི་སྐྱེ་ཤེས་ཀུན་རྫོབ་ཤེས་ པ་དང་དྲུག་གམ་སྟེ། འགོག་ཤེས་ཀྱི་རིགས་ཁོ་ན་ཆོས་ཤེས་ལ་སོགས་པའི་བྱེ་བྲག་གིས་ཐ་དད་དུ་བྱས་པས་དང་། འདུས་མ་བྱས་ཡིན་པས་བདེན་པ་གཞན་གསུམ་ཤེས་པ་དང་། ཕ་རོལ་སེམས་ཤེས་མི་སྲིད་དོ། །འོན་ཏེ་ཟད་ཤེས་ནི་ཟག་ཟད་ 3-1-264b ཀྱི་རྒྱུད་ལ་ཡོད་པའི་ཡུལ་ཅན་ཤེས་པ་ལ་འདོད་ན། དེ་ཡིད་བྱེད་ལ་ཤེས་པ་ཐམས་ཅད་འབྱུང་བས་ཤེས་པ་བཅུ༷་ཡི༷ན་ནོ༷། །དེ་ལྟར་ལུགས་ཐ་དད་པས་གམ༷་ཞེས་སྨྲས་སོ། །གཉིས་པ། སྔོ༷ན་གན༷ས་རྗེ༷ས་སུ་དྲན་པ་དང་འཆི༷་འཕོ༷་ དང་སྐྱེ༷་བ༷་མཁྱེན་པའི་སྟོབ༷ས་གཉིས་ནི། བས༷མ་གཏན༷་གྱི་དངོས་གཞི་བཞི་པོ་དག༷་ན༷་ཡོད་དེ། ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ལ་བརྟེན་ནས་བསྐྱེད་བྱ་ཡིན་པས་སོ། །ལྷག༷་མ༷་བརྒྱད་ནི༷་ཉེར་བསྡོག་ཕྱི་མ་བདུན་མ་གཏོགས་པའི་ས༷་ རྣམ༷ས་ཀུན༷་ན༷་ཡོད་དེ། བསྐྱེད་སླ་བའི་ཕྱིར། ཟག་མེད་རྣམས་ནི་ཅི་རིགས་པར་ཟག་མེད་ཀྱི་ས་རྣམས་ལ་བརྟེན་ལ། ཀུན་རྫོབ་ཤེས་པས་བསྡུས་པའི་སྟོབས་རྣམས་ནི་ས་ཐམས་ཅད་ལ་བརྟེན་པར་འདོད་དོ། །འོན་ཀྱང་འདི་དག་ཡོངས་ སུ་དག་པའི་ཏིང་འཛིན་ལ་བརྟེན་ནས་མཁྱེན་པའི་ཕྱིར་བསམ་གཏན་བཞི་པའི་སེམས་ལ་ཕལ་ཆེར་བརྟེན་པ་ཡིན་ནོ། །ལུས་རྟེན་སངས་རྒྱས་ཉིད་དུ་རུང་བ་འཛམ་གླིང་ན་སྐྱེས་པའི་རྟེན་ཁོ་ནའོ། །གསུམ་པ། འོ་ན་ཤེས་པ་བཅུ་པོ་དེ་དག་ ཉན་རང་སོགས་ལ་ཅི་རིགས་པར་ཡོད་བཞིན་དུ་ཅི༷་ཡི༷་ཕྱིར༷་སངས་རྒྱས་ཁོ་ནའི་དེ་རྣམས་ལ་སྟོབས་ཞེས་བྱ་ཞེ་ན། སངས་རྒྱས་ལ་མངའ་བའི་ཤེས་པ་བཅུ་པོ་འདི༷་ལ་ནི་སྟོབ༷ས་ཅེས་བྱ་སྟེ། གང༷་གི་ཕྱིར༷་ན། འདི་བཅུ་ལ་ཡུལ་དུས་ཀྱིས་ བསྐལ་པས་ཐོགས་རྡུགས་ནམ་ཡང་མེད་པས་ཤེས་བྱ་ཅི་ལའང་ཐོགས༷་པ་མི༷་མངའ༷་བས་སོ། །གཞན་ཉན་རང་གིས་དེ་འདྲ་མིན་ཏེ། ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ཀྱི་ཐར་པའི་དགེ་བ་མ་ཤེས་པ་ལྟ་བུའོ། །གཉིས་པ་ལ། སྐུ་ལ་ 3-1-265a སྟོབས་མངའ་ཚུལ་དང་། སྟོབས་ཀྱི་ཚད། སྟོབས་དེ་ཡི་ངོ་བོ་གསུམ། དང་པོ། ཐུགས་ཀྱི་སྟོབས་དེ་ལྟ་ན་སྐུའི་སྟོབས་ཅི་ལྟར་ཞེ་ན། སྐུ༷་ལ༷་ནི་སྲེ༷ད་མེ༷ད་བུ༷་ཡི༷་སྟོབ༷ས་མངའ་འོ། །དེ་ལ་སྲེད་མེད་ཀྱི་བུའི་ སྟོབས་ཅེས་བྱ་བ་ཡང་སྟོབས་ཀྱི་མིང་སྟེ། དཔེར་ན་གྲངས་གནས་དྲུག་ཅུར་སོན་པ་ལ་གྲངས་མེད་ཅེས་བརྗོད་པ་བཞིན་ནོ། །སྔོན་གྱི་སློབ་དཔོན་གཞན༷་དག༷་ཚིག༷་དང་ཚིག་རེ་རེ་ན་སྲེད་མེད་བུའི་སྟོབས་མངའ་ཞེས་ཟེར་རོ། །གཉིས་པ་སྟོབས་དེའི་ཚད་ གང་ཞེ་ན༷། གླང༷་ཆེན༷་ཕལ་པ་དང་། སོ༷གས་ཀྱིས་བསྡུས་པ་སྤོས་ཀྱི་གླང་ཆེན་དང་། ཚན་པོ་ཆེ་ཆེན་པོ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག་དང་། སྲེད་མེད་ཀྱི་བུ་རྣམས་ཏེ། བདུན་པོ་དེ་དག་སྔ་མ་སྔ་མ་ བཅུས༷་ཀླགས༷་ཤིང་བསྒྱུར་བའི༷་ཕྱི་མ་ཕྱི་མའི་སྟོབ༷ས་ཡི༷ན་ནོ༷། །ཞེས་སོ། །ཁ་ཅིག་སྟོབས་མཆོག་བཅུའི་སྟོབས་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་ཡིན་ལ། དེ་ཉིས་ལོག་བྱས་པ་ནི་སྲེད་མེད་ཀྱི་བུའི་སྟོབས་སོ་ཟེར། དཔེས་སྟོན་པ་ནི། ཐུགས་སྟོབས་ མཐའ་ཡས་པ་ལྟར་སྐུའི་སྟོབས་ཀྱང་མཐའ་ཡས་ཏེ། གཞན་དུ་ཐུགས་སྟོབས་སྐུས་བཟོད་པར་མི་འགྱུར་རོ་ཟེར་རོ། །གསུམ་པ། དེ་ལྟ་བུའི་སྐུའི་སྟོབས་དེ་ཡི་ངོ་བོ་ནི༷། འབྱུང་བ་ཆེན་པོའི་ཁྱད་པར་ཁོ་ན་སྟེ། རེག༷་བྱའི༷་སྐྱེ༷་མཆེ༷ད་ཡིན་ གྱི་འབྱུང་འགྱུར་ནི་མིན་ནོ་ཞེས་སོ། །ཁ་ཅིག་སྟོབས་དེ་འབྱུང་བ་མ་ཡིན་གྱི་འབྲས་བུའི་རེག་བྱ་འཇམ་པ་སོགས་བདུན་ལས་དོན་གཞན་དུ་གྱུར་པ་རྒྱུར་བྱས་པའི་རེག་བྱ་བརྒྱད་པ་ཞིག་ཡིན་ནོ་ཟེར་བ་མཁྲེགས་པ་ལ་འདོད་དོ༷། །གཉིས་པ། མི༷་འཇིག༷ས་ 3-1-265b པ༷་ནི༷་རྣམ༷་པ༷་བཞི༷་ཡིན་པར་མདོ་ལས་གསུངས་སོ། །དེ་ཡང་དང་པོ་བདག་ཉིད་ཐམས་ཅད་མཁྱེན་པར་ཞལ་གྱིས་བཞེས་པ་ནི་ཤེས་བྱ་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པས། ཇི༷་ལྟར༷་སྟོབ༷ས་ནི༷་དང༷་པོ༷་གནས་དང་གནས་མིན་མཁྱེན་པ་ནི་ཤེས་པ་བཅུ་ དང༷་། ས་ཐམས་ཅད་ཀྱིས་བསྡུས་པ་དེ་བཞིན་མི་འཇིགས་པ་དང་པོ་འདི་ཡང་ཡིན་ནོ། །བདག་ཉིད་ཀྱིས་ཟག་པ་རྣམས་ཟད་པར་ཞལ་གྱིས་བཞེས་པ་ནི། སྒྲིབ་པ་མ་ལུས་པ་སྤངས་པ་ཉིད་མཁྱེན་པ་སྟེ། སྟོབས་བཅུ༷་པ༷་ཟག་ཟད་ཤེས་པ་ནི་ཤེས་པ་ དྲུག་གམ་བཅུ་དང་། ས་བཅུ་གཅིག་གིས་བསྡུས་པ་དེ་བཞིན་དུའོ། །བར་གཅོད་ཀྱི་ཆོས་བསྟན་པ་ཉོན་མོངས་སོགས་ཀྱི་བདུད་ལ་ལམ་གྱི་བར་ཆད་དུ་མཁྱེན་པ་དེ་ནི། སྟོབས་གཉི༷ས་པ༷་ལས་བདག་གིར་བྱ་བ་མཁྱེན་པ། འགོག་ལམ་མ་གཏོགས་ ཤེས་པ་བརྒྱད་དང་ས་ཐམས་ཅད་ཀྱིས་བསྡུས་པ་དེ་བཞིན་དུ། བདེན་པ་དང་པོ་གཉིས་ཀྱིས་བསྡུས་པ་ཁོ་ནས་བར་དུ་གཅོད་པས་སོ། །ལམ་ངེས་འབྱུང་ཉིད་དུ་བསྟན་པ་ཉན་ཐོས་སོགས་ཀྱི་ལམ་མཁྱེན་པ་ནི། སྟོབས་བདུན༷་པ༷་ལམ་མཁྱེན་པ་ཤེས་པ་ དགུའམ་བཅུ་དང་། ས་ཐམས་ཅད་ཀྱིས་བསྡུས་པ་དེ་བཞིན༷་དུའོ། །བྱེ་སྨྲས་ཤེས་པ་ཉིད་མི་འཇིགས་པར་འདོད་ལ། སློབ་དཔོན་ནི་ཤེས་པའི་འབྲས་བུ་ཡིན་པས་འབྲས་མིང་རྒྱུ་ལ་བཏགས་པར་འདོད་དོ། །གསུམ་པ་དྲན་པ་ཉེར་བཞག་ གསུམ་ནི། ཆོས་ལ་ཉན་སོགས་ལ་དགྱེས་པས་ཆགས་པ་དང་། བཟློག་པ་ལ་སྡང་བ་དང་། གཉིས་ཀ་ལ་གཉིས་ཀ་མེད་པ་དྲ༷ན་པ་དང༷་། ཤེས༷་བཞི༷ན་ནམ་ཤེས་རབ་ཀྱི་བདག༷་ཉི༷ད་དེ། ཡུལ་གྱི་བྱེ་བྲག་གིས་རྣམ་པ་གསུམ༷་དུ་དབྱེར་ 3-1-266a ཡོད་དོ། །ཤེས་རབ་ཀྱི་ཆ་ནི་ཀུན་རྫོབ་ཤེས་པའོ། །དེ་ཡང་ཉན་ཐོས་ཆགས་བྲལ་ལ་ཡོད་ཀྱང་སངས་རྒྱས་ཀྱིས་བག་ཆགས་སྤངས་པས་སོ། །བཞི་པ་ལ། དངོས་དང་འཕྲོས་དོན་གཉིས། དང་པོ་ལ། ཐུགས་ རྗེ་ཆེན་པོའི་ངོ་བོ། དེ་ལ་ཆེན་པོར་འདོགས་པའི་རྒྱུ་མཚན། དེ་དང་སྙིང་རྗེ་ཆེན་པོའི་ཁྱད་པར་གསུམ། དང་པོ་ནི། ཐུགས༷་རྗེ༷་ཆེན༷་པོ༷་ནི་ཉིན་མཚན་ལན་དྲུག་ཏུ། སུ་དར། སུ་རྒུད། སུ་གདུལ་བར་བྱ་བའི་དུས་ལ་བབ་ཅེས་བྱ་བ་ སོགས་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་གཟིགས་པས་ཀུན༷་རྫོབ༷་ཤེས་པའི་བློ༷་ཡིན་ནོ། །གཉིས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས༷་ཆེན་པོས་འགྲུབ་པ་དང༷་། སྡུག་བསྔལ་གསུམ་ལ་རྟོག་པའི་ རྣམ༷་པ༷་ཅན་དང་སྤྱོ༷ད་ཡུལ༷་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དམིགས་པ་དང༷་། སེམས་ཅན་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཅན་དུ་དྲན་པ་མཉམ༷་པ་ཉིད་དུ་འཇུག་པའི༷་ཕྱིར༷་དང༷་། ཤེས་རབ་ཀྱི་ངོ་བོ་ཡིན་པས་ཤིན་ཏུ་ རྣོ་བས་གཞན་གང་དང་མི་མཉམ་པ་ཆེས༷་ཆེ༷་བའི་ཕྱིར༷་ཆེན་པོའོ། །དེ་ཡང་གཏི་མུག་མེད་པའི་རང་བཞིན་ནོ། །གསུམ་པ། འོ་ན་སྙིང་རྗེ་དང་དེ་ལ་ཁྱད་ཅི་ཡོད་ཅེ་ན། ཐ༷་ད༷ད་དུ་བྱ༷་བ༷་རྣམ༷་པ༷་བརྒྱ༷ད་དེ། ངོ་བོ། དམིགས་པ། རྣམ་པ། ས། རྒྱུད། ཐོབ་པ། འདྲ་བ། སྐྱོབ་པ་དང་བརྒྱད་དོ། །དེ་ལ་སྙིང་རྗེ་ཞེ་སྡང་མེད་པའི་ངོ་བོ་དང་། སྡུག་བསྔལ་གྱི་སྡུག་བསྔལ་གྱི་རྣམ་པ་ཅན་དང་། འདོད་པའི་སེམས་ཅན་ཁོ་ན་ལ་དམིགས་པ་དང་། མི་ལྕོགས་ 3-1-266b མེད་དང་ཁྱད་པར་ཅན་ཡང་ཡིན་མོད་ཀྱི་དེ་གཉིས་བསམ་གཏན་དང་པོར་བསྡུས་ཏེ། བསམ་གཏན་དང་པོ་ལ་སོགས་པ་བཞི་དང་། ཉན་རང་སོ་སྐྱེའི་རྒྱུད་ལའང་ཡོད་པ་དང་། འདོད་པ་ལ་འདོད་ཆགས་བྲལ་བས་ཐོབ་པ་དང་། ཉན་ ཐོས་སོགས་ཀྱིས་ནི་སྙིང་རྗེ་བ་འབའ་ཞིག་ཏུ་ཟད་ཀྱི་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་མི་སྐྱོབ། སྡུག་བསྔལ་གྱི་སྡུག་བསྔལ་ཅན་ཁོ་ན་ལ་སྙིང་རྗེ་བས། སེམས་ཅན་ཐམས་ཅད་ལ་མི་འདྲའམ་མི་མཉམ་པར་སྙིང་རྗེ་བ་ཡིན་ ནོ། །ཐུགས་རྗེ་ཆེན་པོ་ནི་གཏི་མུག་མེད་པའི་ངོ་བོ། སྡུག་བསྔལ་གསུམ་གྱི་རྣམ་པ་ཅན་དུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དམིགས་པ། ཏིང་འཛིན་ལས་སུ་རུང་བ་ཉིད་ཀྱིས་དེ་ཁོ་ནས་དེ་བསྐྱེད་པར་ནུས་ཕྱིར་བསམ་ གཏན་བཞི་པ་ཁོ་ནའི་ས་པ་དང་། སངས་རྒྱས་ཀྱི་རྒྱུད་ལ་ཡོད་པ་སྲིད་རྩེ་ལས་འདོད་ཆགས་བྲལ་བས་ཐོབ་པ། སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་མཛད་པས་ན་འཁོར་བའི་འཇིགས་པ་ཆེན་པོ་ལས་ཡོངས་སུ་སྐྱོབ་པ། སྡུག་བསྔལ་ ཅན་དང་། དེ་མིན་པའི་སེམས་ཅན་ཐམས་ཅད་ལ་འདྲ་བར་ཐུགས་བརྩེ་བ་ཡིན་ནོ། །གཉིས་པ་འཕྲོས་དོན་དུ། སངས་རྒྱས་རྒྱུ་ཚོགས་ལ་སོགས་པས་མཉམ་ན་སྒོ་ཐམས་ཅད་ནས་འདྲ་བ་ཡིན་ནམ་ཞེ་ན། སངས༷་རྒྱས༷་ཐ༷མས་ ཅ༷ད་ནི་རྒྱུ་སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས༷་རྫོགས་པས་ཡང་དག་པར་འགྲུབ་པ་དང་ནི༷། འབྲས་བུ་ཟག་མེད་ཀྱི་ཆོས༷་སྐུ༷་འགྲུབ་པ་དང་། ཕྲིན་ལས་མཐོ་རིས་དང་བྱང་གྲོལ་གྱི་དོན་གྱི་རྒྱུ་ཐུགས་རྗེ་ཆེན་པོ་ཐོབ་པས་འགྲོ༷་བའི༷་དོན༷་ 3-1-267a སྤྱོ༷ད་པ་གསུམ་གྱིས་ནི་མཉམ༷་པ༷་ཉི༷ད་དེ༷། སྐུ༷་ཚེ༷་རིང་ཐུང་དང༷་། རྒྱལ་རིགས་དང་བྲམ་ཟེའི་རིགས༷་དང༷་། སྐུ༷་ཆེ་ཆུང་གི་བོང༷་ཚད༷་ཀྱིས་མཉམ་པ་མིན༷་ནོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་དང་དེའི་ ཆོས་ལ་དད་ཙམ་གྱིས་མ་ངེས་པའི་སྡིག་པ་ཟིལ་གྱིས་མནན་པ། ལམ་གྱི་རྟེན་མངོན་མཐོ་དུ་མ་བརྒྱུད་དེ་མཐར་མྱང་འདས་ཐོབ་པའང་། ལུང་སྨན་གྱི་གཞི་ལས། གང་ཟག་རྒྱལ་བ་རྣམ་འདྲེན་ལ། །བྱ་བ་ཆུང་ངུ་བྱེད་འགྱུར་བའང་། ། དེ་དག་མཐོ་རིས་སྣ་ཚོགས་དག །བགྲོད་ནས་བདུད་རྩིའི་གོ་འཕང་ཐོབ། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ཐུན་མོང་གི་ཡོན་ཏན་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། མ་འདྲེས་པ་དེ་ལས་ཆོས༷་གཞན༷་སངས་རྒྱས་ཀྱི་ ཡོན་ཏན། ཁ་ཅིག་ནི་སློབ༷་པ་ཉན་ཐོས་དང་། དེས་མཚོན་ནས་རང་རྒྱལ་དང༷་ཡང་ཐུན༷་མོང༷་བ་ཡི༷ན་ལ། ཁ༷་ཅི༷ག་ནི་སོ༷་སོ༷འི་སྐྱེ༷་བོ༷་དང་ཡང་ཐུན་མོང་བ་ཡིན་ནོ། །གང་ཞེ་ན། ཉོ༷ན་མོང༷ས་མེ༷ད་པ་དང༷་སྨོན༷་ནས༷་ཤེས༷་པ་དང་སོ༷་སོ༷་ཡང༷་དག༷་ རི༷ག་པ་བཞི་དང་མངོ༷ན་ཤེས་དྲུག་དང་སོ༷གས་སྒྲས་བསམ་གཏན་གཟུགས་མེད་ཚད་མེད་རྣམ་ཐར་ཟད་པ་ཟིལ་གནོན་སོགས་སོ། །དེ་ལ་ཉོན་མོངས་མེད་ནས་སོ་སོ་ཡང་དག་རིག་བཞིའི་བར་དང་། ཟག་ཟད་ཀྱི་འགོག་སྙོམས། རྣམ་ཐར་ སྒོ་གསུམ་ནི་འཕགས་པ་ཁོ་ན་དང་ཐུན་མོང་དང་། མངོན་ཤེས་དང་པོ་ལྔ་བསམ་གཟུགས་ཚད་མེད་རྣམ་ཐར་ཟད་པ་ཟིལ་གནོན་གྱི་འགོག་པའི་རྣམ་ཐར་མ་གཏོགས་པ་སོ་སྐྱེ་དང་ཡང་ཐུན་མོང་ཡིན་ནོ། །གཉིས་པ་ལ་སློབ་པ་དང་ཐུན་མོང་ 3-1-267b གི་ཡོན་ཏན་དང་། སོ་སྐྱེ་དང་ཐུན་མོང་གི་ཡོན་ཏན་བཤད་པ་གཉིས། དང་པོ། ཉོན་མོངས་མེད་སོགས་དྲུག་པོ་སོ་སོར་བཤད་པ་དང་། དེ་ཐོབ་ཚུལ་གཉིས། དང་པོ་ལ། ཉོན་མོངས་མེད་པ། སྨོན་པ་ཤེས་པ། སོ་སོ་ཡང་ དག་རིག་བཞི་བཤད་པ་གསུམ། དང་པོ་ལ། ངོ་བོ། ས་གང་ན་ཡོད། གང་ཟག་སུས་བསྐྱེད། རྟེན་གང་ལ། སྤྱོད་ཡུལ་གང་ཡིན་ལྔ་ལས། དང་པོ། ཉོ༷ན་མོང༷ས་མེ༷ད་པ༷་ནི། དགྲ་བཅོམ་པ་དག་འདི་སྙམ་དུ་ སེམས་ཅན་དག་གི་སྡུག་བསྔལ་ནི་ཉོན་མོངས་པ་ལས་བྱུང་ལ། རང་ཡོན་གནས་ཀྱི་ཁྱད་པར་དུ་རིག་ནས། ཕ་རོལ་པོའི་ཉོན་མོངས་སྤང་བར་འདོད་ནས་བདག་མཐོང་བ་དང་། བདག་ལ་དམིགས་ནས་གཞན་དག་ལ་ཉོན་མོངས་ པ་ཆགས་སྡང་དང་ང་རྒྱལ་བག་མེད་པ་སྐྱེ་བར་མ་གྱུར་ཅིག་སྙམ་དུ་མཉམ་པར་བཞག་སྟེ། དེ་ལས་ལངས་ནས་དེ་དང་རྗེས་སུ་མཐུན་པར་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་དེ་ནི་ཀུན༷་རྫོབ༷་ཤེས༷་པ་སྟེ། གཞན་རྒྱུད་ཀྱི་སྒོམ་སྤང་ཉོན་ མོངས་པ་མ་འོངས་པ་ཁོ་ནའི་ཡུལ་ཅན་ཡིན་པས། ཟག་མེད་ལ་དེ་ལྟ་བུ་མི་སྲིད་དོ། །ལམ་འདིས་སུ་ཡང་ཉོན་མོངས་པར་མི་བྱེད་པས་རང་གཞན་གྱི་སེམས་སྲུང་བའི་ཐབས་མཁས་ཀྱི་ཁྱད་པར་རོ། །གཉིས་པ། ས་ནི་ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པས། བས༷མ་གཏན༷་མཐ༷འ་བཞི་པ་ཁོ་ན་ན༷་ཡོད་དོ། །གསུམ་པ། གང་ཟག་མི༷་གཡོ༷༷་བའི་ཆོས༷་ཅན་གྱི་སྟེ། གཞན་ལ་ཉམས་པ་སྲིད་པས་རེས་འགའ་རང་རྒྱུད་ཀྱི་ཉོན་མོངས་ཡང་ 3-1-268a སྤང་མི་ནུས་ན་གཞན་གྱི་ལྟ་ཅི་སྨྲོས་པས་སོ། །བཞི་པ། ལུས་རྟེན་གླིང་གསུམ་གྱི་མིས༷་སྐྱེད༷་དེ་ཉོན་མོངས་མང་བའི་གནས་ཡིན་ཞིང་བློ་གསལ་བས་སོ། །ལྔ་པ། དམིགས་པ་ནི་ཕ་རོལ་ལ་ཉོན་ མོངས་པ་སྐྱེ་བར་མ་གྱུར་ཅིག་ཅེས་འདོ༷ད་པར་གཏོགས༷་པ༷་མ༷་སྐྱེས༷་པ་སྟེ་མ་འོངས་པ་ལ་དམིགས་ལ། སྔར་སྐྱེས་པ་རྣམས་སྤང་མི་ནུས་པས་དང་། གོང་མ་ན་འཕགས་པ་ལ་དམིགས་ནས་ཉོན་མོངས་སྐྱེ་བ་ཤས་ཆུང་བས་སོ། ། དེ་ཡང་དམིགས་ཡུལ་གཞིར༷་བཅས༷་ཆགས་སོགས་སྒོམ་སྤང་རྣམས་ཀྱི་སྤྱོ༷ད་ཡུལ༷་ཅ༷ན་ལ་དམིགས་པ་ཡིན་གྱི་མཐོང་སྤང་གཞི་མེད་པ་བརྟགས་པ་ལ་དམིགས་པ་ཀུན་འགྲོ་རྣམས་ནི། རང་ས་ཐམས་ཅད་ལ་དམིགས་པས་གཞན་ རྒྱུད་ལ་དམིགས་པའང་ཡོད་པས་སྤོང་བར་མི་ནུས་ལ། སྒོམ་སྤང་ནི་བདེན་པ་དང་པོ་གཉིས་ལ་དམིགས་པས་གཞི་དང་བཅས་པ་སྤོང་བར་ནུས་པས་སོ། །གཉིས་པ་སྨོན་ནས་ཤེས་པ་ལ། ངོ་བོ་དང་དམིགས་པ་གཉིས། དང་པོ། སྨོན༷་ནས༷་ཤེས༷་པ༷འང༷་ངོ་བོ་ས་གང་ཟག་རྟེན་རྣམས་ནི་ཉོན་མོངས་མེད་པ་དེ༷་བཞི༷ན་ནོ༷། །དེ་ལ་སྨོན་ནས་ཤེས་པ་ནི་འདི་དང་འདི་ཤེས་པར་བྱའོ་སྙམ་དུ་སྨོན་པ་སྔར་བཏང་ནས་རབ་མཐའ་བཞི་པ་ལ་མཉམ་པར་བཞག་ནས་དེའི་ཡུལ་དུ་ཅི་ཙམ་གྱུར་ པ་ཤེས་པའོ། །གཉིས་པ། འོན་ཀྱང་སྨོན་ནས་ཤེས་པ་དེ༷་ཡི༷་དམི༷གས་པ༷་ཉོན་མོངས་གཞིར་བཅས་ཁོ་ན་མིན་གྱི་གཟུགས་ལ་སོགས་པ་ཆོས་ཐམ༷ས་ཅ༷ད་དོ༷། །དེ་ཡང་བྱེ་སྨྲས་གཟུགས་མེད་པ་ནི་མངོན་སུམ་མི་ཤེས་ཏེ། འདི་བསམ་ 3-1-268b གཏན་བཞི་པ་ཡིན་ལ། གོང་མ་གཟུགས་མེད་ཡུལ་མིན་པའི་ཕྱིར་ཏེ། འདི་ནི་མངོན་ཤེས་དང་འདྲ་ལ་དེ་ནི་རང་ས་འོག་སའི་ཡུལ་ཅན་ཞེས་འཆད་པར་འགྱུར་བས་སོ། །འོན་ཀྱང་ལུས་སེམས་དམན་ཞིང་ཞི་བའི་རྒྱུ་མཐུན་ པ་ལས་ནི་གཟུགས་མེད་ནས་སྐྱེས་སོ་ཞེས་བྱ་བ་དང་། སྙོམས་འཇུག་གི་སྤྱོད་པ་དང་ལྡན་པ་ལས་གཟུགས་མེད་སྐྱེས་སོ་ཞེས་བྱ་བ་དང་། གཟུགས་མེད་ཀྱི་ཏིང་འཛིན་ཐོབ་ལ་མ་ཉམས་དང་ལྡན་པས་གཟུགས་མེད་དུ་སྐྱེ་བར་འགྱུར་ རོ་ཞེས་བྱ་བ་ཤེས་ཏེ། ཞིང་པ་རྣམས་ཀྱིས་འབྲུ་ལས་ཞིང་དང་ཞིང་ལས་འབྲུ་དཔོག་པ་བཞིན་ནོ་ཟེར། གཞན་དག་གི་ལུགས་ལྟར་ན་སངས་རྒྱས་རྣམས་ཀྱི་མངོན་སུམ་གྱི་ཡུལ་དུ་མ་གྱུར་པ་གང་ཡང་མེད་པས་གཟུགས་མེད་པའང་མངོན་ སུམ་དུ་མཁྱེན་པར་འདོད་དོ། །གསུམ་པ་ཡང་དག་རིག་བཞི་ལ། བསྟན་བཤད་གཉིས། དང་པོ། ཇི་ལྟར་ཉོན་མོངས་མེད་པ། གང་ཟག་མི་གཡོའི་ཆོས་ཅན་དང་། རྟེན་གླིང་གསུམ་ཡིན་པ་དེ༷་བཞིན༷་དུ། ཆོས༷་དང་། དོན༷་ དང་། ངེས༷་པའི་ཚིག༷་དང་། སྤོབས༷་པ༷་སོ༷་སོར༷་ཡང༷་དག༷་པར་རིག༷་པ་དག་ཀྱང་དེ་དང་འདྲའོ། །གཉིས་པ་རྒྱས་བཤད་ལ། བཞི་པོ་སོ་སོར་ངོས་བཟུང་བ་དང་། དེ་དག་གི་ཁྱད་ཆོས་བཤད་པ་གཉིས། དང་པོ། དེ་དག་གི་དམིགས་ པ་དང་། ས་དང་། ངོ་བོ་ལ་ཁྱད་ཡོད་དེ། དང་པོ་གསུམ༷་ནི༷་གོ༷་རིམ༷་བཞིན༷་དུ༷། མི༷ང་དང༷་། དོན༷་དང༷་། ངག༷་རྣམས་ལ༷་མི་ཤེས་པའི་སྐྱོན་གྱིས་བཟློག་པར་མི་ནུས་པར་ཐོགས༷་པ་མེ༷ད་པར་ཤེས༷་པའོ། །དེ་ཡང་ཆོས་ནི་སྒྲུབ་པའི་ཆོས་འཕགས་ལམ་ 3-1-269a བརྒྱད་དང་། འབྲས་ཆོས་མྱང་འདས་རིག་པ་མིན་ཏེ། ཆོས་རྣམས་ཀྱི་མིང་ཚིག་ཡི་གེའི་ཚོགས་རིག་པ་སྟེ་དོན་རྣམས་ཀྱི་རྗོད་བྱེད་ཡིན་པའི་ཕྱིར་ན་བསྟན་པའི་ཆོས་སོ། །དོན་ནི་ཆོས་རྣམས་ཀྱི་རང་མཚན་ནམ་ཆོས་མཆོག་ མྱང་འདས་རིག་པའོ། །ངེས་ཚིག་ཚིག་རྣམས་ཀྱི་བཤད་པའི་རྒྱུ་མཚན་ཅན་གྱི་ངག་རིག་པ་སྟེ་དོན་གྱི་རྒྱུ་མཚན་ཅན་གྱི་ངག་ཡིན་པས་སོ། །བཞི༷་པ༷་སྤོབས་པ་སོ་སོ་ཡང་དག་རིག་པ་ནི། ཆོས་རྣམས་ཀྱི་འགལ་འབྲེལ་དོན་དང་འབྲེལ་བའི་རི༷གས་ པ༷་དང་གཞན་ལ་ཐ༷ག་ཐོགས༷་མེ༷ད་པར་མངོན་པར་བརྗོད་པ་མཁྱེན་པས་འབེལ་གཏམ་ལ་མཁས་པའོ། །གཉིས་པ། སྤོབས་རིག་གི་ཁྱད་པར། གཞན་གསུམ་པོའི་ཁྱད་པར། ཐུན་མོང་དུ་ཐོབ་ཚུལ་བཤད་པ་གསུམ། དང་པོ་ལ་གང་ལ་དབང་ དཔྱད། གང་ལ་དམིགས། ཤེས་པ་དུའི་ངོ་བོ་ཡིན། ས་གང་ན་ཡོད་པའི། དང་པོ། གཞན་ལ་ཐག་ཐོགས་མེད་པར་མངོ༷ན་པར་བརྗོ༷ད་པར་འབེལ་གཏམ་ལ་མཁས་པ་དང་། རང་ཉིད་ཡིད་བྱེད་ཀྱི༷་ཞི་ལྷག་གི་ཏིང་འཛིན་མི་བརྗེད་པས་ལམ༷་ལ༷་ དབ༷ང་བ་ཉི༷ད་ལ༷་ཐག་ཐོགས་མེད་པ་སྟེ་རང་གི་ཡིད་བྱེད་ལ་མཁས་པ་ཡིན་ནོ། །སྤོབས་པའང་ཡིན་ལ་སོ་སོར་རིག་པའང་ཡིན་པའམ། ཡང་ན་སྤོབས་པ་ནི་རིག་གྲོལ་སྨྲ་བ་སྟེ་དེ་ཤེས་པས་སོ། །གཉིས་པ། སྤོབས་རིག་དེ༷་ཡི༷་དམི༷གས་ པ༷་ནི། མངོན་པར་བརྗོད་པའི་ཚེ་ངག༷་དང༷་། ཡིད་ལ་བྱེད་ཚེ་ལམ༷་ལ་དམིགས་པའོ། །གསུམ་པ་ངོ་བོ་ཤེས༷་པ༷་ནི་དགུ༷་སྟེ། ངག་ལ་དམིགས་པ་ནི། ཀུན་རྫོབ་ཤེས་པ་དང་། སྡུག་ཀུན་ཤེས་པ་དང་། ཆོས་ཤེས་རྗེས་ཤེས། ཟད་དང་ 3-1-269b མི་སྐྱེ་ཤེས་དང་བདུན་ལ། ལམ་དམིགས་ནི། ཆོས་ཤེས་རྗེས་ཤེས་ཟད་དང་མི་སྐྱེ་ཤེས་ལམ་ཤེས་ཕ་རོལ་སེམས་ཤེས་དང་དྲུག་གོ། འདུས་མ་བྱས་ལ་མི་དམིགས་པས་འགོག་ཤེས་མ་གཏོགས་སོ། །གལ་ཏེ་ངག་ལ་དམིགས་ པས་སྡུག་ཀུན་ཤེས་པར་ཇི་ལྟར་འགྱུར་ན། ངག་དེ་ཟག་བཅས་ཡིན་པ་དང་། ཕྱི་མ་བསྐྱེད་པས་སྡུག་ཀུན་ཡིན་པའོ། །བཞི་པ། ས༷་འདོད་ནས་སྲིད་རྩེའི་བར་ཐམ༷ས་ཅ༷ད་ན་ཅི་རིགས་ཡོད་དེ། ངག་དང་ལམ་གང་རུང་ལ་དམིགས་ པའི་ཕྱིར་རོ། །གཉིས་པ་ལྷག་མ་གསུམ་བཤད་པ་ལ། དོན་རིག་བཤད་པ་དང་། ཕྱི་མ་གཉིས་བཤད་པའོ། །དང་པོ་ལ་ཤེས་པ་དུ་དང་། ས་གར་ཡོད་གཉིས། དང་པོ། ཡང༷་དག༷་དོན༷་རིག༷་དོན་ཆོས་ཐམས་ཅད་རིག་པ་ལ་ བྱས་ན་ཤེས་པ་བཅུ༷འམ༷། མྱང་འདས་རིག་པ་ལ་བྱས་ན་དྲུག༷་སྟེ། སྡུག་ཀུན་ལམ་ཤེས་སེམས་ཤེས་བཞི་མ་གཏོགས་སོ། །གཉིས་པ། དོན་རིག་དེ༷་ནི༷་ས་ཐམས་ཅད་ཀུན༷་ན༷་ཡོད་དོ། །གཉིས་པ་ལ་ཐུན་མོང་གི་ངོ་བོ་དང་། སོ་སོར་ས་གང་ན་ཡོད་བསྟན་པ་གཉིས། དང་པོ། དེ་ལས་གཞན༷་ཆོས་དང་ངེས་པའི་ཚིག་སོ་སོར་ཡང་དག་རིག་པ་གཉིས་ནི་ཀུན༷་རྫོབ༷་ཤེས་པ་ཡིན་ཏེ། ཆོས་དང་ངེས་ཚིག་གཉིས་ནི་བསྟན་བྱའི་ཆོས་མིང་ཚིག་སོགས་དང་ངག་ལ་ དམིགས་པས་སོ། །གཉིས་པ་ལ་ཆོས་རིག་དང་ངག་རིག་གཉིས། དང་པོ། དེ་ཡང་ཆོས༷་སོ་སོ་ཡང་དག་རིག༷་པ་ནི་ས་འདོ༷ད་པ་དང༷་བས༷མ་གཏན༷་བཞི་སྟེ་ལྔ་པོ་དག་ན༷་ཡོད་དེ། བསམ་གཏན་བཞི་པ་ཡན་ན་རྗོད་བྱེད་མིང་ཚིག་ཡི་ 3-1-270a གེའི་ཚོགས་མེད་པས་སོ། །གཉིས་པ། ངག༷་སྟེ་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་ནི༷་འདོ༷ད་པ་དང༷་། བསམ་གཏན་དང༷་པོ༷་ཁོ་ན་ན༷་ཡོད་དེ། མདོ་ལས་བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའི་ཞེས་འབྱུང་བ་ ལྟར་ངག་ནི་རྟོག་པས་ཀུན་ནས་སློང་བ་ཡིན་པས་གཉིས་པ་ཡན་ཆད་ལ་རྟོག་པ་མེད་པས་སོ། །གསུམ་པ་ཐུན་མོང་དུ་ཐོབ་ཚུལ། དེ་བཞི་པོ་མ༷་ཚང༷་བར༷་ནི༷་དེ༷་དག་རེ་རེ་ཐོབ༷་པ་མེ༷ད་དེ། ལམ་གཅིག་གི་འབྲས་བུ་ཡིན་པས་སོ། །འདི་ དག་གི་རྒྱུ་སྔོན་གྱི་སྦྱོར་བ་ནི། རྩིས་དང་། སངས་རྒྱས་ཀྱི་བཀའ་དང་། སྒྲ་རིག་པ། གཏན་ཚིག་རིག་པ་ལ་མཁས་པར་བྱས་པས་ཐོབ་པར་འདོད་ལ། བྱེ་སྨྲས་ཐམས་ཅད་སངས་རྒྱས་ཀྱི་བཀའ་ཁོ་ནའི་རྣམ་གྲངས། ངོ་བོ། ངེས་ཚིག་ དབྱེ་བ་ལ་མཁས་པས་ཐོབ་པར་འདོད་དོ། །གོ་རིམ་ཡང་། ཚིག་ཡི་གེའི་རྗེས་སུ་འབྲངས་ནས་དོན་ཐོབ་ལ། དོན་ལས་མིང་གི་རྣམ་གྲངས་སམ་འབྲེལ་བ་ཤེས་པས་ངེས་ཚིག་དང་། དེ་དག་ལས་རིམ་གྱིས་རིག་གྲོལ་གྱི་སྤོབས་པ་ ཐོབ་པས་སོ། །གཉིས་པ། ཉོན་མོངས་མེད་སོགས་དྲུག་ཐོབ་ཚུལ་ལ། ས་གང་གིས་ཐོབ་དང་། ཚུལ་ཇི་ལྟ་བུས་ཐོབ་གཉིས། དང་པོ་ལ། དངོས་དང་། དེའི་དབྱེ་བ། དེ་རབ་མཐར་འཇོག་པའི་ཚུལ་གསུམ། དང་པོ། ཉོན་མོངས་མེད་པ་དང་། སྨོན་ནས་ཤེས་པ་དག་སོ་སོ་ཡང་དག་རིག་བཞི་སྟེ་དྲུག༷་པོ༷་དེ༷་དག༷་རབ༷་མཐའ༷་བ༷། བསམ་གཏན་བཞི་པའི་སྟོབས་ཀྱིས་འཐོབ་བོ། །གཉིས་པ། བསམ་གཏན་བཞི་པ་དེ༷་ནི༷་རྣམ༷་པ་དྲུག༷་གི་བདག་ཉིད་ཡིན་ཏེ། 3-1-270b བས༷མ་གཏན༷་ལ་ལ་ནི་ཉོན་མོངས་མེད་པ་དང་། ལ་ལ་ནི་སྨོན་ནས་ཤེས་པ་དང་། ལ་ལ་ནི་ཆོས་དོན་སྤོབས་པ་སོ་སོ་ཡང་དག་རིག་པ་གསུམ་དང་། ལ་ལ་དེ་དག་མ་གཏོགས་པ་རབ་ཀྱི་མཐའ༷་པ་འབའ་ཞིག་ཡིན་པས་སོ། ། ངེས་ཚིག་ནི། འདོད་དང་བསམ་གཏན་དང་པོ་ཁོ་ནའོ། །འོ་ན་དྲུག་པོ་དེ་དག་རབ་མཐའ་བས་ཞེས་ཁྱད་པར་མེད་པར་ཇི་ལྟར་བཤད་ཅེ་ན། དེ་ནི་རབ་མཐའི་སྟོབས་ཀྱིས་ཐོབ་པས་དེ་སྐད་བཤད་ཀྱི་བསམ་གཏན་བཞི་པའི་ས་པ་ནི་ མ་ཡིན་ནོ། །གསུམ་པ། དེ་ལ་རབ་ཀྱི་མཐའ་ཞེས་པ་བས༷མ་གཏན༷་གྱི་མཐའ༷་བཞི་པ་དེ༷་ནི༷། ལུགས་མཐུན་དང་མི་མཐུན་པའི་ས༷་ཀུན༷་གྱིས༷་མཐུན༷་པར་བྱས༷་པས་སོ། །དེ་ཡང་འདི་ལྟར་འདོད་སེམས་ལས་བསམ་ གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས་བརྩམས་ཏེ་ཅི་ཡང་ནས་སྲིད་རྩེའི་བར་དང་། ཡང་སྲིད་རྩེ་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ནས། དང་པོ་ལས་ལངས་ནས་འདོད་པའི་སེམས་ ལ་གནས་པའི་བར་དང་། དེ་ནས་འདོད་སེམས་ལས་བསམ་གཏན་དང་པོ་ལ་འཇུག་པ་ནས། གསུམ་པ་ནས་བཞི་པར་ཞུགས་པའི་བར་ལུགས་མཐུན་མི་མཐུན་གྱིས་སྙོམས་འཇུག་གིས་མཐུན་པར་བྱས་པས་དང་། བསྒོམ་པ་ ཆུང་ངུ་བསམ་གཏན་དང་པོ་ལས། འབྲིང་གཉིས་པ། དེ་ལས་ཆེན་པོ་གསུམ་པ་ལ་སྙོམས་པར་འཇུག །གསུམ་པ་དེ་ནི་འཕེལ་བའི་མཆོག་གྱུར་པས་འཕེལ་བའི་རབ་ཡིན་ལ། དེ་ལས་འཕེལ༷་བའི༷་རབ༷་ཏུ༷་སྟེ་བཞི་པར་ཕྱིན༷་ 3-1-271a པ༷་ཡི༷ན་ནོ། །འོག་མ་ནི་རྟོག་དཔྱོད་སོགས་དང་དེ་ཡན་ཆད་ཞི་གནས་ཤས་ཆེ་ལ་འདི་ནི་ཞི་ལྷག་ཆ་མཉམ་པའམ་འཚམས་པས་སོ་སྙམ། དེས་ན་ཏིང་འཛིན་ལས་སུ་རུང་བས་རབ་མཐའ་འོ། །གཉིས་པ། ཉོན་མོངས་མེད་སོགས་ཡོན་ཏན་དྲུག་པོ་དེ་དག་སངས༷་རྒྱས༷་ལ༷ས་གཞན༷་པའི་གང་ཟག་གི་རྒྱུད་ལ་ཡོད་པ་རྣམས་ནི་སྦྱོར༷་བ་འབད་རྩོལ་ལ༷ས་སྐྱེས༷་པ་ཡིན་གྱི་ཆགས་བྲལ་ཙམ་གྱིས་ཐོབ་པ་མིན་ལ། སངས་རྒྱས་ནི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ ཡིན་པས་ཡོན་ཏན་ཐམས་ཅད་བཞེད་པ་ཙམ་ལས་ཡིན་གྱི་སྦྱོར་བྱུང་ནི་ཅུང་ཟད་ཀྱང་མེད་དོ། །གཉིས་པ་སོ་སྐྱེ་དང་ཐུན་མོང་གི་ཡོན་ཏན་མངོན་ཤེས་དྲུག་བཤད་པ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། དབྱེ་བ། ངོ་བོ། ཆོས་ཀྱི་ཁྱད་པར་གསུམ། དང་པོ། རྫུ༷་འཕྲུལ༷་གྱི་ཡུལ་སྤྲུལ་པ་དང་། འགྲོ་བ་ཤེས་པ་དང་། ལྷའི་རྣ༷་བ༷་དང་། ཡི༷ད་དེ་ཕ་རོལ་གྱི་སེམས་དུག་གསུམ་བཅས་བྲལ་སོགས་ཀྱི་ཁྱད་པར་དང་། རེས་ཆགས་རེས་སྡང་སོགས་ གོ་རིམ་ཤེས་པ་དང༷་ནི༷། རང་གཞན་གྱི་སྔོ༷ན་གྱི༷་ཚེ༷་རབས་རྗེས་སུ་དྲན་པ་དང་། འཆི༷་འཕོ༷་དང་སྐྱེ༷་བ༷་ཤེས་པ་དང༷་། ཟག་པ་ཟད་པའི་ཤེས་པ་མངོན་དུ་བྱ་བ་ཡི་སྟེ་བྱེད་པའི་མངོན་ཤེས་སོགས་དེ་ཡང་མངོན་ཤེས་དྲུག་གི་མཐར་མངོན་ དུ་བྱ་བ་ཞེས་སྦྱར་ཏེ། དེ་དག་མངོན་དུ་བྱེད་པའི་ཤེས་པ་ཡིན་པས་སོ། །གཉིས་པ་ལ་སྤྱི་དང་། བྱེ་བྲག་ཤེས་པ་དུའི་ངོ་བོ་ཡིན་གཉིས། དང་པོ། མངོ༷ན་ཤེས༷་རྣམ༷་པ་དྲུག༷་པོ་དེ་དག་ནི། དཔེར་ན་དགེ་སྦྱོང་གི་ཚུལ་གྱི་འབྲས་ 3-1-271b བུ་འདུས་བྱས་རྣམ་གྲོལ་ལམ་གྱི་རང་བཞིན་ཡིན་པ་ལྟར་རྣམ༷་པར་གྲོལ༷་བའི་ལམ་གྱི་བློ༷་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །ལམ་གཞན་གྱི་རྣམ་གྲོལ་ཏུ་དེ་དག་འགལ་ཡང་མངོན་ཤེས་ཀྱི་རྣམ་གྲོལ་ཡིན་པས་སྐྱོན་མེད་དོ། གཉིས་པ། གཞན་སེམས་ཤེས་པ་དང་། ཟད་ཤེས་གཉིས་མ་གཏོགས་པ་རྫུ་འཕྲུལ་དང་མིག་དང་རྣ་བ་དང་། སྔོན་གནས་རྗེས་དྲན་དང་བཞི༷་ནི༷་ཀུན༷་རྫོབ༷་ཤེ༷ས་པ༷་སྟེ༷། ཟག་བཅས་ཁོ་ན་ཡིན་པས་སོ། །སེམ༷ས་ཤེས་ལ༷་ ཟག་མེད་ཆ་ཆོས་རྗེས་ལམ་གསུམ་གྱི་ཤེས་པ་གསུམ་དང་། ཟག་བཅས་ཀྱི་ཆ་ཕ་རོལ་སེམས་ཤེས་དང་། ཀུན་རྫོབ་ཤེས་པ་སྟེ་ཤེས༷་པ༷་ལྔ༷་ཡི༷ན་ནོ༷། །ཟ༷ད་པའི༷་མངོ༷ན་ཤེས༷་ནི་ཟག་ཟད་ཀྱི་སྟོབ༷ས་ཤེས་པ་དྲུག་གམ་བཅུའི་ རང་བཞིན་དང་། ས་བཅུ་གཅིག་གིས་བསྡུས་པ་དེ་བཞིན༷་དུ་ཟག་ཟད་འབའ་ཞིག་གམ། ཟག་ཟད་ཀྱི་རྒྱུད་ཀྱི་ཤེས་པར་འདོད་པ་གཉིས་པོ་ལ་ཤེས་པ་དྲུག་གམ་བཅུ་ཡིན་ནོ༷། །གསུམ་པ་ཆོས་ཀྱི་ཁྱད་པར་ལ། ས། སྤྱོད་ཡུལ། ཐོབ་ཚུལ། དྲན་པ་ཉེར་བཞག་དུ་པ་ཡིན། དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར་ལྔ། དང་པོ། མངོན་ཤེས་དང་པོ་ལྔ༷་ནི༷་ཁྱད་པར་ཅན་མ་གཏོགས་པའི་བས༷མ་གཏན༷་དངོས་གཞི་བཞི་དག༷་ན༷་ཡོད་ལ། ཁྱད་པར་ཅན་ནི། ལྷག་ མཐོང་ཤས་ཆེ་བའི་ལམ་སླ་བ་མིན་པས་སོ། །གཟུགས་མེད་ན་ནི་རྫུ་འཕྲུལ་དང་། རྣ་བ་དང་། ལྷའི་མིག་གསུམ་གཟུགས་ལ་དམིགས་པས་དང་། སེམས་ཤེས་དང་སྔོན་གནས་ནི་གཟུགས་ལ་བརྟེན་ནས་བསྒྲུབ་དགོས་པའི་ཕྱིར་ 3-1-272a དེ་དག་མེད་དོ། །འདི་ལྟར་བསམ་གཏན་པ་དག་བསམ་གཏན་ལ་བརྟེན་ནས་གཟུགས་འདི་འདྲ་བས་ན་སེམས་འདི་འདྲ་བར་འགྱུར་རོ། །ཞེས་དང་། ལུས་འདི་ལ་སེམས་ཀྱི་རྣམ་པ་ཅི་འདྲ་བ་ཞིག་ ཅེས་ཕ་རོལ་ལ་ཡིད་གཏོད་དེ། གང་ཚེ་གཟུགས་ལ་མ་ལྟོས་པར་ཕ་རོལ་གྱི་སེམས་ཤེས་པ་དེ་ཚེ་སེམས་ཤེས་པ་གྲུབ་པ་ཡིན་ནོ། །ཡང་བསམ་གཏན་ལ་བརྟེན་ནས་བདག་གཞན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་འགགས་མ་ཐག་པའི་ མཚམས་བཟུང་ནས་དེའི་སྔ་མ་ལ་ཡིད་གཏད་དེ། མཐར་ཉིང་མཚམས་སྦྱོར་བའི་སེམས་དང་། དེ་ནས་སྔ་མའི་བར་དོའི་གནས་སྐབས་དང་། དེ་ནས་སྔ་མའི་འཆི་སྲིད་དང་། དེ་ནས་སྔ་མའི་སྔོན་དུས་ཀྱི་སྲིད་པ་ལ་ཡིད་ གཏོད་དེ། གང་ཚེ་བར་སྲིད་དྲན་པ་དེའི་ཚེ་སྔོན་གནས་རྗེས་དྲན་གྲུབ་པ་ཡིན་ནོ། །དེ་ཡང་དང་པོ་ནི་རིམ་གྱིས་དྲན་ལ། མངོན་པར་གྲུབ་ནས་ནི་ཚེ་གཅིག་དང་གཉིས་ལ་སོགས་པར་བརྒལ་ཏེ་ཐོད་རྒལ་དུ་ཡང་དྲན་ལ། དེ་ཡང་ སྔོན་ཉམས་སུ་མྱོང་བ་དེ་ཁོ་ན་དྲན་ནོ། །འོ་ན་འདོད་པའི་སྔོན་གནས་རྗེས་དྲན་གྱིས་གནས་གཙང་མ་རྣམས་ཇི་ལྟར་དྲན་ཏེ། དེ་ཕྱིར་མི་འོང་ཡིན་པས་འདིར་མི་སྐྱེ་ལ། སོ་སྐྱེ་རྣམས་དེར་མི་སྐྱེ་བས་སོ་ཞེ་ན། ཉམས་སུ་མྱོང་བ་ལ་ མཐོང་ཐོས་ཀྱི་ཉམས་མྱོང་གཉིས་ལས། དེ་ཐོས་པས་འདི་ལྟ་བུ་ཡིན་ནོ་ཞེས་ཉམས་སུ་མྱོང་བས་སོ། །དེས་ན་སྔོན་འདོད་པ་སོགས་སུ་རང་གཞན་གྱི་གནས་རིགས་ཁ་ཟས་སོགས་རྗེས་སུ་དྲན་དགོས་པ་ལ། དེ་གཟུགས་མེད་ཀྱིས་ 3-1-272b འདོད་པ་ལ་མི་དམིགས་པས་སོ། །རྫུ་འཕྲུལ་དང་རྣ་བ་མིག་གསུམ་གྱི་མངོན་ཤེས་ཀྱི་སྦྱོར་བ་ནི། བསམ་གཏན་ལ་བརྟེན་ནས་ལུས་ཡང་བ། འཕར་བ། ཆུང་ངུ་དང་ཐག་རིང་པོའི་སྒྲ་དང་སྣང་བ་ཡིད་བྱེད་ཡིན་ ལ། ཟག་ཟད་ཀྱི་སྦྱོར་བ་ནི། གནས་དྲུག་པར་ཚུལ་གནས་ཐོས་དང་། ཞེས་སོགས་ལྟར་ཉོན་མོངས་སྤོང་བའི་ཐབས་རྒྱས་པར་བསྟན་པ་ཇི་བཞིན་དུའོ། །དེ་དག་ནི་རྣམ་གནས་ཀྱི་རྒྱུ་ཡིན་ལ། རྣམ་སྨིན་གྱི་རྒྱུ་ནི། རིན་ཕྲེང་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ། མངོན་ཤེས་ལྔ་པོ་དེ་ཡང་རང༷་ས་དང༷་འོ༷ག་སའི༷་སྤྱོ༷ད་ཡུལ༷་ཅ༷ན་ཡི༷ན་གྱི། གོང་མའི་ཡུལ་ཅན་ནི་མིན་ཏེ། དམན་པའི་ཡུལ་མཆོག་མ་ཡིན་པའི་ཕྱིར་རོ། དེའང་རྫུ་འཕྲུལ་གྱི་རང་ས་དང་འོག་མར་འགྲོ་ཞིང་སྤྲུལ་གྱི་གོང་དུ་མིན་སོགས་གཞན་ལའང་སྦྱར་རོ། །དེའི་ཕྱིར་གཟུགས་མེད་པའི་སེམས་ནི་སེམས་ཀྱི་རྣམ་གྲངས་ཤེས་པ་དང་སྔོན་གནས་དྲན་པའི་མངོན་ཤེས་ཀྱིས་མི་འཛིན་ཏེ། དེ་ གོང་མའི་སེམས་ཡིན་པས་སོ། །འོ་ན་གཟུགས་མེད་ནས་འཕོས་ནས་འདིར་སྐྱེས་པ་ཇི་ལྟར་སྔོན་གནས་དྲན་པས་ཤེས་ཞེ་ན། དེ་ནི་ཕ་རོལ་པོའི་རྒྱུད་ལ་བརྟེན་ནས་སྐྱེད་དེ། ཕ་རོལ་པོའི་ཡིད་ཤེས་འགགས་མ་ཐག་པའི་ མཚན་མ་བཟུང་ནས་བསྐྱེད་པས་སོ། །གང་དག་གཟུགས་མེད་ནས་འཕོས་པ་མིན་པ་དེ་དག་སླ་བའི་ཕྱིར་རང་གི་རྒྱུད་ལ་བརྟེན་ནས་སྐྱེད་པར་བྱེད་དོ། །གསུམ་པ། མངོན་ཤེས་བྱེ་བྲག་ཅན་སྔོན་མ་བསྐྱེད་པ་རྣམས་ནི་གོམས་ 3-1-273a འདྲིས་ཀྱི་སྦྱོར་བས་ཐོབ༷་པར་བྱ༷་བ་ཡིན་ལ། ཚེ་རབས་སྔ་མ་སོགས་སུ་གོམས་ཤིང་འདྲིས༷་པ༷་རྣམས་ནི་ཆགས༷་པ་བྲལ༷་བ༷་ཙམ་གྱིས་སོ། །ཁྱད་པར་ཅན་ནི་འཕགས་ལམ་དང་འབྲེལ་བའོ། །དེ་དག་མངོན་སུམ་དུ་ འགྱུར་བ་ནི་འདྲིས་མ་འདྲིས་གཉིས་ཀའང་སྦྱོར་བ་ཁོ་ནས་འཐོབ་བོ། །བཞི་པ། གསུམ༷་པ༷་སེམས་ཤེས་ནི་མཚུངས་ལྡན་ལ་དམིགས་པས་ཚོར་སེམས་ཆོས་ཏེ་དྲ༷ན་པ༷་ཉེར༷་བཞ༷ག་གསུམ༷་ཡིན་ལ། དྲན་ཉེ་དང༷་པོ༷་ལུས་དྲན་གྱི་རང་བཞིན་ ཡིན་པ་ནི། རྫུ༷་འཕྲུལ༷་དང་། རྣ༷་བ༷་དང་། མིག༷་གི་མངོན་ཤེས་གསུམ་སྟེ། འདོད་པར་གཏོགས་པའི་སྤྲུལ་པ་ནི་ཕྱིའི་སྐྱེ་མཆེད་བཞི་ཞེས་གཟུགས་དྲི་རོ་རེག་བྱ་ལ་དམིགས་པས་དང་། ལྷའི་རྣ་བ་ནི་སྒྲ་ལ་དམིགས་པའི་ཕྱིར་དང་། ལྷའི་ མིག་གིས་འཆི་བ་དང་བར་དོ། །སྐྱེ་བའི་སྲིད་པ་གསུམ་གྱི་ཁ་དོག་བཟང་ངན་སོགས་གཟུགས་ལ་དམིགས་པའི་ཕྱིར་རོ། །ལྷག་མ་སྔོན་གནས་རྗེས་དྲན་ཟག་ཟད་གཉིས་ཀྱང་དྲན་པ་ཉེར་བཞག་བཞི་ཀ་ཡིན་ནོ། །ལྔ་པ། མིག༷་དང༷་རྣ༷་བའི༷་ མངོ༷ན་ཤེས༷་ནི༷་ཉོན་མོངས་ཅན་དང་དགེ་བ་བཞིར་ཡང་མ་འདུས་པས་མ་སྒྲིབ་ལུང༷་དུ༷་མ༷་བསྟན༷་པ་ཁོ་ན་ཡིན་ནོ། །མངོན་ཤེས་ལྷག༷་མ༷་བཞི་པོ་རྣམ༷ས་ནི། བསམ་གཏན་གྱིས་བསྡུས་པའི་རྣམ་གྲོལ་ལམ་ཡིན་པས་དགེ༷་བ་ཁོ་ན་ཡིན་ནོ། ། གཉིས་པ་བྱེ་བྲག་ལ་རིག་པ་གསུམ་བཤད་པ་དང་། ཆོ་འཕྲུལ་གསུམ་བཤད་པ་གཉིས། དང་པོ་ལ། ངོ་བོ། དགོས་པ། དེ་མི་སློབ་པར་འཇོག་པ། སློབ་པར་མ་བཞག་པའི་རྒྱུ་མཚན་བཞི། དང་པོ། མངོན་ཤེས་ཕྱི་མ་ 3-1-273b གསུམ༷་ནི༷་མི་སློབ་པའི་རིག༷་པ༷་གསུམ་ཞེས་བྱའོ། །གཉིས་པ། དེ་གསུམ་ཁོ་ན་རིག་པ་ཡིན་པ་ཅི་ཕྱིར་ཞེ་ན། སྔོ༷ན་གྱི་མཐའ༷་དང་སོ༷གས་པས་ཕྱི་མ་དང་། བར་ལ་ཀུན་ཏུ་རྨོངས་པའི་མ༷་རིག༷་པ༷་ནི༷་རྣམ་པར་བཟློག༷་པའི་ཕྱིར༷་རོ༷། ། དེ་ཡང་སྔོན་གནས་རྗེས་དྲན། འཆི་འཕོ་སྐྱེ་བ་མཁྱེན་པ། ཟག་ཟད་མཁྱེན་པ་གསུམ་གྱིས་སྔོན་མཐའ་བར་གསུམ་ལ་རྨོངས་པ་སེལ་ཏེ། འདུན་བཟང་ནི་དང་པོས་རང་གཞན་གྱི་རྒུད་པ་མཐོང་ནས་སྐྱོ་ལ། བར་མས་གཞན་གྱི་ རྒུད་པ་མཐོང་ནས་སྐྱོ་ཞིང་། དེ་ལྟར་སྐྱོ་ནས་གསུམ་པས་ཡང་དག་དོན་མཐོང་བས་སོ་ཟེར། སྐལ་ལྡན་ཁྱད་པར་ཅན་ལ་སོགས་པ་ཟག་ཟད་ཀྱི་སྐབས་སུ། མདོ་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་འབྱུང་བ་དང་། འདས་ ད་ལྟ་མ་འོངས་ཀྱི་རྨོངས་པ་བཟློག་པར་བཤད་དོ། །གསུམ་པ། དེ་གསུམ་ལ་ཅིའི་ཕྱིར་མི་སློབ་པའི་རིག་པ་ཟེར་ན། དོན་དམ་པར་མི༷་སློབ༷་པའང་ཡིན་ལ་རིག་པའང་ཡིན་པ་ནི་ཐ༷་མ༷་ཟག་ཟད་ཡིན་ལ། དང་པོ་གཉི༷ས་ནི༷་མི་སློབ་པ་ དེའི༷་རྒྱུ༷ད་ལ༷་སྐྱེས༷་ཕྱིར༷་མི་སློབ་པ་དེའི་རིག་པ་ཞེས༷་བྱ༷་བ་གསུ༷ངས་པའི་དངོས་སུ་དེ་གཉིས་ཟག་བཅས་ཡིན་པས་སློབ་མི་སློབ་གཉིས་ཀ་མིན་ནོ། །བཞི་པ། དེ་གཉིས་སློབ་པ་ལའ༷ང་ཡོད་པར་འདོ༷ད་དེ༷། འོན་ཀྱང་མ༷་རིག༷་པ་དང༷་བཅས༷་ པའི་རྒྱུ༷ད་ཅན་ཡིན་པའི་ཕྱིར༷་ན༷་དེ་དག་རིག༷་པར་ནི་མ༷་བཤ༷ད་དོ། །གཉིས་པ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། ངོ་བོ་ངོས་བཟུང་བ་དང་། དེའི་ནང་ནས་གང་མཆོག་བསྟན་པ་གཉིས། དང་པོ། ཡང་རྫུ་འཕྲུལ་ 3-1-274a གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གསུམ་ནི། མངོན་ཤེས་དྲུག་གི་དང༷་པོ༷། རྫུ་འཕྲུལ་མངོན་ཤེས་དང་། གསུམ༷་པ༷་སེམས་ཤེས་དང་། དྲུག༷་པ༷་ཟག་ཟད་ རྣམས་ནི༷་རིམ་པར། རྫུ་འཕྲུལ་སྟོན་པ་དང་། ཁྱོད་ཀྱི་སེམས་ནི་འདི་འདྲའོ་ཞེས་ཀུན་བརྗོད་པ་དང་། ལམ་ཡང་དག་ཇི་བཞིན་སྟོན་པས་རྗེས་བསྟན་ཆོ༷་འཕྲུལ༷་རྣམ༷ས་ཡི༷ན་ནོ། །ཅིའི་ཕྱིར་ཆོ་འཕྲུལ་ཞེས་བྱ་ན། དང་པོར་གདུལ་བྱ་ གཞན་ཡིད་འཕྲོག་པར་བྱེད་པས་ཏེ་ཧ་རའི་དོན་ཏོ། །དེ་ལ་དང་པོས་ཕ་རོལ་ཡིད་འདུན་པའི་སྒོ་ནས་དང་། གཉིས་པས་ཕ་རོལ་གྱི་སེམས་ཤེས་ནས་ཆོས་བསྟན་པའི་སྒོ་ནས་དང་། གསུམ་པས་བསྟན་པ་བཞིན་བསྒྲུབས་པས་སྨིན་ཅིང་གྲོལ་བའི་ སྒོ་ནས་ཡིད་འཕྲོག་པའི་ཕྱིར་རོ། །གཉིས་པ། ཆོ་འཕྲུལ་གསུམ་གྱི་ནང་ནས་རྗེས་སུ་བསྟན༷་པ༷་མཆོག༷་སྟེ། ཉོན་མོངས་ཟད་པ་མེད་ན་མི་འབྱུང་ཞིང་། བར་ཆད་མེད་ལམ་ཟག་མེད་ཁོ་ན་ལས་སྐྱེའི་རྒྱུ་དེ་ལ་མི༷་འཁྲུལ༷་བའི་ཕྱིར༷་དང༷་། འདིར་ ཉོན་མོངས་དང་བྲལ་བས་ཕན༷་པའི༷་ཕྱིར༷་དང་། ཕྱི་མར་སྡུག་བསྔལ་གྱི་ཁུར་དང་བྲལ་བས་གཏན་དུ་ཡི༷ད་འོང༷་གི་འབྲས༷་བུ་ལ༷་སྦྱོར༷་བར་བྱེད་པའི་ཕྱིར༷་རོ༷། །ཆོ་འཕྲུལ་དང་པོ་གཉིས་ནི་གྷནྡྷ་རི་ཞེས་པའི་རིག་སྔགས་ཀྱིས་ནམ་མཁའ་ལ་འགྲོ་ བ་དང་། རྟོག་བྱེད་ཅེས་བྱ་བའི་རིག་སྔགས་ཀྱིས་ཕ་རོལ་གྱི་སེམས་ཤེས་པ་དང་། སྨན་དང་མི་མིན་གྱི་ནུས་པས་ཀྱང་དེ་ལྟར་གྱུར་པས་ཟག་མེད་ཀྱི་རྒྱུ་ལ་མི་འཁྲུལ་བའང་མིན་ལ། གདུལ་བྱ་འདུན་པ་དང་། བསམ་པ་ཤེས་པ་ཙམ་གྱིས་ 3-1-274b ཕན་བདེ་མཆོག་ལ་སྦྱོར་མི་ནུས་པས་སོ། །གཉིས་པ་རྫུ་འཕྲུལ་བྱེ་བྲག་ཏུ་བཤད་པ་ལ། དངོས་དང་། འཕྲོས་དོན་གཉིས། དང་པོ། ངོ་བོ་དང་དབྱེ་བ་གཉིས། དང་པོ། འོ་ན་རྫུ་འཕྲུལ་ཞེས་བྱ་བ་འདི་ནི་ཅི་ཞིག་ཅེ་ན། བྱེ་སྨྲས་རྫུ༷་འཕྲུལ༷་ ནི་ཏིང༷་ངེ་འཛི༷ན་ཡིན་ནོ་ཞེས་འདོད་དེ། འདིས་འབྱོར་ཞིང་འགྲུབ་པས་སོ། །གཉིས་པ་ལ། ངོ་བོའི་སྒོ་ནས་དབྱེ་བ་དང་། རྒྱུའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། རྩ་བའི་དབྱེ་བ་གཉིས་བཤད་པ་དང་། དེ་ལས་སླར་ཡང་དབྱེ་བ་ གཉིས། དང་པོ། ཅི་ཞིག་འབྱོར་ཞིང་གྲུབ་ན་ཏིང་ངེ་འཛིན་དེ༷་ལ༷ས་ནི༷་ཡུལ༷་སྤྲུལ་པ་དང༷་། འགྲོ༷་བ༷་ལ་དབང་འབྱོར་པ་གྲུབ་པས་སོ། །གཉིས་པ་ལ། འགྲོ་བའི་རྫུ་འཕྲུལ་གྱི་དབྱེ་བ་སུ་ལ་ལྡན་དང་བཅས་པ་དང་། སྤྲུལ་པའི་རྫུ་འཕྲུལ་གྱི་ དབྱེ་བ་གཉིས། དང་པོ། དེ་ལ་རྫུ་འཕྲུལ་གྱིས་འགྲོ་བ་ནི་གསུམ་སྟེ། བྱ་བཞིན་དུ་རིམ་གྱིས་ལུས་ཀྱིས་མགྱོགས་པར་ཕྱིན་པར་བྱེད་པ་དང་། ཐག་རིང་པོ་ཐུང་ངུར་མོས་པ་བྱས་པས་མྱུར་དུ་སླེབས་པ་མོས་པ་ལས་བྱུང་བ་དང་། ཡིད་ཀྱིས་བསམ་པ་ ཙམ་གྱིས་དེར་ཕྱིན་པ་ཡིད་མགྱོགས་སོ། །དེ་དག་ལས་སྟོན༷་པ༷་སངས་རྒྱས་ལ༷་ཡི༷ད་ལྟར་མགྱོགས༷་པས་འགྲོ༷་བའི༷་རྫུ་འཕྲུལ་ཡོད་ལ། སངས་རྒྱས་ལས་གཞན༷་ཉན་རང་སོགས་དག༷་ལ༷་ལུས་ཀྱིས་ཕྱིན༷་བྱེ༷ད་དང་། མོས༷་པ༷་ལ༷ས་བྱུང༷་བ་ཡང༷་ཡོད་དོ། ། འགྲོ་བ་གཞན་གཉིས་སྟོན་པ་ལ་ཡང་ངོ་། །གཉིས་པ་ལ། དབྱེ་བ་དངོས་དང་། དེ་དག་གི་ཁྱད་པར་ལ་དཔྱད་པ་གཉིས། དང་པོ་ལ། གང་སྤྲུལ་པའི་ཡུལ་གྱིས་དབྱེ་བ་དང་། སྤྲུལ་པ་དེ་ལ་སླར་ཡང་གང་གིས་སྤྲུལ་པའི་སེམས་ཀྱི་སྒོ་ནས་དབྱེ་བ་གཉིས། 3-1-275a དང་པོ་ལ། འདོད་པའི་སྤྲུལ་པ་དང་གཟུགས་ཀྱི་སྤྲུལ་པ་གཉིས། དང་པོ་ལ། གང་སྤྲུལ་པའི་དབྱེ་བ་དང་། དེ་སྤྲུལ་ཚུལ་གྱི་དབྱེ་བ་གཉིས། དང་པོ། སྤྲུལ་པ་ཇི་ལྟ་བུ་ཞེ་ན། འདོད་པའི་རྟེན་ཅན་གྱིས་འདོ༷ད་པར༷་གཏོགས༷་ པའི༷་སྤྲུལ༷་པ༷་ནི༷་ཕྱི༷་ཡི༷་སྐྱེ༷་མཆེ༷ད་གཟུགས་སྒྲ་དྲི་རོ་རེག་བཞི༷་སྤྲུལ་གྱི། སྒྲ་ལ་རྒྱུན་མེད་པས་དང་། ནང་གི་སྐྱེ་མཆེད་སྤྲུལ་ན་སྔོན་མེད་པའི་སེམས་ཅན་འབྱུང་བར་ཐལ་བའི་ཕྱིར་རོ། །གཉིས་པ། དེ་ཡང་བདག་ཉིད་སེང་གེ་དང་། གླང་ཆེན། སོགས་ སུ་བསྒྱུར་བ་བདག་གི་ལུས་དང་འབྲེལ་བ་དང་། བདག་ཉིད་ལས་ཕྱི་རོལ་དུ་སེང་གེ་དང་། གླང་ཆེན་ལ་སོགས་པར་སྤྲུལ་པ་གཞན་གྱི་ལུས་དང་འབྲེལ་བ་རྣམ༷་པ་གཉི༷ས་སོ། །དེ་ལྟར་ན་འདོད་པར་བརྒྱད། གཟུགས་སུ་བཞིའོ། །གཉིས་པ། དེ་བཞིན་རྟེན་གཟུགས་ཁམས་པས་གཟུགས་སུ་གཏོགས་པ་གཟུགས་རེག་སྐྱེ་མཆེད་གཉི༷ས་དང་། འདོད་པའི་བཞི་སྤྲུལ༷་ཞིང་། གལ་ཏེ་དེས་འདོད་པར་བདག་གི་ལུས་དང་འབྲེལ་བའི་དྲི་རོ་སྤྲུལ་ན་དེ་གཉིས་དང་ལྡན་པར་འགྱུར་རོ་ཞེ་ན། དེ་དག་ལ་ སྲེད་པ་མེད་པས་སྤྲུལ་ཀྱང་ལྡན་པར་མི་འགྱུར་ཏེ། དཔེར་ན་གོས་རྒྱན་ལུས་ལ་འབྲེལ་ཀྱང་སེམས་ཅན་དུ་མི་བགྲང་བས་སེམས་དང་ལྡན་པར་མི་འགྱུར་བ་བཞིན་ནོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ་ཡང་། ཅི་མངོན་ཤེས་ཁོ་ ནས་སྤྲུལ་པ་སྤྲུལ་པར་བྱེད་དམ་ཞེ་ན་མ་ཡིན་ཏེ། མངོན་ཤེས་ཀྱི་འབྲས་བུ་སྤྲུལ༷་པའི་སེམ༷ས་དག༷་གིས༷་སྤྲུལ་པ་སྤྲུལ་པར་བྱེད་ལ། སྤྲུལ་སེམས་དེ༷་དག༷་ཀྱང༷་ནི༷་དབྱེ་ན་བཅུ༷་བཞི༷འོ༷། །གཉིས་པ་ལ། དངོས་དང་། དེ་ལས་མང་མི་སྲིད་ཚུལ་ 3-1-275b གཉིས། དང་པོ་གང་ཞེ་ན། བས༷མ་གཏན༷་དང་པོའི་འབྲས༷་བུ་སྤྲུལ་སེམས་ནི་འདོད་པ་དང་དང་པོའི་ས་པའི་གཉི༷ས་ཡིན་པ་ནས༷། གཉིས་པའི་གསུམ། གསུམ་པ་ལ་བཞི། བཞི་པའི་འདོད་དང་བསམ་གཏན་བཞི་སྟེ་ལྔ༷་ཡིན་པའི་བར༷་དུ་རིམ༷་ པ་བཞིན༷་དུ་ཤེས་པར་བྱ་སྟེ་བསྡོམས་ན་བཅུ་བཞིའོ། །གཉིས་པ། དེས་ན་རང་ས་དང་འོག་སའི་སྤྲུལ་སེམས་འབྱུང་གི་གོང༷་མ༷་ལ༷ས་སྐྱེས༷་པའི་སྤྲུལ་སེམས་ནི་ས་འོག་མའི་བསམ་གཏན་ལ་མིན༷་ཏེ་མི་འབྱུང་ངོ་། །དེ་ནི་གོང་ས་མ་ཐོབ་ ན་སྐྱེད་མི་ནུས་ལ། ཐོབ་ན་དེའི་འབྲས་བུ་ཡིན་པས་སོ། །དེས་ན་དང་པོའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་སྤྲུལ་པ་དེ་དང་པོའི་བར་དུ་འགྲོ་ནུས་ལ། གཉིས་པར་འགྲོ་མི་ནུས་པ་སོགས་གང་གི་འབྲས་བུ་ཡིན་པའི་ས་དེའི་བར་དུ་ འགྲོ་བས་ཁྱད་པར་དུ་འཕགས་སོ། །གཉིས་པ་སྤྲུལ་པ་དེའི་ཁྱད་པར་ལ་དཔྱད་པ་ལ། རྙེད་ཚུལ་ལ་དཔྱད་པ། འཇུག་ལྡང་གི་སྐབས་ལ་དཔྱད་པ། སྤྲུལ་པ་དང་སྤྲུལ་སེམས་གཅིག་མི་གཅིག་ལ་དཔྱད་པ། སྤྲུལ་པ་དང་སྤྲུལ་སེམས་ གྲངས་མཉམ་མི་མཉམ་ལ་དཔྱད་པ་བཞི། དང་པོ། སྤྲུལ་སེམས་དེ༷་དག་རྙེད༷་ཚུལ་ནི་བས༷མ་གཏན༷་དངོས་གཞི་བཞི་པོ་བཞིན༷་དུ་འོག་ས་ལས་ཆགས་པ་བྲལ་བའི་སྒོ་ནས་རྙེད་དོ། །གཉིས་པ་ལ། སྤྲུལ་སེམས་ལ་འཇུག་ཚེ་སྤྲུལ་ སེམས་རང་གང་ལས་འབྱུང་དཔྱད་པ་དང་། ལྡང་ཚེ་སྤྲུལ་སེམས་ལས་སེམས་གང་འབྱུང་དཔྱད་པ་གཉིས། དང་པོ། སྤྲུལ་སེམས་དེ༷་ནི་དང་པོ་སྙོམས་པར་འཇུག་ཚེ་བས༷མ་གཏན༷་དག་པ་དང༷་། རྒྱུན་གྱི་སྤྲུལ་སེམས་རང༷་ཉིད་ལ༷ས་ 3-1-276a འབྱུང་བར་འགྱུར་རོ། །གཉིས་པ། སྤྲུལ་སེམས་ལས་ལྡང་བ་ན་ཏིང་འཛིན་ལ་མ་ཞུགས་པར་ལྡང་བ་མེད་པས་སྤྲུལ་སེམས་དེ༷་ལས་བསམ་གཏན་དག་པ་བ་དང་། རྒྱུན་གྱི་ཚེ་སྤྲུལ་སེམས་རང་དང་གཉི༷ས་འབྱུང་ ལ། དེས་ན་འདོད་སེམས་ལྟ་བུས་ལྡང་བ་མི་སྲིད་པས་དག་པ་བ་དེ་ལ་སླར་ཡང་འབབ་པ་ཁོ་ན་སྟེ། བྱ་འཕུར་བ་དང་། འབབ་པ་ངེས་པར་འདབ་མ་ལ་བརྟེན་པ་བཞིན་ནོ། །གསུམ་པ་ལ། དངོས་དང་། འཕྲོས་དོན་གཉིས། དང་པོ་ལ། ས་གཅིག་པ་དང་། ཐ་དད་གཉིས། དང་པོ། སྤྲུལ་པ་ཐམས་ཅད་རང༷་གི༷་ས༷་པའི༷་སྤྲུལ་སེམས་ཀྱིས་རང་སའི་སྤྲུལ་པ་སྤྲུལ༷་པ༷ར་བྱེ༷ད་ཀྱི་ས་གཞན་པའི་སྤྲུལ་སེམས་ཀྱིས་ས་གཞན་གྱི་སྤྲུལ་པ་སྤྲུལ་པར་མི་བྱེད་དོ་ཞེས་སྤྱིར་བཏང་ངོ་། །གཉིས་པ་ ལ། དངོས་དང་། གཏམ་སྨྲ་ཚུལ་གཉིས། དང་པོ། གཉིས་པ༷་ཡན་ན་སྤྲུལ་པ་ངག་སྨྲར་འཇུག་པའི་ཀུན་སློང་རྟོག་དཔྱོད་མེད་པས་ངག་སྨྲར༷་འཇུག༷་པ༷་ནི༷་གཉིས་པ་ཡན་ཆད་ཀྱི་སྤྲུལ་སེམས་ལ་འོ༷ག་མ༷་དང་པོའི་ས་པའི་སྨྲ་སེམས་ཁོ་ནས་སྨྲར་ འཇུག་གོ། ཀྱང༷་ཞེས་འདོད་དང་དང་པོ་ན་རང་སའི་སེམས་ཁོ་ནས་སྨྲར་འཇུག་གོ་ཞེས་བསྡུ་བའི་ཕྱིར་རོ། །གཉིས་པ། ལྷ་དང་བཅས་པའི་སྟོན༷་པ་སངས་རྒྱས་མིན༷་པ་གཞན་གྱིས་ངག་སྨྲ་བར་སྤྲུལ་ཚེ་སྤྲུལ༷་པ༷་པོ༷་དང༷་བཅས༷་པས་ངག་ སྨྲའོ། །གཅིག་སྨྲ་ན་སྤྲུལ་པ་ཐམས་ཅད་སྨྲ། གཅིག་མི་སྨྲ་ན་ཐམས་ཅད་མི་སྨྲའོ། །འོ་ན་ངག་མང་པོ་སྤྲུལ་ན་སྒྲ་སྤྲུལ་པར་ཐལ་ལ། ངག་གཅིག་ལས་མེད་ན་མང་པོ་སྨྲ་བར་བྱེད་པ་མི་འཐད་དེ། ངག་མང་པོ་སྨྲ་བ་སྣང་ཙམ་ཡིན་གྱི་ 3-1-276b ངག་གཅིག་ལས་མེད་དོ་ཞེ་ན། གཟུགས་སོགས་ལའང་མཚུངས། དེའི་ཕྱིར་བྱེ་སྨྲས་དབང་ལྔ་དང་སྒྲ་མི་སྤྲུལ་ཞེས་པའང་དོན་ལ་མཚུངས་པར་བརྟག་གོ་གསུངས། འོ་ན་རྒྱུད་གཅིག་ལ་སེམས་གཉིས་ཅིག་ཆར་མི་འབྱུང་བས་སྤྲུལ་ སེམས་ཡོད་ཚེ་སྨྲ་སེམས་མེད། སྨྲ་སེམས་ཡོད་ཚེ་དེ་མེད་པས། ཇི་ལྟར་སྤྲུལ་པ་སྨྲར་འཇུག་ཅེ་ན། དང་པོ་སྦྱོར་བའི་ཚེ་སྤྲུལ་སེམས་ཀྱིས་སྤྲུལ་པ་སྤྲུལ་ནས་བདག་གི་སྤྲུལ་པ་འདི་ཡུན་རིང་དུ་གནས་པར་གྱུར་ཅིག་ཅེས་དང་། དེ་ནས་སྨྲ་སེམས་ ཀྱིས་སྨྲ་བར་གྱུར་ཅིག་ཅེས་རིམ་པ་ལྟར་འབྱུང་བར་བྱི༷ན་གྱིས༷་བརླབས༷་ནས༷་ཇི་ལྟར་བྱིན་གྱིས་བརླབས་པ་ལྟར་ཕྱིས་སྤྲུལ་སེམས་ལས་གཞན༷་སྨྲ་སེམ༷ས་ཀྱིས་སྨྲར་འཇུག༷་པའི་ཕྱིར༷་སྐྱོན་མེད་དོ། །གཉིས་པ་སྤྲུལ་པ་བྱིན་གྱིས་བརླབས་ཡོད་པ་ལས་ འཕྲོས་ཏེ། ཤི་བ་ལ་བྱིན་རླབས་ཡོད་མེད་འདོད་ཚུལ་ནི། ཅི་གསོན་པོ་ཁོ་ན་ལ་བྱིན་རླབས་ཡོད་དམ། འོ་ན་ཏེ་ཤི་བ་ལ་ཡང་ཡོད་ཅེ་ན། སྤྲུལ་པ་པོ་ཤི༷་བ༷་ལ༷་ཡང༷་བྱི༷ན་གྱིས་བརླབས༷་ནས་ཡུན་རིང་དུ་འཇུག་པ་ཡོ༷ད་དེ། འོད་སྲུང་རི་བྱ་ རྐང་ཅན་གྱི་རི་གསུམ་གྱི་དབུས་སུ་མྱ་ངན་ལས་འདས་ནས་སྐུ་གདུང་བྱམས་པའི་འཁོར་རྣམས་སྐྱོ་བའི་ཕྱིར་དེའི་བར་དུ་གནས་པར་བྱིན་གྱིས་བརླབས་པ་ལྟ་བུ་སྟེ། བྱམས་པས་བསྟན་པས་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་དགྲ་བཅོམ་ཐོབ་ པར་གསུངས་སོ། །དེ་ཡང་ཁ་ཆེ་བས་ནི་རུས་པ་སོགས་བརྟན་པ་ལ་ཡོད་ཀྱི་ཤ་ཁྲག་སོགས་མི༷་བརྟན༷་ལ༷་མེ༷ད་དེ། འོད་སྲུང་གི་ཀེང་རུས་འབའ་ཞིག་གནས་ཀྱི་ཤ་ལ་སོགས་པ་བྱིན་གྱིས་མ་བརླབ་པའི་ཕྱིར་རོ། །གཞན༷་དག༷་ཤི་བ་ལ་བྱིན་ 3-1-277a རླབས་ཡོད་པ་མིན༷་གྱི། འོད་སྲུང་གི་ཀེང་རུས་གནས་པ་གནས་གཙང་མའི་ལྷ་རྣམས་ཀྱི་མཐུས་ཡིན་ནོ་ཞེས་འདོད་དོ། །བཞི་པ། འོ་ན་སྤྲུལ་སེམས་གཅིག་གིས་དུ་མ་སྤྲུལ་ལམ། གཅིག་གིས་གཅིག་ཁོ་ན་ སྤྲུལ་ཞེ་ན། དང༷་པོ༷ར་མ་བྱང་ཚེ་སྤྲུལ་སེམས་དུ༷་མས༷་སྤྲུལ་པ་གཅི༷ག་སྤྲུལ་པ་ཡི༷ན་ཏེ་ཡུན༷་རིང་དུ་འབད་དགོས་པས་སོ། །ཕྱིས་མངོན་ཤེས་བྱང༷་བར༷་གྱུར༷་ནས༷་ནི། སྔ་མ་ལས་བཟློག༷་པ༷་སྤྲུལ་སེམས་གཅིག་གིས་དུ་མ་སྤྲུལ་པར་བྱེད་པའོ༷། ། གཉིས་པ་རྒྱུའི་སྒོ་ནས་རྫུ་འཕྲུལ་ལྔར་དབྱེ་བ་ནི། བསྒོམ༷་པ་ལ༷ས་སྐྱེས༷་པའི༷་སྤྲུལ་སེམས་ནི། ངེས་པར་ལུང་མ་བསྟན་ཡིན་ལ། ལྷ་ཀླུ་ཤ་ཟ་སོགས་སྐྱེ༷་བ༷་ལ༷ས་སྐྱེས༷་ཤིང་ཐོབ་པའི་སྤྲུལ་སེམས་ནི་ཕན་གནོད་བྱ་ཕྱིར་སྤྲུལ་པ་དང་ བཏང་སྙོམས་པ་ཡིན་པས་དགེ་མི་དགེ་ལུང་མ་བསྟན་རྣམ༷་པ་གསུམ༷་མོ༷། །ལྷ་ཀླུ་ལ་སོགས་པས་བྱས་པའི་སྤྲུལ་པ་རང་གཞན་གྱི་རྒྱུ་དང་འབྲེལ་བ་ནི་སྒྲ་མ་གཏོགས་པའི་གཟུགས་ཅན་དགུ་དབང་པོ་དང་ཐ་མི་དད་པས་དེ་སྐད་དུ་བརྗོད་ཀྱི། དབང་པོ་ནི་སེམས་ཅན་དུ་སྟོན་པ་ཡིན་པས་དངོས་སུ་ན་ཐ་དད་དུ་མི་སྤྲུལ་ཏེ། སྔོན་མེད་སེམས་ཅན་འབྱུང་བར་ཐལ་བས་སོ། །སྤྲུལ་པ་སེམས་མེད་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱང་མི་སྤྲུལ་ལོ། །རྫུ༷་ འཕྲུ༷ལ་ནི། སྐྱེས་ཐོབ་བསྒོམ་བྱུང་གཉིས་སུ་མ་ཟད་གྷནྡྷ་རི་ལ་སོགས་པའི་གསང༷་སྔ༷གས་ལས་སྐྱེས་པ་དང་། རུས་སྦལ་གྱི་ཟེ་བ་དང་། རྨ་བྱའི་མདོངས་ལ་སོགས་པའི་སྨན༷་དག༷་ལས་སྐྱེས་པ་དང༷་། ང་ལས་ནུ་དང་བར་སྲིད་པ་ 3-1-277b རྣམས་ཀྱི་ལྟ་བུ་ལ༷ས་ལ༷ས་སྐྱེས༷་པ་དང༷་རྣམ༷་པ༷་ལྔ༷འོ། །གཉིས་པ་འཕྲོས་དོན་ལ། མིག་རྣའི་མངོན་ཤེས་དང་། ཕ་རོལ་སེམས་ཤེས་བཤད་པ་གཉིས། དང་པོ་ལ། དེ་དག་གི་རྟེན་དབང་པོ་ས་གང་གིས་བསྡུས་ པ་དང་། དེ་དག་གི་ཁྱད་པར་གཉིས། དང་པོ་ལ། དམ་བཅས་དང་། འཐད་པ་གཉིས། དང་པོ། ཅི་ལྷའི་མིག་རྣ་ནི་ལྷའི་མིག་རྣ་དངོས་ཡིན་ནམ། བྱང་སེམས་དང་ཁྱིམ་བདག་རིན་པོ་ཆེ་རྣམས་ཀྱི་མིག་ལྟ་བུ་ལྷའི་དེ་དང་ འདྲ་བས་བཏགས་པ་ཡིན་ཞེ་ན། དེ་གཉིས་ལྷ༷་ཡི༷་མིག༷་དང༷་རྣ༷་བ༷་དངོས་ཁོ་ན་ཡི༷ན་ནོ། །གཉིས་པ། བསམ་གཏན་པ་དག་བསམ་གཏན་ལ་མཉམ་པར་བཞག་ནས་སྒྲ་དང་སྣང་བ་ལ་གཏོད་པའི་སྦྱོར་བའི་སྟོབས་ཀྱིས་མིག་དང་རྣ་བའི་ ཐེན་ཀོར་དུ་བས༷མ་གཏན༷་གྱི་ས༷་པའི༷་འབྱུང་བ་བཞི་དག་རྒྱུར་བྱས་པའི་གཟུགས༷་ཅན་དང༷་པ༷་ཤ་པགས་རུས་ཁྲག་དང་མ་འབྲེལ་ཞིང་ཐག་རིང་པོ་ན་གནས་པ་དང་། ཆོད་པ་དང་ཕྲ་བའི་གཟུགས་དང་། སྒྲ་ཐོས་པའི་རྒྱུར་གྱུར་པའི་དབང་པོ་ འགྲུབ་པས་བསམ་གཏན་གྱི་ས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ཁྱད་པར་ནི། མིག་རྣ་དེ་གཉིས་གཟུགས་ཉམས་སུ་མྱོང་བའི་སྒོ་ནས་བསྒྲུབས་པས་རྟག༷་ཏུ༷་རྣམ་ཤེས་དང་བཅས་པས་རྟེན༷་བཅས༷་སོ། །ཤའི་མིག་རྒྱབ་ཕྱོགས་སོགས་སུ་ མི་མཐོང་བ་ལྷའི་མིག་གིས་མཐོང་ངོ་། །ཞར་བ་ལོང་བ་འོན་པ་ལྟ་བུ་མིན་པས་མ༷་ཚང༷་མེ༷ད་པའང་ཡིན་ལ། དེ་གཉིས་ཀྱི་ཡུལ་ནི་ཐག༷་རིང་པོ་ན་གནས་པ་དང་། ཕྲ་བ་དང་སོ༷གས་ཀྱིས་བསྒྲིབ་པའི་གཟུགས་དང་ཆོད་པ་ལ་སོགས་པའི་ 3-1-278a སྒྲའི་སྤྱོ༷ད་ཡུལ༷་ཅ༷ན་ཡིན་ནོ། །འོ་ན་ལྷའི་མིག་གིས་ཇི་ཙམ་མཐོང་ཞེ་ན། བསམ་གཏན་དང་པོའི་ལྷའི་མིག་གིས་འདོད་དང་བསམ་གཏན་དང་པོ་མཐོང་བ་ལ་སོགས་སྔར་བཤད་ཟིན་ཏོ། །ཉན་རང་ སངས་རྒྱས་གསུམ་གྱི་ལྷའི་མིག་མངོན་པར་འདུ་བྱེད་མེད་པས་ནི། སྟོང་དང་པོ་དང་། གཉིས་པ་དང་། གསུམ་པའི་འཇིག་རྟེན་གྱི་ཁམས་མཐོང་ལ། མངོན་པར་འདུ་བྱེད་པའི་སྟོབས་ཀྱིས་ནི་དགྲ༷་བཅོ༷མ་པ་དང་བསེ༷་རུ༷་སྟོན༷་ པ་སངས་རྒྱས་རྣམ༷ས་ཀྱིས༷་རིམ་པ་ལྟར་སྟོང༷་གཉི༷ས་དང་། སྟོང་གསུམ༷་དང༷་། ཇི་ཙམ་བཞེད་ཀྱི་འཇིག་རྟེན་གྱི་ཁམས་གྲངས༷་མེ༷ད་པ་མཐོང༷་ངོ་། །ཅི་རྫུ་འཕྲུལ་ཁོ་ན་སྐྱེས་ཐོབ་ཡིན་ནམ། གཞན་ལའང་ཡོད་ཟེར་ན། རྫུ་ འཕྲུལ་ལས་གཞན༷་ལྷའི་མིག་རྣ་རྗེས་དྲན་སེམས་ཤེས་བཞི་ལ་ཡང༷་སྐྱེ༷་བས༷་ཐོབ༷་པ་ཡོད་མོད་ཀྱི། དེས་ནི་ཅུང་ཟད་ཀྱང་མངོན་ཤེས་ཀྱི་མིང་མི་ཐོབ་སྟེ། འགྲོ་བ་དེ་དག་སྐྱེ་དུས་ཉིད་ནས་ཐོབ་ཀྱི་ཁ་གཅིག་གི་བྱ་ནམ་མཁའ་ལ་འགྲོ་བ་ ལྟར་སྐྱེས་པའི་འོག་ཏུ་ནི་མིན་ནོ། །རྫུ་འཕྲུལ་ལྔ་སྟེ་དེ་ལ་རྟོག་གེས་བྱས་པ་ནི་མེད་ལ། མིག་རྣའི་མངོན་ཤེས་ནི་གསུམ་སྟེ་སྔགས་སྨན་ལས་བྱུང་བ་མེད་ཅིང་། སེམས་ཤེས་ནི་བཞི་སྟེ་སྨན་བྱུང་མེད་དོ། །འདི་བཞི་སྐྱེས་ཐོབ་ནི་ མངོན་ཤེས་མིན་ནོ། །ཐར་པའི་རྒྱུར་གྱུར་པའི་ལུས་བཞིན་ནོ། །དེ་དགེ་བ་ཡིན་ནོ། །སྐྱེས་ཐོབ་ཀྱི་ལྷའི་མིག་དེས་ནི་སྲི༷ད་པ༷་བར༷་མ༷་མི༷་མཐོང༷་ངོ༷་། །དེ་ནི་སྐྱོན་བཅུ་གཅིག་དང་བྲལ་བའི་ལྷའི་མིག་རྣམ་དག་ཁོ་ནའི་ཡུལ་ཡིན་པའི་ཕྱིར་རོ། ། 3-1-278b འདི་བཞི་སྐྱེས་ཐོབ་ནི། འདོད་པའི་ལྷ་ཀླུ་དང་གཟུགས་ཁམས་རྣམས་ལ་ཡོད་དོ། །གཉིས་པ། ཕ་རོལ་སེམ༷ས་ཤེས༷་སྐྱེས་ཐོབ་དེ༷་ནི༷་དགེ་མི་དགེ་ལུང་མ་བསྟན་རྣམ༷་པ་གསུམ༷་མོ། གང༷་ཡང་རྟོག༷་གེ་བ་རྣམས་ཀྱིས་མཚན་མ་ ལས་སེམས་ཤེས་པ་དང༷་། རིག༷་སྔ༷གས་ཀྱི༷ས་བྱས༷་པའི༷་སེམས་ཤེས་དེའང༷་དགེ་སོགས་གསུམ་ཡིན་ལ། བསྒོམ་བྱུང་སེམས་ཤེས་ནི་དགེ་བ་ཁོ་ནའོ། །སེམས་ཤེས་སྔོན་གནས་རྗེས་དྲན་ལ། དམྱལ༷་བ༷་པས༷་ནི༷་དང༷་ པོ་སྐྱེས་ནས་ཇི་སྲིད་དུ་སྡུག་བསྔལ་གྱི་ཚོར་བས་མ་ཉེན་པ་དེ་སྲིད་དུ་ཕ་རོལ་གྱི་སེམས་དང་སྔོན་གནས་ཤེས༷་ལ། ཕྱིས་སྡུག་བསྔལ་གྱིས་ཡིད་ཉམས་པར་བྱས་པའི་ཕྱིར་བདག་ཀྱང་མི་དྲན་ན་ལྟ་ཅི་མི་ཤེས་སོ། །འགྲོ་བ་གཞན་ ལྷ་ཀླུ་ཡི་དྭགས་ཀྱི་སེམས་ཤེས་དང་སྔོན་གནས་རྗེས་དྲན་སྐྱེས་ཐོབ་ཀྱིས། དམྱལ་བ་ལྟར་སྡུག་བསྔལ་གྱི་ཚོར་བས་མ་ཉེན་པས་རྟག་ཏུ་ཤེས་སོ། །དེ་ཡང་ཕལ་ཆེའི་དབང་དུའོ། །ལྷས་སྔ་ཕྱིའི་སྐྱེ་བ་དང་། དུད་འགྲོ་ ཀླུ་སོགས་དང་། ཡི་དྭགས་སྔོན་ལས་བྱས་པ་དྲན་པ་ཡོད་པས་སོ། །མི༷་རྣ༷མས་ལ༷་རྫུ་འཕྲུལ་ལ་སོགས་པ་སྔར་ཇི་སྐད་བཤད་པ་དེ་དག །སྒོམ་བྱུང་རྟོག་གེ་རིག་སྔགས་སྨན་ལས་སྐྱེས་པ་ཡོད་ཀྱི་སྐྱེ༷་བས༷་ཐོབ༷་པ༷་མེ༷ད་དེ། ཡོད་ན་མིར་སྐྱེས་ཙམ་གྱི་སྟོབས་ཀྱིས་འབད་མེད་དུ་ཡོད་དགོས་ལ། དེམིའི་རིས་གང་ནའང་མེད་པས་སོ། །གཉིས་པ་ལེའུའི་མཚན། ཆོས༷་མངོ༷ན་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལ༷ས། ཡེ༷་ཤེས༷་བསྟན༷་པ༷་ཞེས༷་བྱ༷་བ༷་ 3-1-279a སྟེ༷་གན༷ས་བདུན༷་པའི༷་འགྲེལ་བའོ༷།། ༈ །།གཉིས་པ་རྟེན་སྙོམས་འཇུག་བསྟན་པ་ལ། གནས་དང་། གནས་བརྒྱད་པོ་རྫོགས་པའི་མཇུག་བསྡུ་བ་དང་། གནས་ཀྱི་མིང་བསྟན་པ་གསུམ། དང་པོ་ལ། སྙོམས་འཇུག་གི་ཏིང་ངེ་འཛིན་དངོས་དང་། དེས་བསྡུས་པའི་ཡོན་ཏན་གཉིས། དང་པོ་ལ། བསམ་གཟུགས་ཀྱི་དབྱེ་བ་སྤྱིར་བསྟན་པ་དང་། སྙོམས་འཇུག་བྱེ་བྲག་ ཏུ་བཤད་པ་གཉིས། དང་པོ་ལ། བསམ་གཏན་གྱི་དབྱེ་བ་དང་། གཟུགས་མེད་ཀྱི་དབྱེ་བ་གཉིས། དང་པོ་ལ། བསྟན་བཤད་གཉིས། དང་པོ། བས༷མ་གཏན༷་དག༷་ནི༷་རྒྱུ་སྙོམས་འཇུག་དང་། འབྲས་བུ་སྐྱེ་བ་རྣམ༷་པ་གཉི༷ས་ ཡིན་ལ། དེ་དག་རེ་རེའང་སའི་སྒོ་ནས་དང་པོ་སོགས་རྣམ་པ་བཞི༷འོ། །གཉིས་པ་ལ། འབྲས་བུ་སྐྱེ་བའི་བསམ་གཏན་དང་། རྒྱུ་སྙོམས་འཇུག་གི་བསམ་གཏན་རྒྱས་བཤད་གཉིས། དང་པོ། བས༷མ་གཏན་དེར༷་སྐྱེ༷་ བ༷་འབྲས་བུའི་ས་པ་དག༷་ནི། གནས་གསུམ་པར་རབ༷་ཏུའམ་དང་པོར་བཤ༷ད་ཟིན་ཏོ། །གཉིས་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོའི་ཁྱད་པར་གཉིས། དང་པོ། རྒྱུ་སྙོམས༷་འཇུག༷་གི་བསམ་གཏན་ཐམས་ཅད་ནི་གཙོ་བོ་ ཏིང་འཛིན་གྱི་རང་བཞིན་ཡིན་ཞིང་། ཏིང་འཛིན་ཐམས་ཅད་ཀྱི་མཚན་ཉིད་ཀྱང་རྩེ་གཅིག་པ་ཡིན་པས། ཉོན་མོངས་ཅན་དང་མ་སྒྲིབ་ལུང་མ་བསྟན་གྱི་སེམས་རྩེ་གཅིག་པ་ཡང་ཡོད་པས་དེ་བཅད་པའི་ཕྱིར། དགེ༷་བའི༷་སེམས་རྩེ༷་སྟེ་དམིགས་ 3-1-279b པ་གཅི༷ག་པར༷་བྱེད་པའི་སེམས་བྱུང་ཡིན་གྱི་སེམས་དམིགས་པ་གཅིག་པ་ཙམ་ནི་མིན་ནོ། །དེ་ཉིད་རྗེས༷་འབྲང༷་འཁོར་དང་བཅས༷་ན༷་བསམ་ཟག་གི་སྡོམ་པ་གང་རུང་ཡོད་ན་ཕུང༷་པོ༷་ལྔ༷འོ། །ཏིང་འཛིན་དང་མཚུངས་ལྡན་ཐམས་ཅད་དམིགས་པ་ ལ་རྩེ་གཅིག་ཀྱང་སེམས་རྩེ་གཅིག་ཅེས་གཙོ་བོའི་ཕྱིར་སྨོས་ཞེས་སོ། །གལ་ཏེ་སེམས་ཐམས་ཅད་དམིགས་པར་འཕོ་ལོང་མེད་པས་སྐད་ཅིག་མ་ཡིན་པས། གང་གིས་དེ་རྩེ་གཅིག་པའི་བྱེད་པར་ཏིང་འཛིན་བཏགས་པ་དོན་མེད་མིན་ནམ་ཞེ་ན། སྐད་ཅིག་དང་པོའི་སེམས་ལ་མི་དགོས་ཀྱང་གཉིས་པ་སོགས་དང་པོའི་དམིགས་པ་ལས་མི་གཡེང་བར་བྱེད་པས་དགོས་ཟེར་ཀྱང་། འོ་ན་སེམས་དང་པོ་ཏིང་འཛིན་མཚུངས་ལྡན་ཅན་དེ་ལ་མི་དགོས་པས་ཏིང་འཛིན་དོན་མེད་པ་དང་། སྐད་ཅིག་དང་ པོའི་ཏིང་འཛིན་འགགས་པས་གཉིས་པ་ལ་བྱེད་པ་འཇུག་པ་འགལ་བ་དང་། མ་འགག་ན་སྔ་མ་དང་དུས་མཚུངས་པར་ཐལ་བ་དང་། ཏིང་ངེ་འཛིན་སེམས་ཀྱི་ས་མང་བ་ཡིན་པས་སེམས་ཐམས་ཅད་རྩེ་གཅིག་པར་ཐལ་བ་སོགས་འགྱུར་རོ་ཞེ་ན་ མི་འགྱུར་ཏེ། བྱེ་སྨྲས་ཏིང་འཛིན་སྟོབས་ཆེ་བ་དང་མཚུངས་པར་ལྡན་པའི་སེམས་ནི་རྩེ་གཅིག་པ་ཡིན་གྱི་སྟོབས་ཆུང་བ་དང་མཚུངས་ལྡན་གྱི་སེམས་ནི་རྩེ་གཅིག་པ་མིན་ནོ་ཟེར། མདོ་སྡེ་པས། སེམས་རྩེ་གཅིག་པ་ཁོ་ན་ཏིང་འཛིན་ ཡིན་གྱི་སེམས་ལས་དོན་གཞན་གྱུར་པའི་ཏིང་འཛིན་མེད་པར་འདོད་དོ། །གཉིས་པ། བསམ་གཏན་དང་པོ་ན། རྟོག་པ་མེད་པར་དགའ་བདེ་དང་ལྡན་པའི་དཔྱོད་པ་མི་སྲིད་པས་དཔྱོ༷ད་པ་དང༷་། དེས་མཚོན་པའི་རྟོག་པ་དང་དགའ༷་བ་དང༷་བདེ༷་བ་དང༷་མཚུངས་ 3-1-280a པར་ལྡན༷་པའི་ཏིང་ངེ་འཛིན་ནོ། །དེ་ལྟ་ན་ལྷན་ཅིག་དཔྱོད་པའི་རྟོག་པས་དཔྱོད་པའང་གོ་བས་རྟོག་དང་དགའ་དང་ཞེས་མི་སྨོས་པ་ནི། ཡན་ལག་སྔ་སྔ་ཞེས་བརྗོད་ན་ཁྱད་པར་ཅན་ཡང་གཉིས་པར་གོ་བར་འགྱུར་བས། རྟོག་པ་དང་པོ་ཐམས་ཅད་ན་མ་ངེས་ཀྱང་དཔྱོད་པ་ངེས་པས་སོ། །བསམ་གཏན་ལྷག་མ་གསུམ་ནི་ཡན༷་ལག༷་སྔ༷་མ་སྔ༷་མ། རྟོག་དཔྱོད་སྤངས་ཤིང་དགའ་བདེ་དང་མཚུངས་པར་ལྡན་པ་གཉིས་པ་དང་། རྟོག་དཔྱོད་དགའ་བ་སྤངས་ཤིང་བདེ་བ་དང་ ལྡན་པ་ནི་གསུམ་པ་དང་། བཞི་པ། རྟོག་དཔྱོད་དང་དགའ་བདེ་སྤངས༷་པ༷་ཡི༷་གཟུགས་ཀྱི་དགེ་བ་རྩེ་གཅིག་པའོ། །གཉིས་པ་གཟུགས་མེད་ལ་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོའི་ཁྱད་པར་གཉིས། དང་པོ་ལ། ངོ་བོ་དང་། སྒྲ་ དོན་གཉིས། དང་པོ་ལ། ཕུང་པོ་ཡན་ཆོད་གོང་གི་བསམ་གཏན་དང་འདྲ་བར་བསྟན་པ། གོང་དང་མི་འདྲ་བའི་ཁྱད་པར་གཉིས། དང་པོ། ཇི་ལྟར་བསམ་གཏན་རྣམས་འབྲས་བུ་སྐྱེ་བ་དང་། རྒྱུ་སྙོམས་འཇུག་གཉིས་དང་། རེ་རེ་ལའང་ བཞི་བཞི་ཡོད་པ་དེ༷་བཞིན༷་དུ་གཟུག༷ས་མེ༷ད་ཀྱང་ཡིན་ནོ། །དེ་ལ་འབྲས་བུ་སྐྱེ་བའི་གཟུགས་མེད་ནི་གནས་གསུམ་པར་བཤད་ཟིན་ལ། རྒྱུ་སྙོམས་འཇུག་གི་གཟུགས་མེད་ཀྱང་གཟུགས་ལས་འདོད་ཆགས་བྲལ་བའི་སྙོམས་འཇུག་དགེ་སེམས་ རྩེ་གཅིག་པའོ། །གཉིས་པ། དེ་ན་རྗེས་སུ་འབྲང་བའི་གཟུགས་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་མེད་པས་འཁོར་དང་བཅས་ན་ཕུང༷་པོ༷་བཞི༷འོ། །གཟུགས་མེད་བཞིའི་ཁྱད་པར་ནི་བཞི་པ་དང་། ནམ་མཁའ་སོགས་རང་རང་གི་ 3-1-280b འོག་མའི་ས་ལས་དབེན་པའམ་རྣམ་པར་འབྱེད་པའི་ཆགས་བྲལ་ཉེར་བསྡོགས་བར་ཆད་མེད་ལམ་ལ༷ས་སྐྱེས༷་པ་ནི། རིམ་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའོ། །གཉིས་པ་སྒྲ་དོན་ལ། སྙོམས་འཇུག་གིས་ གཟུགས་བཤིག་ཚུལ་དང་། འབྲས་བུ་སྐྱེ་བར་གཟུགས་མེད་ཚུལ་གཉིས། དང་པོ། གཟུགས་མེད་དེ་དག་ཀྱང་དངོས་གཞི་བཞི་ཉེར༷་བསྡོགས༷་ཕྱི་མ་གསུམ༷་དང༷་བཅ༷ས་པ༷ར་ནི༷་རང་ས་ན་གཟུགས་མེད་ཅིང་། འོག་སའི་ཟག་བཅས་ཀྱི་ གཟུགས་ལ་མི་དམིགས་པས་གཟུགས༷་ཀྱི༷་འདུ༷་ཤེས༷་བཤིག༷་ཅེས༷་བྱ༷་སྟེ། ནམ་མཁའི་ཉེར་བསྡོགས་ནི་བཞི་པའི་གཟུགས་ལ་དམིགས་པས་སོ། །གཉིས་པ་ལ། དངོས་དང་དོགས་སྤོང་གཉིས། དང་པོ། འདིར་ཕལ་ཆེན་པའི་ བྱེ་བྲག་འཇིག་རྟེན་འདས་སྨྲ་དང་། ཡོད་སྨྲའི་བྱེ་བྲག་གོས་དམར་བའི་སྡེ་པ་དང་། མང་བཀུར་བ་རྣམས་ནི་གཟུགས་མེད་ནའང་གཟུགས་ཅུང་ཟད་ཡོད་དེ། མདོ་ལས་ཚེ་དང་དྲོད་འདྲེས་པར་གསུངས་ཤིང་དེ་ན་ཚེ་ཡོད་པས་དང་། ཡང་ འདམ་བུའི་ཤོག་གཉིས་གནམ་དུ་བསྒྲེང་སྟེ་ཕན་ཚུན་བརྟེན་ནས་འདུག་པ་དེ། གཅིག་ཤོས་བོར་བ་ན་གཅིག་འགྱེལ་བར་འགྱུར་བ་དེ་བཞིན། མིང་གཟུགས་ཕན་ཚུན་རྟེན་ཅིང་གནས་པར་གསུངས་པ་དང་། རྟེན་འབྲེལ་ལས་རྣམ་ཤེས་ ཀྱི་རྐྱེན་གྱིས་མིང་གཟུགས་འབྱུང་བར་གསུངས་ལ། དེ་ན་མིང་བཞི་ཡོད་པས་དང་། ཕུང་པོ་བཞི་ལས་གཞན་དུ་རྣམ་ཤེས་འགྲོ་འོང་བཀག་པའི་ཕྱིར་རོ། །དེས་ན་གཟུགས་མེད་པར་བཤད་པ་ནི། དམན་ལ་དགག་སྒྲ་བརྗོད་པ་ཡིན་ནོ་ཟེར། 3-1-281a ཁ་ཆེ་བ་སོགས་ཀྱིས་དེ་མི་རིགས་ཏེ་དྲོད་ཚེ་ལུས་ཀྱི་དབང་དུ་བྱས་ལ། གཟུགས་མེད་ལ་དེ་མེད་པས་དང་། ཕན་ཚུན་རྟེན་པའང་འདོད་གཟུགས་ཀྱི་དབང་དུ་བྱས་པའི་ཕྱིར་དང་། རྟེན་འབྲེལ་ནི་འདོད་གཟུགས་ཀྱི་ རྣམ་ཤེས་མིང་གཟུགས་གཉིས་ཀྱི་རྐྱེན་ཡིན་ཡང་གཟུགས་མེད་ཀྱི་མིང་ཁོ་ནའི་རྐྱེན་ཡིན་ལ། ཕུང་པོ་བཞི་ལས་གཞན་དུ་རྣམ་ཤེས་འགྲོ་འོང་བཀག་པ་གཞན་དུ་མཐའ་བཀག་པ་ཡིན་གྱི་བཞི་ཀ་ཚོགས་དགོས་པར་སྟོན་པ་ནི་མིན་ནོ། །གལ་ཏེ་ དེ་ན་གཟུགས་ཅུང་ཟད་ཡོད་ན་ཇི་འདྲ་ཞིག་ཡོད། ལུས་ངག་གི་སྡོམ་པ་ཙམ་ཡིན་སྙམ་ན་མི་འཐད་དེ་རྟེན་ལུས་ངག་མེད་པས་སོ། །གཞན་ལུས་དབང་གནས་སོགས་ཡོད་ན་ཇི་ལྟར་གཟུགས་མེད་ཡིན་ལ། རྡུལ་ཕྲ་རབ་ཙམ་ཡོད་པས་ཆུང་ བས་ཡིན་ན་ཆུ་ཡི་སྐྱེ་བོ་ཕྲ་མོའི་གཟུགས་ལྟར་མི་སྣང་བ་དག་ཀྱང་གཟུགས་མེད་དུ་ཐལ་བས་སོ། །སྲིད་རྩེ་བ་སེམས་མེད་དུ་ཇི་ལྟར་མི་འགྱུར་ཏེ། སྲིད་རྩེ་དེ་ཁོ་ན་གཟུགས་མེད་དུ་འགྱུར་ཏེ་ཤིན་ཏུ་ཆ་ཕྲ་བས་སོ། །གལ་ཏེ་དྭངས་པས་གཟུགས་ མེད་ཡིན་ན་བར་སྲིད་ཡང་དེར་འགྱུར་ལ། གལ་ཏེ་ཆེས་དྭངས་པ་གཞན་མེད་པ་ཞིག་ལ་གཟུགས་མེད་འདོད་དོ་སྙམ་ན། དེ་ལྟར་ན་སྙོམས་འཇུག་གི་ཁྱད་པར་དུ་འཕགས་པ་ལྷར་སྐྱེ་བས་ཀྱང་ཆེས་མཆོག་ཏུ་དྭངས་པས་སྲིད་རྩེ་བ་ཁོ་ན་དེར་འགྱུར་ རོ། །གལ་ཏེ་དེ་ན་གཟུགས་ཡོད་ཀྱང་བསམ་གཏན་དང་འོག་སའི་དབང་པོས་གཟུང་བར་མི་ནུས་པས་སྙམ་ན། དེ་ལྟར་ན་བསམ་གཏན་བཞི་པའི་གཟུགས་ཀྱང་དེར་ཐལ་ཏེ། དེ་འོག་སའི་དབང་པོས་གཟུང་མི་ནུས་པས་སོ། །གལ་ཏེ་འདོད་ཡོན་ 3-1-281b དང་གཟུགས་ཀྱིས་ཕྱེ་བ་ཁམས་འོག་མ་གཉིས་ཡིན་ལ། གཟུགས་མེད་པའི་མིང་འདོད་རྒྱལ་ཡིན་ནོ་ཞེ་ན། དེ་ལྟ་བུ་ལ་རིགས་པ་ཅི་ཞིག་ཡོད། དེས་ན་མདོ་ལས། གཟུགས་ལས་ངེས་པར་འབྱུང་བ་དང་། གཟུགས་ལས་འདས་པར་ བཤད་པས། གཟུགས༷་མེ༷ད་པ༷་ན༷་གཟུགས༷་ཅུང་ཟད་ཀྱང་མེ༷ད་དོ༷། །གཉིས་པ། འོ་ན་གཟུགས་མེད་ལས་འཕོས་ཏེ་འོག་མར་སྐྱེ་ན་གཟུགས་ཇི་ལྟར་སྐྱེ་སྟེ་དེ་ན་གཟུགས་མེད་ལ། གཟུགས་ཀྱི་ཉེར་ལེན་གཟུགས་ཁོ་ན་ཡིན་པས་སོ་ཞེ་ན། དེའི་ཚེ་གཟུགས༷་ནི༷་ལྷན་ཅིག་བྱེད་རྐྱེན་ལས་ཀྱིས་འཕངས་པའི་སེམ༷ས་ལས་སྐྱེ་བར་འགྱུར་ལ། ཉེར་ལེན་གྱི་རྒྱུ་ནི་འདོད་གཟུགས་ཡོད་པའི་འབྱུང་བ་ཡིན་ནོ། །དེའི་ཕྱིར་མདོ་སྡེ་པ་ལུས་སེམས་ཕན་ཚུན་ས་བོན་ཅན་ཡིན་ནོ་ཞེས་དང་། བྱེ་ སྨྲས་གནས་སྐབས་དེའི་འདས་པའི་གཟུགས་ལས་སྐྱེའོ། །ཞེས་དང་། སེམས་ཙམ་པས་ཀུན་གཞི་ལས་སྐྱེ་བར་འདོད་དོ་ཞེས་འཆད་པ་མི་མཛེས་ཏེ། དང་པོ་ཚུར་རོལ་མཛེས་པའི་ལུགས་དང་། གཉིས་པ་ད་ལྟ་བའི་གཟུགས་ཡོད་བཞིན་འདས་ པ་ལ་ལྟོས་མི་དགོས་པས་སོ། །གསུམ་པ་གཟུགས་རྫས་སུ་མེད་པར་འདོད་པས་དེའི་རྒྱུ་ལ་འབད་པ་དོན་མེད་པས་སོ་ཟེར་ཀྱང་། དང་པོ་འཐད། ཕྱི་མ་གཉིས་དཔྱད་དོ། །གཉིས་པ་བྱེ་བྲག་སོ་སོ་ལ། འོ་ན་ནམ་མཁའ་མཐའ་ ཡས་སོགས་ནམ་མཁའ་ཁོ་ན་ལ་དམིགས་པས་ཡིན་ནམ། འོན་ཏེ་སྦྱོར་བའི་མིང་གིས་བཏགས་ཤེ་ན། སྦྱོར་བའི་མིང་གིས་ཏེ་འདི་ལྟར་སྦྱོར་བའི་ཚེ་རྣམ༷་ཤེས༷་ནི་མཐའ༷་ཡས༷་སོ། །ཞེས་དང་། ནམ་མཁའ༷་མཐའ༷་ཡས༷་སོ། ། 3-1-282a ཞེས་དང་། ཅི༷་ཡང༷་མེ༷ད་ཅེས༷་བྱ༷་བ་དེ༷་ལྟར༷་སྦྱོར༷་བའི་ཕྱི༷ར་མིང་དེ་སྐད་དུ་བརྗོད་ཀྱི་ཆོས་གཞན་ལའང་དམིགས་སོ། །འདུ་ཤེས་ཆུང་ཞིང་མི་གསལ་བས་དམན༷་པའི་ཕྱིར༷་ན་དེའི་མིང་གི་རྣམ་གྲངས་ལ་འདུ༷་ཤེས༷་མེ༷ད་པ་ ཞེས་དང་། འདུ་ཤེས་ཅུང་ཟད་ཡོད་པས་འདུ༷་ཤེས༷་མེ༷ད་པ༷འང༷་མ༷་ཡི༷ན་པས་ན་མིང་དེ་སྐད་བཏགས་པ་ཡིན་ནོ༷། །སྲིད་གསུམ་ན་མཐོ་བས་སྲིད་རྩེ་ཞེས་ཀྱང་བྱའོ། །གཉིས་པ་སྙོམས་འཇུག་བྱེ་བྲག་ཏུ་བཤད་པ་ལ། དབྱེ་བ་དང་། ཁྱད་པར་གྱི་ཆོས་གཉིས། དང་པོ། དེ༷་ལྟར༷་ན་ཡན་ལག་དང་ཉེར་བསྡོགས་ཁྱད་པར་ཅན་མ་གཏོགས་སྙོམས༷་འཇུག༷་དངོས༷་གཞི༷འི་རྫས༷་ནི། བསམ་གཟུགས་རྣམ༷་པ༷་བརྒྱ༷ད་ཡིན་ནོ། །གཉིས་པ་ཁྱད་པར་ལ། རོ་མྱོང་ སོགས་གསུམ་ཡོད་མེད་ཀྱི་ཁྱད་པར། ཡན་ལག་དུ་དང་ལྡན་པའི་ཁྱད་པར། འཐོབ་ཚུལ་གྱི་ཁྱད་པར། གང་ལས་གང་འབྱུང་གི་ཁྱད་པར། རྟེན་གྱི་ཁྱད་པར། དམིགས་ཡུལ་གྱི་ཁྱད་པར། སྤང་བྱ་སྤོང་མི་སྤོང་གི་ ཁྱད་པར། རྟོག་དཔྱོད་ཡོད་མེད་ཀྱི་ཁྱད་པར་བརྒྱད་ལས། དང་པོ་ལ་རོ་མྱོང་སོགས་ཡོད་མེད་དང་། རོ་མྱོང་སོགས་ཀྱི་ངོ་བོ་ངོས་བཟུང་བ་གཉིས། དང་པོ། དེ་ལས་སྲིད་རྩེ་མ་གཏོགས་བདུན༷་ནི་རྣམ༷་པ༷་གསུམ༷་སྟེ། གང་ཞེ་ན། རོ༷་མྱོང༷་བ་དང་ མཚུངས་པར་ལྡན༷་པ་དང༷་། དག༷་པ༷་བ་དང༷་། ཟག༷་པ་མེ༷ད་པ་རྣམས་སོ། །བརྒྱ༷ད་པ༷་སྲིད་རྩེ་ནི་དང་པོ་རྣམ༷་པ༷་གཉི༷ས་ཡིན་གྱི། འདུ་ཤེས་དམན་ཅིང་རྒྱུ་བ་མི་གསལ་བས་དེ་ལ་འཕགས་ལམ་མི་རྟེན་པས་ཟག་མེད་ཡོད་པ་མིན་ནོ། །གཉིས་ 3-1-282b པ། དེ་ལ་རོ༷་མྱོང༷་ལྡན་ཞེས་པ་ནི་མཚུངས༷་ལྡན་གྱི་གྲོགས་སྲེ༷ད་པ་དང་བཅས༷་སོ༷། །ཟག་བཅས་འཇིག༷་རྟེན༷་པ༷་ཡི༷་སྙོམས་འཇུག་གི་དགེ༷་བ༷་ནི༷་མ་ཆགས་སོགས་དང་མཚུངས་པར་ལྡན་ལ་དག༷་པ༷་བ་ཞེས་བྱའོ། །དག་པ་དེ༷་ནི༷་དེ༷ས་རོ་ མྱོང་བྱ་ཡི༷ན་ཏེ། དག་པ་འདི་ནི་བཟང་པོ་ཞེས་དེ་ལ་ཞེན་ཅིང་སྲེད་པས་སོ། །དེས་ན་རོ་མྱོང་ལྡན་ནི་བསམ་གཏན་ཉོན་མོངས་ཅན་ཡིན་པས་དག་པ་ལས་ལངས་པ་དང་། རོ་མྱོང་ལྡན་ལ་སྙོམས་པར་ཞུགས་པ་ཡིན་ནོ། །ལྟ་བ་དང་ ང་རྒྱལ་ལ་སོགས་པ་དང་ལྡན་པའི་བསམ་གཏན་ཡང་ཡོད་མོད་ཀྱི། སྲེད་བཅས་ཁོ་ན་རོ་མྱོང་ལྡན་དུ་བཤད་པ་ནི་དེ་ཁོ་ན་དམིགས་པ་ལ་ཞེན་པས་དེ་ལས་ངེས་པར་མ་བྱུང་ན། གོང་མར་འགྱུར་མི་སྲིད་པས་དེ་སྐད་ཅེས་བཤད་དོ། ། ཟག༷་མེ༷ད་ནི་འཇིག༷་རྟེན༷་ལས་འདས༷་པའི་སྙོམས་འཇུག་བདེན་པའི་རྣམ་པ་ཅན་གང་ཡིན་པ༷འོ༷། །གཉིས་པ་ལ་ཡན་ལག་དངོས་དང་། འཕྲོས་དོན་གཉིས། དང་པོ་ལ། ཡན་ལག་བཅོ་བརྒྱད་པོ་སོ་སོར་ལྡན་ཚུལ་བཤད་པ་དང་། དེ་ རྫས་དུ་ལ་འདུ་བ། དེ་དག་གི་བྱེ་བྲག་ལ་དཔྱད་པ་དང་གསུམ། དང་པོ་ལ་སྤྱི་དོན། གཞུང་དོན་གཉིས། དང་པོ་ལ་གསུམ་སྟེ། དང་པོ། གཟུགས་མེད་ལ་ཡན་ལག་མ་བཤད་པ་ནི། གཟུགས་མེད་པ་རྣམས་ཞི་གནས་སུ་ རོ་གཅིག་པའི་ཕྱིར་རོ། །གང་ན་རྒྱུ་བ་རགས་པ་དེར་ཡན་ལག་བཞག་ན། གཟུགས་མེད་ན་ཉེ་བར་ཞི་བ་ལྷག་པས་སེམས་སེམས་བྱུང་རྒྱུ་བ་ཞན་པས། ཡན་ལག་མ་བཞག་སྟེ། ཏིང་ངེ་འཛིན་ཤས་ཆེ་བ་དེ་དག་ལ་སེམས་བྱུང་ 3-1-283a འགའ་ཡང་གཙོ་བོ་མིན་པས་སོ། །ཞེས་དང་། གཞན་དག་ས་གང་དུ་སེམས་བྱུང་ཚར་ཕྱིན་པ་འགགས་པ་དེར་ཡན་ལག་བཞག་སྟེ། བསམ་གཏན་དང་པོ་ན་སྡུག་བསྔལ་དང་ཡིད་མི་བདེ་འགགས་ཤིང་དེ་བཞིན་ གཉིས་པར་རྟོག་དཔྱོད་དང་། གསུམ་པར་དགའ་བ་དང་། བཞི་པར་བདེ་བ་འགགས་ལ། དེ་ཡན་ཆད་ན་སེམས་བྱུང་གང་ཡང་ཚར་ཕྱིན་པ་འགགས་པ་མེད་དོ་ཞེས་བཤད་དོ། །འཕགས་པ་རྣམ་གྲོལ་སྡེས་གཟུགས་མེད་པ་ དག་བཏང་སྙོམས་དང་རྩེ་གཅིག་པའི་ཡན་ལག་གཉིས་དང་ལྡན་ཞིང་། སྣལ་མ་ཕྲ་སྦོམ་ལས་བྱས་པའི་རས་ལྟར་སེམས་ཞི་མ་ཞིའི་ཁྱད་པར་གོང་ནས་གོང་དུ་ཡོད་པར་བཤད་ལ། བྲང་ཏིས་གཟུགས་མེད་བཞི་པོའང་དྲན་ཤེས་བཏང་ སྙོམས་ཏིང་འཛིན་ཏེ་ཡན་ལག་བཞི་ལྡན་དུ་བཤད་ཅིང་། ཀ་མ་ལ་ཤཱི་ལས་བསྒོམ་རིམ་དང་པོ་ལས་མི་ལྕོགས་མེད་ཀྱང་བཏང་སྙོམས་དང་། རྟོག་དཔྱོད་དང་། རྩེ་གཅིག་པའི་ཡན་ལག་བཞི་ལྡན་དུ་བཤད་དོ། །གཉིས་པ་ གྲངས་ངེས་ནི། འདུ་ཤེས་རེག་པ་སོགས་སེམས་བྱུང་གཞན་དག་ཀྱང་ཡོད་བཞིན་དུ་རྟོག་དཔྱོད་སོགས་ཁོ་ན་ཅིའི་ཕྱིར་ཡན་ལག་ཏུ་བཞག་ཟེར་ན། གཞན་དག་བསམ་གཏན་སྔ་མ་ལ་ཡོད་པ་ཕྱི་མས་སྤངས་ཤིང་བོར་བ་ཡན་ལག་ ཏུ་བཤད་ཀྱི། འདུ་ཤེས་སོགས་ནི་དེ་ལྟར་མིན་པས་སོ་ཟེར། དེ་ལྟར་ན་ཏིང་འཛིན་ཀྱང་ཡན་ལག་མིན་པར་འགྱུར་རོ་ཞེ་ན། ཏིང་འཛིན་ནི་གཙོ་བོ་ཡིན་པས་སྤང་མི་དགོས་པས་སོ་ཟེར། ཡང་ན་ཡན་ལག་དེ་དག་ས་དེ་ལ་ཆེས་ཕན་པས་ 3-1-283b ཟེར་ཀྱང་དེ་ལྟར་ན་དང་པོ་ལ་རྟོག་དཔྱོད་ལས་ཀྱང་དྲན་ཤེས་རབ་ཏུ་ཕན་པས་མི་འཐད་དོ། །འགྲེལ་པ་ལས་ནི་དཔྱད་བྱར་གསུངས་པ་ལ། གཉེན་པོ། ཕན་ཡོན། དེ་གཉིས་ཀྱི་གནས་སམ་རྟེན་གྱི་ཡན་ལག་གི་ཕྱིར་རོ། ། ཞེས་འབྱུང་བས་རྣལ་འབྱོར་སྤྱོད་པའི་ས་དང་མཐུན་པར་དཔྱད་པར་བྱའོ། །གསུམ་པ་ཡན་ལག་དང་ཡན་ལག་ཅན་གྱི་དོན་ངོས་བཟུང་བ། བྱེ་སྨྲས་ཏིང་འཛིན་ནི་བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་དང་ཡན་ ལག་ཅན་གཉིས་ཀ་ཡིན་ལ། གཞན་ཡན་ལག་ཁོ་ནའོ་ཟེར། སློབ་དཔོན་ནི་ཡན་ལག་ལས་དོན་གཞན་མེད་ཀྱི་ཡན་ལག་ཅན་གྱི་དམག་ཅེས་པ་ལྟར་ཚོགས་པའི་སྤྱི་དང་བྱེ་བྲག་ཏུ་འདོད་དོ། །གཉིས་པ་གཞུང་དོན་ནི། བསམ་ གཏན་དང༷་པོ༷་ལ༷་ཡན་ལག་ལྔ༷་སྟེ་མི་མཐུན་ཕྱོགས་འདོད་ཆགས་གནོད་སེམས་རྣམ་འཚེ་སོགས་སྤོང་བའི་གཉེན་པོ་རྟོག༷་དཔྱོད་དང་མི་མཐུན་ཕྱོགས་སྤོང་བའི་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ༷་བ་ཐོབ་པ་ཕན་ཡོན་ཡན་ལག་ དང༷་རྩེ་གཅིག་པའི་སྟོབས་ཀྱིས་དེ་གཉིས་འགྲུབ་པས་དེ་གཉིས་ཀྱི་གནས་སམ་རྟེན་གྱི་ཡན་ལག་ཏིང༷་འཛིན༷་རྣམ༷ས་སོ། །གཉི༷ས་པ༷་ལ༷་ནི༷་ཡན༷་ལག༷་བཞི༷་སྟེ་རྟོག་དཔྱོད་སྤོང་བའི་གཉེན་པོའི་ཡན་ལག་ནང་རབ༷་ཏུ་དང༷་བ་དང༷་ནི༷་ཕན་ཡོན་ དགའ༷་བ་དང་ལ༷་སོ༷གས་པས་བདེ་བ་དང་། གནས་ཏིང་ངེ་འཛིན་ནོ། །གསུམ༷་པ༷་ལ༷་ཡན་ལག་ལྔ་སྟེ། དགའ་བ་སྤོང་བའི་གཉེན་པོ་འདུ་བྱེད་བཏང༷་སྙོམས༷་དང༷་། བཏང་སྙོམས་མི་བརྗེད་པའི་དྲན་པ་དང༷་། དྲ༷ན་པ་དང༷་མི་བརྗེད་ 3-1-284a པའི་ཤེས༷་བཞིན༷་གསུམ་ནི་གཉེན་པོའི་ཡན་ལག་དང་ཕན་ཡོན་བདེ༷་བ་དང༷་། སེམས་གན༷ས་པ་ཏིང་ངེ་འཛིན་ནི་རྟེན་ནོ། །བསམ་གཏན་རྣམས་ཀྱི་མཐའ༷་བཞི༷་པ་ནི་ཡན་ལག་བཞི༷་སྟེ། ས་འོག་མའི་སྐྱོན་ བརྒྱད་དང་བྲལ་བས་བདེ་བ་སྤོང་བའི་གཉེན་པོའི་ཡན་ལག་དྲ༷ན་པ་ཡོངས་སུ་དག་པ་དང་། འདུ་བྱེད་བཏང༷་སྙོམས༷་ཡོངས་སུ་དག་པ་གཉིས་དང༷་། ཕན་ཡོན་བདེ༷་མིན༷་སྡུག༷་མིན༷་ཚོར་བ་བཏང་སྙོམས་དང་། རྟེན་ཏིང༷་འཛིན༷་ཡོངས་ དག་རྣམ༷ས་སོ། །དེ་ལྟར་ན་བསམ་གཏན་གྱི་ཡན་ལག་བཅོ་བརྒྱད་དོ། །དང་པོའི་མི་མཐུན་ཕྱོགས་འདོད་པའི་འདོད་ཆགས་གནོད་སེམས་རྣམ་འཚེའི་རྟོག་པ་རྣམས་གཅིག་ཏུ་བྱས་པ་དང་། སྡུག་བསྔལ་ཡིད་མི་བདེ། འཆལ་བའི་ཚུལ་ ཁྲིམས། རྣམ་གཡེང་དང་ལྔ་ཡིན་ནོ། །གཉེན་པོ་ནི། དང་པོའི་མི་མཐུན་ཕྱོགས་རྣམས་སྤོང་བའི་གཉེན་པོར་དྲན་ཤེས་བཏང་སྙོམས་གསུམ་ཡིན་ཀྱང་། རྟོག་དཔྱོད་ཀྱི་སྒོ་ནས་མངོན་པར་སྒྲུབ་པས་ནི། དེ་གསུམ་གྱི་མིང་གིས་མ་བསྟན་པར་ རྟོག་དཔྱོད་གཉིས་གཉེན་པོའི་ཡན་ལག་ཏུ་བསྟན་ལ། དེ་བཞིན་དུ་གཉིས་པའི་མི་མཐུན་ཕྱོགས་བསམ་གཏན་དང་པོའི་འདོད་ཆགས་དང་རྟོག་དཔྱོད་གཉིས་གཅིག་ཏུ་བྱས་པ་དང་། སྡུག་བསྔལ། རྒོད་པ། ཏིང་འཛིན། མ་རྫོགས་པ་དང་ ལྔ་སྤོང་བའི་གཉེན་པོ་དེ་གསུམ་ལ། སེམས་དགའ་བའི་ཉེ་ཉོན་གྱིས་ཀུན་ནས་དཀྲིས་ཕྱིར། དེ་དག་རང་མིང་གིས་མ་བསྟན་པར་རྟོག་དཔྱོད་ཀྱི་འཁྲུགས་པ་ཞི་བས་རབ་དྭངས་ཀྱིས་བརྗོད་ལ། དེས་ན་རབ་དྭངས་དེ་དྲན་ཤེས་བཏང་སྙོམས་གསུམ་ 3-1-284b གྱི་རང་བཞིན་ཡིན་ནོ། །གསུམ་པ་ན་དགའ་བའི་ཉེ་བའི་ཉོན་མོངས་དང་བྲལ་ཕྱིར་གསུམ་ཀ་རང་མིང་གིས་བསྟན་ཏོ། །གཉིས་པ། བཅོ་བརྒྱད་པོ་དེ་དག་ཀྱང་མིང་གི་སྒོ་ནས་ཡིན་གྱི་རྫས༷་སུ༷་བཅུ༷་གཅི༷ག་སྟེ། དང་པོའི་ཡན་ལག་ལྔ་དང་། གཉིས་པའི་ རབ་དྭངས་དང་། གསུམ་པའི་ཏིང་འཛིན་མ་གཏོགས་བཞི་དང་། བཞི་པའི་ཚོར་བ་བཏང་སྙོམས་རྣམས་སོ། །གསུམ་པ། བསམ་གཏན་དང༷་པོ༷་གཉིས་ན༷་དགེ་བའི་ས་མང་པའི་སེམས་ཤིན༷་ཏུ༷་སྦྱང༷ས་པ༷་ལ་བདེ༷་བ༷་ཞེས་བཏགས་པ་ཡིན་གྱི་ ལུས་ཚོར་ནི་མ་ཡི༷ན་ནོ། །དཔེས་སྟོན་པས་ཤིན་སྦྱང་བདེ་བ་མིན་ཏེ། དེ་ལྟ་ན་བསམ་གཏན་ཕྱི་མ་གསུམ་ལ་སྔ་མ་ལས་ལྷག་པ་ཡོད་པའི་ཕྱིར། དེས་ན་བདེ་བ་ནི་ལུས་ཚོར་ཡིན་ལ། དེ་ཏིང་འཛིན་གྱི་ཁྱད་པར་ལས་སྐྱེས་པ་ ལུས་ཤིན་སྦྱང་གི་རེག་བྱ་ཞེས་པ་ལུས་ཡང་ཞིང་ཟོ་མདོག་བདེ་བའི་ཚོར་བ་དང་མཐུན་པའི་རླུང་གིས་ལུས་ལ་ཁྱབ་ཅིང་རྒྱས་པས། དེའི་མཐུས་ཤིན་སྦྱངས་ཀྱི་རེག་བྱ་ལ་དམིགས་པའི་ཏིང་འཛིན་དང་མཐུན་པའི་ལུས་ཤེས་མཚུངས་ལྡན་དང་བཅས་པ་འབྱུང་ བའི་ཕྱིར་དང་། དེ་ལུས་ནང་དུ་འབྱུང་བས་ཏིང་འཛིན་ལས་ལྡང་བར་མི་འགྱུར་རོ་ཟེར། བྱེ་སྨྲས་སྒོ་ལྔའི་ཤེས་པ་མཉམ་པར་མ་བཞག་པའི་ས་པས་བསྡུས་པས་དེ་མི་འཐད་དོ་ཟེར། བསམ་གཏན་གཉིས་པའི་ཡན་ལག་ནང་རབ་ཏུ་དྭངས༷་པ༷་ནི་རྟོག་ དཔྱོད་ཀྱི་འཁྲུག་པ་དང་བྲལ་ཞིང་། འདོད་པ་མ་ཟད་དང་པོ་ལས་ཀྱང་ངེས་པར་འབྱུང་བས་གཉིས་པ་དེ་ལ་ཡིད་ཆེས་པའི་ད༷ད་པ༷་ཡི༷ན་ནོ། །ཡང་གལ་ཏེ་བསམ་གཏན་སྔ་མ་གཉིས་ཀྱི་དགའ་བ་ཡིད་བདེར་འདོད་པར་མི་རིགས་ཏེ། དགའ་བ་སེམས་བྱུང་ 3-1-285a གི་ཆོས་གཞན་ཡིད་ཀྱི་ས་པ་ཁོ་ན་ཡིན་ལ། ཡིད་བདེ་བསམ་གཏན་གསུམ་ཆར་གྱིའང་བདེ་བར་འདོད་པ་ལྟར། བསམ་གཏན་གསུམ་ཆར་གྱི་བདེ་བ་ནི་དགའ་བ་ལས་གཞན་པའི་ཡིད་བདེ་ཡིན་ནོ་ཞེ་ན། བསམ་གཏན་ སྔ་མ་གཉིས་དགའ་བ་ལས་འདོད་ཆགས་མ་བྲལ་བས་ཉེ་བར་མ་ཞི་བས་དགའ་བ་ཁོ་ན་ཡིད་བདེ་ཡིན་ལ། གསུམ་པ་དགའ་བ་ལས་ཆགས་པ་དང་བྲལ་བས་ཉེ་བར་ཞི་བའི་སེམས་བདེ་ཁོ་ན་ཡིན་གྱི་ཡིད་བདེ་ནི་མིན་ཏེ། བསམ་གཏན་ནི་ཡན་ལག་ལས་ ངེས་པར་འབྱུང་བ་ཡིན་པས། རྣམ་པར་བསྒྱུར་བའི་མདོ་ལས། བསམ་གཏན་གསུམ་པ་བཀའ་སྩལ་ནས། འདིར་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་མ་ལུས་པ་འགགས་པར་འགྱུར་རོ། །ཞེས་པ་དང་། བསམ་གཏན་བཞི་པ་ལ་ བདེ་བའི་དབང་པོ་འགགས་པར་འགྱུར་རོ་ཞེས་པ་དང་། བསམ་གཏན་གྱི་ཡན་ལག་སྟོན་པའི་མདོ་ལས། དེ་འདོད་པས་དབེན་པ་དང་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་སོགས་ནས་གསུམ་པར་དགའ་བ་སྤངས་པ་དང་། བདེ་བ་དང་ལྡན་པར་བཤད་ པའི་ལུང༷་རྣམ༷་པ་གཉི༷ས་ལས་གསུངས་པ་དང་འགལ་བའི་ཕྱིར༷། དང་པོ་གཉིས་ཀྱི་དགའ༷་བ་ནི་ཡི༷ད་བདེ༷་ཁོ་ན་ཡིན་གྱི་བདེ་བ་མིན་ནོ། །དེས་ན་དང་པོ་གཉིས་ཀྱི་བདེ་བ་ནི་ཤིན་སྦྱངས་དང་། ཡིད་བདེ་ནི་དགའ་བ་ཡིན་ལ། གསུམ་པ་སེམས་ཀྱི་ སིམ་པ་ཉིད་བདེ་བར་བཞག་གོ། ཞེས་བྱེ་སྨྲས་འདོད་དོ། །གཉིས་པ་འཕྲོས་དོན་ལ། ཡན་ལག་དེ་དག་སྙོམས་འཇུག་ཉོན་མོངས་ཅན་དང་འབྲས་བུ་སྐྱེ་བའི་བསམ་གཏན་དུའང་ཡོད་དམ་སྙམ་ན། སྙོམས་འཇུག་ཉོན་མོངས་ཅན་གྱི་ཡན་ལག་དང་། 3-1-285b འབྲས་བུ་སྐྱེ་བའི་ཡན་ལག་གཉིས། དང་པོ་ལ་དངོས་དང་། དོགས་སྤོང་གཉིས། དང་པོ། ཅི་ཉོན་མོངས་ཅན་གྱི་བསམ་གཏན་ལ་ཡན་ལག་དེ་དག་ཡོད་དམ་ཞེ་ན། ཁ་ཅིག་ནི་ཡོད་ལ་ཁ་ཅིག་ནི་མེད་དེ་འདི་ལྟར་ཉོ༷ན་མོང༷ས་ཅ༷ན་གྱི་བསམ་གཏན་ དང་པོ་ལ༷་དེའི་ཉོན་མོངས་ལས་མ་དབེན་པས། དབེན་པ་ལས་སྐྱེས་པའི་དགའ༷་བ༷་དེ་མེད་པ་དང༷་། གཉིས་པ་ལ་དེའི་ཉོན་མོངས་པས་རྙོགས་པས༷་རབ༷་དང༷་མེད་ལ། གསུམ་པ་ལ་ཉོན་མོངས་ཅན་གྱི་བདེ་བས་ཀུན་ཏུ་རྨོངས་ཤིང་བསླད་པས་ཤེས༷་ བཞིན༷་དང་དྲ༷ན་པ༷་མེད་པ་དང༷་། བཞི་པ་ལ་དེའི་ཉོན་མོངས་པས་དྲི་མ་ཅན་དུ་བྱས་པས་བཏང༷་སྙོམས༷་དང་དྲ༷ན་པ༷་ཡོངས་སུ་དག༷་པ༷་མེ༷ད་དོ། །གྲུབ་མཐའ་འཛིན་པ་ཁ༷་ཅི༷ག་ཉོན་མོངས་ཅན་གྱི་བས༷མ་གཏན་དང་པོ་གཉིས་ལ་ཤིན༷་ཏུ་སྦྱང༷ས་པ་ མེད་ལ། ཕྱི་མ་གཉིས་ལ་བཏང༷་སྙོམས༷་ཀྱང་མེད་དེ། དེ་དག་ཉོན་མོངས་ཅན་ཡིན་ལ་ཤིན་སྦྱངས་བཏང་སྙོམས་དེ་གཉིས་དགེ་བའི་ས་མང་བ་ཡིན་པས་སོ་ཟེར། དེས་ན་དགའ་བ་ནི་འདོད་དབེན་ལས་སྐྱེས་པའི་དགའ་བ་དང་རབ་དང་རྟོག་དཔྱོད་ཞི་ བ་དང་། དྲན་ཤེས་དམིགས་པ་མ་བརྗེད་པ་དང་། ཤེས་རབ་ཙམ་ལ་འདོད་ཕྱིར་ཉོན་མོངས་ཅན་ལའང་ཡོད་དོ་ཞེས་འདོད། ལུགས་སྔ་མ་ལྟར་ན་ཤིན་སྦྱངས་བཏང་སྙོམས་དེ་གཉིས་ཡོད་དམ་མེད་ཅེ་ན། ཁ་ཅིག་དེ་དགེ་བ་ཡིན་པས་དངོས་ སུ་མེད་པར་མ་བཤད་ཀྱང་མེད་དོ་ཟེར། ཁ་ཅིག་དེ་མེད་པར་མ་བཤད་པས་ཡོད་དོ་ཞེས་ཟེར་རོ། །གཉིས་པ། འོ་ན་བཞི་པ་མི་གཡོ་བར་ཅི་ཕྱིར་བཤད་སྙམ་ན། གཞན་ཡང་བཅོམ་ལྡན་འདས་ཀྱིས་བསམ་གཏན་དང་པོ་གསུམ་ 3-1-286a སྐྱོན་དང་བཅས་པས་གཡོ་བར་བཤད་པས་དང་། འོག་སའི་བསམ་གཏན་གྱི་སྐྱོན༷་བརྒྱ༷ད་ལ༷ས་ནི༷་གྲོལ༷་བའི༷་ཕྱིར༷། བསམ་གཏན་བཞི༷་པ༷་ནི་རླུང་མེད་པའི་མར་མེ་ལྟར་གཡོ༷་བ༷་མེ༷ད་པ༷་ཡིན་ནོ། །སྐྱོན་བརྒྱད་གང་ཞེ་ན། རྟོག༷་དང༷་དཔྱོ༷ད་དང༷་དབུ༷གས་འབྱིན་རྔུབ་གཉིས་དག༷་དང༷་བདེ༷་བ༷་དང་ལ༷་སོ༷གས་པས་བསྡུས་པ་སྡུག་བསྔལ་དང་ཡིད་མི་བདེ་གཉིས་དང་བཞི༷་སྟེ་བརྒྱ༷ད་ཡི༷ན་ནོ༷། །གཉིས་པ་འབྲས་བུ་སྐྱེ་བ་ལ། དངོས་དང་། འཕྲོས་དོན་གཉིས། དང་པོ། ཡང་ཅི་ རྒྱུ་སྙོམས་འཇུག་གི་བསམ་གཏན་དང་པོ་ན་བདེ་བ་དང་། གཉིས་པ་ན་ཡོད་པའི་ཚོར་བ་ཡིད་བདེ། གསུམ་པ་ན་བདེ་བ། བཞི་པ་ན་བཏང་སྙོམས་ཡོད་པ་དེ་འབྲས་བུ་སྐྱེ་བ་ནའང་ཡོད་དམ་ཞེ་ན། བཞི་པ་ན་དེ་ལྟར་ཡིན་མོད། གཞན་དེ་ལྟར་མ་ ངེས་ཏེ། འབྲས་བུ་སྐྱེ༷་བའི༷་བས༷མ་གཏན༷་བཞི་པོ་དག༷་ན༷་ནི༷། དང་པོ་ན་ཡིད་ཀྱི་ས་པའི་ཡི༷ད་བདེ༷་དང་། མིག་རྣ་ལུས་གསུམ་གྱི་ཤེས་པར་མཚུངས་ལྡན་གྱི་བདེ༷་བ་དང༷་། རྣམ་ཤེས་བཞི་ཆར་གྱི་བཏང༷་སྙོམ༷ས་ད༷ང་། གཉིས་པ་ན་རྣམ་ཤེས་ གཞན་མེད་པས་ཡིད་ཀྱི་ས་པ་ཁོ་ནའི་བཏང༷་སྙོམས༷་དང་ཡི༷ད་བདེ༷། གསུམ་པ་ན་ཡིད་སའི་སེམས་བདེ༷་བ༷་དང༷་བཏང༷་སྙོམས༷་དང་། བཞི་པ་ན་ཡིད་ཀྱི་ས་པའི་བཏང༷་སྙོམ༷ས་ཚོར༷་བ༷་ཁོ་ན་ཡོ༷ད་དོ། །གཉིས་པ། གལ་ཏེ་བསམ་གཏན་ གཉིས་པ་སོགས་ན་མིག་ཤེས་དང་རྟོག་དཔྱོད་མེད་ན་གཟུགས་དང་སྒྲ་དང་རེག་བྱ་འཛིན་པ་དང་། ལུས་ངག་གི་རིག་བྱེད་སློང་བར་ཇི་ལྟར་འགྱུར་ཞེ་ན། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ལ་མིག་ཤེས་སོགས་མེད་པའང་ 3-1-286b མིན་ལ་དེ་དག་རང་གི་ས་པའང་མིན་ནོ། །འོ་ན་ཅི་ལྟ་བུ་ཞེ་ན། བསམ་གཏན་གཉི༷ས་པ༷་ལ་སོ༷གས་གོང་མ་གསུམ་པོ་དག་ན༷་ལུས༷་དང་མིག༷་དང༷་རྣ༷་བའི༷་རྣམ༷་ཤེས༷་གསུམ་དང་། ལུས་ངག་གི་རྣམ༷་པར་རིག༷་བྱེད་ཀུན་ནས་སློང༷་བར་བྱེ༷ད་ པའི་རྟོག་དཔྱོད་གང༷་ཡི༷ན་པ་དེ༷་ནི༷། བསམ་གཏན་དང༷་པོར༷་གཏོག༷ས་པ་ཡིན་ཏེ། དཔེར་ན་གོང་མ་དག་འོག་སའི་སྤྲུལ་པ་སྤྲུལ་ཚེ་གོང་སའི་རྟེན་ལ་འོག་སའི་སྤྲུལ་སེམས་མངོན་དུ་བྱེད་པ་བཞིན་ནོ་ཞེས་བྱེ་སྨྲས་འདོད་དོ། །དེ་ཡང་ གོང་སར་མངོན་དུ་བྱེད་པའི་རྣམ་ཤེས་དང་རྟོག་དཔྱོད་གང་ཡིན་པ་དེ༷་ནི་མ་བསྒྲིབ་ལུང༷་མ༷་བསྟན༷་ཡིན་གྱི་འོག་སའི་ཉོ༷ན་མོང༷ས་ཅན་ཡང་མི༷ན་ཏེ། འོག་ས་ལས་འདོད་ཆགས་དང་བྲལ་བས་སོ། །བསམ་གཏན་དང་པོའི་ལུང་མ་བསྟན་ དེ་དག་དམན་པ་ཡིན་ཡང་། མཐོང་ཐོས་སོགས་ཀྱི་ཚེ་ན་དགོས་པས་མངོན་དུ་བྱེད་ཀྱི་དེ་ཡང་གུས་པས་ནི་མིན་ནོ། །དཔེས་སྟོན་པ་ལ་སོགས་པ་ནི། བསམ་གཏན་ཕྱི་མ་གསུམ་ནའང་རྣམ་ཤེས་གསུམ་ཀ་ཡོད་པར་འདོད་དོ། ། གསུམ་པ་འཐོབ་ཚུལ་ནི། དང་པོ་དག་པ་བ་ནི་ཆགས་བྲལ་དང་། གོང་ནས་འོག་ཏུ་སྐྱེས་དང་། སྦྱོར་བ་དང་། ཆགས་བྲལ་ལས་ཉམས་པ་བཞིས་འཐོབ་པ་ལས། དག་པ་བ་དེ༷་དང༷་སྔར་མི༷་ལྡན༷་པ་ནི། འོག་ས་ལས་འདོ༷ད་ཆགས༷་དང་བྲལ༷་ བའམ། སྲིད་རྩེ་མ་གཏོགས་པ་གོང་ནས་འོག་ཏུ་སྐྱེ༷་པ༷་ལ༷ས་ནི༷་དག༷་པ༷་ངེས་འབྱེད་ཆ་མཐུན་མ་གཏོགས་པ་གཞན་གསུམ་ཅི་རིགས་ཐོབ༷་ཀྱི་སྲིད་རྩེ་ནི་དེ་བས་མཐོ་བ་མེད་ཅིང་། དེར་སྐྱེ་བ་ན་རྒྱུ་སྙོམས་འཇུག་སྔར་ནས་ལྡན་པས། འོག་ས་ 3-1-287a ལས་ཆགས་བྲལ་ཁོ་ན་ལས་སྐྱེ་བས་ཐོབ་པ་མེད་དོ། །ཆགས་བྲལ་གྱིས་ཐོབ་པ་དེར་ཡང་ངེས་ཆ་མ་གཏོགས་སོ། །དེ་ཡང་སྔར་མི་ལྡན་པའི་དབང་དུ་བྱས་ཀྱི་དག་པ་བ་དང་སྔར་ནས་ལྡན་པ་ནི། ངེས་ཆའི་བསམ་གཏན་དག་པ་བ་ནི་ཆགས་བྲལ་དང་། སྐྱེ་བས་མི་ཐོབ་ལ་སྦྱོར་བས་ཐོབ་ཀྱི་གནས་ཆ་ལས་ཉམས་ན་ཉམས་པའི་ཆ་མཐུན་དང་། བསམ་གཏན་དང་པོ་ལས་ཆགས་བྲལ་ཉམས་ན་དང་པོའི་ཉམས་པའི་ཆ་མཐུན་ ཐོབ་པ་ལྟ་བུ་ཉམས་པ་ལས་ཀྱང་ཐོབ་བོ། །སྙོམས་འཇུག་ཟག༷་མེ༷ད་ནི་རྒྱུ་བཞི་ལས། སྔར་མི་ལྡན་པ་ལས་ནི་འདོ༷ད་ཆགས༷་བྲལ༷་བ༷་ཡིས༷་ཐོབ་ལ། སྔར་ནས་ཟག་མེད་དང་ལྡན་པ་ནི། སྦྱོར་སྟོབས་ཀྱིས་ཟད་ཤེས་ལས་ཀྱང་མི་སློབ་ པའི་དངོས་གཞིས་བསྡུས་པ་ཐོབ་ལ། དབང་པོ་འཕོས་ན་རྣོན་པོས་བསྡུས་པའི་སློབ་མི་སློབ་ཐོབ་བོ། །ཕྱིར་མི་འོང་དངོས་གཞི་ལ་བརྟེན་ནས་ངེས་པ་ལ་འཇུག་པས་ཟག་མེད་ཀྱི་བསམ་གཏན་དངོས་གཞི་ཐོབ་ཀྱང་། མཐར་གྱིས་མི་ ལྕོགས་མེད་ཁོ་ན་ལ་བརྟེན་ནས་ངེས་པ་ལ་འཇུག་ན་དངོས་གཞི་མི་ཐོབ་པས། ཐམས་ཅད་ཀྱིས་འཐོབ་པ་མ་ངེས་པས་ངེས་པ་ལས་འཇུག་པའི་ཐོབ་པ་མ་བཤད་ལ། མི་སློབ་པ་ལས་ཉམས་ན་སློབ་པས་བསྡུས་པའི་དངོས་གཞི་ ཐོབ་ཀྱང་སྙོམས་འཇུག་ཟག་མེད་ཀྱི་རིགས་སྔར་ནས་ལྡན་པས་གསར་ཐོབ་མེད་པས་ཉམས་པས་ཐོབ་པའང་མ་བཤད་དོ། །ཟག་མེད་ལ་སྐྱེས་ཐོབ་ནི་མེད་དོ། །སྙོམས་འཇུག་ཉོ༷ན་མོང༷ས་ཅ༷ན་ནི་སྔར་དེ་དང་མི་ལྡན་པ་ལས་ 3-1-287b བསམ་གཏན་དང་པོ་ལས་ཉམས་ན་དེའི་ཉོན་མོངས་ཅན་འཐོབ་པ་ལྟ་བུ་ཡོངས་སུ་ཉམ༷ས་པས་འཐོབ་པ་དང་། སྲིད་རྩེ་མ་གཏོགས་གོང་ནས་འོག་ཏུ་སྐྱེ༷་བ༷་ཡིས༷། འོག་སས་བསྡུས་པའི་ཉོན་མོངས་ཅན་འཐོབ་པ་ལྟ་བུ་གཉིས་ ཡོད་ཀྱི། སྙོམས་འཇུག་ཉོན་མོང༷ས་སྔར་ནས་ལྡན་པས་ཆགས་བྲལ་དང་སྦྱོར་བས་ཐོབ་པ་ནི་མེད་དོ། །བཞི་པ་གང་ལས་གང་འབྱུང་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ་ཟག་མེད་ལས་གང་འབྱུང་། དག་ པ་ལས་གང་འབྱུང་། ཉོན་མོངས་ཅན་ལས་གང་འབྱུང་། དག་དང་ཉོན་མོངས་ཅན་ཕན་ཚུན་འབྱུང་མི་འབྱུང་གི་ཁྱད་པར་བཞི། དང་པོ། དེ་དག་གང་གི་མཇུག་ཏུ་གང་སྐྱེ་ཞེ་ན། ཟག༷་པ༷་མེ༷ད་པ༷འི་སྙོམས་འཇུག་གི་ མཇུག༷་ཐོགས༷་སུ༷་རང་ས་དང་། ལྟག༷་འོ༷ག་གི་གཉིས་གཉིས་ཏེ། རང་ནས་བརྩིས་པའི་གསུམ༷་པའི༷་བར༷་གྱི་ས་པའི་དགེ༷་བ༷་ཟག་བཅས་ཟག་མེད་དག་སྐྱེ༷འོ༷། །འདིའང་སྤྱིར་བཏང་ཡིན་གྱི་ཐམས་ཅད་དུ་ནི་མ་ངེས་ཏེ། བསམ་གཏན་དང་པོའི་མཇུག་ཏུ་འོག་མའི་སྙོམས་འཇུག་དག་པ་བ་ དང་ཟག་མེད་སྐྱེ་བ་མེད་ལ། ཅི་ཡང་གི་མཇུག་ཏུ་གོང་མའི་ཟག་མེད་མེད་པས་སོ། །དེས་ན་ཟག་མེད་བསམ་གཏན་དང་པོའི་མཇུག་ཐོགས་སུ་དྲུག་སྐྱེ་སྟེ། རྒྱུན་ཚེ་རང་སའི་ཟག་མེད་དང་། ལངས་ཚེ་རང་སའི་དག་པ་དང་། ཟག་བཅས་དང་སྤེལ་ནས་ལུགས་བཞིན་སྙོམས་པར་འཇུག་ཚེ་ གཉིས་པའི་དག་པ་བ་དང་། མ་སྤེལ་བར་ལུགས་བཞིན་སྙོམས་པར་འཇུག་ཚེ་དང་། ཐོད་རྒལ་གྱི་སྦྱོར་ཚེ་མ་སྤེལ་བར་ལུགས་མཐུན་འཇུག་ན་གཉིས་པའི་ཟག་མེད་དང་། སྤེལ་ནས་རིས་མི་མཐུན་པར་གསུམ་པར་འགྲོ་ཚེ་ཐོད་རྒལ་དངོས་གཞི་གསུམ་པའི་དག་པ་བ་དང་། མ་ 3-1-288a སྤེལ་བར་གསུམ་པ་འགྲོ་ན་ཉེ་བའི་སྦྱོར་བ་གསུམ་པའི་ཟག་མེད་སྐྱེ་བས་སོ། །གོང་འོག་གི་བཞི་པ་ཕན་ཆད་སྐྱེ་བ་མི་སྲིད་དེ་ཤིན་ཏུ་རིང་བས་དང་། འདོད་ན་ཟག་མེད་མི་སྲིད་པས་དང་། འདོད་དགེ་ ཙམ་སྐྱེ་ཡང་སྙོམས་འཇུག་མིན་པས་སོ། །བསམ་གཏན་གཉིས་པའི་ཟག་མེད་མཇུག་ཐོགས་སུ་བརྒྱད་དེ། རྒྱུན་གྱི་ཚེ་རང་སའི་ཟག་མེད་དང་། ལངས་ཚེ་རང་སའི་དག་པ་བ་དང་། མ་སྤེལ་བར་ལུགས་མཐུན་དུ་སྙོམས་པར་འཇུག་ ཚེ་བསམ་གཏན་གསུམ་པའི་ཟག་མེད་དང་། སྤེལ་ནས་ལུགས་མཐུན་སྙོམས་འཇུག་ཚེ་བསམ་གཏན་གསུམ་པའི་དག་པ་བ་དང་། མ་སྤེལ་བར་གསུམ་པར་འགྲོ་ན་ཉེ་སྦྱོར་བཞི་བའི་ཟག་མེད་དང་། སྤེལ་ན་ཐོད་རྒལ་དངོས་བཞི་པའི་དག་ པ་བ་དང་། ལུགས་མི་མཐུན་པར་འཇུག་ཚེ་མ་སྤེལ་ན་དང་པོའི་ཟག་མེད་དང་། སྤེལ་ན་དག་པ་བའང་སྐྱེ་བའི་ཕྱིར་རོ། །དེ་བཞིན་གསུམ་པའི་མཇུག་ཏུ་བཅུ་སྟེ། རང་སའི་གཉིས། བཞི་པའི་གཉིས། ནམ་མཁའ་མཐའ་ཡས་ཀྱི་ གཉིས། བསམ་གཏན་གཉིས་པའི་གཉིས་དང་། ལུགས་མི་མཐུན་པར་གསུམ་པར་འགྲོ་ན། བསམ་གཏན་དང་པོའི་གཉིས་ཀྱང་འབྱུང་བས་སོ། །དེ་བཞིན་དུ་བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་ཀྱི་མཇུག་ཏུ་བཅུ་བཅུ་འབྱུང་ བའང་ཅི་རིགས་ཤེས་པར་བྱའོ། །རྣམ་ཤེས་མཐའ་ཡས་ཀྱི་མཇུག་ཏུ་དགུ་སྟེ། རང་སའི་གཉིས་དང་། ལུགས་མཐུན་འཇུག་ན་ཅི་ཡང་མེད་པའི་གཉིས་དང་། ལུགས་མཐུན་པར་རིས་མི་མཐུན་པ་གསུམ་པར་འགྲོ་ན་སྙོམས་འཇུག་ལས་ 3-1-288b ལངས་ཚེ་སྲིད་རྩེའི་དག་པ་བ་ཁོ་ན་འབྱུང་ལ། ལུགས་མི་མཐུན་པར་འཇུག་ན་ནམ་མཁའ་མཐའ་ཡས་དང་། བཞི་པའི་དག་པ་བ་དང་ཟག་མེད་གཉིས་གཉིས་འབྱུང་བས་སོ། །ཅི་ཡང་མེད་པའི་མཇུག་ཏུ་བདུན་ཏེ། རང་ས་དང་། འོག་ས་རྣམ་ཤེས་དང་ནམ་མཁའ་མཐའ་ཡས་ཀྱི་དག་པ་བ་དང་། ཟག་མེད་གཉིས་གཉིས་དང་། གོང་ས་སྲིད་རྩེའི་དག་པ་བ་ཁོ་ན་འབྱུང་བའི་ཕྱིར་རོ། །དེ་ཡང་རྗེས་ཤེས་ཀྱི་མཇུག་ཏུ་གཟུགས་མེད་ལ་སྙོམས་པར་འཇུག་གི་ཆོས་ཤེས་ ཀྱི་མཇུག་ཏུ་མིན་ཏེ། གཟུགས་མེད་འདོད་པ་ལ་མི་དམིགས་ཤིང་། ཆོས་ཤེས་འདོད་པའི་རྟེན་ཅན་དང་། དེའི་སྡུག་བསྔལ་སོགས་ལ་དམིགས་པའི་ཕྱིར་རོ་ཞེས་སོ། །གཉིས་པ། དག༷་པ་བ་ལ༷ས་ཀྱང་ལྟག་འོག་གསུམ་པར་དགེ་བ་ འབྱུང་བ་ཟག་མེད་ལ་བཤད་པ་དེ༷་བཞིན༷་ལ་མི་འདྲའི་ཁྱད་པར་ཟག་མེད་ལས་ནི་ཉོན་མོངས་ཅན་མི་འབྱུང་ཡང་། ཟག་བཅས་དག་པའི་མཇུག་ཏུ་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་ཚེ་རང༷་གི༷་ས༷་པའི༷་ཉོ༷ན་མོང༷ས་ཅན་གྱི་བསམ་གཏན་ དག་ཀྱང༷་འབྱུང་ངོ་། །དེ་ཡང་སྙོམས་འཇུག་ཉོན་མོངས་ཅན་ནི་རོ་མྱོང་ལྡན་ནོ། །གསུམ་པ། ཉོ༷ན་མོང༷ས་ཅ༷ན་ལ༷ས་དྲན་ཤེས་ཀྱིས་ཟིན་ནས་ལངས་ཚེ་རང་སའི་དག༷་པ་བ་དང༷་། རྒྱུན་གྱི་ཚེ་རང་སའི་ཉོ༷ན་མོང༷ས་ཅན་དང་། རང་ སའི་ཉོན་མོངས་དེས་གཟིར་བ་ན། འོག་མའི་དག་པ་ལ་དགའ་བར་འགྱུར་བས་ལངས་ནས། འོ༷ག་མའི༷་དགེ་བ་དག༷་པ་བ་གཅི༷ག་ཀྱང༷་འབྱུང་ངོ་། །གལ་ཏེ་བདག་གིས་བསམ་གཏན་འདི་ཉོན་མོངས་ཅན་ཞིག་སྟེ། དེ་བས་འོག་མ་བཟང་ངོ་ཞེས་ 3-1-289a རང་སའི་དེ་ལ་སྐྱོན་དུ་ཤེས་ནས་འོག་མར་འཕོ་ན་དགེ་བ་ལས་འཕོས་པ་ཡིན་ལ། གལ་ཏེ་ཉོན་མོངས་ཅན་དུ་མ་ཤེས་ན་ནི་དེ་ལས་ཇི་ལྟར་འོག་མའི་དགེ་བ་འཕོ་ཞེ་ན། དང་པོ་སྙོམས་པར་འཇུག་པ་ན་གོང་མའི་ཉོན་ མོངས་ཅན་པས་ནི། འོག་མའི་དག་པ་བ་བཟང་བས་གོང་མའི་ཉོན་མོངས་ཅན་དུ་གྱུར་ན། དེ་མ་ཐག་འོག་མའི་དག་པ་བ་ལ་གནས་པར་གྱུར་ཅིག་སྙམ་དུ་འཕངས་ཕྱིར་གོང་མའི་ཉོན་མོངས་ཅན་གྱི་མཇུག་ཐོགས་སུ་འོག་མའི་དག་པ་བ་འབྱུང་སྟེ་དཔེར་ ན། དུས་ཅི་ཙམ་ན་ལྡང་བར་བྱའོ་སྙམ་དུ་བསམ་ནས་གཉིད་ལོག་པར་འདོད་པའི་དུས་སུ་སད་པ་བཞིན་ནོ། །ཟག་མེད་ནི་ཉོན་མོངས་ཅན་གྱི་མཇུག་ཐོགས་སུ་རང་ས་དང་འོག་སའང་། རྣམ་པ་ཐམས་ཅད་དུ་མི་སྐྱེའོ། །བཞི་པ། དེ་ ཡང་སྙོམས་པར་འཇུག་པའི་དུས་ཀྱི་དབང་དུ་བྱས་ནས་དག་པ་དང་ཉོན་མོངས་ཅན་གྱི་མཇུག་ཐོགས་སུ་རང་སའི་ཉོན་མོངས་ཅན་ཁོ་ན་སྐྱེའོ། །གཞན་གྱི་ཉོན་མོངས་མི་འབྱུང་ཞེས་བཤད་ཀྱི། འཆི༷་འཕོ༷་བའི་ཚེ་ན་སྐྱེ་བའི་བསམ་གཏན་དག་ན་ སྐྱེས་ཐོབ་ཀྱི་དགེ་བ་མཉམ་བཞག་མ་ཡིན་པས། བསམ་གཏན་དང་པོའི་དགེ་བ་སྐྱེས་ཐོབ་ལྟ་བུ་དག༷་པ་བ་ལ༷ས་འཆི་འཕོ་བ། རང་ས་གོང་འོག་ཐམས་ཅད་དུ་སྐྱེ་བ་དེ་དག་ཐམས་ཅད་ཀྱི་ཉིང་མཚམས་སྦྱོར་སེམས་ཉོ༷ན་མོང༷ས་ཅན་ཀུན༷་སྐྱེ་སྲིད་ལ། དེ་ཡང་སྐྱེ་སྲིད་ཉོན་མོངས་ཅན་ཡིན་པས་སོ། །འཆི་འཕོ་བའི་ཚེ་སྙོམས་འཇུག་ཉོ༷ན་མོང༷ས་ཅ༷ན་ལ༷ས་ནི། རང་ས་དང་འོག་སའི་ཉོན་མོངས་ཅན་སྐྱེའི་གོང་མའི་ཉོན་མོངས་ཅན་མི་འབྱུང་བས་གོང༷་མ༷་སྐྱེ་བ་མི༷ན་ནོ། །འོག་སའི་ཉོན་མོངས་ 3-1-289b མ་སྤང་བར་གོང་མར་སྐྱེ་བ་མེད་དོ། །གཉིས་པ་བྱེ་བྲག་ལ་དག་པ་བྱེ་བྲག་ཏུ་བཤད་པ་དང་། ཐོད་རྒལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། སོ་སོའི་དབྱེ་བ་དང་། གང་ལས་གང་འབྱུང་དཔྱད་པ་གཉིས། དང་པོ་ལ། བསྟན་ བཤད་གཉིས། དང་པོ། སྲིད་རྩེ་ལ་གོང་ས་མེད་པས་ཁྱད་པར་ཆ་མཐུན་མེད་ལ། གཞན་སྙོམས་འཇུག་དག༷་པ༷་བ་དེ་དག་ནི་ཉ༷མས་པའི༷་ཆ༷་མཐུན༷་དང་སོ༷གས་ཀྱིས་བསྡུས་པ། གནས་པ་ཆ་མཐུན། ཁྱད་པར་གྱི་ཆ་དང་མཐུན་པ། ངེས་པར་ འབྱེད་པའི་ཆ་དང་མཐུན་པ་རྣམ༷་པ་བཞི༷འོ། །ཆ་མཐུན་ཞེས་དེ་དང་དེ་སྐྱེ་བ་ལ་ཕྱོགས་པ་ཙམ་ཡིན་གྱི་དངོས་སུ་སྐྱེས་པ་མིན་ཏེ་ཐམས་ཅད་དག་པ་བ་ཡིན་པས་སོ། །འོན་ཀྱང་གནས་པ་ཆ་མཐུན་ནི་སྐྱེས་པའི་ངོ་བོའོ། །གཉིས་པ། བཞི་པོ་དེ༷་ ནི༷་གོ༷་རིམ༷་བཞིན༷་དུ་ཉོ༷ན་མོང༷ས་པ་སྐྱེ༷་བ་དང༷་རྗེས་སུ་མཐུན་པ་དང་། རང༷་ས༷་དང༷་། གོང༷་ས་དང༷་། ཟག༷་མེ༷ད་སྐྱེ་བ་དང་རྗེས༷་སུ་མཐུ༷ན་པའོ། །གཉིས་པ། ཉམ༷ས་པ༷་ཆ༷་མཐུན༷་པ་སོ༷གས་བཞི་པོའི་མཇུག་ཐོགས་སུ་དུ་འབྱུང་ཞེ་ན། ཉམས་པ་ ཆ་མཐུན་གྱི་མཇུག༷་ཐོག༷ས་སུ༷། རྒྱུན་གྱི་ཚེ་རང་དང་། ཁྱད་པར་གྱི་ཚེ་གནས་པ་ཆ་མཐུན་ཏེ་གཉི༷ས་དང༷་སོགས་པས་གནས་པ་ཆ་མཐུན་ལས་ངེས་འབྱེད་ཆ་མཐུན་མ་གཏོགས་པ་གསུམ༷་དང༷་། ཁྱད་པར་ཆ་མཐུན་ལ་ཉམས་པ་མ་གཏོགས་གསུམ༷་དང༷་། ངེས་འབྱེད་ཆ་མཐུན་ལ་ཟག་མེད་འབྱུང་ཡང་དག་པ་བ་མིན་པས་རྒྱུན་གྱི་ཚེ་རང་གཅི༷ག་པུ་འབྱུང་ངོ་། །གཉིས་པ་ཐོད་རྒལ་ལ། སྦྱོར་བ་དང་དངོས་གཞི་གཉིས། དང་པོ། ཐོད་རྒལ་ལ་འཇུག་བྱ་བསམ་གཟུགས་ས༷་བརྒྱ༷ད་ལ། ཟག་བཅས་ས་བརྒྱད་ 3-1-290a དང་། ཟག་མེད་བདུན་ཏེ། དེ་ལྟར་ཟག་བཅས་ཟག་མེད་རྣམ༷་པ་གཉི༷ས་ལའོ། །ཇི་ལྟར་འཇུག་ཚུལ་སྦྱོར་དངོས་གཉིས་ཀྱི་དང་པོ་ལའང་གཉིས་ལས། རིང་སྦྱོར་ནི་འབྲེལ༷་བ༷་སྟེ་ཐོག་མར་ཟག་བཅས་ཀྱི་ས་བརྒྱད་ དང་། ཟག་མེད་ས་བདུན་པ་དང་། རིས་མ་བོར་བར་ལུགས་མཐུན་པར་གོ་རིམ་བཞིན་དུ་སོང་ཞིང་ལུགས་དང་མི་མཐུན་པར་གོ་རིམ་བཞིན་དུ་འོང་ནས་སྙོམས་པར་འཇུག་པ་དང༷་། དེ་ནས་ཕྱིས་ཉེ་བའི་སྦྱོར་བ་ཟག་བཅས་སུ་རིས་མཐུན་པའི་བསམ་གཏན་དང་པོ་ ནས་གསུམ་པ་དང་། དེ་ནས་ནམ་མཁའ་དེ་ནས་ཅི་ཡང་བར་རེ་རེ་བརྒལ་ནས་ལུགས་མཐུན་པར་ཡར་སོང་ཞིང་། དེ་བཞིན་ཟག་བཅས་རིས་མཐུན་ཅི་ཡང་ནས་དང་པོའི་བར་དུ་ས་རེ་རེ་བརྒལ་ནས་ལུགས་མི་མཐུན་པར་འཇུག་པས་མར་འོང་བ་དང་། དེ་ ནས་ཟག་མེད་དུ་གོང་བཞིན་དུའོ། །དེ་ལྟར་ཟག་བཅས་དང་ཟག་མེད་དུ་རིས་མཐུན་པའི་ས་གཅི༷ག་སྟེ་རེ་རེ་བརྒལ༷་ནས་ལུགས་མཐུན་དུ་ཡར་སོང༷་ཞིང༷་། རིས་མཐུན་པའི་ས་རེ་རེ་བརྒལ་ནས་ལུགས་མི་མཐུན་པར་མར་འོང༷་བའི་སྒོ་ནས་བྱང་བར་བྱས་ན༷ས་ ནི༷འོ། །གཉིས་པ་དངོས་གཞི། ཟག་བཅས་བསམ་གཏན་དང་པོ་ནས་ཟག་མེད་ཀྱི་གསུམ་པ། དེ་ནས་ཟག་བཅས་ནམ་མཁའ། དེ་ནས་ཟག་མེད་ཅི་ཡང་བར་ལུགས་མཐུན་པར་ཡར་ས་རེ་རེ་བརྒལ་ཞིང་རིས༷་མི༷་མཐུན༷་པར༷་གསུམ༷་ པ༷་ལ་འཇུག་པ་དང་། དེ་བཞིན་དུ་ཟག་བཅས་ཀྱི་ཅི་ཡང་ནས་ཟག་མེད་དང་པོའི་བར་ལུགས་མི་མཐུན་པར་ས་རེ་རེ་བརྒལ་ཞིང་མར་འོང་བ་རིས་མི་མཐུན་པ་གསུམ་པར་འགྲོ༷་བ་དང་། དེ་བཞིན་ཟག་མེད་བསམ་གཏན་དང་པོ་ནས་ཟག་བཅས་ཅི་ཡང་ 3-1-290b བར་ལུགས་དང་མཐུན་པར་ས་རེ་རེ་བརྒལ་ཞིང་རིས་མི་མཐུན་པ་གསུམ་པར་འགྲོ་བ་དང་། དེ་བཞིན་ཟག་མེད་ཅི་ཡང་ནས་ཟག་བཅས་བསམ་གཏན་དང་པོའི་བར་ལུགས་མི་མཐུན་པར་ས་རེ་རེ་བརྒལ་ཞིང་རིས་མི་མཐུན་པ་གསུམ་པར་འགྲོ་ བ་སྟེ། དེ་ལྟར་ཟག་བཅས་སམ་ཟག་མེད་རིས་མི་མཐུན་པ་གསུམ་པར་འགྲོ་བ་སྟེ། སྤེལ་མར་སྙོམས་པར་འཇུག་ནུས་པ་དེ་ཚེ་ཐོད༷་རྒལ༷་གྱི༷་ནི༷་སྙོམས༷་འཇུག༷་དངོས་གཞི་གྲུབ་པ་ཡི༷ན་ནོ། །དེ་བཞིན་ཟག་བཅས་ཟག་མེད་ཀྱི་བསམ་གཏན་ གཉིས་པ་ནས་སྲིད་རྩེའི་བར་དང་། སྲིད་རྩེ་ནས་གཉིས་པའི་བར་དུ་ལུགས་མཐུན་དང་མི་མཐུན་པར་ས་རེ་རེ་བརྒལ་ནས་རིས་མི་མཐུན་པར་ས་གསུམ་པར་འགྲོ་བའི་ཐོད་རྒལ་སོགས་ལའང་སྦྱར་ཏེ་ཤེས་པར་བྱའོ། །ཤིན་ཏུ་རིང་བའི་ཕྱིར་བཞི་ པ་ལ་ནི་མི་འཇུག་གོ། ཐོད་རྒལ་ནི་བློ་གསལ་བས་རྟེན་ནི་གླིང་གསུམ་པོ་ཁོ་ན་དང་། གང་ཟག་མི་གཡོ་བ་ཁོ་ནའོ། །ཐེག་ཆེན་པ་དག་མངོན་རྟོགས་རྒྱན་བཞིན་ནོ། །ལྔ་པ་རྟེན་ལ། སྤྱི་དང་དམིགས་བསལ་གཉིས། དང་པོ། བས༷མ་གཏན༷་གཟུག༷ས་མེ༷ད་ཀྱི་སྙོམས་འཇུག་དེ་དག་ནི་རང༷་ས༷་དང༷་ནི༷་འོ༷ག་སའི༷་ལུས་རྟེན༷་ཅ༷ན་ཡིན་ཏེ། སྲིད་རྩེའི་སྙོམས་འཇུག་སྲིད་རྩེའི་རང་ས་དང་། འདོད་པའི་བར་དུ་བྱེད་པས་ས་དགུ་པ་ཡིན་པ་ནས་དང་པོའི་སྙོམས་འཇུག་རང་ས་དང་། འདོད་པའི་རྟེན་ཅན་ཏེ་ས་གཉིས་པ་ཡིན་པའི་བར་དུའོ། །ཅིའི་ཕྱིར་གོང་དུ་སྐྱེས་པའི་རྟེན་ལ་འོག་མའི་སྙོམས་འཇུག་མངོན་དུ་མི་བྱེད་ཅེ་ན། རང་ས་ན་ཡོད་པས་འོ༷ག་སའི་དམན་པ་ལ་དགོས༷་པ་མེ༷ད་པས་སོ། །གཉིས་པ། འོག་ 3-1-291a དགོས་མེད་ཅེས་པའི་དམིགས་བསལ། སྲིད་རྩེ་རང་ས་ན་ཟག་མེད་མེད་པ་དང་། དེ་ལ་ཉེ་བས་སྲི༷ད་རྩེ༷ར་སྐྱེས་པའི་འཕ༷གས་པ༷་ཕྱིར་མི་འོང་གིས་རང་ས་མི་གསལ་བས་ཅི༷་ཡང༷་མེ༷ད་པའི་སྙོམས་འཇུག་མངོ༷ན་སུམ༷་ དུ་བྱས༷་ནས༷་ཟག་མེད་ལམ་གྱིས་སྲིད་རྩེའི་ཟག༷་པ༷་ཟ༷ད་པར་བྱས་ཏེ་དགྲ་བཅོམ་ཐོབ་པར་བྱེད་དོ། །དང་པོའི་མིག་ཤེས་སོགས་ནི་ཏིང་འཛིན་མིན་ལ་དམན་པ་མངོན་དུ་བྱེད་པ་ནི་དགོས་པ་ཡོད་པས་སོ། །དྲུག་པ་དམིགས་ཡུལ་སྙོམས་འཇུག་དེ་དག་གི་ དམིགས་པ་གང་ཞེ་ན། སྲེ༷ད་པ་དང་བཅས༷་པ་རོ་མྱོང་ལྡན་རྣམས་ནི་རང༷་གི༷་ས་པའི་སྲི༷ད་པ་ཟག་བཅས་ཀྱི་ཕུང་པོའི་དངོས་པོ་ཁོ་ན་ལ༷་དམི༷གས་པ་ཡིན་གྱི། རང་གི་ངོ་བོ་ཉོན་མོངས་ཅན་ཡིན་ཞིང་། འོག་ས་ལ་ཆགས་པ་དང་བྲལ་བས་འོག་ས་ལ་ མི་དམིགས་ཏེ། དེ་ལ་དམིགས་ནས་སྲེད་པ་སྐྱེ་ན་དེ་ལས་འདོད་ཆགས་དང་མ་བྲལ་བར་ཐལ་བས་སོ། །གོང་འོག་རང་རང་གིས་སྲེད་པས་བཅད་ཕྱིར་ས་དེ་ཁོ་ན་ལའོ། །བས༷མ་གཏན༷་དགེ་བ་དག་པ་བ་དང་ཟག་མེད་ཀྱི་དམིགས་ཡུལ༷་ནི་ཅི་ རིགས་པར་ཆོས་ཡོ༷ད་དགུ༷་ཅོག་ཡི༷ན་ཏེ། འདུས་བྱས་མ་བྱས་གང་རུང་ལ་དམིགས་ནས་སེམས་ཉེ་བར་འཇོག་པས་སོ། །གཟུགས་མེད་ཉེར་བསྡོགས་ཀྱིས་འོག་སའི་ཟག་བཅས་ལ་དམིགས་ཤིང་དངོས་གཞི་ཉོན་མོངས་ཅན་ཡང་ཡོད་ལ། དངོས་ གཞི་དགེ་བས་ཆོས་ཤེས་ཕྱོགས་མཐུན་གྱི་ལམ་དང་། འོག་སའི་འགོག་པ་ལ་མི་དམིགས་ཀྱང་ཟག་མེད་འོག་སའི་གཉེན་པོ་རྗེས་ཤེས་ཕྱོགས་མཐུན་གྱི་ལམ་བདེན་དང་། རང་ས་དང་གོང་ས་ལ་དམིགས་པས་དེ་རྣམས་ལས་ཁྱད་པར་དུ་བྱ་བའི་ 3-1-291b ཕྱིར་དང་། བསམ་གཏན་རྣམས་ནི་ཀུན་ཏུ་ལྟ་བ་ཡིན་པས་དངོས་གཞིས་ཀྱང་འོག་སའི་ཟག་བཅས་ལ་དམིགས་ཀྱང་། གཟུགས༷་མེ༷ད་དངོས༷་གཞི༷་དགེ༷་བ་དག་པ་དང་ཟག་མེད་རྣམ༷ས་ཀྱི༷་སྤྱོ༷ད་ཡུལ༷་ནི་ཟག༷་བཅས༷་ས་འོ༷ག་མས༷་བསྡུས་པ་མི༷ན་ཏེ། གཟུགས་མེད་པའི་དངོས་གཞི་རྣམས་ནི་དམིགས་པ་ལས་ངེས་པར་བྱུང་བ་ཡིན་པས་སོ། །གོང་མ་ལ་དམིགས་སོ་ཞེས་བྱ་བའང་སྲིད་རྩེའི་འཕགས་པ་ཅི་ཡང་མེད་ཀྱི་སེམས་མངོན་དུ་བྱས་པའི་དབང་དུ་བྱས་ཀྱི་ཐམས་ཅད་དུ་ནི་ མིན་ནོ། །ཤུགས་ལ་འོག་མའི་ལམ་ཟག་མེད་ལ་གོང་མའི་རྗེས་ཤེས་ཕྱོགས་མཐུན་གྱིས་དམིགས་པར་བསྟན་ཏེ། ས་དགུའི་ལམ་ནི་ཕན་ཚུན་དུའོ། །ཞེས་པས་སོ། །བདུན་པ་སྤང་བྱ་སྤོང་མི་སྤོང་གི་ཁྱད་པར་ལ། དངོས་དང་འཕྲོས་དོན་གཉིས། དང་པོ། བསམ་གཟུགས་དག་པ་བ་སོགས་གསུམ་པོ་འདི་དག་ལས་ཟག༷་པ༷་མེ༷ད་པའི༷་དངོས་གཞི་རྣམས་ཀྱིས་རང་དང་གོང་སའི་ཉོ༷ན་མོང༷ས་རྣམ༷ས་སྤོང༷་ངོ༷་སྟེ་སྤོང་གི ། གཞན་རྣམས་ཀྱི་དངོས་ གཞིས་སྤོང་མི་ནུས་ཏེ་དག་པ་བའི་དངོས་གཞིས་ཀྱང་འོག་དང་རང་ས་གོང་སའི་ཉོན་མོངས་མི་སྤོང་ན་ཉོན་མོངས་ཅན་གྱིས་ལྟ་ཅི་སྨྲོས། ཟག་མེད་ཀྱིས་སྤོང་བར་མ་ཟད་ཉེར༷་བསྡོགས༷་དག༷་པ་བས༷་ཀྱང༷་འོག་སའི་ཉོན་མོངས་རྣམས་སྤོང་ངོ་། ། གཉིས་པ་འཕྲོས་དོན་ལ། ཉེར་བསྡོགས་ཀྱི་གྲངས། ངོ་བོ་གཉིས། དང་པོ། དངོས་གཞི་བརྒྱད་པོ་དེ༷་དག༷་ལ༷་ནི༷་གང་གིས་འཇུག་པའི་སྦྱོར་བ་ཉེར༷་བསྡོག༷ས་རྣམ་པ་བརྒྱ༷ད་ཡོད་དོ། །གཉིས་པ་ལ། སྤྱི་དང་། དང་པོའི་ 3-1-292a ཉེར་བསྡོགས་ཀྱི་ངོ་བོ་གཉིས། དང་པོ། ཉོན་མོངས་ཅན་ལ་འབྲལ་ལམ་མེད་པས་སྲེད་པ་དང་མཚུངས་ལྡན་གྱི་ལམ་གྱིས་ཉོན་མོངས་སྤོང་མི་ནུས་པས་ཉེར་བསྡོགས་དེ་དག་གི་ངོ་བོ་ནི་རོ་མྱོང་དང་མཚུངས་ལྡན་མ་ ཡིན་གྱི་དག༷་པ༷་བ་ཁོ་ནར་མངོན་པར་འདུ་བྱ་བ་མེད་པར་འབྱུང་བ་དང་། འོག་ས་ལས་ཆགས་པ་དང་བྲལ་ན་དགའ་བདེ་དང་མཚུངས་ལྡན་ཡིན་ཡང་འདི་ཆགས་བྲལ་མིན་པས་དང་། དེ་དག་ནི་འབད་དེ་དྲང་བའི་འདུ་བྱ་བ་དང་བཅས་པས་ ཚོར་བ་བདེ༷་མི༷ན་སྡུག༷་བསྔལ༷་མིན༷་པ་བཏང་སྙོམས་ཁོ་ན་དང་ལྡན་ནོ། །ཡང་ན་འབད་དེ་དྲང་བར་བྱ་བ་ཡིན་པས་བཏང་སྙོམས་དང་མཚུངས་པར་ལྡན་ལ། འོག་ས་ལས་ཡིད་བྱུང་བ་དང་མ་བྲལ་བ་དང་། ཆགས་པ་དང་བྲལ་བའི་ ལམ་ཡིན་པས་དག་པ་ཡིན་གྱི་རོ་མྱོང་མིན་ནོ། །ཞེས་སོ། །སློབ་དཔོན་འཕགས་པས་ནི། མཚན་ཉིད་སོ་སོར་རིགས་པའི་ཡིད་བྱེད་ལ་སོགས་པ་བདུན་གྱིས་ཉེར་བསྡོགས་ཐམས་ཅད་བསྒྲུབ་པར་བཤད་དོ། །གཉིས་པ། ཉེར་ བསྡོགས་བརྒྱད་ལས་དང༷་པོ༷་མི་ལྕོགས་མེད་ལ་དག་པར་མ་ཟད་འཕ༷གས་པ༷་ཟག་པ་མེད་པའང༷་ཡིན་ཏེ། ཉེར་བསྡོགས་གཞན་མི་གསལ་བས་ཟག་མེད་མི་རྟེན་ལ། འཕགས་པ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་དག་འདས་ ལམ་དེ་ལ་བརྟེན་ནས་བསྐྱེད་པས་སོ། །རྒྱུ་སྙོམས་འཇུག་གི་བསམ་གཟུགས་ལ་ཉོན་མོངས་ཅན་མེད་པས་འབྲས་བུ་དེ་དག་ཏུ་སྐྱེ་བ་ན་ཉིང་མཚམས་སྦྱོར་སེམས་རང་རང་གི་ཉེར་བསྡོགས་མཉམ་པར་མ་བཞག་པ་ཉོན་མོངས་ཅན་གྱིས་ 3-1-292b སྦྱོར་རོ། །ཞེས་གྲུབ་མཐའ་འོ། །ཁ༷་ཅི༷ག་དེ་གསལ་བས་རོ་མྱོང་སོགས་གསུམ༷་ཀ་ཡོད་དོ་ཞེས་ཟེར་རོ། །བརྒྱད་པ་རྟོག་དཔྱོད་ཡོད་མེད་ཀྱི་ཁྱད་པར་ལ། རྟོག་མེད་དཔྱོད་བཅས། རྟོག་བཅས་དཔྱོད་བཅས། རྟོག་མེད་དཔྱོད་ མེད་གསུམ། དང་པོ་ལ། ངོ་བོ། དབྱེ་བ། ཚོར་བ། འབྲས་བུའི་ཁྱད་པར་བཞི་ལས། དང་པོ། བསམ་གཏན་དང་པོའི་དངོས་གཞི་དེ་ཉིད་རྟོག་པ་དང་བྲལ་བས་ཁྱད་པར་དུ་འཕགས་པ་རྟོག༷་པ་མེ༷ད་ལ་དཔྱོད་པ་ དང་བཅས་པ་ནི་བས༷མ་གཏན༷་ཁྱ༷ད་པར༷་ཅ༷ན་ཡིན་ནོ། །གཉིས་པ། དེ་ལ་དག་པ་བ་དང་ཟག་མེད་རོ་མྱོང་རྣམ༷་པ་གསུམ༷་དུ་དབྱེར་ཡོད་དོ། །གསུམ་པ། དེ་ནི་འབད་དེ་བསྐྱེད་བྱ་ཡིན་པས་ཚོར་བ་བདེ༷་མིན༷་སྡུག༷་བསྔལ༷་མིན༷་པ་བཏང་ སྙོམས་ཁོ་ན་དང་ལྡན་ནོ། །བཞི་པ། ཁྱད་པར་ཅན་ཟག་པ་བཅས་དེ༷་ནི༷་བསྒོམ་ན་ཚང༷ས་ཆེན༷་དུ་སྐྱེ་བའི་འབྲས༷་བུ༷་ཅ༷ན་ཡིན་ནོ། །དེས་ན་བྱམས་པ་སོགས་ནི་རྫོགས་བྱེད་ཡིན་པས་ཚངས་གནས་ཞེས་བྱའོ། །གཉིས་པ། ཁྱད་ པར་ཅན་དེ་མན༷་ཆ༷ད་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་དང་ཉེར་བསྡོགས་གཉིས་ནི་རྟོག༷་པ་དང་དཔྱོ༷ད་པ་དང་བཅས༷་པ༷་ཡི༷་ཏིང༷་ངེ་འཛིན༷་ཞེས་བྱའོ། །གསུམ་པ། ཁྱད་པར་ཅན་དེ་ཡན༷་ཆ༷ད་གཉིས་པའི་ཉེར་བསྡོགས་ནས་སྲིད་རྩེའི་ བར་ནི་ས་དེ་བསྡུས་ཀྱི་རྟོག་དཔྱོད་གཉི༷ས་ཀ༷་མེ༷ད་པའི་ཏིང་ངེ་འཛིན་ཏོ། །གཉིས་པ། ཏིང་ངེ་འཛིན་གྱིས་བསྡུས་པའི་ཡོན་ཏན་ལ། རྣམ་ཐར་གསུམ། ལམ་སུན་འབྱིན་གསུམ། བདེ་འགྱུར་གྱི་ཏིང་འཛིན་སོགས་བཞི། 3-1-293a ཚད་མེད་བཞི། རྣམ་ཐར་བརྒྱད་སོགས་བཤད་པ་ལ། དང་པོ་ལ། རྣམ་པ་དང་། དབྱེ་བ་གཉིས། དང་པོ། མྱང་འདས་བརྟགས་འགོག་ནི། ཡུལ་ལྔ་དང་། ཕོ་མོ་དང་། འདུས་བྱས་ཀྱི་ མཚན་ཉིད་གསུམ་མམ་བཞིའི་མཚན་མ་སྟེ་བཅུ་དང་བྲལ་བས་མཚ༷ན་མེ༷ད་ཡིན་ལ། འདིར་དབང་པོ་རྣམས་མཚན་མར་མ་སྨྲོས་པ་ནི་ཡུལ་ལྟར་ཡིད་འཕྲོག་པ་མིན་པས་སོ། །དེ་ལ་དམིགས་པའི་ཏིང་འཛིན་ནི། མཚན་མ་ ཐམས་ཅད་ཞི༷་བའི༷་འགོག་པའི་རྣམ༷་པ༷་བཞི་དང་མཚུངས་པར་ལྡན་པའོ། །སྟོང༷་ཉི༷ད་ཀྱི་ཏིང་ངེ་འཛིན་ནི། སྡུག་བདེན་ལ་དམིགས་ནས་བདག༷་མེ༷ད་དང་སྟོང་པ༷་ཉི༷ད་དུ༷་འཇུག༷་པའི་རྣམ་པ་ཉིད་དང་མཚུངས་པར་ལྡན་པའོ༷། །སྨོན༷་པ༷་ མེ༷ད་པ༷་ནི༷། ཡུལ་འདུས་བྱས་སྨོན་བྱ་མིན་པ་ལ་དམིགས་ནས་ཡིད་འབྱུང་གི་རྣམ་པ་ཅན་ཡིན་ལ། འགོག་བདེན་གྱིས་ཡིད་མི་འབྱུང་ལ། སྟོང་པ་བདག་མེད་ཆོས་སྤྱིའི་མཚན་ཉིད་ཡིན་ཅིང་མྱང་འདས་ཀྱིའང་ཡིན་པས་དེས་ཡིད་ མི་འབྱུང་བས། སྡུག་བདེན་གྱི་རྣམ་པ་གཉིས་དང་། འགོག་པའི་རྣམ་པ་བཞི་བཅས་དྲུག་པོ་དེ༷་དག་ལ༷ས་གཞན་མི་རྟག་སྡུག་བསྔལ་གཉིས་དང་། ཀུན་འབྱུང་གི་བཞི་དང་། ལམ་ཡང་ཆུ་བརྒལ་ནས་གཟིང་འདོར་བ་ལྟར་རེ་ ཞིག་བླང་བྱ་ཡིན་ཀྱང་། ལྷག་མེད་དུ་འཇུག་པ་ན་ངེས་པར་འདོར་བས་ཡིད་འབྱུང་བའི་ལམ་བདེན་གྱི་རྣམ་པ་བཞི་སྟེ། བདེན༷་པའི་རྣམ༷་པ༷་བཅུ་པོ་དང༷་མཚུངས་ལྡན་གྱི་ཏིང་འཛིན་ནི་སྨོན་པ་མེད་པའི་རྣམ་པ་ཅན་ནོ། །ཐོགས་མེད་ 3-1-293b དང་སེང་བཟང་སོགས་འགོག་ལམ་གཉིས་གཉིས་མཚན་མེད་དུའང་གསུངས་སོ། །གཉིས་པ། ཏིང་འཛིན་གསུམ་པོ་དེ་ལ་ཟག་བཅས་འཇིག་རྟེན་པ་དག༷་པ་བ་དང༷་། ཟག་མེད་འཇིག་རྟེན་ལས་འདས་པ་དྲི༷་མ༷་མེ༷ད་པ་ གཉིས་ཡིན་ལ། ཟག་བཅས་ནི་ངེས་འབྱེད་ཆ་མཐུན་དང་འཕགས་ལམ་སྦྱོར་རྗེས་ཁ་ཅིག་གིས་བསྡུས་པའོ། །དེ་དག་ས་ནི་འདོད་དང་། བསམ་གཏན་དྲུག །གཟུགས་མེད་བཞི་སྟེ་བཅུ་གཅིག་ན་ཡོད་ལ། ཟག་མེད་ནི། ཟག་མེད་ཀྱི་ལམ་གང་ན་ཡོད་པའི་ས་དགུ་པོ་ན་ཡོད་དོ། །དེའི་ནང་ནས་ཏིང་འཛིན་གསུམ་པོ་དེ༷་དག༷་དྲི༷་མེ༷ད་ནི་རྣམ༷་ཐར༷་གྱི་རྒྱུ་དང་དེར་འཇུག་པའི་སྒོ༷་ཡིན་པས། མདོ་ལས་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་ལ་སོགས་པ་གསུམ༷་ མོ༷་ཞེས་ཀྱང་གསུངས་སོ། །གཉིས་པ་ལ། བསྟན་བཤད་གཉིས། དང་པོ། ཡང་མདོ་ལས་སྟོང༷་པ་ཉི༷ད་སྟོང༷་པ་ཉི༷ད་ཅེས༷་བྱ༷་བའི༷་ཏིང་འཛིན་དང་པོ་ལ༷་སོ༷གས་པས་བཟུང་བ་སྨོན་པ་མེད་པ་སྨོན་པ་མེད་པ་དང་། མཚན་མ་མེད་པ་ མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །ཞེས་སྔ་མ་གསུམ་ལས་གཞན༷་ཡང༷་ཏིང༷་ངེ༷་འཛིན༷་རྣམ་པ་གསུམ༷་མོ༷་ཞེས་ཀྱང་གསུངས་པ་ནི། རིམ་པ་ལྟར་སྟོང་པ་ཉིད་ལ་སོགས་པ་སྔ་མ་གསུམ་ལ་དམིགས་པའི་ཕྱིར་མིང་དེ་སྐད་དོ། །གཉིས་པ་ ལ། དངོས་དང་། དེ་དག་གི་རྣམ་བཞག་གཉིས། དང་པོ། དེ་ལས་དང་པོ་གཉི༷ས་ནི༷་མི་སློབ་པའི་སྟོང༷་ཉི༷ད་དང་། སྨོན་མེད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས་དེ་གཉིས་ལ་བདག་འཛིན་དང་། སྲེད་པའམ་དགའ་བ་དགག་པའི་ཕྱིར། 3-1-294a མི་སློབ་པའི་སྟོང་ཉིད་ཀྱི་ཏིང་འཛིན་འདི་ནི། བདག་གི་མ་ཡིན་ནོ། །ཞེས་སྟོང་པའི་རྣམ་པ་དང༷་། མི་སློབ་པའི་སྨོན་པ་མེད་པའི་ཏིང་འཛིན་འདི་ནི་མི༷་རྟག༷་པའི་རྣམ་པར༷་ཡིད་ལ་བྱེད་པའོ། །ཏིང་འཛིན་དང་པོས་འདུས་བྱས་ ཕུང་ལྔ་སྟོང་ཉིད་དུ་ཡིད་ལ་བྱེད་ལ་འདིས་ནི་ཏིང་འཛིན་དེ་ཡང་སུན་ཕྱུང་བས། འདུས་བྱས་ཐམས་ཅད་ལས་ཡིད་ཕྱུང་བའོ། །འདི་སྟོང་རྣམ་གཅིག་པུ་ཡིན་པ་ནི་བདག་མེད་ཀྱང་སྲིད་པ་སྟོང་ན་མི་དགའ་བའི་འདུ་ཤེས་ཀྱིས་སུན་འབྱིན་བྱེད་དང་། སྨོན་ མེད་ཀྱི་སྨོན་མེད་ནི་མི་རྟག་ཁོ་ནས་སུན་ཕྱུང་གིས། གཞན་རྣམ་པ་སྡུག་བསྔལ་དང་ཀུན་འབྱུང་སོགས་ཀྱི་མཚན་ཉིད་ནི་མིན་ལ། རང་གི་ངོ་བོ་ལམ་བདེན་ཡིན་པས་སུན་དབྱུང་བྱ་ཡིན་ལ། དེ་སུན་དབྱུང་བྱེད་དུ་མི་འཐད་པས་སོ། །དེས་ན་དེ་གཉིས་ ཀྱི་དམིགས་པ་ནི་མི༷་སློབ༷་པའི༷་སྟོང་པ་ཉིད་དང་སྨོན་པ་མེད་པ་གཉིས་ལ༷་དམི༷གས་པ༷་ཡི༷ན་ནོ། །མཚ༷ན་མ༷་མེ༷ད་པ༷་མཚ༷ན་མ་མེ༷ད་པའི་ཏིང་ངེ་འཛིན་ནི༷། མི་སློབ་པའི་མཚན་མེད་ལས་ལངས་པའི་རྗེས་ལ་ཟག་བཅས་སམ་ཟག་མེད་ཀྱི་ཤེས་པ་གཞན་ མ་སྐྱེས་ན་མཚན་མེད་ཀྱི་རྒྱུན་འབྱུང་བར་འགྱུར་བ་ལས། གཞན་སྐྱེ་ན་མཚན་མེད་འབྱུང་བའི་རྐྱེན་མ་ཚང་བས་འགགས་པར་འགྱུར་ཞིང་། འགགས་པ་དེ་ནི་བརྟག་མིན་འགོག་སྟེ། མི་སློབ་མཚན་མེད་ཟག་མེད་ཡིན་པས་འཕགས་པ་དང་མི་ མཐུན་པ་མེད་པས་དེ་གཉེན་པོས་བྲལ་བ་མི་སྲིད་དོ། །དེས་ན་ཞི༷་བར༷་མ༷་བརྟག༷་ཟ༷ད་པ༷་ལ༷་ཞེས་མི་སློབ་མཚན་མེད་ཀྱིས་སོ་སོར་མ་བརྟག་པས་ཟད་པ་སྟེ། བརྟགས་མིན་འགོག་པ་ལ་དམིགས་ནས་ཞི་བར་བལྟ་བ་ཡིན་ནོ། །འགོག་གྱ་ནོམ་ངེས་འབྱུང་གི་ 3-1-294b རྣམ་པར་ནི་མིན་ཏེ་བརྟགས་མིན་ལ་དེ་མེད་པས་སོ། །གཉིས་པ་ལ། ངོ་བོ་གང་ཡིན། རྟེན་གང་དུ། གང་ཟག་གང་གིས་བསྒོམ། ས་གང་ལ་བརྟེན་བཞི། དང་པོ། ཟག་མེད་འཕགས་ལམ་ལ་ཡོན་ཏན་དུ་ལྟ་བས་མི་ལྡང་གི ། འདི་གསུམ་ ཏིང་འཛིན་སྔ་མ་གསུམ་ལ་རྒྱབ་ཀྱིས་ཕྱོགས་པས་སུན་འབྱིན་གྱི་རྣམ་པ་ཡིན་པས་གཅིག་ཏུ་ཟག༷་བཅས༷་སོ། །དེས་ན་དེ་དག་ལ་རྣམ་པར་ཐར་པ་སུན་འབྱིན་པའི་ཏིང་ངེ་འཛིན་དུ་གྲགས་སོ། །གཉིས་པ་རྟེན་ནི། བློ་གསལ་བས་གླིང་གསུམ་གྱི་ མི༷འི་ནང༷་ཁོ་ནར་སྐྱེད་པར་བྱེད་དོ། །གསུམ་པ། གང་ཟག་ནི་དགྲ་བཅོམ་མི༷་གཡོ༷་བའི་ཆོས་ཅན་ཁོ་ན་ལ༷་སྐྱེད་ཀྱི། དབང་པོ་རྟུལ་པོས་དགྲ་བཅོམ་གཞན་ལ་མིན་ཏེ། སློབ་པ་བྱ་བ་ལྷག་མ་དང་བཅས་པས་འཕགས་ལམ་ལ་མི་ལྡང་ལ། དུས་གྲོལ་འཕགས་ལམ་རྗེས་སུ་སྲུང་བ་དང་བཅས་པས་དེ་སུན་མི་འབྱིན་པས་སོ། །དེས་ན་འཕགས་པ་དག་མཐོང་ཆོས་བདེར་གནས་དང་། ཀུན་ཏུ་ཆགས་པའི་གནས་སུ་གྱུར་པ་མི་སློབ་པའི་སྟོང་ཉིད་སོགས་དེ་དག་ལ་རྒྱབ་ཀྱིས་ཕྱོགས་ཕྱིར་ཏིང་འཛིན་ གཞན་དང་གཞན་ལ་སྙོམས་པར་འཇུག་གོ་ཞེས་མདོ་སྡེ་པས་འདོད་ལ། ཐེག་པ་གོང་མ་བ་དག་རྣམ་སྣང་མངོན་བྱང་ལས། སེམས་ནི་རང་དངོས་མེད་ཕྱིར་དང་། འབྲས་བུ་རྒྱུ་རྣམས་སྤང་ཕྱིར་དང་། ཞེས་པ་ལྟར། ཆོས་རྣམས་ ཀྱི་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་སྟོང་པ་ལ་མཉམ་པར་བཞག་པའི་ཏིང་འཛིན་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སོགས་འདོད་ལ། དེ་དག་ཀྱང་ཆོས་རྣམས་ཀྱི་རང་གི་ངོ་བོས་སྟོང་པ་ལ་སོགས་པའམ། སྟོང་ཉིད་ཀྱང་སྟོང་པ་ཉིད་དུ་ཤེས་པའི་ 3-1-295a ཏིང་འཛིན་སོགས་ལ་འདོད་པས་ཟག་མེད་དུ་འདོད་ལ། གཏན་ལ་དབབ་པ་བསྡུ་བ་ལས། ཀུན་བརྟགས་སོགས་མཚན་ཉིད་གསུམ་གྱི་ཡུལ་ཅན་ལ་སྟོང་ཉིད་སྨོན་མེད་མཚན་མེད་དེ་གསུམ་དུ་བཞག་གོ། དེས་ན་ཐོས་བསམ་ ལས་བྱུང་བ་དང་། འཇིག་རྟེན་པའི་སྒོམ་བྱུང་དང་། འདས་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་གསུམ་ལ་རིམ་པར་སྟོང་པ་ཉིད་ལ་སོགས་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་ཡིན་ནོ། ། ཞེས་གསུངས་སོ། །བཞི་པ་ནི། འདོད་དང་བསམ་གཏན་ས་དྲུག །གཟུགས་མེད་བཞི་སྟེ་བཅུ་གཅིག་པོ་ཐམས་ཅད་ན་ཡོད་ལ། ཉེར༷་བསྡོགས༷་ཕྱི་མ་བདུན༷་ནི༷། གོང་འོག་ཞི་རགས་སུ་དམིགས་ནས་འོག་ས་སུན་འབྱིན་གྱི་འཕགས་ལམ་སུན་ མི་འབྱིན་པས་མ༷་གཏོག༷ས་སོ༷། །གསུམ་པ། ཡང་མདོ་ལས། མཐོང་ཆོས་བདེར་གནས་ཀྱི་ཏིང་འཛིན་དང་། ཤེས་པ་མཐོང་གྱུར་གྱི་ཏིང་འཛིན་དང་། ཤེས་རབ་རྣམ་པར་འབྱེད་པའི་ཏིང་འཛིན་དང་། ཟག་པ་ཟད་པའི་ཏིང་ངེ་འཛིན་བཞི་གསུངས་ པ་གང་ཞེ་ན། ཟག་ཟག་མེད་ཀྱི་དགེ༷་བའི༷་བས༷མ་གཏན༷་དང༷་པོ༷་ནི༷་མཐོང་ཆོས་ལ་བདེ༷་བར་གནས་པར་འགྱུར༷་བའི་ཏིང༷་འཛིན༷་བསྒོམ༷་པ༷་ཡི༷ན་ནོ། །བསམ་གཏན་གཞན་དག་ཀྱང་མཐོང་ཆོས་བདེར་གནས་ཡིན་མོད། འདི་སྡུག་བསྔལ་མང་བ་འདོད་ པ་ལས་འདས་པའི་དང་པོ་ཡིན་པས་དེ་སྐད་དུ་བཞག་གོ། ཕྱི་མ་ལ་བདེ་མྱང་ནི་མ་ངེས་ཏེ། ཉམས་པ་དང་། གཉིས་པ་སོགས་སུ་སྐྱེ་བ་དང་། མཐོང་ཆོས་ལ་མྱང་འདས་རྣམས་ཀྱིས་སོ། །ཟག་མེད་ལ་རྣམ་སྨིན་ཀྱང་མེད་པས་སོ། ། 3-1-295b འཆི་འཕོ་དང་སྐྱེ་བ་ཤེས་པའི་ལྷའི་མི༷ག་གི༷་མངོ༷ན་ཤེ༷ས་དང་། དེའི་རྗེས་བྱུང་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་ནི། ཤེས་པ་མཐོང༷་བར་འགྱུར༷་བའི་ཏིང་འཛིན་དུ་འདོ༷ད་དེ། སྐྱེ་བ་ཤེས་པར་འགྱུར་བ་དང་། མཐོང་བར་འགྱུར་བ་གཉིས་ལས། དང་པོ་ནི། སེམས་ཅན་འདི་དག་ལུས་ཀྱི་ཉེས་སྤྱད་དང་ལྡན་པའོ། །ཞེས་བྱ་བ་ལ་སོགས་པ་ཤེས་པ་མིག་གི་མངོན་ཤེས་ཀྱི་རྗེས་སུ་རྒྱུ་བ་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་རྟོག་བཅས་ཡིན་ལ། གཉིས་པ། ད་ལྟར་གྱི་གཟུགས་ཀྱི་ སྐྱེ་མཆེད་ལ་དམིགས་པ་མིག་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་རྟོག་མེད་དོ། །འོ་ན་མདོ་ལས་ལྷའི་མིག་གི་མངོན་ཤེས་ཤེས་པ་མཐོང་འགྱུར་གྱི་ཏིང་འཛིན་དུ་བཤད་པ་དང་འགལ་ཞེ་ན། འདི་ནི་ཏིང་འཛིན་གྱི་འབྲས་བུ་མིག་གི་མངོན་ ཤེས་ལ་རྒྱུའི་མིང་གིས་བཏགས་པ་སྟེ། ལྡིང་ཀ་ལ་རྐང་ནད་ཅེས་བརྗོད་པ་བཞིན་ནོ། །ཁ་ཅིག་གིས། མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། ཞེས་པས་རྣམ་གྲོལ་ལམ་བསམ་གཏན་གྱིས་བསྡུས་པས་ཏིང་འཛིན་དངོས་སུའང་འཆད་དོ། ། སྦྱོར༷་བ༷་ལ༷ས་བྱུང༷་བའི་ཡོན་ཏན་ཁམས་གསུམ་གྱིས་བསྡུས་པ། མི་སྡུག་བསྒོམ་པ། དབུགས་འབྱུང་རྔུབ་དྲན་པ། ཉོན་མོངས་མེད་པ། སྨོན་ནས་ཤེས་པ། སོ་སོ་ཡང་དག་རིག་པ། མངོན་ཤེས་དང་པོ་ལྔ། རྣམ་ཐར། ཟད་ པ། ཟིལ་གནོན་ལ་སོགས་ལ་ཟག་བཅས་དང་། ཟག་མེད་རྣམ་ཐར་སྒོ་གསུམ། ཐོད་རྒལ། སྙོམས་འཇུག །ཟག་ཟད་ཀྱི་མངོན་ཤེས་ལ་སོགས་པ་རྣམས་ལའང་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པས་ཏིང་འཛིན་གྱི་མིང་གིས་བཏགས་ 3-1-296a ནས། བློ༷་སྟེ་ཤེས་རབ་རབ་ཏུ་རྣམ་པར་དབྱེ༷་བར་འགྱུར༷་བའི་ཏིང་འཛིན་ཞེས་བྱ་སྟེ། ཏིང་འཛིན་གྱི་སྟོབས་ཀྱིས་གོང་ནས་གོང་དུ་ཆོས་རབ་འབྱེད་པའི་ཤེས་རབ་ཁྱད་པར་དུ་འགྱུར་བས་སོ། །རྡོ༷་རྗེ༷་ལྟ༷་བུ༷་ཏིང་འཛིན་ བས༷མ་གཏན༷་མཐའ༷་བཞི་པ་ལ་བརྟེན་པའི་བདག་ཉིད་གང༷་ཡི༷ན་པ་དེ༷་ནི། ཟག༷་པ་ཐམས་ཅད་ཟ༷ད་པར་འགྱུར་བའི་ཏིང་འཛིན་བསྒོམ༷་པ་ཞེས་བྱའོ། །ས་གཞན་ལ་བརྟེན་པའང་དེ་ཡིན་མོད། བྱེ་སྨྲས་བཅོམ་ལྡན་འདས་ཉིད་ཀྱིས་འཛམ་བུའི་ དྲུང་དུ་བསམ་གཏན་དང་པོ་དང་། དེ་ནས་ལྷའི་བདུད་བཏུལ་རྗེས་ལྷའི་སྤྱན་གྱིས་སེམས་ཅན་འཆི་འཕོ་དང་། སྐྱེ་བ་ཉམ་ང་བ་གཟིགས་ནས་དེ་དག་སྒྲོལ་སླད་གུང་ཐུན་ལ་བསམ་གཏན་རྣམ་ཐར་སོགས་དང་། དེ་རྗེས་ཐུན་གསུམ་པ་ལ་རྡོར་ཏིང་ བསྐྱེད་པའི་རིམ་པ་ལྟར་གསུངས་པར་བཞེད་པ་བྱེ་སྨྲའི་ལུགས་སོ། །བཞི་པ་ཚད་མེད་ལ་བསྟན་བཤད་གཉིས། དང་པོ། ཡུལ་སེམས་ཅན་ཚད་མེད་ལ་དམིགས་ཤིང་འབྲས་བུ་བསོད་ནམས་ཚད་མེད་འབྱུང་བའི་ཚད༷་མེ༷ད་པ༷་ནི༷། བྱམས་ པ། སྙིང་རྗེ། དགའ་བ། བཏང་སྙོམས་བཞི༷་ཡི༷ན་ནོ༷། །གཉིས་པ་ལ། དགོས་པ། ངོ་བོ། རྣམ་པ། སྤྱོད་ཡུལ། ས་གར་ཡོད། སྤོང་གཉེན་མིན་ཚུལ། རྟེན་འཐོབ་ཚུལ་བརྒྱད་ལས། དང་པོ། གནོ༷ད་སེམ༷ས་དང་། ལ༷་སོ༷གས་པས་བསྡུས་པ་རྣམ་འཚེ། གཞན་གྱི་ཕུན་ཚོགས་ལ་མི་དགའ་བ། འདོད་པའི་འདོད་ཆགས་དང་། གནོད་སེམས་མང་བ་རྣམས་ཀྱི་གཉེན༷་པོ༷་ཡིན་པའི༷་ཕྱིར༷་རོ། །མི་སྡུག་དང་བཏང་སྙོམས་གཉིས་ཀ་འདོད་པར་ཆགས་པའི་ 3-1-296b གཉེན་པོ་ཡིན་ན་ཅི་ཁྱད་སྙམ་ན། བྱེ་སྨྲས་ཁ་དོག་དང་འཁྲིག་པའི་རེག་བྱའི་གཉེན་པོ་ཟེར་ཡང་། སློབ་དཔོན་ནི། འཁྲིག་པ་དང་ཉེ་དུའི་ཆགས་པའི་གཉེན་པོར་མི་སྡུག་དང་བཏང་སྙོམས་རིམ་པར་བཞེད་དོ། །གཉིས་པ་ངོ་བོ། ཞེ༷་སྡང༷་མེ༷ད་པའི་དགེ་རྩ་ནི་བྱམས༷་པ་ཡིན་ལ། སྙིང༷་རྗེ༷་ཡང༷་དེ་དང་འདྲ་བས་ཞེ་སྡང་མེད་པའི་དགེ་བའོ། །གཞན་བདེ་བས་ཡི༷ད་བདེ༷་བ༷་ནི༷་དགའ༷་བ༷་ཚད་མེད་ཡི༷ན་ལ། བཏང༷་སྙོམ༷ས་ནི་མ༷་ཆགས༷་པའི་རང་བཞིན་གྱི་དགེ་བའོ། ། བཏང་སྙོམས་མ་ཆགས་པའི་རང་བཞིན་ཡིན་ན། གནོད་སེམས་ཀྱི་གཉེན་པོར་ཇི་ལྟར་འགྱུར་ཞེ་ན། དེས་སྤང་བྱའི་གནོད་སེམས་ནི་ཆགས་པས་དྲངས་པ་ཡིན་པའི་ཕྱིར་འགྱུར་རོ་ཟེར། སློབ་དཔོན་ནི། འདོད་གནོད་གཉིས་ཀའི་ གཉེན་པོར་འགྱུར་བས་མ་ཆགས་པ་དང་ཞེ་སྡང་མེད་པ་གཉིས་ཀའི་རང་བཞིན་དུ་བཞེད། དེ་ཡང་ཆོས་གཅིག་ལ་གཉིས་ཀའི་ཡིན་པར་མི་བཟུང་གི་བར་མར་གནས་པའི་མ་ཆགས་པ་དང་། ཞེ་སྡང་མེད་པ་སོ་སོ་ལ་བཏང་སྙོམས་སུ་བརྗོད་ པའོ། །གསུམ་པ་རྣམ༷་པ༷་ནི༷། ཀྱེ༷་མ༷་སེམས་ཅན་རྣམས་བདེ༷་བར་གྱུར༷་ཅིག །སྡུག༷་བསྔལ༷་དང༷་བྲལ་བར་གྱུར་ཅིག་ཡིད་དགའ༷་བ་དང་ལྡན་པ་དང་། དེ་དང་མི་འབྲལ་བར་གྱུར༷་ཅིག །སེམ༷ས་ཅ༷ན་རྣམ༷ས་ཉེ་རིང་ཆགས་ སྡང་མེད་པར་སྙོམ༷ས་པ་ལ་གནས་པའོ། །དེ་དག་སྡུག་བསྔལ་ལ་བདེ་བའོ་སྙམ་དུ་ཕྱིན་ཅི་ལོག་ཏུ་ཤེས་པ་མིན་པར་འདི་དག་བདེ་ལྡན་སོགས་སུ་གྱུར་ཅིག་སྙམ་དུ་མོས་པ་ཡིད་ལ་བྱེད་པའི་ཕྱིར་དགེ་བའོ། །སེམས་ཅན་ཐམས་ཅད་ 3-1-297a བདེ་ལྡན་མི་སྲིད་ཀྱང་བསམ་པ་བཟང་བས་དང་། གནོད་སེམས་སོགས་ཀྱི་གཉེན་པོ་བྱེད་པས་དང་། གཅིག་ཏུ་སེམས་ཅན་ལ་ཕན་པར་ཞུགས་པའི་ཕྱིར་དགེ་བ་ཡིན་ནོ། །བདེ་ལྡན་སོགས་ཀྱི་འདུན་པ་ དང་མཚུངས་ལྡན་དུ་གྱུར་པའི་ཞེ་སྡང་མེད་པ་སོགས་ཡིན་པས་སེམས་བྱུང་ཐ་དད་ཀྱང་རྣམ་པ་དང་ངོ་བོ་མི་འགལ་ལོ། །བཞི་པ། སྤྱོ༷ད་ཡུ༷ལ་ཏེ་དམིགས་པ་ནི་འདོ༷ད་པའི༷་སེམ༷ས་ཅ༷ན་རྣམ༷ས་ཏེ། དེ་དག་ལ་དམིགས་པའི་ གནོད་སེམས་སོགས་ཀྱི་གཉེན་པོ་ཡིན་པས་སོ། །ལྔ་པ། དགའ༷་བ༷་ཚ༷ད་མེད་ནི་ཡིད་བདེ་ཡིན་པས་བས༷མ་གཏན༷་སྔ་མ་གཉི༷ས་ན༷་ཡོ༷ད་ལ། གཞན༷་གསུམ་ནི༷་མཉམ་བཞག་གི་ས་པ་ཡིན་པས་མི་ལྕོགས་མེད་ཀྱང་གསལ་ བས་བསམ་གཏན་ས་དྲུག༷་ན༷་ཡོད་ལ། ཁ༷་ཅི༷ག་མི་ལྕོགས་མེད་མ་གཏོགས་དངོས་གཞི་ཁྱད་པར་ཅན་དང་། དངོས་གཞི་བཞི་སྟེ་ལྔ༷་ན་ཡོད་ཟེར། ཁ་ཅིག་མཉམ་པར་མ་བཞག་པ་དང་སྦྱོར་བའང་སྨོས་ཏེ། འདོད་དང་བསམ་གཏན་གྱི་ཉེར་ བསྡོགས་བཞི། དངོས་གཞི་ལྔ་སྟེ་བཅུ་ན་ཡོད་པར་བཤད་དོ། །དྲུག་པ། འོ་ན་གནོད་སེམས་སོགས་ཀྱི་གཉེན་པོར་བཤད་པས། ཅི་བྱམས་སོགས་ཀྱིས་ཉོན་མོངས་པ་དངོས་སུ་སྤོང་ངམ་ཞེ་ན། ཚད་མེད་བཞི་པོ་དེ༷་ཡི༷ས་གནོད་ སེམས་སོགས་དངོས་སུ་མི༷་སྤོང༷་སྟེ། ས་བསམ་གཏན་དངོས་གཞི་སྤང་གཉེན་མིན་ལ། རང་གི་ངོ་བོའང་དེ་ཁོ་ན་ཉིད་ལ་ཞུགས་པ་མིན་པས་དངོས་སུ་མི་སྤོང་། སྤང་ཡང་དེ་དག་གི་སྤྱོར་བས་སྤང་བྱ་རྣམ་པར་གནོན་ལ། དངོས་ 3-1-297b གཞིས་ཐག་སྲིང་ཕྱིར་གཉེན་པོར་བཤད་དོ། །སྤོང་བ་འཇིག་རྟེན་ལམ་ཉེར་བསྡོགས་དང་། འདས་ལམ་བདེན་པ་རྟོགས་པས་སྤོང་བས་སོ། །འདིར་དངོས་གཞིས་བསྡུས་པའི་ཚད་མེད་རྙེད་ན་རྐྱེན་སྟོབས་ལྡན་གྱིས་ཀྱང་མི་བརྫིའོ། ། འོན་ཏེ་འདོད་དང་ཉེར་བསྡོགས་ལ་ཡོད་པར་འདོད་པའི་ལུགས་ལྟར་ན། སྦྱོར་བས་ཉོན་མོངས་མགོ་གནོན་ལ་བར་ཆད་མེད་ལམ་རྣམས་ཀྱིས་དངོས་སུ་སྤོང་ངོ་། །བདུན་པ། ཚད་མེད་པ་འདི་དག་དང་པོ་བློ་གསལ་བས་མི༷་དག༷་གི༷་ནང༷་དུ༷་སྐྱེད༷་དོ༷། ། བརྒྱད་པ། དགའ་བ་མ་གཏོགས་གཞན་གསུམ་གཅིག་ལྡན་ན་ངེ༷ས་པར་གསུམ༷་དང་ལྡན༷་ལ། དགའ་བ་ཡིད་བདེ་ནི་བསམ་གཏན་གསུམ་པ་དང་བཞི་པའི་ས་ལ་མི་ལྡན་པས་སོ། །འདི་ཡང་ཐོབ་པ་ལ་བསམ་གྱི་མངོན་གྱུར་ནི་རྣམ་པ་འགལ་ བས་རེ་རེ་དང་ལྡན་པ་ཡིན་ནོ། །ལྔ་པ་རྣམ་ཐར་སོགས་བཤད་པ་ལ། རྣམ་ཐར་བརྒྱད་སོགས་སོ་སོར་བཤད་པ་དང་། ཐུན་མོང་དུ་ཐོབ་ཚུལ་བཤད་པ་གཉིས། དང་པོ་ལ། རྣམ་ཐར་བརྒྱད་བཤད་པ། ཟིལ་གནོན་བརྒྱད་བཤད་པ། ཟད་པར་བཅུ་བཤད་པ་གསུམ། དང་པོ་ལ། ངོ་བོ་དང་། དེ་དག་གི་སྤྱོད་ཡུལ་གཉིས། དང་པོ། བསྟན་བཤད་གཉིས། དང་པོ། ཡང་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ ཐར། སྡུག་པའི་རྣམ་ཐར་ནམ་མཁའ་མཐའ་ཡས་སོགས་བཞི། འགོག་པའི་རྣམ༷་པར༷་ཐར༷་པ་དང་བརྒྱ༷ད་གསུངས་སོ། །གཉིས་པ་ལ། རྣམ་ཐར་དང་པོ་གཉིས་བཤད་པ། གསུམ་པ་བཤད་པ། གཟུགས་མེད་ཀྱི་རྣམ་ཐར་བཞི་ 3-1-298a པོ་བཤད་པ། འགོག་པའི་རྣམ་ཐར་བཤད་པ་བཞི། དང་པོ་ལ། རྣམ་པ་དང་། ས་གར་ཡོད་གཉིས། དང་པོ། རྣམ་ཐར་དང༷་པོ༷་གཉི༷ས་ནི་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པར་དམིགས་པས་ ངོ་བོ་མི༷་སྡུག༷་པའི་རང་བཞིན་ཡིན་པས་མ་ཆགས་པའོ། །གཉིས་པ། ས་ནི་མི་འདྲ་སྟེ། བསམ་གཏན་གཉིས་པ་ཡན་ཆད་ན་མིག་ཤེས་མེད་པས་ཁ་དོག་གི་འདོད་ཆགས་མེད་དེ། གང་ཡུལ་ལ་ཆགས་བྲལ་དེ་ཡུལ་ཅན་ཤེས་པ་ལས་ཀྱང་ འདོད་ཆགས་བྲལ་ཏེ། སྣ་ལྕེའི་རྣམ་ཤེས་བཞིན་ནོ། །དེས་ན་འདོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ཡིན་པས་བས༷མ་གཏན༷་སྔ་མ་གཉི༷ས་ཁོ་ན་ན༷་ཡོད་དོ། །དེ་ཡང་དངོས་གཞིས་བསྡུས་པའི་དག་པ་བ་ དང་། མོས་པ་ཡིད་བྱེད་ཡིན་པས་རྣམ་གནོན་ཙམ་མམ། ཐག་སྲིང་བའི་གཉེན་པོ་ཡིན་གྱི་དངོས་སུ་སྤོང་བ་ནི་མིན་ནོ། །གཉིས་པ་ལ། ས་གར་ཡོད། ངོ་བོ་གཉིས། དང་པོ། གསུམ༷་པ༷་སྡུག་པའི་རྣམ་ཐར་ནི་བསམ་གཏན་ཡ་ མཐའ༷་བཞི་པ་ན༷་ཡོད་དོ། །གཉིས་པ། དེ༷་ཡང་ཆགས་པའི་གཉེན་པོ་ཡིན་པས་ངོ་བོ་མ༷་ཆགས༷་པ་ཡིན་གྱི་སྡུག་པའི་རྣམ་པ་ཅན་ཡིན་པས་མི་སྡུག་པ་ནི་མ་ཡིན་ནོ། །དེས་ནི་གཟུགས་ཡིད་འོང་སྤྲུལ་ནས་སྡུག་པར་བལྟ་ཞིང་། དེ་ཉིད་ ཏིང་འཛིན་གྱི་ལུས་ཀྱིས་མངོན་སུམ་དུ་བྱེད་པས་ན་མིང་དེ་སྐད་ཅེས་བྱའོ། །དེ་གསུམ་འཁོར་དང་བཅས་ན་རྗེས་འབྲང་གི་གཟུགས་ཡོད་པས་ཕུང་ལྔའི་རང་བཞིན་ནོ། །སྡུག་རྣམ་གྱི་དགོས་པ་ནི་ཞུམ་པ་གཟིངས་བསྟོད་དང་ཉམས་སད་པའི་ 3-1-298b ཕྱིར་རོ། །བསམ་གཏན་དང་པོ་གསུམ་དུ་སྡུག་རྣམ་མི་སྟོན་པ་ནི། དེ་དག་ལ་དགའ་བདེ་ཡོད་པས་སྡུག་པ་ཡིད་ལ་བྱས་ན་ཡུལ་དེ་ལ་སྲེད་ན་མ་ཆགས་པ་མི་འགྲུབ་པའི་ཕྱིར་ཏེ། སྐྱོན་དང་བཅས་པའི་བསམ་གཏན་ཡིན་པས་དེ་མི་འགྲུབ་པའི་ ཕྱིར་རོ་སྙམ་དུ་བསམ་པའོ། །རྣལ་འབྱོར་པ་རྣམས་ཀྱི་རྣམ་ཐར་ཟད་པ་སོགས་ཉོན་མོངས་ཐག་སྲིང་བ་དང་སྙོམས་འཇུག་ལ་རང་དབང་འབྱོར་ཕྱིར་བསྐྱེད་དོ། །གསུམ་པ། གཟུགས༷་མེ༷ད་པའི་མཉམ༷་བཞག༷་དགེ༷་བ་དག་པ་བ་དང་། ཟག་ མེད་རྣམ༷ས་ཁོ་ན་རྣམ་ཐར་ཡིན་གྱི་ཉོན་མོངས་ཅན་དང་མཉམ་པར་མ་བཞག་པ་འཆི་སྲིད་ཀྱི་སེམས་ལྟ་བུ་ནི་རྣམ་ཐར་མིན་ནོ། །ཁ་ཅིག་གཟུགས་མེད་དག་ན་རྣམ་སྨིན་སྐྱེས་ཀྱི་སེམས་སེམས་བྱུང་རྣམས་ལ་བསམ་ནས་འཆི་སེམས་ལས་ གཞན་པའི་མཉམ་པར་མ་བཞག་པའི་སེམས་ཀྱང་ཡོད་པར་འདོད་དོ། །ཕྱོགས་སྔ་མ་ལྟར་ན་གཟུགས་མེད་མཉམ་པར་མ་བཞག་པ་ནི་འཆི་སྲེད་ཀྱི་གནས་སྐབས་ཀྱི་སེམས་སེམས་བྱུང་ཁོ་ན་ཡིན་པར་འདོད་ལ། གཟུགས་མེད་དངོས་གཞིར་མ་ཟད་། ཉེར་ བསྡོགས་རྣམ་གྲོལ་ལམ་གྱིས་ཀྱང་རྣམ་ཐར་གྱི་མིང་ཐོབ་ཀྱི་བར་ཆད་མེད་ལམ་གྱིས་ནི་རྣམ་ཐར་གྱི་མིང་མི་ཐོབ་སྟེ། རྣམ་ཐར་ནི་འོག་ས་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ། །དེ་འོག་སར་དམིགས་པས་སོ༷། །བཞི་པ་ལ། ངོ་བོ་དང་། དེ་ལ་ སེམས་གང་གིས་འཇུག །དེ་ལས་སེམས་གང་གིས་ལྡང་བསྟན་པ་གསུམ། དང་པོ། བརྒྱད་པ་འགོག༷་པའི༷་རྣམ་ཐར་ནི་སྔར་གནས་གཉིས་པར་འགོག་པའི་སྙོམས༷་པར༷་འཇུག༷་པ༷་ཇི་སྐད་བཤད་པ་ལྟ་བུ༷འོ། །འདི་དག་ལ་ཅིའི་ཕྱིར་རྣམ་ 3-1-299a ཐར་ཞེ་ན། དེ་དག་ཁ་དོག་གི་འདོད་ཆགས་དང་། ཞུམ་ཞིང་ཆགས་པ་དང་། གཟུགས་ཀྱི་འདུ་ཤེས་དང་། འདུ་ཤེས་དང་ཚོར་བའམ་འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །གཞན་དག་ན་རེ། འགོག་སྙོམས་ནི་སྙོམས་འཇུག་གི་སྒྲིབ་པ་ལས་ཐར་བའི་ཕྱིར་རོ་ཟེར། དེ་ལ་གང་ཞིག་ཡོད་ན་སེམས་ལས་སུ་མི་རུང་བས་ཁམས་གསུམ་པའི་ཆགས་བྲལ་གྱིས་ཀྱང་དང་པོའི་དངོས་གཞིའང་སྐྱེད་པར་མི་བྱེད་པ་དེ་ནི་སྙོམས་འཇུག་གི་སྒྲིབ་ པར་བཤད་དོ། །གཉིས་པ། འགོག་པ་ལ་འཇུག་སེམས་ནི། ཁམས་གསུམ་ན་ཕྲ༷་བ༷་སྲིད་རྩེ་ཡིན་ལ་དེ་ཉིད་ཀྱང་འགོག་པ་ལ་དམིགས་ནས་ཆེས་ཕྲ༷་བ་བྱས་པའི༷་མཇུག༷་ཐོག༷ས་སུ༷་འཇུག་སྟེ། སེམས་རྒྱུན་གཅོད་དགོས་པའི་ཕྱིར་རོ། །གསུམ་ པ། ལྡང་བ་ན་འཕེན་པ་ཇི་ལྟ་བ་བཞིན་དུ་སྲིད་རྩེ་རང༷་གི༷་ས་པའི་དག༷་པ་བ་དང༷་། འོ༷ག་མ༷་ཅི་ཡང་མེད་པ་ཡི་ས༷་པའི་འཕ༷གས་པ་ཟག་པ་མེད་པའི༷་སེམ༷ས་ཀྱིས༷་འགོག་པ་དེ༷་ལ༷ས་ལྡང༷་ངོ་། །དེས་ན་འཇུག་སེམས་སྲིད་རྩེ་ཟག་བཅས་ཁོ་ན་དང་ལྡང་སེམས་ ཟག་ཟག་མེད་གཉིས་ཀ་ཡིན་ནོ། །གཉིས་པ་སྤྱོད་ཡུལ་ནི། རྣམ་ཐར་དང༷་པོ༷་གསུམ་ནི། ཏིང་འཛིན་གྱིས་འདོ༷ད་པར་གཏོགས༷་པའི་སྣང༷་བ་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་མི་འོང་དང་ཡིད་འོང་གི་ཡུལ༷་ཅ༷ན་ཡིན་ལ། དེའང་འདོད་པར་གཏོགས་པ་སྤྲུལ་པ་ ཡིན་ནོ། །གང༷་དག༷་གཟུགས༷་ཅ༷ན་མིན༷་པའི་རྣམ་ཐར་བཞི་པོ་དེ༷་དག༷་གི་སྤྱོ༷ད་ཡུལ༷་ཏེ་དམིགས་པ་ནི། གོང་ས་དང༷་རང༷་གི༷་སའི༷་སྡུག༷་བསྔལ༷་དང་སོ༷གས་པས་བསྡུས་པ་ཀུན་འབྱུང་དང་འགོག་པ་དང༷་། རྗེས༷་ཤེས༷་ཕྱོགས༷་དང་མཐུན་པའི་ལམ་བདེན་གོང་འོག་རང་ 3-1-299b ས་ཐམས་ཅད་དང་། རྩ་བར་མ་སྨོས་ཀྱང་གཟུགས་མེད་ཀྱི་རྣམ་ཐར་དེ་དག་མཚན་མ་མེད་པ་མཚན་མ་མེད་པའི་ཏིང་འཛིན་ཡིན་པ་སྲིད་པས། དེ་དག་མི་སློབ་པའི་མཚན་མེད་ཀྱི་ཏིང་འཛིན་གྱིས་བརྟག་མིན་འགོག་པ་ལ་དམིགས་པའི་ཕྱིར་དང་། ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་དམིགས་པ་འདུས་མ་བྱས་ནམ་མཁའ་འང་ཡིན་ནོ། །རྣམ་ཐར་གསུམ་པ་དང་བརྒྱད་པ་གཉིས་ཁོ་ན་ལ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་ཞེས་བཤད་པ་ནི། དེ་གཉིས་གཟུགས་ཅན་ དང་གཟུགས་མེད་ཀྱི་རྣམ་ཐར་གྱི་སྒྲིབ་པ་མཐའ་དག་སྤངས་པས་གཙོ་བོ་ཡིན་པའི་ཕྱིར་དང་། གཟུགས་དང་གཟུགས་མེད་པའི་ཁམས་དང་། སའི་མཐའ་ན་གནས་པའི་ཕྱིར་ཞེས་བཤད་ལ། འོན་ཀྱང་དེ་གཉིས་རིམ་པ་ལྟར་གཟུགས་དང་ གཟུགས་མེད་པའི་ས་པའི་རྣམ་ཐར་རྫོགས་པར་མངོན་དུ་བྱས་པ་ཡིན་པས་དེ་སྐད་དོ། །ཡང་ན་འཕགས་པ་རྣམས་དེ་གཉིས་ལ་ལན་མང་དུ་གནས་པས་དེ་སྐད་ཅེས་བཤད་དོ། །གཉིས་པ་ཟིལ་གནོན་ལ། བསྟན་བཤད་གཉིས། དང་པོ། ཡང་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཟིལ་གནོན། ཆེན་པོ་ཟིལ་གནོན་གཉིས། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གཟུགས་ཆུང་ངུ་དང་ཆེན་པོ་ཟིལ་གནོན་གཉིས། ནང་གཟུགས་མེད་ པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོ་སེར་དཀར་དམར་ཟིལ་གནོན་བཞི་སྟེ། ཟིལ༷་གྱིས༷་གནོན༷་པའི༷་སྐྱེ༷་མཆེ༷ད་བརྒྱ༷ད་གསུངས་སོ། །དེ་ཡང་ཆེ་ཆུང་ནི་སྣོད་བཅུད་དམ་ཕྲ་རགས་སོ། །དང་པོ་བཞི་ནི་དབྱིབས་ཁ་དོག་གཉིས་ཀ་ལ་ཆགས་ 3-1-300a སྡང་གི་གཉེན་པོ། ལྷག་མ་བཞི་ནི་གཞན་གྱི་ཁ་དོག་ལ་ཆགས་པ་དང་ཡིད་ཞུམ་པའི་གཉེན་པོ་ཡིན་ནོ། །གཉིས་པ་ལ། དང་པོ་གཉིས་བཤད་པ། དེ་འོག་གཉིས་བཤད་པ། ལྷག་མ་བཞི་བཤད་པ་གསུམ། དང་པོ། དེ་ལྟར་བརྒྱད་པོ་དེ་དག་ལས་ཟིལ་གནོན་དང་པོ་གཉི༷ས་ནི༷། ངོ་བོས་དམིགས་པ། གང་གི་གཉེན་པོ་ཡིན་པ་ནི་རྣ༷མ་ཐར༷་དང༷་པོ༷་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ཇི་ལྟ་བ་བཞིན༷་ནོ། །གཉིས་པ། དེ་འོག་ཟིལ་གནོན་གསུམ་པ་དང་ བཞི་པ་གཉི༷ས་ཀྱི་ངོ་བོ། ས་གང་གི་གཉེན་པོ་ཡིན་པ། དམིགས་པ་ནི༷་རྣམ་ཐར་གཉི༷ས་པ༷་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་ཇི་ལྟ་བ་བཞིན༷་ནོ། །གསུམ་པ། དེ༷་ལས་གཞན༷་ཁ་དོག་གི་ཟིལ་གནོན་བཞི་ཡི་ས། ངོ་བོ་སོགས་ གསུམ་པ་སྡུག༷་པའི༷་རྣམ༷་པར༷་ཐར༷་བ༷་བཞིན༷་དུ་ཤེས་པར་བྱའོ། །དེ་ལ་རྣམ་ཐར་ཟིལ་གནོན་གྱི་ཁྱད་པར་ནི། དང་པོ་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ཀྱི། ཟིལ་གྱིས་མི་ནོན་ལ། ཟིལ་གནོན་གྱིས་ཇི་ལྟར་འདོད་པ་བཞིན་སྐད་ཅིག་ལ་སྔོན་པོ་ལ་ སོགས་པའམ། རྣམ་པར་སྔོས་པ་སོགས་ཡིད་དུ་མི་འོང་བར་མོས་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པའི་དངོས་པོ་སྡུག་པར་དམིགས་ཀྱང་ཉོན་མོངས་མི་སྐྱེ་བར་དམིགས་པ་ཟིལ་གྱིས་གནོན་པའི་ཕྱིར་རོ། །གཟུགས་མེད་ལ་ཟིལ་གནོན་ མ་བཤད་པ་ནི། གཟུགས་ཟིལ་གྱིས་ནོན་ན་དེ་ཡང་ནོན་པའི་ཕྱིར་མ་བཤད་དོ། །འཕགས་པ་རྣམས་ནི་གཟུགས་ཀྱི་དེ་བཞིན་ཉིད་དང་མཚན་མ་ཡིད་ལ་བྱེད་པས་ཟིལ་གྱིས་ནོན་པར་བྱེད་ལ། བྱིས་པ་རྣམས་སྡུག་མི་སྡུག་ཕན་ཚུན་ལྟོས་པ་དང་། 3-1-300b གཅིག་ལ་གཅིག་རྗེས་སུ་འབྲེལ་བ་དང་། དེས་ན་གཟུགས་ཕན་ཚུན་བསྲེས་ཏེ་སྡུག་པར་རོ་གཅིག་པའི་འདུ་ཤེས་ཀྱིས་མོས་པར་བྱས་ནས་ཟིལ་གྱིས་གནོན་པར་བྱེད་དོ་ཞེས་འཆད་དོ། །ཁ་ཅིག་གིས་ཁ་དོག་བཟང་ངན་ལ་ཆགས་སྡང་མེད་པར་དམིགས་པ་ ཟིལ་གྱིས་གནོན་པར་བྱེད་ཟེར། ཁ་ཅིག་ཐམས་ཅད་བསྲེས་ནས་མི་སྡུག་པའི་རང་བཞིན་དུ་རོ་གཅིག་ཏུ་མཐོང་བ་ཡིན་ནོ་ཟེར་རོ། །གསུམ་པ་ཟད་པར་བཅུ་ལ། བསྟན་བཤད་གཉིས། དང་པོ། ཡང་མདོ་ལས། ཟ༷ད་པ༷ར་ས་ཆུ་མེ་རླུང་། སྔོ་སེར་དཀར་དམར་ནམ་མཁའ་རྣམ་ཤེས་ཏེ་བར་མ་ཆད་པར་ཁྱབ་པར་བྱེད་པ་བཅུ༷འོ༷། །ཞེས་གསུངས་སོ། །གཉིས་པ་ལ། དང་པོ་བརྒྱད་བཤད་པ། ཕྱི་མ་གཉིས་བཤད་པ་གཉིས། དང་པོ་ལ། ངོ་བོ། ས། སྤྱོད་ཡུལ་ གསུམ། དང་པོ། དང་པོ་བརྒྱ༷ད་ནི་ཆགས་པའི་གཉེན་པོ་མ༷་ཆགས༷་པའི་རང་བཞིན་ཡིན་ནོ། །དེ་ཡང་སྔོ་སེར་སོགས་བཞི་ནི་ཟིལ་གནོན་ཕྱི་མ་བཞིའི་འབྲས་བུ་ཡིན་པས་སོ། །གཉིས་པ་ནི། བས༷མ་གཏན༷་གྱི་ཡ་མཐ༷འ་ བཞི་པ་ཁོ་ན༷་ཡོད་དེ། ཟིལ་གནོན་ཕྱི་མ་བཞིའི་སྦྱོར་བ་ལས་བྱུང་བས་སོ། །གསུམ་པ། སྤྱོ༷ད་ཡུལ༷་ཏེ་དམིགས་པ་ནི༷། འཇིག་རྟེན་གྱི་ནི་ཐ་སྙད་དུ་ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཅེས་པ་ལྟར་འདོ༷ད་པའི༷་གཟུགས་ ཀྱི་སྐྱེ་མཆེད་ཡིན་ལ། རླུང་གཟུགས་ཀྱི་སྐྱེ་མཆེད་དུ་མི་འདོད་པ་ལྟར་ན་ཟད་པ་རླུང་གི་དམིགས་པ་རེག་བྱའི་སྐྱེ་མཆེད་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ། ངོ་བོ་དང་། སྤྱོད་ཡུལ་གཉིས། དང་པོ། ཟད་པ་ནམ་མཁའ་དང་ 3-1-301a རྣམ་ཤེས་གཉི༷ས་ནི༷་གཟུགས༷་མེ༷ད་དང་པོ་གཉིས་པོའི་དག༷་པ་བའི་རང་བཞིན་ནོ། །གཉིས་པ། དེ་གཉིས་ཀྱི་སྤྱོ༷ད་ཡུལ༷་ནི་གཟུགས་མེད་རང༷་གི༷་ཕུང༷་པོ༷་བཞི༷་ཡིན་ནོ། །སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་ པ་ནི་མིག་སོགས་བདུན་གྱིས་སྣོད་ཀྱི་འཇིག་རྟེན་ལ་མ་ཁྱབ་ཅིང་། དྲི་རོས་གཟུགས་ཁམས་མ་ཁྱབ་ལ། སྒྲ་ལ་རྒྱུན་མེད་པས་ཟད་པར་མ་བཞག་གོ། གཟུགས་མེད་ཕྱི་མ་གཉིས་ལ་མི་འཇོག་པ་ནི། ཤེས་པ་དང་ནམ་མཁའ་མཐའ་ ཡས་ཤིང་ཚད་མེད་པ་གྲུབ་པ་ལས་བོག་དབྱུང་དུ་མེད་པའམ། དེ་གཉིས་ཟད་པར་གྱི་འབྲས་བུ་ཡིན་པས་ཟད་པར་མི་བཞག་གོ། རྣམ་ཐར་སོགས་གསུམ་གྱི་ཁྱད་པར་ནི། དང་པོས་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པ། ། དེ་ནས་ཟིལ་གྱིས་གནོན། དེ་ནས་ཁྱབ་པར་བྱེད་པས་སྔ་མ་རྫོགས་ཤིང་ཕྱི་མ་འབྱུང་བས་ཆུང་འབྲིང་ཆེན་པོའི་རིམ་པའམ། རྒྱུ་དང་། རྒྱུ་འབྲས་དང་། འབྲས་བུའི་རིམ་པས་རྣམ་ཐར་ཟིལ་གནོན་ཟད་པར་ཞེས་བཤད་དོ། ། གཉིས་པ་ཐུན་མོང་དུ་ཐོབ་ཚུལ་ལ། འགོག་པ་ཐོབ་ཚུལ་དང་། ལྷག་མ་ཉེར་ལྔ་ཐོབ་ཚུལ་གཉིས། དང་པོ། རྣམ་ཐར་བརྒྱད། ཟིལ་གནོན་བརྒྱད། ཟད་པར་བཅུ་སྟེ་ཉི་ཤུ་རྩ་དྲུག་ལས། དང་པོ། འགོག༷་པའི༷་ཐོབ་པ་དང་རྟེན་སོགས་ གནས་གཉིས་པར་བཤ༷ད་ཟིན༷་ཏོ། །གཉིས་པ་ལ། རྒྱུ་གང་གིས་ཐོབ་པ་དང་། རྟེན་གང་ལས་ཐོབ་པ་གཉིས། དང་པོ། ལྷག༷་མ༷་ཉེར་ལྔ་པོ་རྣམས་ནི༷། སྔར་འདྲེས་པ་ཡིན་ན་འདོ༷ད་ཆགས༷་བྲལ༷་བ་ཙམ་དང༷་མ་འདྲེས་པ་རྣམས་ནི་ 3-1-301b འབད་རྩོལ་གྱི་སྦྱོར༷་བ༷ས་འཐོབ༷་སྟེ། གོམས་པ་དང་མ་གོམས་པའི་མཐུ་ལས་བྱུང་བའི་ཕྱིར་རོ། །གཉིས་པ་ལ། སྤྱི་དང་དམིགས་བསལ་གཉིས། དང་པོ། གཟུགས༷་མེ༷ད་ཅེས༷་བྱ༷་བའི་རྣམ་ཐར་བཞི་དང་ཟད་པར་གཉིས་ནི། ཁ༷མས་གསུམ༷་གྱི༷་རྟེན༷་ཅ༷ན་ཡིན་ལ། ལྷག༷་མ༷་བཅུ་དགུ་པོ་རྣམས་ནི་མི༷་ཡི་རྟེན་ཁོ་ན་ལ༷ས་སྐྱེ་སྟེ། ལྷ་སོགས་འགྲོ་བ་གཞན་ན་ལུང་མེད་པའི་ཕྱིར་དང་། འདི་དག་ལུང་སྟོབས་ཀྱིས་བསྐྱེད་བྱ་ཡིན་པས་སོ། །གཉིས་པ། ལུང་ཁོ་ ན་ལས་སྐྱེའམ་ཞེ་ན་མ་ངེས་པའི་དམིགས་བསལ། འོ་ན་ལུང་མེད་པས་བསམ་གཟུགས་དག་ཁམས་གོང་མ་གཉིས་སུ་ཇི་ལྟར་སྐྱེ་ཞེ་ན། བསམ་གཟུགས་ཀྱི་སྙོམས་འཇུག་ནི། སྤྱིར་ལུང་དང་། རྒྱུ་དང་། ལས་དང་། ཆོས་ ཉིད་ཀྱི་སྟོབས་དང་ཞི་ལས་སྐྱེ་བ་ལས། ཁ༷མས་གོང་མ་གཉི༷ས་པོ་དག༷་ཏུ༷་ནི་ལུང་མེད་ཀྱང་གཟུགས༷་མེ༷ད་པའི༷་སྙོམས་འཇུག་རྒྱུ༷་ད༷ང་ལ༷ས་ཀྱི༷་སྟོབ༷ས་གཉིས་ཀྱིས༷་སྐྱེ༷འོ། །དེ་ལ་གཟུགས་སུ་རྒྱུ་སྟོབས་ཀྱིས་སྐྱེ་བ་སྔོན་མའི་རྟེན་ལ་གཟུགས་ མེད་ཀྱི་སྙོམས་འཇུག་གོམས་པར་བྱས་པ་ལས་ཉམས་པ་གཟུགས་ཁམས་སུ་སྐྱེས་ཏེ། དེར་གོམས་པའི་སྐལ་མཉམ་གྱི་རྒྱུ་སྟོབས་ལྡན་ཉེ་བས་གཟུགས་མེད་ཀྱི་ཏིང་འཛིན་སྐྱེ་ལ། ལས་སྟོབས་ཀྱིས་སྐྱེ་བ་ནི། སྔོན་མིའི་རྟེན་ལ་ གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་ནས་ཉམས་པ་དེ་ཉིད་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སུ་གྱུར་པའི་སྟོབས་ཀྱིས་གཟུགས་ཁམས་སུ་སྐྱེས་པ་ནའང་གཟུགས་མེད་ཀྱི་ཏིང་འཛིན་ཐོབ་ནས་གཟུགས་མེད་པར་སྐྱེ་སྟེ། འོག་སའི་ 3-1-302a འདོད་ཆགས་དང་མ་བྲལ་བར་གོང་མར་མི་སྐྱེ་བའི་ཕྱིར་རོ། །ཇི་ལྟར་གཟུགས་མེད་གཟུགས་སུ་སྐྱེ་བ་ལྟར། གཟུགས་མེད་གཟུགས་མེད་ཉིད་དུ་སྐྱེ་བའང་རྒྱུ་དང་ལས་གཉིས་ཏེ། དང་པོ། གོང་མའི་ཉེར་བསྡོགས་ སྒོམ་པར་བྱེད་པ་ལས་ཡིན་ལ། ལས་སྟོབས་ཀྱིས་སྐྱེ་བ་ནི་སྐྱེ་བས་ཐོབ་པའི་གཟུགས་མེད་དོ། །གཟུགས༷་ཀྱི༷་ཁ༷མས་སུ༷་བས༷མ་གཏན༷་རྣམས་ནི་རྒྱུ་དང་ལས་སྟོབས་དེ༷་དག༷་དང༷་ཆོས༷་ཉི༷ད་ཀྱིས༷་ཀྱང༷་སྐྱེའོ། །དེ་ལ་ཆོས་ཉིད་ཀྱིས་སྐྱེ་བ་ནི། འཇིག་རྟེན་འཇིག་ཚེ་བསམ་གཏན་འོག་མའི་སེམས་ཅན་ལ་དགེ་བའི་ཆོས་རྣམས་ཀྱིས་འཇུག་པ་ཤས་ཆེ་བས། བསམ་གཏན་གོང་མའི་སེམས་ངང་གིས་སྐྱེ་བ་བཞིན་ཏེ། བསམ་གཏན་གྱི་གདམས་ངག་སྟོན་པའི་ལུང་ལ་མ་ལྟོས་པར་སྔོན་ བསམ་གཏན་གོམས་པའི་བག་ཆགས་ཀྱིས་སྐྱེ་བ་ལ་ཆོས་ཉིད་ཀྱིས་སྐྱེ་བ་ཞེས་བརྗོད་དོ། །བྱེ་སྨྲས་བག་ཆགས་ཀྱི་རྣམ་བཞག་མི་འདོད་པས། སྔོན་བསམ་གཏན་བསྒོམས་པའི་སྐལ་མཉམ་གྱི་རྒྱུ་ལས་བྱུང་བ་ལ་འདོད་དོ། །འདོད་ ཁམས་སུ་ལྷ་ལ་རྒྱུ་གསུམ་པོ་དེ་དང་། མི་ལ་དེ་སྟེང་ཡིད་བྱེད་བདུན་དང་། སེམས་གནས་དགུ་སོགས་ལུང་གི་སྟོབས་ལས་ཀྱང་སྐྱེའོ། །ལས་ཀྱི་སྟོབས་ཀྱིས་སྐྱེ་བ་དེ། གལ་ཏེ་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་འདོད་ན། ཅི་འདོད་ ཁམས་སུ་བསམ་གཟུགས་མི་སྐྱེ་ལ། གཟུགས་ཁམས་སུ་གཟུགས་མེད་ལས་ཀྱི་སྟོབས་ཀྱིས་མི་སྐྱེ་སྟེ། དེ་དག་ནི་དེ་ཁོ་ནར་སྨིན་པའི་ཕྱིར་རོ། །རྒྱུ་མཐུན་འབྲས་བུ་འདོད་ན་དེ་རྒྱུ་དང་ཆོས་ཉིད་ཀྱིས་སྐྱེ་བའང་ཡིན་མོད། གཙོ་ 3-1-302b ཆེ་བས་དེ་སྐད་བརྗོད་དོ། །གཉིས་པ་གནས་བརྒྱད་པོ་རྫོགས་པའི་མཇུག་བསྡུ་བ་ལ། འདི་ལྟར་བརྩམས་པ་དོན་ཡོད་པར་སྟོན་པ་དང་། ཇི་ལྟར་བརྩམ་ཚུལ་གཉིས། དང་པོ། སྟོན༷་པའི༷་བསྟན་པ་དམ༷་པའི་ཆོས༷་ནི་རྣམ༷་པ་ གཉི༷ས་ཏེ༷། ལུང༷་གི་ཆོས་སྡེ་སྣོད་གསུམ་དང༷་། རྟོག༷ས་པའི༷་ཆོས་ལམ་འབྲས་བུར་བཅས་པའི་བདག༷་ཉི༷ད་དོ༷། །དེ༷་འཛིན༷་པར་བྱེ༷ད་པ༷་ནི་ལུང་གི་ཆོས་ཤེས་ནས་ཚུལ་བཞིན་གཞན་ལ་སྨྲ༷་བར་བྱེ༷ད་པ་དང༷་། རྟོགས་པའི་ཆོས་བསླབས་ གསུམ་རང་རྒྱུད་ལ་སྒྲུབ༷་པ༷ར་བྱེ༷ད་པ༷་དེ་གཉིས་ལས་གཞན་པ་དམ་ཆོས་འཛིན་པ་མིན་པས་ཁོ༷་ན༷འི་སྒྲ་སྨོས་པ་ཡི༷ན་ནོ། །དེས་ན་ལུང་རྟོགས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བསྟན་པ་གནས་པར་རིགས་པར་བྱའོ། །དེའང་བསྟན་པ་ལོ་ལྔ་ བཅུ་པའི་དུས་སུ་ནུབ། དེང་སང་དྲུག་ཅུ་མངོན་པའི་དུས་སུ་བཞེད་ཅེས་མཆིམས་ཆེན་ན་བཀོད་དོ། །གཉིས་པ། དབྱིག་གཉེན་བདག༷་གི༷ས་མངོ༷ན་པའི༷་ཆོས༷་འདི༷་ཕལ༷་ཆེར༷་ནི༷། ཁ༷་ཆེ༷་བྱེ༷་བྲག༷་སྨྲ༷་བའི༷་ཚུལ༷་གྲུབ༷་པ་དང་མཐུན་པར་ བཤ༷ད་ལ། མདོ་སྡེ་པ་དང་ཉི་འོག་བྱེ་སྨྲའི་ཚུལ་ཡང་ཅུང་ཟད་བཤད་པའི་ཕྱིར་ཕལ་ཆེར་ཞེས་སྨྲས་སོ། །གཞུང་འདིར་ཚིག་དོན་གྱི་ཆ་ལ་ཉེས༷་པ༷ར་ཚར་བའམ། ཟིན༷་གྲུབ་པ་ག༷ང་ཡིན་པ་དེ༷་འདིར༷། རྩོམ་པ་པོ་བདག༷་གིས༷་ཉེས༷་པ་ཡིན་ པས་མཁས་པ་རྣམས་ཀྱིས་བཟོད་པར་མཛོད་ཅིག་ཅེས་པའོ། །མཁས་པ་རྣམས་ཀྱིས་ཟིན་གང་སྟེ་མཁྱེན་པ་ཞེས་མཆིམས་ཆེན་ནའོ། །གལ་ཏེ་ཁ་ཆེ་བྱེ་སྨྲའི་མཁས་པ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ལུང་བཞིན་བཤད་པས་ཉེས་པ་མེད་དོ་ 3-1-303a སྙམ་ན། ལུང་རྟོགས་ཀྱི་དམ་པའི་ཆོས༷་ཀྱི་ཚུལ༷་ཏེ་མཚན་ཉིད་བརྗོ༷ད་པ་ལ༷་ཚད༷་མ༷་ནི་ཐུབ༷་པ་སངས་རྒྱས་དང་། དེའི་སྲས་ཤཱ་རིའི་བུ་ལ་སོགས་པ་རྣམ༷ས་ཁོ་ན་ཡི༷ན་གྱི་གཞན་ལ་འཁྲུལ་བ་སྲིད་པས་སོ། །གསུམ་པ། ཆོས༷་ མངོ༷ན་པའི༷་མཛོད༷་ཀྱི༷་ཚིག༷་ལེ༷འུར༷་བྱས༷་པ༷་ལ༷ས། སྙོམས༷་པར༷་འཇུག༷་པ༷་བསྟན་པ་ཞེས༷་བྱ༷་བ༷་སྟེ༷་གན༷ས་བརྒྱ༷ད་པའི༷་འགྲེལ་བའོ༷།། ༈ །།གསུམ་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་གཞན་ལ་བསྟན་པ་ གཅེས་སྤྲས་སུ་བྱས་ནས་བག་ཡོད་པར་གདམས་པ་ནི། བླང་དོར་སྟོན་པའི་སྟོན༷་པ༷་འཇིག༷་རྟེན༷་གྱི་མིག༷་ལྟ་བུ་ནི༷། ཟུམ༷་སྟེ་མྱ་ངན་ལས་འདས་པར་གྱུར༷་ཅིང༷་། སངས་རྒྱས་ལས་གཞན་པ་ཆོས་ཀྱི་དཔང༷་པོར་གྱུར༷་པ་འཕགས་པ་འོད་སྲུང་ལ་སོགས་པའི། སྐྱེ༷་བོ༷་ཕལ༷་ཆེར༷་མྱ་ངན་འདས་ཏེ་ཟ༷ད་པ༷་ན༷། བདེན་པའི་དེ༷་ཁོ་ན་ཉི༷ད་མ༷་མཐོང༷་ཞིང་། སྟོན་པའི་ལུང་ལ་མི་བརྟེན་ཅིང་གཞན་གྱིས་བཅོས་སུ་མི་བཏུབ་པས་རང༷་དགར༷་གྱུར༷་པ༷་ཡི༷། ངན༷་པའི་རྟོག༷་པ་དང་ལྡན་པ་རྣམ༷ས་ཀྱིས་བསྟན༷་པ༷་འདི༷་ཚིག་དང་དོན་གྱི་སྒོ་ནས་ དཀྲུགས༷་སོ༷། །ཇི་ལྟར་དཀྲུགས་ཤེ་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། གྲོང་ཁྱེར་ཡངས་པ་ཅན་གྱི་དགེ་སློང་དེ་ཉིད་མ་མཐོང་བ་རྣམས་ཀྱིས་ཧུ་ལུ་ཧུ་ལུ་ཀའི་ཆོ་ག་ལ་སོགས་པ་རུང་བ་མིན་པའི་གཞི་བཅུ་བཅས་ནས་བསྟན་ པ་རྣམ་པར་དཀྲུགས་པ་ན། དགྲ་བཅོམ་པ་བདུན་བརྒྱས་ཡངས་པ་ཅན་དུ་འདུས་ཏེ་བསྡུ་བ་གཉིས་པ་མཛད་ནས་རྣམ་པར་བསལ་ཏོ། །དེ་ནས་སྟོན་པ་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན། གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར་རྒྱལ་པོ་མྱ་ངན་མེད་ 3-1-303b བྱུང་བའི་ཚེ། དགྲ་བཅོམ་པ་རྣམས་ལེགས་སྦྱར་སོགས་སྐད་བཞིས་གསུང་རབས་འདོན་པར་བྱེད་ཅིང་། དེ་དག་གི་སློབ་མ་སོ་སོར་གྱེས་པས་སྡེ་པ་བཅོ་བརྒྱད་དུ་གྱུར་ཏེ། ཕན་ཚུན་གྲུབ་མཐའ་མི་མཐུན་པ་རྣམས་ཀྱིས་བསྟན་པ་དཀྲུགས་པར་གྱུར་པ་ ན། དགྲ་བཅོམ་པ་དང་སོ་སྐྱེ་མཁས་པར་གྱུར་པ་རྣམས་ཛ་ལན་དྷ་རའི་དགོན་པར་འདུས་ནས་ཉེ་བར་ཞི་བར་བྱས་ཏེ། དེའི་ཚེ་སྟོན་པ་འདས་ནས་ལོ་སུམ་བརྒྱ་ལོན་ཏོ་ཞེས་གྲག་གོ། ཁ་ཅིག་སྟོན་པ་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ལོན་པ་ དང་། རྒྱལ་པོ་དགའ་བོ་དང་། པདྨ་ཆེན་པོ་ཞེས་བྱ་བ་བྱུང་བ་ན། གྲོང་ཁྱེར་པ་ཏྲ་ལི་བུ་ཏྲའི་ནང་དུ་གནས་བརྟན་འོད་སྲུང་ཆེན་པོ་དང་། བླ་མ་ལ་སོགས་པ་བཞུགས་པའི་དུས། བདུད་སྡིག་ཅན་བཟང་པོ་ཞེས་བྱ་བ་དགེ་སློང་གི་ཆ་ བྱད་དུ་བྱས་ནས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ། དགེ་འདུན་རྣམས་ཕྱེ་ནས་བསྟན་པ་རྣམ་པར་དཀྲུགས་ཏེ། དེའི་ཚེ་གནས་བརྟན་ཀླུ་སྡེ་དང་། ཡིད་འོང་གི་དུས་སུ་སྡེ་པ་སོ་སོར་གྱེས་ནས་ལོ་དྲུག་ཅུ་རྩ་གསུམ་ན། གནས་བརྟན་གནས་མའི་ བུས་བསྟན་པ་བསྡུས་སོ་ཞེས་ཟེར་རོ། །གཞན་ཡང་རང༷་བྱུང༷་རྫོགས་པའི་སངས་རྒྱས་དང་། རང༷་བྱུང༷་དེའི་བསྟན༷་པ༷་གཅེས༷་པར་འཛིན༷་པ་རྣམ༷ས་ཀྱང་། སྡུག་བསྔལ་རྒྱུར་བཅས་མཆོག༷་ཏུ༷་ཞི༷་བའི་མྱ་ངན་ལས་འདས་པར་གཤེ༷གས་ནས། འགྲོ༷་བ་རྣམས་སྐྱོབ་པའི་མགོན༷་མེ༷ད་པར་གྱུར་པ༷་ན༷། ཡང་དག་པའི་གདམས་ངག་འདོམས༷་པར་བྱེད་པ་མེ༷ད་པས་སྔར་བཤད་པའི་ཡོན༷་ཏན༷་རྣམས་འཇོམས༷་པར༷་བྱེ༷ད་ཅིང་། བསྟན་པ་ནུབ་པར་བྱེད་པ༷་ཡི༷་རྒྱུ་ལྟ་བ་ངན་པ་ལ་སོགས་ 3-1-304a པའི་དྲི༷་མ༷ས་དགའ༷་མ༷གུ༷ར་ཏེ་རང་དགར་དེང༷་སང༷་འདི༷་ན༷་སྤྱོ༷ད་པར་བྱེད་དོ། །གོང་དུ་བཤད་པའི་ཚུལ་དེ༷་ལྟར༷་ན་ཐུབ༷་པ༷་སངས་རྒྱས་དག༷་གི༷་བསྟན༷་པ༷་ནི༷། དཔེར་ན་འཆི་བའི་ཚེ་ལྐོག༷་མར༷་སྲོག༷་ཕྱིན༷་པ་ན་འཆི་བ་ལ་ཉེ་ བ་དང་འདྲ༷་བར་རིང་དུ་མི་གནས་པ་དང༷་། ལྟ་ངན་སོགས་བསྟན་པའི་མི་མཐུན་ཕྱོགས་ཀྱི་དྲི༷་མ༷་རྣམ༷ས་ནི་ཤིན་ཏུ་སྟོབ༷ས་དང༷་ལྡན༷་པའི༷་དུས༷་སུ༷་རིགས༷་པར་བྱས་ནས༷་ནི༷། ཐར༷་པ༷་འདོ༷ད་པ༷་དག༷་གིས༷་བག༷་ཡོ༷ད་པར་གྱིས་ལ་བསྟན་པ་འཛིན་པ་ལ་ རྣམ་པར་བརྩོན་པར་གྱི༷ས་ཤིག་ཅེས་གདམས་སོ། །བཞི་པ་མཇུག་གི་དོན་ལ། སློབ་དཔོན་གང་གིས་མཛད་པའི་མཛད་བྱང་དང་། ལོ་ཙཱ་བ་གང་གིས་བསྒྱུར་བའི་བསྒྱུར་བྱང་སྨོས་པ་གཉིས། དང་པོ། ཆོ༷ས་མངོ༷ན་པ༷འི་ མཛོ༷ད་ཀྱི༷་ཚི༷ག་ལེ༷འུར་བྱ༷ས་པ༷་སློབ༷་དཔོ༷ན་ཤཱ༷ཀྱའི་དགེ༷་སློ༷ང་དབྱི༷ག་གཉེ༷ན་གྱི༷ས་མཛ༷ད་པ༷་རྫོ༷གས་སོ༷།། །།གཉིས་པ། རྒྱ༷་ག༷ར་གྱི༷་མཁ༷ས་པ༷་ཛི༷་ན༷་མི༷་ཏྲ༷་སྟེ་རྒྱལ་བའི་བཤེས་གཉེན་ད༷ང་། ཞུ༷་ཆེ༷ན་གྱི༷་ལོ༷་ཙཱ༷་བ༷་བ༷ནྡེ༷་དཔ༷ལ་བརྩེ༷གས་ཀྱི༷ས་བསྒྱུ༷ར་ ཅི༷ང་ཞུ༷ས་ཏེ༷་གཏ༷ན་ལ༷་ཕ༷བ་པ༷འོ༷།། ༈ །།འདིར་སྨྲས་པ། ས་བཅད་ཅུང་ཟད་མང་ཡང་འགྲེལ་པ་ཆུང་ངུ་ཞིག་དང་མཉམ། །མངོན་པ་ཤིན་ཏུ་དཀའ་ཡང་འདི་དང་སྦྱར་ན་ཕྱོགས་ཙམ་རྟོགས། །དཔེ་གཞན་ སུ་མི་འདྲ་ཡང་དབྱིག་གཉེན་རང་གི་དགོངས་པར་མཐུན། །བླུན་པོ་སུ་མ་མགུ་ཡང་ཆོས་ཀྱི་རྗེས་འབྲང་འགའ་ལ་ཕན། །ས་བཅད་གང་གིས་སྤྱི་དང་བསྡུས་དོན་མཚམས་སྦྱར་ལ་སོགས་གསལ་བྱེད་པ། །གཞུང་ལ་ལྟ་བའི་མིག་ 3-1-304b ཡིན་གཞན་དུ་བྱིས་པས་རྡེའུ་བགྲངས་པ་ལྟར། །གྲངས་ཙམ་སྨྲོས་ཀྱང་དོན་གྱི་གོ་བར་ཕན་པ་དཀའ་ཕྱིར་འདི་ལྟ་བུ། །འབད་པས་བྱས་སོ་འདི་ལ་བརྟེན་ནས་རྒྱས་དང་བསྡུས་པའི་ཚུལ་ཤེས་མཛོད། །ཅེས་ཤེས་བྱའི་ཆོས་ ཀྱི་རྣམ་གྲངས་རྒྱ་ཆེ་བའི་རིན་པོ་ཆེ་མཐའ་དག་གི་འབྱུང་གནས། མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཛོད་ཆེན་པོ་ལ་སོགས་པ་ལེགས་པར་བཤད་པའི་ཆུ་ཀླུང་འབུམ་ཕྲག་གཅིག་ཏུ་འདུས་པའི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་དམ་པའི་ཆོས་ མངོན་པ་མཛོད་ཀྱི་བསྡུས་དོན་ས་བཅད་རིན་པོ་ཆེའི་དོ་ཤལ་ཞེས་བྱ་བ་འདི་ནི། དཔལ་ལྡན་ས་སྐྱའི་རིང་ལུགས་དྲི་མ་མེད་པ་འཛིན་པའི་བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་པོ་བཀྲ་ཤིས་ལྷ་རྩེར་སྡོམ་བརྩོན་བློ་གྲོས་གསལ་བ་འཕགས་ནོར་གྱི་ གྲངས་ལ་མཛོད་ཀྱི་བཤད་ཁྲིད་བགྱིས་པའི་སྐབས་སུ་རྙིང་བཙུན་མི༷་ཕམ༷་བློ༷་གྲོས༷་དྲི༷་མེ༷ད་ཀྱིས་བཀོད་པའི་དགེ་བས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པའི་སྒོ་ནས་ཡུན་རིང་དུ་འཕེལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ། །ས་ བཅད་མཇུག་རྩོམ་མོ། །སྨྲས་པ། གང་དག་སྲིད་ལས་ཡིད་འབྱུང་རྣམ་གྲོལ་གྱི། །གོ་འཕང་དོན་གཉེར་བགྱིད་པའི་བློ་ལྡན་རྣམས། །ཆོས་རབ་རྣམ་འབྱེད་རྒྱས་པའི་ས་བོན་གྲུང་། །ཆོས་ མངོན་མཛོད་ཡིན་ཀུན་ནས་འཇུག་པར་མཛོད། །དེ་ཕྱིར་གསུང་གསང་ཚིག་དང་དོན་གྱི་ཆ། །ཤིན་ཏུ་རྟོགས་པར་དཀའ་ཡང་ལྷག་བསམ་བློས། །གཟུར་གནས་བློ་ལྡན་འགའ་ལ་ཕན་སྙམ་སྟེ། །ཉུང་ངུས་དོན་རྣམས་གསལ་བའི་ 3-1-305a འགྲེལ་བཤད་བཀོད། །དེ་ལས་བྱུང་བའི་ལེགས་བཤད་ཤིང་རྟ་ཡིས། །གདུལ་བྱའི་ཡིད་མཁར་ཐུབ་བསྟན་ཉིན་བྱེད་དབང་། །བཟང་པོའི་གོ་ལར་དྲངས་ནས་རྨོངས་པའི་སྨག །བསལ་ནས་ཀུན་མཁྱེན་ གོ་འཕང་འཐོབ་གྱུར་ཅིག །ཕན་བདེའི་འབྱུང་གནས་ཐུབ་པའི་ལུང་རྟོགས་ཆོས། །བསྟན་འཛིན་དམ་པས་འཛིན་སྐྱོང་སྤེལ་སྒོ་ནས། །དུས་དང་ཕྱོགས་ཀྱི་འཁོར་ལོ་ཀུན་ཁྱབ་སྟེ། །འགྲོ་རྣམས་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག ། དེ་ཡང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཅིང་མཁས་པའི་མདུན་སར་མི་འཇིགས་པའི་སྤོབས་པ་མཆོག་ཏུ་དགེ་བ་མི་ཕམ་རིན་པོ་ཆེ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་བཀའ་མཆན་འདིའི་ ཁུངས་མངོན་པའི་རྒྱན་སོར་བཞག་ལས་ཚིག་སྣ་བསྡུས་པས་ཅུང་གོ་དཀའ་བ་རྣམས་གཞུང་དང་མཐུན་པར་དག་སྦྱོར་ཙམ་ལས་རང་ཚིག་གི་བསྲེ་བསླད་མེད་པར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀཿཐོག་པའི་སློབ་འབངས་ཡོངས་ཀྱི་ ཐ་ཤལ་བཙུན་གཟུགས་སྐལ་བཟང་མིང་གིས་རྗེ་བླ་མ་ཐམས་ཅད་མཁྱེན་པའི་སི་ཏུ་རྡོ་རྗེ་འཆང་གི་བཀའ་བཞིན་ཉིན་དགོན་བསམ་གཏན་གླིང་གི་སྒྲུབ་ཁང་དུ་ཞལ་བཤུས་པ་དགེ་ལེགས་འཕེལ།། །།འདི་ལྟར་ཀཿཐོག་སི་ཏུ་པཎ་ཆེན་རིན་ པོ་ཆེའི་བདག་རྐྱེན་ལས་སྡེ་སྣོད་འཛིན་པ་སྐལ་བཟང་དབང་ཕྱུག་གིས་ས་བཅད་དང་ཕྱག་མཆན་དཀྱུས་སུ་བཀོད་པ་ལས། སླར་རབ་ཚེས་མེ་སྟག་ལོར་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གླིང་དུ་ཀུན་གཟིགས་རྒྱལ་ཚབ་རིན་པོ་ 3-1-305b ཆེ་འགྱུར་མེད་པདྨ་རྣམ་རྒྱལ་དང་། ཁོ་བོ་ས་མནྟ་དྷརྨ་ཀཱིརྟི་བཅས་པས་ཕྱག་མཆན་འགྲེལ་པར་གཏུགས་ནས་ཞུས་ཤིང་དག་པར་བྱས་པ་འདིས་བསྟན་འགྲོ་ལ་ཕན་པ་བླ་ན་མེད་པ་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ་ནམ་མཁའ་དང་མཉམ་པར་གྱུར་ཅིག། །། ཨོཾ་སྭ་སྟི། རྒྱ་ཆེའི་ཆོས་མངོན་རིན་ཆེན་མཛོད་ཁང་གི། །བྱེད་པོ་སངས་རྒྱས་གཉིས་པ་དབྱིག་གི་གཉེན། །འཇིག་རྟེན་ཀུན་གྱི་མིག་གཅིག་གཞུང་བཟང་འདི། །མཁས་པ་རྣམས་ཀྱི་ཐོས་པའི་ནོར་གྱི་མཆོག༡། འདི་ཡོད་པས་ནི་ཀུན་མཁྱེན་ཆེ་ཐོབ་ཅིང་། །འདི་དོན་བཀྲལ་ལ་འཛམ་གླིང་མཛེས་རྒྱན་དེ། །སླར་ཡང་དངོས་བྱོན་འཇམ་དབྱངས་བླ་མ་ནི། །མི་ཕམ་རྒྱ་མཚོ་ལས་གཞན་སུ་ཞིག་ཡོད། ༢། གང་གི་རྣམ་འགྲེལ་རྣམ་གསལ་མེ་ལོང་གི ། ངོ་མཚར་འཕྲུལ་ཆེན་ཤིང་གི་ལྷ་མོས་བཟུང་། །འདིར་ལྟོས་ཐམས་ཅད་མཁྱེན་པའི་གོ་འཕང་ནི། །དཀའ་བ་མེད་པ་མྱུར་དུ་ཐོབ་ངེས་སོ། ༣། ཞེས་པའང་ཞེ་ཆེན་ནས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་དགོངས་རྫོགས་སུ་སྤར་དུ་བསྒྲུབ་ སྐབས་མཁྱེན་བརྩེའི་དབང་པོའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་སིདྡྷི་དྡྷ་བ་ཏུ།། །།ལེགས་བཤད་ཉི་ཟླའི་སྣང་བས་འཛམ་གླིང་ཁྱོན། །ཀུན་ཏུ་རབ་ཁྱབ་བཀྲ་ཤིས་དཔལ་འབར་ཞིང་། །བཤད་ སྒྲུབ་པདྨའི་དགའ་ཚལ་རབ་རྒྱས་པ། །རྟག་ཏུ་མི་ཉམས་གོང་ནས་གོང་འཕེལ་ཤོག །ཤིང་སྦྲུལ་ཟླ་ ༧ ཚེས་ ༤ ལ་འཕྲལ་དྲན་དགེ། །ཚོགས་གཉིས་འོ་མཚོ་བསྲུབས་ལས་ཉེར་འཁྲུངས་བའི། ། 3-1-306a མཚན་དཔེའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས། །ཆོས་འཁོར་གསུམ་གྱི་སྣང་བས་སྲིད་པའི་ཁྱོན། །གསལ་མཛད་ཐུབ་པ་ལྷ་མིའི་བླ་མར་འདུད། ༡ ། རྒྱལ་ བསྟན་བདོག་རྒུས་དབུལ་བ་གངས་ལྗོངས་སུ། །འཕགས་ཡུལ་རིན་ཆེན་གླིང་ནས་ཆོས་ཀྱི་ནོར། །འཛད་མེད་འདྲེན་པའི་དེད་དཔོན་ཆེ་རྒུའི་མགོན། །མཚོ་སྐྱེས་རྡོ་རྗེའི་བཀའ་དྲིན་མི་དྲན་སུ། ༢ ། རྒྱལ་བའི་དགོངས་པ་རྙོག་མེད་བཀྲལ་བ་ལ། །རྒྱལ་བ་ཉིད་དང་རྣམ་དབྱེར་མི་མངའ་བ། །རྒྱལ་བས་ལུང་བསྟན་སློབ་དཔོན་དབྱིག་གཉེན་ཆེ། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ན་མཐོ། ། ༣ མངོན་པའི་སྡེ་སྣོད་ཟབ་ཡངས་རྒྱ་མཚོ་ནས། །དྲངས་མཁས་འཇམ་མགོན་མི་ཕམ་རྣམ་རྒྱལ་གྱི། །ཐུགས་ཀྱི་དབལ་བེའུ་འཁྱིལ་གང་འདིར་བསྩལ་བ། །གུས་པས་མཆོད་ལ་མི་བྲེལ་འདི་ན་སུ། ། ༤ མགོན་དེའི་རྣམ་དཔྱོད་ཉམས་དགའི་སྐྱེད་ཚལ་ནས། །སྔོན་མེད་ལེགས་བཤད་ཨུ་དུམ་ཝ་ར་འཛུམ། །ཉེས་བཤད་འདམས་ཀྱི་དྲི་མའི་ཆ་བྲལ་བས། །གཟུར་གནས་མཁས་པའི་རྐང་དྲུག ། ཡིད་དབང་འཕྲོག ༥ །ཚུལ་འདི་མི་ཉམས་ཀུན་ཏུ་འཕེལ་བའི་ཕྱིར། །གཅིག་ལས་དུ་མར་འཇོ་བ་པར་གྱི་འཕྲུལ། །རིན་ཆེན་དྭངས་ཤེལ་ངོས་སུ་བརྒྱ་ཕྲག་གཟུགས། །འཆར་དང་ཆོས་མཚུངས་ 3-1-306b སྤེལ་བའི་དགེ་ཚོགས་ཀྱིས། ༦ །ཐུབ་པའི་བསྟན་པ་སྤྱི་དང་ཁྱད་པར་དུ། །ངེས༷་དོན༷་སྙིང་པོའི་རིང་ལུགས་འཛིན་པའི་སྡེ། །དགའ༷་བ་བརྒྱ་ཕྲག་ལྡན་པའི་ཚལ༷་ཆེན་པོས། ། མཚོན་པའི་འཛམ་གླིང༷་ཐ་གྲུར་ཁྱབ་གྱུར་ཅིག ༧ །བསྟན་འཛིན་ཚོགས་རྣམས་ཞབས་པད་ཡུན་དུ་བརྟན། །མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པར་བརྡལ། ། རིག་གྲོལ་ཡོན་ཏན་རྒྱ་མཚོའི་དཔལ་མངའ་བ། །བསླབ་གསུམ་ངུར་སྨྲིག་འཛིན་པས་ཁེངས་གྱུར་ཅིག༨། ཁམས་གསུམ་སྲིད་པའི་བཙོན་ཁང་དོས་དྲག་པོར། །ལས་ ཉོན་ཞགས་པས་བཅིངས་པའི་མ་རྒན་རྣམས། །རྣམ་གྲོལ་གཏན་བདེའི་ཁང་བཟང་རིན་པོ་ཆེར། །ངལ་མེད་བདེ་བླག་བགྲོད་པའི་རྒྱུར་གྱུར་ཅིག ༩ །ཅེས་པའང་དམ་ 3-1-307a ཆོས་རིན་པོ་ཆེ་མངོན་པ་མཛོད་ཀྱི་མཆན་འགྲེལ་བློ་གསལ་དགྱེས་པའི་མགུལ་རྒྱན་ཞེས་བྱ་བ་འདི་ཉིད་སྔ་འགྱུར་རིག་གཞུང་སློབ་གཉེར་ཁང་ ངེས་དོན་དགའ་ཚལ་གླིང་གི་གསུང་རབ་རྒྱུན་སྤེལ་འཕྲུལ་པར་ཁང་ནས་པར་བསྐྲུན་ཞུ་སྐབས་པར་བྱང་སྨོན་ཚིག་ཏུ་མཁས་པ་དང་གྲུབ་པའི་འབྱུང་གནས་འོག་མིན་གཉིས་པ་ཨོ་ རྒྱན་སྨིན་གྲོལ་གླིང་གི་ཆོས་སྡེ་ཆེན་པོའི་གྲལ་མཐར་བསྙེགས་པ་མཁོ་སྤྲུལ་འགྱུར་མེད་མདོ་རྒྱུད་རྒྱ་མཚོས་སྨོན་པ་དགེ་ལེགས་སུ་གྱུར་ཅིག། །། 3-1-307b empty page