6-1-1a ༄༅། །འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་སྤྱིའི་དོན་མཐའ་དཔྱད་དང་བསྡུས་དོན་ས་བཅད་དང་འབྲུ་ཡི་དོན་མཐར་ཆགས་སུ་གཉེར་བ་བཅས་འཛམ་བུའི་གླིང་གསལ་བར་བྱེད་པའི་རྒྱན་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་གླེགས་བམ་དང་པོ་བཞུགས་སོ།། 6-1-1b ༄༅། །བསོད་ནམས་ཡེ་ཤེས་ཚོགས་གཉིས་ཉི་འོད་བཟང་པོས་མཛེས་པའི་རྣམ་མཁྱེན་ཟླ་ཤེལ་ཁང་བཟང་ཉམས་དགའ་གྲུགས་རྗེའི་མདའ་ཡབ་དཀར་པོ་ བྲེས། །ཆོས་འཁོར་བྱེ་བའི་ནོར་བུའི་ཕྲ་ཚོམ་བཀོད་པའི་མྱོས་སྲུང་རྩེར་ཕྱོགས་མངོན་པར་རྟོགས་པའི་ན་ཆུང་མ་རྣམས་འབྲས་ཐོབ་འཛུམ་དཀར་འགྱེད། །སྐུ་ གསུམ་ཉི་མའི་རྒྱལ་མཚན་མངོན་བསྒྲེངས་མཆོག་གྲུབ་རྨ་བྱའི་གདུགས་ཀྱི་གྲིབ་བསིལ་སྲིད་གསུམ་འགྲོ་ལ་རབ་དགའ་སར་པའི་དབུགས་འབྱིན་སྦྱིན། །སྤྲིན་དཀར་ ཕུང་པོའི་གྲོང་གི་ཟེར་འཕྲོག་གྲགས་སྙན་དཀར་པོའི་བ་དན་རབ་བསྐྱོད་ཕྱོགས་ཀྱི་རྒྱན་གྱུར་ཤྲཱི་མཱན་ཤཱཀྱ་མུ་ནི་ཀ །གང་དེའི་ཞབས་སེན་ཟླ་བ་དཀར་པོའི་ཕྲེང་། ། 6-1-2a དད་པའི་འཇའ་ཚོན་དབུས་ནས་གར་བྱེད་པོ། །སྐལ་བཟང་རྣམས་ཀྱི་གཙུག་གི་ཤར་རི་ལ། །མགོན་དུ་འཆར་བའི་རྒྱན་དེ་རྒྱལ་གྱུར་ཅིག །ཁམས་གསུམ་པོ་ལ་ཆགས་བྲལ་དྲི་ མེད་པདྨའི་རྩེར། །ཡིད་སྲུབས་དཔུང་ཟློག་བུང་བ་རོལ་པའི་ཟློས་གར་གྱིས། །ཉེར་ཞིའི་སྦྲང་རྩི་ལྷག་མེད་རོ་མངར་ཐོབ་གྱུར་པ། །ཟག་མེད་གླུ་ལེན་དགྲ་བཅོམ་གཤོག་ཡངས་འདར་དེར་དད། ། གསུང་རབས་ཨུཏྤལ་བཞད་པའི་ལྟེ་བ་ནས། །རྣམ་དཔྱོད་ཕམ་པ་བྲལ་བའི་ལུང་རིགས་ཀྱིས། །འདུལ་བ་ཡིད་བཞིན་མགྲིན་སྙན་བསྒྱུར་བྱས་ཏེ། །དོན་གྲུབ་གར་བྱེད་ཡོན་ཏན་འོད་ལ་འདུད། །ཐུབ་ བསྟན་བྱི་དོར་བྱེད་པའི་རྔ་གསང་ཆེ། །ཆོས་མིན་ངོ་སྤྲོད་བྱེད་ཀྱིས་སྒྲོག་བཞིན་པར། །མ་ནོར་ལམ་བཟང་ཆར་རྒྱུན་འབེབས་པ་ཡི། །འགྲོ་བའི་སྲོག་འཛིན་ཀརྨ་ཀཿདེར་མོས། །གངས་རིའི་ལུས་ 6-1-2b ལྡན་ཟླ་བའི་བཞིན་རས་ཅན། །སྤྲིན་དཀར་ཕུང་པོའི་གོས་ཟུང་གིས་མཛེས་མ། །ཧ་རི་ཙནྡན་དྲི་ངད་ལྡང་བཞིན་པར། །དབྱངས་ཅན་མ་ཁྱོད་མྱུར་བར་ད་སྤྱོན་དང་། །དབྱངས་ཅན་སར་མའི་རོལ་མཚོ་བཞད་པའི་གཞིར། །དབྱེར་མེད་འཆར་བའི་དཔལ་ལ་ལོངས་སྤྱོད་ ནས། །ཐར་འདོད་མཛའ་བོའི་སྙིང་གི་པདྨ་ལ། །དབྱངས་ཅན་བླ་མའི་རོ་ཟིལ་ངལ་གསོར་བརྟན། །ངེས་པར་འབྱུང་བའི་བསྟན་ལ་ལྡང་བའི་ཡིད། །དད་པའི་ཐལ་མོ་སྤྱི་བོར་བཀོད་བྱས་ཏེ། དགའ་བའི་གདུང་ཤུགས་རང་དབང་མེད་པ་ཡི། །མཆི་མ་བཀླགས་པའི་སྡུག་གུས་ ངག་འདི་ཉོན། །སྟོང་སྐད་ཕུཊ་སྒྲ་སྒྲོག་ཅིང་བདག་ཏུ་ཞེན་པའི་སེམས་ཀྱི་རོ་སྨད་འཁྱིལ། །བག་མེད་སྤྱོད་པའི་ཆུ་རིས་རྣམ་པར་བཀྲ་བས་གྲོལ་བར་ལྟ་བའི་སྤྲིན། །ཆོས་མིན་ཆོས་སུ་སྟོན་པའི་ལྕེ་གཉིས་ཁོང་ནས་འཐུལ་ཞིང་ཁ་རྦད་ཀྱི། །གནམ་ལྕགས་དྲག་པོར་ ལྷུང་བའི་ཞིག་པོ་ངོ་མཚར་ཅན་ལ་འདི་མི་མཚར། །འཁོར་བའི་སྡུག་བསྔལ་གཞོམ་འདོད་གཤོག་བཏེག་ཅིང་། །འགྲོ་བ་སྲིད་པའི་བཀྲེན་ལས་སྒྲོལ་བ་དང་། །རྣམ་གྲོལ་སྦྲང་རྩིའི་འབྱུང་གནས་བསྙེགས་འདོད་པའི། །བུང་བ་མོ་ལ་ཕན་ཕྱིར་ངས་འདི་བརྩམ། ། དེ་ལ་རང་རེའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་ རྣམས་ཀྱི་སྟོན་པ་ཟས་གཙང་གི་སྲས་ཤཱཀྱའི་སྐྱེས་མཆོག་དེ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པའི་རིགས་ཆེན་པོའི་རྒྱུད་ལས་བྱུང་ཞིང་ཟག་པ་དང་ཟག་པ་མེད་པའི་ལེགས་བྱས་ཀྱི་མ་མ་རྣམས་ཀྱིས་ཡང་དག་པར་བསྐྱངས་ཏེ་འདོད་པ་དང་སྲིད་ 6-1-3a པ་ལས་རིང་དུ་འཕགས་པའི་དབང་པོ་དང་མེས་པོ་དག་གིས་བདེན་པ་མངོན་པར་རྟོགས་པའི་ཆུས་ཁྲུས་གསོལ་བ། བསོད་ནམས་སྤེལ་བའི་ཞིང་མཆོག་ཏུ་གྱུར་པས་སྐྱེ་བོ་ཀུན་གྱི་ཡིད་དུ་འཐད་པ། མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་དག་ གིས་འགྲན་ཟླ་མེད་པའི་སྐྱེས་བུར་ཕྱེ་བ། ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་སྐུ་གཞོན་ནུའི་ལང་ཚོ་ཅན་སེམས་ཅན་གྱི་ཁམས་དང་དབང་པོའི་སྤྱོད་ཡུལ་དང་མཐུན་པར་འབབ་ཅིང་ཉེ་བར་གཞོལ་བ་དེ་ཉིད་བསྐལ་པ་གྲངས་མེད་གསུམ་དུ་ལམ་ཡོངས་སུ་གོམས་པའི་ སྲིད་སྡེ་ཆེན་པོ་དང་བཅས། བྱམས་པའི་གོ་ཆས་ཡང་དག་པར་བརྒྱན། སྙིང་རྗེ་ཆེན་པོའི་མཚོན་ཆའི་ཚོགས་རྡོ་རྗེ་ལས་ཀྱང་རྣོ་བ་དང་ལྡན་པ་དག་གིས་ཡང་དག་པར་འབྱོར། བདུད་བཞི་ལས་མངོན་པར་རྒྱལ་བའི་དཔུང་གི་ཚོགས་ཡན་ལག་བཞི་མངོན་པར་བཤམས། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་གསེར་གྱི་འཁོར་ལོ་ནམ་མཁའ་ལ་རབ་ཏུ་འཕགས། རྣམ་གྲོལ་གྱི་ཕུང་པོ་ལྔའི་རྣམ་པར་རྒྱལ་བའི་རྔ་ཆེར་བརྡུངས་པས་ལུས་མེད་ཀྱི་དབང་པོའི་ཁང་བཟང་གི་ཏོག་འདར་བར་བྱས་པའི་མོད་ལ་ཡིད་སྲུབས་འཁོར་དང་བཅས་ པའི་དྲེགས་པའི་དུག་འཁྲུལ་པའི་ཅ་ཅོ་དང་བཅས་པ་རང་གནས་ནས་ལྷགས་ཏེ་རབ་ཏུ་འཁྲུགས་པའི་གཡུལ་ངོ་ནི་གང་གི་སྟོབས་བརྫི་བ་མེད་པ་དང་ཤེས་རབ་ཟིལ་གྱིས་མི་ནོན་པའི་དཔའ་བོ་དག་གིས་ཕམ་པར་བྱས་ཏེ་མི་འཇིགས་པ་བཞིའི་སེང་གེའི་ཁྲིར་སེམས་ ཅན་ཐམས་ཅད་ཀྱི་སྟོན་པར་དབང་བསྐུར་བ་ཟླ་མེད་པའི་ཅོད་པན་ཟེའུ་ཁ་དང་བཅས་པ་སྤྱི་བོར་བཀོད་ཅིང་། འགྲོ་བའི་ཁམས་དང་ས་པ་དག་གི་འཛིན་མའི་གཞི་ཆེན་པོ་སྐྱོང་བར་ཞལ་གྱིས་འཆེས། གུས་པ་དང་མི་གུས་པ་ལ་ཉེ་རིང་གི་ཐུགས་འདུ་བྱེད་པ་མེད་ 6-1-3b པར་སྙོམས། ལྟ་བ་དང་སྤྱོད་པའི་བཀའ་རྟགས་ཀྱི་ཕྱག་རྒྱས་དུས་གསུམ་གྱི་བདེ་བར་གཤེགས་པ་དག་གིས་ཉེ་བར་བསྟན་པའི་བཀའ་ཁྲིམས་ཀྱི་དྲིལ་བསྒྲགས། སློབ་པ་འཕགས་པའི་གང་ཟག་དང་དབང་ཐོབ་པའི་སེམས་དཔའ་ཆེན་པོའི་ཁམས་ཀྱི་རྒྱལ་ཕྲན་དག་གི་ སྤྱི་བོར་ཞབས་ཀྱི་འཁོར་ལོ་བཀོད། སྐྱེ་བོ་རྣམས་རྣམ་པར་གྲོལ་བའི་གཞལ་མེད་ཁང་ཆེན་དུ་འཇུག་པའི་རྣམ་པར་ཐར་པའི་སྒོ་བཞི་པོ་ནི་ཡང་དག་པར་ཕྱེས། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམ་པར་དག་པའི་ཆར་རྒྱུན་དྲི་མ་མེད་པ་ནི་ཕབ། གདུལ་བྱ་རྣམས་ཀྱི་ ཕུང་ཁམས་སྐྱེ་མཆེད་སྒྲིབ་བྲལ་དུ་བྱེད་པའི་མྱུ་གུ་ནི་གྲུང་པོར་བྱས། ཁམས་གསུམ་ལས་ཡང་དག་པར་འདས་པའི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པའི་ཕོ་བྲང་གི་དཔངས་ནི་བལྟར་མི་མངོན། དེར་ཆོ་འཕྲུལ་རྣམ་པ་གསུམ་གྱི་རོལ་གར་གྱི་ལྟད་མོ་ནི་ རྒྱ་ཡོངས་སུ་མ་ཆད་པར་གང་། རང་ཉིད་ཀྱི་མགོན་དུ་སྲུང་བ་ཐམས་ཅད་ཀྱི་མདུད་པ་དང་གདུང་བ་དང་སྲེད་པ་དང་ཆུ་བོ་ནི་ཕྱིར་བཟློག །སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་དཔྱ་ཆེན་པོ་དག་ངང་གིས་འདུས། ཡང་དག་པའི་མཐའ་གཙང་བ་དམ་པའི་ བཙུན་མོ་དག་གི་མངལ་འཕགས་པའི་ཚོགས་ཀྱི་རིགས་ཀྱིས་བཟུང་། སེམས་ཅན་མཐའ་དག་ལ་གཟིགས་ཤིང་ཉེས་པའི་ཚོགས་ཀྱི་ཕྱིར་རྒོལ་ཚར་གཅོད་པའི་བློན་པོ་རིན་པོ་ཆེ་དང་གླང་པོ་རིན་པོ་ཆེ་རྣམས་ཡོངས་སུ་དར། མདོར་ན་འཇིག་རྟེན་གྱི་གཙོ་བོ་ཆོས་ཀྱི་རྒྱལ་པོ་ སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་དཔེ་ཟླ་མ་མཆིས་པ་དེ་ཉིད་བསླབ་པ་གསུམ་ཡོངས་སུ་དག་པའི་སྐུ་གསུང་ཐུགས་རྫོགས་ལྡན་གྱི་སྤྲིན་ཆེན་པོ་ལས་ཡང་དག་པར་ཐོན་པའི་ཆོས་ཀྱི་བདུད་རྩི་ལན་གསུམ་དུ་འགྱེད་པའི་ལན་དང་པོ་བཀའ་བདེན་པ་བཞིའི་ཆོས་ཀྱི་འཁོར་ 6-1-4a ལོར་གྲགས་པའི་ཁོངས་སུ་གཏོགས་པ་གཙོ་ཆེ་བའི་དབང་དུ་བྱས་ཏེ་ཐེག་པ་གསུམ་ཆར་ལ་འཇུག་པའི་གང་ཟག་དག་གི་ཕྲ་རྒྱས་འཇོམས་ཤིང་དགེ་བའི་རྩ་བ་སྐྱེད་པར་བྱེད་པ་ཐུན་མོང་གི་འདུལ་བའི་ཡོན་ཏན་ལ་ཆེ་བ་བརྗོད་པར་འདོད་དེ། དེའང་ དེ་བཞིན་གཤེགས་པའི་སྡེ་སྣོད་གསུམ་ལས། འདུལ་བའི་སྡེ་སྣོད་འདི་མདོ་སྡེ་དང་མངོན་པ་དག་འཕེལ་བ་དང་ཀུན་འཛིན་པའི་རྒྱུ་ཡིན་ཏེ། འདུལ་བ་ལ་བསྟོད་པར། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་ བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །གཞི་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཞེས་སོ། །ས་གཞི་ལས་ཤིང་གི་མྱུ་གུ་ནས་འབྲས་བུའི་བར་གང་འདོད་པ་འབྱུང་བ་བཞིན་སྡོམ་བརྩོན་དགེ་སློང་དགེ་ཚུལ་སོགས་འབྱུང་སྟེ། སྡོམ་པ་སྐྱེ་བ་དང་སྲུང་བ་ དང་ལེགས་པར་སྦྱོར་བའི་ཕྱིར་བྱམས་པ་སྒོམ་པ་ལ་སོགས་པའི་བསོད་ནམས་ཀྱང་སྐྱེ་བར་འགྱུར་ལ། བསམ་གཏན་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་གནས་དང་རྟེན་ཡིན་པས་ས་ལྟ་བུ་སྟེ། ཇི་ལྟར་ས་ནི་སྐྱེ་རྒུ་རྣམས་ཀྱི་གཞི། །དེ་ལས་འབྲུ་རྣམས་སྐྱེ་བར་ འགྱུར་བ་བཞིན། །དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཚུལ་ཁྲིམས་ཡོན་ཏན་རྣམས་ཀྱི་གནས་སུ་དགོངས། །དེ་ཡི་གནས་སུ་འདུལ་བ་ཡིན་པར་གསུངས། །འདི་ལ་གནས་པར་གྱུར་ན་མཐར་ཕྱིན་ འགྱུར། །འདི་ལ་མི་གནས་མཐར་ཕྱིན་ག་ལ་འགྱུར། །ཞེས་སོ། ། འདིས་ཚུལ་ཁྲིམས་འཆལ་བའི་ཆུ་ཀླུང་བཟློག་ནས་ཚུལ་ཁྲིམས་དག་པར་བྱས་པས་བྱང་ཆུབ་གསུམ་གའི་རྒྱུའི་གཙོ་བོ་ཡིན་ཏེ། ཇི་ལྟར་ཆུ་ལོན་མི་ཕྱེད་སྲ་བ་ཡིས། །ཆུ་ཀླུང་ཆེ་ཡང་བཟློག་པར་ 6-1-4b འགྱུར་པ་ལྟར། །དེ་བཞིན་འདུལ་བ་འཕགས་པའི་ཆུ་ལོན་འདིས། །ཚུལ་ཁྲིམས་འཆལ་བའི་ཆུ་ཀླུང་བཟློག་པར་འགྱུར། །སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང་། །བྱང་ཆུབ་གང་བརྙེས་ཐུབ་བློ་རྣམ་དག་པའི། །སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་ རྣམས། །དེ་ལའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཞེས་སོགས་འདུལ་བ་རྫོགས་པར་གནས་ན་སངས་རྒྱས་ཀྱི་བསྟན་པ་གནས་ཤིང་འདུལ་བ་ནུབ་ན་བསྟན་པ་ནུབ་པར་འགྱུར་ལ། སངས་རྒྱས་མེད་ཀྱང་ལྷའི་མདོ་ལ་སོགས་པ་མདོ་སྡེའི་ཡན་ལག་དམ་དུམ་མང་ པོ་ཡོད་ནའང་བསླབ་པ་བཅའ་བ་མེད་པས་བསྟན་པ་མེད་ལ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཡང་འདུལ་བ་མེད་ན་བསླབ་པ་ལ་འཇུག་པ་མེད་པས་ན་སངས་རྒྱས་དང་ཆོས་གཞན་པས་ཀྱང་འདུལ་བ་ནི་ཆེས་ཆེར་དཀོན་ཏེ། ཇི་སྐད་དུ། ཇི་སྲིད་འགྲོ་འདིར་རྒྱལ་ བ་ཐམས་ཅད་ཀྱི། །མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང་། །བཟློག་པར་གྱུར་ན་ཞི་བ་ཐོབ་པར་འགྱུར། །སངས་རྒྱས་མི་བཞུགས་འཇིག་རྟེན་ཚིགས་བཅད་དང་། །མདོ་སྡེའི་ཡན་ལག་དེ་དང་དེ་དག་ སྤྱོད། །བསླབ་འཇུག་མེད་ན་འདུལ་བའང་མེད་འགྱུར་བས། །དེ་ཕྱིར་རྒྱལ་བ་དག་པས་ཆེས་འདི་དཀོན། །འཇོག་བྲལ་སེམས་གླང་ལྕགས་ཀྱུ་འདི་ཡིན་ཏེ། །གདུལ་བྱ་མ་ཐུལ་བ་ཡི་སྲབ་འདི་ཡིན། །ར་བའི་མཚམས་ཀྱི་འོབས་དང་འདྲ་བ་སྟེ། །ཟག་པ་ཀུན་གྱི་ ཆུ་ལོན་འདུལ་བ་ཡིན། །རྒྱལ་བ་སྟོན་པ་དེ་ཡི་བསྟན་པ་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་འགྱུར་ཕྱག་བྱས་སངས་རྒྱས་ཆོས་གཅིག་བཞིན། །ཞེས་པས། གདུལ་བྱ་མ་ཐུལ་བའི་སེམས་ 6-1-5a ཀྱི་གླང་པོ་དང་རྟ་རྒོད་འདུལ་བའི་ལྕགས་ཀྱུ་དང་སྲབ་ལྟ་བུ་དང་། འདའ་བར་བྱ་བ་ཡིན་མིན་གྱི་མཚམས་འབྱེད་པའི་ར་བ་ལྟ་བུ་དང་ཟག་པའི་ཆུ་བོ་འགོག་པའི་ཆུ་ལོན་ལྟ་བུ་ཡིན་ཅིང་། མདོ་སྡེ་དང་མངོན་པ་ནི་སངས་རྒྱས་ཀྱི་བསྟན་པའི་ཆོས་ ཙམ་ཡིན་ལ་འདུལ་བ་ནི་ཆོས་དང་སྟོན་པ་གཉིས་གཞི་མཐུན་པ་ཡིན་པས་ཆེས་ཁྱད་པར་དུ་འཕགས་ལ། འདུལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གུས་པར་བྱ་བའི་སྐྱབས་གནས་ཡིན་ཅིང་རང་བཞིན་བསྲུང་བའི་ཕྱིར་བཅས་པའི་བསླབ་པ་གསུངས་ པས་དེ་ལས་འདས་ནའང་སྡུག་བསྔལ་ཆེན་པོ་འཐོབ་སྟེ། ཇི་སྐད་དུ། གང་ལ་བརྟེན་ཏེ་གནས་པའི་སངས་རྒྱས་རྣམས། །དེ་ལ་གུས་བྱས་ཞེ་སར་བཅས་འགྱུར་ཞིང་། །དེ་ནི་མགོན་བས་མགོན་ཡིན་སྐྱབས་གནས་ཡིན། །དེ་ཕྱིར་རབ་བསྒྲིམས་འདུལ་ལ་ཕྱག་ འཚོལ་ཅིག །གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་ན། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨིག་ཚལ་དྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང་། །འདས་ ན་ལན་འགའ་ཆད་པ་འཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་འབྱུང་བ་ལྟར་ཆེ་བའི་བདག་ཉིད་དུ་གྱུར་པ་དམ་པའི་ཆོས་འདུལ་བ་ཡིད་བཞིན་གྱི་བདུད་རྩི་དེ་ཉིད་གཏན་ལ་ འབེབས་པར་བྱེད་པ་རྗོད་བྱེད་ཚིག་གི་འབབ་ངོགས་ཀྱི་རིན་པོ་ཆེའི་སྟེགས་ནི་རྣམ་པ་གཉིས་སུ་མཐོང་སྟེ་དེ་བཞིན་གཤེགས་པ་ཉིད་ཀྱི་བཀའ་དང་། དེ་ལས་གཞན་པའི་བསྟན་བཅོས་གཉིས་སོ། །དང་པོ་ལའང་རྩ་བའི་ལུང་དང་བཤད་པའི་ལུང་གཉིས་ཀྱི་དང་པོ་ 6-1-5b ནི། སོ་སོ་ཐར་པ་གཉིས་ཏེ། བོད་སྔ་རབས་པ་ཁ་ཅིག །རྩ་བའི་ལུང་སོ་ཐར་རྣམ་གཉིས་བཙུན་པ་ཆོས་ཀྱི་ཚོང་དཔོན་ལ་སོགས་པས་བྱས་པའི་བསྟན་བཅོས་ཡིན་ཞེས་པ་དང་། ཁ་ཅིག་དབུའི་མཆོད་བརྗོད་ལ་སོགས་པ་སློབ་དཔོན་གཞན་དང་གཞན་གྱིས་བྱས་ པས་མདོ་འདི་ལ་སྟོན་པ་དྲུག་ཡིན་ཟེར་རོ། །འདི་བུ་སྟོན་འདུལ་འཛིན་གྱིས་དེ་སྐད་དུ་སྨྲ་བ་དེ་ནི་འདུལ་བ་ལ་བློ་ཁ་མ་ཕྱོགས་པའི་གཏམ་སྟེ། བམ་པོ་ལྔ་བཅུ་པ་ལས། དེའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པ་འདི་དག་ཀྱང་སྐྱེས་བུ་དམ་པའི་སྤྱོད་པ་རྗེས་སུ་ བསྒྲུབས་པས་ན་དང་པོར་རང་གི་སྟོན་པ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱེད་པ་ལ་ཞུགས་པ་ཡིན་ནོ་ཞེས་བཤད་ཅིང་། གཞན་ཡང་སོ་ཐར་གྱི་རྒྱ་འགྲེལ་རྣམ་དག་ཐམས་ཅད་ནས་བཀའ་སྡུད་པ་པོས་ཚིགས་སུ་བཅད་པའི་ཕྱིར་རྗེས་སུ་གནང་བའི་ བཀའ་ཡིན་པར་བཤད་དོ། །དེ་བཞིན་དུ་སྡོམ་རྣམས་ཀྱང་བཀའ་སྡུད་པ་པོའི་གསུང་ཡིན་པས་རྗེས་སུ་གནང་བའི་བཀའོ། ། འོ་ན་འདུལ་བར་མི་འགྱུར་ཏེ། འདུལ་བ་ནི་སངས་རྒྱས་རང་གིས་གསུང་དགོས་པའི་ཕྱིར་ན། ཕྲན་ཚེགས་འགྲེལ་པ་ལས། དེ་ལྟ་ན་ནི་མདོ་སྡེ་ དག་ལ་ཡང་སངས་རྒྱས་སྨོས་དགོས་སོ་ཞེ་ན་མི་བྱ་སྟེ་ཉན་ཐོས་ཀྱི་མདོ་སྡེ་ཡང་སྲིད་པའི་ཕྱིར་ཏེ། དེ་ལྟར་བསླབ་པའི་གཞི་འཆའ་བ་དག་ནི་ཉན་ཐོས་འཕགས་པ་ཤཱ་རིའི་བུ་ལ་ཡང་དབང་ཡོད་པ་མ་ཡིན་པ་དེའི་ཕྱིར་འདུལ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་པ་ལ་ སྟོན་པ་གཅིག་པུ་གཙོ་བོར་གྱུར་པ་ཡིན་གྱི། གཞན་འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་ཀྱི་ཕྱིར་སངས་རྒྱས་སྨོས་སོ་ཞེས་བཤད་པས་སོ་ཞེ་ན། དེ་ནི་འདུལ་བའི་བརྗོད་བྱའི་གཙོ་བོ་དངོས་བསླབ་པ་བཅའ་བ་སངས་རྒྱས་ཁོ་ནས་མཛད་དགོས་ཀྱི། དེའི་འཁོར་ 6-1-6a དུ་མདོ་སྡེ་དང་མ་མོ་བསྟན་པ་རྣམས་དང་གླེང་གཞི་ལ་སོགས་པ་རྣམས་རྗེས་སུ་གནང་བའི་བཀའ་ཡིན་ཏེ། གནས་མ་དྲན་ན་གྲོང་ཁྱེར་དྲུག་པོ་གང་རུང་སྨོས་པར་བྱའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེས་ན་ལུང་སྡེ་བཞིར་ཡང་ ཞར་ལ་མདོ་སྡེ་དང་མ་མོའི་སྡེ་སྣོད་མང་དུ་གསུངས་པ་ཡིན་ནོ་ཞེས་འཆད་པར་མཛད་དོ། ། གཉིས་པ་བཤད་པའི་ལུང་བཞི་པོ་དེ་ལས་ཀྱང་ལུང་རྣམ་པར་འབྱེད་པ་ནི་སོ་སོ་ཐར་པ་གཉིས་ཀྱི་ཚིག་གི་འགྲེལ་པ་སྟེ་དེ་ལའང་དགེ་སློང་ཕ་མའི་དབྱེ་བས་གཉིས་སུ་ཡོད་ལ། དང་པོ་ལ་བམ་པོ་བརྒྱད་ཅུ་རྩ་གསུམ་མོ། །དེང་སང་བོད་དུ་ཡོད་པའི་མའི་རྣམ་འབྱེད་འདི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྣམ་འབྱེད་མིན་པར་སྣང་ཞེས་བུ་སྟོན་འདུལ་འཛིན་གསུང་ངོ་། །ལུང་གཞི་ནི་མ་ཚང་བ་ཁ་སྐོང་བའི་འགྲེལ་པ་ཡིན་ལ་བམ་པོ་ནི་བརྒྱ་དང་ བཅུའོ། །ལུང་ཕྲན་ཚེགས་ནི་བསླབ་པའི་གནས་ཕྲ་མོ་རྣམས་རྒྱས་པར་གཏན་ལ་ཕབ་པའི་སྒོ་ནས་སོ་སོར་ཐར་པ་རྣམ་གཉིས་ཀྱི་སྤྱི་དོན་ལྟ་བུར་གྱུར་པའི་འགྲེལ་བ་ཡིན་ལ་བམ་པོ་ནི་ལྔ་བཅུ་རྩ་དགུའོ། །གཞུང་དམ་པའམ་བླ་མ་ནི་འགྱུར་གྱི་ཁྱད་པར་ཏེ་སྐད་དོད་ཨུཏྟ་ ར་ཞེས་པ་སྟེང་དང་བྱང་དང་ཕྱི་མ་ལ་འཇུག་པ་ལས་འདི་ཕྱི་མའི་དོན་ཏེ། སྨན་དཔྱད་ལ་རྒྱུད་སྔ་ཕྱི་གཉིས་ཡོད་པ་བཞིན་དུ་འདིར་ཡང་ལུང་དང་པོ་གསུམ་ནི་གཞུང་སྔ་མ་ཡིན་ལ། དེ་རྣམས་ཀྱི་དོན་རྟོགས་དཀའ་ཞིང་ཟབ་པ་རྣམས་འདིས་སྟོན་ཅིང་གཏན་ལ་འབེབས་ པས་ན་ཤིན་ཏུ་གཅེས་པའི་འགྲེལ་པ་འདུལ་བའི་གཞུང་ཕྱི་མ་སྟེ་བམ་པོ་ལྔ་བཅུ་རྩ་གསུམ་མོ། །བོད་འདིར་ཡོད་པའི་མའི་རྣམ་འབྱེད་འདི་ལའང་བམ་པོ་ཉི་ཤུ་རྩ་བརྒྱད་དོ། །མདོར་ན་སྟོན་པའི་འདུལ་བ་ལ་གཞུང་ཚད་འབུམ་དུ་བཤད་པ་ལས། དེང་སང་བོད་དུ་ 6-1-6b ཡོད་པ་རྣམས་བསྡོམས་པས་ཤླཽ་ཀ་དགུ་ཁྲི་དགུ་སྟོང་བདུན་བརྒྱ་སྟེ་འབུམ་ཕྲག་གཅིག་ཏུ་ཤླཽ་ཀ་སུམ་བརྒྱས་མ་ལོངས་པའོ། ། ཁ་ཅིག་འདུལ་བའི་སྡེ་སྣོད་འབུམ་ཉི་ཁྲི་ལྔ་སྟོང་ཞེས་ཟེར་མོད། ལུང་དུ་འབུམ་དུ་བཤད་ཅིང་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་ ཀྱང་འབུམ་དུ་བཤད་དོ། །དགེ་སློང་གི་སོ་ཐར་ལ་ཤླཽ་ཀ་བདུན་བརྒྱ་བམ་པོ་གཉིས། དགེ་སློང་མའི་སོ་ཐར་ལ་ཤླཽ་ཀ་བརྒྱད་བརྒྱ་བམ་པོ་གཉིས། ཐམས་ཅད་བསྡོམས་པས་འབུམ་ཕྲག་གཅིག་དང་སྟོང་ཉིས་བརྒྱའོ། ། གཞན་ཡང་འདི་ལྟར་ཤེས་དགོས་ཏེ། ལུང་ རྣམ་འབྱེད་དུ། དགེ་སློང་གི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་པོ་རྣམས་ལ་བསླབ་པ་འཆའ་བའི་རྒྱུ་གླེང་གཞི། བསླབ་པ་བཅས་པའི་ཕན་ཡོན། བསླབ་པ་བཅས་པ། ལྟུང་བའི་རྣམ་གཞག །ལྟུང་བ་མེད་པ། བསླབ་པར་བྱ་བ་སྟེ། དོན་དྲུག་དྲུག་ གི་སྒོ་ནས་འཆད་ཅིང་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་པོ་ཡང་རྒྱས་པར་བཤད་དོ། ། ལུང་གཞིའི་སྤྱི་སྡོམ་ནི། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀཽ་ཤམྦི་དང་ལས་ཀྱི་གཞི། །དམར་ སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་གཞི་བཅུ་བདུན་འབྱུང་ལ་གཞུང་དམ་པར་གཞི་བཅོ་བརྒྱད་དུ་འཆད་པ་ཅི་ཞེ་ན། འགྲེལ་ཆུང་ནས་རབ་བྱུང་གི་ གཞི་ལ་རབ་བྱུང་དང་བསྙེན་རྫོགས་གནས་སྐབས་ཐ་དད་བྱེད་པ་ཡིན་ཅེས་པ་ལ། བུ་སྟོན་འདུལ་འཛིན་གྱིས། དེ་མི་རིགས་ཏེ། དེ་ལྟར་ན་གཞི་བཅུ་དགུར་འགྱུར་ལ། གཞི་བཅོ་བརྒྱད་དུ་བཤད་པ་ནི། ཀཽ་ཤམྦིའི་གཞི་ལ་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། 6-1-7a གཉིས་སུ་འབྱེད་རྒྱུ་ནི་ཕྱིར་བཅོས་ཀྱི་བྱེ་བྲག་ཁ་འཕངས་པ་རྣམས་འབྱེད་པ་ཡིན་ལ། བསྡུ་ནའང་ཀཽ་ཤམྦི་དང་དམར་སེར་ཅན་གང་རུང་གི་ཁོངས་སུ་བསྡུ་བ་ཡིན་ཏེ། དོན་འདི་ལ་དགོངས་ནས་རྒྱ་ཆེར་འགྲེལ་དུ་ཀཽ་ཤམྦི་དང་དམར་ སེར་ཅན་གྱི་གཞི་གཉིས་ལ་ཕྱིར་བཅོས་པའི་གཞི་ཞེས་བྱ་བའི་མིང་གཅིག་ཏུ་བྱས་ཏེ་ཕྱིར་བཅོས་པར་བྱ་བའི་གང་ཟག་གི་བྱེ་བྲག་སོ་སོར་བསྟན་པས་ཀྱང་ཤེས་ནུས་ཞེས་འཆད་པར་མཛད་དོ། ། འདི་རྣམས་ལ་གཞི་ཞེས་བྱ་བའི་དོན་ནི། གཞིའི་སྐད་དོད་བསྟུ་ ཞེས་བྱ་བ་དོན་ལྔ་ལ་འཇུག་པར་བཤད་ཀྱང་འདིར་དེ་དང་དེའི་རྟེན་བྱེད་པས་ན་གཞི་ཞེས་བྱ་སྟེ་བརྗོད་བྱ་དེ་སྟོན་པས་རྗོད་བྱེད་ལའང་གཞིར་བཏགས་སོ། ། ཕྲན་ཚེགས་ནི་སྒོ་བརྒྱད་དེ། སྒོ་བརྒྱད་པོ་དོན་མཚན་མཐུན་པ་ཕྱོགས་གཅིག་ཏུ་སྟོན་པའི་ངེས་པ་མེད་དེ། དོན་སིལ་བུ་རྣམས་སྟོན་པ་ལ་སྒོ་རེར་སྤྱི་སྡོམ་རེ། སྤྱི་སྡོམ་རེ་ལ་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་བཅུ་ཡོད་པ་ལས། སྒོ་གཉིས་པ་ལ། སྤྱི་སྡོམ་གྱི་ཚིག་ཐ་མ་སྨོ་བའོ་ཞེས་པ་ལས་ཚིགས་བཅད་གཉིས་སུ་གྱེས་ནས་སྡོམ་བཅུ་གཅིག་གོ། །གཞན་སྒོ་དེ་དག་གི་སྡོམ་ ལས་ཆད་པ་དང་སྔོན་གྱི་འགྱུར་འཕྲོ་ལ་ལུས་པ་རྣམས་ཀུན་མཁྱེན་བུས་བསགས་ནས་བསྒྱུར་བས་འགྱུར་ཅུང་ངན་པ་ཞིག་བྱུང་བར་གྲག་གོ། ། གཞུང་དམ་པ་ལའང་ཁ་ཅིག་ལེའུ་བཅུ་དྲུག་ཏུ་ཡོད་དེ། ཞུ་བ་འདུལ་བྱེད་གཅིག་ལས་འཕྲོས། །མ་ཎ་བི་ཀ་གཏམ་གྱི་ གཞི། །བྲམ་ཟེའི་བུ་མོ་ཨུཏྤལ་ཕྲེང་། །བྱ་བའི་ཕུང་པོ་ཅི་ཡང་བསྟན། །སིལ་བུ་རྐྱང་པ་གླེང་གཞི་དང་། །ལྔ་ཚན་དང་ནི་བཅུ་དྲུག་ཚན། །མ་མོ་ཡང་དག་ལྡན་ལུང་རྣམས། །གཞུང་ནི་དམ་པར་བཤད་ཅེས་སོ། །ཞེས་ཟེར་བ་ལ་བུ་སྟོན་གྱིས་དགག་པ་མང་དུ་ 6-1-7b མཛད་ནས་ཉིད་རང་ན་རེ། འདི་ཡི་ལུང་ལ་སྤྱི་སྡོམ་མེད་ཅིང་ད་ལྟ་ཡོད་ཚད་པོ་འདི་ལ་སྤྱི་སྡོམ་དུ་བྱེད་ན། ཞུ་བ་འདུས་བྱེད་གཅིག་ལས་འཕྲོས། །ལྔ་པ་དང་ནི་བཅུ་དྲུག་པ། །གླེང་གཞི་དང་ནི་རྐྱང་པ་དང་། །གཏམ་གཞི་མ་ཎ་བི་ཀ་དང་། །མ་ལྟ་བུ་དང་ལུས་སོགྶ་ ཏེ། །སྤྱི་ཡི་སྡོམ་དུ་བྱས་པའོ། །ཞེས་འདོན་པར་མཛད་དགོས་པར་བཞེད་དོ། ། དེས་ན་གཞུང་བླ་མ་འདིའི་ནང་གསེས་ལ་ཤེས་རབ་དང་ལྡན་པ་དག་དཔྱོད་རྒྱུ་ཆེ་བར་སྣང་ལ། དེར་མ་ཟད་སྤྱིར་འདི་ལ་མ་དག་པ་ཡོད་པར་འཆད་དེ། སློབ་དཔོན་དགེ་ལེགས་ བཤེས་གཉེན་གྱི་འགྲེལ་པའི་ངག་བསྡུ་ན་བྲམ་ཟེ་རྒྱལ་པོ་རྒྱལ་བཤེས་བྱ་བ་བསྟན་པ་ལ་སྡང་བ་ཞིག་གིས་དཀོན་མཆོག་གསུམ་ལ་གནོད་པ་ཆེར་བྱས། དུས་ཕྱིས་དགེ་སློང་རྣམས་ཀྱིས་སྡེ་སྣོད་གསུམ་གྱི་གླེགས་བམ་བསྡུས་ནས་བཅོམ་བརླག་ཏུ་བསྡུ་བ་བྱས་པས་ གཞུང་དམ་པའི་གླེགས་བམ་མ་རྙེད་པ་ལས། ཁ་ཆེ་ན་དགེ་སློང་ཞིག་གཞུང་བླ་མ་འདོན་པ་དེ་ཐོས་པ་ན་དེ་དག་དེའི་གན་དུ་ཕྱིན་ནས་འདོན་པར་བསྐུལ་བས་དེས་ཡིད་ལ་དྲན་པ་དང་མ་དྲན་པ་སྦྱར་ནས་བཏོན། བཏོན་པ་བཞིན་བྲིས་པ་ལ་ཕྱིས་ཀྱང་རྣམ་པར་ གཡེངས་ནས་ཇི་ལྟ་བ་བཞིན་མ་སྦྱར་ནས་ཡུལ་སོ་སོར་འདོན་པ་ཐ་དད་དུ་བྱུང་བས་ཡང་དག་བསྡུ་བའི་གཞི་ཉམས་པས་གཞུང་བླ་མའི་ཚིག་དོན་རྣམ་པ་དུ་མར་བལྟ་སྟེ། ཞེས་འབྱུང་ངོ་། །དེའི་ཕྱིར་ཁ་ཆེའི་དགེ་སློང་དེ་ལས་རྙེད་པ་ལ་ཞུ་བ་ཁ་ཆེ་བ་ཟེར་ཏེ། རིམ་ པ་གཉིས་སུ་རྩིག་པ་ཡན་གཏན་ལ་ཕབ་ཅིང་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་འགྲེལ་པ་ཡང་འདིའི་འགྲེལ་པ་ཡིན་ནོ། །དེས་ན་ཡང་དག་བསྡུ་བའི་གཞི་ཉམས་པ་གཞན་དག་ཀྱང་སྣང་སྟེ། ལུང་རྣམ་འབྱེད་ནས་མདོའི་སྡེ་ཚན་བཞིར་གསུངས་པ་དང་ 6-1-8a ཀོ་ལྤགས་ཀྱི་གཞི་ལས་ལུང་བཞི་པོ་དག་བཀླགས་སོ་ཞེས་པས་མདོའི་ལུང་སྡེ་བཞི་སྟེ་ལུང་རིང་པོ་དང་ལུང་བར་མ་དང་ཡང་དག་པར་ལྡན་པའི་ལུང་དང་གཅིག་ལས་འཕྲོས་པའི་ལུང་སྟེ་བཞི་པོ་དེ་དག་གི་ནང་ནས་ཀྱང་ཅི་རིགས་པ་དེང་ སང་གི་དུས་སུ་ཉམས་པར་སྣང་ངོ་། ། ད་ནི་འདུལ་བ་དེ་ཉིད་ཀྱི་ཕྱོགས་སུ་བསླན་པའི་མདོ་ལ་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་དང་། གནྜིའི་མདོ་དང་གནྜིའི་དུས་ཀྱི་མདོ་དང་གནས་འཇོག་གི་མདོ་དང་འཁར་སིལ་ གྱི་མདོ་དང་ངའི་ཀུན་སྤྱོད་བསྟན་པའི་མདོ་ལ་སོགས་པ་རྣམས་ཡིན་ལ། ཕྱོགས་གཏོགས་ཐུན་མོང་གི་མདོ་ནི་སྐྱེས་རབས་དང་ལུང་བསྟན་གྱི་སྡེ་ལ་སོགས་པ་ཆེས་མང་ངོ་། ། གཉིས་པ་བསྟན་བཅོས་ནི། མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པའི་འཕགས་ པ་ཉེར་སྦས་ལ་སོགས་ཀྱིས་རྩ་བའི་བྱེ་བྲག་ཏུ་བཤད་པ་ལས་འདུལ་བའི་བྱེ་བཤད་མཛད་པ་ཡིན་ལ། ལྷག་པར་རྣལ་འབྱོར་གྱི་དབང་ཕྱུག་ཡོན་ཏན་འོད་ཀྱིས། འདུལ་བ་ཀུན་ལས་བཏུས་པ་ཞེས་ཉི་མ་ལྟར་རབ་ཏུ་གསལ་བའི་བསྟན་བཅོས་ཆེན་པོ་འདི་ཉིད་ མཛད་ཅིང་འདི་ལ་རང་འགྲེལ་སྟོང་ཕྲག་བཅུ་བཞི་པ་སྟེ། ཚིགས་བཅད་སྟོང་ཕྲག་བཅུ་བཞི་ནི། །འདི་ཡི་ཚད་དུ་ཤེས་བྱ་སྟེ། །དཔལ་ལྡན་རྒྱལ་ཆེན་ཐམས་ཅད་ཀྱིས། །རྒྱལ་སྲིད་བྱེད་དུས་འདི་བྱས་སོ། །ཞེས་འབྱུང་ལ། སློབ་དཔོན་ཆོས་བཤེས་ཀྱིས་ མཛད་པའི་རྒྱས་འགྲེལ་ཤླཽ་ཀ་ཉི་ཁྲི་ཆིག་སྟོང་བམ་པོ་བདུན་ཅུ་པར་བྱས་པ་གཉིས་ཀྱི་ཚིག་དོན་ནི་འཁྲུལ་པ་དང་བྲལ་ཞིང་། སློབ་དཔོན་ཤེས་བྱེད་ཀྱིས་མཛད་ཟེར་བའི་འགྲེལ་པ་དང་འགྲེལ་ཆུང་གཉིས་ནི་བོད་མའོ་ཞེས་འདུལ་བ་འཛིན་པ་ཆེན་པོ་དག་གསུང་ངོ་། ། 6-1-8b གཞན་ཡང་འཛམ་བུའི་གླིང་དུ་སྐྱེ་འཕགས་ཀྱིས་བྱས་པའི་འདུལ་བའི་བསྟན་བཅོས་ཀྱང་བགྲང་བ་ལས་འདས་ཀྱང་འདིར་བརྗོད་ཀྱིས་མ་ལང་ངོ་། ། ད་ནི་དམ་པའི་ཆོས་འདུལ་བ་དེ་དག་འཛིན་པ་འཕགས་པའི་ཡུལ་དང་། བོད་ཀྱི་སར་ཅི་ལྟར་བྱུང་ཞེ་ན། དེ་ཡང་། འདུལ་བ་ལུང་དུ་ནི་འོད་སྲུང་ནས་ལེགས་མཐོང་གི་བར་བསྟན་པའི་གཏད་རབས་བདུན་དང་དགྲ་བཅོམ་པ་ཐམས་ཅད་འདོད་ལ་སོགས་པ་བདུན་བརྒྱས་བཀའ་བསྡུ་བ་གཉིས་པ་བྱས་པའི་བར་རྒྱས་པར་འབྱུང་བ་བཞིན་ནོ། །དེའི་རྗེས་སུ་ཆོས་རྒྱལ་དྷརྨ་ཨ་ཤྭ་ཀ་ཤི་ བིའི་རིང་ནས་བཟུང་དགྲ་བཅོམ་པ་རྣམས་ཀྱི་སྐད་ཐ་དད་པ་ལ་བརྟེན་ནས་གྱེས་པ་བཅོ་བརྒྱད་དུ་གྱུར་པ་འོད་ལྡན་ལས་འབྱུང་བ་དང་སློབ་དཔོན་ལེགས་ལྡན་གྱིས་སྟོན་པ་འདས་ནས་ལོ་བརྒྱ་སོ་བདུན་ན་གྲོང་ཁྱེར་སྐྱ་བོའི་བུར་རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོ་ཞེས་བྱ་བ་ བྱུང་ཞིང་བཀའ་གཉིས་པ་སྡུད་པ་པོ་རྣམས་འདས་པའི་རྗེས་སུ་འཕགས་པ་འོད་སྲུང་དང་བུ་ཆེན་པོ་སོགས་བཞུགས་པ་ན། བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་འཛིན་པ་བཟང་པོ་ཞེས་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གཞི་ལྔ་པོ་དེ་ལ་གནས་བརྟན་ཀླུ་དང་ཡིད་བརྟན་ཞེས་བྱ་བས་བསྔགས་པར་བྱས་པས་དེ་ལས་དགེ་འདུན་གནས་བརྟན་པ་དང་ཕལ་ཆེན་པ་གཉིས་སུ་གྱེས། དེ་ནས་ལོ་དྲུག་ཅུ་རྩ་གསུམ་དུ་འཁྲུག་ལོང་དུ་གནས་སོ། །དེ་ནས་ལོ་ཉིས་བརྒྱ་འདས་རྗེས་སུ་གནས་བརྟན་ གནས་མའི་བུས་བསྟན་པ་བསྡུས་སོ་ཞེས་འཆད་དོ། ། གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་དང་བཞི་བརྒྱ་པ་དང་ལོ་དྲི་སོགས་ལས་གྱེས་ཚུལ་མི་འདྲ་བ་དུ་མ་གསུངས་ཀྱང་། དུལ་ལྷས། རྩ་བའི་སྡེ་བཞི་ལས་བཅོ་བརྒྱད་དུ་གྱེས་པར་བཞེད་ལ། དེང་སང་བོད་ 6-1-9a གངས་ཅན་པ་དག་འདིའི་རྗེས་སུ་འཇུག་པ་མང་ངོ་། །ཁ་ཅིག་དགེ་སློང་ལྷ་ཆེན་པོ་དང་། དགེ་སྦྱོང་གི་ཆ་བྱད་འཛིན་པ་བཟང་པོ་གཉིས་གཅིག་ཡིན་པའི་སྒྲུབ་བྱེད་འགོད་པ་ཡང་མཐོང་ངོ་། ། དེས་ན་ཁ་ཅིག །སྔོན་ཡོད་སྨྲ་གཅིག་པུ་ལས་ མེད་ལ། ཕྱིས་བཅུ་བདུན་དུ་གྱེས་པ་ནི་སངས་རྒྱས་ཀྱི་བཀའ་མིན་ཏེ་གྱེས་པ་བཅུ་བདུན་པོ་མདོ་སྡེ་ལ་མི་འཇུག་སྟེ་དོན་ཕན་ཚུན་འགལ་བར་བཤད་པའི་ཕྱིར་དང་། འདུལ་བ་ལ་མི་སྣང་སྟེ་སྡོམ་གྱིས་མ་བསྡུས་པའི་ཕྱིར་དང་། ཆོས་ཉིད་དང་མི་མཐུན་ཏེ་ཚིག་དོན་ གཞན་དུ་བསྟན་པའི་ཕྱིར་རོ་ཞེ་ན་མིན་ཏེ། གྱེས་པ་བཅུ་བདུན་པོ་སེམས་ཀྱི་བསླབ་པ་སྟོན་པས་མདོ་སྡེ་ལ་འཇུག །ལྷག་པའི་ཚུལ་ཁྲིམས་སྟོན་པས་འདུལ་བ་ལ་སྣང་། ལྷག་པའི་ཤེས་རབ་སྟོན་པས་མྱང་འདས་དང་མཐུན་པའི་ཕྱིར་ཆོས་ཉིད་དང་མཐུན་ཏེ་ཆོས་ཉིད་ ཅེས་བྱ་བ་ནི། དཔེར་ན་གཟུགས་སུ་རུང་བའི་མཚན་ཉིད་ནི་གཟུགས་ཡིན་ནོ་ཞེས་པ་ལྟ་བུ་ཆོས་རྣམས་ཀྱི་ངང་ཚུལ་ཏེ། དེ་ཡང་སངས་རྒྱས་ཀྱི་བཀར་གྱུར་པའི་བསྟན་པ་ནི་ཕྱག་རྒྱ་གསུམ་གྱི་རྒྱས་བཏབ་པ་ཞིག་དགོས་པ་ལས་འདི་ལྟར་ཆོས་ཐམས་ཅད་ནི་བདག་མེད་ པ་ཡིན། འདུས་བྱས་ཐམས་ཅད་ནི་སྐད་ཅིག་མ་ཡིན། མྱ་ངན་ལས་འདས་པ་ནི་ཞི་བ་ཡིན། ཞེས་པ་ལྟར། ཕྱག་རྒྱ་གསུམ་གྱི་རྒྱས་བཏབ་ཅིང་བསླབ་པ་གསུམ་སྟོན་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་ཏེ། ཇི་སྐད་དུ། ཕྱག་རྒྱ་གསུམ་དང་ཡང་དག་ལྡན། བསླབ་ པ་གསུམ་ནི་རབ་སྟོན་ཅིང་། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་སོ། ། དེས་ན་གཙོ་བོའི་དོན་སངས་རྒྱས་ཀྱི་གསུང་དང་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་དང་སངས་རྒྱས་ཀྱི་བྱིན་རླབས་ལས་ཀྱང་སོ་སོར་གྱེས་པ་བྱུང་ 6-1-9b བའི་ཕྱིར་དང་། མདོ་རྒྱུད་ཆེན་པོ་ཐམས་ཅད་ནས་ཀྱང་རྩ་བའི་སྡེ་པ་བཞིར་འཇོག་པ་ཉིད་འབྱུང་བས་རིགས་སོ། །རྩ་བའི་སྡེ་པ་བཞི་པོ་འདིའི་ལག་ལེན་འཁྲུགས་ན་དགྲ་བཅོམ་པ་འཐོབ་པ་ལ་གེགས་བྱེད་པས་རྩ་བའི་སྡེ་པ་བཞིའི་མཁན་པོ་དང་རྟགས་དང་བྱིན་ལེན། ནུབ་ལྷག་ཉལ་སོགས་འདི་ལྟ་བུའོ་ཞེས་ཇོ་བོའི་གསུང་རྒྱུན་ཡིན་ཟེར་བ་བོད་རྣམས་ཀྱིས་སྐྱོར་བ་ཇི་ལྟ་བ་བཞིན་མ་ཁྱོར་བ་འདྲ་ཞེས་བུ་སྟོན་འདུལ་འཛིན་གྱིས་གསུངས་སོ། །དེའི་ཕྱིར་རྩ་བའི་སྡེ་པ་དག་གི་ཁྱད་པར་ཁ་ཆེ་པཎ་ཆེན་གྱིས་གསུངས་པ་ཉིད་ལེགས་སོ། ། སྡེ་ པ་བཅོ་བརྒྱད་པོ་འདི་དག་གི་ལྟ་སྤྱོད་འཛིན་པའི་སློབ་དཔོན་རྣམས་ཀྱི་མཚན་འདིར་མ་བགྲངས་ལ། སྐབས་སུ་བབ་པའི་སློབ་དཔོན་ཡོན་ཏན་འོད་འདི་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་བཤད་པར་བྱ་སྟེ། དེ་ཡང་འདི་ཉིད་འཕགས་པ་ལེགས་མཐོང་ལ་ཐུག་ཅེས་སྨྲ་བ་ཡང་ དུས་མི་མཚུངས་ལ་ཕྱིར་མི་འོང་བློས་མི་འབེབས་ཀྱི་དངོས་སློབ་ཏུ་འདོད་པ་ལ་བུ་སྟོན་ལོ་ཙཱས་ནི་དུས་མི་མཚུངས་པར་འཆད་མོད་ཀྱང་། ཁོ་བོའི་སློབ་དཔོན་གྱིས་ནི་འདི་ཉིད་དག་པར་འཆད་དོ། ། གང་ཡིན་ཀྱང་སློབ་དཔོན་ཆེན་པོ་དབྱིག་གཉེན་ལ་རང་ལས་མཁས་ པའི་སློབ་མ་བཞིར་གྲགས་པའི་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་ཅེས་པ་སྟེ། ལངྐར་གཤེགས་པར། བདེ་གཤེགས་མྱ་ངན་འདས་ནས་ནི། །ཡང་དག་བསྟན་པ་སུ་ཞིག་འཛིན། །ཞེས་པའི་འགྲེལ་པར། ཐུབ་པ་ནས་དྷི་དྷི་ཀའི་བར་ལུང་དང་འདྲ་ལ། དེས་རྣམ་འབྱེད་ལ་སོགས་བཅུ་བཞིའི་མཐར་ནོར་གྱི་རྩ་ལག །དེས་མ་ནོ་ཧ་སྟེ། ཡོན་ཏན་འོད་ཀྱི་བར་བསྟན་པའི་གཏད་རབས་སུ་གསལ་ལོ། །དེས་ན་ཉིད་ཀྱི་རྣམ་བཤད་ཀྱི་མཇུག་ན་ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་ 6-1-10a པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཞེས་འབྱུང་བ་ལྟར་རོ། །འདི་ཉིད་ཀྱིས་མཛད་པའི་མདོ་ལ་རྒྱས་འགྲེལ་མཛད་པ་པོ་ནི་ཐོ་གར་བྱེ་སྨྲའི་ གྲུབ་མཐའ་འཛིན་པ་སྟེ། ཇི་སྐད་དུ། དཔལ་ལྡན་ཡུལ་མཆོག་ཏར་མི་ར་ཞེས་བྱ། །དམ་པས་བསྔགས་པ་དེ་ལ་མཁས་པ་གནས། །པཀྵུ་ཞེས་བྱ་ཆུ་ཀླུང་འགྲམ་དུ་ནི། དཔལ་ལྡན་གནས་མཆོག་གྲོང་ཁྱེར་དེ་ཉིད་དུ། ཁ་ན་མ་ཐོ་མེད་པའི་རིགས་མཆོག་ སྐྱེས། །དེ་ནི་ལོ་བརྒྱད་བསམ་པ་རྣམ་དག་པས། །ཁྱིམ་གྱི་འབྱོར་པ་དག་ལའང་ཆགས་པ་མེད། །སྐྱེ་བ་གཞན་ནས་གོམས་པས་རྟོགས་པ་ལྡན། །དཀོན་མཆོག་གསུམ་ལ་བསྟེན་པས་སེམས་དབེན་གྱུར། །བསླབ་པའི་རྟེན་ལྡན་ཚུལ་ལ་ཉེར་སྤྱོད་ཅིང་། །དམ་ པའི་བསྟན་ལ་བསྟེན་པས་འདི་རྣམ་ཕྱེ། །ཞེས་སོ། ། གཞན་ཡང་སློབ་དཔོན་ཤཱཀྱ་འོད་ནི་མཁན་པོ་ས་མ་ཏ་རར་གནས་པ་བསོད་ནམས་གྲགས་དང་། སློབ་དཔོན་གཞན་ཞི་བ་འོད་ལ་ཐུག་པ་ཁ་ཆེ་བྱེ་སྨྲ་བ་སྟེ་འདིའི་དངོས་སློབ་དགེ་སློང་སེང་གེའི་གདོང་ཅན་ཏེ། འདིའི་དུས་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་ཧོར་གྱི་མཁན་པོ་བྱང་སེམས་ཞི་བ་འཚོས་གཙོས་པའི་པཎ་ཆེན་མང་པོ་སྤྱན་དྲངས། མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་སངས་རྒྱས་ཀྱི་བསྟན་པ་བཙུགས། ཡོད་སྨྲ་མ་གཏོགས་གཞན་མི་བསྒྱུར་བར་བཅས་ ཤིང་། སད་མི་མི་བདུན་སོགས་ཀྱིས་འདུལ་བ་ལ་སྦྱངས། དེའི་ནང་ནས་སྦ་རཏྣས་འདུལ་བ་ལ་ཀུན་ཆུབ་པར་མཛད། དེ་ལ་ལི་ཡེ་ཤེས་རིན་ཆེན་གྱིས་གསན་ནས་མཁས་པར་སྦྱངས། དེ་ལ་གཡོ་དགེ་འབྱུང་གིས་ཐུག །དེ་ཉིད་དང་གཙང་རབ་གསལ་དམར་ 6-1-10b ཤཱཀྱ་མུ་ནེ་རྣམས་ཏེ་རྒྱལ་པོ་བེའུས་བསྟན་པ་བསྣུབས་པ་ལ་བརྟེན་མངའ་རིས་ནས་གར་ལོག་བྱས། སྟོད་ཧོར་ནས་བྱང་རྒྱབ་ཏུ་བྲོས་ཏེ་མདོ་སྨད་ཀྱི་ལྷོ་ངོས་ནས་བེ་རི་ཚྭ་མཚོ་ནས་ཚུར་བྱུང་སྟེ་རྨ་ལུང་རྡོ་རྗེའི་བྲག་ར་ཨན་ཆུང་གནམ་རྫོང་དན་ཏིག་ཤེལ་གྱི་ཡང་དགོན་ན་སྒོམ་ གྱིན་ཡོད་པ་ལ། མུ་གཟུ་གསལ་འབར་རབ་ཏུ་བྱུང་བས་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། དེ་མཁས་པར་གྱུར་པས་དེ་ལ་སློབ་མ་ལ་སྣུབས་བ་ཤི་དང་གྲུམ་ཡེ་ཤེས་རྒྱལ་མཚན་གཉིས་ཐུག །རབ་ཏུ་ བྱུང་། འདུལ་བ་ལ་ཆུབ་པར་བྱས། དེ་དུས་དབུས་གཙང་ན་སྡོམ་པ་དང་བཤད་གྲྭའི་བཀའ་ཆད་ནས་གང་ཡང་མེད། གཙུག་ལག་ཁང་གི་ལྡེའུ་མིག་ཤམ་ཐབས་གོང་པ་ཅན་གྱོན་པ་ལ་གནས་བརྟན་དགྲ་བཅོམ་དུ་མིང་བཏགས་ནས་འཛིན་པའི་སྔགས་རྙིང་མ་བ་དག་ ཡོད་ཀྱང་སངས་རྒྱས་ཀྱི་བསྟན་པ་ནི་མེད་དོ། །དེའི་ཚེ་མཆིམས་ཡུལ་སྨད་ན་ཆེན་པོ་རྒྱལ་བ་ཞེས་བྱ་བ་དང་། དེའི་སློབ་མ་ཞང་ལྕམ་འབྲུ་ཆུང་མ་གཉིས་ཀྱིས་ཀློག་མཁས་པ་ཤེས་པས་མི་ཤི་བའི་དགེ་རྩར་གླེགས་བམ་བཀླགས་པ་ལ། མི་རྒན་ཤི་ན་བདེ་ཆེན་འདོན། བྱིས་ པ་ཤི་ན་སུམ་བརྒྱ་པ་འདོན། དེ་གཉིས་ཤེས་རབ་ཆེ་བས་གཞུང་ཆེན་པོ་རྩ་འགྲེལ་རྣམས་ལ་བལྟས་ནས་མཁན་པོ་དམར་པོ་འདི་དོན་བསྡུས་པར་འདུག །དེའི་གོ་བ་ལེགས་པོ་ཞིག་ནག་པོར་བཞག་པ་འདི་ཡིན་པར་འདུག་ཟེར། མཁན་པོས་དཔེ་ཆ་ཞིག་ནས་ཡིག་ ཆུང་བལྟས་པས་སྔོན་གྱི་བགྲེས་པོ་རྣམས་ཀྱི་བརྗེད་ཐོའི་ཡི་གེར་འདུག་སྟེ་དེའི་གོ་བ་ལེགས་པོ་ཞིག་མཆན་གྱི་ཡིག་ཆུང་འདི་ལ་འདུག་ཟེར་ནས་རྩལ་བཤད་བག་རེ་བྱེད་པ་བྱུང་ངོ་། །དེའི་ཚེ་དབུས་གཙང་གི་མི་བཅུ་མདོ་སྨད་དུ་སྡོམ་པ་ལེན་དུ་ཕྱིན་པ་ནས་བཟུང་། མངའ་ 6-1-11a རིས་དང་བོད་ན་བཞུགས་པའི་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་རྒྱ་གར་ནས་པཎ་ཆེན་མང་པོ་སྤྱན་དྲངས་པ་ནས་སྤྲུལ་པའི་ལོ་ཙཱ་བ་སྔ་ཕྱིར་བྱོན་པ་རྣམས་དང་། བོད་གངས་ཅན་པའི་སྤྲུལ་པའི་སྐྱེས་ཆེན་འདུལ་བ་འཛིན་པ་དཔག་ཏུ་མེད་པ་རྣམས་ཀྱིས་ སྡོམ་རྒྱུན་ཇི་ལྟར་ཚུགས་པ་དང་། བཤད་གྲྭ་ཇི་ལྟར་བསྐྱངས་པ་རྣམས་བརྗོད་ན་འབྱམས་ཀླས་པས་འདིར་མ་བརྗོད་ལ། ཁོ་བོ་ཅག་བསྙེན་པར་རྫོགས་པའི་མཁན་རྒྱུན་གང་ལས་འོངས་པ་དང་སྡོམ་རྒྱུན་གང་ནས་འདེད་པ་དང་ལྷག་པར་མདོ་རྩ་བའི་རྣམ་བཤད་ གང་ལས་ཐོས་པའི་བརྒྱུད་རིམ་དག་བརྗོད་པར་བྱའོ། །དེ་ཡང་དགྲ་བཅོམ་པ་བྱང་ཆུབ་དཔལ་གྱིས་བཙུགས་པའི་དགེ་འདུན་ལས་བསྙེན་པར་རྫོགས་པ་ཡིན་ཅིང་། དགེ་སློང་གི་དངོས་པོའང་དེ་དག་ལས་ཐོབ་པ་ཡིན་ནོ། ། མཁན་རྒྱུན་ནི་ཚིགས་སུ་བཅད་དེ་ བརྗོད་ན། ཟླ་བྲལ་ཐུབ་དབང་གནས་བརྟན་ཤཱ་རིའི་བུ། །སྒྲ་གཅན་ཟིན་གཉིས་འཕགས་མཆོག་ཀླུ་སྒྲུབ་ཞབས། །ཡོན་ཏན་བློ་གྲོས་རིན་ཆེན་བཤེས་གཉེན་དང་། །ཆོས་ཀྱི་བཟང་པོ་ཡོན་ཏན་རྒྱ་མཚོའི་ཞབས། །ཆོས་ཀྱི་ཕྲེང་བ་བློ་གྲོས་འབྱུང་གནས་སྦས། །ས་ སྟེང་འགྲན་ཟླ་དང་བྲལ་ཤཱཀྱ་ཤྲཱི། །བྱང་ཆུབ་དཔལ་བཟང་དབང་ཕྱུག་གྲགས་པ་དང་། །གཞོན་ནུ་བྱང་ཆུབ་གནས་བརྟན་ཡོན་རྒྱལ་བ། །ཡོན་ཏན་བློ་གྲོས་འདུལ་འཛིན་སེང་གེ་དཔལ། །སྡོམ་བཙུན་དམ་པ་རབ་འབྱོར་སེང་གེ་དང་། །བླ་མ་དམ་པ་ཆོས་གྲུབ་སེང་ གེའི་ཞབས། །དད་པའི་སྤྱི་བོར་རྟག་པར་བཀོད་པ་ཡིན། །ཞེས་པ་ལྟར་ཡིན་ཅིང་སྡོམ་རྒྱུན་ཡང་མཁན་པོ་དེ་དག་གང་ལས་བཀའ་དྲིན་ནོད་པའི་དགེ་འདུན་གྱི་སྡེ་རྣམས་སོ། ། མདོ་རྩ་བའི་དཀའ་གནས་མཐའ་གཅོད་དང་བཅས་པ་གང་ལས་ཐོས་པའི་རིམ་པ་ནི། 6-1-11b རྫོགས་པའི་སངས་རྒྱས། ཉེ་བ་འཁོར། ཉེར་སྦས། ནག་པོ། ལེགས་མཐོང་། ཕྱིར་མི་འོང་བློས་མི་འབེབས། ཡོན་ཏན་འོད། ཤཱཀྱ་འོད། དགྲ་བཅོམ་པ་སེང་གེའི་གདོང་ཅན། པཎ་ཆེན་དཱ་ན་ཤཱི་ལ། པཎ་ཆེན་ཛི་ན་མི་ཏྲ། ཅོག་རོ་ཀླུའི་རྒྱལ་མཚན། གཙང་ རབ་གསལ། གཡོ་དགེ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། གཟུ་སྟོན་རྡོ་རྗེ་རྒྱལ་མཚན། སོག་སྟོན་ཚུལ་ཁྲིམས་བླ་མ། རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས། རྨ་ཚེ་བྱང་ཆུབ་རྡོ་རྗེ། སྐྱི་ཤོད་པ་ཚུལ་ཁྲིམས་འཕགས། འདར་ཚུལ་ཁྲིམས་རྒྱལ་ པོ། ཉི་སྟེང་པ་ཚུལ་ཁྲིམས་གྲགས། འདུལ་འཛིན་བློ་གྲོས་གྲགས། ནེལ་པ་པཎ་ཆེན། འདུལ་འཛིན་རྒྱལ་མཚན་དཔལ། སློབ་དཔོན་རིན་ཆེན་བྱང་ཆུབ། དམར་སྟོན་དཔལ་ལྡན་རིན་ཆེན། དམར་སྟོན་རྒྱ་མཚོ་རིན་ཆེན། བྱམས་ཆེན་སངས་རྒྱས་འཕེལ། སློབ་དཔོན་ ཆེན་པོ་ཀརྨ་ཕྲིན་ལས་པའི་ཞལ་སྔ་ནས་ཐོས་སོ། ། ཡང་ན་ཟངས་ཆེན་པའི་བཤད་རྒྱུན་ལྟར་ན། ཐུབ་དབང་། ཉེ་བ་འཁོར། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ །ནག་པོ། ལེགས་མཐོང་། བློས་མི་འབེབས། སློབ་དཔོན་ཉིད། ཤཱཀྱ་འོད། སེང་གེའི་གདོང་ཅན། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཀླུའི་རྒྱལ་མཚན། གཙང་རབ་གསལ། གཡོ་དགེ་འབྱུང་། དམར་ཤཱཀྱ་མུ་ནེ། དགོངས་པ་རབ་གསལ། ཀླུ་མེས་དབང་ཕྱུག་གྲགས། ཀླུབས་ལོ་ཙཱ། སྐྱོགས་འདུལ་འཛིན། གཟུ་སྟོན་རྡོ་རྗེ་རྒྱལ་མཚན། ཚུལ་ཁྲིམས་བླ་མ། ཚུལ་ཁྲིམས་འབྱུང་གནས། གྲགས་རྒྱལ། ཤེས་རབ་འོད། རྒྱ་འདུལ་འཛིན། ཚ་རོད་པ། ཤ་མི་འདུལ་འཛིན། སྦལ་ཏི་ཆེན་པོ། ཀླུབས་དཀར། གྲབ་མི་འདུལ་འཛིན། རྒྱ་དུར་བ་དར་མ་ཡེ་ཤེས། རྣམ་དག་ཟངས་ཆེན་པ། ཀུན་ 6-1-12a མཁྱེན་གཉིས་པ་མཚོ་སྣ་པ། རི་སྟེངས་པ་རྒྱལ་མཚན་བཟང་པོ། མཁན་ཆེན་ཤེས་རྡོར་པ། མཁན་ཆེན་བཀའ་བཅུ་པ། གནས་བརྟན་ལྷུན་བཟང་། བཅོམ་ལྡན་འདས་རིགས་ཀྱི་བདག་པོ་རྒྱལ་བ་ཀརྨ་པའི་ཕྲིན་ལས་པའི་ཞལ་ནས་ ཐོས་སོ། །འདི་དག་གི་བརྒྱུད་རིམ་རྗེ་ཕྲིན་ལས་པའི་གསན་ཡིག་ལྟར་བྲིས་པ་ཡིན་ལ། དག་མ་དག་ཅུང་ཟད་ཡོད་པ་འདྲ་བས་དཔྱོད་ལྡན་དག་གིས་འཁྲུལ་མེད་དུ་བསྡེབ་པར་གྱིས་ཤིག ། འདིར་སྨྲས་པ། ཆོས་འདིར་ཁོ་བོ་ཞུགས་ནས་བསྐལ་མང་སོང་། ། བརྡ་དོན་ལེགས་པར་འཕྲོད་ནས་བདེ་ཆེན་མྱོང་། །སླར་ཡང་རྡོ་རྗེའི་ལམ་དུ་རབ་གར་བ། །དབྱངས་ཅན་བཟང་པོ་བཞད་པའི་ངོ་མཚར་ཡིན། ། ད་ནི་བསྟན་བཅོས་ཉིད་ལ་འཇུག་པར་འདོད་དེ། དེ་ཡང་། མཚན་དོན་རྟོགས་ཆེད་མཚན་ནས་བརྗོད། །གཞུང་ཚད་ རྟོགས་ཆེད་བམ་གྲངས་བཀོད། །མཐར་ཕྱིན་ཆེད་དུ་ཕྱག་འཚལ་སྨོས། །སྐབས་དོན་རྟོགས་ཆེད་གཞུང་དོན་བཤད། །དེ་ལ་དང་པོ་ནི། རྒྱ་གར་སྐད་དུ། བི་ན་ཡ་སཱུ་ཏྲ། བོད་སྐད་དུ། འདུལ་བའི་མདོ། ཞེས་པ་སྟེ། དེ་ཡང་ཚད་ནི་ལུང་འབུམ་ཕྲག་ གི་དོན་གཞི་བཅུ་བདུན་དང་རྣམ་འབྱེད་གཉིས་ཀྱི་ལུས་སུ་དྲིལ་ནས་སྟོན་ལ། དེ་ཡང་བསྡུ་ན་མ་ཐོབ་པ་ཐོབ་བྱེད། ཐོབ་པ་མི་ཉམས་པར་བསྲུང་ཚུལ། ཉམས་ན་ཕྱིར་བཅོས་དང་གསུམ་བརྗོད་བྱའི་དོན་ཡིན་ལ། རྗོད་བྱེད་ནི་ཤླཽ་ཀ་ཉིས་སྟོང་བདུན་བརྒྱའོ། ། གཉིས་པ་ནི། བམ་པོ་དང་པོ། གསུམ་པ་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། བཞི་པ་ལ། གཞན་འཇུག་ཆེད་དུ་དགོས་འབྲེལ་བསྟན། །བརྗོད་བྱ་ངེས་འབྱུང་ཚུལ་ཁྲིམས་བསྟན། །དང་པོ་ལ། སྤྱི་དོན་དང་ཚིག་དོན་གཉིས་ལས། དང་ 6-1-12b པོ་ནི། དབུར་དགོས་འབྲེལ་བཀོད་པའི་འབྲེལ། དགོས་འབྲེལ་གྱི་བསྡུས་དོན་ནོ། །དང་པོ་ལ། དགག་བཞག་སྤང་གསུམ། དང་པོ་ནི། རྣ་བ་མ་ཕུག་པས་བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་འབྲེལ་ལམ་དགོས་པ་ནི། བསྟན་ བཅོས་ལུས་ལ་དགོས་སོགས་བཞི་ཡོད་ངེས་སྙམ་པའི་ཤེས་པ་དེ་སྐྱེ་བའི་ཆེད་ཁོ་ན་ཡིན་ཅེས་ཟེར་རོ། །དེ་ལྟར་ན་ནི་དེའི་དགོས་པ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་དེ་ཡང་ཅིས་མིན་ཏེ་མཚུངས་པའི་ཕྱིར། ཁོ་ན་རེ། མི་མཚུངས་ཏེ་ངེས་ཤེས་སྐྱེས་པ་ལས་རྟོག་ལྡན་ འཇུག་པའི་ཕྱིར་ཞེ་ན། དེས་ན་ནི་ཅིས་མི་མཚུངས་ཏེ་ཐེ་ཚོམ་སྐྱེས་པ་ལས་ཀྱང་རྟོག་ལྡན་འཇུག་པའི་ཕྱིར། རྟགས་ཁྱབ་ནི། ཚད་མ་བརྟགས་པ་ལས། གང་ཕྱིར་དོན་གཉེར་འཇིག་རྟེན་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་སོ། །དཔལ་བློ་ སེམས་མཚོས། དང་པོར་དེ་འགོད་པའི་དགོས་པ་ནི། གཞན་དག །བསྟན་བཅོས་འདི་བརྩམ་བྱ་མིན་ཏེ། །དགོས་སོགས་ཆོས་བཞི་མེད་པའི་ཕྱིར། །ཞེས་ཟེར་བ་ལ། རྟགས་ལ་ཐེ་ཚོམ་ཟ་བའི་སྒོ་ནས་མ་གྲུབ་པར་བསྟན་པས་གཞན་གྱི་སྦྱོར་བ་ངན་པ་དེ་བཟློག་ པའི་ཆེད་ཡིན་ཅེས་གསུངས་སོ། །དེ་ལྟར་ན་ནི་དགོས་འབྲེལ་གྱི་ངག་དེ་ཉིད་ཀྱང་བརྩམ་བྱ་མིན་ཏེ། དེ་ལའང་། དགོས་སོགས་ཆོས་བཞི་མེད་པའི་ཕྱིར། ཞེས་པའི་སྦྱོར་བ་ངན་པ་བཟློག་དགོས་པར་འགྱུར་བས་ཐུག་པ་ག་ལ་ཡོང་། ཡང་བྲམ་ཟེ་བདེ་བྱེད་ དགའ་བས། དབུར་དེ་འགོད་པའི་དགོས་པ་གཞུང་མཛེས་བྱེད་ཡིན་ཟེར། དེ་ལྟར་ན་དབུར་དེ་འགོད་པའི་ཡོངས་གཅོད་ཀྱི་དགོས་པ་དེ་ཆོས་ཅན། དགོས་འབྲེལ་ངག་གི་བརྗོད་བྱ་རྟོགས་པའི་ཆེད་ཁོ་ན་མ་ཡིན་པར་ཐལ། གཞུང་མཛེས་བྱེད་ཙམ་ཡིན་པའི་ 6-1-13a ཕྱིར། རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བསལ། འདོད་ན་རྣམ་ངེས་ལས། བརྡ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་དང་། སྒྲ་སྦྱར་བའི་དགོས་པ་ཡང་དེ་ཙམ་དུ་ཟད་པའི་ཕྱིར། ཞེས་སོ། ། གཉིས་པ་ལ། དགོས་པ་དང་། ཉིང་དགོས་ སོ། །དང་པོ་ལ། ཡོངས་གཅོད་ཀྱི་དགོས་པ་ནི། དགོས་སོགས་ཡོད་སྟོན་གྱི་ངག་ལ་བརྟེན་ནས་ལུས་ཀྱི་དགོས་སོགས་བཞི་ཡོད་པར་དང་པོར་རྟོགས་པ་དེ་ཆོས་ཅན། དགོས་སོགས་བཞི་ཡོད་སྟོན་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། དེ་སྐོར་གྱི་ངག་ལ་ བརྟེན་ནས་དགོས་སོགས་ཡོད་སྟོན་གྱི་སྒྲའི་བརྗོད་བྱ་རྟོགས་པ་ཡིན་པའི་ཕྱིར་རོ། །གྲུབ་སྟེ། ཊཱི་ཀ་ལས། ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་བྱ་བའི་མདོ་དང་པོ་འདིས་ནི། འདུལ་བ་མདོའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་ པ་དང་། དགོས་པའི་ཡང་དགོས་པ་རྣམས་བརྗོད་དེ་ཞེས་གསུངས་པས། ལུས་ཀྱི་དགོས་སོགས་བཞི་པོ་དེ་དག་འདིའི་བརྗོད་བྱ་ཡིན་པར་གྲུབ་ལ། ངག་འདི་ལ་བརྟེན་ནས་ངག་འདིའི་བརྗོད་བྱ་དེ་རྟོགས་པ་ཡིན་པས་རྟགས་གྲུབ་བོ། །ཁྱབ་པ་ནི་དྲངས་མ་ཐག་ པའི་རྣམ་ངེས་ཀྱི་ལུང་གིས་གྲུབ་བོ། །དེ་ཡང་དགོས་སོགས་བཞི་ཡོད་པར་གོ་བའི་ངག་ཙམ་དེ་ནི་དབང་རྣོན་ལ་ཐེ་ཚོམ་དང་དབང་རྟུལ་ལ་ངེས་ཤེས་སྐྱེ་བ་ཤས་ཆེ་བ་ཡིན་ཏེ། རིམ་བཞིན་དེ་གཉིས་ཚིག་དོན་འབྲེལ་བར་མ་ངེས་ཤིང་ཡིད་ཆེས་པར་དཀའ་བའི་ རིགས་དང་ཚིག་དོན་འབྲེལ་བར་མ་ངེས་ཀྱང་ཡིད་ཆེས་པར་སླ་བའི་རིགས་ཅན་གཉིས་སུ་ངེས་པའི་ཕྱིར། རྣམ་གཅོད་ཀྱི་དགོས་པ་ནི། དགོས་སོགས་བཞི་ཡོད་པ་གོ་བ་ལ་བརྟེན་ནས་རྣམ་པར་བཅད་བྱ་ལོག་རྟོག་བཞི་དང་ཐེ་ཚོམ་བཞི་སྟེ་བརྒྱད་བསལ་བ་ཡིན་ 6-1-13b ལ། ཊཱི་ཀ་ལས། འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པའི་དོགས་པ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་ དོན་འགྲུབ་པར་བྱ་བའི་ཕྱིར་དགོས་པའི་ཡང་དགོས་པ་ཡང་བསྟན་ཏོ་ཞེས་སོ། ། གཉིས་པ་ནི། བསྟན་བཅོས་ལ་རྟོག་ལྡན་འཇུག་པའི་ཆེད་ཡིན་ཏེ། ཆོས་མཆོག་གིས། དགོས་པ་སྟོན་པའི་ངག་གིས་ཅི་ཞིག་བྱ་ཞེ་ན། ཚིག་ལས་རྟོག་པ་དང་ལྡན་པ་རྣམས་ཐེ་ཚོམ་ སྐྱེ་ཞིང་། དེས་ན་དོན་དུ་གཉེར་ལ་དེ་ལས་ཀྱང་འཇུག་པར་འགྱུར་བའི་ཕྱིར་རོ་ཞེས་སོ། ། གསུམ་པ་ལ། རྣམ་གཅོད་ཟློག་ཕྱོགས་དང་། ཡོངས་གཅོད་ཟློག་ཕྱོགས་དང་། ཧ་ཅང་ཐལ་བའི་རྩོད་སྤང་གསུམ་མོ། །དང་པོ་ནི། ཁ་ཅིག་དགོས་སོགས་བཞིའི་ངག་གིས་ ལོག་རྟོག་བསལ་ནུས་ན་སྒྲ་མི་རྟག་སྒྲུབ་པ་ལ་བྱས་པ་རྟགས་དཔེ་བཀོད་པའི་སྦྱོར་བ་དོན་མེད་དུ་ཐལ། སྒྲ་རྟག་འཛིན་གྱི་ལོག་རྟོག་ལྡོག་པ་ལ་སྒྲ་མི་རྟག་ཅེས་པའི་ངག་ཙམ་གྱིས་ལོག་རྟོག་བསལ་ནུས་པའི་ཕྱིར། གལ་ཏེ་དེས་ལོག་རྟོག་ བསལ་མི་ནུས་ན་ལོག་རྟོག་བསལ་བ་དེ་དགོས་འབྲེལ་བཀོད་པའི་དགོས་པ་ཡིན་པར་ཁས་བླངས་པ་དང་འགལ་ལོ་ཞེ་ན། ཚད་མས་བསྡུས་པའི་བློ་ཡུལ་དུ་ལོག་རྟོག་བསལ་མི་ནུས་ཀྱང་ཐོས་བྱུང་ངག་ལ་བརྟེན་པའི་ཤེས་རབ་ཀྱི་བློ་ཡུལ་དུ་ལོག་རྟོག་བསལ་ནུས་པས་སྐྱོན་མེད་དོ། གཉིས་པ་ ལ། ཁ་ཅིག་དགོས་སོགས་བཞི་ཡོད་སྟོན་གྱི་ངག་དེས་དེའི་དོན་ལ་ངེས་ཤེས་སྐྱེད་མི་ནུས་པར་ཐལ། ངག་དང་དོན་ལ་འབྲེལ་པ་མེད་པའི་ཕྱིར་ཞེ་ན། ཐོལ་བྱུང་ཙམ་གྱི་ངོར་དེ་སྐྱེད་མི་ནུས་པར་ཐལ་ཅེ་ན་ཁྱབ་པ་མེད་ལ། ཚད་མར་གྱུར་པའི་ངེས་ཤེས་སྐྱེད་མི་ནུས་ 6-1-14a པར་ཐལ་ཅེ་ན་འདོད་དོ། །ཁ་ཅིག །ཐེ་ཚོམ་གྱི་ཕྱིར་དགོས་སོགས་ཡོད་སྟོན་གྱི་ངག་སྨོས་མི་དགོས་པར་ཐལ། ངག་དེ་མེད་ཀྱང་ཐེ་ཚོམ་དེ་ངང་གིས་སྐྱེ་བའི་ཕྱིར་ཞེ་ན། དགོས་འབྲེལ་ངག་གི་འབྲས་བུར་མ་གྱུར་བའི་ཐེ་ཚོམ་སྐྱེ་སྲིད་ཀྱང་། འདིར་གཉེར་བྱ་མིན་ལ་དེའི་འབྲས་བུར་གྱུར་པའི་ཐེ་ཚོམ་སྐྱེད་པའི་ཆེད་དུ་སྨོས་མི་དགོས་པར་ཐལ་ཟེར་ན་གཏན་ཚིགས་ཅི་ཡོད། དགོས་འབྲེལ་ངག་གི་འབྲས་བུར་གྱུར་པའི་ཐེ་ཚོམ་ངང་གིས་སྐྱེད་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་ལ། ངག་དེ་མེད་ཀྱང་དགོས་འབྲེལ་ ངག་གི་འབྲས་བུར་མ་གྱུར་པའི་ཐེ་ཚོམ་དེ་ངང་གིས་སྐྱེ་བའི་ཕྱིར་ཞེ་ན་ཁྱབ་པ་མེད་དོ། ། གསུམ་པ་ནི། བརྗོད་དགོས་འབྲེལ་གསུམ་པོ་དེ་དང་པོར་དགོས་འབྲེལ་ངག་གིས་བརྗོད་མི་དགོས་པར་ཐལ། ལུས་རྣམ་བཞག་ཉིད་ལ་བརྟེན་ནས་དེ་གོ་བའི་ཕྱིར་ཞེ་ན་གོ་མོད། དེ་ བསྟན་བཅོས་ལ་འཇུག་པའི་སྔོན་དུ་གོ་ནུས་པའི་ཕྱིར་སྙམ་ན་མ་གྲུབ་ལ། བསྟན་བཅོས་ལ་ཞུགས་ནས་གོ་བའི་ཕྱིར་ཞེ་ན་ཁྱབ་པ་མེད་དོ། ། གཉིས་པ་ལ་བདུན་ལས། དང་པོ་དགོས་འབྲེལ་གྱི་དབྱེ་བ་ནི། བཞི་གསུམ་བཅུ་གཉིས་ལས། ངག་ཙམ་ལ་ཡོད་པའི་དེ་ བཞི་ནི། ངག་དེས་བསྟན་བྱའི་དོན་བརྗོད་བྱ། ངག་དེ་ལ་བརྟེན་ནས་སྐྱེས་བུའི་དོན་འགྲུབ་རུང་གི་དབང་དུ་བྱས་ཏེ་ངག་གི་བརྗོད་བྱའི་དོན་རྟོགས་པ་དགོས་པ། ངག་དོན་རྟོགས་པ་ལ་བརྟེན་ནས་སྐྱེས་བུའི་དོན་གྲུབ་པ་ཉིང་དགོས། ཉིང་དགོས་དགོས་པ་ལས་བྱུང་ཞིང་། དགོས་པ་ངག་ལ་བརྟེན་ནས་བྱུང་བས་དེ་བྱུང་གི་འབྲེལ་ལོ། །འདིའི་དགོས་པ་ལ་སྐྱེས་བུའི་དོན་འགྲུབ་རུང་གི་དབང་དུ་བྱས་ཏེ་བརྗོད་དོན་རྟོགས་པ་ཞེས་སྦྱར་དགོས་ཀྱི། བརྗོད་དོན་རྟོགས་པ་ཙམ་ནི་བྱ་རོག་སོ་རྟོག་གི་བསྟན་བཅོས་ལའང་མཐོང་བའི་ཕྱིར་རོ། ། དགོས་ 6-1-14b འབྲེལ་ངག་ལ་ཡོད་པའི་དེ་བཞི་ནི། ལུས་ལ་དགོས་སོགས་ཆོས་བཞི་ཡོད་པ་དེ་བརྗོད་བྱ། དགོས་སོགས་བཞི་ཡོད་སྟོན་གྱི་ངག་ལ་བརྟེན་ནས་ལུས་ཀྱི་དགོས་སོགས་བཞི་ཡོད་པར་གོ་བ་དེ་དགོས་པ། དེ་གོ་བ་ལ་བརྟེན་ནས་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་ཉིང་ དགོས། ཉིང་དགོས་དགོས་པ་ལས་བྱུང་། དགོས་པ་དགོས་འབྲེལ་གྱི་ངག་ལ་བརྟེན་ཏེ་བྱུང་བ་ནི་འབྲེལ་བའོ། ། བསྟན་བཅོས་ལུས་ལ་ཡོད་པའི་དེ་བཞི་ནི། བསྟན་བཅོས་འདིར་ངེས་འབྱུང་གི་ཚུལ་ཁྲིམས་ནི་བརྗོད་བྱ། དེ་བདེ་བླག་ཏུ་རྟོགས་པ་ནི་དགོས་པ། མྱང་འདས་ནི་ཉིང་དགོས། མྱང་འདས་ཐོབ་པ་ཚུལ་ཁྲིམས་རྟོགས་པ་ལས་བྱུང་། ཚུལ་ཁྲིམས་རྟོགས་པ་བསྟན་བཅོས་འདི་ལ་བརྟེན་ཏེ་བྱུང་བ་ནི་འབྲེལ་པ་ཡིན་ནོ། །བཞི་ཚན་ཕྱི་མ་འདི་ལ་ཞིབ་ཏུ་ཕྱེ་ན་དགོས་འབྲེལ་ཡན་ལག་བརྒྱད་ཡོད་དེ་འོག་ནས་འཆད་དོ། ། གཉིས་པ་གྲངས་ངེས་པའི་རྒྱུ་མཚན་ལ། དངོས་དང་། ཞར་བྱུང་གཉིས་སོ། །དང་པོ་ནི། བསྟན་བཅོས་འདི་ལ་བརྗོད་བྱ་མེད། དེས་ན་དེ་རྟོགས་ཀྱི་དགོས་པ་མེད། དེའི་ཕྱིར་འབྲེལ་དང་ཉིང་དགོས་མེད་ཀྱི་ལོག་རྟོག་བཞི་དང་། ཡང་བརྗོད་བྱ་སོགས་ཕལ་ ཆེར་མེད་ལས་ཆེ་སྙམ་པའི་ཐེ་ཚོམ་བཞི་བསལ་བའི་ཕྱིར་དགོས་འབྲེལ་ཡན་ལག་བཞིར་གྲངས་ངེས་ཏེ། ཊཱི་ཀ་ལས། འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་ དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་བསྒྲུབ་པར་བྱ་བའི་ཕྱིར་དགོས་པའི་ཡང་དགོས་པ་བསྟན་ཏོ། །ཞེས་སོ། ། གཉིས་པ་ལ། བསྟན་བྱ་དགོས་འབྲེལ་གཅིག་ཐ་དད་དཔྱད་པ་ནི། ངོ་བོ་གཅིག་པ་ 6-1-15a དང་ཐ་དད་ཅི་རིགས་སུ་ཡོད་དེ། དེའང་རྟོག་གེ་ལྟར་ན། ཚུལ་ཁྲིམས་བདེ་བླག་ཏུ་རྟོགས་པའི་བློ་གཅིག་གི་ངོར་སྐབས་དེ་བསྡུས་ཀྱི་དགོས་འབྲེལ་ངོ་བོ་གཅིག་ལ། དགོས་པ་དང་ཞེན་བརྗོད་ངོ་བོ་ཐ་དད་ཅིང་། ཁྱད་པར་བརྗོད་བྱ་ལའང་། དངོས་ཀྱི་བརྗོད་བྱ་དངོས་མེད་དང་། ཞེན་བརྗོད་དངོས་པོར་གྲུབ་པའི་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། ཟླ་བ་ཉིད་དང་ཟླ་བའི་རྣམ་པ་བཞིན་ནོ། །མདོ་སྡེ་པ་ལྟར་ན། ཉིང་དགོས་མྱང་འདས་དངོས་མེད་ཡིན་པ་དེ་དང་ཞེན་བརྗོད་སོགས་གཞན་དངོས་པོར་གྲུབ་པ་ རྣམས་གཅིག་པ་བཀག་པའི་ཐ་དད་ཡིན་ལ། བྱེ་སྨྲས་ཉིང་དགོས་མྱང་འདས་དངོས་པོར་འདོད་པས་དེ་དང་ཞེན་བརྗོད་སོགས་དངོས་པོར་གྲུབ་པ་རྣམས་རྫས་ཐ་དད་པར་བརྗོད་དོ། ། བྱེ་སྨྲས་འབྲེལ་པ་ཡང་རྫས་གཞན་དུ་འདོད་དེ། འབྲེལ་པ་ནི་ཐོབ་པ་ལྡན་མིན་འདུ་བྱེད་ཀྱི་ རྫས་ཡིན་པའི་ཕྱིར། ཞེས་བརྗོད་དོ། ། དགོས་འབྲེལ་སྟོན་བྱེད་ཀྱི་ངག་གཅིག་ཐ་དད་དཔྱད་པ་ནི། མདོ་འདིའི་བརྗོད་དགོས་འབྲེལ་གསུམ་ཡོད་སྟོན་གྱི་ངག་ངོ་བོ་གཅིག་སྟེ། ཚུལ་ཁྲིམས་ཞེས་པའི་ངག་གཅིག་གི་དངོས་ཤུགས་ཀྱིས་བསྟན་པའི་ཕྱིར། ངག་དེ་དང་ ཉིང་དགོས་ཡོད་སྟོན་གྱི་ངག་ཐ་དད་དེ། སྔ་མ་ལས་ཚིག་ལོགས་སུ་ངེས་པར་འབྱུང་བ་ཞེས་སྨོས་པའི་ཕྱིར་རོ། ། གསུམ་པ་དབྱེ་བ་སོ་སོའི་ངོ་བོ་ནི། དགོས་འབྲེལ་གྱི་ཡན་ལག་རེ་རེ་ལ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཡོད་དེ། བརྗོད་བྱ་ལ་དངོས་དང་། ཞེན་པའིའོ། །དང་ པོ་ནི། བརྡ་སྦྱོར་གྱི་འབྲེལ་བས་དེ་སྐབས་ཀྱི་བརྗོད་བྱ་སྣང་སྟོབས་ཀྱིས་གོར་རུང་ཞིང་རང་མཚན་གྱི་ནུས་སྟོབས་ཀྱིས་སྟོང་སྟེ། རིགས་པ་མཁྱེན་པས། སྒྲ་གང་ཞིག་ནི་བརྗོད་པ་ན། །རྟོགས་པའི་དོན་གང་ཡིན་པ་དེ། སྒྲ་ཡི་ཡུལ་ནི་ཡིན་འདོད་དེ། །དོན་གྱི་མཚན་ཉིད་གཞན་ཡོད་ 6-1-15b མིན། །ཞེས་སོ། །ཞེན་པའི་བརྗོད་བྱ་ནི་སོ་ཐར་སྡོམ་པ་རང་མཚན་པའོ། །དགོས་པ་ལའང་དོན་ཆོས་བློ་ཆོས་གཉིས་ལས། ཡུལ་རྟོགས་བྱའི་དོན་གང་རྟོགས་པས་ན་དགོས་པ་དོན་ཆོས། དེ་རྟོགས་བྱེད་ཤེས་པ་གང་གིས་རྟོགས་པས་ན་དགོས་པ་བློ་ཆོས་སོ། །འབྲེལ་པ་ ལ་གཉིས་ལས། དགོས་པ་བསྟན་བཅོས་དང་འབྲེལ་ཏེ། བསྟན་བཅོས་ལ་བརྟེན་ནས་དེའི་དགོས་པ་འབྱུང་བའི་ཕྱིར། ཉིང་དགོས་དགོས་པ་དང་འབྲེལ་ཏེ། དགོས་པ་ལ་བརྟེན་ནས་དགོས་པའི་དགོས་པ་འབྱུང་བའི་ཕྱིར་རོ། །ཉིང་དགོས་ལ་གཉིས་ཏེ། ཉིང་དགོས་གནས་ སྐབས་པ་ཟག་མེད་ཀྱི་ལམ་དང་། ཉིང་དགོས་མཐར་ཐུག་པ་མྱ་ངན་ལས་འདས་པའོ། ། བཞི་པ་དགོས་འབྲེལ་བསྟན་ལུགས་ནི། ཚུལ་ཁྲིམས་ཀྱིས་དངོས་སུ་བརྗོད་བྱ། ཤུགས་ལ་དགོས་འབྲེལ། ངེས་པར་འབྱུང་བས་ཉིང་དགོས་དངོས་སུ་བསྟན་ཏོ། ། ལྔ་པ་གང་ལ་ བསྟན་པའི་ཡུལ་ནི། དེ་ལྟར་བསྟན་རུང་མ་བསྟན་རུང་འཇུག་པ་དང་མི་འཇུག་པ་ལ་མ་ཡིན་ཅིང་། དེར་མ་ཟད་མ་བསྟན་ན་འཇུག་བསྟན་ན་མི་འཇུག་པ་ལའང་མིན་ལ། བསྟན་ན་འཇུག་ལ་མ་བསྟན་ན་མི་འཇུག་པ་ལ་བསྟན་པར་རིགས་སོ། ། དྲུག་པ་དགོས་སོགས་བཞི་ལ་ རིམ་བཞིན་རྩོད་པ་སྤང་བའི་དང་པོ་དགོས་པ་ལ། མདོ་ལས་བསྟན་པའི་ཚུལ་ཁྲིམས་ཟློས་སྐྱོན་དུ་ཐལ། ལུང་གིས་བསྟན་ཟིན་བསྟན་པའི་ཕྱིར་ཞེ་ན་དེར་མི་འགྱུར་ཏེ། ལུང་ལ་མེད་པ་མདོ་ལ་ཡོད་པ་དང་དགོས་པ་གཞན་ཡང་ཡོད་པའི་ཕྱིར། གྲུབ་སྟེ། ཊཱི་ཀ་ལས། གཞུང་རྒྱས་པ་ཉན་པས་འཇིགས་པ་རྣམས་ཀྱི་དོན་དང་། རྣམ་པར་འབྱེད་པ་ལ་སོགས་པ་དེ་དག་ཉིད་ཡང་དག་པར་བསྟན་པའི་ཕྱིར། ལོག་པར་རྣམ་པར་འཆད་པ་བསལ་བའི་དོན་དུ་སློབ་དཔོན་གྱིས་མདོ་བརྩམས་སོ་ཞེས་སོ། །གཉིས་པ་བརྗོད་བྱ་ལ། མདོ་འདིས་སོ་ 6-1-16a ཐར་སྡོམ་པ་བརྗོད་བྱར་བསྟན་པ་མི་འཐད་པར་ཐལ། དེའི་ངོ་བོ་བསྟན་པ་མེད་པའི་ཕྱིར་ཞེ་ན། མདོ་འདིས་སྡོམ་པའི་ངོ་བོ་དངོས་སུ་མ་བསྟན་ཀྱང་བརྒྱུད་ནས་བསྟན་པའི་ཕྱིར་ཁྱོད་ཀྱིས་བཀོད་པའི་རྟགས་མ་གྲུབ་བོ། ། ཡང་ཁྱོད་ཀྱིས་སྡོམ་པའི་ངོ་ བོ་རང་མཚན་ཡིན་པས་ཀྱང་བརྗོད་བྱ་མིན་པར་ཐལ་ཅེ་ན། དངོས་དང་ཞེན་པ་གང་གི་བརྗོད་བྱ་མ་ཡིན་པར་ཐལ་ཟེར། དང་པོ་ལྟར་ན་འདོད་ལ། གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་བོ། །གསུམ་པ་འབྲེལ་བ་ལ། ཉིང་དགོས་མྱང་འདས་འདུས་མ་བྱས་ཡིན་པས་དེ་བྱུང་གི་ འབྲེལ་མེད་དུ་ཐལ། འདོད་ན་ཉིང་དགོས་དགོས་པ་ལས་བྱུང་བར་འདོད་པ་འཇིག་ཅེ་ན། མྱང་འདས་དངོས་ལ་དེ་བྱུང་འབྲེལ་ཡོད་ཅེས་སུས་སྨྲས། དེ་ཐོབ་པ་ལ་དེ་བྱུང་འབྲེལ་ཡོད་དེ་དགོས་པ་རྟོགས་པ་ལ་བརྟེན་ནས་རིམ་གྱིས་དེ་འཐོབ་པའི་ཕྱིར་བརྒྱུད་འབྲེལ་ཡིན་ནོ། ། བཞི་པ་ཉིང་དགོས་ལ། བརྒལ་ལན་གྱི་སྒོ་ནས་ཉིང་དགོས་ངོས་བཟུང་བ། འདུས་བྱས་མ་བྱས་ཀྱི་སྒོ་ནས་རྩོད་པ་སྤང་། གནས་སྐབས་མཐར་ཐུག་གི་སྒོ་ནས་རྩོད་པ་སྤང་བའོ། །དང་པོ་ནི། ཊཱི་ཀ་ལས། བརྒྱ་ལ་ལ་ལ་ཞིག་ཚུལ་ཁྲིམས་ཡོངས་སུ་ཤེས་པ་དེས་ཅི་ཞིག་ བྱ་སྟེ། དེ་ནི་བྱ་རོག་གི་སོ་བརྟག་པ་དང་འདྲ་བར་གར་ཡང་དགོས་པ་མེད་དོ་ཞེས་རྒོལ་ན། དེའི་ཕྱིར་དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། དེ་ཡང་ངེས་པར་འབྱུང་བ་ཞེས་སྨོས་པས་བསྟན་ཏོ། །ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ་ཞེས་སོ། ། གཉིས་པ་ ནི། མདོ་རྩ་བའི་ཉིང་དགོས་དེ་འདུས་བྱས་མ་བྱས་གང་དུ་དྲངས། དང་པོ་ལྟར་ན། དེའི་ཉིང་དགོས་མི་རྟག་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། ཊཱི་ཀ་ལས། མྱ་ངན་ལས་འདས་པ་ནི་དོན་དམ་པར་གཙོ་བོ་ཡིན་ཏེ། དགེ་བ་དང་རྟག་པའི་ཕྱིར་ཞེས་སོ། །གཉིས་ 6-1-16b པ་ལྟར་ན་དེའི་ཉིང་དགོས་ཆོས་ཅན། ལྡན་མིན་འདུ་བྱེད་མ་ཡིན་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། ཊཱི་ཀ་ལས། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ཐོབ་པ་ ཞེས་བྱ་བའི་ཐ་ཚིག་གོ་ཞེས་པ་དང་འགལ་ལོ་ཞེ་ན། འདི་ལ་མཐར་ཐུག་པའི་ཉིང་དགོས་གཉིས་ཏེ། མྱང་འདས་དང་། དེའི་ཐོབ་པའོ། །སྔ་མ་ནི་འདུས་མ་བྱས་ཡིན་པས་ལུང་དང་པོ་དང་མི་འགལ། ཕྱི་མ་ནི་འདུས་བྱས་ཡིན་པས་ལུང་གཉིས་པ་དང་མི་འགལ་ལོ། ། གསུམ་པ་ནི། ཟག་མེད་ཀྱི་ལམ་ཉིང་དགོས་ཡིན་ནམ་མིན། དང་པོ་ལྟར་ན། ཊཱི་ཀ་ལས། ཅིའི་ཕྱིར་ཟག་པ་མེད་པའི་ལམ་མི་བཟུང་ཞེ་ན། གཙོ་བོ་མ་ཡིན་པའི་ཕྱིར་རོ་ཞེས་པ་དང་འགལ། གཉིས་པ་ལྟར་ན། ཕྲན་ཚེགས་འགྲེལ་པར། སྡུག་བསྔལ་ལ་ཆོས་ཤེས་ པའི་བཟོད་པ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་བར་ནི་དགོས་པའི་དགོས་པ་ཡིན་ནོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཉིང་དགོས་ལ་མཐར་ཐུག་དང་གནས་སྐབས་གཉིས་ཡོད་པ་ལས། མཐར་ཐུག་གི་དབང་དུ་བྱས་ན་ལུང་དང་པོ་ དང་འགལ་མེད་གྲུབ། གནས་སྐབས་པའི་དབང་དུ་བྱས་ན་ལུང་གཉིས་པ་དང་འགལ་མེད་གྲུབ་བོ། ། བདུན་པ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་མེད་དཔྱད་པ་ནི། བསྟན་བཅོས་ལ་ཞུགས་དུས་ན་བརྗོད་དགོས་འབྲེལ་གསུམ་མྱོང་བས་གྲུབ་ལ་ཉིང་དགོས་ནི་ལུང་གིས་གྲུབ་པ་ ཡིན་ནོ། ། གཉིས་པ་ཚིག་དོན་ལ། ངེས་པའི་སྒྲ་ནི། སམ་སྐྲྀ་ཏ་ལས། ནི་ཤྩ་ཞེས་པ་གདོན་མི་ཟ་བ་དང་རྟག་པ་གཉིས་ལ་འཇུག་པ་ལས་འདིར་ཕྱི་མ་ལ་བཟུང་དགོས་ཏེ་མྱང་འདས་ཐོབ་ནས་ཕྱིར་མི་ལྡོག་པའི་དོན་ཏེ། ཊཱི་ཀ་ལས། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ་ཕུང་པོ་ 6-1-17a ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་འབྱུང་བས་ཕྱི་རོལ་པས་བཏགས་པའི་རྟག་པ་ལྟ་བུ་ནི་མིན་ནོ། །འབྱུང་བའི་སྒྲ་ནི་དོན་མང་པོ་ལ་འཇུག་སྟེ་རྐང་གིས་འགྲོ་བ་དང་བཞོན་པ་དང་གནས་དང་ལམ་དང་ཐོབ་པར་བྱ་ བ་རྣམས་ལ་རིམ་བཞིན་འཇུག་སྟེ། དཔེར་ན། རྐང་ཐང་གིས་འབྱུང་ཞེས་དང་། གླང་པོ་ཆེས་འབྱུང་ཞེས་དང་། གྲོང་དུ་འབྱུང་ཞེས་དང་། ལམ་པོ་ཆེ་ནས་འབྱུང་ཞེས་དང་། འདིར་འབྱུང་ངོ་ཞེས་པ་ལྟ་བུ་རྣམས་ལས་འདིར་ཐ་མའི་དོན་བཟུང་སྟེ། ཊཱི་ཀ་ལས། ཐོབ་པར་བྱ་བ་ལ་ཡང་འབྱུང་བ་ཞེས་བྱ་བ་སྟེ། འབྱུང་བ་ནི་ཐོབ་བར་བྱ་བའོ་ཞེས་ཟེར་བའི་ཕྱིར་རོ། །དེ་དག་ལས་འདིར་ནི་འབྱུང་བའི་སྒྲ་ཐོབ་པར་བྱ་བ་ཁོ་ནར་བཟུང་སྟེ། ངེས་པར་ཞེས་བྱ་བའི་སྒྲ་སྨོས་པའི་ཕྱིར་རོ་ཞེས་སོ། །དེ་ལ་གང་འབྱུང་ན་ཚུལ་ཁྲིམས་སྲུང་པོ་ དེ་འབྱུང་ངོ་། ། གང་ནས་འབྱུང་ན་ཁམས་གསུམ་འཁོར་བ་ནས་སོ། ། གང་གིས་འབྱུང་ན་ཚུལ་ཁྲིམས་ཀྱིས་སོ། ། གང་དུ་འབྱུང་ན་མྱ་ངན་ལས་འདས་པར་རོ། ། དེས་ན་འདིར་འབྱུང་བ་ནི་གང་དུ་འབྱུང་ས་ཉིད་གཙོ་ཆེ་བ་ཡིན་ནོ། ། བུ་སྟོན་འདུལ་འཛིན་གྱི་ཞལ་ནས། འདི་ལས་ངེས་པར་འབྱུང་བ་ཞེས་འཁོར་བར་འཇུག་པར་རྩོམ་པར་གྱུར་པ་འདི་ལས་འབྱུང་བའམ་འཁོར་བར་འཇུག་པ་ལས་མཐར་ཐུག་པར་འགྲོ་བ་ཡང་མ་ཡིན་ཏེ། དེ་ནི་བརྟེན་པར་བྱ་བ་མ་ཡིན་ལ། འདི་བརྟེན་པས་མྱང་འདས་ཐོབ་པའི་ཕྱིར་རོ་ཞེས་འབྱུང་བས་ ཤེས་པར་བྱའོ། ། ཚུལ་ཁྲིམས་ཀྱི་སྒྲ་ནི་ཤཱི་ལ་སྟེ་དོན་བསྒྱུར་ན་བསིལ་ཐོབ་ཅེས་བྱ་སྟེ། ཁ་ན་མ་ཐོ་བའི་གདུང་བ་ལས་བསིལ་བ་ཐོབ་པའི་ཕྱིར་རོ། ། ཀྱི་ནི་དྲུག་པ་འབྲེལ་པའི་སྒྲ་སྟེ་མྱང་འདས་ཐོབ་བྱེད་ཀྱི་རྒྱུའི་དོན་ནོ། ། དབང་དུ་བྱས་ཏེ་ཞེས་པ་ནི། ཨ་ཐ་ཞེས་པའི་ 6-1-17b སྒྲ་ལས་དྲངས་ན་བཀྲ་ཤིས་དང་དེ་ནས་དང་དེ་མ་ཐག་དང་དབང་དུ་བྱས་པ་བཞི་ལ་འཇུག་པ་ལས་འདིར་ཕྱི་མ་ལ་བསམས་ནས་སྦྱར་བ་ཡིན་ཏེ། ཊཱི་ཀ་ལས། འདིར་ཨ་ཐ་ཞེས་སྨོས་པ་ནི་དབང་དུ་བྱས་པའི་དོན་ཁོ་ནར་སྦྱར་ཏེ་ཞེས་སོ། །ཅིའི་དབང་དུ་བྱས་ཞེ་ན། དགེ་ འདུན་ཐམས་ཅད་འདུས་པ་ན་ཞེས་པ་ནས་ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ་ཞེས་པའི་བར་གྱི་བརྗོད་བྱའི་དབང་དུ་བྱས་ན་འདི་ལྟར་རོ་ཞེས་པའི་དོན་ནོ། ། གཉིས་པ་ལ། གསལ་བཏོད་འདུལ་བ་སྤྲོས་ཏེ་བསྟན། །མི་གསལ་འདུལ་བ་བསྡུས་ཏེ་ བསྟན། །དང་པོ་ལ། སློབ་པའི་གང་ཟག་ཇི་ལྟར་སྒྲུབ། །དེ་ལ་བསླབ་བྱ་ཅི་ལྟར་བསྟན། དང་པོ་ལ་གསུམ་སྟེ། གཞི་དང་ཕྲན་ཚེགས་ཞུ་བར་བརྗོད། །དང་པོ་ལ་གཉིས་ཏེ། ཚེགས་མེད་རྫོགས་ཚུལ་སྔོན་ཆོག་བཤད། །ཚེགས་བཅས་ད་ལྟར་རྫོགས་ཚུལ་ བཤད། །དང་པོ་ལ། སྤྱི་དང་ཚིག་གི་དོན་གཉིས་ལས། དང་པོ་ལ། རབ་བྱུང་གི་གཞི་དང་པོར་སྟོན་པ་ནི། ཊཱི་ཀ་ལས། བསླབ་པའི་གཞི་རྣམ་པར་བཞག་པ་མཐའ་དག་ནི་རབ་ཏུ་བྱུང་བ་རྣམས་ཀྱི་ཡིན་པར་གསུངས་ཀྱི། ཁྱིམ་པ་རྣམས་ཀྱི་མ་ཡིན་པའི་ ཕྱིར་རོ་ཞེས་སོ། ། འདི་ལ་བསྙེན་པར་རྫོགས་པ་བཅུར་དབྱེ་བ་དང་། སྔོན་ཆོག་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི། ལུང་མ་མོའི་རྗེས་སུ་འབྲངས་ཏེ། མཛོད་འགྲེལ་ལས། སངས་རྒྱས་དང་རང་སངས་རྒྱས་རང་བྱུང་གིས་བསྙེན་པར་རྫོགས་པ་དང་། ལྔ་སྡེ་བཟང་ པོ་ཡེ་ཤེས་ཁོང་དུ་ཆུད་པས་དང་། གྲགས་པའམ་མཆོག་ཟུང་གཅིག་ལྟ་བུ་ཚུར་ཤོག་གིས་དང་། སྡེ་བཟང་དྲུག་ཅུའི་ཚོགས་སྐྱབས་འགྲོ་ལན་གསུམ་བཟླས་པས་དང་། འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་དང་། བྲམ་ཟེ་སུ་དཱ་ཡ་ལེགས་བྱིན་དྲི་བས་མཉེས་ 6-1-18a པ་དང་། སྐྱེ་རྒུའི་བདག་མོ་ཆེན་མོ་ལ་སོགས་ཤཱཀྱའི་བུད་མེད་ལྔ་བརྒྱ་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པས་དང་། བུ་མོ་ཆོས་བྱིན་མ་ཕྲིན་གྱིས་དང་། ཡུལ་དབུས་ཀྱི་མི་རྣམས་བཅུ་ཚོགས་ཀྱིས་དང་། མཐའ་འཁོབ་ཀྱི་མི་རྣམས་ལྔའི་ ཚོགས་ཀྱིས་བསྙེན་པར་རྫོགས་པ་དང་བཅུའོ་ཞེས་སོ། ། འདི་དང་མཐུན་པར། འདུལ་བ་ཚིག་ལེར། འདྲེན་པ་རང་རྒྱལ་རང་བྱུང་གིའོ། །འཕགས་པ་ཀཽ་ཎྜི་ནྱ་སོགས། །ལྔ་སྡེ་རྣམས་ནི་ངས་པ་ལས། །གང་ཞིག་སློབ་མ་བཟང་སྡེ་རྣམས། །ཐམས་ཅད་སྐྱབས་ སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་ཆོས་བྱིན་མ། །ཚུར་ཤོག་དགེ་སློང་ཞེས་བྱས་ཀྱང་། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་འོད་སྲུང་བདག་ཉིད་ཆེ། །དྲི་བས་མཉེས་པའི་ལན་ཉིད་ཀྱིས། །སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་འཁོབ་པ་ དག་ལ། །བསྙེན་པར་ཡང་དག་རྫོགས་བསྟན་པ། །བཅུ་དང་ལྔ་ཡི་ཚོགས་ཀྱིས་སམ། །དེ་བས་ལྷག་པས་ཀྱང་ནི་རུང་། །དེ་བཞིན་འཁོར་ཚོགས་བཅས་པ་ཡི། །གཽའུ་ཏ་མ་ལྕི་ཆོས་ཀྱིས། །ཅེས་བྱ་བ་ལ་སོགས་ཏེ་མཐུན་པར་གསུངས་ལ། ལུང་གཅིག་ལས་ འཕྲོས་པ་ལས་ཀྱང་། བསྙེན་པར་རྫོགས་པ་བཅུ་སྟེ། ཞེས་གསུངས་ནས། གཞན་དགུ་སྔར་བཞིན་ལ་སྐྱབས་འགྲོའི་ཁས་བླང་མ་བགྲངས་པར་གསོལ་བཞིའི་སྔོན་ཆོག་བགྲངས་ཏེ་བཅུར་གསུངས་སོ། །མ་བགྲངས་པ་དེ་ཉིད་དང་བཅས་ན་བཅུ་གཅིག་ཏུ་ཡོད་ཀྱང་ བསྡམ་བྱ་སླ་བས་བཅུ་ཚན་དུ་མཛད་དོ། ། གཉིས་པ་སྔོན་ཆོག་ལ། དགག་བཞག་སྤང་གསུམ། དང་པོ་ལ་དངོས་དང་། ཞར་བྱུང་གཉིས་ལས། དང་པོ་ནི། ཤ་མི་དང་བ་འདུལ་སོགས་ཀྱི་ཞལ་ནས། སྔོན་ཆོག་བཅུ་སྟེ། སངས་རྒྱས་རང་བྱུང་རང་རྒྱལ་མཁན་ 6-1-18b སློབ་མེད། །ཡེ་ཤེས་ཁོང་ཆུད་ཚུར་ཤོག་སྐྱབས་འགྲོ་དང་། །སྟོན་པར་ཁས་བླངས་དྲི་མཉེས་ལྕི་ཆོས་སྤོངས། །ཕྲིན་དང་གསོལ་བཞིའི་ལས་དང་སྔོན་ཆོག་བཅུ། །ཞེས་འཆད་དོ། །ལུགས་དེ་ནི་ནན་ལྟར་མི་བཟང་སྟེ། ལུང་དང་བསྟན་བཅོས་རྣམས་ལས། བསྙེན་ རྫོགས་བཅུ་ཞེས་གསུངས་ཀྱི། སྔོན་ཆོག་བཅུ་ཞེས་པ་ནི་གཞུང་གང་ནས་ཀྱང་མ་གསུངས་ལ། དང་པོ་གཉིས་ཐ་དད་པ་གྲངས་པས་ནི་མཛོད་འགྲེལ་དང་ས་ག་ལྷའི་ལུང་དང་དངོས་སུ་འགལ་ལོ། །དེ་གཉིས་གཅིག་ཏུ་འདྲེན་དགོས་པ་ཡང་། མ་མོ་ལས། དེ་བཞིན་ གཤེགས་པ་རང་བྱུང་དང་རང་སངས་རྒྱས་ནི་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང་ཞེས་གཅིག་ཏུ་བགྲངས་པའི་ཕྱིར་རོ། ། འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། སྟོན་པ་སངས་རྒྱས་སྔར་བསྙེན་པར་རྫོགས་ནས་ཕྱིས་རབ་ཏུ་བྱུང་བ་ཡིན་ཅེས་ཟེར་ལ་འདི་ཉིད་ ལ་དཔྱོད་པ་དང་ལྡན་པ་དག་ཡང་དག་པར་དཔྱོད་ཅིག །ཁྱད་པར་དུའང་ཕྲིན་ཆོག་སྔོན་ཆོག་ཏུ་འདོད་པ་མི་རིགས་ཏེ། ཕྲིན་གྱིས་རབ་བྱུང་དང་བསྙེན་རྫོགས་བྱེད་པའི་ཆོ་ག་ཆོས་ཅན། གང་ཟག་གཅིག་གིས་རབ་བྱུང་བསྙེན་རྫོགས་རིམ་གྱིས་འཐོབ་བྱེད་མིན་པར་ ཐལ། སྔོན་ཆོག་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ནི་ཉིད་ཀྱི་རྣམ་བཤད་ལས། རབ་ཏུ་དབྱུངས་པ་ཉིད་དང་བསྙེན་པར་རྫོགས་པ་དུས་མཉམ་དུ་ཡིན་གྱི་རིམ་གྱིས་ནི་མ་ཡིན་ནོ་ཞེས་དང་། ཊཱི་ཀ་ལས། དུས་གཅིག་ཁོ་ནར་དེ་གཉིས་ཀ་ཉེ་བར་སྒྲུབ་ པར་གྱུར་པ་དེ་རིམ་གྱིས་ནི་མ་ཡིན་ནོ་ཞེས་སོ། །འདོད་ན། ཕྲན་ཚེགས་ལས། བུ་མོ་ཆོས་བྱིན་མ་ལ་དགེ་སློང་མའི་དགེ་འདུན་དང་ངའི་བཀས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་བཏང་སྟེ་སྐྱབས་སུ་འགྲོ་བ་གསུམ་ནས་རིམ་པ་བཞིན་དུ་རབ་ཏུ་ཕྱུངས་ལ། ལོ་ 6-1-19a གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གིས་བསླབ་པའི་སྡོམ་པ་ཡང་བྱིན་ནོ་ཞེས་བྱ་བ་ནས་ཆོས་བྱིན་མ་ནི་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་ལ་བསླབས་ཟིན་གྱི། དེ་ཡང་ཨུཏྤ་ལའི་ ཁ་དོག་མ་ཕྲིན་པར་ཐོང་ལ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག །དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་ཐོང་སྟེ། ཆོས་བྱིན་མ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བསླབ་ཚིགས་རིམ་ནོད་དུ་གསུངས་པ་དང་འགལ་ལོ། ། དཔལ་ཤཱཀྱ་མཆོག་ལྡན་ན་རེ། སྔོན་ཆོག་གི་མཚན་ཉིད་ཆོ་ག་འདིས་རབ་བྱུང་དང་བསྙེན་རྫོགས་གཅིག་ཅར་དུ་བྱེད་པའི་ཁྱབ་པ་མེད་དེ། རང་སངས་རྒྱས་དང་ལྔ་སྡེ་བཟང་པོ་ནི་སྔར་རབ་ཏུ་བྱུང་ནས་ཕྱིས་བསྙེན་པར་རྫོགས་པ་ཐོབ་པའི་ཕྱིར་ཞེས་ཟེར་རོ། །དེ་ལྟར་ན་ དྲངས་མ་ཐག་གི་ལུང་དེ་སྙེད་ཀྱིས་གནོད་པར་མ་ཟད། ཆོས་འདི་པ་ལ་སྔོན་དང་ད་ལྟར་གྱི་ཆོ་ག་གང་ཡིན་ཀྱང་བཅོམ་ལྡན་འདས་ཀྱི་ཆོས་འདུལ་བ་ནས་འབྱུང་བའི་སྒྲུབ་ཚུལ་གྱི་སྒོ་ནས་རབ་ཏུ་དབྱུང་དགོས་པ་ལ་མ་གཏོགས་པའི་ཁྱིམ་ནས་དབྱུང་ཙམ་གྱིས་འདི་པའི་ རབ་བྱུང་གོ་ཆོད་པོ་མིན་པ་དེ་ལས་བཟློག་སྟེ་གྱ་ཚོམས་སུ་སྨྲས་སྣང་བའི་ཕྱིར། གཞན་ཡང་ཕྲིན་ཆོག་སྔོན་ཆོག་ཡིན་ན་མཁན་པོ་དང་བཅས་པ་མ་ཡིན་དགོས་ཏེ། ལུང་གཞི་ལས། སྔོན་གྱི་ཆོ་གས་དེ་ལྟར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དག་མཁན་པོ་མེད་པ་ དང་སློབ་དཔོན་མེད་པས་ཞེས་དང་། ཊཱི་ཀ་ལས། མཁན་པོ་དང་སློབ་དཔོན་གྱིས་གནང་བ་བས་སྔར་བཤད་པས་ན་དེའི་ཕྱིར་སྔོན་གྱི་ཆོ་ག་ཞེས་བྱ་སྟེ། དེ་གཉིས་མེད་པར་སྔོན་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་བྱུང་ཞེས་སོ། །འདོད་ན། ཊཱི་ཀ་ལས། མཁན་ 6-1-19b པོ་ལ་སོགས་པས་སྐལ་བ་དང་ལྡན་པའི་རང་བཞིན་ཅན་རབ་ཏུ་བྱུང་བ་དེ་ལ་བྱ་བ་གང་ཡིན་པ་དེ་དག་མངགས་ཏེ་རྗེས་སུ་བསྒྲུབ་པར་བྱ། ཞེས་དང་། འགྲེལ་ཆུང་ལས། མཁན་པོ་ལས་ལུང་མནོས་ཏེ་ཕོ་ཉས་ཁྲིམས་དབོག་ཅེས་པ་དང་འགལ་ལོ། ། འདིར་དཔལ་ཤཱཀྱ་ མཆོག་ལྡན་ན་རེ། སྔོན་ཆོག་ལ་མཁན་སློབ་མེད་པའི་ཁྱབ་པ་ཡང་མེད་དེ། ཚུར་ཤོག་སོགས་ཀྱི་ཚེ་སྟོན་པ་སངས་རྒྱས་མཁན་པོ་ཡིན་པར་གྲུབ་ལ། གསོལ་བཞིའི་ལས་ཀྱི་སྔོན་ཆོག་བྱས་པའི་ཚེ་ལས་བྱེད་པ་པོ་དེས་དོན་གྲུབ་པ་ན་སློབ་དཔོན་དུ་གྱུར་པ་ལས་འོས་མེད་ པའི་ཕྱིར་ཟེར་རོ། །དེ་ལྟར་བརྗོད་པ་ལ་དྲངས་མ་ཐག་པའི་ལུང་དང་འགལ་བར་མ་ཟད་གཟུ་ལུམས་ཡིན་ཏེ། མཁན་སློབ་ཀྱི་རྣམ་གཞག་གི་རྒྱུ་བཅོམ་ལྡན་འདས་ཀྱིས་མ་བཅས་པར་དེའི་རྣམ་འཇོག་འབྲས་བུ་མི་འབྱུང་བའི་ཕྱིར་དང་། འབྱུང་ན་རང་བྱུང་གི་བསྙེན་རྫོགས་ ལའང་ཐལ་ཆེས་པའི་ཕྱིར་དང་། དེར་མ་ཟད་སྔོན་ཆོག་ལ་མཁན་སློབ་དོན་མཐུན་གྱི་བརྡ་གྲགས་ན། ཊཱི་ཀ་ཉིད་ལས། མཁན་པོ་དང་སློབ་དཔོན་གྱིས་གནང་བ་བས་སྔར་བཤད་པས་ན་དེའི་ཕྱིར་སྔོན་གྱི་ཆོ་ག་ཞེས་བྱ་སྟེ་ཞེས་པས་དངོས་སུ་བཀག་འདུག་པའི་ཕྱིར་རོ། ། གཞན་ཡང་ཕྲིན་ཆོག་སྔོན་ཆོག་ཏུ་འཐད་ན། ཕྲིན་གྱིས་ཚུལ་ཁྲིམས་འབོགས་ཆོག་དེ་དེང་སང་བྱར་རུང་མིན་པར་ཐལ། སྔོན་ཆོག་ཡིན་པའི་ཕྱིར། ཁྱབ་པ་མེད་ན་སྔོན་ཆོག་ཡིན་པ་དང་འགལ། འདོད་ན། ཉན་ཐོས་ཀྱི་མདོ་སྡེ་ལས་ཀྱང་བཀའ་སྩལ་པ། ཆོས་བྱིན་ མ་ཕྲིན་གྱིས་བསྙེན་པར་རྫོགས་པ་གནང་གི། ཕྱིན་ཆད་གཞན་ཡང་འདི་འདྲ་བ་རབ་ཏུ་བྱུང་ན་དེ་ཡང་ཕྲིན་གྱིས་བསྙེན་པར་རྫོགས་པར་གྱིས་ཤིག །ཅེས་གསུངས་སོ། ། འོ་ན་ཕྲིན་ཆོག་གིས་དེང་སང་ཇི་ལྟར་བསྒྲུབ་ཅེ་ན། སྡོམ་པ་ལེན་པོ་དེ་ཚེ་དེ་ལ་མཐོང་ལམ་སྐྱེ་རུང་ 6-1-20a ཡན་ཆད་ཡིན་པ་དང་། ལེན་པོ་དེ་སྐལ་བ་དང་ལྡན་པའི་རང་བཞིན་ཅན་ཡིན་པར་མཁན་པོ་ལ་སོགས་པ་དག་གིས་ཤེས་པ་དང་། ལེན་པོ་དེ་མཁན་པོ་ལ་སོགས་པའི་དྲུང་དུ་འོང་བའི་དབང་མེད་པ་སྟེ་དེ་གསུམ་ཚང་ན་ཕྲིན་གྱིས་ད་ལྟར་ཡང་བསྒྲུབ་པའོ། ། དེའི་ཕྱིར་མདོ་རྩ་ལས། སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངགས་པ་དང་འདྲ་བས་རབ་ཏུ་འབྱིན་དུ་གཞུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ཤ་མི་དང་སྦལ་ཏི་ལ་སོགས་ཀྱིས་ཕྲིན་གྱིས་རྫོགས་ཚུལ་འདི་བྱུང་དུས་གསོལ་བཞིའི་སྔོན་ཆོག་གི་ སྔར་བྱུང་ཞིང་། སྒྲུབ་བྱེད་དགེ་འདུན་ལ་མི་བརྟེན་ལ་ཆོ་ག་དང་ལས་ལ་མི་བརྟེན་པ་ཡིན་ཅེས་འཆད་དོ། །འདི་མི་འཐད་པའི་རྒྱུ་མཚན་ནི། འདི་གསོལ་བཞིའི་སྔོན་ཆོག་གི་སྔར་བྱུང་བ་ཡིན་ན། ལུང་རྣམ་འབྱེད་ལས། ཨུཏྤ་ལའི་མདོག་ནི་སྐྱེ་རྒུའི་བདག་མོས་མཁན་མོ་ བྱས་ཏེ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་ཚུལ་གསུངས་པ་དང་འགལ། སྒྲུབ་བྱེད་དགེ་འདུན་ལ་མི་བརྟེན་ན་ལུང་ཕྲན་ཚེགས་ལས། དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་ཐོང་སྟེ་ཞེས་གསུངས་པ་དང་འགལ། ཆོ་ག་དང་ལས་ལ་མི་བརྟེན་པ་ཡིན་ ན། ལུང་མ་མོ་ལས། ཕྲིན་ནི་སོ་སོའི་སྐྱེ་བོ་དགེ་བ་ཅན་ཆོས་བྱིན་མ་དང་འདྲ་བ་གང་ཕྱིར་བྱུང་ན་བར་ཆད་དུ་འགྱུར་བ་དེ་ལ་ཕོ་ཉས་ལས་སུ་བྱ་བ་དང་ཞེས་གསུངས་པ་དང་འགལ། གཉིས་པ་ལ། སྔོན་ཆོག་ནི་ཚེགས་ཆུང་ངུས་རབ་བྱུང་དང་བསྙེན་རྫོགས་གཅིག་ཅར་ ཐོབ་པར་བྱེད་པ་དེ་ཡིན་ལ། འདི་ཉིད་ཀྱི་དབྱེ་བ་ནི་བརྒྱད་དེ། འདྲེན་པ་རང་བྱུང་རང་རྒྱལ་ཚུལ་གཅིག་ཅིང་། །ཡེ་ཤེས་ཁོང་ཆུད་ཚུར་ཤོག་སྐྱབས་འགྲོ་དང་། །སྟོན་པར་ཁས་བླངས་དྲི་མཉེས་ལྕི་ཆོས་སྤོང་། །གསོལ་བཞིའི་ལས་ཀྱི་སྔོན་གྱི་ཆོ་གའོ། །ཞེས་མཚོ་སྣ་ 6-1-20b པ་ཆེན་པོས་སྡོམ་དུ་མཛད་པ་ལྟར་ཡིན་ལ། སྔོན་གྱི་ཆོ་ག་ནི་རིགས་བསྡུ་ན་ཡུལ་གྱི་ཆ་ནས་གསུམ་དུ་འདུས་ཏེ། བུད་མེད་ཁོ་ན་ལ་གནང་བ་ལྕི་ཆོས་བརྒྱད་སྤོང་བའི་སྒོ་ནས་དང་། སྐྱེས་པ་དང་བུད་མེད་ཐུན་མོང་དུ་གནང་བ་ཚུར་ཤོག་དང་། དེ་གཉིས་ལས་གཞན་པའི་ སྔོན་ཆོག་ནི་སྐྱེས་པ་ཁོ་ན་ལ་གནང་བ་ཡིན་ནོ། །སྒྲུབ་བྱེད་ཀྱི་ཆ་ནས་བསྡུ་ན། སྒྲུབ་བྱེད་དགེ་འདུན་ལ་བརྟེན་པ་གསོལ་བཞིའི་སྔོན་ཆོག །མི་བརྟེན་པ་སྔོན་ཆོག་གཞན་རྣམས་སོ། །ཆོ་གའི་ཆ་ནས་བསྡུ་ན། ཆོ་ག་ལ་བརྟེན་པ་གསོལ་བཞིའི་སྔོན་ཆོག །མི་བརྟེན་པ་སྔོན་ཆོག་ གཞན་རྣམས་སོ། །སྔོན་ཆོག་གི་མཚན་ཉིད་ནི་ཡུལ་གང་ཟག་གཅིག་གི་རྒྱུད་ལ་རབ་བྱུང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་བྱེད་ཀྱི་ཐབས་ཁྱད་པར་ཅན་གྱི་བདག་ཉིད་དུ་གཏོགས་པ་ཡིན་ནོ། ། སྔོན་ཆོག་འདི་གདུལ་བྱ་གང་ལ་གནང་བ་ནི། ཁ་ཅིག །ཚོགས་ལམ་ཆེན་ པོ་ཡན་ཆད་ལ་གནང་ཟེར་ཡང་། འཐད་པ་ནི། ཚེ་དེ་ལ་མཐོང་ལམ་སྐྱེ་རུང་ཡན་ཆད་ལ་གནང་སྟེ། ཉ་པ་ལྔ་བརྒྱ་ལ་ཚུར་ཤོག་མཛད་པ་དེ་ཚེ་དེའི་རྒྱུད་ལ་མཐོང་ལམ་སྐྱེ་རུང་དུ་ངེས་པའི་ཕྱིར་དང་། མཐོང་ལམ་སྐྱེས་ཟིན་མཆོག་ཟུང་ལྟ་བུ་ལ་ཚུར་ཤོག་མཛད་ པའི་ཕྱིར། ཁྱད་པར་ཚུར་ཤོག་སྲིད་པ་ཐ་མ་པ་ཁོ་ན་ལ་གནང་སྟེ། མ་མོ་ལས། དགེ་སློང་ཚུར་ཤོག་ཅེས་བྱ་བ་དེ་ཐམས་ཅད་ཀྱང་སྲིད་པ་ཐ་མ་སྟེ་ཞེས་གསུངས་སོ། །རང་བྱུང་དང་ཡེ་ཤེས་ཁོང་ཆུད་དང་སྟོན་པར་ཁས་བླངས་དང་ལྕི་ཆོས་སྤོང་བས་བསྙེན་རྫོགས་ ཀྱང་སྲིད་པ་ཐ་མ་པ་ཁོ་ན་ལ་མཛད་དོ། །འོ་ན་སྔོན་དང་ད་ལྟར་གྱི་ཆོ་གའི་དུས་ནི། སྟོན་པ་སངས་རྒྱས་ནས་ལོ་དྲུག་ཡན་ཆད་དུ་སྔོན་ཆོག་ཁོ་ན་མཛད་ལ་ལོ་དྲུག་ནས་ད་ལྟར་གྱི་ཆོ་ག་གནང་ངོ་། །སྔོན་ཆོག་གི་བྱེ་བྲག་འགའ་ད་ལྟར་གྱི་ཆོ་ག་གནང་བའི་ཕྱི་ནས་མཛད་ 6-1-21a པའང་ཡོད་དེ། སྟོན་པ་མྱ་ངན་ལས་འདའ་ཁར་རབ་བཟང་ཚུར་ཤོག་གིས་བསྙེན་པར་རྫོགས་པའི་ཕྱིར་དང་། ཀུན་དགའ་བོ་ད་ལྟར་གྱི་ཆོ་གས་རྫོགས་པའི་རྗེས་སུ་ཀུན་དགའ་བོས་ཞུས་ནས་སྐྱེ་རྒུའི་བདག་མོ་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་ པས་བསྙེན་པར་རྫོགས་པར་མཛད་པའི་ཕྱིར་རོ། ། ཞར་ལ་དཀའ་བའི་གནས་འདི་ལྟར་ཤེས་དགོས་ཏེ། ཤ་མི་འདུལ་འཛིན་ན་རེ། ད་ལྟར་གྱི་ཆོ་ག་བྱུང་དུས་ནི། སྟོན་པ་སངས་རྒྱས་ནས་ལོ་བཅུ་གསུམ་ན་བྱུང་སྟེ། འགྲེལ་ཆུང་ལས། ཀཽ་ཎྜི་ནྱ་ལ་སོགས་པ་ ཞུགས་ནས་ལོ་བཅུ་གཉིས་ཀྱི་བར་སྔོན་གྱི་ཆོ་ག་དེ་ལྟར་བྱེད་དོ། །ལོ་བཅུ་གཉིས་ཚུན་ཆད་ཀྱི་བཤད་པ་ནི་འདི་ཡིན་ཏེ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འདི་མི་འཐད་དེ། ལུང་རྣམ་འབྱེད་འཁྲུར་འཇུག་གི་སྐབས་ལས་ཤཱ་རིའི་བུས་མཁན་པོར་བྱས་ཏེ་འཆར་ཀ་ད་ ལྟར་གྱི་ཆོ་གས་བསྙེན་པར་རྫོགས་ནས་དེས་ཕོ་ཉ་བྱས་ཏེ་སེར་སྐྱའི་གནས་སུ་བྱོན་ཅེས་གསུངས་སོ། །དེ་ལྟར་གྱི་ཚེ་ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཅིང་སངས་རྒྱས་ནས་ལོ་དྲུག་ལོན་པ་ན་སེར་སྐྱའི་གནས་སུ་བྱོན་ཏེ་ འཆར་ཀས་ཁྲིའུ་ལ་ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་ཕབ་སྟེ་འདུག་པ་དང་ཞེས་གསུངས་པས་ཕྱོགས་སྔ་འཁྲུལ་པ་ཉིད་དོ། །ཁོ་བོ་ལྟར་ན། ད་ལྟར་གྱི་ཆོ་ག་སྟོན་པ་སངས་རྒྱས་ནས་ལོ་དྲུག་ལོན་པ་ན་བྱུང་བར་འདོད་ལ་སྒྲུབ་བྱེད་བརྗོད་ཟིན་ཏོ། ། འོ་ན་ལོ་དྲུག་ལོན་ དུས་ད་ལྟར་གྱི་ཆོ་ག་བྱེད་པ་ན་ཕམ་པ་བཞི་བརྗོད་པ་ཡོད་པར་ཐལ་ལ། འདོད་ན། ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་ལོ་བཅུ་གཉིས་སུ་སྐྱོན་མེད་ཅིང་ལོ་བཅུ་གསུམ་ལ་བབ་པ་ན་མི་ཚངས་པར་སྤྱོད་པའི་ཕམ་པ་བཅས་སོ་ཞེས་ 6-1-21b པ་དང་འགལ་ཅེ་ན། སྐྱོན་མེད་དེ། ད་ལྟར་གྱི་ཆོ་ག་ལ་ཕམ་པ་བཞི་བརྗོད་པ་ཡོད་མེད་གཉིས་ལས། དང་པོ་ནི། ཕམ་པ་བཅས་པའི་ཕྱིས་དེ་བརྗོད་པ་ཡོད་ལ། གཉིས་པ་ནི། མ་བཅས་གོང་དེ་བརྗོད་པ་མེད་དེ། རྣམ་འབྱེད་ལས། སྟོབས་བཅུ་འོད་སྲུང་གིས་ མཁན་པོ་བྱས་ཏེ་ཀུན་དགའ་བོ་རྫོགས་པར་གསུངས་ལ། དེ་རྫོགས་ནས་ཕྱིས་ཕམ་པ་ཕྱི་མ་གསུམ་བཅས་པར་རྣམ་འབྱེད་ནས་གསུངས་པས་ཀྱང་དོགས་པ་དེ་སེལ་ནུས་སོ། །སྔོན་ཆོག་མང་བ་འོང་བའི་རྒྱུ་མཚན་སངས་རྒྱས་གདུལ་བྱ་འདུལ་བའི་ཐབས་ཀྱི་བྱེ་བྲག་ ལ་མ་རྨོངས་པར་མཁྱེན་པ་ཉིད་ཀྱིས་སོ། ། འོ་ན་སྔོན་ཆོག་ལ་མང་དུ་ཡོད་པ་ལས་མདོ་འདིར་གསོལ་བཞིའི་སྔོན་ཆོག་ཁོ་ན་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། གསོལ་བཞིའི་སྔོན་ཆོག་ད་ལྟར་གྱི་ཆོ་ག་དང་རྣམ་པ་འདྲ་བས་ད་ལྟར་ཡང་བྱར་རུང་ངམ་སྙམ་པའི་དོགས་པ་ བསལ་བའི་ཕྱིར་དང་། ཚུར་ཤོག་སོགས་ནི་དེང་སང་བྱར་རུང་ངམ་སྙམ་པའི་དོགས་པ་བསལ་མི་དགོས་པའི་ཕྱིར་ཡིན་ནོ། །སྔོན་ཆོག་ཅེས་པའི་སྒྲ་དོན་ནི། ད་ལྟར་གྱི་ཆོ་ག་ལས་རིགས་ཙམ་ཞིག་སྔར་འབྱུང་བས་སྔོན་ཆོག་ཅེས་བྱ་སྟེ། ཊཱི་ཀ་ལས། སྔོན་གྱི་ཆོ་ག་ ཞེས་བྱ་བ་ནི་ད་ལྟར་གྱི་ཆོ་ག་བས་སྔར་ཆོ་གའི་རིགས་རྣམ་པ་གཞན་དེ་ལྟ་བུ་བྱུང་ངོ་ཞེས་པས། རིགས་ཙམ་སྔར་བྱུང་བ་ཡིན་གྱི་རྫས་ནི་ཕྱིས་བྱུང་བའང་ཡོད་དེ། མྱ་ངན་ལས་འདའ་ཁའི་ཚེ་ན་ཡང་རབ་བཟང་ཚུར་ཤོག་གིས་བསྙེན་པར་རྫོགས་པའི་ཕྱིར་རོ། །སྔོན་ དང་ད་ལྟར་གྱི་ཆོ་གའི་ཁྱད་པར་ནི། ཆོ་ག་གཅིག་གིས་རབ་བྱུང་དང་བསྙེན་རྫོགས་གཅིག་ཅར་དུ་ཐོབ་བྱེད་ཡིན་པ་དང་མ་ཡིན་པའོ། ། གསུམ་པ་རྩོད་སྤང་ནི། བྱང་བརྩོན་ན་རེ། སྔོན་ཆོག་ནི་གསོལ་བཞིའི་སྔོན་ཆོག་གཅིག་པུ་ཡིན་གྱི་ཚུར་ཤོག་སོགས་གཞན་ནི་སྔོན་ 6-1-22a ཆོག་མ་ཡིན་ཏེ། ཊཱི་ཀ་ལས། སྔོན་གྱི་ཆོ་གའི་རྣམ་པ་ནི་དེ་ལྟ་བུར་རིག་པར་བྱའི་རྣམ་པ་གཞན་ནི་མ་ཡིན་ནོ་ཞེས་གསུངས་པས་སོ་ཞེ་ན། ལུང་གི་དོན་དེ་ལྟར་མིན་ཏེ། སྔོན་གྱི་ཆོ་གའི་རྣམ་པ་ནི་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་ཐོབ་པར་བྱེད་ པའི་རྣམ་པ་དེ་ལྟ་བུར་རིག་པར་བྱའི། རྣམ་པ་གཞན་རིམ་གྱིས་ནི་ཐོབ་པ་ནི་མ་ཡིན་ནོ། །ཞེས་པ་སྟེ། སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས། དུས་གཅིག་ཁོ་ནར་དེ་གཉིས་ཀ་ཉེ་བར་བསྒྲུབ་པར་གྱུར་པ་སྟེ་རིམ་གྱིས་ནི་མ་ཡིན་ནོ་ཞེས་གསུངས་པས་སོ། ། གཞན་ཡང་སྔོན་ ཆོག་གཅིག་ཏུ་འདོད་ན། ཉིད་ཀྱི་རྣམ་བཤད་ལས། སྔོན་གྱི་ཆོ་ག་ཞེས་བྱ་བ་ནི་ད་ལྟར་གྱི་ཆོ་ག་ལས་སྔ་རོལ་དུ་འདི་ལྟ་བུའི་རབ་ཏུ་དབྱེ་བ་ཅན་ཞེས་བཤད་པ་དང་འགལ་ཅིང་། མདོ་འདིར་དངོས་སུ་ལྟ་བུ་ནི་སྔོན་གྱི་ཆོ་གའོ་ཞེས་པ་ལྟ་བུའི་སྒྲས་དུ་མའི་ནང་ནས་བྱེ་བྲག་ བཀར་ཏེ་བཤད་པས་ཀྱང་ཁྱོད་ཀྱི་འདོད་པ་ཁེགས་པ་ཡིན་ནོ། ། ཡང་ཁྱོད་ཅག་རང་བྱུང་དང་ཚུར་ཤོག་སྔོན་ཆོག་མིན་ཏེ་ཆོ་ག་རང་མ་ཡིན་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། ཚུར་ཤོག་སོགས་ཆོ་ག་ཡིན་ཏེ། རྗེས་མཐུན་གྱི་ཆོས་དང་རིགས་པས་རྗེས་སྒྲུབ་ཀྱི་ཆོས་ཡིན་ པའི་ཕྱིར། རྟགས་གཉིས་ལུང་གིས་གྲུབ་སྟེ། ལུང་རྣམ་འབྱེད་ལས། ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་པ་ལས། ཆོ་ག་ཞེས་བྱ་བ་རིགས་པ་རྗེས་སུ་སྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། ། ཡང་གལ་ཏེ་འདི་སྙམ་དུ། རང་བྱུང་དང་ཡེ་ཤེས་ཁོང་ཆུད་ཀྱི་བསྙེན་རྫོགས་ཆོ་གས་ཐོབ་པ་མིན་པར་ཐལ། ཆོས་ཉིད་ཀྱིས་ཐོབ་པ་ཟག་མེད་ཀྱི་ཐོབ་ཚུལ་དང་མཚུངས་པའི་ཕྱིར་ཞེ་ན། ཐོབ་ཚུལ་མཚུངས་པ་མིན་ཏེ། རང་བྱུང་གིས་བསྙེན་པར་རྫོགས་པ་ནི་སྔོན་ 6-1-22b འགྲོ་རབ་བྱུང་གི་ཆ་ལུགས་ཁྱད་པར་ཅན་བསྒྲུབ་པ་ལ་བརྟེན་པའི་ཕྱིར་དང་། ཡེ་ཤེས་ཁོང་དུ་ཆུད་པས་བསྙེན་པར་རྫོགས་པ་ནི་ཉེ་བར་སྦྱོར་བ་བདེན་བཞིའི་ཆོས་ལ་བརྟེན་པའི་ཕྱིར། སྔོན་འགྲོ་སྦྱོར་བའི་གནས་སྐབས་སུ་རིག་བྱེད་ལ་བརྟེན་པ་ཉིད་དུ་གྲུབ་པ་ཡིན་ ནོ། ། གཞན་དུ། དཔལ་ཤཱཀྱ་མཆོག་ལྡན་ན་རེ། ཡེ་ཤེས་ཁོང་ཆུད་སོགས་ལ་རིག་བྱེད་མེད་དོ་ཞེས་ཟེར་བ་མི་ལེགས་ཏེ། རིག་བྱེད་ལ་མ་ལྟོས་པར་འདོད་པར་རྟོགས་པའི་རིག་བྱེད་མིན་པ་མངོན་དུ་འགྱུར་བའི་སྐབས་མི་སྲིད་པའི་ཕྱིར་ཞེས་འཛེར་ཏོ། །དེ་ལྟར་ ན་མཛོད་འགྲེལ་ལས། སོ་སོ་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བ་རིག་བྱེད་ལ་རག་ལས་པ་མ་ཡིན་ནོ་ཞེས་པ་དང་། དེའི་འགྲེལ་བཤད་དོན་གསལ་ལས། སངས་རྒྱས་ལ་སོགས་པའི་རྣམ་པར་རིག་བྱེད་ལ་རག་མ་ལས་པའི་ཕྱིར་ཞེས་དང་། མཛོད་ཀྱི་ འགྲེལ་བཤད་མཚན་ཉིད་ཀྱི་རྗེས་འབྲངས་ལས། ལྔ་སྡེ་རྣམས་རྣམ་པར་རིག་བྱེད་མེད་པར་སོ་སོ་ཐར་པའི་སྡོམ་པ་ཐོབ་བོ་ཞེས་གསུངས་པ་དང་འགལ་ལོ། ། ཡང་དཔལ་ཤཱཀྱ་མཆོག་ལྡན་ན་རེ། ཁ་ཅིག །མཛོད་ནས་བྱུང་བའི་བསྙེན་རྫོགས་བཅུའི་དབྱེ་བ་དེ་ བྱེ་སྨྲ་ཁོ་ནའི་འདོད་པ་ཡིན་ནོ་ཞེས་གསུངས་པ་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ། འདུལ་བའི་ལུང་ལས་གསལ་བར་བྱུང་བའི་ཕྱིར་འཛེར་ཏོ། །དེ་ལ་འདི་སྐད་དུ་སྨྲ་སྟེ། ལུང་ལས་འབྱུང་བ་ཉིད་བྱེ་སྨྲ་ཁོ་ནས་འདོད་དོ་ཞེས་བརྗོད་ན་རྣམ་པར་མ་བརྟགས་པའི་ སྐྱོན་དུ་ཇི་ལྟར་འགྱུར་ཞེས་བརྗོད་ཚེ་ལན་འདེབས་དགོས་སོ། ། གཉིས་པ་ཚིག་དོན་ལ། གང་ལས་ནོད་ཡུལ་ཁྱད་པར་བཤད། །གང་གིས་ནོད་རྟེན་ཁྱད་པར་བརྗོད། །ཇི་ལྟར་ནོད་པའི་ཆོ་ག་བསྟན། ཡོངས་རྫོགས་འབྲས་བུའི་གོ་དོན་ནོ། །དང་པོ་ནི། དགེ་བདུན་ 6-1-23a ཞེས་པ་བཞིར་ལོངས་པས་ཆོག་གི། ལྔ་སོགས་ཀྱི་ངེས་བཟུང་མ་གསུངས་པའི་དབང་དུ་བྱས་ནས་བརྗོད་པ་ཡིན་ནོ། །ཐམས་ཅད་འདུས་པ་ན་ཞེས་པས་མ་འདུས་པའི་མི་མཐུན་པ་མེད་པར་སྟོན་པ་སྟེ། ལྕགས་རི་ལྟ་བུས་བསྐོར་བའི་མཚམས་ ནང་དེ་ན་དགེ་སློང་གང་ཡོད་དེ་ཐམས་ཅད་འདུ་བ་ཡིན་ཏེ། ཊཱི་ཀ་ལས། མཚམས་དེ་ན་དགེ་སློང་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ལས་ཀྱི་གནས་དེར་ལྷགས་པ་ཡིན་ནོ་ཞེས་འབྱུང་ལ། ཐམས་ཅད་འདུས་ཞེས་པ་འདིས་ཆོས་རྣམ་པ་གཉིས་པོ་འདི་རྣམ་པར་བཅད་ པ་ཡིན་ཏེ། འདུན་པ་ཕུལ་ནས་དངོས་སུ་མ་འདུས་པར་ལས་བྱེད་པ་དང་། དཀྱིལ་འཁོར་པ་བཅད་དེ་རང་བཞིན་གྱི་མཚམས་ནང་ཡོད་པ་ཁ་ཅིག་མ་འདུས་པར་ལས་བྱེད་པ་རྣམས་བཅད་པ་ཡིན་ཏེ། དེའི་ཚེ་ན་འདུན་པ་འབུལ་བའི་ཆོ་ག་དང་དཀྱིལ་འཁོར་བ་བཅད་པའི་ ཆོ་ག་བཅས་མ་ཟིན་པའི་ཕྱིར། ཊཱི་ཀ་ལས་ཀྱང་། དགེ་འདུན་ཐམས་ཅད་ཅེས་བྱ་བའི་ཚིག་ནི་དཀྱིལ་འཁོར་བ་ཕྱོགས་གཅིག་གི་དགེ་འདུན་འདུས་པ་དགག་པའི་དོན་ནོ་ཞེས་སོ། །དགེ་འདུན་འདུ་དགོས་པའི་རྒྱུ་མཚན་ནི་དེ་ལ་བརྟེན་ནས་ཁྲེལ་ཡོད་སྐྱེ་ཞིང་ལས་འཆགས་ པའི་དོན་དུའོ། ། གཉིས་པ་ནི། སྡོམ་པ་ལེན་པོའི་ཆ་ལུགས་ཉན་ཐོས་དགེ་སློང་གི་ཚུལ་འདི་བཞིན་དུ་བྱས་ཞེས་པ། ཊཱི་ཀ་ལས། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་འདོད་པ་སྟེ་ཆ་ལུགས་འདི་བཞིན་དུ་བྱས་ཏེ་འབྱུང་བས་སོ་ཞེས་སོ། །ཆ་ལུགས་འདི་ ལྟར་བྱས་པས་ཁྲེལ་ཡོད་སྐྱེ་ཞིང་དགེ་སློང་གི་སྡོམ་པ་སྐྱེ་བའི་རྟེན་དུ་རུང་བའོ། །འགྲེལ་ཆུང་ལས། ཤཱཀྱ་ཐུབ་པའི་ཆ་ལུགས་འདིའི་ཚུལ་དུ་བྱས་ཞེས་འབྱུང་ཡང་མི་འཐད་དེ། ལུང་གཞི་ལས། སངས་རྒྱས་ཀྱི་ལྷུང་བཟེད་ནི་རྡོའི་ལྷུང་བཟེད་ཡིན་པར་གསུངས་ 6-1-23b ལ། ཉན་ཐོས་ལ་དེ་ལྟར་མི་རུང་བར་མ་མོ་ནས་གསུངས་པ་དང་། འོད་ལྡན་ལས། སངས་རྒྱས་ནི་མེ་ཏོག་ཤེ་བ་ལི་ཀས་ཁ་བསྒྱུར་བའི་ཆོས་གོས་གསོལ་ཡང་ཉན་ཐོས་ལ་དེ་མི་རུང་བར་གསུངས་པས་སོ། །འདིར་སྔོན་ཚུར་ཤོག་ལྟ་བུ་ལ་དགེ་སློང་གི་ཆ་ལུགས་ ལ་འབད་པས་ལྟོས་མི་དགོས་པ་ཡང་ཡོད་ལ། རང་བྱུང་གིས་རྫོགས་པའི་ཚེ་སྔོན་འགྲོ་དབུ་སྐྲ་ཉིད་ཀྱིས་འབྲེག་པ་སོགས་དགེ་སློང་གི་ཆ་ལུགས་ལ་འབད་པས་བསྒྲུབ་པའང་ཡོད་ཅིང་། སྔོན་ཆོག་འདིར་ཡང་དེ་ལྟ་བུའི་དབང་དུ་བྱས་པ་ཡིན་ནོ། །ད་ལྟར་ནི་ འབད་རྩོལ་ལ་ངེས་པར་ལྟོས་ལ། རྫོགས་པའི་ཚེ་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ་སྔོན་ཆོག་ལ་མེད་ཅིང་ད་ལྟར་གྱི་ཆོ་ག་ལ་བྱེད་པའོ། །གུས་པས་འཇུག་པའི་སླད་དུ་བསླབ་པ་རྒན་རིམ་ལ་སོ་སོར་ཡན་ལག་ལྔས་ཕྱག་འཚལ་ཏེ་ཞེས་པའི་དགོས་པ་ནི་ གེགས་སེལ་བའི་ཕྱིར་རོ། །དེ་ལྟར་ཕྱག་གྲངས་གཅིག་པའི་སྔོན་ཆོག་ལ་ཕྱག་ཚན་གཅིག་ལས་མེད་ལ། ད་ལྟར་སྐྱེས་པ་བསྙེན་རྫོགས་བྱེད་པ་ན་ཕྱག་ཚན་བཅུ་གཉིས་ཡོད་དེ། སངས་རྒྱས་ལ་གཅིག །དགེ་འདུན་ལ་གཉིས། མཁན་པོར་གསོལ་བ་ན་གསུམ། ། ཆོས་གོས་བྱིན་གྱིས་བརླབས་པ་ན་བཞི། སྣམ་སྦྱར་ངོམ་པ་ན་ལྔ། ལྷུང་བཟེད་བྱིན་གྱིས་བརླབས་པ་ན་དྲུག །གསངས་ཏེ་སྟོན་པ་ན་བདུན། ནང་དུ་འཇུག་པ་ན་བརྒྱད། གསོལ་བ་འདེབས་པ་ན་སངས་རྒྱས་ལ་དགུ། དགེ་འདུན་ལ་བཅུ། བར་ཆད་དྲི་བའི་ཕྱིར་ ལས་བྱེད་པ་ལ་བཅུ་གཅིག །བཀའ་དྲིན་དྲན་པའི་ཕྱག་དང་བཅས་ཏེ་བཅུ་གཉིས་སོ། །ཐ་མ་འདི་རིགས་པས་སྦྱར་བ་ཡིན་ལ། ལུང་དུ་དགུར་གསུངས་ཀྱང་བྱིན་གྱིས་རློབས་པའི་ཕྱག་ཚན་གཉིས་སློབ་དཔོན་གྱིས་མདོར་གསུངས་ལ་གཞན་དགུ་ལུང་དངོས་ནས་སོ། ། 6-1-24a སྤྱོད་ལམ་ནི་ཙོག་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་ཅེས་སྟོན་ན་འཁྲུལ་གཞི་ཆུང་སྟེ། ཁ་ཅིག་ཕྱག་བྱེད་པ་ན་ཐལ་མོ་སྦྱར་བ་ལ་འཆད་ཟེར་བ་དེ་སེལ་ནུས་པའི་ཕྱིར་རོ། །འདིར་ཕ་གུ་དང་རྩྭ་བཏིང་བ་ལ་རྟིང་པ་གཟར་མི་དགོས་སོ། །ཐལ་མོ་སྦྱར་ ཚུལ། རྣམ་འབྱེད་འགྲེལ་པར་ཐལ་མོ་དབུག་དབུག་སྦྱར་ཏེ་ཞེས་པའམ། ཡང་ན་ཐལ་མོ་ཁོང་སྟོང་ལྗབ་བོ་སྟེ། གཞི་འགྲེལ་ལས། ཐལ་མོ་ལྗབ་ལྗབ་པོར་སྦྱར་ཏེ་ཞེས་སོ། །ཙོག་པུའི་ཚུལ་གཞི་འགྲེལ་ལས། སྟན་ལ་མི་བཞག་པར་པུས་མོ་གཉིས་གྱེན་ དུ་ཙོག་ཙོག་པུར་བྱུང་བར་འདུག་བཅུག་སྟེ་ཞེས་སོ། །གསོལ་བ་འདེབས་ཚུལ་ད་ལྟར་མཁན་པོ་ལ་གཡར་ངོ་བྱས། ལས་སློབ་ཀྱིས་བརྡ་སྦྱར་ནས་གསོལ་བ་བཏབ་པ་ལྟ་བུ་མ་ཡིན་པར་སྔོན་རང་ཉིད་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་གནང་བར་ཞུ་ཞེས་གསོལ་བ་ བཏབ་པར་གྱུར་པ་གསུམ་དང་ཞེས་པའོ། ། གསུམ་པ་ནི། གསོལ་བ་དང་བཞིའི་ལས་ཀྱིས་ཞེས་པ། ཊཱི་ཀ་ལས། འདི་སྐད་བསྟན་ཏེ་ལས་གང་ལ་ལས་བརྗོད་པ་གསུམ་དང་གསོལ་བ་དང་བཞི་བྱེད་པ་དེ་ནི་གསོལ་བ་དང་བཞིའི་ལས་ཡིན་ནོ། །བརྗོད་པ་ཞེས་བྱ་བ་ ནི་ཚིག་ཏུ་བརྗོད་པའི་དོན་ཏེ་ཟློས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་འབྱུང་ངོ་། །དགོས་པ་དངོས་སུ་སྡོམ་པ་སྐྱེད་བྱེད་དོ། །སྔོན་ཆོག་འདི་ལ་ནི་མཐུན་རྐྱེན་ཚང་མ་ཚང་དང་འགལ་རྐྱེན་བྲལ་མ་བྲལ་རྣམས་དྲི་དགོས་པ་མིན་ནོ། ། བཞི་པ་ནི། ཆོ་ག་འདིས་རིམ་ཅན་དུ་མིན་པར་ ཚེགས་ཆུང་ངུས་གཅིག་ཅར་རབ་ཏུ་བྱུང་བ་བར་མ་དགེ་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་སྟབས་ཅིག་ཏུ་ཉེ་བར་བསྒྲུབ་པར་གྱུར་པ་ཞེས་སོ། །འདིའི་ཉེ་བ་ཞེས་པའི་འབྲུ་ལ་ཀུན་མཁྱེན་མཚོ་སྣ་པས་ཁད་ཉེ་བར་བསྒྲུབ་པར་གྱུར་པ་ཞེས་བཀོད་སྣང་བའི་དོན། དེ་ 6-1-24b མ་ཁད་དམ་དེ་མ་ཐག་པའི་དོན་ཡིན་ནོ། །ཅིག་ཅར་སྒྲུབ་པའི་སྔགས། ཊཱི་ཀ་ལས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོར་གསོལ་ཏེ། དེའི་སླད་ དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་གིས་ནི་ གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་རབ་ཏུ་ཕྱུང་། བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་འདོན་པའི་ཕྱིར་ཞེས་འབྱུང་བ་ལྟར་རོ། །ལྟ་བུ་ནི་སྔོན་གྱི་ཆོ་ གའོ་ཞེས་པ་སྔོན་རྫོགས་ཚུལ་མང་དུ་ཡོད་པ་ལས། འདི་ལྟ་བུའི་རིགས་ཅན་ནི་སྔོན་ཆོག་གོ་ཞེས་བྱེ་བྲག་གི་ངེས་བཟུང་མཛད་ནས་སྔོན་ཆོག་གཞན་ཡོད་པར་འཕངས་པ་ཡིན་ནོ། ། དཔལ་ཤཱཀྱ་མཆོག་ལྡན་ན་རེ། ནི་ཞེས་སྨོས་པ་འོག་ནས་འབྱུང་བའི་ད་ལྟར་གྱི་ཆོ་ག་ལས་ བཀར་བའོ་ཞེས་ཟེར་རོ། །སྔོན་ཆོག་འདི་གཅིག་པུར་འདུས་ན་འཐད་དུ་ཆུག་ཀྱང་མི་འདུས་པའི་ཕྱིར། །འདིའི་ནི་སྒྲའི་དགར་ཚིག་སྔོན་ཆོག་ཉིད་ཀྱི་ནང་གསེས་ལ་ངོས་མ་བཟུང་ན་སྐབས་དོན་བོར་བར་འགྱུར་རོ། ། གཉིས་པ་ཚེགས་བཅས་རྫོགས་ཚུལ་ལ། སྡོམ་པ་མ་ ཐོབ་ཐོབ་བྱེད་ཐབས། །ཐོབ་པ་མི་ཉམས་བསྲུང་བའི་ཐབས། །བར་ཆད་སྤངས་ཏེ་ཡང་དག་བསྡུས། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ། སོ་ཐར་སྡོམ་པའི་དབྱེ་བ། དེའི་སྒྲ་དོན། ངོ་བོ། ལྡན་ཚུལ། ཐོབ་རྒྱུ། གཏོང་རྒྱུ་སྟེ་དྲུག་ 6-1-25a གོ། དང་པོ་ལ། སོ་སོ་ཐར་པའི་མཚན་ཉིད་ནི། བྱེ་བྲག་ཏུ་སྨྲ་བས་ཉེས་སྤྱོད་ལས་མི་མཐུན་ཕྱོགས་དངོས་ཡིན་པའི་གཟུགས་དགེ་བ་གང་ཞིག་ཁམས་གོང་མའི་སེམས་དང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་པའོ། །དེས་ན་སངས་རྒྱས་ཀྱི་ཚུལ་ ཁྲིམས་དང་ཉམས་པའི་ཚུལ་ཁྲིམས་དང་ལུས་ངག་གི་རིག་བྱེད་ཀྱི་གཟུགས་ལ་ཁྱབ་བོ། །ཚུལ་ཁྲིམས་ལས་གཞན་ལུས་ངག་གི་དགེ་བ་ནི་དེའི་ཡན་ལག་ཡིན་གྱི་དངོས་གཞི་མིན་ནོ། །ངག་དོན་དེའི་མཚན་ཉིད་ནི་ཆོས་འདི་པ་དག་གི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། ། དེ་ལ་དབྱེ་ན། དགེ་སློང་གི་དང་། དགེ་སློང་མའི་དང་། དགེ་སློབ་མའི་དང་། དགེ་ཚུལ་གྱི་དང་། དགེ་ཚུལ་མའི་དང་། དགེ་བསྙེན་གྱི་དང་། དགེ་བསྙེན་མའི་དང་། བསྙེན་གནས་ཀྱི་སྡོམ་པ་སྟེ་མིང་གི་སྒོ་ནས་བརྒྱད་ཡིན་ལ། རྫས་སུ་དགེ་སློང་དགེ་ཚུལ་དགེ་བསྙེན་ བསྙེན་གནས་ཀྱི་སྡོམ་པ་དང་བཞི་ཡིན་ཏེ། སོ་སོ་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །ཞེས་སོ། ། འོ་ན་གང་ཟག་གཅིག་གིས་སྡོམ་པ་རིམ་ཅན་དུ་བླངས་པ་ན་སྤོང་བའི་འཕེལ་བ་དང་ལྡན་པ་དགེ་བསྙེན་གྱི་ལྔའི་སྟེང་དུ་དགེ་ཚུལ་གྱི་ལྷག་པོ་ལྔས་བསྣན་ པས་བཅུར་སོང་བ་ཡིན་ནམ་འོན་ཏེ་ཐམས་ཅད་ཐ་དད་ཅེ་ན། དོང་ཙེ་བརྩེགས་པ་ལྟར་རྫས་ཐ་དད་མ་འདྲེས་པར་ཡོད་དེ། སྲོག་གཅོད་སྤོང་བ་གསུམ་ནས་ཆང་སྤོང་བ་གསུམ་གྱི་བར་མཚན་ཉིད་ཐ་དད་པར་སྐྱེ་སྟེ་ལྷག་མ་གར་སོགས་སྤོང་བའང་དེ་དང་འདྲའོ། ། འོ་ན་སྔ་ཕྱི་ གཉིས་ཀྱི་ཁྱད་པར་གང་ཞེ་ན། གཞིའི་ཁྱད་པར་ལས་ཁྱད་ཡོད་དེ། བསླབ་པའི་གཞི་ཆེས་མང་པོ་དག་ལེན་པར་འདོད་པས་དེ་ལྟར་རྒྱགས་པ་དང་བག་མེད་པའི་གནས་ཆེས་མང་པོ་ལས་ལོག་པ་དང་། སྲོག་གཅོད་པ་ལ་སོགས་པའི་གཞི་དུས་མ་ཡིན་པའི་ཁ་ཟས་ལ་སོགས་ 6-1-25b པ་ལས་ལོག་པར་འགྱུར་བ་དང་། སྤོང་བའི་གཞི་རྣམས་ལའང་འཇུག་པར་འགྱུར་བས་ཁྱད་ཡོད་དོ། །དེ་ལྟར་མ་ཡིན་པར་རྫས་གཅིག་ན་དགེ་སློང་གི་སྡོམ་པ་བཏང་བས་གསུམ་ཆར་བཏང་བར་ཐལ་ལོ། །དེས་ན་དེ་དག་རྒྱུད་གཅིག་ལ་ལྷན་ཅིག་གནས་པ་ཡིན་གྱི། སྡོམ་པ་ ཕྱི་མ་བླངས་པས་སྔ་མ་བཏང་བ་ནི་མ་ཡིན་ནོ། ། དེ་དག་སོ་སོའི་མཚན་ཉིད་ནི། དགེ་བསྙེན་དུ་ཁས་བླངས་པས་སྤང་བྱ་ལྔ་སྤོང་བར་མནོས་པ་དགེ་བསྙེན་གྱི་སྡོམ་པའི་མཚན་ཉིད་ཡིན་ལ། དེ་བཞིན་དུ་བསྙེན་གནས་པར་ཁས་བླངས་པས་སྤང་བྱ་བརྒྱད་སྤོང་བར་མནོས་པ་ བསྙེན་གནས་ཀྱི་སྡོམ་པའི་མཚན་ཉིད། དགེ་ཚུལ་དུ་ཁས་བླངས་པས་སྤང་བྱ་བཅུ་སྤོང་བར་མནོས་པ་དགེ་ཚུལ་གྱི་སྡོམ་པའི་མཚན་ཉིད། འདིར་བསྙེན་གནས་ལ་གར་སོགས་ཕྲེང་སོགས་ཡན་ལག་གཅིག་ཏུ་སྡུད་པ་ནི་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ཡིན་པས་རྩེད་མོ་འཕྱར་ སྒེག་ཉེས་པ་ཆུང་བར་བསྟན་པའི་ཕྱིར་གཅིག་ཏུ་སྡུད་དེ་ཉེས་པ་བྱུང་བ་ནའང་བཤགས་པ་གཅིག་གིས་ཆོག་པར་བསྟན་ཏོ། །དགེ་ཚུལ་ནི་རབ་བྱུང་ཕྱོགས་ཀྱི་སྡོམ་པ་ཡིན་པས་རྩེད་མོ་འཕྱར་སྒེག་ཚུལ་དང་མི་མཐུན་པ་ཤས་ཆེ་བས་གཉིས་སུ་བྱས་སོ། །གང་བ་སྤེལ་ནི་ཤིན་ ཏུ་མང་ངོ་སྙམ་དུ་སྒྱིད་ལུག་པའི་ཁྱིམ་པ་རྣམས་ལ་སླ་བར་བསྟན་པའི་ཕྱིར་དུ་བཞག་སྟེ། བྲམ་ཟེའི་བུ་ལ་བསླབ་པའི་གཞི་བསྟན་པ་བཞིན་ཟེར་རོ། །ལུས་ངག་གི་སྤང་བྱ་ཐམས་ཅད་སྤོང་བ་ཡང་དག་པར་མནོས་པ་ཞེས་བསྣན་པས་དགེ་སློང་གིའོ། །དེ་སྐད་དུའང་། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་དང་ནི་དགེ་སློང་ཉིད། །ཅེས་སོ། ། གཉིས་པ་ནི། སོ་སོར་ཐར་པའི་སྡོམ་པ་དང་། དང་པོར་ཐར་པའི་སྡོམ་པ་དང་། ཐར་པའི་ཐབས་ཀྱི་སྡོམ་པ་ཞེས་ 6-1-26a བྱ་བ་སྟེ། པྲ་ཏི་མོཀྵ་ཞེས་པྲ་ཏི་སོ་སོ་དང་། མོཀྵ་ཐར་པ་ཡིན་པས་སོ་སོར་ཐར་ཞེས་པ་སྟེ། ཚུལ་ཁྲིམས་བསྲུངས་པའི་གང་ཟག་སོ་སོར་ངན་འགྲོ་དང་འཁོར་བ་ལས་ཐར་བར་འགྱུར་གྱི། གཞན་གྱིས་ཚུལ་ཁྲིམས་བསྲུངས་པས་གཞན་ཐར་བར་ མི་འགྱུར་བའི་ཕྱིར། ཡང་ན་པྲ་ཏི་ཞེས་པ་དང་པོ་དང་། མོཀྵ་ཞེས་པ་ཐར་པ་ཡིན་པས་དང་པོ་ཐར་པ་ཞེས་ཀྱང་བྱ་སྟེ། སྡོམ་པ་ཐོབ་པའི་སྐད་ཅིག་དང་པོ་དེ་ཉིད་ཀྱི་ཚེ་ན། སྔར་སྡོམ་མེད་ཀྱི་སྐབས་ཡིན་པས་དེ་ལས་ཐར་པས་དེར་འདོགས་པ་ཡིན་ཏེ། རྣམ་འབྱེད་འགྲེལ་ པ་ལས། སོ་སོར་ཐར་པ་ཞེས་བྱ་བ་ནི་དང་པོར་ཐར་པའོ་ཞེས་བཤད་དོ། ། ཡང་ན་པྲ་ཏི་ཞེས་པའི་སྒྲའི་རྐྱེན་གྱིས་ཐབས་དང་། མོཀྵ་ཞེས་པ་ཐར་པ་ཡིན་པས་དེས་ན་ཐར་པའི་ཐབས་ཀྱི་སྡོམ་པ་ཞེས་བྱའོ། ། འདིར་དཀའ་བའི་གནས་ཡོད་དེ། སྡོམ་པ་ཐོབ་ནས་སྐད་ཅིག་ གཉིས་ཚུན་ཆད་ཀྱི་སྡོམ་པ་དེ་ཡང་སོ་སོར་ཐར་པའི་སྡོམ་པ་ཡིན་ན། མཛོད་འགྲེལ་ལས། ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་དང་པོ་དག་ནི་སོ་སོར་ཐར་པ་ཞེས་ཀྱང་བྱ། སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་སྟེ། སྐད་ཅིག་མ་གཉིས་ པ་ལ་སོགས་པ་ནི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོར་ཐར་པ་ནི་མ་ཡིན་ནོ་ཞེས་པ་དང་འགལ་ཅེ་ན། དེ་ལ་ཁྱད་པར་ཤེས་དགོས་ཏེ། སོ་སོ་རང་ཉིད་ཐར་བར་འགྱུར་བའི་སྒྲ་བཤད་ཅན་གྱི་སོ་སོར་ཐར་པ་ཡིན་ཡང་དང་པོ་ཐར་པའི་སྒྲ་བཤད་ཅན་གྱི་སོ་སོར་ཐར་པ་ནི་མ་ཡིན་ནོ་ཞེས་པ་སྟེ། སྡོམ་པ་ཐོབ་ པའི་སྐད་ཅིག་དང་པོར་ཐར་ཟིན་པའི་རྗེས་ཞུགས་ཡིན་པའི་ཕྱིར་རོ། ། འདིའི་མིང་གི་རྣམ་གྲངས་ལ་སོ་ཐར་གྱི་སྡོམ་པ་དེ་ལ་ལས་མི་མཉམ་པ་རྣམས་ཡང་དག་པར་འཇོག་པར་བྱེད་པས་ཚུལ་ཁྲིམས་ཏེ། སྡིག་པའི་ལས་ནི་སེམས་ཅན་རྣམས་ལ་མི་མཉམ་པར་འཇུག་པ་ཡིན་ལ་འཇོག 6-1-26b པ་ནི་འགོག་པའོ། །ངེས་ཚིག་ནི་ཚ་གདུང་ལ་བསིལ་བའི་ཕྱིར་ཚུལ་ཁྲིམས་སོ། །མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་ལེགས་སྤྱད་དོ། །ལུས་ངག་གི་རྣམ་པར་རིག་བྱེད་ཀྱིས་བྱེད་པས་ན་བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལས་སོ། །ལུས་དང་ངག་སྡོམ་པའི་འཆལ་ཚུལ་ གྱི་རྒྱུན་སྡོམ་པའི་ཕྱིར་སྡོམ་པ་ཞེས་བྱ་སྟེ། ཇི་སྐད་དུ། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །ཞེས་སོ། ། གསུམ་པ་ནི། དཔལ་ཤཱཀྱ་མཆོག་ལྡན་སོགས་བོད་སྔ་ཕྱི་མང་པོ་སོ་ཐར་སྡོམ་པའི་ངོ་བོ་རིག་བྱེད་མིན་པའི་གཟུགས་ཁོ་ནར་འཆད་ ཀྱང་ཁོ་བོས་ནི་དེ་དག་བཏང་སྙོམས་སུ་བྱས་ནས་མཉམ་མེད་དྭགས་པོ་བཀའ་བརྒྱུད་ལས་དཔལ་ལྡན་ཁྲོ་ཕུ་བ་བུ་སྟོན་འདུལ་འཛིན་གྱི་རྗེས་སུ་འབྲངས་ནས་བརྗོད་པར་བྱ་སྟེ། དེ་ཡང་མཛོད་འགྲེལ་དུ། ཡང་དག་པས་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ ལུས་པའི་ཕྱིར། ལས་ཀྱི་ལམ་གཟུགས་ཅན་བདུན་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་རྣམ་པ་གཉིས་ཀར་ཡིན་ནོ། །ཞེས་བཤད་པས། རིག་བྱེད་ཡིན་མིན་གཉིས་ཀ་སྡོམ་པ་ཡིན་ཅིང་། ཡང་དག་པར་བླངས་པའི་སྡོམ་པ་ རིག་བྱེད་དང་རིག་བྱེད་མིན་པ་གཉིས་ཀ་ཡང་དང་པོར་སྡིག་པ་ལས་ཐར་བའི་ཕྱིར་སོ་ཐར་དང་སྡོམ་པ་གཉིས་ཀ་ཡིན་ལ་ལས་ལམ་དངོས་ཀྱང་ཡིན་ནོ། །སྐད་ཅིག་གཉིས་པ་ཕན་ནི་སོ་ཐར་དང་འདྲ་བའམ་སོ་ཐར་ལས་སྐྱེས་པའི་སྡོམ་པ་ཡིན་པས་ན་སོ་སོར་ཐར་པའི་སྡོམ་པ་ ཡིན་གྱི། སོ་སོར་ཐར་པ་ནི་མིན་ཏེ་སྐད་ཅིག་དང་པོ་ཁོ་ནས་སྡིག་པ་ལས་ཐར་བར་བྱས་ཟིན་པའི་ཕྱིར། དེས་ན་ལས་ཀྱི་མཇུག་ཡིན་གྱི་ལས་དངོས་མིན་ནོ། ། དེ་ལ་ལུས་ངག་གི་རྣམ་པར་རིག་བྱེད་གཉིས་ལས་སེམས་ཀྱི་དབང་གིས་ལུས་དེ་དང་དེ་ལྟར་གནས་པའི་ 6-1-27a དབྱིབས་ནི་ལུས་ཀྱི་རིག་བྱེད་དེ་ཁ་དོག་ལས་ཐ་དད་པའི་རྫས་སུ་གྲུབ་པར་འདོད་དོ། །ངག་གི་རང་བཞིན་གྱི་སྒྲ་ནི་ངག་གི་རྣམ་པར་རིག་བྱེད་དེ། མཛོད་དུ། དང་པོ་རྣམ་རིག་རྣམ་རིག་མིན། །སོ་སོ་ཐར་དང་བྱ་བའི་ལམ། །ཞེས་དང་། ལུས་རྣམ་ རིག་བྱེད་དབྱིབས་སུ་འདོད། །ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་སོ། །དེ་གཉིས་ཀྱང་རང་ཀུན་ནས་སློང་བའི་སེམས་པ་གཞན་ལ་རིག་པར་བྱེད་པས་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་མིན་པ་ནི། སེམས་གཡེངས་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་ དང་འགོག་པའི་སྙོམས་འཇུག་སོགས་སེམས་མེད་པ་དང་། མ་གཡེངས་ཤིང་སེམས་དང་བཅས་པའི་དུས་ཐམས་ཅད་དུ་དགེ་མི་དགེ་གང་རུང་རྒྱུན་ཆགས་སུ་འབྱུང་བ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། ཡུལ་ན་མི་གནས་པས་བསྟན་དུ་མེད་ལ་ཐོགས་པ་མེད་ པའི་གཟུགས་ཏེ། དེ་ནི་གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་རྣམ་པར་རིག་བྱེད་བཞིན་དུ་རང་ཀུན་ནས་སློང་བའི་སེམས་པ་གཞན་ལ་རིག་པར་བྱེད་པ་མ་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བརྗོད་ལ། མདོར་ན་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལ་ བྱུང་བ་དགེ་བ་དང་མི་དགེ་བའི་རྣམ་པར་རིག་བྱེད་མིན་པའི་གཟུགས་གཉིས་སུ་འགྱུར་ལ། དགེ་བ་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་དང་རྣམ་པར་རིག་བྱེད་ལས་སྐྱེས་པའི་སོ་ཐར་གྱི་སྡོམ་པ་དང་བར་མའོ། །རྣམ་རིག་ལས་ བྱུང་བ་མི་དགེ་བའི་གཟུགས་ལ་སྡོམ་མིན་དང་བར་མ་གཉིས་སོ། །མཛོད་དུ། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་སོ། ། འོ་ན་རྣམ་རིག་མིན་པ་དེ་རྣམ་ 6-1-27b པར་རིག་བྱེད་ཀྱི་འབྱུང་བ་རྒྱུར་བྱས་ནས་སྐྱེའམ་གཞན་ལས་སྐྱེ་ཞེ་ན། འབྱུང་བ་ཚོགས་པ་གཅིག་ལས་རྣམ་པར་རིག་བྱེད་ཡིན་མིན་གཉིས་སྐྱེ་བར་མི་རུང་གི། གཞན་རྒྱུར་བྱས་ནས་སྐྱེ་ལ་དེ་ཡང་འདོད་པ་ན་སྤྱོད་པའི་རྣམ་རིག་མིན་པ་སྡོམ་པ་ལ་སོགས་པ་ནོད་པའི་ཚེ། ལྷན་ཅིག་སྐྱེ་བའི་འབྱུང་བ་ཆེན་པོ་གང་དག་རྒྱུར་བྱས་ནས་སྐྱེ་ལ། སྐད་ཅིག་དང་པོ་ཕྱིན་ཆད་ནི་འདས་པའི་འབྱུང་བ་ཆེན་པོ་སྐད་ཅིག་དང་པོ་དང་དུས་མཉམ་པ་དེ་ཉིད་རྒྱུར་བྱས་ནས་སྐྱེ་ཞིང་དེ་དག་རྣམ་རིག་མིན་པ་འདིའི་གཞིའི་དོན་དུ་ཡང་འགྱུར་ཏེ། འཇུག་པའི་རྒྱུ་སྟེ་ འཕེན་པའི་རྒྱུ་ཡིན་པའི་ཕྱིར། ལུས་ཀྱི་འབྱུང་བ་ད་ལྟར་བ་རྣམས་ནི་རྟེན་གྱི་རྒྱུ་ཡིན་ཏེ། རྗེས་སུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་འཁོར་ལོ་ས་ལ་འདྲིལ་བ་ལ་ལག་པས་ཕུལ་བ་དང་སའི་ཕྱོགས་བཞིན་ནོ། །དེ་ཡང་རང་སའི་འབྱུང་བ་ཆེན་པོ་རྒྱུར་བྱས་ནས་སྐྱེའི་ས་ གཞན་ལ་མི་སྐྱེའོ། །རྣམ་པར་རིག་བྱེད་མིན་པ་ནི་མ་ཟིན་པ་དང་རྒྱུ་མཐུན་པ་ལས་བྱུང་བ་སེམས་ཅན་དུ་སྟོན་པ་ཡིན་ལ། མཉམ་པར་མ་བཞག་པའི་ས་པ་ཡིན་ན་རྒྱུ་མཐུན་པ་དང་ཟིན་པའི་འབྱུང་བ་རྒྱུར་བྱས་ནས་སྐྱེ་བ་ཡིན་ལ། ཏིང་ངེ་འཛིན་ལས་སྐྱེས་པ་ཡིན་ན་ མ་ཟིན་པའི་འབྱུང་བ་དང་། རྒྱས་བྱུང་དང་། འབྱུང་བ་ཚོགས་པ་གཅིག་ལས་སྤོང་བ་བདུན་ག་སྐྱེ་སྟེ་སེམས་བཞིན་དུ་འབྱུང་བ་ཐ་མི་དད་པའི་ཕྱིར་རོ། །སོ་ཐར་གྱི་སྡོམ་པ་ནི་འབྱུང་བ་བཞི་ཚན་རེ་རེ་ལས་སྤོང་བ་རེ་རེ་སྐྱེའི་དུ་མ་མི་སྐྱེའོ། །རྣམ་པར་རིག་བྱེད་ཡིན་ན་ རྒྱུ་མཐུན་ལས་བྱུང་བ་ཡིན་ཅིང་། ལུས་ཀྱིས་ནི་ཟིན་པ་ཡིན་ལ་ངག་གིས་ནི་མ་ཟིན་པ་ཡིན་ནོ། ། ཅི་རྣམ་པར་རིག་བྱེད་འདི་སྐྱེ་བ་ན་སྔ་མའི་རྒྱུན་བཤིགས་ནས་སྐྱེའམ་མ་བཤིག་པར་སྐྱེ། དང་པོ་ལྟར་ན་རྣམ་པར་སྨིན་པའི་གཟུགས་ཆད་པ་ཡང་རྒྱུན་ཆགས་པའི་ཕྱིར། སྔ་ 6-1-28a མའི་རྫས་རྒྱུན་མ་འོངས་པ་མེད་པ་ཅི་ལྟར་འདོད་ནུས། འདོད་ན་བྱེ་སྨྲ་ལས་ཉམས་ལ། གཉིས་པ་ལྟར་ན། འབྱུང་བའི་ཚོགས་པ་གཅིག་ལས་དབྱིབས་གཉིས་གྲུབ་པར་འགྱུར་རོ་ཞེ་ན། དེའི་ཚེ་གང་རྒྱུར་བྱས་ནས་རྣམ་པར་རིག་བྱེད་སྐྱེ་བར་འགྱུར་བའི་ རྒྱུ་མཐུན་པ་ལས་བྱུང་བའི་འབྱུང་བ་ཆེན་པོ་གཞན་དང་གཞན་སྐྱེ་བར་འགྱུར་རོ། ། འབྱུང་བ་དེས་ཁྱབ་ན་ཡན་ལག་གང་དང་གང་ལ་བརྟེན་ནས་རྣམ་པར་རིག་བྱེད་སྐྱེ་བའི་ཡན་ལག་དེ་དང་དེ་ཆེན་པོར་འགྱུར་ལ་མ་ཁྱབ་ན་ཡན་ལག་མཐའ་དག་གི་རྣམ་པར་རིག་བྱེད་དུ་མི་འགྱུར་རོ་ ཞེ་ན། ཁྱབ་ཀྱང་ལུས་ལ་གསེབ་ཡོད་པས་གསེབ་གསེབ་ཏུ་ཞུགས་པས་ཆེན་པོར་མི་འགྱུར་ལ་རགས་པའམ་ལྕི་བར་ཡང་མི་འགྱུར་ཏེ་ཆ་ཕྲ་བའི་ཕྱིར། ཇི་སྐད་དུ། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེས། །ཟག་བཅས་ ལུས་དང་ངག་གི་ལས། །རང་གི་འབྱུང་བ་དག་རྒྱུར་བྱས། །ཟག་མེད་གང་དུ་སྐྱེས་པ་ཡིན། །རྣམ་རིག་བྱེད་མིན་མ་ཟིན་དང་། །རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། །རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། །ཏིང་འཛིན་སྐྱེས་བྱུང་མ་ཟིན་དང་། །རྒྱས་བྱུང་ཐ་དད་ མིན་ལས་སྐྱེ། །ཞེས་སོ། ། མདོ་སྡེ་པ་ནི། དབྱིབས་རྫས་སུ་མེད་དེ་ཕྱོགས་གཅིག་གི་སྒོར་ཁ་དོག་ཕལ་ཆེར་བྱུང་བ་ལ་རིང་པོ་ཞེས་འདོགས། དེ་ཉིད་ལ་བལྟོས་ནས་ཉུང་ངུར་བྱུང་བ་ལ་ཐུང་ངུ་ཞེས་འདོགས་པ་བཞིན་རྣམ་པར་རིག་བྱེད་ཀྱང་དབྱིབས་ལ་འདོགས་པས་དེ་ རྫས་སུ་མེད་ལ། དེ་ལ་དགེ་མི་དགེར་བཞག་པ་ནི་ཀུན་སློང་གིས་ཕྱེ་ནས་བཏགས་པར་ཟད་དོ། །རྣམ་པར་རིག་བྱེད་མིན་པ་ཡང་རྫས་སུ་མེད་དེ། ཁས་བླངས་ནས་མི་བྱེད་པ་ཙམ་གྱི་ཕྱིར་དང་འདས་པའི་འབྱུང་བ་ཆེན་པོ་རྣམས་ལ་བརྟེན་ནས་འདོགས་པའི་ཕྱིར། དེ་དག 6-1-28b ཀྱང་རང་གི་ངོ་བོ་མེད་པའི་ཕྱིར་དང་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །འོ་ན་སོ་ཐར་གྱི་སྡོམ་པ་མེད་པར་འགྱུར་ཏེ་བླངས་པའི་འོག་ཏུ་ཡིད་གཞན་དང་ལྡན་པ་འདི་ཡང་དགེ་སློང་དུ་མི་རུང་བར་འགྱུར་རོ། །མདོ་ལས། སྤོང་བ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་ཆུ་ལོན་ དུ་གསུངས་ན་ཆུ་ལོན་དུ་ཡང་མི་རུང་བར་འགྱུར་ཞེ་ན་མི་འགྱུར་ཏེ། སེམས་པ་གང་གིས་ཆོ་ག་སྔོན་དུ་བཏང་བའི་ཁས་བླངས་ཏེ་ལས་བཀག་ནས་ལུས་ངག་དག་སྡོམ་པར་བྱེད་དོ། ། གལ་ཏེ་སེམས་གཞན་དང་ལྡན་ན་མ་བསྡམས་པར་འགྱུར་རོ་ཞེ་ན། མིན་ཏེ་དེ་ལ་གོམས་ པས་བྱས་པའི་དུས་སུ་དྲན་པ་ལ་དེ་ཉེ་བར་གནས་པའི་ཕྱིར་རོ། །ཆུ་ལོན་དུ་མི་རུང་བའི་སྐྱོན་ཡང་མེད་དེ་ངོ་ཚ་ཤེས་པས་མི་བྱེད་པར་དམ་བཅས་པ་དྲན་ནས་འཆལ་ཚུལ་མ་བྱེད་པའི་ཕྱིར་ཏེ། དེ་ལྟ་བུ་ཁོ་ནའི་དོན་དུ་ཡང་དག་པར་ལེན་པ་ཡིན་ནོ། །དེ་ལྟར་མིན་པར་རྣམ་རིག་ མིན་པ་ཁོ་ན་འཆལ་ཚུལ་གྱི་ཆུ་ལོན་ཡིན་ན། བརྗེད་ངས་འགས་ཀྱང་ཚུལ་ཁྲིམས་འདྲལ་བར་མི་འགྱུར་རོ། ། དེས་ན་མདོ་སྡེ་པས་སེམས་པས་ཆོ་ག་རྣམས་སྔོན་ཏུ་བཏང་ནས་ཁས་བླངས་པས་ལུས་ངག་སྡོམ་པར་བྱེད་པ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་འདོད་དེ། རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ནི། མཛོད་འགྲེལ་དུ། ལས་སྔོན་འགྲོ་བའི་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ནོ། །དེ་གཞན་དང་གཞན་དུ་སྐྱེ་བ་ན་ཡོངས་སུ་འགྱུར་པ་ཡིན་ནོ། །དེའི་མཇུག་ཐོགས་སུ་འབྲས་བུ་བསྐྱེད་ནུས་པ་གང་ཡིན་པ་དེ་ནི་ཡོངས་ སུ་འགྱུར་བ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཡིན་ཏེ། དཔེར་ན་ཡང་སྲིད་པའི་ཉེ་བར་ལེན་པ་དང་བཅས་པའི་སེམས་ལྟ་བུའོ། །ཞེས་འདོད་དོ། ། སེམས་ཙམ་པས་ནི་སྡོམ་པའི་ངོ་བོ་ལུས་ངག་གི་སྤང་བྱ་སྤོང་བའི་ 6-1-29a སེམས་པའི་ཁྱད་པར་དང་དེའི་བག་ཆགས་གཏོང་རྒྱུས་མ་བཅོམ་པ་དང་བཅས་པ་ལ་འདོད་དེ། སེམས་པ་ཙམ་ལ་བྱས་ན་རྒྱུན་ལྡན་དུ་མི་རུང་། བག་ཆགས་ཙམ་ལ་བྱས་ན་ཤི་འཕོས་ནས་ཀྱང་ཡོད་པའི་ཕྱིར་རོ། །ལས་གྲུབ་པར། གལ་ཏེ་སེམས་ པ་ཁོ་ན་ལུས་ཀྱི་ལས་སུ་འགྱུར་ན་སེམས་རྣམ་པར་གཡེང་བ་དག་དང་སེམས་མེད་པ་དག་ལ་སེམས་པ་དེ་མེད་ན་སྡོམ་པ་དང་སྡོམ་པ་མིན་པ་གཉིས་ཅི་ལྟར་ཡོད་ཅེ་ན། སེམས་པའི་ཁྱད་པར་གྱི་བག་ཆགས་མ་བཅོམ་པའི་ཕྱིར་སྡོམ་པ་དང་སྡོམ་པ་མིན་པ་གཉིས་ཡོད་དོ། །ཁྱད་ པར་སྨོས་པ་ནི་གང་ལས་སྡོམ་པ་དང་སྡོམ་པ་མིན་པའི་རྣམ་པར་རིག་བྱེད་མིན་པ་ཀུན་ནས་ལྡང་བར་བཏགས་པའི་སེམས་པ་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེའི་བག་ཆགས་བཅོམ་པ་ཅི་ཞེ་ན། ཇི་ལྟར་ཁས་བླངས་པ་བཞིན་དུ་སྤོང་བ་དང་སྤོང་བ་མིན་པའི་སེམས་པའི་རྒྱུ་ཡིན་ པ་ཉིད་དོ། །གང་གིས་དེ་བཅོམ་ཞེ་ན། སྡོམ་པ་དང་སྡོམ་པ་མིན་པ་གཏོང་བའི་རྒྱུ་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པར་བཏགས་པའི་སེམས་པ་གང་ཡིན་པ་དང་དེ་ལས་གཞན་པའི་གཏོང་བའི་རྒྱུས་སོ། ། བཞི་པ་ནི། སོ་ཐར་ནི་དགེ་སློང་ལ་སོགས་པའི་གང་ཟག་ བརྒྱད་ལ་ལྡན་ནོ། །ཅི་ཕྱི་རོལ་པ་ལ་སྡོམ་པ་མེད་དམ་ཞེ་ན། ཡོད་མོད་ཀྱི་སོ་ཐར་གྱི་སྡོམ་པ་ནི་མེད་དེ་དེ་དག་ཐར་པ་དོན་དུ་གཉེར་དུ་ཟིན་ཡང་ལོག་པར་ལྟ་བ་ལ་སོགས་པས་ཉམས་པའི་ཕྱིར་དང་། ཁ་ཅིག །སྲིད་པའི་ཁྱད་པར་འགའ་ཞིག་ལ་ཐར་པར་སེམས་པས་སྲིད་པ་ ལ་བརྟེན་པའི་ཕྱིར་དང་། གཏན་དུ་སྡིག་པ་ལས་སོ་སོར་ཐར་པ་མིན་པའི་ཕྱིར། སོ་ཐར་གྱི་སྡོམ་པ་ཐོབ་ནས་མ་བཏང་བར་དུ་ད་ལྟར་བའི་རྣམ་རིག་མ་ཡིན་པ་དང་ལྡན་ལ། སྐད་ཅིག་དང་པོ་ཕྱིན་ཆད་འདས་པའི་རྣམ་རིག་མ་ཡིན་པ་དང་ཡང་ལྡན་ནོ། །མཛོད་དུ། སོ་སོར་ཐར་ 6-1-29b པ་ལྡན་པ་བརྒྱད། །སོ་སོར་ཐར་གནས་ཇི་སྲིད་དུ། །མ་བཏང་བར་རྟག་ད་ལྟར་གྱི། །རྣམ་རིག་མི་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་པ་དང་། །ཞེས་སོ། ། ལྔ་པ་ལ། དགེ་སློང་གི་དང་། དགེ་ཚུལ་གྱི་དང་། དགེ་སློབ་མའི་དང་། དགེ་སློང་མའི་དང་། དགེ་ བསྙེན་གྱི་དང་། བསྙེན་གནས་ཀྱི་སྡོམ་པ་ཐོབ་པའི་རྒྱུ་དང་། སྤྱིར་དེ་དག་རྒྱུ་དང་སེམས་དང་ཡན་ལག་གང་ལས་ཐོབ་ཚུལ་ཏེ་བདུན་གྱི་དང་པོ་ནི། ལུང་གཅིག་ལས་འཕྲོས་པའི་བཅུ་པ་ལས། མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་བཅུ་སྟེ། སྟོན་པ་ མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་དང་། སངས་རྒྱས་མངོན་སུམ་དུ་གྱུར་པ་དང་། ཆོས་མངོན་སུམ་དུ་གྱུར་པ་དང་། མཁན་པོ་མངོན་སུམ་དུ་གྱུར་པ་དང་། སློབ་དཔོན་མངོན་སུམ་དུ་གྱུར་པ་དང་། བསྙེན་པར་རྫོགས་པར་འདོད་པ་མངོན་སུམ་དུ་གྱུར་པ་ དང་། བསྙེན་པར་རྫོགས་འདོད་ཀྱི་ཡོན་ཏན་མངོན་སུམ་དུ་གྱུར་པ་དང་། ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་དང་། གསོལ་བ་མངོན་སུམ་དུ་གྱུར་པ་དང་། ལས་མངོན་སུམ་དུ་གྱུར་པ་རྣམས་སོ། །ཞེས་པའི་དོན་ལ་སྟོན་པ་མངོན་གྱུར་ནི། བླ་མ་རྣམས་ཀྱིས་དགེ་འདུན་ མངོན་གྱུར་ལ་འཆད་དེ། དེ་ཡང་དབུས་དང་མཐའ་འཁོབ་ཏུ་བཅུ་དང་ལྔ་ཡན་ཆད་དུ་ཚོགས་པའི་གྲངས་ཚང་མཚན་ཉིད་ཁ་སྐོང་གི་ཆོས་དང་ལྡན་པ་མི་མཐུན་པ་གཉིས་དང་བྲལ་བའོ། ། རྒྱ་འདུལ་འཛིན་ཁ་སྐོང་དུ་འོས་པ་བཞིར་ལོངས་པས་ལས་ཐམས་ཅད་ལ་དབང་བའི་ཕྱིར། ཞུ་བར། ལྔའམ་ལྔ་ལས་ལྷག་པར་མཆིས་བཞིན་དུ་བཞིས་བསྙེན་པར་རྫོགས་ན་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། རྫོགས་ཞེས་བྱ་ལ་འདས་པ་དང་བཅས་པར་རོ། །ཞེས་དང་། ས་གའི་ལྷས། གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཞེས་སོགས་བཤད་པའི་ཕྱིར་ 6-1-30a རོ་ཞེས་འཛེར་ཏོ། །དེ་མི་འཐད་པ་ནི། ཞུ་བའི་དེ་ཡི་གེ་ཉམས་པ་ཡིན་ཏེ། ཊཱི་ཀར་ལུང་དྲངས་པར། ལྔ་ལས་ལྷག་པར་མཆིས་བཞིན་དུ་ལྔས་བསྙེན་པར་རྫོགས་པ་བགྱིས་ན་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། རྫོགས་ཞེས་བྱ་ ལ་འདས་པ་དང་བཅས་པར་རོ་ཞེས་སོགས་འབྱུང་བའི་ཕྱིར་དང་། ས་ག་ལྷའི་ལུང་དེ་བཞིའི་སྟེང་དུ་ལས་བྱེད་པ་པོ་བསྣན་དགོས་པ་ལ་དགོངས་སོ། །དེར་མ་ཟད་བཞིར་ལོངས་པས་ལས་ཐམས་ཅད་འགྲུབ་ན་ལས་སོ་སོ་ལ་དགེ་འདུན་གྲངས་ཐ་དད་གསུངས་པ་དོན་མེད་པར་ འགྱུར་ཞིང་། བཞི་ལས་མེད་ན་གསངས་སྟོན་པ་སྐོ་བ་སོགས་ཀྱི་ལས་མི་འགྲུབ་པའི་ཕྱིར་རོ། ། སངས་རྒྱས་ནི་དེའི་སྐུ་གཟུགས་སོ། །ཆོས་ནི་ལུང་གི་ཆོས་སྨྲ་བ་མ་ཉམས། རྟོགས་པའི་ཆོས་སྒྲུབ་པ་མ་ཉམས། འབྲས་བུའི་ཆོས་མྱ་ངན་ལས་འདས་པ་རྣམས་བསྒྲུབ་བྱའི་བློ་ ཡུལ་དུ་གྱུར་པའོ། །མཁན་པོ་ནི་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་ཅིང་ལྔ་ཕྲུགས་དང་ལྡན་པ་ལ་མཁན་པོར་གསོལ་བ་བཏབ་ཅིང་ཁས་བླངས་པ་དང་ལྡན་པའོ། །སློབ་དཔོན་ནི་དགེ་སློང་གི་སྡོམ་པ་དང་ལྡན་ཅིང་ཁ་སྐོང་བར་འོས་པ་དགེ་འདུན་གྱི་དབུས་སུ་ལས་ཀྱི་ཆོ་ག་ བརྡ་སྤྲོད་པར་ནུས་པ་ལ་མཁན་པོས་གསོལ་བ་བཏབ་པའོ། །གསངས་ཏེ་སྟོན་པ་ནི་དགེ་སློང་གི་སྡོམ་པ་དང་ལྡན་ཅིང་ཁ་སྐོང་བར་འོས་པ། འགྲོ་བ་མ་ཡིན་པ་བཞི་དང་བྲལ་བ་དགེ་འདུན་གྱིས་གསོལ་བའི་ལས་ཀྱིས་བསྐོས་ཤིང་ཆགས་པའོ། །འདོད་པ་མངོན་གྱུར་ནི་ ལུས་ཀྱི་རྟེན་ཉེས་མེད་ཀྱི་སྡོམ་པ་རྒྱུད་ལ་བསྐྱེད་པ་ལ། ཚིགས་སྔ་མ་རྣམས་སྔོན་དུ་སོང་ཞིང་ཆགས་པ་དང་ལྡན་ལ། གྲངས་ཚོགས་སུ་མ་ལོངས་པ། བསམ་པའི་རྟེན་བསམ་པ་ཐག་པ་ནས་སྡོམ་པ་ལེན་པར་འདོད་པ་རྒྱུའི་ཀུན་སློང་། དངོས་གཞིའི་དུས་སུ་ཐོབ་ཤེས་ 6-1-30b ཀྱི་ནུས་པ་དང་ལྡན་ཅིང་མི་མཐུན་པའི་སེམས་མ་སྐྱེས་པ་ཡན་ལག་ངེས་པ་ལྔ་དང་བྲལ་བ་ཞིག་དགོས་ལ། དེ་ལྔ་དང་མ་བྲལ་ན་སྡོམ་པ་མི་སྐྱེ་སྟེ་སྡིག་པའི་སེམས་དང་མ་བྲལ་བའི་ཕྱིར་རོ། །མདོར་ན་དེ་ཐམས་ཅད་མྱ་ངན་ལས་འདས་པའི་བསམ་པས་ཟིན་པ་སྟེ། མྱང་འདས་ ཀྱི་བསམ་པ་མེད་པར་སོ་ཐར་གྱི་སྡོམ་པ་མི་སྐྱེ་བའི་ཕྱིར་རོ། །ཡོ་བྱད་ནི་ཆོས་གོས་གསུམ་རུང་བ་ཚད་ལྡན་མཁན་པོའི་གསུང་གིས་བྱིན་གྱིས་བརླབས་ཏེ་གནང་བ། གདིང་བ་ཆུ་ཚགས་རུང་བ་ཚད་ལྡན་དེས་གནང་བ། ལྷུང་བཟེད་རུང་བ་ཚད་ལྡན་དགེ་འདུན་ལ་བསྟན་ནས་ དགེ་འདུན་གྱིས་གནང་ཞིང་མཁན་པོའི་ཚིག་གིས་བྱིན་གྱིས་བརླབས་ཏེ་གནང་བ་དང་ལྡན་པ། ལུས་ཀྱི་བྱད་ཀྱི་རྟགས་སྐྲ་དང་ཁ་སྤུ་བྲེག་ཅིང་མ་གནང་བའི་ཕྱོགས་མ་བྲེག་པ་ཁྲུས་བྱས་པས་ཁྱད་པར་དུ་བྱས་པ། མདོར་ན་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ལྡན་ལ་ ཁྱིམ་པ་དང་མུ་སྟེགས་ཀྱི་རྒྱལ་མཚན་མི་འཆང་བའོ། །ཡོངས་སུ་དག་པ་ནི་སྡོམ་པ་སྐྱེ་བའི་བར་ཆད་མེད་པ་སྟེ། དེ་ལ་གཏན་དུ་བ་དང་རེ་ཞིག་པ་གཉིས། དང་པོ་ལ། རྣམ་སྨིན་གྱི་སྒྲིབ་པ་ཅན་ངན་སོང་གསུམ་སྒྲ་མི་སྙན་པ། དེ་དང་མཚུངས་པ་ལྷ་དང་ལྷ་མིན། དེ་དག་མིར་སྤྲུལ་པ་དང་བཅས་པ། ལས་ཀྱི་སྒྲིབ་པ་ཅན་མཚམས་མེད་བྱས་པ། དེ་དང་རིགས་མཐུན་རྐུ་ཐབས་སུ་གནས་པ། མུ་སྟེགས་ཅན་ཞུགས་པ། དགེ་སློང་མ་སུན་ཕྱུང་བ། སྔོན་ལྟུང་བ་བྱུང་བ། ཉོན་མོངས་པའི་སྒྲིབ་པ་ཅན་ཟ་མ་མ་ནིང་། དེ་དང་རིགས་ མཐུན་པ་མུ་སྟེགས་ཅན། བསྙེན་པར་རྫོགས་པ་མི་ཤེས་པའོ། །གཉིས་པ་ནི། ལུས་དང་བསམ་པའི་སྒོ་ནས་ནར་མ་སོན་པ་ཉི་ཤུ་མ་ལོན་པའམ་ལོན་ཀྱང་བསམ་པ་བརྟན་པོ་དང་མི་ལྡན་པའོ། ། ཉེས་མེད་ཀྱི་སྡོམ་པ་བསྐྱེད་པ་ལ་གནས་པའི་བར་ཆད་བུ་ཚ་ཕ་མའི་ 6-1-31a དབང་དུ་གྱུར་པ། བྲན་རྗེ་དཔོན་གྱི་དབང་དུ་གྱུར་པ། བུ་ལོན་ཅན་བདག་པོའི་དབང་དུ་གྱུར་པ་དེ་དག་གིས་འཕངས་པ་དང་བཅས་པ། ཁྱད་པར་དུ་གྱུར་པའི་བར་ཆད་ནད་པ་དང་དེས་འཕངས་པ་དང་བཅས་པ། མཛེས་པའི་བར་ཆད་རིགས་ལ་སྐྱོན་ ཆགས་པ་གདོལ་པ་ལ་སོགས་པ་དེས་འཕངས་པ་དང་བཅས་པ། ལུས་ལ་སྐྱོན་ཆགས་པ་ལ་དབྱིབས་དང་ཁ་དོག་གཉིས་ཏེ་ལག་རྡུམ་དང་སྐྲ་སེར་སོགས་དག་གིས་འཕངས་པ་རྣམས་སོ། །གསངས་སྟོན་གྱིས་ལྐོག་ཏུ་དྲིས་ནས་དགེ་འདུན་ལ་དག་པ་གོ་བར་བྱས་ཤིང་ ལས་སློབ་ཀྱིས་གསོལ་བ་སྔོན་དུ་བཏང་ནས་དགེ་འདུན་གྱི་དབུས་སུ་བར་ཆད་དྲིས་པས་དག་པར་གྱུར་པ་ན་ཡོངས་སུ་དག་པའོ། །གསོལ་བ་ནི་སྦྱིན་པའི་ལས་ཐམས་ཅད་ལ་གསོལ་བ་བཏབ་པ་སྔོན་དུ་འགྲོ་དགོས་པས་གང་ལས་སྡོམ་པ་ཐོབ་པར་འགྱུར་བའི་དགེ་འདུན་ལ་ གསོལ་བ་ལན་གསུམ་དུ་བཏབ་པའོ། །ལས་ནི་གསོལ་བཞིའི་ལས་མི་གཡོ་ཞིང་བཞག་པར་མི་འོས་པས་བྱས་པ་སྟེ། དེའི་བརྗོད་པ་ཐ་མའི་ཆ་གསུམ་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེའོ། །དེས་ན་སྡོམ་པ་དེ་གཙོ་ཆེར་ལུས་ངག་གི་རྣམ་རིག་ལས་སྐྱེའོ། །མཇུག་ཆོག་ དུས་བསྒོ་བ་དང་གདམས་ངག་བཅུ་གཅིག་བརྗོད་པ་དང་བཅས་པའི་སྒོ་ནས་བསྒྲུབ་པའོ། ། གཉིས་པ་ལ། ཡུལ་སངས་རྒྱས་ཆོས་སྔར་དང་འདྲ་ཞིང་། དགེ་ཚུལ་གྱི་སྡོམ་པ་ནི་གང་ཟག་ལས་འཐོབ་པས་དགེ་འདུན་དུ་མ་ལོངས་ཀྱང་ཆོ་ག་ལ་རབ་བྱུང་ཞུ་བའི་དུས་དགེ་འདུན་ ལའོ། །མཁན་སློབ་སྔར་དང་འདྲ་བ་ལ་ལས་སློབ་ལ་དགེ་ཚུལ་གྱི་ཆོ་ག་བརྡ་སྤྲོད་ནུས་པ་ཞེས་སྦྱར། ལུས་རྟེན་ཚིགས་སྔ་མ་དགེ་བསྙེན་དང་རབ་བྱུང་སྔོན་དུ་སོང་བ་ཞེས་སྦྱར། ངེས་པ་ལྔ་བྲལ་གྱི་སྐབས་སུ་དགེ་ཚུལ་རང་གི་སྤང་བྱ་ཡན་ལག་བཅུ་པོ་ལས་འདི་བསྲུང་ 6-1-31b འདི་མི་བསྲུང་གི་ངེས་བྲལ་དགོས་སོ། །ཡོ་བྱད་ལ་བླ་གོས་མཐང་གོས་ལྷུང་བཟེད་གདིང་བ་ཆུ་ཚགས་རྣམས་མཁན་པོའི་ཚིག་གིས་གཏད་ཅིང་བསྐོན་པའོ། །ལུས་ཀྱི་བྱི་བྱད་སྔར་དང་འདྲའོ། །ཡོངས་དག་གི་སྐབས་སུ། ལུས་དང་ངག་སེམས་ཀྱི་སྒོ་ནས་ནར་མ་སོན་པ་ ལོ་བདུན་མ་ལོན་པའམ་ལོན་ཀྱང་བྱ་རོག་སྐྲོད་མི་ནུས་པའོ། །བར་ཆད་སྔ་མ་དང་འདྲ་ལ་མཁན་པོས་དྲིས་ནས་དག་པར་རྟོགས་ཏེ་སློབ་དཔོན་ལ་དག་པར་བརྡ་སྤྲོད་པའོ། ། དེས་ན་རབ་བྱུང་དུ་བསྒྲུབ་པ་དང་། དགེ་ཚུལ་དུ་བསྒྲུབ་པའི་ཆོ་ག་གཉིས་ལས། དང་པོ་ནི། རབ་ བྱུང་ཞུ་ཞིང་མཁན་པོས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་རབ་ཏུ་དབྱུང་བའོ། །གཉིས་པ་ནི། མཁན་པོས་དེ་སྒྲུབ་ཀྱི་སློབ་དཔོན་ལ་གཏད། དེས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་དགེ་ཚུལ་དུ་བསྒྲུབ། མཐར་དུས་བསྒོ་བར་བྱ་ཞིང་བསླབ་པ་བརྗོད་པ་ཁས་བླངས་ཀྱི་ ཚུལ་དུ་བྱའོ། ། གསུམ་པ་ནི། མངོན་དུ་གྱུར་པ་ཆ་མཐུན་དུ་བརྩི་སྟེ་སངས་རྒྱས་ཆོས་སྔར་དང་འདྲ། དགེ་འདུན་ཡུལ་དབུས་སུ་ཁ་སྐོང་བར་འོས་པའི་དགེ་སློང་མ་བཅུ་གཉིས། མཐའ་འཁོབ་ཏུ་དྲུག་གི་ཚོགས་སུ་ཚང་བ་མི་མཐུན་པ་གཉིས་དང་བྲལ་བའོ། །མཁན་ མོ་རྫོགས་ནས་ལོ་བཅུ་གཉིས་ལོན། ལྔ་ཕྲུགས་དང་ལྡན། འཁོར་དང་འཁོར་མང་པོ་འཇོག་པའི་གནང་བ་ཐོབ་པ་ལ་མཁན་མོར་གསོལ་བ་བཏབ་ཅིང་ཁས་བླངས་པ་དང་ལྡན་པའོ། །སློབ་དཔོན་མ་དགེ་སློང་མའི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ་ཁ་སྐོང་བར་ འོས་པ་བསླབ་པའི་ཚིག་གིས་ཆོ་ག་བརྡ་སྤྲོད་ནུས་པའོ། ། བསྒྲུབ་བྱ་ནི། ལུས་ཀྱི་རྟེན་ཁྱིམ་སོ་བཟུང་ནས་ལོ་བཅུ་ལོན་ཅིང་གཞོན་ནུ་མ་ཡིན་ན་ལོ་བཅོ་བརྒྱད་ལོན་པ། དགེ་ཚུལ་མ་ཡན་ཆད་ཐོབ་ལ་མ་ཉམས་པ་སྟེ་གཞན་སྔར་དང་འདྲ། བསམ་པའི་རྟེན་གྱི་སྐབས་སུ་ 6-1-32a བསླབ་པའི་སྡོམ་པ་ནོད་པར་འདོད་པས་ཞེས་ཁ་སྤོའོ། །འདི་ལ་ཆོ་ག་ལས་ལོ་གཉིས་ཀྱི་བར་དུ་ཞེས་ཡོད་ཀྱང་། ལོ་གཉིས་ནས་དགེ་སློང་མ་བྱེད་པའི་དབང་དུ་བྱས་པ་ཡིན་གྱི་དོན་ལ་ཇི་སྲིད་འཚོའི་བར་དུ་བླང་ཡང་དགོས་ལ་བསྲུང་ཡང་དགོས་ཏེ། ཇི་ སྲིད་འཚོ་བའི་སྡོམ་པ་ཡིན་པ་ངེས་པ་ལྔ་བྲལ་ཡང་འདི་ལ་དགོས་སོ། །ཡོ་བྱད་དང་བར་ཆད་དྲི་བ་ནི་དགེ་ཚུལ་མའི་སྐབས་སུ་བྱས་པ་དེ་ཉིད་ཀྱིས་ཆོག་གི་འདིར་མི་དགོས་ལ། གསོལ་བ་ནི་བསླབ་པའི་སྡོམ་པ་གནང་བའི་ཕྱིར་གསོལ་བ་ལན་གསུམ་བཏབ་པ་ཡིན་ཅིང་། ལས་ནི་གསོལ་བ་དང་གཉིས་ཀྱི་ལས་མི་གཡོ་ཞིང་བཞག་པར་མི་འོས་པས་བསླབ་པའི་སྡོམ་པ་སྦྱིན་ནོ། །མཇུག་དུས་བསྒོ་བ་དང་། ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་གི་བསླབ་པ་སྦྱིན་ནོ། ། བཞི་པ་ནི། མངོན་འགྱུར་བཅུ་དགེ་སློང་དང་ཕལ་ཆེར་འདྲ་ལ་དགེ་འདུན་ ཕ་མ་གཉིས་ཀ་འཚོགས་དགོས་སོ། །མཁན་མོར་འོས་པ་དགེ་སློབ་མའི་སྐབས་དང་འདྲ། སློབ་དཔོན་མ་ཚངས་སྤྱོད་ཉེར་གནས་ཀྱི་ལས་བྱེད་པའི་སློབ་དཔོན་མ་དང་གསངས་ཏེ་སྟོན་མ་གཉིས་ཏེ། དགེ་སློང་མའི་སྡོམ་ལྡན་ཁ་སྐོང་བར་འོས་པ་དགེ་སློང་མའི་དགེ་ འདུན་གྱི་དབུས་སུ་ལས་ཆོག་བརྡ་སྦྱོར་ནུས་པ་དང་། གསངས་སྟོན་མ་འགྲོ་བ་མིན་པ་བཞི་དང་བྲལ་ཞིང་ལྐོག་ཏུ་བར་ཆད་དྲིས་ནས་ནང་དུ་འོང་བར་ཞུ་བ་ལ་མཁས་པའོ། །ལས་སློབ་ནི་གཉིས་ཀའི་དགེ་འདུན་གྱི་དབུས་སུ་ལས་ཆོག་བརྡ་སྤྲོད་ནུས་པའོ། །ཡོ་བྱད་ལ་ཤིང་ང་ དཔུང་ཆད་དང་རྔུལ་གཟན་གཉིས་གོས་ལ་བསྣན་ཅིང་། ལུས་རྟེན་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པའམ་གཞོན་ནུ་མ་ཉི་ཤུ་ལོན་པ། ཚིགས་སྔ་མ་གསུམ་བླངས་ཤིང་ཆགས་པ་དང་ལྡན་ལ་ཚོགས་སུ་མ་ལོངས་པ། །དག་པ་ལ་གསངས་སྟོན་མོས་ལྐོག་ཏུ་དྲིས་ནས་ 6-1-32b དགེ་འདུན་ལ་དག་པར་བརྡ་སྤྲད། ཚངས་སྤྱོད་ཉེར་གནས་ཀྱི་ལས་བྱེད་མོས་དགེ་འདུན་མའི་དབུས་སུ་དྲིས། ལས་བྱེད་པས་གཉིས་ཀའི་དབུས་སུ་དྲིས་ནས་དག་པར་རྟོགས་པའོ། །མཇུག་ཏུ་ཐུན་མོང་མིན་པའི་ཕམ་པ་བཞི་བསྣན། གནས་ཤིང་དྲུང་དོར། ལྕི་བའི་ ཆོས་བརྒྱད་བརྗོད། གཞན་དགེ་སློང་དང་འདྲ། ལྔ་པ་ནི། འདིར་རབ་བྱུང་བྱེད་པའི་དབང་བཙན་དུ་བྱས་ནས་འགལ་རྐྱེན་བར་ཆད་སྔར་གྱི་རྣམས་དང་མི་ལྡན་པ། མཐུན་རྐྱེན་དགེ་བསྙེན་ཉིད་དུ་སྒྲུབ་པར་བྱེད་པའི་དགེ་སློང་མཁན་པོའི་སྟ་གོན་དུ་གནས་པ། དེ་ཉིད་ བསམ་པ་ཐག་པ་ནས་འདོད་ལ། ཐོབ་པར་ཤེས་པའི་ནུས་ལྡན་ངེས་པ་ལྔ་དང་བྲལ་བའོ། །ཆོ་ག་ནི། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་ཁས་ལེན་ལན་གསུམ་བྱས་པས་སྐྱེའོ། །མཇུག་ནི། བསླབ་པ་བརྗོད་པ་ཁས་བླངས་པའི་ཚུལ་གྱིས་བྱའོ། ། རབ་བྱུང་མི་ བྱེད་པར་དགེ་བསྙེན་ལ་གནས་པ་ཡིན་ན་སྡོམ་པ་སྐྱེ་བའི་བར་ཆད་དང་མི་ལྡན་པ་ལ་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་དགེ་བསྙེན་དུ་ཁས་བླངས་ནས་སྡོམ་པ་སྐྱེ་སྟེ། མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་བགོས་པ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་། བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་ཏུ་སྨྲ་ན། འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ་ཞེས་གསུངས་སོ། ། འོ་ན་སྐྱབས་འགྲོ་ཁོ་ནས་དགེ་བསྙེན་དུ་འགྱུར་བར་འདོད་དམ་ཞེ་ན་ཉི་འོག་པ་རྣམས་འགྱུར་ བར་འདོད་ལ། ཁ་ཆེ་བ་རྣམས་དགེ་བསྙེན་གྱི་སྡོམ་པ་མེད་པར་དགེ་བསྙེན་དུ་མི་འགྱུར་རོ་ཟེར་རོ། ། འོ་ན་མདོའི་དོན་ཅི་ལྟ་བུ་ཞེ་ན། སྐྱོན་མེད་དེ། སྐྱབས་འགྲོ་བྱས་ནས་དགེ་བསྙེན་དུ་ཁས་བླངས་པས་སྡོམ་པ་ཐོབ་ཀྱང་ཕྱིས་བསླབ་པ་བརྗོད་པས་ཁས་ལེན་པའི་ 6-1-33a ཚུལ་གྱིས་བྱེད་པ་ཡིན་ཏེ། གསོལ་བཞིའི་ལས་ཀྱིས་དགེ་སློང་དུ་གྱུར་ཀྱང་གདམས་ངག་བརྗོད་པའམ་དགེ་ཚུལ་དུ་ཁས་བླངས་པས་སྡོམ་པ་ཐོབ་ཀྱང་བསླབ་པ་བརྗོད་པ་བཞིན་ནོ། །ཇི་སྐད་དུ། དགེ་བསྙེན་ཉིད་དུ་ཁས་བླངས་པ། །སྡོམ་པ་བསྟན་ པ་དགེ་སློང་བཞིན། །ཅེས་སོ། ། འོ་ན་དགེ་བསྙེན་གྱི་སྡོམ་པ་དང་ལྡན་ན་བསླབ་པའི་གཞི་སྣ་གཅིག་སྤྱོད་པ་དང་། གཉིས་བསྲུང་བ་ཕྱོགས་གཅིག་སྤྱོད་པ་དང་། གསུམ་བསྲུང་བ་ཕལ་ཆེར་སྤྱོད་པ་དང་། ལྔ་ཆར་བསྲུང་བ་ཡོངས་སུ་རྫོགས་པར་སྤྱོད་པ་ཞེས་པའི་ ཁྱད་པར་ཅི་ཡིན་ཞེ་ན། དེ་ལ་བྱེ་སྨྲས། སྡོམ་པ་ཐམས་ཅད་ཐོབ་ཀྱང་གང་བསྲུང་བ་དེ་ལྡན་པ་ཡིན་ཅིང་མི་བསྲུང་བ་དེ་འཆལ་པ་ཡིན་ཟེར་རོ། །མཛོད་དུ། གལ་ཏེ་ཐམས་ཅད་བསྡམས་ཡིན་ན། །སྣ་གཅིག་སྤྱོད་སོགས་ཅི་ལྟ་བུ། །དེ་བསྲུང་བ་ལ་བསྲུང་ཞེས་ གྲགས། །ཞེས་སོ། །དབྱིག་གཉེན་གྱིས། དེ་ནི་མདོའི་དོན་ལས་འདས་པ་ཡིན་ཏེ། ཚུལ་ཁྲིམས་ཉམས་ན་སྣ་གཅིག་སྤྱོད་པ་ལ་སོགས་ཞུ་བ་ཉིད་ཀྱང་མི་འཐད་ན་ལན་ལྟ་ཅི་སྨོས། དེས་ན་དགེ་བསྙེན་གྱི་སྡོམ་པའི་ཚད་མི་ཤེས་པར་བསླབ་པའི་གཞི་དེ་ཙམ་ཞིག་ བཟོད་པ་ལ་ཇི་ཙམ་གྱིས་ན་སྣ་གཅིག་སྤྱོད་པ་ལགས་ཞེས་སོགས་ཀྱི་ཞུ་བ་འཐད་དོ། །དེས་ན་སྣ་གཅིག་སོགས་བླངས་ནས་གང་བླངས་པ་དེ་བསྲུང་བ་སྣ་གཅིག་སྤྱོད་པ་སོགས་སུ་བཞག་གོ ། གལ་ཏེ་སྡོམ་པ་མེད་པའམ་མ་ཚང་བའམ་དགེ་བསྙེན་དུ་འགྱུར་ན་ དགེ་སློང་དང་དགེ་སྦྱོང་དག་ཏུའང་འགྱུར་བར་མཚུངས་སོ་ཞེ་ན། ཇི་ལྟར་ན་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་དེ་དག་གི་ཡན་ལག་ངེས་པ་ཡིན། སྟོན་པས་བཏགས་པའི་དབང་གིས་བཞག་གོ་ཞེ་ན། འོ་ན་དགེ་བསྙེན་ཉིད་ལ་སོགས་པའང་སྟོན་པས་བཏགས་ 6-1-33b པའི་དབང་གིས་སོ་སོར་ངེས་པར་འདོད་པར་གྱིས་ཤིག །དགེ་བསྙེན་ནི་སྡོམ་པ་མེད་པར་ཡང་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཞེས་བཏགས་ཀྱི་དགེ་སློང་དང་དགེ་སྦྱོང་ནི་དེ་ལྟར་མ་ཡིན་ནོ། །ཁ་ཆེ་བ་རྣམས་ནི་དེ་མི་འདོད་དོ། །དགེ་བསྙེན་ལ་མི་ཚངས་སྤྱོད་ མི་སྤོང་ལ་ལོག་གཡེམ་སྤོང་བ་ནི་ལོག་གཡེམ་དེ་གཞན་གྱི་ཆུང་མ་སུན་འབྱིན་པ་ཡིན་པ་དང་། གཞན་གྱིས་སྨད་པའི་རྒྱུ་ཡིན་པའི་ཕྱིར་དང་། ངན་སོང་གི་རྒྱུ་ཡིན་པའི་ཕྱིར་དང་། འཇིག་རྟེན་ན་ཤིན་ཏུ་སྨད་པའི་ཕྱིར་མི་ཚངས་སྤྱོད་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིར་ དང་། ཁྱིམ་པས་ལོག་གཡེམ་བསྡོམ་སླའི། མི་ཚངས་སྤྱོད་དཀའ་བས་མི་སྤྲོ་བར་འགྱུར་བ་དང་། འཕགས་པ་རྣམས་ཚེ་རབས་གཞན་དུ་མི་སྤྱོད་པའི་ཕྱིར་ལོག་གཡེམ་མི་བྱེད་པའི་སྡོམ་པ་ཐོབ་ཀྱི། མི་ཚངས་སྤྱོད་ནི་མ་ཡིན་པས་སློབ་པ་ཚེ་རབས་གཞན་དུ་ གྱུར་པ་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་མ་ཡིན་པར་འགྱུར་དུ་འོང་བས་དགེ་བསྙེན་ལ་ཡང་དེ་ཁོ་ན་ལས་བཟློག་པ་སྡོམ་པར་བཞག་གོ ། དགེ་བསྙེན་ཡིན་བཞིན་དུ་ཕྱིས་ཆུང་མ་ལེན་པར་བྱེད་ན་དེ་དག་གིས་དེ་ལས་སྡོམ་པ་ཐོབ་བམ་ཞེ་ན། ཉི་ཚེ་བའི་སྡོམ་པར་འགྱུར་ དུ་འོང་བས་དེ་ལས་ཀྱང་ཐོབ་བོ། །དེ་དག་གི་སྡོམ་པ་ནི་བདག་ལོག་གཡེམ་སྤོང་ངོ་ཞེས་ཁས་ལེན་པ་བཞིན་སྡོམ་པ་ཐོབ་ཀྱི། རྒྱུད་འདི་ལ་མི་ཚངས་སྤྱོད་མི་བྱའོ་ཞེས་ཁས་མི་ལེན་པ་དེ་ལས་ཀྱང་ལོག་གཡེམ་གྱི་ཡན་ལག་ཁོ་ནའི་སྡོམ་པ་ཐོབ་ཀྱི་མི་ཚངས་སྤྱོད་ནི་མ་ ཡིན་པས་དེ་ལས་སྡོམ་པ་ཉམས་པ་མ་ཡིན་ནོ། །རྫུན་སྤོང་བ་བསླབ་པའི་ཡན་ལག་ཏུ་བཞག་གི་ཕྲ་མ་ལ་སོགས་མ་བཞག་པ་ནི། ཇི་སྐད་དུ། རྫུན་སྨྲ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །ཞེས་པའི་རྒྱུ་མཚན་གསུམ་གྱི་ཕྱིར་དང་། བསླབ་པ་ཐམས་ 6-1-34a ཅད་འདས་ནས་དྲི་བར་བྱ་བ་ལ་བདག་གིས་དེ་ལྟ་བུ་མ་བྱས་སོ་ཞེས་རྫུན་དུ་སྨྲ་བར་ཐལ་བས་དེ་དགག་པའི་ཕྱིར་རྫུན་སྨྲ་ལས་བཟློག་པར་བཤད་དོ། །བཅས་པའི་ཁ་ན་མ་ཐོ་བ་ཆང་སྤོང་བ་ནི། ཆང་གིས་སྨྱོས་ན་ཡན་ལག་གཞན་ཡང་མི་བསྲུང་བར་འགྱུར་ བས་དེ་དགག་པའི་ཕྱིར་རོ། །ཆང་འཐུང་བ་བཅས་པའི་ཁ་ན་མ་ཐོ་བར་གང་གིས་ཤེས་ཤེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སེམས་ཉོན་མོངས་པ་ཅན་ཁོ་ནས་སྤྱོད་པ་ཡིན་ལ། ཆང་ནི་ཇི་སྲིད་མྱོས་པར་མི་འགྱུར་ བ་དེ་སྲིད་གཉེན་པོའི་བློ་ཁོ་ནས་བཏུང་ནུས་སོ། །མྱོས་པར་འགྱུར་བ་ཡིན་པར་ཤེས་ནས་འཐུང་བའི་སེམས་དེ་ཉིད་ཉོན་མོངས་པ་ཅན་ཡིན་ལ། གང་མྱོས་པར་མི་འགྱུར་བའི་དྲོད་རིག་ནས་འཐུང་བ་དེ་ཉིད་ཉོན་མོངས་པ་ཅན་མིན་ནོ། ། ཁ་ཆེའི་འདུལ་འཛིན་རྣམས་ན་རེ། ཆང་ནི་ རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། ནད་པ་ལ་བཅས་པ་མཐའ་དག་གནང་ནས་ཆང་མ་གནང་བའི་ཕྱིར་དང་། འཕགས་པ་རྣམས་ཚེ་འཕོས་ནས་ཀྱང་མི་སྤྱོད་པའི་ཕྱིར་དང་། ལུས་ཀྱི་ཉེས་སྤྱོད་དུ་གསུངས་པའི་ཕྱིར་ཞེས་ཟེར་རོ། ། ཆོས་མངོན་པ་བ་ན་རེ། ནད་པ་ལ་ཚོད་མ་ ཟིན་པར་ཐལ་བ་སྤང་བའི་ཕྱིར་བཀག་ལ། འཕགས་པ་རྣམས་ནི་ངོ་ཚ་དང་ལྡན་པའི་ཕྱིར་དང་། དེས་དྲན་པ་ཉམས་པ་སྤང་བའི་ཕྱིར་མི་གསོལ་ཏེ་དུག་བཞིན་ནོ། །ལུས་ཀྱི་ཉེས་སྤྱོད་དུ་གསུངས་པ་ནི་བག་མེད་པའི་གནས་ཡིན་པའི་ཕྱིར་གསུངས་ཏེ། དེ་ཉིད་ཀྱི་ཕྱིར་འདི་ལ་བག་ མེད་པའི་གནས་སུ་གསུངས་ཀྱི་གཞན་ལ་མ་གསུངས་སོ། །ཧ་ཅང་ཀུན་ཏུ་བསྟེན་པས་ངན་འགྲོར་འགྲོ་བར་གསུངས་པ་ནི། དེའི་ཞར་ལས་མི་དགེ་བའི་རྒྱུན་ཡང་དང་ཡང་དུ་འབྱུང་བ་འཇུག་པས་ངན་སོང་གི་ལས་འཕེན་པའམ་འཇུག་པ་ཐོབ་པའི་ཕྱིར་དེ་ལ་དགོངས་སོ། །ཇི་ 6-1-34b སྐད་དུ། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །སྡོམ་པ་ཇི་ལྟར་ཁས་བླངས་བཞིན། །འཐོབ་ཀྱི་རྒྱུད་ལས་མ་ཡིན་ནོ། །བསླབ་པ་ཐམས་ཅད་འདས་གྱུར་ན། །རྫུན་དུ་ཐལ་བར་འགྱུར་བའི་ཕྱིར། །བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་ གཞན་བསྲུང་ཕྱིར་རོ། །ཞེས་སོ། ། དྲུག་པ་ནི། སེམས་ཙམ་པ་ནི། བསམ་པ་མ་ཉམས་ཙམ་ལས་སྐྱེ་བར་འདོད་ལ། བྱེ་སྨྲས་ནི། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེའི་གཞན་ལ་མི་སྐྱེ་བས་ཀླུ་ལ་བསྙེན་གནས་ཡོད་པ་སོགས་གསུངས་པ་ ནི་ལེགས་སྤྱད་ཙམ་ལ་དགོས་པར་འདོད་དོ། །འབོགས་པ་པོ་ཡང་དགེ་སློང་མེད་རུང་གཞན་གྱིས་ཀྱང་རུང་བར་འདོད་ལ། ལུང་ལས་ཀྱང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་གནས་ཕོག་པའང་བཤད་དོ། །ལེན་པ་ན། དམའ་བར་ཙོག་པུར་འདུག །པུས་མོ་ བཙུགས། ཐལ་མོ་བསྣོལ་བའམ་སྦྱར་ཏེ། ནད་པ་ཡིན་ན་སྤྱོད་ལམ་གང་བདེས་སོ། །གུས་པས་འབོགས་པ་པོའི་ཚིག་རྫོགས་པའི་རྗེས་སུ་བཟླས་པས་གཞན་ཁོ་ན་ལས་བླང་བར་བྱའོ། །མ་གུས་པ་དང་འབོགས་པ་པོའི་ཚིག་དང་མཉམ་པོའམ་སྔར་སྨྲས་ན་སྡོམ་པ་མི་སྐྱེ་ བར་འགྱུར་རོ། །རྒྱན་ནར་མས་ནི་མཚར་མཛེས་སུ་ཧ་ཅང་བརྒྱན་པར་མི་བྱེད་པའི་ཕྱིར་འབོགས་མི་དགོས་ལ། རྒྱན་སོ་མས་མ་བརྒྱན་པར་ནངས་པར་ཉི་མ་མ་ཤར། ཟས་མ་ཟོས་གོང་དུ་སང་ཉི་མ་མ་ཤར་བར་དུ་ཡན་ལག་ཐམས་ཅད་ཚང་བར་བླང་བར་བྱའི་ཡན་ལག་མ་ཚང་བ་ དང་བདག་ཉིད་ལས་ནི་མ་ཡིན་ཏེ་གཞན་གནས་ལ་བལྟོས་པས་ན་རྐྱེན་ཡོད་ཀྱང་མི་འདའ་བའི་ཕྱིར་རོ། །དེ་ལས་གཞན་དུ་མནོས་པ་ནི་ལེགས་སྤྱད་ཙམ་དུ་འགྱུར་གྱི་བསྙེན་གནས་ཀྱི་སྡོམ་པར་མི་འགྱུར་རོ། །དེ་ལྟར་བྱས་ན་ཤན་པ་དང་བྱི་བྱེད་པའི་ཉིན་མཚན་གྱི་བསྙེན་གནས་ཀྱང་ 6-1-35a འབྲས་བུ་ཡོད་པར་འགྱུར་རོ། །གང་གིས་ཚེས་བརྒྱད་ལ་བསྙེན་གནས་ལ་རྟག་ཏུ་གནས་པར་བྱའོ། །ཞེས་ཁས་བླངས་པ་དེ་ཟས་ཟོས་ནས་ཀྱང་ནོད་པར་བྱའོ། །འདིས་དགྲ་བཅོམ་པ་དག་དང་ཉེ་བར་གནས་པར་བྱེད་པས་བསྙེན་གནས་ཏེ་དེ་དག་གི་རྗེས་ སུ་སློབ་པར་བྱེད་པའི་ཕྱིར་རོ། །གཞན་དག་འདི་ཇི་སྲིད་འཚོ་བའི་སྡོམ་པ་དང་ཉེ་བར་གནས་པས་བསྙེན་གནས་སོ་ཟེར་རོ། །དགེ་རྩ་ཆུང་ངུ་རྣམས་ཀྱི་དགེ་བའི་རྩ་བ་གསོས་འདེབས་པའི་ཕྱིར་གསོ་སྦྱོང་ངོ་། །ཡན་ལག་བརྒྱད་ནོད་པ་ནི། དང་པོ་བཞི་རང་བཞིན་གྱི་ཁ་ན་མ་ ཐོ་བ་སྤངས་ཏེ་ཚུལ་ཁྲིམས་ཀྱི་ཡན་ལག་གོ། ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག་སྟེ་ཆང་འཐུངས་ན་ཚུལ་ཁྲིམས་རྫོགས་ཀྱང་བག་མེད་པར་ཐལ་བའི་ཕྱིར་དང་། ལྷག་མ་གསུམ་ནི་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་སྐྱོ་བའི་རྗེས་སུ་མཐུན་པའི་ཕྱིར་ཏེ། ཆང་འཐུངས་ན་བྱ་བ་དང་ བྱ་བ་མ་ཡིན་པའི་དྲན་པ་ཉམས་པར་འགྱུར་ལ། ཁྲི་སྟན་ཆེ་མཐོ་དང་གར་སོགས་བསྟེན་པས་དྲེགས་པར་འགྱུར་ཞིང་དྲེགས་པས་ཚུལ་འཆལ་ཐག་མི་རིང་བའི་ཕྱིར་དང་། དུས་མིན་གྱི་ཟས་སྤངས་ཤིང་དུས་སུ་ཟ་བས་ནི་བསྙེན་གནས་ཀྱི་དྲན་པ་དང་སྐྱོ་བའི་དྲན་པ་ཉེ་བར་གནས་ པར་འགྱུར་གྱི། དེ་མེད་ན་དྲན་པ་དང་སྐྱོ་བ་གཉིས་ཀ་མེད་དོ། ། འདིར་ཁ་ཅིག །དུས་མིན་གྱི་ཟས་སྤོང་བ་ཁོ་ན་བསྙེན་གནས་ཡིན་གྱི་གཞན་རྣམས་ནི་དེའི་ཡན་ལག་ཡིན་པས་གར་སོགས་ཕྲེང་སོགས་ཡན་ལག་གཉིས་སུ་བྱས་སོ་ཟེར་རོ། །དེ་ལྟར་ན་དུས་མིན་གྱི་ཟས་སྤོང་ བ་བཀའ་སྩལ་ནས། ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ་ཞེས་པའི་ཚིག་མི་རུང་བར་འགྱུར་རོ། ། འོ་ན་ཡན་ལག་བརྒྱད་པོ་འདི་གང་གི་ཡིན་པའི་བསྙེན་གནས་གཞན་ 6-1-35b དེ་གང་ཞིག་ཡིན། བྱེ་བྲག་ཏུ་སྨྲ་བ་ན་རེ། འདུས་པའི་ཡན་ལག་རྣམས་ཡན་ལག་ཡིན་ལ། ཤིང་རྟའི་ཡན་ལག་དང་དཔུང་གི་ཚོགས་ཡན་ལག་བཞི་པའམ་ཕྱི་མ་ཡན་ལག་ལྔ་པ་ཇི་ལྟ་བར་བསྙེན་གནས་ཡན་ལག་བརྒྱད་པའང་དེ་དང་འདྲ་སྟེ། དུས་མིན་གྱི་ཟས་སྤོང་བ་ནི་ བསྙེན་གནས་ཀྱང་ཡིན་ལ་བསྙེན་གནས་ཀྱི་ཡན་ལག་ཀྱང་ཡིན་ནོ་ཞེས་ཟེར་རོ། །འདི་དགེ་བསྙེན་རྣམས་ཀྱི་གསོ་སྦྱོང་ཡིན་པས་དགེ་བསྙེན་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་དམ་ཞེ་ན་མིན་ཏེ། གཞན་གྱིས་ཀྱང་སྐྱབས་འགྲོ་སྔོན་དུ་འགྲོ་བས་ནོད་ན་སྐྱེ་ཡི་སྐྱབས་སུ་མ་སོང་ བ་ལ་བསྙེན་གནས་མི་སྐྱེ། ལེན་པོ་དང་འབོགས་པོས་སྐྱབས་སུ་འགྲོ་བར་མ་ཤེས་ཀྱང་ལོག་ཞུགས་ཀྱི་བསམ་པ་མེད་ན་སྐྱེ་ལ་ཡོད་ན་མི་སྐྱེའོ། །དེས་ན་བསྙེན་གནས་ཡན་ལག་བརྒྱད་པ་འདི་རྟག་ཏུ་བསྲུང་བ་ནི་གོ་མཱིའོ་ཞེས་པཎྜི་ཏ་པུནྱ་ཤྲཱིས་བཤད་དོ། །ཇི་སྐད་དུ། སོ་ སོར་ཐར་ཞེས་པ། །གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །ཉིན་ཞག་པ་ཡི་སྡོམ་མིན་མེད། །དེ་དེ་ལྟར་ནོད་མེད་ཅེས་གྲགས། །དམའ་བར་འདུག་སྨྲས་བཟླས་པ་ཡིས། །མི་བརྒྱན་ནམ་ནི་ལངས་ བར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནངས་པར་གཞན་ལ་ནོད་པར་བྱ། །ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། །གཞན་ ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། ། བདུན་པ་ནི། དེ་ལྟར་སོ་སོར་ཐར་པའི་སྡོམ་པ་ནི་དགེ་བའི་ལས་ཀྱི་ལམ་གྱི་ད་ལྟ་བའི་སྦྱོར་བ་དང་། དངོས་དང་། རྗེས་གསུམ་ག་ལས་ཐོབ་ཅིང་། སེམས་ཅན་དང་སེམས་ཅན་མིན་ 6-1-36a པར་སྟོན་པ་གཉིས་ཀ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཀ་ལས་ཐོབ་བོ། །སེམས་ཅན་གྱི་རྟེན་ལས་འཇུག་པའི་ཕྱིར་ད་ལྟར་གྱི་ཕུང་ཁམས་སྐྱེ་མཆེད་ཁོ་ན་ལས་ཐོབ་ཀྱི་འདས་མ་འོངས་ལས་མ་ཡིན་ཏེ་སེམས་ཅན་དུ་མི་བགྲང་བའི་ཕྱིར་ རོ། །བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡིན་ན་ལས་ཀྱི་ལམ་དངོས་ཁོ་ན་ལས་འཐོབ་ཀྱི་སྦྱོར་བ་དང་མཇུག་ལས་ཀྱང་མ་ཡིན་ན། བཅས་པའི་ཁ་ན་མ་ཐོ་བ་ལས་ལྟ་ཅི་སྨོས་ཏེ། མཉམ་བཞག་ལས་ཐོབ་པའི་ཕྱིར་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་དུས་ཐམས་ཅད་ ཀྱི་ཕུང་ཁམས་སྐྱེ་མཆེད་ལས་ཐོབ་པས་ན་འདས་མ་འོངས་ལས་ཀྱང་འཐོབ་སྟེ་དེ་གཉིས་ལ་ཐོབ་པ་དུས་གསུམ་ག་སྲིད་པའི་ཕྱིར། དེས་ན་གང་ལས་སོ་སོར་ཐར་པའི་སྡོམ་པ་ཐོབ་ལ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའང་འཐོབ་བམ་ཞེ་ན་མུ་བཞི་སྟེ། མུ་དང་པོ་སོ་ ཐར་ཐོབ་ལ་གཞན་གཉིས་མ་ཐོབ་པ་ནི་ད་ལྟར་བྱུང་བའི་སྦྱོར་བ་དང་མཇུག་དང་བཅས་པའི་ཁ་ན་མ་ཐོ་བ་སྤང་བ་ལས་སོ། །གཉིས་པ་གཞན་གཉིས་ཐོབ་ལ་སོ་ཐར་གྱི་སྡོམ་པ་མ་ཐོབ་པ་ནི་འདས་མ་འོངས་ཀྱི་ལས་ཀྱི་ལམ་དངོས་ལས་འཐོབ་ཀྱི། ལས་ལམ་གྱི་སྦྱོར་མཇུག་ ལས་མི་འཐོབ་སྟེ་མཉམ་བཞག་ལས་ཐོབ་པའི་སྡོམ་པ་ཡིན་པའི་ཕྱིར། གསུམ་པ་སོ་ཐར་གྱི་སྡོམ་པ་དང་སྡོམ་པ་གཞན་གཉིས་ཀ་ཐོབ་པ་ནི་ད་ལྟར་བྱུང་བའི་ལས་ཀྱི་ལམ་དངོས་ལས་ཐོབ་སྟེ། སྡོམ་པ་གསུམ་ཀ་ལས་ལམ་དངོས་གཞི་ལས་འཐོབ་དགོས་པའི་ཕྱིར། བཞི་པ་ནི། འདས་མ་འོངས་ཀྱི་སྦྱོར་བ་དང་མཇུག་ལས་མི་འཐོབ་སྟེ་སྡོམ་པ་གསུམ་ཀ་དེ་གཉིས་ལས་ཐོབ་པ་མེད་པའི་ཕྱིར། །སྡོམ་པ་ཐོབ་པའི་ཚེ་ན་ད་ལྟར་གྱི་ལས་ཀྱི་ལམ་རྣམས་མེད་པས་ད་ལྟར་གྱི་གཞི་ཅན་ལས་ཞེས་བརྗོད་པར་བྱའོ། །མ་འོངས་པ་རྣམས་ཁོ་ན་ལས་ 6-1-36b སྡོམ་པར་རུང་གི་འདས་པ་དང་ད་ལྟར་གྱི་ལས་ལ་མིན་ནོ། །སྡོམ་པ་ནི་སེམས་ཅན་ཐམས་ཅད་ལས་འཐོབ་པ་ཡིན་གྱི་འགའ་ཞིག་ལས་མ་ཡིན་ནོ། །དགེ་སློང་གི་སྡོམ་པ་ནི་ཡན་ལག་ཐམས་ཅད་ལས་ཐོབ་བོ། །དེ་ལས་གཞན་པའི་སྡོམ་པ་ནི་ཡན་ལག་བཞི་ལས་ཐོབ་བོ། ། དེས་ན་དགེ་སློང་གི་སྡོམ་པ་ནི་རྫས་བདུན་ཡིན་ལ་གཞན་རྣམས་ནི་སྤོང་བ་བཞིའི་བདག་ཉིད་ཡིན་པས་སྡོམ་པའི་རྫས་ཀྱི་གྲངས་ཉིས་བརྒྱ་ལྔ་བཅུ་དང་། སྤང་བྱ་དང་གྲངས་མཉམ་པ་དང་། སྤང་གཉེན་གཉིས་ཀ་མཐའ་མེད་པར་འདོད་པ་ནི་ནོར་བའོ། །སྡོམ་པའི་ཡན་ལག་ ནི་ལས་ཀྱི་ལམ་རྣམས་ཡིན་ནོ། །སྡོམ་པའི་ཀུན་སློང་གི་རྒྱུ་ནི་གཉིས་ཏེ། དགེ་རྩ་གསུམ་རྒྱུར་འདོད་པའི་ལུགས་ཀྱི་སྡོམ་པ་ཐམས་ཅད་རྒྱུ་དེ་གསུམ་ག་ལས་འཐོབ་བོ། །གཉིས་པ་ཀུན་སློང་གི་སེམས་ཆུང་འབྲིང་ཆེན་པོ་དག་གི་སེམས་ཀྱིས་བླངས་པའི་དབང་གིས་སྡོམ་ པ་ཆུང་འབྲིང་ཆེན་པོར་འགྱུར་ཏེ། དེས་ན་དགྲ་བཅོམ་པ་ལའང་སོ་སོར་ཐར་པའི་སྡོམ་པ་ཆུང་ངུ་ཡོད་ལ། སོ་སོ་སྐྱེ་བོ་ལ་ཡང་སོ་ཐར་གྱི་སྡོམ་པ་ཆེན་པོ་ཡོད་དེ། ཇི་སྐད་དུ། ཆུང་ངུ་ལ་སོགས་ཡིད་ཇི་བཞིན། །ཅེས་སོ། །དེའི་ལུགས་ལ་རྒྱུ་ཐམས་ཅད་ལས་ཐོབ་པ་ ཡིན་མིན་ལ་མུ་བཞི་སྟེ། སེམས་ཅན་ཐམས་ཅད་ལས་བསྡམས་ལ་ཡན་ལག་ཐམས་ཅད་དང་རྒྱུ་ཐམས་ཅད་ལས་མ་ཡིན་པའང་ཡོད་དེ། སེམས་ཆུང་ངུའམ་འབྲིང་གིས་དགེ་བསྙེན་དང་བསྙེན་གནས་དང་དགེ་ཚུལ་གྱི་སྡོམ་པ་བླངས་པའོ། །སེམས་ཅན་ཐམས་ཅད་དང་ ཡན་ལག་ཐམས་ཅད་ཀྱིས་བསྡམས་ལ་རྒྱུ་ཐམས་ཅད་ཀྱིས་མ་ཡིན་པའང་ཡོད་དེ། སེམས་ཆུང་ངུའམ་འབྲིང་ངམ་ཆེན་པོས་དགེ་སློང་གི་སྡོམ་པ་བླངས་པའོ། །སེམས་ཅན་ཐམས་ཅད་དང་ཡན་ལག་ཐམས་ཅད་དང་རྒྱུ་ཐམས་ཅད་ཀྱིས་བསྡམས་པའང་ཡོད་དེ། མ་ཆགས་པ་ 6-1-37a སོགས་གསུམ་གྱིས་སྡོམ་པ་གསུམ་ཡང་དག་པར་ལེན་པའོ། །སེམས་ཅན་ཐམས་ཅད་དང་རྒྱུ་ཐམས་ཅད་ཀྱིས་བསྡམས་ལ་ཡན་ལག་ཐམས་ཅད་ཀྱིས་མ་ཡིན་པའང་ཡོད་དེ། སེམས་ཆེན་པོས་དགེ་བསྙེན་དང་བསྙེན་གནས་དང་གསོ་སྦྱོང་དང་དགེ་སློང་ མའི་སྡོམ་པ་བླངས་པའོ། །སེམས་ཅན་ཐམས་ཅད་ལས་མ་བསྡམས་པ་དེ་ལྟ་བུའི་སྡོམ་པ་ནི་མེད་དེ། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་སེམས་བདེ་བ་ལ་གནས་པས་སྡོམ་པ་འཐོབ་ཀྱི། གཞན་དུ་མིན་ཏེ་སྡིག་པའི་བསམ་པ་དང་མ་བྲལ་བའི་ཕྱིར། འོ་ན་གསོད་ སོགས་བྱ་བར་མི་ནུས་པའི་ལྷ་སོགས་ལས་སྡོམ་པ་ཅི་ལྟར་ཐོབ་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པས་ཁས་བླངས་པའི་ཕྱིར། འདི་ལ་བྱེ་སྨྲ་ན་རེ། གལ་ཏེ་ནུས་པ་ཉིད་ཁོ་ན་ལས་སྡོམ་པ་ཐོབ་ན། སེམས་ཅན་ནུས་པ་དང་མ་ནུས་པ་རྣམས་ ཕན་ཚུན་འཕོ་བས་སྡོམ་པ་འཕེལ་བ་དང་འགྲིབ་པར་འགྱུར་ཏེ། དེ་ལྟར་ན་སྡོམ་པ་ཐོབ་པ་དང་གཏོང་བའི་རྒྱུ་མེད་པར་སྡོམ་པ་ཐོབ་པ་དང་གཏོང་བར་འགྱུར་རོ་ཞེས་ཟེར་རོ། ། སློབ་དཔོན་དབྱིག་གཉེན་ན་རེ། དེ་ནི་མི་འགྱུར་ཏེ། སྔོན་མེད་པའི་རྩྭ་ལ་སོགས་པ་སྐྱེས་པའམ་ བསྐམས་ཀྱང་སྡོམ་པ་འཕེལ་འགྲིབ་ཏུ་མི་འགྱུར་བ་བཞིན་ནུས་མི་ནུས་འཕོས་ཟིན་ཀྱང་སྡོམ་པ་མི་འགྱུར་རོ། ། དེ་ལ་བྱེ་སྨྲ་ན་རེ། དེ་ལྟར་ཡང་འགྱུར་ཏེ། སེམས་ཅན་རྣམས་ནི་སྔོན་ཡང་ཡོད། ཕྱིས་ཀྱང་ཡོད་ལ། རྩྭ་སོགས་ནི་མེད་པའི་ཕྱིར་མི་མཚུངས་སོ་ཞེ་ན་ཅིས་མི་ མཚུངས་ཏེ། གང་གི་ཚེ་སེམས་ཅན་སྔོན་ཡོད་པ་ཕྱིས་མྱ་ངན་ལས་འདས་ནས་མེད་པར་གྱུར་པ་ན་སྡོམ་པ་འགྲིབ་པར་འགྱུར་བའི་ཕྱིར་རོ། །དེས་ན་སྔོན་གྱི་སེམས་ཅན་སངས་རྒྱས་སུ་གྱུར་ནས་མྱ་ངན་ལས་འདས་པ་རྣམས་ལས་སངས་རྒྱས་ཕྱི་མ་རྣམས་ཀྱིས་སོ་ཐར་ 6-1-37b སྡོམ་པ་མ་ཐོབ་པའི་ཕྱིར། ཚུལ་ཁྲིམས་ཉུང་ངུ་སྙམ་ན་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལས་ཐོབ་པའི་ཕྱིར་དེ་དག་ཀྱང་ཡོད་ན་དེ་རྣམས་ཀྱང་ཐོབ་པར་འགྱུར་རོ། །དེ་ཡང་ཇི་སྐད་དུ། འདོད་གཏོགས་ཐམས་ཅད་གཉིས་ཀ་དང་། །ད་ལྟར་དག་ལས་འཐོབ་པར་འགྱུར། ། བསམ་གཏན་ཟག་མེད་སྡོམ་པ་ནི། །དངོས་དང་དུས་ནི་ཐམས་ཅད་ལས། །སྡོམ་པ་སེམས་ཅན་ཐམས་ཅད་ལས། །ཡན་ལག་རྒྱུ་ལ་དབྱེ་བ་ཡོད། །ཅེས་སོ། ། དྲུག་པ་ནི། ཇི་སྐད་དུ། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་ བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང་། །ཁ་ཅིག་ལྟུང་བར་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་བཤད་དེ། སོ་སོར་ཐར་པའི་སྡོམ་པ་གཏོང་ བའི་རྒྱུ་བསླབ་པ་ཕུལ་བ་དང་། ཤི་བ་དང་། མཚན་གཉིས་གཅིག་ཅར་བྱུང་བ་སྟེ་འདིས་མཚན་ལན་གསུམ་དུ་གྱུར་པ་དང་། མཚན་ཉམས་པའང་བསྡུའོ། །ལོག་ལྟས་དགེ་རྩ་ཆད་པ་རྣམས་ལ་གཏོང་སྟེ་ཡང་དག་པར་བླངས་པ་དང་འགལ་བའི་རིག་བྱེད་ནི། སྐྱེས་ རྟེན་པོར་རྟེན་ཉམས་གཞི་ཆད་པའི་ཕྱིར་རོ། ། བསྙེན་གནས་ནི་དེའི་མཚན་མོ་འདས་པས་གཏོང་སྟེ་དེ་སྲིད་དུ་བླངས་པའི་དུས་ལས་འདས་པའི་ཕྱིར་རོ། །མདོ་སྡེ་པ་རྣམས་ནི་ཕམ་པ་གསོར་མི་རུང་བྱུང་བས་གཏོང་བར་འདོད་དོ། །གོས་དམར་བའི་སྡེ་པ་རྣམས་ དམ་ཆོས་ནུབ་ན་བསླབ་པའི་མཚམས་ཐམས་ཅད་དང་དགེ་འདུན་གྱི་ལས་ཀྱི་མཐའ་རྣམས་མེད་པར་འགྱུར་བའི་ཕྱིར་གཏོང་ཞེས་ཟེར་རོ། །ཁ་ཆེ་བ་རྣམས་ནི་རྩ་བའི་ལྟུང་བ་བྱུང་བའི་ཡང་སྡོམ་པ་གཏོང་བ་མེད་དེ། དེའི་ལུང་། དགེ་སློང་ཚུལ་ཁྲིམས་འཆལ་བ་ཞིག 6-1-38a གིས་དགེ་སློང་མ་ལ་རྗེས་སུ་སྟོན་ན་ལྟུང་བྱེད་དོ་ཞེས་གསུངས་ལ། ཚུལ་ཁྲིམས་འཆལ་པ་ནི་ཕས་ཕམ་བྱུང་བ་ལ་བཞེད་ཀྱི། ཕས་ཕམ་མ་བྱུང་བ་ལ་མིན་ཏེ་རང་བཞིན་དུ་གནས་པའི་ཚུལ་ཁྲིམས་དང་ལྡན་པ་འབྱུང་བའི་ཕྱིར་རོ། །རིགས་པའང་ ཡོད་དེ། ཕྱོགས་གཅིག་ཉམས་པས་སྡོམ་པ་མཐའ་དག་གཏོང་བ་མི་རིགས་ལ། ལྷག་མ་ལ་སོགས་པའི་ལྟུང་བ་གཞན་བྱུང་བ་ཡང་ཚུལ་ཁྲིམས་འཆལ་བར་མི་འགྱུར་རོ། །དེས་ན་འདི་ཚུལ་ཁྲིམས་དང་ཚུལ་ཁྲིམས་འཆལ་པ་གཉིས་ཀ་དང་ལྡན་པ་སྟེ་དཔེར་ན་མི་འགའ་ཞིག་ལ་ནོར་ཡང་ ཡོད། བུ་ལོན་ཡང་ཡོད་པ་བཞིན་ནོ། །ལྟུང་བ་བཤགས་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་གྱི་ཚུལ་ཁྲིམས་འཆལ་བ་ནི་མ་ཡིན་ནོ། །དཔེར་ན་བུ་ལོན་ཁྱེར་ན་ནོར་དང་ལྡན་པ་བཞིན་ནོ། །འོ་ན་དེ་དགེ་སློང་དུ་མི་རུང་། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་བགྱིར་མི་རུང་། དགེ་སློང་གི་དངོས་པོ་ཉམས་པ་བཅོམ་པ་ཕམ་པར་གྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་ཞེས་གསུངས་པ་ཅི་ཡིན་ཅེ་ན། དེ་ནི་དོན་དམ་པའི་དགེ་སློང་ཉིད་ལ་དགོངས་ནས་གསུངས་པ་ཡིན་ཏེ་ལྟུང་བ་འབྱུང་ན་བདེན་པ་མཐོང་བའི་སྐལ་བ་མེད་པའི་ ཕྱིར་རོ་ཞེས་ཟེར་ཏོ། ། དེ་ལ་མདོ་སྡེ་པ་ན་རེ། འདི་ནི་ངེས་པའི་དོན་གང་ཡིན་པ་གཞན་དུ་འདྲེན་པ་ཡིན་ཏེ་ཉོན་མོངས་པ་མང་བ་རྣམས་ལ་འཆལ་བའི་ཚུལ་ཁྲིམས་སུ་བྱ་བའི་རྐྱེན་བྱེད་པ་ཡིན་ནོ། །དེའི་ཕྱིར་དགེ་སློང་ནི་རྣམ་པ་བཞི་སྟེ། མིང་གི་དགེ་སློང་དང་། ཁས་འཆེ་ བའི་དགེ་སློང་དང་། སློང་བས་ན་དགེ་སློང་དང་། ཉོན་མོངས་པ་བཅོམ་པས་ན་དགེ་སློང་ངོ་། །དོན་འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ཡིན་ནོ། །ཞེས་གསུངས་ཏེ། དེ་སྔོན་དོན་དམ་པའི་དགེ་སློང་དུ་གྱུར་པ་གང་གིས་ན་ཕྱིས་ 6-1-38b དགེ་སློང་མ་ཡིན་པར་གྱུར་པ་ནི་མ་ཡིན་ནོ། །ཕྱོགས་གཅིག་ཉམས་པས་མཐའ་དག་ཉམས་པར་སྟོན་པས་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་ཡངས་པ་དང་རྒྱས་པར་མི་འགྱུར་རོ་ཞེས་རྩ་བར་གྱུར་པའི་ཕྱོགས་གཅིག་ཆད་པས་སྡོམ་པ་ ལྷག་མ་འཕེལ་བར་མི་འགྱུར་བ་ཞེས་བྱ་བ་ཡིན་ཏེ། དེ་ཡང་དགེ་སློང་གི་དངོས་པོའི་མཚམས་འཇིག་པར་བྱེད་པའི་རྩ་ལྟུང་ལྕི་བ་བྱུང་བ་རྒྱུད་ཁྲེལ་མེད་པ་ཤས་ཆེན་པོ་དང་ལྡན་པས་སྡོམ་པ་རྩ་བ་ཆད་པས་མཐའ་དག་གཏོང་བར་རིགས་སོ། ། དེ་ལ་སྟོན་པས་དགེ་འདུན་ གྱི་ཟས་ལས་ཁམ་གཅིག་ཙམ་མམ་གཙུག་ལག་ཁང་ལ་གོམ་པ་གཅིག་ཙམ་འདོར་བར་མ་གནང་ལ། དགེ་སློང་མིན་ལ་དགེ་སློང་དུ། །སྨྲ་བའི་པྲེ་ཏ་བསལ་བར་གྱིས། །ཤིང་རུལ་དག་ནི་སྤང་བར་གྱིས། །སྙིང་པོ་མེད་པ་དོར་བར་གྱིས། །ཞེས་གསུངས་པ་དེ་ དགེ་སློང་གི་དངོས་པོ་ཅི་འདྲ་བ་ཞིག་ཡིན། བྱེ་སྨྲ་ན་རེ། ཅི་འདྲའང་རུང་སྟེ་དགེ་སློང་གི་དངོས་པོ་ནི་ཡོད་དེ། ཙུནྡ་དགེ་སློང་བཞི་སྟེ་ལྔ་པ་མེད། །ལམ་གྱིས་རྒྱལ་དང་ལམ་སྟོན་དང་། །ལམ་གྱིས་འཚོ་དང་ལམ་སུན་འབྱིན། །ཞེས་དགེ་སློང་དུ་གསུངས་ཤེ་ན། དེ་ནི་ ཤ་ཚགས་ལུས་པ་ཙམ་ལ་དགེ་སློང་དུ་གསུངས་པར་ཟད་དོ། །ཤིང་ཚིག་པ་དང་མཚེའུ་བསྐམས་པ་དང་ནེ་ཙོའི་མཆུ་དང་ས་བོན་རུལ་བ་དང་མགལ་མེའི་འཁོར་ལོ་དང་སེམས་ཅན་ཤི་བ་བཞིན་ནོ། ། ཕམ་པས་དགེ་སློང་མིན་པར་འགྱུར་ན་བསླབ་པ་བྱིན་པ་མེད་པར་ འགྱུར་རོ་ཞེ་ན། ཐམས་ཅད་དུ་ལྟུང་བ་བྱུང་བའི་མོད་ཁོ་ན་ལ་ཕས་ཕམ་ཡིན་ནོ་ཞེས་མི་ཟེར་གྱི་གང་ཕས་ཕམ་པ་དེ་ནི་གདོན་མི་ཟ་བར་དགེ་སློང་མིན་ནོ། །ལ་ལ་རྒྱུད་ཀྱི་ཁྱད་པར་ལས་ཕས་ཕམ་པ་མིན་ཏེ་སེམས་འགས་ཀྱང་མི་འཆབ་པའི་ཕྱིར་རོ། །སྟོན་པས་ཀྱང་ 6-1-39a སེམས་གཅིག་གིས་ཀྱང་མ་བཅབས་པས་འདི་ཕས་ཕམ་པར་མ་གྱུར་གྱི། ཞེས་གསུངས་ཤིང་། གལ་ཏེ་སེམས་ནི་གཅིག་གིས་ཀྱང་། །བཅབས་པ་མེད་པར་འཆགས་བྱེད་ན། །ཐ་མ་བྱུང་བར་གྱུར་ན་ཡང་། །དེས་ནི་ཕས་ཕམ་མི་འགྱུར་རོ། ། ཞེས་བཤད་པའི་ཕྱིར་རོ། ། འོ་ན་དེ་དགེ་སློང་མིན་ན་ཅི་སྟེ་རབ་ཏུ་མི་དབྱུང་ཞེ་ན། རྒྱུད་ཁྲེལ་མེད་པ་ཤས་ཆེན་པོས་ཉམས་པར་བྱས་པས་སྡོམ་པ་སྐྱེ་བའི་སྐལ་བ་མེད་པའི་ཕྱིར་ཡིན་གྱི། དགེ་སློང་གི་སྡོམ་པ་ཡོད་ནས་མིན་ཏེ། དེས་བསླབ་པ་ཕུལ་ཡང་སྡོམ་པ་ མི་སྐྱེ་བའི་ཕྱིར་རོ། །དེ་ལྟར་ཕས་ཕམ་ཡང་དགེ་སློང་ཡིན་ན་དགེ་སློང་ཉིད་དེ་འདྲ་བ་དེ་ལ་ཕྱག་འཚལ་ལོ་ཞེས་ཟེར་རོ། ། བྱེ་སྨྲ་ན་རེ། གལ་ཏེ་འཆབ་སེམས་ཡན་ལག་ཡིན་ན། ཡན་ལག་རྣམས་དུས་གཅིག་ཏུ་གཅིག་ཅར་ཕྲད་པ་ལ་བྱ་བ་ཡིན་ན། འདོད་ ཆགས་ཀྱི་རོ་མྱོང་བ་དང་འཆབ་སེམས་གཉིས་དུས་གཅིག་ཏུ་ཕྲད་པ་མི་སྲིད་ལ། ལྟུང་བ་བྱུང་ཟིན་གྱི་རྗེས་ཀྱི་འཆབ་སེམས་ནི་ལྟུང་བའི་ཡན་ལག་ཏུ་མི་རུང་ཞིང་འཆབ་སེམས་སྔོན་དུ་བཏང་བ་ཡན་ལག་མིན་ཏེ། མི་ཚངས་པར་སྤྱོད་པ་བྱས་ནས་ཞེས་གསུངས་ པས་སོ། །དེས་ན་ཕམ་པ་བྱུང་ནས་འཆབ་སེམས་མ་སྐྱེས་པ་དེ་ལ་ཆད་པའི་ལས་ཀྱི་བསླབ་པ་བྱིན་ཏེ་སྤྱད་པས་དགྲ་བཅོམ་པ་ཐོབ་པ་ན་ཕམ་པ་དག་སྟེ། རང་བཞིན་དུ་གནས་པ་འཐོབ་པ་ཡིན་ཏེ། དགེ་འདུན་ལྷག་མ་མགུ་བ་སྤྱད་དེ་དབྱུང་བ་ཐོབ་པ་བཞིན་ནོ་ ཞེས་ཟེར་རོ། ། ཐོགས་མེད་ལ་སོགས་སྔ་རབས་པ་དག་ན་རེ། འཆབ་སེམས་མ་སྐྱེས་ཀྱང་ལྟུང་བ་བྱུང་བས་སྡོམ་པ་ཞིག་པ་ཡིན་ཏེ། ཞུ་བར་བསྙེན་པར་མ་རྫོགས་པ་ལ་དགེ་འདུན་གྱི་ལྷག་མ་འབྱུང་བར་འགྱུར་རམ། བཀའ་སྩལ་པ་དེ་བཞིན་ཏེ། བསླབ་པ་ 6-1-39b བྱིན་པ་ལ་འགྱུར་རོ་ཞེས་དང་། ཕྲན་ཚེགས་ལས་ཀྱང་། བསླབ་པ་བྱིན་པའི་བསླབ་པ་ནི་དགེ་སློང་འདྲའོ་ཞེས་པས་སོ། །འོ་ན་སྡོམ་པ་ཞིག་ན་དགེ་སློང་དང་འདྲ་བར་འགལ་ཞེ་ན་མི་འགལ་ཏེ་བསམ་པ་ཕུན་སུམ་ཚོགས་པས་ཀྱང་དགེ་སློང་གི་བསླབ་པ་ནོད་པའི་ ཕྱིར་རོ། །འོ་ན་དེ་དགེ་སློང་གི་སྡོམ་ལྡན་ཡིན་ན་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་གྲལ་འོག་ཏུ་འཇོག་པ་དང་། བྱིན་ལེན་སྟོབ་པ་འོས་པར་འགལ་ཅེ་ན་མི་སྐྱོན་ཏེ་དེ་ནི་ཕམ་པའི་ཆད་ལས་ཡིན་པའི་ཕྱིར་རོ། །འོ་ན་དགྲ་བཅོམ་ཐོབ་པ་ན་སྔོན་གྱི་གྲལ་ཐོབ་པ་ཅི་ཞེ་ ན་དེ་ནི་སྟོན་པས་གཟེངས་བསྟོད་པ་ལ་བརྟེན་པས་སྐྱོན་མེད་དོ། །གལ་ཏེ་ཕམ་པ་མ་བྱུང་བ་ལ་བསླབ་པ་སྟེར་བ་ཡིན་ན། མ་མོ་ལས། ཕམ་པ་བྱུང་བ་བསླབ་པ་བྱིན་པ་གང་ཞེ་ན། གལ་ཏེ་མི་ཚངས་པར་སྤྱོད་པ་བྱས་ནས་ཐ་ན་སེ་གོལ་གཏོག་པ་ཙམ་དུའང་འཆབ་ སེམས་མ་སྐྱེས་པ་ཡིན་ཏེ། ཞེས་དང་། དགེ་སློང་ཕམ་པ་བྱུང་བ་བསླབ་པ་བྱིན་པས་བསླབ་པ་ལ་བསླབ་པར་བྱའོ་ཞེས་གསུངས་པས། ཕམ་པ་བྱུང་བ་ལ་བསླབ་པ་མི་སྟེར་ན་ཕམ་པ་བྱུང་བ་ལ་བསླབ་པ་བྱིན་པའི་ཐ་སྙད་གདགས་པར་འགལ་ཞིང་། མི་ཚངས་ པར་སྤྱོད་པ་བྱས་ནས་ཞེས་དུས་སྔ་མ་ཉིད་ཀྱང་ཇི་ལྟར་རུང་ལ་ཆད་པའི་ལས་ཆེན་པོས་ཕམ་པ་ལས་ལྡང་བར་འབྱུང་བ་ཡང་མི་རུང་བར་འགྱུར་རོ། །དེས་ན་བསླབ་པ་སྟེར་བ་ནི་ཕམ་པ་བྱུང་བ་ལ་སྟེར་བར་ངེས་སོ། །འོ་ན་ཕམ་པ་བྱུང་བ་ཕྱིར་བླང་དུ་མེད་པར་བཤད་པ་ དང་འགལ་ཅེ་ན། དེ་ནི་ཕམ་པའི་བྱེ་བྲག་ཅན་འཆབ་སེམས་ཅན་ལ་དགོངས་པ་ཡིན་ནོ། ། བྱེ་སྨྲ་ན་རེ། ཁྱེད་གཉིས་ཀས་ཕམ་པ་བྱུང་བས་སྡོམ་པ་ཞིག་པ་ལྟར་ན། ལུང་དུ། མ་དག་པ་ལ་སྐུར་པ་འདེབས་ན་གཞི་བཅུ་གཅིག་གི་ལྟུང་བར་འགྱུར་རོ་ཞེས་པ་དང་ 6-1-40a འགལ་ཏེ་མ་དག་པ་ནི་ཕམ་པ་བྱུང་བ་ལ་ཟེར་ལ། སྡོམ་པ་མེད་ན་དེ་ལ་སྐུར་བ་བཏབ་པས་ལྷག་མར་འགལ་ཏེ་ཁྱིམ་པ་ལ་སྐུར་བ་བཏབ་པ་བཞིན་ནོ། །དེ་ལ་དགེ་སློང་གི་ཆ་བྱད་ཡོད་པས་ལྷག་མར་འགྱུར་བ་ནི་མིན་ཏེ། སྔར་ལྟུང་བ་བྱུང་བ་ལ་ཉེས་ བྱས་སུ་གསུངས་པའི་ཕྱིར་རོ། །ཕྱོགས་སྔ་མ་གཉིས་པོ་ན་རེ། མ་དག་པ་ཕམ་པས་མ་དག་པ་ཡིན་ན། དགེ་སློང་དག་པ་ལྟུང་བ་མེད་པ་ལ་ཞེས་པ་དང་འགལ་ཅེ་ན། སྐྱོན་མེད་དེ། རྣམ་འབྱེད་ལས། ལྟུང་བ་མ་བྱུང་བ་ཞེས་པ་ནི་དེའི་གཞི་ཉིད་དོ། །ཞེས་གསུངས་ པས་གང་གིས་སྐུར་བ་བཏབ་བྱ་དེ་ཡིས་དག་ལ་གཞན་གྱིས་མ་དག་པས་མི་འགལ་ཏེ། ཞུ་བར། རང་ཉིད་ན་རེ། བདག་གིས་མི་ཚངས་པ་བྱས་སོ་ཟེར་བ་ལ་དགེ་སློང་ཞིག་གིས་གསུམ་པོ་གཞན་གྱིས་སྐུར་བ་འདེབས་ན་ལྷག་མའོ། །ཞེས་གསུངས་པ་དང་། ཚུལ་ ཁྲིམས་འཆལ་བས་དགེ་སློང་མ་ལ་འདོམས་པར་བྱེད་ན་ལྟུང་བྱེད་དོ། །ཞེས་གསུངས་པ་ལ། ཚུལ་ཁྲིམས་འཆལ་པ་ནི་ཕམ་པ་བྱུང་བ་ལ་ཟེར་གྱི་གཞན་ལ་མི་ཟེར་བའི་ཕྱིར་རོ། །དེས་ན་ཕམ་པས་སྡོམ་པ་མི་འཇིག་གོ་ཟེར། སྔ་རབས་པ་ན་རེ། དག་པ་ཞེས་པ་སྤྱི་ལ་ བྱ་སྟེ་ཕམ་པ་ཐམས་ཅད་ཀྱིས་དག་པ་ཡིན་ལ་དེའི་གཞི་ཉིད་དོ་ཞེས་གསུངས་པའང་ཕམ་པའི་གཞི་ཉིད་ཡིན་ལ། ཞུ་བའི་དོན་ནི། མཚན་ཉིད་མི་ཤེས་པས་ཉམས་པ་ལ་སོགས་པ་དག་ཏུ་ལོག་པར་ཞུགས་ཏེ། བདག་གིས་མི་ཚངས་སྤྱོད་བྱས་སོ་ཞེས་སྨྲས་པ་ལ་གང་ ལ་སྨྲས་པ་དེའི་མཚན་ཉིད་ཤེས་པ་ཞིག་ཡིན་ན། ཞེ་སྡང་གིས་གཞན་གསུམ་པོས་སྐུར་པ་བཏབ་ན་ལྷག་མ་མིན་པ་ལ་དགོངས་ཤིང་། མ་དག་པས་སྐུར་པ་འདེབས་པའང་དམན་པ་སྦོམ་པོ་ལ་སོགས་པས་མ་དག་པས་སྐུར་པ་འདེབས་པ་ལ་དགོངས་ལ། དགེ་སློང་མ་ 6-1-40b ལ་འདོམས་པར་བྱེད་ན་ལྟུང་བྱེད་དོ་ཞེས་ཡོན་ཏན་གྱི་སྒྲ་ཡིན་གྱི་མིང་དུ་ཆགས་པ་མིན་པས་ཉེས་བྱས་ལ་ལྟུང་བྱེད་དུ་བཏགས་པ་ཡིན་ཏེ། ཉམས་པས་ལྟུང་བ་ལ་སྦྱོར་བ་ལ་ཉེས་བྱས་ཡིན་པའི་ཕྱིར་རོ། ། འོ་ན་ཞུ་བར་གཅིག་ལ་མཐར་འགྱུར་བ་བཞིའང་འབྱུང་ཞེས་པ་དང་ འགལ་ཅེ་ན། དེ་ནི་ཕམ་པ་བཞི་གཅིག་ཅར་འབྱུང་བ་ལ་དགོངས་ཏེ། ལུང་དུ། དགེ་སློང་གིས་གཅིག་སྨྲས་པ་མཇུག་ཏུ་ཕྱིན་ན་དེས་ཕས་ཕམ་པ་གསུམ་འབྱུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡོད་དེ། འདི་ལྟར་དགེ་སློང་གིས་ དགེ་སློང་མ་དང་ལྷན་ཅིག་ཏུ། འདི་སྐད་དུ། གང་གི་ཚེ་ཁོ་བོ་མཐོང་བ་ན་ཁྱིམ་བདག་འདི་ཞེས་བྱ་བའི་རྫས་རིན་ཐང་ཆེ་བ་ཞིག་མ་བྱིན་པར་བླངས། མི་འཚོ་བ་དང་ཕྲལ་བ་དང་། ངས་དགྲ་བཅོམ་པ་ཡང་ཐོབ་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག །ཅེས་དགེ་སློང་མས་ ཚིག་གཅིག་རྫོགས་པར་སྨྲས་ན། ཕས་ཕམ་པ་བཞི་འབྱུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡོད་དེ། དེ་ལྟར་དགེ་སློང་མ་ཞིག་དགེ་སློང་མ་དང་ལྷན་ཅིག་འདི་སྐད་དུ་གང་གི་ཚེ་ཁྱོད་ཁོ་མོ་མཐོང་བ་ན་ཁྱིམ་བདག་འདི་ཞེས་བྱ་བ་ལས་ རྫས་ཤིག་མ་བྱིན་པར་བླངས། མི་འཚོ་བ་དང་ཕྲལ་བ་དང་། འདི་བྱ་བའི་རྫས་ཕྲོགས་པ་དང་། ཁོ་མོས་དགྲ་བཅོམ་པ་ཐོབ་པ་དེ་ལྟར་ཤེས་པར་བྱོས་ཤིག །ཅེས་སོ། །དེས་ན་འདུལ་བ་ནི་རྟོགས་པར་དཀའ་བ་ཡིན་ཏེ། ལུང་ལས་ཀྱང་། འདུལ་བ་ནི་ཟབ་མོ་ཟབ་པར་ སྣང་བ་མཐོང་བར་དཀའ་བ་དགོངས་པ་མང་བ་འཇིག་རྟེན་གྱི་ཚིག་འབྲུ་དང་ལྡན་པ་ཡིན་ནོ་ཞེས་སོ། ། དེ་ལྟར་གྲུབ་མཐའ་གསུམ་ལས་སློབ་དཔོན་འདི་བྱེ་བྲག་སྨྲ་བའི་ལུགས་སུ་བཞེད་པ་ཡིན་ནོ། །དམ་པའི་ཆོས་ནུབ་པ་ན་འདུལ་བའི་ལས་མེད་པའི་ཕྱིར་སྔོན་མེད་པའི་ 6-1-41a སྡོམ་པ་ཐོབ་པ་ནི་མེད་ཀྱི། ཐོབ་ཟིན་པ་ནི་གཏོང་བ་མེད་དེ་ཞེས་ཐོགས་མེད་སྐུ་མཆེད་བཞེད་དོ། །བསླབ་པ་ཉམས་པར་བྱས་པས་གཏོང་བ་ནི་ཕུལ་བས་མཚོན་ལ། ཤེས་ན་ཞིག་པ་དང་མི་ཚངས་སྤྱོད་བསྟེན་པའི་ཕྱིར་ཁས་བླངས་པས་དགེ་སློང་མའི་ བསླབ་པ་འཁྲུགས་པ་གཉིས་ནི་དེ་གཉིས་ཁོ་ནའི་ཉི་ཚེ་བར་ཟད་པས་མཛོད་དུ་མ་སྨོས་པ་ཡིན་ནོ། ། གཉིས་པ་ལ། ཐུན་མོང་གནས་པ་བསྟེན་ཚུལ་བཤད། །བསླབ་ཚིགས་སོ་སོའི་ཆོ་ག་བསྟན། །དང་པོ་ནི། སྟོན་པ་སངས་རྒྱས་ནས་ལོ་དྲུག་ལོན་པ་ན་ད་ལྟར་གྱི་ཆོ་གས་ འཆར་ཀ་བསྙེན་པར་རྫོགས་པར་མཛད་པའི་དེ་ནས་བྱུང་ངོ་། །ད་ལྟར་གྱི་ཆོ་གའི་གླེང་གཞི་ཡང་། ལུང་གཞི་ལས། སྔོན་གྱི་ཆོ་གས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་རྣམས་ལ་མཁན་པོ་མེད་པ་དང་། སློབ་དཔོན་མེད་པས། ཆོས་གོས་ལེགས་པར་མ་བགོས་ཤིང་། སྒྲ་ཆེན་པོ་དང་། རྒོད་བག་གི་སྤྱོད་ལམ་གྱིས་བསོད་སྙོམས་སློང་བར་བྱེད་པ་ན། མུ་སྟེགས་ཅན་འཕྱ་བར་གྱུར་པ་དང་། དགེ་སློང་ཞིག་ན་བ་ལ་ནད་གཡོག་བྱེད་པ་མེད་པར་ཤི་བ་ལ་བརྟེན་ནས། ངའི་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བའི་ཕྱིར་དང་། ནད་ པ་རྣམས་ལ་ནད་གཡོག་བྱ་བའི་ཕྱིར་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱ་བར་གནང་ངོ་ཞེས་གསུངས་པ་ལས་ཤེས་སོ། ། འོ་ན་མཁན་སློབ་དུ་ཞེ་ན། ལུང་གཞི་ལས། སློབ་དཔོན་ནི་ལྔ། མཁན་པོ་ནི་གཉིས། ཞེས་འབྱུང་ བའི་རབ་བྱུང་དང་བསྙེན་རྫོགས་ཀྱི་མཁན་པོ་གཉིས་དང་པོར་བསྟན་ཏེ། རབ་བྱུང་ནི་བྱ་བ་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་པ་དང་། རབ་བྱུང་གི་མཁན་པོ་བསྟན་པའི་ཞར་ལ་བསྙེན་རྫོགས་ཀྱི་མཁན་པོ་ཡང་བསྟན་པར་མཛད་དེ། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ 6-1-41b པར་བྱས་ནས་སངས་རྒྱས་ཀྱི་བཀའ་ཡོངས་སུ་རྫོགས་པར་བྱ་བ་དེའི་ཕྱིར། ཡུལ་དགེ་སློང་འགའ་ཞིག་ལ་ཞེས་བསྟན་པས། ཊཱི་ཀར་འགའ་ཞིག་ཅེས་པ་མིང་མ་བསྟན་པའོ། །དེ་ལ་འདི་སྐད་སྟོན་ཏེ། གང་ཁོ་ན་ལ་གནས་ཏེ་རབ་ཏུ་བྱུང་བ་དེ་ཁོ་ན་ལ་གནས་ཏེ། བསྙེན་ པར་རྫོགས་པར་ངེས་པ་མ་ཡིན་གྱི་འདོད་པས་འཇུག་པར་རིག་པར་བྱ་སྟེ། ཞེས་འབྱུང་བས། མཁན་བུས་རང་གང་ལ་མོས་པའི་དགེ་སློང་ལ་མཁན་པོར་ཞུ་བའི་དོན་ནོ། །དེས་ན་མཁན་པོ་ཉིད་དུ་གནས་པ་ལའོ། །ཞེས་པ་ལ་སོགས་པའི་ཚིག་གི་ནུས་པ་ནི། ཊཱི་ཀར། མཁན་པོ་ཉིད་དུ་གནས་པ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དག་ཡོད་ཀྱི་མི་གནས་པ་ལ་མེད་དོ་ཞེས་སོགས་འབྱུང་བ་ལས་ཤེས་སོ། ། འོ་ན་ཞུ་བའི་སྐབས་ལས། མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་བཤད་པས་སྔ་མས་མ་ཁྱབ་བོ་ཞེ་ན། དེའི་དོགས་གཅོད་ འོག་ནས་འཆད་ལ། འདིར་དཀའ་བའི་གནས་འདི་ཡོད་དེ། རབ་བྱུང་དང་བསྙེན་རྫོགས་མཁན་པོ་ལ་བརྟེན་ན་དགེ་ཚུལ་གྱི་སྡོམ་པ་དེ་མཁན་པོ་ལ་མི་བརྟེན་ནམ་ཞེ་ན། མི་བརྟེན་པ་མིན་ཏེ། དངོས་སུ་དེ་གཉིས་མཁན་པོ་ལ་བརྟེན་པར་བཤད་པས་ཤུགས་ཀྱིས་དགེ་ ཚུལ་གྱི་སྡོམ་པ་ཡང་དེ་ལ་བརྟེན་པར་དོན་གྱིས་གོ་སྟེ། ཊཱི་ཀ་ལས། དགེ་ཚུལ་གྱི་སྡོམ་པ་ཡང་རབ་ཏུ་བྱུང་བ་ལ་གནས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་དཔེར་ན་རྒྱལ་པོ་གདན་ལ་གནས་པར་བསྟན་པས་གདན་ཁྲི་ལ་བརྟེན་པར་དོན་གྱིས་གོ་བ་བཞིན་ནོ། །དེ་ལྟ་ ནའང་བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པའི་ཞལ་སྔ་ནས་དགེ་ཚུལ་དུ་སྒྲུབ་པའི་མཁན་པོ་ཞེས་ཡང་ཡང་དུ་གསུང་བ་ནི་མི་འཐད་དེ། དགེ་ཚུལ་དུ་སྒྲུབ་པའི་མཁན་པོ་ཞེས་པའི་ཐ་སྙད་མི་འབྱུང་བའི་ཕྱིར་དང་། ཀུན་མཁྱེན་བུས། རབ་ཏུ་བྱུང་བ་ནི་མཁན་པོ་ཁོ་ན་ལས་ 6-1-42a སྐྱེ་ཡི་དགེ་ཚུལ་ནི་གཞན་ལས་ཐོབ་པ་ཁོ་ན་ཡིན་ནོ་ཞེས་ཁོ་ནའི་ངོས་བཟུང་གསུངས་པའི་ཕྱིར། དེས་ན་རབ་བྱུང་གི་མཁན་པོ་ཞེས་འདོན་རྒྱུ་ལ་དགེ་ཚུལ་དུ་སྒྲུབ་པའི་མཁན་པོ་ཞེས་འདོན་པར་མི་བྱའོ། ། ཡང་ཁ་ཅིག །དགེ་ཚུལ་གྱི་མཁན་པོ་ ཞེས་སྦྱར་བ་ཡང་མི་འཐད་ཟེར་བ་དེ་ནི་ཡང་དག་པ་མིན་ཏེ། མདོ་འོག་མ་དང་པོའི་མཁན་པོ་ཉིད་ཀྱི་ཞེས་པའི་ཊཱི་ཀར། དགེ་ཚུལ་གྱི་མཁན་པོ་ཉིད་ནི་གཞན་པ་ཉིད་ལས་དང་པོ་ཡིན་པའི་ཕྱིར། ཞེས་པས་དགེ་ཚུལ་གྱི་མཁན་པོ་ཞེས་པ་ཙམ་འབྱུང་བའི་ཕྱིར་རོ། །འདི་ལ་ ཀུན་མཁྱེན་མཚོ་སྣ་པས་དོགས་པ་འདི་ལྟར་གཅོད་པར་མཛད་དེ། དེའི་ཚེ་མཁན་པོར་གྱུར་མ་ཟིན་ན་དང་པོའི་མཁན་པོ་ཞེས་བརྗོད་པ་དང་འགལ་ཅེ་ན། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་ཏེ་མཁན་པོ་བྱེད་པར་འགྱུར་བ་ལ་མཁན་པོ་ཞེས་བརྗོད་དོ། །ཞེས་གསུངས་ སོ། ། གཉིས་པ་ལ། དང་པོར་དགེ་ཚུལ་ཉེ་བར་སྒྲུབ། །དེ་རྗེས་བསྙེན་པར་རྫོགས་ཚུལ་བསྟན། །དང་པོ་ལ། སྔོན་འགྲོ་སྦྱོར་བའི་ཆོ་ག་བརྗོད། །ཡོངས་རྫོགས་དངོས་གཞིའི་ཆོ་ག་བཤད། །ཐུན་མོང་བླ་མའི་རྣམ་གཞག་གོ། དང་པོ་ལ། དྲི་ཞིང་དག་པ་རྗེས་བཟུང་ བསྟན། །དགེ་བསྙེན་ཆོ་ག་སྤྲོས་ཏེ་བརྗོད། །བར་དགེ་གོ་རིམ་རྣམ་གྲངས་བཀྲོལ། །སློབ་དཔོན་ལ་གཏད་ཡོངས་དག་དྲི། །དང་པོ་ནི། བསྙེན་རྫོགས་ཀྱི་མཁན་པོ་བས་སྔ་བའི་ཕྱིར་དང་པོའི་མཁན་པོ་སྟེ། རབ་བྱུང་གི་མཁན་པོར་བྱ་རྒྱུ་ཉིད་ཀྱིས་སྡོམ་པ་སྐྱེ་བ་སོགས་ ཀྱི་བར་ཆད་ཀྱི་ཆོས་རྣམས་དྲིས་ནས། སྡོམ་པ་མི་སྐྱེ་བ་དང་། སྐྱེས་ཀྱང་མི་གནས་པ་དང་། བསྟན་པའི་ཁུར་མི་ཐེག་པ་དང་། དགེ་བ་ལ་སྦྱོར་མི་ནུས་པས་ཁྱད་པར་དུ་མི་འགྱུར་ཞིང་། གཞན་མ་དད་པས་སྐུར་འདེབས་དང་འཕྱ་སྨོད་ཀྱི་གཞིར་མི་འགྱུར་བའི་ 6-1-42b རྒྱུད་ཡོངས་སུ་དག་པ་ལ། ཁོ་བོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་སྐབས་དབྱེ་བར་བྱ་དགོས་ཏེ། དེ་ལྟར་བྱས་ན་དེ་བསྟན་པ་ལ་བཅུག་པས་བསྟན་པ་ལ་ཕན་ཅིང་སྐབས་དབྱེ་པོ་ལ་ཉེས་པ་མི་འབྱུང་ཞིང་བསྟན་པ་ལ་བྱ་བ་བྱས་པར་འགྱུར་བའི་ཕྱིར། ཁྱབ་སྟེ། ཀུན་དགའ་ བོ་ཁྱོད་ཀྱིས་གཞན་གྱི་མཁན་པོ་དང་སློབ་དཔོན་བྱས་ནས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱས་ན་ང་ལ་བྱ་བ་བྱས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ལེན་པོ་ཡོངས་སུ་དག་ཀྱང་མཁན་པོ་བྱེད་པ་བདག་ཉིད་འཁོར་སྐྱོང་བའི་ནུས་པ་མེད་ན་སྐབས་དབྱེ་བར་ མི་བྱའོ། ། གཉིས་པ་ལ། སྡོམ་པ་སྦྱིན་པའི་གོ་རིམ་བཤད། །དགེ་བསྙེན་སྡོམ་ཆོག་ཞར་བྱུང་བཀྲོལ། །དང་པོ་ནི། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང་དགེ་སློང་ཉིད་དག་གི་ཚིགས་གསུམ་སྔ་མ་སྔ་མར་བརྟེན་པར་མ་རྫོགས་པ་ལ་ཕྱི་མ་ཕྱི་མ་མི་བྱའོ། ། འདི་དག་གི་འཕྲོས་དོན་ཅུང་ཟད་བརྗོད་ན། ཚིགས་གསུམ་རིམ་ནོད་ཀྱི་དགོས་པ་ནི། ཚིགས་ལས་འདས་པའི་ལྟུང་བ་མི་འབྱུང་བ་དང་རིམ་བཞིན་ནོད་པས་གཉེན་པོ་འཕེལ་བས་གོམས་པ་བརྟན་པ་དང་། བསླབ་ཚིགས་ཕྱི་མ་ཕུལ་ཡང་སྔ་མ་མི་གཏོང་བའི་ཆེད་ ཡོད་དོ། །ཚིགས་སྔ་མ་ནོད་པའི་རྗེས་ཐོགས་དེ་ཉིད་དུ་ཚིགས་ཕྱི་མ་དག་ནོད་དམ་ཞེ་ན། ལུས་རྟེན་ཉི་ཤུར་ལོན་པའི་ཁྱིམ་པ་ཕོ་ནི་གསུམ་པོ་སྔ་མ་སྔ་མའི་རྗེས་ཐོགས་ཁོ་ནར་བྱར་རུང་ལ། ཤཱཀྱ་དང་མེས་པ་རལ་པ་ཅན་མ་གཏོགས་པའི་མུ་སྟེགས་ཅན་དང་། བུད་མེད་ ཀྱི་སྡོམ་པ་ནོད་པ་ལ་ནི་ཚིགས་སྔ་མའི་མཇུག་ཐོགས་ཁོ་ནར་ཕྱི་མ་མི་རུང་སྟེ། དགེ་བསྙེན་ཉིད་ལ་ཟླ་བ་བཞིར་གནས་སུ་གནས་དགོས་པའི་ཕྱིར་དང་། དགེ་ཚུལ་མའི་མཇུག་ཐོགས་སུ་བསྙེན་རྫོགས་བྱས་ན་ཚིགས་ལས་འདས་པའི་ཉེས་པ་འབྱུང་བའི་ཕྱིར་ 6-1-43a རོ། ། ཡང་ཚིགས་སྔ་མ་མེད་པར་ཕྱི་མའི་སྡོམ་པ་སྐྱེའམ་ཞེ་ན། འདི་ཉིད་ལས། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་པས། ཚིགས་སྔ་མ་མེད་ཀྱང་སྐྱེ་བར་བཤད་དོ། །འོ་ན་ཊཱི་ཀ་ལས། དགེ་ཚུལ་ཉིད་རབ་ཏུ་བྱུང་བ་ ཁོ་ན་ལ་བྱེད། ཅེས་སོགས་འབྱུང་བས་སྔ་མའི་རབ་བྱུང་སོགས་མེད་ན་ཚིགས་ཕྱི་མ་ཕྱི་མ་ནོད་རུང་བ་ཇི་ལྟར་འཐད་ཅེ་ན། གླེང་གཞི་ལས། རབ་ཏུ་མ་བྱུང་བསྙེན་པར་རྫོགས། །ཞེས་པ་དེའི་སྡོས་བཤད་ལས། བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་བསྙེན་པར་རྫོགས་ པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི་བསྙེན་པར་རྫོགས་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པར་འགྱུར་རོ། །ཞེས་རབ་བྱུང་མ་བྱས་པར་དགེ་སློང་གི་སྡོམ་པ་སྐྱེ་བར་བཤད་ན་རབ་བྱུང་མ་ བྱས་པར་དགེ་ཚུལ་གྱི་སྡོམ་པ་སྐྱེ་བར་ཡང་གྲུབ་པ་ཡིན་ནོ། ། སྐབས་འདིར། ཊཱི་ཀར་ཁུངས་སུ་དྲངས་པ་ནི། བཙུན་པ་ཁྱིམ་པ་རབ་ཏུ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིས་ན། ཞེས་འབྱུང་བ་ནི་དགག་ཚིག་གི་ཡི་གེ་ཆད་པ་ཡིན་ནོ། ། སོག་ན་རེ། ཞུ་བའི་ སྐབས་ཀྱི་ཊཱི་ཀར། བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་བསྙེན་པར་རྫོགས་པར་བགྱིས་ན། ཞེས་ལུང་དྲངས་པ་དེ་ནི་ལུང་གི་དགག་ཚིག་གི་ཡི་གེ་ལྷག་པ་ཡིན་ནོ་ཟེར། དེ་ལྟར་ན་ནི་ལུང་གླེང་གཞི་ཁུངས་སུ་དྲངས་མ་ཐག་དང་འགལ་ལོ། །དེས་ན་ལུང་གིས་བསྟན་པ་འདི་ ཉིད་རིགས་པས་ཀྱང་གྲུབ་པ་ཡིན་ཏེ་རབ་བྱུང་ནི་མཁན་པོ་ལས་ཐོབ་ལ། མཁན་པོ་མེད་པ་ལས་སྡོམ་པ་སྐྱེ་བར་ཡང་བཤད་པས་གྲུབ་བོ། །དགེ་ཚུལ་ཉིད་རབ་བྱུང་ཁོ་ན་ལ་བྱེད་པའི་དགོངས་པའང་ཉེས་མེད་ཀྱི་ཆོ་གའི་གོ་རིམ་ལ་དགོངས་པ་ཡིན་ནོ། །སྔར་རབ་བྱུང་ 6-1-43b མ་བྱས་པ་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ལ་རྒྱུ་འབྲས་ཀྱང་འཆོལ་བར་མི་འགྱུར་ཏེ། སྔར་རབ་བྱུང་མ་བྱས་ཀྱང་དགེ་ཚུལ་གྱི་སྡོམ་པ་བླང་བའི་རང་སྐབས་ན་རབ་བྱུང་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེ་བའི་ཕྱིར་རོ། །དེས་ན་ཚིགས་གསུམ་རིམ་བཞིན་ནོད་པའི་ཚེ། སྡོམ་ གསུམ་རྫས་ཐ་དད་ཡིན་པར་ནི་གོང་དུ་བསྟན་ཟིན་ཏེ། དེ་ཡང་རྒྱལ་སྲས་མར། དགེ་སློང་གི་རྒྱུད་གཅིག་ལ་སྲོག་གཅོད་པ་སྤང་བ་གསུམ་ཡོད་ལ། ཞེས་སོ། ། དེས་ན་སྡོམ་གསུམ་རྫས་ཐ་དད་དུ་འདོད་པ་འདི་ལ། རྨ་ཚོ་ན་རེ། དེ་ལྟར་ན་དགེ་སློང་གཅིག་གིས་ མི་གཅིག་བསད་པ་ལ་ཡང་ཉེས་པ་གསུམ་འབྱུང་སྟེ་སྡོམ་པ་ཐ་དད་གསུམ་དང་འགལ་བའི་ཕྱིར། དེ་ཡང་ཕམ་པ་དང་ཕམ་པ་འདྲ་བའི་ཉེས་བྱས་དང་། བསོད་ནམས་མིན་པ་དང་གསུམ་འབྱུང་བའི་ཕྱིར་ཟེར་རོ། ། འདི་ལ་མཚོ་སྣ་པ་ཆེན་པོ་ན་རེ། དེ་ནི་མི་རིགས་ ཏེ། གསོད་བྱེད་གང་ཟག་གཅིག་གིས་སྲོག་ཆགས་གཅིག་བསད་ན་ལས་ཀྱི་དངོས་གཞི་གཉིས་གཉིས་མི་སྲིད་དེ། རྣམ་འབྱེད་འགྲེལ་པ་ལས། སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པའི་ཕྱིར། ཞེས་གསུངས་པས་གནོད་ ཅིང་། ཉེས་པ་གསུམ་བཅས་པ་ལ་དགོས་པ་མེད་པའི་ཕྱིར་དང་། དགེ་སློང་གི་སྡོམ་པ་ཐོབ་པ་ན་སྡོམ་པ་སྔ་མ་གཉིས་བག་ལ་ཞར་སོང་བའི་ཕྱིར་རོ། །ཞེས་གསུངས་སོ། ། ཡང་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་སྡོམ་པའི་རྣམ་གཞག་གོང་དུ་སྤྱི་དོན་ དུའང་རྒྱས་པར་བཤད་ཟིན་ལ། འདིར་དཀའ་བའི་གནས་ཕྲ་མོ་དག་གཅོད་པར་འདོད་དེ། དེ་ཡང་ཉན་ཐོས་ཀྱི་གཞུང་ནས་བཤད་ཚོད་ཀྱི་དགེ་བསྙེན་བདུན་ཡོད་ལ། མིང་ཅན་གྱི་མདོ་དང་མཛོད་འགྲེལ་ནས་ལྔར་གསུངས་ཏེ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་ 6-1-44a དང་། སྣ་གཅིག་སྤྱོད་པ་དང་། ཕྱོགས་གཅིག་སྤྱོད་པ་དང་། ཕལ་ཆེར་སྤྱོད་པ་དང་། ཡོངས་རྫོགས་དགེ་བསྙེན་དང་ལྔ་འདྲེན་པར་མཛད་ལ། གཞུང་གཞན་དུ། ཚངས་སྤྱོད་ཀྱི་དགེ་བསྙེན་དང་། གོ་མཱིའི་དགེ་བསྙེན་དང་བཅས་ པའི་བདུན་འབྱུང་བ་ཡིན་ནོ། ། དེ་དག་ལས་ཕལ་ཆེར་སྤྱོད་པའི་དགེ་བསྙེན་ནི། རྒྱལ་སྲས་མར། གཉིས་སྤངས་པ་ཕྱོགས་གཅིག་སྤྱོད་པ་ཡིན་ནོ། །གསུམ་བཞི་སྤངས་པ་ནི་ཕལ་ཆེར་སྤྱོད་པ་ཡིན་ནོ། །ཞེས་དང་། གང་སྤེལ་དུ། ཕྱོགས་གཅིག་སྤྱོད་ པ་ནི་གཉིས་སམ་གསུམ་བསྲུང་བའོ། །ཕལ་ཆེར་སྤྱོད་པ་ནི་བཞི་བསྲུང་བའོ། །ཞེས་བཤད་ཀྱང་སྔ་མ་ལྟར་བཟུང་སྟེ། ལྔ་དགོས་པ་ལ་གསུམ་ཚང་ན་ཕལ་ཆེར་ཚང་བ་ཡིན་པའི་ཕྱིར་རོ། ། སྣ་གཅིག་སྤྱོད་པ་ལ་སོགས་པ་གསུམ་པོ་ནི། བྱེ་སྨྲ་ལྟར་ན། དང་ པོ་ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་བླངས་ནས་བར་དུ་ཉམས་ཏེ་སྣ་གཅིག་བསྲུང་བའམ་ཕལ་ཆེར་བསྲུང་བ་ཡིན་ལ། ལེན་པའི་ཚེ་ཉིད་ན་སྣ་གཅིག་བསྲུང་བ་ལ་སོགས་པས་བླངས་ན་ནི། ཡན་ལག་ངེས་པའི་ཕྱིར་སྡོམ་པ་མི་སྐྱེ་སྟེ་བར་མའི་དགེ་བ་ཙམ་དུ་འདོད་ དོ། །མདོ་སྡེ་པ་ལྟར་ན། ཡན་ལག་ངེས་པ་ལའང་སྡོམ་པ་སྐྱེ་བར་འདོད་ཅིང་ལེན་པའི་ཚེ་ཉིད་ནས་སྣ་གཅིག་བསྲུང་བ་ལ་སོགས་བླངས་པས་སྣ་གཅིག་བསྲུང་བའམ་ཕལ་ཆེར་སྲུང་བའི་སྡོམ་པ་ཐོབ་པར་འདོད་དོ། །མདོ་སྡེ་པ་དང་མཐུན་པར། འཕགས་པ་ཐོགས་མེད་ ཀྱིས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། སྲོག་གཅོད་པ་ཕྱོགས་གཅིག་སྤངས་བ་དང་། ཕལ་ཆེར་སྤོང་བ་དང་། ཉིན་མཚན་དང་ཟླ་བའམ་ལོ་གཅིག་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྡོམ་པ་བརྒྱ་ཐམ་པ་གསུངས་སོ། ། གོ་མཱི་ཞེས་པ་བཙུན་པའི་མིང་སྟེ། 6-1-44b བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བླངས་པའི་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ཡིན་ཡང་སྡོམ་པ་བརྟན་པའི་ཆེད་དུ་བཙུན་པའི་ཆ་ལུགས་བྱས་ཏེ། འདི་ནི་བཙུན་པ་བཏགས་པའོ། །དེ་ཡང་། དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཞལ་ནས། ཡོད་སྨྲའི་སྡེ་པ་ལ་ནི་གོ་མཱི་ མེད་ལ་ཕལ་ཆེན་སྡེ་པ་ལ་ཡོད་དོ་ཞེས་གསུངས་ཤིང་། གནས་བརྟན་པའི་མན་ངག་བརྒྱུད་པ་ལས་ཀྱང་འབྱུང་ངོ་། ། གལ་ཏེ་དགེ་བསྙེན་བརྒྱད་ཡོད་པར་རིགས་ཏེ། དྲིན་ལན་བསབས་མདོར། ནམ་འཚོའི་བར་གྱི་ཁྲིམས་མ་མནོས་ཀྱང་ཡན་ལག་བརྒྱད་པ་དེ་ལ་ཡང་ དགེ་བསྙེན་ཞེས་བྱའོ་ཞེས་གསུངས་སོ་ཞེ་ན། དེ་ལ་དགེ་བསྙེན་དུ་བཏགས་ཀྱང་དགེ་བསྙེན་དངོས་མ་ཡིན་ཏེ། མཛོད་ལས། གཞན་ལ་བསྙེན་གནས་ཡོད་མོད་ཀྱི། །ཞེས་དགེ་བསྙེན་ལས་གཞན་ལ་བསྙེན་གནས་ཡོད་ཀྱང་དེ་དགེ་བསྙེན་ལས་གཞན་ཡིན་པར་གསུངས་ པ་དང་། བསྙེན་གནས་ནི་ཤན་པ་ལ་སོགས་པས་ཀྱང་ཐོབ་ལ། ཤན་པ་སོགས་དེ་དག་ནི་དགེ་བསྙེན་ཡིན་པར་མི་རིགས་ཏེ། དེ་སངས་རྒྱས་ཀྱི་འཁོར་རྣམ་བཞིར་མི་རུང་བའི་ཕྱིར་རོ། ། ཁ་ཆེ་བྱེ་སྨྲ་ན་རེ། དགེ་བསྙེན་མཚན་ཉིད་པ་ནི་ཡོངས་རྫོགས་དང་། ཚངས་པར་ སྤྱོད་པའི་དགེ་བསྙེན་གཉིས་ཁོ་ན་ཡིན་པར་འདོད་ལ། །ཚིགས་གསུམ་རིམ་ནོད་བྱ་རྒྱུའི་དགེ་བསྙེན་ནི་ཡོངས་རྫོགས་ཁོ་ན་ཡིན་ཏེ། གཞི་དང་ཀར་ཤ་ལས། བསླབ་པ་བརྗོད་པ་ན། ཡན་ལག་ལྔ་པ་འདི་ཞེས་སོགས་འབྱུང་བའི་ཕྱིར་རོ། ། གཞན་ཡང་འདིར་དགེ་སློང་གི་ སྒྲ་དོན། བྷིཀྵུ་ཞེས་པའི་སྒྲ་ལས་དྲངས་ན། དགེ་བ་མྱ་ངན་ལས་འདས་པའི་དོན་འཚོལ་ཞིང་ཆོས་དང་ལྡན་པའི་བསོད་སྙོམས་སློང་བས་ན་དགེ་སློང་ཞེས་མཁན་པོ་ཛི་ན་མི་ཏྲ་བཞེད་དོ། །དྲན་པ་ཉེར་བཞག་དང་། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་སྡེ་དག་ལས། 6-1-45a དགེ་བ་སློང་དང་ཟས་སློང་དང་། །ཉེ་བར་ཞི་དང་ཆགས་སྤོངས་དང་། །ལེགས་པར་འཚོ་དང་ལམ་ཞུགས་དང་། །ཡིད་འོང་ཕྱིར་ན་དགེ་སློང་ཡིན། །ཅེས་རྣམ་པ་བདུན་གསུངས་སོ། ། འདིར་དགེ་བསྙེན་དང་དགེ་ཚུལ་ལ་བསྙེན་རྫོགས་ཀྱི་སྒྲ་སྦྱོར་ བ་ཅི་ལྟར་ཞེ་ན། བསྙེན་རྫོགས་ཀྱི་སྒྲ་ལའང་ཡངས་དོག་གཉིས་ཡོད་དེ། དོག་པའི་དབང་དུ་བྱས་ན། ལུང་རྣམ་འབྱེད་ལས། རྫོགས་པར་བསྙེན་པ་ནི་གཉིས་ཏེ་དགེ་སློང་དང་དགེ་སློང་མའོ། །དེ་ལས་གཞན་པ་ནི་རྫོགས་པར་མི་བསྙེན་པའོ། །ཞེས་གསུངས་པས་ བསྙེན་རྫོགས་ཀྱི་སྒྲ་དགེ་སློང་ཕ་མ་ཁོ་ན་ལ་འཇུག་ཀྱང་། སྒྲ་ཡངས་པའི་དབང་དུ་བྱས་ན། དགེ་བསྙེན་དང་དགེ་ཚུལ་གཉིས་ཀ་ལའང་བསྙེན་རྫོགས་ཀྱི་སྒྲ་འཇུག་སྟེ། ཊཱི་ཀ་ལས། རྫོགས་པ་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་དངོས་པོ་ལ་བྱ་སྟེ། མྱ་ངན་ ལས་འདས་པ་ཡང་དེ་ལྟ་བུའི་རང་བཞིན་ཡིན་ནོ། །བསྙེན་པ་ཞེས་བྱ་བ་ནི་ཉེ་བའི་ཚིག་ཡིན་ཏེ། དེའི་ཕྱིར་བསམ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་ཉེ་བར་གྱུར་པ་ནི་བསྙེན་པར་རྫོགས་པ་ཡིན་ནོ་ཞེས་གསུངས་པ་དང་། དགེ་སློང་ངལ་བ་མི་འཕུལ་ཞེས་པའི་རང་གི་ རྣམ་བཤད་ལས། ཆོས་འདི་པའི་རབ་ཏུ་བྱུང་བ་རྣམས་ལ་དགེ་སློང་གི་ཚིག་གི་རྣམ་པར་གནས་སོ། །དེ་བས་ན་དགེ་བསྙེན་ལའང་འདི་བྱའོ་ཞེས་དང་། འགྲེལ་ཆུང་ལས། སངས་རྒྱས་ཀྱི་ཆོས་ལ་བལྟ་བའི་དགེ་སློང་སྡེ་ལྔ། །ཞེས་སོ། །མདོར་ན། དགེ་བསྙེན་ དང་དགེ་ཚུལ་ཡང་རྫོགས་པར་མྱ་ངན་ལས་འདས་པ་ལ་བསྙེན་པ་ཡིན་པས་དེ་དག་ལ་བསྙེན་རྫོགས་ཀྱི་སྒྲ་ཐོབ་པ་ཡིན་ནོ། ། འདིར་སྨྲས་པ། ཆོས་འདུལ་དཔལ་མོའི་བཞིན་གྱི་མེ་ཏོག་གི། ལེགས་བཤད་འཛུམ་དཀར་སྦྲང་རྩི་འདྲེན་བྱེད་པས། །སྐལ་བཟང་འདོད་ 6-1-45b ལྡན་རྐང་དྲུག་མགྲིན་བསྒྱུར་ཏེ། །མི་ཕམ་བླ་མའི་ཞལ་སྒྲོས་འདབ་འདིར་ཤོག །ཅེས་སོ།། །། གཉིས་པ་ལ། སྤྱི་དོན་དང་། ཚིག་དོན་གཉིས་ལས། དང་པོ་ནི། སྤྱིར་དགེ་བསྙེན་གྱི་སྡོམ་པ་རང་དགེ་བསྙེན་ཙམ་པོར་སྡོད་ན་དགེ་བསྙེན་གྱི་སྡོམ་ལྡན་ལས་ ཀྱང་ཐོབ་སྟེ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་འགྲེལ་པར། སྡོམ་གནས་ཞེས་བྱ་བ་ནི་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་རྣམས་ཡིན་གྱི་ཞེས་བཤད་དོ། །འོན་ཀྱང་། སྐབས་འདིར་ནི་མཁན་པོར་འོས་པ་ལས་བླངས་ཏེ། རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ ནས་ཞེས་གསུངས་སོ།། འདི་དག་ལེན་པའི་ཆོ་ག་རྒྱས་པ་ཀར་ཤར་བལྟའོ། ། སྐྱབས་སུ་འགྲོ་བའི་དོན་ལ། སྤྲོས་ཏེ་བཤད། ངག་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། སྐྱབས་འགྲོའི་དགོས་པ་གང་། འདི་ལ་མི་འཐད་པ་སྤོང་། ཞར་བྱུང་གི་དོན་ནོ། །དང་པོ་ ནི། སྐབས་འདིའི་སྐྱབས་འགྲོའི་དགོས་པ་ནི། མྱང་འདས་ཀྱི་བསམ་པ་བརྟན་པོ་སྐྱེ་བའི་ཆེད་དེ། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས། སྐྱབས་སུ་འགྲོ་བས་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་པར་ བྱེད་དེ་ཞེས་བྱུང་བའི་ཕྱིར་རོ། ། གཉིས་པ་ནི། དེ་ལྟར་ན། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པ་ནི་སུ་ཡང་སྐྱབས་སུ་འགྲོ་བ་སྒྲུབ་པར་མི་བྱེད་དོ་ཞེས་གསུངས་པ་དང་འགལ་ཅེ་ན། གོང་དུ་དྲངས་པའི་ཊཱི་ཀའི་ལུང་། སྐྱབས་འགྲོ་ ལ་བརྟེན་ནས་མྱང་འདས་ཀྱི་བསམ་པ་སྐྱེ་བར་གསུངས་པ་ནི། སྐྱབས་འགྲོ་ཙམ་པོ་ལ་བརྟེན་ནས་མྱང་འདས་ཐོབ་འདོད་ཀྱི་བསམ་པ་སྐྱེ་བར་བསྟན་པ་ཡིན་ལ། ཊཱི་ཀའི་ལུང་ཕྱི་མར་དྲངས་པ་དེ། ངེས་འབྱུང་གི་སྐྱབས་འགྲོ་ལ་ནི་མྱང་འདས་ཀྱི་བསམ་པ་རྒྱུར་ 6-1-46a དགོས་ཏེ། བསམ་པ་དེ་མེད་པར་ངེས་འབྱུང་གི་སྐྱབས་འགྲོ་མི་འབྱུང་བར་དགོངས་པའི་ཕྱིར་ན། ཊཱི་ཀའི་ལུང་སྔ་ཕྱི་འགལ་བ་མེད་དོ། ། ཡང་འགའ་ཞིག་འདི་ལྟར་དོགས་ཏེ། ད་ལྟར་གྱི་ཆོ་གས་དགེ་སློང་གི་སྡོམ་པ་ལེན་པ་ཆོས་ ཅན། སྡོམ་པ་མི་སྐྱེ་བར་ཐལ། སྐྱབས་འགྲོ་མེད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སྐྱབས་འགྲོ་དངོས་མེད་ཀྱང་དེའི་དོད་གསོལ་འདེབས་ཡོད་པ་ལ་བརྟེན་ནས་སྡོམ་པ་སྐྱེ་བ་ཡིན་ཏེ། ཆོ་གར། ཐུགས་བརྩེ་བ་ཅན་དགེ་བདུན་བཙུན་པ་རྣམས་ཀྱིས་ཐུགས་ བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། །ཞེས་དགེ་འདུན་ལ་གསོལ་བ་བཏབ་ཅིང་། བསྙེན་པར་རྫོགས་པར་མཛད་དུ་གསོལ། །ཞེས་ཆོས་ཀྱི་མཆོག་མྱང་འདས་ལ་བསྙེན་པར་མཛད་དུ་གསོལ། །ཞེས་ཆོས་ལ་གསོལ་ བ་བཏབ་པས་སོ། །དེ་ལྟར་འབྲས་བུ་ཆོས་ལ་གསོལ་བ་བཏབ་པས། རྒྱུ་སངས་རྒྱས་དང་དགེ་འདུན་ལ་ཡང་སྐྱབས་སུ་བྱིན་པར་འགྱུར་ཏེ། འབྲས་བུས་རྒྱུ་དཔོགས་པ་ཡང་དག་གི་གཏན་ཚིགས་ཡིན་པ་ལས་ཤེས་ནུས་པའི་ཕྱིར་རོ། ། གསུམ་པ་ ནི། མྱང་འདས་ཐོབ་འདོད་ཀྱི་བསམ་པ་མེད་པར་སྡོམ་པ་བླངས་ན་སྡོམ་པ་སྐྱེ་མི་སྐྱེ་དཔྱད་པར་བྱ་སྟེ། དེ་ལ། བྱང་རྡོར་ན་རེ། མྱང་འདས་འདོད་པའི་བསམ་པ་བརྟན་པོ་མེད་ན་སྡོམ་པ་མི་སྐྱེ་སྟེ། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་ པར་སྡོམ་པ་མི་སྐྱེ་བས་ཞེས་འབྱུང་བའི་ཕྱིར་དང་། དེ་དང་མཐུན་པར་ཉིད་ཀྱི་རྣམ་བཤད་དང་། གཞི་འགྲེལ་དང་། དྲི་བ་རྒྱ་ཆེར་འགྲེལ་དང་། ཕྲན་ཚེགས་འགྲེལ་པ་སོགས་ལས་འབྱུང་བའི་ཕྱིར་ཞེས་ཟེར་རོ། །འདི་ལ་ཤ་མི་དང་སྦལ་ཏི་སོགས་དེ་ལྟར་སྨྲ་བ་ནི་ 6-1-46b རིགས་པ་མིན་ཏེ། དེ་ལྟར་ན། ཀུན་དགའ་བོའི་ཚ་བོ་གཉིས་དང་། མཛེས་དགའ་བོ་དང་། འཆར་ཀ་དང་། ཉེ་སྡེ་རྣམས་ཆོས་ཅན། སྡོམ་པ་མ་སྐྱེས་པར་ཐལ། དེ་དག་ལ་དེ་ལེན་དུས་མྱང་འདས་ཀྱི་བསམ་པ་མེད་པའི་ཕྱིར་ཏེ། དང་པོ་གཉིས་ལྟོ་ཕྱིར་རབ་ཏུ་བྱུང་བ་ དང་། དེའི་འོག་མ་གཉིས་ངོ་མ་བཟློག་ནས་རབ་ཏུ་བྱུང་བ་དང་། ཉེ་སྡེ་སྲོག་བྱོལ་ལ་རབ་ཏུ་བྱུང་བའི་ཕྱིར། རྟགས་ལུང་གིས་གྲུབ། ཁྱབ་པ་ཁས་བླངས། འདོད་ན། སྡོམ་མེད་རབ་ཏུ་བྱུང་བའི་རྟགས་ཅན་གྱིས་དགྲ་བཅོམ་ཐོབ་མི་རིགས་པ་ལས་དེ་རྣམས་ཐམས་ ཅད་ཀྱིས་དགྲ་བཅོམ་ཐོབ་པར་ལུང་ལས་གསུངས་པ་དང་འགལ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། བདག་ཁྱིམ་འདི་ན་གནས་ན་དཀའ་བས་འཚོ་བར་འགྱུར་ལ། བདག་རབ་ཏུ་བྱུང་ལ་ཚེགས་ཆུང་ངུས་འཚོ་བར་བྱ་ཞིང་ཇི་སྲིད་འཚོའི་བར་དུ་ཚངས་ པར་སྤྱོད་པ་སྤྱད་པར་བྱའོ་སྙམ་ནས་དེ་ལྟར་རབ་ཏུ་བྱུང་བ་ནི་གཅིག་ཏུ་ཡོངས་སུ་དག་པ་ནི་མ་ཡིན་ཅིང་། དེ་ནི་བསྙེན་པར་རྫོགས་པ་མ་ཡིན་པར་ཡང་བརྗོད་པར་མི་བྱའོ་ཞེས་གསུངས་པ་དང་འགལ་ལོ། ། མྱང་འདས་ཀྱི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་ ཞེས་གསུངས་པ་དེ་ཐམས་ཅད་ངེས་འབྱུང་གི་སྡོམ་པ་མི་སྐྱེ་ཞེས་བསྟན་པ་སྟེ། མདོ་འགྲེལ་པ་དང་བཅས་པར། སྡོམ་པ་སྐྱེ་མི་སྐྱེ་བཤད་པ་དེ་ཐམས་ཅད་ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་གསུངས་པའི་ཕྱིར་རོ། །ཞེས་དེ་ལྟར་བཤད་དོ། ། དེས་ན་མྱང་འདས་ཀྱི་བསམ་པ་བརྟན་པོ་མེད་པར་ངེས་འབྱུང་གི་སྡོམ་པ་མི་སྐྱེ་ཡང་སྡོམ་པ་ཙམ་པོ་ཞིག་སྐྱེ་བར་འདོད་དོ། ། དེ་ཡང་། འཇིགས་སྐྱོབ་དང་ལེགས་སྨོན་གྱི་སྡོམ་པ་དང་པོར་ཐོབ་པའི་གང་ཟག་དེ་ལ་ཕྱིས་ངེས་འབྱུང་གི་བསམ་པ་སྐྱེས་པ་ན་ 6-1-47a བསམ་པའི་ཁྱད་པར་འགྱུར་བས་སྡོམ་པ་ཡང་གནས་འགྱུར་ཏེ། ལུང་གཞི་ལས། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །ཞེས་གསུངས་ལ། རིགས་པས་ཀྱང་གྲུབ་སྟེ། མཛེས་དགའ་སོགས་དང་པོར་ངེས་འབྱུང་གི་སྡོམ་པ་ མ་སྐྱེས་ཀྱང་དགྲ་བཅོམ་ཐོབ་ཀར་ངེས་འབྱུང་གི་བསམ་པ་སྐྱེ་བ་ལས་འོས་མེད་དུ་སོང་བའི་ཕྱིར་ཏེ། དེ་ལྟར་མིན་ན་སྡོམ་པ་ལན་གསུམ་ལེན་དགོས་པར་ཐལ་ལོ། ། འདི་ལ་བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པའི་ཞལ་སྔ་ནས། དེ་གནས་འགྱུར་བར་མ་ངེས་ཏེ། སྔར་ནས་ལེགས་སྨོན་ལྟ་བུའི་སྡོམ་པའི་རྫས་རྒྱུན་གཅིག་ཏུ་སྐྱེས་པ་དེ་ཕྱིས་བསམ་པའི་ཁྱད་པར་གཞན་ཞིག་གིས་གཞན་དུ་གནས་འགྱུར་ན། སྔ་མའི་སྡོམ་པའི་རྫས་རྒྱུན་ཆད་པར་ཐལ་བ་དང་། དེ་ཆད་ན་སྡོམ་པ་གསར་དུ་བླང་བ་ནི་མེད་པས་དེའི་རྒྱུད་ལ་སྡོམ་པ་ མེད་པར་ཐལ་བ་དང་། ལུང་དེའང་མི་འབྱོར་ཏེ། ལེགས་སྨོན་གྱི་སྡོམ་པའི་རྫས་དེའི་སྔར་ངེས་འབྱུང་གི་བསམ་པ་དེ་སྐྱེས་ན་ལུང་དེ་འབྱོར་དུ་ཆུག་ཀྱང་། སྡོམ་པའི་རྫས་ཆོས་དེའི་རང་དུས་སུ་བསམ་པ་དེ་སྐྱེས་པའི་ཕྱིར་དེའི་སྔོན་འགྲོར་མ་གྲུབ་བོ། །དེར་མ་ཟད་ སྤྱིར་སྡོམ་པ་ནི་གཟུགས་ཀྱི་ཁྱད་པར་ཡིན་ལ། གཟུགས་བསམ་པའི་ཁྱད་པར་གྱི་གནས་འགྱུར་མི་སྲིད་པའི་ཕྱིར་རོ། །དེས་ན་སྔ་ཕྱིར་སྐྱེས་པའི་སྡོམ་པའི་རྫས་ལ་གཞན་འགྱུར་གྱི་ཁྱད་པར་མེད་ཀྱང་བསམ་པའི་ཁྱད་པར་དེ་ཉིད་ཀྱིས་གྲོལ་བ་ཐོབ་པ་ལ་ཕན་པར་ སོང་བ་ཡིན་ནོ། །ཞེས་གསུངས་མོད། དེ་ལྟར་གསུངས་པ་མི་འཐད་དེ། བསམ་པའི་སྟོབས་ཀྱི་སྡོམ་པ་གཟུགས་ཅན་གནས་འགྱུར་བའམ་ཁྱད་པར་དུ་འགྱུར་བ་མི་འགལ་བའི་ཕྱིར་ཏེ། རྣམ་རིག་མིན་པའི་སྡོམ་པ་དང་སྡོམ་མིན་གྱི་གཟུགས་ཀྱང་དགེ་མི་དགེའི་ 6-1-47b ཀུན་སློང་ལས་ཐོབ་པར་གསུངས་པའི་ཕྱིར་དང་། ངེས་འབྱུང་གི་བསམ་པ་ལེགས་སྨོན་གྱི་སྡོམ་པའི་རྫས་དང་དུས་མཉམ་པར་སྐྱེས་ཀྱང་། དེས་ལེགས་སྨོན་གྱི་སྡོམ་པའི་རྫས་ཕྱི་མ་ངེས་འབྱུང་གི་སྡོམ་པའི་རྫས་སུ་བྱེད་པས་ངེས་འབྱུང་གི་སྔོན་དུ་མི་འགྲོ་བ་ཡང་ མ་གྲུབ་ལ། ངེས་འབྱུང་གི་བསམ་པ་སེམས་ལ་སྐྱེས་པ་དེའི་བྱེད་པས་ལེགས་སྨོན་གྱི་སྡོམ་པ་སྔ་མའི་རྫས་རྒྱུན་ཆད་དེ། ངེས་འབྱུང་གི་སྡོམ་པའི་རྫས་སུ་སོང་ཡང་སོ་སོར་ཐར་པའི་སྡོམ་པའི་རྫས་རྒྱུན་ཆད་པར་ཡང་མི་འགྱུར་བའི་ཕྱིར་རོ། ། དེ་ལྟར་ཐོབ་པའི་ སྡོམ་པ་དེ་བྱིན་པ་ལེན་པའི་ཚུལ་གྱིས་ཐོབ་པ་ཡིན་ནམ། ཟློས་པར་བྱེད་པའི་རྗེས་སུ་བཟླས་པ་ལས་ཐོབ་པ་ཡིན་ཞེ་ན། མར་མེ་གཅིག་ལས་མར་མེ་བརྒྱ་སྟོང་མཆེད་པ་བཞིན་ཕྱི་མ་ལྟར་ཡིན་གྱི། དེ་ལྟར་གྱི་ཚེ་ལེན་པོའི་འབྱུང་བ་བཞི་ཚན་གྱི་སྡོམ་པ་རྣམས་རང་ སྐབས་དེར་ཚོགས་པའི་ཕྱིར། སྔ་མ་ལྟར་མིན་ཏེ། ཊཱི་ཀ་ལས། སྦྱིན་པ་བླངས་པ་ལྟ་བུ་ནི་མ་ཡིན་ཏེ། སྡོམ་པ་ནི་རང་གི་སེམས་ལ་རག་ལས་པའི་ཕྱིར་རོ་ཞེས་སོ། །གཞན་དུ་ན་སློབ་མས་སྡོམ་པ་ཐོབ་པ་ན་འབོགས་པ་པོ་ལ་སྡོམ་པ་མེད་པར་ཐལ་བར་འགྱུར་ཏེ། ཊཱི་ཀ་ལས། དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དག་ནི་རེ་རེར་ཟད་པའི་ཕྱིར་རོ། །ཞེས་སོ། ། གཉིས་པ་ལ། སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་ནི། མཛོད་དུ། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་ བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལའང་སྐྱབས་སུ་འགྲོ། །ཞེས་ཏེ། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ཟད་མི་སྐྱེ་ཤེས་པའི་ལམ་བདེན་འཁོར་བཅས་ཏེ་དེ་བརྙེས་པས་སངས་རྒྱས་སུ་བརྗོད་པའི་ཕྱིར། གཟུགས་སྐུ་ནི་སྔ་ཕྱི་བྱེ་ 6-1-48a བྲག་མེད་པའི་ཕྱིར་མིན་ནོ། །དེ་ཡང་མཚན་ཉིད་ཀྱི་སྒོ་ནས་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་སྟེ་ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར། དགེ་འདུན་ནི་དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་མི་སློབ་པ་སྟེ་དེ་ཐོབ་པས་གང་ཟག་བརྒྱད་ པོ་མི་ཕྱེད་པའི་དགེ་འདུན་དུ་འགྱུར་བའི་ཕྱིར་རོ། །དེ་ཡང་ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་མཚན་ཉིད་ཀྱི་སྒོ་ནས་ཐམས་ཅད་ལའོ། །མདོ་ལས། མ་འོངས་པའི་དུས་ན་དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་པས་དེ་ལ་ཡང་སྐྱབས་སུ་སོང་ཞིག །ཅེས་ གསུངས་པ་ནི། མངོན་སུམ་དུ་གྱུར་པའི་དགེ་འདུན་བརྗོད་པའི་ཕྱིར་རོ། ། མདོ་སྡེ་པ་ན་རེ། མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ན། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བས་མཚམས་མེད་པར་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རྟེན་ལ་ གནོད་པས་བརྟེན་པ་ལ་གནོད་པའི་ཕྱིར་རོ། ། ཡང་ན་ལུང་ལས། མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ནོ་ཞེས་མི་འབྱུང་གི་སངས་རྒྱས་སུ་བྱེད་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ནོ་ཞེས་འབྱུང་སྟེ། རྟེན་སངས་རྒྱས་ཉིད་དུ་མ་བཀག་པས་དེ་ཀླན་ཀར་མི་འགྱུར་རོ། ། དེ་ལྟར་མིན་ན་སངས་རྒྱས་འཇིག་རྟེན་པའི་སེམས་ལ་གནས་པའི་ཚེ། སངས་རྒྱས་དང་དགྲ་བཅོམ་པ་ཡང་མ་ཡིན་པར་འགྱུར་ལ་དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་ཁོ་ན་དགེ་སློང་དུ་འགྱུར་རོ། །དེ་ལ་རྟེན་གཟུགས་སྐུ་ཡང་སངས་རྒྱས་དང་དགེ་འདུན་ཡིན་ཟེར་ རོ། །ཆོས་ནི་མྱང་འདས་སོ་སོར་བརྟགས་འགོག་སྟེ། བདག་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པའི་གདུང་བ་ཞི་བར་མཚན་ཉིད་གཅིག་པའི་ཕྱིར་རོ། །གསུམ་པོ་དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་བར་བྱེད་པའི་ཕྱིར་སྐྱབས་ 6-1-48b གནས་ཡིན་ནོ། ། སྐྱབས་འགྲོའི་ངོ་བོ་ལ། བྱེ་སྨྲ་ནི། ངག་གི་རྣམ་རིག་འཁོར་བཅས་ཏེ། མཛོད་འགྲེལ་ལས། སྐྱབས་སུ་འགྲོ་བ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ། །ཞེས་དང་། གང་སྤེལ་དུ། ངག་ གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ། །ཞེས་བྱ་བ་ནི་ནོད་པའི་དུས་ཀྱི་དབང་དུ་བྱས་ནས་ཡིན་ཏེ། ཁས་ལེན་པའི་བདག་ཉིད་ཡིན་པའི་ཕྱིར། འཁོར་དང་བཅས་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ་སེམས་ཀྱིས་ཀུན་ནས་བསླངས་པའི་ཚིག་གིས་སྐྱབས་སུ་ འགྲོའི། སེམས་མེད་པར་ནི་མ་ཡིན་ནོ་ཞེས་སོ། ། གཉིས་པ་ཚིག་གི་དོན་ནི། སྐྱབས་སུ་འགྲོ་བར་ཁས་བླངས་པའི་ཚིག་གིས་དགེ་བསྙེན་དང་དགེ་ཚུལ་ཉིད་དུ་ཁས་བླངས་པའི་ཚིག་གི་མགོར་འདི་ཉིད་རྩོམ་པ་སྟེ་དང་པོར་བཞག་པའོ། །དང་ནི་ཕྲད་དོ། ། གཞུང་ འདིས་ནི་གཞན་ལ་ཟུར་ཟ་བ་སྟེ། རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་ན་རེ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པའི་ཆོ་ག་ལ་སྐྱབས་འགྲོ་ཉི་ཚེ་ལན་གསུམ་བརྗོད་ནས་དེའི་འོག་ཏུ་དགེ་བསྙེན་ནམ། དགེ་ཚུལ་དུ་བཟུང་དུ་གསོལ་ཞེས་ལན་གསུམ་བརྗོད་ཅེས་ཟེར་རོ། །དེ་ནི་མི་ འཐད་དེ། ཊཱི་ཀར། དེ་ནི་འཁྲུལ་པ་ཡིན་པར་རིག་པར་བྱའོ། །ཞེས་འབྱུང་བའི་ཕྱིར་དང་། ལུང་གཞིར། སྐྱབས་འགྲོ་དང་བཟུང་དུ་གསོལ་སྤེལ་ནས་ལན་གསུམ་བརྗོད་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །ཚུལ་དེ་དགེ་བསྙེན་མ་དང་དགེ་ཚུལ་མའི་ཆོ་ག་ལ་ རུང་བ་ཡིན་ཏེ། དེ་ལྟར་བྱེད་པར་ཕྲན་ཚེགས་ལས་བཤད་པའི་ཕྱིར་རོ། །འོན་ཏེ་དགེ་བསྙེན་དང་དགེ་ཚུལ་ཕ་ལ་ནི། ཆོ་གའི་ཚུལ་འདི་ཉིད་དག་སྟེ། ལུང་གཞི་དང་། མདོ་རྩ་འགྲེལ་ལས་འདི་ལྟར་འབྱུང་བའི་ཕྱིར་རོ། །སྐྱབས་འགྲོའི་ཚིག་རེ་རེ་དང་སྤེལ་ཚིག་ཏུ་སྦྱར་ 6-1-49a ནས། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླངས་པའི་ཚིག་ལན་གསུམ་བརྗོད་པར་བྱའོ། ། འདིར་དགེ་ཚུལ་སྐབས་མིན་ཡང་སྐྱབས་འགྲོ་རྩོམ་བྱེད་དགོས་པར་འདྲ་བས་དགེ་བསྙེན་གྱི་ཞར་བྱུང་ངོ་ཞེས་བུ་སྟོན་ལོ་ཙཱས་སོ། །དེའི་འོག་ཏུ་ ཞེས་པས་ཀྱང་གཞན་འདོད་ལ་ཟུར་ཟ་བ་སྟེ། སྔར་སྐྱབས་འགྲོ་ལན་གསུམ་བྱས་ནས་བཟུང་དུ་གསོལ་ལན་གསུམ་བྱེད་པའི་ལུགས་ལྟར་ན་བསླབ་པ་བརྗོད་པའི་འོག་ཏུ་བཟུང་དུ་གསོལ་ཞེས་བརྗོད་པར་འདོད་པ་དེ་དགག་པའི་ཆེད་ཡིན་ནོ། །བསླབ་པ་བརྗོད་པ་ནི་དགེ་ བསྙེན་གྱི་ལྔ་དང་དགེ་ཚུལ་གྱི་བཅུའོ། །ཁས་བླང་བའི་ཚུལ་གྱིས་བྱའོ། །ཞེས་པ་འདིར་སྲོག་གཅོད་པར་མི་བྱའོ་ཞེས་དགག་ཚིག་ཏུ་བརྗོད་དམ། སྲོག་གཅོད་པ་སྤོང་སྟེ་ཞེས་སྒྲུབ་ཚིག་ཏུ་བརྗོད་ཅེ་ན། མི་བྱ་བ་ནི་རེ་ཞིག་པ་ལ་ཡང་འཇུག་པས། གཏན་དུ་བར་གོ་བའི་ངེས་ པ་མེད་པས་སྲོག་གཅོད་པ་སྤོང་སྟེ་ཞེས་བརྗོད་དགོས་སོ། །བསླབ་བརྗོད་འདི་ལུང་བཞིན་ལན་གཅིག་གིས་ཆོག་པར་གསུངས་ལ། འགྲེལ་ཆུང་ནས་ལན་གསུམ་བཟླ་དགོས་ཟེར་རོ། །ཕྲན་ཚེགས་ལས། དགེ་བསྙེན་མ་དང་དགེ་ཚུལ་མ་རྣམས་ཀྱི་བསླབ་བརྗོད་ གསུམ་དུ་བྱས་ནས་དགེ་བསྙེན་དང་། དགེ་ཚུལ་མ་གཟུང་དུ་གསོལ་ཞེས་བརྗོད་པར་བཤད་པ་དང་འདི་དོན་མི་གཅིག་གོ། བསླབ་བརྗོད་ཀྱི་མཐར་ཁ་ཅིག་གིས། ཐབས་ལེགས་མི་དགོས་གསུང་ཡང་ལུང་གཞི་ནས་བརྗོད་དགོས་པར་བསྟན་པས་བསལ་ལོ། ། གསུམ་པ་ལ། སྔོན་འགྲོ་སྦྱོར་བའི་ཆོ་ག་བཤད། རབ་བྱུང་དངོས་གཞིའི་ཆོ་ག་བསྟན། །གོ་རིམ་རྣམ་གྲངས་གཞན་པ་བརྗོད། །དང་པོ་ལ། ཁྲེལ་ཡོང་ཕྱིར་དུ་ཞུ་ཞིང་གསོལ། །རབ་བྱུང་ཆེད་དུ་ཆ་ལུགས་སྦྱིན། །སྣོད་རུང་རྟོགས་ཕྱིར་བར་ཆད་བརྟག །དང་པོ་ལ། ཞུ་བ་དང་གསོལ་བ་ 6-1-49b གཉིས་ཀྱི། དགེ་འདུན་ལ་ཞུ་བ་ལ་སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། དེ་ཡང་རབ་ཏུ་འབྱིན་པ་ནི་དགེ་འདུན་ལ་ཞུ་དགོས་ཏེ། བདག་རབ་ཏུ་འབྱིན་པ་དགེ་འདུན་ལ་ཞུས་ཕྱིན་བདག་ཁ་ན་མ་ཐོ་བ་ལ་འཇུག་མི་རིགས་སོ་སྙམ་སྟེ་ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་ བ་དང་། རབ་ཏུ་འབྱིན་པ་དགེ་འདུན་ལ་ཞུ་དགོས་པར་བཅས་ཏེ་དེ་དགེ་འདུན་ལ་རག་ལས་པའི་ཕྱིར་དང་། དགེ་འདུན་གྱིས་རབ་ཏུ་ཕྱུང་བས་དགེ་འདུན་ལ་གུས་པར་འགྱུར་བ་དང་། དགེ་འདུན་དང་རབ་ཏུ་དབྱུང་པོ་ཕན་ཚུན་བསམ་པ་མཐུན་པས་ཚོགས་པ་གཅིག་པར་ འགྱུར་བ་དང་། ཕ་མས་འབེབས་པ་སོགས་ཀྱི་བར་ཆད་མཐོང་ན་དགེ་འདུན་གྱིས་འདྲེན་པར་འགྱུར་བ་དང་། དགེ་འདུན་ལ་མ་ཞུས་པར་ལྐོག་ཏུ་ཕྱུངས་ན་ལག་རྡུམ་སོགས་བློས་བཅད་དེ་རབ་ཏུ་འབྱུང་སྲིད་པས། དེ་ལྟར་ན་བསྟན་པ་ལ་རྨ་འབྱིན་པར་འགྱུར་བས་དགེ་འདུན་ ལ་ཞུ་དགོས་པར་བསྟན་པ་དང་། དགེ་འདུན་ལ་མ་ཞུས་ན་ནི་རྐུན་མ་ཞེས་སྐུར་འདེབས་འབྱུང་བས་སྐུར་པ་སྤང་ཕྱིར་རྣམས་ནི་དགེ་འདུན་ལ་ཞུ་བའི་དགོས་པ་ཡིན་ནོ། །གང་ལ་ཞུ་བའི་ཡུལ་དགེ་འདུན་ནི་ཆོས་གསུམ་དང་ལྡན་པ་སྟེ། དགེ་སློང་བཞི་ཡན་ཆད་ཀྱི་གྲངས་ཚང་ བ། ས་རང་བཞིན་དུ་གནས་པ་དང་། ཐོས་པའི་ཉེ་འཁོར་ན་གནས་པ་སྟེ་གསུམ་མོ། །རབ་བྱུང་གི་ཚིག་ཞུ་བ་བྱེད་པོའི་དགེ་སློང་ན་ཆོས་དགུ་དང་ལྡན་དགོས་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་། ལྟ་བ་མཐུན་པ་དང་། མཚན་མཐུན་པ་དང་། ཐ་སྙད་གསུམ་ སྤོ་མགུ་སོགས་སྤྱོད་པས་ཁྱད་པར་ཅན་གྱི་སྤྱོད་པ་སྤང་དགོས་པ་ཡིན་ནོ། །མཆན། དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། ས་རང་བཞིན་དུ་གནས་པ་དང་། དགེ་འདུན་ལ་ལྟོས་པས་མཚམས་ཀྱི་ནང་ན་གནས་པ་དང་། མཁན་པོར་ཕྱོགས་པ་ལས་གཞན་ཡིན་པ་དང་། ཞུ་བའི་ 6-1-50a ཆོ་ག་ཤེས་པའོ། །འདིའི་དང་པོ་དྲུག་ནི། དགེ་སློང་ཆོས་དྲུག་ལྡན་ཞེས་བྱ་སྟེ་ཆོ་ག་རྣམ་གཞག་གི་སྐབས་སུ་ཆོས་དྲུག་ལྡན་བྱ་བ་ཐམས་ཅད་ཀྱི་སྐབས་སུ་འདི་དྲན་པར་བྱའོ། །ཐ་སྙད་གསུམ་ལྡན་ནི། སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ་གནས་པའོ། ། ཞུ་བའི་ཚེ། ཆོ་གར་ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་འདི་ཞེས་གསུངས་པ་མངོན་སུམ་ན་ཡོད་པ་ལ་འཇུག་གི། རྒྱང་རིང་པོ་ན་ཡོད་ན་མི་འཇུག །དེ་དང་ཕྲིན་གྱིས་འཇུག་པ་ན་དེ་མངོན་སུམ་པར་ཡོད་མི་དགོས་པ་དམིགས་བསལ་ཡིན་ནོ། ། འདིར་གནས་ཁང་ཐ་དད་པ་ལ་ཞུ་ བའི་དོན་ལ། ཚ་རོད་པ་ན་རེ། དགེ་འདུན་དུ་མ་ལོངས་པ་ལ་ཡང་ཞུས་པས་གྲུབ་སྟེ། འགྲེལ་ཆུང་ལས། ལ་ལ་ཞིག་མ་འོངས་ན་ཡང་གནས་གང་ལ་འདུག་པར་གནས་གནས་སུ་དྲི་ཞེས་གསུངས་པའི་ཕྱིར་ཟེར་རོ། ། དེ་ལ་མཚོ་སྣ་པ་ན་རེ། དེ་མི་འཐད་དེ། མདོར། དགེ་འདུན་ལ་ཞུ་ཞེས་དང་། ལུང་གཞི་དང་། ཀར་ཤར། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་དང་། ཊཱི་ཀར། དགེ་འདུན་དུ་གྱུར་པའི་དགེ་སློང་དག་རང་རང་གི་གནས་ཁང་ན་གནས་པའི་ཚེ་གནས་ཁང་སོ་སོར་སོང་སྟེ་དེ་དག་གི་མདུན་དུ་ཞུར་ཡང་རུང་ངོ་ཞེས་འབྱུང་བ་ རྣམས་དང་འགལ་བའི་ཕྱིར་ཞེས་གསུངས་སོ། ། གཉིས་པ་ནི། མཁན་པོ་རང་གིས་བསྒྲུབ་བྱ་དེ་ལ་བྱ་བ་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས། དགེ་འདུན་ལ་རབ་བྱུང་ཞུ་བའི་ཕྱིར་འོས་པའི་དགེ་སློང་ལ་ཚིག་གིས་གཏད་པར་བྱའོ། །རང་གི་འབྲུ་ལ། བུ་ཊཱིཀ་ཏུ། དགེ་ ཚུལ་གྱི་མཁན་པོ་རང་གིས་ཞེས་བྲིས་གདའོ། །ཞུ་བར་བསྐོས་པའི་དགེ་སློང་གིས་ཀྱང་ཅི་འདིའི་བར་ཆད་ཡོངས་སུ་དག་གམ། ཞེས་མཁན་པོ་ལ་དྲིས་པས། མཁན་པོས་ཡོངས་སུ་དག་གོ་ཞེས་ཟེར་ན་དགེ་འདུན་ལ་ཞུ་བར་བྱའོ། །མཚམས་ནང་དེའི་དགེ་འདུན་ཐམས་ཅད་ 6-1-50b གནས་ཁང་གཅིག་ཏུ་འདུས་པ་ལ་ཡང་ཞུར་རུང་། གནས་ཁང་སོ་སོ་ན་འཁོད་པ་ལ་ཡང་ཞུར་རུང་ངོ་། །དགེ་འདུན་དུ་གྱུར་པའི་དགེ་སློང་མ་ལུས་པ་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །དེ་ལྟར་མ་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། ། གཉིས་པ་ནི། ཞུས་ཏེ་དགེ་འདུན་གྱིས་གནང་བའི་འོག་ཏུ་མཁན་པོར་གསོལ་བ་ལན་གསུམ་གདབ་པར་བྱའོ། །འདིར་མཁན་པོའི་དོན་ནི། ཨུ་པཱ་དྷྱ་ཡ་ཉེ་བར་ཀློག་པ་སྟེ་དགག་སྒྲུབ་གནང་གསུམ་གྱི་བསླབ་པའི་གནས་རྣམས་ཀློག་པའམ་ཀློག་ཏུ་འཇུག་པར་བྱེད་དེ་ ཨུ་པཱ་དྷཱ་ར་ཎ་ཉེ་བར་འཛིན་པ་སྟེ་དམན་པའི་གནས་སུ་ལྟུང་བ་ལས་འཛིན་པ་དང་། ཨུ་པཱ་སནྡྷི་ཉེ་བར་མཚམས་སྦྱོར་བ་སྟེ་ཤེས་རྒྱུད་བསླབ་པ་དང་མཚམས་སྦྱོར་བ་དང་། ཨུ་པཱ་ཧ་ར་ཉེ་བར་འཕྲོག་པ་སྟེ། སྲིད་པའི་དོན་གཉེར་རམ་ཉོན་མོངས་པ་ཉེ་བར་འཕྲོག་པ་སྟེ། དེ་ལྟ་བུ་མཛད་དུ་གསོལ་ཞེས་བཅོལ་བར་བྱའོ། ། གཉིས་པ་ནི། འདིར་སྐྲ་དང་ཁ་སྤུ་བྲེག་པའི་དགོས་པ་ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་དང་། དོན་དང་བྱ་བ་ཉུང་བ་དང་། ང་རྒྱལ་དང་རྒྱགས་པ་གཞོམ་པ་གསུམ་ཡིན་ཏེ། རིམ་བཞིན་གཞི་འགྲེལ་ལས། སྐྲ་དང་ཁ་ སྤུ་བྲེགས་ཏེ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བ་དང་། རྗེས་སུ་མཐུན་པར་བྱ་བའི་ཕྱིར་དང་། མི་བྲེལ་བར་བྱའོ་ཞེས་གསུངས་པའི་ཕྱིར་དང་། རྣམ་འབྱེད་ལས། ཕུ་ནུ་མོ་དག །སྐྲ་ནི་བྲེགས། མཆན་ཁུང་རལ་བུ་ཅན་དག་ཡིན་ན་རྒོད་དུ་ཅི་ཡོད་གསུངས་པའི་ཕྱིར་རོ། །གཞི་འགྲེལ་ལས། གཙུག་ ཕུད་བྲེགས་པས་ཉེ་དུ་རྣམས་ཀྱི་གྲལ་ནས་ཕྱུང་བའི་ཕྱིར་ཏེ། འཇིག་རྟེན་ན་སྨད་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན། དེ་རབ་བྱུང་འདོད་པ་ངེས་པར་ཡིན་མིན་བརྟག་པའི་ཕྱིར། གཙུག་ 6-1-51a ཕུད་མ་གཏོགས་པའི་སྐྲ་དང་ཁ་སྤུ་ནུས་ན་མཁན་པོ་དང་། དེས་བསྐོས་པས་ཀྱང་རུང་བས་བྲེག་པར་བྱའོ། །ཅི་གཙུག་ཕུད་བྲེག་གོ་ཞེས་དྲིས་ནས་བྲེག་ཏུ་སྟེར་ན་བྲེག་པ་དེ་བྱའོ། །མི་སྟེར་ན་སོང་ཞིག་བརྗོད་དོ། །དེ་ནས་དུས་མཐུན་གྱི་ཆུས་ ཁྲུས་བྱའོ། །མཁན་པོས་དེ་ལ་ཆོས་གོས་ངུར་སྨྲིག་གཉིས་པོ་དག་སྦྱིན་པར་བྱའོ། །ཀར་ཤ་ལས་ལྷུང་བཟེད་ཀྱང་ངོ་། །དེས་ཀྱང་མཁན་པོའི་རྐང་པ་གཉིས་ལ་གཏུགས་པའི་ཕྱག་བྱས་ཏེ་བླང་བར་བྱའོ། །གོས་དེ་མཁན་པོས་དེ་ལ་བསྐོན་པར་བྱའོ། །གསུམ་པ་ནི། དེའི་མཚན་མཁན་པོས་མ་ཚོར་བར་བརྟག་གོ། གཉིས་པ་ནི། ཉིད་ཀྱི་རྣམ་བཤད་ཀྱི་ཕྱོགས་སྔར། འདི་བར་དགེ་ཡིན་པས་མྱང་འདས་ཀྱི་བསམ་པ་དང་སྐྱབས་འགྲོ་མི་དགོས་སོ་ཞེ་ན་མིན་ཏེ། རབ་བྱུང་ནི་ཟག་བཅས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བའི་རང་ བཞིན་ཅན་ཡིན་ལ། དེ་ཡང་མྱང་འདས་ལ་བརྟེན་པ་མེད་པར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་མི་འགྲུབ་པས། འདིར་ཡང་དང་པོར་སྐྱབས་སུ་འགྲོ་བར་བརྩམས་པས་ཕྱིས་ཁྱིམ་པའི་གནས་སྐབས་སྤངས་ཏེ་རབ་ཏུ་བྱུང་བ་ཉེ་བར་བསྒྲུབ་པར་བྱའོ། །འདི་བསྒྲུབས་པས་ ཚིགས་འདས་ཀྱི་ཉེས་པ་ཁེགས། དགེ་ཚུལ་སྡོམ་པའི་སྣོད་དུ་རུང་བའོ། །འདིར་བར་མའི་དགེ་བས་སྤང་བྱ་གསུམ་སྤོང་བ་བླང་ཞེས་བོད་སྔ་མ་དག་ཟེར་ལ། གསུམ་པོ་ནི། བླ་མར་གསོལ་བཏབ་ཉམས་པ་སྤང་བ། ཁྱིམ་པའི་རྟགས་སྤངས་ཉམས་པ་སྤང་བ། རབ་ བྱུང་གི་རྟགས་བླངས་ཉམས་པ་སྤང་བའོ། །དེ་ལྟ་ནའང་། མཚོ་སྣ་པ་ཆེན་པོས། ཕྱི་མ་གཉིས་འདིའི་སྐབས་སུ་བླང་བ་ཆོ་ག་ལས་ཐོན་ཅིང་། སྔ་མ་འདི་སྐབས་སུ་བླང་བ་མིན་པར་མཁན་པོར་གསོལ་བའི་སྐབས་སུ་བླང་བ་ཡིན་ཏེ། འོད་ལྡན་ལས། བཙུན་པ་བདག་ 6-1-51b གི་མཁན་པོ་མཛད་དུ་གསོལ་ཞེས་གང་གིས་གསོལ་བ་བཏབ་པ་སྔོན་དུ་བཏང་ནས་ཁས་ལེན་པ་སྟེ། དེ་ཡོངས་སུ་གཏོང་བ་ནི་ཉམས་པ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་ཞེས་འཆད་དོ། །རབ་ཏུ་དབྱུང་ཚུལ་གྱི་ཆོ་ག་འདི་ལ། དེང་སང་སྡེ་པ་གཞན་གྱི་ཆོ་གས་བསླད་པ་ མང་ཆེས་པར་སྣང་བ་དག་འདོར་བར་བྱ་དགོས་སོ། །གསུམ་པ་ལ། ཚིག་གི་དོན་དང་། འཕྲོས་དོན་ནོ། །དང་པོ་ནི། མཁན་པོར་གསོལ་བའི་འོག་དེ་ཉིད་དུ་ཡང་རབ་ཏུ་འབྱིན་རུང་ངོ་། །རུང་བའི་སྒྲ་ནི་ལུགས་ཐ་དད་པར་རྟོགས་པའི་དོན་ཡིན་གྱི་རིགས་པར་སྟོན་ པའི་དོན་མིན་ཏེ། རུང་བའི་སྒྲ་ནི་འདོད་པ་རྣམ་པར་བརྟག་པའི་དོན་དུའོ་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ནི། མདོ་འདི་ལ་གཞན་གཞུང་དང་རང་གཞུང་དུ་འདོད་པ་མི་འདྲ་བ་དུ་མ་བྱུང་སྟེ། ཊཱི་ཀར། ཁ་ཅིག་ན་རེ། དཔེར་ན་དགེ་ཚུལ་ཉིད་རབ་བྱུང་ཁོ་ན་ལ་བྱེད་ པ་དེ་བཞིན་དུ་སྐྲ་དང་ཁ་སྤུ་བྲེགས་པ་དང་གོས་ངུར་སྨྲིག་བྱིན་ཞིང་བསྐོན་པ་ཡང་རབ་ཏུ་བྱུང་བ་ཁོ་ནའི་ཚུལ་ཡིན་པས། དེའི་ཕྱིར་མཁན་པོར་གསོལ་བའི་མོད་ཁོ་ན་ལས་རབ་ཏུ་དབྱུང་བར་བྱ་ཞིང་། ཕྱིས་སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་བྱའོ་ཞེས་ཟེར་རོ་ཞེས་ བཤད་དོ། །དེ་ལ་བརྟེན་ནས་བོད་ཁ་ཅིག་ཀྱང་གོ་རིམ་དེ་ལྟར་བྱེད་དེ། དེའི་རྒྱུ་མཚན་ཆོ་གར། ཁྱིམ་པའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ཞེས་གཟོད་སྤོང་ལེན་གྱི་ཚིག་བྱུང་བས་ཤེས་པའི་ཕྱིར་ཞེས་ཟེར་རོ། །འདི་ལ་སོག་ ཚུལ་ཁྲིམས་བླ་མ་ན་རེ། དེ་ལྟར་སྨྲ་ན་སྐྱོན་འདི་ལྟར་མཐོང་སྟེ། ལུང་གཞི་ལས། སྐྲ་བྲེགས་ཤིང་ཆོས་གོས་བསྐོན་ནས་དེའི་འོག་ཏུ་རབ་ཏུ་དབྱུང་བར་གསུངས་པ་དང་འགལ་ཅིང་། རབ་ཏུ་བྱུང་ཟིན་ནས་དེའི་རྗེས་སུ་སྐྲ་བྲེགས་ཤིང་ཆོས་གོས་བསྐོན་པ་དེ 6-1-52a ལྟར་ན་གཙུག་ཕུད་བཞག་པ་དོན་མེད་དུ་ཐལ། གཙུག་ཕུད་འཇོག་པ་ནི་རབ་ཏུ་དབྱུང་བར་ངེས་མ་ངེས་བརྟག་པར་ཡིན་པ་ལས་རབ་ཏུ་བྱུང་ཟིན་པའི་ཕྱིར། དེ་ལ་ཕྱོགས་སྔ་མ་ན་རེ། སྐྲ་བྲེགས་ཤིང་གོས་ངུར་སྨྲིག་སྦྱིན་པ་འདི་རབ་ཏུ་བྱུང་ ཟིན་པའི་རྗེས་སུ་བྱ་བ་ཡིན་ཏེ། རབ་ཏུ་བྱུང་བ་ཁོ་ནའི་ཚུལ་ཡིན་པའི་ཕྱིར་ཟེར་བ་དེ་ཡང་མི་འཐད་དེ། འོ་ན་བསྙེན་པར་རྫོགས་པ་ན་ཆོས་གོས་དང་སྣམ་སྦྱར་བྱིན་གྱིས་རློབ་པ་དེ་ཆོས་ཅན། བསྙེན་རྫོགས་ཟིན་པའི་རྗེས་སུ་བྱ་རིགས་པར་ཐལ། བསྙེན་པར་རྫོགས་པ་ཁོ་ ནའི་ཚུལ་ཡིན་པའི་ཕྱིར། མགོ་སྙོམས་མ་གྲུབ་ན་སྔ་མ་ལ་མ་གྲུབ་པར་ཡང་མགོ་སྙོམས་སོ། །གཞན་ཡང་ཆོ་གར། སྤོང་ངོ་ལེན་ཏོ་ཞེས་གཟོད་སྤོང་ཡིན་གྱི་ཚིག་སྦྱར་བའི་དོན་དང་མི་འགལ་ཏེ། བསམ་པས་དམ་བཅའ་བའི་སྒོ་ནས་སྤོང་ལེན་གྱི་དམ་བཅའ་ད་ གཟོད་ཁས་ལེན་པའི་ཕྱིར་རོ། །དེ་ལ་ཕྱོགས་སྔས། དེ་ལྟར་ན་རབ་བྱུང་མིན་པར་ཁྱིམ་པ་ལ་ཆོས་གོས་བསྐོན་ན་ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པར་འགྱུར་བའི་ཕྱིར། རབ་ཏུ་བྱུང་ཟིན་ནས་ཆོས་གོས་བསྐོན་པའི་ལུགས་འདི་འཐད་དོ་ཞེ་ན། དེ་ལ་དེ་བསྐོན་ཀྱང་དེར་མ་ གུས་པའི་ཉེས་པར་མི་འགྱུར་ཏེ། དམིགས་བསལ་ཡིན་པའི་ཕྱིར་ཞེས་ཟེར་རོ། །མཚོ་སྣ་པ་ཆེན་པོའི་ཞལ་ནས། རབ་བྱུང་དང་ཆ་ལུགས་སྦྱིན་པ་གཉིས་ལ་གོ་རིམ་གང་བདེར་བྱེད་ཆོག་སྟེ། འགྲེལ་ཆུང་ལས། མཁན་པོར་གསོལ་བའི་འོག་དང་། སྐབས་འདི་ གཉིས་གང་དུ་བྱས་ཀྱང་ཉེས་པ་མེད་དོ་ཞེས་གསུངས་པས་སོ། །བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པའི་ཞལ་སྔ་ནས། འབྱོར་པ་མེད་པའི་ཁྱིམ་པ་རབ་ཏུ་དབྱུང་ན་སྔོན་རབ་ཏུ་ཕྱུང་། ཕྱིས་ཆ་ལུགས་འཚོལ་བཅུག་ནས་སྦྱིན། འབྱོར་ལྡན་གྱི་ཁྱིམ་པ་ལ་སྔོན་ཆ་ལུགས་ 6-1-52b བྱིན། ཕྱིས་རབ་ཏུ་དབྱུང་ཞེས་གསུངས་པ་ནི། ལུང་ལས། མི་འབྱུང་བས་ཕྱིས་བཏགས་པའི་ཟེར་སྒྲོས་སོ། །བཞི་པ་ནི། རབ་ཏུ་ཕྱུང་བའི་གང་ཟག་དེ་མཁན་པོས་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་སློབ་དཔོན་དུ་འོས་པའི་དགེ་སློང་ལ་གཏད་པར་བྱའོ། །སློབ་ དཔོན་དུ་འོས་པའི་དགེ་སློང་དེས་ཀྱང་། ཅི་ཡོངས་སུ་དག་གམ་ཞེས་དྲིས་ལ་ཞེས་སོ། །གཉིས་པ་ནི། གང་གི་ཚེ་དག་ན་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱའོ། །དེ་ཡང་དགེ་ཚུལ་གྱི་སྡོམ་པ་འདི་ཕུན་ཚོགས་ཀྱི་དབང་དུ་བྱས་ན། མཁན་སློབ་དགེ་འདུན་དང་ བཅས་པ་ལས་ལེན་དགོས་ཀྱང་། སྐྱེ་བའི་རྒྱུ་རྐྱེན་གཞན་ཚང་ན་དེ་དག་མེད་ཀྱང་དགེ་ཚུལ་གྱི་སྡོམ་པ་སྐྱེའོ། །དེ་ལྟ་ནའང་སློབ་དཔོན་མེད་ན་མི་སྐྱེ་སྟེ། ཊཱི་ཀ་ལས། དགེ་ཚུལ་གྱི་སྡོམ་པ་ནི་གཞན་མཁན་པོ་ལས་གཞན་སློབ་དཔོན། མཆན། ལས་ཐོབ་པ་ཁོ་ན་ཡིན་ནོ། །ཞེས་སོ། །འདི་ལ་བྱ་འདུལ་ན་རེ། དགེ་ཚུལ་དུ་སྒྲུབ་པ་དེ་མཁན་པོ་རང་གིས་བྱས་ཀྱང་སྐྱེ་མོད་ཀྱི། འོན་ཀྱང་དགེ་ཚུལ་ནི་གཞོན་ནུ་ལ་བྱེད་པ་ཤས་ཆེ་བས་ཕ་མ་གཉིས་ཀྱིས་བུ་ཚ་སྐྱོང་བ་བཞིན་མཁན་སློབ་གཉིས་ཀྱིས་བསྐྱང་བའི་ཕྱིར་དང་། ཕ་མ་དང་བྲལ་ལོ་སྙམ་པའི་ ཡིད་བསྲིང་བའི་ཕྱིར་རོ་ཟེར་རོ། །འདིར་ལུས་རྟེན་ལ་དངོས་པོའི་སྒོ་ནས་ནར་སོན་པ་ཞིག་དགོས་ཏེ། མངལ་ཤོལ་གྱི་ཟླ་བ་དང་བཅས་པས་ལོ་བདུན་ལོན་ཅིང་བྱ་རོག་སྐྲོད་ནུས་པ་ཞིག་དགོས་པའི་ཕྱིར་རོ། །འོན་ཏེ། སྒྲ་གཅན་ཟིན་གྱིས་མའི་མངལ་དུ་ལོ་དྲུག་ བཞུགས་ཏེ་སྐྱེས་ནས་ལོ་གཅིག་ལོན་པ་ན། ལོ་བདུན་ལོན་པ་དང་། རྒན་པོ་སྐྱེས་ནི་མངལ་དུ་ལོ་དྲུག་ཅུར་གནས་པ་ལྟ་བུ་ཚད་ལས་བརྒལ་བས་འདིར་མི་བཟུང་ངོ་། །འདིར་སྐྱོགས་འདུལ་འཛིན་ན་རེ། ལོ་བདུན་མ་ལོན་པར་དགེ་ཚུལ་གྱི་སྡོམ་པ་སྐྱེ་སྟེ། ཊཱི་ཀ་ 6-1-53a ལས། ད་ནི་སྐྱེ་བའི་ཆོས་ཉིད་ཀྱིས་རབ་ཏུ་དབྱུང་བར་མི་འོས་པ་དག་གི་མཚན་ཉིད་བསྟན་པའི་ཕྱིར་རོ། །ཞེས་མཚམས་སྦྱར་ནས། རྒན་ཆེས་པ་དང་གཞོན་ཆེས་པ་དང་། ཞེས་བཤད་པས་ཤེས་སོ་ཟེར་རོ། །འདི་ལ་མཚོ་སྣ་པ་ཆེན་པོ་ན་རེ། དེ་མི་འཐད་དེ། ལོ་བདུན་མ་ལོན་པ་ལ་དེར་འདུ་ཤེས་པས་དགེ་ཚུལ་གྱི་སྡོམ་པ་ལེན་པ་ཆོས་ཅན། སྡོམ་པ་མི་སྐྱེ་བར་ཐལ། ལོ་ཉི་ཤུ་མ་ལོན་པར་དགེ་སློང་གི་སྡོམ་པ་མི་སྐྱེ་བར་གསུངས་ལ། དེ་དང་རང་སའི་ངེས་བཟུང་གི་ལོ་གྲངས་མ་ལོན་པའི་སྒོ་ནས་རྒྱུ་མཚན་ མཚུངས་པའི་ཕྱིར། ཊཱི་ཀར། སྐྱེ་བའི་ཆོས་ཉིད་ཀྱིས་ཞེས་བཤད་པ་དེ་ལག་རྡུམ་སོགས་ཕལ་ཆེ་བ་རྣམས་ལ་སྡོམ་པ་སྐྱེ་བར་དགོངས་ནས་དེ་སྐད་གསུངས་པ་ཡིན་ན་ཞེས་བཞེད་དོ། །བོད་སྔ་རབས་པ་ཁ་ཅིག །ཞུ་བ་མང་ཤོས་ཀྱི་ལུང་དྲངས་ནས་དགེ་ཚུལ་ཟིན་ མ་ཐག་བླ་གོས་མཐང་གོས་གདིང་བ་ལྷུང་བཟེད་བཞི་བྱིན་གྱིས་རློབ་པར་བྱེད་དོ། །འདི་ལ་བུ་སྟོན་ན་རེ། ཞུ་བ་མང་ཤོས་ཀྱི་ལུང་དེ་མ་དག་པ་སྟེ། དེའི་སྐབས་ནས་དགེ་ཚུལ་དང་། དགེ་ཚུལ་མ་ལ་ཆོས་གོས་དང་བྲལ་བའི་ཉེས་པ་འབྱུང་བར་བཤད་ཀྱང་། བྱེ་བཤད་ སོགས་ལས་ཉེས་པ་མེད་པར་གཏན་ལ་ཕབ་པ་བཞིན་ནོ། །དེས་ན་དགེ་ལེགས་བཤེས་གཉེན་གྱི་འགྲེལ་པས་གཏན་ལ་ཕབ་པའི་ཞུ་བ་ཁ་ཆེ་བ་ལས། བཙུན་པ་དགེ་སློང་གིས་གང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཉེ་བ་འཁོར་དགེ་སློང་གིས་ནི་ དགེ་སློང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཉེ་བ་འཁོར་དགེ་སློང་མས་ནི་དགེ་སློང་མའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱ་སྟེ་དབྱུང་བ་དང་རུང་བར་བྱ་བ་ཡང་དེ་བཞིན་དུ་བྱའོ། །ཞེས་གསུངས་པས་འདི་ཚད་མར་བྱའོ། །ཞེས་སོ། །གསུམ་པ་ 6-1-53b ལ། བླ་མ་རྣམས་ཀྱི་དབྱེ་བ་བཤད། །བླ་མ་གྱུར་པའི་གནས་སྐབས་བརྗོད། །གྱུར་ཚེ་མཚན་ནས་སྨོས་ཚུལ་བསྟན། །དང་པོ་ལ་ཚིག་དོན་དང་། འཕྲོས་དོན་གཉིས་ལས། དང་པོ་ནི། དགེ་ཚུལ་དུ་སྒྲུབ་བྱེད་ཀྱི་དགེ་སློང་དེ་ནི་དེའི་སློབ་དཔོན་ཡིན་ནོ། །བསྙེན་ རྫོགས་ཀྱི་སྐབས་སུ་གསངས་ཏེ་སྟོན་པ་དང་། གསོལ་བཞིའི་ལས་བྱེད་པ་དང་། གནས་སྦྱིན་པ་དང་། ཀློག་པ་ཡང་སློབ་དཔོན་ཡིན་ནོ། །གཉིས་པ་འཕྲོས་པའི་དོན་བཤད་པར་འདོད་དེ། དེ་ཡང་སྤྱིར་བླ་མ་རྣམས་ལ་བརྟེན་ནས་དངོས་སམ་བརྒྱུད་པས་བརྗོད་བྱ་ བསླབ་པ་གསུམ་རྫོགས་པར་འགྱུར་བ་དང་། རྗོད་བྱེད་སྡེ་སྣོད་གསུམ་དང་ལྡན་པར་འགྱུར་རོ། །དེ་ཡང་མཁན་པོ་གཉིས་དང་། སྡོམ་པ་འབོགས་པའི་སློབ་དཔོན་གསུམ་སྟེ་མཁན་སློབ་ལྔ་པོ་དེ་དངོས་སམ་བརྒྱུད་པའི་སྒོ་ནས་བསླབ་པ་གསུམ་གའི་མཐུན་རྐྱེན་དུ་ འགྱུར་བ་སྟེ། བླ་མ་ལྔ་པོ་དེས་དངོས་སུ་ཚུལ་ཁྲིམས་ཀྱི་མཐུན་རྐྱེན་བྱེད་ཅིང་ཚུལ་ཁྲིམས་ལ་བརྟེན་ནས་སེམས་དང་ཤེས་རབ་ཀྱི་བསླབ་པ་འབྱུང་རུང་ཡིན་པའི་ཕྱིར། གནས་ཀྱི་བླ་མ་ཡང་དངོས་སམ་བརྒྱུད་པའི་སྒོ་ནས་བསླབ་པ་གསུམ་གའི་མཐུན་རྐྱེན་དུ་འགྱུར་བ་ སྟེ། གནས་ཀྱི་བླ་མ་ལ་བརྟེན་ནས་སློབ་མའི་ཚུལ་ཁྲིམས་མ་ཉམས་ཤིང་བརྟན་པར་འགྱུར་ལ། ཚུལ་ཁྲིམས་ལ་བརྟེན་ནས་སེམས་དང་ཤེས་རབ་ཀྱི་བསླབ་པ་འབྱུང་རུང་ཡིན་པའི་ཕྱིར། ཀློག་པའི་སློབ་དཔོན་ཀྱང་དངོས་སམ་བརྒྱུད་པའི་སྒོ་ནས་བསླབ་པ་གསུམ་ གའི་མཐུན་རྐྱེན་དུ་འགྱུར་བ་སྟེ། སྤང་བྱ་ཤེས་པའི་སྒོ་ནས་ཚུལ་ཁྲིམས་མི་ཉམས་པའི་མཐུན་རྐྱེན་བསྒྲུབ་ཅིང་། ཐོས་པའི་ཤེས་རབ་དངོས་སུ་བསྐྱེད་ལ་ཏིང་ངེ་འཛིན་གྱི་གདམས་ངག་སྟོན་པ་དེ་ཡང་ཀློག་པའི་སློབ་དཔོན་ཡིན་ལ། གདམས་ངག་དེ་ལ་བརྟེན་ནས་ 6-1-54a སེམས་ཀྱི་བསླབ་པ་འབྱུང་རུང་ཡིན་པའི་ཕྱིར་རོ། །སྤྱིར་བླ་མའི་རྣམ་དབྱེ་ལ། ལུང་ལས། རབ་ཏུ་འབྱིན་པར་བྱེད་པའི་མཁན་པོ་དང་། བསྙེན་རྫོགས་ཀྱི་མཁན་པོ་དང་། དགེ་ཚུལ་གྱི་སློབ་དཔོན་དང་། གསངས་ཏེ་སྟོན་པ་དང་། ལས་བྱེད་པ་དང་། གནས་སྦྱིན་པ་ དང་། ཀློག་པའི་སློབ་དཔོན་ནོ། །བསྡུ་ན། མཁན་པོ་དང་སློབ་དཔོན་གཉིས་སུ་འདུའོ། །འོ་ན་སྤྱིར་བླ་མའི་མཚན་ཉིད་ནི། སློབ་མ་ལ་བལྟོས་ནས་དངོས་སུ་ཆོས་འབྲེལ་གྱི་ཡུལ་ཁྱད་པར་ཅན་དུ་གནས་པའོ། །བྱེ་བྲག་བླ་མ་བྱར་རུང་གི་མཚན་ཉིད་ནི། མཁན་པོ་དང་གནས་ ཀྱི་སློབ་དཔོན་བྱར་རུང་གི་མཚན་ཉིད་དང་འདྲ་སྟེ་འོག་ནས་འཆད་དོ། །དགེ་ཚུལ་གྱི་སློབ་དཔོན་བྱར་རུང་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་དགེ་ཚུལ་གྱི་སྡོམ་པ་འབོགས་ཆོག་ལེགས་པར་ཤེས་པ་དང་བདུན་ནོ། །གསངས་སྟོན་གྱི་སློབ་དཔོན་བྱར་རུང་ནི། ཆོས་དྲུག་ལྡན་གྱི་སྟེང་དུ་བར་ཆད་དྲི་བའི་ཆོ་ག་ལེགས་པར་ཤེས་པ་དང་བདུན་ནོ། །ལས་བྱེད་པའི་སློབ་དཔོན་བྱར་རུང་ནི། ལས་ཀྱི་ཁ་སྐོང་བར་འོས་ཤིང་ལས་ཀྱི་ཆོ་ག་ལེགས་པར་ཤེས་པ་སྟེ། ཆོས་དེ་གཉིས་དང་ལྡན་པ་ཞིག་དགོས་སོ། །ཀློག་པའི་སློབ་ དཔོན་བྱར་རུང་ནི། རབ་ཏུ་བྱུང་བ་རང་རང་གི་སྡོམ་པ་དག་པ་དང་། ས་རང་བཞིན་དུ་གནས་པ་དང་། རྟགས་མཐུན་པ་དང་། མཚན་མཐུན་པ་དང་། རང་གི་བསླབ་བྱའི་ཆོས་དེ་ལེགས་པར་ཤེས་པའི་ཆོས་ལྔ་ལྡན་ནོ། །བླ་མར་རུང་བའི་དུས་ནི་འོག་ནས་འཆད་དོ། ། ཡང་མཐའ་གཅིག་ཏུ་མཁན་སློབ་བདུན་དུ་གྲངས་མ་ངེས་ཏེ། ལུང་གཞིར། དགེ་བསྙེན་གྱི་སྡོམ་པ་འབོགས་པའི་སློབ་དཔོན་གསུངས་པ་དང་། རབ་ཏུ་འབྱིན་པའི་མཁན་མོ་དང་། དགེ་སློབ་མའི་མཁན་མོ་དང་། བསྙེན་རྫོགས་བྱེད་པའི་མཁན་མོ་སྟེ་བུད་མེད་ལ་ 6-1-54b མཁན་མོ་གསུམ་ཡོད་པའི་ཕྱིར། དགེ་སློབ་མའི་ལས་བྱེད་པ་མོ་ལ་སོགས་པ་ཡང་སློབ་དཔོན་མ་ཉིད་ཡིན་པར་རིགས་པའི་ཕྱིར་རོ། །འོན་ཏེ་བླ་མ་བདུན་གྱི་གྲངས་ངེས་ནི་རགས་པའི་དབང་དུ་བྱས་པ་ཡིན་ནོ། །འདིར་སློབ་དཔོན་ལྔའི་གོ་རིམ་ནི། དང་པོར་དགེ་ཚུལ་གྱི་ སྡོམ་པ་འབོགས་པའི་སློབ་དཔོན་གྱིས་དེའི་སྡོམ་པ་སྦྱིན། དེ་ནས་གསངས་སྟོན་གྱིས་བར་ཆད་དྲིས། དེ་ནས་དགེ་སློང་གི་སྡོམ་པ་སྦྱིན་པའི་ལས་བྱེད། སྡོམ་པ་དེ་བྱིན་ནས་གནང་བ་ཞུས་ཏེ། མཚན་མོའི་མཐར་གནས་མེད་ཀྱི་ཉེས་པ་ཁེགས། དེའི་རྗེས་སྡེ་སྣོད་ཀྱི་ཆོས་ སློབ་པས་གོ་རིམ་མོ། །གལ་ཏེ་གསངས་སྟོན་པས་ལས་བྱེད་པ་སྔོན་དུ་འགྲོ་རིགས་ཏེ། ལས་བྱེད་པས་གསངས་སྟོན་བསྐོ་དགོས་སྙམ་ན། སྐྱོན་མེད་དེ། ཆོ་ག་ལ་དེ་ལྟར་ཡིན་ཀྱང་ཡུལ་ལ་བྱ་བའི་རིམ་པའི་དབང་གིས་སྔ་མ་ལྟར་འཐད་པའི་ཕྱིར་རོ། །བླ་མའི་ རྣམ་བཞག་འདི་ལ་དོགས་པ་འདི་ལྟར་ཡོད་དེ། ཅི་བསྙེན་རྫོགས་ཀྱི་སྡོམ་པ་ནི་གཙོ་ཆེར་དད་དགེ་ལས་ཐོབ་པ་ཡིན་ཀྱང་བླ་མར་མི་འགྱུར་ལ། གསངས་སྟོན་མེད་ཀྱང་སྡོམ་པ་འཐོབ་པས་སྡོམ་པ་སྐྱེ་བ་ལ་གསངས་སྟོན་ངེས་བཟུང་གི་ཡན་ལག་མིན་ཡང་དེ་སློབ་དཔོན་དུ་ བཞག་པའི་རྒྱུ་མཚན་ཅི། སྤྱིར་མཁན་པོ་སོགས་བླ་མར་བཞག་པའི་རྒྱུ་མཚན་ཅི་ཞེ་ན། ངག་གི་ལས་ཁྱད་པར་ཅན་གྱི་སྒོ་ནས་དམ་པའི་ཆོས་ཀྱིས་དངོས་སུ་ཕན་འདོགས་པའི་ཁྱད་པར་ཅན་གྱི་བྱ་བ་བསྒྲུབ་པའི་ཕྱིར་ཡིན་ཏེ། གཙོ་བོར་སངས་རྒྱས་ཀྱིས་བཅས་པའི་དབང་ ཉིད་ལས་སོ། །ངག་གི་ཕན་འདོགས་བླ་མར་འགྱུར་ན་རབ་བྱུང་ཞུ་བ་ཙམ་དེར་འགྱུར་རོ་སྙམ་ན་མིན་ཏེ། རབ་བྱུང་ཞུ་བ་ནི་བརྒྱུད་ནས་ཕན་འདོགས་པ་ཙམ་ཡིན་གྱི་དངོས་སུ་ཕན་འདོགས་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་ 6-1-55a བཤད་དོ། །དང་པོ་ལ་གཉིས་ཏེ། སློབ་དཔོན་དུ་གྱུར་དུས་དང་། མཁན་པོར་གྱུར་དུས་སོ། །དང་པོ་ལ་ཚིག་གི་དོན་དང་། འཕྲོས་པའི་དོན་ནོ། །དང་པོ་ནི། སློབ་དཔོན་དུ་འོས་པའི་དགེ་སློང་ལྔ་པོ་དེས་དེ་སྐབས་ཀྱི་དོན་གྲུབ་པ་ན། དེ་སྐབས་ ཀྱི་སློབ་མ་རྣམས་ཀྱི་སློབ་དཔོན་དུ་གྱུར་པ་ཉིད་དོ། །གཉིས་པ་ནི། འདིའི་སྐབས་སུ་གསངས་སྟོན་སློབ་དཔོན་དུ་འགྱུར་ཚུལ་ལ་དཔྱད་པར་བྱ་སྟེ། དེ་ཡང་ཀོ་ཁྱིམ་པ་ཆེན་པོ་ན་རེ། སློབ་མའི་རྒྱུད་ལ་དགེ་སློང་གི་སྡོམ་པ་སྐྱེས་པ་ན་གསངས་སྟོན་སློབ་དཔོན་དུ་འགྱུར་ ཏེ། སྡོམ་པ་ཐོབ་པ་ན་དོན་གྲུབ་ཅིང་དེ་གྲུབ་ན་སློབ་དཔོན་དུ་འགྱུར་བར་མདོ་འདིས་བསྟན་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་མཚོ་སྣ་པ་ཆེན་པོ་ན་རེ། དེ་ལྟར་ན་ཉིད་ཀྱི་རྣམ་བཤད་ལས། བརྗོད་པ་མ་རྫོགས་པ་དེ་ལ་ཆ་གསུམ་པ་འདི་ལ་འཇུག་པ་ན་གྲུབ་པ་ཉིད་འབྱུང་བ་ཡིན་ ཏེ། མཚམས་བཅད་པ་ལ་སོགས་པ་ཐམས་ཅད་ཆོ་ག་འདི་བལྟ་བར་བྱའོ། །དེ་ལྟར་ན་གསངས་ཏེ་སྟོན་པ་ལ་གསངས་ཏེ་བསྟན་པ་མ་རྫོགས་པ་ལ་སློབ་དཔོན་ཉིད་ཅེས་འབྱུང་བའི་དོན། བར་ཆད་རྣམས་དྲིས་ཟིན་ཀྱང་འོང་བ་མ་ཞུས་པར། གསངས་ཏེ་སྟོན་པའི་བྱ་བ་མ་ རྫོགས་པ་ལ་སློབ་དཔོན་དུ་འགྱུར་ཞེས་བསྟན་ལ། དེ་དང་མཐུན་པར། ལུང་ལྔ་ཚན། ཊཱི་ཀ །འགྲེལ་ཆུང་རྣམས་ལས་བཤད་པའི་ཕྱིར་དང་། རིགས་པས་ཀྱང་འཐོབ་སྟེ། གསངས་སྟོན་གྱི་བྱ་བ་བར་ཆད་དྲིས་ཟིན་པ་ཆོས་ཅན། དོན་གྲུབ་ན་སློབ་དཔོན་དུ་གྱུར་པ་ཉིད་ ཡིན་ཏེ། གསངས་སྟོན་གྱི་བྱ་བ་ཕལ་ཆེར་བྱས་ན་བྱས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །དེས་ན་རང་ལུགས་གསངས་སྟོན་སློབ་དཔོན་དུ་འགྱུར་ཚུལ་ནི། སློབ་མའི་རྒྱུད་ལ་སྡོམ་པ་སྐྱེས་པས་དོན་གྲུབ་པར་མི་བཞག་གི། སློབ་དཔོན་དུ་འགྱུར་བའི་བྱ་བ་བྱས་པའི་ 6-1-55b ཆ་ནས་དོན་གྲུབ་པར་བཞག་གོ། འོ་ན་གསངས་སྟོན་གྱིས་བར་ཆད་དྲིས་པ་ན་གསངས་སྟོན་གྱི་སློབ་དཔོན་དུ་འགྱུར་ན། དེའི་ཚེ་བསྙེན་རྫོགས་ལེན་པོ་བློ་ལོག་སྟེ་ཚེ་རིལ་དགེ་ཚུལ་དུ་གནས་པ་ལ་གསངས་སྟོན་གྱི་སློབ་དཔོན་ཡོད་པར་ཐལ་ཅེ་ན། འདོད་པ་ཡིན་ཏེ། དཔེར་ ན་བསྙེན་རྫོགས་ཀྱི་མཁན་པོར་གྱུར་པ་ན། བསྙེན་རྫོགས་ལེན་པོ་བློ་ལོག་སྟེ་ཚེ་རིལ་དགེ་ཚུལ་ཉིད་དུ་གནས་པ་ལ་ཡང་བསྙེན་རྫོགས་ཀྱི་གསོལ་བ་བཏབ་པའི་མཁན་པོ་ཡོད་པ་བཞིན་ནོ། །དེས་མཚོན་ཏེ་རབ་བྱུང་གི་མཁན་པོར་གསོལ་ནས་རབ་ཏུ་བྱུང་བ་ལས་བློ་ལོག་སྟེ། ། དགེ་བསྙེན་དུ་ཚེ་རིལ་གནས་པའི་ཁྱིམ་པ་ལ་ཡང་མཁན་པོ་ཡོད་ཅེས་རིགས་སོ། །ཡང་ཁ་ཅིག་འདི་ལྟར་དོགས་ཏེ། གསངས་སྟོན་དེ་སྡོམ་པ་མ་ཐོབ་པ་ཐོབ་བྱེད་ཀྱི་སློབ་དཔོན་མིན་པར་ཐལ། ལེན་པོ་སྡོམ་པ་མ་ཐོབ་ཀྱང་སློབ་དཔོན་དུ་འགྱུར་བའི་ཕྱིར་ཞེ་ན་མ་ཁྱབ་སྟེ། མཁན་པོ་ཆོས་ཅན། སྡོམ་པ་མ་ཐོབ་པ་ཐོབ་བྱེད་ཀྱི་མཁན་པོ་མིན་པར་ཐལ། ལེན་པོས་སྡོམ་པ་མ་ཐོབ་ཀྱང་མཁན་པོར་གྱུར་པའི་ཕྱིར་ཞེས་མགོ་སྙོམས་སོ། །ཡང་གསངས་སྟོན་གྱིས་བར་ཆད་དྲིས་པ་ཆོས་ཅན། གསངས་སྟོན་གྱིས་དྲིས་པ་མིན་པར་ཐལ། དེ་འདྲི་ བའི་ཚེ་གསངས་སྟོན་སློབ་དཔོན་དུ་མ་གྱུར་པའི་ཕྱིར། མ་གྲུབ་ན། དེར་འགྱུར་བ་དྲི་བ་ལ་བལྟོས་པ་བསལ། འདོད་ན། ཀར་ཤ་དང་། ཊཱི་ཀར། གསངས་ཏེ་སྟོན་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་གསངས་ཏེ་དྲིས། ཞེས་བཤད་པ་དང་འགལ་ཅེ་ན། དེ་ནི་རྒྱུ་ ལ་འབྲས་བུའི་མིང་གིས་བཏགས་པ་སྟེ། ཀར་ཤ་དང་། ཊཱི་ཀར། ལས་བྱེད་པའི་སློབ་དཔོན་གྱིས། བར་ཆད་ཀྱི་ཆོས་རྣམས་དགེ་འདུན་གྱི་ནང་དུ་དྲི་ཞེས་གསུངས་པ་བཞིན་ནོ། །ཡང་འདིར་ཤ་མི་ན་རེ། འོག་གི་བརྗོད་པ་ཐ་མའི་ཆ་གསུམ་པ་ལ་གྲུབ་པ་ཉིད་ཅེས་པ་དེ་ 6-1-56a གསངས་སྟོན་གྱི་སློབ་དཔོན་དུ་འགྱུར་ཚུལ་གྱི་རྒྱས་བཤད་ཡིན་ལ། དེ་མིན་ན་དེའི་རྒྱས་བཤད་ཆད་པའི་སྐྱོན་ཡོད་ཟེར་ཡང་ཆད་པའི་སྐྱོན་དུ་མི་འགྱུར་ཏེ། འདིར་དང་པོ་ནས་རྒྱས་བཤད་མ་མཛད་པར་མདོར་བསྟན་ཙམ་གྱིས་རྟོགས་པར་དགོངས་པའི་ ཕྱིར་རོ། །གཉིས་པ་ནི། མཁན་པོར་གསོལ་བའི་སྔགས་ལན་གསུམ་བརྗོད་པ་ན་ཁས་བླངས་པ་ཡིན་པས་ན་མཁན་པོ་དེར་གྱུར་ཏོ། །འོ་ན་སྡོམ་པ་མ་ཐོབ་ཀྱང་མཁན་པོར་འགྱུར་བ་ཅི་ཞེ་ན་མཁན་པོ་ནི་དེའི་དོན་ལ་གཉེར་ཆེ་བའི་ཕྱིར་ཡིན་ཏེ། སྤྲུལ་པ་རབ་བྱུང་གི་སྐབས་ ཀྱི་ལུང་གཞི་ལས། དགེ་སློང་དག་ཤན་པ་བྱེད་དུ་འཇུག་པ་ནི་སླའི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་ཡལ་བར་བོར་བ་ནི་མི་རུང་ངོ་། །ཞེས་དང་། མཁན་པོ་ཚུལ་བཞིན་བྱས་པའི་ཕན་ཡོན་ནི། ལུང་ཕྲན་ཚེགས་ལས། གང་ལ་བརྟེན་ནས་རབ་ཏུ་བྱུང་བའི་གང་ ཟག་དེས། །གང་ཟག་དེ་ལ་ཇི་སྲིད་འཚོ་བའི་བར་དུ་ཡང་། །ཆོས་གོས་བསོད་སྙོམས་སྨན་དང་ཡོ་བྱད་གང་དག་གིས། །མཁན་པོའི་དྲིན་ལན་བླན་པར་སླ་བ་མ་ཡིན་ནོ། །ཞེས་དང་། མདོ་སྡེ་མཛངས་བླུན་ལས། དཔེར་ན་ལོང་བ་བརྒྱའི་མིག་སྨན་པ་མཁས་པས་ཕྱེ་སྟེ་ མཐོང་བར་བྱས་པ་དང་། མི་བརྒྱའི་མིག་ཕྱུང་བ་ལ་ཐུག་པ་ལས་མིག་དབྱུང་བ་དེ་དག་ལས་ཐར་བར་བྱས་ན། འདི་གཉིས་ཀྱི་བསོད་ནམས་ནི་དཔག་ཏུ་མེད་མོད་ཀྱི། འོན་ཏེ་གཞན་རབ་ཏུ་བྱུང་ངམ། བདག་རབ་ཏུ་བྱུང་བའི་བསོད་ནམས་ཙམ་གྱི་ཆར་མི་ཕོད་དོ། །ཁ་ཅིག་ གིས། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་མཐོ་ཁྱད་སུམ་ཅུ་རྩ་གསུམ་གནམ་ལ་ཐུག་པར་བྱས་པའི་བསོད་ནམས་ཀྱིས་ཀྱང་རབ་ཏུ་བྱུང་བའི་བསོད་ནམས་ཙམ་གྱི་ཆར་མི་ཕོད་ཅེས་གསུངས་སོ། །གཉིས་པ་ལ། སྡོམ་སྩོལ་བླ་མར་གྱུར་ཚུལ་བསྟན། །གནས་སྦྱིན་ 6-1-56b བླ་མར་གྱུར་ཚུལ་བརྗོད། །ལུང་གི་བླ་མར་གྱུར་དུས་སོ། །དང་པོ་ལ། བྱེ་བྲག་སློབ་དཔོན་གྱུར་དུས་དང་། །དེ་བཞིན་མཁན་པོར་གྱུར་དུས་སོ། །དང་པོ་ནི། གང་གི་ཚེ་དགེ་ཚུལ་ལམ་དགེ་སློང་གི་སྡོམ་པ་སྦྱིན་པ་ན། བརྗོད་པ་གསུམ་ལས། བརྗོད་པ་ཐ་མ་གང་ཡིན་པའི་ ཆ་གཉིས་རྫོགས་པ་ན་གྲུབ་སྟེ། ཆ་གསུམ་པ་ལ་འཇུག་པ་ན་སློབ་དཔོན་ཉིད་དུ་གྲུབ་ཟིན་པ་ཉིད་དོ། །དེའི་ཕྱིར། ཊཱི་ཀ་ལས། དགེ་ཚུལ་གྱི་སྡོམ་པ་ཞེས་བྱ་བ་དེ་གྲུབ་པའི་དུས་དེ་ཡང་གང་ཡིན་པར་ཤེས་པར་བྱ་ཞེ་ན། བདག་ཇི་སྲིད་འཚོ་བའི་བར་དུ་དགེ་ཚུལ་ཞེས་བྱ་ བའི་འོག་ཏུ། སློབ་དཔོན་གྱིས་ཞེས་བྱ་བའི་སྒྲ་བརྗོད་པའི་གོང་དུ་ཞེས་བྱ་བའི་ཐ་ཚིག་སྟེ། ཞེས་དང་། འགྲེལ་ཆུང་དུ། བརྗོད་པ་ཐ་མ་ལན་གཅིག་གི་ཚིག་གསུམ་གཉིས་ནི་རྫོགས། སུམ་ཆ་ལུས་ཀྱང་སློབ་དཔོན་དུ་འགྱུར་ཏེ། ཞེས་སོ། །དེའི་རྒྱུ་མཚན། ཊཱི་ཀ་ ལས། བརྗོད་པ་ཐ་མ་ཡོངས་སུ་རྫོགས་མོད་ཀྱི། འོན་ཀྱང་ཆ་གསུམ་པའི་དོན་ལས་མ་ལུས་པ་གྲུབ་པ་ཉིད་དེ། བྱ་བ་ཕལ་ཆེར་བྱས་པའི་ཕྱིར། ཞེས་གསུངས་སོ། །དེ་དག་ཀྱང་གཞི་གཅིག་ལ་བཀར་ཏེ་དཔེར་མཚོན་ན། དགེ་ཚུལ་གྱི་སྡོམ་པ་སྦྱིན་པའི་སྐབས་སུ་ སྐྱབས་བརྗོད། བདག་བརྗོད། གཞན་བརྗོད་གསུམ་ཡོད་པ་ལས་གཞན་བརྗོད་པའི་དུས་ན། དེའི་རྒྱུད་ལ་དོན་གྲུབ་ནས་དགེ་ཚུལ་ཉིད་ཀྱི་སློབ་དཔོན་དུ་འགྱུར་བ་བཞིན་ཡིན་པས་གཞན་ལའང་ཤེས་པར་བྱའོ། །དེ་ཡང་། རྒྱ་འདུལ་འཛིན་ན་རེ། དགེ་ཚུལ་གྱི་ སྡོམ་པ་སྐྱེས་པ་དཔེ། དགེ་སློང་གི་སྡོམ་པ་སྐྱེས་པ་དེ་དོན། ཞེས་གསུངས་ལ། འདི་ལ་ཚ་རོད་པས། དོགས་པ་འདི་ལྟར་གཅོད་པར་མཛད་དེ། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་པ་འདིས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ 6-1-57a གཉིས་ཀ་གསལ་བར་བསྟན་ཏམ་མ་བསྟན། དང་པོ་ལྟར་ན་དགེ་སློང་གི་སྡོམ་པ་སྐྱེས་པ་ཡང་གསལ་བར་བསྟན་ཟིན་པས་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་དཔེས་མཚོན་མི་དགོས་ལ། གཉིས་པ་ལྟར་ན་དགེ་ཚུལ་གྱི་སྡོམ་པ་སྐྱེས་པའི་དཔེ་ཉིད་ཀྱང་མ་ གྲུབ་བོ་ཞེ་ན། དེ་ནི་སྐྱོན་མེད་དེ། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ལེན་པའི་ཆོ་ག་བརྗོད་པ་ན་སློབ་དཔོན་དུ་གྱུར་པའི་དུས་གསལ་མི་གསལ་གྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། དགེ་ཚུལ་གྱི་སྡོམ་པ་ལེན་པའི་ཚེ་ན། སྔར་ནི། བཙུན་པས་བཟུང་དུ་གསོལ་ཞེས་བརྗོད་པ་ལས་ བརྗོད་པ་ཐ་མའི་ཆ་གསུམ་པ་ལ་ནི། སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་དགོས་པས་དགེ་ཚུལ་གྱི་སློབ་དཔོན་དུ་གྱུར་པའི་དུས་ནི་གསལ་བར་གྲུབ་ཅིང་། དགེ་སློང་གི་སྡོམ་པ་ལེན་པ་ན་ནི་དེ་འདྲའི་ཁ་གསལ་པོ་མེད་པས་སྐྱོན་མེད་ཅེས་གསུངས་སོ། ། དེས་ན་དགེ་ཚུལ་གྱི་དཔེ་བསྟན་ནས་དགེ་སློང་གི་སློབ་དཔོན་དུ་འགྱུར་ཚུལ་འདི་ད་ལྟར་གྱི་ཆོ་གས་དགེ་སློང་བྱེད་པའི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ནི། འདིར་མཁན་པོར་ཁས་ལེན་པ་ནི་བཙུན་པའམ་སློབ་དཔོན་ཞེས་མི་བརྗོད་པར་བརྗོད་པ་གསུམ་པའི་ཐ་མ་ལ་ མཁན་པོའི་དོན་གྲུབ་པ་ཉིད་དོ། །ཊཱི་ཀ་ལས། ཁས་བླངས་པའི་བདག་ཉིད་ཀྱིས་མཁན་པོའི་དོན་གྲུབ་པ་ཉིད་དོ། །ཞེས་སོ། །འོ་ན་ཊཱི་ཀར། མཁན་པོ་ཉིད་ཀྱང་དོན་གྲུབ་ན་གྱུར་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཞེས་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། ལུང་ཕྱི་མ་ འདི་དགོས་པ་གྲུབ་པའི་དོན་གྲུབ་པ་མ་ཡིན་ལ། ལུང་སྔ་མ་ཁས་བླངས་ཀྱི་དོན་གྲུབ་པའི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་གནས་སྦྱིན་པ་ནི། ཞག་གཅིག་དགོས་ཆེད་གནས་ཉིད་ཀྱི་ཕྱིར་མཚམས་གཅིག་གི་ནང་དུ་ལྷན་ཅིག་ཉེ་བར་གནས་པ་སྐྱ་རེངས་ཤར་བའི་ 6-1-57b མཐར་ཐུག་པ་ན་དོན་གྲུབ་པས་སློབ་དཔོན་དུ་གྱུར་པ་ཉིད་དོ། །འདིར་ཊཱི་ཀ་ལས། ཞག་གཅིག་ཅེས་བྱ་བ་ནི་ཉིན་མཚན་གཅིག་གོ། ཞེས་བཤད་ཀྱང་། ཉིན་མོའི་ཆ་མཚོན་པ་ཙམ་ཡིན་གྱི་ངེས་བཟུང་དུ་དགོས་པ་ནི་མིན་ཏེ། རང་གི་རྣམ་བཤད་ལས། གནས་ཀྱི་སློབ་ དཔོན་ནི་གང་ཡིན་ཞེ་ན། གང་ཞིག་དང་ཉེ་བར་མཚན་མོ་གཅིག་ཀྱང་གནས་པས་གནས་སུ་འགྱུར་ཞེས་བཤད་དོ། །གསུམ་པ་ཀློག་པ་ནི། ཆོས་ཚིགས་སུ་བཅད་པ་གཅིག་ནི་མཚོན་པ་སྟེ་ལྷུག་པ་ཡིན་ཡང་དེ་དང་མཉམ་པའི་གཞུང་ཚད་གཅིག་གཉིས་ཀས་ཕན་ ཚུན་བསླབ་པའི་བསམ་པས་རྗེས་ཟློས་བྱས་ཏེ་བཟུང་ན། ལན་གསུམ་བཟླས་པའི་མཐར་ཚིག་ཟིན་རུང་མ་ཟིན་རུང་སློབ་དཔོན་དུ་འགྱུར་ལ་ལན་དང་པོ་གཉིས་ལ་ནི་མི་འགྱུར་རོ། །དེ་ཡང་ཚིག་འཛིན་པའི་དབང་དུ་བྱས་ཀྱི་དོན་རྟོགས་ན་ལན་གཅིག་གིས་ཀྱང་འགྱུར་ རོ། །ལན་གསུམ་བཟླས་པ་ཡང་། འགྲེལ་ཆུང་ལས། ཀློག་པའི་སློབ་དཔོན་ནི་གཉིས་ཀས་སློབ་དཔོན་དང་སློབ་མར་འདུ་ཤེས་བཞག་ལ། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་གཅིག་ལོབས་པར་མཁན་པོས་སྨྲས་ལ་སློབ་མས་བསླབས་ཏེ་ཙོག་པུར་ འདུག་ལ་ལན་གསུམ་བཟླས་ན་སློབ་དཔོན་དུ་འགྱུར་རོ། །ཞེས་དང་། ཊཱི་ཀར། ཀློག་པའི་སློབ་དཔོན་གྱིས་སྨྲས་པ་ཟློས་པར་བྱེད་པ་རྗེས་སུ་ཟློས་པ་ནི་བཟུང་བ་ཡིན་ནོ། །ཞེས་བཤད་དོ། །འོ་ན་ལུང་ལས། ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་ བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་བཟུང་བའོ། །ཞེས་གསུངས་པ་དང་ལན་གསུམ་ཟློས་དགོས་པ་འགལ་སྙམ་ན་མིན་ཏེ། བཟུང་བའོ་ཞེས་གསུངས་པ་དེ་ཀློག་པའི་བསམ་པས་ལན་གསུམ་བཟླས་པ་ལ་ཟེར་བ་ཡིན་ཏེ། འཇིག་རྟེན་ན་བུ་ཕའི་གཟུགས་འཛིན་ 6-1-58a ཟེར་བ་བཞིན་ནོ། །ཕའི་གཟུགས་བཟུང་བའམ་འཛིན་པ་ཡང་སྤྱོད་ཚུལ་བསྐྱངས་པ་ལ་ཟེར་གྱི། ཕ་རོ་ཕང་པར་བཏབ་སྟེ་སྡོད་པ་ལ་མི་ཟེར། དེས་ན་བཟུང་བའོ་ཞེས་པ་དེ་ཡང་ལན་གསུམ་བཟླས་པའོ། །ལན་གསུམ་བཟླས་ནའོ་ཞེས་པ་ འདི་ནི་རྒྱ་གར་གྱི་འདུལ་བ་ལུང་གི་དཔེ་ཕལ་ཆེ་བ་ན་མེད་ཀྱང་། བཅོམ་བརླག་ཏུ་བསྡུ་བ་བྱས་པའི་ལུང་ནས་གསུངས་པས་རང་བཟོའི་སྐྱོན་མེད་དེ། ཊཱི་ཀ་ལས། སློབ་དཔོན་གྱིས་ཇི་སྐད་མདོར་བྲིས་པའི་ཚིག་འདི་ནི་བཅོམ་བརླག་པའི་གཞུང་ལས་འབྱུང་ངོ་། །ཞེས་ སོ། །བཅོམ་བརླག་པའི་གཞུང་དེའང་སྔ་རབས་པ་རྣམས་བྱེ་བྲག་བཤད་མཚོ་ཡིན་ནོ་ཞེས་གསུངས་པའང་མི་འཐད་དེ། ཞུ་འགྲེལ་ལས། ཀློག་པ་ནི་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་པས་སོ་ཞེས་བྱ་བ་ནི། བཅོམ་བརླག་པ་ལས་བྱུང་བའི་ལུང་རྙེད་ པ་བཞིན་ནོ། །ཞེས་དང་། བཅོམ་བརླག་ཏུ་བསྡུ་བ་བྱས་པའི་ལུང་ལས། ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་བཅད་ཙམ་ཡང་ལན་གསུམ་བཟླས་ཏེ་བཟུང་བ་ཡིན་ནོ་ཞེས་འབྱུང་ལ། ད་ལྟར་གྱི་གཙུག་ལག་ལས་ཀྱང་དེ་ལྟར་ འབྱུང་ཞེས་དང་། དེང་སང་གི་ལུང་གཞི་ལས། ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ལན་གསུམ་བཟླས་ཏེ་བཟུང་བ་ཡིན་ནོ། །ཞེས་བཤད་དོ། །དེང་སང་བོད་དུ་གྲགས་པའི་བཀླག་ལུང་འདིས་ནི་ཀློག་ པའི་སློབ་དཔོན་དུ་འགྱུར་བའི་ཀློག་ཚུལ་མ་ཡིན་ཏེ། འདི་ནི་རྒྱ་དཔེ་བོད་དུ་བསྒྱུར་དུས་ཀྱི་སྒྱུར་ལུང་གི་རྒྱན་ཡིན་ཅེས་བོད་སྔ་རབས་པ་རྣམས་གསུངས་ལ། མདོར་ན་དེང་སང་བཀླག་ལུང་ཟེར་ནས་ཉན་པོས་འཛིན་པར་མི་བྱེད་པ་སྟོན་པོས་ལན་གཅིག་འདོན་པ་འདི་ 6-1-58b འདྲ་བས་ནི་ལུང་གི་བསྟན་པའི་འཆད་ཉན་གྱི་གོ་མི་ཆོད་པའི་ཁར། བཀའི་དོན་ཁོང་དུ་ཆུད་པ་ལ་གེགས་སུ་འགྱུར་བས་སྐྱེས་བུ་དེ་དག་གི་ཚུལ་དེ་དམ་པ་དག་བཏང་སྙོམས་སུ་བྱ་བར་འོས་སོ། །གྱི་ནས་ལན་གསུམ་བཟླས་ན་སློབ་དཔོན་དུ་འགྱུར་རམ་ཞེ་ན་མི་འགྱུར་ཏེ། ཀློག་པའི་བསམ་པ་སྟེ་བསླབ་པའི་བསམ་པ་མེད་པས་བརྗོད་པ་ནི་ལན་གསུམ་ལས་སྟོང་ཙམ་བརྗོད་དུ་ཟིན་ཀྱང་ཀློག་པ་ཉིད་ཀྱི་སློབ་དཔོན་དུ་འགྱུར་བ་ནི་མ་ཡིན་ནོ། །དཔེར་ན་ཁ་ཏོན་ཟློས་པ་བཞིན་ནོ། །ཀློག་པ་དང་ཁ་ཏོན་གྱི་ཁྱད་པར་ནི། ཊཱི་ཀ་ལས། ཁ་ཏོན་ ནི་བཟུང་ཟིན་པ་གོམས་པར་བྱ་བའི་བསམ་པས་ཡིན་པའི་ཕྱིར་དང་། ཀློག་པ་ནི་མ་བཟུང་བ་འཛིན་པའི་ཚུལ་ཡིན་པའི་ཕྱིར། ཞེས་སོ། །དེས་ན་དེང་སང་གངས་རིའི་ཁྲོད་འདིར་ཀློག་པའི་སློབ་དཔོན་དུ་འགྱུར་ངོ་ཤེས་ཀྱི་ཀློག་པའི་སློབ་དཔོན་ལ་བླ་མར་མི་འཛིན་པ་ དང་། ཀློག་པའི་སློབ་དཔོན་མིན་ངེས་ཤེས་པ་དེ་ཀློག་པའི་སློབ་དཔོན་གྱི་བླ་མར་འཛིན་པ་དག་མཐོང་སྟེ། དཔེར་ན་དེང་སང་གི་ལུང་ཆོས་པར་སྨྲ་བ་དག་ཆོས་སྨྲས་ནས་གཞན་རྒྱུད་ལ་བཀའི་དོན་ཁོང་དུ་ཆུད་པར་སློབ་པ་ལ་བླ་མར་མི་འཛིན་པར་གྲོགས་ངན་པར་ བཏགས་པ་དང་། དམ་པའི་ཆོས་རེའི་ཚིག་དོན་གང་ཡང་མི་ཤེས་པར་ཡི་གེ་ཙམ་ཞིག་ཤེས་པ་ལྷུར་བྱས་ནས་དམ་པའི་ཆོས་ཀྱིས་ཕོངས་ཏེ། འཆད་ཉན་གྱི་རྒྱུན་ནུབ་ནས་བཤད་རྒྱུ་མེད་པར་དཔེ་ཆ་ལན་གཅིག་འདོན་པ་དེ་གང་གིས་ཐོས་པའི་སྐལ་ངན་གྱིས་དེ་ལ་བླ་ མར་མོས་པའང་མཐོང་ཕྱིར་རོ། །དེ་ལྟ་བུ་ལ་དེང་སང་ཡུལ་ག་གེ་ཞིག་ན་གང་ཟག་ཆེ་གེ་ལས་ཆོས་འདི་འདྲ་ཞིག་ཐོབ་ཟེར་ནས་ཁྱི་འཁྱམས་ལས་ལྟོགས་འདོད་ཆེ་བར་རྒྱུག་པ་མ་གཏོགས་དམ་པའི་ཆོས་ཀྱི་ཚིག་དོན་ཁོང་དུ་ཆུད་པར་མི་བྱེད་པ་ནི་ལུང་གི་བསྟན་པ་ནུབ་ 6-1-59a ཅིང་། རྟགས་ཙམ་འཛིན་པའི་བསྟན་པའི་དུས་སུ་སླེབས་པའི་མཚན་མར་གདའོ། །གསུམ་པ་ནི། རང་གི་མཁན་པོ་དང་སློབ་དཔོན་དེ་གཉིས་ལ་མཁན་སློབ་ཅེས་འབོད་པ་ལས། གཞན་དུ་ཚེ་དང་ལྡན་པ་སོགས་ཉེ་བའི་ཚིག་ནི་ཉེ་བར་ཏེ་མི་བརྗོད་ དོ། །དེའི་ཕྱིར་མཁན་སློབ་ཀྱང་བསྣོར་ཏེ་མི་འདོན། རང་གི་མཁན་སློབ་གཉིས་ལས་གཞན་ལ་མཁན་སློབ་ཅེས་མི་བྱའོ། །བྱས་ན་དེ་དང་མཉམ་པར་བསྟན་པས་མཁན་སློབ་ལ་མ་གུས་པར་འགྱུར་བའི་ཉེས་པ་ཡོད་དོ། །མཁན་སློབ་གཉིས་ལའང་མིང་འབོད་ཚུལ་གྱིས་ཁྱད་ ཡོད་དེ། སློབ་དཔོན་ལ་ནི། སློབ་དཔོན་དཀོན་མཆོག་འབངས་ཞེས་པ་ལྟ་བུའི་སྒྲ་སྦྱར་རུང་གི། མཁན་པོ་ལ་མི་རུང་བས་མཁན་པོའི་མཚན་ནས་འཛིན་པ་ན། དོན་གྱི་སླད་དུའམ་དགོས་པའི་ཆེད་དུ་མཚན་ནས་སྨོས་ཏེའམ་སྨོས་ན་ཞེས་བྱ་བའི་ཚིག་དེ་དང་བཅས་ པ་སྟེ། དེའི་མཇུག་ཐོགས་ཉིད་དུ་བར་མ་ཆད་པར་མ་སྨྲས་པར་མཁན་པོའི་དངོས་མིང་ནས་མི་བཟུང་ངོ་། །མཁན་པོའི་མིང་སྨོས་ཚུལ་འདི་ལ་རྣམ་གསལ་གྱི་དཔེར་མཚོན་ན། མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་དཔལ་ཆོས་གྲུབ་སེང་གེའི་ཞལ་སྔ་ནས་ཞེས་པ་ ལྟ་བུར་སྦྱར་རོ། །དེ་སྐད་དུ། འོད་ལྡན་ལས། ཉེ་བའི་ཚིག་གིས་བྱ་སྟེ་འདུད་པ་དང་བཅས་པས་མཁན་པོའི་མིང་བརྗོད་པར་བྱའི་གཞན་དུ་མ་ཡིན་ནོ། །ཞེས་སོ། །འདིར་བཅས་པར་ཞེས་པ་འདི་ལ། རྒྱ་ན་རེ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་པའི་མཇུག་ ཐོགས་ཁོ་ནར་མཁན་པོའི་མིང་སྦྱར་བ་ནི་མཁན་པོ་མ་གྲོངས་པ་དང་། མཁན་པོ་ཐག་ཉེ་བ་ན་བཞུགས་པའི་དབང་དུ་བྱས་ཀྱི། མཁན་པོ་འདས་པ་དང་ཐག་རིང་པོར་སོང་ན་སྨོས་ཏེའི་མཇུག་ཏུ་ཚིག་གཞན་གྱིས་བར་ཆོད་པ་དང་དོན་གྱི་སོགས་མ་སྨོས་ཀྱང་ཉེས་པ་མེད་ཅེས་ 6-1-59b ཟེར་རོ། །དགེ་ཚུལ་གྱི་དངོས་པོ་ཉིད་དུ་ཉེ་བར་བསྒྲུབ་པ་སྟེ་ཐོབ་པར་བྱེད་པའི་ཆོ་གའོ། །འདིར་སྨྲས་པ། གཤིན་རྗེའི་ཕོ་ཉའི་ཞགས་རིང་ཐེབས་པ་ཡིས། །ལེགས་པར་འཆད་རློམ་ལྕེ་ཡིས་སོ་རྣམས་སྦྱངས། །དེ་དག་རྣམས་ཀྱི་མགྲིན་པར་མི་འབབ་པའི། །འདུལ་ བ་གངྒཱའི་བདུད་རྩིས་བདག་བློ་ངོམས།། །།༈ གཉིས་པ་ལ། བསྙེན་རྫོགས་གང་ལས་བླང་ཡུལ་བསྟན། །བསྙེན་པར་རྫོགས་པའི་ཆོ་ག་བཤད། །དང་པོ་ནི། དེའང་གཞུང་འདི་ཉིད་ལ་སྦྱོར་བའི་སྒོ་ནས་འབྲུ་བཀྲོལ་བར་འདོད་དེ། ད་ལྟར་གྱི་ཆོ་གས་བསྙེན་ རྫོགས་ནོད་པ་ཆོས་ཅན། ཡུལ་དགེ་འདུན་ལ་རག་ལས་པས་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱ་བ་ཡིན་ཏེ། གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱ་བའི་ཕྱིར། དཔེར་ན་གསོལ་བཞིའི་སྔོན་ཆོག་གི་ཆོ་ག་བཞིན་ནོ། །འདིར་དགེ་འདུན་ལ་མཚན་ཉིད་ ཅི་ལྟ་བུ་ཞེ་ན། གྲངས་ཚང་བ་དང་། ལས་ཀྱི་ཁ་སྐོང་བར་འོས་པ་དང་། མི་མཐུན་པ་གཉིས་ཀྱི་མི་མཐུན་པ་མེད་པ་སྟེ། ཕྱི་མ་གཉིས་ནི་གཞིར་འཆད་དོ། །འདིར་སྡོམ་པ་ལེན་པོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ནའང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ཡོད་དོ། ། དམིགས་བསལ་ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པ་ཉིད་དུ་ཤེས་པ་ལ་ཡང་དགེ་སློང་ཕའི་སྡོམ་པ་སྐྱེ་བ་ཡོད་དེ། ལས་དང་པོའམ་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པས་དགེ་སློང་མའི་སྡོམ་པ་ལེན་པ་ན་སྡོམ་པ་སྐྱེ་ལ། མངོན་དུ་གྱུར་པ་སྐྱེ་བའི་ཚེ་ཉིད་ན་མཚན་ གྱུར་ན་དགེ་སློང་ཕའི་སྡོམ་པ་སྐྱེ་བར་རིགས་ཤེས་གཟུ་སྟོན་ཟེར་ལ། ཟངས་ཆེན་པའི་གསུང་གིས་དེ་ལྟར་མཚན་གྱུར་པ་དེ་ལ་དགེ་སློང་ཕའི་སྡོམ་པ་སྐྱེ་བ་མི་འཐད་དེ། དེ་ལྟར་མཚན་གྱུར་པ་དེའི་སྐད་ཅིག་སྔ་ལོགས་ན་དགེ་སློང་ཕའི་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་མ་ཚང་བའི་ 6-1-60a ཕྱིར་ཏེ། སྡོམ་པ་ལེན་པོ་དེ་ལས་དང་པོ་པ་མ་ཡིན་པ་དང་། ཉི་ཤུ་མ་ལོན་པ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་དེང་སང་ནི་དགེ་སློང་གི་སྡོམ་པ་ལེན་པ་ན་མངལ་དང་ཤོལ་གྱི་ཟླ་བ་བརྩིས་ཏེ་ལོ་བཅུ་དགུ་ལ་དགེ་སློང་བྱེད་པར་སྣང་ན་སྡོམ་པ་སྐྱེའམ་མི་སྐྱེ་ཞེ་ན་ ཉིད་ཀྱི་རྣམ་བཤད་དང་འགྲེལ་ཆུང་ལས་མི་སྐྱེ་བར་བཤད་དེ། ཉིད་ཀྱི་རྣམ་བཤད་ལས། བསྙེན་པར་རྫོགས་པ་ནི་མ་ཆགས་པ་ཡིན་ཏེ། ལོ་བཅུ་དགུ་ལོན་པ་ལ་སོགས་པའི་སྐྱོན་གྱིས་སོ་ཞེས་དང་། འགྲེལ་ཆུང་ལས། ཐོག་མར་ཁྲིམས་དབོག་པའི་ཚེ་ནི་ལོ་ཉི་ཤུར་མ་ ཚང་བར་ཤེས་ནས་མངལ་གྱི་ཟླ་བ་བསྣན་ཀྱང་ཁྲིམས་མི་འཆགས་སོ། །ཞེས་སོ། །ཊཱི་ཀ་ལས། སྐྱེ་བར་བཤད་དེ་ཇི་སྐད་དུ། བསྙེན་པར་རྫོགས་པར་འདོད་པའི་གནས་སྐབས་སུ་ནི་བརྩི་བར་མི་བྱ་སྟེ། གལ་ཏེ་རྩི་བར་བྱེད་ན་བསྙེན་པར་རྫོགས་པ་ནི་འཆགས་ལ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་སོ། །འོ་ན་སྐྱེ་བ་དང་མི་སྐྱེ་བ་དེ་གང་དབང་བཙན་ཞེ་ན། འཕགས་པའི་ཡུལ་དང་བོད་ཀྱི་འདུལ་འཛིན་ཆེན་པོ་རྣམས་ན་རེ། སྐྱེ་བ་དེ་ངེས་པར་བཟུང་སྟེ་མི་ལུས་ཐོབ་ནས་ལོ་ཉི་ཤུ་ལོན་པ་ཉིད་ ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ། ལུང་སྔ་མ་གཉིས་ཀྱི་དོན་ཡང་བཙལ་བར་དཀའ་ཞེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །བསྙེན་རྫོགས་བྱེད་པ་ན་ཆ་ལུགས་ཀྱི་ཁྱད་པར་ནི། སྔར་ཡང་བཤད་ཟིན་ལ་འདིར་ཡང་བརྗོད་པར་བྱ་སྟེ། སྐྲ་དང་ཁ་སྤུ་བྲེགས་ལ་ ཆོས་གོས་གསུམ་དང་ལྷུང་བཟེད་རུང་བ་ཚད་ལྡན་མཁན་པོས་བྱིན་རླབས་དང་འབྲེལ་ཞིང་། གདིང་བ་དང་ཆུ་ཚགས་ཚིག་གིས་བྱིན་ཡང་རུང་ངོ་། །དེ་དག་མེད་ན་སྐྱེའམ་མི་སྐྱེ་ཞེ་ན། དེ་ཐམས་ཅད་མ་ཚང་སྟེ་སྒྲེན་མོའམ་ཁྱིམ་པ་ལ་སོགས་པའི་ཆ་ལུགས་ཀྱིས་རྫོགས་ན་ 6-1-60b མི་སྐྱེ་སྟེ། སྒྲེན་མོ་དང་འཁྲུགས་པ་དང་། ཞེས་སོགས་བཤད་ཅིང་། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ལ་ཡང་མི་སྐྱེའོ། །ཞེས་སོ། །དེ་ལ་དགོངས་ནས། ལུང་མ་མོ་ལས། ལྷུང་བཟེད་དང་ཆོས་གོས་མེད་པ་དང་མི་མ་ཡིན་པ་ཐམས་ཅད་དེ། འདི་དག་ནི་ བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །ལྷུང་བཟེད་དམ་ཆོས་གོས་འགའ་རེ་མ་ཚང་ཡང་མི་སྐྱེ་བའི་སྐྱོན་མེད་དེ། ལུང་ཕྲན་ཚེགས་ལས། ལྷུང་བཟེད་མེད་པ་ཞིག་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་ པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་ཤིང་། ལུང་ཞུ་བ་ལས། བཙུན་པ་ལྷུང་བཟེད་མ་མཆིས་ཆོས་གོས་མ་མཆིས་པར་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ། །ཞེས་སོ། །གཉིས་པ་ལ། སྔོན་འགྲོ་སྦྱོར་བའི་ཆོ་ག་བསྟན། ཡོངས་རྫོགས་དངོས་གཞིའི་ཆོ་ག་བཤད། །མཐར་ཕྱིན་མཇུག་གི་ཆོ་གའོ། །དང་པོ་ལ། བསྙེན་པར་ རྫོགས་ཕྱིར་གསོལ་བ་བཏབ། །དེ་ཡི་ཆེད་དུ་ཆ་ལུགས་སྦྱིན། །ཐོས་པ་ལས་བཀར་གསངས་ཏེ་སྟོན། །དགེ་འདུན་དབུས་སུ་བར་ཆད་དྲི། །དང་པོ་ནི། མཁན་པོ་ཉིད་དུ་ཕྱོགས་པ་སྟེ་སྟ་གོན་དུ་གནས་པར་གྱུར་པས་ཞེས་པ་ལ། སོག་ན་རེ། ལྐོག་ཏུ་ཐ་མལ་གྱི་ཚིག་གིས་ མཁན་པོ་མཛད་པར་ཞུ་བ་ཕུལ། ཚོགས་སུ་ཆོ་གའི་སྒོ་ནས་མཁན་པོར་གསོལ་བ་མ་བཏབ། ལས་ཀྱི་གནས་སུ་ཚོགས་པ་དང་ཆོས་གསུམ་ལྡན་ཏེ། འགྲེལ་ཆུང་ལས། མཁན་པོ་ཉིད་དུ་མངོན་དུ་གྱུར། །ཅེས་བྱ་བ་ནི་མཁན་པོར་བྱ་བ་སྐད་སྦྱར་ཏེ། འཐམས་པ་དང་། 6-1-61a མཁན་པོ་ཉིད་དུ་མོས་པ་དང་དགེ་འདུན་གྱི་ནང་དུ་འོངས་པའོ། །ཞེས་བཤད་པས། ཆོས་གསུམ་ལྡན་དེ་དགེ་འདུན་གྱི་དབུས་སུ་ལས་བྱེད་པ་སོགས་ལ་གསོལ་བ་ཡིན་ཟེར་རོ། །དེ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ་ལུང་དང་ཀར་ཤ་ལས། མཁན་ པོས་དེའི་ཆོས་གོས་དང་ལྷུང་བཟེད་བཙལ་བར་བྱ་ཞིང་། ལས་བྱེད་པའི་དགེ་སློང་དང་གསངས་ཏེ་སྟོན་པའི་དགེ་སློང་ལ་ཡང་གསོལ་བ་གདབ་པར་བྱ། གང་དག་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དག་ལ་ཡང་གསོལ་བ་གདབ་པར་བྱའོ། །དགེ་ སློང་གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བ་དེ་དག་གིས་ཀྱང་དེར་འདུ་བར་འགྱུར་བའི་ཚེ་ཟླ་བ་ཕྱེད་འདས་པའི་ཉེས་པ་ཕྱིར་བཅོས་ཏེ་འདུག་པར་བྱའོ། །ཞེས་དགེ་འདུན་རྣམས་ལས་ཀྱི་གནས་སུ་འཇུག་པའི་སྔ་རོལ་དུ་ལས་བྱེད་པ་དང་གསངས་ཏེ་སྟོན་ ཡའི་དགེ་སློང་ལ་གསོལ་བ་གདབ་པར་གསུངས་པ་དང་འགལ་ལོ། །ལུང་ཕྲན་ཚེགས་ཀྱི་དགེ་སློང་མའི་སྐབས་ལས། མཁན་མོས་གསངས་ཏེ་སྟོན་མ་དང་ལས་བྱེད་པའི་དགེ་སློང་མ་ལ་གསོལ་བ་གདབ་པར་བྱ། དེའི་འོག་ཏུ་དགེ་སློང་མའི་དགེ་འདུན་མ་ རྣམས་འདུས་ཤིང་། ཞེས་དང་། ཕྲན་ཚེགས་ལས། ཉེར་དགའི་དགེ་ཚུལ་བསྙེན་པར་རྫོགས་པར་འདོད་ནས་ཉེར་དགས་ལས་བྱེད་པའི་དགེ་སློང་དང་། གསངས་སྟོན་དང་། ལས་ཀྱི་གནས་སུ་འོང་བ་ལ་གསོལ་བ་བཏབ་སྟེ། དེ་ནས་དགེ་ཚུལ་ཁྲིད་དེ་ལས་ ཀྱི་གནས་སུ་སྔར་སོང་ནས་ཕྱགས་བདར་བྱས་ཏེ་སྟན་བཤམས་པ་ན། ཞེས་ལས་ཀྱི་གནས་སུ་འཇུག་པའི་སྔར་གསོལ་བ་བཏབ་པ་ཡང་ཡོད་པར་གསུངས་པ་དག་དང་འགལ་ལོ། །དེ་ནས་མཁན་པོར་གྱུར་པ་དེས། ལས་བྱེད་པ་དང་གསངས་ཏེ་སྟོན་པའི་དགེ་སློང་ལ་ 6-1-61b བསྒྲུབ་བྱ་དེའི་ལས་བྱེད་པའི་སློབ་དཔོན་དང་གསངས་ཏེ་སྟོན་པའི་སློབ་དཔོན་དུ་གསོལ་བ་གདབ་པར་བྱའོ། །འདིར་གསངས་སྟོན་ལ་དགེ་སློང་གི་སྒྲ་སྦྱར་གྱི་ལས་བྱེད་པ་ལ་དེར་མི་སྦྱོར་བའི་དོན། ཉིད་ཀྱི་རྣམ་བཤད་དང་། ཊཱི་ཀར། ལས་བྱེད་པ་ནི་ལས་ཀྱི་ཆོ་ག་ ཡོངས་སུ་རྫོགས་པས་དགེ་སློང་ཉིད་ཡིན་པར་གྲུབ་པའི་ཕྱིར་ཞེས་བཤད་དོ། །འོན་ཏེ་གསངས་སྟོན་ལ་མཚུངས་སོ་སྙམ་ན། མི་མཚུངས་ཏེ། གསངས་སྟོན་ནི་ལས་ཀྱི་ཆོ་གས་བསྐོ་བ་ཡིན་ལ། དེ་ལ་ཆོ་ག་རྗེས་སུ་བསྒྲགས་པའི་སྒོ་ནས་བསྙེན་པར་མ་རྫོགས་པར་བསྐོས་ པས་ཀྱང་གྲུབ་བམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དགེ་སློང་ཞེས་སྨོས་སོ། །དེ་ནས་བསྙེན་པར་རྫོགས་པའི་མཁན་པོར་གསོལ་བ་ལན་གསུམ་ཟློས་པར་བྱའོ། །གཉིས་པ་ནི། མཁན་པོ་དེས་རང་གི་བསྒྲུབ་བྱ་དེ་ལ་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱས་ཏེ་ བསྐོན་པར་བྱའོ། །འདིར་རང་གི་ཞེས་སྨོས་པ་ནི། ཊཱི་ཀ་ལས། རང་གི་ཞེས་སྨོས་པ་ནི་བཅོལ་བའི་ཆོ་ག་སྤང་བའི་ཕྱིར་ཞེས་ཏེ། གཙུག་ཕུད་བྲེགས་པ་དང་མཚན་བརྟག་པ་གཞན་ལ་བཅོལ་བས་འགྲུབ་ལ། ཆོས་གོས་བྱིན་རླབས་ནི་གཞན་ལ་བཅོལ་བ་དང་འདུག་སྟེ་ བརླབས་པས་མི་འགྲུབ་སྟེ། འགྲེལ་ཆུང་ལས། འདུག་སྟེ་སྔགས་བཏབ་བམ། མཁན་པོ་ལས་གཞན་གྱིས་དེའི་ཚེ་སྔགས་བཏབ་ན་མི་ཆགས་སོ། །ཞེས་གསུངས་པའི་ཕྱིར་རོ། །ལྷུང་བཟེད་ཀྱང་མཁན་པོས་བྱིན་གྱིས་བརླབ་པར་བྱའོ། །ལྷུང་བཟེད་ཐ་ཚད་ལས་མི་ ཆུང་ངམ། ཆེ་ཚད་ལས་མི་ཆེའམ། ཁ་དོག་མི་སྐྱའམ་ཞེས་དགེ་འདུན་ལ་བསྟན་པར་བྱའོ། །ཡུལ་དགེ་སློང་ཐམས་ཅད་ཀྱིས་སྐྱོན་དེ་ལྟ་བུ་མ་ཡིན་ཏེ་རུང་བ་ཚད་ལྡན་ཁ་བསྒྱུར་བ་ཡིན་ན་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ། །མཁན་པོས་བརྟགས་ཏེ་སྟོན་ཞེ་ན། 6-1-62a སྟོན་མི་དགོས་ལ། དེ་ལྟར་མིན་ན་སྟོན་དགོས་ཞེས་བླ་མ་དག་གསུང་ངོ་། །མདོ་དང་ཉིད་ཀྱི་རྣམ་བཤད་དང་འགྲེལ་པ་མཁན་པོ་དག་དེ་ལྟ་བུ་ཉིད་མ་ཡིན་ཏེ། ཞེས་པས་དངོས་སུ་སྐྱོན་བྲལ་བར་བསྟན་ནས་ཤུགས་ལས་ཡོན་ཏན་དང་ལྡན་པར་བསྟན་ པས་སྒྲ་བཟང་བ་དེ་གཞུང་དུ་བཀོད་པ་ཡིན་ལ། གཞི་དང་ཀར་ཤ་དང་། འགྲེལ་ཆུང་ལས། དེ་ལྟ་བུ་མ་ཡིན་ནོ་ཞེས་པ་ལག་ལེན་བྱེད་ཚེའི་དབང་དུ་བྱས་པ་ཡིན་ནོ། །བསྡུས་པ་ལས་ཆོས་གོས་རྣམས་དང་ལྷུང་བཟེད་དགེ་འདུན་ལ་བསྟན་ཏེ་བྱིན་གྱིས་བརླབ་པར་བྱའོ། ། ཞེས་འབྱུང་བ་ལ་བརྟེན་ནས། སྟོད་འདུལ་བ་རྣམས་ཆོས་གོས་ཀྱང་དགེ་འདུན་ལ་བསྟན་ནས་བྱིན་གྱིས་རློབ་ཅེས་ཟེར་བ་ནི་མི་འཐད་དེ། ལུང་ལས་དངོས་སུ་མ་གསུངས་པའི་ཕྱིར་ན་ཆོས་གོས་ནི་དགེ་འདུན་ལ་བསྟན་མི་དགོས་སོ། །ཅི་སྟེ་ལྷུང་བཟེད་དང་རུང་མཐུན་སྦྱར་ ན་ཡང་མི་འཐད་དེ། དེ་སྦྱོར་ན་རྒྱུ་མཚན་མཚུངས་དགོས་པ་ལས་གོས་དང་ལྷུང་བཟེད་ཡངས་དོག་རྒྱུ་མཚན་མི་མཚུངས་པའི་ཕྱིར་རོ། །གྲུབ་སྟེ། གོས་ལ་རྒྱུ་རུང་བ་བདུན་དང་། བལ་གོས། ཤ་ནའི་གོས། ཟར་མའི་གོས། དུ་ཀུ་ལའི་གོས། རས་བལ་གྱི་གོས། ཀཽ་ཏམ་པའི་གོས། ཉི་འོག་གི་གོས་ ཞེས་རྣམ་འབྱེད་ལས་ཏེ། ཁ་དོག་རུང་བ་སྔོན་དམར་ངུར་སྨྲིག་སྟེ་གསུམ་གསུངས་ལ། ལྷུང་བཟེད་ལ་རྒྱུ་རུང་བས་ལྕགས་དང་། ཁ་དོག་རུང་བ་ནག་པོ་ལས་མ་གསུངས་པའི་ཕྱིར་རོ། །འདིར་ཆོས་གོས་ལ་རྒྱུ་བྱིན་རླབས་གསུངས་ལ་ལྷུང་བཟེད་ལ་དེ་མ་གསུངས་པའི་རྒྱུ་མཚན་གང་ཞེ་ན་ རྒྱུ་མཚན་ཡོད་དེ། ཆོས་གོས་ཀྱི་རྒྱུ་རས་ཡུག་ལྟ་བུ་ལ་གོས་ཀྱི་བློ་སྐྱེ་བ་ཞིག་ལྷུང་བཟེད་ཀྱི་རྒྱུ་ལྕགས་གོང་ལྟ་བུ་ལ་ལྷུང་བཟེད་ཀྱི་བློ་མི་སྐྱེ་བའི་ཕྱིར་ཞེས་བླ་མ་དག་གསུང་ངོ་། །གསུམ་པ་ལ། བར་ཆད་དྲི་བའི་སྦྱོར་བ་བསྟན། །དྲི་བ་དངོས་གཞིའི་ཆོ་ག་བཤད། །དྲིས་པའི་ 6-1-62b རྗེས་ཀྱི་ཆོ་ག་བསྟན། །དང་པོ་ནི། བསྒྲུབ་བྱ་དེ་ཐོས་པའི་ཉེ་འཁོར་ལས་བཀར་མཚམས། ནང་སྣང་བའི་ཕྱོགས་སུ་ཐལ་མོ་སྦྱར་ཏེ་སྡོད་བཅུག་ནས་བཞག་གོ། འདིའི་དགོས་པ་དགེ་ཚུལ་དེས་གསངས་སྟོན་བསྐོ་བའི་ལས་ཐོས་ན་རྐུ་ཐབས་སུ་གནས་པར་འགྱུར་བ་དང་། དགེ་འདུན་རྣམས་ལ་ཉེས་བྱས་སུ་འགྱུར་བ་སྤང་བའི་ཕྱིར་རོ། །འོ་ན་གསངས་སྟོན་བསྐོ་བའི་ལས་འདི་དང་། དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་གཉིས་ནི། དགོས་པ་བར་ཆད་དྲི་བའི་དགོས་ཆེད་དང་། གནས་སྐབས་དགེ་ཚུལ་ ཡིན་པ་དང་། ལས་ཀྱི་ངོ་བོ་གསོལ་བ་འབའ་ཞིག་པའི་ངོ་བོར་འདྲ་ལ། དགེ་སློང་གི་སྡོམ་པ་ལེན་པོ་དེས་ཆོ་ག་འདི་ཐོས་སུ་མི་རུང་ལ། འོག་མ་ནི་ཐོས་སུ་རུང་བའི་རྒྱུ་མཚན་ཅི་ཞེ་ན། འདིར་ནི་བར་ཆད་མེད་པར་ངེས་པར་བྱས་མ་ཟིན་པ་ལ་བལྟོས་ནས་ལས་ཐོས་པ་ གནང་བ་མ་མཛད་པའི་ཕྱིར་དང་། འོག་མ་ནི་གསངས་སྟོན་གྱིས་བར་ཆད་མེད་པར་ངེས་པར་བྱས་ཟིན་པ་ལ་བལྟོས་ནས་ལས་ཐོས་པ་གནང་བའི་ཕྱིར་རོ། །ལས་བྱེད་པས་གསངས་ཏེ་སྟོན་པ་ལ་མཁན་པོས་བསྒྲུབ་བྱ་དེའི་གསངས་སྟོན་དུ་གསོལ་བ་བཏབ་པ་དེ་གང་ཡིན་ ཞེས་བྱ་བས་དྲིས་ནས་གསངས་སྟོན་གྱིས་བདག་ཆེ་གེ་ཞེས་སྨྲར་བཅུག་སྟེ། གསངས་སྟོན་ལ་ལས་བྱེད་པས་སྤྲོ་བ་དྲིས་ནས་དེས་སྤྲོའོ་ཞེས་བརྗོད་པར་བྱས་ནས་སོ། །འདིའི་ཊཱི་ཀ་ལས། ཆོ་ག་བཤད་པ་འདི་ནི་ཐམས་ཅད་དུ་ཡང་དུས་དང་པོར་བྱ་བ་ཡིན། ཞེས་པ་ནི། སྤྲོ་བ་དྲི་བའི་ཆོ་ག་བཤད་པ་འདི་ནི་བསྐོ་བའི་ལས་ཐམས་ཅད་དུ་ཡང་དུས་དང་པོར་བྱ་བ་ཡིན་ཞེས་པའོ། །གསངས་ཏེ་སྟོན་པ་དེ་དགེ་འདུན་ལ་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བསྐོ་བར་བྱའོ། །གང་ཡིན་ཞེས་པ་འདི། ཊཱི་ཀ་ལས། གང་ཡིན་ཞེས་བྱ་བ་དེ་ནི་སྔགས་ 6-1-63a ཀྱི་ཚིག་གི་ཡེ་གེ་དང་པོ་བླང་བ་ཡིན། ཞེས་བཤད་ལ། ཆོ་གའི་ཚིག་ཐ་མ་ན་འདུག་པ་དང་འགལ་ཅེ་ན། གང་ཡིན་ཞེས་པའི་སྔགས་ཚིག་འདི་རྒྱ་དཔེ་ལ་དང་པོར་ཡོད་ཀྱང་བསྒྱུར་བའི་ཚེ་བོད་དཔེ་ལ་ཐ་མར་བཀོད་པ་ཡིན་པས་མི་འགལ་ལོ། །གཉིས་ པ་ནི། གསངས་སྟོན་དེས། ཁྱོད་ཉོན་ཅིག་ཅེས་བྱ་བ་ནས་དཀྱིལ་འཁོར་བའི་ལྐོག་ཏུ་བར་ཆད་ཀྱི་ཆོས་རྗེས་སུ་བསྟན་ཏེ་དྲི་བར་བྱའོ། །ཊཱི་ཀར། ཁྱོད་ཉོན་ཅིག་ཅེས་བྱ་བའི་ཚིག་དང་པོ་འདིས་ནི་སྔགས་མཐའ་དག་ལེན་པར་བྱེད་དེ། ཞེས་སྨོས་པ་ནི། ཚིག་དང་པོ་འདིས་ མཚོན་ཏེ་བར་ཆད་དྲི་བའི་ཆོ་ག་ཐམས་ཅད་འདིར་ལེན་ཅིང་གོ་བར་བྱེད་པའི་དོན་ནོ། །གསུམ་པ་ནི། གསངས་སྟོན་གྱིས་དེ་ལ་ཁྱོད་མ་བོས་ཀྱི་བར་དུ་དཀྱིལ་འཁོར་དུ་མ་འོང་བར་སྡོད་ཅིག་ཅེས་སྨྲས་པ་ནི་མ་གནང་བར་འཇུག་པ་སྤང་བའི་ཕྱིར་རོ། །དེ་ནས་གསངས་སྟོན་ གྱིས་རྒན་རིམ་ལ་རྗེས་སུ་བསྟན་ན་ཞེས་བྱ་བ་སོགས་ཀྱིས་དགེ་འདུན་ལ་ཡོངས་སུ་དག་པ་གོ་བར་བྱས་ཏེ། ཅི་མཆི་ཞིག་གམ་ཞེས་བྱ་བས་ནང་དུ་འོང་བ་ཞུ་བར་བྱའོ། །ལན་མེད་པ་སྤང་བར་བྱ་བའི་ཕྱིར། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་ བྱའོ། །འདིར་གལ་ཏེའི་སྒྲས་ནི་དག་ན་གཞུག །མ་དག་ན་བཟློག་པའི་ཕྱིར་འོང་བ་ཞུ་པོ་ལ་ཁུར་བཀལ་བ་ཡིན་ནོ། །བཞི་པ་ནི། ལས་བྱེད་པས་བསྒྲུབ་བྱ་དེ་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་ལན་གསུམ་དུ་གསོལ་དུ་གཞུག་གོ། འདིར་གསོལ་བའི་ཚིག་གི་ཟུར་ ལ་རྫོགས་པ་མྱང་འདས་དང་ཁད་ཉེ་བར་བསྒྲུབ་པ་དང་ཕྱག་བརྐྱང་བའི་ཚུལ་གྱིས་སམ། ཚུལ་འཆལ་བཅད་པའི་ཕྱིར་དྲང་བ་དང་སྡོམ་པས་རྗེས་སུ་བཟུང་བ་དང་། འཁོར་བའི་དུཿཁ་བསྒྲལ་བའི་ཕྱིར་རྗེས་སུ་བསྟན་པ་དང་། སྡུག་བསྔལ་གྱི་འདམ་དུ་བྱིང་བ་རྣམས་ 6-1-63b ཡོངས་སུ་སྐྱོབ་པའི་ཐུགས་བརྩེ་བ་ཅན། དེ་ཡང་ལན་དུ་ཕན་འདོགས་པའི་བློ་མིན་པར་ཐུགས་བརྩེ་བ་སྔོན་དུ་བཏང་བས་སོ། །འདི་ཡང་མྱང་འདས་ཀྱི་བསམ་པ་བརྟན་པོས་འགྲུབ་ལ་འདོད་པའི་བསམ་པ་བརྟན་པོས་ཀྱང་འགྲུབ་སྟེ། འདི་མེད་ན་ཆོ་ག་ལས་འདས་ པའི་ཕྱིར་ལས་མི་འཆགས་སོ། །བར་ཆད་དྲི་བའི་དོན་དུ་ཐུགས་བསྟུན་པའི་ཕྱིར། དགེ་འདུན་ལ་གསོལ་བ་འབའ་ཞིག་པའི་ལས་ཀྱིས་གོ་བར་བྱས་ནས་ནང་དུ་བར་ཆད་དྲི་བར་བྱའོ། །འདིའི་དགོས་པ་ནི་སྔར་མ་དྲན་པ་དྲན་པ་དང་། གསར་དུ་བྱུང་བ་དང་། གསངས་ སྟོན་འདུན་པས་འགྲོ་བ་སྦེད་པ་དང་། སྤྱི་བརྟོལ་ཅན་ཚོགས་སུ་འཆད་པ་དང་། གཙོ་ཆེར་དགེ་འདུན་ཐུགས་ཆེས་པའི་སླད་དུ་འདིར་དྲི་བར་བྱའོ། །གཉིས་པ་ནི། ལས་བྱེད་པོས་དང་བའི་སེམས་དང་མྱང་འདས་ཀྱི་བསམ་པ་སྐྱེ་བའི་ཕྱིར་མངོན་གྱུར་བཅུ་སོགས་ གདམས་པ་སྔོན་དུ་འགྲོ་བས་གསོལ་བཞིའི་ལས་ཀྱིས་དེའི་རྒྱུད་ལ་བསྙེན་པར་རྫོགས་པའི་དངོས་པོ་ཉེ་བར་བསྒྲུབ་པར་བྱའོ། །གསུམ་པ་ལ། བསླབ་བྲལ་རྟོགས་ཕྱིར་དུས་སྒོ་བརྗོད། །བསླབ་པ་བརྟན་ཕྱིར་གདམས་ངག་བསྟན། །དང་པོ་ལ། གྲིབ་ཚོད་འཁྲུལ་པ་མེད་ པར་བསྟན། །ཉིན་དང་མཚན་མོའི་ཆ་རྣམས་བརྗོད། །དུས་ཚིགས་སོ་སོའི་རྣམ་དབྱེ་བསྟན། །དང་པོ་ནི། བསྙེན་པར་རྫོགས་ཟིན་པའི་དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ། །འདི་བྱེད་པོ་ནི་དགེ་ཚུལ་གྱི་སྐབས་སུ་སློབ་དཔོན་ལས་གཞན་པའི་དགེ་སློང་གང་ཡང་རུང་བས་ བརྗོད་ལ། དགེ་སློང་གི་སྐབས་སུ་ལས་སློབ་ལས་གཞན་པའི་དགེ་སློང་གང་ཡང་རུང་བ་ཞིག་གིས་བརྗོད་དེ། ཀརྨ་ཤ་ཏམ་ལས། དགེ་སློང་ལས་བྱེད་པ་མ་ཡིན་པར་གཞན་གང་ཡང་རུང་བ་ཞིག་གིས་གྲིབ་ཚོད་གཞལ་བར་བྱ་ཞིང་བརྗོད་པར་བྱའོ། །ཞེས་དང་། 6-1-64a གཞི་འགྲེལ་ལས། གྲིབ་ཚོད་གཞལ་བ་དེ་ནི་དགེ་སློང་གང་ཡང་རུང་བ་གཞན་གྱིས་བྱའི། དགེ་སློང་ལས་བྱེད་པས་མི་བྱ་སྟེ། འདི་ལྟར་དེ་ནི་གནས་བརྗོད་པ་ལ་སོགས་པ་སྐབས་ལྷག་མ་དག་བྱ་དགོས་པས་སྟན་ལས་ལྡང་བར་མི་རིགས་པའི་ ཕྱིར། ཞེས་སོ། །རིག་པར་བྱ་རྒྱུ་དུ་ཞེ་ན། གྲིབ་ཚོད་དང་། ཉིན་མཚན་གྱི་ཆ་དང་། ཚེས་གྲངས་དང་། ཟླ་བའི་ངོ་དང་། ཟླ་བ་དངོས་དང་། དུས་ཚོད་དང་། ལོ་གང་ཡིན་པ་སྟེ་བདུན་ནོ། །ཐ་མ་འདི་འདུལ་བ་ལས་མ་གསུངས་ཀྱང་ཡུལ་ཆོས་དང་མཐུན་པས་འགལ་བ་ མེད་དོ། །དེ་དག་ཇི་ལྟར་བརྗོད་པ་ནི། གྲིབ་ཚོད་འདི་ལ་ཁྱོད་བསྙེན་པར་རྫོགས་སོ་ཞེས་པ་ནས་མགོ་བརྩམས་ཏེ་ཕྲ་རིམ་ནས་བརྗོད་པ་ནི། ལུང་ནས་བཤད་པའི་གོ་རིམ་ཡིན་ཅིང་བརྩི་བའི་དུས་ཁྱོད་བསྙེན་པར་རྫོགས་ནས་ལོ་དུ་ལོན་ཤེས་པ་ནས་མགོ་བརྩམས་ཏེ་རགས་ རིམ་ནས་བརྩི་སྟེ། བསྡུས་པ་ལས། དང་པོ་ལོ་གྲངས་དྲི་བར་བྱའོ། །དུས་ཚོད་ཀྱང་ངོ་། །ཞེས་བཤད་ཅིང་རགས་རིམ་ལོ་ཟླ་ནས་བརྩི་ན་ཕྲ་རིམ་གྲིབ་ཚོད་སོགས་ནས་བརྩི་མི་དགོས་པས་ཚེགས་ཆུང་བའི་དགོས་པ་ཡོད་པའི་ཕྱིར་རོ། །གྲིབ་ཚོད་གཞལ་བ་དེ་ནི་ཐུར་མ་སོར་ བཞི་པས་གཞལ་ན་བཟང་ངོ་སྟེ་སླའོ། །ཤིང་བུ་དེའི་མིང་ལ་ནི་སྐྱེས་བུ་ཉིད་ཅེས་ཐ་སྙད་དུ་བྱའོ། །འདིར་ཤིང་བུ་དེ་ཉིད་ལ་སྐྱེས་བུའི་མིང་གིས་བསྟན་པ་དང་དེའི་གྲིབ་མ་ལ་སྐྱེས་བུའི་མིང་གིས་བསྟན་པ་གཉིས་བྱུང་བ་ལས་མདོ་དང་འགྲེལ་པ་མཁན་པོ་ནི་སྔ་མ་ལྟར་བཞེད། ཊཱི་ ཀར། ཐུར་མ་དེའི་ཐ་སྙད་ནི་སྐྱེས་བུ་ཞེས་བརྗོད་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར། ཕྱི་མ་ལྟར་ཐུར་མ་སྐྱེས་བུར་བསྙད་པར་མ་ཟད་གྲིབ་མ་ལའང་སྐྱེས་བུར་བསྙད་པ་ཡོད་དེ། གཞི་འགྲེལ་ལས་ཀྱང་ཐུར་མ་དེའི་ཐ་སྙད་ནི་སྐྱེས་བུ་ཞེས་བྱ་སྟེ། ཐུར་མས་གཞལ་བའི་གྲིབ་ 6-1-64b མ་ཐུར་མའི་ཚད་ཙམ་རེ་རེ་ལ་གྲིབ་ཚོད་སྐྱེས་བུ་རེ་རེ་ཞེས་བྱ། ཞེས་དང་། འགྲེལ་ཆུང་ལས། ཕུར་བུ་སོར་བཞིའི་གྲིབ་མ་སོར་བཞི་ལ་སྐྱེས་བུ་གཅིག་ཏུ་བརྩིའོ། །ཞེས་དང་། དེ་ལྟར་ཕྲན་ཚེགས་འགྲེལ་པ་ལས་ཀྱང་བཤད་དོ། །དེས་ན་སྐྱེས་བུ་དེའི་བཞི་ཆ་སོར་རེ་ལ་ རྐང་པ་རེའི་ཐ་སྙད་དུ་བྱའོ། །འདི་ལ་སྔ་རབས་པ་རྣམས་ཐུར་མ་སྐྱེས་བུ་དང་གྲིབ་མ་སྐྱེས་བུ་ཞེས་འཆད་པ་ཡིན་ནོ། །གཉིས་པ་ནི། ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པས་གུང་སོགས་ཏེ་དང་གིས་སྒྲས་རིག་པར་བྱའོ། །འདིར་སྔ་དྲོའི་གྲིབ་མ་སྐྱེས་བུ་དང་རྐང་པ་མང་བ་ དེ་རྒན་ཞིང་ཕྱི་དྲོ་གང་ཉུང་བ་དེ་གཞོན་པར་ཤེས་པར་བྱའོ། །འདིར་དངོས་བསྟན་སྔ་དྲོ་གསུངས་ནས་ལ་སོགས་པས་ཉེར་གཅིག་མཚོན་ཏེ། སྔ་དྲོ་དང་། གུང་དང་། ཕྱི་དྲོ་དང་། མཚན་མོའི་ཐུན་དང་པོ་དང་། ཐུན་དང་པོའི་ཕྱེད་དང་། གུང་ཐུན་དང་། གུང་ཐུན་གྱི་ཕྱེད་ དང་། ཐུན་ཐ་མ་དང་། ཐུན་ཐ་མའི་ཕྱེད་དང་། སྐྱ་རེངས་མ་ཤར་བ་དང་། སྐྱ་རེངས་ཤར་བ་དང་། ཉི་མ་མ་ཤར་བ་དང་། ཉི་མ་ཤར་བ་དང་། ཉི་མ་བརྒྱད་ཆ་ཤར་བ་དང་། ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིགས་ཡོལ་བ་དང་། ཉི་མ་བཞི་ཆ་ལུས་པ་དང་། ཉི་མ་བརྒྱད་ ཆ་ལུས་པ་དང་། ཉི་མ་མ་ནུབ་པ་དང་། ཉི་མ་ནུབ་པ་དང་། རྒྱུ་སྐར་རྣམས་མ་ཤར་བ་དང་། རྒྱུ་སྐར་རྣམས་ཤར་བའོ། །འདིར་ཉི་མ་བརྒྱད་ཆ་དང་བཞི་ཆ་ཞེས་པ་འདི། ཉི་མའི་དཀྱིལ་འཁོར་ལ་བརྩི་འམ་ཉི་མ་འཆར་ནུབ་ཀྱི་ལམ་ཇི་སྲིད་པའི་ཁྱོན་ལ་བརྩི་ཞེ་ན། །གཞི་འགྲེལ་ ལས། ཉི་མ་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་གྱི་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བའོ། །ཞེས་འབྱུང་ལ། དེ་དང་མཐུན་པར་ཤ་སྦལ་སོགས་འཆད་དོ། །མཚོ་སྣ་པ་ཆེན་པོའི་གསུང་གིས་དེ་ནི་གཞུང་ལྔ་དང་འགལ་ཏེ། ལུང་གཞི་ 6-1-65a ལས། ཉི་མ་ཤར་བ་དང་། ཉི་མ་བརྒྱད་ཆ་ཤར་བ་དང་། ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིགས་མ་ཡོལ་བ་དང་ཞེས་གོ་རིམ་དུ་གསུངས་པ་དང་། ལུང་ཕྲན་ཚེགས་ལས། ཕྱི་དྲོའི་བཞི་ཆ་དང་ཕྱི་དྲོའི་བརྒྱད་ཆ་དང་། ཞེས་གསུངས་པ་དང་། དགེ་ སློབ་མའི་རྣམ་འབྱེད་ལས། ཉི་མ་རྩེ་དང་། དྲོས་བུ་ཆུང་དང་། དྲོས་ཆེན་དང་། ཞེས་གསུངས་སོ། །ཉི་མ་བརྒྱད་ཆ་ཤར་བ་དང་ཉི་མ་བཞི་ཆ་ཤར་བ་འདི་ལ། འགྱུར་རྙིང་གི་ཀར་ཤ་ལས། ཉི་མ་དྲོས་བུ་ཆུང་དང་། ཉི་མ་དྲོས་པོ་ཆེ་དང་། ཞེས་བཤད་ཅིང་། རྣམ་འབྱེད་ འགྲེལ་པར། ཉི་མ་བརྒྱད་ཆ་ཤར་བ་ཞེས་བྱ་བ་ནི་ནམ་མཁའི་ཕྱོགས་ལ་འགྲོ་བའི་ལམ་གྱི་བརྒྱད་ཆ་ཆོད་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འཆར་ནུབ་ཀྱི་ནམ་མཁའི་ལམ་བརྩི་བར་གྲུབ་བོ། །ཞེས་འཆད་དོ། །གསུམ་པ་ནི། ལོ་ཚིགས་ཤེས་པའི་ཕྱིར། དུས་ ཚོད་དེ་དུས་ཚིགས་ལྔ་པོ་དག་གི་དུས་ཚིགས་འདི་ལ་ཟླ་བ་འདིའི་ཚེས་གྲངས་འདིའི་ཉིན་མོའི་ཆའི་སྐྱེས་བུ་དང་རྐང་པ་འདི་ཙམ་ལ་བསྙེན་པར་རྫོགས་སོ། །མཚན་མོའི་ཆའི་ཐུན་འདི་ཙམ་ལ་རྫོགས་སོ་ཞེས་བྱ་བ་ཀྱང་གི་སྒྲས་རིག་པར་བྱའོ། །དུས་ཚོད་དེ་དག་ནི་ལྔའོ། །འོ་ ན་དུས་དེ་དག་གི་མགོ་དེ་གང་ནས་བརྩམ་ཞེ་ན། འགྲེལ་ཆུང་ལས། དུས་ལ་རྣམ་པ་ལྔ་ཡོད་དེ། སྟོན་ཟླ་ཐ་ཆུང་ཉ་བ་ནས་མགོ་བརྩམས་ཏེ་བརྩིའོ། །ཞེས་དང་། གཞི་འགྲེལ་ལས། སྟོན་ཟླ་ཐ་ཆུང་ཉ་ཟད་ནས་དཔྱིད་ཟླ་ར་བའི་ཉའི་བར་གྱི་ཟླ་བ་བཞི་ནི་དགུན་གྱི་དུས་ ཞེས་བཤད་ཅིང་། དེའང་བདག་ཅག་གི་སྟོན་པ་དྲང་སྲོང་རྔ་བོང་དུ་གྱུར་པ་ན་འདི་ལྟར་གསུངས་ཏེ། ཟླ་རངས་ཉ་ཚེས་ཐ་སྐར་ཡིན། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་སྐོར་བདག་གིས་བརྗོད་པར་བྱ། །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཞེས་ཚེས་བཅོ་ལྔ་ལ་སྐར་མ་ཐ་ 6-1-65b སྐར་བྱུང་བ་སྟོན་ཟླ་འབྲིང་པོ་ཟླ་བ་བཅུ་གཉིས་པ་སྟེ་ལོ་རྫོགས་པ་ཡིན་ནོ། །ཞེས་གཙུག་ལག་གི་གཞུང་སྤྱི་ཙམ་དུ་གྲགས་ལ། དེ་ལྟར་ན། ཚེས་བཅུ་དྲུག་ལ་སྐར་མ་བྲ་ཉེ་བྱུང་བ་ནས་ལོ་མགོ་བཟུང་སྟེ་ཉ་དང་སྨིན་དྲུག་འཛོམས་པ་སྟོན་ཟླ་ཐ་ཆུང་ཟླ་བ་དང་པོ་ཡིན་པར་འཆད་ ལ། ལུགས་དེ་འདུལ་བ་པ་དག་གིས་ཀྱང་ལོ་མགོ་འཛིན་ཚུལ་འདི་དང་བསྟུན་ནས་རྗོད་པར་བྱེད་པ་དག་ལ་ཡང་མི་མཐུན་པ་ཁ་ཤས་སྣང་སྟེ་འདིའི་སྟོན་ཟླ་ཐ་ཆུང་དང་འདུལ་བ་ནས་བཤད་པའི་དགུན་ཟླ་དང་པོ་གནད་གཅིག་ཏུ་བཤད་པའི་ཟླ་བ་དེ་ལ་ངོས་འཛིན་མི་འདྲ་བ་གསུམ་ བྱུང་སྣང་བའི་ཕྱིར། དེའང་བོད་ཁ་ཅིག །ཧོར་ཟླ་བཅུ་པ་སྨིན་ཉའི་ཕྱི་དེའི་ཚེས་གཅིག་ནས་བཟུང་བ་དང་དེང་སང་གི་ལག་ལེན་པ་ཕལ་ཆེ་བ་ཧོར་ཟླ་དགུ་པ་དབྱུག་ཉའི་ཕྱི་དེའི་ཚེས་གཅིག་ནས་འཛིན་པ་དང་། མཆིམས་པ་རྗེས་འབྲངས་དང་བཅས་པ་ཧོར་ཟླ་བརྒྱད་པ་ཁྲུམས་ཉའི་ ཕྱི་དེའི་ཚེས་གཅིག་ནས་འཛིན་པ་གསུམ་སྣང་ངོ་། །གང་ལྟར་ཡང་འདི་སྐབས་ཀྱི་ལོ་མགོ་སྟོན་ཟླ་ཐ་ཆུང་ནས་འཛིན་དགོས་པ་འདི་ཉིད་བོད་ཀྱི་འདུལ་འཛིན་ཕལ་ཆེ་བ་ལ་གྲགས་པ་ལྟར། བུ་ཊཱིཀ་ཏུ། སངས་རྒྱས་པ་ཐམས་ཅད་ཀྱི་དུས་དང་པོ་ནི་དགུན་དག་ཡིན་ནོ། ། ཞེས་བཤད་པས་ལོ་མགོ་ཡང་དེ་དང་མཐུན་པར་མར་ངོ་སྔོན་འགྲོའི་ལུགས་ཀྱི་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་བཟུང་ངོ་ཞེས་འབྱུང་ངོ་། །དེའང་དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་དང་། དབྱར་རིང་པོའི་དུས་སོ། །དེ་ཡང་ དང་པོ་དགུན་དཔྱིད་གཉིས་ནི་ཟླ་བ་བཞི་བཞི་སྟེ། སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་དཔྱིད་རའི་ཚེས་བཅོ་ལྔའི་བར་བཞི་དང་། དེའི་ཚེས་བཅུ་དྲུག་ནས་དབྱར་ཟླ་འབྲིང་པོའི་ཚེ་བཅོ་ལྔའི་བར་བཞིའོ། །དགུན་དཔྱིད་དེའི་འོག་མ་ནི་དབྱར་དུས་ཀྱི་ཟླ་བ་གཅིག་སྟེ་དབྱར་ཟླ་ 6-1-66a འབྲིང་པོའི་ཚེས་བཅུ་དྲུག་ནས་དབྱར་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་བར་རོ། །དེའི་འོག་མ་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནི་དབྱར་ཐུང་ངུའི་དུས་ཀྱི་ཉིན་ཞག་གཅིག་གོ། དུས་ཚིགས་ལྔའི་ཐ་མ་དབྱར་རིང་པོ་ནི་དབྱར་ཐུང་ངུའི་ཞག་གཅིག་པོ་དེས་ཟླ་བ་ གསུམ་དུ་མ་ཆོག་ལ་སྟེ་དབྱར་ཐའི་བཅུ་བདུན་ནས་སྟོན་ཐའི་ཉའི་བར་རོ། །དུས་ཚིགས་ཀྱི་སྐབས་སུ་སྨིན་དྲུག་10མགོ་11རྒྱལ་12མཆུ་1དབོ་དང་2། །ནག་པ་3ས་ག་4སྣྲོན་5ཆུ་སྟོད6། །གྲོ་བཞིན་7ཁྲུམས་སྟོད་8ཐ་སྐར་9ཏེ། །ཟླ་བ་ངོས་འཛིན་སྐར་མ་ཡིན། །ལོ་ཚིགས་བརྗོད་དགོས་པ་ལ། སྟོད་འདུལ་བ་ན་རེ། བྱི་ལོ་ སོགས་རྒྱ་ནག་གི་ལུགས་ཡིན་པས་ལོ་ཚིགས་བརྗོད་པ་ནི་བླུན་བཅོས་སོ་ཟེར་བ་ཡང་མ་ངེས་པ་ཡིན་ཏེ་རྒྱལ་པོའི་ལོ་བཅོས་ཀྱི་རྗེས་སུ་འབྲངས་ནས་ཡུལ་ལུགས་ཀྱི་དབང་དུ་མཛད་དེ་ལོ་ཚིགས་བརྗོད་པར་མཐོང་བའི་ཕྱིར་ཏེ། དགེ་ཚུལ་གྱི་ལོ་དྲི་བར། རྒྱལ་པོ་ཤཱཀྱ་བྱུང་ བའི་དུས་ནས་ལོ་དགུ་བརྒྱ་བཞི་བཅུ་རྩ་ལྔ་ལོན་པའི་འོག་ཏུ་དཔལ་ལྡན་ས་སྐྱོང་ལྷ་རྣམ་པར་རྒྱལ་བས་རྒྱལ་སྲིད་མཛད་ནས་ལོ་བཅུ་དགུ་འདས་པ་ན། དབྱར་ཟླ་ར་བའི་མར་ངོའི་ཚེས་གསུམ་ལ་ཡུལ་མ་ག་དྷཱའི་དཔལ་སེང་གེ་གོ་ཆ་གང་འབྱུང་བའི་གཙུག་ལག་ཁང་ཆེན་ པོར་རབ་ཏུ་བྱུང་བ་བདག་ཉིད་ནི་ཤཱཀྱའི་དགེ་ཚུལ་མཐའ་ཡས་དཔལ་སྐྱོང་ངོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་། འདུལ་བར་ལོ་གཅིག་ལ་དུས་ཚིགས་ལྔ་དང་གསུམ་དང་དྲུག་གསུངས་པའི་དགོས་པ་ལས། དང་པོ་ནི། གདུལ་བྱ་ལྔ་ཚན་ལ་མོས་པ་དང་མཐུན་ པའི་ཕྱིར་ཏེ། དགུན་ཟླ་བ་བཞི་དང་། དཔྱིད་ཟླ་བ་བཞི་དང་། དབྱར་ཟླ་བ་བཞི་ཡིན་ཡང་དབྱར་ལ་དུས་ཚིགས་གསུམ་དུ་བཅད་དེ་ལྔ་ཚན་དུ་མཛད་པའི་ཕྱིར་རོ། །འདིར་བླ་མ་རྣམས་ཀྱི་ཞལ་སྔ་ནས་སྐབས་འདིར་དུས་ཚིགས་ལྔར་བཤད་པ་ནི། དབྱར་ཐུང་ངུ་ཤི་བ་དང་ 6-1-66b འདྲ་བ་བདེ་བླག་ཏུ་རྟོགས་པའི་དགོས་པ་ཡོད་དེ། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་དབྱར་ཐུང་ངུའི་དུས་སུ་སྡོམ་པ་བླངས་ན་བསླབ་པ་རྒན་གཞོན་བརྩི་བའི་ཚེ་དབྱར་ཐུང་ངུའི་དུས་སུ་སྡོམ་པ་བླངས་ཟེར་ན། ཟླ་བ་དངོས་དང་ཟླ་བ་ངོ་དང་ཚེས་གྲངས་གང་ལ་སྡོམ་པ་བླངས་ ཞེས་དྲི་མི་དགོས་པའི་དགོས་པ་ཡོད་པས་དུས་ཚིགས་ལྔར་བསྟན་ཏོ་ཞེས་གསུངས་སོ། །གཉིས་པ་ནི། ཟླ་འཇོག་གི་སྐབས་སུ་འབྱུང་བ་བཞིན་དུས་ཚིགས་གསུམ་དུ་གསུངས་པ་ནི། དུས་ཚིགས་སུ་བཅད་པའི་ཕྱགས་དར་ཁྲོད་ཀྱི་ཚད་བདེ་བླག་ཏུ་རྟོགས་པར་བྱ་བའི་ ཕྱིར་ཡིན་ལ། གོས་དེ་གཞན་གྱིས་ཟླ་བ་དེ་བཞིར་གོན་ཅིང་དམན་པར་བྱས་པ་ཡིན་ན་དུས་ཚིགས་སུ་བཅད་པའི་ཕྱགས་དར་ཁྲོད་པས་གོན་དུ་གནང་སྟེ། འདི་ཉིད་ལས། དུས་ཚིགས་སུ་བཅད་པ་ལ་ནི་ཞེས་དང་། རྣམ་འབྱེད་ལས། དུས་ཚིགས་གསུམ་པོ་དག་ལས་ དུས་ཚིགས་ཞེས་བྱ་བ་ནི་ཟླ་བ་བཞི་སྟེ། ཞེས་གསུངས་སོ། །གསུམ་པ་ནི། གསོ་སྦྱོང་གི་དུས་ཚིགས་ལ་དྲུག་ཏུ་གསུངས་ཏེ་གསོ་སྦྱོང་བཅུ་བཞི་པ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། དེའང་དགུན་སྟོད་དང་། དགུན་སྨད་དང་། དཔྱིད་དང་། སོས་ཀ་དང་། དབྱར་དང་ སྟོན་དང་དྲུག་སྟེ་དུས་ཚིགས་རྣམས་རང་རང་གིས་ཟླ་བ་ཕྱེད་དང་གཉིས་འདས་ཏེ་ཤུལ་དུ་ཟླ་བ་ཕྱེད་ལུས་པ་ན་གསོ་སྦྱོང་བཅུ་བཞི་པ་འབྱུང་སྟེ། འདི་ཉིད་ལས་དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ་ཞེས་གསུངས་སོ། །གཉིས་པ་ལ། བསླབ་བྱ་ཡུལ་ལ་གདམས་ པ་དང་། སློབ་བྱེད་གཉེན་པོར་གདམས་པའོ། །དང་པོ་ལ། ཆེ་ལོང་ཙམ་ཞིག་སྐབས་འདིར་བརྗོད། །ཞིབ་མོ་འཆད་འགྱུར་དག་གིས་སྟོན། །དང་པོ་ལ། བརྟེན་ས་འཚོ་བ་དག་པར་གདམས། །སྤྱོད་པ་ཚུལ་ཁྲིམས་དག་པར་གདམས། །བྱ་བ་ཐོས་བསམ་སྒོམ་པར་ 6-1-67a གདམས། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ། སྤྱིར་གདམས་ངག་བརྗོད་པ་ལས་འཕྲོས་པ་དང་། བྱེ་བྲག་སྦྱངས་ཡོན་བཤད་པའོ། །དང་པོ་ནི། གདམས་ངག་བརྗོད་པ་དེ་ལས་ཀྱི་སློབ་དཔོན་གྱིས་བརྗོད་དགོས་ཏེ། ཀར་ཤ་ལས། དགེ་སློང་ལས་བྱེད་པས་གནས་རྣམས་བརྗོད་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །གདམས་ངག་གི་དབྱེ་བ་ནི། དགེ་སློང་ཕའི་སྐབས་སུ་མདོའི་སྒོ་ནས་ཕྱེ་ན་གདམས་ངག་བཅུ་གཅིག་སྟེ། བརྟེན་པ་བཞི། སྤང་བྱ་བཞི། དགེ་སྦྱོང་དུ་བྱེད་པའི་ཆོས་གཅིག །བསྟན་བྱ་ལྟ་བ། གཞན་རྗེས་ འཛིན་ཏེ་བཅུ་གཅིག་གོ། དོན་གྱི་སྒོ་ནས་ཕྱེ་ན་ཉི་ཤུའོ། །དེ་ཡང་མདོ་དང་པོ་གསུམ་པོ་རེ་རེ་ལ་བཞི་བཞི་སྟེ་བཅུ་གཉིས་དང་། མཆོག་ཏུ་འདོད་པ་ལ་སོགས་འོག་མ་བརྒྱད་དོ། །གདམས་ངག་བཅུ་གཅིག་གི་སྟེང་དུ་ལྕི་བའི་ཆོས་རྣམས་བརྗོད་པ་བསྣན་པས་དགེ་སློང་མ་རྣམས་ཀྱི་ གདམས་ངག་ནི་བཅུ་གཉིས་ཡིན་ལ། ཞིབ་ཏུ་ཕྱེ་ན་སུམ་ཅུ་སོ་གཅིག་སྟེ་དེ་ཡང་གནས་རྣམ་པ་གསུམ་དང་། ཕམ་པ་བརྒྱད་དང་། ལྕི་བའི་ཆོས་བརྒྱད་དང་། གཞན་རྣམས་དགེ་སློང་གི་སྐབས་དང་འདྲའོ། །བསླབ་བྱ་ཡུལ་ལ་གདམས་པ་ནི་མདོ་དང་པོ་རྣམས་ཡིན་ལ། སློབ་བྱེད་ གཉེན་པོ་ལ་གདམས་པ་ནི་མདོ་འོག་མ་གཉིས་སོ། །གཉིས་པ་ནི། གནས་རྣམ་པ་བཞིའི་སྨན་བཀུས་ཏེ་བོར་བ་མ་གཏོགས་པ་དང་པོ་གསུམ་ནི་སྦྱངས་ཡོན་ཡིན་ལ། དེ་ལས་འཕྲོས་པའི་ཡི་དམ་བཅུ་གཉིས་ནི་ཆེ་ལོང་དུ་དབྱེ་བ་སྟེ། བསོད་སྙོམས་པ་དང་སྟན་གཅིག་ཕྱིས་ མི་ལེན། །ཆོས་གོས་གསུམ་དང་ཕྱིང་པ་ཕྱགས་དར་ཁྲོད། །དགོན་པ་བ་དང་ཤིང་དྲུང་བླ་གབ་མེད། །དུར་ཁྲོད་པ་དང་ཙོག་བུ་གཞི་ཇི་བཞིན། །ཞེས་སོ། །དེ་དག་གི་ནང་གསེས་ནི་རང་རང་གི་སྐབས་སུ་འཆད་དོ། །དེ་ཡང་ཉན་ས་ལས། བསོད་སྙོམས་པ་རྣམ་པ་ 6-1-67b གཉིས་ཏེ། རྙེད་པས་ཆོག་པའི་བསོད་སྙོམས་པ་དང་མཐར་གྱིས་པར་སློང་བའི་བསོད་སྙོམས་པའོ། །དང་པོ་ནི། འདྲིས་པའི་ཁྱིམ་དག་ནས་ཇི་རྙེད་པ་ཙམ་ཟ་བར་བྱེད་པའོ། །གཉིས་པ་ནི། ཁྱིམ་རྣམས་སུ་བརྒྱུས་ཏེ་བསོད་སྙོམས་ཅི་ཐོབ་པ་ཟ་བར་བྱེད་ཀྱི་ཁྱིམ་འདི་ནས་ བཟའ་བ་བཟང་པོ་ཇི་ཙམ་ཐོབ་པར་འགྱུར་རོ་སྙམ་ནས་གོ་འཕང་བསྟོད་དེ། ཁྱིམ་རྣམས་སུ་མི་འགྲོའོ་ཞེས་བཤད་དོ། །སྟན་གཅིག་པ་ལ་གསུམ་སྟེ། སྟན་གྱི་མཐའི་སྟན་གཅིག་པ་དང་། ཆུའི་མཐའ་དང་། ཟས་ཀྱི་མཐའི་སྟན་གཅིག་པའོ། །དེ་གསུམ་ནི་ཟས་ཟ་བའི་སྟན་ དེ་ལས་ལངས་ནས་ཉིན་ཞག་དེ་ལ་དུས་སུ་རུང་བའི་ཟས་མི་ཟ་བ་དང་། ཟས་ཟོས་ཏེ་ཁ་བཤལ་བའི་ལག་ཆུ་བླངས་ནས་ཟས་མི་ཟ་བ་དང་། ཁམ་གྱི་ཐ་མ་མིད་དེ་ཟ་འཕྲོ་བཅད་ནས་ཟས་མི་ཟ་བའོ། །དེ་གསུམ་ནི་སྦྱངས་པའི་ཡོན་ཏན་བསྟན་པ་ལས་བཤད་དོ། །ཟས་ཕྱིས་ མི་ལེན་པ་ནི། ཟས་ཅི་ཙམ་གྱིས་བདག་འཚོ་བར་བྱེད་པའི་ཟས་ཐམས་ཅད་མ་མནོས་པར་དེ་སྲིད་དུ་ཟ་བར་མི་བྱེད་ཅིང་ཟས་ཐམས་ཅད་བླངས་ནས་ཟ་བར་རྩོམ་པ་ནས་ཟས་ཕྱིས་མི་ལེན་པ་སྟེ། འདི་ལའང་། དུས་གཅིག་པ་དང་། གསོག་བུ་པའོ། །དང་པོ་ནི། ཟ་ བའི་སྔ་རོལ་དུ་དུས་རུང་གི་ཟས་གཅིག་བྱིན་ལེན་གཅིག་བྱས་ནས། ཉིན་ཞག་གཅིག་ལ་དུས་རུང་གི་ཟས་ཕྱིས་མི་ལེན་པའོ། །གཉིས་པ་ནི། འབྲས་ཆན་དང་། ཚོད་མ་དང་། ཞོ་ལྟ་བུ་སྣོད་སོ་སོར་བླུགས་པ་རྣམས་ཟ་བའི་སྔ་རོལ་དུ་དེ་རྣམས་ཀྱི་སྔ་ཕྱི་བྱིན་ལེན་རིམ་གྱིས་ བྱས་ཏེ་ཟ་འཕྲོ་གཏོང་ནས་ཉིན་ཞག་གཅིག་ལ་དུས་རུང་གི་ཟས་ཕྱིས་མི་ལེན་པའོ། །ཆོས་གོས་གསུམ་པ་ནི། ཆོས་གོས་གསུམ་ལས་ལྷག་པའི་གོས་གཞན་མི་འཆང་བ་ཡིན་ཏེ། ཞེས་ཉན་ཐོས་ཀྱི་ས་ལས་བཤད་དོ། །འོན་ཀྱང་གཞུང་འདི་ལས། ཆོས་གོས་གསུམ་ 6-1-68a པས་ཀྱང་ངོ་། །ཁྲུས་རས་སོ། །ཞེས་པ་དང་། སྦྱངས་ཡོན་བསྟན་པ་ལས། གདིང་བ་དང་། གཡན་པ་དགབ་པ་དང་། གདོང་ཕྱིས་ཀྱི་གོས་དང་། དབྱར་གྱི་རས་ཆེན་བླང་བར་བྱ་སྟེ། ཆོས་གོས་གསུམ་པ་ཉིད་ཉམས་པར་མི་འགྱུར་རོ་ཞེས་བཤད་ པས་ཆོས་གོས་གསུམ་ཁོ་ནར་མ་ངེས་སོ། །འོན་ཀྱང་འཚོ་བའི་ཡོ་བྱད་ཀྱི་གཙོ་བོ་ཆོས་གོས་གསུམ་ཡིན་པས་ཆོས་གོས་གསུམ་པ་ཞེས་བྱ་སྟེ། འདིས་ནི་འཚོ་བའི་ཡོ་བྱད་འཆང་གི། དེ་ལས་གཞན་པའི་ལྷག་པའི་ཡོ་བྱད་ཀྱི་གོས་དང་། མཁོ་བའི་ཡོ་བྱད་ཀྱི་གོས་མི་ འཆང་བའི་དམ་བཅའ་བྱས་པའོ། །ཕྱིང་པ་བ་ནི། གོས་ཐམས་ཅད་ལུག་གི་བལ་ལས་བྱས་པ་འཆང་གི་དར་རམ་རས་གཞན་མ་ཡིན་པ་སྟེ་ཞེས་སོ། །བལ་མིན་པ་གཞན་ལ་ཕྱིང་པ་བཅག་ཏུ་མི་བཏུབ་པས་དེ་ཞེས་བྱ་སྟེ། མདོ་སྡེ་ཆོས་ཀྱི་རྒྱལ་པོ་ལས་སོ། །ཕྱགས་དར་ཁྲོད་པ་ལ་བོར་བ་ཕྱགས་དར་ཁྲོད་པ་དང་ དུས་ཚིགས་བཅད་པའི་ཕྱགས་དར་ཁྲོད་པའོ། །དང་པོ་ནི། གཞན་གྱི་ལམ་སྲང་ལ་སོགས་པར་བོར་བའི་གོས་ཀྱི་དུམ་བུ་ལ་སོགས་པ་བཀྲུས་ལ་དྲུབས་ཏེ་ཁ་དོག་བསྒྱུར་ཞིང་འཆང་བའོ། །གཉིས་པ་ནི། གཞན་གྱིས་ཟླ་བ་བཞི་ཡན་ཆད་གོན་ཅིང་དམན་པར་བྱས་པ་མ་གཏོགས་ པའི་གོས་གསར་པ་ལོངས་མི་སྤྱོད་པའོ། །དགོན་པ་བ་ནི་གྲོང་ལས་རྒྱང་གྲགས་ཡན་ཆད་ཀྱིས་བར་དུ་བཅད་པའི་དབེན་པར་གནས་འཆའོ། །ཤིང་དྲུང་པ་ནི་ཤིང་དྲུང་དུ་གནས་འཆའོ། །བླ་གབ་མེད་པ་ནི། སྟེང་གཡོགས་མེད་པའི་ས་ཕྱོགས་སུ་གནས་འཆའ་བའོ། །དུར་ཁྲོད་པ་ ལ་གཉིས་ཏེ། ཐམས་ཅད་དུར་ཁྲོད་ལྡན་པ་དང་། ཕྱོགས་འགའ་དུར་ཁྲོད་དང་ལྡན་པའོ། །དེ་ཡང་ཟས་གོས་སྣོད་སྤྱད་གནས་མལ་ཐམས་ཅད་དུར་ཁྲོད་ཀྱི་རྫས་ལ་བརྟེན་པ་དང་དེ་དག་ལས་སྔ་འགའ་ཙམ་དུར་ཁྲོད་ཀྱི་རྫས་ལ་བརྟེན་པའོ། །དང་པོ་ནི། ལུང་རྣམ་འབྱེད་ལས། 6-1-68b ཉེ་དུ་དག་གིས་ཤི་བ་དེའི་ཟས་ལ་དུར་ཁྲོད་དུ་འདོར་བར་བྱེད་པ་ལ་ཟས་སུ་བྱེད། རོའི་གོས་དུར་ཁྲོད་དུ་འདོར་བར་བྱེད་པ་དེ་དག་བཀྲུས་ཏེ་དྲུབས་ཤིང་ཁ་བསྒྱུར་ནས་ཆོས་གོས་སུ་བྱེད། ཤི་བ་དེའི་རྗེས་སུ་དུར་ཁྲོད་དུ་འདོར་བར་བྱས་པའི་གྱོ་མོའི་ཁ་བཞོགས་ཏེ་ལྷུང་བཟེད་དུ་བྱེད། གནས་མལ་ཡང་དུར་ཁྲོད་དུ་འཆའ་བར་བྱེད་པའོ་ཞེས་གསུངས་སོ། །དུར་ཁྲོད་པས་དུར་ཁྲོད་དུ་སྤྱིལ་བུ་དང་ཁང་པ་མི་བྱ་བར་དུར་ཁྲོད་དུ་གནས་པར་བྱ་ཞེས་སྦྱངས་པའི་ཡོན་ཏན་བསྟན་པ་ལས་བཤད་དོ། །གཉིས་པ་ནི། གནས་མལ་ཁོ་ན་དུར་ཁྲོད་པ་ལྟ་བུ་སྟེ། ཉན་ ཐོས་ཀྱི་ས་ལས་གང་དུ་སྐྱེ་བོའི་ཚོགས་ཤི་བོ་ཅོག་འདོར་བའི་དུར་ཁྲོད་དུ་གནས་འཆའ་བར་བྱེད་པའོ་ཞེས་སོ། །ཙོག་པུ་པ་ནི། ཉིན་མཚན་ཐམས་ཅད་དུའང་བློས་ཕབ་སྟེ་མི་ཉལ་བར་ཙོག་པུར་འདུག་པའོ། །དེའང་ཆེ་འབྲིང་ཆུང་གསུམ་ཡོད་དེ། ཙོག་པུ་པ་ཆེན་པོ་ནི་ སྦྱངས་པའི་ཡོན་ཏན་བསྟན་པ་ལས་སྣའི་དཔྱད་བྱེད་ན་དབྱེ་བའི་སྐབས་དབྱེ་བར་བྱ་སྟེ། ཙོག་པུ་པ་ཉིད་ཉམས་པར་མི་འགྱུར་ཞེས་གསུངས་པས། སྣའི་བཤལ་སྨན་བཏང་བ་ན་སྣའི་བཤལ་དེས་ཆོས་གོས་ཆུད་ཟ་བ་སྤང་བའི་ཕྱིར་མདུན་དུ་སྒུར་ཙམ་བྱེད་ལ། དེ་ལས་ གཞན་དུ་ཉིན་མཚན་ཐམས་ཅད་དུ་གཡས་གཡོན་དང་མདུན་རྒྱབ་གང་ཡང་རྩིག་པ་ལ་སོགས་ལ་མི་བརྟེན་པར་ཙོག་པུ་ཉིད་དུ་འདུག་པའོ། །འབྲིང་ནི་རྒྱབ་རྩིག་པ་ལ་སོགས་པ་ལ་བརྟེན་ཀྱང་གཡས་གཡོན་མི་བརྟེན་པར་ཙོག་པུ་ཉིད་དུ་འདུག་པའོ། །ཆུང་ངུ་ནི་རྒྱབ་ དང་གཡས་གཡོན་རྩིག་པ་སོགས་ལ་བརྟེན་ཀྱང་མགོ་སྔས་ལ་མི་འཇོག་པར་ཙོག་པུ་ཉིད་དུ་གནས་པའོ། །གཞི་ཇི་བཞིན་པ་ནི། འབོལ་སྟན་དང་རས་སོགས་གདིང་བར་མི་བྱེད་པར་རྩྭའམ་ལོ་མ་བཏིང་བའི་སྟེང་དུ་མལ་འཆའ་བར་བྱེད་ཅིང་། རྩྭའམ་ལོ་མ་བཏིང་ 6-1-69a བ་དེ་ཡང་ལན་གཅིག་ཇི་ལྟར་བཏིང་བ་དེ་ཁོ་ནའི་སྟེང་དུ་མལ་འཆའ་བར་བྱེད་ཀྱི། ཡང་ཡང་དུ་མི་བརྗེ་མི་འཆོས་པ་ཡིན་ནོ་ཞེས་ཉན་ས་ལས་བཤད་དོ། །སྔོན་གྱི་འདུལ་འཛིན་དག་གཞི་ཇི་བཞིན་པ་ནི་མལ་གོང་འོག་མི་འདམ་པ་ལའང་བཞེད་ དོ། །བཅུ་གཉིས་པོ་དེའང་ཟས་ལ་བརྟེན་པ་གསུམ། དེ་འོག་གོས་ལ་བརྟེན་པ་གསུམ། སྤྱོད་ལམ་ལ་བརྟེན་པ་ཙོག་བུ། གནས་མལ་ལ་བརྟེན་པ་གཞན་ལྔའོ། །སྦྱངས་ཡོན་གྱི་སྒྲ་བཤད་ནི། ཉན་ས་ལས། ཅིའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། དཔེར་ ན་བལ་ལེགས་པར་རྨེལ་བ་ལ་སྦྱངས་པ་ཞེས་བྱ་སྟེ། བལ་མ་རྨེལ་ན་འཛིངས་ཤིང་སྐུད་པ་བཀལ་བར་བྱ་བའི་ལས་སུ་མི་རུང་ངོ་། །དེ་བཞིན་དུ་ཟས་གོས་ལ་སོགས་པ་ལ་ཆགས་པས་སེམས་ཀུན་ཏུ་ཞེན་པ་དེ་སྦྱངས་པའི་ཡོན་ཏན་འདི་དག་གིས་ཚངས་པར་སྤྱོད་པ་ ལ་གནས་པར་བྱེད། སེམས་མཉེན་པར་བྱེད། སེམས་ལས་སུ་རུང་བར་བྱེད་པས་ན་སྦྱངས་པའི་ཡོན་ཏན་ཞེས་བྱའོ་ཞེས་གསུངས་སོ། །དམ་བཅའ་བླངས་པ་དང་ལྡན་པས་སྦྱངས་པའི་ཡི་དམ་ཞེས་ཀྱང་བྱའོ། །གང་ཟག་གང་ལ་བསྔགས་པ་ནི། ཆགས་ པ་ཀུན་ཏུ་སྤྱོད་པ་ཤས་ཆེ་བ་དང་། སྡང་བ་ཀུན་ཏུ་སྤྱོད་པ་ཤས་ཆེ་བ་གཉིས་ལས། སྔ་མ་ལ་བསྔགས་ཏེ། ཡི་དམ་འདི་རྣམས་ཕྱི་ནང་གི་འདོད་པ་ལ་ཆགས་པ་སྤོང་བའི་ཡན་ལག་ཏུ་འགྱུར་བའི་ཕྱིར། ཕྱི་མ་ལ་ནི་དེ་ཙམ་དུ་བསྔགས་པ་མ་ཡིན་ཏེ། འདི་རྣམས་ལ་ བརྟེན་པས་ཚོར་བ་སྡུག་བསྔལ་དང་ལྡན་པས་ཁྲོ་བ་འཕེལ་བ་འགྱུར་བས་སོ། །འདིར་སྦྱངས་ཡོན་བཅུ་གཉིས་ལས། གདམས་ངག་བརྗོད་པའི་སྐབས་སུ་གསུམ་བརྗོད་ལ་དགུ་པོ་ཅིས་མི་བརྗོད་ཅེ་ན། ཚངས་པར་སྤྱོད་པ་ཉམས་པར་བྱེད་པའི་རྒྱུའི་གཙོ་བོ་ཡོ་བྱད་གསོག་ 6-1-69b པ་ཡིན་པས་གོས་ཕྱགས་དར་ཁྲོད། ཟས་བསོད་སྙོམས་པ། གནས་མལ་ཤིང་དྲུང་པ་འདི་གསུམ་ཉམས་སུ་བླངས་པས་ན་ཡོ་བྱད་གསོག་པ་ཁེགས་པའི་ཕྱིར་དང་། འདི་གསུམ་བསྒྲུབ་པར་ནུས་པའི་ཕྱིར་རོ། །ཐམས་ཅད་དུར་ཁྲོད་དང་ལྡན་པས་ཀྱང་ཡོ་བྱད་གསོག་ པ་ཁེགས་མོད་ཀྱི། དུས་སྙིགས་མའི་སེམས་ཅན་སྙིང་སྟོབས་ཆུང་བས་བསྒྲུབ་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། ཚངས་སྤྱོད་ཀྱི་གནས་གོས་ཕྱགས་དར་ཁྲོད་དང་། ཟས་བསོད་སྙོམས་དང་། གནས་མལ་ཤིང་དྲུང་དང་། སྨན་བཀུས་ཏེ་བོར་བ་དེ་རྣམས་ལ་བརྟེན་ པར་བརྗོད་པར་བྱའོ། །ལྷག་པར་རྙེད་ན་གོས་དང་སྨན་བཟང་པོ་བརྟེན་མི་རུང་བར་གདམས་པ་ནི་མིན་ནོ། །གཉིས་པ་ལ། ལྟུང་འགྱུར་ཆོས་བཞི་སྤོང་བར་གདམས། །དགེ་སྦྱོང་ཆོས་བཞི་བསྟེན་པར་གདམས། །རྫོགས་པར་འབྲེལ་བའི་ཚུལ་ཁྲིམས་བསྟན། །གུས་ འབྲེལ་ཚུལ་ཁྲིམས་སྒོས་སུ་བསྟན། །དང་པོ་ནི། ངན་སོང་དུ་ལྟུང་བར་འགྱུར་བའི་ཆོས་ཕམ་པ་བཞི་པོ་རྣམས་བརྗོད་པ་དང་ངོ་། །འདིར་ཆོས་ཀྱི་དོན་ནི་རང་གི་མཚན་ཉིད་འཛིན་པས་སོ། །གཉིས་པ་ནི། དགེ་སྦྱོང་དུ་བྱེད་པའི་ཆོས་གཤེས་ཀྱང་སླར་མི་གཤེ། ཁྲོས་ ཀྱང་སླར་མི་ཁྲོ། བརྡེགས་ཀྱང་སླར་མི་བརྡེག །མཚང་བྲུས་ཀྱང་སླར་མི་འབྲུ་བའི་རྣམ་དཀར་གྱི་ཆོས་རྣམས་རྒྱུད་ལ་བསྟེན་པར་ཡང་བརྗོད་དོ། །གསུམ་པ་ལ་གཉིས་ཏེ། རྫོགས་པའི་དངོས་གྱུར་བརྡ་སྦྱོར་བྱ། །རྫོགས་པའི་ཚུལ་ཁྲིམས་བསྒྲུབ་ཚུལ་བསྟན། །དང་ པོ་ནི། དཀའ་བ་དེ་དག་ལ་སློབ་དགོས་ཀྱང་གཞན་གྱིས་ནན་གྱིས་ཁུར་དུ་བཀུར་བ་མ་ཡིན་གྱི། ཁྱེད་རང་གིས་སྔོན་ནས་མཆོག་ཏུ་འདོད་ཅིང་དོན་དུ་གཉེར་བར་བྱ་བའི་དངོས་པོ་དེ་མཁན་སློབ་ཁ་སྐོང་གི་དགེ་འདུན་མཚན་ཉིད་དང་ལྡན་པས་གསོལ་བཞིའི་ལས་མི་ 6-1-70a གཡོ་ཞིང་བཞག་པར་མི་འོས་པ་ཡང་དག་པ་ཉིད་ཀྱིས་མཆོག་ཏུ་འདོད་པའི་ཡང་དག་པ་དེའི་དངོས་པོར་བསྙེན་པར་རྫོགས་ཤིང་རྒྱས་པར་ཐོབ་པ་ཉིད་ཡིན་པས་དེ་རྒྱུ་མཚན་དུ་བྱས་ནས་བསྲུང་དགོས་སོ་ཞེས་བརྗོད་ནས་ཞེས་བྱ་བ་ནི་མཚམས་སྦྱར་ བའོ། །གཉིས་པ་ནི། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་དང་དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་གཉིས་ཚུལ་ཁྲིམས་ཀྱི་རྒྱུ་མཚན་གྱིས་མཉམ་པར་གྱུར་པ་ཉིད་དེས་ནན་ཏན་དུ་བསྒྲུབ་པ་ལ་ངེས་པར་དགེ་སློང་གསར་བུ་དེའང་སྦྱར་བར་བྱའོ། ། བཞི་པ་ལ། གཙོ་བོ་ཡུལ་དང་འབྲེལ་བར་གདམས། །གཙོ་མིན་ཡུལ་དང་འབྲེལ་བར་གདམས། །དང་པོ་ནི། འཇིག་རྟེན་ན་ཕ་བཟང་པོས་བུ་ལེགས་པར་སྐྱོང་། བུ་བཟང་པོས་ཕའི་བསྒོ་བ་མཉན་ཅིང་གུས་པས་ཞབས་ཏོག་བསྒྲུབ་པ་ནི་འཇིག་རྟེན་ན་ཐ་སྙད་ཀྱིས་ ཕ་མ་བུ་ཚའི་ཚུལ་དང་འབྲེལ་བ་སྟེ་དེའི་གཟུགས་བརྙན་དེ་དང་འདྲ་བར་བསྒྲུབ་པ་སྟེ། དེ་ཡང་འཇིག་རྟེན་ན་ཕ་བུ་བས་ལྷག་པའི་འབྲེལ་པ་མེད་པས་བསྟེན་པར་ཟད་ཀྱི། དེ་དང་མཉམ་པ་ནི་མ་ཡིན་ཏེ། མཁན་པོ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ ཅད་ཀྱིས་ཕན་འདོགས་པའི་ཕྱིར་སངས་རྒྱས་དང་འདྲ་བར་གུས་པ་བྱེད་དགོས་སོ། །གཉིས་པ་ནི། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྒན་གཞོན་འབྲིང་གསུམ་ལ་ལུས་ངག་ཡིད་གསུམ་གུས་པས་དུལ་བ་སྟེ་མི་རྒོད་པར་གནས་པ་ཉིད་དོ། །གསུམ་པ་ནི། དགོས་ པ་ཀློག་པ་ཁ་ཏོན་དང་སྤོང་བ་བསམ་གཏན་རྗེས་སུ་ནན་ཏན་དུ་སྒྲུབ་པ་ཡང་ངོ་། །འདིར་ཡང་དང་། གོང་གི་དང་སྒྲ་སྦྱར་རོ། །གཉིས་པ་ནི། བརྗོད་པའི་བསླབ་གཞི་དེ་ཙམ་ལས་དངོས་སུ་མ་བརྗོད་པ་ལྷག་མ་ཕྱིན་སྡོམ་པ་ཡང་དག་པར་བླངས་པའི་བསླབ་གཞི་རྣམས་ 6-1-70b ཡོངས་སུ་ཤེས་པའི་ཐབས་བསྒྲུབ་པར་གྱུར་པ་ཉིད་ད་གཟོད་མཁན་པོ་སོགས་ལས་ཐོས་པར་འགྱུར་རོ་ཞེས་ཀྱང་བརྗོད་པར་བྱའོ། །གཉིས་པ་ལ། བསླབ་ལ་གུས་པར་བྱ་ཕྱིར་གདམས། །བག་ཡོད་བསྒྲུབ་པར་བྱ་ཕྱིར་གདམས། །དང་པོ་ནི། རྙེད་དཀའི་དལ་འབྱོར་རྙེད་ ཅིང་བསྟན་པའི་སྙིང་པོ་ཉེ་བར་རྫོགས་པ་ཐོབ་པས་དེ་ཐམས་ཅད་ལ་གུས་པར་བསྲུང་བ་ལ་ཡང་ངེས་པར་སྦྱར་བར་བྱའོ། །གཉིས་པ་ནི། རབ་བྱུང་དང་བསྙེན་རྫོགས་ཀྱི་དོན་དགེ་སྦྱོང་གི་ཚུལ་ནི་དགེ་སློང་གིས་བསྒྲུབ་ཅིང་ཉམས་སུ་བླང་བར་བྱ་བ་ཡིན་ལ། དེ་འགྲུབ་ པའི་ཐབས་ནི་སྤང་གཉེན་ལ་བླང་དོར་གྱིས་གཟོབ་པ་ལྷུར་ལེན་པའི་བག་ཡོད་བརྗོད་པ་དང་བཅས་པ་ལ་ཡང་ངོ་། །འདིའི་ཡང་ནི་ཐམས་ཅད་ལ་སྦྱར་ཏེ་ཧྲིལ་དྲིལ་ན་བག་ཡོད་པར་སྒྲུབས་ཤིག་ཅེས་པར་འདུ་བ་ཡིན་ནོ། །བསྙེན་པར་རྫོགས་པའི་ཆོ་གའོ། །འདིར་སྨྲས་ པ། སྙན་གྲགས་བརྫུན་ཕྲེང་ཟླ་བའི་རྒྱལ་མཚན་ནི། །མངོན་གསལ་སྙིང་པོ་འཕྲོག་བྱེད་རཱ་ཧུ་ལ། །སྟོབས་ཆེན་རྒྱས་པའི་འཐོར་རླུང་ལེགས་བཤད་འདི། །སྤྲོས་ཚེ་བསྟན་པར་བརྫུ་རྣམས་གང་དུ་བྲོས། །ཞེས་སོ།། །།༈ གཉིས་པ་ལ། གནས་དང་གནས་ པའི་ཚུལ་ཁྲིམས་བསྟན། །གནས་དང་གནས་པའི་ཁྱད་ཆོས་བཤད། །དེ་དག་གཉིས་ཀའི་དམིགས་བསལ་བསྟན། །དང་པོ་ལ་གཉིས། གནས་པ་སློབ་མའི་ཚུལ་ཁྲིམས་བསྟན། །གནས་ཀྱི་བླ་མའི་ཚུལ་ཁྲིམས་བཤད། །དང་པོ་ལ། བྱ་བ་ཞུ་བའི་དམིགས་བསལ་ བསྟན། །གནས་ཀྱི་བྱ་བར་བརྩོན་པ་བསྐྱེད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། སྲུང་ཐབས་ཀྱང་ལྔར་བཤད་དེ། ཕྱི་རོལ་གྱི་རྐྱེན་གང་ཟག་གཞན་ལ་བརྟེན་ཏེ་བསྲུང་བ་དང་། ནང་གི་རྒྱུ་བསམ་པ་ཕུན་ཚོགས་ཀྱི་སྒོ་ནས་བསྲུང་བ་དང་། སྤང་ 6-1-71a བྱ་མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ་དང་། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ་དང་། བདེ་བར་གནས་པའི་རྐྱེན་བསྟེན་ཏེ་བསྲུང་བ་ལས། འདིར་ནི་དང་པོའི་དབང་དུ་བྱས་ཏེ། དེ་ཡང་བྱ་བ་ཞུ་བའི་ཚུལ་གྱིས་དང་། གནས་ལ་གནས་པའི་ཚུལ་གྱིས་དང་། ཆད་པས་བཅད་པའི་ཚུལ་གྱིས་དང་གསུམ་ལས། འདིར་དང་པོ་སྟོན་པ་སྐབས་སུ་བབ་པ་ཡིན་ཏེ། སྡོམ་པ་ཐོབ་པའི་སྐད་ཅིག་གཉིས་པ་ལས་བྱ་བ་གང་བྱེད་ཀྱང་བླ་མ་ལ་ཞུ་དགོས་པའི་ཕྱིར་རོ། །འོ་ན་འདིར་བྱ་བ་གང་ལ་ཞུ་ བའི་ཡུལ་ནི་རང་གི་གནས་སུ་གྲུབ་ཅིང་མ་ཉམས་པ་ལའོ། །གང་གིས་ཞུ་བ་ནི་གནས་པར་འོས་པས་ཞུ་ལ། གང་ཞུ་བ་ནི་བྱེད་པོ་གཅིག་གིས་བྱ་བ་ནི་རུང་བ་དང་མི་རུང་བ་ཁ་ཚོན་ཆོད་ཀྱང་བློ་ལ་བལྟོས་ནས་གསུམ་དུ་ཡོད་དེ། རུང་བར་ཤེས་པ་དང་། མི་རུང་བར་ཤེས་ པ་དང་། རུང་མི་རུང་ཐེ་ཚོམ་ཟ་བའོ། །དེ་ཡང་ཆང་འཐུང་བ་སོགས་མི་རུང་བར་ཤེས་པ་དེ་བླ་མ་ལ་མི་ཞུ་སྟེ་ཞུས་ན་དགག་བྱ་དང་ལྡན་པའི་ཕྱིར། རུང་བར་ཤེས་ཀྱང་བཤང་གཅི་བྱ་བ་སོགས་དམིགས་བསལ་རྣམས་བླ་མ་ལ་མི་ཞུ་སྟེ་ཞུ་མི་དགོས་པར་བཅས་པའི་ཕྱིར། དམིགས་བསལ་མ་གཏོགས་པར་རུང་བར་ཤེས་པ་རྣམས་དང་། ཐེ་ཚོམ་ཟ་བ་རྣམས་བླ་མ་ལ་ཞུ་སྟེ། འོད་ལྡན་ལས། ཀུན་ཏུ་སྤྱད་པར་རུང་བ་དག་བགྱིའོ། །ཞེས་དང་། ཐེ་ཚོམ་ཆོད་པའི་དགོས་པ་ཡོད་པའི་ཕྱིར། ཅི་ལྟར་ཞུ་བ་ནི། མཁན་པོ་སྐ་བྲག་པ་ན་རེ། བྱ་ བ་ཞུ་བ་ན་རང་རང་གི་མིང་ནས་སྨོས་མི་དགོས་ཀྱི་ཀུན་ཏུ་སྤྱད་པས་རུང་བ་དག་བགྱིད་པར་ཞུ་སྟེ། འོད་ལྡན་ལས། ཀུན་ཏུ་སྤྱད་པར་རུང་བ་དག་བགྱིའོ་ཞེས་ཞུ་བར་བཤད་དོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། འོད་ལྡན་ལས་བཤད་པ་དེ་ནི་བྱ་བ་ཞུ་བའི་གཞི་རུང་བ་ 6-1-71b དག་ཞུ་ཞེས་བསྟན་པ་ཡིན་གྱི། བྱ་བ་ཞུ་བའི་ཚུལ་ལུགས་བསྟན་པ་མ་ཡིན་ལ། བྱ་བ་རང་རང་གི་མིང་ནས་སྨོས་མི་དགོས་ན། ལུང་རྣམ་འབྱེད་ལས། ཚེ་དང་ལྡན་པ་ཆོས་ཀྱི་བྱུང་བ་ལས། སྣམ་སྦྱར་འཚེམ་པར་ཞུ། ཉིན་མོ་སྤྱོད་པ་ལ་འགྲོ་བར་ཞུ། བསོད་ སྙོམས་ལ་མཆི་བར་ཞུ་ཞེས་བྱ་བ་རང་རང་གི་མིང་ནས་སྨོས་ཏེ་ཞུ་བར་གསུངས་པ་དང་། ཀཱ་རི་ཀཱ་ལས། འཚལ་མ་འཚལ་ཞེས་བླ་མ་ལ། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་ཞུ། །ཞེས་དང་། ལོ་དྲི་ལས་ཀྱང་ཆག་ཆག་དང་ཕྱགས་དར་དང་ཀློག་པ་དང་ཁ་ཏོན་དང་ དགེ་བའི་ཕྱོགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་བགྱི་ཞེས་བཤད་པ་དང་། རིགས་པས་ཀྱང་གྲུབ་སྟེ། བྱ་བ་རང་རང་གི་མིང་ནས་མ་སྨོས་པར་ཀུན་ཏུ་སྤྱོད་པས་རུང་བ་དག་བགྱིད་པར་ཞུ་ཞེས་བརྗོད་པ་དེ་ཆོས་ཅན། བྱ་བ་ཞུ་བའི་ཚུལ་ལུགས་མིན་ཏེ། བྱ་བ་རུང་མི་རུང་ཐེ་ ཚོམ་ཆོད་པའི་དགོས་པ་མི་འགྲུབ་པའི་ཕྱིར། དེས་ན་བྱ་བ་རང་མིང་ནས་སྨོས་ཏེ་ཞུ་བ་ཡིན་ནོ། །བྱ་བ་དུས་ནམ་གྱི་ཚེ་ཞུ་བ་ནི། བྱ་བ་ནར་མ་རྣམས་ཞུ་བ་དང་། བྱ་བ་གློ་བུར་བ་ཞུ་བའོ། །དང་པོ་ནི། གནས་དང་གནས་པ་གཉིས་ཀ་རང་བཞིན་གྱིས་མཚམས་གཅིག་ ན་ཉིན་རེར་ལན་གསུམ་ཞུ། རྒྱང་གྲགས་ཙམ་ན་ཉིན་རེར་ལན་རེ། རྒྱང་གྲགས་ལྔའམ་དྲུག་ཡོད་ན་ཞག་ལྔའམ་དྲུག་ཅིང་ངོ་། །མཚམས་པོ་ཆེ་གཅིག་གིས་བསྡུས་ཤིང་དཔག་ཚད་ཕྱེད་དང་གསུམ་ཡོད་ན་གསོ་སྦྱོང་གི་ཚེ་ན་འཕྲལ་གྱི་བྱ་བ་ནར་མ་རྣམས་དུས་ གཅིག་ཏུ་ཞུ་བ་ཡིན་ནོ། །གཉིས་པ་ནི། ནམ་དགོས་པ་ན་ཞུ་བའོ། །དེ་དག་ལ་དམིགས་ཀྱིས་བསལ་བའང་ཡོད་དེ། བྱ་བ་དེ་སྤྱིར་བཏང་དུ་གནས་ཀྱི་བླ་མ་ལ་ཞུ་དགོས་ཀྱང་དམིགས་བསལ་གནས་ཀྱི་བླ་མ་མིན་པ་ལ་ཞུས་པས་གོ་ཆོད་པ་ཡོད་དེ། དབྱར་ཕྱི་མ་ཟླ་བ་ 6-1-72a གཉིས་ཀྱི་དུས་ན་གཞོན་ནུ་རྣམས་ཀྱིས་ཆེས་རྒན་པ་ལ་ཞུ་བ་དང་། གནས་ཀྱི་བླ་མ་ས་གཞན་ན་གནས་པའི་ཚེ་གཞན་ལ་ཞུ་བ་དང་། གནས་བྱའི་ཡུལ་ཉེ་བར་མི་གནས་ན་གཞན་ལ་ཞུ་བ་དང་། གནས་སྐབས་དེར་ཞུ་ཡུལ་དུ་འོས་པའི་གནས་ཀྱི་བླ་མ་ ནི་མེད་ལ་ཞུ་ཡུལ་དུ་འོས་པའི་དགེ་སྦྱོང་བླ་མའི་གནས་ལྟ་བུ་ནི་མཚམས་ནང་དེར་ཡོད་པ་ལ་ཞུར་རུང་བ་སྟེ་བཞི་ཡིན་ནོ། །འོ་ན་ཞུ་མི་དགོས་པ་ཡོད་དམ་ཞེ་ན། གནས་སྐབས་ཀྱི་དབང་གིས་ཞུ་མི་དགོས་པ་བརྒྱད་ཡོད་དེ། ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པས་ ལྗོངས་རྒྱུ་བ་དང་། དབྱར་ཕྱི་མ་ཁས་བླངས་ནས་ཟླ་བ་དང་པོ་གཉིས་ཀྱི་དུས་ན་གནས་ཀྱི་བླ་མ་མེད་ན་གཞོན་ནུའི་ནང་ན་ཆེས་རྒན་པ་དང་། གནས་ཚོལ་བ་ལ་ཞུགས་པས་མ་རྙེད་པ་ཞག་ལྔའི་དུས་དང་། གློ་བུར་དུ་འོངས་པ་ཉི་མ་དང་པོའམ་གཉིས་པར་ངལ་གསོ་བའི་དུས་ དང་། ཞག་གཅིག་གནས་གཞན་དུ་ཕྱིན་པ་དང་། དགེ་འདུན་གྱིས་གནས་ནས་ཕྱུང་བ་དང་། བླ་མས་གནས་བཀག་པ་དང་། དེ་དག་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གཅིག་དང་བརྒྱད་ཡོད་དེ། དེ་དག་གི་གཉིས་པས་ཞུ་མི་དགོས་པ་ནི། ཊཱི་ཀ་ལས། དངོས་སུ་ན་ཆེས་རྒན་པ་ནི་མ་ཞུས་པར་ཡང་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ་ཞེས་གསུངས་ལ། གསུམ་པས་དེ་མི་དགོས་པ་ནི། འགྲེལ་ཆུང་ལས། གནས་འཚོལ་གྱི་བར་དུ་མ་དྲིས་ཀྱང་ཉེས་པ་མེད་དོ་ཞེས་སོ། །དང་པོ་དང་བཞི་པ་ལྔ་པ་ནི་རྟོགས་པར་སླ་ལ། དྲུག་ པས་ཞུ་མི་དགོས་པ་ནི་བྱ་བ་ཞུ་བའི་ཡུལ་བྱས་ན་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བར་འགྱུར་པས་སོ། །བདུན་པས་ཀྱང་དེ་ཞུ་མི་དགོས་ཏེ། བླ་མ་ནི་བྱ་བ་ཞུ་བའི་ཡུལ་མི་བྱེད་ཅིང་གཞན་གྱིས་ལེན་པར་བྱེད་ན་སྦོམ་པོར་འགྱུར་བའི་ཕྱིར་རོ། །བདུན་པ་དེ་དག་ཐམས་ཅད་ 6-1-72b འདུལ་བ་མདོར་བསྡུས་ཤ་སྟག་ཡིན་ལ། དེ་དག་ཡང་རྒྱུ་མཚན་མཚུངས་པའི་བརྒྱད་པ་གཞན་ལའང་མདོར་བསྡུས་སྦྱར་རོ། །བྱ་བའི་བྱེ་བྲག་ཞུ་མི་དགོས་པ་ནི་དགུ་སྟེ། བཤང་བ་དང་། གཅི་བ་དང་། སོ་ཤིང་འདོར་བ་དང་། མཚམས་ཁོངས་སུ་གཏོགས་པའི་མཆོད་ རྟེན་ལ་ཞར་བྱུང་གི་ཕྱག་བྱ་བ་དང་། གཙུག་ལག་ཁང་ནས་འཆག་པ་འབའ་ཞིག་གི་བསམ་པས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འགྲོ་བ་དང་། ལས་སུ་བསྐོས་པར་སོང་བ་ན་ལས་སུ་སྐོ་བ་གཞན་བྱུང་བ་དང་དྲུག་གཞུང་འདི་ཉིད་ལས་བཤད་ཅིང་། ཆུ་བཏུང་བ་ཞུ་མི་ དགོས་པ་ནི་འོད་ལྡན་རྩ་འགྲེལ་ལས་བཤད་ལ། གོས་ཀྱི་རྡུལ་སྤྲུགས་པ་སོགས་ཞུ་མི་དགོས་པར་ཊཱི་ཀ་ལས་བཤད་ཅིང་དེ་དག་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གཅིག་དང་དགུའོ། །མདོར་ན་དམིགས་བསལ་གོང་མ་བཞི་ཡུལ་གྱི་ཆ་ནས་དམིགས་བསལ་དང་། བར་པ་བརྒྱད་ཞུ་པོའི་རྟེན་གྱི་ཆ་ནས་དམིགས་བསལ་དང་། ཐ་མ་དགུ་ཞུ་བ་བྱས་པའི་ཆ་ནས་དམིགས་བསལ་ཡིན་ཅེས་འདུལ་འཛིན་སྔ་རབས་པ་རྣམས་གསུང་ངོ་། །གཉིས་པ་ནི། གནས་པ་སློབ་མས་གནས་ཀྱི་བླ་མ་ལ་མ་ཞུས་པར་བྱ་བ་མི་བྱའོ། །བཤང་བ་དང་གཅི་ བ་དང་སོ་ཤིང་དོར་བ་དང་ཉེ་འཁོར་དང་བཅས་པའི་གཙུག་ལག་ཁང་དུ་མཆོད་རྟེན་ལ་ཕྱག་བྱ་བ་ནི་མ་གཏོགས་སོ། །གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བ་ཡང་མ་གཏོགས་སོ། །འདིའི་མཆོད་རྟེན་ལ་ཕྱག་བྱ་བ་ནི་གཙུག་ལག་ ཁང་གི་ནང་དུ་ཡིན། འགྲེལ་ཆུང་ལས་ནི། མཆོད་རྟེན་ལ་ཕྱག་འཚལ་བར་འགྲོ་ན་མ་ཞུས་པར་སོང་ཡང་ཉེས་པ་མེད་དོ། །ཞེས་ཆེད་དུ་དམིགས་ནས་ཕྱག་འཚལ་བ་ལའང་ཞུ་མི་དགོས་པར་འཆད་དོ། །འདི་མི་འཐད་དེ། མཆོད་རྟེན་ལ་དམིགས་ནས་ཆེད་དུ་ 6-1-73a ཕྱག་འཚལ་བ་དེ་ཆོས་ཅན། ཞུ་མི་དགོས་པའི་བྱ་བ་མིན་པར་ཐལ། བྱ་བ་ཆེན་པོ་ཡིན་པའི་ཕྱིར། རྟགས་ཁྱབ་གཞུང་གིས་གྲུབ་སྟེ། ཊཱི་ཀ་ལས། བྱ་བ་གང་སྦྱོར་བ་ཆེན་པོས་རྩོམ་པ་ནི་ལྷུང་བཟེད་ཆོས་གོས་ཀྱི་ལས་ལ་སོགས་པ་སྟེ་དེ་ནི་མ་ ཞུས་པར་མི་བྱའོ་ཞེས་གསུངས་པས། ལྷུང་བཟེད་ཀྱི་ལས་ཙམ་བྱ་བ་ཆེན་པོ་ཡིན་ན་མཆོད་རྟེན་ལ་ཕྱག་འཚལ་བ་བྱ་བ་ཆེན་པོ་ལས་འོས་མེད་པ་ཡིན་ནོ། །འདོམ་བཞི་བཅུ་རྩ་དགུ་ཞེས་པ་འགྲེལ་ཆུང་ལས། གཙུག་ལག་ཁང་ར་བས་བསྐོར་ན་ར་བའི་ཕྱི་སྒོ་ནས་གྲོང་ དང་ནགས་སོགས་གསབ་གསེབ་མེད་ན་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འཆག་པར་སོང་ཡང་ཉེས་པ་མེད་དོ་ཞེས་ནགས་སོགས་གསབ་གསེབ་ཡོད་ན་མི་གནང་བར་འཆད་དོ། །དེ་ལྟར་ན་དགོས་ཀྱི་དགག་བྱས་བཅས་པ་བཞག་པར་འགྱུར་བས་ཧ་ཅང་ཐལ་ཆེས་ ཞེས་ཟངས་ཆེན་པ་གསུང་ངོ་། །གཉིས་པ་ལ། གནས་པ་ལས་ཀྱིས་དལ་དུ་གཞུག །བླ་མའི་ལྟ་སྤྱོད་སྐྱོན་རྣམས་བསལ། །དམན་པའི་གནས་སུ་གཞུག་མི་བྱ། །དམན་པའི་གནས་ནས་བླང་བར་བྱ། །དང་པོ་ནི། བླ་མའི་ལྷུང་བཟེད་ཀྱི་ལས་དང་ཆོས་གོས་ ཀྱི་ལས་དང་དེའི་ནད་གཡོག་དང་ངོ་། །གཉིས་པ་ནི། མཁན་སློབ་ཀྱི་རྒྱུད་ལ་ལྟུང་བ་བྱུང་ན་འགྱོད་པ་བསལ་བ་དང་། བར་ཆད་ཀྱི་ཆོས་རྣམས་ཆོས་མ་ཡིན་ནོ་ཞེས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་ལ་གནས་པ་སློབ་མ་དེས་ཨེ་མ་ཧོ་བདག་གིས་བྱའོ་ཞེའམ་གཞན་ བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། །ཨེ་མ་ནས་བྱ་བའི་བར་ནི་ལྷུང་བཟེད་ཀྱི་ལས་ལ་སོགས་པ་ལྔ་དང་ནན་ཏུར་སོགས་ཕྱི་མ་ལྔ་པོ་རེ་རེའི་མཐར་ཡང་སྦྱར་དགོས་ཏེ། ཊཱི་ཀ་ལས། མདོ་སྔ་མ་ལས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་ 6-1-73b བྱའོ་ཞེས་སྨོས་པ་དང་། འོག་ནས་དབྱུང་བར་བྱའོ་ཞེས་བྱ་བའི་བར་དེ་དག་འདིར་ཐམས་ཅད་དུ་སྦྱར་བར་རིག་པར་བྱའོ་ཞེས་སོ། །འགྱོད་པ་བསལ་བ་དང་སྡིག་ལྟ་སྤང་བའི་སྐབས་འདིར། འདུལ་བའི་སྡེ་སྣོད་མི་ཤེས་པ་ལ་གནས་པར་མ་རུང་། དེས་ན་གནས་སྡེ་ སྣོད་འཛིན་པར་ངེས་པ་ལ་སློབ་མ་སྡེ་སྣོད་འཛིན་པར་མ་ངེས་པས་ལྟུང་བ་ལས་འགྱོད་པ་སེལ་བ་དང་སྡིག་ལྟ་སྤོང་བ་འགལ་ཅེ་ན། འགྲེལ་ཆུང་ལས། མཁན་པོས་སྔོན་སྡེ་སྣོད་ཤེས་ཤིང་མཁས་པ་ལས་རླུང་ནད་ལ་སོགས་པས་དབང་པོ་ཉམས་ཤིང་མི་དྲན་པར་ གྱུར་པ་དེ་ལྟ་བུ་ལ་བྱའོ། །ཞེས་སོ། །ཁྱད་པར་དུ་ཡང་སྡིག་ལྟ་སྤོང་བ་ལ་ནི་མངོན་པའི་སྡེ་སྣོད་གནས་ཀྱི་བླ་མས་མི་མཁྱེན་ཀྱང་སློབ་མས་ཤེས་པ་ཡང་སྲིད་པས་འགལ་བ་མེད་དོ། །གསུམ་པ་ནི། མཁན་སློབ་དང་གནས་སོགས་ལ་གནས་དབྱུང་སོགས་ནན་ ཏུར་བྱེད་པར་འདོད་པའི་དགེ་འདུན་ལ་སློབ་མ་དེས་ཨེ་མ་ཧོ་དགེ་འདུན་གྱིས་བླ་མ་འདི་ལ་ནན་ཏུར་གྱི་ལས་གནས་དབྱུང་སོགས་འདི་ལྟ་བུ་མི་བྱའོ་ཞེས་ཀྱང་ངོ་། །འདི་ལ་ཀ་བ་དར་སེང་ན་རེ། འདི་ལྟར་གསུངས་ཀྱང་ནན་ཏུར་བྱེད་ན་དེ་ཉེས་པ་ལས་བཟློག་པའི་ཐབས་ ཡིན་པས་དེ་དགག་པར་མི་རིགས་སོ་ཞེས་སྨྲའོ། །དེ་ཡང་མི་མཛེས་ཏེ། ནན་ཏུར་མ་བྱས་ཀྱང་གནས་ཉེས་པ་དེ་ལས་བཟློག་བཞིན་པར་བླ་མ་ལ་ནན་ཏུར་བྱེད་ན་དེ་དགག་པ་གཞུང་འདིས་བསྟན་པ་ཡིན་ནོ། །འོ་ན་གནས་སྡེ་སྣོད་འཛིན་པ་ལ་ཡིན་པར་ངེས་པ་དེ་ལ་ ནན་ཏུར་བྱེད་པར་བཤད་པ་འདི་དང་། ཕྱིར་བཅོས་ཀྱི་གཞིར་སྡེ་སྣོད་འཛིན་པ་ལ་ནན་ཏུར་བྱེད་ན་སྦོམ་པོར་བཤད་པ་དང་འགལ་ཅེ་ན། སྦོམ་པོར་བཤད་པ་དེ་སྡེ་སྣོད་འཛིན་པ་ལ་འཁོར་དང་ཕྱོགས་མང་བ་དེ་ལ་ནན་ཏུར་བྱས་ན་དགེ་འདུན་བྱེ་བར་འགྱུར་བའི་དགག་བྱ་ཡོད་པ་ལ་དགོངས་སོ། ། 6-1-74a དགག་བྱ་དེ་མེད་ན་སྡེ་སྣོད་འཛིན་པ་ལ་ཡང་ཆད་པའི་རྒྱུ་དང་ལྡན་ན་ནན་ཏུར་བྱ་སྟེ། འོད་ལྡན་རྩ་བར། བསྟན་པའི་ཀ་བ་དང་འདྲ་ཞེས་སོ། །ཀ་བར་གྱུར་པ་མདོ་སྡེ་འཛིན་གང་དང་། །དེ་བཞིན་གཞན་ཡང་ཆོ་ག་བཞིན་སྤྱད་བསྐྲད། །ཅེས་སོ། །བཞི་པ་ནི། གནས་ལ་ནན་ཏུར་བྱས་པས་གནས་སྐྲ་འགྲེང་བ་ལ་སོགས་པར་གྱུར་ན་གནས་འདི་ལ་དགེ་འདུན་གྱིས་གང་བྱས་པ་དེ་གསོལ་བཞིའི་ལས་ཀྱིས་བཟོད་པར་བྱས་ཤིང་རང་བཞིན་དུ་གནས་པ་ཐོབ་པར་བྱའོ། །འདི་ཉིད་ཀྱི་ལུང་གཞིར། མཁན་པོ་དང་སློབ་དཔོན་ལ་དགེ་ འདུན་གྱིས་ནན་ཏུར་གྱི་ལས་བྱས་པར་གྱུར་ན། དེ་ལ་དགེ་སློང་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་ཨེ་མ་ཧོ་དགེ་འདུན་གྱིས་འདི་ལ་བཟོད་པར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་ཉིད་ཀྱི་རྣམ་བཤད་ལས། བྱས་ན་ བཟོད་པར་བྱའོ་ཞེས་བྱ་བ་ནི་ནན་ཏུར་གྱི་ལས་བྱས་པ་ལ་ཨེ་མ་ཧོ་དགེ་འདུན་གྱིས་འདི་ལ་བཟོད་པར་བྱའོ་ཞེས་བྱའོ་ཞེས་བཤད་དོ། །དེས་ན་དགེ་འདུན་གྱིས་གནས་ལ་ནན་ཏུར་བྱས་ནས་སྐྲ་འགྲེང་བའི་རྗེས་སུ་གནས་པས་དགེ་འདུན་ལ་གསོལ་ནས་གནས་ལ་བཟོད་པའི་ཆོ་ ག་ཤས་ཆེན་པོས་བསྒྲུབ་པར་གསུངས་པ་འདི་ཉིད་འཐད་པ་ཡིན་གྱི་འདུལ་བའི་སྡེ་སྣོད་ལ་མ་སྦྱངས་པ་ཁ་ཅིག །བླ་མ་ལ་དགེ་འདུན་གྱིས་ནན་ཏུར་གྱི་ལས་བྱས་ན་སློབ་མས་ཁྲོ་བ་མི་བསྟེན་པར་བཟོད་པའི་དོན་དུ་བྱས་ན་བཟོད་པར་བྱའོ་ཞེས་ཟེར་བ་ནི་གྱི་ན་སྟེ། ཊཱི་ཀར། ནན་ཏུར་གྱི་ལས་བྱས་པར་གྱུར་ན་དེའི་ཚེ་གནས་པས་ཨེ་མ་ཧོ་གནས་འདི་ལ་དགེ་འདུན་གྱིས་གང་བྱས་པ་དེ་བཟོད་པར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་སྟེ་གཏོང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པའི་ཕྱིར། ཡང་འདི་ལ་ཤ་སྦལ་སོགས་ན་རེ། 6-1-74b བླ་མ་ལ་དགེ་འདུན་གྱིས་ནན་ཏུར་གྱི་ལས་བྱས་ན་བླ་མ་ལ་སློབ་མས་གྲོས་བཏབ་སྟེ་བཟོད་པར་གསོལ་དུ་གཞུག་པའི་དོན་ཡིན་ཏེ། འགྲེལ་ཆུང་ལས། མཁན་པོ་བསྐྲད་དེ་ཕྱི་ལོགས་སོགས་སུ་འཕྱན་པར་གྱུར་ན་དེ་ལྟར་མ་བྱེད་པར་དགེ་འདུན་ལ་བཟོད་པ་གསོལ་ཅིག་པར་ གྲོས་བཏབ་བོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །གཙང་དུ་རིན་སྐྱབས་ཀྱི་གསུང་གིས། དེ་ནི་མི་འཐད་དེ། གནས་ཀྱི་བླ་མ་ལ་གྲོས་དེ་ལྟར་གདབ་དགོས་ན། སྐབས་འདིའི་ལུང་གཞི་ལས། མཁན་པོ་སློབ་དཔོན་ཉིད་ལ་ནན་ཏུར་གྱི་ལས་བྱས་པ་དེ་བཟོད་པར་ གསོལ་ཞིང་ནན་ཏུར་གྱི་ལས་བྱས་པའི་རྒྱུ་དེ་ཡང་སྤང་ཞེས་འབྱུང་བ་དང་འགལ་བའི་ཕྱིར་ཞེས་འཆད་དོ། །བླ་མས་ལྷག་མ་བཅབས་པ་ལ་སྤོ་བ་དང་། དེ་སྤྱོད་བཞིན་པ་ན་རིགས་འདྲ་བྱུང་ནས་བཅབས་པའི་གཞི་ནས་སྤོ་བ་དང་། ལྷག་མ་བྱུང་ན་མགུ་བར་བྱ་བ་དང་། དེ་སྤྱོད་པ་ན་རིགས་འདྲ་བྱུང་ནས་གཞི་ནས་མགུ་བར་བྱ་བ་དང་། གཞི་ནས་སྤོ་མགུ་སྨོས་པས་གཞི་ནས་བླངས་པའི་སྤོ་མགུ་ཡང་བསྡུས་སོ། །ལྟུང་བ་ལས་བསླང་བ་སྟེ་དབྱུང་བར་འདོད་པ་ལ་སྤོ་མགུ་དང་གཞི་ནས་སྤོ་མགུ་དེ་དག་སྦྱིན་པར་བྱ་ཞིང་དབྱུང་བར་འདོད་ པ་ལ་དབྱུང་བར་ཞུའོ་ཞེས་དགེ་འདུན་ལ་སློབ་མས་ཞུ་བར་བྱའོ། །དེ་ཡང་ཊཱི་ཀར། གནས་དེ་དབྱུང་བར་འདོད་ན་གནས་པས་ཨེ་མ་ཧོ་དགེ་འདུན་གྱིས་གནས་འདི་དབྱུང་བར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་བྱའོ། །ཞེས་སོ། །འདིའི་ཐད་ཀྱི་རྒྱ་དཔེར་ཇི་ སྐད་དུ། དབྱུང་བར་འདོད་པའི་གནས་ལ་ཨེ་མ་ཧོ་དགེ་འདུན་གྱིས་འདི་ལ་སྤོ་བ་ལ་སོགས་པ་བཞི་སྦྱིན་པར་བྱ་ཞིང་། ཕྱུངས་ཤིག་ཅེས་ཡོད་ཅིང་ཉིད་ཀྱི་རྣམ་བཤད་ལས་ཀྱང་འདི་ལྟར་འབྱུང་ངོ་། །འདིར་ཁ་ཆེ་བ་དང་སྐྱོར་ལུང་པ་ན་རེ། གནས་ཀྱི་བླ་མ་སྡེ་སྣོད་ 6-1-75a འཛིན་པ་ལ་ལྷག་མའི་ལྟུང་བ་བྱུང་ན་སྤོ་མགུ་དབྱུང་བ་བྱ་བར་བཤད་པ་འདི་དང་། ཕྱིར་བཅོས་ཀྱི་གཞི་ལས། སྡེ་སྣོད་འཛིན་པས་ནི་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་ལྡང་ངོ་ཞེས་བཤད་པ་དང་འགལ་ལོ་ཟེར་རོ། ། སྐྱོན་མེད་དེ་སྡེ་སྣོད་འཛིན་པ་ཡིན་ཡང་། སྤོ་མགུ་མ་སྤྱད་ན་ཕྱིན་ཆད་རྒྱུན་སྡོམ་པ་ལ་སོགས་ཕྱིར་བཅོས་ཀྱི་བསམ་པ་མཚན་ཉིད་པ་མི་སྐྱེ་ན་སྤོ་མགུ་དབྱུང་བ་ཅིས་ཀྱང་དགོས་ལ། བསམ་པ་དེ་སྐྱེ་ན་སྡེ་སྣོད་འཛིན་པ་ལ་སྤོ་མགུ་དབྱུང་བ་མི་དགོས་ཏེ་བསམ་པས་ ལྟུང་བ་ལས་ལྡང་གི། ཆད་པའི་ལས་ཀྱིས་མ་ལངས་ཀྱང་ཉེས་མེད་དུ་གནང་བའི་ཕྱིར་ཞེས་མཚོ་སྣ་པ་གསུང་ངོ་། །གཉིས་པ་ནི། གནས་དེས་ཀྱང་གནས་པ་སློབ་མ་དེ་ལ་ལྷུང་བཟེད་དང་ཆོས་གོས་སོགས་ཀྱི་བྱ་བ་དེ་བྱ་སྟེ། འོན་ཀྱང་བྱ་བ་ཞུ་བ་ནི་མ་གཏོགས་སོ། ། ལུང་གཞི་ལས། དགེ་སློང་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་མཁན་པོ་དང་སློབ་དཔོན་དག་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བཞིན་དུ། མཁན་པོ་དང་། སློབ་དཔོན་དག་གིས་ཀྱང་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལ་བསྒྲུབ་པར་བྱ་སྟེ་ཞུ་ བ་ནི་མ་གཏོགས་སོ་ཞེས་སོ། །གཉིས་པ་ལ། གནས་པའི་ཁྱད་པར་ཡན་ལག་བསྟན། །གནས་ཀྱི་ཁྱད་པར་ཡོན་ཏན་བརྗོད། །དང་པོ་ལ། རྩ་བའི་དོན་དང་། འཕྲོས་པའི་དོན། དང་པོ་ནི། བདག་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་འདི་ གསུམ་མི་བྱ་སྟེ། མཁན་པོ་ཉིད་དང་། གནས་ཉིད་དང་། མི་གནས་པར་འདུག་པར་མི་བྱའོ། །ཚིག་འདི་ཉིད་ཀྱིས་འོག་ནས་འབྱུང་བ་ལྔ་ཕྲུགས་ཉེར་གཅིག་པོ་དག་ལས་ལྷན་ཅིག་སྦྱར་བ་གང་རུང་ཞིག་དང་ཡང་མི་ལྡན་པས་ནི་ལོ་བཅུ་ལོན་ཡང་མཁན་པོ་སོགས་ 6-1-75b གསུམ་པོ་དེ་བྱར་རུང་བ་ཡིན་ནོ། །གཉིས་པ་ལ། གནས་པ་སློབ་མའི་མཚན་ཉིད་བཤད། །ལོ་བཅུ་ལོན་པའི་དགོས་པ་བརྗོད། །དང་པོ་ནི། ཆོས་འདི་པའི་རབ་བྱུང་གང་ཞིག །རང་གི་གནས་ཀྱི་བླ་མ་ལ་གུས་པར་བྱེད་པ་པོར་འོས་པའོ། །གནས་པར་འོས་པའི་ མཚན་ཉིད་ནི། འདུལ་བ་ཤེས་པ་དང་བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་ཡན་ལག་གི་ལོ་གྲངས་ལོན་པ་གཉིས་ཚོགས་མ་ཡིན་པ་གང་ཞིག་རང་སངས་རྒྱས་ལྟ་བུ་མ་ཡིན་ཅིང་། ད་ལྟར་གྱི་ཆོ་ག་བཅས་ནས་ཀྱི་ཆོས་འདི་པའི་རབ་བྱུང་ཡིན་པའོ། །རྫོགས་པ་བརྟན་པའི་ལོ་ གྲངས་ནི། དགེ་སློང་རྫོགས་ནས་ལོ་བཅུ་ལོན་པ་དང་། དགེ་སློང་མ་རྫོགས་ནས་ལོ་བཅུ་གཉིས་ལོན་པའོ། །གཉིས་པ་ནི། ལོ་བཅུ་ལོན་པའི་ཕན་ཡོན་ནི། དེ་ལོན་པའི་དགེ་སློང་ཆོས་ཅན། ཕན་ཡོན་གསུམ་མཁན་པོ་བྱར་རུང་། གནས་ཀྱི་སློབ་དཔོན་བྱར་རུང་། གནས་ མེད་དུ་འདུག་ཏུ་རུང་བའོ། །འབྱུང་བ་ཡིན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་བརྟན་པའི་རིགས་ཅན་ཡིན་པའི་ཕྱིར། དཔེར་ན་དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་བཞིན་ནོ། །ལོ་བཅུ་མ་ལོན་པའི་ཉེས་པ་ནི་དེ་ལས་བཟློག་པའོ། །དེ་བཞིན་དུ་འདུལ་བའི་བཅས་པ་ གཞན་རྣམས་ལའང་རྒྱུ་མཚན་ཅི་རིགས་པར་སྦྱར་རོ། །འདིར་ཇོ་གདན་ནག་པོ་དར་ཚུལ་ན་རེ། འདུལ་བ་ལ་རྒྱུ་མཚན་སྦྱོར་བ་འདི་མི་འཐད་ཅེས་འཆད་དོ། །དེ་མི་བཟང་ཞིང་འདུལ་བ་ལ་རྒྱུ་མཚན་སྦྱར་རུང་སྟེ། རྒྱུ་མཚན་ལུང་དང་བསྟན་བཅོས་ལས་བཤད་པའི་ ཕྱིར། ཅི་ལྟར་བཤད་ཅེ་ན། རྣམ་འབྱེད་ལས། བསླབ་པ་བཅས་པའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ཞེས་དགོས་པའི་རྒྱུ་མཚན་དང་། གཞན་དག་སྨོད་པར་བྱེད། འཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ཅེས་དགག་བྱའི་རྒྱུ་མཚན་གསུངས་པ་ 6-1-76a དང་། མདོ་འདི་ཉིད་ལས། ཉའི་ཞག་ལ་སོགས་པ་ལྔ་སྨོས་ནས། དེ་དག་ནི་ནད་པ་ལ་ཕལ་ཆེར་སྦྱོར་བར་བྱེད་དོ་ཞེས་པ་དང་། འོད་ལྡན་ལས། ཅིའི་ཕྱིར་མི་བསད་ན་མཐར་འགྱུར། མི་མ་ཡིན་པ་བསད་ན་སྦོམ་པོར་འགྱུར། དུད་འགྲོ་ བསད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། མི་རྣམས་ནི་གཙོ་བོ་ཡིན། མི་མ་ཡིན་རྣམས་འབྲིང་ཡིན། དུད་འགྲོ་རྣམས་ནི་ཐ་ཆད་ཡིན་པས་ལྟུང་བ་ཐ་དད་པར་ཁོང་དུ་ཆུད་པར་བྱའོ་ཞེས་དང་། ཊཱི་ཀ་ལས། ཡང་ཡང་ཟ་བའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མ་ བཞག་སྟེ། དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་དེ་དག་ལ་དེ་འབྱུང་བར་དཀའ་བའི་ཕྱིར་ཞེས་བཤད་དོ། །འདུལ་བ་ལ་རྒྱུ་མཚན་མི་སྦྱོར་ན་འདུལ་བ་མདོར་བསྡུས་གསུངས་པ་དང་འགལ་ཏེ། འདུལ་བ་མདོར་བསྡུས་ནི། དངོས་སུ་ གསུངས་པའི་རྒྱུ་མཚན་རྗེས་སུ་མཐུན་པ་ལ་སྦྱར་བ་སྟེ། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་སྦྱར། །ཞེས་གསུངས་པའོ། །ལྷག་པར་ལོ་བཅུ་ལོན་པ་འདི་ལྔ་ཚན་ལ་ཤིན་ཏུ་གཅེས་པ་ཡིན་ཏེ། ལྔ་ཚན་དང་ པོའི་ཡན་ལག་ཁ་སྐོང་ཡིན་པར་སྟོན་པ་འདི་དོན་ཉེ་བ་ན་ཡོད་པས་དེ་ཡན་ལག་ཏུ་བགྲང་སླ་བའི་ཕྱིར་ཏེ། ཊཱི་ཀ་ལས། ལོ་བཅུ་ལོན་པ་ཉིད་ནི་ལྔ་པ་དང་པོའི་ཡན་ལག་ལྔ་ཡིན་པར་རིག་པར་བྱས་ཏེ་ཞེས་སོ། །དེ་ནི་མས་རིམ་གྱིས་བགྲངས་པའི་ལྔ་པ་ཡིན་པ་ལ་ དགོངས་ཏེ། ལུང་གཞི་ལས། ཡན་ལག་དང་པོ་ཡིན་པར་གསུངས་ལ། གཞི་འགྲེལ་ལས་ཀྱང་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའམ་ལྷག་པ་སྟེ་དེ་ནི་འདིར་ལྔ་པ་དང་པོའི་ཡན་ལག་དང་པོ་ཡིན་ཏེ་ཞེས་སོ། །དེས་ན་ལྔ་ཚན་ལྷག་མ་རྣམས་ཡུལ་ 6-1-76b ཡིན་པར་སྟོན་ཏེ། ལོ་བཅུ་ལོན་པོ་འདི་ལྔ་ཚན་དང་པོ་མ་གཏོགས་པ་ལྔ་ཚན་གཞན་རྣམས་ཀྱི་གཞི་ཡིན་པས་དབང་དུ་བྱ་བའི་ཚུལ་དུ་སྦྱར་བའི་ཕྱིར། དཔེར་ན། ལུང་ལས་ཕམ་པ་དང་པོའི་སྐབས་སུ་ཡན་ལག་བསྟན་པ་བཞིན་ནོ། །ཊཱི་ཀར། དེ་ལྔ་པ་ལྷག་མ་ རྣམས་ཀྱི་ཡུལ་ཡིན་པར་སྟོན་ཏོ་ཞེས་སོ། །འདིར་དང་པོར་ལོ་བཅུ་ལོན་པ་ཞེས་སྨོས་པའི་རྒྱུ་མཚན། ཊཱི་ཀར། གང་ལ་ལོ་བཅུ་ལོན་པ་ཉིད་དང་། འདུལ་བ་ལ་གནས་པའི་དོན་ཉིད་གཉིས་པོ་དེ་དག་ཡོད་པ་དེས་ནི་མཁན་པོ་ཉིད་ལ་སོགས་པ་གསུམ་པོ་དག་བྱ་སྟེ། འདི་ལྟར་དེ་ནི་མཁན་པོ་ཉིད་ལ་སོགས་པ་དག་གི་གཙོ་བོའི་རྒྱུ་ཡིན་པའི་ཕྱིར། སློབ་པ་ཉིད་ལ་སོགས་པའི་ཡན་ལག་ལྷག་མ་ནི་བྱེ་བྲག་ཏུ་གྱུར་པ་ཉིད་ཡིན་ཏེ། དེ་མེད་ཀྱང་མཁན་པོ་ལ་སོགས་པའི་རྒྱུར་རུང་བས་དེའི་ཕྱིར་ལོ་བཅུ་ལོན་པ་ཉིད་དང་། འདུལ་བ་ལ་གནས་པའི་དོན་ ཉིད་ནི་འདའ་བར་བྱ་བ་མ་ཡིན་པའི་ཡན་ལག་ཡིན་ནོ། །དོན་འདི་བསྟན་པའི་ཕྱིར་དང་པོར་ལོ་བཅུ་ལོན་པ་ཉིད་སྨོས་སོ་ཞེས་སོ། །གཉིས་པ་ལ། སྤྱི་དོན་དང་ཚིག་དོན་གཉིས་ལས། དང་པོ་གནས་ཀྱི་བླ་མའི་མཚན་ཉིད་ནི། གནས་པ་ལ་ལྟོས་ནས་དངོས་སུ་ཆོས་ འབྲེལ་གྱི་ཡུལ་ཁྱད་པར་ཅན་དུ་གནས་པའོ། །དེ་ཡང་མཁན་པོ་དང་གནས་ཀྱི་སློབ་དཔོན་ནོ། །དེ་ཡང་ཆོས་བཞི་ལྡན་གྱིས་མཁན་པོ་དང་གནས་ཀྱི་སློབ་དཔོན་བྱར་རུང་སྟེ། བཙུན་པ་དང་། བརྟན་པ་དང་། མཁས་པ་དང་། ཕན་འདོགས་ཀྱི་ཡན་ལག་དང་ལྡན་ པའོ། །དེ་ཡང་བཙུན་པའི་ཡན་ལག་ནི་རྫོགས་པའི་སྡོམ་པ་ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། ལུང་ལས། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཕམ་པའི་ལྟུང་བ་བཞི་པོ་རྣམས་ལས་གང་ཡང་རུང་བ་མ་བྱུང་བའོ་ཞེས་གསུངས་པ་ 6-1-77a དང་། ཊཱི་ཀ་ལས། ཚུལ་ཁྲིམས་དང་ལྡན་པ་སྟེ་འཆལ་བའི་ཚུལ་ཁྲིམས་ཀྱི་སྐབས་མེད་པའི་ཕྱིར་ཞེས་པའོ། །བརྟན་པའི་ཡན་ལག་ནི་བསྙེན་པར་རྫོགས་ནས་བར་མ་ཆད་ལོ་བཅུར་ལོན་པའོ། །མཁས་པའི་ཡན་ལག་ནི་འདུལ་བ་ཤེས་པའོ། ། ཕན་འདོགས་ཀྱི་ཡན་ལག་ནི་ཆོས་བཅུ་གཉིས་ཏེ། སྙིང་རྗེ་བཟོད་ལྡན་ནང་འཁོར་དག་པ་དང་། །ཕན་འདོགས་གཉིས་བརྩོན་མཚན་མཐུན་ལྟ་བ་དག །སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་གནས། །ཐ་མལ་ལུས་དང་ས་ནི་རང་བཞིན་གནས། །ཞེས་བཟུང་ངོ་། །བཅུ་གཉིས་ པོ་དེ་དག་ལས་དང་པོ་ལྔའི་སྒྲུབ་བྱེད་ནི་ལྔ་ཚན་གྱི་དང་པོ། ནད་གཡོག་དང་ཞེས་པའི་ཊཱི་ཀར། ནད་གཡོག་ཅེས་བྱ་བ་འདིས་ནི་སྙིང་རྗེ་དང་ལྡན་པ་ཉིད་དང་སྡུག་བསྔལ་ལ་ཇི་མི་སྙམ་པ་ཉིད་བསྟན་ཅེས་དང་། སུམ་བརྒྱ་པ་ལས། ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། ། ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །ཞེས་བཤད་དོ། །མཚན་མཐུན་པ་ལ་སོགས་བཞིའི་སྒྲུབ་བྱེད་ནི། མཚན་དང་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ། །ཞེས་དང་། སྨྲ་བ་པོ་ཉིད་ལ་ཡོད་པས་ཏེ་ཞེས་དང་། རྣམ་པར་རིག་བྱེད་ལས་དོན་གོ་བའོ་ཞེས་སོ། །ཤེས་པ་རང་བཞིན་དུ་གནས་དགོས་པ་ནི། ལུང་ཞུ་བ་ལས། མཁན་པོ་སྨྱོན་པས་བསྙེན་པར་རྫོགས་པ་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པའོ་ ཞེས་ཉེས་བྱས་བསྐྱེད་པར་གསུངས་པའོ། །ལུས་ཐ་མལ་དུ་གནས་དགོས་པ་ནི། ལུང་ཞུ་བ་ལས། བལ་ཁུར་ལ་སོགས་པའི་ལྟུང་བ་བསྐྱེད་པ་ལ། རྟེན་སྤྲུལ་པ་མ་ཡིན་པ་དགོས་པར་གསུངས་པའི་གནད་ཀྱིས་སྦྱར་རོ། །ས་རང་བཞིན་དུ་གནས་དགོས་པའི་དགོས་ 6-1-77b པ་ནི། ས་གཞན་ན་གནས་པ་ཡིན་ན་མཁན་པོ་བྱེད་པ་ལ་སོགས་པ་ཁྱད་པར་ཅན་གྱི་སྤྱོད་པ་སྤང་དགོས་པའི་ཕྱིར་རོ། །དེ་རྣམས་རེ་རེ་ནས་བགྲངས་ནས་ཆོས་བཅོ་ལྔ་དང་ལྡན་ན་མཁན་པོ་དང་གནས་ཀྱི་སློབ་དཔོན་ཡང་ངོ་། །ད་ནི་ལྔ་ཚན་སོ་སོའི་དོན་བཤད་པར་ འདོད་དེ། ལྔ་ཚན་གྱི་དབྱེ་བ་ནི། ལུང་གཞི་ལས། ལོ་བཅུ་འཛིན་དང་མཁས་པ་དང་། །རིགས་དང་གསལ་དང་འཛིན་འཇུག་དང་། །སློབ་དང་སློབ་འཇུག་རྣམ་གཉིས་དང་། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང་། ། གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་པ་ལྟར་དབྱེའོ། །ལྔ་ཕྲུགས་ཀྱི་བསྡུ་བ་ནི། ལྔ་པ་ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་པ་གཉིས་སུ་འདུས་པ་ལ། ཐག་མ་རྡོ་རྗེ་གཞོན་ནུའི་ ཞལ་སྔ་ནས། ལྔ་པ་ཁྱད་པར་ཅན་གྱི་ལྔ་ཚན་དང་པོ་བཅུ་བདུན། ཁྱད་པར་ཅན་མིན་པའི་ལྔ་ཚན་བཞིའོ་ཞེས་འཆད་དོ། །དེ་ཡང་མ་ཡིན་ཏེ་བྱུང་བ་ཤེས་པའི་ཊཱི་ཀ་ལས། ལྔ་པ་འདི་དང་འོག་ནས་ལྟུང་བ་དང་ཞེས་བྱ་བ་ལ་སོགས་པའི་ལྔ་པས་ནི་འདུལ་བ་འབའ་ ཞིག་ཤེས་པ་ཉིད་བསྟན་ཏོ། །ཞེས་འདུལ་བ་འབའ་ཞིག་ཤེས་པའི་ལྔ་ཚན་གསུངས་པ་དང་འགལ་ལ། གནས་འཆའ་བ་དང་འཆར་འཇུག་གི་ལྔ་ཚན་གཉིས་ནི་ལྔ་པ་ཁྱད་པར་ཅན་ཡིན་ཏེ། འདུལ་བ་ཤེས་པའི་སྟེང་དུ་གནས་འཆའ་འཆར་འཇུག་གི་ཡོན་ཏན་ཡར་ ལྡན་དུ་ཡོད་པའི་ཕྱིར། འོ་ན་གང་ཞེ་ན། དེ་ཡང་བྱུང་བ་ཤེས་པའི་ལྔ་ཚན་ཡང་ལྔ་ཚན་ཐ་མ་ནི་ལྔ་པ་ཁྱད་པར་ཅན་མ་ཡིན་པ་སྟེ། འདུལ་བ་འབའ་ཞིག་ཤེས་པའི་ལྔ་ཚན་ཡིན་པའི་ཕྱིར། བྱུང་བ་ཤེས་པའི་ཊཱི་ཀ་ལས། ལྔ་པ་འདི་དང་འོག་ནས་ལྟུང་བ་དང་ཞེས་ 6-1-78a བྱ་བ་ལ་སོགས་པའི་ལྔ་པས་ནི་འདུལ་བ་འབའ་ཞིག་ཤེས་པ་ཉིད་བསྟན་ཏོ། །ཞེས་སོ། །ལྔ་ཚན་དེ་གཉིས་མ་གཏོགས་ལྔ་ཚན་བཅུ་དགུ་ནི་ལྔ་པ་ཁྱད་པར་ཅན་ཡིན་ཏེ། འདུལ་བ་ཤེས་པའི་སྟེང་དུ་སྡེ་སྣོད་གཞན་གཉིས་ཤེས་པའམ་འཕགས་ ཆོས་ཐོབ་པ་ལ་སོགས་པ་ཁྱད་པར་གྱི་ཡོན་ཏན་ཡར་ལྡན་དུ་ཡོད་པའི་ཕྱིར་རོ། །ལྔ་ཚན་དེ་དག་ལས། ལྔ་པ་རང་དབང་ཅན་ཡིན་མིན་ནི། ལྔ་ཚན་གཅིག་ཚང་བར་བྱེད་པ་ལ་ལྔ་ཚན་གཞན་གྱི་ཡན་ལག་ཟླ་བོར་དགོས་ན་ལྔ་པ་རང་དབང་ཅན་མ་ཡིན་པ་ཞེས་བྱ་ལ། མི་ དགོས་ན་ལྔ་པ་རང་དབང་ཅན་ཞེས་བྱའོ། །དེའང་ཊཱི་ཀར། ཀྱང་ཞེས་བྱ་བའི་སྒྲ་ནི་ཚུལ་ཁྲིམས་ལ་སོགས་པ་སློབ་པ་ཉེ་བར་བསྡུ་བའི་དོན་སློབ་པ་དང་སློབ་འཇུག་གཉིས་ཀའི་ཚོགས་པ་ཡིན་གྱི། སློབ་པ་བ་ལ་མི་བལྟོས་པར་སློབ་འཇུག་ཐ་དད་པར་རྟོགས་པའི་དོན་མ་ཡིན་ཏེ། དེ་ལྟར་མ་ཡིན་ དུ་ཟིན་ན་སློབ་པ་ལ་མི་བལྟོས་པར་སློབ་འཇུག་གི་ལྔ་ཚན་པ་རང་དབང་ཅན་ཁོ་ནར་འགྱུར་རོ། །དེ་ལྟར་ཡང་མི་འགྱུར་ཏེ་རང་གིས་བསླབ་པ་མེད་པར་རང་གི་སློབ་དཔོན་བྱས་ཏེ་གཞན་སློབ་ཏུ་འཇུག་ནུས་པ་མི་སྲིད་པའི་ཕྱིར་ཞེས་སོ། །དེ་ལྟར་གསལ་བའི་ལྔ་ཕྲུགས་དང་། འཛིན་ཏུ་འཇུག་ ནུས་དང་། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་སློབ་ཏུ་འཇུག་ནུས་པ་དང་། ལྷག་པའི་སྤྱོད་པ་ལ་སོགས་ལ་སློབ་ཏུ་འཇུག་ཀྱང་ནུས་པ་སྟེ་ལྔ་ཚན་བཞི་ནི་རང་དབང་ཅན་མ་ཡིན་པ་སྟེ། ལྔ་ཚན་གཞན་གྱི་ཡན་ལག་ཟླ་བོར་ངེས་བཟུང་དུ་དགོས་པའི་ཕྱིར་རོ། །ལྔ་ ཚན་བཞི་པོ་དེ་དག་ལས་གཞན་རྣམས་ནི་ལྔ་པ་རང་དབང་ཅན་ཡིན་ནོ། །གང་ཟག་རང་དབང་ཅན་ཡིན་མིན་ནི། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ་དེ་བཙུན་པའི་ཡན་ལག་དང་ལྡན་ཅིང་འདུལ་བ་ཤེས་ན་གང་ཟག་རང་དབང་ཅན་ཞེས་བརྗོད་དེ། 6-1-78b གནས་ཀྱི་བླ་མ་ལ་བསྟེན་མི་དགོས་པར་འདུག་ཏུ་རུང་བའི་གང་ཟག་ཡིན་པའི་ཕྱིར། ཊཱི་ཀ་ལས། ལོ་བཅུ་ལོན་པ་ཉིད་ཅེས་གསུངས་པ་ནི་རང་དབང་ཡོད་པར་བསྟན་པ་ཡིན་ཅེས་སོ། །རབ་ཏུ་བྱུང་བ་གང་ཞིག་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་མ་ཡིན་པ་དང་། འདུལ་བ་མི་ཤེས་ན་ནི་གང་ཟག་རང་དབང་ཅན་མིན་ཏེ། གནས་ཀྱི་བླ་མ་ལ་མ་བརྟེན་པར་འདུག་ཏུ་མི་རུང་བའི་གང་ཟག་ཡིན་པའི་ཕྱིར། ཡན་ལག་རང་དབང་ཅན་ཡིན་མིན་གྱི་དོན་ནི། ལྔ་ཚན་དུ་སྦྱོར་བ་ན་ཡན་ལག་དེ་ཉིད་གཞི་མར་བྱས་ཏེ། ཡན་ལག་གཞན་ ཚུར་ལ་སྡུད་པ་ནི་ཡན་ལག་རང་དབང་ཅན་ཞེས་བྱ་སྟེ། ཊཱི་ཀ་ལས། དང་ཞེས་བྱ་བའི་སྒྲ་ནི་གནས་དང་རེ་ཞིག་གི་གནས་གཉིས་པོ་ཉིད་རང་དབང་ཡོད་པར་བསྟན་པའི་ཕྱིར་ཞེས་སོ། །དེ་ལྟར་ཡན་ལག་རང་དབང་ཅན་ལྔ་སྟེ། གནས་དང་རེ་ཞིག་གནས་ འཆར་འཇུག་པ་གཉིས་དང་། དྲན་པ་དང་ལྡན་པ་དང་། ནང་དུ་ཡང་དག་གཞག་དང་། མཉམ་པར་བཞག་པའོ་ཞེས་གསུང་ངོ་། །འོན་ཀྱང་སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ། །ཞེས་པ་ལ་སོགས་པ་ཡང་ཡན་ལག་རང་དབང་ཅན་ཡིན་པར་རིགས་ཏེ། ལྔ་ཚན་ གྱི་ཡན་ལག་ནི་ཡིན་ལ། ཡན་ལག་རང་དབང་ཅན་མ་ཡིན་པ་ཉིད་ནི་མ་ཡིན་པའི་ཕྱིར་རོ། །ཡན་ལག་རང་དབང་ཅན་མ་ཡིན་པ་ནི། ལྔ་ཚན་གྱི་ཡན་ལག་གང་ཞིག་ལྔ་ཚན་གཞན་གྱི་གྲངས་ཚང་བའི་ཁ་སྐོང་བྱེད་དུ་ཕར་ལ་འགྲོ་དགོས་པ་རྣམས་སོ། །དེ་ལྟར་ན་ ཡན་ལག་རང་དབང་ཅན་མ་ཡིན་པ་ལ་བརྒྱད་དེ། ཚུལ་ལྡན་མང་ཐོས་གཉིས། བརྩོན་འགྲུས་བརྩམ་པ་དང་ཤེས་རབ་དང་ལྡན་པ་གཉིས་དང་། བར་དུ་གཅོད་པ་མངོན་པར་ཤེས་པ་ནས་རྗེས་སུ་སྟོན་པ་ཉིད་ཡན་ལག་བཞི་སྟེ་བརྒྱད་དོ། །འདིར་ལྔ་ཚན་ལ། 6-1-79a ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་རུང་ངམ་ཞེ་ན། ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་མི་རུང་ཞེས་མགོ་གཅིག་ཏུ་གསུངས་ཀྱང་རྣམ་པར་ཕྱེ་ནས་ལན་གདབ་དགོས་ཏེ། ལྔ་ཚན་གྱི་ཡན་ལག་ཏུ་འདུལ་བ་ཤེས་པ་མ་བགྲངས་ན་ཡོན་ཏན་ཁ་བསྡུས་ ཀྱི་ལྔ་ཚན་གྱིས་གོ་མི་ཆོད་ལ། ལྔ་ཚན་གྱི་ཡན་ལག་ཏུ་འདུལ་བ་ཤེས་པ་བགྲངས་ན་ཡོན་ཏན་ཁ་བསྡུས་ཀྱི་ལྔ་ཚན་གྱིས་ཀྱང་གོ་ཆོད་དེ། བྱུང་བ་དང་བཅས་པ་དང་ཞེས་འདུལ་བ་འབའ་ཞིག་ཤེས་པས་ཀྱང་ལྔ་ཕྲུགས་ཀྱིས་གོ་ཆོད་པར་གསུངས་ལ། འདུལ་བ་ཤེས་པའི་ སྟེང་དུ་ཡོན་ཏན་གཞན་གང་ཡང་རུང་བ་ལྷག་པར་ལྡན་ན་ལྟ་ཅི་སྨོས་པའི་ཕྱིར་དང་། སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་དང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམས་པ་ དེ་དག་བླ་མར་བསྔགས། །ཞེས་པ་ཚུལ་ཁྲིམས་ལྡན་དང་ཞེས་པས་མང་དུ་ཐོས་པའང་བསྡུས་སོ། །འདུལ་བའི་ཆོ་ག་ཤེས་ཞེས་པས་ནི་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་གི་འདུལ་ཤེས་ཉི་ཤུ་རྩ་གཅིག་པོ་གང་ཡང་རུང་བ་བསྡུས་སོ། །ནད་པར་སྙིང་བརྩེ་ཞེས་པས་ནི་ལྔ་ ཚན་དང་པོའི་ནད་གཡོག་བྱེད་དམ་བྱེད་དུ་འཇུག་ནུས་པ་བསྡུའོ། །འཁོར་ནི་དག་པ་དང་ཞེས་པ་ནི་ལུང་གི་སྐབས་གཞན་ནས་བསྡུས་པའོ། །ཆོས་ཀྱིས་ཕན་འདོགས་ལ་བརྩོན་པས་ནི་སྨྲ་བ་པོ་ཉིད་དང་ཞེས་པ་བསྡུས་སོ། །ཟང་ཟིང་གིས་ཕན་འདོགས་ལ་བརྩོན་ཞེས་ པས་ནི་གཏོང་བ་ཕུན་ཚོགས་བསྡུས་སོ། །དུས་སུ་འདོམས་པ་ཞེས་པས་ནི་རྗེས་སུ་སྟོན་པ་ཉིད་བསྡུས་པ་སྟེ་ལྔ་ཚན་གོང་འོག་ནས་ཅི་རིགས་སུ་བསྡུས་པའི་ཡོན་ཏན་དང་ལྡན་པ་དེ་གནས་ཀྱི་བླ་མར་བསྔགས་ཞེས་གསུངས་པས་གྲུབ་བོ། །འོ་ན་ཕན་ཡོན་གསུམ་འབྱུང་ 6-1-79b བ་ལ་ཡོན་ཏན་མཚན་ཉིད་དང་ལྡན་པ་དགོས་སམ་ཡོན་ཏན་ཆ་ཙམ་གྱིས་འགྲུབ་ཅེ་ན། ཡོན་ཏན་ཆ་ཙམ་གྱིས་མི་འགྲུབ་སྟེ། ལུང་གཞི་ལས། བསྙེན་པར་རྫོགས་ནས་ལོ་དགུ་ལོན་པས་ཀྱང་རབ་ཏུ་དབྱུང་བར་མི་བྱ་བསྙེན་པར་རྫོགས་པར་མི་བྱའོ་ཞེས་མཁན་པོ་མི་བྱ་བ་ ཉིད་དུ་གསུངས་པ་དང་། མེ་ཏོག་ཕྲེང་བརྒྱུས་ལས། ལོ་བཅུ་ཡང་དག་རྫོགས་པ་ཡི། །དགེ་སློང་ཀུན་སྡོམ་བདག་ཉིད་ཅན། །གསལ་ཞིང་ཀུན་སྤྱོད་རིག་པ་ཡིས། །རབ་བྱུང་དང་ནི་བསྙེན་རྫོགས་བྱ། །ཞེས་ལོ་བཅུ་རྫོགས་དགོས་པར་གསུངས་སོ། །ཡོན་ཏན་ ཆ་ཙམ་གྱིས་འགྲུབ་ན། བསྙེན་པར་རྫོགས་ནས་ཞག་གཅིག་ལོན་ཅིང་སོ་ཤིང་དབེན་པར་དོར་རོ་ཞེས་པ་དེ་ཙམ་ཤེས་ཀྱང་མཁན་པོ་བྱར་རུང་བར་ཐལ། བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ལ་ཕན་པའི་ཆ་ཙམ་དང་འདུལ་བ་ཤེས་པའི་ཆ་ཙམ་ཡོད་པའི་ཕྱིར། འདོད་ ན་ལྷན་ཅིག་སྦྱོར་བ་གང་དང་ཡང་མི་ལྡན་པས་མ་ཡིན་ནོ་ཞེས་སོ། །ཕན་ཡོན་གསུམ་འབྱུང་བ་ལ་ལྔ་ཚན་ཉེར་གཅིག་པོ་ཐམས་ཅད་དང་ལྡན་དགོས་སམ་གང་རུང་གཅིག་གིས་འགྲུབ་ཅེ་ན། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་ཅིང་དེའི་སྡོམ་པ་དག་ པ་གཞི་མར་བྱས་ནས་ལྔ་ཚན་གང་རུང་གཅིག་དང་ལྡན་ན་དེས་ཕན་ཡོན་གསུམ་འཐོབ་སྟེ། ཊཱི་ཀ་ལས། ལྷན་ཅིག་སྦྱར་བ་གཅིག་དང་ལྡན་ཅིང་ལོ་བཅུ་ལོན་པ་ཡང་ཡིན་ན། དེས་ནི་མཁན་པོ་ཉིད་དང་། གནས་ཉིད་དང་། མི་གནས་པར་འདུག་པར་ཡང་བྱའོ་ ཞེས་དང་། མཁན་པོ་བྱེད་པ་ལ་ལྔ་ཚན་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ལྡན་དགོས་ན། མཁན་པོ་མཚན་ཉིད་དང་ལྡན་པ་མི་སྲིད་པར་ཐལ། གང་ཟག་གཅིག་ལ་དུས་གཅིག་ཏུ་ལྔ་ཚན་ཉེར་གཅིག་པོ་ཐམས་ཅད་དང་ལྡན་པ་མི་སྲིད་པའི་ཕྱིར་ཏེ། འདུལ་བ་འབའ་ 6-1-80a ཞིག་ཤེས་པའི་ལྔ་ཚན་ཡིན་པ་དང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཚན་ཡིན་པ་དང་འགལ་བའི་ཕྱིར་དང་། སློབ་པ་ཉིད་ཡིན་པ་དང་མི་སློབ་པ་ཉིད་ཡིན་པ་འགལ་བའི་ཕྱིར་རོ། །གཉིས་པ་ལ། ལོ་བཅུ་ལོན་པའི་ལྔ་ཚན་བསྟན། །དེ་ཉིད་གཞིར་ བྱས་ལྔ་ཚན་དཀྲོལ། །དང་པོ་ནི། སྙིང་རྗེ་དང་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་ལྡན་པས་ནད་གཡོག་དང་ངོ་། །འགྲེལ་ཆུང་དུ་སྨན་དཔྱད་མཁས་པ་ལ་བྱ་ཞེས་པ་མེད་ཀ་མེད་ཀྱི་ཡན་ལག་མིན་ཅེས་བུ་སྟོན་རིན་པོ་ཆེས་གསུངས་སོ། །ཅི་བདག་ལ་ལྟུང་ བ་བྱུང་ངམ་མ་བྱུང་སྙམ་དུ་འགྱོད་པ་བསལ་བ་དང་སྟེ། འདིས་འདུལ་བ་ལ་གནས་པའི་དོན་བསྟན་པས་ལྟུང་བ་ཡིན་མིན་དང་ལྟུང་བ་ལས་སློང་བའི་ཐབས་ཤེས་པས་འགྱོད་པ་སེལ་ནུས་པའི་ཕྱིར་རོ། །མངོན་པ་ལ་མཁས་པས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་ བ་དང་། གནས་མངོན་པར་མི་དགའ་བ་འདོར་བ་ཞེས་པ་ལ་མཐའ་བཞི་ན་རེ། གནས་པ་སློབ་མ་མངོན་པར་མི་དགའ་བ་ཞེས་པར་འཆད་ཀྱང་ནོར་བ་ཡིན་ཏེ། གནས་ནི་ཡུལ་ཕྱོགས་ཏེ། ལུང་གཞི་ལས། ཕྱོགས་གང་དུ་ལྷན་ཅིག་གནས་པ་དང་ཉེ་གནས་དག་ མངོན་པར་མི་དགའ་ན་དེ་འདོར་བའམ་འདོར་དུ་འཇུག་ནུས་པ་སྟེ་ཞེས་དང་། ལུང་གཅིག་ལས་འཕྲོས་པ་ལས་ཀྱང་། ལྷན་ཅིག་གནས་པ་དང་ཉེ་གནས་དག་ཡུལ་དེར་གནས་པར་མི་དགའ་ན་ཡུལ་གཞན་དུ་གཏོང་བར་ནུས་པ་ཡིན། ཞེས་དང་། ཊཱི་ཀ་ལས། གནས་ མངོན་པར་མི་དགའ་བ་ཞེས་བྱ་བ་ལ་སོགས་པས་ནི་བསམ་པ་ཤེས་པ་ཉིད་བསྟན་ཏོ། །ཞེས་སོ། །དེ་ནི་ལས་གྲུབ་པ་ལས། ཕྱི་རོལ་སྤྱོད་པའི་འགྱུར་བ་དག་གིས་ནི། །སྐྱེས་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །མཚོ་ན་གནས་པའི་ཉ་ནི་རབ་གབ་ཀྱང་། །ཆུ་ཡི་ 6-1-80b རླབས་ཀྱི་འགྱུར་བ་རྣམས་ཀྱིས་སྟོན། །ཞེས་བཤད་པ་ལྟ་བུའོ། །བཞི་པོ་དེ་དག་ལ་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་ནུས་པའོ། །འདིའི་དོན་ཡང་རང་གིས་བྱ་དགོས་ན་བྱེད་ནུས། གཞན་བསྐུལ་དགོས་ནའང་གཞན་བྱེད་དུ་གཞུག་ནུས་པའི་མཐུ་ཡོད་པ་སྟེ། ཊཱི་ཀ་ ལས། བཞི་པོ་དག་རང་གིས་བྱེད་པའི་མཐུ་མེད་ན་གཞན་བྱེད་དུ་གཞུག་པའི་མཐུ་ཡོད་དུ་ཟིན་ཀྱང་དེས་གསུམ་པོ་དེ་མི་བྱ་སྟེ་ཞེས་སོ། །རང་གིས་བྱེད་པའི་མཐུ་མེད་ན་གཞན་ལ་བཅོལ་ནས་བྱེད་འཇུག་པ་མ་ཡིན་ཏེ། མེད་མི་རུང་གི་ཡན་ལག་འདུལ་བ་ཤེས་པ་ལས་འདའ་ བར་འགྱུར་བའི་ཕྱིར་ཏེ། ཊཱི་ཀར། འདུལ་བ་ལ་གནས་པའི་དོན་ཉིད་ཅེས་བྱ་བའི་ཡན་ལག་འདའ་བར་བྱས་པ་མ་ཡིན་པ་དེ་འདས་པར་འགྱུར་རོ། །ཞེས་སོ། །འོ་ན་རང་གིས་བྱེད་ནུས་ངེས་བཟུང་དུ་དགོས་ན། གཞན་བྱེད་དུ་གཞུག་ནུས་སྨོས་པས་ཅི་བྱ་ཞེ་ན། ཁ་ ཅིག་བདག་གིས་བྱས་ན་འདུལ་ནུས། ཁ་ཅིག་གཞན་གྱིས་བྱེད་དུ་བཅུག་པས་འདུལ་བའི་གདུལ་བྱ་སོ་སོའི་དབང་ལས་ཡིན་ཏེ། ཊཱི་ཀར། ལ་ལ་འདུལ་བ་ནི་ལ་ལས་ནུས་ཀྱིས་ཐམས་ཅད་ནུས་པ་མ་ཡིན་པས་ཞེས་གསུངས་པའི་ཕྱིར་རོ། །འདིའི་ཁ་སྐོང་དུ་ལོ་བཅུ་ ལོན་པ་འདིས་མ་བསྐང་ན་གཞན་གྱིས་བསྐང་ཡང་སྐབས་སུ་མི་བབས་ཏེ། འདི་ཉིད་ཕན་ཡོན་གསུམ་འབྱུང་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་ཞེས་གོང་དུ་བསྒྲུབས་ཟིན་ལ། དེས་ན་ལོ་བཅུ་ལོན་པ་འདི་ལྔ་ཚན་ཉེར་གཅིག་གི་ལྔ་ཚན་དང་པོའི་ཡན་ལག་དང་པོར་ སྦྱར་རོ། །ལྔ་པར་སྦྱར་བ་ནི་བཅོས་མའོ། །འོ་ན་ཁ་སྐོང་གི་ཁྱད་པར་འདི་ལྔ་ཚན་གཞན་ལ་སྦྱར་ན་དྲུག་ཚན་དུ་འགྱུར་ཞིང་། འདི་ལ་མ་སྦྱར་ན་བཞི་ཚན་དུ་འགྱུར་བས་གདུལ་བྱ་ལྔ་ཚན་ལ་དགའ་བའི་ངོར་མཛད་དོ། །རྒྱ་འདུལ་ན་རེ། ལྔ་ཕྲུགས་ཉེར་གཅིག་པོ་ 6-1-81a ལ་དོན་ལ་ལྔ་ཕྲུགས་གཅིག །དྲུག་ཕྲུགས་བཅོ་བརྒྱད། བདུན་ཕྲུགས་གཉིས་ཡིན་ནོ་ཞེས་ཀྱང་འཆད་དོ། །དེས་ན་ལྔ་ཚན་དང་པོ་ནི་དེ་དག་གིས་རྫོགས་ཏེ། ཊཱི་ཀར། དེའི་ཕྱིར་འདིས་ནི་ལྔ་པ་གཅིག་བསྟན་པ་ཡིན་ནོ་ཞེས་སོ། །གཉིས་པ་ལ། ཚུལ་ལྡན་བགྲངས་པའི་ལྔ་ཚན་བཤད། །དེ་ཉིད་གཞིར་བཅས་ལྔ་ཚན་བསྟན། །དང་པོ་ལ། རྒྱུད་ཁྱད་མ་ངེས་ལྔ་ཚན་དང་། །ངེས་བཟུང་འཕགས་པའི་ལྔ་ཚན་བསྟན། །དང་པོ་ལ། ལྔ་ཚན་ཁ་སྐོང་ཡན་ལག་བསྟན། །ལྔ་ཚན་སོ་སོའི་རང་བཞིན་དབྱེ། ། དང་པོ་ནི། མཚམས་འདི་མན་ཆད་སློབ་པ་ཉིད་ཡན་ཆད་བཅུ་གཅིག་པ་དང་། བཅུ་གཉིས་པ་མ་གཏོགས་ལྔ་པ་ཚང་བ་མ་ཡིན་པ་ལ་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་སྦྱར་རོ། །འདིར་ཚུལ་ལྡན་ནི། འགྲེལ་ཆུང་ལས། ཚུལ་ཁྲིམས་ དང་ལྡན་པ་ནི་ཕམ་པ་དང་ལྷག་མ་རྣམས་ཀྱིས་མ་ཉམས་པ་སྟེ་ཞེས་ཕམ་ལྷག་གིས་མ་གོས་པ་ལ་བཤད་ཀྱང་མི་འཐད་དེ། བཅས་པའི་ཁ་ན་མ་ཐོ་བ་ཁང་ཆེན་གྱི་ལྷག་མ་ལྟ་བུས་གོས་ཀྱང་འཆལ་ཚུལ་དུ་མི་འགྱུར་ལ། རང་བཞིན་གྱིས་ཁ་ན་མ་ཐོ་བ་དུད་འགྲོ་ གསོད་པའི་ལྟུང་བྱེད་ལྟ་བུས་གོས་ན་ཡང་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་བའི་ཕྱིར་ཏེ། མཛོད་ལས། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་བཤད་དོ། །འདིར་ཚུལ་ཁྲིམས་དང་ལྡན་པའི་ཚད་ནི་དགེ་སློང་ཕམ་པས་མ་གོས་ཤིང་རང་བཞིན་ གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། ལུང་ལས། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཕམ་པའི་ལྟུང་བ་བཞི་པོ་རྣམས་ལས་གང་ཡང་རུང་བ་མ་བྱུང་བའོ་ཞེས་གསུངས་པ་ལ། ཊཱི་ཀ་ལས། འཆལ་བའི་ཚུལ་ཁྲིམས་ཀྱི་སྐབས་མེད་པའི་ཕྱིར། དེས་ན་འདི་ནི་དགེ་ 6-1-81b བའོ་ཞེས་བྱ་བ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཉིད་ཡིན་པར་རིག་པར་བྱའོ་ཞེས་སོ། །མང་དུ་ཐོས་པ་འདི་ནི་ལྔ་པ་གང་དུ་སྡེ་སྣོད་ཤེས་པ་དེར་ནི་གཞན་གྱི་བསྟན་བཅོས་མང་དུ་ཐོས་པ་ལ་བྱའི། སྡེ་སྣོད་ཤེས་པ་མེད་པར་ནི་རང་གི་གྲུབ་མཐའི་དབང་དུ་བྱས་པའི་མང་དུ་ཐོས་ པ་སྟེ། ཊཱི་ཀར། ལྔ་པ་གང་ལ་སྡེ་སྣོད་མངོན་པར་ཤེས་པ་ཉིད་ཡོད་པ་དེར་ནི་མང་དུ་ཐོས་པ་ཉིད་གཞན་གྱི་བསྟན་བཅོས་ཀྱི་ཡུལ་ཅན་ཡིན་ནོ། །གང་དུ་སྡེ་སྣོད་མངོན་པར་ཤེས་པ་མ་བསྡུས་པ་དེར་ནི་མང་དུ་ཐོས་པ་ཉིད་རང་གི་གྲུབ་པའི་མཐའི་ཡུལ་ཅན་ཡིན་པར་རིག་ པར་བྱའོ་ཞེས་སོ། །གཉིས་པ་ནི། སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ་ཞེས་པ་འདིས། འཛིན་མཁས་རིགས་གསལ་བཞིའི་ལྔ་ཚན་བཞི་བསྟན་པ་འདིར་སྡེ་སྣོད་འཛིན་པ་གང་ལ་བྱ་ཞེ་ན། ཤློ་ཀ་འབུམ་ཕྲག་གཅིག་ཡན་ཆད་ལ་བྱེད་པར་གཞི་འགྲེལ་ལས་བཤད་དོ། ། སྡེ་སྣོད་མདོ་སྡེ་སོགས་གསུམ་བཟུང་བ་མི་བརྗེད་པར་འཛིན་པ་གསུམ་གྱི་ཁར་སྔར་གྱི་གཉིས་བསྣན་པས་ལྔ་པ་གཉིས་སོ། །སྡེ་སྣོད་གསུམ་ཕན་ཚུན་འབྲེལ་བས་འདྲེས་པར་གནས་པ་ལས་སོ་སོར་འབྱེད་ནུས་པ་ལ་གཉིས་བསྣན་པས་གསུམ་པའོ། །རིགས་པ་ ཚད་མ་གཉིས་དང་ལུང་གི་མདོ་སྡེ་ལ་སོགས་སྦྱོར་ནུས་པ་ལ་གཉིས་བསྣན་པས་བཞི་པའོ། །ལུང་རིགས་དང་མདོ་སྡེ་ལ་སོགས་པ་སྦྱར་ཏེ་གཞན་ལ་གསལ་བར་སྟོན་ནུས་པ་དང་སྔར་གྱི་གཉིས་བསྣན་པས་ལྔ་པའོ། །དེ་དག་གིས་ལྔ་ཚན་ལྔ་རྫོགས་ཏེ། ཊཱི་ཀར། འདིས་ནི་ལྔ་པ་བཞི་བསྟན་ལ་སྔ་མས་ནི་ལྔ་པ་གཅིག་སྟེ་ལྔ་པ་ལྔའོ་ཞེས་སོ། །དེ་དག་འཛིན་ཏུ་འཇུག་ནུས་པ་ཉིད་དོ་ཞེས་པའི་དོན་བདག་ཉིད་ཀྱིས་ཤེས་ཤིང་གཞན་གྱིས་གོ་བར་ནུས་པ་སྟེ་དེ་ལྟར་མིན་ན་རང་གིས་མི་ཤེས་པར་གཞན་འཛིན་དུ་འཇུག་མི་ནུས་ཤིང་ 6-1-82a འདུལ་བ་ལ་གནས་པའང་འདས་པར་འགྱུར་རོ། །དེས་ན་རང་གིས་སྡེ་སྣོད་ཤེས་ནས་གཞན་གྱིས་གོ་བར་བྱེད་ནུས་པ་འདི་ནི་ལྔ་པ་དང་དྲུག་པའོ། །ལྷག་པའི་ཚུལ་ཁྲིམས་དང་ཞེས་པའི་དོན། གཞི་འགྲེལ་ལས། ལྷག་པ་ཞེས་བྱ་བ་ནི་ལྷག་ པའི་དོན་དང་དབང་དུ་བྱ་བའི་དོན་ནོ་ཞེས་སོ། །དེའི་དོན་ཅི་ཞེ་ན། ཉན་ཐོས་ཀྱི་ས་ལས། ལྷག་པའི་དོན་ཅི་ལྟ་བུ་ཡིན་ཅེ་ན། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་པོ་དེ་དག་ནི་བསྟན་པ་འདི་ཁོ་ན་ལ་ཡོད་ཀྱི། འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་བ་ ཡིན་ཏེ། དེ་ནི་ལྷག་པའི་དོན་ཡིན་ནོ། །དབང་དུ་བྱ་བའི་དོན་ཅི་ལྟ་བུ་ཞེ་ན། ལྷག་པའི་སེམས་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་པའི་སེམས་ཀྱི་ཏིང་ངེ་འཛིན་དེ་ནི་ལྷག་པའི་ སེམས་ཀྱི་བསླབ་པ་ཡིན་ནོ། །ཉོན་མོངས་པ་སྤངས་པའི་དབང་དུ་བྱས་པའི་ཡེ་ཤེས་དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ཏེ། དེ་ནི་དབང་དུ་བྱ་བའི་དོན་ཡིན་ནོ་ཞེས་གསུངས་སོ། །འོ་ན་ལྔ་ཚན་འདིར་ཚུལ་ཁྲིམས་ལྡན་པ་ལན་གཉིས་སུ་སྨོས་པའི་རྒྱུ་མཚན་ཅི་ སྨོས་ཀྱང་ཟློས་པར་མི་འགྱུར་གྲང་ཞེ་ན། མི་འགྱུར་ཏེ་སྔ་མས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤངས་པའི་དབང་དུ་བྱས་ལ། འདིར་ནི་འདུལ་བར་གཏོགས་པའི་བསླབ་གཞི་ཐམས་ཅད་ལ་གནས་པའི་དབང་དུ་བྱས་པའི་དོན་ནོ། །ཡང་ན་སྔ་མ་ནི་ཚུལ་ཁྲིམས་ཙམ་དང་། ཕྱི་མ་ནི་བསླབ་ གསུམ་གྱི་ཟླས་ཕྱེ་བའི་ཚུལ་ཁྲིམས་སོ། །ལྷག་པའི་སེམས་དང་སྟེ་སེམས་འདུལ་བའི་བསམ་གཏན་བཞི་དང་། ལྷག་པའི་ཤེས་རབ་ནི་ཟག་མེད་ཀྱི་ལམ་དང་དེ་ལ་སློབ་པ་ཉིད་དོ་ཞེས་པ་ནི་ཤེས་ནས་གོམས་པ་ཡིན་གྱི་མི་ཤེས་པར་གདོད་སློབ་པ་ནི་མ་ཡིན་ནོ། །དེའི་ཁར་སྔར་གྱི་ 6-1-82b གཉིས་དང་བཅས་པས་བདུན་ནོ། །སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་དོ། །འདིར་ཀྱང་གི་སྒྲ་ནི། ཊཱི་ཀར། ཀྱང་ཞེས་བྱ་བའི་སྒྲ་ནི་ལྷག་པའི་ཚུལ་ལ་སོགས་པ་ཉེ་བར་བསྡུ་བའི་དོན་ཡིན་གྱིས་ཐ་དད་པར་རྟོགས་པའི་དོན་ནི་མ་ཡིན་ཏེ་ཞེས་སོ། །འདིར་ཡང་རང་བསླབ་ གསུམ་ལ་མ་བསླབས་པར་གཞན་སློབ་ཏུ་འཛུད་ནུས་པ་མ་ཡིན་ཏེ། ཊཱི་ཀར། བདག་ཉིད་མ་དུལ་བར་གཞན་དུལ་བར་བྱེད་པ་ནི་གནས་མེད་དེ་སྐབས་མེད་དོ་ཞེས་གསུངས་པའི་ཕྱིར་ཞེས་སོ། །དེས་ནི་ལྔ་ཚན་བརྒྱད་པའོ། །ལྷག་པའི་སྤྱོད་པ་དང་ཞེས་པ་འདུལ་བ་ལས་ གསུངས་པའི་སྤྱོད་ལམ་བཞིའོ། །འདུལ་བ་དང་ཞེས་པ་ལུང་དུམ་བུ་བཞིའོ། །སོ་སོར་ཐར་པ་ནི་དགེ་སློང་ཕ་མའི་སོ་སོར་ཐར་པའི་མདོ་བམ་པོ་གཉིས་པའོ། །འདི་དག་ལ་སྔ་མ་གཉིས་བསྣན་པས་དགུ་པའོ། །ལྔ་པ་དེ་ལ་ཡང་སྔ་མ་དེ་བཞིན་སློབ་སློབ་འཇུག་གཉིས་ ཡོད་པ་ལས་སློབ་ཏུ་འཇུག་པའི་ལྔ་ཚན་དང་བཅུ་པའོ། །དད་པ་དང་ཞེས་པ་ནི་དང་བ་དང་འདོད་པ་དང་ཡིད་ཆེས་པའོ། །ཚུལ་ཁྲིམས་དང་ཞེས་པ་རང་བཞིན་ཁ་ན་མ་ཐོ་བ་སྤངས་པའོ། །ཐོས་པ་དང་ཞེས་པ་ནི་མང་དུ་ཐོས་པ་སྟེ་འདུལ་བ་ཤེས་པ་འདིས་བསྟན་ཏོ། ། གཏོང་བ་དང་ཞེས་པ་ནི་ཡུལ་ཡིད་དུ་འོང་བ་དང་དངོས་པོ་ཡིད་དུ་འོང་བ་དང་ཟས་ཁམ་གང་དང་གོས་ལུས་གང་ཙམ་ལས་ཕྲི་སྟེ་གཏོང་བ་མ་ཆགས་པའི་ངོ་བོ་དང་། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །ཕུན་སུམ་ཚོགས་པ་ནི་དད་སོགས་ཙམ་པོས་མི་ཆོག་ གི་ཊཱི་ཀ་ལས། དད་པ་ལ་སོགས་པ་ཕུན་སུམ་ཚོགས་པ་ནི་དད་པ་ལ་སོགས་པ་ཕུན་སུམ་ཚོགས་པའོ་ཞེས་སོ། །ཉིད་དོ་ཞེས་པའི་དོན། ཊཱི་ཀར། ཉིད་ཅེས་བྱ་བ་ནི་ཕུན་སུམ་ཚོགས་པ་དེའི་དངོས་པོ་ནི་ཕུན་སུམ་ཚོགས་པ་ཉིད་དེ་ལྡན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ ། 6-1-83a ཞེས་སོ། །ལྔ་པ་བཅུ་གཅིག་པའོ། །གོང་འོག་གི་ལྔ་ཚན་འདི་གཉིས་ལ་ཕུན་ཚོགས་གཉིས་ཟེར་བའི་རྒྱུ་མཚན་ཅི་ཞེ་ན། ལྔ་ཚན་གཉིས་པོ་འདི་ཆོས་ཅན། ཕུན་སུམ་ཚོགས་པའི་ལྔ་ཚན་ཡིན་ཏེ། དད་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ ཚོགས་པའི་ཆོས་ལྔ་ལྡན་ཡིན་པའི་ཕྱིར། དཔེར་ན་སློབ་པའི་ཆོས་ལྔ་ལྡན་མ་ཡིན་གྱི་མི་སློབ་པའི་ཆོས་ལྔ་ལྡན་ཡིན་པ་དེ་ལ་མི་སློབ་པའི་ལྔ་ཕྲུགས་ཞེས་བརྗོད་པ་དང་འདྲའོ། །ཚུལ་ཁྲིམས་དང་ཞེས་པ་ནི། ཊཱི་ཀ་ལས། འདིར་ཡང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ ཞེས་སྨོས་པས་ནི་འདུལ་བ་མངོན་པར་ཤེས་པ་ཉིད་སྟོན་ཏོ་ཞེས་སོ། །ཏིང་ངེ་འཛིན་དང་ཤེས་རབ་དང་ཞེས་པ་ནི། གཞི་འགྲེལ་ལས། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་དེ། ཤེས་རབ་ནི་འདིར་ཡང་ཆོས་རབ་ཏུ་རྣམ་པར་འབྱེད་པའོ་ཞེས་སོ། །རྣམ་ པར་གྲོལ་བ་དང་ཞེས་པ། ཊཱི་ཀར། རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འདིར་མི་སློབ་པའི་རྣམ་པར་གྲོལ་བ་ལ་བྱའོ་ཞེས་སོ། །དེ་ཤེས་པ་དང་ཞེས་པ། ཊཱི་ཀར། དེ་ཞེས་བྱ་བའི་སྒྲ་ནི་གོང་དུ་བསྟན་མ་ཐག་པའི་ཕྱིར་རྣམ་པར་གྲོལ་བ་ལ་བསྙེགས་དགོས་ཏེ་ཞེས་སོ། ། འོ་ན་གང་ཤེས་ཞེ་ན། ཊཱི་ཀར། རྣམ་པར་གྲོལ་བ་ཞེས་པ་ནི་ཟད་པ་དང་མི་སྐྱེ་བ་ཞེས་བྱའོ་ཞེས་དང་། ཉན་ས་ལས། རྒྱུ་ཀུན་འབྱུང་ཟད་པ་ཤེས་པ་དང་འབྲས་བུ་སྡུག་བསྔལ་མི་སྐྱེ་བ་ཤེས་པ་ཞེས་སོ། །མཐོང་བ་ཞེས་པ་མི་སློབ་པའི་ལྟ་བ་སྟེ། ཊཱི་ཀར། དེ་ལ་མཐོང་ བ་ནི་མི་སློབ་པའི་ལྟ་བ་སྟེ་དེའི་ཕྱིར་རྣམ་པར་གྲོལ་བ་ལ་ཤེས་པ་དང་མཐོང་བ་ཡིན་ཅེས་སོ། །རྣམས་ཀྱིས་ཀྱང་ངོ་ཞེས་པའི་ཀྱང་སྒྲས་ནི་ལྔ་ཚན་འདིའང་ཕུན་ཚོགས་ཡིན་པར་བསྟན་པ་ཡིན་ནོ། །ཀྱིས་ཞེས་པ་ཡི་གེ་ལྷག་པ་ཡིན་ཅེས་མཚོ་སྣ་པས་གསུང་ཡང་རྒྱ་དཔེར་ 6-1-83b བརྟག་པར་བྱའོ། །འདིར་དཀའ་བའི་གནས་གཞན་ཡང་མཐོང་སྟེ། ལྔ་ཚན་འདི་སོ་སྐྱེའི་རྒྱུད་ལ་ལྡན་ནམ་འཕགས་རྒྱུད་ལ་ལྡན། དང་པོ་ལྟར་ན་སོ་སྐྱེ་ལ་མི་སློབ་པའི་རྣམ་གྲོལ་ཕུན་ཚོགས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་འགལ། གཉིས་པ་ ལྟར་ན་མི་སློབ་པའི་ལྔ་ཚན་དང་ཟློས་པའི་སྐྱོན་དུ་འགྱུར་ཞེ་ན། ཤ་ལུགས་པ་ན་རེ། ཕུན་སུམ་ཚོགས་པ་འོག་མའི་ལྔ་ཚན་འདི་ནི་སོ་སོ་སྐྱེ་བོའི་ལྔ་ཚན་ཡིན་ལ། མི་སློབ་པའི་རྣམ་གྲོལ་ལ་སོགས་པ་ཐོས་བསམ་གྱིས་ཤེས་པ་ལ་དགོངས་སོ་ཞེས་ཟེར་རོ། །དེ་ལྟར་ན་ སྔར་གྱི་འགལ་བ་སོ་ན་གནས་ལ། སོ་སྐྱེ་དེ་ཆོས་ཅན། མི་སློབ་པའི་རྣམ་པར་གྲོལ་བ་ཕུན་ཚོགས་དང་ལྡན་པ་མ་ཡིན་པར་ཐལ། འཆིང་བས་བཅིངས་པ་ཡིན་པའི་ཕྱིར། གཞན་ཡང་རྣམ་གྲོལ་སོགས་ཡོན་ཏན་དེ་བདག་ཉིད་ལ་མི་ལྡན་ན། གཞན་རྒྱུད་ཀྱི་ཡོན་ ཏན་བརྩི་བགྲང་ཤེས་པ་ཙམ་གྱིས་དེ་རྣམ་གྲོལ་ཕུན་ཚོགས་ལྡན་པར་ག་ལ་འགྱུར་ཏེ། དབུལ་པོས་ཕྱུག་པོའི་ནོར་བགྲང་ཤེས་ཀྱང་དེ་ནོར་རྫས་ཕུན་ཚོགས་སུ་མི་འགྱུར་བ་བཞིན་ནོ། །དེར་མ་ཟད་མི་སློབ་པ་ཉིད་དོ་ཞེས་པའི་ཊཱི་ཀར། འདིས་ཀྱང་དགྲ་བཅོམ་པའི་རྒྱུད་ ལ་ཡོད་པའི་ཚུལ་ཁྲིམས་ལ་སོགས་པ་ཡན་ལག་ལྔ་པོ་དེ་དག་ཉིད་བསྡུས་པ་ཡིན་ནོ་ཞེས་པ་དང་ཡང་འགལ་ཏེ། འདིས་ཀྱང་ཞེས་པ་ཕུན་སུམ་ཚོགས་པ་འོག་མའི་སྐབས་སུ་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཆོས་ལྔ་བསྟན་པར་མ་ཟད་ཀྱི་འདིས་ཀྱང་བསྟན་ཞེས་པའོ། ། དེས་ན་ཕུན་ཚོགས་འོག་མ་འདི་མི་སློབ་པ་དགྲ་བཅོམ་པའི་རྒྱུད་ལ་ལྡན་པ་ཡིན་ཡང་། མི་སློབ་པ་ཉིད་དོ་ཞེས་པ་དང་ཟློས་སྐྱོན་དུ་མི་འགྱུར་ཏེ། ཕུན་ཚོགས་འོག་མའི་ལྔ་ཚན་འདི་དགྲ་བཅོམ་པའི་ཚུལ་ཁྲིམས་ལ་སོགས་པ་ནས། རྣམ་པར་གྲོལ་བ་ལ་སོགས་པ་ཕུན་སུམ་ 6-1-84a ཚོགས་པ་ཡིན་པའི་ཕྱིར་དང་། མི་སློབ་པའི་ལྔ་ཚན་ནི་དགྲ་བཅོམ་པའི་ཚུལ་ཁྲིམས་ནས། རྣམ་གྲོལ་གྱི་བར་ལྡན་ཙམ་ཡིན་པའི་ཕྱིར། དེས་ན་ཕུན་ཚོགས་ལྔ་ཚན་གྱི་ལུང་ལས། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་པ་ནས། རྣམ་པར་གྲོལ་ བ་ཕུན་སུམ་ཚོགས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་ཞེས་གསུངས་ཤིང་། མི་སློབ་པའི་ལྔ་ཚན་གྱི་ལུང་ལས། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་ཞེས་པ་ནས། མི་སློབ་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་ལྡན། མི་སློབ་པའི་རྣམ་པར་ གྲོལ་བ་ཤེས་པ་དང་མཐོང་བའི་ཕུང་པོ་དང་ལྡན་ཞེས་གསུངས་པས་གྲུབ་བོ། །དགྲ་བཅོམ་པའི་ཚུལ་ཁྲིམས་ལ་སོགས་པ་ལྡན་ཙམ་ཡིན་ཡང་ཚུལ་ཁྲིམས་ཕུན་ཚོགས་མིན་པ་ཡོད་དེ། དགྲ་བཅོམ་པ་བཅས་འགལ་གྱི་ལྟུང་བས་གོས་པའི་ཚུལ་ལྡན་ནི་དགྲ་བཅོམ་པའི་ཚུལ་ ཁྲིམས་དང་ལྡན་པ་ཙམ་ཡིན་ཡང་ཚུལ་ཁྲིམས་ཕུན་ཚོགས་མིན་ནོ། །དེ་བཞིན་དུ་དགྲ་བཅོམ་པ་རྒྱན་མེད་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་ནི་ཉོན་སྒྲིབ་ལས་གྲོལ་བས་རྣམ་གྲོལ་དང་ལྡན་པ་ཙམ་ཡིན་ཡང་རྣམ་གྲོལ་གྱི་ཕུན་ཚོགས་མིན་ཏེ། སྙོམས་འཇུག་གི་སྒྲིབ་པ་ ལས་མ་གྲོལ་བའི་ཕྱིར། དགྲ་བཅོམ་པ་རྒྱན་ཅན་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ནི་དགྲ་བཅོམ་རྣམ་གྲོལ་ཕུན་ཚོགས་ཡིན་ནོ། །ལྔ་ཚན་བཅུ་གཉིས་པའོ། །བརྩོན་འགྲུས་བརྩམས་པ་ཉིད་དང་ཞེས་པ། གཞི་འགྲེལ་ལས། བརྩོན་འགྲུས་བརྩམས་པ་ནི་དགེ་བ་ དང་མི་དགེ་བའི་ཆོས་བསྐྱེད་པ་དང་དགག་པ་བྱས་པ་ལ་སོགས་པའོ་ཞེས་སོ། །ཤེས་རབ་དང་ལྡན་པ་ཉིད་དང་ཞེས་པ་ནི། འགྲེལ་ཆུང་ལས། རྒྱུ་རྐྱེན་ཤེས་ཤིང་གཅིག་ལས་མང་དུ་སྤྲོ་ནུས་པའོ་ཞེས་སོ། །དེའི་དོན། བླ་མ་དག་རྟེན་འབྲེལ་ཤེས་པའི་ཤེས་རབ་ལ་འཆད་ 6-1-84b དོ། །ཡང་སྦྱར་རོ་ཞེས་པའི་ཡང་སྒྲ་གོང་གི་ཚུལ་ལྡན་མང་ཐོས་གཉིས་ལྔ་ཚན་ཁ་སྐོང་ཡིན་པ་བཞིན་དུ། འདི་མན་དང་སློབ་པ་ཉིད་ཡན་ཆད་ལ་འདི་གཉིས་ཀྱང་ཁ་སྐོང་དུ་སྦྱར་ནས་ཡན་ལག་བཞི་དེའི་ཁར་ཡན་ལག་རེ་བགྲངས་པའི་ལྔ་ཚན་གསུམ་བསྟན་པའི་དབང་དུ་བྱས་པ་ ཡིན་ཏེ། ཊཱི་ཀར། མདོ་གསུམ་པོ་དག་ལ་དེ་ལྟར་སྦྱར་བར་བྱའོ་ཞེས་སོ། །དྲན་པ་དང་ལྡན་པ་ཉིད་དང་ཞེས་པ་ནི། གཞི་འགྲེལ་ལས། དྲན་པ་དང་ལྡན་པ་ནི་དྲན་པ་ཉེ་བར་བཞག་པ་དང་ལྡན་པའོ་ཞེས་དང་། འགྲེལ་ཆུང་ལས། བསླབ་པ་རྣམས་མ་བརྗེད་པར་དྲན་ པ་དང་ཕྱིས་མི་བརྗེད་པའོ་ཞེས་སོ། །དེའི་ཁར་སྔ་མའི་ཡན་ལག་བཞི་བསྣན་པས་ལྔ་ཚན་བཅུ་གསུམ་པའོ། །ནང་དུ་ཡང་དག་པར་བཞག་པ་ཉིད་དང་ཞེས་པ། ཊཱི་ཀར། ནང་དུ་ཡང་དག་པར་བཞག་པ་ནི་རབ་ཏུ་དབེན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། དེའི་ཁར་ཡན་ལག་ བཞི་བསྣན་པས་བཅུ་བཞི་པའོ། །མཉམ་པར་བཞག་པ་ཉིད་དོ་ཞེས་པ། ཊཱི་ཀར། མཉམ་པར་བཞག་པ་ནི་མི་རྒོད་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །འདིའི་ཁར་སྔ་མའི་ཡན་ལག་བཞི་བསྣན་པས་བཅོ་ལྔ་པའོ། །གཉིས་པ་ལ། སློབ་དང་མི་སློབ་སྒོ་ནས་གཉིས། ། དང་པོ་ནི། སློབ་པ་ཉིད་དོ་ཞེས་པ་ནི་འཕགས་པའི་གང་ཟག་བདུན་ཏེ། ཊཱི་ཀར། ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པ་སྤོང་བར་སློབ་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སློབ་པ་ཞེས་བྱའོ། །ཞེས་སོ། །དེ་རྒྱུད་ལ་ཡོད་པའི་ཟག་མེད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་ འཛིན་དང་། ཤེས་རབ་དང་། མོས་པས་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་དེ་ཤེས་པ་དང་མཐོང་བ་སྟེ་ལྔའོ། །ཊཱི་ཀ་ལས། སློབ་པའི་ཆོས་ཤེས་པ་ལ་སོགས་པ་ནི་ཤེས་པའོ། །ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཤེས་རབ་ནི་མཐོང་བ་སྟེ། དེའི་ཕྱིར་རྣམ་པར་ 6-1-85a གྲོལ་བ་ཤེས་པ་དང་མཐོང་བ་ཞེས་བྱའོ་ཞེས་སོ། །འདི་དག་ནི་ཤེས་བཟོད་སྐད་ཅིག་བཅུ་དྲུག་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ རྗེས་སུ་ཤེས་པ་སྟེ་བཞི་དང་། དེ་བཞིན་དུ་ཀུན་འབྱུང་ལ་བཞི་དང་། འགོག་པ་ལ་བཞི་དང་། ལམ་ལའང་བཞི་སྟེ། ཤེས་བཟོད་ཀྱི་རྟོགས་པ་བཅུ་དྲུག་པོ་དེ་དག་ནི། མཛོད་ལས། ཆོས་ཀྱི་བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལ་དེ་ནས་ནི། །དེ་ཉིད་ལ་ཆོས་དེ་བཞིན་ ནོ། །སྡུག་བསྔལ་ལྷག་མ་རྗེས་བཟོད་ཤེས། །བདེན་པ་གསུམ་ལའང་དེ་བཞིན་ནོ། །ཞེས་པས། ལྔ་པ་བཅུ་དྲུག་པའོ། །གཉིས་པ་ནི། མི་སློབ་པ་ཉིད་དོ་ཞེས་པ་ནི་དགྲ་བཅོམ་འབྲས་གནས་ཀྱི་རྒྱུད་ལ་ཡོད་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་དང་གསུམ། སྤངས་པའི་ རྣམ་པར་གྲོལ་བ་དང་བཞི། རྣམ་པར་གྲོལ་བ་དེ་ཤེས་པ་དང་མཐོང་བ་སྟེ་ལྔའོ། །འོ་ན་སློབ་པ་དང་མི་སློབ་པའི་ལྔ་ཚན་གཉིས་པོ་འདི་ཆོས་ཅན། འདུལ་བ་ལས་བཟླ་བར་བྱ་བ་མ་ཡིན་པ་བཟླས་པར་ཐལ། མེད་མི་རུང་གི་ཡན་ལག་འདུལ་བ་ཤེས་པ་མ་བསྟན་པའི་ཕྱིར། དེ་ ཡང་གཞན་གྱི་མཁན་པོ་བྱེད་པས་ནི་སློབ་མ་ལ་བྱ་བ་དང་བྱ་བ་མ་ཡིན་པ་སྟོན་དགོས་ལ། དེ་སྟོན་པ་ལ་འདུལ་བ་ཤེས་དགོས་པ་ལས་ལྔ་ཚན་འདི་གཉིས་སུ་འདུལ་བ་ཤེས་པ་མ་བསྟན་པའི་ཕྱིར། འདི་གཉིས་འཕགས་པ་ཡིན་པའི་ཕྱིར་འདུལ་བ་ཤེས་པར་ངེས་སོ་སྙམ་ན་ཁྱབ་པ་ མེད་དེ། ཊཱི་ཀ་ལས། འདུལ་བ་ཡོངས་སུ་ཤེས་པ་མེད་པར་ཡང་སློབ་པ་དང་མི་སློབ་པ་ནི་སྲིད་པ་ཁོ་ན་ཡིན་ནོ་ཞེས་བཤད་དོ། །སློབ་པ་དང་མི་སློབ་པའི་ཚུལ་ཁྲིམས་དང་ལྡན་ཞེས་པས་འདུལ་བ་ཤེས་པ་བསྟན་ཏོ་སྙམ་ན། ཚུལ་ཁྲིམས་དང་ལྡན་ཡང་འདུལ་བ་ཤེས་པའི་ཁྱབ་ 6-1-85b པ་མེད་དེ་ཟག་མེད་ཀྱི་ཚུལ་ཁྲིམས་ཡིན་པའི་ཕྱིར། དེས་ན་ལྔ་ཚན་འདི་གཉིས་ཀྱིས་འདུལ་བ་ཤེས་པ་མ་བསྟན་ནོ་ཞེ་ན། ལོ་བཅུ་ལོན་ཅེས་གསུངས་པ་དེས་འདུལ་བ་ཤེས་པ་བསྟན་ཏེ། ཊཱི་ཀ་ལས། ལོ་བཅུ་པོ་དག་ལ་འདུལ་བ་ལ་གདོན་མི་ཟ་བར་འབད་པར་བྱས་པ་ཡིན་ པའི་ཕྱིར་ཞེས་བཤད་དོ། །བཅོམ་ལྡན་འདས་ཀྱིས་ལོ་བཅུ་ལོན་པ་ཉིད་ཅེས་གསུངས་པས་ནི་རང་དབང་ཡོད་པར་བསྟན་པ་ཡིན་པས་འདུལ་བ་ཤེས་པ་མེད་ན་ཅི་ལྟར་རང་དབང་ཅན་དུ་འགྱུར་ཞེས་ཀྱང་ཊཱི་ཀ་ལས་བཤད་དོ། །ལྔ་པ་བཅུ་བདུན་པའོ། །གཉིས་པ་ནི། བྱུང་བ་ དང་ཞེས་པ། ཊཱི་ཀ་ལས། གླེང་གཞི་དང་རྒྱུ་མཚན་དང་བྱེད་རྒྱུ་གང་ཡིན་པ་སྟེ་དེ་ནི་བྱུང་བ་ཞེས་པའི་སྒྲས་བརྗོད་ཅེས་སོ། །དེ་དག་ནི་གཏམ་རྒྱུད་དང་དགག་དགོས་ཀྱི་རྒྱུ་མཚན་དང་སྔོན་བྱུང་བའི་གང་ཟག་གི་ཉོན་མོངས་པ་སྟེ་གོ་རིམ་བཞིན་ནོ། །བྱུང་བ་མངོན་པར་ཤེས་ པ་འདི་ལ་གཉིས་ཏེ། བྱུང་ལ་མ་བཅས་པའི་བྱུང་བ་མངོན་པར་ཤེས་པ་དང་། བྱུང་ལ་བཅས་པའི་བྱུང་བ་མངོན་པར་ཤེས་པའོ། །དང་པོ་ནི། གླེང་གཞི་བྱུང་ཡང་བཅས་པ་མ་མཛད་པ་སྟེ། སྒྲ་གཅན་ཟིན་གྱིས་ཤེས་བཞིན་དུ་རྫུན་དུ་སྨྲས་པའི་བྱུང་བ་ལྟ་བུའོ། ། གཉིས་པ་ལ་གཉིས་ཏེ། བཅས་པ་བྱུང་བ་ཤེས་པ་དང་། རྗེས་སུ་བཅས་པའི་བྱུང་བ་ཤེས་པའོ། །དང་པོ་ནི། དགག་བཅས་དང་། སྒྲུབ་བཅས་དང་། གནང་བཅས་དང་གསུམ་པོ་རང་རང་གི་བྱུང་བ་ཤེས་པའོ། །གཉིས་པ་རྗེས་སུ་བཅས་པའི་བྱུང་བ་ཤེས་པ་ལ་ གཉིས་ཏེ། མ་དོར་བ་མུ་གསུམ་གྱི་བྱུང་བ་ཤེས་པ་དང་། དོར་བ་མུ་དྲུག་གི་བྱུང་བ་ཤེས་པའོ། །དང་པོ་ལ་གསུམ། དགག་བཅས་ཀྱི་རྗེས་སུ་དགག་བཅས་ཀྱི་བྱུང་བ་ཤེས་པ་དང་། སྒྲུབ་བཅས་ཀྱི་རྗེས་སུ་སྒྲུབ་བཅས་ཀྱི་བྱུང་བ་ཤེས་པ་དང་། གནང་བཅས་ཀྱི་རྗེས་ 6-1-86a སུ་གནང་བཅས་ཀྱི་བྱུང་བ་ཤེས་པའོ། །དོར་བ་མུ་དྲུག་གི་བྱུང་བ་ཤེས་པ་ནི། དགག་བཅས་ཀྱི་རྗེས་སུ་སྒྲུབ་པའི་རྗེས་བཅས་དང་། དགག་བཅས་ཀྱི་རྗེས་སུ་གནང་བ་རྗེས་བཅས་སོགས་རང་རང་གི་བྱུང་བ་ཤེས་པའོ། །བཅས་པ་དང་ཞེས་པ་ནི་ དགག་སྒྲུབ་གནང་གསུམ་གྱི་གསུང་གི་མཚམས་རྣམ་པར་བཞག་པ་ཁྱད་པར་ཅན་ཡིན་ཏེ། ཊཱི་ཀ་ལས། བཅས་པ་ཞེས་བྱ་བ་ནི་བསླབ་པའི་གཞི་རྣམ་པར་བཞག་པའོ་ཞེས་སོ། །རྗེས་སུ་བཅས་པ་དང་ཞེས་པ་འདི་ལས་འཕྲོས་པའི་དོན་རྒྱས་པར་སྤྲོ་བར་འདོད་དེ། དེ་ ཡང་། སྤྱིར་རྗེས་སུ་བཅའ་བའི་དགོས་པ་ནི། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཅི་རིགས་པ་ཐོབ་པ་དང་། མི་ལ་མི་ཚངས་སྤྱོད་བཀག་ཀྱང་དུད་འགྲོ་ལ་མ་བཀག་གོ་སྙམ་པའི་ལོག་རྟོག་བསལ་བ་སྟེ། རྣམ་འབྱེད་འགྲེལ་པ་ལས། འདི་ནི་རྗེས་སུ་བཅས་པའོ། ། བྱ་བ་ནི་དེའི་རྗེས་སུ་སོང་བའི་བསམ་པ་བཟློག་པའི་ཕྱིར་ཞེས་སོ། །དེ་ཡང་རྗེས་བཅས་ཀྱི་དབྱེ་བ་ལ་མུ་དགུའི་གསུམ་ཚན་གསུམ་ལས། གསུམ་ཚན་དང་པོ་ནི། དགག་པ་ལ་བརྟེན་པ་གསུམ་སྟེ། དགག་པ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་དང་། དགག་ པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང་། དགག་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་སོ། །དང་པོ་ནི། སྔར་བཟང་བྱིན་ལ་བརྟེན་ནས་མི་ཚངས་སྤྱོད་སྤྱིར་བཀག་ནས། ཕྱིས་སྡིག་ཅན་དགོན་པ་བ་ལ་བརྟེན་ནས་དུད་འགྲོ་ལ་མི་ཚངས་སྤྱོད་བྱེ་བྲག་ཏུ་ བཀག་པ་ལྟ་བུའོ། །གཉིས་པ་ནི། སྔར་ཉོ་ཚོང་བྱེད་པ་བཀག་ནས། བུ་ལོན་ཆགས་པ་ཐབས་གཞན་གྱིས་སྤྱད་པར་མི་ནུས་ན། དགེ་སློང་མའི་རྣམ་འབྱེད་ལས། ཡུལ་གཞན་གྱི་སྦྱོར་བས་སྔ་མའི་རྒྱུད་སྦྱང་བར་བྱའོ་ཞེས་སྒྲུབ་དགོས་གསུངས་པ་ལྟ་བུའོ། །གསུམ་ 6-1-86b པ་ནི། ཊཱི་ཀ་ལས། དུས་མ་ཡིན་པའི་ཟས་སྔར་བཀག་པ་ལས་ནད་པ་ལ་གནང་བ་ལྟ་བུའོ། །ཞེས་སོ། །གསུམ་ཚན་བར་པ་ལ། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང་། སྒྲུབ་པ་བཅས་པའི་རྗེས་སུ་བཀག་པ་རྗེས་བཅས་དང་། སྒྲུབ་པ་བཅས་པའི་ རྗེས་སུ་གནང་བ་རྗེས་བཅས་སོ། །དང་པོ་ནི། དབྱར་སྔ་མ་ཁས་བླང་བ་སྒྲུབ་པར་བཅས་ནས། དབྱར་ཕྱི་མ་ཁས་བླང་བ་སྒྲུབ་པར་བཅས་པ་ལྟ་བུའོ། །གཉིས་པ་གསོ་སྦྱོང་ལ་བསྡད་པ་དང་དབྱར་གནས་པ་ཁས་བླངས་པ་སྒྲུབ་པར་བཅས་ནས། གནས་ལ་བརྟེན་ པ་དང་འདོམས་པའི་ཚེ་ན་དེ་དག་བཀག་པ་སྟེ། གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པ་དང་གནས་པར་ཁས་བླང་བར་མི་བྱའོ་ཞེས་པ་ལྟ་བུའོ། །གསུམ་པ་ནི། སྔར་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔའི་ནུབ་མོར་ཆོས་ཉན་པར་བྱའོ་ཞེས་སྒྲུབ་ པར་གསུངས་ནས། ནད་པས་དེ་མ་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་གནང་བ་ལྟ་བུའོ། །གསུམ་མཚན་ཐ་མ་ནི། གནང་བ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས། གནང་བ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས། གནང་བ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་ བཅས་སོ། །དང་པོ་ནི། སྔར་ལྷྭམ་སྣ་སྦུག་ཅན་གནང་ནས། ཕྱིས་ལྷྭམ་རྟིང་སྦུག་ཅན་གནང་བ་ལྟ་བུའོ། །གཉིས་པ་ནི། ཊཱི་ཀར། མཆིལ་ལྷྭམ་གཉིས་གནང་བར་མཛད་པ་ལས། དེ་གཉིས་ཀྱི་བྱེ་བྲག་དགག་པ་མཛད་དེ། སྒྲ་ཀྲོག་ཀྲོག་ཟེར་བ་དག་མི་བཅང་ ངོ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། སྔར་དབྱར་བྱིན་གྱིས་བརླབས་ཏེ་གནས་གཞན་དུ་འགྲོ་བ་གནང་བ་ལས། དགེ་འདུན་གྱི་དབྱེན་ཞི་བར་བྱ་བའི་ཕྱིར་ནི་དབྱར་བྱིན་གྱིས་བརླབས་ཏེ་གནས་གཞན་དུ་འགྲོ་བ་བསྒྲུབ་པར་བཅས་ཏེ། དེ་ཉེ་བར་ཞི་བའི་མཐུ་ཡོད་ 6-1-87a པ་ལྟར་ན་མི་འགྲོ་བར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་གསུམ་ཚན་རང་རང་གི་དང་པོ་གསུམ་ནི་སྔ་མའི་རིགས་མ་དོར་བས་ན་མ་དོར་བའི་མུ་གསུམ་ཞེས་བྱ། ཕྱི་མ་དྲུག་ནི་སྔ་མའི་རིགས་དོར་བས་ན་དོར་བ་མུ་དྲུག་ཅེས་བྱའོ། །དེ་ལ་ མ་དོར་བའམ་མཚན་ཉིད་མི་འདོར་བའི་མུ་གསུམ་པོ་དེ་དག་བཅའ་བར་འཐད་དེ། རང་རང་གི་སྔར་བཅས་ཀྱི་རྒྱུ་མཚན་གང་ཡིན་སོ་ན་གནས་ཤིང་གང་ཟག་གི་ལོག་རྟོག་བསལ་བའི་དགོས་པ་ཡོད་པའི་ཕྱིར་ཏེ། དེ་ཡང་དགག་བྱའི་རྒྱུ་མཚན་སོ་ན་གནས་པ་དང་། དགོས་ པའི་རྒྱུ་མཚན་སོ་ན་གནས་པ་དང་། དགག་དགོས་མེད་པའི་རྒྱུ་མཚན་སོ་ན་གནས་པ་རྣམས་རིམ་བཞིན་སོ་སོར་གནས་པའི་ཕྱིར་རོ། །མཚན་ཉིད་དོར་བའི་མུ་དྲུག་འཆའ་བར་འཐད་དེ། སྔར་བཅས་ཀྱི་རྒྱུ་མཚན་དོར་ནས་རྗེས་བཅས་ཀྱི་མཚན་ཉིད་ཞུགས་པའི་ཕྱིར། དེ་ ཡང་རྒྱུ་མཚན་དོར་ནས་དགོས་པའི་རྒྱུ་མཚན་ཞུགས་པའི་ཕྱིར་ཞེས་པ་ལ་སོགས་རེ་རེ་ནས་སྦྱར་རོ། །རྒྱུ་མཚན་དོར་ཞེས་པ་དེའང་། གཏན་མེད་དུ་དོར་བ་དང་། ཟིལ་གནོན་དུ་དོར་བ་གཉིས་ལས། གནང་བ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་ལ་ནི་སྔར་ བཅས་ཀྱི་རྒྱུ་མཚན་དེ་གཏན་མེད་དུ་དོར་བ་ཡིན་ལ། ཕྱི་དྲོའི་ཁ་ཟས་སྔར་བཀག་ནས་ནད་པ་ལ་གནང་བ་ལྟ་བུ་ལ་ནི་ཟིལ་གནོན་དུ་དོར་བ་སྟེ། ཕྱི་དྲོའི་ཁ་ཟས་ཀྱི་དགག་བྱ་ནི་ལུས་རྒྱགས་པར་འགྱུར་བ་ཡིན་ལ། ནད་པས་ཕྱི་དྲོར་ཁ་ཟས་ཟོས་པ་ལ་ལུས་ཀྱི་སྟོབས་སྐྱེ་ བ་ཙམ་ཞིག་ཡོད་ཀྱང་ན་བས་ཟིལ་གྱིས་མནན་པ་ལྟ་བུའོ། །རྗེས་བཅས་གང་ལ་གནས་པའི་གཞི་ངོས་བཟུང་བ་ལ་གཉིས་ཏེ། དགག་པ་བཅས་པའི་རྗེས་སུ་དགག་པའི་རྗེས་བཅས་གཞི་གང་ལ་གནས་པ་དང་། རྗེས་བཅས་མུ་བརྒྱད་པོ་གཞི་གང་ལ་གནས་པའོ། ། 6-1-87b དང་པོ་ནི། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཀའི་གཞི་ཆོས་ཅན། དགག་པ་དང་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་ཀྱི་རྟེན་ཙམ་དུ་ཡོད་དེ། དགག་བཅས་རིགས་འདྲ་ཕྱི་མའི་བཅས་པ་རྣམ་འཇོག་གི་དགག་བྱའི་རྟེན་ཙམ་དུ་ཡོད་པའི་ཕྱིར། གཞི་ དེ་དག་ལ་རྗེས་བཅས་དེ་ཁྱབ་བྱེད་དུ་ཡོད་པ་ནི་མིན་ཏེ། རྗེས་བཅས་མེད་པའི་བཅས་རྐྱང་མང་དུ་ཡོད་པའི་ཕྱིར། གཉིས་པ་ནི། རྗེས་བཅས་གཞན་མུ་བརྒྱད་པོ་དེ་སྤྱིར་བཏང་ལ་བཅས་པའི་ཁ་ན་མ་ཐོ་བའི་གཞི་ལ་གནས་པ་ཡིན་གྱི། དམིགས་བསལ་ཆང་དྲི་རོ་མངོན་ པ་འཐུང་བ་དང་། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བའི་གཞི་ལ་ནི་ཆོས་ཅན། རྗེས་བཅས་གཞན་མུ་བརྒྱད་པོ་དེ་མི་སྲིད་དེ། གནང་བ་ཡང་མི་སྲིད་ལ་སྒྲུབ་པ་ཡང་མི་སྲིད་པའི་ཕྱིར། གནང་བ་མི་སྲིད་པའི་ཕྱིར་ན་སྔར་གནང་བ་ལ་བརྟེན་པའི་རྗེས་ བཅས་གསུམ་དང་དགག་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་མི་སྲིད་དོ། །འོ་ན་རྫུན་སྨྲའི་ཕམ་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ། མངོན་པའི་ང་རྒྱལ་མ་གཏོགས་ཞེས་གསུངས་པ་དང་། ལྷག་ མ་དང་པོའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ། བསམས་བཞིན་དུ་ཁུ་བ་ཕྱུངས་ན་རྨི་ལམ་གྱི་མ་གཏོགས་ཏེ་ཞེས་གསུངས་པ་དང་མི་འགལ་ལམ་སྙམ་ན། མངོན་པའི་ང་རྒྱལ་གྱི་དབང་གིས་སྨྲས་པ་དེ་ནི་ འདུ་ཤེས་བསྒྱུར་བ་མེད་པས་རྫུན་ཉིད་མ་ཡིན་པའི་ཕྱིར་ན་རྫུན་གནང་བ་མ་ཡིན་ལ། ལུང་ལས། རྨི་ལམ་ནི་ཐ་སྙད་བྱར་རུང་བ་མ་ཡིན་ཏེ་ཞེས་གསུངས་པས། འབྱིན་པའི་བཅས་པ་མཚན་ཉིད་པའི་རྟེན་མ་ཡིན་པས་འབྱིན་པའི་ལྟུང་བ་མེད་པ་ཙམ་ལ་རྗེས་སུ་གནང་བ་ 6-1-88a ཞེས་བཏགས་པའོ། །དེས་ན་སྒྲུབ་པ་མི་སྲིད་པའི་ཕྱིར་ན་སྔར་སྒྲུབ་པ་ལ་བརྟེན་པའི་རྗེས་བཅས་གསུམ་དང་དགག་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་མི་སྲིད་དོ། །ད་ནི་རྗེས་བཅས་ཀྱི་མཚན་ཉིད་ངོས་བཟུང་བར་བྱ་སྟེ། དེ་ཡང་རང་གི་སྔར་ བཅས་ལ་བལྟོས་པའི་འདུལ་བའི་བསླབ་པའི་གཞི་རྣམ་པར་བཞག་པ་ཕྱི་མའོ། །འོ་ན་འདི་བཅས་པ་མཚན་ཉིད་པ་ཡིན་ནམ་མིན་ཞེ་ན། ལྡོག་འཇུག་མ་བྱས་པ་ན་ལྟུང་བའི་ཆད་པ་བཅས་ན་དགག་སྒྲུབ་ཀྱི་བཅས་པ་མཚན་ཉིད་པ་ཡིན་ལ། གཞན་དུ་ན་དགག་སྒྲུབ་ཀྱི་ བཅས་པ་མཚན་ཉིད་པ་མ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོར་མ་ལོན་པ་ན། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་གསུངས་ཀྱང་། དགག་བཅས་མཚན་ཉིད་པ་མ་ཡིན་ཏེ། དེ་ལས་འདས་ནས་བཟང་བྱིན་གྱིས་མི་ཚངས་སྤྱོད་དང་། ནོར་ཅན་ གྱིས་མ་བྱིན་ལེན་བྱས་ཀྱང་། ལུང་རྣམ་འབྱེད་ལས། ལས་དང་པོ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་དང་། འོད་ལྡན་ལས། འཕགས་པ་ཉེར་སྦས་ཀྱི་ཞལ་ནས་ཆད་པ་བཅའ་བ་ལ་དགོངས་ནས་གསུངས་པའི་ཕྱིར་ཞེས་གསུངས་སོ། །གནང་བའི་བཅས་ པ་ནི་ལྟུང་བའི་ཆད་པར་བཅས་པ་ལ་མི་བལྟོས་སོ། །འདིར་ཁ་ཅིག་ན་རེ། གནང་བའི་བཅས་པ་ནི་མཚན་ཉིད་པ་མ་ཡིན་ཏེ། ལྡོག་འཇུག་མ་བྱས་ཀྱང་ལྟུང་བའི་ཆད་པར་མ་བཅས་པའི་ཕྱིར་ཞེས་ཟེར་བ་ནི། རྟགས་མ་ངེས་ལ་དམ་བཅའ་མི་འཐད་དེ། གནང་བ་བཅས་ པའི་རྗེས་སུ་དགག་པ་རྗེས་བཅས་ཆོས་ཅན། རྗེས་བཅས་མ་ཡིན་པར་ཐལ། བལྟོས་པ་སྔར་བཅས་རང་མཚན་པ་མེད་པའི་ཕྱིར། རྟགས་ཁས་བླངས་སོ། །ཁྱབ་པ་མ་གྲུབ་ན། བལྟོས་པ་སྔར་བཅས་མེད་པར་དེའི་རྗེས་བཅས་ཡོད་པར་འགལ། འདོད་ན། ཊཱི་ཀ་ལས། 6-1-88b རྗེས་སུ་བཅས་པ་ཞེས་བྱ་བ་ནི་སྔར་གནང་བའི་གཞི་ལ་བཀག་པ་དང་ཞེས་སོ། །དེས་ན་གནང་བའི་བཅས་པ་ནི། ལྡོག་འཇུག་མ་བྱས་ཀྱང་ལྟུང་བའི་ཆད་པ་མེད་པར་བཅས་པ་ཉིད་ཀྱིས་གནང་བའི་བཅས་པ་མཚན་ཉིད་པར་རིགས་སོ། །འོ་ན་རྗེས་བཅས་མཚན་ཉིད་པ་གང་། མཚན་ཉིད་མིན་པ་གང་ཞེ་ན། དགག་པ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་ཆོས་ཅན། དགག་པ་རྗེས་བཅས་མཚན་ཉིད་པ་མིན་ཏེ། སྔར་ནས་བཀག་ཟིན་པའི་ཕྱིར། དེ་ཡང་དགོན་པ་བས་སྤྲ་མོ་ལ་ལོག་པར་ཞུགས་པ་ལ་བརྟེན་ནས། ལུང་རྣམ་འབྱེད་ལས། འདི་ནི་རྗེས་སུ་བཅས་པའོ་ཞེས་གསུངས་ཀྱང་། དེའི་སྔ་རོལ་དུ་དུད་འགྲོ་ལ་ལོག་པར་སྤྱོད་པ་བཀག་ཟིན་པ་ཡིན་ཏེ། བཟང་བྱིན་ལ་བརྟེན་ནས་མི་ཚངས་པར་སྤྱོད་པ་སྤྱིར་བཀག་ཟིན་པའི་ཕྱིར་ཏེ། སྤྱི་བཀག་པས་བྱེ་བྲག་བཀག་པར་གྲུབ་བོ། །དེ་ལྟར་དུད་འགྲོ་ལ་ ལོག་པར་སྤྱོད་པ་སྔར་བཀག་ཟིན་ཀྱང་། ལུང་ལས། འདི་ནི་རྗེས་སུ་བཅས་པའོ་ཞེས་གསུངས་པ་ནི། མི་ལ་བཀག་ཀྱང་དུད་འགྲོ་ལ་མ་བཀག་གོ་སྙམ་པའི་ལོག་རྟོག་བཟློག་པ་ཙམ་ཡིན་ཏེ། རྣམ་འབྱེད་འགྲེལ་པ་ལས། འདི་ནི་རྗེས་སུ་བཅས་པའོ་ཞེས་གསུངས་ པ་ནི་དེའི་རྗེས་སུ་སོང་བའི་བསམ་པ་བཟློག་པའི་ཕྱིར་རོ་ཞེས་སོ། །དེ་ལྟར་སྔར་བཀག་ཟིན་པ་དེ་བཞིན་དུ། སྔར་ནས་སྒྲུབ་པར་བཅས་ཟིན་པ་ཡང་རྒྱུ་མཚན་མཚུངས་པས་སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་ཀྱང་རྗེས་བཅས་མཚན་ཉིད་པ་མིན་ཏེ། སྔར་ནས་ སྒྲུབ་པར་བཅས་ཟིན་པའི་ཕྱིར། གནང་བ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་ནི་རྗེས་བཅས་མཚན་ཉིད་པ་ཡིན་གྱི། སྔར་ནས་གནང་བར་བཅས་ཟིན་པ་ནི་མ་ཡིན་ཏེ། གནང་བའི་བཅས་པ་འཕྲལ་བཅས་ཡིན་པའི་ཕྱིར། དེ་ཡང་ཊཱི་ཀ་ལས། ད་དུང་བཅོམ་ 6-1-89a ལྡན་འདས་ཀྱིས་རྗེས་སུ་གནང་བར་མ་གྱུར་པའི་ཕྱིར་ཞེས། དགག་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་འཕྲལ་བཅས་སུ་བཤད་པས། གནང་བའི་བཅས་པ་གཞན་རྣམས་ཀྱང་འཕྲལ་བཅས་ཡིན་པར་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར། འོ་ན་སྐབས་འདིར་གནང་བ་རྣམས་འཕྲལ་ལ་གསར་དུ་གནང་བ་ཡིན་ནམ། སྔར་ནས་གནང་ཟིན་པ་ཞིག་གནང་བ་ཡིན། དང་པོ་ལྟར་ན། ལུང་རྣམ་འབྱེད་ལས། ངས་དངོས་སུ་མ་གནང་ཡང་གནང་བར་གྱུར་པ་དེ་ཁྱོད་ཀྱིས་ཤེས་པ་ལེགས་སོ་ལེགས་སོ་ཞེས་སྔར་ནས་ ཉེས་མེད་དུ་གསུངས་པ་དང་འགལ། གཞན་ཡང་ལུང་རྣམ་འབྱེད་ལས། ཤཱ་རིའི་བུའི་བསམ་པ་ལ་འདི་ལྟར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི་འདི་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བའི་གནས་དེ་ཡོད་དོ་སྙམ་ནས། དེ་གདུལ་བྱ་ལ་བལྟོས་པས་དེ་ཉིད་ དུ་འདུག་སྟེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ལེགས་སོ་ལེགས་སོ་ཞེས་གསུངས་པ་དང་ཡང་འགལ་ལོ། །གཉིས་པ་ལྟར་ན། འདུག་གནས་སུ་ཟ་བའི་ཊཱི་ཀ་ལས། ད་དུང་བཅོམ་ལྡན་འདས་ཀྱིས་རྗེས་སུ་ གནང་བར་མ་གྱུར་པའི་ཕྱིར་ཏེ་གླེང་གཞི་དེ་ཁོ་ནའི་དབང་གིས་དེའི་མོད་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཛད་དོ་ཞེས་བཤད་པ་དང་འགལ། དགག་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་ཆོས་ཅན། གནང་བ་དེ་རྗེས་སུ་བཅས་པ་མ་ཡིན་པར་ཐལ། སྔར་ནས་གནང་ཟིན་པའི་ཕྱིར་ཞེ་ན། གནང་བ་ནི་སྔར་ནས་གནང་བ་ཡིན་ལ། གནང་བའི་བཅས་པ་ནི་འཕྲལ་ལ་གསར་དུ་འཆའ་བ་ཡིན་པས་གཞུང་དེ་དག་ལ་འགལ་བ་མེད་དོ། །གནང་བ་དང་གནང་བའི་བཅས་པའི་ཁྱད་པར་གང་ཞེ་ན། གནང་བ་ནི་ཐུགས་དགོངས་ 6-1-89b ཀྱིས་གནང་ཞིང་ངོ་བོ་ཉིད་ཀྱིས་ཉེས་མེད་དུ་གནས་པ་ཡིན་ལ། གནང་བའི་བཅས་པ་ནི་གསུང་གི་མཚམས་རྣམ་པར་བཞག་པ་ཁྱད་པར་ཅན་གྱིས་གནང་བའི་བཅས་པ་མཛད་པའོ། །གཞན་ཡང་། ཁྱད་གཞི་རྗེས་བཅས་འབྱུང་བའི་དུས་དང་ཁྱད་ཆོས་ལྟུང་བ་ཆེ་ཆུང་ངེས་པར་ བྱ་བའོ། །དང་པོ་ནི། རང་རང་གི་སྔར་བཅས་ཀྱི་རྒྱུ་མཚན་སོ་ན་ཡོད་ཅིང་། གང་ཟག་གི་ལོག་རྟོག་ཟློག་པའི་དགོས་པ་ཡོད་པའི་ཚེ་ན་རྗེས་བཅས་མ་དོར་བ་མུ་གསུམ་འབྱུང་ངོ་། །སྔར་གྱི་དགག་བྱའི་རྒྱུ་མཚན་དོར་ནས་དགག་དགོས་མེད་པའི་རྒྱུ་མཚན་ཞུགས་པའི་ཚེ་ན་ དགག་པ་དང་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་འབྱུང་ལ། སྔར་གྱི་དགོས་པའི་རྒྱུ་མཚན་དོར་ནས་དགག་དགོས་མེད་པའི་རྒྱུ་མཚན་ཞུགས་པའི་ཚེ་ན། སྒྲུབ་པ་བཅས་པའི་རྗེས་སུ་གནང་བ་རྗེས་བཅས་འབྱུང་ངོ་། །དགག་དགོས་བཟློག་པ་ལ་ཞུགས་པའི་ཚེ་ན། དགག་པ་ལས་སྒྲུབ་པ་རྗེས་བཅས་དང་། སྒྲུབ་དགོས་བཟློག་པ་ལ་ཞུགས་པའི་ཚེ་ན། སྒྲུབ་པ་ལས་དགག་པ་རྗེས་བཅས་འབྱུང་ངོ་། །འོན་ཏེ་དགག་དགོས་ལོག་པ་ལ་ཡང་གཉིས། ངེས་པ་བཞིར་དགག་དགོས་ལོག་པ་དང་། ངེས་པ་བཞི་ལས་གཞན་དུ་དགག་དགོས་ ལོག་པའོ། །དེ་ལ་ངེས་པ་བཞིར་ནི་དགག་དགོས་ལོག་ཙམ་གྱིས་བཅས་པ་ལྡོག་སྟེ་སྐབས་འདིར། ཊཱི་ཀ་ལས། ཞག་བཅོ་ལྔ་ཁྲུས་ཀྱི་ཉི་མ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་པས། དེར་ཁྲུས་བྱས་པ་ལ་ནི་དུས་བྱིན་གྱིས་བརླབ་མི་དགོས་སོ་ཞེས་པ་དེ་ངེས་ པ་བཞི་པོ་གཞན་ལ་ཡང་དུས་བྱིན་གྱིས་རློབ་མི་དགོས་པར་སྦྱར་ཏེ། དེ་ལྟར་ན་ངེས་པ་བཞི་པོ་གང་རུང་རེ་རེས་ཀྱང་བཅས་པའི་མཚམས་འཛིན་ནོ། །དུས་དྲན་པ་ལ་སོགས་པ་བཅས་པའི་ས་མཚམས་འཛིན་བྱེད་གཞན་མི་དགོས་སོ། །དམིགས་བསལ་ནི། ཡུལ་ 6-1-90a ངེས་པ་བྱང་གི་སྒྲ་མི་སྙན་དུ་བྱིན་ལེན་མ་བྱས་པར་ཟ་བ་ལ་ནི་དུས་བྱིན་གྱིས་རློབ་དགོས་པར་ལུང་དང་བྱིན་ལེན་གྱི་ཊཱི་ཀ་ལས་གསུངས་སོ། །གནས་དེར་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བ་དངོས་མི་འབྱུང་ཡང་དུས་དྲན་མ་བྱས་ན་བསླབ་བྱའི་ཉེས་བྱས་ འབྱུང་ངོ་། །དེ་ཡང་ཡུལ་ངེས་པ་ནི་ཨསྨ་པ་ར་ན་ཏ་རུ་ཁྲུས་ཇི་ཙམ་བྱེད་ཀྱང་ལྟུང་བ་མེད་པ་ལྟ་བུའོ། །དུས་ངེས་པ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱེད་པ་ལ་ལྟུང་བ་མེད་པ་ལྟ་བུའོ། །དངོས་པོ་ངེས་པ་ནི་རྡོ་བའམ་སོ་ཕག་གི་རིམ་པ་གསུམ་ལས་ལྷག་པར་བརྩིགས་ཀྱང་ལྟུང་བ་ མེད་པ་ལྟ་བུའོ། །གང་ཟག་ངེས་པ་ནི་བ་ལང་བདག་ལྟ་བུ་མིད་པ་གཉིས་པས་ཕྱི་དྲོ་སྒྲེགས་པ་མིད་པ་ལ་ལྟུང་བ་མེད་དོ། །དེ་ལྟར་ངེས་པ་བཞིར་དགག་བྱའི་ཤུལ་དུ་དགོས་པའི་རྒྱུ་མཚན་ཞུགས་ན་དགག་བཅས་ལ་སྒྲུབ་བཅས་སུ་འགྱུར་ཏེ། དགག་བཅས་ཀྱི་རྒྱུ་མཚན་དོར་ ནས་སྒྲུབ་བཅས་རྣམ་པར་འཇོག་བྱེད་ཀྱི་རྒྱུ་མཚན་ཞུགས་པའི་ཕྱིར། གཉིས་པ་ངེས་པ་བཞི་ལས་གཞན་དུ་ན་དགག་དགོས་ལོག་ཙམ་གྱིས་བཅས་པ་མི་ལྡོག་སྟེ། དེའི་རྒྱུ་མཚན་ལུང་དང་རིགས་པ་གཉིས་ལས། རིགས་པ་ནི། སྤྱིར་གནས་ངན་ལེན་བརྗོད་ན་ལྟུང་བྱེད་དུ་ འགྱུར་ལ། འོན་ཏེ་གནས་ངན་ལེན་མ་བརྗོད་པ་དེའི་ཚེ་ཁྱིམ་པ་རྣམས་མ་དད་པ་སྐྱེ་བའི་དགག་བྱ་བྱུང་ན་དེའི་ཚེ་གནས་ངན་ལེན་བརྗོད་དགོས་ལ། དེ་ལྟར་གྱི་ཚེ་གནས་ངན་ལེན་བརྗོད་པའི་དགག་དགོས་ལོག་ཀྱང་དེ་ཙམ་གྱིས་གནས་ངན་ལེན་བརྗོད་མི་ཆོག་སྟེ། གནས་ངན་ ལེན་བརྗོད་པོར་བསྐོ་བ་མ་བྱས་པའི་ཕྱིར། དེས་ན་སྐབས་དེར་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་དགག་དགོས་ལོག་ཀྱང་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་ཀྱི་བཅས་པ་དེའི་རྒྱུད་ལ་མི་ལྡོག་སྟེ། དགག་བཅས་སོ་ན་གནས་པའི་ཕྱིར། དེ་ལྟར་མིན་པ་དགག་དགོས་ 6-1-90b ལོག་ཙམ་གྱིས་དེ་སྐབས་ཀྱི་བཅས་པ་ལྡོག་ཅིང་། དགག་བཅས་ལས་སྒྲུབ་བཅས་སུ་འགྱུར་ན་བཅས་པ་ཧ་ཅང་མི་བརྟན་པའི་སྐྱོན་དུ་འགྱུར་རོ། །ལུང་ནི། ལུང་རྣམ་འབྱེད་ལས། དགེ་སློང་ཕྲལ་བ་དང་དགེ་སློང་མ་གསལ་མའི་བྱུང་བ་དང་བསྐོ་བ་མ་བྱས་པ་ལའོ་ཞེས་པས་ ཀྱང་ཤེས་སོ། །དགེ་སློང་ཕྲལ་བ་དང་དགེ་སློང་མ་གསལ་མའི་སྔར་བྱུང་གི་སྐབས་སུ་གནས་ངན་ལེན་བརྗོད་པ་ལ་སྐབས་དེར་དགེ་འདུན་གྱི་གནས་ངན་ལེན་བརྗོད་པར་མ་བསྐོས་པར་གནས་ངན་ལེན་བརྗོད་ན་ལྟུང་བ་འགྱུར་བར་གསུངས་པ་ལུང་འདིའི་དོན་ཡིན་པ་འདྲ། མཆན། འོ་ན་ངེས་པ་བཞི་ལས་གཞན་པ་དགག་དགོས་ལོག་པའི་སྟེང་དུ་ གནས་ངན་ལེན་རྗོད་པོ་བསྐོ་བ་ལྟ་བུའི་ཆོ་ག་ལྟ་བུ་བཅས་པའི་ས་མཚམས་འཛིན་བྱེད་ཡོད་ན་ནི་བཅས་པ་ལྡོག་སྟེ། གནས་ངན་ལེན་བརྗོད་པའི་དགག་དགོས་ལོག་ཅིང་བཅས་པའི་མཚམས་འཛིན་བྱེད་དུ་གནས་ངན་ལེན་རྗོད་པོ་བསྐོ་བའི་ཆོ་ག་བྱས་ན། སྔར་ནི་གནས་ངན་ལེན་ བརྗོད་པ་དགག་པར་བཅས་ཀྱང་ཕྱིས་གནས་ངན་ལེན་བརྗོད་པ་སྒྲུབ་བཅས་སུ་འགྱུར་ཏེ། དེའི་ཚེ་གནས་ངན་ལེན་མ་བརྗོད་ན་ཉེས་པ་སྐྱེད་པ་ལྟ་བུའོ། །གཉིས་པ་ཁྱད་པར་གྱི་ཆོས་ལྟུང་བ་ཆེ་ཆུང་ངེས་པར་བྱ་བ་ནི། ངེས་པ་བཞིར་དགག་དགོས་ལོག་སྟེ་དགག་བཅས་ལ་སྒྲུབ་ བཅས་སུ་འགྱུར་ན། སྔར་གྱི་དགག་བཅས་ལས་འདས་པའི་ལྟུང་བ་དང་། ཕྱིས་ཀྱི་སྒྲུབ་བཅས་ལས་འདས་པའི་ལྟུང་བ་དེ་གཉིས་ལྟུང་བ་ཆེ་ཆུང་མཉམ་པོར་འབྱུང་སྟེ། ཊཱི་ཀ་ལས། ཡུལ་གང་ན་བལ་དཀར་པོ་རིན་ཆེ་ཞིང་ཤིན་ཏུ་དཀོན་ལ། སྲིན་བལ་དང་བལ་ནག་པོ་ རིན་ཆུང་ཞིང་ཤིན་ཏུ་མོད་པ་དེ་ནི་སྲིན་བལ་དང་བལ་ནག་པོའི་གནས་སུ་བལ་དཀར་པོ་རིག་པར་བྱའོ་ཞེས་དང་། ཉིད་ཀྱི་རྣམ་བཤད་ལས། བལ་ནག་པོ་འབའ་ཞིག་ལ་ལྟུང་བ་མེད་དེ། དཀར་པོ་ལ་ནི་ལྟུང་བ་ཡོད་དོ་ཞེས་སྔར་བལ་ནག་ལ་བརྟེན་ནས་ལྟུང་བ་བསྐྱེད་པ་ལ། 6-1-91a སྐབས་འདིར་བལ་དཀར་ལ་བརྟེན་པའི་ལྟུང་བ་བསྐྱེད་ཅེས་བཤད་པས། གཞི་བལ་དཀར་ནག་ལྡོག་པའི་ལྟུང་བ་མཉམ་པོར་གསུངས་པའི་གནད་ཀྱིས། བྱ་བ་དགག་སྒྲུབ་བཟློག་པའི་ལྟུང་བ་ཡང་མཉམ་པོར་འོང་སྟེ་བཅས་པ་རྣམ་འཇོག་གི་རྒྱུ་ མཚན་མཚུངས་པའི་ཕྱིར་ཞེས་མཚོ་སྣ་པས་གསུངས་སོ། །དེའི་དགོངས་གཞི་རྒྱུད་གཅིག་ལ་དགག་སྒྲུབ་གང་རུང་གཅིག་ལས་འདས་ན་གཉིས་ཀའི་ལྟུང་བ་ཆ་ཆེ་ཆུང་མེད་པར་མཉམ་དུ་འོང་བར་དགོངས་པ་ཡིན་ན་དེ་མི་འཐད་དེ། རྟགས་མ་གྲུབ་པས་དམ་བཅའ་བུད་ པའི་ཕྱིར་ཏེ། སྔར་བལ་ནག་གི་དགག་བྱ་བལ་དཀར་ལ་ཞུགས་པའི་ཕྱིར། སྔར་གྱི་དགག་བཅས་ལས་འདས་པའི་ལྟུང་བ་ཅི་སྟེ་འོང་། ཁྱོད་དེ་ལྟར་བཞེད་ན་སྐྱོན་ཅན་དུ་འགྱུར་ཏེ། དགག་བཅས་ལས་སྒྲུབ་བཅས་སུ་འགྱུར་བ་དེའི་ཚེ། དགག་བཅས་ལོག་པའི་དོན་ གྱིས་སྒྲུབ་བཅས་སུ་འགྱུར་བ་མ་ཡིན་པར་ཐལ། དགག་བཅས་ཀྱི་རྗེས་སུ་སྒྲུབ་བཅས་བསྒྲུབས་ཀྱང་ཕྱི་མ་བསྒྲུབས་པས་སྔ་མ་དགག་བཅས་དང་འགལ་བའི་ལྟུང་བ་དང་། དེ་མ་བསྒྲུབས་ན་ཕྱིས་ཀྱི་སྒྲུབ་པ་དང་འགལ་བའི་ལྟུང་བ་གཉིས་ཆེ་ཆུང་མཉམ་པོར་འོང་བ་ལ་ ཁྱད་མེད་པའི་ཕྱིར་རོ། །རྟགས་ཁས་བླངས། ཁྱབ་པ་ཚད་གྲུབ། འདོད་ན་ཁས་བླངས་ཀྱིས་བསལ་ལོ། །ཡང་ན་ཁ་ཅིག །མཚོ་སྣ་པའི་དགོངས་པ་ནི་ཁྱོད་ཀྱིས་བཀག་པའི་ཕྱོགས་སྔ་དེ་ལྟར་ཞལ་གྱིས་བཞེས་པ་མིན་ཏེ། སྔོན་བཀག་བཅས་ཀྱི་དུས་ཀྱི་བཅས་པ་ ལས་འདས་ན་དེ་དུས་ཀྱི་ལྟུང་བ་དེ་ལྟུང་བར་འཇོག་པ་དང་། ཕྱིས་བཀག་དགོས་བཟློག་ནས་སྒྲུབ་པ་བཅས་པ་ལས་འདས་ན་དེ་དུས་ཀྱི་ལྟུང་བ་དེ་ལྟུང་བར་འཇོག་པའི་ངོ་ལྡོག་ནས་ཆ་ཆེ་ཆུང་ཁྱད་མེད་པས་གཅིག་ལྟུང་བ་ཆེ་ལ་ཅིག་ཤོས་ལྟུང་བ་ཆུང་བ་ལྟ་བུའི་དོན་ལ་དགོངས་ 6-1-91b པ་མིན་ཟེར། དེ་ལྟར་ན་ནི་མི་འཐད་པ་མེད་དོ། །ངེས་པ་བཞི་ལས་གཞན་དུ་ནི་དགག་དགོས་ལོག་པའི་སྟེང་དུ་བཅས་པའི་ས་མཚམས་འཛིན་བྱེད་ཀྱང་ཡོད་ཅིང་། དགག་བཅས་ལ་སྒྲུབ་བཅས་སུ་གྱུར་པ་ལྟ་བུ་ལ་ནི་སྔར་བཅས་ཀྱི་ལྟུང་བ་བས་རྗེས་བཅས་ཀྱི་ལྟུང་བ་ན་སྨད་ པར་འགྱུར་ཏེ། སྔར་བཅས་ལ་གནས་ངན་ལེན་བརྗོད་ན་ལྟུང་བྱེད་དུ་འགྱུར་ཡང་། རྗེས་བཅས་ལ་ནི་གནས་ངན་ལེན་མ་བརྗོད་པ་ལ་ཉེས་བྱས་སུ་འགྱུར་གྱི་ལྟུང་བྱེད་དུ་མི་འགྱུར་ཏེ། གནས་ངན་ལེན་མ་བརྗོད་པས་མ་དད་པ་སྐྱེ་བ་འབྱུང་བ་དེའི་ཕྱིར། གནས་ངན་ལེན་མ་ བརྗོད་པས་ཉེས་བཅས་སུ་འགྱུར་བ་དེ་དང་འབྲེལ་ཆུང་བའི་གནས་ངན་ལེན་བརྗོད་པའི་དགག་བྱ་ལྟུང་བྱེད་དེ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར། དཔེར་ན་དགེ་སློང་མས་ཡང་ཡང་ཟ་བ་ལ་ལྟུང་བྱེད་མི་བསྐྱེད་པའི་རྒྱུ་མཚན་དུ། ཊཱི་ཀ་ལས། དགེ་སློང་མ་རྣམས་ ནི་ཤས་ཆེར་མཆོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་དེ་དག་ལ་དེ་འབྱུང་དཀའ་བའི་ཕྱིར། ཞེས་གསུངས་པ་བཞིན་ནོ། །འོ་ན་སྔར་བཅས་ཀྱི་ལྟུང་བ་ལས་རྗེས་བཅས་ཀྱི་ལྟུང་བ་ན་སྨད་དུ་འགྱུར་ན། སྔར་བཅས་ལ་དགེ་སློང་མས་དགེ་སློང་ལ་ཕྱག་བྱ་དགོས་པས་ཕྱག་མ་བྱས་ན་ ཉེས་བྱས་སུ་འགྱུར་བ་ལས། རྗེས་བཅས་དགེ་སློང་གནས་ནས་ཕྱུང་བ་ལ་ཕྱག་འཚལ་བ་བཀག་པ་ནི་ཕྱག་བྱས་པ་ལ་བརྟེན་ནས་བཟློག་པའི་ཕམ་པ་སྐྱེད་པས། བཟློག་ཕམ་དངོས་ནི་དགེ་སློང་གནས་ནས་ཕྱུང་བ་ཞིག་དགེ་འདུན་ལ་བཟོད་གསོལ་བྱེད་པར་ཕྱོགས་པ་ན་དེ་དགེ་སློང་མས་ཟློག་པར་བྱེད་པ་དེ་ཡིན་ལ་ དེས་ན་དགེ་སློང་མས་དགེ་སློང་གནས་ནས་ཕྱུང་བ་ལ་ཕྱག་བྱས་པ་ནི་བཟློག་ཕམ་དངོས་མིན་ཀྱང་ཕྱག་བྱས་པ་དེ་ཟློག་ཕམ་གྱི་རྒྱུ་འགྱུར་བ་ལ་དགོངས་སོ། །མཆན། སྔར་བཅས་ཀྱི་ལྟུང་བ་ལས་རྗེས་བཅས་ཀྱི་ལྟུང་བ་ཆེ་བ་དང་འགལ་ཞེ་ན། དེ་ནི་དམིགས་བསལ་ཡིན་ནོ་ཞེས་བླ་མ་དག་གསུང་ངོ་། །བཀག་པ་ 6-1-92a དང་ཞེས་པ་དགག་བྱ་དང་ལྡན་པ་སྲོག་ལ་བབ་ཀྱང་མ་གནང་བ་སྟེ། ཊཱི་ཀ་ལས། བཀག་པ་ཞེས་བྱ་བ་ནི་སྲོག་ལ་བབ་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ། །ཞེས་བྱ་བ་སྟེ། དཔེར་ན་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཐ་ན་རྩྭའི་མཆོག་མས་ཀྱང་ ཆང་མི་བླུད་མི་བཏུང་ངོ་ཞེས་གསུངས་པ་དང་། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱའོ་ཞེས་སོ། །གནང་བ་ནི། དགག་དགོས་ཀྱི་རྒྱུ་མཚན་དང་མི་ལྡན་ཅིང་ཅི་དགར་སྤྱོད་པར་གནང་བ་སྟེ། །ཊཱི་ཀ་ལས། གནང་བ་ཞེས་བྱ་བ་ནི་ཅི་ དགར་སྤྱད་པའི་ཡུལ་ལ་བྱ་བ་གང་ཡང་རུང་བ་ཞིག་མི་བྱེད་དམ། བྱེད་ན་ལྟུང་བ་ཞེས་བྱ་བའི་ཉེས་པ་མེད་དེ་དཔེར་ན་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་ཕྱིར། ཕྱི་རོལ་པའི་བསྟན་བཅོས་བཀླག་པར་ངས་རྗེས་སུ་གནང་ངོ་། །ཞེས་གསུངས་པ་ལྟ་བུའོ་ཞེས་སོ། །མངོན་ པར་ཤེས་པ་ཉིད་དོ་ཞེས་པ་སྐབས་འདིའི་ཡན་ལག་ལྔ་ཆར་ལ་སྦྱར་ཞིང་། ཊཱི་ཀར། ལྔ་པ་འདི་དང་འོག་ནས་ལྟུང་བ་དང་ཞེས་བྱ་བ་ལ་སོགས་པའི་ལྔ་པས་ནི་འདུལ་བ་འབའ་ཞིག་ཤེས་པ་ཉིད་བསྟན་ཏོ། །ཞེས་སོ། །ལྔ་པ་བཅོ་བརྒྱད་པའོ། །བར་དུ་གཅོད་པ་དང་ཞེས་ པ་སྲོག་གཅོད་དང་བྱ་བ་མ་ཡིན་པའོ། །བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་ནི་བྱ་བ་གང་ཡིན་པ་སྟེ་འདུལ་བ་ལ་གནས་པའོ། །སྨྲ་བ་པོ་ཉིད་དང་ཞེས་པ་དེ་གཉིས་གཞན་ལ་སྟོན་མཁས་པའོ། །རྗེས་སུ་སྟོན་པ་ཉིད་ནི་དེ་གཉིས་སློབ་མ་ལ་བསྟན་པས་ བྱ་མིན་ལས་བཟློག་པ་དང་བྱ་བ་སྒྲུབ་པ་ལ་འཛུད་པར་བྱེད་པའོ། །གནས་དང་ཞེས་པ་ཡན་ལག་དེ་བཞིའི་ཁར་མཁན་པོ་གཏན་དུ་ཡུལ་གཞན་དུ་འགྲོ་བའི་བསམ་པས་འགྲོ་ན་གཞན་ལ་གནས་འཆའ་རུ་འཇུག་ནུས་པ་དང་བཅུ་དགུའོ། །སྔ་མ་དེ་བཞིའི་ཁར་མཁན་ 6-1-92b པོ་རེ་ཞིག་ཞག་འགའ་ཡུལ་དུ་འགྲོ་བའམ། སྤོ་མགུ་སོགས་སྤྱོད་པའི་བར་གཞན་ལ་རེ་ཞིག་གི་གནས་འཆར་འཇུག་ནུས་པ་ཉིད་དང་ཡང་སྦྱར་རོ། །ཡང་ནི་ཡན་ལག་སྔ་མ་བཞི་པོ་ལ་བསྙེག་གོ། ལྔ་པ་ཉི་ཤུ་པའོ། །ལྟུང་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་ དང་། བཅས་པ་རྣམས་ཁྱད་གསོད་ཀྱི་ཉེས་པས་ངན་སོང་དུ་ལྟུང་སྟེ། ལྕི་ཡང་བསྟན་པའི་མདོ་ལས། ཁྱད་དུ་གསོད་པའི་རྒྱུ་རྐྱེན་གྱིས། །ཚེ་ཡི་དུས་བྱས་ངན་སོང་ལྟུང་། །ཞེས་སོ། །ལྟུང་བ་མ་ཡིན་པ་དང་སྒྲུབ་པ་དང་གནང་བའི་བྱ་བ་རྣམས་སོ། །ཡང་བ་ དང་ལྕི་བ་མངོན་པར་ཤེས་པ་ཉིད་ཅེས་པ་ལྕི་ཡང་གི་ཆོས་དྲུག་སྟེ་ལྔ་དང་གཅིག་གོ། ལྔ་ནི་འདུལ་བ་བསྡུས་པ་ལས། ལྟུང་བ་རྣམས་ཀྱི་ཆུང་ལ་སོགས། །རྣམ་པ་ལྔར་ནི་རིག་པར་བྱ། །ངོ་བོ་ཉིད་དང་བྱེད་པ་དང་། །བསམ་དང་གཞི་དང་སོག་པའོ། །ཞེས་ གསུངས་ཏེ། ངོ་བོའི་སྒོ་ནས་ལྕི་ཡང་ནི། ཕམ་པ་ནི་ལྕི། དགེ་འདུན་ལྷག་མ་ནི་འབྲིང་། དེ་གཉིས་ལས་གཞན་ནི་ཡང་བ་ཡིན་ནོ་ཞེས་གསུངས་སོ། །དེ་རྣམས་ནི་གཙོ་ཆེར་ཆད་པ་ལྕི་ཡང་གི་དབང་དུ་བྱས་ཏེ་སྤྱིར་བཏང་བ་ཡིན་ནོ། །དམིགས་བསལ་ནི། ངོ་བོ་ ལྕི་ཡང་གི་དབང་དུ་བྱས་ན། འཆབ་པའི་ཕམ་པ་ལས་ནི་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་ལྕི་ལ། གཅིག་པུ་ལམ་དུ་འགྲོ་བའི་ལྷག་མ་ལས་ཀྱང་དུད་འགྲོ་བསད་པའི་ལྟུང་བྱེད་ལྕི་བ་ཡོད་དེ། འདུལ་བ་བསྡུས་པ་ལས། དུད་འགྲོ་སྲོག་བཅད་པའི་ལྟུང་བ་ནི་ ལྕིའི་དགེ་འདུན་ལྷག་མ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སོ། །རྣམ་གྲངས་གཞན་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལྕི་ལ། བཅས་པའི་ཁ་ན་མ་ཐོ་བ་ཡང་བའོ། །བྱེད་པའི་སྒོ་ནས་ལྕི་ཡང་ནི། མ་གུས་པས་བྱས་པ་ལྕི། ཉོན་མོངས་པ་མང་བས་བྱས་པ་འབྲིང་། 6-1-93a མི་ཤེས་པ་དང་བག་མེད་པས་བྱས་པ་ཡང་བ་ཡིན་ནོ། །བསམ་པའི་སྒོ་ནས་ལྕི་ཡང་ནི། ཞེ་སྡང་ལྟ་བུའི་ཉོན་མོངས་པ་ཆེ་འབྲིང་ཆུང་གསུམ་ལ་ལྟུང་བ་ལྕི་ཡང་གསུམ་འབྱུང་ངོ་། །གཞིའི་སྒོ་ནས་ལྕི་ཡང་ནི། སྲོག་བཅད་པ་ལྟ་བུ་སྤྱིར་བཏང་ ལ། གཞི་མི་དང་མི་མ་ཡིན་པ་དང་དུད་འགྲོ་གསུམ་ལ་ལྟུང་བ་ལྕི་ཡང་གསུམ་འབྱུང་ངོ་། སོག་པའི་སྒོ་ནས་ལྕི་ཡང་ནི། ལྟུང་བ་གཅིག་དང་གཉིས་ཡང་། གསུམ་ནས་གྲངས་ཤེས་པ་འབྲིང་། གྲངས་མི་ཤེས་པ་ལྕི་བ་སྟེ་རྩ་འགྲེལ་འདིའི་ལུགས་སོ། །སློབ་ དཔོན་ཐོགས་མེད་ཀྱིས་འདུལ་བ་བསྡུས་པ་ལས། ལྟུང་བ་གཅིག་དང་གཉིས་ནས་ལྔའི་བར་དུ་ཕྱུང་བའི་ལྟུང་བ་ནི་ཡང་བའོ། །དེ་ཡན་ཆད་ལྟུང་བ་གྲངས་ཤེས་པར་ནུས་པ་འབྲིང་། ལྟུང་བ་གྲངས་ཤེས་པར་མི་ནུས་པ་ལྕི་བར་བཤད་དོ། །གང་ཟག་གི་སྒོ་ནས་ལྕི་ ཡང་ནི། འདུལ་བ་བསྡུས་པ་ལས། གང་ཟག་གི་དགེ་བའི་རྩ་བ་མི་བརྟན་པ་བླུན་པོའི་རྒྱུད་ཀྱི་དེ་ལྕི་བའོ། །དེ་ལས་གཞན་པ་ནི་ཡང་བའོ། །ཞེས་བཤད་དེ། ལྡང་བའི་ཐབས་ལ་མི་མཁས་པ་དང་མཁས་པའི་ཕྱིར་ཏེ། མཛོད་འགྲེལ་ལས། མི་མཁས་པ་ནི་ སྡིག་པ་ཆུང་ངུ་བྱས་ནའང་འོག་ཏུ་འགྲོ། །མཁས་པས་ཆེན་པོ་བྱས་ཀྱང་གནོད་པ་རབ་ཏུ་སྤོང་བར་འགྱུར། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་གཏིང་དུ་བྱིང་འགྱུར་ལ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར། །ཞེས་བཤད་དོ། །རྣམ་གྲངས་ གཞན་ཡང་མི་ཤེས་པ་དང་ཤེས་བཞིན་པའི་ལྟུང་བ་ནི་ཡང་བ་དང་ལྕི་བ་སྟེ། ཁྱད་གསོད་དང་མ་འབྲེལ་བའི་ཕྱིར་དང་འབྲེལ་བའི་ཕྱིར་རོ། །ཊཱི་ཀ་ལས། ཡང་བ་དང་ལྕི་བ་མངོན་པར་ཤེས་པ་ནི་སྦོམ་པོར་བཤགས་པ་ལ་དགོས་ཏེ། ཉེས་པ་སྦོམ་པོ་ཁ་ཅིག་ནི། 6-1-93b མཚམས་ཀྱི་ནང་དུ་དགེ་འདུན་ཐམས་ཅད་ཚོགས་པ་ལ་བཤགས་པར་བྱ་བ་ཡིན། ཁ་ཅིག་ནི་མཚམས་ཀྱི་ཕྱི་རོལ་དུ། ཁ་ཅིག་ནི་བདུན་ལ། ཁ་ཅིག་ནི་ལྔ་ལ། ཁ་ཅིག་ནི་བཞི་ལ་བཤགས་པར་བྱ་བ་ཡིན་པའི་ཕྱིར། ཞེས་པ་ནི་ཕམ་ལྷག་གི་སྦོམ་པོ་ལྕི་བ་མཚམས་ཀྱི་ ནང་དུ་བཤགས་པར་བྱེད་ན་ནི་དགེ་འདུན་གུད་དུ་བཅད་དུ་མི་རུང་བས་དགེ་འདུན་ཐམས་ཅད་ཚོགས་པ་ལའོ། །ཕམ་པའི་སྦོམ་པོ་ལྕི་བ་དེ་མཚམས་ཀྱི་ཕྱི་རོལ་ཏུ་བཤགས་པ་བྱེད་ན་ནི་དྲུག་ལའོ། །སྦོམ་པོ་གཞན་རྣམས་ཀྱང་མཚམས་ཀྱི་ཕྱི་རོལ་དུ་བཤགས་སུ་རུང་ ངོ་། །བདུན་པ་ཅེས་པ་འདི་ལ། བླ་མ་རྣམས་ཀྱིས་ཕམ་པའི་སྦོམ་པོ་ལྕི་བ་དགེ་སློང་དྲུག་ལ་དང་། ལྷག་མའི་སྦོམ་པོ་ཡང་བ་དགེ་སློང་གཅིག་ལ་བཤགས་པ་སྟེ། དེ་གཉིས་ཀའི་བཤགས་ཡུལ་བགྲངས་ན་བདུན་ཡིན་པ་ལ་དགོངས་པའམ། ཕམ་པའི་སྦོམ་ པོ་ལྕི་བ་བཤགས་པ་ན་ཡུལ་དགེ་སློང་དྲུག་དགོས་པ་ལ་མཚམས་ནང་དེ་ན་དགེ་སློང་བདུན་འདུག་ན་གུད་དུ་མ་བཅད་པ་ལ་དགོངས་སོ་ཞེས་གསུང་ངོ་། །འོན་ཀྱང་ཕམ་པའི་སྦོམ་པོ་ལྕི་བ་ནི་དྲུག་ལ་བཤགས་པར་མདོ་རྩ་འགྲེལ་ལས་བཤད་པ་ལ། ཊཱི་ཀའི་སྐབས་ འདི་ན་དྲུག་ལ་ཞེས་པ་དེ་ཡེ་མི་སྣང་བར། བདུན་ལ་ཞེས་བྲིས་པ་འདི་ནི་དྲུག་ལ་ཞེས་པ་ལ་བདུན་ལ་ཞེས་ཊཱི་ཀར་ཡི་གེ་ནོར་བར་ངེས་སོ། །ལྷག་མའི་སྦོམ་པོ་ལྕི་བ་ནི་ལྔ་ལ། ཕམ་པའི་སྦོམ་པོ་ཡང་བ་ནི་བཞི་ལའོ། །སོ་སོར་ཐར་པའི་མདོ་བམ་པོ་གཉིས་དང་། རྒྱས་པ་ལུང་དུམ་བུ་བཞི་སྟེ་འདུལ་བ་མཐའ་དག་བླ་མ་ལས་ཀློག་པའི་བསམ་པས་བཟུང་སྟེ་ཚིག་ཁ་ཏོན་དུ་ཐོན་པ་ཉིད་དོ། །ལྔ་པ་ཉེར་གཅིག་པའོ། །འདིར་སྨྲས་པ། བླ་མའི་གནས་ཐོབ་ཟླ་བའི་མེ་ལོང་གང་། །ལྔ་ཚན་འཆར་བའི་རི་བོང་གཟུགས་འཛིན་པ། །གཞན་ 6-1-94a དོན་དགའ་བའི་རླུང་གཞོན་གྱིས་བསྐྱོད་དེ། །གནས་པ་སློབ་མའི་ཀུ་མུད་ཚལ་དེར་སོང་། །གསུམ་པ་ནི། རང་བས་བསླབ་པ་རྒན་པ་ལྔ་ཕྲུགས་དང་ལྡན་པ་མེད་ན་རང་བས་བསླབ་པ་གཞོན་པ་ལོ་བཅུ་ལོན་ཅིང་ལྔ་པ་དང་ལྡན་ན་དེ་ལ་གནས་ བཅའ་བར་བྱའོ་ཞེས་པ། ལུང་གཞི་ལས། བཙུན་པ་དགེ་སློང་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལགས་ལ། དེས་སོ་སོར་ཐར་བའི་མདོ་འདོན་པ་རྒྱས་པར་ཀློག་པ་དང་ཐོན་པ་མ་ལགས་ན། དེས་ཀྱང་གཞན་ལ་གནས་པས་མཆིས་པར་བགྱིའམ། ཉེ་བ་འཁོར་དེས་ཀྱང་ གཞན་ལ་གནས་པས་འདུག་པར་བྱའོ་ཞེས་གསུངས་སོ། །ཊཱི་ཀ་ལས། འདིར་ལོ་དྲུག་ཅུ་ལོན་པ་ཉིད་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི་ལོ་བརྒྱད་ཅུ་ལོན་པའང་གཞན་ལ་གནས་པས་འདུག་པར་བྱའོ། །ཞེས་སོ། །འོ་ན་ལོ་དྲུག་ཅུས་མཚོན་པ་དེ་ཉིད་ཀྱིས་གྲུབ་ན་དྲུག་ཅུས་ཆོག་མོད་བརྒྱད་ ཅུ་ལ་མཚོན་ཅི་དགོས་ཞེ་ན། དྲུག་ཅུས་མཚོན་ཏེ་སླར་བརྒྱད་ཅུ་ལ་མཚོན་པ་ནི་མ་ཤིའི་བར་དུ་གནས་ལ་བརྟེན་དགོས་ཞེས་པ་སྟེ། ཚེ་ལོ་བརྒྱ་པ་ནི་ལོ་ཉི་ཤུ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱད་ཅུ་ལོན་པ་ན་ལོ་གོ་དགུ་སྟེ་བརྒྱ་ལ་ཉེ་བས་ཚེ་ཇི་ཙམ་གྱི་བར་དུ་གནས་ལ་བསྟེན་དགོས་པར་ བསྟན་པའོ། །འོ་ན་གནས་ཀྱི་བླ་མ་བསླབ་པ་གཞོན་ལ་སློབ་མ་བསླབ་པ་རྒན་པ་དེས་ཉེ་གནས་ཀྱི་ཚུལ་ཁྲིམས་ཐམས་ཅད་བྱའམ་ཞེ་ན། གནས་པའི་ཚུལ་ཁྲིམས་གཞན་ཐམས་ཅད་བྱ་ཞིང་ལུས་འདུད་པ་སྟེ་ཕྱག་འཚལ་བ་འབའ་ཞིག་མ་གཏོགས་སོ། །འགྲེལ་ཆུང་ལས་ཀྱང་། རྒན་པོས་གཞོན་ནུ་ལ་གནས་བཅའ་ན་ལུས་སྨད་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་བ་མ་གཏོགས་པར་ཐལ་མོ་སྦྱར། ཞེས་སོ། །སྔར་རྫོགས་ནས་ལོ་བཅུ་མ་ལོན་བར་མི་གནས་པར་འདུག་པར་མི་བྱ་ཞེས་སྨོས་ན། རྫོགས་ནས་ལོ་བཅུ་མ་ལོན་ན་ལམ་ཞུགས་ཀྱིས་ཀྱང་མི་ 6-1-94b གནས་པར་འགྲོ་བར་མི་བྱའམ་ཞེ་ན། རྫོགས་ནས་ལོ་ལྔ་ལོན་ཅིང་ལྔ་ཚན་དུ་ལྷན་ཅིག་སྦྱར་བའི་ལྔ་ཚན་ཐ་མ་ལྟུང་ཤེས་དང་ལྡན་ན་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ། །འོ་ན་ལྷན་ཅིག་སྦྱར་བ་ཐ་མ་འདི་ཁོ་ན་ངེས་བཟུང་ཡིན་ནམ་འདིས་གཞན་ལ་མཚོན་པ་ཡིན་ཅེ་ན། ཤ་ལུགས་པ་ན་རེ། འདིས་མཚོན་པ་ཙམ་ཡིན་ཏེ། ལྔ་ཚན་གཞན་དང་ལྡན་ཡང་གནས་མ་བཅས་པར་ལྗོངས་རྒྱུར་རུང་ངོ་ཞེས་འཆད་དོ། །འོ་ན་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཅིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པ་གང་ཞིག་འདུལ་བ་ལུང་རིལ་པོའི་ཚིག་ཁ་ ཏོན་དུ་བློ་ལ་ཐོན་པ་མ་ཡིན་པ་དེ་ཆོས་ཅན། གནས་མ་བཅས་པར་ལྗོངས་རྒྱུར་རུང་བར་ཐལ། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཅིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན་ཆོས་ཅན་དང་འགལ། ཁྱབ་པ་མ་གྲུབ་ན་དམ་བཅའ་ བུད་ཅིང་། འདོད་ན། ཊཱི་ཀ་ལས། ཅི་སྟེ་ལོ་ལྔ་ལོན་ན་ཡང་ལྷན་ཅིག་སྦྱར་བ་ཐ་མ་དང་མི་ལྡན་དེ་ལྟ་ན་ཡང་འགྲོ་བར་མི་བྱ་སྟེ། ཞེས་འདུལ་བ་ལུང་རིལ་པོའི་ཚིག་ཁ་ཏོན་དུ་བློ་ལ་ཐོན་པའི་ལྔ་ཚན་དང་ལྡན་པ་མ་ཡིན་ན་གནས་མ་བཅས་པར་ལྗོངས་རྒྱུར་མི་རུང་བ་བཤད་པ་དང་འགལ་ ལོ། །འདི་ལ་བྱ་ལུགས་པ་ན་རེ། ལོ་ལྔ་ལོན་ཅིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པ་ལ་འདི་མི་གནང་ཟེར། འོ་ན་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཅིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པའི་བྱེ་བྲག་ལྟུང་བ་ཡིན་མིན་དང་ལྕི་ཡང་ཤེས་ཤིང་འདུལ་བ་ ལུང་རིལ་པོ་ཚིག་ཁ་ཏོན་དུ་བློ་ལ་ཐོན་པ་དེ་ཆོས་ཅན། གནས་མ་བཅས་པར་ལྗོངས་རྒྱུ་བ་གནང་བ་མ་ཡིན་པར་ཐལ། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་ཅིང་སྡེ་སྣོད་གསུམ་ཤེས་པའི་ལྔ་ཕྲུགས་དང་ལྡན་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན་ཆོས་ཅན་དང་འགལ། ཁྱབ་པ་མ་ 6-1-95a གྲུབ་ན་དམ་བཅའ་བུད། འདོད་ན་ལུང་གཞི་ལས། ལོ་ལྔ་ལོན་པ་ཆོས་ལྔ་དང་ལྡན་པས་མི་གནས་པར་ཡང་ལྗོངས་རྒྱུར་འགྲོ་བར་རྗེས་སུ་གནང་ངོ་། །ལྔ་གང་ཞེ་ན། ལྟུང་བ་ཤེས་པ་དང་། ལྟུང་བ་མ་ཡིན་པ་ཤེས་པ་དང་། ཡང་བ་ཤེས་པ་དང་། ལྕི་བ་ཤེས་པ་དང་། སོ་སོར་ཐར་བའི་མདོ་འདོན་པ་དང་། རྒྱས་པ་བཀླག་པ་དང་ཐོན་པ་སྟེ་ལོ་ལྔ་ལོན་པ་ཆོས་ལྔ་པོ་དེ་དག་དང་ལྡན་པས་མི་གནས་པར་ལྗོངས་རྒྱུར་འགྲོ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ་ཞེས་སོ། །འོ་ན་གང་ཞེ་ན་ལོ་ལྔ་ལོན་ཅིང་སྡེ་སྣོད་གསུམ་ཤེས་ཀྱང་ འདུལ་བ་ལུང་རིལ་པོ་ཚིག་ཁ་ཏོན་དུ་བློ་ལ་ཐོན་པ་མ་ཡིན་ན་ནི་འདི་མི་གནང་ངོ་། །ལོ་ལྔ་ལོན་ཅིང་སྡེ་སྣོད་གསུམ་ཤེས་པའི་བྱེ་བྲག་འདུལ་བ་ལུང་རིལ་པོ་ཚིག་ཁ་ཏོན་དུ་བློ་ལ་ཐོན་པ་ཡིན་ན་ནི་འདི་གནང་ལ། ལོ་ལྔ་ལོན་ཅིང་འདུལ་བ་འབའ་ཞིག་ཤེས་པ་ལུང་རིལ་པོ་ཚིག་ཁ་ཏོན་ དུ་བློ་ལ་ཐོན་པ་ལ་ཡང་འདི་གནང་ངོ་། །ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པ་ལས་གཞན་དུ་དེ་ལས་བཟློག་ན་གསུམ་རིག་པ་དགྲ་བཅོམ་པ་ཡིན་ཡང་གནས་མ་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །འགྲོ་ན་དགྲ་བཅོམ་པ་ལ་ཡང་གནས་མེད་ཀྱི་ཉེས་པ་ སྐྱེད་ན་གཞན་ལ་ལྟ་ཅི་སྨོས་སོ། །འདི་ནི་ལུང་གཞི་ལས། བཙུན་པ་གསུམ་རིག་པ་དྲི་མ་གསུམ་སྤངས་ལ། དེ་ལོ་ལྔ་མ་ལགས་ཤིང་ཆོས་ལྔ་དང་མི་ལྡན་ན། དེས་ཀྱང་མི་གནས་པར་ལྗོངས་རྒྱུ་ཞིང་མཆི་བར་མི་བགྱིའམ་ཉེ་བ་ལ་འཁོར་མི་བྱའོ། །ཞེས་དང་། ཊཱི་ཀ་ལས། གསུམ་རིག་པ་ཡིན་ཡང་མ་གནང་བ་བཞིན་དུ་གཞན་ལ་ཡང་དེ་ཁོ་ན་བཞིན་ནོ། །ཞེས་སོ། །གསུམ་རིག་པ་ནི། ཊཱི་ཀ་ལས། རིག་པ་གསུམ་པོ་སྔོན་གྱི་གནས་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཞེས་སོ། །གཞི་འགྲེལ་ལས། དྲི་མ་གསུམ་སྤངས་ 6-1-95b ལ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་སྤངས་པ་ལའོ། །ཞེས་སོ། །འོ་ན་སྐབས་འདིར་དགྲ་བཅོམ་པ་ལ་གནས་མེད་ཀྱི་ཉེས་པ་སྐྱེད་པར་བཤད་པ་དང་། མི་ཆོས་བླ་མ་བདེན་སྨྲའི་སྐབས་སུ་རང་གིས་དགྲ་བཅོམ་ཐོབ་པར་བདེན་པར་སྨྲ་བའི་ལྟུང་བྱེད་ སྐྱེད་པར་བཤད་པ་དང་། གཏམ་གྱི་གཞི་ལས། བཙུན་པ་དགྲ་བཅོམ་པ་དག་དགེ་བའི་སེམས་ཀྱིས་ནོངས་པར་འགྱུར་རམ་ལུང་དུ་མི་སྟོན་པའི་སེམས་ཀྱིས་ནོངས་པར་འགྱུར། ཨུ་པ་ལི་དགྲ་བཅོམ་པ་ཉེས་པ་བྱེད་ན་ཐམས་ཅད་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་ འགྱུར་བ་ཞེས་བྱའོ་ཞེས་གསུངས་པ་དེ་རྣམས་ལྟུང་བ་མཚན་ཉིད་པ་ཡིན་ནམ་བཏགས་པ་བ་ཡིན་ཞེ་ན། སོག་པ་ན་རེ། དགྲ་བཅོམ་པས་ལྟུང་བ་སྐྱེད་པར་བཤད་པ་ཐམས་ཅད་ལྟུང་བ་མཚན་ཉིད་པ་མིན་ཏེ། ལྟུང་བ་ནི་ངན་སོང་དུ་ལྟུང་བའི་བྱེད་ལས་དང་ལྡན་པ་ཡིན་ལ། དགྲ་བཅོམ་པ་ངན་སོང་དུ་ལྟུང་བ་མ་སྲིད་པའི་ཕྱིར་ཞེས་སྨྲའོ། །འོན་ཀྱང་དགྲ་བཅོམ་པ་ལ་ལྟུང་བའི་བྱེད་ལས་ངན་སོང་དུ་ལྟུང་བ་དེ་མེད་ཀྱང་ལྟུང་བའི་བྱེད་ལས་གཞན་ཡོད་པས་ན། དགྲ་བཅོམ་པ་ཆོས་ཅན། བཅས་འགལ་གྱི་ལྟུང་བ་སྐྱེད་པ་ཡོད་དེ། བཅས་འགལ་གྱི་ ལྟུང་བའི་བྱེད་ལས་ཡོད་པའི་ཕྱིར་ཏེ། ལྟུང་བའི་བྱེད་ལས་གཞན་མ་དད་པ་སྐྱེ་བ་དང་ལས་ལ་སྒྲིབ་པ་དེ་ཡོད་པའི་ཕྱིར། ཤཱ་རིའི་བུ་ལྟ་བུའི་དགྲ་བཅོམ་པ་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བའི་ལྟུང་བ་མི་བསྐྱེད་དེ། རང་རྒྱུད་ཀྱི་ཉོན་མོངས་པ་མཐའ་དག་སྤངས་ཟིན་པའི་ ཕྱིར་རོ། །ཤཱ་རིའི་བུ་ལྟ་བུ་ལས་གཞན་དགྲ་བཅོམ་དབང་རྟུལ་ལ་རྐྱེན་སྟོབས་ཀྱིས་ཉོན་མོངས་སྐྱེ་སྲིད་པ་ནི་བྱེ་སྨྲའི་ལུགས་སོ། །འོ་ན་དགྲ་བཅོམ་ཐོབ་པས་འཆལ་ཚུལ་ཐམས་ཅད་དྲུངས་ཕྱུང་བས་སྐལ་མཉམ་གྱི་རྒྱུ་མེད་པ་ལ་ལྟུང་བ་ཇི་ལྟར་འབྱུང་ཞེ་ན། སྟོན་པའི་བཅས་ 6-1-96a པའི་དབང་གིས་འབྱུང་སྟེ། གཏམ་གྱི་གཞི་ལས། དགྲ་བཅོམ་པའི་རྒྱུད་ལ་ལྟུང་བ་གང་བྱུང་བ་ཐམས་ཅད་ནི་ཤེས་བཞིན་པ་མ་ཡིན་པ་ལས་གྱུར་པ་ཡིན་ནོ། །ཞེས་སོ། །དགྲ་བཅོམ་པ་ཐོབ་པས་ལྟུང་བ་ཐམས་ཅད་དག་པར་བཤད་པ་ཡིན་གྱི། དེ་མི་འབྱུང་ བར་བཤད་པ་མིན་ནོ། །གནས་ཀྱི་སྐབས་སོ། །གསུམ་པ་ལ། སྤང་བྱའི་བར་ཆད་སྤོང་བར་གདམས། །བར་ཆད་བྲལ་བ་བསྡུ་བར་བསྟན། །དང་པོ་ལ། བསམ་ལུས་མ་ཐོབ་པས་ཉམས་དང་། །གཞན་དབང་ལུས་ཐོབ་ལས་ཉམས་དང་། །རྣམ་སྨིན་ལས་སྒྲིབ་བར་ ཆད་དང་། །སྡོམ་པ་སྐྱེ་ཡང་རབ་བྱུང་དུ། །མི་འོས་བར་ཆད་གཞན་ཡང་བསྟན། །དང་པོ་ལ། བསམ་པ་ཉམས་པའི་བར་ཆད་དང་། །ལུས་རྟེན་ཉམས་པའི་བར་ཆད་དོ། །དང་པོ་ལ། དྲི་བ་མུ་སྟེགས་ཅན་ལ་མཚོན། །བཀོལ་བ་མིང་དང་མིང་ཅན་སྦྱར། །སེམས་མགུ་ བརྟག་ཅིང་རྗེས་སུ་བཟུང་། །དང་པོ་ལ། བར་ཆད་ཀྱི་སྤྱི་དོན་དང་། ཚིག་གི་དོན་ནོ། །དང་པོ་བར་ཆད་ཀྱི་དབྱེ་བ་ནི། སྡོམ་པ་སྐྱེས་པ་ལ་བར་དུ་གཅོད་པ་དང་། སྡོམ་པ་གནས་པ་ལ་བར་དུ་གཅོད་པ་དང་། སྡོམ་པ་ཁྱད་པར་དུ་འགྲོ་བ་ལ་བར་དུ་གཅོད་པ་དང་། སྡོམ་ལྡན་ མཛེས་པ་ལ་བར་དུ་གཅོད་པའོ། །དང་པོ་ལ་བཞི་སྟེ། ལུས་རྟེན་མ་ཡིན་པས་སྡོམ་པ་མི་སྐྱེ་བ་དང་། ལས་སྒྲིབ་ཀྱི་དབང་གིས་དང་། གནས་སྐབས་ཀྱི་དབང་གིས་དང་། བསམ་པའི་དབང་གིས་སྡོམ་པ་མི་སྐྱེ་བའོ། །དང་པོ་ནི། སྨྲས་པ། སྤྲུལ་1དང་ཕོ་མོ་མ་ནིང་ལྔ་ལྔ་ བཅུ11། །མཚན་ལན་གསུམ་གྱུར་12མཚན་དུག་13མཚན་མེད་14དང་། །ཟ་མ་15དུད་འགྲོ་16མི་མིན་17སྒྲ་མི་སྙན18། །ལུས་ངག་སྡོམ་པ་ཐོབ་མིན་བཅོ་བརྒྱད་དོ། །འདི་ལ་རྣམ་སྨིན་ཉི་ཤུ་ཞེས་འཆད་པ་ན་མུ་སྟེགས་ཀྱི་ལྟ་བ་ཅན་དང་ལོ་ཉི་ཤུ་མ་ལོན་པ་གཉིས་རྣམ་སྨིན་དུ་བགྲང་བ་ཡོད་ཀྱང་མི་འཐད་དེ། མངོན་པ་ལས་རྣམ་སྨིན་ནི་ལུང་མ་བསྟན་ 6-1-96b ཡིན་པར་གསུངས་ལ། མུ་སྟེགས་ཀྱི་ལྟ་བ་ཁ་ཅིག་ནི་ལོག་ལྟ་སྟེ་མི་དགེ་བ་ཡིན་པའི་ཕྱིར་དང་། ལོ་ཉི་ཤུ་མ་ལོན་པ་ནི་ན་ཚོད་ཀྱི་གནས་སྐབས་ཙམ་དུ་ཟད་ཀྱི་ལས་ཀྱི་རྣམ་སྨིན་མིན་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་ནི། སྨྲས་པ། རྐུ་ཐབས་གནས་1དང་མུ་སྟེགས་ཞུགས་པ2་དང་། །མཚམས་མེད་ལྔ་7དང་རྣམ་དག་སུན་ཕྱུང་8 དང་། །དགེ་སློང་མ་སུན་ཕྱུང་བ་དང་དགེ་སློང་བ། རྩ་ལྟུང་འཆབ་བཅས་བྱུང་9དང་སྔོན་རབ་བྱུང་10། །ཚེ་འདིའི་ལས་སྒྲིབ་རྣམ་པ་བཅུ་ཉིད་དོ། །ལས་སྒྲིབ་བཅུ་བཞི་ཤེས་འཆད་པ་ན་ཁྱིམ་པའི་ཆ་ལུགས་དང་ལྡན་པ་ཆོས་འདི་པའི་ཆ་ལུགས་མ་ཚང་བ་དེ་ལས་སྒྲིབ་ཏུ་བགྲངས་པ་མི་འཐད་དེ། ཆ་ལུགས་ཀྱི་གནས་སྐབས་ཙམ་དུ་ཟད་ཀྱི་ ལས་ཀྱི་སྒྲིབ་པ་མ་ཡིན་པའི་ཕྱིར། སྐྱེ་བའི་ཚེ་ཉིད་ལ་ཉམས་པ་སྟེ་མཚན་གཉིས་གཅིག་ཅར་བྱུང་བ་ནི་མཚན་གཉིས་ལས་ལོགས་སུ་བགྲང་བ་མི་འཐད་དེ། མཚན་གཉིས་པར་འདུས་པའི་ཕྱིར་དང་། དྲི་བའི་ཆོས་ལོགས་སུ་མ་གསུངས་པའི་ཕྱིར། སྐྱེ་བའི་བར་ཆད་རྣམས་སུ་ཟ་མ་མི་འདྲེན་པ་མི་རིགས་ཏེ། ལུང་དང་ཀརྨ་ཤ་ཏམ་ལས་ཐ་མ་མ་ཡིན་ནམ་ཞེས་གསུངས་ པའི་ཕྱིར། དེས་ན་རང་ལུགས་ལ་རྣམ་སྨིན་བཅོ་བརྒྱད་དང་ལས་སྒྲིབ་བཅུར་འཆད་དོ། །མཆན། ཞེས་སོ། །གསུམ་པ་ནི། སྨྲས་པ། རང་རང་སྐབས་ཀྱི་ལོ་གྲངས་མ་ལོན་དང་1། །ཁྱིམ་པའི་ཆ་ལུགས་དག་དང་ལྡན་པ་དང་2། །རབ་བྱུང་འདི་པའི་ཆ་ལུགས་ཡོངས་ཉམས་དང་3། །སྒྲེན་མོ་དང་མུ་སྟེགས་ ཅན་གྱི་རྒྱལ་མཚན་ལྟ་བུའོ་ཟེར་རོ། །ཆད་པའི་རྒྱུ་བཟློག་ཁས་མི་ལེན་4དང་བཞིའོ། །ཞེས་སོ། །བཞི་པ་ནི། སྨྲས་པ། མུ་སྟེགས་ལྟ་1དང་སྐྱེ་ཚེ་ལེན་སེམས་2ལོག །འདོད་ཆགས་ཀྱིས་གཟིར་རང་དབང་མེད་གྱུར་དང3་། །ཁྲོས་པ་རང་དབང་མེད་པར་སེམས་འཁྲུགས་ དང་4། །གཏི་མུག་དབང་གྱུར་ཐོབ་ཤེས་མེད་དང་5ལྔའོ། །ཞེས་སོ། །བར་ཆད་བསྡུས་པ་ལ་གཉིས་ལས། ངོ་བོའི་ཆ་ནས་བསྡུ་ན་གཙོ་བོའི་བར་ཆད་དང་། །གཙོ་བོ་མ་ཡིན་པའི་བར་ཆད་གཉིས་སུ་འདུས་ཏེ། སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་དང་། སྡོམ་པ་སྐྱེ་ཡང་ 6-1-97a རབ་ཏུ་དབྱུང་བར་མི་འོས་པ་རྣམས་སོ། །དུས་ཀྱི་ཆ་ནས་བསྡུ་ན་གཉིས་ཏེ། ཊཱི་ཀ་ལས། བར་ཆད་རྣམ་པ་གཉིས་པོ་རེ་ཞིག་པ་དང་གཏན་དུ་བ། ཞེས་སོ། །རེ་ཞིག་པ་ནི་ཚེ་འདི་ལ་གྲོལ་བའི་སྐབས་ཡོད་པ་སྟེ་ལོ་ཉི་ཤུ་མ་ལོན་པ་དང་། ཕ་མས་མ་ གནང་བ་ལ་སོགས་པ་ལྟ་བུའོ། །གཏན་དུ་བ་ནི་ཚེ་དེ་ལ་གྲོལ་བའི་སྐབས་མེད་པ་སྟེ་ལག་རྡུམ་དང་མ་བསད་པ་ལྟ་བུའོ། །བར་ཆད་ཀྱི་མཚན་ཉིད་ནི། བསྒྲུབ་བྱ་ཡུལ་གྱི་ཆོས་གང་ཞིག་གིས་ཆོས་འདི་པའི་དགེ་སྦྱོང་གི་བྱེ་བྲག་བྱར་རུང་གི་གེགས་བྱས་པའོ། །བར་ཆད་ཀྱི་བྱེད་ལས་ ནི་གཉིས་ཏེ། ཐུན་མོང་གི་བྱེད་ལས་ནི་འབོགས་པ་ལ་ཉེས་པ་བསྐྱེད་པ་སྟེ། དེ་ཡང་ལྷག་མ་དང་ལྟུང་བྱེད་དང་ཉེས་བྱས་ཅི་རིགས་སུ་བསྐྱེད་པའི་ཕྱིར་ཏེ། བུད་མེད་སྐྱོན་གསུམ་ལྡན་རབ་ཏུ་འབྱིན་ན་ལྷག་མ། ལོ་བཅུ་གཉིས་དང་ལོ་ཉི་ཤུ་མ་ལོན་པ་བསྙེན་རྫོགས་བྱེད་ན་ལྟུང་བྱེད། མ་བསད་པ་ལ་སོགས་པར་རབ་ཏུ་འབྱིན་ན་ཉེས་བྱས་བསྐྱེད་པའི་ཕྱིར། སོ་སོའི་བྱེད་ལས་ནི་གཞུང་སོ་སོའི་སྐབས་སུ་འཆད་དོ། །ད་ནི་རྟེན་གང་ལ་བར་ཆད་གང་བཞག་པ་ལ་གསུམ་ལས། སྐྱེས་པ་ཁོ་ན་ལ་བཞག་པ་ནི། བུད་མེད་ཀྱིས་དུབ་པ་དང་། བུད་མེད་དང་འདྲ་བའི་ སྐྱེས་པ་དང་། རང་གཅིག་པུ་མི་ཚངས་པར་སྤྱད་པའི་ཕམ་པ་ནི་སྐྱེས་པ་ཁོ་ནའིའོ། །དབྱེན་བྱས་པའི་མཚམས་མེད་ཀྱང་རྟེན་མཚན་མ་གྱུར་ན་སྐྱེས་པ་ཁོ་ན་ལ་བཞག་གོ། བུད་མེད་ཁོ་ན་ལ་བཞག་པ་ནི། སྔོན་རབ་ཏུ་བྱུང་བ་དང་། སྐྱེས་པ་འདྲ་བའི་བུད་མེད་དང་། དགེ་ སློང་མའི་ཕམ་པ་ཐུན་མོང་མ་ཡིན་པ་རྣམས་སོ། །མ་ནིང་ལ་སོགས་པ་བཞག་པ་ནི། ཕོ་མ་ནིང་ལྔ་དང་མོ་མ་ནིང་ལྔ་དང་ཟ་མའོ། །འོ་ན་བར་ཆད་ཅན་དབྱུང་རྫོགས་བྱས་ན་ཉེས་པ་བསྐྱེད་པ་དེ་འདུ་ཤེས་གཙོའམ་དངོས་པོ་གཙོ་ཞེ་ན། དེ་ལ་གཉིས་ཀ་ཡོད་དེ། དང་པོ་ནི། ལྟུང་ 6-1-97b བ་སྐྱེད་པའི་ལྡོག་ཆ་ནས་འདུ་ཤེས་གཙོ་སྟེ། ཇི་སྐད་དུ། མི་ཚངས་པར་སྤྱོད་པ་དང་། ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་ཅེས་པའི་ཤུགས་ཀྱིས་གཞན་རྣམས་འདུ་ཤེས་གཙོ་བོར་གྲུབ་ཅིང་། བར་ཆད་ཡོད་པར་མ་ཤེས་ན་བར་ཆད་ཅན་རབ་ཏུ་འབྱིན་པའི་ལྟུང་བའི་ཀུན་སློང་ ཡོད་པ་མིན་པའི་ཕྱིར། གཉིས་པ་བར་ཆད་དུ་འགྱུར་བའི་ལྡོག་ཆ་ནས་འདུ་ཤེས་གཙོ་བ་སྟེ། ཇི་སྐད་དུ། ཅིག་ཤོས་ལ་ནི་ལོན་པ་འདུ་ཤེས་པ་ཉིད་ནའོ། །ཞེས་པ་དང་། ཊཱི་ཀ་ལས། ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པ་ཉིད་དུ་ཤེས་ན་བསྙེན་པར་རྫོགས་པ་འཆགས་ཏེ་ འདི་ལ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཞེས་སོ། །འོན་ཀྱང་དངོས་པོ་ལ་ལོ་ཉི་ཤུ་ལོན་ན་མ་ལོན་པར་འདུ་ཤེས་ན་ནི་དངོས་པོ་གཙོ་སྟེ། ཇི་སྐད་དུ། རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་ནི་བསྙེན་པར་རྫོགས་པར་འཆགས་སོ། །ཞེས་དང་། ཊཱི་ཀ་ལས། དེའི་ཚེ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་མིན་ཏེ། འདི་ལྟར་བསྙེན་པར་རྫོགས་པར་བྱེད་པ་དག་ལོ་ཉི་ཤུ་མ་ལོན་པ་ཉིད་དུ་འདུ་ཤེས་སུ་ཟིན་ཀྱང་། གང་ཟག་ལོ་ཉི་ཤུ་ལོན་པ་ལ་བསྙེན་པར་རྫོགས་པ་འཆགས་ཏེ། ལོ་ཉི་ཤུ་ལོན་པའི་ཞིང་ཉིད་ལས་ཉམས་པར་བྱ་མི་ ནུས་པའི་ཕྱིར། ཞེས་སོ། །ད་ནི་བར་ཆད་དེ་དག་དངོས་པའི་སྟོབས་ཀྱིས་བར་ཆད་ཡིན་ནམ་བཅས་པའི་སྟོབས་ཀྱིས་བར་ཆད་གང་ཡིན་ཞེ་ན། བར་ཆད་ཅན་རབ་ཏུ་བྱུང་ན་ལྟུང་བ་བསྐྱེད་པའི་ལྡོག་ཆ་ནས་བཅས་སྟོབས་ཡིན་ཏེ། མ་བཅས་པ་ལ་ལྟུང་བ་མེད་པའི་ཕྱིར་ རོ། །བར་ཆད་དུ་འགྱུར་བའི་ལྡོག་ཆ་ནས་ནར་མ་སོན་པ་ལས་གཞན་ཐམས་ཅད་དངོས་པོའི་སྟོབས་ཀྱིས་བར་ཆད་ཡིན་ཏེ། མ་བསད་པ་ལས་སྡོམ་པ་མི་སྐྱེ་བ་དེ་བཅས་པའི་སྟོབས་ཀྱིས་མི་སྐྱེ་བ་ཡིན་ན། བཅས་པ་མ་མཛད་པའི་དུས་སུ་མ་བསད་པ་རབ་ཏུ་ཕྱུང་བ་དེ་ 6-1-98a ལ་སྡོམ་པ་སྐྱེ་རིགས་པ་ལས་དེ་མི་སྐྱེ་བའི་ཕྱིར་ཏེ། ལུང་གཞི་ལས། མ་བསད་པ་ན་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་ཆོས་འདུལ་བ་འདི་ལས་ཕྱིར་བསྙིལ་བར་བྱའོ་ཞེས་གསུངས་ཤིང་། དེ་ཁོ་ན་བཞིན་ཕ་བསད་པ་ལ་སོགས་པའང་ མཚོན་ནོ། །ལོ་ཉི་ཤུ་མ་ལོན་པ་ལ་དགེ་སློང་གི་སྡོམ་པ་མི་སྐྱེ་བ་ནི་བཅས་པའི་སྟོབས་ཀྱིས་བར་ཆད་ཡིན་ཏེ། ལུང་རྣམ་འབྱེད་ལས། བཅུ་བདུན་སྡེ་བཅུ་བདུན་སྡེ་ལོ་ཉི་ཤུ་མ་ལོན་པར་དགེ་སློང་བྱས་པ་ན་ཁྱེད་ཅག་ལས་དང་པོ་པ་ཡིན་པས་བསྙེན་པར་རྫོགས་པར་འགྱུར་ཞེས་གསུངས་ པས་གྲུབ་ཅིང་དངོས་སྟོབས་ཡིན་ན་ལས་དང་པོ་པ་ལ་སྡོམ་པ་སྐྱེ་བར་མི་རིགས་པའི་ཕྱིར་རོ། །འོ་ན་བར་ཆད་དྲི་ཚུལ་ཇི་ལྟར་ཞེ་ན། འགལ་རྐྱེན་རྣམས་དགག་ཚིག་ཏུ་དྲི་སྟེ་མ་བསད་པ་མ་ཡིན་ནམ་ཞེས་པ་ལྟ་བུའོ། །མཐུན་རྐྱེན་རྣམས་ནི་སྒྲུབ་ཚིག་ཏུ་དྲི་སྟེ་ཆོས་གོས་ གསུམ་དང་ལྷུང་བཟེད་ཚང་ངམ་ཞེས་པ་ལྟ་བུའོ། །གཉིས་པ་ནི། རབ་ཏུ་དབྱུང་བའི་ཕྱིར་མཁན་པོའི་དྲུང་དུ་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་པའི་དྲི་བ་བྱ་དགོས་ཏེ། འདིའི་མུ་སྟེགས་ཅན་ནི་མུ་སྟེགས་ཀྱི་ལྟ་བ་དང་ལྡན་པ་སྟེ། ཆད་པར་ལྟ་བའམ་ཀུན་ ཏུ་བཏགས་པའི་རྟག་ལྟ་ཅན་ནོ། །འདིར་དབྱུང་རྫོགས་མི་རུང་བའི་དགག་བྱ་ནི་སངས་རྒྱས་ཀྱི་བསྟན་པ་ལ་བསླུ་བྲིད་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །གཅིག་ཚིག་གིས་སྨོས་ནས་བསྙེན་པར་རྫོགས་པར་བྱེད་པ་གསངས་སྟོན་ལ་སོགས་པ་དག་གིས་ཀྱང་ངོ་ཞེས་པའི་ ཀྱང་གིས་བསྙེན་རྫོགས་ཀྱི་ཕྱིར་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱའོ། །འདིར་ངག་ཚིག་ལ་ལྐོག་ཏུ་གསངས་སྟོན་གཅིག་པུས་དྲི་ཞིང་། དགེ་འདུན་གྱི་དབུས་སུ་ལས་བྱེད་པ་གཅིག་པུས་དྲི་བ་ཡིན་ན་དག་ཅེས་པའི་མང་ཚིག་འགལ་ཞེ་ན། ཊཱི་ཀ་ལས། ལྐོག་ཏུ་ 6-1-98b གསངས་ཏེ་སྟོན་པས་གང་འདྲི་བར་བྱེད་པ་དེ་ནི་བསྙེན་པར་རྫོགས་པར་བྱེད་པ་དག་གིས་བྱས་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་རྫོགས་པར་བསྙེན་པར་བྱེད་པ་དག་ཁོ་ནས་གསངས་ཏེ་སྟོན་པ་འདྲི་བའི་དོན་དུ་བསྐོས་པ་ཡིན་པས་དེས་བྱས་པ་ནི་དེ་དག་ལ་ཉེ་བར་གདགས་ པའི་ཕྱིར་རོ། །ཞེས་སོ། །འོན་ཀྱང་སྒྲས་ངག་གིས་ཀྱང་དྲི་བར་བྱ་ཞེས་ཐོབ་ན་མང་ཚིག་སྦྱར་བ་འགལ་ཞེ་ན། ཊཱི་ཀ་ལས། དྲི་བར་བྱ་ཞིང་ཞེས་པ་འདི་ཡང་དོན་གྱི་དབང་གིས་རྣམ་པར་དབྱེ་བ་བསྒྱུར་ཏེ་ངག་གིས་ཀྱང་དྲི་བར་བྱའོ་ཞེས་བྱ་བར་རུང་ངོ་། །ཞེས་སོ། །འོ་ན་དེ་མུ་སྟེགས་ ཅན་ནོ་ཞེ་ན། དེའི་ཕྱིར་ཤཱཀྱ་དང་ཞེས་པ་ཤཱཀྱ་ནི་མུ་སྟེགས་ཅན་ཡིན་ཡང་དབྱུང་རྫོགས་རུང་སྟེ། འགྲེལ་ཆུང་ལས། ཤཱཀྱའི་རིགས་སུ་གཏོགས་པ་ནི་དགྲ་ལས་ཕྱིར་མི་ནུར་བས་དཔའ་བ་དང་། ཆང་མི་འཐུང་བ་དང་། རྫུན་དང་གཡོ་མེད་པས་ན་ཞེས་སོ། །མེ་པ་རལ་ པ་ཅན་ནི་བསམ་པ་ཆོས་འདི་པ་ལ་མ་གུས་པ་མེད་ཅིང་བསམ་པ་མེ་ལ་དད་པས་སྦྱོར་བ་སྦྱིན་སྲེག་བྱེད་པ་ལ་བརྩོན་པ་སྟེ། ཊཱི་ཀར། མེ་ལ་དད་པས་མེ་པ་སྟེ་མེ་པའི་རིགས་དང་། དད་པས་ཡོངས་སུ་སྤྱོད་པར་ཞུགས་པ་དང་། མངོན་པར་བརྩོན་པ་དང་། ཞེས་སོ། །དེའི་ཕྱིར་ འདི་གཉིས་ནི་མ་གཏོགས་པ་སྟེ་དབྱུང་རྫོགས་སུ་རུང་སྟེ། ཊཱི་ཀར། དེ་གཉིས་བདེན་པ་ཁོ་ནས་ཡིན་གྱི་སྒྱུས་མ་ཡིན་ནོ། །ཞེས་སོ། །སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་ཞེས་པ་བསྟན་པ་ལ་མ་གུས་པའོ། །རབ་ཏུ་དབྱུང་བ་དང་ཞེས་པ་འདི་ལ་མཁན་པོ་གཅིག་ཁོ་ནར་ཟད་པས་ མང་ཚིག་སྦྱོར་བ་ཅི་ཞེ་ན། རབ་བྱུང་ཞུ་བྱེད་ཞུ་ཡུལ་དགེ་ཚུལ་དུ་སྒྲུབ་པར་བྱེད་པ་རྣམས་གཏོགས་པའི་ཆེད་དེ། ཊཱི་ཀར། ཉེས་པ་མེད་དེ་རབ་ཏུ་དབྱུང་བ་ལ་ནི་ཞུ་བར་བྱེད་པ་ལ་སོགས་པ་མང་པོ་དག་ཀྱང་གཏོགས་པས་མང་པོའི་ཕྱིར་མང་པོའི་ཚིག་ཏུ་བྱས་སོ། །ཞེས་སོ། ། 6-1-99a བསྙེན་པར་རྫོགས་པར་མི་བྱའོ་ཞེས་པ་ནི། དེ་ལྟ་བུ་རྫོགས་ན་དེ་ལ་སྡོམ་པ་མི་སྐྱེ་ཞིང་བྱེད་མཁན་ལ་ཉེས་པ་འབྱུང་སྟེ། ཞུ་བར་མུ་སྟེགས་ཅན་བསྙེན་པར་རྫོགས་ན་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། ཁ་ཅིག་ནི་རྫོགས་ཞེས་བྱ། ཁ་ཅིག་ནི་མ་ རྫོགས་ཞེས་བྱ་སྟེ་ལྟ་བ་སྤངས་ཏེ་བསྙེན་པར་རྫོགས་ན་རྫོགས་ཞེས་བྱ་ལ། མ་སྤངས་ན་མ་རྫོགས་ཞེས་བྱའོ་ཞེས་སོ། །གཉིས་པ་ལ། སྤྱི་དོན་དང་། ཚིག་དོན་གཉིས་ལས། དང་པོ་ནི། བཀོལ་བ་ཞེས་འདོད་པ་ནི་ཡི་གེ་ཉུང་བ་དང་། རྟོགས་པར་སླ་བ་སྟེ། བར་ཆད་ ཉེར་གཉིས་པོ་རེ་རེ་ལ་ཚིག་དྲུག་པོ་ལན་རེ་སྨོས་ན་ཡི་གེ་མང་པོ་དགོས་ཀྱང་། ཚིག་དྲུག་ལ་མིང་བཀོལ་བ་ཞེས་བཏགས་པས་ཡི་གེ་ཉུང་བ་དང་། བཀོལ་བ་ཞེས་བརྗོད་པས་ཚིག་གི་དོན་དྲུག་དྲན་པར་བྱེད་ཅིང་རྟོགས་པར་སླ་བ་སྟེ། ཊཱི་ཀ་ལས། མིང་དང་མིང་ཅན་སྦྱར་ན་ དོན་རྟོགས་སླ་བར་འགྱུར། ཞེས་སོ། །འོ་ན་བཀོལ་བ་མིང་དང་མིང་ཅན་དུ་ཅི་ལྟར་སྦྱོར་ཞེ་ན། བཀོལ་བ་ཞེས་མིང་བཏགས་པ་འདི་གང་གི་མིང་ཡིན་ཅེ་ན། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མ་ཡིན་ནམ་ཞེས་དྲི། བསྙེན་པར་རྫོགས་པའི་ཕྱིར་ཉེ་བར་འོངས་པ་ལ་ མ་ཡིན་ནམ་ཞེས་དྲི། བསྙེན་པར་རྫོགས་པར་བྱེད་པ་དག་གིས་མ་ཡིན་ནམ་ཞེས་དྲི། རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། ཞེས་ཚིག་དྲུག་ལ་མིང་བཀོལ་བ་ཞེས་བཏགས་ཏེ། བཀོལ་བ་ཞེས་པ་དེ་མིང་ཡིན་ལ་ཚིག་དྲུག་པོ་དེ་མིང་ཅན་ཡིན་ནོ། ། མིང་ཅན་དེ་ནི་ཚིག་རྣམས་ཡིན་ཏེ། འགྲེལ་ཆུང་ལས། བཀོལ་བ་ཞེས་པ་ནི་བར་ཆད་མེད་དམ་ཞེས་དྲིས་ཏེ་བར་ཆད་ཡོད་ན་མི་རུང་ཞེས་བྱ་བའི་ཚིག་གོ། ཞེས་སོ། །འདི་ལ་དངོས་སུ་ལྔའི་ཚིག་ལས་མ་གསུངས་པ་ལ་ཚིག་དྲུག་ཅེས་སྦྱར་བ་དེ་ཇི་ལྟར་ཞེ་ན། བསྙེན་པར་རྫོགས་ 6-1-99b པར་བྱེད་པ་དག་གིས་དག་གི་གཉིས་ནི་རབ་བྱུང་ལ་མཁན་པོས་འདྲི་བ་དང་བསྙེན་རྫོགས་ལ་སློབ་དཔོན་གྱིས་འདྲི་བ་གཉིས་ལ་དག་ཚིག་གོ་ཞེས་པས་གཉིས་བསྟན་པས་ཚིག་དྲུག་ཏུ་འགྱུར་རོ། །འོ་ན་བཀོལ་བ་དེ་གང་ལ་སྦྱར་ཞེ་ན། བར་ཆད་ཉི་ཤུ་རྩ་གཉིས་ལ་སྦྱར་ཏེ། གཞི་ལས་བར་ཆད་བཅུ་བཞི་ ལ་བཀོལ་བ་སྦྱར་ཞིང་། ཕྲན་ཚེགས་ལས་བར་ཆད་བརྒྱད་ལ་བཀོལ་བ་སྦྱར་ཏེ་གཞུང་སོ་སོའི་ཐད་དུ་གསལ་ལོ། །བཀོལ་བ་གང་ལ་སྦྱར་བའི་འཐད་པ་ནི། སྤྱིར་བར་ཆད་རྣམས་ལ་མུ་གསུམ་ཡོད་པ་ལས། རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པ་གཉིས་ཀའི་བར་ ཆད་ཐུན་མོང་ཡིན་ལ་དྲི་བ་ཡང་ཐུན་མོང་ཡིན་པའི་མུ་ནི་མ་བསད་པ་ལྟ་བུའོ། །དྲི་བ་ཡང་ཐུན་མོང་མ་ཡིན་ལ་བར་ཆད་ཀྱང་ཐུན་མོང་མ་ཡིན་པའི་མུ་ནི་ལོ་ཉི་ཤུ་མ་ལོན་པ་ལྟ་བུའོ། །བར་ཆད་ཐུན་མོང་ཡིན་ཀྱང་དྲི་བ་ཐུན་མོང་མིན་པའི་མུ་ནི་ལག་རྡུམ་ལ་སོགས་པ་ལྟ་ བུའོ། །དེ་ལྟར་མུ་གསུམ་ལས། མུ་དང་པོ་ལ་གཞུང་དུ་བཀོལ་བའི་སྒྲ་སྦྱོར་བ་འདི་རིགས་པས་འཐད་དེ། མིང་ཅན་དྲུག་ལ་ལྟོས་པའི་ཚིག་ཚོགས་བསྐྱུང་བའི་དགོས་པ་ཡོད་པའི་ཕྱིར། མུ་གཉིས་པ་དང་གསུམ་པ་ལ་ནི། གཞུང་དུ་བཀོལ་བ་མ་སྦྱར་བ་འདི་ རིགས་པས་འཐད་དེ། བཀོལ་བའི་མིང་ཅན་དུ་དྲུག་མ་ཚང་བའི་ཕྱིར། བཀོལ་བའི་སྒྲ་བཤད་ནི་མདོ་སྔ་མ་ལས། མུ་སྟེགས་ཅན་རབ་ཏུ་འབྱུང་བའི་ཉེ་བར་འོངས་པ་ལ་ཞེས་པ་དེ་ལོགས་ཤིག་ཏུ་བཀོལ་ལ། མདོ་ཕྱི་མ་ལས། ཤཱཀྱ་དང་མེ་པ་རལ་པ་ཅན་དང་སེམས་མགུ་ བར་མ་གྱུར་པའི་མུ་སྟེགས་ཅན་གསུམ་ལོགས་ཤིག་ཏུ་བཀོལ་ཏེ། མུ་སྟེགས་ཅན་ལ་སོགས་པ་བཞི་པོ་དེ་དག་ལོགས་ཤིག་ཏུ་བཀོལ་བའི་ལྷག་མ་ཉིད་ཡིན་པས་ན་བཀོལ་བ་ཞེས་བྱ་སྟེ། ཊཱི་ཀ་ལས། མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་དེ་དག་བཀོལ་བའི་ལྷག་མ་ནི་ 6-1-100a བཀོལ་བ་ཞེས་བྱ། ཞེས་སོ། །སྣེ་པོ་བ་ན་རེ། བཀོལ་ཏེ་བཞག་པ་བཞི་ལ་བཞག་བཀོལ་དང་། བཀོལ་བ་ལྷག་མ་ལ་ཀྲིད་ཀོལ་ཞེས་ཐ་སྙད་དུ་རྣམ་པར་བཞག་པ་ཡིན་ཟེར། དང་པོའི་རྣམ་བཞག་དེར་མ་ངེས་ཏེ་བཀོལ་བའི་མིང་ཅན་མ་ཡིན་ པའི་ཕྱིར། གཉིས་པའི་རྣམ་བཞག་དེར་མ་ངེས་ཏེ་བཀོལ་བ་མིང་ཅན་དྲུག་ལ་དེའི་རྣམ་བཞག་གིས་མ་ཁྱབ་པའི་ཕྱིར་ཏེ། ཀྲིད་ནི་བཀོལ་བའི་སྒྲ་ཡིན་གྱི་དེའི་མིང་ཅན་གྱི་སྒྲ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བཀོལ་བའི་སྒྲ་ནི་མིང་ངོ་། མིང་ཅན་དེ་ནི་མདོ་སྔ་མའི་མུ་ སྟེགས་ཅན་ཅེས་པ་མན་ཆད་དང་མདོ་ཕྱི་མ་ཤཱཀྱ་དང་ལ་སོགས་པའི་སྒྲས་མེ་པ་རལ་པ་ཅན་དང་། ཚིག་དེའི་མཇུག་གི་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་ཡན་ཆད་ལོགས་སུ་བཀོལ་བའི་ལྷག་མ་ཤུལ་ན་ལུས་པ་རྣམས་ལ་མིང་བཀོལ་བ་ཞེས་བཏགས་སོ། ། ཞེས་པ་དེ་ཉིད་འོག་གི་བཀོལ་བ་ཞེས་སྨོས་པ་ཐམས་ཅད་ལ་སྦྱར་བར་བྱ་ཞིང་མིང་ཅན་ཚང་བར་མི་འཇུག་པ་ལ་འོག་ཏུའང་བཀོལ་བ་མ་སྦྱར་བ་ཡིན་ནོ། །འོ་ན་མདོ་ཚིག་སྔ་མའི་མུ་སྟེགས་ཅན་དང་། ཕྱི་མའི་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་གཉིས་ཟློས་པར་ མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། མདོ་སྔ་མའི་མུ་སྟེགས་ཅན་ནི་སྤྱིར་བཏང་ཡིན་ལ། དེའི་དམིགས་བསལ་འཆད་པ་ན་ཤཱཀྱ་དང་མེ་པ་རལ་པ་ཅན་བསྟན་པ་ལ་གུས་པ་བར་ཆད་དང་བྲལ་བར་བསྟན་པའི་ཟློག་ཕྱོགས་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་ནི་བྱེ་བྲག་ཡིན་ པས་མདོ་ཚིག་སྔ་མའི་མུ་སྟེགས་ཅན་ལས་གཞན་དུ་མི་སེམས་ཀྱང་། འདིར་དངོས་བསྟན་བཞི་བཀོལ་བ་ནི་དངོས་པོའི་དབང་གིས་མིན་པར་རྣམ་གྲངས་ཙམ་གྱིས་ཡིན་པར་ཤེས་དགོས་ཏེ། ཊཱི་ཀ་ལས། དེ་ལྟར་ན་ཚིག་དེ་ནི་ཤཱཀྱ་ལ་སོགས་པ་ཡང་ཡིན་ལ་མཇུག་ན་མུ་སྟེགས་ 6-1-100b ཅན་ཡོད་པ་ཡང་ཡིན་པས་ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་ཡོད་པ་ཡིན་ནོ། །ཡང་མདོ་སྔ་མ་ལ་མུ་སྟེགས་ཅན་ཞེས་སྨོས་པའི་སྒྲ་དང་གཅིག་པར་གཅིག་གི་ཚིག་ཏུ་ཡང་བསྡུ་བར་བྱ་སྟེ། མུ་སྟེགས་ཅན་དང་ཞེས་བྱ་བ་ཡང་ཚིག་དེ་ཡིན་ལ་ཤཱཀྱ་ལ་སོགས་པའི་ མཇུག་གི་མུ་སྟེགས་ཅན་ཞེས་བྱ་བ་ཡང་དེ་ཡིན་པས་ན། ཞེས་གསུངས་པའི་ཕྱིར། ངག་དོན་བསྡུས་ཏེ་སྨྲ་ན། མདོ་ཚིག་སྔ་མ་གཉིས་ཀྱིས་བསྟན་པའི་བར་ཆད་ཀྱིས་རྒྱུད་མ་དག་གང་ཡིན་པ། །མཁན་པོ་དང་དགེ་འདུན་གྱིས་དབྱུང་རྫོགས་མི་རུང་བརྡ་ལོགས་སུ་བྱས་ནས་སོང་ཞིག་པ་དང་ཡང་དེའི་དམིགས་ བསལ་དང་བཅས་པ་བཀོལ་བར་བསྟན་པ་དེ་ཉིད་ཀྱིས། །ལྷག་མ་ཉི་ཤུ་རྩ་གཉིས་པོ་རྣམས་ལ་ཟུར་དུ་བཀོལ་བ་ཞེས་མིང་སྦྱར་ནས་བཀོལ་བ་དེ་དག་ཀྱང་། །བར་ཆད་དང་ལྡན་པས། དབྱུང་རྫོགས་མི་རུང་བའི་ཚིག་དྲུག་གི་བཀོལ་བའི་མིང་ཅན་དག་ཏུ་བསྟན། །ཞེས་སོ། །དེས་ན་ཁོ་བོ་ལ་ནི་བཀོལ་བ་མིང་ དང་མིང་ཅན་དུ་སྦྱར་ཚུལ་འདི་ལ་རྣམ་པར་རྟོག་པ་གཏིང་ཚུགས་སུ་ཡོད་ཀྱི་སློབ་དཔོན་རིན་པོ་ཆེ་སོགས་གྲགས་པ་ཅན་མང་པོ་ཆུའི་དབུས་སུ་བཞོན་པ་ལས་ལྟུང་བ་བཞིན་སོང་འདུག་གོ། གསུམ་པ་ནི། འོ་ན་སྔར་གྱི་གཉིས་མ་གཏོགས་པའི་མུ་སྟེགས་ཅན་ཡིན་ཟེར་ན། འོ་ན་ སོང་ཞིག་ཅེས་བརྗོད་པས་ཅི་ནས་ཀྱང་རབ་ཏུ་དབྱུང་དུ་གསོལ་ཟེར་ན། དེ་སེམས་མགུ་བ་སྟེ་དང་བའི་ཕྱིར་དཀོན་མཆོག་རྣམས་ཀྱི་ཡོན་ཏན་བསྔགས་པ་དང་། མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པ་ན་མི་གཡོ་བ་སྟེ་ཁྲོ་འཁྲུག་མེད་པ་ཉིད་ནི་སེམས་མགུ་བར་ གྱུར་པ་ཉིད་དོ། །མུ་སྟེགས་ཅན་དེའི་སེམས་མགུ་བའི་དོན་དུ་མ་མགུ་བ་དེ་དང་མི་ལྡན་པའི་ཞེས་པ་ནི། ཊཱི་ཀར། དེ་དང་ལྡན་པ་མ་ཡིན་པ་དེ་དང་མི་ལྡན་པ་སྟེ། ཞེས་སོ། །དེ་ལྟ་བུའི་མུ་སྟེགས་ཅན་དེ་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་དེ་ལ་ཞེས་པའི་མཐའ་ནི་དགེ་བསྙེན་ཉིད་ཀྱི་དངོས་པོ་རྒྱུད་ལ་ཆོ་ 6-1-101a གའི་སྟོབས་ཀྱིས་ཡོད་པ་ལ་དགོངས་ཏེ། ཊཱི་ཀར། དེ་ནི་ཆོ་ག་དེའི་མཐའ་ཡིན་པས་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་སྟེ་ཞེས་གསུངས་པའི་ཕྱིར་རོ། །ཡང་ཊཱི་ཀ་ལས། དེ་ལ་ཞེས་བྱ་བ་ནི་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་གྱི་མུ་སྟེགས་ཅན་ལའོ་ཞེས་བཤད་ཅིང་། ལུང་གཞི་དང་རྩ་འགྲེལ་ལས། མུ་སྟེགས་ཅན་ལ་ལས་ཀྱི་གནས་པ་སྦྱིན་ཅེས་གསུངས་ཀྱང་། གསོལ་བཞིའི་ལས་ཀྱིས་གནས་པ་སྦྱིན་ཡུལ་དེ་མུ་སྟེགས་ཅན་དངོས་མིན་ཏེ་དེ་དགེ་བསྙེན་ཡིན་པའི་ཕྱིར་དང་། སོ་ཐར་གྱི་སྡོམ་ལྡན་ཡིན་པའི་ཕྱིར་དང་། དཀོན་མཆོག་གསུམ་ལ་སྐྱབས་ སུ་འཛིན་པའི་ཕྱིར་རོ། །འོན་ཀྱང་དེ་ལ་ལུང་གཞི་དང་མདོ་རྩ་འགྲེལ་ནས་མུ་སྟེགས་ཅན་ཞེས་གསུངས་པ་ནི་སྔོན་མུ་སྟེགས་ཅན་ཡིན་པ་ལ་དགོངས་ཏེ། སྤོ་བའི་གཞི་ཞུ་བ་ལས། སྔོན་མུ་སྟེགས་ཅན་ཞེས་པས་ཀྱང་འགྲུབ་བོ། །སྨོས་མ་ཐག་པའི་བསྒྲུབ་བྱ་ལ་དགེ་འདུན་གྱིས་ ལས་ཀྱིས་གནས་པ་བྱིན་ལ་ཞེས་པ་འདི་ཅུང་ཟད་སྤྲོ་ན། གནས་པ་སྦྱིན་པའི་དགོས་པ་དགེ་འདུན་རྣམས་ཐུགས་མཐུན་པར་འགྱུར་བ་དང་། དེའི་སེམས་མགུ་བ་བརྟན་མི་བརྟན་བརྟག་པའོ། །དེའང་སྦྱིན་ཡུལ་ཆོས་བཅུ་ལྡན་དུ་བཤད་དེ། སྔོན་མུ་སྟེགས་ཅན་ཡིན་པ་དང་། ཤཱཀྱ་དང་ མེ་རལ་གཉིས་མིན་པ་དང་། སེམས་མགུ་བ་དེའི་དོན་དང་དེ་དང་མི་ལྡན་པར་ཞེས་པའི་དོན་ཡིན་པ་དང་། ད་ལྟ་དགེ་བསྙེན་ཉིད་ཡིན་པ་དང་། རབ་ཏུ་དབྱུང་བར་འདོད་པ་དང་། ཚོགས་སུ་མ་ལོངས་པ་དང་། རང་ལན་གསུམ་གསོལ་བ་འདེབས་པ་དང་། སྔར་ལས་ཀྱིས་གནས་པ་བྱིན་པ་ད་ལྟར་གྱི་གནས་པ་བྱིན་ པ་དང་མ་འབྲེལ་བ་དང་། ཐ་སྙད་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པའོ། །སྦྱིན་པོའི་དགེ་འདུན་ནི་མཚན་ཉིད་བཞི་ལྡན་ཏེ། བཞི་ཡན་ཆད་ཀྱི་གྲངས་ཚང་བ། ལས་ཀྱི་ཁ་སྐོང་དུ་འོས་པ། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ། ལས་བྱེད་པ་པོ་རང་ 6-1-101b མཚན་པ་དང་བཅས་པའོ། །ཆོ་ག་གང་གིས་སྦྱིན་པ་ནི། སྦྱོར་བ་ལན་གསུམ་གསོལ་བ་དང་། དངོས་གཞི་གསོལ་བཞིའི་ལས་དང་། མཇུག་ལས་ཀྱི་མཇུག་སྡུད་དོ། །དང་པོ་གང་སྦྱིན་པ་ནི། མཁན་པོར་འགྱུར་པ་དེས་སྦྱར་བའི་གོས་དང་། དགེ་འདུན་གྱིས་སྦྱར་བའི་ཟས་ ཀྱིས་ཟླ་བ་བཞིར་གནས་པར་བྱའོ། །དེའི་ཟན་ནི་དགེ་འདུན་ལས་སོ། །གོས་ནི་མཁན་པོ་ལས་སོ། །གནས་པ་བྱིན་པ་དེ་ནི་གཞོན་པ་ཐམས་ཅད་ཀྱི་ལས་སུ་བསྐོས་པ་དེ་ལས་སུ་བྱ་བར་འོས་པ་གང་ཡིན་པའི་བྱ་བ་དེའི་བྱེད་པ་པོ་ནི་དེ་ཉིད་དེ། གཞོན་པ་རྣམས་ཀྱི་ནང་ནས་ཀྱང་ དེ་ཉིད་ཆེས་གཞོན་པ་ཡིན་པའི་ཕྱིར་ཏེ་དགེ་ཚུལ་དག་པས་ཀྱང་གཞོན་པའི་ཕྱིར་རོ། །མདོ་ཚིག་འདི་ལའང་སྔ་རབས་པ་མང་པོ་དང་ཕྱི་རབས་པ་མང་པོ་འབྲུ་གནོན་ས་ལོག་གནམ་ལོག་མང་པོ་བྱས་འདུག་གོ། གཉིས་པ་ནི། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ལོ་བཅོ་ ལྔ་ལོན་ནམ་ཞེས་དྲི་བར་བྱའོ། །ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང་། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་སྟེ་འདི་དག་ཕྱུང་ན་འབྱིན་པོ་ལ་ཉེས་བྱས་བསྐྱེད་ལ། དགག་བྱ་རབ་ཏུ་དབྱུང་མི་རན་པ་རབ་ཏུ་ཕྱུང་བས་གཞན་རྒྱུད་ཆུད་ཟོས་པ་དང་གཞན་མ་དད་པ་ སྐྱེ་བ་དེའོ། །དེ་ཡང་སྔར་བཅས་ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་འབྱིན་པ་བཀག་ནས། རྗེས་བཅས་ལ་ནི་ལོ་བདུན་ལོན་པ་དང་། བྱ་རོག་སྐྲོད་ནུས་ཚོགས་ན་རབ་ཏུ་དབྱུང་བར་གནང་བ་ཡིན་གྱི། ལོ་བདུན་ལོན་ན་ཡང་བྱ་རོག་སྐྲོད་མི་ནུས་ན་ནི་རྗེས་བཅས་ལ་ཡང་གནང་བར་མ་ མཛད་དེ། ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་ནི་རྗེས་བཅས་ཀྱི་དུས་ན་ཡང་བཀག་པ་ཉིད་དོ། །འདིར་ལོ་བདུན་གྱི་སྐབས་སུ་ཚོགས་དོན་གནང་བ་ཡིན་གྱི་ཆིག་རྐྱང་མ་གནང་ལ། ལོ་བཅོ་ལྔའི་སྐབས་སུ་ཆིག་རྐྱང་གནང་བས་ཆོག་གི་ཚོགས་དོན་དགོས་པ་མིན་ནོ། ། 6-1-102a དེ་འདྲ་རབ་ཏུ་དབྱུང་བར་མི་བྱའོ། །འདིའི་ཚིག་མཐར་རྒྱ་དཔེ་ལ་མང་ཚིག་ཡོད་པ་ནི། མཁན་པོ་དང་ཞུ་བར་བྱེད་པ་དང་དགེ་འདུན་དང་དགེ་ཚུལ་གྱི་སློབ་དཔོན་སོགས་མང་པོའི་བྱ་བ་ཡོད་པའི་དོན་གྱིས་སོ། །གནས་གཅིག་གིས་དགེ་སློང་དུ་མ་བཞག་ ཏུ་རུང་བ་བཞིན་འདིར་མིན་ཏེ། དགེ་ཚུལ་གཅིག་ལས་ལྷག་པ་གཉིས་སོགས་ཉེ་བར་བཞག་པར་མི་བྱའོ་སྟེ་དགེ་ཚུལ་དེ་དག་མ་དུལ་ཞིང་འཕྱར་གཡེང་ཆེ་བའི་ཕྱིར་རོ། །གལ་ཏེ་གཉིས་ལྷན་ཅིག་འབྱུང་འདོད་ཅིང་མཁན་པོ་ཐ་དད་ལས་སོ་སོར་རབ་ཏུ་འབྱུང་བར་མི་འདོད་ན། དེའི་ཚེ་གཉིས་ག་གཅིག་ཅར་རབ་ཏུ་ཕྱུང་ལ་དེ་གཉིས་ཀྱི་རྒན་ཤོས་བསྙེན་པར་རྫོགས་པར་བྱའོ། །གལ་ཏེ་རྒན་ཤོས་དེས་ཀྱང་ཉི་ཤུ་མ་ལོན་ན་སློབ་དཔོན་དུ་འོས་པའི་དགེ་སློང་གཞན་ལ་དགེ་སློང་བྱ་མ་རན་གྱི་བར་དུ་རེ་ཞིག་གནས་པའི་དོན་དུ་གཏད་པར་བྱའོ། །གཏད་པའི་ དགེ་སློང་དེས་དགེ་ཚུལ་དེས་མཁན་པོ་ལས་དབྲོག་པར་མི་བྱའོ། །སྔར་གྱི་མཁན་པོ་དེས་བསྙེན་པར་རྫོགས་པར་བྱའོ། །དགེ་སློང་དེས་དགེ་ཚུལ་དེ་སླང་མི་སྟེར་བ་ལ་མཐུས་བཀུག་སྟེ་བསྙེན་རྫོགས་བྱའོ། །གཉིས་པ་ལ། གཞན་གྱི་དབང་གྱུར་བར་ཆད་ བསྟན། །ལུས་ཐོབ་ལས་ཉམས་བར་ཆད་བརྗོད། །དང་པོ་ལ། བྲན་གང་ཇོ་བོའི་དབང་གྱུར་བཤད། །བུ་ལོན་ཅན་བདག་དེ་དབང་བསྟན། །བུ་ཚ་ཕ་མའི་དབང་གྱུར་བརྗོད། །དང་པོ་ནི། བཀོལ་བ་བྲན་ནོ། །བཀོལ་བ་ཞེས་པས་འདི་ཉིད་ཀྱི་བཀོལ་བ་མིང་ཅན་དུ་འཇོག་ པར་བྱེད་དེ། དེ་ཡང་ཇི་ལྟར་འཇོག་ཅེ་ན། ཊཱི་ཀར། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་བྲན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། བྲན་རབ་ཏུ་བྱུང་བ་དང་རྫོགས་པར་བསྟེན་པར་མི་བྱའོ་ཞེས་སོ། །འདིར་བྲན་ཅེས་ 6-1-102b བྱ་བ་སྒྲ་གཅིག་ཏུ་ཟད་པ་ལས། དོན་གྱི་དབང་གིས་སྐབས་གཉིས་སུ་སྦྱར་བ་ལས་རྣམ་དབྱེའི་མཐའ་ཡང་གཉིས་སུ་འགྱུར་ཏེ། ཊཱི་ཀར། འདིར་བྲན་མ་ཡིན་ནམ་ཞེས་བྱ་བའི་སྒྲ་ནི་དང་པོའི་མཐའ་ཡིན་ལ། མི་བྱའོ་ཞེས་བྱ་བ་ནི་འདིར་གཉིས་པའི་མཐའ་ཡིན་ནོ་ཞེས་སོ། ། འདིར་བྲན་ནི་ཇོ་བོ་མི་ཡིན་པའི་བྲན་དུ་གྱུར་པའོ། །དེ་ཡུལ་ཐག་རིང་བ་དེའི་ཇོ་བོ་ཤིའམ་ཇོ་བོས་གནང་ན་སྡོམ་པ་གནས་པ་ལ་བར་དུ་གཅོད་པའི་ཆ་ལས་གྲོལ་ཡང་། རིགས་ངན་པའི་ཆ་ལས་མི་གྲོལ་ཏེ་ལྷྭམ་མཁན་གྱི་བུ་ནི་ཕ་མས་གནང་ཡང་རབ་ཏུ་མི་དབྱུང་བ་བཞིན་ནོ། །དེ་ ཡང་བྲན་གྱི་ངོ་བོ་ནི་དེའི་རིགས་སུ་སྐྱེས་ཤིང་རང་དབང་མེད་པ་སྟེ། ཁྱིམ་དུ་སྐྱེད་པ་དང་རྙེད་པ་དང་ཉོས་པ་དང་འཕྲོག་པ་དང་ཁས་བླངས་པ་དང་ལྔ་ཕྲན་ཚེགས་འགྲེལ་པར་བཤད་དོ། །ཞུ་བ་ལས། བྲན་དང་བརྐུས་པ་དང་རྙེད་བརྩོན་དང་རྩོད་པ་ཅན་དང་རྒྱལ་པོ་ལ་མཁོ་བ་དང་ རྒྱལ་པོ་ལ་གནོད་པའམ་ལས་བྱེད་པ་རྫོགས་པར་བྱེད་ན་རྫོགས་ཞེས་བྱ་ལ་འདས་པ་དང་བཅས་པའོ་ཞེས་སོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། བུ་ལོན་ཆགས་པ་ཆོས་དྲུག་ལྡན་ཅེས་ཟེར་ཡང་དངོས་དོན་བཞིར་འདུས་ཏེ། བུ་ལོན་ གྱི་བདག་པོ་མི་ཡིན། གསོན་པོར་གནས། ཡུལ་ཐག་ཉེ་བ་ཡིན། དེའམ་དེ་བས་དབང་ཆེ་བས་མ་གནང་བ་སྟེ་བུ་ལོན་རྙིང་ཆགས་མ་ལེན་ཅེས་རྒྱལ་པོ་ཆེན་པོས་དྲིལ་བསྒྲགས་པ་ལྟ་བུ་མ་ཡིན་པ་དང་བཞིའོ། །འདིར་དབྱུང་རྫོགས་མི་རུང་བའི་དགག་བྱ་ནི་བུ་ལོན་པ་དེ་ ལ་གནོད་པ་དང་གཞན་མ་དད་པ་སྐྱེ་བའོ། །གཞུང་འདི་ལ་བཀོལ་བ་སྦྱོར་མི་སྦྱོར་ལ། འཛིམ་པ་ན་རེ། བུ་ལོན་ཅན་འདི་ལ་བཀོལ་བ་མི་སྦྱོར་ཏེ་མིང་ཅན་ལྷག་པའི་ཕྱིར་དང་། མིང་ཅན་ལ་ཕྱུང་འཇུག་བྱས་པའི་ཕྱིར་ཟེར་ཡང་། དམ་བཅའ་མི་འཐད་དེ། རང་གི་རྣམ་ 6-1-103a བཤད་དང་ཊཱི་ཀ་ལས། བཀོལ་བ་བུ་ལོན་ཅན་དང་སྦྱར་བ་ཤེས་པར་བྱའོ་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །སྒྲུབ་བྱེད་མི་འཐད་པའི་རྒྱུ་མཚན་ནི། ཕ་མས་མ་གནང་བ་ཆོས་ཅན། བཀོལ་བ་མི་སྦྱོར་བར་ཐལ། མིང་ཅན་ལྷག་པའི་ཕྱིར་ དང་མིང་ཅན་ལ་ཕྱུང་འཇུག་བྱས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཇི་སྐད་དུ། མཇུག་ཏུ་ཡུལ་ཐག་རིང་ནི་མ་གཏོགས་སོ་ཞེས་པ་འདི་ལྷག་པོ་ཡོད་པའི་ཕྱིར་དང་། རྟགས་གཉིས་པ་གྲུབ་སྟེ། ཕ་མས་མ་གནང་བ་མ་ཡིན་ནམ་ཞེས་དགག་ཚིག་ཕྱུང་ནས་གཞུང་ དུ་ཕ་མས་གནང་ངམ་ཞེས་སྒྲུབས་ཚིག་གསུངས་པའི་ཕྱིར། འདོད་ན། བཀོལ་བ་ཕ་མས་གནང་ངམ་ཞེས་པས་བཀག་གོ། དེའི་ཕྱིར་ཕ་མས་མ་གནང་བ་བཀོལ་བར་འཐད་ན་བུ་ལོན་ཅན་བཀོལ་བ་སྦྱར་བར་གྲུབ་བོ། །གཉིས་པ་ནི། དེ་ལྟར་ན་བུ་ལོན་ཅན་ལ་བཀོལ་བ་ སྦྱར་བས། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་བུ་ལོན་ཆགས་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་། བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ་ཞེས་པར་འགྱུར་བ་ལས། དེ་ལས་ཚིག་ཅུང་ཟད་བསྒྱུར་ཏེ་དྲི་བར་བསྟན་པའི་ཕྱིར་རོ། །དེ་ཡང་ཡིན་ནམ་བཏང་ བ་ཞེས་སྨོས་ཏེ། བཀོལ་བ་སྦྱར་བ་ན་མ་ཡིན་ནམ་ཞེས་པའི་མ་ནི་མི་གཏོང་སྟེ་མི་བོར་བར་བཞག་ཅིང་། ཡིན་ནམ་ཞེས་པ་དེ་བཏང་སྟེ་བོར་བ་དེའི་ཤུལ་དུ་ཁྱོད་ལ་ཞེས་པའི་ཚིག་བཅུག་ནས་ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་ དམ་ཞེས་དྲི་བར་བྱའོ། །ཤ་མི་སོགས་ཁ་ཅིག་ཡིན་ནམ་བཏང་ལ་ཞེས་པ་ནི་མ་ཡིན་ནམ་བཏང་བ་ལའོ་ཞེས་འཆད་ཀྱང་ཡང་དག་པ་མིན་ཏེ། ཡིན་ནམ་ཞེས་པ་དེ་ཁོ་ན་བཏང་བར་བྱའི། མ་ཞེས་པའི་དགག་སྒྲ་དེ་བཏང་དུ་མི་རུང་བའི་ཕྱིར་ཏེ། མེད་དམ་ཞེས་དགག་སྒྲ་ 6-1-103b ངེས་བཟུང་དུ་དགོས་པའི་ཕྱིར་ན་མ་ཡིན་ནམ་གྱི་མ་དང་མེད་དམ་གྱི་མེད་གཉིས་སྒྲ་གཅིག་པའི་ཕྱིར་རོ། །འདི་ཆང་ལའང་བར་ཆད་དྲི་ཚུལ་ཁྱད་ཡོད་དེ། རབ་ཏུ་འབྱིན་པའི་སྐབས་སུ་ནི་ལུང་དང་ཀར་ཤ་ལས། བུ་ལོན་ཆགས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་གསུངས་ པ་དང་། རང་གི་རྣམ་བཤད་དང་ཊཱི་ཀ་ལས། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི་བར་བྱ་ཞེས་གསུངས་ཏེ། མ་ཡིན་ནམ་ཞེས་དང་མེད་དམ་ཞེས་པ་ཆོ་གའི་བརྗོད་ཚུལ་ དེ་གཉིས་གང་བྱས་ཀྱང་རུང་བས་སོ། །བསྙེན་རྫོགས་བྱེད་པའི་སྐབས་སུ་ནི། བུ་ལོན་ཆགས་པ་མ་ཡིན་ནམ་ཞེས་དྲི་བར་མ་གསུངས་ཀྱི། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི་བར་བྱ་བ་ཉིད་དོ། །འདི་ལ་བཀོལ་ བ་སྦྱར་བས་བུ་ལོན་ཆགས་པ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་མི་བྱའོ་ཞེས་པ་དེའི་དམིགས་བསལ་ནི། ཊཱི་ཀ་ལས། བུ་ལོན་ཅན་ཐམས་ཅད་རབ་ཏུ་དབྱུང་བར་མི་བྱ་བ་ཡང་མ་ཡིན་ཏེ། རབ་ཏུ་བྱུང་ངམ་བསྙེན་པར་རྫོགས་ནས་བུ་ལོན་འཇལ་ནུས་སོ་ཞེས་ དམ་བཅའ་བར་བྱེད་པ་དེ་ནི་རབ་ཏུ་དབྱུང་བར་བྱའོ་ཞེས་སོ། །གསུམ་པ་ལ། སྤྱི་དོན་དང་། ཚིག་དོན་གཉིས་ལས། དང་པོ་ནི། ཞག་བདུན་བསྲེལ་བར་བྱ་ཞེས་པ་འདི་ལ། སྐྱོགས་ཤེས་འབྱུང་ན་རེ། ཞག་བདུན་བསྲེལ་བ་འདི་ད་ལྟར་ཡང་ལག་ལེན་བྱེད་ དེ། གནང་མ་གནང་རྟོགས་པའི་དགོས་པ་ཡོད་ཟེར། ཤ་སྦལ་སོགས་ན་རེ། འོ་ན་བྲན་ཡང་ཞག་བདུན་བསྲེལ་བར་ཐལ། གནང་མ་གནང་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་རོ། །དེས་ན་ད་ལྟ་ཞག་བདུན་བསྲེལ་བ་འདི་ལག་ལེན་མི་བྱེད་དེ། སྔར་བཅས་ལ་ 6-1-104a ཕ་མས་མ་གནང་ཡང་རབ་ཏུ་འབྱིན་དུ་གནང་བ་ན་ཞག་བདུན་བསྲེལ་བ་འདི་གསུངས་ཀྱང་། རྗེས་བཅས་ལ་ཕ་མས་མ་གནང་བ་རབ་ཏུ་འབྱིན་པ་བཀག་པའི་ཕྱིར། མ་གནང་ན་རབ་ཏུ་མི་འབྱིན་པ་དེ་ཞག་བདུན་བསྲེལ་ཡང་དོན་མེད་པའི་ཕྱིར་དག་པ་ གནང་ན་ནི་འོངས་མ་ཐག་རབ་ཏུ་དབྱུང་སྟེ་ཞག་བདུན་བསྲེལ་མི་དགོས་པའི་ཕྱིར་ཞེས་འཆད་དོ། །འོ་ན་ལུགས་སྔ་ཕྱི་དེ་གཉིས་དོན་ལ་གང་གནས་ཞེ་ན། མཚོ་སྣ་པ་ཆེན་པོས་ཕྱི་མ་ཉིད་འཐད་པར་གསུངས་སོ། །གཉིས་པ་ནི། སྔར་བཅས་རབ་ཏུ་བྱུང་བར་འདོད་པ་ཕ་མ་ གསོན་ཅིང་ཕ་མ་དེ་གཉིས་ཀྱིས་སམ་གང་རུང་རེས་ཀྱང་རབ་ཏུ་བྱུང་བར་མ་གནང་བ་ཡུལ་ཐག་མི་རིང་བ་ནི་དྲི་སྨེད་པ་འོང་མི་འོང་བརྟག་པའི་ཕྱིར་ཞག་བདུན་མི་འབྱུང་བར་བསྲེལ་བར་བྱའོ། །དེས་ན་ཡུལ་ཐག་རིང་བའི་ཚད་ནི། ཕ་མས་དགུག་པར་ཉམས་ཀྱི་མི་ལྕོགས་ཤིང་ མཐུས་མི་ཁུགས་པ་ཙམ་ལ་བྱའོ། །དེ་ཡུལ་ཐག་རིང་ན་ཡང་ཞེས་པའི་ཡང་སྒྲ་ནི། ཐག་རིང་ན་ཞག་བདུན་བསྲེལ་མི་དགོས་ཀྱང་གལ་ཏེ་བསྲེལ་ན་དེས་ཞུ་བའི་གོ་ཆོད་དམ་སྙམ་པ་དེ་བསལ་བ་ཡིན་ཏེ། ཊཱི་ཀར། ཡང་ཞེས་བྱ་བའི་སྒྲ་ནི་ཞག་བདུན་བསལ་དུ་ཟིན་ཡང་དགེ་ འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་སོ། །མདོར་ན་ཡང་སྒྲ་ལ་བསྙེགས་ཚུལ་གསུམ་བྱུང་སྟེ། ཡུལ་ཐག་ཉེ་རིང་གཉིས་ཀ་ལ་ཞག་བདུན་བསྲེལ་དགོས་པར་ཡང་ཞེས་བསྙེགས་པ་དང་། ཞག་བདུན་བསྲེལ་མི་དགོས་ཀྱང་ཐག་ཉེ་རིང་གཉིས་ཀ་ལ་ཞུ་དགོས་ པས་ཡང་སྒྲ་བསྙེགས་མཚམས་ཏེ། ཊཱི་ཀའི་དགོངས་པ་བཤད་ཟིན་ལ། ཐག་རིང་བ་ལ་ཞུ་བར་མ་ཟད་ཉེ་བ་ལ་ཞུ་དགོས་ཞེས་ཊཱི་ཀར་གཞན་འདོད་བཀོད་དེ་བཀག་པ་མ་མཛད་དོ། །དགེ་འདུན་ལ་ཞུ་བ་ནི་དགེ་འདུན་ལ་རྐུན་མའོ་ཞེས་སྐུར་བ་སྤོང་བའི་དོན་དུའོ། །འདིར་བཤད་ 6-1-104b པའི་དགེ་འདུན་ལ་ཞུ་བ་འདི་དང་། སྔར་བཤད་པའི་རབ་ཏུ་འབྱིན་པའི་ཞུ་བ་གཅིག་གམ་ཐ་དད་ཅེ་ན། ཇོ་སྟན་ནག་པོ་དར་ཚུལ་ན་རེ། གཅིག་ཡིན་ཟེར་མོད། འདི་མི་བཟང་བས་ཐ་དད་དེ། འདི་ནི་གྲོས་འདྲི་བའི་ཚུལ་དུ་ཐ་མལ་གྱི་ཚིག་གིས་ཞུ་བ་ཡིན་ལ་སྔ་མ་ནི་སྔགས་ཀྱི་ཆོ་ གས་ཞུ་བ་ཡིན་པའི་ཕྱིར་དང་། འདིར་ནི་མཁན་པོས་ཞུ་བ་ཡིན་ལ་སྔ་མ་ནི་མཁན་པོས་གཏད་པའི་དགེ་སློང་གིས་ཞུ་བའི་ཕྱིར་དང་། འདི་ནི་ཕ་མས་གནང་བ་ཡིན་ན་ཞུ་བ་ཡིན་ལ། སྔ་མ་ནི་ཕ་མས་གནང་སྟེ་བར་ཆད་དག་པ་ཞུ་བ་ཡིན་ནོ། །རབ་ཏུ་དབྱུང་བར་འདོད་པའི་ཟན་ ནི་དགེ་འདུན་གྱིས་བྱིན་ན་རུང་ངོ་། །འདིར་རུང་ངོ་ཞེས་པ་ནི་ཊཱི་ཀ་ལས། དགེ་འདུན་གྱིས་གནང་སྐབས་སྟོན་ཏེ། གལ་ཏེ་གཅིག་ལ་མ་ཞུས་ན་ཡང་དེའི་ཚེ་སྦྱིན་པར་མི་བྱའོའི་ཐ་ཚིག་གོ་ཞེས་སོ། །འོ་ན་གོང་དུ་ཟླ་བཞིའི་གནས་པ་སྦྱིན་པ་དང་འདིར་ཞག་བདུན་བསྲེལ་ བ་གཉིས་ལ་ཟན་དགེ་འདུན་གྱི་ཡིན་པར་མཚུངས་པ་ལ། སྔ་མ་ལ་སྦྱིན་པའི་སྒྲ་དང་འདིར་སྦྱིན་རུང་གི་སྒྲ་ནི་སྔ་མ་དགེ་འདུན་གྱི་ལས་ཀྱིས་ཐུགས་མཐུན་དུ་བྱིན་ཟིན་པ་དང་། ཕྱི་མ་ནི་དེ་མ་ཟིན་པའི་ཁྱད་པར་ལས་ཕྱི་མ་འདིར་ཐུགས་བསྟུན་པར་གྱུར་ན་སྦྱིན་པའོ། །ད་ ནི་རྗེས་བཅས་བཀོལ་བ་ཕ་མས་གནང་ངམ་ཞེས་མ་གནང་བའི་ཕྱོགས་ཀྱི་བར་ཆད་དམིགས་བསལ་ནི། ཞུ་བ་ལས། ཕ་མས་མ་གནང་བར་བསྙེན་པར་རྫོགས་པར་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ་དེའི་ཕ་མ་དུས་ལས་འདས་པའམ་བྱོལ་ སོང་བའམ་ཇོ་བོས་གནང་བར་གྱུར་བའོ་ཞེས་སོ། །བཀོལ་བ་མིང་ཅན་རྣམས་ཀྱི་ཐ་མ་སྟེ་མཇུག་ཏུ་ཡུལ་ཐག་རིང་བ་ནི་དབྱུང་རྫོགས་བྱ་བར་མ་གཏོགས་སོ། །འདིའི་ཐག་རིང་བ་ནི། ལུང་ལས། ཡུལ་ཐག་རིང་བ་ཕ་མའི་གཏམ་ཡང་མི་ཐོས་པ་ཞེས་བཤད་དོ། ། 6-1-105a ཕ་མས་མ་གནང་བའི་དངོས་ཀྱི་དགག་བྱ་ནི། ཕ་མ་ལ་གནོད་པ་དང་གཞན་མ་དད་པ་སྐྱེ་བའོ། །གཉིས་པ་ནི། རབ་ཏུ་དབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་རབ་བྱུང་གི་མཁན་པོས་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །ཡང་ན་འདི་ལྟར་ཡང་དྲི་བར་ བྱ་སྟེ། ཁྱོད་ལ་ནད་གང་ཡང་རུང་བ་མེད་དམ་ཞེས་བྱ་བར་ཡང་རུང་ངོ་། །རུང་བའི་སྒྲ་ནི་མ་ཡིན་ནམ་དང་མེད་དམ་འདམ་ཀར་བརྗོད་པའོ། །དབྱུང་དུས་ནད་སྤྱི་ཙམ་ནས་འདྲི་ལ་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཞེས་པའི་དག་ཚིག་ནི་གསང་སྟོན་གྱིས་དྲི་བའང་ མཚོན་པ་ཡིན་ནོ། །མཛེ་དང་འབྲས་དང་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་ཏུ་དྲི་བར་བྱའོ། །ཊཱི་ཀ་ལས། དྲི་བར་བྱའོ་ཞེས་བྱ་བ་གཅིག་གིས་མཐའི་སྒྲ་འདི་མང་པོའི་ཚིག་ཏུ་བསྒྱུར་ཏེ་དག་གིས་དྲི་བར་བྱའོ་ཞེས་བྱ་བ་སྦྱར་བར་བྱ་སྟེ་རྫོགས་པར་བསྙེན་པར་བྱེད་པ་དག་ གིས་ཞེས་བྱ་བ་མང་པོའི་ཚིག་གི་མཐའ་ཡིན་པའི་ཕྱིར་རོ་ཞེས་སོ། །ནད་པ་ལ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་མི་བྱ་བའི་མཐར་མང་པོའི་ཚིག་ཡོད་དེ། བསྙེན་རྫོགས་ལ་སོགས་མང་བའི་ཕྱིར་རོ། །འདིར་བཀོལ་བ་མི་སྦྱར་བ་ནི། ཊཱི་ཀར། དེའི་ཚེ་རྫོགས་པར་བསྙེན་པར་བྱེད་པ་དག་གིས་བྱེ་བྲག་ཏུའོ་ཞེས་བྱ་བ་དེ་འདུས་པར་མི་འགྱུར་ལ་ཞེས་སོ། །གསུམ་པ་ལ། ཐུན་མོང་ཉིད་དུ་མདོར་བསྟན་བཤད། །བར་ཆད་སོ་སོའི་དབྱེ་བ་བསྟན། །དང་པོ་ནི། འདིར་མདོ་གསུམ་གྱི་བར་ཆད་བཅུ་གཅིག་ལ་སྤྱིར་བསྟན་ ཏེ། བཀོལ་བ་ཞེས་འདི་ནས་འོག་གི་རྒྱུ་ལས་བཟློག་པའི་ཆད་པ་ཡན་ཆད་ལ་སྦྱར་རོ། །སྤྲུལ་པ་སོགས་འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་རོ། །ཡང་ནི་ཊཱི་ཀ་ལས། ཡང་ཞེས་བྱ་བའི་སྒྲ་ནི་ཀུན་བསྡུ་བའི་དབང་དུ་བྱས་པའི་དོན་ནོ་ཞེས་སོ། །འདྲའོ་ཞེས་པ་ནི། ཊཱི་ཀར། 6-1-105b འདྲའོ་ཞེས་བྱ་བའི་སྒྲ་ནི་སྤྱི་ལ་བསྙེགས་པའི་དོན་ནོ་ཞེས་སོ། །སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་ནི་ཕྱིར་བསྙིལ་བར་བྱའོ། །གཉིས་པ་ལ་རྣམ་སྨིན་དང་ལས་སྒྲིབ་བོ། །དང་པོ་ནི། སྤྲུལ་པའོ། །འདི་ཡང་མི་མ་ཡིན་གྱི་སྤྲུལ་པའི་དབང་དུ་ བྱས་ཏེ། གཞི་འགྲེལ་ལས། སྤྲུལ་པ་ཞེས་བྱ་བ་ནི་ཀླུ་ལ་སོགས་པའིའོ། །ཞེས་སོ། །མིས་སྤྲུལ་ནུས་ནི་བར་ཆད་དུ་མི་འགྱུར་ཏེ། ལུང་ཕྲན་ཚེགས་ལས། དྲང་སྲོང་ནམ་མཁའ་ལ་འཕུར་ཏེ་སྡོམ་པ་ལེན་དུ་འོངས་པ་དགྲ་བཅོམ་པ་ཉི་མ་གུང་པའི་བྱུང་བ་ལས་ཀྱང་རྟོགས་ནུས་ སོ། །ཞེས་སོ། །དེ་ཡང་ལུང་ལས་ཤེས་པའི་ཐ་སྙད་ལས་ཉམས་པ་སྨྱོན་པ་ལ་སྡོམ་པ་སྐྱེ་བར་གསུངས་པའི་གནད་ཀྱིས་ལུས་ཀྱི་ཐ་སྙད་ལས་ཉམས་པ་མིས་སྤྲུལ་སྟག་བྱས་པ་ལ་ཡང་མཚུངས་སོ། །མི་མ་ཡིན་སྤྲུལ་པ་འདིའི་བྱེད་ལས་ནི། སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་ཅིང་ འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པའོ། །དགག་བྱ་ནི་སངས་རྒྱས་ཀྱི་བསྟན་པའི་སྣོད་མ་ཡིན་པ་རབ་ཏུ་ཕྱུང་ན་བསྟན་པ་ཆུད་ཟོས་པར་འགྱུར་བའོ། །མ་ནིང་ངོ་། །བར་ཆད་དུ་འགྱུར་བའི་མ་ནིང་གི་མཚན་ཉིད་ནི། ཕོ་མོ་གང་དུ་ཡང་མ་གཏོགས་པའི་འདོད་ཁམས་པའི་སྲོག་ ལྡན་ཡིན་པའི་ཆ་ནས་ཟ་མ་ཙམ་པོ་དང་ཆོས་མཚུངས་པའོ། །འོ་ན་ཕོ་མ་ནིང་དང་། མོ་མ་ནིང་ཞེས་པ་ཅི་ལྟར་ཞེ་ན། དེ་ནི་བྱད་གཟུགས་འདྲ་བ་ཙམ་ལས་དེར་བཏགས་པ་ཡིན་ནོ། །བྱེད་ལས་རང་དགག་བྱ་ནི་སྔ་མ་བཞིན་ནོ། །མ་ནིང་དེ་ནི་རྣམ་པ་ལྔའོ། །དེ་ཡང་སྐྱེས་ནས་དང་ ཞེས་པ་ཊཱི་ཀར། སྐྱེས་པའི་ཚེ་ཉིད་ནས་ཕོའི་དབང་པོ་ཡོད་པའི་ཕྱིར་བུད་མེད་ཀྱང་མ་ཡིན་ལ། མོའི་དབང་པོ་ཡོད་པའི་ཕྱིར། ཕོ་ཉིད་ཀྱང་མ་ཡིན་པ་གང་། འཇིག་རྟེན་ན་མཚན་གཉིས་པ་ཞེས་བྱ་བ་གང་ཡིན་པ་སྟེ། དེ་ནི་སྐྱེས་ནས་མ་ནིང་དུ་གྱུར་པ་ཡིན་པར་རིག་ 6-1-106a པར་བྱའོ་ཞེས་སོ། །དེར་མ་ཟད་སྐྱེས་ནས་མཚན་མ་གང་ཡང་མེད་པའང་བཟུང་ངོ་། །ཟླ་བ་ཕྱེད་པ་དང་ཞེས་པ་འདི་ལ། ལུང་གཞི་ལས། ཟླ་བ་ཕྱེད་ནི་བུད་མེད། ཟླ་བ་ཕྱེད་ནི་སྐྱེས་པར་འགྱུར་བའོ་ཞེས་པས་ལུས་འགྱུར་བ་ལ་བཤད་ཅིང་། ཊཱིཀ་བྱེད་ནི་ ཟླ་བ་ཕྱེད་ཕྱེད་ན་བསམ་པ་འགྱུར་བ་ལ་བཞེད་དེ། ཊཱི་ཀར། ཞག་བཅོ་ལྔ་ནི་བུད་མེད་ཀྱི་འདོད་ཆགས་ཀྱིས་གནོད་པར་འགྱུར་ལ། ཞག་བཅོ་ལྔ་ནི་སྐྱེས་པའི་འདོད་ཆགས་ཀྱིས་གནོད་པར་འགྱུར་བ་སྟེ་ཞེས་བཤད་པའི་ཕྱིར། མཐའ་བཞི་པ་ན་རེ། ཕྱི་མ་ཉིད་དོན་ལ་གནས་ཏེ། ལུས་མཚན་གྱུར་ན་ཆགས་སེམས་འགྱུར་མོད་ཀྱང་ལུས་མ་འགྱུར་བ་ལ་ཆགས་སེམས་འགྱུར་བ་སྲིད་པའི་ཕྱིར་རོ། །ཞེས་ཟེར་རོ། །འདི་ལ་ཁ་ཅིག་མཚན་གཉིས་པ་གཞིར་བཅས་ཀྱི་ཟླ་ཕྱེད་ཕོར་འདོད་པ་དང་། ཟླ་ཕྱེད་མོར་འདོད་པ་ཡིན་ལ། ཕོ་མ་ནིང་མོ་མ་ནིང་གང་ རུང་ཞིག་གཞིར་བྱས་ལ་བསམ་པ་ཕན་ཚུན་དུ་འགྱུར་བར་མི་འོས་སོ་ཟེར། ཁ་ཅིག་དེ་ཡང་དག་པ་མིན་ཏེ། དབང་པོ་ལས་སུ་མི་རུང་ཞིང་ཕོ་མོ་གཉིས་ཀར་མ་ངེས་པ་སྟེ་ཕོ་མོ་གཉིས་ཀའི་ཕྱོགས་ལ་འཁྲིག་ཚོར་དོན་དུ་གཉེར་བས་ཅི་འགལ་ཟེར་རོ། །བུ་སྟོན་ན་རེ། འདིར་ སོགས་སྒྲ་དངོས་སུ་མེད་ཀྱང་ཟླ་ཕྱེད་མ་ནིང་གི་ཟླ་སོགས་ཀྱི་མ་ནིང་ཡང་ཡོད་པར་གྲུབ་བོ་ཞེས་གསུངས་སོ། །འཁྱུད་ནས་ལྡང་བ་དག་ཊཱི་ཀར། རང་ལུགས་དང་ན་ཡམས་གཉིས་བཀོད་དེ། ཇི་སྐད་དུ། གང་སྐྱེས་པ་གཞན་གྱིས་བཙལ་པ་ན་དབང་པོ་ལས་སུ་རུང་བ་ལྡང་ ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་འཁྱུད་ནས་ལྡང་བའི་མ་ནིང་ངོ་། །གཞན་དག་ནི་བུད་མེད་ལ་སོགས་པ་གཞན་གྱིས་བཙལ་བས་ན་ཞེས་ཀྱང་ཟེར་རོ་ཞེས་སོ། །འདིའི་སྔ་མའི་དོན་ནི་སྐྱེས་པ་གཞན་གྱིས་བུད་མེད་ལ་སྦྱོར་བ་དྲག་ཏུ་བྱེད་པ་ན་འཁྱུད་ནས་ལྡང་བའི་མ་ནིང་དེ་བུད་ 6-1-106b མེད་ལ་འདོད་པའི་གདུང་བས་དབང་པོ་ལྡང་བ་ཡིན་ལ། ཕྱི་མའི་དོན། བུད་མེད་སྐྱེས་པ་ལ་དྲག་ཏུ་རྩོལ་བ་ན་བདག་སྐྱེས་པ་འདི་ཡིན་ན་ཅི་མ་རུང་སྙམ་སྟེ་དབང་པོ་ལས་སུ་རུང་བ་ཡིན་པས་ཕྱི་མ་ལ་ཊཱི་ཀར་དགག་པ་མ་མཛད་དོ། །ཕྲག་དོག་ཅན་དང་ཞེས་པ་གཞན་གྱིས་ འཁྲིག་པ་བསྟེན་བཞིན་པའི་བུད་མེད་དམ་སྐྱེས་པ་མཐོང་བའི་ཚེ་བསྟེན་པའམ་བསྟེན་པོ་ལ་ཕྲག་དོག་གི་སྟོབས་ཀྱིས་དབང་པོ་ལས་སུ་རུང་བའོ། །ཉམས་པའོ་ཞེས་པ་མཚོན་དང་མེ་དང་ནད་དང་རིག་སྔགས་ཀྱིས་ཉམས་པའོ། །འདི་ལ་ཐ་མ་ཉམས་པ་མ་ནིང་ནི་ཉེས་པ་བསྟེན་ན་ བསྙིལ་བར་བྱའོ། །ཞེས་འཆད་པ་འདིའི་དོན་ནི། སྤྱིར་མ་ནིང་ལྔ་ཀར་སྡོམ་པ་བླངས་ཀྱང་མི་སྐྱེ་བས་བཀོལ་བ་མིང་ཅན་ནམ་བསྙིལ་བྱ་ཡིན་ན་ཐ་མ་འདི་ལ་ཟུར་དུ་བཀོལ་དོན་ཅི་ཞེ་ན། སྡོམ་པ་སྐྱེ་བའི་བར་ཆད་ཡིན་པར་འདྲ་ཡང་། གལ་ཏེ་དགེ་སློང་དུ་གྱུར་པ་ཞིག་ཕྱིས་ མཚོན་གྱིས་བཅད་པ་སོགས་ལས་སྡོམ་པ་གཏོང་བ་ཡོད་དེ་དེ་ལྟ་བུ་བསྙིལ་བར་གསུངས་ཏེ། ཊཱི་ཀར། དགེ་སློང་གི་དངོས་པོའི་སྣོད་མ་ཡིན་པར་གྱུར་པས་ཞེས་སོ། །འོ་ན་ཕོ་དབང་བཅད་པ་ཙམ་གྱིས་སྡོམ་པ་གཏོང་ངམ་ཞེ་ན་མིན་ཏེ། གཞུང་རྩ་བར། ཉེས་པ་བསྟེན་ན་ བསྙིལ་བར་གསུངས་ཀྱི་མ་བསྟེན་ན་མི་བསྙིལ་བར་ཤུགས་ལ་གྲུབ་པའི་ཕྱིར། ཞུ་འགྲེལ་ལས། ཡན་ལག་སྐྱེས་བཅད་པ་ལ་སོགས་པ་ཉམས་པ་ནི་ཇི་སྲིད་དུ་འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཡིན་ལ་ཞེས་དང་། ཞུ་བར། བཅད་དེ་འཛུད་ན་ཅིར་འགྱུར། སྦོམ་པོར་འགྱུར་ ཞེས་པས་དགེ་སློང་གི་སྡོམ་པ་མི་གཏོང་བར་གཏོགས་སོ། །འོ་ན་གཏོང་བའི་བྱེད་ཆོས་འགྱུར་བ་བསྟེན་པ་དང་ཉེས་པ་བསྟེན་པ་དེ་གཉིས་གང་ཞེ་ན། བླ་མ་དག་འགྱུར་བ་ནི་ཉམས་པའི་མོད་ལས་འཁྱུད་ནས་ལྡང་བ་སོགས་ཀྱི་མ་ནིང་དུ་གྱུར་པ་ལ་བཤད་ལ། ཉེས་པ་བསྟེན་པ་ 6-1-107a ནི་མཚོན་སོགས་ཀྱིས་ཉམས་པ་དེ་མོ་མ་ནིང་དུ་གྱུར་པ་ལ་གཞན་གྱིས་སྦྱོར་བ་བྱས་པ་ལ་འཇོག་དགོས་ཏེ། ཊཱི་ཀར། ཉེས་པ་སྐྱེས་པ་གཞན་གྱི་བཙལ་བ་འདོད་པ་ལ་སོགས་པ་བསྟེན་ན་དེའི་ཚེ་དགེ་སློང་གི་དངོས་པོའི་སྣོད་མ་ཡིན་པར་གྱུར་པས་ཞེས་གསུངས་ པའི་ཕྱིར་རོ་ཞེས་གསུངས་ཀྱང་བརྟག་དགོས་སོ། །ཉམས་པ་མ་ནིང་འདིས་གཞན་འཁྲིག་པ་དང་འཁྱུད་པ་སོགས་བྱེད་ཀྱང་དབང་པོ་མི་ལྡང་ཞིང་སེམས་ཆགས་པའི་ཟེ་མི་ལྡང་ན་ཟ་མ་དང་། དེ་དག་ལྡང་ན་ཟ་མ་ཡང་ཡིན་ལ་མ་ནིང་དུའང་འཇོག་ལ། འཕགས་པ་ཐོགས་མེད་ ཀྱིས། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་སོ།། སྐྱེས་པའི་དབང་པོ་མཚོན་ལ་སོགས་པས་ཆད་པར་གྱུར་ཅིང་། སྐྱེས་པའི་སྤོབས་པ་མི་འབྱུང་བ་ནི་གལ་ཏེ་ཕ་རོལ་པོ་དག་གིས་བདག་ལ་སུན་འབྱིན་པར་མི་བྱེད་ན་ནི་ཟ་མ་ཁོ་ན་ཡིན་གྱི་མ་ནིང་མ་ཡིན་ནོ། །གལ་ཏེ་སུན་འབྱིན་པར་བྱེད་ན་ནི་ ཟ་མ་དང་མ་ནིང་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །འདིའི་སྐབས་སུ་བོད་གཞན་དག་གིས་འབྲུ་མང་པོ་གཉེར་བ་ནི། གནམ་ས་བླ་འོག་ཏུ་འགྱུར་བ་བཞིན་སོང་འདུག་གོ། གཉིས་པ་ལ། རྐུ་བའི་ཐབས་སུ་གནས་པ་དང་། །མུ་སྟེགས་ཅན་གང་ཞུགས་ པ་དང་། །མཚམས་མེད་ལས་ནི་བྱས་པ་དང་། །དགེ་སློང་མ་གང་སུན་ཕྱུང་དང་། །ཕམ་པའི་ལྟུང་བ་བྱུང་བའོ། །དང་པོ་ནི། རྐུ་ཐབས་སུ་གནས་པའོ། །བསྙེན་རྫོགས་མ་བྱས་པ་དག་གིས་ལས་དེ་ཐོས་པར་བྱ་བར་མ་གནང་བས་དེས་དེ་ཐོས་ན་བརྐུས་པ་ལྟ་བུར་གྱུར་ པས་རྐུ་ཐབས་པར་གནས་ཞེས་པའོ། །གནང་བའི་ལས་གཉིས་ནི་དགེ་ཚུལ་གྱིས་ཐོས་ཀྱང་ཉེས་པ་མེད་དེ། ནང་དུ་དྲི་བའི་ཕྱིར་གསོལ་བ་དང་རྫོགས་པའི་ལས་དངོས་དང་པོ་འབོགས་པ་ལྟ་བུ་ལ་ནི་རྐུ་ཐབས་སུ་མི་འགྱུར་བའི་ཕྱིར། རྩིས་པ་ན་རེ། དགེ་ཚུལ་ཞིག་གིས་ལས་ 6-1-107b བདུན་ཐོས་ཀྱང་རྐུ་ཐབས་སུ་གནས་པར་མི་འབྱུང་བ་ཡོད་དེ། དཔེར་ན་དགེ་ཚུལ་ཞིག་དགེ་སློང་གི་སྡོམ་པ་བླངས། དེ་བསྲུང་དཀའ་བར་མཐོང་ནས་དགེ་སློང་གིས་སྡོམ་པ་དེ་ཕུལ། ཡང་དགེ་སློང་གི་སྡོམ་པ་དེ་བླངས། ཡང་སྡེ་པ་གཞན་གྱི་དགེ་འདུན་དུ་ཞུགས་འདོད་ནས་ དགེ་འདུན་ཕལ་ཆེན་པ་ལས་བླངས་པའི་སྡོམ་པ་དེ་ཕུལ་ནས། ཡོད་སྨྲའི་དགེ་འདུན་ལས་དགེ་སློང་གི་སྡོམ་པ་ལེན་པ་ལྟ་བུའོ་ཞེས་ཟེར་རོ། །འདི་ལ་ཁ་ཅིག་དེ་ལྟར་ན། ལས་བདུན་གྱི་གྲངས་ངེས་མི་དགོས་པར་ཐལ། དེ་འདྲ་རུང་ཞིང་སྲིད་ན་ལས་སྟོང་ཉམས་སུ་མྱོང་ནའང་ རྐུ་ཐབས་སུ་མི་འགྱུར་བ་སྲིད་པའི་ཕྱིར་ཏེ། རྒྱུ་མཚན་མཚུངས་པས་ཧ་ཅང་ཐལ་བ་ཡིན་ཟེར་རོ། །གང་ལྟར་ཡང་བརྟག་པར་བྱའོ། །འདིའི་བྱེད་ལས་དང་དགག་བྱ་ནི་སྤྲུལ་པ་ལ་བཤད་པ་བཞིན་ཏེ། ཁྱད་པར་རྐུ་ཐབས་ཀྱི་ལས་སྒྲིབ་འདིས་དགེ་སློང་གི་སྡོམ་པ་དང་པོར་སྐྱེ་ བའི་གེགས་བྱེད་ཀྱང་། དགེ་ཚུལ་གྱི་སྡོམ་པ་ཕྱིས་འབྱུང་བའི་སྐྱེ་འཕྲོ་གཅོད་པའི་གེགས་བྱེད་པ་མ་ཡིན་ཏེ། དཔེར་ན་དབྱེན་དང་ངན་སེམས་ཀྱིས་ཁྲག་ཕྱུང་བ་གཉིས་ལ་སྐྱེ་བའི་ཆོས་ཉིད་མེད་པར་འདྲ་ཡང་སྔར་གྱི་དེ་མ་བཏང་བར་བཤད་པའི་ཕྱིར་ཞེས་བུ་སྟོན་གསུང་ངོ་། ། བསྙེན་པར་རྫོགས་པའི་ཆོ་ག་མ་བྱས་པ་ཉིད་དམ་ཡང་ན་བྱས་ཀྱང་མཁན་པོ་ཚུལ་ཁྲིམས་འཆལ་པ་སོགས་ཀྱིས་བསྙེན་རྫོགས་མ་ཆགས་པ་ཉིད་དུ་ཤེས་ལ། ཤེས་པའི་དོན་ཀྱང་འདུ་ཤེས་མ་འཁྲུལ་བ་སྟེ་ལྟུང་བྱེད་སྐབས་ཀྱི་ཊཱི་ཀ་ལས། བདག་ཉིད་ཀྱིས་སྡོམ་པ་མ་ཆགས་པ་ ཉིད་དུ་ཤེས་ན་རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་འགྱུར་ལ། གལ་ཏེ་མ་ཤེས་ན་རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་མི་འགྱུར་ཏེ། དགེ་འདུན་ལས་རྐུ་བའི་བསམ་པའི་ཁོངས་སུ་གཏོགས་པ་མེད་པའི་ཕྱིར་ཞེས་སོ། །རྐུ་སེམས་དེ་ཡང་བསམ་པ་ཐག་པ་ནས་དགོས་ཏེ། 6-1-108a བཞད་གད་ཀྱི་དངོས་པོས་ནི་གང་དུའང་མི་འགྱུར་ཞེས་དང་། ཉམས་སུ་མྱོང་བར་འདོད་པ་ནི་སྐབས་ཀྱིས་འགྲུབ་ཅིང་རྒྱུན་མ་ཆད་པ་དགོས་ཏེ་བཏང་བ་ཡང་ངོ་ཞེས་པ་ལས་ཤེས་སོ། །འདིར་རྐུ་ཐབས་ཀྱི་ལས་མྱོང་བ་པོ་དེ་དགེ་སློང་གི་རྟགས་ཅན་ནོ་ཞེས་ དཔལ་ཤཱཀྱ་མཆོག་ལྡན་གསུང་ཡང་མི་ལེགས་ཏེ། ཅི་དགེ་སློང་གི་རྟགས་ཅན་དེ་སྣམ་སྦྱར་གོན་པ་ལ་ཟེར་རམ་གཞན་དགེ་ཚུལ་གྱི་ཆོས་གོས་གསུམ་ལ་ཟེར། དང་པོ་ལ་ངོས་འཛིན་ན་ནི་རྐུ་ཐབས་སུ་གནས་པ་སྣམ་སྦྱར་བགོས་པ་ཞེས་མདོ་རྩ་འགྲེལ་སོགས་གང་ནས་ཀྱང་མི་ འབྱུང་བའི་ཕྱིར་མི་འཐད་ལ། གཉིས་པ་ལྟར་ན་ནི་དགེ་སློང་གི་རྟགས་ཁྱད་པར་ཅན་མ་ཡིན་པར་ཐལ་ཏེ། རབ་བྱུང་གི་རྟགས་ཐུན་མོང་བ་ཡིན་པའི་ཕྱིར། དེས་ན་བུ་སྟོན་རིན་པོ་ཆེས། རབ་བྱུང་གི་རྟགས་དང་ལྡན་པས་གཞི་དེ་ལ་དེར་ཤེས་ན་ཞེས་དང་། མཚོ་སྣ་པ་ཆེན་ པོས། རབ་བྱུང་གི་ཆ་ལུགས་དང་སྤྱོད་ལམ་འདྲ་བ་ཡིན་པ་སྟེ་ཞེས་སོ། །ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་སོགས་ཀྱི་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན་རྐུ་ཐབས་སུ་གནས་པ་དེ་ཉིད་ཡིན་ནོ། །འདིར་ལན་གཉིས་ཞེས་པ་ལུང་གཞི་ལས། གསོ་ སྦྱོང་གྱི་ལས་ལན་གཉིས་གསུམ་ཉམས་སུ་མྱོང་བར་གྱུར་ན་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་ཀྱང་། ལན་གསུམ་ཞེས་པ་རྒྱུན་བརྟན་པ་ཡིན་གྱི་ལན་གཉིས་ཀྱིས་རྐུ་ཐབས་སུ་གནས་པར་འགྱུར་ཏེ། གཏམ་གྱི་གཞི་ལས། རྐུ་ཐབས་སུ་གནས་པ་རབ་ཏུ་དབྱུང་བར་ མི་བགྱི་བསྙེན་པར་རྫོགས་པར་མི་བགྱི་བའི་གཞི་དེ་ཉིད་ཀྱིས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བགྱི་བ་མཆིས་སམ། ཡོད་དེ་ལན་གཉིས་ལན་གསུམ་གསོ་སྦྱོང་གི་ལས་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་དབྱུང་བར་མི་བྱ་བསྙེན་པར་རྫོགས་པར་མི་བྱའི། ལན་ 6-1-108b གཅིག་རྐུ་ཐབས་སུ་གསོ་སྦྱོང་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་དབྱུང་བར་བྱ་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་པ་དང་ལན་གཉིས་ཀྱིས་རྐུ་ཐབས་སུ་གནས་པར་གྲུབ་སྟེ། ལན་གསུམ་ཡན་ལག་ཏུ་དགོས་ན་ལན་གཉིས་ཉམས་སུ་མྱོང་བ་ནི་རབ་ཏུ་དབྱུང་བར་ བྱ་ཞེས་གསུང་བར་རིགས་པ་ལས། ལན་གཅིག་རབ་ཏུ་དབྱུང་བ་ཉམས་སུ་མྱོང་བ་ནི་རབ་ཏུ་དབྱུང་བར་བྱ་ཞེས་གསུངས་པས་ཤེས་སོ། །ལན་གཉིས་ལ་བྱང་སེང་ན་རེ། ལས་སྐོར་གཉིས་ཡིན་གྱི་ལས་ཀྱི་ངོ་བོ་གཉིས་ནི་མིན་ཏེ། གསོ་སྦྱོང་ལན་གཅིག་མྱོང་བ་རབ་ཏུ་དབྱུང་ དུ་རུང་བར་གསུངས་ལ་གསོ་སྦྱོང་ལན་གཅིག་ལ་ཡང་ལས་ཀྱི་ངོ་བོ་དུ་མ་ཡོད་པའི་ཕྱིར་ཞེས་ཟེར་རོ། །འདིར་ལས་ནི་ལུང་གཞི་ལས། གསོ་སྦྱོང་གི་ལས་ཉམས་སུ་མྱོང་ན་ཞེས་གསུངས་ཀྱང་། དེས་ནི་དགེ་འདུན་དང་འབྲེལ་བའི་ལས་ཐམས་ཅད་ཀྱང་མཚོན་པ་ཙམ་སྟེ། ཞུ་བ་ལས། བསྙེན་པར་མ་རྫོགས་པར་དགེ་འདུན་གྱི་ལས་གསོ་སྦྱོང་ངམ་དགག་དབྱེའམ། གང་ཟག་བཅུ་གཉིས་བསྐོ་བ་དག་ཉམས་སུ་མྱོང་བར་གྱུར་ན་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་སོ། །དེས་ན་ལུང་འདིས་ཀྱང་ལས་སྔ་ཕྱི་གཉིས་རིས་མཐུན་དགོས་པ་མ་ ཡིན་ནོ། །ཊཱི་ཀ་ལས། དགེ་འདུན་ལ་རག་ལས་པ་དཔེར་ན་རབ་ཏུ་དབྱུང་བ་ཞུ་བ་ལ་སོགས་པ་གང་ཡིན་པ་དེ་ཉམས་སུ་མྱོང་བར་གྱུར་ན་ཡང་རྐུ་ཐབས་སུ་གནས་པ་ཉིད་ཡིན་ཅེས་པ་དང་། ཊཱི་ཀར། གཞན་འདོད་བཀོད་པ་ལས། ཇི་སྐད་དུ། ལ་ལ་ནི་འདི་སྐད་ཅེས་ལས་ཉམས་ སུ་མྱོང་བས་རྐུ་ཐབས་སུ་གནས་པ་ཉིད་ཡིན་གྱི་འཕྲལ་གྱི་བྱ་བ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་ཟེར་རོ་ཞེས་སོ། །བོད་ཀྱི་བླ་མ་ཁ་ཅིག །ཊཱི་ཀའི་རང་ལུགས་འདི་མི་འཐད་དེ་ལུང་ལས་དངོས་སུ་མ་གསུངས་ལ། མདོར་བསྡུས་སྦྱར་ན་ཡང་མི་རིགས་ཏེ། མདོར་བསྡུས་ནི་ 6-1-109a རྒྱུ་མཚན་འདྲ་བ་ལས་སྦྱོར་བ་ཡིན་ལ། དགེ་འདུན་གྱི་ལས་དང་རབ་བྱུང་ཞུ་བའི་སྔགས་སོགས་རྒྱུ་མཚན་མི་མཚུངས་པའི་ཕྱིར་ཟེར་རོ། །རིགས་པས་བརྟགས་ན། འདྲ་འདྲ་ཞིག་སྣང་ཡང་འདུལ་བ་འདི་ལ་རིགས་པ་ལས་གཞུང་གཙོ་ཆེ་སྟེ། ཊཱི་ཀ་དང་ མཐུན་པར་ཉིད་ཀྱི་རྣམ་བཤད་ལས། གལ་ཏེ་དེ་ལྟར་ཡིན་ན་རབ་ཏུ་དབྱུང་བ་ཞུ་བ་དང་། དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་། གསངས་ཏེ་སྟོན་པ་དང་། ཡོངས་སུ་དག་པ་བསྡུ་བ་དང་། སྤོ་བ་ལ་སོགས་པ་ཞུ་བ་དང་། རྗེས་སུ་ཐོས་པ་རྣམས་ཀྱང་སོ་སོར་ཉམས་སུ་མྱོང་ བ་ན་རྐུ་ཐབས་སུ་གནས་པ་ཉིད་རྣམ་པར་གནས་པ་ཡིན་ཅེས་སོ། །དེ་དང་མཐུན་པར་འགྲེལ་ཆུང་ལས་ཀྱང་འབྱུང་བས་ཊཱི་ཀའི་རང་ལུགས་འདི་ལུགས་བཙན་པ་ཡིན་ནོ། །གཉིས་པ་ནི། མུ་སྟེགས་ཅན་ཞུགས་པའོ། །འདིར་རང་གི་ངོ་བོ་ནི་ལྟ་བ་མུ་སྟེགས་ཅན་ཡིན་ལ། ཞུགས་པ་ནི་སངས་རྒྱས་ཀྱི་བསྟན་པ་ལ་བརྟེན་ནས་རབ་ཏུ་བྱུང་བར་ཞུགས་པའོ། །འདིའི་མུ་སྟེགས་ཅན་ཞུགས་པ་ལ་ཡན་ལག་དྲུག་ཚང་བ་སྐྱ་རེངས་དང་པོ་ཤར་བའི་མཐའ་ཅན་དང་། ཡན་ལག་གསུམ་ཚང་བའི་ལས་ཉམས་སུ་མྱོང་བའི་མཐའ་ཅན་དང་གཉིས་ཡོད་པ་ལས། ། དང་པོ་ནི། ལྟ་བ་མུ་སྟེགས་ཅན་གང་གིས་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ཞེས་པ། གཞི་འགྲེལ་ལས། མུ་སྟེགས་ཅན་གང་གིས་རབ་ཏུ་དབྱུང་བ་འདི་ཡང་དག་པར་བླངས་པ་ཞེས་སོ། །ལྟ་བ་དེ་དང་ལྡན་པ་ཞེས་པ། ཊཱི་ཀ་ལས། མུ་སྟེགས་ཅན་དེ་དག་གིས་ ལྟ་བ་དེ་ལ་ཡོད་པས་ལྟ་བ་དེ་དང་ལྡན་པ་དེ་ཞེས་སོ། །ཆོས་གོས་འདི་བོར་ཏེ་ཞེས་པ། ཊཱི་ཀར། དེ་བཞིན་གཤེགས་པའི་དགེ་སློང་གི་ཆ་ལུགས་འདི་བོར་ཏེའོ་ཞེས་སོ། །རྒྱལ་མཚན་དེས་ཞེས་པ་ནི་ཊཱི་ཀར། མུ་སྟེགས་ཅན་གྱི་རྒྱལ་མཚན་གྱིས་ཞེས་སོ། །འདིར་ཆོས་ 6-1-109b གོས་བོར་ཏེ་རྒྱལ་མཚན་དེས་སྨོས་ལ་ལྟ་བ་དེ་བོར་ཏེ་མུ་སྟེགས་ཀྱི་ལྟ་བ་དེས་ཞེས་མི་འབྱུང་བ་ནི། དང་པོ་ཉིད་ནས་མུ་སྟེགས་ཀྱི་ལྟ་བ་དང་ལྡན་ན་ནང་པ་སངས་རྒྱས་པའི་ལྟ་བ་དང་པོ་ནས་མེད་པའི་ཕྱིར་དང་། གོས་ལ་ནང་པ་དང་ཕྱི་པ་གཉིས་ཀའི་གོས་དུས་གཅིག་ཏུ་གོན་བཏུབ་ ཀྱང་ལྟ་བ་ལ་མུ་སྟེགས་པའི་ལྟ་བ་དང་ལྡན་ན་ཆོས་འདི་པའི་ལྟ་བ་མེད་པར་གྲུབ་སྟེ། དཔལ་ཆོས་ཀྱི་གྲགས་པས། རྟོག་གཉིས་གཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་བཤད་པ་བཞིན་ནོ། །དེར་ ཞེས་པ། ཊཱི་ཀར། མུ་སྟེགས་ཅན་གྱི་འདུག་གནས་སུའོ། །སྐྱ་རེངས་ཤར་ན་ཞེས་སྨོས་པ་དང་། ལུང་གཞིར། དེར་སྐྱ་རེངས་འཆར་བར་བྱེད་ན་མུ་སྟེགས་ཅན་ཞུགས་པ་བསྙིལ་བར་བྱ་བ་ཡིན་ནོ་ཞེས་སོ། །ཊཱི་ཀར། སྐྱ་རེངས་དང་པོ་འཆར་བའི་ཞེས་འབྱུང་བས་སྐྱ་རེངས་ འཆར་བ་དང་ཤར་བ་ཐ་དད་པས་གང་བཙན་ཞེ་ན་སྐྱ་རེངས་ཤར་བ་དེ་བཙན་ཏེ། འཆར་བས་ཤར་བ་མཚོན་པ་ཡིན་པའི་ཕྱིར་རོ། །དེས་ན་ཡན་ལག་དྲུག་ལྡན་དེ་མུ་སྟེགས་ཅན་ཞུགས་པ་ཉིད་ཡིན་ནོ། །གཉིས་པ་ནི། ཆ་ལུགས་བོར་བ་དང་མུ་སྟེགས་ཀྱི་རྒྱལ་མཚན་དང་བཅས་ པ་དང་གནས་དེར་འདུག་པ་དང་གནས་དེ་ཉིད་དུ་སྐྱ་རེངས་ཤར་བ་དང་བཞི་པོ་དེ་མ་བྱས་པ་ཡང་ཞེས་པའི་ཡང་ནི། ཊཱི་ཀར། ཡང་ཞེས་བྱ་བ་ནི་མ་བྱས་སུ་ཟིན་ཀྱང་མུ་སྟེགས་ཅན་ཞུགས་པ་ཉིད་ཡིན་པར་འགྱུར་བའོ་ཞེས་སོ། །འདིར་མུ་སྟེགས་ཅན་ཞུགས་པར་འཇོག་བྱེད་ ལ་རབ་ཏུ་བྱུང་བ་ཡང་དག་པར་བླངས་པ་དང་། མུ་སྟེགས་ཀྱི་ལྟ་བ་དེ་དང་ལྡན་པ་གཉིས་ཀྱི་སྟེང་དུ་དགེ་འདུན་གྱི་ལས་ལན་གཉིས་རྐུ་ཐབས་སུ་མྱོང་བ་དང་བཅས་པའི་ཡན་ལག་གསུམ་ཚང་ན་མུ་སྟེགས་ཅན་ཞུགས་པར་འཇོག་སྟེ། དཔེར་ན་རྐུ་ཐབས་ཅན་དང་འདྲའོ། ། 6-1-110a འདིའི་མུ་སྟེགས་ཅན་ཞུགས་པ་དང་རྐུ་ཐབས་པ་འདྲ་མཚུངས་སུ་སྦྱར་བ་ནི་མ་རྫོགས་པར་ལས་ཉམས་སུ་མྱོང་བའི་ཆ་ནས་ཡིན་ལ། རྐུ་ཐབས་སུ་གནས་པ་ལ་ནི་མུ་སྟེགས་ཅན་ཞུགས་པའི་ཡན་ལག་སྔ་མ་གཉིས་ཚང་མི་དགོས་པ་ཁྱད་པར་ཡིན་ནོ། ། གསུམ་པ་ལ་དངོས་དང་། འཕྲོས་དོན་ནོ། །དང་པོ་ནི། མ་བསད་པ་དང་ཞེས་མཚམས་མེད་འདིའི་མཚན་ཉིད་ནི། གསོད་བྱེད་རང་གི་ལུས་བསྐྱེད་པའི་ཟླ་མཚན་གང་ནས་འབྱུང་བའི་མི་བསད་པའི་སྡིག་པ་ལས་སྒྲིབ་ཀྱི་ངོ་བོ་ཡོངས་སུ་རྫོགས་པའོ། །འདི་ལ་གཞི་ བསམ་སྦྱོར་བ་མཐར་ཐུག་བཞིའོ། །གང་བསད་པའི་ཡུལ་ནི། གསོད་བྱེད་རང་གི་ལུས་བསྐྱེད་པའི་ཟླ་མཚན་གང་ལས་བྱུང་བའི་མི་ཡིན་པ་སྟེ། མཛོད་ལས། གང་གི་ཟླ་མཚན་ལས་བྱུང་མ། །ཞེས་སོ། །གང་གིས་གསོད་པའི་རྟེན་ནི། ཟ་མ་དང་མ་ནིང་ལས་གཞན་ པའི་མི་གང་ཞིག་ཤེས་པ་རང་བཞིན་དུ་གནས་པ་སྟེ། མཛོད་ལས། ཟ་མ་སོགས་ལ་མི་འདོད་དོ་ཞེས་བཤད་དོ། །བསམ་པ་ནི་འདུ་ཤེས་གཞི་དེ་དག་ལ་མ་འཁྲུལ་ཞིང་ཀུན་སློང་རང་གིས་མ་གསོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་རང་ གི་མ་གསོད་པར་ཞུགས་པའོ། །མཐར་ཐུག་ནི་མའི་སྲོག་གི་དབང་པོ་འགགས་པའོ། །ཕ་བསད་པ་དང་ཞེས་མཚམས་མེད་འདིའི་མཚན་ཉིད་ནི། གསོད་བྱེད་རང་གི་ལུས་བསྐྱེད་པའི་ཁུ་བ་གང་ལས་བྱུང་བའི་མི་བསད་པའི་སྡིག་པའི་ལས་སྒྲིབ་ཡོངས་སུ་རྫོགས་ པའོ། །དེ་ཡང་ཕྲན་ཚེགས་འགྲེལ་པ་ལས། ཕ་ནི་མངལ་འཛིན་པའི་ཚེ་ཕའི་ཁུ་བ་ལས་དེའི་ལུས་གྲུབ་པ་ཡིན་ཅེས་སོ། །གཞི་དང་བསམ་སྦྱོར་མཐར་ཐུག་ནི་མ་བསད་པ་བཞིན་འདོན་པ་བསྒྱུར་ཏེ་འཆད་དོ། །དགྲ་བཅོམ་པ་བསད་པ་དང་། ཞེས་མཚམས་མེད་ 6-1-110b འདིའི་མཚན་ཉིད་ནི། དགྲ་བཅོམ་པ་འབྲས་གནས་བཀྲོངས་པ་མཐར་ཐུག་གི་སྡིག་པའི་ལས་སྒྲིབ་ངོ་བོ་ཡོངས་སུ་རྫོགས་པའོ། །དེ་ལ་གཞི་བསམ་སྦྱོར་བ་མཐར་ཐུག་སྟེ་བཞི་ལས། དང་པོ་ལ་གཉིས་ཀྱི། གང་གསོད་པའི་ཡུལ་ནི་སྦྱོར་བའི་དུས་ན་དགྲ་བཅོམ་པ་ ཡིན་དགོས་ཏེ། མཛོད་ལས། མཚོན་བསྣུན་འོག་ཏུ་དགྲ་བཅོམ་ཐོབ་པ་ཤི་བ་ལ་མཚམས་མེད་མིན། །ཅེས་སོ། །འོ་ན་གནས་སྐབས་གཞན་ཐོབ་པ་ནི་ཞེས་པའི་ཊཱི་ཀར། དགྲ་བཅོམ་པ་མ་ཡིན་པའི་གནས་སྐབས་སུ་གསོད་པའི་སྦྱོར་བ་བྱས་ན། དེས་དགྲ་བཅོམ་པ་ཐོབ་ པ་ན་གསོད་པར་བྱེད་ན་དེ་ལ་ཕམ་པ་དང་མཚམས་མེད་གཉིས་ཀར་འབྱུང་ཞེས་པ་དང་འགལ་སྙམ་ན། སྔར་ཁད་རིང་བའི་སྦྱོར་བ་བྱས་ནས་གཟོད་དགྲ་བཅོམ་གསོད་པ་ལ་དགོངས་པའོ། །གཉིས་པ་གསོད་པའི་རྟེན་དང་། བསམ་སྦྱོར་མཐར་ཐུག་རྣམས་ཀྱང་མ་ བསད་པའི་སྐབས་དང་འདྲ་བར་སྦྱར་རོ། །དགེ་འདུན་གྱི་དབྱེན་བྱས་པ་དང་ཞེས་པ། མཚམས་མེད་འདིའི་མཚན་ཉིད་ནི། འཁོར་ལོའི་དབྱེན་བྱས་པའི་སྡིག་པའི་ལས་ཀྱི་སྒྲིབ་པ་ཡོངས་སུ་རྫོགས་པའོ། །འདི་ལ་གཞི་བསམ་སྦྱོར་བ་མཐར་ཐུག་བཞིའི་དང་པོ་ལ་ ལྔ་ལས། གང་དུ་དབྱེ་བའི་གནས་ནི་འཛམ་བུའི་གླིང་ཡིན་པ་དང་། མཚམས་གཅིག་གི་ནང་ཡིན་པ་དང་། སྟོན་པ་མངོན་སུམ་དུ་བཞུགས་པ་ལས་གཞན་ཡིན་པ་སྟེ། མཛོད་ལས། འཛམ་བུའི་གླིང་ནའོ་ཞེས་དང་། དེར་མཚམས་མ་བཅད་པ་དག་ཏུ་ཡང་། འཁོར་ ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་དང་། དེར་གཞན་དུའོ། ཞེས་སོ། །རིགས་པས་ཀྱང་འགྲུབ་སྟེ། གླིང་གཞན་ན་འགྲན་ཟླ་སྟོན་པ་མེད་པའི་ཕྱིར་དང་། མཚམས་ཐ་དད་ཡིན་ན་མཚམས་ཀྱི་སྒོ་ནས་རྟག་ཏུ་བྱེ་ཟིན་པའི་ཕྱིར་དང་། སྟོན་པ་མངོན་སུམ་དུ་བཞུགས་ 6-1-111a པ་ཉིད་དུ་ནི་སྟོན་པའི་གཟི་བརྗིད་ཀྱིས་དགེ་འདུན་བྱེ་བ་མི་སྲིད་པའི་ཕྱིར་རོ། །གཉིས་པ་གང་དག་དབྱེ་བའི་ཡུལ་ནི། སོ་སོ་སྐྱེ་བོའི་དགེ་འདུན་ཡིན་པ་དང་། ཕན་ཚུན་བཞི་བཞི་སྟེ་བརྒྱད་ཡན་ཆད་ཀྱི་གྲངས་ཚང་བ་དང་། ལས་ཀྱི་ཁ་སྐོང་བར་འོས་པ་ སྟེ། མཛོད་ལས། བྱིས་པ་རྣམས་ཞེས་དང་། དེར་འཛམ་བུའི་གླིང་ནའོ་དགུ་སོགས་ཀྱིས་ཞེས་དབྱེ་ན་བྱེད་པ་པོ་དང་དགུར་གསུངས་པས་དབྱེ་ན་བྱ་བའི་ཡུལ་བརྒྱད་ཡིན་པར་བསྟན་པ་དང་། དབྱེན་རྗེས་སུ་སྒྲུབ་པ་ནི་ཡུལ་དང་རྟེན་ཁ་སྐོང་བར་མི་འོས་པས་དབྱེན་མི་ཆགས་ ཏེ། གསོལ་བའི་ལས་དང་འདྲའོ། །རིགས་པས་ཀྱང་དེ་ལྟར་འགྲུབ་སྟེ། འཕགས་པ་ཡིན་ན་ཆོས་མ་ཡིན་པ་ལ་ཆོས་ཡིན་སྙམ་དུ་ལྟ་བ་ཕྱིན་ཅི་ལོག་མི་སྐྱེ་བའི་ཕྱིར་དང་། བརྒྱད་མ་ཚང་ན་ཕན་ཚུན་གཉིས་ཀ་དགེ་འདུན་དུ་མི་ལོངས་པའི་ཕྱིར་དང་། ལས་ཀྱི་ཁ་སྐོང་བར་ མི་འོས་ན་ལས་མི་ཆགས་པ་དང་མཚུངས་པའི་ཕྱིར་རོ། །གསུམ་པ་གང་གི་ཚེ་འབྱེད་པའི་དུས་ནི། བསྟན་པ་ལ་སྐྱོན་བྱུང་བའི་དུས་ཡིན་པ་དང་། མཆོག་ཟུང་གཅིག་བསྐོས་པའི་དུས་ཡིན་པ་དང་། སྟོན་པ་མྱ་ངན་ལས་འདའ་ཁའམ་འདས་ཟིན་མིན་པ་སྟེ། མཛོད་ ལས། དང་པོ་མཐའ་སྐྱོན་ཟུང་གཅིག་གི། སྔ་རོལ་ཐུབ་པ་ནོངས་པ་དང་། །ཞེས་སོ། །རིགས་པས་ཀྱང་འཐད་དེ། བསྟན་པ་ལ་སྐྱོན་བྱུང་བའི་སྔ་རོལ་དུ་དགེ་འདུན་བྱེ་བ་མི་སྲིད་པའི་ཕྱིར་དང་། མཛོད་འགྲེལ་ལས། ཉན་ཐོས་མཆོག་ཟུང་གཅིག་དེས་ཕྱིར་སྡུམ་ བྱེད་པའི་ཕྱིར་དང་། སྟོན་པ་མྱ་ངན་ལས་འདའ་ཀའི་ཚེ་ན་དགེ་འདུན་ཤ་གཅིག་པ་ཡིན་པའི་ཕྱིར་དང་། སྟོན་པ་མྱ་ངན་ལས་འདས་ན་འགྲན་ཟླ་སྟོན་པ་གཞན་མེད་པའི་ཕྱིར་རོ་ཞེས་བཤད་དོ། །བཞི་པ་གང་གིས་འབྱེད་པའི་རྟེན་ནི། ལས་ཀྱི་ཁ་སྐོང་བར་འོས་པ་སྟེ། རྩ་བར། དགེ་ 6-1-111b འདུན་གྱི་དབྱེན་ལ་ཡང་འོས་པ་མ་ཡིན་པས། ཞེས་པ་དང་། མཛོད་ལས། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ། །ཞེས་སོ། །ལྔ་པ་གང་ལས་དབྱེ་བའི་དོན་ནི། ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་སྟེ། ཆོས་མ་ཡིན་པ་ལས་ཆོས་ཀྱི་ཕྱོགས་སུ་བསྡུམ་ན་ནི་ལུང་ གཞི་ལས། དགེ་འདུན་བྱེ་བ་སླར་སྡུམ་བྱེད་ན་བསོད་ནམས་མང་པོ་ཚད་མེད་ཅིང་གྲངས་མེད་དུ་བསྐྱེད་པར་འགྱུར་རོ། །ཞེས་གསུངས་སོ། །བསམ་པའི་ཡན་ལག་ནི། འདུ་ཤེས་བཞིའི་ཡན་ལག་ཆོས་དང་ཆོས་མིན་ཕྱོགས་ལས་དེ་དག་མ་འཁྲུལ་བ་དང་། ཀུན་སློང་བསམ་ པ་ཐག་པ་ནས་དགེ་འདུན་འབྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ལུས་ངག་གིས་དགེ་འདུན་འབྱེད་པར་ཞུགས་པའོ། །མཐར་ཐུག་ནི་ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་བྱེད་པ་སྟེ། མཛོད་ལས། སྟོན་དང་ལམ་གཞན་ལ་བཟོད་པ། །ཕྱེ་བའོ། །ཞེས་གསུངས་ སོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་ཞེས་པ་འདིའི་མཚམས་མེད་ཀྱི་མཚན་ཉིད་ནི། ལས་སྒྲིབ་ཡོངས་སུ་རྫོགས་པ་གང་ཞིག་རྫོགས་པའི་སངས་རྒྱས་ལ་གསོད་སེམས་ཀྱི་སྐུ་མཚལ་ཕྱུང་བ་ལས་གྱུར་པའོ། །མཛོད་ལས། སངས་རྒྱས་ བརྡེག་པར་སེམས་ལས་མིན། །ཞེས་སོ། །མཚམས་མེད་བྱས་པ་འདི་དག་གི་བྱེད་ལས་དང་དགག་བྱ་ནི་རྐུ་ཐབས་སུ་གནས་པ་ལ་སྔར་བཤད་པ་བཞིན་ནོ། །མཚམས་མེད་ཀྱིས་མཚོན་པའི་ཉེ་བའི་མཚམས་མེད་ལྔ་ནི། མཛོད་ལས། མ་དགྲ་བཅོམ་མ་སུན་བྱས་ དང་། །བྱང་ཆུབ་བྱང་སེམས་སོ་སྐྱེ་བསྐལ་པ་བརྒྱ་ན་སངས་རྒྱས་འཐོབ་པའོ། །སེམས་དཔའ་ངེས་གནས་དང་། །སློབ་པ་བསད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །སློབ་དཔོན་དབྱིག་བཤེས་ན་རེ། ནར་མར་དགེ་འདུན་འདུ་བའི་སྒོ་འཕྲོག་པའི་ཡིན་ཟེར། སློབ་དཔོན་དབྱིག་གཉེན་གྱིས་དགེ་སློང་གི་ཞལ་དུ་འདུ་བའི་སྒོ་འཕྲོག་པའོ་ཞེས་ 6-1-112a པ་ནར་མ་གཅིག་གི་འཚོ་བ་འཕྲོག་པ་ཙམ་ལ་ཟེར་རོ། །མཚམས་མེད་པ་དང་ཆ་འདྲ་བ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཅེས་སོ། །འཕགས་པ་ཐོགས་མེད་ནི། ཉེ་བའི་མཚམས་མེད་ལ་ལྔའི་གྲངས་ངེས་མི་བཞེད་དེ། སའི་དངོས་གཞི་ལས། དགྲ་བཅོམ་མ འམ་མ་ཉིད་སུན་བྱས་དང་། །སྲིད་མཐའི་སེམས་དཔའ་ཆེ་ལ་མཚོན་བསྣུན་དང་། །ལྷ་ཡི་རྒྱ་གར་གྱི་མཆན་ཡིག་ལས་འཇིག་རྟེན་པའི་ལྷ་རྟེན་བཙུགས་པ་ལ་ཟེར། གནས་སམ་ལམ་གྱི་བཞི་མདོར་ནི། །དུད་འགྲོ་མུ་སྟེགས་བྱེད་ན་རེ། ལམ་བཞི་མདོར་སྲོག་ཆགས་བསད་ནས་མཆོད་སྦྱིན་བྱས་ན་ལྷར་སྐྱེ་ཟེར་བ་རྒྱ་གར་ གྱི་མཆན་ཡིག་འདིར་རང་མཆན་དུ་བྱས་སོ། །མང་པོ་གསོད་དང་མཛའ་བཤེས་བསླུ། །སྡུག་ཅིང་མགོན་མེད་སྐྱབས་སུ་འོངས་རྣམས་ལ། །བསླུ་ཞིང་གནོད་པར་བྱེད་དང་དགེ་འདུན་གྱི། །འདུ་བའི་སྒོ་འཕྲོག་པ་དང་མཆོད་རྟེན་འཇིག །དེ་རྣམས་མཚམས་མེད་པ་དང་ཆ་མཐུན་ཡིན། ། ཞེས་གསུངས་སོ། །གཞན་ཡང་དེ་ལྟ་བུ་དང་མཐུན་པའི་ལས་རྣམས་ཀྱང་ཡིན་ནོ། །དགེ་སློང་མ་དགྲ་བཅོམ་མ་སུན་ཕྱུང་བ་ལ་སྡོམ་པ་མི་སྐྱེ་བར་ནི་འདུལ་བ་ལས་དངོས་སུ་གསུངས་ཀྱང་། ཉེ་བའི་མཚམས་མེད་གཞན་རྣམས་ནི་མཚམས་མེད་དང་སྡིག་པ་ཆ་འདྲ་བར་བཤད་ཀྱི། མངོན་པ་དང་འདུལ་བ་ལས་སྡོམ་པ་མི་སྐྱེ་བར་དངོས་སུ་གསུངས་པ་ནི་མི་སྣང་། མདོ་སྡེ་སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། མཚམས་མེད་པ་དང་ཉེ་བའི་མཚམས་མེད་པ་བྱས་ན་ཡང་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་མི་གནང་སྟེ་ཞེས་སོ། །ལུགས་ཕྱི་མ་འདི་ དགོངས་པ་ཅན་དུ་འཆད་པར་སྣང་ཡང་བརྟག་དགོས་སོ། །གཉིས་པ་ནི། མ་བསད་པ་དང་ཞེས་པའི་ཊཱི་ཀར། མ་ལ་བསད་པའམ་མའི་བསད་པ་ནི་ཞེས་པ་བྱེ་སྨྲ་སྲོག་གི་དབང་པོ་ལྡན་མིན་འདུ་བྱེད་དུ་འདོད་པས་མ་ལ་ཡོད་པའི་སྲོག་གི་སྙིང་པོ་བཅད་པ་དང་། མ་ལ་དབང་ 6-1-112b བའི་སྲོག་གི་དབང་པོ་བཅད་པ་སྟེ། སྔ་མ་ནི་རྒྱན་གྱི་ཚུལ་དུ་ཡོད་པ་བཅད་པ་དང་། ཕྱི་མ་ནི་བདག་པོའི་ཚུལ་དུ་ཡོད་པ་བཅད་པའོ། །དགྲ་བཅོམ་པ་བསད་པ་ནི་མི་དང་ལྷའི་དགྲ་བཅོམ་པ་གང་བསད་ཀྱང་མཚམས་མེད་ཡིན་ཏེ། མཚམས་མེད་དུ་འཇོག་པ་ཡོན་ཏན་གྱི་ཆ་ ནས་བསད་ན་ཡིན་གྱི། སྐྱེ་གནས་ཀྱི་ཆ་ནས་མ་ཡིན་པའི་ཕྱིར་རོ། །འོ་ན་རང་སངས་རྒྱས་བསད་ན་ཅིར་འགྱུར་ཞེ་ན་མཚམས་མེད་པར་འགྱུར་ཏེ། ཉན་ཐོས་དགྲ་བཅོམ་བསད་ཀྱང་མཚམས་མེད་འབྱུང་ན་དེ་བས་ཀྱང་སྡིག་ཆེ་བ་རང་རྒྱལ་བསད་ན་ལྟ་ཅི་སྨོས་ཏེ། གཅིག་ལས་ འཕྲོས་པ་ལས་སྲོག་གཅོད་པའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་རང་སངས་རྒྱས་འཚོ་བ་དང་ཕྲལ་བ་གཅིག་པུ་ཉེས་པ་ཆེའོ་ཞེས་གསུངས་པ་དང་། རང་རྒྱལ་ཀྱང་དགྲ་བཅོམ་གྱི་བྱེ་བྲག་ཡིན་ཏེ། རང་ས་ལས། རང་བྱང་ཆུབ་ཏུ་སངས་རྒྱས་ཏེ་དགྲ་བཅོམ་ཉིད་མངོན་སུམ་ དུ་བྱེད་དོ་ཞེས་གསུངས་ལ། ས་སྙིང་འཁོར་ལོ་བཅུ་པ་རྒྱ་ནག་འགྱུར་ལས། རང་རྒྱལ་བསད་པ་ཉེ་བའི་མཚམས་མེད་དུ་བཤད་པ་ཡི་གེ་ཉམས་པའོ། །དགེ་འདུན་གྱི་དབྱེན་ནི། བྱེ་སྨྲ་མི་འཕྲོད་པ་ལྡན་མིན་འདུ་བྱེད་ཀྱི་རྫས་ཡིན་ཏེ། མཛོད་ལས། དགེ་འདུན་དབྱེན་ནི་མི་ འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཞེས་བཤད་པས། ཤིང་གཉིས་ཀྱི་བར་དུ་ཁྱེའུ་བཅུག་པ་ལྟ་བུ་དགེ་འདུན་ཐུགས་རྩེ་མི་འཕྲོད་པའི་རྫས་སོ། །དེ་ལྟར་ན་དགེ་འདུན་གྱི་དབྱེན་ལུང་མ་བསྟན་དང་དབྱེན་བྱས་པའི་སྡིག་པ་ནི་མཚམས་མེད་ཡིན་ནོ། ། བཞི་པ་ནི། དགེ་སློང་མ་སུན་ཕྱུང་བ་དང་རྣམ་པར་དག་པའི་དགེ་སློང་མ་ལ་མི་ཚངས་པ་སྤྱོད་པ་བསྟན་པ་ལས་བར་ཆད་དུ་གྱུར་པའོ། །ལྔ་པ་ནི། ཕམ་པར་འགྱུར་བའི་ལྟུང་བ་བཞི་ལས་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ་ཞེས་སོ། །འདིར་ཞེས་སོ་ཞེས་པ་གོང་གི་ 6-1-113a སྤྲུལ་པ་ནས་འདིའི་བར་བཀོལ་བ་མིང་ཅན་བཅུ་གཅིག་བསྟན་ཟིན་ཏོ། །ཊཱི་ཀར། གང་ཡང་རུང་བ་ཞིག་ཅེས་སྨོས་པས་ནི་གཅིག་ཀྱང་སྐྱེ་བའི་ཆོས་ཉིད་མེད་པ་ཡིན་ནོ་ཞེས་སོ། །འདིའི་བར་ཆད་དངོས་ནི། ཕམ་པ་འཆབ་བཅས་བྱེད་པ་མ་ཉམས་པར་ རྒྱུད་ལ་ལྡན་པའོ། །ཐུན་མོང་མ་ཡིན་པའི་ཕམ་པ་འཆབ་བཅས་བྱུང་ནས་བྱེད་པ་ཉམས་ཏེ་མཚན་གྱུར་ན་སྡོམ་པ་སྐྱེ་བའི་བར་ཆད་བྱེད་པ་མིན་ནོ། །འཆབ་མེད་ཀྱི་ཕམ་པ་རྒྱུད་ལྡན་སྡོམ་པ་བླངས་ན་སྐྱེ་སྟེ། ཞུ་བ་ལས། བསླབ་པ་བསྩལ་བས་བསླབ་པ་ཕུལ་ཏེ་བསྙེན་ པར་རྫོགས་པ་བགྱིས་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ་ཞེས་གསུངས་སོ། །འདིས་དགེ་ཚུལ་ལའང་མཚོན་ཏེ། འོད་ལྡན་ལས། མི་བསད་ལ་སོགས་བཞི་ རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་གྱུར་དང་། །དགེ་སློང་བཞིན་དུ་དགེ་ཚུལ་ཀྱང་། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་གསུངས་སོ། །འདིར་སྨྲས་པ། མཁྱེན་བཟང་ཡིད་བཞིན་དབང་པོའི་མཛེས་སྐུ་ལ། །ཆོས་འདུལ་བདེ་སོགས་དགའ་བའི་གཞུ་ རིས་ཀྱིས། །མངོན་པར་མཐོ་བའི་ཡ་མཚན་བཟང་པོ་དེ། །སྐལ་བཟང་མིག་གི་བདུད་རྩིར་ནམ་ཞིག་འགྱུར། །ཞེས་སོ།། །།༈ བཞི་པ་ལ། བྱ་བ་ཉམས་པའི་བར་ཆད་བསྟན། །མཛེས་པའི་བར་ཆད་རྒྱས་པར་བཤད། །དང་པོ་ལ། དཀའ་གནས་དཔྱད་དང་ གཞུང་དོན་བཤད། །དང་པོ་ནི། ཞུ་བ་ལས། རྒྱུ་ལས་བཟློག་པ་ཁས་མི་ལེན་པ་གནས་ནས་ཕྱུང་པ་ལ་ཡང་མི་སྐྱེའོ་ཞེས་པ་དང་། སྐབས་འདིའི་ཊཱི་ཀར། ད་ནི་སྐྱེ་བའི་ཆོས་ཉིད་ཀྱིས་རབ་ཏུ་དབྱུང་བར་མི་འོས་པ་དག་གི་མཚན་ཉིད་བསྟན་པའི་ཕྱིར་ཞེས་བཤད་ཅིང་། 6-1-113b བསྙེན་པར་རྫོགས་ནས་བཟོད་པ་གསོལ་ཟིན་པ་ཡིན་ནོ་ཞེས་གསུངས་ཏེ་བསྙེན་པར་རྫོགས་ན་ཞེས་སྡོམ་པ་སྐྱེ་བར་བཤད་པ་དང་འགལ་ལོ་ཞེ་ན། འདི་ལ་འགལ་བ་སྤང་བར་འདོད་ནས། ཉང་མཚམས་པ་རིན་ཆེན་བླ་མ་ན་རེ། ནན་ཏུར་བྱས་པ་བབས་ནས་སྡོམ་པ་ལེན་ པ་སྐྱེ་བ་གཞིའི་སྐབས་འདིར་བཤད་པ་ནི་རྟེན་སྐྱེས་པའི་དབང་དུ་བྱས་པ་ཡིན་ལ། སྡོམ་པ་མི་སྐྱེ་བར་ཞུ་བའི་སྐབས་ནས་བཤད་པ་ནི། དགེ་སློང་མའམ་དགེ་ཚུལ་མ་ནན་ཏུར་བྱས་པ་བབས་ནས་སྡོམ་པ་ལེན་ན་བུད་མེད་ལ་སྔོན་རབ་ཏུ་བྱུང་བའི་བར་ཆད་ཡོད་པས་སྡོམ་པ་ མི་སྐྱེ་བ་ལ་དགོངས་པ་ཡིན་ཟེར། མི་རིགས་ཏེ། གཞིའི་སྐབས་དང་ཞུ་བའི་སྐབས་གཉིས་ཀྱི་སྐྱེ་མི་སྐྱེ་སོ་སོར་བཤད་པ་གཉིས་ཀ་ཡང་སྐྱེས་པ་དང་བུད་མེད་སོ་སོར་མ་ཕྱེ་བ་ཐུན་མོང་གི་གཞུང་སྐབས་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་ གནས་ནས་ཕྱུང་བ་ཡང་མི་སྐྱེའོ་ཞེས་གསུངས་པ་འདི་ཆོས་ཅན། ཟློས་པའི་སྐྱོན་ཅན་དུ་ཐལ། སྔར་ཕྲན་ཚེགས་ཀྱི་སྐབས་སུ་སྔོན་རབ་ཏུ་བྱུང་བའི་བར་ཆད་ལྡན་སྟོབས་ཀྱིས་སྡོམ་པ་མི་སྐྱེ་བར་བསྟན་ཟིན་པ་དེ་ཉིད་ཞུ་བའི་སྐབས་འདིར་ཡང་བསྟན་པའི་ཕྱིར། རྟགས་ ཟུར་ཕྱེད་གཞུང་གིས་གྲུབ། རྟགས་ཟུར་ཕྱི་མ་ཁས་བླངས་ཀྱིས་གྲུབ་བོ། །དེ་ལ་ཉེས་པ་སྤོང་བར་འདོད་ནས། སྔ་མ་ནི་ནན་ཏུར་མ་བྱས་པའི་སྔོན་དུ་རབ་ཏུ་བྱུང་བ་ཡིན་ལ། ཕྱི་མ་ནི་སྔོན་རབ་ཏུ་བྱུང་བ་དང་ནན་ཏུར་བྱས་པས་ཟློས་སྐྱོན་མེད་དོ་ཞེ་ན། ནན་ཏུར་མ་བྱས་པ་ སྔོན་རབ་ཏུ་བྱུང་བ་ལ་སྡོམ་པ་མི་སྐྱེ་སྙམ་པའི་ལོག་རྟོག་ནི་སུ་ལའང་མི་འབྱུང་བས་དེ་འདྲའི་དོགས་པ་ཡོད་པ་མིན་ནོ། །ཆོས་བྱང་ན་བཟའ་འཕྲེད་གསོལ་བ་ན་རེ། སྐབས་འདིར་སྡོམ་པ་སྐྱེ་བར་བཤད་པ་ནི། གནས་དབྱུང་བཞག་པའི་སྡིག་སོགས་བྱས་པ་ལ་དགོངས་ 6-1-114a པ་ཡིན་ཏེ། རྒྱུ་ལས་བཟློག་པ་དང་གནས་ནས་དབྱུང་བ་གནད་གཅིག་པའི་དབང་དུ་བྱས་ནས་རྒྱུ་ལས་བཟློག་པའི་ཆད་པ་ཞེས་གསུངས་ཀྱི། གནས་ནས་ཕྱུང་བའི་ཆད་པ་ཞེས་མ་སྨོས་པའི་ཕྱིར་རོ། །སྡོམ་པ་སྐྱེ་བར་ཞུ་བའི་སྐབས་ནས་བཤད་པ་ནི་གནས་ དབྱུང་བྱས་པ་ལ་དགོངས་ཏེ། ཇི་སྐད་དུ། རྒྱུ་ལས་བཟློག་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་རྒྱུ་ལས་བཟློག་པའི་ཆད་པ་ཞེས་བྱ་བ་འདི་ཉིད་ཀྱི་སྐབས་ཀྱི་ལུང་གཞི་ལས། མ་མཐོང་བས་གནས་ནས་ཕྱུང་བ་བབས་ པ་ཞིག་ཡང་ཕྱིར་འོངས་ནས་ཞེས་དང་། ཊཱི་ཀ་ལས། འདིར་གནས་ནས་ཕྱུང་བ་སྨོས་པ་ནི་དཔེ་ཙམ་དུ་ཟད་ཀྱི། ཆད་པའི་ལས་བྱེད་དུ་བཅུག་པ་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བཤད་པ་དང་འགལ་ལོ། །མཚོ་སྣ་པ་ཆེན་ པོས། མདོ་གོང་འོག་འདི་གཉིས་ཀ་ནན་ཏུར་གྱི་རྒྱུ་ལས་བཟློག་པར་ཁས་མི་ལེན་པར་མཚུངས་ཀྱང་འདིར་སྡོམ་པ་སྐྱེ་བར་བཤད་པ་ནི་ནན་ཏུར་གྱི་རྒྱུ་གཏོང་ངོ་ཞེས་ངག་གིས་ཁས་མི་ལེན་ཀྱང་བསམ་པས་ནན་ཏུར་གྱི་རྒྱུ་གཏོང་བ་སྟེ། ནན་ཏུར་གྱི་རྒྱུ་ཉེས་སྤྱོད་འཕྲོ་གཅོད་སྙམ་ པའི་བསམ་པ་ཅན་གྱིས་ལེན་ན་སྡོམ་པ་སྐྱེ་བའོ། །ཞུ་བའི་སྐབས་ནས་སྡོམ་པ་མི་སྐྱེ་བར་བཤད་པ་ནི། །ནན་ཏུར་གྱི་རྒྱུ་གཏོང་བར་ངག་གིས་ཀྱང་ཁས་མི་ལེན་ཅིང་བསམ་པས་ཀྱང་ནན་ཏུར་གྱི་རྒྱུ་མི་གཏོང་བ་སྟེ་ནན་ཏུར་གྱི་རྒྱུ་ཉེས་སྤྱོད་འཕྲོ་མི་གཅོད་སྙམ་པའི་བསམ་པ་ ཅན་གིས་སྡོམ་པ་བླངས་ཀྱང་མི་སྐྱེ་སྟེ། ཡན་ལག་ངེས་པའི་བྱེ་བྲག་ཡིན་པའི་ཕྱིར་ཞེས་གསུངས་སོ། །བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པའི་ཞལ་ནས། མདོ་སྔ་མས་ནན་ཏུར་གྱི་རྒྱུ་མི་བཟློག་ན་སྡོམ་པ་མི་སྐྱེ་བར་བཤད་ཅིང་། མདོ་ཕྱི་མ་ལ་དེ་འདྲའི་དོགས་གཅོད་ཀྱི་ 6-1-114b དཀའ་གནས་མེད་དེ་ཆད་པའི་རྒྱུ་བཏང་ནས་བསྙེན་པར་རྫོགས་པ་དེས་གདོད་སྔར་གྱི་ཆད་པའི་རྒྱུས་བཟོད་གསོལ་མི་དགོས་པར་བསྟན་པའི་ཕྱིར་དང་། རྣམ་པ་གཅིག་ཏུ་ན་རྫོགས་ནས་ཆད་པའི་རྒྱུ་བཟློག་པ་ཁས་མི་ལེན་པ་ནི་སྔར་ཡོད་ཀྱི་སྡོམ་པ་རིགས་འདྲ་སྐྱེ་བ་ལ་བར་ཆད་ མེད་པར་དགོངས་པའི་ཕྱིར། ངག་དོན། སྡོམ་པ་མི་སྐྱེ་བར་བསྟན་པའི་དོན། ཆད་པའི་རྒྱུ་འདས་ད་ལྟར་བ་མི་གཏོང་བ་ལ་འཆད་ཅིང་། སྐྱེ་བའི་དོན་ཆད་པའི་རྒྱུ་མ་འོངས་པ་བཏང་བ་ལ་འཆད་དོ། །གཉིས་པ་ནི། རྒྱུ་ལས་བཟློག་པའི་ཆད་པ་ཞེས་པ་འདི་འགྱུར་གྱི་དབང་གིས་ ཡིན་ལ། ཆད་པའི་རྒྱུ་ལས་བཟློག་པ་ཞེས་འདོན་དགོས་པ་ཡིན་ཏེ། རབ་བྱུང་ལ་ནན་ཏུར་བྱས་པ་དེ་བབས་ནས་སླར་དབྱུང་རྫོགས་བྱའམ་ཞེ་ན། ཆད་པའི་རྒྱུ་ལས་བཟློག་པར་ཁས་ལེན་ན་དབྱུང་རྫོགས་བྱེད་ཅིང་། དེར་ཁས་མི་ལེན་ན་བཀོལ་བའི་མིང་ཅན་དུ་འཆད་པའི་སྐབས་ཡིན་ པའི་ཕྱིར། འདིར་ཁས་མི་ལེན་པ་ཞེས་པ་ལ། ཤ་སྦལ་སོགས་ན་རེ། བཟོད་གསོལ་བྱེད་པར་ཁས་མི་ལེན་པ་ལ་འཆད་མོད། མཚོ་སྣ་པ་ཆེན་པོས། དེ་མི་འཐད་དེ་སྒྲུབ་བྱེད་མེད་ལ་ལྷག་པར་ཊཱི་ཀ་ལས། བསྡིགས་པ་ལ་སོགས་པའི་ཆད་པས་ལས་བྱས་པར་གྱུར་པའི་རྒྱུ་དེ་ལས་ བཟློག་པ་འཐབ་ཀྲོལ་མི་བྱེད་པ་ཉིད་ལ་སོགས་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱའོ་ཞེས་སོགས་གཞུང་ཆེན་བཞི་དང་འགལ་ཅེས་གསུངས་སོ། །རང་ལུགས་ནི། ཆད་པའི་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་དག་ཅེས་པའོ། ། འདིར་དག་ཚིག་གི་མང་སྒྲས་ནི་འཐབ་ཀྲོལ་སོགས་ཆད་ལས་ཀྱི་རྒྱུའི་ནན་ཏུར་རྣམས་བསྡུས་པ་ཡིན་ནོ། །རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་པ་ནི་གོ་སླའོ། །དགེ་སློང་ནན་ཏུར་བྱས་པ་དེ་བབས་ནས་བཟོད་པ་མ་གསོལ་བ་བསྙེན་པར་རྫོགས་ན་བཟོད་ 6-1-115a པ་གསོལ་བ་ཉིད་མི་དགོས་ཏེ་རྫོགས་ཟིན་པ་ཉིད་བཟོད་པར་གསོལ་ཟིན་པ་ཡིན་ནོ། །གལ་ཏེ་སྔར་ནན་ཏུར་བྱས་པ་བབས་པ་དེ་ཕྱིས་བསྙེན་པར་རྫོགས་པར་བྱས་ཟིན་ནས། ཕྱིས་འཐབ་ཀྲོལ་མི་བྱེད་པ་ལ་སོགས་པ་ཁས་མི་ལེན་པ་ཕྱིས་ཀྱང་འཐབ་ཀྲོལ་ སོགས་བྱེད་ཅིང་ཆད་པ་འོས་པའི་ཉེས་པ་བྱེད་ན་ནི་དགེ་འདུན་གྱི་ཚོགས་པ་ཡོད་ན་ཡང་ཆོ་གས་ཆད་པས་བཅད་དོ། །འདིར་ཡང་སྒྲ་ནི་ཚོགས་པ་ཡོད་ན་ཆོ་ག་བྱེད་ཀྱི་ཚོགས་པ་མེད་ན་དེ་ཉིད་མི་བྱེད་པའི་དོན་ཡིན་ནོ། །ཆད་པས་བཅད་པས་ན་གལ་ཏེ་བདག་ལ་ལྟུང་བ་མ་མཐོང་ངོ་ ཞེས་ཤེས་བཞིན་དུ་རྫུན་ཟེར་ན་ལྟུང་བྱེད་དོ། །གཉིས་པ་ནི། ལག་རྡུམ་དག་དང་རྐང་རྡུམ་དང་། །ཞེས་པས་མཁྲིག་མ་དང་ལོང་བུ་མན་ཆད་པའོ། །ལག་སོར་སྦྲུལ་གྱི་གདེངས་ཀ་ལྟར་ཟླུམ་པོར་འཇས་པ་དང་ཞེས་པ། འཇས་པ་བརྐྱང་སྐུམ་མི་ཐུབ་པར་དྲི་མེད་བཤེས་གཉེན་ བཞེད་དོ། །མཆུ་མེད་ལུས་ལ་རྨ་མཚན་ཅན་གྱི་རྨ་མཚན་ནི་ཁབ་སོགས་བཙུགས་ནས་སྣག་ཚ་སོགས་བླུགས་ཏེ་ཁྱི་རྗེས་སོགས་བྲིས་པའོ། །རྒན་ཆེས་པ་སྦྱོར་བ་གསུང་ངག་ལས་འཁྲིག་པ་བསྟེན་མི་ནུས་པ་ལ་འཆད་མི་བཟོད་པ་དང་། གཞོན་ཆེས་པ་ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་ པ་དག་དང་། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་དང་། ནུས་ཀྱང་ལོ་བདུན་མ་ལོན་པ་དང་ངོ་། །འཐེང་པོ་དང་། བརླའི་ཕྱོགས་རླུང་བྱ་རྒོད་འགྲོས་ཀྱིས་ཉམས་པ་སྨད་འཆལ་པ་དང་། མིག་ཞར་བ་དང་། ལག་སོར་ཟླུམ་པ་སྟེ་མཁྲིག་མའི་ཕྱོགས་ནས་མཚན་མ་ཙམ་གྱི་ ལག་པ་ཡོད་ཀྱང་དོན་བྱེད་མི་ནུས་པའོ། །སྒུར་པ་དང་བྲང་དང་སྒལ་ཚིགས་ཞོམ་པའོ། །མིའུ་ཐུང་ནི་ལུས་ཆུང་བར་གྲགས་པ་དང་། ལྦ་བ་ལྐུགས་པ་འོན་པ་དང་ཞེས་པ་ནི་གོ་སླའོ། །ལག་པ་གཉིས་ལག་རྟེན་ལ་བརྟེན་ནས་གཟུགས་བཞིའི་འཕྱེ་བསྟན་འཕྱེ་དང་། གྲུམ་པ་དང་ 6-1-115b རྐང་བམ་སྟེ་རྐང་ནད་ཀྱི་རིགས་དང་། བུད་མེད་བསྟེན་པའི་སྟོབས་ཀྱིས་གཟི་བརྗིད་ཟད་པས་དུབ་པ་དང་། ཁུར་གྱིས་དུབ་པའོ། །མི་གང་ལམ་གྱིས་དུབ་རྣམས་དང་ཞེས་གོ་སླའོ། །ཡ་ཟ་མ་ལུག་ནི། ཊཱི་ཀར། ཇི་ལྟར་ཟོས་པ་མ་ཞུ་བར་ཐུར་དུ་ལྟུང་བའོ་ཞེས་དང་། ཡང་ཊཱི་ཀར། གཞན་ དག་ནི་འདི་སྐད་ཅེས་ཟེར་ཏེ། གང་གི་རྐང་པ་ལྕགས་སྒྲོག་གིས་ཉམས་པ་ལྕགས་སྒྲོག་བཀྲོལ་ཡང་བཅིངས་པ་བཞིན་དུ་འགྲོ་བ་ནི་སྒྲོག་བཀྲོལ་གསུང་ལས་སྟོབས་ཤད་པ་ལ་འཆད་ཅེས་བྱའོ་ཞེས་ཟེར་རོ་ཞེས་སོ། །གཏའ་གམ་ཡང་ཟེར་རྟ་གམ་དང་ཞེས་པ་ཊཱི་ཀར་གང་དག་ལང་ཚོ་ལ་མ་བབ་པ་ ཁོ་ནར་ནད་ལ་སོགས་པས་དེ་ལྟར་ཉམས་པར་གྱུར་ཅིང་ཏེ་བོར་ཏེ་རྒས་པས་ཉམས་པ་བཞིན་དུ་བྱ་བ་ཅུང་ཟད་ཀྱང་བྱེད་མི་ནུས་པ་སྟེ་ཞེས་སོ། །རྣམ་པ་དེ་ལྟ་བུའི་མི་རྣམས་ནི་ཞེས་པས་ན་ཕྲན་ཚེགས་དང་ཞུ་བ་སོགས་ནས་འབྱུང་བའི་མཛེས་པའི་བར་ཆད་རྣམས་ཀྱང་བསྟན་ཏོ། །དྲང་སྲོང་ ཆེན་པོ་ནི་འཁོར་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པར་འདྲེན་པའི་ཁྱུ་མཆོག་ཆེན་པོའི་དོན་ཏེ། ཊཱི་ཀར། དྲང་སྲོང་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཞེས་སོ། །འདིར་དྲང་སྲོང་ཡིན་ལ་ཆེན་པོ་མིན་པ་ནི་ཉན་ཐོས་ཀྱི་དགེ་སློང་ལྟ་བུའོ། །ཆེན་པོ་ཡིན་ལ་དྲང་སྲོང་མིན་པ་ནི་ལྷ་ཆེན་ལྟ བུའོ། །གཉིས་ཀ་མིན་པ་ནི་ཀླུ་ཕྲ་མོ་ལྟ་བུའོ། །དེས་སྐྱོན་ཅན་དེ་རྣམས་དབྱུང་རྫོགས་དགག་པར་མཛད་དོ། །མཛེས་པ་ནི། ལུས་དག་སྟེ་ལག་རྡུམ་སོགས་མེད་པ་ཡིན་ལ་མཛེས་པའི་བར་ཆད་སྤངས་པའོ། །ཁ་ཅིག་འདིའི་མཛེས་པའི་ཚད་ལ་ཡིད་འཛིན་པ་ཟེར་བ་སོགས་སྨྲ་བ་ནི་ འཁྲུལ་གཏམ་ཡིན་ཏེ། འདིའི་མཛེས་པའི་ཚད་ལག་རྡུམ་སོགས་བར་ཆད་སྤངས་པ་ཙམ་ལ་འཇོག་པའི་ཕྱིར་ཏེ། འདིར་བསྟན་པ་ལ་མཛེས་པ་གཙོ་ཡི། འཇིག་རྟེན་ལ་མཛེས་པ་གཙོ་བའི་སྐབས་མ་ཡིན་པའི་ཕྱིར་ཞེས་གསུང་ངག་ལས་སོ། །(གཉིས་པ་ནི།)བར་ཆད་དང་བྲལ་བ་དེ་རབ་ཏུ་ 6-1-116a དབྱུང་བ་དང་རྫོགས་པ་དང་ཡོངས་སུ་དག་པ་སྟེ་སྡོམ་པ་སྐྱེ་བའི་བར་ཆད་དང་བྲལ་བའི་ལས་ཡོངས་སུ་དག་པའོ། །བར་ཆད་དེ་ལྟ་བུ་དང་བྲལ་བ་ནི་དབྱུང་བ་དང་བསྙེན་པར་རྫོགས་པར་རྫོགས་སངས་རྒྱས་ཀྱིས་ཏེ། ཐམས་ཅད་གཟིགས་པས་རབ་ཏུ་མཁྱེན་ ཏེ་བདེན་པའི་མཚན་ཉིད་ཅན་གྱིས་ཏེ། ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྟུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་བསྐམ་པར་འགྱུར་སྲིད་དེ། །དྲང་སྲོང་ཆེན་པོས་རྫུན་གསུང་འགྱུར་བ་སྲིད་མ་ཡིན། ། ཅེས་གསུངས་པ་ལྟར་བཀའ་སྩལ་ཏོ། །བསྡུ་བར་བྱ་བའི་སྐབས་རྫོགས་ཏེ་ཞེས་པ་ལ། བུ་སྟོན་འདུལ་འཛིན་ན་རེ། རིགས་བཞི་པོ་རབ་ཏུ་བྱུང་བ་ལ་བསྡུ་བ་ཞེས་པའི་དོན་ཏོ། །རབ་ཏུ་བྱུང་བའི་གཞི་སྟེ་གཞིའི་དོན་གྱི་སྐད་དོད་ལྔ་ལ་འཇུག་ཀྱང་འདིར་རྟེན་གྱི་དོན་ཏེ། རབ་བྱུང་སོགས་ ཀྱི་རྟེན་དུ་གྱུར་པའི་ཕྱིར་ཉེ་བར་སྟོན་པའི་གཞུང་ལ་དེ་སྐད་ཅེས་བྱའོ། །རྫོགས་སོ།། །།འདིར་སྨྲས་པ། ཆོས་འདི་དམ་པའི་ཆོས་སུ་བདག་གིས་བཤད། །ཆོས་མིན་ཆོས་ལྟར་བཅོས་ནས་འཆད་མ་སྤོབས། །བླུན་པོས་བདག་ཅག་རྟག་ཏུ་སུན་དབྱུང་ཡང་། །མཁས་ པས་བརྩད་ན་འཇིགས་མེད་འདི་ན་དགེ། ༈ །།གཡོ་སྒྱུའི་ཐབས་ཀྱིས་འཁོར་མང་བསྡུས་བྱས་ནས། །རྒྱལ་བསྟན་འདུལ་བ་འདི་ལས་ཕྱི་རོལ་དུ། །གྱུར་པའི་ལོག་ཆོས་དག་ལ་སྦྱོར་བ་མཐོང་། །ཀྱེ་མ་དེ་འདྲའི་དོན་དུ་འབད་བྱས་ཀྱང་། །བདག་ཉིད་ངལ་བ་ཙམ་ལས་ དོན་གཞན་ཅི། །འོན་ཀྱང་བསྟན་ལ་བསམས་ནས་ངས་འདིར་བརྩོན། །སྙིགས་མའི་དུས་ཀྱི་གདུལ་བྱ་མ་ཐུལ་ཡང་། །བརྒྱུད་ནས་འགའ་ཡིས་གཉེར་བྱར་འགྱུར་ཡང་སྲིད། །གཉིས་པ་ལ། ལུང་ཕྲན་ཚེགས། ཐུན་མོང་དགེ་སློང་ཕ་ཆོ་ག་སྤྲོས། །ཐུན་མོང་མིན་པའི་མ་ཆོ་ག་བཤད། ། 6-1-116b དང་པོ་ལ། འགལ་རྐྱེན་བར་ཆད་སྤྲོས་པ་བསྟན། །མཐུན་རྐྱེན་ཆོ་གའི་སྤྲོས་པ་བཤད། །གནས་དང་གནས་པའི་སྤྲོས་པ་བརྗོད། །དང་པོ་ལ། ཕ་མས་མ་གནང་མཚོན་དོན་བཤད། །བུ་ལོན་གྱིས་ནི་མཚོན་དོན་བརྗོད། །བྲན་གྱིས་མཚོན་པའི་དོན་གང་བཤད། །ལག་རྡུམ་ སོགས་ཀྱིས་མཚོན་དོན་བརྗོད། །དང་པོ་ནི། ལུང་གཞི་རྩ་བའི་སྐབས་ནས་བར་ཆད་རྣམས་ཕྱི་ནས་བསྟན་ནས། ལུང་ཕྲན་ཚེགས་འགྲེལ་བའི་སྐབས་འདིར་བར་ཆད་རྣམས་སྔོན་དུ་བསྟན་པས་རྩ་འགྲེལ་གོ་རིམ་མི་མཐུན་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། གོ་རིམ་ དེ་ལྟར་བཀོད་པས་བར་ཆད་སྟོན་པའི་གཞུང་རྣམས་ཀྱི་བར་ཆད་དུ་གཞུང་གཞན་མ་ཞུགས་ཤིང་བར་ཆད་རྣམས་ཕྱོགས་གཅིག་ཏུ་བསྟན་ན་རྟོགས་པར་སླ་བའི་ཕྱིར་རོ། །བཀོལ་བ་རྒྱལ་པོས་བཀྲབས་པའོ་ཞེས་བཀྲབས་པ་ནི་བློན་པོའི་ལས་སྣ་ལ་གཏོགས་པ་སྟེ། བྷ་ཊ་ཅེས་ཁོལ་ ལམ་གཡོག་ལ་འཇུག་པས་དེ་ལྟ་བུའི་རིགས་སོ། །བོད་ཁ་ཅིག །བཏུས་པའི་བྱེ་བྲག་གིས་ཐུས་མིར་འཇོག་ཅེས་ཟེར་བ་ནི་རྒྱ་དཔེ་དང་མི་མཐུན་ནོ། །འདིའི་མཚན་ཉིད་ནི་རྒྱལ་པོས་བཀྲབས་པའི་བློན་པོ་ཆོས་བཞི་ལྡན་ནོ། །ཆོས་བཞི་ནི། རྒྱལ་པོ་མི་ཡིན། གསོན་པོར་གནས། ཡུལ་ཐག་ཉེ་བ་ཡིན། དེའམ་དེ་བས་དབང་ཆེ་བས་གནང་བ་མ་ཡིན་པ་དང་བཞིའོ། །བྱེད་ལས་སྡོམ་པ་གནས་པ་ལ་བར་དུ་གཅོད་ཅིང་འབོགས་པོ་ལ་ཉེས་བྱས་བསྐྱེད་པའོ། །དགག་བྱ་རྒྱལ་པོ་ལ་གནོད་ཅིང་མ་དད་པ་སྐྱེ་བའོ། །འདིར་མཚོན་དོན་རྗེ་དཔོན་གྱིས་གཅེས་པར་བཀྲབས་ པ་སྟེ་ཕ་མས་གཅེས་པར་སྐྱོང་བ་བཞིན་ཡིན་ལ་བྲན་གྱིས་མཚོན་པ་ནི་མིན་ནོ། །བཀྲབས་པ་དེ་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་དབྱུང་རྫོགས་མི་བྱའོ། །ཐག་མི་རིང་བའི་ཚད། ཊཱི་ཀར། ཡུལ་གང་ན་རྒྱལ་པོ་གང་གི་ཚིག་མངོན་སུམ་མམ་བརྒྱུད་པས་འདའ་བར་བྱ་བ་མ་ 6-1-117a ཡིན་པ་དེ་ནི་འདིར་ཡུལ་མི་རིང་བའོ། །ཞེས་སོ། །གཉིས་པ་ནི། བཀོལ་བ་ཆོམ་རྐུན་པར་གྲགས་པ་སྟེ་ཀུན་གྱིས་ཤེས་པ་དབྱུང་རྫོགས་མི་བྱའོ། །འདིའི་བར་ཆད་ཀྱི་མཚན་ཉིད་ནི་ཡུལ་དུས་དེར་ཆོམ་རྐུན་པར་གྲགས་པའོ། །བྱེད་ལས་ནི་སྡོམ་པ་སྐྱེ་ཡང་ འབོགས་པོ་ལ་ཉེས་བྱས་བསྐྱེད་པའོ། །དགག་བྱ་ནི་མ་དད་པ་སྐྱེའོ། །མཚོན་པའི་དོན་བུ་ལོན་ཅན་དང་འདྲ་སྟེ་ཕུང་བཀྲོལ་བསྐྱེད་པའོ། །ཊཱི་ཀར། བཀོལ་བ་ཞེས་བྱ་བ་ནི་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིར། མདོ་སྔ་མ་ལས་བཀོལ་བ་ཞེས་སྨོས་པའི་རྗེས་སུ་འཇུག་པར་འགྱུར་བ་ཡིན་ མོད་ཀྱི་ཞེས་པ་ནི། བཀོལ་བ་ཞེས་དབང་དུ་བྱས་པའི་ཚུལ་གྱིས་མདོ་སྔ་མ་ལ་སྨོས་པས་མདོ་ཕྱི་མ་ལ་གོ་བར་འགྱུར་མོད་ཀྱི་ཞེས་པའོ། །འདིར་ཡང་བཀོལ་བ་ཞེས་སྨོས་པ་ནི་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་ཞེས་བྱ་བ་དེ་ལས་དགར་བའི་དོན་ཏེ། ཞེས་པ་ནི། སྔ་མ་ཡུལ་ ཐག་ཉེ་ན་བར་ཆད་དུ་འགྱུར་གྱི་འདི་ནི་ཡུལ་ཐག་རིང་ཡང་བར་ཆད་དུ་འགྱུར་བས་འདི་གཉིས་ཚུལ་ཐ་དད་པའི་ཕྱིར་རོ་ཞེས་སོ། །གསུམ་པ་ནི། ལྷྭམ་མཁན་དང་ཞེས་པ་ཀོ་ལྤགས་མཁན་ནོ། །གདོལ་པ་དང་ཞེས་པ་ནི་ཊཱི་ཀར་རིགས་ངན་ལ་བཤད་ཅིང་། འགྲེལ་ཆུང་ལས་ཕྱག་ དར་བྱེད་པོ་ལ་བཤད་དོ། །གཡུང་པོ་དང་ཞེས་པ་ཀླ་ཀློ་སྟེ། རི་ཁྲོད་པ་བ་ལང་དང་བྱ་དང་སྡིག་སྦུར་སྦལ་ལྕོང་སོགས་ཟ་བའོ། །རིགས་ངན་དེ་ལྟ་བུའི་ཁྱིམ་དུ་རིགས་བཟང་ཟས་མི་ཟ་བའི་རིགས་ངན་དེ་རབ་ཏུ་དབྱུང་བར་མི་བྱའོ། །ཊཱི་ཀར། དགེ་ཚུལ་ཉིད་ལ་སོགས་པ་དགག་ ཕྱིར་ཆེས་ཤིན་ཏུ་བཀག་པ་ཡིན་པར་རིག་པར་བྱའོ། །ཞེས་སོ། །བཞི་པ་ལ། རབ་ཏུ་དབྱུང་བར་མི་བྱ་དང་། །དབྱུང་བ་འཁོར་དུ་མི་བཞག་པའོ། །དང་པོ་ནི། སྔར་བསྟན་པའི་ལུས་ལ་སྐྱོན་ཆགས་པ་ལས་གཞན་པའི་ལུས་ལ་སྐྱོན་ཆགས་པ་དག་ཀྱང་བསྟན་པར་འདོད་ནས་ 6-1-117b ལག་རྡུམ་ལ་སོགས་པ་ནི་མཚོན་པ་ཡིན་ནོ། །ཅི་ལྟར་མཚོན་ན་ཊཱི་ཀ་ལས། ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ནི་མཚོན་པ་ཡིན་གྱི་སྐྲ་སེར་ལ་སོགས་པ་དག་ཀྱང་རིག་པར་བྱ་སྟེ་ཡོངས་སུ་བགྲང་བ་ནི་མ་ཡིན་ནོ་ཞེས་སོ། །སྐྲ་སེར་དང་ནི་སྐྲ་སེར་སྐྱ། །དེ་བཞིན་སྐྲ་ནི་ལྗང་གུ་ཁ། ། མི་རྣམས་སྐྲ་ནི་དཀར་བ་དང་། །གླང་ཆེན་སྐྲ་འདྲ་ནི་སྤུ་ཉག་རེ་རེ་ཕ་ཟད་སྲབ་མོར་འདུག་པའོ། །སྐྲ་མེད་དང་། །མགོ་འབར་འབུར་ཅན་གླང་པོ་ཆེ། །ཧ་ཅང་སྡོམ་དང་ལུས་གླེབས་འདྲ། །འབྲས་སྲུས་གླེབས་པ་ལྟ་བུའོ། །བོང་བུ་ཕག་གི་མགོ་ལྟ་བུ། །མགོ་གཉིས་པ་དང་མགོ་ཆུང་དང་། །དཔྲལ་ བ་ཡན་གྱི་འཚོགས་མ་མེད་པའམ་ཁ་ཅིག་མགྲིན་པ་ཡན་མེད་པ་བྲང་ལ་ཁ་སྣ་ཡོད་པ་ཟེར། གླང་ཆེན་རྣ་འདྲ་རྟ་རྣ་འདྲ། །བ་གླང་རྣ་འདྲ་སྤྲེའུ་རྣ་འདྲ། །བོང་བུའི་རྣ་འདྲ་ཕག་རྣ་འདྲ། །རྣ་གཅིག་པ་དང་རྣ་མེད་དང་། །མིག་དམར་ཧ་ཅང་མིག་ཆེ་དང་། །མིག་ཆུང་མིག་ནི་ཧ་ཅང་སེར། །ཤེལ་མིག་ མིག་འཆིང་བུ་ལྟར་འཚེར་བའོ། །ཆུ་བུར་ལྟ་བུ། །མིག་གཅིག་པ་དང་མིག་མེད་དང་། །གླང་ཆེན་སྣ་འདྲ་རྟ་སྣ་འདྲ། །བ་ལང་སྣ་འདྲ་སྤྲེའུ་སྣ་འདྲ། །བོང་བུའི་སྣ་འདྲ་ཕག་སྣ་འདྲ། །སྣ་སྦུབས་གཅིག་དང་སྣ་མེད་དང་། །གླང་ཆེན་ཀོས་འདྲ་ཀོས་ནི་འགྲམ་པའོ། །རྟ་ཀོས་འདྲ། །བ་ ལང་ཀོས་དང་སྤྲེའུ་ཀོས་འདྲ། །བོང་བུའི་ཀོས་འདྲ་ཕག་ཀོས་འདྲ། །ཀོས་སྙུང་ནི་ཕྱོགས་གཅིག་མེད་པའོ་དང་ནི་ཀོས་མེད་དང་། །གླང་ཆེན་སོ་འདྲ་རྟ་སོ་འདྲ། །བ་ལང་སོ་འདྲ་སྤྲེའུ་སོ་འདྲ། །བོང་བུའི་སོ་འདྲ་ཕག་སོ་འདྲ། །སོ་གཅིག་པ་དང་སོ་མེད་དང་། །མགུལ་རིང་ཆེས་ དང་མཇིང་ནུབ་དང་། །མགུལ་མེད་པའི་ཐལ་གོང་ལ་འབྱར་བའོ། །ཕྲག་མིག་ཅེས་མགོ་མདུན་དུ་དུད་པ་མིག་དང་ཕྲག་པ་མཉམ་པ་དང་ནི་ཆེར་སྒུར་དང་། །ཕོ་མཚན་ཆད་དང་རླིག་རླུང་གིས་རླུགས་དང་། །འབྲས་གཅིག་པ་དང་འབྲས་མེད་དང་། །ལུས་ཧ་ཅང་རིང་དང་ཧ་ཅང་ཐུང་། །སྐེམ་པོ་མ་འོས་ 6-1-118a ངལ་སྐྱེན་དང་། །ཊཱི་ཀ་ལས་གང་དག་རྩོལ་བ་ཆུང་ངུས་ཀྱང་དབུགས་བརྩེགས་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་དེ་དག་ནི་མ་འོས་པར་ངལ་སྐྱེན་པ་ཞེས་བྱའོ་ཞེས་སོ། །ཤ་མདོག་ཁ་དོག་རྣམ་བཞི་དང་། །ཊཱི་ཀ་ལས་སྨད་པར་བྱ་བའི་ཤ་མདོག་དེ་དག་དགག་པ་ཡིན་གྱི་ལྷ་རྣམས་ཀྱི་གཟུགས་མཛེས་པ་ལྟ་བུ་དག་ནི་མ་གཏོགས་སོ་ཞེས་སོ། །སྔར་ བཀག་པ་དེ་བཞིན་དུ་གྱོལ་པོ་རྐང་ཡོན་དང་རྐང་འཆལ་ལོ། །ལུས་ཉམས་པ་ནི་རྐང་པ་གཉིས་ཧ་ཅང་གདང་བ་དང་རྐང་པ་གཉིས་གཅིག་གི་སྟེང་དུ་གཅིག་འདོར་བའོ། །ལག་རྡུམ་སོགས་རྣམ་པ་དེ་ལྟ་བུ་དག་གི་དགག་པ་ཡང་རབ་ཏུ་བཟུང་བར་བྱའོ། །གཉིས་པ་ནི། ལྷྭམ་མཁན་སོགས་ རིགས་དང་། ལུས་ལ་དབྱིབས་དང་ཁ་དོག་གི་སྐྱོན་ཆགས་པ་རང་ངམ་གཞན་གྱིས་རབ་ཏུ་བྱུང་ཟིན་པ་ནི་ཉེ་བར་བཞག་པར་མི་བྱའོ། །ཊཱི་ཀར། དེ་དག་ནི་འདིར་གནས་སྦྱིན་པ་འབའ་ཞིག་བཀག་པ་མ་ཡིན་གྱི་འདི་ལྟར་གནས་ཁང་ལ་སོགས་པ་དག་ཏུ་སྐབས་དབྱེ་བ་དང་རྗེས་སུ་འབྲང་བའི་ འཁོར་ཉིད་དང་། ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་དུ་བསྒྲུབ་པ་ལ་སོགས་པ་ཡང་བཀག་པ་ཡིན་ནོ་ཞེས་སོ། །དེ་ལྟར་ལུང་ཕྲན་ཚེགས་ལས་ཀྱང་། དགེ་སློང་གིས་འཁོར་སུན་འབྱིན་པ་ཉེ་བར་བཞག་པར་མི་བྱ་སྟེ། ཉེ་བར་འཇོག་ན་འགལ་ཚབས་ཅན་དུ་འགྱུར་རོ། །འཁོར་སུན་ འབྱིན་པར་བྱེད་པའི་རྒྱུ་ནི་གཉིས་ཏེ། རིགས་དང་མཚན་ལ་སོགས་པའོ། །ཞེས་གསུངས་སོ། །འོ་ན་རིགས་དང་ལུས་ལ་སྐྱོན་ཆགས་པ་རབ་ཏུ་འབྱིན་པ་དང་འཁོར་དུ་འཇོག་པ་བཀག་ན། ལུང་རྣམ་འབྱེད་ལས། ཐུབ་པའི་དབང་པོའི་གསུང་རབས་འདི་ལ་ནི་རིགས་གཅེས་པ་མིན། རུས་གཅེས་པ་མ་ཡིན། སྒྲུབ་པ་གཅེས་པ་ཡིན་ཅེས་གསུངས་པ་དང་། རིགས་ལ་སྐྱོན་ཆགས་པ་ཉ་པ་ལྔ་བརྒྱ་དང་། འབྲེག་མཁན་ཉེ་བ་འཁོར་དང་། ལུས་ལ་སྐྱོན་ཆགས་པ་བ་ལང་བདག་ལ་སོགས་པ་རབ་ཏུ་དབྱུང་བར་གསུངས་པ་དང་འགལ་སྙམ་ན། ཉ་པ་ལྔ་བརྒྱ་ལ་སོགས་པ་ 6-1-118b དེ་དག་ནི་སྲིད་པ་ཐ་མ་པ་སྟེ། མངོན་ཤེས་ཐོབ་པ་དག་གིས་རབ་ཏུ་འབྱིན་དུ་གནང་བ་དམིགས་བསལ་ཡིན་ཏེ། མེ་ཏོག་ཕྲེང་རྒྱུད་ལས། མཁན་པོ་དེ་དག་གིས་སྡོམ་པ་ལེན་པོ་ད་ལྟར་གྱི་ངེས་འབྱུང་ལ་སོགས་པའི་བསམ་པ་དང་རྗེས་ཀྱི་བསམ་པ་དགེ་བ་ཚེ་དེ་ལ་མཐོང་ལས་ཡན་ཆད་ཐོབ་པར་ཤེས་ཤིང་། །མངོན་ ཤེས་ཡེ་ཤེས་ཐོབ་པས་ནི། །བྱིན་རླབས་ཀྱི་མཐུ་ཡིས་འཇིག་རྟེན་ཚིམ་བྱེད་བསམ་པ་མ་དད་བསྒྱུར་ནུས་པའི་ཕྱིར། །ལག་རྡུམ་སོགས་རབ་ཏུ་འབྱིན་ན་ཉེས་པ་མེད། །ཅེས་ཤླཽ་ཀ་འདིའི་མཆན་དང་མཆན་ནོ་གསུངས་སོ། །གཉིས་པ་ལ། དངོས་གཞི་འཇུག་བཅས་སྤྲོས་ལ་བསྟན། །སྦྱོར་བ་ཆོ་གའི་སྤྲོས་ པ་བཤད། །མཇུག་ཏུ་བརྗོད་པའི་སྤྲོས་པ་བསྟན། །དང་པོ་ནི། བསྒྲུབ་བྱ་དུ་མ་ཡོད་པ་ལས་དེ་ཐམས་ཅད་ཀྱི་མཁན་པོ་གཅིག་པ་ཉིད་ཀྱི་དབང་དུ་བྱས་ཏེ། འདི་སྐབས་ཀྱི་དུ་མའི་ཚད་གསུམ་མན་ཆད་ཀྱི་གྲངས་གསོལ་བ་དང་བཞིའི་ལས་ཀྱི་ཚིག་གཅིག་གིས་བསྙེན་པར་རྫོགས་པར་ བྱར་རུང་ངོ་། །དུ་མ་ནི་མང་ཚིག་སྟེ་གསུམ་ནས་མང་ཚིག་ཏུ་ལུགས་ལས་འཇོག་པའི་ཕྱིར་རོ། །འདིར་བྱར་རུང་གི་དོན་ནི་རྫོགས་ཚུལ་གྱི་བྱ་བ་མང་དུ་ཡོད་པ་ལས། འདི་ལྟར་ཡང་རུང་ལ་རུང་བ་གཞན་ཡང་ཡོད་དོ་ཞེས་མཚོན་པ་ཡིན་ཏེ། སྔོན་གྱི་དུས་ཉ་པ་ལྔ་བརྒྱ་ཚུར་ཤོག་གི་ཚིག་ གཅིག་གིས་རྫོགས་པར་མཛད་པ་ཡང་མཐོང་བའི་ཕྱིར་རོ། །དེ་ལས་གཞན་དུ་དཀྱིལ་འཁོར་གཅིག་ཏུ་ཚོགས་ཀྱིས་ཚོགས་ལ་ལས་མི་འཆག་པ་ལ་མཚམས་ཐ་དད་དུ་གསོལ་བཞིའི་ཚིག་གཅིག་གིས་བཞི་དང་བརྒྱད་དང་བཅུ་གཉིས་རྫོགས་པར་བྱར་རུང་བའི་དམིགས་བསལ་ཡོད་ དེ། ཞུ་བ་ལས། བཙུན་པ་ལས་བགྱིས་པ་ཕྱོགས་གཅིག་ཏུ་མཆིས་ལ། གནས་བཞིར་གང་ཟག་བཞི་བསྙེན་པར་རྫོགས་པར་བགྱིད་དུ་གནང་ངམ། གནང་སྟེ་འདི་ལྟར་ལས་བྱེད་པའི་དགེ་སློང་གནས་བཞི་ཆར་གྱི་མཚམས་སུ་ཤིང་ངམ་འཁར་བའམ་རེ་ལྡེ་རྣམས་ཀྱིས་ཕྱོགས་ 6-1-119a བཞི་པོ་ནས་བསྒྲུབ་བྱ་མནན་ཏེ་ཕྱོགས་བཞིར་རེ་རེ་སྟེ་བཞིའོ་རེ་རེ་ནས་སམ་ཕྱོགས་བཞིར་གཉིས་གཉིས་ནས་ཏེ་བརྒྱད་དོ་སམ་ཕྱོགས་བཞིར་གསུམ་གསུམ་ནས་ཏེ་བཅུ་གཉིས་སོ། །བསྙེན་པར་རྫོགས་པར་བྱ་སྟེ་བཞིར་མ་ཚང་ནའོ་ཞེས་གཞུང་འདིའི་མཚན་ནི་ཊཱི་ཀ་བྱེད་པས་སོ་གསུངས་པའི་ ཕྱིར་རོ། །བཅུ་གཉིས་ལས་བྱེད་པའི་ཚིག་གཅིག་གིས་རྫོགས་པར་བྱེད་པའི་ཚེ་ཡང་ཕྱོགས་བཞིར་འབོགས་པ་པོའི་དགེ་འདུན་སྡེ་བཞིར་བཀོད་དགོས་པ་ཡིན་ཅེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །འོ་ན་རྫོགས་ཚུལ་འདི་ད་ལྟ་ལག་ལེན་ལ་བྱེད་དམ་ཞེ་ན། དཔལ་ཆེན་པས་ད་ལྟ་ ལག་ལེན་མཛད་པར་གྲགས་ཀྱང་། སྙག་དབོན་ཐམས་ཅད་མཁྱེན་པའི་ཞལ་ནས། དཔལ་ཆེན་འདུལ་བ་ལ་ཤིན་ཏུ་མཁས་པས་དེ་འདྲ་མཛད་གར་སྲིད། མི་སྲིད་པའི་རྒྱུ་མཚན་ལུང་ལས་དེ་ལྟར་གསུངས་ཀྱང་དེའི་ཆོ་ག་ཞིབ་མོ་འདིར་མི་འབྱུང་བའི་ཕྱིར་སྔོན་བྱུང་གི་འདུལ་འཛིན་ ཆེན་པོ་རྣམས་དེ་ལྟར་ལ་ཕྱག་ལེན་མཛད་པའི་སྲོལ་མ་བྱུང་བ་ཡིན་ནོ། །དེས་ན་བྱེད་ཚུལ་གྱི་ཆོ་ག་རྒྱས་པར་མ་བསྟན་པའི་བྱེད་རུང་གི་སྒྲ་ཙམ་གྱིས་བྱེད་པའི་གོ་རིམ་བྱ་བ་ཡང་མི་ཤེས་པའི་ཕྱིར། དེ་ལྟ་བུའི་འབོགས་ཆོག་ད་ལྟ་བྱེད་མི་རུང་ཞེས་གསུང་ངོ་། །ཡང་ཁ་ཅིག་སྡོམ་པ་ཐག་རྒྱ་མ་ འདི་རྗེ་འབྲི་གུང་ཐེལ་པས་བྱེད་ལོ། དེའང་མ་ཡིན་ཏེ་ཆོས་རྗེ་པས། བླུན་པོ་སྙིང་བོད་ཅན་གྱིས་ཀྱང་། །འདུལ་བའི་ཆོ་ག་བརྒལ་མ་ནུས། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐག་རྒྱ་མ་སོགས་ལག་ལེན་དུ་བྱེད་པ་ནི་མི་རྐང་འབུད་པ་རྣམས་ཀྱིའོ། །སྡོམ་པ་ཐོབ་པའི་དུས་མཉམ་པ་རྣམས་ནི་གཅིག་ལ་ གཅིག་ཕྱག་མི་བྱའོ། །འོ་ན་དུས་མཉམ་པ་རྣམས་རྙེད་པ་དང་ལས་སུ་བྱ་བ་ཇི་ལྟར་ཞེ་ན། རྙེད་པ་ནི་སྔར་འོངས་པ་དང་པོ་ཡིན་ནོ། །དེའི་ཤུགས་ཀྱིས་ལས་བྱེད་པ་ནི་ཕྱིས་འོངས་པ་དང་པོ་ཡིན་ནོ་ཞེས་འཐོབ་སྟེ། ནང་དུ་འཇུག་སྔ་བ་དེ་ཐུ་བོ་ཡིན་ལ་ཕྱིས་འཇུག་པ་དེ་ཕྱིར་དབྱུང་བ་ན་དང་པོར་འབྱུང་སྔ་ 6-1-119b ཡང་ཐུ་བོར་མི་འཇོག་སྟེ། ཕྱིས་འབྱུང་ཕྱི་བ་ཉིད་ཐུ་བོར་འཇོག་པའི་ཕྱིར་ཏེ། ཊཱི་ཀར། ཐོག་མར་ཕྱིན་པའི་གང་ཟག་དང་པོ་ཐུ་བོ་ཉིད་དུ་འགྱུར་ཏེ། དེ་ལྟ་བས་ན་གང་རྙེད་པའི་གནས་སུ་དང་པོར་འོངས་པ་དེ་ནི་རྙེད་པ་དང་པོར་བླང་བར་བྱ་ལ་ལས་སུ་བསྐོ་བ་ཕྱིས་བྱ་སྟེ་དེ་ནི་དང་པོར་འོངས་བའི་ཕྱིར་ཐུ་བོ་ ཉིད་ཡིན་ནོ་ཞེས་སོ། །གཉིས་པ་ལ། ལུས་ཀྱི་བྱི་བྱད་རྟགས་རྣམས་སྤྲོས། །སྣོད་སྤྱད་རྟགས་ཀྱི་སྤྲོས་པ་བསྟན། །བར་ཆད་སྤོང་བའི་སྤྲོས་པ་བརྗོད། །དང་པོ་ལ། རྟགས་དངོས་དང་ནི་ཞར་བྱུང་སྤྲོས། །དང་པོ་ལ། སྐྲ་སེན་བྲེགས་དང་ཁྲུས་ཆོག་བཤད། །དང་པོ་ལ། དངོས་པོ་ཇི་ཙམ་ བྲེགས་པ་དང་། །ཇི་ལྟའི་ཚུལ་གྱིས་བྲེགས་པ་དང་། །བྲེགས་དུས་གོས་ནི་གང་བརྟེན་དང་། །བྲེགས་ནས་གང་དུ་འདོར་བ་དང་། །དགེ་སློང་མ་ཆོག་ཟུར་དུ་སྤྲོས། །དང་པོ་ནི། དགོན་པ་པས་སྐྲ་སོར་གཉིས་ལས་ལྷག་པར་མི་བཞག་གོ། ཊཱི་ཀ་ལས། སྐྲ་སྨོས་པས་ཁ་སྤུ་ཡང་སྨོས་པར་འགྱུར་ བའི་ཕྱིར་ཞེས་སོ། །ཁྱད་པར་བཤེས་གཉེན་གྱིས། དགོན་པ་པས་ནི་སྐྲ་སོར་གཉིས་འཁྱིལ་པ་འབྲེག་པ་ཞེས་བཤད་ཀྱང་། མི་འཐད་དེ། ཉིད་ཀྱི་རྣམ་བཤད་ལས། སོར་གཉིས་བསྐོར་བ་ཡིན་ན་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་དང་། འོད་ལྡན་ལས་ཀྱང་། དེ་ལྟར་ གྱུར་ན་ཚད་སོར་ལྔར་འགྱུར་བས་སོ། །གླེང་གཞི་དེ་ཉིད་ཀྱིས་ཉེས་པར་འགྱུར་བས་མི་འདོད་དོ་ཞེས་སོ། །གྲོང་མཐའ་པས་ནི་དེའི་འོག་མ་ཉིད་ལས་མི་བཞག་གོ། འོག་མ་ནི་སོར་ཕྱེད་གཉིས་ཏེ། ཊཱི་ཀར། སོར་ཕྱེད་དང་གཉིས་ལས་ལྷག་པ་སོར་གཉིས་ཀྱི་ཚད་དུ་གྱུར་ པ་དེ་ཙམ་དུ་མི་བཞག་ཅེས་སོ། །འདི་གཉིས་ལ་ཡངས་དོག་གི་ཁྱད་འབྱུང་བ་ནི། ལུང་ལས། དགོན་པ་བ་དག་གི་འབྲེག་མཁན་མ་རྙེད་ན་སྐྲ་སོར་གཉིས་ཀྱི་ཚད་དུ་བཞག་པར་རྗེས་སུ་གནང་ངོ་ཞེས་གསུངས་པ་ལ། དགོན་པ་ན་འབྲེག་མཁན་དཀོན་པའི་ཕྱིར་དང་ 6-1-120a གྲོང་མཐའ་ན་འབྲེག་མཁན་བཙལ་སླ་བའི་ཕྱིར་ཞེས་འགྲེལ་ཆུང་ལས་བྱུང་ལ། རྣམ་པ་གཅིག་ཏུ་ན་མ་དད་པ་སྐྱེ་བའི་དགག་བྱ་འབྱུང་རིང་བ་དང་ཉེ་བའི་ཁྱད་པར་ལས་ཀྱང་ངོ་། །གཉིས་པ་ནི། སྐྲ་བ་ལང་གི་སྤུ་འདྲ་བར་ཏེ་ཆན་པས་མི་འབྲེག་གོ ། དེའི་དམིགས་བསལ་རྨའི་ཐའི་ཀོར་ནི་མ་གཏོགས་སོ། །འབྲེག་མཁན་ལ་བསྒོས་ཏེ་གཙུག་ཕུད་བྱེད་དུ་མི་གཞུག་གོ། འོན་ཏེ་འདོམས་ཀྱི་སྤུ་རང་དང་གཞན་གྱིས་ཀྱང་འབྲེག་ཏུ་མི་གཞུག་གོ། དམིགས་བསལ་གསང་བའི་ཉེ་ཀོར་དུ་རྨ་བྱུང་ན་དེའི་ཆེད་དུ་གཞན་སྨན་བསྐ་བས་ བཀྲུ་བ་སོགས་ཀྱིས་མི་འཚོ་ན་སྡེ་སྣོད་འཛིན་པའི་མཁས་པ་གནས་བརྟན་གནས་བརྟན་དག་ལ་དྲིས་ཏེ་འབྲེག་ཏུ་གཞུག་གོ། འདིའི་དག་ཚིག་དང་གནས་བརྟན་ལན་གཉིས་སུ་སྨོས་པ་ནི། མཚོ་སྣ་པ་ཆེན་པོའི་གསུང་གིས་གནས་བརྟན་མཁས་པ་གཉིས་ཡན་ཆད་ལ་དགོངས་པ་ ཡིན་ཅེས་འགྲེལ་ཆུང་དྲངས་ཏེ་བཤད་པ་མཛད་ཀྱང་བརྟག་དགོས་སོ། །བྱིན་པའི་སྤུ་འབྲེག་པ་ཡང་རྨ་དེའི་ཕྱིར་མ་ཡིན་པར་འབྲེག་པའི་ལས་བྱེད་དུ་མི་གཞུག་གོ། ཡང་ནི། ཊཱི་ཀར། ཞེས་བྱ་བ་ཡང་འབྲེག་ཏུ་མི་གཞུག་གོ་ཞེས་བྱ་བའི་རྗེས་སུ་སྦྱར་ཏེ། བྱིན་པའི་སྤུ་འབྲེག་ པ་ཡང་འབྲེག་ཏུ་མི་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །བྱིན་པའི་སྤུ་བྲེགས་མི་རུང་ན་ལུས་གཞན་གྱི་སྤུ་ཇི་ལྟར་བྱ་སྙམ་ན་ལུས་གཞན་གྱི་ཡང་མི་བྱའོ། །ཡང་སྒྲ་ནི། ཊཱི་ཀར། དེ་ལ་ཡང་རྨའི་ཕྱིར་མ་ཡིན་པར་སྤུ་འབྲེག་པར་མི་བྱའོ་ཞེས་སོ། །འོ་ན་སྣའི་སྤུ་ཡང་ འཐོག་ཏུ་མི་རུང་ངམ་སྙམ་ན། ཊཱི་ཀ་ལས། སྣའི་སྤུ་འཐོག་པ་ལ་ནི་རྣམ་གྲངས་ཀྱི་ཚིག་ཡོད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་སྣའི་སྤུ་ཕྱེད་བཏོགས་པ་ལ་རྒན་རིམ་གྱིས་རྨང་གཟེར་བླང་བར་མི་བྱའོ། །ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། ། 6-1-120b གལ་ཏེ་སྣའི་སྤུ་རྣམ་པ་ཐམས་ཅད་དུ་བཏོག་པར་མི་བྱ་བ་ཡིན་ན། ཅིའི་ཕྱིར་ཕྱེད་བཏོགས་པའི་རྨང་གཟེར་ལེན་པ་ཉེས་བྱས་སུ་བསྟན་ཏེ་རིགས་པ་འདིས་ནི་སྔོན་གཞུང་དངོས་སུ་ཡང་ཡོད་པར་གྱུར་པ་ལས་དེ་ནུབ་པར་གྱུར་པའོ་ཞེས་སོ། །འདི་ནི་དམིགས་ཀྱིས་བསལ་བའོ། ། ལུས་གཞན་གྱི་སྐྲ་ནི་སྨིན་མ་ཕྱིན་ཡིན་ལ། འོ་ན་མགོ་བོ་ལ་ཡོད་ཚད་ཀྱི་སྤུ་བྲེག་གམ་ཞེ་ན། དམིགས་བསལ་ཡོད་དེ། སྨིན་མའི་སྤུ་བྲེགས་ན་ཉེས་བྱས་ཐམས་ཅད་ཡོད་སྨྲའི་ལུགས་དང་། སྨིན་མའི་སྤུ་ཡང་སོར་གཉིས་ལས་ལྷག་པ་བྲེག་པར་བྱ་ཞེས་པ་ཕལ་ཆེན་པའི་ ལུགས་སོ། །སེན་མོ་སྤུ་གྲིའི་སོ་ལྟ་བུ་དབུས་མཐོ་བའམ་སྟེའུའི་ཁ་ལྟ་བུར་མཐའ་དབུས་མཉམ་པར་བྲེག་པར་བྱའོ། །སེན་མོ་དེ་དག་སྤྱིལ་བ་སྟེ་རྒྱགས་པ་བསྐྱེད་པའི་བདར་བ་དང་། ཚོན་བྱུག་པར་མི་བྱའོ། །འོ་ན་སེན་མོའི་བྱི་དོར་རྣམ་པ་ཐམས་ཅད་དུ་བཀག་གམ་ཞེ་ན། མིན་ ཏེ་དྲི་མ་བསལ་བའི་ཕྱིར་འབྲུད་པར་བྱའོ། །གསུམ་པ་ནི། ཆོས་གོས་སྣམ་སྦྱར་དང་བླ་གོས་གྱོན་བཞིན་དུ་སྐྲ་དང་ཁ་སྤུ་བྲེག་པར་མི་བྱའོ། །འདིའི་ཆོས་གོས་མཐང་གོས་སུ་མི་བཟུང་སྟེ། བཟུང་ན་གཅེར་བུར་འགྱུར་བའི་ཕྱིར་རོ། །སྐྲ་བཟེད་པའི་གོས་བཅང་བར་བྱའོ། ། འདིའི་ཚད་ནི། མེ་ཏོག་ཕྲེང་རྒྱུད་ལས། སྐྲ་བྲེགས་པ་ན་རོ་སྟོད་གཅེར་བའི་ཉེས་བྱས་བསྲུང་བའི་དོན་དུ་སྐྲ་བཟེད་ནི། །རྒྱར་ནི་ཕྱེད་དང་གཉིས་ཁྲུ་ལ། །སྲིད་དུ་ཁྲུ་ནི་གསུམ་ཡིན་ཏེ། །ལྷག་པ་བཅང་བར་མི་བྱའོ། །ཞེས་སོ། །སྐྲ་བཟེད་མེད་ན་རྔུལ་གཟན་གྱིས་སྟོད་གཅེར་བ་ བསྐྱབས་ཏེ་སྐྲ་དང་ཁ་སྤུ་བྲེག་པར་བྱའོ། །བཞི་པ་ནི། ལོ་མའམ་སྟན་གཞན་བཏིང་བར་བྱས་པའི་སྟེང་དུ་ཡང་སྐྲ་དང་ཁ་སྤུ་བྲེག་པར་མི་བྱའོ། །འདིའི་ཡང་ནི་ཆོས་གོས་གྱོན་བཞིན་ཞེས་པ་ལ་བསྙེག་གོ། ཁྱིམ་དང་སྒོ་ཁང་སོགས་གང་དུ་དགེ་འདུན་ཕྱག་དང་འཕྱག་ 6-1-121a པར་ཡང་སྐྲ་བྲེག་པར་མི་བྱའོ། །འདིའི་ཡང་སྒྲའང་གཏིང་བ་ཞེས་པར་བསྙེག་གོ། རྒན་པོ་དང་ནད་པ་དང་རླུང་དང་ཉི་མ་དང་ཆར་པ་དག་ལ་ཁྱམས་དང་ལ་སོགས་པས་གནས་ཁང་དང་སྒོའི་ཁང་བར་སྐྲ་འབྲེག་ཏུ་གཞུག་པར་བྱའོ། །འདི་ནི་དམིགས་ ཀྱིས་བསལ་བའོ། །སྐྲ་བྲེགས་པའི་ཕྱོགས་དེར་བྱི་དོར་བྱའོ། །སྐྲ་བྲེགས་པ་གང་དུ་དོར་བ་ནི་ཕྱགས་དར་ཁྲོད་དུ་དོར་རོ། །སེན་མོ་བཅད་པ་ཡང་དེ་བཞིན་ནོ། །ཡང་སྒྲ་ནི་ཕྱགས་དར་ལ་བསྙེག་གོ། ལྔ་པ་ནི། དགེ་སློང་མ་དེ་འདོད་པའི་འདོད་ཆགས་དང་བྲལ་བ་ཡན་ཆད་ནས་ ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་མ་ཡིན་ན། དགེ་སློང་མས་ཞལ་ཏ་སྟེ་བསྲུང་བར་མ་བྱས་པར་འབྲེག་མཁན་སྐྱེས་པས་དགེ་སློང་མའི་སྐྲ་མི་བྲེག་གོ། འབྲེག་མཁན་སྐྱེས་པ་དེ་ལ་དགེ་སློང་མ་དེ་ཀུན་ཏུ་ཆགས་པར་གྱུར་ན་དགེ་སློང་མ་ཞལ་ཏ་བྱེད་པ་མོས་ཡང་ དག་པར་རྗེས་སུ་བསྟན་པར་བྱ། ཅི་ལྟར་བསྟན་པར་བྱ་ཞེ་ན་དྲན་པ་ཉེ་བར་ཞོག་ཅིག །ཅི་རྣག་གི་ལུས་འཇིག་པ་འདི་ལ་ཆགས་པའི་སྙིང་པོ་ཡོད་དམ་ཞེས་བརྗོད་པར་བྱའོ། །འབྲེག་མཁན་དགེ་སློང་མ་ལ་ཆགས་ན་འབྲེག་མཁན་ལ་ནི་མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ ཉེ་བར་ཞོག་ཅིག་ཅེས་བསྒོའོ། །གཉིས་པ་ལ། ཁྲུས་ཀྱི་བྱ་བ་དངོས་ཉིད་དང་། །སྒྲེན་དང་གནས་མིན་སྤང་བ་དང་། །བཀྲུ་དུས་གོས་གནས་གང་ཡིན་དང་། །ལུས་དང་གོས་ལ་གནོད་སྤང་བཤད། །དང་པོ་ནི། སྐྲ་དང་ཁ་སྤུ་བྲེགས་པ་དེ་བྱས་ནས་ལུས་རིལ་ཁྲུས་ བྱའོ། །ཆུ་མེད་དམ་རྒས་པ་དང་ན་བས་མི་ནུས་ན་ཡང་ཡན་ལག་ལྔའི་ཁྲུས་ཀྱང་ངོ་། །འདིའི་ཡང་སྒྲ་ནི་རིལ་ཁྲུས་ལས་གཞན་པའི་ཁྲུས་བསྟན་པ་ཡིན་ཏེ། ཊཱི་ཀར། ཡང་ན་ཞེས་བྱ་བའི་སྒྲ་ནི་ཆོ་ག་གཞན་བསྟན་པའི་དོན་ནོ་ཞེས་སོ། །ཀྱང་ངོའི་དོན་ནི་མ་འབྱོར་ན་འདི་ 6-1-121b ཙམ་གྱིས་གྲུབ་པར་བསྟན་པ་ཡིན་ཏེ། ཊཱི་ཀར། ཐ་ན་རྐང་ལག་དག་ཀྱང་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། སྒྲེན་མོ་སྟེ་གཅེར་བུར་ཁྲུས་མི་བྱའོ། །སྤྱིར་སྒྲེན་མོ་ཡིན་མིན་གྱི་ཁྱད་པར་འཁོར་གསུམ་གཡོགས་མ་གཡོགས་ལ་བྱེད་ཀྱང་། འདིར་ གསང་བ་གཡོགས་མ་གཡོགས་ལ་བཞག་སྟེ། ཊཱི་ཀར། འདི་སྔར་འཁོར་གསུམ་གཡོགས་པ་ཉིད་ན་སྒྲེན་མོ་མ་ཡིན་མོད་ཀྱི། འོན་ཀྱང་འདིར་ནི་མདོམས་ཀྱི་སྤུ་དང་ཡན་ལག་གི་རྣམ་པ་དག་གཡོགས་པ་ཉིད་ན་གཡོགས་པ་ཉིད་ཡིན་པར་རིག་པར་བྱའོ། །དགེ་སློང་ མས་སྐྱེས་པ་ཁྲུས་བྱེད་པའི་ཆུ་ངོགས་སུ་ཁྲུས་མི་བྱའོ། །དགེ་སློང་མས་བུད་མེད་ཁྲུས་བྱེད་པའི་ཆུ་ངོགས་སུ་ཡང་ཁྲུས་ཉི་ཚེ་བྱེད་རུང་ལ་བུལ་ཏོག་སོགས་ཀྱི་ཕྱེ་མས་ཁྲུས་མི་བྱའོ། །འདིའི་ཡང་སྒྲ་ནི་སྐྱེས་པའི་ཆུ་ངོགས་སུ་མ་ཟད་བུད་མེད་ཀྱི་ཆུ་ངོགས་སུ་ཡང་ངོ་ཞེས་པའི་དོན་ཡིན་ ནོ། །ཁྲུས་བྱེད་པ་ན་མོན་སྲན་གྲེའུ་དང་ལ་སོགས་པས་བུལ་ཏོག་སོགས་འདག་རྫས་ཀྱི་ཕྱེ་མ་གླ་རྩི་ལ་སོགས་པའི་དྲིས་བསྒོས་པའི་ཁྲུས་དགེ་སློང་ཕ་མ་གཉིས་ཀ་ལ་རུང་ངོ་། །རུང་བའི་དྲིའི་ཕྱེ་མ་དེ་ནི་གཞན་གྱིས་བྱིན་ན་བླང་བར་བྱའོ་དགེ་སློང་ཕ་མ་ནད་པས་ནི་སྨན་གྱིས་བསྒོས་ པའི་འདག་རྫས་རང་ཉིད་ཀྱིས་སྦྱར་བ་སྤྱད་པ་དང་ལེན་པར་ཡང་ངོ་། །འདིའི་ཡང་སྒྲ་ནི་དྲིས་བསྒོས་པར་མ་ཟད་སྨན་གྱིས་བསྒོས་པར་ཡང་ངོའི་དོན་ནོ། །དགེ་སློང་མས་ཁྲུས་ཀྱི་ཚེའམ་དུས་གཞན་གྱི་ཚེ་ཡང་བུད་མེད་ལ་ཕྱེ་མས་མི་གཏོར་རོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་སྨྲས་ པས་དེའི་ཕྱིར་སྒྲེན་མོ་ཉིད་བསལ་བའི་ཞར་ལ་ཤམ་ཐབས་ཀྱི་ཐ་མ་སྟེ་མ་མཐའ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མ་མདུད་པར་སྐས་ལ་མི་འཛེག་གོ། མ་མདུད་པའི་དོན་མ་བཅིངས་པར་ཊཱི་ཀ་ལས་བཤད་ཅིང་། ཁ་ཅིག་མདུན་དང་རྒྱབ་ཀྱི་མཐའ་གཡས་གཡོན་གྱི་གྲྭ་ལ་ཟེར་བ་ 6-1-122a ཡིན་ཅེས་སྨྲའོ། །སྐས་ལ་འཛེགས་པ་སོགས་ལས་གཞན་གྱི་དུས་སུ་ཤམ་ཐབས་མདུད་པ་དེ་ལྟར་དུ་མི་བྱའོ། །ཁའི་ནང་ཡང་འདོམས་ཀྱི་ཕྱོགས་དང་མཐུན་པའི་ཕྱིར་གླལ་བ་སོགས་ཀྱི་ཚེ་ཁ་མ་བཀབ་པར་གདང་བར་མི་བྱའོ། །གསུམ་པ་ནི། སྒྲེན་མོས་ ཁྲུས་བྱེད་པ་བཀག་པའི་ཕྱིར་ཁྲུས་རས་དཀར་པོ་བཅང་བར་བྱའོ། །བཅང་བར་བྱའོའི་སྒྲ་འདིས་ཐམས་ཅད་ནས་ཅིས་ཀྱང་འཆང་དགོས་མ་བཅངས་ན་ཉེས་པར་འགྱུར་བ་སྒྲུབ་པའི་བསླབ་པ་ཡིན་ནམ། འོན་ཏེ་བཅངས་ཀྱང་ཆོག་མ་བཅངས་ཀྱང་ཆོག་པའི་ཅི་དགར་འཇུག་པ་གནང་བའི་ བསླབ་པ་ཡིན་ཅེ་ན་བཅང་བར་བྱའོའི་སྒྲ་ལ་འཇུག་པ་གཉིས་ཡོད་དེ། ཡོ་བྱད་དྲུག་ལ་སོགས་པ་དགག་དགོས་ཀྱི་རྒྱུ་མཚན་དང་ལྡན་པ་རྣམས་ལ་དགོངས་ནས་དེའི་སྒྲ་སྦྱར་བ་ནི་ཅི་ནས་ཀྱང་འཆང་དགོས་སྒྲུབ་པའི་བསླབ་པ་ཡིན་ལ། དེ་ལས་གཞན་ཁྲུས་རས་བཅང་བར་བྱའོ། ། འུར་རྡོ་བཅང་བར་བྱའོ་ཞེས་པའི་རིགས་ཅན་རྣམས་བཅང་བར་བྱའོ་ཞེས་གསུངས་ཀྱང་བཅང་དུ་གནང་བ་ཙམ་ཡིན་ཏེ། ཊཱི་ཀ་ལས། ཁྲུས་རས་དག་བཅང་བར་བྱའོ་ཞེས་བྱ་བ་འདི་བརྗོད་དེ། བྱེད་པའི་ཚིག་དང་པོར་བསྟན་པའི་ཕྱིར་རང་གར་སྤྱད་པར་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར རོ། །བྱེད་ཚིག་དང་པོར་བསྟན་པ་ནི། རྒྱ་དཔེ་ལས། བཅང་བར་བྱའོ་ཁྲུས་རས་ཞེས་པ་ཡོད་དོ། །འོ་ན་བཅང་དུ་གནང་ངོ་ཞེས་མ་གསུངས་པར་བཅང་བར་བྱའོ་ཞེས་སྒྲུབ་ཚིག་ཏུ་སྨོས་པའི་རྒྱུ་མཚན་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་ཞིང་ཆོག་ཤེས་པ་ལ་རྣམ་གྲངས་ དུ་མས་བསྟོད་ཅིང་། དེ་ལས་བཟློག་པ་ལ་རྣམ་གྲངས་དུ་མས་སྨད་པས་བཅང་བར་རུང་བར་གནང་ངོ་ཞེས་བརྗོད་ན་ཡུལ་དུས་གང་ཟག་འགའ་ཞིག་ལ་ཁྲུས་རས་གནང་ཡང་གཞན་ལ་མ་གནང་ངམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་བཅང་བར་བྱའོ་ཞེས་སྒྲུབ་ཚིག་ཏུ་བསྟན་ཏོ། །སྲོག་ཆགས་ 6-1-122b དང་བཅས་པའི་ཆུར་ཁྲུས་རས་ཉིས་རིམ་ལ་ནི་སྲོག་ཆགས་དག་ཀུན་ཏུ་འཆགས་སོ། །འདི་ལ་ཀུན་ཏུའི་དོན་གཞུང་མཛེས་བྱེད་ཡིན་པར་སྨྲ་བ་གཞན་གཞུང་དུ་ཊཱི་ཀར་བཀོད་པ་ནི་མི་ལེགས་ཏེ། ཉིད་ཀྱི་རྣམ་བཤད་ལས། ཀུན་ཏུ་ཞེས་བྱ་བ་འདི་གཞུང་མཛེས་པའི་ཕྱིར་ཉེ་བར་བཟུང་ བ་སྟེ་ཞེས་བཤད་པའི་ཕྱིར་རོ། །ཆོས་བཤེས་ཉིད་ན་རེ། ཁོ་བོ་ནི་ཡི་གེ་ལྷག་པ་ཡོད་པའི་ཕྱིར་དོན་ཀྱང་ལྷག་པ་ཡོད་པར་ཤེས་པར་བྱའོ་ཞེས་སྨྲས་ཏེ། དེས་ན་བྱེད་རྒྱུ་བསྟན་པ་མེད་ཀྱང་བྱེད་རྒྱུ་བསྟན་པ་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་པའི་དོན་ཀུན་ཏུའི་ཚིག་གི་ནུས་པས་ཁྲུས་ རས་ཉིས་རིམ་ལ་སྲོག་ཆགས་འཆགས་པའི་བྱེད་རྒྱུ་ནི་སྲོག་ཆགས་དང་བཅས་པའི་ཆུ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་པ་ཡིན་ནོ། །ཆོས་གོས་གསུམ་པས་ཀྱང་ཁྲུས་རས་བཅང་བར་བྱའོ། །ཀྱང་ངོའི་སྒྲ་ནི་ཁྲུས་རས་སུ་མ་ཟད་ཡོ་བྱད་བཅུ་གསུམ་པོ་ཐམས་ཅད་གནང་སྟེ། འདོད་ཆུང་ཆོག་ཤེས་པས་ཀྱང་བཅང་རུང་ཙམ་དུ་བསྟན་པ་ཡིན་ནོ། །ཁ་ཅིག་བྱིན་གྱིས་མ་བརླབས་པར་བཅང་ཟེར་བ་མི་འཐད་དེ། བྱིན་གྱིས་བརླབས་ནས་བཅང་ངོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཆོས་གོས་བཞི་པར་འགྱུར་རོ་སྙམ་ན། ཆོས་གོས་གཙོ་བོ་གསུམ་ཉིད་ཡིན་ པས་གསུམ་པ་ཞེས་སོ། །ཁྲུས་རས་མེད་ན་ལུས་ཀྱི་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་དབེན་པའི་ཕྱོགས་སུ་ཁྲུས་བྱའོ། །ཁྲུས་རས་ཆིག་རྐྱང་ལ་སྲོག་ཆགས་ཆགས་ན་བཤལ་བས་མེད་པར་འགྱུར་རོ། །ཊཱི་ཀར། ལྷན་པ་ཅན་ཡང་ཉིས་རིམ་ཉིད་ཡིན་ནོ། །ཁྲུས་དེ་ གཙུག་ལག་ཁང་དུ་ནི་སྟོར་ཁུང་དུ་བྱེད་དོ། །ལྷུང་བཟེད་དང་གོས་བཀྲུ་བའི་བཙོག་ཆུ་ཡང་དབོ་བར་བྱའོ། །ཡང་ནི་ཊཱི་ཀར། ཡང་ཞེས་བྱ་བས་ནི་སྟོར་ཁུང་ཉིད་དུ་དབོ་བར་རིགས་པར་བྱའོ་ཞེས་སོ། །ཁྲུས་ཀྱི་ཆེད་དུ་ཁྲུས་ཁང་བྱའོ། །ཁྲུས་ཁང་དེར་སོ་ཕག་གི་གཅལ་འགྲམ་མོ། ། 6-1-123a ཆུ་ཕྱི་རོལ་དུ་འགྲོ་བའི་ཕྱིར་སྟོར་ཁུང་དེར་བུ་གུ་གདོད་དོ། །ཁྲུས་ཁང་གིས་གཞིར་ལྗན་ལྗིན་བསལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྟོར་ཁུང་ཁོ་ནར་ཁྲུས་བྱའོ་ཞེས་གསུངས་པས། སྟོར་ཁུང་དུ་ཁྲུས་བྱེད་ན་འདམ་རྫབ་དེ་མི་འབྱུང་ངོ་། །བཞི་པ་ལ། ལུས་ལ་གནོད་པ་སྤང་ཚུལ་བཤད། །གོས་ལ་གནོད་པ་སྤང་ཚུལ་བསྟན། །དང་པོ་ནི། སོ་ཕག་གི་དུམ་བུས་ཏེ་སོ་བཏང་བ་དྲུད་པས་རྐང་པ་གཉིས་ལས་གཞན་པའི་ལུས་ལ་དྲུད་པར་མི་བྱའོ། །སོ་ཕག་གི་དུམ་བུ་དེ་ནི་གྲེ་སོག་རྣོན་པོ་དང་། རྒྱ་མཚོ་ལྦུ་བ་སྟེ་བཞར་སྤྱད་གཉིས་ཀྱི་ དཔེའམ་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་མཚོན་ན་དེ་གཉིས་ཀྱིས་དྲུད་པར་མི་བྱའོ། །ཉ་ཕྱིས་ལ་དྲི་མ་ཆགས་པ་ནི་མེས་དྲོས་ཙམ་གྱིས་སྦྱངས་ཏེ། འོ་ན་ལུང་ཕྲན་ཚེགས་ལས། དགེ་སློང་རྣམས་ཀྱིས་ཉ་ཕྱིས་ཀྱིས་དྲུད་པར་བྱེད་པ་ན། བཀའ་སྩལ་པ། ཉ་ཕྱིས་ཀྱིས་ དྲུད་པར་མི་བྱའོ་ཞེས་གསུངས་པ་དང་། ཁྱད་པར་བཤེས་གཉེན་གྱིས་ཀྱང་ཉ་ཕྱིས་ཀྱིས་དྲུད་པར་མི་བྱའོ་ཞེས་གསུངས་པ་དང་འགལ་ཅེ་ན། རང་གི་རྣམ་བཤད་ལས། དགེ་སློང་དག་ཉ་ཕྱིས་ཀྱིས་འདྲུད་པར་བྱེད་ནས་བཀའ་སྩལ་པ། ཉ་ཕྱིས་མི་རྣོ་བར་བྱའོ་ཞེས་གསུངས་པ་ཡིན་ ཏེ། ཉ་ཕྱིས་རྣོ་བ་ཉིད་བཀག་པ་ཡིན་ནོ་ཞེས་བཤད་དོ། །དགེ་སློང་རྣམས་ཀྱིས་ནི་རྣམ་པ་འགས་དྲུད་པར་བྱའི། དགེ་སློང་མས་ནི་ལུས་ཀྱི་ཕྱོགས་གང་དུ་ཡང་སོ་ཕག་དང་། རྣོན་པོ་དང་། བཞར་སྤྱད་ཀྱིས་དྲུད་པ་བཀག་པར་མ་ཟད་ཁུ་ཚུར་དག་དང་ཞེས་པ་ཁུ་ཚུར་ཡན་ཆད་ ཡིན་ལ། གོས་དྲིལ་བ་དག་ཡན་ཆད་ཡན་ལག་གི་དངོས་པོ་གང་གིས་ཀྱང་དྲུད་པར་མི་བྱའོ། །འདིར་དག་ཅེས་གཉིས་འབྱུང་བ་ནི། བླ་མ་དག་ཡན་ཆད་ཀྱིས་མང་ཚིག་བསྡུ་བ་ཡིན་ཟེར་རོ། །གཉིས་པ་ནི། ཁྲུས་བྱས་ནས་ལུས་ལ་གཤེར་འགྱུར་གྱི་ཆུ་དང་མ་བྲལ་བས་ཆོས་གོས་དག་ 6-1-123b བགོ་བར་མི་བྱའོ། །གཤེར་འགྱུར་ནི་གཤེར་ནུས་ཏེ་ལུས་ལ་ཆུ་ཕྲུམ་ཕྲུམ་པ་ལ་འཆད་པ་ཡིན་ནོ། །ཁྲུས་ཀྱི་ཆུ་ཕྲུམ་པ་དེ་ཕྱི་བའི་ལུས་ཕྱིས་བཅང་བར་བྱའོ། །བཅང་བར་བྱ་བ་ནི་ཉེས་མེད་ཀྱི་དབང་དུ་བྱས་པ་ཡིན་ནོ། །ལུས་ཕྱིས་མེད་ན་ཡུད་ཙམ་ཞིག་ཙོག་པུར་འདུག་ལ་ཁྲུས་ རས་ཀྱིས་ཕྱི་བར་བྱའོ། །གཉིས་པ་ལ། བསྲོ་ཁང་བསྟན་པའི་ཆོ་ག་བཤད། །ལེགས་སྦྱར་ཁྲུས་ཀྱི་ཁྱད་པར་བརྗོད། །ཁྲུས་དང་བྱི་དོར་གཞན་ཡང་བསྟན། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། བསྲོ་ཁང་བསྟེན་པར་བྱའོ། །འདིའི་དགོས་ པ་ནི་བདེ་བ་ལ་རེག་པ་གནས་པ་དང་། འདོད་བསྟེན་གྱི་ཉེས་པར་འགྱུར་རམ་སྙམ་པའི་ལོག་རྟོག་སྤོང་བ་སྟེ། ལུང་མ་མོ་ལས། བསྲོ་ཁང་ལ་ནི་ཡོན་ཏན་ལྔ་སྟེ། རྡུལ་དང་དྲི་མ་འབྱང་། པགས་པའི་མདངས་གསལ། པགས་པའི་ནད་རྣམས་འབྱིན། རླུང་དང་བད་ཀན་ སེལ། ནད་མེད་པར་བྱེད་དོ། །གཞན་ཡང་ཡོན་ཏན་ལྔ་སྟེ། སྔ་མ་བཞི་དང་བསྲོ་ཁང་དུ་སྐྱོ་བ་བསྐྱེད་པར་བྱའོ་ཞེས་བཅུར་གསུངས་སོ། །འོ་ན་བསྐུ་མཉེ་སོགས་ཡུལ་གང་ལ་བྱ་བ་ནི། སྡེ་ལྔའི་སྡོམ་པ་དག་པ་སྟེ། ཁྱིམ་པ་ལ་བསྙེན་བཀུར་བྱེད་པ་བཀག་པ་དང་། ཝ་ལྟ་ བུ་ལ་བསྙེན་བཀུར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་སྟེ་བྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་སུ་མཐུན་པ་ཡང་དེ་དང་འདྲའོ་ཞེས་གནས་ནས་ཕྱུང་བ་དང་འདྲ་བར་གསུངས་པའི་ཕྱིར་རོ། །ས་རང་བཞིན་དུ་གནས་པ་སྟེ་གཞན་དུ་ན། ཁྱད་པར་ཅན་གྱི་སྤྱོད་པ་སྤང་དགོས་པའི་ཕྱིར་རོ། །མཚན་མཐུན་པའི་ཡུལ་ལ་སྟེ། གཞན་དུ་ན་རེག་པའི་ལྟུང་བར་འགྱུར་བའི་ཕྱིར་རོ། །བསྐུ་མཉེ་སོགས་བྱེད་པོ་གང་གིས་བྱ་བ་ནི། ལྷན་ཅིག་གནས་པ་དང་གཞོན་རབས་ལ་སོགས་པ་སྟེ། བྱི་དོར་གྱི་ལས་ནི་ལྷན་ཅིག་ 6-1-124a གནས་པ་དང་ཉེ་གནས་དག་གིས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །གོས་གཅིག་པ་དང་གཅེར་བུ་མ་ཡིན་པ་སྟེ། གོས་གཅིག་པས་བྱི་དོར་གྱི་ལས་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དད་པ་དང་ལྡན་པ་སྟེ་ལུས་ཀྱི་དེ་མ་དད་པ་བྱེད་དུ་མི་གཞུག་གོ་ ཞེས་གསུངས་པའི་ཕྱིར་རོ། །བསྲོ་ཁང་གི་ངོ་བོ་ནི། ཁྲུས་དང་བསྐུ་མཉེ་དང་དྲིལ་ཕྱིས་དང་སྟན་དང་མེའི་རེག་བྱ་སྟེ་ལྔའོ། །གཞི་འགྲེལ་ལས། བསྲོ་ཁང་ཞེས་བྱ་བ་ནི་ཁྲུས་ཀྱི་ཆོ་ག་ཡོ་བྱད་དང་བཅས་པའོ་ཞེས་སོ། །འདིར་བསྟེན་པར་བྱའོ་ཞེས་ཅི་དགར་འཇུག་པར་གནང་ སྟེ། ལུང་ཕྲན་ཚེགས་ལས། བསྲོ་ཁང་བསྟེན་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གནང་ཞེས་གསུངས་སོ། །གཉིས་པ་ལ། ཁང་པ་རྩིག་པའི་གནས་བཞི་བཤད། །བདེར་གནས་རྐྱེན་གྱི་སྐྱོང་ཚུལ་བསྟན། །མི་མཐུན་པ་ཡི་གང་ཟག་བཟློག །བྱི་དོར་བྱེད་པོའི་རང་བཞིན་ བསྟན། །འཇུག་དང་ཞུགས་ཟིན་བསླབ་བྱ་བརྗོད། །སྐབས་འབྲེལ་བསླབ་བྱ་གཞན་ཡང་བསྟན། །དང་པོ་ནི། བསྲོ་ཁང་གི་ཁང་པ་བྱ་བ་ནི་གྲམ་ས་ཆེ་བར་བཟང་ངོ་། །གྲམ་ས་ནི། ཊཱི་ཀར། གྲམ་གསེག་ཆེ་བར་ཏེ་གྲམ་གསེག་ཤས་ཆེ་བའི་ཕྱོགས་སུའོ། །བཟང་ངོ་ཞེས་བྱ་བ་ ནི་གྲམ་གསེག་ནི་བརླན་མེད་པའི་ཕྱིར་རོ་ཞེས་སོ། །བསྲོ་ཁང་གི་ཁང་པར་གཏོགས་པའི་ལོགས་ཀྱི་རྩིག་པའི་དཀྱིལ་དུ་སྟེ། ཊཱི་ཀར། དམའ་བར་ཡང་མི་གདོད་དེ་དུ་བ་བསད་དཀའ་བའི་ཕྱིར་རོ། །མཐོ་བར་ཡང་མི་གདོད་དེ་མུན་པར་འགྱུར་བའི་ཕྱིར་རོ་ཞེས་སོ། །དཀྱིལ་དེར་ སྐར་ཁུང་ཕྱི་རུབས་ལ་ནང་ཡངས་པ་སྟེ། ཊཱི་ཀར། དེའི་ཕྱི་རོལ་གྱི་ཁ་ཞུམ་ལ་ནང་ལོགས་ཡངས་པར་བྱའོ་ཞེས་སོ། །རྒྱ་མཚོའི་རྣམ་པ་དེ་ལྟ་བུ་ནི་ནང་ལོགས་ཡངས་པ་ཉིད་ལ་ངོས་འཛིན་པའི་མཐུན་དཔེར་བསྟན་པ་ཡིན་ཏེ། ཊཱི་ཀར། གང་གིས་དབྱིབས་རྒྱ་མཚོའི་རྣམ་པ་ 6-1-124b འདྲ་བ་ནི་དེ་ཉིད་ཡིན་ཏེ། དེས་ནི་སྐར་ཁུང་དེ་བྱིན་གྱིས་ཡངས་པར་སྟོན་ཏོ་ཞེས་སོ། །གནས་དང་དབྱིབས་ཀྱང་དེ་ལྟར་གདོད་དོ། །གཞུང་འདི་ལྟར་དུ་འདོན་ན་བདེ་སྟེ། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུའི་སྐར་ཁུང་དཀྱིལ་དུ་གདོད་དོ་ཞེས་སོ། །འདིའི་འབྲུ་ལ་ ཁ་ཅིག་ཆུ་དཀྱིལ་དུ་རྐྱལ་ལོག་པ་བཞིན་སོང་བ་མང་དུ་མཐོང་ངོ་། །སྐར་ཁུང་དེར་སྐར་ཁུང་དྲ་བ་ཅན་ཏེ་བྱིའུ་དང་ཕུག་རོན་འཇུག་པ་འགོག་པའི་ལན་ཀན་དང་སྒོ་གླེགས་ཏེ་སྒོའི་མེ་ལོང་སྤང་ལེབ་དང་འཁོར་གཏན་ནི། ཊཱི་ཀར། སྒོ་གླེགས་བཅད་པའི་ཐབས་སུ་གྱུར་པ་ཡིན་ ཏེ་སྒོ་གླེགས་ཀྱི་དཀྱིལ་གྱི་ཕྱོགས་སུ་ཤིང་གི་གཏན་བུ་ཁྲུ་གང་གི་ཚད་ཙམ་གདགས་ཤིང་སྒོ་སྐྱེས་ལ་དེའི་གཟུང་གདོད་དོ། །གཏན་བུ་དེ་འཁོར་ལོ་བཞིན་དུ་བསྐོར་ནས་གཟུངས་དེར་གཞུག་པར་བྱ་སྟེ། དེ་ནི་འཁོར་གཏན་བྱའོ་ཞེས་སོ། །དང་ཞེས་པ་གཞན་སྟོན་པའི་ཚིག་ གོ། གནམ་གཟེར་དང་ཞེས་པ་སྒོའི་ཡ་ཕུགས་ལ་བཏགས་པའི་གཟེར་བུ་སྒོ་གླེགས་གཅོད་བྱེད་དོ། །ཕྲེད་གཏན་དང་ཞེས་པ། ཊཱི་ཀར། རྩིག་པའི་སྦུབས་ཀྱི་ཁོང་དུ་གཞུག་པའི་ཤིང་རིང་པོ་ལ་བྱའོ་ཞེས་སོ། །བཅས་པ་གཞུག་གོ་ཞེས་པ་སྒོ་གླེགས་འབྱེད་སྡོམ་གྱི་བཟོ་ ཆ་དེ་རྣམས་སོ། །དབྱུ་གུ་སྐམ་ཁ་ནི་རའི་རྐང་པ་དང་འདྲ་བའི་སྐར་ཁུང་གི་འཕྲེད་གཏན་འབྱིན་འཇུག་བྱེད་པ་ཅན་ནོ། །ཡང་ནི། ཊཱི་ཀར། ཡང་ཞེས་བྱ་བ་ནི་དེར་ཞེས་བྱ་བ་འདྲེན་པར་བྱེད་དོ་ཞེས་སོ། །དེའི་ཕྱིར་ཉེ་པང་བཞག་གོ། བསྲོ་ཁང་གི་སྒོར་སྒོ་གླེགས་དང་སྒོ་ གཏན་དང་ཞེས་པ་སྨོས་ཟིན་པ་ལྟར་རོ། །ཡང་མིག་དང་ཞེས་པ། ཊཱི་ཀར། སྒོ་གླེགས་ཀྱི་ཕྱི་རོལ་གྱི་ངོས་ཀྱི་ཡང་མིག་གོ་ཞེས་པས་སྤར་ཁབ་བོ། །ལག་གཟུངས་ནི། ཊཱི་ཀར། སྒོ་གླེགས་ནང་དུ་འདྲེན་པ་ལྕགས་ལས་བྱས་པ་དག་གོ་ཞེས་པས། འདི་ལ་ཁ་ཅིག །ཝང་ 6-1-125a མིག་ལ་ལྕགས་ཐག་བཏགས་ཏེ་དེ་ནང་དུ་འདྲེན་པའི་སྒོའི་བཙན་ཆ་ཟེར་བ་ཡོད་ཀྱང་འགྲེལ་པའི་དགོངས་པ་དེ་མིན་ཏེ་དངོས་བསྟན་ལྟར། སྒོ་གླེགས་ནང་དུ་ལྕགས་ལས་བྱས་པའི་སྒོ་ནང་དུ་དགུག་ཐབས་ཉིད་དོ། །ལེགས་པར་བྱའོ་ཞེས་པའི་འབྱེད་སྡོམ་གྱི་ ཐབས་འབྱོར་བར་བྱ་བའི་དོན་ནོ། །ཆུ་དྲོན་བཞག་པའི་ཕྱིར་བསྲོ་ཁང་དེའི་ནང་གི་ཕྱོགས་སུ་བཞག་པའི་སྟེགས་བུ་བྱའོ། །གཉིས་པ་ལ། བདེར་གནས་མེ་ཉིད་ཇི་ལྟར་བསྟེན། །དེར་གནས་སྟན་གྱི་རྣམ་བཞག་བརྗོད། །འཕྲུག་སྤྱད་ཅི་ལྟར་བསྟེན་པ་དང་། །ཁྲུས་ཀྱི་བྱ་བ་གསལ་བར་བསྟན། ། ཁྱེའུ་སུས་ཀྱི་བདེར་གནས་བརྗོད། །དང་པོ་ནི། མེ་བུད་པ་སྟེ་སྦར་བའི་གནས་ཀྱི་སར་སོ་ཕག་གི་གཅལ་བྱའོ། །མེ་མི་ཡལ་བར་ཏེ་མི་འཆི་བར་བྱ་བའི་ཕྱིར་ཟླུམ་པོར་བསྐོར་ནས་བཅེར་ཏེ་སྦ་བར་བྱའོ། །མེ་སྦ་བ་དེའི་ཆེད་དུ་ལྕགས་ཀྱི་ཐལ་བ་འཕྱག་པའི་ནལ་ཟེ་བཅང་བར་བྱའོ་ སྟེ་གནང་ངོ་། །མེ་འབར་བ་ན་ཚད་པས་མི་རྨྱ་བར་བྱ་བའི་ཕྱིར་བསྲོ་ཁང་དུ་འཇུག་པ་རེ་ཞིག་བསྡད་པ་སྟེ་འཐེན་པར་བྱའོ། །བོག་པ་ནི་མེ་དུགས་ཀྱིས་བརྒྱལ་བ་སྟེ་དེ་མི་འབྱུང་བར་བྱ་བའི་ཕྱིར་ཕྱེ་དང་ཡུངས་ཀར་གྱི་མར་དུ་བསྲེས་པ་སྦྱར་བ་དག་མེར་བླུག་གོ། ཕྱེ་བསུར་བྱུང་ན་ དྲི་མི་ཞིམ་པ་ཉིད་བསལ་བའི་ཕྱིར་བདུག་སྤོས་བླུག་གོ། མེའི་དུད་པས་མཆི་མ་འཛག་ན་ནས་ཀྱི་བག་ཟན་གྱིས་བཅད་དོ། །ཊཱི་ཀར། ནས་ཀྱི་བག་ཕྱེ་ཞེས་བྱ་བ་ནི་ནས་བཏགས་པའི་མིང་ངོ་། །དེའི་ཟན་གྱིས་མིག་ཆུ་བཅད་པར་བྱ་སྟེ་ཞེས་སོ། །མིག་ཆུ་འཛག་ན་སྐྱུ་རུ་རའི་ཕྱེ་ མ་སྦྲུས་པའི་ཆང་བུས་ཀྱང་ངོ་། །ཀྱང་གི་དོན་ནི། ཊཱི་ཀར། ཀྱང་ངོ་ཞེས་བྱ་བས་ནི་དེ་བཅད་དོ་ཞེས་བྱ་བར་སྦྱར་རོ་ཞེས་སོ། །གཉིས་པ་ནི། བསྲོ་ཁང་དེར་རྩྭ་བམ་གྱི་སྟན་གདིང་ངོ་། །རྩ་བར་རྩ་བམ་གསུངས་ཀྱང་། ཊཱི་ཀར། རྩྭ་བམ་རྩྭ་ཆུན་བཤིག་པའི་སྟན་གདིང་བར་ 6-1-125b བྱ་སྟེ་སླ་བའི་ཕྱིར་རོ། །ཞེས་སོ། །རྩྭ་སྐམ་བཏིང་ན་ཚིག་དོགས་པའི་དགག་བྱ་ཡོད་པས་ས་གཞིར་སྐྱེ་བ་ཉིད་ཀྱིས་གཤར་རམ་སྦངས་པ་སྟེ་ཆུ་བཏབ་པས་རྩྭ་གཤེར་བ་དག་དགྲམ་མོ། །གསུམ་པ་ནི། གཡན་པ་ཕྲུག་པའི་ཆེད་དུ་ལྕགས་ཀྱི་ཕྲུག་པའི་སྤྱད་གཟར་ཆུང་བྱའོ་སྟེ་ཉེས་ མེད་དུ་གནང་ངོ་། །རྫས་ཀྱི་བླས་ཏེ་གཙུག་ལག་ཁང་སྐྱོང་གིས་གཟར་ཆུང་གི་ལུང་མིག་ནས་ཐ་གུས་བཏགས་ཏེ་དབེན་པར་བཞག་གོ། འཕྲུག་སྤྱད་དེ་ལ་སྣུམ་དང་དྲི་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་མེས་རུང་བ་སྟེ་བསྲེག་པར་བྱའོ། །བཞི་པ་ནི། བསྲོ་ཁང་དེར་ཁྲུས་མི་བྱའོ། ། ཁྲུས་དེའི་ཆེད་དུ་ཁྲུས་ཁང་བྱའོ། །སྔར་གྱི་ཁྲུས་ཁང་ནི་གཙུག་ལག་ཁང་དུ་སྤྱིར་བསྟན་པ་ཙམ་ཡིན་ལ། འདི་ནི་བྱེ་བྲག་བསྲོ་ཁང་གི་གློར་བྱེད་དགོས་པར་འཆད་པ་ཡིན་ནོ། །ཁྲུས་ཁང་ནང་དུ་ཁྲུས་དོང་བྱ་དགོས་ལ། དེ་ཡང་ལུང་ལས། དགེ་སློང་ཁྲུས་དོང་དུ་ཞུགས་ པས་ནི་ཁྲུས་བྱ་ལ། དགེ་སློང་ཁ་ན་སྡོད་པས་ནི་ཆུ་ལྡུགས་པར་བྱ་སྟེ་ཞེས་འབྱུང་བས། དགེ་སློང་ཁྲུས་ཆུ་ལྡུགས་པའི་ཆོས་གོས་དག་ཆུས་མི་ཉམས་པར་བྱ་བའི་ཕྱིར་བརྐོས་པའི་ཁ་སོ་ཕག་གིས་སྦྲན་པ་སྟེ་བསྐོར་བའི་ཁྲུས་དོང་བྱའོ། །ཁྲུས་ཁང་དེ་ལ་གཏོར་ཁུང་ གདོད་དོ། །ཁྲུས་བྱེད་པ་ན་ཆུ་ཧ་ཅང་ཚ་བ་སྟེ་མནགས་མི་བཟོད་ན་ཁྲུས་བྱེད་པོ་ཕྱི་མ་རྣམས་ལ་ཏེ་བོར་ཏེ་ཚ་བོ་ཞེས་སྦྲན་པར་བྱའོ། །ཆུ་ཚ་བ་དེར་གྲང་མོ་བསྲེའོ་སྟེ་བསླད་དོ། །ཆག་ཆག་གི་ཆུ་ལ་སོགས་པ་སྟེ་བཀྲུ་བཤལ་དང་ཞལ་ཞལ་བྱེད་པའི་ཆུ་ཚ་བ་ལ་ཡང་གྲང་མོ་ བསྲེའོ། །ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་གིས་བཀང་བའི་གྱོ་མོ་དག་བཞག་པར་བྱའོ། །ལྔ་པ་ནི། གལ་ཏེ་བསྲོ་ཁང་དུ་ཞུགས་ནས་མེ་དུགས་ཀྱིས་ཉམས་དམས་པར་གྱུར་ན་ཁྱེའུ་སུས་བཟའ་བར་བྱའོ། །ཁྱེའུ་སུས་ནི། ནར་མའི་ཟ་ཚོད་ལས་ལྷག་པར་ཟ་བ་སྟེ། 6-1-126a ནངས་པར་གྱི་ཟས་ཀྱི་སྔ་རོལ་ལམ་འོག་རོལ་ཏུ་དང་ཉིན་ཕྱེད་ཀྱི་ཟས་ཀྱི་སྔ་རོལ་ཏུ་ཁ་ཟས་ཟ་བའོ། །གསུམ་པ་ནི། དེར་ཞེས་པ་འདི་ལ་ཁ་ཅིག དེར་ཁྲུས་མི་བྱའོ་ཞེས་པས་བསྲོ་ཁང་གི་ཁང་པར་ཁྲུས་བྱེད་པ་བཀག་ཅིང་། འདི་ནི་ཁྲུས་བྱེད་པའི་གནས་ སུ་མུ་སྟེགས་འཚོ་བ་པོ་ཞུགས་པའི་གླེང་གཞི་ལ་བརྟེན་ནས་གསུངས་པས་ཁྲུས་ཁང་དེར་ཞེས་ཡིན་ཅེས་ཟེར་བ་འདུག་ཀྱང་མ་དག་པ་ཡིན་ཏེ། ལུང་དང་རང་འགྲེལ་ལས། ཊཱི་ཀ་ནས་བསྲོ་ཁང་ཉིད་དུ་བཤད་དོ། །ངོ་མི་ཤེས་པ་ཞིག་སྟེ་མ་ངེས་པའོ། །ཤན་བསྲེ་བས་ནི་ཞེས་ པ་ཁོ་བོ་ཁྱེད་ཅག་ལས་གང་ཡང་རུང་བ་ཞིག་ཡིན་ནོ་ཞེས་གསེབ་ཏུ་འཇུག་པའོ། །ཉེ་བར་གནས་པར་གྱུར་ན་ཞེས་པ་ཀུན་ཏུ་རྒྱུ་ལ་སོགས་ཏེ་བསྲོ་ཁང་བསྟན་པའི་སྟ་གོན་དུ་གནས་པའོ། །བསྲོ་ཁང་དེར་གཏོགས་པས་ཞུགས་ཟིན་པ་དེ་ངེས་པ་ཤེས་པར་བྱ་བའི་ཕྱིར་དགེ་ སློང་ཡིན་ནམ་མུ་སྟེགས་ཡིན་དྲི་བར་བྱ་ཞིང་། ཤན་བསྲེ་བ་དེ་ངོ་ཤེས་པར་བྱ་བའི་ཆེད་དུ་དྲི་བར་བྱ་བ་དང་མི་འཇུག་པར་བྱ་བའི་དགེ་སློང་སྒོ་བ་བསྐོའོ། །ཊཱི་ཀར། དགེ་སློང་སྨོས་པ་ནི་རབ་ཏུ་བྱུང་བ་མཚོན་པ་ཡིན་པར་རིག་པར་བྱའོ། །ཞེས་པས་དགེ་ཚུལ་ཡང་སྒོ་བར་ བསྐོའོ། །བསྲོ་ཁང་དེར་ཁྱིམ་པ་མ་དད་པ་འཇུག་ཏུ་མི་གཞུག་གོ། ཁྱིམ་པ་དད་ཅན་གཞུག་པ་ནི་མ་བཀག་གོ། བཞི་པ་ནི། བསྲོ་ཁང་གི་གནས་དེར་བྱི་དོར་གྱི་ལས་ནི་ལྷན་ཅིག་གནས་པ་དང་ཉེ་གནས་དེ་དག་གིས་བྱའོ་ཞེས་ལུང་ཕྲན་ཚེགས་ལས་བཤད་དོ། ། གཞན་ལས་ནི་གཞོན་རབས་དག་གིས་ཞེས་སོ། །འདིའི་གཞན་ནི། ཊཱི་ཀར། སློབ་དཔོན་གྱི་ལུགས་གཞན་ལས་ནི་བསྲོ་ཁང་དེར་བྱི་དོར་གྱི་ལས་གཞོན་རབས་དག་གིས་བྱའོ་ཞེས་བྱ་བ་འབྱུང་སྟེ་ཚིག་གཞན་མཐོང་བའི་ཕྱིར་རོ་ཞེས་སོ། །ཊཱི་ཀས་དེ་ལྟར་བཤད་ཀྱང་ 6-1-126b ཕྲན་ཚེགས་ལས་གཞན་ལུང་མ་མོ་ལས་ཞེས་བཤད་ན་འབྱོར་བ་ཡིན་ནོ། །བྱི་དོར་གྱི་ལས་ཀྱི་ངོ་བོ་ནི། མེ་སྦར་བ་དང་། ཆུ་བསྐོལ་བའི་ཟངས་དང་། ལུས་བསྐུ་བའི་འབྲུ་མར་དང་། སོ་ཤིང་དང་། བ་ལང་གི་ལྕི་བ་དང་། ས་དང་། འདག་རྫས་ཀྱི་ཕྱེ་མ་དང་། ཆུ་དང་ ལ་སོགས་པས་འོག་གི་ཁྲིའུ་དང་ཉ་ཕྱིས་དག་ཀྱང་ཞེས་པ་ཡན་བསྡུས་པ་ཉེ་བར་བཞག་པ་དང་། བུད་ཤིང་ལ་སྲོག་ཆགས་བརྟག་པ་དང་། དྲིལ་ཕྱིས་དང་། སྣུམ་གྱིས་ལུས་བཀུ་དང་། སྣོད་སྤྱད་བཀྲུ་བ་དང་། འཕྱག་པ་དང་། ཕྱགས་དར་དོར་བ་ལ་སོགས་པའོ། ། སོགས་པས་ནི་འོག་གི་གཙང་སྦྲ་ཉིད་བྱས་ནས་གནས་ཇི་ལྟ་བར་བཞག་གོའི་བར་བསྡུས་པ་ཡིན་ནོ། །དེས་ན་བྱི་དོར་གྱི་ལས་ཀྱི་ངོ་བོ་བཅུ་བཞི་འདིར་དངོས་སུ་བསྟན་པ་ཡིན་ནོ། །ལྷན་ཅིག་གནས་པ་དང་ཉེ་གནས་དེ་དག་གིས་ནི་གཅིག་གིས་གཅིག་ལའོ། །གཅིག་གིས་ གཅིག་ལ་བྱ་རྒྱུ་ནི་བསྐུ་མཉེ་སོགས་སྦྱར་རོ། །ཊཱི་ཀར། མདོ་སྔ་མའི་སོགས་པའི་སྒྲ་གཉིས་ཀྱིས་གང་བསྡུས་པ་དེ་བསྟན་པའི་ཕྱིར། ཞེས་སྔ་འགྲེལ་དུ་བཀོད་ནས་ཁྲིའུ་དང་ཉ་ཕྱིས་དག་ཀྱང་ཞེས་པ་ཚིག་སྔ་མར་བསྡུའོ། །གཙང་སྦྲ་ཉིད་དུ་བྱས་ནས་རང་རང་གི་གནས་ཇི་ ལྟ་བར་བཞག་གོ་ཞེས་པས་སོགས་ཕྱི་མར་བསྡུའོ། །སྣོད་སྤྱད་བུམ་པ་དང་རས་སོགས་ཐམས་ཅད་ལ་གཙང་སྦྲ་དང་གནས་སུ་ཇི་ལྟར་བར་བཞག་པའི་ཆོ་ག་དེ་བཞིན་ནོ། །སྣོད་སྤྱད་དུ་མ་ཟད་ཡོ་བྱད་ཐམས་ཅད་དབེན་པར་བཞག་པ་ལ་སོགས་པ་ལེགས་པར་སྦ་བ་དང་། སྐམ་ པ་དང་། བཀྲུ་བ་ལ་སོགས་པས་བྱི་དོར་བྱའོ། །ལྔ་པ་ནི། བསྲོ་ཁང་དེར་སྒྲ་བསྐྱུངས་ཏེ་འཇུག་པར་བྱའོ། །མཛེས་པར་རོ། །མཛེས་པ་ནི་བཟེ་བ་སྟེ་དེ་མཐོང་ན་གཞན་དང་དུ་འཇུག་པའོ། །མཛེས་པ་དེ་ཉིད་རྒྱས་པར་བཤད་པ་ནི། ལེགས་པར་བསྡམས་པ་དང་ 6-1-127a ཞེས་པ་ལུས་ངག་མི་གཡེང་བའོ། །སྤྱོད་ལམ་མཛེས་པ་དང་ཞེས་པ་སྤྱོད་པ་བཟེ་བའོ། །ཤེས་བཞིན་དུའོ་ཞེས་པ་སེམས་ཉེ་བར་ཞི་བའོ། །གཞན་མེ་འདེ་བའི་མདུན་དུ་འདུག་སྟེ་མེ་མི་འདེའོ། །དེར་འདུ་འཛིའི་སྟེ་རྒྱལ་པོ་སོགས་ཀྱི་གཏམ་སྤང་ངོ་། ། ཇི་ལྟར་གནས་ན། འཕགས་པའི་མི་སྨྲ་བ་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ལ་དམིགས་པས་བསྲོ་ཁང་དུ་གནས་པར་བྱའོ། །བསྲོ་ཁང་གི་བྱ་བ་ཐམས་ཅད་རྫོགས་པའི་མཇུག་ཏུ་རྒྱུན་ཆགས་གསུམ་པ་འདོན་ནོ། །དྲུག་པ་ནི། ལུས་ལ་ཆོས་གོས་གཅིག་ཁོ་ན་གྱོན་པས་བྱི་དོར་ གྱི་ལས་ཐམས་ཅད་མི་བྱའོ། །ཊཱི་ཀར། བྱི་དོར་གྱི་ལས་ཐམས་ཅད་ལ་ཡིན་གྱི་ལུས་སུ་གཏོགས་པ་འབའ་ཞིག་ལ་ནི་མ་ཡིན་པ་དང་། གནས་ཐམས་ཅད་དུ་ཡིན་གྱི་བསྲོ་ཁང་འབའ་ཞིག་ཏུ་མ་ཡིན་ནོ་ཞེས་སོ། །གོས་གཅིག་པས་ཟས་མི་བཟའ་བ་དང་ཕྱག་མི་བྱ་བ་སོགས་གོས་ གཅིག་པས་བྱ་བ་བཀག་པའི་གོས་ནི། སངས་རྒྱས་ཀྱིས་མ་བཀག་ཅིང་གནང་བའི་གོས་གཅིག་ལས་གཞན་པའི་གནང་བ་གོས་གཉིས་པ་མ་གྱོན་པའི་དབང་དུ་བྱས་པ་ཡིན་ཏེ། ཆོས་གོས་གཅིག་དང་ཐུལ་བ་གཉིས་གོན་པ་ལྟ་བུ་བཀག་པའི་གོས་ཀྱིས་ནི་གོས་གཅིག་པའི་ཉེས་པ་ ཁེགས་པ་མ་ཡིན་ནོ། །བསྐུ་མཉེ་སོགས་རང་གི་ལུས་ཀྱི་བྱི་དོར་གྱི་ལས་དེ་ཁྱིམ་པ་མ་དད་པ་ལ་བྱེད་དུ་མི་གཞུག་གོ། ཊཱི་ཀར། ཁུར་ཁྱེར་བ་ལ་སོགས་པ་ནི་མི་དགག་སྟེ། དེ་ཡང་ཡུལ་ཐམས་ཅད་དུ་ཡིན་གྱི་བསྲོ་ཁང་འབའ་ཞིག་ཏུ་ནི་མ་ཡིན་ནོ་ཞེས་སོ། །འོ་ན་འདིར་ལུས་ ཀྱི་དེ་མ་དད་པས་བྱེད་དུ་མི་གཞུག་གོ་ཞེས་པ་དང་། གོང་མ་བསྲོ་ཁང་ལ་འཇུག་མི་འཇུག་གི་སྐབས་སུ་ཡང་དེར་མ་དད་པ་འཇུག་ཏུ་མི་གཞུག་གོ། ཞེས་མ་དད་པ་བཀག་པ་ལས། མ་དད་པའི་མཚན་ཉིད་དེ་གང་ཞེ་ན། དེ་དག་གི་ཟློག་ཕྱོགས་ 6-1-127b དད་ཅན་ངོས་བཟུང་ན་དེ་ཉིད་ཤུགས་ལས་རྟོགས་ནུས་ཏེ། བརྟན་པ་ནི་དུས་ཡུན་རིང་བར་མི་གཡོ་བར་ཅུང་ཟད་ཙམ་གྱིས་མི་འཁྲུལ་བ་དེ་དད་པ་ཅན་དུ་རྫོགས་པའི་སངས་རྒྱས་འདོད་དོ། །ཚུལ་ལྡན་སེང་གེ་ལྟ་བུས་ཚུལ་འཆལ་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ་ཞེས་པ་ལ། ཊཱི་ཀར། ཚུལ་ཁྲིམས་དང་ལྡན་པ་ནི་སེང་གེ་ལྟ་བུ་ཡིན་ཏེ། རི་དྭགས་ཕྲ་མོ་ལྟ་བུའི་ཉོན་མོངས་པ་དག་གིས་མི་ཐུབ་པའི་ཕྱིར་རོ། །ཚུལ་ཁྲིམས་འཆལ་པ་ནི་ཝ་ལྟ་བུ་ཡིན་ཏེ་ཁྱི་ལྟ་བུའི་ཉོན་མོངས་པ་དག་གིས་ཕམ་པར་བྱས་པའི་ཕྱིར་ཞེས་སོ། །དཀོན་བརྩེགས་ལས། ཝ་ ནི་ཁྱི་ལས་བྲོས་ཏེ་ཁུང་སྟེང་དུ་གཞོལ་ལོ། །ཕུག་ཏུ་གཞོལ་ལོ། །དེ་བཞིན་དུ་ཚུལ་ཁྲིམས་འཆལ་བ་ཡང་ཉོན་མོངས་པས་ཕམ་པར་བྱས་ཏེ་ཁུང་དུ་གཞོལ་བ་བཞིན་དུ་ངན་འགྲོར་གཞོལ་བར་འགྱུར་རོ། །ཕུག་ཏུ་གཞོལ་བ་བཞིན་དུ་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་ འདྲ་ཆོས་གསུམ་བཤད་དོ། །བླ་མ་རྣམས། ཝ་ནི་འཚོ་བ་མི་གཙང་བཞིན་དུ་ཚུལ་ཁྲིམས་འཆལ་བའང་འཚོ་བ་མི་གཙང་ཞེས་འདྲ་ཆོས་བཞིར་མཛད་དོ། །འདིར་ཚུལ་འཆལ་འཚོ་བ་མི་གཙང་བའི་དོན་ཡང་ཚུལ་འཆལ་ནི་ཡོན་སྦྱོང་བའི་གནས་མིན་པས་དགེ་སྦྱོང་ལྟར་ བཅོས་པས་སྦྱིན་བདག་གི་ཡོན་བླངས་ཀྱང་། སྦྱིན་བདག་ལ་བསོད་ནམས་སུ་མི་འགྱུར་བས་དེ་ལ་དད་ཅན་གྱིས་སྦྱར་ཚད་ལོག་པའི་འཚོ་བར་སོང་བ་ཡིན་ནོ། །ཞུས་པ་བྲམ་ཟེའི་བུ་མོ་ལྟ་བུ་ལས། ཚུལ་ཁྲིམས་དང་ལྡན་པས་ཤེས་བཞིན་དུ་ཚུལ་ཁྲིམས་འཆལ་པ་ལ་ སོ་ཤིང་སྟོབ་པར་བྱེད་ན། ཚུལ་ཁྲིམས་དང་ལྡན་པ་དེ་ཡང་ལོ་སྟོང་ཕྲག་དགུ་བཅུར་སེམས་ཅན་དམྱལ་བར་འགྱུར་བའི་ལས་བསགས་པ་ཡིན་ནོ། །དེ་བཞིན་དུ་འདག་རྫས་སྟོབ་པ་དང་། ལྷན་ཅིག་ཁ་ཏོན་བྱེད་པ་དང་། གནས་བྱེད་པ་སྟེ་འཆལ་བའི་གནས་ཀྱི་སློབ་དཔོན་བྱེད་པ་ 6-1-128a དང་། འཆལ་བ་ལ་གནས་སུ་འཛིན་པ་དང་། ཚུལ་ཁྲིམས་འཆལ་བ་དང་ལྷན་ཅིག་ཉལ་བར་བྱེད་ན་སྐྱ་རེངས་མ་ཤར་བ་དེའི་བར་དུ་ལོ་སྟོང་ཕྲག་དགུ་བཅུ་དང་། སྐྱ་རེངས་ཤར་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་སྟོང་ཕྲག་བཞི་བཅུར་སེམས་ཅན་དམྱལ་བར་ འགྱུར་བའི་ལས་བསྒྲུབས་པ་ཡིན་ནོ་ཞེས་གསུངས་སོ། །འདི་ནི་དེང་སང་ལུང་ན་མི་སྣང་ཡང་འོད་ལྡན་གྱི་ཁུངས་སུ་དྲངས་སོ། །འོད་ལྡན་ལས། ཚུལ་ཁྲིམས་འཆལ་བ་དེ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། མཐོང་བ་དང་ཐོས་པ་དང་དོགས་པ་རྣམས་ཀྱིས་སོ་ཞེས་སོ། །རང་ གི་སློབ་དཔོན་དང་མཁན་པོ་ཕམ་ལྟུང་ཐམས་ཅད་དམ་ལྟུང་བ་སྡེ་ལྔ་ཆར་བྱུང་བས་མཆོག་ཏུ་ཚུལ་ཁྲིམས་འཆལ་བ་ལ་ཡང་སློབ་མ་དང་ཉེ་གནས་ཚུལ་ལྡན་གྱིས་བསྙེན་བཀུར་ཏེ་གཡོག་བྱའོ། །གནས་བཅའ་བར་ནི་མི་བྱའོ། །ཊཱི་ཀ་ལས། དེ་གཉིས་ནི་བསྟན་པ་ལ་འཇུག་ པའི་སྒོར་གྱུར་པ་ཡིན་པའི་ཕྱིར་དང་། སྡོམ་པ་སྐྱེ་བ་དང་ལེགས་པར་བསྲུང་བ་དང་ཆོས་ཁོང་དུ་ཆུད་པའི་རྒྱུ་ཡིན་པའི་ཕྱིར་ཞེས་སོ། །ཕ་མ་དང་ནད་པ་དག་ནི་ཁྱིམ་པ་ཡིན་ན་ཡང་ངོ་ཞེས་པའི་ཤུགས་ཀྱིས་བླ་མ་རྣམས་ཁྱིམ་པར་གྱུར་ན་བསྙེན་བཀུར་བྱ་མི་དགོས་པར་ བསྟན་ལ། ཊཱི་ཀར། ཕ་མ་ནི་ཕན་འདོགས་པའི་ཞིང་ཡིན་པའི་ཕྱིར་དང་། ནད་པ་སྙིང་རྗེའི་ཞིང་ཡིན་པའི་ཕྱིར། དེ་ལ་དཀོན་མཆོག་གསུམ་པས་ཀྱང་བསྙེན་བཀུར་བྱའོ་ཞེས་གསུངས་པའི་ཕྱིར་ཞེས་སོ། །ལུང་ཕྲན་ཚེགས་ལས་ཀྱང་། གང་ནད་པ་ལ་རིམ་གྲོ་བྱེད་ པ་དེ་ནི་ང་ལ་རིམ་གྲོ་བྱེད་པ་ཡིན་ཅེས་གསུངས་སོ། །ཡང་ངོ་ཞེས་པ་རབ་ཏུ་བྱུང་བ་ཡིན་ན་ལྟ་ཅི་སྨོས་ཞེས་པའོ། །གཞན་ཡང་ལུང་ལས། ཕ་དང་མ་གཉིས་ཚངས་པ་སྟེ། །སློབ་དཔོན་སྔ་མའང་དེ་བཞིན་ནོ། །ཇི་ལྟར་མེའམ་ལྷ་བྲན་བཞིན། །བུ་ཡི་སྦྱིན་པའི་ 6-1-128b གནས་ཡིན་ནོ། །དེ་བས་དེ་གཉིས་ཕྱག་བྱ་ཞིང་། །ཕྱི་བར་བྱ་ཞིང་བཀྲུ་བར་བྱ། །རྐང་པ་གཉིས་ཀྱང་བཀྲུ་བ་དང་། །དེ་བཞིན་མཁས་པས་བསྙེན་བཀུར་བྱ། །བཟའ་དང་བཅའ་དང་བཏུང་བ་དང་། །བགོ་བ་མལ་སྟན་དེ་བཞིན་ཏེ། །དེས་ནི་ཕ་དང་མ་གཉིས་ལ། །མཁས་ པས་བསྙེན་བཀུར་བཅས་བྱེད་ན། །འདིར་ནི་མནར་བར་མི་འགྱུར་ཏེ། །སོང་ནས་མཐོ་རིས་དགའ་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། སྨན་རྣམས་ལེགས་པར་སྦྱར་བའི་ཁྲུས་ཀྱིས་ནད་པ་དང་ནད་པ་མ་ཡིན་པའང་བཀྲུའོ། །འདི་ནི་གནང་བའི་བསླབ་བྱའོ། ། ལེགས་སྦྱར་གྱི་ཁྲུས་དེས་མཁྲིས་པ་དང་བད་ཀན་དང་རླུང་འདྲེན་པ་སྟེ། སེལ་བའི་སྨན་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་བསྐོལ་བས་ཁྲུས་བྱ་བ་ནི་ལེགས་སྦྱར་གྱི་ཁྲུས་ཞེས་པ་ནི་དེའི་མིང་ཡིན་ནོ། །འབྲུ་མར་སོགས་སྔར་བསྐུ་མཉེ་བྱས་ནས་སླར་ལེགས་ སྦྱར་གྱི་ཁྲུས་བྱས་པས་ལུས་དེ་མི་རྩུབ་པ་ཉིད་ཀྱི་ཕྱིར་རོ། །བསྐུ་མཉེ་བྱས་པའི་སྣུམ་དེ་དང་དབྲལ་བའི་ཕྱིར་སྲན་ཆུང་གི་ཕྱེ་མ་ལ་སོགས་ཁྲུས་ཆལ་གྱིས་ལུས་བསྐུས་ཏེ་ཁྲུས་བྱའོ། །སྔ་མར་གསུངས་པའི་ཁྲུས་ཆལ་གྱིས་ལུས་བསྐུས་ན་རྩུབ་པར་མི་འགྱུར་བ་དེའི་ཆེད་ དུ་ཆུའི་བུམ་པ་ཕྱི་མར་ཏེ་ཕྱིས་ཁྲུས་བྱེད་པའི་དབང་དུ་བྱས་སོ། །སྣུམ་ཐིགས་པ་གཉིས་སམ་གསུམ་བླུག་གོ། སྣོད་གང་དུ་བཀྲུ་ཞེ་ན། ལྕགས་ཀྱི་གཞོང་རིང་དུ་སྟེ་གྲུ་ཆུང་ངུའི་རྣམ་པ་འདྲ་བར་ཞུགས་ནས་ཁྲུས་བྱའོ། །ལྕགས་ཀྱི་གཞོང་རིང་དེ་ནི་ནད་པས་བཅང་བར་ བྱའོ་གཞན་གྱིས་མིན་ནོ། །ལྕགས་ཀྱི་གཞོང་རིང་དེའི་སྟེང་དུ་ཆུ་དྲོན་མོ་ཡུན་རིང་དུ་གནས་པའི་ཕྱིར་ཁ་དགབ་གཞུག་གོ། གཞོང་རིང་དེར་གཉའ་བར་སྔས་ནང་ཚངས་ཅན་གཞུག་གོ། ཊཱི་ཀར། དེ་ན་ཡུན་རིང་དུ་གནས་པ་གཉའ་བ་ན་བར་མི་འགྱུར་རོ་ཞེས་པས། བླ་མ་ 6-1-129a དག་ལྕགས་ཀྱི་གཞོང་རིང་གི་ནང་དུ་ཞུགས་པའི་དབང་དུ་མཛད་ཟེར་རོ། །གསུམ་པ་ལ། རྐང་པ་བཀྲུ་བའི་བསླབ་བྱ་བརྗོད། །གཙུག་ལག་ཁང་ཉམས་སྤང་བའོ། །དང་པོ་ནི། གཙུག་ལག་ཁང་གི་ཁྱམས་གར་བབ་ཏུ་རྐང་པ་མི་བཀྲུའོ། རྐང་པ་བཀྲུ་བ་དེའི་གནས་ནི་ཝ་ཁར་རོ། །ཝ་ཁ་དེར་རྐང་ཁྲུས་ཀྱི་གཞི་སྟེ་རྡོ་བ་རྩུབ་མོ་རུས་སྦལ་གྱི་རྒྱབ་འདྲ་བ་ཆུ་མི་འབོ་བའི་སྐྱོར་ཅན་བྱའོ་ཞེས་དང་། རྐྱལ་བསླབ་པར་བྱའོ་ཞེས་དང་། ཕྱི་རོལ་པའི་བསྟན་བཅོས་དག་བཟུང་བར་བྱའོ་ཞེས་འདུལ་བ་ནས་ལན་མང་དུ་གསུངས་ པས་ན། དེ་ཐམས་ཅད་ཅི་ནས་ཀྱང་བྱ་དགོས་ལ་མ་བྱས་ན་ཉེས་པར་འགྱུར་བ་བསྒྲུབ་པའི་བསླབ་པ་ཡིན་ནམ། འོན་ཏེ་བྱས་ཀྱང་ཆོག་མ་བྱས་ཀྱང་ཆོག་ཅི་དགར་འཇུག་པ་གནང་བའི་བསླབ་པ་ཡིན་ཅེ་ན། བྱའོ་ཞེས་གསུངས་པ་ཐམས་ཅད་སྤྱིར་གཏན་ལ་དབབ་པ་ནི་གསོ་ སྦྱོང་དང་དགག་དབྱེ་ལ་སོགས་པ་དགག་དགོས་ཀྱི་རྒྱུ་མཚན་དང་ལྡན་པ་རྣམས་ནི་ཅི་ནས་ཀྱང་བྱ་དགོས་པ་བསྒྲུབ་པའི་བསླབ་པ་ཡིན་ལ། དགག་དགོས་ཀྱི་རྒྱུ་མཚན་དང་མི་ལྡན་པ་རྐང་ཁྲུས་ཀྱི་གཞི་བྱའོ། །རྐྱལ་བསླབ་པར་བྱའོ་ཞེས་པ་ལ་སོགས་པ་རྣམས་ནི་བྱའོ་ ཞེས་གསུངས་ཀྱང་གནང་བའི་བསླབ་པ་ཡིན་ཏེ། འདིའི་ཐད་ཀྱི་ཊཱི་ཀར། བྱའོ་ཞེས་བྱ་བའི་བྱེད་པའི་ཚིག་དང་པོར་སྦྱར་བ་ནི་འདོད་པས་སྤྱད་པ་ཡིན་པར་བསྟན་པའི་ཕྱིར་ཞེས་བཤད་པས། འདི་དང་མཚུངས་པའི་རྐྱལ་བསླབ་པར་བྱ་བ་ལ་སོགས་པ་གཞན་རྣམས་ལ་ ཡང་གནང་བའི་བསླབ་པར་སྦྱར་བར་བྱའོ། །འོ་ན་རྐང་ཁྲུས་ཀྱི་གཞི་གནང་ངོ་ཞེས་མ་གསུངས་པར་རྐང་ཁྲུས་ཀྱི་གཞི་བྱའོ་ཞེས་སྒྲུབ་ཚིག་ཏུ་གསུངས་ཤེ་ན། དོན་ཉུང་ཞིང་བྱ་བ་ཉུང་བ་ལ་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་བསྟོད་ཅིང་། དེ་ལས་ལྡོག་པ་ 6-1-129b ལ་རྣམ་གྲངས་དུ་མས་དམད་པས་ཡུལ་དུས་ཀྱིས་གནང་ངོ་ཞེས་བརྗོད་ན་གང་ཟག་འགའ་ཞིག་ལས་གང་ཟག་ཐམས་ཅད་ལ་གནང་བ་མ་ཡིན་ནམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་སྒྲུབ་ཚིག་ཏུ་བསྟན་ཏོ། །གཞི་དེ་ཕྱོགས་གང་དུ་ཞེ་ན་གཙུག་ལག་ཁང་གི་སྟེང་གི་ཞེས་ པ་ནི་ཁང་ཐོག་གོ། སྒོ་ཁང་གང་དུ་བལྟ་བའི་ཤར་ནས་བརྩིས་པའི་ཤར་ལྷོའི་མཚམས་སུའོ། །གཞི་དེ་ནི་རུས་སྦལ་གྱི་རྒྱབ་ཀྱི་རྣམ་པ་འདྲ་བ་རྩུབ་པར་རོ། །རྐང་ཁྲུས་ཀྱི་གཞི་ཡོད་པར་རྒན་པོ་དང་ནད་པས་འགྲོ་མ་ནུས་ན་ཆོལ་ཟངས་ས་ལས་བྱས་པ་བཞག་པར་བྱའོ། ། འདིར་ཊཱི་ཀར། གཞན་འདོད་བཀོད་པ་ནི། ཇི་སྐད་དུ། རྒྱ་ཆེར་འགྲེལ་བྱེད་པ་ལ་ལ་འདི་སྐད་ཅེས། ས་ལས་བྱས་པ་ཞེས་གཉིས་པ་སྨོས་པ་ལས་ནི་ཟངས་ལ་སོགས་པ་ཡང་བཀག་པར་ཤེས་སོ་ཞེས་ཟེར་ཏེ། ཕྱོགས་སྔ་འགོད་པར་མཛད་དོ། །འོ་ན་གཉིས་པའི་སྒྲ་ སྨོས་པའི་ཕྱིར་ཤིང་ཡང་མི་རུང་བར་ཐལ་བ་འཕེན་པ་ནི། ཇི་སྐད་དུ། དེ་ལྟར་ཡིན་ན་ཤིང་ལ་སོགས་པ་ཡང་བཀག་པར་ཐལ་བར་འགྱུར་རོ་ཞེས་སོ། །དེ་འདོད་དོ་ཞེ་ན་གནོད་བྱེད་བརྗོད་པ་ནི། ཇི་སྐད་དུ། ས་ལས་བྱས་པ་ཞེས་གཉིས་པ་སྨོས་པ་ལས་ནི་དེ་ལྟར་ མི་འགྱུར་ཏེ། ས་ལས་བྱས་པ་ཁོ་ནའོ་ཞེས་དམིགས་ཀྱིས་བསལ་བ་དང་བཅས་པར་རིགས་སོ་ཞེས་པས་རིགས་པ་ལས་འགལ་བའི་གནོད་བྱེད་བརྗོད་པར་མཛད་དོ། །འོ་ན་ཟངས་རུང་བར་ཅིས་ཤེས་ཞེ་ན། རྩ་བར། རིན་པོ་ཆེ་བདག་གིར་བྱ་བའི་ཤན་བསྲེ་བར་མི་བྱ་ ཞེས་པ་དང་། འདིའི་ཊཱི་ཀར། དེ་ལྟ་བས་ན་གཙོ་བོ་གསེར་ལ་སོགས་པ་བཀག་པའི་ཚིག་གིས་ནི་ཟངས་ལས་བྱས་པ་ལ་སོགས་པ་ནི་རུང་བར་བྱ་བར་ཤེས་པ་ཡིན་ནོ་ཞེས་སོ། །རྒྱ་དཔེར། ས་ལས་ཞེས་པ་གཉིས་པའི་སྒྲ་སྦྱར་བ་ཡིན་ཀྱང་འགྱུར་བྱེད་པ་ན་གཉིས་ 6-1-130a པའི་དོན་དུ་ལྔ་པ་སྦྱར་བ་ཡིན་པས་རྩ་འགྲེལ་ཅི་རིགས་པར་ས་ལས་ཞེས་འབྱུང་ངོ་། །ཆོལ་ཟངས་ནི་ཕྲན་ཚེགས་འགྲེལ་པ་ལས། རྐང་ཁྲུས་ཀྱི་སྣོད་ཀྱི་མིང་དུ་བཤད་ལ། ཊཱི་ཀར། ཆོལ་ཟངས་ཞེས་བྱ་བ་ནི་རྐང་ལག་བཀྲུ་བའི་སྣོད་དོ་ཞེས་སོ། ། བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པའི་ཞལ་ནས་ཆོལ་ཟངས་ནི་དྲི་ཆུ་འདོར་བའི་སྣོད་ལ་ཟེར་རོ་ཞེས་གསུངས་པ་ནི་མ་དག་པའི་ཚིག་གོ། ཆོལ་ཟངས་ཀྱི་ཞབས་ནི་གོར་པོ་སྟེ་གླང་པོ་ཆེའི་རྨིག་མཐིལ་འདྲ་བའི་སྙིང་པོ་ཅན་ནོ། །སྙིང་པོ་དེའི་གནས་ནི་དབུས་ན་ཡོད་པ་ཀ་དམ་པའི་མེ་ ཏོག་འདྲ་བ་སྤོག་སྤོག་ལ་རྩུབ་པ་དང་ངོ་། །རྩུབ་པའི་དགོས་པ་ནི་རྐང་པ་མི་འདྲེད་པའི་ཕྱིར་ཡིན་ནོ། །རྐང་ཁྲུས་ཀྱི་ཆུ་ལས་གཞན་པའི་ཆུས་བཀྲུས་ནས་ཆོལ་ཟངས་དེ་ཁ་སྦུབ་ཏུ་བཞག་གོ། དགེ་འདུན་གྱི་ཆོལ་ཟངས་ནི་སྤྱིའི་ཁང་ཐོག་ཏུའོ། །གང་ཟག་གི་ཆོལ་ཟངས་ནི་གནས་ཁང་གི་སྒོ་གླེགས་ཀྱི་ཕག་ ཏུའོ། །ཊཱི་ཀར། སྒོ་གླེགས་དང་རྩིག་པའི་བར་དེར་བཞག་པར་བྱའོ་ཞེས་སོ། །གཉིས་པ་ནི། གཙུག་ལག་ཁང་གི་ཕྱོགས་གང་དུ་ལྷུང་བཟེད་ཀྱི་བྱི་དོར་དང་ལ་སོགས་པས་མཚོན་གྱི་ལས་བྱས་པའི་ཕྱོགས་དེར་ཆུས་བྱུག་གོ། ཡང་ན་ལྕི་བས་བསྐུའོ། །དབྱིབས་ཇི་ལྟར་བསྐུ་ཞེ་ ན། མདུང་རྩེའི་རྣམ་པ་ལྟ་བུ་ཟུར་གསུམ་པའམ་རྫ་རྔ་ལྟ་བུར་ཁ་ཞབས་ཅུང་ཟད་ཞུམ་པ་སྐེད་པ་སྦོམ་པ་སྟེ་སྒོང་ངའི་རྩེ་གཉིས་བཅད་པ་ལྟ་བུར་རོ། །དབྱིབས་འདི་ལྟར་བྱ་བ་ནི། ལུང་གླེང་གཞི་ལས། ཟླ་བ་དང་ཉི་མ་ལ་སོགས་པ་ལ་ལྷར་འཛིན་ནོ་ཞེས་ཟེར་བའི་ཚིག་ གི་སྐབས་མེད་པར་བྱ་བའི་ཕྱིར་རོ། །དངོས་པོ་ནི། བ་ལང་གི་ལྕི་བའམ་འཇིམ་པས་སོ། །དཀོན་མཆོག་གི་དོན་ཉིད་དུ་བྱུག་པས་བསྐུ་བ་ལ་ནི་དབྱིབས་ཀྱི་རྣམ་པ་ངེས་པ་མེད་དོ་ཞེས་པས་མཎྜལ་ལྟར་བྱས་ཀྱང་རུང་ལ་སེམས་ཅན་གྱི་གཟུགས་འབྲི་བ་ནི་མི་རུང་ངོ་། །གཉིས་པ་ལ། 6-1-130b ལྷུང་བཟེད་དངོས་དང་དམིགས་བསལ་བཤད། །ལྷུང་བཟེད་སྤྱད་པའི་བསླབ་བྱ་བསྟན། །ལྷུང་བཟེད་བཞག་པའི་བསླབ་བྱ་བརྗོད། ལྷུང་བཟེད་བསྐུར་བའི་བསླབ་བྱ་དང་། །ལྷུང་བཟེད་བསྐྱང་ཚུལ་ཞར་བྱུང་བརྗོད། །ལེགས་བཅོས་ཡལ་བར་མི་འདོར་རོ། །དང་པོ་ལ། དཀའ་གནས་དཔྱད་དང་ཚིག་དོན་བཤད། །དང་པོ་ནི། དེ་ཡང་འདིར་དགེ་སློང་གི་ལྷུང་བཟེད་ཆུང་ཚད་ནི་ཡུལ་མ་ག་དྷའི་བྲེ་ཆུང་གང་ཤོང་བ་སྟེ། འོ་ན་མ་ག་དྷའི་བྲེ་ཆུང་གང་གི་ཚད་ཅི་ཙམ་ཞེ་ན། ཉིད་ཀྱི་རྣམ་བཤད་ལས། འབྲུ་མར་དང་སྦྲང་རྩི་དང་ཆུ་ལ་སོགས་པ་རྣམས་ ཀྱིས་སྲང་སུམ་ཅུ་རྩ་གཉིས་ནི་མ་ག་དྷའི་བྲེའོ། །གཞན་ཞུ་བ་མིན་པ་རྣམས་ལ་བཅུ་དྲུག་ཅེས་བྱ་བ་རྫས་ཙམ་བསམ་པར་བྱེད་པ་རྣམས་ཀྱིའོ། །དེ་བས་ན་འདིར་ཆུ་སྲང་བཅུ་དྲུག་ལ་མ་ག་དྷའི་བྲེ་བརྗོད་པ་ཞེས་བྱ་བར་རྟོགས་པར་བྱའོ་ཞེས་པ་ཙམ་ཞིག་ལས་མ་གསུངས་ཤིང་། འདིའི་ཐད་དུ། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་ཁྱུ་མཆོག་བུ་སྟོན་ན་རེ། ཉིད་ཀྱི་རྣམ་བཤད་ལས། ཡུལ་ཐ་དད་པས་སྲང་ཆུང་ངུ་དང་འབྲིང་དང་རབ་འདྲེས་པའི་སྐྱོན་རྣམ་པར་བསལ་བའི་དོན་དུ་མན་ངག་ལས་བྱུང་བའི་ཚད་བརྗོད་པར་བྱས་ཏེ། མམ་ས་སེ་ བ་བརྒྱད་ཅེས་བྱ། །མམ་ས་བརྒྱད་ལ་ཞོ་གཅིག་འདོད། །གསེར་ཞོ་གང་ལ་རབ་བརྗོད་དེ། །གསེར་ཞོ་བརྒྱད་ལ་སྲང་གཅིག་གོ། ཞེས་སོ། །གཞི་འགྲེལ་ལས། འབྲས་ཐུག་པོ་ཆེ་དྲུས་པ་བསྐམས་པ་ཡུལ་མ་ག་དྷའི་བྲེའུ་ཆུང་གང་ལ་ནི་འབྲས་ཐུག་པོ་ཆེ་དྲུས་མི་ སྐམ་པོ་ཡུལ་མ་ག་དྷའི་སྲང་བཅུ་དྲུག་སྟེ། ཡུལ་མ་ག་དྷའི་སྲང་གཅིག་ལ་བོད་ཀྱི་སྲང་གཉིས་ཡོད་དེ། དེ་ལྟར་ན་ཐུག་པོ་ཆེ་དྲུས་མ་སྐམ་པོ་ཡུལ་མ་ག་དྷའི་བྲེའུ་ཆུང་གང་ལ་བོད་ཀྱི་སྲང་ཚད་དུ་བརྩི་ན་ནི་སྲང་སུམ་ཅུ་རྩ་གཉིས་ཡོད་དོ། །ཕུལ་ཚད་དུ་བརྩི་ན་ནི་བདུན་ 6-1-131a ཕུལ་དོ་དང་ཁྱོར་གང་ཡོད་དོ་ཞེས་སོ། །འགྲེལ་ཆུང་ནས་རྒྱ་གར་གྱི་སྲང་གཅིག་ལ་བོད་ཀྱི་སྲང་གཅིག་དང་ཞོ་དྲུག་ཡོད། རྒྱ་གར་གྱི་སྲང་བཅུ་དྲུག་ལ་བྲེ་ཆུང་གཅིག་སྟེ་བདུན་ཕུལ་དོ་ཞེས་འབྱུང་ངོ་། །འབྲས་སྐམ་སྲང་སོ་གཉིས་ལ་ཚོང་དུས་ འགུར་མོའི་གསེར་བྲེའི་བྲེ་གང་དང་སུམ་གཉིས་ཏེ་སུམ་འགྱུར་ལ་བྲེ་ལྔ་འབྱུང་ལ། ཚོད་མའི་ཚད་ཅི་ཙམ་གྱིས་འབྲས་ཆན་སྤགས་ནུས་པ་ཙམ་ཞེས་པ་མ་གཏོགས་ཚད་གསལ་བར་མ་གསུངས་ཀྱང་། བཞི་ཆར་གྲགས་པ་ལྟར་ན་བྲེ་གང་དང་སུམ་གཉིས་མཐེ་བོའི་ལྟོ་གང་གི་ གོས་ལ་བྲེ་བཞི་གསུམ་ཐམས་ཅད་བསྡོམས་ན་བྲེ་བདུན་ལྔ་ཕུལ་དོ་ཤོང་བ་ནི་ལྷུང་བཟེད་ཐ་ཚད་ཡིན་ནོ། །དེ་ཉིས་འགྱུར་རབ་ཚད། དེའི་བར་ནི་འབྲིང་ཚད་དོ། །རྒྱ་གར་གྱི་བྲེའུ་ཆུང་གསུམ་ལ་བོད་ཀྱི་བྲེ་གང་འབྱུང་ཞེས་བཤད་དོ། །རྒྱལ་བློན་དུས་ན་བྲེ་ཆེ་བར་ཡོད་ པར་སྣང་ངོ་ཞེས་བུ་ཊཱིཀ་ཏུ་བྱུང་བ་བཞིན་བཀོད་པ་ཡིན་ལ། དེ་དག་གིས་ཕལ་ཆེར་ནི་གོ་སླ་ལ། དཀའ་བའི་གནས་ཅུང་ཟད་བཤད་ན། འབྲས་སྐམ་སྲང་སོ་གཉིས། འགུར་མོའི་བྲེ་ཕུལ་ལ་བཅལ་ན་བྲེ་གང་ཕུལ་བཞི་འབྱུང་། དེ་བཙོས་པས་གསུམ་འཕེལ་ནི་བྲེ་གང་ བཙོས་པས་བྲེ་གསུམ་ཕུལ་བཞི་བཙོས་པས་ཕུལ་བཅུ་གཉིས། ཕུལ་བཅུ་གཉིས་ལ་བྲེ་དོ། བྲེ་དོ་པོ་དེ་སྔར་གྱི་བྲེ་གསུམ་ལ་བསྣན་པས་བྲེ་ལྔའོ། །དེའི་ཁར་ཚོད་མ་ནི་འབྲས་འཕེལ་བ་དེའི་བཞི་ཆ་ཡིན་པས་བྲེ་གང་དང་ཕུལ་བཞིར་གྱུར་པ་སྔ་མའི་འབྲས་སྐམ་བྲེ་གང་ ཕུལ་བཞི་འཕེལ་བའི་བྲེ་ལྔ་ལ་བསྣན་པས་བཟའ་བ་ཚང་མ་ལ་བྲེ་དྲུག་དང་ཕུལ་བཞི་ཡིན་ལ། ཚོད་མ་ལ་ནི་འཕེལ་བརྩི་རྒྱུ་མེད་ལ་འབྲས་ལ་སུམ་འཕེལ་བརྩི་རྒྱུ་ཡོད་པའི་དབང་དུ་བྱས་པ་ཡིན་ནོ། །ལྟོ་གང་གི་སྟོང་ཆ་ལ་ཕུལ་ཕྱེད་དང་ལྔ་ཤོང་བའི་གནས་ཡིན་ལ། ཕུལ་ 6-1-131b ཕྱེད་དང་ལྔ་ནི་བྲེ་གང་ཆ་བཞིར་བགོས་པའི་ཆ་གཅིག་དབྲིས་པའི་སུམ་ཆ་ཡིན་ནོ། །ཕུལ་ཕྱེད་དང་ལྔ་པོའི་ཁ་ནས་ཕུལ་དོ་སྔར་གྱི་བཟའ་བ་གནས་པའི་ས་ཡུལ་གྱི་བྲེ་དྲུག་དང་ཕུལ་བཞིའི་ཐོག་ཏུ་བསྣན་པས་དྲུག་ཕུལ་དང་ལྔ་ཕུལ་གང་ལྟར་བྱས་རུང་བྲེ་བདུན་ཁོ་ན་ཡིན་མོད་ ཀྱང་། རགས་རྩིས་ཀྱི་དབང་དུ་མཛད་ནས་བྲེ་བདུན་དང་། དྲུག་ཕུལ་ཕྱེད་གསུམ་པོ་ལྔ་ཕུལ་དོར་བརྩིས་ཏེ་ལྷུང་བཟེད་ཐ་མ་ནི་འགུར་མོའི་བྲེ་བདུན་དང་ཕུལ་གཉིས་ཤོང་བ་ལ་འཆད་དོ་ཞེས་འགོད་པར་མཛད་སྣང་ངོ་། །དཔལ་ཤཱཀྱ་མཆོག་ལྡན་ན་རེ། སེ་བ་ཞེས་པ་ནི་ འོལ་མ་སེའི་འབྲས་བུ་ཡིན་ལ། དེའི་མིང་ནི་ཁ་བ་ཅན་ན་དམར་རུ་མགོ་ནག་ཅེས་གྲགས་ལ། དེའི་བོངས་ཚད་ཆེ་ཆུང་ཅི་ཡིན་ཀྱང་ལྕིད་མཉམ་པ་ཁོ་ནར་ཡིན་པར་ངེས་པའོ། །མམ་ས་ཞེས་པ་ནི་སྐད་ཀྱི་ཟུར་ཉམས་པ་སྟེ་མ་ཥའོ། །དེ་ཡང་བོད་སྐད་དུ་སྲན་མའོ། །དེ་ བརྒྱད་ལ་རྒྱ་གར་གྱི་ཞོ་གཅིག་ཡིན་པ་དེའི་ཚེ་སེ་བ་དྲུག་ཅུ་རེ་བཞིའོ། །བོད་ཀྱི་ཞོ་གང་ནི་དེའི་ཕྱེད་ཡིན་པས་སེ་བ་སུམ་ཅུ་སོ་གཉིས་སོ། །དེང་སང་ལག་ལེན་དུ་བྱེད་པའི་གསེར་འགུར་ཞོ་གང་ནི་ཚད་འདི་ཁོ་ནར་ངེས་པ་ཡིན་ཏེ། སེ་བ་ཉི་ཤུ་རྩ་བཞི་ལ་གསེར་ཕྱེས་ ཞོ་གང་ངམ་ལྷ་སའི་ཞོ་གང་ཡིན་ལ། དེའི་སྟེང་དུ་སེ་བ་བརྒྱད་བསྣན་པས་འགུར་མོའི་ཞོ་གང་འབྱུང་བར་དེང་སང་མཐུན་སྣང་དུ་གྲུབ་པའི་ཕྱིར་རོ། །དེ་ལྟ་བུའི་གསེར་འགུར་མོའི་སྲང་སུམ་ཅུ་སོ་གཉིས་ཀྱི་ལྕིད་དང་མཉམ་པའི་འབྲས་སྐམ་པོ་དེའི་ཚད་ལ་མ་ག་དྷའི་ བྲེའུ་ཆུང་གང་འབྱུང་། བྲེའུ་ཆུང་གང་ནི་ཁྱོར་བ་ཉི་ཤུ་རྩ་གཅིག་ལ་བོད་བྲེ་གང་དུ་བྱེད་ཅིང་དེ་ལ་ཕུལ་བདུན་དུ་བརྩི་ཞིང་བདུན་ཕུལ་དོ་དང་ཁྱོར་བ་གང་ནི་མ་ག་དྷའི་བྲེའུ་ཆུང་གང་གི་ཚད་ཡིན་པར་གོང་དུ་བཤད་པའི་བོད་པའི་བྲེའི་ཚད་དེའི་དབང་དུ་བྱས་པའི་དྲུག་ཕུལ་ 6-1-132a དོའམ་བདུན་ཕུལ་དོ་དང་ཁྱོར་གང་འབྱུང་། མིང་དེ་གསུམ་གང་བཏགས་ཀྱང་རུང་ཁྱོར་བ་ཚད་ལྡན་བདུན་འབྱུང་། དེ་བཙོས་ན་སུམ་འགྱུར་ཡིན་པས་ཁྱོར་བ་ཉི་ཤུ་རྩ་གཅིག །ཚོད་མ་ནི་ཇི་ཙམ་གྱི་འབྲས་ཆན་སྤགས་པར་ནུས་པ་ཞེས་གསུངས་ཀྱི། ཚད་གསལ་བར་མ་གསུངས་ཀྱང་འབྲས་ཆན་གྱི་བཞི་ཆ་ཡིན་པར་གྲགས་པས་ཁྱོར་བ་བདུན་སྔ་མ་དང་བསྡོམས་པས་ཉི་ཤུ་རྩ་བརྒྱད། དེའི་སྟེང་དུ་མཐེ་བོའི་ལྟོ་གང་གི་སྟོང་པའི་ཆ་ལ་ཇི་ཙམ་ཡོད་པ་དེ་ལྷུང་བཟེད་ཆུང་ཚད་ཡིན། དེ་ཉིས་འགྱུར་དུ་ཤོང་བ་དེ་རབ་ཚད། དེ་གཉིས་ཀྱི་བར་རྣམས་འབྲིང་ཚད་དོ། །སྟོང་པའི་ཆ་ལ་ཁ་ཅིག་དྲུག་ཕུལ་གང་ཡིན་ཅེས་གསུངས་ཤིང་། ཁ་ཅིག་གིས་བྲེ་གང་གི་བཞི་གསུམ་ཡིན་ཅེས་གསུངས་པས། དེ་གཉིས་ཀ་ཡང་ལྷུང་བཟེད་ཐ་ཚད་ཀྱི་དབང་དུ་བྱས་པ་ཡིན་པས་གང་བདེ་དཔྱད་པར་བྱའོ། །བུ་སྟོན་ རིན་པོ་ཆེ་ནི། འབྲས་སྐམ་པོ་སྲང་སོ་གཉིས་འཚོང་དུས་འགུར་མོའི་གསེར་བྲེའི་བྲེ་གང་དང་སུམ་གཉིས་འབྱུང་། དེ་སུམ་འགྱུར་ཚོད་མ་དང་སྟོང་པའི་ཆ་དང་ཐམས་ཅད་བསྡོམས་པས། འགུར་མོའི་གསེར་བྲེ་བདུན་དང་ལྔ་ཕུལ་དོ་ཤོང་བའི་ལྷུང་བཟེད་ཚད་ཡིན་གསུང་ངོ་། ། དེ་ལྟར་གསུངས་པ་དང་གོང་དུ་བཤད་མ་ཐག་པ་གཉིས་དོན་གཅིག་ལ་འདུ་བ་ཡིན་མོད། གོང་དུ་རྒྱས་པར་བཤད་པའི་གསེར་གྱི་སེ་བའི་གྲངས་ནི་བརྩི་ཚུལ་དེ་ངེས་པ་ཅན་ཡིན་པས་མངོན་སུམ་དུ་གཏན་ལ་ཕབ་པས་འཁྲུལ་པ་མེད་དོ་ཞེས་ཟེར་རོ། །དེ་ལྟར་གསུངས་པ་དེ་དག་ ལ་དཔྱད་ན། མ་ག་དྷའི་འབྲས་བྲེ་གང་ལ་ཁྱོར་བ་བདུན་ལས་མེད་ཅིང་དེའང་སེ་བ་ཉེར་བཞི་རེ་ལ་ཞོ་རེར་བྱས་པའི་སྲང་བཞི་བཅུ་ཞེ་གཉིས་དང་ཞོ་ལྔ་སེ་བ་བརྒྱད་ཡོད་ན། དེ་ལྟར་གྱི་ཚེ་སྲང་ཆེས་ཆུང་ངུ་བཏང་བའམ་མི་ཚད་ལས་ལྷག་པའི་ཁྱོར་བ་ཆེས་ཆེ་བ་ཞིག་སླར་གཟོན་མ་ 6-1-132b གཏོགས་ཁྱེད་ཀྱིས་སྨྲས་པ་དེ་དེང་སང་ལག་ལེན་དུ་བྱས་ཀྱང་མི་འགྲུབ་ལ། བོད་བྲེ་གང་དང་བཞི་ཆ་མཐེ་བོའི་ལྟོ་གང་གི་བར་སྟོང་གི་ཆའི་ཚད་ཀྱི་ལྷུང་བཟེད་ནི་ལྷུང་བཟེད་ཧ་ཅང་ཐལ་བ་དང་། མ་ག་དྷའི་བྲེ་གསུམ་བོད་ཀྱི་བྲེ་གང་ཡིན་པའང་དེང་སང་གི་བོད་བྲེ་ཆེ་ཚད་ཀྱི་དབང་དུ་ བྱས་ཀྱང་འགྲུབ་པར་མི་སྣང་ལ། སྔར་རྒྱལ་བློན་གོང་མའི་དུས་བྱུང་ངོ་ཞེ་ན། དེང་སང་གི་གཞལ་བྱེད་ཀྱི་ཚད་དུ་མི་འགྱུར་བའི་ཕྱིར་དང་། ཚོད་མའི་ཚད་ཀྱང་འབྲས་ཆན་གྱི་བཞི་ཆ་ཡིན་ན་ཁྱོར་བ་བདུན་མི་འབྱུང་སྟེ། འབྲས་ཆན་གྱི་ཚད་ཁྱེད་རང་གིས་བཤད་པའི་ཁྱོར་བ་ཉེར་ གཅིག་གི་བཞི་ཆ་ལ་ཁྱོར་བ་ལྔ་དང་གཅིག་གི་བཞི་ཆ་ལས་མི་འབྱུང་བའི་ཕྱིར། ཚོད་མའི་ཚད་ཁྱོར་བ་བདུན་ཡིན་ན་འབྲས་ཆན་གྱི་ཚད་ཀྱི་སུམ་ཆར་འགྱུར་བས་བཞི་ཆར་སྨྲས་པ་དང་འགལ་བའི་ཕྱིར་རོ། །ཀུན་མཁྱེན་བུ་སོགས་ཀྱིས་གསུངས་པ་ལྟར་བོད་བྲེ་ལ་བཀར་བས་ཀྱང་ ལྷུང་བཟེད་ཀྱི་ཚད་ཆེ་ཆུང་གི་ངེས་པ་གཞལ་མི་ནུས་ཏེ། བོད་ཀྱི་ཡུལ་གྱི་བྱེ་བྲག་གི་ཐ་དད་པ་དུ་མར་བོད་བྲེ་ཆེ་ཆུང་མི་འདྲ་བ་དུ་མ་མཐོང་བ་ལས་ཀུན་མཁྱེན་བུའི་དུས་ཀྱི་གཙང་འགུར་མོའི་བྲེ་དེ་ཁོ་ནས་བོད་ཡུལ་གྱི་བྲེ་ཐམས་ཅད་དང་ཚད་མི་མཉམ་པས། དེ་ལྟར་ན་བོད་བྲེ་ཐ་ དད་པ་དུ་མ་ཉིད་ཀྱིས་གཞལ་བའི་ཕྱིར་ལྷུང་བཟེད་ཀྱང་བོད་བྲེ་དང་བསྟུན་པའི་ཚད་མི་འདྲ་བ་བརྒྱ་ཕྲག་མང་པོར་འགྱུར་བའི་ཕྱིར་ལྷུང་བཟེད་ཀྱི་ཚད་ལ་ཡིད་བརྟན་མི་རྙེད་པར་འགྱུར་རོ། །མཚོ་སྣ་པ་ཆེན་པོའི་ཞལ་ནས། མ་ག་དྷའི་བྲེའུ་ཆུང་གང་ལ་བོད་ཀྱི་དྲུག་ཕུལ་དོའོ། ། དེ་བཙོས་པས་འབྲས་ཆན་བྲེ་གང་སྟེ། བམ་པོ་ལྔ་བཅུ་པ་ལས། འབྲས་ཐུག་པོ་ཆེ་ཆན་དུ་ཆན་ནི་ཆུ་ཐགས་སུ་བཅུག་སྟེ་བཙོས་པའོ། །བཙོས་ནས་སུམ་འགྱུར་དུ་བརྩིའོ་ཞེས་སོ། །ཚོད་མ་འབྲས་ཆན་གྱི་སུམ་ཆ་ཡིན་ཅེས་འགྲེལ་ཆུང་ལས་བཤད་ཅེས་གྲགས་ཤིང་། དེང་སང་ནི་དེ་མི་ 6-1-133a སྣང་བས་ཡི་གེ་ཆད་དམ་གང་ཡིན་ཀྱང་དེའི་དབང་དུ་བྱས་པས་བྲེ་གང་གི་སུམ་ཆ་ཕུལ་དོ་འབྱུང་བའི་ཕྱིར་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ལ་ཕུལ་དོའོ། །མཐེ་བོའི་ལྟོ་གང་སྟོང་པར་བཞག་པ་དེར་ཕུལ་གང་ཤོང་བ་སྟེ། ཁ་ད་ཆད་དུ་བཀང་ན་ནང་དུ་ ཕུལ་དགུ་ཤོང་བ་དེ་ནི་རིགས་པ་ཡིན་ནོ་ཞེས་སྦྱར་རོ། །དགེ་སློང་གི་ལྷུང་བཟེད་ཆེ་ཚད་ནི། བྲེའུ་ཆུང་གང་ལྷག་པ་ནས་དོ་ཞེས་པ་མ་ག་དྷའི་བྲེའུ་ཆུང་དོ་ལ་བོད་ཀྱི་དྲུག་ཕུལ་བཞིའོ། །དེ་བཙོས་པས་སུམ་འགྱུར་དུ་འཕེལ་བས་འབྲས་ཆན་བྲེ་དོ། ཚོད་མ་འབྲས་ཆན་གྱི་སུམ་ཆ་སྟེ་ ཕུལ་བཞི། མཐེ་བོའི་ལྟོ་གང་གིས་སྟོང་པར་བཞག་པ་དེར་ཕུལ་དོ་ཤོང་བ་སྟེ། ཁ་ད་ཆད་དུ་བཀང་ན་ནང་དུ་ཕུལ་བཅོ་བརྒྱད་ཤོང་བ་དེ་ནི་རིགས་པ་ཡིན་ནོ་ཞེས་སྦྱར་རོ། །དགེ་སློང་གི་ལྷུང་བཟེད་འབྲིང་ཚད་ནི། བྲེའུ་ཆུང་གང་ལྷག་པ་ནས་དོའི་བར་དེ་ཞེས་པས་མ་ག་དྷའི་བྲེའུ་ ཆུང་གང་དང་དོའི་བར་ནི་བྲེའུ་ཆུང་ཕྱེད་དང་དོ་སྟེ་དེ་ལ་བོད་ཀྱི་དྲུག་ཕུལ་གསུམ་མོ། །དེ་བཙོས་པས་སུམ་འགྱུར་དུ་བརྩི་བ་དང་། ཚོད་མ་དང་འབྲས་ཆན་གྱི་སུམ་ཆར་བརྩི་བ་སྔ་མ་བཞིན་ཏེ། མཐེ་བོའི་ལྟོ་གང་སྟོང་པར་བཞག་པ་དེར་ཕུལ་ཕྱེད་དང་དོ་ཤོང་བ་སྟེ། ཁ་ད་ཆད་དུ་ བཀང་ན་ནང་དུ་ཕུལ་ཕྱེད་དང་བཅུ་བཞི་ཤོང་བ་དེ་ནི་རིགས་པ་ཡིན་ནོ་ཞེས་སྦྱར་རོ། །དེར་མ་ཟད་ཕུལ་བཅོ་ལྔ་ཤོང་བའམ་བཅུ་གསུམ་ཤོང་བ་ལ་སོགས་པ་ཡང་འབྲིང་ཚད་དུ་བཟུང་སྟེ། རྣམ་འབྱེད་འགྲེལ་པ་ལས། ལྷུང་བཟེད་འབྲིང་ཚད་ནི་དེ་གཉིས་ཀྱི་བར་གང་ཡང་རུང་བ་ ཤོང་བའོ་ཞེས་བཤད་དོ། །མཐེ་བོའི་ལྟོ་གང་ཞེས་པ་འདི་ལ། སྨྲས་པ། གངས་ཅན་འདི་ན་འདུལ་འཛིན་ཕལ་ཆེར་རྣམས། །མཐེ་བོའི་ལྟོ་གང་སྲིད་དུ་འཇལ་ཞེས་གྲགས། །དེ་ལྟར་མིན་ཏེ་སྒྲུབ་བྱེད་མེད་ཕྱིར་དང་། །འདུལ་བའི་གཞུང་ལུགས་དྲུག་དང་འགལ་ཕྱིར་ 6-1-133b རོ། །དེ་ཡང་སྲིད་དུ་བརྩི་ན་ནི་ཞིང་དུ་བརྩི་བའི་གཞུང་དྲུག་དང་འགལ་ཏེ། གོས་བཞིའི་ཊཱི་ཀ་ལས། མཐེབ་སོར་གཅིག་དང་མཐེ་བོའི་ལྟོ་གང་གཅིག་པར་བཤད་པ་དང་། འགྲེལ་ཆུང་གི་མདོ་རྩ་ཉིད་ལས། ཁའི་ཆའི་མཐའ་ནས་མཐེབ་མོའི་སོར་གཅིག་གི་ལྷག་མར་ ཞེས་པ་དང་། གཞི་འགྲེལ་ལས། མཐེ་བོའི་ལྟོ་གང་ཞེས་བྱ་བ་ནི་མཐེ་བོའི་སོར་གཅིག་སྟེ་ཞེས་པ་དང་། རྣམ་འབྱེད་འགྲེལ་པ་ལས་ཀྱང་། མཐེ་བོའི་ལྟོ་གང་ཞེས་བྱ་བ་སྟེ་མཐེ་བོང་གི་ཞེང་ཚད་ཀྱི་སོར་གཅིག་གི་ཚད་དོ་ཞེས་དང་། བམ་པོ་ལྔ་བཅུ་པ་དང་གཞུང་འགྲེལ་ ལས་ཀྱང་། མཐེ་བོའི་ལྟོ་གང་མཐེ་བོའི་ཞེང་ལ་བརྩི་བར་བཤད་དོ། །སྲན་ཚོད་དང་བཅས་ཚོད་མ་དང་བཅས་ཞེས་གཉིས་སུ་གསུངས་པ་ནི་ཚོད་མའི་སྤྱི་བྱེ་བྲག་ཡིན་ཏེ། རྣམ་འབྱེད་འགྲེལ་པ་ལས། སྲན་ཚོད་དང་བཅས་པ་ནི་གཤེར་ཚོད་དང་བཅས་པའོ། །ཚོད་མ་དང་ བཅས་པ་ནི་ཚོད་ཤོལ་ལ་སོགས་པ་སྔོ་ཚོད་ཀྱི་བྱ་ན་དང་བཅས་པའོ་ཞེས་གཤེར་ཚོད་དང་སྐམ་ཚོད་གཉིས་སུ་བསྟན་ཏོ་ཞེས་གསུངས་སོ། །འོ་ན་ལེགས་པར་བཤད་པ་དེ་དག་ལས་སྙིང་པོ་གང་འཛིན་ན། ཇི་སྐད་དུ། མམ་ས་སེ་བ་བརྒྱད་ཅེས་བྱ། མམ་ས་བརྒྱད་ལ་ཞོ་ གཅིག་འདོད། །གསེར་ཞོ་གང་ལ་རབ་བརྗོད་དེ། །གསེར་ཞོ་བརྒྱད་ལ་སྲང་གཅིག་གོ། ཞེས་པ་ཤིང་འོལ་མ་སེའི་འབྲས་བུ་དམར་རུ་མགོ་ནག་གཅིག་གི་ལྕིད་ལ་སེ་བ་དང་། དེ་བརྒྱད་ལ་མམ་ས་སྟེ་སྲན་མ་གཅིག་ཡིན་ལ་དེ་བརྒྱད་ལ་ཞོ་གང་སྟེ་སེ་བ་བརྒྱད་བརྒྱད་དྲུག་ཅུ་རྩ་བཞི་ ནི་ཡུལ་མ་ག་དྷའི་ཞོ་གང་དང་། དེ་ཞོ་བརྒྱད་ལ་སྲང་དུ་བྱས་པའི་འབྲས་སཱ་ལི་སྲང་བཅུ་དྲུག་ནི་མ་ག་དྷའི་བྲེའུ་ཆུང་གང་ཡིན་ལ། བོད་དུ་སེ་བ་སོ་གཉིས་ལ་ཞོ་རེར་བྱེད་པ་ལྟར་ན་མ་ག་དྷའི་ཞོ་ཕྱེད་ལ་བོད་ཀྱི་ཞོ་གང་དང་། དེང་སང་སེ་བ་ཉེར་བཞི་ལ་ཞོ་རེར་བྱེད་པ་ལྟར་ན། ཞོ་དེ་ཉིད་ 6-1-134a ཀྱི་ཞོ་དོ་དང་སེ་བ་བཅུ་དྲུག་ལ་མ་ག་དྷའི་ཞོ་གང་ཡིན་ལ། དེ་ལྟར་གཞལ་བའི་མ་ག་དྷའི་སྲང་བཅུ་དྲུག་དང་། བོད་དུ་སེ་བ་སོ་གཉིས་ལ་ཞོ་རེར་བྱས་པའི་སྲང་སོ་གཉིས་སམ་ཉེར་བཞི་ལ་ཞོ་རེར་བྱས་པའི་སྲང་བཞི་བཅུ་ཞེ་གཉིས་ཞོ་ལྔ་སེ་བ་བརྒྱད་ གང་རུང་གི་ལྕིད་དང་མཉམ་པའི་འབྲས་སཱ་ལི་ནི་མ་ག་དྷའི་བྲེའུ་ཆུང་གང་དང་དེ་བཙོས་པས་སུམ་འགྱུར་བྲེ་གསུམ་འབྱུང་ལ། དེའི་སྟེང་དུ་མཚོ་སྣ་པས་གསུངས་པ་ལྟར་འབྲས་ཆན་གྱི་སུམ་ཆའི་ཚད་ཚོད་མ་བྲེ་གང་བསྣན་པས་བྲེ་བཞི་ཁད་མཉམ་དུ་བླུགས་པའི་སྟེང་དུ་ མཐེ་བོའི་ལྟོ་གང་གི་སྟོད་ཆ་དང་བཅས་པ་ནི་ལྷུང་བཟེད་ཆུང་ངུའི་ཚད་ཡིན་ལ་ཆེན་པོའི་ཚད་ནི་དེ་ཉིས་འགྱུར་དང་། འབྲིང་ཚད་ནི་དེ་གཉིས་ཀྱི་བར་མར་བཤད་ཀྱང་མཐེ་བོའི་ལྟོ་ཚད་ཉིས་འགྱུར་ནི་མི་དགོས་པས། བཤད་མ་ཐག་པའི་བྲེ་བཞིའི་ཉིས་འགྱུར་བྲེ་བརྒྱད་ཁད་ མཉམ་དུ་བྱས་པའི་མཐེ་བོའི་ལྟོ་ཚད་ཀྱི་བར་སྟོང་ཡོད་པ་དེ་ནི་ཆེན་པོ་དང་བྲེ་དྲུག་ཁད་མཉམ་དུ་བྱས་པའི་མཐེ་བོའི་ལྟོ་གང་གི་སྟོང་ཆ་དང་བཅས་པ་ནི་འབྲིང་པོའི་ཚད་ཡིན་པས། ལྷུང་བཟེད་བཟོ་བ་ན་འབྲས་སཱ་ལིའི་སྲང་ལ་གཞལ་བའི་མ་ག་དྷའི་སྲང་དེའི་བཅུ་དྲུག་གི་བོངས་ ཚོད་ཙམ་བྱུང་བ་དེ་བྲེ་རེར་བརྩིས་ཏེ་བཞི་དང་དྲུག་དང་བརྒྱད་ཀྱི་ཚད་རྣམས་ཀྱིས་གཞལ་བར་བྱའོ། །གཉིས་པ་ནི། ལྷུང་བཟེད་མེད་པར་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པ་མི་བྱའོ། །བྱས་ན་སྡོམ་པ་སྐྱེ་ཡང་ཉེས་བྱས་སོ། །ལྷུང་བཟེད་ཡོད་ཙམ་གྱིས་ རུང་ངམ་ཞེ་ན། ཚད་ལས་ཆུང་ངུ་དང་ཚད་ལས་ལྷག་པ་ཆེན་པོ་དང་སྐྱ་བས་ཀྱང་དབྱུང་རྫོགས་མི་བྱའོ། །རྒྱ་དཔེར་ལྷུང་བཟེད་ནི་གསུམ་སྟེ་ཆེན་པོ་དང་འབྲིང་དང་ཆུང་ངུའོ་ཞེས་བོད་དཔེ་ལ་ཆད་དོ། །དེའི་ཕྱིར་ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་ 6-1-134b ངེས་པར་བྱ་བའི་ཕྱིར་ལྷུང་བཟེད་ཀྱི་ཁའི་ཆའི་མཐའི་མུ་ཁོ་ན་ནས་མཐེ་བོའི་ཞེང་གི་ལྟོ་གང་གི་ཚད་སྟོང་པར་བཞག་པའི་ལྷག་མར་འབྲས་ཐུག་པོ་ཆེ་མ་ག་དྷའི་བྲེའུ་ཆུང་གང་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ཤོང་བ་དེ་ལྷུང་བཟེད་ཆུང་ངུར་རིགས་པ་ཡིན་ནོ། ། བྲེའུ་ཆུང་གང་ལྷག་པ་ནས་དོ་ཤོང་བ་སྟོང་ཆ་དང་བཅས་པ་ལྷུང་བཟེད་ཆེ་ཚད་དུ་རིགས་པ་ཡིན་ནོ། །གང་དང་དོ་དེའི་བར་དེ་ཤོང་བ་དེ་ནི་ལྷུང་བཟེད་འབྲིང་ཚད་དུ་རིགས་པ་ཡིན་ནོ། །དགེ་སློང་མས་ནི་ལྷུང་བཟེད་ཆེན་པོའི་ཚད་དགེ་སློང་གི་ལྷུང་བཟེད་ཆུང་ངུའོ། །དེ་ལས་ ཚད་ལྷག་པ་མི་བཅང་ངོ་། །སྐབས་འདིར་ཊཱི་ཀ་ལས། དགེ་སློང་མ་དག་གིས་ལྷུང་བཟེད་ཆུང་ངུ་ནི་འདྲངས་བ་ཙམ་ཤོང་བའོ། །འབྲིང་ནི་དེ་གཉིས་ཀྱི་བར་གྱི་མཚམས་ཡིན་པར་དོན་གྱིས་ཁོང་དུ་ཆུད་པར་བྱའོ་ཞེས་སོ། །དགེ་སློང་མའི་རྣམ་འབྱེད་ལས། ལྷུང་བཟེད་ཆེན་ པོ་ནི་ཡུལ་མ་ག་དྷའི་བྲེའུ་ཆུང་གང་ངོ་། །ཆུང་ངུ་ནི་བྲེའུ་ཆུང་ཕྱེད་དེ་དེའི་བར་ནི་བར་མའོ་ཞེས་བཤད་ཀྱང་དེ་ནི་འབྲས་སྐམ་པོའི་ཚད་བཤད་པ་སྟེ། དགེ་སློང་མའི་ལྷུང་བཟེད་ཆེན་པོ་ནི་མཐེ་བོའི་ལྟོ་གང་གི་ལྷག་མར་འབྲས་སྐམ་པོ་བྲེའུ་ཆུང་གང་བཙོས་པ་ཚོད་མ་དང་བཅས་ པ་ཤོང་བ་དང་། ཆུང་ངུ་ནི་བྲེའུ་ཆུང་ཕྱེད་བཙོས་པ་ཚོད་མ་དང་བཅས་པ་ཤོང་བའོ། །དེ་ལྟར་དགེ་སློང་མའི་ལྷུང་བཟེད་ཀྱི་ཚད་ཆུང་བར་འཇོག་པ་ནི། བུད་མེད་ཕལ་ཆེར་བསོད་ནམས་ཀྱི་འདུ་བའི་སྒོ་ཆུང་བའི་ཕྱིར་རོ་ཞེས་སོ། །དགེ་སློང་གི་ལྷུང་བཟེད་ཀྱི་གཞི་ལྕགས་ གོར་བྱ་རུང་ཡང་དགེ་སློང་མ་དེས་ལྷུང་བཟེད་དེའི་འོག་གཞིར་ཞ་ཉེའི་དབྱར་འདབ་བཞག་པར་བྱའོ། །འདི་ལ་རང་གི་རྣམ་བཤད་དང་ཊཱི་ཀ་ལས། སའི་ཕྱོགས་གང་དུ་ལྷུང་བཟེད་བཞག་པའི་འོག་གཞི་དེར་ཞ་ཉེའི་དབྱར་འདབ་བཞག་ཅེས་བཤད་ཀྱང་། ལུང་ཕྲན་ཚེགས་ 6-1-135a ལས། ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཀྱིས་གླན་པར་བྱའོ་ཞེས་གསུངས་སོ། །འགྲེལ་ཆུང་ལས་ཀྱང་། རོ་ཉེ་ལ་གླེབས་ཏེ་ལྷུང་བཟེད་ཀྱི་ཞབས་ཉིད་ལ་གླན་ཞེས་བཤད་དོ། །དགེ་སློང་མས་ལྷུང་བཟེད་ཀྱི་གཞི་གདུ་བུ་ལག་སྐོར་བྱས་པ་ལས་ བཅས་ཞེས་འགྲེལ་ཆུང་ནས་བཤད་ཀྱང་། གླེང་གཞི་དེ་ལུང་ན་མི་སྣང་ངོ་། །འོ་ན་ཞ་ཉེའི་དབྱར་འདབ་ཀྱི་རྣམ་པ་དེ་ཅི་ལྟ་བུ་ཞེ་ན། བྱང་ཆུབ་ཀྱི་ཤིང་དང་པ་ཏ་ལའི་ལོ་མ་དང་ལག་མཐིལ་གྱི་དབྱིབས་ལྟ་བུར་རོ། །མཚོ་སྣ་པ་ཆེན་པོས། བྱང་ཆུབ་ཤིང་དང་པ་ཏ་ལའི་ལོ་ མ་ནི་མིང་ཐ་དད་ཀྱང་ངོ་བོ་གཅིག་ཏུ་བཤད་དེ། ལུང་ཕྲན་ཚེགས་ཀྱི་ཞ་ཉེའི་དབྱར་འདབ་འདི་ཉིད་ཀྱི་སྐབས་ལས། ལྷུང་བཟེད་ཀྱི་ཞབས་ཀྱི་གླན་པ་གཉིས་ཏེ། བྱང་ཆུབ་ཀྱི་ཤིང་གི་ལོ་མ་འདྲ་བ་དང་ལག་མཐིལ་འདྲ་བས་བཀྲི་བར་བྱའོ་ཞེས་གསུངས་ཤིང་། ཕྲན་ཚེགས་ ལས་ཀྱང་། བྱང་ཆུབ་ཤིང་གི་ལོ་མ་དང་འདྲ་བ་ནི་གཅིག་ཡིན་ནོ། །ལག་མཐིལ་གྱི་རྣམ་པ་དེ་ལྟ་བུ་སྟེ་ཟུར་བཞི་པ་ལྟ་བུ་ནི་གཉིས་པ་ཡིན་ནོ་ཞེས་སོ། །འོ་ན་ཞ་ཉེའི་དབྱར་འདབ་བྱང་ཆུབ་ཤིང་དང་པ་ཏ་ལ་དང་ལག་མཐིལ་ལྟ་བུ་རྒྱ་ཆེ་ཆུང་གི་ཚད་ནི་སྨྲོས་པ་དེ་དག་གི་ ཚད་ལས་ཀྱང་ངོ་། །ཀྱང་སྒྲ་ནི། ཊཱི་ཀར། ཀྱང་ངོ་ཞེས་བྱ་བ་ནི་མདོ་སྔ་མ་དྲང་བའི་དོན་ནོ་ཞེས་སོ། །སྡོམ་པ་ལེན་པ་དང་བླངས་ཟིན་པའི་ཚེ་ལྷུང་བཟེད་མེད་ན་ལྷུང་བཟེད་བརྙན་པོས་གཞན་ལས་གཡར་བ། ཀྱང་ལྷུང་བཟེད་དེ་ཉིད་དང་བཅས་པ་ཡིན་ནོ། །ཆོས་གོས་ གསུམ་གདིང་བ་ཆུ་ཚགས་ཏེ་ལྔ་པོ་ཡང་ལྷུང་བཟེད་བརྙན་པོས་རུང་བ་དེ་བཞིན་བརྙན་པོས་རུང་ངོ་། །གཞུང་འདི་ལྟར་བཏོན་ན་གསལ་ཏེ། དེ་བཞིན་ལྔ་པོ་ཡང་ངོ་ཞེས་སྦྱར་རོ། །དབྱར་ཚུལ་དུ་ཞུགས་པ་ན་སྦྱིན་བདག་གིས་ཚུལ་སྦྱོར་བ་ཡོད་ན་བསོད་སྙོམས་ལ་འགྲོ་མི་ 6-1-135b དགོས་པས་བསོད་སྙོམས་སློང་བའི་ལྷུང་བཟེད་མེད་ཀྱང་སླའོ་སྙམ་ན། དབྱར་དག་ལྷུང་བཟེད་མེད་དུ་མི་རུང་ན་དགུན་ལྟ་ཅི་སྨོས་སོ། །ལྷུང་བཟེད་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །ཆོམ་རྐུན་པའི་འཇིགས་པ་དང་བཅས་པ་ཉིད་དུ་ལྷུང་བཟེད་ཆེན་པོ་བཞག་ ལ། ལྷུང་བཟེད་ཆུང་ངུས་འགྲོ་བར་བྱའོ། །ལྷུང་བཟེད་ཆུང་ངུ་ནི་ཚད་དུ་མ་ཆོག་པས་བྱིན་རླབས་མི་ཆགས་ཀྱང་སེམས་ཀྱིས་བརྟག་པ་སྨན་ཕོར་གྱིས་ཡོངས་སུ་སྤྱད་པས་འཆང་དུ་གནང་བའོ། །མདོག་དབྱིབས་ནི་རྣམ་འབྱེད་ལས། ལྷུང་བཟེད་ཆུང་ངུ་ཡང་ གསལ་ལ་ཟླུམ་པ་ལོངས་སྤྱད་བཟོད་པ་ཡིན་ཅེས་གསུངས་སོ། །ལྷུང་བཟེད་མེད་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་སྨོས་ན་དེ་མ་རྙེད་དམ་མི་རྙེད་པར་ངེས་ན་ལྷུང་བཟེད་མེད་ན་རབ་ཏུ་དབྱུང་བར་བྱའོ། །དེ་ཡང་ཊཱི་ཀར། འདི་སྐད་བསྟན་ཏེ་ལྷུང་བཟེད་མེད་ན་རབ་ ཏུ་དབྱུང་བར་ནི་བྱའོ། །བསྙེན་པར་རྫོགས་པར་ནི་མི་བྱའོ་ཞེས་བཤད་པ་ནི་དེ་མེད་པར་རབ་བྱུང་ཉེས་མེད་དུ་ཆགས་ལ། བསྙེན་རྫོགས་ཉེས་བཅས་སུ་ཆགས་པ་ལ་དགོངས་སོ། །དེ་ཡང་ལུང་གླེང་གཞི་ལས། ལྷུང་བཟེད་ཚོལ་ལ་གདོད་རབ་ཏུ་ཕྱུང་ཞིག །གལ་ ཏེ་མ་འབྱོར་ན་བདག་གིས་ལྷུང་བཟེད་ཆུང་ངུ་བྱིན་ཅིག་ཅེས་བཤད་ཅིང་། བསྡུས་པ་ལས་ཀྱང་། ལྷུང་བཟེད་མེད་པར་དགེ་ཚུལ་མི་བྱའོ། །ཡང་ན་དེ་ལ་ལྷུང་བཟེད་ཆུང་ངུའམ་ཁ་ཕོར་དག་སྦྱིན་པར་བྱའོ་ཞེས་བཤད་ཀྱང་། དེ་དག་གི་རྗེས་སུ་མི་འབྲང་སྟེ། འདི་ ཉིད་ལས། ཆུང་ངུ་དང་ཆེན་པོ་དང་སྐྱ་བས་ཀྱང་ཞེས་པ་དང་། མེད་ན་རབ་ཏུ་མི་དབྱུང་ཞེས་པའི་གཞུང་འདི་གཙོ་བོར་བཟུང་གི། ལུང་གླེང་གཞི་ཡང་གཞུང་དམ་པ་ཁ་ཆེའི་དགེ་སློང་གིས་བློ་ནས་བྲིས་པ་ཡིན་པས་མདོ་རྩ་བ་དང་མ་མཐུན་ན་བཏང་སྙོམས་སུ་ 6-1-136a བྱའོ། །གཉིས་པ་ནི། འགྲེང་བཞིན་དུ་སྣོད་ནས་ལྷུང་བཟེད་དབྱུང་བ་དང་གཞུག་པ་དང་བསྐམ་པར་མི་བྱའོ། །ལྷུང་བཟེད་འོས་པ་སྟེ་རན་པར་སྤྱད་པར་བྱའོ་ཞེས་སྤྱིར་བསྟན་ནས་རན་པར་ཇི་ལྟར་སྤྱད་ཅེ་ན། སྣོད་གཞན་གྱིས་སྤངས་པ་སྟེ་དོར་ བའི་ཐལ་ཉིལ་སོགས་ལྷུང་བཟེད་དེར་མི་བླུགས་ཏེ་དྲང་སྲོང་གི་སྣོད་ལ་མ་གུས་པ་སྤང་བའི་ཕྱིར་ཞེས་འོག་མ་གསུམ་ལ་ཡང་སྦྱར་རོ། །ལྷུང་བཟེད་དེས་ཕྱགས་དར་མི་དོར་རོ། །ངན་མ་སྟེ་ཤིང་ཏོག་ཟོས་པའི་ཤུན་པ་སོགས་ལྷུང་བཟེད་དེས་མི་འདོར་བར་ཡང་ངོ་། །ལག་ པ་བསྙལ་བའི་ཆུ་དང་ཁའི་ཆུ་ལྷུང་བཟེད་དུ་མི་བླུག་གོ། བསྙལ་བ་ནི་བཀྲུས་པའི་བརྡའོ། །དགེ་ཚུལ་བག་མེད་པའི་ཆོས་ཅན་གྱིས་དགེ་སློང་གི་ལྷུང་བཟེད་བྱི་དོར་བྱེད་དུ་མི་གཞུག་གོ། དགེ་ཚུལ་བག་ཡོད་པའི་ཆོས་ཅན་བྱི་དོར་བྱེད་དུ་གཞུག་གོ་ཞེས་ལུང་ལས་དངོས་ སུ་གནང་བ་ནི་འདིར་ཤུགས་ཀྱིས་བསྟན་ཏེ། འདིས་དངོས་ཤུགས་ཀྱི་བཅས་པ་གཉིས་བསྟན་ཏོ། །དེ་ལ་བྱེད་དུ་མི་གཞུག་པའི་དགོས་པ་ནི། ཊཱི་ཀར། དེ་ནི་འཆགས་པ་ལ་སོགས་པ་སྤང་བའི་ཕྱིར་རོ་ཞེས་སོ། །ལྷུང་བཟེད་ལ་བྱེ་མ་ཅན་གྱི་ས་དང་ལྕི་བས་བྱི་དོར་ མི་བྱའོ་སྟེ་རྩི་ལ་གནོད་པའི་ཕྱིར་རོ། །ལྷུང་བཟེད་བཀྲུས་ནས་ཆུ་མ་བསྐམས་པར་ཧ་ཅང་གཤེར་བཞིན་དུ་ཕྱིར་སྣོད་དུ་མི་གཞུག་གོ་སྟེ་བཙའ་ཆགས་པའི་སྐྱོན་སྤང་བའི་དགོས་པ་ཡོད་པའི་ཕྱིར་རོ། །ཉི་མ་དང་མེ་འོད་ལ་ལྷུང་བཟེད་ཧ་ཅང་བསྐམ་པར་མི་བྱའོ་སྟེ། རྩུབ་ པའི་སྐྱོན་སྤོང་དགོས་པའི་ཕྱིར། གསུམ་པ་ནི། རྡོའི་སྟེང་དུ་མི་བཞག་གོ་སྟེ། ཊཱི་ཀར། རེ་ཞིག་ཀྱང་མི་བཞག་གོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །མི་གཙང་བའི་ཕྱོགས་སུ་མི་བཞག་གོ་སྟེ། ཊཱི་ཀར། ལྷུང་བཟེད་ནི་ཤིན་ཏུ་རུང་བའི་ཕྱིར་ཞེས་པས་བཟའ་སྣོད་ 6-1-136b རུང་བ་ལ་འབགས་པས་མི་རུང་བ་སྤང་བའི་དོན་དུའོ། །ཆོས་གོས་ནར་ནས་ཚགས་བྱེད་པ་ལྟ་བུའི་ཚེ་ན་ལྷུང་བཟེད་གར་བབ་བབ་སྟེ་སྲང་ངམ་ཁྱམས་སོགས་སུ་རེ་ཞིག་ཀྱང་བཞག་པ་མ་ཡིན་ནོ། །གནས་ཁང་སོགས་གར་བབ་བབ་དེར་གཏན་དུ་མི་བཞག་ གོ། གར་བབ་ཅེས་པ་དང་། དེར་མི་བཞག་ཅེས་པ་ནི། རེ་ཞིག་དང་ཡུན་དུ་མི་བཞག་པར་གོ་རིམ་བཞིན་ཊཱི་ཀ་ལས་བཤད་ལ། སྔ་མས་ཡུན་རེ་ཞིག་ཀྱང་མི་བཞག་པར་བསྟན་ན། གཏན་དུ་བཞག་སྙམ་པའི་ལོག་རྟོག་མི་སྐྱེ་བས། ཊཱི་ཀས་བཤད་ པ་དེ་ལས་བཟློག་སྟེ། འགྲེལ་ཆུང་ལས་བཤད་པ་དེ་བཟང་ངོ་ཞེས་བོད་ཀྱི་འདུལ་འཛིན་ཕལ་ཆེར་དེ་སྐད་ཟེར་ཡང་། འགྲེལ་ཆུང་ན་དེ་མི་སྣང་ཞིང་བོད་ཀྱི་འདུལ་འཛིན་ཕལ་ཆེ་བའི་འབྲུ་གནོན་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ནོ། །དེ་ཅིས་ཤེས་ཞེ་ན། ཊཱི་ཀའི་གོ་རིམ་ འདི་ཉིད་འཁྲུལ་མེད་ཡིན་པ་ལས་ཤེས་སོ། །འཁྲུལ་མེད་ཡིན་པ་ཡང་ཕྲན་ཚེགས་ལས། དགེ་སློང་ཞིག་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་ཆོས་གོས་ནར་ནས་དེས་ལྷུང་བཟེད་ས་ལ་བཞག་ནས་ཆོས་གོས་ཚགས་བྱས་པ་དང་། དེ་བྲམ་ཟེ་རྣམས་ཀྱིས་མཐོང་ནས་ ལྷུང་བཟེད་གར་བབ་ཏུ་འཇོག་གོ་ཞེས་འཕྱ་བར་བྱས་ནས། ལྷུང་བཟེད་གར་བབ་བབ་ཏུ་བཞག་པར་མི་བྱའོ་ཞེས་གསུངས་པས། སྔ་མ་རེ་ཞིག་པའི་འཐད་པར་གྲུབ་ལ། ཕྱི་མ་གཏན་དུ་བའི་འཐད་པ་ནི། ཉིད་བཤད་ལས། གཏན་དུ་བཞག་པའི་ཕྱིར་ དགག་པ་ཡིན་ཅེས་པ་དང་། འགྲེལ་ཆུང་ལས། དེ་དག་རིང་དུ་མི་བཞག་ཅེས་དང་། ལུང་ཕྲན་ཚེགས་ལས། གནས་ཁང་དུ་ལྷུང་བཟེད་བབ་ཅོལ་དུ་བཞག་པས་ལྷུང་བཟེད་མ་རུང་བར་གྱུར་ནས་ལྷུང་བཟེད་གར་བབ་ཏུ་བཞག་པར་མི་བྱའོ། །ཞེས་སོ། །ལྷུང་ 6-1-137a བཟེད་དུས་ཐམས་ཅད་དུ་བཞག་པའི་གནས་བསྟན་པའི་ཕྱིར། ལྷུང་བཟེད་བཞག་པ་དེའི་ཆེད་དུ་དོས་ཁུང་བྱའོ། །ཊཱི་ཀར། ཁུང་བུ་བ་ལང་གི་མིག་གི་དབྱིབས་འདྲ་བ་ངོས་ཁུང་ཞེས་བྱའོ། །ཞེས་སོ། །ངོས་ཁུང་ཅི་ལྟར་བྱེད་ན། དགེ་འདུན་ སྤྱིའི་གཙུག་ལག་ཁང་དང་གང་ཟག་སྒོས་ཀྱི་ཁང་ཁྱིམ་དག་རྩིག་པའི་ཚེ་ངོས་ཁུང་བྱའི། བརྩིགས་ཟིན་པའི་ཕྱིས་རྩིག་པ་རྐོ་བ་ནི་མ་ཡིན་ནོ། །དགོན་པ་བ་རྣམས་ཀྱིས་ལྷུང་བཟེད་བཞག་པའི་སྐོན་བུ་ཁ་སྦྱར་བྱའོ། །སྐོན་བུ་ཁ་སྦྱར་གྱི་རྒྱུ་དེ་གང་ཞེ་ན། ལྕུག་མའམ་སྲད་བུ་ ལས་བྱས་པའོ། །ཊཱི་ཀར། ལྕུག་མ་ལས་བསྒྱུར་བའམ་སྲད་བུ་ལས་བསྒྱུར་བ་སྟེ་སྲད་བུ་ལས་བྱས་པ་བྱའོ་ཞེས་པའི་ཐ་ཚིག་གོ། ཞེས་སོ། །སྐོན་བུ་ཁ་སྦྱར་དེ་ལ་ལྕི་བ་དང་སས་བྱུགས་པའོ། །ཁ་གབ་ལྕུག་མའམ་སྲད་བུ་ལས་བྱས་པ་ལྕི་བ་དང་སས་བྱུགས་པ་ རྣམ་པ་དེ་ལྟ་བུ་བཅས་པའོ། །སྐོན་བུ་ཁ་སྦྱར་དེ་ནི་གཟར་ཐག་གི་ཤིང་ལ་དཔྱོངས་ན་བཟང་ངོ་སྟེ། ཊཱི་ཀར། བཟང་སྟེ་རིགས་སོ་ཞེས་དང་། ཡང་ཊཱི་ཀར། དེའི་ཕྱིར་སྐོན་བུ་ཁ་སྦྱར་ལ་ཁ་འཕྲེང་ཞེས་ཀྱང་བྱའོ། །ཞེས་སོ། །སྐོན་བུ་ཁ་སྦྱར་ས་ལ་མི་བཞག་གོ། ཊཱི་ཀར། ཚིག་དེ་ནི་སྲིན་གྱིས་ཟ་བ་ལ་སོགས་པའི་སྐྱོན་སྤང་བའི་ཕྱིར་ཞེས་སོ། །བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པའི་ཞལ་ནས། ཤིང་ལ་དཔྱོངས་པ་སོགས་དགེ་སློང་ཤིང་དྲུང་པའི་དབང་དུ་བྱས་ཞེས་གསུང་པའང་། འཕྲལ་དུ་ཐུགས་རྩོམ་ཡིན་པ་འདྲའོ། །སྐོན་བུ་ཁ་སྦྱར་དེ་ གཞན་དུ་མི་བསྐུར་རོ། །ཊཱི་ཀ་ལས། ཁུར་ཁྱེར་བ་ལ་སོགས་པའི་སྐྱོན་སྤང་བའི་ཕྱིར་ཞེས་སོ། །བཞི་པ་ནི། ལྷུང་བཟེད་སྣོད་དུ་བཅུག་སྟེ་བསྐུར་བར་བྱའོ། །ཊཱི་ཀར། ལྷུང་བཟེད་སྣོད་དུ་བཅུག་སྟེ་ཡུལ་གཞན་དུ་བསྐུར་བར་བྱའོ། །ཞེས་སོ། །སྣོད་དུ་བཅུག་ཀྱང་ལྷུང་ 6-1-137b བཟེད་ལག་པས་མི་བསྐུར་རོ། །ལྷུང་བཟེད་དེ་བསྐུར་བ་ནི་ལྷུང་བཟེད་ཀྱི་སྣོད་ལ་ལུང་ཐག་བཏགས་ཏེ་མཆན་ཁུང་གིས་སོ། །མཆན་ཁུང་གིས་ཞེས་པ་ནི། ཊཱི་ཀར། མཆན་འོག་ཏུ་བཅངས་ཏེ་བསྐུར་རོ། །ཞེས་སོ། །ལྔ་པ་ནི། ལྷུང་བཟེད་དང་སྨན་དང་བར་བུར་དག་སྣོད་ ཐ་དད་པར་གཞུག་གོ་ཞེས་སྣོད་གསུམ་བྱེད་དགོས་པར་བསྟན་ལ། བར་བུར་ནི། ཊཱི་ཀར། སྐུད་པ་དང་ཁབ་རལ་དང་ལྷན་པ་ལ་སོགས་པ་དག་ནི་བར་བུར་གྱི་སྒྲས་བརྗོད་དོ་ཞེས་སོ། །སྣོད་གསུམ་པོ་དེ་དག་བཅང་བར་བྱའོ། །སྣོད་གསུམ་པོ་དེ་དག་ལ་བཅང་བའི་ ལུང་ཐག་རིང་ཐུང་མཉམ་པར་གདགས་པར་མི་བྱའོ་སྟེ་རིང་ཐུང་བར་མ་གསུམ་དུའོ། །ཊཱི་ཀར། དེ་ལྟར་ཡང་གླེང་གཞི་ནི་འཕགས་པ་འདི་ཅི་རྫ་རྔའམ་ཞེས་བྱ་བ་ཡིན་ནོ་ཞེས་སོ། །ཕྲག་པ་ཚ་བ་ལ་སོགས་པའི་སྡུག་བསྔལ་མི་འདོད་པས་ནི་ཞེང་ཆུང་ངུ་དག་སྤང་ངོ་ཞེས་པ་ སྟེ། ཊཱི་ཀར། ཀྱང་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ཞེས་སོ། །ལུང་ཐག་ཞེང་ཆེན་པོ་དེ་ཞུམ་པ་སྟེ་ཁྲིལ་བར་མི་འགྱུར་བར་བྱ་བའི་ཕྱིར་ལུང་ཐག་གི་དབུས་སུ་ཕྱིང་བུ་སྦྱར་བར་བྱའོ། །ཕྱིང་བུ་དེ་གནས་པར་བྱ་བའི་ཕྱིར་མདོ་མདོར་སྐུད་པས་བྱ་རོག་རྐང་བྱའོ། །ལྷུང་བཟེད་མིག་ བཞིན་དུ་གནོད་པ་ཐམས་ཅད་ལས་བསྐྱབས་ཏེ་བསྐྱང་བར་བྱའོ། །འདི་ལྟར་འདོན་ན་བདེ་སྟེ། ལྷུང་བཟེད་བསྐྱང་བར་མིག་བཞིན་དུ་བྱའོ། །ཞེས་སོ། །ཊཱི་ཀར། ཤིན་ཏུ་གུས་པ་བསྐྱེད་པའི་ཕྱིར་མིག་དཔེ་ཉིད་དུ་བཞག་གོ། ཞེས་སོ། །སྣམ་སྦྱར་ནི་རང་གི་པགས་ པ་རླུང་དང་ཉི་མ་ལས་བསྐྱབ་པར་བྱ་བ་དང་འདྲ་བར་བསྐྱང་བར་བྱའོ། །ཆོས་གོས་ལྷག་མ་བླ་གོས་དང་མཐང་གོས་སོགས་ཀྱང་པགས་པ་དང་འདྲ་བར་རོ། །དྲུག་པ་ལ། ལྷུང་བཟེད་ཆོས་གོས་བྱ་བ་སྤྱི། །ལྷུང་བཟེད་བྱ་བ་ཟུར་དུ་བཀོལ། །དང་པོ་ནི། བཅོས་ལེགས་ 6-1-138a བྱ་བ་ཡལ་བར་མི་འདོར་རོ་ཞེས་བསྟན་པའི་དངོས་པོ་དེ། ཊཱི་ཀར། ལྷུང་བཟེད་ཀྱི་བཅོས་ལེགས་ནི་གླན་པ་དང་སྲེག་པ་དང་སྣུམ་གྱིས་བསྐུ་བ་དང་བྱི་དོར་བྱ་བ་ལ་སོགས་པའོ། །ཆོས་གོས་བཅོས་ལེགས་ནི་བཀྲུ་བ་དང་དྲུབ་པ་དང་ཁ་བསྒྱུར་བ་ལ་ སོགས་པའོ། །ཞེས་སོ། །གཉིས་པ་ལ། གླན་དང་དེ་ཡི་ཁ་སྒྱུར་བཤད། །དང་པོ་ནི། དགེ་སློང་གིས་བཟོ་རྗེས་སུ་བསྒྲུབ་པར་མི་བྱའོ་ཞེས་བཟོ་བྱེད་པ་བཀག་མོད་ཀྱི། ལྷུང་བཟེད་གླན་པ་ལ་ལྕགས་བཟོ་སོགས་ནན་ཏན་བྱའོ། །ལག་བཟོའི་ཐ་སྙད་བསལ་བའི་ཕྱིར་ དབེན་པའི་ཕྱོགས་སུའོ། །དགེ་སློང་གིས་བཟོ་སྣོད་ཉེ་བར་བཞག་པར་མི་བྱའོ་ཞེས་བཟོ་སྤྱད་བསྲེལ་བ་བཀག་མོད་ཀྱི། ལྷུང་བཟེད་གླན་པ་སོགས་ཀྱི་ཆེད་དུ་དགེ་འདུན་གྱིས་མགར་སྤྱད་ཐོའུ་དང་སྐམ་པ་དག་བསྲེལ་བར་བྱའོ། །སྔ་འགྲེལ་དུ། ཊཱི་ཀར། དེ་ལ་ མགར་སྤྱད་དག་དགོས་པ་གང་ཟག་གིས་བསྲེལ་བ་ཚུལ་དང་མཐུན་པ་མ་ཡིན་པར་བསྟན་པའི་ཕྱིར། ཞེས་སོ། །ལྷུང་བཟེད་ཀྱི་བུ་གུའི་ལྷན་པར་བུ་རམ་དང་། རྒྱ་སྐྱེགས་ཀྱི་ཚིགས་མ་དང་། ལ་ཆའོ།། སྤྲ་ཚིལ་དང་། རོ་ཉེ་དང་། ཞ་ཉེ་དཀར། ཚོན་མོ་སྟེང་སྟེ་ཞ་ཉེ་ ནག་དེ་དག་མི་བཟང་ངོ་། །མི་བཟང་བའི་དོན། ཊཱི་ཀར། མི་རུང་སྟེ་མི་སྲ་བའི་ཕྱིར། ཞེས་སོ། །ལྕགས་ཀྱི་ལྷན་རིངས་དང་བུ་ག་དགག་པའི་ལྕགས་གཟེར་མགོ་ལེབ་ནི་ཐམ་ཕྲན་དང་། ལྕགས་ཀྱི་ལྷན་པ་གྲུ་བཞི་པ་དང་། གྲུ་གསུམ་དུ་བྱས་པ་ནི་ལྷན་པ་དང་དེ་ཉིད་ཀྱི་ མཐའ་ཐམས་ཅད་སོག་ལེའི་སོ་ལྟ་བུ་དང་ལྡན་པ་ནི་ཆུ་སྲིན་གྱི་སོ་ལྟ་བུ་སྟེ། རྣམ་པ་དེ་ལྟ་བུ་དག་བཟང་ངོ་། །ཕྱེ་མས་ཀྱང་ངོ་། །ལྕགས་ཀྱིའམ་རྡོའིའོ་ཞེས་མདོ་ཚིག་གཉིས་ཀྱི་དོན་ནི། ས་ལྕགས་ཀྱི་ཕྱེ་མས་ས་ལྕགས་རང་རང་ལ་གླན་པའི་དོན་ནོ། །མཚོ་སྣ་པ་ཆེན་པོས། ཕྱེ་མ་ 6-1-138b དེ་དག་ཕན་ཚུན་བསྣོལ་བར་ཡང་རུང་ལས་ཆེ་སྙམ་ཞེས་གསུངས་སོ། །ཀྱང་ནི་མདོ་གོང་མ་འོག་མ་ལ་ཕྱིར་བསྙེགས་པ་སྟེ། ཊཱི་ཀར། འོག་མ་དང་སྦྱར་བའི་དོན་དུ་རྣམ་པར་དབྱེ་བ་ཡིན་ནོ། །ཞེས་སོ། །ཕྱེ་མ་དེའང་འབྲུ་མར་དང་བདར་བ་དེ་བསྲེས་ནས་འཇམ་རྩུབ་སྤྲ་ཚིལ་ འདྲ་བ་ལ་ཐུག་པར་གྱུར་པས་གླན་ནོ། །ཆོ་ག་འདི་ཊཱི་ཀར། ཕྱེ་མས་གླན་པ་འབའ་ཞིག་ལ་ཡིན་གྱི་ལྷན་རིངས་ལ་སོགས་པ་ལ་ནི་མ་ཡིན་ནོ་ཞེས་སོ། །བདར་རྒྱུའི་རྫས་དེ་ལྕགས་སམ་ཀུ་རུ་བིནྡྷས་སོ། །ཊཱི་ཀར། ཀུ་རུ་བིནྡྷ་ཞེས་བྱ་བ་ནི་རྡོའི་བྱེ་བྲག་གོ་ཞེས་འབྱུང་ལ། བུ་ སྟོན། ཀུ་རུ་བིནྡྷ་རྡོ་ཞ་ཉེའི་རྡོ་སྟེ་ཏི་ཚའོ་ཞེས་དང་། མཚོ་སྣ་པ་ཆེན་པོ། བྱེ་མ་རེག་ཆོད་ལ་འཆད་དོ། །ལྷུང་བཟེད་དྲོ་བ་ལ་གླན་ནོ། །ལྷུང་བཟེད་དྲོན་པོ་ལ་ཕྱེ་མས་གླན་པའི་སྟེང་དུ་ཤིང་ཤུན་གྲོ་གས་གཡོགས་ཏེ་འཇིམ་པ་བསྐུས་ལ་བསྐམས་པའི་ཚོད་དེ་ཅི་རན་ཙམ་དུ་བསྲོའོ། ། དེ་བསྐམས་ན་འབྲུ་མར་གྱིས་སྤངས་ཏེ་རྡོ་འཇམ་པོས་བདར་རོ། །དེ་ཡན་གྱི་ལྕགས་ལ་བྱས་པའི་ལྷུང་བཟེད་གླན་པའི་ཐབས་བཤད་ཟིན་ཏོ། །ས་ལས་བྱས་པའི་ལྷུང་བཟེད་བུ་རམ་དང་འཇིམ་པས་གླན་ནོ། །ཊཱི་ཀར། གླན་པ་དེ་ཡང་སྔ་མ་བཞིན་དུ་བྱས་ཏེ་འབྲུ་མར་དང་ བདར་བ་སྤྲ་ཚིལ་འདྲ་བ་ལ་ཐུག་པར་གྱུར་པས་དྲོ་བ་ལ་གླན་ནས་གྲོ་གས་གཡོགས་ཏེ་འཇིམ་པ་བསྐུས་ལ་ཇི་རན་ཙམ་དུ་བསྲོས་ནས་འབྲུ་མར་གྱིས་བདར་རོ་ཞེས་སྔར་བསྟན་པ་དེ་དག་ཐམས་ཅད་འདིར་ཡང་སྦྱར་བར་བྱའོ། །ཞེས་སོ། །སྨྲས་པ། མཉམ་མེད་དྭགས་པོའི་ བཀའ་བརྒྱུད་ཐམས་ཅད་ཀྱི། །སྙིང་པོའི་སྤྱོད་གྱུར་ཕྱག་རྒྱ་ཆེན་པོའི་སྐུ། །འཇིགས་མེད་སྨྲ་བ་ཚངས་དབང་བུ་མོ་དེས། །ཆོས་ཀྱི་འཁོར་ལོའི་ཚུལ་འདིར་བྱི་དོར་ཤེས། །ཞེས་སྦྱར་རོ། །༈ གཉིས་པ་ལ། གང་ཚེ་ཁ་སྒྱུར་ལེགས་བཅོས་བསྟན། །བསྒྱུར་ཚུལ་ 6-1-139a སྙིང་བརྩེའི་བྱ་བ་བརྗོད། །དང་པོ་ནི། ལྷན་པ་བསྟན་ནས་བསྲེགས་པ་བརྗོད་དེ་ཉིན་གཅིག་བཞིན་དུ་ལྷུང་བཟེད་ཟས་ལ་ལོངས་སྤྱོད་པ་ཉིད་ཡིན་ན་ལྕགས་ཀྱི་ལྷུང་བཟེད་ཟླ་བ་དྲུག་གི་འོག་ཏུ་བསྲེག་པ་ཉིད་ཡིན་ནོ། །གལ་ཏེ་ལྷུང་བཟེད་ས་ལས་བྱས་ པ་ཡིན་ན་ཟླ་བ་ཕྱེད་ན་བསྲེག་གོ། གལ་ཏེ་དབྱར་གྱི་དུས་བྱུང་ན་ལྷུང་བཟེད་དེའི་བྱ་བ་ནི་ཊཱི་ཀར། བསོད་སྙོམས་བླང་བ་དང་བཟའ་བ་འཛིན་པ་གང་ཡིན་པ་དེ་ནི་ལྷུང་བཟེད་ཀྱི་བྱ་བ་ཡིན་ནོ། །ཞེས་སོ། །བྱ་བ་དེ་ཡང་ཉིན་གཅིག་བཞིན་འབྱུང་བས་དུ་མ་ཡོད་དེ། དུ་མ་དེའི་ བར་ནི་གང་ཞེ་ན། བསོད་སྙོམས་འཛིན་པས་སྟོང་པའི་དུས་ཏེ་དེ་བར་དུའོ། །ངག་དོན་དེ་ཉིན་ཟན་ཟོས་པའི་འོག་ཕན་ཆད་དང་། དེའི་ཕྱི་དེ་ཉིན་བར་བསོད་སྙོམས་ལ་འགྲོ་བའི་མདུན་ཚུན་ཆད་ཀྱི་བར་ནི་དེའི་བྱ་བའི་བར་དུའོ། །བར་དེར་ཅི་བྱ་ཞེ་ན་ཟས་ཟོས་ནས་སྣུམ་གྱིས་ བསྐུས་ཏེ་བཞག་པར་བྱ་བ་དང་། ཊཱི་ཀར། ཡང་ཕྱི་དེ་ཉིན་པར་བསོད་སྙོམས་ལ་འགྲོ་བའི་ཚེ་ལྕི་སྐམ་ལ་སོགས་པས་རྩུབ་ཁྲུས་བྱའོ། །དེའི་འོག་ཏུ་ཡང་ཟས་ཀྱི་བྱ་བ་བྱས་ནས་ཕྱི་དེ་ཉིན་པར་བསོད་སྙོམས་ལ་འགྲོ་བའི་དུས་ཀྱི་བྱ་བའི་བར་དུ་འབྲུ་མར་ལ་སོགས་པ་བསྐུས་ ཏེ་བཞག་པར་བྱའོ། །བསྐུ་བ་དང་རྩུབ་ཁྲུས་ཉིད་ནི་བསྐུ་བ་དང་རྩུབ་ཁྲུས་ཉིད་དེ། བསྐུ་བ་དང་རྩུབ་ཁྲུས་དེ་ཉིད་ཀྱིས་ལྷུང་བཟེད་དེའི་བྱ་བའི་བར་དུ་ལེགས་པར་བཅོས་པ་ཉིད་བྱའོ་ཞེས་བྱ་བ་སྦྱར་རོ་ཞེས་སོ། །མདོ་ཚིག་འདི་གཉིས་གཞུང་བརླིང་ཆེས་པར་འདུག་པས་ཊཱི་ ཀ་དྲངས་ནས་འབྲུ་གཉེར་བ་དང་། བདག་གིས་ངག་ཐོག་ནས་བླངས་པའི་འབྲུ་འདྲེས་ཡོད་པས་ཕྱིན་ཆད་འཆད་པ་རྣམས་བློ་གྲོས་ཞིབ་མོར་མཛོད་ཅིག་གུ། གཉིས་པ་ནི། ལྷུང་བཟེད་དེ་བསྲེག་པར་བྱའོ། །འདིར་རྒྱ་དཔེར། འདི་བདག་ཉིད་ཀྱིས་བྱེད་པར་མི་ 6-1-139b རིགས་པ་མ་ཡིན་ནོ་ཞེས་བོད་དཔེ་ཕལ་ལ་མི་སྣང་ངོ་། །ལྷུང་བཟེད་བསྲེག་པ་དེའི་ཆེད་དུ་རྫ་བོ་བསྲེལ་བར་བྱའོ། །རྫ་བོ་དེ་ཉིད་དུ་གྲུབ་པའམ་ཞེས་པ་དང་པོ་ནས་སྲེག་འགེབས་ཀྱི་ཕྱིར་བྱས་པའོ། །རྣམ་པ་དེ་ལས་གཞན་ཡོད་དམ་ཞེ་ན་ཡོད་དེ། དབྱིབ་མོ་ཡང་རུང་ངོ་། ། ཊཱི་ཀར། བསྲེལ་བར་བྱའོ་ཞེས་བྱ་བར་སྦྱོར་ཞེས་སོ། །བུ་སྟོན་རིན་པོ་ཆེས། དབྱིབ་མོ་ནི་བུམ་པ་ལྟ་བུ་ཁ་བཅག་པའི་གྱོ་མོའོ་ཞེས་གསུངས་སོ། །དེས་ན་རྫ་མ་ཉིད་ལ་འཕྲལ་དུ་བརྐོས་པ་སྟེ། དེ་བྱ་བའི་ཐབས་ནི་དབྱིབ་མོ་ཐལ་བས་བཀང་སྟེ་རྫ་བཅག་པའི་གཟོང་ལྕགས་ ཕུར་གྱིས་བརྐོས་ན་སྟེ་རྫ་མའི་ཁ་བཀྲུམ་པ་ཊཱི་ཀར། དབྱིབ་མོ་གཙབ་ན་བཟང་སྟེ། བཟང་ངོ་། །བཟང་ངོ་ནི། ཊཱི་ཀར། རུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །རྫ་གཟོང་དེ་བཅང་བར་བྱའོ། །འབྱོར་ན་རྫ་བོ་དང་། མ་འབྱོར་ན་དབྱིབ་མོ་དེས་དུ་བ་ཕྱིར་མི་འཆོར་བ་ ལྷུང་བཟེད་དགབ་བོ། །ཕུག་མ་དང་འཇིམ་པ་སྦྱར་བས་རྫ་བོའི་ཕྱི་རེ་ལ་བྱུགས་པས་གདབ་བོ། །འབྲུ་མར་གྱི་ཚིགས་མའམ་ལྕི་བས་རྫ་བོའི་ནང་བྱུགས་པས་དགབ་བོ། །རྫ་བོའི་ཕྱི་ནང་ལ་བྱུགས་པ་དེ་དག་བསྐམས་ཟིན་པར་གྱུར་པས་དགབ་བོ། །རྫ་བོ་གང་དུ་དགབ་ ཅིང་ལྷུང་བཟེད་བསྲེག་པའི་གཞིར་ས་གཞི་བྱི་དོར་བྱས་པར་ཞེས་པ་ནི་ཞལ་ཞལ་དང་སྲོག་ཆགས་བརྟག་པ་ལ་སོགས་བྱའོ། །ཕུབ་མ་གཏིང་ཞིང་ཞེས་པ་བུད་ཤིང་གི་རྒྱུ་སྟེ་དུ་བ་བསྐྱེད་པའི་ཐབས་སོ། །དུ་བ་འཚེར་བར་བྱེད་པ་ཞེས་པ་ནི་དུ་བའི་སྟོབས་ལས་ལྷུང་བཟེད་ནག་ པོར་འཚེར་བར་བྱེད་པ་སྟེ། ཊཱི་ཀར། དུ་བ་འཚེར་བ་ཞེས་བྱ་བ་ནི་དུ་བ་ཡང་ཡིན་ལ་འཚེར་བ་ཡང་ཡིན་པས་དུ་བ་འཚེར་བའོ། །བྱེད་པ་ཞེས་བྱ་བ་ནི་དུ་བ་འཚེར་བར་བྱེད་པའོ་ཞེས་སོ། །མདོར་ན་དུ་བ་སྣུམ་པ་ཉིད་འཚེར་བར་བྱེད་པའི་རྒྱུ་ཡིན་ལ། དུ་བ་སྣུམ་པའི་རྒྱུ་ནི་ 6-1-140a འབྲུ་མར་གྱི་ཚིགས་མ་དང་། ལ་སོགས་པའི་རྫས་ནི་ཨ་རུ་ར་དང་། སྟར་ཁ་དང་། ཁམ་ཚིག་དང་། བེའུ་ཞོ་འཐུང་གི་ལྕི་བ་རྣམས་བཀྲམ་པའི་སྟེང་དུ་སྒྱེད་པོ་གསུམ་བཙུགས་པའི་སྟེང་ན་ལྷུང་བཟེད་ཁ་སྦུབ་ཏུ་བཞག་པ་ལ་རྫ་བོ་དགབ་བར་བྱའོ། ། འདི་དག་ལག་ཏུ་བླང་བའི་རིམ་པ་ནི་ཊཱི་ཀར་འདི་སྐད་བསྟན་ཏེ། ཇི་དང་པོ་ཁོ་ནར་བརྐོ་བ་ལ་སོགས་པས་ས་གཞི་དེ་བྱི་དོར་བྱའོ། །དེའི་འོག་ཏུ་ཕུབ་མ་དག་གདིང་བར་བྱའོ། །དེའི་འོག་ཏུ་དུ་བ་འཚེར་བར་བྱེད་པའི་རྫས་དགྲམ་པར་བྱ་སྟེ། རྣམ་པ་དེ་ལྟ་བུའི་ས་གཞིར་ལྷུང་ བཟེད་ཁ་སྦུབ་ཏུ་བཞག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །ལྷུང་བཟེད་ལ་རྫ་བོས་བཀབ་པའི་སྟེང་དུ་ལྕི་བ་དག་དང་སོག་མས་བཅེར་ཏེ་མེ་སྦར་རོ། །ལྷུང་བཟེད་ཏེ་པོར་གྲང་ནས་དབྱུང་ངོ་། །ཁ་དོག་རྫོགས་པ་ཕུན་སུམ་ཚོགས་པར་གྱུར་གྱི་བར་དུ་བཟླས་པར་ ཏེ་ཧྲིལ་པོར་མ་འཚེར་ན་ཡང་ཡང་བསྲེག་པར་བྱའོ། །བཟླས་པའམ་ཡང་ཡང་དུ་བྱ་བ་དེ་ཅི་ལྟར་ཞེ་ན། བྱི་དོར་བྱས་ཤིང་བསྲེག་པའི་གནས་སུ་གཞུག་པར་བྱའོ། །སྲོག་ཆགས་རྣམས་ལ་སྙིང་བརྩེ་བས་ཉེན་ཀོར་ཕྱགས་དར་དང་ཆག་ཆག་བྱའོ། །འདིར་ཕྱགས་དར་དང་ ཆག་ཆག་གདབ་པར་བྱའོ་ཞེས་གཞུང་དུ་བཀོད་པའི་རིམ་པ་ཡིན་ལ། ལག་ལེན་དུ་བྱ་བའི་རིམ་པ་ནི་འོག་གནས་མལ་གྱི་སྐབས་ནས་འབྱུང་བ་བཞིན་ཆག་ཆག་བཏབ་པའི་འོག་ཏུ་འཕྱག་གོ། གསུམ་པ་ནི། ཆུང་ངུ་ནས་ཕ་མས་བོར་བ་ལྟ་བུ་ལོ་ཚིགས་དུ་ལོན་མི་ཤེས་ ཏེ་ཉི་ཤུ་ལོན་པར་མི་ཤེས་ན་མཚན་གྱི་ཉེན་ཀོར་དུ་སྤུ་སྐྱེས་པ་བསྙེན་པར་རྫོགས་པར་ཁས་བླང་བར་བྱའོ། །སྡོམ་པ་སྐྱེ་མི་སྐྱེ་ནི་དོན་གྱི་རྗེས་སུ་འབྲང་ངོ་། །བསྡུས་པ་ལས། ན་ཚོད་རྫོགས་པ་ནི་ལོ་ཉི་ཤུ་ལོན་པའོ། །རྟེན་རྫོགས་པ་ནི་བྱིས་པའི་བོངས་ཚོད་ལྟ་བུ་མ་ཡིན་ 6-1-140b ལ་བུས་པའི་སྐད་ལྟ་བུ་ཡང་མ་ཡིན་པ་དང་། འདོམས་དང་མཆན་ཁུང་ལ་སོགས་པར་སྤུ་སྐྱེས་པ་དང་། ཡོངས་སུ་སྨིན་པ་བུས་པ་ལྟ་བུའི་བློ་ཡང་མ་ཡིན་པའོ། །རྟེན་རྫོགས་ཀྱང་ན་ཚོད་མ་རྫོགས་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ་ཞེས། མཚན་གྱི་ཉེ་ འཁོར་དུ་སྤུ་སྐྱེས་ཀྱང་ན་ཚོད་མ་རྫོགས་པ་བསྙེན་རྫོགས་བྱེད་ན་ལྟུང་བྱེད་དུ་བཤད་པ་དང་། གཞུང་འདི་ནས་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་པ་བསྙེན་པར་རྫོགས་པར་ཁས་བླངས་ཞེས་བཤད་པ་དང་འགལ་ཞེ་ན། ལྟུང་བྱེད་དུ་བཤད་པ་དེ་ནི་ལོ་ཚིགས་ཤེས་པའི་དབང་ དུ་བྱས་པ་ཡིན་པས་གཞུང་འདི་དང་འགལ་བ་མེད་དོ། །མཚན་གྱི་ཐན་འཁོར་དུ་སྐྱེས་པའི་སྤུ་དེ་ནི་སྒྱུ་ཐབས་ཀྱིས་བརྟག་པར་བྱའོ་སྟེ་མི་སྐྱེངས་པའི་དགོས་པ་ཡོད་དོ། །སྒྱུ་ཐབས་ཅི་ལྟ་བུ་ཞེ་ན། ཟུང་ང་དང་ཞེས་རྩིག་ལོགས་ཀྱི་ཕུར་བུ་ལྟ་བུ་དང་། གོས་ཀྱི་གདང་ མཐོན་པོ་ལ་འདུག་པའི་དངོས་པོ་དབབ་པ་དང་ལ་སོགས་པས་འགེལ་བ་སོགས་ཀྱི་རྒྱུས་བརྟག་པར་བྱའོ། །བསྙེན་པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ་ཞེས་པ་ལ། འགྲེལ་ཆུང་ལས། ཞག་ལྔ་དྲུག་ཚུན་ཆད་དུ་བསྙེན་པར་རྫོགས་པར་བྱེད་པ་ ཞིག་ན་ཤིང་ལ་འཛེག་ཏུ་མི་གཞུག་ཅེས་བཤད་ལ། ཀ་མ་དང་མཚོ་སྣ་པ་ཆེན་པོས། ཞག་ལྔ་དྲུག་གི་ངེས་པ་མེད་དེ། དེ་བས་མྱུར་བ་ན་བསྙེན་རྫོགས་བྱེད་ཀྱང་བསྙེན་རྫོགས་འདོད་པ་མ་ཡིན་པ་ཡོད་ལ། དེ་བས་རིང་བ་ན་བསྙེན་རྫོགས་བྱེད་ཀྱང་བསྙེན་རྫོགས་འདོད་ པ་ཡང་ཡོད་པའི་ཕྱིར་རོ། །འདི་ནི་ཞག་མང་རུང་ཉུང་རུང་བདག་བསྙེན་རྫོགས་བྱེད་ཅེས་ཆེད་དུ་གཉེར་ཏེ་ཞུས་པ་ནས་ལས་བརྗོད་པ་ཐ་མ་ཕལ་ཆེར་བྱས་པ་ཡན་ཆད་དོ། །ཞེས་གསུངས་ལ། བདག་གི་སློབ་དཔོན་རིན་པོ་ཆེའི་ཞལ་ནས། ཕལ་ཆེར་དེ་ལྟར་ཡིན་ 6-1-141a ཀྱང་ཕྱོགས་གཅིག་མ་ཡིན་པ་ཡོད་དེ། ལས་བརྗོད་པ་དང་གཉིས་སོགས་ཀྱི་སྐབས་སུ་ཤིང་ལ་འཛེག་ཏུ་དོགས་པ་གནག་རྫི་མོ་ལའང་མི་འབྱུང་བས་སོ་ཞེས་གསུངས་སོ། །དེ་མཚམས་ཀྱི་ཕྱི་རོལ་དུ་མི་བཏང་ངོ་། །ཊཱི་ཀར། བསྙེན་པར་རྫོགས་ པར་བྱ་བའི་གནས་སུ་ཁྲིད་པ་ལྟར་སྣང་བའི་ཉེ་འཁོར་ནི་འདིར་མཚམས་ཀྱི་ནང་ངོ་། །དེ་ལས་གཞན་པ་ནི་མཚམས་ཀྱི་ཕྱི་རོལ་ལོ་ཞེས་སོ། །དེས་ན་དང་པོ་མཚམས་གཞན་དང་། བདག་པོ་མཚམས་གཞན་ལ་ལྟོས་པ་མིན་གྱི་སྣང་བའི་སར་ཡོད་མེད་ལ་གཞག་པ་ཡིན་ ནོ། །གསངས་སྟོན་པ་བསྐོ་བའི་ལས་མི་ཐོས་པར་བྱ་བའི་ཕྱིར། བསྙེན་པར་རྫོགས་པར་འདོད་པ་དེ་དགེ་འདུན་དུ་གཏོགས་པའི་དགེ་སློང་གཅིག་ཡན་ཆད་ཀྱི་མིག་གིས་བལྟར་སྣང་བའི་ཉེ་ཀོར་དུ་བཀར་ཏེ་ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མོ་སྦྱར་ཏེ་བཞག་པར་བྱའོ། ། གཞི་འགྲེལ་ལས། དེ་ལྟ་བུའི་སྤྱོད་ལམ་གྱིས་འགྲེངས་ཏེ་འདུད་པ་དང་བཅས་པར་བཞག་པར་བྱའོ། །དེ་ནི་སེམས་དང་བ་བསྐྱེད་པའི་ཕྱིར་ཞེས་སོ། །གསུམ་པ་ནི། ཁྱིམ་པ་ལ་གནས་བཞི་པོ་རྣམས་བརྗོད་པར་མི་བྱའོ་སྟེ་དེ་ནི་རབ་ཏུ་བྱུང་བའི་བར་ཆད་ཡོངས་སུ་ སྤང་བར་བྱ་བའི་ཕྱིར་རོ། །བསྙེན་པར་རྫོགས་མ་ཐག་པ་ལ་གནས་བཞི་པོ་རྣམས་མི་བརྗོད་པར་མི་བྱའོ། །ཊཱི་ཀར། འདིར་གཞུང་ནི་བྲམ་ཟེའི་ཁྱེའུ་ཞིག་རབ་ཏུ་བྱུང་བ་བསྙེན་པར་རྫོགས་པ་ལ་མཁན་པོས་ཕྱིས་ཞིག་ན་བསོད་སྙོམས་ལ་སོངས་ཤིག་ཅེས་བསྒོ་བ་དང་། དེས་བདག་སློང་མོ་ལ་རྒྱུ་བས་སྐྱོ་སྟེ་རབ་ཏུ་བྱུང་ན་ཡང་བསོད་སྙོམས་བྱའམ་ཞེས་བསླབ་པ་ཕུལ་ནས་ཉམས་པར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྙེན་པར་རྫོགས་མ་ཐག་ཏུ་གནས་བཞི་བརྗོད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ་ཞེས་ 6-1-141b སོ། །གསུམ་པ་ལ། གནས་དང་གནས་པའི་སྤྲོས་པ་དངོས། །གནས་བརྟན་ཕྱིས་འབྲང་ཚུལ་ཁྲིམས་ཞར། །ཁྱིམ་འགྲོའི་ཚུལ་སོགས་བྱེ་བྲག་བསྟན། །དང་པོ་ལ། གནས་དང་གནས་པའི་ཚུལ་ཁྲིམས་བསྟན། །གནས་དང་གནས་པའི་བྱ་བ་བརྗོད། །ཐུན་ མོང་ནད་པ་ནད་གཡོག་བསྟན། །དང་པོ་ལ་གཉིས་ཏེ། གནས་པ་སློབ་མའི་ཚུལ་ཁྲིམས་དང་། །གནས་ཀྱི་བླ་མའི་ཚུལ་ཁྲིམས་སོ། །དང་པོ་ལ། གནས་མེད་མི་རུང་དེ་དོན་སྤྲོས། །གནས་བཟུང་ཕན་ཚུན་བསམ་བསྐྱེད་ཚུལ། །གནས་བཅའི་དོགས་ གཅོད་འཇིག་རྒྱུ་བསྟན། །གང་ལ་གནས་བྱའི་གུས་ཚུལ་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་ཉེས་བྱས་ཀྱི་དབྱེ་བ་དང་། དབྱེ་བ་ལ་འཁྲུལ་པ་སྤང་བའོ། །དང་པོ་ནི། སྐབས་འདིར་ཉེས་བྱས་ལྔ་ཚན་ལྔ་དང་། བཞི་ཚན་ གཉིས་ཏེ་སུམ་ཅུ་སོ་གསུམ་མོ། །དེ་དག་ཀྱང་སྐབས་འདི་ནས་དངོས་སུ་བསྟན་པ་དང་། སྐབས་འདི་དང་འབྲེལ་བའི་ཉེས་བྱས་ཅི་རིགས་པའོ། །གསོ་སྦྱོང་མ་བྱས་པའི་ཉེས་བྱས་དང་། དབྱར་དྲལ་བ་ལ་སོགས་པ་ཉེས་བྱས་ཡིན་ཀྱང་། སྐབས་འདིར་ བགྲངས་པ་ནི་གནས་དང་གསོ་སྦྱོང་ལ་སོགས་པ་འདོམ་པའང་འདོམ་པ་ལ་ཕྱོགས་པའི་ཉེས་བྱས་ཡིན་པའི་ཕྱིར་རོ། །ལྔ་ཚན་དང་པོ་ནི། གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པར་མི་བྱའོ། །ཞེས་པའི་སྐབས་སུ་ཉེས་བྱས་ལྔ་སྟེ། གནས་དང་གསོ་ སྦྱོང་འདོམ་པར་ངེས་པའི་སྐབས་ཀྱི་ཉེས་བྱས་གསུམ་དང་། འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས་གཉིས་སོ། །དང་པོ་གསུམ་ནི། གནས་དང་གསོ་སྦྱོང་འདོམ་པར་ངེས་པའི་ཚེ་ན་གསོ་སྦྱོང་ལ་བསྡད་ན་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་ 6-1-142a རྗེས་སུ་བཀག་པའི་རྗེས་བཅས་དང་འགལ་བའི་ཕྱིར། དེར་གནས་ན་ཐོ་རེངས་སྐྱ་རེངས་ཤར་བ་ན་གནས་མེད་ཀྱི་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང་འགལ་བའི་ཕྱིར་རོ། །བླ་མའི་དྲུང་དུ་རང་ཉིད་ཕར་ལ་མི་ འགྲོ་བའི་ཕྱིར་གནས་ཀྱི་བླ་མ་གཞན་བཙལ་དུ་ཡོད་པ་ལས་མི་འཚོལ་ན་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང་འགལ་བའི་ཕྱིར་རོ། །འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས་གཉིས་ནི། རང་གི་གནས་གསོ་སྦྱོང་ཡོད་པ་དེར་གནས་ཀྱི་ བླ་མ་ཚུར་ལ་འབོད་དུ་ཡོད་པ་ལས་མི་འབོད་ན་ཉེས་བྱས་བསྐྱེད་ལ། དེའི་ཚེ་ཚུར་ལ་མི་འབོད་པར་གནས་ཀྱི་བླ་མའི་དྲུང་དུ་ཕར་ལ་ཕྱིན་ཏེ་གནས་ན། གསོ་སྦྱོང་བྱིན་གྱིས་མ་བརླབས་པར་སྐྱ་རེངས་ཤར་བ་ན་གསོ་སྦྱོང་མ་བྱས་པའི་ཉེས་བྱས་ཀྱང་བསྐྱེད་དེ། གནས་དང་ ལས་དང་ཉེ་གནས་ཀྱི་སྟ་གོན་གྱིས་དེ་བཙལ་བར་བྱའོ་ཞེས་གསུངས་པ་དང་འགལ་བར་བྱས་པ་དང་། སྤྱིར་གསོ་སྦྱོང་སྒྲུབ་དགོས་སུ་བཅས་པ་དང་འགལ་བར་བྱས་པའི་ཕྱིར་རོ། །ལྔ་ཚན་གཉིས་པ་དང་གསུམ་པ་ནི། གནས་པར་ཁས་བླང་བར་མི་བྱའོ་ཞེས་གནས་པ་ ཁས་ལེན་པ་སྤྱིར་བཀག་པ་འདིས་དབྱར་སྔ་མ་གནས་པར་ཁས་བླང་བར་མི་བྱའོ་ཞེས་པ་དང་། དབྱར་ཕྱི་མ་གནས་པར་ཁས་བླང་བར་མི་བྱའོ་ཞེས་བསྟན་ཏེ། དེ་ཡང་དབྱར་སྔ་མ་ཁས་ལེན་གྱི་ཉེས་བྱས་ལྔ་དང་། དབྱར་ཕྱི་མ་ཁས་ལེན་གྱི་སྐབས་ཀྱི་ཉེས་བྱས་ལྔ་སྟེ། ལྔར་འགྱུར་ཚུལ་ནི། གནས་ལ་བརྟེན་པ་དང་། དབྱར་སྔ་ཕྱི་ཁས་ལེན་འདོམ་པར་ངེས་པ་ལ་གསུམ་དང་། འདོམ་པ་ལ་ཕྱོགས་པ་ན་གཉིས་ཏེ། སྔར་གསོ་སྦྱོང་དང་འདོམ་པའི་སྐབས་བཞིན་དུ་ཅི་རིགས་པར་སྦྱར་རོ། །ལྔ་ཚན་བཞི་པ་ནི། གནས་པར་ཁས་བླངས་པ་སྔ་མ་རྗེས་སུ་ 6-1-142b བསྲུང་བར་མི་བྱའོ་ཞེས་པའི་སྐབས་སུ་དབྱར་སྔ་མ་གནས་པར་ཁས་བླངས་ཟིན་པ་ན་དབྱར་ཟླ་གསུམ་གྱི་ཟླ་བ་དང་པོ་བསྲུང་བ་དང་། གནས་ལ་བརྟེན་པ་འདོམ་པར་ངེས་པའམ་འདོམ་པ་ལ་ཕྱོགས་པའི་སྐབས་སུ་ཉེས་བྱས་ལྔ་སྟེ། སྔ་མ་བཞིན་དུ་སྦྱར་རོ། །སྐབས་འདིར་ཊཱི་ཀ་ལས། གནས་པར་ཁས་བླངས་པ་སྔ་མ་དྲལ་ཏེ་གཞན་དུ་འགྲོ་བར་བྱ་ཞིང་། གང་ན་གནས་ཡོད་པ་དེར་དབྱར་ཕྱི་མ་ཤོས་གནས་པར་ཁས་བླང་བར་བྱའོ་ཞེས་བཤད་ཅིང་དོན་དེ་ལྟར་ལུང་ལས་ཀྱང་ངོ་། །དེ་བཞིན་དུ་དབྱར་སྔ་མ་ཁས་བླངས་པ་ན་གནས་དེ་ན་གནས་ཀྱི་བླ་མ་མེད་ན་དབྱར་ ཟླ་བ་གསུམ་པ་ཡང་བསྲུང་བར་མི་བྱའོ་སྟེ་དེའི་ཕྱིར། ལྔ་ཚན་ལྔ་པ་ནི། ཕྱི་མ་ལ་ཡང་ཟླ་བ་གཉིས་ལས་ལྷག་པའོ་ཞེས་པའི་སྐབས་སུ་དབྱར་ཕྱི་མ་ཟླ་བ་གཉིས་ལས་ལྷག་པ་སྟེ། ཟླ་བ་གསུམ་པ་བསྲུང་བ་དང་། གནས་ལ་བརྟེན་པ་འདོམ་པའང་འདོམ་པ་ལ་ཕྱོགས་པའི་སྐབས་ སུ་ཉེས་བྱས་ལྔ་སྟེ་སྔ་མ་བཞིན་ནོ། །བཞི་ཚན་གཉིས་ལས་བཞི་ཚན་དང་པོ་ནི། དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་དང་གནས་ལ་བརྟེན་པ་འདོམ་པར་ངེས་པའི་སྐབས་ཀྱི་ཉེས་བྱས་གཉིས་དང་། འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས་གཉིས་ཏེ་བཞིའོ། །དང་པོ་གཉིས་ ནི་དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་དང་། གནས་ལ་བརྟེན་པ་འདོམ་པར་ངེས་པའི་ཚེ་ན་གནས་ཀྱི་བླ་མ་ལ་བརྟེན་ན་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་རྗེས་སུ་དགག་པ་རྗེས་བཅས་དང་འགལ་བའོ། །མཚམས་གཞན་ན་ཡོད་པའི་གནས་ཀྱི་བླ་མའི་དྲུང་དེར་སོང་སྟེ་ གནས་ན་དབྱར་ཕྱི་མ་དྲལ་བའི་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་རྗེས་སུ་སྒྲུབ་པ་རྗེས་བཅས་དང་འགལ་བའོ། །ཕྱི་མ་གཉིས་ནི། དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་དང་གནས་ལ་བརྟེན་པ་འདོམ་པ་ལ་ཕྱོགས་པ་ན། དབྱར་གྱི་གནས་དེར་གནས་ཀྱི་བླ་མ་ཚུར་ལ་ 6-1-143a འབོད་དུ་ཡོད་པ་ལས་མི་འབོད་ན་ཉེས་བྱས་བསྐྱེད་ལ། གནས་ཀྱི་བླ་མ་ཚུར་ལ་འབོད་དུ་ཡོད་བཞིན་དུ་མི་འབོད་པར་དབྱར་གནས་བསྲུང་ཞིང་གནས་ན། ཐོ་རངས་སྐྱ་རེངས་ཤར་བའི་ཚེ་ན་གནས་མེད་ཀྱི་ཉེས་བྱས་ཀྱང་བསྐྱེད་དོ། །བཞི་ཚན་གཉིས་པ་ ནི། དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པའི་ཟླ་བ་དབུས་མ་དེ་བསྲུང་བ་དང་གནས་ལ་བརྟེན་པ་འདོམ་ན་ནི། གནས་ལ་བརྟེན་པ་བས་ཟླ་བ་དབུས་མ་དེ་བསྲུང་བ་གལ་ཆེ་སྟེ། དེ་མ་བསྲུང་ན་ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་འགྱུར་བའི་དགག་ བྱ་དང་། དམ་བཅའ་བྱས་ཟིན་དྲལ་བའི་དགག་བྱ་གཉིས་ཚོགས་ཡོད་པའི་ཕྱིར། དབུས་མ་དེ་མ་བསྲུངས་ན་དེ་སྐབས་ཀྱི་ཉེས་བྱས་གཉིས་དང་། འདོམ་པ་ལ་ཕྱོགས་པའི་སྐབས་ཀྱི་ཉེས་བྱས་གཉིས་ཏེ་བཞི་ལས། ཕྱོགས་པའི་སྐབས་ཀྱི་གཉིས་པོ་སྦྱར་ཚུལ་ནི། སྔ་མ་ཁས་ བླངས་ཀྱི་ཟླ་གསུམ་དབུས་མ་བསྲུང་བ་དང་གནས་ལ་བརྟེན་པ་གཉིས་འདོམ་པ་ལ་ཕྱོགས་པ་ན་གནས་དེར་བླ་མ་ཚུར་ལ་འབོད་དུ་ཡོད་པ་ལས་མི་འབོད་པའི་ཉེས་བྱས་དང་། ཡོད་བཞིན་དུ་མི་འབོད་པར་དབྱར་བསྲུང་ཞིང་གནས་ན་སྐྱ་རེངས་འཆར་བའི་ཚེ་གནས་མེད་ཀྱི་ཉེས་ བྱས་གཉིས་ཚོགས་སུ་སོང་བས་གཉིས་སོ། །སྔ་མ་ཁས་བླངས་ཀྱི་སྐབས་སུ་ཟླ་བ་དབུས་མ་ངེས་པར་བསྲུང་དགོས་པ་གང་ལས་ཤེས་ཤེ་ན། དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་གལ་ཆེ་བར་ནི་དངོས་སུ་གསུངས་པ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། གནས་པར་ ཁས་བླངས་པ་རྗེས་སུ་བསྲུང་བར་མི་བྱའོ། །ཞེས་པའི་ཊཱི་ཀར། དགེ་སློང་དབྱར་སྔ་མ་གནས་པར་ཁས་བླངས་པ་གལ་ཏེ་དབྱར་ཟླ་འབྲིང་པོའི་མར་གྱི་ངོ་དང་། དབྱར་ཟླ་ཐ་ཆུང་ཡར་གྱི་ངོའི་ཟླ་བ་གཅིག་པོ་དེ་ལ་གནས་མེད་པར་གྱུར་ན། དེའི་ཚེ་གནས་པར་ཁས་བླངས་ 6-1-143b སྔ་མ་བྲལ་ཏེ་གཞན་དུ་འགྲོ་བར་བྱ་ཞེས་གསུངས་ཏེ། དབྱར་སྔ་མ་ཟླ་བ་གཅིག་བསྲུང་བར་མི་བྱ་ཞེས་སྒྲའི་ཁྱད་པར་སྨོས་པས། དབྱར་སྔ་མ་ཟླ་བ་གཉིས་པོ་ནི་བསྲུང་བར་བྱ་ཞེས་དོན་གྱིས་བསྟན་ཏོ། །གཉིས་པ་དབྱེ་བ་ལ་འཁྲུལ་པ་སྤང་བ་ནི། ཤ་སྦལ་སོགས་བོད་ ཀྱི་འདུལ་འཛིན་ཕལ་མོ་ཆེ་ན་རེ། གནས་ལ་བསྟེན་པ་དང་དབྱར་ཕྱི་མ་ཁས་ལེན་འདོམ་ན་དབྱར་ཕྱི་མ་ཁས་ལེན་པ་གལ་ཆེ་སྟེ། དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་གལ་ཆེ་བ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། གནས་སྐབས་དེར་དབྱར་ཕྱི་མ་ཁས་མ་བླངས་ན་ལོ་དེ་ལ་ གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་ཞེས་འཆད་དོ། །དེ་དགག་པ་ལ་གཉིས་ཏེ། དམ་བཅའ་མི་འཐད་པ་དང་། སྒྲུབ་བྱེད་གཞིག་པའོ། །དང་པོ་ལ་གནོད་བྱེད་གསུམ་འབབས་ཏེ། ལུང་ཕྲན་ཚེགས་ལས། དབྱར་ཕྱི་མར་གནས་ པར་ཁས་བླང་བར་འདོད་པ་ལས། དེ་དག་གི་གནས་ཀྱི་སློབ་དཔོན་དེ་དུས་ལས་འདས་ནས། ཇི་ལྟར་སྒྲུབ་པ་མི་ཤེས་པའི་སྐབས་དེར་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཞིག་ལས་སུ་བསྐོ་བ་སྤང་བ་དང་། གནས་ཁང་སྤང་བ་ དང་། རིམ་གྲོ་པ་ཡང་སྤང་བས་བཙལ་བར་བྱ་སྟེ། གལ་ཏེ་རྙེད་ན་ནི་དེ་ལྟར་ན་ལེགས། ཅི་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་དེར་དབྱར་ཕྱི་མར་དམ་བཅའ་བར་མི་བྱ་སྟེ་གནས་པར་དམ་བཅའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་པ་དང་། བསྡུས་པ་ལས་ཀྱང་། གང་དུ་ གནས་སྦྱིན་པ་དེ་ཤི་ལ། གནས་གཞན་ཡང་མེད་ན་དབྱར་སྔ་མའམ་ཕྱི་མ་གཉིས་གང་ལ་ཡང་དབྱར་ཉེ་བར་གནས་པར་ཁས་བླང་བར་མི་བྱའོ། །ཞེས་བཤད་པ་དང་། རྩ་འགྲེལ་འདི་ཉིད་ལས། གང་ན་གནས་མེད་པ་དེར་གནས་པར་ཁས་བླང་བ་སྤྱིར་བཀག་པ་དང་ 6-1-144a འགལ་ལོ། །ཅི་ལྟར་འགལ་ཞེ་ན། དབྱར་གནས་པར་ཁས་བླང་བ་གང་ཡང་རུང་བ་དང་གནས་ལ་བརྔན་པ་འདོམ་པར་གྱུར་པ་ཉིད་ན་ཆོས་ཅན། གནས་པར་ཁས་བླངས་པ་སྤྱིར་བཀག་པ་མ་ཡིན་པར་ཐལ། དབྱར་ཕྱི་མ་གནས་པར་ཁས་བླངས་ བསྒྲུབ་དགོས་ཡིན་པའི་ཕྱིར། རྟགས་ཁྱོད་རང་གིས་ཁས་བླངས། འདོད་ན་རྩ་འགྲེལ་འདི་ཉིད་ལས། གང་ན་གནས་མེད་པ་དེར་གནས་པར་ཁས་བླང་བར་མི་བྱའོ། །ཞེས་དབྱར་གནས་པ་ཁས་བླངས་པ་སྤྱིར་བཀག་པས་གནོད་དེ། སྤྱི་བཀག་པ་ལས་བྱེ་བྲག་ཁེགས་ སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། ཁྱོད་ཀྱི་དམ་བཅའ་དེ་ལ་སྒྲུབ་བྱེད་གཏན་མེད་ཅིང་། དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བར་གལ་ཆེ་བའི་རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་ཁྱོད་ཀྱིས་བཀོད་པའི་རྟགས་ཟུར་སྔ་མ་དེ་མ་གྲུབ་སྟེ། དབྱར་ཕྱི་མ་གནས་པར་ཁས་བླངས་ ཟིན་ནས་ཟླ་བ་གཉིས་མ་བསྲུངས་ན་ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་འགྱུར་བའི་དགག་བྱ་དང་། དམ་བཅའ་བྱས་ཟིན་བྲལ་བའི་དགག་བྱ་སྟེ་དགག་བྱ་གཉིས་ཚོགས་ཡོང་བའི་ཕྱིར་དང་། དབྱར་ཕྱི་མ་ཁས་བླངས་མ་ཟིན་པ་ལས་གཞན་ཁས་བླངས་ཟིན་ནས་བསྲུང་ ན་དགག་བྱ་གཉིས་ཚོགས་དེ་མེད་པའི་ཕྱིར་དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་གལ་ཆེ་བར་བསྟན་གྱི། ཁྱེད་ལྟར་གནས་ལ་བརྟེན་པ་བས་དེ་གལ་ཆེ་བས་ཟླ་བ་གཉིས་བསྲུང་ཞེས་ངེད་མི་འདོད་པས་དེ་གཉིས་ཕན་ཚུན་མི་མཚུངས་སོ། །གནས་སྐབས་དེར་དབྱར་ཕྱི་མ་ ཁས་མ་བླངས་ན་ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་ཞེས་ཁྱེད་ཀྱིས་བཀོད་པའི་རྟགས་ཟུར་ཕྱི་མ་དེ་ཡང་མ་གྲུབ་སྟེ། དབྱར་ཕྱི་མ་གནས་པར་ཁས་མ་བླངས་ཀྱང་གནས་ཀྱི་བླ་མའི་ཟུར་དེར་བསམ་པས་དམ་བཅས་ཏེ་ཟླ་བ་ 6-1-144b གཉིས་སམ་གསུམ་གནས་ན། གཞུང་འདི་ཉིད་ལས། གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན། གནས་ལ་བརྟེན་པ་དང་དབྱར་ཕྱི་མའི་ཁས་ལེན་འདོམ་པའི་ཚེ་ན། གནས་ཁྱད་པར་ཅན་ལ་ བརྟེན་པ་བས་དབྱར་ཕྱི་མའི་ཁས་ལེན་གལ་ཆེ་བར་མ་གྲུབ་སྟེ། ལོ་དེ་ལ་གང་ཟག་དེའི་དབྱར་ཚུལ་གཏན་མེད་དུ་གྱུར་ཀྱང་། དེ་དགག་བྱ་ཡིན་པར་མ་གྲུབ་སྟེ། དགོས་པ་ཁྱད་པར་ཅན་འགྲུབ་བྱེད་ཡིན་པའི་ཕྱིར་ཏེ། གནས་སྐབས་དེའི་ཚེ་ན་དབྱར་གནས་པར་ཁས་མ་བླངས་ པ་ལ་བརྟེན་ནས་གནས་ཀྱི་བླ་མ་ཁྱད་པར་ཅན་ལ་བསྟེན་པའི་དགོས་པ་ཁྱད་པར་ཅན་འགྲུབ་པའི་ཕྱིར་རོ། །འདི་ལྟར་བརྗོད་པ་ལ། ཕྱིས་ཀྱི་ཁ་ཅིག་སྔ་རབས་པའི་རྗེས་སུ་འབྲང་བར་འདོད་ནས། གནས་བསྟེན་པ་དང་། དབྱར་ཕྱི་མ་ཁས་ལེན་འདོམ་ན་ཕྱི་མ་ཁས་ལེན་པ་ཉིད་ སྔ་མ་གནས་བསྟེན་པ་ལས་གལ་མི་ཆེ་ན། འོ་ན་ཁྱོད་རང་གིས་སྐབས་འདིའི་ཉེས་བྱས་བཞི་ཚན་དང་པོའི་ཐོག་མར་དབྱར་ཕྱི་མ་ཟླ་བ་གཉིས་བསྲུང་བ་དང་། གནས་ལ་བསྟེན་པ་འདོམ་པའི་ཚེ་ན། གནས་ཀྱི་བླ་མ་ལ་བསྟེན་ན་ཉེས་བྱས་བསྐྱེད་དེ། སྒྲུབ་པ་བཅས་པའི་རྗེས་སུ་ དགག་པ་རྗེས་བཅས་དང་འགལ་བའི་ཕྱིར་ཞེས་བཀོད་པ་དང་འགལ་ཅེས་སྨྲའོ། །སྨྲས་པ་དེ་ཉིད་ཀྱང་རྩིང་པོར་སོང་བ་ཡིན་ཏེ། དེ་གཉིས་འདོམ་པ་ན་དབྱར་ཚུལ་དྲལ་ནས་གནས་བསྟེན་ན་ཉེས་བྱས་འབྱུང་བ་ཙམ་ཞིག་བཤད་ཀྱང་། དེའི་ཉེས་བྱས་དེ་དང་གནས་མེད་ཀྱི་ཉེས་ བྱས་གཉིས་གནས་མེད་ཀྱི་ཉེས་བྱས་ཡང་ལ་ཅིག་ཤོས་ལྕི་བར་ངེད་ཀྱིས་ཁས་མ་བླངས་པས་དེའི་ཕྱིར་སྐབས་དེར་དེ་གཉིས་འདོམ་ན། དབྱར་ཕྱི་མ་ཁས་ལེན་ཟིན་ན་བསྒྲུབས་ལ་མ་ཟིན་ན་མི་བསྒྲུབ་པར་གསུངས་པས་ཁྱོད་ཀྱིས་འགལ་བ་སྟོན་པ་ནི་སྙིང་པོ་མེད་དོ། །གཉིས་པ་ནི། གཙུག་ལག་ 6-1-145a ཁང་གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པ་དང་ཞེས་པ་འདི་ལ་ལུང་ལས། གནས་དེར་གསོ་སྦྱོང་གཉིས་པའི་བར་དུ་འདུག་པར་མི་བྱ་སྟེ། འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་ཀྱང་གསོ་སྦྱོང་གཉིས་པ་ནི་མཚོན་བྱེད་ ཙམ་ཡིན་ཏེ། གསོ་སྦྱོང་གཉིས་པ་དང་གསུམ་པ་ལ་སོགས་པ་ལ་ཡང་བསྡད་པར་མི་བྱ་སྟེ། ཊཱི་ཀ་ལས། མ་འོངས་པའི་གསོ་སྦྱོང་ལ་བསྡད་པར་མི་བྱའོ། །ཞེས་སོ། །དེར་གནས་པར་ཁས་བླངས་པར་མི་བྱའོ། །ཞེས་པ་འདི་ལ་ལུང་ལས། གནས་དེར་དབྱར་སྔ་ མར་གནས་པར་དམ་བཅའ་བར་མི་བྱ་སྟེ། གནས་པར་དམ་འཆའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེར་དབྱར་ཕྱི་མར་གནས་པར་དམ་བཅའ་བར་མི་བྱ་སྟེ། གནས་པར་དམ་འཆའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་སོ། །དེ་དང་མཐུན་པར་ཊཱི་ཀར། དབྱར་གནས་པར་ཁས་བླངས་པ་མ་འོངས་པར་ཁས་བླང་བར་མི་བྱའོ་ཞེས་སོ། །གང་ན་གནས་མེད་པ་དེར་གནས་པར་ཁས་བླངས་ཟིན་པ་དབྱར་སྔ་མ་ཁས་བླངས་པས་རྗེས་སུ་བསྲུང་བར་མི་བྱའོ། །ཞེས་པ་འདི་ལ་ལུང་ལས། དེར་གནས་པར་མི་བྱའི། དེར་གནས་པས་ན་ འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་སོ། །གང་ལ་གནས་མེད་པ་དེར་དབྱར་ཕྱི་མ་ཁས་བླངས་ཟིན་པ་ལ་ཡང་ཟླ་བ་གཉིས་ལས་ལྷག་པར་མི་བྱའོ་ཞེས་རྗེས་སུ་སྦྱར་རོ། །ཟླ་བ་གཉིས་ནི་བསྲུང་བར་བྱ་ཞེས་རྩ་བས་ཤུགས་ཀྱིས་བསྟན་ལ། ཊཱི་ཀ་དང་། ལུང་རྣམས་ ལས་དངོས་སུ་གསུངས་ཏེ། འདིའི་ཡང་སྒྲ་ནི་ཊཱི་ཀར། ཡང་ཞེས་བྱ་བའི་སྒྲ་ལས་གནས་མེད་ན་རྗེས་སུ་མི་བསྲུང་ངོ་ཞེས་བྱ་བར་འགྱུར་རོ་ཞེས་སོ། །དེས་ན་དབྱར་ཕྱི་མ་ཟླ་བ་གཉིས་གནས་པ་དེས་དབྱར་གནས་པའི་ཕན་ཡོན་ཐོབ་ཅིང་ཕྱིན་ཆད་གནས་ལ་བསྟེན་པ་ཉིད་དགོས་པ་ 6-1-145b ཆེ་བའི་ཕྱིར་རོ། །དབྱར་ཟླ་བ་གཉིས་གནས་ན་དབྱར་གནས་པའི་ཕན་ཡོན་ཐོབ་པའི་རྒྱུ་མཚན་ནི། དགག་དབྱེའི་གཞིའི་ཊཱི་ཀ་ལས། ཕལ་ཆེར་བྱས་པ་ཉིད་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཕགས་པའི་གྲགས་སྡེ་ཡིན་པ་ཞེས་བཤད་དོ། །ཟླ་བ་གཉིས་ལས་ལྷག་པར་མི་གནས་ པའི་ལུང་ནི། ལུང་ལས་དབྱར་ཕྱི་མ་ཟླ་བ་གཉིས་འདས་ནས་གནས་ཀྱི་དགེ་སློང་ཞིག་བཙལ་བར་བྱ་སྟེ་ཅི་སྟེ་མ་རྙེད་ན་དགེ་སློང་དེ་དག་གིས་དེར་གསོ་སྦྱོང་གཉིས་པའི་བར་དུ་འདུག་པར་མི་བྱ་སྟེ་ཞེས་གསུངས་ཀྱང་། གསོ་སྦྱོང་གཉིས་པ་ནི་མཚོན་བྱེད་ཙམ་ཡིན་ཏེ། ཟླ་བ་གཉིས་ སོང་ཟིན་གྱི་ཚེས་བཅུ་དྲུག་ནས་དེར་གནས་པར་མི་བྱ་སྟེ། ཊཱི་ཀར། ཟླ་བ་གཉིས་ནི་གནས་མེད་པ་དེས་ཀྱང་གནས་པར་བྱ་ཞིང་། སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་བབ་པ་ན་གཞན་དུ་འགྲོ་བར་བྱའོ་ཞེས་བཤད་དོ། །འོ་ན་གཙུག་ལག་ཁང་དེར་གནས་མེད་ན་གཙུག་ལག་ ཁང་གཞན་ནས་གནས་པ་སྤྱན་འདྲེན་པོས་སྤྱན་དྲངས་པ་དེ་ལ་གནས་བཟང་པོ་དབུལ་བར་ཁས་བླངས་པས་གནས་ཀྱི་སྟ་གོན་དང་། གནས་བརྟན་དགེ་འདུན་གྱི་ལས་ལ་མི་གཞུག་པའི་ཕྱིར་ལས་ཀྱི་སྟ་གོན་དང་། གནས་བརྟན་གྱི་གཡོག་གཅིག་འོངས་ན་དེ་ཡང་དགེ་ འདུན་གྱི་ལས་ལ་མི་གཞུག་པ་དང་། གནས་བརྟན་ལ་གཡོག་སྦྱིན་པར་ཁས་བླངས་པས་ཉེ་གནས་ཀྱི་སྟ་གོན་གྱིས་ཏེ་འབྱོར་བར་བྱས་ནས་དགེ་འདུན་གིས་གནས་ཀྱི་བླ་མ་དེ་བཙལ་བར་བྱའོ། །དེ་ལྟར་གྱི་ཚེ་དགེ་འདུན་ཕལ་མོ་ཆེ་ཞིག་གནས་པ་ལ་གནས་བརྟན་མེད་པར་ གྱུར་ན་ཐམས་ཅད་འདོར་མི་དགོས་ཀྱི། གཅིག་གམ་གཉིས་ཀྱིས་བཙལ་ཏེ་རྙེད་ན་འདི་རྣམས་ཁས་བླངས་ནས་སྤྱན་དྲངས་ཞེས་བི་མ་ལ་མི་ཏྲས་གསུངས་སོ། །འདིའི་སྐབས་སུ་བྱ་འདུལ་བརྩོན་འགྲུས་འབར་ན་རེ། གནས་མེད་ལ་གསོ་སྦྱོང་དུ་སྡོད་པའི་ཉེས་པ་དང་གཅིག ། 6-1-146a གནས་པར་ཁས་བླང་བར་མི་བྱའོ། །ཞེས་པས། དབྱར་སྔ་ཕྱི་གཉིས་ལས་གང་ཡང་རུང་བར་གནས་པའི་ཉེས་པ་གཉིས་དང་གསུམ། དེ་འོག་གནས་པར་བླང་བ་ཞེས། བཤེས་གཉེན་དྲི་མ་བྲལ། སོགས་དང་། ཕྱི་མ་ལ་ཡང་ཟླ་བ་གཉིས་ཞེས་སོགས་ དང་། གནས་དང་ལས་དང་ཞེས་སོགས་ཀྱི་མདོ་དང་འགལ་བ་གསུམ་དང་། སྔ་མ་གསུམ་སྟེ་གཞུང་གིས་དངོས་སུ་བརྗོད་པའི་ཉེས་པ་དྲུག་དང་། དགོས་པ་ཆེ་བ་བཞག་ནས་ཆུང་བ་བསྒྲུབ་པས་ཆོ་ག་ཁྱད་དུ་གསོད་པའི་ཉེས་པ་དྲུག །བཙལ་དུ་ཡོད་བཞིན་མ་བཙལ་བ་བག་ཡངས་ ཀྱི་ཉེས་པ་དྲུག་དང་བཅོ་བརྒྱད་དོ། །ཞེས་ཀྱང་འདོད་དོ། །དབྱར་ཕྱི་མ་ཟླ་བ་གཉིས་ཀྱི་ཚེ་གནས་མེད་ན་བྱ་བ་སུ་ལ་ཞུ་ཞེ་ན། གནས་ཀྱི་བླ་མ་མེད་ན་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པས་བསླབ་པ་གཞོན་ནུ་ཤ་སྟག་ཡོད་པའི་ནང་ནས་ཆེས་ཆེར་བསླབ་པ་རྒན་ཤོས་ལ་གཞན་ རྣམས་ཀྱིས་བྱ་བ་ཞུ་བར་བྱའོ། །འདིའི་ཊཱི་ཀ་ལས། དངོས་སུ་ན་ཆེས་རྒན་པ་ནི་མ་ཞུས་པར་ཡང་བྱའོ་ཞེས་རྗེས་སུ་གནང་བ་ཡིན་ནོ་ཞེས་པ་དང་། ལུང་ཕྲན་ཚེགས་ལས། ཟླ་བ་གཉིས་ཀྱི་བར་དུ་གཅིག་ལ་གཅིག་དྲི་ཞིང་གནས་པར་བྱའོ་ཞེས་གསུངས་པ་དང་འགལ་སྙམ་ན། དུས་གཅིག་ཏུ་བསྙེན་པར་རྫོགས་པ་གཉིས་ཆེས་རྒན་པ་ཡིན་ན་དེ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་བྱ་བ་ཞུ་ཞིང་གནས་པར་བྱའོ་ཞེས་ལུང་གི་དགོངས་པའོ། །གནས་དེ་ཡོད་ན་ཡང་རེ་ཞིག་གི་གནས་ཉིད་ཀྱི་གཞོན་ནུ་རྒན་པ་ལ་ཞུ་སྟེ། ལུང་དུ་འདི་ནི་ཁྱོད་དང་མཁན་པོ་ གཅིག་པ་ཡིན་གྱི། ཁྱོད་ཀྱིས་འདི་ལ་ཞུ་བར་བྱའོ་ཞེས་སྤྲུལ་པ་རབ་བྱུང་གི་སྐབས་ནས་གསུངས་པ་དེ་འདིའི་ལུང་ཁུངས་ཡིན་པར་ཉིད་བཤད་ལས་བཤད་ཅེས་བུ་སྟོན་རིན་པོ་ཆེས་གསུངས་སོ། །མཚོ་མཆན་ལས་ནི་གནས་ཀྱི་བླ་མ་ཡོད་ན་གནས་བརྟན་ཉིད་ལ་ཆད་པ་བྱུང་ 6-1-146b བའི་ཚེ་རེ་ཞིག་གི་གནས་བརྟན་ཉིད་ཀྱིས་སོ་ཞེས་འགྲེལ་ཆུང་ལས་འབྱུང་ལ། ལྔ་ཕྲུགས་ཀྱི་ཊཱི་ཀ་ལས། མཁན་པོ་སྤོ་བ་སྤྱོད་པ་ལ་སོགས་པའི་དབང་གིས་རེ་ཞིག་གི་གནས་ཉིད་ཀྱི་སྟེ་ཆེས་རྒན་པ་ལ་ཞུ་བར་བྱའོ་ཞེས་འབྱུང་བས་དེ་གཉིས་གང་བདེར་བཟུང་ངོ་། །ཞེས་ འབྱུང་ངོ་། །གནས་ཀྱི་བླ་མ་ལ་མ་ཞུས་པར་དེ་ལྟ་བུ་ཞེས་པ་འདི་ལ་རང་འགྲེལ་ལས། དེ་ལྟ་བུ་ནི་ལུགས་ཐ་དད་པའི་རབ་ཏུ་བྱུང་བ་ཞེས་དང་། ཊཱི་ཀ་ལས། འཆལ་བའི་ཚུལ་ཁྲིམས་ཅན་དེ་ལྟ་བུ་ལ། ཞེས་པ་དང་། འགྲེལ་ཆུང་ལས། དགེ་སློང་ངོ་མི་ཤེས་པའམ་གསར་ དུ་འོང་བ་དེ་ལྟ་བུ་ཞེས་འབྲུ་གནོན་གསུམ་འབྱུང་བ་ལས། དང་པོ་མཆོག་ཡིན་ལ་བར་པ་འབྲིང་ཞིང་ཐ་མ་མི་བཟང་ཞེས་སྔ་མ་རྣམས་འཆད་དོ། །དེ་ལྟ་བུ་ལ་བདག་གིས་སམ་ཞེས་པའི་སམ་ནི་བསྙེན་བཀུར་གྱི་ལས་མི་བྱའོ་ཞེས་སོ། །སྨོས་མ་ཐག་པའི་དེ་ལྟ་བུ་དེས་ཀྱང་ རང་ལ་ཚུར་རྐང་པ་མཉེ་བ་ལ་སོགས་པ་བསྙེན་བཀུར་གྱི་ལས་བྱེད་དུ་གཞུག་པར་མི་བྱའོ། །འདིར་མི་བྱའོའི་སྒྲས་ཞུས་ནས་བྱ་ཞེས་བསྟན་པ་ནི་མ་ཡིན་ཏེ། ཞུས་པ་ན་མི་གནང་བའི་ཕྱིར་རོ། །མི་གནས་པར་འདུག་པར་མི་བྱའོ་ཞེས། དམིགས་བསལ་ནི་གནས་པ་སློབ་མར་ འོས་པ་དེ་གནས་ཀྱི་བླ་མ་ཡོངས་སུ་ཚོལ་བ་ལ་ཞུགས་པ་ནི་གནས་ཀྱི་བླ་མ་མེད་ན་མི་གནས་པར་འདུག་པ་ལ་གནས་མེད་ཀྱི་ཉེས་པ་མེད་དོ། །ཡུན་ཇི་སྲིད་དུ་འདུག་པ་ལ་ཉེས་པ་མེད་ཅེ་ན། ཞག་ལྔའི་མཐར་ཐུག་པའི་བར་དུའོ། །ཞག་ལྔ་ཚུན་ཆད་ནི་དགེ་འདུན་ལ་རྙེད་པ་ ཡོད་ན་གནས་ཚོལ་བ་ལ་ཞུགས་པ་ཡུལ་གཞན་དུ་སོང་བ་དེ་ལ་ཡང་སྦྱིན་པར་འོས་པ་ཉིད་དོ། །ཊཱི་ཀར། དེ་ལྟར་འདིར་གཞུང་ནི་གླེང་གཞི་དག་ལ་མི་གནས་པ་ལ་ཡུན་ཇི་སྲིད་དུ་རྙེད་པ་བཙལ་བར་བགྱི། ཉེ་བ་འཁོར་ཞག་ལྔ་ཚུན་ཆད་དོ། །ཞེས་གསུངས་པ་ཡིན་ནོ། ། 6-1-147a ཞེས་སོ། །བཤད་པ་དེས་གཉུག་མར་གནས་པའི་ཆོ་ག་ཉེ་བར་བསྟན་ནས་གནས་འདི་ནི་གལ་ཆེ་བས་གློ་བུར་དུ་འོང་མ་ཐག་གནས་བཅས་ན། སྡིག་གྲོགས་དང་ཕྲད་དོགས་པའི་ཕྱིར་གློ་བུར་དུ་འོངས་པས་ནི་ཉི་མ་དང་པོ་ལ་ངལ་བསོས་ནས་ཉི་མ་གཉིས་ པའམ་གསུམ་པ་ལ་གནས་བཅའ་བར་བྱའོ། །འོ་ན་ཉི་མ་གཉིས་པ་དང་གསུམ་པ་ཁྱད་ཡོད་དམ་ཞེ་ན། དེ་གང་ལ་གནས་བཅས་ཀྱང་ཉེས་པ་ཁེགས་ཏེ། མ་མོ་ལས། གནས་འཆའ་བར་འདོད་ན་རིངས་ཐབས་བབ་བབ་ཏུ་གནས་མི་འཆའ་བར་ཞག་གསུམ་གྱི་བར་དུ་བརྟགས་ ནས་གདོད་གནས་བཅའ་བར་བྱའོ་ཞེས་གསུངས་ལ། བསྡུས་པ་ལས་ཀྱང་། ངལ་བསོ་བའི་ཉི་མ་གཉིས་སམ་གསུམ་ཚུན་ཆད་དུ་ལེགས་པར་བརྟགས་ཏེ་གནས་བཟུང་བར་བྱའོ་ཞེས་གསུངས་སོ། །གློ་བུར་དུ་འོངས་པས་ཉི་མ་གཅིག་ནི་འདུག་པར་བྱ་བའི་ཆེད་དུ་གནས་བཅའ་ བར་མི་བྱའོ། །དེ་རྣམས་གནས་མེད་པའི་དམིགས་བསལ་ལོ། །འདིར་གནས་པ་ཞེས་པ་ལ། སྤྱིར་གནས་པ་སློབ་པ་ལ་ཟེར་བ་ཡིན་མོད། བྱེ་བྲག་འདིར་གནས་པར་བྱ་བའི་ལས་ལ། ཀྟའི་རྐྱེན་བྱིན་ཏེ། དེས་ན་གནས་པར་བྱ་བའི་དོན་གྱིས་ན་གནས་ཏེ་བླ་མ་ཡིན་གྱི་གནས་ པར་བྱེད་པོ་སློབ་མ་ལ་མི་བཟུང་སྟེ། ཊཱི་ཀར། གནས་པར་བྱ་བའི་ལས་ལ་གནས་པ་ཞེས་བྱ་བའི་ཚིག་ཏུ་བྱའི། གནས་པར་བྱེད་པའི་བྱེད་པ་པོ་ལ་མི་བྱ་བའི་ཕྱིར་ཏེ། གང་གནས་པར་འོས་པ་དེ་ལ་གནས་པར་བྱེད་ཅིང་གནས་པར་ཁས་ལེན་པར་བྱེད་པས་དེས་ན་གནས་ པ་ཞེས་བྱ་བ་ནི་གནས་ཉིད་ཡིན་པར་བཟུང་ངོ་ཞེས་སོ། །ཉེ་བར་མི་གནས་ན་ཞེས་པ་ལ་འགྲེལ་ཆུང་ལས། གནས་བརྟན་དྲོ་ལམ་ཕན་ཆད་དུ་སོང་ན་གཞན་ལ་དྲི་ཞེས་བཤད་ཀྱང་། ཚད་དེའི་ངེས་པ་མེད་དེ། དཔག་ཚད་ཕྱེད་གསུམ་དག་ན་གསོ་སྦྱོང་གི་ཚེའོ། །ཞེས་ 6-1-147b གསུངས་པའི་ཕྱིར། འོ་ན་གང་ཞེ་ན། ཐག་ཉེ་རུང་རིང་རུང་ཊཱི་ཀ་ལས། སྤྱོད་ཡུལ་དུ་མ་གྱུར་པ་ཉིད་ནའོ། །ཞེས་སོ། །ལུང་ལས། གཎྜི་གྲག་པ་ཙམ་ལ་འཆད་དོ། །དེས་ན་དེའི་ཚེ་གནས་ཀྱི་བླ་མ་ལས་གཞན་པའི་དགེ་སློང་རྒན་ཅིང་ཆོས་མཁས་པ་ལ་ཞུ་བར་བྱའོ། །ད་ནི་བྱ་ བ་ཞུ་བའི་དམིགས་བསལ་སྟོན་ཏེ། དེ་ཡང་གནས་པ་དགེ་འདུན་གྱིས་ལས་སུ་བསྐོས་པའི་ཕྱིར་སོང་བ་ན་གནས་པ་དེ་ལས་སུ་བྱ་བ་གཞན་བྱུང་ན་སློབ་མ་དེས་གནས་ལ་ཕྱིར་འོངས་ནས་བྱ་བ་མ་ཞུས་ཀྱང་ཉེས་པ་མེད་དོ། །མདོ་འདི་གནས་དང་མ་བྲལ་བའི་དབང་དུ་མཛད་དོ། ། དེའི་ཕྱིར་རྣམ་པར་འབྱེད་པའི་གནས་མལ་གྱི་གཞི་ལས། གལ་ཏེ་དེར་སོང་བ་རྣམས་ལ་ལས་སུ་བྱ་བ་གཞན་བྱུང་ན་དེ་དག་གིས་ཡང་འོངས་ཏེ་ཞུ་བར་མི་བྱ་བར་ལས་སུ་བྱ་བ་དེ་ཉིད་ཀྱིས་བྱ་སྟེ། དེ་དག་གི་ཞུ་བ་སྔ་མ་ཉིད་དེའི་ཞུ་བ་ཡང་ཡིན་ནོ་ཞེས་གསུངས་སོ། །ཞེས་སོ། །གཉིས་ པ་ནི། གནས་བཅའ་བར་བྱའོ་ཞེས་གསུངས་ན་དེ་ཅི་གང་ཡང་རུང་བ་ལའམ་ཞེ་ན། དེའི་ཕྱིར་གང་ཡང་རུང་བ་ལ་མི་བྱའོ། །གནས་པ་བླ་མ་བསྟེན་པའི་དགོས་པ་ནི། དགེ་བ་འཕེལ་བར་འགྱུར་བ་དང་། གནས་མེད་ཀྱི་ཉེས་པ་མི་འབྱུང་བ་དང་། ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་དང་། བྱ་བ་ཡིན་མིན་ཤེས་པར་འགྱུར་བའོ། །དེས་ན་ཡུལ་གང་ལ་གནས་སུ་བཟུང་བ་དང་། རྟེན་གང་གིས་གནས་སུ་བཟུང་བ་དག་ལས། ཚུལ་ཇི་ལྟར་གནས་སུ་བཟུང་བ་ལ་སྦྱོར་བ་ནི། གཞན་ལ་དྲི་བ་དང་། ལ་སོགས་པས་ལུས་ངག་གི་ཀུན་ཏུ་སྤྱོད་པ་དང་། ཚུལ་ཁྲིམས་དག་པ་ དང་། འདུལ་བ་ཤེས་པ་དང་། འཁོར་ལ་ཆོས་དང་ཟང་ཟིང་གིས་ཕན་འདོགས་པ་ཉིད་དེ། དེ་དག་ཐམས་ཅད་ངེས་པར་ཤེས་པར་བྱས་ནས་གནས་ཏེ་བཟུང་བར་བྱའོ། །འདིར་སྨྲས་པ། ཚུལ་འཆལ་རོ་ལངས་ལྟ་བུའི་རྣམ་འགྱུར་ལ། །འདུ་ཤེས་ལྔ་ཕྲུགས་བྲལ་བའི་ལག་ 6-1-148a རྡུམ་ཞིང་། །སྙིང་བརྩེ་སྤངས་པ་སེང་གེ་ལྟ་བུ་ཅན། །ཙནྡན་དུག་སྦྲུལ་དཀྲིས་བཞིན་འཁོར་མ་དག །ཤིང་སྐམ་འབྲས་མེད་ལྟ་བུའི་ཕོངས་པ་འགས། །མཁན་པོ་གནས་པའི་གོ་འཕང་ལ་འདུག་ནས། །བག་མེད་ཐུབ་ཚུལ་དཀྲུགས་པ་འདི་མཐོང་ཚེ། ། བསྟན་ལ་ང་མིན་འབད་པ་དྭགས་བརྒྱུད་སུ།། །།དངོས་གཞི་ནི། དཔེར་ན། དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་སྔགས་སྔོན་དུ་བཏང་བའི་ཆོ་ག་ལན་གསུམ་བཟླས་ཏེ་ལེན་པ་བཞིན་ནོ། །མཇུག་ཐབས་ལེགས་བྱའོ། །སྡོམ་པ་ལེན་པ་ན་ཐལ་མོ་སྦྱོར་བ་བཞིན་དུ་འདིར་ ཡང་ཐལ་མོ་སྦྱོར་རམ་ཞེ་ན་མིན་ཏེ། གནས་པས་ལག་པ་གཉིས་ཀྱིས་གནས་ཀྱི་རྐང་མཐིལ་གཉིས་ཀ་བཅངས་ནས་གནས་པར་བཟུང་བར་བྱའོ། །གནས་ཀྱིས་ཀྱང་ཅི་འདི་མྱ་ངན་ལས་འདས་པའི་བསམ་པ་ཅན་དང་བསླབ་པ་དག་ལ་གུས་པ་ཡིན་ནམ་ཞེས་ཡོངས་སུ་བརྟགས་ནས་ གནས་སྦྱིན་ནོ། །གནས་པ་དཔོན་སློབ་བུ་དང་ཕའི་འདུ་ཤེས་དག་བསྐྱེད་པར་བྱའོ་ཞེས་འབྱུང་ལ། ལུང་མ་མོ་ལས། མཁན་པོའམ་སློབ་དཔོན་ལ་སྟོན་པའོ་སྙམ་དུ་འདུ་ཤེས་མངོན་དུ་བཞག་པར་བྱ་ཞེས་གསུངས་སོ། །གསུམ་པ་ནི། ཅི་ལྷན་ཅིག་གནས་པས་མཁན་པོ་ ལ་གནས་བཅའ་དགོས་སམ་ཞེ་ན། རང་གི་མཁན་པོ་དེ་ཉིད་ན་གནས་པར་བྱ་བའི་ཡུལ་དུ་གྱུར་པ་གནས་ཀྱི་བླ་མ་ཉིད་ཡིན་ནོ་སྟེ་མཁན་པོར་གྱུར་ཙམ་ན་གནས་ཀྱི་བླ་མར་གྱུར་ཟིན་པའོ། །འདིར་ཡང་གནས་པར་བྱ་བའི་ལས་ལ་གནས་པ་ཞེས་ཀྟའི་རྐྱེན་གྱིས་བསྟན་པ་སྟེ། ཊཱི་ཀར། འདི་ལྟར་གནས་པ་ཉིད་ཅེས་བྱ་བ་ནི་གནས་པར་བྱ་བའི་ལས་ལ་གནས་པ་ཞེས་བྱ་བའི་རྐྱེན་གྱིས་བསྟན་པ་ཡིན་གྱི། གནས་པར་བྱེད་པའི་བྱེད་པ་པོ་ནི་མ་ཡིན་ནོ། །དེ་ལ་གནས་པར་བྱ་བས་གནས་པ་སྟེ། དེས་ན་གནས་པ་ཞེས་བྱ་བའི་སྒྲས་གནས་བསྟན་པ་ཡིན་ནོ། །དེའི་དངོས་པོ་ 6-1-148b ནི་གནས་པ་ཉིད་དེ། དངོས་པོའི་རྐྱེན་གྱིས་མཁན་པོ་ཡིན་པར་བྱེད་པ་བསྟན་ཏོ། །ཞེས་སོ། །གང་གི་ཕྱིར་ལྷན་ཅིག་གནས་པའི་མཁན་པོ་ཉིད་གནས་ཉིད་ཁོ་ན་ཡིན་པ་དེའི་ཕྱིར་སློབ་མས་དེ་ལ་གནས་དེ་མི་བཅའོ། །གནས་དང་གནས་པ་གཉིས་ཀ་ལ་མི་བལྟོས་པའི་བསམ་པ་ ཉིད་གཅིག་ཅར་བྱུང་བའམ་སྔ་ཕྱིར་བྱུང་བ་ནི་གནས་བཅས་པ་འཇིག་པའི་རྒྱུ་ཡིན་ནོ། །ཊཱི་ཀར། གཅིག་མི་བལྟོས་པ་ཉིད་དུ་གྱུར་པས་ནི་གནས་འཇིག་པར་མི་འགྱུར་རོ་ཞེས་སོ། །འདི་དག་ནི་གསོལ་བ་བཏབ་པ་ཞིག་གྱུར་གྱི་དབང་དུ་བྱས་པ་ཡིན་ནོ། །ད་ནི་འདི་དག་གི་འཕྲོས་དོན་ ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་གནས་པའི་འཇིག་པའི་རྒྱུ་ནི། བྱ་བ་བྱེད་པའི་འཇིག་རྒྱུ་དང་། གསོལ་བ་བཏབ་པའི་འཇིག་རྒྱུའོ། །དང་པོ་ནི། གནས་མེད་ཀྱི་ཉེས་པ་འགོག་པའི་བྱ་བ་བྱེད་པ་ཙམ་འཇིག་པར་འགྱུར་བ་ཡིན་ཏེ། དེ་ལ་གནས་གཞན་འདོད་པ་མངོན་དུ་གྱུར་ པ་དང་། གནས་དང་གནས་པ་མཚམས་ཐ་དད་དུ་གནས་པའོ། །དང་པོ་ནི། ཇི་སྐད་དུ། མཁན་པོ་མ་ཡིན་པ་དག་ཚོགས་ན་ཞེས་པས་བསྟན་ལ། གཉིས་པ་ནི། ཇི་སྐད་དུ། མཚམས་གཞན་ན་གནས་པ་ནི་ཞེས་པས་བསྟན་ཏོ། །གཉིས་པ་གསོལ་བ་བཏབ་པའི་འཇིག་ རྒྱུ་ནི། གནས་བཅས་པའི་ཆོ་ག་ཡང་འཇིག་པ་སྟེ་ཕྱིས་དེ་ལ་གནས་སུ་འཛིན་ན་གནས་བཅའ་བའི་ཆོ་ག་གཞི་ནས་བསྐྱར་དགོས་པའོ། །དེ་ལ་གཉིས་ཀ་ལ་མི་བལྟོས་པའི་བསམ་པ་བྱུང་བ་དང་། གནས་དང་གནས་པ་ཞིང་མཚན་གྱུར་པ་དང་ཤི་བ་སོགས་མ་ཡིན་པར་གྱུར་པའོ། །དང་ པོ་ནི། ཇི་སྐད་དུ། གཉིས་ཀ་ལ་མི་བལྟོས་པ་སོགས་ཞེས་སོགས་ཀྱིས་བསྟན་ལ། གཉིས་པ་ནི། འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་སོགས་ཀྱིས་བསྟན་ཏོ། །ད་ནི་གནས་པ་སློབ་མར་འོས་པ་དེས་གནས་ཀྱི་བླ་མ་ལ་མ་བསྟེན་པར་འདུག་ཀྱང་གནས་མེད་ཀྱི་ཉེས་པ་མི་འབྱུང་ 6-1-149a བའི་གནས་སྐབས་བཅུ་ཡོད་དེ། ལོ་ལྔ་ལོན་ཅིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པས་ལྗོངས་རྒྱུ་བའི་དུས་དང་། དབྱར་ཕྱི་མ་ཁས་བླངས་ནས་ཟླ་བ་དང་པོ་གཉིས་ཀྱི་དུས་དང་། གནས་ཀྱི་བླ་མ་ས་གཞན་གནས་པའི་དུས་དང་། གནས་ཡོངས་སུ་ འཚོལ་བ་ལ་ཞུགས་པ་མ་རྙེད་པའི་ཞག་ལྔའི་དུས་དང་། གློ་བུར་དུ་འོངས་པ་ཉི་མ་དང་པོའམ་གཉིས་པ་ལ་ངལ་བསོ་བའི་དུས་དང་། ཞག་གཅིག་གནས་གཞན་དུ་ཕྱིན་པ་དང་དྲུག་དངོས་སུ་གསུངས་ལ། དབྱར་སྔ་མ་ཁས་བླངས་ནས་ཟླ་བ་དབུས་མ་བསྲུང་བ་དང་། དགེ་འདུན་གྱིས་གནས་ནས་ཕྱུང་བ་ལ་ནི་གནས་མེད་ཀྱི་ཉེས་པ་མི་འབྱུང་སྟེ། དེ་ལ་གནས་སྦྱིན་པར་བྱེད་ན་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བར་འགྱུར་བས་དེ་ལ་གནས་པར་བྱ་བའི་ཡུལ་མེད་པའི་ཕྱིར་རོ། །ཡུལ་མེད་ཀྱང་གནས་ལ་བསྟེན་དགོས་ན་བསྒྲུབ་པར་མི་ནུས་པ་ ལ་བཅས་པ་མཛད་པར་ཐལ་བར་འགྱུར་རོ། །བླ་མས་གནས་བཀག་ན་གནས་མེད་ཀྱི་ཉེས་པ་མི་འབྱུང་སྟེ། བླ་མས་ནི་གནས་བཀག་ཅིང་གཞན་གྱིས་ལེན་པར་བྱེད་ན་སྦོམ་པོར་འགྱུར་བས་དེ་ལ་གནས་པར་བྱ་བའི་ཡུལ་མེད་པའི་ཕྱིར་རོ། །དེ་དང་རྒྱུ་མཚན་མཚུངས་པའི་ མདོར་བསྡུས་གཅིག་དང་བཅུའོ། །འདིར་གཉིས་ཀ་ལ་མི་བལྟོས་པ་ཉིད་བྱུང་བ་ནི་གནས་བཅས་པ་འཇིག་པའི་རྒྱུ་ཡིན་ནོ། །ཞེས་པ་འདི་ལ་འཇིག་རྒྱུ་བཏགས་པ་བ་དང་ཞིག་པ་རང་མཚན་པ་ཡིན་ཏེ། དེའི་རྒྱུ་མཚན་གཉིས་ཀ་ལ་མི་བལྟོས་པ་ཉིད་གནས་འཇིག་རྒྱུ་ཡིན་ན། གནས་དང་གནས་པ་གཉིས་ཀ་ལ་མ་བལྟོས་པའི་བསམ་པ་གཅིག་ཅར་དུ་བྱུང་བ་དེ་ཆོས་ཅན། འཇིག་རྒྱུ་རང་མཚན་པ་ཡིན་པ་སྲིད་པར་ཐལ། གནས་བཅས་པ་འཇིག་པའི་རྒྱུ་ཉིད་ཡིན་པའི་ཕྱིར། རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ན། མཛོད་འགྲེལ་ 6-1-149b ལས། དངོས་པོ་རྣམས་འཇིག་པ་ལ་རྒྱུ་ནི་མེད་ཀྱིས་འཇིག་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར། ཞེས་པ་དང་། རྣམ་འགྲེལ་ལས་ཀྱང་། འཇིག་པ་ལ་ནི་རྒྱུ་མེད་ཕྱིར། །འཇིག་པ་རྒྱུ་ལྡན་སྨྲ་རྣམས་ཀྱིས། འཇིག་པའི་རྒྱུ་ནི་ཐམས་ཅད་དག །འཁྲུལ་པ་ཉིད་དུ་བཤད་པ་ཡིན། ། ཅེས་སོ། །གཞན་ཡང་གཉིས་ཀ་ལ་མི་བལྟོས་པ་ཉིད་བྱུང་བ་གནས་བཅས་པ་འཇིག་པའི་རྒྱུ་ཉིད་ཡིན་ན་གནོད་བྱེད་གཞན་ཡང་ཡོད་དེ། གཉིས་ཀ་ལ་མི་བལྟོས་པའི་བསམ་པ་གཅིག་ཅར་དུ་བྱུང་བ་དེ་ཆོས་ཅན། གནས་བཅས་པ་ཞིག་ཟིན་པ་མ་ཡིན་པར་ཐལ། གནས་བཅས་ པ་རྒྱུ་ཉིད་ཡིན་པའི་ཕྱིར། རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ན་སྐབས་འདིའི་ལུང་ཕྲན་ཚེགས་ལས། སློབ་དཔོན་གྱིས་ཀྱང་བསམ་པས་བཏང་ལ་ཉེ་གནས་ཀྱིས་ཀྱང་བསམ་པས་བཏང་ན་གནས་བཅས་པ་ཞིག་པ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་ ལ། ཊཱི་ཀ་ལས་ཀྱང་། གནས་དང་གནས་པ་ལ་མི་བལྟོས་པ་ཉིད་དུ་གྱུར་ན་དེའི་ཚེ་ན་གནས་བཅས་པ་ཞིག་པར་རིག་པར་བྱའོ། །ཞེས་དང་། འགྲེལ་ཆུང་ལས་ཀྱང་། གནས་བརྟན་དང་སློབ་མས་ཀྱང་ཡོངས་སུ་བཏང་བར་བསམས་ན་གནས་ཞིག་སྟེ་མེད་པར་འགྱུར་ཞེས་ བཤད་དོ། །བཞི་པ་ནི། རང་གི་མཁན་པོ་མ་ཡིན་པ་གནས་ཀྱི་སློབ་དཔོན་མང་པོ་དག་གནས་གཅིག་ཏུ་ཚོགས་ན་གནས་པ་རང་ཉིད་གང་ལ་གནས་པར་འདོད་པས་གནས་སུ་འཇུག་པར་བྱའོ། །རང་གི་མཁན་པོ་དེ་དང་གནས་ཀྱི་སློབ་དཔོན་མང་པོ་དག་གཅིག་ཏུ་ཚོགས་པ་ན་ མཁན་པོ་དེ་ཉིད་ཀྱིས་གནས་པར་བྱའི། །གཞན་གྱིས་ནི་མི་བྱའོ། །མཁན་པོས་ནི་གནས་ཀྱི་བླ་མ་ཡང་མཚོན་ཏེ། འདིའི་ཐད་ཀྱི་ཊཱི་ཀར། འདི་ནི་དཔེ་ཙམ་སྟེ་གནས་གཞན་དག་མཐོང་ན་ཡང་ཞེས་སོ། །མཐོང་མ་ཐག་ཏུ་ཞེས་པ་ལ། ཞང་ཆེན་པོའི་ཐང་ཡིག་ཏུ། འདོམ་གང་ 6-1-150a ཙམ་ཟེར་ཡང་གཏམ་ཐ་མལ་པ་ཐོས་པ་ཙམ་ལ་ལྡང་བ་བྱེད་རན་པའི་ཞེན་པ་འབྱུང་རུང་ཙམ་ན་སྟན་ལས་དཔགས་ཏེ་ལྡང་བར་བྱའོ། །གནས་དང་གནས་པ་གཉིས་གཙུག་ལག་ཁང་གཅིག་པ་དེ་ན་འདུག་ན་གནས་པས་གནས་དེའི་དྲུང་དུ་ཉིན་པར་ལན་ གསུམ་འགྲོ་ཞིང་བྱ་བ་ཞུ་བར་བྱའོ། །གལ་ཏེ་གནས་དགོན་པ་ན་འདུག་ལ་དགོན་པ་དེ་ཡང་རྒྱང་གྲགས་གཅིག་ཙམ་ཡོད་ན་ཉིན་རེ་ལན་རེ་འོངས་ནས་གནས་དེའི་དྲུང་དུ་འགྲོ་བར་བྱའོ། །དགོན་པ་དེ་གལ་ཏེ་རྒྱང་གྲགས་ལྔ་ཡོད་ན་གནས་པའང་གནས་ཀྱི་དྲུང་དུ་ཞག་ལྔའམ་དྲུག་ ཅིང་ངོ་། །འདིར་ཞག་བདུན་ནམ་བརྒྱད་ཅེས་ལུང་ལས་སོ། །གལ་ཏེ་གནས་ཀྱི་དགོན་པ་དེ་དཔག་ཚད་ཕྱེད་དང་གསུམ་དག་ཡོད་ན་གནས་པས་གསོ་སྦྱོང་གི་ཚེ་ཟླ་བ་ཕྱེད་ཕྱེད་ཅིང་འགྲོ་བར་བྱའོ། །གཉིས་པ་ལ། དངོས་དང་ཞར་ལས་བྱུང་བ་བརྗོད། །དང་པོ་ལ། མདོར་བསྟན་དང་ནི་རྒྱས་བཤད་དོ། །དང་པོ་ནི། གནས་པ་སློབ་མ་ཆད་པས་བཅད་པར་འོས་པ་ལ་གནས་ཀྱི་བླ་མས་ཆད་པས་མི་བཅད་པར་མི་བྱའོ། །འདི་ཉིད་ལས་འཕྲོས་པའི་དོན་བཤད་ན། འདིའི་དགོས་དོན་ནི་གསུམ་སྟེ། ཉེས་པ་ལ་མ་ཞུགས་པ་མི་འཇུག་པ་ དང་། ཞུགས་པ་ལྡོག་པར་འགྱུར་བ་སྟེ། བཅད་བྱ་ཡུལ་ལ་བརྟེན་པའི་དགོས་པ་གཉིས་དང་། གཅོད་བྱེད་རྟེན་ལ་བལྟོས་པའི་དགོས་པ་ནི་ཉེས་པ་ཅན་ཡལ་བར་གཏོང་བའི་ཉེས་པ་ཁེགས་པའོ། །ཡུལ་གང་ལ་ཆད་པ་བཅད་པ་ནི། ཆོས་དགུ་དང་ལྡན་པ་ལ་སྟེ། དེའང་ རབ་བྱུང་སྡེ་ལྔ་གསོར་རུང་ཡན་ཆད་ཡིན་ཏེ། ཁྱིམ་པ་དང་གསོར་མི་རུང་དུ་ཉམས་པ་ལ་ཆད་པས་བཅད་ཀྱང་སྐབས་འདིར་གཏོགས་ཀྱི་དགོས་པ་མེད་པའི་ཕྱིར། ཤེས་པ་རང་བཞིན་དུ་གནས་སྟེ་སྨྱོ་བ་ལ་སོགས་པ་ཡིན་ན་ཆད་པ་བཅད་ཀྱང་ལྡོག་འཇུག་མི་ནུས་ 6-1-150b པའི་ཕྱིར། ལུས་ཐ་མལ་དུ་གནས་པ་སྟེ་གཞན་དུ་ན་ཆད་པ་བཅད་པའི་ཡུལ་མ་ཡིན་པའི་ཕྱིར་དང་། གནས་ནས་མ་ཕྱུང་བ་སྟེ་གཞན་དུ་ན་ཆོས་དང་ཟང་ཟིང་མཐའ་དག་གིས་སྤངས་ཟིན་པའི་ཕྱིར། ལྟ་བ་དང་སྤྱོད་པའི་སྒོ་ནས་ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ་སྟེ། རང་གི་ཕྱོགས་དང་མཐུན་པ་མ་ཡིན་པ་ལ་ནི་མ་ཆགས་སོ་ཞེས་པའི་གནད་ཀྱིས་ཤེས་ལ། གཞན་ཕྱོགས་ལ་ཆད་པ་མི་གཅོད་ཅིང་རྩོད་པར་འགྱུར་བའི་ཕྱིར། དགེ་འདུན་འབྱེད་ནུས་པ་མ་ཡིན་པ་སྟེ་སྡེ་སྣོད་འཛིན་པ་ལ་ནན་ཏུར་བྱེད་ན་སྦོམ་པོར་གསུངས་པའི་གནད་ཀྱིས་ ཤེས་ལ། དགེ་འདུན་བྱེ་བར་གྱུར་པའི་དགག་བྱ་ཡོད་པའི་ཕྱིར། ནད་པ་ལ་མ་ཡིན་ཏེ། ནད་པ་དེ་ལ་ནི་བརྒལ་ཅིང་བརྡེག་པ་མ་ཡིན་ནོ་ཞེས་པའི་གནད་ཀྱིས་ཤེས་ལ། ནད་པ་ལུས་སྲོག་གི་རྐྱེན་དང་ལྡན་པའི་ཕྱིར། ཆད་པ་གཅོད་པའི་རྒྱུ་དང་ལྡན་པ་སྟེ་ཆད་པ་གཅོད་པར་ འོས་པ་ཞེས་དང་། གཞན་དུ་ན་ཚུལ་དང་མི་མཐུན་པའི་ཕྱིར། རང་གི་འཁོར་དུ་གཏོགས་པ་སྟེ་གནས་པ་ཆད་པ་བཅད་པར་འོས་པ་ཞེས་དང་། གཞན་དུ་ན་ཆད་པ་མི་ཆོད་པའི་ཕྱིར་རོ། །རྟེན་གང་གིས་ཆད་པ་བཅད་པ་ནི་གནས་ཀྱི་བླ་མ་ཡིན་པ་དང་། རང་ཆད་པའི་རྒྱུ་དང་ མི་ལྡན་པ་སྟེ། གནས་པ་ཆད་པ་གཅོད་པར་འོས་པ་ཞེས་པའི་ཤུགས་ཀྱིས་གྲུབ་ལ། རང་ཆད་པའི་རྒྱུད་དང་ལྡན་ན་དེའི་ཚིག་རིགས་པས་བཟུང་བར་མི་འོས་པའི་ཕྱིར་རོ། །འབྲོམ་སེང་ན་རེ། གནས་དབེན་པར་ཆད་པ་བཅད་ཅེས་ཟེར་རོ། །མི་འཐད་དེ་ལྟུང་བ་གླེང་བ་ དབེན་པར་བྱ་དགོས་པ་དང་ནི་རྒྱུ་མཚན་མི་མཚུངས་ལ། རང་གི་སློབ་མ་ཚོགས་སུ་ལོངས་པ་མང་པོ་རྣམས་ལ་ཆད་པའི་རྒྱུ་ལྔ་པོ་འདི་རྣམས་དང་ལྡན་ན་གདམས་ངག་མི་སྦྱིན་པ་ལ་སོགས་པ་བྱེད་པ་ལ་མི་རིགས་པ་མེད་པའི་ཕྱིར་དང་། ཚོགས་སུ་ལོངས་པའི་གནས་དེ་ 6-1-151a དབེན་པ་མ་ཡིན་པའི་ཕྱིར་རོ། །དུས་གང་གི་ཚེ་བཅད་པ་ནི་དབྱར་ཚུལ་གྱི་ནང་མ་ཡིན་པ་དང་། ཕ་རོལ་གྱི་དམག་ཚོགས་འོངས་ཏེ་སྦ་བརྟུལ་བྱེད་པ་དེ་ལྟ་བུ་བྱ་བ་གཞན་གྱིས་སེམས་རྣམ་པར་གཡེངས་པའི་དུས་མ་ཡིན་པ་སྟེ། གཞན་དུ་ན་དབྱར་གྱི་བཅའ་ ཁྲིམས་དང་འགལ་བར་འགྱུར་བའི་ཕྱིར་དང་། སྐབས་སུ་མ་བབ་པར་འགྱུར་བའི་ཕྱིར་རོ། །ཆད་པ་བཅད་ནས་ཇི་ལྟར་བསྒྲུབ་པ་ནི། གཅོད་བྱེད་ཀྱིས་ཇི་ལྟར་བསྒྲུབ་པ་དང་། གཞན་གྱིས་ཇི་ལྟར་བསྒྲུབ་པ་སྟེ། དགེ་སློང་ཤེས་ཉན་ཅན་བསྐོ་བ་ལ་སོགས་པ་རྣམས་དང་། ཆད་པས་བཅད་པ་གཞན་གྱིས་ལེན་པ་སྤོང་བ་སྟེ་གོ་རིམ་བཞིན་ནོ། །གཉིས་པ་ལ། བཅད་པའི་ཆད་པ་གང་ཡིན་དང་། །ཆད་པས་བཅད་ཡུལ་གང་ལ་སྟེ། །བཅད་ནས་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། ཆད་པ་གང་བཅད་པ་ནི་ཆད་པ་ནི་ལྔའོ། །གཏམ་འདྲི་བར་མི་ བྱ་བ་དང་ཞེས་པ་དེ་དང་ལྷན་ཅིག་ཚིག་མི་སྨྲ་བའོ། །གདམས་ངག་མི་སྦྱིན་པ་དང་ཞེས་པ་མི་སྡུག་པ་ལ་སོགས་པའི་གདམས་པ་མི་སྦྱིན་པའོ། །རྐང་པ་འཁྲུ་བ་སོགས་བསྙེན་བཀུར་དང་ལས་བརྒྱ་རྩ་གཅིག་ལྟ་བུའི་ཆོས་དང་ཟང་ཟིང་སྟེ་ཁ་ཟས་དང་གོས་དག་གིས་ལོངས་ སྤྱོད་དུ་མི་གཞུག་པ་དང་ཞེས་པ་ལ་ཊཱི་ཀར། བགོ་བཤའ་མ་བྱས་པའི་བགོ་བཤའ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །མདོ་འདི་ལ་འགྲེལ་ཆུང་ལས། ཐ་དད་དུ་བགྲངས་པ་མི་ལེགས་ཏེ། ལུང་ཕྲན་ཚེགས་ལས། ལོངས་མི་སྤྱོད་པ་དང་ཞེས་ཆད་པས་གཅིག་ཏུ་ བགྲངས་སོ། །དགེ་བའི་ཕྱོགས་བརྩམས་པ་རྒྱུན་ཆད་པ་དང་ཞེས་པ་ནི་ཀློག་པ་སོགས་ལ་བར་དུ་གཅོད་པའོ། །ང་ལ་མ་གནས་པར་གུད་དུ་སོངས་ཤིག་ཅེས་གནས་དགག་པར་བྱའོ། །གཉིས་པ་ནི། ཆད་པ་ལྔ་པོ་དེ་གང་ལ་འོས་ཞེ་ན། མ་དད་པ་དང་། དཀོན་མཆོག་ལ་ཁོང་ནས་དད་པ་མེད་པའོ། ། 6-1-151b ལེ་ལོ་ཅན་དང་། ཟ་ཉལ་ལ་ནན་ཏན་བྱེད་པའོ། །བཀའ་བློ་མི་བདེ་བ་དང་། བསྒོ་བ་སླར་འཁྱལ་ཞིང་མང་དུ་བཟློག་སྟེ་རྩུབ་མོ་སྨྲ་བའོ། །མ་གུས་པ་དང་། དཀོན་མཆོག་བླ་མ་ལ་འགྱིང་ཞིང་ཚུལ་ཁྲིམས་སྦོམ་པོར་བསྲུང་གི་ཕྲ་མོ་བསྲུང་ཅི་དགོས་ཟེར་བའོ། །སྡིག་པའི་གྲོགས་བྱེད་པ་ལ་སྲོག་གཅོད་རོལ་མོ་མཁན་དང་། ཆང་འཚོང་མ་དང་། རྐུན་མ་དང་། འཕྱོན་མ་ཅན་བསྟེན་པའོ། ། ཆད་པ་ལྔ་པོ་དེ་དག་འོས་པ་ཉིད་དོ། །གསུམ་པ་ལ། གཞན་གྱིས་ལེན་པ་དགག་པ་དང་། །གཅོད་པར་བྱེད་པོའི་སྒྲུབ་ཚུལ་བསྟན། །དང་པོ་ནི། གནས་པ་ཆད་པས་བཅད་པ་གནས་ལས་གཞན་གྱིས་ཁ་འདྲེན་པའམ་ལེན་པར་བྱེད་པ་ལ་དབྱེན་དང་ཉེ་བའི་ཉེས་པ་སྦོམ་པོར་ འགྱུར་རོ། །གཉིས་པ་ནི། དེ་ལྟར་ཆད་པས་བཅད་པ་དེ་བཟོད་གསོལ་མི་བྱེད་ན་ཅི་ལྟར་བྱ་ཞེ་ན། གནས་པ་གུས་པར་མི་བྱེད་པ་ནི་རྒྱུ་མི་གཏོང་ཞིང་བཟོད་གསོལ་མི་བྱེད་ན་དྲང་པོར་བྱ་བ་སྟེ་རྒྱུ་གཏོང་ཞིང་། བཟོད་གསོལ་བྱེད་དུ་གཞུག་ནས་རྣལ་དུ་དབབ་པའི་ཕྱིར་དགེ་སློང་ ཤེས་ཉན་ཅན་འཇིག་རྟེན་གྱི་ཤེས་ཆེ་བ་སྡུམ་པར་བྱེད་པའི་དགེ་སློང་མཁས་པ་བསྐོ་བར་བྱའོ། །ཆད་པ་བཅད་པའི་རྒྱུ་མ་དད་པ་ལ་སོགས་པ་བཏང་སྟེ་འཕྲོ་བཅད་པ་དང་། གཞན་ཡང་དེས་གནས་ལ་བཟོད་པ་གསོལ་བར་བྱེད་པ་ལ་གནས་ཀྱིས་བཟོད་པར་བྱའོ། །ཆད་པས་ བཅད་པར་མི་འོས་པ་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལ་ཆད་པས་བཅད་པར་མི་བྱའོ། །བཟོད་པ་བླང་བར་འོས་པ་རྒྱུ་བཏང་བ་བཟོད་པ་གསོལ་བར་བྱེད་པ་ལ་མི་བཟོད་པར་མི་བྱའོ། །རྒྱུ་བཏང་བ་བཟོད་པ་གསོལ་བར་བྱེད་པ་ལ་བཟོད་པར་བྱ་ཞེས་པ་དང་། འོས་པ་ལ་ མི་བཟོད་པར་མི་བྱའོ་ཞེས་པའི་ཁྱད་པར་ནི། སྔ་མས་བཟོད་པ་བླང་བ་ཙམ་དུ་བསྟན་ལ། ཕྱི་མས་བཟོད་པ་བླང་བ་བསྒྲུབ་པའི་བསླབ་པར་བསྟན་ཏོ། །བཟོད་པ་བླང་བར་མི་འོས་པ་སྟེ་རྒྱུ་མ་བཏང་བའམ་བཟོད་གསོལ་མི་བྱེད་པ་ལ་བཟོད་པར་མི་བྱའོ། །ཊཱི་ཀར། དེ་ནི་ཧ་ཅང་ 6-1-152a མང་དུ་ཡོད་པ་སྤང་བའི་ཕྱིར་ཞེས་སོ། །ཆད་པ་ལྔ་བཅད་ཅིང་དགེ་སློང་ཤེས་ཉན་ཅན་བསྐོས་ཀྱང་དྲང་པོར་མི་བྱེད་པ་སྟེ། རྒྱུ་གཏོང་བར་མི་བྱེད་ཅིང་བཟོད་པ་གསོལ་བར་མི་བྱེད་པ་ཉིད་ཡིན་ན་རང་གི་གནས་ཁང་ནས་བསྐྲད་པར་བྱའོ། །དགེ་འདུན་ གྱི་གཙུག་ལག་ཁང་ནས་མ་ཡིན་ཏེ། ལུང་ཕྲན་ཚེགས་ལས། དགེ་སློང་གང་ཟག་ནི་རང་གི་གནས་ཁང་ལ་དབང་གི་དགེ་འདུན་གྱི་གཙུག་ལག་ཁང་ལ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ཡོ་བྱད་མེད་པར་བསྐྲད་དམ་ཞེ་ན། དགེ་ཚུལ་ལ་ནི་ཆུ་ཚགས་དང་། རིལ་བ་ སྤྱི་བླུགས་དང་། མཐང་གོས་དང་བཅས་པའི་བླ་གོས་ཏེ་འདིང་བཅས་པའི་དོན་དེ་གཉིས་ཟུང་གཅིག་པ་ལ་བསམས་པ་ཡིན་ཏེ། ཊཱི་ཀར། མཐང་གོས་དང་བླ་གོས་ཕྲུགས་སུ་བཅས་པ་ནི་མཐང་གོས་དང་བཅས་པའི་བླ་གོས་སོ། །ཞེས་སོ། །ཀྱང་བྱིན་ཏེ་བསྐྲད་པར། ཀྱང་སྒྲ་ནི་ཊཱི་ཀར། ཀྱང་ཞེས་བྱ་བ་ནི། དེ་ཡང་བྱིན་ཏེ་ཞེས་བྱ་བར་སྦྱར་ཏེ་གནས་ཀྱིས་དགེ་ཚུལ་ལ་ནི་དེ་དག་བྱིན་ཏེ་བསྐྲད་པར་བྱའོ་ཞེས་སོ། །དགེ་ཚུལ་ལ་རྫས་མང་པོ་ཞིག་ཡོད་ན་ཡང་མི་བྱིན་པར་སླར་འོང་བའི་ཕྱིར་གཏར་བཞག་གོ། ཕྱིར་མ་འོངས་ཏེ་ ཐལ་བྱུང་བཞག་ཀྱང་རྐུ་སེམས་མེད་ཅིང་ཕྱིར་འོང་བའི་གཏར་བཞག་པ་ལ་ཉེས་པ་མེད་དོ། །གལ་ཏེ་དགེ་ཚུལ་དེ་བསྙེན་པར་རྫོགས་པར་འདོད་པ་ཞིག་ཡིན་ན། ཆོས་གོས་གསུམ། གདིང་བ། ལྷུང་བཟེད་དེ་ཡོ་བྱད་ལྔ་བྱིན་ལ་བསྐྲད་པར་བྱའོ། །ཊཱི་ཀར། ཆུ་ཚགས་ཀྱང་ སྦྱིན་པར་བྱ་བ་ཡིན་ཏེ་འདིར་མ་སྨོས་པར་ནི་མདོ་སྔ་མར་སྨོས་པས་དེ་ནི་མ་སྨོས་ཀྱང་གྲུབ་པ་ཡིན་ནོ། །དེས་ན་ཡོ་བྱད་དྲུག་པོ་དག་སྦྱིན་པར་བྱའོ་ཞེས་བྱ་བར་གྲུབ་པ་ཡིན་ནོ་ཞེས་སོ། །བསྙེན་པར་རྫོགས་ཟིན་པ་ལ་ཡང་ངོ་། །ཞེས་པའི་ཡང་སྒྲ་ནི་ཊཱི་ཀར། ཡང་ཡོ་བྱད་དྲུག་པོ་དག 6-1-152b བྱིན་ཏེ་གནས་ཁང་ནས་བསྐྲད་པར་བྱའོ་ཞེས་བྱ་བར་སྦྱར་རོ་ཞེས་སོ། །གཉིས་པ་ནི། དེ་ལྟར་བསྐྲད་ནས་གལ་ཏེ་དྲང་པོར་གྱུར་ན། ཅི་སྟེ་རྣམ་པ་ཐམས་ཅད་དུ་བླང་བར་མི་བྱའམ་ཞེ་ན། ཇི་ལྟར་སེང་གེས་ཟས་གང་སྤངས་པ་དེ་ནམ་ཡང་ཕྱིར་མི་ལེན་པ་དེ་ལྟར་གྱ་ཚོམས་མི་བྱ་སྟེ། གལ་ཏེ་ དྲང་པོར་གྱུར་ན་ཡང་ཕྱིས་བླང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་མི་ཕན་ཅིང་གང་ཟག་སྒོས་ལ་གནོད་པར་འགྱུར་བའི་ཁྲིམས་སུ་བྱ་བ་ཞག་གཅིག་ཀྱང་གནས་མེད་དུ་མི་འདུག་པའི་ཁྲིམས་སུ་བཅའ་བ་ལྟ་བུ་མི་བཅའོ། །སྐབས་འདིའི་འགྲེལ་ཆུང་ ལས། དགེ་འདུན་ཐམས་ཅད་ཀྱི་ཁྱེའུ་སུས་གཅོད་པ་ལྟ་བུའི་ཁྲིམས་མི་བཅའ་ཞེས་སོ། །མདོར་ན་ངའི་ཉན་ཐོས་རྣམས་རོ་སྟོད་ལ་བའི་ཐག་པས་ཆིངས་ལ། མགོ་དོམ་ལྤགས་ཀྱིས་དཀྲིས་ནས་ཆུ་ཁོ་ན་ལ་ཅོང་ཞི་དང་བྲག་ཞུན་ཐོབ་ལ་འཐུངས་ཤིག་ཅེས་བསྒོས་པ་ལ་བརྟེན་ནས་དེ་ ལྟར་དམ་བཅའ་བ་ལྟ་བུ་ཡིན་ནོ། །གཉིས་པ་ལ། གནས་དང་གནས་པའི་ཐུན་མོང་ལས། །བྱེ་བྲག་བྱ་བ་སོ་སོར་བསྟན། །དང་པོ་ནི། མཚན་མོར་ཉལ་བས་ཁའི་ནང་ན་བད་ཀན་གྱི་ལྗན་ལྗིན་གནས་པ་ཉིད་ནི་མ་བཀྲུས་པ་སྦགས་པ་ཉིད་ཡིན་ནོ། །ཊཱི་ཀར། དེ་བས་ན་ཇི་སྲིད་ དུ་སོ་ཤིང་ལ་སོགས་པས་ཁ་མ་སྦྱངས་ཀྱི་བར་དུ་རེ་ཞིག་ཕྱག་དང་བཟའ་བ་ལ་སོགས་པ་མི་བྱའོ་ཞེས་སོ། །དགེ་སློང་གིས་སོ་ཤིང་མ་བོར་བར་བསོད་སྙོམས་བཟའ་བར་མི་བྱའོ། །ཟོས་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་འབྱུང་བས་སོ་ཤིང་དབེན་པར་དོར་རོ། །བཤང་ གཅིའི་བྱ་བ་ཡང་ངོ་། །ཞེས་ཡང་སྒྲ་ནི་དབེན་པ་ལ་བསྙེག་གོ། ཊཱི་ཀར། བྱ་བའི་བྱེ་བྲག་ཡིན་པའི་ཕྱིར་མ་ནིང་གི་རྟགས་སུ་བྱས་སོ། །ཞེས་རྟགས་མཐའ་མ་ནིང་གི་དོན་ཡིན་པ་ལ། མཚོ་སྣ་པ་ཆེན་པོ་དེའི་ལུགས་ལ་མ་བྱུང་བས། བྱ་བའི་བྱེ་བྲག་དམན་པ་ཡིན་པའི་ཕྱིར་ 6-1-153a དབེན་པར་བྱ་སྟེ། དཔེར་ན་མ་ནིང་རྟེན་དམན་པས་ཚོགས་པར་མི་དབྱུང་བས་དབེན་པར་བཞག་འོས་པ་བཞིན་ནོ། །ཞེས་གསུངས་པ་ནི་ཅིར་ཡང་རུང་བ་མིན་ནོ། །རང་གཞན་གྱི་ལོངས་སྤྱད་དུ་རུང་བ་སྐྱེ་བོ་ཕལ་ཆེ་བ་རྟག་ཏུ་གནས་པའི་ཤིང་ངམ་རྩིག་པའི་ དྲུང་དུ་སོ་ཤིང་དང་བཤང་བ་དང་གཅི་བ་གསུམ་པོ་མི་འདོར་རོ། །སོ་ཤིང་དེའི་སྲིད་ཀྱི་ཚད་ནི་སོར་བཅུ་གཉིས་མན་ཆད་སོར་བརྒྱད་ཡན་ཆད་དོ། །དེའི་དམིགས་བསལ་བད་ཀན་མང་བའི་སོ་ཤིང་ནི་དཀོན་ཏེ་སོར་བརྒྱད་པ་ཡན་ཆད་མེད་ན་སོར་བཞི་ལས་ལྷག་པར་སོར་ཕྱེད་དང་ ལྔ་ཡན་ཆད་དོ། །གནས་ཁང་དུ་རྐང་པ་འཁྲུ་བའི་སྣོད་ཆོལ་ཟངས་ཀྱི་ནང་དུ་སོ་ཤིང་དོར་བ་ལ་མི་རིགས་པ་མེད་དོ་སྟེ་ཚུལ་དང་མི་མཐུན་པ་མེད་དོ། །སོ་ཤིང་དོར་བ་དེ་ལ་ཝ་ཁར་བྱེད་ན་ཡང་མི་དབེན་པར་མི་འགྱུར་རོ། །ཝ་ཁ་དེར་ཁྲུ་གང་ཁོར་ཡུག་ཏུ་སོ་ཤིང་དོར་བ་དང་ རྐང་པ་འཁྲུ་བ་ལ་སོགས་བའི་རྣམ་པ་དེ་ལྟ་བུ་བྱར་རུང་བ་ཉིད་དོ། །སོ་ཤིང་དོར་ས་དེའི་རྗེས་ལ་ལྕེ་བཞར་བར་བྱའོ། །ཅི་ཞིག་གིས་བཞར་ཅེ་ན། ལྕེ་བཞར་ཉེ་བར་བཞག་པའོ། །འོ་ན་ལྕེ་བཞར་རྒྱུ་དེ་གང་ལས་བྱ་ཞེ་ན། ཁབ་ཀྱི་རྫས་ར་གན་དང་ཟངས་དང་འཁར་བ་དང་ལྕགས་ ལས་བྱས་པ་དག་ལས་སོ། །འདིའི་ཤུགས་ཀྱིས་གསེར་དངུལ་དང་རིན་པོ་ཆེ་ལས་བྱས་པས་ལྕེ་མི་བཞར་བར་བསྟན་ཏོ། །ལྕེ་བཞར་མེད་ན་ལྕེ་བཞར་བའི་དོན་འདི་ལ་སོ་ཤིང་གི་ཚལ་པ་ཡང་རུང་ངོ་། །སོ་ཤིང་གི་ཚལ་པ་དེ་མི་རྣོ་བར་བྱ་བའི་ཕྱིར་གཅིག་གིས་གཅིག་དྲུད་ པར་བྱའོ། །སྡུག་བསྔལ་སྤང་བའི་ཕྱིར་མི་རྣོ་བས་སོ་དང་ལྕེ་དང་རྣ་བ་དྲུད་བཞར་བྱའོ། །མི་རྣོ་བ་ཡིན་ཀྱང་དལ་གྱིས་མ་ཡིན་པར་མི་བྱའོ། །དེ་དག་གིས་སོ་ལྕེ་རྣ་བ་གསུམ་པོའི་ཤ་ལ་མི་གནོད་པར་དྲུད་བཞར་བྱའོ། །སོ་ཤིང་དོར་བའི་ཞར་ལ་སོ་དང་ལྕེ་གཉིས་ཀྱི་དྲུད་བཞར་གྱི་ 6-1-153b སོ་ཤིང་དང་ལྕེ་བཞར་གཉིས་སམ། ཡང་ན་སོ་ཤིང་ཉིད་ལ་དབུས་ཀྱིས་ལྕེ་བཞར་བ་དང་། རྩེ་མོས་ཟོས་བཅས་པའི་ཕྱོགས་ཁའི་དྲི་མས་གོས་པའི་ཤིང་དེ་ཆུས་མ་བཀྲུས་སམ་ཆུ་མེད་ནས་སས་མ་བཀྲུས་པར་རང་གར་མི་དོར་རོ། །སེ་གོལ་སོགས་སྒྲ་མ་བྱས་པར་སོ་ཤིང་མི་ དོར་རོ། །སྒྲ་མ་བྱས་པར་སོ་ཤིང་མི་དོར་བ་དེ་ནི་དཔེ་ཡིན་ནོ། །ཊཱི་ཀར། འདི་སྐད་བསྟན་ཏེ་དོར་བར་བྱ་བའི་བདག་ཉིད་ཀྱི་དངོས་པོ་གཞན་གང་ཡིན་པ་ཡང་སྒྲ་མ་བྱས་པར་མི་དོར་རོ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་སོ། །དཔེ་དེས་མཚོན་པའི་དོན་ནི་གང་དང་གང་ཞེ་ན། བཤང་བ་དང་གཅི་བ་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་དང་ཞེས་པ་ནི། ཊཱི་ཀར། སྐྱུགས་པ་དང་རླུགས་པ་ཞེས་བྱ་བ་སྨོས་པ་ནི་མཆིལ་མ་དང་བཤང་བ་གཉིས་ལས་གཞན་ཏེ། མཆིལ་མ་མ་ཡིན་ལ་སྐྱུགས་པ་ཡིན་པ་ནི་འདི་ལྟ་སྟེ། དཔེར་ན། སྣའི་ བཤལ་སྨན་ལྟ་བུའོ། །རླུགས་པ་ཡིན་ལ་བཤང་བ་མ་ཡིན་པ་ནི་འདི་ལྟ་སྟེ། དཔེར་ན། ཁྲུ་བ་ཅན་གྱིས་ཇི་ལྟར་སོས་པ་དེ་བཞིན་དུ་ཐུར་དུ་རླུགས་པ་ལྟ་བུའོ། །ཞེས་སོ། །གཞན་དག་ཀྱང་ངོ་། །ཊཱི་ཀར། བཤང་བ་ལ་སོགས་པ་ལས་གཞན་དོར་བར་བྱ་བ་ཐམས་ཅད་ བསྡུས་པའི་དོན་ནོ། །ཞེས་སོ། །སོ་ཤིང་དེ་ལས་ས་ལ་སོགས་པའི་བྱི་དོར་འབྱུང་བ་བཞིན་དུ་འདག་རྫས་དང་ལྕི་བ་ལས་ཀྱང་ཁ་སྦྱར་བར་བྱ་བ་ཡང་ངོ་། །བྱི་དོར་འབྱུང་བ་བཞིན་དུ་ཞེས་པ་སོ་ཤིང་དང་ལྕེ་བཞར་མ་རྙེད་ན་འདག་རྫས་དང་། ལྕི་སྐམ་གྱི་བྱ་བ་དེས་གྲུབ་པས་འདི་དག་ སྐྱོང་ཚུལ་ཡང་སོ་ཤིང་སྐྱོང་ཚུལ་བཞིན་དགོས་པར་བསྟན་པ་ཡིན་ནོ། །ལུང་དང་མདོའི་དངོས་བསྟན་རྣམས་གུང་བསྒྲིགས་ན་འདི་དག་སོ་ཤིང་ཁོ་ན་ལ་སྦྱར་བའི་བཤད་པ་མཛད་ལ། བླ་མ་དག་ལྕེ་བཞར་དང་སྦྱར་ནས་ཀྱང་འཆད་དོ། །གང་ཡིན་ཡང་འདུལ་བ་འདིའི་དགོངས་ 6-1-154a པ་འགྲེལ་པ་ན་ལུང་གིས་ཟིན་མ་ཟིན་ཉིད་དབང་བཙན་པ་མ་གཏོགས་རྟོག་བཟོ་བའི་ཤེས་འཆལ་ལ་ནི་མཚར་དུ་མི་བརྩིའོ། །ལུས་ཀྱི་བྱ་བ་སོ་ཤིང་དོར་བ་དང་ཁྲུས་བསྒྲུབས་མ་ཐག་ཏུ་མཆོད་རྟེན་ལ་ཕྱག་བྱའོ། །གཟུས་ན་རེ། སངས་རྒྱས་ལ་ཕྱག་ འཚལ་བའི་སྔར་བླ་མ་ལ་ཕྱག་འཚལ་བ་ནི་ཐེག་ཆེན་པའི་ལུགས་ཡིན་གྱི། འདུལ་བའི་ལུགས་ཀྱིས་སྔར་སངས་རྒྱས་ལ་ཕྱག་བྱེད་ཅིང་དེའི་རྗེས་སུ་བླ་མ་ལ་ཕྱག་བྱེད་པ་ཡིན་ཏེ་གཞུང་འདི་ཉིད་ཀྱིས་ཤེས་ལ། འོད་ལྡན་ལས། བཅོམ་ལྡན་འདས་ལ་ཕྱག་བྱའོ། །དེ་ནས་བླ་ མ་ལ་གུས་པ་དང་བཅས་པས་ཕྱག་བྱ་ཞེས་པ་དང་། མེ་ཏོག་ཕྲེང་རྒྱུད་ལས། སོ་ཤིང་འཆོས་ནས་དེ་འོག་ཏུ། །སྟོན་པ་ལ་གུས་ཕྱག་བྱའོ། །དེ་ནས་རབ་ཏུ་གུས་བསྐྱེད་པས། །བླ་མ་ལ་ནི་ཕྱག་བྱ་སྟེ། །ཞེས་པའི་གཞུང་གིས་གྲུབ་ཅེས་ཟེར་རོ། །དེ་ལྟར་ན་ལུང་གཞི་ལས། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའམ། དང་པོར་གང་ལས་ཆོས་ཐོབ་པ་དེ་ལ་བསྙེན་བཀུར་བྱའོ། །ཞེས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཕྱག་འཚལ་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རྒན་པ་དང་ནི་གཞོན་པའང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་ ཐོག་མར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་བྲམ་ཟེ་བཞིན། །ཅེས་གསུངས་པ་དང་འགལ་ལོ། །སྔར་བཤད་པ་དེ་རྣམས་བླ་མ་དང་སློབ་མ་གནས་ཁང་ཐ་དད་ཡིན་ན་སློབ་མས་རང་གི་གནས་ཁང་ནས་སངས་རྒྱས་ཀྱི་རྟེན་ཡོད་ན་དེ་ལ་ཕྱག་བྱས་ནས། བླ་མའི་གནས་ཁང་དུ་སྤྱན་སྔར་ཕྱིན་ ཏེ་བླ་མ་ལ་ཕྱག་བྱེད་པ་ལ་དགོངས་སོ། །འོན་ཀྱང་རབ་ཏུ་འབྱིན་པའི་སྐབས་སུ་ལུང་གཞི་དང་ཀར་ཤ་ལས། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། དེའི་འོག་ཏུ་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ནས་ཞེས་གསུངས་པ་དེ་ནི་དམིགས་བསལ་ཡིན་ནོ་ཞེས་རིགས་སོ། ། 6-1-154b གཉིས་པ་ལ། གནས་པ་སློབ་མའི་བྱ་བ་བསྟན། །གནས་ཀྱི་བླ་མའི་བྱ་བ་བརྗོད། །དང་པོ་ལ། བླ་མའི་བྱ་བ་ཇི་ལྟར་བསྒྲུབ། །རང་གི་དགེ་བ་ཇི་ལྟར་བསྐྲུན། །དང་པོ་ལ། གཉུག་མའི་བྱ་བ་ཇི་ལྟར་བསྒྲུབ། །གློ་བུར་བྱ་བ་བསྒྲུབ་པའི་ཚུལ། །འཇུག་དབྱུང་བྱ་བ་ཐུན་མོང་ བསྟན། །གནས་ལ་གུས་པའི་བྱ་བ་བརྗོད། །དང་པོ་ནི། འདི་ནས་བཟུང་འོག་གི་མདོར། གནས་ཀྱི་འོས་ངེས་པར་ཤེས་པར་བྱས་ནས་གཏད་པར་བྱའོ། །ཞེས་པ་ཡན་ཆད་ནི་གནས་པ་སློབ་མས་བྱ་བ་བསྒྲུབ་དགོས་པའི་དབང་དུ་བྱས་ཏེ། ཞེས་པ་འདི་ལ་དེས་ཐམས་ཅད་ལ་ ཚོད་རིག་པར་བྱའོ། །སྒོ་གླེགས་བརྡབ་པ་སོགས་མདོ་བཞི་ནི་མ་གཏོགས་སོ། །ཊཱི་ཀར། ཨ་ཐ་ཞེས་བྱ་བའི་སྒྲ་ནི་དབང་དུ་བྱ་བའི་དོན་ཡིན་གྱི་དེ་མ་ཐག་གི་དོན་ནི་མ་ཡིན་ཏེ། མདོ་འོག་མ་ཁོ་ན་ལས་དེ་མ་ཐག་ཏུ་ཞེས་བྱ་བའི་ཚིག་འབྱུང་བའི་ཕྱིར་རོ། །ཞེས་སོ། །མཆོད་རྟེན་ ལ་ཕྱག་ཟིན་པ་དེ་ནས་དེ་མ་ཐག་དུ་སྔ་བར་སོང་སྟེ་གནས་ཀྱི་བླ་མ་ལ་ཕྱག་བྱའོ། །བསྙུན་གསོལ་ལོ། །གནས་པ་བླ་མ་ཁྲུས་བྱེད་པའི་འདག་རྫས་དང་སོ་ཤིང་དབུལ་ལོ། །འདག་རྫས་ནི་གླ་སྒང་དང་རྩྭ་ཀུ་ཤུ་རི་དང་སྤོས་བཏགས་པའི་ཕྱེ་མའོ། །འདིར་ཤ་མི་དང་ཡར་སྟོད་པ་ ན་རེ། བླ་མ་སྦགས་པ་མ་བསལ་བ་ལ་ཡང་སློབ་མས་ཕྱག་བྱར་རུང་སྟེ། བླ་མ་ལ་ཕྱག་བྱས་ནས་བླ་མ་ལ་འདག་རྫས་འབུལ་བའི་མདོའི་རིམ་པས་ཤེས་ཟེར་རོ། །གནས་པས་ཚང་མང་སྟེ་གཡོས་ཁང་ལ་བལྟས་ཏེ་བཟའ་བཏུང་དག་སྟ་གོན་བྱ་བར་འདོད་ནས་གནས་པས་ གནས་ལ་བརྗོད་པར་བྱའོ། །ཞེས་པ་འདི་ཊཱི་ཀའི་དགོངས་པ་ཡིན་ལ། བུ་སྟོན། ཚང་མང་སྟེ་གཡོས་ཁང་བལྟས་ནས་སྐྱུ་རུམ་འདི་ལྟ་བུ་སྟ་གོན་གྱིས་ཤིག་ཅེས་བརྗོད་པར་བྱའོ། །ཞེས་གསུངས་པས་གནས་ཀྱིས་གནས་པ་ལ་བསྒོ་བ་ལྟ་བུར་གསུངས་སྣང་ངོ་། །ཚང་མང་ 6-1-155a བལྟས་ཏེ་བརྗོད་པ་ན་བཟའ་བ་ལ་སོགས་གང་ལ་གནས་ཀྱི་བླ་མ་སྟོབ་པ་ཉིད་དུ་བྱའོ་སྙམ་དུ་སློབ་མས་ཡིད་ལ་བྱའོ། །གནས་ཀྱི་ལྷུང་བཟེད་བཀྲུ་བར་བྱའོ། །གལ་ཏེ་གནས་ཀྱི་བླ་མ་བསོད་སྙོམས་པ་ཞིག་ཡིན་ན་གསིལ་བྱེད་ཀྱང་ངོ་། །ཀྱང་ངོ་ནི་བྱི་དོར་ ལ་བསྙེག་གོ། ཊཱི་ཀར། གསིལ་བྱེད་དེ་འཁར་གསིལ་གྱི་མིང་ཅིག་ཤོས་ཡིན་ནོ་ཞེས་སོ། །གལ་ཏེ་དགོས་པ་ཡོད་ན་ཆུ་ཚགས་ཀྱང་ངོ་། །ཀྱང་ངོ་ནི་བྱི་དོར་ལ་བསྙེག་གོ། གལ་ཏེ་གནས་པ་སློབ་མ་དེ་ཡང་བསོད་སྙོམས་པ་ཡིན་ན། ལྷན་ཅིག་ཏུ་བསོད་ སྙོམས་ལ་འཇུག་པར་བགྱིའམ། །འོན་ཏེ་སོ་སོར་ཞེས་གནས་ལ་ཞུ་བར་བྱའོ། །གལ་ཏེ་གནས་ཀྱི་ལྷན་ཅིག་འགྲོ་བར་བཟོད་ཅིང་འདོད་ན་གནས་དེ་ཉིད་དང་ལྷན་ཅིག་ཏུ་འཇུག་པར་བྱའོ། །ཉམ་ང་བ་ཁྱི་དང་གླང་པོ་ཆེ་དང་གཡང་ས་ལ་སོགས་པ་དང་འཕྲད་པའམ་ཉེ་བར་གྱུར་ ན་སློབ་མ་དེར་གནས་ཀྱི་མདུན་དུ་འགྲོ་བར་བྱའོ། །འདི་ནི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་མདུན་དུ་འགྲོ་བར་མི་བྱའོ་ཞེས་པའི་དམིགས་བསལ་ཡིན་ནོ། །དཔོན་སློབ་གཉིས་ཀ་འགྲོགས་ཏེ་བསོད་སྙོམས་ལེན་པའི་ཚེ་ཁྱིམ་པས་ཁ་ཟས་བསོད་པ་བཟང་པོ་ཞིག་ཁྱེར་ཏེ་གནས་པ་ ལ་སྟོབ་ན་གནས་འདི་ལ་ཕུལ་ཅིག་ཅེས་གནས་དེ་ལ་གདར་བར་བྱའོ། །གལ་ཏེ་གནས་དང་གནས་པ་གཉིས་མ་འགྲོགས་པར་བསོད་སྙོམས་ལ་ཞུགས་ན། གནས་པས་བསོད་སྙོམས་བླངས་ཏེ་ཕྱིར་འོངས་ནས་གནས་ལ་བསོད་སྙོམས་དེ་བསྟན་པར་བྱའོ། །བཟའ་བཅའ་བཟང་ པོ་ཆེས་མཆོག་ཏུ་གྱུར་པ་གནས་པས་རྙེད་ན་གནས་ལ་དབུལ་བར་བྱའོ། །གནས་དེ་གནས་པས་བསྟབས་པའི་ཡོ་བྱད་ཐམས་ཅད་ལ་ཚོད་རིག་པར་བྱའོ། །རིལ་བ་སྤྱི་བླུགས་སོགས་ཆུ་སྣོད་ཆུས་དགང་བར་བྱའོ། །གདུགས་ཚོད་ལ་བབ་བོ་ཞེས་ཟན་གྱི་དུས་བརྗོད་པར་བྱའོ། ། 6-1-155b གནས་ཀྱིས་ཟན་ཟོས་ནས་ལྷུང་བཟེད་ལ་སོགས་ཀྱི་ལྷུང་བཟེད་ཆུང་ངུ་དང་ཁ་གཟར་ལ་སོགས་པ་ནི་གནས་པས་བཀྲུ་བར་བྱའོ། །གནས་པས་གནས་ཀྱི་ལྷུང་བཟེད་ལ་སོགས་པ་དེ་དག་རང་རང་གི་གནས་སུ་བཞག་པར་བྱའོ། །གནས་མཆོད་རྟེན་ལ་ཕྱག་འཚལ་བ་དང་མཆོད་ རྟེན་བྱི་དོར་བྱེད་པ་ན་གནས་པས་འདག་རྫས་དང་ཆུ་དང་ལ་སོགས་པ་སྟེ་ཕྱགས་མ་དབུལ་ལོ། །གནས་ཀྱི་རྐང་པ་བཀྲུ་བར་གཏོགས་པ་བསྐུ་མཉེ་དང་དྲིལ་ཕྱིས་ལ་སོགས་པ་ལ་གནས་པས་ནན་ཏན་བྱའོ། །གནས་ཀྱི་བླ་མ་གཟིམས་པའི་མལ་གཞི་དང་སྟན་བཤམ་པར་བྱའོ། ། གནས་པས་གནས་ཀྱི་ཤམ་ཐབས་ཀྱི་གཟན་ནུབ་མོའི་གོས་ཤམ་ཐབས་ཀྱི་ཐེབ་དབུལ་བར་བྱའོ། །གནས་ཀྱི་ཉིན་མོའི་ཤམ་ཐབས་གནས་པས་བླང་བར་བྱའོ། །གནས་ཀྱི་རྐང་པ་བཀྲུ་བའི་ཆུ་དང་རྐང་རྟེན་གྱི་ཤིང་དང་ཆོལ་ཟངས་དབུལ་བར་བྱའོ། །གནས་ཀྱི་མཆིལ་ལྷྭམ་ གཉིས་ཕྱིའོ། །གཉིས་པ་ནི། ཕྱགས་དར་ལ་སོགས་པར་སྒྲུབ་པར་བྱེད་པ་སྤོ་མགུ་སྤྱོད་པ་ལྟ་བུ་ཁ་སྐོང་ཉིད་དུ་བསྐོས་ན་རང་ཁོ་ནའི་ལས་ཡིན་པའི་ཕྱིར། དེར་མ་བསྐོས་པར་གནས་ཀྱི་བླ་མ་ཕྱགས་མ་ཐོགས་པ་མཐོང་ན། གནས་པ་དེས་བས་ཕྱགས་དར་བྱའོ་ཞེས་བླ་མ་ལས་ ཆུང་བར་བྱའོ། །གོས་ཚེམ་པ་ཉིད་དུ་བསྐོས་ན་རང་ཁོ་ནའི་ལས་ཡིན་པའི་ཕྱིར། དེར་མ་བསྐོས་པར་གནས་ཀྱི་བླ་མས་ཁབ་ཐོགས་པ་ཡང་ངོ་། །ཊཱི་ཀར། ཡང་ངོ་ཞེས་བྱ་བ་ནི་མཐོང་ན་ལས་ཆུང་ངུར་བྱའོ་ཞེས་བྱ་བར་སྦྱར་རོ་ཞེས་སོ། །ཤིང་ཏོག་ལ་སོགས་པ་རུང་བར་བྱ་ བ་མེས་རུང་བར་བྱ་བ་ལ་སོགས་པ་དང་། མཆོད་རྟེན་ལ་སོགས་པ་ལས་སྔོ་ཆུང་ངུ་བརྔ་བ་དང་། མེ་ཏོག་དང་འབྲས་བུ་བཏོག་པ་དང་། ཤིང་ལྗོན་པ་ལས་སོ་ཤིང་གཅོག་པའི་བྱ་བ་ཉེ་བར་བསྒྲུབ་པ་ལ་སོགས་པར་ཡང་དགེ་ཚུལ་ཡང་བསྐོའོ། །ཡང་སྒྲ་ནི་ཊཱི་ཀར། དེའི་ཕྱིར་ 6-1-156a ཡང་ཞེས་བྱ་བའི་སྒྲས་གནས་པར་བྱ་བ་སྔར་བསྟན་པ་ཐམས་ཅད་གནས་འབའ་ཞིག་ལ་བྱ་བར་ཡང་མ་ཟད་ཀྱི་དགེ་འདུན་ལ་ཡང་དེ་དག་ཐམས་ཅད་དགེ་ཚུལ་བསྐོ་ཞིང་བྱེད་དུ་གཞུག་པར་སྟོན་ཏོ། །ཞེས་སོ། །གསུམ་པ་ནི། གནས་ཁང་གི་ནང་དུ་འོང་ བར་འདོད་པས་སྒོ་གླེགས་ལ་ལག་པ་ལ་སོགས་པས་བརྡབས་པས་གནས་ཁང་གི་ནང་ལ་གནས་པ་ལ་གོ་བར་བྱའོ། །སྒོ་གླེགས་ལ་བརྡབས་པ་དེ་ནི་དལ་བུ་དང་ཡུན་མི་རིང་བར་བྱའོ། །ཊཱི་ཀར། དེ་ནི་སྒྲ་ཡིད་དུ་མི་འོང་བ་སྤང་བའི་ཕྱིར་ཞེས་སོ། །སྒོ་གླེགས་དེ་དྲག་ཏུ་མི་ དབུལ་ལོ། །དལ་བུས་ཏེ་མི་མགྱོགས་པ་དང་ཤེས་བཞིན་དུ་ནི་དྲན་པ་མངོན་དུ་གྱུར་པའོ། །འཇུག་པ་དང་ཞེས་པ་ནི་གནས་ཁང་ལ་སོགས་པར་རོ། །འབྱུང་བ་དང་ཞེས་པ་ཕྱི་རོལ་དུའོ། །སྒོ་སྐྱེས་ལ་ཆོས་གོས་མི་དྲུད་པར་བྱའོ། །བཞི་པ་ནི། གནས་དེ་ལ་གནས་པས་ བཀུར་སྟི་བྱའོ། །ཊཱི་ཀར། སྒོ་གླེགས་བརྡབས་པ་ལ་སོགས་པའི་མདོས་གནས་པའི་དབང་དུ་བྱ་བ་རྒྱུན་ཆད་པས་དེའི་ཕྱིར་དེ་ལ་ཞེས་བྱ་བ་སྨོས་ཏེ། གནས་དེ་ལ་ཞེས་བསྙེགས་པའི་ཕྱིར་ཞེས་སོ། །དེའི་དོན་གོང་ནས་རིམ་བཞིན་གནས་པའི་བྱ་བ་བསྒྲུབ་དགོས་བཞིན་ པའི་མདོ་འཆད་པ་ཡིན་པ་ལ། བར་དུ་གནས་དང་གནས་པ་གཉིས་ཀས་བྱེད་དགོས་པའི་བྱ་བ་བསྟན་པས་བར་བཅད་ནས། ད་ནི་ཡང་གནས་པའི་བྱ་བ་བསྒྲུབ་དགོས་པར་བསྟན་པས་དེའི་ཕྱིར་གནས་ལ་བསྙེག་ཅེས་པའོ། །གནས་དེ་ལ་གནས་པས་བཞར་བར་བྱའོ། ། ཊཱི་ཀར། ཐག་མི་རིང་བར་འདུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །གོ་དོན་ཉེ་བར་བཅར་ནས་ཡིད་འདྲེན་ཅིང་ལྷན་དུ་སྡོད་སྤྲོ་བའི་ཕྱིར་བཞར་བའོ། །གནས་དེ་དང་ཞེ་འགྲས་པའི་གང་ཟག་ལ་གནས་པས་མི་བཞར་རོ་སྟེ། དེ་དང་ལུས་ངག་ཡིད་གསུམ་ཉེ་བར་མི་ 6-1-156b བཅར་ཏེ་ཐག་རིང་བར་བྱའོ། །གནས་དེ་ལ་གནས་པས་ཁྲེལ་ཡོད་པར་བྱའོ། །གནས་དེའི་བྱ་བ་ལ་ལེ་ལོ་མེད་པར་གྲིམས་པར་བྱ་བ་དང་གནས་ཀྱི་བྱ་བ་ལ་གུས་པར་བྱས་ཏེ། བྱ་བ་དང་མཛེས་པ་ནི་འགྲོ་འོང་ལ་གཟེ་བས་འཇུག་པར་བྱའོ། །གནས་པས་གནས་ཀྱི་བྱ་བ་ལ་ངོ་ ཚ་དང་ལྡན་པ་དང་གུས་པ་དང་བཅས་པ་ཞེས་འདི་གཉིས་ཀྱི་ཁྱད་པར་ནི་ཊཱི་ཀར། ངོ་ཚ་དང་ལྡན་པའི་བྱེ་བྲག་ནི་གུས་པ་དང་བཅས་པ་ཡིན་མོད་ཀྱི། ཡུལ་ལ་འཇུག་པ་ཐ་དད་པས་སོ་སོར་བསྟན་ཏེ། ངོ་ཚ་དང་ལྡན་པ་ནི་བག་སྐྱོང་བ་ལས་ཞུམ་པར་བྱེད་པ་ཡིན་ལ། གུས་པ་ དང་བཅས་པ་ནི་དེའི་དབང་གིས་དམ་པ་མ་ཡིན་པའི་ལས་ལ་མི་འཇུག་པའོ་ཞེས་སོ། །བདག་ལ་དབང་བའི་བླ་མ་མཐོང་ན་དེ་ལ་རག་ལས་པའི་བསམ་པ་དང་ངག་གིས་དེ་དག་གི་རྗེས་སུ་འཇུག་པ་སྟེ་རྗེས་དང་བཅས་པའོ། །སེམས་དམའ་བ་དང་ཞེས་པ་ནི་གནས་ཀྱི་བྱ་བ་ལ་ང་ རྒྱལ་དང་རྒྱགས་པ་གཞོམ་པའོ། །གཉིས་པ་ནི། མཁན་སློབ་ཀྱི་གཡོག་བྱས་པས་ཆོག་པ་ཙམ་དུ་མི་བྱའི། ཤེས་བཞིན་གྱི་རང་གི་དོན་བསམ་གཏན་དང་ཀློག་པ་སོགས་མི་ཉམས་པར་བྱའོ། །བྱ་བ་འདི་ལ་དགེ་བར་འགྱུར་རམ་མི་འགྱུར་ཞེས་དགེ་བ་གང་ཡིན་ཅེས་ཏེ་དགེ་བ་ ཚོལ་བ་ཅན་དུ་བྱའོ། །ཊཱི་ཀར། འཇིག་རྟེན་གྱི་སྤྱོད་པ་ལ་གདུ་བར་བྱ་བ་ནི་མ་ཡིན་ནོ་ཞེས་སོ། །གནས་དེ་ཉེས་པ་འབྱུང་བའི་བྱེད་པ་ལ་འཇུག་ན་གནས་པས་བཟློག་པར་བྱའོ། །གནས་དེ་ལ་གནས་ན་བསམ་གཏན་དང་ཀློག་པ་ལ་སོགས་པའི་དགེ་བ་མི་འཕེལ་ན་དགེ་བ་ འཕེལ་བ་དེ་བྱེད་པའི་གནས་ཀྱི་བླ་མ་གཞན་ལ་གཏད་པར་ཞུ་ཞེས་གནས་ལ་གསོལ་བར་བྱའོ། །ཊཱི་ཀར། བདག་གནས་དེ་ལྟ་བུ་ལ་བཏད་པར་གསོལ་ཅེས་བྱའོ་ཞེས་སོ། །གཉིས་པ་ནི། གསོལ་ནས་གནས་ཀྱིས་ཇི་ལྟར་བྱ་ཞེ་ན། གནས་ཀྱིས་དྲི་བ་ལ་སོགས་པས་གནས་ 6-1-157a ཀྱི་བླ་མའི་འོས་ངེས་པར་ཤེས་པར་བྱས་ནས་གནས་ཀྱི་འོས་སུ་རུང་བ་དེ་ལ་གཏད་པར་བྱའོ། །གནས་པ་སློབ་མ་དེ་སྡིག་པའི་གྲོགས་པོ་ཚུལ་ཁྲིམས་འཆལ་བ་ལ་སོགས་པ་དང་འགྲོགས་པ་ལས་གནས་ཀྱིས་བཟློག་པར་བྱའོ། །གནས་ཀྱིས་གནས་པ་དེ་ བསམ་གཏན་དང་ཀློག་པ་ལ་སོགས་པའི་དགེ་བ་ལ་སྦྱར་བར་བྱའོ། །གནས་ཀྱིས་གནས་པ་དེ་ལ་ཆོས་དང་ཟང་ཟིང་དག་གིས་དགེ་བ་དེ་ཉེ་བར་བསྒྲུབ་པར་བྱའོ་སྟེ་གླེགས་བམ་ལ་སོགས་པ་སྦྱིན་ནོ། །གནས་ཀྱིས་གནས་པ་དེ་དགེ་འདུན་ལྷག་མ་ལ་སོགས་པའི་ལྟུང་བ་ལས་བསླང་ བའི་རྒྱུ་ལ་བརྩོན་པར་བྱ་བ་དང་། རྗེས་སུ་མཐུན་པའི་རྐྱེན་དུ་འབབ་པ་ཁ་ན་མ་ཐོ་བ་མེད་པའི་འཚོ་བའི་ཡོ་བྱད་ཆོས་གོས་ལ་སོགས་པ་བསྒྲུབ་པ་ལ་བརྩོན་པར་བྱའོ། །ཊཱི་ཀར། གནས་པས་ཀྱང་གནས་ལ་དེ་གཉིས་བསྒྲུབ་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། ། གསུམ་པ་ལ། ནད་པའི་གཡོག་ནི་བརྟག་པ་དང་། །དེ་ཡི་སྨན་ཉིད་ཅི་ལྟར་བརྟག །ནད་དང་ནད་གཡོག་ཚུལ་ཁྲིམས་བསྟན། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། ནད་པ་བདེ་བ་ལ་རེག་པར་གནས་པ་དང་། ནད་གཡོག་མ་བྱས་པའི་ལྟུང་བ་མི་ འབྱུང་བ་དང་། ནད་གཡོག་བྱ་དགོས་མ་བྱས་པ་ལ་བརྟེན་པའི་མ་དད་པ་སྤང་བའོ། །དང་པོ་ཡུལ་གང་ལ་ནད་གཡོག་བྱ་བ་ནི། ནད་པ་ཡིན་པ་དང་། ནད་གཡོག་བྱེད་པོ་གཞན་མེད་པའོ། །རྟེན་གང་གིས་ནད་གཡོག་བྱ་བ་ནི། ཆོས་འདི་པའི་རབ་བྱུང་ཡིན་པ་ཞིག་དགོས་ ཏེ། དེའང་དགེ་སློང་རྣམ་དག་ལ་སོགས་པར་མ་ཟད་ཀྱི། ཕམ་པས་ཉམས་པ་དང་མ་སྐྱེས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་པ་དེས་ཀྱང་ནད་གཡོག་བྱ་དགོས་པའི་སྐབས་སུ་དེ་མ་བྱས་ན་ཉེས་བྱས་འབྱུང་བས་ནད་གཡོག་བྱ་དགོས་པའོ། །ཤེས་པ་རང་བཞིན་དུ་གནས་ 6-1-157b པ་དང་། ཉེ་བ་ལ་སོགས་ཀྱི་གོ་རིམ་དང་ལྡན་པས་སོ། །རྫས་གང་གིས་གསོ་སྨན་བྱ་བ་ནི། ནད་པ་རང་གི་རྫས་དང་། དགེ་འདུན་གྱི་སྨན་ཁང་གི་རྫས་དང་། ཁྱིམ་པ་ལས་བཙལ་བ་དང་། དགེ་འདུན་གྱི་དཀོར་དང་། དཀོན་མཆོག་གཞན་གཉིས་ཀྱི་དཀོར་དང་། སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་ཀྱིས་ཏེ་སྔ་མ་སྔ་མ་མེད་ན་ཕྱི་མ་ཕྱི་མས་སོ། །གོ་རིམ་ནི། ཉེ་བའི་གོ་རིམ། མཆོག་གི་གོ་རིམ། དགོས་པ་ཆེ་བའི་གོ་རིམ། སྤྲོ་བའི་གོ་རིམ། རེས་མོས་ཀྱི་གོ་རིམ་སྟེ། དང་པོ་ནི། ཊཱི་ཀ་ལས། སློབ་དཔོན་ཐམས་ཅད་ལ་ཀློག་པའི་ སློབ་དཔོན་རིང་བའི་ཕྱིར་རོ་ཞེས་གསུངས་པས་མཁན་པོ་ལ་སོགས་རྣམས་ཉེ་བར་ཤུགས་ཀྱིས་གྲུབ་སྟེ། མཁན་པོ་དང་། གནས་ཀྱི་སློབ་དཔོན་དང་། ལས་ཀྱི་སློབ་དཔོན་དང་། གསངས་ཏེ་སྟོན་པ་དང་། དགེ་ཚུལ་གྱི་སློབ་དཔོན་དང་། ཀློག་པའི་སློབ་དཔོན་དང་། དེ་ རྣམས་སྔ་མ་སྔ་མའི་བསྙུང་གཡོག་མ་དགོས་ན་ཕྱི་མ་ཕྱི་མའི་བྱའོ། །གཉིས་པ་ནི། མཁན་བུ་སློབ་མའི་མཆོག་ཡིན་པ་ལ་སོགས་པ་སྟེ། མཁན་བུ་དང་། གནས་ཀྱི་སློབ་བུ་དང་། ལས་ཀྱི་སློབ་བུ་དང་། གསངས་ཏེའི་སློབ་བུ་དང་། དགེ་ཚུལ་གྱི་སློབ་བུ་དང་། ཀློག་ པའི་སློབ་བུ་དང་། མཁན་པོ་གཅིག་པ་དང་། གནས་ཀྱི་སློབ་དཔོན་གཅིག་པ་ནས་ཀློག་པའི་སློབ་དཔོན་གཅིག་པའི་བར་དང་། གཏམ་འདྲི་བ་ལ་སོགས་པ་སྟེ་དེ་རྣམས་སྔ་མ་སྔ་མའི་ནད་གཡོག་མ་དགོས་ན་ཕྱི་མ་ཕྱི་མའི་བྱའོ། །གསུམ་པ་ནི། ཊཱི་ཀ་ལས། གལ་ཏེ་ དེའི་གནས་སྐབས་སུ་ནད་གཡོག་བྱ་དགོས་པ་གཞན་ཞིག་གཅལ་ཐག་པ་གྱུར་ལ། གནས་དེའི་སྲོག་གི་བར་ཆད་དུ་འགྱུར་པའི་འཇིགས་པ་མེད་ན་དེའི་ཚེ་གཅལ་ཐག་པར་གྱུར་པ་དེའི་ནད་གཡོག་བྱའོ་ཞེས་སོ། །བཞི་པ་ནི། དགེ་སློང་བསོད་སྙོམས་པ་འཁྱམས་པོ་ན་ན་ནད་ 6-1-158a གཡོག་བྱེད་དགོས་པ་ལྟ་བུ་མཁན་བུ་ཡིན་པ་ལ་སོགས་པའི་རྒྱུ་མཚན་དང་མི་ལྡན་པ་དང་། ཀློག་པའི་སློབ་དཔོན་ན་ན་སློབ་མ་མང་པོ་ཡོད་པ་ལྟ་བུ་ནད་གཡོག་བྱེད་དགོས་ཀྱི་རྒྱུ་མཚན་དང་མི་ལྡན་པའམ་རྒྱུ་མཚན་མཉམ་ན་སུ་སྤྲོ་བ་དེས་ནད་གཡོག་བྱ་བ་སྟེ། ལུང་ཕྲན་ཚེགས་ལས། རྒན་ཞུགས་ཀྱི་བྱུང་བ་ལྟ་བུའོ། །ལྔ་པ་ནི། དེ་ལ་ནད་གཡོག་མེད་ན་དགེ་འདུན་གྱི་མཐར་ཐུག་པ་མན་ཆད་ལས་དང་། གནས་བརྟན་གྱི་མཐར་ཐུག་པ་མན་ཆད་ལ་རེས་མོས་བསྐོ་བར་བྱ་སྟེ། ལུང་གཞི་ལས། ནད་གཡོག་གཅིག་གམ་གཉིས་སམ་རབ་ཏུ་ མང་པོ་བསྐོ་བར་བྱ་ཞིང་། དགེ་འདུན་ཐམས་ཅད་ཀྱི་ནད་གཡོག་བྱའོ་ཞེས་གསུངས་པ་དང་། འགྲེལ་ཆུང་ལས། གང་ཁྲིམས་གཞོན་པ་ནས་གྲལ་རིམ་བཞིན་དུ་གང་རྒན་པའི་མཐར་ཐུག་གི་བར་དུ་དགེ་འདུན་ཐམས་ཅད་ཀྱིས་ནད་གཡོག་བྱའོ་ཞེས་སོ། །ཚུལ་ཇི་ལྟར་ནད་གཡོག་བྱ་བ་ནི། གཡོག་ལེགས་པར་བྱ་བ་དང་། ནད་པའི་ཚིག་དོན་ལྡན་དང་ཆོས་ལྡན་མི་བཅག་པ་སོགས་གཞུང་ན་གསལ། གཉིས་པ་ནི། ནད་གཡོག་ནི་ལྷན་ཅིག་གནས་པ་མཁན་པོ་དང་ཉེ་གནས་སློབ་བུ་དང་ཞེས་པས་ནི། གནས་དང་གནས་པ་ཕན་ཚུན་ནད་གཡོག་བྱེད་པར་བསྟན་པ་ ཡིན་ནོ། །རང་གི་མཁན་པོ་དང་། སློབ་དཔོན་དང་། རང་དང་མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་འདྲེས་པ་དང་། ཞེས་པ་ཊཱི་ཀར། གཅུགས་པའི་གཏམ་ལ་སོགས་པ་དག་གིས་དགའ་བར་སྤྱོད་པས་དགའ་བ་ཉིད་ཉེ་བར་སྒྲུབ་པར་བྱེད་པའོ། ། ཞེས་སོ། །ཕེབས་པར་སྨྲ་བ་དང་། ཞེས་པ་ནི་ཊཱི་ཀར། གང་དང་ལྷན་ཅིག་ཏུ་བག་ཕེབས་པར་གྱུར་ཅིང་ཀུན་ཏུ་སྨྲ་བར་བྱེད་པའོ་ཞེས་སོ། །སྨོན་འདྲིན་དང་། ཞེས་པ་ཊཱི་ཀར། གང་དང་ལྷན་ཅིག་ཏུ་གནས་གཅིག་ན་འདུག་པ་དང་། ལམ་གཅིག་ཏུ་འགྲོ་བ་ལ་སོགས་པས་ 6-1-158b འདྲེལ་བར་བྱེད། བཤེས་པར་བྱེད་པའོ་ཞེས་སོ། །འགྲོགས་བཤེས་ཀྱི་ནད་གཡོག་བྱའོ། །དེའི་འགྲོགས་བཤེས་དེ་གང་ཞེ་ན། ཊཱི་ཀར། གང་གིས་གང་མཐོང་ངམ་ཐོས་མ་ཐག་ཁོ་ནར་རྗེས་སུ་མཐུན་པ་མེད་ཀྱང་དགའ་བ་ཡོད་པའོ་ཞེས་སོ། །ནད་གཡོག་བྱེད་པ་པོ་གོང་དུ་ སྨོས་པ་བཅུ་ལས། དང་པོ་དང་པོ་རྣམས་མེད་ན་འོག་མ་འོག་མས་བྱེད་དོ། །འོ་ན་འདི་ནད་གཡོག་པ་མཁན་པོ་དང་། གནས་སྦྱིན་པ་དང་། ལས་བྱེད་པ་དང་། གསངས་སྟོན་དང་། དེ་མེད་ན་དགེ་ཚུལ་དུ་ཉེ་བར་སྒྲུབ་པས་བྱེད་དགོས་ན། དེ་ཡང་མ་རྙེད་ན་ཀློག་པའི་སློབ་ དཔོན་གྱིས་བྱ་བ་དེ་རུང་ངམ་ཞེ་ན། ཊཱི་ཀ་ལས། སློབ་དཔོན་ཐམས་ཅད་པས་ཀློག་པའི་སློབ་དཔོན་རིང་བའི་ཕྱིར་དེ་མ་བཟུང་ངོ་སྙམ་དུ་དོགས་པའི་ཕྱིར་ཞེས་འབྱུང་ལ། དེ་ཡང་ནད་གཡོག་གི་སྐབས་འདིར་ཀློག་པའི་སློབ་དཔོན་ཡང་ནད་གཡོག་གི་ཡུལ་དང་རྟེན་གཉིས་ ཀར་བཟུང་བ་ཉིད་ཡིན་ནོ། །འདིའི་ཡང་སྒྲ་ནི། ཀློག་པའི་སློབ་དཔོན་ནད་གཡོག་པར་གོ་བའམ་བརྡ་འཕྲོད་པར་བྱ་བའི་ཕྱིར་ཏེ། །ཊཱི་ཀར། ནད་གཡོག་བྱ་བའི་སྐབས་འདིར་སློབ་དཔོན་སྨོས་པས་ཀློག་པའི་སློབ་དཔོན་ཡང་བཟུང་བ་ཉིད་ཡིན་པར་རིག་པར་བྱའོ་ཞེས་སོ། ། ཀློག་པའི་སློབ་དཔོན་རིང་བའི་རྒྱུ་མཚན་ལ་དཀའ་གནས་ཡོད་དེ། རྒྱ་ན་རེ། ཀློག་པའི་སློབ་དཔོན་རིང་བ་ནི་དྲིན་ཆུང་བའི་ཕྱིར་ཏེ། ཚུལ་ཁྲིམས་ཀྱི་ཡུལ་ལ་དངོས་སུ་ཕན་མ་བཏགས་པའི་ཕྱིར་རོ། །ཞེས་སྨྲའོ། །ཤ་དང་སྦལ་པ་ན་རེ། སློབ་དཔོན་དེས་ཤེས་རབ་ཀྱི་ བསླབ་པ་བསྐྱེད་ཀྱང་འདི་ནི་གཙོ་བོ་ཚུལ་ཁྲིམས་ཀྱི་སྐབས་ཡིན་པའི་ཕྱིར་ཞེས་ཟེར་ལོ། །ཚ་རོད་པ་ན་རེ། ཀློག་པའི་སློབ་དཔོན་དེ་དྲིན་ཆུང་བར་མ་གྲུབ་སྟེ། རྣམ་གྲོལ་གྱི་རྒྱུའི་གཙོ་བོ་ཤེས་རབ་ཡིན་ལ། བསླབ་པ་གསུམ་གྱི་གཙོ་བོ་ལྷག་པ་ཤེས་རབ་ཀྱི་བསླབ་པའི་སྒོ་ནས་ 6-1-159a ཕན་གདགས་པའི་ཕྱིར་དང་། དྲིན་ཆུང་བ་ཉིད་ཡིན་ན་སྣང་ཚོད་གྲགས་པ་དང་བཅས་པ་ཐམས་ཅད་འགལ་ཏེ། དཔེར་ན་ཇོ་བོ་རྗེ་དང་། པོ་ཏོ་བ་ལྟ་བུ་སློབ་མ་སྟོང་ཕྲག་ལྔ་སྐྱོང་བའི་སློབ་དཔོན་ཡང་སློབ་མ་དེ་རྣམས་ལ་དྲིན་ཆུང་ཤོས་སུ་འགལ་བའི་ ཕྱིར་དང་། པོ་ཏོ་བས་ཁོ་བོ་བསྙེན་པར་རྫོགས་པའི་མཁན་པོ་དེ་རྭ་སྒྲེང་ན་བཞུགས་པའི་དགེ་བསྙེན་རྒན་པོ་དེ་ཡིན་ཅེས་ཀློག་པའི་སློབ་དཔོན་ལ་དྲིན་ཆུང་བར་མ་གསུངས་པའི་ཕྱིར་ཡང་གནོད་ཅེས་ཟེར་རོ། །མཚོ་སྣ་པ་ན་རེ། རིང་བར་འཇོག་པ་ནི་བཅས་པའི་དབང་གིས་ཏེ། ནད་གཡོག་གི་གོ་རིམ་ལ་བལྟོས་ཏེ་རིང་བའི་ཕྱིར་ཞེས་པ་སྟེ། ལུང་ཕྲན་ཚེགས་ལས། ཀློག་པ་མེད་པར་ནི་འདུག་ཏུ་རུང་གི། གནས་མེད་པར་ནི་མ་ཡིན་ནོ་ཞེས་གསུངས་ཤིང་ཀློག་པའི་སློབ་དཔོན་གྱི་ནད་གཡོག་པ་ལས་གནས་ཀྱི་སློབ་དཔོན་གྱི་ནད་གཡོག་གལ་ཆེ་བར་ བཅས་པ་བཞིན་ནོ་ཞེས་གསུངས་སོ། །སློབ་དཔོན་རིན་པོ་ཆེས། བསྟན་པ་ལ་འཇུག་བྱེད་སྔ་ཕྱིའི་དབང་ལས་སྔ་མ་ཉེ་བ་དང་ཕྱི་མ་རིང་བར་འཇོག་པ་འདྲ་ཞེས་བཀའ་སྩལ་ཏོ། །རང་གི་ལྷན་ཅིག་གནས་པ་དང་ཉེ་གནས་དང་མཁན་པོ་དང་། ལས་བྱེད། གསངས་སྟོན། གནས་སྦྱིན། དགེ་ཚུལ་གྱི་སློབ་དཔོན། ཀློག་པའི་སློབ་དཔོན་དང་ལྔ་ཆར་གཅིག་ཅར་ནད་ཀྱིས་བཏབ་ནས་ནད་གཡོག་མི་ནུས་ན་གནས་པ་སྟེ་གནས་ཀྱི་བླ་མ་ཉིད་བཟུང་བའི་དོན་ཏེ། ཊཱི་ཀར། འདིར་ཡང་གནས་པ་ཞེས་བྱ་བའི་སྒྲ་ནི་གནས་ཀྱི་ཚིག་ཡིན་པར་རིག་པར་བྱ་ སྟེ། གནས་པར་བྱ་བའི་ལས་ལ་གནས་པ་ཞེས་བྱ་བའི་ཚིག་ཏུ་བྱས་པའི་ཕྱིར་རོ། །ཞེས་སོ། །འོ་ན་གནས་མང་པོ་དག་གཅིག་ཅར་ན་བར་གྱུར་ན་གནས་གང་གིས་ནད་གཡོག་བྱ་ཞེ་ན། གང་ལ་བྱ་བ་ཞུ་བ་དང་རྗེས་སུ་འཇུག་པའི་ནད་གཡོག་བྱའོ། །དམིགས་བསལ་ནི་ཊཱི་ཀར། 6-1-159b གལ་ཏེ་དེའི་སྐབས་སུ་ནད་གཡོག་བྱ་དགོས་པ་གཞན་ཞིག་གཅལ་ཐག་པར་གྱུར་ལ། གནས་དེ་ནི་སྲོག་གི་བར་ཆད་དུ་འགྱུར་བའི་འཇིགས་པ་མེད་ན་དེའི་ཚེ་གཅལ་ཐག་པར་གྱུར་པ་དེའི་ནད་གཡོག་བྱའོ། །ཞེས་དང་། གཞན་ཡང་གཅིག་ཅར་མི་ནུས་ན་གནས་པ་གང་དང་ འཇུག་པའི་ཞེས་པ་ནི་མདོར་བསྟན་ཏེ་མཚོན་པ་ཡིན་ལ། ཇི་ལྟར་མཚོན་ན་ལྷན་ཅིག་གནས་པ་ནས་འགྲོགས་བཤེས་ཀྱི་བར་གཅིག་ཅར་ན་ན་ཇེ་དང་པོ་སློབ་དཔོན་དང་། ལྷན་ཅིག་གནས་པ་དང་། ཉེ་གནས་དང་མཁན་པོ་གཅིག་པ་སོགས་ནས་འགྲོགས་བཤེས་ཀྱི་བར་རིམ་ བཞིན་ནད་གཡོག་བྱ་བར་རིགས་པ་ཡིན་ནོ། །དེའི་ཕྱིར་ཊཱི་ཀར། མདོ་ཞེས་བྱ་བ་ནི་དོན་མདོར་སྨོས་པས་མདོ་ཡིན་པ་དེས་ན་འདི་ཡང་སྨོས་པ་ཉིད་ཡིན་པར་རིག་པར་བྱ་སྟེ་ཞེས་སོ། །ནད་གཡོག་བྱ་བའི་སྐབས་འདིར་རབ་ཏུ་བྱུང་བ་དེའི་རྟགས་ཙམ་པ་རབ་ཏུ་མ་བྱུང་བ་ན་ན་ ཡང་ཞེས་པ་སྟེ། ཊཱི་ཀར། སྐྲ་བྲེགས་པ་ལ་སོགས་པའི་རྟགས་ཙམ་གྱིས་བདག་ཉིད་བཅོས་པར་གྱུར་པ་ཞེས་སོ། །དེ་ལྟ་བུ་ནི་རབ་ཏུ་བྱུང་བ་དང་འདྲ་བར་ནད་གཡོག་བྱ་དགོས་ལ། ཡང་སྒྲ་ནི་ཊཱི་ཀར། ནད་གཡོག་ཀྱང་དེ་ཁོ་ན་བཞིན་དུ་བྱའོ་ཞེས་སོ། །གོང་དུ་བཤད་པའི་ ལྷན་ཅིག་གནས་པ་ནས་འགྲོགས་བཤེས་ཀྱི་བར་མིན་ཀྱང་། ཚངས་པ་མཚུངས་པར་སྤྱོད་པ་ན་ན་ཅི་ལྟར་བྱ་ཞེ་ན། ཡལ་བར་མི་འདོར་རོ་ཞེས་པ་ནི། ཊཱི་ཀར། ངེས་པ་ཁོ་ནར་བྱ་བ་བསྟན་པའི་ཕྱིར་རོ་ཞེས་སོ། །ཅི་ལྟར་ཡལ་བར་མི་འདོར་ཞེ་ན། ནད་པ་དེ་ལ་ནད་གཡོག་མེད་ ན་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་ནད་གཡོག་བསྐོའོ། །གང་མན་ཆད་བསྐོ་བའམ་ཞེ་ན་མཐར་ཐུག་པ་མན་ཆད་དེ། འདི་ནི་གང་གི་མཐར་ཐུག་པ་ཡིན་ཅེ་ན། དགེ་འདུན་གྱི་མཐར་ཐུག་པ་དང་། གནས་བརྟན་གྱི་མཐར་ཐུག་པ་སྟེ་ཊཱི་ཀར། ནད་གཡོག་གཅིག་གིས་ 6-1-160a ནད་པའི་བྱ་བ་ཐམས་ཅད་བསྒྲུབ་པར་མི་ནུས་ན་དེའི་ཚེ་གཉིས་པ་བསྐོའོ། །གལ་ཏེ་དེ་གཉིས་ཀྱིས་ཀྱང་བྱར་མི་ནུས་ན་དེའི་ཚེ་གསུམ་པ་ལ་སོགས་པ་ནས་དགེ་འདུན་གྱི་མཐར་ཐུག་པ་མན་ཆད་ལས་བསྐོ་བར་བྱའོ། །ཞེས་སོ། །མདོར་ན་ཊཱི་ཀར། ཆེར་ན་ ན་དགེ་འདུན་ཐམས་ཅད་ཀྱིས་ནད་གཡོག་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། འོ་ན་སྨན་གང་ནས་འཚོལ་ཅེ་ན། དགེ་འདུན་སྤྱི་ལས་བྱུང་བའི་སྨན་ནི་ནད་པ་འབའ་ཞིག་གིས་སྤྱད་དུ་ནི་རུང་ངོ་། །ཊཱི་ཀར། ནད་གཡོག་པ་ལ་སོགས་པས་སྤྱད་དུ་རུང་མི་ངོ་། ། འདིར་གཞུང་ནི་ཁྱིམ་བདག་སྒྲེ་པོའི་རྫས་ལས་སྨན་གང་ཡིན་པ་དེ་དགེ་འདུན་གྱི་སྨན་ཁང་དུ་བཞག་པར་བྱ་ཞིང་། དགེ་སློང་ནད་པ་དག་གིས་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་སྐད་གསུངས་པ་དེ་མདོ་འདིས་བསྡུས་པ་ཡིན་ནོ་ཞེས་སོ། །དགེ་འདུན་གྱི་སྨན་ དང་ནད་པ་རང་གི་སྨན་མེད་པ་ཉིད་ཡིན་ན་སྨན་དེ་ནད་གཡོག་གིས་ནད་པའི་ཉེ་དུ་དང་། དེ་མེད་ན་ཡོན་བདག་གཞན་ལས་འཚོལ་དུ་གཞུག་གོ། དེ་ལྟར་འཚོལ་དུ་བཅུག་ཀྱང་སྨན་དེ་མ་འབྱོར་ན་དགེ་འདུན་གྱི་དཀོར་ལས་ཟོང་སྦྱིན་པར་བྱའོ། །ཊཱི་ཀར། འདིར་སྨན་སྨོས་པ་ ནི་མཚོན་པ་ཙམ་སྟེ། དངོས་པོ་གང་གིས་ནད་པའི་ནད་ཞི་བར་འགྱུར་བས་བྲེལ་བར་གྱུར་པའི་དངོས་པོ་རང་ལ་ཡང་མི་བདོག །ཚོལ་དུ་བཅུག་ན་ཡང་མ་རྙེད་ལ། དགེ་འདུན་ལ་ཡོད་ན་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་དེ་ཐམས་ཅད་སྦྱིན་པར་བྱའོ་ཞེས་སོ། ། དགེ་འདུན་གྱི་རྫས་མེད་ན་སངས་རྒྱས་ཀྱི་དཀོར་ལས་སྦྱིན་པར་བྱའོ། །དེ་ཡང་སྐུ་གཟུགས་ལ་གསོལ་བ་དང་། མཆོད་རྟེན་གྱི་རྒྱན་ལ་སོགས་པ་མན་ཆད་ཀྱི་བར་ཡང་སྦྱིན་ནོ། །འདིའི་ཡང་སྒྲ་ནི་སྐུ་ལ་གསོལ་བ་མན་ཆད་ཀྱང་སྦྱིན་པར་བྱ་ན་སངས་རྒྱས་ཀྱིའམ་དགེ་འདུན་ 6-1-160b གཞན་གྱི་དཀོར་ལྟ་ཅི་སྨོས་པའི་དོན་ནོ། །ནད་པ་དེའི་ཕྱིར་ནད་པ་རང་དང་། དེའི་འཁོར་གྱིས་བྱེད་མི་ནུས་ན་དགེ་འདུན་དུ་གྱུར་པའི་དགེ་སློང་གིས་དགེ་འདུན་གྱི་དཀོར་ལས་དགེ་འདུན་ལ་བཏུང་བ་བཟང་པོ་གན་ཇ་ངར་མ་ངད་ཅན་དང་། དཀོན་མཆོག་གསུམ་ལ་གདུགས་གདགས་ པ་ལ་སོགས་པའི་མཆོད་པ་རིམ་གྲོའི་ཕྱིར་བྱའོ། །ཊཱི་ཀར། དེའི་ཕྱིར་མ་འབྱོར་ན་ཞེས་སྨོས་པ་དང་སྦྱར་ཏེ་ཞེས་སོ། །རིམ་གྲོའི་ཡོ་བྱད་དགེ་འདུན་གྱི་དཀོར་མེད་ན་སངས་རྒྱས་ཀྱི་དཀོར་ལས་སོ་ཞེས་པས་སངས་རྒྱས་ཀྱི་དཀོར་ལས་བྱ་བར་གསུངས་ལ། འོན་ཀྱང་བཏུང་བ་ ནི་མི་བྱའོ། །དགེ་འདུན་དང་སངས་རྒྱས་དེ་གཉིས་ཀྱི་དཀོར་བླངས་པ་ནད་པ་དེས་མ་ཤི་ལ་འབྱོར་པ་ཡོད་ན་བསབ་པ་ཉིད་དུ་བྱའོ། །ཊཱི་ཀར། འབྱོར་བ་མེད་ན་མ་བསབས་ཀྱང་ཉེས་པ་མེད་དེ་བསམ་པ་དག་པའི་ཕྱིར་དང་། ཞིང་ཆེན་པོའི་གནས་སྐབས་སུ་སྤྱད་པའི་ཕྱིར་རོ་ ཞེས་སོ། །ལུང་ལས། གལ་ཏེ་འབྱོར་པ་མེད་ན་ནི་སྤྱད་པ་ལེགས་པར་སྤྱད་པ་ཡིན་ཏེ། ཕའི་ལ་བུས་བཞིན་དུ་རིགས་པ་ཡིན་པས་དེ་ལ་འགྱོད་པར་མི་བྱའོ། །ཞེས་གསུངས་སོ། །གསུམ་པ་ནི། ནད་གཡོག་གིས་ནད་པ་དེ་ལ་བསྙེན་བཀུར་མི་བྱ་བར་མི་བྱའོ། །ནད་ པ་དེའི་ཚིག་དོན་དང་ལྡན་པ་ནད་འཚོ་བ་ལ་ཕན་པ་དང་ཆོས་དང་ལྡན་པའི་ངག་ནད་གཡོག་གིས་བཅག་པར་མི་བྱའོ། །ནད་པ་དེ་ལྷག་པར་ཆགས་པའི་དངོས་པོ་ངའི་ལྷུང་བཟེད་ཁྱེར་ཤོག་ཅེས་དགུག་ན་ནད་གཡོག་གིས་དགག་པར་མི་བྱའོ། །ནད་གཡོག་གིས་ནད་པ་དེ་ ལ་འཆི་ཁར་ཡང་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་གདམས་ངག་མི་གདམས་པར་མི་བྱའོ། །ནད་གཡོག་གིས་གདམས་ངག་སྦྱིན་པ་དེ་ནད་པས་བཟླ་བར་ཤིན་ཏུ་མི་བྱའོ། །ནད་གཡོག་དེས་ནད་པ་དེ་འཆི་བར་དོགས་ན་དགེ་འདུན་གྱི་མལ་སྟན་ལས་བསླངས་ཏེ་གང་ 6-1-161a ཟག་གི་མལ་སྟན་ལ་བཞག་པར་བྱའོ། །ཁྱོད་ཤིར་ཉེ་ཡི་མལ་འབོས་ཞེས་ནི་མི་བྱའི། བསྐུ་མཉེ་དང་ཁྲུས་ལ་སོགས་པ་སྔར་བྱེད་འཕྲོ་གང་ཡོད་དེའི་བྱ་བ་ལ་ལོངས་སུ་འཇུག་པ་ཉིད་ཀྱི་སྒྱུ་ཐབས་ཀྱིས་དགེ་འདུན་གྱི་མལ་སྟན་ལས་ལྡང་བར་བྱའོ། ། འཆིར་དོགས་པ་དེའི་གནས་སྐབས་ཀྱི་འཆི་ལྟས་ལ་སོགས་པ་ཡོངས་སུ་བརྟག་པ་ལ་ནད་གཡོག་གིས་འབད་པ་དང་ལྡན་པར་བྱའོ། །ནད་པ་དེས་རྨེ་བར་བྱས་པ་ཞེས་པའི་དོན་ལ་རང་འགྲེལ་ལས། དེས་ཀུན་ནས་ཉོན་མོངས་པར་བྱས་པ་ཞེས་འབྱུང་ལ། མཚོ་མཆན་དུ། ངན་སྐྱུགས་ལ་སོགས་པས་རྨེ་བར་བྱས་པ་ཞེས་འབྱུང་བས་ཤི་བའི་གོས་དེ་དག་བཀྲུ་བ་ནི་ནད་གཡོག་དེས་བྱ་བ་ཉིད་ཡིན་ནོ། །གཉིས་པ་ལ། ཐུན་མོང་ཕན་ཚུན་བསྡད་པའི་སྐབས། །གནས་བརྟན་ཉིད་ཀྱི་ཚུལ་ཁྲིམས་བཤད། །ཕྱིས་འབྲང་དགེ་སྦྱོང་ཚུལ་ཁྲིམས་བཤད། དང་པོ་ནི། དགེ་འདུན་ཐམས་ཅད་འདུས་པ་ན་འདུས་པ་དེའི་གནས་བརྟན་མདུན་དུའམ་སྣ་ལ་འགྲོ་བར་བྱའོ། །དགེ་འདུན་འགྲོ་བའི་ཚེ་དགེ་སློང་དག་འོང་བ་ཐོགས་ན་གནས་བརྟན་གྱིས་བསྡད་པར་བྱ་སྟེ། ཊཱི་ཀར། ཐོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །གནས་ བརྟན་གྱི་ཕྱི་བཞིན་འབྲང་བའི་དགེ་སློང་དེ་དག་གིས་གནས་བརྟན་དེ་ཐོགས་ན་བསྡད་པར་བྱ་བར་ཡང་ངོ་། །འདིའི་ཡང་སྒྲ་ནི་ཊཱི་ཀར། གནས་བརྟན་འབའ་ཞིག་ལ་མ་ཡིན་གྱི་དགེ་སློང་དེ་དག་ཀྱང་བསྡད་པར་བྱའོ་ཞེས་སོ། །གནས་བརྟན་དེ་གནས་ཁང་སོགས་ནས་མ་ བྱུང་བ་ལ་ཕྱིས་འབྲང་གི་དགེ་སློང་ཐག་མི་རིང་བར་སོང་སྟེ་བསྡད་པར་བྱའོ། །གནས་བརྟན་གྲོང་གི་ཉེ་འཁོར་དུ་ཐོགས་ན་ཡང་ཕྱིས་འབྲང་གི་དགེ་སློང་དག་གིས་སྡོད་པར་བྱའོ། །གལ་ཏེ་ཕྱིས་འབྲང་གི་དགེ་སློང་དག་གྲོང་དུ་འཇུག་པར་འདོད་པ་ན་གནས་བརྟན་ཕྱི་བཞིན་ 6-1-161b དུ་འོང་བ་མཐོང་ན་ཕྱིས་འབྲང་གི་དགེ་སློང་དེ་དག་གིས་བསྒུགས་ཏེ་བསྡད་པར་བྱ་བ་ཡང་ངོ་། །གལ་ཏེ་གནས་བརྟན་ཕྱི་བཞིན་འོང་བ་མཐོང་ནས་དགེ་སློང་རྣམས་དེ་ལྟར་སྡོད་པ་ན། གྲོང་ནས་སྤྱན་འདྲེན་པ་སྟེ་སྦྲོན་པར་འོངས་ན་ཡང་། སྦྲོན་པར་འོངས་པ་དེ་ལ་དགེ་ སློང་རྣམས་ཀྱིས་འདི་སྐད་ཅེས་གནས་བརྟན་འོངས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བསྒོ་བར་བྱའོ། །དགེ་སློང་རྣམས་ཟས་བཟའ་བའམ་བཏུང་བའི་ཕྱིར་གྲོང་དུ་སོན་པ་ཉིད་ན་ལག་པ་བསྙལ་བའི་ཕྱིར་ཏེ་བཀྲུ་བའི་བརྡ་རྙིང་ངོ་། །ལག་ཆུ་དྲངས་པའི་ཚེ་གལ་ཏེ་གདུགས་ཀྱི་ དུས་ཚོད་མི་ཡོལ་བར་ཐུབ་པ་ཡོད་ན་གནས་བརྟན་མ་འོངས་ཀྱི་བར་ལག་ཆུ་མ་སྦྲེང་བར་སྡོད་ཅིག་ཅེས་བསྒོ་བར་བྱ་བ་ཡང་ངོ་། །འདི་ནི་བཟའ་བཏུང་གི་གོང་དུ་ལག་པ་བཀྲུ་བའི་དབང་དུ་བྱས་པ་ཡིན་ནོ། །གནས་བརྟན་མ་འོངས་པར་ལག་ཆུ་མ་སྦྲེང་བར་བསྡད་ན་གདུགས་ ཚོད་མི་ཡོལ་བའི་དུས་སམ། ལོང་མེད་ན་བཀད་སའི་གྲལ་གྱི་མགོ་དེར་གནས་བརྟན་དེའི་སྟན་བཞག་པར་བྱའོ། །གདུགས་ཚོད་དང་གུང་ཚོད་དང་དུས་ཚོད་རྣམས་དེའི་དུས་ཀྱི་སྒྲའི་ཁྱད་པར་ཡིན་ལ། ཁ་ཅིག་གདུགས་ཚོད་ནི་གདུགས་ཀྱི་དུས་ཀྱི་ཟས་ཀྱི་མིང་ངོ་ཞེས་སྨྲ་ བ་ནི་འཁྲུལ་པའོ། །གཉིས་པ་ལ། གྲོང་དུ་འཇུག་པའི་གནས་བརྟན་དང་། །གཉུག་མར་གནས་པའི་གནས་བརྟན་དང་། །གློ་བུར་འོངས་པའི་གནས་བརྟན་དང་། །འགྲོ་བར་ཆས་སོགས་གནས་བརྟན་དང་། །དབྱར་གནས་པ་ཡི་གནས་བརྟན་དང་། །གནས་བརྟན་ ཀུན་གྱི་ཚུལ་ཁྲིམས་བཤད། །དང་པོ་ནི། དགེ་སློང་རྣམས་ཁྱིམ་གྱི་ནང་དུ་གྲལ་ལ་འདུག་པ་དང་། ཕྱི་རོལ་གྲོང་གི་ཉེ་འཁོར་ལ་སོགས་པ་ཐམས་ཅད་དུ་ཡང་གོས་ལེགས་པར་མ་བགོས་པ་དང་། ལེགས་པར་མ་སྦྱངས་པར་མ་གྱུར་ཏམ་ཞེས་འཁོར་ལ་སོ་སོར་བརྟག་ 6-1-162a པར་བྱའོ། །སྤྱིར་གནས་བརྟན་རྒྱལ་ཚབ་ལྟ་བུ། སེང་གེ་ལྟ་བུ། བྱིས་པ་ལྟ་བུ། གནས་བརྟན་སྲེ་ད་ལྟ་བུ་ཞེས་གསུངས་ཤིང་། དང་པོ་ནི། ལུང་རྣམ་འབྱེད་ལས། ཇི་ལྟར་ན་གནས་བརྟན་རྒྱལ་ཚབ་ལྟ་བུ་ཡིན་ཅེ་ན། བསྙེན་པར་རྫོགས་ནས་ལོ་ ཉི་ཤུ་པའམ་ལྷག་པ་སྟེ་ཞེས་གསུངས་སོ། །གཉིས་པ་ནི། བསྙེན་པར་རྫོགས་ནས་ལོ་བཅུར་ལོན་ཅིང་འདུལ་བ་ཤེས་པ་སྟེ་གནས་གཞན་ལ་བརྟེན་མི་དགོས་ཤིང་རང་དབང་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ལུང་གཞི་ལས། བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ ལགས་ལ། དེས་སོ་སོར་ཐར་པའི་མདོ་ཐོན་པ་དང་རྒྱས་པར་ཀློག་པ་མ་ལགས་ན། གནས་བརྟན་བྱིས་པ་ཞེས་བྱའོ་ཞེས་གསུངས་སོ། །བཞི་པ་ནི། ཚུལ་ཁྲིམས་འཆལ་བ་སྟེ། དཔེར་ན་སྲེ་དའི་མྱུ་གུ་ནི་ནས་ཀྱི་མྱུ་གུ་དང་རྣམ་པ་འདྲ་ཞིང་དེ་གསེབ་ཏུ་ཞུགས་པས་ནས་ཀྱི་ མྱུ་གུ་རྣམས་ལ་གནོད་པ་ལྟར། ཚུལ་ཁྲིམས་འཆལ་བ་དེ་ཡང་རྣམ་དག་དང་ཆ་ལུགས་འདྲ་ཞིང་དེ་གསེབ་ཏུ་ཞུགས་པ་རྣམ་དག་ལ་ཉེས་པ་འགོ་བར་བྱེད་པས་སྲེ་ད་ལྟ་བུ་ཞེས་བྱ་སྟེ། བསླབ་པ་རྒན་ཅིང་ཚུལ་ཁྲིམས་འཆལ་བ་གནས་བརྟན་སྲེ་ད་ལྟ་བུ་ཞེས་བཏགས་ པར་ཟད་དོ། །དེ་ལྟར་བཏགས་པ་ན་སྟོད་ཀྱི་ཆོས་གོས་ལེགས་པར་མ་བགོས་པ་ཉིད་དམ་སྨད་ཀྱི་ཤམ་ཐབས་ལེགས་པར་མ་སྦྱངས་པ་ཉིད་ཡིན་ན་དེ་ལ་སྡུག་གུ་སྟེ་མཛེས་པར་བྱ་བའི་ཕྱིར་དེ་གཉིས་ལ་ལག་བརྡ་ལ་སོགས་པ་བྱའོ། །བརྡ་བྱས་ཀྱང་མ་གོ་ན། ལེགས་ པར་མ་བགོས་པ་ལ་སོགས་པའི་དགེ་སློང་དེའི་དྲུང་ན་མོ་ལ་བརྡ་བྱེད་དུ་གཞུག་གོ། མ་གྱུར་ན་རང་གིས་སོ། །ཞེས་པ་འདི་ལ་ལུང་མ་མོར། དྲུང་ན་མོས་ཀྱང་གོ་བར་མ་གྱུར་ན་ཞེས་དང་། ཊཱི་ཀར། དྲུང་ན་མོས་གོ་ནས་དེས་བརྡ་བསྟན་ཀྱང་མཛེས་པར་མ་གྱུར་ན་ཞེས་ 6-1-162b པས་གཉིས་ཀ་ལྟར་བཟུང་ལ། རང་གི་ཞེས་པ་འདིའི་འགྲེལ་ཆུང་ལས། གོས་ཉེས་པར་གྱོན་པ་དེ་ཉིད་གནས་བརྟན་གྱི་གན་དུ་འདུག་ལ་བདག་ཉིད་ཀྱིས་བཅོས་ཞེས་བཤད་དོ། །གཉིས་པ་ནི། གསར་བུ་དེ་དག་ལ་དགེ་འདུན་གྱི་གནས་བརྟན་དེས་འདུ་འཛིའི་གཏམ་ ཅལ་ཅོལ་ཀུན་ཏུ་སྨྲ་བར་མི་བྱ་སྟེ་བཙུན་པར་བྱའོ། །གྲོང་འདབ་ཀྱི་གཙུག་ལག་ཁང་དང་། དགོན་པ་དེར་གསར་བུ་དེ་དག་གི་ཚུལ་ཁྲིམས་ཀྱི་ཞེས་པ་ནི། གསར་བུས་བསྲུང་བའི་བསླབ་བྱ་དང་ཚུལ་ཁྲིམས་དེ་གཙུག་ལག་ཁང་དང་དགོན་པ་དེ་ན་ཡོད་ཀྱི། གཞན་ན་མེད་ པའི་ནང་ཁྲིམས་དེ་ཚིག་གི་ཆ་ནས་འཛིན་དུ་གཞུག་པར་བྱ་ཞིང་། དོན་གྱི་ཆ་ནས་ལག་ལེན་ལ་ངེས་པར་སྦྱར་བ་ཡང་ངོ་། །འདིའི་ཡང་སྒྲ་ནི་བྱ་བ་སྔ་མར་མ་ཟད་པའི་དོན་ནོ། །ནད་ཁྲིམས་ཀྱི་བྱ་བ་ཡང་གཙུག་ལག་ཁང་ན་གནས་ན་ལྷ་ཁང་འཁོར་གྱི་ཞལ་ཏ་པ་དང་། ལྷ་ རིས་ཀྱི་ཞིང་དང་དཀོར་ལ་སོགས་པའི་ལས་བསྟན་ཅིང་བསྒོ། དགོན་པར་གནས་མི་རྒོད་དང་འདྲེ་གདོན་གནོད་པ་བྱེད་པའི་སར་མི་གནས་པ་ལ་སོགས་པ་སློབ་མ་དང་འཁོར་རྣམས་ལ་བསྟན་ཅིང་བསྒོའོ། །གསུམ་པ་ནི། གློ་བུར་དུ་འོངས་པ་དེ་དག་གིས་ནི་རང་དང་ལྷན་ ཅིག་གློ་བུར་དུ་ལྷགས་པ་རྣམས་ལ་སོ་སོར་བརྟགས་བགྲངས་ནས་གནས་མལ་གྱི་གོ་ཐོབ་པར་བྱ་བའི་ཕྱིར་དགེ་སློང་གཉུག་མར་གནས་པ་རྣམས་ལ་ངེད་རྣམས་ལ་གནས་མལ་ཞུ་ཞེས་བརྗོད་པར་བྱའོ། །བཞི་པ་ནི། དགེ་སློང་འགྲོ་བར་ཆས་པའི་གནས་བརྟན་གྱིས་ནི་ ཕྱོགས་གང་དུ་འགྲོ་བའི་ལམ་དང་ས་ཕྱོགས་བརྟག་པ་དང་། འགྲོན་པ་ཟླ་བོ་ཚོང་པ་སོགས་གྲོགས་དང་། གནས་གར་དུ་འགྲོ་བར་འདོད་པའི་གནས་དེ་བདེའམ་མི་བདེ་བརྟག་པ་དང་། གནས་མལ་དང་ཡོ་བྱད་འབྱོར་མི་འབྱོར་དང་། གྲོགས་ན་ན་མི་འདོར་བ་ཉིད་བརྟགས་ 6-1-163a ནས་བསམ་པ་དང་རྗེས་སུ་མཐུན་ན་འཕག་པར་བྱའོ། །གཞན་དུ་མི་འཕག་གོ། ཇི་ལྟར་འཕག་པར་བྱ་ཞེ་ན། ཐག་རིང་པོར་མ་སོན་པར་གཞི་ནས་འཆའ་བའི་བྱ་བ་ལ་སོགས་པ་ཐམས་ཅད་ཟིན་པའི་ཐ་མར་དགེ་སློང་ལ་ལའི་དངོས་པོ་ཅུང་ཟད་མ་ ལུས་སམ་ཞེས་འགྲོ་བར་ཆས་པའི་གནས་བརྟན་དེས་འགྲོ་བར་ཆས་པ་དེ་དག་ལ་འཕྲལ་དུ་རྫས་མི་བརླག་པའི་ཚོད་ཙམ་ལ་དྲན་པར་བྱའོ། །འགྲོ་བར་ཆས་པའི་གནས་བརྟན་གྱི་གསར་བུ་རྣམས་མི་རྒོད་པ་ཉིད་དང་། མ་ཁེངས་པ་ཉིད་ལ་འགོད་པར་བྱའོ། །ཊཱི་ཀར། རྒོད་པ་ནི་ ཉེ་བར་མ་ཞི་བའོ། །ཁེངས་པ་ནི་གྱད་གྱིང་ཆེ་བ་སྟེ་ཞེས་སོ། །གྲོང་ཁྱེར་གྱི་ཁྱིམ་གྱི་ཕྱིར་འཇུག་པའི་ཚེ་གྲོང་དུ་ཉེ་བར་སོན་པ་ན་འགྲོ་བར་ཆས་པའི་གནས་བརྟན་འབའ་ཞིག་ཏུ་མ་ཟད་གནས་བརྟན་གཞན་ཐམས་ཅད་ཀྱིས་གསར་བུ་རྣམས་མི་རྒོད་པ་ཉིད་དང་། མ་ཁེངས་པ་ཉིད་ ལ་འགོད་པར་བྱའོ། །དེའི་ཚེ་གསར་བུ་དེ་འབའ་ཞིག་ཏུ་མ་ཟད་རྒན་གཞོན་ཐམས་ཅད་ཀྱང་ངོ་། །ཀྱང་སྒྲ་ནི་ཊཱི་ཀར། ཀྱང་ངོ་ཞེས་བྱ་བ་ལས་ནི་མི་རྒོད་པ་ཉིད་དང་། མ་ཁེངས་པ་ཉིད་ལ་འགོད་པར་བྱའོ་ཞེས་བྱ་བར་སྦྱར་བ་ཡིན་ནོ་ཞེས་སོ། །འགྲོ་བར་ཆས་པའི་གནས་བརྟན་ གྱིས་རང་གི་འཁོར་གྱི་མིང་ལ་སོགས་པའི་མཚན་མ་ཀུན་ཤེས་པར་བྱའོ། །སྤྱོད་པ་ནི། བསོད་སྙོམས་བྱ་བའི་ཡུལ་ལ་སོགས་པ་དང་། སྤྱོད་ལམ་ནི་འཆག་པ་ལ་སོགས་པའི་སྤྱོད་ལམ་མོ། །བསྟན་པ་དང་ཞེས་པ་ནི། སྤྱོད་ཡུལ་ཡིན་མིན་དང་། སྤྱོད་ལམ་ཡིན་མིན་ལ་ སོགས་པ་བསྟན་པའོ། །ལུང་ནོད་པ་ལ་ལུང་སྦྱིན་པ་དང་། ལ་སོགས་པས་བཀླག་པ་ནོད་པ་ལ་བཀླག་པ་སྦྱིན་པ་དང་། སློབ་མ་ལ་ཟས་ཀྱི་རྙེད་པ་དང་། སློབ་མ་ནད་པ་ལ་སྨན་དང་། ནད་གཡོག་བགོ་བཤའ་བྱ་བ་དང་། ལ་སོགས་པས་ཆོས་གོས་ལ་སོགས་པའི་བགོ་ 6-1-163b བཤའ་བྱ་བ་བསྒྲུབས་པས་གནས་བརྟན་གྱིས་གསར་བུ་རྣམས་ལ་ཕན་གདགས་པར་བྱའོ། །ལྔ་པ་ནི། དབྱར་གནས་པར་ཁས་བླངས་པའི་གནས་བརྟན་གྱིས་དགེ་སློང་དབྱར་གནས་པར་ཁས་བླངས་པ་དག་གཙུག་ལག་ཁང་བྱི་དོར་མི་བྱེད་པ་ལ་གྲོས་བཏབ་སྟེ། བྱི་དོར་བྱེད་དུ་ གཞུག་ཅིང་བྱི་དོར་བྱེད་པ་ལ་ནི་དགེ་ཞིང་བསོད་ནམས་ཆེའོ་ཞེས་གཟེངས་བསྟོད་དེ་སྤྲོ་བར་བྱའོ། །ལུང་མ་མོ་ལས། དབྱར་ཚུལ་དུ་ཞུགས་པའི་གནས་བརྟན་གྱིས་མཆོད་རྟེན་དང་གཙུག་ལག་ཁང་རལ་ཚེམས་བྱ་བ་དང་། སུས་བྱེད་པ་ལ་སྤྲོ་བ་བསྐྱེད་པར་བྱ། སུས་མི་བྱེད་པ་དེ་ ལ་ནི་བསྐུལ་བར་བྱའོ་ཞེས་གསུངས་སོ། །དྲུག་པ་ནི། གནས་བརྟན་ཐམས་ཅད་ཀྱིས་རང་གི་འཁོར་དུ་གཏོགས་པ་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་གཏམ་འདོད་ཅིང་གསོལ་བ་འདེབས་པ་དག་ལ་འདོད་པའམ་སྤང་བྱ་དང་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབ་པས་ཕན་གདགས་ པར་བྱའོ། །འཕགས་པའི་མི་སྨྲ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཡིན་གྱི། གྱི་ན་ཁ་རོག་འདུག་པ་ལ་ནི་མི་བྱའི། རང་གི་འཁོར་ཚུལ་བཞིན་ཡིད་ལ་བྱེད་པོ་ཉིད་ལ་དགའ་བ་དག་ཅི་དགར་བཏང་སྙོམས་སུ་བཞག་གོ། གཙུག་ལག་ཁང་དུ་ཁྱིམ་པ་ཉེ་བར་འོངས་པའི་འཚལ་མ་ ཟན་སྦྱོར་དུ་གནས་བརྟན་གྱིས་འཁོར་ལ་གཞུག་གོ། རང་གི་འཁོར་གྱིས་འཚལ་མའི་སྟ་གོན་མི་བྱེད་དམ། ཁྱིམ་པས་འཚལ་མ་དེ་མི་འདོད་ན་ཁྱིམ་པ་དེ་དག་ལ་གནས་བརྟན་གྱིས་ཆོས་དང་ལྡན་པའི་གཏམ་བྱས་ནས་བདག་ཅག་དགེ་སློང་རྣམས་ལ་ཆོས་ཀྱི་སྦྱིན་པ་འདི་ཡོད་དོ་ཞེས་ ཁྱིམ་པ་འདི་དག་ལ་བརྗོད་པར་བྱའོ། །གནས་བརྟན་འབའ་ཞིག་གིས་བྱ་བར་མ་ཟད་ཀྱི་འཁོར་དེ་དང་ལྡན་པའི་དགེ་སློང་ཐམས་ཅད་ཀྱིས་རང་གི་འཁོར་ལ་དོན་ཡོད་པར་སྤྱོད་དམ། མེད་པར་སྤྱོད་ཅེས་སོ་སོར་བརྟག་པར་བྱའོ། །དོན་མེད་པར་སྤྱོད་ན་ཚར་བཅད་དོ་སྟེ་ཊཱི་ཀར། 6-1-164a དེ་ཅི་ནས་ཀྱང་དོན་མེད་པས་དུས་ཡོལ་བར་བྱེད་པར་མི་འགྱུར་བ་དེ་ལྟར་ཚར་བཅད་པར་བྱའོ་ཞེས་སོ། །གནས་བརྟན་གྱིས་འཁོར་དེ་ལ་འགྲོ་བ་དང་ལ་སོགས་པས་འདུག་པ་དང་ཉལ་བའི་སྤྱོད་ལམ་བསྡུས་པས་འཁོར་དེ་ཇི་ལྟ་བ་བཞིན་དུ་རང་གི་འཁོར་དང་ མཐུན་པར་བྱའོ། །འཁོར་དང་ལྡན་པ་དེས་གཏམ་སྣ་ཚོགས་པ་རྣམ་པ་འཕྲོས་པ་དང་། གཏམ་འགལ་བ་ཆོས་འདུལ་བ་དང་འགལ་བ་མེད་པར་བྱའོ། །གཏམ་སྣ་ཚོགས་ཀྱང་ཡིན་ལ། གཏམ་འགལ་བ་ཡང་ཡིན་པ་ཡོད་དེ་ཉོན་མོངས་པའི་གཏམ་རྣམ་པར་འཕྲོས་པའོ། ། གཏམ་འགལ་བ་ཡང་ཡིན་ལ་གཏམ་སྣ་ཚོགས་མ་ཡིན་པ་ནི་དགེ་བའི་གཏམ་སྣ་གཅིག་སྨྲས་པ་ལྟ་བུའོ། །གཏམ་སྣ་ཚོགས་ཡིན་ལ་གཏམ་འགལ་བ་མིན་པ་ནི་ཆོས་ཀྱི་གཏམ་སྣ་ཚོགས་ཏེ་ཉེས་པ་མེད་ཅིང་དགེ་བར་འགྱུར་རོ། །གཏམ་སྣ་ཚོགས་ཀྱང་མིན་ལ་གཏམ་འགལ་བ་ ཡང་མིན་པ་ནི། ཆོས་ཀྱི་གཏམ་སྣ་གཅིག་སྨྲས་པ་ལྟ་བུ་ཉེས་པ་མེད་ཅིང་དགེ་བར་འགྱུར་རོ། །གསུམ་པ་ནི། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གནས་བརྟན་གྱི་མདུན་དུ་འགྲོ་བར་མི་བྱའོ། །འདུག་པ་དང་འགྲེང་བར་མི་བྱའོ། །དགེ་སྦྱོང་བླ་མས་སྨྲས་ཟིན་པ་ན་ཕྱིས་འབྲང་དགེ་ སྦྱོང་གིས་སྨྲ་བར་བྱ་ཞིང་། ཡང་ན་དགེ་སྦྱོང་བླ་མས་གང་སྨྲས་པ་དེ་ཕྱི་བཞིན་འབྲངས་པའི་དགེ་སྦྱོང་དག་གིས་ཅང་མི་སྨྲ་བ་ཁོ་ནས་བསྒྲུབ་པར་བྱའོ། །དགེ་སྦྱོང་བླ་མའི་གཏམ་གྱི་བར་ཆད་ཕྱིས་འབྲངས་དགེ་སྦྱོང་གིས་མི་བྱའོ། །དགེ་སློང་བླ་མ་དེས་ཆོས་མ་ཡིན་པ་སྨྲ་ན་ ཕྱི་འབྲང་གིས་བཟློག་པར་བྱའོ། །དགེ་སྦྱོང་བླ་མ་ལ་སོགས་པ་དེ་ཆོས་སྨྲ་བ་ནི་ཕྱི་འབྲང་གིས་ཆོས་ཀྱི་རྗེས་སུ་ཡི་རང་བར་བྱའོ། །བླ་མ་ལ་ཆོས་དང་ལྡན་པའི་རྙེད་པ་བྱུང་ན་ཕྱིས་འབྲང་གིས་བླང་བར་བྱའོ། །གསུམ་པ་ལ། ཁྱིམ་དུ་འགྲོ་བའི་ཚུལ་ཁྲིམས་དང་། །དྲན་དང་ལུང་ 6-1-164b ལ་བརྟེན་ཏེ་བསྒྲུབ། །གཉུག་མར་གནས་པས་ཅི་ལྟར་བྱ། །གསར་བུ་དག་གིས་ཅི་ལྟར་བསྒྲུབ། །གཡོག་འཁོར་གནས་བཅས་སྐྱོང་བའོ། །དང་པོ་ནི། དགེ་སློང་གིས་ཁྱིམ་དུ་འགྲོ་བ་ན་མི་རྒོད་པ་དང་། མ་ཁེངས་པ་དང་། ཁྱིམ་དུ་མི་གནས་པར་བྱའོ་སྟེ། ཊཱི་ཀར། ཁྱིམ་ ནས་ཕྱིར་འགྲོ་འདོད་པར་བྱ་ཞིང་དེར་ཡུན་རིང་དུ་གནས་པའི་སེམས་མེད་པར་བྱའོ་ཞེས་སོ། །ཁྱིམ་དུ་ཕྱིན་པ་ན་མི་གཡེང་བའི་ཕྱིར་མིག་སྨད་པ་དང་ཁྱིམ་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ། །ཆོས་ལྡན་གྱི་གཏམ་ཇི་ལྟ་བུ་ཞེ་ན། སྦྱིན་པ་དང་དུལ་བ་དབང་པོ་ལ་དབང་ བྱེད་པ་དང་། འདོད་པའི་ཡོན་ཏན་ལ་ཆགས་པ་ཡང་དག་པར་སྡོམ་པ་དང་། རབ་བྱུང་དང་ཁྱིམ་པ་དག་ལ་ཇི་སྲིད་འཚོ་བའི་བར་དུ་གྲོང་པའི་ཆོས་ལས་ལྡོག་པའི་ཚངས་པར་སྤྱོད་པ་ལ་གནས་པ་དང་། ཉིན་ཞག་གཅིག་པའི་གསོ་སྦྱོང་དང་། སྐྱབས་སུ་འགྲོ་བ་དང་། བསླབ་ པའི་གཞི་བཟུང་བ་དག་ལ་ཁྱིམ་པ་དེ་དག་ངེས་པར་སྦྱར་བར་བྱའོ། །གཉིས་པ་ནི། ལྟུང་བའི་སྒོར་གྱུར་པའི་ལུས་ངག་ཡིད་གསུམ་གྱི་བྱ་བ་ལ་འཇུག་པ་ཐམས་ཅད་ལ་ལྟུང་བ་མི་འབྱུང་བ་དེ་ལྟར་དྲན་པ་དང་པོ་ཉིད་ནས་མངོན་དུ་གྱུར་པས་བྱ་བ་དེ་དག་བསྒྲུབ་པར་བྱའོ། ། གནས་པ་དག་གང་གི་རྗེས་སུ་འབྲང་ཞིང་འགྲོ་བས་ན་ཡུལ་དེས་ཆོས་ལ་སོགས་པ་བསྟན་ཅིང་བསླབས་པས་ན་བསྒྲུབ་པར་མི་བྱ་བར་མི་བྱའོ། །གསུམ་པ་ནི། ཁྱིམ་པའམ་རབ་བྱུང་གཙུག་ལག་ཁང་དུ་གསར་དུ་འོངས་པ་ལ་འོངས་པ་ལེགས་སོ་ཞེས་གསར་འོངས་དེས་ བརྗོད་པ་བས་སྔར་གཉུག་གནས་ཀྱིས་སྙན་པ་བརྗོད་པར་བྱའོ། །གཉུག་གནས་ཀྱིས་བཞིན་གྱི་མདངས་གསལ་བར་བྱའོ། །གསར་འོངས་ལ་གཉུག་གནས་དེས་འཛུམ་པ་སྔར་བྱའོ། །ཁྲོ་གཉེར་མེད་པར་བྱའོ། །གལ་ཏེ་འོངས་པ་དེ་ཁྱིམ་པ་ཞིག་ན་དེ་ལ་ཆོས་དང་ལྡན་ 6-1-165a པའི་གཏམ་བྱའོ། །དགེ་སློང་གྲོང་མཐའི་གཙུག་ལག་ཁང་ལ་གནས་པས་ནི། གཙུག་ལག་ཁང་དེར་ཁྱིམ་པ་མི་འོང་ན་དེའི་ཚེ་ཀུན་དགའ་བར་འགྱུར་བ་ཟས་སྐོམ་ལ་སོགས་པ་ཅི་ནུས་པས་ནུས་མཐུ་དང་མཐུན་པར་བཟླུག་པར་བྱའོ་སྟེ་འདྲིས་པར་ བྱས་ནས། ཊཱི་ཀར། བསྲུལ་བར་བྱའོ་ཞེས་སོ། །བསྲུལ་བ་ནི་རབ་ཏུ་འཇུག་པར་བྱ་བའི་བརྡ་རྙིང་ངོ་། །དགོན་པ་པས་གློ་བུར་དུ་འོངས་པ་ལ་གཞན་མ་འབྱོར་ཡང་ཆུ་དང་སྟན་ཙམ་བསྟབ་པར་བྱའོ། །བཞི་པ་ནི། གནས་ཁང་སོགས་ཀྱི་ཕྱགས་དར་དང་། དགེ་འདུན་གྲལ་ ཁང་གི་མལ་དང་། སྟན་བཤམ་པ་དང་། ཆུ་བཞག་པ་དང་། ཤིང་ཏོག་སོགས་བྲིམ་པ་དང་ཟན་དྲང་བ་ནི་གསར་བུས་བྱའོ། །གསར་བུ་ཡང་དགེ་ཚུལ་ཡན་ཆད་གཞོན་པ་དང་། དགེ་སློང་གིས་བྱེད་ནའང་སྔོན་ལ་བྱིན་ལེན་བྱས་ཏེ་གདོད་བྲིམ་མོ། །ལྔ་པ་ལ། གཡོག་འཁོར་ ཇི་ལྟར་བསྐྱང་བ་དང་། །གནས་ཉིད་ཇི་ལྟར་འཛིན་པའོ། །དང་པོ་ནི། ཤ་ན་རེ། གཡོག་ནི་ནད་གཡོག་དང་། འཁོར་ནི་ཕྱི་འཁོར་ཞེས་ཐ་དད་དུ་བཤད་པ་ཡོད་ཀྱང་། འདིར་ནི་གཡོག་ཀྱང་ཡིན་ལ་འཁོར་ཡང་ཡིན་པས་གཡོག་འཁོར་ཏེ་དགེ་འདུན་གྱི་གཡོག་ཏུ་བསྲེལ་བའི་ མི་གང་དག་རབ་ཏུ་མ་བྱུང་བ་དེ་དག་སྟེ། འགྲེལ་ཆུང་ལས། ལྷ་རིས་ཀྱི་འབངས་རྩེ་རྒོད་དང་ལྡུམ་ར་བསྲུང་བ་ལྟ་བུ་ཞེས་སོ། །དེས་ན་གཡོག་འཁོར་གྱི་བྱ་བ་ཚུལ་དང་མི་མཐུན་པ་ཆང་འཐུང་བ་ལྟ་བུ་སྟེ། ཊཱི་ཀར། གཡོག་འཁོར་གྱི་རྣམ་པར་བཞག་པ་ཚུལ་དང་མཐུན་ པ་མ་ཡིན་པ་རྐྱེན་དུ་མི་འབབ་པ་སྟེ། ལྷ་དྲག་པོའི་རྟེན་གཟུགས་པ་ལ་སོགས་པའོ་ཞེས་སོ། །དྲག་པོ་ནི་དབང་ཕྱུག་ཆེན་པོ་སྟེ་ལྷ་ཆེན་པོ་དང་། ཞི་བ་དང་། ནག་པོ་ཆེན་པོ་རྣམས་དོན་གཅིག་ལ། དེང་སང་རབ་ཏུ་བྱུང་བ་རྣམས་མ་ཧཱ་ཀཱ་ལ་མཆོད་པ་བྱེད་པ་ཡིན་ཟེར་ནས་ཁྲག་ 6-1-165b མཆོད་སོགས་སྡིག་པའི་རྒྱུན་བཙུགས་པ་ནི་བདུད་ཀྱི་བྱིན་རླབས་དང་། བསྟན་པ་ཉམས་པའི་རྟགས་ཡིན་ཏེ། དམ་པའི་ཆོས་འདུལ་བ་ནས་དགེ་འདུན་གྱི་ལྷ་འབངས་ཀྱིས་དེ་ལྟར་བྱེད་ཀྱང་བཟློག་ཅིང་། བཟློག་མི་ནུས་ན་དགེ་སློང་གཞན་དུ་འགྲོ་བར་གསུངས་པས་ད་ལྟའང་ དེ་གཉིས་འཆད་སྐབས་ཡིན་པའི་ཕྱིར། དེས་ན་ཁོ་བོ་ལ་བླ་མར་བྱེད་པ་དག་མེ་ཏོག་དང་རྩྭ་འབྲས་དང་། འབྲས་བཤོས་ལྟ་བུས་འཇིག་རྟེན་པའི་ལྷ་ལ་གཏོར་མ་གཏོང་བ་རུང་སྟེ་འདུལ་བ་ནས་ཀྱང་བཤད་པའི་ཕྱིར། དེ་ལས་གཞན་དུ་དགུ་གཏོར་སོགས་ཀྱི་གཏོར་མའི་བྱེ་བྲག་ ལ་ཤ་ཆང་སོགས་འཇོག་ན་ནི། ཁོ་བོ་ལ་སྟོན་པར་བྱས་པ་མ་ཡིན། ཁོ་བོའི་ཉན་ཐོས་སུ་རུང་བ་མ་ཡིན། ཁོ་བོ་ལ་བླ་མར་བྱས་པ་མ་ཡིན་ནོ། །འོ་ན་གཏོར་མ་ལ་ཤ་ཆང་བཞག་པ་སངས་རྒྱས་པའི་སྔགས་ལུགས་ཡིན་ནོ་ཞེ་ན། རྒྱུད་སྡེ་བཞི་གང་གི་ལུགས། རྒྱུད་སྡེ་འོག་ མ་གསུམ་གྱི་ལུགས་ནི་མིན། སྔགས་བླ་མེད་ཀྱི་ལུགས་སོ་ཞེ་ན། སྔགས་བླ་མེད་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་གང་ཡིན་ཀྱང་རུང་། གཏོར་མ་འབུལ་བ་ན་གཏོར་མ་དེ་ཉིད་ཆོས་ཅན། དམ་ཚིག་པའི་བདུད་རྩི་དང་ཆོས་ཉིད་ཡེ་ཤེས་ཀྱི་བདུད་རྩི་ དབྱེར་མེད་དུ་བྱས་པ་དེ་འབུལ་བ་ཡིན་གྱི། ཁམ་གྱི་ཟས་འབུལ་བའི་སྐབས་མི་སྲིད་པའི་ཕྱིར། དེ་ལ་ཁོ་ན་རེ། ཤ་ཆང་སོགས་ཆོས་ཅན། དམ་ཚིག་པའི་བདུད་རྩིར་བྱེད་དོ་ཞེ་ན། འོ་ན་ཤ་ཆང་དེ་ཆོས་ཅན། དམ་ཚིག་པའི་བདུད་རྩིར་བྱེད་པ་ལ་ཤ་ཆང་དེ་གནས་ གྱུར་དགོས་སམ་མི་དགོས། མི་དགོས་ན་དམ་ཚིག་གི་བདུད་རྩིར་འགལ་ཏེ། དམ་ཚིག་གི་བདུད་རྩི་ནི་ཡེ་ཤེས་ཀྱི་བདུད་རྩིར་འཇུག་རུང་གི་ཆོས་ཉིད་དང་རྗེས་སུ་མཐུན་པའི་ཁམས་ཀྱི་དྲི་རོའི་རྣམ་པ་ལས་འདས་དགོས་པའི་ཕྱིར་དང་། རྣལ་འབྱོར་གྱི་ངོར་མ་གཏོགས་ 6-1-166a སྣང་དུ་མི་རུང་བའི་ཕྱིར་དང་། དགོས་ན་དེར་རུང་ཡང་དེ་གནས་གྱུར་པའི་ནུས་ལྡན་དེ་སྔགས་བླ་མེད་ཀྱི་སྦྱོར་ལམ་ཐོབ་དགོས་པའི་ཕྱིར། ཁོ་ན་རེ། ཤ་རུལ་དྲི་ཆི་ལེ་བ་དང་ཆང་སྐྱུར་དྲི་ཆི་ལེ་བ་དེ་ཉིད་དམ་ཚིག་གི་བདུད་རྩིའོ་ཞེ་ན། འོ་ན་ནི་ངས་ལན་ འདེབས་རྒྱུ་ཟད་དོ། །ཡང་ཁོ་ན་རེ། ཤ་ཆང་དེ་དམ་ཚིག་དང་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ནས་ཡེ་ཤེས་པ་ལ་འབུལ་བ་ཡིན་མོད། འཇིག་རྟེན་པ་ལ་ཕུལ་ན་དམ་ཚིག་དང་ཡེ་ཤེས་ཀྱི་བདུད་རྩིར་བཟའ་མི་ནུས་པའི་ཕྱིར་གཏོར་མ་ཤ་ཆང་ཉིད་འཇོག་དགོས་ཞེ་ན། རྒྱུད་སྡེ་ལ་མ་ སྦྱངས་པ་ཁྱོད་བདེན་མོད། ངེད་འཇིག་རྟེན་པ་ལ་གཏོར་མ་སྦྱིན་པ་ན་འཇིག་རྟེན་པའི་ལྷ་ལྷག་པའི་ལྷར་བསྐྱེད། དབང་བསྐུར། ཡེ་ཤེས་པ་གསལ་བཏབ་ནས་འབུལ་བའི་ཕྱིར་ཁྱོད་ཀྱིས་བརྗོད་པའི་སྐྱོན་མེད་དོ། །མདོར་ན་གཏོར་མ་ལ་ཤ་ཆང་དངོས་སུ་འཇོག་པ་ན་དེ་ཉིད་ དངོས་སུ་སྦྱོང་བར་མི་ནུས་པས་ཤ་ཆང་མ་འཇོག་ཅིག་ཅེས་གསོལ་བ་འདེབས་སོ། །བྱ་བ་མི་མཐུན་པ་དེ་ལྟར་སྤྱད་པས་གལ་ཏེ་དགེ་སློང་རང་དང་ཡུལ་མི་གཞན་ལ་དངོས་སུ་གནོད་པར་མི་འགྱུར་བ་ནི་མི་དགག་པར་ཅི་བདེར་བཏང་སྙོམས་སུ་བཞག་གོ། གཡོག་འཁོར་གྱི་བྱ་བ་ མི་མཐུན་པ་དེ་གལ་ཏེ་རང་གཞན་ལ་གནོད་པ་དེ་ལྟར་ན་དྲག་པོའི་སྒོ་ནས་རྒྱུན་བཅད་ནུས་ཀྱང་། འཁོར་གྱི་བྱ་བ་མི་མཐུན་པ་དེ་དག་ཞི་བའི་སྒོ་ནས་དྲག་པོའི་རྟེན་འཛུགས་པ་སོགས་རྒྱུན་བཅད་ལ། དེའི་ཚབ་དུ་གཙུག་ལག་ཁང་དུ་མར་མེའི་ཕྲེང་བ་འགོད་པ་དང་། དུས་སྟོན་ལ་ སོགས་པ་ཆོས་དང་ལྡན་པ་བྱ་བའི་སེམས་བསྐྱེད་ལ་ཆོས་ལྡན་གྱི་བྱ་བ་དེས་གཡོག་འཁོར་ལ་གྲོས་གདབ་པར་བྱའོ། །ཊཱི་ཀར། ཡང་ན་བསྐྱེད་ནས་ཞེས་བྱ་བ་ནི་རྣམ་པར་བཞག་ནས་སོ། །དེས་བྱ་བ་ནི་ཆོས་དང་ལྡན་པའི་བྱ་བ་དེས་སོ། །གྲོས་བཏབ་པར་བྱའོ་ཞེས་བྱ་བ་ནི་ཁྱེད་ 6-1-166b ཀྱིས་ད་ཕྱིན་ཆད་ཆོས་དང་ལྡན་པའི་བྱ་བ་དེ་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཞེས་སོ། །ཆོས་ལྡན་གྱི་བྱ་བ་ལ་བཞག་པ་དེའི་གཞི་ལས་གཡོག་འཁོར་གྱི་སེམས་མི་དགའ་ཞིང་། གཙུག་ལག་ཁང་གི་གནས་དེ་ནས་གྲོང་གཞན་དུ་འཕོ་བར་ལྟ་ན་སྦྱིན་པ་དང་སྙན་པར་སྨྲ་བ་ སོགས་ཀྱིས་ཕྱིར་བསྡུ་བར་བྱའོ། །གཡོག་འཁོར་གྱི་བྱ་བ་མི་མཐུན་པ་དེ་དག་རྒྱུན་བཅས་པར་མི་ནུས་པ་ཉིད་ཡིན་ན་དགེ་སློང་རང་ཉིད་གནས་གཞན་དུ་འགྲོ་བར་བྱའོ། །རྒྱུད་བཅད་པ་དང་ཆོས་ལྡན་ལ་བཞག་པ་དེའི་རྐྱེན་གྱིས་འཁོར་གཡོག་དང་རང་ཉིད་རྩོད་ཅིང་འཐབ་པའི་ ཚིག་སྨྲ་བར་མི་བྱའོ། །གཉིས་པ་ནི། དགེ་འདུན་གྱི་ཀུན་དགའ་རྭ་བར་གཙུག་ལག་ཁང་དུ་རྐུན་པོ་ལ་སོགས་པས་གནོད་པར་བྱེད་ན། ཅི་ནས་ཀྱང་གནོད་པར་བྱེད་པ་དེ་ཉིད་རྐུ་བའི་རྫས་དང་བཅས་པ་མངོན་སུམ་དུ་གཞུག །མངོན་སུམ་དུ་ཟིན་པས་ཅུང་ཟད་ཀྱང་སྨྲ་མི་ ནུས་པར་བྱ་བའི་ཕྱིར་འཛིན་པ་བཏང་བ་དེ་ལྟར་ཐབས་བྱའོ། །འཛིན་པ་མི་འགྲོ་ན་བབ་ཅོལ་དུ་མ་བརྟགས་པར་གཡོག་འཁོར་སོགས་སུ་ལ་ཡང་འདི་རྐུའོ་མི་བསྲུན་ནོ་ཞེས། གཞན་ལ་བྱུང་རྒྱལ་དུ་མ་བརྗོད་པར་རྒྱལ་པོ་གཞོན་ནུ་རྒྱལ་ཚབ་ཏུ་དབང་བསྐུར་བར་འགྱུར་བ་ དང་། རྒྱལ་པོའི་མཛའ་བཤེས་སྣ་ཆེན་ལྟ་བུ་དང་། ཞང་བློན་ཏེ་གུང་བློན་ཆེན་པོ་དང་། བཀྲབས་པ་ནི། ཊཱི་ཀར། རྒྱལ་པོའི་གདུང་ལ་གཏོགས་པ་སྡིག་པའི་ཆོས་བསལ་བ་ཞེས་སོ། །ཉིན་མཚན་ཐམས་ཅད་དུ་རྒྱལ་པོའི་ཞམ་འབྲིང་གཉུག་མར་བྱེད་པ་དག་ལ་འདི་ནི་རྐུན་ པོ་ལ་སོགས་ཞེས་སྐད་སྦྱར་ཏེ་བླའི་གྲྭ་དག་པ་ནི། ཊཱི་ཀར། གྲྭ་གང་དུ་སྐྱེ་བོ་ཡོངས་ལ་མི་རིགས་པའི་ཆད་པས་མི་གཅོད་པའི་གྲྭ་དེ་ནི་གྲྭ་དག་པ་སྟེ་དེར་རོ་ཞེས་སོ། །འགྲེལ་ཆུང་ལས། བརྡེག་བཙོག་དང་བསད་སྤྱུགས་ལྟ་བུ་མི་བྱའི། ཚིག་གི་ནན་ཏུར་གྱིས་ཕྱིན་ཆད་མི་ 6-1-167a བྱེད་པར་ཐུལ་བར་བྱ་ཞེས་སོ། །ཐུལ་འོག་ཏུ་གཞུག་པར་བྱའོ་ཞེས་པ་ནི་ཐུལ་བ་སྟེ་ཚར་བཅད་ཅིང་འོག་ཏུ་གཞུག་པ་སྟེ་ཕམ་པར་བྱའོ། །ཊཱི་ཀར། རབ་ཏུ་བྱུང་བའི་གཞིའི་སྐབས་ལས་དགེ་སློང་གི་སྐབས་སྨྲས་ཟིན་ཏོ། །ཞེས་སོ། །སྨྲས་པ། ཕྲག་ དོག་ཁྲི་ལ་རྨོངས་པའི་མུན་ཆེན་གྱིས། །གྱི་ནར་བཞག་འགས་དགེ་སྦྱོང་ཚུལ་འཛིན་ཏེ། །རྒྱལ་པོའི་ཁྲིམས་ལ་བྱི་དོར་བྱེད་བཞིན་དུ། །འདི་འདྲས་བསྟན་ལ་བྱ་བ་ཇི་ལྟར་བྱེད། །བདག་ནི་འདུལ་བ་རྒྱ་མཚོའི་གཏིང་མཐའ་དཔོགས། །དེ་ཡི་ལག་ལེན་འཁྲུལ་པ་མེད་པར་ཤེས། ། དེ་ཕྱིར་འདི་དོན་འཆད་ལ་འཇིགས་པ་མེད། །བསྟན་ལ་ལས་སུ་བྱེད་ན་སྤོབས་པ་སྐྱེས།། ༈ །།གཉིས་པ་ཐུན་མོང་མིན་པའི་ཆོ་ག་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གཞུང་དུ་བཀོད་པའི་གོ་རིམ་ལ་འཁྲུལ་པ་སྤང་། དངོས་ཀྱི་ཆོ་ག་ཇི་ལྟར་བསྒྲུབ་ པའོ། །དང་པོ་ལ། ཁ་ཅིག་འདི་ལྟར་དགོངས་ཏེ། དགེ་སློང་ཕ་མའི་སྡོམ་པ་ཐོབ་བྱེད་ཀྱི་ཆོ་ག་ཆོས་ཅན། ཐོབ་བྱེད་དགེ་སློང་ཕའི་ཆོ་ག་ལས་དགེ་སློང་མའི་ཆོ་ག་ཐ་དད་དུ་བཤད་པ་མི་འཐད་པར་ཐལ། ཐོབ་བྱ་དགེ་སློང་ཕའི་སྡོམ་པ་ལས་དགེ་སློང་མའི་སྡོམ་པ་རྫས་གཞན་མིན་པའི་ ཕྱིར་ཏེ། མཛོད་འགྲེལ་ལས། དགེ་སློང་གི་སྡོམ་པ་ལས་ཀྱང་དགེ་སློང་མའི་སྡོམ་པ་རྫས་གཞན་མ་ཡིན་ཅེས་བཤད་པས་སོ་ཞེ་ན། དགེ་སློང་ཕ་མ་མཚན་མི་འདྲ་བའི་སྟོབས་ཀྱིས་ལུས་དང་བསམ་པ་མི་འདྲ་ཞིང་བསམ་པ་དེ་ལ་བརྟེན་པའི་ཉོན་མོངས་པ་རགས་མི་རགས་ ཡོད་པས། དེ་ལ་ལྟོས་ནས་བཅས་པ་ལ་ཡང་མང་ཉུང་དང་ཆེ་ཆུང་ཡོད་པའི་ཕྱིར་ན་ཐོབ་བྱེད་ཀྱི་ཆོ་ག་ཡང་ཐ་དད་དུ་བཤད་པ་ཅི་འགལ་ཏེ་ཁྱབ་པ་མ་གྲུབ་བོ། །མཛོད་རྩ་འགྲེལ་ལས། དགེ་སློང་ཕ་མའི་སྡོམ་པ་རྫས་གཞན་མིན་པར་བཤད་པ་དེ་ནི་སྤོང་བ་བདུན་ཙམ་དུ་ལྡོག་པ་ 6-1-167b མཚུངས་པ་ཙམ་ལ་རྫས་གཅིག་པ་ཞེས་བཏགས་པ་སྟེ། མཛོད་ལས་བྱང་ཆུབ་ཀྱི་ཆོས་སོ་བདུན་པོ་རྫས་བཅུར་བཤད་པ་བཞིན་ནོ། །ཡང་ཁ་ཅིག་འདི་ལྟར་སེམས་ཏེ། དགེ་སློང་མའི་ཆོ་ག་འདི་ཆོས་ཅན། དགེ་སློང་ཕའི་ཆོ་གའི་ཕྱི་ནས་བཤད་པ་མི་འཐད་པར་ཐལ། དགེ་སློང་ ཕ་ཆོག་ལས་ཡི་གེ་ཉུང་བའི་ཕྱིར། ཁྱབ་པ་མ་གྲུབ་ན། ལུགས་ལས། གཉིས་ལས་ཡི་གེ་རབ་ཉུང་ངམ། །ཡང་ན་མཆོད་འོས་སྔོན་ལ་སྦྱར། །ཞེས་གསུངས་པ་དང་འགལ་ཅེ་ན། ཡི་གེ་ཉུང་བ་མ་གྲུབ་སྟེ། ལུང་དང་ཀར་ཤ་ལས། དགེ་སློང་ཕ་ཆོག་ལས་མ་ཆོག་ཡི་གེ་ མང་བའི་ཕྱིར་དང་། མདོ་རྩ་བ་འདིར་ཡང་། དགེ་སློང་མ་ཆོག་གི་ཁྱད་པར་འདི་རྣམས་ཀྱི་སྟེང་དུ་སྔར་དགེ་སློང་ཕ་ཆོག་གི་གཞུང་ཕལ་ཆེ་བ་རྣམས་ཀྱང་དགེ་སློང་མའི་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེས་ན་དགེ་སློང་ཕ་མའི་ཆོ་ག་གོ་རིམ་འདི་ལས་བཟློག་ན་སྐྱོན་ཡོད་ཅིང་ གོ་རིམ་འདི་ལྟར་འཐད་དེ། ལུང་གི་གོ་རིམ་དང་མཐུན་པའི་ཕྱིར་དང་། གཙོ་འཁོར་གྱི་གོ་རིམ་དང་མཐུན་པའི་ཕྱིར་ཏེ། ལུང་གཞི་ལས། དགེ་སློང་ཕའི་ཆོ་ག་སྔར་གསུངས་ནས། ལུང་ཕྲན་ཚེགས་ལས། དགེ་སློང་མའི་ཆོ་ག་ཕྱིས་གསུངས་པའི་ཕྱིར་དང་། དགེ་སློང་ཕ་ གཙོ་བོ་ཡིན་ཅིང་། དགེ་སློང་མ་འཁོར་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འཁོར་གཙོ་བོ་ལ་ཆུ་གཏོར་ན་ལྟུང་བྱེད་དོ་ཞེས་སོ། །གཉིས་པ་ལ། གང་ལས་ནོད་ཡུལ་མཁན་སློབ་དགེ་འདུན་ཏེ། དང་པོ་ནི། མཁན་པོ་ཕམ་པ་བཞིས་མ་གོས་ཤིང་བསྙེན་པར་རྫོགས་ནས་ལོ་བཅུ་ ལོན་པ་དགེ་བས། མཁན་མོ་ཕམ་པ་བརྒྱད་ཀྱིས་མ་གོས་ཤིང་རྫོགས་ནས་ལོ་བཅུ་གཉིས་ལོན་དགོས་སོ། །མདོར་ན། མཁན་མོ་ནི་གསུམ་སྟེ། རབ་བྱུང་གི་དང་། དགེ་སློབ་མའི་དང་། བསྙེན་རྫོགས་ཀྱིའོ། །གཉིས་པ་ནི། ལས་བྱེད་པའི་སློབ་དཔོན་ནི་བཞི་སྟེ། དགེ་ 6-1-168a ཚུལ་མའི་དང་། དགེ་སློང་མའི་དང་། ཚངས་སྤྱོད་ཉེར་གནས་ཀྱི་དང་། བསྙེན་པར་རྫོགས་པའི་སྟེ་བཞི་ལས། ཕྱི་མ་གསོལ་བཞིའི་ལས་ནི་དགེ་སློང་གིས་སོ། །གསུམ་པ་ནི། དགེ་སློང་ཕ་ཡུལ་དབུས་སུ་བཅུ་དང་། མཐའ་འཁོབ་ཏུ་ལྔ་དང་། དགེ་ སློང་མ་དབུས་སུ་ཉེར་གཉིས་དང་། མཐའ་འཁོབ་ཏུ་བཅུ་གཅིག་གི་གྲངས་ཚང་བའོ། །གང་གིས་ནོད་པའི་རྟེན་གྱི་ཁྱད་པར་ལ། ན་ཚོད། ཆ་ལུགས། ཚིགས་སྔ་མའི་ཁྱད་པར་ཏེ། དང་པོ་ནི། སྐྱེས་པ་རྫོགས་པ་ལ་ལོ་ཉི་ཤུ་ལོན་དགོས་ལ། བུད་མེད་ཁྱིམ་སོ་བཟུང་ བ་ལོ་བཅུ་གཉིས་ལོན་པ་དགེ་སློང་མ་བྱར་རུང་ངོ་། །གཉིས་པ་ནི། ཆོས་གོས་མང་ཉུང་དང་། ལྷུང་བཟེད་ཆེ་ཆུང་། ཁ་སྤུ་བྲེགས་དགོས་མི་དགོས་སོ། །གསུམ་པ་ནི། དགེ་སློབ་མའི་ཚིགས་སྔོན་དུ་འགྲོ་དགོས་པ་དང་མི་དགོས་པའོ། །ཇི་ལྟར་ནོད་པ་ཆོ་གའི་ཁྱད་པར་ ལ་སྦྱོར་དངོས་རྗེས་གསུམ་སྟེ། །དང་པོ་ནི། བར་ཆད་དྲི་བ་སྒྲིབ་དགོས་མི་དགོས། ཚངས་སྤྱོད་ཉེར་གནས་དགོས་མི་དགོས། གཉིས་ཀའི་དགེ་འདུན་ལ་གསོལ་བ་འདེབས་དགོས་མི་དགོས་ཀྱི་ཁྱད་པར་རོ། །གཉིས་པ་ནི། མིང་འཇུག་ལ་སོགས་པའི་བརྗོད་པ་མི་འདྲ་བ་ཅུང་ཟད་ ཡོད་དོ། །གསུམ་པ་ནི། གནས་རྣམ་བཞི་བརྗོད་པ་དང་། ཤིང་དྲུང་བོར་བའི་གནས་གསུམ་བརྗོད་པ་དང་། ཕམ་པ་བཞི་དང་བརྒྱད་བརྗོད་པ་དང་། ལྕི་བའི་ཆོས་བརྒྱད་བརྗོད་དགོས་པ་དང་མི་དགོས་པའི་ཁྱད་པར་རོ། །གཉིས་པ་ལ། གང་ལས་ནོད་ཡུལ་ཁྱད་པར་བཤད། ། ནོད་ཚུལ་ཆོ་གའི་ཁྱད་པར་བཤད། །འགལ་རྐྱེན་བར་ཆད་ཁྱད་པར་བརྗོད། །དང་པོ་ནི། སྔར་དགེ་སློང་ཕ་ཆོག་གི་སྐབས་སུ་དགེ་སློང་ཞེས་སྨོས་པ་དག་གི་གནས་སུ་འདིར་ནི་དགེ་སློང་མ་ཞེས་བརྗོད་པར་བྱའོ། །ཇི་ལྟར་བརྗོད་ཅེ་ན། དགེ་སློང་མ་འགའ་ཞིག་ལ་མཁན་མོ་ཉིད་དུ་ 6-1-168b གནས་པ་ལའོ། །དགེ་འདུན་མ་ལ་ཞུ་བའི་དགེ་སློང་མ་ལ་གཏད་པར་བྱའོ། །མཁན་མོར་གསོལ་བར་བྱའོ། །ཞེས་སོགས་ཀྱི་སྐབས་སྦྱར་རོ། །རུ་ན་རེ། ལེན་པ་པོའི་སྐབས་སུ་ཡང་ཚེ་དང་ལྡན་མའོ་ཞེས་ཟེར་བ་སྨོས་པ་ནི་དགེ་སློང་གི་གནས་སུ་དགེ་སློང་མའོ་ཞེས་པ་འདིས་བསྟན་ པར་འདོད་ཀྱང་མི་རིགས་ཏེ། སྐབས་དོན་མ་ཡིན་པའི་ཕྱིར། འགྲེལ་པ་ལས་མ་སྦྱར་བའི་ཕྱིར་རོ། །འོ་ན་ནོད་ཡུལ་དགེ་སློང་ཕའི་གནས་སུ་དགེ་སློང་མ་ཞེས་སྨོས་པ་དེ་སྐབས་སུ་གང་ཡིན་ཅེ་ན། རབ་ཏུ་བྱུང་བའི་ཡུལ་མཁན་པོ་ལ་སོགས་པ་དགེ་སློང་ཐམས་ཅད་ཀྱི་སྐབས་སུ་ དགེ་སློང་མ་ཞེས་བརྗོད་པར་བྱའོ། །བུད་མེད་རབ་ཏུ་བྱུང་ན་ནོད་ཡུལ་ཕའི་སྐབས་སུ་མ་སྦྱར་བ་ཡིན་མོད། འོ་ན་བུད་མེད་བསྙེན་རྫོགས་ཀྱི་སྐབས་སུ་ཇི་ལྟར་བྱ་ཞེ་ན། བསྙེན་པར་རྫོགས་པ་ལ་ནི་བསྙེན་པར་རྫོགས་པ་དེ་རྫོགས་པར་གསོལ་བ་འདེབས་པ་དང་། ལ་སོགས་པས་ དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་གསོལ་བ་འབའ་ཞིག་པའི་ལས་བྱེད་པ་དང་། དངོས་གཞི་གསོལ་བཞིའི་ལས་བྱེད་པ་དང་། སྐབས་གསུམ་ལས་གཞན་པའི་སྐབས་གསངས་སྟོན་དང་། མཁན་པོ་སོགས་ཀྱི་སྐབས་སུ་ནི་གོང་གི་མདོ་དགེ་སློང་དག་གི་གནས་སུ་དགེ་ སློང་མའོ་ཞེས་པ་དེ་སྦྱར་རོ། །དམིགས་བསལ་གྱི་སྐབས་གསུམ་པོ་དེར་ནི་དགེ་སློང་མ་ཞེས་མི་བརྗོད་པར་གཉིས་ཀའི་དགེ་འདུན་ཞེས་བརྗོད་དགོས་སོ། །ཊཱི་ཀར་ནི་སོགས་པའི་དོན་གསལ་བར་མི་སྣང་སྟེ། ཇི་སྐད་དུ། གསོལ་བ་ལ་སོགས་པའི་ལས་བྱེད་པ་ཞེས་བྱ་བ་ བསྙེན་པར་རྫོགས་པ་གསོལ་བ་ལ་སོགས་པའི་ལས་བྱེད་པའི་དགེ་སློང་སྨོས་པ་གང་ཡིན་པའི་དགེ་སློང་ལས་བྱེད་པ་དེ་མ་གཏོགས་ཏེ་ལས་གཞན་པའི་གནས་སུ་དཔེར་ན་གསངས་ཏེ་སྟོན་པ་དང་། མཁན་པོ་ལ་སོགས་པ་དགེ་སློང་ཞེས་སྨོས་པ་དེར་དགེ་སློང་མ་བརྗོད་པར་བྱའོ། ། 6-1-169a ཞེས་སོ། །དེ་ནས་ཚངས་སྤྱོད་ཉེར་གནས་ཀྱི་སྐབས་སུ་སྔར་ནས་དགེ་སློང་མའི་ཚོགས་པ་ཡོད་པ་དེའི་སྟེང་དུ་བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་ནས་བཟུང་སྟེ་བསྙེན་རྫོགས་བྱ་བའི་སྐབས་འདིར་དགེ་སློང་ཕའི་དགེ་འདུན་གྱི་ཁ་སྐོང་གི་གྲངས་བསྣན་ པར་བྱའོ། །གཉིས་པ་ལ། སྦྱོར་བ་ཆོ་གའི་ཁྱད་པར་བསྟན། །མཇུག་ཆོག་དག་གི་ཁྱད་པར་བརྗོད། །དང་པོ་ལ། བར་ཆད་དྲི་བའི་ཁྱད་པར་བཤད། །བསླབ་ཚིགས་གཞན་ཡང་རྣམ་པར་བཞག །སྣོད་རུང་རྒྱུད་ཀྱི་ཁྱད་པར་བརྗོད། །ཆ་ལུགས་ཁྱད་པར་གཞན་ཡང་ བསྟན། །དང་པོ་ནི། དགེ་སློང་མའི་དགེ་འདུན་གྱི་དབུས་སུ་ལས་བྱེད་པའི་དགེ་སློང་མས་བར་ཆད་དྲི་བ་དང་། གཉིས་ཀའི་དགེ་འདུན་གྱི་དབུས་སུ་ལས་བྱེད་པའི་དགེ་སློང་གིས་བར་ཆད་དྲི་བ་ནི་བུད་མེད་ཤེད་དམན་པས་དགེ་སློང་མས་བསྒྲིབ་པ་ལ་བྱའོ་སྟེ། ཊཱི་ཀར། སྔར་ གསངས་ཏེ་སྟོན་པའི་དགེ་སློང་མས་ལྐོག་ཏུ་དྲི་བའི་དུས་ན་ནི་དེ་ལྟར་བྱ་མི་དགོས་སོ་ཞེས་སོ། །དྲི་ཚུལ་ནི་ཀར་ཤ་དང་ཊཱི་ཀ་ལས། དགེ་སློང་མ་གཞན་ཞིག་མདུན་དུ་བཞག་པས་ལན་གདབ་ཅིང་དེའི་ཚིག་གི་རྗེས་དེ་ཉིད་བཟློས་སུ་གཞུག་གོ་ཞེས་འབྱུང་ལ། ཕྲན་ཚེགས་ འགྲེལ་པ་དང་འགྲེལ་ཆུང་ལས། གཅིག་ལ་གཅིག་ཚིག་བརྒྱུད་པས་དྲིའོ་ཞེས་འབྱུང་ཡང་། སྔ་མ་གཉིས་དང་འགལ་བས་ཕྱི་མ་མི་བཙན་ནོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ། བསླབ་ཚིགས་འདིའི་དགོས་དོན་བསམ་པ། བསླབ་ཚིགས་ཉིད་ཀྱི་བྱ་བ་བརྗོད་པའོ། །དང་པོ་ནི། འབོགས་པོ་ལ་བལྟོས་པའི་ཚིགས་ལས་འདས་པའི་ཉེས་པ་ཁེགས་པའི་དགོས་པ་དང་། ལེན་པོ་ལ་བལྟོས་པའི་དགེ་སློབ་མའི་སྡོམ་པ་ཐོབ་ཅིང་དེ་ལ་བསླབ་པས་དགེ་སློང་མའི་བསླབ་པ་བརྟན་པར་འགྱུར་བའི་དགོས་པ་ 6-1-169b ཡོད་དེ། དེ་ཡང་དགེ་སློང་མའི་རྣམ་འབྱེད་ལས། ཤཱཀྱའི་བུད་མེད་མང་པོ་མྱ་ངན་གྱིས་གདུངས་ནས་དགེ་སློང་མར་བྱས་ཏེ། མྱ་ངན་སངས་པ་ན་འབབ་པར་འདོད་པར་གྱུར་པ་ལ་བརྟེན་ནས། ལོ་གཉིས་སུ་དགེ་སློབ་མའི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་པས་ ཤེས་སོ། །འོ་ན་མ་བྱིན་ལེན་ལ་སོགས་པ་གཞན་རྣམས་བུད་མེད་ཀྱིས་བསྲུང་དཀའ་ཤོས་མ་ཡིན་ལ། མི་ཚངས་སྤྱོད་ནི་བསྲུང་དཀའ་བ་ཡིན་ཡང་དགེ་ཚུལ་མའི་དུས་ནས་སྤངས་ཟིན་པས། དགེ་སློང་མ་ལ་བསླབ་པ་འདིས་དགེ་སློང་མའི་སྡོམ་པ་བརྟན་པར་འགྱུར་བ་ནི་རིགས་ པས་མི་འཐད་དོ་ཞེ་ན། མ་ཡིན་ཏེ། ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་ལས་གསང་གནས་ཀྱི་སྤུ་བྲེགས་པ་སོགས་མི་ཚངས་སྤྱོད་ཀྱི་རྒྱུའི་ཆ་ནས་དམ་དུ་བཀག་པའི་ཕྱིར་རོ། །དེ་དག་ཀྱང་དགེ་ཚུལ་མས་སྤངས་ཟིན་ཏོ་སྙམ་ན། དེ་དག་ལས་འདས་ན་དགེ་སློབ་མ་ལ་ བཤགས་བྱར་འགྱུར་ཡང་། དགེ་ཚུལ་མ་ལ་བསྡམ་བྱར་འགྱུར་བས་བཤགས་བྱ་ལ་འཛེམ་པའི་ཤེས་པ་སྐྱེ་བ་དེ་ཙམ་དུ་བསྡམ་བྱ་ལ་དེ་ལྟར་མ་ཡིན་སྙམ་དུ་བསྲུང་བས་ཕྱིས་དགེ་སློང་མའི་སྡོམ་པ་བརྟན་པའི་ཁྱད་ཡོད་དོ། །གཉིས་པ་ལ། ཡུལ་གང་ལས་བླང་བ། རྟེན་གང་ གིས་བླང་བ། དངོས་པོ་གང་བླང་བ། ཆོ་ག་གང་གིས་བླང་བ། སྡོམ་པ་མཚན་ཉིད་པ་ཡིན་མིན་བསམ་པའོ། །དང་པོ་ནི། མཁན་མོ་དང་ལས་བྱེད་པ་མོ་དང་བཅས་པའི་དགེ་འདུན་ལས་བླངས་པ་སྟེ། དགེ་འདུན་ལ་དབུས་སུ་དགེ་སློང་མ་བཅུ་གཉིས། མཐའ་འཁོབ་ ཏུ་མེད་ན་དགེ་སློང་མ་དྲུག་གི་གྲངས་ཚང་བའོ། །གྲངས་དེ་དག་མ་ཚང་ཡང་དགེ་སློང་མ་བཞིའི་ཚོགས་ཀྱིས་བྱིན་ན་བསླབ་པ་སྐྱེ་ལ་ཉེས་བྱས་ཏེ། བསྙེན་རྫོགས་ལ་གསུངས་པའི་གནད་ཀྱིས་ཤེས་སོ། །བཞིར་མ་ཚང་ན་འདིར་མི་སྐྱེ་སྟེ། ལས་མི་འཆགས་པའི་ཕྱིར་རོ། ། 6-1-170a དགེ་སློང་མ་དེ་དག་མ་རྙེད་ན་དགེ་སློང་ཕའི་དགེ་འདུན་གྱིས་ཀྱང་དགེ་སློབ་མའི་བསླབ་པ་སྦྱིན་དུ་རུང་སྟེ། ལུང་དབྱར་གྱི་གཞི་ལས། དགེ་ཚུལ་མའི་བྱ་བ་འདི་ལྟ་སྟེ། དགེ་ཚུལ་མ་དེས་དགེ་སློང་དག་ལ་ཕོ་ཉ་བཏང་སྟེ། འཕགས་པ་དག་ལོ་གཉིས་ཀྱི་ བར་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་སྩལ་དུ་གསོལ་ཞེས་སྤྲིངས་ན། ཞག་བདུན་བྱིན་གྱིས་བརླབས་ལ་དགེ་ཚུལ་མའི་བྱ་བའི་ཕྱིར་དགེ་སློང་འགྲོ་བར་བྱའོ་ཞེས་གསུངས་སོ། །གཉིས་པ་ནི། ལུས། བསམ། ཆ་ལུགས་ཕུན་སུམ་ཚོགས་པ་དང་། ཚིགས་སྔ་མ་སྔོན་དུ་སོང་བའོ། །དེའང་གཞན་རྣམས་དགེ་སློང་གི་སྐབས་སུ་སྔར་བཤད་པ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། ལུས་ཕུན་ཚོགས་ཀྱི་སྐབས་སུ་ན་ཚོད་ཀྱི་ཁྱད་པར་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་ལ་བསླབ་པ་འདི་ སྐྱེ་ལ། ཆ་ལུགས་ཆོས་གོས་བཞི་ལྷུང་བཟེད་ཀྱི་ཚད་སྔར་བཤད་པ་དང་བཅས་པ་རྣམས་སོ། །ཚིགས་སྔ་མ་ཡང་དགེ་བསྙེན། རབ་བྱུང་། དགེ་ཚུལ་མ་དང་གསུམ་སྔོན་དུ་སོང་བའོ། །ཚིགས་སྔ་མ་སྔོན་མ་གཉིས་སྔོན་དུ་མ་སོང་བར་འདི་འབོགས་ན་ཉེས་བྱས་ཙམ་དུ་བསྐྱེད་ ལ། དགེ་ཚུལ་མའི་ཚིགས་མེད་ན་ནི་འདི་མི་སྐྱེ་སྟེ། འདི་ནི་དགེ་ཚུལ་མའི་སྟེང་དུ་བསླབ་པ་འགའ་ཞིག་བསྣན་པ་ཡིན་ལ། དེ་མེད་ན་གཞི་མ་གྲུབ་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་པ་ནི། དགེ་སློབ་མའི་བསླབ་པའོ། །བཞི་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། ཀར་ཤ་ལས། མཁན་མོ་ཉིད་དུ་ཕྱོགས་པར་གྱུར་པ་ལས་བྱེད་པའི་དགེ་སློང་མ་ལ་གསོལ་བ་གདབ་པར་བྱ། ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་མ་རྣམས་ལ་ཡང་གསོལ་བ་གདབ་པར་བྱ། དགེ་སློང་མ་དེ་རྣམས་ཀྱིས་ཉེས་པ་བྱུང་ངམ་བརྟགས་ནས་ 6-1-170b ཉེས་པ་ཕྱིར་བཅོས་ཏེ་ལས་ཀྱི་གནས་སུ་འདུག་པར་བྱའོ། །དེའི་འོག་ཏུ་དང་པོར་སྟོན་པ་ལ་ཕྱག་འཚལ་ཞིང་གནས་དེར་འདུས་པའི་དགེ་སློང་མ་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་བ་དང་། མཁན་མོར་འོས་པ་ལ་ཕྱག་འཚལ་ཏེ་མཁན་མོར་གསོལ་བ་དང་། གསོལ་བ་གདབ་པའི་ ཕྱིར་སྟོན་པ་ལ་ཕྱག་འཚལ་ཞིང་། དགེ་འདུན་མ་ལ་ཕྱག་འཚལ་བ་དང་། ལས་བྱེད་པ་མོའི་རྗེས་ཟློས་བྱེད་ཅིང་བསླབ་པའི་སྡོམ་པ་སྦྱིན་པར་གསོལ་བ་ལན་གསུམ་གདབ་བོ། །དངོས་གཞི་ནི་གསོལ་བ་དང་གཉིས་ཀྱི་ལས་སོ། །མཇུག་ཆོག་ནི་གསུམ་སྟེ། ལས་ཀྱི་ མཇུག་སྡུད་བརྗོད་པ་དང་། ཐོབ་དུས་གོ་བར་བྱ་བ་དང་། བསླབ་བྱ་བཅུ་གཉིས་བརྗོད་པའོ། །དེ་ཡང་ཀར་ཤ་ལས། གཅིག་པུར་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ ཞིང་། །ཁ་ན་མ་ཐོ་བཅབ་མི་བྱ། །བདེ་གཤེགས་གསུངས་པའི་ཆོས་དྲུག་པོ། །དེ་དག་གསུང་རབས་ལས་གསུངས་ཡིན། །ཞེས་དང་། གསེར་ལ་བཟུང་བར་མི་བྱ་ཞིང་། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ནི་བརྐོ་བར་མི་བྱ་ཞིང་། །རྩྭ་སྔོན་དག་ཀྱང་བཅད་མི་བྱ། ། བྱིན་ལེན་མ་བྱས་བཟའ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །རྗེས་མཐུན་ཆོས་དྲུག་འདི་དག་ནི། །བདེ་བར་གཤེགས་པས་རྟག་ཏུ་བཀག །ཅེས་བརྗོད་ཅིང་། དེ་དག་ཚིག་ལྷུག་པའི་སྒོ་ནས་ཀྱང་རེ་རེ་ནས་བརྗོད་པར་བྱའོ། །འདིར་བཀའ་དྲིན་རྗེས་དྲན་གྱི་ཕྱག་ བྱ་བ་དང་། སྨོན་ལམ་གསུམ་གདབ་པའང་བཤད་དོ། །ཀར་ཤ་ལས། དེ་ནས་སྟོན་པ་ལ་ཕྱག་བྱ། དགེ་སློང་མ་རེ་རེ་ལ་ཕྱག་བྱའོ། །ཚེ་རབས་ཐམས་ཅད་དུ་རབ་ཏུ་བྱུང་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །རབ་ཏུ་བྱུང་ཞིང་སྡོམ་པ་ལེན་པའི་སྐལ་བ་དག་དང་ལྡན་པར་ 6-1-171a གྱུར་ཅིག །ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་གྱུར་ཅིག །ཅེས་བཤད་དོ། །འོ་ན་སྨོས་མ་ཐག་པའི་བསླབ་བྱ་བཅུ་གཉིས་པོ་དེ་ལ་ཅིའི་ཕྱིར་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་ཅེས་བྱ་ཞེ་ན། ཕྲན་ཚེགས་འགྲེལ་པ་ལས། གཙོ་བོར་གྱུར་ པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྒྲ་དྲུག་པོ་དང་། གཙོ་བོ་ཉིད་མ་ཡིན་པའི་ཕྱིར་རྗེས་སུ་མཐུན་པའི་ཆོས་ཀྱི་སྒྲར་བསྟན་པ་ཡིན་ཏེ་ཞེས་བཤད་དོ། །ལྔ་པ་ལ། གཞན་ལུགས་ཀྱི་ན་ཡམས་འགོད། གཟུར་གནས་ཀྱི་རང་ལུགས་བཞག །དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བྱང་རྡོར་ ན་རེ། དགེ་སློབ་མའི་སྡོམ་པ་ནི་སྡོམ་པ་མཚན་ཉིད་པ་ཡིན་ཏེ། ཇི་སྐད་དུ། སྦྱིན་པ་ནི་བསླབ་པའི་སྡོམ་པའོ་ཞེས་པ་དང་། དགེ་སློབ་མ་ཞེས་བྱ་བའི་ཚིགས་གཞན་ཡོད་དོ་ཞེས་པའི་ལུང་དང་རིགས་པས་ཀྱང་གྲུབ་སྟེ། དགེ་སློབ་མའི་ཚིགས་འདི་ལ་སྡོམ་པ་མེད་ན་སོ་ཐར་ གྱི་སྡོམ་པ་རིགས་བརྒྱད་མ་ཚང་བའི་ཕྱིར་ཞེས་ཟེར་རོ། །ཤ་སྦལ་ལ་སོགས་ཀྱིས་དེ་ལ་དགག་པ་འདི་ལྟར་མཛད་དེ། དམ་བཅའ་དགག །སྒྲུབ་བྱེད་གཞིག་པའོ། །དང་པོ་ནི། ཆོས་བཅུ་གཉིས་སྤོང་བ་དེ་སྡོམ་པའི་ངོ་བོར་འདོད་དམ། ཉི་ཤུ་རྩ་གཉིས་སྤོང་བ་དེ་སྡོམ་ པའི་ངོ་བོར་འདོད། དང་པོ་ལྟར་ན། ཆོས་བཅུ་གཉིས་སྤོང་བ་དེ་ཆོས་ཅན། སྡོམ་པ་མཚན་ཉིད་ཅན་མ་ཡིན་པར་ཐལ། སྤོང་བ་བདུན་གྱི་མཚན་ཉིད་ཅན་མ་ཡིན་ལ་སྤོང་བ་བཞིའི་མཚན་ཉིད་ཅན་ཡང་མ་ཡིན་པའི་ཕྱིར། མ་གྲུབ་ན། གཅིག་པུར་ལམ་དུ་འགྲོ་མི་བྱ། །ལ་ སོགས་པ་བཅུ་གཉིས་པོ་དེ་སྲོག་གཅོད་སྤོང་བ་ལ་སོགས་སྤོང་བ་བདུན་དང་། སྤོང་བ་བཞི་པོ་གང་ཡང་མ་ཡིན་པ་དང་འགལ་ལོ། །མ་ཁྱབ་ན། འོད་ལྡན་ལས། དགེ་སློང་དང་དགེ་སློང་མའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཅན། དགེ་ཚུལ་ལ་སོགས་པ་དག་ 6-1-171b གི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཞེས་པ་དང་འགལ། འདོད་ན་སྡོམ་པ་མཚན་ཉིད་པ་ཡིན་པ་ཉམས། གཞན་ཡང་དེ་ཆོས་ཅན། སྡོམ་པ་མཚན་ཉིད་པ་མིན་པར་ཐལ། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤངས་པའི་མཚན་ཉིད་ཅན་མིན་པའི་ཕྱིར། གཉིས་པ་ལྟར་ན་ དགེ་སློབ་མའི་བསླབ་པ་བླང་བའི་སྐབས་འདིར་ཉི་ཤུ་རྩ་གཉིས་སྤོང་བ་དེ་སྔར་མེད་གསར་དུ་སྐྱེས་པར་འདོད་དམ། སྔར་དགེ་ཚུལ་མས་སྤོང་བ་བཅུ་ཐོབ་ཟིན་པ་དེའི་སྟེང་དུ་བཅུ་གཉིས་བསྣན་ཏེ་ཉི་ཤུ་རྩ་གཉིས་སྤོང་བ་དེ་དགེ་སློབ་མའི་སྡོམ་པར་འདོད། དང་པོ་ལྟར་ན་ དགེ་སློབ་མའི་བསླབ་པ་བླང་བའི་སྐབས་འདིར་ཆོས་ཅན། སྐབས་འདིའི་ཆོ་ག་ལ་བརྟེན་ནས་ཉི་ཤུ་རྩ་གཉིས་སྤོང་བ་དེ་སྐྱེས་པ་མ་ཡིན་པར་ཐལ། ཉི་ཤུ་རྩ་གཉིས་སྤོང་བ་དེ་ཆོ་ག་སྦྱོར་དངོས་མཇུག་གསུམ་གྱིས་མ་བླངས་པའི་ཕྱིར། དེའང་སྦྱོར་བའི་དུས་སུ་ཆོས་བཅུ་ གཉིས་སྤོང་བར་གསོལ་བ་བཏབ་ཀྱི་ཉེར་གཉིས་སྤོང་བར་གསོལ་བ་མ་བཏབ་པའི་ཕྱིར་དང་། དངོས་གཞིའི་དུས་སུ་ཡང་ཆོས་བཅུ་གཉིས་ཀྱི་ཆོ་ག་གསུངས་ཀྱི་ཉི་ཤུ་རྩ་གཉིས་ཀྱི་ཆོ་ག་མ་གསུངས་པའི་ཕྱིར་དང་། མཇུག་གི་ཆོ་གར་ཡང་བསླབ་པ་བཅུ་གཉིས་བརྗོད་ཀྱི་ཉི་ ཤུ་རྩ་གཉིས་མ་བརྗོད་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཆོས་བཅུ་སྤོང་བ་དང་བཅུ་གཉིས་སྤོང་བ་དེ་ཆོས་ཅན། གང་ཟག་གཅིག་གི་དགེ་སློབ་མའི་སྡོམ་པ་ཙམ་དུ་གཅིག་པ་མ་ཡིན་པར་ཐལ། རྒྱུ་ཚོགས་ཐ་དད་ལས་སྐྱེས་པའི་ཕྱིར་ཏེ། ཆོས་བཅུ་སྤོང་བ་ནི་སློབ་ དཔོན་མ་དང་། སྔགས་ལན་གསུམ་བརྗོད་པ་ལ་བརྟེན་ནས་བསྐྱེད་པའི་ཕྱིར་དང་། ཆོས་བཅུ་གཉིས་སྤོང་བ་ནི་དགེ་འདུན་མ་དང་ལས་ཀྱི་ཆོ་ག་ལ་བརྟེན་ནས་སྐྱེས་པའི་ཕྱིར། རྟགས་ཁྱབ་ཚད་གྲུབ། རྩ་བར་འདོད་ན། གང་ཟག་དེ་ཆོས་བཅུ་སྤོང་བས་དགེ་ཚུལ་མའི་ 6-1-172a སྡོམ་པ་ཡིན་ཅིང་། ཆོས་བཅུ་གཉིས་སྤོང་བ་ཡང་དགེ་སློབ་མའི་སྡོམ་པ་ཡིན་པར་འདོད་པ་ཉམས་སོ། །དགག་པའི་རྣམ་གྲངས་གཞན་ཡང་ཐལ་འགྱུར་སྔར་བཞིན་བརྗོད་ཅིང་། གྲུབ་པའི་དུས་ཐ་དད་པའི་ཕྱིར་ཏེ། ཆོས་བཅུ་སྤོང་བ་ནི་སྔགས་ བརྗོད་པ་གསུམ་གྱི་ཐ་མ་ལས་སྐྱེ་བའི་ཕྱིར་དང་། ཆོས་བཅུ་གཉིས་སྤོང་བ་ནི་གསོལ་གཉིས་ཀྱི་ལས་བརྗོད་པ་ཕལ་ཆེར་བྱས་པ་ན་སྐྱེ་བའི་ཕྱིར། སྔ་མ་བཞིན་དེར་ཐལ། གནས་པའི་སྡེ་ཐ་དད་པའི་ཕྱིར་ཏེ། ཆོས་བཅུ་སྤོང་བ་ནི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ གཉིས་ཀ་སྤོང་བའི་ངོ་བོར་གནས་པའི་ཕྱིར་དང་། ཆོས་བཅུ་གཉིས་སྤོང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་འབའ་ཞིག་སྤྱོད་པའི་ངོ་བོར་གནས་པའི་ཕྱིར་རོ། །དེར་མ་ཟད་བསྟན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན་གཏོང་མི་གཏོང་རྫས་འགལ་བའི་ཕྱིར་ཏེ། འདི་ཉིད་ལས། བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན་བསླབ་པ་འཁྲུགས་པ་ཉིད་དོ། །ཞེས་དང་། ཊཱི་ཀ་ལས། འདིར་དགེ་སློབ་མའི་བསླབ་པ་འཁྲུགས་པ་ཉིད་ཡིན་གྱི་དགེ་ཚུལ་མའི་བསླབ་པ་ནི་འཁྲུགས་པ་མ་ཡིན་ཏེ། ཞེས་བཤད། གཞན་ཡང་ཁྱེད་ལྟར་ན། དགེ་སློབ་ མའི་སྡོམ་པ་དེ་ཆོས་ཅན། རྟེན་མཚན་ལན་གཅིག་ཏུ་གྱུར་པས་བསླབ་པ་དེ་བཏང་བ་མ་ཡིན་པར་ཐལ། སྡོམ་པ་མཚན་ཉིད་པ་ཡིན་པའི་ཕྱིར། ཁྱབ་པ་མ་གྲུབ་ན་དང་པོ་ཉིད་ལ་ནི་མི་ཉམས་སོ། །ཞེས་པ་དང་། ཊཱི་ཀ་ལས། མཚན་གྱུར་པ་དང་པོ་གཉིས་ལ་ནི་སྡོམ་ པ་ཉམས་པ་མེད་དོ་ཞེས་པ་དང་འགལ། འདོད་ན། དགེ་སློབ་མ་སྐྱེས་པར་མཚན་གྱུར་པ་དེ་ཆོས་ཅན། དགེ་སློབ་ཕ་ཡིན་པར་ཐལ། དགེ་སློབ་མའི་བསླབ་པ་དེ་མ་བཏང་བར་ལྡན་པའི་སྐྱེས་པ་ཡིན་པའི་ཕྱིར། འདོད་ན་རང་གི་རྣམ་བཤད་ལས། དགེ་སློབ་མ་ཉིད་ཅེས་ 6-1-172b བྱ་བའི་ཚིག་འདི་སྐྱེས་པ་དང་ཐུན་མོང་མ་ཡིན་ནོ་ཞེས་སོ། །མཛོད་འགྲེལ་ལས་ཀྱང་། དགེ་སློབ་མ་མཚན་གྱུར་ན་དགེ་ཚུལ་ཞེས་བྱའོ་ཞེས་བྱ་བ་གསུངས་ཤིང་། གཞན་ཡང་མཛོད་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་མནོས་པ་ལས། །དགེ་ བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་སྡོམ་པ་མཚན་ཉིད་པའི་སྤང་བྱའི་གྲངས་བཤད་པའི་སྐབས་སུ་དགེ་སློབ་མའི་སྤང་བྱའི་གྲངས་མ་གསུངས་པས་ཀྱང་། སྡོམ་པ་མཚན་ཉིད་པ་མིན་པར་གྲུབ་བོ་ཞེས་གསུངས་སོ། །གཉིས་པ་ སྒྲུབ་བྱེད་གཞིག་པ་ནི། བསླབ་པའི་སྡོམ་པ་ཞེས་བྱ་བས་སོ། །ཞེས་བཤད་ཀྱང་། སྡོམ་པ་མཚན་ཉིད་པ་ཡིན་པའི་ངེས་པ་མེད་དེ། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ། །ཞེས་བཤད་པ་བཞིན་ནོ། །བུད་མེད་ལ་ནི་དགེ་སློབ་མ་ཞེས་བྱ་བའི་ཚིགས་གཞན་ཡོད་ དོ། །ཞེས་བཤད་ཀྱང་སྡོམ་པ་ཡིན་པར་མ་ངེས་ཏེ། སྤྱིར་བསྟན་གྱི་ཊཱི་ཀ་ལས། ཁྱིམ་པའི་ཚིགས་ཞེས་བཤད་པ་ཡིན་ནོ། །སོ་ཐར་གྱི་སྡོམ་པ་རིགས་བརྒྱད་མི་ཚང་བའི་ཕྱིར་ཞེས་ཁྱེད་ཀྱིས་བརྗོད་པ་དེའང་རིགས་བརྒྱད་མིང་དུ་མ་ཚང་བའི་ཕྱིར་ཞེ་ན། རྟགས་མ་གྲུབ་ལ། རིགས་བརྒྱད་རྫས་སུ་མི་ཚང་བའི་ཕྱིར་ཟེར་ན། དེ་མ་ཚང་བ་སྐྱོན་མིན་ཏེ། རྫས་སུ་རྣམ་པ་བཞི་ཡིན་ནོ། །ཞེས་མཛོད་ལས་བཤད་དོ་ཞེས་དགེ་སློབ་མའི་སྡོམ་པ་མཚན་ཉིད་པར་འདོད་པ་ལ་དགག་པ་མཛད་ནས། བླ་མ་རྣམས་ཀྱིས་འདུལ་བ་ཀུན་བཏུས་དང་། མཛོད་འགྲེལ་ ལས། དགེ་སློབ་མའི་སྡོམ་པ་ཞེས་གསུངས་ཀྱང་སྡོམ་པ་བཏགས་པ་བ་སྟེ་བར་མ་དགེ་བ་ཡིན་ནོ། །ཞེས་འཆད། འདི་ལ་བགྲེས་པོ་དག་དོགས་པ་འདི་ལྟར་བསླངས་ཏེ། འོ་ན་དེ་བར་མ་ཡིན་པ་དེ་ལྟར་ན། དགེ་སློབ་མའི་བསླབ་པ་མནོས་ནས་ལོ་གཉིས་ལོན་པ་ན་ཆོས་ཅན་ 6-1-173a བརྟུལ་ཞུགས་དེ་བཏང་བར་ཐལ། ཤུགས་ཆད་པའི་ཕྱིར་རོ། །ཁྱབ་པ་གཞུང་གིས་གྲུབ་སྟེ། མཛོད་ལས། བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །ཞེས་བཤད་ཅིང་། འདོད་ན་ཊཱི་ཀ་ལས། ལོ་གཉིས་འདས་ན་ཡང་དེ་ ཕྱིན་ཆད་བརྟུལ་ཞུགས་དེ་ཉམས་པར་ཡང་མི་འགྱུར་ལ། དེ་ཕྱིན་ཆད་མི་བསྲུང་བར་བྱ་བ་ཡང་མ་ཡིན་ནོ་ཞེས་གསུངས་སོ། །ཞེས་རྒོལ་སྲིད་ན། དེའི་ལན་དུ་ཁྱོད་རང་སྡོམ་པར་འདོད་པ་ལ་མཚུངས་ཏེ། དགེ་སློབ་ཀྱི་བསླབ་པ་མནོས་ནས་ལོ་གཉིས་ལོན་པ་ན་ཆོས་ཅན། དེའི་སྡོམ་པ་བཏང་བར་ཐལ། སྡོམ་པ་ནོད་པའི་འཕེན་པ་ཟད་པའི་ཕྱིར། དཔེར་ན་བསྙེན་གནས་ཉིན་ཞག་གཅིག་འདས་པ་བཞིན་ནོ། །དེ་ལ་ཁོ་ན་རེ། རྟགས་མ་གྲུབ་སྟེ། ལོ་གཉིས་སུ་གསོལ་ན་ཞེས་ཆོ་ག་ལས་གསུངས་ཀྱང་ལོ་གཉིས་མཚོན་པ་ཙམ་སྟེ། དོན་ལ་ཇི་སྲིད་ འཚོའི་བར་དུ་བླངས་པ་ཡིན་པས་འཕེན་པ་ཟད་པའི་རྟགས་མ་གྲུབ་བོ་ཞེ་ན། འོ་ན་དེ་བར་མ་དགེ་བར་འདོད་པའི་ཕྱོགས་ལ་ཡང་། ཤུགས་ཆད་པ་མ་གྲུབ་སྟེ། ལོ་གཉིས་མཚོན་པ་ཡིན་ཏེ་དོན་ལ་ཇི་སྲིད་འཚོ་བའི་བར་དུ་བླངས་པ་ཡིན་པའི་ཕྱིར། ཞེས་མཚུངས་པས་རྟགས་ འདི་མ་གྲུབ་ན་སྔ་མ་དེ་བས་ཀྱང་མ་གྲུབ་བོ། །དེ་ལྟར་ན་ཡང་དགེ་སློབ་མའི་བསླབ་པ་བར་མ་དགེ་བ་དེ་སྡོམ་པ་མཚན་ཉིད་པ་ལས་ཐ་དད་པར་འཇོག་ནུས་པ་མིན་ཏེ། མཛོད་འགྲེལ་ལས། དགེ་ཚུལ་གྱི་སྡོམ་པ་ལས་ཀྱང་དགེ་སློབ་མ་དང་། དགེ་ཚུལ་མའི་སྡོམ་པ་རྫས་གཞན་ མ་ཡིན་ནོ་ཞེས། སྔོན་ནས་རླུང་ལྟར་དུ་གྲགས་པར་བགྲེས་པོ་རྣམས་ཀྱིས་བྱས་པ་ཡིན་ལ། དཔལ་ཤཱཀྱ་མཆོག་ལྡན་གྱིས། སྔ་མ་འདི་དག་གི་རྗེས་ཟློས་བྱས་ནས་འདི་ལྟ་བུ་སྔར་མ་བྱུང་བའི་ལུང་དང་རིགས་པ་ཉིད་ཅག་གི་བློ་ལ་ཤར་བ་སྐད་དུ་དནྦྷུར་བྱས་ནས་འཛམ་གླིང་གི་ 6-1-173b འདུལ་འཛིན་ཆེན་པོ་བུ་སྟོན་ལོ་ཙཱ་འགོག་པར་རློམ་པ་ཡང་ཧ་ཅང་བཙུན་པ་མ་ཡིན་ནོ། །གཉིས་པ་གཟུར་གནས་ཀྱི་རང་ལུགས་བཞག་པ་ནི། བྱང་རྡོར་སོགས་བགྲེས་པོ་ལས་ཆེས་བགྲེས་པ་ཁ་ཅིག་ལུགས་ལྟར་ཁོ་བོས་ཀྱང་དགེ་སློབ་མའི་སྡོམ་པ་མཚན་ཉིད་པར་ཁས་ལེན་ལ། དེ་ སྡོམ་པ་ཡིན་ལུགས་ལ་ནི། བྱས་ཆོས་སྡོམ་པ་དང་། བྱེད་ཆོས་བསླབ་བྱ་གཉིས་སུ་དབྱེ་སྟེ། དང་པོ་བྱས་ཆོས་དགེ་སློབ་མའི་སྡོམ་པ་ནི། དགེ་ཚུལ་མས་སྤང་བྱ་བཅུ་སྤོང་བ་དེའི་སྟེང་དུ་བསླབ་བྱ་བཅུ་གཉིས་བསྣན་པའི་ཚེ་ན་སྔར་དགེ་ཚུལ་མས་ཐོབ་ཟིན་པ་དེའི་སྡོམ་པའི་རྒྱུན་ རྩ་བ་བཞིའི་སྡོམ་པ་དེ་ཉིད་ལ་དགེ་སློབ་མའི་སྡོམ་པ་ཞེས་བྱ་སྟེ། མཛོད་འགྲེལ་ལས། དགེ་སློབ་མ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཞན་མ་ཡིན་ནོ་ཞེས་བཤད་པས་གྲུབ་ཅིང་། འོད་ལྡན་ལས་ཀྱང་། དགེ་ཚུལ་ལ་སོགས་པ་དག་གི་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཞེས་ གསུངས་པས། དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མའི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཞེས་བསྟན་ཏོ། །གཉིས་པ་བྱེད་ཆོས་དགེ་སློབ་མའི་བསླབ་བྱ་ནི། སྐབས་འདིར་བླང་བའི་བསླབ་བྱ་བཅུ་གཉིས་པོ་དེ་ཆོས་དྲུག་དང་རྗེས་མཐུན་པའི་ཆོས་དྲུག་པོ་དག་གོ ། དེ་ལྟར་ན་དགེ་སློབ་མའི་སྡོམ་པའི་གཙོ་འཁོར་ཐམས་ཅད་བགྲངས་ན་སྤོང་བ་བཞི་འཁོར་དང་བཅས་པ་སྤང་བྱ་ཉི་ཤུ་རྩ་གཉིས་སྤོང་བ་སྟེ། ཊཱི་ཀ་ལས། དགེ་སློབ་མས་བསླབ་པའི་གཞི་ཡང་དག་པར་བླངས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང་། ཆོས་དྲུག་དང་རྗེས་སུ་ མཐུན་པའི་ཆོས་དྲུག་པོ་དག་གོ་ཞེས་སོ། །དགེ་སློབ་མས་བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་ན་བསླབ་པ་བཅུ་གཉིས་པོ་འཁྲུགས་ཏེ་མེད་པར་གྱུར་པ་ན་རྩ་བ་བཞིའི་སྡོམ་པ་དེ་དགེ་ཚུལ་མའི་སྡོམ་པ་ཞེས་བྱ་སྟེ། དཔེར་ན་དགེ་སློང་མ་མཚན་གྱུར་ཏེ། རེག་པ་ལུས་བཀན་ལ་སོགས་ 6-1-174a པ་ཐུན་མོང་མ་ཡིན་པའི་བཅས་པ་རྣམས་བཏང་བ་ན་སྤོང་བ་བདུན་གྱི་སྡོམ་པ་དེ་དགེ་སློང་ཕའི་སྡོམ་པ་ཡིན་པ་བཞིན་ནོ། །མཛོད་འགྲེལ་ལས། དགེ་སློབ་མ་མཚན་གྱུར་ན་དགེ་ཚུལ་ཞེས་བྱའོ། །ཞེས་གསུངས་པ་དེ་ཡང་བསླབ་བྱ་བཅུ་གཉིས་པོ་བཏང་སྟེ་ དགེ་ཚུལ་ཕར་འཇོག་པའི་དོན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། འོ་ན་དགེ་སློབ་མའི་སྡོམ་པ་དང་། དགེ་ཚུལ་མའི་སྡོམ་པ་རྫས་གཅིག་ཏུ་ཡོད་དམ་ཐ་དད་དུ་ཡོད། རྫས་གཅིག་ན། བསླབ་པ་འཁྲུགས་པ་ཉིད་དོ་ཞེས་པའི་ཊཱི་ཀ་ལས། འདིར་དགེ་སློབ་མའི་བསླབ་པ་ འཁྲུགས་པ་ཉིད་ཡིན་གྱི། དགེ་ཚུལ་མའི་བསླབ་པ་ནི་འཁྲུགས་པ་མ་ཡིན་ཏེ་ཞེས་བཤད་པ་དང་འགལ། རྫས་ཐ་དད་ན་མཛོད་འགྲེལ་ལས། དགེ་སློབ་མ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཞན་མ་ཡིན་ནོ་ཞེས་བཤད་པ་དང་འགལ་ཞེ་ན། ངོ་བོའི་རྫས་ཐ་དད་ཅིང་སྤོང་བ་ བཞིའི་མཚན་ཉིད་ཡིན་པར་རིགས་གཅིག་པའི་ཕྱིར་ན་རིགས་ཀྱི་རྫས་གཅིག་གོ། རིགས་ཀྱང་རྫས་སུ་གྲུབ་སྟེ། ཐམས་ཅད་ཡོད་སྨྲ་ལྟར་ན་ཤེས་བྱ་ཐམས་ཅད་རྫས་སུ་གྲུབ་པའི་ཕྱིར་རོ། །གཉིས་པ་ཚིག་དོན་ནི། བུད་མེད་ལ་ནི་དགེ་སློབ་མ་ཞེས་བྱ་བའི་ཚིགས་དགེ་ཚུལ་ མ་ཉིད་དང་དགེ་སློང་མ་ཉིད་ལས་གཞན་གསུམ་པ་ཡོད་དོ། །དགེ་སློབ་མ་ཡང་དགེ་སློང་མ་འགའ་ཞིག་ལ་མཁན་མོ་ཉིད་དུ་གནས་པ་ཁོ་ན་ལ་ཡོད་དེ། དགེ་ཚུལ་མ་དང་དགེ་སློང་མ་བཞིན་ནོ། །ཊཱི་ཀར། དགེ་སློང་མ་འགའ་ཞིག་ལ་མཁན་མོ་ཉིད་དུ་གནས་པ་ལ་དགེ་སློང་མ་ ཉིད་ཡོད་པར་འགྱུར་པ་རིག་པར་བྱའོ་ཞེས་སོ། །འོ་ན་དགེ་སློབ་མའི་བསླབ་པ་དེ་གང་གི་དུས་སྦྱིན། ཇི་ཙམ་གྱི་བར་དུ་སྤྱད་ཅེ་ན། དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་ཀྱི་བར་སྐབས་སུ་སྦྱིན་ལ་སྤྱད་པའི་དུས་ནི་ལོ་གཉིས་སོ། །དེ་ཡང་ཊཱི་ཀར། ལོ་གཉིས་ལས་ལྷག་ན་ཡང་དེ་ 6-1-174b ཕྱིན་ཆད་བརྟུལ་ཞུགས་དེ་ཉམས་པར་མི་འགྱུར་ལ། དེ་ཕྱིན་ཆད་མི་བསྲུང་བར་བྱ་བ་ཡང་མིན་ནོ། །འོན་ཀྱང་དུས་ངེས་པར་མཛད་པས། དུས་དེ་སྲིད་དུ་ངེས་པ་ཁོ་ནར་བསྲུང་བར་བྱ་བ་ཉིད་ཡིན་ཏེ། ཇི་སྲིད་དུ་དུས་དེ་ཡོངས་སུ་རྫོགས་པར་མ་འགྱུར་གྱི་བར་དུ་བསྙེན་པར་རྫོགས་པར་མི་ བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །འདིའི་སྐབས་སུ། འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་ཀ་ཆེན་བུ་སྟོན་འདུལ་འཛིན་ན་རེ། ཁ་ཅིག་འདི་དགེ་ཚུལ་མའི་སྡོམ་པ་དང་རྫས་གཅིག་པར་མི་རུང་སྟེ། རྒྱུ་ཚོགས་ཐ་དད་པ་ལས་སྐྱེས་པའི་ཕྱིར། ཐ་དད་ན་སྡོམ་ པ་རྫས་བཞིར་ངེས་པའི་ཕྱིར་སྡོམ་པར་མི་རུང་བས་བར་མ་ཡིན་ཅེ་ན། མི་འཐད་དེ་དགེ་སློང་ཕ་མའི་སྡོམ་པ་རྫས་གཅིག་ཏུ་མི་རུང་བར་འགྱུར་ཏེ། རྒྱུ་ཚོགས་ཐ་དད་ལས་སྐྱེས་པའི་ཕྱིར་རྫས་ཐ་དད་ན་གང་རུང་གཅིག་བར་མར་ཐལ་བས་གནོད་དོ། །རང་བཞིན་གྱི་ཁ་ན་མ་ཐོ་ བ་སྤོང་བ་དགེ་སློབ་མས་དངོས་སུ་མ་བླངས་ཞེས་ཟེར་བའང་མ་གྲུབ་སྟེ། རེག་པ་དང་སྨྱན་བྱེད་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར། ལོ་གཉིས་ཀྱི་དུས་དེས་ནི་ངེས་པར་སྤྱད་དགོས་ཀྱི་དུས་ཡིན་གྱི་བསྲུང་བའི་དུས་མིན་པའི་ཕྱིར། དེ་ཇི་སྲིད་འཚོ་བའི་སྡོམ་པ་མིན་པར་ མི་ཐལ་བ་དང་། བསྟེན་པའི་ཕྱིར་ཁས་བླངས་པས་བཏང་བས་བར་མར་མི་འགྱུར་ཏེ། གཏོང་རྒྱུ་ཐུན་མོང་མིན་པས་གཏོང་བས་བར་མར་འགྱུར་ན། ཤེས་ན་ཞིག་གི་དགེ་སློང་གི་སྡོམ་པའང་བར་མར་འགྱུར་རོ། །མཚན་གྱུར་པས་དགེ་སློབ་ཕར་ཐལ་བའི་སྐྱོན་མེད་དེ། སྐྱེས་པ་ལ་དེ་བཅས་པ་མེད་པའི་ཕྱིར། དགེ་སློང་མ་གཅིག་པུ་ལམ་དུ་འགྲོ་བའི་ལྟུང་བ་མཚན་གྱུར་པ་བཞིན་ནོ། །དེ་ལྟར་མིན་ན་སོ་ཐར་གྱི་སྡོམ་པ་རིགས་བརྒྱད་མ་ཚང་ཞིང་མཚན་གྱུར་པས་དགེ་ཚུལ་དུ་མི་འགྱུར་བར་ཐལ་ལོ་ཞེས་དང་། དགེ་ཚུལ་གྱི་སྡོམ་པ་དང་རྫས་གཅིག་ 6-1-175a པའི་སྡོམ་པར་འཐད་དེ། དགེ་བསྙེན་ལ་སྣ་གཅིག་སྤྱོད་པ་དང་། ཕྱོགས་གཅིག་སྤྱོད་པ་སོགས་དུ་མ་ཡོད་ཀྱང་དགེ་བསྙེན་གྱི་སྡོམ་པ་དང་རྫས་གཅིག་པ་བཞིན་ནོ། །བསླབ་བྱ་མང་ཉུང་ཡོད་པས་སྡོམ་པ་རྫས་ཐ་དད་དུ་མི་འགྱུར་ཏེ། དགེ་སློང་དང་ དགེ་སློང་མའི་སྡོམ་པ་བཞིན་ནོ། །ཞེས་གསུངས་སོ། །བསྙེན་པར་རྫོགས་པའི་སྡོམ་པ་སྐྱེ་བའི་དུས་ཀྱི་དང་པོར་ལོ་གཉིས་པོ་དེ་མ་ལོན་པའི་དང་པོར་གཞོན་ནུ་མ་ལོ་བཅོ་བརྒྱད་དང་། ཁྱིམ་སོ་བཟུང་བ་ལོ་བཅུ་པ་ལ་དགེ་སློབ་མའི་སྡོམ་པ་སྐྱེའོ། །མདོ་འདིའི་དང་པོ་ལ་ཞེས་པ་འདི་ ནི་གཉིས་པའི་རྣམ་པར་དབྱེ་བ་ཡིན་ཏེ། ཊཱི་ཀར། དང་པོ་ལ་ཞེས་བྱ་བའི་སྒྲ་གཉིས་པས་ནི་གཞོན་ནུ་མ་བཅོ་བརྒྱད་ལོན་པ་ལ་སོགས་པ་ཉིད་བཟུང་ངོ་། །ཁྱིམ་སོ་བཟུང་བས་ནི་ལོ་བཅུ་ལོན་པ་ལ་སོགས་པ་ཉིད་བཟུང་ངོ་ཞེས་སོ། །བུད་མེད་བསྙེན་རྫོགས་བྱ་བའི་བྱེ་བྲག་ནི། ཁྱིམ་སོ་བཟུང་བ་སྟེ་བག་མར་བཏང་བ་ཡིན་ན་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་ལོ་བཅུ་གཉིས་ལོན་པ་ཉིད་དོ། །ད་ནི་འདི་ཉིད་ཀྱི་འཕྲོས་དོན་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ཡང་མའི་རྣམ་འབྱེད་ལས། ཁྱིམ་སོ་བཟུང་བ་ཞེས་བྱ་བ་ནི་ཁྱིམ་གྱི་ཆོས་ལ་ གནས་པའོ་ཞེས་བཤད་ཅིང་། འགྲེལ་ཆུང་ལས་ཀྱང་། བག་མ་བྱས་པ་ཉིད་ན་འཁྲིག་པའི་བདེ་བ་མྱོང་ཞིང་ཤེ་ཁྱེར་བའི་ཕྱིར་ཞེས་བཤད་དོ། །འོ་ན་སྐྱེས་པ་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ལ་དགེ་སློང་གི་སྡོམ་པ་སྐྱེའམ་མི་སྐྱེ་ཞེ་ན། དགག་བཞག་སྤང་གསུམ་ལས། དང་པོ་ནི། རྒྱལ་བ་གཡུང་དྲུང་དབང་ཕྱུག་ན་རེ། འདི་ལ་དགེ་སློང་གི་སྡོམ་པ་སྐྱེ་བ་ཡིན་ཏེ། ལུང་ཞུ་བ་ལས། དགེ་སློང་གིས་ལོ་ཉི་ཤུ་མ་ལགས་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བགྱིས་ཀྱང་ནོངས་པ་ལྟུང་བྱེད་དུ་མི་འགྱུར་ལ། ལེགས་པར་བསྙེན་པར་རྫོགས་ 6-1-175b པར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ་མི་ལ་སོང་བ་ནི་ལོ་ཉི་ཤུ་མ་ལོན་ཀྱང་བསྙེན་པར་རྫོགས་པར་བྱོས་ཤིག་ཅེས་ལུང་སྤྱིར་གསུངས་པ་དང་། རིགས་པས་ཀྱང་། བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ལྟར་སྐྱེས་པ་ལ་ཡང་རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་ཟེར་ རོ། །ད་ནི་དེ་དག་དགག་པར་འདོད་དེ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་བསྙེན་རྫོགས་བྱར་རུང་འདི་ཆོས་ཅན། བུད་མེད་བསྙེན་པར་རྫོགས་པར་བྱ་བའི་ཁྱད་པར་གྱི་ཆོས་མ་ཡིན་པར་ཐལ། སྐྱེས་པ་བསྙེན་པར་རྫོགས་པར་བྱ་བའི་ཡང་ཐུན་མོང་གི་ཆོས་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །འདོད་ན། ཁྱིམ་སོ་བཟུང་བ་སོགས་ཀྱི་མདོ་འདིའི་ཊཱི་ཀར། བུད་མེད་བསྙེན་པར་རྫོགས་པར་བྱ་བའི་བྱེ་བྲག་བསྟན་པའི་ཕྱིར་ཞེས་སོ། །གནོད་བྱེད་གཞན་ཡང་། ཁྱིམ་སོ་བཟུང་བ་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ ཉིད་དོ་ཞེས་པའི་རྩ་བའི་གཞུང་འདི་ཆོས་ཅན། སྐབས་འཆོལ་བའི་སྐྱོན་ཅན་ཡིན་པར་ཐལ། དགེ་སློང་ཕ་མ་ཐུན་མོང་གི་ཆོས་ཡིན་པ་ལ་དགེ་སློང་མའི་ཐུན་མོང་མིན་པའི་སྐབས་སུ་བསྟན་པའི་ཕྱིར། རྟགས་ཟུར་སྔ་མ་ཁས་བླངས། ཕྱི་མ་གཞུང་གིས་གྲུབ་བོ། །འདོད་ན། མདོ་རྩ་འཆོལ་སྐྱོན་མེད་པའི་བསྟན་བཅོས་རྣམ་དག་ཡིན་པ་དང་འགལ་ལོ། །སྒྲུབ་བྱེད་ལུང་ཞུ་བ་ལས་གསུངས་པ་དེ་ནི་དགེ་སློང་གིས་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་བསྙེན་རྫོགས་བྱས་པ་ལ་དགོངས་ཏེ། མི་ལ་སོང་བ་ནི་བག་མར་སོང་བའི་མིང་གི་རྣམ་གྲངས་ སུ་གསུངས་པའི་ཕྱིར་རོ། །རྒྱ་ན་རེ། ལུང་ཡང་ཡི་གེ་ནོར་ཞིང་མ་དག་ཟེར་རོ། །ལུང་གི་དོན་མི་ལ་སོང་ཟེར་བ་དེ་ཁོ་བོ་ལྟར་མ་བྱས་པར་བུད་མེད་ཁྱིམ་སོ་བཟུང་བའི་རྒྱུ་མཚན་སྐྱེས་པ་ཁྱིམ་སོ་བཟུང་བ་མི་ལ་སོང་བ་བཞིན་བཤད་ན། རྒྱལ་བ་འབྲི་གུང་པས། འགྲོ་ཀུན་དགེ་བ་ 6-1-176a ཇི་སྙེད་ཡོད་པ་དང་། །ཞེས་པའི་ཡོད་པ་ལ་འབྲུ་བསྣན་མཛད་པ་བཞིན་འགྲོ་བར་འདུག་གོ། རིགས་པས་ཀྱང་རྒྱུ་མཚན་མཚུངས་པའི་ཕྱིར་ཟེར་བ་མ་གྲུབ་སྟེ། རུང་མཐུན་ཡང་གཏན་མི་ཐུབ་པས་སྐྱེས་པ་དང་བུད་མེད་སྔོན་རབ་ཏུ་བྱུང་བ་ལ་སྡོམ་པ་སྐྱེ་བ་ དང་། མི་སྐྱེ་བ་བཞིན་ཡིན་པས་གནས་ཀྱང་མི་མཚུངས་སོ། །གཉིས་པ་རང་ལུགས་བཞག་པ་ནི། བུད་མེད་ལོ་བཅུ་གཉིས་ལོན་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་འདི་ནི་སྤྱིར་བཏང་ལ་སྐྱེས་པ་དང་ཐུན་མོང་མིན་ཏེ། ཊཱི་ཀ་ལས། བུད་མེད་བསྙེན་པར་རྫོགས་པར་བྱ་བའི་དུས་ཀྱི་ བྱེད་པ་བསྟན་པའི་ཕྱིར་ཞེས་གསུངས་པ་དང་། མདོ་རྩ་བ་ལས། དགེ་སློང་མའི་ཐུན་མོང་མིན་པའི་སྐབས་སུ་གསུངས་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ནི། བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ཁོ་ན་ལོན་པ་བསྙེན་རྫོགས་བྱེད་པ་ན། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བའི་ ཚེ་ཉིད་ན་ལེན་པ་པོ་མཚན་གྱུར་པ་དེ་ལ་ཆོས་ཅན། དགེ་སློང་ཕའི་སྡོམ་པ་སྐྱེ་བ་ཁེགས་པར་ཐལ། སྡོམ་པ་ནོད་པ་པོ་ལོ་བཅུ་གཉིས་ཁོ་ན་ལོན་པ་ཉིད་ཡིན་པའི་ཕྱིར། འདོད་ན། ཊཱི་ཀ་ལས། དེ་ལ་ནི་སྐྱེ་བའི་ཕྱིར་གང་གིས་ཀྱང་གེགས་བྱ་བར་མི་ནུས་པས། ཞེས་བཤད་པ་དང་ འགལ་ཞེ་ན། ལན་གྱི་རྣམ་པ་གཅིག་ཏུ་ན་གནས་སྐབས་འདི་དམིགས་བསལ་ཡིན་པས་ཁྱབ་པ་མེད་ལ། ཡང་ན་ཆོས་ཅན་མ་གྲུབ་སྟེ། དེ་ཡང་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཁོ་ནས་བསྙེན་རྫོགས་བྱེད་པ་ན་སྡོམ་པ་ནོད་པ་པོ་སྐྱེས་པར་གྱུར་པ་ཆོས་ཅན། བསྙེན་རྫོགས་ ཀྱི་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་ཡིན་མི་སྲིད་དུ་ཐལ། དགེ་སློང་མའི་སྡོམ་པ་མི་སྐྱེ་ཞིང་དགེ་སློང་ཕའི་སྡོམ་པ་ཡང་མི་སྐྱེ་བའི་ཕྱིར་ཏེ། རྟེན་སྐྱེས་པ་ཡིན་པའི་ཕྱིར་དང་། རྟེན་དགེ་སློང་ཕའི་སྡོམ་པ་སྐྱེ་བའི་ཞིང་མ་ཡིན་པའི་ཕྱིར་ཞེས་གོ་རིམ་བཞིན་ནོ། །འདོད་ན། ཁྱོད་ཀྱིས་ 6-1-176b བཀོད་པའི་ཆོས་ཅན་གྲུབ་འདོད་དེ་ཉམས་སོ། །ཡང་ཁོ་ན་རེ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པའི་དགེ་སློང་མ་སྐྱེས་པར་མཚན་གྱུར་པ་དེ་ཆོས་ཅན། དགེ་སློང་ཕའི་སྡོམ་པ་རྒྱུད་ལ་ཡོད་པ་ཁེགས་པར་ཐལ། དགེ་སློང་ཕའི་སྡོམ་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར། མ་ གྲུབ་ན་དམ་བཅའ་ཉམས་ལ། འདོད་ན། དང་པོ་གཉིས་ལ་ནི་མི་ཉམས་སོ་ཞེས་པ་དང་། ཊཱི་ཀ་ལས། མཚན་གྱུར་པ་དང་པོ་དང་གཉིས་པ་ལ་ནི་སྡོམ་པ་ཉམས་པ་མེད་དོ་ཞེས་པ་དང་འགལ་ཅེ་ན། དགེ་སློང་ཕའི་སྡོམ་པའི་ཞིང་མ་ཡིན་པར་གྱུར་པ་རྟགས་མ་གྲུབ་སྟེ། མཚན་གྱུར་ པའི་གནས་སྐབས་འདི་དམིགས་བསལ་ཡིན་པས་དགེ་སློང་ཕའི་སྡོམ་པའི་ཞིང་ཡིན་ནོ་ཞེས་རིགས་སོ། །ཤེས་ན་ནི་དེ་ཞིག་གོ། ཞེས་པའི་མདོའི་ཟློག་དོན་མ་ཤེས་ན་དེ་མི་ཞིག་གོ་ཞེས། དམིགས་བསལ་དུ་འདོན་དགོས་པ་བཞིན་བཅུ་གཉིས་ལོན་པའི་དགེ་སློང་མ་མཚན་ གྱུར་པ་འདི་ཡང་དགེ་སློང་ཕར་མི་འགྱུར་བ་མ་ཡིན་པ་དམིགས་བསལ་ཡིན་ནོ། །འོ་ན་དགེ་སློབ་མའི་སྡོམ་པ་དེ་གང་ལས་སྐྱེ་ན། སྦྱིན་པ་ལས་སྐྱེའོ། །སུས་སྦྱིན་ཅེ་ན། དགེ་སློང་མའི་དགེ་འདུན་གྱིས་སོ། །ཇི་ལྟར་སྦྱིན་ཅེ་ན། སྦྱིན་པ་ནི་དགེ་སློང་མ་ཉིད་ཅེས་བྱ་བའི་ཚིག་ གིས་མི་སྦྱིན་གྱི་བསླབ་པའི་སྡོམ་པ་ཞེས་བྱ་བའི་ཚིག་གིས་སྦྱིན་པས་སོ། །ཊཱི་ཀར། དེ་ལྟར་ན་འདུལ་བ་ལས་ཀྱང་འདི་སྐད་འབྱུང་སྟེ། དགེ་ཚུལ་མ་མིང་འདི་ཞེས་བགྱི་བ་འདི། མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་ན་ཞེས་བྱ་བ་ལ་སོགས་པའི་སྔགས་ལས་འབྱུང་བ་ཡིན་ནོ་ཞེས་སོ། །བསླབ་པའི་སྡོམ་པ་སྦྱིན་པ་དེའི་འོག་ཏུ་ལས་བྱེད་པ་པོས་བསླབ་པ་བཅུ་གཉིས་བརྗོད་པར་བྱའོ། །གསུམ་པ་ནི། ཚངས་པར་སྤྱོད་པ་ནི་བསྙེན་པར་ 6-1-177a རྫོགས་པའོ། །དེ་ལ་ཉེ་བར་གནས་པ་ནི་ཉེ་བར་སྐྱེད་པར་བྱེད་པའོ། །བསྙེན་པར་རྫོགས་པ་སྐྱེ་བའི་སྐལ་བ་ཅན་དུ་འགྱུར་ངེས་པའི་སྡོམ་པ་ཞེས་པ་ནི་སྡོམ་པའི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །དེས་ན་འདི་མ་ཐོབ་པར་ཉེས་མེད་ཕུན་ཚོགས་ཀྱི་དགེ་ སློང་མ་བསྙེན་པར་རྫོགས་པར་མི་འགྱུར་རོ། །ད་ནི་འདི་ཉིད་ཀྱི་འཕྲོས་དོན་ཅུང་ཟད་བརྗོད་ན། འདིའི་དགོས་པ་གང་ཡིན་དང་། ཇི་ལྟར་བླང་བའི་ཚུལ་ལོ། །དང་པོ་ནི། ཚངས་སྤྱོད་ཉེར་གནས་མ་བྱས་པར་དགེ་སློང་མའི་སྡོམ་པ་འབོགས་པའི་ཉེས་པ་ཁེགས་པ་དང་དགེ་སློང་མའི་ སྡོམ་པའི་སྣོད་དུ་རུང་བའོ། །གཉིས་པ་ལ། གང་ལས་བླང་བའི་ཡུལ། གང་གིས་བླང་བའི་རྟེན། གང་བླང་བའི་དངོས་པོ། གང་གིས་ལེན་པའི་ཆོ་གའོ། །དང་པོ་ནི། མཁན་མོ་དང་། གསངས་ཏེ་སྟོན་མ་དང་། ལས་བྱེད་པ་མོ་དང་བཅས་པའི་དགེ་འདུན་མ་ལས་བླངས་ཏེ། དགེ་འདུན་མ་དེ་ཡང་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་དང་། མཐའ་འཁོབ་ཏུ་བཅུ་གཉིས་མེད་ན་དགེ་སློང་མ་དྲུག་གི་གྲངས་ཚང་བའོ། །གྲངས་དེ་དག་མ་ཚང་ཡང་དགེ་སློང་མ་བཞིའི་ཚོགས་ཀྱིས་བྱིན་ན་ཚངས་སྤྱོད་ཉེར་གནས་འཆགས་ལ་ཉེས་བྱས་ཏེ། བསྙེན་རྫོགས་ལ་ གསུངས་པའི་གནད་ཀྱིས་ཤེས་སོ། །དགེ་སློང་མ་དེ་དག་མ་རྙེད་ན། དགེ་སློང་ཕའི་དགེ་འདུན་གྱིས་ཀྱང་ཚངས་སྤྱོད་ཉེར་གནས་སྦྱིན་དུ་རུང་སྟེ། དབྱར་གྱི་གཞི་ལས། དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་ཞེས་པ་དང་། དེའི་ཊཱི་ཀ་ལས། ཚངས་ པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ནོད་པ་དེ་བསྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན་ཆད་བྱིན་གྱིས་བརླབ་བོ་ཞེས་བཤད་དོ། །གཉིས་པ་ནི། དགེ་སློབ་མའི་སྐབས་སུ་བཤད་པ་དང་འདྲ་ཞིང་། འདིར་ 6-1-177b ནི་ན་ཚོད་ཀྱི་ཁྱད་པར་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དང་། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ཡན་ཆད་དགེ་སློབ་མའི་ཚིགས་སྔོན་དུ་སོང་བའོ། །གསུམ་པ་ནི། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པའོ། །དེ་ཡང་སྡོམ་པ་བཏགས་པ་བ་ཡིན་པར་ནི་སྔོན་གྱི་མཁས་པ་ཐམས་ ཅད་ལ་གྲགས་ཤིང་། དཔལ་ཤཱཀྱ་མཆོག་ལྡན་ན་རེ། ཚངས་སྤྱོད་ཉེར་གནས་སྡོམ་པ་མཚན་ཉིད་པར་འབད་པས་བསྒྲུབ་ཅིང་། དགེ་སློབ་མའི་སྡོམ་པ་བཏགས་པ་བར་འདོད་འདུག་པ་ནི། སྔོན་ཆད་བྱོན་པའི་ཚད་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ལ་ཁུངས་སུ་མི་བྱེད་པའི་ཕྱིར་ ཡིན་པར་སྣང་ངོ་། །མཚོ་སྣ་པ་ཆེན་པོས། ཚངས་སྤྱོད་ཉེར་གནས་ཀྱི་བསྲུང་བྱ་ནི་གཞུང་གང་ནས་ཀྱང་མ་གསུངས་ཞེས་འཆད་པ་ཉིད་ལེགས་སོ། །བཞི་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། རྒྱས་པར་ཀར་ཤ་ལས་ཤེས་པར་བྱ་ཞིང་། དངོས་གཞི་ནི། གསོལ་ བ་དང་གཉིས་ཀྱི་ལས་སོ། །རྗེས་ནི་ལས་ཀྱི་མཇུག་སྡུད་པའོ། །འདིར་དཀའ་བའི་གནས་འདི་ལྟར་མཐོང་སྟེ། མདོའི་དངོས་བསྟན་འགྲེལ་པ་དང་བཅས་པ་ནས་ཚངས་སྤྱོད་ཉེར་གནས་མ་བྱས་པར་དགེ་སློང་མའི་སྡོམ་པ་མི་སྐྱེ་བར་བཤད་པ་དང་། འགྲེལ་ཆུང་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་ཆོ་ག་འདི་མ་བྱས་པར་བསྙེན་པར་རྫོགས་པ་བྱས་ཀྱང་ཁྲིམས་མི་འཆགས་ཞེས་བརྗོད་པ་ན། འོ་ན་ཚངས་སྤྱོད་ཉེར་གནས་ཀྱི་ཆོ་ག་གཏན་མ་བྱས་པར་སྡོམ་པ་མནོས་པ་ཆོས་ཅན། དགེ་སློང་མའི་སྡོམ་པ་སྐྱེ་བར་ཁེགས་པར་ཐལ། ཚངས་ སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པའི་ཕྱིར། མ་གྲུབ་ན་དེའི་ཆོ་ག་གཏན་མ་བྱས་པ་དང་འགལ། འདོད་ན། དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པས་མ་ཡིན་ནོ། །ཞེས་སྐྱེས་པ་བསྙེན་པར་རྫོགས་པར་བྱེད་པའི་ཆོ་གས་བུད་མེད་བསྙེན་པར་རྫོགས་པར་བྱེད་ 6-1-178a ན། དགེ་སློང་མའི་སྡོམ་པ་སྐྱེ་བར་བཤད་པ་དང་འགལ་ཅེས་པ་དང་། གཞན་ཡང་ཚངས་སྤྱོད་ཉེར་གནས་ཀྱི་ཆོ་ག་གཏན་མ་བྱས་པའི་བྱེ་བྲག་དགེ་སློང་གི་སྡོམ་པ་ལེན་བཞིན་པར་བསྙེན་པར་རྫོགས་ཀར་མཚན་གྱུར་པ་དེ་ཆོས་ཅན། དགེ་སློང་མའི་སྡོམ་པ་ སྐྱེ་བ་ཁེགས་པར་ཐལ། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པའི་ཕྱིར། འདོད་ན་ནི། ལུང་ཞུ་བ་ལས། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་གཏན་མ་བྱས་ཀྱང་དགེ་ཚུལ་བསྙེན་པར་རྫོགས་པར་བྱེད་པའི་སྐབས་སུ་ཇི་སྐད་དུ། བཙུན་པ་བསྙེན་པར་རྫོགས་ཀར་མཚན་འཕོས་ ན་བསྙེན་པར་རྫོགས་པ་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ་དགེ་སློང་མའི་ནང་དུ་སྤོས་ཤིག་ཅེས་གསུངས་པ་དང་འགལ་ལོ། །གཞན་ཡང་ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ཏེ། ཚངས་སྤྱོད་ཉེར་གནས་མ་བྱས་པར་ཡང་དགེ་སློང་མའི་སྡོམ་ པ་སྐྱེ་བར་རིགས་ཏེ། ཕྲན་ཚེགས་ལས། གཽ་ཏ་མ་སྐྱེ་རྒུའི་བདག་མོ་ཆེན་མོས་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པ་ན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོར་གནང་ཞེས་ཉེས་མེད་དུ་བསྙེན་པར་རྫོགས་པར་གསུངས་ལ། ཉེས་པ་བསྐྱེད་ན་ནི་ལུང་ ལས་གནང་ཞེས་གསུངས་པ་དང་འགལ་ལོ་ཞེས་དོགས་ན། འདི་རྣམས་ཀྱི་སྐྱོན་མེད་དེ་སྐྱེ་རྒུའི་བདག་མོ་རྫོགས་ཚུལ་དེ་སྔོན་གྱི་རྫོགས་ཚུལ་ཡིན་པས་འདིར་རྒྱུ་མཚན་མི་མཚུངས་ལ། གཞན་ཐལ་བ་བཀོད་པ་དེ་དག་ཐམས་ཅད་ངེད་ལ་མི་འཇུག་སྟེ། ཁོ་བོ་ཅག་ཚངས་སྤྱོད་ ཉེར་གནས་མ་བྱས་པར་དགེ་སློང་མའི་སྡོམ་པ་མི་འཆགས་ཞེས་པ་དེ་ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་པའི་མི་འཆགས་པར་བཤད་པ་ཡིན་གྱི། སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་ནས་མི་འཆགས་པར་མ་སྨྲས་པའི་ཕྱིར་སྐྱོན་མེད་དོ། །གང་གི་ཚེ་སྦྱིན་ཅེ་ན། གསངས་ཏེ་སྟོན་ 6-1-178b མས་གསངས་ཏེ་བསྟན་པ་སྟེ་ལྐོག་ཏུ་བར་ཆད་དྲིས་པའི་འོག་ཏུ་དགེ་སློང་མའི་དགེ་འདུན་གྱིས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་དེ་སྦྱིན་པར་བྱའོ། །ཅི་ཞིག་བྱས་ནས་སྦྱིན་ཅེ་ན། ལས་བྱེད་པ་མོས་དགེ་འདུན་མའི་དབུས་སུ་བར་ཆད་དྲིས་ནས་སོ། །ཊཱི་ཀར། དེ་ལྟར་ན་བུད་མེད་ རྣམས་ལ་བར་ཆད་དྲི་བ་ལན་གསུམ་དུ་འགྱུར་ཏེ། དང་པོར་གཅིག་ནི་དགེ་སློབ་མ་གསངས་ཏེ་སྟོན་པས་བཀར་ཏེ་དྲི་བའོ། །དེའི་འོག་ཏུ་གཉིས་པ་ནི་དགེ་སློང་མ་ལས་བྱེད་པས་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ སྦྱིན་པའི་སྔ་རོལ་དུ་དྲི་བའོ། །ཐ་མར་གསུམ་པ་ནི་དགེ་སློང་ལས་བྱེད་པས་གཉིས་ཀའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་གསོལ་བའི་འོག་ཏུ་དྲི་བའོ་ཞེས་སོ། །ཚངས་སྤྱོད་ཉེར་གནས་དེ་ཡང་གསོལ་བ་ལན་གསུམ་བཏབ་པ་བྱས་ནས་སྦྱིན་པར་བྱའོ། །བཞི་པ་ནི། དགེ་སློང་མ་ལ་ཆོས་གོས་དག་ནི་ལྔ་ཉིད་དོ་སྟེ། ཐུན་མོང་བ་གསུམ། ཐུན་མོང་མ་ཡིན་པ་ཤིང་ང་དཔུང་ཆད་དང་། རྔུལ་གཟན་ནོ། །ཆོས་གོས་འདི་གཉིས་དགོས་པའི་རྒྱུ་མཚན་ནི། དགེ་སློང་མ་རྣམས་ཀྱི་བྲང་གི་མདུན་ཕྱོགས་མི་མཛེས་པ་སྦ་བར་འོས་པའི་ཕྱིར་འདི་ དགོས་པ་ཡིན་ནོ། །ཆོས་གོས་དེ་གཉིས་གོན་ལུགས་ནི། མཆན་འོག་ལ་དཀྲིས་ཏེ་རྒྱབ་ནས་དཔུང་པ་གཉིས་ཀྱི་གོང་ནས་ཚུར་དྲངས་ཏེ་བགོའོ། །གོས་དེ་གཉིས་ཀྱི་ཚད་བླ་གོས་དང་མཉམ་པ་སྟེ། མའི་རྣམ་འབྱེད་ལས། ཟླ་འཇོག་གི་སྐབས་ནས་བཤད་དོ། །གཉིས་པ་ ནི། དགེ་སློང་མ་ལ་གནས་བཞི་པོ་རྣམས་ལ་ཤིང་དྲུང་ཉིད་མ་གཏོགས་སོ་སྟེ། བསླབ་པ་བསྲུང་བར་རང་དབང་ཅན་མིན་པས་དགེ་སློང་མ་ཤིང་དྲུང་དུ་སྡོད་པ་བཀག་པའི་ཕྱིར་རོ། །དགེ་སློང་མའི་ལྟུང་བར་འགྱུར་བ་རྣམས་ལ་ཕམ་པ་ཐུན་མོང་བ་བཞི་དང་། རེག་པ་ལུས་ 6-1-179a བཀན་འཆབ་པ་བཟློག་པ་བཞི་སྟེ་བརྒྱད་ཉིད་དོ། །ལྟུང་བྱེད་དང་ཉེས་བྱས་ཡིན་ཀྱང་མགུ་བ་ཟླ་བ་ཕྱེད་སྤྱོད་དགོས་པས་ཆད་པ་ལྕི་བ་རྣམ་དཀར་གྱི་ཆོས་མིན་ཀྱང་མཚན་ཉིད་འཛིན་པའི་ཆོས་བརྒྱད་པོ་རྣམས་བརྗོད་པར་བྱའོ། །དེ་ཡང་དགེ་སློང་གང་ཟག་ ལ་བསྟེན་པ་གསུམ་ནི། དགེ་སློང་མས་དགེ་སློང་ལ་ཉེས་པ་གླེང་དྲན་མི་བྱ་བ་དང་། དགེ་སློང་མས་དགེ་སློང་ལ་སྤྱོ་བར་མི་བྱ་བ་སྟེ། ཀར་ཤ་ལས། གཤེ་བ་དང་ཁྲོ་བ་དང་སྤྱོ་བ་བཀག་ཅེས་སོ། །ལུང་ཕྲན་ཚེགས་ལས། ཚིག་ངན་པར་སྨྲ་བ་དང་ཁྲོ་བ་དང་བསྡིགས་པ་ རྣམས་མི་གནང་སྟེ་ཞེས་ནན་ཏུར་བྱེད་པ་བཀག་གོ། དགེ་སློང་མས་དགེ་སློང་གསར་བུ་ལའང་ཕྱག་བྱ་དགོས་ཏེ། ལུང་དང་ཀར་ཤ་ལས། ཚིག་སྙན་པ་དང་བསྟོད་པ་དང་ལྡང་བ་དང་ཐལ་མོ་སྦྱར་བ་དང་ཞེས་དེ་རྣམས་ལས་ཟློག་པ་ལྕི་བའི་ཆོས་འདས་གསུམ་མོ། །དགེ་ སློང་གི་དགེ་འདུན་ལ་བརྟེན་པ་གསུམ་ནི། དགེ་སློང་ཕའི་དགེ་འདུན་མེད་པར་བསྙེན་པར་རྫོགས་པར་བྱེད་པ་དང་། ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལས་གདམས་ངག་མི་ནོད་པ་དང་། དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་ཁས་ལེན་པ་སྟེ། དེ་ཡང་ འགྲེལ་ཆུང་ལས། དགེ་སློང་གི་གཙུག་ལག་ཁང་ནས་བར་རྒྱང་གྲགས་ཕྱེད་ལས་རིང་བ་ཞིག་ཏུ་ཚུལ་དུ་གཞུག་ན་ལྟུང་བའོ། །ཞེས་བཤད་ལ། བླ་མ་དག་རྒྱང་གྲགས་རེ་ལས་རིང་བ་ཞིག་ཏུ་གསུངས་ཀྱང་དེ་གཉིས་ནི་མི་རིགས་ཏེ། ཕན་ཚུན་བསླབ་པ་ལ་གནོད་ཅིང་མི་ འཛེམ་པའི་ཕྱིར་རོ། །འོ་ན་གང་ཞེ་ན། མཚམས་པོ་ཆེ་བཅད་ན་དཔག་ཚད་ཕྱེད་དང་གསུམ་གྱི་ནང་ཁོངས་དང་། མཚམས་པོ་ཆེ་མ་བཅད་ན་དཔག་ཚད་གཅིག་གི་ནང་ཁོངས་ན་དགེ་འདུན་དུ་ལོངས་པའི་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པའོ། །འདི་ 6-1-179b རིགས་ཏེ། ཕྲན་ཚེགས་འགྲེལ་པ་ལས། མཚམས་པོ་ཆེས་བསྐོར་བའི་མཚམས་ནང་དུ་ཞུགས་པར་གྱུར་པ་དེའི་ཚེ་དགེ་སློང་གི་གནས་དང་བཅས་པར་མཚམས་གཅིག་གི་ཁོངས་སུ་གཏོགས་པའི་ཕྱིར། དགེ་སློང་མའི་དབྱར་ཁང་ནི་དགེ་སློང་དང་བཅས་པའི་གནས་ཉིད་ཡིན་ནོ། ། གལ་ཏེ་མཚམས་ཀྱིས་བསྐོར་བ་མ་བྱས་སུ་ཟིན་ཀྱང་། དཔག་ཚད་གཅིག་གི་ནང་དུ་དགེ་སློང་གི་གཙུག་ལག་ཁང་ཡོད་ན་དགེ་སློང་མའི་དབྱར་ཁང་ནི་དགེ་སློང་དང་བཅས་པ་ཉིད་དུ་བལྟ་བར་བྱའོ་ཞེས་གསུངས་སོ། །གཉིས་ཀའི་དགེ་འདུན་ལ་བརྟེན་པ་གཉིས་ནི། གཉིས་ཀའི་དགེ་ འདུན་ལ་མགུ་བ་སྤྱད་པར་བྱ་བ་དང་། གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་བ་སྟེ། དེ་རྣམས་ལས་འདས་ན་ལྕི་བའི་ཆོས་འདས་སུ་གསུངས་སོ། །ལྕི་བའི་ཆོས་འདས་བརྒྱད་པོ་དེ་ལས་གདམས་ངག་མི་ནོད་པ་དང་། དབྱར་གནས་ཁས་ལེན་པ་དང་། དགག་དབྱེ་མི་བྱེད་ པ་གསུམ་ལྟུང་བྱེད་དང་། གཞན་ལྔ་ཉེས་བྱས་སོ། །ལྕི་བའི་ཆོས་བརྒྱད་འདི་ལ། འགྲེལ་ཆུང་ལས། ཟླ་ཕྱེད་གདམས་ངག་རྗེས་བསྟན་མི་ནོད་པ་མ་བགྲངས་པར་གསོ་སྦྱོང་དགེ་སློང་ལ་མ་དྲིས་པ་དང་ཞེས་བཤད་པ་ནོར་ངེས་སོ་ཞེས་ཟངས་ཆེན་པ་གསུང་ངོ་། །ལྕི་ཆོས་ དེ་སྐབས་གང་དུ་བརྗོད་ཅེ་ན། ལྟུང་བར་འགྱུར་པའི་ཆོས་རྣམས་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་བརྗོད་པའི་བར་སྐབས་སུ་བརྗོད་པར་བྱའོ། །གསུམ་པ་ལ། ཐུན་མོང་དབང་དུ་བྱེད་པའི་མདོ། །བར་ཆད་སོ་སོའི་དབྱེ་བ་བསྟན། །དང་པོ་ནི། འདིར་ཡང་བཀོལ་བ་ ཡོད་དེ། མཚན་གཉིས་པ་ནས་རབ་ཏུ་བྱུང་བ་ཡན་ཆད་དྲུག་པོ་དག་ལ་ཚིག་གི་དོན་འདི་མིང་དང་མིང་ཅན་དུ་བསྡེབ་པར་བྱ་སྟེ། རབ་བྱུང་དང་རྫོགས་པའི་ཕྱིར་འོངས་པ་ལ་དྲུག་པོ་དེ་མ་ཡིན་ནམ་ཞེས་དབྱུང་རྫོགས་མཁན་པོས་དྲི་ཞིང་དྲུག་པོ་དེ་དབྱུང་རྫོགས་མི་བྱའོ། །དྲུག་པོ་ 6-1-180a དེ་ལ་ནི་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་ཁྱད་པར་མེད་པར་འདྲའོ། །འདིའི་སྔོན་རབ་བྱུང་ལ་བུད་མེད་དེ་མཚན་གྱུར་ནས་སྐྱེ་བའི་གནས་སྐབས་སྲིད་པ་ནི་དམིགས་བསལ་ཡིན་ལ། དེ་ཡང་ལན་གསུམ་ཕན་གྱུར་ན་ནི་མི་སྐྱེ་བ་ཡིན་ནོ། །འོ་ན་མདོ་ འདི་དྲུག་པོའི་མཇུག་ཏུ་རྣམ་པ་དེ་ལྟ་བུའི་རྟགས་ཅན་བསྙིལ་བར་བྱའོ་ཞེས་མ་སྨོས་ཀྱང་དོན་གྱིས་གོ་བའི་དབང་དུ་བྱས་ལ། འདིར་སྐྱེས་པ་འབའ་ཞིག་གི་དབང་དུ་བྱས་པ་མ་ཡིན་པས་ཀྱང་མ་སྨོས་སོ། །གཉིས་པ་ལ། རྣམ་པར་སྨིན་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་ཕྱེ་སྟེ་ བཤད། །དང་པོ་ནི། མ་ནིང་ཕོ་མོ་གང་ཡང་རུང་བ་ལ་མཚན་གཉིས་ཀ་ཡོད་པའོ། །མ་ནིང་ཕོ་མོའི་ཁྱད་པར་སྐད་དང་ཕྱི་བྱད་ཕོ་མོ་གང་དང་མཐུན་པར་འོང་བའི་ཁྱད་པར་ལས་སོ། །གླེ་འདམས་པའོ་ཞེས་པ་ནི་ཊཱི་ཀར། མོ་མཚན་དང་བཤང་བའི་སྒོ་གཉིས་ལྷན་ཅིག་ཏུ་གྱུར་ པ་གང་ལ་ཡོད་པ་དེ་ནི་གླེ་འདམས་སོ་ཞེས་སོ། །མོ་མཚན་ནས་རྟག་ཏུ་ཟླ་མཚན་འཛག་པའོ། །རྟག་ཏུ་ཟླ་མཚན་མི་འཛག་པའོ། །ཡོན་ཏན་འོད་འགྲེལ་ཆུང་ལས། ཟླ་མཚན་གྱི་ཁྲག་ཀྱང་མི་འཛག་པ་སྟེ། ལོ་བཅུ་གཉིས་ཡན་ཆད་ལ་མི་ཟག་པ་དང་། ལྔ་བཅུ་མན་ཆད་ཁྲག་མི་ཟག་ པ་ནི་མ་གཏོགས་སོ་ཞེས་སོ། །སྨན་དཔྱད་ལས་ཀྱང་། བུད་མེད་ཟླ་བ་རེ་རེར་ཁྲག །དངས་མ་ལས་བྱུང་ཞག་གསུམ་འཛག །ལོ་ནི་བཅུ་གཉིས་ཕན་ཆད་ནས། །ལྔ་བཅུའི་བར་འཛག་དེ་ནས་ཟད། །ཅེས་པ་དང་ཡང་མཐུན་ནོ། །མཚན་མ་ཙམ་ཡོད་པའོ། །དེ་གང་ཞེ་ན། མཚན་མ་ཆུ་འོང་བའི་བུ་ག་ཙམ་དུ་གྱུར་པའི་མཚན་མ་ཡོད་པ་ནི་མཚན་མ་ཙམ་ཡོད་པ་དེ་ཞེས་བྱའོ། །གཉིས་པ་ནི། བུད་མེད་སྔོན་རབ་ཏུ་བྱུང་བ་ལས་ཕྱིས་བསླབ་པ་ཕུལ་བའོ། །དགེ་སློང་མ་དགེ་ཚུལ་མར་བབས་པས་བར་ཆད་འདིར་མི་འགྱུར་རོ། །སྐྱེས་པ་ལ་བར་ཆད་འདི་མེད་ 6-1-180b དེ། གཞི་འགྲེལ་ལས། སྐྱེས་པ་ནི་ལན་བདུན་རབ་ཏུ་དབྱུང་བ་གནང་བའི་ཕྱིར་ཞེས་བཤད་དོ། །འོ་ན་ཐུན་མོང་མིན་པའི་བར་ཆད་དྲུག་པོ་རྣམས་གསངས་སྟོན་མས་ལྐོག་ཏུ་དང་། ལས་བྱེད་མོས་དགེ་འདུན་མའི་དབུས་སུ་འདྲི་དགོས་མོད་ཀྱི། དགེ་སློང་མ་ལས་བྱེད་པས་ བར་ཆད་དེ་རྣམས་དྲི་དགོས་སམ་མི་དགོས་ཞེ་ན། དགེ་སློང་མ་མཆོག་གི་སྐབས་ཀྱི་ལུང་ཕྲན་ཚེགས་དང་། ཀར་ཤ་ལས། དགེ་འདུན་གཉིས་ཀའི་དབུས་སུ་མཚན་གཉིས་པ་མ་ཡིན་ནམ། གླེ་འདམས་པ་མ་ཡིན་ནམ། རྟག་ཏུ་ཟླ་མཚན་འཛག་པ་མ་ཡིན་ནམ་ཞེས་འདྲི་བར་ གསུངས་སོ། །འོ་ན་ལུང་ཕྲན་ཚེགས་ལས། དགེ་སློང་དག་གིས་དགེ་སློང་མའི་དགེ་འདུན་གྱི་དབུས་སུ་ཐུན་མོང་མ་ཡིན་པའི་ཆོས་རྣམས་དྲིས་པ་ན་དེ་ངོ་ཚ་ནས་གདོང་སྨད་དེ་འདུག་པའི་སྐབས་དེར། བཅོམ་ལྡན་འདས་ལ་གསོལ་བ་དང་། བཀའ་སྩལ་པ། དགེ་སློང་ གིས་ཐུན་མོང་མ་ཡིན་པའི་བར་ཆད་རྣམས་དྲི་བར་མི་བྱའོ། །དྲིས་ན་འདས་པ་དང་བཅས་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་སྙམ་ན། འདྲི་བ་སྔར་བཅས། མི་འདྲི་བ་རྗེས་བཅས་ཏེ་རྗེས་བཅས་ཀྱི་རྗེས་སུ་འབྲང་ངོ་ཞེས་ཤེས་པའི་སླད་དུ་ཡིན་ནོ། །འདིར་སྨྲས་པ། གངས་ཅན་འདི་ན་ཉེས་སྤྱོད་སྐྱེ་བོ་ཡིས། །ཧ་ཅང་མ་རུངས་བྱས་ཀྱང་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་རང་གཟུགས་ཐུགས་རྗེའི་སྐུ། །སྣང་བར་མཛད་པས་ཕྱོགས་འདི་བཟང་པོར་བྱས། །འོན་ཀྱང་གངས་ཅན་པ་ཡི་སྐྱེ་བོ་ཀུན། །ད་ནི་བསོད་ནམས་ལྷག་པར་བྲི་ བའི་མཐུས། །བསྟན་པ་དངོས་ཞིག་བོན་དར་སྔགས་ལོག་དར། །དེ་ཡི་སྟོབས་ཀྱིས་ཧོར་སོག་ཇང་རྣམས་བརྡོལ། །བདག་ཀྱང་ཆུང་ངུའི་དུས་ནས་བསྟན་པ་ཡི། །གནད་མཚང་འཁྲུལ་མེད་བློ་ལ་འཛིན་པའི་མཐུས། །རང་ལོ་ཉེར་དྲུག་ལོན་པའི་དུས་འདིར་ཡང་། །འདུལ་ 6-1-181a བ་འབུམ་སྡེའི་གཞུང་དོན་ཇི་བཞིན་རྟོགས། །ཆོས་བཞིན་བསྟན་པས་ཆོས་མིན་སྤྱོད་པ་རྣམས། །བདག་ལ་སྨོད་ཅིང་སྡང་བར་བྱེད་དོ་ལོ། །འདི་ཚུལ་དམ་པ་རྣམས་ལ་འབྱུང་བའི་ནོར། །མཆོག་ཏུ་གཅེས་པས་དགའ་བ་སྒོམས་ཤིག་ཅེས། །དཔལ་ ལྡན་དབྱངས་ཅན་གསར་མ་རང་ཉིད་ཀྱི། །ནང་རབ་དང་བའི་སྤྲོ་བ་རིང་ནས་ཐོབ། །རབ་ཏུ་བྱུང་བའི་གཞི་ཕྲན་ཚེགས་ལ་སོགས་པའི་སྒྲས་གླེང་གཞི་དང་མ་མོ་དང་སིལ་བུ་རྣམས་བསྡུས་པས་དེའི་ཕྱིར་དེའི་སྐབས་སོ།། །།༈ གསུམ་པ་ཞུ་བ་ཕལ་ཆེ་བ་བརྗོད་པ་ལ། སྡོམ་པ་སྐྱེ་དང་མི་སྐྱེ་བསྟན། །བར་ཆད་མཚོན་དོན་བྱེ་བྲག་བརྗོད། །བར་ཆད་བྱེ་བྲག་དམིགས་བསལ་བསྟན། །བུད་མེད་རྫོགས་པའི་བྱ་ཡུལ་བརྗོད། །འགལ་རྐྱེན་གེགས་བྱེད་ཉིད་དུ་བསྟན། །དང་པོ་ལ་བཞི། རྒྱུད་ལ་སོགས་པའི་ཁྱད་པར་དང་། །ཡུལ་ཆོག་ཁྱད་ཅན་ ཉམས་པས་དང་། རྟགས་རྒྱུད་ཆོག་ཁྱད་ཅན་ཉམས་དང་། །སྡོམ་པ་སྐྱེ་དང་མི་སྐྱེ་བསྟན། །འདི་ས་བཅད་ཚིགས་བཅད་དུ་བསྡེབ་པའི་དབང་ལས། འདི་ལས་གསལ་བ་མ་ཐུབ་ཅིང་ས་བཅད་སྔ་མ་གཉིས་ལ་སྡོམ་པ་སྐྱེ་བ་དང་མི་སྐྱེ་བ་ཞེས་གསལ་བྱེད་དུ་སྦྱར། ས་བཅད་ཕྱི་མ་ལ་སྡོམ་པ་མི་སྐྱེ་བར་གསལ་བྱེད་དུ་སྦྱར། ཆོག་ཁྱད་མི་ཉམས་སྐྱེ་ བ་ལ། །ཉེས་བྱས་ཙམ་དུ་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། མི་མ་ཡིན་པའི་འགྲོ་བ་སོ་ཐར་གྱི་སྡོམ་པའི་ཞིང་མ་ཡིན་ན། ལུང་གཞི་ལས། ཀླུ་གཞོན་ནུ་ཙམ་པ་སྐྱེས་ཚེས་བརྒྱད་དང་བཅུ་བཞི་ལ་ཡན་ལག་བརྒྱད་དང་ལྡན་པའི་ གསོ་སྦྱོང་ལ་གནས་ཞེས་གསུངས་པ་དང་། མཛོད་འགྲེལ་དུ་ཉན་ཐོས་ཀྱི་མདོ་དྲངས་པ་ལས་ཀྱང་། དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ་གནས་ནས་བྱུང་ནས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་སོ། །ཞེས་གསུངས་པ་ 6-1-181b དང་འགལ་སྙམ་ན། མཛོད་འགྲེལ་ལས། དེ་ནི་ལེགས་པར་སྤྱད་པ་ཙམ་ཡིན་གྱི་སྡོམ་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་ལྷ་ཆོས་ཅན། སྡོམ་པའི་ཞིང་ཉིད་མ་ཡིན་པར་ཐལ། མི་མ་ཡིན་པའི་འགྲོ་བ་ཡིན་པའི་ཕྱིར། འདོད་ན། བསམ་གཏན་གྱི་སྡོམ་པ་ནི། འདོད་པ་ དང་གཟུགས་ཀྱི་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ཡོད་ཅེས་བཤད་ཅིང་། འོད་ལྡན་ལས་ཀྱང་། མི་མ་ཡིན་པ་རྣམས་ལ་ཡང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཉིས་གནས་ཤིང་ཞེས་ལྷ་རྣམས་ལ་སྡོམ་པ་དེ་གཉིས་ཡོད་པར་གསུངས་སོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། ལྷ་རྣམས་ནི་སོ་ཐར་གྱི་སྡོམ་པའི་ཞིང་ཉིད་མ་ཡིན་གྱི། སྡོམ་པ་གཞན་གཉིས་ཀྱི་ཞིང་ནི་ལྷ་རྣམས་ཀྱང་ཡིན་ནོ། །བྱང་གི་ཞེས་པ་ནི་ཞུ་འགྲེལ་ལས། བྱང་གི་སྒྲ་མི་སྙན་ནི་རི་རབ་ལ་ལྟོས་ནས་བྱང་ཡིན་པའི་ཕྱིར་ཞེས་བཤད་དོ། །དེ་མི་འཐད་དེ། རི་རབ་ལྷུན་པོ་ནི་སྒྲ་མི་སྙན་ལ་ སོགས་པ་གླིང་བཞི་ཆར་གྱི་བྱང་ན་གནས་པའི་ཕྱིར་རོ་ཞེས་གསུངས་སོ། །དེས་ན་འདི་ནི་འཛམ་བུ་གླིང་ལ་བལྟོས་ནས་བྱང་ཡིན་ཏེ། རྣམ་འབྱེད་འགྲེལ་ལས། བྱང་གི་སྒྲ་མི་སྙན་ནི་འདི་ནས་བྱང་ཕྱོགས་ཡིན་པའི་ཕྱིར་ཞེས་སོ། །སྒྲ་མི་སྙན་ཅེས་པ་ཞུ་འགྲེལ་ལས། སྒྲ་མི་ སྙན་པ་དག་གནས་པའི་ཕྱིར་ཞེས་པ་སྐད་མི་སྙན་པའི་དོན་ནོ། །མི་མིན་སྡོམ་པའི་ཞིང་མིན་པ་དང་། བྱང་གི་སྒྲ་མི་སྙན་པ་སྡོམ་པའི་ཞིང་མིན་པ་ཁྱད་པར་ཡོད་དེ། སྒྲ་མི་སྙན་པ་ནི་སྡོམ་པ་གསུམ་ཀའི་ཞིང་མིན་ཏེ། མཛོད་འགྲེལ་ལས། ཡང་དག་པར་ལེན་པ་མེད་པ་དང་ བསམ་གཏན་དང་ཏིང་ངེ་འཛིན་མེད་པའི་ཕྱིར་ཞེས་བཤད་དོ། །སྡོམ་པའི་ཞིང་མིན་པའི་རྒྱུ་མཚན་གཞན་ཡང་ཡོད་དེ། སྡོམ་པའི་སྤང་བྱ་མ་ཚང་བའི་ཕྱིར་ཏེ། བྱང་སྒྲ་མི་སྙན་པ་རྣམས་ནི་ངག་འཁྱལ་མ་གཏོགས་པ་ལུས་ངག་གི་མི་དགེ་བ་བདུན་པོ་རང་བཞིན་གྱིས་མི་སྤྱོད་ 6-1-182a པའི་ཕྱིར། དེས་ན་མཛོད་ཀྱི་འགྲེལ་བཤད་ལས། བྱང་གི་སྒྲ་མི་སྙན་པ་ནི་རང་བཞིན་གྱི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་ཞེས་གསུངས་སོ། །དེ་ནི་སྲོག་གཅོད་པ་ལ་སོགས་པ་རྣམས་རང་བཞིན་གྱིས་མི་བྱེད་པ་ཙམ་ལ་ཚུལ་ཁྲིམས་སུ་བཏགས་ཀྱི། དེ་ རྣམས་རང་བཞིན་གྱིས་མི་བྱེད་པ་ཙམ་གྱིས་ཚུལ་ཁྲིམས་རང་མཚན་པར་འགྱུར་ན་ནི་དམྱལ་བ་ལ་ཡང་ཚུལ་ཁྲིམས་ཡོད་པར་ཐལ་བས་སོ། །སྒྲ་མི་སྙན་པ་འདི་ནི་དེའི་གླིང་ཕྲན་དུ་སྐྱེས་པ་ཡང་སྡོམ་པའི་ཞིང་མ་ཡིན་ཅེས་མཚོན་ཏོ། །མཚན་ལན་གསུམ་དུ་གྱུར་ན་སྡོམ་པ་སྐྱེ་བའི་ ཞིང་མིན་པ་ནི། རང་གི་རྣམ་བཤད་ལས། མཚན་ལན་གསུམ་དུ་གྱུར་པ་དེ་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་དོན་ཏེ་ཞེས་སོ། །ཊཱི་ཀ་ལས། མཚན་གྱུར་པ་ལན་གྲངས་གསུམ་པ་དེ་ལ་ཡང་སྡོམ་པའི་ཞིང་ཉིད་མེད་དེ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །མཚན་ལན་གསུམ་ དུ་གྱུར་ན་སྡོམ་པ་གནས་པའི་ཞིང་མ་ཡིན་པའི་གཞུང་ནི། ལུང་ཕྲན་ཚེགས་ལས། དགེ་སློང་ཕའམ་དགེ་སློང་མ་ཡང་རུང་། ལན་གཉིས་སུ་མཚན་གྱུར་ན་དེ་ཡང་གར་རིགས་པར་ཞོག་ཅེས་བཀའ་སྩལ་ནས། དེ་སྟེ་དེར་བཞག་པ་ལས་མཚན་ལན་གསུམ་དུ་གྱུར་ན་ཇི་ལྟར་བགྱི། ཨུ་པ་ལི་མཚན་ལན་གསུམ་དུ་གྱུར་ན་དགེ་སློང་ཕའི་དངོས་པོ་དང་དགེ་སློང་མའི་དངོས་པོ་དེ་མ་ཐག་ཏུ་རྣམ་པ་ཐམས་ཅད་དུ་མི་བཞག་གོ། ཞེས་གསུངས་སོ། །མཚན་ལན་གསུམ་དུ་གྱུར་ན་སྐྱེ་གནས་གཉིས་ཀའི་ཞིང་མ་ཡིན་པ་ནི། འགྲེལ་ཆུང་ལས། མཚན་ལན་གསུམ་དུ་ གྱུར་པའི་མི་ལ་ནི་ཁྲིམས་ཕོག་ཀྱང་མི་འཆགས་ཏེ། དགེ་སློང་ཞིག་ལས་མཚན་གྱུར་ནའང་ལན་གཉིས་ཀྱི་བར་དུ་ནི་ཁྲིམས་མེད་པར་མ་སོང་གི། ལན་གསུམ་གསུམ་དུ་གྱུར་པ་ཁྲིམས་མེད་པར་སོང་སྟེ་ཞེས་སོ། །མཚན་ལན་གསུམ་དུ་གྱུར་པ་སྡོམ་པ་སྐྱེ་གནས་ཀྱི་ཞིང་མིན་ 6-1-182b པའི་རྒྱུ་མཚན་ནི་གློ་བུར་དུ་མ་ནིང་གི་རིགས་གནས་སུ་གྱུར་པ་ལས་ཡིན་ཏེ། ཊཱི་ཀར། མཚན་ལན་གསུམ་གྱུར་པ་ནི་མ་ནིང་གི་རིགས་ཡིན་པའི་ཕྱིར་ཞེས་སོ། །འོ་ན་མཚན་ལན་གསུམ་དུ་གྱུར་པས་སྡོམ་པ་བཏང་ན། །མཛོད་འགྲེལ་ལས། མཚན་གྱུར་པ་ལས་སྔོན་གྱི་སྡོམ་ པ་གཏོང་བའི་རྒྱུ་ཡང་མ་ཡིན་ལ། སྔོན་མེད་པའི་སྡོམ་པ་ཐོབ་པའི་རྒྱུ་ཡང་མ་ཡིན་ནོ་ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་མཚན་ལན་གཅིག་གམ་གཉིས་གྱུར་པའི་དབང་དུ་བྱས་པ་ཡིན་ལ། ལན་གསུམ་དུ་གྱུར་པའི་དབང་དུ་བྱས་པ་མིན་ནོ། །གཉིས་པ་ནི། མི་མ་ཡིན་པའི་འགྲོ་བ་ ལྷ་འགའ་ཞིག་ལ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡོད་ཀྱང་སོ་ཐར་གྱི་སྡོམ་པ་ནི་མེད་ལ། དང་ནི་ལ་སོགས་པའི་དོན་ཏེ། ཊཱི་ཀར། མི་ཡི་འགྲོ་བ་ལས་གཞན་པ་ལྷ་ལ་སོགས་ཞེས་སོ། །མི་ཡིན་ཀྱང་བྱང་གི་སྒྲ་མི་སྙན་དུ་སྐྱེས་པ་ཉིད་ནི་སོ་ཐར་སྡོམ་པའི་ཞིང་མ་ཡིན་ནོ། ། འདིར་ཉིད་ཀྱི་དོན། ཞིང་གཏན་མིན་པའི་དོན་ཏེ། ཊཱི་ཀར། དེ་གཉིས་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །ཚེ་དེ་ལ་མཚན་ལན་གསུམ་དུ་གྱུར་པ་ཡང་སྡོམ་པའི་ཞིང་ཉིད་མ་ཡིན་ནོ། །མཚན་གྱུར་པ་དང་པོ་གཉིས་ལ་ནི་སྡོམ་པ་མི་ཉམས་སོ། །སྡོམ་པ་ ལེན་བཞིན་པ་ཉིད་ན་མཚན་གྱུར་ཀྱང་སྡོམ་པ་སྐྱེའོ། །ཊཱི་ཀར། འདིར་གཞུང་ནི་བསྙེན་པར་རྫོགས་པར་འཚལ་བའི་མཚན་གྱུར་ན་བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་རྫོགས་ཞེས་བྱ་སྟེ། དགེ་སློང་མས་ནི་དགེ་ སློང་རྣམས་ལས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་བཙལ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །འདིར་ཕོའི་མཚན་གྱུར་པ་ནི་དཔེ་ཙམ་དུ་ཟད་དོ་ཞེས་སོ། །གཉིས་པ་ས་བཅད་ཀྱི་ཁོངས་འདིའི་མདོ་དང་པོ་ལས་བརྩམས་ཏེ་མཐའ་དཔྱད། རྩ་བའི་ 6-1-183a ཚིག་དོན་བཤད་པའོ། །དང་པོ་ནི། མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་བཤད་པ་ལ། འོ་ན་ད་ལྟར་གྱི་ཆོ་གས་དབྱུང་རྫོགས་ཀྱི་སྡོམ་པ་ནོད་པ་ཆོས་ཅན། སྡོམ་པ་སྐྱེ་བ་དེ་མཁན་པོ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མིན་པར་ཐལ། མཁན་པོ་མེད་ ཀྱང་སྡོམ་པ་སྐྱེ་བ་ཡོད་པའི་ཕྱིར། འདོད་ན་ཊཱི་ཀ་ལས། མཁན་པོ་ཉིད་དུ་གནས་པ་ལ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པ་དག་ཡོད་ཀྱི། མི་གནས་པ་ལ་མེད་དོ་ཞེས་མཁན་པོ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གསུངས་ལ། ལུང་མ་མོ་ལས་ཀྱང་། བསྙེན་པར་ རྫོགས་པར་མི་བྱ་བ་གང་ཞེ་ན། ཕ་བསད་པ་དང་། མ་བསད་པ་དང་། སློབ་དཔོན་མེད་པ་དང་། མཁན་པོ་མེད་པ་དང་། མི་མ་ཡིན་པ་ཐམས་ཅད་དེ། འདི་དག་ནི་བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན། ཞེས་མཁན་པོ་མེད་ན་བསྙེན་རྫོགས་ཀྱི་སྡོམ་ པ་མི་སྐྱེ་བར་བཤད་པ་དང་འགལ་ཅེ་ན། འགལ་བ་སྤང་བ་ལ། དགག་བཞག་སྤང་གསུམ་ལས། དང་པོ་ནི། གྲྭ་པ་མངོན་ཤེས་ན་རེ། མཁན་པོ་མེད་པ་ལ་སྡོམ་པ་མི་སྐྱེ་བར་གསུངས་པ་དང་། སྐྱེ་བར་གསུངས་པའི་དགོངས་པ་ནི། མཁན་པོའི་བྱ་བ་བྱེད་དུས་ན་མཁན་ པོ་མེད་ན་སྡོམ་པ་མི་སྐྱེ་བ་དང་། སློབ་དཔོན་གྱི་བྱ་བ་བྱེད་དུས་ན་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བ་ལ་དགོངས་ཏེ། དྲིན་ལན་བསབས་པ་ལས། མཁན་པོ་ཞིག་ལ་ཁྲིམས་བཅུ་ནོད་པར་གསོལ་བ་བཏབ་པ་ལས་ཁྲིམས་བཅུ་ནོད་པའི་ཚེ་མཁན་པོ་མངོན་སུམ་དུ་མ་གྱུར་ཀྱང་ཁྲིམས་བཅུ་ ཐོབ་བོ། །ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །འདོད་པ་དེ་ལ་སྒྲུབ་བྱེད་མེད་པར་བསྟན། གནོད་བྱེད་ཡོད་པར་བརྗོད་པའོ། །དང་པོ་ནི། ལུང་དེས་དགེ་ཚུལ་གྱི་ཁྲིམས་བཅུ་ནོད་པའི་ཚེ་མཁན་པོ་མེད་ཀྱང་ཁྲིམས་བཅུ་ཐོབ་བོ་ཞེས་བསྟན་པས་མཁན་པོའི་བྱ་བ་བྱེད་དུས་ 6-1-183b ན་མཁན་པོ་མེད་ན་མི་ཐོབ་ཅེས་བསྟན་པ་མ་ཡིན་ཏེ། མི་ཞེས་བརྗོད་པས་ཆུ་སྐྱེས་སོ་ཞེས་བསྟན་པ་མ་ཡིན་པ་བཞིན་ནོ། །གཉིས་པ་ནི། སྡོམ་པ་སྐྱེ་བའི་རྒྱུ་རྐྱེན་གཞན་ཚང་ཞིང་མཁན་པོའི་བྱ་བ་བྱེད་དུས་ན་མཁན་པོ་མེད་པར་སྡོམ་པ་ནོད་པ་ཆོས་ཅན། མཁན་པོ་མེད་ཀྱང་སྡོམ་ པ་སྐྱེ་བར་ཐལ། མཁན་པོའི་བྱ་བ་མ་བྱས་ཀྱང་སྡོམ་པ་སྐྱེ་བའི་ཕྱིར། རྟགས་གྲུབ་སྟེ། མཁན་པོའི་བྱ་བ་ནི་དང་པོར་བར་ཆད་དྲི་བ། དེ་ནས་དགེ་བསྙེན་ཉེ་བར་བསྒྲུབ་པ། མཁན་པོར་གསོལ་བ། བར་མའི་དགེ་བ་སྦྱིན་པ་ཡིན་ལ། མཁན་པོའི་བྱ་བ་དེ་རྣམས་མ་བྱས་ཀྱང་ རབ་བྱུང་གི་སྡོམ་པ་སྐྱེ་བར་གསུངས་ཏེ་བར་ཆད་མ་དྲིས་པ་ལ་ཡང་ངོ་། །ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །མཁན་པོར་མ་གསོལ་བ་ལ་ཡང་ངོ་། །ཞེས་པས་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་གྲུབ་བོ། །བྱ་བ་མ་བྱས་ཀྱང་སྐྱེ་བ་ལ་བྱེད་པ་པོ་མེད་ཀྱང་ སྐྱེ་བས་ཁྱབ་སྟེ། བྱ་བ་ལ་བལྟོས་ནས་བྱེད་པ་པོ་རྣམ་པར་བཞག་པའི་ཕྱིར་རོ། །གཞན་ཡང་མཁན་པོའི་བྱ་བ་བྱེད་དུས་ན་མཁན་པོ་ཡོད་ན་མཁན་པོ་མེད་པའི་ཐ་སྙད་ཀྱང་མི་རིགས་སོ། །ཉང་མཚམས་པ་རིན་ཆེན་བླ་མ་ན་རེ། མཁན་པོ་མེད་པ་ལ་སྡོམ་པ་སྐྱེ་བར་གསུངས་པ་དང་ མི་སྐྱེ་བར་གསུངས་པའི་དགོངས་པ་ནི། རིམ་བཞིན་མཁན་པོ་དང་མི་ལྡན་པའི་སྡོམ་པ་སྐྱེ་བ་དང་ལྡན་པའི་སྡོམ་པ་མི་སྐྱེ་བ་ལ་དགོངས་ཏེ། ཊཱི་ཀ་ལས། ཡང་དག་པར་ལེན་པར་བྱེད་པས་མཁན་པོ་དེ་དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མཁན་པོ་དང་ལྡན་པའི་སྡོམ་པ་མི་སྐྱེ་བ་ ཁོ་ནའོ། །ཞེས་བཤད་པས་ཤེས་སོ་ཟེར་རོ། །མཁན་པོ་དང་ལྡན་པའི་སྡོམ་པ་བཟང་བ་དང་། མི་ལྡན་པའི་སྡོམ་པ་དེ་སྡོམ་པ་དམན་པར་འདོད་ན་མི་རིགས་ལ། མཁན་པོ་དེ་དང་ལྡན་མི་ལྡན་ཞེས་པ་དེ་ཉེས་མེད་ཀྱི་སྡོམ་པ་དང་ཉེས་བཅས་ཀྱི་སྡོམ་པ་ཞེས་འདོད་ན་དགག་ 6-1-184a མི་དགོས་སོ། །སོག་པ་ན་རེ། མཁན་པོ་མེད་པ་ལ་སྡོམ་པ་སྐྱེ་བ་དང་མི་སྐྱེ་བར་གསུངས་པའི་དགོངས་པ་ནི། ཐ་སྙད་པའི་མཁན་པོ་ཡོད་ན་དོན་ལ་མཚན་ཉིད་དང་ལྡན་པའི་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བ་དང་། ཐ་སྙད་ཙམ་གྱི་མཁན་པོ་ཡང་མེད་ ན་སྡོམ་པ་མི་སྐྱེ་བ་ལ་དགོངས་པ་སྟེ། མཁན་པོ་དཔྱད་པ་ཐ་སྙད་པ་ཡིན་པའི་ཕྱིར་ཏེ། ཞུ་བ་ལས། ཉེ་བ་འཁོར་མཁན་པོ་ཚུལ་ཁྲིམས་འཆལ་བས་བསྙེན་པར་རྫོགས་པར་བྱེད་ན། གལ་ཏེ་གང་ཟག་གིས་མི་ཤེས་ན་བསྙེན་པར་རྫོགས་པ་ཡིན་ནོ་ཞེས་གསུངས་པ་འོད་ལྡན་དུ་ ཁུངས་སུ་དྲངས་པ་དེས་གྲུབ་བོ་ཞེ་ན། འོ་ན་མཁན་པོ་ཡོད་མེད་ལས་སྡོམ་པ་སྐྱེ་མི་སྐྱེའི་རྣམ་པར་བཞག་པ་དེ་ཆོས་ཅན། ཐ་སྙད་པའི་མཁན་པོ་ཡོད་མེད་ལས་རྣམ་པར་བཞག་པ་ཡིན་པར་ཐལ། མཁན་པོའི་དཔྱད་པ་ཐ་སྙད་པ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ ན། མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བ་དེ་དོན་གྱི་མཁན་པོ་མེད་པ་ལ་དགོངས་ཟེར་བ་དེ་ཉམས་སོ། །བྱ་འདུལ་བ་འཛིན་པ་ན་རེ། མཁན་པོ་མེད་ན་སྡོམ་པ་མི་སྐྱེ་བར་གསུངས་པའི་གཞུང་རྣམས་ངེས་དོན་ཡིན་ལ། མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་གསུངས་པའི་དམན་པ་ ལ་དགག་སྒྲ་སྟེ། དཔེར་ན་སྟོབས་ཆུང་བ་ལ་སྟོབས་མེད་ཅེས་བརྗོད་པ་ལྟར་མཁན་པོ་ཚུལ་ཁྲིམས་འཆལ་པ་ལྟ་བུ་མཁན་པོ་དམན་པ་ལ་མཁན་པོ་མེད་ཅེས་བཏགས་པ་སྟེ། མཁན་པོ་གཏན་མེད་ལ་ནི་སྡོམ་པ་མི་སྐྱེའོ་ཞེས་འཆད་དོ། །དེ་ནི་མེ་ཏོག་ཕྲེང་རྒྱུད་ལས། མཁན་པོ་ གཏན་མེད་ཉིད་དང་ནི། །མཁན་པོ་ཁྱིམ་པའི་རྟགས་སོགས་ཅན། །དེ་ཡང་བསྙེན་པར་རྫོགས་འགྱུར་མོད། །དགེ་སློང་འགལ་ཚབས་ཅན་དུ་འགྱུར། །ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་དགེ་སློང་གི་སྡོམ་པ་སྐྱེ་བའི་རྒྱུ་རྐྱེན་གཞན་ཚང་ཞིང་མཁན་པོར་གཏན་ 6-1-184b ནས་མ་གསོལ་བར་སྡོམ་པ་ནོད་པའི་གང་ཟག་ཆོས་ཅན། སྡོམ་པ་ནོད་པ་པོ་དེ་ལ་ད་ལྟར་གྱི་ཆོ་ག་ལ་བརྟེན་ནས་དགེ་སློང་གི་སྡོམ་པ་སྐྱེ་བར་ཁེགས་པར་ཐལ། སྡོམ་པ་ནོད་པ་པོ་དེ་མཁན་པོ་གཏན་མེད་ཡིན་པའི་ཕྱིར་ཏེ། མཁན་པོར་གཏན་ནས་མ་གསོལ་ན་མཁན་པོར་འོས་པའི་དགེ་ སློང་དགྲ་བཅོམ་པ་ལྔ་བརྒྱ་མདུན་ན་ཚར་དུ་དངར་ཡང་དེ་ལ་མཁན་པོ་མེད་པ་ཉིད་ཡིན་ནོ། །འདོད་ན། མཁན་པོར་མ་གསོལ་པ་ལ་ཡང་ངོ་། །ཞེས་པ་དང་འགལ་ལོ། །འདིར་རང་ལུགས་སུ་གང་འཇོག་ཅེ་ན། རྒྱ་དང་མཚོ་སྣ་པ་ཆེན་པོའི་ལུགས་བཞིན་བཤད་པར་བྱ་སྟེ། མཁན་ པོ་མེད་པ་ལ་སྡོམ་པ་སྐྱེ་བ་དང་མི་སྐྱེ་བར་གསུངས་པ་དེ། མཁན་པོ་མེད་པར་སྡོམ་པ་འབོགས་ན་འབོགས་པ་པོ་ལ་ཉེས་བྱས་བསྐྱེད་པས་ཉེས་པ་དང་བཅས་པའི་སྡོམ་པ་སྐྱེ་བ་དང་། ཉེས་མེད་ཀྱི་སྡོམ་པ་མི་སྐྱེ་བ་ལ་དགོངས་པ་ཡིན་ཏེ། ལུང་གླེང་གཞིའི་སྒོ་དང་པོ་དང་། ལུང་ ཞུ་བ་ལས། མཁན་པོ་མ་མཆིས་པར་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་ཞེས་བགྱིའམ། །ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པའོ་ཞེས་གསུངས་པ་དང་། མཁན་པོ་མེད་པ་ཉིད་ལ་ཡང་ངོ་ ཞེས་གསུངས་པ་འདི་ངེས་པར་བཟུང་ངོ་། །གསུམ་པ་རྩོད་པ་སྤང་བ་ནི། ལུང་མ་མོ་ལས། སློབ་དཔོན་མེད་པ་དང་། མཁན་པོ་མེད་པ་དང་། མི་མ་ཡིན་པ་ཐམས་ཅད་དེ། འདི་དག་ནི་བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ནོ་ཞེས་གསུངས་ པ་དང་འགལ་ཅེ་ན། ལུང་དེ་ཉེས་མེད་ཀྱི་སྡོམ་པ་མ་སྐྱེས་པའམ། མཁན་པོ་མེད་པ་ལ་བརྟེན་ནས་སྡོམ་པའི་ལེན་སེམས་ལོག་པ་ལ་དགོངས་པ་ཡིན་ནོ། །དེའི་ཕྱིར་ཞུ་བ་ལས། བཙུན་པ་བསྙེན་པར་རྫོགས་ཀར་མཁན་པོ་སྤོ་ན། བསྙེན་པར་རྫོགས་ཞེས་བགྱིའམ། དགེ་ 6-1-185a སྦྱོང་འདི་ཉིད་ལ་མི་རིགས་པའོ་ཞེས་སྨོད་ཅིང་། མཁན་པོ་སྤོ་བ་འདི་ནི་བསྙེན་པར་རྫོགས་པ་ཞེས་བྱའོ་ཞེས་གསུངས་པས། དགེ་སྦྱོང་གི་སྡོམ་པ་ཉིད་ལ་འདོད་པའི་བློ་ལོག་ན་སྡོམ་པ་མི་སྐྱེ་བར་བཤད་དོ། །འོན་ཏེ་མཁན་པོ་གཏན་མེད་ལ་སྡོམ་པ་སྐྱེ་ བར་འདོད་ན། དེ་གཉིས་ཀྱི་མིང་མ་བརྗོད་ན་ཡང་མི་སྐྱེའོ་ཞེས་མཁན་པོའི་མིང་མ་བརྗོད་པ་ལ་ཡང་སྡོམ་པ་མི་སྐྱེ་བར་བཤད་པ་དང་འགལ་ཅེ་ན། མི་འགལ་ཏེ། མཁན་པོ་ཡོད་པའི་ཚེ་མིང་འཇུག་ཆད་ན་ལས་ཀྱི་ཆོ་ག་ཆད་པས་སྡོམ་པ་མི་སྐྱེ་བ་སྟེ། ཉམས་ན་མ་བྱས་པ་ཉིད་ དོ་ཞེས་གསུངས་སོ། །དཔེར་ན་ཆོས་གོས་ལྷུང་བཟེད་ཡོད་བཞིན་དུ་དེ་གཉིས་ཀྱི་མིང་འཇུག་ཆད་ན་ཆོ་ག་ཆད་པས་དགེ་སློང་གི་སྡོམ་པ་མི་སྐྱེ་བ་བཞིན་ནོ། །མཁན་པོ་མེད་པའི་ཚེ་ན་ནི་མཁན་པོའི་མིང་འཇུག་ཆད་པའི་སྐྱོན་མེད་དེ། ཆོས་གོས་དང་ལྷུང་བཟེད་མེད་པའི་ཚེ་ དེ་གཉིས་ཀྱི་མིང་འཇུག་ཆད་པ་བཞིན་ནོ། །ཁ་ཅིག་ན་རེ། མཁན་པོ་དང་དགེ་འདུན་གཉིས་ཀ་སྡོམ་པ་ཐོབ་རྒྱུར་མཚུངས་པ་ལ། མཁན་པོ་མེད་ཀྱང་སྡོམ་པ་ཐོབ་ན་དགེ་འདུན་མེད་ཀྱང་སྡོམ་པ་ཐོབ་པར་ཐལ། ཐོབ་རྒྱུ་མ་ཚང་བར་མཚུངས་ཀྱང་སྔ་མ་ལ་སྡོམ་པ་ཐོབ་པའི་ ཕྱིར་ཞེ་ན། ཐོབ་རྒྱུ་ཙམ་དུ་མཚུངས་པའི་ཕྱིར་ཟེར་རམ། ཐོབ་རྒྱུ་ཁྱད་མེད་དུ་མཚུངས་པའི་ཕྱིར་ཞེས་ཟེར། དང་པོ་ལྟར་ན་མ་ཁྱབ་ལ། གཉིས་པ་ལྟར་ན་མ་གྲུབ་སྟེ། མཁན་པོ་ནི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ལ། དགེ་འདུན་ནི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ གནས་ཀྱང་མཚུངས། གཞན་ཡང་གསོལ་བ་བཏབ་པའི་མཁན་པོ་མི་དགོས་ཀྱང་ངེས་པར་སྡོམ་པ་སྐྱེ་བ་ལ་བྱ་བ་བྱེད་པའི་མཁན་པོ་དགོས་སྙམ་ན། མཁན་པོར་གསོལ་བ་མ་བཏབ་ན་རབ་ཏུ་འབྱིན་པ་སོགས་བྱ་བ་བྱས་ཀྱང་མཁན་པོར་མི་འགྱུར་ཏེ། གནས་སུ་བཟུང་བའི་ 6-1-185b ཆོ་ག་མ་བྱས་ན་གནས་ཀྱི་སློབ་དཔོན་དུ་མི་འགྱུར་བ་བཞིན་ནོ། །མཁན་པོར་གསོལ་བ་མ་བཏབ་ཀྱང་དང་པོའི་མཁན་པོ་ཞེས་བཤད་སྙམ་ན། དེ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་སྟེ། དེའི་ཚེ་ན་མཁན་པོ་དངོས་ཉིད་ཡིན་ན་མཁན་པོར་གསོལ་བ་འདེབས་པ་ན། ལུང་ གཞི་ལས། བཙུན་པའམ་སློབ་དཔོན་དགོངས་སུ་གསོལ་ཞེས་གསུངས་པ་དང་འགལ་ལ། མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་ཏོ་ཞེས་པ་དང་ཡང་འགལ་ལོ། །གཉིས་པ་ནི། མཁན་པོ་དེ་དང་ལྡན་པའི་སྡོམ་པ་སྐྱེ་བ་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་རྒྱུ་ ཚོགས་གཞན་ཚང་ན་སྡོམ་པ་སྐྱེའོ། །མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་ནོད་པོས་དེ་དགེ་སློང་ཉིད་ཡིན་པར་འདུ་ཤེས་ན་མཁན་པོ་དང་ལྡན་པར་གྱུར་པས་སྡོམ་པ་སྐྱེའོ་སྟེ། ཊཱི་ཀར། མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་མཁན་པོ་ དང་ལྡན་པའི་སྡོམ་པ་སྐྱེ་བ་ཉིད་དུ་འགྱུར་རོ་ཞེས་སོ། །མཁན་པོ་དེ་དགེ་སློང་ཉིད་མ་ཡིན་པར་ལེན་པར་བྱེད་པས་ཤེས་ན་ནི་སྡོམ་པ་མི་སྐྱེའོ། །དེ་ཡང་འདི་ལྟ་བུའི་མཁན་པོ་དང་ལྡན་པ་ནི་སྡོམ་པ་སྐྱེ་བ་ལ་གེགས་བྱེད་དུ་སོང་སྟེ། ཊཱི་ཀར། དགེ་སློང་ཉིད་མ་ཡིན་པར་ ཤེས་ན་ནི་མཁན་པོ་དང་ལྡན་པའི་སྡོམ་པ་མི་སྐྱེ་བ་ཉིད་ཁོ་ནའོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་འཚལ་བ་མཁན་པོ་རྐུ་ཐབས་སུ་གནས་པས་བསྙེན་པར་རྫོགས་པར་བགྱི་ན། བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། གལ་ཏེ་བདག་གི་མཁན་པོ་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་ཤེས་ན་ནི་བསྙེན་པར་རྫོགས་ཞེས་མི་བྱའོ། །གལ་ཏེ་མི་ཤེས་ན་ནི་བསྙེན་པར་རྫོགས་ཞེས་བྱའོ་ཞེས་སོ། །བུ་སྟོན་རིན་པོ་ཆེའི་བཞེད་པ་ལྟར་ན། དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་ངོ་ཞེས་པ་ནི། །མཁན་ 6-1-186a པོ་དེ་དོན་ལ་བསྙེན་པར་མ་རྫོགས་པ་ཞིག་ཡིན་ཀྱང་། དགེ་འདུན་གྱིས་བསྙེན་པར་རྫོགས་པར་ཤེས་ན་ལེན་པོ་དེ་ལ་སྡོམ་པ་སྐྱེ་ཞིང་། དེ་དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མི་སྐྱེའོ་ཞེས་པ་ནི། ལེན་པོས་དེ་བསྙེན་རྫོགས་པ་མིན་པར་ཤེས་ན་སྡོམ་པ་མི་སྐྱེ་ བ་ལ་དགོངས་པར་བཤད་དེ། ཉིད་ཀྱི་རྣམ་བཤད་ལས། མཁན་པོ་ཉིད་བསྙེན་པར་རྫོགས་པ་མིན་པ་ལ་སྡོམ་པ་སྐྱེ་བར་བརྗོད་པ་ནི་དགེ་འདུན་གྱི་དབང་དུ་མཛད་ནས། དགེ་འདུན་གྱིས་བསྙེན་པར་རྫོགས་པ་ཉིད་ཡིན་པར་ཤེས་བཞིན་པ་ལས་སྐྱེ་བ་ཡིན་གྱི་བསྙེན་པར་རྫོགས་ པར་བལྟས་པས་ནི་མིན་ནོ། །ཞེས་སོ་ཞེས་ལུང་འདྲེན་པར་མཛད་དོ། །བསྙེན་པར་རྫོགས་པ་འདོད་པ་དེའི་ཚེ་ན་མཁན་པོ་དེ་ཕྱིར་དབུལ་ཞིང་ཕྱིར་སྤོང་བར་བྱེད་ན་དེ་ལ་ཡང་སྡོམ་པ་མི་སྐྱེའོ། །འདི་ལ་དཀའ་བའི་གནས་སུ་མཐོང་སྟེ། བྱ་ཊཱིཀ་ཏུ། དེ་ཕྱིར་སྤོང་བ་ཡང་དགེ་སྦྱོང་ ཉིད་ལ་འདོད་པ་ཡོད་ན་ཕྱིར་སྤོང་བ་ལ་ཡང་སྐྱེ་བར་ཞུ་བ་ཉིད་ནས་གསུངས་པས་ན་ལེན་པར་འདོད་པ་མེད་པའམ་ཉེས་པ་མེད་པའི་ཞེས་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ་། །བུ་སྟོན་འདུལ་འཛིན་ན་རེ། མཁན་པོ་དེ་དགེ་སློང་ཉིད་ལ་སྨོད་ཅིང་མི་རིགས་པས་ཕྱིར་སྤོང་ན་མི་སྐྱེ། དགེ་ སློང་ལ་མི་སྨོད་ཀྱི་མཁན་པོ་ལ་སྨོད་ན་སྐྱེ་སྟེ། ཞུ་བར། བཙུན་པ་བསྙེན་པར་རྫོགས་ཀར་མཁན་པོ་སྤོང་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཨུ་པ་ལི་ཁ་ཅིག་ནི་བསྙེན་པར་རྫོགས་ཞེས་བྱའོ། །ཁ་ཅིག་ནི་བསྙེན་པར་མ་རྫོགས་ཞེས་བྱ་སྟེ། གང་གི་དགེ་སློང་ཉིད་ལ་མི་རིགས་ པའོ། །ངོ་ཚ་བ་མེད་པའོ། །འཛེམ་པ་མེད་པའོ། །ཞེས་སྨོད་ཅིང་མཁན་པོ་སྤོང་བ་འདི་ནི་བསྙེན་པར་མ་རྫོགས་པ་ཞེས་བྱའོ། །གང་གི་མཁན་པོ་མི་རིགས་པའོ་ངོ་ཚ་བའོ་ཞེས་སྨོད་ཀྱི། དགེ་སློང་ཉིད་མིན་པར་མཁན་པོ་སྤོང་བ་འདི་ནི་བསྙེན་པར་རྫོགས་པ་ཞེས་བྱའོ་ཞེས་ལུང་ 6-1-186b འདྲེན་པར་མཛད་དོ། །འདི་ལ་ཡང་དོགས་པའི་གནས་ཡོད་དེ། བྱ་དང་བུ། འདིའི་ཐད་དུ་སྤྱི་ལྡོག་ནས་དགོངས་པ་མཐུན་པ་ལྟར་སྣང་ཡང་ཁྱད་པར་ལ་མི་མཐུན་པར་སྣང་སྟེ། བྱས། དགེ་སྦྱོང་ཉིད་ཀྱི་ཚུལ་ཅེས་དགེ་སློང་གི་དངོས་པོ་དོན་གཉེར་གྱི་བློ་ཡོད་ན་མཁན་པོ་མི་ འདོད་པས་སྤང་ན་ཡང་སྡོམ་པ་སྐྱེ་ཡི། དེའི་ཕྱིར་སྤོང་བ་ལ་ཡང་མི་སྐྱེའོ་ཞེས་སྡོམ་པའི་དངོས་པོ་ལེན་འདོད་མེད་པས་ཁྱད་པར་དུ་བྱས་ནས་མཁན་པོ་ཕྱིར་སྤོང་ན་ཡང་སྡོམ་པ་མི་སྐྱེ་ལ། ཡང་ན་དགེ་སྦྱོང་ཉིད་འདོད་ཀྱང་མཁན་པོ་ཕྱིར་སྤོང་ན་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་མི་ སྐྱེ་ཞེས་འཆད་པར་སྣང་ལ། ཞུ་བའི་མདོ་བུས་དྲངས་པ་དེ་ལ་ནི་དགེ་སློང་ཉིད་ལ་སྨོད་ན་མི་སྐྱེ་བར་བཤད་འདུག་པས་འདི་ཉིད་འགྱུར་གྱི་ཁྱད་པར་ཡིན་ནམ། དོན་དགེ་སློང་ཉིད་ནི་དགེ་སློང་གི་དངོས་པོ་ཡིན་ལ། དེ་ཉིད་རྣམ་པར་དག་པ་ནི་དགེ་སྦྱོང་གི་དངོས་པོ་ཡང་ཡིན་པས་ དོན་མི་མཐུན་པ་མེད་པར་ཡང་སེམས་ལ། ཡང་དཀའ་བའི་གནས་གཅིག་ཏུ་ན། ཞུ་བའི་ལུང་དགེ་སློང་གི་དངོས་པོ་ལ་སྨོད་ན་ཞེས་པ་དེ་མཁན་པོར་འོས་པའི་རྒྱུད་ལ་དགེ་སྦྱོང་ངམ་དགེ་སློང་གི་སྡོམ་པ་མེད་པས་སྨོད་ཟེར་བས་སྡོམ་པ་མི་སྐྱེ་བ་ཡིན་ནམ། ལེན་འདོད་ཀྱི་རྒྱུད་ཀྱི་ དགེ་སློང་གི་དངོས་པོ་རང་གིས་མི་འདོད་པས་སྨོད་པས་སྡོམ་པ་མི་སྐྱེ་བ་གང་ཡིན། དང་པོ་ལྟར་ན་ནི་བྱ་དང་བུ་དགོངས་པ་རྒྱབ་བསྣོལ་དུ་སོང་བ་ཡིན་ལ། གཉིས་པ་ལྟར་ན་དགོངས་པ་གཅིག་པ་ཡང་འཁུམས་སོ། །བུ་སྟོན་རིན་པོ་ཆེ་ཡང་སོག་པ་དང་མཐུན་ཏེ། བུ་ཊཱིཀ་ ཏུ། མཁན་པོ་མེད་ཀྱང་སྐྱེ་བར་བཤད་པ་རྣམས་ནི་དཔྱད་པ་དོན་དམ་པར་མེད་ཀྱང་སྐྱེ་བར་གསུངས་པ་ཡིན་ལ། མེད་ན་མི་སྐྱེ་བར་བཤད་པ་ནི་དཔྱད་པ་ཐ་སྙད་པར་དགོངས་པ་ཡིན་ཏེ། འོད་ལྡན་དུ་ཁ་ཅིག་ན་རེ། འོ་ན་གལ་ཏེ་འདུལ་བ་ཐམས་ཅད་ལས་འབྱུང་བའི་དཔྱད་པ་ 6-1-187a ཐ་སྙད་པ་ཡིན་ན་ནི་ཞུ་བའི་གཞུང་དང་འགལ་བར་འགྱུར་ཏེ། གཞུང་ནི་ཉེ་བ་འཁོར་མཁན་པོ་ཚུལ་ཁྲིམས་འཆལ་བས་བསྙེན་པར་རྫོགས་པར་བྱེད་ན། གལ་ཏེ་གང་ཟག་གིས་མི་ཤེས་ན་བསྙེན་པར་རྫོགས་པ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་ནས། འདི་ སྐད་དུ་ཉེ་བ་འཁོར་སློབ་དཔོན་དང་ལས་བྱེད་པ་ཚུལ་ཁྲིམས་འཆལ་པས་བསྙེན་པར་རྫོགས་པར་བྱེད་ན་བསྙེན་པར་མ་རྫོགས་པ་ཡིན་ནོ་ཞེས་གསུངས་པ་ཡིན་པས། གལ་ཏེ་འདིར་ལས་བྱེད་པའི་དཔྱད་པ་ཐ་སྙད་པ་ཡིན་པར་བཞེད་ན་ནི་དེའི་ཚེ་གང་ཟག་གིས་མི་ཤེས་ ནའོ་ཞེས་མཛད་པར་འགྱུར་བ་ཞིག་ན་མཛད་པ་ཡང་མེད་པས་བལྟ་བས་ན་དངོས་ཉིད་དུ་བཞེད་པ་ཡིན་ནོ་ཞེ་ན། དེ་ནི་མིན་ཏེ། མཁན་པོ་དང་འབྲེལ་བའི་ཚིག་ལས་གལ་ཏེ་གང་ཟག་གིས་མི་ཤེས་ན་ཞེས་བྱ་བའི་ཁྱད་པར་འདི་ཙམ་ཞིག་ལས་བྱེད་པའི་ཚིག་ལ་རྗེས་སུ་སྦྱར་ བར་བྱའོ། །དབང་དུ་བྱས་པའི་རྗེས་སུ་འཇུག་པ་ནི་བཞེད་པ་ཉིད་ཡིན་ཏེ། དགེ་སློང་རྣམས་དང་བསླབ་པ་མཐུན་པར་གྱུར་ཅེས་བྱ་བ་ལ་སོགས་པ་ནི་ཕྱི་མ་དག་པའི་རྗེས་སུ་འཇུག་པ་མཐོང་བའི་ཕྱིར་རོ། །ཡང་གལ་ཏེ་དཔྱད་པ་དངོས་སུ་ཡིན་པར་གྱུར་ན་ཅིར་འགྱུར་ཞེ་ན། བསྒྲུབ་པར་མི་ནུས་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་པ་དོན་མེད་པར་འགྱུར་ཏེ། འདི་ལྟར་ལྷའི་མིག་དང་རྣ་བས་དཔྱད་པ་ནི་མིན་ཏེ་བཀག་པའི་ཕྱིར་ན། ཐ་སྙད་པས་ནི་གཞན་གྱི་སེམས་འཇུག་པ་སྤྱོད་ཡུལ་མིན་པའི་ཕྱིར་ཞེས་སོ། །མདོ་ལས། ཚེ་ལ་མངའ་བ་ བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་ངེས་པར་འབྱུང་བ་དང་བཅས་པ་དང་བསྒྲུབ་པར་ནུས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་ཡང་འགལ་བར་འགྱུར་ཏེ། གལ་ཏེ་དཔྱད་པ་ཐ་སྙད་པ་མིན་ན་བསྟན་པ་བསྒྲུབ་པར་ནུས་པར་མི་འགྱུར་རོ་ཞེས་སོ། །ཞེས་ལུང་འདྲེན་པར་མཛད་ 6-1-187b དོ། །འདིའི་དོན་ཡང་ན་ཡམས་སུ་བཤད་པར་བྱ་སྟེ། མཁན་པོ་མཚན་ཉིད་དང་ལྡན་པ་ཡོད་མེད་ལ་ལྟོས་པའི་ལེན་པོའི་རྒྱུད་ལ་སྡོམ་པ་སྐྱེ་མི་སྐྱེ་བརྟགས་པ་ན། མཁན་པོ་མཚན་ལྡན་མེད་ན་སྡོམ་པ་མི་སྐྱེ་ཞིང་། ཐ་སྙད་པ་ཙམ་གྱི་མཁན་པོས་སྡོམ་པ་སྐྱེ་བ་ལ་མི་ཆོག་ན་ཞུ་བའི་ གཞུང་དང་འགལ་ཞེས་ཞུ་བའི་ལུང་འདྲེན་པར་མཛད་ནས། ཡང་དེ་ལ་གཞན་དག་འདི་ལྟར་དོགས་ཏེ། ཚུལ་འཆལ་གྱིས་ལས་བྱས་ན་དེ་ཚུལ་འཆལ་ཡིན་པར་ལེན་པོས་ཤེས་ན་དེ་བསྙེན་པར་རྫོགས་པར་མི་འགྱུར་བ་ཡིན་ལ། མཁན་པོ་ཐ་སྙད་པས་ཆོག་ན་ལེན་པོ་དེའི་ རྒྱུད་ལ་སྡོམ་པ་བསྐྱེད་པར་དེའི་རིགས་པས་ལས་བྱེད་པའང་ཐ་སྙད་པས་ལེན་པོ་དེའི་རྒྱུད་ལ་སྡོམ་པ་བསྐྱེད་པར་ཐལ་བ་ལས། དེ་འདོད་ན། དེའི་ཚེ་ལེན་པོའི་གང་ཟག་གིས་ལས་བྱེད་པོ་ཚུལ་འཆལ་དུ་མི་ཤེས་ན་ལེན་པོའི་རྒྱུད་ལ་སྡོམ་པ་སྐྱེའོ་ཞེས་སྦྱར་རིགས་པ་ལས་ མ་སྦྱར་བའི་ཕྱིར། ཡང་མཁན་པོ་མཚན་ལྡན་མེད་ན་སྡོམ་པ་མི་སྐྱེ་བ་དངོས་དོན་ལ་ཞུགས་པ་ཡིན་པས་ཐ་སྙད་པའི་མཁན་པོ་དབང་མི་བཙན་ཞེ་ན། ལས་བྱེད་པོ་ཐ་སྙད་པའི་དབང་དུ་བྱས་ཏེ་གང་ཟག་གིས་མི་ཤེས་ནའོ་ཞེས་སྦྱར་རིགས་པ་མ་སྦྱར་བ་རྟགས་མ་གྲུབ་སྟེ། མཁན་པོ་ཐ་སྙད་པའི་དབང་དུ་བྱས་ནས་ཞུ་བར། སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་གླེན་པ་གཉིད་ལོག་དང་། །ར་རོ་བ་དང་མྱོས་པ་དང་། །སྙོམས་པར་ཞུགས་དང་འགྲོ་བ་མཚན། །ཁྱིམ་པ་དག་ལ་སོགས་པ་རྣམས། །བསླབ་པ་བྱིན་པ་ཐ་མའོ། །ཞེས་ མཁན་པོ་དང་འབྲེལ་བའི་སྡོམ་པ་ལས་བསྒྲེས་ནས་ལས་བྱེད་པ་ལ་སྦྱར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །རྣ་བ་འོན་པ་གླེན་པ་དང་། ཁྱིམ་པ་དག་ལ་སོགས་པ་རྣམས། །བསླབ་པ་བྱིན་དང་དེ་ལྟར་མཚན། །ཞེས་བསྒྲེས་པས་གང་ཟག་གིས་མི་ཤེས་ན་ཞེས་ 6-1-188a བྱ་བའི་ཁྱད་པར་འདི་ཙམ་ཞིག་ལས་བྱེད་པའི་ཚིག་ལ་ཡང་རྗེས་སུ་སྦྱར་བ་ཡིན་ནོ། །གལ་ཏེ་མཁན་པོའི་དཔྱད་པ་ཐ་སྙད་པས་མི་ཆོག་པར་དཔྱད་པ་མཚན་ལྡན་དངོས་ཡིན་པ་དགོས་ན། དེ་ལྟར་ན་ལེན་པ་པོའི་རྒྱུད་ལ་སྡོམ་པ་སྐྱེ་བ་དང་། བཅོམ་ལྡན་འདས་ ཀྱི་བསྟན་པ་རྒྱས་པར་མི་འགྱུར་བར་ཐལ། ལེན་པོའི་རྒྱུད་ལ་སྡོམ་པ་སྐྱེ་བ་ལ་ནི་མཁན་པོ་མཚན་ལྡན་དངོས་དོན་ལ་གནས་པ་ཞིག་མེད་ན་ནི་དེའི་རྒྱུད་ལ་སྡོམ་པ་མི་སྐྱེ། མཁན་པོར་འོས་པ་མཚན་ལྡན་ཡིན་མིན་ནི་སོ་སྐྱེ་རྣལ་འབྱོར་གྱིས་མི་ཤེས་ཤིང་། ཤེས་ནའང་ལྷའི་མིག་དང་རྣ་ བས་དཔྱད་པ་ལ་སོགས་ནི་བཀག་ལ། དེ་ལྟར་མིན་པའི་མཁན་པོ་མཚན་ལྡན་ཡུལ་དུས་དེར་གྲགས་པའི་ཐ་སྙད་པས་ནི་ཁྱོད་ལ་མི་བཙན་ཞིང་གོ་མི་ཆོད་པའི་ཕྱིར་རོ། །འདོད་ན་ནི་བསྟན་པ་བསྒྲུབ་པར་ནུས་པ་དང་འགལ་བ་དང་། མཁན་པོ་དཔྱད་པ་ཐ་སྙད་པ་མིན་ན་བསྟན་པ་བསྒྲུབ་ མི་ནུས་པར་ཡང་ཐལ་བ་འཕེན་ནོ། །འདི་ནི་ཞར་ལས་འོངས་པ་སྟེ་དཀའ་བའི་གནས་སོ། །བསྙེན་རྫོགས་ལེན་པ་པོ་དང་མཁན་པོ་དེ་གཉིས་ཀྱི་མིང་ལེན་པོ་དང་ལས་བྱེད་པོས་མ་བརྗོད་ན་ཡང་སྡོམ་པ་མི་སྐྱེའོ། །ལེན་བྱེད་དང་ལས་བྱེད་པས་དགེ་འདུན་གྱི་མིང་མ་བརྗོད་ན་ཡང་ སྡོམ་པ་མི་སྐྱེའོ། །དེའི་སྐྱེ་གནས་ཀྱི་ཞེས་བྱ་བ་ནི་དགེ་འདུན་གྱི་སྐྱེ་གནས་ལས་སྐྱེ་བ་སྟེ། དགེ་འདུན་ལ་རག་པ་ལས་དགེ་སློང་མ་ཉིད་ལ་སོགས་པའི་སྡོམ་པ་མི་སྐྱེའོ། །མདོ་འདིས་སྐྱེ་གནས་མ་བརྗོད་ན་ཡང་དགེ་སློབ་མའི་བསླབ་ཚིགས་ཀྱང་མི་སྐྱེའོ་ཞེས་བསྡུས་སོ། །གསུམ་ པ་ནི། ཁྱིམ་པ་དང་གཡང་གཞི་སོགས་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ལའང་སྡོམ་པ་མི་སྐྱེའོ། །མི་སྐྱེ་བ་འདི་རབ་ཏུ་བྱུང་བའི་ཕྱོགས་ཀྱི་སོ་ཐར་གྱི་སྡོམ་པ་མི་སྐྱེ་བའི་དབང་དུ་བྱས་སོ། །ཊཱི་ཀར། གང་ལ་ཁྱིམ་པའི་རྒྱལ་མཚན་གྱི་རྒྱལ་མཚན་ཡོད་པ་དང་། གང་ལ་མུ་ 6-1-188b སྟེགས་ཅན་གྱི་རྒྱལ་མཚན་གྱི་རྒྱལ་མཚན་ཡོད་པ་སྟེ། རྒྱལ་མཚན་གྱི་སྒྲ་རེ་རེ་ནི་དབྲི་བར་བྱའོ། །རྒྱལ་མཚན་ཞེས་བྱ་བ་ནི་ཆ་ལུགས་ལ་བྱ་སྟེ་ཞེས་སོ། །རྒྱལ་མཚན་གྱི་སྒྲ་གཉིས་སྨོས་པ་ནི་ཁྱད་ཆོས་ཁྱད་གཞི་ལ་ལྡན་པའི་དབང་དུ་མཛད་ལ། རེ་རེ་དབྲི་བར་ནི་རྩ་བར་མ་སྨོས་ པའི་དོན་ནོ། །འོན་ཀྱང་ཁྱིམ་པའི་རྒྱལ་མཚན་ཅན་ལ་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་དང་། བསམ་གཏན་གྱི་སེམས་ཐོབ་པའི་མུ་སྟེགས་པ་རང་གི་རྒྱལ་མཚན་ཅན་ལ་བསམ་གཏན་གྱི་སྡོམ་པ་སྐྱེ་བ་དང་། དགེ་སློང་གིས་དེ་གཉིས་ཀྱི་ཆ་ལུགས་སུ་ཞུགས་ན་ དགེ་སློང་གི་སྡོམ་པ་སྐད་ཅིག་སྔ་མའི་རིགས་འདྲ་སྐད་ཅིག་ཕྱི་མའི་སྡོམ་པ་སྐྱེ་བར་རིགས་སོ། །ལུང་གཞི་ལས། རིགས་ཀྱི་གཙོ་བོའི་བུ་གྲགས་པ་ཁྱིམ་པའི་ཆ་ལུགས་དང་རྒྱན་གྱིས་བརྒྱན་བཞིན་དུ་དགེ་སློང་དགྲ་བཅོམ་པར་གྱུར་ཅེས་གསུངས་པའི་དགོངས་པ་ནི་དཔྱད་ དགོས་པ་ཉིད་དོ། །སྒྲེན་མོ་དང་ཞེས་པ་འདི་ལ་ཊཱི་ཀར། ཡང་དག་པར་བླང་བ་སྔོན་དུ་བཏང་བའི་སྒྲེན་མོ་ཉིད་ནི་མུ་སྟེགས་ཅན་གྱི་རྒྱལ་མཚན་ཉིད་ཀྱིས་བསྡུས་པས་ན་འདིར་ནི་སྒྲེན་མོའོ་ཞེས་བྱ་བས་དོན་གཞན་བཟུང་སྟེ། སྒྲེན་མོ་ནི་ཤིན་ཏུ་ངོ་ཚ་བ་དང་བྲལ་བའི་ཕྱིར་དེ་ལ་ སྡོམ་པ་མི་སྐྱེའོ་ཞེས་སོ། །འཁྲུགས་པ་དང་ཞེས་པ་ཤེས་པ་རང་བཞིན་དུ་མི་གནས་པ་མཐར་ཐུག་པར་གྱུར་པས་སེམས་འཁྲུགས་པ་སྟེ། རང་འགྲེལ་དང་ཊཱི་ཀ་ལས། འཁྲུགས་པ་དེ་ལ་ཤེས་པ་བརྟན་པ་ཉིད་མེད་པས་དེ་ལ་སྡོམ་པ་མི་སྐྱེའོ་ཞེས་གསུངས་པ་ཡང་དོན་དེ་ ལྟར་བཟུང་ངོ་། །འདིར་འགྲེལ་པ་ལས། སེམས་འཁྲུགས་ཤིང་ཁྲོས་པ་དང་ཞེས་ཀྱང་བཤད་དོ། །ཁ་ཅིག་ན་རེ། འཁྲུགས་པ་ནི་སྐྱེས་པ་ལན་བརྒྱད་བབས་པ་ཡིན་ཟེར་ཡང་ལུང་དང་བསྟན་བཅོས་ཀྱི་ཁུངས་མེད་ཅེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །མཚན་དུག་མ་ནི་ 6-1-189a ཊཱི་ཀར། བུད་མེད་གང་ཞིག་ཉལ་པོ་སྦྱོར་བ་བྱས་ན་འཆི་བར་འགྱུར་བ་ཡིན་པར་ཤེས་པར་བྱའོ་ཞེས་སོ། །ཊཱི་ཀར། དེ་ལྟར་ན་སྐྱེས་པའི་རིགས་ཤིག་བུད་མེད་དང་ཕྲད་པའི་མོད་ལ་འཆི་བའི་རིགས་ཅན་ལྟར་བཤད་སྣང་ཞིང་། འགྲེལ་ཆུང་ལས་ནི། སྐྱེས་ པའི་གོ་ཆ་བ་ནི་གནང་བ་དང་མི་གནང་བར་ནི་བཅས་པ་མེད་དེ་ཞེས་སོ། །དེ་ལྟར་ན་ནི་སྐྱེས་པ་ལ་གཞན་དུ་ཕྱེས་པའི་ཚིག་ཏུ་སྣང་ལ། འདུལ་བ་འཛིན་པ་ཁ་ཅིག་གིས་བུད་མེད་དང་འདྲའོ་ཞེས་ཀྱང་བཤད་ལ། བྱ་ན་རེ། མཚན་དུག་མ་ནི་མ་ནིང་གི་རིགས་ཡིན་པའི་ཕྱིར་རོ་ཞེས་སོ། ། སྨོས་པ་དེ་དག་ལ་སྡོམ་པ་མི་སྐྱེའོ། །ལྟུང་བ་མ་མཐོང་བ་ལ་སོགས་པའི་རྒྱུ་གང་གིས་གནས་ནས་ཕྱུང་བ་ལ་སོགས་པའི་ལས་བྱེད་པའི་རྒྱུ་དེ་ལས་བཟློག་པར་ཁས་མི་ལེན་པ་ལ་ཡང་སྡོམ་པ་མི་སྐྱེའོ། །ཊཱི་ཀར། འདིར་གནས་ནས་ཕྱུང་པ་སྨོས་པ་ནི་དཔེ་ཙམ་དུ་ཟད་ཀྱི། ཆད་པའི་ ལས་བྱེད་དུ་བཅུག་པ་རྒྱུ་ལས་བཟློག་པ་ཁས་མི་ལེན་པ་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་སོ། །བཞི་པ་ནི། སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ་ཞེས་སྨོས་ན་ཕྱི་མ་རྫོགས་པར་འགྱུར་མི་འགྱུར་ནི་ཚིགས་སྔ་མ་དགེ་བསྙེན་དང་། དགེ་ཚུལ་མེད་པ་ཉིད་ལ་ ནི་རྒྱུ་རྐྱེན་གཞན་ཚང་ན་སྡོམ་པ་སྐྱེ་ཡང་འབོགས་པ་པོ་ལ་ཉེས་བྱས་ཙམ་དུ་ཟད་དོ། །དགེ་སློང་མའི་ཚིགས་ལས་འདས་ན་ལྟུང་བྱེད་བསྐྱེད་ཅིང་། སྔོན་ཆོག་བྱས་པ་ན་ནི་ཚིགས་མེད་ལ་ཉེས་བྱས་ཙམ་ཡང་མེད་པར་བསྟན་ཏོ། །ད་ལྟར་གྱི་ཆོ་གའི་སྐབས་སུ་མཁན་པོར་མ་ གསོལ་བར་བསྙེན་རྫོགས་བྱེད་པ་ལ་ཡང་རྒྱུ་རྐྱེན་གཞན་ཚང་ན་བསྒྲུབ་བྱ་ལ་སྡོམ་པ་སྐྱེ་ལ་འབོགས་པ་པོ་ལ་ཉེས་བྱས་སུ་ཟད་དོ། །བར་ཆད་མ་དྲིས་པར་བསྙེན་རྫོགས་བྱེད་ན་ཡང་ཉེས་བྱས་ཙམ་དུ་ཟད་ཀྱི་སྡོམ་པ་སྐྱེའོ། །བར་ཆད་དེ་མེད་པར་བདག་ལ་བར་ཆད་ཡོད་དོ་ཞེས་ 6-1-189b ཁས་ལེན་པ་ལ་སྡོམ་པ་སྦྱིན་ན་ཡང་ཉེས་བྱས་ཙམ་དུ་ཟད་ཀྱི་སྡོམ་པ་སྐྱེའོ། །ཊཱི་ཀར། འདིར་གཞུང་ནི་གླེང་གཞི་དག་ལས། བཙུན་པ་རེ་ཞིག་བར་ཆད་ཀྱི་ཆོས་རྣམས་དང་མི་ལྡན་པར་བདག་བར་ཆད་ཀྱི་ཆོས་རྣམས་དང་ལྡན་ནོ། །ཞེས་མཆི་བ་ཞིག་བསྙེན་པར་རྫོགས་པར་ བགྱི་ན་བསྙེན་པར་རྫོགས་ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། ཉེ་བ་འཁོར་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །གཉིས་པ་ལ། མཛེས་ཆད་ནད་པའི་མཚོན་དོན་བཤད། །ཆོམ་རྐུན་མར་གྲགས་མཚོན་དོན་བསྟན། །ཕ་མས་མ་གནང་མཚོན་དོན་ནོ། །དང་པོ་ནི། ཕྱི་བྱད་སྐྱེས་པ་འདྲ་བའི་བུད་མེད་ཉིད་དང་། ཕྱི་བྱད་བུད་མེད་འདྲ་བའི་སྐྱེས་པ་ཉིད་མཚན་གྱི་རྣམ་པ་རང་རང་གི་མཚན་ལས་གཞན་མ་ ཡིན་པ་ལ་ཁྲིམས་ཕོག་ན་ཡང་ཉེས་བྱས་ཙམ་དུ་ཟད་ཀྱི་སྡོམ་པ་ནི་སྐྱེའོ། །འོ་ན་མཚན་གྱི་རྣམ་པ་གཞན་མིན་པ་ཙམ་གྱིས་ལེན་པོའི་རྒྱུད་དག་པར་འགྱུར་རམ་ཞེ་ན་མིན་ཏེ། ཊཱི་ཀར། མཚན་རྣམ་པ་གཞན་མ་ཡིན་པའི་ཕྱིར་མི་དགག་པར་ཐལ་བར་འགྱུར་པ་བསལ་བའི་ཕྱིར་ཞེས་ སྔ་འགྲེལ་དུ་དྲངས་སོ། །སྐྱེས་པ་འདྲ་བའི་བུད་མེད་ཉིད་དང་། །བུད་མེད་འདྲ་བའི་སྐྱེས་པ་ཉིད་མཚན་གྱི་རྣམ་པ་གཞན་མ་ཡིན་པ་ལ་ཡང་ངོ་ཞེས་པ་དེ་ནི། ལག་རྡུམ་དག་དང་རྐང་རྡུམ་དང་། །ཞེས་པ་ལ་སོགས་པས་འཕངས་པ་ཉིད་ཡིན་ནོ། །ཊཱི་ཀར། འདི་ལྟར། དེ་ལྟ་བུ་ཡི་མི་རྣམས་ནི། །དྲང་སྲོང་ཆེན་པོས་དགག་པར་མཛད། །ཅེས་བྱ་བ་ལ་དེ་ལྟ་བུ་སྨོས་པས། དེར་འདིར་ཡང་བཟུང་བར་ཤེས་པར་བྱའོ་ཞེས་སོ། །སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་དང་། །ཞེས་པ་སྔོན་སྡིག་པ་བྱས་བྱས་འདྲ་བའི་རྣམ་པར་སྨིན་པ་ད་ལྟ་སྨིན་ 6-1-190a པ་ལྟ་བུ་ཅན་བ་ལང་བདག་ལྟ་བུ་སྟེ། བ་ལང་གི་ཤ་ཚུགས་འདྲ་བ་ལ་སོགས་པ་ལ་འཆད་པ་ཡིན་ནོ། །དེ་ཡང་ལུང་ཕྲན་ཚེགས་ལས། བ་ལང་བདག་ལ་སོགས་པ་འཇིགས་འཇིགས་ལྟ་བུ་རྣམས་ཀྱང་རབ་ཏུ་འབྱིན་ཏོ་ཞེས་སྐྱེ་བོའི་ཚོགས་ ཕལ་མོ་ཆེ་མ་དད་པར་བྱེད་ཀྱི་ཞེས་གསུངས་ལ། འགྲེལ་ཆུང་ལས། སྨེ་བ་དང་། ཤ་མཚན་ལ་སོགས་པ་སྡིག་ཏུ་འགྱུར་བའི་མཚན་དུ་འདུག་པ་དང་། མི་ཡིན་མོད་ཀྱི་རྐང་ལག་བ་ཕྱུགས་སུ་འདུག་པ་ལྟ་བུ་ཞེས་སོ། །བུ་ཊཱིཀ་ཏུ། སྨེ་བ་ལ་སོགས་པའི་མཚན་མ་ངན་པ་ སྤྱང་རྗེས་བཏབ་པ་ལྟ་བུའམ་ཞེས་སོ། །ཤར་ལུས་འཕགས་གླིང་ལ་སོགས་པ་གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བའི་འདི་དང་། སྡིག་སྡིག་ཅན་ཞེས་སྔ་མར་བསྟན་པ་གཉིས་ཀྱང་དེའི་གོང་གི་མདོ་གཉིས་ཀྱི་རྗེས་སུ་འཇུག་པར་བྱའོ། །འདིར་དཀའ་བའི་གནས་ ཡོད་དེ། གླིང་གཞན་ནས་སྐྱེས་པ་ཉིད་ཀྱི་ཚུལ་བྱད་མི་འདྲ་བར་གྲུབ་མོད། སླར་ཡང་ཚུལ་བྱད་མི་འདྲ་བ་ཅི་ལ་སྨོས་ཞེ་ན། ཚུལ་བྱད་འདྲ་ན་གླིང་གཞན་ནས་སྐྱེས་ཀྱང་རབ་ཏུ་དབྱུང་རུང་སྟེ་ཟངས་གླིང་པ་ལྟ་བུ་སྟེ། ཊཱི་ཀར། གླིང་གཞན་ནས་སྐྱེས་པ་རྣམས་ལ་ཡང་ ཚུལ་བྱད་འདྲ་བ་དག་ནི་བསྒྲུབ་པར་བྱ་བ་བསྟན་ཏེ། ཇི་ལྟར་གླིང་གཞན་པ་དག་ཡིན་ཀྱང་གླིང་ཕྲན་དག་ནས་སྐྱེས་པ་རྣམས་ལ་མ་བཀག་པ་བཞིན་ནོ་ཞེས་སོ། །འཛམ་བུ་གླིང་འདི་ཉིད་དུ་སྐྱེས་ཀྱང་ཚུལ་བྱད་མི་འདྲ་ན་རབ་ཏུ་དབྱུང་མི་རུང་སྟེ། ཊཱི་ཀ་ལས། གདོང་ཁྱིའི་ ལྟ་བུ་དང་། རྣ་བ་གྱོན་པ་ལ་སོགས་པ་ཞེས་སོ། །དེས་ན་སྔར་བསྟན་པའི་གླིང་གཞན་གྱི་ཚིག་ཟུར་ལ་ཚིག་ཟུར་ཕྱི་མ་ཤོས་མ་འདུས་པ་མིན་ཀྱང་ཚུལ་བྱད་མི་འདྲ་བའི་ཚིག་ཟུར་སླར་ལོགས་སུ་སྨོས་པ་ཡིན་ནོ། །འོ་ན་གླིང་གཞན་གྱི་ཚིག་ཟུར་སྨོས་མི་དགོས་པར་ཐལ་ཅེ་ན། 6-1-190b གླིང་གཞན་ནས་སྐྱེས་པ་དེ་ཕལ་ཆེར་ཚུལ་བྱད་མི་འདྲ་བའི་ཕྱིར་མཚོན་བྱེད་དུ་བསྟན་པའོ། །སེན་མོ་རྣམས་འབྱར་ཏེ་རྟ་རྨིག་ལྟ་བུར་གྱུར་པ་ནི་སེན་མོ་གཅིག་པ་ཁ་ན་ཡོད་པ་དང་། ལག་པ་འཇས་ཏེ་བལྟེབས་པ་དང་ཞེས་པས། ཊཱི་ཀར། འདི་ལྟར་དེའི་ལག་པ་དང་མགོ་གཉིས་ ཕག་པའི་ཕྱོགས་སུ་སྤྲིང་ཡིག་བལྟབས་ཏེ་རྒྱས་བཏབ་པའི་དབྱིབས་འདྲ་བར་འབྱར་ཞིང་འདུག་པ་དེའི་ཕྱིར་ལག་པ་འཇས་ཏེ་བལྟེབས་པའོ་ཞེས་སོ། །གཞོགས་ཕྱེད་འཇས་པ་སྟེ་གཞོགས་ཕྱེད་བསྐམ་པ་དང་། མགོ་སྨྱུང་བ་དང་ཞེས་མགོ་ཕོ་མཚན་གྱི་དབྱིབས་ལྟ་བུའོ། ། སྐྲ་སྒྲ་སྒྲ་ཅན་དང་ཞེས་པ་རང་འགྲེལ་ལས། སྐྲ་སྨྱོན་ཐབས་མཁན་གྱི་ལྟར་བར་བར་དུ་འཛིངས་པར་གནས་པའོ་ཞེས་སོ། །འགྲེལ་ཆུང་ལས། སྐྲ་ཚོམ་བུ་ཚོམ་བུ་ར་རི་ཅན་དུ་འདུག་པ་ཞེས་ཀྱང་བཤད་དོ། །རྒྱབ་སྒུར་བ་དང་། མདུན་སྒྱེ་བོ་དང་། རྒྱབ་མདུན་གཉིས་ ཀར་སྒྱེ་སྒུར་གྱུར་པ་དང་། ཊཱི་ཀར། དེ་དག་ནི་གོང་དུ། ལག་སོར་རྡུམ་སྒུར་མིའུ་ཐུང་དང་། །ཞེས་སྨྲས་པའི་སྒུར་པོ་ཞེས་བྱ་བ་དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་རོ་ཞེས་སོ། །སོར་མོ་དྲུག་པ་དང་། འབྱར་བ་དང་། མེད་པ་དང་སྟེ་དེ་རྣམས་གོ་སླའོ། །མིག་གི་པགས་ པའི་ནང་དུ་རྫི་མ་སྐྱེས་པས་རྫི་མ་ནང་དུ་མིག་ལ་འཛུག་པ་དང་། མིག་ནེའུ་ལེ་སེར་པོའི་ལྟ་བུ་དང་། འུག་པའི་ལྟ་བུ་དང་ཞེས་པ། ཊཱི་ཀར། ཡང་ན་མིག་སེར་སྐྱ་ལ་ཟླུམ་པ་སྲིན་པོའི་མིག་དང་འདྲ་བ་ཞེས་སོ། །མིག་ཕྱིན་ཅི་ལོག་དང་ཞེས་པ་ནི། ཊཱི་ཀར། གང་གི་ མིག་གི་གྲ་ལོགས་ཀྱི་ཟུར་གང་ཡིན་པ་དེ་ནི་སྣ་ལོགས་ན་འདུག་ལ། སྣ་ལོགས་ཀྱི་ཟུར་གང་ཡིན་པ་དེ་ནི་གྲ་ལོགས་ན་འདུག་པའོ་ཞེས་སོ། །མིག་བར་འཛིངས་པ་དང་ཞེས་པ་སྣ་གོང་གཏན་མེད་དུ་མིག་གཡས་གཡོན་འབྲེལ་བའོ། །མིག་རློ་བ་སྟེ་འཕྱང་བ་དང་། མིག་ 6-1-191a སླེའོ་དང་ཞེས་པ་རྫི་མའི་སྤུ་མེད་པར་རྫི་མ་སྐྱེ་བའི་མཐའ་ཁྲག་ལྟར་དམར་བའོ། །མིག་ཟླུམ་པོ་དང་ཞེས་པ། ཊཱི་ཀར། ཨུག་ཤུད་ཀྱི་རི་མོ་ལྟར་ཟླུམ་པ་སྟེ་མིག་གི་སྙིང་པོའི་ལྟག་ན་སྙིང་པོ་གཉིས་པ་ཡོད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །མིག་པོ་ཆེ་ ནི་མིག་ཀོང་ཆེ་བའོ། །འདི་དང་སྔར་ཧ་ཅང་མིག་ཆེ་ཞེས་པའི་ཁྱད་པར། སྔར་ནི་མིག་ཀོངས་དང་བཅུད་གཉིས་ཀ་ཆེ་ལ། འདིར་ནི་མིག་ཀོང་ཡངས་པའི་དབང་དུ་བྱས་སོ། །མིག་གི་དབུས་ན་འཛེར་བུ་ཡོད་པ་ཅན་དང་། མིག་ཤུ་ཅན་དང་། མིག་ལ་འབྲུམ་ཅན་དང་། རྣ་བ་ སེར་བ་དང་། དཀར་བ་དང་། དམར་བ་དང་སྟེ། ཧ་ཅང་ཆེས་དཀར་དམར་སོགས་སུ་སྦྱར་རོ། །རྣ་བ་འཁྲིས་ཏེ་གཅེའུ་འདྲ་བའི་སྦུ་གུ་ཅན་དང་། ཁྱི་རྔོ་གཡའ་བ་དང་ཞེས་པ་ཆུང་ངུ་གཡའ་བའོ། །ཁྱི་རྔོ་འབྲིང་པོ་ཤུབ་རེ་རེ་ཙམ་འདུག་པ་འཕུངས་པ་དང་། ཁྱི་རྔོ་ཆེ་བ་ཤུ་ བ་ཆེན་པོ་འབྱུང་བའོ། །རླིག་པ་གཉིས་ཀྱི་ནང་དུ་ཕོ་མཚན་གཡོགས་ཏེ་ནུབ་པ་དང་། གླེན་པ་དང་ཞེས་པ་བསྙེན་པར་རྫོགས་པར་མི་ཤེས་པར་བསྡུ་སྟེ། དེ་ཡང་དུད་འགྲོ་ལྟར་གྱུར་པ་ལ་བྱའི་དངོས་གཞིའི་དུས་སུ་ཐོབ་ཤེས་དགོས་ཟེར་བ་ནི་མིན་ཏེ། ཇི་སྐད་དུ། གཉིད་ལོག་ པས་བསྙེན་པར་རྫོགས་པར་བགྱིད་ན་རྫོགས་ཞེས་བགྱིའམ། དེས་དེ་ལུས་དང་ཚིག་གི་དམིགས་བསལ་གསོལ་བ་དང་ལས་བྱེད་པའི་ཚེ་གཉིད་ཀྱིས་ལོག་ན་རྫོགས་ཞེས་བྱའོ། །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་གླེན་པ་གཉིད་ལོག་དང་། །ར་རོ་བ་དང་སྨོས་པ་ དང་། སྙོམས་པར་ཞུགས་དང་འགྲོ་བ་མཚན། །རྣམས་ལའང་སྦྱོར་ཏེ་རབ་གསུངས་སོ། །ལྕེ་གཏན་མེད་པ་དང་། རྐང་པ་གཅིག་པ་དང་། ལག་པ་གཅིག་པ་དང་། རྐང་པ་དང་ལག་པ་མེད་པ་དང་། སྐྲ་སྔོན་པོ་དང་ཞེས་པ་ཡུང་བའི་ཁ་དོག་ལས་གཞན་པ་མཐིང་གའོ། ། 6-1-191b མགོ་གླང་པོ་ཆེའི་ལྟ་བུ་དང་། རྟའི་ལྟ་བུ་དང་། ཁྱིའི་ལྟ་བུ་དང་། བ་ལང་གི་ལྟ་བུ་དང་། ལུག་གི་ལྟ་བུ་དང་། རི་དྭགས་ཀྱི་ལྟ་བུ་དང་། ཉའི་ལྟ་བུ་དང་། སྦྲུལ་གྱི་ལྟ་བུ་དང་ཞེས་པ་ནི་གོ་སླའོ། །རིང་བ་དང་ཞེས་པ་འདི་ནི་འགྲེལ་ཆུང་ལས། མགོ་ལྟག་པ་ནས་དཔྲལ་ བར་ཚུར་རིང་དུ་འདུག་པའོ་ཞེས་སོ། །གོང་གི་མགོ་སྨྱུང་ནི་འགྲེལ་ཆུང་ལས། སྤྱི་བོ་ཙོག་ཙོག་པོར་འདུག་པའོ་ཞེས་ཁྱད་པར་རོ། །ལུས་ལ་མགོ་མང་བ་དང་། མགུལ་ཏ་ལ་ལྟ་བུ་དང་ཞེས་པ་མཉེར་མའི་རིམ་པ་ཅན་དང་། སྐྲངས་པ་དང་ཞེས་པ་ཊཱི་ཀར། སྐྲངས་པའི་ སྡུག་བསྔལ་བས་ན་བར་གྱུར་པའོ་ཞེས་སོ། །སྤྱོད་ལམ་གྱིས་དུབ་པ་འགྲེང་འཆག་ལ་སོགས་ཀྱི་སྡུག་བསྔལ་བས་གནོད་པའོ། །བར་ཆད་ལྔ་བཅུ་རྩ་གཅིག་པོ་དེ་དག་ལས་སེན་མོ་གཅིག་པ་མན་ཆད་ནས་སྤྱོད་ལམ་གྱིས་དུབ་པ་ཡན་ཆད་མིན་པ་རྣམས་ལག་རྡུམ་ལ་ སོགས་པས་འཕངས་སོ། །མི་ན་བ་ལས་གཞན་མིག་འཛེར་ཅན་དང་། ཁྱི་རྔོ་གཡའ་བ་ལ་སོགས་པས་ནད་གཡོག་པ་དེ་དག་ནི་ན་བས་འཕངས་པ་ཉིད་ཡིན་ཏེ་ནད་པ་མ་ཡིན་ནམ་ཞེས་པས་བསྡུས་སོ། །གཉིས་པ་ནི། རྐུན་པོས་ནི་ཕུང་ཀྲོལ་བ་འཕངས་སོ། །ཊཱི་ཀར་ དེ་གཉིས་སྡིག་པ་ལ་འཇུག་པར་ནི་འདྲའོ། །དེ་གཉིས་ལ་བྱེ་བྲག་ཡོད་དེ། འདི་ལྟར་རྐུན་པོ་ནི་མ་བྱིན་པར་ལེན་པར་བྱེད་པའོ། །ཕུང་ཀྲོལ་བ་ནི་སྙིང་རྗེ་མེད་པའོ། །དེ་ལྟར་སྤྱི་དང་བྱེ་བྲག་ཡོད་པས་རྐུན་པོས་ཕུང་ཀྲོལ་བ་འཕངས་པ་ཉིད་ཡིན་ནོ་ཞེས་སོ། །རང་འགྲེལ་ ལས། ཕུང་ཀྲོལ་བ་ནི་རྐུན་པོ་མ་ཡིན་པར་གྱུར་པ་སྙིང་རྗེ་མེད་པ་གསོད་པར་བྱེད་པ་ལ་སོགས་པ་སྟེ་ཞེས་སོ། །གསུམ་པ་ནི། རྒྱལ་པོ་ཕ་མ་དང་འདྲ་བའི་བསམ་པ་ཅན་ཉིད་ཀྱིས་གནང་བ་ནི་ཕ་མས་གནང་བ་དང་འདྲའོ། །ལུང་ལས། གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ 6-1-192a ཕ་མས་མ་གནང་ཡང་རྒྱལ་པོས་གནང་ནས་བསྙེན་རྫོགས་མཛད་པ་ལྟ་བུའོ། །ཡོངས་སུ་འཛིན་པར་བྱེད་པ་གཉིས་ཀྱིས་ཕ་མ་དང་འདྲ་བར་བསྐྱངས་པའི་བུ་དེ་ཡོངས་སུ་འཛིན་བྱེད་སྐྱེས་པ་དང་བུད་མེད་གཉིས་ཀྱང་རབ་ཏུ་དབྱུང་བའི་ཕྱིར་གནང་བ་དང་རབ་ཏུ་ དབྱུང་བར་འདོད་པ་ཡུལ་ཐག་མི་རིང་བ་ནི་ཞག་བདུན་བསྲེལ་བར་བྱའོ། །ཞེས་བསྲེལ་བ་དང་། དེ་ཡུལ་ཐག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ། །ཞེས་བྱ་བ་ནི་ཞུ་བ་སྟེ་དེ་དག་ལ་ནི་ཕ་མ་ཉིད་དང་འདྲའོ། །འདྲ་རྒྱུ་ནི་གནང་བསྲེལ་ཞུ་གསུམ་པོ་ལ་སྐྱེས་ པའི་ཕ་མ་མིན་དུ་ཟིན་ཡང་ཡིན་པར་འདྲ་བའོ། །ཊཱི་ཀར། འདིར་གཞུང་ནི། བཙུན་པ་བུ་བརྙན་མ་ཞིག་རེ་ཞིག་བསྙེན་པར་རྫོགས་པར་བགྱིས་ན་སུ་ལ་བཟོད་པར་གསོལ་ཞེས་བགྱི། བཀའ་སྩལ་པ། བུ་ཉིད་དང་འདྲ་བར་གང་གིས་ཁས་བླངས་པ་དེ་ལའོ། །བུ་མོ་བརྙན་མ་ ཡང་བུ་མོ་ཉིད་དང་འདྲ་བར་གང་གིས་ཁས་བླངས་པ་དེ་ལའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །གསུམ་པ་ལ། ཕ་མས་མ་གནང་ཟུར་དུ་བསྟན། །མཚམས་མེད་བྱས་པ་ཟུར་དུ་བཤད། །སུན་ཕྱུང་ཉིད་ཀྱི་བྱེ་བྲག་བསྟན། །སྔོན་གྱི་རབ་བྱུང་དམིགས་ཀྱིས་བསལ། སྔོན་ ཕམ་བྱུང་བ་དམིགས་ཀྱིས་བསལ། །དང་པོ་ནི། ཕ་དང་མ་མི་མ་ཡིན་པའི་འགྲོ་བར་གཏོགས་པ་གཉིས་ནི་གནང་བསྲེལ་ཞུ་གསུམ་ལ་ཕ་མ་ཉིད་དང་འདྲ་བ་མ་ཡིན་ནོ། །འདིའི་དཔེ་ནི་གནས་བརྟན་བྲག་དང་ཉེ་བའི་བྲག་གཉིས་ཁྲུང་ཁྲུང་མོ་ལས་སྐྱེས་པ་ལྟ་བུའོ། །དེའི་ཕྱིར་ ཕ་མ་མི་མིན་གྱི་འགྲོ་བས་མ་གནང་ཡང་ཞག་བདུན་བསྲེལ་བ་དང་། དགེ་འདུན་ལ་ཞུ་མི་དགོས་པར་རབ་ཏུ་དབྱུང་རུང་སྟེ། ཊཱི་ཀར། འདིར་གཞུང་ནི། བཙུན་པ་གང་གི་ཕ་མ་གཉིས་དུས་ལ་བབ་པས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ལགས་ན། དེའི་སྐྲ་བྲེག་པ་དགེ་འདུན་ 6-1-192b ཐམས་ཅད་ལ་ཞུ་བར་བགྱིའམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ཕ་མ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དེ་གཉིས་བསད་པ་ལས་མཚམས་མེད་པར་མི་འགྱུར་རོ། །མཛོད་འགྲེལ་ལས། བུད་མེད་གཞན་ལས་ནུར་ནུར་པོ་ཟགས་ ནས་གཞན་གྱི་མངལ་དུ་བླུགས་ཏེ་བསྐྱངས་པ་ལ་ཡང་བུ་འབྱུང་བར་གསུངས་པ་དེ་ལྟ་བུའམ། སྐྱེད་པར་བྱེད་པ་དང་སྐྱོང་བར་བྱེད་པ་ཐ་དད་ན། དེ་གཉིས་གང་བསད་ན་མཚམས་མེད་དུ་འགྱུར་ཞེ་ན། ཕ་མ་བསད་པའི་མཚམས་མེད་འབྱུང་བ་དེ་ནི་སྐྱེད་པར་བྱེད་པའི་ཕ་མ་མིའི་ འགྲོ་བ་པ་གཉིས་བསད་པ་ལས་མཚམས་མེད་པར་འགྱུར་ཏེ། མཛོད་ལས། གང་གི་ཟླ་མཚན་ལས་བྱུང་མ། །ཞེས་གསུངས་པའི་ཕྱིར་རོ། །ཕ་མ་མཚན་གྱུར་པ་གཉིས་བསད་པ་ལས་ཀྱང་མཚམས་མེད་འབྱུང་སྟེ། ལུང་ལས། ཕ་ཡང་མ་ལགས། དགྲ་བཅོམ་པ་ ཡང་མ་ལགས་པའི་སྐྱེས་པ་བསད་ན་མཚམས་མེད་པར་འགྱུར་བ་མཆིས་སམ། ཡོད་དེ། མ་མཚན་གྱུར་པ་བསད་ནའོ། །མ་ཡང་མ་ལགས། དགྲ་བཅོམ་པ་ཡང་མ་ལགས་པའི་བུད་མེད་བསད་ན་མཚམས་མེད་པར་འགྱུར་བ་མཆིས་སམ། ཡོད་དེ། ཕ་མཚན་གྱུར་པ་ བསད་ནའོ་ཞེས་མཛོད་འགྲེལ་དུ་དྲངས་སོ། །འདི་ལུང་ན་མི་སྣང་ཞེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །མ་བསད་པ་ཙམ་བར་ཆད་ཡིན་ནམ། མཚམས་མེད་བྱས་པ་བར་ཆད་ཡིན་ནམ་སྙམ་ན། མ་བསད་པ་ལ་སོགས་པ་མཚམས་མེད་ལྔ་པོ་དེས་རེ་རེ་རྫོགས་པར་བྱས་ པ་ཉིད་བར་ཆད་ཀྱི་གཙོ་བོའོ། །ཊཱི་ཀ་ལས། མ་བསད་པ་ཉི་ཚེ་ནི་རབ་ཏུ་དབྱུང་བར་བྱ་སྟེ། ཕ་མ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་བསད་ན་ཡང་དེ་རབ་ཏུ་དབྱུང་དུ་རུང་བ་ལྟ་བུའོ་ཞེས་སོ། །གསོད་སེམས་མེད་ན་ཕ་མ་བསད་པའི་མཚམས་མེད་དུ་མི་འགྱུར་ཏེ། བཙོ་བླག་ 6-1-193a མཁན་གྱི་བུ་བཞིན་ནོ། །དེའི་ཕྱིར་ཞུ་བར། མ་བསད་པའི་གང་ཟག་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཨུ་པ་ལི་ཁ་ཅིག་ནི་བསྙེན་པར་རྫོགས་ཞེས་བྱའོ། །ཁ་ཅིག་ནི་བསྙེན་པར་མ་རྫོགས་པ་སྟེ། གང་གིས་གཞན་ དུ་འདུ་ཤེས་ཏེ་མ་འཚོ་བ་དང་བྲལ་བར་གྱུར་ཏམ། གཞན་དུ་སྦྱོར་བ་ཡང་རུང་སྟེ་འདི་ནི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་ཡང་མིག་ལམ་དུ་སྣང་བར་གྱིས་ཤིག །གང་གིས་ཤེས་བཞིན་དུ་མ་འཚོ་བ་དང་ཕྲལ་བར་གྱུར་པ་འདི་ནི་བསྙེན་པར་མ་རྫོགས་པར་ཞེས་བྱ་ སྟེ། ཉེ་བར་གནས་ན་མིག་ལམ་དུ་སྣང་བར་མ་བྱེད་ཅིག །ཇི་ལྟར་མ་བསད་པ་དེ་བཞིན་དུ་ཕ་བསད་པ་དང་དགྲ་བཅོམ་པ་བསད་པ་ལ་ཡང་བརྗོད་པར་བྱའོ་ཞེས་སོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ། སྒྲུབ་བྱེད་ཀྱི་ལུང་དྲངས་པ་དང་། དེ་ལ་གཞན་གྱི་འཁྲུལ་པ་སྤང་བ་དང་། གཉིས་ཀྱི་སྒྲ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ལུང་ཞུ་བ་ལས། དགེ་སློང་མ་སུན་ཕྱུང་བ་བསྙེན་པར་རྫོགས་པར་བགྱིས་ན། གང་གིས་མི་ཚངས་པར་སྤྱོད་པས་དགེ་སློང་མ་སུན་ཕྱུང་བར་གྱུར་པ་འདི་ནི་བསྙེན་པར་མ་རྫོགས་ པ་ཞེས་བྱའོ། །དགེ་སློང་མའི་ལུས་ལ་རེག་པ་ཙམ་གྱིས་སུན་ཕྱུང་བར་གྱུར་པ་ནི་བསྙེན་པར་རྫོགས་པ་ཞེས་བྱའོ། །ཞེས་གསུངས་སོ་སྟེ། མི་ཚངས་པར་སྤྱད་པས་ཞེས་པ་འདིའི་ཁུངས་ཡིན་ནོ། །ཕམ་པར་འགྱུར་བ་མ་བྱུང་བ་ཉིད་ལ་ཞེས་པ་འདིའི་ཁུངས་ནི། ཞུ་བ་ལས། བཙུན་པ་རེ་ཞིག་གང་ཟག་བརྒྱད་ཀྱིས་དགེ་སློང་མ་གཅིག་ལ་དངོས་པོ་བརྒྱད་པོ་རེ་རེས་སུན་འབྱིན་པར་བགྱིད་ན། དགེ་སློང་མ་དེ་སུན་ཕྱུང་བ་ཞེས་བགྱིའམ། ཉེ་བ་འཁོར་སུན་ཕྱིན་པ་ཞེས་བྱའོ། །གང་ཟག་དེ་དག་ལས་དུ་ཞིག་དགེ་སློང་མ་སུན་ཕྱུང་བ་ཞེས་བགྱི། ཉེ་བ་འཁོར་ 6-1-193b འགའ་ཡང་མ་ཡིན་ནོ་ཞེས་གསུངས་སོ། །ལུང་འདི་རང་གི་རྣམ་བཤད་དང་ཊཱི་ཀ་ལ་སྣང་ཡང་དེང་སང་མདོ་ན་མི་སྣང་ཞེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །ལུང་དོན་འདི་ལ་སྔོན་གྱི་དམ་པ་རྣམས་ལ་འཁྲུལ་པ་ག་ལ་མཆིས། སྙིགས་དུས་ཀྱི་སྐྱེ་བོ་འདི་རྣམས་ལ་རྨོངས་བཤད་བྱེད་ པར་དོགས་ནས་འདིའི་དོན་འགྲོལ་བར་བྱ་སྟེ། དགེ་སློང་ཕ་མ་ཕམ་པས་མ་གོས་པའི་དག་པ་ཞིག་ལ་ཁྱིམ་པ་ཕོ་མོས་མི་ཚངས་པར་སྤྱད་པས་སུན་ཕྱུང་ན། སུན་དབྱུང་པོ་དེ་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་ཡིན་ལ། སུན་དབྱུང་བ་ཡུལ་དགེ་སློང་ཕ་མ་ཕམ་པས་ཉམས་པ་ཞིག་ ལ་ཁྱིམ་པ་ཕོ་མོས་མི་ཚངས་པར་སྤྱད་པས་སུན་ཕྱུང་ཡང་སྡོམ་པ་སྐྱེ་བ་ལ་བར་ཆད་དུ་འགྱུར་བའི་དགེ་སློང་ཕ་མ་སུན་འབྱིན་བྱས་པའི་གོ་མི་ཆོད་དེ། སྔོན་ནས་ཡུལ་དགེ་སློང་ཕ་མ་གཞན་གྱིས་སུན་དབྱུང་ཟིན་ཕྱུང་བའི་ཕྱིར། ཤི་ཟིན་སླར་ཤི་བར་བྱར་མེད་པ་བཞིན་ནོ། །དེའི་ཕྱིར་ གང་ཟག་བརྒྱད་ཀྱིས་ནི་ཞེས་སྐྱེས་པའམ་བུད་མེད་སུན་འབྱིན་པའི་དབང་དུ་བྱས་སོ། །འདི་ལ་ཡང་སུན་འབྱིན་བྱ་ཕམ་པ་བརྒྱད་ཡོད་པས་དེའི་ཕྱིར་འབྱིན་བྱེད་གང་ཟག་བརྒྱད་ཡོད་པའི་དབང་དུ་བྱས་སོ་ཞེས་མི་བསམ་པར་བྱ་དགོས་ཏེ། སུན་འབྱིན་བྱ་མི་ཚངས་སྤྱོད་ཁོ་ནའི་དབང་ དུ་བྱས་པ་ལུང་གཞུང་འགྲེལ་དང་བཅས་པའི་དགོངས་པར་སྣང་བའི་ཕྱིར་ཏེ། བྱ་ཊཱིཀ་ཏུ། མི་ཚངས་པར་སྤྱད་པས་སུན་ཕྱུང་ན་བར་ཆད་དུ་འགྱུར་བ་ནི་ཆོས་ཉིད་ཀྱི་དབང་གིས་ཞུགས་པ་ཡིན་ལ། སྟོན་པའི་བཅས་པའི་དབང་གིས་མ་ཡིན་ནོ། །འདིར་སྲོག་གཅོད་པ་ལ་ སོགས་པས་སུན་དབྱུང་བར་མི་འགྱུར་ལ། འདི་ཁོ་ནས་འགྱུར་བའི་རྒྱུ་མཚན་ནི་བསམ་པར་མི་ནུས་སོ་ཞེས་སོ། །དེས་ན་ཡུལ་དགེ་སློང་ཕ་མ་དག་པ་ལ་གང་ཟག་བརྒྱད་ཀྱིས་རིམ་བཞིན་མི་ཚངས་སྤྱོད་ཀྱིས་སུན་ཕྱུང་ན། གང་ཟག་དང་པོ་དེ་ལ་སུན་འབྱིན་གྱི་བར་ཆད་དུ་འགྱུར་ 6-1-194a ལ། གང་ཟག་ཕྱི་མ་བདུན་ལ་སུན་འབྱིན་གྱི་བར་ཆད་དུ་མི་འགྱུར་རམ་སྙམ་དུ་སེམས་སོ། །སྔ་རབས་པ་ཁ་ཅིག །གང་ཟག་བརྒྱད་ཡུལ་སྤྱི་ལྡོག་དགེ་སློང་ཕ་མ་མ་ཕྱེ་བ་ལ་བྱེད་ཟེར། དེ་འགོག་པའི་ཕྱིར་བྱ་ཊཱིཀ་ཏུ། ཁ་ཅིག །གང་ཟག་ནི་སྐྱེས་པ་ཡིན་ལ། དེས་ཀྱང་ཡུལ་ཙམ་བྱེད་པ་ལ་བྱའོ་ཞེས་སོ། །དེ་ནི་མ་ཡིན་ཏེ། ཡུལ་མ་ཡིན་པ་ལས་ལོག་པའི་ཡུལ་ཙམ་སྟེ་དེ་ལྟ་བུའི་སྤྱི་ནི་མེད་པའི་ཕྱིར་རོ་ཞེས་དགག་པར་མཛད་དོ། །བརྒྱད་པོ་དེ་རེ་རེས་ཞེས་པ་ལ་མཚོ་ཊཱིཀ་ཏུ། བརྒྱད་པོ་རེ་རེས་ནི་ཕམ་པ་བརྒྱད་ཀྱི་ཡུལ་དུ་བྱས་པའོ་ཞེས་ འབྱུང་བ་ལ་ཡང་དཔྱད་དགོས་ཏེ། སུན་འབྱིན་བྱེད་གང་ཟག་བརྒྱད་ཀྱིས་སུན་དབྱུང་ཡུལ་དགེ་སློང་ཕ་མ་རྣམ་དག་ལ་མི་ཚངས་སྤྱོད་ཀྱི་ཕམ་པ་ལན་བརྒྱད་ཀྱིས་སུན་དབྱུང་པ་ལ་འཆད་དམ། ཡང་ན་ཕམ་པའི་རྫས་རིགས་བརྒྱད་ཀྱིས་སུན་དབྱུང་བ་གང་ཡིན་བརྟག་དགོས་སོ། ། བརྟག་པ་ཕྱི་མ་ལྟར་ན་བྱ་ཊཱིཀ་ཏུ། སྲོག་གཅོད་ཀྱི་ཕམ་པས་སུན་དབྱུང་བ་མ་ཡིན་པར་བསྟན་པས་གནོད་པས་བརྟག་པ་སྔ་མ་ལྟར་རིགས་པར་སེམས་སོ། །སུན་དབྱུང་བ་ཞེས་བྱ་བ་ནི་ལོག་གཡེམ་མོ། །གང་ཟག་དེ་དག་ལས་དུ་ཞིག་དགེ་སློང་མ་སུན་ཕྱུང་ཞེས་བགྱི་ཞེས་པ་ནི་ སུན་ཕྱུང་བའི་བར་ཆད་སུ་ལ་ལྡན་ཅེས་དྲིས་སོ། །འགའ་ཡང་མ་ཡིན་ནོ་ཞེས་པ་ནི། ཡུལ་དགེ་སློང་ཕ་མ་གང་ཟག་བརྒྱད་ཀྱིས་སུན་འབྱིན་པར་བྱས་པ་དེ་སླར་སུན་འབྱིན་པ་ལྟ་བུ་ལ་ནི། སུན་འབྱིན་གྱི་བར་ཆད་ལྡན་པས་འགའ་ལ་ཡང་ཡོད་པ་མ་ཡིན་ནོ། །ཡུལ་དགེ་སློང་ཕ་ མ་ཕམ་མ་ཟིན་པ་ལ་མི་ཚངས་སྤྱོད་བྱས་ན་སུན་འབྱིན་གྱི་བར་ཆད་དུ་འགྱུར་བ་ཁོ་ནར་ངེས་སོ། །དེ་ལས་གཞན་དུ་མ་ངེས་ན་ཕམ་མ་ཟིན་པ་མི་ཚངས་སྤྱོད་ཀྱི་སུན་འབྱིན་པ་དེ་འདྲ་མི་སྲིད་དེ། ཡུལ་དགེ་སློང་མ་ལ་མཚོན་ན། མི་ཚངས་སྤྱོད་ལོག་གཡེམ་གྱིས་སུན་དབྱུང་བའི་ 6-1-194b དང་པོར་ཡུལ་དགེ་སློང་མ་ལ་རེག་བཀན་གྱི་ཕམ་པ་བྱུང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྤྱིར་དགེ་སློང་མ་ལ་རེག་བཀན་གཉིས་ཕམ་པ་ཡིན་མོད། སུན་འབྱིན་གྱི་བར་ཆད་ཀྱི་སྐབས་འདིར་ལོག་གཡེམ་བྱེད་པ་ན་རེག་བཀན་སྔོན་དུ་སོང་ཡང་། སུན་དབྱུང་ཡུལ་ལ་ཕམ་པ་བྱུང་བར་ བྱས་པ་དབང་མི་བཙན་པར་དམིགས་ཀྱིས་བསལ་བ་ཡིན་པའི་ཕྱིར་ཏེ། ཊཱི་ཀར། དེ་ནི་རེག་པ་དང་ལུས་བཀན་པ་གཉིས་ཀྱི་དང་པོ་ཁོ་ནར་ཕམ་པར་གྱུར་པས་དེས་ན་དེ་འདིར་སུན་ཕྱུང་བ་ཉིད་དུ་རྣམ་པར་མ་བཞག་པར་སྣང་ངོ་ཞེས་འབྱུང་བའི་ཕྱིར། རེག་བཀན་དང་པོར་བྱས་པས་ སུན་འབྱིན་ཡུལ་དེ་ལ་ཕམ་པར་གྱུར་ཟིན་པ་དང་། འབྱིན་བྱེད་ལ་སུན་འབྱིན་གྱི་བར་ཆད་དུ་མ་བཅས་པར་ལོག་གཡེམ་ཉིད་སུན་འབྱིན་གྱི་བར་ཆད་དུ་བཅས་པའི་ཕྱིར་རོ། །དྭགས་སྐོར་བའི་ཁྲོ་ཕུ་བ་བུ་ན་རེ། ཞུ་བའི་ལུང་གི་གང་ཟག་བརྒྱད་ནི། ལྷན་ཅིག་ཏུ་བཏེག་པ་དང་། བསྙེགས་ པ་དང་། ལུས་ལ་འཚོགས་པ་དང་། དུས་མལ་བསྟན་པ་དང་། བརྡ་དང་། མཚན་མ་དང་། སྐྱེས་པ་འགྲོ་འོང་བདག་གིར་བྱེད་པ་དང་། སྐྱེས་པ་དང་བུད་མེད་མཐུན་པར་བསྒྱུར་དུ་མེད་པའི་ཕྱོགས་སུ་ལུས་བཀན་པའོ། །ཞེས་བྱ་བ་དངོས་པོ་བརྒྱད་པོ་དེ་བྱེད་པོ་ལ་གང་ཟག་ བརྒྱད་དུ་བྱས་ནས། བྱ་བ་དངོས་པོ་དེ་སུན་འབྱིན་ཡུལ་དགེ་སློང་མ་ལྟ་བུ་ལ་ལས་སུ་བྱ་བར་ཞུགས་ཟིན་ན་ཡུལ་དེ་ཕམ་ཟིན་པས། སླར་ཡུལ་ལ་མི་ཚངས་སྤྱོད་ཀྱིས་སུན་འབྱིན་ཀྱང་དབྱུང་ཟིན་དབྱུང་བའི་ཕྱིར་སུན་འབྱིན་པོ་རྗེས་མ་ལ་སུན་འབྱིན་གྱི་བར་ཆད་མི་འབྱུང་ངོ་ཞེས་དགོངས་ ནས། ཞུ་བའི་ལུང་གི་འདོན་པའང་འདི་ལྟར་བསྒྱུར་ཏེ། དངོས་པོ་བརྒྱད་པོ་རེ་རེས་སུན་འབྱིན་པར་བགྱིད་ན། དགེ་སློང་མ་དེ་སུན་ཕྱུང་བ་ཞེས་བགྱིའམ། ཉེ་བ་འཁོར་སུན་ཕྱུང་བ་ཞེས་མི་བྱའོ་ཞེས་འདོན་པར་མཛད་དོ། །དེ་ལ་འདི་ལྟར་དོགས་ཏེ། འོ་ན་ལོག་གཡེམ་སུན་འབྱིན་ 6-1-195a དངོས་ཀྱི་དང་པོར་དངོས་པོ་བརྒྱད་པོའི་ཐ་མར་རེག་པ་དང་ལུས་བཀན་འགྲོ་དགོས་པས་ཡུལ་ཕམ་ཟིན་པས་སུན་འབྱིན་དངོས་ཀྱི་བར་ཆད་ཀྱང་སུན་འབྱིན་དུ་མི་འགྱུར་རོ་ཞེ་ན། མ་རེག་པར་དབང་པོ་དཀྲིས་ཏེ་སུན་ཕྱུང་བའམ་སུན་དབྱུང་ཡུལ་གྱིས་བདག་གིར་ མ་བྱས་པས་ཕམ་ཟིན་པར་མ་གྲུབ་ཅེས་ཀྱང་དགོངས་པར་སྣང་ལ། ལུགས་འདི་ནི་ཁོ་བོའི་བཤད་པ་ལས་གཞན་འདོད་བཀོད་པ་ཡིན་ནོ། །གཉིས་པ་དེ་ལ་གཞན་གྱི་འཁྲུལ་པ་སྤང་བ་ནི། ཊཱི་ཀ་ལས། འོ་ན་སུན་དབྱུང་བར་ཇི་ལྟར་རྣམ་པར་བཞག་ཅེ་ན་ཞེས་རྒོལ་བ་བཀོད་དོ། ། དེའི་དོན་ནི་དགེ་སློང་མ་ལ་ལོག་གཡེམ་བྱས་པ་ཆོས་ཅན། དགེ་སློང་མ་སུན་དབྱུང་བ་ཉིད་ཡིན་པ་མི་སྲིད་པར་ཐལ། མི་ཚངས་སྤྱད་ཀྱི་སྔ་རོལ་དུ་དགེ་སློང་མ་དེ་རེག་པ་ལུས་བཀན་གྱིས་ཕམ་པར་གྱུར་པའི་ཕྱིར་ཞེ་ན། དེའི་ལན་ལ་གཉིས་ཏེ། ཐད་ཀ་རྣལ་མའི་ལན་དང་། བརྟག་པ་ མཐའ་བཟུང་གི་ལན་ནོ། །དང་པོ་ནི། ཊཱི་ཀ་ལས། ནོམ་པ་དང་ཉུག་པ་ཉམས་སུ་མ་མྱོང་བའི་དགེ་སློང་མ་ལ་མི་ཚངས་པར་སྤྱད་ནའོ་ཞེས་གསུངས་ཏེ། མི་ཚངས་སྤྱད་འབའ་ཞིག་གི་ཀུན་སློང་གིས་རེག་པ་དང་། ལུས་བཀན་བྱས་ན་མི་ཚངས་སྤྱོད་ཀྱི་སྦྱོར་སྦོམ་དུ་འགྱུར་གྱི། རེག་པ་དང་ལུས་བཀན་གྱི་ཕམ་པ་མི་བསྐྱེད་དེ། རེག་པ་དང་ལུས་བཀན་གྱི་ཀུན་སློང་མེད་པའི་ཕྱིར། ལྟུང་བ་གཞན་གྱི་ཀུན་སློང་གིས་ལྟུང་བ་གཞན་མི་བསྐྱེད་པས། མི་ཚངས་སྤྱོད་འབའ་ཞིག་ཀུན་སློང་གིས་རེག་པ་དང་། ལུས་བཀན་གྱི་ཕམ་པ་བསྐྱེད་ན་རྒྱུ་འབྲས་འཆོལ་བར་ འགྱུར་རོ། །འོ་ན་རེག་ཕམ་ནི་མདོ་རྩ་ལས། འཁྲིག་པའི་འདོད་ཆགས་ཀྱིས་སོ་ཞེས་པ་དང་། དེའི་འགྲེལ་ཆུང་ལས། སྐྱེས་པའང་དགེ་སློང་མ་ལ་མི་ཚངས་པར་སྤྱོད་པར་སེམས་པ་ལ་རེག་ན་རེག་པའི་ཕམ་པར་འགྱུར་ཞེས་བཤད་པ་དང་འགལ་ཅེ་ན། དེ་ནི་སྐྱེས་པ་དེ་མི་ཚངས་ 6-1-195b པར་སྤྱོད་པར་སེམས་ཀྱང་དགེ་སློང་མ་དེ་འདོད་ཆགས་ཀྱི་དབང་གིས་འདོད་པའི་ཀུན་སློང་གིས་རེག་ན་ཕམ་པར་འགྱུར་བ་ཞེས་པའོ། །གཉིས་པ་ནི། སྲིད་པ་དཔེར་བྱས་ཀྱི་ལན་ཡིན་ཏེ། ཊཱི་ཀ་ལས། ཡང་ན་སྐྱེས་པའི་ལུས་ལ་མ་རེག་པའི་དགེ་སློང་མ་ལ་མི་ཚངས་པར་སྤྱད་ན་ གང་ཟག་དེ་དགེ་སློང་མ་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་གསུངས་ཏེ། མཚན་རིང་ཅན་ལྟ་བུས་ལངས་པའི་སྤྱོད་ལམ་གྱིས་མི་ཚངས་པར་སྤྱད་ན་དགེ་སློང་མ་སུན་ཕྱུང་བ་ཉིད་ཡིན་ནོ། །ལམ་དང་ཡན་ལག་གཉིས་རེག་ཀྱང་རེག་པའི་ཕམ་པའི་གཞི་མ་ཡིན་ནོ། །གསུམ་པ་གཉིས་ཀྱི་ སྒྲ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། རྩོད་སྤོང་དངོས་དང་། གཞན་འདོད་བཀག་པའོ། །དང་པོ་ནི། ཉམས་སུ་མྱོང་བ་དག་ཅེས་གཉིས་ཚིག་ཏུ་སྨོས་པ་ལ། སུན་ཕྱུང་བ་ནི་གཅིག་ཡིན་པའི་ཕྱིར། གཅིག་ཚིག་བྱ་བར་རིགས་ན། དག་ཅེས་གཉིས་ཚིག་བྱས་པ་དང་འགལ་ ཅེ་ན། མི་འགལ་ཏེ་ཊཱི་ཀ་ལས། སུན་ཕྱུང་བ་གཉིས་སྲིད་པའི་ཕྱིར་ཏེ། འདི་ལྟར་བགྲོད་པ་ཡང་སུན་ཕྱུང་བར་འགྱུར་ལ་འགྲོ་བ་ཡང་སུན་ཕྱུང་བར་འགྱུར་བ་སྲིད་པའི་ཕྱིར་ཞེས་སོ། །དགེ་སློང་ཕ་མ་མི་ཚངས་པར་སྤྱད་ན་གཉིས་ག་དུས་གཅིག་ཏུ་ཉམས་སུ་མྱོང་ན་གཉིས་ ཀ་སུན་ཕྱུང་བ་ཉིད་ཡིན་ལ། སྔ་ཕྱིར་མྱོང་ན་སྔར་མྱོང་བ་དེས་སོ། །སྐྱེས་པས་ཀྱང་དགེ་སློང་ཕ་སུན་ཕྱུང་བ་སྲིད་དེ། ཊཱི་ཀ་ལས། དགེ་སློང་གིས་དགེ་སློང་ལ་རྩོལ་ཞིང་གཉིས་ཀས་ཉམས་སུ་མྱོང་བར་གྱུར་ན་གཉིས་ཀ་དགེ་སློང་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་སོ། །དགེ་སློང་གིས་ དགེ་སློང་ལ་རྩོལ་བ་འདི་སྔ་ཕྱིར་རྩོལ་བའི་བྱ་བ་རྫོགས་པ་ལ་ཉམས་མྱོང་ཞེས་བརྟག་དགོས་པ་འདྲའོ། །དགེ་སློང་རང་ཉིད་ཀྱིས་རང་གི་བསྟེན་བྱར་མི་ཚངས་པར་སྤྱད་ན། དགེ་སློང་རང་གིས་རང་ཉིད་སུན་ཕྱུང་བའི་ལས་སྒྲིབ་རྫོགས་སམ་སྙམ་ན། རང་ལས་བརྐུས་པའམ་རང་ 6-1-196a བསད་པས་ལས་ཀྱི་དངོས་གཞི་མི་རྫོགས་པ་བཞིན་ནོ་ཞེས་ཀླུ་སྒྲུབ་ཟེར་རོ། །གཉིས་པ་གཞན་འདོད་བཀག་པ་ནི། རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་གིས་འདོད་པ་འགྲེལ་ཆུང་དུ་བཀོད་པ་ལས། དགེ་སློང་མས་དགའ་བ་མ་ཚོར་ན་དེ་ནི་བསླུས་པར་མི་ ཚུད་དེ། དགེ་སློང་མས་ཀྱང་དགའ་བ་ཚོར་ན་དགེ་སློང་མ་སུན་ཕྱུང་བ་ཡིན་ནོ་ཞེས་བཤད་དོ། །དེ་ཉིད་འགོག་པ་ན་འགྲེལ་ཆུང་ལས། དགེ་སློང་མ་ལ་ནན་གྱིས་མི་ཚངས་པར་སྤྱད་པ་ན་དགེ་སློང་མས་ལག་པ་མེར་བཅུག་སྟེ། དགའ་བ་མ་ཚོར་བ་ལྟ་བུར་སྤྱད་པ་ཡང་དགེ་ སློང་མ་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་དང་། ཊཱི་ཀ་ལས། སུན་འབྱིན་པ་པོ་ཁོ་ནས་ཉམས་སུ་མྱོང་བ་ཡན་ལག་ཡིན་ནོ། །འདིར་ཟླས་ཉམས་སུ་མྱོང་བ་ཁས་མི་བླངས་ཏེ། གཞན་གྱི་ཉེས་པ་གཞན་ལ་མི་གོས་པའི་ཕྱིར་ཞེས་སོ། །བདེ་བ་དེ་ཟླས་ཉམས་སུ་མྱོང་བ་ཡན་ལག་ཏུ་ དགོས་ན། དགེ་སློང་མ་དགྲ་བཅོམ་མ་ལ་ལོག་གཡེམ་བྱས་པ་ཆོས་ཅན། དགེ་སློང་མ་སུན་ཕྱུང་བ་ཉིད་ཡིན་པ་མི་སྲིད་པར་ཐལ། འདོད་ཆགས་ཀྱི་བདེ་བ་དགེ་སློང་དགྲ་བཅོམ་མས་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །གཏན་ཚིགས་ནི། སེར་སྐྱའི་བུ་མོའི་བྱུང་བ་དང་། དགེ་སློང་མ་བཅུ་གཉིས་སྡེས་བདག་ཅག་རྒྱལ་པོའི་ཆུང་མ་དང་ལྷན་ཅིག་གསོ་སྦྱོང་མི་བགྱིད་དོ་ཞེས་སྨྲས་པའི་སྐབས་ཀྱི་ལུང་འདུལ་བྱེད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་མོ་ཁྱོད་ཀྱིས་དགའ་བར་ཚོར་རམ། བདག་གིས་དགའ་བ་ལྟ་ག་ལ་ཚོར་གྱི། ཇི་ལྟར་ཐོང་ལྕགས་བསྲེགས་པ་བཞིན་ཅེས་འོད་ལྡན་དུ་དྲངས་པས་གྲུབ་ཅིང་། ཁྱབ་པ་ཁས་བླངས་སོ། །འདོད་ན་མཛོད་ལས། མ་དགྲ་བཅོམ་མ་སུན་བྱས་དང་། །ཞེས་པ་དང་འགལ་ལོ། །གཉིས་པ་ནི། ཊཱི་ཀར། སྐྱེས་པས་དགེ་སློང་མ་ལ་ཅི་ཞིག་བྱས་ན་དགེ་སློང་མ་ 6-1-196b སུན་དབྱུང་བར་འགྱུར་ཅིང་། བུད་མེད་ཀྱིས་ཀྱང་དགེ་སློང་ལ་ཅི་ཞིག་བྱས་ནས་སུན་དབྱུང་བར་འགྱུར་ཅེས་སྔ་འགྲེལ་དུ་བཀོད་དོ། །ཡུལ་དགེ་སློང་མའམ་ཕ་ཕམ་པར་འགྱུར་བ་མ་བྱུང་བ་སྟེ། ཕམ་པས་མ་གོས་པའི་རྣམ་དག་ཉིད་ལ་སྐྱེས་པའམ་བུད་མེད་གང་ཞིག་གིས་ མི་ཚངས་པར་སྤྱད་པས་ཉམས་སུ་མྱོང་བ་དག་དགེ་སློང་མ་སུན་ཕྱུང་བ་ཉིད་དང་། དགེ་སློང་ཕ་སུན་ཕྱུང་བ་ཉིད་ཡིན་ནོ། །བཞི་པ་ནི། ཊཱི་ཀ་ལས། སྔོན་རབ་ཏུ་བྱུང་བ་ལ་སྐྱེ་བའི་ཆོས་ཉིད་མེད་པར་བསྟན་པས་གནས་སྐབས་ཀྱི་བྱེ་བྲག་ལ་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་ ཞེས་སྔ་འགྲེལ་དུ་མཛད་དོ། །བུད་མེད་བསླབ་པ་ཕུལ་ནས་ཞེས་བུད་མེད་སྔོན་རབ་ཏུ་བྱུང་བ་སྡོམ་པ་སྐྱེ་བའི་བར་ཆད་དང་ལྡན་པ་དེ་སྐྱེས་པ་ཉིད་དུ་གྱུར་པ་ནི་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱར་རུང་བ་ཉིད་དོ་ཞེས་པ་སྡོམ་པ་ལེན་ན་སྐྱེ་བ་སྟེ་སྡོམ་པ་སྐྱེ་བའི་བར་ཆད་ ལས་གྲོལ་བའོ། །སྐྱེས་པ་དེ་སླར་བུད་མེད་དུ་གྱུར་ན་ནི་སྐྱེ་བའི་བར་ཆད་སྔོན་རབ་ཏུ་བྱུང་བ་དེ་སླར་ལྡོག་པར་འགྱུར་ཏེ། སྤོ་བའི་གཞི་ཞུ་བ་ལས། ལྷག་མ་ཐུན་མོང་མ་ཡིན་པ་བྱུང་བ་མཚན་ལན་གཉིས་སུ་གྱུར་ན་ལྷག་མའི་ལྟུང་བ་སླར་ལྡོག་པར་གསུངས་ལ། དེ་དང་རྒྱུ་ མཚན་མཚུངས་པའི་ཕྱིར་རོ། །འོ་ན་བུད་མེད་སྔོན་རབ་ཏུ་བྱུང་བ་དེ་སྐྱེས་པར་གྱུར་ཏེ་སྡོམ་པ་མནོས་ནས་སླར་ཡང་བུད་མེད་དུ་གྱུར་ཏེ་སྐྱེ་བའི་བར་ཆད་དེ་སླར་ལོག་པ་ན་སྡོམ་པ་གཏོང་ངམ་ཞེ་ན། མི་གཏོང་སྟེ། གཏོང་རྒྱུ་གང་ཡང་མ་བྱུང་བའི་ཕྱིར་རོ། །དེ་ལ་རྔོག་དཀར་ ན་རེ། སྡོམ་པ་གཏོང་སྟེ། སྡོམ་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་ཏེ། སྡོམ་པའི་བར་ཆད་ཀྱི་བྱེ་བྲག་སྔོན་རབ་ཏུ་བྱུང་བ་དང་ལྡན་པར་འགྱུར་པའི་ཕྱིར་རོ་ཞེ་ན། སྡོམ་པ་ལེན་ན་སྐྱེ་བའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་ཟེར་རམ། སྡོམ་པ་སྐྱེས་ཟིན་གནས་པའི་ཞིང་མ་ཡིན་པར་ 6-1-197a གྱུར་པའི་ཕྱིར་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་སྟེ། དགེ་ཚུལ་རྐུ་ཐབས་སུ་གནས་པར་གྱུར་པས་སྡོམ་པ་མི་གཏོང་བ་བཞིན་ནོ། །གཉིས་པ་ལྟར་ན་མ་གྲུབ་བོ། །འོ་ན་སྐྱེས་པ་བསླབ་པ་ཕུལ་ནས་བུད་མེད་དུ་གྱུར་ན་སྔོན་རབ་ཏུ་བྱུང་བའི་བར་ཆད་ ཡོད་པར་འགྱུར་ཞེ་ན། མི་འགྱུར་ཏེ། གཞན་དུ་ན་མཚན་གྱུར་གྱི་སྤྱི་གཞུང་དང་འགལ་བའི་ཕྱིར་རོ། །དེ་ཡང་ཐུན་མོང་མིན་པའི་ལྟུང་བ་ཡོད་པ་ལས་མཚན་གྱུར་པས་ལྟུང་བ་དེ་མེད་པར་འགྱུར་བ་དང་། ལྟུང་བ་གཏན་མེད་ལས་མཚན་གྱུར་པས་ལྟུང་བ་ཡོད་པར་མི་འགྱུར་བ་ནི་མཚན་ འགྱུར་གྱི་སྤྱི་གཞུང་ཡིན་ལ། འདིར་ཡང་ཐུན་མོང་མིན་པའི་བར་ཆད་ཡོད་པ་ལས་མཚན་གྱུར་པས་བར་ཆད་མེད་པར་གྱུར་བ་ནི་སྤྱི་གཞུང་དེ་དང་མཐུན་ལ། བར་ཆད་མེད་པ་ལས་མཚན་གྱུར་པས་བར་ཆད་ཡོད་པར་འགྱུར་ན་སྤྱི་གཞུང་དང་འགལ་བའི་ཕྱིར་རོ། །བྱའི་ཞལ་ནས། སྔོན་རབ་ཏུ་བྱུང་བའི་བར་ཆད་ནི་བུད་མེད་བསླབ་པ་ཕུལ་ཅེས་བྱའོ། །འདིར་སྐྱེས་པར་འགྱུར་ན་བར་ཆད་དུ་མི་འགྱུར་བ་ནི་དེའི་ངོ་ཚ་ཁྲེལ་ཡོད་སོར་ཆུད་པས་སོ། །སྐྱེས་པ་ལན་བདུན་བསླབ་པ་ཕུལ་ནས་བུད་མེད་དུ་གྱུར་ཀྱང་རྒྱུད་སོར་ཆུད་པ་མེད་པས་དེ་ལ་ནི་སྐྱེ་བར་མི་འགྱུར་རོ་ཞེས་སོ། ། ལྔ་པ་ནི། ཊཱི་ཀ་ལས། ཕམ་པར་གྱུར་པ་ལ་སྤྱིར་སྐྱེ་བའི་ཆོས་ཉིད་མེད་པར་བསྟན་ནས་གནས་སྐབས་གཞན་ལ་བྱེ་བྲག་གི་གནས་སྐབས་བསྟན་པའི་ཕྱིར་ཞེས་སྔ་འགྲེལ་དུ་མཛད་དོ། །དགེ་སློང་མའི་ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་སྟེ་རེག་པ། ལུས་བཀན། འཆབ་པ། ཟློག་པའི་ཕམ་པ་འཆབ་བཅས་ལྷག་པར་སྤྱད་པ་ཅན་སྡོམ་པ་སྐྱེ་བའི་བར་ཆད་དང་ལྡན་པ་དེ་ཡང་སྐྱེས་པ་ཉིད་དུ་གྱུར་པ་ནི་དབྱུང་རྫོགས་བྱར་རུང་བ་ཉིད་དོ། །ཞེས་པ་སྡོམ་པ་ལེན་ན་སྐྱེ་བ་སྟེ་སྡོམ་པ་སྐྱེ་བའི་བར་ཆད་ལས་གྲོལ་བའོ། །དེ་ལྟར་མཚན་གྱུར་པ་དེས་སྡོམ་པ་མནོས་ནས་ 6-1-197b སླར་ཡང་བུད་མེད་དུ་གྱུར་ཏེ་ཕམ་པ་འཆབ་བཅས་དེ་སླར་ལོག་པ་ན། སྡོམ་པ་གཏོང་ངམ་མི་གཏོང་ཞེ་ན། མི་གཏོང་སྟེ། བསླབ་པ་ཕུལ་དང་ཤི་འཕོས་སོགས་ཀྱི་གཏོང་རྒྱུ་གང་ཡང་མ་བྱུང་བའི་ཕྱིར་རོ། །དེ་ལའང་རྔོག་དཀར་ན་རེ། སྡོམ་པ་གཏོང་སྟེ། སྡོམ་པའི་ཞིང་མ་ཡིན་ པར་འགྱུར་བའི་ཕྱིར་ཏེ། ཕམ་པ་འཆབ་བཅས་དང་ལྡན་པར་འགྱུར་བའི་ཕྱིར་ཞེ་ན། དེ་ལ་བརྟག་པ་སྔ་མ་བཞིན་བྱའོ། །ཐུན་མོང་མིན་པའི་སྒྲས་ཐུན་མོང་གི་ཕམ་པས་བར་ཆད་དུ་མི་འགྱུར་བ་འགོག་པ་ཡིན་ནོ། །བཞི་པ་ནི། འདིར་དགེ་འདུན་གྱིས་བསྣན་པར་བྱའོ་ཞེས་སྔར་སྨོས་ ན། དགེ་འདུན་ཇི་ལྟ་བུས་བསྣན་པར་བྱ་ཞེ་ན། བུད་མེད་བསྙེན་པར་རྫོགས་པར་བྱ་བ་ལ། དགེ་སློང་ཕའི་དགེ་འདུན་གཉུག་མར་གནས་པ་རྣམས་ཕུན་སུམ་ཚོགས་པའི་རྒྱུའི་ཡན་ལག་ཉིད་དོ། །ཊཱི་ཀ་ལས། དགེ་སློང་གཉུག་མར་གནས་པ་རྣམས་ཡན་ལག་ཉིད་ཡིན་གྱི། གློ་བུར་ དུ་ལྷགས་པ་རྣམས་དང་འགྲོ་བར་ཆས་པ་རྣམས་ཡན་ལག་ཉིད་མ་ཡིན་ནོ་ཞེས་སོ། །དེའི་རྒྱུ་མཚན་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་སྦྱིན་པ་ལ་སོགས་པའི་བྱ་བ་ནི་གཉུག་མར་གནས་པས་ལེགས་པར་འགྲུབ་ཀྱི། འགྲོ་བར་ཆས་པ་ལ་སོགས་པས་ལེགས་པར་མི་འགྲུབ་པའི་ཕྱིར་རོ། ། གཉུག་མར་གནས་པའི་ཚད་ནི་གནས་དེར་ཟླ་བ་ཕྱེད་ཡན་ཆད་གནས་པ་སྟེ། ལུང་ལས། གཉུག་མར་གནས་པ་དང་རིང་དུ་གནས་པ་དག་གོ་ཞེས་གསུངས་ལ། ཊཱི་ཀ་ལས། ཟླ་བ་ཕྱེད་ལས་ལྷག་པ་ནི་ཡུན་རིང་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ་གསོ་སྦྱོང་གི་དུས་གཞན་གྱིས་ཆོད་ པའི་ཕྱིར་རོ་ཞེས་སོ། །ཡན་ལག་ཅེས་པ་ནི་རྒྱུ་ཡིན་ལ་འདི་ནི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་གྱི། མེད་ན་མི་འབྱུང་བའི་རྒྱུ་ནི་མ་ཡིན་ཏེ། དེ་མེད་ཀྱང་སྡོམ་པ་མི་སྐྱེ་བ་ཙམ་གྱི་དགག་བྱ་མ་དམིགས་པའི་ཕྱིར་རོ། །ལྔ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ་དངོས་ 6-1-198a སུ་བརྗོད་པའི་དོན། ཤུགས་ཀྱིས་བསྟན་པའི་དོན་དང་། སྒྲུབ་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། སྐྱེ་བའི་ཚེ་ཉིད་ལ་ཊཱི་ཀས་གཉིས་སུ་ཕྱེ་སྟེ། སྐྱེ་བ་ལ་ཕྱོགས་བཞིན་པ་སྐྱེ་བའི་ཚེ་དང་། སྐྱེ་བ་ལ་མངོན་དུ་གྱུར་བ་སྐྱེ་བའི་ཚེའོ། །དེ་གཉིས་ནི་སྐྱེ་ལ་ ཁད་པ་དང་། དངོས་སུ་སྐྱེ་བཞིན་པ་གོ་རིམ་བཞིན་ནོ། །དཔལ་ཤཱཀྱ་མཆོག་ལྡན་ན་རེ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་། སྐྱེ་བཞིན་པ་གཉིས་ལས། དང་པོ་ནི། དངོས་རྒྱུ་ཐོགས་མེད་ཀྱི་སྐབས་དང་། ཕྱི་མ་ནི། སྐྱེ་བ་ལ་གེགས་འཇུག་གི་སྐབས་སུ་བྱས་སྣང་བའི་གོ་རིམ་ནི་ འཁྲུགས་པ་ཡིན་ཏེ། ཆོས་ཀྱི་བཤེས་གཉེན་གྱི་འགྲེལ་པ་དང་འགལ་བའི་ཕྱིར། ཇི་ལྟར་འགལ་ན། གཞུང་འདིར་དངོས་སུ་བརྗོད་པ་ནི་སྐྱེ་བ་ལ་ཕྱོགས་བཞིན་པ་སྐྱེ་བའི་ཚེ་དེ་ཡིན་ཏེ། ཊཱི་ཀ་ལས། འདི་ལྟར་སྐད་ཅིག་མ་དུ་མས་ཆོད་པ་ལ་སྐྱེ་བའི་ཚེ་ཉིད་ཅེས་བྱའོ་ཞེས་པ་དང་། ཊཱི་ཀ་ལས། སྐྱེ་བཞིན་པ་སྐྱེ་བའི་ཚེ་ཞེས་པ་རྣམས་སྐྱེ་བ་ལ་ཕྱོགས་བཞིན་པ་ལ་དགོངས་པའི་ཕྱིར། ཁྱོད་ཀྱིས་བཀོད་པའི་གོ་རིམ་འཁྲུགས་པར་ཤེས་སོ། །གཞན་ཡང་ཁྱོད་མངོན་གྱུར་དང་མངོན་ཕྱོགས་གཅིག་ཏུ་འཁྲུལ་པས་ཀྱང་འདོད་པ་དེ་ནོར་བ་ཡིན་ནོ། །ཕུལ་བ་ནི། སྡོམ་པ་ལེན་པ་ན་བསླབ་པ་ཕུལ་བ་སྟེ། སྡོམ་པ་མ་ཐོབ་པ་ན་སྡོམ་པ་འབུལ་བ་ནི་བསླབ་པ་འབུལ་བ་མཚན་ཉིད་པ་མ་ཡིན་གྱི་སྡོམ་པ་ལེན་སེམས་ལོག་པའོ། །ཉམས་པ་ནི་སྡོམ་པ་ལེན་པོ་དེ་ཉིད་ལ་མཚན་གཉིས་གཅིག་ཅར་དུ་བྱུང་བ་ལ་སོགས་པ་སྟེ། ཊཱི་ཀ་ལས། མཚན་གཉིས་ སྐྱེས་པ་ལ་སོགས་པའི་སྐྱོན་གྱིས་ཉམས་ན་ཞེས་སོ། །སྡོམ་པ་ལེན་པ་པོའི་རྒྱུད་ལ་དགེ་སློང་གི་སྡོམ་པ་སྐྱེ་བ་ལ་ཕྱོགས་བཞིན་པའི་ཚེ་ཉིད་ན་བསླབ་པ་ཕུལ་བ་སྟེ་སྡོམ་ལེན་དགེ་སློང་གི་སྡོམ་པ་ལེན་སེམས་ལོག་པའམ། རྟེན་ཉམས་པ་ན་སྟེ་དགེ་སློང་གི་སྡོམ་ལེན་དེ་ཉིད་ལ་མཚན་ 6-1-198b གཉིས་གཅིག་ཅར་དུ་བྱུང་བ་ཆོས་ཅན། སྡོམ་ལེན་དེ་ཉིད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་མི་སྐྱེ་སྟེ། སྡོམ་ལེན་དེ་ཉིད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་སྐྱེ་བ་ལ་འགལ་རྐྱེན་སྟོབས་ལྡན་གྱིས་བར་དུ་ཆོད་པའི་ཕྱིར་རོ། །གཉིས་པ་ཤུགས་ཀྱིས་བསྟན་པའི་དོན་ནི། སྐྱེ་བ་ལ་མངོན་དུ་ གྱུར་པ་སྐྱེ་བའི་ཚེ་ཞེས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་བཞིན་ལ་མི་བྱ་བར་དངོས་སུ་སྐྱེ་བ་ལ་མངོན་གྱུར་སྐད་ཅིག་མ་སྟེ། ཊཱི་ཀ་ལས། སྐྱེ་བ་ལ་མངོན་དུ་གྱུར་པ་ནི་སྐྱེ་བའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་ལ་ནི་སྐྱེ་བའི་ཕྱིར་གང་གིས་ཀྱང་གེགས་བྱ་བར་མི་ནུས་པས་ཞེས་སོ། ། སྐྱེ་བ་ལ་མངོན་དུ་གྱུར་པ་ཞེས་གསུངས་པ་འདི་ལ། བཙུན་པ་ཤ་ན་རེ། སྐྱེ་བ་ལ་མངོན་དུ་གྱུར་པ་ནི་རྒྱུ་ནུས་པ་ཐོགས་མེད་ཡིན་པས་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ན་ནི་ཕུལ་ལམ་ཉམས་ཀྱང་སྡོམ་པ་སྐྱེ་སྟེ། སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་ཞེས་ སྨྲའོ། །དེ་ནི་མ་ཡིན་ཏེ་སྡོམ་པ་སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་པ་ཡིན་པ་དང་། སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་མིན་པ་འགལ་ཏེ། སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ནི་སྡོམ་པའི་རྒྱུ་ཐམས་ཅད་ཚང་བ་དེ་ཡིན་ལ། སྐྱེ་བའི་ཚེ་ཕུལ་ལམ་ཉམས་ན། རྒྱུའི་གཙོ་བོ་ མ་ཚང་བའི་ཕྱིར་ཏེ། སྐྱེ་བའི་ཚེ་ཕུལ་ན་སྡོམ་པ་ལེན་སེམས་མི་ཚང་བའི་ཕྱིར་དང་། སྐྱེ་བའི་ཚེ་ཉམས་ན་ལུས་སྡོམ་པའི་རྟེན་དུ་རུང་བ་མི་ཚང་བའི་ཕྱིར། དེ་ལྟར་རྒྱུའི་གཙོ་བོ་མ་ཚང་བ་སྟེ་རྒྱུ་ནུས་པ་ཐོགས་མེད་ཡིན་པར་མི་རིགས་སོ། །རྒྱུ་ནུས་ཐོགས་མེད་ནི་རང་གི་དངོས་རྒྱུ་ ཐམས་ཅད་ཚང་བ་སྟེ། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་བཤད་དོ། །དེས་ན་སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་དེ་ལ་ནི་རང་རང་གི་ཕུལ་ཉམས་མ་བྱུང་བ་ཉིད་ཡིན་གྱི། ཕུལ་ཉམས་བྱུང་བ་དེ་ནི་སྡོམ་པ་སྐྱེ་བའི་རྒྱུ་ནུས་ 6-1-199a པ་ཐོགས་མེད་མ་ཡིན་ཏེ། ས་བོན་མེས་འཚིག་པ་དེ་མྱུ་གུ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་མིན་པ་བཞིན་ནོ། །གཞན་ཡང་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པའི་ཚེ་ན་ནི་ཕུལ་ལམ་ཉམས་ཀྱང་སྡོམ་པ་སྐྱེ་སྟེ། སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་ ཞེས། སྨྲ་བ་དེ་ལ་ནི་སྐྱོན་འདི་གནས་ཏེ་སྲོག་གཅོད་ཀྱི་ཕམ་པའི་རྒྱུ་ནུས་པ་ཐོགས་མེད་ཀྱི་ཚེ་ན་གསད་བྱ་གསོད་བྱེད་དུས་མཉམ་དུ་ཤི་བ་ལ་ཡང་ཕམ་པ་སྐྱེ་བར་ཐལ། ཕམ་པའི་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་ཞེས་པ་མཚུངས་སོ། །དེ་ལ་ཕམ་པ་སྐྱེ་བར་འདོད་ན། མཛོད་ ལས། སྔར་རམ་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་པ་དང་འགལ་ལོ། །དེར་མ་ཟད་སྐྱེ་བ་ལ་མངོན་དུ་གྱུར་པའི་ཚེ་ཕུལ་ལམ་ཉམས་པ་ལ་སྐྱེ་ན། སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ་ཉམས་ན་མི་སྐྱེའོ་ཞེས་པ་ལ་དངོས་སུ་མ་བརྩིས་པར་ཡང་སོང་འདུག་ གོ། གཞན་ཡང་ཁྱོད་ཀྱི་འདོད་པ་དེ་ལྟར་ན། མྱུ་གུའི་རྒྱུའི་ནུས་པ་ཐོགས་མེད་ཀྱི་ཚེ་ན་ས་བོན་མེས་འཚིག་པ་ལ་ཆོས་ཅན། མྱུ་གུ་སྐྱེ་སྟེ། མྱུ་གུའི་རྒྱུ་ནུས་པ་ཐོགས་མེད་ཡིན་པའི་ཕྱིར་ཞེས་པའང་མཚུངས་སོ། །དེ་ལ་ཁོ་ན་རེ། མྱུ་གུའི་རྒྱུ་ནུས་པ་ཐོགས་མེད་ཡིན་ན་ས་བོན་ མེས་འཚིག་པ་ཡིན་པ་འགལ་ཅེ་ན། འོ་ན་སྡོམ་པ་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་ཡིན་ན་སྡོམ་པ་སྐྱེ་བའི་ཚེ་ན། སྡོམ་པ་ཕུལ་ལམ་ཉམས་པ་ཡིན་པ་འགལ། ཕུལ་ཉམས་དང་ཡང་སྡོམ་པ་སྐྱེ་བའི་འགལ་བ་ཁྱེར་ཅིག །དེ་བཞིན་དུ་སྡོམ་པའི་རྒྱུ་ནུས་པ་ཐོགས་མེད་ཀྱི་སྐད་ཅིག་གི་ མཇུག་ཐོགས་སུ་སྡོམ་པ་སྐྱེ་བ་མངོན་གྱུར་དང་། སྡོམ་ལེན་དེ་ཉིད་ལ་མཚན་གཉིས་གཅིག་ཅར་བྱུང་བ་ཡང་གཞི་གཅིག་ལ་འདུ་བ་མི་སྲིད་དེ། དེའི་སྐད་ཅིག་སྔ་ལོགས་ནས་སྐྱེ་བའི་རྒྱུ་ནུས་པ་ཐོགས་མེད་དང་། སྡོམ་པ་སྐྱེ་བའི་འགལ་རྐྱེན་སྟོབས་ལྡན་གྱི་རྒྱུ་ནུས་པ་ཐོགས་མེད་ 6-1-199b གཉིས་གཞི་གཅིག་ལ་འདུ་མི་སྲིད་པའི་ཕྱིར་ཏེ། ནུས་པ་ཐོགས་མེད་གཉིས་འགལ་བའི་ཕྱིར་རོ། །གསུམ་པ་སྒྲུབ་བྱེད་ལུང་དང་སྦྱར་བ་ནི། ཕུལ་ལམ་ཞེས་པའི་ལུང་ནི། སིལ་བུ་ལས། བསྙེན་པར་རྫོགས་ཟིན་པ་ཉིད་ཀྱང་བསླབ་པ་འབུལ་བ་བསྙེན་པར་རྫོགས་པ་ཞེས་ བྱ་ན། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ལྟ་ཅི་སྨོས་ཞེས་གསུངས་སོ། །སྐབས་འདིར་ཊཱི་ཀར། ལུང་སིལ་བུ་ཁུངས་སུ་དྲངས་པ་ལས། བསྙེན་པར་རྫོགས་ནས་ཁྱིམ་པ་ཉིད་ཡིན་ནོ་སྙམ་དུ་སོ་སོར་ཤེས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ན། བསྙེན་པར་རྫོགས་པར་ བྱེད་པའི་ཚེ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་ནི། དགེ་སློང་བདག་ཉིད་ཁྱིམ་པར་འདུ་ཤེས་འཁྲུལ་ན་ཞེས་བསྟན་པ་མ་ཡིན་གྱི། དགེ་སློང་བདག་ཉིད་ཁྱིམ་པར་ཁས་བླངས་ན་ཞེས་པ་སྟེ། ལུང་སིལ་བུའི་སྐབས་འདི་ཉིད་ལས་བསྙེན་པར་རྫོགས་ཟིན་ཀྱང་ཁྱིམ་པར་ཁས་ བླངས་ན། དེ་ཡང་བསྙེན་པར་མ་རྫོགས་པ་ཞེས་བྱ་ན། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །ཉམས་ན་མི་སྐྱེ་བའི་ཁུངས་ནི་དེང་སང་ལུང་ན་མི་སྣང་ཞེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །འདི་ལྟ་བུ་ཞིག་ཀྱང་ཞར་ལ་ཤེས་དགོས་ཏེ། ལེན་པ་པོའི་རྒྱུད་ལ་སྡོམ་པ་སྐྱེ་བ་ལ་ཕྱོགས་པའི་ཚེ་ན་མཁན་པོ་ལ་མཚན་གཉིས་གཅིག་ཅར་དུ་བྱུང་ཡང་ལེན་པ་པོའི་རྒྱུད་ལ་སྡོམ་པ་སྐྱེ་བ་དང་། དགེ་ཚུལ་གྱིས་དགེ་སློང་གི་སྡོམ་པ་ལེན་པ་ན་དགེ་སློང་གི་སྡོམ་པ་ལེན་སེམས་ལོག་ན་ཡང་། དགེ་ཚུལ་གྱི་སྡོམ་པའི་རྒྱུན་སྐད་ ཅིག་ཕྱི་མའི་སྡོམ་པ་སྐྱེ་བ་ཡོད་པ་དང་། དགེ་སློང་གི་སྡོམ་པ་བླངས་ཟིན་པས་དགེ་སློང་གི་སྡོམ་པ་ལེན་སེམས་ལོག་པ་ཡང་སྡོམ་པའི་རྒྱུན་སྐད་ཅིག་ཕྱི་མའི་དགེ་སློང་གི་སྡོམ་པ་སྐྱེ་བ་ཡོད་པའང་ཤེས་པར་བྱའོ། །གཉིས་པ་ནི། བརྗོད་པ་གསུམ་པ་རྩོམ་པའི་དུས་ལྟ་བུ་སྡོམ་པ་སྐྱེ་ 6-1-200a བའི་ཚེ་ཉིད་ན་ཡང་དག་པར་ལེན་པ་ཕུལ་ཏེ། ལེན་སེམས་ལོག་པའམ་མཚན་གཉིས་གཅིག་ཅར་སྐྱེས་ཏེ་རྒྱུད་ཉམས་ན་ཡང་སྡོམ་པ་དེ་མི་སྐྱེའོ། །རབ་ཏུ་བྱུང་བའི་གཞི་ཞུ་བ་ཕལ་ཆེ་བའི་སྐབས་སོ།། །།དཔལ་ལྡན་གཞན་དབང་རིང་ལས་དབྲོག་ བྱས་རྗེས་སློབ་འདུལ་བའི་ཐུགས། །བརླིང་པོའི་ཁྱོན་ལ་དག་པའི་དགེ་འབྲས་ཆུད་མི་ཟ་བར་གཏུགས། །འཐད་པས་ཚུལ་ངན་ཆད་བྱས་གདུང་ལྡན་སོ་སོར་ཐར་དུ་འཇུག །སྙོམས་པར་བསིལ་སྦྱིན་རྡོ་རྗེ་གདན་པའི་ཞབས་ལ་ཕྱག་བགྱིའོ། །ཕན་པ་མཛད་པའི་ལུང་གིས་ཚུལ་ མིན་པ། །རྨེག་ནས་འབྱིན་མཐོང་དེ་ཡི་བཟླས་པ་ནི། །ཕྲ་མོ་ལ་ཡང་ཡོན་ཏན་འབྱུང་ངེས་པས། །ཞི་བྱེད་ཆོས་འདུལ་འདི་ལ་མོས་པ་ཐོབ། །ཚུལ་ཁྲིམས་གཟུགས་ཀྱིས་ངན་སོང་འགྲོ་བ་སྤངས། །བསམ་གཏན་དག་པས་འདོད་ལ་ཕྱིར་མི་འོང་། །ཟག་པ་གཅོད་པའི་ཤེས་རབ་ སྲིད་ལས་གྲོལ། །མྱང་འདས་འཇུག་པའི་སློང་པོ་རྣམས་ལ་དད། །ཐར་པ་སྨིན་པའི་ཤེས་རབ་དབང་པོའི་དཔལ། །རྣམ་གྲོལ་དགའ་མགུར་སྤྱོད་པས་ཕོངས་མེད་འགའ། །སྐྱོན་མེད་བསྟན་པ་དང་བའི་རོ་གཞིབས་པའི། །སྔོན་བྱོན་འདུལ་འཛིན་མཆོག་རྣམས་ཤིན་ཏུ་རྨད། ། མདོ་སྡེ་ཆོས་མངོན་སྟོན་པའི་བསྟན་ཡིན་ལ། །ཆོས་འདུལ་སྟོན་དང་བསྟན་པ་གཉིས་འགྱུར་ཕྱིར། །ཕྱག་བྱར་འོས་ཞེས་ཁོ་ནར་ཡིད་བརྣགས་ནས། །ཆོས་འདུལ་ཟབ་མོའི་ཚུལ་ལ་ཁོ་བོས་སྦྱངས། །སྔོན་དུས་དགེ་སྤྱད་ཉོན་མོངས་འདུལ་བརྩོན་པའི། །དགེ་འདུན་ཞབས་ལ་དབང་ པོའི་ཅོད་པན་རྩེ། །རེག་པའི་སྐལ་བའང་འཚལ་བ་རྙེད་མིན་ན། །དེང་དུས་དགེ་སྦྱོང་གཟུགས་བརྙན་དམན་པར་གཞུག །དེ་ཉིད་རིག་པའི་ཕྱོགས་ལ་ནུས་མེད་ཀྱང་། །སྟོན་པའི་ངེས་དོན་ཆོས་འདུལ་ཉིང་ཁུ་འདི། །ཚིག་དོན་ཉིན་མོ་ལས་ཀྱང་སྣང་བྱེད་པའི། །རབ་མཛེས་བསྐྱེད་ 6-1-200b པའི་ཐབས་འདིར་ཁོ་བོ་བྱང་། །སྙན་གྲགས་འཕེལ་ཞིང་ཡངས་པའི་རྒྱུ་ཅིག་པུ། །ཚངས་སྤྱོད་ཟླ་བའི་ཅོད་པན་བྲལ་བ་ན། །ཀུན་དགའ་གསར་པའི་བདུད་རྩི་མི་འབྱུང་བའི། །བཤེས་གཉེན་མུན་ཆེན་རྡུལ་འདིས་ཕྱོགས་ཀུན་ཁྱབ། །ཕྱག་རྒྱ་གསུམ་གྱི་ཙནྡན་ལྗོན་པ་དང་། ། བསླབ་གསུམ་ག་བུར་ཟེགས་པའི་དྲི་བསུང་གཉིས། །མཉམ་དུ་ཉམས་བྱེད་བདུད་གྱི་བསྟན་པ་གང་། །ཁ་བ་ལས་ཀྱང་གྲང་བ་དེང་འདིར་ལྷགས། །གཙུག་ལག་རིགས་པས་འབྱོར་པའི་རོལ་མཚོ་ནས། །འདུལ་བ་སྟོང་ཕྲག་བརྒྱ་པའི་ཚིག་དོན་གྱི། །གཡོ་མེད་གདེངས་ཀ་ འཛིན་པའི་འགྲམ་ངོགས་ནས། །དཔལ་ལྡན་དྭགས་པོའི་ཞལ་འདིར་ལྟོས་ཤིག་གུ། །འོད་གསལ་ཕྱག་རྒྱ་གློག་གི་བ་གམ་རྩེར། །མི་ཕྱེད་ཆེན་པོའི་སྤྲིན་སྔོན་གྱིས་གཡོགས་པ། །འགྲོ་མགོན་དྭགས་པོའི་སྒྲུབ་བརྒྱུད་ཁང་བཟང་འདིར། །ཞུགས་འདོད་རྣམས་ལ་ཆོས་འདུལ་ ལམ་ཆེན་བསྟན། །འཆད་ན་སྡེ་སྣོད་ཀུན་དགར་བྱེད་པའི་འཛུམ། །བཤེས་གཉེན་གཞན་གྱི་བཞིན་གྱིས་མི་འཁྲུལ་བའི། །འདུ་འགོད་འདི་ལྟར་ཤེས་ན་དབྱངས་ཅན་མ། །གསར་མའི་ཚུལ་ལ་འགྲན་པའི་སེམས་པ་བསྐྱེད། །རང་ལོའི་ལྗོན་པ་ཡལ་འདབ་ཉེར་དྲུག་ལ། །གནས་ ལྔ་རིག་པའི་མེ་ཏོག་དགོད་པ་ཡིས། །གཞན་ཡིད་དང་བར་བྱེད་པའི་གནས་སྐབས་ན། །ཆོས་འདུལ་སྦྲང་རྩིའི་རྒྱུན་འདི་དལ་བུར་བབས། །རྩོམ་ན་ཐུབ་བསྟན་ཡོངས་རྫོགས་མཛེས་པའི་སྐུ། །ལྷག་བསམ་ཟླ་ཤེལ་ཁྱོགས་ལ་ལེགས་བླངས་ཏེ། །འཁྲུལ་མེད་ངག་གི་དར་ལས་ གཡོགས་པ་གང་། །སྐྱེ་བོར་མངོན་སུམ་སྟོན་འདིར་འགྲན་པར་གྱིས། །ཕལ་ཆེར་བླུན་པོའི་དབུས་ན་འདྲེན་པར་རློམ། །ལོག་འཚོའི་འབྱོར་པ་བསོད་ནམས་ཡིན་སྙམ་བྱེད། །སྡིག་ལས་གྲུབ་པ་ཕྲིན་ལས་ཆེའོ་སྐད། །བསྟན་པ་དངོས་གཞིའི་ཚུལ་འདིར་ཕྲག་པར་བྱེད། ། 6-1-201a བདག་གིས་ཆོས་མིན་འདི་དག་དགག་པའི་ཕྱིར། །གཞོན་ནུ་རབ་བྱུང་ཚུལ་ཁྲིམས་མ་འཆལ་བར། །རྒྱལ་བའི་བཀའ་ལ་འཆད་རྩོམ་འཁྲུལ་མེད་བྱས། །དེ་ཚེ་བསྟན་ལ་གནོད་རྣམས་བདག་ལ་སྡང་། །བདུད་སྡེའི་དཔུང་ཚོགས་བོན་དང་སྔགས་ལོག་ བཅས། །དེ་ཡི་ཕྱོགས་སུ་བསླན་བྱས་ཐམས་ཅད་ལ། །བདག་གིས་མདོངས་གསོལ་ཅུང་ཟད་བྱ་ཡིས་ཉོན། །བདག་ནི་ཁྱེད་ཅག་རྗེས་སུ་འཇུག་མ་ནུས། །གལ་ཏེ་ཞུགས་ན་ཐར་པའི་སྒོ་ཆེན་འགགས། །སངས་རྒྱས་བསྟན་པའི་ནང་ནས་རང་གར་དོན། །དེ་ཕྱིར་ཉམ་ཆུང་བདག་གིས་ འདི་མ་བཟོད། །དེས་ན་ཁྱོད་རྣམས་བདག་ལ་བྱམས་པར་མཛོད། །བདག་གི་བླ་མར་གྱུར་དང་སློབ་མར་བརྒྱུད། །སྔོན་གྱི་འཇུག་སྒོར་གྱུར་པའི་ཆོས་རྣམས་ཀྱང་། །བསྟན་ལས་ཕྱི་རོལ་གྱུར་ཚེ་བསྟན་པ་ལ། །ལེགས་པར་བསམས་ནས་ང་ཡིས་བཏང་སྙོམས་བཞག །ཆེན་པོའི་ ཉི་མ་འཁྲིགས་པའི་དོ་ར་ཡང་། །གང་གི་ལོ་རྒྱུས་སྨྲས་པ་ཙམ་གྱིས་ནི། །མོག་པོར་བྱེད་པའི་སྤོབས་པ་དགེ་བ་ཅན། །བདག་གིས་བཤེས་གཉེན་ཀརྨ་ཕྲིན་ལས་རྒྱལ། །ཁྱོད་སློབ་ཞིབ་མོའི་བློ་དང་ལྡན་པ་དང་། །འབུམ་ཕྲག་སྡེ་སྣོད་ཚིག་དོན་བྱང་བ་དང་། །རྡོ་རྗེ་འཛིན་པར་གྲུབ་པ་ མང་མོད་ཀྱང་། །དད་པའི་ནོར་ལྡན་ཁོ་ན་དབྱངས་ཅན་མ། །ཡིན་ནོ་དེ་ཕྱིར་འདུལ་བའི་སྡེ་སྣོད་ལ། །མངོན་པའི་ང་རྒྱལ་ཅན་འགས་སྦྱོར་བ་རེ། །བཀོད་ནས་བསྟན་པ་སུན་འབྱིན་བྱེད་པ་དང་། །ཁོ་བོས་བསྟན་པ་བསྲུང་ཕྱིར་བྱས་པ་གཉིས། །གཟུར་གནས་སྤྱན་རས་གཟིགས་ ཀྱི་རྗེས་འབྲང་བ། །མཆིས་ན་ཁོ་བོའི་ལེགས་བཤད་རྟོགས་དཀའ་ཡང་། །ལེན་པར་རིགས་མོད་རྟོགས་དཀའ་དཔོགས་པ་ན། །རང་གཞན་ཕན་བདེའི་འབྲས་བུ་ཡོད་དོ་ཀོ། དེ་ལྟ་མོད་ཀྱི་སྙིགས་དུས་སྡང་ཤུགས་ཅན། །མང་པོས་ལེགས་བཤད་རོ་འདི་མ་མྱོང་དོགས། །རྒྱས་ 6-1-201b འགྲེལ་ཉི་མའི་དཀྱིལ་འཁོར་ལས། རབ་བྱུང་གི་གཞི་བསྟན་པའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།།ལེགས་བྱས་རྣམ་དཀར་མི་གཡོ་འབུམ་ཕྲག་ཐབས་ཚུལ་བྱེ་བས་བསྒྲུབས་གྱུར་པ། །ཡེ་ཤེས་རང་གཟུགས་རོལ་པའི་དགའ་སྟོན་འགྱུར་མེད་མིག་གི་བདུད་རྩིར་བྱས། ། ཤིན་ཏུ་དུལ་བའི་སྤྱོད་པ་བརླིང་ལྡན་གསེར་གྱི་ལྷུན་པོ་འཕོས་པ་བཞིན། །ཉིན་བྱེད་དབང་པོར་རྣམ་པར་འཁྲུལ་པའི་ཐུབ་དབང་དེ་ཡིས་བདག་ལ་དགོངས། །རྒྱལ་བའི་འཛུམ་ཕྲེང་པདྨ་ཡི། །གེ་སར་ལས་བྱུང་ཟླ་རྒྱས་བཞིན། །སྐེད་མེད་གསུང་ལྡན་དབྱངས་ཅན་མ། ། ཡིད་མཚོར་གེགས་མེད་ད་རྒྱུས་ཤིག །བདག་གིས་སངས་རྒྱས་བསྟན་པ་ལ། །རབ་དཀར་གྲགས་པ་འཕེལ་བའི་རྒྱུ། །རིང་མོ་ཞིག་ནས་གོམས་གྱུར་ཀྱང་། །ཇི་བཞིན་གཞན་གྱི་དོན་མ་གྱུར། །དེ་ལྟར་ན་ཡང་ཐུབ་ཚུལ་འདི། །ཡོན་ཏན་བསམ་ཡས་འབྱུང་བ་ལ། །གནོད་པར་ བྱེད་པའི་རིང་ལུགས་འགའ། །རིང་དུ་བསལ་ཕྱིར་ངས་འདིར་འབད། །བདག་གིས་བསྟན་ལ་བསམས་པ་ནས། །འཁྲུལ་མེད་བཤད་པའི་མེ་ཏོག་མདའ། །ཀུན་ཏུ་འཕངས་པའི་གྲགས་པ་ནི། །སྲིད་པའི་རྩེ་མོར་རྒྱན་དུ་བཀོད། །རིགས་ཚུལ་ར་བ་དཀར་པོའི་རྒྱུད་ནི་མ་ཆད་ འདུལ་བའི་རྒྱ་མཚོ་མི་དམན་ཅིང་། །ཆོས་མངོན་བང་རིམ་བཞི་ཡིས་མཛེས་པའི་ངེས་དོན་དབུ་མའི་ལྷུན་པོ་རབ་ཏུ་དབེན། །མདོ་སྡེའི་ཆོས་ཚུལ་ལྷ་གནས་མངོན་པར་བཀྲ་བའི་བགྲོད་པས་མཁའ་ལམ་གསལ་བར་བྱས། །དེ་ལྟའི་ཡ་མཚན་སྟོན་པོས་ཆོས་ཚུལ་འཇིག་རྟེན་འདི་ནི་མཛེས་ པར་མ་བྱས་སམ། །བསོད་ནམས་མིན་པ་ལྷུར་ལེན་བྱེད། །ཀུན་མཁྱེན་ཉིད་ལ་སེམས་ཞུམ་ཞིང་། །བདག་ལྟར་བསྙེམས་ཤིང་ལོག་བློར་འཕྱན། །དེ་ལྟས་དགེ་སྦྱོང་ཉིད་དུ་བཅོས། །ཀརྨ་པ་ཡི་ཕྲིན་ལས་དབང་པོའི་ཞབས། །དད་པའི་ཅོད་པན་རྩེ་ལ་མངོན་བཞག་ནས། །འདུལ་བ་རྒྱ་ 6-1-202a མཚོའི་འཇིང་ལ་གནས་ན་ཡང་། །ཉེ་བ་འཁོར་གྱི་མིང་དུ་བསྙད་མ་གྱུར། །འདི་ན་ཕྲག་དོག་ཁྲི་ལ་མ་བསྡད་ཅིང་། །ཉོན་མོངས་དར་བའི་སློབ་མ་མ་སྤེལ་བས། །འདོད་ཆེན་སྐྱེ་བོས་དམན་པར་གཟིགས་མོད་ཀྱང་། །འཕགས་པའི་འཚོ་བ་བདག་གི་རང་བཞིན་བདེ། ། ཞེས་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས། གཉིས་པ་ད་ནི་གང་ཟག་དེའི་བསླབ་བྱ་བསྟན་པ་ལ། སྤང་བྱ་ལྡོག་པའི་ཚུལ་ཁྲིམས་བསྟན། །བསླབ་བྱ་འཇུག་པའི་ཚུལ་ཁྲིམས་བརྗོད། །དང་པོ་ལ། རྣམ་འབྱེད་སྐབས་ཀྱི་བྱེ་བྲག་བསྟན། །ཞུ་བའི་སྐབས་ཀྱི་སྤྱིར་བསྟན་བརྗོད། །དང་པོ་ ལ། ཐུན་མོང་བསླབ་པ་འབུལ་ཆོག་བསྟན། །ཕ་མའི་རྣམ་འབྱེད་སོ་སོར་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ལ། སྡོམ་པའི་གཏོང་རྒྱུ་སྤྱིར་གཏན་ལ་དབབ་པ་དང་། བྱེ་བྲག་ཏུ་བསླབ་པ་འབུལ་བའི་སྤྱི་དོན་ནོ། །དང་པོ་ལ། གཏོང་རྒྱུའི་རྣམ་དབྱེ། བཏང་བའི་ཚུལ་ལུགས་སོ། །དང་པོ་ལ། དབྱེ་བ་དངོས་དང་། དེ་དག་རྒྱུར་འཇོག་པའི་ཚུལ། དབྱེ་བ་ལ་སྒྲོ་འདོགས་དགག་པའོ། །དང་པོ་ནི། གཞུང་རྣམས་ལས་བཅུ་གསུངས་ཏེ། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ ཆད་དང་མཚན་བསྙེན་གནས་ཀྱི་སྡོམ་པ་འདས་ལས། །སོ་སོར་ཐར་པའི་སྡོམ་པ་གཏོང་། །ཞེས་གཏོང་རྒྱུ་ལྔ་གསུངས་ལ། ལོ་ཉི་ཤུ་མ་ལོན་པ་ཉིད་ན་མ་ལོན་པར་ཤེས་པ་ལས་དང་། བཅུ་གཉིས་མ་ལོན་པ་ལ་མ་ལོན་པར་འདུ་ཤེས་པའང་འདིས་བསྡུས་སོ། །བསླབ་པ་ཉམས་པར་བྱས་པ་དང་། མཚན་ལན་གསུམ་ དུ་གྱུར་པ་དང་། མཚན་ཉམས་པར་འགྱུར་བ་བསྟེན་པ་དང་། ཟ་མར་གྱུར་པ་འགྱུར་བ་བསྟེན་པ་དང་བཅུའོ། །དེ་ཡང་དང་པོ་ལྔ་ནི་མཛོད་ལས་གསལ་ལ། དྲུག་པ་ནི་ཤེས་ན་ནི་དེ་ཞིག་གོ་ཞེས་པ་ལས་སོ། །འདི་མངོན་པ་ལས་མ་བགྲངས་པའི་རྒྱུ་མཚན་ཅི་ཞེ་ན། རྣམ་འབྱེད་འགྲེལ་པ་ལས། 6-1-202b ཆོས་མངོན་པ་ལས་འདི་སྡོམ་པ་གཏོང་བའི་རྒྱུ་ཉིད་དུ་མ་བགྲངས་པ་ནི་མ་ངེས་པའི་ཕྱིར་ཞེས་སོ། །དེའི་དོན་ནི། སྐྱེས་ནས་ལོ་བཅུ་བཞི་ལོན་པ་ལྟ་བུ་ལ་དེར་ཤེས་ཀྱང་སྡོམ་པ་གཏོང་བར་མ་ངེས་པའི་ཕྱིར་ཞེས་པ་སྟེ། རྣམ་འབྱེད་འགྲེལ་པ་ལས། མངལ་ན་གནས་པའི་ཟླ་བ་དག་ཀྱང་ལས་ ཀྱི་དབང་གིས་མང་ཉུང་མ་ངེས་པའི་ཕྱིར་རོ་ཞེས་བཤད་དེ། སྒྲ་གཅན་ཟིན་མངལ་དུ་ལོ་དྲུག་བཞུགས་པར་ལུང་གཞི་ལས་གསུངས་པ་ལྟ་བུའོ། །བདུན་པ་ནི། མ་མོ་ལས། བསླབ་པ་ཕུལ་བ་དང་། བསླབ་པ་ཉམས་པར་བརྗོད་པ་གཉིས་ནི། ངག་ཏུ་བརྗོད་པ་ཙམ་ལའང་ཁྱད་པར་ མེད་ཅེས་སྡོམ་པ་གཏོང་བ་ལའང་ཁྱད་པར་མེད་དེ། གཅིག་གིས་ཀྱང་སྡོམ་པ་བཏང་བར་འགྱུར་ཞིང་གཉིས་ཀྱིས་ཀྱང་དེ་བཞིན་ནོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་པ་ལས་ཀྱང་། བསླབ་པ་ཉམས་པར་བྱས་ན་མ་ཕུལ་དུ་ཟིན་ཀྱང་དེ་ལ་ཡང་དགེ་སློང་གི་དངོས་པོ་ཉིད་མེད་དོ་ ཞེས་སོ། །བརྒྱད་པ་ནི། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ་ཞེས་སོ། །དགུ་པ་ནི། འདི་ལ་ཐ་མ་ནི་ཉེས་པ་བསྟེན་ན་བསྙིལ་ཅེས་དང་། དེའི་ཊཱི་ཀ་ལས། ཉམས་པའི་མ་ནིང་ནི་ཉེས་པ་བསྟེན་ན་དེའི་དགེ་སློང་གི་དངོས་པོའི་སྣོད་མ་ཡིན་པར་གྱུར་པས་ཞེས་སོ། །བཅུ་པ་ནི། ཉིད་ཀྱི་རྣམ་བཤད་དང་ཊཱི་ཀ་ལས། ཟ་མ་ནི་སྡོམ་པའི་ཞིང་མ་ཡིན་ཅེས་དང་། མཛོད་འགྲེལ་ལས་ཀྱང་། ཟ་མ་ལ་སོགས་པ་ལ་སྡོམ་པ་མེད་དོ་ཞེས་པས་གྲུབ་བོ། །གློ་བུར་དུ་ཟ་མར་གྱུར་པ་ནི། གཞི་འགྲེལ་ལས། ཟ་མ་ནི་རླིག་པ་ཕྱུང་བའི་ཉེས་པས་མཐུ་ཉམས་པའོ་ཞེས་བཤད་ དོ། །དགེ་སློང་ལས་གློ་བུར་དུ་ཟ་མར་གྱུར་ན་འགྱུར་བ་བསྟེན་ན་སྡོམ་པ་གཏོང་གི། མི་བསྟེན་ན་སྡོམ་པ་མི་གཏོང་སྟེ། ཞུ་འགྲེལ་ལས། ཡན་ལག་སྐྱེས་བཅད་པ་ལ་སོགས་པས་ཉམས་པ་ནི་ཇི་སྲིད་དུ་འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཡིན་ལ། ཟ་མ་ཡང་དེ་དང་འདྲའོ་ཞེས་བཤད། 6-1-203a དེས་ན་དགེ་སློང་གིས་ལུས་ངག་གི་ཉེས་སྤྱོད་ཅི་ཡང་མ་བྱས་ཀྱང་བསམ་པ་ཙམ་གྱིས་སྡོམ་པ་གཏོང་བ་ནི་གཉིས་སུ་གསལ་ཏེ་ལོག་ལྟ་ཆེན་པོས་དགེ་རྩ་བཅད་པ་དང་། ཤེས་ན་ནི་དེ་ཞིག་གོ་ཞེས་གསུངས་པས་སོ། །སྔ་མ་དེ་ཡིན་པར་ཅིས་ཤེས་ན། ཊཱི་ཀ་ལས། བསམ་པ་ ཙམ་གྱི་དབང་གིས་ཀྱང་སྡོམ་པ་གཏོང་བར་སྣང་སྟེ། དཔེར་ན་དགེ་བའི་རྩ་བ་ཆད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ཊཱི་ཀ་ལས། བསམ་པ་ཙམ་གྱི་དབང་གིས་སྡོམ་པའི་ཞིང་ཉིད་དུ་འགྱུར་བ་ཡོད་དེ། དགེ་བའི་རྩ་བ་སླར་འབྱོར་བ་ལྟ་བུའོ་ཞེས་གསུངས་པ་དེ་ནི་སྡོམ་པ་ལེན་ན་སྐྱེ་བ་ཡིན་ གྱི། མ་བླངས་པར་སྡོམ་པ་སོར་ཆུད་པ་མ་ཡིན་ནོ། །དགེ་རྩ་སླར་འབྱོར་བའི་ཚད་ནི་ལས་རྒྱུ་འབྲས་སོགས་ལ་ཐེ་ཚོམ་སྐྱེ་ན་སླར་ཡང་འབྱོར་བ་སྟེ། མཛོད་ལས། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ཞེས་སོ། །ཤེས་ན་ནི་དེ་ཞིག་གོ་ཞེས་གསུངས་པ་དེ་ཡང་བསམ་པ་ཙམ་གྱིས་ སྡོམ་པ་བཏང་བར་ཊཱི་ཀ་ལས་བཤད་དོ། །འདི་ནི་དགེ་སློང་གི་སྡོམ་པ་བཏང་བ་སྟེ་དགེ་ཚུལ་ལ་སོགས་པའི་ནི་མ་ཡིན་ནོ། །ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པ་ལ་ལོན་པར་འདུ་ཤེས་ཏེ། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པ་ཉིད་དུ་ཤེས་པ་ལ་དགེ་སློང་མའི་སྡོམ་པ་ གཏོང་བ་ཡིན་གྱི། དགེ་ཚུལ་མའི་སྡོམ་པ་གཏོང་བ་ནི་མིན་ནོ། །ལོ་བདུན་མ་ལོན་པ་ལ་ལོན་པར་ཤེས་ནས་དགེ་ཚུལ་ཕ་མར་བྱས་པ་ཕྱིས་མ་ལོན་པར་ཤེས་ན་ཡང་དགེ་ཚུལ་ཕ་མའི་སྡོམ་པ་གཏོང་ངོ་། །གཉིས་པ་དེ་དག་ལ་རྒྱུར་འཇོག་ཚུལ་ནི། བརྒལ་ལན་གྱི་སྒོ་ནས་བསྟན་ པར་བྱ་སྟེ། འདིར་ཐལ་འགྱུར་གསུམ་ལས། དང་པོ་ནི། བསླབ་པ་ཕུལ་བ་ཆོས་ཅན། སྡོམ་པ་གཏོང་བའི་རྒྱུ་མ་ཡིན་པར་ཐལ། སྡོམ་པ་གཏོང་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །འདོད་ན་དམ་བཅའ་ཉམས་ལ། ཁྱབ་པ་མེད་ན་དཔལ་ཆོས་ཀྱི་གྲགས་པས། གང་དག་རྗེས་ 6-1-203b སུ་འགྲོ་བ་དང་ལྡོག་པ་མི་བྱེད་པ་དེ་ནི་རྒྱུ་མ་ཡིན་ལ་ཞེས་སོ། །རྟགས་མ་གྲུབ་སྟེ་ལྡོག་པ་ཡོད་ཅེ་ན། བསླབ་པ་གཏན་ནས་མ་ཕུལ་བར་སྡོམ་པ་གཏོང་བ་ཡོད་པ་དེ་ཆོས་ཅན། སྡོམ་པ་གཏོང་བ་མེད་པར་ཐལ། བསླབ་པ་ཕུལ་བ་མེད་པའི་ཕྱིར། ཁྱབ་པ་མེད་ན། སྡོམ་པ་གཏོང་ བ་དང་ལྡོག་པ་ཡོད་པ་བུད་དོ་ཞེ་ན། །རྒྱུ་ལ་གཉིས་སུ་དབྱེ་སྟེ་མེད་ན་མི་འབྱུང་བའི་རྒྱུ་ཚད་མ་ནས་བཤད་པ་དང་། རང་འབྲས་འབྱིན་ནུས་ཙམ་གྱི་རྒྱུ་ལུང་ཆོས་ནས་བཤད་པའོ། །འདི་ནི་ལུང་ཆོས་ནས་བཤད་པའི་རྒྱུ་དེ་ཡིན་ཏེ། མཛོད་ལས། བསླབ་པ་ཕུལ་དང་ཞེས་སོགས་ཀྱི་ རང་འགྲེལ་དུ་དེ་དག་ནི་མདོར་བསྡུ་ན་གཏོང་བའི་རྒྱུ་ལྔ་ཡིན་ནོ་ཞེས་བཤད་དོ། །ལྡོག་པ་མེད་ཀྱང་རྒྱུ་ཡིན་པར་ལུང་ཆོས་ན་ཤིན་ཏུ་མང་སྟེ། འཁྲུག་ལོང་གི་རྒྱུ་བཞིའོ་ཞེས་དང་། འདུལ་བ་བསྡུས་པ་ལས། དེ་ཡི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང་། །ཉོན་ མོངས་མང་དང་མ་གུས་པའོ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་ནས་དེའི་རྗེས་སུ་དགེ་སློང་རང་གིས་ལོ་ཉི་ཤུ་མ་ལོན་པ་ཉིད་ན་མ་ལོན་པར་ཤེས་པ་དེ་ཆོས་ཅན། དགེ་སློང་གི་སྡོམ་པ་བཏང་ཟིན་མིན་པར་ ཐལ། དགེ་སློང་གི་སྡོམ་པ་གཏོང་རྒྱུ་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །འདོད་ན། ཤེས་ན་ནི་དེ་ཞིག་གོ་ཞེས་པ་དང་འགལ་ལོ། །དེས་ན་གཏོང་རྒྱུ་ཞེས་བརྗོད་པ་འདི་རྣམས་ནི་སྡོམ་པ་བཏང་བ་ལ་གཏོང་རྒྱུའི་མིང་ནས་བརྗོད་པ་སྟེ་གཏོང་རྒྱུ་བཏགས་པ་བ་ཡིན་ནོ། །གསུམ་པ་ ནི། དགེ་སློང་གི་སྡོམ་པ་བཏང་བ་ཆོས་ཅན། སྡོམ་པ་བཏང་བ་དེ་རྒྱུས་བསྐྱེད་པ་མ་ཡིན་པར་ཐལ། སྡོམ་པ་གཏོང་བ་ནི་སྡོམ་པ་མེད་པ་ཡིན་ལ། མེད་པ་ནི་རྒྱུ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདོད་པ་ཡིན་ཏེ། སྡོམ་པ་བཏང་བ་ནི་རྒྱུས་བསྐྱེད་པ་མ་ཡིན་ལ། སྡོམ་པ་ 6-1-204a གཏོང་བ་ནི་རྒྱུས་བསྐྱེད་པའོ། །དཔེར་ན་འཇིག་པ་དང་ཞིག་པ་བཞིན་ཏེ། འཇིག་པ་ནི་རང་རྒྱུས་བསྐྱེད་ཀྱང་ཞིག་པ་ནི་ཞིག་ནས་མེད་པ་སྟེ་མེད་པ་ནི་རྒྱུ་ལས་སྐྱེས་པ་མ་ཡིན་ནོ། །གསུམ་པ་དབྱེ་བ་ལ་སྒྲོ་འདོགས་དགག་པ་ནི། མཛོད་ལས། ཁ་ཅིག་ལྟུང་ བར་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཞེས་རྩོད་བཅས་དེ་གཉིས་ཀྱང་དབྱེ་བའི་གྲངས་སུ་བགྲང་ཞེས་ཤ་ལུགས་པ་དག་སྨྲའོ། །དེ་ནི་མི་རིགས་ཏེ། ཕམ་པས་སྡོམ་པ་བཏང་བར་འདོད་པ་དེ་མདོ་སྡེ་པའི་གྲུབ་མཐའ་ཡིན་གྱི། བྱེ་སྨྲའི་རང་གཞུང་ལྟར་ན་ཕམ་པས་ སྡོམ་པ་མི་གཏོང་བའི་ཕྱིར་དང་། ཆོས་ནུབ་པས་སྡོམ་པ་གཏོང་བར་འདོད་པ་དེ་གོས་དམར་བའི་སྡེ་པའི་འདོད་པ་ཡིན་ཅེས་མཆིམས་གསུང་ཡང་། དེ་ལ་གཞུང་མེད་ཅིང་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་ལས་ཆོས་སྲུང་སྡེ་པའི་འདོད་པར་བཤད་ཀྱི། རང་གི་གཞུང་ལུགས་མ་ཡིན་ པའི་ཕྱིར་དང་། མངོན་པ་གོང་འོག་གཉིས་ཀ་དང་འགལ་བའི་ཕྱིར་ཏེ། མཛོད་འགྲེལ་ལས། དམ་པའི་ཆོས་ནུབ་ན་འདུལ་བའི་ལས་མེད་པའི་ཕྱིར་སྔོན་མེད་པའི་འདུལ་བ་ཐོབ་པ་ནི་མེད་ཀྱི་ཐོབ་ཟིན་པ་ནི་གཏོང་བ་མེད་དོ་ཞེས་པ་དང་། གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། དམ་ པའི་ཆོས་ནུབ་ན་ནི་སྡོམ་པ་མ་བླངས་པ་ནི་བླང་དུ་མེད་ལ། སྔར་བླངས་པ་ནི་མི་གཏོང་བར་རིག་པར་བྱའོ་ཞེས་གསུངས་སོ། །གལ་ཏེ་མི་མཐུན་པའི་སེམས་སྐྱེས་པ་ཡང་སྡོམ་པའི་གཏོང་རྒྱུ་ཡིན་ཏེ། གཏན་ལ་དབབ་པ་བསྡུ་བ་ལས། དགེ་བསྙེན་གྱི་སྡོམ་པ་ནི། སྡོམ་པ་དང་། མི་མཐུན་ པའི་ད་ནས་མི་བསྲུང་སྙམ་པ་སེམས་སྐྱེས་པ་དང་། དགེ་བའི་རྩ་བ་ཆད་པ་ལོག་ལྟ་དང་། རིགས་མཐུན་པ་སྤངས་པས་ཤི་འཕོས་པ་ཡོངས་སུ་གཏོང་བར་རིག་པར་བྱའོ་ཞེས་བཤད་དོ་ཞེ་ན། མི་མཐུན་པའི་སེམས་སྐྱེས་པས་སྡོམ་པ་གཏོང་བར་བཤད་པ་དེ་ནི་ཕལ་ཆེན་སྡེ་པའི་ལུགས་ཡིན་གྱི་ 6-1-204b བྱེ་སྨྲ་ལྟར་ན་དེས་སྡོམ་པ་མི་གཏོང་ངོ་ཞེས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་གསུངས་སོ། །གལ་ཏེ་གཏོང་རྒྱུ་གཞན་ཡང་ཡོད་དེ། དགེ་སློང་གིས་མུ་སྟེགས་ཀྱི་ལྟ་བ་བཟུང་བ་དང་། དགེ་འདུན་གྱི་དབྱེན་བྱས་པས་ཀྱང་སྡོམ་པ་གཏོང་སྟེ། འགྲེལ་ཆུང་ལས། དགེ་སློང་གིས་སེམས་ ཀྱིས་མུ་སྟེགས་ལ་ཕྱོགས་ན་ཁྲིམས་མེད་པར་སོང་ངོ་ཞེས་པ་དང་། ལུང་གི་རྣམ་བཤད་ལས། དབྱེན་བྱས་པས་དགེ་འདུན་བྱེ་ན་འབྱེད་པ་པོའི་ཁྲིམས་ནི་མེད་པར་འགྱུར་རོ་ཞེས་བཤད་དོ་ཞེ་ན། ཁྲིམས་མེད་པར་བཤད་པ་དེ་དག་ཁྲིམས་དམན་པ་ལ་ཁྲིམས་མེད་པ་ཞེས་སྨོས་པ་སྟེ་སྟོབས་ ཆུང་བ་ལ་སྟོབས་མེད་ཅེས་ཟེར་བ་བཞིན་ནོ། །གཞན་ཡང་། བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན་བསླབ་པ་འཁྲུགས་པ་ཉིད་དོ་ཞེས་གསུངས་སོ་ཞེ་ན། དེ་ནི་བསླབ་བྱ་བཅུ་གཉིས་པོ་བཏང་བ་ཙམ་དུ་ཟད་ཀྱི་སྡོམ་པའི་གཏོང་རྒྱུ་ནི་མ་ཡིན་ནོ། །གཉིས་པ་སྡོམ་པ་བཏང་བའི་ཚུལ་ལུགས་ ནི། སེམས་ཙམ་པ་ལྟར་ན་གསུམ་ལས། མངོན་གྱུར་བཏང་བ་ནི་སྤོང་སེམས་མངོན་གྱུར་རྒྱུན་ཆད་པ་ཙམ་མོ། །ས་བོན་བཏང་བ་ནི་ཀུན་གཞི་ལས་ས་བོན་ཙམ་ཡང་མེད་པར་བཏང་བའོ། །དབང་བཏང་བ་ནི་མངོན་གྱུར་བྱེད་པ་དང་བཅས་པ་བཏང་ཡང་ལྷག་མར་ས་བོན་བྱེད་པ་དང་བཅས་ པ་རྒྱུད་ལ་གནས་པར་འདོད་པའོ། །དང་པོ་སྤོང་སེམས་མངོན་གྱུར་རྒྱུན་ཆད་པ་ཙམ་ནི། དགེ་སློང་གཉིད་ལོག་པ་དང་སེམས་གཞན་དུ་ཡེངས་པ་ལ་ཡང་ཡོད་དེ། སྡོམ་པ་བཏང་བ་མཚན་ཉིད་པ་མ་ཡིན་ནོ། །གཉིས་པ་ས་བོན་བཏང་ན་ནི། བསླབ་པ་ཕུལ་ནས་ལེན་ན་ཚེ་དེ་ཉིད་ལས་ ཚེ་རབས་གཞན་དུ་ཡང་སྡོམ་པ་མི་སྐྱེ་བར་ཐལ་བར་འགྱུར་ཏེ། སྡོམ་པའི་ས་བོན་ཡང་མེད་པར་བཏང་བའི་ཕྱིར་དེས་ན་དབང་བཏང་བ་དེ་ཡིན་ནོ་ཞེས་སེམས་ཙམ་པའི་ལུགས་སོ། །རང་ལུགས་བྱེ་སྨྲ་ལྟར་ན། གང་ཟག་གླང་པོ་ལྟ་བུ་ལ་སྡོམ་པ་ཁལ་ལྟ་བུ་དེ་ཐོབ་པ་ལྡན་མིན་འདུ་ 6-1-205a བྱེད་ཀྱི་རྫས་ནན་ཐག་ལྟ་བུས་བསྡམས་ཏེ། གནས་པ་ལས་སྡོམ་པའི་གཏོང་རྒྱུ་འགའ་ཞིག་བྱུང་བ་ན། ཐོབ་པ་ལྡན་མིན་འདུ་བྱེད་ཀྱི་ཐག་པ་ཆད་དེ་ཁལ་ས་ལ་ལྟུང་བ་ལྟར་གང་ཟག་སྡོམ་པ་དང་མི་ལྡན་པར་གྱུར་བའོ་ཞེས་འདོད་དོ། །དེས་ན་སྡོམ་པ་བཏང་བ་ནི་ སྡོམ་པའི་རྫས་རིལ་གྱིས་ཉམས་པ་མེད་པར་གང་ཟག་ལ་ལྡན་པ་མིན་པར་སོང་བ་ཡིན་ལ། སྡོམ་པའི་རྫས་ཀྱི་ཆ་ཉམས་པས་རང་ཞིག་ལ་སོང་བ་ལྟ་བུས་གང་ཟག་ལ་ལྡན་པ་མིན་པར་སོང་བའི་སྒོ་ནས་བཏང་བ་མིན་ནོ། །གོང་དུ་ཆོས་ནུབ་ཅེས་བརྗོད་པའི་ནུབ་པའི་ཚད་ཅི་ལྟར་བྱ་ན། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་བཞིར་ལོངས་མེད་པས་འདུལ་བའི་ལས་འཆགས་པ་ནུབ་ཅིང་། སྡེ་སྣོད་འཛིན་པ་མེད་པར་གྱུར་པས་ལུང་གི་ཆོས་ནུབ་ལ། འཕགས་ཆོས་ཐོབ་པ་མེད་པར་གྱུར་པས་རྟོགས་པའི་ཆོས་ནུབ་པ་ལ་བརྗོད་ཀྱི། དགེ་བ་ཐམས་ཅད་ནུབ་པ་ནི་མ་ཡིན་ ཏེ། ལས་བརྒྱ་པ་ལས། ཆོས་ནུབ་པའི་འོག་ཏུ་དགེ་བསྙེན་ལྔ་བརྒྱས་ད་ནི་ཆོས་ནུབ་བོ་ཞེས་ངུ་བར་བཤད་དོ། །གཉིས་པ་བྱེ་བྲག་ཏུ་བསླབ་པ་འབུལ་བ་ལ། གཞི་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་དང་། ཕུལ་ཉམས་ཀྱི་ཁྱད་པར་དང་། དགག་སྒྲུབ་གཉིས་ཀྱི་ བསླབ་པ་གང་ཡིན་བསྟན་པའོ། །གཞི་ལ་གསུམ། གང་ལ་དབུལ་བའི་ཡུལ། གང་གིས་དབུལ་བའི་རྟེན། གང་འབུལ་བའི་དངོས་པོའོ། །དང་པོ་ལ་གསུམ། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་དད་པའོ། །ཐ་སྙད་ལྔ་ནི་ མི་ཡིན། སྨྲ་ཤེས། དོན་གོ། ཤེས་པ་རང་བཞིན་དུ་གནས། མ་ནིང་དང་མཚན་གཉིས་པ་མིན་པ་སྟེ། ཇི་སྐད་དུ། དེ་ལ་མ་ཡིན་ནོ། །ལྐུགས་པ་ལ་མ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་པ་ལ་མ་ཡིན་ནོ། །མ་གོ་བ་ཉིད་ལ་མ་ཡིན་ནོ་ཞེས་པ་དང་། སྤྱིར་བསྟན་ལས། མ་ 6-1-205b ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་ཅེས་ཤེས་པ་རང་བཞིན་ཉམས་པ་དང་འདྲ་བར་བཤད་པ་སྟེ་གོ་རིམ་བཞིན་ནོ། །ལུས་ཐ་མལ་པར་གནས་པ་ནི། སྤྱིར་བསྟན་གྱི་ཊཱི་ཀར། རེག་པ་ལ་སོགས་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག་གོ་ཞེས་པའི་གནས་ཀྱིས་སོ། །བདག་ལས་ཐ་ དད་པ་ནི། དབེན་པར་མ་ཡིན་ཅེས་པས་གྲུབ་བོ། །གང་གིས་འབུལ་བའི་རྟེན་ནི། ཤེས་པ་རང་བཞིན་དུ་གནས་པ་དང་ལུས་ཐ་མལ་པར་གནས་པ་སྟེ། རང་བཞིན་ཉམས་པས་བྱས་པ་ཉིད་ནི་ཞེས་པ་དང་། ལྟུང་བ་བསྐྱེད་པའི་རྟེན་ལུས་ཐ་མལ་པར་གནས་པ་དགོས་པར་བཤད་ པའི་གནད་ཀྱིས་སྦྱར་རོ། །གང་འབུལ་བའི་དངོས་པོ་ནི། བདག་ཉིད་ཀྱི་བསླབ་པ་སྟེ་སྐབས་ཀྱིས་གྲུབ་བོ། །གཉིས་པ་བསམ་པ་ལ་གཉིས་ལས། འདུ་ཤེས་ནི་གཞི་ལས་མ་འཁྲུལ་བ་སྟེ་དབེན་པར་འདུ་ཤེས་པས་མ་ཡིན་ནོ་ཞེས་སོ། །ཀུན་སློང་ནི། བསམ་པ་ཐག་པ་ནས་ དབུལ་བར་འདོད་པ་རྒྱུན་མ་ཆད་པ་སྟེ། མཛོད་འགྲེལ་ལས། བསམ་པ་ཐག་པ་ནས་སླར་ཕུལ་བ་དང་ཞེས་བཤད་ཅིང་བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་ཞེས་པ་དང་། འོད་ལྡན་ལས། གཏོང་བའི་བློ་ཡིས་བཏང་བ་ནི། །ཞེས་བཤད་ཅིང་། རྣམ་འབྱེད་ལས། གཏོང་བའི་སེམས་མེད་པར་བསླབ་པ་འབུལ་བར་བྱེད་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་པ་དང་། འདུན་པ་བཟློག་པའི་འོག་ཏུ་ན་རྒྱུ་ཞེས་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་སྦྱོར་བ་ནི། བསམ་པའི་དོན་ལ་ལུས་ངག་གང་ཡང་རུང་བས་འབུལ་བར་ཞུགས་པ་སྟེ། འོད་ལྡན་ལས། གོ་བར་བྱེད་པ་ཐམས་ཅད་ཀྱིས། །བརྡ་འཕྲོད་མི་ལ་གོ་བྱེད་ནའོ། །ཞེས་སོ། །བཞི་པ་མཐར་ཐུག་ནི། ཕ་རོལ་པོས་དོན་གོ་བ་སྟེ་རང་གི་རྣམ་བཤད་ལས། གཞན་གྱིས་རྟོགས་པར་གྱུར་ན་ཕུལ་བ་ཉིད་དུ་འགྱུར་རོ། །ཞེས་སོ། །ལྔ་པ་ཕུལ་ཉམས་ཀྱི་ 6-1-206a ཁྱད་པར་ལ། ཕུལ་བ་ནི་གཞུང་ན་གསལ་ལ། ཉམས་པར་བྱེད་པ་ནི་རྣམ་འབྱེད་ལས། བསླབ་པ་ཉམས་པར་བྱས་པ་ནི་དགེ་སྦྱོང་གི་ཚུལ་གཏོང་བར་འདོད་པ་ན་དགེ་སློང་གི་དྲུང་དུ་སོང་སྟེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བྱ་དཀའོ། ། ཕ་མ་དང་ཕུ་ནུ་དང་བུ་སྲིང་དག་དྲན་ནོ། །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་བྱ་བ་ལ་སོགས་པ་དགེ་སྦྱོང་གི་ཚུལ་གཏོང་འདོད་པའི་ཚིག་རྗོད་པར་བྱེད་པའོ་ཞེས་གསུངས་སོ། །འོ་ན་ཕུལ་ཉམས་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། རིག་བྱེད་གང་སྡོམ་པ་གཏོང་བར་དངོས་སུ་གོ་ བར་བྱེད་པ་ནི་ཕུལ་བ་ཡིན་ལ། བརྒྱུད་ནས་གོ་བར་བྱེད་པ་ནི་ཉམས་པར་བྱས་པ་སྟེ། འོད་ལྡན་ལས། བཏང་བ་ཞེས་བྱ་བ་ཡང་བཏང་བ་གསལ་བར་བྱེད་པ་གང་ཡང་རུང་བས་འགྱུར་རོ། །བསླབ་པ་ཉམས་པར་མ་བྱས་པར་ཞེས་སྨོས་པ་ནི་གཏོང་བའི་རྒྱུ་ཡིན་པར་བསྟན་པའི་ཕྱིར་ རོ་ཞེས་སོ། །དྲུག་པ་དགག་སྒྲུབ་ཀྱི་བསླབ་པ་གང་ཡིན་བསྟན་པ་ནི། བསླབ་པ་ཕུལ་བ་འདི་ནི་སྤྱིར་བཏང་ལ་དགག་པའི་བསླབ་པ་ཡིན་ལ། དམིགས་བསལ་ནི་ཕམ་པའི་རྒྱུ་ལ་ངེས་པར་འཇུག་པར་འགྱུར་བའི་གང་ཟག་དེ་ལ་ནི་བསླབ་པ་ཕུལ་བ་ནི་སྒྲུབ་པའི་བསླབ་པ་སྟེ། བསྡུས་པ་ལས། ཇི་ལྟར་བྱས་ཀྱང་བསླབ་པ་བསྲུང་བར་མི་ནུས་པ་མཐོང་ན་བསླབ་པ་འབུལ་བར་བྱའོ་ཞེས་སྒྲུབ་པའི་ཚིག་ཏུ་གསུངས་པ་ནི། དེའི་ཚེ་བསླབ་པ་མ་ཕུལ་བར་ཉེས་སྤྱད་ལ་ཞུགས་ན་ཕམ་པའི་ཉེས་པ་ཆེན་པོ་འབྱུང་ལ། ཕུལ་ན་ཕམ་པར་མི་འགྱུར་བའི་ཕྱིར་རོ། །གཉིས་ པ་ཚིག་གི་དོན་ལ། གཞི་ཡི་ཡན་ལག་ཤུགས་ཀྱིས་བསྟན། །བསམ་པའི་ཡན་ལག་ཤུགས་ཀྱིས་སྨོས། །སྦྱོར་བའི་ཡན་ལག་དངོས་སུ་བསྟན། །དང་པོ་ལ། གང་གིས་འབུལ་བའི་རྟེན་ཉིད་བཤད། །གང་ལ་དབུལ་བའི་ཡུལ་ཉིད་བརྗོད། །དང་པོ་ནི། ཐ་མལ་པའི་བློའི་ 6-1-206b རང་བཞིན་ཉམས་པ་སྨྱོ་བ་ལ་སོགས་པས་བསླབ་པ་འབུལ་བར་བྱས་པ་ཉིད་ནི་བསླབ་པ་ཕུལ་བ་ཉིད་མ་ཡིན་ནོ། །སྐབས་འདིར་རྣམ་འབྱེད་གཉིས་ཀ་ལས། ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་གནོན་པས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་གསུངས་ཀྱང་། རྣམ་ འབྱེད་འགྲེལ་པ་ལས། ཁྲོས་པས་བསླབ་པ་ཕུལ་བས་ཕུལ་བ་ཉིད་དུ་མི་འགྱུར་བ་ནི་མི་རིགས་ཏེ། གཏོང་བར་འདོད་ན་ཆགས་པར་གྱུར་པ་ལ་སོགས་པ་བཞིན་དུ་བསླབ་པ་བཏང་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཁྲོས་པ་ན་གཏོང་བའི་སེམས་མེད་པར་བསླབ་པ་ཕུལ་ན་ནི་བསླབ་ པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་བྱ་བ་དེ་རིགས་པར་བཟུང་ངོ་། །མའི་རྣམ་འབྱེད་དང་མ་མོ་ལས། ཁྲོས་པའི་དྲུང་དུ་བསླབ་པ་ཕུལ་ཡང་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ་ཞེས་གསུངས་པ་དེ་ཡང་དོན་མ་གོ་བ་ལ་དགོངས་ཞེས་རིགས་སོ། །གཉིས་པ་ལ། ཐ་སྙད་ལྡན་ པ་ཉིད་ལ་དང་། །བདག་ལས་ཐ་དད་ཉིད་ལའོ། །དང་པོ་ནི། འབུལ་བའི་ཡུལ་རང་བཞིན་ཉམས་པ་དེ་ལ་བསླབ་པ་འབུལ་ན་ཡང་བསླབ་པ་ཕུལ་བ་ཉིད་མ་ཡིན་ནོ། །ལྐུགས་པ་ལ་ཕུལ་ན་ཡང་ཕུལ་བ་མ་ཡིན་ནོ། །ཊཱི་ཀར། གང་རྣམ་པ་ཐམས་ཅད་དུ་སྨྲ་མི་ནུས་པ་དེ་ནི་འདིར་ ལྐུགས་པར་འདོད་དོ་ཞེས་སོ། །གཉིས་པ་ནི། ལྷ་ཀླུ་སོགས་མི་མ་ཡིན་པའི་འགྲོ་བ་ལ་ཕུལ་ན་ཡང་ཕུལ་བ་མ་ཡིན་ནོ། །ཚིག་དང་བརྡ་མ་གོ་བ་ཉིད་ལ་ཕུལ་ན་ཕུལ་བ་མ་ཡིན་ནོ། །ཊཱི་ཀར། གླེན་པ་དང་འོན་པ་དང་སྙོམས་པར་ཞུགས་པ་དང་མཐའ་འཁོབ་པ་ལ་དབུས་ཀྱིས་ཕུལ་ བ་ཞེས་བྱ་བ་དེ་དག་ཀྱང་བསྡུས་ཏེ། དེ་དག་ལ་ཡང་མ་གོ་བ་ཉིད་ཀྱི་རྒྱུར་སྣང་ངོ་ཞེས་སོ། །གཉིས་པ་ནི། དབེན་པར་ཤེས་རུང་མ་ཤེས་རུང་དབེན་པར་ཕུལ་ན་ཡང་ཕུལ་བ་མ་ཡིན་ནོ། །ཊཱི་ཀར། མི་དབེན་པ་ཡང་ལྐུགས་པའི་ཡུལ་ལ་ཞུགས་པ་བཞིན་དུ་འགྱུར་ཏེ། སྐྱེ་བོ་ཐམས་ 6-1-207a ཅད་ལ་གྲགས་པའི་འདུ་ཤེས་མེད་པའི་ཕྱིར་རོ་ཞེས་སོ། །དབེན་རུང་མི་དབེན་རུང་དབེན་པར་འདུ་ཤེས་པས་ཕུལ་ཡང་ཕུལ་བ་མ་ཡིན་ནོ། །གསུམ་པ་ལ། བསླབ་པའི་ངོ་བོ་བཏང་བ་དང་། །རྟེན་གྱི་སྐྱབས་གནས་བཏང་བ་དང་། །ཉེར་སྦྱོར་མཁན་པོ་བཏང་ བ་དང་། །དམན་པའི་ས་ཉིད་བཟུང་བ་དང་། །མཐུན་པའི་གྲོགས་པོ་སྤང་བའོ། །དང་པོ་ནི། བསླབ་པ་སྟེ་སྡོམ་པ་རང་གི་ངོ་བོའོ། །འམ་ཞེས་པ་ནི་བཏང་བར་བྱ་བ་གཞན་ཡང་བསྟན་ཏོ། །གཉིས་པ་ནི། སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་སངས་རྒྱས་སམ་ཞེས་པའི་ སྐབས་འདིར་ཁ་ཅིག་ན་རེ། སྐྱབས་འགྲོ་བཏང་ན་སྡོམ་པ་ཡང་བཏང་སྟེ། སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་ཞེས་གསུངས་པ་འདིས་ཤེས་ལ། གཙོ་བོ་གཏང་བའི་ཕྱིར་སངས་རྒྱས་བཏང་བས་དགེ་སློང་གི་སྡོམ་པ་བཏང་བ་ཡིན་ནོ་ཞེས་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས་ བཤད་ཅིང་། རྣམ་འབྱེད་འགྲེལ་པ་ལས། དཀོན་མཆོག་འབུལ་བ་ནི་སྡོམ་པའི་རྩ་བ་བཏང་བའི་ཕྱིར་ཞེས་བཤད་པ་དང་། མཛོད་ལས། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་ལ་གནོད་བྱེད་ ནི། དྲི་བ་རྒྱ་ཆེར་འགྲེལ་པ་ལས། བསམ་པ་ཐག་པས་དཀོན་མཆོག་གསུམ། །ཕྱིར་སྤོང་བར་ནི་བྱེད་པ་ལ། །སྡོམ་པ་མེད་པར་མི་འགྱུར་བ། །ཅི་ཕྱིར་འདི་ལ་ལན་རྗོད་ཅིག །དེ་ལ་ལན་ནི་འདི་ཡིན་ཏེ། །དགེ་སློང་མ་ནག་མོས་དཀོན་མཆོག་གསུམ་སྤོང་ངོ་ཞེས་སྨྲས་པ་ལས། དཀོན་མཆོག་གཏོང་བའི་ལྷག་མར་གསུངས་སོ་ཞེས་སོ། ། གཞན་ཡང་གནོད་བྱེད་ཀྱི་རིགས་པ་ཡོད་དེ། སྐྱབས་འགྲོ་བཏང་བའི་གང་ཟག་ཆོས་ཅན། སྡོམ་པ་ལས་དངོས་སུ་འདས་པའི་ལྟུང་བ་བསྐྱེད་པ་ཁེགས་པར་ཐལ། སྡོམ་པ་མེད་པའི་ཕྱིར། རྟགས་ཁས་བླངས། འདོད་ན། 6-1-207b མའི་རྣམ་འབྱེད་ལས། དགེ་སློང་མས་དཀོན་མཆོག་གཏོང་ངོ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །བརྗོད་པ་གསུམ་པའི་མཐར་ནི་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བཤད་དོ། །སྒྲུབ་བྱེད་གཞིག་པ་ནི། འདིར་སངས་རྒྱས་འབུལ་ལོ་ཞེས་པ་དེ་བསླབ་པ་འབུལ་བ་གོ་བར་ བྱེད་པའི་མཚོན་བྱེད་དུ་བསྟན་པ་སྟེ་མཁན་པོ་འབུལ་ཞེས་བསྟན་པ་བཞིན་ནོ། །སྡོམ་པ་ཉི་ཤུ་པའི་འགྲེལ་པ་དང་། རྣམ་འབྱེད་འགྲེལ་པ་ལས་བཤད་པ་དེ་ནི་བསླབ་པ་འབུལ་བའི་བསམ་པས་ཕུལ་བ་ལ་དགོངས་སོ། །མཛོད་ལས་བཤད་པ་དེ་ནི་ཤེས་བཞིན་དུ་སྐྱབས་འགྲོ་མ་བྱས་པར་ བསྙེན་གནས་ལེན་ན། དེ་ལ་སྡོམ་པ་སྐྱེ་བ་མིན་ཅེས་བསྟན་པ་ཡིན་གྱི། སྐྱབས་འགྲོ་ཤོར་བས་སྡོམ་པ་འཆོལ་བར་བསྟན་པ་མིན་ནོ། །བྱེ་བྲག་ཏུ་ལུང་གི་ཆོས་མདོ་སྡེའམ་འདུལ་བའམ་མ་མོའམ་ཞེས་སོ། །གསུམ་པ་ནི། སློབ་དཔོན་ནམ་མཁན་པོ་འབུལ་ལོ་ཞེས་སོ། །བཞི་པ་ ནི། བདག་ཅེས་པ་འདི་ནས་དེ་བཞིན་གཤེགས་པ་ཞེས་ཡན་ཆད་ལ་སྦྱར་རོ། །ཁྱིམ་པའམ་ཞེས་པ་རབ་བྱུང་གི་སྡོམ་པ་བཏང་ཡང་དགེ་བསྙེན་གྱི་སྡོམ་པ་མི་གཏོང་བ་སྟེ་བསམ་པའི་དབང་གིས་སོ། །དགེ་ཚུལ་ལམ་ཞེས་པ་དགེ་སློང་གི་སྡོམ་པ་བཏང་ཡང་དགེ་བསྙེན་དང་དགེ་ ཚུལ་གྱི་སྡོམ་པ་བཏང་བར་མ་ངེས་པའོ། །ཟ་མའམ་མ་ནིང་ངམ་ཞེས་པ་ནི། ཉིད་འགྲེལ་ལས། ཟ་མའམ་མ་ནིང་ཉིད་དུ་དམ་བཅས་པས་སྡོམ་པ་ཐམས་ཅད་འབུལ་བའོ་ཞེས་སོ། །ཟ་མ་ནི་དང་པོ་ནས་ཟ་མར་གྱུར་པ་ལ་ཡང་རིགས་གཉིས་ཏེ། རིགས་རྒྱུད་འབྱུང་བའི་ས་ བོན་གྱི་ནུས་མེད་ཀྱི་ཟ་མ་དང་དབང་པོ་ལས་རུང་གི་ནུས་མེད་ཀྱི་ཟ་མ་གཉིས་ལས་ཕྱི་མ་ལ་དགོངས་ཏེ། མེ་ཏོག་ཕྲེང་རྒྱུད་ལས། གང་ཞིག་གྲོང་པའི་ཆོས་དག་གི། ནུས་མེད་དེ་ནི་ཟ་མའོ། །ཞེས་སོ། །གློ་བུར་གྱི་ཟ་མ་ནི་རླིག་པ་ཕྱུང་བས་ས་བོན་མེད་པ་དེར་གཞི་འགྲེལ་ 6-1-208a ལས་བཤད་དོ། །དགེ་སློང་མ་སུན་ཕྱུང་བའམ་རྐུ་ཐབས་སུ་གནས་པའམ་ཞེས་པ་ནི་གོ་སླའོ། །ཐ་དད་དུ་གནས་པའམ་ཞེས་པ་ནི་ལྟ་བ་དང་ལོངས་སྤྱོད་ཀྱི་སྒོ་ནས་ཐ་དད་དུ་གནས་པ་གཉིས་ཏེ། ལུང་གཞི་ལས། དགེ་སློང་དག་གཉིས་པོ་འདི་ནི་ཐ་ དད་དུ་གནས་པ་ཡིན་ཏེ། ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་དང་། དགེ་འདུན་གྱི་གནས་ནས་ཕྱུང་བའོ་ཞེས་པས་སྔ་མ་ལྟ་བ་དང་། ཕྱི་མ་ལོངས་སྤྱོད་ལས་ཐ་དད་པར་བྱས་པའོ། །ཐ་དད་དུ་གནས་པ་ལ་སྡོམ་པ་ཡོད་པའི་ཕྱིར། ཐ་དད་དུ་གནས་པར་བཟུང་དུ་གསོལ་ཞེས་ བརྗོད་པས་སྡོམ་པའི་གཏོང་རྒྱུར་མི་རིགས་ཞེ་ན། འདི་ནི་བསླབ་པ་འབུལ་བ་གོ་བའི་མཚོན་བྱེད་ཙམ་ཡིན་ཏེ། དཔེར་ན་མཁན་པོ་ཚེ་ལས་འདས་ནས་མེད་ཀྱང་མཁན་བུ་ལ་སྡོམ་པ་ཡོད་པ་འབུལ་བ་ན། མཁན་པོ་འབུལ་ལོ་ཞེས་བརྗོད་པ་དེ་ནི་སྡོམ་པ་འབུལ་བའི་ཆོ་ག་ཡིན་ པ་བཞིན་ནོ། །གནས་པར་མི་བྱ་བའམ་ཞེས་པ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་ཏུ་བྱར་མི་རུང་བའི་ཕམ་པ་འཆབ་བཅས་ཀྱིས་ཉམས་པ་ལ་རྣམ་འབྱེད་དང་དེའི་འགྲེལ་པ་གཉིས་ཀ་ནས་བཤད་དོ། །མུ་སྟེགས་ཅན་ནམ་མུ་སྟེགས་ཅན་ཞུགས་པའམ་མ་བསད་པའམ་ ཕ་བསད་པའམ་དགྲ་བཅོམ་པ་བསད་པའམ་དགེ་འདུན་གྱི་དབྱེན་བྱས་པའམ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་ཞེས་པ་རྣམས་ནི་གོ་སླའོ། །གོང་གི་བདག་ནས་བཟུང་འདིའི་བར་སྒྲ་རེ་རེའི་མཐར་བཟུང་དུ་གསོལ་ཞེས་སྦྱར་རོ། །ལྔ་པ་ནི། བདག་ གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་དང་གནས་གཅིག་ཏུ་ལྷན་ཅིག་གནས་པའམ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་པས་ཆོག་གོ་ཞེས་བྱ་བ་ལྟ་བུ་ནི་འབུལ་བའི་ཚིག་དག་ཡིན་ནོ། །ཊཱི་ཀར། ལྟ་བུ་ནི་ཞེས་བྱ་བའི་སྒྲ་ནི་རྣམ་པ་ཉིད་བསྟན་པའི་ཕྱིར་ཏེ། འབུལ་ 6-1-208b བའི་ཚིག་དག་ནི་རྣམ་པ་དེ་ལྟ་བུ་དག་དང་། ཆོ་ག་དེ་ལྟ་བུ་དག་དང་། རང་བཞིན་དེ་ལྟ་བུ་དག་ཡིན་ནོ་ཞེས་བྱ་བའོ་ཞེས་དག་སྒྲའི་དོན་ཀྱང་དེ་ལྟར་འགྲེལ་ལོ། །སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་ལུས་ཀྱི་རིག་བྱེད་ཀྱིས་ཕུལ་བར་འགྱུར་རམ་མི་འགྱུར་ཞེ་ན། ཉིད་བཤད་ དང་ཊཱི་ཀ་ལས། ལུས་ཀྱི་རྣམ་པར་རིག་བྱེད་ལས་ཀྱང་བསླབ་པ་ཕུལ་བར་འགྱུར་ཞེས་བཤད་དོ། །འོད་ལྡན་ལས་ཀྱང་། གོ་བར་བྱེད་པ་ཐམས་ཅད་ཀྱིས། །བརྡ་ཕྲད་མི་ལ་གོ་བྱེད་ནའོ། །ཞེས་བཤད་དོ། །འོ་ན་ལུང་མ་མོ་ལས། སྤྲིང་ཡིག་དང་ལག་བརྡས་བསླབ་པ་འབུལ་ བ་ན་ཡང་བསླབ་པ་མ་ཕུལ་བའོ་ཞེས་གསུངས་པ་དང་འགལ་ཅེ་ན། དེ་ནི་ཕ་རོལ་པོས་མ་གོ་བ་ལ་དགོངས་སོ་ཞེས་རིགས་སོ། །བསླབ་པ་འབུལ་བའི་ཆོ་གའོ། །འདིར་སྨྲས་པ། སྨོན་ལམ་དག་སྟོབས་རྨད་བྱུང་སྐྱེ་ཤིང་ལི་ཁྲིའི་མཚམས་སྤྲིན་གཞོན་ནུ་མས། །བྱ་དཀའི་ འཛུམ་རོལ་འོད་ཀྱི་སྙིང་སྟོབས་ཕྱོགས་ཀྱི་འཁོར་ལོ་མཛེས་པར་བྲེས། །སྐྱེ་བ་འདིར་ཡང་ཐུབ་པའི་རིང་ལུགས་ཉི་ཟེར་ཟགས་པའི་ཐིགས་པ་ནི། །ལྟ་སྲེད་ཀྱིས་སྤྱོད་སློབ་མ་ཀུནྡའི་སྙིང་པོར་ཞུགས་པའི་སྐབས་མ་རྙེད། །ཐུགས་རྗེའི་འབིགས་བྱེད་རླུང་གི་ཟློས་གར་ལས། ། དབྱངས་ཅན་གསར་མའི་འཁྲི་ཤིང་མེ་ཏོག་ལྡེམ། །དེ་ཚེ་དམ་ཆོས་འདུལ་བའི་དྲི་བསུང་འཐུལ། །སྙིགས་དུས་མཁས་པའི་ཡོངས་འདུ་འདི་ན་དར། །མགོ་བོ་ཀུ་མུད་དགོད་པའི་ཕུང་པོ་ཡི། །རི་ལས་རྣམ་པར་དཀར་བའི་དཔལ་བཟུང་ནས། །མིག་གི་རྒྱལ་མོས་ གནམ་སྔོན་ཞུ་བ་ཡི། །ཁུ་བ་འཐུངས་པས་ཆོས་འདུལ་ཅི་ལ་དཔོགས། །བཞིན་བཟང་བག་ཡོད་བསྟེན་པའི་མཛེས་མ་ལ། །མཁས་མཆོག་སྨུག་རྩིས་མཚན་པའི་མཁུར་ཚོས་ཀྱི། །ལེགས་བཤད་དཀར་དམར་མེ་ཏོག་འཛུམ་པ་ན། །བསྟན་ལ་ཆགས་པའི་སྤུ་ལོང་རྒྱུ་གཅིག་གོ། །། 6-1-209a འདུལ་བའི་མདོ་བམ་པོ་གཉིས་པ།། །།གཉིས་པ་ལ། དགེ་སློང་ཕ་ཡི་རྣམ་འབྱེད་བརྗོད། །དགེ་སློང་མ་ཡི་རྣམ་འབྱེད་བསྟན། །དང་པོ་ལ། སྤྱི་དོན་དང་། ཚིག་དོན་གཉིས་ལས། དང་པོ་ལ་བཅུ་སྟེ། ལྟུང་བ་སྡེ་ལྔ་པོ་ རྣམས་ཀྱི་དབྱེ་བ་དང་། བསྡུ་བ་དང་། མཚན་ཉིད་དང་། གྲངས་ངེས་པ་དང་། གོ་རིམ་ངེས་པ་དང་། སྒྲ་བཤད་པ་དང་། འདས་ན་ཅིར་འགྱུར་བ་དང་། བསྲུངས་པའི་ཕན་ཡོན་དང་། མ་བསྲུངས་པའི་ཉེས་དམིགས་དང་། མཁས་པ་དག་གིས་དོགས་གཅོད་ཇི་ལྟར་བྱས་ པའོ། །དང་པོ་ལ་གཉིས་ལས། དབྱེ་བའི་གཞི་ནི། རབ་བྱུང་གི་སོ་སོར་ཐར་པའི་སྡོམ་པ་ལས་འདས་པའི་ལྟུང་བ་ཙམ་མོ། །གཉིས་པ་དབྱེ་བའི་སྒོ་ནི། ངོ་བོ་ཐ་དད་ཀྱི་སྒོ་ནས་མི་འབྱེད་དེ། དངོས་དང་མདོར་བསྡུས་ལ་བལྟོས་ནས་དཔག་ཏུ་མེད་པས་ན་དབྱེ་བར་མི་ནུས་པའི་ ཕྱིར་རོ། །འོ་ན་གང་ཞེ་ན། སྡེ་ཚན་ཐ་དད་ཀྱི་སྒོ་ནས་ཕྱེ་ན། ལྟུང་བ་སྡེ་ཚན་ལྔ་སྟེ། ལུང་ལྔ་ཚན་ལས། ཉེས་པ་ལྔ་སྟེ། ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་སོ་ཞེས་པ་དང་། རྣམ་འབྱེད་ལས་རྫུན་རྣམ་ པ་ལྔ་སྟེ། གཞི་མེད་པར་ལྟུང་བ་སྡེ་ལྔས་གླེང་བའོ། །ཞེས་པ་དང་། འདུལ་བ་བསྡུས་པ་ལས། ལྟུང་བའི་སྡེ་ཚན་རྣམ་ལྔ་སྟེ། །ཞེས་སོ། །འོད་ལྡན་ལས། ལྟུང་བའི་རིགས་ལྔ་དག་ཏུ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བཤད་དོ། །སྡེ་ལྔ་པོ་དེར་སྦོམ་པོ་མ་འདུས་སོ་ཞེ་ན། ཕམ་ལྷག་གི་ན་སྨད་ཡིན་པས་ཕམ་ལྷག་གི་སྡེར་འདུས་ཏེ། འོད་ལྡན་ལས། ཉེས་པ་སྦོམ་པོ་ནི་གཉིས་ཏེ། ཕམ་པ་ལས་བྱུང་བ་དང་། ལྷག་མ་ལས་བྱུང་བའོ་ཞེས་བཤད་དོ། །བཙུན་པ་ངོ་བོ་ཉིད་མེད་པས། ལྟུང་བ་རིགས་ལྔ་ལ་ཕམ་པ་དང་། ལྷག་མ་དང་། སྦོམ་པོ་དང་། 6-1-209b ལྟུང་བྱེད་དང་། སོ་སོར་བཤགས་པའོ་ཞེས་མདོ་རྒྱན་གྱི་འགྲེལ་བཤད་ལས་སྦོམ་པོའི་སྡེ་བཤད་པ་ནི་བཤད་ཙམ་དུ་ཟད་ཀྱང་མི་བཟད་དོ། །མ་ངེས་པའི་ཆོས་གཉིས་པོ་ནི་སྡེ་ལྔར་མ་འདུས་པའི་སྐྱོན་མེད་དེ། འདུལ་བ་བསྡུས་པ་ལས། མ་ངེས་པ་གང་ཡིན་པ་དེ་ནི་ཕམ་པ་ལ་སོགས་ པ་དེ་དག་ཉིད་དུ་ཅི་རིགས་པར་འདུས་པར་རིགས་པར་བྱའོ་ཞེས་གསུངས་ཏེ། གསུམ་དུ་མ་ངེས་པའི་ཆོས་དགེ་སློང་དང་བུད་མེད་འདོམ་གང་གིས་བར་དུ་མ་ཆོད་པར་འདོད་པ་བྱར་རུང་བའི་སྟན་ལ་འདུག་པ་ནི་ཕམ་ལྷག་དང་ལྟུང་བྱེད་དུ་འདུས་ལ། གཉིས་སུ་མ་ངེས་པའི་ཆོས་དགེ་སློང་དང་བུད་མེད་འདོམ་གང་གིས་བར་དུ་ བཅད་དེ་འདོད་པ་བྱར་མི་རུང་བའི་སྟན་ལ་འདུག་པ་ནི་ལྷག་མ་དང་ལྟུང་བྱེད་དུ་འདུས་པའོ། །སྤང་ལྟུང་ཡང་ལྟུང་བྱེད་དུ་འདུས་པ་ཡིན་ནོ། །གཉིས་པ་བསྡུ་བ་ལ་གཉིས་ཏེ། བསྡུ་བ་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གསུམ་ལས། དང་པོ་བསམ་པ་དང་དངོས་པོའི་ཆ་ནས་བསྡུ་བ་ནི། ལྟུང་བ་ཐམས་ཅད་ནི་གཉིས་སུ་འདུས་ཏེ། འདུ་ཤེས་གཙོ་བ་དང་དངོས་པོ་གཙོ་བའོ། །དེ་ཡང་འོད་ལྡན་ལས། བསླབ་པའི་གཞི་ནི་རྣམ་པ་གཉིས་ཏེ། འདུ་ཤེས་གཙོ་བོར་བྱ་བ་དང་། དངོས་པོ་གཙོ་བོར་བྱ་བའོ་ཞེས་བཤད་དོ། །དངོས་པོ་གཙོ་བ་ནི། མི་ཚངས་སྤྱོད་དང་འབྱིན་ པ་གཉིས་ཀྱི་ལྟུང་བ་ཡིན་ལ། འདུ་ཤེས་གཙོ་བ་ནི། དེ་ལས་གཞན་པའི་ལྟུང་བ་རྣམས་ཡིན་ཏེ། སྤྱིར་བསྟན་ལས། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་བཤད་དོ། །གཉིས་པ་བྱེད་ལས་ཀྱི་ཆ་ནས་བསྡུ་བ་ནི། ལྟུང་བ་ཐམས་ཅད་གཉིས་སུ་འདུས་ ཏེ། གསོ་བའི་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་ལྟུང་བའོ། །དེ་ཡང་གཅིག་ལས་འཕྲོས་པ་ལས། ཉེས་པ་གཉིས་ཏེ། ལྷག་མ་དང་བཅས་པ་དང་ལྷག་མ་མ་ལུས་པ་ཞེས་བཤད་དོ། །དེ་གཉིས་ནི་ཐུན་མོང་གི་ཕམ་པ་འཆབ་བཅས་དང་། དེ་ལས་གཞན་པའི་ལྟུང་ 6-1-210a བ་རྣམས་ཏེ་མས་རིམ་བཞིན་ནོ། །གསུམ་པ་ངོ་བོའི་ཆ་ནས་བསྡུ་བ་ནི། ལྟུང་བ་ཐམས་ཅད་གཉིས་སུ་འདུས་ཏེ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། བཅས་པའི་ཁ་ན་མ་ཐོ་བའོ། །དེ་ཡང་ལུང་རྣམ་འབྱེད་ལས། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གང་ཁས་ བླངས་པ་དེ་ཕྱིར་བཅོས་བྱེད་དུ་གཞུག་ཅེས་གསུངས་པ་དང་། འདུལ་བ་བསྡུས་པ་ལས། རང་བཞིན་ཁ་ན་མ་ཐོ་དང་། །བཅས་པའི་ཁ་ན་མ་ཐོ་དང་། །ཞེས་གསུངས་པ་དང་། འོད་ལྡན་གྱི་རྩ་བ་ལས། རང་བཞིན་ཁ་ན་མ་ཐོ་མ་གཏོགས་སྒྲིམ། །བཅས་པའི་ཁ་ན་མ་ཐོ་བས་ཀྱང་ བསྐྱངས། །ཞེས་བཤད་དོ། །གཉིས་པ་ཞར་ལས་བྱུང་བ་ནི། འོ་ན་ཁ་ན་མ་ཐོ་བ་དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། འདི་ལ་བཞི། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་དང་། དེ་ལ་རྩོད་པ་སྤང་བ་དང་། འཕྲོས་པའི་དོན་ནོ། །དང་པོ་ནི། རོག་དམར་ཞུར་བ་ན་རེ། ཉོན་མོངས་པ་ཀུན་ནས་བསླངས་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལྟུང་བ་ཡིན་ལ། དེས་ཀུན་ནས་མ་བསླངས་པའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཏེ། རྣམ་འབྱེད་འགྲེལ་པ་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་ཉོན་མོངས་པ་ཅན་གྱི་སེམས་ལས་བྱུང་བ་སྟེ། ངོ་བོ་ ཉིད་ཀྱིས་སྐྱོན་ཆགས་པའི་ཕྱིར་རོ་ཞེས་བཤད་པས་ཤེས་སོ་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང་། སྒྲུབ་བྱེད་གཞིག་པའོ། །དང་པོ་ནི། སོ་སྐྱེས་བྱ་བ་མིན་པ་བྱས་པའི་ལྟུང་བ་ཐམས་ཅད་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པར་ཐལ། ངས་འདི་ ལྟར་བྱའོ་ཞེས་བདག་ཏུ་འཛིན་པའི་ཉོན་མོངས་པས་ཀུན་ནས་བསླངས་པའི་ཕྱིར། རྟགས་ཉམས་སུ་མྱོང་བས་གྲུབ་ཅིང་། གལ་ཏེ་མ་གྲུབ་ཅེ་ན་བདག་ལྟ་རྩ་ཉོན་དུ་གསུངས་པ་དང་འགལ། ཁྱབ་པ་མ་གྲུབ་ན་དམ་བཅའ་ཉམས་ལ། འདོད་ན། འོད་ལྡན་ལས། འཕགས་པ་ཉེར་སྦས་ 6-1-210b ཀྱིས་ནི་མྱོས་པར་འགྱུར་བའི་ཁུ་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཀྱང་ཤིན་ཏུ་སྨད་པ་ཡིན་ཏེ་ཞེས་བཤད་དོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། སྤྱིར་ན་ཉོན་མོངས་པ་མི་དགེ་བ་ཡིན་པ་དང་། ཉོན་མོངས་པ་ལུང་མ་བསྟན་ཡིན་པ་སྟེ་གཉིས་ལས། རྣམ་འབྱེད་འགྲེལ་པར་ བཤད་པ་དེ་མི་དགེ་བ་ཡིན་པའི་ཉོན་མོངས་པ་ལ་དགོངས་པ་ཡིན་ཏེ། ངོ་བོ་ཉིད་ཀྱིས་སྐྱོན་ཆགས་པའི་ཕྱིར་ཞེས་དགོངས་ལ། དེ་ཡང་དཔེར་ན་ཉོན་མོངས་པ་མི་དགེ་བ་ནི་ཞེ་སྡང་ལྟ་བུ་དང་། ཉོན་མོངས་པ་ལུང་མ་བསྟན་ཡིན་པ་ནི་བདག་ཏུ་འཛིན་པ་ལྟ་བུ་སྟེ་རྩ་ཉོན་དྲུག་གི་བདག་ལྟ་ ལུང་མ་བསྟན་ཏེ། སུམ་ཅུ་པ་ལས། དེ་ནི་བསྒྲིབས་ལ་ལུང་མ་བསྟན། །ཞེས་སོ། །རྒྱ་འདུལ་འཛིན་ཆེན་པོ་ན་རེ། རྐྱེན་ལ་བལྟོས་ཏེ་གནང་བ་མི་འབྱུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྐྱེན་ལ་བལྟོས་ནས་གནང་བ་འབྱུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། ཇི་སྐད་དུ། རང་བཞིན་ཁ་ན་མ་ཐོ་མ་གཏོགས་སྒྲིམ། །བཅས་པའི་ཁ་ན་མ་ཐོ་བས་ཀྱང་བསྐྱངས། །ཞེས་པ་དང་། ཞུ་བ་ལས། བཙུན་པ་ནད་པ་ལ་ཅི་བསྩལ་བར་བགྱི། ཨུ་པ་ལི་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་པ་གང་གིས་ནད་སོས་བར་འགྱུར་བ་དེ་དག་བྱིན་ཅིག་ཅེས་གསུངས་པ་དང་། མཛོད་འགྲེལ་ལས། ཉན་ཐོས་མངོན་པ་བས་ཆང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ། ཆང་མཁུར་བར་བསྲེལ་བ་དང་ལུས་ལ་བྱུགས་པ་གནང་བའི་ཕྱིར། ཞེས་བཅས་པ་ཡིན་པའི་སྒྲུབ་བྱེད་དུ་གནང་བ་གཏན་ཚིགས་སུ་བཀོད་པས་ཀྱང་ཤེས་སོ་ཞེས་ཟེར་རོ། །དེ་དགག་ པ་ལ་གཉིས། གནོད་བྱེད་བརྗོད་པ་དང་། སྒྲུབ་བྱེད་གཞིག་པའོ། །དང་པོ་ནི། ཆང་གི་དྲི་རོ་མངོན་པར་གྱུར་པའི་ཆང་འཐུང་བའི་ལྟུང་བ་ཆོས་ཅན། བཅས་པའི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། རྐྱེན་ལ་བལྟོས་ཏེ་གནང་བ་མི་འབྱུང་བའི་ཕྱིར། རྟགས་གཞུང་གིས་གྲུབ་སྟེ། 6-1-211a བཀག་པ་མངོན་ཤེས་ཀྱི་ཊཱི་ཀ་ལས། བཀག་པ་ཞེས་བྱ་བ་ནི་སྲོག་ལ་བབ་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་བྱ་བ་སྟེ། ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཐ་ན་རྩྭའི་མཆོག་མས་ཀྱང་ཆང་མི་བཏུང་ངོ་ཞེས་གསུངས་པ་དང་། སྲོག་གཅོད་པ་ལ་སོགས་ པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱའོ་ཞེས་གསུངས་སོ། །ཁྱབ་པ་ཁས་བླངས། འདོད་ན། འོད་ལྡན་ལས། འཕགས་པ་ཉེར་སྦས་ཀྱིས་ནི་མྱོས་པར་འགྱུར་བའི་ཁུ་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཀྱང་ཤིན་ཏུ་སྨད་པ་ཡིན་ཏེ། ཞེས་པ་དང་། མཛོད་ འགྲེལ་ལས། ཇི་ལྟར་མྱོས་པར་འགྱུར་བ་འཐུང་བ་བཅས་བའི་ཁ་ན་མ་ཐོ་བ་ཡིན་པར་ཤེས་ཞེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་ཞེས་བཤད་དོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། བསླབ་པའི་གཞི་གང་ཞིག་རྐྱེན་ལ་བལྟོས་ཏེ་གནང་བ་ཡོད་པ་ལ་བཅས་ པ་ཡིན་པས་ཁྱབ་ཀྱང་། གནང་བ་མེད་པ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཁྱབ་པ་མེད་དེ། ཆང་འཐུང་བའི་ཁ་ན་མ་ཐོ་བ་བཞིན་ནོ། །ཆང་མཁུར་བར་བསྲེལ་བ་དང་ལུས་ལ་བྱུག་པ་དེ་ཆང་གི་གཞི་ལ་གནས་པ་གནང་བ་ཙམ་ཡིན་གྱི། ཆང་འཐུང་བའི་ངོ་བོ་གནང་བ་ནི་མ་ཡིན་ ནོ། །གལ་ཏེ་གཞི་ལ་གནང་བས་ངོ་བོ་གནང་བའི་གོ་ཆོད་ན་ནི། དགེ་སློང་ལ་སྲོག་གཅོད་གནང་བར་ཐལ། སེམས་ཅན་ལ་མཚོན་འདེབས་པ་གནང་བའི་ཕྱིར་ཏེ། གཏར་ཁ་བྱེད་པ་གནང་བའི་ཕྱིར་རོ་ཞེས་མགོ་མཚུངས་སོ། །སོག་པ་ན་རེ། རྟེན་ཁྱིམ་པ་དང་ཐུན་མོང་དུ་སྡིག་ཏུ་ འགྱུར་བ་དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རབ་ཏུ་བྱུང་བ་ཁོ་ན་ལ་སྡིག་ཏུ་འགྱུར་བ་དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ནོ། །དེའང་བཅས་པའི་ཁ་ན་མ་ཐོ་བ་སྡིག་པ་ཡིན་པར་ནི་ལུང་རིགས་གཉིས་ལས། ལུང་སྡེ་སྣོད་གསུམ་ཀས་གྲུབ་སྟེ། མདོ་སྡེ་གསེར་འོད་དམ་པ་ལས། 6-1-211b རང་བཞིན་ཁ་ན་མ་ཐོ་དང་། །བཅས་པའི་སྡིག་པ་གང་བགྱིས་པ། །ཞེས་པ་དང་། ལྕི་ཡང་བསྟན་པའི་མདོ་ལས། ཉེས་བྱས་གཅིག་གིས་ཀྱང་རྒྱལ་ཆེན་རིགས་བཞིའི་ལྷའི་ཚེ་ཚད་དང་མཉམ་པའི་དམྱལ་བར་སྐྱེ་བར་གསུངས་པ་དང་། འདུལ་བ་ལུང་རྣམ་འབྱེད་ལས། སྲེག་ པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ་ཞེས་གསུངས་པ་དང་། འོད་ལྡན་དུ་གཏམ་གྱི་གཞི་ཁུངས་སུ་དྲངས་ནས། ལྟུང་བ་ནི་རྣམ་པར་རིག་བྱེད་ཉིད་གཟུགས་ཅན་ཉིད་དུ་བསྟན་པའི་ཕྱིར་ཞེས་བཤད་པས་ཀྱང་གྲུབ་སྟེ། ལྟུང་བ་གཟུགས་ཡིན་པ་དེ་ཡང་རིག་བྱེད་མིན་ པའི་གཟུགས་ཡིན་དགོས་ལ། རིག་བྱེད་མིན་པའི་གཟུགས་ལུང་མ་བསྟན་མི་སྲིད་ཅིང་ལྟུང་བ་དགེ་བའི་གཟུགས་ཡིན་པ་མི་སྲིད་པས་ལྟུང་བ་མི་དགེ་བའི་གཟུགས་ཡིན་པར་གྲུབ་བོ། །རྣམ་རིག་མིན་པའི་གཟུགས་ལུང་མ་བསྟན་ཡིན་པ་མི་སྲིད་པ་དེ་གང་གིས་འགྲུབ་ཅེ་ན། མཛོད་ ལས། རྣམ་རིག་མིན་ལུང་བསྟན་མིན་མེད། ཅེས་དང་། རྒྱལ་སྲས་མར། བཅས་པའི་ཁ་ན་མ་ཐོ་བ་ནི་བཀག་པས་སྡིག་ཏུ་གྱུར་པ་སྟེ་ཞེས་པས་གྲུབ་ལ། གཉིས་པ་རིགས་པས་ཀྱང་གྲུབ་སྟེ། བཅས་པ་རྣམས་མ་བསྲུངས་པ་ལ་སྡིག་པ་མི་འབྱུང་ན། བསྲུངས་པ་ལ་ ཡང་བསོད་ནམས་མི་འབྱུང་བར་མགོ་མཚུངས་པར་འགྱུར་ཞེས་ཟེར་རོ། །རྒྱལ་བ་འབྲི་གུང་པ་རྣམས་ལུགས་འདི་ལ་དགོངས་ནས་འདི་སྐད་དུ་བརྗོད་པར་གྲགས་ཏེ། བཅས་རང་ངོ་བོ་གཅིག །སྡིག་ལྟུང་ངོ་བོ་གཅིག །དེའི་ཕྱིར་ཁྱིས་ཕྱི་དྲོའི་ཟས་བཟའ་ནའང་ལྟུང་བྱེད་དུ་འགྱུར་ ཞེས་ཟེར་ལ། ལུགས་ཕྱི་མ་འདི་མི་འཐད་པ་ནི་ཆོས་རྗེ་པས། ཁ་ཅིག་རབ་ཏུ་བྱུང་བ་ལ། །ལྟུང་བ་ཇི་སྙེད་འབྱུང་བ་དེ། ཁྱིམ་པ་ནས་ནི་དམྱལ་བའི་བར། །དུད་འགྲོ་ལ་སོགས་ཐམས་ཅད་ལ། །ལྟུང་བ་མཚུངས་པར་འབྱུང་ཞེས་ཟེར། །འདི་ནི་སངས་རྒྱས་དགོངས་པ་ 6-1-212a མིན། །ཅི་སླད་ཅེ་ན་ལྟུང་བ་དེ། །བཅས་པ་ཕན་ཆད་འབྱུང་མོད་ཀྱི། །མ་བཅས་པ་ལ་ལྟུང་མེད་ཕྱིར། །དེས་ན་ཐུབ་པས་ལས་དང་པོས། །ཉེས་པ་བྱས་ཀྱང་ལྟུང་མེད་གསུངས། །དེ་ལྟ་མིན་པར་ཐམས་ཅད་ལ། །གལ་ཏེ་ལྟུང་བ་ཀུན་འབྱུང་ན། །འགྲོ་ ཀུན་ལྟུང་བ་དང་བཅས་པས། །ཐར་པ་ཐོབ་པ་ལྟ་ཅི་སྨོས། །མཐོ་རིས་ཀྱང་ནི་འབྱུང་རེ་ཀན། །ཅེས་སུན་ཕྱུང་ངོ་ཞེས་ཟེར་ལ། སོག་ལུགས་ཉིད་དགག་པ་ལ་གནོད་བྱེད་བརྗོད། སྒྲུབ་བྱེད་གཞིག་པའོ། །དང་པོ་ལ་གཉིས་ལས། ལུང་གི་གནོད་བྱེད་ནི། གཅིག་ལས་ འཕྲོས་པ་ལས། ཉེས་པ་གཉིས་ཏེ། མི་དགེ་བ་དང་ལུང་དུ་མ་བསྟན་པའོ་ཞེས་ལྟུང་བ་ལུང་མ་བསྟན་ཡོད་པར་གསུངས་པ་དང་འགལ། མངོན་པ་གོང་འོག་གཉིས་ཀ་ལས་མི་དགེ་བ་རིགས་བཞིར་གསུངས་པ་ལས། དོན་དམ་པའི་མི་དགེ་བ་ནི་འཁོར་བ་ཐམས་ཅད་དོན་ དམ་པའི་མི་དགེ་བ་སྟེ་སྡུག་བསྔལ་དང་། ཉོན་མོངས་པ་དང་། ལས་མི་དགེ་བ་དང་། ལས་ལུང་མ་བསྟན་དང་། དགེ་བ་ཟག་བཅས་རྣམས་ཀྱང་དོན་དམ་པའི་མི་དགེ་བ་ཡིན་ནོ། །ངོ་བོ་ཉིད་ཀྱིས་མི་དགེ་བ་ནི། ཞེ་སྡང་ལ་སོགས་པ་སྟེ། ངོ་བོ་ཉིད་ཀྱིས་མི་དགེ་བའི་ངོ་བོར་སྐྱེས་ པའི་མི་དགེ་བའི་སེམས་བྱུང་རྣམས་ཡིན་ནོ། །མཚུངས་པར་ལྡན་པས་མི་དགེ་བ་ནི། སེམས་བྱུང་ཞེ་སྡང་དང་མཚུངས་པར་ལྡན་པས་མི་དགེ་བ་ཡིན་ལ། ཞེ་སྡང་དང་མཚུངས་ལྡན་དུ་སྐྱེས་བའི་ཚོར་བ་དང་སེམས་པ་ལ་སོགས་པ་སེམས་བྱུང་གཞན་རྣམས་ཀྱང་མཚུངས་པར་ལྡན་ པས་མི་དགེ་བ་ཡིན་པ་ལྟ་བུའོ། །ཀུན་ནས་སློང་བས་མི་དགེ་བ་ནི། ཞེ་སྡང་ལ་སོགས་པས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བ་རྣམས་ཏེ་ལུས་ཀྱི་ལས་བརྡེག་པ་ལ་སོགས་པ་དང་། ངག་གི་ལས་ཚིག་རྩུབ་མོ་སྨྲ་བ་ལ་སོགས་པ་རྣམས་ནི་ཀུན་ནས་སློང་བའི་དབང་གིས་ 6-1-212b མི་དགེ་བ་ཡིན་ནོ། །དེ་ལྟར་ན་ལྟུང་བ་ཐམས་ཅད་དོན་དམ་པའི་མི་དགེ་བ་ཡིན་མོད་ཀྱི། སྐབས་འདིར་དོན་དམ་པའི་མི་དགེ་བ་ཡིན་མིན་དཔྱོད་པ་མ་ཡིན་ལ། སྡིག་པ་མི་དགེ་བ་ཡིན་མིན་དཔྱོད་པའི་སྐབས་ཡིན་པས། ལྟུང་བ་ཐམས་ཅད་སྡིག་པ་མི་དགེ་བ་ཡིན་པར་མི་རིགས་ཏེ། ལུང་ལས། ལྟུང་བ་ལུང་མ་བསྟན་ཡོད་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །ལུང་ལ་བརྟེན་པའི་རིགས་པའི་གནོད་བྱེད་ལ་གཉིས་ལས། གནོད་བྱེད་དང་པོ་ནི། དགྲ་བཅོམ་པ་ལ་སྡིག་པ་མི་དགེ་བ་འབྱུང་སྲིད་པར་ཐལ། བཅས་འགལ་གྱི་ལྟུང་བ་འབྱུང་སྲིད་པའི་ ཕྱིར། །དེ་གང་གིས་འགྲུབ་ཅེ་ན་གཏམ་གྱི་གཞི་ལས། བཙུན་པ་དགྲ་བཅོམ་པ་དག་དགེ་བའི་སེམས་ཀྱིས་ནོངས་པར་འགྱུར་རམ། ལུང་དུ་མི་སྟོན་པའི་སེམས་ཀྱིས་ནོངས་པར་འགྱུར། ཨུ་པ་ལི་དགྲ་བཅོམ་པ་ཉེས་པ་བྱེད་ན་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ ཀྱིས་ཉེས་པར་འགྱུར་བ་ཞེས་བྱའོ་ཞེས་གསུངས་པས་སོ། །ཁྱབ་པ་མེད་ན་དམ་བཅའ་ཉམས་སོ། །འདོད་ན། འཕགས་པ་དགྲ་བཅོམ་པ་ཡིན་པ་དང་འགལ་ལོ། །གནོད་བྱེད་གཉིས་པ་ནི། སོ་སོ་སྐྱེ་བོས་ཤེས་བཞིན་མིན་པར་ཞུགས་པའི་ལྟུང་བ་ཆོས་ཅན། སྡིག་པ་ཡིན་ པར་ཐལ། ལྟུང་བ་ཡིན་པའི་ཕྱིར། ཁྱབ་པ་མེད་ན་ལྟུང་བ་ཐམས་ཅད་སྡིག་པ་ཡིན་པ་ཉམས་སོ། །འདོད་ན། གཏམ་གཞི་ལས། སངས་རྒྱས་ཀྱི་བསྟན་པ་ལ་མ་བསམས་བཞིན་དུ་འདྲལ་བར་བྱེད་པ་ནི་ནོངས་པ་ལུང་དུ་མ་བསྟན་པའོ་ཞེས་པ་དང་། ལུང་གཞི་ལས། ལུང་དུ་ མ་བསྟན་པ་གང་ཞེ་ན། སངས་རྒྱས་ཀྱིས་བསླབ་པ་བཅས་པ་དང་། དགེ་འདུན་གྱིས་ཁྲིམས་སུ་བཅས་པ་ལས་ཆེད་དུ་མ་བསམས་པར་འདས་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པའོ་ཞེས་གསུངས་སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། བཅས་པའི་ཁ་ན་མ་ཐོ་བ་ 6-1-213a སྡིག་པ་ཡིན་པར་བཤད་པ་ཐམས་ཅད་ཁྱད་གསོད་ལ་སོགས་པ་ཀུན་སློང་གློ་བུར་བ་དང་འབྲེལ་པ་ལ་དགོངས་པ་ཡིན་ཏེ། ལྕི་ཡང་བསྟན་པའི་མདོ་ལས། ཁྱད་དུ་གསོད་པའི་རྒྱུ་རྐྱེན་གྱིས། །ཚེ་ཡི་དུས་བྱས་ངན་འགྲོར་ལྟུང་། །ཞེས་པ་དང་། དེ་ཉིད་ལས། སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་ཅིང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པས་ཞུགས་པ་ན་ཞེས་དང་། རྒྱལ་སྲས་མར། བཅས་པའི་ཁ་ན་མ་ཐོ་བ་ནི་བཀག་པས་སྡིག་ཏུ་གྱུར་པ་སྟེ་ཞེས་པའི་རྒྱུ་མཚན་དུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མ་གུས་པའི་ཕྱིར་ཞེས་བཤད་པས་སོ། ། དེ་ཡང་བསླབ་པ་ལ་ཁྱད་དུ་གསོད་ཅིང་བཅས་པ་ལས་འདས་ན་ཁྱད་དུ་གསོད་པའི་ཆ་ནས་ཉེས་བྱས་གཞན་ཞིག་བསྐྱེད་ལ། ཁྱད་དུ་བསད་པའི་ཉེས་བྱས་དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པ་ལ་དགོངས་ནས་བཅས་པའི་ཁ་ན་མ་ཐོ་བ་སྡིག་པ་ཡིན་པར་གསུངས་སོ། །ཞེ་སྡང་ གིས་ས་རྐོ་བ་ལ་སོགས་པ་དེ་བཞིན་ནོ། །རིགས་པའི་སྒྲུབ་བྱེད་དེ་ཡང་མ་ངེས་ཏེ། བཅས་པ་མ་བསྲུངས་པ་ལས་སྡིག་པ་མི་འབྱུང་ཡང་། བསྲུངས་པ་ལས་བསོད་ནམས་འབྱུང་བ་ཅིས་འགལ་ཏེ། ཁྱོད་ལྟར་ན་དུས་ཁྱད་པར་ཅན་ཚེས་བརྒྱད་དང་ཚེས་བཅོ་ལྔའི་ནུབ་མོར་ཆོས་ བཤད་ཉན་བྱས་པ་ཆོས་ཅན། དེའི་ཚེ་ནད་པས་ཆོས་བཤད་ཉན་བྱས་པ་ལས་བསོད་ནམས་མི་འབྱུང་བར་ཐལ། དེའི་ཚེ་ནད་པས་ཆོས་བཤད་ཉན་མ་བྱས་པ་ལས་སྡིག་པ་མི་འབྱུང་བའི་ཕྱིར་ཏེ། ནད་པས་དེ་མ་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་སོ། ། གཞན་ཡང་དགེ་སློང་ གིས་ཉིན་རེ་བཞིན་རྟག་པར་དགྲ་བཅོམ་ལྔ་བརྒྱ་ལ་ཆོས་སྟོན་བྱས་ཀྱང་བསོད་ནམས་མི་འབྱུང་བར་ཐལ། ཉིན་རེ་བཞིན་དུ་དེ་ལྟར་མ་བྱས་པ་ལ་སྡིག་པ་མི་འབྱུང་བའི་ཕྱིར། ཁྱབ་པ་མེད་ན། མ་བྱས་པ་ལ་སྡིག་པ་མི་འབྱུང་ན་བྱས་པ་ལ་ཡང་བསོད་ནམས་མི་འབྱུང་བར་མཚུངས་ 6-1-213b སོ་ཞེས་དམ་བཅའ་ཉམས་སོ། །གཉིས་པ་རང་ལུགས་བཞག་པ་ནི། ཤ་སྦལ་མཚོ་སྣ་པ་རྣམས་དང་མཐུན་པར་འཆད་པར་བྱ་སྟེ། བཅས་རང་གི་ཁྱད་པར་ལ། རྒྱུ། ངོ་བོ། འབྲས་བུའི་ཁྱད་པར་ལས། དང་པོ་ནི། རྒྱུ་མི་དགེ་བས་ཀུན་ནས་བསླངས་པའི་ལྟུང་བ་ནི་རང་ བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྒྱུ་དགེ་བའམ་ལུང་མ་བསྟན་གྱིས་ཀུན་ནས་བསླང་བའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། གཏམ་གྱི་གཞི་ལས། དགེ་སློང་དགེ་བའི་སེམས་དང་ལྡན་པས་ནོངས་པར་འགྱུར་རམ། མི་དགེ་བའི་སེམས་དང་ལུང་དུ་མི་སྟོན་པའི་སེམས་ དང་ལྡན་པས་ནོངས་པར་འགྱུར། བཀའ་སྩལ་པ། དགེ་བའི་སེམས་དང་། མི་དགེ་བའི་སེམས་དང་། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཡོད་དོ་ཞེས་གསུངས་སོ། །གཉིས་པ་ནི། རང་གི་ངོ་བོ་མི་དགེ་བ་དང་བདག་གཅིག་པའི་ལྟུང་བ་ནི་རང་ བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རང་གི་ངོ་བོ་ལུང་མ་བསྟན་དང་བདག་གཅིག་པའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། གཏམ་གྱི་གཞི་ལས། ནོངས་པ་དགེ་བ་ཞེས་བགྱིའམ། མི་དགེ་བ་ཞེས་བགྱིའམ་ལུང་དུ་མི་སྟོན་པ་ཞེས་བགྱི། བཀའ་སྩལ་པ། ཉེས་པ་མི་ དགེ་བ་ཞེས་ཀྱང་བྱ། ལུང་དུ་མ་བསྟན་པ་ཞེས་ཀྱང་བྱའོ་ཞེས་གསུངས་སོ། །གསུམ་པ་ནི། རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་ལྡན་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་ པའི་ནུས་པ་དང་མི་ལྡན་པའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ། གཏམ་གྱི་གཞི་ལས། ནོངས་པ་རྣམ་པར་སྨིན་པ་ཞེས་བགྱིའམ་རྣམ་པར་མི་སྨིན་པ་ཞེས་བགྱི། རྣམ་པར་སྨིན་པ་ཞེས་ཀྱང་བྱ། རྣམ་པར་མི་སྨིན་པ་ཞེས་ཀྱང་བྱའོ་ཞེས་གསུངས་པས་ཤེས་སོ་ཞེས་གསུངས་ 6-1-214a སོ། །དེ་རྣམས་ལ་ཡང་རྣམ་པར་དཔྱད་པར་བྱ་སྟེ། རྒྱུའི་ཁྱད་པར་ལ་རྣམ་པར་དཔྱད་ན་གལ་ཏེ་བཅས་ལྡན་དགེ་སློང་གིས་དགེ་བའི་སེམས་ཀྱིས་ཀུན་ནས་བསླངས་ནས་མ་བསད་པ་ཆོས་ཅན། སྡིག་པ་མཚམས་མེད་ཅན་གྱི་ལྟུང་བ་འབྱུང་བ་ཁེགས་པར་ཐལ། དགེ་བའི་སེམས་ཀྱིས་ཀུན་ནས་བསླངས་པ་ཡིན་པའི་ཕྱིར། ཁྱབ་པ་མེད་ན། དགེ་བའི་སེམས་ཀྱིས་ཀུན་ནས་བསླངས་པའི་ལྟུང་བ་དེ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་འདོད་པ་ཉམས་སོ། །འདོད་ན། གཏམ་གྱི་གཞི་ལས། དགེ་སློང་གིས་དགེ་བའི་སེམས་ཀྱིས་མ་སྲོག་དང་ ཕྲལ་ན་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་བ་ཡོད་དེ། འདི་ལྟར་དགེ་སློང་གིས་མ་ཞིག་ནད་བུ་ཅན་ཡུན་རིང་ཞིག་ནས་སྡུག་བསྔལ་གྱིས་དྲག་ཏུ་གཟིར་ཞིང་གནོད་པ་ཆེར་འགྱུར་བ་མྱོང་བ་དེ་ལ་སྙིང་རྗེའི་བསམ་པ་དེ་ལྟ་བུའི་རྐྱེན་གྱིས་མ་ སྲོག་དང་ཕྲལ་ན་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ་ཞེས་གསུངས་ལ། དེ་ནི་དྲི་བ་རྒྱ་ཆེར་འགྲེལ་ལས་ཀྱང་བཤད་དོ་ཞེ་ན། སྐྱོན་དེ་ཡོད་པ་མིན་ཏེ། དེ་ལྟར་མ་བསད་པའི་སྡིག་པ་མཚམས་མེད་འབྱུང་བ་ནི། མཛོད་ལས། ཀུན་སློང་ ལ་རབ་ཏུ་འཇུག་བྱེད་དང་། རྗེས་སུ་འཇུག་བྱེད་གཉིས་སུ་གསུངས་པས། འདིར་རབ་ཏུ་འཇུག་བྱེད་སྙིང་རྗེའི་བསམ་པས་ཀུན་ནས་སློང་ཡང་། རྗེས་སུ་འཇུག་བྱེད་ཉན་ཐོས་ཀྱི་ལུགས་ཀྱིས་སྲོག་གཅོད་འདོད་དེ་མི་དགེ་བའི་བསམ་པ་ཡིན་པས། སྐབས་འདིར་དངོས་ཀྱི་ཀུན་སློང་ མ་གསོད་པར་འདོད་པའི་བསམ་པས་ཀུན་ནས་བསླངས་ཏེ། མ་བསད་པ་ཡིན་པས་སྡིག་པ་མཚམས་མེད་འབྱུང་བའོ། །དེས་ན་བཅས་རང་གི་ཁ་ན་མ་ཐོ་བ་གཉིས་ཀྱི་རྒྱུའི་ཁྱད་པར་ནི་དངོས་ཀྱི་ཀུན་སློང་ལས་མི་དགེ་བ་དང་། དངོས་ཀྱི་ཀུན་སློང་ལས་དགེ་བ་དང་། ལུང་མ་བསྟན་ 6-1-214b གྱིས་སོ། །ངོ་བོའི་ཁྱད་པར་ཡང་རྣམ་པར་དཔྱད་ན་བཅས་པའི་ཁ་ན་མ་ཐོ་བ་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པར་ཐལ། རང་གི་ངོ་བོ་མི་དགེ་བ་དང་བདག་གཅིག་པའི་ལྟུང་བ་ཡིན་པའི་ཕྱིར་ཏེ། རང་གི་ངོ་བོ་དོན་དམ་པའི་མི་དགེ་བ་དང་བདག་གཅིག་པའི་ལྟུང་བ་ཡིན་ པའི་ཕྱིར་སྙམ་ན། སྐྱོན་མེད་དེ། དོན་དམ་པའི་མི་དགེ་བ་དང་། ལས་མི་དགེ་བ་ནི་ཁྱབ་ཆེ་ཆུང་ཡོད་པའི་ཁྱད་པར་ལས་སོ། །དེས་ན་ལས་མི་དགེ་བ་དང་ངོ་བོ་གཅིག་པ་ནི་རང་བཞིན་དང་། ལས་ལུང་མ་བསྟན་དང་ངོ་བོ་གཅིག་པ་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་ནོ། །འདི་ གཉིས་ཀྱི་འབྲས་བུའི་ཁྱད་པར་ནི། རང་གི་ངོ་བོའི་ཆ་ནས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་ཡོད་པའི་ལྟུང་བ་རང་བཞིན་གྱི་དང་། དེ་མི་ནུས་པའི་ལྟུང་བ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ། རྩོད་པ་བཞི་ལས། དང་པོ་ནི། བཅས་པའི་ ཁ་ན་མ་ཐོ་བ་ཆོས་ཅན། སྡིག་པ་མི་དགེ་བ་ཡིན་མི་སྲིད་དུ་ཐལ། ལུང་མ་བསྟན་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། གསེར་འོད་དམ་པ་ལས། བཅས་པའི་སྡིག་པ་གང་བགྱིས་པ། །ཞེས་གསུངས་པ་དང་། མཛོད་ཀྱི་འགྲེལ་བཤད་ལས། བཅས་པའི་ཁ་ ན་མ་ཐོ་བ་ནི་བཀག་པས་སྡིག་ཏུ་གྱུར་པ་སྟེ་ཞེས་བཤད་པ་དང་འགལ་ཅེ་ན། དེ་དག་ནི་ཁྱད་གསོད་ལ་སོགས་པ་ཀུན་སློང་གློ་བུར་བ་དང་འབྲེལ་བ་ལ་དགོངས་པ་ཡིན་ནོ་ཞེས་དེ་ལྟར་དགོངས་པའི་སྒྲུབ་བྱེད་ལུང་འདྲེན་དང་བཅས་པ་གོང་དུ་བཤད་ཟིན་ཏོ། །རྩོད་པ་གཉིས་པ་ནི། འདི་སྐད་དུ། དགེ་སློང་གིས་ཆང་འཐུངས་པའི་ལྟུང་བ་ཆོས་ཅན། བཅས་པའི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་ལྡན་པའི་ཕྱིར་ཏེ། མདོ་དྲན་ཉེ་ལས། བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་རྟོན། ། 6-1-215a མྱོང་ཚེ་བསིལ་ཡང་རྣམ་སྨིན་ཚ། །ཆང་གིས་དམྱལ་བར་འགྲོ་བར་བྱེད། །ཅེས་གསུངས་པས། རྟགས་ལུང་གིས་གྲུབ། ཁྱབ་པ་ཁས་བླངས། འདོད་ན། འོད་ལྡན་ལས། འཕགས་པ་ཉེར་སྦས་ཀྱིས་ནི་མྱོས་པར་འགྱུར་བའི་ཁུ་བ་བཅས་པའི་ཁ་ན་མ་ ཐོ་བ་ཡིན་ཀྱང་ཤིན་ཏུ་སྨད་པ་ཡིན་ཏེ། ཞེས་བཤད་དོ་ཞེ་ན། མཛོད་འགྲེལ་ལས། ཉན་ཐོས་འདུལ་བ་པ་རྣམས་ནི་ཆང་འཐུང་བའི་ལྟུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བར་འདོད་ལ། ཉན་ཐོས་མངོན་པ་བ་རྣམས་ནི་ཆང་འཐུང་བའི་ལྟུང་བ་བཅས་པའི་ཁ་ན་མ་ཐོ་བར་འདོད་ཅེས་བཤད་ ནས། ཆང་འཐུངས་པའི་རྣམ་སྨིན་གསུངས་པ་རྣམས་ཀྱི་དགོངས་པ་ཉན་ཐོས་མངོན་པ་བ་ལྟར་ཁས་བླངས་ན། མཛོད་འགྲེལ་ལས། ཧ་ཅང་ཀུན་ཏུ་བསྟེན་པས་ངན་འགྲོར་འགྲོ་བར་གསུངས་པ་ནི་ཆང་འཐུང་བ་དེའི་ཞར་ལ་ཚིག་རྩུབ་དང་བརྡེག་པ་ལ་སོགས་པ་མི་དགེ་བའི་རྒྱུན་ཡང་དང་ ཡང་དུ་འཇུག་པས་ངན་སོང་བའི་ལས་འཕེན་པའམ་འཇུག་པ་ཐོབ་པའི་ཕྱིར་རོ་ཞེས་བཤད་དོ། །མདོ་རྩ་འགྲེལ་དང་འོད་ལྡན་རྩ་འགྲེལ་ལ་སོགས་པ་འདུལ་བའི་བསྟན་བཅོས་རྣམས་ཀྱང་ཆང་གི་སྐབས་འདིར་ཉན་ཐོས་མངོན་པ་པའི་རྗེས་སུ་འབྲང་བ་སྟེ། ཆང་འཐུང་བའི་ལྟུང་བ་ བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་གསུངས་པའི་ཕྱིར་རོ། །གལ་ཏེ་ཆང་འཐུངས་པ་ལས་རང་བཞིན་གྱི་སྡིག་པ་འབྱུང་ན་ནི། ལེགས་འོངས་འཕགས་པ་དགྲ་བཅོམ་པ་ཆང་གིས་མྱོས་པར་གྱུར་པ་དང་འགལ་ལོ། །རྩོད་པ་གསུམ་པ་ནི། འདི་སྐད་དུ། བྱེ་སྨྲའི་གྲུབ་མཐའ་ ལྟར་ན། འབྲས་བུ་མཐོང་ཆོས་ལ་འབྱུང་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། ཚེ་ཕྱི་མ་ཕན་ཆད་དུ་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་མི་ལྡན་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་པས་ 6-1-215b གྲུབ་ཅིང་། གཏན་ཚིགས་ནི། མཛོད་འགྲེལ་ལས། བྲེ་བྲག་ཏུ་སྨྲ་བ་རྣམས་ནི་འབྲས་བུ་མཐོང་ཆོས་འབྱུང་བའི་ལས་ལ་ཚེ་ཕྱི་མ་ཕན་ཆད་དུ་རྣམ་སྨིན་གྱི་འབྲས་བུ་མེད་པར་འདོད་པར་བཤད་པས་གྲུབ་བོ་ཞེ་ན། སྐྱོན་མེད་དེ། མཛོད་འགྲེལ་ལས། བྱེ་སྨྲ་ལས་གཞན་མདོ་སྡེ་པ་ དག་ན་རེ། མཐོང་ཆོས་འབྱུང་བའི་སྡིག་པ་ཆེས་སྟོབས་དང་ལྡན་པའི་འབྲས་བུ་མཐོ་རིས་ཀྱི་སྡུག་བསྔལ་ཙམ་དུ་ཟད་པར་མི་རིགས་པས། མཐོང་ཆོས་འབྱུང་བའི་སྡིག་པའི་རྣམ་སྨིན་ཚེ་རབས་གཞན་དག་ནའང་ཡོད་དོ་ཞེས་ཟེར་རོ་ཞེས་འབྱུང་བའི་དོན་ལྟར་བཟུང་དགོས་ཏེ། འབྲས་བུ་མྱོང་བའི་མགོ་བརྩམས་པའི་དབང་དུ་བྱས་པའི་ཕྱིར་ཏེ། མཛོད་འགྲེལ་ལས། རྩོམ་པའི་དབང་གིས་མིང་དེ་རྣམ་པར་བཞག་གོ་ཞེས་བཤད་དོ། །རྩོད་པ་བཞི་པ་ནི། འདི་སྐད་དུ། ཚེ་དེ་ཉིད་ལ་དགྲ་བཅོམ་པར་འགྱུར་བའི་ཉ་པ་ལྔ་བརྒྱ་པོའམ་འཆར་ཀ་ལྟ་བུ་སྲིད་ པ་ཐ་མ་པས་སྲོག་གཅོད་པའི་ཁ་ན་མ་ཐོ་བ་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པར་ཐལ། ཚེ་ཕྱི་མ་ཕན་ཆད་དུ་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པ་མི་སྲིད་པའི་ཕྱིར་ཏེ། དགྲ་བཅོམ་པ་ཐོབ་ནས་ཕྱིས་སྐྱེ་བ་མི་ལེན་པའི་ཕྱིར་རོ། །འདོད་ན། ཊཱི་ཀ་ ལས། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཞེས་གསུངས་སོ་ཞེ་ན། །སྐྱོན་མེད་དེ། སྲིད་པ་ཐ་མ་པས་བྱས་པའི་སྡིག་ལྟུང་ལ་ལས་ཀྱི་ངོ་བོའི་ཆ་ནས་རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ནུས་པ་ཡོད་ཀྱང་། གཉེན་པོས་དག་པར་བྱས་པ་ལ་སོགས་པའི་ ཁྱད་པར་གྱི་རྣམ་སྨིན་གྱི་འབྲས་བུ་མི་འབྱིན་པའོ། །བཞི་པ་འཕྲོས་པའི་དོན་ནི། དགེ་སློང་གཅིག་གིས་དུད་འགྲོ་གཅིག་བསད་ན་སྲོག་གཅོད་པའི་སྡིག་པ་དེ་དང་དུད་འགྲོ་གསོད་པའི་ལྟུང་བྱེད་དེ་ངོ་བོ་གཅིག་གམ་ཐ་དད། མདོར་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་རང་རང་གི་སྡིག་ལྟུང་ 6-1-216a ངོ་བོ་གཅིག་གམ་ཐ་དད་ཅེས་འདྲི་ན། འདི་ལ་གསུམ་སྟེ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་དང་། རྩོད་པ་སྤང་བའོ། །དང་པོ་ནི། རྒྱ་མང་ར་བ་ཆེན་པོ་ན་རེ། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་ལྟུང་གཉིས་ངོ་བོ་ཤིན་ཏུ་ཐ་ དད་དེ། སྐྱེད་པར་བྱེད་པའི་རྟེན་ཐ་དད་པའི་ཕྱིར་དང་། རྒྱུ་ཐ་དད་པའི་ཕྱིར་དང་། དག་བྱེད་གཉེན་པོ་ཐ་དད་པའི་ཕྱིར་རོ། །དེ་ཡང་སྡིག་པ་ནི། རྟེན་ཁྱིམ་པ་ལའང་བསྐྱེད་ཅིང་། ལྟུང་བ་ནི་རབ་ཏུ་བྱུང་བ་ཁོ་ན་ལ་བསྐྱེད་པའི་ཕྱིར་དང་། སྡིག་པ་ནི་དངོས་པོའི་སྟོབས་ལས་ བྱུང་ཞིང་། ལྟུང་བ་ནི་བཅས་པའི་སྟོབས་ལས་བྱུང་བའི་ཕྱིར་དང་། སྡིག་པ་ནི་སྟོབས་བཞིའི་བཤགས་པས་དག་པར་བྱེད་ཅིང་། ལྟུང་བ་ནི་མིང་རིགས་བརྗོད་པའི་ཕྱིར་བཅོས་ཀྱིས་དག་པའི་ཕྱིར་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང་། སྒྲུབ་བྱེད་ གཞིག་པའོ། །དང་པོ་ནི། གཏམ་གཞི་ལས། ཉེས་པ་མི་དགེ་བ་ཞེས་ལྟུང་བ་དང་མི་དགེ་བ་ངོ་བོ་གཅིག་ཏུ་བཤད་པ་དང་འགལ་ལོ། །ལུང་ལ་བརྟེན་པའི་རིགས་པའི་གནོད་བྱེད་གསུམ་ལས། དང་པོ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བའི་ལྟུང་བ་ཐམས་ཅད་ཆོས་ཅན། ལུང་མ་ བསྟན་ཡིན་པར་ཐལ། དགེ་བ་ནི་མ་ཡིན་ཅིང་སྡིག་པ་མི་དགེ་བ་ལས་ངོ་བོ་ཐ་དད་ཡིན་པའི་ཕྱིར་རོ། །རྟགས་ཟུར་སྔ་མ་ནི་ལྟུང་བ་ཡིན་པས་གྲུབ་ཅིང་། རྟགས་ཟུར་ཕྱི་མ་ནི་ཁས་བླངས་པས་གྲུབ་བོ། །དགེ་བ་ནི་མ་ཡིན་ཅིང་སྡིག་པ་མི་དགེ་བ་ལས་ངོ་བོ་ཐ་དད་ན་ལུང་མ་བསྟན་ ཡིན་པ་ལས་འོས་མེད་པའི་ཕྱིར། ཁྱབ་པ་གྲུབ་བོ། །འདོད་ན། ལུང་ལས། ཉེས་པ་མི་དགེ་བ་ཞེས་བྱ། །ཞེས་གསུངས་སོ། །གནོད་བྱེད་གཉིས་པ་ནི། བཅས་ལྡན་དགེ་སློང་གཅིག་གིས་སྲོག་ཆགས་གཅིག་བསད་པའི་ལས་ཀྱི་དངོས་གཞི་དེ་ཆོས་ཅན། སྲོག་བཅད་པའི་ལས་ 6-1-216b ཀྱི་དངོས་གཞི་གཉིས་ཡིན་པ་སྲིད་པར་ཐལ། སྲོག་བཅད་པའི་སྡིག་པའི་དངོས་གཞི་དང་ལྟུང་བའི་དངོས་གཞི་གཉིས་ངོ་བོ་ཐ་དད་ཡིན་པའི་ཕྱིར་རོ། །རྟགས་དང་ཁྱབ་པ་མ་གྲུབ་ན་སྡིག་ལྟུང་ངོ་བོ་ཐ་དད་པའི་དམ་བཅའ་ཉམས་ལ། འདོད་ན། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས། སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པའི་ཕྱིར། ཞེས་གསོད་བྱེད་གཅིག་གིས་སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པར་གསུངས་སོ། །གནོད་བྱེད་གསུམ་པ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་ཆོས་ཅན། ལྟུང་བ་ཕྱིར་ བཅོས་བྱས་པས་སྡིག་པ་མི་འདག་པར་ཐལ། ལྟུང་བ་དང་སྡིག་པ་ངོ་བོ་ཐ་དད་པའི་ཕྱིར། ངོ་བོ་ཐ་དད་ན་གཅིག་ལ་གནོད་པ་བྱས་པས་ཐ་དད་གཞན་ལ་གནོད་པར་མ་ངེས་ཏེ། རྟ་བསད་པས་གླང་པོ་ལ་མི་གནོད་པ་བཞིན་ནོ་ཞེས་གསུངས་སོ། །འདོད་ན། ལུང་གཞི་དང་། ཀར་ ཤ་ལས། ལྷག་མའི་དབྱུང་བ་མ་བྱས་པའི་སྐབས་སུ། ཁྱོད་ཀྱི་འགྲོ་བ་ནི་གཉིས་ཏེ། སེམས་ཅན་དམྱལ་བའམ་དུད་འགྲོའོ་ཞེས་གསུངས་ལ། དབྱུང་བ་བྱས་པའི་སྐབས་སུ། ཁྱོད་ཀྱི་འགྲོ་བ་ནི་གཉིས་ཏེ། ལྷའམ་མིའོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་སྒྲུབ་ བྱེད་གཞིག་པ་ནི། ཁྱོད་ཀྱིས་བཀོད་པའི་སྒྲུབ་བྱེད་གསུམ་ཆར་མ་གྲུབ་སྟེ། རྟེན་བཅས་ལྡན་དགེ་སློང་གཅིག་གི་དབང་དུ་བྱས་པ་ཡིན་ལ། དངོས་པོའི་སྟོབས་དེ་ཉིད་ལས་ཐ་མི་དད་དུ་བཅས་ཤིང་ལྟུང་བ་ཕྱིར་བཅོས་ལ་སྟོབས་བཞི་ཚང་བའི་ཕྱིར་རོ། །སྟོབས་བཞིའི་ཚང་ ལུགས་འོག་ཏུ་འཆད་དོ། །གཉིས་པ་རང་ལུགས་བཞག་པ་ནི། བཅས་ལྡན་དགེ་སློང་གཅིག་གིས་དུད་འགྲོ་སེར་ཟལ་གཅིག་བསད་པ་ལྟ་བུ་རང་བཞིན་གྱི་ཁ་ན་མ་ཐོ་བ་རང་རང་གི་སྡིག་ལྟུང་ངོ་བོ་གཅིག་ལ། ལྡོག་པ་ཐ་དད་པ་ཡིན་ཏེ། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་ 6-1-217a ནུས་ཀྱི་ལྡོག་པའི་ཆ་ནས་སྡིག་པ་ཡིན་ལ། བཅས་པ་ལས་འདས་པའི་ལྡོག་པ་ནས་ལྟུང་བ་སྟེ། དེ་གཉིས་ཀྱང་དུད་འགྲོ་སེར་ཟལ་བསད་པའི་ལས་སུ་ངོ་བོ་གཅིག་པ་ལྟ་བུའོ། །ངོ་བོ་གཅིག་པའི་ལུང་ནི་གཏམ་གྱི་གཞི་ལས། ཉེས་པ་མི་དགེ་བ་ཞེས་བྱ། ཞེས་གསུངས་སོ། །གསུམ་པ་རྩོད་སྤང་ལ་གསུམ་ལས། རྩོད་པ་དང་པོ་ནི། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ལས་སྡིག་པ་མཚམས་མེད་བྱུང་ཞིང་། ལྟུང་བ་སྦོམ་པོ་བྱུང་བ་ན་ལྟུང་བ་སྦོམ་པོའི་བཤགས་སྡོམ་ཚུལ་བཞིན་དུ་བྱས་པ་ཉིད་ཆོས་ཅན། ལྟུང་ བ་སྦོམ་པོ་དེ་དང་ངོ་བོ་གཅིག་པའི་སྡིག་པ་མཚམས་མེད་དེ་དག་པར་ཐལ། ལྟུང་བ་སྦོམ་པོ་དེ་དག་པའི་ཕྱིར། རྟགས་གཞུང་གིས་གྲུབ་སྟེ། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ་ཞེས་གསུངས་པས་སོ། །ཁྱབ་པ་མེད་ན་སྡིག་ལྟུང་ངོ་བོ་གཅིག་ཡིན་པ་ ཉམས་སོ། །འདོད་ན་ཆོས་ཅན་སྔར་བཞིན། སྡིག་པ་མཚམས་མེད་ཀྱིས་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་ལས་གྲོལ་བར་ཐལ། སྡིག་པ་མཚམས་མེད་ལས་གྲོལ་བའི་ཕྱིར། འདོད་ན། འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ་ཞེས་ཚེ་དེ་ལ་གྲོལ་བའི་སྐབས་མེད་ དུ་བཤད་པ་དང་འགལ་ལ། སྤྱིར་བསྟན་གྱི་ཊཱི་ཀ་ལས་ཀྱང་། ཕ་མ་བསད་པ་ལ་སོགས་པ་གཏན་གྱི་བར་ཆད་དང་ལྡན་པ་ཞེས་བཤད་དོ་ཞེ་ན། ཐལ་འགྱུར་དང་པོ་ལ་འདོད་ཅིང་། ཐལ་འགྱུར་གཉིས་པའི་རྟགས་ལ་བརྟགས་ཏེ། ལྟུང་བ་སྦོམ་པོ་དང་ངོ་བོ་གཅིག་པའི་མཚམས་ མེད་དེ་ལས་གྲོལ་བའི་ཕྱིར་ཟེར་རམ། སྡིག་པ་མཚམས་མེད་ཀྱི་རྒྱུན་སྐད་ཅིག་གཉིས་པ་ཕན་ཆད་ཀྱི་མཚམས་མེད་དེ་ལས་གྲོལ་བའི་ཕྱིར་ཟེར། དང་པོ་ལྟར་ན་ཁྱབ་པ་མེད་ཅིང་། གཉིས་པ་ལྟར་ན་རྟགས་མ་གྲུབ་བོ། །འོ་ན་སྡིག་ལྟུང་ངོ་བོ་གཅིག་པ་ཡིན་པ་ཉམས་སོ་ཞེ་ན། 6-1-217b མིན་ཏེ། མགོ་མཚུངས་དང་། རྣལ་ལན་ནོ། །དང་པོ་ནི། འོ་ན་དཔལ་ཆོས་ཀྱི་གྲགས་པས། ལྕགས་ཀྱི་གོང་བུ་ཡང་མེ་དང་འབྲེལ་བ་ལས་དེ་ལྟར་སྐྱེས་པའི་དོན་གཞན་གཅིག་ཉིད་དེ་ལྟར་མཐོང་བ་ཡིན་གྱི། རང་བཞིན་ཐ་དད་པའི་རྫས་དག་འདྲེས་པའི་ཕྱིར་རྣམ་པར་མ་ ཕྱེད་པ་ནི་མ་ཡིན་ནོ་ཞེས་ལྕགས་སྲེགས་དམར་ལྷང་གི་མེ་ལྕགས་རྫས་གཅིག་ཏུ་གོ་བར་བྱས་ནས། ལྕགས་སྲེག་དམར་ལྷང་ཆུ་གྲང་གི་རྫིང་བུར་སྤྱིང་བ་ཉིད་ན་ཆོས་ཅན། ལྕགས་སྲེག་ཆུ་གྲང་གི་ནང་དུ་སྤྱིང་བ་དེའི་ལྕགས་ཀྱི་རང་བཞིན་དོར་བར་ཐལ། ལྕགས་སྲེག་ཆུ་གྲང་ གི་ནང་དུ་སྤྱིང་བ་དེའི་མེའི་རང་བཞིན་དོར་བའི་ཕྱིར་རོ། །ཁྱབ་པ་མེད་ན། རྣམ་ངེས་ལས། མེ་ལྕགས་རྫས་གཅིག་ཏུ་བཤད་པ་དང་འགལ་ལོ་ཞེས་མགོ་མཚུངས་སོ། །གལ་ཏེ་ལྕགས་སྲེག་དམར་ལྷང་གི་གནས་སྐབས་ན་མེ་ལྕགས་རྫས་གཅིག་པ་ཡིན་གྱི། ཕྱིས་ཆུ་གྲང་གི་ ནང་དུ་སྤྱིང་བ་ན་རྫས་གཅིག་མ་ཡིན་ནོ་ཞེ་ན། དེ་བཞིན་དུ་འདིར་ཡང་སྦོམ་པོ་བཤགས་སྡོམ་མ་བྱས་པའི་གནས་སྐབས་ན་དེའི་སྡིག་ལྟུང་ངོ་བོ་གཅིག་པ་ཡིན་གྱི། ཕྱིས་ལྟུང་བ་སྦོམ་པོ་བཤགས་པ་ན་ངོ་བོ་གཅིག་པ་མིན་ནོ། །གཉིས་པ་རྣལ་མའི་ལན་ནི། ལྟུང་བ་སྦོམ་པོ་བཤགས་ པའི་སྐད་ཅིག་མའི་གནས་སྐབས་དེ་ན། བཤགས་པ་དེའི་སྟོབས་ཀྱིས་ལྟུང་སྦོམ་དང་ངོ་བོ་གཅིག་པའི་སྡིག་པའི་མཚམས་མེད་དག་ལ། དེ་བཤགས་ཟིན་པའི་སྐད་ཅིག་གཉིས་པར་ལྟུང་སྦོམ་དང་ངོ་བོ་གཅིག་པའི་སྡིག་པའི་མཚམས་མེད་ཀྱི་རྒྱུན་ཆད་ཀྱང་བྱེ་བྲག་ལྟུང་སྦོམ་གྱི་ངོ་ བོ་དང་གཅིག་པར་གྱུར་པའི་སྡིག་པའི་མཚམས་མེད་དང་ཡན་གར་སོང་བའི་ཕྱིར་སྡིག་པའི་མཚམས་མེད་འབྱུང་བ་ཅིས་འགལ་བའོ། །འདིར་ཤ་མི་ན་རེ། ལྟུང་བ་བཤགས་པར་བྱས་པས་ལྟུང་བ་མངོན་གྱུར་བྱེད་པ་དང་བཅས་པ་དག་ཅིང་ལྟུང་བ་དག་ཚོད་དེའི་ཆའི་སྡིག་པ་དག་ 6-1-218a པར་ཐལ་བ་འདོད་ཅེས་ཟེར་རོ། །དེ་ནི་མི་རིགས་ཏེ། མྱོང་ངེས་ཀྱི་ལས་དང་མྱོང་བར་མ་ངེས་པའི་ལས་གཉིས་ལས། མཚམས་མེད་ལྔ་ལ་སོགས་པ་རྣམ་སྨིན་མྱོང་ངེས་ཀྱི་ལས་དང་འབྲེལ་བའི་ལྟུང་བ་དེ་བཤགས་པའི་ཆོ་ག་ལན་གསུམ་བརྗོད་ཅིང་། བསྡམས་པ་ཙམ་གྱིས་མཚམས་མེད་པའི་ལས་མངོན་གྱུར་བྱེད་པ་དང་བཅས་པ་དག་པར་འགྱུར་རམ་ཅི། དེ་ནི་མི་རིགས་ཏེ། དེ་ལྟར་ན་མྱོང་ངེས་ཀྱི་ལས་ཡིན་པ་དང་འགལ་བའི་ཕྱིར་རོ། །མྱོང་བར་མ་ངེས་པ་དང་འབྲེལ་བའི་ལྟུང་བ་ནི་ཚུལ་བཞིན་དུ་བཤགས་སྡོམ་བྱས་པ་ན་ལྟུང་ བ་དག་ཚོད་དེའི་ཆའི་སྡིག་པའང་དག་པར་རིགས་ཏེ། འདི་ལ་ལུང་རིགས་གཉིས་ལས། ལུང་ནི་གཞི་དང་ཀར་ཤ་ལས། ལྷག་མའི་དབྱུང་བ་མ་བྱས་པའི་སྐབས་སུ་ངན་སོང་དུ་འགྲོ་བར་གསུངས་ལ། དབྱུང་བ་བྱས་པའི་སྐབས་སུ་མཐོ་རིས་སུ་འགྲོ་བར་གསུངས་པ་ལས་ ཤེས་ལ། ལུང་ལ་བརྟེན་པའི་རིགས་པས་ཀྱང་ཤེས་ཏེ། སྡིག་པ་ནི་སྟོབས་བཞིས་འདག་ལ། ལྟུང་བ་ཕྱིར་བཅོས་ལ་སྟོབས་བཞི་ཚང་བའི་ཕྱིར་རོ། །དེ་ཡང་གང་གི་མདུན་དུ་ཕྱིར་འཆོས་པའི་ཡུལ་དེ་རྟེན་གྱི་སྟོབས། འགྱོད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་བསྡམས་པ་ སོར་ཆུད་པའི་སྟོབས། ཕྱིར་བཅོས་བྱེད་པ་ཉིད་དགེ་བ་ཡིན་པས་གཉེན་པོའི་སྟོབས་སོ། །རྩོད་པ་གཉིས་པ་ནི། འཁྲིག་ཚིག་སྨྲ་བའི་ལྷག་མ་བྱུང་ནས་སྤོ་མགུ་དབྱུང་བར་མི་བྱེད་པར་འཁྲིག་ཚིག་ངག་འཁྱལ་གྱི་སྡིག་པ་སྟོབས་བཞིས་དག་པར་བྱས་པ་ཆོས་ཅན། སྡིག་པ་དེ་ དང་ངོ་བོ་གཅིག་པའི་ལྷག་མའི་ལྟུང་བ་དག་པར་ཐལ། སྡིག་པ་དེ་དག་པའི་ཕྱིར། ཁྱབ་པ་མེད་ན་སྡིག་ལྟུང་དེ་གཉིས་ངོ་བོ་གཅིག་ཡིན་པ་ཉམས། འདོད་ན། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ་ཞེས་ཆོ་ག་ལ་བརྟེན་ནས་ལྟུང་བ་དག་པ་དེ་མིང་རིགས་བརྗོད་ 6-1-218b པའི་ཕྱིར་བཅོས་ལ་བལྟོས་པར་བཤད་པ་དང་འགལ་ལོ་ཞེ་ན། དོན་ལ་དག་པར་ཐལ་ཟེར་རམ། དག་པའི་ཐ་སྙད་ཀྱང་ཐོབ་པར་ཐལ་ཟེར། དང་པོ་ལྟར་ན་འདོད་པ་ཡིན་ཏེ། སྡིག་པ་དག་པའི་རྟགས་ཐོན་གྱི་བར་དུ་སྡིག་སྦྱོང་བྱས་ནའོ། །གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་སྟེ། དོན་ལ་དག་ཀྱང་དག་པའི་ཐ་སྙད་མི་ཐོབ་པ་ཡོད་དེ། དཔེར་ན་ཕམ་པ་འཆབ་མེད་བྱུང་བ་བསླབ་པ་སྤྱོད་པས་མཐོང་ལམ་ཐོབ་པའམ་ཕྱིར་མི་འོང་ཐོབ་པ་ན་ཕམ་པ་དོན་ལ་དག་ཀྱང་དག་པའི་ཐ་སྙད་མི་ཐོབ་ཅིང་། དག་པའི་ཐ་སྙད་ཐོབ་པ་དེ་དགྲ་བཅོམ་པ་ཐོབ་པ་ལ་བལྟོས་པ་ བཞིན་ནོ། །འོ་ན་ལྟུང་བ་དང་ངོ་བོ་གཅིག་པའི་སྡིག་པ་སྦྱངས་ཀྱང་ལྟུང་བ་དག་པའི་ཐ་སྙད་མི་ཐོབ་པའི་རྒྱུ་མཚན་ཅིའི་ཕྱིར་སྙམ་ན། བཅས་པའི་དབང་གིས་ཡིན་པར་ཤེས་ཏེ། གང་ཟག་གི་མདུན་དུ་ལྟུང་བ་ཕྱིར་བཅོས་མ་བྱས་པར་སྐུ་གསུང་ཐུགས་ཀྱི་རྟེན་གྱི་མདུན་དུ་སྟོབས་ བཞིས་བཤགས་ཙམ་གྱིས་དག་པའི་ཐ་སྙད་ཐོབ་ན་ལྟུང་བ་ལ་མི་འཛེམ་པར་དོགས་པ་ཡིན་ཅེས་འབྲོམ་རྗེས་གསུངས་སོ། །རྩོད་པ་གསུམ་པ་ནི། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་ཁ་ན་མ་ཐོ་བ་ཆོས་ཅན། སྡིག་པ་དང་ལྟུང་བ་ཆེ་ཆུང་མེད་པར་ཐལ། སྡིག་ལྟུང་ངོ་བོ་གཅིག་པའི་ཕྱིར། འདོད་ན། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ལ་སྡིག་པ་ཤིན་ཏུ་ཆེ་བས་མཚམས་མེད་འབྱུང་ཡང་ལྟུང་བ་ན་སྨད་ལས་མི་བསྐྱེད་པར་བཤད་པ་དང་འགལ་ཅེ་ན། རྫས་ཆེ་ཆུང་མེད་པར་ཐལ་ཟེར་རམ། ལྡོག་པ་ཆེ་ ཆུང་མེད་པར་ཐལ་ཟེར། དང་པོ་ལྟར་ན་འདོད་པ་ཡིན་ཏེ། སྡིག་ལྟུང་རྫས་གཅིག་པའི་ཕྱིར། གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་སྟེ། ཐ་སྙད་དུ་བུམ་པའི་ངོ་བོ་གཅིག་ཉིད་ཀྱང་ལྡོག་པ་ཆེ་ཆུང་གཉིས་ཡོད་དེ། རི་བོ་ལ་བལྟོས་ནས་ལྡོག་པ་ཆུང་ལ། ཏིལ་འབྲུ་ལ་བལྟོས་ 6-1-219a ནས་ལྡོག་པ་ཆེ་བ་བཞིན་ནོ། །ངན་སེམས་ཀྱིས་ཁྲག་ཕྱུང་བ་འདི་ལ་སྡིག་པ་ཆེ་བ་ནི་རྣམ་སྨིན་ཆེན་པོ་འབྱིན་ནུས་ཀྱི་ལྡོག་པ་ནས་ཡིན་ལ། ལྟུང་བ་ཆུང་བ་ནི་བཅས་པ་ཆུང་བ་ལས་འདས་པའི་ལྡོག་པའི་ཆ་ནས་ཡིན་ནོ། །བཅས་པ་ཆུང་བའི་རྒྱུ་མཚན་ནི། བཅས་པ་རྣམ་འཇོག་གི་དགག་བྱ་ཆུང་བའི་ཕྱིར་ཏེ། དེ་བཞིན་གཤེགས་པ་མཐོང་ན་རབ་ཏུ་དང་བ་སྐྱེ་བ་འབྱུང་ཉེ། ངན་སེམས་ཀྱིས་ཁྲག་འབྱིན་པ་འབྱུང་རིང་། འབྲེལ་ཆུང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མ་རྫོགས་པའི་ཕྱིར་རོ། །གསུམ་པ་མཚན་ཉིད་ལ། ལྟུང་བ་ཙམ་ གྱི་མཚན་ཉིད་ནི། སངས་རྒྱས་ཀྱི་བཅས་པ་མཚན་ཉིད་པ་ལས་འདས་པའི་ཆ་ནས་ཁ་ན་མ་ཐོ་བར་གྱུར་པའོ། །ལྟུང་བ་སོ་སོའི་མཚན་ཉིད་ལ་ལྔ་ལས། ཕམ་པའི་མཚན་ཉིད་ནི། བསྙེན་རྫོགས་ཀྱི་བཅས་པ་ལས་འདས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཅིང་། རང་གི་ངོ་བོའི་ ཆ་ནས་དགེ་འདུན་ལྷག་མ་མན་ཆད་ལ་བལྟོས་ནས་ཆད་པ་ལྕི་རུང་དང་ལྡན་པའོ། །ལྷག་མར་གཏན་ནས་མ་བཅས་པའི་དུས་ཀྱི་ཕམ་པ་ཡང་མ་འོངས་པའི་དགེ་འདུན་ལྷག་མ་རྫས་སུ་གྲུབ་པ་ལ་བལྟོས་ནས་ཆད་པ་ལྕི་བར་རུང་སྟེ་དུས་གསུམ་དུ་རྫས་སུ་གྲུབ་པའི་གྲུབ་མཐའི་རྗེས་སུ་ འབྲངས་ནས་བཤད་པའི་ཕྱིར་རོ། །མཚན་ཉིད་དེས་ཕམ་པ་དང་འདྲ་བའི་ཉེས་བྱས་དང་། ཕམ་པའི་སྦྱོར་བ་མཚན་ཉིད་པ་སྦོམ་པོ་དང་། ཕམ་པ་ལ་ལྷག་མར་འཁྲུལ་པའམ། ལྷག་མ་ལ་ཕམ་པར་འཁྲུལ་པ་ལྟ་བུ་འདུ་ཤེས་ཕར་འཁྲུལ་ཚུར་འཁྲུལ་དང་། ལྷག་མ་མན་ཆད་ སྡེ་བཞི་སེལ་བ་ཡིན་ནོ། །དགེ་འདུན་ལྷག་མའི་མཚན་ཉིད་ནི། ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཅིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་དགེ་འདུན་ལྷག་མའི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །རང་གི་ངོ་བོའི་ཆ་ནས་ཞེས་པ་ནི། ལུང་ 6-1-219b ཞུ་བ་ལས། ལྷག་མ་བྱུང་ནས་ཕམ་པ་འཆབ་བཅས་བྱུང་ན་ལྷག་མ་དེ་ཕྱིར་བཅོས་ཀྱང་མི་འདག་པར་གསུངས་པ་དེ་ལྟ་བུ་རྐྱེན་སྟོབས་མ་གཏོགས་རང་གི་ངོ་བོ་ནས་འདག་མི་རུང་བ་དེ་སེལ་ལོ། །མཚན་ཉིད་འདི་ལ་མཚོན་བྱས་ཁྱད་པར་དུ་བྱས་པའི་རང་ལྡོག་རྫས་མ་གྲུབ་ཀྱི་སྐྱོན་མེད་དེ། མིང་མཚོན་བྱས་ཁྱད་པར་ དུ་བྱས་ཀྱང་དོན་མཚོན་བྱས་ཁྱད་པར་དུ་མ་བྱས་བའི་ཕྱིར། ལྟུང་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཅིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་ལྟུང་བྱེད་ཀྱི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །སོ་སོར་བཤགས་པའི་མཚན་ཉིད་ནི། ལྟུང་བ་ དངོས་གཞི་རྫོགས་པ་ཡིན་ཅིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་སོ་སོར་བཤགས་པར་བྱ་བའི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །ཉེས་བྱས་ཀྱི་མཚན་ཉིད་ནི། ཕམ་ལྷག་དང་། སྦོམ་པོ་དང་། ལྟུང་བྱེད་དང་། །སོ་སོར་བཤགས་པར་བྱ་བ་ གང་གི་ཡང་དངོས་གཞི་རྫོགས་པ་ཉིད་མ་ཡིན་པའོ། །བཞི་པ་གྲངས་ངེས་ནི། ལྟུང་བའི་སྡེ་ཚན་ལྔར་ངེས་པ་ཡིན་ཏེ། ཆད་པ་ཆེ་ཆུང་རིམ་པ་ལྔར་བཅས་པ་ལ་ལྟོས་པའི་ཕྱིར་རོ། །ལྔ་པ་གོ་རིམ་ངེས་པ་ནི། ཆད་པ་ལྕི་ཡང་གི་གོ་རིམ་སྟེ་ཕམ་པ་ལ་སོགས་པའི་སྡེ་ཚན་སྔ་མ་སྔ་ མ་ཆད་པ་ལྕི་ལ་སྡེ་ཚན་སྔ་མ་སྔ་མ་ལ་ལྟོས་ཏེ་ཕྱི་མ་ཕྱི་མ་རྣམས་ཆད་པ་ཡང་བའི་ཕྱིར་རོ། །སྤང་ལྟུང་ལ་སོགས་པ་བས་ལྕི་བའི་ཆོས་ཀྱི་ཉེས་བྱས་ཆད་པ་ལྕི་བ་ཡོད་དེ་དམིགས་བསལ་ཡིན་ནོ། །དྲུག་པ་སྒྲ་བཤད་པ་ནི། ཕམ་པའི་སྒྲ་བཤད་ཊཱི་ཀ་ལས། གཞན་རྒྱལ་བའི་ཉེས་པ་ ནི་ཕམ་པའོ་ཞེས་སོ། །དགེ་འདུན་ལྷག་མའི་སྒྲ་བཤད་ནི། རྣམ་འབྱེད་ལས། ལྟུང་བ་དེ་དགེ་འདུན་ལས་རྣམ་བར་ལྡང་བར་འགྱུར་ཞིང་། གང་ཟག་ལས་མ་ཡིན་པའི་ཕྱིར་ན་འདི་ནི་ལྷག་མ་དང་བཅས་པ་ཡིན་ཏེ། དེས་ནི་དགེ་འདུན་ལྷག་མའོ་ཞེས་གསུངས་སོ། །ལྟུང་བྱེད་ཀྱི་ 6-1-220a སྒྲ་བཤད་ནི། ངན་སོང་དུ་ལྟུང་བར་བྱེད་པས་ན་ལྟུང་བྱེད་དེ་སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །སོ་སོར་བཤགས་པར་བྱ་བའི་སྒྲ་བཤད་ནི། ལྟུང་བ་འདི་ལ་འཆབ་པ་མེད་ཀྱང་མཐོལ་བ་དང་བཤགས་པ་སོ་སོར་བྱ་བ་ཡིན་པས་ན་སོ་སོར་བཤགས་པར་བྱ་བ་ཞེས་བྱ་ སྟེ། རྣམ་འབྱེད་ལས། སོ་སོར་བཤགས་པར་བྱ་བ་ནི་སོ་སོར་མཐོལ་བར་བྱའོ་ཞེས་སོ། །རྣམ་པ་གཅིག་ཏུ་མཐོལ་བ་ལ་ཆོས་དེ་སོ་སོར་འཆགས་སོ་ཞེས་བཤགས་པའི་མིང་གིས་བརྗོད་པའི་ཕྱིར་ན་ཡང་སོ་སོར་བཤགས་པར་བྱ་བ་ཞེས་བྱ་སྟེ། ལུང་སྔ་མ་ཉིད་དམ། ཡང་ན་ཀར་ཤ་དང་ཊཱི་ ཀ་ལས། ལས་འདི་ནི་སྨྲེ་སྔགས་འདོན་པའི་རྣམ་པ་བརྗོད་པས་སོ་སོར་བཤགས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་ནོ། །ཞེས་སོ། །ཉེས་བྱས་ཀྱི་སྒྲ་བཤད་ནི། ལེགས་པར་མ་བྱས་ཉེས་པར་བྱས་པས་ན་ཉེས་བྱས་ཏེ་སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །བདུན་པ་འདས་ན་ཅིར་འགྱུར་ནི། སྤྱིར་ན་བཅས་པ་ལས་འདས་ན་རང་རང་གི་ལྟུང་བར་འགྱུར་རོ། །བྱེ་བྲག་ཏུ་ཕམ་པའི་བཅས་པ་ལས་འདས་ན་ཕམ་པར་འགྱུར་ཏེ། འཆབ་སེམས་སྐྱེས་ན་སྡོམ་པའི་དགོས་པ་རྣམ་དྲུག་བསྒྲུབ་མི་ནུས་སུ་ཉམས་ལ། འཆབ་སེམས་མ་སྐྱེས་ན་དགོས་པ་རྣམ་དྲུག་བསྒྲུབ་ནུས་སུ་ཉམས་ པ་ཡིན་ནོ། །བརྒྱད་པ་བསྲུངས་པའི་ཕན་ཡོན་ནི། ཉན་ཐོས་ཀྱི་ས་ལས། ཚུལ་ཁྲིམས་ཡོངས་སུ་དག་པའི་ཕན་ཡོན་བཅུ་སྟེ། འགྱོད་པ་མེད་པ་སྔོན་དུ་འགྲོ་བས་རིམ་གྱིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་དང་། འཆི་བའི་དུས་ལ་བབ་པའི་ཚེ་ན་འགྱོད་པ་མེད་པར་འགྱུར་བ་ དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྙན་པའི་གྲགས་པར་འགྱུར་བ་དང་། བདེ་བར་གཉིད་ལོག་ཅིང་བདེ་བར་སད་པར་འགྱུར་བ་དང་། གཉིད་ལོག་པ་ན་ཡང་ལྷ་རྣམས་ཀྱིས་བསྲུང་བར་འགྱུར་བ་དང་། གཞན་སྡིག་པའི་བག་ཚ་བ་མེད་ཅིང་འཇིགས་པ་དང་ཡིད་དངང་ 6-1-220b བ་མེད་པ་དང་། དགྲ་བོ་རྣམས་ཀྱིས་གནོད་པར་མི་བྱེད་ཅིང་ཕན་འདོགས་པར་འགྱུར་བ་དང་། མི་མ་ཡིན་གདུག་པ་ཅན་རྣམས་ཀྱིས་ཀྱང་གནོད་པ་མི་བྱེད་ཅིང་ཕན་འདོགས་པར་འགྱུར་བ་དང་། འཚོ་བའི་ཡོ་བྱད་ཚེགས་ཆུང་ངུས་ཐོབ་པར་འགྱུར་ཞིང་བཀུར་སྟི་བྱེད་པར་འགྱུར་བ་དང་། སྨོན་ལམ་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །དགུ་པ་མ་བསྲུངས་པའི་ཉེས་དམིགས་ནི། གཞུང་དམ་པའི་གླེང་གཞི་ལས། ཚུལ་ཁྲིམས་ཉམས་པ་ལ་ཉེས་དམིགས་བཅུ་སྟེ། ཚུལ་ཁྲིམས་ཀྱིས་བདག་སྨད་པ་དང་། གཞན་ལྷ་དང་སྟོན་ པས་སྨད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་སྨད་པ་དང་། ཆོས་ཉིད་ཀྱིས་སྨད་པར་འོས་པ་དང་། ཕྱོགས་དང་ཕྱོགས་སུ་སྡིག་པ་མི་སྙན་པའི་སྒྲ་གྲགས་པར་འགྱུར་བ་དང་། མ་རྟོགས་པའི་ཆོས་རྣམས་རྟོགས་པར་མི་འགྱུར་བ་དང་། རྟོགས་པའི་ཆོས་ རྣམས་ཉམས་པར་འགྱུར་བ་དང་། སྔོན་ཐོས་པའི་ཆོས་རྣམས་བརྗེད་པར་འགྱུར་བ་དང་། རྣམ་པར་འགྱོད་བཞིན་དུ་ཚེའི་དུས་བྱེད་པ་དང་། ཤི་བའི་འོག་ཏུ་ངན་འགྲོ་ངན་སོང་དུ་ལོག་པར་ལྟུང་ནས་སེམས་ཅན་དམྱལ་བར་སྐྱེའོ་ཞེས་གསུངས་སོ། །བཅུ་པ་མཁས་པ་དག་གིས་ དོགས་གཅོད་ཇི་ལྟར་བྱས་པ་ལ། བཅས་རང་གི་ཁ་ན་མ་ཐོ་བའི་ཁྱད་པར་འདི་ལ་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་རིང་ལུགས་པ་ཆེན་པོ་བུ་སྟོན་གྱིས་འདི་སྐད་དུ་གསུངས་ཏེ། ཁ་ཅིག་ཁྱིམ་པའི་རྟེན་དང་། ཁྱིམ་པ་དང་རབ་བྱུང་གི་རྟེན་གཉིས་ཀ་ལ་སྡིག་ཏུ་འགྱུར་བའི་ཁ་ ན་མ་ཐོ་བ་དེ་གཉིས་ཀྱི་ཁྱད་པར་ཏེ། དེས་ན་ལོག་གཡེམ་དུ་མི་འགྱུར་པའི་མི་ཚངས་སྤྱོད་ནི་བཅས་པ་ཡིན་ཏེ། མགོན་མེད་ཟས་སྦྱིན་འཕགས་པ་ཡིན་ཀྱང་མི་ཚངས་པའི་སྤྱོད་པ་བྱེད་པའི་ཕྱིར་རོ་ཞེས་མི་ཚངས་སྤྱོད་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པར་འདོད་པ་ནི་ཤིན་ཏུ་མི་རིགས་ 6-1-221a ཏེ། འཇིག་ལྟ་མཐར་ལྟ་མཚུངས་ལྡན་དང་བཅས་པ་མ་གཏོགས་འདོད་ཁམས་ཀྱི་ཉོན་མོངས་ཐམས་ཅད་མི་དགེ་བ་ཡིན་ཏེ། མཛོད་ལས། འདོད་ན་འཇིག་ཚོགས་ལྟ་བ་དང་། །མཐར་འཛིན་ལྷན་ཅིག་མ་རིག་པ། །ལྷག་མ་རྣམ་འདིར་མི་དགེ་བའོ། །ཞེས་སོ། ། འཕགས་པ་ཕྱིར་མི་འོང་ཡན་ཆད་ལ་མི་དགེ་བ་མེད་པ་ཡིན་གྱི། རྒྱུན་ཞུགས་དང་ཕྱིར་འོང་ལ་མི་དགེ་བ་ཡོད་དེ། མཛོད་དུ། དམ་པ་དམ་མིན་འཇུག་མི་འཇུག །ཞེས་པའི་འགྲེལ་བཤད་དུ། དེ་གཉིས་ནི་སྲོག་གཅོད་པ་ལ་སོགས་པ་མི་བྱེད་པའི་ཕྱིར་དང་། མི་ཚངས་པར་སྤྱོད་པ་ བྱེད་པ་ལ་སོགས་པའི་ཕྱིར། ལས་དགེ་བ་དང་མི་དགེ་བ་ལ་འཇུག་པ་དང་ཞེས་གསུངས་པའི་ཕྱིར། འཕགས་པ་ལ་རང་བཞིན་གྱིས་མི་དགེ་བ་བཅུ་མེད་པ་ཡིན་གྱི། རང་བཞིན་གྱི་མི་དགེ་བ་གཏན་མེད་མིན་པས་མགོན་མེད་ཟས་སྦྱིན་འཕགས་པས་མི་ཚངས་སྤྱོད་བྱེད་པས་མི་ཚངས་ སྤྱོད་བཅས་པ་རྐྱང་པ་མི་འགྲུབ་ཅེས་འཆད་པ་དོན་ལ་ཞུགས་པ་ཡིན་ནོ། །འདིར་སྨྲས་པ། འཇིགས་མེད་དབྱངས་ཅན་གསར་མའི་ཚེམས་དཀར་གྱི། །ཆ་ཤས་ལས་བྱུང་འཛུམ་པར་མཛད་པའི་མདངས། །སྟོན་ཀའི་ཟླ་དུམ་ཚར་དུ་དངར་བ་བཞིན། །སྤེལ་ལེགས་ཚིག་གི་བཀྲ་ཤིས་ མཚན་མ་གསལ། །ལུང་རྟོགས་མཚན་བཟང་གིས་འཁྱུད་ལེགས་བཤད་ཞལ། །ཆོས་ཀྱི་འཁོར་ལོ་གསེར་སྦྱངས་དྲི་མེད་པའི། །པདྨའི་དབུས་ནས་མངོན་པར་འཕགས་པ་ན། །ལྷག་བསམ་བློ་ཡིས་སྐྱོན་མེད་ཕྱུང་བ་འདྲ། །ཞྭ་ནག་ཅོད་པན་འཛིན་པ་མང་ཡང་དེང་། །དཔལ་ལྡན་ དགའ་བའི་དབྱངས་འདྲ་ཤིན་ཏུ་ཉུང་། །ལྷུན་པོའི་སྤོ་ལ་བསྙེགས་པའི་དོ་ཟླ་ནི། །ས་འཛིན་འགའ་ཡང་ཕྱོགས་འདིར་ཅི་ནས་དཀོན། །ཁྲིམས་ལྡན་སྨིན་མཚམས་མཛོད་སྤུ་བཞིན། །མ་ཆགས་པདྨའི་ཁ་དོག་གིས། །རྐང་སེན་དམར་བའི་དཔལ་ཐོབ་པས། །སྙིགས་དུས་དགེ་ 6-1-221b སྦྱོང་བསྙེམས་པ་འཕྲོག །འཆད་རྩོད་རྩོམ་པའི་ཁྱུ་མཆོག་གི། ཞལ་གྱི་གྲྭ་གཉིས་གཡོ་བ་ན། །བྱང་ཆུབ་སེམས་དབང་དགའ་ལྡན་གྱི། །ཁྲི་ནས་འཕོ་དང་ནོར་བར་གྱུར། །གཉིས་པ་ཚིག་གི་དོན་ལ། ཕམ་ལྷག་ལྟུང་བྱེད་སོར་བཤགས་དང་། །ཉེས་བྱས་ཀྱི་སྟེ་སྡེ་ལྔའོ། ། དང་པོ་ལ། མི་ཚངས་སྤྱོད་ཀྱི་ཕམ་པ་དང་། མ་བྱིན་ལེན་གྱི་ཕམ་པ་དང་། སྲོག་གཅོད་པ་ཡི་ཕམ་པ་དང་། །རྫུན་དུ་སྨྲ་བའི་ཕམ་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི། དགག་བྱ། ལྟུང་བའི་ངོ་བོ། །ཡན་ལག་བརྩི་བའོ། །དང་པོ་ནི། ཡུལ་སྤོང་བྱེད་དུ་དགེ་སློང་བཟང་བྱིན་གྱིས་མི་ཚངས་པར་སྤྱད་པ་ལ་བརྟེན་ནས་ལྟུང་བ་ཕམ་པར་བཅས་སོ། །གཉིས་པ་ལ། ཐུན་མོང་དང་། སོ་སོའི་དགག་བྱའོ། །དང་པོ་ནི། ངན་སོང་དུ་ལྟུང་བ་དང་། གཞན་མ་དད་པ་སྐྱེ་བ་དང་། ལས་དང་ལམ་ལ་སྒྲིབ་པ་སྟེ། ལས་ལ་ སྒྲིབ་པ་ནི་ལྟུང་བ་བྱུང་ནས་ལས་ཀྱི་ཁ་སྐོང་བར་མི་འོས་ཤིང་ལས་འཆགས་པའི་གེགས་བྱེད་པ་ཡིན་ལ། ལམ་ལ་སྒྲིབ་པ་ནི་ལམ་གོང་མ་སྐྱེ་བ་ལ་གེགས་བྱེད་པའོ། །འདིའི་ཁུངས་ནི་རྣམ་འབྱེད་ལས། ལྟུང་བ་དེ་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ་ཞེས་པ་ དང་། གཏམ་གྱི་གཞི་ལས། ནོངས་པ་སྒྲིབ་པ་ཞེས་བགྱིའམ་མི་སྒྲིབ་པ་ཞེས་བགྱི། ཉེས་པ་སྒྲིབ་པ་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། རང་རང་གི་སྐབས་སུ་འཆད་པར་འགྱུར་བ་སྟེ། བྱེ་བྲག་ཏུ་སྐབས་འདི་ཉིད་ཀྱི་དགག་བྱ་ནི། མི་ཚངས་པར་སྤྱོད་པའི་བྱ་བ་དང་ འབྲེལ་བ་ལ་བརྟེན་ནས་འཁྲིག་པའི་འདོད་ཆགས་འཕེལ་བ་སྟེ་སྐབས་ཀྱིས་ཤེས་སོ། །གསུམ་པ་ནི། བཅས་ལྡན་དགེ་སློང་གིས་རང་འབའ་ཞིག་གམ། རང་དང་གཞན་གྱི་ལམ་དང་ཡན་ལག་ཕྲད་པའི་བདེ་བ་ཉམས་སུ་མྱོང་ཞིང་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། ། 6-1-222a བཞི་པ་ཡན་ལག་བརྩི་བ་ལ། ཐུན་མོང་གི་ཡན་ལག་དང་། ཐུན་མོང་མིན་པའི་ཡན་ལག་གཉིས་ལས། དང་པོ་ལ། ལྟུང་བ་དངོས་གཞི་ཀུན་གྱི་ཐུན་མོང་གི་ཡན་ལག་དང་། ཕལ་ཆེར་ཐུན་མོང་གི་ཡན་ལག་གོ། དང་པོ་ལ། བསླབ་པའི་ཡན་ལག་དང་། བསམ་པའི་ཡན་ལག་གོ། དང་པོ་ལ་བཞི་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། བསླབ་པའི་ཚིགས་གཅིག་པ་དང་། བསླབ་པའི་རྒྱུན་གཅིག་པ་དང་། ལས་དང་པོ་པ་མ་ཡིན་པའོ། །དང་པོ་ནི། བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཤིང་སྐྱེས་ལ་ཕམ་པ་ འཆབ་བཅས་ཀྱིས་མ་ཉམས་པ་སྟེ། དགེ་ཚུལ་ལ་སོགས་བསྙེན་པར་མ་རྫོགས་པ་རྣམ་པ་གསུམ་གྱིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཙམ་དུ་གསུངས་པས། ཕམ་ལྷག་ལ་སོགས་པ་བསྐྱེད་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་བླངས་པ་ཡན་ལག་ཏུ་དགོས་པར་གྲུབ་བོ། །སྡོམ་པ་དེ་བླངས་ པ་ཙམ་གྱིས་མི་ཆོག་སྟེ། བླངས་ཀྱང་མ་སྐྱེས་པ་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་ཉེས་བྱས་ཙམ་དུ་གསུངས་པས། ཕམ་ལྷག་ལ་སོགས་པ་བསྐྱེད་པ་ལ། སྡོམ་པ་དེ་སྐྱེས་པ་ཡན་ལག་ཏུ་དགོས་པར་གྲུབ་བོ། །སྡོམ་པ་དེ་སྐྱེས་པ་ཙམ་གྱིས་མི་ཆོག་སྟེ། སྐྱེས་ཀྱང་ཕམ་ པ་འཆབ་བཅས་ཀྱིས་ཉམས་པ་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་ཉེས་བྱས་ཙམ་དུ་གསུངས་པ་དང་། ཕམ་ལྷག་ལ་སོགས་པ་བསྐྱེད་པ་ལ་ཕམ་པ་འཆབ་བཅས་ཀྱིས་མ་ཉམས་པ་ཡན་ལག་ཏུ་དགོས་པར་གྲུབ་བོ། །བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་ཕམ་པ་འཆབ་མེད་ ཀྱིས་ཉམས་ཀྱང་དེ་ལ་ཕམ་ལྷག་ལ་སོགས་པ་བསྐྱེད་པར་གསུངས་པས། དེས་བསླབ་པ་སྦྱིན་རུང་ཡང་མཚོན་པ་སྟེ་གསོར་རུང་ཡན་ཆད་དང་ལྡན་པ་དེ་བསླབ་པའི་ཡན་ལག་ཡིན་པར་གྲུབ་བོ། །སེལ་བ་ནི་གསུམ་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་མ་བླངས་པ་དང་། བླངས་ཀྱང་མ་ 6-1-222b སྐྱེས་པ་དང་། སྡོམ་པ་སྐྱེས་ཀྱང་ཕམ་པ་འཆབ་བཅས་ཀྱིས་ཉམས་པའོ། །སེལ་བ་དེ་གསུམ་ལ་ཅིར་འགྱུར་ཞེ་ན། དང་པོ་བསྙེན་རྫོགས་ཀྱི་སྡོམ་པ་མ་བླངས་པ་ལ་ཅིར་འགྱུར་ནི་གཉིས་ཏེ། ཁྱིམ་པ་ཕོ་མོ་ལ་ཅིར་འགྱུར། རབ་ཏུ་བྱུང་བ་རྣམ་གསུམ་ལ་ཅིར་འགྱུར་རོ། །དང་པོ་ལ་ གཉིས་ཏེ། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་ཕོ་མོ་ལ་ཅིར་འགྱུར་དང་། དགེ་བསྙེན་ཕ་མའི་སྡོམ་པ་དང་ལྡན་པའི་ཁྱིམ་པ་ཕོ་མོ་ལ་ཅིར་འགྱུར་བའོ། །དང་པོ་ནི། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པས་ཉེས་སྤྱོད་ཅི་བྱས་ཀྱང་སྡིག་པར་འགྱུར་གྱི་ལྟུང་བ་གཏན་ནས་མི་ བསྐྱེད་དེ། ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ་ཞེས་གསུངས་པ་དང་། ལྟུང་བ་ནི་བཅས་པ་ལས་འདས་པའི་ལས་ཀྱི་བྱེ་བྲག་ཡིན་ལ། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་ལ་བཅས་པ་མེད་པའི་ཕྱིར་ཏེ། བཅས་ཀྱང་ཆད་པ་ལ་འཇིགས་ནས་ལྡོག་འཇུག་བྱེད་པའི་ དགོས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། དགེ་བསྙེན་གྱི་སྡོམ་པ་དང་ལྡན་པའི་ཁྱིམ་པ་ལ་ནི་སྲོག་གཅོད་པ་ལ་སོགས་པའི་ཁ་ན་མ་ཐོ་བ་འབྱུང་བར་མ་ཟད་བཅས་པའི་ཁ་ན་མ་ཐོ་བ་ཡང་འབྱུང་བར་གསུངས་ཏེ། མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་ གཞན་བསྲུང་ཕྱིར་རོ། །ཞེས་གསུངས་པ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དགེ་བསྙེན་གྱི་ལྟུང་བ་དང་། དགེ་བསྙེན་མའི་ལྟུང་བ་དང་ཞེས་བཤད་དོ། ། གཞན་ཡང་རིགས་པས་བརྟགས་ན་ཁྱིམ་པ་ལ་ཡང་ལྷག་མའི་ལྟུང་བ་ཡོད་སྲིད་པར་རིགས་ཏེ། དགེ་སློང་ གི་རྒྱུད་ལ་ལྷག་མའི་ལྟུང་བ་ཡོད་བཞིན་དུ་ཁྱིམ་པར་བབས་ན། སྔར་ནི་ལྷག་མའི་ལྟུང་བ་དེ་ཡོད་ཅིང་བབས་པས་ལྟུང་བ་མི་འདག་པའི་ཕྱིར་དང་། ལྟུང་བ་དག་བྱེད་གཞན་ཡང་མ་བྱུང་བའི་ཕྱིར་རོ། །བབས་པས་ལྟུང་བ་མི་འདག་སྟེ། མི་སྤྱོད་པའི་ས་ནས་ཕྱིར་འོངས་ན་དེའི་གནས་ 6-1-223a ཉིད་ཡིན་ནོ་ཞེས་གསུངས་པས་གྲུབ་བོ། །དེ་ལྟར་ཁྱིམ་པར་བབས་པ་ལ་ཡང་སྔར་བྱུང་ལྷག་མའི་ལྟུང་བའི་རྒྱུན་གནས་པས་སྐད་ཅིག་རེ་རེ་ཞིང་ལྷག་མའི་ལྟུང་བ་དེའི་རྫས་སྐད་ཅིག་སྔ་མས་ཕྱི་མར་བསྐྱེད་པར་རིགས་ཏེ། ཕམ་པ་ལ་སོགས་པ་ལ་ཡང་རྒྱུ་ མཚན་མཚུངས་སོ། །དེ་ལྟར་དགེ་བསྙེན་ཡིན་ན་ཁྱིམ་པ་ལ་ཡང་བཅས་པའི་ཁ་ན་མ་ཐོ་བ་རྣམ་པར་བཞག་ན། ཊཱི་ཀར། བསླབ་པའི་རྣམ་པར་བཞག་པ་མཐའ་དག་ནི་རབ་ཏུ་བྱུང་བ་རྣམས་ཀྱི་ཡིན་པར་གསུངས་ཀྱི། ཁྱིམ་པ་རྣམས་ཀྱི་མ་ཡིན་པའི་ཕྱིར་ཞེས་བཤད་པ་དང་འགལ་ལོ་ཞེ་ ན། སྐྱོན་མེད་དེ། སྡོམ་པ་གཏན་ནས་མ་བླངས་པ་རྣམས་ཀྱི་མ་ཡིན་པའི་ཕྱིར་ཞེས་དགོངས་ཏེ་གཞན་དུ་ན། ལུང་གཞི་ལས། དགེ་བསྙེན་གྱི་སྡོམ་པ་ལེན་པ་ལ། སངས་རྒྱས་ཀྱི་བསྟན་པ་ལ་བསླབ་པའི་གཞི་ལེན་པ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་རབ་ཏུ་བྱུང་ བ་རྣམ་པ་གསུམ་ལ་ཅིར་འགྱུར་ན། ཕམ་པ་དང་འདྲ་བའི་ཉེས་བྱས་དང་། བཤགས་པར་བྱ་བའི་ཉེས་བྱས་དང་། བསྡམ་པར་བྱ་བའི་ཉེས་བྱས་གསུམ་ཅི་རིགས་པར་འགྱུར་ཏེ། འོད་ལྡན་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་གྱུར་ན། ། དགེ་སློང་བཞིན་དུ་དགེ་ཚུལ་ཡང་། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཆང་འཐུང་ལ་སོགས་དྲུག་པོ་ཡིས། །བཤགས་བྱའི་ཉེས་བྱས་མཐུན་པ་ཡིན། །ཕྱོགས་དང་མཐུན་ལས་འདས་ན་དེའི། །ཉེས་པ་སྨད་བྱ་ཡིན་པར་བཞེད། །ཅེས་བཤད་ཅིང་། ལུང་ཞུ་བ་དང་། མདོ་ འདི་ཉིད་ཀྱི་སྤྱིར་བསྟན་ལས་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བའི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་པར་གསུངས་ལ། འོད་ལྡན་ལས། དགེ་ཚུལ་གྱི་ལྟུང་བ་ནི་ཐམས་ཅད་དུ་ཉེས་བྱས་ཁོ་ན་ཡིན་ནོ་ཞེས་སོ། །འོ་ན་དགེ་སློང་ལ་ཕམ་ལྷག་ལ་སོགས་བསྐྱེད་ཀྱང་། དགེ་ཚུལ་ 6-1-223b ལ་ཉེས་བྱས་བསྐྱེད་པའི་རྒྱུ་མཚན་ཅི་ཞེ་ན། འཕགས་པ་ཉེར་སྦས་ཀྱི་ཞལ་ནས། བསྙེན་པར་རྫོགས་པ་དང་མ་རྫོགས་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཞེས་གསུངས་ལ། དགྲ་བཅོམ་པ་ཟླ་བ་ནོར་བུའི་ཞལ་ནས། ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པའི་ཕྱིར་རོ་ཞེས་གསུངས་ སོ། །ངག་དོན་བསྡུ་ན། འདིར་སྨྲས་པ། རབ་ཏུ་བྱུང་བ་རྣམ་གསུམ་གྱིས། །སྤང་བྱ་གང་ཡོད་སྤོང་བ་མིན། །ཐེག་ཚད་སྤོང་ཡིན་ཉེས་བྱས་གསུམ། །ཅི་རིགས་ལས་ནི་མ་བཅས་ཏེ། །བསྟན་ལ་ཡོངས་སུ་ཞུགས་གྱུར་ཀྱང་། །ཡོངས་སུ་རྫོགས་པ་མིན་ཕྱིར་རོ། །གཉིས་པ་ བླངས་ཀྱང་མ་སྐྱེས་པ་དང་། གསུམ་པ་སྐྱེས་ཀྱང་ཕམ་པའི་འཆབ་བཅས་ཀྱིས་ཉམས་པ་ལ་ཅིར་འགྱུར་ན། དེ་གཉིས་ཀྱི་ཉེས་པར་སྤྱོད་པ་བྱེད་ན་ཉེས་བྱས་ཙམ་དུ་འགྱུར་ཏེ། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ་ཞེས་པ་དང་། དེ་གཉིས་ཀྱི་རང་རྒྱུད་ལ་སྦྱོར་ བ་གསར་སྐྱེས་ཀྱི་ལྟུང་བ་ཉེས་བྱས་ལས་ཆེ་བ་མི་བསྐྱེད་དེ། མ་སྐྱེས་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གཏན་ནས་མེད་པའི་ཕྱིར་དང་། ཉམས་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་དགོས་པ་བསྒྲུབ་ནུས་མེད་པའི་ཕྱིར་རོ། །དེ་གཉིས་ལ་ཉེས་བྱས་སུ་འགྱུར་པའི་རྒྱུ་མཚན་གང་ཞེ་ན། སྡོམ་པ་མ་སྐྱེས་པ་ཁོ་ན་ཉིད་དགེ་སློང་དུ་ཁས་འཆེ་ཞིང་བར་མས་བསྡུས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་ཅིང་། དེ་དང་འགལ་བའི་ཕྱིར་དང་། ཕམ་པ་འཆབ་བཅས་ཀྱིས་ཉམས་པ་ལ་དགོས་པ་བསྒྲུབ་མི་ནུས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་ཙམ་པོ་ཞིག་ཡོད་ཅིང་། དེ་དང་འགལ་བར་བྱས་ པའི་ཕྱིར་རོ། །གཉིས་པ་བསླབ་པའི་ཚིགས་གཅིག་པ་ནི། ཚིགས་ཕྱི་མ་དགེ་སློང་གི་སྦྱོར་བ་བྱས་ཤིང་དགེ་སློང་གི་ཚིགས་སུ་མཐར་ཐུག་གྲུབ་སྟེ། ཚིགས་སྔ་མ་སྦྱོར་བ་མ་བྱས་པ་ལ་ཡང་ངོ་ཞེས་པའི་ཤུགས་ཀྱིས་སྒྲུབ་བོ། །སེལ་བ་ནི་ཚིགས་སྔ་མར་དགེ་ཚུལ་གྱིས་སྦྱོར་བ་བྱས་ 6-1-224a ནས་དེ་དགེ་སློང་དུ་གྱུར་པ་ན་མཐར་ཐུག་སྒྲུབ་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན། ཁང་པ་ཁང་ཆེན་ལྟ་བུ་ལ་མཚོན་ན་ལྟུང་བ་ན་སྨད་པ་སྟེ། ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པས་ཁང་པ་བརྩིག་པར་བརྩམས་ནས་བསྙེན་པར་རྫོགས་ཏེ་ཟིན་ལགས་ན་ ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་ལྟུང་བ་ན་སྨད་དུ་གསུངས་ཤིང་། ཚིགས་སྔ་མར་སྦྱོར་བ་ཞེས་གསུངས་པ་དང་། འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། སྦྱོར་བའི་གནས་སྐབས་ན་བསྙེན་རྫོགས་ཀྱི་སྡོམ་པ་དང་མི་ལྡན་པའི་ཕྱིར་རོ། །གསུམ་པ་བསླབ་རྒྱུན་གཅིག་པ་ ནི། དགེ་སློང་གི་བསླབ་རྒྱུན་དེ་གཉིས་ཀྱི་གནས་སྐབས་སུ་སྦྱོར་བ་བྱས་ཤིང་། དགེ་སློང་གི་བསླབ་རྒྱུན་དེ་ཉིད་ཀྱི་གནས་སྐབས་སུ་མཐར་ཐུག་གྲུབ་པ་སྟེ། ཉེས་པ་དེ་མེད་པ་ཉིད་ལ་འོངས་པ་ཐ་དད་དོ་ཞེས་པས་གྲུབ་ཅིང་། སེལ་བ་ནི་དགེ་སློང་གིས་ཁང་པ་བརྩིག་པའི་སྦྱོར་བ་བྱས་ ནས་ཁྱིམ་པར་བབས་ཏེ་སླར་ཡང་དགེ་སློང་དུ་གྱུར་པ་ན་ཐོག་ཕུབ་སྟེ་མཐར་ཐུག་གྲུབ་པ་ལྟ་བུའོ། །སེལ་བ་དེ་ལ་ཅིར་འགྱུར་ན། ཁང་པ་ཁང་ཆེན་ལྟ་བུ་ལ་མཚོན་ན། བསླབ་རྒྱུན་སྔ་ཕྱིར་ལྟུང་བ་ན་སྨད་ཐ་དད་དུ་འོང་སྟེ། འོང་བ་ཐ་དད་དོ་ཞེས་པ་དང་། འདི་ལ་ལྟུང་བ་དངོས་གཞི་ རྫོགས་པར་མི་བསྐྱེད་དེ། སྦྱོར་བ་དང་མཐར་ཐུག་གི་བར་དུ་བསླབ་པའི་ཡན་ལག་རྒྱུན་ཆད་པའི་ཕྱིར་རོ། །བཞི་པ་ལས་དང་པོ་པ་མ་ཡིན་པ་ནི། རང་རང་གི་བཅས་པའི་རྟེན་ཅན་ཡིན་པ་སྟེ། མ་བཅས་པ་ལ་ཡང་ངོ་ཞེས་པ་དང་། ལུང་རྣམ་འབྱེད་ལས། ལས་དང་པོ་པ་ལ་ལྟུང་ བ་མེད་དོ་ཞེས་གསུངས་པ་དེའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི། ལས་དང་པོ་པས་མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱས་པའོ། །སེལ་བ་དེ་ལ་ཅིར་འགྱུར་ཞེ་ན། རང་རང་གི་ལྟུང་བ་གཏན་ནས་མི་བསྐྱེད་དེ། མ་བཅས་པ་ལ་ཡང་ངོ་ཞེས་དང་། ལྟུང་བ་ནི་བཅས་པ་ལས་ 6-1-224b འདས་པའི་ལས་ཀྱི་བྱེ་བྲག་ཡིན་ལ། རང་རང་གི་ལས་དང་པོ་ལ་རང་རང་གི་བཅས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་དོན་རྣམ་པ་བཞིས་བསླབ་པའི་ཡན་ལག་བསྟན་ནས། གཉིས་པ་བསམ་པའི་ཡན་ལག་ནི། ལྟུང་བ་ཐམས་ཅད་ལ་རྟེན་ཤེས་པ་རང་བཞིན་དུ་གནས་པ་ཡན་ལག་ཏུ་དགོས་ ཏེ། ཐ་སྙད་དུ་རུང་བའི་འདུ་ཤེས་ལས་ཉམས་པ་ཞེས་པའི་ཤུགས་ཀྱིས་གྲུབ་ཅིང་། ལུང་རྣམ་འབྱེད་ལས། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པས་ཀྱང་ངོ་། །སེལ་བ་ནི། སྨྱོ་བ་ལ་སོགས་པས་མི་ཚངས་སྤྱོད་ལ་ སོགས་པ་བྱས་པའོ། །སེལ་བ་དེ་ལས་ཅིར་འགྱུར་ཞེ་ན། སྨྱོ་བ་སེམས་འཁྲུགས་ཚོར་བས་ཉེན་པ་ལ་ལྟུང་བ་རང་རང་གི་སྐད་ཅིག་དང་པོར་གྱུར་པའི་ལྟུང་བ་སྡེ་ལྔ་མི་བསྐྱེད་དེ། བཅས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །དགེ་སློང་གི་རྒྱུད་ལ་ལྷག་མའི་ལྟུང་བ་ཡོད་བཞིན་དུ་སྨྱོ་ན་ སྨྱོས་པས་ལྟུང་བ་མི་འདག་གོ། གཉིས་པ་ཕལ་ཆེར་ཐུན་མོང་གི་ཡན་ལག་ལ་གཉིས་ཏེ། ལུས་ཀྱི་ཡན་ལག་དང་། མཚན་གྱི་ཡན་ལག་གོ། དང་པོ་ནི། སྲོག་གཅོད་པ་བཞི་དང་། ཕམ་ལྷག་དང་པོ་གཉིས་དང་། རྐུ་བ་སྟེ་ལྟུང་བ་བདུན་ལ་ལུས་ཐ་མལ་དུ་གནས་པ་ ཡན་ལག་ཏུ་མི་དགོས་ཏེ། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལའོ་ཞེས་པས་གྲུབ་བོ། །ལྟུང་བ་བདུན་པོ་དེ་དག་མ་གཏོགས་པ་ལྟུང་བ་དངོས་གཞན་རྣམས་ལ་ནི་ལུས་ཐ་མལ་དུ་གནས་པ་ཡན་ལག་ཏུ་དགོས་ཏེ། དགེ་སློང་བདག་ཉིད་སྤྲུལ་སྟག་ཏུ་ བསྒྱུར་བ་ལྟ་བུ་མ་ཡིན་པ་དང་། ལུས་མི་སྣང་བར་བྱས་པ་མ་ཡིན་པའོ། །དེ་ཡང་ལུང་ཞུ་བ་ལས། རྫུ་འཕྲུལ་གྱིས་བལ་ཁུར་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་པ་ལ་སོགས་པ་ལྟུང་བ་བཞི་ལ་རྫུ་འཕྲུལ་ལམ་སྤྲུལ་པས་བྱས་ན་ལྟུང་བ་ན་སྨད་དུ་གསུངས་པའི་ཤུགས་ཀྱིས་ 6-1-225a གྲུབ་ཅིང་། ལུང་ཞུ་བ་ལས། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་ཉིད་མི་སྣང་བར་བགྱིས་ཏེ་མི་ཆོས་བླ་མར་གྱུར་པའི་རྫུན་སྨྲ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལྟུང་བ་བཞི་བཅུའི་སྐབས་སུ་རང་གི་ལུས་མི་སྣང་བར་བྱས་ ན་རང་རང་གི་ལྟུང་བ་ན་སྨད་དུ་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི། དགེ་སློང་བདག་ཉིད་སྤྲུལ་སྟག་ཏུ་བསྒྱུར་བའམ་ལུས་མི་སྣང་བར་བྱས་ཏེ་ཉེས་སྤྱོད་ལ་འཇུག་པའོ། །སེལ་བ་དེ་ལས་ཅིར་འགྱུར་ན། རང་རང་གི་ན་སྨད་པ་སྟེ། ལུང་ལས། བལ་ཁུར་བ་ལ་ སོགས་པ་བཞི་ལ་ན་སྨད་དུ་གསུངས་པ་ལ་སོགས་པ་གོང་དུ་བཤད་ཟིན་ཏོ། །འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་པ་ནི། བསྙེན་རྫོགས་པས་ཉེས་པ་བྱས་པའི་ཐ་སྙད་དུ་བྱ་བའི་དགག་བྱ་མ་རྫོགས་པའི་ཕྱིར། གཉིས་པ་མཚན་གྱི་ཡན་ལག་ནི། སྲོག་གཅོད་ཀྱི་ ཕམ་པ་ལ་སོགས་པའི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ལྔ་བཅུ་རྩ་ལྔ་ལ་ནི་སྦྱོར་བ་དང་མཐར་ཐུག་པའི་བར་དུ་མཚན་གྱུར་པ་མ་ཡིན་པ་འདི་ཡན་ལག་ཏུ་མི་དགོས་ཏེ། མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ་ཞེས་པས་གྲུབ་བོ། །ལྟུང་བ་ལྔ་བཅུ་རྩ་ལྔ་པོ་དེ་དག་མ་གཏོགས་པ་ལྟུང་ བ་དངོས་གཞི་གཞན་རྣམས་ལ་ནི་ལྟུང་བ་བསྐྱེད་པའི་རྟེན་དེ་ལྟུང་བའི་སྦྱོར་བ་དང་མཐར་ཐུག་གི་བར་དུ་མཚན་གྱུར་པ་མ་ཡིན་པ་ཡན་ལག་ཏུ་དགོས་ཏེ། སྤྱིར་བསྟན་ལས། ན་སྨད་པའི་དོན་གྱི་སྦྱོར་བ་ཞེས་པ་ལ་སོགས་པས་སྦྱོར་བ་དང་། མཐར་ཐུག་གི་བར་དུ་མཚན་གྱུར་ན་ལྟུང་བ་ མི་རྫོགས་པར་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི། ལྟུང་བ་བསྐྱེད་པའི་རྟེན་དེ་སྦྱོར་བ་དང་མཐར་ཐུག་གི་བར་དུ་མཚན་གྱུར་པའོ། །སེལ་བ་དེ་ལས་ཅིར་འགྱུར་ན། བརྡེག་པ་ལྟ་བུ་ལ་མཚོན་ན། དགེ་སློང་གིས་དགེ་སློང་ལ་བརྡེག་པའི་སྦྱོར་བ་བྱས་ནས་རྡེག་པར་བྱེད་པ་པོ་དེ་ 6-1-225b མཚན་གྱུར་པ་ན་དེ་ལ་ཕོག་སྟེ་མཐར་ཐུག་གྲུབ་ན་ལྟུང་བ་ན་སྨད་དུ་འགྱུར་བ་ལྟ་བུ་སྟེ། ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློང་ལ་བརྡེག་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་པ་ལ་སོགས་པ་ལུང་ལས་མང་དུ་གསུངས་པས་གྲུབ་བོ། །དེ་ ལྟར་ན་ལྟུང་བ་དངོས་གཞི་ཀུན་གྱི་ཐུན་མོང་གི་ཡན་ལག་གཉིས་དང་། ཕལ་ཆེར་ཐུན་མོང་གི་ཡན་ལག་གཉིས་ཏེ་ཐུན་མོང་གི་ཡན་ལག་བཞི་བསྟན་ཟིན་ཏོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཡན་ལག་ལ། གཞི། བསམ། སྦྱོར་བ། མཐར་ཐུག་གོ། དང་པོ་ལ། བགྲོད་བྱ་ལམ། བགྲོད་བྱེད་ཡན་ལག་གོ། དང་པོ་ལ་བཞི་ལས། དང་པོ་ལམ་གསུམ་ལས་གང་ཡང་རུང་བའི་སེལ་བ་ནི། དེ་ལས་གཞན་པའི་ལུས་ཀྱི་བུ་གར་རྩོམ་པའོ། །གཉིས་པ་ལམ་མ་ཉམས་པའི་སེལ་བ་ནི། ལམ་གསུམ་སྲོག་ཆགས་ལ་སོགས་པས་ཉམས་པར་བྱས་པའོ། །གསུམ་པ་ དང་པོའི་མཐའ་ཕན་ཆད་ཀྱི་སེལ་བ་ནི། སོ་ཚུན་ཆད་ལ་སོགས་པ་ལའོ། །བཞི་པ་ལུས་བསྟེན་རུང་ལ་གསུམ་ལས། དང་པོ་ལུས་བསྟེན་དུ་རུང་བའི་སེལ་བ་ནི། སྤྲད་མི་བཟོད་པའོ། །གཉིས་པ་སེམས་ཅན་དུ་བགྲང་བ་སྔོན་རྣམ་ཤེས་ལེན་མྱོང་བ་ཡན་ཆད་ཀྱི་སེལ་བ་ནི། གཟུགས་ བརྙན་ལྟ་བུ་ལའོ། །གསུམ་པ་དེ་ལུས་ཕྱེད་ཡན་ཆད་གནས་པའི་སེལ་བ་ནི། ལུས་ཕྱེད་ཡན་ཆད་གནས་པ་མིན་པའོ། །གཉིས་པ་བགྲོད་བྱེད་ཡན་ལག་ལ་བཞི་ལས། དང་པོ་ནོར་བུ་དང་ལྡན་པ་ནི་ཡན་ལག་ཐོག་མའི་ཕྱོགས་ཀྱིས་རྩོལ་བའོ། །སེལ་བ་ནི། བལྟབ་པའོ། །གཉིས་ པ་ནད་མེད་པའི་སེལ་བ་ནི། བདེ་བ་ཉམས་མྱོང་གི་གེགས་དང་བཅས་པ་ནའོ། །གསུམ་པ་ལས་སུ་རུང་བའི་སེལ་བ་ནི། ལས་སུ་མི་རུང་བའོ། །བཞི་པ་ཡན་ལག་གི་རྒྱུད་དུ་གཏོགས་པའི་སེལ་བ་ནི། ལུས་ལས་ཐ་དད་དུ་ཕྱེས་པའོ། །གཉིས་པ་བསམ་པའི་ཡན་ལག་ནི། འདུ་ཤེས་ 6-1-226a དང་ཀུན་སློང་སྟེ་ཕམ་པ་དང་པོ་འདི་ནི་གཞི་ལ་འདུ་ཤེས་འཁྲུལ་ཡང་ལྟུང་བ་རྫོགས་པར་བསྐྱེད་དེ། དངོས་པོ་གཙོ་བའི་ལྟུང་བ་ཡིན་པའི་ཕྱིར་ཏེ། མི་ཚངས་པར་སྤྱོད་པ་ལ་ནི་དེར་མ་ཟད་དོ་ཞེས་པ་དང་། འོད་ལྡན་རྩ་འགྲེལ་ལས། འཁྲིག་པ་ལ་ནི་འདུ་ཤེས་ གཙོ་བྱར་མེད། །ཅེས་བཤད་དོ། །འདིར་དངོས་པོ་གཙོ་བོར་འཇོག་པའི་རྒྱུ་མཚན་ནི། འཁྲིག་པ་བསྟེན་པ་དེ་འདོད་པ་ཐམས་ཅད་དང་གནོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དགག་བྱ་ཆེ་བའི་ཕྱིར་དང་། འདོད་པ་དོན་དུ་གཉེར་བའི་གང་ཟག་ལ་བལྟོས་ཏེ་འབྱུང་ཉེ་ཞིང་སྤོང་དཀའ་བའི་ཕྱིར་ དོག་ཏུ་བཀག་སྟེ། འདུ་ཤེས་འཁྲུལ་ཡང་ཕམ་པ། མ་འཁྲུལ་ཡང་ཕམ་པ། རང་ལ་སྤྱད་ཀྱང་ཕམ་པ། གཞན་ལ་སྤྱད་ཀྱང་ཕམ་པ། གསོན་པོ་ལ་སྤྱད་ཀྱང་ཕམ་པ། རོ་ལ་སྤྱད་ཀྱང་ཕམ་པ། མི་དང་མི་མིན་དང་། དུད་འགྲོ་གང་ལ་སྤྱད་ཀྱང་ཕམ་པར་འགྱུར་བའི་ཕྱིར་རོ། །ཀུན་ སློང་ནི། མི་ཚངས་སྤྱོད་འདོད་རྒྱུན་མ་ཆད་པ་སྟེ། ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ་ཞེས། མཐའ་ཕམ་པ་ཉིད་མ་གཏོགས་པའི་སྐབས་སུ་མགོ་བཅད་པའི་ཁ་ལྟ་བུར་རྩོལ་ན་ནི། ཀུན་སློང་ཁུ་བ་འབྱིན་འདོད་ཀྱིས་རྩོལ་ན་དེའི་ལྷག་མར་འགྱུར་ ལ། མི་ཚངས་སྤྱོད་ཀྱི་ཀུན་སློང་གིས་རྩོལ་ན་དེའི་སྦོམ་པོར་འགྱུར་བར་གསུངས་ཏེ། དེའི་རིགས་པས་འདིའི་ཕམ་པ་བསྐྱེད་པ་ལ་ཡང་འདིའི་ཀུན་སློང་དགོས་པར་གནད་ཀྱིས་སྦྱར་རོ། །རྒྱུན་མ་ཆད་པ་ནི། བཏང་བ་ཡང་ངོ་ཞེས་པས་གྲུབ་བོ། །གསུམ་པ་སྦྱོར་བའི་ཡན་ལག་ནི། ལམ་དང་ཡན་ལག་རེག་ཅིང་རྩོལ་བ་སྟེ། རེག་ན་ཞེས་སོ། །རྩོལ་བ་ནི་ལུང་དང་མདོ་རྩ་འགྲེལ་ལས་མ་བཤད་ཀྱང་། འོད་ལྡན་རྩ་བ་ལས། དྲུད་ནས་ནི་ཞེས་བཤད་དོ། །དེ་ཡང་ལུང་ལས་ལྷག་མ་དང་པོ་ལ་རྩོལ་བ་ཡན་ལག་ཏུ་གསུངས་ལ། ཕམ་པ་དང་པོ་ལ་ཡང་རྩོལ་བ་ 6-1-226b ཡན་ལག་ཏུ་སྦྱོར་དགོས་པར་འོད་ལྡན་ལས་བཤད་དོ། །འདིའི་སེལ་བ་ནི། མི་རེག་པར་འཛུད་པའོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི། ལམ་དང་ཡན་ལག་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་ཞིང་བདག་གིར་བྱེད་པའོ། །དེའི་སེལ་བ་ནི། མཐར་ཐུག་པའི་མདུན་རོལ་གྱི་ བར་དུའོ། །གཉིས་པ་ཚིག་གི་དོན་ལ། ལུང་རྣམ་འབྱེད་ཀྱིས་བརྗོད་པ་དང་། །ཕྲན་ཚེགས་ལས་ནི་བརྗོད་པ་དང་། །ཞུ་བས་ཇི་ལྟར་བརྗོད་པ་དང་། །འདུལ་བྱེད་རྣམས་ཀྱིས་བརྗོད་པའོ། །དང་པོ་ལ། ལྟུང་བའི་རྣམ་པར་བཞག་པ་བསྟན། །བསླབ་པར་བྱ་བ་ཞིབ་ཏུ་བཤད། །དང་པོ་ ལ། མདོར་བསྟན་ཆེན་པོ་འཇུག་སྒོར་བསྟན། །རྒྱས་བཤད་འཇུག་ཚུལ་སྤྲོས་ཏེ་བརྗོད། །དང་པོ་ནི། བཅུག་རེག་ཅེས་པ་འདི་ལ། གནས་སྒྲུབ་པའི་སྒོ་ནས་སྟེན་པར་བྱེད་པའི་ཕམ་པ་དང་། བྱེད་པོ་སྒྲུབ་པའི་སྒོ་ནས་བསྟེན་པར་བྱ་བའི་ཕམ་པར་འགྱུར་བ་སྟེ། དང་པོ་ནི། གང་ དུ་བཅུག་པ་ལམ་གསུམ་པོའི་རེག་པ་ཉམས་སུ་མྱོང་བར་བྱས་ན་ཡན་ལག་གི་བདག་པོ་དགེ་སློང་དེ་ཕམ་པར་འགྱུར་རོ། །གཉིས་པ་ནི། གང་བཅུག་པ་ཕོའི་དབང་པོའི་རེག་པ་ཉམས་སུ་མྱོང་བར་བྱས་ན། ལམ་གཉིས་ཀྱི་བདག་པོ་དགེ་སློང་ངམ་ལམ་གསུམ་གྱི་བདག་མོ་དགེ་སློང་ མ་དེ་ཕམ་པར་འགྱུར་བ་སྟེ། ཊཱི་ཀ་ལས། བཅུག་ཅེས་བྱ་བའི་སྒྲ་འདིའི་བྱེ་བྲག་ཏུ་སྒྲུབ་པ་ནི་རྣམ་པ་གཉིས་སུ་བྱས་ཏེ། དེས་འཛུད་པར་བྱེད་པས་བཅུག་པ་སྟེ། བྱེད་པ་པོ་སྒྲུབ་པ་དང་། དེར་གཞུག་པར་བྱ་བས་བཅུག་པ་སྟེ་གནས་སྒྲུབ་པ་ནི་བཅུག་པའི་སྒྲ་ཡིན་ནོ་ཞེས་སོ། །ཉམས་ སུ་མྱོང་བར་བྱས་ནའོ་ཞེས་པ་ཊཱི་ཀར། ཉམས་སུ་མྱོང་བར་འགྱུར་པ་གང་ཡིན་པའོ་ཞེས་སོ། །འདིའི་དོན་རྣམ་འབྱེད་ལས། ཤེས་ནས་ཀྱང་བདག་གིར་བྱེད་ན་བསྙིལ་བར་བྱའོ་ཞེས་གསུངས་སོ། །གཞན་ཡང་ཊཱི་ཀར། དེ་ལྟར་ན་མདོའི་བྱེ་བྲག་ཏུ་སྒྲུབ་པ་རྣམ་པ་གཉིས་པོ་དེ་དག་ནི་ 6-1-227a ལན་གཉིས་སུ་བཟླས་པས་ཐོབ་བོ། །གཞན་རྒྱལ་བར་བྱེད་དུ་བཅུག་པ་ནི་གཞན་རྒྱལ་བའོ། །དེ་ལ་ཡོད་པའི་ཉེས་པ་ནི་ཕམ་པའོ། །དེ་བྱེད་པར་འགྱུར་བའི་ཕྱིར་ཕམ་པར་འགྱུར་བའི་ལྟུང་བའོ་ཞེས་སོ། །གཉིས་པ་ལ། དངོས་གཞིར་གྱུར་པའི་ཡན་ལག་ དང་། །ལྟུང་བ་ན་སྨད་བྱེ་བྲག་དང་། །བགྲོད་བྱ་ཡུལ་གྱི་དབྱེ་བ་དང་། །དོགས་གཅོད་སྒོ་ནས་དངོས་ལྟུང་བསྟན། །དང་པོ་ནི། གང་བཅུག་པས་ཕམ་པར་འགྱུར་ཞེ་ན་ཕོའི་གཅིན་ཟག་བྱེད་དོ། །གང་དུ་བཅུག་པས་ཕམ་པར་འགྱུར་ཞེ་ན་མོའི་ཟག་བྱེད་དེར་རོ། །མ་ཉམས་པར་རོ་ཞེས་པ་ ནི། རྣམ་འབྱེད་ལས། མིའི་བུད་མེད་གསོན་པོ་མ་ཉམས་པ་ཞེས་སྤྱིར་གསུངས་ཀྱང་། བྱེ་བྲག་ཏུ་རྨ་མ་ཉམས་པར་རོ་ཞེས་པ་སྟེ། བུད་མེད་ཀྱི་ལུས་མ་ཉམས་པ་ཡན་ལག་ཏུ་དགོས་ན། ཞུ་བ་ལས། བུད་མེད་སྐེད་པར་བཅད་པར་གྱུར་པ་ལ་རྨའི་སྒོ་གསུམ་ལས་གང་ཡང་རུང་བ་ཞིག་མ་ཉམས་ པར་གྱུར་པ་དེ་ལ་ནི་མི་ཚངས་པར་སྤྱོད་ན་ཅིར་འགྱུར། མཐར་འགྱུར་རོ་ཞེས་གསུངས་པ་དང་། བགྲོད་པར་བྱ་བ་ཕྱེད་བཅད་པ་ཉིད་ལ་ཡང་ངོ་ཞེས་པ་དང་འགལ་ལོ། །བུད་མེད་གསོན་པོ་མ་ཉམས་པ་ཞེས་རྣམ་འབྱེད་ལས་གསུངས་པ་དེ་ནི་ཆ་ཤས་ཀྱི་སྒོ་ནས་སྤྱི་ལ་བཏགས་པ་ཡིན་ཏེ། ཞར་བ་ དང་ལག་རྡུམ་བཞིན་ནོ། །ཆ་ཤས་རྨ་མ་ཉམས་པ་ལ་བུད་མེད་མ་ཉམས་པ་ཞེས་སྤྱིར་གསུངས་པ་དེའི་དགོས་པ་ནི། ལུས་ཕྱེད་མན་ཆད་ལ་གནས་པའི་རྨ་མ་ཉམས་པར་དགོས་པར་བསྟན་ཏེ། ལམ་གསུམ་ལུས་ལས་ཐ་དད་དུ་བྱས་པ་ལ་རྩོལ་ན་སྦོམ་པོ་ལས་མི་བསྐྱེད་པའོ། །མོའི་ཟག་བྱེད་ འབའ་ཞིག་གམ་ཞེ་ན་མིན་ཏེ། དུད་འགྲོ་སོགས་ཏེ་ཕོའམ་མོའམ་མ་ནིང་གི་ཁའམ་བཤང་བའི་ལམ་དུའོ། །གཉིས་པ་ནི། དབང་པོ་གསུམ་ཉམས་པ་དག་ཏུ་བཅུག་པ་ལ་ནི་ཞེས་པའི་དག་སྒྲ་གཉིས་དང་། མང་པོ་ལ་འཇུག་པས་ནང་དང་ཕྱི་རོལ་ཉམས་པ་གཉིས་དག་དང་། རྨའི་སྒོ་གསུམ་དག་ 6-1-227b ལ་ཞེས་བསྙེག་གོ། དེར་རྩོལ་ན་སྦོམ་པོར་རོ། །མི་མ་ཡིན་མོ་ཡན་ལག་ཐམས་ཅད་བཟུང་དུ་མི་རུང་བའམ། བུ་མོ་ལོ་ཉུང་ངུ་ལོན་པ་ལྟ་བུ་འཁྲིག་པ་བསྟེན་དུ་མི་རུང་བ་སྤྱད་མི་བཟོད་པ་ཉིད་ལ་ནི་ན་སྨད་དོ། །འདིའི་ན་སྨད་གང་ལ་འཇོག་ཅེ་ན། སྤྱིར་བསྟན་ན་ཕམ་པ་དང་ལྷག་མའི་ན་ སྨད་ནི་སྦོམ་པོའོ། །སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་གསུམ་གྱི་ན་སྨད་ནི་ཉེས་བྱས་སོ། །ཉེས་བྱས་ཀྱི་ན་སྨད་ནི་ཉེས་བྱས་ཕྲ་མོའོ། །ངག་དོན་འདིའི་ན་སྨད་སྦོམ་པོ་ལས་ན་སྨད་པའི་དོན་ཡིན་ལ། ཊཱི་ཀར། ལྟུང་བ་ན་སྨད་ཅིང་དབྲི་བ་ཞེས་བྱ་བའི་ཐ་ ཚིག་གོ་ཞེས་སོ། །གསུམ་པ་ནི། དེ་ལ་བགྲོད་བྱ་མི་མ་ཡིན་པའི་འགྲོ་བ་པ་ཉིད་དང་། སྐྱེས་པ་ཉིད་དང་། མ་ནིང་ཉིད་དང་། རོ་ཉིད་དང་། སྟེན་པར་བྱེད་པ་ཕོའི་དབང་པོ་དང་། བསྟེན་པར་བྱ་བ་ཁའམ་བཤང་བའི་ལམ་དང་། མོའི་དབང་པོ་རྣམས་རེག་པ་མྱོང་བ་ལ་མི་གནོད་པར་ གཡོགས་མ་ཅན་ཉིད་དག་ལ་ནི་ཡན་ལག་གི་ཆ་གཞན་ཚང་ན་མཐར་ཐུག་གི་ལྟུང་བ་ན་སྨད་པ་མེད་དོ། །བཞི་པ་ནི། བུད་མེད་གཉིད་ལོག་པའམ་ར་རོ་བ་ལྟ་བུ་ཡུལ་དེས་མ་ཚོར་བ་དང་། ཕ་རོལ་པོ་རང་བཞིན་ཉམས་པ་སྨྱོ་བ་ལ་སོགས་པའི་གནས་སྐབས་དང་། བགྲོད་པར་བྱ་བ་མི་ འདོད་བཞིན་དུ་ནན་གྱིས་བཅུག་པ་ཉིད་ན་ན་སྨད་པ་མེད་དོ། །དགེ་སློང་གིས་རང་གི་བསྟེན་པར་བྱ་བའི་ཁ་དང་བཤང་སྒོར་ཟག་བྱེད་བཅུག་ན་ཡང་ན་སྨད་མེད་པར་ཕམ་མོ། །ཁུ་བ་འབྱུང་བའི་སྔར་ཕོ་མཚན་གྱིས་ཕྱི་རོལ་དུ་དྲུད་ཅིང་ཁུ་བ་འབྱུང་ཀར་ནང་དུ་ལྡུགས་པ་ཉིད་ལ་ན་སྨད་པ་མེད་ དོ། །སྔར་ནང་དུ་སྨྱུགས་ཤིང་ཁུ་བ་དབྱུང་ཀར་ཕྱིར་དབྱུང་སྟེ་ཁུ་བ་ནང་དུ་མི་དབོ་བར་ཕྱི་རོལ་ཉིད་དུ་འཕོ་བ་ལ་ཡང་ན་སྨད་མེད་དོ། །གཉིས་པ་ནི། མི་ཚངས་སྤྱོད་ཀྱི་རྒྱུ་སྤོང་བའི་ཕྱིར་དགེ་སློང་གིས་མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ། །ཇི་ལྟར་བསྲུང་ཞེ་ན། 6-1-228a དགེ་སློང་གི་སྲུང་བ་ནི་གསུམ་སྟེ། སྒོ་བཅད་ཅིང་ཀུན་ནས་བསྐོར་བ་ན་གནས་པ་ཉིད་དང་། དགེ་སློང་གིས་ཀུན་ནས་བསྲུང་བ་ཉིད་དང་། ཤམ་ཐབས་ཀྱི་མཐའ་བཅིངས་བ་ཉིད་དོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ། ། འདིར་སྨྲས་པ། ཆོས་གྲུབ་གྲགས་པའི་བློ་གྲོས་ཀྱིས། །བླང་དོར་བརྩོན་པས་བསིལ་ཐོབ་པ། །བློ་ཡི་ཆོས་སུ་ངེས་དཀའ་བས། །ཟླ་བའི་ཟེར་ཕྲེང་གཞོན་ནུར་ངེས།། །།གཉིས་པ་ལ། བསླབ་པར་བྱ་བ་རྒྱས་པར་བཤད། །ལྟུང་བ་མེད་པའི་རྣམ་བཞག་བསྟན། །དང་པོ་ནི། ཁྱིམ་ ལ་སོགས་པ་གང་དུ་བུད་མེད་ཀྱིས་ཚུལ་མིན་པའི་བསམ་པས་བརྗོད་པ་དེར་དགེ་སློང་འགྲོ་བར་མི་བྱའོ། །དགོན་པ་ལ་སོགས་པ་གང་དུ་མི་མ་ཡིན་པས་འཁྲིག་པ་བསྟེན་པ་ལ་སོགས་པས་གནོད་པའི་ཕྱིར་བརྩལ་བའི་གནས་དེར་གནས་པར་མི་བྱའོ། །གཉིས་པ་ནི། དགེ་སློང་འདོད་ ཆགས་ཤས་ཆེ་བས་འཛག་སྣོད་བཅང་བར་བྱའོ། །འོ་ན་སྣོད་དུའོ་ཞེས་སྦོམ་པོར་གསུངས་པ་དང་འགལ་ཅེ་ན། འདོད་ཆགས་ཀྱི་བསམ་པས་འཛག་སྣོད་དུ་འཛུད་ན་ཉེས་པར་འགྱུར་ཡང་། ཉོན་མོངས་པའི་བསམ་པ་མེད་པས་འཛག་སྣོད་བཅང་བ་ལ་ཉེས་པ་མེད་པའོ། །དེ་ཅི་ལ་ བྱ་ཞེ་ན། རའམ་རི་དྭགས་སམ་བྱི་བའི་པགས་པ་ལས་སོ། །འཛག་སྣོད་དེ་དྲི་མི་ང་བར་བྱ་བའི་ཕྱིར་ཨ་རུ་ར་ལ་སོགས་པ་བསྐ་བས་བཀྲུ་བ་དང་བསྐམ་པར་བྱའོ། །བཀྲུ་སྐམ་དེའི་དུས་ཀྱི་ཆེད་དུ་འཛག་སྣོད་གཉིས་པ་གཞན་བྱའོ། །ཁུ་བ་ཧ་ཅང་མང་བས་འཛག་སྣོད་འདལ་བར་གྱུར་ན་ ཕྲུ་བླུགས་སོ། །ཕྲུ་གང་ཞེ་ན། བྱེ་མའམ་སའིའོ། །ཟན་ཟ་བ་དང་མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་འཛག་སྣོད་དབང་པོ་ལས་ཕོག་ལ་དབང་པོ་བཀྲུས་ཏེ་བྱ་བ་དེ་གཉིས་བྱའོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་སོ། །གསུམ་པ་ལ། དངོས་ 6-1-228b གཞིར་གྱུར་པའི་ཡན་ལག་བཤད། །ཡན་ལག་ཉིད་ཀྱི་སེལ་བ་བསྟན། །དངོས་གཞི་ཉིད་ཀྱི་ལྟུང་བ་བརྗོད། །ལྟུང་བ་ན་སྨད་བྱེ་བྲག་སྤྲོས། །སྔ་ཕྱིའི་ལུང་འགལ་སྤང་བའོ། །དང་པོ་ནི། རྨའི་སྒོ་གསུམ་གྱི་ཚད་འདས་པ་ཇི་ཙམ་ལས་ཕམ་ཞེ་ན། ཁའི་དང་པོར་གཏོགས་པ་ནི་སོ་ཕན་ཆད་ དོ། །བཤང་བའི་ལམ་གྱི་ནི་བུ་གུའི་སྦུབས་ཀྱི་མཐའ་ཡན་ཆད་ནི་བཤང་བའི་ལམ་གྱི་དང་པོར་གཏོགས་པ་ལ་ཡིན་ཏེ། ཊཱི་ཀར། བུ་གའི་སྦུབས་དེའི་མཐའ་ཡན་ཆད་ནི་བཤང་བའི་ལམ་གྱི་དང་པོའོ་ཞེས་སོ། །ཟག་བྱེད་ཀྱི་ལྤགས་རིམ་ཡན་ཆད་དེའི་དང་པོ་སྟེ། ཊཱི་ཀ་ལས། ཟག་བྱེད་ཀྱི་དང་ པོ་ནི་འདོམས་ཀྱི་ཕྱོགས་རྨའི་ཁ་ཤུན་དུ་གྱུར་པ་པགས་རིམ་ཡན་ཆད་ཤའི་རྣམ་པ་དང་པོའི་མཚམས་ལ་ཐུག་པ་དེ་ནི་ཟག་བྱེད་ཀྱི་དང་པོའི་ཞེས་སོ། །མཚོ་སྣ་པ་ཆེན་པོར། ཁའི་དང་བཤང་བའི་ལམ་གྱི་དང་། ཟག་བྱེད་ཀྱི་ཞེས་གསུམ་ཀ་ལ་ཕམ་པ་བསྐྱེད་པའི་ཕྱོགས་ཀྱི་དང་པོ་ཞེས་གསལ་ བྱེད་དུ་སྦྱར་རོ། །ཕོ་དབང་གི་ཚད་ཇི་ཙམ་འདས་ན་ཕམ་ཞེ་ན། ཕོའི་ཟག་བྱེད་དེའི་ནོར་བུའི་ཚིགས་ལས་འདས་པར་བཅུག་པ་ཉིད་ནི་བཅུག་པ་དེའི་མཐའ་སྟེ་དེ་ཉིད་ཀྱིས་ཕམ་མོ། །གཉིས་པ་ནི། ཉམས་པ་དག་ལ་ནི་སྦོམ་པོར་རོ་ཞེས་སྨོས་ནས་ཉམས་པའི་དབྱེ་བ་དེ་ཇི་ལྟ་བུ་ཞེ་ན། ཕམ་པ་ བསྐྱེད་ནུས་ཀྱི་ཕྱོགས་ཀྱི་དང་པོ་ལ་བཞག་དགོས་ཏེ། ཊཱི་ཀར། ཕྱོགས་ཀྱི་དང་པོ་ཞེས་སྨོས་པས་ནི་རྨའི་སྒོའི་ཕྱོགས་ཀྱི་དང་པོར་གྱུར་པ་གང་ཕན་ཚུན་གྱིས་ཕམ་པར་འགྱུར་བའི་ཕྱོགས་ཀྱི་དང་པོ་བཟུང་གི། ལུས་སུ་གཏོགས་པ་གཞན་གྱི་མིན་ནོ་ཞེས་སོ། །དེ་སྡིག་པ་ལ་སོགས་པས་ ཅུང་ཟད་ཟིན་པ་ཉིད་དང་། ཤས་ཆེར་ཟིན་པ་ཉིད་དང་། སྐྲངས་པ་ཉིད་དང་། རུལ་བ་ཉིད་དང་ཞེས་པ་མུག་པ་དང་། ཤ་ཟགས་པས་མྱགས་པ་ཉིད་དང་། རྨའི་སྒོའི་ནང་ཉིད་ནས་དེའི་དྲི་མ་ལས་སྐྱེས་པའི་སྲོག་ཆགས་དག་གིས་ཟོས་པ་ཉིད་ལྟ་བུ་ནི་ཉམས་པ་ཉིད་དོ། །ཊཱི་ཀར། འདིར་ 6-1-229a གཞུང་ནི་གང་གི་རྨའི་སྒོ་དག་ཅུང་ཟད་ཟིན་པ་ཉིད་དམ། ཟིན་པ་ཉིད་དམ། རུལ་པ་ཉིད་དམ། མྱགས་པ་ཉིད་དམ་ཞེས་གསུངས་པ་དང་། གཞུང་གཞན་ལས། ཅུང་ཟད་ཟིན་ཏམ། ཟིན་ཏམ། སྐྲངས་པ་ཉིད་དམ། རུལ་བ་ཉིད་དམ། སྲོག་ཆགས་དག་གིས་ ཟིན་པ་ཉིད་དམ་ཞེས་གསུངས་པ་སྟེ། འདིར་སྐྲངས་པ་དང་། སྲོག་ཆགས་དག་གིས་ཟིན་པ་ནི་དེ་ལས་བསྡུ་བར་བྱས་པ་ཡིན་ནོ། །གསུམ་པ་ནི། བགྲོད་པར་བྱ་བ་ཕོ་མོ་མ་ནིང་གི་ལྟེ་བ་ལ་སོགས་པ་ཕྱེད་བཅད་པ་ཉིད་ལ་ཡང་ན་སྨད་པ་མེད་དོ་སྟེ་ཕམ་མོ། །ལུང་དུ། བཙུན་པ་རེ་ཤིག་ དགེ་སློང་གིས་བུད་མེད་ལུས་ཕྱེད་དུ་བཀུམ་ལ་རྨའི་སྒོ་གསུམ་པོ་དེ་དག་ལས། རྨའི་སྒོ་གང་ཡང་རུང་བ་ཞིག་མ་ཉམས་པ་དེར་མི་ཚངས་པར་སྤྱད་པ་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་མཐར་འགྱུར་རོ་ཞེས་སོ། །བསྟེན་པར་བྱ་བ་ཕོ་མོ་མ་ནིང་གི་དབང་པོར་གྱུར་པའི་དབུས་ ཕྱེད་ཙམ་བྱ་བའི་མཚམས་ཀྱང་ཕྱིར་འབྱོར་པ་མི་མངོན་པ་ལ་ཡང་ན་སྨད་པ་མེད་དེ་ཕམ་མོ། །དབུས་བྱེ་བ་འདི་ལ་མོ་དབང་གཤགས་པ་ཡིན་ནམ། ལུས་རིལ་པོར་གཤགས་པ་ཡིན་ཅེ་ན། ཊཱི་ཀ་ལས། མོའི་དབང་པོར་གྱུར་པའི་དབུས་ཕྱེད་ཚལ་དུ་གས་པ་ལ་སོགས་པས་ཕྱེ་བ་ཞེས་ བཤད་དོ། །ལུང་ཞུ་བ་ལས། བུད་མེད་ཕྱེད་ཚལ་དུ་གཤགས་པར་གྱུར་ལ་ཞེས་གསུངས་ཤིང་། ཡོན་ཏན་འོད་མར། རོ་ལྟ་བུ་མོ་མཚན་ནས་ལུས་ཕྱེད་གཤགས་སུ་གཤགས་ཏེ་སླར་སྦྱར་ནས་སྦྱར་བའི་མཚམས་མི་མངོན་པ་ཞེས་བཤད་དེ་ལུགས་གཉིས་ཀ་ལྟར་བཟུང་ངོ་། །བཞི་ པ་ནི། རྨའི་སྒོ་མཚམས་འབྱོར་པ་མངོན་པ་ལ་ནི་ཚིགས་འོག་མ་སྦོམ་པོར་འགྱུར་རོ། །ཚིགས་འོག་མ་སྦོམ་པོའི་དབང་དུ་བྱས་པ་ནི་ཕག་ལ་སོགས་པ་བཙོས་པ་སྤུ་མེད་པ་དག་ལའོ། །འདིར་སོགས་སྒྲས་སྤྲེའུ་དང་། བ་ལང་དང་། མ་ཧེ་ལ་སོགས་པ་དང་། དག་སྒྲ་ནི་སྤུ་ཡོད་མེད་ 6-1-229b གཉིས་ཀ་མཚོན་ནོ། །ཅི་མི་ཚངས་སྤྱོད་ཀྱི་ཕམ་པ་བསྐྱེད་པ་ལ་གཞི་མི་དང་དུད་འགྲོ་ནི་འདྲ་ལ། གསོན་པོ་དང་རོ་ཡང་འདྲ་ན། འདིར་ཕམ་པ་མི་བསྐྱེད་པའི་རྒྱུ་མཚན་ཅི་ཞེ་ན། ཊཱི་ཀ་ལས། རྨའི་སྒོ་རྣམས་ཉམས་པ་ཡིན་པའི་ཕྱིར་རོ་ཞེས་སོ། །དེ་ཡང་ལུས་སྤྱི་བཙོས་པས་བྱེ་བྲག་རྨའི་ སྒོ་རྣམས་ཚོས་ཏེ་ཉམས་པ་ཡིན་པའི་ཕྱིར་རོ་ཞེས་པའོ། །ལམ་གྱི་རེག་པ་བདག་གིར་བྱེད་འདོད་པའི་བསམ་པ་སྟེ། མི་ཚངས་པར་སྤྱོད་པར་འདོད་པའི་བསམ་པས་མགོ་བཅད་པའི་ཁར་རོ་སྟེ་འཛུད་པར་བྱེད་ན་མི་ཚངས་པར་སྤྱོད་པའི་སྦོམ་པོར་འགྱུར་རོ། །འོན་ཏེ་ཁུ་བ་འབྱིན་པའི་ བསམ་པས་མགོ་བཅད་པའི་ཁར་རྩོལ་བར་བྱེད་ན་འབྱིན་པའི་ལྷག་མར་འགྱུར་ཏེ། དེ་ནི་སྤྱིར་བསྟན་ལས་གསུངས་སོ། །འདིར་མདོ་ཚན་གཉིས་ལ་དཀའ་བའི་གནས་ཡོད་པས། རྒྱ་ཆེར་འགྲེལ་གྱི་འབྲུ་གཞིར་བྱས་ནས་སྤྲོས་ཏེ་འཆད་པར་འདོད་ལ། དེ་ཡང་ཊཱི་ཀར། བསྟེན་པར་བྱ་བ་དང་ སྟེན་པར་བྱེད་པ་ཞེས་བྱ་བ་ནི། ཁ་དང་། བཤང་བའི་ལམ་དང་། མོའི་དབང་པོ་དང་། ཕོའི་དབང་པོ་ཞེས་བྱ་བ་ཅི་རིགས་པར་བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་ཡིན་པའོ། །ལུས་ལས་ཐ་དད་པར་བྱས་པ་ཉིད་ཀྱིའོ་ཞེས་བྱ་བ་ནི། གཞན་གྱི་བསྟེན་པར་བྱ་བ་ལུས་ལས་ཐ་དད་པར་ བྱས་པ་དག་ཏུ་རང་གི་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་མ་བྱས་པ་དང་། རང་དང་གཞན་གྱི་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་དག་རང་གི་བསྟེན་པར་བྱ་བ་ལུས་ལས་ཐ་དད་པར་མ་བྱས་པ་དག་ཏུ་དང་། གཞན་གྱི་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་ དག་རང་གི་བསྟེན་པར་བྱ་བ་ལུས་ལས་ཐ་དད་པར་མ་བྱས་པ་དག་ཏུ་ཅིག་ཅར་རམ་རིམ་གྱིས་ཕན་ཚུན་སྦྱོར་བར་བྱེད་ན་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་ནོ། །ཞེས་དང་། ཊཱི་ཀར། གཞན་པ་གཉིས་ཀྱང་ཞེས་བྱ་བའི་ཀྱང་གི་སྒྲས་ནི། སྔར་བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་ 6-1-230a ལུས་ལས་ཐ་དད་པར་བྱས་པ་གཉིས་ཀྱིའོ། །བྱས་པ་ཞེས་སྨོས་པས་དེ་དག་གཉིས་ལས་གཞན་པ་ལུས་ལས་ཐ་དད་པར་མ་བྱས་པ་གཉིས་དང་། ལུས་ལས་ཐ་དད་པར་བྱས་པ་གཉིས་ཀྱང་སྔ་མ་བཞིན་དུ་སྦྱར་བར་སྟོན་ཏོ། །གཞན་གྱི་གཉིས་དང་ ཞེས་བྱ་བ་ནི། གཞན་ཕོ་དང་མོ་དང་མ་ནིང་གི་བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་ཅི་རིགས་པ་གཉིས་དང་ངོ་། །གཞན་དུ་སྦྱོར་བར་བྱེད་ནའོ་ཞེས་བྱ་བ་ནི། བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་སྦྱོར་བར་བྱེད་ན་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་པའོ་ཞེས་སོ། །འདི་ལ་ མཚོ་སྣ་པ་ཆེན་པོའི་རྣམ་བཤད་དུ། བསྟེན་པར་བྱ་བ་དང་ཞེས་པའི་མདོ་འདི་གཉིས་ཀྱིས་སྦོམ་པོ་རིགས་བཞི་དངོས་སུ་བསྟན་ཏེ། རང་གི་ལུས་ཀྱི་ཆ་དང་སྦྱར་བའི་སྦོམ་པོ་རིགས་གཉིས་དང་། གཞན་ཁོ་ནའི་ལུས་ཀྱི་ཆ་ཕན་ཚུན་སྦྱོར་བའི་སྦོམ་པོ་རིགས་གཉིས་སོ། །དང་པོ་ནི། མདོ་ སྔ་མ་འདིས་སྦོམ་པོ་རིགས་གཉིས་དངོས་སུ་བསྟན་ཏེ། བསྟེན་པར་བྱ་བ་ལུས་ལས་ཐ་དད་བྱས་པ་སྟེ། སྟེན་བྱེད་ལུས་ལས་ཐ་དད་དུ་མ་བྱས་པ་ལ་སྦྱོར་ན་སྦོམ་པོ་དང་། སྟེན་བྱེད་ལུས་ལ་ཐ་དད་བྱས་པ་དེ། བསྟེན་བྱ་ལུས་ལས་ཐ་དད་དུ་མ་བྱས་པ་ལ་སྦྱོར་ན་སྦོམ་པོ་སྟེ། གཅིག་བཀོལ་གཅིག་མ་བཀོལ་གྱི་མུ་དེ་གཉིས་ཀྱི་ལྟུང་བ་སྦོམ་པོའོ་ཞེས་སྦོམ་པོ་གཉིས་བསྟན་ཏོ། །དེ་གཉིས་ཀྱི་དང་པོ་བསྟེན་བྱ་ལུས་ལས་ཐ་དད་དུ་བྱས་ཏེ་སྦྱོར་བའི་སྦོམ་པོ་ནི། གཞན་གྱི་བསྟེན་བྱ་ལུས་ལས་བཀོལ་བ་དེ་དགེ་སློང་རང་གི་སྟེན་བྱེད་ལུས་ལས་མ་བཅད་པ་ལ་སྦྱོར་ ན་སྦོམ་པོ་དང་། ལྟུང་བ་བསྐྱེད་པའི་རྟེན་དགེ་སློང་ཕའམ་མ་ཡང་རུང་སྟེ་བསྙེན་རྫོགས་པ་རང་གི་བསྟེན་བྱ་ལུས་ལས་བཀོལ་བ་དེ། རང་ངམ་གཞན་གྱི་སྟེན་བྱེད་ལུས་ལས་མ་བཅད་པ་ལ་སྦྱོར་ན་སྦོམ་པོ་སྟེ། དེ་གཉིས་ཀར་བསྟེན་བྱ་ལུས་ལས་བཀོལ་བ་དེ་སྟེན་བྱེད་ལུས་ལས་མ་ 6-1-230b བཀོལ་བ་ལ་སྦྱོར་བའི་སྦོམ་པོར་རིགས་གཅིག་པའོ། །གཉིས་པ་སྟེན་པར་བྱེད་པ་ལུས་ལས་ཐ་དད་དུ་བྱས་ཏེ་སྦྱོར་བའི་སྦོམ་པོ་ནི། སྐྱེས་པ་གཞན་གྱི་སྟེན་བྱེད་ལུས་ལས་བཅད་པ་དེ། བསྙེན་རྫོགས་པ་རང་གི་བསྟེན་བྱ་ལུས་ལས་མ་བཀོལ་བ་ལ་སྦྱོར་ན་སྦོམ་པོ་དང་། དགེ་སློང་རང་ གི་སྟེན་བྱེད་ལུས་ལས་བཅད་པ་དེ། རང་ངམ་གཞན་གྱི་བསྟེན་བྱ་ལུས་ལས་མ་བཀོལ་བ་ལ་སྦྱོར་ན་སྦོམ་པོ་སྟེ། འདི་རྣམས་སྟེན་བྱེད་ལུས་ལས་བཀོལ་བ་དེ་བསྟེན་བྱ་ལུས་ལས་མ་བཀོལ་བ་ལ་སྦྱོར་ན་སྦོམ་པོར་རིགས་གཅིག་པའོ། །དེ་དག་ཐམས་ཅད་ཀྱང་བསྟེན་བྱ་དང་སྟེན་བྱེད་ གཉིས་ཀའམ་གང་རུང་རེ་རེ་ལྟུང་བ་འབྱིན་པ་པོ་རང་གི་ལུས་ལ་བརྟེན་པའི་དབང་དུ་བྱས་པའོ། །འདིར་དགེ་སློང་སྨྱོ་བས་རང་གི་སྟེན་བྱེད་བཅད་ནས་སྨྱོ་སངས་པ་ན་འཇུག་པར་བྱེད་པའམ། རྒྱལ་པོའི་ཆད་པ་ཕོག་སྟེ་བཅད་པའམ། མཛེ་ནད་ཀྱིས་རུལ་ཆད་དུ་གྱུར་ན་འཛུད་སྲིད་པས་ མི་སྲིད་པའི་སྐྱོན་མེད་དོ། །གཉིས་པ་གཞན་ཁོ་ནའི་ལུས་ཀྱི་ཆ་ཕན་ཚུན་སྦྱོར་བའི་སྦོམ་པོ་ནི། གཞན་པ་གཉིས་ཀྱང་གཞན་གྱི་གཉིས་ཞེས་པ་སྟེ། འདི་ནི་རང་གི་ལུས་སུ་གཏན་ནས་མ་གཏོགས་པའི་གཞན་གྱི་བསྟེན་བྱ་སྟེན་བྱེད་སྦྱོར་བའི་དབང་དུ་བྱས་པའོ། །དེ་ཡང་བསྟེན་བྱ་དང་སྟེན་ བྱེད་གཅིག་བཀོལ་གཅིག་མ་བཀོལ་གྱི་མུ་ལས། གཞན་པ་སྟེ་གཉིས་ཀ་བཀོལ་བའི་མུ་དང་། མ་བཀོལ་བའི་མུ་གཉིས་ཀྱང་ལྟུང་བ་འབྱིན་པ་པོ་རང་ལས་གཞན་གྱི་བསྟེན་བྱ་སྟེན་བྱེད་གཉིས་དང་། རྨ་དང་རྨ་སྦྱོར་བ་ལྟ་བུ་རིགས་མཐུན་ལས་གཞན་རིགས་མི་མཐུན་ ཕན་ཚུན་དུ་སྦྱོར་བར་བྱེད་ན་སྦོམ་པོའི་ཞེས་བསྟན་ཏོ། །མདོ་ཕྱི་མ་འདིས་ཀྱང་སྦོམ་པོ་རིགས་གཉིས་དངོས་སུ་བསྟན་ཏེ། གཉིས་ཀ་བཀོལ་བའི་མུ་དང་། གཉིས་ཀ་མ་བཀོལ་བའི་མུ་གཉིས་སོ། །བསྟེན་བྱ་སྟེན་བྱེད་གཉིས་ཀ་བཀོལ་བའི་མུ་ནི། སྐྱེས་པ་གཞན་གྱི་སྟེན་བྱེད་ 6-1-231a བཅད་པ་དེ་གཞན་གང་ཡང་རུང་བའི་བསྟེན་བྱ་ལུས་ལས་བཀོལ་བ་ལ་དགེ་སློང་གིས་སྦྱོར་ན་སྦོམ་པོའོ། །གཉིས་ཀ་མ་བཀོལ་བའི་མུ་ནི། དུད་འགྲོ་ཕོ་མོ་དགེ་སློང་གིས་སྤྲོད་པ་ལྟ་བུ་སྟེ། གང་ཟག་གཞན་གྱི་བསྟེན་བྱ་སྟེན་བྱེད་དགེ་སློང་གིས་ སྦྱོར་ན་སྦོམ་པོའོ། །མདོར་ན་མདོ་སྔ་ཕྱི་འདི་གཉིས་ཀྱིས་སྦོམ་པོ་རིགས་བཞི་དངོས་སུ་བསྟན་ཏོ། ། གཞན་ཡང་སྦོམ་པོ་རིགས་གསུམ་ནི་འདི་དག་གིས་མཚོན་ནས་བསྟན་ཏེ། མདོ་སྔ་མས་མཚོན་ནས་བསྟན་པ་ནི། རང་ལུས་ཀྱི་ཆ་ལ་བརྟེན་པའི་བསྟེན་བྱ་སྟེན་བྱེད་གཉིས་ཀ་ བཀོལ་ཏེ་སྦྱོར་བའི་སྦོམ་པོ་དངོས་སུ་མ་བསྟན་ཀྱང་མཚོན་ནས་བསྟན་ཏོ། །མདོ་ཕྱི་མས་མཚོན་ནས་བསྟན་པ་ནི། གཞན་གྱི་བསྟེན་བྱ་དང་གཞན་གྱི་སྟེན་བྱེད་གཅིག་བཀོལ་གཅིག་མ་བཀོལ་བའི་མུ་གཉིས་ཀྱིས་སྦོམ་པོ་གཉིས་མཚོན་ནས་བསྟན་པའོ། །དེ་ལྟར་སྦོམ་པོ་རིགས་ བདུན་སྲིད་དེ། བདུན་པོ་འདི་རྣམས་གང་གི་སེལ་བ་ཡིན་ཅེ་ན། སྟེན་བྱེད་ལུས་ལས་ཐ་དད་དུ་བྱས་པ་ཐམས་ཅད་ནི་ཡན་ལག་གི་རྒྱུད་དུ་གཏོགས་པའི་སེལ་བ་ཡིན་ལ། བསྟེན་བྱ་ལུས་ལས་ཐ་དད་དུ་བྱས་པ་ཐམས་ཅད་ནི་མཚན་བསྟེན་རུང་གི་སེལ་བ་ཡིན་ནོ། ། གལ་ཏེ་དེ་གཉིས་ཀ་ལུས་ལས་ཐ་དད་དུ་བྱ་སྟེ་སྦྱོར་བ་དེ་ལ་ཆོས་ཅན། ལྟུང་བ་སྦོམ་པོ་བསྐྱེད་པ་མི་འཐད་པར་ཐལ། ཡང་ལག་གསུམ་མ་ཚང་བའི་ཕྱིར་ཏེ། ཡན་ལག་གི་རྒྱུད་དུ་གཏོགས་པ་མ་ཚང་བའི་ཕྱིར་དང་། མཚན་བསྟེན་རུང་གི་ཡན་ལག་མ་ཚང་བའི་ ཕྱིར་དང་། མཐར་ཐུག་འཁྲིག་པའི་བདེ་བ་ཉམས་སུ་མྱོང་བ་མ་ཚང་བའི་ཕྱིར་ཞེ་ན། ཡན་ལག་གསུམ་མ་ཚང་ཡང་སྦོམ་པོ་བསྐྱེད་པ་འདི་ནི་བཅས་པའི་དབང་གིས་ཏེ། ཞུ་བ་ལས། གཉིས་ཀ་བཅད་དེ་འཛུད་པར་བྱེད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་ 6-1-231b རོ་ཞེས་གསུངས་སོ། །ཡན་ལག་གསུམ་མ་ཚང་བ་ལ་སྦོམ་པོ་བསྐྱེད་པར་མ་ཟད། གཞིའི་ཡན་ལག་ལྔ་མ་ཚང་ཡང་སྦོམ་པོ་བསྐྱེད་པ་ཡོད་དེ། ཁང་པའི་སྐབས་ཀྱི་ཊཱི་ཀ་ལས། དེ་ཡང་ས་གཞི་བཙལ་བ་ཡིན་ལ་ཚད་ལས་ལྷག་པར་ནི་མི་བྱེད་ན། ཡན་ལག་བཞི་པོ་དག་སྒྲུབ་པར་བྱེད་ ཀྱང་རུང་། སྒྲུབ་པར་མི་བྱེད་ཀྱང་རུང་སྟེ་མཐར་ནི་སྦོམ་པོར་འགྱུར་རོ་ཞེས་བཤད་དོ། །དེ་ཡང་ཚད་ལས་ལྷག་པ་མ་ཚང་བའི་སྟེང་དུ་ཡན་ལག་གཞན་བཞི་མ་ཚང་སྟེ། གཞི་མི་རུང་བ་དང་། རྩོད་པ་དང་བཅས་པ་དང་། རྩོམ་དུ་མི་རུང་བ་དང་། དགེ་འདུན་ལ་མ་བསྟེན་པ་སྟེ་ གཞིའི་ཡན་ལག་ལྔ་མ་ཚང་ཡང་མཐར་ཐུག་གྲུབ་ན་སྦོམ་པོར་གསུངས་སོ་ཞེས་འབྱུང་ལ། བྱ་འདུལ་འཛིན་ན་རེ། བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་གང་ཡང་རུང་བ་རང་ཉིད་ཀྱི་ལུས་ལས་ཐ་དད་དུ་བྱས་པ་དང་མ་བྱས་པ་དག་ལ་ཊཱི་ཀ་བྱེད་པས་བསྟན་པ་ལྟར་ན་རྣམ་པ་བཅུ་ཁོ་ ན་སྟེ། འདི་ལྟར་གཞན་གྱི་བསྟེན་བྱ་ལུས་ལས་ཐ་དད་པར་བྱས་པ་དག་ཏུ་རང་གི་སྟེན་པར་བྱེད་པ་ཐ་དད་དུ་མ་བྱས་པ་སྦྱར་བ་ལས་ནི་གསུམ་དང་། དེ་བཞིན་དུ་རང་གི་སྟེན་བྱེད་ལུས་ལས་ཐ་དད་པར་བྱས་པ་དང་། རང་གི་བསྟེན་བྱ་ཐ་དད་དུ་མ་བྱས་པར་སྦྱར་བ་ལས་གཉིས་དང་། གཞན་གྱི་སྟེན་བྱེད་ལུས་ལས་ཐ་དད་དུ་བྱས་པ་དང་། རང་གི་བསྟེན་བྱ་ལུས་ལས་ཐ་དད་དུ་མ་བྱས་པར་སྦྱར་བས་གཉིས་དང་། དགེ་སློང་མས་གཞན་གྱི་སྟེན་བྱེད་ལུས་ལས་ཐ་དད་དུ་བྱས་པ་རང་གི་བསྟེན་བྱ་ལུས་ལས་ཐ་དད་དུ་མ་བྱས་པར་ཉེ་བར་སྦྱར་བ་རྣམ་པ་གསུམ་ སྟེ། དེ་ནི་བསྟན་པར་ཞེས་བྱ་བས་སོ། །བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་གཞན་གྱི་ལུས་ལས་ཐ་དད་པར་བྱས་པ་དང་། ཐ་དད་པར་མ་བྱས་པ་མ་ཡིན་པའི་དབང་དུ་བྱས་ཏེ་སྟོན་པ་ནི་གཞན་པ་ཞེས་བྱའོ། །གཞན་གྱི་བསྟེན་བྱ་སྟེན་བྱེད་གཉིས་ལུས་ལས་ཐ་དད་པར་ 6-1-232a བྱས་པ་དང་། ཐ་དད་པར་མ་བྱས་པ་གཉིས་ཀྱང་ཚུལ་སྔ་མ་བཞིན་དུ་སྦྱར་ཏེ། བུད་མེད་ཀྱི་ལམ་གསུམ་ཐ་དད་པར་བྱས་པ་དག་ཏུ་སྟེན་བྱེད་ཐ་དད་དུ་བྱས་པ་ལ་གསུམ་དང་། སྐྱེས་པ་གཞན་གྱི་སྟེན་བྱེད་ཐ་དད་དུ་བྱས་པ་སྐྱེས་པ་གཞན་གྱི་ བསྟེན་བྱ་ཐ་དད་དུ་བྱས་པ་ལས་གཉིས་དང་། སྐྱེས་པ་གཞན་དེ་ཉིད་ཀྱི་སྟེན་བྱེད་ཐ་དད་དུ་བྱས་པ་དེ་ཉིད་ཀྱི་བསྟེན་བྱ་ཐ་དད་དུ་བྱས་པ་ལ་གཉིས་ཏེ་བདུན་ནོ། །གཉིས་ཀ་ཐ་དད་དུ་མ་བྱས་པའང་དེ་བཞིན་ནོ། །དེ་ལྟར་ན་ཊཱི་ཀ་བྱེད་པོས་ཉེ་བར་སྦྱར་བ་ནི་འདི་ཙམ་ཁོ་ནར་ཟད་དོ། །འདིར་རྒྱ་ན་རེ། གྲངས་ཀྱང་བཞི་བཅུ་རྩ་གཅིག་ཡིན་ལ། རང་གི་བསྟེན་བྱ་དང་། སྟེན་བྱེད་གཉིས་ཀ་ཐ་དད་དུ་མ་བྱས་པ་དང་། རང་དང་གཞན་གྱི་སྟེན་བྱེད་དང་བསྟེན་པར་བྱ་བ་ཐ་དད་དུ་མ་བྱས་པ་དང་། གཞན་གྱི་བསྟེན་བྱ་དང་སྟེན་བྱེད་གང་རུང་ཐ་དད་པར་བྱས་པ་དང་མ་བྱས་པར་སྦྱར་བ་བྱས་ ཀྱང་གཞན་འདྲ་ཙམ་དུ་བྱའོ་ཞེས་ཟེར་རོ། །འདི་ནི་ཤིན་ཏུ་འཁྲུལ་པ་ཡིན་ཏེ། ཊཱིཀ་བྱེད་ཀྱི་གཞུང་དང་འགལ་བའི་ཕྱིར་དང་། རང་ཉིད་དུ་གཏོགས་པའི་བསྟེན་བྱ་སྟེན་བྱེད་ཐ་མི་དད་ལ་སོགས་པ་ཕམ་པར་འགྱུར་བས་གཞན་སྒྲའི་སྦོམ་པོ་མི་འཐད་པའི་ཕྱིར་དང་། སྐབས་འཆོལ་ བའི་སྐྱོན་དུ་ཡང་འགྱུར་བའི་ཕྱིར་རོ། །གྲངས་ཀྱང་བཞི་བཅུར་མི་རིགས་ཏེ། ཊཱིཀ་བྱེད་པས་ཉེ་བར་སྦྱར་བ་ནི་སྔར་བསྟན་པ་ཁོ་ནར་ཟད་ལ། བྱེད་པ་པོས་བགྲང་བར་བྱེད་ན་ནི་ཇི་སྙེད་བྱས་པ་དེ་སྙེད་དུ་འགྱུར་བའི་ཕྱིར་རོ། །དེས་ན་ཤིན་ཏུ་སླ་བའི་དོན་ལ་འཁྲུལ་པ་ལ་ཉེས་པ་ མཚོན་པས་ཆོག་གོ་ཞེས་གསུང་ངོ་། །བུ་སྟོན་རིན་པོ་ཆེ་ན་རེ། གཞན་གྱི་བསྟེན་བྱ་ལུས་ལས་ཐ་དད་དུ་བྱས་པར་རང་གི་སྟེན་བྱེད་ལུས་ལས་ཐ་དད་མ་བྱས་པ་བཅུག་པ་ལ་གསུམ་དང་། རང་དང་གཞན་གྱི་སྟེན་བྱེད་ལུས་ལས་ཐ་དད་དུ་བྱས་པ་རང་གི་བསྟེན་བྱ་ལུས་ལས་ཐ་མི་ 6-1-232b དད་པར་བྱས་པ་བཅུག་པ་ལ་བཞི། དགེ་སློང་མས་གཞན་གྱི་སྟེན་བྱེད་ལུས་དང་ཐ་དད་དུ་བྱས་པ་དང་རང་གི་བསྟེན་བྱ་ཐ་དད་དུ་མ་བྱས་པ་ལ་གསུམ་སྟེ་བཅུའོ། །གཞན་པ་སོགས་ཏེ་རང་ལས་གཞན་པའི་བསྟེན་བྱ་ལུས་ལས་ཐ་དད་མ་བྱས་པའི་བུད་མེད་ཀྱི་གསུམ་དང་། སྐྱེས་པ་ གཞན་གྱི་བསྟེན་བྱ་གཉིས་དང་། སྐྱེས་པ་དེ་ཉིད་ཀྱི་བསྟེན་བྱ་གཉིས་སུ་བཅུག་པ་སྟེ་གཉིས་ཀ་མ་བཅད་པའི་བདུན། རིགས་པ་དེ་ཉིད་ཀྱིས་གཉིས་ཀ་བཅད་པ་ལ་བདུན་ཏེ་བཅུའོ་ཞེས་གསུངས་སོ། །དེས་ན་བྱ་འདུལ་འཛིན་དང་། བུ་སྟོན་རིན་པོ་ཆེའི་བཞེད་པ་གཉིས་མཐུན་པར་སྣང་ སྟེ། མདོ་སྔ་མས་སྦོམ་པོ་བཅུ་དང་། མདོ་ཕྱི་མས་སྦོམ་པོ་བཅུ་བཞི་སྟེ་གཉིས་ཀ་དྲིལ་བས་སྦོམ་པོ་ཉི་ཤུ་རྩ་བཞིར་རྣམ་པར་བཞག་གོ། དམར་སྟོན་པ་ན་རེ། དགེ་སློང་གིས་བསྟེན་པར་བྱ་བ་རང་གི་ཁ་བཤང་ལམ་གཉིས་དང་། སྐྱེས་པའི་གཉིས་དང་། བུད་མེད་དང་མ་ནིང་གི་ གསུམ་གསུམ་སྟེ་ལུས་ལས་ཐ་དད་པར་བྱས་པ་དང་། རང་གི་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་མ་བྱས་པ་དང་། དེ་བཞིན་དུ་རང་གི་སྟེན་བྱེད་ཐ་དད་པར་བྱས་པ་དང་བསྟེན་བྱ་རྣམས་ཐ་དད་པར་མ་བྱས་པར་སྦྱོར་བ་དང་། རང་གི་བསྟེན་བྱ་གཉིས་བཅད་པ་དང་སྐྱེས་ པ་དང་མ་ནིང་གི་སྟེན་བྱེད་མ་བཅད་པར་སྦྱོར་བ་དང་། དེ་གཉིས་བཅད་པ་དང་རང་གི་གཉིས་མ་བཅད་པ་དང་སྦྱོར་བ་ན་སྦོམ་པའོ། །དགེ་སློང་མས་ཀྱང་རང་གི་གསུམ་བཅད་པ་དང་སྐྱེས་པའམ། མ་ནིང་གི་གཉིས་མ་བཅད་པ་དང་། དེ་གཉིས་བཅད་པ་དང་རང་གི་གསུམ་མ་བཅད་པ་སྦྱོར་ ན་སྦོམ་པོའོ། །གཅིག་བཅད་གཅིག་མ་བཅད་པ་ལས་གཞན་པ་ལུས་ལས་ཐ་དད་པར་བྱས་པ་གཉིས་ཕན་ཚུན་དུ་སྦྱོར་བ་དང་། ལུས་ལས་མ་བཅད་པ་གཉིས་ཀྱང་ཕན་ཚུན་དུ་སྦྱོར་ན་སྦོམ་པོ་སྟེ་དེ་དག་ནི་རང་ལ་མ་གཏོགས་པ་རྣམས་ཏེ། རང་ལས་གཞན་ཕོ་མོ་མ་ནིང་གསུམ་གྱི་བསྟེན་ 6-1-233a བྱ་སྟེན་བྱེད་གཉིས་དང་ཅི་རིགས་པར་གཞན་དུ་སྦྱོར་བར་བྱེད་ན་སྟེ། བཅད་པ་མ་བཅད་པ་དང་། མ་བཅད་པ་བཅད་པར་དང་། གཉིས་ཀ་བཅད་པ་དང་གཉིས་ཀ་མ་བཅད་པར་སྦྱོར་བ་སྦོམ་པོ་སྟེ་རང་མ་གཏོགས་སོ་ཞེས་གསུངས་སོ། །དེས་ན་འདིས་མདོ་སྔ་མས་ རང་རྒྱུད་ལ་གཏོགས་པའི་བཅད་པ་མ་བཅད་པར་དང་། མ་བཅད་པ་བཅད་པར་བསྟེན་པའི་ནང་གསེས་སྦོམ་པོ་སུམ་ཅུ། མདོ་ཕྱི་མས་གཞན་རྒྱུད་ལ་གཏོགས་པའི་བཅད་པ་དང་མ་བཅད་པ་ལ་བསྟེན་པར་ནང་གསེས་ཀྱི་སྦོམ་པོ་གསུམ། རང་རྒྱུད་དང་གཞན་རྒྱུད་དུ་གཏོགས་པ་རེ་རེ་ཞིང་ གཉིས་ཀ་བཅད་པ་དང་མ་བཅད་པར་འཇུག་པ་གཉིས་རེ་བསྣན་པས་སྦོམ་པོ་སོ་གཉིས་པ་ཚན་པ་གཉིས་ཏེ་དྲུག་ཅུ་རྩ་བཞིའོ་ཟེར་རོ། །རེད་མདའ་བ་གཞོན་ནུ་བློ་གྲོས་ན་རེ། དགེ་སློང་གིས་གཞན་གྱི་བསྟེན་པར་བྱ་བ་རྨའི་སྒོ་གསུམ་བཅད་པ་ལ་སོགས་པ་ལུས་ལས་ཐ་དད་པར་བྱས་པ་དག་ ཏུ་རང་གི་སྟེན་པར་བྱེད་པ་ལུས་ལས་ཐ་དད་དུ་མ་བྱས་པར་སྦྱོར་བ་བྱེད་ན་སྦོམ་པོ་གསུམ། རང་དང་གཞན་གྱི་སྟེན་པར་བྱེད་པ་པོའི་དབང་པོ་བཅད་པ་ལ་སོགས་པ་ལུས་ལས་ཐ་དད་པར་བྱས་པ་རང་གི་བསྟེན་པར་བྱ་བ་ཁ་དང་བཤང་བའི་ལམ་དུ་སྦྱོར་བར་བྱེད་ན་ཡང་སྦོམ་པོ་གཉིས། དགེ་སློང་མས་གཞན་གྱི་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་དག་རང་གི་བསྟེན་པར་བྱ་བ་རྨའི་སྒོ་གསུམ་པོ་དག་དང་སྦྱོར་བར་བྱེད་ན་སྦོམ་པོ་གསུམ་དུ་འགྱུར་རོ། །བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་ལུས་ལས་ཐ་དད་དུ་བྱས་པ་དག་ཐ་མི་དད་དུ་སྦྱོར་བ་སྦོམ་པོའི་དབང་དུ་ བྱས་པར་མ་ཟད། བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་ལུས་ལས་ཐ་དད་དུ་བྱས་པ་ལས་གཞན་པ་ལུས་ལས་ཐ་དད་དུ་མ་བྱས་པ་གཉིས་དང་། ལུས་ལས་ཐ་དད་དུ་བྱས་པ་གཉིས་ཀྱང་ཕན་ཚུན་སྦྱོར་བར་བྱེད་པ་ཡང་སྦོམ་པོའི་དབང་དུ་བྱས་པ་ཡིན་ནོ། །སྦྱོར་ཚུལ་སྔ་མ་བཞིན་ 6-1-233b དུ་ཤེས་པར་བྱའོ། །མདོ་སྔ་མར་བསྟེན་བྱ་སྟེན་བྱེད་ཐ་དད་དུ་བྱས་པ་དག་བྱེད་པ་པོ་དང་། ཐ་དད་དུ་མ་བྱས་པ་ལས་སུ་བསྟན་ལ། འདིས་ཐ་དད་དུ་མ་བྱས་པ་བྱེད་པ་པོ་དང་གཅིག་ཤོས་ལས་སུ་བསྟན་པ་ཙམ་མ་གཏོགས་དོན་གཅིག་གོ། བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་ གཉིས་ཀ་གཞན་གྱི་ལུས་དང་འབྲེལ་བའི་དབང་དུ་བྱས་ནས་བསྟན་པ་ནི། གཞན་སྐྱེས་པ་དང་བུད་མེད་དང་མ་ནིང་གི་བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་ལུས་ལས་ཐ་དད་དུ་བྱས་པ་དང་མ་བྱས་པ་གཉིས་དང་ཅི་རིགས་པར་གཞན་དུ་བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་སྦྱོར་བར་བྱེད་ ན་སྦོམ་པོའོ། །དེས་ན་འདིར་དོན་ནི་འདི་ཡིན་ཏེ། གཞན་གྱི་བསྟེན་བྱ་རྨའི་སྒོ་གསུམ་དང་། གཞན་གྱི་སྟེན་བྱེད་ཕོའི་དབང་པོ་ལུས་ལས་ཐ་དད་མ་བྱས་པ་ཕན་ཚུན་སྦྱོར་བ་གསུམ། དེ་དག་ལུས་ལས་ཐ་དད་དུ་བྱས་པ་ཕན་ཚུན་སྦྱོར་བ་གསུམ། བསྟེན་བྱ་གསུམ་ལུས་ལས་ཐ་ དད་དུ་བྱས་པ་དང་སྟེན་བྱེད་ལུས་ལས་ཐ་དད་དུ་མ་བྱས་པ་སྦྱོར་བ་གསུམ། དེ་ལས་བཟློག་པ་གསུམ་སྟེ་སྦོམ་པོ་བཅུ་གཉིས་གཞུང་འདིས་བསྟན་གྱི། སྔ་རབས་པ་དག་བསྟེན་བྱ་སྟེན་བྱེད་ལུས་ལས་ཐ་དད་དུ་མ་བྱས་པ་བདུན། ཐ་དད་དུ་བྱས་པའི་སྦྱོར་བ་བདུན། བསྟེན་བྱ་ཐ་དད་ དང་སྟེན་བྱེད་ཐ་དད་མེད་པའི་སྦྱོར་བ་བདུན། དེ་ལས་བཟློག་པ་བདུན་ཏེ་སྦོམ་པོ་ཉི་ཤུ་རྩ་བརྒྱད་བསྟན་ཏོ་ཞེས་འཆད་པ་ནི་རྟོག་པས་སྒྲོ་བཏགས་འབའ་ཞིག་ཏུ་ཟད་ཀྱི། གཞུང་གི་དོན་མ་ཡིན་ནོ་ཞེས་གསུངས་སོ། །དེས་ན་འདིའི་འདོད་པ་ལྟར་ན་མདོ་དང་པོའི་སྦོམ་པོ་བརྒྱད་དང་། མདོ་ཕྱི་མའི་གཞན་པ་གཉིས་ཀྱང་ཞེས་སྦོམ་པོ་གཉིས་ཏེ་བཅུ། མདོ་ཚིག་ཕྱི་མ་གཞན་གྱི་གཉིས་དང་ཞེས་པས་སྦོམ་པོ་གཉིས་ཏེ་བཅུ་གཉིས། ཡང་ཕྱི་མའི་སྦོམ་པོ་གཉིས་ལ་ནང་གསེས་ཀྱི་དབྱེ་བས་བཅུ་གཉིས་སུ་བྱས་པར་མངོན་ལ། མདོ་ཚིག་ཕྱི་མའི་སྦོམ་པོ་དང་པོ་གཉིས་ 6-1-234a ཀྱི་ནང་གསེས་མདོ་ཚིག་དང་པོའི་བརྒྱད་པོ་ལྟར་བསྒྲེས་པས་ཀུན་དྲིལ་མདོ་སྔ་ཕྱི་གཉིས་ཀར་གྱིས་སྦོམ་པོ་སུམ་ཅུ་སོ་དྲུག་བསྟན་པར་འདོད་པར་སྣང་ངོ་། །མདོར་ན་འདུལ་བའི་གཞུང་ཆུང་ངུ་རེ་རེ་ལའང་དཔྱད་ན་འཁྲུལ་མེད་དུ་མཐུན་པར་སྨྲ་བ་དཀའ་བ་ཡིན་ ལ། རྒྱུ་མཚན་དེའི་ཕྱིར་མདོ་འདི་གཉིས་ཀྱི་སྦོམ་པོར་འགྱུར་ཚུལ་ཡང་འདོད་པ་མི་འདྲ་བ་དུ་མ་བྱུང་བ་ལ་ཐམས་ཅད་ཀྱང་སྐྱེས་བུ་ཚད་མ་ཡིན་པས་གདུལ་བྱ་དག་གང་མོས་པའི་རྗེས་སུ་འཇུག་པར་བྱའོ། །ཁོ་བོའི་རྣམ་པར་རྟོག་པ་ནི་ཚིགས་སུ་བཅད་དེ་སྨྲ་ན། མདོ་ཚིག་དང་པོའི་ བསྟེན་བྱ་དང་། །སྟེན་བྱེད་ལུས་ལས་ཐ་དད་པ། །ཞེས་པ་འདི་ཡི་སྐབས་སུ་ནི། །བསྟེན་བྱ་ལུས་ལས་དབྱེར་བྱས་ཚེ། །སྟེན་བྱེད་ལུས་ལས་དབྱེར་མེད་པའི། །དབང་བྱས་སྟེན་བྱེད་ལུས་ཉིད་ལས། །དབྱེར་བྱས་དེ་ལ་བསྟེན་བྱ་ནི། །དབྱེར་མེད་ཉིད་ཀྱི་དབང་བྱས་ཏེ། །སྦོམ་པོར་ འགྱུར་ཚུལ་བཅུ་པོ་ནི། །ཆོས་ཀྱི་བཤེས་གཉེན་ཊཱི་ཀར་གསལ། །མདོ་ཚིག་ཕྱི་མའི་གཞན་སྒྲ་གསུམ། །གཉིས་སྒྲ་གཉིས་ཀྱང་ཀྱང་སྒྲ་ཡིས། །གང་ལས་བསྙེག་པ་འདིར་བརྗོད་བྱ། །གཞན་པ་དང་པོ་གང་ལས་གཞན། །ཞེ་ན་བསྟེན་བྱ་སྟེན་བྱེད་གཉིས། །གཅིག་དབྱེ་གཅིག་ དབྱེར་མེད་པའི་མུ། །དེ་ལས་གཞན་དུ་ཕྱེས་པའོ། །གཞན་སྒྲ་གཉིས་པ་གང་ལས་གཞན། །ཞེ་ན་དགེ་སློང་རང་ཉིད་ལས། །རྒྱུད་ཐ་དད་པའི་གཞན་ལའོ། །གཞན་སྒྲ་གསུམ་པ་གང་ལས་གཞན། །ཞེ་ན་བསྟེན་པར་བྱ་བ་དང་། །བསྟེན་བྱ་སྤྱོད་ལས་གཞན་དུ་ནི། །བསྟེན་བྱ་ སྟེན་བྱེད་སྦྱོར་བའོ། །གཉིས་སྒྲ་དང་པོ་གང་ཞེ་ན། །བསྟེན་བྱ་སྟེན་བྱེད་གཉིས་ཀ་ཡང་། །ལུས་ལས་དབྱེར་ཡོད་བྱས་པ་དང་། །དབྱེར་མེད་སྦྱར་བའི་མུ་གཉིས་སོ། །གཉིས་སྒྲ་གཉིས་པ་གང་ཞེ་ན། །རང་ལས་གཞན་པའི་བསྟེན་བྱ་དང་། །སྟེན་བྱེད་གཉིས་པོ་བཟུང་བ་ཡིན། །ཀྱང་ 6-1-234b སྒྲ་གང་ལ་བསྙེག་ཅེ་ན། །མདོ་ཚིག་སྔ་མར་རང་ཉིད་ལ། །བསྟེན་པའི་སྦོམ་པོ་བཅུ་བཤད་པ། །དེ་ལས་གཞན་ཡང་གཞན་རྒྱུད་ལ། །བསྟེན་པའི་གཉིས་པ་དབྱེར་ཡོད་དང་། །དབྱེར་མེད་མུ་སྟེ་སྦོམ་པོ་གཉིས། །དེ་དག་རེ་རེ་ལ་ཡང་ནི། །བུད་མེད་མ་ནིང་རྨ་གསུམ་དང་། །སྐྱེས་པའི་རྨ་ གཉིས་དང་བཅས་པའི། །སྦོམ་པོ་བརྒྱད་ཚན་རེར་གནས་ལ། །དབྱེར་ཡོད་དབྱེར་མེད་དབྱེ་བ་ཡི། །སྦོམ་པོ་བཅུ་དྲུག་ཡོད་པ་ནི། །རྩ་བར་གཞན་གྱི་གཉིས་དང་ཞེས། །སྐབས་སུ་ཆོས་ཀྱི་བཤེས་གཉེན་གྱིས། །ཕོ་མོ་མ་ནིང་དབྱེ་བ་ལས། །ཞེས་འབྱུང་རིགས་པས་དཔགས་ཏེ་ ཤེས། །མདོར་ན་འགྲེལ་པོའི་དགོངས་པ་ནི། །མདོ་ཚིག་སྔ་མས་སྦོམ་པོ་བཅུ། །དངོས་སུ་བསྟན་པར་མཛད་པ་ལས། །མདོ་ཚིག་ཕྱི་མར་སྦོམ་པོ་ནི། །བཅུ་དྲུག་ཤུགས་ལ་བསྟན་པར་གོ། རྨའི་སྒོ་གསུམ་ལས་གཞན་པའི་བུ་ག་མཚོན་གྱིས་ལུས་ལས་བཅད་པ་ལ་སྦོམ་པོར་ ཡང་ངོ་། །ཊཱི་ཀར། གཞུང་ནི་ལ་ལས་ལུས་དྲལ་ཏེ་ཡན་ལག་གི་རྣམ་པ་རྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་དང་། གཞན་ལས། མགོ་བཅད་དེ་མཐའ་གཉིས་པར་རྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་དེ་དག་བསྡུས་ པ་ཡིན་ནོ་ཞེས་སོ། །འཁྲིག་པ་བསྟེན་པར་བྱ་བ་མ་ནིང་མོ་ཕོ་དབང་ཤོང་བའི་སྦུབས་མེད་པ་ལ་སྦོམ་པོར་ཡང་ངོ་། །ཁའི་མཆུ་གཉིས་ལ་སྦོམ་པོར་རོ། །མཆུ་གཉིས་ཕན་ཚུན་ནས་སོའི་ཕྱི་རོལ་གྱི་མཚམས་ལ་ཐུག་པར་རོ་སྟེ་མཁུར་བར་རྩོལ་ན་སྦོམ་པོར་ཡང་ངོ་། །འཛག་སྣོད་དུ་ འདོད་ཆགས་ཀྱི་སེམས་ཀྱིས་འཛུད་ན་སྦོམ་པོའོ། །ཕོ་དབང་བལྟབ་པ་དང་། མོ་དབང་གཡོགས་ཏེ་མི་རེག་པར་འཛུད་པ་ལ་སྦོམ་པོ་གཉིས་སོ། །ལྔ་པ་ནི། མི་རེག་པར་འཇུག་པ་ལ་སྦོམ་པོར་འགྱུར་ན། རྣམ་འབྱེད་ལས། གཡོགས་མ་ཅན་ཉིད་དག་ལ་ནི་ན་སྨད་པ་མེད་དོ་ཞེས་ 6-1-235a པ་དང་འགལ་ལོ་ཞེ་ན། ལུང་ཞུ་བ་ལས། གཡོགས་མ་མཐུག་སྲབ་ཀྱིས་མི་འགལ་བར་གསུངས་སོ། །དེ་ཡང་སྔར་ལུང་རྣམ་འབྱེད་ལས། མཐའ་ཕམ་པ་ཉིད་དུ་བརྗོད་པའི་གཡོགས་མ་དེ་ནི་བདེ་བ་ཉམས་སུ་མི་མྱོང་བ་མ་ཡིན་པའི་སྒྲིབ་པ་ཙམ་པོ་སྟེ། སྒྲིབ་བྱེད་ཙམ་པོ་དེས་གཡོགས་པ་ལ་རྩོལ་བྱེད་ཡན་ལག་གི་ཆ་ཐམས་ཅད་ཀྱིས་བརྩལ་བྱ་ཡུལ་གྱི་ཆ་ཐམས་ཅད་དུ་དྲོད་དང་ལྡན་པར་རེག་པར་ཉམས་སུ་མྱོང་བ་མི་འགྱུར་བ་མ་ཡིན་ནོ་ཞེས་དང་། སེང་རས་སམ་གོས་སྲབ་མོས་དཀྲིས་ཏེ་བཅུག་ན་ཅིར་འགྱུར། མཐར་འགྱུར་ཞེས་ལུང་ ཞུ་བ་ལས་བཤད་དོ། །ལུང་རྣམ་འབྱེད་ལས། མཐའ་གཉིས་བརྗོད་པ་ལས་གཞན་ལུང་ཞུ་བ་ལས་སྦོམ་པོར་བརྗོད་པ་ཉིད་ཀྱིས་གཡོགས་པ་ཉིད་ནི་གོས་མཐུག་པོས་གཡོགས་པས་མི་རེག་པས་མི་རེག་པར་འཇུག་པས་ན་སྦོམ་པོར་རྣམ་པར་བཤད་པ་ཡིན་ནོ། །དགེ་སློང་གིས་ཕྱིང་པའམ་གྲོ་བ་ སྟུག་པོས་དཀྲིས་ཏེ་བཅུག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་ལུང་ཞུ་བ་ལས་བཤད་དོ། །ཕམ་པར་འགྱུར་བ་དང་པོ་ཞུ་བའི་སྐབས་སོ། །བཞི་པ་ལ། བསལ་བའི་སེལ་བ་སྤྱི་ནས་བསྟན། །སྐབས་ཀྱི་དོན་གྱི་བྱེ་བྲག་བཤད། །དང་པོ་ནི། བདག་ཉིད་དགེ་སློང་གི་དངོས་པོར་ མི་ཤེས་ན་རང་བཞིན་ལས་ཉམས་པ་ཡིན་ནོ། །དེ་ཡང་འདུལ་བྱེད་ལས། དགེ་སློང་གི་དངོས་པོར་མི་ཤེས་ན་སྨྱོན་པ་ལ་ཉེས་པ་མེད་དོ། །གལ་ཏེ་དགེ་སློང་གི་དངོས་པོར་ཤེས་ན་ནི་དངོས་པོ་ཇི་ལྟ་བ་བཞིན་ནོ། །སེམས་འཁྲུག་པ་དང་ནད་ཀྱིས་གཟིར་བ་ཡང་དེ་བཞིན་ནོ། །ཞེས་ གསུངས་སོ། །སྨྱོ་བ་ལ་སོགས་པའི་གསུམ་པོ་དེའི་ཁྱད་པར་གང་ཞེ་ན། སྨྱོ་བ་ནི་ཤེས་པ་རང་བཞིན་དུ་མི་གནས་པ་དང་། གནས་པ་འདྲེས་མར་གནས་པ་ཡིན་ལ། སེམས་འཁྲུགས་པ་ནི་རང་བཞིན་དུ་གནས་པའི་སེམས་མེད་པར་གྱུར་པས་ཤེས་པ་རང་བཞིན་དུ་མི་གནས་པ་རྒྱུན་ 6-1-235b ཆགས་སུ་གྱུར་པ་སྟེ། དེ་ལྟར་ཕྲན་ཚེགས་འགྲེལ་པ་ལས་བཤད་དོ། །ཚོར་བས་ཉེན་པ་ནི་རིམས་ཀྱི་ཚད་པས་སེམས་འཕྱོ་བ་ལྟ་བུ་ནད་ཀྱི་སྟོབས་ཀྱིས་ཤེས་པ་རང་བཞིན་དུ་མི་གནས་པར་གྱུར་པ་སྟེ། དེ་ལྟར་ཡང་རྒྱ་མཚོའི་སྤྲིན་ལས། ཚོར་བས་ཉེན་པ་ནི་ཚོར་བ་དྲག་པོས་བརྒྱལ་ བར་གྱུར་པའོ་ཞེས་བཤད་དེ་བརྒྱལ་བ་ལ་ཉེ་བར་ཕྱོགས་པར་གྱུར་པའོ། །རྒྱུའི་ཁྱད་པར་ཡང་ཡོད་དེ། འདུལ་བྱེད་ལས། རྣམ་པ་ལྔས་སྨྱོན་པར་གྱུར་ཏེ། གཉེན་བཤེས་ཟད་པ་དང་། ནོར་དང་ལོངས་སྤྱོད་ཟད་པ་དང་། ཁམས་མ་སྙོམས་པ་དང་། མི་མ་ཡིན་པས་བརླམས་པ་ དང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའོ། །རྣམ་པ་ལྔས་སེམས་འཁྲུགས་པ་ཞེས་བྱ་སྟེ། མི་མ་ཡིན་པས་སེམས་དཀྲུགས་པ་དང་། མི་མ་ཡིན་པས་དེ་ལ་བརླམས་པ་དང་། མི་མ་ཡིན་པས་དེའི་མདངས་འཕྲོག་པ་དང་། ཁམས་མ་སྙོམས་པ་དང་། སྔོན་གྱི་ལས་ཀྱི་རྣམ་ པར་སྨིན་པའོ། །རྣམ་པ་ལྔས་ནད་ཀྱིས་གཟིར་བ་ཞེས་བྱ་སྟེ། རླུང་གིས་བསྐྱོད་པ་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་དང་། དུས་གྱུར་པ་རྣམས་སོ་ཞེས་གསུངས་སོ། །དུས་གྱུར་བ་ནི་ལུང་གཅིག་ལས་འཕྲོས་པ་ལས། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའོ། ། ཞེས་བཤད་དོ། །གཉིས་པ་ལ། ལྟུང་བའི་རྣམ་པར་བཞག་པ་བརྗོད། །གང་ལ་ལྟུང་བ་མེད་དེ་བཤད། ཇི་ལྟར་བསླབ་པར་བྱ་བའོ། །དང་པོ་ལ། དེ་ལ་དོགས་གཅོད་བཅས་པ་དང་། །ན་སྨད་བྱེ་བྲག་ཏུ་བསྟན་པ། །དངོས་གཞི་ཞར་བྱུང་དང་བཅས་པའོ། །དང་པོ་ནི། ཉམས་ པ་དག་ལ་ནི་སྦོམ་པོར་རོ་ཞེས་སྨོས་ན། ཉམས་པ་ལ་དུ་ཡོད་ཅེ་ན། ཉམས་པ་ཉིད་ནི་གཉིས་ཏེ། མཚན་མའི་ནང་དང་ཕྱི་རོལ་ཉམས་པའོ། །དགེ་སློབ་མ་གང་གིས། བདག་ལ་གཞན་གྱིས་བསྟེན་པའི་ཕྱིར་བརྗོད་པ་ན་དེ་ལྟར་རུང་ངོ་ཞེས་གཞན་ལ་ཁས་བླངས་པ་ན། དགེ་སློབ་མ་ 6-1-236a དེའི་བསླབ་པའི་གཞི་རྣམས་འཁྲུགས་པ་ཉིད་དོ། །དེ་ཡང་ཊཱི་ཀར། དགེ་སློབ་མའི་བསླབ་པ་འཁྲུགས་པ་ཉིད་ཡིན་གྱི། དགེ་ཚུལ་མའི་བསླབ་པ་སྐྱེས་པ་ལ་རེག་པ་སྤོང་བ་ཞེས་བྱ་བ་ནི་འཁྲུགས་པ་མ་ཡིན་ཏེ། དགོན་པ་བ་སྡིག་ཅན་གྱིས་ལྷན་ཅིག་སྦྱར་ བའི་གནས་སྐབས་སུ་ཉམས་སུ་མྱོང་བར་མ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡང་དེའི་ཚེ་ཉམས་སུ་མྱོང་བར་གྱུར་ན་ནི་དེའི་ཚེ་ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། དེས་ན་དེའི་ལུས་ལ་སྐྱེ་བའི་ཆོས་ཉིད་མེད་པར་འགྱུར་རོ་ཞེས་དང་། སྡིག་ཅན་དེ་ཇི་ལྟ་བུ་ཞེ་ན། ཊཱི་ཀར། འདིར་ གཞུང་ནི་དགོན་པ་བ་སྡིག་ཅན་གྱིས་དགེ་སློབ་མ་ལ་ཁྱོད་བསྙེན་པར་མ་རྫོགས་ཀྱི་མི་ཚངས་པར་སྤྱད་ཀྱང་ལྟུང་བར་མི་འགྱུར་རོ་ཞེས་ཅོ་དྲིས་ཏེ་དེས་དེ་ཁས་བླངས་པ་དང་དེ་ལ་འགྱོད་པ་སྐྱེས་སོ། །དེས་དེ་མི་འདོད་བཞིན་དུ་བརྩལ་བ་དང་། དེ་བདག་དགེ་སློབ་མ་མ་རུང་བར་མ་གྱུར་ ཏམ་སྙམ་དུ་འགྱོད་པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པ་འཁྲུགས་ཏེ་ཡང་དབོག་པར་བྱའོ། །ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །ཉེས་བྱས་དེ་ཡང་ཁས་བླངས་པའི་དུས་ཁོ་ནར་འབྱུང་ངོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །འདིར་དགེ་སློབ་མས་འཁྲིག་ པ་བསྟེན་པའི་ཕྱིར་ཁས་བླངས་ན་འཁྲུགས་ལ། རྐུ་བ་ལ་སོགས་པ་གཞན་གསུམ་བྱེད་པར་ཁས་བླངས་པས་ནི་མི་འཁྲུགས་པའི་རྒྱུ་མཚན། དེ་ཡང་ཆོས་དྲུག་ལ་སོགས་པ་རྣམས་གཙོ་བོར་མི་ཚངས་སྤྱོད་ཀྱི་རྒྱུར་འགྲོ་བ་འགེགས་པའི་བསླབ་བྱ་ཡིན་པ་ལ། དངོས་སུ་མི་ཚངས་པར་ སྤྱོད་པར་ཁས་ལེན་པ་མཚང་ཆེ་བའི་ཕྱིར་དང་། རྩ་བ་གཞན་གསུམ་ལ་དེ་ལྟར་མ་ཡིན་པའི་ཕྱིར་རོ། །འཁྲིག་པ་བསྟེན་པའི་མཐུ་དང་ལྡན་པ་ལ་ཁས་བླངས་ན་དེར་འགྱུར་གྱི། དེ་མ་ཡིན་ན་དེར་མི་འགྱུར་ཏེ། གཞན་དུ་ན་དགག་བྱ་མ་རྫོགས་པའི་ཕྱིར་རོ། །བསླབ་པ་འཁྲུགས་པ་དེ་ 6-1-236b ལ་དགེ་སློབ་མའི་བསླབ་པ་དེ་ཡང་བསྐྱར་ཏེ་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །དེའི་ཞར་ལ་འཁྲིག་པ་བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་དེ་ནི་དགེ་སློང་གི་ལྟུང་བ་སྦོམ་པོའོ། །བསྟེན་བྱར་སྟེན་བྱེད་མ་ཆུད་ན་སྦོམ་པོར་ཡང་ངོ་། །དེར་ཆུད་པར་བྱ་བའི་ཕྱིར་རྨ་ལག་པས་ཉེད་ན་སྦོམ་པོར་ ཡང་ངོ་། །སྐྲག་པ་དང་ངོ་ཚ་བས་ཀུན་ཏུ་འདོད་ཆགས་མ་སྐྱེས་ན་སྦོམ་པོའོ། །འོ་ན་འདུལ་བྱེད་ལས། དགེ་སློང་གིས་ཀླུའི་བུ་མོ་མིར་སྤྲུལ་པ་ལ་མི་ཚངས་པར་སྤྱོད་པར་བརྩམས་པ་ན། དེ་ཡང་སྦྲུལ་རིང་མོར་གྱུར་ནས་ཞེས་སྤྲུལ་པ་ཞིག་པར་གསུངས་ཤིང་། ལུང་ལྔ་ཚན་ལས། ཀླུ་སྤྲུལ་པ་མ་ཡིན་པའི་ཀླུའི་རང་བཞིན་ནི་ལྔ་སྟེ། སྐྱེ་བ་དང་། འཆི་བ་དང་། གཉིད་ལོག་པ་དང་། ཁྲོས་པ་དང་། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱེད་པའོ་ཞེས་གསུངས་ལ། མི་ཚངས་པར་སྤྱད་པའི་རྒྱུ་མཚན་གྱིས་ཀླུའི་བུ་མོའི་སྤྲུལ་པ་ཞིག་པའི་ཕྱིར་བདེ་བ་ ཉམས་སུ་མྱོང་བར་གྲུབ་སྟེ། དེས་ན་འདི་ལ་མཐར་ཐུག་གི་སེལ་བར་བྱེད་པ་དེ་འགལ་ལོ་ཞེ་ན། དེའི་ལན་ནི་ཁ་ཅིག་ན་རེ། སྐྱེས་པ་བས་བུད་མེད་ལ་བདེ་བ་མྱོང་བ་སྔོན་ལ་སྐྱེ་བ་ཡིན་པས་འགལ་བ་མེད་ཅེས་ཟེར་བ་ནི་མི་རིགས་ཏེ། དེ་ལྟར་ན་འདོད་ཆགས་དང་བྲལ་བ་མ་ ཡིན་པའི་དགེ་སློང་མ་ལ་ལོག་གཡེམ་བྱས་པ་ཆོས་ཅན། དགེ་སློང་མ་སུན་ཕྱུང་བ་ཉིད་ཡིན་པ་མི་སྲིད་པར་ཐལ། སུན་འབྱིན་པ་པོས་བདེ་བ་ཉམས་སུ་མྱོང་བའི་སྔ་རོལ་དུ་ཡུལ་དགེ་སློང་མ་ཕམ་ཟིན་པའི་ཕྱིར། འདོད་ན། དགེ་སློང་མ་སུན་ཕྱུང་བ་དང་ཞེས་སོ། །འོ་ན་གང་ཞེ་ན། ལམ་དང་ཡན་ལག་ཕྲད་པའི་སྦྱོར་བའི་ཆགས་སེམས་ཀྱིས་སྤྲུལ་པ་ཞིག་པར་གདོན་མི་ཟའོ་ཞེས་གསུངས་སོ། །ཡན་ལག་གི་རྣམ་པ་གླང་ཤུ་སོགས་བརྡོལ་བའི་ཕྱིར་འདོད་ཆགས་ཀྱི་རོ་མ་མྱོང་ན་སྦོམ་པོའོ། །འོ་ན་ལུང་འདུལ་བྱེད་ལས་ནད་དང་བཅས་པ་བཅུག་ན་བཅུག་མ་ཐག་ཏུ་ 6-1-237a ཕམ་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ཅེ་ན། མ་ཡིན་ཏེ་ནད་དེས་བདེ་བ་ཉམས་མྱོང་སྐྱེ་བ་ལ་གནོད་ན་སེལ་བར་འགྱུར་གྱི། མི་གནོད་ན་སེལ་བར་མི་འགྱུར་བ་ཡིན་ནོ། །ཡན་ལག་གི་རྣམ་པ་ལས་སུ་མི་རུང་བ་བཅུག་ན་སྦོམ་པོའོ། །ལག་པས་ལག་ པར་དང་། རྐང་པས་རྐང་པར་དང་། ཚིགས་ཀྱིས་ཚིགས་སུ་དང་། འདོམས་ཀྱིས་འདོམས་ལྟ་བུ་མི་རུང་བར་སྤྲད་ན་སྦོམ་པོའོ། །འདིར་ལག་པས་རྐང་པས་དང་ཚིགས་ཀྱིས་དང་འདོམས་ཀྱིས་ཞེས་སྔ་མ་རྣམས་ནི་སྟེན་བྱེད་ཀྱི་དབང་དུ་བྱས་ལ། ལག་པ་དང་ཞེས་སོགས་ཕྱི་མ་ནི་ བསྟེན་བྱའི་དབང་དུ་བྱས་པའོ། །མི་རུང་བ་ནི་བཟུང་དུ་མི་རུང་བ་དང་འཇུག་ཏུ་མི་རུང་བའོ། །བུད་མེད་ཀྱིས་བརྩལ་བ་ན་སྤྲད་པའི་སེམས་གཡོ་བ་ཉིད་ཙམ་ལ་འཁྲིག་པའི་རོ་མ་མྱོང་བ་སྦོམ་པོའོ། །ཤིང་དང་བ་སོ་དང་རྡོ་བ་དང་གོས་ལས་བུ་མོའི་གཟུགས་བྱས་པ་ལ་བརྩལ་ན་གལ་ཏེ་ དབང་པོ་ཙམ་དོད་ན་དེར་བཅུག་ན་སྦོམ་པོའོ། །ནང་ན་གནས་པའི་འདྲེ་མོ་ལ་སོགས་པས་རྐང་ལག་ལ་སོགས་པ་ཡན་ལག་ཐམས་ཅད་དུ་རེག་པ་སྟེར་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་ཏེ། བགྲོད་པར་བྱ་བ་རྫོགས་པ་ཡིན་པའི་ཕྱིར། བསྟེན་པའི་དོན་དུ་བུད་མེད་ལ་རྩོལ་བའི་གང་ ཟག་གིས་ཡན་ལག་གི་རྣམ་པ་སྟེ་མོའི་དབང་པོར་དགེ་སློང་གི་རྐང་པ་འཛུད་ན་སྦོམ་པོའོ། །བསྟེན་པར་བྱ་བ་མོའི་དབང་པོ་ལ་སོགས་པ་ལ་ཡན་ལག་གི་རྣམ་པ་ཕོའི་དབང་པོས་རེག་པ་དེ་ཙམ་ལ་གཞོལ་བ་སྟེ་ཕྱི་རོལ་ལ་རེག་པ་ཙམ་གྱི་བསམ་པས་ཕྱི་རོལ་དུ་རེག་ན་སྦོམ་པོའོ། །གཉིས་ པ་ནི། ཚུར་ཤོག་བདག་ཅག་གཉིས་མི་ཚངས་པར་སྤྱད་དོ་ཞེས་རང་དང་བསྟེན་པའི་ཕྱིར་གཞན་ལ་བསྒོ་ན་སྦོམ་པོའོ། །སོང་ལ་མི་ཚངས་པར་སྤྱོད་ཅིག་ཅེས་གཞན་དང་བསྟན་པའི་ཕྱིར་གཞན་ལ་བསྒོ་ན་སྦོམ་པོའོ་ཞེས། ཊཱི་ཀ་དང་ལུང་ལས་ཀྱང་གསུངས་པས་སྔ་མ་ནི་སྦྱོར་བའི་ཚེ་ན་ 6-1-237b སྦོམ་པོའོ། །ཕྱི་མ་ནི་མཐར་ཐུག་པའི་ཚེ་ན་སྦོམ་པོའོ། །གསུམ་པ་ནི། དང་པོ་འདོད་ཆགས་ཀྱི་ལས་སུ་རུང་བ་མ་ཡིན་ཀྱང་། རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་དུས་ཐམས་ཅད་དུ་ལས་སུ་རུང་བ་ཉིད་བཅུག་པ་ཡིན་ན་ཡན་ལག་གཞན་ཚང་ན་མཐར་ཐུག་གི་ལྟུང་བ་ན་སྨད་པ་མེད་དོ་སྟེ་ཕམ་པ་ བསྐྱེད་དོ། །མདུན་ན་མོའི་དབང་པོ་དང་ཕྱི་མ་བཤང་ལམ་གཉིས་སྦྱོར་བ་གང་དུ་བརྩལ་བ་དེ་ལས་གཞན་དུ་འདོད་ཆགས་གྲུབ་སྟེ་མཐར་གཏུགས་པ་ལ་ན་སྨད་མེད་དོ། །ཊཱི་ཀར། འདིར་གཞུང་ནི། མདུན་ན་མོར་སྨྱུགས་པའི་ལས་བྱས་ཤིང་ཕྱི་ན་མོར་བླུགས་ན་དེ་ལ་ནི་ཁོ་མོ་མི་ཚངས་ པར་སྤྱོད་པར་ཡིན་པར་མི་འཛིན་ཏོ་ཞེས་ཟེར་བ་ལ། དེས་མདུན་ན་མོར་སྨྱུགས་པའི་ལས་བྱས་ཤིང་ཕྱི་ན་མོར་བླུག་གོ་ཞེས་གསུངས་པ་ཡིན་ནོ། །སྒོ་གསུམ་ཅར་དུ་སྤྱད་ལ་སྒོ་ཐ་མ་གཅིག་ཏུ་འདོད་ཆགས་གྲུབ་པར་བྱའོ་སྙམ་སྟེ་ལམ་གཅིག་ཏུ་དང་པོར་བརྩལ་ཞིང་། དེ་ནས་ལམ་ལྷག་ མ་གཞན་རྣམས་སུ་བརྩལ་བར་བྱའོ་སྙམ་པ་ལ་སྒོ་དང་པོར་འདོད་ཆགས་གྲུབ་པ་ལ་ཡང་ན་སྨད་པ་མེད་དོ། །དགེ་སློང་ཉམས་པ་མེད་པར་བདག་ནི་དགེ་སྦྱོང་གི་ཚུལ་ལས་ཉམས་པའོ་སྙམ་པའི་བསམ་པ་ཅན་གྱིས་བཅུག་པ་ལ་ཡང་ན་སྨད་པ་མེད་དོ། །ཕོ་མཚན་གྱི་ནད་ལ་སོགས་པ་ དང་བྲལ་བར་བྱ་བའི་དོན་ཉིད་ཀྱིས་བཅུག་པ་ལ་ཡང་ན་སྨད་པ་མེད་དོ། །མོའི་དབང་པོ་སོགས་ལམ་གསུམ་ལ་ལམ་གསུམ་པོ་ལས་གཞན་ཉིད་དུ་ངེས་པར་འདུ་ཤེས་པ་དང་། ལམ་གསུམ་པོ་ཡིན་ནམ་བརླ་དང་དབང་པོའི་བར་སྟོངས་ཤིག་ཡིན་ནམ་སྙམ་པའི་ཡིད་གཉིས་ཟ་བས་བཅུག་ པ་ལ་ཡང་ན་སྨད་པ་མེད་དོ། །ལམ་མ་ཡིན་པའི་ཡུལ་ལ་ནི་གཞན་ཉིད་དུ་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་དེ་གཉིས་སྦོམ་པོའི་དབང་དུ་བྱས་པ་ཉིད་དེ། ལམ་མ་ཡིན་པ་ལམ་དུ་འདུ་ཤེས་པ་ཉིད་དང་། ལམ་མ་ཡིན་པ་ལ་ཡིད་གཉིས་ 6-1-238a ཟ་བས་བཅུག་ན་སྦོམ་པོའོ། །གཉིས་པ་ནི། བ་ལང་ལ་སོགས་པས་བརྡོས་པའི་དགེ་སློང་བུད་མེད་ཀྱི་སྟེང་དུ་འགྱེལ་བ་ལ་ནི་ལྟུང་བ་མེད་དོ། །འཇིགས་ཤིང་སྐྲག་པའི་བུད་མེད་ཉམ་ཐག་པས་དགེ་སློང་གི་མགུལ་ནས་མི་འདོད་བཞིན་དུ་འཁྱུད་པ་ལ་ལྟུང་བ་མེད་ པར་ཡང་ངོ་། །སྒོ་ཁང་ལྟ་བུར་དགེ་སློང་དང་བུད་མེད་གདོང་ཐུག་པའི་སྟོབས་ཀྱིས་མཆུར་མཆུས་རེག་པ་ལ་ལྟུང་བ་མེད་པར་ཡང་ངོ་། །འདིའི་མཆུ་ཁའི་དབང་དུ་བྱས་པ་མ་ཡིན་ལ། ཕོ་མོའི་མཚན་མའི་མཆུ་ཡིན་པར་ལུང་འདུལ་བྱེད་ནས་གསུངས་པ་ཡིན་ནོ། །གསུམ་པ་ནི། ཁྱིའི་ མདུན་དུ་གཅི་བར་མི་བྱའོ། །ཊཱི་ཀར། ཟག་བྱེད་ཕྱུང་སྟེ་ཞེས་དང་། ཡན་ལག་གི་རྣམ་པ་ཟིན་པ་སྤང་བའི་ཕྱིར་རོ་ཞེས་སོ། །གང་དུ་མི་མིན་དང་གཅན་གཟན་སོགས་ཀྱིས་སྲོག་གི་བར་ཆད་འབྱུང་བའི་དགོན་པ་དེར་གནས་པར་མི་བྱའོ། །ཊཱི་ཀར། དེ་ནི་མིའམ་ཅི་མོའི་བྱུང་བའི་མཐའ་ ལས་བཞག་པ་ཡིན་ནོ་ཞེས་སོ། །ཆུ་ཀླུང་གང་ན་ཡན་ལག་གི་རྣམ་པ་འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་དེར་སྒྲེན་མོར་བརྒལ་བར་མི་བྱའོ། །མདོ་འདིའི་དགག་དགོས་ནི་ཕམ་པར་འགྱུར་དུ་དོགས་པ་ཡིན་ལ། སྒྲུབ་དགོས་ལུས་རས་ལྟ་བུས་གཡོགས་ཏེ་བརྒལ་དགོས་པར་བསྟན་ པ་ཡིན་ནོ། །ཆུ་ཀླུང་དེར་ཤེས་བཞིན་དུ་གྲུ་བརྒལ་བར་བྱ་བ་ནི་བུད་མེད་ཀྱི་རེག་པ་སྤང་བའི་དོན་དུའོ། །དགེ་སློང་གིས་བ་ལང་གི་ནང་དུ་ཡང་ཤེས་བཞིན་དུ་འགྲོ་བར་བྱའོ། །ཁྲོན་པ་ལ་ཡང་ཤེས་བཞིན་དུ་བརྟག་པར་བྱའོ། །བསོད་སྙོམས་ལ་ཡང་ཤེས་བཞིན་དུ་གྲོང་དུ་རྒྱུ་བར་བྱའོ། ། ཊཱི་ཀར། གསུམ་པོ་དག་ལ་ཡང་ཞེས་བྱ་བའི་སྒྲ་སྨོས་པ་ནི་ཤེས་བཞིན་ཞེས་བྱ་བའི་རྗེས་སུ་བསྙེགས་པའི་ཕྱིར་ཏེ། ཤེས་བཞིན་ཐམས་ཅད་དུ་གསུངས་པ་ཡང་བུད་མེད་ལ་རེག་པ་སྤང་བའི་ཕྱིར་ཞེས་སོ། །རབ་ཏུ་དབྱུང་བར་འདོད་པ་ཞིག་འོངས་ན་ཕོ་མོ་གང་ཡིན་ཅེས་ལེགས་པར་སོ་སོར་བརྟག་ 6-1-238b པ་བྱས་ནས་རབ་ཏུ་དབྱུང་བར་བྱའོ། །འདིའི་དགག་དགོས་མི་ཚངས་སྤྱོད་ཀྱི་རྒྱུར་འགྲོ་བ་དགག་པ་ཡིན་ཏེ། ཊཱི་ཀ་ལས། བུད་མེད་སྐྱེས་པ་གཞོན་ནུ་འདྲ་བ་རབ་ཏུ་ཕྱུང་སྟེ་དགེ་སློང་གི་ནང་དུ་བཞག་ན་འགལ་ཚབས་ཅན་དུ་འགྱུར་བའི་ཕྱིར་རོ་ཞེས་སོ། །འོ་ན་སྐྱེས་པ་འདྲ་བའི་བུད་ མེད་དང་ཞེས་གོང་དུ་བསྟན་པ་དང་ཟློས་པའི་སྐྱོན་དུ་འགྱུར་ཞེ་ན། གོང་དུ་བསྟན་པ་དེ་ནི་མཛེས་པའི་བར་ཆད་ཀྱི་ཆ་ནས་བཀག་པའོ། །འདིར་བཀག་པ་ནི་མི་ཚངས་སྤྱོད་ཀྱི་རྒྱུར་འགྲོ་བའི་ཆ་ནས་བཀག་པའི་ཕྱིར་ཏེ། ཊཱི་ཀ་ལས། གུས་པ་བསྐྱེད་པའི་ཕྱིར་འདི་ལྟར་བསླབ་པ་ཐམས་ཅད་ ལ་སྦྱོར་བ་མི་ལྷོད་པར་བྱ་བ་ཡིན་པས་ལྷག་པར་ཡང་རབ་ཏུ་དབྱུང་བ་ལ་བྱ་དགོས་སོ་ཞེས་པ་འདི་ཁྱབ་པ་ཚད་གྲུབ་ཀྱི་རྟགས་བཀོད་པ་མ་ཡིན་གྱི་ལུང་ཆོས་ཀྱི་འཐད་སྒྲུབ་ཙམ་དུ་བཀོད་པ་ཡིན་ནོ། །འདིར་ཉིད་བཤད་དང་ཊཱི་ཀར། བསླབ་པ་ཐམས་ཅད་ལ་སྦྱོར་བ་ལྷོད་ན་ཉེས་བྱས་སོ། ། ཞེས་སོ། །དགེ་སློང་གིས་གཅིག་པུ་བླ་གབ་མེད་པར་གློས་མི་དབབ་བོ། །འདིའི་བྱུང་བ་ཊཱི་ཀར། དགེ་སློང་གཅིག་པུ་བླ་གབ་མེད་པར་གློས་ཕབ་སྟེ་གཉིད་ལོག་པ་དེའི་ཤམ་ཐབས་ཕུད་པ་ན་དགེ་སློང་དེ་བུད་མེད་ཀྱིས་བརྩལ་བས་དེའི་ཕྱིར་འདི་བཞག་གོ་ཞེས་སོ། །དགེ་སློང་མས་ གནས་ཁང་སྒོ་མ་བཅད་པར་སྙོམས་པར་འཇུག་པར་ཡང་མི་བྱའོ། །ཡང་སྒྲ་ནི་གྲོགས་མོ་ཡོད་དུ་ཟིན་ཀྱང་དེར་གློས་མི་དབབ་པའི་དོན་ནོ། །ཕམ་པར་འགྱུར་བ་དང་པོ་འདུལ་བྱེད་ཀྱི་སྐབས་སོ། །སྨྲས་པ། ཉི་མའི་གཉེན་གྱི་གསུང་རབས་ཐོས་པའི་དགའ་སྟོན་འགྲམ་པའི་ ཆང་། །ལེགས་པར་མྱོང་ཡང་བག་ཡོད་ལྕགས་ཀྱུས་རིང་ནས་དྲངས་པའི་ཡིད། །ཤེས་བཞིན་གཉིས་འཐུང་རོལ་པའི་གོམ་གྱིས་བསྟན་ལ་ཕྱོགས་གྱུར་ཀྱང་། །གཞན་དབང་ལྕགས་སྒྲོག་གིས་བཅིངས་གེགས་མེད་རྒྱུ་བའི་གོ་སྐབས་འཕྲོག །དེ་ལྟར་ན་ཡང་བསྟན་ལས་ཕྱིར་ 6-1-239a ཕྱོགས་པའི། །ཁེངས་རློམ་སྤྲིན་སྔོན་ལྷོང་པོའི་ཕུང་པོ་དེར། །བསྟན་པའི་རྩ་ལག་འདུལ་བའི་ཉི་མ་ནི། །ཞུ་བའི་ལེགས་བཤད་བྱུག་པས་ལེགས་པར་དགེ། མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྫོགས་སོ།། །།གཉིས་པ་ལ། རྣམ་ འབྱེད་ཕྲན་ཚེགས་ཞུ་བ་དང་། །འདུལ་བྱེད་བཞི་ལས་བྱུང་བཞིན་བརྗོད། །དང་པོ་ལ། ལྟུང་བ་དངོས་གཞིའི་གནས་སྐབས་བཤད། །དེ་ཡི་སེལ་བའི་གནས་སྐབས་བསྟན། །མཐར་ཐུག་གྲུབ་པའི་གནས་སྐབས་བཤད། །ལྟུང་བ་སྤང་བའི་བསླབ་བྱ་བརྗོད། །དང་པོ་ལ། སྤྱིའི་ དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི། དགག་བྱ། ལྟུང་བའི་ངོ་བོ། ཡན་ལག་བརྩི་བའོ། །དང་པོ་ནི། རྒྱལ་པོའི་ཁབ་ཏུ་དགེ་སློང་ནོར་ཅན་གྱིས་མ་བྱིན་པར་བླངས་པ་ལ་བརྟེན་ནས་ཕམ་པ་བཅས་སོ། །གཉིས་པ་ནི། མ་བྱིན་པར་ལེན་པའི་བྱ་བ་དང་འབྲེལ་ ནས་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །གསུམ་པ་ནི། བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་དབང་བའི་རྫས་མཚན་ཉིད་དང་ལྡན་པ་དེ་རྐུ་སེམས་ཀྱིས་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ ལྟུང་བ་དངོས་གཞིའོ། །བཞི་པ་ལ། གཞི། བསམ། སྦྱོར་བ། མཐར་ཐུག་སྟེ་བཞི་ལས། དང་པོ་ལ། གང་ལས་རྐུ་བའི་ཡུལ། གང་རྐུ་བའི་དངོས་པོའོ། །དང་པོ་ནི། རྫས་དེའི་བདག་པོ་མི་ཡིན་པ་དང་གཞན་ཡིན་པ་དགོས་ཏེ། འགྲོ་བ་གཞན་གྱིར་རོ་ཞེས་དང་། རང་གིའོ་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །གཉིས་པ་ནི། མིའི་རྒྱུད་ཀྱིས་བདག་གིར་བྱས་པ་དང་། རིན་ཐང་ཚང་བ་སྟེ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ་ཞེས་པ་དང་། མ་ཤ་ཀ་ལྔ་ལ་སོགས་པའོ་ཞེས་པས་སོ། །སེལ་བ་དོན་ལ་དབང་ཡང་བདག་གིར་མ་བྱས་པ་བརྐུས་ 6-1-239b ན་སྦོམ་པོར་འགྱུར་ཏེ། ཊཱི་ཀ་ལས། བདག་པོས་དོན་མ་རྟོགས་པའི་གཏེར་བརྐུས་ན་སྦོམ་པོར་གསུངས་པ་ལྟ་བུའོ། །རིན་ཐང་མ་ཚང་བ་བརྐུས་ནའང་སྦོམ་པོར་འགྱུར་ཏེ། མ་ཆོག་པ་བརྐུས་ནའོ་ཞེས་པས་སོ། །གཉིས་པ་བསམ་པའི་ཡན་ལག་ལ། འདུ་ཤེས་དང་། ཀུན་ སློང་ངོ་། །དང་པོ་ནི། གཞིའི་རྣམ་པ་མ་དོར་བའི་ཡིད་གཉིས་སམ་ངེས་པར་འདུ་ཤེས་མ་འཁྲུལ་པ་སྟེ། ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པ་ནི་ཞེས་པ་དང་། དེར་འདུ་ཤེས་པས་སོ་ཞེས་སོ། །སེལ་བ་ལྷས་བྱིན་གྱི་ནོར་ལ་མཆོད་སྦྱིན་གྱི་ནོར་དུ་འདུ་ཤེས་འཁྲུལ་ཏེ་བརྐུས་ པའམ་མིའི་རྫས་ལ་འགྲོ་བ་གཞན་གྱིར་འདུ་ཤེས་འཁྲུལ་ཏེ་བརྐུས་ན་སྦོམ་པོར་འགྱུར་ཏེ། འགྲོ་བ་གཞན་གྱིར་རོ་ཞེས་པས་སོ། །གཉིས་པ་ནི། ཕམ་པ་བསྐྱེད་པ་ལ་ཀུན་སློང་ནི་ཆོས་དྲུག་ལྡན་དགོས་ཏེ། གཞན་གྱི་ཡིན་པ་དང་། མ་གནང་བ་དང་། བདག་ཉིད་ཀྱི་དོན་དང་། འཚོ་ བའི་ཆེད་དུ་དང་། གཏན་དུ་དབྲལ་འདོད་དང་། རྒྱུན་མ་ཆད་པའོ། །དེ་ཡང་གཞན་གྱི་ཡིན་སྙམ་པ་དགོས་ཏེ་རང་དང་ཞེས་རང་གི་ཡིན་པའི་སེམས་ཀྱིས་བླངས་ན་ལྟུང་མེད་དུ་གསུངས་ལ། མ་གནང་ཡང་སྙམ་པ་དགོས་ཏེ་ཡིད་གཅུགས་པའི་སེམས་དག་གིས་ཞེས་དང་། བདག་ ཉིད་ཀྱི་དོན་ཡིན་པ་དགོས་ཏེ་གཞན་གྱི་དོན་ཉིད་དུ་ན་ཡང་དངོས་གཞིའི་རྣམ་པའོ་ཞེས་དང་། འཚོ་བའི་ཆེད་ཡིན་པ་དགོས་ཏེ་མཆོད་པའི་དོན་དུ་ན་ཉེས་བྱས་སོ་ཞེས་པ་དང་། གཏན་དུ་དབྲལ་འདོད་དགོས་ཏེ་བརྙ་བ་དང་ཞེས་རེ་ཞིག་བརྙ་བའི་སེམས་ཀྱིས་བླངས་ན་ལྟུང་མེད་དུ་གསུངས་ པ་དང་། རྐུ་སེམས་ཀྱིས་སོ་ཞེས་སོ། །རྒྱུན་མ་ཆད་པ་དགོས་ཏེ་བཏང་བ་ཡང་ངོ་ཞེས་པས་གྲུབ་བོ། །གསུམ་པ་ནི། གང་ལ་བསམ་པའི་དོན་ལ་རྐུ་བའི་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་པས་ཏེ། གང་ལ་བསམ་པའི་དོན་ཡིན་པ་དགོས་ཏེ་བསམ་པ་ནི་དེ་ཉིད་དོ་ཞེས་ 6-1-240a པ་དང་། སྦྱོར་བ་རང་ངམ་བསྐོས་པ་ཡིན་པ་དགོས་ཏེ་རྐུའམ་རྐུར་བཅུག་པ་དག་གིས་སོ་ཞེས་པ་དང་། ཕམ་པ་བསྐྱེད་པ་ལ་ལུས་ངག་ཏུ་གྲུབ་པ་དགོས་ཏེ་མའི་རྣམ་འབྱེད་ཀྱི་ཊཱི་ཀ་ལས། ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་བྱས་ ཡིན་པར་རིག་པར་བྱའོ་ཞེས་སོ། །སེལ་བ་གང་ལ་བསམ་པ་ལས་གཞན་དུ་སྦྱོར་བ་འཁྱོགས་ཏེ། ལྷས་བྱིན་གྱི་རྫས་རྐུ་བར་བསམ་པ་ལས་མཆོད་སྦྱིན་གྱི་རྫས་བརྐུས་ན་སྦོམ་པོར་འགྱུར་རོ། །བཞི་པ་ནི། རྐུ་བའི་སྦྱོར་བ་དེའི་རྐྱེན་གྱིས་ཐོབ་བློ་སྐྱེས་པ་སྟེ། ཐུབ་པ་དགོངས་རྒྱན་ ལས། བརྐུས་ནས་ཐོབ་བོ་སྙམ་སྟེ་རྣམ་པར་དབུགས་ཕྱུངས་ནས་གནས་ནའོ་ཞེས་སོ། །སེལ་བ་ནི་མཐར་ཐུག་གི་མདུན་རོལ་དུ་ན་སྨད་དེ། སྡེ་ཚན་དེ་ལ་གལ་ཏེ་དངོས་གཞིའི་ཡིན་ན་སྦོམ་པོའོ་ཞེས་སོ། །གཉིས་པ་ལ། ལྟུང་བའི་རྣམ་གཞག་མདོར་བསྟན་བཤད། །ལྟུང་བའི་ ཡན་ལག་ཟུར་དུ་བསྟན། །དང་པོ་ལ། རྐུ་བ་མུ་དགུ་རྣམ་པར་བཞག །མ་བྱིན་ལེན་གྱི་རིན་ཐང་དཔྱད། །དང་པོ་ནི། རང་གིས་བརྐུའམ་གཞན་མངོན་སུམ་དུ་བརྐུར་བཅུག་པ་དག་གིས་ཕམ་མོ། །བང་ཆེན་དུ་མངགས་པས་བརྐུར་བཅུག་ཀྱང་ཕམ་མོ། །འདི་ལ་རྣམ་འབྱེད་ལས། རྐུ་བ་མུ་དགུ་གསུངས་ཏེ། བདག་ཉིད་ཀྱིས་བརྐུ་བ་དང་། བདག་ཉིད་ཀྱིས་བརྐུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི་རྐུ་བའི་སྦྱོར་བ་རང་གིས་བྱེད་པ་དང་། གཞན་བསྐོས་ནས་སྦྱོར་བ་མངོན་སུམ་དུ་བྱེད་འཇུག་པ་དང་། རང་གི་རྫས་སྣང་ བའི་གནས་ནས་མི་སྣང་བའི་གནས་སུ་སྤགས་པའོ། །བྱིན་གྱིས་བརླབས་ནས་བརྐུ་བ་དང་། བྱིན་གྱིས་བརླབས་ནས་བརྐུར་འཇུག་པ་དང་། བྱིན་གྱིས་བརླབས་ནས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི། དེ་ཡང་དང་པོར་བརྙས་པའམ་བཅོལ་བའི་རྫས་འདི་ངའི་ཡིན་པར་བྱའོ་སྙམ་དུ་བསམ་ 6-1-240b ནས་རྫས་དེ་དང་པོར་བྱིན་གྱིས་བརླབས། བར་དུ་རྫས་འདི་ངའིའོ་ཞེས་བདག་གིར་བཟུང་། ཐ་མར་བདག་གིར་ཞེན་པ་དམ་པོར་བྱས་ནས། སྦྱོར་བ་བསྙོན་ཅིང་ཁས་མི་ལེན་པ་དེ་བདག་ཉིད་ཀྱིས་བྱེད་པ་དང་། དེ་ལྟ་བུའི་སྦྱོར་བ་དེ་གཞན་ལ་བརྩལ་ནས་བྱེད་དུ་འཇུག་པ་དང་། རེ་ ཐག་མ་ཆད་པའི་གནས་ནས་རེ་ཐག་ཆད་པའི་གནས་སུ་སྤགས་པའོ། །བང་ཆེན་གྱིས་བརྐུ་བ་དང་། བང་ཆེན་གྱིས་བརྐུར་འཇུག་པ་དང་། བང་ཆེན་གྱིས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི་ཐག་རིང་པོར་ཕོ་ཉ་བཏང་ནས་བརྐུ་བ་དང་། ཕོ་ཉ་དེས་ཀྱང་ཕོ་ཉ་བཏང་ནས་བརྐུར་འཇུག་ པ་དང་། བང་ཆེན་གྱིས་བརྐུ་བྱའི་རྫས་དེ་གནས་གང་ན་ཡོད་པ་དེ་ནས་གནས་གཞན་དུ་སྤགས་པའོ། །དགུ་པོ་དེ་སྔ་མ་དྲུག་གིས་སྦྱོར་བ་བསྟན་ལ། གནས་ནས་སྤགས་པ་གསུམ་གྱིས་མཐར་ཐུག་བསྟན་པའོ་ཞེས་ཉེར་སྦས་ཀྱིས་བཤད་དོ། །ཟླ་བ་ནོར་བུའི་ཞལ་ནས། སྔ་མ་ དྲུག་གིས་སྦྱོར་བ་དང་མཐར་ཐུག་གཉིས་ཀ་བསྟན་ལ། གནས་ནས་སྤགས་པ་གསུམ་གྱིས་མཐར་ཐུག་བསྟན་ཏེ། རྣམ་གྲངས་ཀྱི་ཚིག་ཡིན་ཅེས་བྱའོ། །ཉེར་སྦས་ཀྱི་ཞལ་ནས། འོ་ན་བཅོམ་ལྡན་འདས་ཀྱི་གསུང་ཟློས་བུ་ཅན་དུ་འགྱུར་ལ། དེ་ལྟར་ན་མདོ་ལས་སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་ཟློས་བུ་མི་མངའ་བར་སྟོན་པ་ཡིན་ནོ་ཞེས་གསུངས་པ་དང་འགལ་ཅེའོ། །དེ་ལ་ཕྱིར་མི་འོང་བློས་མི་འབེབས་ན་རེ། གདུལ་བྱའི་དབང་གིས་ཟློས་ཀྱང་སྐྱོན་དུ་མི་འགྱུར་རོ་ཞེས་གསུངས་ཀྱང་། ཉེར་སྦས་ཀྱི་འཆད་ལུགས་སངས་རྒྱས་ཀྱི་གསུང་ལ་ཟློས་ བུ་མེད་པ་དེ་ལེགས་པ་ཡིན་ནོ། །དེ་རྣམས་ཀྱང་བདག་ཉིད་ཀྱིས་བརྐུ་བ་དང་། བྱིན་གྱིས་བརླབས་ནས་བརྐུ་བ་གཉིས་ནི་བརྐུའམ་ཞེས་པས་བསྡུས་སོ། །བདག་ཉིད་ཀྱིས་བརྐུར་བཅུག་པ་དང་། བྱིན་གྱིས་བརླབས་ནས་བརྐུར་འཇུག་པ་གཉིས་ནི་བརྐུར་བཅུག་པ་ཞེས་པས་བསྡུས་ 6-1-241a ལ། བང་ཆེན་གྱིས་བརྐུ་བ་དང་། བརྐུར་འཇུག་པ་ནི་མངགས་པས་ཀྱང་ངོ་ཞེས་པས་བསྡུས་སོ། །གནས་ནས་གནས་སུ་སྦེད་པ་གསུམ་ནི་མདོ་འོག་མ་རྣམས་ཀྱི་མཐར་ཐུག་གི་སྐབས་ཀྱི་གཞུང་ཅི་རིགས་པས་བསྡུས་སོ། །མ་བྱིན་པའོ་ཞེས་པ་ནི། ལུང་རྣམ་འབྱེད་ལས། སྐྱེས་པའམ་བུད་མེད་དམ་མ་ནིང་གིས་མ་བྱིན་པ་ཞེས་གསུངས་སོ། །གཉིས་པ་རིན་ཐང་གི་ཚད་ནི། མ་ཤ་ཀ་ལྔ་ལ་སོགས་པའོ་ཞེས་པ་སྟེ། ཊཱི་ཀར། སོག་པ་ཞེས་བྱ་བ་སྨོས་པས་ནི་དྲུག་དང་བདུན་དང་བརྒྱད་དང་དགུ་དང་བཅུ་ལ་སོགས་པ་ཐམས་ཅད་ བསྡུ་བའོ་ཞེས་སོ། །ལུང་རྣམ་འབྱེད་ལས། མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར་རོ་ཞེས་གསུངས་ཏེ། མ་ཤ་ཀ་གཅིག་ནི་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་པའི་ཕྱིར། དེས་ན་མགྲོན་བུ་བཞི་བརྒྱ་ཙམ་ཞིག་བརྐུས་ན་ཕམ་པ་བསྐྱེད་པའོ། །ཊཱི་ཀ་ལས། དེང་སང་ནི་པ་ཎ་ བཞི་བརྐུས་ན་ཕམ་པར་འགྱུར་ཏེ། ཀརྵ་པ་ཎ་གཅིག་ནི་པ་ཎ་བཅུ་དྲུག་གི་ཚད་ཡིན་པའི་ཕྱིར་ཞེས་བཤད་དེ། པ་ཎ་ཞེས་པ་ནི་མ་ཤ་ཀའི་མིང་གི་རྣམ་གྲངས་ཡིན་ལ། མ་ཤ་ཀ་གཅིག་ནི་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་པས། མ་ཤ་ཀ་བཞི་ལ་མགྲོན་བུ་སུམ་བརྒྱ་དང་ཉི་ ཤུ་སྟེ། དེ་ལྟར་ན་མགྲོན་བུ་སུམ་བརྒྱ་དང་ཉི་ཤུ་ཙམ་ཞིག་བརྐུས་ན་ཕམ་པ་བསྐྱེད་པར་གྲགས་སོ། །དེས་ན་གང་ལྟར་བྱས་ཀྱང་ཀཱ་རི་ཀཱ་ལས། ཀརྵ་པ་ཎ་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །ཞེས་པ་དང་ཡང་མཐུན་ལ། ཀཱ་རི་ཀཱའི་འགྲེལ་པ་སློབ་ དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ལས། རྒྱ་གར་གྱི་རིན་ཐང་སྦྱོར་ན་དངུལ་ཞོ་གཅིག་ཙམ་བརྐུས་ན་ཕམ་པར་འགྱུར་རོ་ཞེས་བཤད་དོ། །འགྲེལ་པ་དེ་ཉིད་དུ་གཞན་འདོད་བཀོད་པ་ལས། ཁ་ཅིག་གིས་ནི་དངུལ་ཞོའི་བརྒྱད་ཆ་གཅིག་ལ་བྱ་སྟེ། དེ་ཙམ་གྱི་རིན་ཐང་བརྩི་བའོ་ 6-1-241b ཞེས་བཤད་དོ། །དེ་དང་མཐུན་པར་འགྲེལ་ཆུང་ལས། སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་སྐྱ་ཞོ་གཅིག་གི་བརྒྱད་ཆ་གཅིག་གིས་ཕམ་པའོ་ཞེས་བཤད་དོ། །ཀརྵ་པ་ཎ་ནི་དངུལ་ཞོ་ཕྱེད་ལས་བྱས་པའི་དོང་རྩེའི་རྣམ་པ་འདྲ་བ་སྟེ། དེའི་བཞི་ཆར་བརྩིས་པས་དངུལ་སྐྱ་ཞོ་ གཅིག་གི་བརྒྱད་ཆའོ། །འོད་ལྡན་ལས། དགེ་སློང་ལ་ནི་ཁལ་བཞི་ལྷག་པར་གྱུར་ན་དེ་དག་གི་རིན་ཐང་གི་ལྟུང་བ་ཡིན་ནོ་ཞེས་བཤད་དེ་མཚོན་པ་ཙམ་ཡིན་ནོ། །སུམ་བརྒྱ་པའི་འགྲེལ་པ་སློབ་མ་ལ་ཕན་པ་ལས། ཁལ་ཕྱེད་བརྐུས་ན་ཕམ་པར་འགྱུར་ཞེས་ཏེ་དེའང་མཚོན་ པ་ཙམ་སྟེ་ངེས་བཟུང་མ་ཡིན་ལ། དེ་ལྟར་གཞུང་རྣམས་ནས་བཤད་ཚུལ་མི་མཐུན་པ་ཤིན་ཏུ་མང་ཡང་། རང་གི་རྟོག་པ་འོག་ཏུ་བརྗོད་ལ་འདིར་ནི་སྤྱིར་རིན་ཐང་ཇི་ལྟར་བརྩི་ཞེ་ན། གཞུང་སྨོས་པ་དེ་རྣམས་ཐམས་ཅད་ཀྱང་གསོད་པའི་ཆད་པའི་རིན་ཐང་གི་ཚད་དང་མཉམ་པ་ ལ་མཚོན་དགོས་ཏེ། དེ་ལྟར་ན་ཡུལ་དུས་དེ་ན་རྒྱལ་ཁྲིམས་ཡོད་ན་ཚད་ཇི་ཙམ་ཞིག་བརྐུས་ན་གསོད་པའི་ཚད་དེ་ཙམ་ཞིག་གི་ཉེས་པར་འགྱུར་བའི་དངོས་པོ་བརྐུས་ན་ཕམ་པར་འགྱུར་བའོ། །འདི་ལ་ལུང་རིགས་གཉིས་ལས། ལུང་ནི་རྣམ་འབྱེད་ལས། མ་ཤ་ཀ་ལྔ་ བརྐུས་ནས་རྒྱལ་པོ་མ་སྐྱེས་དགྲས་གྱོད་ལ་དཀྲི་ཞིང་སྲོག་དང་བྲལ་བར་བྱེད་པ་དེ་བཞིན་དུ། དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར་ཞེས་གསུངས་ཏེ་གསོད་པའི་ཆད་པའི་ཚད་དང་རིན་ཐང་མཉམ་སྟེ་བཅས་པ་མཛད་པས་སོ། །རིགས་པས་ཀྱང་སངས་རྒྱས་ཀྱིས་ རང་གི་ཉན་ཐོས་རྣམས་ཉེས་པ་ལས་ཟློག་པར་བྱེད་པ་དང་། རྒྱལ་པོས་རང་གི་མི་སྡེ་རྣམས་ཉེས་པ་ལས་ཟློག་པར་བྱེད་པ་ལ་ཆད་པ་རབ་ཕམ་པའི་ཆད་པ་དང་། ཆད་པ་རབ་གསོད་པའི་ཆད་པ་སྟེ་རང་རང་གི་ཆད་པ་རབ་ཀྱི་རིན་ཐང་དང་མཚུངས་པའི་ཕྱིར་རོ། །རྒྱལ་ཁྲིམས་སྔ་ 6-1-242a ནས་མེད་པ་དང་ཞིག་ནས་མེད་པ་གང་ཡིན་ཀྱང་རུང་སྟེ། ཡུལ་དུས་དེ་ན་རྒྱལ་ཁྲིམས་མེད་ན་ནི་སངས་རྒྱས་ཀྱིས་བསླབ་པ་བཅས་པའི་ཡུལ་དུས་ཀྱི་རིན་ཐང་གིས་བརྩིས་ཏེ། དེ་ལྟར་ཨ་མི་ཏཱ་བྷའི་གདམས་ངག་ལས་བྱུང་བ་དང་། རིགས་པས་ཀྱང་ལྟུང་ བ་ནི་བཅས་པ་ལ་ལྟོས་པའི་ཕྱིར་རོ། །འོ་ན་ཀརྵ་པ་ཎའི་བཞི་ཆ་དང་གསོད་པའི་ཆད་པའི་རིན་ཐང་གི་ཚད་གཉིས་གང་གཙོ་སྙམ་ན། སངས་རྒྱས་ཀྱིས་བསླབ་པ་འཆའ་བའི་དུས་ན་གཙོ་མི་གཙོ་མེད་དེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཕྱིར་རོ། །འདི་ལྟར་རྫས་ཀྱི་ལྡོག་པ་ནས་ཀརྵ་ པ་ཎའི་བཞི་ཆ་ཡིན་ལ། ཉེས་དམིགས་ཀྱི་ལྡོག་པ་ནས་བརྐུས་ན་གསོད་པའི་ཆད་པ་ཕོག་པའི་རིན་ཐང་གི་ཚད་ཅེས་བྱ་བ་སྟེ། དེ་གཉིས་ཀྱང་རིན་ཐང་ཚང་བའི་ངོ་བོར་གཅིག་པའོ། །འོ་ན་པཎྜི་ཏ་ཨ་མི་ཏཱ་བྷའི་མན་ངག་དེ་གང་ཞེ་ན། རྒྱལ་ཁྲིམས་ལ་གསོད་པའི་ཆད་པའི་ཚད་ཆེ་ཆུང་ དུ་ཁྲིམས་འཕོས་ན་རིན་ཐང་གི་ཚད་འདི་ཡང་འཕོ་བར་མཛད་དེ་ཞེས་པ་དེ་འཐད་པ་ངེས་པར་བཟུང་བར་བྱའོ། །འོ་ན་ཀརྵ་པ་ཎ་དེ་ཇི་ལྟ་བུ་ཞེ་ན། ཀརྵ་པ་ཎ་མཚན་ཉིད་པ་དང་། བཏགས་པ་བ་གཉིས་ལས། དང་པོ་ནི། དངུལ་ལས་བྱས་པ་དོང་རྩེའི་རྣམ་པ་འདྲ་བའི་རི་ མོའི་ཁྱད་པར་དང་དབྱིབས་སུ་བྱས་པ་སྟེ། ཞུ་འགྲེལ་ལས། ཀརྵ་པ་ཎ་ནི་ཟོང་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་སུ་བཏོད་པ་བཙོང་དུ་རུང་བ་ཡིན་ནོ་ཞེས་བཤད་ཅིང་། ལུང་ཞུ་བ་ཆེ་ཤོས་ལས། ཀརྵ་པ་ཎ་ཇི་ལྟ་བུ་རྒྱན་ཐམས་ཅད་ཀྱི་བྱས་པའོ་ཞེས་གསུངས་སོ། །དེ་ ཡང་སྔོན་རྒྱལ་པོ་རྨ་བྱ་ཞེས་བྱ་བའི་ཁྲིམས་ལུགས་ལས་བྱུང་བ་སྟེ། ལུང་ཞུ་བ་ཆུང་ཤོས་ལས། ཀརྵ་པ་ཎ་ཇི་ལྟ་བུ་ལགས། རྒྱལ་པོ་རྨ་བྱ་བས་བྱས་པའོ་ཞེས་གསུངས་ཤིང་། དེའི་འགྲེལ་པ་ལས། རྒྱལ་པོའི་མིང་རྨ་བྱ་བ་ཞེས་བྱ་བས་བྱས་པ་སྟེ་རྒྱལ་པོ་དེས་སྔོན་དང་པོར་ཀརྵ་པ་ཎ་ཉོ་ 6-1-242b ཚོང་གི་ཟོང་ཉིད་དུ་སྤྱོད་དུ་འཇུག་སྟེ། དཔེར་ན་རྒྱལ་པོ་དཔལ་ལེགས་བལྟམས་ཀྱིས་བྱས་པའི་དོང་རྩེ་ལྟ་བུའོ་ཞེས་བཤད་དོ། །ཀརྵ་པ་ཎ་དེ་ཡང་དངུལ་ཞོ་ཕྱེད་ཙམ་ལ་བཟོ་བྱས་པ་སྟེ་དེ་ཉིད་ཀྱི་ཕྱིར་ན། འགྲེལ་ཆུང་ལས། སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་སྐྱ་ཞོ་ གཅིག་གི་བརྒྱད་ཆ་གཅིག་གིས་ཕམ་ཞེས་བཤད་དོ། །དེ་ལ་བརྟེན་ནས་མངའ་རིས་ཀྱི་འདུལ་འཛིན་ཁ་ཅིག །ཀརྵ་པ་ཎ་ལ་དངུལ་ལས་བྱས་པ་དང་། གསེར་ལས་བྱས་པ་དང་། ཟངས་ལྕགས་ལས་བྱས་པ་བཞི་ཡོད་དེ། ལུང་དགོངས་འགྲེལ་དང་བཅས་པ་རྣམས་ན་གསལ་ ལ། དེ་ཡང་སྔ་མ་གཉིས་གང་རུང་དབང་བཙན་པའི་དབང་དུ་བྱས་ནས་གསེར་དངུལ་ཞོ་གང་ལ་སེ་བ་དྲུག་ཅུ་རེ་བཞི་ཡིན་ཅིང་། དེའི་བརྒྱད་ཆ་ནི་སེ་བ་བརྒྱད་ཡིན་ལ་དེ་ལྟར་གྱི་ཚེ་གསེར་སྲན་མ་མ་ཥའི་གོང་བུ་གཅིག་ཙམ་ལ་གསེར་སེ་བ་བརྒྱད་ཡོད་པས་དེ་མ་བྱིན་ལེན་གྱི་རིན་ཐང་ གི་ཚད་ཡིན་ཟེར། དེས་ན་མ་ཥ་ལའང་གསེར་དངུལ་ཟངས་ལྕགས་བཞི་ཡོད་པར་གསལ་ཏེ་ཞུ་བ་གཉིས་སུ། གསེར་གྱི་མ་ཥའམ་དངུལ་གྱི་མ་ཥ་བླངས་ན་ཅིར་འགྱུར། སྤང་བར་འགྱུར་རོ། །ལྕགས་ཀྱི་མ་ཥའམ་ཟངས་ཀྱི་མ་ཥ་བླངས་སམ་ལེན་དུ་བཅུག་ན་ཅིར་འགྱུར། ཉེས་ བྱས་སུ་འགྱུར་རོ་ཞེས་སོ། །གཉིས་པ་ཀརྵ་པ་ཎ་བཏགས་པ་བ་ནི་དེ་དང་རིན་མཉམ་པའི་མགྲོན་བུ་ལ་སོགས་པ་ཡིན་ཏེ། འདི་ལ་བསམས་ནས་ཀརྵ་པ་ཎའི་མིང་བཏགས་ཏེ། མགྲོན་བུ་ཀརྵ་པ་ཎ་གཅིག །རས་ཀརྵ་པ་ཎ་གཅིག །བུ་རམ་ཀརྵ་པ་ཎ་གཅིག་ཅེས་པ་ལྟ་བུའོ། །དེ་ ཡང་སངས་རྒྱས་ཞལ་བཞུགས་པའི་ཚེ་ན་ནི་ཀརྵ་པ་ཎའི་བཞི་ཆར་ངེས་ལ། མ་ཤ་ཀ་ལྔར་ནི་མ་ངེས་ཏེ། གཏམ་གྱི་གཞི་ལས། མ་ཤ་ཀ་གསུམ་བརྐུས་ན་ཕམ་པར་འགྱུར་བ་མཆིས་སམ། ཡོད་དེ་ཡུལ་གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀརྵ་པ་ཎ་གཅིག་ཏུ་འགྱུར་བ་ནའོ། །མ་ཤ་ཀ་ལྔ་ 6-1-243a བས་ལྷག་པ་བརྐུས་ཀྱང་ཕམ་པར་མི་འགྱུར་བ་མཆིས་སམ། ཡོད་དེ་གང་ན་མ་ཤ་ཀ་བཞི་བཅུ་ལ་ཀརྵ་པ་ཎ་གཅིག་ཏུ་གྱུར་ནའོ་ཞེས་གསུངས་སོ། །དཔེར་ན་སྔོན་རྒྱ་ནག་ན་དོང་རྩེ་ལ་ཉོ་ཚོང་གི་ཟོང་ཀུན་ཏུ་སྤྱོད་པ་དེ་ལྟ་བུ་ནུབ་པ་དེ་བཞིན་དུ། རྒྱ་གར་ན་ད་ ལྟ་ཀརྵ་པ་ཎ་ནུབ་ནས་མེད་ཅེས་པཎྜི་ཏ་བུདྡྷ་ཨཱ་ཀ་རས་གསུངས་སོ། །སེམས་ཇི་ལྟ་བུ་ཞེ་ན། རྐུ་སེམས་ཀྱིས་སོ། །རྫས་དེའི་བདག་པོ་གང་ཡིན་ཅེ་ན། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ། །དགེ་སློང་གི་འདུ་ཤེས་ཇི་ལྟ་བུ་ཞེ་ན། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དེར་འདུ་ ཤེས་པའོ། །གཉིས་པ་ལ། བདག་པོའི་ཡན་ལག་བྱེ་བྲག་བསྟན། །འདུ་ཤེས་དོགས་གཅོད་བྱེ་བྲག་བརྗོད། །རིན་ཐང་ཡན་ལག་བྱེ་བྲག་བསྟན། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་བདག་པོའི་མཚན་ཉིད་དང་། བདག་པོའི་དབྱེ་བ་དང་། རྫས་ གཅིག་གི་སྟེང་དུ་བདག་པོ་རྣམས་འདོམ་ན་གང་གཙོར་བཟུང་བའོ། །དང་པོ་ལ། བདག་པོ་ཙམ་གྱི་མཚན་ཉིད་ནི། རྫས་དེ་དོན་ལ་དབང་བའོ། །བདག་པོའི་ཆ་ནས་ཕམ་པ་སྐྱེད་ནུས་ཀྱི་མཚན་ཉིད་ནི། རང་ལས་ཐ་དད་དུ་གྱུར་པའི་མི་གང་ཞིག །བརྐུ་བྱའི་རྫས་དབང་ཞིང་ བདག་གིར་བྱས་པའོ། །གཉིས་པ་ནི། བདག་པོ་ཙམ་དབྱེ་གཞིར་བྱས་པ་ལ་བསམ་སྦྱོར་གྱིས་བདག་པོར་གྱུར་པ་དང་། ཡུལ་ཆོས་ཀྱིས་བདག་པོར་གྱུར་པ་དང་། རིགས་རྒྱུད་ཀྱིས་བདག་པོར་གྱུར་པ་དང་། སངས་རྒྱས་བཀའ་སྩལ་གྱི་སྟོབས་ཀྱིས་བདག་པོར་གྱུར་པའོ། ། དང་པོ་ལ་གསུམ་ལས། དང་པོ་སྦྱིན་པ་པོའི་བསམ་པས་ཡོངས་སུ་བཏང་བ་ཙམ་གྱིས་བདག་པོར་གྱུར་པ་ནི། དགེ་སློང་གིས་བསམ་པ་ཐག་པ་ནས་གང་ལ་བསྔོས་པའི་ཡུལ་དེ་བདག་པོར་གྱུར་པ་སྟེ། དེ་ཡང་བསྔོས་པའི་ཡུལ་དེ་ལ་རྒྱུས་མེད་པས་བདག་གིར་མ་བྱས་ཀྱང་དེ་ 6-1-243b བདག་པོར་འགྱུར་རོ། །གཉིས་པ་ལེན་པ་པོའི་སྦྱོར་བ་དང་བསམ་པས་བདག་གིར་བྱས་པ་ཙམ་གྱིས་བདག་པོར་གྱུར་པ་ནི། བདག་པོ་མེད་པའི་རྫས་རྙེད་ན་གང་གིས་རྙེད་པ་དེ་དབང་བའམ་རི་དྭགས་རྔོན་པའི་གདོས་ཀྱིས་ཟིན་ན་རྔོན་པ་དབང་བ་ལྟ་བུ་སྟེ་སྦྱིན་པ་པོས་ཡོངས་སུ་ བཏང་བ་ལ་མི་ལྟོས་པར་བདག་པོར་གྱུར་པའོ། །གསུམ་པ་ལེན་པ་པོས་བདག་གིར་བྱས་ཤིང་བདག་པོའི་བསམ་པས་བཏང་བ་ན་བདག་པོར་གྱུར་པ་ནི། དགེ་སློང་གི་ཆོས་གོས་འཕྲོགས་ཏེ་ཆོམ་རྐུན་པས་བདག་གིར་བྱས་ཤིང་དགེ་སློང་གི་བསམ་པས་བཏང་ན་ཆོམ་རྐུན་པར་ དབང་བ་ལྟ་བུ་སྟེ། ལེན་པ་པོས་བདག་གིར་བྱས་པ་ཙམ་གྱིས་དེ་དབང་བར་མི་འགྱུར་གྱི། བདག་པོའི་བསམ་པས་བཏང་བ་དང་ཚོགས་པ་ན་དེ་དབང་བ་ལྟ་བུའོ། །གཉིས་པ་ཡུལ་ཆོས་ཀྱིས་བདག་པོར་གྱུར་པ་ནི། ཤོ་གམ་སྲུང་བ་པོ་དབང་བ་ལྟ་བུའོ། །གསུམ་པ་རིགས་ རྒྱུད་ཀྱིས་བདག་པོར་གྱུར་པ་ནི། ཕ་ནོར་བུས་དབང་བ་ལྟ་བུའོ། །བཞི་པ་སངས་རྒྱས་བཀའ་སྩལ་གྱི་སྟོབས་ཀྱིས་བདག་པོར་གྱུར་པ་ལ་གསུམ་ལས། དང་པོ་སངས་རྒྱས་ལ་ཕུལ་བའི་རྙེད་པ་ནི། སངས་རྒྱས་ཉིད་ཀྱི་ཡིན་པས་མཆོད་པའི་རྫས་ལ་སོགས་པ་བྱའོ། ། གཉིས་པ་ཆོས་ལ་ཕུལ་བའི་རྙེད་པ་ལ་གཉིས་ལས། དོན་དམ་པའི་ཆོས་ལ་ཕུལ་བ་ནི། ཞི་བ་མྱ་ངན་ལས་འདས་པའི་ཆོས་ལ་ཕུལ་བ་སྟེ། དེ་ནི་བྱེ་བྲག་བཤད་མཚོ་ལས། མྱ་ངན་འདས་པ་ལ་ཕུལ་བ་ནི་མཆོད་རྟེན་དང་འདྲ་བར་བཞག་གོ་ཞེས་གསུངས་པས་གཞན་ གྱིས་ལོངས་སྤྱོད་དུ་མི་རུང་ངོ་། །གཉིས་པ་བརྡར་བཏགས་པའི་ཆོས་ལ་ཕུལ་བ་ལ་གཉིས་ལས། སྒྲུབ་པའི་ཆོས་ལ་ཕུལ་བ་ནི་ཚུལ་ཁྲིམས་ལ་འབུལ། ཏིང་ངེ་འཛིན་ལ་འབུལ་ཞེས་པ་ལྟ་བུ་དེ་དགེ་འདུན་གྱི་རྙེད་པར་འགྱུར་ཏེ། སྒྲུབ་པའི་ཆོས་དེ་དགེ་འདུན་གྱི་རྒྱུད་ལ་ 6-1-244a མངའ་བའི་ཕྱིར། ལུང་གི་ཆོས་ལ་ཕུལ་བ་ནི་ལུང་ཆོས་སྨྲ་བ་རྣམས་དབང་སྟེ། ཇི་སྐད་དུ། གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་འཛིན་པ་ནི་འདིར་དེ་ཉིད་ཀྱི་མཐའི་ཡིན་ནོ་ཞེས་སོ། །གསུམ་པ་དགེ་འདུན་ནམ་གང་ཟག་ལ་ཕུལ་བའི་རྙེད་པ་ལ་ གཉིས་ལས། དུས་དང་གློ་བུར་གྱི་རྙེད་པ་གང་དབང་མི་དབང་བསྟན་པ་དང་། ཤི་བའི་ཡོ་བྱད་ཀྱི་རྙེད་པ་གང་དབང་མི་དབང་བསྟན་པའོ། །དང་པོ་ལ་གཉིས་ཏེ། དུས་ཀྱི་རྙེད་པ་དང་། གློ་བུར་གྱི་རྙེད་པའོ། །དང་པོ་ནི། དབྱར་གནས་པའི་རྙེད་པ་དེ་གནས་དེར་ཡུན་ རིང་དུ་གནས་པ་རྣམས་ལ་དབང་བ་དང་། སྲ་བརྐྱང་གི་དུས་ཀྱི་རྙེད་པ་དེ་གང་སྲ་བརྐྱང་བཏིང་བ་རྣམས་ལ་དབང་བ་ལྟ་བུའོ། །གློ་བུར་གྱི་རྙེད་པ་ལ་ནི། བཞི་པོ་འདི་དག་ལུང་གོས་ཀྱི་གཞི་དང་འོད་ལྡན་ལས་གསུངས་ཏེ། ཁྲིམས་སུ་བྱས་པ་དང་། མཚམས་ཀྱིས་སྒྲུབ་པ་དང་། སོ་སོར་ངེས་པ་དང་། མངོན་དུ་གྱུར་པའོ། །དང་པོ་ནི། ཡོན་བདག་མཆོད་གནས་ཀྱིས་ས་རིས་འདི་དང་འདི་ནས་ཕུལ་བ་རྣམས་དགེ་འདུན་འདི་དང་འདི་པ་རྣམས་དབང་བར་བྱེད་དོ་ཞེས་ཁྲིམས་སུ་བཅས་ན། ཇི་སྐད་དུ། རྙེད་པ་ནི་ཇི་ལྟར་རྣམ་པར་ངེས་པར་བྱས་པ་ལྟར་ རྣམ་པར་བཞག་གོ་ཞེས་གསུངས་པའོ། །གཉིས་པ་ནི། སྦྱིན་བདག་དགེ་འདུན་གྱི་གནས་སུ་འོངས་ཏེ་རྫས་འདི་དགེ་འདུན་ལ་འབུལ་ཞེས་དགེ་འདུན་བྱེ་བྲག་ཏུ་མ་ཕྱེ་བར་ཕུལ་ན། ཇི་སྐད་དུ། དགེ་འདུན་ཡོངས་སུ་མ་བཅད་ན་ལས་ཀྱི་མཚམས་ཀྱིས་ཡོངས་སུ་བཅད་དོ་ཞེས་ གསུངས་སོ། །གསུམ་པ་ནི། སྡེ་པའམ་གང་ཟག་འདི་ལ་འབུལ་ཞེས་སོ་སོར་ངེས་པར་བྱས་ན་སྦྱིན་བདག་གི་ཚིག་གིས་གང་ལ་ངེས་པར་བྱས་པ་དེ་ཉིད་དབང་བའོ། །བཞི་པ་ནི། ཚིག་གིས་ངེས་པར་མ་བྱས་ཀྱང་སྦྱིན་བདག་གིས་སྡེ་པའམ་གང་ཟག་ལ་མངོན་སུམ་དུ་ཕུལ་ན་ 6-1-244b གང་ལ་ཕུལ་བ་དེ་དབང་བའོ། །གཉིས་པ་ཤི་བའི་ཡོ་བྱད་ཀྱི་རྙེད་པ་གང་དབང་མི་དབང་བསྟན་པ་ལ་གཉིས་ཏེ། རབ་ཏུ་བྱུང་བ་ཤི་བའི་ཡོ་བྱད་གང་དབང་བ་དང་མི་དབང་བ་བསྟན་པ་དང་། རྟགས་ཅན་ཤི་བའི་ཡོ་བྱད་གང་དབང་མི་དབང་བསྟན་པའོ། །དང་པོ་ལ་གཉིས་ཏེ། དགེ་ འདུན་མི་དབང་བའི་རྙེད་པ་དང་། དགེ་འདུན་དབང་བའི་རྙེད་པའོ། །དང་པོ་ལ་ལྔ་སྟེ། ཤི་བའི་སྔ་རོལ་དུ་ངེས་པར་བྱ་བའི་རྫས་དང་། བུ་ལོན་པའི་རྫས་དང་། སྡེ་ཚན་པའི་རྫས་དང་། ནད་གཡོག་པའི་རྫས་དང་། ཁྱིམ་གཞན་ན་གནས་པའི་རྫས་སོ། །དང་པོ་ནི། ཇི་སྐད་དུ། ནད་པས་མི་འདི་ལ་བྱིན་ཅིག་ཅེས་སྨྲས་པས་ནད་གཡོག་ལ་སོགས་ལས་སྦྱིན་པ་ཕྲི་ཡང་ནད་གཡོག་ལ་སོགས་པས་གལ་ཏེ་མ་བྱིན་ན་ནད་པས་ཁ་ཆེམས་སུ་ཇི་སྐད་སྨྲས་པ་བཞིན་བྱ་བ་ཉིད་དོ་ཞེས་གསུངས་སོ། །གཉིས་པ་ནི། བུ་ལོན་པ་བྱུང་ན་དེ་ལ་གཞལ་བར་བྱ་བའི་ཚད་ཀྱིས་ཤི་ ཡོ་བྱད་དེ་དབང་བ་ཉིད་དོ་ཞེས་གསུངས་པའོ། །གསུམ་པ་ནི། ཕོག་པ་མ་བགོས་པར་ཚོམས་ལས་འགའ་ཞིག་ཤི་ན་དེའི་སྐལ་བ་ཚོམས་དེ་པ་དབང་བ་ཉིད་ཡིན་ནོ་ཞེས་གསུངས་པའོ། །བཞི་པ་ནི། ནད་གཡོག་ཆོས་ལྔ་དང་ལྡན་ན་ཤི་བའི་ཡོ་བྱད་དྲུག་ནད་གཡོག་དེ་དབང་ སྟེ། ཆོས་འདི་པའི་རབ་བྱུང་གང་རུང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤི་བ་དེ་དང་ལྟ་བ་མཐུན་པ་དང་། ཤི་བ་དེ་དང་མཚན་མཐུན་པ་དང་། གནས་ནས་མ་ཕྱུང་བ་དང་། ནད་གཡོག་གི་བྱ་བ་བྱས་པ་དང་ལྔའོ། །ལྔ་པ་ནི། དགེ་སློང་ཤི་བ་དེའི་ལྷུང་ བཟེད་དང་ཆོས་གོས་ཁྱིམ་གཞན་ན་འདུག་པ་ནི་ཁྱིམ་བདག་གིས་རབ་བྱུང་གང་ལ་བྱིན་པ་དེ་དབང་ངོ་། །དེ་ཡང་ཆོས་ལྔ་དང་ལྡན་ན་སྟེ་དང་པོ་བཞི་ནི་སྔ་མ་དང་འདྲ་ལ། སྣམ་སྦྱར་ལྟ་བུ་ཡོ་བྱད་དེས་ཕོངས་པ་ཡིན་པ་དང་ལྔའོ། །གཉིས་པ་དགེ་འདུན་དབང་པའི་རྙེད་པ་ནི། 6-1-245a རབ་ཏུ་བྱུང་བ་ཤི་བའི་ཡོ་བྱད་ལ་དགེ་འདུན་མི་དབང་བ་ལྔ་པོ་དེ་དག་ལས་གཞན་པ་ཐམས་ཅད་དགེ་འདུན་དབང་བ་སྟེ་དགེ་འདུན་གྱིས་བྱིན་གྱིས་བརླབ་པར་བྱའོ། །འོན་ཀྱང་ཡུལ་ཆོས་དང་བསྟུན་དགོས་པའི་ཆ་ནས་ཅི་རིགས་པར་དཔྱད་དོ། །གཉིས་པ་ རྟགས་ཅན་ཤི་བའི་ཡོ་བྱད་གང་དབང་མི་དབང་བསྟན་པ་ནི། རིན་པོ་ཆེ་རྣམས་ནི་དཀོན་མཆོག་གསུམ་ལ་དབུལ་ཞིང་། ཁྱད་པར་མུ་ཏིག་རྣམས་སངས་རྒྱས་ལ་དབུལ། གོ་ཆ་ལ་སོགས་པ་ནི་རྒྱལ་པོ་ལ་དབུལ་ལོ་ཞེས་རྒྱས་པར་གོས་ཀྱི་གཞིར་བསྟན་ཏོ། །གསུམ་པ་རྫས་གཅིག་ གི་སྟེང་དུ་བདག་པོ་རྣམས་འདོམ་ན་གང་གཙོ་ངོས་བཟུང་བ་ནི། ཤི་བའི་ཡོ་བྱད་དེའི་ཁྱིམ་པའི་རྫས་ལ་ཡུལ་ཆོས་ཀྱིས་ཇི་ལྟར་བྱེད་པ་གཙོ་སྟེ་སངས་རྒྱས་ཀྱིས་ཀྱང་དེ་དང་མཐུན་པར་གསུངས་པའི་ཕྱིར་རོ། །ཤི་བའི་ཡོ་བྱད་དེའི་རབ་ཏུ་བྱུང་བའི་རྫས་ལ་སངས་རྒྱས་ཀྱིས་ཇི་ལྟར་ གསུངས་པ་གཙོ་སྟེ། རིགས་རྒྱུད་ནི་མི་དབང་ངོ་ཞེས་གསུངས་སོ། །འོན་ཀྱང་དེང་སང་རབ་བྱུང་ཤི་བའི་ཤུལ་ན་ཞིང་ལ་སོགས་པ་ནོར་རྫས་མང་པོ་ཡོད་པ་ལས། དེའི་སྤུན་ཟླ་ལ་སོགས་པ་ལ་གཏན་ནས་མ་བྱིན་པར་ཐམས་ཅད་དགེ་འདུན་གྱིས་བྱིན་གྱིས་བརླབས་ན་ཧ་ཅང་ཐལ་ ཆེས་པར་འགྱུར་བས། འདིར་ནི་འདུལ་བ་ཡུལ་ཆོས་དང་བསྟུན་དགོས་སོ། །འོ་ན་དགེ་སློང་ཤི་བའི་ཡོ་བྱད་དྲུག་པོ་ལ་ཤི་བའི་སྔ་རོལ་དུ་ངེས་པར་བྱས་པ་དང་། བུ་ལོན་ལེན་པ་དང་། ནད་གཡོག་དང་། རིགས་རྒྱུད་དེ་བཞི་འོངས་ནས་ང་དབང་ཞེས་སློང་ན་གང་གཙོ་ཞེ་ན། ཤི་བའི་ སྔ་རོལ་དུ་ངེས་པར་བྱས་པ་གཙོ་སྟེ། དེས་གཞན་དག་ལ་མ་བྱིན་ཀྱང་ཉེས་པ་མེད་དོ། །ཤི་བའི་སྔ་རོལ་དུ་ངེས་པར་བྱས་པ་དེ་མེད་ན་བུ་ལོན་པ་གཙོའོ། །སྣམ་སྦྱར་ལ་སོགས་པ་ཡོ་བྱད་དྲུག་ལ་རིགས་རྒྱུད་སྤུན་ཟླ་ལ་སོགས་པ་ལས་དགེ་སློང་ནད་གཡོག་བྱེད་པ་དེ་གཙོ་བར་རིགས་ 6-1-245b སོ། །གཉིས་པ་ནི། ཁྱེར་བ་ཉིད་ན་ཞེས་པ་འདི་ལ་ལུང་གི་བཤད་ལུགས་གཉིས་ལས། དང་པོ་ལུང་རྣམ་འབྱེད་ལས། ཡན་ལག་དངོས་སུ་གསུངས་པ་ནི། བཙོ་བླག་མཁན་གྱི་གོས་རླུང་གིས་ཁྱེར་བ་ཉིད་ན་བཙོ་བླག་མཁན་གྱི་བསམ་པས་མ་བཏང་བ་ནི་དང་པོའི་བདག་པོ་བཙོ་ བླག་མཁན་ཉིད་དང་མ་བྲལ་བ་ཉིད་ཡིན་པས། དེ་བརྐུས་ན་བཙོ་བླག་མཁན་ལས་བརྐུས་པའི་ཕམ་པ་བསྐྱེད་དོ་ཞེས་པའོ། །བསམ་པས་བཏང་ན་ནི་དེ་བརྐུས་ཀྱང་ཕམ་པ་མི་བསྐྱེད་ཅེས་སེལ་བ་ཤུགས་ཀྱིས་བསྟན་ཏོ། །གཉིས་པ་ལུང་ཕྲན་ཚེགས་ལས་སེལ་བ་དངོས་སུ་གསུངས་ པ་ནི། དགེ་སློང་གི་ཆོས་གོས་ཆོམ་རྐུན་པས་ཁྱེར་བ་ཉིད་ན་དགེ་སློང་གིས་བསམ་པས་མ་བཏང་བ་ནི། དང་པོའི་བདག་པོ་དགེ་སློང་རང་ཉིད་དང་མ་བྲལ་བ་ཉིད་ཡིན་པས་དགེ་སློང་གིས་ནན་གྱིས་བཀུག་ཀྱང་ཕམ་པ་མི་བསྐྱེད་དོ་ཞེས་པའོ། །བསམ་པས་བཏང་ན་ནི་དེ་ནན་གྱིས་ བཀུག་ན་ཕམ་པ་བསྐྱེད་ཅེས་ཡན་ལག་ཤུགས་ཀྱིས་བསྟན་ཏོ། །དེའི་ཕྱིར་ཊཱི་ཀར་བཅོམ་ལྡན་འདས་ཀྱིས་རྐུན་པོ་དག་རྒྱལ་པོའི་ཕོ་བྲང་དུ་ཕུལ་ན་སྲོག་གཅོད་པས་ཀུན་ནས་སློང་བའི་ཁ་ན་མ་ཐོ་བར་གསུངས་ཀྱི། མ་བྱིན་པར་ལེན་པས་ཀུན་ནས་སློང་བའི་ཁ་ན་མ་ཐོ་བར་མ་གསུངས་ ཏེ། གལ་ཏེ་བདག་གིར་བྱེད་པའི་བསམ་པས་བཏང་ཞིང་མེད་ན་ནི་བདག་པོ་ཉིད་དང་བྲལ་བ་དེའི་ཚེ་མ་བྱིན་པར་ལེན་པས་ཀུན་ནས་སློང་བའི་ཡང་བརྗོད་པར་བྱའོ་ཞེས་སོ། །དེ་ལ་རྩོད་པ་སྤང་བ་ནི། རྒྱ་གར་བ་ཁ་ཅིག་ན་རེ། འདོད་པའི་སྦྱོར་བ་རྒྱུན་བཅད་ན་ནི་དགེ་སློང་གི་ བསམ་པས་མ་བཏང་ཡང་ཆོམ་རྐུན་པར་དབང་སྟེ། ལུང་ཕྲན་ཚེགས་ལས། ཆོམ་རྐུན་པ་དེ་དག་སྐྲག་པར་མི་བྱ་སྟེ། དེ་ནི་གང་གིས་འཕྲོག་པ་དེའི་ཡིན་ནོ་ཞེས་གསུངས་པས་གྲུབ་བོ་ཞེས་ཟེར་རོ། །འོན་ཀྱང་ལུང་དེ་ནི་བདག་པོའི་བསམ་པ་ལ་བལྟོས་མེད་དུ་བཏང་བའི་དབང་དུ་ 6-1-246a བྱས་ཏེ། ལུང་ཕྲན་ཚེགས་ལས། དེ་སྲིད་དུ་བལྟོས་པ་མེད་པར་མི་བྱའོ་ཞེས་གསུངས་པས་སོ། །དེ་ལས་གཞན་དུ་ན་བལྟོས་པ་མེད་པར་མ་བྱས་པ་དོན་མེད་དུ་འགྱུར་རོ། །ལུང་ལས། འདོད་པའི་སྦྱོར་བ་རྒྱུན་མ་བཅད་པ་དེ་སྲིད་དུ་བལྟོས་པར་མི་བྱའོ་ཞེས་ མཚོན་པ་ཙམ་སྟེ། འདོད་པའི་སྦྱོར་བ་རྒྱུན་བཅད་རུང་མ་བཅད་རུང་དེ་སྲིད་དུ་བལྟོས་པར་མི་བྱའོ། ། གཞན་ཡང་དགེ་སློང་ལས་འཕྲོགས་པའི་ཆོས་གོས་ལྷུང་བཟེད་དེ་དག་ཆོམ་རྐུན་པས་མཉན་ཡོད་དུ་འཚོང་བར་བརྩམས་པ་ན། དགེ་སློང་རྣམས་ཀྱིས་རང་གི་རྫས་དེ་དག་ངོ་ཤེས་ ནས་རྫས་དེ་དག་འཕྲོགས་ཏེ་ཆོམ་རྐུན་པ་རྣམས་རྒྱལ་པོ་ལ་ཕུལ་བ་ན། ཆོམ་རྐུན་པ་རྒྱལ་པོའི་ཕོ་བྲང་འཁོར་དུ་དབུལ་བར་མི་བྱའོ་ཞེས་སྲོག་གཅོད་པའི་སྐབས་སུ་གཏོགས་པའི་བསླབ་པ་བཅས་ཀྱི། མ་བྱིན་ལེན་གྱི་བཅས་པ་མ་མཛད་པ་དང་འགལ་ལོ། ། གཞན་ཡང་ཆོམ་རྐུན་པས་མི་ སྟེར་ན་རིན་ཕྱེད་ཀྱིས་བླང་བར་བྱའོ་ཞེས་གསུངས་པས། རིན་ཕྱེད་ཀྱི་ཆ་ནས་ཕམ་པ་འབྱུང་བར་རིགས་པ་ལས་ཕམ་པར་མ་གསུངས་པ་དང་། བྲེ་བྲག་བཤད་མཚོ་ལས་ཀྱང་། འཕྲོག་མ་ཐག་ཏུ་དངོས་པོ་དེ་ཆོམ་རྐུན་གྱི་ཡིན་པར་མི་འགྲུབ་སྟེ། དེ་ནི་བདག་པོ་ཁོ་ནའི་ཡིན་ཅེས་ གསུངས་པ་དང་འགལ་ལོ། །འོ་ན་རྫས་དེ་དགེ་སློང་རང་ཉིད་དབང་ན་ཆོམ་རྐུན་པ་ལ་ཆོས་བཤད་པས་བླང་བ་དང་། རིན་ཕྱེད་གཞལ་བར་མི་རིགས་སོ་སྙམ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ལྷུར་མཛད་པ་སྟེ། བཙན་འཕྲོག་བྱས་ན་ཆོམ་རྐུན་པ་བློ་ཆགས་སྡང་དང་ འབྲེལ་ཞིང་ཕྱིས་དགེ་སློང་རྣམས་ལ་གནོད་པར་འགྱུར་བ་སྤང་བའི་ཕྱིར་རོ། །བདག་པོ་དང་བཅས་པའི་དུད་འགྲོའི་རྫས་བརྐུས་ན་ཅིར་འགྱུར་ཞེ་ན། འཇིག་རྟེན་གྱི་ཐ་སྙད་སྨྲ་མི་ཤེས་པ་དུད་འགྲོ་བྱ་དང་རྟ་ལ་སོགས་པའི་རྒྱན་ལྟ་བུ་ནི་ཞལ་ལྟ་བྱེད་པ་སྐྱོང་བར་བྱེད་པའི་མི་དེ་བདག་ 6-1-246b པོ་ཉིད་ཡིན་པས་དེ་བརྐུས་ན་མི་ལས་བརྐུས་པའི་ཕམ་པར་འགྱུར་བ་ཡིན་ནོ། །དུད་འགྲོ་ལ་བཟའ་བཏུང་གི་ཕྱིར་རྩྭ་དང་ཆུ་ལ་སོགས་པ་བྱིན་པ་ལ་ནི་ཞལ་ལྟ་བྱེད་པའི་བསམ་པ་དང་འབྲེལ་བ་མེད་པར་ལྟོས་མེད་དུ་དུད་འགྲོ་ལ་བྱིན་པ་ཉིད་ཡིན་པས་དེ་བརྐུས་ན་དུད་འགྲོ་ལས་བརྐུས་ པའི་སྦོམ་པོར་འགྱུར་བ་ཡིན་ནོ། །བྱ་དང་རི་དྭགས་སོགས་ཡོད་པའི་ནགས་མེས་བཏང་བ་ལ་སོགས་ཀྱིས་རྒྱ་དང་རྙི་འཛུགས་པ་ལ་སོགས་བསྡུ་བའི་ཐབས་དག་གིས་བཟུང་བའི་ཕྱིར་རྐང་བཞི་རི་དྭགས་དང་། རྐང་གཉིས་བྱ་དང་། རྐང་མང་སྡིགས་པ་དང་། རྐང་མེད་སྦྲུལ་དང་། ལིངས་བཏབ་པའི་ཁོངས་སུ་ཆུབ་པ་རྣམས་ལ་ནི་ལིངས་པ་མ་ཡིན་པ་བདག་པོ་ཉིད་མ་ཡིན་ཏེ། ལིངས་པ་བདག་པོ་ཉིད་ཡིན་པས་དེ་བརྐུས་ན་ལིངས་པ་ལས་བརྐུས་པའི་ཕམ་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། ལུང་པ་སྟོང་པ་ན་གསེར་གྱི་དོང་རྩེ་ལྟ་བུ་འདུག་པ་ལ་རྫས་དེའི་ བདག་པོ་སུ་ཡིན་བྱེ་བྲག་མ་ཕྱེད་པ་སུའི་ཡིན་ཀྱང་བརྐུའོ་སྙམ་སྟེ་བརྐུས་པ་ལ་ནི་གཞི་ངོ་བོ་ཉིད་ལས་ལྟུང་བ་རྣམ་པར་བཞག་གོ་སྟེ། ཡོན་ཏན་འོད་མར། ནོར་མིའི་ཡིན་ན་ཕམ་པར་འགྱུར། དུད་འགྲོའི་ཡིན་ན་སྦོམ་པོར་འགྱུར་ཞེས་སོ། །དོན་ལ་རྫས་དེ་ཉིད་མི་དབང་ན་རྐུ་ བའི་ཕམ་པར་མ་ཟད་མི་མ་ཡིན་ལས་རྐུ་བའི་ལྟུང་བར་ཡང་འགྱུར་ཏེ། སུའི་ཡིན་ཀྱང་བརྐུའོ་སྙམ་པས་ན་མི་མ་ཡིན་ལས་ཀྱང་རྐུ་སེམས་མ་ལོག་པར་གནས་པའི་ཕྱིར། དེ་ལ་མི་མ་ཡིན་ལས་རྐུ་བའི་ལྟུང་བ་རྫོགས་པར་མི་འགྱུར་ཏེ་དོན་ལ་མི་མ་ཡིན་དབང་བ་མེད་པའི་ཕྱིར་ དེ་ཡང་མི་མ་ཡིན་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ལྟུང་བར་མི་འགྱུར་ཏེ། མི་མ་ཡིན་ཐམས་ཅད་ཀྱི་ཡིན་ནའང་བརྐུ་སྙམ་པའི་བློ་མི་འབྱུང་བའི་ཕྱིར་རོ། །དེ་ལྟ་བུའི་བློ་བརྒྱ་ལམ་ན་སྐྱེས་ན་གྲངས་དེ་སྙེད་ལ་བལྟོས་པའི་ལྟུང་བའང་འབྱུང་ཞེས་རོག་གསུངས་ལ། སྐབས་འདིའི་ཊཱི་ཀ་ལས། 6-1-247a བྱེ་བྲག་མ་ཕྱེད་པར་བརྐུས་པ་ལ་ནི་གཞིའི་ངོ་བོ་ཉིད་ལས་ལྟུང་བར་བཞག་གི། འདུ་ཤེས་ལས་ནམ་བཞག་ཞེས་པ་ནི་མཐའ་གཅིག་ཏུ་ངེས་པའི་འདུ་ཤེས་ལ་བལྟོས་ཏེ་ལྟུང་བ་རྣམ་པར་བཞག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བུ་སྟོན་འདུལ་འཛིན་ན་རེ། འདིའི་ཕྱིར་བཅོས་གཞི་མ་ངེས་ཀྱི་བར་དུ་མ་ངེས་པས་བྱིན་གྱིས་བརླབས། དེས་ན་གཞི་ཇི་ལྟ་བ་བཞིན་ཕྱིར་བཅོས་བྱའོ་ཞེས་འབྱུང་ལ། བྱའང་དེ་ལྟར་བཞེད་པར་སྣང་ངོ་། །གསུམ་པ་ནི། ཁ་ཆེའི་ཡུལ་དུ་གུར་གུམ་བྲེ་གང་བརྐུས་ན་དེར་རིན་ཐང་མི་ཚང་ལ། གཞན་དུ་རིན་ཐང་ ཚང་བ་དེ་ལྟ་བུ་ལ་བརྐུ་བྱ་རྫས་ཀྱི་རིན་ཐང་ནི་གང་དུ་བརྐུས་པའི་གནས་དང་། གང་གི་ཚེ་བརྐུས་པའི་དུས་ཀྱི་རྣམ་པར་བཞག་གི་གནས་གཞན་གྱི་རིན་ཐང་གནས་གཞན་དུ་མི་བརྩི། དུས་གཞན་གྱི་རིན་ཐང་དུས་གཞན་དུ་མི་བརྩི་སྟེ་གནས་གཞན་དང་དུས་གཞན་གྱི་རིན་ཐང་ བརྩིས་ན་ངེས་པ་མེད་པར་འགྱུར་བའི་ཕྱིར་རོ། །འོ་ན་སྦྱོར་བ་ནི་གནས་གཞན་དང་དུས་གཞན་དུ་བྱས་ནས། མཐར་ཐུག་གནས་གཞན་དང་དུས་གཞན་དུ་གྲུབ་ན་ལྟུང་བ་ཇི་ལྟར་བཞག་ཅེ་ན། མཐར་ཐུག་གི་གནས་དང་དུས་ཀྱི་རིན་ཐང་གིས་བཞག་སྟེ། བཤིགས་ཏེ་བརྐུས་ན་འོད་ ལྡན་ལས། ཉམས་པར་བྱ་བའི་ངོ་བོ་ཁོ་ནའི་རིན་ཐང་བརྩི་ཞེས་པའི་གནད་ཀྱིས་ཤེས་སོ། །བྱང་སྟག་ལུང་ནས་ཚྭ་རྐུ་བའི་མཐར་ཐུག་ལྷོ་སྦ་གྲོ་ན་གྲུབ་པ་ལྟ་བུ་ན་དེའི་ཚེ་མཐར་ཐུག་གི་དུས་སུ་རིན་ཐང་ཚང་ཡང་སྦྱོར་བའི་དུས་ན་མི་ཚང་བས་ཕམ་པ་བསྐྱེད་པར་མི་རིགས་སོ་སྙམ་ན། རིང་སྦྱོར་གྱི་དུས་ན་རིན་ཐང་མ་ཚང་ཡང་ཉེ་བའི་སྦྱོར་བ་སྟེ་མཐར་ཐུག་གི་སྐད་ཅིག་གི་སྔ་རོལ་གྱི་དུས་དང་། མཐར་ཐུག་གི་དུས་ན་རིན་ཐང་ཚང་བས་ཕམ་པ་བསྐྱེད་པ་ལ་མི་རིགས་པ་མེད་དོ། །དེ་ལ་ལེན་པ་པོས་རིན་ཐང་ཚང་བ་ཐོབ་པ་ཡོད་ཀྱང་བདག་པོས་རིན་ཐང་ཚང་བ་ཤོར་ 6-1-247b བ་མེད་པས་ཕམ་པ་བསྐྱེད་པར་མི་རིགས་སོ་སྙམ་ན། མཐར་ཐུག་དང་ཉེ་བའི་སྦྱོར་བའི་སྔ་རོལ་དུ་བདག་པོའི་བསམ་པས་བཏང་ན་ནི། དེའི་ཚེ་བདག་པོ་མེད་པར་གྱུར་པ་ཡིན་པས་ཕམ་པ་བསྐྱེད་པར་མི་རིགས་ཀྱང་། བདག་པོའི་བསམ་པས་མ་བཏང་ན་ནི་རྫས་དང་བདག་པོ་ཡུལ་ཐ་ དད་ཐག་རིང་པོ་ན་གནས་ཀྱང་བདག་པོ་དེ་ཉིད་ཀྱི་ནོར་རྫས་ཡིན་པས་རིན་ཐང་ཚང་བ་ཐོབ་པ་བཞིན་དུ་རིན་ཐང་ཚང་བ་ཤོར་བའང་ཡོད་དོ། །འོ་ན་རིན་ཐང་མེད་པའི་སར་ཐོབ་བློ་སྐྱེས་ན་ཇི་ལྟར་བཞག་སྙམ་ན། བདག་པོའི་གནས་དང་། རྐུན་མའི་གནས་གང་ཉེ་བའི་རིན་ཐང་གིས་འཇོག་ ལ། ཉེ་རིང་མཉམ་ན་རྐུན་མའི་གནས་ཀྱི་རིན་ཐང་གིས་འཇོག་སྟེ། སྒྲ་མི་སྙན་དུ་རྐུ་ན་རྐུན་མའི་གནས་ཀྱི་རིན་ཐང་གིས་འཇོག་པའི་གནད་ཀྱིས་ཤེས་སོ། །དེ་ཡང་སྒྲ་མི་སྙན་དུ་རྐུ་བའི་སྦོམ་པོ་བསྐྱེད་པ་ནོར་བདག་གི་ཡུལ་ན་རིན་ཐང་མི་ཚང་ཡང་རྐུན་མའི་ཡུལ་ན་རིན་ཐང་ཚང་བ་དེ་ ལས་བཟློག་ན་བརྐུ་ཡུལ་བྱང་སྒྲ་མི་སྙན་པ་ལ་སོགས་པ་ལ་ཡང་རིན་ཐང་ཚང་བ་ཡན་ལག་ཏུ་དགོས་ལ། གླིང་དེ་ན་ཀརྵ་པ་ཎ་ལ་སོགས་པའི་རིན་ཐང་གི་རྣམ་པར་བཞག་པ་མེད་པས་རྐུ་བྱེད་འཛམ་བུ་གླིང་པ་ཡིན་ན་དེའི་གནས་ཀྱི་རིན་ཐང་གིས་བརྩི་བར་དོན་གྱིས་གྲུབ་སྟེ། འདི་ནི་གནས་ གཞན་གྱི་རིན་ཐང་གནས་གཞན་དུ་མི་བརྩི་བའི་དམིགས་བསལ་ཡིན་ནོ་ཞེས་ཟངས་ཆེན་པས་གསུངས་སོ། །ཞུ་བར། བརྐུ་བའི་གནས་དང་ཞེས་གསུངས་པ་ཡང་ཟློས་བུ་མིན་ཏེ་དེ་ཀརྵ་པ་ཎའི་རིན་ཐང་ལ་གསུངས་པའི་ཕྱིར་རོ། །རྨ་ཚོ། ཡུལ་དུས་དེར་རིན་ཐང་ཚང་བར་མ་ གྱུར་ལ། དེ་ཉིད་གཞན་དུ་ཁྱེར་བ་ལས་སམ་དུས་གཞན་གྱི་ཚེ་ན་རིན་ཐང་ཚང་བ་ལ་མཐར་ཐུག་གྲུབ་པ་ལས་དངོས་གཞིར་འགྱུར་ཏེ། དངོས་པོ་ཉིད་ཀྱིས་གྲུབ་པའི་ཕྱིར་ཞེས་ཟེར་ལ། བུས་ལུང་འགལ་བསྟན་ཅིང་། བྱས་རིགས་པ་བརྗོད་པར་མཛད་དེ། དེ་དང་ཇི་སྐད་དུ། 6-1-248a འདུལ་བྱེད་ལས། ཚུར་ཤོག་རྐུར་འདོང་ཞིག་གང་གིས་དངོས་པོ་མི་ཚང་བ་དེ་ཙམ་ཞིག་བླང་བར་བྱའོ། །དེ་གཉིས་ཀྱིས་གང་དུ་བླངས་པ་དེ་ཉིད་དུ་དངོས་པོ་ཚང་ནས་དེ་གཉིས་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་གང་ ནས་བསྐྱོད་པ་དེ་ཉིད་ཀྱི་རིན་ཐང་བརྩི་བར་བྱའོ་ཞེས་སོ། །རིགས་པ་ནི་དེ་ཉིད་ལ་ནམ་ཡང་རིན་ཐང་མི་ཚང་བ་ལ་བྱེད་པ་པོས་ཁེ་སྤོགས་བྱས་པ་ལས་རིན་ཐང་ཚང་ཞིང་། དེའི་ཚེ་མཐར་ཐུག་གྲུབ་ཀྱང་དངོས་གཞིར་མི་འགྱུར་ཏེ་ཁེ་སྤོགས་ཀྱི་སྦྱོར་བ་ལས་གྲུབ་པའི་ཕྱིར་ཞེས་སོ། ། གཉིས་པ་ལ། གཙོ་བོའི་སེལ་བ་ལྟུང་མེད་བསྟན། །གཙོ་མིན་སེལ་བ་ན་སྨད་བཤད། །ཡན་ལག་མ་ཚང་ཉེས་བྱས་སོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་སེལ་བའི་དབྱེ་བ་དང་། སེལ་བའི་མཚན་ཉིད་དང་། སེལ་བ་ལས་ཅིར་འགྱུར་བསྟན་པའོ། ། དང་པོ་སེལ་བའི་དབྱེ་བ་ནི། སེལ་བ་ཞེས་པ་རང་རང་གི་ཡན་ལག་མ་ཚང་བ་དེ་ཡིན་པས་ཡན་ལག་ལས་བཟློག་སྟེ་དབྱེ་བར་བྱའོ། །དེ་ཡང་ཐུན་མོང་གི་སེལ་བ་དང་། ཐུན་མོང་མིན་པའི་སེལ་བའོ། །དང་པོ་ནི། བསླབ་པའི་ཡན་ལག་གི་སེལ་བ་སྡོམ་པ་གཏན་ནས་མ་བླངས་ པ་ལྟ་བུ་དང་། བསམ་པ་རང་བཞིན་དུ་གནས་པའི་སེལ་བ་སྨྱོ་བ་ལ་སོགས་པ་ནི་ཀུན་གྱི་ཐུན་མོང་གི་སེལ་བའོ། །བསླབ་པ་རྒྱུན་གཅིག་པ་ནི། ལྟུང་བ་དངོས་གཞི་ཀུན་གྱི་ཐུན་མོང་གི་ཡན་ལག་ཡིན་ཀྱང་། དེའི་སེལ་བ་བསླབ་རྒྱུན་ཐ་དད་པ་ནི་ཀུན་གྱི་ཐུན་མོང་གི་སེལ་བ་མིན་ ཏེ་སེལ་བ་འདི་ནི་སྦྱོར་བ་རྒྱུན་ལྡན་རྣམས་ལ་འཇུག་གི། སྦྱོར་བ་རྒྱུན་མི་ལྡན་པ་རྣམས་ལ་མི་འཇུག་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་སེལ་བ་ལ་བཞི། གཞིའི་སེལ་བ་སྟེ་གཞིའི་ཡན་ལག་མ་ཚང་བ་དང་། བསམ་པའི་སེལ་བ་དང་། སྦྱོར་བའི་སེལ་བ་དང་། མཐར་ཐུག་ 6-1-248b པའི་སེལ་བ་སྟེ་མཐར་ཐུག་གི་ཡན་ལག་མ་ཚང་བའོ། །གཉིས་པ་སེལ་བའི་མཚན་ཉིད་ནི། ལྟུང་བ་རང་རང་གི་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ངེས་བཟུང་དུ་དགོས་པའི་ཡན་ལག་མ་ཚང་བའོ། །དེ་ཡང་མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་རིན་ཐང་གི་ཡན་ལག་མ་ ཚང་བ་ལྟ་བུའོ། །གསུམ་པ་སེལ་བ་ལས་ཅིར་འགྱུར་བསྟན་པ་ལ་བཞི་སྟེ། ན་སྨད་པར་གྱུར་པ་དང་། ཆེས་ན་སྨད་པར་གྱུར་པ་དང་། གཞན་དུ་གྱུར་པ་དང་། ལྟུང་བ་མེད་པར་འགྱུར་བའོ། །དང་པོ་ནི། ཡན་ལག་གཅིག་མ་ཚང་བ་དཔེར་ན། མ་བྱིན་ལེན་ལ་རིན་ཐང་གི་ ཡན་ལག་མ་ཚང་བའམ་སྐྱོན་ནས་སྨྲ་བ་ལ་མཚན་མཐུན་པའི་ཡན་ལག་མ་ཚང་བ་ལྟ་བུ་ཡན་ལག་གཅིག་མ་ཚང་བ་ལ་ན་སྨད་དུ་འགྱུར་ཏེ། མ་ཆོག་པར་བརྐུས་ནའོ་ཞེས་པ་དང་། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་གསུངས་སོ། །དེའི་རྒྱུ་མཚན་དགག་བྱ་མ་ རྫོགས་པའི་ཕྱིར་རོ། །དེ་ཡང་ཕམ་ལྷག་གི་ན་སྨད་ནི་སྦོམ་པོ་ཡིན་ལ། སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་གསུམ་གྱི་ན་སྨད་ནི་ཉེས་བྱས་ཡིན་ནོ། །ཉེས་བྱས་ཀྱི་ན་སྨད་ནི་ཉེས་བྱས་ཕྲ་མོའོ། །གཉིས་པ་ཆེས་ན་སྨད་དུ་གྱུར་པ་ནི། ཡན་ལག་ གཉིས་མ་ཚང་བ་སྟེ། དཔེར་ན་མ་བྱིན་ལེན་ལ་བདག་པོ་མི་ཡིན་པ་མ་ཚང་ལ། དངོས་པོ་རིན་ཐང་ཚང་བ་ཡང་མ་ཡིན་པ་སྟེ། ལྷའི་རྫས་རིན་ཐང་མ་ཚང་བ་ལ་བརྐུས་པའམ་སྐྱོན་ནས་སྨྲ་བ་ལ་མཚན་མཐུན་དང་། ལྟ་མཐུན་གཉིས་ཀ་མ་ཚང་བ་ལྟ་བུ་ཡན་ལག་གཉིས་མ་ཚང་ ན་ཆེས་ན་སྨད་དུ་འགྱུར་ཏེ། དུས་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་གསུངས་སོ། །ཡན་ལག་གཅིག་མ་ཚང་བ་ལ་ཡང་ཆེས་ན་སྨད་དུ་འགྱུར་བ་ཡོད་དེ། མི་ལ་དུད་འགྲོ་ཡང་ངོ་ཞེས་གསུངས་པས་དུད་འགྲོ་མོ་ལ་རེག་ན་ཉེས་བྱས་སོ། །ཆེས་ན་སྨད་དུ་འགྱུར་བ་རྣམས་ 6-1-249a ཀྱི་རྒྱུ་མཚན་ནི་དགག་བྱ་ཆེས་མ་རྫོགས་པའི་ཕྱིར་རོ། །དེ་ཡང་ཕམ་ལྷག་གི་ཆེས་ན་སྨད་ནི་ཉེས་བྱས་ཡིན་ལ་སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་གསུམ་གྱི་ཆེས་ན་སྨད་ནི་ཉེས་བྱས་ཕྲ་མོ་ཡིན་ནོ། །ཉེས་བྱས་ཀྱི་ཆེས་ན་སྨད་ ནི་ཉེས་བྱས་ཕྲ་བ་བས་ཀྱང་ཕྲ་བའོ། །གསུམ་པ་གཞན་དུ་འགྱུར་བ་ལ་གསུམ་སྟེ། སྡེ་ཚན་གཞན་དུ་འགྱུར་བ་དང་། བཅས་པ་གཞན་དུ་འགྱུར་བ་དང་། གནས་སྐབས་གཞན་དུ་འགྱུར་བའོ། །དང་པོ་ནི། དཔེར་ན་མི་གསོད་ཕམ་པའི་ཡན་ལག་མ་ཚང་སྟེ་དུད་འགྲོ་གསོད་ ན་ལྟུང་བྱེད་དུ་འགྱུར་བ་ལྟ་བུའོ། །གཉིས་པ་ནི། དཔེར་ན་གཞི་མེད་ལྷག་མའི་ཡན་ལག་མ་ཚང་བ་སྟེ། སྦྱོར་བ་གསལ་པོར་སྨྲས་པ་མེད་པར་སྦྱོར་བ་མི་གསལ་བས་སྐུར་པ་བཏབ་ན་བག་ཙམ་གྱི་ལྷག་མར་འགྱུར་བ་སྟེ། ལྷག་མའི་སྡེ་ཚན་དུ་གཅིག་ཀྱང་བཅས་པ་གཞན་གྱི་ ལྟུང་བར་འགྱུར་བའོ། །གསུམ་པ་ནི། སྔ་མ་གཉིས་ལས་མིང་ཐ་དད་དུ་བཏགས་ཀྱང་དོན་ལོགས་པ་བཤད་དུ་མེད་ཅེས་ཤ་མི་གསུང་ཡང་མ་གོ་བར་ཟད་དེ། འདི་ནི་རང་རང་གི་ལྟུང་བའི་རྣམ་བཞག་ལས་གཞན་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ཐམས་ཅད་ཡིན་ནོ། །དཔེར་ན་རེག་ པའི་ལྷག་མའི་ཡན་ལག་མ་ཚང་བ་སྟེ། རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པ་མེད་པར་རེག་འདོད་ཙམ་པོས་བུད་མེད་ལ་རེག་ན་ནི། ལྟུང་བ་རྣམ་བཞག་གི་གནས་སྐབས་གསུམ་ལས་གཞན་བསླབ་བྱའི་ཉེས་བྱས་སུ་འགྱུར་ བ་ལྟ་བུའོ། །དེ་ནི་རེག་པའི་བཅས་པ་ལ་བལྟོས་ནས་བཅས་པ་གཞན་དུ་འགྱུར་བ་མ་ཡིན་ཏེ། རེག་པའི་བཅས་པ་གཅིག་གིས་བསྡུས་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་ཡང་རེག་པའི་ལྟུང་བ་རྣམ་བཞག་གི་གནས་སྐབས་གསུམ་ལས་བསླབ་བྱའི་གནས་སྐབས་ཡིན་ 6-1-249b པའི་ཕྱིར་རོ། །བསླབ་བྱའི་ཉེས་བྱས་དེ་ནི་ཆེས་ན་སྨད་པ་མ་ཡིན་ཏེ། ཆེས་ན་སྨད་ནི་ལྟུང་བ་རྣམ་བཞག་གི་ཀུན་སློང་གིས་ཀུན་ནས་བསླང་བ་ཡིན་ལ། བསླབ་བྱའི་ཉེས་བྱས་ནི་ལྟུང་བ་རྣམ་བཞག་གི་ཀུན་སློང་གིས་ཀུན་ནས་མ་བསླངས་པའི་ཕྱིར་རོ། །དེ་བཞིན་དུ་དགེ་སློང་ལ་ བརྡེག་པའི་ལྟུང་བྱེད་ཀྱི་ཡན་ལག་མ་ཚང་སྟེ་ལྗོན་ཤིང་ལ་བརྡེག་ན་ཉེས་བྱས་སུ་འགྱུར་བ་དང་། མེ་རེག་གི་ཡན་ལག་མ་ཚང་སྟེ་སེང་གེ་ལ་རེག་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །བཞི་པ་ལྟུང་བ་མེད་པར་འགྱུར་བ་ལ་བཞི་ལས། དང་པོ་དངོས་གཞིའི་ལྟུང་བ་མེད་ པ་ལ་དགོངས་ནས་ལྟུང་བ་མེད་པ་ནི། ལུང་འདུལ་བྱེད་ལས། ཚེ་དང་ལྡན་པ་ཚུར་ཤོག །ཆུང་ངུ་ཆུང་ངུ་ནས་མ་བྱིན་པར་བླངས་དང་ལྟུང་བར་མི་འགྱུར་རོ་ཞེས་དགེ་སློང་གིས་དགེ་སློང་གཞན་ལ་སྨྲ་བ་ལྟ་བུའོ། །གཉིས་པ་ལྟུང་བ་རྣམ་བཞག་མེད་པ་ལ་དགོངས་ནས་ལྟུང་བ་ མེད་པ་ནི་སྲོག་གཅོད་པའི་ཕམ་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། ཉེ་སྡེ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། མངལ་བླུགས་པ་ལ་རྗེས་སུ་ཡི་རང་ན་བསླབ་བྱའི་ཉེས་བྱས་ཡོད་ཀྱང་། སྲོག་གཅོད་པ་དངོས་ཀྱི་ལྟུང་བའི་རྣམ་བཞག་མེད་པ་ལ་དགོངས་ནས་ཉེ་སྡེ་ལ་ལྟུང་ བ་མེད་དོ་ཞེས་གསུངས་པ་ལྟ་བུའམ་རེག་པའི་ཕམ་པའི་སྐབས་ལས་བདག་གིར་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ལྟ་བུའོ། །རེག་པ་དེ་བདག་གིར་མི་བྱེད་ཀྱང་གཞན་གྱི་ཡིན་ན་བྱིས་པ་ལ་ཡང་རེག་པར་མི་བྱའོ་ཞེས་གསུངས་པ་ལས་འདས་པའི་བསླབ་བྱའི་ ཉེས་བྱས་འབྱུང་མོད་ཀྱི། རེག་པའི་ལྟུང་བ་རྣམ་བཞག་མེད་པ་ལ་དགོངས་ནས་ལྟུང་བ་མེད་དོ་ཞེས་གསུངས་པ་དང་། རྐུ་སེམས་མེད་པ་ལ་ཤོ་གམ་དུ་གཏོགས་པའི་ཉེས་པ་འབྱུང་བར་དོགས་པར་མི་བྱ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་སྐབས་དེར་གཏོགས་ཀྱི་ལྟུང་ 6-1-250a བ་མེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ནི་ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པའི་སྐབས་སུ། རྔོ་བཏགས་ལ་སོགས་ལས་སུ་མ་བྱས་པ་འབྲུ་རྗེན་པ་ལ་ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་ལ་ཡང་ངོ་། །ལྟུང་བ་མེད་དོ། །ཞེས་གསུངས་པ་ལྟ་བུ་སྟེ་ལས་ སུ་མ་བྱས་པ་སྟེ་འབྲུ་རྗེན་པ་ལེན་པ་དེ་ལ་སྐབས་གཞན་དུ་གཏོགས་པའི་ཉེས་བྱས་ནི་ཡོད་དེ། མདོ་ལས། འབྲུ་རྗེན་པ་བླང་བར་མི་བྱའོ་ཞེས་ཊཱི་ཀར་དྲངས་སོ། །བཞི་པ་ལྟུང་བ་གཏན་ནས་མི་བསྐྱེད་པ་ལ་དགོངས་ནས་ལྟུང་བ་མེད་པ་ལ་གཉིས་ཏེ། རང་བཞིན་དང་བཅས་པ་མཐའ་ དག་གིས་ལྟུང་བ་མེད་པ་དང་། བཅས་པ་འབའ་ཞིག་གི་ལྟུང་བ་མེད་པའོ། །དང་པོ་ནི། ཤེས་པ་རང་བཞིན་དུ་མི་གནས་པ་སྨྱོ་བ་ལྟ་བུ་དང་། རང་རང་གི་ཀུན་སློང་མེད་པ་ལྟ་བུ་དང་། རང་རང་གི་ལས་དང་པོ་པ་དང་། བསླབ་པའི་སེལ་བ་སྡོམ་པ་གཏན་ནས་མ་བླངས་པ་ལྟ་ བུའོ། །གཉིས་པ་བཅས་པ་འབའ་ཞིག་གི་ལྟུང་བ་མེད་པ་ལ་བཞི་སྟེ། དགག་བྱའི་ཉེས་དམིགས་མེད་པས་ལྟུང་བ་མེད་པ་དང་། རྣམ་པར་དག་པ་བག་ཡངས་དང་འབྲེལ་བས་ལྟུང་བ་མེད་པ་དང་། བར་ཆད་ཀྱི་རྐྱེན་དང་ལྡན་པས་ལྟུང་བ་མེད་པ་དང་། སྒྲུབ་པར་མི་ནུས་པ་ཕྱོགས་ གཅིག་ལ་ཞུགས་པ་ལ་ལྟུང་བ་མེད་པའོ། །ལྟུང་མེད་བཞི་པོ་དེ་རྣམས་ནི་བཅས་པ་འབའ་ཞིག་གི་ལྟུང་བ་མེད་པ་ཡིན་གྱི། རང་བཞིན་གྱི་ཁ་ན་མ་ཐོ་བའི་སྐབས་སུ་ནི་ལྟུང་མེད་བཞི་པོ་དེ་དག་མི་སྲིད་དེ། དེ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་ངོ་བོ་ཉིད་ཀྱི་དགག་བྱར་གྱུར་པའི་ཕྱིར། དགག་བྱའི་ཉེས་དམིགས་མེད་པ་མི་སྲིད་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སྲོག་ལ་བབ་ཀྱང་མ་གནང་བའི་ཕྱིར་རྣམ་པར་དག་པ་བག་ཡངས་དང་འབྲེལ་བ་མི་སྲིད་ཅིང་། རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་ཞུགས་ན་དེ་ཉིད་ཀྱིས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤངས་པའི་ཚུལ་ཁྲིམས་ཀྱི་ 6-1-250b བར་ཆད་དུ་འགྱུར་བའི་ཕྱིར་བར་ཆད་སྤོང་བའི་དོན་དུ་ལྟུང་མེད་དུ་འགྱུར་མི་སྲིད་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤང་བའི་ཚུལ་ཁྲིམས་ཀྱི་དོན་དུ་རང་གི་སྲོག་ཡལ་བར་འདོར་བར་གསུངས་པའི་ཕྱིར་བསྒྲུབ་པར་མི་ནུས་པ་ཡང་མི་སྲིད་དེ། དེ་ལ་དང་པོ་དགག་བྱ་ཉེས་དམིགས་མེད་པས་ ལྟུང་བ་མེད་པ་ནི། རྡོའམ་སོ་ཕག་ལས་ཉི་མ་གཅིག་ལ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ཀྱང་ལྟུང་བ་མེད་པ་དང་། བྱེ་མ་འབའ་ཞིག་བརྐོ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་ལ་རང་རང་གི་ལྟུང་བ་མི་བསྐྱེད་དེ་ལྟུང་བར་བཅས་པ་མེད་པའི་ཕྱིར་ ཏེ་བཅས་པ་རྣམ་འཇོག་གི་དགག་བྱ་མེད་པའི་ཕྱིར། །འོ་ན་སྲོག་ཆགས་ལ་མི་གནོད་པའི་ས་བརྐོ་བ་དང་སེམས་འཁྲུལ་བར་མི་འགྱུར་བའི་ཆང་འཐུང་བ་ཡང་ལྟུང་བ་མེད་པར་འགྱུར་ཏེ་དགག་བྱ་མེད་པའི་ཕྱིར་རོ་ཞེ་ན། རྟགས་མ་གྲུབ་སྟེ། དངོས་ཀྱི་དགག་བྱ་མེད་ཀྱང་བརྒྱུད་ ཀྱི་དགག་བྱ་ཡོད་པའི་ཕྱིར་ཏེ། ཧ་ཅང་ཐལ་བར་འགྱུར་བ་དང་ཚོད་ཡོངས་སུ་མི་ཤེས་པ་ལ་སོགས་པའི་དགག་བྱ་ཡོད་པའི་ཕྱིར། འོ་ན་རྡོའམ་སོ་ཕག་ལས་རིམ་པ་གསུམ་ལས་ལྷག་པར་བརྩིག་པ་ལ་ཡང་ཧ་ཅང་ཐལ་ཆེས་པ་ལ་སོགས་པའི་དགག་བྱ་ཡོད་པར་མཚུངས་སྙམ་ ན། རྡོ་བ་ལ་སོགས་པ་ནི་དངོས་པོ་ངེས་པར་བཅས་པའི་ས་མཚམས་ཟིན་པའི་ཕྱིར་ཧ་ཅང་ཐལ་བ་ལ་སོགས་པ་མེད་དོ། །གཉིས་པ་རྣམ་པར་དག་པ་བག་ཡངས་དང་འབྲེལ་བས་ལྟུང་བ་མེད་པ་ལ་གཉིས་ལས། བག་ཡངས་ཆེན་པོ་བྱས་པས་ཉེས་པ་མེད་པ་དང་། བག་ ཡངས་ཁ་འཐོར་པ་བྱས་པས་ཉེས་པ་མེད་པའོ། །བག་ཡངས་ཆེན་པོ་འདི་གཏན་ལ་དབབ་པ་ལ་ལྔ་སྟེ། བག་ཡངས་བྱ་བར་གནང་བའི་ལུང་ཁུངས་དང་། གཞི་གང་ལ་བག་ཡངས་བྱ་བ་དང་། ཆེད་དུ་བྱ་བ་གང་གི་ཕྱིར་བག་ཡངས་བྱ་བ་དང་། ཆོ་ག་གང་གིས་བག་ཡངས་བྱ་བ་ 6-1-251a དང་། བག་ཡངས་འདི་སྡེ་པ་གང་གི་ལུགས་ཡིན་བསྟན་པའོ། །དང་པོ་ནི། ལུང་ཕྲན་ཚེགས་ལས། དགེ་སློང་དག་བསླབ་པའི་གཞི་ཕྲ་མོ་དང་ཕྲན་ཚེགས་གང་ཡིན་པ་དེ་དག་ནི་དགེ་འདུན་ཚོགས་ནས་སྐབས་དབྱེ་ཞིང་བདེ་བ་ལ་རེག་པར་གནས་པར་བྱའོ་ ཞེས་གསུངས་སོ། ། གཞན་ཡང་ཕྲན་ཚེགས་ལས། སོ་སོར་ཐར་པའི་མདོ་འདོན་པའི་ཚེ་གང་གིས་ཚུལ་ཁྲིམས་ཕྲ་མོ་དང་ཕྲན་ཚེགས་དག་འདོན་ན་དགེ་སློང་གི་དགེ་འདུན་གྱིས་ཕྱིར་གློད་ལ་བདེ་བ་ལ་རེག་པར་མནོས་ཤིག་ཅེས་ཀྱང་བཤད་དོ། །གཉིས་པ་གཞི་གང་ལ་བག་ཡངས་ བྱ་བ་ནི། བསླབ་པའི་གཞི་ཕྲ་མོ་རྣམས་ལ་བྱ་སྟེ། ཕྲ་མོ་དེའི་ཚད་ཇི་ཙམ་ཞེ་ན། འདི་ལ་དགྲ་བཅོམ་པ་འོད་སྲུང་ཆེན་པོས་དོག་མཐའ་བཟུང་བ་དང་། ཡངས་མཐའ་བཟུང་བ་གཉིས་སུ་གསུངས་ཏེ། དོག་མཐའ་བཟུང་ན་རྣམ་འབྱེད་ནས་གསུངས་པའི་བསླབ་པའི་གཞི་རྣམས་ལས་ གཞན་པ་སྟེ། གཞིས་བསྡུས་པའི་ཉེས་བྱས་རྣམས་ནི་ཕྲ་མོ་དང་ཕྲན་ཚེགས་ཡིན་ནོ། །ཡངས་མཐའ་བཟུང་ན་ཕམ་ལྷག་ལས་གཞན་པ་སྟེ། སྤང་ལྟུང་མན་ཆད་ནི་ཕྲ་མོ་དང་ཕྲན་ཚེགས་ཡིན་ནོ་ཞེས་ལུང་ཕྲན་ཚེགས་ཀྱི་བཀའ་བསྡུ་བ་དང་པོའི་སྐབས་ནས་འཕགས་པ་འོད་སྲུང་ ཆེན་པོས་གསུངས་སོ། །སྤང་ལྟུང་མན་ཆད་པོ་དེ་དག་གི་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་བག་ཡངས་མེད་ལ་བཅས་པའི་ཁ་ན་མ་ཐོ་བའི་གཞི་ལ་བག་ཡངས་ཡོད་པ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ལྟུང་བ་ཕྲན་ཚེགས་ཕྲ་བ་ཞེས་བྱ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ དང་བཅས་པ་མ་གཏོགས་པའོ་ཞེས་གསུངས་སོ། །གསུམ་པ་ཆེད་དུ་བྱ་བ་གང་གི་ཕྱིར་བག་ཡངས་བྱ་བ་ནི་ཆེད་དུ་བྱ་བ་བཞི་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དགེ་འདུན་གྱི་དབྱེན་སྤང་བ་དང་། གང་ཟག་རླབས་པོ་ཆེ་བསྟན་པ་ལ་གཞུག་པའི་དོན་དང་། བསྟན་ 6-1-251b པ་འཕེལ་བར་བྱ་བ་དང་། དཀའ་བས་འཚོ་བ་སྤང་བས་སོ་ཞེས་བཤད་དོ། །དེའི་དོན་དང་པོ་ནི། དགེ་འདུན་གྱི་ནང་ན་དགེ་སློང་ཁ་ཅིག་གིས་ནི་ལྟུང་བ་བྱུང་བ་ལ་མ་བྱུང་བར་འདུ་ཤེས་པ་དང་། ཁ་ཅིག་ལྟུང་བ་མ་བྱུང་བ་ལ་བྱུང་བར་འདུ་ཤེས་པ་དང་། ཁ་ཅིག་ནི་ལྟུང་བ་བྱུང་ བ་ལ་བྱུང་བར་འདུ་ཤེས་པ་དང་། ཁ་ཅིག་ལྟུང་བ་མ་བྱུང་བ་ལ་མ་བྱུང་བར་འདུ་ཤེས་པས་གཞི་དེས་འཐབ་མོ་དང་། རྩོད་པ་འབྱུང་བར་འགྱུར་ན། རྩོད་པ་དེ་ཉིད་ཞི་བར་བྱ་བའི་ཕྱིར་དགེ་འདུན་མཐུན་པས་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བ་ བག་ཡངས་སུ་བྱེད་པ་ཡིན་ནོ། །གཉིས་པ་ནི། དགེ་འདུན་གྱིས་གང་ཟག་རིགས་མཐོན་པོ་བསྟན་པ་ལ་གཅེས་སྤྲས་བྱེད་པ་ཞིག་རྙེད་ལ། དེ་ཡང་བསླབ་པའི་གཞི་གཉིས་ལ་བག་ཡངས་སུ་བྱ་བ་དེ་ལྟར་མ་བྱས་ན་བསྟན་པ་ལ་འཇུག་པར་མི་འགྱུར་ན། དེ་གཞུག་པའི་ དོན་དུ་དགེ་འདུན་མཐུན་པས་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་དང་ཕྲ་བ་བག་ཡངས་སུ་བྱེད་པའོ། །གསུམ་པ་ནི། དུས་ཀྱི་མཐའ་རྩོད་པའི་དུས་ཀྱི་དུས་ངན་བྱུང་བའི་ཚེ་སེམས་ཅན་དག་བསླབ་པའི་གཞི་ཕྲན་ཚེགས་དང་ཕྲ་མོ་དག་ལ་བསླབ་པར་ མི་འདོད་ཅིང་བསྟན་པ་ལ་མ་ཞུགས་པ་ནི་མི་འཇུག་ལ། ཞུགས་པ་ནི་སྒྱིད་ལུག་པར་འགྱུར་ཏེ། དེས་བསྟན་པ་ཉམས་པར་འགྱུར་ཞིང་འཕེལ་བར་མི་འགྱུར་ན་བསྟན་པ་འཕེལ་བར་བྱ་བའི་ཕྱིར་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ཕྲན་ཚེགས་དང་ཕྲ་བ་དག་ བག་ཡངས་སུ་བྱེད་པའོ། །བཞི་པ་ནི། རྩོད་པའི་དུས་ཀྱི་དུས་ངན་པ་བྱུང་བའི་ཚེ་དགེ་སློང་དག་བསླབ་པའི་གཞི་ཕྲན་ཚེགས་ཕྲ་བའི་རྒྱུས་དཀའ་བས་འཚོ་བར་བྱེད་པས་དཀའ་བས་འཚོ་བ་དེ་ཉིད་བག་ཡངས་སུ་བྱ་བའི་ཕྱིར་དགེ་འདུན་མཐུན་པས་གསོལ་བཞིའི་ལས་ཀྱིས་ 6-1-252a བསླབ་པའི་གཞི་ཕྲན་ཚེགས་དང་ཕྲ་བ་བག་ཡངས་སུ་བྱེད་པའོ། །བཞི་པ་ཆོ་ག་གང་གིས་བག་ཡངས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་བྱ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པའི་གཞི་ ཕྲན་ཚེགས་ཕྲ་བ་བག་ཡངས་སུ་བྱེད་པའོ་ཞེས་གསུངས་ལ། རྒྱ་གར་མཁན་པོ་དྷརྨ་པཱ་ལ་ནས་བརྒྱུད་པའི་ཡི་གེ་ལས་འདིའི་ཆོ་ག་རྒྱས་པར་འབྱུང་ངོ་། །ལྔ་པ་བག་ཡངས་འདི་སྡེ་པ་གང་གི་ལུགས་ཡིན་བསྟན་པ་ནི། ཐམས་ཅད་ཡོད་སྨྲའི་ལུགས་ཡིན་གྱི། སྡེ་པ་གཞན་ ཁ་ཅིག་ནི་འདི་མི་འདོད་དེ། བཙུན་པ་ངོ་བོ་ཉིད་མེད་པས་མཛད་པའི་འགྲེལ་པ་ལས། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་ནི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་གལ་ཏེ་དགེ་འདུན་ཚོགས་པས་བག་ཡངས་སུ་བྱས་ནས་བག་ཡངས་ཡིན་ནོ་ཞེས་གྲག་གོ། འདི་ཡང་ གྲགས་པ་ཙམ་དུ་ཟད་ཀྱི། བསླབ་པའི་གཞི་འགའ་ཡང་དགེ་འདུན་གྱིས་བག་ཡངས་སུ་བྱས་པའམ་བྱེད་པ་ནི་མེད་དོ་ཞེས་བཤད་དོ། །དེས་ན་བག་ཡངས་ཆེན་པོ་འདིས་ནི་ཉན་ཐོས་སྡེ་པ་ཁ་ཅིག་མི་འདོད་ཀྱང་རང་སྡེ་ཡོད་སྨྲའི་ལུགས་ཡིན་ནོ། །གཉིས་པ་བག་ཡངས་ཁ་ འཐོར་བ་བྱས་པས་ཉེས་པ་མེད་པ་ནི། སྲ་བརྐྱང་བཏིང་ན་འཆང་བྲལ་འཇོག་པ་ལ་སོགས་པའི་ལྟུང་བ་མི་འབྱུང་བ་དང་། ཁང་པ་ཁང་ཆེན་གྱི་གནང་བ་བྱིན་ན་དེ་དག་བརྩིགས་ཀྱང་ལྟུང་བ་མི་འབྱུང་བ་བཞིན་ནོ། །དེ་ཡང་བག་ཡངས་དེ་དག་བྱས་ན་རང་རང་གི་ལྟུང་བ་མི་འབྱུང་བའི་རྒྱུ་ མཚན་ནི། བག་ཡངས་ཀྱི་ཆོ་ག་དེ་དག་དང་ལྡན་པ་ལ་སངས་རྒྱས་ཀྱིས་གནང་བའི་ཕྱིར་རོ། །གསུམ་པ་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ལ་གཉིས་ཏེ། གཙོ་བོའི་བར་ཆད་དང་། གཙོ་བོ་མ་ཡིན་པའི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པའོ། །དང་པོ་ལ་ 6-1-252b གཉིས་ཏེ། རང་གི་གཙོ་བོའི་བར་ཆད་དང་། གཞན་གྱི་གཙོ་བོའི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པའོ། །དང་པོ་ལ་གསུམ་སྟེ། རང་གི་སྲོག་གི་བར་ཆད་དང་། རང་གི་ཚུལ་ཁྲིམས་ཀྱི་བར་ཆད་དང་། རང་གི་དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་ མེད་པའོ། །དང་པོ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུངས་ན་ནི་རང་གི་སྲོག་གི་བར་ཆད་དུ་འགྱུར་ལ། དེ་མ་བསྲུངས་པར་གློད་ན་ནི་རང་གི་སྲོག་གི་བར་ཆད་དུ་མི་འགྱུར་ན་དེ་གཉིས་གང་གལ་ཆེ་སྙམ་ན། རང་གི་སྲོག་གི་བར་ཆད་སྤོང་བའི་ངོར་ཆང་འཐུང་བ་ལ་ སོགས་པ་འགའ་རེ་ཙམ་མ་གཏོགས་པ་བཅས་པའི་ཁ་ན་མ་ཐོ་བ་ཡང་ཡིན་ལ། བཅས་པའི་ཁ་ན་མ་ཐོ་བའི་ཐ་སྙད་ཀྱིས་བརྗོད་པ་ཐམས་ཅད་གནང་སྟེ། ཕྲན་ཚེགས་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མཐའ་དག་མ་གཏོགས་པ་གཞན་དག་གིས་ནད་པ་བསྐྱང་བར་བྱའོ་ ཞེས་གསུངས་ལ། དེའི་འགྲེལ་པ་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་སྟེ་སྲོག་གཅོད་པ་ལ་སོགས་པ་དང་། ཆང་འཐུང་བ་མ་གཏོགས་པ་དེ་ལས་གཞན་པས་ནད་པ་བསྐྱང་བར་བྱའོ་ཞེས་བཤད་དོ། །རིགས་པས་ཀྱང་བཅས་པ་དེ་བསྲུང་བ་བས་རང་གི་སྲོག་གི་བར་ཆད་བསྲུང་ བ་དགག་དགོས་ཆེ་བའི་ཕྱིར་རོ། །གཉིས་པ་ཚུལ་ཁྲིམས་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ལ། དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུང་བ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་བསྲུང་བ་གཉིས་ཐབས་གཞན་ མེད་པར་འདོམ་ན་དེ་གཉིས་བསྲུང་བ་གལ་གང་ཆེ་སྙམ་ན། ཆང་འཐུང་བ་ལ་སོགས་འགའ་རེ་ཙམ་མ་གཏོགས་པ་བཅས་པ་མཐའ་དག་གནང་སྟེ་གནང་བར་ཅིས་ཤེས་ན། སྲོག་གི་བར་ཆད་སྤང་བ་བས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤངས་པ་དགོས་པ་ཆེ་བའི་ཕྱིར་རོ། །དེ་གང་ 6-1-253a གིས་གྲུབ་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་དོན་དུ་སྲོག་གཏོང་བར་གསུངས་པས་གྲུབ་སྟེ། ལུང་ཕྲན་ཚེགས་ལས། སྲོག་ཉིད་སྤང་གི་སྲོག་ཆགས་བསད་པར་བྱ་བ་མིན་ཅེས་གསུངས་སོ། །གཉིས་པ་ཞར་ལས་བྱུང་བ་ལ་བཞི་སྟེ། རང་བཞིན་གྱི་ ཁ་ན་མ་ཐོ་བ་དང་བཅས་འགལ་གྱི་ཁ་ན་མ་ཐོ་བ་གཉིས་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་བ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་ནང་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་བ་དང་། བཅས་འགལ་གྱི་ཁ་ན་མ་ཐོ་བ་ནང་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་བ་དང་། བཅས་པ་ཆེ་ཆུང་དང་དགག་དགོས་ ཆེ་ཆུང་འབྲེལ་ལམ་མ་འབྲེལ་བསམ་པའོ། །དང་པོ་ནི། དཔེར་ན་དགེ་སློང་གིས་བུ་ལོན་མ་གཞལ་ན་མ་བྱིན་ལེན་གྱི་ཕམ་པར་འགྱུར་བ་དེ་སྤང་བའི་ཕྱིར་ཉོ་ཚོང་བྱས་པ་ལ་ཉེས་པ་མེད་པ་ལྟ་བུ་སྟེ། འོད་ལྡན་རྩ་བ་ལས། རྙེད་འདོད་ཉོ་དང་བཙོང་ལ་སོགས་མི་བྱ། །དགོས་པའི་འབྲེལ་པ་ ཡོད་ན་ཉེས་པ་མེད། །ཅེས་གསུངས་སོ། །ཉེས་པ་མེད་པ་ཙམ་དུ་མ་ཟད་ཀྱི་སྒྲུབ་དགོས་སུ་ཡང་གསུངས་ཏེ། དགེ་སློང་མའི་རྣམ་འབྱེད་ལས། ཡུལ་གཞན་གྱི་སྦྱོར་བས་སྔ་མའི་རྒྱུད་སྦྱང་བར་བྱའོ་ཞེས་སྒྲུབ་ཚིག་ཏུ་གསུངས་སོ། །ཁ་ན་མ་ཐོ་བ་གཉིས་འདོམ་ཞིང་། དགག་ དགོས་ཆེ་ཆུང་ཡོད་པ་གཞན་ལའང་དེ་བཞིན་དུ་སྦྱར་བར་བྱའོ། །གལ་ཏེ་ཁ་ན་མ་ཐོ་བ་གཉིས་འདོམ་ཞིང་དགག་དགོས་ཆེ་ཆུང་ཡོད་ན་དགག་བྱའི་ཆ་ནས་གཉིས་ཀ་སྤོང་ལ། དགོས་པའི་ཆ་ནས་གཉིས་ཀ་བསྒྲུབ་བོ་སྙམ་ན། དགག་བྱའི་ཆ་ནས་ནི་དགག་བྱ་ཆུང་ངུ་ལ་འཛེམ་འཛེམ་ ནས་དགག་བྱ་ཆེན་པོས་རྒྱུད་ལ་གོས་པར་འགྱུར་ལ། དགོས་པའི་ཆ་ནས་ནི་དགོས་པ་ཆུང་ངུ་སྒྲུབ་སྒྲུབ་ནས་དགོས་པ་ཆེན་པོ་དེ་ཉམས་པར་འགྱུར་བའི་ཕྱིར། ཐབས་གཞན་མེད་པར་འདོམ་ཡང་གཉིས་ཀ་ལ་ལྡོག་འཇུག་བྱེད་དགོས་ན། སངས་རྒྱས་ཀྱི་བསྟན་པ་འདི་བསྒྲུབ་པར་ 6-1-253b མི་ནུས་པ་ལ་བཅས་པ་བཞག་པར་ཐལ་བ་ལས། འོད་ལྡན་དུ་མདོ་དྲངས་པ་ལས། ཚེ་ལ་མངའ་བ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་བསྒྲུབ་པར་ནུས་པ་དང་བཅས་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ནང་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་ བ་ནི། སྡིག་སྤྱོད་ཀྱི་རྒྱལ་པོས་དགེ་སློང་བཟུང་ནས་དགེ་སློང་ཁྱོད་ཀྱིས་མི་འདིའམ། ལུག་འདིའམ། དེ་གཉིས་གང་ཡང་མི་གསོད་ན་ཁྱོད་ཉིད་ངེས་པར་གསོད་ཟེར་ཏེ། མི་གསོད་པ་དང་། དུད་འགྲོ་གསོད་པ་དང་། བདག་ཉིད་གསོད་པ་གསུམ་འདོམ་པ་ལྟ་བུ་ལ། ནེལ་ པ་ན་རེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེ་བའི་ངོར་ཆུང་བ་གནང་སྟེ། ཆུང་བ་དེ་བཤགས་པས་ཆོག་པའི་ཕྱིར་ཟེར་བ་ནི་འགལ་བ་སྟེ་བཤགས་པ་བྱེད་དགོས་བྱུང་ན་གནང་བ་ཡིན་པ་ཉམས་སོ། །རང་ལུགས་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་ཆོས་ཅན། ཆེ་བའི་ངོར་ཆུང་བ་གནང་བ་ མེད་དེ་སྲོག་ལ་བབ་ཀྱང་གནང་བ་གཞི་མ་གྲུབ་པའི་ཕྱིར་རོ། །རྟགས་གཞུང་གིས་གྲུབ་སྟེ། ལྔ་ཕྲུགས་ཀྱི་ཊཱི་ཀ་ལས། བཀག་པ་ཞེས་བྱ་བ་ནི་སྲོག་ལ་བབ་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་བཤད་དོ། །དེ་ལ་རྩོད་པ་སྤང་བ་ནི། དེའི་ཚེ་བདག་ཉིད་གསོད་དུ་ འཇུག་ན་ཡང་དགེ་སློང་བདག་ཉིད་གསོད་པའི་ཉེས་པ་སྦོམ་པོ་ལྕི་བར་འགྱུར་ཞེ་ན། བདག་ཉིད་ཀྱི་སྲོག་འབད་པས་དོར་ན་ཉེས་པ་ལྕི་བ་དེ་ལྟར་འགྱུར་ཡང་། བདག་ཉིད་གསོད་པའི་ཉེས་པ་ལྕི་བ་ཡལ་བར་དོར་ན་དེ་དག་མི་འགྱུར་སྟེ། ཚུལ་ཁྲིམས་བསྲུང་བར་འདོད་པ་ལ་ སེམས་པ་ཞུགས་པ་ཡིན་གྱི། བདག་ཉིད་གསོད་པར་འདོད་པ་ལ་སེམས་པ་ཞུགས་པ་མ་ཡིན་པའི་ཕྱིར་རོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་གནང་བ་གཏན་ནས་མེད་ན། འོ་ན་སྲོག་གཅོད་པ་ལ་སོགས་པའི་སྐབས་སུ། ལུང་རྣམ་འབྱེད་ལས། སྨྱོས་པ་དང་། སེམས་འཁྲུགས་པ་ 6-1-254a དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དེ་ཅི་ཞེ་ན། ལྟུང་བ་མེད་དོ་ཞེས་གསུངས་ཀྱང་གནང་བ་ནི་མ་ཡིན་ཏེ། སྨྱོ་བ་ལ་སོགས་པ་ནི་བཅས་པའི་རྟེན་མ་ཡིན་པའི་ཕྱིར་གནང་བའི་བཅས་པ་མེད་དོ། །གསུམ་པ་བཅས་འགལ་གྱི་ ཁ་ན་མ་ཐོ་བ་ནང་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་བ་ནི། དྲི་བ་གསུམ་ལས། དྲི་བ་དང་པོ་ནི། བཅས་པ་ཆེ་བའི་ངོར་ཆུང་བ་གནང་ངམ་མ་གནང་ཞེས་འདྲི་ན། བཅས་པ་ཆེ་བའི་ངོར་ཆུང་བ་གནང་བའི་ངེས་པ་མེད་དེ། བཅས་པ་ཆུང་བའི་ངོར་ཆེ་བ་གནང་བ་ཡང་ཡོད་པའི་ཕྱིར་ཏེ། དབྱར་དྲལ་བའི་ཉེས་པ་སྤང་བའི་ཕྱིར་ནུབ་ལྷག་ལྟུང་བྱེད་ཀྱི་བཅས་པ་གནང་བའི་ཕྱིར་རོ། །དེ་ནི་དགེ་ཚུལ་ལ་སྡིག་ལྟ་སྤོང་བའི་ངོར་གནང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྡིག་ལྟ་སྤང་བ་ནི་དབྱར་གྱི་ཚུལ་དྲལ་ཏེ་གནས་གཞན་དུ་ཕྱིན་པས་འགྲུབ་ཀྱང་དེར་འགྲོ་བ་མ་གནང་བའི་ཕྱིར་རོ། ། དྲི་བ་གཉིས་པ་ནི། བཅས་པ་མཉམ་པོ་ལ་བྱ་བ་དེ་འབྲེལ་གྱི་དགག་དགོས་ཆེ་བའི་ངོར་ཆུང་བ་གནང་ངམ་མ་གནང་ཞེས་འདྲི་ན། གནང་བར་ངེས་ཏེ། བཅས་པ་མཐའ་དག་དགག་དགོས་ལ་བལྟོས་པའི་ཕྱིར་རོ། །དྲི་བ་གསུམ་པ་ནི། བྱ་བ་དེ་འབྲེལ་གྱི་དགག་དགོས་མཉམ་པོ་ལ་ བཅས་པ་ཆེ་བའི་ངོར་ཆུང་བ་གནང་ངམ་མ་གནང་ཞེས་འདྲི་ན། གནང་བར་ངེས་ཏེ། བྱ་བ་དེ་འབྲེལ་གྱི་དགག་དགོས་མཉམ་ཀྱང་། བཅས་པ་ཆེ་ཤོས་དེ་བཅས་པ་རྣམ་འཇོག་གི་དགག་དགོས་ཆེ་བའི་ཕྱིར་རོ། །བཞི་པ་བཅས་པ་ཆེ་ཆུང་དང་དགག་དགོས་ཆེ་ཆུང་འབྲེལ་ལམ་མ་འབྲེལ་ བསམ་པ་ནི། རྒྱ་དང་ཚ་རོད་པ་ན་རེ། དེ་གཉིས་འབྲེལ་བའི་ངེས་པ་མེད་དེ། དགག་བྱ་ཆེ་བ་ལ་བཅས་པ་ཆུང་བ་ཡོད་པའི་ཕྱིར་དང་། དགག་བྱ་ཆུང་བ་ལ་བཅས་པ་ཆེ་བའང་ཡོད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། འཁོར་ལོའི་དབྱེན་བྱས་ 6-1-254b ན་དགག་བྱ་ཆེ་སྟེ་སྡིག་པ་མཚམས་མེད་འབྱུང་ཡང་། བཅས་པ་ཆུང་བ་སྟེ་ལྟུང་བ་ན་སྨད་དུ་བཅས་པའི་ཕྱིར་དང་། དགེ་སློང་མའི་འཆབ་པའི་ཕམ་པ་ལ་དགག་བྱ་དེ་སྙེད་ཆེ་རྒྱུ་མེད་ཀྱང་། བཅས་པ་ཆེ་སྟེ་ཕམ་པར་བཅས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ཡང་ངན་སེམས་ཀྱིས་ཁྲག་ ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱས་ན། བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེ་ཡང་བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་བར་མ་གྲུབ་སྟེ། དེ་བཞིན་གཤེགས་པ་དང་མཇལ་ན་དད་གུས་བྱེད་པར་འབྱུང་ཉེའི། སངས་རྒྱས་ལ་བཀྲོང་བར་འདོད་པས་མཚོན་བརྡེག་པ་འབྱུང་རིང་བས་ངན་ སེམས་ཀྱིས་ཁྲག་འབྱིན་པ་དང་། འཁོར་ལོའི་དབྱེན་བྱེད་པ་ནི་སྲིད་པ་ཙམ་ཡིན་པས་དེ་དག་བྱེད་པ་འབྱུང་རིང་། འབྲེལ་ཆུང་། དགག་བྱ་གནས་སྐབས་ཀྱི་སྒོ་ནས་མ་རྫོགས་པའི་ཕྱིར། འཆབ་པའི་ཕམ་པ་ལ་བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེ་བར་མ་ངེས་ཀྱང་བཅས་པ་རྣམ་འཇོག་ གི་དགག་བྱ་ཆེ་བ་ཡིན་ཏེ། བུད་མེད་འཆབ་པའི་སྲེད་པ་ཤས་ཆེ་ཞིང་དགེ་སློང་མ་རྣམས་ཕན་ཚུན་ཕམ་པ་འཆབ་རེས་བྱེད་ཅིང་མཚང་གྲོགས་སུ་གྱུར་ནས་དགེ་འདུན་མ་རྣམས་ཚུལ་ཁྲིམས་མི་དག་པའི་དགག་བྱ་ཆེས་ཆེ་བ་ཡོད་པའི་ཕྱིར་རོ། །འོ་ན་གང་ཞེ་ན། བྱ་བ་དེ་འབྲེལ་གྱི་ དགག་དགོས་ཆེ་ཆུང་དང་བཅས་པ་ཆེ་ཆུང་འབྲེལ་བའི་ངེས་པ་མེད་པ་ལ་བཅས་པ་རྣམ་པར་འཇོག་བྱེད་ཀྱི་དགག་དགོས་ཆེ་ཆུང་དང་། བཅས་པ་ཆེ་ཆུང་འབྲེལ་བ་ངེས་ཏེ་བཅས་འཇོག་གི་དགག་བྱ་ཆེ་ན་བཅས་པ་ཆེ་ལ། དགག་བྱ་དེ་ཆུང་ན་བཅས་པ་ཡང་ཆུང་སྟེ། མི་དང་མི་ མིན་དུད་འགྲོ་བསད་པ་ལ་བཅས་པ་ཆེ་ཆུང་དུ་རྣམ་པར་བཞག་པ་བཞིན་ནོ། །གསུམ་པ་རང་གི་དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། བྱིན་ལེན་ལ་སོགས་པའི་བཅས་པ་འགའ་ཞིག་བསྲུང་བ་དང་། དབེན་པར་གནས་ཏེ་བདག་མེད་བསྒོམས་ 6-1-255a ན་རང་གི་རྒྱུད་ལ་ལམ་གོང་མ་སྐྱེ་ངེས་པ་སྟེ། དེ་གཉིས་ཐབས་གཞན་མེད་པར་འདོམ་ན་དེ་གཉིས་གང་གལ་ཆེ་སྙམ་ན། ཆང་འཐུང་བ་ལ་སོགས་པ་འགའ་རེ་མ་གཏོགས་པ་བཅས་པ་རྣམས་གནང་སྟེ་རང་གི་ཚུལ་ཁྲིམས་ཀྱི་བར་ཆད་སྤང་བའི་དོན་དུ་ བཅས་པ་རྣམས་གནང་བ་ནི་སྔར་བསྟན་ཟིན་ལ། ཚུལ་ཁྲིམས་བསྲུང་བ་དེའང་ལམ་གོང་མ་རྒྱུད་ལ་སྐྱེ་བ་དེའི་དོན་དུ་བསྲུང་བ་ཡིན་པའི་ཕྱིར་ན། བཅས་པ་དེ་བསྲུང་བ་བས་རང་གི་ལམ་གོང་མ་སྐྱེ་བའི་བར་ཆད་སྤོང་བ་དེ་དགོས་པ་ཆེ་བའི་ཕྱིར་རོ། །དེ་ཡང་དགོན་པ་བས་ཆོས་ གོས་དང་ཞག་དྲུག་འབྲལ་དུ་རུང་བ་ལྟ་བུའོ། །གཉིས་པ་གཞན་གྱི་གཙོ་བོའི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ལ་གསུམ་སྟེ། གཞན་གྱི་སྲོག་གི་བར་ཆད་དང་། གཞན་གྱི་ཚུལ་ཁྲིམས་ཀྱི་བར་ཆད་དང་། གཞན་གྱི་དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་རྐྱེན་དང་ ལྡན་པ་ལ་ལྟུང་བ་མེད་པའོ། །དང་པོ་གཞན་གྱི་སྲོག་གི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུངས་ན་ནི་གཞན་གྱི་སྲོག་འཆད་པ་མི་སྐྱོབ་ལ། བཅས་པ་དེ་མ་བསྲུངས་པར་དྲལ་ན་གཞན་གྱི་སྲོག་འཆད་པ་སྐྱོབ་ པར་གྱུར་ན། ཆང་འཐུང་བ་སོགས་འགའ་རེ་མ་གཏོགས་པའི་བཅས་པ་རྣམས་གནང་སྟེ། བུད་མེད་ཆུས་ཁྱེར་བ་བཟུང་བའི་ཕྱིར་དུ་རེག་ཏུ་གནང་སྟེ། སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་བར་བྱས་པ་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་པ་ལྟ་བུའོ། །རིགས་པས་ ཀྱང་བཅས་པ་དེ་བསྲུང་བ་བས་གཞན་གྱི་སྲོག་གི་བར་ཆད་བསྲུང་བ་དེ་དགོས་པ་ཆེ་བའི་ཕྱིར་རོ། །འབལ་སེར་ན་རེ། གཞན་གྱི་སྲོག་གི་བར་ཆད་སྤང་བའི་ངོར་བཅས་པ་གནང་བའི་ངེས་པ་མེད་དེ། སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ་ཞེས་པ་དང་། མའི་རྣམ་ 6-1-255b འབྱེད་ལས། བུད་མེད་སྐྱོན་གསུམ་ལྡན་རབ་ཏུ་ཕྱུང་བ་དགེ་འདུན་ལྷག་མའི་ལྟུང་བར་བཅས་པའི་ཕྱིར་ཞེས་ཟེར་རོ། །དེའི་སྐྱོན་གསུམ་ནི། བུད་མེད་དེ་བསད་པའི་ཕྱིར་ཡུལ་མིའི་དམག་ཚོགས་པ་ཡིད་མཐུན་པ་བདག་པོས་ཡོངས་སུ་བཏང་བ་རྒྱལ་པོས་རྗེས་སུ་གནང་བའོ། ། དེས་ན་ཁྱོད་ཀྱིས་བཀོད་པའི་ལུང་སྔ་མ་ནི། སྙིང་རྗེ་དང་ལྡན་པའི་རྐུ་སེམས་ཀྱིས་ན་ཉེས་བྱས་སོ་ཞེས་བསྟན་པ་ཡིན་ལ། རྐུ་སེམས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྟེ་གཞན་གྱི་སྲོག་གི་བར་ཆད་སྤང་བའི་ངོར་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གནང་ཡང་། འདིར་བཅས་པ་རྣམས་ གནང་བ་དང་འགལ་བ་མེད་དོ། །ལུང་ཕྱི་མ་ནི་བུད་མེད་སྐྱོན་གསུམ་ལྡན་དེ་རབ་ཏུ་ཕྱུང་ཡང་། བུད་མེད་དེའི་སྲོག་གི་བར་ཆད་མི་སྤོང་ཞིང་བསྟན་པ་ལ་རྨ་འབྱིན་པའི་དགག་བྱ་ཡོད་པ་སྟེ། བུད་མེད་དེ་རབ་ཏུ་བྱུང་ཡང་དེའི་སྲོག་གི་བར་ཆད་མི་སྤོང་བ་སྟེ། ཕྱིས་བཙུན་མོ་ཕྲེང་ ལྡན་མ་ལ་སྐྱབས་སུ་སོང་བར་ལུང་ལས་གསུངས་པས་སོ། །གཉིས་པ་གཞན་གྱི་ཚུལ་ཁྲིམས་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། དགེ་སློང་གི་བཅས་པ་འགའ་ཞིག་བསྲུང་བ་དང་། གཞན་རྒྱུད་སྡིག་པས་གོས་པར་འགྱུར་བ་གཉིས་ཐབས་གཞན་མེད་པར་ འདོམ་ན་ཆང་འཐུང་བ་ལ་སོགས་པ་འགའ་རེ་མ་གཏོགས་པ་བཅས་པ་རྣམས་གནང་སྟེ། དབྱར་ཕྱི་མ་ཟླ་བ་གཉིས་པ་ལ་བབ་པ་ན་དགེ་སློང་སྡིག་ཅན་གྱིས་རང་གི་དགེ་ཚུལ་སུན་འབྱིན་པའམ་སྡིག་ལྟ་ལ་འགོད་པར་གྱུར་ན་དེ་དགག་པའི་ཕྱིར་ནུབ་ལྷག་པར་ཉལ་བར་གནང་བ་ ལྟ་བུའོ། །རིགས་པས་ཀྱང་བཅས་པ་དེ་བསྲུང་བ་བས་གཞན་གྱི་ཚུལ་ཁྲིམས་ཀྱི་བར་ཆད་སྤངས་པ་དེ་དགོས་པ་ཆེ་བའི་ཕྱིར་རོ། །གསུམ་པ་དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། བཙུན་མོའི་འཁོར་དུ་ནུབ་མོར་མི་གནས་པ་ལྟ་བུའི་བཅས་པ་ 6-1-256a འགའ་ཞིག་བསྲུང་བ་དང་། དེར་ནུབ་མོར་གནས་ཏེ་ཆོས་བསྟན་ན་བཙུན་མོ་ལ་མཐོང་ལམ་སྐྱེ་བ་ལྟ་བུ་སྟེ། དེ་གཉིས་ཐབས་གཞན་མེད་པར་འདོམ་པ་ན། ཆང་འཐུང་བ་ལ་སོགས་པ་འགའ་རེ་ཙམ་མ་གཏོགས་བཅས་པ་རྣམས་གནང་སྟེ། ཤཱ་རིའི་ བུས་བཙུན་མོ་དཔལ་ལྡན་ལ་མཚན་ཐོག་ཐག་ཆོས་བསྟན་པས་བཙུན་མོས་མཐོང་ལམ་ཐོབ་པ་ལྟ་བུའོ། །རིགས་པས་ཀྱང་བཅས་པ་བསྲུང་བ་བས་གཞན་གྱི་ལམ་གོང་མ་སྐྱེ་བའི་བར་ཆད་སྤོང་བ་དེ་དགོས་པ་ཆེ་བའི་ཕྱིར་རོ། །གཉིས་པ་གཙོ་བོ་མ་ཡིན་པའི་བར་ཆད་ལ་གསུམ་ སྟེ། ལུས་ཀྱི་བར་ཆད་དང་། ལོངས་སྤྱོད་ཀྱི་བར་ཆད་དང་། བསོད་ནམས་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པའོ། །དང་པོ་ནི། བཅས་པ་འབའ་ཞིག་བསྲུངས་ན་རང་ངམ་གཞན་གྱི་ལུས་ཆུད་ཟོས་སུ་གྱུར་ཏམ། མི་འཆི་ཡང་ཞ་ལོང་ལ་སོགས་པར་འགྱུར་ པ་དེ་མི་སྤོང་ལ་མ་བསྲུངས་ན་དེ་སྤོང་བ་ལྟ་བུའོ། །དེ་གཉིས་དགག་དགོས་གང་ཆེ་བརྟགས་ཏེ་བཅས་པ་བསྲུང་བ་དགོས་པ་ཆེ་ན་མི་གནང་ལ། ལུས་ཀྱི་བར་ཆད་སྤང་བ་དེ་དགོས་པ་ཆེ་ན་བཅས་པ་དེ་གནང་སྟེ། ནད་པའམ་ནད་གཡོག་མར་མེ་ལ་སོགས་པའི་སྣང་བ་ལ་ཉལ་ དུ་གནང་བ་ལྟ་བུའོ། །གཉིས་པ་ལོངས་སྤྱོད་ཀྱི་བར་ཆད་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། བཅས་པ་འགའ་ཞིག་བསྲུངས་ན་རང་ངམ་གཞན་གྱི་ལོངས་སྤྱོད་ཆུད་ཟོས་སུ་འགྱུར་བ་དེ་མི་སྤོང་ལ། མ་བསྲུངས་ན་སྤོང་བ་ལྟ་བུ་སྟེ་དེ་གཉིས་ཐབས་གཞན་མེད་པར་འདོམ་ན་དེ་ དག་དགག་དགོས་གང་ཆེ་བརྟག་སྟེ། བཅས་པ་བསྲུང་བ་དགོས་པ་ཆེ་ན་མི་གནང་ལ། ལོངས་སྤྱོད་ཀྱི་བར་ཆད་སྤངས་པ་དེ་དགོས་པ་ཆེ་ན་བཅས་པ་དེ་གནང་སྟེ། ཇི་སྐད་དུ། འཇིག་པར་གྱུར་ན་རང་གི་ལ་མི་གནོད་ན་དགེ་འདུན་གྱི་དང་། མཆོད་རྟེན་གྱི་དབྱིག་དང་། 6-1-256b གསེར་སྦས་ནས་སམ་ཁྱེར་ཏེ་འགྲོ་བར་བྱའོ་ཞེས་གནང་བ་ལྟ་བུའོ། །གསུམ་པ་བསོད་ནམས་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། བཅས་པ་འགའ་ཞིག་བསྲུངས་ན་རང་ངམ་གཞན་གྱི་བསོད་ནམས་དེ་མི་འགྲུབ་ལ། མ་བསྲུངས་ན་བསོད་ནམས་དེ་ འགྲུབ་པ་ལྟ་བུ་སྟེ། དེ་གཉིས་ཐབས་གཞན་མེད་པར་འདོམ་ན་དེ་གཉིས་དགག་དགོས་གང་ཆེ་བརྟགས་ཏེ། བཅས་པ་བསྲུངས་པ་དགོས་པ་ཆེ་ན་མི་གནང་ལ། བསོད་ནམས་ཀྱི་བར་ཆད་སྤངས་པ་དེ་དགོས་པ་ཆེ་ན་གནང་སྟེ། དཀོན་མཆོག་མཆོད་པའི་དོན་དུ་གླུ་བླང་དུ་ གནང་བ་དང་། སྦྱིན་བདག་བསོད་ནམས་འདོད་པས་རྐང་པ་གཉིས་ལས་ལུས་བསྐུ་བའི་དྲིས་སྐུད་པ་བསྟེན་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །བཞི་པ་བསྒྲུབ་པར་མི་ནུས་པ་ཕྱོགས་གཅིག་ལ་ཞུགས་པ་ལ་ལྟུང་བ་མེད་པ་ལ་གསུམ་སྟེ། ཤེས་པ་ལ་རང་དབང་མེད་ པས་བསྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པ་དང་། བྱ་དཀའ་བས་བསྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པ་དང་། ལྟུང་བ་ནང་འདོམ་པས་བསྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པའོ། །དང་པོ་ནི། སྨྱོ་བ་ལ་སོགས་པ་ལ་ལྟུང་བ་མེད་དེ་སྔར་བཤད་ཟིན་ཏོ། །གཉིས་པ་ནི། མཐའ་འཁོབ་ཏུ་དགེ་སློང་བཅུ་བཙལ་དུ་མེད་ན་ལྔ་ཡི་ཚོགས་ཀྱིས་བསྙེན་རྫོགས་བྱེད་པ་གནང་བ་ལྟ་བུའོ། །གསུམ་པ་ནི། བཅས་པ་མཉམ་ཞིང་དགག་དགོས་ཀྱང་མཉམ་པོ་གཉིས་འདོམ་ན་བཅས་པ་གཅིག་མ་བསྲུངས་པ་ལ་ལྟུང་བ་མེད་པ་སྟེ། དགེ་སློང་མས་ ཁྲིམས་གྲོགས་ཁྲིད་དེ་སོང་བ་ན་ཐང་ཆེན་པོའི་དབུས་སུ་ཁྲིམས་གྲོགས་དེ་ཤི་ནས་དེར་འདུག་ན་ཉིན་མོ་འབྲལ་བ་དང་། དགེ་སློང་མས་གཅིག་པུར་ལམ་དུ་འགྲོ་བ་གཉིས་ཐབས་གཞན་མེད་པར་འདོམ་ན། གཅིག་པུར་ལམ་དུ་འགྲོ་བ་ལ་ཉེས་པ་མེད་པ་ལྟ་བུའོ། ། 6-1-257a གཉིས་པ་ནི། དགེ་སློང་གིས་བརྐུ་བར་གཏན་ནས་མ་བསམས་པའི་རྫས་ཁྱེར་བ་ལ་མ་བྱིན་ལེན་གྱི་ལྟུང་བ་རྣམ་བཞག་སྔར་མེད་གསར་དུ་བསྐྱེད་པ་མེད་དོ་སྟེ་རྐུ་སེམས་མེད་པའི་ཕྱིར་རོ། །འདི་ནི་ཞུ་བ་ལས། དགེ་སློང་གིས་རྐུ་སེམས་ཀྱིས་ཆོས་གོས་ ཀྱི་གདང་བུ་བརྐུས་པ་དེར་ཆོས་གོས་ཀྱང་མཆིས་ན་ཅིར་འགྱུར། ཆོས་གོས་ཀྱི་གདང་བུའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་སོ། །ཊཱི་ཀར། ཆོས་གོས་དག་གི་རིན་ཐང་བརྩི་བར་ནི་མ་གསུངས་ཏེ་མ་བསམས་པའི་ཕྱིར་ཞེས་སོ། །རང་གིར་བསམ་པ་དང་། བརྙ་བའི་སེམས་ དང་། ཡིད་གཅུགས་པའི་སེམས་དག་གིས་ཞེས་པའི་ཊཱི་ཀ་ལས། རང་གི་སེམས་ལ་སོགས་པ་དེ་དག་གིས་རྐུ་སེམས་མེད་པར་ཞེས་བཤད་ཅིང་། སྐབས་འདིའི་ལུང་རྣམ་འབྱེད་ལས་ཀྱང་། རྐུ་སེམས་ཉེ་བར་གནས་པར་མ་གྱུར་པ་སྟེ་ཞེས་གསུངས་སོ། །རྐུ་སེམས་མེད་ པར་ཞེས་སྨོས་མི་དགོས་ཏེ། རང་གི་རྫས་ལ་རྐུ་སེམས་མི་སྲིད་པའི་ཕྱིར་ཞེ་ན། ཊཱི་ཀར། རང་གི་རྫས་གཞན་གྱི་ལག་ཏུ་བཅོལ་བ་ལ་སྐྱིན་པ་འཇལ་དུ་གཞུག་སྙམ་ནས་ཕྱིས་རྐུ་སེམས་ཀྱིས་རྐུ་བར་བྱེད་པ་ཡོད་པས། ཞེས་དང་། ལུང་རྣམ་འབྱེད་ལས། དགེ་སློང་རང་གི་ ལྷུང་བཟེད་དང་། ཆོས་གོས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །གཞན་ལ་གོ་བར་བྱས་ཏེ་བླངས་ན་ལྟུང་བ་མེད་དོ་ཞེས་པ་ནི་རྫས་འདི་བདག་གིས་བསྐུར་རོ་ཞེས་གོ་བར་བྱས་ཏེའོ། །བདག་གིས་བསྐུར་རོ་ཞེས་གཞན་ལ་གོ་བར་བྱ་བ་འདི་ནི་སྐབས་ འདིའི་ལུང་རྣམ་འབྱེད་ཀྱི་དཔེ་ཁ་ཅིག་ནས་མ་གསུངས་ཀྱང་། རྩོད་པའི་ཁྱུ་མཆོག་ཡོན་ཏན་འོད་ཀྱིས་རང་གར་སྨྲས་པ་མ་ཡིན་ཏེ། ལུང་གཞན་ལས། གཞན་ལ་གོ་བར་བྱའོ་ཞེས་འབྱུང་བའི་ཕྱིར་ཞེས་ཊཱི་ཀ་ལས་བཤད་དོ། །ལུང་གཞན་ལས་བྱུང་ཞེས་གསུངས་ན་ལུང་ 6-1-257b གང་ལས་བྱུང་ཞེ་ན། ལུང་གཅིག་ལས་འཕྲོས་པ་ལས་གསུངས་ཤིང་། ལུང་རྣམ་འབྱེད་ལས། རྒྱུ་ལྔས་ནི་ལྟུང་བ་མེད་དེ། ལྔ་གང་ཞེ་ན། རང་གི་འདུ་ཤེས་ཀྱིས་ལེན་པ་དང་། རེ་ཞིག་པའི་འདུ་ཤེས་ཀྱིས་ལེན་པ་དང་། ཡིད་གཅུགས་པའི་འདུ་ཤེས་ཀྱིས་ལེན་པར་བྱེད་པ་ དང་། ལེན་པ་ན་གཞན་ལ་གོ་བར་བྱེད་པ་དང་། རྐུ་སེམས་ཉེ་བར་གནས་པར་མ་གྱུར་པ་སྟེ་རྒྱུ་དེ་ལྔས་ལྟུང་བ་མེད་དོ་ཞེས་གསུངས་སོ། །རྐུ་སེམས་མེད་པ་སྨོས་མ་ཐག་གསུམ་པོ་ལས་གཞན་ཞུ་བ་ལས། དགེ་སློང་གིས་དགེ་སློང་ལ་འདི་སྐད་ཅེས་སྨྲས་ཏེ། ཁྱོད་ཀྱིས་དགེ་ སློང་ཆེ་གེ་མོའི་ཡོ་བྱད་དེ་དང་དེ་དག་ཤེས་སམ། ཤེས་སོ། །འོ་ན་ལོང་ཞིག །དེ་དག་གནས་ནས་གཞན་དུ་སྤོས་ཤིག་ཅེས་བསྒོས་ནས། གལ་ཏེ་དེས་རྐུ་སེམས་ཀྱིས་དེ་དག་རྐུ་བར་བྱེད། དེ་དག་འཕྲོག་པར་བྱེད། དེ་དག་གནས་གཞན་ནས་གཞན་དུ་སྤོ་བར་བྱེད་ན་ནི་ གཉིས་ཀ་ལ་འདྲ་བར་ལྟུང་བར་འགྱུར་རོ། །འོན་ཏེ་འདི་སྙམ་དུ། འདི་ནི་དེའིའོ་སྙམ་ན་ལེན་པ་པོ་ལ་ལྟུང་བར་མི་འགྱུར་གྱི། རྐུར་འཇུག་པ་གང་ཡིན་པ་དེ་ལ་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་ཞེས་འབྱུང་ལ། ངག་དོན་དགེ་སློང་གིས་དགེ་སློང་ལ་བརྐུ་བའི་ཕྱིར་ལོང་ཞེས་ པ་ལ། དགེ་སློང་ཕྱི་མས་རྐུ་བའི་སྒྲ་མ་ཐོས་པར་འོན་པའི་སྒྲ་ཐོས་པས་འོན་པར་བྱས་པ་ཀྱིས་ཀྱང་བླངས་ན་ལྟུང་བ་མེད་དོ། །བསམ་པ་རྣམ་དག་སྙིང་རྗེས། སྦྱོར་བ་རྣམ་དག་རྫུ་འཕྲུལ་གྱིས་འཕྲོགས་ན་བླངས་ཀྱང་ལྟུང་བ་མེད་དོ་སྟེ་རྐུ་སེམས་མེད་པའི་ཕྱིར་རོ། །འདིར་ བསམ་པ་སྙིང་རྗེ་ལ་སྦྱོར་བ་དག་པ་རྫུ་འཕྲུལ་གྱིས་ཁྱད་ཅན་དུ་བྱས་པ་ལས་ལྟུང་བའི་མཐར་མི་འགྱུར་བར་གྲུབ་ལ། དེ་ལས་གཞན་དུ་སྙིང་རྗེས་བླངས་པའི་རྐུ་སེམས་ཀྱིས་ཡན་ལག་ཚང་ན་མཐར་འགྱུར་ཏེ། སྙིང་རྗེས་བླངས་པའི་གསོད་སེམས་ཀྱིས་ཡན་ལག་ཚང་ན་ 6-1-258a མཐར་འགྱུར་བའི་གནད་ཀྱིས་ཤེས་པའི་ཕྱིར་ཞེས་རྣམ་བཤད་རིག་པ་ལས་སོ། །འདིའི་སྐབས་ཀྱི་རྫུ་འཕྲུལ་སྒོམ་བྱུང་ཡིན་པས་རྐུ་སེམས་མེད་པར་གྲུབ་སྟེ། ཞུ་འགྲེལ་ལས། སྒོམ་བྱུང་གི་རྫུ་འཕྲུལ་ཅན་དེ་འདོད་པའི་འདོད་ཆགས་དང་བྲལ་བ་ཡིན་ པས་རྐུ་སེམས་མེད་དོ་ཞེས་སོ། །གཉིས་པ་ལ། སྦྱོར་བ་ལ་ནི་ཉེས་བྱས་བསྟན། །དངོས་སྦྱོར་སྦོམ་པོར་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ་གཉིས་ཏེ། དགོས་པའི་དོན་དང་། བསྡུས་པའི་དོན་གཉིས་ལས། དང་པོ་ནི། བཅས་པ་གཅིག་གིས་བསྡུས་པའི་ལྟུང་བ་ཆེ་ཆུང་བདེ་བླག་ཏུ་རྟོགས་པ་སྟེ། དེ་ལ་བརྟེན་ནས་ལྟུང་བ་ཆེ་ཆུང་གི་ཕྱིར་བཅོས་གང་ཡིན་བྱས་པས་ཚུལ་ཁྲིམས་དག་བར་འགྱུར་བའོ། །གཉིས་པ་ལ་གསུམ་ལས། དང་པོ་བཅས་པ་གཅིག་གིས་བསྡུས་པའི་གནས་སྐབས་ཀྱི་དབྱེ་ བ་ནི་བཞི་སྟེ། བསླབ་པར་བྱ་བ་དང་། སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་དང་། དངོས་གཞི་རྫོགས་པའོ། །དང་པོ་ལ་གཉིས་ཏེ། སྐབས་ནས་བྱུང་བའི་བསླབ་བྱ་དང་། །སྐབས་སུ་གཏོགས་པའི་བསླབ་བྱའོ། །དང་པོ་ནི། འཁྲུར་འཇུག་གི་གླེང་གཞིའི་སྐབས་ནས་བྱུང་བ་ སྦྲུམ་མ་དབེན་པར་བཞག་གོ་ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལ་གསུམ། བརྒྱུད་པས་རྒྱུར་འགྲོ་བ་མཐུན་པའི་བསླབ་བྱ་ནི། ཕམ་པ་དང་པོའི་སྐབས་ནས། གང་དུ་བུད་མེད་ཀྱིས་བརྔོད་པ་དེར་འགྲོ་བར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །སྦྱོར་བ་རྗེས་མཐུན་པའི་ བསླབ་བྱ་ནི། བརྡེག་པའི་ལྟུང་བྱེད་ཀྱི་སྐབས་ནས། ཀ་བ་ལ་བརྡེག་པར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །དགག་བྱ་ཉེས་དམིགས་མཐུན་པའི་བསླབ་བྱ་ནི། མེ་རེག་གི་སྐབས་ནས་སེང་གེ་ལ་རེག་པར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བསླབ་བྱ་ལས་འདས་ན་ 6-1-258b ཉེས་བྱས་བསྐྱེད་དོ། །དེ་ཡང་བསླབ་བྱའི་སྒྲ་བཤད་ནི། ལྟུང་བ་རྣམ་བཞག་གི་ཉེས་པས་མི་གོས་པར་བྱ་བའི་དོན་དུ་བསླབ་པར་བྱ་བ་ཡིན་པས་ན་དེ་ཞེས་བྱ་སྟེ། དེ་ལྟར་བམ་པོ་ལྔ་བཅུ་པ་ལས་བཤད་དོ། །གཉིས་པ་སྦྱོར་བའི་སྦྱོར་བ་ལ་གཉིས་ཏེ། སྦྱོར་བའི་སྦྱོར་བ་མཚན་ ཉིད་པ་དང་། བཏགས་པ་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་སྦྱོར་བ་སེམས་བསྐྱེད་པ་དང་། སྦྱོར་བའི་སྦྱོར་བ་ལུས་ངག་ཏུ་གྲུབ་པའོ། །དང་པོ་ནི། ལུས་ངག་ཏུ་མ་གྲུབ་ཀྱང་རྐུ་བར་འདོད་པའི་བསམ་པ་སྐྱེས་པ་ལྟ་བུའོ། །དེ་ལ་ཉེས་པ་ནི་བསྡམ་བྱ་འབྱུང་སྟེ། སློབ་ དཔོན་ཆེན་པོ་ཤཱཀྱ་འོད་ཀྱིས། སེམས་བསྐྱེད་པ་ལ་བསྡམ་བྱ་ཞེས་སོ། །གཉིས་པ་ནི། དགེ་སློང་གིས་རྐུ་བར་འདོད་པས་ཁྲི་ལས་ལྡང་བ་ནས་གོམ་པ་འདོར་བར་བྱེད་ཅིང་། བརྐུ་བྱའི་རྫས་ལ་ནོམ་ཉུག་མི་བྱེད་པའི་གནས་སྐབས་ཏེ། ནོམ་པའི་སྔ་རོལ་ནི་སྦྱོར་བའི་སྦྱོར་བ་ཉིད་ དོ་ཞེས་སོ། །དེ་ལ་ལྟུང་བ་ནི་ཉེས་བྱས་འབྱུང་སྟེ། ལུང་རྣམ་འབྱེད་ལས། དགེ་སློང་གིས་རྐུ་སེམས་ཀྱིས་ཁྲི་ལས་ལྡང་བར་བྱེད། འགྲོ་བར་བྱེད་ཅིང་། ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་ དུ་ལྟུང་བ་གཞན་རྣམས་ཀྱི་ཡང་སྦྱོར་བ་མཚན་ཉིད་པ་ལུས་ངག་ཏུ་གྲུབ་པ་ལ་ལྟུང་བ་རང་རང་གི་ཆེས་ན་སྨད་བསྐྱེད་དོ། །དེ་ཡང་སྦྱོར་བའི་སྦྱོར་བ་སྒྲ་བཤད་ནི། རང་རང་གི་སྦྱོར་བ་མཚན་ཉིད་པ་ལ་སྦྱོར་བར་བྱེད་པས་ན་དེ་ཞེས་བྱའོ། །གཉིས་པ་སྦྱོར་བའི་སྦྱོར་བ་བཏགས་ པ་བ་ལ་གཉིས་ཏེ། སྦྱོར་བའི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བ་དང་། དངོས་གཞིའི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བའོ། །དང་པོ་ནི། སྦྱོར་བའི་སྦྱོར་བ་བྱེད་བཞིན་པའི་གནས་སྐབས་ལས་རྐུ་བའི་འདུན་པ་ལོག་པ་ལྟ་བུ་སྟེ། མཐར་མ་ཐུག་པའི་སྒོ་ནས་ 6-1-259a སྦྱོར་བ་དང་རྣམ་པ་འདྲ་བས་ན་སྦྱོར་བའི་རྣམ་པ་ཞེས་བྱ་སྟེ། རང་རང་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་སོ། །སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བའི་སྦྱོར་བ་མཚན་ཉིད་ པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །གཉིས་པ་ནི། ལྷ་རྫས་རིན་ཐང་མ་ཚང་བ་བརྐུས་པས་ཐོབ་བློ་སྐྱེས་པ་ལྟ་བུ་སྟེ་སྤྱིར་བཏང་ཡན་ལག་གཉིས་མ་ཚང་ལ་མཐར་ཐུག་གྲུབ་བོ། །དེ་ཡང་མཐར་ཐུག་གྲུབ་པའི་སྒོ་ནས་དངོས་གཞི་དང་རྣམ་པ་འདྲ་བས་ན་དངོས་གཞིའི་ རྣམ་པ་ཞེས་བྱ། རང་རང་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་སོ། །སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །གསུམ་པ་སྦྱོར་བ་ལ་ནི་ གཉིས་ཏེ། སྦྱོར་བ་མཚན་ཉིད་པ་དང་། སྦྱོར་བ་བཏགས་པ་བའོ། །དང་པོ་ནི། དགེ་སློང་གིས་རྐུ་བར་འདོད་པས་མཐར་ཐུག་གི་སྔ་རོལ་ན་བརྐུ་བྱའི་རྫས་ལ་ནོམ་པར་བྱེད། ཉུག་པར་བྱེད་པ་ལྟ་བུའོ། །དེ་ལ་ལྟུང་བ་ནི་སྦྱོར་བའི་སྦོམ་པོ་འབྱུང་སྟེ། ལུང་རྣམ་འབྱེད་ལས། ནོམ་ པར་བྱེད་ཉུག་པར་བྱེད་པ་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་ལྟུང་བ་གཞན་རྣམས་ཀྱི་ཡང་སྦྱོར་བ་མཚན་ཉིད་པ་ལ་ལྟུང་བ་རང་རང་གི་ན་སྨད་བསྐྱེད་དོ། །དེ་ཡང་སྦྱོར་བའི་སྒྲ་བཤད་ནི། རང་རང་གི་ལྟུང་བ་དངོས་གཞི་རྫོགས་པ་ལ་སྦྱོར་བར་བྱེད་པས་ན་སྦྱོར་བ་ ཞེས་བྱའོ། །གཉིས་པ་སྦྱོར་བ་བཏགས་པ་བ་ལ་གཉིས་ཏེ། སྦྱོར་བའི་རྣམ་པའི་སྦྱོར་བ་བཏགས་པ་བ་དང་། དངོས་གཞིའི་རྣམ་པའི་སྦྱོར་བ་བཏགས་པ་བའོ། །དང་པོ་ནི། རྐུ་བའི་སྦྱོར་བ་བྱེད་བཞིན་པའི་གནས་སྐབས་ན་རྐུ་བའི་འདུན་པ་ལོག་པ་ལྟ་བུ་སྟེ་མཐར་མ་ཐུག་པའི་སྒོ་ནས་སྦྱོར་ 6-1-259b བ་དང་རྣམ་པ་འདྲ་བས་ན་སྦྱོར་བའི་རྣམ་པ་ཞེས་བྱ། རང་རང་གི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བ་ཞེས་མིང་དུ་བཏགས་ཏེ་སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །གཉིས་པ་ནི། མིའི་རྫས་ རིན་ཐང་མ་ཚང་བ་བརྐུས་པས་ཐོབ་བློ་སྐྱེས་པ་སྟེ་ཡན་ལག་གཅིག་མ་ཚང་ལ་མཐར་ཐུག་གྲུབ་པའོ། །མཐར་ཐུག་གྲུབ་པའི་སྒོ་ནས་དངོས་གཞི་དང་རྣམ་པ་འདྲ་བས་ན་དངོས་གཞིའི་རྣམ་པ་ཞེས་བྱ། རང་རང་གི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བ་ ཞེས་མིང་བཏགས་སོ། །སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །བཞི་པ་དངོས་གཞི་རྫོགས་པ་ནི། བཤད་ཟིན་དང་འཆད་འགྱུར་གྱིས་ཤེས་སོ། །གཉིས་པ་དབྱེ་བ་དེ་དག་སོ་སོའི་མཚན་ཉིད་ནི། གནས་སྐབས་བཞི་པོ་ རང་རང་གི་མཚན་ཉིད་རིམ་པ་བཞིན་སྟོན་ཏེ། དེ་ཡང་དང་པོར་བསླབ་པར་བྱ་བའི་མཚན་ཉིད་ནི། ལྟུང་བ་རྣམ་འཇོག་གི་ཀུན་སློང་གིས་ཀུན་ནས་མ་བསླངས་པའི་གནས་སྐབས་ལ་འདུལ་བའི་བསླབ་པའི་གཞི་རྣམ་པར་བཞག་པའོ། །བསླབ་བྱ་ལས་འདས་པའི་ཉེས་བྱས་ཀྱི་ མཚན་ཉིད་ནི། ཉེས་ལྟུང་གང་ཞིག་ལྟུང་བ་རྣམ་འཇོག་གི་ཀུན་སློང་གིས་ཀུན་ནས་མ་བསླངས་པའོ། །ཉེས་ལྟུང་གང་ཞིག་ཅེས་པས་ཁྱིམ་པས་སྡིག་པའི་ཉེས་པ་རྩོམ་བྱེད་སེལ་ལོ། །ལྟུང་བའི་རྣམ་འཇོག་གི་ཀུན་སློང་གིས་ཀུན་ནས་མ་བསླངས་པ་ཞེས་པས་ནི། ཉེས་པ་རང་རང་གི་ སྦྱོར་བ་དང་སྦྱོར་བའི་སྦྱོར་བ་སེལ་ལོ། །གཉིས་པ་ལྟུང་བ་རྣམ་འཇོག་གི་སྐབས་ཀྱི་སྦྱོར་བའི་སྦྱོར་བ་རང་མཚན་པའི་ཐ་སྙད་བྱར་རུང་གི་མཚན་ཉིད་ནི། ལྟུང་བ་དངོས་གཞི་རྫོགས་པར་འགྱུར་བའི་ཉེས་རྩོམ་གང་ཞིག །དགག་བྱ་ཆེས་མ་རྫོགས་པས་དོན་ཁྱད་པར་དུ་བྱས་པ་ 6-1-260a ཡིན་ཅིང་ལྟུང་བ་རྣམ་འཇོག་གི་ཀུན་སློང་གིས་ཀུན་ནས་བསླངས་པའོ། །དེ་ལ་རྩོམ་པ་གང་ཞིག་ཅེས་པ་ཡན་གྱིས་སྦྱོར་བའི་སྦྱོར་བ་བཏགས་པ་བ་སེལ་ལོ། །དགག་བྱ་ཞེས་པ་ནས་ཡིན་ཅིང་ཞེས་པའི་བར་གྱིས་སྦྱོར་བ་མཚན་ཉིད་པ་སེལ་ལོ། ། ལྟུང་བ་ཞེས་པ་ནས་བསླངས་པའོ་ཞེས་པའི་བར་གྱིས་བསླབ་བྱ་ལས་འདས་པ་སེལ་ལོ། །མཚན་ཉིད་དུ་བཀོད་པ་འདི་ཡང་མཐར་ཐུག་གྲུབ་པ་ན་རྐུ་བའི་ཕམ་པར་འགྱུར་ངེས་ཀྱི་དབང་དུ་བྱས་པ་སྟེ་དགེ་སློང་རྐུ་བའི་ཆེད་དུ་འགྲོ་བ་ལྟ་བུའོ། །སྦྱོར་བའི་རྣམ་པའི་སྦྱོར་བའི་སྦྱོར་ བ་བཏགས་པ་བའི་མཚན་ཉིད་ནི། མཐར་ཐུག་མ་གྲུབ་པ་ཉིད་ཡིན་པ་གང་ཞིག་སྦྱོར་བའི་སྦྱོར་བ་ཞེས་བརྡ་སྦྱར་བ་བྱས་ཤིང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཚུངས་བསྐྱེད་པའི་ནུས་པ་དང་ལྡན་པའོ། །འདི་ཡང་དགེ་སློང་གིས་རྐུ་བའི་ཆེད་དུ་འགྲོ་བཞིན་པ་ན་རྐུ་བའི་ འདུན་པ་ལོག་པ་ལྟ་བུའོ། །དངོས་གཞི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བའི་མཚན་ཉིད་ནི། མཐར་ཐུག་གྲུབ་པ་ཡིན་ལ་སྦྱོར་བའི་སྦྱོར་བ་ཞེས་བརྡ་སྦྱར་བ་བྱས་ཤིང་། སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཚུངས་བསྐྱེད་པའི་ནུས་པ་དང་ལྡན་པའོ། ། དེ་ཡང་ཡན་ལག་གཉིས་མ་ཚང་ལ་མཐར་ཐུག་གྲུབ་པ་སྟེ། དགེ་སློང་གིས་ལྷ་རྫས་རིན་ཐང་མ་ཚང་བ་བརྐུས་པའི་མཐར་ཐུག་གྲུབ་པ་ལྟ་བུའོ། །གསུམ་པ་ལྟུང་བ་རྣམ་འཇོག་གི་སྐབས་ཀྱི་སྦྱོར་བ་རང་མཚན་པའི་ཐ་སྙད་བྱར་རུང་གི་མཚན་ཉིད་ནི། ལྟུང་བ་དངོས་ གཞི་རྫོགས་པར་འགྱུར་བའི་ཉེས་རྩོམ་གང་ཞིག །དགག་བྱ་ཆེས་མ་རྫོགས་པ་ལ་ལྟོས་ནས་དགག་བྱ་ཆེར་གྱུར་པས་དོན་ཁྱད་པར་དུ་བྱས་པ་ཡིན་ཅིང་། ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པའི་དངོས་རྒྱུའི་ནུས་པ་མ་ཐོབ་པའོ། །གང་ཞིག་ཡན་གྱིས་སྦྱོར་བ་བཏགས་ 6-1-260b པ་བ་སེལ་ལོ། །དགག་བྱ་ནས་ཡིན་ཅིང་གི་བར་གྱིས་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་སེལ་ལ། ལྟུང་བ་ནས་མ་ཐོབ་པའི་བར་གྱིས་མཐར་ཐུག་སེལ་ལོ། །དེའང་རྐུ་བའི་ཕམ་པར་འགྱུར་ངེས་ཀྱི་མཐར་ཐུག་གི་སྔ་རོལ་དུ་རྫས་ལ་ནོམ་ཉུག་བྱེད་པ་ལྟ་བུའོ། །སྦྱོར་བའི་རྣམ་པའི་ སྦྱོར་བ་བཏགས་པ་བའི་མཚན་ཉིད་ནི། མཐར་ཐུག་མ་གྲུབ་པ་ཉིད་ཡིན་པ་གང་ཞིག །སྦྱོར་བ་ཞེས་བརྡ་སྦྱོར་བ་བྱས་ཤིང་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཚུངས་བསྐྱེད་པའི་ནུས་པ་དང་ལྡན་པའོ། །དེ་ཡང་དགེ་སློང་གིས་རྐུ་བའི་ཆེད་དུ་རྫས་ལ་ནོམ་ཉུག་བྱེད་བཞིན་ པ་ན་རྐུ་བའི་འདུན་པ་ལོག་པ་ལྟ་བུའོ། །དངོས་གཞི་རྣམ་པའི་སྦྱོར་བ་བཏགས་པ་བའི་མཚན་ཉིད་ནི། མཐར་ཐུག་གྲུབ་པ་ཡིན་ལ་སྦྱོར་བ་ཞེས་བརྡ་སྦྱར་བ་བྱས་ཤིང་། སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཚུངས་བསྐྱེད་པའི་ནུས་པ་དང་ལྡན་པའོ། །དེ་ཡང་ཡན་ལག་ གཅིག་མ་ཚང་ལ་མཐར་ཐུག་གྲུབ་པ་ལྟ་བུ་སྟེ། དགེ་སློང་གིས་མིའི་རྫས་རིན་ཐང་མ་ཚང་བ་བརྐུས་པ་ལྟ་བུའོ། །བཞི་པ་ལྟུང་བ་དངོས་གཞི་རྫོགས་པ་རང་རང་གི་མཚན་ཉིད་ནི། ཕམ་པའི་མཚན་ཉིད་ལ་སོགས་པ་སྔར་བསྟན་ཟིན་ཏོ། །གསུམ་པ་མཚན་ཉིད་པ་གསུམ་གྱི་ལྟུང་ བ་གསུམ་གྱི་གནས་ལུགས་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། བགམ་ཆེན་དང་པ་རང་ན་རེ། སྦྱོར་བ་དང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་ལ་ལྟུང་བ་མེད་ཅིང་། ལྟུང་བ་དངོས་གཞི་གོ་རིམ་གཅིག་ཏུ་སྐྱེ་བ་ཡིན་ཏེ། འདས་པ་དང་བཅས་པའི་ལས་འཆགས་ པའི་ཕྱིར། ལག་རྡུམ་ལྟ་བུ་མཛེས་པའི་བར་ཆད་དང་ལྡན་པར་ཤེས་བཞིན་དུ་བསྙེན་པར་རྫོགས་པར་བྱེད་ན་འདས་པ་དང་བཅས་པར་འགྱུར་ཡང་ལས་འཆགས་པའི་ཕྱིར་ན་མཛེས་པའི་བར་ཆད་ཅན་དེ་བསྙེན་རྫོགས་བྱེད་ན་སྦྱོར་བ་ལ་ལྟུང་བ་མེད་པར་གྲུབ་བོ། །དེ་དང་རྒྱུ་མཚན་ 6-1-261a མཚུངས་པས་ན་སྦྱོར་བ་མཚན་ཉིད་པ་ཐམས་ཅད་ལ་ཡང་ལྟུང་བ་མེད་དོ་ཞེས་གྲག་གོ། དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། ལུང་རྣམ་འབྱེད་ལས། ནོམ་པར་བྱེད། ཉུག་པར་བྱེད་ན་སྦོམ་པོར་འགྱུར་རོ། །གནས་ནས་ གནས་སུ་སྤགས་པ་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་དང་། ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ། །སྡེ་ཚན་དེ་ལ་གལ་ཏེ་དངོས་གཞིའི་ཡིན་ན་སྦོམ་པོའོ་ཞེས་པ་ལ་སོགས་པ་ལུང་རྣམ་འབྱེད་ལས། སྦྱོར་བ་ལ་སྦོམ་པོ་བསྐྱེད་པའི་གཞུང་བརྒྱ་ཕྲག་དུ་མ་དང་འགལ་ ལོ། །དེ་ཐམས་ཅད་འདུན་པ་ལོག་པ་ལ་དགོངས་སོ་ལོ། །འོ་ན་ལུང་རྣམ་འབྱེད་ལས། གཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟར་ན་ལེགས། གལ་ཏེ་མི་གཏོང་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། མེ་ཏོག་ཕྲེང་རྒྱུད་ལས། གཞམས་ཏེ་བསྒོས་ཀྱང་མི་གཏོང་ན། ། ཉེས་བྱས་ཉིད་དུ་རྣམ་པར་བཞག །གསོལ་བའི་ལས་ནི་དང་པོ་སྟེ། །བརྗོད་ཚེ་མི་གཏོང་སྦོམ་པོའོ། །ཞེས་བཤད་པ་དང་འགལ་ལོ། །རིགས་པས་ཀྱང་སྦྱོར་བ་མཚན་ཉིད་པའི་བྱེ་བྲག་སྲོག་གཅོད་ཕམ་པའི་བཅས་ལྡན་དགེ་སློང་གིས་གསོད་སེམས་ཀྱིས་མིའི་སྙིང་ལ་མཚོན་ བསྣུན་པ་ཆོས་ཅན། ལྟུང་མེད་མ་ཡིན་པར་ཐལ། སྲོག་གཅོད་ཕམ་པའི་བཅས་ལྡན་དགེ་སློང་གིས་གསོད་སེམས་ཀྱིས་མིའི་སྲོག་གཅོད་པ་བྱས་པ་ཡིན་པའི་ཕྱིར། སྒྲུབ་བྱེད་གཞིག་པ་ནི། གཞི་དེ་ཉིད་ལས་བྱུང་བའི་ཉེས་པས་ལས་ལ་མི་སྒྲིབ་པར་བཅས་པ་སྟེ། གནས་ སྐབས་འགའ་ཞིག་ན་ལྟུང་བས་ལས་འཆགས་པ་ལ་མི་སྒྲིབ་པ་ཡོད་དེ། དཔེར་ན་དགེ་འདུན་རྣམས་ཀྱི་ཐུན་མོང་གི་ལྟུང་བས་ལྟུང་བ་ཐུན་མོང་བ་བྱིན་གྱིས་རློབ་པ་ལ་གསོལ་བ་འབའ་ཞིག་པའི་ལས་ལ་མི་བསྒྲིབ་པ་བཞིན་ནོ། །ཤ་མི་ན་རེ། མཚན་ཉིད་པ་གསུམ་གྱི་ལྟུང་བ་གསུམ་ 6-1-261b པོ་རྫས་གཅིག་ཅིང་གནས་སྐབས་ཐ་དད་པ་ཡིན་ཏེ། གདུང་བཞིན་ནོ་ཞེས་གྲགས་སོ། །དཔེར་ན་ལྗོན་ཤིང་གཅིག་ཉིད་ལ། དང་པོར་ལྕུག་ཕྲན། བར་དུ་སྡོང་དུམ། ཐ་མར་སྡོང་པོ་ཆེན་པོ་སྟེ་གནས་སྐབས་གསུམ་ཡོད་ཀྱང་། ཤིང་སྡོང་པོ་ངོ་བོ་གསུམ་མེད་ཀྱི་སྡོང་པོ་ངོ་བོ་ གཅིག་ཡིན་པ་བཞིན་ཞེས་གསུང་བ་ནི་མི་རིགས་ཏེ་དུས་སྔ་ཕྱི་ཐ་དད་ཀྱིས་བསྐལ་བས་ངོ་བོ་གཅིག་ཡིན་པ་མི་སྲིད་པའི་ཕྱིར། གཞན་ཡང་ལྟུང་བའི་ངོ་བོ་ཆེ་ཆུང་གསུམ་མ་ཡིན་པར་ཐལ། ལྟུང་བ་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། ཊཱི་ཀ་ལས། ཁྲི་ལས་ལྡང་བ་ ལ་སོགས་ཀྱི་ཚེ་ན་ཉེས་བྱས་སོ། །ནོམ་པ་ལ་ཉེས་པ་སྦོམ་པོའོ། །གནས་ནས་སྤགས་པ་ན་ཕམ་པར་བསྟན་ཅེས་སོ། །གཞན་ཡང་ཆོས་ཅན་སྔར་བཞིན་བརྗོད་ཅིང་། རྫས་གཅིག་ཡིན་པའི་ཕྱིར་ན་དུས་སྔ་ཕྱི་ཐ་དད་དུ་སྐྱེས་པ་མ་ཡིན་པར་ཐལ་བ་ལས། འདོད་ན། ཊཱི་ཀ་ ལས། ཁྲི་ལས་ལྡང་བ་ལ་སོགས་པའི་ཚེ་ན་ཞེས་སྔར་བཞིན་ནོ། །གཞན་ཡང་ཆོས་ཅན་སྔར་བཞིན། རྫས་གཅིག་ཡིན་པའི་ཕྱིར་ན་རང་རྒྱུ་ཐ་དད་ལས་སྐྱེས་པ་མ་ཡིན་པར་ཐལ་བ་ལས། འདོད་ན་ལྟུང་བ་གསུམ་པོ་དེ་རྣམས་རིམ་བཞིན་དུ་སྦྱོར་བ་དང་། སྦྱོར་བའི་སྦྱོར་བ་ དང་། མཐར་ཐུག་པ་ལས་སྐྱེ་བར་བཤད་དེ། སུམ་བརྒྱ་པ་ལས། སེམས་བསྐྱེད་པ་ལ་བསྡམ་བྱ་དང་པོ་ཡི། །སྦྱོར་བ་ལ་ནི་ཉེས་བྱས་རིག་པར་བྱ། །ཕྱི་མའི་སྦྱོར་བ་ལ་ཡང་ཉེས་བྱས་ཡིན། །དངོས་གཞི་ཀུན་ལའང་འདིར་ནི་དངོས་གཞི་ཡིན། །ཅེས་སོ། ། གཞན་ཡང་ ཆོས་ཅན་སྔར་བཞིན་ལ། ལྟུང་བ་དེ་གསུམ་རྫས་གཅིག་ཡིན་པའི་ཕྱིར་ན་ལྟུང་བའི་ངོ་བོ་གཞན་དང་གཞན་དུ་འབྲེལ་བ་མ་ཡིན་པར་ཐལ་བ་ལས། འདོད་ན། ཊཱི་ཀ་ལས། ལྟུང་བ་གཞན་དང་འབྲེལ་བའི་ཉེས་པ་གང་ཡིན་པ་དེ་ནི་ལྟུང་བ་སྟེ་བཤགས་པ་ཉིད་ཀྱིས་དེ་ཡང་ 6-1-262a བཤགས་པར་བྱས་པར་འགྱུར་རོ་ཞེས་སོ། །གཉིས་པ་རང་ལུགས་བཞག་པ་ནི། མཚན་ཉིད་པ་གསུམ་གྱི་ལྟུང་བ་གསུམ་པོ་ཆོས་ཅན། རྫས་གཅིག་མ་ཡིན་ཏེ། རང་རྒྱུ་ཐ་དད་ལས་སྐྱེས་པའི་ཕྱིར་དང་། དུས་སྔ་ཕྱི་ཐ་དད་དུ་སྐྱེས་པའི་ཕྱིར་རོ། ། བམ་པོ་ལྔ་བཅུ་པ་ལས། ལས་སྨྱན་བྱེད་ཅིང་མཐུན་པར་གྱུར་བ་ལྟ་བུ་རེ་རེ་ལ་ལྷག་མ་སྦོམ་པོ་ཉེས་བྱས་ཡང་ཉམས་པ་གསུམ་ཕྲུགས་སུ་འགྱུར་བས་ཞེས་བཤད་པས་ཀྱང་རྫས་ཐ་དད་དུ་གྲུབ་བོ། །ལྟུང་བ་གསུམ་པོ་སྐྱེ་དུས་ན་སྔ་ཕྱི་ཐ་དད་དུ་སྐྱེས་ཀྱང་། གནས་དུས་ན་གང་ཟག་གཅིག་ གི་རྒྱུད་སྟེང་ན་ལྟུང་བ་གསུམ་ཀ་དུས་གཅིག་ཏུ་གནས་ཏེ། གང་ཟག་གཅིག་གིས་དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་གསུམ་སྔ་ཕྱི་རིམ་གྱིས་ཐོབ་ཀྱང་དུས་གཅིག་ཏུ་གནས་པ་བཞིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། དགེ་སློང་གིས་ལྟུང་བ་ཕྱིར་བཅོས་པ་ཆོས་ཅན། ལྟུང་ བ་དངོས་གཞི་ཕྱིར་བཅོས་བྱས་པས་རང་གི་སྦྱོར་ལྟུང་མི་འདག་པར་ཐལ། ལྟུང་བ་དངོས་གཞི་དང་རང་གི་སྦྱོར་ལྟུང་རྫས་ཐ་དད་པའི་ཕྱིར། འདོད་ན་སྡེ་ཚན་ལ་སོགས་ཞེས་པའི་ཊཱི་ཀ་ལས། ལྟུང་བ་གཞན་དང་འབྲེལ་བའི་ཉེས་པ་གང་ཡིན་པ་དེ་ནི་ཞེས་སོགས་གོང་དུ་ཁུངས་ དྲངས་པ་དང་འགལ་ལོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། གྱང་དང་གྱང་རིས་རྫས་ཐ་དད་ཀྱང་གྱང་བཤིག་པས་གྱང་རིས་མི་འཇིག་པའི་ཁྱབ་པ་མེད་དོ། །དེར་མ་ཟད་བྱེ་སྨྲ་ལྟར་ན། མི་གཅིག་ཉིད་ཆོས་ཅན། མི་དེའི་སྲོག་གི་དབང་པོ་འགགས་པས་མིག་གི་དབང་པོ་མི་འགག་པར་ ཐལ། མི་དེའི་སྲོག་གི་དབང་པོ་དང་མིག་གི་དབང་པོ་རྫས་ཐ་དད་པའི་ཕྱིར་ཞེས་ཀྱང་མགོ་སྙོམས་སོ། །སྤྱིར་ཡང་ལྟུང་བ་རང་རང་གི་དངོས་གཞི་རྫོགས་པའི་ཚེ་ན། ལྟུང་བ་དངོས་གཞི་དང་། སྦྱོར་ལྟུང་རྫས་གཅིག་གམ་ཐ་དད་ཅེས་འདྲི་ན། ཞག་བཅུ་འཆང་བ་དང་། ཟླ་འཇོག་ 6-1-262b ལ་སོགས་སྦྱོར་ལྟུང་གཏན་མེད་ལ་ནི་ལྟུང་བ་དངོས་གཞི་དང་། རང་གི་སྦྱོར་ལྟུང་རྫས་གཅིག་པ་མ་ཚང་ལ་རྫས་ཐ་དད་པའང་མ་ཡིན་ནོ། །སྦྱོར་བ་ལ་དེ་མེད་ན་ཞེས་པའི་འགྲེལ་ཆུང་ལས། རྐུ་སེམས་མེད་པར་ནོར་ཞིག་བླངས་ནས་འཕྲལ་ལ་རྐུ་སེམས་བྱུང་སྟེ་བརྐུས་ན་ཉེས་ བྱས་དང་། སྦོམ་པོ་ནི་མེད་དེ་ཕམ་པར་ནི་འགྱུར་རོ་ཞེས་པ་འདིར་ཡང་སྦྱོར་ལྟུང་མེད་པའི་ཕམ་པར་བཤད་སྣང་ཡང་དཔྱད་དགོས་པ་ཞིག་གོ། གཉིས་པ་ནི། ལྟུང་བའི་སྡེ་ཐམས་ཅད་དུ་ཡང་སྦྱོར་བ་སྣང་ལ་ཚད་བཟུང་ལས་གཞན་གང་ཡིན་པ་དེ་ལ་ཉེས་བྱས་སོ། །གཉིས་ པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ལས། དང་པོ་ལ། བོད་སྔ་རབས་པའི་ལུགས་འཁྲུལ་མེད་དུ་བཤད། བར་དུ་བྱོན་པའི་སྐྱེས་ཆེན་དག་གིས་ཇི་ལྟར་དགོངས་པ། ཕྱིས་བྱོན་གྱི་གང་ཟག་རྣམས་རྣམ་པར་རྟོག་པ་གཏིང་མ་ཚུགས་པའི་ཚུལ་ལོ། །དང་པོ་ལ། སྔ་རབས་ བྱོན་པའི་དབང་གྱུར་རྣམས་ཀྱི་དགོངས་པ་བླངས་ན། མཚོ་སྣ་པ་ཆེན་པོས་འདི་ལྟར་དུ་གསུངས་ཏེ། ཁྱད་པར་དང་། སྒྲ་བཤད་པའོ། །དང་པོ་ལ། སྦོམ་པོ་མཚན་ཉིད་པ་དང་། སྦོམ་པོ་བཏགས་པ་བའོ། །བཏགས་པ་བ་འདི་ཉེས་བྱས་ལ་མིང་སྦོམ་པོ་ཞེས་བཏགས་པའོ། ། སྦོམ་པོ་མཚན་བཏགས་ཀྱི་ཁྱད་པར་ལ་ལྔ་ལས། རྟེན་གྱི་ཁྱད་པར་ནི། དགེ་སློང་ཕ་མ་ལ་སྦོམ་པོར་འགྱུར་ཞེས་གསུངས་བྱུང་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། རྟེན་རབ་བྱུང་རྣམ་གསུམ་ལ་སྦོམ་པོར་འགྱུར་ཞེས་གསུངས་བྱུང་ན་སྦོམ་པོ་བཏགས་པ་བ་ ཡིན་པས་ཁྱབ་བོ། །དེའི་ཕྱིར་ཀཱ་རི་ཀཱ་ལྔ་བཅུ་པ་ལས། བྱོལ་སོང་དང་ནི་དམྱལ་བ་དང་། །ཡི་དྭགས་འོན་ཏེ་ལྷ་ཡང་རུང་། །བསད་ན་ངན་འགྲོར་ལྟུང་བ་ཡི། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །སྡེ་ཚན་གྱི་ཁྱད་པར་ནི། ཕམ་ལྷག་གི་སྡེའི་ 6-1-263a སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། ལྟུང་བྱེད་མན་ཆད་སྡེ་ཚན་གསུམ་གྱི་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །གནས་སྐབས་ཀྱི་ཁྱད་པར་ནི། སྦྱོར་བ་དང་མཐར་ཐུག་གི་གནས་སྐབས་སུ་སྦོམ་ པོ་ཞེས་བྱུང་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། སྦྱོར་བའི་སྦྱོར་བ་གནས་སྐབས་དང་བསླབ་བྱའི་གནས་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །ཕྱིར་བཅོས་ཀྱི་ཁྱད་པར་ནི། ལྟུང་བ་ངོ་བོའི་ཆ་ནས་སྦོམ་པོའི་མིང་གིས་ཕྱིར་བཅོས་བྱ་ དགོས་པ་ནི་སྦོམ་པོ་མཚན་ཉིད་པ་སྟེ། དམིགས་བསལ་ཕམ་ལྷག་གི་སྦྱོར་བ་མཚན་ཉིད་པའི་སྦོམ་པོ་ནི་སྦོམ་པོའི་མིང་གིས་ཕྱིར་བཅོས་བྱར་རུང་མ་ཡིན་ཀྱང་སྦོམ་པོ་མཚན་ཉིད་པའོ། །ལྟུང་བ་ངོ་བོའི་ཆ་ནས་ཉེས་བྱས་ཀྱི་མིང་གིས་ཕྱིར་བཅོས་བྱ་དགོས་པའི་ལྟུང་བ་ནི། གཞུང་རྣམས་ ལས་སྦོམ་པོ་ཞེས་གསུངས་ཀྱང་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །གདགས་གཞིའི་ཁྱད་པར་ནི། གདགས་གཞི་ཉེས་པ་གཅིག་ལ་སྦོམ་པོ་ཞེས་མིང་བཏགས་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། གདགས་གཞི་ཉེས་པ་དུ་མ་ལ་སྦོམ་པོ་ཞེས་མིང་བཏགས་ན་ སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་སྟེ། དེ་ནི་ཡོན་ཏན་སྒྲའི་སྦོམ་པོ་ཞེས་ཀྱང་བྱའོ། །འོད་ལྡན་ལས། མིང་དུ་ཆགས་པའི་སྦོམ་པོ་དང་། ཡོན་ཏན་སྒྲའི་སྦོམ་པོའོ། །ཞེས་བཤད་པ་ནི་སྦོམ་པོ་མཚན་ཉིད་པ་དང་། སྦོམ་པོ་བཏགས་པ་བ་སྟེ། དེ་ཡང་སྦོམ་པོ་མཚན་ཉིད་པ་དང་ མིང་དུ་ཆགས་པའི་སྦོམ་པོ་མིང་ཐ་དད་ཀྱང་དེ་གཉིས་སྦོམ་པོ་ལ་དོན་ཁྱད་པར་མེད་ལ་སྦོམ་པོ་བཏགས་པ་བ་དང་ཡོན་ཏན་སྒྲའི་སྦོམ་པོ་སྤྱི་དང་བྱེ་བྲག་ཡིན་པས། དེ་གཉིས་ལ་ཁྱབ་ཆེ་ཆུང་ཡོད་དེ། ཡོན་ཏན་སྒྲའི་སྦོམ་པོ་ནི། གསོད་སེམས་མེད་པར་སྲོག་ལ་མ་ལྟོས་པའི་བསམ་པས་ 6-1-263b སྲོག་ཆགས་གསུམ་ཡན་ཆད་ཡོད་པའི་བློས་ནགས་ལ་མེ་བཏང་ན་ཡོན་ཏན་སྒྲའི་སྦོམ་པོ་བསྐྱེད་པ་ལྟ་བུ་སྟེ། ལེགས་སྦྱར་སྐད་དུ་གུ་ཎ་ཞེས་པ་ཡོན་ཏན་གྱི་སྒྲའམ་དུ་མ་འདུས་པ་ལ་འཇུག་སྟེ་ཉེས་བྱས་དུ་མ་འདུས་པ་ལ་སྦོམ་པོར་བཏགས་པའོ། །འདི་ནི་སྦོམ་པོ་བཏགས་པ་བའི་བྱེ་ བྲག་ཡིན་པས་ཡོན་ཏན་སྒྲའི་སྦོམ་པོ་ཡིན་པ་ལ། སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་སྟེ། ཤུག་པ་ཡིན་པ་ལ་ཤིང་ཡིན་པས་ཁྱབ་པ་བཞིན་ནོ། །ཤིང་ཡིན་པ་ལ་ཤུག་པ་ཡིན་པས་མ་ཁྱབ་པ་བཞིན་དུ་སྦོམ་པོ་བཏགས་པ་བ་ཡིན་པ་ལ། ཡོན་ཏན་སྒྲའི་སྦོམ་པོ་ཡིན་པས་མ་ཁྱབ་ སྟེ། རང་གི་རྣམ་བཤད་ལས། བ་ལང་འཚོང་ན་སྦོམ་པོའོ་ཞེས་བཤད་པ་ལྟ་བུ་ཉེས་བྱས་གཅིག་ལ་སྦོམ་པོར་བཏགས་པ་ཐམས་ཅད་སྦོམ་པོ་བཏགས་པ་བ་ཡིན་ཀྱང་ཡོན་ཏན་སྒྲའི་སྦོམ་པོ་ནི་མ་ཡིན་ནོ། །སྦོམ་པོའི་སྒྲ་བཤད་པ་ནི། ལྟུང་བ་ཧ་ཅང་ཆེན་པོ་ཡང་མ་ཡིན། ཧ་ཅང་ཆུང་ བ་ཡང་མ་ཡིན་པ་ལ་སྦོམ་པོ་ཞེས་བྱ་སྟེ། སློབ་དཔོན་ཤཱཀྱ་འོད་ཀྱིས། སྦོམ་པོ་ཞེས་བྱ་བའི་ཚིག་འདི་ནི་ལྟུང་བ་རིལ་གྱིས་རྫོགས་པ་མ་ཡིན་པ་དང་། ཧ་ཅང་ལྟུང་བ་ཆུང་བ་མ་ཡིན་པ་སྟེ་དཔེར་ན་གླང་པོ་ཆེ་གཙོ་བོ་དག་མི་བུལ་མི་མགྱོགས་པར་འབྲིང་དུ་འགྲོ་བ་ལ་སྦྱར་བ་ཡིན་ནོ། ། ཞེས་སོ། །གཉིས་པ་བར་དུ་བྱོན་པའི་སྐྱེས་ཆེན་དག་གིས་ཇི་ལྟར་དགོངས་པ་ནི། བུ་སྟོན་འདུལ་བ་འཛིན་པ་ཆེན་པོས་འདི་ལྟར་དགོངས་པར་སྣང་སྟེ། དེ་ཡང་མིང་དུ་ཆགས་པ་དང་། ཡོན་ཏན་གྱི་སྒྲའི་སྦོམ་པོ་ལ་ཁྱད་པར་ལྔའི་སྒོ་ནས་དབྱེ་འབྱེད་མཛད་པ་དེ་བརྟག་པའི་གནས་ སུ་མཛད་ནས། རང་ལུགས་ནི། མིང་དུ་ཆགས་པ་སྒྲའི་སྦོམ་པོའི་མཚན་ཉིད་ནི། བསྙེན་པར་རྫོགས་པའི་རྟེན་ལ་རང་བཞིན་གྱི་ཉེས་པ་ཆེ་བས་སྦོམ་པོར་བཅས་པའི་འཆལ་ཚུལ་གང་ཞིག །དེའི་དངོས་གཞིར་མ་ཆོག་པའོ། །འདི་ཉིད་གཞིར་བྱས་ལ་ཕམ་ལྷག་གི་སྦོམ་པོ་ 6-1-264a གཉིས་ལས་ཕམ་པར་བསྐྱེད་པའི་དབང་དུ་བྱས་ཏེ། དགག་བྱ་རྫོགས་པས་སྡོམ་པ་དེ་ལྷག་མེད་དུ་བྱེད་པའི་ལྟུང་བའི་ཆར་གཏོགས་ཞེས་པའི་ཚིག་བསྣན་པར་གསུངས་ལ། ལྷག་མ་བསྐྱེད་པའི་དབང་དུ་བྱས་ཏེ་མཚན་ཉིད་དེ་གཞིར་བྱས་ལ་དགག་བྱ་རྫོགས་ པས་སྡོམ་པ་དེ་ལྷག་བཅས་སུ་བྱེད་པའི་ལྟུང་བའི་ཆར་གཏོགས་ཞེས་པའི་ཚིག་བསྣན་པར་གསུངས་སོ། །ཕམ་ལྷག་དེ་གཉིས་རེ་རེ་ལའང་དངོས་གཞིའི་སྦོམ་པོ་དང་། དངོས་གཞིའི་རྣམ་པའི་སྦོམ་པོ་དང་། སྦྱོར་བའི་སྦོམ་པོ་དང་། སྦྱོར་བའི་རྣམ་པའི་སྦོམ་པོ་སྟེ་བཞིའོ། །དེ་ ལྟར་གྱི་ཚེའང་ཕམ་ལྷག་གི་སྦྱོར་བའི་སྦྱོར་བ་ནི་ཉེས་བྱས་ཡིན་པས་རང་བཞིན་གྱིས་ཉེས་པ་སྦོམ་པོ་མིན་ནོ། །སྦོམ་པོའི་དབྱེ་བ་བཞི་པོ་དེའི་མཚན་ཉིད་རིམ་བཞིན་དུ་ཕམ་པ་ལ་མཚོན་ན། དང་པོ་ཕམ་པའི་དངོས་སྦོམ་གྱི་མཚན་ཉིད་ནི། ལྷག་མེད་ཀྱི་ལྟུང་བ་དངོས་ལས་དངོས་གཞི་ ཆུང་ཞིང་དམན་པར་བཅས་པ་སྟེ། དངོས་གཞིའི་སྦོམ་པོའི་མཚན་ཉིད་དོ། །གཉིས་པ་ནི། ལྷག་མེད་ཀྱི་ལྟུང་བ་དངོས་ཀྱི་ཀུན་སློང་གིས་ཀུན་ནས་མ་བསླངས་ཤིང་དེ་དང་རིགས་འདྲས་ཀུན་ནས་བསླང་བའི་ལྷག་མེད་ཀྱི་དངོས་གཞིའི་རིགས་འདྲ་ལས་ཆུང་ཞིང་དམན་པར་བཅས་པ་ དེ་དངོས་གཞིའི་རྣམ་པའི་སྦོམ་པོའི་མཚན་ཉིད་དོ། །གསུམ་པ་ནི། ལྷག་མེད་ཀྱི་ལྟུང་བའི་སྦྱོར་བ་དངོས་ཕམ་པའི་སྦྱོར་བའི་སྦོམ་པོ་མཚན་ཉིད་པའོ། །བཞི་པ་ནི། ལྷག་མེད་ཀྱི་ལྟུང་བའི་དངོས་ཀྱི་ཀུན་སློང་གིས་ཀུན་ནས་མ་བསླངས་ཤིང་དེ་དང་རིགས་འདྲས་ཀུན་ནས་བསླངས་ པའི་ལྷག་མེད་ཀྱི་སྦྱོར་བ་དང་འདྲ་བའི་འཆལ་ཚུལ་སྦྱོར་བའི་རྣམ་པའི་སྦོམ་པོའི་མཚན་ཉིད་དོ། །མཚན་ཉིད་བཞི་པོ་དེའི་དངོས་སྦོམ་དང་། སྦྱོར་སྦོམ་གྱི་མཚན་གཞི་གོ་སླ་ལ། དངོས་སྦྱོར་གྱི་རྣམ་པའི་སྦོམ་པོའི་མཚན་གཞི་གང་ཞེ་ན། མདོར། གཞན་གྱི་དོན་ཉིད་དུ་ན་ཡང་། 6-1-264b དངོས་གཞིའི་རྣམ་པའོ་ཞེས་རྐུ་བའི་ཀུན་སློང་གི་ཟུར་མ་ཚང་བའི་མཐར་ཐུག་གྲུབ་པ་ལ་དངོས་གཞིའི་རྣམ་པའི་སྦོམ་པོ་དང་། ཉིད་བཤད་ལས། དོང་དུ་འཇུག་པ་དང་། སྒོ་གླེགས་ཀྱིས་འཆིང་བ་ལ་སོགས་པས་ཉོན་མོངས་པར་བྱེད་པའོ་ཞེས་བྱ་བ་ལ་འདི་ནི་སྦྱོར་བའི་རྣམ་པ་སྟེ། དེ་ བས་ན་འདིར་སྦོམ་པོའོ་ཞེས་སྦྱོར་རྣམ་གྱི་སྦོམ་པོའི་མཚན་གཞི་བསྟན་ཏོ། །དགེ་འདུན་ལྷག་མའི་སྦོམ་པོ་བཞི་པོའི་མཚན་ཉིད་ལའང་ལྷག་བཅས་ཀྱི་ཞེས་འདོན་པ་སྤོ་བ་མ་གཏོགས་གོང་བཞིན་དུ་སྦྱར་རོ། །དེས་ན་མིང་དུ་ཆགས་པའི་སྦོམ་པོ་ཞེས་པ་དང་། ཉེས་པ་སྦོམ་པོ་ ཞེས་པ་དོན་གཅིག་ལ་འཇུག་སྟེ། ལུང་དུ། ཉེས་པ་སྦོམ་པོ་ཞེས་བྱ་བ་ནི་རང་བཞིན་གྱི་ཉེས་པ་སྦོམ་པས་ན་ཉེས་པ་སྦོམ་པོ་སྟེ་དེ་ནི་ཉེས་པ་སྦོམ་པོ་ཞེས་བྱའོ་ཞེས་སོ། །མིང་དུ་ཆགས་པའི་སྦོམ་པོ་ཞེས་བྱ་བ་ནི། ཇི་སྐད་དུ། མིང་དུ་ཆགས་པའི་སྒྲ་ནི་ཉེས་པ་ཆུང་ངུ་ཞེས་ བྱའོ། །ཞེས་པས་ཕམ་ལྷག་གི་ཆར་གཏོགས་ཀྱི་ཉེས་པ་རེས་ཀྱང་རང་བཞིན་གྱི་ཉེས་པ་སྦོམ་པོ་བསྐྱེད་པར་ནུས་ལ། ཉེས་པ་མང་པོ་ཚོགས་ཀྱང་རང་བཞིན་གྱི་ཉེས་སྦོམ་བསྐྱེད་མི་ནུས་པ་དང་འདྲ་བར་དོགས་ནས་ཕམ་ལྷག་ཆར་གཏོགས་ཀྱི་དངོས་གཞིར་མ་ཆོག་པའི་ སྦྱོར་བ་འདི་ལ་ནི་དང་པོ་ནས་སྦོམ་པོར་མིང་དུ་ཆགས་པ་སྟེ་གྲགས་པ་ཡིན་ནོ། །མིང་ཆགས་ཀྱི་སྦོམ་པོའི་མཚན་ཉིད་དང་དེའི་རྣམ་དབྱེ་དོགས་གཅོད་དང་བཅས་པ་རྣམས་དངོས་བསྟན་ལྟར་ཡིན་ལ། ཤུགས་བསྟན་ཡོན་ཏན་སྒྲའི་སྦོམ་པོའི་མཚན་ཉིད་ནི། བསྙེན་རྫོགས་ ཀྱི་རྟེན་ལ་རང་བཞིན་གྱི་ཉེས་པ་ཆེ་བ་མི་བསྐྱེད་ཀྱང་སྦོམ་པོར་བཅས་པའི་འཆལ་ཚུལ་གང་ཞིག །ལྟུང་བ་སྡེ་གསུམ་གྱི་དངོས་གཞིར་མ་ཆོག་པའོ། །ལྟུང་བའི་སྡེ་རེ་རེ་ལའང་དངོས་སྦྱོར་དང་དེའི་རྣམ་པ་སྟེ་བཞི་སྦྱར་བར་རུང་ལ། འདི་ཉིད་འཐད་པར་ལུང་དུ། ཉེས་པ་སྦོམ་པོ་ 6-1-265a མེད་པའི་ཉེས་པ་སྦོམ་པོ་གང་ཞེ་ན། ཉེས་པའི་རིགས་ལྷག་མ་གསུམ་པོ་སྟེ། ལྟུང་བ་དང་སླར་འཆགས་པ་དང་ཉེས་བྱས་ཏེ་འདི་ནི་ཉེས་པ་སྦོམ་པོ་མེད་པའི་ཉེས་པ་སྦོམ་པོ་ཞེས་བྱའོ་ཞེས་པས་ཉེས་སྦོམ་མེད་པའི་ཉེས་སྦོམ་དུ་བཏགས་ལ། བཏགས་ དོན་ལྟུང་བ་སྡེ་གསུམ་གྱི་དངོས་གཞིར་མ་ལོངས་པའི་ཉེས་པ་མང་པོའི་ཡོན་ཏན་གྱི་མིང་ཅན་གྱི་སྒྲས་བསྟིང་བར་མཛད་ནས་སྐྱོན་མང་པོ་འདུས་པ་ལ་སྦོམ་པོར་བཏགས་པ་སྟེ། ཇི་སྐད་དུ། ཡོན་ཏན་གྱི་སྒྲ་ནི་ཉེས་པ་མང་པོ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་བྱ་བ་ནི་དགོངས་ པ་བསྟན་བཅོས་ཀྱི་ཁོངས་ན་གནས་པ་བླངས་ཏེ་བཤད་པ་ཡིན་ལ། གཞན་ཡང་ལྷག་པར་བྱ་བུ་མཐུན་པར། མིང་ཆགས་ཀྱི་སྦོམ་པོའི་དངོས་སྦྱོར་གྱི་དངོས་གཞིའི་རྣམ་སྦོམ་ལྟ་བུའི་གསོད་སེམས་ཀྱིས་ཀུན་ནས་མ་བསླང་བར་མིའི་ལག་པ་བཅད་པ་ལྟ་བུའི་རིགས་འདྲ་ཀུན་ སྦོམ་པོ་མཚན་ཉིད་པ་མིན་ལ། ཡོན་ཏན་ཅན་སྒྲ་སྦོམ་པོ་བཏགས་པ་བར་འདོད་པའི་ཕྱོགས་སྔ་ལ། ཇི་སྐད་དུ། ལག་པ་གཅོད་པ་དང་། སྣ་འབུགས་པ་དང་། ཆོམ་རྐུན་པ་འབུལ་བ་དང་། སྐྲ་ཅན་འཚོང་བ་དང་། འབྲས་མ་སྨིན་པ་བརྟོལ་བ་ལ་སོགས་པ་དག་ལ་ཡང་ ངེས་པར་སེམས་རྩུབ་པ་ཉེ་བར་གནས་པའི་ཕྱིར་སྦོམ་པོར་འགྱུར་བར་ཤེས་པར་བྱའོ། །ཞེས་སོགས་ཀྱི་ངེས་བཟུང་གི་སྦོམ་པོ་དེ་དག་བཏགས་པ་བ་ཡིན་པ་གསལ་བའི་ལུང་གི་གནོད་བྱེད་མང་དུ་བརྗོད་པར་མཛད་དོ། །དེར་མ་ཟད་འདི་ལྟར་ཡང་ཤེས་དགོས་ཏེ། མིང་ཆགས་ དང་ཡོན་སྒྲ་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པའི་སྦོམ་པོའི་རྣམ་པར་བཞག་པ་བཞི་འབྱུང་སྟེ། ས་གའི་ལྷས། ཕས་ཕམ་པས་ནི་ཀུན་བསླང་བའི། །སྦོམ་པོ་རྣམ་པ་བཞི་ཡིན་ནོ། །སྐྲག་པར་མི་བྱེད་ལྕི་བ་སྟེ། །གཞན་གྱིས་དེ་ལ་འབད་པ་ཡིས། །བཟློག་ཀྱང་མི་ཉན་རབ་ལྕིར་ 6-1-265b ཤེས། །གཞན་ལ་ཁྲེལ་ཡོད་ཡང་བ་སྟེ། །རང་ཉིད་ངོ་ཚས་ཤིན་ཏུ་ཡང་། །བསམ་པའི་དབྱེ་བས་འགྱུར་བ་ཡིན། །དེ་བཞིན་དགེ་འདུན་ལྷག་མ་ཡིས། །ཀུན་སློང་སྦོམ་པོ་རྣམ་པ་བཞི། །ཞེས་སོ། །ཕྱིས་བྱོན་པའི་གང་ཟག་རྣམ་པར་རྟོག་པ་གཏིང་མ་ཚུགས་པ་ནི། དཔལ་ ཤཱཀྱ་མཆོག་ལྡན་ན་རེ། སྦོམ་པོ་ལ་གསུམ་དུ་ཡོད་དེ། རང་བཞིན་གྱིས་ཉེས་པ་ཆེ་ཞིང་སྦོམ་པོའི་དོན་གྱིས་ཉེས་པ་སྦོམ་པོར་བཞག་པ་དང་། དེ་ལས་ཅུང་ཟད་དམན་པ་སྦོམ་པོ་ཞེས་པའི་མིང་གང་ལ་དངོས་མིང་དུ་འཇུག་པའི་གཞི་ལ་སྦོམ་པོར་བཞག་པ་དང་། སྦོམ་པོ་ཞེས་ པའི་སྒྲ་བཤད་འཇུག་གཉིས་ཀ་མེད་ཀྱང་སྦོམ་པོར་བཏགས་པ་བ་རྣམས་སོ། །དང་པོ་ནི། ཕམ་ལྷག་གཉིས་ཡིན་ཀྱང་དེ་ལ་སྦོམ་པོའི་མིང་མ་བཏགས། གཉིས་པ་ནི། དམན་པ་སྦོམ་པོ་ཡིན་ལ། དེ་ལ་སྦོམ་པོའི་མིང་གིས་བཏགས་ཤིང་། འདིར་འཆད་པ་སྐབས་སུ་བབ་ པ་ནི་དམན་པ་སྦོམ་པོ་དེ་ཉིད་དོ། །གསུམ་པ་ནི། ལྟུང་བྱེད་ལ་སོགས་པ་གསུམ་ལན་མང་དུ་བྱུང་བའོ། །དེ་སྐད་དུ་ཡང་ལུང་ལས། རྣམ་པ་གཉིས་ཀྱི་ཕྱིར་ཉེས་པ་སྦོམ་པོ་ཞེས་བྱ་སྟེ། རང་བཞིན་གྱིས་ཉེས་པ་སྦོམ་པས་ན་ཉེས་པ་སྦོམ་པོ་སྟེ་དེ་ནི་ཉེས་པ་སྦོམ་པོ་ཞེས་བྱའོ། །ཉེས་པ་ མེད་པའི་ཉེས་པ་སྦོམ་པོ་གང་ཞེ་ན། ཉེས་པའི་རིགས་ལྷག་མ་གསུམ་སྟེ། ལྟུང་བ་དང་། སླར་འཆགས་པ་དང་། ཉེས་བྱས་ཏེ་འདི་ནི་ཉེས་པ་སྦོམ་པོ་མེད་པའི་ཉེས་པ་སྦོམ་པོའོ་ཞེས་ལུང་འདྲེན་པར་བྱེད་དོ། །འདི་ནི་ཡང་དག་པ་མ་ཡིན་ཏེ། རང་བཞིན་གྱིས་ཉེས་སྦོམ་ཕམ་ ལྷག་ཡིན་པ་ལ་ཁུངས་མེད། ཕམ་ལྷག་ཡིན་ན་དེའི་སྦོམ་པོར་འགལ། དེ་ལ་སྦོམ་པོའི་མིང་གིས་མ་བཏགས་ན་གོང་དུ་སྦོམ་པོའི་དབྱེ་བ་གསུམ་དུ་བྱས་པའི་སྦོམ་པོ་དང་པོར་བཏགས་ཤིང་དབྱེ་འབྱེད་བྱས་པ་དང་འགལ། སྤྱིར་སྦོམ་པོ་ཞེས་ལྟུང་བ་སྡེ་ལྔ་པོ་རང་རང་ 6-1-266a འབྱིན་པ་ལ་ཉེས་པ་ཅུང་ཟད་ཀྱིས་མ་ཆོག་པས་དམན་པ་དེའི་ཕྱིར་སྦོམ་པོར་བཞག་པ་མ་གོ་བར། དམན་སྦོམ་མིང་དུ་འཆགས་པ་ཁོ་ནའི་སྦོམ་པོ་ཡིན་པར་ཞེན་པས་སྤྱིའི་ཆོས་བྱེ་བྲག་གི་ཆོས་ཁོ་ན་ལ་ལྡན་པར་སྦྱར་ནས་བྱེ་བྲག་ཡོན་ཏན་ཅན་གྱི་སྒྲ་ལ་མི་ ལྡན་རྣམ་གཅོད་དུ་བྱས་པས། དངོས་བཏགས་མ་ཕྱེ་བའི་སྦོམ་པོའི་སྤྱི་མཚན་ཉམས་པར་བྱས་པ་དང་། ལྟུང་བྱེད་སོགས་ཀྱི་སྡེ་ཚན་གསུམ་པོར་གཏོགས་པའི་ལྟུང་བ་རེ་རེ་བྱུང་བ་ལ་སྦོམ་པོར་མི་འཇོག་པར། དེ་མང་དུ་བྱུང་བ་ལ་སྦོམ་པོར་འཇོག་ན་ཕམ་ལྷག་གི་སྦོམ་པོ་ལའང་ དེ་མཚུངས་པར་འགྱུར་བ་དང་། སྤྱིར་ཡང་ལྟུང་བྱེད་སོགས་སྡེ་ཚན་གསུམ་གྱི་ཆར་གཏོགས་ཀྱི་ཉེས་པ་མང་བ་ལ་ཡོན་ཏན་ཅན་སྒྲ་འཇུག་པར་གསུངས་པ་དང་། ཡང་ན་ལྟུང་བ་དངོས་གཞིར་མ་ཐུག་པའི་གཞིའི་ཡན་ལག་མང་བ་ལ་ཡོན་ཏན་སྒྲ་འཇུག་པར་གསུངས་ཀྱི། ལྟུང་ བ་སྡེ་གསུམ་རང་གི་མཐར་ཐུག་པ་མང་དུ་བྱུང་བ་ལ་སྦོམ་པོར་འཇོག་པ་གཞུང་གང་ནས་ཀྱང་མ་གསུངས་པ་དང་། དེར་མ་ཟད་སྡེ་ལྔའི་ཆར་གཏོགས་ཀྱི་སྦོམ་པོ་ཞེས་དངོས་བཏགས་ཀྱི་སྦོམ་པོའི་སྒྲར་གྲགས་ཀྱི། ཕམ་པ་སྦོམ་པོ་དང་། ལྷག་མ་སྦོམ་པོ་དང་། ལྟུང་བྱེད་སྦོམ་ པོ་ཞེས་སོགས་ཀྱང་མ་གྲགས་ཤིང་མ་བཅས་པའི་ཕྱིར་རོ། །སྦོམ་པོ་ཕྱི་མ་འདི་ལ་སྦོམ་པོའི་སྒྲ་བཤད་འཇུག་གཉིས་ཀ་མེད་ན། རྒྱ་བོད་ཀྱི་འདུལ་བ་འཛིན་པ་ཐམས་ཅད་སྡེ་ཕྱི་མ་གསུམ་ཆར་གཏོགས་པའི་སྦོམ་པོ་འདི་ལ་ཡོན་ཏན་ཅན་ལ་བསམས་ནས་སྦོམ་སྒྲ་འཇུག་པར་བཤད་ པ་ཐམས་ཅད་དང་ཡང་འགལ་ལོ། །ཕམ་ལྷག་གཉིས་ཉེས་སྦོམ་ཡིན་པའི་ཤེས་བྱེད་དུ། ཕམ་ལྷག་ཏུ་མ་ཆོག་པའི་རང་བཞིན་གྱི་ཉེས་སྦོམ་ཉེས་སྦོམ་དུ་འཇོག་པའང་མ་འབྲེལ་ལོ། ། གཞན་ཡང་དཔལ་ཤཱཀྱ་མཆོག་ལྡན་གྱིས་འདི་སྐད་དུ་ཟེར་ཏེ། བླ་མ་རེད་མདའ་བ་ན་རེ། 6-1-266b མིང་དུ་ཆགས་པ་སྦོམ་པོ་མཚན་ཉིད་པ་ཡིན་ལ། གཉིས་པ་ཡོན་ཏན་གྱི་སྒྲའི་སྦོམ་པོ་ནི། ཡིད་ཀྱི་ཉེས་བྱས་མང་པོ་ལ་སྦོམ་པོར་མིང་བཏགས་པ་ཡིན་པས་བསྡམ་བྱ་ཙམ་ཡིན་གྱི། བཤགས་བྱ་མ་ཡིན་ནོ། །དེ་ཅི་ལྟར་ཤེས་ན། ལུང་ལས་དགེ་སློང་མས་གཞན་གྱི་མངལ་ མེད་པར་བྱས་པ་ཡིད་ཀྱིས་དང་དུ་བླངས་པ་དང་། དགེ་སློང་ཡོ་བྱད་མང་པོ་ཅན་ཞིག་ན་བ་ན་ནད་གཡོག་གིས་འདི་ཤི་ན་དགེ་འདུན་ལ་ནོར་རྫས་མང་པོ་འོང་ངོ་སྙམ་དུ་བསམས་ནས་རིམ་གྲོ་མ་བྱས་པ་དག་སྦོམ་པོར་གསུངས་པའི་ཕྱིར། དེས་ན་སྔ་རབས་པ་དག་གིས་ཡོན་ ཏན་གྱི་སྒྲའི་སྦོམ་པོ་ངོས་མ་ཟིན་ནོ་ཞེས་གསུངས་སོ། །དེ་ནི་ཤིན་ཏུ་མི་རིགས་ཏེ་ཡིད་འབའ་ཞིག་གི་ཉེས་པ་ལ་སྦོམ་པོར་འཆད་པ་འདུལ་བའི་གཞུང་འགྲེལ་གྱི་ལུགས་མིན་པའི་ཕྱིར་དང་། དྲངས་མ་ཐག་པའི་ལུང་གི་དོན་ཡང་དེའི་ལུས་ངག་གི་བྱ་བ་ལ་འཆད་དགོས་པ་ཡིན་ གྱི། ཡིད་འབའ་ཞིག་པའི་ཉེས་པ་ལ་ལྟུང་བ་སྦོམ་པོར་འཆད་པའི་སྐབས་མེད་དེ། ལུང་གཏམ་གྱི་གཞི་ལས། སེམས་ལས་བྱུང་བ་འབའ་ཞིག་གི་ལྟུང་བ་མེད་དོ་ཞེས་གསུངས་པས་སོ། །ཞེས་ཟེར་རོ། །འདི་ལ་ཕྱོགས་སྔའི་ལུགས་མི་བཟང་བ་དང་། དགག་པ་ ལ་ནུས་པ་མེད་ཅིང་རང་ལ་འཁོར་བའོ། །དང་པོ་ནི། ཕྱོགས་སྔ་དེ་དག་གི་འདོད་པ་སྦྱོར་བར་དྲིལ་ན། བསྡམ་བྱ་ཡིད་ཀྱི་ཉེས་བྱས་ཆོས་ཅན། ཡོན་ཏན་སྒྲའི་སྦོམ་པོར་གྲུབ་སྟེ། དགེ་སློང་མས་གཞན་གྱི་མངལ་མེད་པར་བྱས་པ་ཡིད་ཀྱིས་དང་དུ་བླངས་པ་དང་། དགེ་སློང་ ཡོ་བྱད་མང་པོ་ཅན་ཞིག་ན་བ་ན་ནད་གཡོག་གིས་འདི་ཤི་ན། དགེ་འདུན་ལ་ནོར་རྫས་བགོར་ཡོད་དོ་སྙམ་དུ་བསམས་ནས་དེ་ལ་རིམ་གྲོ་མ་བྱས་པ་དག་ལུང་དུ་སྦོམ་པོར་གསུངས་པ་གང་ཞིག །དེ་ལ་ལུས་ངག་གི་འཇུག་པ་མེད་པའི་ཕྱིར། མ་གྲུབ་ན། འོ་ན་གཞི་དེས་ཕམ་ 6-1-267a པར་འགྱུར་བར་ཐལ། ཕམ་པ་འབྱུང་བའི་གཞི་ལ་འདུ་ཤེས་མ་འཁྲུལ་བས་ལུས་ངག་གི་བྱ་བ་རྩོམ་ཞིང་མཐར་ཐུག་རྫོགས་པའི་ཕྱིར་རོ་ཞེ་ན། རྟགས་མ་གྲུབ་ཀྱི་ལན་ཐེབས་པ་ཡིན་ཏེ། མངལ་མེད་པར་བྱས་ཟིན་པ་ཡིད་ཀྱིས་དང་དུ་བླངས་པའི་འོག་ཏུ་གཞི་ དེ་ལ་དམིགས་པའི་ལུས་ངག་གི་ལས་བྱས་ཀྱང་། སྲོག་གཅོད་ཀྱི་མཐར་ཐུག་པར་མི་འགྱུར་བའི་ཕྱིར་དང་། རིམ་གྲོ་མ་བྱས་ཀྱང་ངེས་པར་འཆི་བས་མ་ཁྱབ་པས་མཐར་ཐུག་པར་མི་འགྱུར་བའི་ཕྱིར་རོ། །ཡང་ཕྱོགས་སྔ་མས། དགེ་སློང་མས་མངལ་མེད་བྱེད་པ་ཡིད་བླངས་དང་། རིམ་གྲོ་མ་བྱས་པ་གཉིས་བསྡམ་བྱ་ཡིད་ཀྱི་ཉེས་བྱས་མིན་ན། ཡོན་སྒྲའི་སྦོམ་པོ་མ་ཡིན་པར་ཐལ། ལྟུང་བ་སྡེ་ལྔ་གང་ལ་ཡང་མེད་པའི་ཕྱིར་ཟེར་ལ། ཁྱབ་པ་འདི་གང་གིས་ཁས་བླངས་ཞེ་ན། བོད་སྔ་རབས་པ་དག་ཡོན་སྦོམ་ལྟུང་བ་སྡེ་ལྔ་ཆར་ལ་ཡོད་ཅེས་ཟེར་བ་ལ་བརྟེན་པར་ སྣང་ལ། འདོད་ན་ལུང་དང་འགལ་ཟེར་རོ། །རིགས་པ་དེ་ཡང་རྩིང་བ་སྟེ། དེ་གཉིས་སྲོག་གཅོད་དང་། མ་བྱིན་ལེན་ཆར་གཏོགས་ཀྱི་བསྡམ་བྱ་ལས་གཞན་བཤགས་བྱ་ཡང་ཡོད་པས་རྟགས་མ་གྲུབ་ཀྱི་ལན་ཐེབས་པ་ཡིན་ནོ། །གཞན་ཡང་ཡོན་སྦོམ་བཤགས་མི་དགོས་པར་བསྡམས་ པ་ཙམ་གྱིས་ཆོག་ཅེས་པའང་རང་བཟོའི་མུན་སྤྲུལ་ལོ། །གཉིས་པ་ནི། དྲངས་མ་ཐག་པའི་ལུང་ཡིད་འབའ་ཞིག་ལ་བརྟེན་པ་མིན་པས་ལུས་ངག་གི་ལས་ལ་འཆད་དགོས་ཟེར་ནན་གྱིས་སྒྲུབ་པ་ཡང་མི་འཐད་དེ། ལུང་གི་ཚིག་རིས་ཀྱིས་ལུས་ངག་གི་ལས་མ་ཟིན་པའི་ཕྱིར་དང་། ལུས་ངག་གི་ལས་ཡིན་ཙམ་སྦོམ་པོར་འཆད་ན་སྦྱོར་བའི་སྦྱོར་བ་ལུས་ངག་གི་ལས་ཙམ་སྦོམ་པོ་མིན་ཅེས་སྔོན་བྱོན་དཔང་གྱུར་རྣམས་ཀྱིས་གསུངས་པ་དང་འགལ། ཡང་དཔལ་ཤཱཀྱ་མཆོག་ལྡན་ན་རེ། ལུང་ལས་བཤད་པའི་ཉེས་པ་སྦོམ་པོ་མཚན་ཉིད་པ་དེ་ལ་མིང་དུ་ཆགས་པའི་ 6-1-267b སྒྲའི་སྦོམ་པོ་དང་། ཡོན་ཏན་ཅན་གྱི་སྒྲའི་སྦོམ་པོའོ། །དང་པོ་ནི། སྦོམ་པོའི་མིང་གིས་བཏགས་ཤིང་གཞུང་འགྲེལ་ལས་སྦོམ་པོ་མཚན་ཉིད་པར་བཤད་པ་རྣམས་སོ། །གཉིས་པ་ནི། དོན་ལ་སྦོམ་པོའི་ཡོན་ཏན་དང་ལྡན་ཅིང་དེའི་སྒྲ་བཤད་དུ་ཡོད་ཀྱང་། སྦོམ་པོའི་མིང་གིས་མ་ བཏགས་ཤིང་། གཞུང་འགྲེལ་ལས་སྦོམ་པོར་མ་བཤད་པ་རྣམས་ཏེ་ཕམ་ལྷག་གི་དངོས་གཞི་རྣམས་སོ། །དེ་སྐད་དུ་ཡང་འོད་ལྡན་ལས། དེ་ལྟར་བྱས་ན་ཉེས་པ་སྦོམ་པོ་ཞེས་བྱ་བའི་སྒྲ་ནི་གཉིས་སུ་སྟོན་ཏེ། མིང་དུ་ཆགས་པའི་སྒྲ་དང་ཡོན་ཏན་གྱི་སྒྲའོ། །དེ་ལ་མིང་དུ་ ཆགས་པའི་སྒྲ་ནི་ཉེས་པ་ཆུང་ངུ་ཞེས་བྱ་བ་ཡིན་ནོ། །ཡོན་ཏན་གྱི་སྒྲ་ནི་ཉེས་པ་མང་པོའོ་ཞེས་འདྲེན་པར་བྱེད་དོ། །འདི་ནི་ཡང་དག་པ་མ་ཡིན་པ་སྟེ། ཕམ་ལྷག་དངོས་གཞི་ལ་སྦོམ་པོའི་སྒྲས་གཞུང་འགྲེལ་ནས་མ་བསྟན་པའི་ཤེས་བྱེད་དུ། འོད་ལྡན་གྱི་ཡོན་སྒྲའི་སྦོམ་པོའི་སྒྲ་ དེས་ཕམ་ལྷག་གི་དངོས་གཞི་བསྟན་པ་ཡིན་ཟེར་བ་དེའི་ཕྱིར་བསྒྲུབ་བྱ་སྒྲུབ་བྱེད་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ནོ། །ཡང་རེད་མདའ་བ་ན་རེ། བརྡའི་དབང་གིས་སྒྲ་དེ་ལས་དོན་གོ་བ་ནི་མིང་དུ་ཆགས་པའི་སྒྲ་ཡིན་ལ། དོན་དེ་ལ་སྒྲ་དེ་ངེས་པའི་ཚིག་གི་སྒོ་ནས་བཤད་དུ་རུང་བ་ཡོན་ ཏན་གྱི་སྒྲ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་བཏགས་མིང་དང་དངོས་མིང་གི་ཁྱད་པར་ལ་བསམས་ནས་བཟླས་པར་སྣང་ཡང་ཡང་དག་པ་མིན་ཏེ། ཡོན་ཏན་ཅན་གྱི་སྒྲ་ལས་དེའི་དོན་ལྟུང་བྱེད་སོགས་གསུམ་གྱི་ཆར་གཏོགས་ཀྱི་ཉེས་པ་གོ་བ་ཡང་ཡོད་ལ། བདག་པོ་མེད་པའི་གཏེར་ རྐུ་བ་ལྟ་བུ་དོན་ལ་མིང་དུ་ཆགས་པ་སྦོམ་པོའི་སྒྲ་ངེས་ཚིག་གི་སྒོ་ནས་བཤད་པར་ཡང་རུང་བས་ཁྱོད་ཀྱི་ཁྱད་པར་དེ་ཡང་འཁྲུལ་བཅས་ཡིན་ནོ། །འདིར་སྨྲས་པ། ཚེ་རབས་ཀུན་ཏུ་རིང་མོར་བསྟན་འདི་ལ། །ལེགས་པར་སྦྱངས་པའི་ངལ་ཐག་མ་ཆད་པས། །གཞན་གྱི་འཁྲུལ་ 6-1-268a གཏམ་འཁྲུལ་པར་གོ་བ་དང་། །རང་གི་རྟོགས་པ་འཁྲུལ་པ་མེད་པ་ལ། །ཡིད་ཆེས་འགྲན་ཟླ་མེད་པའི་མྱོང་བ་ཡོད། །བླུན་པོ་གཏི་མུག་ནོར་ཆེན་མང་པོ་ཡི། །རང་གཞུང་གཞན་གཞུང་འདྲེས་པའི་དོན་བྲལ་ལ། །སྐལ་ངན་ཉན་བཤད་བྱེད་རྣམས་སྙིང་རྗེའི་གནས། ། ཞེས་སོ།། །།གཉིས་པ་ནི། ཕམ་པའི་སྡེ་ཚན་དེ་ལ་གལ་ཏེ་ཕམ་པའི་དངོས་གཞི་བསྐྱེད་ནུས་པའི་སྦྱོར་བ་ཡིན་ན་སྦྱོར་བ་མཚན་ཉིད་པའི་སྦོམ་པོའོ། །ཊཱི་ཀར། ཇི་ལྟར་སྦྱོར་བའི་སྦྱོར་བ་ཡིན་ན་དེ་ལ་ནི་ཉེས་བྱས་ཁོ་ནའོ་ཞེས་སོ། །མཚོ་མཆན་དུ། སྤྱིར་བསྟན་གྱི་ཊཱི་ཀ་ལས། ཕམ་ པའི་སྦྱོར་བ་ལ་ཉེས་བྱས་སུ་བཤད་དོ་ཞེས་པའི་དགོངས་པ་བཙལ་ལོ་ཞེས་འབྱུང་ངོ་། །ཕམ་པའི་སྡེ་ཚན་གྱི་འོག་མ་ལྷག་མའི་སྡེ་ཚན་ལ་ཡང་སྔ་མ་དེ་བཞིན་ནོ། །དངོས་པོ་རིན་ཐང་མ་ཆོག་པ་བརྐུས་ན་ཡན་ལག་གཞན་ཐམས་ཅད་ཚང་ཡང་སྦོམ་པོའོ། །བརྐུས་པའི་ཕམ་པ་མི་བསྐྱེད་ དེ། རིན་ཐང་གི་ཡན་ལག་མ་ཚང་བའི་ཕྱིར་རོ། །རང་གི་ཁང་པའི་མཛོད་དུ། ཕས་གཏེར་སྦས་ཏེ་ཁ་ཆེམས་མེད་པར་ཕ་ཤི་ན། གཏེར་སྦས་པ་དེ་བུ་དབང་ཡང་བུ་ལ་རྒྱུས་ཤེས་པ་མེད་པ་ལྟ་བུ་དོན་ལ་བདག་པོ་ཡོད་ཀྱང་དབང་བར་ཤེས་པའི་བདག་པོ་མེད་པའི་གཏེར་བརྐུས་ན་སྦོམ་ པོར་འགྱུར་རོ། །བརྐུས་པའི་ཕམ་པ་མི་བསྐྱེད་དེ། རྫས་བདག་པོས་བདག་གིར་བྱས་པའི་ཡན་ལག་མ་ཚང་བའི་ཕྱིར། མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་རྫས་དེ་བདག་པོས་བདག་གིར་བྱས་པ་ཡན་ལག་ཏུ་དགོས་པར་ནི་སྐབས་འདི་དང་ལུང་གཞན་གྱིས་ཀྱང་གྲུབ་སྟེ། འདུལ་ བྱེད་ལས། ནད་པས་དགེ་འདུན་ལ་བསྔོས་བའི་རྫས་དེ་ནད་གཡོག་གིས་སོ་སོར་བགོས་པ་ལ་སྦོམ་པོར་གསུངས་ཏེ། བདག་པོ་དགེ་འདུན་རྣམས་ཀྱིས་དབང་བར་མི་ཤེས་པས་ནད་གཡོག་རྣམས་ལ་ཕམ་པ་མ་བྱུང་བའོ། །འོ་ན་བདག་པོས་ཡུན་རིང་དུ་བརྗེད་པའི་རྫས་དེ་བརྐུས་ 6-1-268b ན་ཅིར་འགྱུར་ཞེ་ན། འགྲེལ་ཆུང་ལས། ནོར་བདག་གི་སེམས་ལ་ནོར་ཡོད་པ་ཡང་མི་དྲན། སྟོར་བ་ཡང་མི་དྲན་པ་ཞིག་བརྐུས་ན་ཐོག་མར་ནོར་བདག་གི་སེམས་ལ་བདག་གིར་ཡིན་པར་བསམས་པས་ཕྱིས་མི་དྲན་ཀྱང་ཕམ་མོ་ཞེས་སོ། །ཊཱི་ཀར། གཏེར་གང་ལ་བདག་པོས་དོན་ རྟོགས་པ་དང་མ་རྟོགས་པ་གཉིས་ཀ་མེད་པ་དེ་ལ་ཇི་ལྟར་འགྲུབ་ཅེ་ན། དཔེར་ན་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་རྫས་བརྐུས་པ་བཞིན་ཏེ། གལ་ཏེ་རྐུ་སེམས་མེད་ན་དེའི་ཚེ་ལྟུང་བ་མེད་དེ། བདག་གི་བ་མེད་པའི་ཕྱིར་རོ། །ཇི་ལྟར་རྐུ་སེམས་སྐྱེད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་ རོ། །གལ་ཏེ་བདག་པོས་དོན་མ་རྟོགས་པའི་གཏེར་དེ་ཉིད་མ་ཤ་ཀ་ལྔ་ལ་སོགས་པ་ལས་ཉུང་ལ། བདག་པོ་མེད་པར་འདུ་ཤེས་པས་སམ། བདག་པོ་དང་བཅས་པར་འདུ་ཤེས་པས་སམ། བདག་པོ་མིའམ་མི་མ་ཡིན་པས་ཡོངས་སུ་བཟུང་བར་འདུ་ཤེས་པས་དེ་བརྐུས་ན་ཉེས་བྱས་ ཏེ་སྦོམ་པོའི་དབང་དུ་བྱས་པའི་ཡན་ལག་དག་པས་ཉུང་བའི་ཕྱིར་རོ་ཞེས་སོ། །རང་གིའོ་ཞེས་པ་རང་གི་རྫས་ལ་གཞན་གྱིར་འདུ་ཤེས་འཁྲུལ་ཏེ་བརྐུས་པ་ན་མཐར་ཐུག་གི་སྦོམ་པོའོ། །དེ་ནི་རྣམ་འབྱེད་ལས། མ་ཕམ་པའི་བྱུང་བ་ལས་སོ། །རྣམ་པ་གཅིག་ཏུ་ན་རང་གི་རྫས་གཡར་དུ་ བཅུག་པ་ལ་རང་གིར་འདུ་ཤེས་ཏེ་བསྐྱིན་མ་ལེན་པའི་བསམ་པས་བརྐུ་ན་སྦྱོར་བའི་སྦོམ་པོ་སྟེ་ཞེས་དང་། དགེ་སློང་རང་གི་ལྷུང་བཟེད་དང་ཆོས་གོས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །འགྲོ་བ་གཞན་གྱིར་རོ་ཞེས་པ་འདི་ལ་བཤད་ལུགས་གཉིས་ཡོད་དེ། མིའི་རྫས་ལ་འགྲོ་བ་གཞན་གྱིས་འདུ་ཤེས་འཁྲུལ་ཏེ་བརྐུས་ན་སྦོམ་པོར་འགྱུར་རོ། །ཞེས་ཊཱི་ཀ་ལས་བཤད་ཅིང་། མི་རྣམས་ཀྱི་རྩེད་མོའི་བྱ་ནེ་ཙོའམ་རྨ་བྱ་མུ་ཏིག་གིས་བརྒྱན་པ་ལ་དགེ་སློང་གིས་འདི་སྙམ་དུ། བྱ་ལས་བརྐུ་བར་བྱའི། མི་ལས་བརྐུ་བ་མ་ཡིན་ནོ་སྙམ་དུ་སེམས་ནས་ 6-1-269a བརྐུས་ན་སྦོམ་པོར་འགྱུར་ཞེས་ལུང་རྣམ་འབྱེད་ལས་གསུངས་ཏེ། དེ་ནི་བསམ་པའི་སེལ་བར་བཤད་པའི་ལུགས་སོ། །གཞིའི་སེལ་བར་བཤད་པའི་ལུགས་ནི། འགྲེལ་ཆུང་གི་རྩ་བ་ལས། འགྲོ་བ་གཞན་གྱིའོ་ཞེས་བཤད་དེ། མི་ལས་འགྲོ་བ་གཞན་ དུད་འགྲོ་དང་། མི་མ་ཡིན་གྱི་ནོར་རྫས་བརྐུས་ན་སྦོམ་པོའོ་ཞེས་བཤད་ཅིང་། ལུང་རྣམ་འབྱེད་ལས་ཀྱང་། ཆུ་དཀོན་ཅིང་རིན་ཆེ་བའི་ཚེ་དགེ་སློང་གིས་དུད་འགྲོའི་སྐལ་བའི་ཆུ་བརྐུས་ན་ནི་རིན་ཐང་ཚང་ན་སྦོམ་པོར་འགྱུར་ཞེས་གསུངས་སོ། །དགེ་སློང་གིས་བདག་གིར་མ་བྱས་པར་ ནོར་རྫས་འདམ་རྫབ་ལ་སོགས་པར་སྦ་བ་དང་། མེར་སྲེག་པ་ལ་སོགས་ཆུད་གཟན་པ་དང་། རི་དྭགས་ལ་སོགས་པ་རྒྱའམ་རྙིས་ཟིན་པ་དེ་ཡིར་ཡང་མ་གྱུར་ཅིག །བདག་གིར་ཡང་མ་གྱུར་ཅིག་སྙམ་ནས་བཀྲོལ་ཏེ་བཏང་བ་དང་། ལ་སོགས་པས་བཅིང་བ་དང་སྐྲོད་པ་དང་། གསོད་པས་བདག་པོ་ལས་བྲལ་བར་བྱེད་ན་སྦོམ་པོར་ཡང་ངོ་། །ཊཱི་ཀར། འདིར་རྐུ་བའམ་བརྐུར་བཅུག་པ་དང་། རྐུ་སེམས་ཀྱི་ཡན་ལག་དེ་གཉིས་མེད་ཀྱང་གལ་ཏེ་མངགས་པ་དང་། མ་བྱིན་པ་དང་། མ་ཤ་ཀ་ལྔ་ལ་སོགས་པ་དང་། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དང་། དེར་འདུ་ཤེས་པའི་ཡན་ལག་གཞན་ཐམས་ཅད་ཡོད་ཅིང་ཡན་ལག་དེ་དག་དང་ལྡན་ན་སྦོམ་པོའོ་ཞེས་སོ། །གསུམ་པ་ནི། མདོ་འཆད་འགྱུར་འདིའི་སྔ་འགྲེལ་དུ། ཊཱི་ཀར། གནོད་པར་བྱ་བའི་སེམས་ཀྱིས་ཕྲལ་བ་ལ་སྦོམ་པོར་སྨྲ་ན། སེམས་གཞན་གྱིས་ཕྲལ་བ་ལ་ཅིར་འགྱུར་ ཞེ་ན། དེའི་ཕྱིར་ཞེས་སོ། །སྙིང་རྗེ་དང་ལྡན་པའི་རྐུ་སེམས་ཀྱིས་བརྐུས་ན་ཉེས་བྱས་ལས་བརྐུས་པའི་སྦོམ་པོར་མི་འགྱུར་ཏེ་རང་དོན་དང་འཚོ་ཆེད་མེད་པའི་ཕྱིར་རོ། །སྙིང་རྗེ་ཡོད་ཀྱང་ལྟུང་བ་གཏན་མི་བསྐྱེད་པ་མིན་ཏེ་བཅས་པའི་རྟེན་ཅན་གྱི་རྐུ་སེམས་ཀྱིས་བསྐྱེད་པའི་རིག་བྱེད་ 6-1-269b ཡོད་པའི་ཕྱིར་རོ། །ཊཱི་ཀ་ལས། ཕམ་པར་འགྱུར་བ་ཞེས་བྱ་བའི་དངོས་གཞིའི་སྦྱོར་བ་ལ་སྦོམ་པོར་སྨྲས་ན་ཕམ་པར་འགྱུར་བ་མ་བྱས་པ་ཁོ་ནར་གལ་ཏེ་བར་སྐབས་སུ་ཕྱིར་ལོག་པར་གྱུར་ན། དེ་ལ་སྦོམ་པོར་མི་འགྱུར་བ་དོགས་པ་བཟློག་པའི་ཕྱིར་ཞེས་སྔ་འགྲེལ་དུ་དྲངས་ནས། རྐུ་བའི་སྦྱོར་བ་སྔར་བྱས་ན་ཕྱིར་བཅོས་པ་དེ་ཕྱིར་བཟློག་ཀྱང་རྐུ་བའི་སྦྱོར་བ་དེ་མ་བྱས་པ་ཉིད་མ་ཡིན་ཏེ་རྐུ་བའི་སྦྱོར་སྦོམ་བྱུང་ཟིན་པའི་ཕྱིར་རོ། །ཊཱི་ཀར། སྦྱོར་བ་ལ་ནི་སྦོམ་པོར་སྨྲས། སྦྱོར་བའི་སྦྱོར་བ་ལ་ནི་ཉེས་བྱས་སུ་སྨྲ་ན། ད་ནི་དེ་གཉིས་ཀྱི་ཡུལ་གྱི་དབྱེ་བ་བསྟན་པའི་ཕྱིར་ ཞེས་སྔ་འགྲེལ་དུ་དྲངས་ནས་ནོམ་པའི་སྔ་རོལ་ནི་སྦྱོར་བའི་སྦྱོར་བ་སྟེ་ཉེས་བྱས་བསྐྱེད་པ་ཉིད་དོ། །འདིས་ནོམ་པ་ནི་སྦྱོར་བ་ཉིད་དོ་ཞེས་ཤུགས་ཀྱིས་བསྟན་ཏོ། །སྦྱོར་བ་དང་དེའི་རྣམ་སྦོམ་ཡང་ཊཱི་ཀར། འདིར་ཡང་ནོམ་པ་མང་པོ་དག་ལ་ཡང་ཇི་སྲིད་དུ་རྐུ་བའི་བསམ་པ་ཕྱིར་མ་ལོག་ གི་བར་དུ་ནི་སྦོམ་པོར་གཅིག་ཁོ་ནའོ། །ཕྱིར་ཟློག་པའི་བསམ་པ་བྱུང་ན་ནི་ཡང་ཕྱིས་ནོམ་པར་བྱེད་ན་སྦོམ་པོ་གཞན་དུ་འགྱུར་རོ་ཞེས་སོ། །ཊཱི་ཀར། སྦྱོར་བ་ཐམས་ཅད་ཉེས་བྱས་ཅེས་སྨྲ་ན། ཇི་ལྟར་ཁྲི་ལས་ལྡང་བར་བྱེད་པ་དེ་ལ་སོགས་པའི་སྦྱོར་བ་དག་ལ་ཉེས་བྱས་གཅིག་ཁོ་ནར་འདོད་ པ་དེ་བཞིན་དུ་ཐམས་ཅད་ལ་ཡང་ཡིན་ནམ་ཞེ་ན་དེའི་ཕྱིར་ཞེས་མཚམས་སྦྱར་ནས། ཕྲི་བའི་གོམ་པ་རེ་རེ་ལ་སྦྱོར་བའི་སྦྱོར་བ་དེ་ཐ་དད་པ་ཡིན་ནོ། །འདིར་ཊཱི་ཀ་ལས། མི་སྣང་བར་འགྲོ་བའི་རྐང་པ་བཏེག་པའི་སྔ་རོལ་གྱི་རྐང་པ་བཏེག་པ་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ་ཞེས་སོ། ། འོ་ན་འདུལ་བྱེད་ཀྱི་སྐབས་ལས། རྐུ་བའི་ཆེད་དུ་འགྲོ་བ་ཡང་ངོ་། །དེ་ལས་གྲོས་བྱེད་པ་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་རྐུ་བའི་གྲོས་བྱེད་པ་ནས་བརྩམས་ཏེ་རྐུ་བའི་ཆེད་དུ་འགྲོ་བའི་གོམ་པ་རེ་རེ་ལ་ཉེས་བྱས་གཅིག་ཏུ་གསུངས་པ་དེ་དང་། སྐབས་འདིར་ཕྲི་བའི་གོམ་པ་རེ་རེ་ཉེས་བྱས་ 6-1-270a ཐ་དད་དུ་གསུངས་པ་དེ་ཇི་ལྟར་བཞག་ཅེ་ན། ཉེས་བྱས་གཅིག་ཏུ་གསུངས་པ་དེ་སྤྱིར་བཏང་ཡིན་ལ། འདིའི་ཉེས་བྱས་ཐ་དད་དུ་གསུངས་པ་དམིགས་བསལ་ཡིན་པར་རིགས་སོ། །འདིར་ཤ་ན་རེ། ཕྲི་བའི་གོམ་པ་རེ་རེ་ལ་ཞེས་པ་གོམ་པ་ཐ་དད་ལ་དགོངས་པ་ ཡིན་གྱི། ཉེས་བྱས་ཐ་དད་དུ་བསྐྱེད་པ་མ་ཡིན་ཏེ་ཉེས་བྱས་ཐ་དད་དུ་བསྐྱེད་པའི་རྒྱུ་གང་ཡང་མེད་པའི་ཕྱིར་ཞེས་ཟེར་ཡང་། ཉེས་བྱས་ཐ་དད་དུ་བསྐྱེད་པའི་རྒྱུ་ནི་བཅོམ་ལྡན་འདས་ཀྱིས། ཐ་དད་དུ་བསྐྱེད་པ་བཅས་པའི་དབང་གིས་རྣམ་པར་བཞག་སྟེ། འོད་ལྡན་ལས། ལྟུང་ བ་ནི་བཅས་པ་ཙམ་གྱི་རྗེས་སུ་འབྲང་བས་སོ་ཞེས་སོ། །ཊཱི་ཀར། བྱ་བ་གཅིག་ཡིན་པའི་ཕྱིར་ལྟུང་བ་གཅིག་ཏུ་འགྱུར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་ཞེས་སྔ་འགྲེལ་དུ་དྲངས་སོ། །དེའི་གཞི་ལ་ནི་སེམས་ཅན་སོ་སོ་ལའོ། །ཞེས་པ་ལ་སྤྱིར་ན་གཞི་སེམས་ཅན་ལས་གྱུར་པ་ལ་ གཉིས་སུ་དབྱེ་སྟེ། གཞི་སེམས་ཅན་ཚོགས་པ་ཡན་ལག་ཏུ་དགོས་པ་དང་། ཚོགས་པ་ཡན་ལག་ཏུ་མི་དགོས་པའོ། །དང་པོ་ནི། སྨྱན་བྱེད་པ་དང་། ཉལ་ཤོམ་འདུག་འགྲེང་དང་། དམག་ལ་ལྟ་བ་ལ་སོགས་པ་སྟེ། དེ་དག་ནི་སེམས་ཅན་སོ་སོ་ལ་བརྟེན་ནས་དངོས་གཞི་ལྟུང་ བ་གཅིག་ཏུ་འགྱུར་ཡང་སྐབས་འདིའི་བརྗོད་བྱ་མ་ཡིན་ནོ། །གཉིས་པ་ནི། འདིར་བསྟན་ཏེ་སེམས་ཅན་ཚོགས་པ་ཡན་ལག་ཏུ་མི་དགོས་པ་རྣམས་ཀྱི་དབང་དུ་བྱས་ཏེ། སེམས་ཅན་དེའི་གཞི་ལ་བརྐུས་པ་དང་། མཚོན་བཏབ་པ་དང་། སྐུར་པ་བཏབ་པ་ལ་སོགས་པ་ནི་སེམས་ ཅན་སོ་སོ་ལའོ་སྟེ་ལྟུང་བ་ཐ་དད་པར་འགྱུར་རོ་ཞེས་མདོ་སྔ་མ་ལ་བསྙེགས་སོ། །དེས་ན་སྦྱོར་བའི་སྦྱོར་བའི་ཉེས་བྱས་ཐ་དད་པ་དང་། སྦྱོར་བའི་སྦོམ་པོ་ཐ་དད་པ་དང་། མཐར་ཐུག་གི་སྦོམ་པོ་ཐ་དད་དུ་བསྐྱེད་པ་ལྟ་བུའོ། །འདི་ནི་དཀའ་བའི་གནས་ཏེ་འགྲེལ་བའི་དོན་རྣམ་པ་གསུམ་རིམ་བཞིན་དུ་བཤད་པར་བྱ་སྟེ་ 6-1-270b ཡོན་ཏན་འོད་མར། མི་གཉིས་སམ་གསུམ་ཡན་ཆད་མང་པོ་ཞིག་གི་ནོར་ལ་དགེ་སློང་གཅིག་གིས་བརྐུས་ན་མི་དུ་ཡོད་པ་བཞིན་དུ་ཉེས་བྱས་དང་སྦོམ་པོ་རེ་རེ་ཡང་ཡོད། ཕམ་པ་ནི་སྤྱིར་གཅིག་ཏུ་ཟད་དེ་ཞེས་བཤད་པ་ནི། ཕམ་པ་རྣམས་ལྡོག་མཚུངས་གཅིག་པ་ལ་དགོངས་པ་ ཡིན་གྱི། འདིར་ཕམ་པ་ཐ་དད་པ་སྟེ། ཡོན་ཏན་འོད་མར། སྡིག་ནི་མི་དུ་ཡོད་པ་བཞིན་དུ་ཕམ་པ་རེ་རེའི་སྡིག་ཡོད་ཅེས་བཤད་པ་དང་། ཊཱི་ཀ་ལས། སེམས་ཅན་སོ་སོ་ལ་དངོས་གཞི་དང་སྦྱོང་བའི་བདག་ཉིད་ལྟུང་བ་ཐ་དད་དོ། །ཞེས་བཤད་པ་ལས་གྲུབ་བོ། །སྐབས་འདིར་ ཊཱི་ཀ་ལས། སེམས་ཅན་བདག་པོ་རེ་ལས་བརྐུ་ན་སོ་སོ་ལས་ཕམ་པར་འགྱུར་ཞིང་སྦྱོར་བའི་སྦོམ་པོ་ཞེས་བྱ་བ་ནི་གཅིག་ཁོ་ནར་འགྱུར་ཞེས་བཤད་པ་ནི་སྦོམ་པོ་རྣམས་ལྡོག་མཚུངས་གཅིག་པ་ལ་དགོངས་པ་ཡིན་གྱི། འདིར་སྦོམ་པོ་ཐ་དད་པ་སྟེ་ཕམ་པ་ཐ་དད་ཀྱི་སྦྱོར་ལྟུང་ཡིན་ པའི་ཕྱིར་དང་། འགྲེལ་ཆུང་ལས། མི་དུ་ཡོད་པ་བཞིན་དུ་ཉེས་བྱས་དང་སྦོམ་པོ་རེ་རེ་ཡོད་ཅེས་བཤད་པས་གྲུབ་བོ། །ཊཱི་ཀ་ལས། དགེ་སློང་གིས་མདའི་སྦྱོར་བ་གཅིག་གིས་མི་མང་པོ་དག་ལ་འཕངས་ན་དེའི་ཚེ་སེམས་ཅན་སོ་སོ་ལ་སྦོམ་པོ་ཐ་དད་པར་འགྱུར་ལ། ཉེས་བྱས་ ནི་གཅིག་ཁོ་ནར་འགྱུར་ཞེས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་རྣམས་ལྡོག་མཚུངས་གཅིག་པར་བསྐྱེད་པ་ལ་དགོངས་སོ་ཞེས་རིགས་སོ། །ནོམ་ཉུག་བྱེད་པ་ན་སྦོམ་པོར་གསུངས་པས་གྲུ་ཕུར་པ་ལ་བཏགས་པ་བཀྲོལ་བ་ན་སྦོམ་པོར་འགྱུར་རམ་སྙམ་ན་གྲུ་བརྐུ་བའི་ཕྱིར། ཕུར་པ་ ལས་བཀྲོལ་བ་ནི་གྲུ་ལ་ནོམ་ཉུག་བྱེད་པའི་རེག་པ་མ་ཡིན་པས་དེའི་ཚེ་གྲུ་རྐུ་བའི་སྦྱོར་སྦོམ་དུ་མི་འགྱུར་གྱི་སྦྱོར་བའི་སྦྱོར་བའི་ཉེས་བྱས་སོ། །གསུམ་པ་ལ། སྤགས་དང་སྤྱིང་བ་རྐུ་བ་དང་། །བཤལ་དང་སྤགས་ཏེ་རྐུ་བ་དང་། །ཤོ་གམ་སྲོག་ཆགས་རྐུ་བ་དང་། །སྣང་དང་མི་ 6-1-271a སྣང་རྐུ་བ་དང་། །གྲུ་དང་ལོ་ཏོག་རྐུ་བ་དང་། །སྐལ་དང་ས་གཞི་སོགས་རྐུ་བའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གཞན་ལུགས་དགག་པ་ནི། རྨ་ཚོ་བ་བྱང་རྡོར་ནི། མ་བྱིན་པར་ལེན་པའི་མཐར་ཐུག་ནི་གནས་ནས་ སྤགས་པ་སྟེ། ལུང་རྣམ་འབྱེད་ལས། གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱའོ། །ཇི་ལྟར་གནས་ནས་གནས་སུ་སྦེད་ཅེ་ན། གང་དུ་བཞག་པར་གྱུར་པའི་གནས་དེ་ནས་གནས་གཞན་དུ་འཇོག་པར་བྱེད་དེ། ཞེས་གསུངས་པ་དང་། ཊཱི་ཀ་ལས། ཁྲི་ལས་ལྡང་བ་ལ་སོགས་པ་ལ་ནི་ཉེས་བྱས་སོ། །ནོམ་པ་ན་ཉེས་པ་སྦོམ་པོའོ། །གནས་ནས་སྤགས་པ་ན་ཕམ་པར་བསྟན་ཅེས་པ་ལ་སོགས་པ་མཐར་ཐུག་གནས་སྤགས་པ་ཡིན་པའི་གཞུང་མང་དུ་འབྱུང་བས་གྲུབ་ཅེས་ཟེར་རོ། །འོ་ན་བློ་གྲོས་དུ་མས་རྐུ་བ་ཆོས་ཅན། མ་བྱིན་ ལེན་གྱི་མཐར་ཐུག་གནས་སྤགས་མ་ཡིན་པ་མི་འཐད་པར་ཐལ། མ་བྱིན་ལེན་གྱི་མཐར་ཐུག་གནས་སྤགས་ཡིན་པའི་ཕྱིར། འདོད་ན། ཊཱི་ཀ་ལས། རྐུན་པོ་རྣམས་བློ་གྲོས་མི་མཐུན་པ་བློ་གྲོས་དུ་མ་ཉིད་ཡིན་ན་བགོ་སྐལ་ཐོབ་ན་བརྐུས་པ་ཡིན་གྱི། གནས་ནས་སྤགས་པ་ ན་བརྐུས་པ་མ་ཡིན་ནོ་ཞེས་བཤད་དོ། །གལ་ཏེ་རྫས་འདུག་ས་གནས་ནས་སྤགས་པ་དེ་མ་བྱིན་ལེན་གྱི་མཐར་ཐུག་ཡིན་པར་འདོད་ན་ནི། སྔོན་སྒྲགས་ཟུང་མཁར་དུ་ས་འོག་ནས་ཆུ་ཆེན་པོ་བརྡོལ་ཏེ་ཞིང་དང་མཁར་ཁང་ཆུས་ཡོ་རོ་རོ་ཁྱེར་བ་ལྟ་བུའམ་རི་ཁྱིམ་དང་ཀོ་ཁྱིམ་ལྟ་བུ་ མིན་པའི་དབང་དུ་བྱས་ཏེ་བརྟན་པར་གནས་པའི་ཞིང་དང་ཁང་ཁྱིམ་རྐུ་བ་ཆོས་ཅན། མ་བྱིན་ལེན་གྱི་མཐར་ཐུག་གྲུབ་པ་མི་སྲིད་པར་ཐལ། རྫས་འདུག་ས་གནས་ནས་སྤགས་པ་མི་སྲིད་པའི་ཕྱིར་རོ། །འདོད་ན། ཞིང་དང་ཁང་ཁྱིམ་བརྐུ་ན་ཕམ་པ་བསྐྱེད་པར་གསུངས་པ་ 6-1-271b དང་འགལ། ཁྱེད་ཀྱིས་སྒྲུབ་བྱེད་དུ་བཀོད་པའི་མཐར་ཐུག་གནས་སྤགས་ཡིན་པར་བཤད་པའི་གཞུང་ཐམས་ཅད་ནི་དེའི་ཚེ་ན་ཐོབ་བློ་སྐྱེ་བའི་ཕྱིར་ཞེས་དགོངས་པ་ཡིན་ནོ་ཞེས་གསུངས་ཏེ། དེའང་འདིའི་མཐར་ཐུག་ཐོབ་བློ་སྐྱེས་པ་ཡིན་པར་གསུངས་པའི་གཞུང་མང་དུ་ ཡོད་པ་འདི་རྣམས་གཙོ་བོར་བྱས་པའོ། །དཔལ་ཤཱཀྱ་མཆོག་ལྡན་ན་རེ། རིན་ཐང་ཚང་བའི་དངོས་པོ་དེ་གནས་གཞན་དུ་ཁྱེར་རམ་དང་པོའི་གནས་དེ་ཉིད་དུ་གནས་ཀྱང་རུང་སྟེ། དང་པོའི་བདག་པོ་དེས་དབང་བའི་གནས་ནས་མི་དབང་བའི་གནས་སུ་སོང་ཞིང་། ཕྱིས་ཀྱི་ བདག་པོས་དབང་བའི་གནས་སུ་སོང་བ་ལ་གནས་ནས་སྤོས་པ་ཞེས་པའི་ཐ་སྙད་མཛད་པ་ཡིན་ཅེས་ཟེར་རོ། །འདི་ནི་མ་ངེས་པ་ཆེན་པོ་ཡིན་ཏེ། འོ་ན་དང་པོའི་བདག་པོ་དབང་བའི་ཁང་པ་ཕྱིས་གཞན་ལ་བྱིན་ནས་ཕྱིས་ཀྱི་བདག་པོ་དབང་བའི་གནས་སུ་སྔར་གྱི་བདག་པོའི་ས་ལེ་སྦྲམ་ ལུས་པ་ན་ཕྱིས་ཀྱི་བདག་པོ་དགེ་སློང་ཡིན་ན། དེ་ལ་མ་བྱིན་ལེན་གྱི་མཐར་ཐུག་འབྱུང་བའམ་ཡུལ་དེའི་རྒྱལ་པོས་དགེ་སློང་ལ་ཡུལ་འདི་ནས་འདིའི་བར་དུ་དགེ་སློང་དབང་དུ་ཆུག་ཅེས་པའི་གནས་སུ་ཡུལ་དེ་མིན་པའི་རྒྱལ་པོའི་ནོར་བུ་ལུས་པ་དེའི་ཚེ་དེ་དགེ་སློང་གིས་དབང་ བའི་གནས་སུ་སོང་བས་གནས་སྤོས་ཀྱི་སྒོ་ནས་དགེ་སློང་དེ་ལ་མ་བྱིན་ལེན་གྱི་མཐར་ཐུག་འབྱུང་བར་ཐལ་ལོ། །འདོད་ན་དེ་མ་བྱིན་ལེན་མཐར་མ་ཐུག་པར་ཐལ། དེ་མ་བྱིན་ལེན་པར་མ་བླངས་ཏེ་ལུས་པ་ཡིན་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། མ་བྱིན་ པར་ལེན་པའི་མཐར་ཐུག་ནི་གང་མ་བྱིན་པར་བླངས་པ་དེ་ཐོབ་པའི་བློ་མ་སྐྱེས་པ་སྟེ། ཐུབ་པ་དགོངས་རྒྱན་ལས། བརྐུས་ནས་ཐོབ་བོ་སྙམ་སྟེ་རྣམ་པར་དབུགས་ཕྱུངས་ནས་གནས་ནའོ། །ཞེས་གསུངས་པ་དང་། ཊཱི་ཀ་ལས། རྐང་པའི་དྲུང་དུ་འོངས་ཀྱང་ཇི་སྲིད་དུ་སྣང་བར་ 6-1-272a མ་གྱུར་ན་དེ་ཡང་བརྐུས་པར་མི་འགྱུར་ཏེ། གྲུབ་པའི་བློ་མེད་པའི་ཕྱིར་ཞེས་གསུངས་པ་དང་། ཞུ་འགྲེལ་ལས། འོག་ཏུ་མ་ལྷུང་ན་ཡལ་ག་ལས་བྲལ་བ་ཙམ་གྱིས་ནི་མ་ཡིན་ཏེ་གྲུབ་པའི་བློ་མེད་པའི་ཕྱིར་རོ། །ཞེས་བཤད་པས་ཤེས་ལ། རྐུན་པོ་རྣམས་ལ་དེའི་ ཆེད་དུ་ལམ་རྒྱུས་གོ་བར་བྱེད་པ་ཡི་ནི་ཤས་ཐོབ་ནའོ་ཞེས་པ་དང་། འདི་ལ་བློ་གྲོས་དུ་མ་ཉིད་ན་ཐོབ་ན་བརྐུས་པ་ཡིན་ནོ་ཞེས་བཤད་དེ། ཐོབ་ན་གསུངས་པས་ཀྱང་ཐོབ་བློ་ཡིན་པར་ཤུགས་ཀྱིས་གྲུབ་བོ། །གསུམ་པ་རྩོད་པ་སྤང་བ་ནི། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། མ་བྱིན་པར་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་བཟུང་བའོ། །མཐར་ཐུག་ནི་གནས་ནས་སྤགས་པའོ་ཞེས་གསུངས་པ་དང་། འོད་ལྡན་ལས། གནས་ནས་སྤགས་པ་ཁོ་ན་བརྐུས་པ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེའི་ཚེ་ཐོབ་བློ་སྐྱེ་བའི་ཕྱིར་ཞེས་དགོངས་ པ་ཡིན་པས་མི་འགལ་ལོ། །རང་གིས་དོགས་པ་བསུ་བ་ནི། ཕ་རོལ་པོས་རྩོད་པ་འདི་སྐད་དུ། གལ་ཏེ་མཐར་ཐུག་གནས་སྤགས་ཡིན་ན་ནི་གང་ཟག་གཅིག་ལ་ཕམ་པ་བཞི་མཐར་ཐུག་དུས་གཅིག་ཏུ་གྲུབ་པ་འདི་རུང་ཡང་མཐར་ཐུག་ཐོབ་བློ་ཡིན་པ་ལྟར་ན་མི་རུང་སྟེ། ལྟུང་ བ་བསྐྱེད་པའི་རྟེན་དགེ་སློང་གཅིག་ཉིད་ཆོས་ཅན། དགེ་སློང་གཅིག་ཉིད་ཀྱིས་ཕམ་པ་བཞི་ཀའི་མཐར་ཐུག་དུས་གཅིག་ཏུ་གྲུབ་པ་མི་སྲིད་པར་ཐལ། དགེ་སློང་གཅིག་ཉིད་ལ་བདེ་བ་ཉམས་མྱོང་བདག་གིར་བྱེད་པའི་རྟོག་པ་དང་། མ་བྱིན་ལེན་གྱི་མཐར་ཐུག་ཐོབ་བློའི་རྟོག་པ་གཉིས་ གཅིག་ཅར་འཇུག་པ་མེད་པའི་ཕྱིར་རོ། །དེ་གང་གིས་གྲུབ་ན་རྣམ་འགྲེལ་ལས། རྟོག་གཉིས་གཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་བཤད་པས་སོ། །ཁྱབ་པ་མེད་ན་མ་བྱིན་ལེན་གྱི་མཐར་ཐུག་ཐོབ་བློ་ཡིན་ 6-1-272b པ་ཉམས་སོ། །འདོད་ན། འོད་ལྡན་ལས། གཅིག་ལ་མཐར་འགྱུར་བ་བཞི་ཡང་འབྱུང་ཞེས་གསུངས་པ་དེ་ནི་ལས་ཀྱི་ལམ་རྣམས་ཅིག་ཅར་རྫོགས་པ་ལ་དགོངས་པ་ཡིན་ནོ་ཞེས་བཤད་དོ་ཞེ་ན། དེ་ནི་འོད་ལྡན་དུ། སྔ་རབས་པའི་ལུགས་བརྗོད་པ་ཡིན་གྱི། བྱེ་བྲག་སྨྲ་བ་ལྟར་ ན་མཐར་ཐུག་རིམ་གྱིས་གྲུབ་བོ། །མཐར་ཐུག་གནས་སྤགས་ཡིན་པར་གསུངས་པ་དང་མི་འགལ་བའི་རྣམ་གྲངས་གཞན་ཡང་འོད་ལྡན་ལས་གནས་སྤགས་ཀྱི་བྱེ་བྲག་མང་དུ་ཡོད་པར་སྟོན་པའི་སྐབས་ལས། ཁ་ཅིག་ཏུ་བཙོ་བླག་མཁན་གྱི་གོས་རླུང་གིས་ཁྱེར་བ་དེ་མ་བྱིན་པར་ལེན་པ་ལྟ་ བུ་ནི་བསམ་པས་མ་བཏང་བའོ། །འི་གནས་ནས་བསམ་པས་བཏང་བའི་གནས་སུ་སྤགས་པ་ཁ་ཅིག་ཏུ་བླའི་གྲར་བརྩད་ཅིང་མ་བྱིན་པར་ལེན་པ་ལྟ་བུ་ནི་ཕ་རོལ་པོ་མ་ཕམ་པའི་གནས་ནས་ཕམ་པའི་གནས་སུ་སྤགས་པའོ། །ཁ་ཅིག་ཏུ་བརྟོད་པ་དང་ཁྱུ་ལས་བཀར་ཏེ་བརྐུ་བ་ལྟ་བུ་ནི་རྫས་སྣང་བའི་གནས་ནས་མི་སྣང་བའི་གནས་སུ་ སྤགས་པའོ། །ཁ་ཅིག་ཏུ་གསང་སྔགས་ཀྱིས་འདྲེན་ཅིང་རྐུ་བ་ལྟ་བུ་ནི་རང་གི་མིག་སྔར་མི་སྣང་བའི་གནས་ནས་སྣང་བའི་གནས་སུ་སྤགས་པའོ། །ཁ་ཅིག་ཏུ་འོག་ཟུར་བཅད་ཅིང་མ་བྱིན་པར་ལེན་པ་ལྟ་བུ་ནི་རྫས་དབང་བའི་གནས་ནས་ཕ་རོལ་པོའི་རེ་བ་མ་ཆད་པའི་གནས་ནས་རེ་བ་ཆད་པའི་གནས་སུ་སྤགས་པའོ། །ཞེས་བྱ་བ་ ལ་སོགས་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་དཔྱད་ནས་བརྗོད་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། གོས་མང་པོ་ས་ལ་བཏིང་བ་ལྟ་བུ་ལ་ཁུར་དེ་བྱས་ནས། ཊཱི་ཀ་ལས། གཟོད་བརྐུའོ་སྙམ་པའི་རྐུ་བ་ལ་ནི་ཁུར་བརྐུས་པ་ན་སྟེ་ཁུར་བཏེག་སྟེ་ས་ལས་འཕགས་ན་ཕམ་ པར་འགྱུར་བའོ། །ཊཱི་ཀ་ལས། འདི་སྐད་བསྟན་ཏེ། གང་གི་ཚེ་རླུང་གིས་གོས་དག་རྣམ་པར་གཏོར་བར་གྱུར་བའམ་རྫས་གཞན་དག་གཏོར་བར་གྱུར་པ་ན་དགེ་སློང་གིས་དེ་དག་ཁུར་དུ་དྲིལ་ཏེ་བརྐུའོ་སྙམ་པའི་བསམ་པ་དེས་དེ་དག་སྡུད་པར་བྱེད་ན། འདི་ལྟར་མ་ཤ་ཀ་ལྔ་ 6-1-273a ལ་སོགས་པའི་རིན་ཐང་གི་ཚད་ཀྱི་གོས་ལ་སོགས་པ་དག་ཁུར་འདྲེག་པའི་སྔ་རོལ་དུ་གནས་ནས་སྤོ་བར་བྱེད་ཀྱང་དེ་ལྟར་ན་ཡང་ཕམ་པར་མི་འགྱུར་ཏེ། དེའི་ཚེ་ན་དེ་ལ་བསྡུའོ་སྙམ་པའི་བློ་ཡོད་ཀྱི་བརྐུའོ་སྙམ་པའི་བློ་མེད་པའི་ཕྱིར་རོ། །ཞེས་སོ། །མེ་ཏོག་ལ་ སོགས་པ་བཏུས་ནས་ཊཱི་ཀ་ལས་གཟོད་བརྐུའོ་སྙམ་པས་བརྐུ་བ་ལ་ནི་ཕུང་པོ་བརྐུས་པ་ན་སྟེ། ཕུང་པོ་བཏེགས་ཏེ་ས་ལས་འཕགས་ན་སྦོམ་པོར་འགྱུར་བའོ། །ཊཱི་ཀ་ལས། མེ་ཏོག་ལ་སོགས་པ་རེ་རེ་ནས་གཏོགས་པའམ་བཏུས་པའི་ཚེ་ན་ནི་བརྐུས་པ་མ་ཡིན་ཏེ། འདི་ལྟར་དེ་ལ་ གཏོགས་པའི་བསམ་པ་ཡོད་པར་ཟད་ཀྱི་རྐུ་བའི་བསམ་པ་མེད་པའི་ཕྱིར་རོ་ཞེས་སོ། །བརྐུ་བྱའི་རྫས་དེ་ཆུའམ་འདམ་རྫབ་ལ་སོགས་པར་སྤྱིང་བ་སྟེ་བྱིང་བར་བྱས་ཏེ། རྐུ་བ་ལ་ནི་གནས་ཆུའམ་འདམ་རྫབ་ལ་སོགས་ཀྱི་སྟེང་ནས་བརྐུ་བྱའི་རྫས་ཀྱི་སྟེང་ཕྱོགས་བྱིངས་ཏེ་རྫས་མི་སྣང་ན་ བརྐུས་པའི་ཕམ་པ་བསྐྱེད་པའོ། །འདིར་ཕམ་པར་འགྱུར་བ་ལ་རྫས་མི་སྣང་བ་དགོས་པ་ནི། ཡོན་ཏན་འོད་མར། ཆུའི་སྟེང་དུ་ནོར་སོང་སྟེ་ཆུ་དྭངས་པས་སྟེང་ནས་བལྟར་སྣང་བ་ནི་སྦོམ་པོ་ཞེས་བཤད་པས་སོ། །དེ་ལ་རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་ན་རེ། གནས་ཀྱི་སྟེང་ ནས་རྫས་ཀྱི་སྟེང་བྱིང་བ་ན་ཕམ་པ་བསྐྱེད་པ་འདི་མི་འཐད་དེ། དེའི་ཚེ་ན་རྐུ་སེམས་མེད་པའི་ཕྱིར། དེ་ཡང་ལུང་རྣམ་འབྱེད་ལས། ཕྱིས་དབྱུང་ངོ་སྙམ་པའི་བློས་ཞེས་གསུངས་པ་དེའི་དོན་ནི་ཕྱིས་བརྐུའོ་སྙམ་པའི་བློས་ཞེས་པ་སྟེ་སྔ་རོལ་ན་རྐུ་སེམས་མེད་པར་ཤེས་སོ་ཟེར་རོ། ། དེ་ནི་མ་ཡིན་ཏེ། ལུང་དེ་ནི་ཕྱིས་བརྐུའོ་སྙམ་པའི་བློས་ཞེས་བསྟན་པ་མ་ཡིན་གྱི། ཕྱིས་བསྐུར་རོ་སྙམ་པའི་བློས་ཞེས་བསྟན་པ་སྟེ། ལུང་རྣམ་འབྱེད་ལས། སྦྱིངས་ཏེ་རྐུ་བའི་སྐབས་དེར་ཕྱིས་དབྱུང་ངོ་སྙམ་པའི་བློ་གྲོས་སམ་བསམ་པ་གང་ཡིན་པ་དེ་ནི་མ་བརྐུས་པ་རྐུ་བའི་བསམ་ 6-1-273b པ་མ་ཡིན་གྱི། བརྐུས་ཟིན་པ་བསྐུར་བའི་བསམ་པའོ། །དབྱུང་བའི་སྒྲའི་བྱིངས་འདི་ཡང་རྐུ་བའི་སྒྲའི་བྱིངས་ལས་མ་ཡིན་ཏེ། ཊཱི་ཀར། ཕྱིས་དབྱུང་ངོ་སྙམ་པའི་འབྱིན་པར་བྱེད་ཅེས་པའི་སྐད་ཀྱི་བྱིངས་འདི་ཡང་བསྐུར་བའི་དོན་ཡིན་གྱི། བརྐུས་པའི་དོན་ནི་མ་ཡིན་ནོ། །ཞེས་ སོ། །ཁྱོད་ཀྱི་ལུགས་ལྟར་ཟོང་སྤྱིངས་པའི་ཚེ་རྐུ་སེམས་མེད་ན། ཟོང་སྤྱིང་བར་བྱེད་པའི་ཚེ་ཆོས་ཅན། མ་བྱིན་ལེན་གྱི་ལྟུང་བ་མི་བསྐྱེད་པར་ཐལ། རྐུ་སེམས་མེད་པའི་ཕྱིར། འདོད་ན། ལུང་རྣམ་འབྱེད་ལས། དགེ་སློང་གིས་ཟོང་སྤྱིང་བའི་ཕྱིར་ཁྲི་ལས་ལྡང་བར་བྱེད། ཆུར་ འཇུག་པར་བྱེད། ནོམ་པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ནི་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད་ཉུག་པར་བྱེད་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །མདོ་འདི་གཉིས་ཀྱི་དོན་ནི་ཤིན་ཏུ་བརླིང་བས་ཆེན་པོར་གྲགས་པ་མང་པོས་མར་གད་ཀྱི་བདུད་ རྩི་འཐུང་བའི་བ་དན་མང་པོ་བསྒྲེངས་སྣང་ངོ་། །གཉིས་པ་ནི། མུ་ཏིག་གི་ཆུན་པོ་ལ་སོགས་པ་ས་ལ་དྲུད་ཅིང་བཤལ་ཏེ་བརྐུ་བ་ལ་ནི་གང་ལས་འདས་ཞེ་ན། འདྲེན་བྱེད་མུ་ཏིག་གི་ཕྲེང་བ་ལྟ་བུའི་འོག་གི་སའི་ངོས་ཀྱི་གཞི་ལས་སོ། །གང་འདྲེན་པར་བྱེད་པ་མུ་ཏིག་གི་ཕྲེང་བས་ གཞིའི་ཕྱོགས་ཀྱི་མཚམས་ངོས་ལ་རྫས་མུ་ཏིག་གི་ཕྲེང་བའི་མདུན་རོལ་གྱི་ངོས་ལས་ངོས་གཅིག་ཤོས་ངོས་ཕྱི་མ་རྒྱབ་འདས་ན་ཕམ་པ་བསྐྱེད་པའོ། །ཊཱི་ཀར། འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་བཤལ་བའི་སྦྱོར་བས་རྫས་རྐུ་བར་བྱེད་ན། ས་ལ་སོགས་པའི་ཕྱོགས་ གང་དུ་རྫས་དེ་བཤལ་བར་བྱེད་པ་དེ་ན་གལ་ཏེ་གྱོང་གྲུགས་དང་གས་པ་ལ་སོགས་པའི་མཚམས་ཡོད་ན་རྫས་དེ་མཚམས་དེ་ལས་ཐམས་ཅད་ཀྱིས་ཐམས་ཅད་དུ་འདས་ན་དེའི་ཚེ་བརྐུས་པ་ཞེས་བྱའོ། །ཞེས་སོ། །བུ་ཊཱིཀ་ཏུ། བཤལ་བ་སྟེ་དྲུད་ནས་བརྐུ་བ་ལ་ཤིང་སྡོང་ 6-1-274a སོགས་ཀྱི་རྩེ་མོའི་ངོས་ཀྱི་གཞིའི་མཚམས་གྱོང་གྲུགས་སོགས་ལས་ངོས་གཅིག་ཤོས་རྩ་བ་ངོས་འདས་ན་བརྐུས་པའོ། །ཞེས་གསུངས་སོ། །མདོར་ན་བཤལ་བ་ལ་ནི་ཆོས་ཅན། གང་དུ་བཤལ་བའི་ངོས་ཀྱི་གཞིའི་མཚམས་ལས་བཤལ་བྱའི་རྫས་ཀྱི་མདུན་ རོལ་གྱི་ངོས་ལས་གཅིག་ཤོས་རྒྱབ་རོལ་གྱི་ཆ་མཚམས་དེ་ལས་འདས་པར་འདྲེན་ན་དེའི་མཐར་ཐུག་བསྐྱེད་དེ། ཐོབ་བློ་དང་ལྷན་ཅིག་པའི་གནས་སྤོས་གྲུབ་པའི་ཕྱིར། ཊཱི་ཀར། གལ་ཏེ་བརྐུ་བར་བྱ་བའི་རྫས་ཀྱིས་ས་ལ་སོགས་པ་གཞི་གང་ཡིན་པ་དེ་ཁྱབ་པ་ལ་དེ་ན་ཡང་གྱོང་གྲུགས་ དང་གས་པ་ལ་སོགས་ཁོངས་སུ་གཏོགས་པ་དག་ཡོད་ན་ཅི་ཁྱབ་པའི་ཁོངས་སུ་གཏོགས་པའི་མཚམས་དེ་ལས་ངོས་ཅིག་ཤོས་དེ་འདས་ན་ཡང་བརྐུས་པ་ཡིན་ནམ་འོན་ཏེ་མ་ཡིན་ཅེ་ན་དེའི་ཕྱིར་ཞེས་སྨོས་སོ། །ཤིང་སྡོང་པོ་ལྟ་བུ་བརྐུ་བྱའི་རྫས་དེས་ཁྱབ་ཅིང་ནོན་པའི་ཁོངས་སུ་གཏོགས་པའི་ མཚམས་དེ་དང་ལྡན་པ་ཉིད་ལ་ནི་མཚམས་དེ་ལས་འདས་ཀྱང་བརྐུས་པའི་མཐར་ཐུག་པ་མ་ཡིན་ནོ། །ངག་དོན་རྫས་ཀྱི་མཚམས་སྔ་ཕྱི་གཉིས་ཀར་ཁྱབ་པའི་ཁོངས་སུ་གཏོགས་པའི་མཚམས་ཆོས་ཅན། མཚམས་སྔ་མ་དེ་ལས་རྫས་ཀྱི་ངོས་ཅིག་ཤོས་འདས་ཀྱང་མཐར་ཐུག་པ་མ་ཡིན་ཏེ། མཚམས་ཕྱི་མར་ ཁྱབ་པའི་གཞི་དེ་ཡང་རྫས་དེ་དང་ལྡན་པར་གྱུར་པའི་གནས་ཡིན་པ་ཉིད་ལ་ནི་རིགས་པས་གྲུབ་པའི་ཕྱིར་རོ། །ཁྱབ་པ་ནི་མཚམས་མ་འདས་ན་མཐར་མ་ཐུག་པས་སོ། །དེས་ན་ཊཱི་ཀར། ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱབ་པའི་ཁོངས་སུ་ཆ་ཤས་དང་འབྲེལ་པའི་མཚམས་ལས་འདས་པས་ནི། ཟད་པར་བརྐུས་པར་མི་འགྲུབ་སྟེ། འདི་ལྟར་གནས་ནས་སྤོས་པ་ན་རྫས་ཀྱི་ཕྱི་མཐའི་དུམ་བུ་དེ་ཙམ་འདས་པ་ཡིན་པའི་ཕྱིར་རོ། །རྫས་གཅིག་ཏུ་འབྲལ་བ་ལ་དུམ་བུར་བརྐུར་ཡང་མི་རུང་སྟེ། དེ་བས་ན་བརྐུ་བར་བྱ་བའི་རྫས་ཤིང་ལ་སོགས་པ་དེས་ཁྱབ་པའི་ཕྱོགས་གང་ཡིན་པ་དེ་ན་ 6-1-274b གྱོང་གྲུགས་དང་གས་པ་ལ་སོགས་པའི་མཚམས་ཡོད་ཅིང་། དེ་ལས་ཤིང་ལ་སོགས་པའི་ཕྱད་ཕྱེད་འདས་སུ་ཟིན་ཀྱང་འདིར་འདས་པའི་བརྐུས་པར་མི་འགྱུར་རོ་ཞེས་སོ། །ཊཱི་ཀར། རྫས་ཀྱི་ཕྱིས་མཐའི་དུམ་བུ་དེ་ཙམ་འདས་པས་རྫས་ཟད་པར་བརྐུས་པར་མི་འགྲུབ་པའི་ཁྱབ་པ་ནི། མཚམས་སྔ་ཕྱི་གཉིས་ཕྱེད་གཏུབས་སུ་རྫས་ཀྱིས་ཁྱབ་པར་ནོན་པའི་དབང་དུ་བྱས་ནས། མཚམས་སྔ་མའི་ངོས་ཀྱི་གཞི་ལས་རྫས་ཀྱི་ཕྱི་མཐའི་དུམ་བུ་འདས་ཀྱང་མཚམས་ཀྱི་ཕྱི་མའི་ངོས་གཞི་ལས་རྫས་ཀྱི་ཕྱི་མཐའི་དུམ་བུ་མ་འདས་པ་ལ་དགོངས་པ་ཡིན་ནོ། །གལ་ཏེ་རྫས་དེས་ ནོན་ཅིང་ཁྱབ་པའི་མཚམས་སྔ་མ་ལས་འདས་པ་ཙམ་ན་བརྐུས་པ་ཡིན་ན་ནི་རྫས་དེའི་ཆ་ཕྱི་མ་ཤོས་ཁོ་ན་བརྐུས་པར་འགྱུར་ཏེ། སྦྱོར་བ་དེའི་རྐྱེན་གྱིས་མཚམས་ལས་འདས་པ་ཕྱི་མ་ཤོས་ཁོ་ན་ལ་ཡོད་པའི་ཕྱིར། དེ་ལྟར་ན་ཤིང་སྡོང་པོ་གཅིག་ཉིད་ལྟ་བུ་ཆ་ཤས་འདྲེས་ཤིང་འབྱར་བ་ དྲང་བར་བྱ་བའི་དངོས་པོ་གཅིག་ལ་ཕྱེད་བརྐུས་ཕྱེད་མ་བརྐུས་པ་འགལ་བར་འགྱུར་རོ། །འོད་ལྡན་ལས། ཆ་ཤས་འདྲེས་ཤིང་འབྱར་བ་དྲང་བར་བྱ་བ་ཞེས་པ་ནི། ཐ་སྙད་རྣམ་བཞག་ལ་ཆ་ཤས་འདྲེས་ཤིང་འབྱར་བ་ཡིན་གྱི། རིགས་པས་བརྟགས་པའི་རྣམ་བཞག་ལ་ཆ་ཤས་ འདས་ཤིང་འབྱར་བ་ནི་མ་ཡིན་ནོ། །མཚམས་ཇི་ལྟ་བུ་ཞེ་ན། མཚམས་དེའི་མཚན་ཉིད་ནི་གྱོང་གྲུགས་དང་ཞེས་པ་ལ། ཊཱི་ཀར། དེ་ལ་གྱོང་གྲུགས་ཞེས་བྱ་བས་ནི་གྱང་གྱོང་ཞེས་གསུངས་པ་བསྡུས་ཏེ་ས་ཞག་འདྲ་བར་གྱོང་ཞིང་གྲུགས་པ་ཉིད་ནི་གྱོང་གྲུགས་ཞེས་བྱའོ་ཞེས་ སོ། །སློབ་དཔོན་དུལ་བའི་ལྷས། གྱོང་གྲུགས་ཞེས་བྱ་བ་ནི་ཁགས་ཁོགས་སུ་གྱུར་པའོ་ཞེས་སོ། །འདིར་མཚོ་སྣ་པ་ཆེན་པོས། མཚམས་དེའི་མཚན་ཉིད་ཅན་གྱོང་གྲུགས་ལ་སོགས་ལ་བཤད་ན་འབྱོར་གྱི། མཚན་ཉིད་དུ་འཆད་ན་ཐལ་ཆེས་ཏེ། ཆུས་བར་དུ་བཅད་པའི་ 6-1-275a མཚམས་དེ་ཆོས་ཅན། མཚམས་མ་ཡིན་པར་ཐལ། གྱོང་གྲུགས་གཏན་ནས་མ་ཡིན་པའི་ཕྱིར། ཁྱབ་པ་མེད་ན་གྱོང་གྲུགས་དེ་མཚམས་ཀྱི་མཚན་ཉིད་ཡིན་པའི་དམ་བཅའ་བུད་ཅེས་གསུངས་ལ། དེ་ཡང་མི་ལེགས་ཏེ་མཚམས་ཀྱི་མཚན་ཉིད་ཀྱི་རྣམ་ གྲངས་མང་བས་དེའི་དམ་བཅའ་ཅི་ལས་ཀྱང་བུད་དོ། །གས་པ་དང་ཞེས་པ་ནི་སེར་ཀའོ། །བྲིས་པ་དང་ཞེས་པ་ནི་ཡིག་འབྲུར་བྲིས་པའོ། །དུལ་བའི་ལྷས། ཡི་གེར་བྲིས་པ་ཞེས་བྱ་བ་ནི་ཡི་གེ་ཁྱབ་པའོ་ཞེས་སོ། །ཁ་དོག་གཞན་དང་ཞེས་པ་ནི་ཚོན་སྣ་ཚོགས་བཀྲ་བའོ། ། བར་མཚམས་དང་ཞེས་པ་ནི་སེག་དང་རེ་ལྡེ་ལ་སོགས་པའོ། །བར་ཆད་དེ་སྣང་སྒལ་ལ་སོགས་པ་དག་གོ། ལུང་ལས། མུ་ཏིག་གི་ཆུན་པོ་གླང་པོ་ཆེའི་སྟེང་དུ་འདུག་པ་བཤལ་ཏེ་བརྐུ་ན་འོག་གཞི་སྲོག་ཆགས་རིད་པ་དང་ཉམ་ཆུང་བ་ལ་ནི་རྩིབ་མ་ལ་སོགས་པ་མཚམས་ ཐ་དད་པར་བརྟག་ཏུ་རུང་བ་རྣམས་མཚམས་སམ་བར་ཆད་ཉིད་ཡིན་ནོ། །དེས་ན་རྩིབ་མ་ལ་སོགས་ལས་འདས་ན་ཕམ་ལ། ཕྱུགས་ཚོན་པོ་རུས་པ་མི་མངོན་པ་ལ་ནི་ལུས་ལས་འདས་ན་ཕམ་ཞེས་པ་འགྲེལ་ཆུང་དང་ལུང་ལས་ཀྱང་དེ་ལྟར་བཤད་དོ། །ས་གཞིར་རྩྭ་ལ་སོགས་ པའི་གདིང་བ་བཏིང་བ་ཉིད་ཡོད་ན་རྩྭ་ལ་སོགས་པ་བཏིང་བ་དེ་ཉིད་གནས་ཉིད་ཡིན་ནོ། །མུ་ཏིག་གི་ཆུན་པོ་ས་ལ་རྩྭ་བཏིང་བའི་སྟེང་ན་འདུག་པ་ལ་རྩྭ་ཁ་དོག་གཅིག་པ་ཡིན་ན་ཕྱོགས་གཅིག་ཏུ་བརྗོད་པར་བྱའོ། །རྩྭ་ཁ་དོག་ཐ་དད་པ་ཡིན་ན་ཕྱོགས་ཐ་དད་པར་བརྗོད་པར་བྱའོ། ། ཞེས་ལུང་ལས་སོ། །ས་ལ་སྐྱེ་བ་ལྗོན་ཤིང་ལྟ་བུ་ཕྱུང་སྟེ་རྐུ་བ་ནི་དཔེར་ན་རྫས་ས་ལ་བཞག་པ་རྐུ་བ་དང་འདྲའོ་སྟེ་ས་ལས་འཕགས་ན་ཕམ་མོ། །ཊཱི་ཀར། འདིར་གཞུང་ནི་དགེ་སློང་གིས་མེ་ཏོག་གི་ཤིང་ལྗོན་པ་ཕྱུང་སྟེ་བརྐུ་ན་ཇི་སྲིད་དུ་ནོམ་པར་མི་བྱེད་པའི་བར་དུ་ནི་ཉེས་བྱས་ 6-1-275b སུ་འགྱུར་རོ། །ནོམ་པ་ནས་གནས་ནས་སྤོས་པའི་བར་གྱིས་ནི་བརྐུས་པ་ཞེས་བྱ་སྟེ། མེ་ཏོག་གི་ཤིང་གི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། ། གཞན་ཡང་། ཊཱི་ཀ་ལས། རྩ་བ་ནས་བཏོན་པ་ཙམ་གྱིས་མ་ཡིན་ཏེ་ཞེས་པས་ས་ལ་འབྲེལ་མེད་དུ་བཏོན་པ་ན་ བརྐུས་པའོ། །འོ་ན་རྣམ་འབྱེད་ལས། ཤིང་བཏོན་ནས་བརྐུ་ན་ཞེས་སྔར་བཏོན་ནས་ཕྱིས་བརྐུ་བར་བཤད་པ་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། བཏོན་པ་དང་བརྐུ་བ་དུས་མཉམ་པ་ལ་བཏོན་ནས་བརྐུ་ཞེས་གསུངས་ཏེ་ཁ་གདངས་ནས་ཉལ། མིག་བཙུམ་ནས་དགོད་ཅེས་ཟེར་བ་དང་ འདྲ་ཞེས་འོད་ལྡན་ལས་བཤད་དོ། །ལག་པ་ལ་སོགས་པ་ལ་གདུ་བུ་བསྐོན་པ་ནི་ཕུད་ན་བརྐུས་པའི་ཕམ་པ་བསྐྱེད་པའོ། །གསུམ་པ་ནི། ཤོ་གམ་གཞལ་དགོས་མ་གཞལ་བར་འགྲོ་ན་ནི་ཤོ་གམ་གཞལ་དགོས་ཀྱི་ས་མཚམས་ལས་འདས་ན་ཤོ་གམ་བརྐུ་བའི་ཕམ་པ་བསྐྱེད་ པའོ། །འདི་ལ་བཞི་སྟེ། ས་གང་ལ་དབང་བ་དང་། བདག་པོ་གང་དང་། དངོས་པོ་གང་ལ་དང་། ཚད་ཇི་ཙམ་མོ། །དང་པོ་རྒྱལ་པོས་བསྲུང་བའི་ས་ཡིན་པ་དང་། ཡུལ་ཆོས་ཀྱིས་འབེབས་ཤིང་རིལ་པོའམ་ཕྱེད་འདས་གང་རུང་ངོ་། །གཉིས་པ་ནི། རྒྱལ་པོ་སྲུང་སྐྱོབ་སྦེད་ ཀུན་འགེད་པ་སྟེ། རིམ་བཞིན་རང་གིས་དང་། ནང་དགྲ་དང་། ཕྱི་དགྲ་དང་། ཆོམ་རྐུན་པ་དང་ངོ་། །ཁ་ཅིག་གཞན་གྱི་དམག་དང་། རང་གི་དང་། ཚོང་པ་ནང་གི་དང་། སྙོམས་པ་སྟེ་དབང་ཚོད་ལེན་པའོ། །ཞེས་འཆད་ལ། ཕྲན་ཚེགས་སུ། ཕ་རོལ་པོའི་དམག་ཚོགས་ ཀྱི་འཇིགས་པ་ལས་བསྲུང་བ་དང་། ཡམས་ལས་སྐྱོབ་པར་བྱེད་པ་དང་། རང་གི་དཔུང་ཚོགས་ཀྱི་འཇིགས་པ་ལས་ཡོངས་སུ་སྲུང་བར་བྱེད་པ་ནི་སྦེད་པའོ་ཞེས་སོ། །གསུམ་པ་ནི། ཟོང་དུ་བྱེད་པ་སྟེ་དེ་ལྟར་མིན་ན་དགེ་སློང་གོས་དང་བཅས་པ་དང་། ལམ་རྒྱགས་དང་ 6-1-276a བཅས་པ་སྟེ་ལམ་དུ་འཇུག་པར་མི་རུང་བར་འགྱུར་ལ། རྩ་བའི་བྱེ་བྲག་བཤད་པར། མཆོད་རྟེན་དང་། མཁན་པོ་དང་། སློབ་དཔོན་དང་། སྐྱེས་ཀྱི་ཕྱིར་བསྐུར་བ་རྣམས་ལས་ཤོ་གམ་བྱིན་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཉོ་ཚོང་ཞེས་བྱ་བའི་རྒྱུར་ མི་འཁྱེར་བས་སོ་ཞེས་སོ། །བཞི་པ་ནི། ཁྲིམས་ལས་ཇི་ལྟར་འབྱུང་བ་སྟེ། འོད་ལྡན་དུ། ཟོང་ལ་ནི་ཉི་ཤུའི་ཆ་ཤོ་གམ་ཡིན་ལ། རྩ་དང་ཤིང་ལ་སོགས་པ་དག་ནི་དྲུག་ཅུའི་ཆ་ཡིན་ནོ་ཞེས་སོ། །བུ་སྟོན་རིན་པོ་ཆེས་ལུས་ཀྱི་ལག་པས་འཕུལ་བའམ་རྟ་གླང་སོགས་ལས་བསྐུར་ བས་སམ་ས་གཞན་ནས་གཞན་དུ་བརྒྱུད་པས་ས་ལས་འདས་ན་དངོས་གཞི་ཡིན་ལ། མདའ་ལ་བཏགས་ཏེ་ནམ་མཁའ་ལ་འཕངས་སམ་གསང་སྔགས་སམ་རྫུ་འཕྲུལ་གྱིས་ནམ་མཁའ་ལས་འདའ་བར་བྱེད་ན་ནི་སླད་པར་བསྟན་པའི་ཕྱིར་ས་སྨོས་སོ་ཞེས་གསུངས་ལ། མདས་ ཁྱེར་བ་ན་སྨད་དུ་གསུངས་ན་ཆོས་ཀྱི་བཤེས་གཉེན་དང་འགལ་ཏེ། ཊཱི་ཀར། རང་གི་ལུས་ཀྱི་རྐང་ལག་ལ་སོགས་པ་དང་མདའ་ལ་སོགས་པ་ལས་བཏགས་ཏེ་བསྐུར་བའི་ཐབས་དེ་དག་གིས་ཤོ་གམ་གཞལ་དགོས་པའི་ས་ལས་འདས་ན་ཡང་ཤོ་གམ་གྱི་གནས་དེ་ལས་འདས་པ་ ཁོ་ན་ཡིན་ནོ་ཞེས་སོ། །ཆོས་བཤེས་ཀྱི་ལུང་འདིའང་། མཚམས་ཀྱི་ནམ་མཁའ་ལས་ཤོ་གམ་དྲལ་ན་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ་ཞེས་རྩ་འགྲེལ་དང་འགལ་བས་འགྲེལ་བྱེད་མཁན་གྱི་རྩོམ་སྐྱོན་དུ་སེམས་སོ། །ཡང་འདི་ལྟར་ཤེས་དགོས་ཏེ། ཊཱི་ཀར། གལ་ཏེ་ཤོ་གམ་གྱི་གནས་སུ་ཤོ་ གམ་གཞལ་དགོས་པར་ཕྱིན་ནས། ཡང་ཕྱིར་ལོག་གམ་སྐབས་སུ་བཟུར་ཏེ་འགྲོ་བ་དེ་ལ་ནི་དེ་ན་ཡུལ་ཆོས་གང་ཡིན་པའི་ཁྲིམས་དང་སྦྱར་བར་བྱ་སྟེ། འདི་ལྟར་ཡུལ་དེ་ན་གལ་ཏེ་ཕྱིར་ལོག་ཀྱང་གཞལ་དགོས་པའི་ཁྲིམས་སུ་བྱས་པ་ཡོད་ན་ནི་འདས་ 6-1-276b པ་ཁོ་ནར་འགྱུར་རོ། །ཡང་ཇི་སྟེ་ཕྱིར་ལོག་ན་གཞལ་མི་དགོས་པའི་ཁྲིམས་སུ་བྱས་པ་ཡོད་ན་ནི་འདས་པར་མི་འགྱུར་རོ་ཞེས་སོ། །མི་རྐུ་བ་ལ་གཉིས་ལས། རང་ལ་མི་མོས་པའི་མི་རྐུ་བ་ནི་མཐུས་འཛིན་པ་སྟེ་འོག་ཏུ་འཆད་དོ། །རང་ལ་མོས་པའི་མི་རྐུ་བ་ལ་གལ་ཏེ་ བརྡས་རྐུ་བ་ན་ནི་བརྡས་དེ་གྲུབ་ན་བརྐུས་པའི་ཕམ་པ་བསྐྱེད་པའོ། །མི་རྐུ་བ་ཡང་རྣམ་པ་གསུམ་སྟེ། ཡུལ་ཕྱོགས་དང་། མཚན་མ་དང་། བརྡས་རྐུ་བ་གསུམ་ཡོད་པ་ལས་དེ་གསུམ་ཀ་ལའང་བརྡ་སྔོན་འགྲོ་ཅན་ཡིན་ཏེ། ཊཱི་ཀར། རྐུ་བ་ཐམས་ཅད་ལ་ནི་བརྡ་སྔོན་དུ་ བཏང་བ་ཡིན་ནོ། །དེ་ལ་ཡུལ་ཕྱོགས་ཞེས་བྱ་བ་ནི་འདིར་ཚོགས་ལ་སོགས་པའི་ཡུལ་ཡིན་པར་གསུངས་སོ། །མཚན་མ་ནི་རྟགས་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོར་མ་ལོན་པ་ཞེས་བྱ་བ་ལ་སོགས་པའོ། །བརྡ་ནི་སྔ་དྲོ་ལ་སོགས་པའོ་ཞེས་སོ། །འདིའི་མཐར་ཐུག་གི་ཚུལ་ནི། ཊཱི་ཀར། གང་ གི་ཚེ་ཁྱོད་ཀྱིས་ཁོ་བོ་འདི་དང་འདི་ལྟ་བུར་མཐོང་བའི་ཚེ་ཁྱོད་ཁོ་བོའི་གན་དུ་ཤོག་ཅིག་ཅེས་བྱ་བ་ལྟ་བུ་སྟེ་གང་གི་ཚེ་བརྡ་དེ་གྲུབ་པ་དེའི་ཚེ་མི་དེ་བརྐུས་པར་རིག་པར་བྱའོ། །གལ་ཏེ་གསང་སྔགས་ཀྱིས་དྲང་བ་ལ་སོགས་པའི་ཐབས་གཞན་དག་གིས་མི་རྐུ་བར་བྱེད་ན་ ནི་གང་གི་ཚེ་སྣང་བར་གྱུར་པ་དེའི་ཚེ་ན་བརྐུས་པ་ཡིན་པར་རིག་པར་བྱའོ་ཞེས་སོ། །ལུང་ལས་བྱ་བརྐུ་བ་ལ་གཉིས་ཏེ། མངོན་སུམ་དུ་བབས་པ་རྐུ་བ་དང་སྤར་ཏེ་རྐུ་བའོ། །དང་པོ་ནི། མི་གཞན་དབང་བའི་བྱ་ཁ་ཅིག་དགེ་སློང་གིས་འཆག་སའམ་ར་བའམ་སྒོ་ཁང་དག་ཏུ་ བབས་པའི་བྱ་བརྐུས་ན་ཕམ་པར་འགྱུར་བ་ཡིན་ནོ། །གལ་ཏེ་བྱ་སྤར་བ་དེ་ལྟར་ན་བྱ་འཕར་དུ་བཅུག་སྟེ་སྤར་བ་ན་བརྐུས་པ་སྟེ་འཕུར་བ་ན་ཕམ་པ་བསྐྱེད་པའོ། །བརྐུ་བའི་གནས་མ་ཡིན་པར་ལོགས་ཤིག་ཏུ་འཕུར་ན་ནི་སྦོམ་པོའོ། །དུད་འགྲོ་གློ་བུར་བའི་དབང་དུ་བྱས་པ་ 6-1-277a ནི་དུད་འགྲོ་རི་དྭགས་ལ་སོགས་རྒྱའམ་རྙི་ལ་བཏགས་པ་ནི་བཀྲོལ་བ་ན་ཕམ་པ་བསྐྱེད་པའོ། །དུད་འགྲོ་གཉུག་མ་བའི་དབང་དུ་བྱས་པ་ནི། ར་ལུག་ལ་སོགས་པ་ཁྱུར་འགྲོ་བཞིན་པའི་སྐབས་སུ་སྤང་ཁུང་ནང་དུ་རྐུ་བ་པོ་དེས་ཕུར་བ་ལ་བརྟོད་ཅིང་བཞག་ པས་རྐུ་བར་བྱེད་པ་དང་ཁྱུ་ལས་བཀར་བ་གཉིས་ནི་བདག་པོ་དང་རྫི་བོ་ལས་མི་སྣང་བའམ་དེ་གཉིས་ཉེ་བ་ན་མེད་ན་ཁྱུ་ལས་མི་སྣང་བར་གྱུར་པ་ཉིད་ན་བརྐུས་པའི་ཕམ་པ་བསྐྱེད་པའོ། །ཊཱི་ཀར། གང་མཐུས་བཀྲི་དགོས་སམ་སྒྲ་ཕྱུང་སྟེ་བརྡ་དགོས་པ་ཞིག་ཡིན་ན་དེ་མི་སྣང་བར་ གྱུར་པ་དེ་ཉིད་དུ་ཕྱིན་ཀྱང་བརྐུས་པ་མ་ཡིན་ཏེ། ཇི་སྲིད་དུ་བག་ཚ་བ་མེད་པའི་ཡུལ་དུ་མ་ཕྱིན་ཏམ། དབང་དུ་བྱས་པར་མ་གྱུར་གྱི་བར་དུ་བརྐུས་པ་ནི་མ་ཡིན་ནོ། །དུད་འགྲོ་སྨོས་པ་ནི་དཔེ་ཙམ་སྟེ་འདིར་མི་ལ་སོགས་པ་རྣམ་པ་དེ་ལྟ་བུ་དག་ལ་ཡང་དེ་ཁོ་ན་བཞིན་དུ་བསྒྲུབ་པར་ བྱའོ་ཞེས་སོ། །བཞི་པ་ནི། གསང་སྔགས་བཟླས་པ་དག་གིས་གཏེར་ལ་སོགས་པ་འདྲེན་པ་ནི་ནོར་མིག་སྔར་སྣང་བ་ན་བརྐུས་པའི་ཕམ་པ་བསྐྱེད་པའོ། །ཊཱི་ཀར། ཇི་སྟེ་ཤིན་ཏུ་ཐག་རིང་པོ་ནས་དྲངས་ཏེ་རྐང་པའི་དྲུང་དུ་འོངས་ཀྱང་ཇི་སྲིད་དུ་སྣང་བར་མ་གྱུར་ན་དེ་ཡང་བརྐུས་པར་ མི་འགྱུར་ཏེ་གྲུབ་པའི་བློ་མེད་པའི་ཕྱིར། གལ་ཏེ་རྐུན་མ་མང་པོ་ཞིག་ཡོད་པ་ལས་གཅིག་ཁོ་ན་ཞིག་གིས་གལ་ཏེ་མཐོང་ན་ཡང་དེའི་ཚེ་ཐམས་ཅད་ཀྱི་མཐོང་བ་ཁོ་ན་ཡིན་ནོ་ཞེས་སོ། །ཕྱི་བཞིན་འབྲང་བ་ལྷན་ཅིག་གནས་པ་དང་། ནང་གི་བྱན་བྱེད་པ་ཉེ་གནས་གཉིས་བླ་མའི་ ཆོས་གོས་ཁུར་ཏེ་ལམ་དུ་འགྲོ་བ་ན། དེ་རྐུ་བར་འདོད་པས་གོམ་པ་ཕྱིར་ནུར་བ་དང་། འགྱངས་པ་སྟེ་མདུན་ནས་རིང་དུ་སོང་བ་དང་། ལམ་ནས་གཡས་གཡོར་དུ་འབྱམས་པ་དང་། གནས་ཁང་དུ་འཇུག་པ་དང་། ཡང་ཐོག་གཞན་དུ་འཛེག་པ་དག་གིས་སྔ་མ་བརྟོད་པ་དང་ 6-1-277b ཁྱུ་ལས་བཀར་བ་གཉིས་ནི་མི་སྣང་བར་གྱུར་པ་ཉིད་ནའོ་ཞེས་སྨོས་པ་ལྟར་ཕྱི་བཞིན་འབྲང་བ་དང་། ནང་བྱན་བྱེད་པ་གཉིས་མི་སྣང་བར་གྱུར་པ་ཡིན་གྱི། ཕྱི་བཞིན་འབྲང་བ་དང་། ནང་བྱན་བྱེད་པ་དེ་གཉིས་ཀྱིས་བླངས་པའི་རྫས་མི་སྣང་བར་གྱུར་པ་ཙམ་གྱིས་ནི་བརྐུས་པ་མ་ཡིན་ ནོ། །ལྔ་པ་ནི། གྲུ་ནི་སྐམ་ས་སྟེ་ཐང་ལ་ཁུར་བ་དང་། རྣམ་འབྱེད་འགྲེལ་པ་ལས། ཡུར་པོ་ཆེ་ནི་ཆུ་ཀླུང་ཆུང་ངུའོ་ཞེས་སོ། །ཆུ་འདལ་བ་ནི། འགྲེལ་ཆུང་ལས། མཚེའུ་དང་མཚོ་ལས་ཀྱང་རུང་སྟེ་ཞེས་སོ། །རྣམ་པ་དེ་དག་གིས་ཐོག་མ་འདུག་པའི་གནས་ནས་མི་སྣང་བར་གྱུར་ ན་ཕམ་པའོ། །རྒྱུན་གྱི་ཕྱོགས་ཀྱིའོ་ཞེས་པ་མན་ཆད་ནི་ཡུར་པོ་ཆེ་དང་ཞེས་པའི་རྒྱས་བཤད་ཡིན་ཅེས་སྦལ་ཏི་སོགས་སྔ་མ་རྣམས་འཆད་པ་ནི། རྒྱ་ཆེར་འགྲེལ་པ་རྣམས་ཀྱི་རྒྱུས་མེད་པར་ཟད་དོ་ཞེས་མཚོ་སྣ་པ་ཆེན་པོས་གསུངས་ལ། །ཊཱི་ཀར། ཆུ་ཀླུང་ཆེན་པོ་དག་ཏུ་ཇི་ལྟར་བརྐུས་ པར་འགྱུར་ཅེ་ན། དེའི་ཕྱིར་ཞེས་སྨོས་ནས་རྒྱུན་ཕྱོགས་བཞིན་ཐུར་དུ་དྲངས་ཏེ་རྐུ་བ་ཉིད་ཀྱིས་ཐོག་མ་འདུག་པའི་གནས་ནས་མི་སྣང་བར་གྱུར་ན་ཕམ་མོ། །ཐད་ཀར་རྐུ་བ་ལ་ཡང་གང་གི་ཚེ་ཕ་རོལ་གྱི་འགྲམ་དུ་གྲུ་མི་སྣང་བར་གྱུར་པ་ན་བརྐུས་པའི་ཕམ་པའོ། །ཕ་རོལ་གྱི་ འགྲམ་མི་སྣང་བ་དེ་ལས་གཞན་པ་འགྲམ་སྣང་བ་ཉིད་ལ་ནི་ཕ་རོལ་གྱི་འགྲམ་དེར་ཕྱིན་ན་བརྐུས་པའི་ཕམ་པའོ། །རྒྱུན་ལས་བཟློག་པའི་ཕྱོགས་སུ་འདྲེན་པ་ལ་ནི་རྐུ་བའི་བསམ་པས་གྲུ་ཚུགས་ལས་འདས་ན་བརྐུས་ཕམ་བསྐྱེད་དོ། །གཞན་གྱི་ཞིང་ལས་ཀྱི་མཐའ་དག་ལ་ཆར་ ཆེས་པའི་ཚེ་རང་གི་ཞིང་གི་ཆུ་བྱོ་སྟེ་གཞན་གྱི་ཞིང་ལ་ཆུ་གཏོང་བའམ། ཐན་པ་བྱུང་བའི་ཚེ་གཞན་གྱི་ཞིང་གི་ཆུ་འགེག་ཅིང་རང་གི་ཞིང་ལ་བསྒྱུར་བ་ལ་ནི་རང་གི་ཞིང་ལས་ཀྱི་མཐའ་གྲུབ་པ་སྟེ་ལོ་ལེགས་པ་ན་བརྐུས་པ་ཡིན་ནོ། །ཐམས་ཅད་དུའམ་ཞེ་ན། ཞིང་གི་ཡོན་ཏན་ལ་ 6-1-278a སོགས་པའི་སྐྱེད་ཀྱིས་ལོ་ལེགས་པ་མ་གཏོགས་པ་བསམ་པ་གང་གིས་རང་གི་ལོ་ལེགས་པ་དེའི་ཆེད་དུ་གཞན་གྱི་ལོ་ཉེས་པ་དེར་འདུན་པས་གཞན་གྱི་ལས་ཀྱི་མཐའ་གྲུབ་པ་ལས་གཞན་ཕུང་བ་ཉིད་དུ་གྱུར་ན་རྐུ་བའི་ཕམ་པ་བསྐྱེད་པའོ། །འདིའི་རིན་ཐང་ནི་རང་ གི་ལྷག་པའི་ཆ་དང་གཞན་གྱི་ཕུང་བའི་ཆ་མཐུན་པ་ཉིད་བརྩིའི། ལྷག་ཀྱང་མ་བྲིའམ་བྲི་རུང་མ་ལྷག་ན་ནི་བརྩི་བར་མི་རུང་བ་ཉིད་ཡིན་པར་རིགས་ཏེ། འོད་ལྡན་དུ། ཕ་རོལ་གྱི་ཉེས་བའི་ཚད་ལྷག་པར་གྱུར་ནའོ་ཞེས་སོ། །དྲུག་པ་ནི། ཆོམ་རྐུན་པོ་རྣམས་ལས་ཤས་ཐོབ་པར་བྱ་བ་དེའི་ཆེད་དུ་ དགེ་སློང་གིས་ལམ་རྒྱུས་གོ་བར་བྱེད་པ་ལ་ནི་རྐུན་ཤས་སྐལ་པའི་ཆ་ཐོབ་ན་བརྐུས་པའི་ཕམ་པ་བསྐྱེད་པའོ། །ཞིང་ལ་སོགས་པ་ས་གཞི་དང་། ཁང་ཁྱིམ་རང་གི་དང་། གཞན་གྱི་འདབ་འབྲེལ་དུ་གནས་པ་དག་རིབ་མ་དང་། རྩིག་པ་ལ་སོགས་པས་ཡོངས་སུ་བསྐོར་བས་བརྐུ་ན་ནི་ རིབ་མ་ལ་སོགས་པའི་ཕར་ཐོག་ཚུར་ཐོག་གི་མཚམས་འབྱོར་ན་བརྐུས་པའི་ཕམ་པ་བསྐྱེད་དོ། །ལུང་ལས། ས་གཞི་དང་ཁང་ཁྱིམ་ལྟ་བུ་ཤགས་ཀྱིས་འཕྲོག་འདོད་ན་གལ་ཏེ་བླའི་གྲྭར་ཤགས་བཀྱེ་ནས་རྒྱལ་ནའོ་ཞེས་སྔ་མ་རྣམས་གསུང་ན་ཡང་ཤགས་རྒྱལ་བ་ཙམ་གྱིས་མ་ཡིན་གྱི་ ཞལ་ཆེ་རྒྱལ་ན་བརྐུས་པའི་ཕམ་པ་བསྐྱེད་དེ། འགྲེལ་ཆུང་ལས། དགེ་སློང་མི་དབང་བ་ལ་རྒྱལ་པོས་དབང་ངོ་ཞེས་བཅད་ན་ཕམ་མོ་ཞེས་དང་། རྣམ་འབྱེད་འགྲེལ་པ་ལས། བླའི་གྲྭ་ཞེས་པ་ནི་རྒྱལ་པོས་བརྐོས་པའི་མིའིའོ་ཞེས་སོ། །རྒྱལ་པོ་ཉིད་ཀྱང་དེ་བཞིན་ནོ། །གལ་ཏེ་འོག་ ཟུར་ཤགས་བཀྱེ་ན་ནི་ཤགས་ཟླ་ཕ་རོལ་པོས་ཤགས་ཀྱི་སྦྱོར་བ་ཉིད་བཏང་སྟེ་སྤྲོ་བ་དང་ཡུས་བཏང་ན་ཕམ་པ་བསྐྱེད་པའོ། །འོག་ཟུར་ཞེས་པ་བློན་པོ་ཡིན་ཅེས་སྔ་མ་རྣམས་གསུང་ཡང་། རྣམ་འབྱེད་འགྲེལ་པ་ལས། བླའི་གྲྭ་ཞེས་པ་ནི་རྒྱལ་པོས་བསྐོས་པའི་མིའོ། །འོག་ཟུར་ 6-1-278b ཞེས་བྱ་བ་ནི་ཡུལ་མིའི་ཚོགས་སོ་ཞེས་བཤད་དོ། །བླའི་གྲྭར་ཞལ་ཆེ་རྒྱལ་ན་ཕམ་པ་བསྐྱེད་ལ། འོག་ཟུར་དུ་ཞལ་ཆེ་རྒྱལ་ན་སྦོམ་པོ་ལས་མི་བསྐྱེད་པ་ནི་བླའི་གྲྭ་དང་འོག་ཟུར་གཉིས་ཚིག་བཙན་མི་བཙན་གྱི་ཁྱད་ཡོད་པས་ཐོབ་བློ་དཀའ་སླ་ཡོད་དོ། །དེའི་ཕྱིར་ཊཱི་ཀར། ཤགས་ཀྱི་ སྦྱོར་བ་ཐམས་ཅད་ཀྱིས་ཐམས་ཅད་དུ་བཏང་བ་དེའི་ཚེ་ན་བརྐུས་པ་ཡིན་གྱི། རྒྱལ་བས་ནི་བརྐུས་པར་མི་འགྱུར་རོ་ཞེས་སོ། །དེའི་གཞུང་འཛུགས་པའི་ཕྱིར་འོག་ཟུར་དུ་ཤགས་རྒྱལ་བ་དེ་ནི་རྐུ་བའི་སྦྱོར་བ་ཉིད་ཡིན་པས་རིན་ཐང་ཚང་ན་སྦོམ་པོར་འགྱུར་རོ། །བཞི་པ་ལ། ཤོ་གམ་ རྗེས་འབྲེལ་བསླབ་བྱ་བསྟན། །དེ་ལས་གཞན་འབྲེལ་བསླབ་བྱ་བསྟན། །དང་པོ་ལ་གསུམ། སྐབས་ཀྱི་དོགས་གཅོད་བསྟན་པ་དང་། །བསླབ་པར་བྱ་དང་ལྟུང་བ་བསྟན། །བསླབ་བྱ་བྱེ་བྲག་ཏུ་ཡང་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ ནི། གོང་དུ་ཤོ་གམ་པ་ལས་འདས་ནའོ་ཞེས་པར་འཕྲོས་པ་ལས་བཤད་ཀྱང་འདིར་ཡང་སྤྲོ་བར་བྱ་སྟེ། ཤོ་གམ་གང་དུ་གཞལ་བའི་གནས། གང་ལ་གཞལ་བའི་བདག་པོ། །གང་ལས་གཞལ་བའི་རྫས། ཇི་ཙམ་གཞལ་བའི་ཚད། མ་གཞལ་བའི་ལྟུང་བ། ལྡོག་པའི་མཚར་ས། རྒྱུར་འགྲོ་བའི་བསླབ་བྱ། ཤོ་གམ་གྱིས་མཚོན་པའི་དོན་ནོ། །དང་པོ་ནི། ས་ཡིན། སྲུང་བ་ཡིན། གཅོད་པ་ཡིན་པ་སྟེ། རྒྱལ་པོ་ས་ལ་དབང་གི་ནམ་མཁའ་ལ་མི་དབང་བའི་ཕྱིར་དང་། མི་བསྲུང་ན་སྲུང་བའི་གླ་རྔན་མི་དབང་བའི་ཕྱིར་དང་། ཤོ་གམ་མི་གཅོད་ན་ ཤོ་གམ་སྦྱིན་མི་དགོས་པའི་ཕྱིར་རོ། །ཆུ་བོ་ལ་གྲུ་བྱས་ཏེ་གཞུང་འབེབས་སུ་འགྲོ་ན་ཤོ་གམ་གཞལ་དགོས་མི་དགོས་ནི་ཡུལ་ཆོས་ཀྱི་རྗེས་སུ་འབྲང་ངོ་། །གཉིས་པ་ནི། རྒྱལ་པོ་ཆོས་བཞི་ལྡན་ཏེ་བྱེ་བྲག་ཏུ་བཤད་པ་ལས། གང་ཞིག་ཆོས་བཞིན་དུ་སྲུང་བ་དང་། སྐྱོབ་ 6-1-279a པ་དང་། སྦེད་པ་དང་། ཀུན་འགེད་པར་བྱེད་པ་ཤོ་གམ་དབང་བར་བྱེད་པ་ཡིན་ནོ། །ཞེས་བཤད་དོ། །དེ་ཡང་རྒྱལ་པོ་གཞན་གྱི་དམག་ལས་བསྲུང་བ་དང་། རྒྱལ་པོ་རང་གི་ཡུལ་མིས་འཇོམས་པ་ལས་སྐྱོབ་པ་དང་། ཚོང་པ་ནང་གི་འཇིགས་པ་ལས་ སྦེད་པ་དང་། ཀུན་འགེད་པར་བྱེད་པ་ནི་ཡུལ་ཆོས་ཀྱི་རིགས་ཚོད་དུ་ལེན་པ་སྟེ། སྲུང་བ་ཡིན་པ་དགོས་པ་ནི་འཛམ་གླིང་གི་རྒྱན་ཤཱཀྱ་འོད་ཀྱིས། སྐྱེ་རྒུ་ཉོན་མོངས་བསྲུང་བའི་ཕྱིར། །རྒྱལ་པོ་ལ་ནི་ཤོ་གམ་གཞལ། །གལ་ཏེ་དེ་ཡང་སྲུང་བ་ཡིས། །ཉོ་ན་གླ་ནི་བུ་ལོན་མིན། ། ཞེས་བཤད་དོ། །གསུམ་པ་ནི། ཉོ་ཚོང་བྱེད་པའི་ཟོང་ལས་ཏེ། འོད་ལྡན་ལས། འཇིག་རྟེན་པའི་ལུགས་ཀྱི་ཟོང་ཁོ་ན་ལ་ཤོ་གམ་བཅད་པར་རིགས་སོ་ཞེས་སོ། །འོད་ལྡན་དུ་ཕྱོགས་སྔར་བཀོད་པའི་རྒྱ་གར་བ་ཁ་ཅིག་ན་རེ། ཟོང་མ་ཡིན་པ་ལ་ཡང་ཤོ་གམ་འཇལ་དགོས་ཏེ། ཕ་མ་དང་དཀོན་མཆོག་གི་ཕྱིར་ཁྱེར་བའི་རྫས་ལས་ཀྱང་ཤོ་གམ་སྦྱིན་པར་ལུང་རྣམ་འབྱེད་ལས་གསུངས་པ་དང་། རང་གི་འཚོ་བའི་ཡོ་བྱད་དུ་བྱས་པའི་རས་ལ་ཡང་ཁ་ཚར་བཅད་པ་དང་། ཆུར་བསྙུག་པ་དང་། བ་ལང་གི་ལྕི་བས་ཁ་བསྒྱུར་བ་ལ་སོགས་པ་ལུང་རྣམ་འབྱེད་ ལས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་གནོད་བྱེད་བརྗོད་པ་ནི། ཁྱེད་ལྟར་ན་ཆོས་གོས་དང་བཅས་ཏེ་ལམ་དུ་འགྲོ་ན་ཤོ་གམ་གཞལ་དགོས་དང་བཅས་ཏེ་ལམ་དུ་འགྲོ་བའི་ཉེས་པར་འགྱུར་བས། སྡོམ་བརྩོན་ལམ་དུ་མི་འཇུག་པར་ཐལ། ཆོས་གོས་མེད་ན་ཆ་ལུགས་ ཉམས་པར་འགྱུར་ལ། ཆོས་གོས་ཡོད་ན་ཤོ་གམ་གཞལ་དགོས་དང་བཅས་ཏེ་ལམ་དུ་འགྲོ་བའི་ཉེས་པར་འགྱུར་བའི་ཕྱིར་རོ། །འདོད་ན། སྨན་གྱི་གཞི་ལས། ཤུལ་གྱི་སྙུན་རྒྱགས་ཀྱི་ཕྱེད་དུ་ཀརྵ་པ་ཎ་བཞེས་པར་གསོལ། བཀའ་སྩལ་པ་བླང་བར་བྱའོ། །ཞེས་ལམ་དུ་ 6-1-279b འཇུག་པར་གསུངས་པ་དང་འགལ་ལོ། །བྱེ་བྲག་ཏུ་བཤད་པ་ལས་ཀྱང་། དཀོན་མཆོག་དང་། མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་། སྐྱེས་ཀྱི་ཕྱིར་ཁྱེར་བ་དེ་ལས་ཤོ་གམ་སྦྱིན་པར་མི་བྱ་སྟེ་ཉོ་ཚོང་བྱ་བའི་རྒྱུར་མི་འཁྱེར་བས་སོ། །ཟོང་དེ་ལ་ཟོང་དེ་དང་འདྲ་བར་ བླང་བར་མི་བྱའོ། །ཞེས་བཤད་དེ། དེ་དང་མཐུན་པར་རྒྱལ་པོའི་བསྟན་བཅོས་ལས་ཀྱང་། བག་མ་བླང་བ་དང་། བཏང་བ་དང་། མཆོད་སྦྱིན་བྱ་བ་དང་། ལྷ་ལ་མཆོད་པ་དང་། རབ་ཏུ་བྱུང་བ་ལ་སོགས་པའི་ཁྱད་པར་རྣམས་ཀྱི་རྫས་ནི་ཤོ་གམ་མི་བྱ་བ་ཡིན་ནོ་ཞེས་འོད་ ལྡན་དུ་གསུངས་སོ། །སྒྲུབ་བྱེད་གཞིག་པ་ནི། ཕ་མ་དང་དཀོན་མཆོག་གི་རྫས་ལས་ཤོ་གམ་སྦྱིན་པ་དེ་ཡང་ཤོ་གམ་པ་ལ་སྦྱིན་པ་བཏང་བའི་བསམ་པས་སྦྱིན་ན་སྦྱིན་པ་ལས་བྱུང་བའི་བསོད་ནམས་སུ་འགྱུར་བས་ཕ་མ་དང་དཀོན་མཆོག་ལ་ཕུལ་བ་དང་། སྦྱིན་བྱུང་ ཙམ་དུ་འདྲ་ཞིང་ཁ་མཆུ་སྤང་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཕ་མ་ལ་སོགས་པ་དེ་དག་གི་ཟོང་ལས་ཉོ་བཙོང་བྱ་བའི་ཟོང་ལས་སྦྱིན་པའོ། །ཁ་ཚར་བཅད་པ་དང་། ཆུར་བསྙུག་པ་ལ་སོགས་པ་དེ་ཡང་རང་གི་ཆོས་གོས་ཀྱི་རྒྱུ་ཡིན་ཀྱང་ཉོ་ཚོང་གི་ཟོང་ཡིན་ནོ་ཞེས་འཐབ་བྱེད་ དུ་འོང་བ་སྤང་བའི་ཕྱིར་དང་། འོད་ལྡན་ལས། ཁ་ཚར་བཅད་པ་དང་། ཆུར་བསྙུག་པ་ལ་སོགས་པ་ལ་ཤོ་གམ་མི་གཅོད་པའི་ཡུལ་ཆོས་ཀྱི་དབང་དུ་བྱས་པའོ་ཞེས་བཤད་དོ། །བཞི་པ་ནི། ཡུལ་ཆོས་ཀྱིས་འཇོག་པས་འདུལ་བ་ལུང་ལས་ཚད་གསུངས་པ་མེད་དོ། །འོད་ ལྡན་ལས། ཟོང་ལ་ནི་ཉི་ཤུའི་ཆ་ཤོ་གམ་ཡིན་ལ། རྩྭ་ཤིང་ལ་ནི་དྲུག་ཅུའི་ཆ་ཡིན་ནོ་ཞེས་སོ། །ལྔ་པ་ནི། རྐུ་སེམས་དང་རིན་ཐང་ལ་སོགས་པའི་ཡན་ལག་ཚང་ན་ཕམ་པར་འགྱུར་རོ། །དྲུག་པ་ནི། རྐུ་སེམས་མེད་ན་ཤོ་གམ་མ་གཞལ་ཡང་མ་བྱིན་ལེན་གྱི་ལྟུང་བ་རྣམ་གཞག་ 6-1-280a མི་འབྱུང་སྟེ། རྐུ་སེམས་མེད་པ་ལ་ཤོ་གམ་དུ་གཏོགས་པའི་ཞེས་སོགས་སོ། །བདུན་པ་ནི། ཤོ་གམ་གཞལ་དགོས་པ་དང་བཅས་པ་འགྲོ་བར་མི་བྱའོ། །བརྒྱད་པ་ནི། གྲུ་བཙས་ཀྱང་མཚོན་པ་སྟེ། འོད་ལྡན་ལས། ཤོ་གམ་གྱིས་ནི་གྲུ་བཙས་ཀྱང་ རྣམ་པར་བཤད་པ་ཡིན་ཏེ་ཞེས་སོ། །ཡུལ་ཆོས་ཀྱིས་གྲུ་བཙས་མི་ལེན་ན་ནི་མ་གཞལ་ཡང་ཉེས་པ་མེད་དེ། འོད་ལྡན་ལས། སྦྲུམ་མ་ཟླ་བ་གཉིས་ལ་སོགས། །རབ་ཏུ་བྱུང་དང་ཐུབ་པ་དང་། །བྲམ་ཟེ་དང་ནི་རྟགས་ཅན་ལ། །གྲུ་བཙས་བླང་བར་མི་བྱའོ། །ཞེས་འཇིག་ རྟེན་པའི་གཞུང་ལུགས་ལུང་ཁུངས་སུ་དྲངས་སོ། །གཉིས་པ་ནི། ལུང་ལས། འཆོལ་དང་། ལེན་དང་། ཡུས་ཆེན་དང་། རྒན་གཞོན་ཞེས་པ་གླེང་གཞི་བཞི་དང་སྦྲེལ་ནས་རྐུ་སེམས་མེད་པ་ལ་ཤོ་གམ་རྐུ་བའི་ལྟུང་བ་རྣམ་གཞག་ཏུ་གཏོགས་པའི་ཉེས་པ་འབྱུང་བར་དོགས་ བར་མི་བྱའོ། །དེ་རྣམས་ལ་རྐུ་སེམས་མི་འབྱུང་བའི་རྒྱུ་མཚན་ནི་འདུ་ཤེས་འཁྲུལ་པས་བྱས་པ་སྟེ། འཆོལ་དང་ཞེས་པའི་སྐབས་སུ་ཚོང་པ་ལ་ཤོ་གམ་མི་གཅོད་པའི་ཚེ་ན་ཚོང་པའི་སྣོད་དུ་དགེ་སློང་གི་རྫས་བཅོལ་བ་རྣམས་ཀྱང་ཤོ་གམ་གཞལ་མི་དགོས་སུ་གྱུར་པ་ཡིན་ སྙམ་དུ་འདུ་ཤེས་འཁྲུལ་པ་དང་། ལེན་དང་ཞེས་པའི་སྐབས་སུ་དགེ་སློང་ལ་ཤོ་གམ་མི་གཅོད་པའི་ཚེ་ན། དགེ་སློང་གི་སྣོད་དུ་ཚོང་པའི་རྫས་བཅོལ་བ་རྣམས་ཀྱང་ཤོ་གམ་གཞལ་མི་དགོས་སུ་གྱུར་པ་ཡིན་སྙམ་དུ་འདུ་ཤེས་འཁྲུལ་པ་དང་། ཡུས་ཆེན་ཞེས་པའི་སྐབས་ སུ་ཤོ་གམ་གཞལ་དགོས་ཀྱི་རྫས་དེ་དག་རྐུན་མ་ལ་ཤོར་ནས་མེད་སྙམ་པ་དང་། རྒན་གཞོན་ཞེས་པའི་སྐབས་སུ་རྒན་ཤོས་ཀྱི་སྣོད་དེ་ན་ཤོ་གམ་གཞལ་དགོས་ཀྱི་རྫས་མེད་སྙམ་ནས་གཞོན་ཤོས་དེ་འདུ་ཤེས་འཁྲུལ་ཏེ་དེ་ལ་རྐུ་སེམས་མེད་པའོ། །རྐུ་སེམས་མེད་ཀྱང་བསླབ་ 6-1-280b བྱའི་ཉེས་བྱས་ནི་འབྱུང་སྟེ། ཤོ་གམ་གཞལ་དགོས་པ་དང་བཅས་པར་འགྲོ་བར་མི་བྱའོ་ཞེས་སོ། །གཉིས་པ་ནི། ཤོ་གམ་གཞལ་དགོས་ཀྱི་རྫས་དེ་དགེ་སློང་གི་ལག་ནས་ཚོང་པས་ཁྱེར་ཏེ་ཤོ་གམ་གྱི་གནས་སུ་ཕྱིན་པ་ནི་རྫས་དེའི་ཤོ་གམ་གང་གིས་སྦྱིན་པར་བྱ་ཞེ་ན། ཚོང་པ་ གང་གིས་དགེ་སློང་གི་ལག་ནས་རྫས་བླངས་པ་དེ་ཉིད་ཀྱིས་རྫས་དེའི་སྣོད་ཉིད་ལས་ཤོ་གམ་དེས་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །དགེ་སློང་གིས་ཀྱང་འདིས་རང་གི་སྣོད་འདི་ལས་ཤོ་གམ་སྦྱིན་པར་འགྱུར་རོ་སྙམ་པའི་བསམ་པས་རྫས་དེ་བསྟན་པར་བྱའོ། །དགེ་སློང་ལ་ཤོ་གམ་ མ་བཅད་ཅིག་ཅེས་རྒྱལ་པོས་གནང་བ་ལ་དགེ་སློང་གིས་ཚོང་པ་ལ་སོགས་གཞན་གྱི་རྫས་ཤོ་གམ་གྱི་གནས་ནས་འདས་ན་གཞན་དོན་དུ་མ་བརྐུས་པ་མ་ཡིན་ཏེ་སྦོམ་པོ་ཡིན་ནོ། །འདི་ནི་འགྲེལ་ཆུང་ལས། ནོར་བདག་ལ་སྦྱིན་པའི་ཕྱིར་ཤོ་གམ་མ་བྱིན་ན་སྦོམ་པོའོ། །དགེ་སློང་ བདག་ཉིད་བཀུར་བའི་ཕྱིར་ཤོ་གམ་མ་བྱིན་ན་ཕམ་པའོ་ཞེས་བཤད་དོ། །དགེ་སློང་ལ་ཤོ་གམ་མི་གཅོད་པར་མ་གནང་བས་རང་གི་རྫས་གཞན་ལ་བསྐུར་བ་ལ་སོགས་ཀྱིས་བཟླ་བར་མི་བྱའོ། །འགྲེལ་ཆུང་ལས། རིན་ཐང་ཚང་ན་ཕམ་པར་འགྱུར་ཞེས་བཤད་ཅིང་། ཊཱི་ཀ་ ལས། འདི་ལ་མ་བྱིན་ལེན་གྱི་ཉེས་པ་མེད་ཀྱང་ཚུལ་མ་ཡིན་པའི་ཕྱིར་བཀག་སྟེ་འཇིག་རྟེན་ན་ཁ་ཟེར་བར་འགྱུར་བའི་ཕྱིར་བསླབ་བྱའི་ཉེས་བྱས་སོ་ཞེས་བཤད་དེ། རྐུ་སེམས་ཡོད་པ་དང་མེད་པའི་དབང་དུ་བྱས་པ་སྟེ་འགྲེལ་པ་གཉིས་ཀ་ལྟར་འཐད་དོ། །གསུམ་པ་ནི། དགེ་སློང་གི་སྣོད་དུ་ཚོང་པའི་རྫས་བཅུག་སྟེ་དགེ་སློང་གིས་མ་ཚོར་བར་འདའ་བ་དང་། ཚོང་པའི་སྣོད་དུ་དེས་དགེ་སློང་གི་རྫས་བཅུག་སྟེ་དགེ་སློང་གིས་མ་ཚོར་བར་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་མི་འགྲུབ་པར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ། །ཇི་ལྟར་ 6-1-281a འབད་པར་བྱ་ཞེ་ན། དགེ་སློང་རྣམས་བསོད་སྙོམས་ལ་སོགས་པ་ལ་འགྲོ་བ་ན་སྲུང་མ་དགེ་སློང་དུ་མ་གཉིས་པ་ཡན་ཆད་བཞག་པར་བྱའོ། །མ་བཞག་ན་ཉེས་བྱས་སོ། །སྲུང་མ་བསོད་སྙོམས་ལ་འགྲོར་མེད་པས་སྲུང་མ་དེའི་ཟན་བསྐྱལ་བར་བྱ་བ་ཉིད་ དོ། །རིགས་པའི་ཕྱིར་དེ་སྐད་བརྗོད་པར་བྱ་བ་ཡིན་གྱི། བཅོམ་ལྡན་འདས་ཀྱི་བཅས་དབང་གིས་ནི་མ་ཡིན་ནོ། །ཚོང་པ་རྣམས་ཀྱིས་ཤོ་གམ་གཞལ་དགོས་ཀྱི་རྫས་དེ་དགེ་སློང་གི་སྣོད་དུ་འཇུག་ན་སྲུང་མ་དེས་བཟློག་པར་བྱའོ། །བཟློག་ཀྱང་མ་བཟློག་ན་ཚོང་པ་དག་གི་ རྫས་དགེ་སློང་གི་སྣོད་དུ་བཅུག་པ་ཉིད་སྲུང་མ་དེས་དགེ་སློང་གཞན་ལ་བརྗོད་པར་བྱའོ། །སྲུང་མ་མེད་ན་དགེ་སློང་བསོད་སྙོམས་ལ་སོང་བ་ན་རྫས་མི་ཕྱུང་མི་འཇུག་པར་བྱ་བའི་ཕྱིར་རང་གི་སྣོད་ལ་མཚན་མ་གདབ་བོ། །གཞན་གྱི་ལྷུང་བཟེད་ཀྱི་སྣོད་ལ་སོགས་པ་དགེ་སློང་ ལ་སྐུར་བར་བྱེད་པ་ན་སྣོད་ཁྱེར་ཏེ་འོངས་པ་དེ་ལ་ལེན་པ་པོས་སྣོད་འདི་ན་ཤོ་གམ་གཞལ་དགོས་ཀྱི་རྫས་མེད་དམ་ཞེས་དྲི་བར་བྱའོ། །དགེ་སློང་གི་གཏོར་བུ་ལ་སོགས་པར་ཚོང་པས་གསེར་ལ་སོགས་པ་བཅུག་ན་ཐབས་གཞན་གྱིས་དེ་དོར་བར་མི་འགྲུབ་ན་རང་གིས་རེག་ པར་བྱས་ཏེ་དོར་བ་ཉིད་དུ་བྱའོ། །ཊཱི་ཀར། དེ་ལ་ནི་ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་བག་ཡངས་སུ་གནང་ངོ་། །ཞེས་སོ། །ཤོ་གམ་གཞལ་དགོས་ཀྱི་རྫས་གང་དཀོན་མཆོག་གསུམ་ལ་དངོས་སུ་ལུས་ངག་གིས་མ་ཕུལ་ཡང་དེ་དག་ལ་དབུལ་ལོ་སྙམ་དུ་ངེས་པ་སྐྱེས་ན་ ཕུལ་བ་ཉིད་ཡིན་ནོ། །ཕ་མ་དེ་དག་གི་ཆེད་དུ་བསྔོས་པའི་རྫས་དེའི་ཤོ་གམ་གནང་བར་བྱ་བའི་ཕྱིར་ཁྱིམ་གང་ན་ཕ་མ་ལ་མཆོད་པར་བྱེད་པའི་ཁྱིམ་དེ་ནི་སློབ་དཔོན་དང་བཅས་པ་ཡིན། ཚངས་པ་དང་བཅས་པ་ཡིན་ཅེས་མདོ་སྡེ་ལས་གསུངས་པའི་ཕ་མའི་བསགས་པ་བརྗོད་དོ། ། 6-1-281b ཤོ་གམ་པས་གནང་བར་བྱ་བའི་ཕྱིར་དཀོན་མཆོག་རྣམས་ཀྱི་བསྔགས་པ་བརྗོད་པས་ཀྱང་ངོ་། །དཀོན་མཆོག་གི་བསྔགས་པ་བརྗོད་ཀྱང་མ་གནང་ན་ཤོ་གམ་སྦྱིན་པ་ཡུན་རིང་དུ་མི་ཐོགས་པར་བྱ་བའི་དོན་དུ་དཀོན་མཆོག་གང་ཡང་རུང་བའི་དཀོར་དར་ཟབ་ལ་སོགས་པ་དག་དཀོན་མཆོག་གང་ཡང་རུང་ བ་ལས་སྔ་སོར་སྐྱིན་པོར་བླང་བའི་ཆོས་སུ་བྱས་ཏེ་སྦྱིན་པར་བྱའོ། །ཊཱི་ཀར། དེ་ཉིད་ཆོས་ཏེ་ངོ་བོ་ཉིད་འཛིན་པའི་ཕྱིར་རོ། །དེའི་ཕྱིར་སྐྱིན་བོར་བླང་བའི་ཆོས་ཏེ་སྐྱིན་བོར་བླངས་པའི་ཆོས་དེ་གང་ལས་སྔ་སྐྱིན་དུ་བླངས་པ་དེ་ལས་སྐྱིན་པ་བསབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་སོ། །ཤོ་གམ་ གཞལ་དགོས་པ་དང་བཅས་པར་འགྲོ་བར་མི་བྱའོ། །འདིའི་ཊཱི་ཀར། གང་ལམ་དུ་འཇུག་ན་དེ་ལ་ཉེས་བྱས་སུ་འགྱུར་ཏེ། འདིར་ལམ་རྒྱང་གྲགས་ཀྱི་བདག་ཉིད་ཅིག་ཏུ་སོང་ན་དེ་ལ་རྒྱང་གྲགས་རེ་རེ་ཞིང་ཉེས་བྱས་ཀྱི་དངོས་གཞིར་གྱུར་པ་རེ་རེའོ། །རྒྱང་གྲགས་ཕྱེད་ཕྱེད་ ཅིང་དང་སྦྱོར་བར་གྱུར་པའི་ཉེས་བྱས་ཕྲ་མོར་འགྱུར་རོ། །ཚིག་དེ་ནི་ཕོངས་པའི་དུས་དག་ཏུ་དམིགས་ཀྱིས་བསལ་བ་དང་བཅས་པ་ཡིན་ཏེ། དེར་དགེ་འདུན་གྱི་ལ་སོགས་པ་གསེར་གྱི་མཐར་ཐུག་པ་ཡང་བསྐུར་བར་བྱའོ་ཞེས་གསུངས་པའི་ཕྱིར་ཞེས་སོ། །ཤོ་གམ་ གཞལ་དགོས་པ་དེ་མ་ཡིན་པའི་རྫས་ཉིད་ནི་ཐ་ན་བ་ལང་གི་ལྕི་བ་བཙིར་བས་ཀྱང་ཁ་དོག་ངན་པར་བསྒྱུར་བའི་གོས་དང་། ཁ་མ་བསྒྱུར་བའི་ཁ་ཚར་དང་ཞེས་པ་ཊཱི་ཀར། རས་དང་སྣམ་བུ་ལ་སོགས་པ་བཏགས་ཟིན་པའི་ཚི་བ་ལོགས་ཀྱི་ཁ་ཚར་ཞེས་སོ། །ཕུན་ཚར་ བཅད་པ་ཞེས་པ་ནི། ཊཱི་ཀར། དང་པོ་འཐག་པ་རྩོམ་པའི་སྲོག་ཤིང་གི་སྦུབས་ཀྱི་ཕུན་ཚར་བཅད་པའོ་ཞེས་སོ། །ཡང་ངོ་ཞེས་པ་ནི་དེ་མ་ཡིན་པ་ཉིད་ནི་ཞེས་པ་ལ་བསྙེགས་པ་སྟེ། ཊཱི་ཀར། དེ་མ་ཡིན་པ་ཉིད་ཅེས་བྱ་བར་སྦྱར་བར་བྱ་སྟེ་དེ་མ་ཡིན་པ་ནི་དེ་མ་ཡིན་ 6-1-282a པའོ་ཞེས་སོ། །གོས་འདི་ཁ་སྒྱུར་ཅིག །ཚར་ཆོད་ཅིག་ཅེས་གཞན་ལ་བཅོལ་ན་རང་གི་མངོན་སུམ་དུ་མ་མཐོང་བ་ལ་ཡིད་བརྟན་པའི་བློ་དེ་མི་འཆགས་སོ། །ཊཱི་ཀར། འདིར་གཞུང་ནི་རང་གི་མིག་གིས་བལྟ་བར་བྱའོ། །མ་བལྟས་ན་འགལ་ཚབས་ཅན་ དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ཚོང་པས་ནུབ་མོར་ཤོ་གམ་འདྲལ་བ་ལ་སོགས་པ་གཞན་གྱི་སྤྱོད་པ་གཞན་གྱི་འཚོ་བའི་ཐབས་ཀྱི་མཚང་གཏོལ་བར་མི་བྱའོ། །རང་དང་ཡིད་གཅུགས་པ་མ་ཡིན་པའི་གང་ཟག་ལ་ཡིད་གཅུགས་པ་ཉིད་དུ་མི་བྱ། དེའི་རྫས་ ལ་ལག་མི་གཞུག །ཐུག་ཐུབ་ཏུའང་མི་སྤྱད་དོ། །ཊཱི་ཀར། གཞན་གྱི་ཚིག་གི་སྐབས་བཟློག་པའི་ཕྱིར་རོ་ཞེས་སོ། །ཡིད་གཅུགས་པ་མ་ཡིན་པ་དེ་ཉིད་ནི་ཡིད་བཅུགས་བྱ་བའི་ཡུལ་འོག་མ་ལ་ཡིད་གཅུགས་གོང་མ་མི་བྱའོ། །འོད་ལྡན་ལས། གྲོགས་པོ་རབ་འབྲིང་ ཐ་མར་གྱུར་པ་ལ། །ཡིད་གཅུགས་བྱ་བའང་རིམ་པ་བཞིན་དུ་བསྒྲུབ། །ཅེས་སོ། །ཊཱི་ཀར། མཛའ་བཤེས་ཐ་མ་ལ་ཡིད་གཅུགས་པ་འབྲིང་དང་ཆེན་པོ་མི་བྱའོ། །འབྲིང་ལ་ནི་ཆེན་པོ་མི་བྱའོ། །ཞེས་སོ། །འདི་སྐབས་ཀྱི་ཡིད་གཅུགས་གང་ཟག་ཐ་མ་ལ་བློ་གཏོད་འབྲིང་ དང་ཆེ་བ་མི་བྱ་ལ། གང་ཟག་འབྲིང་ལ་བློ་གཏོད་ཆེ་བ་མི་བྱའོ། །གཏོད་རྒྱུའི་དངོས་པོ་ཡང་ཟས་དང་གོས་དང་ནོར་རོ། །ཡིད་གཅུགས་པའི་ཡུལ་ནི་གང་ཞེ་ན། དེ་ནི་སྡུག་པ་དང་སྟེ་ཊཱི་ཀར། འདིར་གྲོགས་བཤེས་ལ་བྱའོ་ཞེས་སོ། །ཡིད་དུ་འཐད་པ་དང་ཞེས་པ་ནི་ཊཱི་ཀར་ སྨོན་འདྲིན་ནོ་ཞེས་སོ། །བླ་མ་མཁན་སློབ་དང་། སྒྲུབ་པར་འོས་པ་དང་སྟེ་ཊཱི་ཀར། གང་གི་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་ལ་སོགས་པའི་ཡོན་ཏན་རྗེས་སུ་དྲན་ཅིང་རྗེས་སུ་དྲན་ན་དེའི་ཡོན་ཏན་དེ་དག་རྗེས་སུ་སྒྲུབ་པར་བྱེད་པའོ། །ཞེས་སོ། །སྦྱིན་པ་དང་བསྙེན་ 6-1-282b བཀུར་ལ་སོགས་པས་མཆོད་པར་འོས་པ་དང་། ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་ལ་སོགས་པས་བསྟོད་པར་འོས་པ་དང་། བདག་གིས་དེའི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་བླངས་ཤིང་ལོངས་སྤྱད་ན་དགའོ་སྙམ་དུ་ཡིད་ཆེས་པ་ཡོད་པའོ། །ཆོས་གོས་འཚེད་པ་ ལ་སོགས་པའི་ལས་རྣམས་ནི་ལག་སྤོད་ཀྱི་ལས་ཀྱིས་ལས་བྱ་ཞིང་བསོད་ནམས་ཀྱི་བློས་ཀྱང་ལས་བྱ་སྟེ་གླ་རྔན་གྱིས་ནི་མ་ཡིན་ནོ། །གྲོགས་ཀྱིས་ལས་བཅོལ་བ་ལ་གླ་བླངས་ན་ཉེས་བྱས་སོ། །ཊཱི་ཀར། རིན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །དགེ་སློང་མ་ཤར་ ནས་སྐྱེས་ཀྱི་སྣམ་སྦྱར་ལྷུང་བ་ན། དགེ་སློང་མ་ལྷོ་ནས་སྐྱེས་ཀྱི་ཨ་བ་ས་ཐ་ཞེས་བརྗོད་དེ། ཡུལ་དབུས་ཀྱི་སྐད་དུ་ལྷུང་ངོ་ཞེས་བྱ་བ་ལ་ལྷོ་ཕྱོགས་ཀྱི་སྐད་དུ་ཨ་བ་ས་ཐ་ཞེས་བརྗོད་པ་ལྟ་བུ་ཡུལ་སྐད་ཐ་དད་ཀྱི་ངེས་པའི་ཚིག་ནི་འདྲིད་པའམ་བསླུ་བ་མ་ཡིན་ནོ། །གཞན་གྱི་གོས་ལ་ སོགས་པ་ལྷུང་ན་མི་འཁྱར་བར་བྱ་བའི་ཕྱིར་རེ་ཞིག་བླངས་པ་ན་ཡུན་རིང་དུ་མི་བསྲེལ་ལོ། །ཊཱི་ཀ་ལས། བདག་པོ་གང་ཡིན་པ་མི་ཤེས་ན་སུ་ལ་གཏད་པ་ཉིད་དུ་བྱ་ཞེ་ན། དེའི་ཕྱིར་ཞེས་མཚམས་སྦྱར་ནས་དེ་དགེ་བསྐོས་ལ་གཏད་པ་ཉིད་དུ་བྱའོ་ཞེས་དང་། ལུང་ལས། བདག་པོ་ གང་ཡིན་ཤེས་ཀྱང་དགེ་བསྐོས་ལ་གཏད་པར་གསུངས་པ་དང་འགལ་སྙམ་ན། སྤྱིར་བཏང་ལ་ཊཱི་ཀ་ལྟར་ཡིན་ལ། དམིགས་བསལ་ནི་བདག་པོ་དེའི་ཏིང་ངེ་འཛིན་ལ་བཞུགས་པའམ་རང་དང་ཞེ་འགྲས་པ་ཡིན་ན་ལུང་ལས་གསུངས་པ་བཞིན་བྱ་བར་གསལ་ལོ། །འདིར་དགེ་བསྐོས་ ནི་གཙུག་ལག་ཁང་སྐྱོང་བ་ལ་འཆད་དོ། །དགེ་བསྐོས་དེས་རྫས་དེ་རབ་ཏུ་བྱུང་བའི་ཡིན་པར་དོགས་ན་རྫས་དེའི་བདག་པོ་ངེས་པར་བྱ་བའི་ཕྱིར་དགེ་འདུན་ལ་བསྟན་པར་བྱའོ། །རྫས་དེའི་བདག་པོ་མ་བྱུང་ན་དགེ་བསྐོས་ཀྱིས་རྫས་དེ་གཟར་ཐག་ལ་བཏགས་ཏེ་བཞག་གོ། ཊཱི་ཀར། 6-1-283a མངོན་པའི་གནས་སུ་ཀ་བ་ལ་སོགས་པ་ལ་གདགས་པར་བྱའོ། །ཞེས་སོ། །ནད་པས་སྨན་ལོང་ཞིག་ཅེས་མ་གནང་བར་ནད་པས་མ་བསྲིངས་པའི་གང་ཟག་དེ་ལ་ནད་གཡོག་གམ་གཞན་གྱིས་སྨན་མི་བླང་ངོ་། །སྨྲས་པ། ཐུབ་བསྟན་ལྗོན་པ་དར་བའི་སྐྱེད་ ཚལ་ན། །ལུང་རྟོགས་གྲིབ་བསིལ་གདུགས་བཟང་གཡོ་བ་ཡི། །སྙན་གྲགས་ག་བུར་བསུང་བའི་རླུང་ཤུགས་ལས། །འཆི་མེད་དབྱངས་ཅན་གཞོན་ནུའི་གོམ་པ་གར། །རྒྱན་དྲུག་ལེགས་བཤད་འཇའ་ཚོན་གསར་པའི་གོས། །བཀོད་ལེགས་མཆོག་གཉིས་དགོངས་པའི་ནུ་འབུར་ གྱིས། །ཟླ་ཟུང་དལ་བུར་གཡོ་བའི་དཔལ་འབྱོར་ལ། །དད་པའི་བཞིན་བཟང་རྒྱས་འགའ་འདིར་སེམས་གཏོད། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ།། །།གཉིས་པ་ལ། ཇི་ལྟར་བསླབ་པར་བྱ་བ་བསྟན། །གང་ལ་ལྟུང་བ་མེད་དེ་བཤད། །དང་ པོ་ལ། ཡོངས་བཟུང་དང་འབྲེལ་བསླབ་བྱ་དང་། །བདག་གིར་བྱས་དགུག་བསླབ་བྱ་དང་། །སྙན་མིན་འབྱུང་འབྲེལ་བསླབ་བྱ་དང་། །རོ་ཡི་རྫས་འབྲེལ་བསླབ་བྱའོ། །དང་པོ་ནི། འཇིག་རྟེན་པའི་ལྷ་ཁང་ལ་ཕུལ་བ་དང་། སྲོག་ཤིང་གི་དབང་ཕྱུག་ལ་ཕུལ་བའི་མཆོད་རྫས་ལྟ་བུ་ དེ་རིགས་ངན་ལ་སོགས་པས་ཡོངས་སུ་བཟུང་བ་དང་བཅས་པའི་རྫས་དེ་བདག་གིར་འཛིན་པ་པོ་དེས་གནང་བ་ལས་གཞན་པ་ངས་འཇིག་རྟེན་པའི་ལྷ་ཁང་བརྩིག་པའི་ཕྱིར་ངའི་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཐབས་ཀྱིས་བདག་གིར་མི་བྱ་སྟེ། བདག་གིས་ཐོབ་པར་མི་བྱའོ། ། གཉིས་པ་ནི། དགེ་སློང་གི་རྫས་བསམ་པས་མ་བཏང་བར་ཆོམ་རྐུན་པས་ཕྲོགས་ན་དོན་ལ་དགེ་སློང་དབང་ཡང་ཆོམ་རྐུན་པས་བདག་གིར་བྱས་པ་རྒྱལ་པོ་ལ་ཞུ་བ་ལ་སོགས་པ་ནན་ཁུགས་ཀྱིས་དགུག་པར་མི་བྱའོ། །འདིར་བདག་གིར་ཞེས་སྨོས་པ་ཡང་བྱིན་ནས་བདག་གིར་སོང་ 6-1-283b བ་མ་ཡིན་ཏེ། ཊཱི་ཀར། འདི་ལྟར་འཇིག་རྟེན་ན་རྫས་མི་བདོག་པ་ལས་རྐུ་འཕྲོག་ལ་སོགས་པས་རང་ཉིད་ཀྱིས་བསྒྲུབ་པ་གང་ཡིན་པ་དེ་ནི་བདག་གིར་བྱས་པ་ཞེས་གྲགས་པ་ཡིན་ཏེ་བདག་གིར་བྱེད་པ་ཙམ་དང་འབྲེལ་བའི་ཕྱིར་ཞེས་སོ། །ཉོ་བས་དགུག་པ་སོགས་ནི་དམིགས་ཀྱིས་ བསལ་བ་ཡིན་ཏེ། ཊཱི་ཀར། ཉོ་བ་ལ་སོགས་པས་དགུག་པ་ལ་ནི་མི་བྱ་སྟེ། འདི་ལྟར་ཉོ་བ་ལ་སོགས་པ་ནི་འོག་ནས་གནང་བར་འབྱུང་བའི་ཕྱིར་ཞེས་སོ། །དགེ་སློང་གི་བསམ་པས་མ་བཏང་བ་དགོས་པ་ནི། ཊཱི་ཀར། དེ་བས་ན་རང་གིར་འདུ་ཤེས་བས་རང་གི་རྫས་ནན་ཁུགས་ཀྱིས་ འགུགས་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །གཞན་ཡང་ཊཱི་ཀར། དེ་བས་ན་འདིར་བརྐུས་པར་གཏོགས་པའི་ཁ་ན་མ་ཐོ་བ་ཡོད་པས་བཀག་པ་ནི་མ་ཡིན་གྱི། འདི་ལྟར་རབ་ཏུ་བྱུང་བའི་ཚུལ་དང་མཐུན་པ་མ་ཡིན་པས་དགག་པ་མཛད་དོ་ཞེས་སོ། །ནན་ཁུགས་ཀྱིས་ མི་བླངས་ན་རྫས་ཕྲོགས་པ་དེ་ནི་ཇི་ལྟར་བྱ་ཞེ་ན། དགེ་སློང་གིས་ཆོས་བཤད་པས་བླང་བར་བྱའོ། །ཡང་ན་རིན་ཕྱེད་དུ་ཉེ་བས་ཀྱང་བསླུའོ། །ཊཱི་ཀར། ཉེ་བ་ཞེས་བྱ་བ་ནི་ཁད་ཉེ་བའི་ཚིག་སྟེ་རིན་ཕྱེད་དུ་ཅུང་ཟད་མ་ཆོག་པའམ་ཕྱེད་པས་ཅུང་ཟད་ལྷག་པས་ཀྱང་བསླུའོ་ཞེས་བྱ་བའི་ ཐ་ཚིག་གོ་ཞེས་སོ། །ཆོས་བཤད་པས་མ་ཁུགས་ན། ལྷུང་བཟེད་དང་ཆོས་གོས་ནི་རིན་ཆེན་པོས་བསླུས་ཀྱང་རུང་ངོ་། །རུང་བའི་འཐད་པ་ནི་ཊཱི་ཀར། དེ་ནི་ཁ་བསྒྱུར་བའི་ལས་ལ་སོགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་ཞེས་སོ། །གསུམ་པ་ནི། འདི་ནི་འདིས་བསད་པའོ་ ཞེས་སམ། འདིས་བརྐུས་པའོ་ཞེས་སོགས་མི་སྙན་པ་འབྱུང་བར་འགྱུར་བའི་རྫས་ནི་གཞན་གྱིས་བོར་བ་བདེན་པ་ཡང་དག་པ་ཡིན་ན་ཡང་བོར་བའོ་ཞེས་སྐྱེ་བོ་ཕལ་པོ་ཆེ་མང་པོའི་མངོན་སུམ་དུ་མ་བབ་པར་བསྐུར་བར་མི་བྱའོ་སྟེ་མ་དད་པ་སྤང་བའི་ཕྱིར་རོ། །ཊཱི་ཀར། འདི་ 6-1-284a ལྟར་དྲུག་སྡེ་དག་གིས། རྐུན་པོ་རྣམས་ཀྱིས་ཕག་གི་མགོ་བཅད་དེ་བོར་བ་དག་ཕྱག་དར་ཁྲོད་དོ་ཞེས་བླངས་པ་དང་། ཚོལ་བ་པོའི་མི་རྣམས་ཀྱིས་དེ་དག་ལ་འཕགས་པ་དག་ཇི་ལྟར་དྲང་སྲོང་གི་རྒྱལ་མཚན་ཐོགས་ཤིང་བྱ་བ་འདི་ལྟ་བུ་ཡང་བྱེད་ཅེས་སྨྲས་ པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གི་ཕྱག་དར་ཁྲོད་དེ་ལྟ་བུ་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་མ་བབ་པར་བླང་བར་མི་བྱའོ་ཞེས་སོ། །བཞི་པ་ནི། རོའི་གོས་ལ་སོགས་པ་རོའི་རྫས་མི་མ་ཡིན་པས་བླངས་པ་ཉིད་ནི་ཡོངས་སུ་མ་བཟུང་བ་ཉིད་མ་ཡིན་པས་ ཊཱི་ཀར། དེ་ཡོངས་སུ་མ་བཟུང་བའོ་སྙམ་དུ་ཤེས་པར་མི་བྱ་སྟེ་དེ་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་བར་རིག་པར་བྱའོ། །ཞེས་སོ། །རྫས་དེ་དུར་ཁྲོད་དུ་བསྐྱལ་དགོས་ན་ཇི་ལྟར་འགྲོ་བར་བྱ་ཞེ་ན། ལུང་ལས། མདུན་དུ་སོང་ཞིག་ཅེས་བརྗོད་པར་བྱའོ་ཞེས་གསུངས་ཏེ། དགེ་སློང་ གིས་དེ་སྐད་བརྗོད་ནས་མི་མ་ཡིན་པ་རབ་ཏུ་གཏུམ་པ་རོ་ལངས་དེའི་ཕྱི་བཞིན་དུ་དགེ་སློང་འགྲོ་བར་བྱའོ། །འདྲེས་ལྭ་བ་འཁྱེར་མི་ནུས་པའི་ཕྱིར་དགེ་སློང་གིས་བསྐྱལ་ལོ། །འདྲེ་སྔོན་དུ་སོང་ན་ཀྱལ་ཀ་བྱེད་པའི་ཕྱིར་ཕྱི་བཞིན་དུ་འགྲོའོ། །འདྲེས་མཆིལ་མ་འཐོར། རྐང་པས་འཁྲ་ བའི་ཕྱིར་དེ་ཁས་བུབ་ཏུ་ཉོལ་ཅིག་ཅེས་བརྗོད་པར་བྱའོ། །ཞེས་ལུང་ལས་ཏེ། དེ་ལྟར་བསྙལ་བ་ལ་རྐང་པའི་མཐའ་ནས་བརྩམས་ཏེ་མགོར་ཐུག་གི་བར་དུ་མས་ནས་ཡར་མཐར་གྱིས་རོའི་རྫས་ཀྱིས་གཡོག་པར་བྱའོ། །རོ་མ་རྨས་པ་ལ་མི་མ་ཡིན་འཇུག་པའི་སྐབས་ཡོད་པས་རོ་ མ་རྨས་པ་ལས་རྫས་བླང་བར་མི་བྱའོ། །འོན་ཀྱང་གང་གི་ཚེ་སྲིན་བུ་ཁྲིའུ་དང་གྲོག་མས་ཟོས་ཀྱང་རུང་དེའི་ཚེ་བླང་བར་བྱའོ་ཞེས་ལུང་ལས་སོ། །དགེ་སློང་རང་གིས་རོ་རྨས་པ་དང་། རོ་རྨས་བར་གཞན་བྱེད་དུ་གཞུག་པར་མི་བྱའོ། །གཉིས་པ་ནི། ཐམས་ཅད་དུ་མ་བསྟབ་ཀྱི་ 6-1-284b བར་དུ་བླང་བར་མི་བྱའོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་བསྟི་གནས་ངལ་གསོ་བའི་གནས་ཉིད་དུ་སོ་ཤིང་དང་། ཆུ་དང་། འདག་རྫས་དང་། ལྕི་བ་དང་། ས་དང་ལྔ་པོ་དགེ་སློང་གིས་ཅི་བདེར་བླང་ཞིང་ལོངས་སྤྱོད་པར་བྱའོ། །དེའི་རྒྱུ་མཚན་མགྲོན་པོ་སུ་བྱུང་བ་ལ་བསྔོས་ཏེ་བཞག་པ་ ཡིན་པའི་ཕྱིར་རོ། །དགེ་སློང་དང་དགེ་ཚུལ་བབས་པར་མི་འདོད་པ་སྟེ་མི་འདོད་བཞིན་དུ་ཉེ་དུ་འབྲེལ་བས་མཐུས་ཁྲིད་པ་ན་དགེ་སློང་གིས་བཟུང་བར་བྱའོ། །འདིའི་དགོས་དོན་རབ་བྱུང་གི་བར་ཆད་སྤོང་བའི་དགོས་པ་ཡོད་བའི་ཕྱིར་དང་། གཞན་གྱི་མི་ནན་གྱིས་ཕྲལ་བའི་ཉེས་པར་ འགྱུར་རམ་སྙམ་པའི་དོགས་པ་བཅད་པའི་ཕྱིར་ཏེ་མ་བྱིན་ལེན་གྱི་སྐབས་སུ་གསུངས་པས་གྲུབ་བོ། །རྗེ་མ་ཆེས་སངས་ན་རེ། རབ་བྱུང་དེ་བབས་པར་འདོད་ན་ཉེ་དུ་རྣམས་དབང་ཞིང་། འབབས་པར་མི་འདོད་ན་དགེ་སློང་རྣམས་དབང་སྟེ། རྫས་ཀྱི་བསམ་པའི་སྟོབས་ལས་དོན་གྱིས་ བདག་པོར་གྱུར་པས་འབྲེལ་པས་ཁྲིད་པ་བཟུང་བ་ལ་མ་བྱིན་ལེན་གྱི་ལྟུང་བ་མེད་པའོ་ཞེས་ཟེར་རོ། །འོན་ཀྱང་འདི་ནི་རྐུ་སེམས་མེད་པས་ལྟུང་བ་མེད་པ་ཡིན་གྱི། རྫས་ཀྱི་བསམ་པའི་སྟོབས་ཀྱིས་བདག་པོར་གྱུར་པ་ཡིན་ན་ནི། བརྐུ་བྱའི་མི་དེ་དགེ་སློང་རང་ལ་མོས་ཀྱང་རྐུ་སེམས་ ཡོད་ན་བརྡས་རྐུ་བ་དང་། ལྷན་ཅིག་གནས་པ་དང་། ཉེ་གནས་རང་ཕྱོགས་སུ་འབྲོས་བཅུག་པ་ལ་ལྟུང་བར་གསུངས་པ་དང་འགལ་ལོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་སོ། །གསུམ་པ་ལ། བརྐུ་བར་བྱ་བའི་དངོས་པོ་བསྟན། །དངོས་དེའི་བདག་ པོ་གང་ཡིན་བཤད། །རྗེས་སུ་སྒྲུབ་པའི་སྐབས་ཉིད་བརྗོད། །མཐར་ཐུག་ཉིད་ཀྱི་ཡན་ལག་གོ། དང་པོ་ལ་གཉིས་ལས། གཞན་ལུགས་འཁྲུལ་པར་བསྟན་པ་ནི། དཔལ་ཤཱཀྱ་མཆོག་ལྡན་ན་རེ། ཀརྵ་པ་ཎའི་རྒྱུ་ལ་བཞི་བཤད་ཀྱང་། ཟངས་མ་དང་། ལྕགས་ལ་སྲན་མ་ཙམ་ 6-1-285a ལ་སོགས་པའི་རིན་ཐང་གིས་མི་ཆོག་པས་གསེར་དངུལ་གང་རུང་དུ་ངེས་ལ། དེ་ཡང་དངུལ་དབང་བཙན་པ་དེའི་ཚེ་རིན་ཐང་གི་མ་མཐའི་ཚད་སེ་བ་གསུམ་ཡིན་པ་དང་། གསེར་གྱི་ཀརྵ་པ་ཎ་དབང་བཙན་པ་དེའི་ཚེ་རིན་ཐང་གི་ཚད་གསེར་བྱེས་པའི་ཞོ་གང་ཡིན་ ནོ་ཞེས་བྲིས་སྣང་ངོ་། །དེ་ཡང་འདི་ཉིད་ཀྱི་ཞེན་དོན་ནི་གསེར་དངུལ་སྲན་མ་ཙམ་རེ་ལ་སེ་བ་བརྒྱད་བརྒྱད་ཡོད་པའི་དབང་དུ་བྱས་ནས་མ་ཤ་ཀ་གསུམ་ལ་ཀརྵ་པ་ཎ་བཞི་ཆར་འཇོག་པའི་དབང་དུ་བྱས་ནས། དངུལ་སེ་བ་བརྒྱད་གསུམ་ཉི་ཤུ་རྩ་བཞི་ལ་མ་བྱིན་ལེན་གྱི་རིན་ཐང་དུ་ འཇོག་ལ། གསེར་ལ་མཚོན་ན་གསེར་མ་ཥ་གསུམ་ཀརྵའི་བཞི་ཆར་འཇོག་པའི་དབང་དུ་བྱས་ནས་སེ་བ་ཉེར་བཞི་འབྱུང་བས་དེ་མ་བྱིན་ལེན་གྱི་རིན་ཐང་གི་ཚད་དུ་འཇོག་པ་གཉིས་གནད་གཅིག་ཅེས་བསམ་པར་སྣང་ཡང་གོ་དོན་ཤིན་ཏུ་འཁྲུགས་ཏེ། དངུལ་ལས་གསེར་གོང་ཆེ་ བས་དངུལ་སེ་བ་ཇི་ལྟར་མང་བས་ཀྱང་མ་བྱིན་ལེན་གྱི་རིན་ཐང་ཆོག་དཀའ་ལ། གསེར་སེ་བ་ཇི་ལྟར་རིགས་པས་ཀྱང་མ་བྱིན་ལེན་གྱི་རིན་ཐང་ཆོག་སླ་དགོས་པ་ལ་དེ་ཕྱིན་ཅི་ལོག་ཏུ་བྱས་ནས། བོད་ལྟ་བུར་གསེར་ལ་མ་བྱིན་ལེན་གྱི་རིན་ཐང་དཔྱད་ན། གསེར་བྱེས་ཞོ་གང་ལ་དེར་ འགྱུར་གྱི་དངུལ་ལ་དཔྱད་ན་གསེར་སེ་བ་གསུམ་གྱིས་དེར་འགྱུར་ཟེར་བ་ནི་གསེར་དངུལ་གྱི་གོང་ཁྱད་ཙམ་ཡང་མ་རྟོགས་པ་དང་། རིན་ཐང་ཆུང་བ་བརྐུས་ན་ཕམ་པ་བསྐྱེད་ལ་རིན་ཐང་ཆེ་བ་བརྐུས་ན་ཕམ་པ་མི་བསྐྱེད་པའི་སྐྱོན་གནས་པ་ཡིན་ནོ། །སྤྱིར་ཡང་དངུལ་གྱི་མ་ཥ་ཡོད་པར་ ལུང་ལས་བཤད་ཀྱང་དངུལ་གྱི་མ་ཥ་གཅིག་ལ་དངུལ་སེ་བ་བརྒྱད་ཡོད་པའི་ལུང་མེད་ལ། ཇི་སྐད་དུ། མམ་ས་སེ་བ་བརྒྱད་ཅེས་བྱ། །མམ་ས་བརྒྱད་ལ་ཞོ་གཅིག་འདོད། །གསེར་ཞོ་གང་ལ་རབ་བརྗོད་དེ། །གསེར་ཞོ་བརྒྱད་ལ་སྲང་གཅིག་གོ། ཞེས་པ་ནི་གསེར་ལ་སྦྱར་གྱི། 6-1-285b དངུལ་ལ་མ་སྦྱར་བའི་ཕྱིར་དང་། དངུལ་སྲན་ཚོད་ལ་དངུལ་སེ་བ་བརྒྱད་མི་འབྱུང་བ་མངོན་སུམ་གྱིས་གྲུབ་ཀྱང་། ཁྱེད་ཀྱི་ཊཱི་ཀར་སྐབས་འདིའི་མ་ཤ་ཀ་དེ་དངུལ་སྲན་མ་གཅིག་གི་ཚད་ལ་བྱེད་ཅིང་། མ་ཥ་རེ་རེའི་ཚད་ལ་དངུལ་སེ་བ་བརྒྱད་བརྒྱད་ཡོད་ཅེས་བྲིས་སྣང་བའང་འཁྲུལ་ པ་ལས་མ་འདས་སོ། ། གཞན་ཡང་ཁྱེད་ཀྱི་ཊཱི་ཀར་འདིར་ཉེ་བར་མཁོ་བའི་སེ་ཚད་ནི་འོལ་མ་ཟེའི་འབྲས་བུ་གཅིག་གི་ཚད་དོ། །དེ་ནི་ཁ་དོག་དམར་པོ་ལ་ནག་པོའི་ཐིག་ལེ་ཡོད་པ་ཆེ་ཆུང་ཐམས་ཅད་ལྕི་ཡང་མཉམ་པའི་ཚད་ངེས་པ་ཅན་དུ་བྱས་པའོ། །དེ་ལྟ་བུའི་སེ་བ་དེ་བཞི་ལ་ཀ་ཀ་ ནིའམ་པོཎ་ཏི་ཀ་གཅིག་གི་ཚད་འབྱུང་། དེ་བཞི་ལ་མ་ཤ་ཀ་གཅིག་གོ། འདི་དག་ནི་གཞན་གྱིས་མ་བཤད་པའི་ལེགས་པར་བཤད་པའོ་ཞེས་བྲིས་སྣང་ཡང་དེ་ནི་རང་ཚིག་དང་འགལ་བའི་ཉེས་བཤད་ཡིན་ཏེ། གསེར་མ་ཥ་གཅིག་ལ་སེ་བ་བརྒྱད་ཡོད་པར་བསྒྲུབས་བསྒྲུབས་ནས། ད་ནི་འོལ་མ་ཟེ་སེ་བ་རེའི་ལྕིད་མཉམ་དུ་བསྟན་ནས་གསེར་སེ་བ་བཞི་ལ་ཀ་ཀ་ནི་གཅིག་ཏུ་བཞག་ཅིང་། ཀ་ཀ་ནི་བཞི་ལ་མ་ཤེ་ཀའོ་ཞེས་པས་མ་ཤ་ཀར་འཇོག་པ་ལ་ཀ་ཀ་ནི་བཞི་དགོས་པར་བསྟན་པས་དེ་ལྟར་ན་གསེར་སེ་བ་བཞི་བཞི་བཅུ་དྲུག་ལ་མ་ཥ་གཅིག་ཏུ་བཞག་དགོས་པར་ སོང་བས་སེ་བ་བརྒྱད་མ་ཥར་འཇོག་པ་དང་ཡང་འགལ་བ་ཡིན་ནོ། །འདིར་སྨྲས་པ། བདག་གི་ལེགས་བཤད་འཁྲུལ་པའི་གཡའ་བྲལ་ཡང་། །ཕྲག་དོག་གིས་བསླད་སྐྱེ་བོས་འདི་ལ་སྡང་། །གཞན་གྱིས་འཁྲུལ་གཏམ་སྣ་ཚོགས་འཆད་ན་ཡང་། །རྨོངས་ལ་ཆགས་འགས་ དེ་ཉིད་སྨན་བཞིན་བསྟེན། །ཞེས་སོ། །ཡང་གོང་དུ་མ་བྱིན་ལེན་གྱི་རིན་ཐང་གི་ཚད་གསོད་པའི་ཆད་པའི་ཚད་དང་རིན་ཐང་མཉམ་པར་བཅས་པ་མཛད་པ་འདི་ལ་ཕྱི་རབས་པ་ཁ་ཅིག །གསོད་པའི་ཆད་པ་ཁོ་ན་དང་བསྟུན་པ་རྟགས་མ་གྲུབ་སྟེ་ཆད་པས་གཅོད་པ་ཙམ་དང་བསྟུན་ 6-1-286a པའི་ཕྱིར། ཇི་ཙམ་མ་བྱིན་པར་བླངས་ན་གྱོང་ལ་དཀྲི་ཞིང་སྲོག་དང་བྲལ་བར་བྱེད་དྲིས་ཤིག་ཅེས་དང་། གསོད་དམ་འཆིང་ངམ་སྤྱུགས་ཀྱང་རུང་སྟེ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་འཇིག་རྟེན་ཕལ་གྱིས་བརྐུས་པའི་ཐ་སྙད་དང་ཆད་པས་གཅོད་ པ་རིགས་པ་ཙམ་དུ་བྱེད་པ་ཡན་ཆད་ཡིན་པར་རིགས་ཏེ། ལུང་དུ། ཇི་ཙམ་མ་བྱིན་པར་བླངས་ན་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ་བྱིས་པའོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་སོ། །དེས་ཀྱང་མ་ཤེས་པ་ཡིན་ཏེ་གསོད་དམ་ཞེས་ དང་པོར་གསོད་པའི་སྒྲ་སྨོས་པས་ཀྱང་གསོད་པ་ཉིད་ཀྱི་ཆད་པ་དང་བསྟུན་པ་ཡིན་ལ། འཆིང་ངམ་སྤྱུགས་པའི་སྒྲས་ནི་གསོད་པའི་ཆད་པའི་ཡུལ་ལ་གཞན་གྱི་ངོ་འཇུག་པའི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་རང་ལུགས་འཁྲུལ་མེད་དུ་བསྟན་པ་ནི། ཀ་ཀ་ནི་ཞེས་པ་དང་པོཎ་ཏི་ཀ་ མིང་གི་རྣམ་གྲངས་ཡིན་ལ། དེ་ཡང་མགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ། །དེ་བཞི་ལ་མ་ཤ་ཀའམ་པ་ཎ་མིང་གི་རྣམ་གྲངས་ཡིན་པས་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །མ་ཤ་ཀ་ལྔ་ཉིད་ནི་ཀརྵ་པ་ཎ་དང་ན་ན་ཀ་མིང་གི་རྣམ་གྲངས་ཡིན་ལ། ཀ་ཧོ་ན་ཞེས་ཀྱང་ ཟེར་ལ་དེའི་བཞི་ཆའི་དཔེར་མཚོན་པ་ཡིན་ནོ། །ཊཱི་ཀར། ལྔ་ཉིད་ནི་ཀརྵ་པ་ཎའི་བཞི་ཆའི་དཔེ་ཡིན་ནོ་ཞེས་སྨྲས་ན་གནས་དང་དུས་ཀྱི་དབྱེ་བས་ཀརྵ་པ་ཎའི་དབྱེ་བ་ཡང་སྣང་སྟེ། ལ་ལར་ནི་མ་ཤ་ཀ་བཅུ་གཉིས་ཉིད་ལ་ཀརྵ་པ་ཎ་གཅིག །ལ་ལར་ནི་མ་ཤ་ཀ་བཅུ་དྲུག་ཉིད་ལ་ ཀརྵ་པ་ན་གཅིག །ལ་ལར་ནི་མ་ཤ་ཀ་སུམ་ཅུ་རྩ་གཉིས་ཉིད་ལ་ཀརྵ་པ་ཎ་གཅིག་ཡིན་པས་ཤེས་སོ། །འོ་ན་མ་ཤ་ཀ་ལྔ་ཞེས་མཚོན་པའི་རྒྱུ་མཚན་གང་ཞེ་ན། སངས་རྒྱས་བསླབ་པ་འཆའ་བའི་ཡུལ་དུས་གང་ན་ཀརྵ་པ་ཎ་དེའི་རིན་ཐང་གི་ཚིགས་ཉིད་མ་ཤ་ཀ་ཉི་ཤུ་གང་ཡིན་པ་དེ་ 6-1-286b ལ་བརྟེན་ནས་ལྔར་གསུངས་པ་ནི་ཉི་ཤུའི་བཞི་ཆ་ནི་ལྔ་ཡིན་པ་ལ་བསམ་པ་ཡིན་ནོ། །ཡུལ་ཁ་ཅིག་ན་ཀརྵ་པ་ཎ་གཅིག་ལ་མ་ཤ་ཀ་ཉི་ཤུར་བྱེད་ལ། ཡུལ་ཁ་ཅིག་ན་བཅུ་གཉིས་ལ་བྱེད་ན་རིན་ཐང་ཇི་ལྟར་བརྩི་ཞེ་ན། གང་དུ་རྐུ་བའི་གནས་དང་། གང་གི་ཚེ་རྐུ་བའི་དུས་ཀྱི་ཀརྵ་པ་ཎ་ དེའི་རིན་ཐང་བརྩི་བ་རྣམ་པར་བཞག་གོ། ཊཱི་ཀར། ཡུལ་གཞན་དང་། དུས་གཞན་དང་། གླིང་གཞན་གྱི་རིན་ཐང་བརྩི་བ་དེས་ཡུལ་དང་དུས་དང་གླིང་གཞན་དུ་རིན་ཐང་བརྩི་བར་ནི་མི་བྱའོ་ཞེས་སོ། །སྔར་རྣམ་འབྱེད་དུ། རིན་ཐང་ནི་བརྐུས་པའི་གནས་དང་དུས་ཀྱིས་སོ། ། ཞེས་བརྐུ་བྱའི་རྫས་ཀྱི་རིན་ཐང་བརྩི་བར་བསྟན་ལ། འདིར་ནི་ཀརྵ་པ་ཎའི་རིན་ཐང་བརྩི་བ་ཡིན་ནོ། །རྐུ་བའི་གནས་དུས་དང་། བརྐུས་པའི་གནས་དུས་ཞེས་པ་ནི་སྦྱོར་བའི་དུས་སུ་རིན་ཐང་ཚང་དགོས་པ་དང་། མཐར་ཐུག་གི་དུས་སུ་རིན་ཐང་ཚང་དགོས་པ་གོ་རིམ་བཞིན་དུ་ སྦྱོར་བ་དང་། མཐར་ཐུག་གི་དུས་ཀྱི་རིན་ཐང་ཕན་ཚུན་མཚོན་བྱེད་དུ་སྦྱོར་རོ། །རིན་ཐང་གདབ་པར་མི་ནུས་པ་དེ་ལ་རིན་ཐང་མེད་དོ་ཞེས་བརྐུས་ན་ཕམ་པར་མི་འགྱུར་རམ་སྙམ་ན། ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་ནོར་བུ་རིན་པོ་ཆེ་བརྐུས་ན་ནི་རིན་ཐང་གི་ ཆ་ནས་ཕམ་པ་བསྐྱེད་ནུས་ཏེ་རིན་ཐང་རབ་ཀྱི་མཐར་ཕྱིན་པ་ཉིད་དོ། །ཆུང་བ་ཉིད་ཀྱིས་རིན་ཐང་གདབ་པ་དེར་མི་ཆོག་པ་ཉིད་བརྐུས་ན་ནི་བརྐུས་པའི་ཁུངས་སུ་མ་གཏོགས་པ་ཉིད་མ་ཡིན་ནོ། །ཏིལ་གྱི་འབྲུམ་བུ་ཡན་ཆད་བརྐུས་ཀྱང་སྦོམ་པོར་འགྱུར་རོ། །རིན་ཐང་ གདབ་པར་མི་ནུས་པ་རྐུ་བ་དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་རིན་ཐང་གི་ཚད་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་ནོ། །དེ་ཡང་སྐུ་གདུང་ནི་རུས་པ་ཞུ་བ་རིལ་བུར་གྱུར་པའམ་མ་གྱུར་པ་སྟེ། སཾ་སྐྲྀ་ཏ་ལས། དྷཱ་ཏུའི་སྒྲ་ལས་དྲངས་ན་དགེ་བའི་རྩ་བ་གསོག་པར་བྱེད་པའི་ 6-1-287a རྒྱུ་སྟེ་བོད་སྐད་དུ་རིང་བསྲེལ་ཟེར་རོ། །དེས་ན་དེ་བཞིན་གཤེགས་པའི་གདུང་ནི་རིང་བསྲེལ་ཡིན་ལ། གཞན་ཕལ་གྱི་རུས་པ་ནི་ཞུ་བ་གོང་བུར་གྱུར་ཀྱང་རིང་བསྲེལ་མིན་ཏེ་དགེ་བའི་རྩ་བ་གསོག་པའི་བྱེད་རྒྱུར་མ་དམིགས་པའི་ཕྱིར་རོ། ། གཞན་ཡང་དེ་བཞིན་ གཤེགས་པའི་རིང་བསྲེལ་ལ་དོ་ཟླ་མ་མཆིས་ཀྱང་ཉན་རང་འཕགས་པའི་རུས་པ་ཞུ་བའི་གོང་བུ་ཡང་རིང་བསྲེལ་ཡིན་ཏེ་དགེ་རྩ་རྫོགས་པའི་རྒྱུར་བྱེད་པའི་ཕྱིར་རོ། །རུས་པ་ཞུ་བ་གོང་བུར་གྱུར་པ་འདི་ཡང་འཕགས་པའི་གང་ཟག་ཁོ་ན་ལ་འབྱུང་གི། སྡིག་ཅན་སོགས་ལའང་མི་ འབྱུང་བ་མ་ཡིན་ཏེ། རུས་པའི་རིགས་ཞུ་ལུགས་ཀྱི་ཁྱད་པར་ལས་ཡིན་ཏེ། དབུ་རུ་སྟོད་ཀྱི་བཙུན་པ་རྒྱ་མཚོའི་འབྲུག་སྒྲ་བཟང་པོས། སྐུ་དང་ཡི་གེ་ཐུགས་ལྗགས་སྤྱན། །འཕགས་པ་རྣམས་ལ་བྱོན་པ་མེད། །ཆོས་ལ་སྡང་བའི་བོན་པོ་ལ། །སྐུ་དང་ཡི་གེ་ཐུགས་ལྗགས་འབྱོན། ། ཁ་ཅིག་ནུས་པ་འབྱུང་བའི་ཕྱིར། །རྫུན་རྒྱུད་རྣམས་ཀྱང་ཆོས་ཡིན་ལོ། །མུ་སྟེགས་ཀླ་ཀློ་བོན་ལ་ཡང་། །ཚེ་འདིའི་ནུས་པ་ཆེན་པོ་ཡོད། །ཅེས་ཟེར་རོ། །ཊཱི་ཀར། འདི་སྐད་བསྟན་ཏེ། དཔེར་ན་གཞལ་དུ་མེད་པའི་རིན་པོ་ཆེ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཞིག་རྐུ་སེམས་ཀྱིས་ བརྐུས་ན། གལ་ཏེ་ཡུལ་དེ་ན་གཞལ་དུ་མེད་པའི་རིན་པོ་ཆེ་དེའི་དོན་གྱིས་རིན་ཐང་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་པ་ཡིན་ན་ནི་དེའི་ཚེ་ཕམ་པར་འགྱུར་རོ། །གལ་ཏེ་དེའི་རིན་ཐང་དེ་བཞིན་དུ་རྣམ་པར་གནས་པ་ཡིན་ན་ནི་རིན་ཐང་ཇི་ལྟ་བ་ལས་ལྟུང་བ་རྣམ་པར་བཞག་པ་དེ་བཞིན་དུ་ སངས་རྒྱས་ཀྱི་སྐུ་གདུང་གི་རྣམ་པར་བཞག་པ་ཡང་དེ་བཞིན་ནོ། །ཞེས་སོ། །དེའི་སེལ་བ་ནི་མཆོད་པའི་དོན་ཉིད་དུ་ན་ཉེས་བྱས་སོ། །ཊཱི་ཀར། འདིར་གཞུང་ནི་ཇི་སྟེ་མཆོད་པའི་དོན་དུ་འདི་ནི་བདག་གི་སྟོན་པའོ། །བདག་གིས་འདི་ལ་བཀུར་སྟི་བྱའོ་སྙམ་དུ་རྐུ་བར་བྱེད་ན་ཉེས་ 6-1-287b བྱས་སོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །དཔེ་བརྙར་མི་སྟེར་བ་བདག་པོས་མ་ཚོར་བར་བྲིས་པ་ལ་ནི་ཉེས་པ་མེད་དོ། །ཊཱི་ཀར། རྐུ་སེམས་ཡོད་དུ་ཟིན་ཀྱང་རེ་ཞིག་དཔེ་བྲི་བར་རྐུ་བ་ལ་ནི་ཉེས་པ་མེད་པར་བསྟན་ཅེས་པ་ནི། རྐུ་སེམས་བཏགས་པ་བ་སྟེ། བཅས་ལྡན་དགེ་སློང་ལ་ རྐུ་སེམས་མཚན་ཉིད་པ་ཡོད་ན་ཉེས་པ་མེད་པ་མི་རིགས་པའི་ཕྱིར། འགྲེལ་ཆུང་ལས། ལྷའི་ཡི་གེ་དཔེ་བརྙར་མི་སྟེར་བ་ཐུག་ཐུབ་ཏུ་བླངས་ནས་དཔེ་བྲིས་ཏེ་སླར་བསྐྱལ་བ་ལ་ནི་ཉེས་པ་མེད་དོ། །ལྷའི་ཡི་གེ་རྐུ་སེམས་ཀྱིས་ཐལ་བྱུང་དུ་ཁྱེར་ན་ཕམ་པར་འགྱུར་ཞེས་བཤད་ཅིང་། ཞུ་ བ་ལས། དགེ་སློང་གིས་གླེགས་བམ་བརྐུས་ན་ཅིར་འགྱུར། གླེགས་བམ་གྱི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་ལ། དེའི་འགྲེལ་པ་ལས། མ་ཤ་ཀ་ལྔར་ཚང་ན་ཕམ་པར་འགྱུར་བའོ་ཞེས་བཤད་དོ། །ཟངས་སྤྱད་དམ་གསེར་རྒྱན་ལ་སོགས་པ་བཤིགས་ཏེ་རྐུ་བ་ལ་ནི་བཤིགས་ ཟིན་པ་དེའི་གནས་སྐབས་སུ་རྐུ་བའི་དངོས་པོ་ཉིད་ཡིན་ནོ། །ཊཱི་ཀར། འདི་སྐད་བསྟན་ཏེ་འཇིག་པའི་གནས་སྐབས་ནི་སྦྱོར་བའི་ལྟུང་བའོ། །བཤིག་པར་གྱུར་ན་ནི་དངོས་གཞིའི་ལྟུང་བར་འགྱུར་རོ་ཞེས་སོ། །བྱང་གི་སྒྲ་མི་སྙན་གྱི་རྫས་རྐུ་ན་ནི་རྐུ་ཕམ་མེད་དེ། དེར་རྫས་ལ་ ཡོངས་སུ་འཛིན་པ་མེད་པ་ཉིད་དོ། །སྒྲ་མི་སྙན་གྱི་རྫས་བརྐུས་པ་དེ་ནི་རང་གི་རྫས་བརྐུས་པ་དང་འདྲ་སྟེ་རྐུ་སེམས་ཀྱིས་བརྐུ་ན་སྦོམ་པོའོ། །བྱང་གི་སྒྲ་མི་སྙན་དུ་བྲེ་སྲང་དང་། ཀརྵ་པ་ཎ་དང་། མ་ཤ་ཀ་ལ་སོགས་པ་རིན་ཐང་གི་ཚད་རྣམ་པར་བཞག་པ་མེད་པས་སྦོམ་པོ་འདི་ བསྐྱེད་པ་ལ་ཡང་རིན་ཐང་ནི་དགོས་ལ། འདི་ལ་རིན་ཐང་རྐུ་བའི་གནས་ཀྱིས་འཇོག་པར་དོན་གྱིས་གྲུབ་སྟེ། འདི་ནི་གནས་གཞན་གྱི་རིན་ཐང་གནས་གཞན་དུ་མི་བརྩི་བའི་དམིགས་བསལ་ཡིན་ནོ། །གཉིས་པ་ནི། བརྐུས་པའི་སྦྱོར་བ་དང་མཐར་ཐུག་དེའི་དུས་ན་མིའི་ 6-1-288a བདག་ཉིད་དུ་ཡོད་པ་བདག་པོ་ཉིད་ཡིན་གྱི། འདས་པའམ་ཕྱིས་འབྱུང་གི་བདག་པོ་ནི་གཞིའི་ཡན་ལག་མ་ཡིན་པ་ཉིད་དོ། །ལྷག་བཅས་དང་། ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཐོབ་པ་ནི་རྣམ་པར་དག་པའི་ལྷ་ཉིད་དོ་ཞེས་པ་འདི་ལ་གཞན་ལུགས་དགག ། རང་ལུགས་བཞག་པའོ། །དང་པོ་ནི། རྒྱ་མངར་བ་ན་རེ། གཞུང་འདིས་ནི་སངས་རྒྱས་རྩྭ་མཆོག་ཏུ་མྱ་ངན་ལས་འདས་ཏེ་སྐུ་གཤེགས་པའི་དཀོར་བརྐུས་ན་སྦོམ་པོར་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་ཊཱི་ཀ་ལས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་ ངས་ལ། ལྷག་མེད་ཀྱི་མྱང་འདས་ནི་ཉན་ཐོས་ཀྱི་ལུགས་ཀྱི་སངས་རྒྱས་དང་དགྲ་བཅོམ་པ་གྲོངས་པའི་གནས་སྐབས་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་དང་དགྲ་བཅོམ་པ་ཞལ་བཞུགས་པའི་ཆོས་གོས་དང་ལྷུང་བཟེད་བརྐུས་ན་ནི་ཕམ་པ་ རང་ལུགས་བཞག་པ་བསྐྱེད་དེ། གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བཤད་པས་གྲུབ་བོ་ཞེས་ཟེར་རོ། །འདིར་སྦོམ་པོ་བསྐྱེད་པ་འཐད་ཀྱང་ཕམ་པ་བསྐྱེད་པ་མི་འཐད་པས་དེ་དགག་པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང་། སྒྲུབ་བྱེད་གཞིག་པའོ། །དང་པོ་ནི། ཊཱི་ཀར། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དཀོར་ཡང་མིའི་རྒྱུད་དུ་གཏོགས་པ་ཡིན་པའི་ཕྱིར་དེ་བརྐུས་ན་ཕམ་པར་འགྱུར་བར་དོགས་པ་བསལ་བའི་ཕྱིར་མྱ་ངན་ལས་འདས་པ་ནི་ལྷ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ་ཞེས་གསུངས་པ་དང་། བི་མ་ལ་མི་ཏྲའི་འགྲེལ་ཆུང་ལས། བཅོམ་ལྡན་འདས་དང་ཉན་ཐོས་དང་རང་སངས་རྒྱས་པའི་ནོར་བརྐུས་པ་ནི་ལྷའི་ནོར་བརྐུས་པ་དང་འདྲ་ཞེས་པ་དང་། སོ་སོར་ཐར་པའི་འགྲེལ་པ་དང་། ལུང་གི་རྣམ་བཤད་ལས། སངས་རྒྱས་ཀྱི་དཀོར་བརྐུས་པ་ནི་མི་ཕམ་སྟེ་ཡོངས་སུ་བཟུང་བ་མེད་པས་སྦོམ་པོའོ་ཞེས་བཤད་ 6-1-288b པ་དང་འགལ་ལ། གཞུང་ལ་བརྟེན་པའི་རིགས་པ་ཡང་། སངས་རྒྱས་ཞལ་བཞུགས་པའི་ཆོས་གོས་དང་ཉན་ཐོས་དགྲ་བཅོམ་པའི་ཆོས་གོས་བརྐུས་པ་ཆོས་ཅན། བརྐུས་པའི་ཕམ་པ་མི་བསྐྱེད་པར་ཐལ། རྫས་བདག་ཏུ་བཟུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེ་ཡང་ གྲུབ་སྟེ། བདག་དང་བདག་གིར་འཛིན་པ་ཐམས་ཅད་སྤང་བའི་ཕྱིར་རོ། །དེ་ལ་ཕྱོགས་སྔ་ན་རེ། སངས་རྒྱས་ཀྱིས་དོན་གྱི་བདག་གིར་འཛིན་པ་སྤངས་ཀྱང་ཐ་སྙད་པའི་བདག་གིར་འཛིན་པ་མ་སྤངས་ཏེ། ངའི་ཆོས་གོས་དྲོས་ཤིག །ངའི་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་གསུངས་ སོ་ཞེ་ན། དོན་ལ་མི་གནས་ན་ཐ་སྙད་པ་ཙམ་གྱིས་ཕམ་པ་བསྐྱེད་པའི་ཡན་ལག་ཏུ་མི་བཞེད་དེ། དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་གསུངས་ལ། ཐ་སྙད་པ་ཙམ་གྱིས་ཕམ་པ་བསྐྱེད་པའི་ཡན་ལག་བྱེད་ན་ཐོ་ཡོར་ ལ་མིར་འདུ་ཤེས་ཏེ་བསད་པ་ལ་ཕམ་པ་བསྐྱེད་པ་མགོ་མཚུངས་པར་འགྱུར་རོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། གནས་སྐབས་གཞན་ཐོབ་པ་ཞེས་པ་འདི་ནི་རྐུ་བ་ལས་གཞན་སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱི་དབང་དུ་བྱས་པའོ། །ལུང་ཞུ་བ་ལས། དགྲ་བཅོམ་པ་ བསད་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །ཤ་ལུགས་པ་ན་རེ། སངས་རྒྱས་ཞལ་བཞུགས་པའི་ཆོས་གོས་ལྷུང་བཟེད་བརྐུས་ན་ཕམ་པར་མི་འགྱུར་གྱི་སྦོམ་པོར་འགྱུར་ཏེ། ཊཱི་ཀ་ལས། ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཞེས་གསུངས་པ་ནི་ སངས་རྒྱས་གྲོངས་པ་ལ་མི་ལྟོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་གདན་དུ་སངས་རྒྱས་པ་ན་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་ཐམས་ཅད་ལྷག་མ་མ་ལུས་པར་སྤང་བའི་ཕྱིར་ཞེས་འཆད་དོ། །ཐེག་ཆེན་ལྟར་ན་སངས་རྒྱས་ལ་ལས་ཀྱི་ལྷག་ 6-1-289a མ་དང་སྡུག་བསྔལ་མི་མངའ་བ་དེ་འཐད་ཀྱང་ཉན་ཐོས་ཀྱི་ལུགས་ཀྱིས་དེ་ལྟར་མ་ཡིན་གྱི། སངས་རྒྱས་དང་དགྲ་བཅོམ་པ་མ་གྲོངས་ཀྱི་བར་དུ་ལས་ཀྱི་ལྷག་མ་དང་སྐུ་ལུས་ཟག་པ་དང་བཅས་པ་སྡུག་བསྔལ་གྱི་ལྷག་མ་ལུས་པས་ལྷག་བཅས་ཀྱི་མྱང་འདས་ཡིན་ ལ། ནམ་གྲོངས་པ་ན་ལས་དང་སྡུག་བསྔལ་གྱི་ལྷག་མ་མ་ལུས་པར་སྤངས་པས་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་སྟེ་དེ་ལྟར་ཉན་ཐོས་ཀྱི་ས་ལས་བཤད་དོ། །གཉིས་པ་རང་ལུགས་བཞག་པ་ནི། མྱ་ངན་ལས་འདས་པ་ནི་ཞེས་པ་འདིས་ལྷག་བཅས་ཀྱི་མྱང་འདས་དང་། ལྷག་མེད་ཀྱི་ མྱང་འདས་གཉིས་ཀ་བསྟན་ཏེ། ཊཱི་ཀ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དཀོར་ཡང་མིའི་རྒྱུད་དུ་གཏོགས་པ་ཡིན་པའི་ཕྱིར་ཞེས་གསུངས་པས་ལྷག་བཅས་ཀྱི་མྱང་འདས་བསྟན་པར་གྲུབ་བོ། །ལྷག་མེད་ཀྱི་མྱང་འདས་ཀྱང་བསྟན་པ་ཡིན་ཏེ། ཊཱི་ཀ་ལས། ཕུང་པོ་ ལྷག་མ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ལྷ་ཉིད་དུ་བཞེད་དོ་ཞེས་པས་གྲུབ་བོ། །ངག་དོན་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་དཀོར་བརྐུས་པ་ནི་ཆོས་ཅན། བརྐུས་པའི་ཕམ་པ་མི་བསྐྱེད་ དེ། རྫས་བདག་ཏུ་བཟུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། །རྣམ་པར་དག་པའི་ལྷ་ཉིད་ཡིན་པས་དེ་ལ་བརྐུས་པའི་སྦོམ་པོ་བསྐྱེད་དེ། སྤྱིར་ན་འཇིག་རྟེན་གྱི་ལྷ་དང་། སྐྱེ་བའི་ལྷ་དང་། རྣམ་པར་དག་པའི་ལྷ་དང་གསུམ་སྟེ་རྒྱལ་པོ་རྣམས་དང་། རྒྱལ་ཆེན་རིགས་བཞིའི་ལྷ་ ལ་སོགས་པ་རྣམས་དང་། རྒྱུན་དུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་དེ་དག་གོ་རིམ་བཞིན་ནོ། །དེ་དག་ལས་འདི་ནི་ཕྱི་མའི་དབང་དུ་བྱས་སོ། །གསུམ་པ་ནི། གོས་ལ་སོགས་པ་བརྙན་པ་སྟེ་གཡར་བ་ངེས་པར་གཏན་དུ་བྱིན་པ་ཉིད་བཞིན་དུ་བསྲི་བ་མེད་པར་རྐུ་སེམས་ཀྱིས་ཉེ་ 6-1-289b བར་ལོངས་སྤྱོད་ན་ཕམ་པའི་སྦྱོར་བ་བཞིན་དུ་སྦོམ་པོར་འགྱུར་བ་ཡིན་ནོ། །དེའང་དངོས་གཞིའི་རྣམ་པའི་སྦོམ་པོའོ། །འདི་ལ་ཕམ་པ་མི་བསྐྱེད་པ་སྟེ་ཡན་ལག་མ་ཚང་ཞེ་ན། གཞོབ་ན་རེ། དངོས་པོ་ཅུང་ཟད་སྤྱད་པས་རིན་ཐང་ཚང་བ་མི་སྲིད་པའི་ཕྱིར་ཟེར་ཡང་། ཊཱི་ཀ་ལས། དངོས་པོ་ཚང་ན་སྦོམ་པོའོ་ཞེས་གསུངས་པ་དང་འགལ་ལོ། །གད་པ་ན་རེ། མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་གང་ལས་རྐུ་བའི་ཡུལ་དང་། གང་གིས་རྐུ་བའི་རྟེན་དང་། གང་བརྐུ་བྱའི་རྫས་དང་གསུམ་དགོས་པ་ལ་འདི་ལ་བརྐུ་བྱའི་རྫས་ལོགས་སུ་གྲུབ་པ་དེ་མ་ཚང་བའོ་ཟེར་ མོད། བརྐུ་བྱའི་རྫས་ལོགས་སུ་གྲུབ་པ་མེད་ཀྱང་དངན་འཐེན་ཡང་མ་བརྐུས་པ་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །རུ་ན་རེ། མཐར་ཐུག་མ་ཚང་བ་ཡིན་ཟེར་ཏེ། མཐར་ཐུག་མ་ཚང་བའི་སྦོམ་པོ་ཡིན་ན་སྦྱོར་བའི་སྦོམ་པོ་ཡིན་པར་འགྱུར་བ་ལས་སྦྱོར་བ་བཞིན་ནོ་ཞེས་སྦྱོར་ བ་དང་འདྲ་བར་གསུངས་པ་དང་འགལ་ཏེ། འདྲ་བའི་ཕྱིར་ན་དངོས་མ་ཡིན། །ཞེས་བརྗོད་དོ། །འོ་ན་གང་ཞེ་ན། འདི་ལ་ཕམ་པ་མི་བསྐྱེད་པ་ནི་རྐུ་སེམས་ཙམ་པོ་ཡོད་ཀྱང་རྐུ་སེམས་ཀྱི་ངོ་བོ་རྫོགས་པ་མེད་པའི་ཕྱིར་བསྲི་བ་མེད་པར་ལོངས་སྤྱོད་པ་འདི་མི་འཐད་དེ། འོན་ཀྱང་ གཡར་བཅུག་པ་ཡིན་ནོ་སྙམ་དུ་སེམས་པའི་ཕྱིར་རོ། །ཕ་རོལ་གྱི་སེམས་བསྒྱུར་བའི་གསང་སྔགས་དང་། དབང་དུ་བྱེད་པའི་སྨན་སྦྱིན་པ་དག་གིས་རང་ལ་རྫས་དབུལ་དུ་བཅུག་སྟེ་རྐུ་སེམས་ཀྱིས་ལེན་ན་ཡང་སྦྱོར་བ་བཞིན་ནོ་ཞེས་སྔ་མར་སྦྱར་ཏེ་སྦོམ་པོ་བསྐྱེད་དོ། །འདིའི་ སྨན་ནི་མགུ་བར་བྱ་བའི་སྨན་ཡིན་ནམ་དབང་དུ་བྱ་བའི་སྨན་ཡིན་ཞེ་ན། འོད་ལྡན་ལས། མགུ་བར་བྱ་བའི་ཕྱིར་གང་བྱིན་པ་དེའི་རྒྱུས་རྙེད་པའི་ཕྱིར་བསམ་པ་ལོག་པ་འབྱུང་ན་ལོག་འཚོར་གཏོགས་པའི་ཉེས་པར་འགྱུར་གྱི། རྐུ་བར་གཏོགས་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །སློབ་ 6-1-290a དཔོན་དགེ་ལེགས་བཤེས་གཉེན་ན་རེ། དེས་གནོད་ན་བཅིངས་ཏེ་སྦྱིན་དུ་འཇུག་པ་དང་འདྲ། མི་གནོད་ན་ཡེངས་ཏེ་སྦྱིན་དུ་འཇུག་པ་དང་འདྲ་བས་རིན་ཐང་ཚང་ན་དངོས་གཞིར་འགྱུར་རོ། །ཞུ་བར། གསང་སྔགས་དག་གིས་སམ་མེ་ཏོག་དང་ འབྲས་བུ་དག་གིས་བཙལ་ནས་ཁྱིམ་བདག་དེས་འདི་སྐད་ཅེས། བདག་གིས་འདི་ཁྱོད་ལ་སྟེར་རོ་ཞེས་ཟེར་ན་དགེ་སློང་གིས། དེས་ངེས་པར་བྱིན་པ་ཉིད་ཀྱི་འདུ་ཤེས་ཀྱིས་ཉེ་བར་སྤྱད་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྤྱད་ན་ཞེས་གསུངས་པའི་ཕྱིར་ན་གཏན་བྱིན་པ་ལྟར་སྤྱོད་ན་ སྦོམ་པོ་ཡིན་གྱི། འབུལ་དུ་འཇུག་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཉིད་ཀྱི་རྣམ་བཤད་དང་འགྲེལ་པས་འདི་ནི་ཆད་པས་བཅད་པའི་རྣམ་པ་ཡིན་པས་ཕམ་པར་མི་འགྱུར་ཟེར་ཏེ། བཅིངས་པ་དང་ཡེངས་པ་གཉིས་ཀ་འབུལ་བ་ལ་མི་ལྟོས་པར་རང་གིས་ལེན་པ་ཡིན་ལ། འདིར་འབུལ་ བ་ལ་ལྟོས་པ་མི་མཚུངས་ཤིང་། ངེས་པར་བྱིན་པའི་འདུ་ཤེས་ཅན་ཞེས་བྱ་བ་ནི་དེ་ལྟར་རྙེད་པ་ལས་བདག་ཏུ་བྱ་བར་རིགས་པར་བསྟན་པར་བྱའོ། །ཞེས་པས་བདག་ཏུ་བྱེད་པ་ཡིན་གྱི། བཅད་པ་ཙམ་མིན་པར་འཆད་དོ། །ངག་དོན་འདི་སྦོམ་པོར་འཇོག་རིགས་ཏེ། རྐུ་སེམས་ཀྱི་ ངོ་བོ་མ་རྫོགས་པའི་ཕྱིར་མདོ་སྔ་མའི་བསྟན་དོན་བཞིན་ནོ། །ཁ་ཅིག་དེ་ལ་སྦོམ་པོ་མཚན་ཉིད་པ་མེད་དེ་རྐུ་སེམས་མེད་པའི་ཕྱིར་ཞེས་ཟེར། འོ་ན་ཊཱི་ཀ་ལས། རྐུ་སེམས་ཀྱིས་ན་སྦྱོར་བ་བཞིན་ནོ་ཞེས་བྱ་བའི་རྗེས་སུ་སྦྱར་བར་བྱའོ་ཞེས་གསུངས་པ་དང་འགལ་ལོ། །ཞུ་འགྲེལ་ ལས་ཀྱང་། གསང་སྔགས་ལ་སོགས་པས་དབང་དུ་བྱས་ནས་སྦྱིན་དུ་འཇུག་པ་ལ་ཉེས་པ་སྦོམ་པོའོ་ཞེས་སྨོས་པ་མི་འཐད་དེ། དངོས་པོ་ཚང་ན་མཚན་ཉིད་དུ་འགྱུར་བའི་ཕྱིར་ཞེས་དབང་སྡུད་ཀྱི་སྔགས་ཀྱིས་གཟིར་ནས་རང་དབང་མེད་པར་འབུལ་དུ་འཇུག་ན་ཕམ་པ་ཞེས་ 6-1-290b བཤད་ཀྱང་། ལུང་དང་མདོ་རྩ་འགྲེལ་ལས་སྦོམ་པོར་གསུངས་པ་ནི་ངེས་པར་བཟུང་ངོ་། །གཞན་འབའ་ཞིག་གི་དོན་ཉིད་དུ་རྐུ་ན་ཡང་དངོས་གཞིའི་རྣམ་པའི་སྦོམ་པོ་སྟེ། མཐར་ཐུག་གྲུབ་པའི་སྒོ་ནས་དངོས་གཞི་དང་རྣམ་པ་འདྲ་བས་ན་དངོས་གཞིའི་རྣམ་པ་ཞེས་བྱའོ། །རྟོག་ པས་ཀྱང་ངོ་ཞེས་པ་འདི་ལ་འགྲེལ་པ་མཁན་གྱི་བཤད་ལུགས་གསུམ་ཡོད་དེ། ཞུ་འགྲེལ་ལས། རྐུན་པོ་ལ་ཞུགས་པ་འགའ་ཞིག་གིས་དངོས་གཞིའི་ཁ་ན་མ་ཐོ་བ་ཡོངས་སུ་སྤང་བའི་ཕྱིར་འདི་སྙམ་དུ་རྟོག་པར་བྱེད་དེ། ཆོས་ཐམས་ཅད་ནི་བདག་མེད་པའོ། ། ཆོས་ཐམས་ཅད་ནི་ཡོངས་སུ་གཟུང་བ་མེད་པའོ། །ཆོས་ཐམས་ཅད་ནི་འབྲེལ་པས་སྟོང་པ་སྟེ་བདག་པོས་ཡོངས་སུ་བཟུང་བ་མེད་པའི་འདུ་ཤེས་ངེས་པ་རྒྱུན་ཆགས་པ་སྐྱེད་པར་བྱེད་དོ། །འདུ་ཤེས་དེ་ལྟ་བུར་རྟོག་པ་དེས་ན་ཡན་ལག་གཞན་ཡོད་ན་སྦོམ་པོར་ འགྱུར་རོ་ཞེས་བཤད་དོ། །དེ་ནི་མི་རིགས་ཏེ་སྲོག་གཅོད་པ་ལ་སོགས་པ་ཐམས་ཅད་ལ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འགྲེལ་ཆུང་ལས། མི་ཆུས་ཁྱེར་བ་ཕྱུང་བ་ལྟ་བུ་ལ་སོགས་སྲོག་བླུད་མ་བྱིན་པ་ལ་འདི་ཙམ་གྱི་ཚོད་ཅིག་བདག་དབང་ཞེས་ཐུག་ཐུབ་ཏུ་ནོར་འཁྱེར་ན་ སྦོམ་པོ་ཞེས་བཤད་དོ། །དེ་ནི་བདག་ཉིད་དབང་ངོ་སྙམ་པའི་རྟོག་པ་སྟེ། ཊཱི་ཀ་ལས། བདག་གི་ཡིན་ནོ་སྙམ་པའི་རྟོག་པ་ཞེས་པ་དེའི་ཁོངས་སུ་འདུའོ། །ཡང་ཊཱི་ཀའི་དགོངས་པ་ལ་རྟོག་པ་ནི་གཉིས་ཏེ། ཤགས་འགྱེད་པའི་དུས་ན་ཁ་བསད་ཀྱིས་གསོད་པ་ཕ་རོལ་པོའི་ ཚིག་གི་སྐབས་མེད་པར་བྱ་བའི་ཕྱིར་ལན་འདེབས་པའི་རྟོག་པ་དང་། ངེས་པའི་རྣམ་པ་ཐེ་ཚོམ་དང་བྲལ་བའི་རྟོག་པ་ཞེས་བཤད་པ་གཉིས་ལས། དང་པོ་ལ་ཕམ་པ་དངོས་གཞི་བསྐྱེད་པར་གསུངས་ལ། གཉིས་པ་ནི་སྐབས་འདིར་བསྟན་ཏེ་འདི་ལ་གསུམ། བདག་གི་ཡིན་ 6-1-291a ནོ་སྙམ་པའི་རྟོག་པའམ་བདག་པོ་མེད་དོ་སྙམ་པའི་རྟོག་པའམ་བདག་ལ་བྱིན་ནོ་སྙམ་པའི་རྟོག་པས་ཀྱང་གཞན་གྱིས་ཡོངས་སུ་བཟུང་བའི་ནོར་རྫས་ཁྱེར་ན་དངོས་གཞིའི་རྣམ་པའི་སྦོམ་པོའོ་ཞེས་སོ། །དོན་དེ་ལྟར་རང་གི་རྣམ་བཤད་ལས་ཀྱང་གསུངས་སོ། ། འདི་ནི་སྦོམ་པོ་བཏགས་པ་བ་ཡིན་གྱི། རྐུ་བའི་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་དེ། བདག་ཉིད་དབང་ངོ་སྙམ་པ་ན་རྐུ་སེམས་མཚན་ཉིད་པ་མེད་པའི་ཕྱིར། ཊཱི་ཀ་ལས། མདོ་འདིའི་ཡུལ་ལ་འདུ་ཤེས་བཞིན་དུ་ཡིད་གཉིས་མེད་དེ། གང་ཡང་རུང་བའོ་སྙམ་པ་དེ་ལྟ་བུའི་ཡུལ་ ཡིན་པའི་ཕྱིར་ཞེས་པས་ནི་རྟོག་པས་ཀྱང་ངོ་ཞེས་པའི་མདོ་འདིའི་ཡུལ་ལ་ངེས་པའི་འདུ་ཤེས་བཞིན་དུ་ཡིད་གཉིས་ནི་འདུ་ཤེས་དང་འདྲ་ཞེས་བསྟན་པ་དེ་འདི་ལ་མེད་དེ། བདག་དབང་ངམ་གཞན་དབང་ངམ་སྙམ་དུ་ཡིད་གཉིས་ཟ་བཞིན་དུ་བརྐུ་ན་ཕམ་པར་འགྱུར་བའི་ཕྱིར། དེས་ ན་ངེས་པའི་རྟོག་པ་གསུམ་པོ་བདག་གི་ཡིན། བདག་པོ་མེད། བདག་ལ་བྱིན་སྙམ་པ་སྟེ་གསུམ་གང་ཡང་རུང་བའི་ཡུལ་ཡིན་པའི་ཕྱིར་ཞེས་པའོ། །ནོར་མང་པོ་ཞིག་འདུག་པ་ལས་བདམས་ཏེ་གང་བཟང་པོ་དེ་རྐུ་བར་འདོད་པས་རྫས་སྔ་མ་ལ་ནོམ་ཉུག་བྱེད་པ་དེ་བདམས་ པ་ལ་ཡང་དངོས་གཞིའི་རྣམ་པའི་སྦོམ་པོའོ། །གཞུང་འདི་ལྟར་བཏོན་ན་ཡང་བདེ་སྟེ། བཟང་པོ་རྐུ་བར་འདོད་པ་བདམས་པ་ལ་ཡང་ངོ་། །དེ་ཡང་དངོས་གཞིའི་རྣམ་པའི་སྦོམ་པོ་ཞེས་སྦྱར་དགོས་པ་ནི་རྫས་ཕྱི་མ་བརྐུས་པའི་སྦྱོར་སྦོམ་ལས་ཐ་དད་པར་བསྟན་པའི་ཕྱིར་དངོས་ གཞིའི་རྣམ་པ་ཞེས་གསུངས་ཀྱི། མཐར་ཐུག་གི་སྦོམ་པོ་ནི་མིན་ཏེ་དེའི་ཚེ་ན་མཐར་ཐུག་མ་གྲུབ་པའི་ཕྱིར་རོ། །འདིར་ཤ་ལུགས་པ་རྣམས་ནི། རྫས་དེ་རྣམས་གང་ཟག་འདེམ་པའི་ཕྱིར་རྫས་སྔ་མ་ལ་ནོམ་པའི་སྦོམ་པོ་འདི་ནི་རྫས་ཕྱི་མ་བརྐུས་པའི་སྦྱོར་སྦོམ་དང་རྫས་གཅིག་གོ་ 6-1-291b ཞེས་གསུངས་ཀྱང་། འདིར་ནི་རྫས་ཕྱི་མ་བརྐུས་པའི་ཕམ་པའི་སྦྱོར་སྦོམ་ལས་ཐ་དད་དེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། དངོས་གཞིའི་རྣམ་པའོ་ཞེས་གསུངས་པ་དང་ཊཱི་ཀར། བརྐུ་བའི་ཕྱིར་ནོམ་པར་བྱེད་པ་ལ་སྦོམ་པོར་བསྟན་པ་དེ་ལས་ཐ་དད་པར་བསྟན་པའི་སྦོམ་པོ་ གཞན་དུ་འགྱུར་རོ་ཞེས་གསུངས་པ་དང་། རིགས་པས་ཀྱང་རྫས་ཕྱི་མ་ལ་ནོམ་དུས་ན་རྫས་ཕྱི་མ་བཟང་པོ་དེ་རྐུ་བའི་འདུན་པ་མ་ལོག་ཀྱང་། རྫས་སྔ་མ་དེ་རྐུ་བའི་འདུན་པ་ལོག་པའི་ཕྱིར་རྫས་ཕྱི་མ་བརྐུས་པའི་སྦྱོར་སྦོམ་དང་རྫས་གཅིག་ཡིན་པར་མི་རིགས་སོ། །འོ་ན་ཊཱི་ཀའི་སྐབས་གཞན་ ལས། ནོམ་པ་མང་པོ་དག་ལ་ཡང་ཇི་སྲིད་རྐུ་བའི་བསམ་པ་ཕྱིར་མ་ལོག་གི་བར་དུ་ནི་སྦོམ་པོ་གཅིག་ཁོ་ནའོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདི་ནི་སྤྱིར་རྐུ་བའི་བསམ་པ་ཕྱིར་མ་ལོག་ཀྱང་རྫས་ཀྱི་བྱེ་བྲག་དེ་ཉིད་རྐུ་བའི་བསམ་པ་ཕྱིར་ལོག་པའི་ཕྱིར་རོ། །བདམས་ཏེ་བཟང་པོ་རྐུ་བར་འདོད་ པའི་སྐབས་འདིར་སྦོམ་པ་ཐ་དད་དུ་མདོ་རྩ་འགྲེལ་ནས་བཞེད་པ་དང་། དགེ་ལེགས་བཤེས་གཉེན་ནི་སྦོམ་པོ་གཅིག་ཏུ་འདོད་པས་འདོད་ཚུལ་མི་མཐུན་ཏེ། ཞུ་འགྲེལ་ལས། བདམས་པའི་རེག་པ་ཡང་གནས་ནས་སྦེད་པའི་སྔ་རོལ་ན་ཡོད་པའི་ཕྱིར་སྦྱོར་བའི་ཁོངས་སུ་འདུས་ པས་སྦྱོར་བར་གཏོགས་པའི་སྦོམ་པོ་གཅིག་ཁོ་ནར་ཟད་ཀྱི། གཞན་པ་ནི་མ་ཡིན་ནོ་ཞེས་བཤད་དེ་པཎྜི་ཏའི་འདོད་ཚུལ་ཐ་དད་པ་ཙམ་དུ་ཟད་དོ། །རྒྱན་འགྱེད་པ་ལ་དོར་ཏེ་གཡོ་བྱེད་པ་ན་གལ་ཏེ་རྒྱན་རྒྱལ་བ་ཉིད་དུ་མ་གྱུར་པའི་ཚེ་སྦྱོར་བ་སྟེ་སྦོམ་པོའོ། །རྒྱན་ལ་དོར་བྱེད་པ་ དེ་ལ་རྒྱལ་བ་ཉིད་དུ་གྱུར་པ་དེ་ནི་བརྐུས་པའི་མཐར་ཐུག་པ་ཡིན་ནོ། །གྲངས་བརྩིས་ལ་དོར་བྱེད་ན་རྒྱལ་བ་ཉིད་དུ་མ་གྱུར་པའི་ཚེ་ནི་སྦྱོར་བ་དེའི་སྦྱོར་བའི་ཉེས་བྱས་སོ། །ཊཱི་ཀར། དངོས་གཞིའི་སྦྱོར་བ་ནི་མ་ཡིན་ནོ། །ཞེས་སོ། །བརྐུ་བའི་ཕྱིར་ཤོད་ཐབས་དང་ཁྲམ་ཐབས་ 6-1-292a ལ་སོགས་པ་གྲངས་ཀྱི་མཚན་མ་ཕྱིས་པ་དང་། ལྷག་མ་བསྣན་པ་གཉིས་དང་། མཚན་མ་དེ་དག་དང་པོ་འདུག་པའི་གནས་ནས་གནས་གཞན་དང་གཞན་དུ་ལྟག་འོག་བསྣོར་ཞིང་བཞག་པ་ཡང་སྦྱོར་བའི་སྦྱོར་བ་དེ་ཉིད་ཡིན་ནོ། །འདིས་ནི་གྲངས་ གཅིག་པུར་མ་ཟད་རྒྱན་དོར་བ་ལ་ཡང་མཚུངས་ཏེ། ཊཱི་ཀར། མདོ་འདི་ནི་གནས་སྐབས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་གྱི། རྒྱན་དང་གྲངས་འབའ་ཞིག་གི་དབང་དུ་བྱས་པ་ནི་མ་ཡིན་ནོ། །ཞེས་སོ། །གྲངས་ལ་དོར་བྱེད་པ་དེ་ལ་གྲུབ་པ་སྟེ་ནོར་ཐོབ་པ་ན་བརྐུས་པའི་མཐར་ ཐུག་པ་ཡིན་ནོ། །ཊཱི་ཀར། དེ་ལྟར་ན་འདིར་གྲངས་ཀྱི་སྐབས་སུ་དོར་བྱེད་པ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་ཉིད་དོ། །ཐོབ་བར་བྱ་བའི་ཕྱིར་དེའི་འོག་ཏུ་རྩོལ་བ་ནི་སྦྱོར་བ་ཉིད་དེ་སྦོམ་པོའོ། །ཐབས་གང་ཡང་རུང་བས་ཐོབ་པའི་ཚེ་ན་ནི་བརྐུས་པ་ཉིད་ཡིན་ནོ་ཞེས་སོ། །འོ་ན་རྒྱན་ ལ་དོར་བྱེད་ན་རྒྱན་རྒྱལ་ཙམ་ན་ཕམ་པ་བསྐྱེད་ལ། གྲངས་ལ་དོར་བྱེད་ན་ནོར་རྫས་ཐོབ་བློ་སྐྱེ་དགོས་པ་ལ་བལྟོས་པ་ནི། རྒྱན་ལ་བབ་ན་རྟ་ཤ་གློ་བ་འཚལ། །རྩིས་ནོར་ལོ་གསུམ་ཁོངས་སུ་ལྡོག །ཅེས་གྲགས། ཞེས་པ་སྟེ་རྒྱན་དང་རྩིས་གཉིས་ཡུལ་ཆོས་ཀྱིས་གཉན་མི་གཉན་ ཡོད་པའི་ཕྱིར་དང་། རྫས་མངོན་སུམ་ན་སྣང་མི་སྣང་གི་ཁྱད་པར་གྱིས་ཐོབ་བློ་སྐྱེ་དཀའ་སླ་ཡོད་པ་ལ་དགོངས་སོ། །རྙེད་པ་འགོད་པའི་ཚོམས་གཅིག་གི་ནང་དུ་བདག་ཉིད་བགྲངས་ནས་སླར་ཡང་བདག་ཉིད་ཚོམས་གཞན་དུ་ལུས་ཀྱིས་བགྲངས་པ་ཡང་གྲངས་ལ་དོར་བྱེད་པ་དེ་ དང་ཆོས་གཉིས་ཀྱི་སྒོ་ནས་འདྲའོ་སྟེ། ཆོས་གཉིས་ནི་དཔེར་ན་གྲངས་ལ་དོར་བྱེད་པ་ན་ཉེས་བྱས་སོ། །གྲུབ་པ་ན་བརྐུས་པ་ཡིན་ནོ་ཞེས་པ་དེ་བཞིན་དུ་ཚོམས་གཞན་དུ་བགྲངས་པ་ན་ཉེས་བྱས་སོ། །གྲུབ་པ་ན་བརྐུས་པ་ཡིན་ནོ། །རྙེད་པ་འགོད་པའི་ཚོམས་སྔ་མ་ཉིད་དུ་བགྲངས་ཟིན་ 6-1-292b ནས་ཚོམས་ཕྱི་མ་དག་ལ་ངག་གིས་བསྙོན་ཏེ་བགྲངས་པ་དང་། ཚོམས་ཕྱི་མ་ཉིད་དུ་བདག་ཉིད་བགྲངས་ཟིན་ནས་ཚོམས་སྔ་མ་དག་ལ་ངག་གིས་བསྙོན་པ་ཡང་གྲངས་ལ་དོར་བྱེད་པ་དེ་དང་འདྲའོ་ཞེས་གོང་དུ་སྦྱར་ཏེ་འདྲ་ཆོས་གཉིས་ནི་སྔ་མ་བཞིན་ནོ། །ཚོམས་དུ་མར་བདག་ཉིད་ བགྲངས་ན་དེའི་སྐལ་བ་ནི་ཚོམས་གང་ལས་བླང་ཞེ་ན། གང་དག་དེའི་སྐལ་བ་ཉིད་ནི་ཚོམས་དེ་དག་གང་དུ་དེ་ཚོམས་ཐམས་ཅད་ཀྱི་དང་པོར་བདག་ཉིད་བགྲངས་པ་དེར་གཏོགས་ཏེ་སྐལ་བ་ཉིད་དབང་ངོ་། །ཚོམས་གཞན་དུ་བགྲངས་པ་ཞེས་པ་དང་། སྔ་མ་ཉིད་ཕྱི་མ་དག་ལ་ཞེས་ པ་དང་། འཆད་འགྱུར་གྱི་མི་དབང་བ་དབང་བར་སྒྲོག་པ་འདི་གསུམ་གྱི་ཁྱད་པར་གང་ཞེ་ན། སྔ་མ་ནི་ལུས་ཀྱིས་བགྲངས་པ་སྟེ། ཕྱི་མ་གཉིས་ནི་ངག་གིས་བསྙོན་པའོ། །ཕྱི་མ་གཉིས་ཀྱི་ཁྱད་པར་ནི་སྐལ་བ་གཅིག་དབང་བ་ན་སྐལ་བ་གཉིས་ཡན་ཆད་ཐོབ་པར་འདོད་པས་ བསྙོན་པ་དང་། སྐལ་བ་གཅིག་ཉིད་ཀྱང་མི་དབང་བ་ན་སྐལ་བ་གཅིག་ཡན་ཆད་ཐོབ་པར་འདོད་པས་བསྙོན་པ་སྟེ་གོ་རིམ་བཞིན་ནོ། །རྙེད་པའི་སྐལ་བ་གཏན་མི་དབང་བ་ཡང་འདིར་དབང་ངོ་ཞེས་དབང་བར་སྒྲོག་པ་ཡང་གྲངས་ལ་དོར་བྱེད་པ་དེ་དང་འདྲའོ་ཞེས་གོང་དུ་སྦྱར་ཏེ་ འདྲ་ཆོས་གཉིས་ནི་སྔ་མ་བཞིན་ནོ། །ནོར་བདག་གིས་ལོང་ཞིག་ཅེས་མ་བསྒོ་བར་ནོར་བདག་དེའི་ཉེ་དུ་ལ། ཁོ་ན་རེ། ནོར་དེ་ང་ལ་བྱིན་ཅིག་ཟེར་རོ་ཞེས་སློང་བ་ཡང་དོར་བྱེད་པ་དང་འདྲའོ་ཞེས་གོང་དུ་སྦྱར་ཏེ་འདྲ་ཆོས་གཉིས་ནི་སྔ་མ་བཞིན་ནོ། །བརྙས་པ་དང་ཞེས་པ་ཊཱི་ཀར། ། བརྙན་པོས་ཁུགས་པའོ་ཞེས་སོ། །བསྐྱིས་པ་དང་ཞེས་པ་ཊཱི་ཀར། སྦྱིན་པ་སྦྱིན་ནོ་ཞེས་སྔ་ཤུགས་སུ་ཐོབ་པའོ་ཞེས་སོ། །གཏམས་པ་ཞེས་པ་ནི་ཊཱི་ཀར། གཏད་དེ་བཞག་པར་བྱའོ་ཞེས་སོ། །རྣམས་ཞེས་པ་ནི་མང་ཚིག་གོ། དེ་དག་ལས་ངས་བརྙས་པ་མེད་དོ། །བསྐྱིས་པ་མེད་ 6-1-293a དོ། །ང་ལ་བཅོལ་བ་མེད་དོ་ཞེས་བསྙོན་པ་ནི་སྦྱོར་བ་སྟེ་སྦོམ་པོའོ། །བརྣོགས་པ་ནི་ཊཱི་ཀར། མི་སྦྱིན་པར་ངེས་པ་དེའི་ཚེ་ན་བརྐུས་པ་ཡིན་ནོ་ཞེས་སོ། །དེའི་ཕྱིར་བརྣོགས་པ་ལས་ཕམ་སྟེ་འདིའི་ཊཱི་ཀར། ལན་འགའ་མཐར་འགྱུར་བའང་ཡོད་དེ། དེ་གང་གི་ ཚེ་བརྣོགས་པ་ནའོ་ཞེས་སོ། །གཏམས་པ་ནི་གཉིས་ཏེ། ནོར་བདག་ལ་རྒྱུས་མེད་པར་ཞལ་ཏ་པས་སྦས་པ་དང་། ཞལ་ཏ་པའི་མངོན་སུམ་དུ་ནོར་བདག་གིས་སྦས་པའོ། །དང་པོ་ནི། མདོ་སྨོས་མ་ཐག་པས་བསྟན་ལ། གཉིས་པ་ནི། ཞལ་ཏ་པའི་མངོན་སུམ་དུ་བདག་པོ་ཉིད་ཀྱིས་ རང་གི་གནས་གང་དུ་གཏམས་པ་སྦས་པ་ལ་གལ་ཏེ་ཞལ་ཏ་པས་གནས་ནས་སྤོ་བ་དང་ལྷན་ཅིག་ཏུ་བརྣོགས་པར་བྱེད་ན་དེའི་ཚེ་ཕམ་སྟེ། ཊཱི་ཀར། ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་སོ། །སྔར་རྫས་གནས་ནས་སྤོས་པའི་འོག་ཏུ་བརྣོགས་པའི་ཚེ་ཁོ་ན་ནི་བརྐུས་པར་ འགྱུར་རོ། །དང་པོར་བརྣོགས། བར་དུ་བསྙོན། ཐ་མར་རྫས་གནས་ནས་སྤོས་ན་དེ་གསུམ་ལ་ཅིར་འགྱུར་ཞེ་ན། གལ་ཏེ་རྫས་གནས་ནས་སྤོ་བའི་སྔར་བརྣོགས་ན་ནི་སྔར་བརྣོགས་པའི་ཕྱིས་བསྙོན་པ་ལས་སྦྱོར་བ་ཐ་དད་པ་གཞན་ཉིད་དེ་སྦོམ་པོ་ཐ་དད་པ་ཉིད་དོ། །དེའི་ཕྱིར་ གནས་ནས་སྤོས་པ་ན་ཕམ་མོ། །ཊཱི་ཀར། གལ་ཏེ་སྔར་བརྣོགས་པར་བྱེད་ལ་ཕྱིས་བསྙོན་ན་དེ་ལྟར་ན་བརྣོགས་པ་དེ་བསྙོན་པས་བར་དུ་ཆོད་པས་སྦྱོར་བ་ཉིད་དེ། བརྣོགས་པ་ནི་དངོས་གཞིའི་རྣམ་པའི་སྦོམ་པོ་ཡིན་པའི་ཕྱིར་ཞེས་འབྱུང་བ་ལ། ཉེ་བ་འཁོར་གཉིས་པ་ཤེས་ རབ་བཟང་པོའི་ཞལ་ནས། འདི་ནི་དངོས་གཞིའི་རྣམ་པར་འོང་དོན་མེད་དེ། དེར་གསུངས་པ་ནི་བཏགས་པ་བ་ཡིན་ལ། སྦྱོར་བའི་གནས་སྐབས་ཀྱི་སྦོམ་པོ་ཡིན་ནོ་ཞེས་གསུངས་སོ། །མདོ་འདིའི་འགྲེལ་ཆུང་ལས། ནོར་བདག་དེ་ཉིད་ཀྱིས་ནོར་སྦས་ཏེ་གཏམས་པ་དེ་གནས་ 6-1-293b གུད་དུ་མ་སྤོས་པར་མི་སྦྱིན་པར་བསམ་པས་ཕམ་པར་མི་འགྱུར་ཏེ། ཉེས་བྱས་སུ་འགྱུར་ཞེས་བཤད་ཀྱང་རྫས་གནས་ནས་སྤོ་བའི་སྔ་རོལ་དུ་མི་སྦྱིན་པར་ཐག་བཅད་ན་སྦོམ་པོར་གསུངས་པ་གཙོ་བོར་བཟུང་ངོ་། །ཡང་དང་པོར་བསྙོན། བར་དུ་བརྣོགས། ཐ་མར་སྤོས་ན་ཅིར་ འགྱུར་ཞེ་ན། ཊཱི་ཀར། དེའི་ཚེ་བསྙོན་པ་དེ་བརྣོགས་པས་བར་དུ་ཆོད་པའི་ཕྱིར་སྦྱོར་བའི་སྦྱོར་བ་ཉིད་དེ་བསྙོན་པ་ནི་བརྣོགས་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །བརྣོགས་པའི་ཚེ་ན་ནི་སྦྱོར་བ་ཉིད་དེ་སྦོམ་པོའོ། །གནས་ནས་སྤགས་པའི་ཚེ་ན་ནི་བརྐུས་པ་ཉིད་དོ་ཞེས་སོ། །བུ་ཊཱིཀ་ཏུ། ལུང་དུ་བརྐུ་བ་དུ་མཆིས། དྲུག་སྟེ་མཐུས་དང་། འབྲིད་པས་དང་། གཏམས་པས་དང་། སླར་སྦྱིན་པར་བྱ་བ་དང་། འཇོམས་པས་དང་། ཆོས་རྐུ་བ་དང་དྲུག་གོ། དུས་མཐར་འགྱུར་ལུགས་ཆོས་རྐུ་བ་མ་གཏོགས་པ་ལྔས་སོ། །ཞེས་པའི་ནང་ནས་གཏམས་པ་རྐུ་བ་ནི་ བགྲངས་ཏེ་གཏད་པ་གཏམས་པ་ཞེས་པ་ཡིན་ནོ། །རྒྱས་བཏབ་སྟེ་གཏམས་པ་ནི་བཅོལ་བ་ཞེས་བྱ་ཞེས་གཏམས་པའི་དོན་དེ་ལྟར་འཆད་དོ། །སློབ་དཔོན་རྒྱས། བསྙོན་པའི་སྔོན་དུ་བརྣོགས་པ་ལ་བསྙོན་པ་བརྣོགས་པ་ལས་ཐ་དད་པའི་སྦོམ་པོར་འཇོག་རྒྱུ་མེད་པར་འདོད་སྣང་སྟེ། བྱ་བརྩོན་འབར་གྱིས་ཕྱོགས་སྔར་བྱས་ཏེ་བཀག་པ་ནི། དེའི་ཊཱི་ཀར། ཁ་ཅིག་ན་རེ། བསྙོན་པ་བས་སྔ་བའི་བརྣོགས་པ་ལ་ནི་ཐ་དད་པའི་རྒྱུ་མེད་པའི་ཕྱིར་སྦོམ་པོ་ཐ་དད་པར་ནི་མི་འགྱུར་རོ་ཞེས་ཟེར་རོ། །འདིར་སློབ་དཔོན་གྱི་རྗེས་སུ་འབྲང་བ་དང་བཅས་པའི་བཞེད་པ་ནི་དེ་མ་ཡིན་ ཏེ། གནས་ནས་སྤོ་བའི་སྔོན་རོལ་དུ་བརྣོགས་པར་བྱེད་པ་དེའི་ཚེ་བརྣོག་པ་དེ་སྦྱོར་བ་གཞན་ཉིད་ཡིན་ཏེ། སྦོམ་པོ་ཐ་དད་པ་གཞན་ཞིག་ཡིན་པ་རིག་པར་བྱ་སྟེ་བསྙོན་པས་བར་དུ་ཆོད་པ་བསྟན་པའི་ཕྱིར་ཞེས་སོ། །དཔལ་ཤཱཀྱ་མཆོག་ལྡན་ན་རེ། བདག་པོ་ཉིད་ཀྱི་ཞལ་ཏ་པས་ 6-1-294a མངོན་སུམ་དུ་སྦས་པ་ཆོས་ཅན། བསྙོན་པ་སྔོན་དུ་སོང་བའི་བརྣོགས་པ་ཙམ་གྱིས་བརྐུས་པར་མི་བཞག་སྟེ་གནས་གཞན་དུ་སྤོས་པ་དང་། ལྷན་ཅིག་ཏུ་བརྣོགས་པ་དང་། སྤོས་པའི་འོག་ཏུ་བརྣོགས་ན་བརྐུས་པར་འཇོག་པའི་ཕྱིར་དེ་གཉིས་ཀ་ལ་ཡང་ བསྙོན་པ་སྔོན་དུ་སོང་བ་དགོས་པར་འདྲའོ་ཞེས་བྲིས་སོ། །དེ་ལྟར་ན་བདག་པོ་ཉིད་ཀྱི་ཞལ་ཏ་པའི་མངོན་སུམ་དུ་སྦས་པ་བསྙོན་པ་སྔོན་དུ་སོང་བ་ཆོས་ཅན། བརྣོགས་ཙམ་གྱིས་བརྐུས་པ་གནས་གཞན་དུ་སྤོས་པ་དང་ལྷན་ཅིག་བརྣོགས་པ་དང་། སྤོས་པའི་འོག་ཏུ་བརྣོགས་ནས་བརྐུས་པར་ ཐལ། དེ་གཉིས་ལ་བསྙོན་པ་སྔོན་དུ་སོང་བ་དགོས་པ་འདྲ་བའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ནི་བརྐུས་པ་མཐར་ཐུག་པ་ལ་སྦྱོར་བ་སྔོན་དུ་འགྲོ་དགོས་ཤིང་། དེ་འགྲོ་བ་ལ་སྦྱོར་བའི་སྦྱོར་བ་སྔོན་དུ་འགྲོ་དགོས་པས་ཁྱབ་ན་བསྙོན་པ་སྔོན་དུ་སོང་བའི་བརྣོགས་ཙམ་གྱི་གནས་སྤོ་དང་ ལྷན་ཅིག་པའམ་དེའི་འོག་གིས་བརྣོགས་ནས་བརྐུས་པར་འཇོག་པའི་ཁྱབ་པ་གྲུབ་པ་ཡིན་ལ། འདོད་ན་རང་ཚིག་དང་འགལ་བ་ཡིན་ནོ། །ཆུད་གཟན་པ་དང་ཞེས་སྔར་སྨོས་པའི་ཁོངས་སུ་གཏོགས་པ་ནི། ཊཱི་ཀ་ལས། སུ་ལའང་ཕན་པར་མ་གྱུར་ཅིག་ཅེས་རྟ་དང་བ་ལང་ལ་སོགས་ པའི་སྒྱིད་པ་གཅོད་པ་དང་ཞེས་པས་ཊཱི་ཀར། དཔེ་ཙམ་སྟེ་རྩིབ་མ་གཅོག་པ་ལ་སོགས་པ་གནོད་པ་བྱེད་པ་གཞན་དག་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་སོ། །རྟ་དང་བ་ལང་ལ་སོགས་པ་གསོད་པ་ནི་བདག་ཉིད་འཚོ་བའི་བསམ་པ་མེད་པར་ཆུད་གཟན་པའི་བསམ་པས་ཡིན་ན་ནི་སྦོམ་ པོའོ། །གལ་ཏེ་བདག་ཉིད་ཀྱི་འཚོ་བའི་བསམ་པས་སྒྲུབ་པ་ཡོད་ན་ནི། ལུང་ཞུ་བ་ལས། དགེ་སློང་གིས་མི་རྣམས་ཀྱི་གླང་པོ་ཆེ་དང་རྟ་དང་རྔ་མོ་ལ་སོགས་པ་སྲོག་དང་བྲལ་བར་བགྱིད་ན་ཅིར་འགྱུར། གལ་ཏེ་བདག་ཉིད་ཀྱི་འཚོ་བ་སྒྲུབ་པའི་དོན་དུ་སྲོག་དང་བྲལ་བར་བྱེད་ན་དངོས་པོ་ 6-1-294b ཚང་ན་མཐར་འགྱུར་རོ། །ཇི་སྟེ་ཆུད་གཟན་པའི་སླད་དུ་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་ཞུ་འགྲེལ་དུ་ལུང་དྲངས་སོ། །ཤོ་གམ་གཞལ་དགོས་ཀྱི་མཚམས་ཀྱི་སྟེང་གི་ནམ་མཁའ་ལས་ལུས་ཀྱི་མདའ་འཕང་། ངག་གི་སྔགས་བཟླས། ཡིད་ཀྱི་མངོན་ཤེས་ལས་བྱུང་བ་མ་ གཏོགས་རྫུ་འཕྲུལ་གྱིས་ཤོ་གམ་རྐུ་སེམས་ཀྱིས་འབྲལ་ན་ཡང་མ་བྱིན་ལེན་གྱི་ཕམ་པར་མི་འགྱུར་ཏེ། རྒྱལ་པོ་ནམ་མཁའ་ལ་མི་དབང་བས་བདག་པོའི་ཡན་ལག་མ་ཚང་བའི་ཕྱིར། རྒྱལ་པོ་ནམ་མཁའ་ལས་མི་དབང་བས་དོན་ལ་ཤོ་གམ་གཞལ་མི་དགོས་ཀྱང་རྐུ་སེམས་བྱུང་བའི་ དབང་གིས་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །རྐུ་སེམས་སྐྱེ་བའི་རྒྱུ་ནི་ཊཱི་ཀ་ལྟར་ན་རྫུ་འཕྲུལ་དམན་པས་བྱས་ཏེ། ཊཱི་ཀ་ལས། མངོན་པར་ཤེས་པ་ལས་བྱུང་བ་མ་གཏོགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ལ་སོགས་པ་དག་གིས་ཤོ་གམ་གྱི་ས་ནས་ནམ་མཁའ་ལས་འདའ་ བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་སོ། །འོད་ལྡན་ལྟར་ན། རྐུ་སེམས་སྐྱེ་བའི་རྒྱུ་ནི་ནོར་རྫས་མཁའ་ལ་ཁྱེར་ཡང་བདག་ཉིད་ས་ལ་ཕྱིན་པས་བྱས་པ་སྟེ། འོད་ལྡན་ལས། ནམ་མཁའ་ལ་འདུག་ནས་ས་ལས་འདའ་བར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་གསུངས་པས་གྲུབ་ བོ། །ཊཱི་ཀར་ཕྱོགས་སྔར་བཞག་པའི་པཎྜི་ཏ་ཁ་ཅིག་ན་རེ། ཤོ་གམ་མཚམས་ཀྱི་ཕྱི་རོལ་ན་འདུག་པས་ཤོ་གམ་གཞལ་དགོས་པའི་རྫས་སྔར་བསྟན་པའི་ཐབས་ཀྱིས་ནམ་མཁའ་ལས་ཤོ་གམ་འདའ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་ལ། མཚམས་ཀྱི་ནང་ནས་གལ་ཏེ་ནམ་ མཁའ་ལས་འདའ་བར་བྱེད་ན་ནི་དེའི་ཚེ་ཕམ་པར་འགྱུར་རོ་ཞེས་ཟེར་རོ། །ཊཱི་ཀ་ལས་ནི་དེ་ལྟར་མི་བཞེད་དེ། རྒྱལ་པོ་དག་ནི་ས་ལ་དབང་བ་ཡིན་གྱི། ནམ་མཁའ་ལ་མ་ཡིན་པས་མཚམས་སུ་མ་ཕྱིན་ན་གཞལ་བ་ཉིད་ཀྱང་མི་འབྱུང་ན་ལྟུང་བ་འབྱུང་བར་འགྱུར་རེ་ཀན་ཞེས་བཤད་ 6-1-295a དེ། ཤོ་གམ་གྱི་མཚམས་སུ་མ་ཕྱིན་ན་ཤོ་གམ་གཞལ་དགོས་སུ་གཞི་མ་གྲུབ་པའི་ཐ་ཚིག་གོ། ཊཱི་ཀ་ལས། དགེ་སློང་མཚམས་ཀྱི་ནང་དུ་ཕྱིན་པས་བསྒོམ་པ་ལས་བྱུང་བའི་རྫུ་འཕྲུལ་གྱིས་ཤོ་གམ་གཞལ་དགོས་པའི་རྫས་ནམ་མཁའ་ལས་སམ་གང་ ཡང་རུང་བས་ཤོ་གམ་གྱི་ས་ལས་འདའ་བར་བྱེད་པ་ལ་ནི་ལྟུང་བ་མེད་དེ། རྐུ་བའི་སེམས་མེད་པའི་ཕྱིར་ཞེས་སོ། །འདི་ལ་རྐུ་སེམས་མེད་པའི་རྒྱུ་མཚན་ནི། ཞུ་འགྲེལ་ལས། མངོན་པར་ཤེས་པའི་རང་བཞིན་གྱི་རྫུ་འཕྲུལ་ནི་འདོད་ཆགས་དང་བྲལ་བའི་རྒྱུད་ལ་ངེས་པ་ཉིད་ ཀྱིས་རྐུ་སེམས་ཀྱི་སྣོད་མ་ཡིན་པའི་ཕྱིར་ཞེས་སོ། །འདི་ལ་ནི་བསླབ་བྱའི་ཉེས་བྱས་ཀྱང་མི་འགྱུར་རོ། །ཤོ་གམ་གྱི་མཚམས་ལས་གཞན་ཤོ་གམ་མེད་པའི་ལམ་དུ་ཤོ་གམ་མ་གཞལ་བ་ལ་ཡང་ཉེས་པ་མེད་དོ། །ཚོང་པ་སོགས་ལ་ཤོ་གམ་དྲོལ་ཅིག་ཅེས་དགེ་སློང་གིས་ བསྒོ་ན་ཉེས་བྱས་སོ། །ཚོང་པ་སོགས་ལ་ཤོ་གམ་འདྲལ་བའི་ལམ་གཞན་བསྟན་ན་ཡང་ཉེས་བྱས་སོ། །བསྒོ་བ་དང་ལམ་གཞན་སྟོན་པ་དེ་གཉིས་དངོས་སུ་མི་བྱེད་པར་ཐབས་ཀྱིས་བརྗོད་པ་སྟེ་ཟུར་གྱིས་བརྗོད་ན་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །དེ་ཡང་རྐུ་སེམས་ཡོད་མེད་ གཉིས་ལས། རྐུ་སེམས་མེད་པར་ཐབས་ཀྱིས་བརྗོད་ན་ནི་བསླབ་བྱའི་ཉེས་བྱས་ཕྲ་མོར་འགྱུར་ཏེ་ཕྲ་མོ་དེ་ཡང་སྦྱོར་བའི་སྦྱོར་བའི་གནས་སྐབས་ནའོ། །རྐུ་སེམས་ཡོད་པས་ཐབས་ཀྱིས་བརྗོད་ན་ནི་མ་བྱིན་ལེན་གྱི་ཉེས་བྱས་ཕྲ་མོ་སྦྱོར་བའི་སྦྱོར་བའི་གནས་སྐབས་ནའོ། །གལ་ ཏེ་འདི་ལ་རྐུ་སེམས་ཡོད་ན་ནི་གཞན་དོན་དུ་མ་བྱིན་པར་ལེན་དུ་བཅུག་པ་ཡིན་པས་མཐར་ཐུག་ལ་སྦོམ་པོར་འགྱུར་ལ། སྦྱོར་བའི་སྦྱོར་བའི་གནས་སྐབས་སུ་ནི་ཐབས་ཀྱིས་བརྗོད་ན་ཡང་ཉེས་བྱས་རྫོགས་པར་འབྱུང་སྟེ། མ་བྱིན་ལེན་གྱི་སྦྱོར་བ་གསལ་མི་གསལ་ལ་ལྟུང་བ་ཆེ་ཆུང་ 6-1-295b ཁྱད་མེད་པའི་ཕྱིར་ཞེས་བླ་མ་གོང་མ་རྣམས་ཀྱིས་མཐུན་པར་གསུངས་སོ། །ཤོ་གམ་གྱིས་རིས་སུ་གཏོགས་པའི་ལམ་གོལ་བ་གསེབ་ལམ་ལྟ་བུ་ནི་ལམ་དྲང་པོ་དང་འདྲ་བས། ཊཱི་ཀར། ཇི་ལྟར་ལམ་དྲང་པོ་ནས་འདའ་བར་བྱེད་པ་དང་འདྲ་བར་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ ཞེས་སོ། །གསེར་དངུལ་ལྟ་བུ་ཁའི་ནང་དུ་བཅུག་པའམ། འགྲེལ་ཆུང་ལས། ལྟོར་མིད་པ་དང་ཞེས་གསུངས་པ་དང་གོས་ཀྱི་ཚེམ་བུའི་བར་དང་། སྐུངས་གཞན་སྤྲོ་བ་དང་། གལ་ཏེ་ལ་སོགས་པར་བཅུག་ནས་ཤོ་གམ་འདས་ནའང་ཕམ་པའི་ཕྱིར་འདྲའོ། །ཊཱི་ཀར། གཞན་དག་འདི་སྙམ་དུ། ཇི་ལྟར་ལུས་དང་ཚེམ་བུ་ལ་ཤོ་གམ་མེད་པ་བཞིན་དུ་ལུས་དང་ཚེམ་བུའི་ནང་དུ་བཅུག་པའི་རྫས་ལ་ཡང་དེ་བཞིན་ནོ་སྙམ་དུ་སེམས་པ་བཟློག་པའི་ཕྱིར་འདྲ་བར་བསྟན་པ་འདི་བརྗོད་དོ་ཞེས་སོ། །མཐར་ཐུག་པའི་དུས་སུ་རྐུ་སེམས་དང་བྲལ་ན་ སྦྱོར་བའི་དུས་ན་རྐུ་སེམས་ཡོད་ཀྱང་མཐའ་ཕམ་པའི་མཐར་ཐུག་ཡོངས་སུ་རྫོགས་པ་ཉིད་མ་ཡིན་ནོ་སྟེ་སྦྱོར་བའི་ལྟུང་བ་ཉི་ཚེར་འགྱུར་རོ། །གཞན་གྱི་ཁང་པའི་ཆོས་གོས་ཀྱི་གདང་ལས་དགེ་སློང་གིས་རང་གི་ཆོས་གོས་ཡིན་པའི་འདུ་ཤེས་ཀྱིས་བླངས་ནས་རང་གི་ཁང་པར་གདང་ ལ་བཀལ་བ་ན་དེ་གཞན་གྱི་ཆོས་གོས་ཡིན་པར་ཤེས་ནས་རྐུ་སེམས་ཀྱིས་གསངས་ནས་བདག་པོ་ལ་མི་གཏོད་པར་འཇོག་པ་ལྟ་བུ་སྦྱོར་བ་ལ་རྐུ་སེམས་དེ་མེད་ཀྱང་། དངོས་གཞིའི་དུས་ན་རྐུ་སེམས་དེ་ཡོད་ན་དངོས་གཞི་དེ་མ་བྱས་པ་ཉིད་མ་ཡིན་ནོ་སྟེ། ཊཱི་ཀ་ལས། དངོས་གཞིའི་ལྟུང་བ་ ཡོངས་སུ་རྫོགས་པར་འབྱུང་ངོ་ཞེས་སོ། །འདིར་འགྲེལ་ཆུང་ལས། རྐུ་སེམས་མེད་པར་ནོར་ཞིག་བླངས་ནས་འཕྲལ་ལ་རྐུ་སེམས་བྱུང་སྟེ་བརྐུས་ན་ཉེས་བྱས་དང་སྦོམ་པོ་ནི་མེད་དེ་ཕམ་པར་ནི་འགྱུར་རོ་ཞེས་བཤད་དོ། །ཁད་རིང་བའི་སྦྱོར་བ་ལ་རྐུ་སེམས་མེད་ཀྱང་ཁད་ཉེ་བའི་སྦྱོར་བ་སྟེ་མཐར་ 6-1-296a ཐུག་གི་སྐད་ཅིག་གི་སྔ་རོལ་ལ་སོགས་པ་ན་རྐུ་སེམས་ཡོད་པས་སྦྱོར་ལྟུང་མེད་པའི་ཕམ་པ་རྐྱང་པ་དེ་མི་རིགས་པར་སེམས་ཞེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །རྐུའམ་རྐུར་འཇུག་པའི་སྦྱོར་བ་སྤྲིངས་ཡིག་དང་ལག་བརྡ་ལ་སོགས་པ་ལ་ནི་ཡན་ལག་ གཞན་ཚང་ན་མཐར་ཐུག་གི་ལྟུང་བ་ན་སྨད་པ་མེད་དོ། །བཞི་པ་ནི། ནན་ཁུགས་དང་ཞེས་པ་ཊཱི་ཀར། མཐུས་བརྐུ་བའོ་ཞེས་སོ། །དེའི་དོན་ནི་དབང་གིས་མནན་ཅིང་ལེན་པའོ། །དངན་འཐེན་ཞེས་པ་ཊཱི་ཀར། རྫས་ཁྱེར་བ་མི་སྟེར་བའོ་ཞེས་སོ། །འདིའི་འགྲེལ་ཆུང་ལས་ གླར་བླངས་ཏེ་ལས་བྱེད་པ་ལ་གླ་མ་བྱིན་ན་ཕམ་མོ་ཞེས་སོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རྐུ་བ་རྣམ་པ་དུ་མཆིས། ཉེ་བ་འཁོར་དྲུག་སྟེ་ནན་ཁུགས་ཀྱིས་རྐུ་བ་དང་། སྒྱུ་ཐབས་ཀྱིས་རྐུ་བ་དང་། གཏམས་པ་རྐུ་བ་དང་། ཕྱིར་བསབ་པ་རྐུ་བ་དང་། དངན་འཐེན་ གྱིས་རྐུ་བ་དང་། ཆོས་རྐུ་བའོ། །དེ་ལས་དུ་ཞིག་གིས་མཐར་འགྱུར། ཆོས་རྐུ་བ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་མཐར་འགྱུར་རོ། །ཞེས་གསུངས་སོ། །ཊཱི་ཀ་ལས། ཆོས་རྐུ་བ་ལ་ཉེས་པ་མེད་དེ་རྐུ་སེམས་མེད་པའི་ཕྱིར་རོ། །འདི་ལྟར་མདོ་སྡེ་ལ་སོགས་པའི་ ཆོས་བློ་ལ་འཛིན་པའི་རང་བཞིན་ནི་འདིར་རྐུ་བ་ཞེས་བྱ་སྟེ། དེ་ལ་རྐུ་སེམས་ཀྱིས་ཀུན་སློང་དུ་སྤྱོད་པ་མེད་དོ་ཞེས་གསུངས་སོ། །ནན་ཁུགས་དང་དངན་འཐེན་གཉིས་འདིར་སྨོས་པ་ནི། འདི་གཉིས་ལ་འཇིག་རྟེན་ན་རྐུ་བ་ཞེས་མ་གྲགས་པས་བརྐུས་པ་མ་ཡིན་ནམ་སྙམ་ དུ་དོགས་པ་བཅད་པའོ། །གཞན་རྣམས་ཀྱང་གཞུང་གོང་དུ་བསྟན་ཏེ། སྒྱུ་ཐབས་ཀྱིས་རྐུ་བ་ནི་རྐུའམ་ཞེས་པ་དང་རྒྱན་ལ་དོར་བྱེད་པ་ན་ཞེས་པའོ། །གཏམས་བརྐུ་བ་ནི་གཏམས་པ་རྣམས་བསྙོན་པ་ཡིན་ཅེས་པའོ། །ཕྱིར་བསབ་པ་རྐུ་བ་ནི་སྔར་བརྙས་པ་དང་བསྐྱིས་ 6-1-296b པས་ཞེས་སོ། །འོ་ན་འདི་དང་དངན་འཐེན་ལ་ཁྱད་ཅི་ཡོད་ཅེ་ན། ཁྱབ་ཆེ་ཆུང་གི་ཁྱད་ཡོད་དོ། །ཡང་གི་དོན་ནི་ཊཱི་ཀར། དེ་གཉིས་ཀྱང་མ་བརྐུས་པ་མ་ཡིན་ཏེ་བརྐུས་པ་ཁོ་ན་ཡིན་ནོ་ཞེས་སོ། །རྫས་ལྗིད་ཆེ་བས་གནས་ནས་བསྐྱོད་མི་ནུས་པ་ལྟ་བུ་གནས་དང་བཅས་ པ་སྟེ་བརྐུས་པ་ཡང་མ་བརྐུས་པ་མ་ཡིན་ནོ། །རྟ་ལ་སོགས་པ་བསད་པ་ཉིད་ནི་ཆུད་གཟན་པ་ཉིད་ཡིན་གྱི། བརྐུས་པའི་མཐར་ཐུག་པ་ཉིད་མ་ཡིན་ནོ། །འོད་ལྡན་རྩ་བ་ལས། བསད་པ་ཉིད་ནི་ནམ་ཡང་རྐུས་མིན་ཏེ། །དེ་ནི་རྐུ་བའི་སྦྱོར་བར་བསྟན་པ་ཡིན། ། ཅེས་སོ། །རྟ་འདི་བསད་ལ་བརྐུའོ་སྙམ་ནས་བསད་དེ་བརྐུས་ན་རིན་ཐང་རྟ་རོ་ལ་བརྩི་བར་བྱ་སྟེ། བཤིགས་ཏེ་རྐུ་བ་ལ་ནི་ཞེས་སོ། །དོ་ཤལ་རིང་པོ་ལྟ་བུ་རྐུ་བ་ན་ཕྱོགས་གཅིག་གནས་ནས་འཕགས་ཀྱང་། ཕྱོགས་གཅིག་གནས་ནས་མ་འཕགས་པ་ཡང་བརྐུས་ པ་ཉིད་མ་ཡིན་ནོ། །ཊཱི་ཀར། ཕྱོགས་ཐམས་ཅད་གནས་ནས་འཕགས་ན་བརྐུས་པ་ཉིད་ཡིན་པའི་ཕྱིར་ཞེས་སོ། །ཤིང་ཏོག་སྤྲུགས་ཏེ་རྐུ་བ་ལྟ་བུ་ལྟུང་བ་ནི་ལྷུང་བའི་རྩ་བ་དེ་ལས་འོག་གཞིར་ཁྱེར་ན་སྟེ་འོག་གཞིར་ལྷུང་ན་བརྐུས་པ་ཡིན་ནོ་ཞེས་ཊཱི་ཀ་དང་འོད་ལྡན་ ལས་སོ། །འབྲུ་མར་ལ་སོགས་པ་ཙ་ར་ར་འཛག་པ་དང་། མོན་སྲན་ལ་སོགས་པ་ཕྲུ་ལུ་ལུ་འབྲུལ་བར་བྱེད་པའི་བང་བ་ལ་སོགས་པའི་བུ་གུ་ནས་ནི་རྫས་ཀྱི་ཐ་མ་བྱུང་ན་བརྐུས་པ་ཡིན་ནོ། །ཊཱི་ཀར། རྒྱུན་ལ་ནི་སྐད་ཅིག་མའི་ཚོགས་དུ་མ་ཡོད་པའི་ཕྱིར་ཅི་སྐད་ཅིག་མ་རེ་རེ་ ལ་རིན་ཐང་བརྩི་བར་བྱའམ་འོན་ཏེ་རྒྱུན་གཅིག་པའི་ཕྱིར་མཇུག་ཏུ་རིན་ཐང་བརྩི་བར་བྱ་ཞེ་ན། དེའི་ཕྱིར་ཞེས་མཚམས་སྦྱར་ནས་རྫས་རྒྱུན་གཅིག་པའི་ཐ་མ་བུ་ག་ནས་འབྱིན་པའི་སྐབས་འདིར་བུ་གུ་ནས་བྱུང་བ་ཐ་མ་དེ་ཚུན་ཆད་རྫས་ཚོམས་གཅིག་པ་ཉིད་ཡིན་གྱི། འབྲུ་རེ་རེ་ལ་ 6-1-297a རྫས་གཅིག་ཏུ་བྱས་ཏེ་རིན་ཐང་བརྩི་བ་ནི་མ་ཡིན་ནོ། །འོན་ཏེ་བུ་གུ་ནས་བྱུང་བའི་ཆུའི་རྒྱུན་ལ་ནི་དམིགས་ཀྱིས་བསལ་བས་མི་མཚུངས་ཏེ། ཊཱི་ཀར། ཆུ་རྐུ་བ་འདི་ནི་རང་གི་ལས་ཀྱི་མཐའ་འགྲུབ་པར་བྱ་བའི་ཕྱིར་མ་ཡིན་མོད་ཀྱི། འོན་ཀྱང་ཁྲུས་དང་བཏུང་བ་ལ་ སོགས་པའི་ཕྱིར་ཏེ། དེས་ན་ཆུའི་ཡུལ་གྱི་རིན་ཐང་ཐ་དད་པའི་ཕྱིར་རིན་ཐང་བརྩི་བར་བྱའོ། །དེར་ནི་སཱ་ལུ་ལ་སོགས་པའིའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་འབབ་ཆུ་བཀུམ་སྟེ་ཆབ་བརྐུ་ན་ལྟུང་བ་ཅིར་འགྱུར། ཆུའི་ཕུང་པོ་དང་པོ་ནས་བཟུང་སྟེ་ཐ་མའི་བར་གྱི་ཆུའི་རིན་ ཐང་བརྩི་བར་བྱ་སྟེ་དངོས་པོ་ཚང་ན་ནི་མཐར་འགྱུར་རོ་ཞེས་སོ། །འབྲུའི་ཕུང་པོ་ལས་ལན་དུ་མ་ཞིག་བླངས་ཏེ་བརྐུ་ན་ལན་རེ་རེ་ཞིང་བླངས་པ་ཐ་དད་དོ་སྟེ། ཊཱི་ཀར། ལྟུང་བའི་དངོས་གཞི་དག་ཀྱང་ཐ་དད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །འདི་ལ་བྱེ་སྨྲ་ལྟར་ན་ཕམ་པས་ སྡོམ་པ་མི་གཏོང་བས་བླངས་པས་ལན་རེ་རེ་ཞིང་ཕམ་པ་ཐ་དད་པར་བསྐྱེད་སྲིད་དོ། །དེ་ཡང་ཕམ་པ་སྔ་མ་ལ་འཆབ་སེམས་མ་སྐྱེས་ཤིང་བླངས་པ་ལན་རེ་རེ་ཞིང་རིན་ཐང་ཚང་ནའོ། །གལ་ཏེ་རིན་ཐང་མ་ཚང་བ་ལན་བརྒྱར་བླངས་ན་སྦོམ་པོ་ཐ་དད་བརྒྱ་བསྐྱེད་ཀྱི། ཐམས་ཅད་བསྡོམས་ ནས་ཕམ་པ་གཅིག་ཏུ་འགྱུར་བ་ནི་མ་ཡིན་ནོ། །མདོ་སྡེ་པ་ལྟར་ན་ཕུང་པོ་ལས་ལན་ཅིག་བླངས་པའི་ཕམ་པས་སྡོམ་པ་བཏང་བས་བླངས་པ་ཕྱི་མ་རྣམས་ལ་ཕམ་པ་དང་སྦོམ་པོ་གང་ཡང་མི་བསྐྱེད་པར་འདོད་པ་ཡིན་ནོ། །ད་ནི་འདི་ལྟར་ཤེས་དགོས་ཏེ། གཅིག་གིས་གཅིག་ལ་རྐུ་བ་ དང་། གཅིག་གིས་དུ་མ་ལ་རྐུ་བ་དང་། དུ་མས་གཅིག་ལ་རྐུ་བ་དང་། དུ་མས་དུ་མ་ལ་རྐུ་བ་དང་མུ་བཞི་ཡོད་པ་ལས། མུ་དང་པོ་ནི། སྔར་བསྟན་པའི་གཞུང་ཕལ་ཆེ་བ་རྣམས་དེའི་དབང་དུ་བྱས་པའོ། །མུ་གཉིས་པ་ནི། བགོད་རྫས་ཀྱི་འབྲུའི་ཕུང་པོ་རྐུ་བ་ལྟ་བུ་ལ་དབྲལ་བར་ 6-1-297b བྱ་བ་རྫས་ཀྱི་བདག་པོ་དུ་མ་ཉིད་ཡིན་ན་རྫས་ཀྱི་བདག་པོ་དུ་མ་དེའི་རིན་ཐང་གི་ཆ་སོ་སོ་ཉིད་དུ་བརྩིའོ། །རྫས་ཀྱི་བདག་པོ་དུ་མ་རྣམས་ཀྱིས་ཤོར་བའི་རིན་ཐང་སྤྱིར་མི་བརྩི་ལ་ཐ་དད་དོ་ཞེས་མདོ་སྔ་མ་ལ་བསྙེག་དགོས་པ་ནི། ཊཱི་ཀར། དངོས་གཞི་དང་སྦྱོར་བའི་བདག་ཉིད་ཐ་ དད་དོ། །དེ་བས་ན་གཅིག་གི་སྐལ་བའི་ཆ་ཇི་སྙེད་བརྐུས་པ་དེ་སྙེད་ཀྱི་ལྟུང་བ་དག་འབྱུང་བར་འགྱུར་རོ། །ཞེས་སོ། །མུ་གསུམ་པ་ནི། རྐུན་པོ་རྣམས་ཀྱང་ངོ་ཞེས་པའི་ཚིག་གི་མུར་མདོ་སྔ་མའི་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོའི་ཞེས་སྔ་མར་སྦྱར་ཏེ། རྐུན་པོ་དེ་རྣམས་ཀྱིས་ཐོབ་ པའི་རིན་ཐང་སྤྱིར་བསྡོམས་ཏེ་མི་བརྩིའོ། །རིན་ཐང་གི་ཆ་སོ་སོར་བརྩི་བ་འདི་ནི་འབྲུའི་ཕུང་པོ་ལྟ་བུ་སོ་སོར་བགོད་པའི་རྫས་ལའོ། །དགེ་འདུན་གྱི་ཞིང་ངམ་ཟངས་སྤྱད་ལྟ་བུ་སྤྱི་སོར་འཇོག་རྫས་ལ་ནི་རིན་ཐང་ཚང་བ་གཅིག་གིས་ཆོག་སྟེ། འོད་ལྡན་རྩ་བ་ལས། དགེ་འདུན་ ཆེད་བྱས་སྐལ་བ་མི་བརྟག་སྟེ། །ཞིང་བགོ་མིན་ཕྱིར་སྡོམ་བརྩོན་མང་ཕྱིར་རོ། །ཞེས་གསུངས་སོ། །མུ་བཞི་པ་ནི། ཊཱི་ཀ་དང་འོད་ལྡན་ལས་དོན་འདི་ལྟར་བཤད་དེ། བདག་པོ་བཅུ་དབང་བའི་བགོད་རྫས་འབྲུའི་ཕུང་པོ་གཅིག་ལ་དགེ་སློང་བཅུས་བགོད་རྫས་བརྐུས་ན་ དགེ་སློང་རེ་རེས་བདག་པོ་རེ་རེ་ལ་བལྟོས་པའི་རིན་ཐང་ཚང་བ་རེ་རེ་ཐོབ་ན་ཕམ་པར་འགྱུར་བ་ཡིན་གྱི། ཆ་སོ་སོར་ནི་རིན་ཐང་མ་ཚང་ན་སྤྱི་བསྡོམས་ཏེ་རིན་ཐང་ཚང་བས་ནི་ཕམ་པར་མི་འགྱུར་རོ། །དཔེར་ན་རིན་ཐང་གི་ཚད་ནས་ཁལ་གཅིག་ཡིན་པར་དབང་བཙན་དུ་བྱས་ ནས་བདག་པོ་བཅུས་བགོད་རྫས་སུ་བྱེད་པའི་ནས་ཀྱི་ཕུང་པོ་གཅིག་ལ་དགེ་སློང་བཅུས་བགོད་རྫས་སུ་བརྐུས་ནས་ནས་ཁལ་བརྒྱ་ཐོབ་ན་ཕམ་པ་བརྒྱ་འབྱུང་སྟེ། དགེ་སློང་བཅུ་པོ་རེ་རེས་བདག་པོ་བཅུ་པོ་རེ་རེ་ལས་རིན་ཐང་ཚང་བ་རེ་རེ་ཐོབ་པ་སྟེ་དགེ་སློང་བཅུ་པོ་རེ་རེ་ལ་ 6-1-298a ཕམ་པ་བཅུ་བཅུ་འབྱུང་ལ། ནས་ཁལ་བརྒྱར་གཅིག་གིས་མ་ཆོག་བར་ཐོབ་ན་སྦོམ་པོ་བརྒྱ་འབྱུང་ངོ་། །འདི་ཡང་བགོད་རྫས་ཀྱི་དབང་དུ་བྱས་པ་ཡིན་གྱི། འཇོག་རྫས་ཀྱི་དབང་དུ་བྱས་ན་ནི་དེར་མི་འགྱུར་ཏེ། རྒྱ་བརྩོན་འགྲུས་འབར་གྱིས་ཡུལ་དེ་དག་གི་ འཇོག་རྫས་ལ་བྱེད་པ་པོ་དག་གིས་བགོད་ན་ནི། སྔར་གཅིག་གིས་དུ་མ་ལས་རྐུ་བ་དང་དུ་མས་གཅིག་ལ་རྐུ་བ་དང་མཚན་ཉིད་མཚུངས་སོ། །ཡུལ་དེ་དག་གིས་ཀྱང་འཇོག་པར་བྱེད་ལ། རྐུ་བ་པོ་དེ་དག་གིས་ཀྱང་འཇོག་པར་བྱེད་པའི་དོན་ལ་ནི་རིན་ཐང་ཚང་བ་གཅིག་གིས་ཆོག་ སྟེ་ཡུལ་གཅིག་ལས་བྱེད་པ་པོ་གཅིག་གིས་བརྐུས་པ་དང་འདྲའོ། །ཞེས་སོ། །ཊཱི་ཀར། གཙུག་ལག་གི་ཚིག་དྲངས་པ་ནི་དགེ་སློང་ཤིན་ཏུ་མང་པོ་དག་གིས་བརྐུས་ན་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ་སྐྱེ་བོ་མང་པོ་ལས་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་བའོ། །དེ་བཞིན་ དུ་སྐྱེ་བོ་མང་པོ་རྣམས་དང་ལྷན་ཅིག་ཏུ་བརྐུ་ན་ཡང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་བཤད་དོ། །རྐུན་པོ་དུ་མ་ཉིད་ཡིན་པ་འདི་ལ་རྐུན་པོ་རྣམས་བློ་གྲོས་ཏེ། བསམ་པ་མི་མཐུན་པ་དུ་མ་ཉིད་ཡིན་ནའང་དངོས་པོ་གཅིག་ལ་བྱ་རོག་དང་ཏཱ་ལའི་ཚུལ་དུ་འདུས་ ནས་བརྐུ་ན། ཊཱི་ཀར། གནས་ནས་སྤགས་པས་བརྐུས་པར་མི་འགྱུར་གྱི་སྐལ་བ་ཐོབ་ན་བརྐུས་པར་འགྱུར་ཏེ་ཞེས་སོ། །འདིར་སྨྲས་པ། སྡིག་པའི་དྲི་མ་བཀྲུ་དང་དགེ་ཚོགས་བདུད་རྩི་འབབས་པར་གཅིག་ཅར་བྱེད་པོ་ནི། །མི་འཕྲོགས་ཐུགས་རྗེའི་མངའ་བདག་འགྲོ་མགོན་དྭགས་ པོ་བཀའ་བརྒྱུད་ཅེས་གྲགས་སྤྲིན་སྔོན་པོ། །མངོན་པར་ལྷོངས་བའི་དབུས་ནས་དཔལ་ལྡན་ཕྱག་རྒྱ་ཆེན་པོའི་གད་རྒྱངས་འབྱིན་བྱེད་པ། །འཇིགས་མེད་ཀླུ་དབང་རིག་པའི་ལྟ་ཟེར་ཅན་དེ་ཞྭ་ནག་ཅོད་པན་འཛིན་པ་པོ། །སྙིང་རྗེའི་ཡུལ་དུ་གྱུར་ཀྱང་བསྟན་ལ་ཕྲག་དོག་བྱེད། ། 6-1-298b མི་དགེའི་རང་བཞིན་གྱུར་ཀྱང་དགེ་བ་འབའ་ཞིག་ལོ། །འདོད་པའི་དབང་དུ་གྱུར་ཀྱང་བྱ་བཏང་སྐྱེས་བུར་སྐད། །ཆུང་མ་བུར་བཅས་གྱུར་ཀྱང་དགེ་སློང་ཆ་ལུགས་ཅན། །སྣ་ཚོགས་འཆོལ་བའི་གླུ་གར་བྱེད་ཅིང་མགོ་བོར་ནི། །སྣམ་རས་དོམ་ཀོ་བཞག་རྣམས་དྭགས་པོའི་ བསྟན་པ་ཅི། །དེ་ལ་བདག་གིས་སངས་རྒྱས་སྒྲུབ་ཐབས་བསྟན་པ་ལས། །ཟང་ཟིང་གིས་བསྙེན་མགུ་གྱུར་དེ་ལ་ངས་ཅི་བྱ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་སོ།། །།བཞི་པ་ལ། ལྟུང་བར་འགྱུར་བའི་ཡན་ལག་བཤད། །ལྟུང་བ་ཉིད་ཀྱི་ སེལ་བ་བསྟན། །བསླབ་པར་བྱ་བའི་གནས་སྐབས་བརྗོད། །ལྟུང་བ་མེད་པའི་ཁྱད་པར་བསྟན། །དང་པོ་ལ། གནས་སྐབས་ཉིད་ཀྱི་དོགས་གཅོད་བསྟན། །མཐར་ཐུག་དེ་ཡི་བྱེ་བྲག་བརྗོད། །དང་པོ་ནི། དགེ་འདུན་གྱི་གོས་ཀྱི་རྙེད་པ་བགོད་པའི་ཚེ་དགེ་སློང་ནད་ པའི་སྐལ་བ་བླངས་ཏེ་འོངས་པ་ན། དེའི་སྔ་རོལ་དུ་ནད་པ་དེ་ཤི་ན་གོས་དེ་སུ་དབང་ཞེ་ན། སྐལ་བ་བླངས་པའི་སྔ་རོལ་དུ་ནད་པ་དེ་ཤི་བ་ཉིད་དུ་གྱུར་ན་གོས་དེ་དགེ་འདུན་གྱི་སར་བཞག་པ་དེ་དགེ་འདུན་དབང་བ་ཉིད་དོ། །ཁྱིམ་པས་ཡོན་ཕུལ་བའང་དེ་བཞིན་ནོ། །བླང་ བའི་སྔ་རོལ་དུ་ཤི་བ་ལས་བཟློག་སྟེ་ཤི་བའི་སྔ་རོལ་དུ་བླངས་ཟིན་པ་ནི་ཤི་བའི་ཡོ་བྱད་ཉིད་དོ། །དེས་ན་ནད་གཡོག་པ་ལ་སོགས་པ་ཅི་རིགས་པས་དབང་ངོ་། །རང་གཏོགས་པའི་དགེ་འདུན་ནི་རང་དང་ནོར་མ་བགོས་པའི་ཕུ་ནུ་དང་འདྲ་བས་དེའི་ཆེད་དུ་རྐུ་བ་ནི་བདག་གིར་མི་ བྱེད་པ་མ་ཡིན་ནོ། །བདག་ཀྱང་དེར་གཏོགས་པས་ཕམ་སྟེ། དེ་ཡང་བགོད་རྫས་ཀྱི་དབང་དུ་བྱས་པ་མིན་པར་འཇོག་རྫས་ཀྱི་དབང་དུ་བྱེད་ན་རིན་ཐང་ཚང་བ་གཅིག་གིས་ཕམ་པར་འགྱུར་ཏེ། ཊཱི་ཀར། དེ་བས་ན་གང་ཟག་གཅིག་གིས་དགེ་འདུན་གྱི་ཆེད་དུ་རྐུ་བར་བྱེད་ན་ 6-1-299a གང་ཟག་གཅིག་པོ་དེ་ཉིད་ཕམ་པར་འགྱུར་ཏེ་དངོས་པོ་ཚང་བའི་ཕྱིར་ཞེས་དང་། འོད་ལྡན་ལས། དགེ་འདུན་ཆེད་བྱས་སྐལ་བ་མི་བརྟགས་ཏེ། །ཞིང་བགོ་མིན་ཕྱིར་སྡོམ་བརྩོན་མང་ཕྱིར་རོ། །གཞན་དུ་ལུང་ལས་རིན་ཐང་དཔྱད་མི་འགྱུར། །ཞེས་སོ། ། གནས་གང་ན་འདུ་བ་གཅིག་པའི་དགེ་འདུན་རྣམས་ལ་སྦྱིན་བདག་གིས་ཕུལ་བའི་ཟོང་ལ་སོགས་པ་དེ་དབང་བའི་བདག་པོ་དགེ་འདུན་གྱི་སྡེ་ཐ་དད་པ་ཡོད་པ་མ་ཡིན་པ་ཞིག་དེའི་དགེ་འདུན་གྱི་ནང་དུ་གཏོགས་པའི་དགེ་སློང་གིས་རྐུ་བ་ལ་ནི་རང་གི་ནོར་རྐུ་བ་དང་འདྲ་བར་སྦོམ་པོའོ། ། འདུ་བ་ཐ་དད་པའི་དགེ་འདུན་གྱི་ནོར་ནི་རིན་ཐང་ཚང་ན་ཕམ་པར་འགྱུར་རོ། །རྐུན་པོ་མང་པོ་རྐུ་བའི་ཆེད་དུ་ཞུགས་པ་ན། དེའི་ནང་ནས་དགེ་སློང་རྐུ་བར་མི་འདོད་ནས་ཕྱིར་ལོག་གམ་ཕྱིར་མ་ལོག་ཀྱང་མ་བྱིན་པར་མི་བླང་བར་ངེས་པ་ན། དེར་རྐུན་པོ་ལྷག་པ་གཞན་རྣམས་ཀྱིས་ བརྐུས་པ་ནི་ཕྱིར་ལོག་གམ་མི་བླང་བར་ངེས་པ་དེའི་མ་བྱིན་ལེན་གྱི་ཡན་ལག་ཉིད་མ་ཡིན་ནོ། །དང་པོ་ཞུགས་པའི་དུས་ན་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་སོ། །རྐུ་བའི་གྲོས་ལ་གཏོགས་ན་བདག་རྐུར་མ་སོང་ཡང་སྐལ་བའི་ཆ་བདག་གིར་བྱའོ་ཞེས་ལེན་པར་འདོད་པ་ནི་མ་བྱིན་ པར་མི་བླང་བའི་བསམ་པས་མ་ཡིན་ནོ་སྟེ་བླངས་ན་ཕམ་མོ། །དངོས་སུ་འཕྲོག་པའམ། དངོས་སུ་རྫས་ལེན་པ་པོ་མི་བྱེད་ཀྱང་རྐུ་བའི་བྱ་བ་དེར་གཏོགས་པའི་ལས་ལམ་སྲུང་བ་ལ་སོགས་པ་རྗེས་སུ་སྒྲུབ་པ་ནི་རྐུ་བ་དེའི་བྱ་བ་མ་ཡིན་པ་མ་ཡིན་ནོ། །རྐུན་པོ་རྣམས་ཀྱིས་ལྷན་ཅིག་ གནས་པ་དང་། ཉེ་གནས་བརྐུས་ཏེ་བདག་གིར་བྱས་ཤིང་དབང་བར་གྱུར་པ་ལས་ཕྱིས་མཁན་སློབ་ཀྱིས་འཕྲོག་པར་བྱེད་ན་ལྷན་ཅིག་གནས་པ་ཉིད་དང་། ཉེ་གནས་ཉིད་ཀྱང་བརྐུས་པར་མི་འགྱུར་བའི་རྒྱུ་མ་ཡིན་ནོ་སྟེ། ཊཱི་ཀར། འདིར་བརྐུས་པ་ཁོ་ནར་འགྱུར་རོ་ཞེས་སོ། ། 6-1-299b གཉིས་པ་ནི། ཡོངས་སུ་བསྐོར་བས་ནི་མཚམས་འབྱོར་ནའོ་ཞེས་སྔར་སྨོས་པ་ལས་གཞི་དང་ཁང་ཁྱིམ་དག་ཡོངས་སུ་བསྐོར་ཏེ་རྐུ་བ་ལ་མཚམས་ཙམ་ཉིད་གཙོ་བོའོ། །ཊཱི་ཀར། རིབ་མས་བཅད་པ་ལ་སོགས་པའི་ཡོངས་སུ་བསྐོར་བ་ལ་ནི་མི་བྱའོ། །ཞེས་སོ། །མཚམས་ཉིད་གཙོ་ བོ་ཡིན་པ་དེའི་ཕྱིར་ཞིང་གི་མཚམས་ཕུར་པ་བཏབ་པའམ་རྡོ་བཙུགས་པ་ལ་སོགས་པ་གནས་པ་སྤོས་པ་ཡང་ཡོངས་སུ་བསྐོར་བ་རྐུ་བ་འདིས་མ་བསྡུས་པ་མ་ཡིན་ནོ། །བདག་པོའི་མངོན་སུམ་དུ་ཁྱེར་ཏེ་བླང་བ་ཡང་རྫས་དེ་ཉིད་བདག་པོའི་མིག་སྔ་ནས་མི་སྣང་བ་ཉིད་ན་བརྐུས་པ་ ཡིན་ནོ། །འདིའི་ཡང་སྒྲ་ནི་ཕྱི་བཞིན་འབྲང་བ་དང་། ནང་བྱན་བྱེད་པ་གཉིས་མི་སྣང་བ་ཉིད་ན་བརྐུས་པ་ཡིན་ནོ་ཞེས་སྔར་སྨོས་པར་མ་ཟད་པའི་དོན་ནོ། །སྐྱེས་པའམ་བུད་མེད་ལ་སོགས་པ་མི་མཐུས་བཟུང་སྟེ་བརྐུས་པ་ནི་དེའི་སེམས་བག་ཕེབས་ཤིང་དབང་དུ་བྱས་པ་ཉིད་མི་འབྲོས་པར་ གྱུར་ན་ཕམ་པའོ། །དེས་ན་བཙོན་དུ་བཟུང་བ་ནི་མི་ཉིད་འཕྲོགས་པའོ། །གཉིས་པ་ལ། གཙོ་བོའི་སེལ་བ་ལྟུང་མེད་བཤད། །གཙོ་མིན་སེལ་བ་ན་སྨད་བསྟན། །སེལ་བ་ལྟུང་མེད་གཞན་ཡང་བརྗོད། །ཡན་ལག་མ་ཚང་ཉེས་བྱས་སོ། །དང་པོ་ནི། དགེ་སློང་བདག་ ཉིད་རྐུན་པོས་བརྐུས་པ་ན། དགེ་སློང་དེ་འཇིགས་པ་ལ་སོགས་པས་བདག་ཉིད་དབང་དུ་བྱས་ཏེ་རྐུ་ཐབས་ཀྱིས་ཐར་བར་བྱས་པ་དེ་ལ་ནི་བརྐུས་པ་མ་ཡིན་ནོ། །གང་རྐུ་བར་བསམ་པ་རས་ངན་པ་དེ་དང་འབྲེལ་བས་རྐུ་བར་མ་བསམ་པ་དར་བཟང་པོ་ཞར་ལ་བྱུང་སྟེ་བླངས་པ་ནི་ བརྐུས་པ་མ་ཡིན་ནོ་སྟེ་རྐུ་བར་མ་བསམ་པའི་ཕྱིར་རོ། །གཉིས་པ་ནི། སྦོམ་པོ་ནི་གཞན་གྱིས་བླངས་པ་མི་ཤེས་པ་ཞེས་པ་ཡན་ཆད་ཀྱི་དབང་དུ་བྱས་པའོ། །དེ་ཡང་རྐུན་པོ་མང་པོ་རྐུར་འགྲོ་བ་ན་ལེན་པ་པོ་གང་གིས་དངོས་པོ་གང་ལེན་པའི་དངོས་པོ་དེ་ལེན་པ་པོ་དེ་ཡིན་པར་ 6-1-300a གྱུར་ཅིག །ཅེས་རྐུན་པོ་རྣམས་ཀྱིས་ཁྲིམས་སུ་བཅའ་བ་རྣམ་པར་བཞག་པ་ལ་གཞན་གྱིར་རྐུ་བ་སྟེ་གཞན་གྱི་ཆེད་དུ་བརྐུས་ན་སྦོམ་པོའོ། །ཊཱི་ཀར། སྔར་གཞན་གྱི་དོན་ཉིད་དུ་དངོས་གཞིའི་རྣམ་པའོ་ཞེས་སྨོས་པ་དེའི་སྤྲོས་པའི་ཡུལ་བསྟན་པའི་ཕྱིར་ ཞེས་སོ། །ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་ལེན་པའོ། །འདི་ལ་འཕགས་པའི་ཡུལ་ན་བཤད་ལུགས་གཉིས་ལས། འོད་ལྡན་ལྟར་ན་རྫས་དེ་དོན་ལ་རིགས་ངན་ལ་སོགས་པ་བདག་པོ་ཡོད་ཅིང་། བསམ་པས་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ ནས་རོ་གོས་ལ་སོགས་པ་དགེ་སློང་གིས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོ་བསྐྱེད་པའོ། །འདི་ལ་མ་བྱིན་ལེན་གྱི་ཕམ་པ་མི་བསྐྱེད་དེ། དངོས་པོ་མི་དམན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེ་ཡང་འོད་ལྡན་ལས། འཇིག་རྟེན་ན་དུར་ཁྲོད་པའི་རྫས་ཐ་ཆད་པ་ཡིན་པས་ མངོན་པར་ཞེན་པ་ཤིན་ཏུ་ཞེན་པའི་ཕྱིར་དམན་པ་སྦོམ་པོར་འགྱུར་ཞེས་བཤད་དོ། །འཕགས་པ་ཡོན་ཏན་འོད་དང་། སློབ་དཔོན་ཆོས་བཤེས་གཉིས་ནི་དེ་ལྟར་མི་བཞེད་དེ་རང་གི་རྣམ་བཤད་ལས། དུར་ཁྲོད་ནས་ལེན་པའོ་ཞེས་བྱ་བ་ནི་འདིར་ལེན་པའི་བདག་ཉིད་ཅན་ ཡོངས་སུ་འཛིན་པ་དང་བཅས་པ་ཉིད་ལ་ཕམ་པར་བྱས་པ་ཉིད་དོ་ཞེས་གསུངས་ཤིང་། ཊཱི་ཀ་ལས། དུར་ཁྲོད་འདི་ཐམས་ཅད་བདག་གིའོ་ཞེས་བདག་པོས་བདག་གིར་བྱས་པ་གང་ཡིན་པ་དེ་བརྐུས་ན་ནི་ཕམ་པར་འགྱུར་རོ་ཞེས་སོ། །དེ་དང་མཐུན་པར་འགྲེལ་ཆུང་ལས་ ཀྱང་། དུར་ཁྲོད་ཀྱི་རོའི་རྫས་ལ་རྣམ་པ་བཞི་སྟེ། རྒྱལ་པོས་འཚོ་བ་རོའི་རྫས་ལ་གཏད་པ་དང་། ལས་བྱེད་པའི་ཕྱིར་རོའི་རྫས་ལ་གཏད་པ་དང་། དཔྱ་འབུལ་བའི་ཕྱིར་རོའི་རྫས་ལ་གཏོད་པ་དང་གསུམ་ལས་ནི་བརྐུས་ན་ཕམ་མོ། །གསོད་པའི་གཤེད་མར་བཏང་སྟེ་ 6-1-300b རོའི་རྫས་མ་བྱིན་པ་ལས་བརྐུས་ན་སྦོམ་པོའོ་ཞེས་བཤད་དེ། ཐ་མ་ནི་ངའིའོ་ཞེས་བསམ་པས་ཡོངས་སུ་བཟུང་ཡང་དོན་ལ་མི་དབང་བས་བདག་པོ་མེད་པའི་དབང་དུ་བྱས་ལ། དང་པོ་གསུམ་ནི་དོན་ལ་དབང་བའི་དབང་དུ་བྱས་ཏེ་དེ་བརྐུས་ན་ཕམ་པའོ། །འོ་ན་མདོ་རྩ་བ་ལས་ སྦོམ་པོར་བསྟན་པ་འདི་གང་གི་སེལ་བ་ཡིན་ཅེ་ན། བདག་པོའི་སེལ་བ་སྟེ། ཊཱི་ཀ་ལས། དུར་ཁྲོད་ཀྱི་རྫས་དེ་དག་ལ་བདག་པོ་ཉིད་མེད་མོད་ཀྱི། འོན་ཀྱང་བཀྲེན་པ་ལ་སོགས་པས་འདི་བདག་གིས་ཐོབ་བོ་སྙམ་དུ་དེ་ལ་བདག་གིར་བྱ་བའི་ཐོབ་བློ་སྐྱེ་བ་དེ་གལ་ཏེ་ དགེ་སློང་གིས་རྐུ་སེམས་ཀྱིས་ལེན་ན་དེའི་ཚེ་སྦོམ་པོར་འགྱུར་བའོ་ཞེས་བཤད་དོ། །དེ་ལྟར་ན། ཊཱི་ཀའི་དགོངས་པ་ལྟར་ན་ནི། རྫས་དེ་ལ་དོན་ལ་བདག་པོ་མེད་ཅིང་རིགས་ངན་གྱི་བསམ་པས་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་རོ་གོས་ལ་སོགས་པ་དགེ་སློང་ གིས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོ་བསྐྱེད་པའོ། །འདི་ལ་མ་བྱིན་ལེན་གྱི་ཕམ་པ་མི་བསྐྱེད་དེ། རིགས་ངན་གྱི་བསམ་པས་ཡོངས་སུ་འཛིན་པ་དང་བཅས་ཀྱང་དོན་ལ་བདག་པོ་མེད་པས་བདག་པོའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ངག་དོན་རྩ་འགྲེལ་གྱི་དགོངས་པ་ནི། ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ཀྱི་རྫས་ལ་གནས་སྐབས་གཉིས་ཏེ། རྫས་དེ་རིགས་ངན་ལ་སོགས་པས་བསམ་པས་ཡོངས་སུ་འཛིན་ཅིང་དོན་ལ་དབང་བ་བདག་པོར་གྱུར་པ་དང་། བསམ་པས་ཡོངས་སུ་འཛིན་ཀྱང་དོན་ལ་མི་དབང་བའོ། །དང་པོའི་དབང་དུ་ བྱས་ཏེ་བརྐུས་ན་ཕམ་ལ། གཉིས་པའི་དབང་དུ་བྱས་ན་སྦོམ་པོ་ཡིན་ནོ། །དེ་ལྟར་བཤད་ལུགས་གཉིས་ལས། བླ་མ་རྣམས་འོད་ལྡན་གྱི་རྗེས་སུ་འབྲང་ཡང་། འདིར་ནི་རང་འགྲེལ་དང་ཊཱི་ཀའི་རྗེས་སུ་འབྲང་སྟེ་དུར་ཁྲོད་ནས་བྱུང་བའི་རྫས་ཡིན་པ་ཤེས་བཞིན་དུ་རིན་དུ་གསེར་ 6-1-301a མང་དུ་འཇལ་བ་མཐོང་བས་ན། འདི་བརྐུས་ན་དངོས་པོ་དམན་པའི་ཆ་ནས་ཕམ་པ་མི་བསྐྱེད་པར་འཆད་པ་དེ་ཡི་རིགས་སོ་སྙམ་མོ། །ཆུད་གཟན་པའི་སྦོམ་པོ་སྔར་བསྟན་ཟིན་མོད་ཀྱི། གསང་སྔགས་ཀྱིས་ཆུད་གཟོན་པ་བསྟན་པའི་ཕྱིར་རྩ་བ་ལ་ཕུག་ལ་སོགས་ པའི་ལྡུམ་ཞིང་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་ཀུན་དགའ་ར་བ་ནི་ལྡུམ་རའོ་སྟེ། དེ་ལ་སོགས་པ་གསང་སྔགས་དག་གིས་སྐམ་པར་བྱེད་ན་སྦོམ་པོའོ། །སེར་བ་ཕབ་པ་ལ་སོགས་པའི་སྒོ་ནས་ཀྱང་སྦོམ་པོའོ། །དགེ་སློང་གིས་རྩྭ་ལ་སོགས་པའི་ ཆས་ཀྱིས་བརྔོད་ནས་བྲིད་དེ་རྟ་བཀྲི་བ་དང་། ཞོན་ཏེ་རྟ་འདི་བརྐུ་བར་བྱའོ་སྙམ་ནས་མྱུར་དུ་གོམ་པ་འདོར་བ་ལ་སོགས་པ་ལུས་འགྱུར་བ་ཡང་སྦོམ་པོའོ། །གྲུ་འདིར་ཞུགས་ཏེ་གྲུ་འདི་བརྐུ་བར་བྱའོ་སྙམ་པ་ཡང་སྦོམ་པོའོ། །རྟའམ་གྲུ་འདི་ལས་རྟའི་ཁལ་ལམ་གྲུའི་རྫས་འདི་ལྟར་ བརྐུའོ་སྙམ་ནས་ལུས་འགྱུར་བ་ཡང་སྦོམ་པོའོ། །ཊཱི་ཀར། སྔར་འདིར་སྨོས་པའི་ཚིག་གི་གནས་སུ་འདིར་འདི་ལས་ཞེས་བྱ་བའི་ཚིག་བཅུག་པའོ་ཞེས་སོ། །རང་དང་ནོར་གཅིག་པ་མ་ཡིན་པའི་ཕ་མ་དང་། ཕུ་ནུ་དང་། བུ་སྲིང་དང་། མཁན་པོ་དང་། སློབ་དཔོན་དང་། མཆོད་རྟེན་དང་། རང་ཉིད་ཁོངས་སུ་མ་གཏོགས་པའི་དགེ་འདུན་ལ་སོགས་པ་ལ་བསམ་པ་ཐག་པ་ནས་བསྔོས་པའི་རྫས་ཤོ་གམ་གཞལ་དགོས་པ་གཞལ་བ་ལས་འདས་ན་སྦོམ་པོའོ། །ཊཱི་ཀ་ལས། སྔར་གཞན་གྱི་དོན་ཉིད་དུ་ཡང་དངོས་གཞིའི་རྣམ་པའོ་ཞེས་སྨོས་པ་དེའི་ སྤྲོས་པའི་ཡུལ་བསྟན་པའི་ཕྱིར་ཞེས་སོ། །བརྙས་པ་དང་བསྐྱིས་པ་དག་མི་སྦྱིན་པར་ཐག་བཅད་པའི་སེམས་བསྐྱེད་པ་སྦོམ་པོའོ། །སེམས་བསྐྱེད་པ་ལ་བསྡམ་བྱར་ཟད་པས་ལུས་ངག་ཏུ་ཐོན་ན་སྦོམ་པོའོ་ཞེས་ཁ་ཅིག་ཟེར་ཡང་། འདི་ལ་ནི་ལུས་ངག་ཏུ་ཐོན་ན་སྦོམ་པོའི་ཞེས་ 6-1-301b ཁ་ཅིག་ཟེར་ཡང་། འདི་ལ་ནི་ལུས་ངག་ཏུ་ཐོན་ན་ཞེས་ལུང་བསྟན་བཅོས་གང་ལས་ཀྱང་མ་གསུངས་ལ། སྔར་ན་ནི་སྦྱོར་བ་གཞན་ཉིད་དོ་ཞེས་སྔར་མི་སྦྱིན་པར་བསམ་པས་ཐག་བཅད་པ་ཉིད་ན་སྦོམ་པོ་བསྐྱེད་པ་དང་མཚུངས་པར་སེམས་ཞེས་མཚོ་སྣ་པ་ཆེན་པོས་གསུངས་ སོ། །ནད་པ་ལ་སོགས་པ་དག་གིས་གཞན་དགེ་འདུན་གྱི་དོན་དུ་བྱིན་པའི་རྫས་དེ་ནད་གཡོག་ལ་སོགས་པས་འགོད་པ་ཡང་སྦོམ་པོའོ། །འདི་ལ་ཕམ་པ་མི་བསྐྱེད་པ་ནི་ཊཱི་ཀར། དགེ་འདུན་གྱིས་མ་ཚོར་བས་དེ་ལས་བདག་གིར་བྱ་བའི་སེམས་མ་སྐྱེས་པའི་ཕྱིར་རོ་ཞེས་སོ། ། དེ་ལ་རྩོད་པ་སྤང་བ་ནི། འོད་ལྡན་དུ་གཞན་འདོད་བཀོད་པའི་པཎྜི་ཏ་ཁ་ཅིག་ན་རེ། རྫས་དེ་ནད་པར་དབང་སྟེ། བསམ་པ་ཐག་པ་ནས་མ་བཏང་བའི་ཕྱིར་ཏེ། འདུལ་བྱེད་ལས། དགེ་འདུན་ལ་དབུལ་ལོ་ཞེས་ལྟོས་བཅས་ཀྱི་ཚིག་འབྱུང་བས་གྲུབ་བོ་ཞེ་ན། དེ་ནི་མ་གྲུབ་སྟེ། དགེ་འདུན་ལ་ཞེས་གཉིས་པ་ཡུལ་གྱི་སྒྲ་སྨོས་པའི་ཕྱིར་ལྟོས་མེད་ཡིན་ནོ། །གཞན་དུ་ལྟོས་བཅས་ཡིན་ན་དགེ་འདུན་གྱི་ཕྱིར་ཞེས་བཞི་པ་ཆེད་དུ་བྱ་བའི་སྒྲ་སྨོས་པར་རིགས་སོ། །ནད་པར་དབང་ན་རྫས་དེ་སོ་སོར་བགོས་པ་ལ་ཕམ་པ་བསྐྱེད་པར་རིགས་པ་ལས། ལུང་ལས་ སྦོམ་པོར་གསུངས་པ་དང་འགལ་ལོ། །ནོར་བདག་གི་སེམས་ཀྱིས་བཏང་བ་ལྟ་བུ་བདག་པོ་སུས་ཀྱང་ཡོངས་སུ་མ་བཟུང་བ་བདག་པོ་མེད་པ་ལ་མི་གཞན་གྱིས་བདག་ཏུ་ཡོངས་སུ་བཟུང་བར་དགེ་སློང་གིས་འདུ་ཤེས་འཁྲུལ་ཏེ་བརྐུས་པ་སྦོམ་པོའོ། །ཊཱི་ཀར། ཡན་ལག་ གཅིག་མ་ཚང་བའི་ཕྱིར་སྦོམ་པོ་སྟེ། འདི་ལྟར་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཉིད་ཅེས་བྱ་བའི་ཡན་ལག་དེ་འདི་ལ་མེད་པའི་ཕྱིར་ཞེས་སོ། །ཟན་དྲོན་དང་། འབྲས་ཆན་དང་། ཕྱེ་དང་། ཉ་ཤ་དང་། ཤ་དང་། ཁུར་བ་ལ་སོགས་པའི་བསོད་སྙོམས་དབང་བའི་གཞི་མེད་ 6-1-302a པར་མི་དབང་བ་ནོད་པ་སྦོམ་པོའོ། །འདི་གང་གི་སེལ་བ་ཡིན་ཅེ་ན། འོད་ལྡན་ལས། ཅིའི་ཕྱིར་མཐར་མི་འགྱུར་ཞེ་ན། ཁ་ཟས་ལ་ནི་མངོན་པར་ཞེན་པའི་བསམ་པ་ཞེན་པའི་ཕྱིར་ཉེས་པ་སྦོམ་པོ་ཁོ་ནར་མངོན་གྱི། རིན་ཐང་མ་ཚང་བའི་ཕྱིར་ནི་མ་ ཡིན་ཏེ་རིན་ཐང་བརྩི་བར་བྱའོ་ཞེས་མ་གསུངས་པའི་ཕྱིར་ཞེས་བཤད་དོ། །འོ་ན་མུ་གེའི་ཚེ་ན་ཟན་དྲོན་དང་། འབྲས་ཆན་དང་། ཕྱེ་ཁལ་བརྒྱ་བརྐུས་ཀྱང་དངོས་པོ་མི་དམན་པའི་ཡན་ལག་མ་ཚང་བའི་ཕྱིར་རྐུ་བའི་ཕམ་པ་མི་བསྐྱེད་པར་འགྱུར་ཏེ་ཧ་ཅང་ཐལ་ཆེས་སོ། །དེས་ན་ སྐབས་འདིར་སྦོམ་པོར་གསུངས་པ་ནི་མི་དབང་བའི་བསོད་སྙོམས་ཉུང་ཤས་ལེན་པ་སྟེ་རིན་ཐང་མ་ཚང་བའི་དབང་དུ་བྱས་ནས་ལུང་ལས་སྦོམ་པོར་གསུངས་སོ་ཞེས་རིགས་སོ། །གསུམ་པ་ནི། རྙེད་པ་བགོད་པ་ན་དགེ་སློང་རང་གི་སྐལ་པ་གཞན་གྱིས་བླངས་ཟིན་པ་ལ་བླངས་ཟིན་ པར་རྒྱུས་མི་ཤེས་པས་སླར་ཡང་རང་གི་སྐལ་བ་ལེན་པ་ནི་ལེན་པ་དེ་ཉེས་མེད་ཀྱི་གཞི་ཡོད་པ་སྟེ། ཉེས་མེད་ཀྱི་གཞི་མེད་པ་ཉིད་མ་ཡིན་པས་ཉེས་པ་མེད་དེ། འགྲེལ་ཆུང་ལས། སླར་ཕུལ་ན་ཉེས་པ་མེད་དོ་ཞེས་སོ། །རྣམ་པ་གཅིག་ཏུ་ན་རྙེད་པ་བགོད་པ་ཉིད་ན་སློབ་མ་གཉིས་ ཀྱིས་མཁན་པོའི་སྐལ་བ་སོ་སོར་བླངས་པ་ལྟ་བུ་གཞན་གྱི་སྐལ་བ་གཞན་གྱིས་བླངས་ཟིན་པ་ལ། བླངས་ཟིན་པར་རྒྱུས་མི་ཤེས་པས་སླར་ཡང་གཞན་གྱི་སྐལ་བ་ལེན་པ་ནི་ལེན་པ་དེ་ཉེས་མེད་ཀྱི་གཞི་ཡོད་པ་སྟེ། ཉེས་མེད་ཀྱི་གཞི་མེད་པ་ཉིད་མ་ཡིན་པས་ཉེས་པ་མེད་དོ་ཞེས་ ཀྱང་གཞུང་འདིས་བསྟན་ཏེ་དོན་དེ་ལྟར་ཊཱི་ཀར་བཤད་དོ། །ཁོ་བོའི་སྐལ་བ་ཁྱོད་ཀྱིས་ལོངས་ཤིག་ཅེས་མ་བཅོལ་བས་ཉེས་མེད་ཀྱི་གཞི་མེད་པ་ཉིད་མ་ཡིན་ནོ་ཞེས་པ་ནི། ཊཱི་ཀ་ལས། ཁོ་བོའི་སྐལ་བ་ཁྱོད་ཀྱིས་ལོངས་ཤིག་ཅེས་མ་བཅོལ་བར་གཞན་ཞིག་གིས་དེའི་སྐལ་བ་མི་དབང་ 6-1-302b བར་བླངས་ན་བདག་པོར་འགྱུར་བ་དེ་ལ་ནི་མི་དབང་བ་བླངས་པའི་ཉེས་པ་མེད་དེ། རང་གིས་མ་བླངས་པའི་ཕྱིར་དང་། གཞན་ལ་མ་བཅོལ་བའི་ཕྱིར་རོ་ཞེས་གསུངས་ཏེ་ཆེད་དུ་བྱ་བ་དེ་ལ་ཉེས་པ་མེད་པར་བསྟན་ཏོ། །ལེན་པ་པོ་དེ་ལ་ཉེས་པ་མེད་པར་བསྟན་པ་ནི། ཊཱི་ཀ་ ལས། གཞན་དག་ན་རེ། ཁོ་བོའི་སྐལ་བ་ཁྱོད་ཀྱིས་ལོངས་ཤིག་ཅེས་མ་བཅོལ་བར་དགེ་སློང་གིས་གཞན་གྱི་དོན་དུ་གཞན་མི་དབང་བ་ལ་གཞན་དེ་དབང་བའི་བློས་བླངས་ན་ལེན་པ་པོ་ལ་ཉེས་པ་མེད་དེ། ཉེས་མེད་ཀྱི་གཞི་ཡོད་པ་སྟེ་གཞི་མེད་པ་ཉིད་མ་ཡིན་ནོ་ཞེས་ཊཱི་ཀས་ པཎྜི་ཏ་གཞན་གྱི་འདོད་པ་བཀོད་ནས་དེ་ལ་ཡང་ལུང་སྣང་ངོ་ཞེས་ཊཱི་ཀ་ལས་བཤད་དོ། །བཞི་པ་ནི། དགེ་སློང་མགྲོན་དུ་མ་བོས་པར་སྦྱིན་བདག་གི་ཟན་ཟ་ན་ཉེས་བྱས་སོ། །ཊཱི་ཀའི་དགོངས་པ་ནི་སྦྱིན་བདག་གིས་ཤེས་རུང་མ་ཤེས་རུང་། ཡོན་ཟོང་ཐོབ་རུང་མ་ཐོབ་རུང་ བསླབ་བྱའི་ཉེས་བྱས་སོ། །རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་ན་རེ། མགྲོན་དུ་མ་བོས་པའི་རྙེད་པ་ནི་རྣམ་པ་གཉིས་ཏེ། འདི་ནི་ཁོ་བོས་མགྲོན་དུ་མ་བོས་སོ་སྙམ་དུ་སྦྱིན་བདག་གིས་རིག་པ་དང་མ་རིག་པའོ། །སྔ་མ་ནི་སྦྱིན་བདག་གིས་རིག་བཞིན་དུ་བསྟབས་པ་ལེན་པའི་ཕྱིར་ མ་བྱིན་ལེན་གྱི་ལྟུང་བ་མེད་དོ། །ཕྱི་མ་ཤོས་ལ་ནི་ཡོན་ཟོང་ཡོད་མེད་གཉིས་ལས། ཡོན་ཟོང་མེད་ན་ནི་ཁ་ཟས་ངན་ངོན་ཙམ་ལེན་པའི་ཕྱིར་མ་བྱིན་ལེན་གྱི་ཕམ་པར་མི་འགྱུར་ལ། ཡོན་ཟོང་རིན་ཐང་ཚང་བ་ཡོད་ན་ཕམ་པར་འགྱུར་ཞེས་ཟེར་ཏེ། ཊཱི་ཀ་ལས། འདི་ལ་ཁ་ཅིག་ ཕམ་པར་འགྱུར་བར་སྨྲ་སྟེ་དེ་དག་གིས་ནི་ལེགས་པར་མ་བརྟགས་སོ་ཞེས་སོ། །དེས་ན་མགྲོན་དུ་མ་བོས་པར་ཟ་བ་འདི་ནི། ཊཱི་ཀ་ལས། མ་བྱིན་པ་མ་ཡིན་པའི་ཕྱིར་དང་། རྐུ་སེམས་མེད་པའི་ཕྱིར་ཕམ་པར་ཡང་མི་འགྱུར་ལ། སྦོམ་པོར་ཡང་མི་འགྱུར་རོ་ཞེས་བཤད་དོ། ། 6-1-303a རྫས་ལ་ནོམ་པའི་སྔ་རོལ་གྱི་རྐུ་བའི་ཆེད་དུ་འགྲོ་བ་གོམ་པ་འདོར་བ་ཡང་ངོ་སྟེ་ཉེས་བྱས་སོ། །ནོམ་པའི་སྔ་རོལ་ནི་སྦྱོར་བའི་སྦྱོར་བ་ཉིད་ཅེས་པར་འདུས་མོད་ཀྱི། འོན་ཀྱང་འདིར་བསྟན་པ་ནི་ཊཱི་ཀར། མདོ་འོག་མའི་ཡུལ་བསྟན་པའི་ཕྱིར་འདི་བརྩམས་ཏེ། གལ་ཏེ་མདོ་འདི་མ་བྱས་སུ་ཟིན་ན་དེའི་ཚེ་མདོ་འོག་མ་ཉིད་གང་ལས་ཐ་དད་པ་ཉིད་མ་ཡིན་པ་མི་ཤེས་པར་འགྱུར་རོ། །ཞེས་སོ། །རྐུ་བའི་ཆེད་དུ་འགྲོ་བ་དེ་ལས་རྐུ་བའི་གྲོས་བྱེད་པ་ཉེས་བྱས་ཐ་དད་པ་ཉིད་མ་ཡིན་ནོ་སྟེ། རྐུ་བའི་ཆེད་དུ་འགྲོ་བ་དང་རྐུ་བའི་གྲོས་བྱེད་པ་གཉིས་ཀ་ལ་ ཉེས་བྱས་གཅིག་ཏུ་འགྱུར་བའོ། །ཊཱི་ཀར། འགྲོ་བའི་སྔོན་རོལ་དུ་གྲོས་བྱེད་པ་གང་ཡིན་པ་ཅི་དེར་འདོང་ངམ། འོན་ཏེ་འདོང་ཞེས་ངག་གི་ལས་བྱེད་པ་དང་། ལག་པ་རྐྱོང་པ་དང་། མགོ་བསྒྱུར་བ་ལ་སོགས་པ་ཐམས་ཅད་དེའི་ཁོངས་སུ་གཏོགས་པས་དེ་ལ་ཉེས་བྱས་ཐ་དད་ པར་མི་འགྱུར་ཏེ། འདི་ལྟར་གྲོས་བྱེད་པ་ནས་བརྩམས་ཏེ་ནོམ་པར་བྱེད་པའི་སྔ་རོལ་ཚུན་ཆད་ལ་ཉེས་བྱས་གཅིག་ཁོ་ནར་རིག་པར་བྱའོ་ཞེས་སོ། །གསུམ་པ་ནི། ཕྱག་དར་ཁྲོད་ཀྱི་གོས་ལྟ་བུ་དགེ་སློང་གིས་ལེན་ན་རྫས་འདི་བདག་པོ་གཞན་གྱིས་ཀུན་ཏུ་བཟུང་བ་མ་ཡིན་ནམ་ཞེས་ བདག་པོ་ཡོད་མེད་ཞིབ་ཏུ་ལེགས་པར་སོ་སོར་བརྟག་པར་བྱས་ཏེ། བདག་པོ་མེད་པར་ངེས་པར་གྱུར་ན་བླང་བར་བྱའོ། །ཊཱི་ཀར། དེ་ལྟར་བྱས་ན་རང་ཡང་འགྱོད་པ་མི་བསྐྱེད་ལ་གཞན་གྱི་ཚིག་གི་སྐབས་ཀྱང་མེད་པར་འགྱུར་རོ་ཞེས་སོ། །བུ་ལོན་ཆགས་པ་ལྟ་བུའི་ཕྱིར་དགེ་ སློང་གིས་རང་གི་ལུས་བསྒྱེལ་ཞིང་བསྙལ་བར་མི་བྱའོ། །ཊཱི་ཀར། འདི་ནི་དགེ་སློང་གིས་ཞིང་རྨེད་པའི་མདུན་དུ་བདག་ཉིད་བསྒྱེལ་ཏེ་ཉལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ལུས་བསྒྱུར་བ་རྣམ་པ་དེ་ལྟ་བུ་མི་བྱའོ་ཞེས་གསུངས་པ་གང་ཡིན་པ་དེ་བསྡུས་པ་ 6-1-303b ཡིན་ནོ་ཞེས་སོ། །ཕུག་རོན་ལ་སོགས་པའི་ཚང་གཞིག་པར་མི་བྱའོ། །དེ་ཡང་དགེ་སློང་གི་གནས་ལས་གཞན་དུ་སྒོ་ང་ཡོད་མེད་གཉིས་ཀ་མི་གཞིག་ལ། དགེ་སློང་གི་གནས་སུ་སྒོ་ང་མེད་པ་གཞིག་པ་དམིགས་ཀྱིས་བསལ་བ་ཡིན་ནོ། །རང་གིས་དབྱར་མ་གནས་པའི་ གཙུག་ལག་ཁང་དེར་དབྱར་གྱི་རྙེད་པའི་ཆོས་གོས་ཀྱི་སྐལ་བའི་ཆ་མི་བླངས་ཏེ། རྐུ་སེམས་མེད་ན་བསླབ་བྱའི་ཉེས་བྱས་དང་། རྐུ་སེམས་ཀྱིས་བླངས་ན་ཕམ་མོ། །ཊཱི་ཀར། འདིར་དབྱར་གྱི་ཞེས་སྨོས་པ་ནི་མཚོན་པ་སྟེ། གཞན་དུ་ཡང་རྙེད་པ་མི་དབང་བ་བླངས་པ་ དགག་པ་དེ་བཞིན་ནོ། །ཞེས་སོ། །ཆོམ་རྐུན་པར་གྲགས་པ་ལས་འདི་ནི་སྦྱིན་བདག་གིས་སོ་སྙམ་པའི་སེམས་ཀྱིས་ལེན་པ་ལ་ཉེས་པ་མེད་དོ་སྟེ། ཊཱི་ཀར། རྫས་འདིའི་བདག་པོ་ནི་འདི་ཉིད་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིར་རོ། །ཞེས་སོ། །གང་ལས་ ཆོས་གོས་ལ་སོགས་པ་འོང་བའམ་བྱུང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པ་ཞེས་པ་ནི་ལུང་གི་ཚིག་གོ། ཚིག་དེ་ཉིད་གསལ་བར་བྱ་བའི་ཕྱིར་སློབ་དཔོན་གྱིས་ཆོམ་རྐུན་པར་མ་གྲགས་པ་ཞེས་སྨོས་ཏེ། དེ་ལས་ཆོས་གོས་ལ་སོགས་པ་ཅུང་ཟད་ཀྱང་བླང་བར་མི་བྱའོ་སྟེ། ནོར་དེ་བླངས་ཏེ་ནོར་བདག་གིས་ངོས་ཟིན་ན་ཁུངས་ཕྱུང་དུ་ཟིན་ཀྱང་། ཡུལ་མིས་རྐུ་བར་མ་བཅད་པར་དགེ་སློང་གཙང་བར་མི་བའི་ཕྱིར། ཊཱི་ཀར། འཇིག་རྟེན་ན་གྲགས་པར་གྱུར་པ་དེ་ལས་བླང་བར་བྱ་སྟེ། གྲགས་པར་གྱུར་པ་ལས་ཆོས་གོས་ལ་སོགས་པ་ འོང་བ་ནི་འཇིག་རྟེན་ན་གྲགས་པ་ཡིན་གྱི་གཞན་གྱིས་མ་ཡིན་ནོ་ཞེས་སོ། །ཆོམ་རྐུན་པར་གྲགས་པ་དེ་ལས་ཆོས་གོས་ལ་སོགས་པ་བླངས་པ་ན་མཚོན་གྱིས་ཁ་ཚར་དང་ཕུན་ཚར་ལ་སོགས་པ་བཅད་པ་དང་། ཁ་དོག་ངན་པར་ཁ་བསྒྱུར་བ་བྱས་ཏེ་བསྲེལ་ཞིང་བཅང་བར་ 6-1-304a བྱའོ། །མཚོན་གྱིས་བཅད་པ་དང་། ཁ་དོག་ངན་པ་དེ་ལྟར་བྱས་ཀྱང་ནོར་བདག་གིས་ངོ་ཤེས་ཏེ་སློང་ན་སྦྱིན་ནོ། །མ་བྱིན་ན་ཉེས་བྱས་སོ། །ཡོན་པོ་དང་གྱ་གྱུའི་རྣམ་པས་གནད་ལ་བསྒྲེ་བར་མི་བྱའོ། །འདིས་མ་བྱིན་ལེན་ལ་ཡང་སྦྱར་ཏེ། ཊཱི་ཀར། མ་ བྱིན་པར་ལེན་པ་ལ་ཡང་འདི་སྦྱར་བ་ཡོད་དེ། གནད་ལ་བསྒྲེ་བས་གཏོང་བ་དང་། སྦྱིན་དུ་འཇུག་པ་ན་བརྐུས་པར་འགྱུར་རོ། །ཞེས་སོ། །བཞི་པ་ནི། རྫུ་འཕྲུལ་དང་འདྲ་བའི་ཡིད་རྣམ་པར་དག་པས་གསང་སྔགས་དག་གིས་གཡོན་ཅན་རྣམས་ཀྱིས་བརྐུས་ཏེ་བཟུང་བ་ དེ་གཏོང་བ་ལ་གཡོན་ཅན་ལས་འཕྲོགས་པའི་ཉེས་པ་མེད་དོ། །བདག་གི་རྫས་གཞན་གྱིས་བརྐུས་པ་ལ་ཆོས་བཤད་དེ་བླངས་ཀྱང་མི་སྟེར་ན། སྔགས་བཟླས་ཏེ་སེམས་བསྒྱུར་ལ་བདག་ལ་སྦྱིན་དུ་བཅུག་ན་ཉེས་པ་མེད་དོ། །དགེ་སློང་གི་རྫས་བྱི་བས་ཁྱེར་བ་བདག་པོས་ བླངས་པ་ལ་ཡང་ཉེས་པ་མེད་དོ། །དེས་ཁྱི་དང་བྱ་སོགས་ལའང་མཚོན་ནོ། །དགེ་སློང་གཞན་གྱི་རྫས་བྱི་བས་ཁྱེར་བ་ལ་དགེ་སློང་གཞན་གྱིས་དགེ་སློང་གཞན་དེའི་རྫས་སུ་ལེན་པར་བྱེད་ན་ཡང་བྱི་བ་ལས་འཕྲོགས་པའི་ཉེས་པ་མེད་དོ། །རྔོན་པ་དག་གིས་མངོན་ པར་གཙེས་པར་གྱུར་པའི་རི་དྭགས་རྨས་ཏེ་དགེ་སློང་གི་གནས་ཁང་དུ་ཞུགས་པ་བཟུང་ཞིང་བླངས་པ་ལའང་ཉེས་པ་མེད་དོ། །རི་དྭགས་དེ་ཤི་ན་རྔོན་པ་དེ་དག་ལ་ཤ་སྦྱིན་པར་བྱ་བ་ཉིད་དོ། །ཊཱི་ཀར། ཤ་དེ་དག་ལ་སྦྱིན་པར་བྱ་བ་ཉིད་དེ་རང་གིས་བླང་བར་བྱ་བ་ཉིད་དུ་ མི་བྱའོ། །གཞན་དག་ལ་ཡང་སྦྱིན་པར་མི་བྱ་བ་ཉིད་དོ་ཞེས་སོ། །ཤ་བདག་ཡུན་རིང་དུ་མ་འོངས་ན་བདག་གིས་ཤ་བརྐུས་ཤིང་མ་ཟོས་པར་ཤེས་པའི་སླད་དུ་རུལ་རུལ་དུ་ཀེང་རུས་མངོན་པར་བཞག་གོ། མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་འདུལ་བྱེད་ཀྱི་སྐབས་ 6-1-304b སོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་རྫོགས་སོ།། །།གསུམ་པ་ལ། འབྱེད་ཚེགས་ཞུ་བ་འདུལ་བྱེད་བརྗོད། །དང་པོ་ལ། བསླབ་པར་བྱ་བའི་གནས་སྐབས་བརྗོད། །ལྟུང་བ་ཉིད་ཀྱི་རྣམ་པར་བཞག །བསླབ་བྱ་གཞན་ཡང་བསྟན་པའོ། །དང་པོ་ལ། ཆོས་བཤད་འབྲེལ་བའི་བསླབ་བྱ་བསྟན། །ནད་གཡོག་རྗེས་འབྲེལ་བསླབ་བྱ་བརྗོད། །བསམ་ངན་བཟློག་འབྲེལ་བསླབ་བྱའོ། །དང་པོ་ནི། གཞན་གྱི་སྲོག་ལ་གནོད་པ་སྤང་བའི་ཕྱིར་བསླབ་བྱ་བསྟན་པ་ན་ནད་པ་སྨོས་པ་ནི་དཔེ་ཙམ་སྟེ། མི་ན་བ་ལ་འཆི་བར་འདོད་པའི་ སེམས་པ་སྐྱེ་བ་དང་རྗེས་སུ་མཐུན་པའི་རྐྱེན་ཉེ་བར་བསྒྲུབ་པ་ནི་རྐྱེན་ཚོགས་པའི་བྱེ་བྲག་སྟེ། ནད་པ་ལ་ཁྱོད་ཤི་ན་ལྷར་སྐྱེ་བར་འགྱུར་རོ་ཞེས་ཆོས་བཤད་པ་ལྟ་བུའམ། ཁྱོད་དུག་ཟོས་པ་ནི་སླའི་ཞེས་གཏམ་བརྗོད་པ་ལྟ་བུའི་སྒོ་ནས་ཉེ་བར་བསྒྲུབ་པར་མི་བྱའོ། །དེ་བྱས་ན་ བསླབ་བྱ་ལས་འདས་པའི་ཉེས་བྱས་སུ་འགྱུར་ཏེ་འདི་ནི་གསོད་སེམས་མེད་པའི་དབང་དུ་བྱས་སོ། །གསོད་སེམས་ཡོད་ན་ནི་དེའི་ཚེ་སྦོམ་པོར་འགྱུར་བར་ཊཱི་ཀ་ལས་བཤད་དེ། གསོད་སེམས་ཡོད་ཅིང་མཐར་ཐུག་ན་ཕམ་པར་འགྱུར་བ་ཡང་སྲིད་དོ། །འོ་ན་སྲོག་གཅོད་པའི་གླེང་ གཞི་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མི་སྡུག་པ་སྒོམ་པའི་ཆོས་བཤད་པས་ཤི་བར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་ཆོས་བཤད་པས་ཤི་བ་མ་ཡིན་གྱི། མྱོང་ངེས་ཀྱི་ལས་ཀྱིས་ཤི་བ་ཡིན་ཏེ། འོད་ལྡན་ལས། བཟློག་པར་དཀའ་བར་གཟིགས་ནས་ ཆོས་བསྟན་པས་ཐར་པའི་ས་བོན་བཏབ་པར་མཛད་ཅེས་བཤད་དོ། །གཉིས་པ་ནི། ནད་གཡོག་མི་ཤེས་པ་གླེན་པ་ལ་ནད་པ་འཆི་བའི་དགྲ་བོ་མི་འཆི་བའི་ཐབས་མ་སྨྲས་པར་ནད་པ་དེའི་ནད་གཡོག་ཏུ་གླེན་པ་མི་བཞག་གོ། ནད་གཡོག་ཏུ་བསྐོ་བའི་གནས་གཞན་ཡོད་ན་ 6-1-305a སྟེ། མཁས་ཤིང་མཛངས་པ་ནད་གཡོག་ཏུ་བཞག་པའི་སྐབས་ཡོད་ན་ནི་མི་ཤེས་པ་ལ་འཆི་བའི་དགྲ་བོ་སྨྲས་སུ་ཟིན་ཀྱང་གླེན་པ་ནད་གཡོག་ཏུ་མི་བཞག་གོ་སྟེ། ཊཱི་ཀར། མཛངས་པ་ཡོད་པའི་ཕྱིར་ཞེས་སོ། །འཆི་བའི་འཚོག་ཆས་དུག་དང་། མཚོན་ལ་སོགས་པ་ནད་གཡོག་གིས་ནད་པའི་དྲུང་དུ་མི་བཞག་གོ། ནད་པ་དེ་རང་ཉིད་འཆི་བའི་ཕྱིར་རྗེས་སུ་སྒྲུབ་པ་དུག་ཟ་བ་ལ་སོགས་པ་ལས་ནད་གཡོག་གིས་བཟློག་པར་བྱའོ། །དེ་ནད་གཡོག་གིས་མཐོང་བ་ན་མི་སོས་ངེས་པའི་ནད་ཀྱིས་ཡུན་རིང་དུ་མནར་བ་འདི་ལས་ནི་ ཤི་བ་སླའོ་སྙམ་སྟེ་ནད་གཡོག་གིས་དེ་མ་བཟློག་པར་བཏང་སྙོམས་སུ་འཇོག་ན་ཉེས་བྱས་སོ། །གསུམ་པ་ནི། གཞན་ཤི་ན་དེའི་ནོར་རྫས་བདག་གིས་ཐོབ་འོང་སྙམ་ནས་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་རྫས་ཀྱི་ཕྱིར་སེམས་ཅན་གཞན་འཆི་བར་འདོད་པར་མི་བྱའོ། ། བྱ་བ་མ་ཡིན་པ་བྱེད་པ་ལ་ཞེས་པ་མངལ་ན་གནས་པ་རླུགས་པ་ལ་སོགས་པ་རང་ངམ་གཞན་གྱིས་ད་ལྟར་དང་། འདས་པ་དང་། མ་འོངས་པ་ན་རྗེས་སུ་སྒྲུབ་པ་ལ་སེམས་ཀྱིས་ཞེས་པ་མཚོན་པ་ཙམ་སྟེ་ལུས་ངག་གིས་ཀྱང་རྗེས་སུ་ཡི་རང་བར་མི་བྱའོ། །བྱེད་ན་བསླབ་བྱའི་ ཉེས་བྱས་སོ། །སྐབས་འདིའི་ཊཱི་ཀ་ལས། ལུས་ངག་གི་འཇུག་པ་སྔོན་དུ་འགྲོ་བ་ནི་སེམས་ཡིན་པའི་ཕྱིར། དེ་བཀག་པས་ལུས་དང་ངག་བཀག་པར་གྲུབ་པ་ཡིན་ནོ། །ཞེས་སོ། །འདིར་ལུང་ལས། མངལ་ན་གནས་པ་རླུགས་པ་སྟེ་དེ་ལྟ་བུ་ལ་རྗེས་སུ་ཡི་རང་བར་མི་བྱའོ་ ཞེས་གསུངས་པ་འདིས་མཚོན་པ་སྟེ། རྐུ་བ་དང་རྫུན་སྨྲ་བ་ལ་སོགས་པ་ལ་ཡི་རངས་ན་ཡང་རང་རང་གི་བསླབ་བྱའི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀ་ལས། བྱ་བ་མ་ཡིན་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་བསྡུས་ཏེ་སྤྱིར་མདོ་འདི་བྱས་སོ་ཞེས་སོ། །གཉིས་པ་ལ་མདོར་བསྟན། 6-1-305b རྒྱས་པར་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་གླེང་གཞི། དགག་བྱ། ལྟུང་བའི་ངོ་བོ། །ཡན་ལག་བརྩི་བའོ། །དང་པོ་ནི། ཡུལ་སྤོང་བྱེད་དུ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་དགེ་སློང་རབ་ཏུ་མང་པོས་དགེ་སློང་གིས་དགེ་སློང་ གསོད་པར་བྱེད་པ་ལ་བརྟེན་ནས་ཕམ་པར་བཅས་སོ། །མེ་ཏོག་ཕྲེང་རྒྱུད་དང་། སོ་ཐར་གྱི་འགྲེལ་པ་ལུང་གི་རྣམ་བཤད་དང་། གངས་ཅན་གྱི་འདུལ་འཛིན་པ་ཕལ་ཆེ་བ་ན་རེ། སྲོག་གཅོད་པའི་ཕམ་པ་འདི་ནི་རི་དྭགས་ཟློག་དགེ་སྦྱོང་སྦེད་ལ་བཅས་སོ་ཞེས་འཆད་དོ། ། དེ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་འགྲེལ་པ་ལས། རི་དྭགས་ཟློག་དགེ་སྦྱོང་སྦེད་ཅེས་བྱ་བ་ནི་ཀུན་ཏུ་རྒྱུ་ཞིག་གི་མིང་སྟེ་ཞེས་གསུངས་ཤིང་། མུ་སྟེགས་ཀུན་ཏུ་རྒྱུ་ལ་བསླབ་པ་མི་འཆའ་བས། ལུང་ལས་རི་དྭགས་ཟློག་དགེ་སྦྱོང་སྦེད་ཀྱི་གཏམ་རྒྱུད་བྱུང་བ་ནི་ཞར་ལས་ བྱུང་བ་ཙམ་མོ། །འདིའི་སྐབས་དོན་ནི་ལུང་རྣམ་འབྱེད་ལས། དགེ་སློང་གིས་དགེ་སློང་ལ་རྩོལ་བར་བྱེད་ཅེས་གསུངས་པ་སྟེ། དགེ་སློང་གིས་དགེ་སློང་གསོད་པར་བྱེད་པ་ལ་བརྟེན་ནས་ཕམ་པར་བཅས་སོ། །དེ་དང་མཐུན་པར་སོ་སོར་ཐར་པའི་འགྲེལ་པ་དང་། གཞུང་འགྲེལ་དང་། བམ་པོ་ལྔ་བཅུ་པ་ལས་ཀྱང་། དགེ་སློང་རབ་ཏུ་མང་པོ་ལ་བརྟེན་ནས་བཅས་ཞེས་གསུངས་པ་དེ་ལེགས་བཤད་ཡིན་ནོ། །གཉིས་པ་ནི། སྲོག་གཅོད་པའི་བྱ་བ་དང་འབྲེལ་ནས་མིའི་སྲོག་ལ་གནོད་པའོ། །གསུམ་པ་ནི། བཅས་པའི་རྟེན་ཅན་ དགེ་སློང་གིས་མི་གཞན་གསོད་སེམས་ཀྱིས་རང་ངམ་བསྐོས་པས་གསོད་པའི་སྦྱོར་བ་བྱས་པ་དེའི་རྐྱེན་གྱིས་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་པ་ནི། ཐུན་མོང་གི་ཡན་ལག་སྔར་བཤད་ཟིན་ལ། ཐུན་མོང་མ་ཡིན་པའི་ཡན་ལག་ལ་བཞི་ལས། དང་ 6-1-306a པོ་ལ་གཞིའི་ཡན་ལག་ལ་གཉིས་ཏེ། མིའམ་མིར་ཆགས་པ་ཡིན་པ་དང་། རྒྱུད་ཀྱི་སྒོ་ནས་གཞན་ཡིན་པ་སྟེ། མིར་གྱུར་པའིའོ་ཞེས་པ་དང་། འོད་ལྡན་རྩ་འགྲེལ་ལས། མི་ལས་མི་གཞན་ཡིན་ལ་ཞེས་བཤད་པས་སོ། །སེལ་བ་མི་མ་ཡིན་ བསད་ན་སྦོམ་པོ་དང་། དུད་འགྲོ་གསོད་ན་ལྟུང་བྱེད་དང་། བདག་ཉིད་གསོད་ན་སྦོམ་པོའོ་ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་དང་། ཀུན་སློང་ངོ་། །འདུ་ཤེས་ནི་གཞིའི་ཡན་ལག་དེ་ལ་ངེས་པའམ་ཡིད་གཉིས་ཡན་ཆད་ ཀྱིས་མ་འཁྲུལ་བ་སྟེ་རང་གཞིའི་རྣམ་པ་མ་དོར་བ་འཛིན་པའི་ཤེས་པའོ། །ཀུན་སློང་ནི་སྲོག་གཅོད་པའི་བསམ་པས་འཆི་བའི་ཐབས་ཤོམ་པར་འདོད་པ་རྒྱུན་མ་ཆད་པ་སྟེ། དེ་ལྟར་བསམ་པས་སོ་ཞེས་དང་། རྒྱུན་མ་ཆད་པ་ནི་འདུན་པ་བཟློག་པའི་འོག་ཏུ་ན་ཞེས་པའི་ ཤུགས་ཀྱིས་གྲུབ་བོ། །གསུམ་པ་སྦྱོར་བའི་ཡན་ལག་ནི་གང་ལ་བསམ་པ་དེ་ཉིད་ལ་གསོད་པའི་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་པ་སྟེ། བསམ་པ་ནི་དེ་ཉིད་དོ་ཞེས་དང་། གང་ཡང་རུང་བའོ་ཞེས་པ་དང་། ལུས་ངག་ཏུ་མ་གྲུབ་ན་ཡིད་ལ་བསྡམ་བྱར་ མའི་རྣམ་འབྱེད་ཀྱི་ཊཱི་ཀ་ལས་སྔར་དྲངས་པ་བཞིན་ནོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི་སྦྱོར་བ་དེའི་རྐྱེན་གྱིས་མི་ཤི་བ་སྟེ། གཞི་དེས་གཞན་གྱི་ཚེ་ཤི་ནའོ་ཞེས་སོ། །གཉིས་པ་ཚིག་དོན་ནི། སྲོག་བཅད་ནའོ་ཞེས་པའི་སྲོག་ནི་སྲོག་གི་དབང་པོ་དང་། སྲོག་གི་ རླུང་གཉིས་སུ་དབྱེ་སྟེ། དང་པོ་སྲོག་གི་དབང་པོ་ཚེ་ཡིན་ཅིང་། དྲོད་དང་རྣམ་ཤེས་རིགས་མཐུན་རྒྱུ་བའི་རྟེན་གང་ཡིན་པ་སྟེ། འཕགས་པ་དབྱིག་གཉེན་གྱིས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་བཤད་དོ། །བྱེ་སྨྲའི་ལུགས་ཀྱིས་ 6-1-306b སྲོག་དབང་ལྡན་མིན་འདུ་བྱེད་ཀྱི་རྫས་སུ་གྲུབ་པར་འདོད་དོ། །མདོ་སྡེ་པའི་ལུགས་ཀྱིས་སྲོག་གི་དབང་པོ་ནི་གསོན་པོར་གནས་པའི་གནས་སྐབས་ལ་བཏགས་ཡོད་དུ་འདོད་ཀྱང་འདིར་བྱེ་སྨྲ་ལྟར་བཟུང་ངོ་། །གཉིས་པ་ནི། མཛོད་འགྲེལ་ལས། སྲོག་ ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། དེ་གཅོད་པར་བྱེད་དོ་ཞེས་ལུས་སེམས་ལ་བརྟེན་ནས་འཇུག་པའི་རླུང་རྒྱུ་བ་ནི་སྲོག་ཡིན་པར་གསུངས་སོ། །སྲོག་ནི་དབུགས་དབྱུང་རྔུབ་འདི་ཁོ་ན་སྲོག་ཡིན་པར་མི་རིགས་ཏེ། ཉན་ཐོས་ཀྱི་ས་ ལས་མེར་མེར་པོ་ལ་དབུགས་དབྱུང་རྔུབ་མེད་པར་བཤད་ཅིང་། མངོན་པ་ལས། བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དང་། གཟུགས་མེད་པའི་ལྷ་ལ་དབུགས་དབྱུང་རྔུབ་མེད་པར་བཤད་པས། དེ་དག་ལ་སྲོག་མེད་པར་ཐལ་བར་འགྱུར་དུ་འོང་བས་ འདིར་ནི་སྲོག་གི་དབང་པོ་བཅད་ནའོ་ཞེས་བརྗོད་ན་ཁྱབ་ཆེ་བ་ཡིན་ནོ། །བཅད་པ་ནི་སྲོག་གི་དབང་པོའི་མ་འོངས་པའི་སྐད་ཅིག་སྐྱེ་བའི་གེགས་བྱས་པ་སྟེ། ཊཱི་ཀ་ལས། སྲོག་དབང་སྐད་ཅིག་མ་མ་འོངས་པ་རྣམས་བཅད་པས་སྐྱེ་བ་བཀག་པའི་བྱ་བ་གསོད་པ་ཞེས་བྱ་བ་དེ་ བྱས་ན་ཕམ་པར་འགྱུར་ཞེས་སོ། །ཀུན་སློང་གི་ཁྱད་པར་ཇི་ལྟ་བུ་ཞེ་ན། མིར་འགྱུར་བ་ཡིན་པ་ལ་དེ་ལྟར་བསམས་པས་བསད་ན་ཕམ་པར་འགྱུར་རོ་ཞེས་དང་། སེམས་མེད་ན་ནི་བྱ་བ་དེའི་རྐྱེན་གྱིས་ཤི་ཡང་གསོད་པའི་ལྟུང་བ་རྣམ་བཞག་ཏུ་མི་འགྱུར་ཏེ། ཆེད་ དུ་མ་བསམས་པར་གྲུབ་པ་ནི་བྱེད་པ་པོ་ཉིད་མ་ཡིན་པའོ་ཞེས་སོ། །མིར་གྱུར་པའིའོ་ཞེས་པ་ལ། མིའམ་མིར་ཆགས་པ་ལ་ཞེས་སོ་སོར་ཐར་པ་ལས་གསུངས་པ་ལྟ་བུས་སོ། །དེ་གཉིས་རྣམ་འབྱེད་ལས། མིར་ཆགས་པ་ཞེས་བྱ་བ་ནི་གང་གིས་མའི་མངལ་དུ་ 6-1-307a ལུས་དང་སྲོག་དང་ཡིད་ཀྱི་དབང་པོ་རྣམས་རྙེད་པའོ། །མི་ཞེས་བྱ་བ་ནི་གང་གིས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་དབང་པོ་རྣམས་ཚང་བར་རྙེད་པའོ་ཞེས་གསུངས་སོ། །དེ་ཡང་མངལ་དུ་ཞག་བདུན་ཕྲག་བཅོ་བརྒྱད་ཡན་ཆད་ མིར་ཆགས་པའོ། །བདུན་ཕྲག་བཅུ་དགུ་ནས་མི་སྟེ། ལུང་ཕྲན་ཚེགས་ལས། ཞག་བདུན་ཕྲག་བཅུ་དགུ་པ་ལ་ནི་མངལ་ན་གནས་པ་དེས་དབང་པོ་བཞི་མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་ཐོབ་པར་འགྱུར་ཞེས་གསུངས་ལ། ལུས་ཀྱི་དབང་པོ་ནི་སྔར་ཐོབ་ཟིན་ པའོ། །མིར་གྱུར་པ་ལ་གནས་སྐབས་བཅུར་དབྱེ་སྟེ། འོད་ལྡན་ལས། མིར་ཆགས་པ་ནི་མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་པོ་དང་། མཁྲང་འགྱུར་བའི་གནས་སྐབས་རྣམས་ཡིན་ནོ། །མི་ནི་རྐང་ལག་འགྱུས་པ་དང་། བྱིས་པ་དང་། གཞོན་ནུ་དང་། དར་ལ་བབ་པ་དང་། བར་མ་དང་། རྒན་པའི་གནས་སྐབས་རྣམས་ཡིན་ནོ། །དེ་རྣམས་ཀྱི་ཁྱད་པར་ནི་ཕ་མའི་མི་གཙང་བ་གཉིས་འཚོགས་ཤིང་། དེར་རྣམ་ཤེས་ཞུགས་ནས་ཞག་བདུན་ཕྲག་དང་པོ་ལ་མེར་མེར་པོ་སྟེ་ཕྱི་སྤྲིས་མ་ལྟ་བུས་གཡོགས་པ་ལ་ནང་བརླན་ཏེ་ མེར་མེར་པོ་འདུག་པའོ། །བདུན་ཕྲག་གཉིས་པ་ལ་ནུར་ནུར་པོ་སྟེ་ཞོ་ལྟ་བུར་འདུག་ལ་ཤར་མ་གྱུར་བའོ། །བདུན་ཕྲག་གསུམ་པ་ལ་ལྟར་ལྟར་པོ་སྟེ་ཤར་ནི་གྱུར་ལ་སླ་བའོ། །བདུན་ཕྲག་བཞི་པ་ནས་ཡན་ལག་གི་མཚན་མ་བྱུང་བའི་སྔ་རོལ་ཡན་ཆད་ནི་མཁྲང་འགྱུར་ཏེ་ བསྐ་བར་གྱུར་ཏེ་མནན་དུ་བཟོད་པའོ། །རྐང་ལག་འགྱུས་པ་ནི་ཤ་ལྷག་ལྟ་བུར་གྱུར་ཏེ་ཡན་ལག་གི་མཚན་མ་བྱུང་བའོ། །བྱིས་པ་ནི་ཕྱིར་སྐྱེས་ནས་འགྲོ་མི་ནུས་པ་ཡན་ཆད་དོ། །གཞོན་ནུ་ནི་འགྲོ་ནུས་ནས་འདོད་པ་སྤྱོད་མི་ནུས་པའོ། །དར་ལ་བབ་པ་ནི་འདོད་པ་སྤྱོད་ནུས་ 6-1-307b པ་ནས་ལོ་སུམ་ཅུ་མན་ཆད་དོ། །བར་མ་ནི་ལོ་སུམ་ཅུ་ཐལ་ནས་ལྔ་བཅུ་མན་ཆད་དོ། །རྒན་པ་ལྔ་བཅུ་ཡན་ཆད་ལོན་པ་སྟེ་དེ་རྣམས་ཕལ་ཆེ་བས་བཅོ་ལྔ་པ་ལས་བཤད་དོ། །དེ་ལྟར་ན་རྐང་ལག་འགྱུས་པའི་གནས་སྐབས་ན་མི་དང་མིར་ཆགས་པ་གཉིས་ཀ་ཡོད་དོ། ། མཛད་འགྲེལ་ལས། མངལ་ན་གནས་པའི་གནས་སྐབས་ལྔ་པོ་རྐང་ལག་འགྱུས་པ་ཡན་ཆད་དག་དང་། ཕྱིར་སྐྱེས་པའི་གནས་སྐབས་ལྔ་པོ་བྱིས་པ་མན་ཆད་དག་སྟེ་དེ་ལྟར་གནས་སྐབས་བཅུའོ་ཞེས་བཤད་དོ། །དགའ་བོ་མངལ་འཇུག་གི་མདོ་དང་། འོད་ལྡན་ལས། མེར་མེར་པོ་དང་ནུར་ནུར་པོ། ཞེས་བཤད་པ་དང་། ལུང་ཕྲན་ཚེགས་དང་། མཛོད་ཊཱིཀ་རྒྱལ་སྲས་མར། ནུར་ནུར་པོ་དང་མེར་མེར་པོ། །ཞེས་འབྱུང་བ་ནི་འགྱུར་ཁྱད་དེ་གོ་རིམ་ལྟར་ན་འགྱུར་སྔ་མ་བཟང་ངོ་། །དེ་ལྟར་སྨོས་པའི་གྲུབ་དོན་བཙུན་པ་ཤཱཀྱ་འོད་ཀྱིས། ཁ་ཅིག་ མེར་མེར་པོ་བསད་པ་ལ་ཉེས་བྱས་སུ་འདོད་པ་ཡོད་པར་བཤད་པ་དེ་ནི་སྡེ་པ་གཞན་གྱི་ལུགས་སོ། །འདིར་ཐམས་ཅད་ཡོད་སྨྲ་ནི་དེ་ལ་ཕམ་པར་འདོད་དེ། སོ་སོར་ཐར་པ་ལས། མིའམ་མིར་ཆགས་པ་བསད་ན་ཕམ་པར་འགྱུར་ཞེས་གསུངས་པ་དང་། གཞན་ཡང་མིར་ ཆགས་པ་དེ་མི་དང་རིགས་མཐུན་དུ་གནས་པ་ཡིན་ཏེ། ལུང་རྣམ་འབྱེད་ལས། མངལ་གྱི་གནས་སྐབས་ཚུན་ཆད་ཀྱིས་ལོ་ཉི་ཤུ་ཁ་བསྐང་བར་གསུངས་པ་དང་། བྱེ་བྲག་བཤད་མཚོ་ལས། མེར་མེར་པོ་བསད་ན་མཐར་འགྱུར་རོ་ཞེས་གསུངས་པས་སོ། །འོ་ན་སེམས་ ཅན་དུ་འདྲ་བ་སྲོག་དང་ཕྲལ་བར་མཚུངས་པ་ལ། ཅིའི་ཕྱིར་ན་མི་གསོད་ན་ཕམ་པ། མི་མ་ཡིན་གསོད་ན་སྦོམ་པོ། དུད་འགྲོ་གསོད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། འོད་ལྡན་ལས། མི་རྣམས་འགྲོ་བའི་གཙོ་བོ་ཡིན་པའི་ཕྱིར་དང་། མི་མ་ཡིན་རྣམས་འགྲོ་བ་འབྲིང་ཡིན་པའི་ 6-1-308a ཕྱིར་དང་། དུད་འགྲོ་རྣམས་ནི་འགྲོ་བ་ཐ་ཆད་པ་ཡིན་པའི་ཕྱིར་ཏེ། དེ་ཡང་མི་རྣམས་ནི་དཀོན་མཆོག་གསུམ་གྱི་རྟེན་ཡིན་ཅིང་སྡོམ་པ་གསུམ་གྱི་རྟེན་ཡིན་པའི་ཕྱིར་དང་། མི་མ་ཡིན་རྣམས་ནི་ལྷ་ལ་དགྲ་བཅོམ་པ་མང་པོ་ཡོད་ཅིང་། དེའི་རྒྱུད་ལ་ཆོས་ མངའ་བས་དཀོན་མཆོག་གཉིས་ཀྱི་རྟེན་ཡིན་ཅིང་། ལྷ་ལ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ཡོད་པས་སྡོམ་པ་གཉིས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །དུད་འགྲོ་ནི་དཀོན་མཆོག་གསུམ་དང་སྡོམ་པ་གསུམ་གང་གི་ཡང་རྟེན་མ་ཡིན་པའི་ཕྱིར་རོ། །འདུ་ཤེས་ཀྱི་ཁྱད་པར་ ཅི་ལྟ་བུ་ཞེ་ན། མིར་གྱུར་པ་ཡིན་པ་དེ་ལྟར་མ་ནོར་བར་འདུ་ཤེས་པས་སོ། །འདིའི་རྣམ་བཅད་ཀྱིས་འགྲོ་བ་གཞན་གྱིར་འདུ་ཤེས་པ་བཅད་དོ། །སྦྱོར་བ་ནི་ཊཱི་ཀར། དུག་དང་མཚོན་དང་གསང་སྔགས་ལ་སོགས་པའི་སྦྱོར་བ་དག་གིས་སྲོག་གཅོད་པ་སྲིད་པ་དེའི་ཕྱིར་བརྗོད་པར་བྱ་ སྟེ། རྣམ་པ་གང་གིས་ཞེ་ན། དེའི་ཕྱིར་ཞེས་མཚམས་སྦྱར་ནས་གང་ཡང་རུང་བས་ཕམ་པ་བསྐྱེད་ནུས་པས་སོ། །གཉིས་པ་ལ། ལྟུང་བའི་ཡན་ལག་བསྟན་པ་དང་། །ཡན་ལག་སེལ་བ་བསྟན་པའོ། །དང་པོ་ལ། སྦྱོར་བའི་ཡན་ལག་བསྟན་པ་དང་། །གཞི་དོན་བྱ་བ་བསྟན་ པ་དང་། མཐར་ཐུག་ཡན་ལག་བསྟན་པའོ། །དང་པོ་ནི། ཕམ་པ་སྐྱེད་ནུས་པར་བྱེད་པའི་བྱེ་བྲག་སྟེ། ཁྱད་པར་མེད་པ་ཞེས་པ་འདི་གཞི་དེས་གཞན་གྱི་ཚེ་ཞེས་པ་ཡན་ཆད་ཀྱི་དབང་དུ་བྱས་པ་ནི་ཁུ་ཚུར་ལ་སོགས་པ་ལུས་ཀྱིས་བརྡེག་པ་དེ་དང་འབྲེལ་བ་རལ་གྲི་ལ་སོགས་ པ་བརྡེག་པ་དང་། འཕངས་པ་དང་ཞེས་པ་འབྱུང་ལ། དེ་ཡང་ལུས་ཀྱིས་འཕངས་པ་ལག་པས་རྡོ་འཕངས་པ་ལྟ་བུ་དང་། ལུས་དང་འབྲེལ་བས་འཕངས་པ་གཞུས་མདའ་འཕངས་པ་ལྟ་བུའོ། །ཁྱོད་ཀྱིས་སོད་ཅིག་ཅེས་པ་ལྟ་བུ་གཞན་ལ་གསོད་དུ་བཅུག་པ་དང་། ཁྱོད་ 6-1-308b ཉིད་དུག་ཟོ་ཞིག་ཅེས་པ་ལྟ་བུ་བསད་བྱ་དེ་ཉིད་ལ་བསྒོ་བ་རྣམས་སོ། །དུག་བཟའ་བཏུང་ལ་བཏབ་སྟེ་ལྟོར་བཏང་བ་དང་ཕྱེ་མ་དང་ཞེས་པ། ལུང་ལས། དུག་གི་ཕྱེ་མ་ལུས་ལ་བསྐུ་མཉེ་དང་དྲིལ་ཕྱིས་བྱ་བ་སྦྱོར་བ་ཞེས་སོ། །ཊཱི་ཀར། དུག་གི་ཕྱེ་མས་བཏབ་པའི་གོས་ལ་སོགས་ པ་བསྐོན་པ་ཞེས་སོ། །བརླུབས་བསྐོ་བ་ལ་སོགས་པ་དོང་དུ་འཇུག་པ་དང་ཤིང་དང་ཞེས་པ། ཊཱི་ཀར། ཤིང་གི་སྦྱོར་བ་ནི་སྡོང་པོ་སྒྱེལ་བ་ལ་སོགས་པའོ་ཞེས་སོ། །རང་བཞིན་ཉམས་པ་གཏོང་བ་དང་ཞེས་པ་ནི། ཊཱི་ཀར། མྱོས་པར་བྱས་སྟེ་དགོན་པར་གཏོང་བ་ལ་སོགས་པའོ། ། ཞེས་སོ། །བྲང་དུ་འདེབས་པ་དང་ཞེས་པ་ནི་ལུང་རྣམ་འབྱེད་དང་། དེའི་འགྲེལ་པ་ལས་ཤིང་ངམ་འཇིམ་པ་ལས་བྱས་པའི་འཁྲུལ་འཁོར་གྱི་མིའི་གཟུགས་ལག་ན་རལ་གྲིའམ་ཆུ་གྲི་ཐོགས་པ་དེས་དགྲ་ལ་སོགས་པ་མི་གཞན་འོང་བར་འགྱུར་བའི་བྲང་དུ་འདེབས་པ་ཡིན་པར་གསུངས་ཏེ་ འདི་ནི་འཁྲུལ་འཁོར་གྱི་བྱེ་བྲག་གོ། པྲ་ཛྙཱ་ཀ་ར་ལས་ཀྱང་འཇིམ་པ་ལ་མིའི་གཟུགས་བྱས་པའི་ལག་ཏུ་མཚོན་བསྐུར་ཏེ་དགྲ་བོའི་བྲང་དུ་འདེབས་པ་ཡིན་པར་བཤད་དོ། །འཁྲུལ་འཁོར་དང་ཞེས་པ་ནི། ཊཱི་ཀར། ས་མདའ་ལ་སོགས་པ་གཟུག་པའོ་ཞེས་སོ། །སྒྱུ་ཐབས་དང་ཞེས་ པ་ཊཱི་ཀར་མིག་བཀབ་སྟེ་གཡང་སར་གཏོང་བ་ལ་སོགས་པའོ། །ཞེས་སོ། །རོ་ལངས་དང་ཞེས་པ་ནི་ལུང་རྣམ་འབྱེད་ལས། ཡར་ངོའི་ཚེས་བཅུ་བཞི་ལ་དུར་ཁྲོད་ནས་རོ་མ་རྨས་པ་བླངས་ཏེ་སྔགས་བཟླས་པས་རོ་ལངས་རྦད་པ་ན་རོ་ལངས་པ་དེས་ཕ་རོལ་པོ་ལ་མཚོན་བསྣུན་ ཅིང་གསོད་པ་ཡིན་པར་གསུངས་སོ། །ཊཱི་ཀ་ལས། རོ་ལངས་ཕྱེད་ཀྱང་དེ་ཉིད་ཀྱིས་བསྡུས་པ་ཉིད་དུ་རིག་པར་བྱ་སྟེ་དེས་ན་ལོགས་ཤིག་ཏུ་མ་བྱས་སོ་ཞེས་སོ། །དེ་གཉིས་ཀྱི་ཁྱད་པར་ནི། རོ་ལངས་ནི་འཁོར་ལོ་གཉིས་ལྡན་གྱི་ཤིང་རྟའི་སྟེང་དུ་འཇོག་ཅིང་མགུལ་དུ་དྲིལ་བུ་ 6-1-309a གཉིས་འདོགས་ཏེ་ལག་ཏུ་རལ་གྲི་སོ་གཉིས་པ་སྦྱིན་པ་ཡིན་ལ། རོ་ལངས་ཕྱེད་ནི་འཁོར་ལོ་གཅིག་པའི་ཤིང་རྟ་དང་དྲིལ་བུ་གཅིག་དང་རལ་གྲི་སོ་གཅིག་པས་ཁྱད་པར་བྱས་སོ་ཞེས་ལུང་རྣམ་འབྱེད་ལས་གསུངས་སོ། །རྗེས་སུ་སྦྱོར་བ་ཞེས་པ་ནི་རྣམ་འབྱེད་ གཉིས་ཀ་ལས། ཡམ་སྲེག་ཤིང་གི་སྦྱོར་བ་དང་། ཏིལ་དང་ཡུངས་ཀར་གྱི་སྦྱོར་བ་དང་། འོ་མ་དང་ཞོའི་སྦྱོར་བ་དང་། སྣམ་སྦྱར་འཚེམ་པའི་སྦྱོར་བ་དང་། རི་མོ་འདྲེན་པའི་སྦྱོར་བ་སྟེ་རྗེས་སུ་སྦྱོར་བ་ལྔ་གསུངས་སོ། །ཊཱི་ཀ་ལས། རྗེས་སུ་སྦྱོར་བ་ནི་འཆོལ་བ་ལ་སོགས་པ་སྟེ་ འཆོལ་བ་ནི་དྲག་པོའི་ཕྲིན་ལས་སོ། །ཞེས་སོ། །རྣམས་སོ་ཞེས་པ་ནི་གང་གིས་བསད་ཀྱང་ཕམ་པ་བསྐྱེད་ནུས་པ་སྟེ། ཊཱི་ཀར། དེ་དག་ཀྱང་འཆི་བ་ལ་བྱེ་བྲག་ནི་གང་ཡང་མེད་དོ་ཞེས་སོ། །བསད་བྱ་གཡང་དུ་གཏོད་པའོ། །མེ་དང་ཆུར་འཇུད་པའོ། །གྲང་བ་དང་ཚ་བར་འདོགས་ པའོ། །ཊཱི་ཀར། ལྷགས་ཁྲོད་དང་ཚ་ཁུངས་སུ་སྲོག་བཅད་པའི་ཕྱིར་འདོགས་པར་བྱེད་པ་ཞེས་སོ། །བསད་པའི་ཕྱིར་གཅན་གཟན་ནམ་དགྲའི་ཁྲོད་ལྟ་བུར་ཕོ་ཉར་གཏོང་བ་ལ་སོགས་པས་བསད་ན་ཕམ་པའོ། །སོགས་པའི་སྒྲས་ནི་དེར་སོང་ན་ནོར་རྙེད་པར་འགྱུར་རོ་ཞེས་སམ་ ཕ་མ་མཐོང་བར་འགྱུར་རོ་ཞེས་འདྲིད་པས་གཏོང་བ་ལ་སོགས་པ་བསྡུས་སོ། །བསད་པ་དེ་བྱ་བ་རྗེས་སུ་སྒྲུབ་པ་ཆུང་ངུ་རྒྱ་ཤུག་གི་ཚིག་གུ་བསྣུན་པའམ། ཁབ་བཙུགས་པའམ། །ཡུངས་འབྲུ་འཕངས་པ་ལྟ་བུ་ཉིད་དེས་ཤི་ན་ཕམ་པ་འབྱུང་བར་ཡང་ངོ་། །གཉིས་པ་ནི། བསད་ པར་བྱ་བ་ནི་མིའི་སྐྱེས་པ་དང་བུད་མེད་མ་ནིང་ཉིད་དོ་སྟེ་གསུམ་པོ་གང་བསད་ཀྱང་ཕམ་མོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི། སྲོག་གཅོད་ཕམ་པའི་ཡན་ལག་གཞན་ཐམས་ཅད་ཚང་བའི་དབང་ 6-1-309b དུ་བྱས་ཏེ། བཅས་ལྡན་དགེ་སློང་གིས་མི་གསོད་པའི་གཞིའམ་སྦྱོར་བ་དེས་དུས་གཞན་གྱི་ཚེ་ཤི་ན་ཆོས་ཅན། སྲོག་བཅད་པའི་ཕམ་པ་འབྱུང་རུང་ཡིན་ཏེ། སྲོག་གཅོད་པའི་ཕམ་པའི་རྒྱུ་ཚོགས་ཚང་བའི་ཕྱིར་རོ། །གཉིས་པ་ལ། ཁྱབ་ཆུང་བར་བརྩད་པའི་སྐྱོན་སྤང་བ་དང་། ཁྱབ་ཆེས་པར་བརྩད་པའི་སྐྱོན་སྤང་བའོ། །དང་པོ་ལ་གཉིས་ཏེ། རྩོད་སྤང་དངོས་དང་། འཕྲོས་པའི་དོན་ནོ། །དང་པོ་ནི། གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་དེ་སྲོག་གཅོད་པའི་མཐར་ཐུག་གི་ཡན་ལག་ཏུ་ཁས་བླངས་པ་ལ། རྩོད་པ་འདི་སྐད་དུ། བྱེ་བྲག་བཤད་མཚོ་ ནས་བཤད་པའི་མི་བཅུས་མི་གཅིག་གསོད་པར་བྱེད་པའི་སྔ་མ་དགུ་ལ་ཆོས་ཅན། སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་ཐལ། སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་མེད་པའི་ཕྱིར། རྟགས་མ་གྲུབ་ན་བྱེ་བྲག་བཤད་མཚོ་དང་འགལ་ཏེ། གཞུང་དེ་ཉིད་ལས། འདི་ལྟར་གཅིག་གིས་ནི་ ཞག་བཅུ་ན་འཆི་བར་འགྱུར་བར་མཚོན་བསྣུན་ལ། གཉིས་པས་ནི་ཞག་དགུ་ན་འཆི་བར་འགྱུར་བར་མཚོན་བསྣུན་པ་ལས། བཅུ་པས་ནི་དེ་ཉིད་ཀྱི་ཉིན་པར་འཆི་བའི་མཚོན་བསྣུན་ན་དེའི་སྔ་མ་དགུ་པོ་རྣམས་ཀྱིས་ནི་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཟུང་བ་ཡིན་ལ། བཅུ་པས་ནི་ཕམ་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཡང་བཟུང་བ་ཡིན་ནོ་ཞེས་བཤད་དོ། །བཅུ་པ་ལ་ཕམ་པའི་སྦྱོར་བའི་རིག་བྱེད་དང་། ཕམ་པའི་རིག་བྱེད་མིན་པ་གཉིས་ཀ་ཡོད་པར་གསུངས་ལ། སྔ་མ་དགུ་ལ་ཕམ་པའི་རྣམ་པར་རིག་བྱེད་ཡོད་པར་ མ་གསུངས་པས། སྔ་མ་དགུ་ལ་སྦྱོར་བ་མེད་པར་གྲུབ་བོ། །དེས་ན་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་མེད་པར་གྲུབ་བོ། །འདོད་ན། བྱེ་བྲག་བཤད་མཚོ་ལས། བཅུ་ཆར་གྱིས་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་བསྡུས་སོ་ཞེས་བཤད་དོ་ཞེ་ན། རྩོད་པ་དེའི་ལན་ནི་སྔ་མ་དགུ་ལ་ 6-1-310a སྦྱོར་བ་མེད་པར་མ་གྲུབ་སྟེ། འོད་ལྡན་ལས། བཅུ་ཆར་གྱི་ཡང་སྦྱོར་བ་མཐུན་པའི་ཕྱིར་དང་། འབྲས་བུ་གཅིག་པའི་ཕྱིར་ཞེས་སོ། །འོ་ན་སྔ་མ་དགུ་ལ་ཕམ་པའི་རྣམ་པར་རིག་བྱེད་ཡོད་པར་མ་གསུངས་ལ། བཅུ་པ་ལ་ཡོད་པར་གསུངས་པ་དང་ འགལ་ཅེ་ན། བྱེ་བྲག་སྨྲ་བའི་གཞུང་ལུགས་ཀྱི་ཕམ་པའི་རྣམ་པར་རིག་བྱེད་ཅེས་པ་དེ་ཕམ་པ་བསྐྱེད་པའི་སྦྱོར་བ་ལ་ཟེར་བ་ཡིན་ཅེས་ཤ་ལུགས་པ་རྣམས་གསུང་ཡང་། དེ་ལྟར་མ་ཡིན་གྱི། ཕམ་པ་དངོས་སུ་སྐྱེད་བཞིན་པ་དང་སྐད་ཅིག་དུས་མཉམ་པའི་མཚོན་བསྣུན་བཞིན་ པ་ལྟ་བུའི་ལུས་ཀྱི་རིག་བྱེད་ལ་ཟེར་བ་ཡིན་ཏེ། མཛོད་འགྲེལ་ལས། བདག་ཉིད་བྱེད་པ་ལ་ནི་དུས་དེའི་ཚེ་ཤི་ན་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་གཉིས་སུ་འགྱུར་རོ། །ཕྱིས་ཤི་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་མིན་ནོ་ཞེས་གསུངས་པ་དང་། མཛོད་ལས། དང་པོའི་རྣམ་རིག་རྣམ་རིག་མིན། །ཅེས་བཤད་པའི་གནད་ཀྱིས་ཤེས་སོ། །དེ་ལྟར་ན་བྱེ་བྲག་བཤད་མཚོ་ལས། བཅུ་པ་ལ་ཕམ་པའི་རྣམ་པར་རིག་བྱེད་ཡོད་པར་གསུངས་པ་དེ་ནི་བཅུ་པས་མཚོན་བསྣུན་པའི་དུས་ཉིད་ན་ཤི་བའི་དབང་དུ་བྱས་པ་སྟེ། བཅུ་པས་ མཚོན་ལན་ཅིག་བསྣུན་པའི་བྱ་བ་གཅིག་ལ་ཡང་དུས་མཐའི་སྐད་ཅིག་མ་བརྒྱ་ཕྲག་དུ་མ་ཡོད་པ་ལས། ཕམ་པ་དངོས་སུ་སྐྱེད་བཞིན་པའི་སྐད་ཅིག་དང་དུས་མཉམ་པའི་མཚོན་བསྣུན་བཞིན་པའི་ལུས་ཀྱི་རིག་བྱེད་དེ་ནི་ཕམ་པའི་རྣམ་པར་རིག་བྱེད་ཡིན་ནོ། །དེའི་སྐད་ཅིག་ སྔ་རོལ་ན་སྦོམ་པོ་དངོས་སུ་སྐྱེད་བཞིན་པའི་སྐད་ཅིག་དང་དུས་མཉམ་པའི་མཚོན་བསྣུན་བཞིན་པའི་ལུས་ཀྱི་རིག་བྱེད་དེ་ནི་སྦོམ་པོའི་རྣམ་པར་རིག་བྱེད་ཡིན་ལ། ཕམ་པ་སྐྱེད་པའི་སྦྱོར་བའི་རིག་བྱེད་ཀྱང་ཡིན་གྱི། ཕམ་པའི་རྣམ་པར་རིག་བྱེད་ནི་མ་ཡིན་ནོ། །འདིར་ 6-1-310b ཕམ་པ་བསྐྱེད་པའི་སྦྱོར་བའི་རིག་བྱེད་དང་། སྦོམ་པོའི་རྣམ་པར་རིག་བྱེད་ནི་ངོ་བོ་གཅིག་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བཅུ་པ་ལ་ནི་ཕམ་པའི་རྣམ་པར་རིག་བྱེད་དང་། ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་ཅིང་། སྔ་མ་དགུ་ལ་ནི་སྦོམ་པོའི་རྣམ་པར་རིག་བྱེད་དང་། ཕམ་པའི་རིག་བྱེད་མ་ཡིན་པ་ཡོད་དོ། །དེ་ལྟར་ན་བཅུ་ཆར་ལ་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་ཅིང་། བཅུ་ཆར་ལ་ཡང་ཕམ་པ་བསྐྱེད་པའི་སྦྱོར་བ་ཡོད་ལ། བཅུ་ཆར་ལ་སྦོམ་པོའི་རྣམ་པར་རིག་བྱེད་ཀྱང་ཡོད་པར་བརྗོད་དོ། །གཉིས་པ་འཕྲོས་པའི་དོན་ནི། འོད་ ལྡན་ལས། བཅུ་ཆར་གྱི་ཡང་སྦྱོར་བ་མཐུན་པའི་ཕྱིར་ཞེས་པ་སྟེ། སྦྱོར་བ་མཐུན་ལུགས་ཅི་ལྟར་ཞེ་ན། འདི་གཏན་ལ་དབབ་པ་ལ། དང་པོ་གཞན་ལུགས་དགག་པ་ནི། རྨ་ཚོ་ན་རེ། སྦྱོར་བ་གྲོས་བྱས་སུ་མཐུན་པ་ཡིན་ཅེས་ཟེར་རོ། །དེ་ནི་མི་འཐད་དེ་རྫོགས་ལྡན་གྱི་ སློབ་དཔོན་དབྱིག་གི་རྩ་ལག་གིས། དམག་ལ་སོགས་པར་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་བཤད་པ་ལྟར་གྲོས་བྱས་གཅིག་གིས་མཚོན་བསྣུན་ཏེ་ཤི་ན་བཅུ་ཆར་ལ་ཕམ་པ་བསྐྱེད་དེ། བཅུ་ཆར་གྱིས་མཚོན་བསྣུན་པ་ལ་བལྟོས་མི་དགོས་པས། བྱེ་བྲག་བཤད་མཚོ་ལས། བཅུ་ཆར་གྱིས་མཚོན་བསྣུན་པའི་གཞུང་གི་དོན་མ་ཡིན་ནོ། །ཞེས་བྱའོ། །གྲོས་མ་བྱས་ཤིང་གཅིག་གིས་གཅིག་ལ་མ་བསྒོ་བར་དགེ་སློང་བཅུས་མི་གཅིག་ལ་འཆི་བར་མི་ནུས་པ་རེ་རེ་བརྡེགས་ཏེ། བཅུ་པོ་ཐམས་ཅད་ཀྱི་ནུས་པ་མཐུ་བསྡོམས་པའི་ སྟོབས་ཀྱིས་ཤི་ན་དེ་དག་ལ་ཕམ་པ་བསྐྱེད་དམ་མི་བསྐྱེད་ཅེ་ན། ཤ་ལུགས་པ་ན་རེ། སྦྱོར་བ་ནུས་པ་མཐུ་སྡོམ་དུ་མཐུན་པ་ཡིན་ཅེས་ཟེར་རོ། །དེ་ལ་རྨ་ཚོ་རྗེས་འབྲངས་དང་བཅས་པ་དག་གིས་དགག་པ་བཞི་སྟེ། སྔ་མ་དགུ་ལ་ཕམ་པ་མི་བསྐྱེད་པར་ཐལ། སྦོམ་པོའི་རྒྱུ་ལས་ 6-1-311a ཕམ་པ་བསྐྱེད་པར་ཐལ། གཞན་གྱི་ཉེས་པ་གཞན་ལ་གོས་པར་ཐལ། བྱ་བ་དུ་མའི་འབྲས་བུས་ལྟུང་བ་གཅིག་ཏུ་བཞག་པར་ཐལ་བ་ལས། དགག་པ་དང་པོ་ནི། སྔ་མ་དགུས་བརྡེགས་ནས་བཅུ་པའི་སྦྱོར་བ་མེད་ན་འཆིའམ་མི་འཆི། དང་པོ་ལྟར་ ན་བཅུ་ཆར་གྱི་ནུས་མཐུ་བསྡོམས་པའི་སྟོབས་ཡིན་པ་ཉམས་སོ། །གཉིས་པ་ལྟར་ན་སྔ་མ་དགུས་བརྡེགས་ཀྱང་བཅུ་པའི་སྦྱོར་བ་ཡོད་པས་འཆི་ན། སྲོག་གཅོད་ཕམ་པའི་བཅས་ལྡན་མི་བཅུས་སྔ་ཕྱིར་རིམ་གྱིས་མཚོན་བསྣུན་ཏེ་མི་གཅིག་གསོད་པར་བྱེད་པ་ཆོས་ཅན། སྔ་མ་ དགུ་ལ་སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་ཐལ། སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་བཅུ་པ་ཁོ་ན་ལ་ཡོད་པའི་ཕྱིར། འདོད་ན་བྱེ་བྲག་བཤད་མཚོ་ལས། བཅུ་ཆར་གྱི་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་བསྡུས་སོ་ཞེས་གསུངས་པ་དང་འགལ་ལོ། །དགག་པ་གཉིས་པ་ནི། ཕྱི་ མ་དགུའི་སྦྱོར་བ་མེད་ན་དང་པོའི་སྦྱོར་བ་དེའི་རྐྱེན་གྱིས་འཆིའམ་མི་འཆི། དང་པོ་ལྟར་ན་བཅུ་ཆར་གྱི་ནུས་མཐུ་བསྡོམས་པ་ཡིན་པ་ཉམས་སོ། །གཉིས་པ་ལྟར་ན་སྲོག་གཅོད་ཕམ་པའི་བཅས་ལྡན་མི་བཅུས་མི་གཅིག་གསོད་པར་བྱེད་པ་ན་དང་པོ་དེ་ལ་ཆོས་ཅན། སྦོམ་པོའི་རྒྱུ་ ལས་ཕམ་པ་བསྐྱེད་པར་ཐལ། དང་པོ་པ་དེས་འཆི་མི་ནུས་སུ་མཚོན་བསྣུན་ཏེ། སྦྱོར་སྦོམ་གྱིས་རྒྱུ་བྱས་པ་ལས་འབྲས་བུ་ཕམ་པ་བསྐྱེད་པའི་ཕྱིར། རྟགས་ཁས་བླངས། འདོད་ན་རྒྱུ་འབྲས་འཆོལ་བར་འགྱུར་རོ། །དགག་པ་གསུམ་པ་ནི། དང་པོ་པའི་སྦྱོར་བས་རང་སྟོབས་ ཀྱིས་འཆི་བར་མི་ནུས་ཀྱང་། གཞན་དགུས་བརྡེགས་པ་ལ་བརྟེན་ནས་དང་པོ་པ་ལ་ཕམ་པ་བསྐྱེད་ན་ནི། གྲོས་མ་བྱས་ཤིང་མ་བསྒོ་བར་སྲོག་གཅོད་ཕམ་པའི་བཅས་ལྡན་མི་བཅུས་མི་གཅིག་གསོད་པར་བྱེད་པ་ན་ཆོས་ཅན། གཞན་གྱི་ཉེས་པ་གཞན་ལ་གོས་པར་ཐལ། གྲོས་ 6-1-311b མ་བྱས་ཤིང་གཞན་ལ་མ་བསྒོ་བར་གང་ཟག་གཞན་གྱིས་བརྡེགས་སྟོབས་ཀྱིས་ཤི་བ་ལས་གང་ཟག་གཞན་ལ་ཕམ་པ་བསྐྱེད་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ཊཱི་ཀ་ལས། གཞན་གྱི་ཉེས་པ་གཞན་ལ་མི་གོས་པའི་ཕྱིར་ཞེས་སོ། །དགག་པ་བཞི་པ་ནི་སྲོག་གཅོད་ ཕམ་པའི་བཅས་ལྡན་མི་བཅུས་མི་གཅིག་གསོད་པར་བྱེད་པ་ན་མཚོན་སྣུན་བྱེད་དང་པོ་པ་དེའི་རྒྱུད་ལ་ཕམ་པ་གཅིག་བསྐྱེད་པ་དེ་ཆོས་ཅན། བྱ་བ་དུ་མའི་འབྲས་བུས་དངོས་གཞིའི་ལྟུང་བ་གཅིག་ཏུ་བཞག་པར་ཐལ། མི་བཅུས་སྦྱོར་བ་ཐ་དད་བཅུའི་ནུས་པ་མཐུ་སྡོམ་ལ་བརྟེན་ནས་དང་ པོ་པ་དེའི་རྒྱུད་ལ་ཕམ་པ་གཅིག་བསྐྱེད་པའི་ཕྱིར། རྟགས་ཁས་བླངས། འདོད་ན། བྱ་བ་དུ་མའི་འབྲས་བུས་ལྟུང་བ་རྣམ་པར་མི་བཞག་གོ་ཞེས་སོ། །མང་ར་བ་ན་རེ། གཞན་ལ་མ་བལྟོས་པའི་སྦྱོར་བ་འདིས་འཆི་བ་ཡིན་ཅེས་སོ། །དེ་ལ་ཤ་ལུགས་པ་དག་དགག་པ་འདི་ལྟར་ མཛད་དེ། འོ་ན་བྱེ་བྲག་བཤད་མཚོ་ནས་བཤད་པ་དེ་གང་མི་བཅུ་པོ་དེས་ཉི་མ་གཅིག་ལ་རིམ་གྱིས་བརྡེགས་ཏེ། ཚེ་ཚུར་བསྟུང་བ་ཡིན་ནམ། མི་བཅུ་པོ་དེས་ཉི་མ་བཅུ་ལ་རིམ་གྱིས་བརྡེགས་པའི་སྦྱོར་བའི་ཉག་གྲངས་ཡིན། དང་པོ་ལྟར་ན་སྲོག་གཅོད་ཕམ་པའི་བཅས་ལྡན་ མི་བཅུས་སྔ་ཕྱིར་རིམ་གྱིས་མཚོན་བསྣུན་ཏེ། མི་གཅིག་གསོད་པར་བྱེད་པ་ཆོས་ཅན། སྔ་མ་དགུ་ལ་སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་ཐལ། སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་དེ་བཅུ་པ་ཁོ་ན་ལ་ཡོད་པའི་ཕྱིར། འདོད་ན་བཅུ་ཆར་གྱིས་ཕམ་པ་རིག་བྱེད་མ་ཡིན་པ་བསྡུས་སོ། ། ཞེས་སོ། །ཕྱི་མ་ལྟར་ན། སྔ་མ་དགུས་བརྡེགས་པའི་སྟེང་དུ་བཅུས་བརྡེགས་པ་དེས་ཚེ་སྐད་ཅིག་གིས་ཐུང་དུ་བཏང་ངམ་མ་བཏང་། དང་པོ་ལྟར་ན་ཐལ་འགྱུར་བརྗོད་མ་ཐག་པ་བཞིན་འཇུག་གོ། གཉིས་པ་ལྟར་ན་སྲོག་གཅོད་ཕམ་པའི་བཅས་ལྡན་མི་བཅུས་མི་གཅིག་གསོད་ 6-1-312a པར་བྱེད་པ་ཆོས་ཅན། བཅུ་པ་དེས་སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་ཐལ། བཅུ་པ་དེས་ཚེ་ཐུང་དུ་བཏང་བ་མེད་པའི་ཕྱིར་ཞེས་སོ། །རྩོད་པ་དེ་དག་གི་སྐྱོན་སྤོང་བར་བྱེད་པ་ཀ་བ་ན་རེ། བཅུ་པས་བརྡེགས་པ་དེས་ཚེ་སྐད་ཅིག་གིས་ཐུང་དུ་བཏང་ བ་མེད་ཅིང་དུས་མཚུངས་སུ་ཐུང་དུ་བཏང་བ་ཡོད་པས་སྐྱོན་དེ་དག་མེད་དོ། །ཞེས་སྨྲས་ཏེ། ཚེ་སྐད་ཅིག་གིས་ཀྱང་ཐུང་དུ་མ་བཏང་ན་ཚེ་ཐུང་དུ་བཏང་བ་འགལ་ལོ། །གཉིས་པ་རང་ལུགས་བཞག་པ་ནི། གྲོས་མ་བྱས་ཤིང་མ་བསྒོས་ཀྱང་བཅུ་ཆར་ལ་ཕམ་པ་བསྐྱེད་པ་འདི་ནི་ སྦྱོར་བ་དེའི་རྐྱེན་གྱིས་ངེས་པར་འཆི་ནུས་ཀྱི་ཆ་ནས་གཞན་ལ་མ་བལྟོས་པའི་སྦྱོར་བ་འདིས་འཆི་བ་ཡིན་ལ། འཆི་དུས་སྐད་ཅིག་དེ་ཉིད་ལ་འཆི་བའི་ཆ་ནས་སྦྱོར་བ་ནུས་པ་མཐུ་སྡོམ་ཡིན་ཏེ། དཔེར་ན་རྐྱལ་པ་ཤིན་ཏུ་ཆེན་པོ་དབུགས་ཀྱིས་བཀང་བ་ལ་མི་བཅུས་རིམ་གྱིས་མདའ་ བཅུ་ཐལ་མར་འབྱིན་པ་བཞིན་ནོ། །དེ་ཡང་སྦྱོར་བ་དེའི་རྐྱེན་གྱིས་དེས་ཕར་གཞོམ་ནུས་ཀྱི་ཆ་ནས་གཞན་ལ་མ་བལྟོས་པའི་སྦྱོར་བ་འདིས་གཞོམ་པ་ཡིན་ལ། གཞོམ་དུས་སྐད་ཅིག་དེ་ཉིད་དུ་གཞོམ་པའི་ཆ་ནས་སྦྱོར་བ་ནུས་པ་མཐུ་སྡོམ་ཡིན་ནོ། །གསུམ་པ་ཞར་ལས་བྱུང་བ་ནི། གསོད་བྱེད་སྔ་མས་རྒྱུ་མ་ལ་བུ་ག་གཅིག་གཏོད་པའི་སྟེང་དུ་གསོད་བྱེད་ཕྱི་མས་དེ་ལ་བུ་ག་གཉིས་པ་གཏོད་པ་ལྟ་བུ་ཕྱི་མས་ངེས་པར་འཆི་ནུས་སུ་བརྡེགས་ཀྱང་། ཕྱི་མས་བརྡེགས་པས་ཟུག་གཟེར་ཆེར་སྐྱེས་སྟོབས་ཀྱིས་ཚེ་སྐད་ཅིག་དུ་མས་རིང་དུ་སོང་ན་ཕྱི་མ་ལ་ཕམ་པར་ འགྱུར་རམ་མི་འགྱུར། དང་པོ་ལྟར་ན། ཚེ་རིང་དུ་བཏང་བས་སྲོག་གཅོད་པའི་ཕམ་པ་བསྐྱེད་པ་འགལ། གཉིས་པ་ལྟར་ན། བཅས་ལྡན་དགེ་སློང་གིས་མི་གཞན་ལ་གསོད་སེམས་ཀྱིས་གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་འཆི་ངེས་སུ་བརྡེགས་ཏེ་ཤི་བ་ལ་ཕམ་པ་མི་བསྐྱེད་པ་ 6-1-312b འགལ་ལོ་ཞེ་ན། ཤིན་ཏུ་དཔྱད་དཀའ་སྟེ། འོན་ཀྱང་ཕྱི་མ་དེ་ལ་ཆོས་ཅན། སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་རིགས་ཏེ། སྦྱོར་བ་དེའི་རྐྱེན་གྱིས་སྐད་ཅིག་གིས་ཀྱང་ཚེ་ཐུང་དུ་བཏང་བ་མེད་པའི་ཕྱིར་ཞེས་སམ། ཡང་ན་བཅས་ལྡན་དགེ་སློང་གིས་མི་གཞན་གསོད་སེམས་ཀྱིས་ གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་འཆི་ངེས་སུ་བརྡེགས་ཏེ་ཤི་བ་ཡིན་པས་ཕམ་པ་བསྐྱེད་པར་རིགས་སོ་ཡང་སྙམ་པས། མདོར་ན་འདི་ལས་ཕམ་པ་བསྐྱེད་དང་མི་བསྐྱེད་པ་དང་ཡང་ཁ་ཚོན་ཆོད་དཀའ་བར་སྣང་ངོ་། །གཉིས་པ་ཁྱབ་ཆེས་པར་བརྩད་པའི་སྐྱོན་སྤང་བ་ལ་གཉིས། རྩོད་སྤང་ དངོས་དང་། འཕྲོས་པའི་དོན་ནོ། །དང་པོ་ནི། མི་མ་ཡིན་དང་དུད་འགྲོ་གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་མི་མིན་དང་། དུད་འགྲོ་ཤི་བ་དང་། གསད་བྱ་གསོད་བྱེད་དུས་མཉམ་དུ་ཤི་བ་དང་། གསོད་པའི་སྦྱོར་བ་བྱས་ནས་འགྱོད་པ་སྐྱེས་པའི་འོག་ཏུ་ཤི་བ་དེ་རྣམས་རེ་རེ་ནས་ཆོས་ཅན་དུ་ བཀོད་ནས། སྲོག་གཅོད་པའི་ཕམ་པའི་མཐར་ཐུག་ཡིན་པར་ཐལ། གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་ཡིན་པའི་ཕྱིར་རོ། །འདོད་ན་མི་མ་ཡིན་གསོད་པའི་སྦོམ་པོའི་མཐར་ཐུག་དང་། དུད་འགྲོ་གསོད་པའི་ལྟུང་བྱེད་ཀྱི་མཐར་ཐུག་ཡིན་པ་འགལ་ལ། ཀུན་མཁྱེན་གཉིས་པ་ དབྱིག་གཉེན་གྱིས། སྔར་རམ་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་གསུངས་པ་དང་། འདི་ཉིད་ལས། འདུན་པ་བཟློག་པའི་འོག་ཏུ་ན་རྒྱུ་ཉིད་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ཅེ་ན། ཁྱབ་པ་མེད་དེ། གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་ ནི་སྲོག་གཅོད་པ་ཙམ་གྱི་མཐར་ཐུག་གི་ཡན་ལག་ཡིན་ལ། བྱེ་བྲག་སྲོག་གཅོད་ཕམ་པའི་མཐར་ཐུག་གི་ཡན་ལག་ནི། སྲོག་གཅོད་ཕམ་པའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ་མི་གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་མི་ཤི་བའོ། །གཉིས་པ་ནི། རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་ 6-1-313a པ་ཆོས་ཅན། ཕ་བསད་པའི་མཚམས་མེད་མ་བྱུང་བར་ཐལ། ཕ་ཤི་བའི་སྔ་རོལ་དུ་འདུན་པ་ལོག་པའི་ཕྱིར། རྟགས་ལུང་གི་གླེང་གཞི་དང་འོད་ལྡན་གྱིས་གྲུབ་ཅིང་། ཁྱབ་པ་ནི་འདུན་པ་ལོག་ན་ཉེས་པ་ཆུང་བར་ཁས་བླངས་པ་ཡིན་ནོ། །འདོད་ན། ལུང་ལས། མ་སྐྱེས་དགྲ་ལ་མཚམས་མེད་བྱུང་ངོ་གསུངས་སོ་ཞེ་ན། ཕ་བསད་པའི་མཚམས་མེད་རྫོགས་པར་མ་བྱུང་ཡང་མཚམས་མེད་ཆུང་ངུ་བྱུང་བ་ལ་དགོངས་ནས། ལུང་ལས་མཚམས་མེད་བྱུང་ཞེས་གསུངས་པ་སྟེ། འོད་ལྡན་ལས། མ་སྐྱེས་དགྲ་ལ་མཚམས་མེད་པ་ཆུང་བ་ཉིད་བྱུང་བའི་ཕྱིར་ འགལ་བ་མེད་དོ། །དཔེར་ན་ཉེས་བྱས་ཆུང་ངུ་ལ་ཉེས་བྱས་ཞེས་བྱ་བ་དེ་བཞིན་མཚམས་མེད་ཆུང་ངུ་ལ་མཚམས་མེད་པ་ཉིད་ཅེས་བྱའོ། །ཞེས་བཤད་དོ། །གཉིས་པ་ནི། མི་གསོད་པའི་གཞིའམ་སྦྱོར་བ་དེས་སྦྱོར་བ་བྱས་མ་ཐག་དེའི་ཚེའམ་ཕྱི་དུས་གཞན་གྱི་ཚེ་ཤི་ན་མཐར་ཐུག་པའོ། ། གཉིས་པ་ལ། ཀུན་སློང་རྒྱུ་ཡི་སེལ་བ་བསྟན། །བྱ་བ་གཞི་ཡི་སེལ་བ་བསྟན། །དང་པོ་ལ། ཀུན་སློང་རྒྱུན་གྱི་སེལ་བ་དང་། །ཀུན་སློང་ངོ་བོའི་སེལ་བའོ། །དང་པོ་ལ། དགེ་སློང་གིས་ནད་པ་ལ་ནད་པ་ཁྱོད་བདག་ཉིད་འཆི་བར་བྱོས་ཤིག་ཅེས་གྲོས་བཏབ་པས་ནད་པས་དུག་ཟ་བ་ སྟེ། འཆི་བར་འདུན་པ་ན་དགེ་སློང་འགྱོད་ནས་དགེ་སློང་དེས་ནད་པ་བདག་ཉིད་འཆི་བར་འདུན་པ་དེ་བཟློག་ཀྱང་། མ་བཟློག་པར་ནད་པས་དུག་ཟོས་ཏེ་ཤི་ན་དགེ་སློང་ལ་ཉེས་པ་ཅིར་འགྱུར་ཞེ་ན། དགེ་སློང་གིས་ནད་པ་ཁྱོད་བདག་ཉིད་འཆི་བར་གྱིས་ཤིག་ཅེས་གྲོས་བཏབ་པས་ནད་པ་ རང་ཉིད་འཆི་བར་འདུན་པ་དེ་ཕྱིས་དགེ་སློང་གིས་བཟློག་པའི་འོག་ཏུ་ཤི་ན་མི་དེ་དགེ་སློང་གི་གྲོས་སྔ་མ་བཟུང་སྟེ་ཤི་ཡང་སྦྱོར་བ་སྔ་མ་དེ་ཕམ་པ་བསྐྱེད་པའི་རྒྱུ་ཉིད་མ་ཡིན་ནོ། །དེ་ཡང་ནད་པ་ལ་དགེ་སློང་གིས་གྲོས་སྔ་མ་དེ་བཏབ་པ་ན་སྦོམ་པོ་འབྱུང་བར་ཟད་ཀྱི། ཕྱི་ཤི་བ་ལས་ནི་ 6-1-313b དགེ་སློང་ལ་ལྟུང་བ་མི་འབྱུང་ངོ་། །ལུང་ལས་ནད་པ་དང་། ཚུལ་ལྡན་དང་། ཚུལ་འཆལ་དང་གསུམ་ལ་མཚོན་ཏེ་བསྟན་ཏོ། །གཉིས་པ་ནི། དཀུ་ནི་གསུས་པ་སྟེ་སྦྲུམ་མའི་ལྟོ་བ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་བུད་མེད་གསོད་སྙམ་སྟེ། ལྟོ་བ་མཉེས་ པས་མངལ་གྱི་བུ་ཤི་བ་ལྟ་བུ་སྟེ། གསོད་པར་བསམ་པའི་ཤོས་མ་ཤི་བར་གང་གསོད་པར་མ་བསམ་པའི་ཤོས་དེ་ཤི་ན་སྦོམ་པོའོ། །ཊཱི་ཀ་ལས། གནོད་པར་བྱ་བའི་ངེས་པ་ཡོད་པའི་ཕྱིར་རོ་ཞེས་སོ། །གང་ཤི་བ་དེའི་ཆ་ནས་སྲོག་གཅོད་པའི་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་ དེ། གང་ཤི་བ་དེའི་གཞི་ལ་གསོད་སེམས་མེད་པའི་ཕྱིར་རོ། །འདིར་ལུང་ལས་ནི། སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་སོ། །རྣམ་འབྱེད་ལས་ཀྱང་གསུངས་ཏེ། གང་བསད་པར་བསམ་པ་ཤོས་ཀྱི་ཆ་ནས་སྦྱོར་བའི་གནས་སྐབས་ཀྱི་སྦོམ་པོ་མཚན་ ཉིད་པ་དེ་སྦྱོར་བའི་རྣམ་པའི་སྦོམ་པོའོ། །བསམ་པ་ཤོས་མ་ཤི་ན་ཡང་སྦྱོར་བའི་སྦོམ་པོའོ། །ཞེས་སོ། །ཊཱི་ཀ་ལས། བསམ་པ་ཤོས་ཤི་ན་ཕམ་པར་འགྱུར་རོ། །ཞེས་སོ། །དེས་ན་མ་བསམ་པ་བསད་པའི་ཆ་ནས་སྦོམ་པོར་འཇོག་པ་མིན་ནོ། །གཞི་དེ་ལས་ཞེས་པ་ ལ་འོད་ལྡན་ལས་དང་དུ་ལེན་པ་ལ་གཉིས་ཏེ། རང་ཉིད་བྱེད་པར་སྨྲ་བ་དང་དུ་ལེན་པ་དང་། གནང་བ་གསོལ་བ་དང་དུ་ལེན་པའོ། །དང་དུ་བླང་བ་དེ་གཉིས་ཀྱི་ཁྱད་པར་ནི། ཁྱིམ་པ་རྣམས་ཀྱིས་དགྲ་བོ་གསོད་དུ་འགྲོ་བ་ན་དེ་ལ་ཆས་ཀ་ཅི་ཡང་མེད་པའི་དགེ་སློང་བསོད་ སྙོམས་པ་འཁྱམ་པོ་ལྟ་བུ་ལ་ངེད་ཅག་ནི་དགྲ་བོ་གསོད་དུ་འགྲོ་ཞེས་རང་ཉིད་བྱེད་པར་སྨྲ་བ་ན་ཁྱེད་རྣམས་ཤེས་སོ་ཞེས་དགེ་སློང་གིས་དང་དུ་ལེན་པ་དང་། དབང་ཆེ་བའི་དགེ་སློང་ལ་གནང་བ་མ་ཞུས་པར་གསོད་མི་ནུས་ཏེ། གསོད་པའི་གནང་བ་གསོལ་བ་ན་ཁྱོད་ཉིད་ཀྱིས་ 6-1-314a ཤེས་སོ་ཞེས་དགེ་སློང་གིས་དང་དུ་ལེན་པ་སྟེ་གོ་རིམ་བཞིན་ནོ། །དང་པོ་ནི། གཞུང་འདིས་བསྟན་ཏེ། དང་དུ་ལེན་པའི་གཞི་དེ་ལས་མི་གསོད་པ་ལ་འཇུག་པ་རང་ཉིད་བྱེད་པར་སྨྲ་བ་དེ་ལུས་སམ་ངག་གིས་དང་དུ་ལེན་ན་སྲོག་གཅོད་པའི་ཕམ་ པ་མི་བསྐྱེད་དེ། སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་མེད་པའི་ཕྱིར་སྦོམ་པོའོ། །འདི་ནི་སྦོམ་པོ་བཏགས་པ་བ་ཡིན་པར་འོད་ལྡན་ལས་བཤད་དོ། །འདི་ལ་སྲོག་གཅོད་པའི་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་དེ། གསོད་སེམས་མེད་པའི་ཕྱིར་རོ། །གཉིས་པ་གནང་ བ་གསོལ་བ་དང་དུ་ལེན་ན་ནི་ལུས་ངག་གིས་དང་དུ་ལེན་ན་ནི་ཕམ་པར་འགྱུར་རོ། །དང་དུ་ལེན་པ་གཉིས་ཀའི་སྐབས་སུ་ཡིད་ཁོ་ནས་དང་དུ་ལེན་ན་ནི་བསྡམ་བྱར་འགྱུར་རོ། །དགེ་སློང་ངམ་དགེ་སློང་མ་ཁྱོད་ཀྱི་མིང་གིས་བསད་པར་བྱ་བའི་མི་ལ་འཆི་བའི་ཡོ་བྱད་ དུག་སྦྱར་མ་སྦྱིན་ནོ་ཞེས་ཟེར་བ་ཡང་དང་དུ་བླངས་ན་སྦོམ་པོའོ། །གཞུང་སྔ་ཕྱི་འདི་གཉིས་དོན་འདྲ་ཡང་གླེང་གཞི་ཐ་དད་པ་སྟེ། སྔ་མ་ཉེ་སྡེའི་བྱུང་བ་དང་། ཊཱི་ཀ་ལས། དེ་ནི་དགེ་སློང་མའི་བྱུང་བ་ལས་སོ། །ཞེས་སོ། །གཉིས་པ་ནི། མི་ལས་གཞན་ དུད་འགྲོ་མ་ཡིན་པ་དང་སྟེ། མི་མ་ཡིན་ལྷ་དང་། ལྷ་མ་ཡིན་དང་། དམྱལ་བ་དང་། ཡི་དྭགས་བསད་ན་ནི་སྦོམ་པོའོ། །འདི་ནི་ལུང་རྣམ་འབྱེད་ལས། མི་མ་ཡིན་ཤིན་ཏུ་ཆེན་པོ་བསད་ཀྱང་སྦོམ་པོར་ཟད་དོ། །ཞེས་སོ། །མི་ཉིད་གཟུགས་གཞན་དུ་ སྤྲུལ་པ་བསད་ན་མཐར་ཐུག་ལ་ཕམ་པ་འབྱུང་ཡང་། སྦྱོར་བ་ལ་སྦོམ་པོ་དང་། མི་མ་ཡིན་གཟུགས་གཞན་དུ་སྤྲུལ་པ་བསད་ན་མཐར་ཐུག་ལ་སྦོམ་པོ་འབྱུང་སྟེ། ཊཱི་ཀ་ལས། འདིར་ནི་སྤྲུལ་པ་ཞེས་སྨོས་པ་དུད་འགྲོ་མ་གཏོགས་པ་ཐམས་ཅད་ཡིན་པར་རིག་པར་བྱའོ་ཞེས་ 6-1-314b སོ། །དུད་འགྲོ་གཟུགས་གཞན་དུ་སྤྲུལ་པ་ལ་དུད་འགྲོ་ཡིན་པར་འདུ་ཤེས་ཏེ་བསད་ན་ནི་ལྟུང་བྱེད་དུ་འགྱུར་རོ། ། གཞན་ཡང་ཊཱི་ཀ་ལས། སྤྲུལ་པ་ལ་རྣམ་པ་གཉིས་སུ་བཞེད་དེ། སྲོག་ཆགས་སུ་གྱུར་པ་དང་སྲོག་ཆགས་མ་ཡིན་པའོ། །འདིར་ནི་སྲོག་ཆགས་སུ་གྱུར་པའི་སྤྲུལ་ པ་བཟུང་གི། སྲོག་ཆགས་མ་ཡིན་པ་ནི་མི་བཟུང་སྟེ། དེ་ལ་སྲོག་བཅད་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །དེས་ན་སྤྲུལ་པ་བསད་པ་ཡང་ངོ་ཞེས་པའི་གཞུང་འདིས་ནི་སྲོག་ཆགས་སུ་གྱུར་པའི་སྤྲུལ་པ་བསད་ན་སྦོམ་པོའོ་ཞེས་བསྟན་ཏོ། །འོན་ཀྱང་སྲོག་ཆགས་སུ་གྱུར་པ་མ་ ཡིན་པའི་སྤྲུལ་པ་ལ་མིར་འདུ་ཤེས་ཏེ་གསོད་པའི་ཆེད་དུ་ཞུགས་ན་ནི་འདུ་ཤེས་ཀྱི་དབང་གིས་སྦོམ་པོར་འགྱུར་ཏེ། གཏམ་གྱི་གཞི་ལས། འགྲོ་བ་ཐམས་ཅད་དུ་མ་གཏོགས་པ་གང་ཡིན་པའི་སྤྲུལ་པ་བསད་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་སེམས་ཅན་ དུ་བགྲང་བ་མ་ཡིན་པའི་སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦྱོར་བ་སྦོམ་པོ་སྟེ། མིར་འདུ་ཤེས་པས་ཞུགས་པའི་ཕྱིར་ཞེས་བཤད་དོ། །འདུ་ཤེས་ཀྱི་དབང་གིས་སྦོམ་པོར་གསུངས་པ་གཞན་ཡང་ཡོད་དེ། ཊཱི་ཀ་ལས། དུད་འགྲོའི་འགྲོ་བ་པའི་སྤྲུལ་པ་ལ་མི་ རུ་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦྱོར་བ་སྦོམ་པོ་སྟེ། མིར་འདུ་ཤེས་པས་ཞུགས་པའི་ཕྱིར་རོ་ཞེས་སོགས་དང་། ལྷའི་འགྲོ་བ་པའི་སྤྲུལ་པ་ལ་མིར་འདུ་ཤེས་པ་ལ་ཡང་དེ་བཞིན་ནོ་ཞེས་སོ། །མི་ལས་གཞན་ཉིད་ཡིན་པ་ལ་མི་ཡིན་པར་འདུ་ཤེས་འཁྲུལ་ཏེ་གསོད་ པ་ལ་སྦོམ་པོར་བཤད་པ་ཐམས་ཅད་སྦོམ་པོ་བཏགས་པ་བར་བཞེད་དེ་རྒྱས་པར་སྤྱིར་བསྟན་དུ་འཆད་དོ། །སྤྲུལ་པ་དེའང་མི་དང་མི་མིན་དང་དུད་འགྲོ་གསུམ་པོ་གང་ཡིན་བྱེ་བྲག་མ་ཕྱེད་པ་ནི་གཞི་ལ་རྣམ་པར་བཞག་གོ། གལ་ཏེ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་སྤྲུལ་པ་སྒྱུ་མའི་ 6-1-315a སྐྱེས་བུ་ལ་སྒྱུ་མར་འདུ་ཤེས་སྐྱེས་པ་གསོད་ན་ཅིར་འགྱུར་ཞེ་ན། སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ནི་ཉེས་བྱས་བྱེད་པ་ཉིད་དོ་ཞེས་སོ། །དོགས་གཅོད་གཞན་ཡང་འདི་ལྟར་འབྱུང་སྟེ། སེམས་ཅན་དུའམ་སྲོག་ཆགས་སུ་མ་གཏོགས་ པའི་སྤྲུལ་པའི་དབང་དུ་མཛད་དེ་ཊཱི་ཀར་གཏམ་གྱི་གཞི་ཁུངས་སུ་དྲངས་ནས། འགྲོ་བ་ཐམས་ཅད་དུ་མ་གཏོགས་པ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །འོ་ན་འགྲོ་བར་མ་གཏོགས་པ་ནི་དགྲ་བཅོམ་པ་ཡིན་ལ། དགྲ་བཅོམ་པའི་དབང་དུ་བྱས་སོ་སྙམ་ན་མ་ཡིན་ལ། ཊཱི་ཀར། དགྲ་བཅོམ་པ་ཡིན་པར་འགྱུར་རོ་ཞེ་ནའང་མ་ཡིན་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཡང་མ་ཡིན་ཅེས་གསུངས་སོ་ཞེས་སོ། །མྱ་ངན་ལས་འདས་པ་འགྲོ་བའམ་སེམས་ཅན་དུ་མ་གཏོགས་པ་མ་ཡིན་ཏེ། ཕྱིར་མི་འོང་བར་འདའ་བ་དེ་སེམས་ཅན་དུ་གཏོགས་པས་སོ་སྙམ་ ན། སེམས་ཅན་ནམ་འགྲོ་བ་མིན་ཏེ། སེམས་ཅན་དུ་གཏོགས་ན་དེས་སླར་རྒྱལ་བའི་བསྟན་པ་ལ་འཇུག་ནས་ཐར་པ་འཚོལ་དགོས་པ་ལས་དེས་དེ་མི་དགོས་པའི་ཕྱིར། ཊཱི་ཀར། དེ་ལྟར་ན་ཕྱིར་མི་འོང་བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་སྲིད་པ་བར་མ་ལ་གནས་པ་མ་ ཡིན་ནམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་རྒྱལ་བའི་བསྟན་པ་ལ་མི་འཇུག་པའོ་ཞེས་གསུངས་སོ་ཞེས་སོ། །འོ་ན་བར་འདའ་བ་དེ་ཆོས་ཅན། མྱང་འདས་ཀྱི་དབྱིངས་སུ་ཞུགས་ཟིན་པར་ཐལ། འགྲོ་བར་མ་གཏོགས་པའི་ཕྱིར་ཞེ་ན་མིན་ཏེ། མ་ཁྱབ་པའི་ཕྱིར། ཊཱི་ཀར། དེ་ལྟར་ན་ ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ་ཞེས་གསུངས་སོ། །ཞེས་སོ། །དེས་ན་སེམས་ཅན་དུ་མ་གཏོགས་པའི་སྤྲུལ་པ་ལ་སེམས་ཅན་དུ་འདུ་ཤེས་པ་ 6-1-315b མེད་ན་ལྟུང་བ་མེད་ལ། འོ་ན་སྤྲུལ་པ་དེ་གང་གིས་སྤྲུལ་ཞེ་ན། སྤྲུལ་པ་ལ་ཡང་སྤྲུལ་པ་པོ་ལྷག་བཅས་ཀྱི་མྱ་ངན་ལས་འདས་པ་དགྲ་བཅོམ་པ་དག་ཡོད་དེ། ཊཱི་ཀར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲུལ་པ་དེ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཕྱིར་སྤྲུལ་པ་ལའང་ དེ་དག་ཐམས་ཅད་ཡོད་དོ་ཞེས་སོ། །འོ་ན་སྤྲུལ་པ་ལ་སེམས་ཅན་དུ་འདུ་ཤེས་ནས་དེར་སྦྱོར་ན་ཅིར་འགྱུར་ཞེ་ན། ཊཱི་ཀར། སེམས་ཅན་དུ་བགྲང་བའི་བསམ་པ་ཡོད་ན་ནི་ཉེས་པ་སྦོམ་པོ་ཁོ་ནར་འགྱུར་རོ་ཞེས་སོ། །མཐའ་གཅོད་འདི་ནི་ནེལ་པ་འདོད་ཀྱང་། གཟུར་གནས་ཁ་ཅིག་ ནེལ་པའི་འདོད་པ་དེ་ནི་ངལ་བ་དོན་མེད་པའི་བཤད་པའོ་ཟེར་ལ། སྤྱིར་ཊཱི་ཀའི་དགོངས་པ་ལྟར་ན་སེམས་ཅན་དུ་གཏོགས་པ་མིན་པ་སྤྲུལ་པ་ཡིན་པའི་དབང་དུ་བྱས་པ་ལ། སྤྲུལ་གཞི་སྒྱུ་མའི་སྔགས་ལྟ་བུ་མིན་པར་དགྲ་བཅོམ་པའི་རྫུ་འཕྲུལ་གྱི་མངོན་ཤེས་ལྟ་བུའི་སྤྲུལ་པ་ལ་ དཔེར་མཚོན་ན། སྤྲུལ་པ་དེ་དགྲ་བཅོམ་པའི་རྒྱུད་ཀྱིས་བསྡུས་པ་ཡང་མིན་ཏེ། སྤྲུལ་པ་དེ་མྱ་ངན་ལས་འདས་པ་མིན་པའི་ཕྱིར་དང་། དགྲ་བཅོམ་པའི་རྒྱུད་ནི་ལུང་དང་མངོན་པར་རྟོགས་པའི་བདག་ཉིད་ཅན་གྱི་རྒྱལ་བའི་བསྟན་པ་ཡིན་ལ། སྤྲུལ་པ་ལ་ནི་སེམས་མེད་པའི་ཕྱིར་ དང་། དེ་རྒྱལ་བའི་བསྟན་པ་ལ་ཡང་མི་འཇུག་པའི་ཕྱིར། དེས་ན་སེམས་ཅན་དུ་མ་གཏོགས་པའི་སྤྲུལ་པ་ལ་མ་གཏོགས་པར་ཤེས་ནས་བསད་ན་སྦྱོར་བ་ལ་ཉེས་བྱས་དང་། དངོས་གཞི་ལ་ལྟུང་མེད་ཀྱང་། དེ་མིར་ཤེས་པ་ལྟ་བུ་ལ་སྦྱོར་བ་ལ་སྦོམ་པོ། དངོས་གཞི་ལ་ལྟུང་ མེད་ཅེས་བྱ་བ་ནི་ཁོ་བོས་ལེགས་པར་བསམ་པ་ཡིན་ནོ། །ནེལ་པ་འདོད་པའི་ལྷག་བཅས་དགྲ་བཅོམ་སེམས་ཅན་དུ་བགྲང་བར་འདོད་པ་མ་ཡིན་ཅེས་པ་དེ་ནི་བྱེ་བྲག་ཏུ་སྨྲ་བའི་བཤད་པའི་མཚོ་ཆེན་པོ་ལ་མ་ཞུགས་པའི་གཏམ་སྟེ། དེར་ནི་ལྷག་བཅས་དགྲ་བཅོམ་པ་དག་སེམས་ཅན་ 6-1-316a དང་འགྲོ་བར་བགྲངས་པ་ཡིན་ཏེ། ཁམས་དང་ས་པ་དེ་དང་དེ་པར་ཞུགས་པའི་ཕྱིར་ཞེས་བྱ་བ་འདི་ལེགས་པར་བཤད་པ་ཡིན་ནོ། །སེམས་ཅན་དུ་གཏོགས་པའི་སྤྲུལ་པ་ལའང་སྤྲུལ་གཞི་འགྲོ་བ་རིགས་དྲུག་གང་གིས་སྤྲུལ་པའི་སྤྲུལ་པ་ལ་སྦྱོར་བ་ལ་བརྟེན་ པའི་ཉེས་བྱས་དང་། སྦོམ་པོ་འདིར་འགྱུར་དང་། དེའི་དངོས་གཞི་ལ་བརྟེན་པའི་ཉེས་བྱས་ལྟུང་བྱེད་སྦོམ་པོར་འགྱུར་ཚུལ་སོགས་ཊཱི་ཀར་གསལ་ལ། དེ་ཡང་སྤྲུལ་པ་དེ་ལ་སྦྱོར་བའི་དུས་འདུ་ཤེས་གང་ཞུགས་ཀྱི་ལྟུང་བར་འགྱུར་ལ། དངོས་གཞིའི་དུས་སྤྲུལ་གཞི་ཇི་ལྟ་བ་དེ་ བསད་པའི་ཉེས་པར་འགྱུར་ཞེས་ཆོས་བཤེས་བཞེད་ལ། སྟོན་པ་གཉིས་པ་ཉེར་སྦས་ཀྱི་ཞལ་ནས། གང་ལ་སྦྱོར་བ་བྱས་པ་དེ་ཁོ་ན་ལ་ལྟུང་བར་འགྱུར་གྱི། གཞན་ལ་ནི་མ་ཡིན་ནོ་ཞེས་སྦྱོར་བ་ལ་འདུ་ཤེས་གང་ཞུགས་ཀྱི་ལྟུང་བ་བསྐྱེད། དངོས་གཞི་ལ་ལྟུང་བ་མེད་པར་གསུངས་ ལ། ཕྱི་མ་འདི་དབང་བཙན་པར་དྭགས་སྐོར་བ་བུ་སྟོན་ཟེར་རོ། །གསུམ་པ་ལ། ནད་པ་དང་འབྲེལ་ཞར་བྱུང་དང་། །ལག་གི་ལས་དང་རྗེས་འབྲེལ་བ། །རྐུན་པོའི་སྤ་བཀོང་དང་འབྲེལ་ཉིད། །གྲོགས་ངལ་འབྲེལ་བའི་བསླབ་བྱའོ། །དང་པོ་ནི། ནད་པ་ལ་སྨན་སྦྱིན་ན་དྲི་ བར་བྱ་བར་འོས་པ་དེ་སྨན་པ་ལ་སོགས་པ་ལ་མ་སྨྲས་པར་གྱ་ཚོམས་སུ་ནད་པ་ལ་སྨན་སྦྱིན་པར་མི་བྱའོ། །ཊཱི་ཀར། གསོ་བ་ལ་མཁས་པས་ཚངས་པར་མཚུངས་པར་སྤྱོད་པའི་ནད་གཡོག་བྱའོ་ཞེས་གསུངས་པས། དེའི་ཕྱིར་འདི་ནི་མི་མཁས་པའི་ཡུལ་ལ་བཀག་པ་ཡིན་ནོ། ། ཞེས་སོ། །ནད་པ་ལ་སྨན་སྦྱིན་པ་དྲི་བའི་སྐབས་འདིར་སྨན་དཔྱད་ཀྱི་བསྟན་བཅོས་དང་། སྦྱོར་བ་ཤེས་པའི་སྨན་པ་དང་། སྨན་པ་དེ་རབ་ཏུ་བྱུང་བ་དང་། བཀོལ་བ་ཞེས་པ་ཊཱི་ཀར། སྨན་པས་བཀོལ་བ་སྨན་པ་དང་ལྷན་ཅིག་སྤྱོད་སྤྱོད་པའི་སྨན་གཡོག་བྱ་བ་ལ་མཁས་པ་ 6-1-316b སྟེ། དེ་རྣམས་ལ་དྲི་བར་བྱ་བ་ཉིད་དེ་ཞེས་སོ། །ནད་པ་ཉིད་ཀྱིས་ཀྱང་བཀོལ་བ་རྣམས་ལ་དྲི་བ་ཉིད་དོ། །དགེ་སློང་གནས་བརྟན་ལ་སོགས་པ་རྒན་རབས་རྒན་རབས་ཏེ། ལན་གཉིས་སྨོས་པ་ནི་རྒན་རབས་དུ་མ་ལ་དྲི་བར་བསྟན་པའོ། །དེ་ཡང་རྒན་བླུན་མིན་པ་ཤེས་རབ་ཅན་ རྣམས་ལ་དྲི་བ་ཡང་ངོ་། །དྲི་ཡུལ་ལྔ་པོ་དེ་དག་སྔ་མ་མེད་ན་ཕྱི་མ་ལ་དྲིའོ། །ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་དུག་ལ་སོགས་པ་སྦྱིན་པ་དེས་ཤི་བ་ལ་ནི་ན་སྨད་པ་མེད་དོ་སྟེ་ཕམ་པ་བསྐྱེད་དོ། །འདི་ནི་ཉན་ཐོས་ཀྱི་ལུགས་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བའོ། ། གཞན་ཡང་སྙིང་རྗེས་ཀུན་ནས་བསླངས་ནས་སྲོག་བཅད་ན། ཉན་ཐོས་ཀྱི་ལུགས་ཀྱིས་ནི་རབ་ཏུ་འཇུག་བྱེད་སྙིང་རྗེ་དེ་དགེ་བ་ཡིན་ཀྱང་། རྗེས་སུ་འཇུག་བྱེད་གསོད་སེམས་དེ་མི་དགེ་བ་ཡིན་པས་སྡིག་པ་འབྱུང་སྟེ། གཏམ་གྱི་གཞི་ལས། དགེ་སློང་གིས་དགེ་བའི་སེམས་ཀྱིས་མ་ སྲོག་དང་ཕྲལ་ན་ཅིར་འགྱུར། ཕམ་པའི་ཉེས་པ་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་བ་ཡོད་དེ། འདི་ལྟར་དགེ་སློང་གིས་མ་ཞིག་ནད་བུ་ཅན་ཡུན་རིང་ཞིག་ནས་སྡུག་བསྔལ་གྱིས་དྲག་ཏུ་གཟིར་ཞིང་གནོད་པ་ཆེར་འགྱུར་བ་མྱོང་བ་དེ་ལ་སྙིང་རྗེའི་བསམ་པ་ དེ་ལྟ་བུའི་རྐྱེན་གྱིས་མ་སྲོག་དང་ཕྲལ་ན་ཕམ་པའི་ཉེས་པ་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །ཞེས་གསུངས་ལ། དེ་ནི་དྲི་བ་རྒྱ་ཆེར་འགྲེལ་ལས་ཀྱང་བཤད་དོ། །གཉིས་པ་ནི། ཕ་བོང་ལ་སོགས་པ་ཁུར་འདེགས་པར་མི་ནུས་པ་ལ་གྲོགས་ཉིད་ མི་བྱའོ། །དགག་དགོས་བདག་གཞན་ལ་གནོད་པས་སོ། །དམིགས་བསལ་ནི་གལ་ཏེ་ཁང་པ་ལ་མེ་ཤོར་བའམ། འདེགས་པའི་ལས་སུ་བསྐོས་པ་དེ་ལྟ་བུའི་རྐྱེན་གྱིས་འདེགས་དགོས་པ་བྱུང་ན་དངོས་པོ་ལྗིད་ཆེན་པོ་དེ་ལ་ཁྱིམ་པ་དག་མདོ་འཛིན་ཅིང་ལག་རུབ་ཏུ་རུབ་པ་ཉིད་ན་ 6-1-317a ད་ནི་དུས་ཅིག་ཅར་ཐེག་ཅིག་ཅེས་ཅིག་ཅར་དུས་མཉམ་པར་འདེགས་པར་སྐད་སྦྱར་ཏེ་དགེ་སློང་གིས་ཀྱང་འདེགས་པའི་གྲོགས་བྱའོ། །ཁུར་འདེགས་དཀའ་བ་དེ་བཞག་པ་ལ་ཡང་དུས་ཅིག་ཅར་ཉིད་དུ་ཞོག་ཅིག་ཅེས་སྐད་སྦྱར་རོ། །དཔེར་ན་སྤོ་ བ་གསུམ་གྱི་མཐར་ཐེག་ཅིག །ཞོག་ཅིག་ཅེས་པ་ལྟ་བུའོ། །མཁར་ལས་སོགས་བྱེད་པ་ན་སོ་ཕག་མི་འཕང་ངོ་། །ཊཱི་ཀར། ལག་ནས་ལག་ཏུ་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །སོ་ཕག་བྱེ་བ་དང་གས་པ་མ་བརྗོད་པར་དེ་ཉིད་སྦྱིན་པར་མི་བྱའོ། །ཊཱི་ཀར། ཚིག་དེ་ནི་ ལེན་པ་པོ་ལ་གནོད་པར་འགྱུར་བ་སྤང་བའི་ཕྱིར་ཞེས་སོ། །གསུམ་པ་ནི། རྐུན་པོའི་སྤ་བཀོང་བ་སྟེ་ཞུམ་པའི་ཕྱིར་ཚོམ་རྔམ་བྱའོ། །ཊཱི་ཀར། ཚོམ་རྔམ་ལུས་ཀྱི་ཕུག་ཏྲིག་དང་། །ངག་གིས་ཨག་ཙམ་ཆེར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །ཚོམ་རྔམ་ནི་གཎྜི་ལ་ སོགས་པ་མི་ཕོག་པར་འཕང་ངོ་། །སོགས་སྒྲ་ནི་ཊཱི་ཀར། ལུས་ཀྱི་ཐིག་རིད་བྱ་བ་དང་། ངག་གིས་ཁབ་ཕྲེང་འོན་ཅིག །གཟར་ཐག་འོན་ཅིག །སིལ་བྱེད་འོན་ཅིག །ཅེས་བྱ་བ་ལ་སོགས་པ་དག་བསྡུའོ་ཞེས་སོ། །རླུང་གི་རྫི་ཕྱོགས་ནས་རྡུལ་གྱི་བུམ་པ་སྟེ་ས་རྡུལ་གྱིས་བཀང་བའི་ བུམ་པ་དང་ཐལ་བས་བཀང་བའི་གྱོ་མོ་འཕང་བར་ཡང་ངོ་། །ཊཱི་ཀར། རྡུལ་དང་ཐལ་བས་ཕོག་པར་བྱ་བའི་ཕྱིར་འདི་བརྩམས་པ་ཡིན་གྱི། གཞན་དུ་ན་མདོ་སྔ་མ་ལ་སོགས་པ་ཞེས་སྨོས་པས་བསྡུས་ཟིན་པས་བརྩམས་པ་འདི་དོན་མེད་པར་འགྱུར་རོ་ཞེས་དང་། ཐལ་བའི་གྱོ་མོ་སྟེ་ བར་གྱི་ཚིག་མི་མངོན་པའི་བསྡུ་བར་བྱས་ཏེ། དཔེར་ན་མར་གྱི་བུམ་པ་བཞིན་ནོ། །འདི་དག་ནི་མཚོན་པའི་ཕྱིར་ཏེ་རྡུལ་འབྱུང་བའི་རྫས་གཞན་དག་ཀྱང་དེ་བཞིན་ནོ་ཞེས་སོ། །རྐུན་པོ་སྤ་བཀོང་བའི་ཕྱིར་འུར་རྡོ་བཅང་བར་བྱའོ། །བཞི་པ་ནི། དགེ་སློང་ངལ་བ་མི་འཕུལ་ལོ། །ཊཱི་ཀར། 6-1-317b ཉེས་བྱས་ཕྲ་མོར་རིག་པར་བྱའོ་ཞེས་སོ། །དགེ་སློང་ངལ་བ་དེའི་གྲོགས་བྱའོ། །ཊཱི་ཀར། འདིར་དགེ་སློང་ཞེས་སྨོས་པ་ནི་མཚོན་པ་སྟེ་ཆོས་འདི་པ་ཐམས་ཅད་ཀྱིའོ་ཞེས་སོ། །གྲོགས་ཇི་ལྟར་བྱ་ན་དེ་ངལ་བསོར་གཞུག་གོ། དགེ་སློང་ངལ་བ་དེའི་སྣོད་སྤྱད་བླང་བར་བྱའོ། །གལ་ ཏེ་དགེ་སློང་ངལ་བ་དེ་གྲོགས་དང་ལྷན་ཅིག་དུས་མཉམ་དུ་གཙུག་ལག་ཁང་ལྟ་བུའི་གནས་སུ་ཕྱིན་པར་མི་ནུས་ལ། སྔ་དྲོའི་དུས་ཀྱི་ཟས་དང་སྐོམ་གྱི་དུས་སུ་ནི་ངལ་བ་དེས་ཀྱང་ཕྱིན་པར་མི་ནུས་པ་མ་ཡིན་ན། དེའི་ཚེ་གྲོགས་དེས་གཙུག་ལག་ཁང་དུ་ཆེས་སྔར་སོང་སྟེ་དགེ་སློང་ངལ་བ་ ཕྱིས་འོང་བ་དེའི་ལྷུང་བཟེད་བཀྲུ་བ་དང་། དགེ་སློང་ངལ་བ་ཕྱིས་འོང་བ་དེའི་གྲལ་གྱི་གོ་བཞག་པ་ནི་བྱུག་རིས་བཞག་པ་དང་ཞེས་པ། ཊཱི་ཀར། བྱུག་རིས་བཞག་པ་བཀད་སར་ཆུས་བྱུགས་ཏེ་རེའུ་ཆུང་བྲི་བར་བྱ་ཞེས་སོ། །དགེ་སློང་ངལ་བ་ཕྱིས་འོང་བ་དེའི་ཟན་སྐལ་བྱིན་ལེན་ བྱས་ཏེ་བདོག་པའམ་འོངས་མི་འོངས་བརྟག་པར་བྱའོ། །གལ་ཏེ་དགེ་སློང་ངལ་བ་དེས་ཟས་སྐོམ་གྱི་དུས་སུ་ཕྱིན་པར་མི་ནུས་ན་ཟས་སྐོམ་ཁྱེར་ཏེ་བསུ་བར་བྱའོ། །ཊཱི་ཀར། ཕྱི་དྲོ་ཡིན་ན་ནི་སྐོམ་ཁྱེར་ཏེ་བསུ་བར་རིག་པར་བྱའོ་ཞེས་སོ། །འདིར་སྨྲས་པ། བདག་ནི་བཅོམ་ལྡན་ བསྟན་པ་མཐོང་གྱུར་ནས། །སྐྱོན་མེད་བདེན་པའི་རྗེས་སུ་འབྲང་བར་གྱུར། །གཡོན་ཅན་བསྟན་པར་བཅོས་པའི་རུལ་པ་འགའི། །དྲི་མས་ཐར་འདོད་ཡི་ག་འཆུས་པར་གྱུར། །སྡེ་སྣོད་གསུམ་ཤེས་ཉིན་མོ་མྱུར་བར་གཤེགས། །ལོག་ཆོས་མུན་པས་འཕྲལ་ལ་ལོང་བར་བྱས། ། སློབ་བུ་སྐལ་མེད་འབྱོར་བའི་མཚན་མོ་རྒྱུ། །ཉམ་ངའི་དགེ་སྦྱོང་འདི་ནི་འོག་ཏུ་ལྕི། །གསོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ།། །།གཉིས་པ་ལ། སྦྱོར་བ་སྦོམ་པོར་བསྟན་པ་དང་། །སྦྱོར་བ་ཕམ་པ་དང་བཅས་སོ། །དང་པོ་ནི། ལག་པ་གཅོད་པ་ཙམ་གྱི་ 6-1-318a བསམ་པས་མིའི་འགྲོ་བ་པའི་ལག་པ་གཅོད་ན་སྦོམ་པོའོ། །འདིར་པཎྜི་ཏ་ཁ་ཅིག་ན་རེ། གསོད་པའི་སེམས་པས་མིའི་འགྲོ་བ་པའི་ལག་པ་གཅོད་ན་སྦོམ་པོའོ་ཞེས་ཟེར་བ་ནི་མི་རིགས་ཏེ། སྡེ་ཚན་དེ་ལ་གལ་ཏེ་དངོས་གཞི་ཡིན་ན་སྦོམ་པོའི་ཞེས་སྔར་བསྟན་པ་ དང་ཟློས་པའི་སྐྱོན་དུ་འགྱུར་ཞེས་ཊཱི་ཀས་དགག་པ་མཛད་དོ། །འདི་ལ་ཤ་སྦལ་ལ་སོགས་པ་ནི། སྦོམ་པོ་བཏགས་པ་བ་ཡིན་གྱི་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་དེ། ལྟུང་བའི་རྣམ་བཞག་གི་ཀུན་སློང་མེད་པའི་ཕྱིར་ཞེས་གསུང་བ་ཡང་རྟགས་མ་གྲུབ་སྟེ། ལག་པ་གཅོད་འདོད་ཀྱི་ ཀུན་སློང་ཡོད་པའི་ཕྱིར་རོ། །ལག་པ་གཅོད་པ་འདི་ལ་གསོད་འདོད་ཀྱི་ཀུན་སློང་མེད་པས་སྲོག་གཅོད་དངོས་ཀྱི་སྦོམ་པོ་མ་བསྐྱེད་ཀྱང་། སྲོག་གཅོད་པའི་ཆར་གཏོགས་པའི་སྦོམ་པོ་མཚན་ཉིད་པ་འབྱུང་ངོ་། །འགྲེལ་ཆུང་ལས། སོར་མོ་བཅད་ཀྱང་སྦོམ་པོའོ་ཞེས་སོ། །འོད་ལྡན་ ལས། ལག་པ་གཅོད་པ་དང་། སྣ་འབུགས་པ་དག་ལ་ཡང་སྦོམ་པོར་འགྱུར་ཞེས་གསུངས་སོ། །དེའི་གནད་ཀྱིས་སྦྱོར་བས་མིའི་མིག་འབྱིན་ན་ཡང་སྲོག་གཅོད་པའི་ཆར་གཏོགས་པའི་སྦོམ་པོར་འགྱུར་རོ། །ནགས་མེས་གཏོང་ནའོ་ཞེས་པ་འདི་ལ་གསུམ་དུ་དབྱེ་སྟེ། སྲོག་ཆགས་ ཡོད་པར་ཤེས་པའི་ཕྱོགས་དང་། ཡོད་པར་དོགས་པའི་ཕྱོགས་དང་། མེད་པར་ཤེས་པའི་ཕྱོགས་སོ། །དང་པོ་ལ་གཉིས་ཏེ། །གསོད་སེམས་མེད་པར་སྲོག་ལ་མ་བལྟོས་པའི་བསམ་པས་ནགས་ལ་མེ་གཏོང་བ་དང་། གསོད་སེམས་ཡོད་པས་མེ་གཏོང་བའོ། །དང་པོ་གསོད་སེམས་ མེད་པར་སྲོག་ལ་མ་བལྟོས་པའི་བསམ་པས་སྲོག་ཆགས་གསུམ་ཡན་ཆད་ཡོད་པའི་བློས་ནགས་མེས་གཏོང་ན་སྦོམ་པོའོ། །དེ་ཡང་བཏགས་པ་བ་ཡོན་ཏན་སྒྲའི་སྦོམ་པོའོ། །གསོད་སེམས་མེད་པར་སྲོག་ལ་མ་བལྟོས་པའི་བསམ་པས་སྲོག་ཆགས་གཅིག་གམ་གཉིས་ཡོད་པའི་བློས་ 6-1-318b ནགས་མེས་བཏང་ན་ནི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀ་ལས། མང་བ་དང་ཉུང་བའི་བྱེ་བྲག་གིས་ཞེས་སོ། །གཉིས་པ་གསོད་སེམས་ཡོད་པས་ནགས་མེས་གཏོང་ན་ནི། འོད་ལྡན་ལས། འདི་ན་གང་ཅི་ཡོད་པ་དེ་ཐམས་ཅད་བརླག་པར་གྱུར་ཅིག་སྙམ་ལ། དེ་རྣམས་ཤི་ན་སྲོག་ཆགས་ ཇི་ལྟ་བ་དང་ཇི་སྙེད་པའི་ལྟུང་བ་རྣམས་ཀྱང་སོ་སོར་དེ་སྙེད་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་ནི་ཀུན་སློང་སྤྱི་ཞུགས་ཀྱི་གཞུང་ཡིན་ནོ། །གཉིས་པ་མིའམ་དུད་འགྲོ་སོགས་སྲོག་ཆགས་ཡོད་པར་དོགས་པའི་ཕྱོགས་ལ་མེ་གཏོང་ན་ཡང་སྲོག་ཆགས་ཡོད་པར་ཤེས་པའི་ ཕྱོགས་དང་འདྲའོ། །གསུམ་པ་སྲོག་ཆགས་མེད་པར་ཤེས་པའི་ནགས་ལ་མེ་གཏོང་བ་ལ་ནི་སྐབས་འདིར་གཏོགས་ཀྱི་ལྟུང་བ་མེད་དེ། ཊཱི་ཀ་ལས་མེད་པའི་ཕྱོགས་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་ཏེ། དེ་ཡང་སྲོག་ཆགས་མེད་པ་ལ་མེད་པར་ཤེས་ནའོ། །དེ་ཡང་འོད་ལྡན་ལས། ནགས་སུ་མེ་གཏོང་བར་ཞུགས་ན་གལ་ཏེ་སྲོག་ཆགས་མེད་པར་ངེས་ན་ནི་དེའི་ཚེ་ལྟུང་བ་མེད་པ་ཡིན་ནོ་ཞེས་སོ། །ནགས་དེ་ན་སྲོག་ཆགས་མེད་ཀྱང་ཡོད་པར་འདུ་ཤེས་འཁྲུལ་ཏེ་མེ་གཏོང་ན་ནི་འདུ་ཤེས་ཀྱི་དབང་གིས་ཉེས་པར་འགྱུར་རོ། །སྐྲ་ཅན་འཚོང་ནའོ་ཞེས་པ་སྐྲ་ཅན་མའི་འགྲོ་ བ་པ་འཚོང་ན་སྲོག་གཅོད་པ་དངོས་ཀྱི་སྦོམ་པོ་མི་བསྐྱེད་དེ། སྲོག་གཅོད་པའི་ཆར་གཏོགས་པའི་སྦོམ་པོའོ། །འདིའི་དམིགས་བསལ་ནི་དགེ་འདུན་ལ་ཁྱིམ་བདག་གིས་བུ་དང་ཆུང་མ་ཕུལ་ནས་གལ་ཏེ་སླུ་བར་བྱེད་ན་ཇི་ཙམ་འདོད་པ་དེ་ཙམ་དུ་བཙོང་ངོ་། །སྐབས་འདིའི་རང་གི་རྣམ་ བཤད་ལས། བ་ལང་འཚོང་ན་སྦོམ་པོའོ་ཞེས་བཤད་པ་ནི་སྦོམ་པོ་བཏགས་པ་བ་སྟེ་ཉེས་བྱས་ཁོ་ནའོ། །གཉིས་པ་ནི། གང་གིས་བརྐུས་པ་རྐུན་པོ་དེ་གསོད་སེམས་མེད་དམ། གསོད་དམ་མི་གསོད་གཏོལ་མེད་པར་བླའི་གྲྭར་འབུལ་ན་སྲོག་གཅོད་པ་དངོས་ཀྱི་སྦོམ་པོ་མི་བསྐྱེད་ 6-1-319a ཀྱང་སྲོག་གཅོད་པའི་ཕྱོགས་སུ་གཏོགས་པའི་སྦོམ་པོའོ། །འགྲེལ་ཆུང་ལས། གསོད་དམ་མི་གསོད་གཏོལ་མེད་པར་རྒྱལ་པོ་ལ་ཕུལ་ན་སྦོམ་པོའོ། །གསོད་པར་ཤེས་བཞིན་དུ་རྒྱལ་པོ་ལ་ཕུལ་ཏེ་བསད་ན་ནི་སྦོམ་པོ་དང་ཕམ་པ་གཉིས་ཀ་ཡོད་ཅེས་བཤད་ ཅིང་། ཊཱི་ཀ་ལས་ཀྱང་། དགེ་སློང་ལ་བསད་སེམས་ཡོད་ན་རྒྱལ་པོས་བསད་པ་ན་དགེ་སློང་ལ་ཕམ་པ་བསྐྱེད་པར་བཤད་དོ། །གསོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་སོ། །གསུམ་པ་ལ། ལྟུང་བ་རྣམ་བཞག་བསྟན་པ་དང་། །བསླབ་པར་བྱ་བའི་ཉེས་བྱས་བསྟན། ། སྐབས་ཀྱི་ལྟུང་མེད་བསྟན་པའོ། །དང་པོ་ལ། དངོས་གཞིའི་ལྟུང་བ་བཤད་པ་དང་། །ལྟུང་བ་ན་སྨད་བཤད་པའོ། །དང་པོ་ནི། གསད་བྱའི་མི་ཞིག་བྲོས་ཏེ་གབ་ཅིང་གནས་པ་དགེ་སློང་གིས་མཐོང་སྟེ་གཤེད་མ་དག་དེར་འོངས་ནས་དགེ་སློང་ལ་འདྲི་བ་ན། གསོད་པའི་བསམ་ པས་མི་དེ་ནི་ཕྱོགས་འདི་ན་ཡོད་དོ་ཞེས་གསད་བྱ་སྟོན་པས་བསྒོ་ན་གཤེད་མ་དག་གིས་དེ་བསད་པ་ན་དགེ་སློང་དེ་ཕམ་པར་འགྱུར་རོ། །འདི་ལ་ནི་སོད་ཅིག་ཅེས་བརྗོད་མི་དགོས་ཏེ། ཊཱི་ཀར། སྟོན་པ་ནི་བསྒོ་བའི་རང་བཞིན་ཡིན་པའི་ཕྱིར་ཞེས་སོ། །གཉིས་པ་ནི། མ་དང་མངལ་ ན་གནས་པ་གཉིས་ལས། མ་བསམ་པ་ཤོས་ན་སྦོམ་པོའོ་ཞེས་ལུང་རྣམ་འབྱེད་ལས་གསུངས་པ་དེ་ནི་དཔེ་མཚོན་བྱེད་ཙམ་དུ་ཟད་དེ། །དཔེ་དེས་མཚོན་པའི་དོན་ནི། ལུང་ཞུ་བ་ལས། བཙུན་པ་མི་གཉིས་ལས་གཞན་འགུམ་པར་བསམ་པ་ལས། གཞན་བཀུམ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །མ་བཀུམ་པར་འཚལ་ལ་བུད་མེད་གཞན་བཀུམ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །དགྲ་བཅོམ་པ་འགུམ་པར་འཚལ་ལ་སོ་སོ་སྐྱེ་བོ་བཀུམ་ན་ཅིར་འགྱུར། སྦོམ་པོར་འགྱུར་ཞེས་པ་ལ་སོགས་པ་གསུངས་སོ། །བདག་ཉིད་གསོད་ན་སྦོམ་པོའོ་ཞེས་ 6-1-319b པ་ལ། ཤ་ལུགས་པ་ན་རེ། འདི་ལ་སྦོམ་པོ་བསྐྱེད་ན་མཐར་ཐུག་གི་སྦོམ་པོ་བསྐྱེད་དམ། སྦྱོར་བ་མཚན་ཉིད་པའི་སྦོམ་པོ་བསྐྱེད་དམ། སྦྱོར་བའི་རྣམ་པའི་སྦོམ་པོ་བསྐྱེད། དང་པོ་ལྟར་ན། ཊཱི་ཀ་ལས། འདིར་སྦྱོར་བ་ལས་ལྟུང་བར་རིག་པར་བྱའོ་ཞེས་གསུངས་པ་དང་འགལ་ ཅིང་། བདག་ཉིད་གསོད་ན་སྦོམ་པོའོ་ཞེས་གསུངས་ཀྱི། བསད་ན་སྦོམ་པོའོ་ཞེས་ནི་མ་གསུངས་པ་དང་། མཐར་ཐུག་གྲུབ་དུས་ན་བཅས་པའི་རྟེན་མ་ཡིན་པའི་ཕྱིར་མཐར་ཐུག་གི་སྦོམ་པོ་བསྐྱེད་པར་མི་རིགས་སོ། །གཉིས་པ་ལྟར་ན། དགེ་སློང་གིས་བདག་གསོད་པ་ཆོས་ ཅན། སྲོག་གཅོད་པའི་སྦྱོར་བ་མཚན་ཉིད་པའི་སྦོམ་པོ་བསྐྱེད་པའི་ཕྱིར་ན་མཐར་ཐུག་གྲུབ་པ་ན་སྲོག་གཅོད་ཕམ་པ་བསྐྱེད་པར་ཐལ་ལོ། །གསུམ་པ་ལྟར་ན། ཆོས་ཅན་སྔར་བཞིན་ལ་སྲོག་གཅོད་པའི་སྦྱོར་བའི་རྣམ་པའི་སྦོམ་པོ་བསྐྱེད་པའི་ཕྱིར་ན། སྲོག་གཅོད་ཕམ་པའི་གཞི་ ཡི་ཡན་ལག་ཚང་བར་ཐལ་ལོ། །འདོད་ན། གཞིའི་ཡན་ལག་ལ་མི་ཡིན་པ་དང་། གཞན་ཡིན་པ་སྟེ་གཉིས་ལས། མི་ཡིན་པ་ཚང་ཡང་གཞན་ཡིན་པ་མ་ཚང་བ་དང་འགལ་ལོ། །དེས་ན་འདི་ལ་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་ཀྱི། ཉེས་བྱས་ལ་མིང་སྦོམ་པོར་བཏགས་པའོ་ ཞེས་ཟེར་རོ། །དེ་ལ་ཐལ་འགྱུར་ཕྱི་མའི་ཁྱབ་པ་མ་གྲུབ་ཅིང་འདུལ་བའི་ལུང་དང་། བསྟན་བཅོས་རྣམས་ལས་སྦོམ་པོར་གསུངས་བཞིན་དུ་ཉེས་བྱས་སུ་འཆད་པ་འདི་ནི་རང་གར་སྨྲ་བར་ཟད་དོ། །གཞིའི་ཡན་ལག་མི་ཡིན་པ་དང་། གཞན་ཡིན་པ་གཉིས་ཀ་ཚང་བ་གསོད་ན་སྦྱོར་ བའི་གནས་སྐབས་སུ་སྦོམ་པོ་མཚན་ཉིད་པ་བསྐྱེད་པ་ལྟར་ན། གཞན་ཡིན་པ་མ་ཚང་སྟེ། བདག་ཉིད་གསོད་ན་ཡང་སྦྱོར་བའི་གནས་སྐབས་སུ་སྦོམ་པོ་མཚན་ཉིད་པ་བསྐྱེད་པ་ནི་བཅས་པའི་དབང་གིས་ཏེ། འོད་ལྡན་ལས། ལྟུང་བ་ནི་བཅས་པ་ཙམ་གྱི་རྗེས་སུ་འབྲང་བའོ་ཞེས་ 6-1-320a གསུངས་སོ། །གཉིས་པ་ནི། འགྲེལ་ཆུང་ལས། གསོད་སེམས་མེད་པར་རྡོ་བོར་བ་ལ་སོགས་པ་གསད་པའི་སེམས་སུ་གྱུར་པ་མེད་ཀྱང་། རྐྱེན་དེས་སྲོག་ཆད་དེ་མ་ལེགས་པ་བྱས་ན་བསླབ་བྱའི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་དོ། །འདི་ལ་གསོད་སེམས་ མེད་པས་སྲོག་གཅོད་པའི་ཉེས་པ་མི་བསྐྱེད་ཀྱང་ཤེས་བཞིན་མ་ཡིན་པ་ལ་ཞུགས་པའི་ཉེས་བྱས་ཏེ། ཊཱི་ཀ་ལས། ཤེས་བཞིན་མ་ཡིན་པར་ཞུགས་པའི་ཕྱིར་རོ་ཞེས་སོ། །སྐབས་འདིར་ཞུ་འགྲེལ་ལས་ཀྱང་། འདི་ནི་ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་ པར་བྱའོ། །ཞེས་བྱ་བ་འདིར་གཏོགས་པ་སྟེ་གསོད་པར་གཏོགས་པ་ནི་མ་ཡིན་ནོ། །ཞེས་བཤད་དོ། །གསུམ་པ་ནི། བཞད་གད་ཀྱི་བསམ་པས་མཚོན་འཕངས་པས་ཤི་བ་ལྟ་བུ་ཆེད་དུ་མ་བསམ་པར་སྲོག་ཆད་པ་གྲུབ་པ་ནི། སྲོག་བཅད་པའི་ལྟུང་བའི་རྣམ་བཞག་གི་བྱེད་པ་པོ་ ཉིད་མ་ཡིན་ནོ་སྟེ། གསོད་སེམས་མེད་པའི་ཕྱིར་རོ། །གསད་བྱ་གསོད་བྱེད་དུས་མཉམ་དུ་ཤི་བའམ། གསོད་བྱེད་སྔར་ཤི་ན་ཚེ་འདིར་སྦྱོར་བའི་སྦོམ་པོ་བྱུང་བར་ཟད་དེ། །ཚེ་འདིར་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་ནི་ཚེ་རབས་གཞན་བར་དོ་ཕན་ཆད་དུ་ལས་ཀྱི་བྱེ་བྲག་ལྟུང་བ་ བསྐྱེད་པ་མེད་དོ། །ཊཱི་ཀར། ཚེ་རབས་གཞན་དུ་ལས་སྐྱེ་བ་མི་སྲིད་པའི་ཕྱིར་རོ་ཞེས་དང་། ས་མི་གཡོ་བ་ལ་བཞུགས་པ་དབྱིག་གི་གཉེན་གྱིས། སྔར་རམ་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་བསྐྱེད་ཕྱིར་རོ། །ཞེས་གསུངས་པ་དང་མཐུན་ནོ། །འོན་ཀྱང་ཕམ་པའི་ལྟུང་ བ་འབྱུང་བཞིན་དུ་ཤི་ན་ནི་ཤི་བས་རྒྱུན་ཆད་དམ། ཕམ་པའི་རྒྱུན་འབྱུང་བ་དཔྱད་དགོས་སོ། །གསོད་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་སོ། །བཞི་པ་ལ། སྦོམ་པོར་བསྟན་པའི་གནས་སྐབས་དང་། །བསླབ་པར་བྱ་བའི་གནས་སྐབས་སོ། །དང་པོ་ལ། སྦོམ་པོ་ནི། ཞེས་ 6-1-320b པ་འདི་ནས་འོག་གི་ཉོན་མོངས་པར་བྱེད་ནའོ་ཞེས་ཡན་ཆད་འདི་དག་ཐམས་ཅད་ལ་གསོད་པའི་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་དེ་གསོད་སེམས་མེད་པའི་ཕྱིར་རོ། །དེས་ན་བསླབ་བྱའི་ཉེས་བྱས་ལ་མིང་སྦོམ་པོར་བཏགས་པ་ཡིན་ཅེས་སྔ་རབས་པ་རྣམས་མཐུན་པར་གསུངས་སོ། །དེ་ ཡང་ནད་པ་ན་རེ། ཁྲུས་དང་བསྐྱོད་པ་ལ་སོགས་པ་བྱས་ན་གདོན་མི་ཟ་བར་ཁོ་བོ་འཆི་བར་འོང་ངོ་ཞེས་དེ་སྐད་ཟེར་བ་ལ། དགེ་སློང་ཡིད་མི་ཆེས་ཤིང་ཁྲུས་དང་བསྐྱོད་པ་ལ་སོགས་པ་དེ་བཞིན་དུ་སྒྲུབ་པར་བྱེད་ན་ཤི་རུང་མ་ཤི་རུང་སྦོམ་པོའོ། །ནད་པ་མྱུར་དུ་ཤི་ཡང་སླའོ་སྟེ་རུང་ངོ་སྙམ་ ཞེས་གཡོག་མི་བྱེད་ན་ཤི་རུང་མ་ཤི་རུང་སྦོམ་པོའོ། །ནད་པ་ལ་སོགས་པ་ལ་མིད་པར་བྱ་བ་མི་འཕྲོད་པ་ཉིད་དུ་ཤེས་ནས་གསོད་སེམས་མེད་པར་སྦྱིན་ན་སྦོམ་པོའོ། །འབྲས་ཡོངས་སུ་མ་སྨིན་པར་བརྟོལ་ན་སྦོམ་པོའོ། །གསོད་སེམས་མེད་པར་སྡུག་བསྔལ་གྱིས་ཉམ་ཐག་པར་བྱ་བ་འབའ་ ཞིག་གི་བསམ་པས་མི་གཞན་དོང་དུ་འཇུག་པ་དང་། སྒོ་གླེགས་ཀྱིས་འཚིར་བ་དང་། ལ་སོགས་ཀྱིས་གནོད་པ་གཞན་ཡང་བསྡུས་པས་ཉོན་མོངས་པ་སྟེ་སྡུག་བསྔལ་གྱིས་ཉམ་ཐག་པར་བྱེད་ན་སྦོམ་པོའོ། །ཊཱི་ཀར། དེ་ལས་གསོད་པའི་བསམ་པ་མ་བྱུང་བར་ཉོན་མོངས་པ་འབའ་ཞིག་ བསམ་པས་དེ་སྐད་སྨྲས་པ་དེའི་ཕྱིར་དེ་ནི་ཁྲོ་བ་ཉིད་ལྷག་པར་སྤྱད་པའི་སྐབས་ཡིན་པས་སྦོམ་པོ་གཞན་ཡིན་པར་རིག་པར་བྱའོ། །ཞེས་སོ། །དགེ་སློང་རང་ཉིད་གཡང་ས་ནས་མཆོང་བ་དང་། ཐག་པས་འཆིང་བ་ལ་སོགས་པ་བདག་ཉིད་འཆི་བའི་དོན་དུ་སྒྲུབ་པ་སྦོམ་པོར་ཡང་ངོ་། ། འདི་ཡང་བདག་ཉིད་གསོད་ན་སྦོམ་པོའོ་ཞེས་སྔར་སྨོས་པ་དེའི་མཚན་ཉིད་བསྟན་པ་ཡིན་ནོ། །གཉིས་པ་ནི། ནད་གཡོག་དང་། དེ་མིན་པས་ཀྱང་ནད་པ་ཉམ་ཐག་པ་ལ་མ་བརྟགས་པར་བབ་ཅོལ་དུ་མཚོན་དང་ཐག་པ་སྦྱིན་པར་མི་བྱའོ། །ཊཱི་ཀར། སྔར་འཆི་བའི་འཚོགས་ཆས་མི་ 6-1-321a བཞག་གོ་ཞེས་སྨོས་པ་དེར་ནི་ནད་གཡོག་གི་དགག་པ་བསྟན་པ་ཡིན་གྱི། འདིར་ནི་ནད་གཡོག་མ་ཡིན་པ་ལ་ཡང་བཀག་པ་ཡིན་པར་རིག་པར་བྱའོ་ཞེས་དང་། ཐག་པ་ལ་སོགས་པ་ནི་དཔེ་སྟེ། ཁབ་ལ་སོགས་པ་ཡང་བཀག་པར་ཤེས་པར་བྱའོ་ཞེས་སོ། ། ལག་གི་བླ་བྱེད་པའི་ཞལ་ཏ་པས་འདི་གཞན་གྱི་སྲོག་ལ་གནོད་དམ་མི་གནོད་ཅེས་བརྟགས་ཏེ་ཤེས་བཞིན་དུ་བྱའོ། །གདོན་ལས་ཐར་བའི་ཕྱིར་གསང་སྔགས་ཀྱིས་ཐལ་ལྕག་བྱ་བ་ཡང་ངོ་། །ཡང་སྒྲ་ནི་ཊཱི་ཀར། ཤེས་བཞིན་ཁོ་ནར་བྱའོ་ཞེས་བྱ་བར་ཡང་སྦྱར་རོ་ཞེས་སོ། །ཟས་མིད་པ་ མགུལ་དུ་ཐོགས་པ་བསལ་བའི་ཕྱིར་རྒྱབ་མདུན་དུ་བསྣུན་པ་ཡང་ཤེས་བཞིན་དུ་བྱའོ། །ཤེས་བཞིན་དེར་གྱུར་པས་མི་ལ་སོགས་པ་སྲོག་ཆགས་ལ་གནོད་པར་མི་འགྱུར་བ་དེ་ལྟར་ལེགས་པར་སོ་སོར་བརྟག་པར་བྱས་ཏེ། ཕ་བོང་དང་ཤིང་ལ་སོགས་པ་དག་དྲིལ་བ་སྟེ་བསྒྲིལ་བར་ བྱའོ། །འདེགས་པར་བྱེད་པའི་ཚོམས་ཀྱི་ཕྱོགས་ཉུང་ངུས་ཕ་བོང་ལ་སོགས་འདེགས་པ་ལྕི་བ་འདེགས་པའི་བྱ་བ་ལ་དགེ་སློང་གིས་འབད་པར་མི་བྱའོ། །སྤྱི་ཚུགས་སུ་འགྲོ་བར་མི་བྱའོ་ཞེས་པ་ནི་ཊཱི་ཀར། སྤྱིའུ་ཚུགས་མཁན་ལྟར་རམ་སྟོབས་ལ་གོམས་པའི་གྱད་ཐབས་མཁན་ བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དང་། ཁྱི་འཚོང་བ་དག་གར་བྱེད་པའི་དུས་ན་ལག་པ་གཉིས་ས་ལ་བཙུགས་ལ་རྐང་པ་གཉིས་གནམ་དུ་བསྒྲེངས་ཏེ་སྤྱིའུ་ཚུགས་སུ་འགྲོ་བ་དེ་ལྟར་འགྲོ་བར་མི་བྱའོ། །ཞེས་འབྱུང་བས། ཁྱི་ཤ་ཟ་བའི་རིགས་ངན་གར་བྱེད་པའི་དབང་དུ་བྱས་པ་ ཡིན་པར་མཚོ་སྣ་པས་བཤད་དོ། །དགེ་སློང་གཏར་དཔྱད་ལ་སོགས་པ་མ་བསླབ་བམ། མི་མཁས་པས་བསླབ་པ་ལག་ལེན་ལ་སྦྱར་བར་མི་བྱའོ། །མདའ་ལ་སོགས་པ་འཕོངས་ཤིག་དང་བལྟའོ་ཞེས་པ་ལྟ་བུ་མཚོན་འཕང་བ་ལ་དགེ་སློང་གིས་བསྒོ་བར་མི་བྱའོ། །ནད་པ་ལམ་ 6-1-321b དུ་འགྲོར་མི་ནུས་པ་ལམ་དུ་མི་བཀྲིའོ། །ཊཱི་ཀར། འདི་ནི་ལམ་གྱིས་ངལ་བས་འདིའི་སྲོག་འཆད་པ་ལ་སོགས་པ་གནོད་པར་གྱུར་ན་མི་རུང་ངོ་ཞེས་དེའི་ཕྱིར་དགག་པ་མཛད་དོ་ཞེས་སོ། །གསོད་པའི་ཕམ་པར་འགྱུར་བ་འདུལ་བྱེད་དག་གོ། འདིར་སྨྲས་པ། ཚེ་རབས་དྲན་པའི་ ནུ་འབུར་མངོན་པར་མཁྲེགས། །བག་ཡོད་ག་བུར་དོ་ཤལ་མགྲིན་པར་འཚེར། །འཇིགས་མེད་དར་ལ་བབ་པའི་ན་ཆུང་འབྱོར། །ཐར་པ་འདོད་པ་རྣམས་ལ་དགའ་སྟེར་ཡིན། །རྣམ་དཔྱོད་འཁྲུལ་མེད་མིག་གིས་གཞན་བློ་ཨུཏྤལ་ནགས་ཚལ་སད་པར་བྱས། །དགེ་བའི་བཞིན་ བཟང་བདུད་རྩིའི་ཟེར་འདིས་རི་བོང་འཛིན་པ་ར་རིར་དམན། །ལེགས་བཤད་མཆུ་སྒྲོས་དམར་པོར་བབ་ཚེ་བྱུ་རུའི་ཡལ་འདབ་རྙིད་པར་འགྱུར། །མྱ་ངན་བྲལ་བའི་མཁུར་ཚོས་འོད་མཐོང་བིམ་པའི་མེ་ཏོག་ནགས་སུ་བྲོས། །གསོད་པའི་ཕམ་པར་འགྱུར་བ་རྫོགས་སོ།། །། བཞི་པ་ལ། རྣམ་འབྱེད་ཞུ་བ་འདུལ་བྱེད་བརྗོད། །དང་པོ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །དེ་ཡི་བསླབ་པར་བྱ་བའོ། །དང་པོ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཉ་པ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱས་ཉ་པའི་གྲོང་དུ་མི་ཆོས་བླ་མ་བརྫུན་དུ་སྨྲས་ནས་འོད་མ་ཅན་གྱི་གྲོང་དུ་ཕམ་པ་འདི་བཅས་སོ། །དེང་སང་གི་འདུལ་འཛིན་ཁ་ཅིག་ན་རེ། བརྫུན་སྨྲའི་ཕམ་པ་འདི་ནི་ཡུལ་ཡངས་པ་ཅན་དུ་བཅས་སོ་ཞེས་ཟེར་རོ། །དེ་ ནི་མ་ཡིན་ཏེ། ཡངས་པ་ཅན་དུ་ཉ་པ་ལྔ་བརྒྱ་པོ་རབ་ཏུ་བྱུང་ཞིང་། བསྙེན་པར་རྫོགས་ནས་དུས་ཕྱིས་འོད་མ་ཅན་གྱི་གྲོང་དུ་བརྫུན་སྨྲ་བའི་ཕམ་པ་བཅས་པ་སྟེ། ལུང་ལས་དེ་ལྟར་གསུངས་སོ། །དགག་བྱ་ནི། རང་ཆོམ་རྐུན་པའི་གྲངས་སུ་ཆུད་པ་དང་། གཞན་བསླུས་ 6-1-322a པའི་སྒོ་ནས་གནོད་པ་སྟེ། རྣམ་འབྱེད་ལས། འདི་ན་གང་ཞིག་དགྲ་བཅོམ་མ་གྱུར་པ། །བདག་ཉིད་དགྲ་བཅོམ་ཡིན་ཅེས་རྗོད་བྱེད་པ། །དེ་ནི་ཚངས་བཅས་འཇིག་རྟེན་རྐུན་པོ་དག །ཚུལ་ཁྲིམས་འཆལ་བ་ཡིན་པར་བརྗོད་པར་བྱ། །ཞེས་གསུངས་པ་དང་། བདེན་སྨྲ་ལ ་ལྟུང་བྱེད་དུ་གསུངས་ཤིང་། ཕམ་པ་འདི་ལ་བརྫུན་དུ་སྨྲས་པ་ཡན་ལག་ཏུ་དགོས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་མི་ཆོས་བླ་མའི་ཡོན་ཏན་དང་མི་ལྡན་པ་ལས་འདུ་ཤེས་བསྒྱུར་ཏེ། རང་ལ་ཡོན་ཏན་དེ་དང་ལྡན་པར་སྨྲས་ཤིང་དོན་གོ་བ་ལས་གྱུར་པའི་ ལྟུང་བ་དངོས་གཞི་རྫོགས་པའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྨྲ་བའི་ཡུལ་དང་། གང་བརྗོད་པའི་དོན་ནོ། །དང་པོ་ལ་གསུམ་སྟེ། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་དད་པའོ། །དང་ པོ་ནི་མི་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ལྔའོ། །དེ་ཡང་སྤྱིར་བསྟན་ལས་མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །རང་བཞིན་ཉམས་ པ་ནི་མ་ཡིན་ནོ། །མ་ནིང་དང་མཚན་གཉིས་པ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་གསུངས་པ་དང་གོ་རིམ་བཞིན་དུ་སྦྱར་རོ། །སེལ་བ་ནི། མི་མིན་ལ་སྨྲས་ན་སྦོམ་པོ་དང་། དུད་འགྲོ་ལ་སྨྲས་ན་ཉེས་བྱས་སུ་འགྱུར་ཏེ། འོག་མ་དག་གཞན་ལ་ན་སྨད་ཅེས་བཤད་པ་དང་། མི་ལ་དུད་འགྲོ་ཡང་ངོ་ ཞེས་པའོ། །སྨྲ་མི་ཤེས་པ་དང་། དོན་མི་གོ་བ་ལ་སྨྲས་ན་ཡང་སྦོམ་པོར་འགྱུར་ཏེ་འོག་མ་དག་ལ་ན་སྨད་ཅེས་བཤད་དོ། །སྨྱོ་བ་དང་། མ་ནིང་དང་། མཚན་གཉིས་པ་ལ་སྨྲས་ན་སྦོམ་པོར་འགྱུར་ཞེས་ལུང་ཞུ་བ་ལས་གསུངས་སོ། །གཉིས་པ་ལུས་ཐ་མལ་པར་གནས་པ་ནི། ཉན་པ་ 6-1-322b པོ་གཟུགས་གཞན་དུ་མ་སྤྲུལ་ཅིང་ལུས་མི་སྣང་བར་བྱས་པ་མ་ཡིན་པའོ། །དེ་ཡན་ལག་ཏུ་དགོས་པའི་སྒྲུབ་བྱེད་ནི་སྤྱིར་བསྟན་གྱི་ཊཱི་ཀ་ལས། རེག་པ་ལ་སོགས་པ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག་ཅེས་བཤད་པ་དང་། སྤྲུལ་པ་མོ་ཡང་དེ་བཞིན་ནོ་ཞེས་པའི་གནད་ཀྱིས་སྦྱར་ཞིང་ཞུ་ བ་ལས། སྤྲུལ་པ་མོ་ལ་འཁྲིག་ཚིག་སྨྲ་བ་ལ་སོགས་པ་ལ་ན་སྨད་དུ་གསུངས་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་བདག་ལས་ཐ་དད་པ་ནི། ཊཱི་ཀ་ལས། མནའ་འདོར་བ་ལ་དགེ་སློང་གཞན་གྱི་དྲུང་དུ་མནའ་འདོར་ན་ལྟུང་བྱེད་དུ་འགྱུར་ལ། རང་གཅིག་པུས་མནའ་འདོར་ན་ངག་ འཁྱལ་གྱི་ཉེས་པར་བཤད་པའི་གནད་ཀྱིས་སྦྱར་ཞིང་། ཞུ་བ་ལས། དབེན་པ་ལ་དབེན་པར་འདུ་ཤེས་ཏེ་སྨྲ་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པས་ཀྱང་ངོ་། །དེ་ནི་སྦོམ་པོ་བཏགས་པ་བ་ཡིན་པར་རིགས་ཏེ། དབེན་པར་རང་ཉིད་བརྫུན་ཚིག་སྨྲ་བར་བྱེད་པ་ནི་ངག་འཁྱལ་དུ་ གཏོགས་པའི་ཉེས་བྱས་སུ་འགྱུར་ཞེས་རིགས་སོ། །གཉིས་པ་གང་བརྗོད་པའི་དོན་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱི་ཡོན་ཏན་ཁྱད་པར་ཅན་ཡིན་པ་དང་། ད་ལྟ་བདག་ལ་མི་ལྡན་པ་སྟེ་མིའི་ཆོས་བླ་མ་དང་ཞེས་དང་། ཡོན་ཏན་དེ་ད་ལྟ་བདག་ལ་ ལྡན་ན་བརྫུན་སྨྲའི་ཕམ་པར་མི་འགྱུར་གྱི། བདེན་སྨྲའི་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་མི་ཆོས་བླ་མའི་བརྫུན་དུ་རང་ཉིད་ཀྱིས་སྨྲ་འདོད་རྒྱུན་ མ་ཆད་པ་སྟེ། རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་པ་དང་། སེལ་བ་གཞན་དོན་དུ་སྨྲ་ན་ནི། ལུང་ཞུ་བ་ཆུང་ཤོས་ལས། གཞན་གྱི་སླད་དུ་མི་ཆོས་བླ་མ་བརྫུན་དུ་སྨྲ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཆེ་ཤོས་ལས་བཤད་ 6-1-323a དེ། སྦྱར་བའི་ཉེས་བྱས་ལ་དགོངས་པའོ་ཞེས་རིགས་སོ། །གཞན་ཟེར་རོ་ཞེས་བསྙད་འདོགས་པས་སྨྲ་ན་སྦོམ་པོར་གསུངས་པ་དང་། འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་ཞེས་པ་དང་། བཏང་བ་ཡང་ངོ་ཞེས་སྦྱོར་བ་དང་། མཐར་ཐུག་གི་བར་དུ་ཀུན་སློང་གི་བསམ་པ་བཏང་སྟེ་ཀུན་སློང་རྒྱུན་ཆད་ན་ལྟུང་བ་མི་རྫོགས་པར་གསུངས་པས་ཤེས་སོ། །གསུམ་པ་སྦྱོར་བའི་ཡན་ལག་ནི། ངག་ཡན་ལག་ལྔ་ལྡན་གྱིས་བརྫུན་དུ་སྨྲ་བ་སྟེ། རང་གི་ངག་ཏུ་བདག་ཉིད་དང་འབྲེལ་བར་གང་ལ་བསམ་པའི་དོན་གསལ་ པོར་སྨྲ་བའོ། །དེ་ཡང་ལུང་ཞུ་བ་ལས། རྫུན་ཕྲིན་དུ་བསྐུར་བ་ལ་སོགས་པ་གཞན་སྨྲར་བཅུག་པ་ལ་སྦོམ་པོར་གསུངས་པས་ཕམ་པ་འདི་བསྐྱེད་པ་ལ། རང་གིའོ་ཞེས། ངག་ཏུ་སྨྲས་པ་ཡན་ལག་ཡིན་ནོ། །རིག་བྱེད་ནི་ངག་གིའོ་སྟེ། ལུང་ཞུ་བ་ལས། སྤྲིངས་ཡིག་དང་། ལག་བརྡ་ལ་སོགས་པ་ལུས་ཀྱི་རིག་བྱེད་ཀྱིས་བརྫུན་གོ་བར་བྱེད་ན་སྦོམ་པོར་གསུངས་པས་ཕམ་པ་འདི་བསྐྱེད་པ་ལ་ངག་གི་རིག་བྱེད་ཡན་ལག་ཡིན་ནོ། །བདག་ཉིད་དང་འབྲེལ་བར་སྨྲས་པ་ཡན་ལག་ཡིན་ནོ། །བརྗོད་པ་ནོར་ན་ཡང་ངོ་ཞེས་སྦོམ་པོར་གསུངས་པས་ཕམ་པ་འདི་ བསྐྱེད་པ་ལ། གང་ལ་བསམ་པའི་དོན་སྨྲས་པ་ཡན་ལག་ཡིན་ནོ། །གཞོགས་སྨོས་ཀྱང་ངོ་ཞེས་སྦོམ་པོར་གསུངས་པས་ཕམ་པ་འདི་བསྐྱེད་པ་ལ་གསལ་པོར་སྨྲས་པ་ཡན་ལག་ཡིན་ནོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི། ཕ་རོལ་པོས་དོན་གོ་བ་སྟེ། རྣམ་པར་རིག་བྱེད་ལ་ ནི་དོན་གོ་བའོ་ཞེས་གསུངས་ཤིང་། དོན་མ་གོ་ན་འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་གསུངས་སོ། །གཉིས་པ་ནི། གང་བྱས་ན་སྨྲ་བའི་ཕམ་པར་འགྱུར་ཞེ་ན། བདེན་པའི་འདུ་ཤེས་བསྒྱུར་ཅིང་སྦས་ཏེ་བརྫུན་པའི་འདུ་ཤེས་བཀབ་ནས། བདག་ཉིད་མིའི་ཆོས་བླ་མ་ 6-1-323b དང་ལྡན་པ་ཉིད་དུ་སྨྲ་ན་ཕམ་པར་འགྱུར་བའོ། །འདིར་འདུ་ཤེས་བསྒྱུར་ཏེ་ཞེས་པའི་ཤུགས་ཀྱིས་བསྟན་པ་ནི། ལུང་ལས། མངོན་པའི་ང་རྒྱལ་མ་གཏོགས་སོ་ཞེས་སོ། །བདག་ཉིད་ཅེས་སྨོས་པས་ནི་གཞན་ཉིད་མིའི་ཆོས་བླ་མ་དང་ལྡན་ནོ་ཞེས་བརྫུན་སྨྲས་ཀྱང་ཕམ་པར་མི་འགྱུར་ བ་དེ་བསལ་བའི་ཕྱིར་རོ། །འདིར་མི་ཆོས་བླ་མ་ཞེས་པ་ལ་བཤད་ལུགས་གཉིས་ལུང་ལས་གསུངས་ཏེ། ཐོབ་པའི་སྒོ་ནས་མིའི་ཆོས་དང་བླ་མ་གཉིས་ཡོན་ཏན་ཐ་དད་དུ་བསྟན་པ་དང་། སྤངས་པའི་སྒོ་ནས་མིའི་ཆོས་དང་བླ་མ་གཉིས་སྐྱོན་དང་ཡོན་ཏན་དུ་བསྟན་པའོ། །དང་པོ་ ལྟར་ན། མིའི་ཆོས་ནི་མཐར་ཐུག་གི་ཡོན་ཏན་མྱ་ངན་ལས་འདས་པ་ཡིན་ལ། བླ་མ་ནི་གནས་སྐབས་ཀྱི་ཡོན་ཏན་ཁམས་གོང་མའི་སེམས་སོ། །ལུང་རྣམ་འབྱེད་ལས། མིའི་ཆོས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་མི་རྣམས་ཀྱིས་ཐོབ་ཅིང་ཟ་མ་དང་མ་ནིང་གིས་ཀྱང་མི་ འཐོབ་ན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་ལས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་ལས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ་ཞེས་གསུངས་སོ། །དེ་ལྟར་ན་ མིའི་ཆོས་ནི་མཐར་ཐུག་དང་། བླ་མ་ནི་གནས་སྐབས་ཀྱི་ཡོན་ཏན་ཡིན་ནོ། །གཉིས་པ་ལྟར་ན། འོད་ལྡན་ལས། མིའི་ཆོས་བླ་མ་ཞེས་གསུངས་སོ། །དེ་ཡང་མིའི་ཆོས་སྒྲིབ་པ་ལྔ་སྤངས་པ་སྟེ། ལུང་རྣམ་འབྱེད་ལས། མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ། བླ་མ་ཞེས་ བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ་གསུངས་སོ། །སྒྲིབ་པ་ལྔ་ནི་འདོད་འདུན་དང་། གནོད་སེམས་དང་། གཉིད་རྨུགས་དང་། རྒོད་འགྱོད་དང་། ཐེ་ཚོམ་སྟེ་ལྔའོ། །དེ་དག་ལས་འདོད་འདུན་ནི་ཕྱི་ནང་གི་འདོད་ཡོན་ལྔ་ལ་ཆགས་ཤིང་ཐོབ་པར་འདུན་པ་དང་། གནོད་སེམས་ནི་གཞན་ 6-1-324a ལ་གནོད་པའི་བསམ་པ་དང་། གཉིད་ནི་འཇུག་པ་རང་དབང་མེད་པར་སེམས་སྡུད་པ་དང་། རྨུགས་པ་ནི་རིག་པ་གསལ་སྣང་མེད་པར་སློང་སློང་པོ་ཉིད་དང་། རྒོད་པ་ནི་སེམས་རྣམ་པར་མ་ཞི་བ་རྣམ་པར་འཕྲོ་བ་དང་། འགྱོད་པ་ནི་ངན་པར་བྱས་པ་ཡིད་ ལ་གཅགས་པ་དང་། ཐེ་ཚོམ་ནི་ཆོས་ཀྱི་དོན་ལ་ཐེ་ཚོམ་ཟ་བའོ། །དེ་དག་ལ་ཅིའི་ཕྱིར་སྒྲིབ་པ་ཞེས་བྱ་ཞེ་ན། ལྔ་པོ་དེ་དག་ཆོས་ཅན། སྒྲིབ་པ་ཡིན་ཏེ། བསླབ་པ་གསུམ་ལ་སྒྲིབ་པའི་ཕྱིར་རོ། །སྤྱིར་ན་སྒྲིབ་པ་ལྔ་པོ་ཐམས་ཅད་ཀྱིས་བསླབ་པ་གསུམ་ཆར་ལ་སྒྲིབ་མོད་ཀྱི། བྱེ་བྲག་ ཏུ་འདོད་འདུན་དང་གནོད་སེམས་ཀྱིས་ཚུལ་ཁྲིམས་ལ་སྒྲིབ། གཉིད་རྨུགས་དང་རྒོད་འགྱོད་ཀྱིས་ཏིང་ངེ་འཛིན་ལ་སྒྲིབ། ཐེ་ཚོམ་གྱིས་ཤེས་རབ་ཀྱི་བསླབ་པ་ལ་བསྒྲིབས་ཏེ་དེ་ལྟར་རྣམ་བཤད་རིག་པ་ལས་བཤད་དོ། །གཉིས་པ་ལ། དངོས་གཞི་ན་སྨད་བཅས་ཏེ་བསྟན། ན་སྨད་དོགས་གཅོད་དང་བཅས་སོ། །དང་པོ་ལ། འབྲས་བུའི་སྒོ་ནས་བརྗོད་པ་དང་། །ངོ་བོའི་སྒོ་ནས་བརྗོད་པ་དང་། །དེ་ཆོས་སྒོ་ནས་བརྗོད་པའོ། །དང་པོ་ལ། དངོས་གཞི་ཉིད་ཀྱི་ལྟུང་བ་དང་། །ལྟུང་བ་ཉིད་ཀྱི་ན་སྨད་དོ། །དང་པོ་ནི། དེ་ཡང་དཔེར་ན་མེ་གང་ན་ཡོད་ ཅེས་དྲིས་པ་ན། ས་ཕྱོགས་འདི་ན་དུ་བ་དྲག་ཏུ་འཕྱུར་བཞིན་པ་ཡོད་དོ་ཞེས་བརྗོད་པ་ལྟར་རོ། །འབྲས་བུའི་སྒོ་ནས་བརྗོད་པ་ནི། ལྷ་དང་ཀླུ་མཐོང་ངོ་ཞེས་པ་ལ་སོགས་པ་འདི་དག་ཆོས་ཅན། འབྲས་བུའི་སྒོ་ནས་བརྗོད་པ་ཡིན་ཏེ། བསམ་གཏན་གྱི་སེམས་ཐོབ་པའི་འབྲས་བུ་ མངོན་ཤེས་ཀྱི་ཡོན་ཏན་གྱི་སྒོ་ནས་བརྗོད་པའི་ཕྱིར། དེ་ཡང་འོད་ལྡན་ལས། བསམ་གཏན་ལ་སོགས་པ་མི་སྲིད་པ་ལ་ནི་ལྷ་ལ་སོགས་པ་བལྟ་བ་དང་། བསྙེན་བཀུར་བྱེད་པ་མི་སྲིད་པའི་ཕྱིར་ཞེས་བཤད་པ་ལྟར། རྒྱུ་བསམ་གཏན་གྱི་སེམས་མ་ཐོབ་པར་འབྲས་བུ་མངོན་ 6-1-324b ཤེས་ཀྱི་དབང་གིས་ལྷ་ལ་སོགས་པ་མཐོང་བ་མི་འབྱུང་བའི་ཕྱིར་ཏེ། དཔེར་ན་མེ་མེད་ན་དུ་བ་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་བདག་གིས་ལྷ་རྣམས་མཐོང་ངོ་། །ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །བདག་གིས་ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ཀྱིས་ཀྱང་བདག་ གི་སྒྲ་ཐོས་སོ། །ལྷ་རྣམས་ཀྱི་དྲུང་དུ་བདག་འགྲོའོ། །ལྷ་རྣམས་བདག་གི་དྲུང་དུ་འོང་ངོ་། །ལྷ་ཅིག་ཚུར་ཤོག །འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་གཏམ་འདྲིའོ། །ཡིད་འབེབས་པར་བྱེད་པས་བག་ཕེབས་པར་སྨྲའོ། །ཡོན་ཏན་གྱི་ཚོགས་ལེགས་པར་ བསྒྲགས་པས་ཕན་ཚུན་སོ་སོར་ཀུན་དགའོ། །ཞེས་པ་འདི་གསུམ་ལ་བདག་དང་ཞེས་སྐྱེས་བུ་བྱེད་པའི་ཚིག་སྨོས་དགོས་ཏེ་ཊཱི་ཀར། བདག་དང་ལྷན་ཅིག་གཏམ་འདྲིའོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་དང་སྦྱོར་དུ་མི་རུང་བས་དེའི་ཕྱིར་སྐྱེས་བུ་དང་པོས་བསྒྱུར་བ་ བྱས་ཏེ། བདག་དང་ལྷན་ཅིག་གཏམ་འདྲི་བར་བྱེད་ཅེས་སོགས་སོ། །ལྷ་ཀླུ་སོགས་དང་བདག་དང་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་སྨྲ་བ་ནི་བདག་ཉིད་མི་ཆོས་བླ་མ་དང་ལྡན་པར་སྨྲ་བ་དེ་ཉིད་དོ། །དེ་ཡང་མཐོང་ངོ་། །བདག་མཐོང་ངོ་གཉིས་དང་། འགྲོ་འོང་ གཉིས་དང་། ལྷན་ཅིག་གནས་པར་བྱེད་དོ་ཞེས་ལྔ་དང་། ལྷག་མ་སྒྲ་ཐོས་པ་ལ་སོགས་པ་ལྔས་ལྷའི་མིག་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་ཉིད་གོ་རིམ་བཞིན་དུ་བསྟན་ཏོ། །ལྷ་རྣམས་ཀྱིས་བདག་མཐོང་བ་དང་། བདག་གི་སྒྲ་ཐོས་པ་དང་། བདག་གི་དྲུང་དུ་འོང་ངོ་ ཞེས་སྨྲས་པ་ནི་དོན་དང་མཐུན་པར་སྨྲས་པ་ཡིན་པའི་ཕྱིར། འདིར་བརྫུན་དུ་སྨྲས་པ་ཡིན་པར་མི་འཐད་དོ་ཞེ་ན། ལུང་གཞི་ལས། ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ངོ་། །ལྷ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ་ཞེས་གསུངས་ཏེ། ཀྱང་ཞེས་སྡུད་པའི་སྒྲ་བརྗོད་པས་བདག་ 6-1-325a གིས་ལྷ་རྣམས་མཐོང་བར་མ་ཟད། ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ཞེས་བདག་གིས་ལྷ་མཐོང་བ་དང་། ལྷས་བདག་མཐོང་བ་ཚོགས་དོན་དང་། ཐོས་པ་ཚོགས་དོན་བསྟན་པ་ཡིན་པས་འགལ་བ་མེད་དོ། །བརྒྱ་བྱིན་སོགས་ལྷ་དང་། ཀླུ་ཕྲ་མོ་དང་། ལྷ་གནས་སུ་མཆོད་གཏོར་ལེན་པའི་གནོད་སྦྱིན་དང་། ལྷའི་དྲུང་ན་རོལ་མོ་བ་གླུ་ལེན་པའི་དྲི་ཟ་དང་། དུད་འགྲོ་མིའི་རྣམ་པ་ཅན་གཟུགས་བཟང་བ་མིའམ་ཅི་དང་། དགའ་བོ་དང་ཉེ་དགའ་བོ་སོགས་སྦྲུལ་ཆེན་པོ་ལྟོ་བས་འགྲོ་བ་ལྟོ་འཕྱེ་ཆེན་པོ་དང་། རྐང་པ་ཕྱིར་ལྟ་བ་ལྟོགས་ པའི་ཡི་དྭགས་དང་། ཤ་ཁྲག་ཟ་བའི་ནག་པོ་ཆེན་པོ་སོགས་ཤ་ཟ་དང་། འབྲས་བུ་བུམ་པ་འདྲ་བས་གྲུལ་བུམ་དང་། ལུས་ཐུང་བ་དྲི་ང་བསེག་དང་རེ་ལྡེ་གྱོན་པ་ལུས་སྲུལ་པོ་དང་ངོ་། །ལུང་གཞི་དང་། ལས་ཆོག་ལས། ནམ་མཁའ་ལྡིང་གསུངས་པ་ནི་འདིར་ཀླུས་མཚོན་ ཏེ་འགལ་ཟླས་འགལ་ཟློར་རྟོགས་པའི་དབང་དུ་བྱས་ལ། སྲུལ་པོ་ནི་ལུས་སྲུལ་པོས་མཚོན་ཏོ། །ལྷ་དང་། གནོད་སྦྱིན། དྲི་ཟ་ནི་ལྷའི་བྱེ་བྲག །ཀླུ། མིའམ་ཅི། ལྟོ་འཕྱེ་ཆེན་པོ་ནི་དུད་འགྲོ། ལྷག་མ་བཞི་ནི་ཡི་དྭགས་སོ། །དྲི་ཟ་ནི་ལྷ་ལས་གཞན་པ་བར་སྲིད་ལ་གནས་ པ་ལའང་བཤད་པས་བར་དོ་ཚེ་ཕྱི་མའི་ཁོངས་སུ་གཏོགས་ཏེ། ཇི་སྐད་དུ། དེ་ནི་འཕེན་པ་གཅིག་པའི་ཕྱིར། ཞེས་པས་འགྲོ་བ་ལྔ་ཅི་རིགས་པར་བསྡུའོ། །ཟླ་ཉིད་ལའོ་སྟེ། མཐོང་ཐོས་ལ་སོགས་པ་བཅུ་པོ་རེ་རེ་ཡང་། ལྷ་ཀླུ་སོགས་བཅུ་པོ་དང་སྦྱར་བས་སྦྱོར་བའི་བྱེ་ བྲག་བརྒྱའོ། །གཉིས་པ་ནི། སྦོམ་པོའི་དབང་དུ་བྱས་པ་ཉིད་ནི་ཟླ་ཉིད་རྡུལ་ཁྲོད་ཀྱི་ཤ་ཟ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་བརྗོད་པའོ། །རྣམ་འབྱེད་འགྲེལ་པ་ལས། རྡུལ་ཁྲོད་ཀྱི་ཤ་ཟ་ནི་ཕྱག་དར་ཁྲོད་ཀྱི་འདྲེའམ་འཚུབ་མའི་ནང་དུ་འདུག་པའི་འདྲེའོ་ཞེས་སོ། །འཚུབ་མར་ 6-1-325b བརྫུ་ནུས་པ་ཞིག་ཡོད་དེ་ཞེས་འགྲེལ་ཆུང་ལས་བཤད་དོ། །གཉིས་པ་ལ། ལྟུང་བ་ཉིད་ཀྱི་དངོས་གཞི་བཤད། །དངོས་གཞི་ཉིད་ཀྱི་ན་སྨད་བསྟན། །དང་པོ་ནི། མི་རྟག་པ་ལ་སོགས་པའི་འདུ་ཤེས་དང་ཞེས་པ་ཊཱི་ཀ་ལས། མི་རྟག་པའི་འདུ་ཤེས་ལ་སོགས་པ་འདུ་ཤེས་བཅུ་ དང་། མི་སྡུག་པའི་འདུ་ཤེས་ལ་སོགས་པ་འདུ་ཤེས་བཅུ་སྟེ། མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་ མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། །འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བརྔོས་པའི་འདུ་ཤེས་དང་། རྣམ་པར་ རྣག་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་ དུ་སོ་སོར་རྟོགས་པའི་འདུ་ཤེས་སོ་ཞེས་གསུངས་པས་འདུ་ཤེས་ཉི་ཤུ་དང་། ཡང་ཊཱི་ཀར། སོགས་པ་ཞེས་བྱ་བའི་སྒྲ་དང་པོ་འདིས་ནི་མདོ་སྡེ་ལས་གསུངས་པའི་འདུ་ཤེས་དེ་དག་བསྡུའོ་ཞེས་སོ། །བསམ་གཏན་བཞི་པོ་རྣམས་དང་ཞེས་པ་ནི། བསམ་གཏན་དང་པོའི་ ཡན་ལག་ལྔ་ལས་རྟོག་པ་དང་། དཔྱོད་པ་ནི་གཉེན་པོའི་ཡན་ལག་སྟེ། འདོད་ཁམས་ཀྱི་སྐྱོན་དང་། བསམ་གཏན་དང་པོའི་ཡོན་ཏན་ལ་རྩིང་དུ་རྟོག་པ་བྱས། ཞིབ་ཏུ་དཔྱོད་པ་ཡིན་ཏེ། མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། ཅེས་སོ། །དགའ་བ་དང་ 6-1-326a བདེ་བ་གཉིས་ཕན་ཡོན་གྱི་ཡན་ལག་སྟེ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་སྐྱེས་པའི་དགའ་བ་དང་། ལུས་ཀྱི་རྣམ་ཤེས་ཀྱི་འཁོར་དུ་སྐྱེས་པའི་བདེ་བའོ། །སེམས་རྩེ་གཅིག་པ་ངོ་བོའི་ཡན་ལག་ཡིན་ནོ། །དེ་ཡང་མཛོད་ལས། དང་པོ་ལ་ལྔ་ རྟོག་དཔྱོད་དང་། །དགའ་དང་བདེ་དང་ཏིང་འཛིན་རྣམས། །ཞེས་སོ། །བསམ་གཏན་གཉིས་པ་ནི་ཡན་ལག་བཞི་ལྡན་ཏེ། ནང་རབ་ཏུ་དྭང་བ་ནི་གཉེན་པོའི་ཡན་ལག་སྟེ། རྟོག་པ་དང་དཔྱོད་པའི་རྙོག་པ་མེད་པར་ཤེས་རྒྱུད་རབ་ཏུ་དྭང་བའོ། །དགའ་བདེ་གཉིས་ནི་ཕན་ ཡོན་གྱི་ཡན་ལག་སྟེ། སེམས་རྩེ་གཅིག་པ་ནི་ངོ་བོའི་ཡན་ལག་གོ། དེ་ཡང་མཛོད་ལས། གཉིས་པ་ལ་ནི་ཡན་ལག་བཞི། །རབ་དྭང་དང་ནི་དགའ་ལ་སོགས། །ཞེས་སོ། །བསམ་གཏན་གསུམ་པའི་ཡན་ལག་ལ་ལྔ་སྟེ། བཏང་སྙོམས་དྲན་པ་ཤེས་བཞིན་ དང་གསུམ་ནི་གཉེན་པོའི་ཡན་ལག །ཚོར་བ་བདེ་བ་ནི་ཕན་ཡོན་གྱི་ཡན་ལག །སེམས་རྩེ་གཅིག་པ་ནི་ངོ་བོའི་ཡན་ལག་གོ། དེ་ཡང་མཛོད་ལས། གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་བཞིན་བདེ་དང་གནས། །ཞེས་སོ། །བསམ་གཏན་བཞི་ པ་ནི་ཡན་ལག་བཞི་ལྡན་ཏེ། དྲན་པ་ཡོངས་སུ་དག་པ་དང་བཏང་སྙོམས་ཡོངས་སུ་དག་པ་གཉིས་ནི་གཉེན་པོའི་ཡན་ལག །ཚོར་བ་བཏང་སྙོམས་ནི་ཕན་ཡོན་གྱི་ཡན་ལག །སེམས་རྩེ་གཅིག་པ་ནི་ངོ་བོའི་ཡན་ལག་གོ། དེ་ཡང་མཛོད་ལས། མཐའ་ན་བཞི་དྲན་ བཏང་སྙོམས་དང་། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །ཞེས་སོ། །བསམ་གཏན་རྣམས་དང་ཞེས་པའི་སྐབས་འདིར། ལུང་རྣམ་འབྱེད་ལས། བསམ་གཏན་བཞི་པོ་དག་སྟེ་སྙོམས་པར་འཇུག་པ་ལས་ཡིན་གྱི། སྐྱེ་བ་ལས་ནི་མ་ཡིན་ནོ་ཞེས་གསུངས་སོ། ། 6-1-326b དེ་ཡང་རྒྱུ་སྙོམས་འཇུག་གི་བསམ་གཏན་དང་། འབྲས་བུ་སྐྱེ་བའི་བསམ་གཏན་ནི། རྒྱུ་བསམ་གཏན་གྱི་ཏིང་ངེ་འཛིན་དང་། འབྲས་བུ་ཚངས་པ་སོགས་གཟུགས་ཁམས་ཀྱི་ལྷ་རྣམས་ཏེ་གོ་རིམ་བཞིན་ནོ། །སྐྱེ་བ་ལས་ནི་མ་ཡིན་ནོ་ཞེས་གསུངས་པ་དེ་ཡང་། ང་ནི་ལྷ་ཚངས་ པ་ཡིན་ནོ་ཞེས་བརྫུན་དུ་སྨྲས་པ་ནི་ཕམ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཚད་མེད་པ་རྣམས་དང་ཞེས་པ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པའོ། །དེ་དག་ནི་ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་སྙམ་དུ་དང་། ཀྱེ་མ་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་དུ་དང་། ཀྱེ་མ་སེམས་ཅན་རྣམས་ཡིད་དགའ་བར་གྱུར་ཅིག་སྙམ་དུ་དང་། ཀྱེ་མ་སེམས་ཅན་རྣམས་ལ་སེམས་མཉམ་མོ་སྙམ་དུ་ཡིད་ལ་བྱེད་པ་སྟེ་གོ་རིམ་བཞིན་ནོ། །དེའང་ཀུན་མཁྱེན་དབྱིག་གཉེན་གྱིས། ཀྱེ་མ་བདེ་ གྱུར་སྡུག་བསྔལ་དང་། །དགའ་གྱུར་སེམས་ཅན་རྣམས་མཉམ་པ། །ཞེས་བཤད་དོ། །ཅིའི་ཕྱིར་ཚད་མེད་པ་ཞེས་བྱ་ཞེ་ན། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་དང་། བསྒོམས་ན་བསོད་ནམས་ཚད་མེད་པའི་ཕྱིར་རོ། །གཟུགས་མེད་པ་རྣམས་དང་ཞེས་ པ་དེའི་སྙོམས་པར་འཇུག་པ་བཞི་པོ་ནི་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེ་ཡང་ཆོས་ཐམས་ཅད་ནམ་མཁའ་ཙམ་དུ་ཡིད་ལ་བྱེད་ཅིང་ སྙོམས་པར་འཇུག་པ་དང་། ཆོས་ཐམས་ཅད་རྣམ་པར་ཤེས་པ་ཙམ་དུ་ཡིད་ལ་བྱེད་པ་དང་། ཆོས་ཐམས་ཅད་ཅི་ཡང་མེད་དོ་སྙམ་དུ་ཡིད་ལ་བྱེད་པ་དང་། འདུ་ཤེས་རགས་པ་མེད་ཅིང་འདུ་ཤེས་ཕྲ་བ་མེད་པ་མ་ཡིན་པ་ཉིད་དུ་ཡིད་ལ་བྱེད་ཅིང་སྙོམས་པར་འཇུག་པ་སྟེ་གོ་རིམ་ 6-1-327a བཞིན་ནོ། །འབྲས་བུ་རྣམས་དང་ཞེས་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་བཞིའོ། །མངོན་པར་ཤེས་པ་ཞེས་པ་ནི་དྲུག་སྟེ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་མིག་གིས་འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའོ། །སྔ་མ་ལྔ་ནི་ཕྱི་རོལ་པ་དང་ཐུན་མོང་ཡིན་ལ། དྲུག་པ་ནི་འཇིག་རྟེན་ལས་འདས་པའི་ཐུན་མོང་མིན་པའོ། །མི་རྟག་ པའི་འདུ་ཤེས་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་མངོན་པར་རྟོགས་པ་ལས་བྱུང་བར་བརྗོད་ན་ཕམ་པར་འགྱུར་གྱི། ཐོས་བསམ་གྱིས་ལུང་གི་དོན་ཤེས་སོ་ཞེས་བརྗོད་ན་ཕམ་པ་མི་བསྐྱེད་དེ། འོད་ལྡན་ལས། ཚིག་འདི་ནི་རྟོགས་པའི་རང་བཞིན་ཡིན་གྱི། །ལུང་ནི་མ་ཡིན་ནོ་ཞེས་ གསུངས་སོ། །ལ་སོགས་པ་ཞེས་པས་མདོ་སྡེ་དང་། མཚན་ཉིད་ལས་གསུངས་པའི་ཟད་པར་དང་ཟིལ་གནོན་ལ་སོགས་པ་ཡང་བསྡུས་སོ། །དེ་ལྟ་བུའི་ཟག་བཅས་ཟག་མེད་ཀྱི་ཡོན་ཏན་ཡོད་པར་བརྗོད་པ་ནི་མིའི་ཆོས་བླ་མ་སྟེ་སྨྲས་ན་ཕམ་པ་བསྐྱེད་དོ། །གཉིས་པ་ནི། སྦོམ་ པོའི་དབང་དུ་བྱས་པ་ཉིད་ནི་འདི་ལྟར་ཞི་གནས་ཀྱི་རྒྱུ་མཚན་ཞེས་པ། ཊཱི་ཀ་ལས། ཞི་གནས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། མོས་པ་ཡིད་ལ་བྱེད་པ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའོ། །ཞེས་སོ། །དེ་ཡང་དང་པོ་ས་གཞི་ཀེང་རུས་སུ་བསྒོམ་པ་ལྟ་བུ་ ཡིན་ལ། གཉིས་པ་བདག་མེད་པ་ལྟ་བུ་བསྒོམ་པའོ། །དེས་ན་བསམ་གཏན་དང་པོའི་དངོས་གཞི་ཏིང་ངེ་འཛིན་མ་སྐྱེས་ཀྱང་། སྐྱེ་བ་ལ་ཉེ་བར་ཕྱོགས་པ་སྟེ། འོད་ལྡན་ལས། དེ་ལས་འདིར་སེམས་རྩེ་གཅིག་པ་ལ་ཕྱོགས་པ་ཙམ་ཡིན་གྱི། ཞེས་བཤད་དོ། །འདི་ནི་ཡིད་ལ་བྱེད་ 6-1-327b པའི་ཁྱད་པར་རོ། །དེ་ནི་འདོད་ཁམས་ཀྱི་སེམས་རང་གི་མཚན་ཉིད་འཛིན་པ་སྟེ། ཊཱི་ཀ་ལས། རང་གི་མཚན་ཉིད་འཛིན་པ་ན་སྤྱོད་པའི་ཐོས་པ་དང་། བསམ་པ་ལས་བྱུང་བའི་ཤེས་པ་མི་སྡུག་པ་ལ་སོགས་པ་ལ་དམིགས་པས་ཞེས་སོ། །དེའི་བྱེད་ལས་ཉོན་མོངས་པ་རྣམ་པར་གནོན་ པའོ། །ཞེས་པ་སྟེ་དེ་ལྟ་བུ་བདག་ལ་ཡོད་དོ་ཞེས་བརྫུན་སྨྲ་ན་སྦོམ་པོའོ། །ཞི་གནས་ཀྱི་རྒྱུ་མཚན་ཐོབ་ཅེས་བརྫུན་སྨྲ་ན་ལྟུང་བ་ན་སྨད་པར་ངེས་སམ་ཞེ་ན། ཊཱི་ཀར། སྒོམ་པ་ལས་བྱུང་བ་མི་ལྕོགས་མེད་པས་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། དེ་མ་ཐོབ་པར་འདུ་ཤེས་བསྒྱུར་ཏེ་ སྨྲས་ན་ནི་ཕམ་པར་འགྱུར་ཞེས་སོ། །དེ་ཡང་མི་ལྕོགས་མེད་པའི་དོན་དཔེར་ན། ཟམ་པ་བཟང་པོ་མེད་ཀྱང་ཐག་ཟམ་ལ་བརྟེན་ནས་ཆུ་བོའི་ཕ་རོལ་དུ་འགྲོ་བར་མི་ལྕོགས་པ་མེད་དེ། དེར་འགྲོ་བ་ལྕོགས་པ་ལྟར་བསམ་གཏན་གྱི་དངོས་གཞི་མ་ཐོབ་ཀྱང་བསམ་གཏན་གྱི་ཉེར་བསྡོགས་ ཞི་གནས་ཀྱི་རྒྱུ་མཚན་ལ་བརྟེན་ནས་འཕགས་པའི་ཆོས་ཐོབ་པ་མི་ལྕོགས་པ་མེད་དེ། ཐོབ་པར་ལྕོགས་པའི་ཕྱིར། དེ་མ་ཐོབ་པར་ཐོབ་བོ་ཞེས་སྨྲ་ན་འཕགས་པའི་ཆོས་མ་ཐོབ་པ་ཐོབ་བོ་ཞེས་སྨྲས་པས་ཕམ་པར་འགྱུར་བའོ། །གསུམ་པ་ནི། དེའི་ཆོས་ཀྱི་སྒོ་ནས་བརྗོད་པ་ནི། ཁྱིམ་རྣམས་སུ་མགྲོན་དུ་བོས་པ་ན། སྟན་ཁྲ་བོ་ཤོམ་པ་ནི་འཕགས་པ་རྣམས་ཀྱི་ཁྱད་པར་གྱི་ཆོས་སུ་གྲགས་པ་ན། དེར་བདག་ལ་ཡང་སྟན་ཁྲ་བོ་ཤོམ་པར་བྱེད་དོ་ཞེས་ཟེར་བ་ལྟ་བུ་སྟེ། བདག་ཉིད་མིའི་ཆོས་བླ་མ་དེ་དང་ལྡན་པའི་ཆོས་ཅན་ཉིད་དུ་སྨྲ་བ་ནི་མིའི་ཆོས་བླ་མ་དེ་དང་ ལྡན་པ་ཉིད་དུ་མ་སྨྲས་པ་མ་ཡིན་ཏེ་སྨྲས་པའི་ཕམ་པ་ཁོ་ན་བསྐྱེད་དོ། །གཉིས་པ་ནི། བདག་ཅག་གི་ནང་ན་དགྲ་བཅོམ་པ་ཡོད་དོ། །ཞེས་སམ། དགེ་སློང་ལྷ་མཐོང་བ་ལ་སོགས་པ་དེ་དག་ཡོད་དོ་ཞེས་བསམ་པ་ནི་རང་ལ་གོ་བར་འདོད་པས་རང་གི་བསམ་པ་དང་བཅས་པ་ཡིན་ 6-1-328a ལ། སྦྱོར་བ་ནི་གཞན་ལ་སྦྱོར་ཞིང་སྟོན་པ་ནི་སྦོམ་པོར་གྱུར་པ་ཉིད་དོ། །བདག་ཅག་གི་ནང་ན་དགྲ་བཅོམ་པ་ཡོད་དོ་ཞེས་སྔར་སྨྲས་ནས། དེ་ནི་ང་ཉིད་དོ་ཞེས་རང་ལ་ཉེ་བར་སྦྱོར་ན་ནི་གཞན་ལ་སྦྱོར་ཞིང་སྟོན་པ་ཉིད་མ་ཡིན་ལ། ལྟུང་བ་ན་སྨད་པ་ཉིད་མ་ཡིན་ ཏེ་ཕམ་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། ལེགས་པར་མ་བསམ། ལེགས་པར་མ་བརྟགས་པར་འདས་པ་དང་མ་འོངས་པ་ལ་སོགས་པའི་ཡུལ་བསྟན་པར་མི་བྱའོ། །བྱས་ན་ཉེས་བྱས་སུ་འགྱུར་རོ། །ཊཱི་ཀར། ཅི་ནས་ཀྱང་ཕྱིས་འཇིག་རྟེན་དག་ཡིད་མི་ཆེས་པར་མི་འགྱུར་བ་ དེ་ལྟར་བསམ་པར་བྱའོ་ཞེས་སོ། །སྨྲ་བའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ།། །།གཉིས་པ་ཞུ་བ་ལ། དངོས་གཞི་ཉིད་ཀྱི་ལྟུང་བ་བརྗོད། །ལྟུང་བའི་ན་སྨད་བརྗོད་པའོ། །དང་པོ་ནི། བདག་ནི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ལས་ཉམས་པའོ་ཞེས་སྨྲ་བ་ལྟ་བུ་སྟེ། མིའི་ཆོས་ བླ་མ་སྔོན་ཐོབ་པ་ཡོངས་སུ་ཉམས་པ་གཞན་ལ་གོ་བར་བྱེད་པ་ན་མིའི་ཆོས་བླ་མ་མ་བརྗོད་པ་མ་ཡིན་ནོ་སྟེ་ཕམ་མོ། །དེ་ཡང་མཛོད་ལས། ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། །ཞེས་བཤད་པ་ལྟར། ཐོབ་པ་ལས་ཉམས་པར་བརྗོད་པ་ནི། རྒྱུན་ ཞུགས་ཐོབ་པ་ལས་སོ་སྐྱེར་ཉམས་མི་སྲིད་པའི་ཕྱིར་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ལས་ཉམས་པའོ་ཞེས་བརྗོད་པ་ལྟ་བུ་བདག་ནི་མིའི་ཆོས་བླ་མ་སྔོན་ཐོབ་པ་ལས། ད་ལྟ་ཡོངས་སུ་ཉམས་པ་ཡིན་ནོ་ཞེས་གཞན་ལ་གོ་བར་བྱེད་ན་ཕམ་པར་འགྱུར་རོ། །འོན་ཀྱང་བསམ་གཏན་གྱི་ སེམས་སྔར་ཐོབ་པ་ལས་ཉམས་པ་ན་ཐོབ་པ་ལས་ཉམས་པ་ཡིན་ནོ་ཞེས་སྨྲས་པ་ལྟ་བུའམ། ཉམས་པའི་ཆོས་ཅན་གྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལས་ཉམས་པ་ཡིན་ནོ་ཞེས་སྨྲས་ན་ནི་བརྫུན་དུ་མི་འགྱུར་བར་བདེན་པར་སྨྲ་བ་ཡང་སྲིད་དེ། མཛོད་ལས། ཉམས་གྱུར་དང་པོ་ 6-1-328b ལས་མ་ཡིན། །ཅེས་བཤད་དོ། །ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཐོབ་པ་ལས་ཉམས་པ་ན། དེ་ལྟར་འདུ་ཤེས་ཏེ་དགྲ་བཅོམ་པ་ཐོབ་པ་ལས་ཉམས་པ་ཡིན་ནོ་ཞེས་པ་ཆོས་ཅན། བརྫུན་སྨྲ་མ་ཡིན་པར་ཐལ། བདེན་པར་སྨྲ་བ་ཉིད་ཡིན་པའི་ཕྱིར། འགྲེལ་ཆུང་ལས། དགྲ་བཅོམ་པ་དབང་པོ་རྟུལ་པོ་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ན་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་རོ་ཞེས་བཤད་དོ། །འདི་ནི་བྱེ་སྨྲའི་ལུགས་ཡིན་གྱི། མདོ་སྡེ་པ་ནི་དགྲ་བཅོམ་ཐོབ་པའི་འབྲས་བུ་ལས་ཉམས་པ་མི་སྲིད་པར་འདོད་དོ། །མ་ ཐོབ་པ་ཉམས་པར་བརྗོད་ན་ནི། བདག་ནི་དགྲ་བཅོམ་པ་མ་ཐོབ་པས་ཉམས་པའོ་ཞེས་བརྗོད་ན་དྲང་པོར་གོ་བར་འདོད་ན་ནི་ཉེས་པ་མེད་ལ། དགྲ་བཅོམ་པ་མ་ཐོབ་བོ་ཞེས་བརྗོད་པ་ཉིད་ཀྱིས་ཐོབ་པར་གོ་བར་འདོད་ན་ནི་གཞོགས་སྨོས་ཀྱི་སྦོམ་པོར་འགྱུར་ཏེ་དེ་ལྟར་ཊཱི་ཀ་ལས་ བཤད་དོ། །ཉེ་བར་སྤྱད་པ་ལས་ཉམས་པར་བརྗོད་ན་ནི། བདག་གིས་ནི་ཤེས་བཞིན་གྱི་རྫུ་འཕྲུལ་བྱེད་བཞིན་པ་མ་ཡིན་པས་རྫུ་འཕྲུལ་དེ་ཉེ་བར་སྤྱད་པ་ལས་ཉམས་པ་ཡིན་ནོ། །ཞེས་རྫུན་སྨྲ་ལྟ་བུ་ལ་ཕམ་པ་བསྐྱེད་པར་རིགས་སོ། །གཉིས་པ་ནི། ཤིང་ཐོག་ལག་ ན་ཐོགས་ཏེ། ངས་འབྲས་བུ་ཐོབ་བོ་ཞེས་སྨྲས་པ་ལྟ་བུ་སྟེ་མིའི་ཆོས་བླ་མ་གོ་བར་འདོད་པ་ནི་མེད་ཀྱང་བརྗོད་པར་འདོད་པ་ནི་ཡོད་པའི་འདུན་པས། མིའི་ཆོས་བླ་མ་དང་དོན་མི་མཐུན་ཀྱང་མིང་མཐུན་པའི་དོན་བརྗོད་ན་སྦོམ་པོའོ། །ཊཱི་ཀར། དཔེར་ན་བདག་ནི་སློབ་པ་སྟེ། སོ་ སོར་ཐར་པའི་སྡོམ་པ་ལ་སོགས་པ་ལ་ལོ་མ་མི་བཅད་པ་ལ་སོགས་པ་ལ་སློབ་པ་ཉིད་ལས་བསམས་ཏེ། བདག་ནི་སློབ་པའོ་ཞེས་བྱ་བའི་ཚིག་བརྗོད་ན་སྦོམ་པོའོ་ཞེས་སོ། །བདག་གིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ་ཞེས་བརྫུན་སྨྲ་བར་བསམ་པ་ལས་ནོར་ཏེ། བདག་གིས་ 6-1-329a དགྲ་བཅོམ་པ་ཐོབ་བོ་ཞེས་བརྗོད་པ་ལྟ་བུ་ནོར་ན་སྦོམ་པོར་འབྱུང་བ་ཡང་ངོ་། །ངས་མི་ཆོས་བླ་མ་ཐོབ་བོ་ཞེས་གསལ་པོར་མ་བརྗོད་ཀྱང་། ཟུར་གྱིས་གཞོགས་སྨོས་ཏེ་བྱེད་པས་ཀྱང་སྦོམ་པོའོ། །ཊཱི་ཀར། དཔེར་ན་ཨེ་མ་ཧོ་ཁྱོད་ཁོ་བོ་ཅི་འདྲ་བ་དེ་འདྲ་བར་ འགྱུར་རོ། །ཁོ་བོ་དང་ཁྱོད་དང་ཡུ་བུ་ཅག་འདི་ལྟར་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་འགྱུར་རོ་ཞེས་སོ། །ཡང་དག་བདེན་པར་སྨྲས་པ་གཞོགས་སྨོས་ཀྱིས་རང་ཉིད་དགྲ་བཅོམ་པར་སྟོན་པའི་ཚིག་སྔར་སྨྲས་ནས། འོན་ཀྱང་ ཁོ་བོ་ནི་དགྲ་བཅོམ་པ་མ་ཡིན་ནོ་ཞེས་པའི་ཚིག་ཕྱི་མ་ཉིད་ན་གཞོགས་སྨོས་ཀྱི་སྦོམ་པོའི་རྒྱུན་དེ་མི་འབྱུང་བ་མ་ཡིན་ནོ། །ཊཱི་ཀར། འདིར་གཞུང་ནི་བཙུན་པ་དགེ་སློང་འདི་སྐད་ཅེས། ཁྱིམ་སློང་མོ་སྟེར་བའི་ཁྱིམ་ཆྑེ་མོ་དགེ་སློང་གང་གི་ཡིན་པའི་དགེ་སློང་དེ་ནི་རྒྱུན་དུ་ཞུགས་པའམ་དགྲ་ བཅོམ་པའི་བར་ཡིན་ནོ། །ཁྱིམ་སློང་མོ་སྟེར་བའི་ཁྱིམ་དེ་སུ་ཡི་ཡིན། དེས་སྨྲས་པ། ཁོ་བོའི་སྟེ་ཁོ་བོ་ནི་རྒྱུན་དུ་ཞུགས་པ་མ་ཡིན། དགྲ་བཅོམ་པའི་བར་ཡང་མ་ཡིན་ནོ་ཞེས་མཆི་ན་ལྟུང་བ་ཅིར་འགྱུར། བཀའ་སྩལ་པ། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། ། གཞུང་འདི་ལྟར་འདོན་ན་བདེ་སྟེ། ཕྱི་མ་ཡང་དག་པ་ཉིད་ལ་དེ་མི་འབྱུང་བ་མ་ཡིན་ནོ་ཞེས་འདོན་ནོ། །སྨྲ་བའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་སོ།། །།གསུམ་པ་ལ། ཡོན་ཏན་བསྔགས་པ་དང་ལེན་དང་། །བསྔགས་ཏེ་བསྙེན་བཀུར་དང་ལེན་ནོ། །དང་པོ་ནི། སྦོམ་པོ་ནི་ཁྱིམ་བདག་གིས་དགེ་སློང་ལ་སྨྲས་པ། བཙུན་པ་ཁྱོད་ནི་དགྲ་བཅོམ་པ་ཆོས་གོས་ལ་སོགས་པ་མཆོག་འོས་པ། བྲམ་ཟེ་སྡིག་པའི་ཆོས་བསལ་བ་ཞེས་པ་ལ། བྲམ་ཟེ་ནི་ཉན་ཐོས་ཀྱི་ས་ལས་མིང་གི་བྲམ་ཟེ། རིགས་ཀྱི་བྲམ་ཟེ། སྒྲུབ་པའི་ 6-1-329b བྲམ་ཟེ་དང་གསུམ་གསུངས་པ་ལས། འདི་ནི་སྒྲུབ་པའི་བྲམ་ཟེའི་དགེ་སློང་སྟེ། སྡིག་བསལ་ནི་ཕྲན་ཚེགས་འགྲེལ་པ་ལས། སྡིག་པ་སྤངས་པས་ན་བྲམ་ཟེ་དགྲ་བཅོམ་པའོ། །ཞེས་བཤད་དོ། །དེ་ལྟ་བུའི་བཙུན་པའི་མིག་སོགས་དབང་པོ་དྲུག་པོ་དག་ནི་མི་སྡུག་པ་ལ་ སོགས་པ་བསྒོམས་པས་ཤིན་ཏུ་དུལ་བ་ཟག་པ་མེད་པའི་ལམ་བསྐྱེད་པས་སྦས་པ་དྲན་པ་དང་། ཤེས་བཞིན་དག་གིས་བསྲུངས་པ་ཉོན་མོངས་པ་ལ་སོགས་པ་མངོན་གྱུར་པ་སྤངས་པ་བསྒོམས་པ་དག་ཡིན་ནོ་ཞེས་ཟེར་བ་ལ། དགེ་སློང་གིས་ཅང་མི་སྨྲ་བས་ལུས་ཀྱི་རིག་བྱེད་ཀྱིས་ དང་དུ་ལེན་པར་བྱེད་ཅིང་། གཞན་གྱིས་དོན་གོ་ན་སྦོམ་པོའོ། །ཚིག་གིས་དང་དུ་ལེན་པ་ན་ཕམ་པར་འགྱུར་རོ་ཞེས་ཊཱི་ཀ་ལས་སོ། །ཡིད་ཁོ་ནས་དང་དུ་ལེན་ན་ནི་བསྡམ་བྱར་ཟད་དེ། འདུལ་བ་བསྡུས་པ་དང་། མའི་རྣམ་འབྱེད་ཀྱི་ཊཱི་ཀ་ལས། ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ཞེས་ བྱ་བ་ནི། ཡིད་ཀྱིས་བསྡམ་བྱའི་ཉེས་བྱས་ཡིན་ནོ་ཞེས་སོ། །གཉིས་པ་ནི། ཁྱིམ་བདག་གིས་དགེ་སློང་ལ་སྨྲས་པ། བཙུན་པ་ཁྱོད་གལ་ཏེ་དགྲ་བཅོམ་པ་ཡིན་ན་བདག་གི་བསོད་སྙོམས་ལོང་ཞིག །ཁྱིམ་དུ་ཞུགས་ཤིག །སྟན་ལ་འདུག་ཅིག །ལག་ཆུ་ཟེད་ཅིག །བཟའ་ བ་དང་སྲན་ཚོད་དང་བཅའ་བ་ལ་སོགས་ལོངས་ལ་ཟོ་ཞིག །འདིས་ནི་བྱིན་ལེན་གྱིས་ཤིག་པར་བསྟན་པ་ཡིན་ནོ་ཞེས་སོ། །མཆོད་སྟོན་བྱས་པ་ལ་རྗེས་སུ་ཡི་རང་བར་བྱོས་ཤིག །ཅེས་ཟེར་བ་ནི་ཊཱི་ཀ་ལས། སེམས་ཀྱིས་རྗེས་སུ་ཡི་རང་ན་ནི་སྦོམ་པོའོ་ཞེས་ཏེ་ལུས་ཀྱི་རིག་ བྱེད་ཡོད་པའི་དབང་དུ་བྱས་སོ། །སེམས་ཁོ་ནས་ཡི་རང་ནི་བསྡམ་བྱར་ཟད་ཀྱི། ཚིག་གིས་ནི་ཕམ་པར་འགྱུར་རོ། །ཁྱིམ་ནས་ཕྱིར་བྱུང་ཞིག་ཅེས་པ་ལ། ཁྱིམ་བདག་ཇི་སྐད་ཟེར་བ་དེ་བཞིན་དུ་དགེ་སློང་གིས་ཅང་མི་སྨྲ་བར་ལུས་ཀྱི་རིག་བྱེད་ཅེས་བསྒྲུབས་ན་སྦོམ་པོའོ། །དེ་ 6-1-330a རྣམས་ལ་བརྫུན་གྱི་ཕམ་པར་མི་འགྱུར་ཏེ་ཚིག་སྨྲས་པ་མེད་པའི་ཕྱིར་རོ། །སྨྲ་བའི་ཕམ་པར་འགྱུར་བ་འདུལ་བྱེད་དག་གོ། སྨྲ་བའི་ཕམ་པར་འགྱུར་བ་རྫོགས་སོ།། །།སྨྲས་པ། རིག་གྲོལ་འོ་མ་འཛིན་པ་ཟུང་ནི་རབ་ཟླུམ་སྲ་ཞིང་མཁྲེགས་པ་ མངོན་མཚན་ཅན། །ཡོན་ཏན་རང་བཞིན་ཡིན་ཀྱང་བློ་གྲོས་བླུན་པོའི་དོ་ཤལ་དག་གི་གནས་མ་ཡིན། །རྨོངས་མེད་བཞིན་ལ་སྐལ་བཟང་བུང་བའི་ཕྲེང་བས་པདྨའི་བློ་ཡིས་གར་བྱེད་ཅིང་། །ཚུལ་གནས་ཐོས་དོན་སྒོམ་པའི་ཟུར་མིག་ལམ་ནས་ཆགས་བྲལ་ཐུབ་པ་འདྲེན་པར་བྱེད། །འདི་ འདྲའི་བཞིན་གྱི་ཟླ་བ་ལས། །བདུད་རྩི་ཟགས་པའི་དགའ་བ་ནི། །སླར་ཡང་ཟླ་བའི་ངོས་ཡངས་ལ། །གདུང་བྲལ་སིམ་པ་ཉིད་དུ་གྱུར། །རྣམ་གྲོལ་སྨིན་མའི་རྣམ་འཕྲུལ་ལ། །ཤེས་རབ་དག་པའི་ཡིད་ཅན་འགའི། །མིག་གི་གེ་སར་འདུད་པ་དང་། །བློ་ཡི་ཡལ་འདབ་ རངས་པར་འགྱུར། །གཡོན་ཅན་བསྟན་པར་བཅོས་ན་ཡང་། །ཇི་སྲིད་ལུས་ངག་རྣམ་རིག་ནི། །གང་གི་གསལ་པོར་འཆར་བ་ན། །དེ་སྲིད་སྙིང་དུ་སྡུག་མ་ཡིན། །རིགས་ཀྱི་བ་གམ་རྩེར་སྡོད་ཅིང་། །གཟུགས་ཀྱིས་ཟླ་བའི་དྲེགས་པ་འཕྲོག །ཡོན་ཏན་བླུན་པོ་མགུ་བར་བྱེད། ། དེ་ཡི་གྲགས་པ་བསོད་ནམས་ཅི། །བདག་གི་སྤྱོད་ཚུལ་གསེར་བཙོ་མའི། །པདྨའི་གེ་སར་བཟང་པོ་ལ། །ཆགས་པའི་རྐང་དྲུག་ཚོགས་རྣམས་ཀྱང་། །ངེས་འབྱུང་འོད་ཀྱིས་སེར་པོར་བྱས། །འཁྲུལ་མེད་བསྟན་ལ་བྱི་དོར་བྱེད་པའི་ཟླ་བ་ལ། །དྲང་སྨྲས་སྐྱོན་གྱི་ཐིག་ལེ་ནག་པོ་ཡོད་ དོ་ལོ། །སྙིང་པོས་སྟོང་པའི་བརྫུན་ཅན་སྦྲུལ་གདུག་ནག་པོ་ལ། །མི་སྨྲ་བཙུན་པའི་ནོར་བུ་རལ་པར་འཛིན་ནོ་སྐད། །ཚུལ་མིན་སྣ་ཚོགས་ཡིད་བྱེད་ལས་སྐྱེས་པ། །བཟློག་ཏུ་མེད་པའི་རང་བཞིན་བཀྲ་བ་ཡང་། །ཀུན་མཁྱེན་སྙིང་རྗེའི་གསུང་གི་བཅས་པ་ཡི། །རེ་ཁ་གཅིག་ 6-1-330b གིས་ལེགས་པར་བསུབ་ནུས་པ། །གང་ཡིན་དེ་ཡི་འབྲི་པོ་ཡོན་ཏན་འོད། །འཕགས་པ་དེ་དང་རང་བཞིན་གཅིག་པ་ཡི། །དབྱངས་ཅན་གསར་མས་རང་ལོ་ཉེར་དྲུག་ཏུ། །སྲིད་པ་བསྐམ་པའི་ཕྱིར་དུ་ངས་འདིར་འབད། །དེ་ཡི་དགེ་བས་འགྲོ་མགོན་དྭགས་པོའི་བསྟན། །མོས་ གུས་མཛའ་བའི་སྙིང་ལ་རེག་གྱུར་ཅིག །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ཕམ་པའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།༈ སྙན་གྲགས་དྲི་ནི་ག་པུར་ལས་བླངས་ཤིང་། །དྲི་མེད་ཁ་དོག་ཆ་ཤས་དུང་ལས་བཏུས། །བསྔགས་འོས་བདུད་རྩི་ ཟགས་པའི་རེག་བྱ་ཅན། །སྔོན་མེད་རི་བོང་འཛིན་པ་བཀྲ་ཤིས་གཏེར། །དཔལ་ལྡན་ཀརྨ་པ་ཡི་ཕྲིན་ལས་པ། །བདེ་འབྱུང་གཙུག་ན་འཛུམ་པའི་ཟློས་གར་མཁན། །ཆ་ཤས་རངས་པ་དད་པའི་མིག་ལམ་དུ། །ནུབ་མེད་དུས་ན་ངས་འདི་དོན་ཡོད་ཡིན། །ཅེས་ཚིགས་སུ་བཅད་པ་སྔོན་ དུ་བཏང་ནས། ད་ནི་གཉིས་པ་དགེ་འདུན་ལྷག་མའི་སྡེ་ལ། དང་པོ་ལས་ནི་གྱུར་པ་དང་། །བསྒོ་བ་ལས་ནི་གྱུར་བའོ། །དང་པོ་ལ། ཆགས་པས་འདོད་པ་ལས་གྱུར་དང་། །སྡང་བས་གནོད་པ་ལས་གྱུར་པའོ། །དང་པོ་ལ། ནང་གི་སེམས་ཅན་ལ་ཆགས་དང་། །ཕྱི་རོལ་རྫས་ ལ་ཆགས་གྱུར་པའོ། །དང་པོ་ལ། རང་འདོད་བསྟེན་པའི་ལྷག་མ་དང་། །གཞན་འདོད་བསྟེན་འཇུག་ལྷག་མའོ། །དང་པོ་ལ། ལུས་རེག་ལ་ཆགས་ལྷག་མ་དང་། །ངག་སྨྲ་ལ་ཆགས་ལྷག་མའོ། །དང་པོ་ལ། འབྱིན་པར་གྱུར་པའི་ལྷག་མ་དང་། །རེག་པར་གྱུར་པའི་ལྷག་ མའོ། །དང་པོ་ལ། ལུང་རྣམ་འབྱེད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བསྟན་པ་དང་། །ལུང་འདུལ་བྱེད་ཀྱིས་བརྗོད་པའོ། །དང་པོ་ལ། བསམ་པའི་སེལ་བ་སྤྱིར་བསྟན་དང་། །སྐབས་དོན་བྱེ་བྲག་བསྟན་པའོ། །དང་པོ་ལ། འབྱིན་ལྷག་གི་སྤྱི་དོན་ཞར་བྱུང་དུ་བརྗོད། 6-1-331a བསམ་སེལ་གྱི་ཚིག་དོན་བཤད་པའོ། །དང་པོ་ལ་གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་རང་གི་ས་བོན་ཕྱུང་བ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་ས་བོན་གྱིས་བསྐྱེད་པའི་འདོད་ཆགས་འཕེལ་བའོ། །ངོ་ཏི་ནི་རང་གི་ཡན་ལག་ལ་ དབྱུང་སེམས་ཀྱིས་འབྱིན་བྱེད་མཚན་ཉིད་དང་ལྡན་པས་རེག་ཅིང་རྩོལ་བས་ཁུ་བ་དང་པོའི་གནས་ནས་འཕོས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དབྱུང་བའི་དངོས་པོ་དང་། གང་ལས་བྱུང་བའི་གཞི་དང་། གང་གིས་ འབྱིན་པའི་རྫས་སོ། །དང་པོ་ནི། རང་གི་ཁུ་བ་ཡིན་པ་དང་། དང་པོའི་གནས་ནས་མ་འཕོས་པ་སྟེ། རང་གི་ཁུ་བའོ། །དང་པོ་ལའོ་ཞེས་སོ། །གང་ལས་དབྱུང་བའི་གཞི་ནི་ཡན་ལག་གི་རྣམ་པ་ཡིན་པ་དང་། རང་གི་ཡིན་པ་སྟེ་ཡན་ལག་གི་རྣམ་པ་ལའོ་ཞེས་པ་དང་། གཞན་གྱི་ ལས་ཀྱང་ངོ་ཞེས་བཤད་པའི་ཤུགས་ཀྱིས་གྲུབ་བོ། །གང་གིས་འབྱིན་པའི་རྫས་ནི་སྔོན་རྣམ་ཤེས་ལེན་མྱོང་ཡན་ཆད་ཡིན་པ་དང་། བསྟེན་རུང་ལ་བལྟོས་པའི་ལྷུ་ལག་མ་ཉམས་པ་ཡན་ཆད་ཡིན་པ་དང་། ཕམ་པ་བསྐྱེད་ནུས་ཀྱི་རྨའི་སྒོ་གསུམ་ལས་གཞན་ཡིན་པ་སྟེ། འདི་ཉིད་ ལས། སེམས་ཅན་དུ་བགྲང་བས་སོ། །དེའི་རྣམ་པར་གནས་པས་སོ། །ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་ཅེས་གསུངས་པ་དང་གོ་རིམ་བཞིན་ནོ། །བསམ་པའི་ཡན་ལག་ནི། འབྱིན་པ་འདི་དངོས་པོ་གཙོ་བས་འདུ་ཤེས་ཀྱི་ཡན་ལག་བརྩི་མི་དགོས་ལ། ཀུན་སློང་ནི་འབྱིན་པར་ འདོད་པ་རྒྱུན་མ་ཆད་པ་སྟེ། དེར་འདུན་པས་སོ། །ཞེས་པ་དང་། བཏང་བས་ཡང་ངོ་ཞེས་བཤད་པའི་ཤུགས་ཀྱིས་གྲུབ་བོ། །སྦྱོར་བའི་ཡན་ལག་ནི། རེག་ཅིང་རྩོལ་བར་བྱེད་པ་སྟེ་རེག་པས་སོ། །བརྩལ་བས་སོ་ཞེས་སོ། །མཐར་ཐུག་གི་ཡན་ལག་ནི། དང་པོའི་གནས་ 6-1-331b ནས་འཕོས་པ་སྟེ། ཕྱུང་ནའོ། །དང་པོ་ལའོ་ཞེས་བཤད་དོ། །གཉིས་པ་ནི། ཊཱི་ཀ་ལས། རྨི་ལམ་རྫས་སུ་ཡོད་པ་ཡིན་ཀྱང་དེ་ལྟ་མོད་ཀྱི་འཇིག་རྟེན་གྱི་ཐ་སྙད་ལས་ཤིན་ཏུ་འདས་པ་ཡིན་པའི་ཕྱིར་རྨི་ལམ་ནི་མེད་པ་དང་འདྲ་བ་ཉིད་ཡིན་ནོ་ཞེས་འབྱུང་ལ། དེའི་ཚེ་རྨི་ལམ་རྫས་ ཡོད་དུ་གསུངས་པས་རྨི་ལམ་ཉིད་གང་ལ་འཇོག་ཅེ་ན། ཊཱི་ཀར་ནི། རྨི་ལམ་ནི་རྣམ་པ་གཉིས་སུ་འདོད་དེ། ཁ་ཅིག་ནི་གཉིད་དང་མཚུངས་པར་ལྡན་པའི་སེམས་རྨི་ལམ་གྱི་སྒྲར་བརྗོད་པར་འདོད་དོ། །ཁ་ཅིག་ནི་སེམས་པ་དེའི་ཡུལ་བུད་མེད་ལ་སོགས་པ་གང་ཡིན་པ་རྨི་ལམ་ གྱི་སྒྲར་བརྗོད་པར་འདོད་དེ་ཞེས་འབྱུང་ངོ་། །དེ་ཡང་མཚོ་སྣ་པ་ཆེན་པོས་གཉིས་ཀ་རྨི་ལམ་ཡིན་པར་བཟུང་ངོ་ཞེས་གསུངས་ལ། ག་ཝང་པ་ན་རེ། ཁ་ཅིག་ཅེས་ཊཱི་ཀར་སྨོས་པའི་ཕྱི་མ་འདི་དྷརྨ་མི་ཏྲའི་རང་ལུགས་རང་མིན་པ་འདྲ་སྟེ། རྨི་ལམ་རྫས་ཡོད་དུ་ཁས་བླངས་ནས་ གཉིད་ཀྱིས་བསླང་བའི་ཡུལ་རྨི་ལམ་དུ་ཁས་བླངས་ན་རང་ཚིག་དང་འགལ་ཏེ། ཡུལ་དེ་ནི་རྟོག་པའི་ཡུལ་ཡིན་པའི་ཕྱིར་རྫས་སུ་ཅི་སྟེ་འགྲུབ་ཅེས་ཟེར་རོ། །གཞན་དག་ན་རེ། དེའི་སྐྱོན་མེད་དེ། རྨི་ལམ་གྱི་ཡུལ་དང་། དེ་རྟོགས་བྱེད་ཀྱི་ཤེས་པ་གཉིས་ཀའང་རྨི་ལམ་རྨི་ བའི་ཤེས་པ་གཉིད་ཀྱིས་བསླད་པའི་བློ་གཅིག་གི་ངོར་རྫས་གཅིག་པས་འགལ་བ་མེད་དོ་ཞེས་སྨྲའོ། །རྨི་ལམ་དང་རྨི་ལམ་གྱི་འབྲས་བུ་ལ་ཁྱད་པར་ཅི་ཞེ་ན། འདིར་རྨི་ལམ་ནི་གཉིད་ལོག་པ་ན་ལུས་ངག་ཏུ་མ་གྲུབ་པ་ནང་གི་བསམ་པའི་ཆོས་སོ། །རྨི་ལམ་དེ་ཡིས་བསྐྱེད་ པའི་འབྲས་བུ་ནི་ལུས་ངག་གི་རྣམ་འགྱུར་བྱུང་བ་དག་སྟེ་དེ་ནི་ལྟུང་བ་བསྐྱེད་པའི་བདག་ཉིད་དུ་མ་བྱས་པ་ཉིད་དོ། །འོད་ལྡན་ལས་ཀྱང་། རྨི་ལམ་ཁ་ཅིག་ལ་ལུས་དང་ངག་གི་ལས་དག་ཀྱང་ཡོད་དེ་ཞེས་གསུངས་ཏེ། རྨི་ལམ་དེས་བསྐྱེད་པའི་འབྲས་བུ་ལུས་ངག་གི་ 6-1-332a རྣམ་འགྱུར་ཡོད་པའོ། །ཞེས་དང་། འགྲེལ་ཆུང་ལས། རྨི་ལམ་ན་ཁུ་བ་ཕྱུང་བའི་སྡིག་པའི་འབྲས་བུ་ཡང་མེད་དོ་ཞེས་སོ། །ཐེག་པ་གཞན་ལས། རྨི་ལམ་གྱི་རྗེས་སུ་སད་པའི་དུས། དེར་རྟོག་ཅིང་ཞེན་ནས་ལས་དེ་བདག་གིར་བྱས་ན་ནི་རྨི་ལམ་ གྱི་ལས་ལས་འབྲས་བུ་བསྐྱེད་པར་ཡང་གསུངས་ཤེས་ཟེར་ལ། ཁ་ཅིག་ཐེག་པ་གཞན་གྱི་ལུགས་ལའང་དེ་མ་ཡིན་ཏེ། རྨི་ལམ་གྱི་ལས་ནི་སད་ནས་དེར་རྟོག་ཅིང་བདག་གིར་བྱས་པས་ཀྱང་རྨི་ལམ་གྱི་ལས་དེས་ནི་འབྲས་བུ་མི་འབྱིན་ལ། དེའི་ལས་ལས་འབྲས་བུ་འབྱིན་པ་ལྟར་ གསུངས་པ་དེ་ནི། སད་པའི་རྗེས་ཀྱིས་རྟོག་ཅིང་བདག་གིར་བཟུང་བའི་ལས་ཀྱི་འབྲས་བུ་ཁོ་ན་ཡིན་ཅེས་ཟེར་ལ། གཞན་དག་དེ་ལྟར་ཡང་། བཅས་ལྡན་དགེ་སློང་གིས་རྨི་ལམ་དུ་བླ་བརྡོལ་བྱས་ནས་མི་གསོད་པའི་ལས་བྱས་པ་སད་པའི་རྗེས་སུ་དེར་རྟོག་ཅིང་ཞེན་ནས་བདག་གིར་བྱས་ ཀྱང་སྲོག་བཅད་པའི་ཕམ་པ་མི་འབྱུང་སྟེ། སད་པའི་རྗེས་ཀྱི་རྟོག་པ་དེ་ནི་བསྡམ་བྱ་ཡིད་ཀྱི་ཉེས་བྱས་ཙམ་ལས་མ་འདས་པའི་ཕྱིར། མ་གྲུབ་ན་བདག་གིར་བཟུང་བའི་བསམ་པ་ཙམ་ཉེས་པའི་རྒྱུ་ལས་ལུས་ཀྱིས་བྱས་པའི་འབྲས་བུ་བསྐྱེད་ན་ཧ་ཅང་ཐལ་ཆེས་སོ། །འདོད་ན། ཐེག་པ་ གཞན་གྱི་ལུགས་ལ་རྨི་ལམ་ལས་སད་ནས་དེར་རྟོག་ཅིང་བདག་གིར་བཟུང་ན་རྨི་ལམ་དུ་ལས་སྤྱད་པ་གང་ཡིན་པ་དེའི་བྱ་བ་འབྲས་བུ་དང་བཅས་པ་འབྱུང་པར་གསུངས་པ་དང་འགལ་ལོ། །མ་ཁྱབ་ན་སད་པའི་རྗེས་ཀྱི་བདག་གིར་བཟུང་བ་ཁོ་ན་ལས་དེའི་བྱ་བ་འབྲས་བུ་དང་བཅས་པ་ འབྱུང་བའི་དམ་བཅའ་བུད་པ་ཡིན་ནོ། །ཞེས་སྨྲའོ། །ཁ་ཅིག་ཐེག་པ་ཆེན་པོར་རྨི་ལམ་དུ་ལས་བྱས་པའི་འབྲས་བུ་མི་འབྱིན་པར་གསུངས་པ་དེ་ནི། རྨི་ལམ་དེ་རྫུན་སྣང་ཡིན་པའི་ཕྱིར་སྙམ་དུ་དགོངས་པ་ཡིན་ཅེས་ཟེར་རོ། །གཞན་དག་ན་རེ། དེ་ལྟར་ན་སད་པའི་དུས་ལས་བྱས་ 6-1-332b ཀྱང་འབྲས་བུ་མི་འབྱིན་པར་ཐལ། སད་པ་དེའང་རྫུན་སྣང་ཀུན་རྫོབ་ཡིན་པའི་ཕྱིར་ཞེས་སྨྲའོ། །འོ་ན་རང་ལུགས་རྨི་ལམ་གྱི་ལས་ཀྱིས་འབྲས་བུ་མི་བསྐྱེད་པ་ཅི་ཞེ་ན། ཐེག་ཆེན་ཐེག་དམན་གྱི་ལུགས་གནད་གཅིག་པར་ཡང་དག་ཀུན་རྫོབ་ཀྱི་ཡུལ་དེ་ལོག་པའི་ཀུན་རྫོབ་ཀྱི་རྒྱུ་འབྲས་ཚད་ མར་མ་སོང་བའི་དོན་གྱིས་རྨི་ལམ་གྱི་ལས་ལོག་པའི་ཀུན་རྫོབ་ཀྱི་རྒྱུ་ལས་ཡང་དག་ཀུན་རྫོབ་ཀྱི་འབྲས་བུ་མི་འབྱུང་བ་འདི་ངེས་སོ། །ཐེག་པ་ཆེན་པོ་དག་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་མངོན་སུམ་དུ་གྱུར་ན། ལས་ལམ་དེ་ལས་འབྲས་བུ་མི་འབྱིན་པར་བཤད་པ་དེ་ཅི་ཞེ་ན། དེ་ ཡང་ལས་དེའི་གཞི། བསམ། སྦྱོར་བ། མཐར་ཐུག་ཐམས་ཅད་ཡང་དག་ཀུན་རྫོབ་པའི་ངོ་བོ་ཉིད་ལས་འདས་ཏེ་སྣང་ཙམ་ལས་གཞན་དུ་མ་དམིགས་པའི་ཕྱིར། གཞི་བསམ་སོགས་ཀྱི་ཡན་ལག་གི་རྒྱུ་ཚོགས་མ་ཚང་བའི་མཐུ་ལས་འབྲས་བུ་བསྐྱེད་མ་ནུས་པ་ཡིན་ལ། འདི་ཉིད་གཞུང་རྩ་འགྲེལ་ འདིའི་ངེས་དོན་ཀྱང་ཡིན་ཏེ། རྨི་ལམ་ནི་རྫས་སུ་ཡོད་མོད་ཀྱི། འཇིག་རྟེན་གྱི་ཐ་སྙད་ལས་ཤིན་ཏུ་འདས་པའི་ཕྱིར་ཞེས་བྱ་བའང་འདིའི་དོན་ལས་གཞན་དུ་འཆད་རྒྱུ་མེད་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཐ་སྙད་ཡང་དག་པ་ཉིད་ཁས་བླངས་ནས་རྒྱུ་འབྲས་ཀྱི་རྣམ་པར་བཞག་པའི་སྐབས་ཡིན་པའི་ཕྱིར་ རོ། །ཞེས་བྱ་བ་ནི་ཞར་ལ་འོངས་པ་ཡིན་ནོ། །ལུང་རྣམ་འབྱེད་ལས། རྨི་ལམ་གྱི་མ་གཏོགས་ཞེས་འབྱིན་པའི་སྐབས་འདིར་གསུངས་ཀྱང་མཚོན་པ་སྟེ། འོད་ལྡན་རྩ་འགྲེལ་ལས། མི་ཤེས་རྨི་ལམ་མ་གཏོགས་དེ་བརླག་འགྱུར། །ཞེས་པ་ལ་སོགས་པ་གསུངས་ལ། ཞུ་ འགྲེལ་ལས་ཀྱང་། ཁུ་བ་འབྱིན་པ་ལ་རྨི་ལམ་གྱི་མ་གཏོགས་ཏེ་ཞེས་སྨོས་པ་ནི་དཔེ་སྟེ་མི་ཚངས་པར་སྤྱོད་པ་ལ་སོགས་པ་ཁ་ན་མ་ཐོ་བ་གཞན་དག་ལ་ཡང་ཚུལ་འདི་རུང་བའི་ཕྱིར་རོ། །འདིར་ནི། གླེང་གཞི་ལས་བྱུང་བའི་དབང་གིས་འདིར་བྱུང་བ་ཡིན་ནོ། །གཉིས་པ་ལ། ལྟུང་ 6-1-333a བའི་རྣམ་པར་བཞག་པ་དང་། །གང་གིས་ལྟུང་བ་མེད་པའོ། །དང་པོ་ལ། དངོས་གཞི་ཉིད་ཀྱི་ལྟུང་བ་དང་། །ལྟུང་བའི་ན་སྨད་བསྟན་པ་དང་། །སེལ་བའི་ཉེས་བྱས་བསྟན་པའོ། །དང་པོ་ནི། གང་བྱས་ན་འབྱིན་པའི་ལྷག་མར་འགྱུར་ཞེ་ན། ཁུ་བ་ ཕྱུང་ནའོ། །བསམ་པ་འབྱིན་པ་དེར་འདུན་པས་སོ། །ཊཱི་ཀར། རྒྱུག་པ་ལ་སོགས་པའི་སེམས་ཀྱིས་ནི་མ་ཡིན་ནོ་ཞེས་སོ། །ཊཱི་ཀར། རྫས་གཞན་ཡང་དབྱུང་བ་སྲིད་པས་གང་བྱུང་ཞེ་ན། དེའི་ཕྱིར་ཞེས་སྨོས་ནས་རང་གི་ཁུ་བའོ། །ཊཱི་ཀ་ལས། ཁུ་བ་ཕྱུང་བ་ནི་མང་དུ་ཡོད་དེ། འདི་ལྟ་སྟེ། གནས་ནས་ཕྱུང་བ་དང་། རྩ་སྦུབས་སུ་འོངས་པ་ལས་ཕྱུང་བ་དང་། དབང་པོའི་མཐའ་ནས་ཕྱུང་བའོ་ཞེས་སོ། །གསུམ་པོ་དེ་ལས་གང་ལ་དགེ་འདུན་ལྷག་མར་འགྱུར་ཞེ་ན། དང་པོ་ལའོ་ཞེས་པས་དང་པོའི་གནས་ཉིད་ནས་བཟུང་ངོ་། །དང་པོའི་གནས་ནི། ཊཱི་ཀ་ ལས། ལུས་འདི་ལ་ཁུ་བའི་གནས་སུ་གྱུར་པ་ལོགས་ཤིག་ན་མཁྲིས་པ་ལྟ་བུ་མེད་དོ། །འོན་ཀྱང་དེ་ནི་ཤིང་ངམ་ཞོ་བཞིན་ལུས་ཐམས་ཅད་དག་ལས་འབྱུང་སྟེ། དཔེར་ན་བུ་རམ་ཤིང་ལས་ཁུ་བ་དང་འབྲུ་ལས་འབྲུ་མར་བཞིན་ནོ་ཞེས་སོ། །འོ་ན་དང་པོའི་གནས་ནས་ཕྱུང་བར་ཅིས་ ཤེས་ཞེ་ན། ཊཱི་ཀ་ལས། དེ་མྱོང་བའི་གནས་སྐབས་དེ་ན་འདོད་ཆགས་ཤས་ཆེར་རབ་ཏུ་འབྱུང་བ་དང་། བདེ་བ་ཉམས་སུ་མྱོང་བ་ཆེན་པོ་སྐྱེ་བ་དང་། སྙིང་འདར་བ་ལ་སོགས་པ་ལུས་འགྱུར་བ་འབྱུང་བ་ཡིན་ནོ་ཞེས་སོ། །དེར་འདུན་པ་ལས་སོ་ཞེས་འདུན་པའི་ཀུན་སློང་གི་བྱེ་ བྲག་བསྟན་པའི་ཕྱིར། ཊཱི་ཀར། འབྱིན་པར་འདུན་པ་ནི་རྣམ་པ་མང་དུ་སྣང་སྟེ་ཞེས་སྨོས་སོ། །དེ་ཡང་ཁུ་བ་བསྐྱོད་པའི་བདེ་བ་འདོད་པའི་ཕྱིར་འབྱིན་པར་འདུན་པ་དང་། རིག་སྔགས་བསྒྲུབ་པའི་རྫས་སུ་དགོས་པའི་ཕྱིར་འབྱིན་པ་དང་། ཁུ་བ་ཕྱུང་ནས་བུད་མེད་ཀྱི་མངལ་དུ་ 6-1-333b བླུགས་ཏེ་ས་བོན་བྱ་བའི་ཕྱིར་འབྱིན་པ་དང་སྟེ་དྲང་སྲོང་གཽ་ཏ་མའི་གཏམ་རྒྱུད་ལས་བྱུང་བ་ལྟ་བུའོ། །སྨན་དང་ཞེས་པ་རྣམ་འབྱེད་འགྲེལ་པ་ལས། ཁུ་བ་ཕྱུང་ན་ཕན་པ་ཉིད་དུ་འདོད་པའོ་ཞེས་སོ། །བརྟག་པའི་ཕྱིར་ཞེས་པ་ལ་ལུང་རྣམ་འབྱེད་ལས། ཁུ་བ་རྣམ་པ་ལྔ་སྟེ། སྔོན་པོ་ དང་། སེར་པོ་དང་། དམར་པོ་དང་། སྐ་བ་དང་། སླ་བའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། དེའི་བུ་ཐུ་བོའི་ཁུ་བ་ནི་སྔོན་པོ་ཡིན་ནོ། །སེར་པོ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་གཞན་པ་དག་གིའོ། །དམར་པོ་ནི་སྣ་ཆེན་པོ་ལ་གཏོགས་པ་འཁོར་ལོའི་མཐའ་པའིའོ། །སྐ་ བ་ནི་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱིའོ། །སླ་བ་ནི་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱིའོ། །བུད་མེད་ཀྱིས་དུབ་པ་དང་ཁུར་གྱིས་དུབ་པ་ལ་སོགས་པ་ཡང་སླ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་འབྱིན་པ་ལྔ་པོ་དེ་དག་ལ་དགེ་འདུན་ལྷག་མར་གྱུར་པ་དེ་ཐམས་ཅད་བྱེ་བྲག་ གམ་ཁྱད་པར་མེད་དོ། །འདི་ལའང་གཞིའི་ཡན་ལག་གཞན་མ་ཚང་ན་ལྷག་མ་དངོས་འབྱུང་བ་མ་ཡིན་ནོ། །རྣམ་པ་གང་གིས་འབྱིན་ན་ལྷག་མར་འགྱུར་ཞེ་ན། རེག་པས་སོ། །བརྩལ་བས་སོ་ཞེས་པ་ཡང་དག་པར་ཉེད་པ་ལས་སོ་སྟེ། ཊཱི་ཀར། བྱ་བ་དྲུད་པ་ལ་སོགས་པས་ ཡིན་གྱི། ཕྲད་པ་ཙམ་གྱིས་མ་ཡིན་ནོ་ཞེས་སོ། །གང་ལ་རེག་ཅིང་དྲུད་པའི་དངོས་པོ་ནི་རང་གི་ཡན་ལག་གི་རྣམ་པ་ལའོ་སྟེ་ཕོའི་དབང་པོ་ལས་སོ། །གང་གི་རེག་པས་ཕྱུང་ན་ལྷག་མར་འགྱུར་ཞེ་ན། ནང་གི་དངོས་པོ་རང་གཞན་གྱི་ལག་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཕྱི་རོལ་གྱི་ དངོས་པོ་བེམས་པོ་རྣམས་ཀྱིས་ཀྱང་ངོ་། །ཕྱི་རོལ་བེམ་པོ་ལ་གཉིས་ཏེ། སེམས་ཅན་དུ་བགྲང་བ་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པའོ། །དེ་ཡང་གོས་ལ་སོགས་པ་སེམས་ཅན་དུ་བགྲང་བ་མ་ཡིན་པས་ཕྱུང་ཡང་ལྷག་མར་མི་འགྱུར་གྱི། ད་ལྟར་རམ་སྔོན་སེམས་ཅན་དུ་ 6-1-334a བགྲང་བ་སྟེ་གསོན་པོའི་ཡན་ལག་གམ་རོའི་ལག་པ་ལ་སོགས་པས་ཀྱང་ཕྱུང་བས་ལྷག་མ་བསྐྱེད་པས་སོ། །སེམས་ཅན་དུ་བགྲང་བས་སོ། །དེའི་རྣམ་པར་གནས་པས་སོ། །ཞེས་སེམས་ཅན་གྱི་གཟུགས་ཡིན་པར་ཤེས་པ་ལ་བྱ་སྟེ་ལུས་དང་ཡན་ལག་གི་ ཤ་དང་། རུས་པར་ཤེས་པའོ་ཞེས་བཤད་དོ། །འོན་ཀྱང་བྱིས་པའམ་གྲོག་སྦུར་ལྟ་བུའི་ཤ་རུས་གང་ཡིན་ངོ་ཤེས་པས་ཕྱུང་ཡང་ལྷག་མར་མི་འགྱུར་བས། སེམས་ཅན་དུ་བགྲང་བ་དེའི་རྣམ་པར་གནས་པ་ཞེས་པ་འདིས་རྟེན་རུང་གི་ཚད་དུ་ལོངས་པའི་ལུས་ལས་མ་ཉམས་པར་གནས་ པར་ཕྱུང་ན་ལྷག་མ་སྟེ། ཊཱི་ཀ་ལས། ཡན་ལག་གང་ཡང་རུང་བ་རང་གི་རྣམ་པ་ལས་མ་ཉམས་པར་རེག་པས་ཕྱུང་ན་ཡང་དགེ་འདུན་ལྷག་མར་འགྱུར་གྱི། ལག་པ་ཁོ་ནས་རེག་པས་ཕྱུང་བར་མ་ཟད་དོ། །ལུས་ཀྱི་རྣམ་པ་ལས་ཉམས་པས་ཕྱུང་ན་སྦོམ་པོ་སྟེ། ཤའི་དུམ་བུ་ནི་ སྦོམ་པོའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་སོ། །ཡན་ལག་གི་ཕྱོགས་ཀུན་རིལ་གྱིས་བཅང་བ་དང་། རིལ་གྱིས་དམ་དུ་བཅང་པ་གཉིས་མེད་པར་ཕྱོགས་གཅིག་བཅང་བ་དང་། ཕྱོགས་གཅིག་བསྡམས་པས་ཕྱུང་ན་ཡང་དགེ་འདུན་ལྷག་མའོ། །དང་པོ་ཕོ་མོ་སྤྲད་པའི་གནས་སྐབས་ ན་རེག་པའི་བྱེ་བྲག་སྐྱེ་བར་འགྱུར་བ་ངེས་པར་མྱོང་བའི་བདེ་བ་དང་། བར་དུ་ཁུ་བ་འབྱུང་ཁའི་གནས་སྐབས་ན་ཁུ་བ་བྱུང་ལ་ཐུག་པའི་བདེ་བ་དང་། ཐ་མར་འདོད་ཆགས་ཀྱི་གདུང་བ་དང་བྲལ་བའི་གནས་སྐབས་ན་ངད་ལས་པའི་བདེ་བ་ཉམས་སུ་མྱོང་བ་ལ་ཡིད་གཏད་ཅིང་ཡིད་ཀྱིས་རོ་ མྱོང་བ་དག་ཀྱང་མེད་པར་ཡང་ངོ་ཞེས་སྔ་མར་སྦྱར་ཏེ། དེ་གསུམ་གང་རུང་མེད་པའམ་གསུམ་ཀ་མེད་པར་ཕྱུང་ན་ཡང་དགེ་འདུན་ལྷག་མའོ། །འདི་ལ་དེ་རྣམས་གསུམ་ཀ་ཡོད་པའི་མུ་དང་། གསུམ་ཀ་མེད་པའི་མུ་དང་། གཉིས་ཡོད་དེ། རེ་རེ་མེད་པའི་མུ་དང་། གསུམ་པ་གཅིག་ 6-1-334b ཡོད་གཉིས་མེད་པའི་མུ་སྟེ་མུ་བརྒྱད་ཀ་ཡང་ལྷག་མར་འགྱུར་རོ། །ཊཱི་ཀར། འབྱིན་པའི་སྐབས་འདི་ལ་ཡན་ལག་བཅུ་སྟེ་ཕྱུང་བ་དང་། དེར་འདུན་པ་དང་། རང་གི་ཁུ་བ་དང་། དང་པོ་དང་། རེག་པ་དང་། བརྩལ་བ་དང་། ཡན་ལག་གི་རྣམ་པ་དང་། ཕྱི་རོལ་གྱིས་དང་། སེམས་ཅན་དུ་བགྲང་བས་དང་། དེའི་རྣམ་པར་གནས་པས་ཏེ་ཡན་ལག་བཅུ་པོ་དེ་དག་ལས་གང་ཡང་རུང་བ་ཞིག་མ་ཚང་ན་ནི་ཉེས་པ་སྦོམ་པོའོ་ཞེས་བྱ་བའི་ལྟུང་བར་འགྱུར་ཏེ་དགེ་འདུན་ལྷག་མར་མི་འགྱུར་རོ། །ཞེས་སོ། །དང་པོའི་གནས་ནས་མ་འཕོས་ཏེ་རྩའི་སྦུབས་སུ་མ་ འོངས་པ་ཕྱུང་ན་དགེ་འདུན་ལྷག་མའོ། །གཉིས་པ་ནི། ཤུགས་ཀྱི་གནས་སྐབས་ནི། དང་པོའི་གནས་ནས་ཁུ་བ་འཕོས་མ་ཟིན་ཅིང་འཕོ་ལ་ཁད་པ་སྟེ། དེའི་སྐབས་སུ་ཡིད་ཀྱིས་བཏང་སྟེ་ལུས་ཀྱིས་བརྩལ་བ་བཏང་ན་སྦྱོར་བ་སྔ་མའི་དབང་གིས་ཁུ་བ་བྱུང་ཡང་ལྟུང་བ་རྫོགས་ པར་མ་བྱས་པ་ཉིད་དོ་སྟེ་སྦོམ་པོའོ། །འབྱིན་པའི་བསམ་པས་དགེ་སློང་གིས་གར་བྱེད་པ་དང་། རབ་ཏུ་གར་བྱེད་པ་གཉིས་ལ་ནི་ན་སྨད་པ་ཉིད་དོ། །གར་གཉིས་སྨོས་པ་ནི་ཅུང་ཟད་དང་ཤས་ཆེར་གར་བྱེད་པའི་ཁྱད་པར་ལ་དུལ་བའི་ལྷས་བཤད་དོ། །འབྱིན་བསམ་གྱིས་ནམ་ མཁའ་ལ་སྐེད་པ་བསྐྱོད་པས་ཕྱུང་ན་ན་སྨད་པའོ། །ཕོའི་དབང་པོ་ལས་ཕྱོགས་གཞན་བརླའི་ཕྱོགས་ལ་སོགས་པ་དག་ཏུ་རེག་ཅིང་མཉེད་པས་ཕྱུང་ན་ན་སྨད་པའོ། །རྒྱུན་ལས་བཟློག་པའི་ཕྱོགས་སུ་ཕོའི་དབང་པོ་གཏོད་པས་ཕྱུང་ན་ན་སྨད་པའོ། །རླུང་གི་རྫི་ཕྱོགས་མ་ཡིན་ པར་དབང་པོ་གཏད་དེ་ཕྱུང་ན་ཡང་སྦོམ་པོའོ། །མདོ་འདི་གཉིས་ཀ་ལ་ན་སྨད་བསྐྱེད་པར་གསུངས་པ་ནི་མཐར་ཐུག་གྲུབ་པ་ལ་དགོངས་སོ། །འཁྲིག་པའི་ལོངས་སྤྱོད་མངོན་དུ་གྱུར་པར་ངེས་པར་མྱོང་བ་བྱེ་བྲག་ངེས་པར་མྱོང་བ་དང་། བྱུང་ལ་ཐུག་པ་ལ་སོགས་པའི་བདེ་བ་ 6-1-335a ཉམས་སུ་མྱོང་བ་ལ་ཡིད་གཏད་ཅིང་ཡིད་ཀྱིས་རོ་མྱོང་བ་ནན་ཏན་གྱིས་བསྒྲུབ་པས་ཕྱུང་ན་ཡང་ན་སྨད་པའོ། །དང་པོའི་གནས་ལས་ཁུ་བ་འཕོས་ཏེ་རྩའི་སྦུབས་སུ་འོངས་ཟིན་པ་དབང་པོའི་སྒོར་ཕྱུང་ན་ཡང་ན་སྨད་པའོ། །ཆགས་པའི་སེམས་དང་ལྡན་ པ་ཉིད་ན་ཞེས་པ་ནི་དབྱུང་བའི་སེམས་ཏེ། རྣམ་འབྱེད་འགྲེལ་པ་ལས། ཁུ་བ་འབྱིན་པའི་འདོད་ཆགས་ཀྱིས་ཞེས་སོ། །དེས་ན་ཆགས་སེམས་དང་བཅས་ནས་གཞལ་བའི་ཚད་ཉིད་ཀྱིས་རེག་པ་ནི་ལྷག་མའི་སྦྱོར་བ་མ་ཡིན་པ་མ་ཡིན་ནོ། །གསུམ་པ་ནི། འདོད་ཆགས་ཀྱི་སེམས་ ཀྱིས་རང་ངམ་གཞན་གྱི་ཕོ་མཚན་ལ་མིག་གིས་བལྟ་ན་ཉེས་བྱས་སོ། །རྒྱུན་དང་རྫིའི་ཕྱོགས་སུ་གཏོད་པ་ཉེས་བྱས་སུ་ཡང་ངོ་། །འདིར་རྒྱུན་དང་རྫི་ཕྱོགས་སུ་གཏོད་པ་གཉིས་ཉེས་བྱས་སུ་གསུངས་པ་ནི་མཐར་ཐུག་མ་གྲུབ་པ་ལ་དགོངས་སོ། །གཉིས་པ་ནི། དགེ་སློང་གིས་ བང་བརྒྱུགས་པ་དང་། མཆོང་བ་ལ་སོགས་པས་ཕོའི་དབང་པོ་ལ་བརླ་དང་གོས་ཀྱིས་རེག་པ་དང་། བསྲོ་ཁང་བསྟེན་པ་ན་བསྐུ་མཉེ་ལ་སོགས་པའི་ཆེད་དུ་གཞན་གྱིས་རེག་པ་དང་། གསང་གནས་ཀྱི་ཕྱོགས་སུ་གཡན་པ་ཕྲུག་པ་དག་གིས་ཆེད་དུ་མ་བསམ་པར་བབ་ཅོལ་དུ་ དབྱུང་བ་དེའི་དོན་མ་ཡིན་པར་དགེ་སློང་བང་བརྒྱུགས་པ་དང་། གཡན་པ་ཕྲུག་པ་ལ་སོགས་པའི་བྱ་བ་ལ་ཞུགས་པས་ཁུ་བ་བྱུང་བ་ལ་ནི་ལྟུང་བ་མེད་དོ་སྟེ་ཀུན་སློང་མེད་པའི་ཕྱིར་རོ། །དེ་དག་ལ་རོ་མྱང་བར་བྱེད་ན་ནི། སྦྱོར་བ་མེད་པར་ཕྱུང་བ་ལ། རོ་མྱང་བ་ནི་དེ་དང་ལྡན་ ཅེས་འཆད་པར་འགྱུར་བ་བཞིན་ནོ། །བུད་མེད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་ལྔ་ལས་རེག་བྱ་མ་ཡིན་པ་གཟུགས་སྒྲ་དྲི་རོ་ཉམས་སུ་མྱོང་བ་ལས་བབ་ཅོལ་དུ་ཁུ་བ་བྱུང་ན་ལྟུང་བ་མེད་དོ། །རེག་བྱ་ལོགས་སུ་དགར་བ་ནི་རེག་བྱ་དེ་ཆགས་པའི་ཡུལ་གྱི་གཙོ་བོ་ཡིན་པས་ 6-1-335b རེག་ན་བསླབ་བྱའི་ཉེས་བྱས་སུ་འགྱུར་བའོ། །ཆགས་སེམས་མེད་ཀྱང་བུད་མེད་ལ་རེག་པ་བཀག་ཅིང་ཆགས་སེམས་མེད་པར་ཅུང་ཟད་ལྟ་བ་ལ་ཉེས་པ་མེད་དོ། །དྲན་པ་ཉེ་བར་བཞག་པ་ལས། རི་མོར་བྲིས་པའི་བུད་མེད་ལའང་། །མིག་གིས་ལྟ་བར་མི་བྱེད་དེ། །འཇིག་ རྟེན་འདོད་པ་དབང་བཅོམ་པ། །དེ་ལྟ་བུ་ནི་གྲོལ་ཞེས་བྱ། །ཞེས་གསུངས་པས་ཆེད་དུ་བལྟ་བར་མི་བྱའོ། །ཆགས་སེམས་ཀྱིས་བུད་མེད་ཀྱི་གཟུགས་བལྟའོ་སྙམ་ཞིང་བབ་ཅོལ་དུ་ཁུ་བ་བྱུང་ན་ཉེས་བྱས་ཏེ། གཞི་ལ་ཆགས་པའི་སེམས་ཀྱིས་བུད་མེད་ལ་མིག་གཏད་དེ་བལྟ་ བར་མི་བྱ་ན་ཞེས་གསུངས་པས་སོ། །སྔོན་བུད་མེད་ལ་སྤྱད་པ་ལྟ་བུའི་རེག་བྱ་དང་། རེག་བྱ་མ་ཡིན་པ་བཞི་སྟེ། བུད་མེད་ཀྱི་ཡུལ་ལྔ་པོ་སྔོན་མྱོང་བ་ཕྱིས་དྲན་པས་བབ་ཅོལ་དུ་ཁུ་བ་བྱུང་བ་དེ་ལ་ཡང་ལྟུང་བ་མེད་དོ། །འབྱིན་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །། གཉིས་པ། ཞུ་བ་ལས། སྐབས་གཉིས་ཁྱད་པར་ངོས་བཟུང་དང་། །སེལ་བ་ཟུར་དུ་བསྟན་པའོ། །དང་པོ་ནི། ཤུགས་ཀྱི་གནས་སྐབས་ཞེས་པ་དང་། སྦུབས་སུ་འོངས་པའོ་ཞེས་སྔར་སྨོས་ན། དེ་གཉིས་ཀྱི་གནས་སྐབས་དེ་རང་གང་ཞེ་ན། སྐད་ཅིག་གཉིས་པ་ལ་ ཁུ་བ་རང་གི་གནས་ནས་འཕོ་བར་འགྱུར་བ་དང་། རང་གི་གནས་ནས་འཕོས་མ་ཐག་པ་ནི་གོ་རིམ་བཞིན་དུ་ཤུགས་དང་། སྦུབས་སུ་འོངས་པའི་གནས་སྐབས་ཞེས་བརྗོད་དོ། །མདོ་འདི་ལྟར་འདོན་ན་བདེ་སྟེ། འཕོ་བར་འགྱུར་བ་ནི་ཤུགས་དང་། འཕོས་མ་ཐག་པ་ནི་སྦུབས་ སུ་འོངས་པའོ་ཞེས་སོ། །གཉིས་པ་ནི། དབྱུང་བའི་ཆེད་དུ་ཐོག་མར་བརྩམ་པ་ཙམ་ན་སྦྱོར་བ་སྦོམ་པོ་ཉིད་མ་ཡིན་པ་མ་ཡིན་ནོ། །ཊཱི་ཀར། ཤུགས་ཀྱིས་གནས་སྐབས་སུ་བཏང་ན་རྫོགས་པར་མ་བྱས་པ་ཉིད་དོ་ཞེས་བྱ་བ་དེས་ནི། འཕོ་བར་འགྱུར་བའི་སྐབས་ལ་སྦོམ་ 6-1-336a པོར་བསྟན་ཏོ། །མདོ་འདི་ནི་འཕོ་བར་འགྱུར་བའི་གནས་སྐབས་དེའི་སྔ་རོལ་དུ་ནི་ཉེས་བྱས་སོ་སྙམ་པའི་བློ་གྲོས་དེ་བསལ་བའི་ཕྱིར་བྱས་པ་ཡིན་ཏེ་ཞེས་སོ། །གཉིད་མ་ལོག་པའི་སྦྱོར་བ་མེད་པར་གཉིད་ལོག་དུས་སུ་ཕྱུང་བ་ལ་ཁུ་བ་འབྱུང་བཞིན་ གཉིད་སད་པ་ན་རོ་མྱོང་བ་དང་། བབ་ཅོལ་དུ་རོ་མྱང་བ་ནི་སྦྱོར་བ་དེ་དང་ལྡན་པ་ཉིད་དོ་སྟེ་སྦོམ་པོའོ། །ཞུ་འགྲེལ་ལས། རོ་མྱོང་བ་ཙམ་གྱིས་ནི་ལྟུང་བ་སྦོམ་པོར་རིག་པ་མ་ཡིན་ཏེ། ལུས་དང་ངག་གི་རྣམ་པར་རིག་བྱེད་མེད་པའི་ཕྱིར་རོ། །ལུས་ངག་གི་བྱེད་པ་མེད་པའི་རོ་ མྱང་བ་ལ་ནི་ཡིད་ཀྱིས་ཁ་ན་མ་ཐོ་བ་རྣམ་པར་གནས་ཞེས་བཤད་དོ། །བླ་མ་རྣམས་ཀྱང་དེ་དང་མཐུན་པར་འདི་ལ་འབྱིན་པའི་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་དེ་འབྱིན་པའི་ཀུན་སློང་མེད་པའི་ཕྱིར་རོ། །དེས་ན་ཕྱུང་ཟིན་རོ་མྱང་བ་བསླབ་བྱའི་ཉེས་བྱས་ལ་མིང་སྦོམ་པོར་བཏགས་ པའོ་ཞེས་གསུངས་སོ། །རང་གི་ཡན་ལག་གི་རྣམ་པ་ཕྱོགས་གཅིག་ཅུང་ཟད་མཉེད་པ་དང་། ཕྱོགས་ཐམས་ཅད་ནས་བསྡོམས་པས་ཡོངས་སུ་མཉེད་པ་དང་འཚིར་བ་དང་གསུམ་པོ་བདག་གིར་བྱས་ན་སྦོམ་པོའོ། །དེ་གསུམ་ལ་འདིའི་ལྟུང་བ་མི་རྫོགས་པ་ནི་བརྩལ་ བ་མ་ཚང་བའི་ཕྱིར་རོ། །རང་གི་ཡན་ལག་གི་རྣམ་པ་དེ་ལས་སུ་རུང་བ་ལ་སེམས་ཅན་དུ་བགྲང་བ་ལག་པ་ལ་སོགས་པས་ནོམ་པ་སྦོམ་པོའོ། །འདི་ནི་སྦྱོར་བའི་སྦོམ་པོ་སྟེ། ལས་སུ་རུང་བའི་གནས་སྐབས་དེ་ན་ནོམ་པ་འབྱུང་ཉེ་བས་ལས་སུ་མི་རུང་བ་ལ་ནོམ་པ་ཡང་མཚོན་ པའོ། །ཊཱི་ཀར། སེམས་ཅན་དུ་བགྲང་བ་མ་ཡིན་པས་ནི་ཉེས་བྱས་སོ་ཞེས་སོ། །སྨན་གྱིས་འབྱིན་ནའོ་ཞེས་པ་ལ་ཊཱི་ཀར། སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །ཞེས་སོ། །ཞུ་འགྲེལ་ལས། སྨན་ནི་ན་ན་ཀའི་འདབ་མ་ལ་སོགས་པས་ཁུ་བ་འབྱུང་བར་བྱེད་པའོ་ཞེས་བཤད་དོ། ། 6-1-336b དགེ་སློང་གིས་གཞན་གྱི་ཡན་ལག་གི་རྣམ་པ་ལས་ཀྱང་འབྱིན་ན་སྦོམ་པོའོ། །ཊཱི་ཀར། འགྱུར་བ་ཡོད་ཀྱང་རུང་མེད་ཀྱང་རུང་སྦོམ་པོ་སྟེ་ཤིན་ཏུ་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཞེས་སོ། །འབྱིན་པའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ། །གསུམ་པ་འདུལ་བྱེད་ལ། དངོས་གཞི་ཉིད་ཀྱི་ལྟུང་བ་བཤད། །ལྟུང་བའི་ན་སྨད་བསྟན་པ་དང་། །ལྟུང་བ་མེད་པའི་རྣམ་བཞག་གོ། དང་པོ་ནི། སེམས་ཅན་དུ་བགྲང་བས་སོ། །དེའི་རྣམ་པར་གནས་པས་སོ། །ཞེས་སྔར་སྨོས་པའི་སྤྲོས་པ་ནི་བུད་མེད་ལ་སོགས་པའི་རོ་རྣམ་པར་བརྔོས་པ་ལ་སོགས་ དང་ཞེས་བྱ་བའི་སོགས་སྒྲས་ནི་རྣམ་པར་རྣག་པ་དང་། རྣམ་པར་བམ་པ་དང་། རྣམ་པར་འབུས་གཞིགས་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་དམར་བ་རྣམས་བསྡུའོ་ཞེས་སོ། །རྣམ་པར་གཞིགས་པ་དག་དང་ཞེས་པ་ནི། ཊཱི་ཀར། རྣམ་པར་འཐོར་བ་དག་བསྡུ་སྟེ་གླང་ པ་དག་བོག་པ་དང་། ཡན་ལག་དང་བྲལ་བ་ནི་རྣམ་པར་ཞིག་པ་ཞེས་བྱའོ་ཞེས་སོ། །ཀེང་རུས་དག་དང་། མགོ་དང་། རྣ་བ་དང་། སྣ་དག་དང་། མགུལ་པའི་བར་དང་། རྩིབ་ལོགས་དང་། རྒྱབ་དང་། བྲང་དང་། གཉེར་མ་དག་དང་། སྐྲའི་གསེབ་དང་། ལག་པ་དང་། ཕྲག་པ་དང་། དཔུང་པ་དག་དང་། དཔུང་པའི་བར་དང་། རྐེད་པ་དང་། བརླ་དང་། རྐང་པ་དང་། སྒྱིད་པ་དག་དང་། སྒྱིད་པའི་བར་དུ་འབྱིན་ན་དགེ་འདུན་ལྷག་མའི་དངོས་གཞིའོ། །གཉིས་པ་ནི། སྦོམ་པོ་སྟེ། ལྭ་བ་དང་། ཕྱིང་པ་དང་། དྲེའུ་རྔོག་དང་། སྔས་ནང་ ཚངས་ཅན་དང་། ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ཁྲིའི་གསེབ་དང་། བུམ་པ་དང་། བུམ་བུ་དང་། བུམ་ཆུང་དང་ན་ཡམས། བུམ་པའི་བར་དང་། བྱ་མ་བུམ་དང་། ཆོལ་ཟངས་དང་། རྡོ་བ་དང་། སྐྱང་ནུལ་དང་། སྐྱང་ནུལ་གྱི་བར་དང་། སྒོ་གཏན་དང་ཞེས་ 6-1-337a པ་དེ་ཡན་ཆད་ནི་སེམས་ཅན་དུ་བགྲང་བས་སོ་ཞེས་པའི་སེལ་བའོ། །ཤའི་དུམ་བུ་དག་གོ་ཞེས་པ་ནི་དེའི་རྣམ་པར་གནས་པས་སོ་ཞེས་པའི་སེལ་བའོ། །རྨ་འཚིར་ནའོ་ཞེས་པ། ཊཱི་ཀར། རང་གི་ཡན་ལག་གི་རྣམ་པའི་བུ་ག་གང་ཡིན་པ་དེ་ནི་འདིར་རྨ་ཞེས་བྱ་སྟེ། དེ་ འཚིར་ན་སྦོམ་པོའོ། །གཞན་གྱི་རྨ་དེ་འཚིར་བ་ནི་ཉེས་བྱས་སོ། །གཞན་གྱི་ཡན་ལག་གི་རྣམ་པ་ལས་འབྱིན་ན་སྦོམ་པོའོ་ཞེས་སྨྲས་པ་འདིར་ཉེས་བྱས་སུ་ཤེས་ཏེ། འདི་ནི་དེའི་སྦྱོར་བ་ཡིན་པའི་ཕྱིར་ཞེས་སོ། །མི་ཚངས་སྤྱོད་རྩོམ་པ་ན་བུད་མེད་ཉིད་དུ་དེས་བྱས་པའི་མོའི་དབང་པོ་ འཚིར་ན་སྦོམ་པོའོ། །ཊཱི་ཀར། ལྷག་པར་སྤྱད་པ་ལ་ཞུགས་ཟིན་ནས་འཚིར་བ་ལ་ནི་མི་བྱ་སྟེ། དེའི་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་ལྟུང་བ་གཅིག་ཉིད་ཀྱིས་ལྷག་པར་སྤྱད་པ་ཉིད་བསྡུས་པ་ཡིན་ནོ་ཞེས་སོ། །མོ་དབང་དེར་མཐེ་བོ་འཛུད་ན་སྦོམ་པོའོ་སྟེ་མི་ཚངས་པར་སྤྱོད་པའི་གཟུགས་ བརྙན་ཡིན་པའི་ཕྱིར་རོ། །འདི་ནི་དཔེ་སྟེ་ལམ་གསུམ་དུ་ལུས་ཀྱི་ཡན་ལག་གང་འཛུད་ནའོ། །ཊཱི་ཀར། གཞུག་པར་བྱ་བ་པ་སོའི་རེང་བུ་ལ་སོགས་པའི་རྫས་གཞན་དག་ཀྱང་དེ་བཞིན་ནོ། །ཞེས་སོ། །བུ་སྟོན་རིན་པོ་ཆེས། འདི་དང་སྔ་མ་གཉིས་མི་ཚངས་སྤྱོད་ཀྱི་སྦོམ་པོ་ཡིན་གྱི་ འབྱིན་པར་གཏོགས་པ་མིན་ནོ། །ཞེས་གསུངས་སོ། །མི་ཚངས་པར་སྤྱོད་པའི་དོན་དུ་དང་། དབྱུང་བའི་དོན་དུ་ཉེ་བར་འགྲོ་བ་ལ་ལམ་དུ་ཁུ་བ་ཤོར་ན་སྦོམ་པོའོ། །དེ་ཡང་མི་ཚངས་སྤྱོད་ཀྱི་ཆེད་དུ་ཉེ་བར་འགྲོ་བ་ལ་ཤོར་ན་སྦྱོར་བའི་རྣམ་པའི་སྦོམ་པོ་དང་། འབྱིན་པའི་ཆེད་དུ་ཉེ་བར་འགྲོ་ བ་ལ་ཤོར་ན་དངོས་གཞིའི་རྣམ་པའི་སྦོམ་པོའོ། །ཊཱི་ཀར། འཆགས་པ་ལ་སོགས་པའི་དོན་དུ་འགྲོ་བ་ན་ཤོར་བ་ལ་ནི་ལྟུང་བ་མེད་དོ་ཞེས་སོ། །དབྱུང་བའི་དོན་དུ་གནས་ནས་གནས་སུ་འཕོས་པ་ལ་ཁུ་བ་ལམ་དུ་ཤོར་ན་ཡང་སྦོམ་པོའོ། །འོ་ན་འབྱིན་པའི་ཆ་ནས་མདོ་སྔ་མ་དང་འདི་ལ་ 6-1-337b ཁྱད་པར་ཅི་ཞེ་ན། སྔ་མ་ནི་སྦྱོར་བ་བསྟན་ནས་མ་བྱས་པར་ཉེ་བར་འགྲོ་བ་ཡིན་ལ། ཕྱི་མ་ནི་འབྱིན་པའི་སྦྱོར་བ་ཅུང་ཟད་བྱས་པའི་གནས་ནས་གནས་གཞན་དུ་འཕོས་པའོ། །བྱེ་བྲག་ངེས་པར་མྱོང་བ་ལ་གཏོགས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རྣམ་འབྱེད་དུ་བསྟན་ཟིན་པས། སྐབས་འདིར་ནི་ཚུལ་བཞིན་མ་ཡིན་པ་སྟེ་དབྱུང་བའི་དོན་དུ་བུད་མེད་ཀྱི་བརླ་དང་། ནུ་མ་ལ་སོགས་པ་ཡིད་ལ་བྱེད་པ་ལས་ཁུ་བ་ཕྱུང་ན་སྦོམ་པོའོ། །འབྱིན་པའི་ལྷག་མར་མི་འགྱུར་ཏེ་རེག་ཅིང་བརྩལ་བ་མེད་པའི་ཕྱིར་རོ། །དབྱུང་བར་འདུན་པས་རང་གི་ཡན་ལག་གི་རྣམ་པ་ལ་ལག་ པས་འཛིན་པ་ཙམ་ལས་ཁུ་བ་ཕྱུང་ན་སྦོམ་པོའོ། །འབྱིན་པའི་ལྷག་མར་མི་འགྱུར་ཏེ་བརྩལ་བ་མེད་པའི་ཕྱིར་རོ། །ཊཱི་ཀར། ལག་པས་རེག་པ་ལ་སོགས་པས་བརྩལ་བ་མེད་པར་ཡན་ལག་གི་རྣམ་པ་འགུལ་བ་ལས་བྱུང་བ་གང་ཡིན་པ་དེ་ནི་ཉེས་བྱས་སོ། །ནད་ཀྱིས་ཉེན་པ་ལ་སོགས་ པའི་ཆེད་དུ་ཡན་ལག་གི་རྣམ་པ་བཟུང་བ་ལས་བྱུང་བ་ལ་ནི་ཉེས་པ་མེད་དེ། བབ་ཅོལ་དུ་ཞེས་བྱ་བ་ལ་སོགས་པའི་རིག་པ་རྣམ་པར་གནས་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་ནི། འཛག་སྣོད་ལ་དྲུད་པ་ལ་ནི་ལྟུང་བ་མེད་དོ། །འདི་ཉིད་ཀྱང་སོ་སྐྱེའི་དབང་དུ་བྱས་ཏེ། ཊཱི་ཀར། ཞུགས་པ་མ་ཡིན་པའི་དགེ་སློང་གིས་ཞེས་སོ། །སྔོན་གྱི་ཆུང་མས་འཁྱུད་པ་ལས་བབ་ཅོལ་དུ་ཁུ་བ་བྱུང་བ་ལ་ཡང་ལྟུང་བ་མེད་དོ། །དགེ་སློང་གི་རྐང་པ་དང་། བྱིན་པ་དང་། དཔུང་པ་དང་། མཐེ་བོ་ལ་སོགས་པ་ནས་བུད་མེད་ཀྱིས་བཟུང་བ་ལས་བབ་ཅོལ་དུ་ཁུ་བ་བྱུང་བ་ལ་ཡང་ ངོ་སྟེ། ཊཱི་ཀར། ཡང་ངོ་ཞེས་བྱ་བའི་སྒྲ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་རོ་ཞེས་སོ། །འབྱིན་པའི་དགེ་འདུན་ལྷག་མ་འདུལ་བྱེད་དག་གོ། སྨྲས་པ། དཔང་གྱུར་འཇིག་རྟེན་ཚད་མར་བྱེད་པའི་མིག །འཕགས་པ་སྐྱོན་མེད་འཛུམ་པས་ཞིང་འདི་དོར། །མེ་ཏོག་ 6-1-338a མདའ་ཡི་འཕོང་པ་ལས་ཡིད་འབྱུང་། །བསིལ་བའི་དངོས་པོ་དོན་གཉེར་དགག་པའི་གཞི། །བྱི་བྱད་ཙམ་ཡང་གཙུག་ལག་གཞུང་ཉིད་ལས། །བཟློག་པའི་འདུན་སོགས་ཆོས་བཞིས་ཉེར་འགྲོ་བ། །དེ་དང་དེ་འདྲས་ཤཱཀྱ་སེང་གེའི་བསྟན། །འདེགས་པ་ཡིན་ སྙམ་གཞན་གྱི་ཡོན་རྣམས་ལེན། །ཀྱེ་མ་འཛམ་གླིང་པ་རྣམས་བསོད་ནམས་བྲི། །སྡིག་ལྟུང་སྐྱོབ་པའི་སྡོམ་ལྡན་ངང་གིས་ཡལ། །འཁྲིག་པའི་ཆོས་ལ་སྡིག་ཅན་གཡོ་སྒྱུ་མཁས། །ངན་སོང་དར་བའི་བྱེད་པོ་དགེ་སྦྱོང་གི། མིང་དུ་བསྙད་འགའ་དབྱར་མཚོ་བཞིན་དུ་བརྡོལ། །བློ་ གྲོས་རྨོངས་པས་སྦྱར་བའི་ཀུན་སྤྱོད་ལ། །སྐྱེ་བ་ཀུན་ཏུ་ངོ་ཚ་སྤངས་པ་འགས། །ངོ་མཚར་བརྩོན་པས་ཆགས་པ་ཅི་ཡང་སྤེལ། །དེ་དག་རྣམས་ལ་སྙིང་ནས་མ་བཟོད་དེ། །དྲང་པོའི་ཚིག་གིས་ཐལ་སྦྱར་གསོལ་བ་འདེབས། །བསླབ་པ་འཁྲུལ་པར་བཅས་པའི་རྒྱུད་ཉིད་ལ། །བདེན་ པ་མངོན་པར་རྟོགས་པ་མི་འབྱུང་བ། །ཆོས་ཉིད་སྟོབས་ཀྱིས་ཞུགས་པའི་དངོས་དོན་ཡིན། །བསྟན་ལ་ཞུགས་ནས་རྩ་བ་བཞི་པོ་ལ། །འཆབ་བཅས་སྐྱོན་དང་བཅས་པ་བྱུང་བ་དེ། །དངོས་ཀྱི་རྣམ་སྨིན་ངན་སོང་དུ་གཞོལ་ཅིང་། །སླད་ནས་བསྟན་དང་མཇལ་བའང་རྒྱ་མཚོ་ཆེ། །གཉའ་ ཤིང་བུ་གར་མགྲིན་ཆུད་ལས་ཀྱང་དཀའ། །འདི་འདྲ་ལ་དགོངས་རིགས་ཆད་སེམས་ཅན་ཞེས། །མ་རིག་རྨོངས་པའི་དབྱིངས་འདི་ཟད་པ་མེད། །དེས་ན་ཐེག་པ་ཆེ་ཆུང་གསུང་རབས་ལས། །སེམས་ཅན་ཁམས་འདི་ཟད་པ་མེད་པ་དང་། །བསམ་གྱིས་མི་ཁྱབ་པ་ཞེས་ཡང་ཡང་གསུངས། ། ལྷག་པར་རབ་བྱུང་སྡེ་ལྔར་གཏོགས་པ་དག །རྟག་ཏུ་འབྱིན་པའི་སྦྱོར་བ་འདི་བྱེད་ནས། །ཁྱིམ་པའི་དབུས་ན་བཙུན་པར་ཁས་འཆེ་བ། །མི་གཙང་དཀྱིལ་ནས་བཤང་བའི་སྲིན་བུ་བཞིན། །མངོན་མཚན་ང་རྒྱལ་བྱེད་པ་དེ་དག་ཀུན། །ཐུབ་བསྟན་བཤིག་པའི་ཆོམ་རྐུན་མིན་རེ་ཤི། དེ་ 6-1-338b ཡི་ལྟུང་བ་ཕྱིར་བཅོས་མི་བྱེད་པས། །ཚེ་ཐུང་འདི་ཉིད་ཟད་པར་གྱུར་མ་ཐག །དམྱལ་བ་དང་ནི་བྱོལ་སོང་འཇིག་རྟེན་དུ། །གྲངས་མེད་སྐྱེ་བ་བརྒྱུད་མར་མི་ལེན་རེ། །དེ་བཞིན་གཤེགས་པའི་བཀའ་ལ་ངས་ཡིད་ཆེས། །གཏི་མུག་ཅན་འགས་རང་སྤྱོད་ངན་པ་ནི། །སྡིག་པ་ཡིན་ཀྱང་ དགེ་བ་ཡིན་ཅེས་ནས། །ཉོན་མོངས་སྨིན་པ་རྣམས་ལ་བགྲོ་ཞིང་གླེང་། །དེ་འདྲའི་གདོང་ནི་རྡོ་རྗེ་ཡིན་གྱུར་ཀྱང་། །ཞུ་བར་རིགས་མོད་ངན་སོང་གཞོལ་བ་རྣམས། །སྡིག་ལྟུང་སྤྱོད་ཚེ་བཞིན་ནི་ཟླ་ལྟར་རངས། །གཞན་གྱི་མཐོང་ཐོས་མེད་ན་དེ་ཡི་འབྲས། །མི་འབྱིན་སྙམ་འགའ་ ཡིད་ལ་དྲན་མ་ཐག །སྒོ་གསུམ་མི་བྱ་ཅི་ཡང་ཡོད་མ་ཡིན། །བྱིས་པས་དུག་གི་མེ་ཏོག་ཁ་དོག་ལ། །ཆགས་ནས་ལྐོག་ཏུ་མངོན་པར་ཟོས་ན་ཡང་། །སྐད་ཅིག་གཉིས་པར་ལྟོ་བ་ཅིས་མི་འབིགས། །བདག་ནི་ཚངས་པའི་གོ་འཕང་འཇིག་བལྟ་ན། །འདོད་པའི་ཡོན་ཏན་འདི་ དག་ཐམས་ཅད་པ། །སྡིགས་པ་རྭ་ཅན་ལས་ཀྱང་འཇིགས་པ་དང་། །མཆིལ་མའི་ཐལ་བ་ལས་ཀྱང་མི་ལོད་རི། །ཡིད་འབྱུང་བཅོས་མ་མིན་པར་མེད་རེ་ཤི། །དེས་ན་བདག་གིས་བརྗོད་པའི་ཚིག་འདི་ཉིད། །གལ་ཏེ་བདེན་ན་དེ་ཡི་བདེན་སྟོབས་ཀྱིས། །དགེ་སྦྱོང་གཟུགས་བརྙན་ སྡིག་པའི་བང་མཛོད་ཅན། །ལྷག་མའི་ནོར་གྱི་བུན་སྐྱེད་བདག་པོ་རྣམས། །གཡོ་སྒྱུའི་ལོ་ཏོག་རྨེགས་ནས་བསྐམ་པ་དང་། །དེ་འདྲའི་སྡིག་པའི་འབབ་ཆུ་ཆད་པ་ནས། །བདུད་ཀྱི་རྒྱལ་མཚན་རིང་ནས་སྙོལ་གྱུར་ཅིག །ཅེས་ཚིགས་སུ་བཅད་པ་འདི་ཉིད་བྲིས་པའི་དུས་སུ་ རང་ཉིད་ཀྱང་ལུས་སེམས་ཞིག་པ་མི་ཚོར་བའི་སྙིང་རྗེས་ཀུན་ནས་བསླང་བའི་མཆི་མ་དང་བཅས་ཏེ་བརྗོད་པ་ཡིན་ལ། ཕྱིན་ཆད་ཁོ་བོའི་ཊཱི་ཀ་འདི་ལ་སྒྲུབ་པ་ནན་ཏན་དུ་མཛད་པ་རྣམས་ཀྱིས་ང་ལ་བསམས་ནས་འབྱིན་པ་དང་པོ་དང་བཅས་བཞིན་མཁན་སློབ་སོགས་བསྟན་པའི་གྲལ་ 6-1-339a དུ་ཞུགས་ནས་བསྟན་པ་མི་བཤིག་པ་གལ་ཆེ་ཆེ་ཆེ། འདི་མ་མཐོང་བའི་གཡང་ས་ཆེན་པོ་གཅིག་འདུག་གོ། ཁོ་བོའི་རྗེས་སུ་འཇུག་པ་རྣམས་འདི་ལ་དམ་ཚིག་དྲན་པར་གྱིས་ཤིག །བདག་གི་ལྷག་བསམ་ལྗོན་པ་ལས། །སྐྱེས་པའི་ཞུ་ཕྲིན་མེ་ཏོག་ འདིས། །བསྟན་འཛིན་ཆགས་བྲལ་རྣ་རྩེ་ཀུན། །རྣམ་འགྱུར་གཅིག་གིས་མཛེས་གྱུར་ཅིག །འབྱིན་པའི་དགེ་འདུན་ལྷག་མ་རྫོགས་སོ།། །།གཉིས་པ་ལ། རྣམ་པར་འབྱེད་པའི་ལུང་གིས་བརྗོད། །ཞུ་བའི་ལུང་གིས་ཇི་ལྟར་བསྟན། །འདུལ་བྱེད་ལུང་གིས་བརྗོད་པའོ། ། དང་པོ་ལ། བུད་མེད་བྱེད་པོ་ཐུན་མོང་བསྟན། །རེག་པའི་གནས་སྐབས་ཟུར་དུ་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ། དགོས་པའི་དོན་དང་། བསྡུས་པའི་དོན་ནོ། །དང་པོ་ནི། ཚེགས་ཆུང་ཞིང་རྟོགས་པར་སླ་བ་སྟེ། ལུང་རྣམ་འབྱེད་ལས། ལྟུང་བ་མང་པོ་ལ་དོན་གོ་དང་། བསྟེན་རུང་རེ་རེ་ལ་རེ་རེས་གསུངས་ཀྱང་། མདོ་རྩ་བར་འོག་མ་གསུམ་ལ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པ་དང་ཞེས་ཚིག་གཅིག་ཏུ་བསྡུས་པ་ལྟ་བུའོ། །གཉིས་པ་ལ། ཡན་ལག་རྣམ་པར་བཞག་པ་དང་། སྐབས་འདིར་ལྟུང་བ་བཅུ་པོ་འདི་ཁོ་ན་བསྡུས་པའི་འཐད་པའོ། །དང་པོ་ལ། བུད་མེད་ཀྱི་མཚན་དོན་ཡོད་པའི་ཡན་ལག །རིག་པའི་སྐྱེས་བུ་མེད་པའི་ཡན་ལག །དོན་གོ་བའི་ཡན་ལག །བསྟེན་རུང་གི་ཡན་ལག །ཀུན་སློང་གི་ཡན་ལག་གོ། དང་པོ་ནི། བུད་མེད་ཉིད་དམ་ མཚན་གཉིས་པ་བུད་མེད་ཀྱི་མཚན་ཤས་ཆེ་བ་དང་ལྡན་པའོ། །དེ་ལྟུང་བ་གང་གི་ཡན་ལག་ཡིན་ན་བུད་མེད་ལ་རེག་པ་ནས། ཁྱིམ་པ་མོ་ལ་ཆོས་སྟོན་པའི་བར་བཅུའིའོ། །མཚན་གཉིས་པ་བུད་མེད་ཀྱི་དབང་དུ་གྱུར་པ་ལ་བུད་མེད་ཀྱི་མཚན་དོན་ཡོད་པ་ཚང་ཡང་། དགེ་སློང་མའི་ 6-1-339b སྡོམ་པ་ཡོད་པ་མི་ཚང་བས་དབེན་པ་ན་འགྲེང་བའི་ལྟུང་བྱེད་ནི་མི་བསྐྱེད་དོ། །བཅུའི་ཡན་ལག་ཡིན་པའི་སྒྲུབ་བྱེད་ནི་འདི་ལ་བྱེད་པ་པོ་ཉིད་ནི་ཞེས་པ་ལ་སོགས་པ་མདོ་བདུན་ནོ། །འདིར་སེལ་བ་ནི། སྐྱེས་པ་ཉིད་དང་། མ་ནིང་ཉིད་དང་། མཚན་གཉིས་པ་བུད་མེད་ཀྱི་མཚན་དོན་མེད་པ་ ཅན་རྣམས་སོ། །ཅི་ལྟར་སེལ་བར་འགྱུར་ཞེ་ན། །ཡུལ་སྐྱེས་པ་ལ་དགེ་སློང་གིས་དབེན་པར་འདུག་འགྲེང་གཉིས་དང་། གནས་གཅིག་ཏུ་ལྷན་ཅིག་ཉལ་བ་དང་། ལམ་དུ་འགྲོ་བ་དང་། ཆོས་སྟོན་པ་ལྔ་པོ་བྱས་པ་ལ་ལྟུང་བ་མེད་དེ་དགག་བྱ་མེད་པའི་ཕྱིར་རོ། །ཡུལ་སྐྱེས་པ་ལ་ དགེ་སློང་གིས་རེག་པ། འཁྲིག་ཚིག །བསྙེན་བཀུར་བསྔགས་པ་དང་གསུམ་པོ་བྱས་པ་དང་། སྐྱེས་པ་ནང་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དགེ་སློང་གིས་འདུག་འགྲེང་གཉིས་བྱས་ན་རང་རང་གི་ལྟུང་བ་ན་སྨད་པ་སྟེ། གསུམ་པོ་འདི་ལ་སྐྱེས་པའོ་ཞེས་པ་དང་། བམ་པོ་ལྔ་བཅུ་པ་ ལས། ཉལ་ཤོམ་འདུག་འགྲེང་གི་སྐབས་སུ་གཉིས་ཀ་སྐྱེས་པ་ཡིན་ན་ཉེས་བྱས་སོ་ཞེས་བཤད་དོ། །རིགས་པས་ཀྱང་དགག་བྱ་མ་རྫོགས་པའི་ཕྱིར་རོ། །ཡུལ་མ་ནིང་ཉིད་དང་། མཚན་གཉིས་པ་བུད་མེད་ཀྱི་མཚན་དོན་མེད་པ་ཅན་ལ་རེག་པ་ལ་སོགས་བཅུ་པོ་བྱས་ན་རང་རང་གི་ ལྟུང་བ་ན་སྨད་པ་སྟེ། མ་ནིང་མོ་དང་། མ་ནིང་ཕོ་དང་། སྤྲུལ་པ་མོ་ལ་ཡང་དེ་བཞིན་ནོ་ཞེས་བཤད་དོ། །བུད་མེད་ཀྱི་མཚན་ཤས་ཆེ་བའི་མཚན་གཉིས་པ་ལ་རེག་པ་ལ་སོགས་པའི་ལྟུང་བ་དངོས་གཞིར་འགྱུར་རོ། །གཉིས་པ་ནི། ལྟུང་བ་བསྐྱེད་པའི་ཡུལ་རྟེན་གཉིས་ལས་གཞན་ པ་ཁྲིམས་གྲོགས་སྐྱེས་པ་མེད་པའོ། །དེ་ལྟུང་བ་གང་གི་ཡན་ལག་ཡིན་ན། ལམ་དུ་འགྲོ་བ་དང་ཆོས་སྟོན་པ་གཉིས་ཀྱིའོ། །སྒྲུབ་བྱེད་ནི་རིག་པའི་སྐྱེད་པ་མེད་པའི་ཞེས་པ་དང་། སྐྱེས་པ་མེད་པར་རོ། །རིག་པའོ་ཞེས་སོ། །སེལ་བ་ནི། ཁྲིམས་གྲོགས་རིག་པའི་སྐྱེས་པ་དང་ 6-1-340a ལྡན་པའི་དགེ་སློང་གིས་ཁྱིམ་པ་མོ་ལ་ཆོས་སྟོན་པ་དང་། བུད་མེད་དང་ལམ་དུ་འགྲོ་བ་ལ་ལྟུང་བ་མེད་དེ། ལུང་རྣམ་འབྱེད་ལས། རིག་པའི་སྐྱེས་པ་ཉེ་བར་བཞག་སྟེ་ཅི་འདོད་པར་ཆོས་བསྟན་པར་བྱའོ་ཞེས་གསུངས་སོ། །རིགས་པས་ཀྱང་དགག་བྱ་མེད་ པའི་ཕྱིར་རོ། །གསུམ་པ་ནི། བུད་མེད་དེས་ལེགས་སྨྲས་ཉེས་སྨྲས་ཀྱི་དོན་གོ་བར་ནུས་པའོ། །དེ་ལྟུང་བ་གང་གི་ཡན་ལག་ཡིན་ན་འཁྲིག་ཚིག་བསྙེན་བཀུར་ཆོས་སྟོན་པ་དང་གསུམ་གྱིའོ། །སྒྲུབ་བྱེད་ནི་འོག་མ་གསུམ་ལ་ལེགས་པར་སྨྲས་པ་དང་ཞེས་སོ། །སེལ་བ་ནི། བུད་མེད་ དོན་མི་གོ་བ་ལ་འཁྲིག་ཚིག་ལ་སོགས་པ་གསུམ་པོ་དེ་རྣམས་བྱས་ན་རང་རང་གི་ན་སྨད་པ་སྟེ། གཞན་དུ་ན་འོག་མའིའོ་ཞེས་བཤད་དོ། །བཞི་པ་ནི། ཡུལ་དེ་འཁྲིག་པ་བསྟེན་དུ་རུང་བ་སྟེ་ལམ་ཆེ་ཆུང་སྤྲད་པར་བཟོད་པའོ། །དེ་ལྟུང་བ་གང་གི་ཡན་ལག་ཡིན་ན་རེག་པ་ལ་སོགས་པ་ བདུན་གྱིའོ། །སྒྲུབ་བྱེད་ནི་གཞན་ལ་འཁྲིག་པ་བསྟེན་པར་བྱ་བའི་ཕྱིར་ཞེས་སོ། །སེལ་བ་ནི། བུ་མོ་ཆུང་ངུ་ལྟ་བུ་འཁྲིག་པ་བསྟེན་དུ་མི་རུང་བ་ལ་རེག་པ་ལ་སོགས་པ་བདུན་པོ་དེ་རྣམས་བྱས་ན་རང་རང་གི་ན་སྨད་པ་སྟེ། གཞན་དུ་ན་འོག་མའིའོ་ཞེས་བཤད་དོ། །ལྔ་པ་ནི། རེག་པ་འཁྲིག་ ཚིག་བསྙེན་བཀུར་བསྔགས་པ་དང་གསུམ་པོ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཡིད་ཀུན་ཏུ་འདོད་ཆགས་དང་ལྡན་པ་སྟེ། གལ་ཏེ་དེ་དག་གི་ཞེས་སོ། །སེལ་བ་ནི་གསུམ་སྟེ། རེག་པ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་འདོད་ཡོད་ཀྱང་ཡིད་ཀུན་ཏུ་འདོད་ཆགས་མེད་པ་དང་། ཡིད་ཀུན་ ཏུ་འདོད་ཆགས་ཡོད་ཀྱང་བདེ་བ་ཉམས་སུ་མྱོང་འདོད་མེད་པ་དང་། དེ་གཉིས་ཀ་མེད་པས་རེག་པ་ལ་སོགས་པ་བྱེད་པའོ། །སེལ་བ་དང་པོ་ལ་ནི་རང་རང་གི་ན་སྨད་པ་སྟེ། འཇམ་པ་དང་། དྲོ་བ་དང་། སྙི་བའི་བསམ་པ་ཉིད་ན་སྦོམ་པོའོ་ཞེས་པ་དང་། རང་བཞིན་གྱི་གནས་ངན་ལེན་བརྗོད་ 6-1-340b པས་ཞེས་བཤད་དོ། །སེལ་བ་གཉིས་པ་ནི། ཆགས་སེམས་ཙམ་པོ་དེ་གཉེན་པོས་བཟློག་ན་ནི་ལྟུང་བ་མེད་དེ། གཞན་དུ་སོ་སོ་སྐྱེ་བོ་རྣམས་ཀྱིས་བསྒྲུབ་པར་མི་ནུས་པར་འགྱུར་བའི་ཕྱིར་རོ། །གཉེན་པོས་མ་བཟློག་ན་ནི་མི་ཚངས་སྤྱོད་ཀྱི་རྒྱུར་འགྱུར་བའོ། །བསླབ་བྱའི་ཉེས་བྱས་སུ་ནི་ འགྱུར་ཏེ། ཆགས་སེམས་ཙམ་པོ་དེ་ནི་གཞི་ལ་སོགས་པས་ཁྱད་པར་མ་བྱས་པའི་ཆགས་སེམས་མངོན་གྱུར་ཡིན་ལ། མི་ཚངས་པར་སྤྱོད་པ་ནི་ཆགས་པ་ཐམས་ཅད་ཀྱི་ལུས་ལྟ་བུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །སེལ་བ་གསུམ་པ་ནི། བདེ་བ་ཉམས་སུ་མྱོང་འདོད་དང་། ཡིད་ཀུན་ཏུ་འདོད་ཆགས་པ་གཉིས་ཀ་མེད་པས་རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་ན་བདེ་བ་ཉམས་སུ་མྱོང་འདོད་དང་། ཡིད་ཀུན་ཏུ་འདོད་ཆགས་པ་གཉིས་ཀ་མེད་པས་རེག་པ་དེ་ལ་ནི་བསླབ་བྱའི་ཉེས་བྱས་སུ་འགྱུར་ཏེ་བུད་མེད་ལ་ཡང་མི་བྱའོ་ཞེས་སོ། །སྔ་མ་བཞིན་དུ་ གཉིས་ཀ་མེད་པས་འཁྲིག་ཚིག་དང་བསྙེན་བཀུར་བསྔགས་པ་ནི་ངག་འཁྱལ་སྨྲ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་རིགས་སོ། །གཉིས་པ་ལ། བུད་མེད་ཀྱིས་བསྐྱེད་པའི་ལྟུང་བ་མང་དུ་ཡོད་པ་ལས། སྐབས་འདིར་ལྟུང་བ་བཅུ་པོ་འདི་ཁོ་ན་བསྡུ་བའི་འཐད་པ་ནི། ཉལ་ཤོམ་འདུག་ འགྲེང་གཉིས་ནི་བུད་མེད་བྱེད་པ་པོའི་སྐབས་འདིར་བསྡུས་ལ། སྨྱན་བྱེད་པ་ནི་སྐབས་འདིར་མ་བྱུང་བའི་རྒྱུ་མཚན་ཅི་ཞེ་ན། དགེ་སློང་མ་ལས་གྱུར་པའི་ལྟུང་བ་མང་དུ་ཡོད་པ་ལས། དགེ་སློང་མ་དང་འགྲེང་བ་ནི་བུད་མེད་བྱེད་པ་པོའི་སྐབས་འདིར་བསྡུས་ལ། འཁྲུར་འཇུག་ དང་། མ་བསྐོས་ཉི་ནུབ་ལ་སོགས་པ་དགེ་སློང་མ་ལས་གྱུར་པ་གཞན་རྣམས་སྐབས་འདིར་མ་བསྡུས་པའི་རྒྱུ་མཚན་ཅི། སྐབས་འདིའི་ཊཱི་ཀ་ལས། ད་ནི་གང་དང་གང་ལ་བྱེད་པ་པོ་བུད་མེད་ཡིན་པ་དེ་ཐམས་ཅད་བསྟན་པའི་ཕྱིར་ཞེས་ཐམས་ཅད་བསྟན་པར་གསུངས་པ་དང་། 6-1-341a དགེ་སློང་མ་ལས་གྱུར་པ་འཁྲུར་འཇུག་དང་། མ་བསྐོས་ཉི་ནུབ་ལ་སོགས་པ་རྣམས་སྐབས་འདིར་མ་བསྟན་པ་འགལ་ལོ་ཞེ་ན། སྐབས་འདིར་ལྟུང་བ་བཅུ་པོ་འདི་བསྡུ་ལ། གཞན་མི་བསྡུ་བའི་རྒྱུ་མཚན་ནི། བུད་མེད་བྱེད་པ་པོའི་སྐབས་འདིར་བསྟན་པའི་ཡན་ ལག་གི་གཙོ་བོ་ནི་བུད་མེད་ཀྱི་མཚན་བསྟེན་དུ་རུང་བ་དང་། དོན་གོ་བར་ནུས་པ་གཉིས་ཡིན་ལ། ལུང་རྣམ་འབྱེད་ལས། བདུན་ལ་བསྟེན་རུང་དང་། གསུམ་ལ་དོན་གོ་བ་ཡན་ལག་ཏུ་གསུངས་པས་བཅུ་པོ་འདི་ནི་ལུང་རྣམ་འབྱེད་ཀྱི་ཐད་ཀའི་དོན་བསྡུས་པའི་ཕྱིར་རོ། །དཔེར་ན་ ལུང་གཞི་ལས། སྲ་བརྐྱང་གི་ཕན་ཡོན་བཅུ་གསུངས་ཀྱང་། རྣམ་འབྱེད་ལས། འཆང་བྲལ་འཇོག་པ་གསུམ་མི་འབྱུང་བར་གསུངས་པའི་དོན་བསྡུས་ཏེ། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་གསུངས་པ་བཞིན་ནོ། །འདི་ནི་ལྡོག་པ་ཡེ་འབྱུང་གིས་གོ་བ་རྙེད་དེ། དེའི་རྗེས་སུ་རྒྱ་དང་། ཤ་མི་དང་། ཡར་སྟོད་པ་སོགས་ཀྱང་དེ་ལྟར་སྨྲའོ། །འོ་ན་དབེན་པ་ན་འགྲེང་བ་དང་། ཉལ་ཤོམ་འདུག་འགྲེང་གཉིས་ཏེ་ལྟུང་བ་གསུམ་ལ་བསྟེན་རུང་དགོས་པ་འདི་ལུང་རྣམ་འབྱེད་ན་མི་སྣང་བ་དང་འགལ་ལོ་ཞེ་ན། ལུང་རྣམ་འབྱེད་ཡི་གེ་ཆད་པར་ གསལ་ཏེ་ལྟུང་བ་གསུམ་པོ་དེ་ལ་ཡང་བསྟེན་རུང་དགོས་པར་མདོ་རྩ་བར་ནི་བསྡུས་ལ། འགྲེལ་པས་རྩོད་སྤང་མ་བྱས་པའི་ཕྱིར། དེ་ཡང་ལུང་ལས་མ་གསུངས་ཀྱང་མདོ་རྩ་བར་བསྟན་པ་ཡིན་ན་ནི། འགྲེལ་པས་རྩོད་སྤང་མཛད་པ་ཡིན་པ་ལ་ལུང་ལས་མ་གསུངས་ཀྱང་ རང་བཟོའི་སྐྱོན་མེད་ཅེས་འགྲེལ་པས་རྩོད་སྤང་མ་བྱས་པའི་ཕྱིར་ཞེས་ཤ་སྦལ་དག་འཆད་དོ། །དགེ་སློང་མ་དང་དབེན་པ་ན་འགྲེང་བ་མ་གཏོགས་པ་དགེ་སློང་མ་ལས་གྱུར་པ་རྣམས་སྐབས་འདིར་མ་བསྟན་ཀྱང་སྐབས་འདིའི་ཊཱི་ཀ་ལས། གང་དང་གང་ལ་བྱེད་པ་པོ་བུད་མེད་ 6-1-341b ཡིན་པ་དེ་ཐམས་ཅད་བསྟན་པའི་ཕྱིར་ཞེས་གསུངས་པ་དེ་མི་རིགས་སོ་སྙམ་ན། དེ་ནི་བུད་མེད་ལས་གྱུར་པ་བསྟེན་རུང་དང་དོན་གོ་བ་གཉིས་ཡན་ལག་ཏུ་དགོས་པར་ལུང་རྣམ་འབྱེད་ལས་དངོས་སུ་གསུངས་པ་དེ་ཐམས་ཅད་བསྟན་པའི་ཕྱིར་ཞེས་དགོངས་པའོ་ཞེས་གསུངས་སོ། །གཉིས་ པ་ལ། བུད་མེད་བྱེད་པོའི་དབྱེ་བ་བསྟན། །ཁྲིམས་གྲོགས་དོན་གཞན་བཅས་ཏེ་བརྗོད། །སྐབས་ལྟུང་ཐུན་མོང་སྤྱིར་བསྟན་འཆད། །དང་གསུམ་ཐུན་མོང་བྱེ་བྲག་གོ། དང་པོ་ནི། རེག་པའི་ལྷག་མ་འདི་ལ་ཡུལ་དུ་གྱུར་པའི་བྱེད་པ་པོ་ཉིད་ནི་ཡུལ་བུད་མེད་ཀྱི་མཚན་དོན་ཡོད་པ་ཉིད་ དོ། །འདིར་བྱེད་པ་པོ་ནི་མེད་ན་མི་འབྱུང་བའི་རྒྱུ་སྟེ། ཊཱི་ཀ་ལས། བྱེད་པ་པོ་ཉིད་ནི་བུད་མེད་དེ། བུད་མེད་དེ་མེད་ན་ལྟུང་བ་འདི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །བུད་མེད་ཀྱི་མཚན་དོན་ཡོད་པ་ནི། བུད་མེད་ཉིད་དང་། མཚན་གཉིས་པ་བུད་མེད་ཀྱི་མཚན་ གྱི་ཆ་ནས་བྱ་བ་བྱེད་ནུས་པ་སྟེ། དེ་ལྟ་བུའི་མཚན་གཉིས་པ་ལ་རེག་ན་ཡང་ལྷག་མར་འགྱུར་རོ། །དབེན་པ་ན་བུད་མེད་དང་འདུག་པ་དང་། དགེ་སློང་མ་དང་འགྲེང་བའི་ལྟུང་བྱེད་གཉིས་ཀྱིའོ། །ཉལ་པོ་བྱེད་པར་ཤོམ་པ་ཉིད་ལ་ཡང་འདུག་པ་དང་། འགྲེང་བའི་ལྟུང་བྱེད་གཉིས་ཀྱི་ བྱེད་པ་པོ་ཉིད་ནི་བུད་མེད་དོ། །བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བའི་ལྟུང་བྱེད་ཀྱི་བྱེད་པོར་བུད་མེད་ལའོ། །རིག་པའི་ཞེས་ལུང་ལས་དངོས་སུ་མ་གསུངས་ཏེ། ཊཱི་ཀར། འདི་ལྟར་བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པའི་མདོ་ལས་རིག་པ་ཞེས་བྱ་བ་སྨོས་པར་མ་ མཛད་མོད་ཀྱི། འོན་ཀྱང་ཚིག་དྲུག་གམ་ལྔ་ལས་ལྷག་པར་ཆོས་འཆད་པའི་བསླབ་པའི་གཞིའི་རྗེས་སུ་འབྲང་བས་མདོ་འདིར་རིག་པའི་ཞེས་བྱ་བ་སྨོས་སོ་ཞེས་སོ། །སྐྱེས་པ་མེད་པའི་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ཀྱི་བྱེད་པོ་བུད་མེད་ལའོ། །རེག་པའི་ལྷག་ 6-1-342a མ་འོག་མ་འཁྲིག་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པའི་ལྷག་མ་འོག་མ་གཉིས་ཀྱི་བྱེད་པོ་བུད་མེད་ལའོ། །ཁྱིམ་པ་མོ་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པའི་ལྟུང་བྱེད་ཀྱི་བྱེད་པ་བུད་མེད་ལའོ། །ཁྱིམ་པ་མོ་ལ་ཆོས་སྟོན་པ་དེ་ཡང་ ཁྲིམས་གྲོགས་སྐྱེས་པ་མེད་པར་སྟོན་པར་རོ། །སྐྱེས་པ་དེ་ནི་རིག་པ་སྟེ་བརྗོད་པ་དང་སྤྱོད་པ་དག་ཤེས་པའོ། །ཁྲིམས་གྲོགས་རིག་པའི་སྐྱེས་བུ་ཡོད་ཀྱང་བུད་མེད་མི་རུང་བ་ལའོ། །མི་རུང་བ་དེ་གང་ཞེ་ན། ཊཱི་ཀར། བུད་མེད་མི་རུང་བ་ཞེས་བྱ་བ་ནི་ཕྱར་མའི་སྤྱོད་པ་གང་ཡིན་པ་དག་ལ་ ཆོས་ཉེ་བར་སྟོན་པར་བྱེད་པ་སྟེ། ཁྱིམ་པ་མོ་མི་རུང་བ་དེ་ལ་ཆོས་སྟོན་པ་ནི་རིག་པའི་སྐྱེས་པ་ཡོད་དུ་ཟིན་ཀྱང་ལྟུང་བྱེད་དུ་འགྱུར་བའི་བྱེད་པ་པོ་ཉིད་དོ། །ཞེས་སོ། །ཊཱིཀ་ཆུང་དུ་གཡེམ་ཞིང་རྒོད་པ་ཞེས་སོ། །ཅི་དེ་ལ་དངོས་གཞི་རྫོགས་པར་བསྐྱེད་དམ་ཞེ་ན། ཡོད་ཀྱང་མི་རུང་བ་ལ་ ཆོས་སྟོན་པ་དེ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་གྱི། ལྟུང་བྱེད་རྫོགས་པའི་བྱེད་པ་པོ་ཉིད་མ་ཡིན་ནོ། །འོ་ན་ཊཱི་ཀ་ལས། རིག་པའི་སྐྱེས་པ་ཡོད་ཀྱང་ཁྱིམ་པ་མོ་མི་རུང་བ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་བཤད་པ་དང་འགལ་ཅེ་ན། དེ་ནི་ངན་སོང་དུ་ལྟུང་བར་བྱེད་པ་ཙམ་ལ་དགོངས་པ་ཡིན་ཅེས་ མཚོ་སྣ་པས་གསུངས་ཀྱང་བརྟག་པར་བྱ་དགོས་སོ། །གཉིས་པ་ནི། ཁྲིམས་གྲོགས་དེ་ཡང་བྱང་གི་སྒྲ་མི་སྙན་ལ་སོགས་པ་གླིང་གཞན་ནས་སྐྱེས་པ་བརྡ་སྐད་མི་མཐུན་པའི་ཕྱིར་དང་། རང་གི་གླིང་ན་སྐྱེས་ཀྱང་འགྱུར་བ་བསྟེན་པ་སྨྱོན་ཐབས་མཁན་ནམ་མ་ནིང་ལྟ་བུ་ཞེས་རང་འགྲེལ་ དང་ཊཱི་ཀ་ལས་གསུངས་པས་སྤྱོད་པའི་སྒོ་ནས་འགྱུར་བ་བསྟེན་པ་སྨྱོན་ཐབས་མཁན་ནམ། མཚན་གྱི་སྒོ་ནས་འགྱུར་བ་བསྟེན་པ་མ་ནིང་ལྟ་བུ་དེ་གཉིས་ནི་ཁྲིམས་གྲོགས་པ་ཉིད་དུ་མ་ཆོག་པ་ཉིད་དོ། །ཊཱི་ཀར། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་གིས་རེ་ཞིག་འཛམ་བུའི་ 6-1-342b གླིང་པའི་བུད་མེད་ལ་བྱང་གི་སྒྲ་མི་སྙན་པ་དང་ལྷན་ཅིག་ཆོས་སྟོན་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་གླིང་གཞན་པ་དག་དང་ལྷན་ཅིག་ཆོས་སྟོན་པ་ལ་ཡང་ཉེས་བྱས་སོ་ཞེས་སོ། །ཁྲིམས་གྲོགས་རིག་པ་དེའི་ཡན་ལག་ནི་བརྡ་ཕྲད་པའམ་དོན་གོ་བར་ནུས་པ་ཉིད་དོ། ། ཊཱི་ཀར། དགེ་སློང་གིས་བུད་མེད་ཁྱིམ་པ་མོ་ལ་ཀླ་ཀློའི་སྐད་དུ་ཆོས་སྟོན་ལ་རིག་པའི་སྐྱེས་པ་དེས་བརྡ་མ་ཕྲད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་གཉིད་ལོག་པ་དང་། མྱོས་པ་དང་། བག་མེད་པར་གྱུར་པ་དང་། སྙོམས་པར་ཞུགས་པ་དང་། གླེན་པ་དང་། འོན་པར་གྱུར་པའི་ རིག་པའི་སྐྱེས་པ་ཡོད་པས་དགེ་སློང་གིས་བུད་མེད་ཁྱིམ་པ་མོ་ལ་ཆོས་སྟོན་པར་བྱེད་པ་རིག་པའི་སྐྱེས་པ་དེ་ལ་བརྡ་ཕྲད་པ་མེད་པར་གྱུར་ན་ཉེས་བྱའི་ཁོ་ནའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་སོ། །མདོ་ཚན་འདི་དག་ལས་འཕྲོས་ཏེ་ཁྲིམས་གྲོགས་ཀྱི་དོན་བཤད་ན། དགེ་སློང་མ་ལ་ནི་ མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་ལ་སོགས་པ་ལ་ཡང་ཁྲིམས་གྲོགས་དགོས་ལ། དགེ་སློང་ཕ་ལ་ཁྲིམས་གྲོགས་དགོས་པའི་སྐབས་བདུན་ཡོད་པ་ལས། ཁྲིམས་གྲོགས་ཙམ་གྱིས་ཆོག་པ་ལྔ་ནི། དབེན་པར་འདུག་འགྲེང་གཉིས་ལ་ནི་ཁྲིམས་གྲོགས་བུད་མེད་ཀྱིས་ཀྱང་ གོ་ཆོད་དོ། །ཉལ་ཤོམ་འདུག་འགྲེང་གཉིས་ལ་ནི་དེའི་གེགས་བྱེད་ནུས་པ་ཙམ་གྱིས་སོ། །བུད་མེད་དང་ལྷན་ཅིག་ཉལ་བ་ལ་དེ་དང་མི་ཚངས་པར་སྤྱོད་པ་བསྲུང་ནུས་པ་ཙམ་གྱིས་སོ། །ཁྲིམས་གྲོགས་མཚན་ཉིད་དང་ལྡན་པ་དགོས་པ་གཉིས་ནི། ཁྱིམ་པ་མོ་ལ་ཆོས་སྟོན་པ་ དང་། བུད་མེད་དང་ལམ་དུ་འགྲོ་བའོ། །དེའང་ཁྲིམས་གྲོགས་ཀྱི་མཚན་ཉིད་ནི་ཆོས་དགུ་ལྡན་ཏེ། མི་ཡིན། སྨྲ་ཤེས། དོན་གོ། ཤེས་པ་རང་བཞིན་དུ་གནས། སྐྱེས་པའི་མཚན་རྐྱང་པ་དང་ལྡན། ལོང་བ་མ་ཡིན་པ་སྟེ། ལུང་ཞུ་བ་ལས། ཁྱིམ་པ་མོ་ལ་ཆོས་སྟོན་པའི་ཁྲིམས་ 6-1-343a གྲོགས་ཀྱི་སྐབས་སུ་ཚིག་ལྷུག་པར་གསུངས་པ་བསྡུ་བའི་ཚིགས་སུ་བཅད་པ་ནི། མི་ལས་འགྲོ་བ་གཞན་དང་ལྐུགས་པ་དང་། །གླེན་འོན་ལ་སོགས་དོན་མི་གོ་བ་དང་། །སྨྱོ་དང་མཚན་གཉིས་པ་དང་དམུས་ལོང་སྟེ། །སྐབས་འདིར་ལྟུང་མེད་བྱེད་པའི་ཁྲིམས་ གྲོགས་མིན། །ཅེས་བཟུང་ངོ་། །དེ་རྣམས་ཀྱིས་ཁྲིམས་གྲོགས་བྱས་ཤིང་བུད་མེད་ལ་ཚིག་དྲུག་ལས་ལྷག་པར་ཆོས་བཤད་ན་ཉེས་བྱས་བསྐྱེད་པར་ལུང་ལས་གསུངས་སོ། །བུད་མེད་དང་ལམ་དུ་འགྲོ་བའི་ཁྲིམས་གྲོགས་ལ་ཡང་ལུང་ཞུ་བ་ལས། གཞན་རྣམས་སྔ་མ་བཞིན་ དངོས་སུ་གསུངས་ལ། ལོང་བ་མ་ཡིན་པ་ཡན་ལག་ཏུ་དགོས་པ་ནི་དངོས་སུ་མ་གསུངས་ཀྱང་མདོར་བསྡུས་སྦྱར་བར་བྱའོ། །མཚན་དང་སྤྱོད་པའི་སྒོ་ནས་འགྱུར་བ་མི་བསྟེན་པ་སྟེ། འགྱུར་བ་བསྟེན་པ་གཉིས་ནི་མ་ཆོག་པ་ཉིད་དོ་ཞེས་གསུངས་པས་སོ། །ལུས་ཐ་མལ་པར་ གནས་པ་དང་། ཐོས་པའི་ཉེ་འཁོར་ན་གནས་པ་སྟེ་དེ་གཉིས་ལས་གཞན་དུ་ན་ཁྲིམས་གྲོགས་ཀྱི་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་དང་། ཁྲིམས་གྲོགས་ཀྱི་དགོས་པ་མི་འགྲུབ་པའི་ཕྱིར་གོ་རིམ་བཞིན་ནོ། །མཚན་གཉིས་པ་བུད་མེད་ཀྱི་མཚན་ཤས་ཆེ་བའི་རྣམ་པ་དེ་ལྟ་ བུ་ཉིད་ལ་ནི་སྐྱེས་པའི་མཚན་གཅིག་ཤོས་དོན་མེད་པ་སྟེ་བུད་མེད་ཀྱི་མཚན་དོན་ཡོད་པ་ཉིད་དོ། །དེ་ཡང་སྐྱེས་པའི་མཚན་དེས་བུད་མེད་ཀྱི་མཚན་དོན་ཡོད་པ་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །མཚན་གཉིས་པ་སྐྱེས་པའི་མཚན་ཤས་ཆེ་བ་ལའང་མཚན་གཅིག་ ཤོས་དོན་མེད་དོ། །དེ་ཡང་ཊཱི་ཀ་ལས། མཚན་གཉིས་པ་བུད་མེད་ཀྱི་དབང་དུ་གྱུར་ན་ནི་དེའི་ཚེ་དགེ་སློང་ལ་བུད་མེད་ཀྱི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་སྟེ་སྐྱེས་པའི་དབང་དུ་གྱུར་ན་ནི་དེའི་ཚེ་དགེ་སློང་མ་ལ་སྐྱེས་པའི་སྐབས་ཀྱི་ཁ་ན་མ་ཐོ་བ་ 6-1-343b ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སོ། །འོ་ན་སྤྱིར་བསྟན་ལས་མ་ནིང་དང་། མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ་ཞེས་མཚན་གཉིས་པ་ན་སྨད་ཀྱི་ཡུལ་དུ་གསུངས་པ་དང་འགལ་ལོ་ཞེ་ན། ཐག་མ་བ་ན་རེ། སྤྱིར་བཏང་དམིགས་བསལ་གྱི་སྒོ་ནས་འགལ་བ་མེད་དེ། སྤྱིར་བཏང་ལ་མཚན་གཉིས་པ་ན་སྨད་ཀྱི་ཡུལ་ཡིན་ལ། དམིགས་བསལ་རག་པ་ནི་མཚན་གཉིས་པ་ལས་ཀྱང་དངོས་གཞི་རྫོགས་པའོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། རེག་པ་ཁོ་ནས་དངོས་གཞི་རྫོགས་པ་ཡིན་ན། ཊཱི་ཀ་ལས། བུད་མེད་ཀྱི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་ སུ་རྫོགས་པར་འགྱུར་རོ་ཞེས་སྤྱིར་གསུངས་པ་དང་འགལ་ཅིང་། ཐུན་མོང་བ་སྟོན་པའི་སྐབས་སུ་རེག་པ་ཁོ་ནའི་དངོས་གཞི་བསྟན་ན་སྐབས་འཆོལ་བར་འགྱུར་རོ། །འོ་ན་གང་ཞེ་ན། མཚན་གཉིས་པ་ན་སྨད་ཀྱི་ཡུལ་དུ་གསུངས་པ་ནི་སྲོག་བཅད་པ་མ་གཏོགས་གནོད་པ་ལས་ གྱུར་པ་བརྡེག་གཟས་ལ་སོགས་པ་རྣམས་དང་། མ་བྱིན་ལེན་མ་གཏོགས་པ་ཕྱིས་ལོངས་སྤྱོད་ལ་ཆགས་པ་ལས་གྱུར་པ་གོས་སློང་བ་ལ་སོགས་པ་རྣམས་ནི་མཚན་གཉིས་པ་ཡུལ་དུ་བྱས་པ་ལས་ལྟུང་བ་མི་རྫོགས་ལ། ནང་སེམས་ཅན་ལ་ཆགས་པར་གྱུར་པ་རྣམས་ནི་མཚན་ གཉིས་པ་ཡུལ་དུ་བྱས་པས་ཀྱང་ལྟུང་བ་རྫོགས་པ་སྟེ། ནང་སེམས་ཅན་ལ་ཆགས་པ་འབྱུང་ཉེ་ཞིང་སྤང་དཀའ་བས་དོག་ཏུ་བཀག་པའོ། །དམིགས་གསལ་ནི། འཁྲུར་འཇུག་ལ་སོགས་པ་དགེ་སློང་མ་ཡན་ལག་ཏུ་དགོས་པའི་ལྟུང་བ་རྣམས་ནི་མཚན་གཉིས་པ་ཡུལ་དུ་བྱས་ པས་ཀྱང་ལྟུང་བ་མི་རྫོགས་ཏེ་དགེ་སློང་མའི་སྡོམ་ལྡན་ཡིན་པ་མ་ཚང་བའི་ཕྱིར་རོ། །འོ་ན་ཡུལ་མཚན་གཉིས་པ་ལ་སོགས་པའི་ལྟུང་བ་རྫོགས་ན། ལུང་རྣམ་འབྱེད་ལས། རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པ་གསུམ་པའི་སྐབས་སུ་སྐྱེས་པ་དང་། ཟ་མ་དང་། མ་ནིང་ 6-1-344a དང་། མཚན་གཉིས་པ་ལ་ཉེས་པ་སྦོམ་པོའོ་ཞེས་གསུངས་པ་དང་འགལ་ཅེ་ན། མཚན་གཉིས་པ་སྐྱེས་པའི་མཚན་ཤས་ཆེ་བ་ལ་དགོངས་ཏེ། ཊཱི་ཀས་ཁུངས་དྲངས་པའི་ལུང་ལས་མཚན་གཉིས་པ་དེ་སྐྱེས་པའི་དབང་དུ་གྱུར་པ་ནི་རེག་པ་དེ་ལྟར་ན་ཉེས་པ་སྦོམ་པོར་འགྱུར་ ཞེས་གསུངས་པས་ཤེས་སོ། །མཚན་གཉིས་པ་དེས་ཁྲིམས་གྲོགས་བྱས་ན་ཁྲིམས་གྲོགས་ཀྱི་སྐབས་འདིར་ཁྲིམས་གྲོགས་རིག་པའི་སྐྱེས་པའི་ཕྱེད་ཉིད་བྱེད་པ་ཡིན་ནོ། །དེས་ན་མཚན་གཉིས་པ་ལ་ཁྲིམས་གྲོགས་བྱས་ཏེ། བུད་མེད་ལ་ཆོས་སྟོན་པའམ་བུད་མེད་དང་ལམ་དུ་འགྲོ་ན་ཉེས་ བྱས་སོ། །གསུམ་པ་ནི། བུད་མེད་བྱེད་པ་པོའི་ཐུན་མོང་གི་མདོ་བདུན་གྱིས་བརྗོད་པའི་ལྟུང་བ་བཅུ་པོའི་ནང་ནས་འོག་མ་འཁྲིག་ཚིག །བསྙེན་བཀུར། ཁྱིམ་པ་མོ་ལ་ཆོས་སྟོན་པ་གསུམ་ལ་ཡུལ་བུད་མེད་དེ་ལེགས་པ་སྟེ་ཆོས་དང་ལྡན་པར་སྨྲས་པ་དང་། གནས་ངན་ལེན་གྱི་ཚིག་ ལྟ་བུ་ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པ་དང་ཞེས་པའི་ཊཱི་ཀར། བསླབ་པའི་གཞི་གསུམ་པོ་དེ་དག་ལ་སྒྲ་དང་དོན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་མཐུ་ཡོད་པར་གྱུར་ན་དེའི་ཚེ་བུད་མེད་དེ་བསླབ་པའི་གཞི་དེ་གསུམ་གྱི་དངོས་གཞིའི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་ བའི་ཐ་ཚིག་གོ་ཞེས་སོ། །འོག་མ་གསུམ་ལས་གཞན་ནི་གོང་མ་བདུན་ཏེ། རེག་པ་དང་། དབེན་པར་འདུག་འགྲེང་། ཉལ་ཤོམ་གཉིས། ལྷན་ཅིག་ཉལ་བ་དང་། ལམ་དུ་འགྲོ་བ་དང་བདུན་ལ་ཡུལ་བུད་མེད་དེས་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་ཡིན་ན། རང་རང་ གི་ལྟུང་བ་དངོས་གཞི་རྫོགས་པའི་བྱེད་པ་པོ་ཉིད་ཡིན་ནོ། །འདིར་ཡན་ལག་འཁྲུལ་མོར་སྦྱར་ཏེ་བདུན་ལ་བསྟེན་རུང་དངོས་སུ་བཤད་པས་འོག་མ་གསུམ་ལ་ཡང་བསྟེན་རུང་ཡན་ལག་ཏུ་སྦྱར་རོ། །གསུམ་ལ་དོན་གོ་བ་དངོས་སུ་བཤད་པས་རེག་པ་མ་གཏོགས་པ་དྲུག་ལ་ཡང་དོན་ 6-1-344b གོ་བ་ཡན་ལག་ཏུ་སྦྱར་རོ། །རེག་པ་ལ་ནི་དོན་གོ་བ་ཡན་ལག་ཏུ་མི་དགོས་ཏེ། དོན་མི་གོ་བ་སྙོམས་པར་ཞུགས་པ་མོ་དང་། བུད་མེད་གཉིད་ལོག་པ་ན་རེག་ན་ཡང་དགེ་འདུན་ལྷག་མར་འགྱུར་བར་ཞུ་ཆེན་ལས། དགེ་སློང་གིས་སྙོམས་པར་ཞུགས་པ་མོ་ལ་རེག་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ཤིང་། ཞུ་བ་ཆུང་ཤོས་ལས། དགེ་སློང་གིས་བུད་མེད་གཉིད་ལོག་པ་ལ་རེག་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །འོག་མ་གསུམ་པོ་འཁྲིག་ཚིག་དང་བསྙེན་བཀུར་བསྔགས་པ་དང་ཁྱིམ་པ་མོ་ལ་ ཆོས་སྟོན་པ་དང་གསུམ་ལ་ནི་ཡུལ་བུད་མེད་དེས་ལེགས་སྨྲས་ཉེས་སྨྲས་ཀྱི་དོན་ཀུན་ཤེས་པ་ལས། གཞན་དོན་མི་གོ་བ་ཉིད་ཡུལ་དུ་བྱས་ན་ནི་ལྟུང་བ་རང་རང་གི་འོག་མའི་བྱེད་པ་པོ་ཉིད་ཡིན་ནོ། །དེས་ན་བུད་མེད་དོན་མི་གོ་བ་ལ་འཁྲིག་ཚིག་དང་། བསྙེན་བཀུར་བསྔགས་ན་སྦོམ་ པོར་འགྱུར་ལ། བུད་མེད་དོན་མི་གོ་བ་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་ན་ཉེས་བྱས་སུ་འགྱུར་རོ། །འོག་མ་གསུམ་ལས་གཞན་རེག་པ་ལ་སོགས་བདུན་ལ་ནི། ཡུལ་བུད་མེད་དེ་འཁྲིག་པ་བསྟེན་པའི་མཐུ་ཡོད་པ་ལས་གཞན་འཁྲིག་པ་བསྟེན་པའི་མཐུ་མེད་པ་ ཉིད་ཡུལ་དུ་བྱས་ན་ནི་ལྟུང་བ་རང་རང་གི་ཚིག་འོག་མའི་བྱེད་པ་པོ་ཉིད་ཡིན་པའོ་ཞེས་ཀྱང་བསྟན་ཏེ། དགེ་སློང་གིས་བུ་མོ་ཆུང་ངུ་འཁྲིག་པ་བསྟེན་དུ་མི་རུང་བ་ལ་རེག་ན་སྦོམ་པོར་འགྱུར་ལ། དེ་དང་དབེན་པར་འདུག་པར་བྱེད་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །ཕོ་མོའི་དབང་པོ་ མེད་ལ་ནུ་མ་ལ་སོགས་བུད་མེད་ཀྱི་རྣམ་པ་འདྲ་བ་མ་ནིང་མོ་དང་། ཕོ་མོའི་དབང་པོ་མེད་ལ་ཁ་སྤུ་ལ་སོགས་པ་སྐྱེས་པའི་རྣམ་པ་དང་འདྲ་བ་མ་ནིང་ཕོ་དང་། སེམས་ཅན་དུ་བགྲང་བ་ཁོ་ན་སྔགས་དང་། སྨན་ལ་སོགས་པ་གཟུགས་གཞན་དུ་བསྒྱུར་བ་སྤྲུལ་པ་མོ་ལ་རེག་པ་ལ་ 6-1-345a སོགས་པ་བཅུ་པོ་བྱེད་ན་ཡང་ན་སྨད་དུ་འགྱུར་ཏེ། སྔར་ན་སྨད་དུ་བསྟན་པ་དེ་བཞིན་ནོ། །བཞི་པ་ནི། རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པ་གསུམ་པོ་འདི་ལ་སྐྱེས་པ་ཡང་དེ་བཞིན་ནོ་ཞེས་སྔ་མར་སྦྱར་ཏེ། སྐྱེས་པ་ཕོ་ལ་དགེ་སློང་གིས་རེག་པ་ དང་། འཁྲིག་ཚིག་དང་། བསྙེན་བཀུར་བསྔགས་ན་རང་རང་གི་སྦོམ་པོར་འགྱུར་བའོ། །གསུམ་པོ་འདི་ལ་ཐུན་མོང་གི་ཆོས་འདི་ཙམ་དུ་ཟད་དམ་ཞེ་ན། གལ་ཏེ་རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པ་དང་གསུམ་པོ་དེ་དག་རང་རང་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་ པ་ཡིད་ཀུན་ཏུ་འདོད་ཆགས་དང་ལྡན་པས་ཀྱང་གསུམ་པོ་འདི་ལའོ་ཞེས་སྔ་མར་སྦྱར་ཏེ། གསུམ་པོ་འདི་ལ་ཡན་ལག་ཐུན་མོང་ངོ་ཞེས་སྦྱར་རོ། །ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་གསུམ་པོ་འདི་ལ་ཞེས་བྱ་བའི་རྗེས་སུ་བསྙགས་པའི་ཕྱིར་ཞེས་ཊཱི་ཀ་ལས་བཤད་དོ། །ཀུན་ཏུ་འདོད་ཆགས་ དང་ལྡན་པས་ཞེས་བྱ་བ་ནི་འདུན་པ་དེའི་བྱེ་བྲག་ཡིན་ལ། སོ་ཐར་གྱི་མདོར་ཡུན་རིང་པོ་ནས་ཆགས་པར་གྱུར་པའི་སྲེད་པའི་རྗེས་སུ་ཞུགས་པ་ཉིད་དང་། རྗེས་སུ་བྲལ་བར་གྱུར་པ་ཉིད་ཅེས་གསུངས་པའི་བྱེ་བྲག་གི་ཚིག་གཉིས་ཀྱི་བྱེ་བྲག་ཅན་དུ་གྱུར་པའི་འདོད་ཆགས་གང་ཡིན་ པ་དེ་ནི་འདིར་ཀུན་ཏུ་འདོད་ཆགས་ཞེས་པའི་སྒྲས་བརྗོད་དོ། །གཉིས་པ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །དེ་བཟློག་བསླབ་པར་བྱ་བ་དང་། །ལྟུང་བ་མེད་པར་བསྟན་པའོ། །དང་པོ་ལ། དངོས་གཞིའི་ལྟུང་བ་བསྟན་པ་དང་། །དངོས་གཞི་ན་སྨད་དོགས་གཅོད་བསྟན། ། རེག་པའི་ན་སྨད་བྱེ་བྲག་བསྟན། །ཉེས་བྱས་ན་སྨད་སྤྱིར་བསྟན་ཏོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ་བཞི་ལས། གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་བུད་མེད་ལ་རེག་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི། འཁྲིག་ 6-1-345b པའི་འདོད་ཆགས་འཕེལ་བ་སྟེ་ཀུན་ཏུ་འདོད་ཆགས་དང་ལྡན་པ་ཡན་ལག་ཏུ་གསུངས་པས་སོ། །ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཆགས་སེམས་ཀྱིས་བུད་མེད་ལ་རེག་ཅིང་རེག་པ་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ ཡན་ལག་ལ་གཉིས་ཏེ་གང་ལ་རེག་པའི་ཡུལ་དང་། གང་གིས་རེག་པའི་རྟེན་ནོ། །དང་པོ་ལ་བདུན་ཏེ། བུད་མེད་ཀྱི་མཚན་དོན་ཡོད་པ་དང་། མཚན་བསྟེན་དུ་རུང་བ་དང་། ཐ་སྙད་ཕྱེད་དང་གཉིས་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། ལུས་དངོས་ཡིན་པ་དང་། མ་ཉམས་ པ་ཡིན་པ་དང་། ཕམ་པ་དངོས་སུ་བསྐྱེད་པའི་རྨ་སྒོ་གསུམ་ལས་གཞན་ཡིན་པའོ། །དང་པོ་ནི། འདི་ལ་བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་པས་གྲུབ་བོ། །གཉིས་པ་ནི། གཞན་ལ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་ཡིན་ན་ཞེས་པས་སོ། །གསུམ་པ་ནི། མི་ཡིན་པ་ དང་། ཤེས་པ་རང་བཞིན་དུ་གནས་པ་སྟེ། རེག་པ་ནི་ཐ་སྙད་དང་འདྲ་ཞེས་པས་སོ། །ཤེས་པ་རང་བཞིན་དུ་མི་གནས་པ་ཕྱེད་དུ་འཇོག་པའི་རྒྱུ་མཚན་ནི། རེག་པའི་ཡུལ་དུ་བུད་མེད་དེ་སྨྱོ་བ། སེམས་འཁྲུགས། ཚོར་བས་གཟིར་བ་དང་། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་ ཤེས་པ་གཏད་ཐུབ་ལས་ཉམས་པ་དང་བཞི་པོ་མ་ཡིན་པ་ནི་རེག་པའི་ལྷག་མ་བསྐྱེད་པའི་ཡན་ལག་ཏུ་དགོས་ལ། བུད་མེད་དེ་གཉིད་ལོག །ར་རོ། །རྫས་ཀྱིས་མྱོས་པ་དང་། སྙོམས་པར་ཞུགས་པ་དང་བཞི་པོ་མ་ཡིན་པ་ནི་རེག་པའི་ལྷག་མ་མི་བསྐྱེད་པའི་ཡན་ལག་ཏུ་མ་དགོས་ པའི་ཕྱིར་རོ། །བཞི་པ་ནི། སྤྲུལ་པ་མོ་ལ་ཡང་དེ་བཞིན་ནོ་ཞེས་པས་སོ། །ལྔ་པ་ནི། ཞུ་བ་ལས། སེན་མོ་ལ་རེག་ན་སྦོམ་པོར་འགྱུར་རོ། །སོ་ལ་རེག་ན་སྦོམ་པོར་འགྱུར་རོ། །སྤུ་ལ་རེག་ན་སྦོམ་པོར་འགྱུར་རོ། །ཞེས་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །དྲུག་པ་ནི། རེག་པར་ 6-1-346a བྱ་བ་ཉིད་ནི་མ་ཉམས་པའོ། །ཞེས་པ་དང་། ཞུ་བ་ལས། དགེ་སློང་གིས་བུད་མེད་ཀྱི་ལུས་ཀྱི་དབང་པོ་ཉམས་པ་ལ་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །རྨ་དང་ནད་ལ་སོགས་པས་ཉམས་པ་ཤུ་བ་དང་། གཡན་པ་ཅན་དང་། ཁྱི་རྔོ་ ཅན་ཅེས་ཊཱི་ཀ་ལས་བཤད་དོ། །དེ་རྣམས་ནི་ལུས་ཀྱི་དབང་པོ་ལས་ཉམས་པ་ཡིན་པས་དེ་རྣམས་ལ་རེག་ན་སྦོམ་པོར་འགྱུར་རོ། །བདུན་པ་ནི། ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་ཞེས་གསུངས་པས། རེག་པ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་ཞེས་གནད་ཀྱིས་སྦྱར་ཏེ་རྒྱུ་ མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་གང་གིས་རེག་པའི་རྟེན་ནི་གསུམ་ལས། ལུས་དངོས་ཡིན་པ་ནི། ཞུ་བ་ལས། སེན་མོས་རེག་ན་སྦོམ་པོར་འགྱུར་རོ། །སོས་རེག་ན་སྦོམ་པོར་འགྱུར་རོ། །སྤུས་རེག་ན་སྦོམ་པོར་འགྱུར་རོ། །ཞེས་གསུངས་པའི་ཤུགས་ཀྱིས་གྲུབ་བོ། །མ་ ཉམས་པ་ཡིན་པ་ནི། ཞུ་བ་ལས། དགེ་སློང་གི་ལུས་ཀྱི་དབང་པོ་ཉམས་པས་བུད་མེད་ལ་རེག་ན་ཅིར་འགྱུར། སྦོམ་པོར་རོ་ཞེས་གསུངས་སོ། །ཕམ་པ་དངོས་སུ་བསྐྱེད་པའི་ཡན་ལག་ལས་གཞན་ཡིན་པ་ནི། ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་ཞེས་པའི་གནད་ཀྱིས་སྦྱར་ རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་ལས་མ་འཁྲུལ་བ་སྟེ། དེ་ཡང་ངེས་པའི་འདུ་ཤེས་སམ་རང་གི་གཞིའི་རྣམ་པ་མ་དོར་བར་འཛིན་པའི་ཡིད་གཉིས་ཀྱང་རུང་སྟེ། ཕམ་པ་གཉིས་པའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ཀུན་སློང་ནི་ རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པས་བུད་མེད་ལ་རེག་པར་འདོད་པ་རྒྱུན་མ་ཆད་པ་སྟེའོ། །སྦྱོར་བའི་ཡན་ལག་ནི་གང་ལ་བསམ་པའི་བུད་མེད་དེ་ཉིད་ལ་རེག་པར་ཞུགས་པའོ། །མཐར་ཐུག་གི་ཡན་ལག་ནི་ལུས་ཀྱི་རེག་པ་ཉམས་སུ་ 6-1-346b མྱོང་བའོ། །གཉིས་པ་ནི། ལུས་ཀྱི་རེག་པ་བདག་གིར་བྱེད་ནའོ་ཞེས་པས་རེག་པའི་ལྷག་མ་བསྟན་ལ། འོ་ན་བུད་མེད་ཀྱི་རོ་ལ་རེག་ན་ཅིར་འགྱུར་ཞེ་ན། ཁ་ཅིག་ན་རེ། ལྷག་མར་འགྱུར་ཞེས་ཟེར་རོ། །འདི་ལ་གཞུང་ལྔ་སྣང་སྟེ། གཞུང་བླ་མ་ལས། བཙུན་པ་དགེ་སློང་གིས་བུད་ མེད་ཀྱི་རོ་དང་ལྷན་ཅིག་རེག་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་པ་དང་། ཞུ་འགྲེལ་ལས་བུད་མེད་ཀྱི་རོ་ལ་རེག་ན་དགེ་འདུན་ལྷག་མར་གསུངས་པ་ནི། ལུས་ཚང་བ་ལ་རེག་པའི་བདེ་བ་ཉམས་སུ་མྱོང་བ་ཡོད་པའི་ཕྱིར་ཞེས་བཤད་པ་དང་། སྤྱིར་བསྟན་ལས་རེག་ པར་བྱ་བ་ཉིད་ནི་ཞེས་པའི་སྐབས་སུ་རང་གི་རྣམ་བཤད་དང་། ཊཱི་ཀ་དང་། བམ་པོ་ལྔ་བཅུ་པ་དང་གསུམ་ཀ་ལས་རེག་པའི་སྐབས་སུ་འདིར་རོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར་ཞེས་བཤད་དོ། །འོན་ཀྱང་གནོད་བྱེད་གསུམ་སྟེ། ལུང་ཞུ་བ་ཆེ་ཤོས་ལས། བཙུན་པ་དགེ་སློང་གིས་ བུད་མེད་ཀྱི་རོ་དང་ལྷན་ཅིག་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་འགལ་ཅིང་། རོ་ལས་ཀྱང་འདིར་འགྱུར་ན་འདི་ལ་མི་ཡིན་པ་ཡན་ལག་ཏུ་དགོས་པར་གསུངས་པ་དང་འགལ་ཏེ། རེག་པ་ནི་ཐ་སྙད་དང་འདྲའོ་ཞེས་རེག་པའི་ཡུལ་དེ་མི་ཡིན་པ་དང་། སྨྱོ་བ་མ་ཡིན་པ་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ལ། སྨྱོན་མ་ལ་རེག་ན་སྦོམ་པོ་ལས་མི་བསྐྱེད་པར་རོ་ལ་རེག་ན་ལྷག་མ་བསྐྱེད་པར་འགལ་བའི་ཕྱིར་རོ། །དེས་ན་བུད་མེད་ཀྱི་རོ་ལ་རེག་ན་སྦོམ་པོར་གསུངས་པའི་ལུང་དེ་གཙོ་བོར་བཟུང་ངོ་། །ལྷག་མར་གསུངས་ པའི་ལུང་དེ་དག་ནི་གསོ་བའི་ལྷག་ཡོད་པ་ཙམ་ལ་དགོངས་ཞེས་རིགས་སོ། །འགྲེལ་པ་གསུམ་ལས། འདིར་རོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར་ཞེས་པ་དེ་ནི། འདིར་རོ་ཉིད་ལ་ནི་སྦོམ་པོ་ལྕི་བ་ལས་ན་སྨད་མེད་པ་སྦོམ་པོ་ཡང་བ་མེད་པའི་ཕྱིར་ཞེས་དགོངས་སོ་ཞེས་བླ་མ་རྣམས་ 6-1-347a གསུང་ངོ་། །རེག་པའི་ལྷག་མའི་སྐབས་འདིར་བུད་མེད་ཀྱི་ལན་བུ་སྐྲ་བསྡུས་པ་ནི་ལུས་དེ་དང་ལྡན་པ་ཉིད་དོ་སྟེ། ལུས་དང་འདྲ་བས་རེག་ན་དངོས་གཞིའོ། །ཊཱི་ཀ་ལས། དེ་ལ་འདོད་ཆགས་ལྷག་པར་སྐྱེ་བའི་ཕྱིར་རོ་ཞེས་བཤད་དོ། །འདི་ལ་ལུང་གི་ འགྲེལ་པ་གཉིས་ཀྱིས་དགག་པ་བྱས་ཏེ། རྣམ་འབྱེད་འགྲེལ་པ་ལས། ལན་བུ་ནས་བཟུང་བ་ལ་དངོས་གཞིར་སྨྲ་བ་དེ་དག་ནི་ལྟུང་བ་བསྟན་པ་ལས་ལན་བུ་མ་སྨོས་པ་དང་ཡང་འགལ་ལ། ཞུ་བ་ལས་ཀྱང་སྤུ་ལ་རེག་པ་ལ་སྦོམ་པོར་གསུངས་པ་དང་དངོས་གཞིར་མི་རུང་ངོ་ཞེས་བཤད་དོ། ། ཞུ་འགྲེལ་ལས་དགག་པ་འདི་ལྟར་དུ། ལུང་ཞུ་བ་ལས་ནི་སྤུ་ལ་རེག་པ་སྦོམ་པོར་འགྱུར་ཞེས་གསུངས་པས་ལན་བུ་ཡང་སྤུའི་བྱེ་བྲག་ཡིན་པའི་ཕྱིར་དང་། སྐྲ་ལ་ལུས་ཀྱི་དབང་པོ་མེད་པའི་ཕྱིར། ལན་བུ་ལ་རེག་པ་ལ་ནི་རེག་པའི་ལྷག་མ་མི་བསྐྱེད་དེ། ལུས་དངོས་ལ་རེག་པ་ མེད་པའི་ཕྱིར་ཏེ་དཔེར་ན་སེན་མོ་དང་སོ་ལ་རེག་པ་བཞིན་ནོ། །དེ་ལ་འདོད་ཆགས་ལྷག་པར་སྐྱེ་བའི་ཕྱིར་ཞེས་པ་དེ་ཡང་སྒྲུབ་བྱེད་དུ་མི་འཐད་དེ། རེག་ཅིང་རྩོལ་བ་མེད་པར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ཁུ་བ་ཕྱུང་བ་ལས་ཀྱང་འབྱིན་པའི་ལྷག་མ་བསྐྱེད་པར་ཐལ། འདོད་ ཆགས་ལྷག་པར་སྐྱེ་བའི་ཕྱིར་ཞེས་མཚུངས་སོ་ཞེས་བཤད་དོ། ། གཞན་ཡང་བླ་མ་རྣམས་ཀྱི་ཞལ་སྔ་ནས། བུད་མེད་ཆུས་ཁྱེར་བ་དེ་དགེ་སློང་གིས་འཛིན་པ་ན་སྐྲ་དག་ལས་བཟུང་བར་གསུངས་ཏེ་གང་འདོད་ཆགས་ལྷག་པར་སྐྱེ་བ་དེ་ནས་བཟུང་དགོས་པར་ཐལ་བར་འགྱུར་རོ། །ཞེས་ཀྱང་ གསུངས་སོ། །འོ་ན་སོ་སོར་ཐར་པ་ལས་ལག་པ་ནས་བཟུང་ངམ། དཔུང་པ་ནས་བཟུང་ངམ། ལན་བུ་ནས་བཟུང་ངམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ནོམ་པ་དང་ཉུག་པ་བདག་གིར་བྱེད་ན་དགེ་འདུན་ལྷག་མའོ་ཞེས་གསུངས་སོ་ཞེ་ན། ཞུ་འགྲེལ་ལས། ལན་བུ་ནི་བྱུང་ 6-1-347b བའི་དབང་གིས་གསུངས་ཀྱི། དེའི་ཡན་ལག་ནི་མ་ཡིན་ནོ་ཞེས་བཤད་དོ། །དེང་སང་བླ་མ་རྣམས་ནི་ལན་བུ་རྐྱང་པ་ལ་རེག་པ་ལ་སྦོམ་པོ་བསྐྱེད་པ་དེ་འཐད་ཅིང་། སློབ་དཔོན་ཡོན་ཏན་འོད་ཀྱིས་སྐབས་འདིར་ལྷག་མ་བསྐྱེད་པར་བཤད་པ་ནི་ལན་བུ་ཤ་དང་བཅས་པ་ལ་རེག་པ་ལ་དགོངས་པ་ ཡིན་ནོ་ཞེས་གསུངས་སོ། །ལན་བུ་དེ་དང་འབྲེལ་བའི་སྐུད་པ་ལ་སོགས་པ་ལན་བུའི་ཡན་ལག་ཏུ་གྱུར་པའི་གོས་ལ་ཡང་ངོ་ཞེས་པའང་དེ་དང་འབྲེལ་བའི་གོས་ཤ་དང་བཅས་པ་ལ་རེག་ན་དངོས་གཞིའོ་ཞེས་དགོངས་སོ། །དགེ་སློང་གིས་བུད་མེད་ལ་ནོམ་པ་དང་ཞེས་པ་ཊཱི་ཀར། དང་པོ་ ལན་གཅིག་ལུས་ལ་སྦྱོར་བ་ཉིད་དོ་ཞེས་སོ། །ཉུག་པ་དང་ཞེས་པ་ཊཱི་ཀར། ཡང་ཡང་དུ་ལུས་ལ་སྦྱོར་བའོ། །ཞེས་སོ། །སྤྲོད་པ་དང་ཞེས་པ་ཊཱི་ཀར། ཤ་མཐང་སྦྱར་བའི་བསམ་པས་རང་གི་ལུས་བུད་མེད་ཀྱི་ལུས་དང་བར་དུ་མ་བཅད་པར་སྤྲོད་པའོ། །ཞེས་སོ། །འཛིན་པ་དང་ཞེས་ པ་ཊཱི་ཀར། ལག་པ་ལ་སོགས་པ་འཆང་བའོ་ཞེས་སོ། །འདྲེན་པ་དང་ཞེས་པ་ཊཱི་ཀར། ཐག་རིང་པོ་ནས་ལག་པ་ལ་སོགས་པ་ནས་བཟུང་སྟེ་འདྲེན་པའོ་ཞེས་སོ། །ཡོངས་སུ་འདྲེན་པ་དང་ཞེས་པ་ཊཱི་ཀར། ཡུལ་ཐག་ཉེ་བ་ནས་ཁོར་ཡུག་ཏུ་བསྐོར་བའོ་ཞེས་སོ། །འོག་ནས་འཁྱུད་པ་ དང་། སྟེང་ནས་འཁྱུད་པ་དང་། དམ་དུ་སྦྱོར་བ་རྣམས་ལ་ནི་རེག་པའི་ལྷག་མར་འགྱུར་བ་ལ་བྱེ་བྲག་མེད་པ་ཉིད་དོ། །གཉིས་པ་ནི། བསྟེན་པར་བྱ་བ་བུད་མེད་ཀྱིས་དགེ་སློང་ལ་རེག་པར་བྱས་པ་དགེ་སློང་གིས་རོ་མྱང་བར་བྱེད་པ་ཉིད་ཀྱང་བྱེ་བྲག་མེད་པ་ཉིད་དོ། །ཞེས་སྔ་མར་སྦྱར་ ཏེ་ལྷག་མར་འགྱུར་བ་ལ་བྱེ་བྲག་མེད་པ་ཉིད་དོ། །བསྟེན་པར་བྱ་བ་སྐྱེས་པའམ་མ་ནིང་གིས་དགེ་སློང་ལ་རེག་པར་བྱས་པ་དགེ་སློང་གིས་རོ་མྱང་བར་བྱེད་པ་ཉིད་ཀྱང་བྱེ་བྲག་མེད་པ་ཉིད་དོ། །ཞེས་སྔ་མར་སྦྱར་ཏེ་སྦོམ་པོར་འགྱུར་བ་ལ་བྱེ་བྲག་མེད་པ་ཉིད་དོ་ཞེས་ཀྱང་བསྟན་ཏོ། ། 6-1-348a གསུམ་པ་ནི། གོས་ཀྱིས་བར་དུ་ཆོད་པ་ལ་དགེ་སློང་གིས་རེག་པ་ལ་ནི་ལྷག་མའི་འོག་མ་སྦོམ་པོར་འགྱུར་རོ། །སྐྱེས་པའམ་མ་ནིང་གི་ལུས་ལ་རས་ལ་སོགས་པ་གོས་ཀྱིས་བར་དུ་ཆོད་པ་ལ་དགེ་སློང་གིས་རེག་པ་ནི་སྦོམ་པོའི་འོག་མར་འགྱུར་ཏེ་ཉེས་བྱས་སུ་ བསྟན་ཏོ། །འདི་ལ་འགྲེལ་ཆུང་ལས། དར་ལྟ་བུ་སྲབ་མོས་གཡོགས་པ་ལ་བཟུང་ན་ལྷག་མར་འགྱུར་ཞེས་བཤད་ཀྱང་མི་རིགས་ཏེ། ལུས་རྣམ་པ་ཐམས་ཅད་དུ་རེག་པ་མེད་པའི་ལྷག་མ་བསྐྱེད་པ་འགལ་བའི་ཕྱིར་དང་། ཊཱི་ཀ་ལས། ལུས་ཀྱིས་རེག་པ་ཚོར་བ་ལ་ཡང་ལྟུང་བ་ལ་བྱེ་ བྲག་མེད་དེ། ཐམས་ཅད་དུ་ལུས་ཀྱིས་རེག་པ་མེད་པའི་ཕྱིར་རོ་ཞེས་སོ། །བཞི་པ་ནི། ཕམ་ལྷག་གི་ན་སྨད་ནི་སྦོམ་པོ་ཡིན་ལ། སྦོམ་པོ་དང་། ལྟུང་བྱེད་དང་། སོར་བཤགས་གསུམ་གྱི་ན་སྨད་ཉེས་བྱས་ཡིན་ན་ཉེས་བྱས་ཀྱི་ན་སྨད་ཅི་ཞེ་ན། ཉེས་བྱས་ཀྱི་ན་སྨད་པ་ནི་ཉེས་བྱས་ ལས་གཞན་ཉིད་མ་ཡིན་ཏེ་ཉེས་བྱས་ཉིད་ཡིན་ནོ། །ཊཱི་ཀར། ཉེས་བྱས་ཉིད་དེ་ཉེས་བྱས་ཕྲ་མོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །གཉིས་པ་ནི། དགེ་སློང་མ་ནི་བུད་མེད་ཀྱི་རིགས་ལས་མ་འདས་མོད་ཀྱི། འོན་ཀྱང་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་ཕྱིར་རེག་པ་ལ་ཉེས་པ་མེད་ དོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་ཆགས་སེམས་མེད་ཀྱང་དགེ་སློང་གིས་དགེ་སློང་མ་ལ་རེག་པར་མི་བྱའོ། །རེག་ན་ཉེས་བྱས་སོ། །ཆགས་སེམས་ལ་སོགས་པ་ཡན་ལག་ཚང་བས་དགེ་སློང་མ་ལ་རེག་ན་ལྷག་མར་འགྱུར་རོ། །ཆགས་སེམས་མེད་ཀྱང་བུད་མེད་ལ་ཡང་རེག་པར་ མི་བྱའོ། །རེག་ན་ཉེས་བྱས་སོ། །དེའི་དམིགས་བསལ་ནི་བུད་མེད་ཆུར་ལྷུང་སྟེ་སྡུག་བསྔལ་གྱིས་ཉམ་ཐག་པ་བསྒྲལ་བའི་ཕྱིར་ནི་བུད་མེད་ལ་དགེ་སློང་གིས་རེག་པར་བྱའོ། །ཇི་ལྟར་རེག་པར་བྱ་ཞེ་ན། རང་གི་མ་དང་། སྲིང་མོ་དང་། བུ་མོ་ཡིན་སྙམ་པའི་འདུ་ཤེས་ཉེ་བར་བཞག་ 6-1-348b སྟེ་རྒན་མོ་ལ་ནི་མར་བསམ། དེ་བས་གཞོན་པ་ལ་སྲིང་མོར་བསམ། ཆུང་ངུ་ལ་བུ་མོར་བསམས་ནས་བུད་མེད་དེའི་ལག་པའམ་སྐྲ་དག་ལས་རེག་སྟེ་ཆུ་ནས་དབྱུང་ངོ་། །རོ་སྨད་ནས་མི་བཟུང་ངོ་། །བུད་མེད་ཆུས་ཁྱེར་བ་ལྟོ་བ་ཆུས་གང་སྟེ་བརྒྱལ་ན་དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བརྡལ་ བའི་སྟེང་དུ་ཁ་བུབ་ཏུ་བཞག་གོ། དེའི་ཚེ་ན་ཆུ་ཞུགས་པ་འཛག་པར་འགྱུར་ཞིང་། དེ་ཟགས་ན་དྲན་པ་རྙེད་པར་འགྱུར་རོ། །གནས་མལ་གྱི་ལྟུང་བྱེད་ཀྱི་སྐབས་ལས་གདན་ཆ་དང་། ཁྲི་དང་། ཁྲིའུ་བསྲུང་བ་བཞིན་དེས་ཕ་ཚད་ཙམ་གྱི་ཕྱོགས་གཉིས་སུ་བསྡད་པར་བྱའོ། །ཁ་ཏོན་ ལ་སོགས་པ་རང་གི་ལས་བྱའོ། །དེ་ལ་སེམས་གཏད་ཅིང་མིག་ཆེར་བྱ་བ་ཡང་ངོ་ཞེས་འབྱུང་བ་བཞིན་དུ་འདིར་ཡང་བསླབ་བྱ་དེ་གསུམ་དང་ལྡན་པ་བསྲུང་བར་བྱའོ། །བ་ལང་རྫི་དང་ཕྱུགས་རྫི་དག་ལ་བུད་མེད་བརྒྱལ་བ་དེ་གཏད་དེ་བསོད་སྙོམས་སམ་མཆོད་སྟོན་ལ་སོགས་པའི་ཟན་ ལ་འགྲོ་བར་བྱའོ། །དགེ་སློང་དེས་དོན་མེད་པ་སྤང་བའི་ཕྱིར་བུད་མེད་འདི་འཚོ་བའམ། འོན་ཏེ་འཚོ་བ་མ་ཡིན་ཅེས་ཡང་དང་ཡང་དུ་བརྟག་པར་བྱའོ། །གསུམ་པ་ནི། དགེ་སློང་སེམས་དག་སྟེ་དགེ་ལེགས་ཀྱི་སེམས་དང་ལྡན་པས་དགེ་སློང་སྙིང་བརྩེ་བས་བུད་མེད་འདི་འཁྱུད་པ་ བདག་གིས་བཏང་སྟེ་མ་བསྲུངས་ན་འདིའི་སྲོག་གི་བར་ཆད་དུ་འགྱུར་རོ་སྙམ་པས་བུད་མེད་འཁྱུད་པ་ལ་ཉེས་པ་མེད་དོ། །ཡང་ན་ནི་བུད་མེད་སེམས་དག་པས་བུ་ལ་སོགས་པའི་འདུ་ཤེས་ཀྱིས་དགེ་སློང་ལ་འཁྱུད་པས་ན། དེ་ལ་དགེ་སློང་སྙིང་བརྩེ་བས་བུད་ མེད་འཁྱུད་པ་ལ་དགེ་སློང་ལ་ཉེས་པ་མེད་དོ། །དེ་ཡང་སྨན་གྱི་གཞི་ལས། བཅོམ་ལྡན་འདས་ལ་བྲན་མོ་ཀ་ཙང་ཀ་ལས་འཁྱུད་པ་གནང་ངོ་ཞེས་ཊཱི་ཀར་དྲངས་སོ། །ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །གཉིས་པ་ལ། བསམ་པ་སེལ་བའི་ན་སྨད་དང་། ། 6-1-349a ཁྱད་ཅན་སྤྱོད་པ་ལྟུང་མེད་པའོ། །དང་པོ་ནི། བུད་མེད་ཀྱི་ལུས་འཇམ་པ་དང་། དྲོ་བ་དང་། སྙི་བ་སྟེ་མཉེན་པའི་བསམ་པ་ཉིད་ཀྱིས་དགེ་སློང་གིས་བུད་མེད་ལ་རེག་ན་སྦོམ་པོའོ། །འདི་ལ་རེག་པའི་ལྷག་མར་མ་འགྱུར་ཏེ་འཁྲིག་པ་དང་ལྡན་པའི་རོ་མྱང་བའི་ བསམ་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཉོན་མོངས་པ་ཅན་གྱི་སེམས་དང་མ་འདྲེས་པའི་སྙིང་བརྩེ་བས་མེ་དང་། ཆུ་དང་། གཡང་ས་ལ་སོགས་པའི་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་བུད་མེད་ལ་རེག་པ་ནི་ལྟུང་བ་མེད་དོ། །བུད་མེད་གཞན་ལ་ནི་ཆགས་སེམས་མེད་པར་རེག་ ན་བསླབ་བྱའི་ཉེས་བྱས་སུ་འགྱུར་ཡང་། མ་དང་། བུ་མོ་དང་། སྲིང་མོ་དག་ལ་དེ་དག་ཏུ་འདུ་ཤེས་ཏེ་ཆགས་སེམས་མེད་པར་རེག་ན་ལྟུང་བ་མེད་དོ། །ཆགས་སེམས་ཡོད་ན་ནི་མ་སྲིང་དང་བུ་མོ་ལ་རེག་ཀྱང་དངོས་གཞི་རྫོགས་ཏེ་ཕམ་པ་བཞིན་ནོ། །འདིར་ཁ་ཅིག་ན་རེ། རེག་པའི་ ལྷག་མའི་ཡུལ་བུད་མེད་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་ཏེ། རང་གི་མ་སྲིང་བུ་མོ་ལ་དེ་དག་ཏུ་འདུ་ཤེས་པས་རེག་པ་ལ་ལྟུང་མེད་དུ་གསུངས་པ་འདིས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཡིད་ཀུན་ཏུ་འདོད་ཆགས་དང་ལྡན་པའི་བསམ་པ་སྐྱེས་ན་ནི་བུད་མེད་ཉེ་དུ་མ་ཡིན་པ་ལ་ དམིགས་ནས་བསམ་པ་དེ་སྐྱེས་པ་དང་། མ་སྲིང་ལ་དམིགས་ནས་བསམ་པ་དེ་སྐྱེས་པ་གཉིས་དགག་བྱའི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། དཔེར་ན། མི་ཚངས་པར་སྤྱད་ན་བུད་མེད་གཞན་དང་། མ་སྲིང་ཡང་དགག་བྱ་ལ་ཁྱད་པར་མེད་པ་བཞིན་ནོ། །སྤྱིར་ན་ཆགས་པའི་རྒྱུར་གྱུར་ པ་དགག་བྱ་ཡིན་པ་དང་། ཆགས་པ་དངོས་དགག་བྱ་ཡིན་པ་སྟེ་གཉིས་ལས། རེག་པའི་ལྷག་མ་ལ་ནི་ཆགས་པ་དངོས་དགག་བྱ་ཡིན་པ་སྟེ་ཡིད་ཀུན་ཏུ་འདོད་ཆགས་དང་ལྡན་པ་ཡན་ལག་ཏུ་དགོས་པའི་ཕྱིར་རོ། །དེས་ན་ཆགས་སེམས་ཀྱིས་རེག་པའི་ལྷག་མ་བསྐྱེད་པ་ལ་ནི་ཡུལ་ཉེ་ 6-1-349b དུ་མིན་པ་ཡན་ལག་ཏུ་མི་དགོས་ཏེ། ནང་སེམས་ཅན་ལ་ཆགས་པ་དངོས་དགག་བྱར་གྱུར་པ་ཡིན་པའི་ཕྱིར་རོ། །དེ་རྣམས་ནི་གནོད་བྱེད་བརྗོད་པའོ། །སྒྲུབ་བྱེད་གཞིག་པ་ནི་རེག་པའི་ལྷག་མ་བསྐྱེད་པ་ལ་ཡུལ་ཉེ་དུ་མིན་པ་ཡན་ལག་ཏུ་དགོས་པ་ལ། མ་དང་བུ་མོ་དང་སྲིང་མོ་དག་ལ་དེ་ དག་ཏུ་འདུ་ཤེས་པའོ་ཞེས་པ་འདི་སྒྲུབ་བྱེད་དུ་འགྱུར་ན། སྔོན་སྤྱད་པ་ཉིད་ལ་ཀུན་དགའ་བའོ་ཞེས་གསུངས་པས་རེག་པའི་ལྷག་མ་སྤྱད་པ་ལ་སྔོན་སྤྱད་པའི་བུད་མེད་མ་ཡིན་པ་ཡན་ལག་ཏུ་དགོས་པར་ཐལ་བར་འགྱུར་ཞེས་མཚུངས་སོ། །ཁྱིམ་པའི་དུས་ཀྱི་ཆུང་མ་ལ་སོགས་པ་སྔོན་ སྤྱད་པ་ཉིད་ལ་དགེ་སློང་གིས་ཆགས་སེམས་མེད་པར་ཡིད་གཅུགས་པས་ཀུན་དགའ་བར་བྱ་བའི་ཕྱིར་རེག་པ་ལ་བསླབ་བྱའི་ཉེས་བྱས་དང་། རེག་པའི་ལྟུང་བ་ལྷག་མ་དང་། སྦོམ་པོ་གང་ཡང་མི་བསྐྱེད་པའོ། །ལུས་ཀྱི་རེག་པ་ཞུ་བའི་སྐབས་སོ། །གསུམ་པ་ལ། སེལ་བ་ན་སྨད་ དུ་བསྟན་པ། །ཉེས་བྱས་བྱེ་བྲག་གཞན་ཡང་བསྟན། །སེལ་བ་ལྟུང་བ་མེད་པའོ། །དང་པོ་ནི། བསོད་སྙོམས་ཀྱི་འབྲས་ཟས་དང་། ས་དང་། བོང་བ་ལ་སོགས་པ་མོའི་དབང་པོར་རེག་པར་འདོད་པའི་ཕྱིར་འཇུག་ན་རེག་པར་གཏོགས་པའི་སྦོམ་པོའོ། །འཁྲིག་པའི་འདོད་ཆགས་ ཀྱིས་འཛུད་ན་ནི་མི་ཚངས་པར་སྤྱོད་པའི་ཆར་གཏོགས་པའི་སྦོམ་པོའོ། །གཉིས་པ་ལ། རྒོད་བག་གིས་རེག་ཉེས་བྱས་དང་། །ཁྱད་སྤྱོད་དང་འདྲེས་ཉེས་བྱས་སོ། །དང་པོ་ནི། རྒོད་བག་གིས་རེག་པ་ཁོ་ནར་བྱ་བས་དགེ་སློང་གིས་རྐང་པ་དང་ཕྲག་པ་ལ་སོགས་པས་བུད་མེད་ལ་འཕུལ་ན་ཉེས་བྱས་སོ། ། རྒོད་བག་གིས་རེག་པ་ཁོ་ནར་བྱ་བས་བུད་མེད་དེའི་སྟན་དང་ཁྲི་དང་ཁྲིའུ་ལ་སོགས་པ་བུད་མེད་དང་བཅས་པའམ་བུད་མེད་མེད་པ་ལ་ཡང་དགེ་སློང་གིས་རྐང་པ་ལ་སོགས་པས་འཕུལ་ན་ཉེས་བྱས་སོ། །གཉིས་པ་ནི། འདམ་རྫབ་ལ་སོགས་པ་ལས་འདྲེད་པར་འགྱེལ་བའི་བུད་མེད་ 6-1-350a རང་ཉིད་ལྡང་ནུས་ན་དགེ་སློང་གིས་སློང་བ་ཉེས་བྱས་སོ། །གསུམ་པ་ནི། བུད་མེད་ཀྱིས་རྐང་པ་དང་ཕྲག་པ་ལ་སོགས་པས་དགེ་སློང་ལ་འཕུལ་བ་དང་། དགེ་སློང་དེའི་སྟན་ལ་འཕུལ་བ་དང་། འདྲེད་པ་དང་འགྱེལ་བའི་དགེ་སློང་སློང་བ་དང་དེ་གསུམ་ དགེ་སློང་མི་འདོད་བཞིན་དུ་བྱེད་པ་ལ་ནི་དགེ་སློང་ལ་ལྟུང་བ་མེད་དོ། །དགེ་སློང་མི་འདོད་བཞིན་དུ་བུད་མེད་ཀྱིས་ལག་པ་ལ་སོགས་པ་ནས་བཟུང་བ་ལ་ཡང་ལྟུང་བ་མེད་དོ། །དེ་འདོད་ཆགས་མ་གཡོས་པའི་དབང་དུ་བྱས་པ་ཡིན་ནོ། །དགེ་སློང་མི་འདོད་བཞིན་དུ་མས་འཁྱུད་པ་ལ་ ཡང་རོ་མྱོང་བ་མེད་ན་ལྟུང་བ་མེད་དོ། །དགེ་སློང་གི་པང་པར་སྔོན་དགེ་སློང་ཁྱིམ་པའི་དུས་ཀྱི་བུ་མོ་འདུག་པ་ལ་ཡང་རོ་མྱང་བ་མེད་ན་ལྟུང་བ་མེད་དོ། །བུད་མེད་འཁྲུལ་པ་དགེ་སློང་གི་སྟེང་དུ་འགྱེལ་ནས་རང་དབང་མེད་པར་རེག་པ་ལ་ཡང་ཉེས་པ་མེད་དེ། ཊཱི་ཀར། མི་འདོད་པར་ སྐྱེ་བོ་མང་པོ་རྡོས་པའི་དུས་དག་ཏུ་དབང་མེད་པར་རེག་པ་དང་སྦྱར་རོ་ཞེས་སོ། །ལུས་ཀྱི་རེག་པ་འདུལ་བྱེད་དག་གོ། འདིར་སྨྲས་པ། བག་ཡོད་དོ་ཤལ་གཉེན་པོའི་ཅོད་པན་ཅན། །ངོ་ཚ་ཁྲེལ་ལྡན་གདུགས་དང་རྔ་ཡབ་ནི། །དཀར་པོར་འཛུམ་པའི་མཆོག་གི་ལོངས་སྤྱོད་ཀྱིས། ། ཐུབ་བསྟན་ས་ཆེན་འཚོ་བའི་ལེགས་བྱས་ཡིན། །ཆོས་ཀྱི་འབྱོར་པས་རྒྱས་པ་ལ། །བླ་མའི་ཡམས་ནད་བྱུང་བ་འགས། །རིང་ནས་སྡང་བར་མཐོང་ན་ཡང་། །དེ་ལ་བསྟན་པའི་གཟི་བྱིན་མེད། །ཅེས་སོ། །ལུས་ཀྱི་རེག་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་ལ། འཁྲིག་ ཚིག་སྨྲ་བའི་ལྷག་མ་དང་། །བསྙེན་བཀུར་བསྔགས་པའི་ལྷག་མའོ། །དང་པོ་ལ། ལུང་རྣམ་འབྱེད་ཀྱིས་བརྗོད་པ་དང་། །ཞུ་བའི་སེལ་བ་བརྗོད་པ་དང་། །འདུལ་བྱེད་ལུང་གིས་བརྗོད་པའོ། །དང་པོ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །ལྟུང་བ་དེ་ཡི་ན་སྨད་བསྟན། །དེ་ཡི་ 6-1-350b ལྟུང་བ་མེད་པའོ། །དང་པོ་ལ། སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བུད་མེད་ལ་འཁྲིག་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བ་དང་ཕམ་པ་དང་པོའི་རྒྱུར་འགྱུར་བའོ། ། ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཆགས་སེམས་ཀྱིས་བུད་མེད་ལ་འཁྲིག་པ་གསལ་པོར་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྨྲ་བའི་ཡུལ་དང་། གང་བརྗོད་པའི་དོན་ནོ། །དང་པོ་ལ་ལྔ་ སྟེ། བུད་མེད་ཀྱི་མཚན་དོན་ཡོད་པ་དང་། མཚན་བསྟེན་དུ་རུང་བ་དང་། ཐ་སྙད་བཞི་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པའོ། །དང་པོ་གཉིས་དང་བཞི་པ་ནི་རེག་པའི་སྐབས་སུ་བཤད་པ་དང་འདྲའོ། །ཐ་སྙད་བཞི་དང་ ལྡན་པ་ནི་ཐ་སྙད་ལྔ་ལས་མ་ནིང་དང་མཚན་གཉིས་པ་མ་ཡིན་ཅེས་མ་གཏོགས་པ་དང་བཞིའོ། །ལྔ་པ་ནི། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ། །ཞེས་སོ། །གཉིས་པ་གང་བརྗོད་པའི་དོན་ནི། ཡུལ་དུས་དེ་ན་འཁྲིག་པ་གསལ་པོར་ གྲགས་པ་སྟེ། རྒྱ་ལ་སོགས་པའི་དོན་གྱིས་སོ་ཞེས་པས་སོ། །སེལ་བ་ནི་འཁྲིག་པ་མི་གསལ་བར་སྨྲས་ན་སྦོམ་པོའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི། རང་དོན་དུ་འཁྲིག་པ་སྨྲ་བའི་བདེ་བ་ ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་ཏུ་འདོད་ཆགས་དང་ལྡན་པས་བུད་མེད་ལ་འཁྲིག་པ་སྨྲ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བའི་ཡན་ལག་ནི། གང་ལ་བསམ་པ་དེ་ཉིད་ལ་ངག་མཚན་ཉིད་ལྔ་ལྡན་གྱིས་འཁྲིག་པ་སྨྲ་བར་ཞུགས་པ་སྟེ་སྦྱོར་བ་འཁྱོགས་པ་སེལ་ལོ། །མཐར་ 6-1-351a ཐུག་གི་ཡན་ལག་ནི། སྦྱོར་བ་དེའི་རྐྱེན་གྱིས་དོན་གོ་བའོ། །གཉིས་པ་ནི། དགེ་སློང་གིས་བུད་མེད་ལ་འཁྲིག་པ་སྨྲས་ན་དགེ་འདུན་ལྷག་མའོ། །འདིར་སྒྲ་དང་དོན་གཉིས་སུ་དབྱེ་སྟེ། སྒྲ་ཇི་ལྟ་བུས་སྨྲ་ན་ཞེ་ན། རྒྱ་རྣ་རུ་དང་འཁྲིག་པ་ཞེས་བྱ་བ་ལ་ སོགས་པ་ནི་སྒྲའོ། །སྒྲ་དེའི་དོན་ནི་གཉིས་ཀྱིས་གཉིས་སྤྲོད་པ་དེ་གསལ་བར་བརྗོད་པ་ཉིད་ཀྱིས་སོ། །རྒྱ་ཞེས་བྱ་བ་ལ་སོགས་པའི་དོན་བརྗོད་པ་ན་ཚིག་གང་ལ་ཉན་པོས་དོན་གོ་བར་བྱ་བ་འབྱུང་བ་ཉིད་དེ་བརྡ་ཕྲད་པ་ན་མཐར་ཐུག་པ་དངོས་གཞིའོ། །གཉིས་པ་ནི། རྒྱ་ལ་སོགས་ པ་དངོས་གཞིའི་ཚིག་དེ་དང་འབྲེལ་བའི་དོན། སྲུ་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་དེ་ནི་ལེགས་པར་དོད་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་དང་འབྲེལ་བ་སྨྲས་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ཏེ། ལྷག་མའི་སྦྱོར་བ་ཡིན་པས་སྦོམ་པོར་འགྱུར་བ་ཡིན་ནོ། །སྲུ་ཁྱོད་ཀྱི་རྨའི་སྒོ་ གསུམ་པོ་དག་ནི་ལེགས་པར་དོད་པ་ཡིན་ནོ་ཞེས་པ་ལ་སོགས་པའི་ཚིག་སྔར་བརྗོད་ནས་དེའི་རྗེས་སུ། རྒྱ་ལ་སོགས་པའི་དངོས་གཞིའི་ཚིག་བརྗོད་ན་སྔོན་འགྲོའི་ཚིག་དེ་སྨྲས་པ་དེའི་ཚེ་ན་ནི་རྒྱ་ལ་སོགས་པ་དང་དངོས་གཞིའི་ཚིག་བརྗོད་པར་མི་བྱེད་ན། ཅིའི་ཕྱིར་སྦྱོར་བ་ཡིན་ སྙམ་དུ་དོགས་པ་བསལ་བ་སྟེ་དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ། །སྲུ་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་དག་ནི་ལེགས་པར་དོད་པ། ལེགས་པར་གནས་པ། ལེགས་པར་འགྱུར་བ་ཡིན་ནོ་ཞེས་བསྟོད་པ་སྟེ་བསྔགས་པ་དང་། དེ་ལས་བཟློག་པ་བསྔགས་པ་མ་ཡིན་པ་བརྗོད་པ་དང་། སྲུ་ ཚུར་ཤོག་དེ་དང་དེ་བྱའོ་ཞེས་གསོལ་བ་ནི་དངོས་སུ་གསོལ་བ་དང་། བུད་མེད་དང་སྐྱེས་པ་དེ་དང་དེ་བྱེད་པ་ནི་དགའ་བ་དང་ཡིད་དུ་འོང་བ་ཡིན་གྱི། སྲུ་བདག་ཅག་ཀྱང་དེ་དང་དེ་བྱས་ན་དགའ་བ་དང་ཡིད་དུ་འོང་བར་འགྱུར་རོ་ཞེས་ཉེ་བར་གསོལ་བ་ནི་དངོས་སུ་མི་སྨོས་པར་ 6-1-351b གསོལ་བར་བྱེད་པ་དང་། སྲུ་སྐྱེས་པ་གང་བུད་མེད་གང་ལ་དེ་བྱེད་པ་ནི་དགའ་བ་དང་ཡིད་དུ་འོང་བར་འགྱུར་ན་ཁོ་བོས་ཀྱང་སྲུ་ལ་དེ་དང་དེ་བྱས་ན་དགའ་བ་དང་ཡིད་དུ་འོང་བར་འགྱུར་རམ་ཞེས་འདྲི་བ་ནི་སྐབས་འདྲི་བ་དང་། སྲུ་སྐྱེས་པ་གང་བུད་མེད་གང་ལ་དེ་དང་དེ་བྱེད་ པ་ལ་ནི་དགའ་བ་དང་ཡིད་དུ་འོང་བར་འགྱུར་ན། ཁོ་བོས་ཀྱང་སྲུ་ལ་དེ་དང་དེ་བྱས་ན་དགའ་བ་དང་ཡིད་དུ་འོང་བར་འགྱུར་རམ། འོན་ཏེ་མ་ཡིན་ཅེས་ཡོངས་སུ་འདྲི་བ་ནི་སྐབས་དང་སྐབས་མ་ཡིན་པ་འདྲི་བ་དང་། སྲུ་ཁོ་བོ་ནི་ཁྱོད་ལ་དགའ་བ་དང་ཡིད་དུ་འོང་བ་བདེན་ན་ ཁྱོད་དེ་ལ་ཅི་ལྟར་ཞེས་བརྗོད་པ་ནི་བདག་ཉིད་དགའ་བའི་སྐབས་བརྗོད་པ་དང་། སྲུ་ནམ་ཞིག་ན་ཁོ་བོ་ཁྱོད་དང་ལྷན་ཅིག་དེ་དང་དེ་ལྟར་བྱེད་པར་འགྱུར་ཞེས་སྨོན་པ་དང་། གཤེ་བ་སྟེ་ཁྱོད་ལ་བོང་བུ་དག་དེ་ལྟར་བྱེད་པར་གྱུར་ཅིག །ཁྱོད་ཀྱི་དེར་འགལ་དུམ་ཆུག་ཅིག་ ལ་སོགས་བརྗོད་པ་དང་། བསྔགས་པ་དང་བསྔགས་པ་མ་ཡིན་པ་ལ་སོགས་པ་དེ་རྣམས་བུད་མེད་ཀྱིས་དགེ་སློང་ལ་སྔར་སྨྲས་པ་ལ། དེའི་ལན་འདེབས། དགེ་སློང་གིས་ཀྱང་ཚིག་དེ་དག་ཉིད་ཕྱིར་སྨྲ་བ་སྒྲུབ་པ་དག་ལ་ནི་རྒྱ་ན་རུ་ཞེས་བྱ་བའི་མིང་རྗོད་པར་མི་བྱེད་ ན་སྦོམ་པོར་འགྱུར་བ་ལ་དེ་ཐམས་ཅད་བྱེ་བྲག་མེད་པ་ཡིན་ནོ། །གསུམ་པ་ནི། ཡུལ་དབུས་ན་ཆུ་སྣོད་ཀྱི་བྱེ་བྲག་ལ་ཀུནྡི་ཀ་ཟེར་ལ། ཡུལ་ཀོ་ས་ལ་ན་མོའི་དབང་པོ་ལ་ཀུནྡི་ཀ་ཟེར་ཏེ། ཡུལ་དབུས་པའི་དགེ་སློང་ཀོ་ས་ལར་སོང་སྟེ། དོན་གཞན་ཆུ་སྣོད་ལ་བསམ་པས་ཀུནྡི་ཀ་བརྙའོ། ། ཞེས་བུད་མེད་ལ་སྨྲས་ན་ཡུལ་དེ་ན་གནས་ངན་ལེན་གྱི་ཚིག་ཡིན་ཀྱང་། ལྗོངས་ཀྱི་ངེས་པའི་ཚིག་ཡུལ་གྱི་སྐད་རིགས་ཐ་དད་པ་དག་གི་དབང་གིས་ན་ལྟུང་བ་མེད་དོ་སྟེ་བསམ་པ་དག་པའི་ཕྱིར་རོ། །ཊཱི་ཀར། འདིར་མཚོན་དཔེར་བཀོད་པ་ལ་ཡོན་ཏན་འོད་མར་གླེང་གཞིར་བྱས་ཏེ་ནོར། དེ་ 6-1-352a བཞིན་དུ་བོད་ཀྱི་འདུལ་འཛིན་རྣམས་ཀྱང་མཚོན་དཔེ་ལ་གླེང་གཞིར་འཁྲུལ་བཤད་བྱས་འདུག་གོ། རྒྱ་གར་སྐད་དུ་ཡ་བ་ཞེས་ནས་ཀྱི་མིང་དེ། ཡ་བྷ་ཞེས་འཁྲིག་པའི་མིང་སྟེ་དགེ་སློང་གིས་ནས་ཀྱི་མིང་ཡ་བ་ཞེས་བརྗོད་པར་འདོད་པ་ལས་དྲག་ཏུ་བརྗོད་པའི་ དབང་གིས་ཡ་བྷ་ཞེས་པར་སོང་བ་ལྟ་བུ་འཁྲིག་པ་དང་མིང་གི་ཆ་ཉིད་འདྲ་བར་བརྗོད་པས་འདོད་པ་འཁྲིག་པའི་མིང་བརྗོད་པ་ལ་ཡང་ལྟུང་བ་མེད་དོ། །ཊཱི་ཀ་ལས། མདོ་སྔ་མ་ལ་ནི་སྨྲ་བར་འདོད་པའི་སྒྲ་ཉིད་བརྗོད་ཀྱང་ཡུལ་གྱི་སྐད་དོན་གཞན་ལ་སེམས་པ་དང་ཐ་དད་པས་ཉེས་པ་ མེད་དོ་ཞེས་སོ། །མདོ་ཕྱི་མ་འདི་ནི་ཡུལ་གྱི་སྐད་རིགས་གཅིག་ཉིད་ཀྱི་སྒྲ་ནོར་བར་བརྗོད་པ་ལ་ཉེས་པ་མེད་པའོ། ། གཞན་ཡང་ཊཱི་ཀར། བོད་སྐད་ལ་ཡང་རྒྱོངས་ཞེས་བྱ་བ་དང་། རྒྱོབ་ཅེས་བྱ་བ་དང་། རྒྱུའོ་ཞེས་བྱ་བའི་བསམ་པས་དོན་དེ་དག་ཉིད་བརྗོད་པར་འདོད་པ་ལས་ཟུར་ ཆག་པའི་དབང་གིས་རྒྱོས་ཞེས་བྱ་བ་དང་། རྒྱོ་བ་ཞེས་བྱ་བ་དང་། རྒྱོའོ་ཞེས་བྱ་བར་བརྗོད་པ་ལ་ཉེས་པ་མེད་པ་ལྟ་བུ་སྟེ། དེ་ལ་ནི་དེ་སྨྲ་བར་མི་འདོད་པའི་དོན་ལ་ཟུར་ཆག་པའི་དབང་གིས་སྨྲས་པའི་ཕྱིར་མིང་ཆ་མཐུན་པར་སྨྲས་ཀྱང་ཉེས་པ་མེད་དོ། །ཞེས་སོ། །ལུང་རྣམ་འབྱེད་ ལས། ནས་ཀྱི་མིང་དང་། རྩྭའི་མིང་དང་། ཡོལ་བའི་མིང་གིས་བརྗོད་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ནི། རྣམ་འབྱེད་འགྲེལ་པར། ནས་ལ་ནི་ཡ་བ་ཞེས་བྱ། རྩྭ་ལ་ནི་ཡ་བ་པ་ཞེས་བྱ། ཡོལ་བ་ལ་ཡ་བ་ནི་ཀ་ཞེས་བྱ། འཁྲིག་པ་ལ་ནི་ཡ་བྷ་ཞེས་བྱ་སྟེ་མིང་ཆ་འདྲ་བའོ། ། ཞེས་སོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །གཉིས་པ་སེལ་བ་བཤད་པ་ནི། བསམ་པ་ནི་གནས་ངན་ལེན་ལ་བསམས་ཏེ་བུད་མེད་ལ་ཁྱོད་ནི་མཛེས་པ་སྡུག་གུ་ཡིན་ནོ། །སྡིག་ཅན་ཡིན་ནོ། །རྨའི་སྒོ་མཛེས་པའམ་སྡིག་ཅན་ཡིན་ནོ། ། 6-1-352b བསམ་པས་ནི་གནས་ངན་ལེན་ལ་བསམས་ཏེ། ངག་གིས་ནི་བགོ་བཤའ་གྱིས་ཤིག །ཁོ་བོ་ལ་བགོ་བཤའ་གྱིས་ཤིག །ཁོ་བོ་དང་ལྷན་ཅིག་ཉོལ་ཅིག །ཕྲད་པར་གྱིས་ཤིག་ཅེས་སྨྲ་ན་སྦོམ་པོའོ། །ཊཱི་ཀར། ཐ་ན་རྒོད་བག་ཙམ་གྱིས་སྨྲ་ན་ཡང་ཐམས་ཅད་དུ་སྦོམ་པོར་རིག་པར་ བྱའོ་ཞེས་སོ། །དེ་ཐམས་ཅད་གསལ་པོར་སྨྲས་པའི་སེལ་བའོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ། །གསུམ་པ་འདུལ་བྱེད་ལ། ཡུལ་གྱི་སེལ་བའི་ན་སྨད་བསྟན། །སྦྱོར་བའི་སེལ་བའི་ན་སྨད་བརྗོད། །བསམ་པའི་སེལ་བའི་ན་སྨད་དོ། །དང་ པོ་ནི། སྦོམ་པོའོ་ཞེས་སྔར་བསྟན་ནས་དེ་བཞིན་དུ་བུད་མེད་རྫུ་འཕྲུལ་ནི། རྫུ་ཞེས་པས་ལུས་ཀྱི་ཆོས་དང་། འཕྲུལ་གྱིས་སེམས་ཀྱི་ཆོས་བསྟན་ལ། དེའི་རྣམ་པར་འཕྲུལ་པའི་ཆོས་ཅན་མཁའ་ལ་འགྲོ་བ་ན་དགེ་སློང་གིས་འཁྲིག་པ་སྨྲ་ན་སྦོམ་པོའོ། །འགྲེལ་ཆུང་ལས། བདག་ ཉིད་རྫུ་འཕྲུལ་བྱས་ཏེ་ནམ་མཁའ་ལ་འདུག་ནས་བུད་མེད་ལ་འཁྲིག་ཚིག་དང་། ཀུན་སྤྱོད་བསྔགས་པ་ནི་བདག་གི་དབང་དུ་འགྱུར་བས་ལྷག་མར་འགྱུར་ཞེས་བཤད་དོ། །གཉིས་པ་ནི། སྲུ་ཞེས་ཆགས་པའི་ཡུལ་དུ་འོས་པའི་མིང་གིས་བོས་ནས་ཁོ་བོ་ལ་འཁྲིག་པ་བྱིན་ཅིག་ཅེས་ གོ་བར་འདོད་ནས། ངག་ཏུ་ནས་བྱིན་ཅིག་ཅེས་རྒྱ་སྐད་འཁྲིག་པའི་མིང་དང་། ནས་ཀྱི་མིང་བརྗོད་ཚུལ་ལ་གོ་ནོར་འབྱུང་བས་མཚོན་པ་ཡིན་ནོ། །སྲུ་ཁྱོད་ལ་བདག་གིས་ཅི་མཐོང་བ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་མདུན་ན་མོ་གང་ཡིན་པ་དེ་བྱིན་ཅིག །སྲུ་ཁྱོད་ཀྱི་ཡིད་དུ་འོང་བ་ གང་ཡིན་པ་དེ་བྱིན་ཅིག་ཅེས་དང་། དགེ་སློང་ལ་བུད་མེད་ཀྱིས་སྨྲས་པ། བཙུན་པ་ཁྱོད་ཅི་ལ་དགའ་བ་བྱིན་ཅིག་ཅེས་ཁྱིམ་ཐབས་ཀྱིས་བདག་ལ་སྨྲས་པ་དེས་ན་དགེ་སློང་ཁྱོད་ཅི་ལ་དགྱེས་པ་དེ་གསུངས་ཤིག །ཁྱོད་ཅི་ལ་དགའ་ཞེས་བུད་མེད་དེ་སྐད་ཟེར་བ་ལ། དགེ་སློང་ 6-1-353a གིས་སྲུ་ཁྱོད་ལ་ཁོ་བོ་དགའོ་ཞེས་སྨྲས་ན་སྦོམ་པོའོ་ཞེས་བྱ་བ་དང་། རྣམ་གྲངས་གཞན་ཡང་དགེ་སློང་གིས་བུད་མེད་ལ་ཁྱོད་ཅི་ལ་དགའ་བ་བྱིན་ཅིག་ཅེས་སྨྲས་པ་དང་། བུད་མེད་དེས་སྨྲས་པ་ཁྱོད་ཅི་ལ་དགའ་བ་བྱིན་ཅིག་ཅེས་དགེ་སློང་ཁྱོད་ཀྱིས་བདག་ལ་ སྨྲས་པ་དེ་དགེ་སློང་ཁྱོད་ཉིད་ལ་དྲི་བར་བྱ་སྟེ། ཁྱོད་ཅི་ལ་དགའ་ཞེས་བུད་མེད་དེ་སྐད་ཟེར་བ་ལ། དགེ་སློང་གིས་སྲུ་ཁྱོད་ལ་ཁོ་བོ་དགའོ་ཞེས་སྨྲ་ན་སྦོམ་པོའོ་ཞེས་ཊཱི་ཀར་བཤད་དོ། །སྲུ་ཁོ་བོ་ལ་ཏུ་དང་། བཅའ་བ་དང་། ཐུག་པ་དང་། བཟའ་བ་བྱིན་ཅིག །ཁྱོད་ཉིད་ཆུ་དང་བཅའ་བ་ དང་བཟའ་བ་དེ་དག་ཡིན་ནོ། །ཞེས་སྨྲ་བ་དག་ལ་སྦོམ་པོའོ། །དེ་རྣམས་གསལ་པོར་སྨྲས་པའི་སེལ་བའོ། །བུད་མེད་ལ་ཁྲོ་ཚིག་ཏུ་ཁྱོད་ལ་བོང་བུ་དག་དེ་བྱེད་པར་གྱུར་ཅིག །སྲུ་ཁྱོད་སྐྱེས་བུ་འཕྱོན་མ་པ་འཇོ་སྒེག་ཅན་དག་ལ་འཁྲིག་པའི་བསམ་པ་བསྐྱེད་དེ་བསོད་སྙོམས་སྤྱོད་ དམ་ཞེས་སྨྲས་ན་སྦོམ་པོར་ཡང་ངོ་། །ཊཱི་ཀར། དགེ་སློང་མ་ཞིག་ནངས་པར་སྔར་ལངས་ཏེ་ཁྲུས་བྱས། མིག་ཏུ་མིག་སྨན་གྱིས་བྱུགས། མགོ་བསྐུས་ནས་གོས་ངུར་སྨྲིག་གསར་པ་བགོས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ན་དགེ་སློང་ཞིག་ཀྱང་བསོད་སྙོམས་ལ་སོང་ ནས་དེས་དེ་མཐོང་བ་དང་འདི་སྐད་ཅེས། སྲུ་ཁྱོད་སྐྱེས་བུ་འཕྱོན་མ་བདག་ལ་བསོད་སྙོམས་སྤྱོད་དམ་ཞེས་སྨྲས་ནས། དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཞེས་སོ། །མོའི་དེར་ འགལ་དུམ་སྟེ། ཊཱི་ཀར། ཤིང་ཕྱེད་ཚིག་པའོ་ཞེས་པ་དེ་དག་ཆུག་ཅིག་ཅེ་ན་སྦོམ་པོར་ཡང་ངོ་། །གསུམ་པ་ནི། དགེ་སློང་དེ་རང་བཞིན་ངོ་བོ་ཉིད་ཀྱིས་གནས་ངན་ལེན་བརྗོད་པ་ལ་ཚེ་རབས་གཞན་ནས་གོམས་པས་གནས་ངན་ལེན་རྒྱ་ལ་སོགས་པའི་ཚིག་བུད་མེད་ལ་ 6-1-353b སྨྲས་ནར་སྦོམ་པོར་ཡང་ངོ་། །ཊཱི་ཀར། སྦོམ་པོ་ཁོ་ན་འགྱུར་ཏེ། ཀུན་ཏུ་འདོད་ཆགས་པ་མེད་པའི་ཕྱིར། གལ་ཏེ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་སྨྲ་ན་ནི། དེའི་དངོས་གཞིར་འགྱུར་རོ། །ཞེས་སོ། །འཁྲིག་པ་དང་ལྡན་པ་སྨྲ་བ་འདུལ་བྱེད་དག་ གོ། སྨྲས་པ། ཚུལ་བཞིན་ཡིད་བྱེད་བསམ་པས་དུས་འདའ་ཞིང་། །གནས་ངན་ལེན་གྱི་བརྗོད་པ་རྒྱུན་ཆད་ནས། །རྟག་ཏུ་བདག་གཞན་འཁྲུལ་པ་སྤང་བ་ཡི། །སྟོན་པའི་དགེ་སྦྱོང་དེ་ནི་བསྟན་འཛིན་ཡིན། །ཅེས་སོ། །འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་ མའོ།། །།གཉིས་པ་ལ། དངོས་གཞི་ཉིད་ཀྱི་ལྟུང་བ་བཤད། །ལྟུང་བ་དེ་ཡི་ན་སྨད་བསྟན། །ལྟུང་བའི་ན་སྨད་ཆེས་བསྟན་ཏོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བུད་མེད་ལ་འཁྲིག་པའི་བསྙེན་བཀུར་ བསྔགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྔ་མ་བཞིན་ནོ། །ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཆགས་སེམས་ཀྱིས་བུད་མེད་ལ་འཁྲིག་པས་བདག་ཉིད་ལ་བསྙེན་བཀུར་བསྔགས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །འདི་ལ་མང་རབ་ན་ རེ། བསྙེན་བཀུར་བསྔགས་པའི་ལྷག་མ་བསྐྱེད་པ་ལ་འཁྲིག་ཚིག་གསལ་པོར་བརྗོད་པ་ཡན་ལག་ཏུ་དགོས་ཞེས་ཟེར། དེ་དང་མཐུན་པར་བམ་པོ་ལྔ་བཅུ་པ་ལས་ཀྱང་། འདི་ལ་ཡན་ལག་དྲུག་གིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཀུན་ཏུ་འདོད་ཆགས་དང་ལྡན་པ་དང་། བུད་ མེད་ཉིད་དང་། ལེགས་སྨྲས་ཉེས་སྨྲས་ཀྱི་དོན་ཀུན་ཤེས་པར་ནུས་པ་དང་། དོན་གོ་བ་དང་། བདག་གི་ཕྱིར་དང་། རྒྱ་ལ་སོགས་པའི་དོན་གྱིས་བསྙེན་བཀུར་བསྔགས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ་ཞེས་བཤད་དེ། བསྙེན་བཀུར་བསྔགས་པའི་ 6-1-354a འགྲེལ་ཆུང་ལས་ཀྱང་། བདག་ལ་བསྟོད་པ་དང་འཁྲིག་པ་གསལ་པོར་བརྗོད་པའི་ཚིག་དང་ལྡན་པར་བུད་མེད་ལ་སྨྲས་ན་དགེ་འདུན་ལྷག་མར་འགྱུར་ལ། བདག་གམ་འཁྲིག་པ་གསལ་པོར་བརྗོད་པའི་ཚིག་གང་ཡང་རུང་བ་མ་ཕྱུང་ན་སྦོམ་པོའོ་ཞེས་སོ། ། དེ་ནི་མི་འཐད་དེ། ཊཱི་ཀ་ལས། རྒྱ་ལ་སོགས་པའི་དོན་གྱི་སྒྲས་བསྙེན་བཀུར་བསྔགས་པར་བྱེད་ན་ནི་འཁྲིག་པ་དང་ལྡན་པའི་དགེ་འདུན་ལྷག་མར་ཡང་འགྱུར་རོ། །གལ་ཏེ་བསྙེན་བཀུར་ཉི་ཚེ་བ་བསྔགས་པར་བྱེད་ན་ནི་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་འབའ་ཞིག་ཏུ་ འགྱུར་ཞེས་གསུངས་པ་དང་འགལ་ལོ། །རིགས་པས་ཀྱང་བསྙེན་བཀུར་བསྔགས་པའི་ལྷག་མ་འདི་ལ་འཁྲིག་པ་གསལ་པོར་སྨྲས་པ་ཡན་ལག་ཏུ་དགོས་ན་ནི་དེའི་སྟེང་དུ་བདག་ཉིད་དང་སྦྱར་བའང་འདི་ལ་ཡན་ལག་ཏུ་དགོས་པས་འདི་དང་སྔ་མ་དགག་བྱ་ཁྱད་མེད་པའི་སྐྱོན་ དུ་འགྱུར་ལ། དེ་ལྟར་ན་ལྷག་མ་གཅིག་ཏུ་ཐལ་བར་འགྱུར་རོ་ཞེས་གསུངས་སོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཀྱི། གང་ལ་བསྙེན་བཀུར་བསྔགས་པ་བརྗོད་པའི་ཡུལ་ནི་བུད་མེད་ཆོས་ལྔ་ལྡན་ཏེ་འཁྲིག་ཚིག་གི་སྐབས་སུ་བཤད་པ་དང་འདྲའོ། ། གང་གིས་བསྙེན་བཀུར་བསྔགས་པ་བརྗོད་པའི་དངོས་པོ་ནི། འཁྲིག་པས་བདག་ཉིད་ལ་བསྙེན་བཀུར་བསྔགས་པ་སྟེ་བདག་ཉིད་ལ་འཁྲིག་པ་ཞེས་སོ། །བསམ་པ་དང་སྦྱོར་བ་དང་མཐར་ཐུག་པ་རྣམས་སྔ་མ་བཞིན་ཏེ་སྐབས་འདིར་བསྙེན་བཀུར་བསྔགས་པས་ཁྱད་པར་དུ་ བྱས་སོ། །གཉིས་པ་ནི། བུད་མེད་ཀྱི་མདུན་དུ་དགེ་སློང་གིས་བདག་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པས་བསྙེན་བཀུར་བྱས་ན། བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་སྨྲས་ཏེ་དགེ་སློང་བདག་ཉིད་དང་འཁྲིག་པ་ཀུན་ཏུ་སྤྱོད་པ་བསྔགས་པར་ 6-1-354b བརྗོད་པ་དགེ་འདུན་ལྷག་མའོ། །ལུང་རྣམ་འབྱེད་ལས། ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ཚངས་པར་སྤྱོད་པ་ལ་འཁྲིག་པ་འདིས་བསྙེན་བཀུར་བྱས་ན་བསྙེན་བཀུར་བ་རྣམས་ཀྱི་མཆོག་ཡིན་ནོ་ཞེས་པ་ལ་སོགས་པ་བཅོ་བརྒྱད་གསུངས་ཏེ། མཆོག་དང་ཕུལ་བྱུང་ཁྱད་པར་འཕགས། །བཟང་མཛེས་དགེ་དང་མཆོད་པར་འོས། །བསྟོད་འོས་རྒྱ་ཆེ་རྣམ་པ་དགུ། །ཆེས་མཆོག་ལ་སོགས་རྣམ་པ་དགུ། །ཞེས་བཟུང་ངོ་། །དགེ་སློང་གི་བསླབ་པ་གསུམ་བརྗོད་པ་འདི་ནི་ལུང་རྣམ་འབྱེད་ལས། ཚུལ་ཁྲིམས་དང་ལྡན་ པ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །དགེ་བའི་ཆོས་ཅན་ནི། ཏིང་ངེ་འཛིན་གྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །ཚངས་པར་སྤྱོད་པ་ནི། ཤེས་རབ་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །ཞེས་གསུངས་སོ། །དེ་གསུམ་གྱི་གཉིས་པ་ ནི། དགེ་བའི་ཆོས་ཅན་ཅེས་སྤྱི་མིང་བྱེ་བྲག་ཏིང་ངེ་འཛིན་ལ་བཏགས་པ་ཡིན་ལ། གསུམ་པ་ནི། རྒྱུ་ཚངས་པར་སྤྱོད་པའི་མིང་འབྲས་བུ་ཤེས་རབ་ལ་བཏགས་པའོ། །བསྔགས་པ་བརྗོད་ཚུལ་བཅོ་བརྒྱད་པོ་དེ་རྣམས་ནི། མཆོག་ལ་སོགས་པ་བཅོ་བརྒྱད་པོ་དེ་དེ་ལ་འབྲུ་ གནོན་རེ་རེ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་ཀྱང་། སློབ་དཔོན་དུལ་བའི་ལྷས་ནི་མཆོག་ལ་སོགས་པ་དགུ་པོ་མིང་གི་རྣམ་གྲངས་སུ་བཤད་པས་རྣམ་གྲངས་ཡིན་ཏེ། རྣམ་འབྱེད་འགྲེལ་པ་ལས། མཆོག་ཅེས་བྱ་བ་ལ་སོགས་པ་བཅོ་བརྒྱད་པོ་ནི་བསྔགས་པ་ སྨྲ་བའི་རྣམ་གྲངས་སུ་གྲགས་པ་ཡིན་པས་ཞེས་སོ། །སྐབས་འདིར་ལུང་རྣམ་འབྱེད་ལས། བསླབ་པ་གསུམ་ཀ་བརྗོད་པ་ཚན་གཅིག་དང་། རེ་རེ་བརྗོད་པ་ཚན་པ་གསུམ་དང་། གཉིས་གཉིས་བརྗོད་པ་ཚན་པ་དྲུག་སྟེ་བཅུ་པ་དེ་རྣམས་ལ་བཅོ་བརྒྱད་པ་ཚན་པ་རེ་རེ་སྦྱར་ 6-1-355a བས་བཅོ་བརྒྱད་པ་ཚན་པ་བཅུ་གསུངས་ཤིང་། ལུང་ལས་བསླབ་པ་གཉིས་གཉིས་བརྗོད་པ་ལ་ཚན་པ་དྲུག་ཏུ་ཇི་ལྟར་འགྱུར་ཞེ་ན། ཆོས་གཉིས་སྔ་ཕྱི་བསྒྱུར་བས་སོ་སོར་བགྲངས་ཏེ་ཚུལ་ལྡན་དགེ་ཆོས་ཅན་དང་། དགེ་ཆོས་ཚུལ་ལྡན་ཅེས་མུ་གཉིས་དང་། ཚུལ་ལྡན་ཚངས་སྤྱོད་དང་། ཚངས་སྤྱོད་ཚུལ་ལྡན་ཅེས་མུ་གཉིས་དང་། དགེ་ཆོས་ཅན་ཚངས་སྤྱོད་དང་། ཚངས་སྤྱོད་དགེ་ཆོས་ཅན་ཅེས་མུ་གཉིས་གསུངས་པས་བཅོ་བརྒྱད་པ་ཚན་པ་དྲུག་ཏུ་འགྱུར་བ་དང་བཅས་པའི་བཅོ་བརྒྱད་ཚན་པ་བཅུའོ། །གཉིས་གཉིས་བརྗོད་པ་ཚན་ པ་དྲུག་པོ་དེ་དང་རྒྱུ་མཚན་མཚུངས་པས། བསླབ་པ་གསུམ་ཀ་བརྗོད་པ་ལ་ཡང་ཆོས་གསུམ་སྔ་ཕྱི་བསྒྱུར་བས་སོ་སོར་བགྲང་ན་བཅོ་བརྒྱད་པ་ཚན་པ་དྲུག་འབྱུང་སྟེ། ཚུལ་ལྡན་ཐོག་མར་སྨོས་ནས་གཞན་གཉིས་སྔ་ཕྱི་བསྒྱུར་ནས་བརྗོད་པ་མུ་གཉིས་དང་། དགེ་ཆོས་ཐོག་མར་ སྨོས་ནས་གཞན་གཉིས་སྔ་ཕྱི་བསྒྱུར་ནས་བརྗོད་པ་མུ་གཉིས་དང་། ཚངས་སྤྱོད་ཐོག་མར་སྨོས་ནས་གཞན་གཉིས་སྔ་ཕྱི་བསྒྱུར་ནས་བརྗོད་པའི་མུ་གཉིས་ཏེ་དྲུག་གོ། དེ་དང་སྔ་མའི་བཅོ་བརྒྱད་པ་ཚན་པ་བཅུ་བསྡོམས་པས་དགེ་འདུན་ལྷག་མ་བཅོ་བརྒྱད་པ་ཚན་པ་བཅུ་དྲུག་སྟེ་དགེ་ འདུན་ལྷག་མ་ཉིས་བརྒྱ་དང་བརྒྱད་ཅུ་གྱ་བརྒྱད་དོ། །བསླབ་པ་གསུམ་ཀ་མ་བརྗོད་པའི་ཚན་པ་གཅིག་ནི་ལུང་ལས་གསུངས་ཀྱང་དོན་གྱིས་ཐོབ་མོད། འདིར་མ་བགྲངས་པ་ཡིན་ལ། བདག་ཉིད་དང་ཞེས་པའི་མདོ་འདི་ལ་དགེ་འདུན་ལྷག་མ་བཅོ་བརྒྱད་པ་ཚན་པ་བཅུ་དྲུག་པ་ ཞིག་སྲིད་དོ། །ཁྱོད་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པའི་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བུད་མེད་དེས་བསྙེན་བཀུར་བསྔགས་པ་ལ། དགེ་སློང་དེས་སྲུ་དེ་བཞིན་ནོ་ཞེས་རྗེས་སུ་ཡི་རང་བའི་དོན་གྱི་ཚིག་ནི་བདག་ཉིད་ཀྱིས་བསྔགས་པ་ 6-1-355b དེ་དང་འདྲ་སྟེ་དགེ་འདུན་ལྷག་མའོ། ། འདིའི་སྐབས་སུ་ཡང་སྔར་བཞིན་ལྷག་མ་བཅོ་བརྒྱད་པ་ཚན་པ་བཅུ་དྲུག་སྲིད་དོ། །ཁྱོད་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པས་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བུད་མེད་ཀྱིས་སྨྲས་པའི་ཚིག་དེ་ ཉིད་དགེ་སློང་གིས་ཀྱང་ཚིག་དེ་ཁོ་ན་བསྐྱར་ཏེ། ཕྱིར་བཟླས་ན་དགེ་འདུན་ལྷག་མའོ། །འདིའི་སྐབས་སུ་ཡང་དགེ་འདུན་ལྷག་མ་བཅོ་བརྒྱད་པ་ཚན་པ་བཅུ་དྲུག་སྲིད་དོ། །དེ་ལྟར་ན་དངོས་གཞིའི་ལྟུང་བ་བཅོ་བརྒྱད་པ་ཚན་པ་བཅུ་དྲུག་ཕྲག་གསུམ་སྲིད་པ་ཡིན་ནོ། །གཉིས་ པ་ནི། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པས་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་སྨོས་ཏེ། བདག་ལྟ་བུ་ཞེས་མ་སྨོས་ན་འཁྲིག་པ་དང་ཉེ་བར་སྦྱར་ཡང་བདག་ཉིད་དང་ཉེ་བར་མ་སྦྱར་ན་སྦོམ་པོ་བཅོ་བརྒྱད་པ་ཚན་པ་བཅུ་དྲུག་ཕྲག་ གསུམ་སྲིད་དེ། དངོས་གཞིའི་གྲངས་དང་མཉམ་མོ། །བདག་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་སྨྲས་ཏེ། འཁྲིག་པ་ཞེས་མ་སྨོས་ན་བདག་ཉིད་དེ་དང་ཉེ་བར་སྦྱོར་ཡང་། འཁྲིག་པ་དང་ཉེ་བར་མ་སྦྱར་ ན་སྦྱོར་བ་དང་འདྲ་བ་ཉིད་དོ་སྟེ་སྦོམ་པོར་བསྐྱེད་པའི་ཆ་ནས་སྦྱོར་བ་དང་འདྲ་ཞེས་མིང་བཏགས་ཀྱང་། དེ་རྣམས་ཐམས་ཅད་ལ་མཐར་ཐུག་གྲུབ་པའི་སྦོམ་པོར་བསྐྱེད་པའོ། །འདིར་ཡང་སྦོམ་པོ་བཅོ་བརྒྱད་པ་ཚན་པ་བཅུ་དྲུག་ཕྲག་གསུམ་སྲིད་དེ་དངོས་གཞི་དང་གྲངས་མཉམ་ མོ། །གསུམ་པ་ནི། དགེ་སློང་ཚུལ་ཁྲིམས་ལྡན་པ་ལ་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་སྨྲས་ཏེ། བདག་ཉིད་དང་འཁྲིག་པ་གཉིས་ཀ་དང་མ་སྦྱར་བར་བརྗོད་ན་ནི་སྦྱོར་བ་དེའི་སྦྱོར་བའོ་ཞེས་པ་སྟེ། སྦྱོར་བའི་སྦྱོར་བ་དང་འདྲ་བས་སྦྱོར་བའི་སྦྱོར་བ་ 6-1-356a ཞེས་མིང་བཏགས་ཀྱང་དེ་རྣམས་ཐམས་ཅད་ལ་མཐར་ཐུག་གྲུབ་པའི་ཉེས་བྱས་བསྐྱེད་པའོ། །འདིར་ཉེས་བྱས་བཅོ་བརྒྱད་ཚན་པ་བཅུ་དྲུག་ཕྲག་གསུམ་སྲིད་དེ་དངོས་གཞིའི་གྲངས་དང་མཉམ་མོ། །དེས་ན་སྐབས་འདིའི་ལྷག་མ་ལ་བརྒྱད་བརྒྱ་དྲུག་བཅུ་རྩ་བཞི་ དང་། སྦོམ་པོ་ནི་སྟོང་ཕྲག་གཅིག་དང་བདུན་བརྒྱ་ཉི་ཤུ་རྩ་བརྒྱད་ཡོད་ལ། ཉེས་བྱས་ཡན་གར་བ་ལ་བརྒྱད་བརྒྱ་དྲུག་ཅུ་རྩ་བཞི་དང་། སྦོམ་པོའི་སྦྱོར་བ་དང་བཅས་ན་ཉིས་སྟོང་ལྔ་བརྒྱ་གོ་གཉིས་སོ། །བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་ལ། ལུང་ རྣམ་འབྱེད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བསྟན་པ་དང་། །འདུལ་བྱེད་ལུང་གིས་བརྗོད་པའོ། །དང་པོ་ལ། མདོར་བསྡུས་ནས་ནི་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། གླེང་གཞི་ལ་གཉིས་ལས། བྱུང་ལ་མ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་རི་དྭགས་འཛིན་གྱི་བུ་ནག་པོས་སྨྱན་བྱས་པའི་བྱུང་བ་སྟེ་བཅས་པ་མ་མཛད་དོ། །བྱུང་ལ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་སྐྱེས་པ་དང་། བུད་མེད་ཆུང་མ་ཉིད་དང་། མཛའ་ན་མོ་ཉིད་དུ་སྨྱན་བྱེད་པ་ལ་བརྟེན་ནས་ དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་གཞན་ཆགས་ཤིང་ཀུན་ནས་ཉོན་མོངས་པ་དང་། རང་ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྐྱེས་པ་དང་བུད་མེད་མི་ཚངས་པར་སྤྱོད་པའི་སྒོ་ནས་མཐུན་པ་སྒྲུབ་པའི་ཆེད་དུ་ཕྲིན་གསུམ་མམ། དེ་དང་ འདྲ་བའི་སྦྱོར་བ་དེའི་རྐྱེན་གྱིས་དེ་གཉིས་ཕྲད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དག་སྤྲད་པའི་ཡུལ་དང་། གང་ལ་གོ་བྱའི་ཡུལ་ལོ། །དང་པོ་ལ་བདུན་ཏེ། སྐྱེས་པ་བུད་མེད་གཉིས་ཀའི་མཚན་ 6-1-356b དོན་ཡོད་པ་དང་། གཉིས་ཀའི་མཚན་བསྟེན་དུ་རུང་བ་དང་། གཉིས་ཀའི་ཐ་སྙད་བཞི་དང་ལྡན་པ་དང་། གཉིས་ཀ་ལུས་ཐ་མལ་པར་གནས་པ་དང་། གཉིས་ཀ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དང་ལྔ་ནི། སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པ་དང་འདྲ་སྟེ། འདིར་སྐྱེས་པ་ དང་བུད་མེད་གཉིས་ཀ་ཞེས་པས་ཁྱད་པར་དུ་བྱས་སོ། །རང་ལས་ཐ་དད་ཅིང་དེ་གཉིས་ཀྱང་ཐ་དད་པ་སྟེ། གཞན་དང་ངོ་། །གཞན་དུའོ་ཞེས་པས་སོ། །མཐུན་པར་གནས་པ་མ་ཡིན་པ་སྟེ། མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་ཞེས་སོ། །གཉིས་པ་གང་ལ་གོ་བྱའི་ཡུལ་ ལ་གསུམ་ལས། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་ནི། སྔར་བརྫུན་སྨྲའི་ཕམ་པའི་སྐབས་སུ་བཤད་ཟིན་ལ། དེ་གཉིས་ལ་དབང་བྱེད་པོ་ཉིད་དུ་གནས་པ་སྟེ་དེ་གཉིས་ཀྱི་བདག་པོ་དག་ནི་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ ནི་གཞིའི་ཡན་ལག་དེ་དག་ལས་མ་འཁྲུལ་པའོ། །ཀུན་སློང་ནི་མི་ཚངས་པར་སྤྱོད་པའི་སྒོ་ནས་མི་མཐུན་པ་མཐུན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ཕྲིན་གསུམ་མམ་དེ་དང་འདྲ་བར་བྱེད་པར་ཞུགས་པའོ། །དེ་དང་འདྲ་བ་ནི་ཕྱང་ཡར་ཐོས་པ་ཉིད་ ན་དེ་བྱས་པ་ཉིད་དོ་ཞེས་སོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དེ་གཉིས་ཕྲད་པའོ། །གཉིས་པ་ནི། གང་གི་ཚེ་སྨྱན་བྱེད་པའི་ཚེ་ལྷག་མར་འགྱུར་ཞེ་ན། གཉིས་ཀྱི་གཉིས་ཕྲད་ནའོ། །སུ་དང་ཕྲད་ཅེ་ན། བདག་ཉིད་ལས་གཞན་ཕོའི་དབང་པོ་དང་ལྡན་པ་དང་ངོ་། །སུར་ ཕྲད་ཅེ་ན། བདག་ཉིད་ལས་གཞན་དུའོ་སྟེ། ཊཱི་ཀ་ལས། བུད་མེད་ལ་སོགས་པ་བསྟེན་པར་བྱ་བའི་རྨའི་སྒོ་དང་ལྡན་པར་རོ་ཞེས་སོ། །དེ་ལ་བརྟེན་ནས། མེར་ན་རེ། སྐྱེས་པ་དང་སྐྱེས་པ་མི་ཚངས་པར་སྤྱོད་པའི་སྨྱན་བྱས་ནའང་དགེ་འདུན་ལྷག་མར་འགྱུར་ཏེ། ཊཱི་ཀ་ 6-1-357a ལས། བུད་མེད་ལ་སོགས་པ་ཞེས་པའི་སོགས་ཁོངས་སུ་སྐྱེས་པ་བསྡུས་པ་སྟེ། སྐྱེས་པ་མ་བསྡུས་ན་བསྡུ་རྒྱུ་གཞན་མེད་པས། ལ་སོགས་ཀྱི་སྒྲ་ལ་བསྡུ་རྒྱུ་མེད་ན་བསྟན་བཅོས་རྩོམ་པ་པོ་རྟོགས་ལྡན་གྱི་ངག་ཡིན་པ་དང་འགལ་བར་འགྱུར་ཏེ། སོ་ཐར་ གྱི་འགྲེལ་པ་དགའ་བ་བསྐྱེད་པ་ལས་སྐྱེས་པ་དང་བུད་མེད་སྤྲད་པ་ལས་དགེ་འདུན་ལྷག་མར་འགྱུར་ན། སྐྱེས་པ་དང་སྐྱེས་པ་སྤྲད་པ་ལས་ཆེས་འགྱུར་ཏེ། ཆེས་སྡིག་ལྕི་བའི་ཕྱིར་ཞེས་བཤད་དོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། སོ་སོར་ཐར་པ་དང་རྣམ་འབྱེད་ལས། བུད་མེད་ ལ་སྐྱེས་པའི་ཚིག་དང་། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་སྨྱན་བྱེད་ན་ཞེས་གསུངས་པ་དང་། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། རང་ངམ་གཞན་བྱེད་འཇུག་ཀྱང་རུང་། །བུད་མེད་སྐྱེས་པ་ཕྲད་ན་ནི། །དགེ་འདུན་ལྷག་མའི་རལ་གྲི་ཡིས། །རང་གི་མགོ་བོ་གཅོད་པ་ཡིན། །ཅེས་བཤད་ པ་དང་འགལ་ལོ། །བུད་མེད་དང་སྐྱེས་པ་ཞེས་གསུངས་པ་གླེང་གཞིའི་དབང་གིས་མཚོན་བྱེད་དུ་བསྟན་པ་ཡིན་གྱི། ངེས་བཟུང་ནི་མ་ཡིན་ནོ་ཞེ་ན། མི་རིགས་སྟེ། གཞུང་འགྲེལ་དང་བམ་པོ་ལྔ་བཅུ་པའི་སྨྱན་བྱེད་པའི་ལྷག་མའི་སྐབས་ལས། འདིའི་བྱེད་པ་པོ་ནི་མིའི་འགྲོ་བར་གཏོགས་ པའི་སྐྱེས་པ་དང་བུད་མེད་ཅེས་བཤད་ཅིང་། བྱེད་པ་པོ་ཉིད་ནི་མེད་ན་མི་འབྱུང་བའི་རྒྱུ་ཡིན་ཏེ། བྱེད་པ་པོ་ཉིད་ནི་བུད་མེད་དོ། །ཞེས་པའི་ཊཱི་ཀ་ལས། དེ་མེད་ན་ལྟུང་བ་འདི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་དོ། །གཞན་ཡང་ཁྱེད་ལྟར་ན་དགེ་སློང་གིས་བུད་ མེད་ལས་ཕྲིན་བླངས་ནས་བསྐྱལ་བ་དང་། བུད་མེད་དེ་སྐྱེས་པར་གྱུར་ཏེ་སྐྱེས་པ་གཞན་དེ་དང་ཕྲད་པར་བྱས་པ་ལས་ཀྱང་ལྷག་མ་བསྐྱེད་པར་ཐལ་བར་འགྱུར་བ་ལས། ལུང་ཞུ་བ་ལས། དགེ་སློང་གིས་ཕྲིན་བླངས་ནས་བསྐྱལ་བ་དང་། བུད་མེད་དེ་མཚན་འཕོས་བཞིན་དུ་ལན་ 6-1-357b སླར་བསྐྱལ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །རིགས་པས་ཀྱང་། སྐྱེས་པ་དང་སྐྱེས་པ་སྨྱན་བྱས་པ་ཆོས་ཅན། སྨྱན་གྱི་ལྷག་མ་མི་བསྐྱེད་པར་ཐལ། འབྱུང་རིང་། འབྲེལ་ཆུང་། དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར། དཔེར་ན་དགེ་སློང་མས་ཡང་ཡང་ཟ་བ་ལ་ལྟུང་བྱེད་མི་བསྐྱེད་པའི་རྒྱུ་མཚན་དུ། ཊཱི་ཀ་ལས། དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། དེ་དག་ལ་དེ་འབྱུང་དཀའ་བའི་ཕྱིར་ཞེས་གསུངས་པ་དང་མགོ་མཚུངས་སོ། །སྒྲུབ་བྱེད་གཞིག་པ་ནི། ཊཱི་ཀ་ ལས། བུད་མེད་ལ་སོགས་པ་ཞེས་སོགས་ཁོངས་སུ་བསྡུ་བ་ནི་མཚན་གཉིས་པ་བུད་མེད་ཀྱི་ཤས་ཆེ་བ་ཅན་བསྡུ་བར་བྱ་སྟེ། རྣམ་པ་དེ་ལྟ་བུ་ཉིད་ལ་ནི་མཚན་གཅིག་ཤོས་དོན་མེད་པ་ཉིད་དོ། །ཞེས་པ་དང་། ཊཱི་ཀ་ལས། མཚན་གཉིས་པ་བུད་མེད་ཀྱི་དབང་དུ་གྱུར་ན་ནི་དེའི་ ཚེ་དགེ་སློང་ལ་བུད་མེད་ཀྱི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བཤད་པས་སོ། །འགྲེལ་པ་དགའ་བ་བསྐྱེད་པ་ལས་བཤད་ཟེར་བ་དེ་ཡང་མི་འཐད་དེ། སྡིག་པ་ཆེ་བ་ཙམ་གྱིས་ལྷག་མ་བསྐྱེད་པར་མ་ངེས་ཏེ། དབྱེན་གྱི་མཚམས་མེད་བྱས་ན་ཆེས་སྡིག་ པ་ལྕི་ཡང་ལྟུང་བ་ན་སྨད་དུ་གསུངས་པ་བཞིན་ནོ། །ཕྲད་པ་དེའི་དོན་དུ་དེ་གཉིས་སྔར་མི་མཐུན་པ་སྟེ་གཅུགས་པར་མ་གྱུར་པ་ལ་སླར་མཐུན་པ་སྟེ་འཁྲིག་པའི་སྒོ་ནས་བཅུག་པ་དང་། ཕན་ཚུན་བག་ཕེབས་པར་བསྒྲུབ་པའི་ཕྱིར་སྦྱོར་བ་ཕྲིན་གསུམ་ལས། ཕྲིན་དང་པོ་ ནི་སྤྲད་པར་བྱ་བ་སྐྱེས་པ་ལས་ཕྲིན་སྤྲིང་བ་མནོས་པའི་དགེ་སློང་གིས། ཕྲིན་གཉིས་པ་ནི་གཞན་བུད་མེད་དེ་ལ་འཕྲིན་དེ་དགེ་སློང་གིས་གོ་བར་བྱས་ཤིང་། ཕྲིན་གསུམ་པ་ནི་གཞན་དེས་ཕྲིན་གྱི་ལན་སྨྲས་པ་སྟེ་དེ་སུ་ལ་བརྗོད་ཅེ་ན། སྤྲད་པར་བྱ་བ་སྔ་མ་སྐྱེས་པ་ལ་དགེ་སློང་ 6-1-358a དེས་བརྗོད་ནའོ། །ཡང་ན་སྤྲད་པར་བྱ་བ་བུད་མེད་ལས་ཕྲིན་སྤྲིང་བ་མནོས་པས་གཞན་སྐྱེས་པ་དང་དེ་ལ་གོ་བར་བྱས་ཤིང་གཞན་དེ་སྨྲས་པ་དེ་སྔ་མ་བུད་མེད་ལ་བརྗོད་ན་དེ་གཉིས་ཕྲད་ན་ལྷག་མའོ། །ཕྲིན་ཐ་མ་དེ་མནོས་པ་ཉིད་ན་ཕྲིན་ལན་དེ་བསྐྱལ་ བར་འཇུག་པ་སྟེ་སྐྱེལ་བར་འོས་པའོ། །བར་མ་དེ་ཕྲིན་མནོས་པ་དང་། ཚུར་སྐྱེལ་བ་གཉིས་ཀྱི་བར་ན་གནས་པའི་ཕྲིན་ལན་དེ་དགེ་སློང་གིས་མ་བསྐྱལ་ཀྱང་འཕྱང་ཡར་ཏེ་གཏམ་རྣམ་པར་འཁྱམས་པ་ལ་སོགས་པ་ཐོས་པ་ཉིད་ན། སྔ་མ་བརྗོད་ནའོ་ཞེས་པ་དེ་བྱས་པ་ཉིད་དོ། ། འདི་ནི་བམ་པོ་ལྔ་བཅུ་པ་ལས། ཕྲིན་མནོས་ཏེ་ཕར་བསྐྱལ་ལ། ཕྲིན་ལན་མ་བསྐྱལ་ཀྱང་རྣམ་པ་གཞན་གྱིས་ཐོས་ཏེ་ཕྲད་པ་ལ་ན་སྨད་པ་མེད་དོ། །ཞེས་སོ། །གཉིས་པ་ལ། སྦྱོར་དང་གཞི་ཡི་བྱེད་པ་བསྟན། །བྱེད་པོ་བདག་སྦྱོར་དོགས་པ་བཅད། །མི་མཐུན་དབྱེ་བ་འབྱེད་ པ་བསྟན། །ཡན་ལག་མ་ཚང་ཉེས་བྱས་སོ། །དང་པོ་ནི། ཕྲིན་ནོད་པ་དང་། གོ་བར་བྱེད་པ་དང་། ཕྲིན་ལན་བརྗོད་པ་དང་གསུམ་པོ་དེ་དག་གི་བྱ་བའི་འབྲས་བུ་སྦྱོར་ལྟུང་ཉིད་ནི་ཐ་དད་དེ་སྦོམ་པོ་གསུམ་བསྐྱེད་པ་ཉིད་དོ། །འདི་ནི་ལུང་རྣམ་འབྱེད་ལས། དགེ་སློང་གཉིས་ ཀྱིས་སྤྲིང་བ་མནོས་ནས་དེ་གཉིས་ལས་གང་ཕྲིན་ཕར་ཡང་སྐྱེལ་བར་མི་བྱེད། ཚུར་ཡང་སྐྱེལ་བར་མི་བྱེད་ལ་དེ་ལ་ནི་སྦོམ་པོ་གཅིག་ཏུ་འགྱུར་རོ། །གང་ཕྲིན་ཕར་སྐྱེལ་བར་ནི་བྱེད་ལ། ཚུར་སྐྱེལ་བར་མི་བྱེད་པ་དེ་ལ་ནི་སྦོམ་པོ་གཉིས་སུ་འགྱུར་རོ། །གང་ཕྲིན་ཕར་ཡང་སྐྱེལ་ བར་བྱེད། ཚུར་ཡང་སྐྱེལ་བར་བྱེད་པ་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པའོ། །འགྲེལ་ཆུང་ལས། ལན་བརྒྱ་ཞིག་བསྐྱལ་ཏེ་བྱས་ན་སྦོམ་པོ་བརྒྱའོ་ཞེས་བཤད་དོ། །འོ་ན་འཐབ་ཚིག་ཐ་དད་ཀྱི་སྐབས་ཀྱི་ལུང་རྣམ་འབྱེད་དང་། རྒྱ་ཆེར་འགྲེལ་པ་ལས། 6-1-358b སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་བའི་སྦོམ་པོ་གཅིག་ཏུ་གསུངས་པ་དང་འགལ་ལོ་ཞེ་ན། སྐབས་འདིར་སྦྱོར་སྦོམ་ཐ་དད་དུ་བསྐྱེད་པར་གསུངས་པ་དང་། སྐབས་འོག་ནས་སྦྱོར་སྦོམ་གཅིག་ཏུ་གསུངས་པའི་འགལ་སྤོང་འདི་ལ། ཤ་མི་ན་རེ། གསུམ་པོ་དེ་ དག་གི་བྱ་བ་ཉིད་ཐ་དད་ཅེས་པ་འདི་ཕྲིན་གསུམ་ཐ་དད་པ་ལ་དགོངས་པ་ཡིན་གྱི། སྦྱོར་སྦོམ་ཐ་དད་མ་ཡིན་ཏེ། འཐབ་ཚིག་ཐ་དད་ཀྱི་སྐབས་ཀྱི་ལུང་རྣམ་འབྱེད་དང་། རྒྱ་ཆེར་འགྲེལ་པ་ལས། སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་སྦོམ་གཅིག་ཏུ་གསུངས་པས་གྲུབ་ བོ། །རིགས་པས་ཀྱང་འཐད་དེ། མ་བྱིན་ལེན་ལ་ནོམ་ཉུག་ལན་གསུམ་བྱས་པ་ལྟ་བུ་ནོམ་ཉུག་ལན་མང་པོ་བྱས་ཀྱང་སྦྱོར་བའི་སྦོམ་པོ་གཅིག་ལས་མི་བསྐྱེད་པར། ཊཱི་ཀར། འདིར་ནོམ་པ་མང་པོ་དག་ལ་ཡང་ཇི་སྲིད་དུ་རྐུ་བའི་བསམ་པ་ཕྱིར་མ་ལོག་གི་བར་དུ་ནི་སྦོམ་པོ་གཅིག་ ཁོ་ནའོ་ཞེས་གསུངས་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། སྨྱན་གྱི་སྦྱོར་བའི་ཕྲིན་གསུམ་ཆོས་ཅན། སྦྱོར་བའི་སྦོམ་པོ་ཐ་དད་པ་གསུམ་བསྐྱེད་པ་མ་ཡིན་ཏེ། ལྟུང་བ་དངོས་གཞི་གཅིག་སྐྱེས་པའི་སྦྱོར་བ་ཡིན་པའི་ཕྱིར་ཏེ། དཔེར་ན་མ་བྱིན་ལེན་གྱི་ནོམ་ཉུག་ལན་གསུམ་ བྱས་ཀྱང་སྦོམ་པོ་གཅིག་བསྐྱེད་པ་བཞིན་ནོ་ཞེས་ཟེར་རོ། །རང་ལུགས་ནི་སྨྱན་གྱི་ཕྲིན་གསུམ་ལ་སྦོམ་པོ་ཐ་དད་གསུམ་བསྐྱེད་པ་སྟེ། སྐབས་འདིའི་ལུང་རྣམ་འབྱེད་ལས། འདི་ལ་སྦོམ་པོ་ཐ་དད་དུ་གསུངས་པ་དང་། མདོ་རྩ་འགྲེལ་ལས། གསུམ་པོ་དེ་དག་གི་བྱ་བ་ཉིད་ ནི་ཐ་དད་པ་ཉིད་དོ་ཞེས་གསུངས་པའི་གཞུང་གིས་གྲུབ་ཅིང་། རིགས་པས་ཀྱང་འཐད་དེ། སྦོམ་པོ་ཐ་དད་གསུམ་བསྐྱེད་པ་ཉིད་ནི་བཅོམ་ལྡན་འདས་ཀྱི་བཅས་པ་ལས་འདས་པའི་ཕྱིར་སྦོམ་པོ་ཐ་དད་པ་བསྐྱེད་པའི་ལུང་གིས་ཤེས་སོ། །འོ་ན་འཐབ་ཚིག་དྲིལ་བསྒྲགས་པའི་ 6-1-359a སྐབས་ཀྱི་ལུང་དང་། རྒྱ་ཆེར་འགྲེལ་པ་ལས། སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་སྦོམ་གཅིག་ཏུ་གསུངས་པ་དང་འགལ་ཅེ་ན། སྤྱིར་བཏང་དང་དམིགས་བསལ་གྱི་དབྱེ་བས་འགལ་བ་མེད་དེ། སྤྱིར་བཏང་ལ་སྔར་མཐུན་པ་མ་ཐོབ་པའི་སྨྱན་ བྱེད་པའི་ལྷག་མ་བསྐྱེད་པ་ལ་སྦྱོར་བ་ཕྲིན་གསུམ་ཡན་ལག་ཏུ་དགོས་ཏེ། གཞན་དུ་ན་སྦྱོར་བའི་ཚད་མི་རྫོགས་པའི་ཕྱིར། དེས་ན་འདི་ནི་སྦྱོར་བ་མ་གནང་ཚད་བཟུང་གི་ལྟུང་བའོ། །དམིགས་བསལ་ནི་སྔར་མཐུན་པ་ཐོབ་པ་ལས་ཉམས་པའི་སྨྱན་བྱེད་ན་སྡུམ་བྱེད་པའི་སྦྱོར་བ་ལན་ གཅིག་བྱེད་པ་ལས་ཕྲད་ན་ཡང་དགེ་འདུན་ལྷག་མར་འགྱུར་བ་ནི་བཅས་པའི་དབང་གིས་ཏེ། གནས་སྐབས་འདིར་ནི་སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་སྦོམ་གཅིག་ཏུ་ལུང་ལས་གསུངས་པའོ་ཞེས་བརྗོད་ན། །ལུང་ལ་རང་བཟོ་མ་བྱས་པར་ལུང་བཞིན་བཤད་པ་ཡིན་ ཅེས་མཚོ་སྣ་པས་གསུངས་སོ། །སོག་པ་ན་རེ། སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་སྦོམ་གཅིག་ཏུ་གསུངས་པ་དེ་ནི་ཕྲིན་གཅིག་གིས་ཕྲད་ན་ཡང་ལྷག་མ་བསྐྱེད་པས་ཕྲིན་གཅིག་གིས་ཕྲད་ན་སྦྱོར་སྦོམ་གཅིག་ལས་མི་བསྐྱེད་ཟེར་རོ། །སྔར་མཐུན་པ་མ་ཐོབ་བའི་ སྨྱན་བྱེད་པ་ན་ཕྲིན་ལན་གཅིག་བྱས་པས་ཕྲད་ན་ལྷག་མ་བསྐྱེད་པར་སྨྲ་བ་དེ་ནི་མི་རིགས་ཏེ། ཞུ་འགྲེལ་ལས། ལེན་པ་དང་། སྐྱེལ་བ་དང་། ཕྱིར་སྐྱེལ་བ་རྣམས་ཀྱང་བྱས་ལ་ཕྲད་པ་ཡང་གྱུར་ན་དགེ་འདུན་ལྷག་མར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་ལེན་པ་དང་། ཕྱིར་སྐྱེལ་བ་མེད་ན་སྨྱན་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་ཞེས་བཤད་པ་དང་འགལ་ལོ། །གནོད་བྱེད་གཞན་ཡང་སྔར་མཐུན་པ་མ་ཐོབ་པའི་སྨྱན་བྱེད་པ་ན་ཕྲིན་ལན་གཅིག་བྱས་པས་ཕྲད་པ་དེ་ལ་སྨྱན་བྱེད་པའི་ལྷག་མ་བསྐྱེད་པ་མི་འཐད་དེ། སྦྱོར་ 6-1-359b བ་མ་གནང་ཚད་བཟུང་གི་སྦྱོར་བའི་ཚད་མི་རྫོགས་པའི་ཕྱིར། དཔེར་ན་བསྒོ་གྱུར་གྱི་ལྷག་མ་བསྐྱེད་པ་ལ་བསྒོ་བའི་ལས་བརྗོད་པ་གསུམ་མ་ཚང་ན་ལྟུང་བ་མི་རྫོགས་པ་དང་མཚུངས་སོ། །སྔར་མཐུན་པ་མ་ཐོབ་པའི་སྨྱན་བྱེད་པའི་ལྷག་མ་བསྐྱེད་པ་ལ་སྦྱོར་བ་ཕྲིན་གསུམ་ཚང་ བ་མི་དགོས་ན་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ། ཆོས་ཀྱི་ཕུང་པོ་སྔོན་དུ་བཏང་སྟེ་བོས་པ་ཞེས་པ་ལ་སོགས་པས་ཀྱང་སྨྱན་གྱི་ལྷག་མ་བསྐྱེད་པར་ཐལ་བར་འགྱུར་རོ། །མི་ཉིད་ལ་ཞེས་པ་འདི་ལ་ལུང་རྣམ་འབྱེད་དང་། ཞུ་བའི་ལུགས་གཉིས་ལས། དང་པོ་ལྟར་ན། ཁྱིམ་ ཐབས་དམ་པ་གསུམ་པོ་གང་རུང་གི་དབང་དུ་བྱས་ནས་རྡེའུ་གསུམ་གཏོར་བ་དང་། ཆོ་ག་བཏང་བའི་མི་ཉིད་ལ་སྨྱན་བྱས་ཏེ་ཕྲད་པ་ཆོས་ཅན། མཐའ་སྨྱན་གྱི་ལྷག་མ་དངོས་སུ་བསྐྱེད་པའི་བྱེད་པ་པོ་ཉིད་མ་ཡིན་ཏེ། མི་མཐུན་པ་མཐུན་པར་བསྒྲུབ་པ་མེད་པའི་ཕྱིར། དེ་ལྟར་ན་ ཡང་སྦྱོར་བ་དང་འདྲ་བ་ཉིད་མ་ཡིན་པ་མ་ཡིན་ནོ་སྟེ་དངོས་གཞིའི་རྣམ་པའི་སྦོམ་པོ་བསྐྱེད་དོ། །གཉིས་པ་ལྟར་ན། མངལ་ན་གནས་པ་དང་ཟ་མའི་མི་ཉིད་ལ་སྨྱན་བྱེད་པ་ཆོས་ཅན། མཐར་སྨྱན་གྱི་ལྷག་མ་དངོས་སུ་བསྐྱེད་པའི་བྱེད་པ་པོ་ཉིད་མ་ཡིན་ཏེ། མི་མཐུན་པ་མཐུན་པར་ བསྒྲུབ་པ་མེད་པའི་ཕྱིར། དེ་ལྟར་ན་ཡང་སྦྱོར་བའི་གནས་སྐབས་དངོས་ཉིད་མ་ཡིན་པ་མ་ཡིན་ཏེ། སྦྱོར་བའི་རྣམ་པའི་སྦོམ་པོ་བསྐྱེད་དོ། །ཊཱི་ཀར། འདི་ལྟར་ལུང་དེ་གཉིས་ལ་ཡང་ཕྲད་པ་མེད་པའི་ཕྱིར་དང་། མི་མཐུན་པ་མཐུན་པར་བསྒྲུབ་པ་མེད་པའི་ཕྱིར་མཐའ་བྱེད་པ་ པོ་ཉིད་མ་ཡིན་ཏེ་སྦྱོར་བ་ཉིད་ཡིན་ནོ་ཞེས་སོ། །གཉིས་པ་ནི། སྨྱན་བྱེད་པའི་འབྲས་བུ་ཕྲད་པ་གཅིག་པ་ཉིད་ཀྱི་ཕྱིར་རམ། ཆེད་དུ་དགེ་སློང་བཅུས་ཕོ་མོ་ཟུང་གཅིག་གི་སྨྱན་བྱེད་ན། སྨྱན་བྱེད་པ་པོ་དགེ་སློང་བཅུ་པོ་སོ་སོ་ལ་ལྷག་མ་བསྐྱེད་པའི་བྱ་བ་རྫོགས་པར་བྱེད་པ་ 6-1-360a མེད་པ་མ་ཡིན་ནོ་སྟེ་བཅུ་པོ་ཐམས་ཅད་ལ་ལྷག་མ་བསྐྱེད་པའོ། །ཊཱི་ཀར། བྱ་བ་ཐ་དད་པ་དེ་ལས་དེ་ན་དགེ་སློང་བྱེད་པ་པོ་ཇི་སྙེད་ཡོད་པ་དེ་དག་སོ་སོའི་རྒྱུད་ལ་ཉེས་བྱས་དང་། སྦོམ་པོ་དང་། དགེ་འདུན་ལྷག་མ་ཞེས་བྱ་བའི་ལྟུང་བ་ཡང་ཐ་དད་པར་ འགྱུར་ཏེ། འདི་ལྟར་གང་ཟག་སོ་སོའི་རང་རང་གི་བྱ་བ་རྫོགས་པའི་དབང་གིས་ལྟུང་བ་རྣམས་འབྱུང་བའི་ཕྱིར་ཞེས་སོ། །སྨྱན་བྱེད་པའི་སྐབས་འདིར་དགེ་སློང་གིས་གཞན་ལ་མངགས་ཏེ་སྨྱན་བྱེད་དུ་བཅུག་པ་ནི་དགེ་སློང་རང་ཉིད་ཀྱིས་བྱས་པ་དང་འདྲའོ། །འདིར་ཞེས་པ་ དགར་ཚིག་སྟེ། འཁྲིག་ཚིག་ལ་སོགས་པ་ནི་མངགས་པས་ལྟུང་བ་མི་རྫོགས་པ་ལས་དགར་བ་ཡིན་ཏེ། ཊཱི་ཀར། ཇི་ལྟར་གནས་ངན་ལེན་སྨྲ་བ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ཏེ། དེར་ནི་མངགས་པས་བྱས་པ་གང་ཡིན་པ་དེ་རང་གིས་བྱས་པ་དང་འདྲ་བ་མ་ཡིན་ནོ། །སྨྱན་བྱེད་ པ་འདིར་ནི་མངགས་པ་དང་། མངགས་པའི་མངགས་པས་ཀྱང་བྱས་པ་གང་ཡིན་པ་དེ་རང་གིས་བྱས་པ་དང་འདྲ་བར་རིག་པར་བྱའོ་ཞེས་སོ། །སྐྱེས་པ་དང་བུད་མེད་དེ་གཉིས་ཀྱི་བདག་པོ་ཕ་མ་ལ་སོགས་པ་དག་ནི་སྤྲད་པར་བྱ་བ་སྐྱེས་པ་དང་བུད་མེད་དེ་དག་ཉིད་དང་འདྲའོ་སྟེ་ དེ་གཉིས་ཀྱི་བདག་པོ་ལ་ཕྲིན་མནོས་ཤིང་བསྐྱལ་བ་ལས་དེ་གཉིས་ཕྲད་ན་ལྷག་མ་བསྐྱེད་པའོ། །དེ་ཡང་དེ་གཉིས་ལ་དབང་བྱེད་པ་ཉིད་དུ་གནས་པ་སྟེ། ཊཱི་ཀ་ལས། ཕ་ནི་བསྒོ་བ་དང་བཟློག་པ་ལ་བདག་པོ་ཉིད་ཡིན་ལ། མ་ནི་སྦྱིན་པ་དང་ཕྲོགས་པ་ལ་བདག་པོ་ཉིད་ཡིན་ ནོ་ཞེས་བཤད་པས་ནི་མེས་པོ་དང་མིང་པོ་ལ་སོགས་པ་ཡང་མཚོན་པ་སྟེ། ཊཱི་ཀ་ལས། ཡུལ་ཆོས་བཞིན་དུ་ཡང་སྦྱར་ཞེས་སོ། །དེ་གཉིས་ལས་ཀྱང་གཞན་དེ་གཉིས་ཀྱི་བདག་པོ་ལས་ཀྱང་གཞན་པ་ལམ་ཀའི་མི་འཁྱམས་ལྟ་བུ་གཞན་ལ་ཕྲིན་བསྐྱལ་བར་བྱས་པ་ཉིད་ནི་ 6-1-360b ཉེས་བྱས་སོ། །འོ་ན་མངགས་པ་ནི་རང་ཉིད་དང་འདྲ་ཞེས་གསུངས་པ་དང་འགལ་ཅེ་ན། མི་འགལ་ཏེ། ལམ་ཀའི་མི་འཁྱམས་ལྟ་བུ་ཕྲིན་བྱེད་དུ་འཇུག་པའི་ཡུལ་དུ་བྱས་ན་ལྷག་མའི་ལྟུང་བྱེད་བསྐྱེད་ལ། ལམ་ཀའི་མི་འཁྱམས་ལྟ་བུ་ལ་ཕྲིན་བསྐྱལ་བར་བྱས་ན་ཉེས་བྱས་ བསྐྱེད་པ་ཙམ་ཡུལ་གྱི་ཁྱད་པར་གྱིས་སོ། །ཐག་རིང་པོ་ལ་སོགས་སུ་སྤྲིང་ཡིག་དང་། མངོན་སུམ་དུ་བྲིས་ཏེ་ལག་ནས་ལག་ཏུ་གཏོད་པའི་ལག་ཡིག་དང་གཉིས་ནི་ཕྲིན་གསུམ་ཀ་ལ་ཚིག་ཉིད་དང་འདྲའོ། །ཡུལ་ཕྱོགས་སྐྱེད་མོས་ཚལ་ལ་སོགས་པས་ཚིགས་འདིར་ཤོག་ཅིག་ཅེས་ དང་། སྔ་དྲོ་ལ་སོགས་པའི་ཡུན་འདི་ཙམ་དུ་ཤོག་ཅིག་ཅེས་བརྡ་དུས་དང་། དུད་བརྡ་བཏུལ་བའམ། བ་དན་བསྒྲེངས་པ་ན་དོན་གྲུབ་པར་གྱིས་ཤིག་ཅེས་པ་རྟགས་སམ་མཚན་མ་དང་གསུམ་པོ་རྣམས་ནི་ཕྲིན་ཐ་མ་ཚུར་སྐྱེལ་བ་ལ་ཚིག་ཉིད་དང་ལྷག་མར་བསྐྱེད་པར་འདྲའོ། ། ཕྲིན་དང་པོ་གཉིས་ལ་ནི་མི་འདྲ་སྟེ། ལུང་རྣམ་འབྱེད་ལས། རྒྱུ་གསུམ་གྱིས་ཕྲིན་ཚུར་སྐྱེལ་ལ་ཕར་ནི་མི་སྐྱེལ་ཏེ། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་སོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་པ་ལས། སྔར་གོ་བར་མ་བྱས་པ་ལ་ཡུལ་ཕྱོགས་ལ་སོགས་ པས་བརྡ་ཕྲད་པ་མི་སྲིད་པའི་ཕྱིར་ཞེས་སོ། །གསུམ་པ་ལ། མཐུན་མ་ཐོབ་པའི་མི་མཐུན་པ། །དོགས་གཅོད་སྒོ་ནས་བསྟན་པ་དང་། །མཐུན་པ་ཐོབ་ལས་ཉམས་པ་ཡིས། མི་མཐུན་བྱེད་པ་དང་བཅས་སོ། །དང་པོ་ནི། སྨད་འཚོང་མ་ནི་སྐྱེས་པ་ཐམས་ཅད་དང་ མཐུན་ཅེས་གྲགས་པས་དེ་དང་སྐྱེས་པ་སྨྱན་བྱས་ན་མཐུན་པའི་སྨྱན་བྱེད་པའི་སྦོམ་པོ་ལས་ལྷག་མར་མི་འགྱུར་རམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་སྨད་འཚོང་མ་ཉིད་ནི་མི་མཐུན་པ་ཉིད་དོ། །ཞེས་ཏེ་གླའི་དབང་གིས་ཕྲད་པ་ཙམ་ཡིན་གྱི། གཅུག་པའི་དབང་གིས་ 6-1-361a མཐུན་པ་མ་ཡིན་པས། ཊཱི་ཀ་ལས། སྔོན་དང་ཕྱིས་མི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་སོ། །དེའི་ཕྱིར་དེ་དང་སྐྱེས་པ་སྨྱན་བྱས་ན་དགེ་འདུན་ལྷག་མར་འགྱུར་རོ། །ཊཱི་ཀ་ལས། སྨད་འཚོང་མའི་ཕྱིར་མདོ་བརྩམས་པ་ནི་དོན་དང་བཅས་པ་ཁོ་ན་ ཡིན་ནོ་ཞེས་པ་ནི། སྨད་འཚོང་མ་དང་སྐྱེས་པ་སྨྱན་བྱས་ན་མཐུན་པའི་སྨྱན་བྱེད་པའི་སྦོམ་པོར་ཟད་ཀྱི། དགེ་འདུན་ལྷག་མར་མི་འགྱུར་རམ་སྙམ་པའི་དོགས་པ་བསལ་བའི་དོགས་པ་ཡོད་དོ་ཞེས་པའོ། །འོན་ཀྱང་བཤད་ཚོད་དང་། སྲིད་ ཚོད་གཉིས་ལས། སྲིད་ཚོད་ནི་སྨད་འཚོང་མ་དང་སྐྱེས་པ་འགའ་ཞིག་ནི་གླ་ལ་མི་བལྟོས་པར་གཅུགས་པའི་དབང་གིས་མཐུན་པར་གྱུར་པ་ཡང་སྲིད་པས། དེ་གཉིས་ཀྱི་ཕྲིན་བྱས་པས་ནི་མཐུན་པའི་སྨྱན་བྱེད་པའི་སྦོམ་པོར་འགྱུར་གྱི་ལྷག་མར་མི་འགྱུར་རོ། །སྐབས་འདིར། ཊཱི་ཀ་ལས། ཆུང་ མ་བདུན་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་དང་། དངས་མ་དུ་འདུས་པ་དང་། གོས་ཟས་ཀྱིས་འཚོ་བ་དང་། ཁ་དུམ་པ་རྣམས་ལ་ཡང་མི་མཐུན་པ་ཉིད་སྲིད་ལ། ཐང་འགའ་ཕྲད་པ་ལ་ཡང་དེ་བཞིན་ནོ། །དེའི་ཕྱིར་སྨད་ འཚོང་མ་ནི་ཐང་འགའ་ཕྲད་པ་ཞེས་བྱ་སྟེ་ཞེས་སོ། །བདག་པོར་གྱུར་པའི་ཆུང་མ་ནི་དྲུག་ཉིད་དོ། །བདག་པོར་མ་གྱུར་ཀྱང་ཐང་འགའ་ཕྲད་པ་ལ་ཡང་ཆུང་མར་མིང་བཏགས་ནས། ལུང་རྣམ་འབྱེད་ལས། ཆུང་མ་བདུན་ཅེས་གསུངས་ཏེ། དམ་པ་གསུམ་དང་དམན་པ་ བཞིའོ། །དམ་པ་གསུམ་ལ་ཆུ་ཚིགས་ཀྱིས་བྱིན་པ་ནི། རྣམ་འབྱེད་འགྲེལ་པ་ལས། སྔར་ཆུ་བྱིན་ནས་དེའི་རྗེས་སུ་བུ་མོ་ཡང་བྱིན་པའོ་ཞེས་བཤད་ཅིང་། དགེ་སློང་ཕའི་རྣམ་འབྱེད་ལས། ཕ་མ་དག་གིས་སྐྱེས་པ་ལ་འདི་ཁྱོད་ཀྱི་ཆུང་མ་བྱོས་ཤིག་ཅེས་ཆུ་ཚིགས་ཀྱིས་ 6-1-361b བྱིན་ཅིང་། བུ་མོ་དེ་སྐྱེས་པ་དེའི་ཆུང་མར་གྱུར་པའོ་ཞེས་གསུངས་ལ། འགྲེལ་ཆུང་ལས། ལག་ཆུ་བྱིན་པ་དང་ཞེས་སོ། །མའི་རྣམ་འབྱེད་ལས། སྐྱོར་ཆུ་བྱིན་ཅིང་ཞེས་གསུངས་ཏེ། བྲམ་ཟེས་དམ་ཚིག་གི་ཆུ་ཁྱོར་བའི་ནང་ནས་བྱིན་ཅིང་འཐུང་དུ་བཅུག་ནས། བྲམ་ཟེའི་ རིལ་བ་སྤྱི་བླུགས་ཀྱི་ཆུའི་རྒྱུན་གྱིས་སྐྱེས་པ་དང་བུད་མེད་དེ་གཉིས་ལ་བསྐོར་ཞིང་བྲམ་ཟེས་ཆོ་ག་བྱས་པ་སྟེ། ཚེ་དེ་ལ་བྱེ་བྲལ་བྱས་ན་རིགས་ལད་པར་བྱེད་ཅིང་། ཤི་བ་ན་ཡང་རོ་བསྲེགས་པ་ན་བྲམ་ཟེ་དང་སླར་སྐྱེ་བར་གྱུར་ཅིག་ཅེས་བརྗོད་པ་བཞིན་ནོ། །རིན་ཆས་ཉོས་པ་ནི་ ཕ་མ་དག་པས་རིན་ཆས་ཉོས་པའོ། །བཙན་ཕྲོགས་སུ་ཐོབ་པ་ནི་ལུང་རྣམ་འབྱེད་ལས། རྒྱལ་པོ་རྒྱལ་མཚན་དུ་བྱས་ནས་འཕྲོགས་པ་དང་། རང་མགོ་རྒྱལ་མཚན་དུ་བྱས་ནས་འཕྲོགས་པ་དང་ཞེས་གསུངས་སོ། །དམན་པ་བཞི་ནི། མེ་ཏོག་ཕྲེང་རྒྱུད་ལས། གང་དག་ ཁྱོད་ནོར་ང་ཡི་ནོར། །དེ་ཡིས་སྲོག་ནི་འཚོ་བྱ་ཞེས། །དེ་སྐད་བརྗོད་ནས་ཞུགས་པ་ནི། །དེ་ནི་དངས་མ་འདུས་པའོ། །ཟས་དང་གོས་ཀྱི་རྒྱུ་མཚན་གྱིས། །ཞུགས་པ་གོས་ཟས་འཚོ་བ་ཡིན། །ང་ནི་ཁྱོད་ཀྱི་ཉེར་གནས་ཞེས། །ཁ་དུམ་པར་ནི་ཤེས་པར་བྱ། །སྐད་ཅིག་ཙམ་ ཡིན་གཏན་དུ་མིན། །དེ་ལས་ཐང་འགའ་ཕྲད་ཅེས་བྱ། །ཞེས་བཤད་དོ། །འོན་ཀྱང་དངས་མ་འདུས་པ་དང་། ཁ་དུམ་པ་གཉིས་ནི་དེ་ལས་གོ་བརྗེས་ཏེ་ལུང་རྣམ་འབྱེད་གཉིས་ཀ་ལས་གསུངས་སོ། །བདག་པོ་ཉིད་མ་ཡིན་པས་བཞི་པ་མན་ཆད་ཞུགས་ཞེས་པ་འདི་ལུང་རྣམ་འབྱེད་ ལས། མཛའ་ན་མོ་བཅུའི་སྨྱན་བྱེད་ན་དགེ་འདུན་ལྷག་མར་གསུངས་པ་བསྡུས་ཏེ། དེ་ཡང་། ཕ་མ་མིང་པོ་ཕུ་ནུ་མོ། །ཆུང་མའི་ཕ་མ་གྱོས་སྒྱུག་ཉེ་དུ་ཞང་པོ་ལྟ་བུ་རིགས་རྒྱལ་རིགས་དང་བྲམ་ཟེ་ལྟ་བུ་རུས་བྱེ་བྲག་གཽ་ཏམ་ལྟ་བུ་དང་། །རྣམ་པར་འཁྲུག་པ་མེད་དང་བཅུ། །ཚངས་སྤྱོད་ཀྱི་ 6-1-362a བརྟུལ་ཞུགས་འཛིན་པའོ། །གཏན་གྱི་ཆུང་མར་མི་བྱེད་ཀྱང་། །རེ་ཞིག་མཛའ་ན་མོ་ཉིད་དུ། །ལན་གཅིག་ཉིད་དམ་གཉིས་གསུམ་མམ། །བཞི་པར་ཕྲད་ན་ལྷག་མ་སྟེ། །ལྔ་པར་ཕྲད་ན་སྦོམ་པོ་ཉིད། །ཅེས་སྨྲས་ཏེ། འདིར་ལན་གསུམ་ཞུགས་པའི་མཛའ་ན་མོ་དང་ ལན་བཞི་པར་སྤྲད་ན་མཐུན་པའི་སྨྱན་བྱེད་པའི་སྦོམ་པོར་ཟད་དམ་སྙམ་དུ་དོགས་པ་བསལ་བའི་ཕྱིར། བདག་པོ་ཉིད་མ་ཡིན་པས་ལན་བཞི་པ་ལ་མན་ཆད་ལན་གསུམ་ཞུགས་པ་མི་མཐུན་པ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། ལན་བཞི་པར་སྤྲད་ན་ལྷག་མར་འགྱུར་རོ། །ལན་བཞི་པར་ཞུགས་ ན་མཐུན་པ་ཉིད་དོ་ཞེས་ཤུགས་ཀྱིས་བསྟན་ཏེ། སྔར་ལན་བཞི་པར་ཞུགས་ཟིན་པ་ལས་ལྔ་པར་སྤྲད་ན་ནི་མཐུན་པའི་སྨྱན་བྱེད་པའི་སྦོམ་པོར་འགྱུར་བའོ། །གཉིས་པ་ལ། མཐུན་པ་ཐོབ་ལས་ཉམས་པ་དངོས། །ཉམས་བྱེད་འཐབ་ཚིག་དབྱེ་བ་བསྟན། །འཐབ་ཚིག་ཐ་དད་བྱེད་པའོ། ། དང་པོ་ནི། དངས་མ་འདུས་པ་ལ་སོགས་པ་དམན་པ་བཞིའི་དབང་དུ་བྱས་པ་ནི་སྐྱེས་པ་དང་བུད་མེད་གཉིས་འཐབས་པ་ཙམ་ཉིད་ན་མཐུན་པ་ལས་ཉམས་པ་ཉིད་དོ། །དེའི་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ལྷག་མར་གྱུར་རོ། །ཆུ་ཚིགས་ཀྱིས་བྱིན་པ་ལ་སོགས་ཏེ། དམ་པ་གསུམ་གྱི་ དབང་དུ་བྱས་ནས་གལ་ཏེ་དེ་དབང་བ་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཀྱང་མཐུན་པ་ལས་ཉམས་པ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། དེའི་སྨྱན་བྱས་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བསྟན་ཏོ། །འདིའི་ལུང་ཁུངས་ནི། ལུང་རྣམ་འབྱེད་ལས། ཆུང་མ་མ་ཡིན་པར་བསྒྲགས་པའི་ སྡུམ་བྱེད་ཅིང་མཐུན་པར་གྱུར་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །འོ་ན་ལུང་འདུལ་བྱེད་ལས། རྡེའུ་གསུམ་བོར་བའམ་ཤགས་བཀྱེ་སྟེ་ཆུང་མ་མ་ཡིན་པར་བསྒྲགས་པ་དེ་དག་གི་སྨྱན་བྱས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བཤད་པ་དང་། མེ་ཏོག་ཕྲེང་རྒྱུད་ལས་ 6-1-362b ཀྱང་། འཐབ་ཚིག་བདུན་པ་དེ་དག་རྣམས་ལས་གཅིག་གཉིས་གསུམ། །ཉེས་བྱས་ལ་སོགས་འགྱུར་བ་ཡིན། །གཞི་ལ་གཅིག་དང་ལྔ་ལ་གཉིས། །དྲུག་ལ་སྦོམ་པོ་རྣམ་གསུམ་ཡིན། བདུན་པའི་སྡུམ་བྱས་བརྟུལ་ཞུགས་ཅན། །དགེ་འདུན་གྱིས་ནི་ལྷག་མ་ཐོབ། །ཅེས་ཆུང་ མ་མིན་པར་བསྒྲགས་པའི་སྨྱན་བྱས་ན་སྦོམ་པོར་བཤད་པ་དང་འགལ་ཅེ་ན། སྦོམ་པོར་གསུངས་པ་དེ་དག་གི་དགོངས་པ་བཙལ་བར་བྱ་ཞིང་། དགེ་འདུན་ལྷག་མ་བསྐྱེད་པའི་ལུང་རྣམ་འབྱེད་དང་མདོ་རྩ་འགྲེལ་གཙོ་བོར་བཟུང་ངོ་། །ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ ཀྱང་ངོ་ཞེས་དངོས་སུ་སྨོས་པས་དྲིལ་བསྒྲགས་ན་ལྟ་ཅི་སྨོས་ཞེས་ཤུགས་ཀྱིས་བསྟན་ཏོ། །གཉིས་པ་ནི། འཐབ་ཚིག་དུ་ཡོད་ཅེ་ན། ཁྱོ་ཤུག་འཐབས་པ་ཉིད་ཀྱི་མོད། ད་ལྟ་འཐབ་བཞིན་པ་ཉིད་ལ་དད་སྟེ། དུལ་བའི་ལྷས་ད་ལྟར་འཐབ་པ་ཉིད་ཀྱི་མོད་དོ་ཞེས་སོ། །འོག་ ཏུ་དང་ཞེས་པ་དུལ་ལྷས་འཐབ་པའི་དུས་འདས་པ་ཉིད་དོ་ཞེས་སོ། །དུམ་པ་བཅད་པ་ཉིད་དང་ཞེས་པ་ལ་དུལ་ལྷས་རྩྭའི་བསྣུན་པ་དག་གིས་འཐབ་པ་ཉིད་དོ་ཞེས་སོ། །དང་པོ་ནི་ཤིང་སྐེད་པར་བཅགས་ནས་འདི་གཉིས་འབྱོར་བ་མེད་པ་བཞིན་འོ་ཅག་གཉིས་ཀྱང་དེ་བཞིན་ནོ་ཞེས་སྨྲས་པའི་ སྒོ་ནས་འཐབས་པའོ། །རྡེའུ་གསུམ་གཏོར་བ་ཉིད་དང་། ཞེས་པ་དུལ་ལྷས། བོང་བ་མང་པོ་དག་གིས་བསྣུན་པའོ་ཞེས་སོ། །དང་པོ་ནི་རྡེའུ་གསུམ་ཕྱོགས་སུ་གཏོར་ནས་རྡེའུ་འདི་གསུམ་ཕྲད་པ་མེད་པ་དེ་བཞིན་དུ་ཡུ་བུ་ཅག་གཉིས་ཀྱང་དེ་བཞིན་ནོ་ཞེས་པ་འཐབ་ཚིག་ཏུ་བཞག་ གོ། དུམ་པ་བཅད་པ་དང་། རྡེའུ་གསུམ་གཏོར་བའི་དོན་ལ་རྩྭ་ལ་སོགས་ཀྱི་དབྱུག་པས་བརྡེགས་པའི་སྒོ་ནས་ཁྱོ་ཤུག་འཐབས་པ་དང་། བོང་བ་ལ་སོགས་ཀྱིས་བརྡེགས་པའི་སྒོ་ནས་ཁྱོ་ཤུག་འཐབས་པ་ལྟ་བུ་ལ་འཆད་སྣང་བས། འདི་ལ་ཡང་ལེགས་པར་བརྟག་དགོས་ 6-1-363a པ་དུ་མ་སྣང་ངོ་། །ཆོ་ག་བཏང་བ་ཉིད་དང་ཞེས་པ་ཊཱི་ཀ་ལས། ཁྱིམ་གྱི་ལས་སམ་ཁྱིམ་ཐབས་ཀྱི་རྐང་པ་བཀྲུ་བ་ལ་སོགས་པ་འཕྲལ་གྱི་བྱ་བ་བཏང་བ་ནི་ཆོ་ག་དེ་བཏང་བའོ་ཞེས་སོ། །རྣམ་འབྱེད་འགྲེལ་པ་ལས། ཆོ་ག་བཏང་བ་ཞེས་བྱ་བ་ནི་ཤགས་བཀྱེ་ བར་གྱུར་པའོ་ཞེས་སོ། །དེའི་དོན་ཡང་ཕན་ཚུན་མཚང་ཀློག་སྟེ་འཐབ་པའོ། །ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་དང་ཞེས་པ་ཊཱི་ཀར། དེ་གཉིས་ཀྱིས་ཁྱོ་ཤུག་མ་ཡིན་པར་བསྒྲགས་པ་ཉིད་དོ་ཞེས་སོ། །དྲིལ་བསྒྲགས་པ་ཉིད་དག་ནི་ཞེས་པ་དུལ་ལྷས། ལྷའི་གནས་ལ་ སོགས་པར་དྲིལ་བསྒྲགས་པས་བྲན་དུ་གཞུག་པ་ཉིད་ཅེས་སོ། །བམ་པོ་ལྔ་བཅུ་པ་ལས། འཐབ་པ་ཉིད་ཀྱི་མོད་ཅེས་བྱ་བ་ནི་འཐབ་མོ་ཉིད་ཀྱི་རྩོམ་པ་ཡོངས་སུ་མ་རྫོགས་པ་སྟེ་དེ་ལྟར་འཐབ་པ་ཉིད་ན་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །འཐབ་པ་ཉིད་ལ་མོད་འོག་གཉིས་ཡོད་ པ་བཞིན་དུ་དུམ་པ་བཅད་པ་ལ་སོགས་པ་ལྔ་ལ་ཡང་མོད་འོག་གཉིས་གཉིས་ཡོད་དེ། འཐབ་ཚིག་དང་པོ་དང་རྒྱུ་མཚན་མཚུངས་པའི་ཕྱིར། མཐུན་པ་ཉམས་བྱེད་འཐབ་ཚིག་དེས་ཀྱང་མཚོན་པ་ཙམ་ཡིན་ཏེ། ཊཱི་ཀ་ལས། གལ་ཏེ་ཕྲ་མ་ལ་སོགས་པས་མཛའ་གཅུགས་ ཉམས་པར་གྱུར་པ་དེ་ནི་མཐུན་པ་ཉིད་ཉམས་པ་ཡིན་ནོ་ཞེས་སོ། །གསུམ་པ་ནི། སྲོག་དང་ལྡན་པ་ཕོ་མོ་ཟུང་བདུན་གྱི་སྨྱན་བྱས་ན་དགེ་འདུན་ལྷག་མ་བདུན་འབྱུང་བ་ཉིད་དག་བཞིན་དུ་འཐབ་ཚིག་བདུན་པོ་དེ་དག་བྱས་པའི་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་དགེ་འདུན་ལྷག་མ་ བདུན་འབྱུང་ངོ་། །དེས་ན་ཊཱི་ཀར། སྲོག་ཡོད་པ་དེ་དག་ནི་སྲོག་དང་ལྡན་པ་སྟེ་དེའི་དངོས་པོ་ནི་དེ་ཉིད་དོ། །སྲོག་ཆགས་དང་འདྲ་བར་གྱུར་པ་ནི་སྲོག་དང་ལྡན་པ་དག་བཞིན་ནོ། །ཞེས་སོ། །དེ་ཡང་ཆུང་མ་དམན་པ་བཞི་པོ་གང་རུང་གཞིར་བྱས་ནས་འཐབ་ཚིག་བདུན་པོ་ 6-1-363b བྱས་པ་ལ་སྨྱན་བྱས་ན་དགེ་འདུན་ལྷག་མ་བདུན་འབྱུང་བའོ། །ཆུང་མ་དམ་པ་གསུམ་པོ་གང་རུང་གཞིར་བྱས་ནས་ནི་འཐབ་ཚིག་བདུན་བྱས་པ་ལས་སྨྱན་བྱས་ན་ལྷག་མ་བདུན་མི་འབྱུང་ཡང་། མཐར་ཐུག་གྲུབ་པའི་ལྟུང་བ་བདུན་འབྱུང་སྟེ་ཉེས་བྱས་གསུམ་དང་། སྦོམ་པོ་གཉིས་དང་། དགེ་འདུན་ ལྷག་མ་གཉིས་སོ། །དེ་ཡང་ལུང་རྣམ་འབྱེད་ལས། དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ་འཐབ་པ་ཉིད་ཀྱི་མོད་དང་། འཐབ་པའི་འོག་དང་། དུམ་པ་བཅད་པ་དང་། རྡེའུ་གསུམ་གཏོར་བ་དང་། ཆོ་ག་བཏང་བ་དང་། ཆུང་མ་མ་ཡིན་པར་བསྒྲགས་པ་དང་། དྲིལ་བསྒྲགས་ པ་དག་ནི་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། སྦོམ་པོ་བཞི་དང་། དགེ་འདུན་ལྷག་མ་གཉིས་སུ་འགྱུར་རོ་ཞེས་སོ། །དེ་ཡང་འཐབ་ཚིག་དང་པོ་གསུམ་གྱི་སྡུམ་བྱས་པའི་ཉེས་བྱས་གསུམ་དང་། བཞི་པ་དང་ལྔ་པའི་སྡུམ་བྱས་པའི་སྦོམ་པོ་གཉིས་དང་། དྲུག་པ་དང་བདུན་པའི་སྡུམ་བྱས་པའི་ལྷག་མ་གཉིས་དང་། དེ་གཉིས་ཀྱི་སྦྱོར་སྦོམ་རེ་རེ་སྟེ་སྦོམ་པོ་གཉིས་སོ། །སྐབས་འདིར་སོག་པ་ན་རེ། སྲོག་དང་ལྡན་པ་ཉིད་དག་བཞིན་ཅེས་པའི་དོན་ནི་འཐབ་ཚིག་བདུན་པོ་བྱས་པ་ལས་སྨྱན་ལན་གཅིག་བྱས་ཏེ་ཕྲད་པ་ལ་ལྟུང་བ་ བདུན་འབྱུང་སྟེ་འཐབ་ཚིག་ཐ་དད་པའི་ཕྱིར། དེ་ཡང་སྨྱན་ལན་གཅིག་བྱས་པ་ཡིན་པར་ཅིས་ཤེས་ན། ཊཱི་ཀ་ལས། རྗེས་སུ་སྒྲུབ་པ་གཅིག་ཁོ་ན་ཡིན་དུ་ཟིན་ཀྱང་འཐབ་ཚིག་ཐ་དད་ལ་ལྟུང་བ་ཐ་དད་པ་བྱས་པ་བཞིན་དུ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་ པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང་། སྒྲུབ་བྱེད་གཞིག་པའོ། །དང་པོ་ལ། གཞུང་གི་གནོད་བྱེད་ནི་སོ་སོར་ཐར་པའི་འགྲེལ་པ་ལུང་གི་རྣམ་བཤད་ལས། འདི་རྣམས་ལན་བདུན་འཐབ་པ་ལས་ལན་བདུན་བསྡུམས་ན་ཞེས་སྨྱན་ལན་བདུན་བྱས་པ་ཡིན་པར་བཤད་ 6-1-364a པ་དང་འགལ་ལོ། །རིགས་པས་ཀྱང་སྨྱན་ལན་གཅིག་བྱས་པས་ལྷག་མ་བདུན་བསྐྱེད་པ་མི་འཐད་དེ། དང་པོ་ནས་མཐུན་པ་མ་ཐོབ་པས་མི་མཐུན་པ་ཉིད་དུ་གནས་པ་དང་། འཐབ་ཚིག་བདུན་གྱིས་མཐུན་པ་ཐོབ་པ་ལས་ཉམས་ཏེ་མི་མཐུན་པ་ཉིད་དུ་ གནས་པ་གཉིས་མི་མཐུན་པའི་ངོ་བོར་གནས་ཙམ་དུ་ཁྱད་པར་མེད་པ་ལ། སྔ་མ་ལ་སྨྱན་ལན་གཅིག་བྱས་པས་ལྷག་མ་གཅིག་འབྱུང་ལ། ཕྱི་མ་ལ་སྨྱན་ལན་གཅིག་བྱས་པས་ལྷག་མ་བདུན་འབྱུང་བ་འགལ་བའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། ཊཱི་ཀ་ལས། རྗེས་ སུ་སྒྲུབ་པ་གཅིག་ཁོ་ན་ཡིན་དུ་ཟིན་ཀྱང་ཞེས་པ་ལྡོག་མཚུངས་ཀྱི་གཅིག་ཡིན་པ་ལ་དགོངས་ཞེས་བླ་མ་རྣམས་གསུང་ངོ་། །འཐབ་ཚིག་ཐ་དད་པའི་ཕྱིར་ཞེས་ཁྱེད་ཀྱིས་སྒྲུབ་བྱེད་དུ་བཀོད་པ་དེ་མ་ངེས་ཏེ། འཐབ་ཚིག་ཐ་དད་ཀྱང་ལྷག་མ་ཐ་དད་བདུན་མི་བསྐྱེད་ན་ཅིས་འགལ་ཏེ། དཔེར་ན་མ་བྱིན་ལེན་ནོམ་ཉུག་ཐ་དད་ཀྱང་སྦོམ་པོ་གཅིག་ཏུ་གསུངས་ཏེ་སྦོམ་པོ་བདུན་མི་བསྐྱེད་པ་བཞིན་ནོ། །དེས་ན་སྲོག་དང་ལྡན་པ་ཉིད་དག་བཞིན་ཅེས་པའི་སྐབས་འདིར་ལྷག་མའི་ལྟུང་བ་བདུན་འབྱུང་བར་གསུངས་པ་ནི་འཐབ་ཚིག་བདུན་གྱི་འཐབ་ཚིག་ རེ་རེ་ལ་སྨྱན་ལན་རེ་རེ་བྱེད་པ་ལ་དགོངས་ཏེ། དེ་ལྟར་ལུང་གི་རྣམ་བཤད་ལས་གསུངས་པ་དེ་འཐད་ལྡན་དུ་བཟུང་ངོ་། །བཞི་པ་ནི། ཆུ་ཚིགས་ཀྱིས་བྱིན་པ་ལ་སོགས་པ་དམ་པ་གསུམ་གྱི་དབང་དུ་བྱས་ན། ཊཱི་ཀ་ལས། དེའི་འཐབ་ཚིག་དང་པོ་ཉིད་ཀྱི་མོད་དང་། འོག་དང་། དུམ་པ་བཅད་པ་ གསུམ་ལ་ནི་སྡུམ་བྱེད་ཅིང་མཐུན་པར་གྱུར་ན་ཉེས་བྱས་ཀྱི་དབང་དུ་བྱས་པ་ཉིད་དོ་ཞེས་སོ། །འོ་ན་རྡེའུ་གཏོར་བ་དང་ཆོ་ག་བཏང་བའི་སྨྱན་བྱས་ན་ཅིར་འགྱུར་ན། སྔར་མི་ཉིད་ལ་མཐའི་བྱེད་པ་པོ་ཉིད་མ་ཡིན་ཀྱང་ཞེས་སྦོམ་པོར་གསུངས་ལ། འཐབ་ཚིག་སྔ་མ་གཉིས་ལ་སྨྱན་བྱས་ན་ 6-1-364b ལྷག་མར་འགྱུར་ཏེ་ཆུང་མ་མིན་པར་བསྒྲགས་པ་ཉིད་ཀྱང་ངོ་། །ཞེས་པར་སྔར་བཤད་ཟིན་ཏོ། །དེ་རྣམས་ལ་ལྟུང་བ་ཆེ་ཆུང་རིམ་པ་གསུམ་འོང་བའི་རྒྱུ་མཚན་ནི་མཐུན་པ་ཉམས་པའི་བྱེ་བྲག་སྟེ། རྣམ་འབྱེད་འགྲེལ་པ་ལས། སྐྱེས་པ་དང་བུད་མེད་ལ་གཅུགས་པ་གསུམ་ཡོད་པ་ལས། གཅུགས་པ་ནི་རྣམ་པ་གསུམ་སྟེ། ཡིད་དུ་འོང་བའི་གཅུགས་པ་དང་། བྱ་བ་གཅིག་པའི་གཅུགས་པ་དང་། སྤྲོད་པ་ལ་ཕྱོགས་པའི་གཅུགས་པའོ། །འཐབ་ཚིག་དང་པོ་གསུམ་བྱས་པ་ན་ཡིད་དུ་འོང་བ་ཙམ་རྒྱུན་ཆད་པར་ཟད་ཀྱི་གཅུགས་པ་གཞན་མ་ཉམས་པའི་ཕྱིར་རོ། །དེ་དག་གི་སྡུམ་བྱས་ན་ཉེས་བྱས་སུ་འགྱུར་རོ། །རྡེའུ་ གསུམ་གཏོར་བ་དང་། ཆོ་ག་བཏང་བ་ན་ཡིད་དུ་འོང་བ་དང་བྱ་བ་གཅིག་པ་གཉིས་ཀ་རྒྱུན་ཆད་པའི་ཕྱིར་དེ་དག་གིས་སྡུམ་བྱས་ན་སྦོམ་པོར་འགྱུར་རོ། །ཆུང་མ་མིན་པར་བསྒྲགས་པ་དང་། དྲིལ་བསྒྲགས་པ་ན་ཡིད་དུ་འོང་བ་དང་བྱ་བ་གཅིག་པ་དང་སྤྲོད་པ་ལ་མངོན་པར་ཕྱོགས་པ་དང་ གསུམ་ཀ་རྒྱུན་ཆད་པའི་ཕྱིར་དེ་དག་གི་སྡུམ་བྱས་ན་དངོས་གཞི་རྫོགས་པར་འགྱུར་རོ། །ཅིའི་ཕྱིར་སྐྱེས་པ་འདི་མི་སྤྲད་ཅེའམ། ཅིའི་ཕྱིར་བུད་མེད་འདི་མི་སྤྲད། ཅིའི་ཕྱིར་སྐྱེས་པ་འདི་གྱོས་པོའི་གན་དུ་ཕར་ལ་མི་འགྲོ། ཅིའི་ཕྱིར་བུད་མེད་འདི་གྱོས་པོའི་གན་དུ་ཚུར་ལ་མི་དཀྲི་ཞེས་ཟེར་བ་དག་ཀྱང་ཉེས་བྱས་སོ། །སྨྱན་ བྱེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །གཉིས་པ་ལ། སེལ་བ་སྦོམ་པོར་བསྟན་པ་དང་། །སེལ་བ་ཉེས་བྱས་སུ་བསྟན་ཏོ། །དང་པོ་ནི། མངལ་ན་གནས་པ་དང་ཞེས་པ་སྦྲུམ་མའི་མངལ་ན་ཡོད་པ་གཉིས་ལ་དེ་གཉིས་ཕོ་དང་མོ་ཡིན་ན་ཁྱོ་ཤུག་ཏུ་སྡུས་ཤིག །ཅེས་པའོ། ། མེད་པ་དང་ཞེས་པ་བུས་པ་མངལ་ན་ཡང་མེད་པ་ལ་ད་གཟོད་བུ་ཕོ་དང་བུ་མོ་བྱུང་ན་སྡུས་ཤིག །ཅེས་པའོ། །ངེས་པ་དང་ཞེས་པ་དགེ་སློང་མ་འཁྲིག་པ་སྤང་བར་ངེས་པ་ལྟ་བུའོ། །མི་བསྟེན་པ་དང་ཞེས་པ་ཕོ་མོའི་དབང་པོ་མེད་པ་སྟེ་ཟ་མ་དང་མ་ནིང་འཁྲིག་པ་བསྟེན་མི་ནུས་པའོ། །ཉོས་པ་ 6-1-365a དང་ཞེས་པ་འགྲེལ་ཆུང་ལས། བྲན་དུ་ཉོས་ཏེ་རིན་བྱིན་པ་ལས་བསྡུས་པར་སྦོམ་པོའོ་ཞེས་སོ། །ཊཱི་ཀ་ལས། ཉོས་པ་ནི་རིན་གྱིས་ཐོབ་པ་སྟེ་དེ་དག་གི་སྨྱན་བྱེད་པ་ཡང་སྦོམ་པོའོ་ཞེས་བཤད་དེ། ཆུང་མ་ཉིད་དུ་རིན་ཆས་ཉོས་ཟིན་ཀྱང་ལུས་མ་སྤྲད་པའི་སྨྱན་ བྱེད་ན་སྦོམ་པོའོ་ཞེས་རིགས་སོ། །བི་མ་ལས། བྲན་དུ་ཉོས་ཏེ་རིན་བྱིན་པ་ལས་བསྡུས་པའང་སྦོམ་པོའོ་ཞེས་སོ། །རིན་ཆས་ཉོས་ཤིང་ལུས་ཀྱང་ཕྲད་ན་ནི་རིན་ཆེས་ཉོས་པའི་ཆུང་མ་ལ་འཐབ་སྟེ། དགག་བྱ་ཆེར་གྱུར་པ་ན་ཡང་དེའི་སྨྱན་བྱས་པ་ཉེས་བྱས་ལས་མི་འབྱུང་སྟེ། དེའི་དང་ པོ་གསུམ་ལ་ནི་ཉེས་བྱས་ཞེས་གསུངས་པས་སོ། །འདི་ཡང་དམ་པ་གསུམ་གྱི་དབང་དུ་བྱས་པའོ། །མཐུན་པ་དང་། ཞེས་བདག་པོ་ཉིད་མ་ཡིན་པས་མཛའ་ན་མོ་ཉིད་དུ་ལན་བཞི་ཕྲད་པ་མཐུན་པར་གྱུར་པའི་སྨྱན་བྱས་ན་སྦོམ་པོ་སྟེ། ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་ཞུ་བ་ལས། ལན་གྲངས་མང་པོ་ལས་ལྷག་པ་ལ་སྤྲིང་བ་མནོས་ཏེ་ཕྲིན་ཕར་སྐྱེལ་ཚུར་སྐྱེལ་བགྱིས་ན་ལྟུང་བ་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །ལན་གྲངས་མང་པོ་ལས་ལྷག་པ་ནི་ལན་གྲངས་བཞི་ཡན་ཆད་དེ། ཊཱི་ཀ་ལས། ལན་གྲངས་གསུམ་ལས་ལྷག་པ་ནི་བཞི་ པ་སྟེ་ཞེས་བཤད་པ་དང་། གསུམ་ལ་མང་པོའི་སྒྲ་འཇུག་ཅིང་གསུམ་ལས་ལྷག་པ་བཞི་ཡན་ཆད་ཡིན་པའི་ཕྱིར། གསུམ་ལ་མང་པོའི་སྒྲ་འཇུག་པ་ནི་བསྔོས་བསྒྱུར་གྱི་སྐབས་ཀྱི་ལུང་རྣམ་འབྱེད་ལས། གཅིག་ལ་བསྔོས་པར་བསྒྱུར་ན་སྤང་བའི་ལྟུང་བྱེད་དོ། །གཉིས་ལ་ བསྔོས་པ་ལ་ནི་སྤང་བའི་ལྟུང་བྱེད་དོ། །མང་པོ་ལ་བསྔོས་པ་བསྒྱུར་ན་སྤང་བའི་ལྟུང་བྱེད་དོ། །དགེ་འདུན་ལ་བསྔོས་པ་བསྒྱུར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །འོ་ན་ཞུ་འགྲེལ་དུ་ཁུངས་དྲངས་པའི་ལུང་ཞུ་བ་ལས་ནི། ལན་གསུམ་ཕྲད་པ་ལ་ཕྲིན་སྐྱེལ་ཅིང་ཕྱིར་སྐྱེལ་ 6-1-365b བར་བགྱིད་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་བཤད་པ་དང་འགལ་ཅེ་ན། ཕྲིན་སྐྱེལ་བ་ཙམ་ན་སྦྱོར་བའི་སྦོམ་པོར་འགྱུར་བ་ལ་དགོངས་ཞེས་བརྗོད་དོ། །འགྲེལ་ཆུང་ལས་ནི་ལན་གསུམ་ནི་སྔར་ཕྲད་ཟིན་ལ་ལན་བཞིའི་ཚེ་དགེ་སློང་གིས་སྨྱན་བྱས་ཏེ་བསྡུས་པ་ནི་སྦོམ་པོའོ། ། ཞེས་སོ། །དེ་ནི་བཞི་པ་ཡན་ཆད་ལན་གསུམ་ཞུགས་པ་མི་མཐུན་པ་ཉིད་དོ་ཞེས་གསུངས་པ་དང་འགལ་ལོ། །བདག་གི་སྨྱན་བྱེད་པ་ནི་སྦོམ་པོའོ། །དེ་ཡང་བདག་གི་སྨྱན་བྱས་ན་དགེ་འདུན་ལྷག་མ་མི་བསྐྱེད་པ་ནི་སྤྲད་པར་བྱ་བ་དེ་བདག་ལས་ཐ་དད་པ་ཞིག་དགོས་པ་ལས་དེ་ མ་ཚང་བའི་ཕྱིར། བདག་གི་སྨྱན་བྱེད་པ་ལ་ནི་ཕྲིན་གསུམ་མི་ཚང་སྟེ། ཊཱི་ཀ་ལས། འདི་ལ་ནི་ཕར་བསྐྱལ་བ་འབའ་ཞིག་ཡོད་ཀྱི་ནོད་པ་དང་ཚུར་བསྐྱལ་བ་ནི་མེད་དོ། །ཞེས་སོ། །ཕྲད་ན་ནི་འདི་ལ་ཕམ་པར་འགྱུར་རོ། །ཕམ་པའི་དུས་ན་སྨྱན་བྱེད་དེའི་དགེ་འདུན་ལྷག་མའི་ གོ་སྐབས་མེད་པས་སྦོམ་པོ་འདི་གསུངས་སོ་ཞེས་ཞུ་འགྲེལ་ལས་བཤད་དོ། །སྐྱེས་པ་དང་བུད་མེད་བརྡ་སྐད་སྦྱར་ཟིན་པ་ཉིད་ན་དེས་དེ་མཐོང་ནས་བུད་མེད་ཅིག་མཐོང་ངམ་ཞེས་དགེ་སློང་ལ་འདྲི་བ་ལ། རྩིག་པ་འདིའི་དྲུང་ན་འདུག་གོ་ཞེས་སྟོན་ན་སྦོམ་པོའོ། །ཁྱོད་ཀྱིས་དར་ འཐབ་ཀྲོལ་གྱིས་ཤིག །ཁོ་བོས་བུ་མོ་དབྲོག་གོ་ཞེས་ཟེར་བའི་ཕྲིན་དགེ་སློང་གིས་བསྐྱལ་ཏེ་འཐབ་ཀྲོལ་གྱིས་བུ་མོ་འཕྲོག་ཏུ་འཇུག་ན་སྦོམ་པོའོ། །ཆུང་མ་འདི་ཉོས་ཤིག་ཅེས་པའམ། མིང་ནས་སྨོས་ཏེ་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་ཟེར་ན་སྦོམ་པོའོ། །འདི་དང་མདོ་གོང་མ་ གཉིས་ཀྱང་ལྷག་མ་མི་བསྐྱེད་པའི་རྒྱུ་མཚན་ཕྲིན་གསུམ་མ་ཚང་བ་ལས་སོ། །གཉིས་པ་ནི། མིང་ནས་མ་སྨོས་པར་བུད་མེད་ཉོས་ཤིག་ཅེས་ཟེར་ན་ཉེས་བྱས་སོ། །འདི་དང་འདིའི་མདོ་གོང་མ་གཉིས་སྦྱོར་བ་གསལ་མི་གསལ་གྱིས་ལྟུང་བ་ཆེ་ཆུང་དུ་གྱུར་པ་འདྲ་བར་སྣང་ཡང་ 6-1-366a དེ་ལྟར་མ་ཡིན་ཏེ། བརྡ་དང་མཚན་མ་རྣམས་ནི་ཚིག་ཉིད་དང་འདྲའོ་ཞེས་གསུངས་པས། སྨྱན་བྱེད་པ་ལ་སྦྱོར་བ་གསལ་མི་གསལ་གཉིས་དགག་བྱ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འདིར་སྨྱན་བྱེད་པའི་ཀུན་སློང་ཡོད་མེད་ཀྱིས་ལྟུང་བ་ཆེ་ཆུང་དུ་བཞག་ སྟེ། སྨྱན་བྱེད་པའི་ཀུན་སློང་ཡོད་ན་ཆུང་མའམ་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་ཟེར་ན་སྦོམ་པོའོ། །སྨྱན་བྱེད་པའི་ཀུན་སློང་མེད་པར་བུད་མེད་ཉོས་ཤིག་ཅེས་ཟེར་ན་བསླབ་བྱའི་ཉེས་བྱས་སོ། །ཞུ་འགྲེལ་ལས། བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་ཟེར་ན་སྦོམ་པོར་གསུངས་ པ་ནི་སྤྲད་པར་བྱ་བའི་ཆེད་དུའོ། །བུད་མེད་ཉོས་ཤིག་ཅེས་ཟེར་ན་བསླབ་བྱའི་ཉེས་བྱས་སུ་གསུངས་པ་ནི་སྤྲད་པར་བྱ་བའི་བསམ་པ་མེད་ན་ཡིན་པར་ཤེས་པར་བྱ་སྟེ་ཞེས་བཤད་དོ། །རྙེད་མོད་ཅེས་ཟེར་བ་ཡང་ཉེས་བྱས་སོ། །དེ་ཡང་ལུང་ཞུ་བ་ཁ་ཅིག་ལས། སྐྱེས་པས་ བུད་མེད་དང་བརྡ་བགྱིས་པ་ན་དགེ་སློང་དེར་འོངས་ནས་འདི་སྐད་ཅེས། རྙེད་མོད་ཅེས་མཆི་ན་ཅིར་འགྱུར། སྦོམ་པོར་འགྱུར་ཞེས་བཤད་དོ། །ཊཱི་ཀ་ལས། དེ་ནི་ལུང་གི་ཡི་གེ་ནོར་བ་འདྲ་སྟེ་ཉེས་བྱས་སུ་རིགས་པར་སྣང་ནས་སློབ་དཔོན་གྱིས་ཉེས་བྱས་སོ་ཞེས་མདོར་བྱས་སོ་ ཞེས་སོ། །འོན་ཀྱང་ལུང་ཡི་གེ་མ་ནོར་ཏེ། སྨྱན་བྱེད་པ་ལ་སྦྱོར་བ་གསལ་མི་གསལ་གཉིས་དགག་བྱ་ལ་ཁྱད་པར་མེད་པས་ན་སྨྱན་བྱེད་པའི་ཀུན་སློང་ཡོད་ན་ལུང་ལས་སྦོམ་པོར་གསུངས་པ་དེ་འཐད་ཀྱི། མདོ་རྩ་བར་ཉེས་བྱས་སུ་བསྟན་པ་ནི་སྨྱན་བྱེད་པའི་ཀུན་སློང་མེད་པར་ རྙེད་མོད་ཅེས་སྨྲ་ན་བསླབ་བྱའི་ཉེས་བྱས་བསྐྱེད་པ་ལ་དགོངས་སོ་ཞེས་བླ་མ་རྣམས་གསུང་ངོ་། །སྨྱན་བྱེད་པ་ཞུ་བའི་སྐབས་སོ། །གསུམ་པ་ལ། སྐབས་འདིར་གཏོགས་ཀྱི་སྦོམ་པོ་བསྟན། །སྐབས་གཞན་གཏོགས་པའི་སྦོམ་པོ་བརྗོད། ། 6-1-366b སྐབས་གཞན་གཏོགས་པའི་ཉེས་བྱས་སོ། །དང་པོ་ནི། སྔར་བུ་མོ་བྱིན་ཟིན་པ་ལས་ཕྱིས་དོར་བྱས་པ་དེ་གཡོ་བྱས་ཏེ་མ་བྱིན་པར་དགེ་སློང་གིས་ཕྲིན་བྱས་ཏེ་སྤྲད་པས་ནི་ཕྲད་ན་སྦོམ་པོའོ། །དགེ་འདུན་ལ་མཆོད་སྟོན་གསོལ་བ་ལ་སོགས་པ་ཆོས་ཀྱི་ཕུང་ པོ་བསོད་ནམས་ཀྱི་རྒྱུ་མཚན་སྔོན་དུ་བཏང་སྟེ། དགེ་སློང་གིས་བུད་མེད་ཀྱི་གན་དུ་ཁྱིམ་བདག་བོས་པས་ཕྲད་ན་སྦོམ་པོའོ། །ཊཱི་ཀར། འདིར་གཞུང་ནི་འཕགས་པ་ཁྱིམ་བདག་ཆེ་གེ་མོ་ལ་འདི་སྐད་ཅེས་ཚུར་ཤོག་ཅེས་སྨྲ་ནུས་སམ། དེས་སྨྲས་པ། གལ་ཏེ་ཁྱོད་དགེ་འདུན་ ལ་ཆོས་སྟོན་བྱེད་པར་ལྟ་ན་ནུས་ཏེ་དེས་དེ་འབོད་དོ། །དེས་དེ་ལ་རྒྱུ་བྱིན་པ་དང་། རྒྱུ་ནི་གཡོ་སྒྱུའི་རྒྱུའོ། །དགེ་སློང་དེས་མཆོད་སྟོན་བཤམས་ནས་ཁྱིམ་བདག་དེ་འབོད་པ་བཏང་བ་དང་། དེ་གཉིས་ཕྲད་པར་གྱུར་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཉེས་པ་སྦོམ་པོར་འགྱུར་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ཆོས་ཀྱི་ཕུང་པོ་ལས་དོན་གཞན་བདག་ཉིད་ཀྱི་ཟན་སྦྱོར་བ་ལ་སོགས་པའི་ཆེད་དང་ལྡན་པས་ཀྱང་སྦོམ་པོའོ། །མདོ་འདི་དང་གོང་མ་གཉིས་ཀྱིས་ལྷག་མ་མི་བསྐྱེད་པ་ནི་ཕྲིན་གསུམ་མ་ཚང་བས་སོ། ། གསུམ་པ་ནི། རྡེག་པའི་སྐབས་ལས་གཞན་ལ་ཡང་བརྡེག་པར་མི་བྱའོ། །རྡེག་ན་ཉེས་བྱས་སུ་འགྱུར་རོ། །ཞེས་བྱ་བས་ཞེ་སྡང་དང་། རྒོད་བག་གི་བསམ་པ་དང་། སྨྱན་བྱེད་པར་འདོད་པའི་སྐྱོན་ཆགས་པ་མེད་པར་དགེ་སློང་གིས་ཁྱིམ་བདག་གི་རྒྱབ་ཏུ་ཁུ་ཚུར་བསྣུན་པ་ལྟ་ བ་ལྟ་བུ་སེམས་ཅན་ལ་བསྣུན་པ་ཡང་ཉེས་བྱས་སུ་འགྱུར་བར་མ་འཕངས་པ་ཉིད་མ་ཡིན་ནོ་སྟེ་ཉེས་བྱས་སུ་འགྱུར་བ་འཕངས་པ་ཡིན་ནོ། །མདོ་འདི་འདིར་འབྱུང་བ་ནི་ཇི་སྐད་དུ། ཁྱིམ་བདག་གིས་བུད་མེད་ལ་སྨྲས་པ་ཁོ་བོ་ལ་སྐབས་ཕྱེས་ཤིག །དེས་སྨྲས་པ་ཁོ་མོ་མ་ཁོམ་མོ། །སྨྲས་ 6-1-367a པ་ཁྱོད་དུས་གང་གི་ཚེ་ཁོམ་པར་འགྱུར་བ་དེ་ཁོ་བོས་ཇི་ལྟར་ཤེས་པར་བྱ། སྨྲས་པ་ཁོ་མོའི་ཁྱིམ་ན་དགེ་སློང་ཁྱིམ་དུ་ཉེ་བར་འགྲོ་བ་ཡོད་དེ། དེས་ཁྱོད་ཀྱི་རྒྱབ་ཏུ་ཁུ་ཚུར་བསྣུན་པར་བྱེད་པ་ནའོ། །དེ་ནས་དགེ་སློང་དེ་ཁྱིམ་དེར་ཞུགས་པ་ན་དེ་ལ་བུད་མེད་དེས་ སྨྲས་པ། འཕགས་པའི་ཁྱིམ་བདག་ཆེ་གེ་མོའི་རྒྱབ་ཏུ་ཁུ་ཚུར་བསྣུན་ནུས་སམ། དེ་ནུས་སོ་ཞེས་སྨྲས་ཏེ། དེ་སོང་ནས་ཁྱིམ་བདག་དེའི་རྒྱབ་ཏུ་ཁུ་ཚུར་བསྣུན་པ་དང་། དེས་སྨྲས་པ་བཙུན་པ་ལེགས་སོ་ལེགས་སོ་དོན་གྲུབ་བོ། །དེས་སྨྲས་པ་འདི་ཅི་ཞིག་ཡིན། སྨྲས་པ་བརྡའོ། །དགེ་ སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལྷག་མར་མི་འགྱུར་ཏེ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཞེས་སོ། །སྨྱན་བྱེད་པ་འདུལ་བྱེད་དག་གོ། འདིར་སྨྲས་པ། གང་ཤར་དེས་ཆོག་འདི་ནི་སྐར་མདའི་གཡོག་འཁོར་དང་། ། མཚུངས་པར་གདུང་བ་དྲག་པོའི་གྲོགས་ཡིན་རིང་ནས་དོར། །འཁྲུལ་པ་ཆོས་སྐུར་ལྟ་བའི་དུག་སྦྲུལ་གྱིས་འཁྱུད་པའི། །ཡོངས་འཛིན་གྲིབ་བསིལ་རྩུབ་མོ་ངེས་པར་སྤོང་བར་གྱིས། །བདག་གིས་འདུལ་བའི་ཆོས་འདི་གཏིང་ནས་ལྷོངས། །མདོ་སྡེའི་ཚུལ་ལ་བློ་གྲོས་ཤིན་ཏུ་བཟང་། ། མ་མོ་གཙུག་ལག་རྣམས་ལ་སྤོབས་པ་བརླིང་། །དེ་ཚེ་ཆོས་ཀྱི་མུ་གེ་བྱུང་བ་འགས། །ཕྲག་དོག་མེལ་ཚེའི་ཀུ་ཅོ་འབྱིན་ན་ཡང་། བླུན་པོའི་བློས་མྱོས་སྙིང་རྗེའི་གནས་ཉིད་ཡིན། །སྨྱན་བྱེད་པའི་དགེ་འདུན་ལྷག་མའོ།། །།གཉིས་པ་ཕྱི་ལོངས་སྤྱོད་ལ་ཆགས་པ་ལ། ལུང་རྣམ་འབྱེད་ ཀྱིས་བརྗོད་པ་དང་། ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། ཐུན་མོང་ཁང་པ་མཚོན་ཏེ་བསྟན། །ཐུན་མོང་མིན་པའི་ཁང་ཆེན་བརྗོད། །དང་པོ་ལ། ཉེས་པ་མེད་པའི་གནས་ཀྱི་ཚད། ལྟུང་བའི་རྣམ་པར་བཞག་པ་དང་། །རྩིག་ཏུ་གནང་བའི་ཚད་བཟུང་བསྟན། །ཇི་ལྟར་བསླབ་ 6-1-367b པར་བྱ་བ་བརྗོད། །ལྟུང་བ་མེད་པ་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ་སྐབས་ཀྱི་དོན་ལ་སྦྱོར་བ་དང་། འདིས་མཚོན་ནས་གནས་ལས་གྱུར་པའི་ལྟུང་བ་རྣམས་སྤྱིར་གཏན་ལ་དབབ། ཞར་བྱུང་ནུབ་ལྷག་པར་ཉལ་བའི་ས་ཐག་གི་ཚད་གཏན་ ལ་དབབ། ཁང་པ་ཁང་ཆེན་གྱི་ཁྱད་པར་གཏན་ལ་དབབ་པའོ། །དང་པོ་ནི། སྤྱོད་ལམ་བཞི་པོ་འགྲེང་འཆག་ཉལ་འདུག་བཞི་ཤོང་བའི་སྣོད་མ་ཡིན་པ་བརྩིགས་པ་ཉིད་ལ་ནི་ཆོས་ཅན། འདི་ལ་ཁང་པ་ཁང་ཆེན་གྱི་བཅས་པ་ལས་འདས་པའི་ཉེས་ལྟུང་བསྐྱེད་པ་མེད་དེ། འདི་ལ་ ཁང་པ་ཁང་ཆེན་གྱི་ལྟུང་བར་མ་བཅས་པའི་ཕྱིར་རོ། །འོ་ན་ས་གཞི་ལ་སྲོག་ཆགས་ཕྲ་མོ་ཡོད་པའམ་གཞན་གྱི་ལམ་སྲང་དོག་པ་ཉིད་དུ་བཅས་ལྡན་དགེ་སློང་གིས་སྤྱོད་ལམ་བཞིའི་སྣོད་མ་ཡིན་པའི་ཁང་པ་བརྩིགས་པ་ཆོས་ཅན། བཅས་ལྡན་དགེ་སློང་གིས་ཁང་པ་བརྩིགས་པ་ལ་ བརྟེན་པའི་ཉེས་པ་ཡོད་པར་ཐལ། བཅས་ལྡན་དགེ་སློང་གིས་ཁང་པ་བརྩིགས་པ་དེ་གཞན་ལ་གནོད་པའི་དགག་བྱ་ཡོད་པའི་ཕྱིར་ཞེ་ན། ཁང་པ་བརྩིགས་པ་ལ་བརྟེན་ནས་སྐབས་འདིར་གཏོགས་ཀྱི་ཉེས་པ་ཡོད་པར་ཐལ་ཟེར་རམ། ཁང་པ་བརྩིགས་པ་ལ་བརྟེན་ནས་སྐབས་གཞན་ དུ་གཏོགས་པ་གཞན་ལ་གནོད་འཚེ་བྱེད་པའི་ཉེས་པ་ཡོད་པར་ཐལ་ཟེར། དང་པོ་ལྟར་ན་ཁྱབ་པ་མེད་ཅིང་། གཉིས་པ་ལྟར་ན་འདོད་པ་ཡིན་ཏེ། རབ་ཏུ་བྱུང་བས་གཞན་ལ་གནོད་འཚེ་བྱེད་པ་དེ་སྐབས་གཞན་དུ་བཀག་པ་སྟེ། གཞན་ལ་མི་བདེ་བ་མི་བྱའོ་ཞེས་གསུངས་སོ། ། གཉིས་པ་ནི། གནས་ལས་གྱུར་པའི་ལྟུང་བ་རྣམས་ཀྱི་སྐབས་སུ་གནས་དེ་སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ལ་ཅིར་འགྱུར་ཞེ་ན། ལྟུང་མེད་དུ་འགྱུར་བ་གསུམ་སྟེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་བརྩིགས་པ་ལ་ཁང་པ་ཁང་ཆེན་གཉིས་ཀྱི་ལྟུང་བ་མི་འབྱུང་བ་བཤད་ཟིན་ལ། 6-1-368a དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་ན་རིམ་པ་ལྷག་པར་རྩིག་པ་ལ་ཡང་ལྟུང་བ་མེད་དེ། རིམ་པ་ལྷག་པར་རྩིག་པའི་སྐབས་ལས་སྤྱོད་ལམ་བཞི་ཤོང་བའོ་ཞེས་གསུངས་ལ། དེའི་འགྲེལ་ཆུང་ལས། སྤྱོད་ལམ་བཞི་ཤོང་བ་མན་ཆད་ནི་ཉེས་པ་མེད་དོ་ཞེས་བཤད་དེ། དེ་གཉིས་ལས་གཞན་པའི་སྐབས་སུ་ནི་གཙུག་ལག་ཁང་དུ་རྩྭ་དང་ལོ་མའི་གདིང་བ་མ་བསྡུས་པར་འགྲོ་བ་དང་། གཙུག་ལག་ཁང་ནས་སྐྲོད་པ་ལ་སོགས་པ་དང་། གནས་གཅིག་ཏུ་ནུབ་ལྷག་པར་ཉལ་བ་ལ་སོགས་པ་སྟེ། གནས་ལས་གྱུར་པའི་ལྟུང་བ་རྣམས་ཀྱི་སྐབས་སུ་སྤྱིར་བཏང་ དང་། དམིགས་བསལ་གཉིས་ལས། སྤྱིར་བཏང་ལ། སྤྱོད་ལམ་བཞི་མི་ཤོང་བའི་གནས་སུ་ནི་རང་གི་ལྟུང་བ་ན་སྨད་དུ་འགྱུར་ཏེ། ནུབ་ལྷག་པར་ཉལ་བ་ལ་སོགས་ལ་ཤིང་ལྗོན་པའི་དྲུང་དང་། རྩིག་པའི་བར་དང་། ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དོ། །ཞེས་གསུངས་པ་དང་། ཐིབས་པོ་དང་བཅས་པ་དག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བ་ལ་ཡང་ངོ་། །ཞེས་གནས་མཚན་ཉིད་དང་མི་ལྡན་ན་ལྟུང་བ་ན་སྨད་དུ་གསུངས་པའི་གནད་ཀྱིས་ཤེས་སོ། །ནུབ་ལྷག་པར་ཉལ་བའི་སྐབས་སུ། ཊཱི་ཀ་ལས། དབྱེ་དགོན་པར་ནི་ལྷན་ཅིག་ཉལ་ཡང་ཉེས་པར་མི་འགྱུར་རོ་ཞེས་ དངོས་གཞིའི་ཉེས་མེད་དུ་བཤད་པའི་གནད་ཀྱིས་ཀྱང་ངོ་། །རིགས་པས་ཀྱང་ལྟུང་བ་འདི་རྣམས་ན་གནས་ལས་གྱུར་པ་ཡིན་ལ། སྤྱོད་ལམ་བཞི་མ་ཤོང་ན་དེར་ནུབ་ལྷག་ལ་སོགས་པའི་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། གནས་ཚད་དང་ལྡན་པའི་ཡན་ལག་མ་ཚང་བའི་ ཕྱིར། གལ་ཏེ་གནས་དོག་པར་གཞན་དང་ལྷན་ཅིག་ཉལ་ན་འཆག་པ་ལ་སོགས་པའི་དགག་བྱ་ཆེ་བ་ལ་ལྟུང་བ་ན་སྨད་ལས་མི་བསྐྱེད་ལ། གནས་ཡངས་པར་ནི་དགག་བྱ་དེ་དག་ཆུང་བ་ལ་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་འགལ་ཏེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ 6-1-368b ཉིད་དུ་ནུབ་ལྷག་པར་ཉལ་བ་ལ་སོགས་དེ་དག་ལ་ཆོས་ཅན། ལྟུང་བ་ན་སྨད་དུ་འགྱུར་བ་མི་འཐད་པར་ཐལ། དགག་བྱ་ཆེ་བའི་ཕྱིར་ཞེ་ན། བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེ་བའི་ཕྱིར་ཟེར་རམ། བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་བའི་ཕྱིར་ཞེས་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་ ཅིང་། གཉིས་པ་ལྟར་ན་གཏན་ཚིགས་མ་གྲུབ་སྟེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པའི་ནང་དུ་ནུབ་ལྷག་པ་ལ་སོགས་པ་དེ་དག་བྱེད་པ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ་ཞེས་གསུངས་སོ། །དམིགས་བསལ་ནི། སྤྱོད་ལམ་བཞི་མི་ཤོང་ ཡང་མི་གཉིས་ཉལ་དུ་ཤོང་ཙམ་གྱི་ཚད་དང་ལྡན་པའི་ཁང་བུར་བུད་མེད་དང་ལྷན་ཅིག་ཉལ་ན་ནི་ལྟུང་བྱེད་རྫོགས་པར་བསྐྱེད་དོ་ཞེས་རིགས་ཏེ། སྐབས་འདི་ཉིད་ཀྱི་དགག་བྱ་ཤིན་ཏུ་ཆེ་བའི་ཕྱིར་རོ། །མི་གསུམ་ཤོང་བ་ཙམ་གྱི་གནས་ཆུང་ངུར་ཉལ་ཤོམ་འདུག་འགྲེང་གཉིས་ཀྱང་དེ་ བཞིན་ནོ། །འོ་ན་གནས་ལས་གྱུར་པའི་ལྟུང་བ་རྣམས་ཀྱི་སྐབས་སུ་སྤྱོད་ལམ་བཞི་ཤོང་ཙམ་གྱི་གནས་ཡིན་ན་ཅིར་འགྱུར་ཞེ་ན། ཁང་པ་ནི་སྦོམ་པོར་འགྱུར་གྱི་དངོས་གཞིར་མི་འགྱུར་ཏེ་ཚད་ལས་ལྷག་པའི་ཡན་ལག་མ་ཚང་བའི་ཕྱིར། ཁང་ཆེན་ལ་སོགས་པ་གནས་ལས་ གྱུར་པ་གཞན་རྣམས་ནི་གནས་ཚད་ལས་ལྷག་པ་ཡན་ལག་ཏུ་མི་དགོས་པས། སྤྱོད་ལམ་བཞི་ཤོང་ཙམ་གྱི་གནས་ལས་ཀྱང་ཁང་ཆེན་ལ་སོགས་ཀྱི་གནས་ལས་གྱུར་པ་རང་རང་གི་ལྟུང་བ་རྫོགས་པར་བསྐྱེད་དེ་ཡན་ལག་གཞན་ཚང་ནའོ། །གསུམ་པ་ཞར་བྱུང་ནུབ་ལྷག་ ཉལ་དག་གིས་ཚད་གཏན་ལ་དབབ་པ་འདི་ལ། ཉེས་པ་མེད་པའི་ས་ཐག་གི་ཚད་གཏན་ལ་དབབ་པ་དང་། དངོས་གཞི་བསྐྱེད་པའི་ས་ཐག་གི་ཚད་གཏན་ལ་དབབ་པའོ། །དང་པོ་ནི། ནུབ་ལྷག་གི་སྐབས་ལས། ཇི་སྐད་དུ། ཉེ་འཁོར་འདོམ་གང་དང་བཅས་པ་ནས་གནས་ཁང་ 6-1-369a ཙམ་ཁྲུ་ཕྱེད་ལྔ་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་སྟེ་ནུབ་ལྷག་གི་ལྟུང་བ་བསྐྱེད་པ་ནི་མ་ཡིན་ནོ་ཞེས་པས་བསྟན་ཏོ། །གཞུང་དེའི་དོན་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་གཞན་གྱི་ལུགས་བརྗོད་པ་ནི། མང་ར་བ་ན་རེ། ཁྲུ་ཕྱེད་དང་བཅོ་ལྔ་ སྟེ། ཉེ་འཁོར་དང་བཅས་པ་ཞེས་པ་ནི། ཊཱི་ཀ་ལས། ཉེ་འཁོར་འདོམ་གང་ཙམ་དང་བཅས་ཞེས་བཤད་པས་ཁྲུ་བཞིའོ། །ཡང་མཛོད་ལས། འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཞེས་གསུངས་པས་དེའི་རིང་ཤོས་ཁྲུ་བཞི་བརྩིའོ། །གནས་ཁང་ ཙམ་ཞེས་པ་འདི་གནས་ཆུང་ཚད་བཟུང་སྟེ་སྤྱོད་ལམ་བཞི་ཤོང་བ་ཙམ་མོ། །དེ་འགྲེང་བ་མགོ་མ་བཏུད་པར་ཤོང་བའོ། །འགྲོ་བ་གོམ་པ་ཐ་མལ་པ་གསུམ་དོར་བ་ཤོང་བ་སྟེ་ཁྲུ་ཕྱེད་དང་བཞིའོ། །ཉལ་བ་ན་རྐང་བརྐྱང་ལག་བརྐྱང་ཤོང་བ་སྟེ་ཁྲུ་ཕྱེད་དང་ལྔའོ། །འདུག་ན་རྒྱར་སྐྱིལ་མོ་ ཀྲུང་ཤོང་བ་སྟེ་ཁྲུང་གང་ངོ་། །དེ་ཡང་བསྙེན་པར་རྫོགས་པ་དང་། མ་རྫོགས་པ་གཉིས་ཀྱིས་ཉལ་བའི་བར་གྱི་ས་ཐག་ཐད་ཀར་ཕན་ཚུན་དུ་བརྩི་བ་ན། འགྲེང་བའི་སྤྱོད་ལམ་ནི་ཡན་མན་གྱི་དཔངས་སུ་ཡིན་པས་ཐད་ཀར་བརྩི་བའི་སྐབས་འདིར་མི་བརྩིའོ། །བར་དེར་གནས་ཁང་ ཙམ་དགའ་དགུར་ཤོང་དགོས་པས་ཞེང་ཤོང་བ་ཙམ་གྱིས་མི་ཆོག་གི། དཀྱུས་ཤོང་དགོས་པས་ཉལ་བ་ན་རྐང་བརྐྱང་ལག་བརྐྱང་ཤོང་བ་སྟེ་ཁྲུ་ཕྱེད་དང་ལྔ་ཤོང་བའོ། །ཉལ་བ་དང་འགྲོ་བའི་སྤྱོད་ལམ་ནི་རིང་ཤོས་ཀྱི་ཁོངས་སུ་ཐུང་ཤོས་བསྡུ་ཡི། ཉལ་བའི་སྤྱོད་ལམ་ཤོང་ བའི་གནས་ལས་འགྲོ་བའི་སྤྱོད་ལམ་ཤོང་བ་དེ་གུད་དུ་མི་བརྩི་སྟེ། འགྲེལ་ཆུང་ལས། ཁང་བུའི་མཆུར་གོམ་པ་གསུམ་དོར་བའམ་ལུས་ཕྲེད་ནས་ཤོང་བ་དང་ཞེས་ཐ་དད་པར་བརྟགས་པའི་དོན་དུ་གསུངས་པ་དང་། རིགས་པས་བརྟགས་ན་ཡང་གནས་ཁང་ཙམ་དེའི་ཞེང་ 6-1-369b ལ་ཁྲུ་གང་ལས་མེད་པར་དཀྱུས་ལ་ཉལ་བའི་སྤྱོད་ལམ་དང་འགྲོ་བའི་སྤྱོད་ལམ་གུད་དུ་བརྩིས་ན་ཁྲུ་ཕྱེད་དང་བརྒྱད་དུ་འགྲོ་བས་ཤིན་ཏུ་མི་རིགས་ཏེ། ཁང་པའི་ཞེང་དཀྱུས་ཧ་ཅང་མི་འཚམ་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །དེ་ལྟར་ན་གནས་ཁང་ཙམ་དེའི་ནང་གི་ དཀྱུས་ལ་ཁྲུ་ཕྱེད་དང་ལྔ་ཤོང་བའོ། །རྩིག་ཞེང་གི་ཚད་ནི། སོ་སོར་ཐར་པའི་འགྲེལ་པ་ལུང་གི་རྣམ་བཤད་ལས། རྩིག་ཞེང་གི་ཚད་ཁྲུ་གང་དུ་བཤད་པས་གནས་ཁང་ཙམ་དེའི་རྩིག་པའི་ཞེང་ཁྲུ་གང་སྟེ། ཕྱོགས་གཉིས་ཀྱི་རྩིག་ཞེང་གཉིས་ཡོད་པས་གནས་ཁང་ཙམ་ལ་ ཁྲུ་ཕྱེད་དང་བདུན་ནོ། །གནས་དེའི་ཉེ་འཁོར་ལ་ཚད་ཇི་ཙམ་བརྩི་ན། གནས་ཁང་དེ་ལ་དགེ་སློང་ངོས་ཀྱི་ཉེ་འཁོར་གཞུང་ནས་བཤད་བྱུང་བས་བསྙེན་པར་མ་རྫོགས་པ་ངོས་ཀྱི་ཉེ་འཁོར་ཡང་ཡོད་པར་གྲུབ་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཞན་དུ་བསྙེན་པར་མ་རྫོགས་ པ་ངོས་ཀྱི་ཉེ་འཁོར་མེས་ཚིག་གམ། ཆུས་ཁྱེར་རམ། རུལ་བར་གྱུར་ཏམ་ཅི། དེས་ན་ཕྱོགས་གཉིས་ཀའི་ཉེ་འཁོར་བརྩིས་པའི་ཁྲུ་བཞི་ལན་གཉིས་དང་། གནས་ཁང་ཙམ་ལ་ཁྲུ་ཕྱེད་དང་བདུན་ཏེ། ཁྲུ་ཕྱེད་དང་བཅོ་ལྔས་བར་དུ་བཅད་ན་ནུབ་ལྷག་གི་ཉེས་པ་མེད་པ་ ཡིན་ནོ་ཞེས་འཆད་དོ། །དེ་ལ་ཤ་ན་རེ། གཞན་དེ་ལྟར་ཡིན་ཀྱང་སྐབས་འདིར་བསྙེན་པར་མ་རྫོགས་པ་ངོས་ཀྱི་ཉེ་འཁོར་བརྩི་བ་ནི་མི་འཐད་དེ། གནས་ཁང་ཙམ་ཞེས་ཙམ་སྒྲས་ལྷག་པ་འགོག་པའི་སྒྲ་ཉིད་དུ་གསུངས་པའི་གཞུང་དང་འགལ་ཏེ། ཁྱེད་ལྟར་ན་ཉེ་ འཁོར་དང་བཅས་པ་ནས་གནས་ཁང་དང་། དེའི་ཡང་ཉེ་འཁོར་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ་ཞེས་གསུངས་བར་རིགས་པ་ལས། གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་ནི་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །དེ་ 6-1-370a ལྟར་ན་ཁྲུ་ཕྱེད་དང་བཅོ་ལྔ་པོ་དེ་ལས་བསྙེན་པར་རྫོགས་པ་ངོས་ཀྱི་ཉེ་འཁོར་ཁྲུ་བཞི་ཕྲི་བས་ཁྲུ་ཕྱེད་དང་བཅུ་གཅིག་གིས་བསྙེན་པར་རྫོགས་པ་དང་མ་རྫོགས་པའི་བར་དུ་བཅད་ན་ནུབ་ལྷག་གི་ཉེས་པ་མེད་པ་ཡིན་ནོ། །ཞེས་འཆད་དོ། །གཉིས་པ་ རང་ལུགས་མཚོ་སྣ་པ་ཆེན་པོའི་བཞེད་པ་ལྟར་བཀོད་པར་བྱ་སྟེ། དེ་ཡང་ཁྲུ་ཕྱེད་དང་བཅུ་གཅིག་པོ་དེ་ལས་རྩིག་ཞེང་ཁྲུ་དོ་ཕྲི་བ་སྟེ། རྡུལ་ཁྲུ་ནས་བརྩིས་པའི་ཁྲུ་ཕྱེད་དང་དགུས་བར་དུ་ཆོད་པ་ལ་ནུབ་ལྷག་ཉལ་གྱི་ཉེས་པ་མི་འབྱུང་སྟེ། རྩིག་ཞིང་ཁྲུ་དོ་བརྩི་མི་དགོས་པར་ གང་གིས་གྲུབ་ནས་ཁྱིམ་པ་དང་རྡོ་ཁྱིམ་པས་ཀྱང་ཀོ་ཁྱིམ་པ་དང་རེ་ཁྱིམ་པ་མང་ཞེས་འཇིག་རྟེན་ན་གྲགས་པ་བཞིན། རེ་ཁྱིམ་མམ་ཀོ་ཁྱིམ་གྱི་གནས་ཁང་ཙམ་གྱིས་བར་དུ་ཆོད་ན་ཡང་གནས་ཁང་ཙམ་གྱིས་བར་དུ་ཆོད་པ་ཡིན་པར་གྲུབ་བོ། །དཔལ་མར་མེ་མཛད་ཡེ་ ཤེས་ཀྱི་ཞལ་སྔ་ནས། ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་ཁྲུ་ཕྱེད་དང་དགུས་བར་དུ་ཆོད་ན་ནུབ་ལྷག་གི་ཉེས་པ་མེད་པ་ཡིན་ཅེས་གསུངས་པ་དང་ཡང་མཐུན་ནོ། །གསུམ་པ་རྩོད་པ་སྤངས་བ་ནི། དགེ་སློང་དང་བསྙེན་པར་མ་རྫོགས་པ་ལ་གནས་ཁང་ཙམ་གྱི་ས་ཐག་གིས་བར་དུ་ བཅད་པ་ཆོས་ཅན། ས་ཐག་གི་དབང་གིས་ནུབ་ལྷག་པར་ཉལ་བའི་ཉེས་མེད་མ་ཡིན་པར་ཐལ། ཉེ་འཁོར་དང་བཅས་པའི་གནས་ཁང་ཙམ་གྱིས་བར་དུ་བཅད་པ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཉེ་འཁོར་དང་བཅས་དགོས་པ་ཉམས་སོ། །འདོད་ན་ནུབ་ལྷག་གི་སྐབས་ཀྱི་ འགྲེལ་ཆུང་ལས། ཁང་མོ་ཆེ་ཞིག་ན་བདག་ཉལ་བ་ནས་བདག་གིས་གནས་ཁང་གཅིག་ཙམ་གྱི་སས་བར་དུ་བཅད་དེ། དེ་ཕན་ཆད་དགེ་ཚུལ་བསྙལ་བ་ནི་ཉེས་པ་མེད་དོ་ཞེས་པ་དང་འགལ་ལོ་ཞེ་ན། ཁང་མོ་ཆེ་ཞིག་ན་ཉལ་བ་ན་ཉེ་འཁོར་དང་བཅས་པ་ནས་བདག་གི་གནས་ 6-1-370b ཁང་གཅིག་གིས་བར་དུ་བཅད་དེ་ཞེས་ཉེ་འཁོར་དང་བཅས་པས་ཁ་བསྐང་དགོས་པའི་དབང་དུ་བྱས་ཀྱི། གཞན་དུ་མདོ་རྩ་བ་ལས། ཉེ་འཁོར་དང་བཅས་པ་ནས་ཞེས་གསུངས་པ་དང་འགལ་ལོ། །དེས་ན་དངོས་གཞི་བསྐྱེད་པའི་ས་ཐག་གི་ཚད་གཏན་ལ་དབབ་པ་ནི། གངས་ ཅན་གྱི་འདུལ་འཛིན་སྔ་རབས་པ་རྣམས་གསུང་མཐུན་པར་འདི་སྐད་དུ། དགེ་སློང་དང་བསྙེན་པར་མ་རྫོགས་པ་ལ་འདོམ་གང་གིས་ནི་བར་དུ་ཆོད་ཅིང་། ཉེས་པ་མེད་པའི་ས་ཐག་གིས་བར་དུ་མ་ཆོད་པའི་ནང་ཁོངས་སུ་ཉལ་ན་ཉེས་བྱས་སུ་འགྱུར་ལ། ནུབ་ལྷག་གི་ལྟུང་བ་ དངོས་གཞི་བསྐྱེད་པ་ལ་ནི་རྫོགས་པ་དང་མ་རྫོགས་པ་དེ་གཉིས་འདོམ་གང་གི་ནང་ཁོངས་སུ་ཉལ་བ་ཡན་ལག་ཏུ་དགོས་ཏེ། འགྲེལ་ཆུང་ལས། ཐང་ངམ་གཡེ་ལ་འདོམ་གང་ཚུན་ཆད་དུ་ཉལ་བ་ན་ཉེས་བྱས་ཞེས་བཤད་པས་གནས་ཁང་དུ་འདོམ་གང་ཚུན་ཆད་དུ་ཉལ་ན་ལྟུང་ བྱེད་དུ་གྲུབ་པར་འཆད་དོ། །འདི་དགག་པ་ལ་དང་པོ་སྒྲུབ་བྱེད་གཞིག་པ་ནི། འགྲེལ་ཆུང་ལས་བཤད་པ་དེ་ནི་གཞན་གནས་མ་ཡིན་པ་ཉིད་ལ་ནི་ན་སྨད་དོ་ཞེས་གསུངས་པ་དེའི་འབྲུ་གནོན་བཤད་པ་ཡིན་ཏེ། གཡེ་སྒོ་དྲུང་ཐད་ཀའི་སྟེང་ན་ཡོད་པའི་ཁང་བུ་སྒོ་མ་བཅད་ པའི་ནང་ན་དགེ་སློང་ཉལ་ཏེ། ཁང་བུ་དེའི་ཉེ་འཁོར་ཐང་ངམ་གཡེ་ལ་འདོམ་གང་ཚུན་ཆད་དུ་དགེ་ཚུལ་ཉལ་ན་དགེ་སློང་ལ་ཉེས་བྱས་བསྐྱེད་ཅེས་བསྟན་པ་སྟེ་འགྲེལ་ཆུང་ཉིད་ལས་དོན་དེ་ལྟར་བཤད་དོ། །སྐབས་འདིར་འགྲེལ་ཆུང་ལས། འདོམ་གང་ཚུན་ཆད་དུ་ཞེས་སྨོས་ དགོས་པའི་རྒྱུ་མཚན་ཡང་། ཉེ་འཁོར་ནི་ཁོ་ར་ཁོར་ཡུག་ཏུ་འདོམ་རེ་རེ་ཡིན་ལ། འདོམ་གང་བས་ཐག་རིང་བ་ནི་གནས་དེའི་ཉེ་འཁོར་མ་ཡིན་པས། དེར་དགེ་ཚུལ་ཉལ་ཡང་དགེ་སློང་ལ་ཉེས་པར་མི་འགྱུར་བའི་ཕྱིར། ཡོན་ཏན་འོད་མར། ར་མོ་ཆེས་བསྐོར་བའི་ནང་ 6-1-371a ཉལ་ན་འདོམ་གང་ཕན་ཆད་དུ་དགེ་ཚུལ་བསྙལ་བ་ནི་ཉེས་པ་མེད་ཅེས་བཤད་དོ། །དེས་ན་ཕྱོགས་བཞིའི་རྩིག་པས་བསྐོར་བའི་ནང་ན་ཉལ་ན་འདོམ་གང་ཕན་ཆད་དུ་དགེ་ཚུལ་བསྙལ་བ་ལ་ཉེས་པ་མེད་ཅེས་བསྟན་ཏོ། །གཉིས་པ་གནོད་བྱེད་བརྗོད་པ་ ནི། ཁང་པ་གསུམ་རྒྱུད་ནང་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་ཡོད་པའི་གནས་ཁང་གཡས་གཡོན་གཉིས་པོ་རེ་རེ་ན་དགེ་སློང་དང་དགེ་ཚུལ་ཉལ་བ་ཆོས་ཅན། ནུབ་ལྷག་ཉལ་གྱི་ལྟུང་བྱེད་ཁེགས་པར་ཐལ། ནུབ་ལྷག་པར་ཉལ་བའི་ཡུལ་རྟེན་གཉིས་ལ་འདོམ་གང་གིས་ བར་དུ་ཆོད་པས་གྲུབ་པའི་ཕྱིར་རོ། །འདོད་ན། ནང་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་མེད་པ་མ་ཡིན་པ་ཉིད་ལ་ནི་གཡོགས་པ་ཐམས་ཅད་གཅིག་པ་ཉིད་དེ་ཞེས་དང་། དེའི་ཊཱི་ཀ་ལས། གནས་གཞན་འགའ་ཞིག་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བར་བྱེད་ ན་དངོས་གཞིར་གྱུར་པ་ཡང་བཤད་དོ། ། གཞན་ཡང་རྫོགས་མ་རྫོགས་ཀྱི་བར་འདོམ་གང་གིས་ཆོད་ཀྱང་ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱིས་ཐག་གིས་བར་དུ་མ་ཆོད་པའི་གནས་གཅིག་ཏུ་ཉལ་བ་ན་ཆོས་ཅན། ཐལ་རྟགས་སྔ་མ་བཞིན་ནོ། །འདོད་ན། བསྙེན་ པར་མ་རྫོགས་པ་དང་ལྷན་ཅིག་ཏུ་གནས་གཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་ནའོ་ཞེས་པས་གནོད་དོ། །དེས་ན་འདོམ་གང་གིས་བར་དུ་ཆོད་ཀྱང་ཁྲུ་ཕྱེད་དགུས་མ་ཆོད་ན་ནུབ་ལྷག་ཉལ་གྱི་ལྟུང་བ་དངོས་གཞི་བསྐྱེད་དོ། །བཞི་པ་ཁང་པ་དང་ཁང་ཆེན་གྱི་ཁྱད་པར་གཏན་ ལ་དབབ་པ་ལ་གཉིས་ཏེ་དགོས་པའི་དོན་དང་། ཁྱད་པར་དངོས་ཀྱི་དོན་ནོ། །དང་པོ་ནི། ཁང་པ་དང་ཁང་ཆེན་གྱི་ཁྱད་པར་མ་ཤེས་ན་ནི་དེ་གཉིས་ཀྱི་གནང་བ་གང་སྟེར་ཆ་མི་ཕྱེད་ཅིང་། དེ་གཉིས་ཀྱི་ལྟུང་བ་ཕྱིར་བཅོས་གང་བྱེད་ཆ་མི་ཕྱེད་པ་ལས་ཁང་པ་ཡིན་ནམ་ཁང་ 6-1-371b ཆེན་ཡིན་ཤེས་པ་ལ་བརྟེན་ནས། དེ་གཉིས་རང་རང་གི་གནང་བ་བྱིན་པས་གནང་བ་འཆགས་ཤིང་ལྟུང་བ་ཁེགས་པ་དང་། དེ་གཉིས་ཀྱི་ལྟུང་བ་གང་བྱུང་ཤེས་ཤིང་ལྟུང་བ་རང་རང་གི་ཕྱིར་བཅོས་བྱས་པས་དག་པའི་ཕན་ཡོན་ཐོབ་བོ། །གཉིས་པ་ ཁྱད་པར་དངོས་ཀྱི་དོན་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། བ་རང་བ་ཆེན་པོ་ན་རེ། ཁང་པ་དང་ཁང་ཆེན་གྱི་ཁྱད་པར་ནི་གཅིག་དོན་དང་། ཚོགས་དོན་ཡིན་ཏེ། གཅིག་གི་དོན་དུའོ། །ཚོགས་ཀྱི་དོན་དུའོ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ ལས། དང་པོ་གནོད་བྱེད་བརྗོད་པ་ནི། སངས་རྒྱས་ཞལ་བཞུགས་པའི་ཚེ་ན་བཅོམ་ལྡན་འདས་ཁོ་ན་བཞུགས་པའི་དོན་དུ་བཞུགས་གནས་བརྩིགས་ན། གནས་དེ་ཆོས་ཅན། ཁང་ཆེན་མ་ཡིན་པར་ཐལ། བཞིར་ལོངས་ཚོགས་དོན་དུ་བརྩིགས་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། ལུང་རྣམ་འབྱེད་ལས། ཁང་ཆེན་ཞེས་བྱ་བ་ནི་སྦྱིན་པར་བྱ་བས་ཆེན་པོ་ཡིན་གྱི། ཚད་ཀྱིས་ཆེ་བ་ནི་མ་ཡིན་ནོ་ཞེས་གསུངས་པ་དང་། འོད་ལྡན་ལས། ཁང་པ་དང་ལྷ་ཁང་དུ་གཏོགས་པ་དག་སྟེ་ཞེས་ཁང་ཆེན་དེ་ལ་ལྷ་ཁང་ཞེས་བཤད་ དེ། སངས་རྒྱས་ནི་རྣམ་པར་དག་པའི་ལྷ་ཡིན་ལ། ལྷ་དེའི་བཞུགས་གནས་ནི་ལྷ་ཁང་ཡིན་པ་དང་འགལ་ལོ། །གཞན་ཡང་སྡིག་བྱེད་པའི་ཁྱིམ་པ་བཞིའི་དོན་དུ་དགེ་སློང་གིས་ཁང་པ་བརྩིགས་ན། ཁང་པ་དེ་ཆོས་ཅན། ཁང་ཆེན་ཡིན་པར་ཐལ། བཞིར་ལོངས་ ཚོགས་དོན་དུ་བརྩིགས་པའི་གནས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་ན། ལུང་རྣམ་འབྱེད་ལས། ཁང་ཆེན་དེ་སྦྱིན་པར་བྱ་བའི་ཆོས་ཀྱིས་ཆེ་བ་ཡིན་པར་གསུངས་པ་དང་འགལ་ལོ། །གཞན་ཡང་གཉིས་ཁོ་ནའམ་གསུམ་ཁོ་ནའི་དོན་དུ་གནས་ 6-1-372a བརྩེགས་པ་དེ་ཆོས་ཅན། ཁང་པ་དང་ཁང་ཆེན་གང་ཡང་མ་ཡིན་པར་ཐལ། གཅིག་དོན་དང་ཆོགས་དོན་གང་ཡང་མེད་པའི་ཕྱིར་རོ། །འདོད་ན། ཞུ་བའི་སྐབས་ལས། དུ་མའི་དོན་དུའོ་ཞེས་ཁང་པ་ཁང་ཆེན་གྱི་སྦོམ་པོ་བསྐྱེད་པར་གསུངས་སོ། །དེང་སང་ ཤས་ཆེ་བས་མཚན་ཉིད་དག་རབ་ཏུ་དབྱེ་ཞེས་པའི་གནད་ཀྱིས་སྦྱར་བས། གཉིས་ནི་གཅིག་ལ་ཉེ་བས་གཉིས་དོན་དུ་བྱེད་པ་དེ་ཁང་པ་ཡིན་ལ། གསུམ་ནི་བཞི་ལ་ཉེ་བས་གསུམ་དོན་དུ་བྱེད་པ་དེ་ཁང་ཆེན་ཡིན་ལོ། །འོ་ན་གསུམ་དོན་དུ་བྱེད་པ་དེ་ཁང་ ཆེན་ཡིན་ནས་ཁང་ཆེན་དུ་བྱེད་དམ། ཁང་ཆེན་མ་ཡིན་ནས་ཁང་ཆེན་དུ་བྱེད། དང་པོ་ལྟར་ན་ཚོགས་དོན་ཡན་ལག་ཏུ་དགོས་པ་ཁང་ཆེན་ཡིན་པ་བུད་དོ། །གཉིས་པ་ལྟར་ན་ཧ་ཅང་ཐལ་ཆེས་སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། གཅིག་གི་དོན་དུའོ། །ཚོགས་ཀྱི་དོན་དུའོ་ཞེས་པ་སྟེ་རང་རང་གི་དངོས་གཞི་ བསྐྱེད་པའི་ཡན་ལག་ཡིན་པར་བསྟན་པ་ཡིན་གྱི། རང་གི་ངོ་བོའི་ཁྱད་པར་བསྟན་པ་མ་ཡིན་ཏེ། ཁང་པའི་ལྷག་མ་བསྐྱེད་པ་ལ་བཙལ་བ་དང་ཚད་ལས་ལྷག་པ་གཉིས་ཡན་ལག་ཏུ་དགོས་ཀྱང་། དེ་གཉིས་ནི་ཁང་ཆེན་གྱི་ལྷག་མའི་ཡན་ལག་ཏུ་མི་དགོས་པ་བཞིན་ནོ། །རྒྱུ་ཡན་ལག་ གི་ཁྱད་པར་དེ་ཉིད་ཀྱིས་ངོ་བོའི་ཁྱད་པར་དུ་ཡང་འགྱུར་རོ་ཞེ་ན་མ་ཡིན་ཏེ། དཔེར་ན་དངོས་པོ་འདི་བུ་རམ་དང་སྦྲང་རྩི་གང་ཡིན་མ་ཤེས་པ་ན། རྒྱུ་མེ་ཏོག་ཡན་ལག་ཏུ་དགོས་པ་དེ་སྦྲང་རྩི་ཡིན་ལ། རྒྱུ་བུ་རམ་གྱི་ཤིང་ཡན་ལག་ཏུ་དགོས་པ་དེ་བུ་རམ་ཡིན་ཅེས་བརྗོད་པས་རྒྱུ་ཡན་ལག་གི་ ཁྱད་པར་བསྟན་ཀྱང་། ངོ་བོའི་ཁྱད་པར་མི་ཕྱེད་པས་ངོ་བོའི་ཁྱད་པར་མ་བསྟན་པ་བཞིན་ནོ། །ཡང་སོག་པ་ན་རེ། དཀོན་མཆོག་གཞན་གཉིས་ཀྱི་དོན་དུ་བྱེད་པའི་གནས་དེ་ཡིན་ན་ཁང་ཆེན་དུ་བྱ་ལ། གང་ཟག་གི་དོན་དུ་བྱེད་པའི་གནས་དང་། དགེ་འདུན་གྱི་དོན་དུ་བྱེད་པའི་ཚང་མང་ 6-1-372b ལྟ་བུ་ནི་ཁང་པ་ཡིན་ཏེ། ཞུ་བ་མང་ཤོས་ལས། གཙུག་ལག་ཁང་ཆེན་པོ་ལས་གཞན་དགེ་འདུན་གྱི་དངོས་པོ་ཞིག་བརྩིགས་ཏེ། རིམ་པ་གཉིས་སམ་གསུམ་ལས་ལྷག་པར་བརྩིགས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་པས་ཤེས་སོ། །དགེ་འདུན་གྱི་ཆེད་ཀྱི་གནས་དེ་ལ་ལུང་ལས་ གཙུག་ལག་ཁང་ཆེན་པོ་ལས་གཞན་ཅེས་གསུངས་པའི་ཕྱིར་དང་། གནས་དེ་ནི་གཙུག་ལག་ཁང་ཡིན་ན་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་པ་བསྐྱེད་དགོས་པ་ལས་ཉེས་བྱས་སུ་གསུངས་པས་དགེ་འདུན་གྱི་ཆེད་ཀྱི་གནས་དེ་ཁང་ཆེན་མ་ཡིན་པར་དེས་ཤེས་སོ་ཞེས་ ཟེར་རོ། །དེ་མིན་ཏེ་ཚང་མང་ལྟ་བུ་དགེ་འདུན་སྤྱིའི་ཆེད་ཀྱི་གནས་དེ་ཁང་ཆེན་མ་ཡིན་ན། ལུང་རྣམ་འབྱེད་ལས་ཁང་ཆེན་དེ་སྦྱིན་པར་བྱ་བའི་ཆོས་ཀྱི་ཆེ་བ་ཡིན་པར་གསུངས་པ་དང་འགལ་ལ། ཞུ་འགྲེལ་ལས། དགེ་འདུན་གྱི་གཙུག་ལག་ཁང་བྱེད་པ་ལ་གཙུག་ལག་ཁང་གི་དགེ་ འདུན་ལྷག་མར་གསུངས་པའི་ཕྱིར་ཞེས་པ་དང་འགལ་ལོ། ། གཞན་ཡང་ཁང་པའི་ཚད་ནི་ནང་ལ་ཁྲུ་བཅོ་བརྒྱད་ལས་ལྷག་པ་མ་གནང་བས་དགེ་འདུན་བརྒྱ་སྟོང་གི་ཚང་མང་ཁྲུ་བཅོ་བརྒྱད་ལས་མ་གནང་ན་འགལ་བའི་སྐྱོན་དུ་འགྱུར་རོ། །དགེ་འདུན་སྤྱིའི་དོན་དུ་དགེ་འདུན་གྱི་ ཚང་མང་ལྟ་བུ་བརྩིག་པ་ཆོས་ཅན། དགེ་འདུན་ལ་འདོད་ཆེས་ཀྱི་དགག་བྱ་ཡོད་པར་ཐལ། དགེ་འདུན་གྱི་ཆེད་དུ་བརྩིགས་པ་དེ་ཁང་པ་ཡིན་ཅིང་། ཁང་པ་བརྩིགས་པའི་དགག་བྱ་དེ་འདོད་ཆེས་ཡིན་པའི་ཕྱིར། རྟགས་ཟུར་སྔ་མ་ཁས་བླངས་ཀྱིས་གྲུབ། ཕྱི་མ་ནི་ས་གཞི་དང་ ཡོ་བྱད་བཙལ་བ་ཡན་ལག་ཏུ་དགོས་པར་གསུངས་པས་གྲུབ། འདོད་ན། དགེ་འདུན་གྱི་ཆེད་དུ་བུན་སྐྱེད་དང་ཉོ་ཚོང་གནང་ཞིང་། ལུང་ཕྲན་ཚེགས་ལས། དགེ་འདུན་ལ་ལོངས་སྤྱོད་དང་ལོངས་སྤྱོད་ཀྱི་མཆོག་རྣམས་གནང་གི། གང་ཟག་ལ་ནི་མ་ཡིན་ཅེས་གསུངས་ 6-1-373a པས་ལོངས་སྤྱོད་ནི་གྲོང་དང་ཞིང་རྣམས་སོ། །ལོངས་སྤྱོད་ཀྱི་མཆོག་ནི་བ་ལང་དང་མ་ཧེ་དང་ར་ལུག་རྣམས་སོ་ཞེས་འབྱུང་བས་ལུང་དེ་རྣམས་དང་འགལ་ལོ། ། གཞན་ཡང་དགེ་འདུན་གྱི་ཆེད་དུ་གནས་པ་རྩིག་པ་དེ་ཆོས་ཅན། གནས་དེའི་ཆ་ནས་ཕ་བུའི་མ་ པ་གསུམ་ལས་ལྷག་པར་བརྩིགས་པའི་ལྟུང་བྱེད་བསྐྱེད་པ་ཁེགས་པར་ཐལ། གང་བརྩིག་པའི་གནས་དེ་ཁང་ཆེན་མ་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །ཁྱབ་པ་ནི། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ། །ཞེས་པས་གྲུབ་བོ། །འདོད་ན། ཞུ་བ་ཉུང་ཤོས་ལས། གཙུག་ ལག་ཁང་ཆེན་པོ་ལས་གཞན་པ་དགེ་འདུན་གྱི་དངོས་པོ་ཞིག་བརྩིགས་ཏེ། རིམ་པ་གཉིས་སམ་གསུམ་ལས་ལྷག་པ་བརྩིགས་ན་ཅིར་འགྱུར། ལྟུང་བྱེད་དུ་འགྱུར་ཞེས་སོ། །དེའང་གཙུག་ལག་ཁང་ཆེན་པོ་ལས་གཞན་ཅེས་གསུངས་པ་དེས་ནི་དཀོན་མཆོག་གཞན་གཉིས་ཀྱི་ཆེད་ དུ་བྱེད་པའི་གཙུག་ལག་ཁང་ཆེན་པོ་ལས་གཞན་ཅེས་བསྟན་པ་ཡིན་གྱི། དགེ་འདུན་གྱི་ཆེད་དུ་བྱས་པའི་གཙུག་ལག་ཁང་ཆེན་པོ་ལས་གཞན་ཅེས་བསྟན་པ་ནི་མ་ཡིན་ནོ། །དགེ་འདུན་གྱི་ཆེད་དུ་བརྩིགས་པ་ནི། ལུང་ཞུ་བ་མང་ཤོས་ལས། རིམ་པ་ལྷག་པར་བརྩིགས་པ་ནི་ཉེས་བྱས་ སུ་གསུངས་པས་མཐར་ཐུག་གྲུབ་པ་ན་ལྟུང་བྱེད་བསྐྱེད་ཀྱང་། སྦྱོར་བའི་སྐབས་ན་ཉེས་བྱས་བསྐྱེད་པ་ལ་དགོངས་སོ། །རིམ་པ་ལྷག་པར་བརྩིགས་པའི་ལྟུང་བྱེད་ཀྱི་ཊཱི་ཀ་ལས། གཙུག་ལག་ཁང་ནི་ཐམས་ཅད་ཀྱིས་བྱེད་པོ་ཉིད་ཡིན་ཏེ། དགེ་འདུན་དབང་བ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ཟག་དང་ཁྱིམ་པ་དབང་བ་ཡང་བྱེད་པ་པོ་ཉིད་ཡིན་ནོ་ཞེས་གསུངས་པས་དགེ་འདུན་གྱི་ཆེད་དུ་བརྩིགས་པ་ལས་ལྟུང་བྱེད་བསྐྱེད་པར་ཤིན་ཏུ་གྲུབ་བོ། །གཉིས་པ་རང་ལུགས་བཞག་པ་ནི། ཆེད་དུ་བྱ་བ་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ཟག་གི་དོན་དུ་བྱེད་པའི་གནས་ནི་ཁང་ 6-1-373b པ་ཡིན་ལ། ཆེད་དུ་བྱ་བ་དཀོན་མཆོག་གསུམ་གང་རུང་གི་དོན་དུ་རྩིག་པར་བྱེད་ནའང་གནས་དེ་ཁང་ཆེན་ཡིན་ཏེ། ལུང་རྣམ་འབྱེད་ལས། ཁང་ཆེན་ནི་སྦྱིན་པར་བྱ་བའི་ཆོས་ཀྱི་ཆེ་བ་ཞེས་པས་གྲུབ་བོ། །ཁྱད་པར་དུ་ཡང་སངས་རྒྱས་ཀྱི་ཆེད་དུ་བྱས་པའི་གནས་དེ་ཁང་ཆེན་ཡིན་པ་ ཅིས་འགྲུབ་ཅེ་ན། འོད་ལྡན་ལས། ཁང་པ་དང་ལྷ་ཁང་དུ་གཏོགས་པ་དག་སྟེ་ཞེས་ཁང་ཆེན་ལ་ལྷ་ཁང་ཞེས་བཤད་པས་གྲུབ་སྟེ། སངས་རྒྱས་ནི་རྣམ་པར་དག་པའི་ལྷ་ཡིན་ལ། ལྷ་དེའི་བཞུགས་གནས་ནི་ལྷ་ཁང་ཡིན་པའི་ཕྱིར་རོ། །ཆོས་ཀྱི་ཆེད་དུ་བྱས་པའི་གནས་ཁང་དེ་ ཁང་ཆེན་ཡིན་པར་ཅིས་འགྲུབ་ཅེ་ན། འདི་ཉིད་ལས། གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞེས་གསུངས་པས་གྲུབ་སྟེ། ལུང་གི་ཆོས་དང་གཙུག་ལག་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། དགེ་འདུན་གྱི་ཆེད་དུ་བྱས་པའི་གནས་དེ་ཁང་ཆེན་ཡིན་པར་གང་ གིས་འགྲུབ་ན། རིམ་པ་ལྷག་པར་བརྩིགས་པའི་ལྟུང་བྱེད་བསྐྱེད་པ་ལ་གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ་ཞེས་དགེ་འདུན་གྱི་ཆེད་དུ་གནས་བརྩིག་པ་ལ་རིམ་པ་གསུམ་ལྷག་པའི་ལྟུང་བྱེད་བསྐྱེད་པར་ལུང་ཞུ་བ་ལས་གསུངས་པས་གྲུབ་བོ། །དེ་ལྟར་ན་དྲི་གཙང་ཁང་ལྟ་ བུ་ཆེད་དུ་བྱ་བ་སངས་རྒྱས་ཀྱི་ཆེད་དང་། མངོན་གྱུར་བདག་པོ་གཅིག་གི་དོན་དུ་བརྩིགས་ན་ཁང་ཆེན་གྱི་སྦོམ་པོར་འགྱུར་གྱི་ལྷག་མར་མི་འགྱུར་ཏེ། ཚོགས་དོན་གྱི་ཡན་ལག་མ་ཚང་བའི་ཕྱིར། གྲོང་གི་ཁང་པ་ལྟ་བུ་ཆེད་དུ་བྱ་བ་ཁྱིམ་པའི་ཆེད་དུ་བདག་པོ་ཁྱིམ་པ་བཞིར་ལོངས་ པའི་ཚོགས་དོན་དུ་དགེ་སློང་གིས་བརྩིགས་ན་ཡང་ཁང་པའི་སྦོམ་པོར་འགྱུར་གྱི། ཁང་པའི་ལྷག་མར་མི་འགྱུར་ཏེ། གཅིག་དོན་གྱི་ཡན་ལག་མ་ཚང་བའི་ཕྱིར། གསུམ་པ་ཞར་ལ་བྱུང་བ་ནི། གནས་གཅིག་ཉིད་ཀྱི་དེང་སྟོད་ལྟ་བུ་ཆ་གཅིག་ནི་དཀོན་མཆོག་གི་དོན་དུ་བྱེད་ལ། 6-1-374a དེང་སྨད་ལྟ་བུ་ཆ་གཅིག་ནི་དཀོན་མཆོག་ལས་གཞན་པའི་དོན་དུ་བྱེད་ན་ཅིར་འགྱུར་ཞེ་ན། ལྡེའུ་མིག་འཛིན་པ་པོ་ལྟ་བུ་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་བརྩིགས་ན་ཁང་ཆེན་གྱི་སྦོམ་པོར་འགྱུར་ལ། ཡན་ལག་གཞན་ཚང་ན་ཁང་པའི་ལྷག་མར་ འགྱུར་རོ། །མངོན་གྱུར་གྱི་བདག་པོ་ཚོགས་ཀྱི་དོན་དུ་བརྩིགས་ན་ཁང་པའི་སྦོམ་པོར་འགྱུར་ལ་ཁང་ཆེན་གྱི་ལྷག་མར་འགྱུར་རོ། །གནས་གཅིག་ཉིད་བརྩིགས་པ་ལ་ཁང་པ་དང་ཁང་ཆེན་གཉིས་ཀའི་དངོས་གཞི་བསྐྱེད་པ་ནི་མིན་ཏེ། གནས་གཉིས་པོ་ཡན་ལག་འགལ་བའི་ ཕྱིར་ཏེ། གཅིག་དོན་ཡིན་ན་ཚོགས་དོན་ཡིན་པ་དང་འགལ་ཅིང་། ཚོགས་དོན་ཡིན་ན་གཅིག་དོན་ཡིན་པར་འགལ་བའི་ཕྱིར། མངོན་གྱུར་གྱི་བདག་པོ་གཉིས་སམ་གསུམ་གྱི་དོན་དུ་བརྩིགས་ན་ནི་ཁང་ཆེན་གྱི་སྦོམ་པོར་འགྱུར་ལ། གཞན་དུ་ན་ཁང་པའི་སྦོམ་པོར་འགྱུར་རོ། ། གཉིས་པ་ནི། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ནི་ཉེས་པ་མེད་དོ། །གཉིས་པ་ལ། རྩིག་པ་པོ་ཡི་ལྟུང་བ་བསྟན། །བསྐོ་བ་པོ་ཡི་ལྟུང་བ་བརྗོད། །སྦྱོར་དང་གཞི་ཡི་བྱེད་པ་བསྟན། །ལྟུང་བའི་ཡན་ལག་བརྗོད་པའོ། །དང་པོ་ནི། གཞན་གྱི་ཆེད་དུ་དགེ་སློང་གིས་ ཁང་པ་བརྩིགས་ན་གཞན་དེས་བསྐོས་པ་ཉིད་དང་། མ་བསྐོས་པ་ཉིད་དག་ནི་ཡན་ལག་གི་གཙོ་བོ་ངེས་བཟུང་གི་ཡན་ལག་ཉིད་མ་ཡིན་ནོ་སྟེ། གཞན་དེས་བསྐོས་རུང་མ་བསྐོས་རུང་རྩིག་པ་པོ་དགེ་སློང་ལ་ལྷག་མར་འགྱུར་བ་ཡིན་ནོ། །གཉིས་པ་ནི། དགེ་སློང་གིས་ གཞན་ལ་བསྐོས་ཏེ་ཁང་པ་དང་ཁང་ཆེན་བརྩིགས་པ་ནི་རང་ཉིད་ཀྱིས་བརྩིགས་པ་དང་འདྲ་སྟེ་བསྐོ་བ་པོའི་དགེ་སློང་ལ་ལྷག་མར་འགྱུར་བ་ཡིན་ནོ། །ཐམས་ཅད་དུ་འདྲའམ་ཞེ་ན། ཉེས་པ་མེད་པའི་ས་གཞིར་རྩིགས་ཤིག་ཅེས་བསྒོ་ཡང་། ཇི་སྐད་བསྒོ་བ་བཞིན་དུ་རྩིག་པ་པོ་ 6-1-374b མི་བྱེད་པ་ལ་ནི་མི་འདྲའོ། །འོན་ཀྱང་དགེ་སློང་གི་ལུས་ཀྱིས་སོ་ཕག་བྱིན་པ་དང་། ངག་གིས་ལེགས་སོ་ཞེས་བརྗོད་པ་དང་དུ་ལེན་ཅིང་ནོད་ན་འདྲའོ་ཞེས་པ་སྟེ་རང་ཉིད་ཀྱིས་བརྩིགས་པ་དང་འདྲ་སྟེ་ལྷག་མ་བསྐྱེད་པའོ། །གསུམ་པ་ནི། ཁང་པ་བརྩིག་པའི་སྦྱོར་བ་བྱས་པ་ནི་ལོ་ མང་དུ་ངལ་བསོ་བྱས་ཀྱང་སྦྱོར་བའི་ལྟུང་བ་ནི་གཅིག་ཉིད་དོ། །ས་གཞི་བཙལ་བ་དང་། མི་རུང་བ་ཉིད་དང་། རྩོད་པ་དང་བཅས་པ་ལ་སོགས་ཡན་ལག་རེ་རེ་ལ་བལྟོས་པའི་ལྟུང་བ་ཐ་དད་པ་རེ་རེ་བསྐྱེད་དམ་ཞེ་ན། ས་གཞི་བཙལ་བ་ལ་སོགས་པ་ཡན་ལག་རྣམས་ནི་ལྷག་མའི་ ལྟུང་བ་གཅིག་སྐྱེད་པར་བྱེད་པ་ཡིན་གྱི། ལྷག་མ་སྐྱེད་པའི་བྱེད་པོ་ཐ་དད་པ་ཉིད་མ་ཡིན་ནོ། །ས་གཞི་མ་དག་པ་དང་། ཚད་ལས་འདས་པ་དང་། དགེ་འདུན་ལ་མ་གསོལ་བ་ལ་སོགས་ཡན་ལག་རེ་རེ་ལ་སྦོམ་པོ་རེ་རེ་མི་འགྱུར་ཞེས་འགྲེལ་ཆུང་ལས་སོ། །བཞི་པ་ལ། ལྟུང་བའི་ཡན་ལག་མདོ་ཙམ་བསྟན། །གཞི་མ་དག་པའི་བྱེ་བྲག་བརྗོད། །དང་པོ་ལ། ཁང་པ་ཁང་ཆེན་ཡན་ལག་བརྗོད། །ཁང་ཆེན་ཡན་ལག་བྱེ་བྲག་བསྟན། །ཁང་པ་ཁོ་ནའི་ཡན་ལག་གོ། དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། གླེང་གཞི་ མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཁང་པ་བརྩིགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་། སྲོག་ཆགས་ལ་གནོད་པ་དང་། རྩོད་པ་རྒྱས་པ་དང་། དོན་དང་བྱ་བ་མང་བ་སྟེ་ས་གཞི་དང་ཡོ་བྱད་གཞན་ལས་བཙལ་བ་ཡན་ལག་ཏུ་ གསུངས་པ་དང་། སྐྱེ་བ་པོ་ཕྲ་མོ་གནས་པ་དང་། རྩོད་པ་དང་། བརྩམ་དུ་མི་རུང་བ་ཡན་ལག་ཏུ་དགོས་པར་གསུངས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ས་གཞི་དང་ཡོ་བྱད་བཙལ་བས་ས་གཞི་མ་དག་པར་དཀོན་མཆོག་ལས་གཞན་པའི་ཆེད་ 6-1-375a དུ་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་ཁང་པ་ཚད་ལས་ལྷག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་བརྩིག་པའི་ས་གཞི་དང་། གང་བརྩིག་པའི་དངོས་པོ་དང་། གང་གིས་བརྩིག་ པའི་ཡོ་བྱད་དོ། །དང་པོ་ལ་གཉིས་ཏེ་ས་གཞི་བཙལ་བ་ཡིན་པ་དང་། ས་གཞི་མ་དག་པ་གསུམ་ལྡན་ཡིན་པའོ། །དེ་ཡང་སྲོག་ཆགས་ཕྲ་མོའི་གནས་དང་ལྡན་པ་དང་། རྩོད་པ་དང་བཅས་པ་དང་། རྩོམ་དུ་མི་རུང་བའོ། །དང་པོ་ས་གཞི་བཙལ་བ་ནི། བཙལ་པ་ལའོ་ ཞེས་སོ། །སེལ་བ་ནི། ས་གཞི་དེ་མ་བཙལ་བར་དང་པོ་ནས་རང་ཉིད་དབང་བའི་ས་གཞིར་བརྩིགས་ན་སྦོམ་པོར་འགྱུར་ཏེ་མ་བསྐོས་ས་གཞི་ཚོལ་བ་ཞེས་པར་རོ་ཞེས་སོ། །ས་གཞི་མ་དག་པ་གསུམ་ལྡན་ནི། སྐྱེ་བོ་ཕྲ་མོའི་གནས་དང་ཞེས་པ་ལ་སོགས་པས་བསྟན་ཏོ། །སེལ་བ་ ནི་དེ་དག་རེ་རེ་མ་ཚང་ན་མཐར་ཐུག་ལ་སྦོམ་པོར་འགྱུར་ཏེ། འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ། །གཉིས་པ་གང་བརྩིག་པའི་དངོས་པོ་ལ་བཞི་སྟེ། གནས་ཀྱི་ངོ་བོར་གྲུབ་པ་དང་། སྤྱོད་ལམ་བཞི་ཤོང་བ་དང་། ཚད་ལས་ལྷག་པ་དང་། བྱེད་འཕྲོ་གཞིའི་སེལ་བར་ གཏོགས་པ་མ་ཡིན་པའོ། །དེ་ཡང་ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ནོ། །སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ལ་ཉེས་པ་མེད་དོ། །ཚད་ལས་ལྷག་པའོ། །འཕྲོ་ཟིན་པར་བྱེད་ན་ཡང་ངོ་ཞེས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །སེལ་བ་ནི་གནས་ཀྱི་ངོ་ བོར་གྲུབ་པ་མ་ཚང་ན་སྦོམ་པོར་འགྱུར་ཏེ། མ་གཡོགས་པ་བྱེད་དུ་བཅུག་པའི་མཐའ་ཡང་དེ་དང་འདྲའོ་ཞེས་སོ། །ཚད་ལས་ལྷག་པ་མ་ཚང་ན་ཡང་སྦོམ་པོར་འགྱུར་རོ། །ཚད་ལས་ལྷག་པ་ཞེས་སྨོས་པས་སྤྱོད་ལམ་བཞི་ཤོང་བ་འདུས་སོ་སྙམ་ན་ཚད་ལས་ལྷག་ཀྱང་སྤྱོད་ལམ་ 6-1-375b བཞི་ཤོང་བ་མ་ཡིན་པ་སྲིད་དེ། ཐོག་དཔངས་ཤིན་ཏུ་དམའ་བས་འགྲེང་བར་མི་ནུས་པ་ལྟ་བུའོ། །གསུམ་པ་གང་གིས་བརྩིག་པའི་ཡོ་བྱད་ནི་ཡོ་བྱད་བཙལ་བ་ཡིན་པ་སྟེ། རྣམ་པ་དེ་ལྟ་བུས་སོ་ཞེས་སོ། །སེལ་བ་ནི་ཡོ་བྱད་མ་བཙལ་བར་གང་ཟག་རང་གི་ཡོ་བྱད་ཀྱིས་བརྩིགས་ ན་སྦོམ་པོར་འགྱུར་ཏེ། གང་ཟག་གིས་སོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དཀོན་མཆོག་ལས་གཞན་པའི་ཆེད་དུ་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་ཁང་པ་ཚད་ལས་ལྷག་པ་ བརྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གང་ལ་བསམ་པ་དེ་ཉིད་ལ་རང་ངམ་བསྐོས་པས་ཁང་པ་བརྩིག་པར་ཞུགས་པའོ། །མཐར་ཐུག་ནི་ཐོག་ཕལ་ཆེར་གཡོགས་ཟིན་པ་སྟེ། མཐར་རོ་ཞེས་པ་དང་། དེའི་དོན་ནི་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཡང་ངོ་ཞེས་སྦྱར་རོ། ། གཉིས་པ་ནི། བཙལ་བ་ལའོ་ཞེས་པ་སྟེ་གང་གིས་ཁང་པའི་ལྷག་མར་འགྱུར་ཞེ་ན། བརྩིག་པའི་ས་གཞི་གཞན་ལས་བསླང་བ་སྟེ། བཙལ་བའི་ཡུལ་ནི་ཐ་སྙད་ལྔ་དང་ལྡན་ཅིང་རང་ལས་ནོར་གྱི་སྒོ་ནས་ཐ་དད་པ་ལ། སྦྱོར་བ་ངག་གི་རིག་བྱེད་ཀྱིས་བཙལ་བ་སྟེ་སྤྱིར་བསྟན་ དང་སྦྱར་རོ། །ལུང་རྣམ་འབྱེད་ལས། བདག་གིས་བསླངས་པ་ཞེས་བྱ་བ་ནི་འདུན་པ་བྱུང་བའི་སློང་མོ་བས་བསླངས་པའོ་ཞེས་གསུངས་སོ། །གཞི་ཁྱིམ་པ་ལས་བཙལ་བར་མ་ཟད། ཊཱི་ཀ་ལས། གལ་ཏེ་གཞི་དེ་ཆོས་འདི་པ་རབ་ཏུ་བྱུང་བ་ལས་ཀྱང་བཙལ་ནའོ། །སུས་བཙལ་ ཅེ་ན། དེ་ནི་འདིར་སྐབས་ཡིན་པས་ལྟུང་བ་འབྱིན་པ་པོས་ཤེས་པར་བྱའོ། །ཞེས་སོ། །དགེ་སློང་གིས་གཞན་བསྐོས་ཏེ་ཁང་པ་བརྩིགས་ན་ནི་ཁྱོད་ཀྱིས་ས་གཞི་ཚོལ་ཅིག་ཅེས་དགེ་སློང་ལྟུང་བ་འབྱིན་པ་པོ་དེས་ས་གཞི་བཙལ་བ་རྗེས་སུ་གནང་བ་ལ་བརྩིགས་ན་ཁང་པའི་ 6-1-376a ལྷག་མ་བསྐྱེད་པའོ་ཞེས་བསྟན་ཏེ། རྣམ་པ་དེ་ལྟ་བུས་སོ་ཞེས་པའི་ཊཱི་ཀ་ལས། ལྟུང་བ་འབྱིན་པ་པོས་རྗེས་སུ་གནང་བའི་སློང་བ་པོས་བཙལ་བ་ཡིན་པས་དེའི་ཕྱིར་ཇི་ལྟར་ས་གཞི་བཙལ་བ་བཞིན་ཅེས་པའི་སྐབས་ནས་བཤད་དོ། །འགྲེལ་ཆུང་ལས། དེས་བསྒོ་ནའོ་ཞེས་གཞན་སློང་དུ་བཅུག་ཀྱང་རུང་བར་བཤད་པས་དགེ་སློང་ལྟུང་བ་འབྱིན་པ་པོ་དེས་རྗེས་སུ་གནང་བ་ལ་ཞེས་འཆད་དགོས་སོ། །བླ་མ་རྣམས་ནི་ས་གཞིའི་བདག་པོ་དེས་རྗེས་སུ་གནང་བ་ལའོ་ཞེས་གསུངས་པ་དེ་ལ་སྒྲུབ་བྱེད་ཀྱི་གཞུང་མེད་དོ། །འདི་ནི་ཁང་པ་ ཁོ་ནའི་ཐུན་མོང་མིན་པའི་ཡན་ལག་ཡིན་ལ། འདིའི་འོག་ནས་མདོ་ལྔས་ཁང་ཆེན་གྱི་ཡན་ལག་བསྟན་ཏོ། །ཁང་པ་བརྩིག་པའི་ཡོ་བྱད་ཤིང་དང་། སོ་ཕག་དང་། གླ་རྔན་ལ་སོགས་པ་དག་ཀྱང་རྣམ་པ་དེ་ལྟ་བུས་དེ་བཙལ་བ་དང་། དེ་རྗེས་སུ་གནང་བས་སོ། །ཁང་པ་དང་ ཁང་ཆེན་བརྩིག་པའི་ས་གཞི་མ་དག་པ་གསུམ་ལྡན་ལ་བརྩིགས་ན་ལྷག་མ་བསྐྱེད་པའོ། །གཞི་དེ་དགེ་འདུན་ལ་མ་བསྟན་པ་ལ་བརྩིགས་ན་ལྷག་མ་བསྐྱེད་པའོ། །གནས་བརྩིགས་པ་བདག་གིར་བྱེད་དམ། གཞན་བྱེད་དུ་བཅུག་ན་ལྷག་མ་བསྐྱེད་པའོ། །སྒོ་མ་གཏོགས་པ་ ཕྱོགས་ཀུན་ནས་བསྐོར་ཞིང་ཐོག་བཀབ་པའི་མཐར་ལྷག་མར་འགྱུར་རོ། །གཉིས་པ་ནི། ཁང་པའི་འོག་མ་ཁང་ཆེན་ལ་ཡང་སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ཞེས་པ་ནས། མཐར་རོ་ཞེས་པ་ཡན་ཆད་དེ་དག་ཐུན་མོང་བ་ཉིད་དོ། །འོན་ཏེ་མ་བཙལ་བ་ཉིད་དོ་ཞེས་པས་ནི་ ཊཱི་ཀར། བཙལ་བ་ཉིད་མ་གཏོགས་སོ་ཞེས་བྱ་བ་དང་། ཡང་གཙུག་ལག་ཁང་ལས་ནི་གླེང་གཞིའི་དབང་གི་བདག་པོ་དང་བཅས་པ་ཞེས་སྨོས་པར་ཟད་ཀྱི། དེའི་ཡན་ལག་ནི་མ་ཡིན་ཏེ་བདག་པོ་མེད་པ་ལ་ཡང་ས་གཞི་ཉོ་བ་ལ་སོགས་པ་སྲིད་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་ནི། ཁང་ 6-1-376b པའི་ལྷག་མ་བསྐྱེད་པ་ལ་ནི་གཅིག་གི་དོན་དུའོ། །ཚད་ལས་ལྷག་པའོ། །གཉིས་པ་གཞི་མ་དག་པ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། གཞི་མ་དག་པ་ལའོ་ཞེས་སྔར་སྨོས་ནས། མ་དག་པ་དེ་གང་ཞེ་ན། སྲོག་ཆགས་ཕྲ་མོའི་ གནས་དང་ལྡན་པས་མི་རུང་བ་ཉིད་དང་། གཞན་ལ་རྩོད་པ་དང་བཅས་པ་ཉིད་དང་། གནས་བརྩིག་པ་ལེགས་པ་ཙམ་དུ་མི་རུང་བ་ཉིད་དང་གསུམ་ནི་གཞི་མ་དག་པའོ། །གཉིས་པ་ལ། མི་རུང་བ་ཡི་བྱེ་བྲག་བསྟན། །རྩོད་དང་བཅས་པའི་བྱེ་བྲག་བརྗོད། །བརྩམ་དུ་མི་རུང་ བྱེ་བྲག་གོ། དང་པོ་ནི། སྐྱེ་བ་པོ་ཕྲ་མོ་དེ་ཡང་གནས་དེ་ཉིད་དུ་སྐྱེས་པ་གྲངས་གཅིག་ཡན་ཆད་ཀྱི་གནས་དང་ལྡན་པ་ཉིད་དང་ཞེས་འབྱུང་བས་སྐྱེ་བ་པོ་རགས་པ་དང་། ཕྲ་བའི་ཚད་ནི་བོངས་ཆེ་བ་དང་ཆུང་བ་ལ་བལྟོས་པ་མ་ཡིན་ཏེ། ལུང་དང་ཊཱི་ཀ་ལས། སྦྲུལ་དང་སྡིག་ པ་ལ་སོགས་པའི་གནས་དང་ཞེས་གསུངས་པ་དང་། གཞན་ཡང་ཊཱི་ཀར། དེ་དག་ནི་དཔེ་ཙམ་སྟེ་གྲོག་སྦུར་ལ་སོགས་པ་སྐྱེ་བ་པོ་ཕྲ་མོ་ཐམས་ཅད་ཀྱང་བཟུང་ངོ་ཞེས་སོ། །དེ་ལྟར་ན་སྦྲུལ་ལ་ལུས་ཆེན་པོ་ཡང་ཡོད་ལ། དེའི་ཕྱིར་ལུས་བོངས་ཆེ་ཆུང་གང་ཡང་རུང་སྟེ། འབྲོས་འོལ་ཆུང་བས་མཁར་ལས་ཀྱི་ཞར་ལ་འཆི་བར་འགྱུར་བ་ནི་ཕྲ་བ་ཡིན་ལ་བཟློག་པ་ནི་རགས་པའོ། །སྲོག་ཆགས་དེའི་གྲངས་ཀྱང་གཅིག་ཡན་ཆད་ཀྱིས་ཏེ་སྲོག་ཆགས་དང་ལྡན་པ་ཞེས་སྤྱི་ཙམ་དུ་བརྗོད་པའོ། །དེ་ཡང་སྲོག་ཆགས་གློ་བུར་བས་ནི་དེར་མི་འགྱུར་ཏེ། གནས་ དང་ལྡན་པ་ཉིད་དང་ཞེས་གསུངས་པས་རྟོགས་ཞེས་བླ་མ་དག་གསུང་ངོ་། །གཉིས་པ་ནི། རྒྱལ་པོའི་གནས་ལ་བརྟེན་པ་ཉིད་དང་། འཇིག་རྟེན་པའི་ལྷའི་གནས་ལ་བརྟེན་པ་ཉིད་དང་། མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་དང་ཞེས་པ་ཊཱི་ཀར། དེ་དག་དང་ཉེ་བར་གྱུར་ 6-1-377a པ་ཉིད་དེ། དེ་ནི་སྐྱེ་བོ་ཕལ་པོ་ཆེ་དང་། གླང་པོ་ཆེ་དང་། རྟ་དང་། རྔ་མོ་ལ་སོགས་པ་དག་དང་། དེ་དག་གི་སྒྲ་དག་གིས་གནོད་པར་འགྱུར་བའི་སྐྱོན་ཡོད་པ་ཉིད་ཡིན་ནོ་ཞེས་སོ། །ཤིང་ལྗོན་པ་བཅད་པར་བྱ་བ་མ་ཡིན་པ་ཉིད་དང་ཞེས་པའི་ཊཱི་ཀར། དེར་ ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ་དེ་ནི་སྐྱེ་བོ་ཕལ་མོ་ཆེ་ལ་མཁོ་བ་ཡིན་པའི་ཕྱིར་འཇིག་རྟེན་དག་ལ་ཁ་མཆུ་འབྱུང་བས་དེས་ན་རྩོད་པ་དང་བཅས་པ་ཡིན་ནོ་ཞེས་སོ། །སྨོས་པ་འདི་དག་གིས་མཚོན་ནས་རྩོད་བཅས་གཞན་པ་ཡང་བསྡུས་སོ། །གསུམ་པ་ནི། ཕྱི་རོལ་ནི་གནས་ ཀྱི་ར་བའི་ཕྱི་རོལ་ནས་སོ། །འདོམ་གང་གི་ཞེས་པ་ནི་ཁྲུ་བཞིའོ། །དེའི་མཐའི་ཞེས་བྱ་བ་ནི་འདོམ་གང་གི་མཚམས་སོ། །དེའི་ཉེ་ཁོར་གྱི་སྟེ་དེ་དང་ཉེ་བ་ཉིད་དེའི་ཉེ་ཁོར་ཏེ་འདོམ་གང་གི་མཐའ་ཞེས་བྱ་བའི་ཕ་མཐའི་ཆའོ། །ནང་རོལ་ན་ཞེས་ཕ་མཐའི་ཆ་དེའི་ཚུ་རོལ་ཏེ་འདོམ་ གང་གི་ནང་ཉིད་དོ། །ནང་རོལ་དེའི་དབུས་སམ་མཐའི་ཕྱོགས་གང་ཡང་རུང་བ་དེ་ན་ཆུ་ཀླུང་ངམ། ངམ་གྲོག་གམ། ཁྲོན་པ་དང་འདམ་སྟེ་ཐུག་པ་ཉིད་ནི་རྩོམ་དུ་མི་རུང་བའི་བྱེ་བྲག་ཡིན་ནོ། །དེ་ལྟར་རྒྱལ་པོ་དང་ཞེས་པ་ནས་འདིའི་བར་ནི་གོ་རིམ་བཞིན་དུ་མི་རུང་བ་དང་། རྩོད་ པ་དང་བཅས་པ་དང་། རྩོམ་དུ་མི་རུང་བ་གསུམ་པོ་དེ་དག་ཡིན་ནོ། །འདིར་དཀའ་བའི་གནས་ཡོད་དེ། ཆུ་ཀླུང་། ངམ་གྲོག །ཁྲོན་པ་དང་གསུམ་ཀ་ཚོགས་པ་ཡན་ལག་ཏུ་མི་དགོས་ཏེ། ཊཱི་ཀ་ལས། དེ་དག་ལས་གཅིག་དང་འདོམ་ན་ཡང་གནས་ཚེ་ཐུང་བར་འགྱུར་པས་ བརྩམ་དུ་མི་རུང་ཞེས་སོ། །ཆུ་ཀླུང་དང་ངམ་གྲོགས་ལ་སོགས་པ་དེ་དག་གིས་ཕྱོགས་བཞིའི་མཐའ་འཁོར་བ་ནི་མི་དགོས་ཏེ། ཊཱི་ཀ་ལས། ཕྱོགས་ཐམས་ཅད་དུ་ཁོ་ར་ཁོར་ཡུག་ཀུན་ན་ཆུ་ཀླུང་ལ་སོགས་པ་ཐམས་ཅད་དང་འདོམ་པ་ལ་ནི་མི་བསྙེགས་སོ་ཞེས་སོ། །འདིར་འདི་ 6-1-377b ལྟ་བུ་ཞིག་ཤེས་དགོས་ཏེ། འོ་ན་ས་གཞི་བཙལ་བ་དང་གཞི་མ་དག་པ་གསུམ་སྟེ། ས་གཞིའི་སྐྱོན་བཞི་པོ་ལ་གཙོ་མི་གཙོ་ཡོད་དམ་མེད་ཅེ་ན། འཕགས་པ་བེ་ཤ་ཀ་ནི། ས་གའི་ལྷས། ས་གཞིའི་སྐྱོན་བཞི་པོ་ལ་གཙོ་ཆེ་ཆུང་མེད་དེ་བཞི་པོ་གང་མ་ཚང་ཡང་མཐར་ཐུག་ལ་སྦོམ་པོར་ བཞག་གོ། སློབ་དཔོན་དྷརྨ་མི་ཏྲ་ཆོས་བཤེས་ནི་བཙལ་བ་གཙོ་ཆེ་སྟེ། ས་གཞིའི་སྐྱོན་བཞི་པོ་དེ་ཡང་ས་གཞི་བཙལ་བ་ཡོད་ན་གཞན་གསུམ་པོ་མ་ཚང་ཡང་སྦྱོར་བ་ལ་ཉེས་བྱས་དང་། མཐར་ཐུག་ལ་སྦོམ་པོར་འགྱུར་རོ། །བཙལ་བ་མེད་ན་གཞན་གསུམ་པོ་ཡོད་ཀྱང་སྦྱོར་བ་ དང་མཐར་ཐུག་གཉིས་ཀ་ལ་ཉེས་བྱས་སུ་འགྱུར་རོ། །བཙལ་བ་གཙོ་བོ་ཡིན་པར་ཅིས་ཤེས་ན། ལུང་རྣམ་འབྱེད་ལས། དགེ་སློང་གིས་ཁང་པ་བྱེད་དུ་འཇུག་ཅིང་མི་རུང་བར་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །རྩོད་པ་དང་བཅས་པ་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། ། བརྩམ་དུ་མི་རུང་བར་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །མ་བསྟན་པར་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །ཚད་ལས་ལྷག་པར་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །ཐམས་ཅད་ལས་འདས་པར་བྱེད་དུ་འཇུག་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ཏེ། བཙལ་བ་ནི་ལུང་གི་སྐབས་དེར་དངོས་སུ་མ་གསུངས་པས་ཡན་ལག་ཐམས་ཅད་ཀྱི་ཁོང་ན་ཡོད་པར་གསལ་ཏེ། བཙལ་བ་དེ་ཡན་ལག་གཞན་རྣམས་ཀྱི་གཞི་བྱེད་པའི་གཙོ་བོ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་ན་པཎྜི་ཏའི་བཤད་ལུགས་དེ་གཉིས་ལ། རྒྱ་ཚ་ན་རེ། པཎྜི་ཏ་གཞན་ གྱི་འདོད་པ་དེ་འཐད་ཀྱི། རྒྱ་ཆེར་འགྲེལ་པའི་བཤད་ལུགས་དེ་མི་འཐད་དེ། བཙལ་བ་ཡན་ལག་གི་གཙོ་བོ་ཡིན་ན་བཙལ་བའི་དགག་བྱ་འདོད་པ་ཆེས་པ་ཡིན་པས་འདོད་པ་ཆེས་པ་དགག་བྱའི་གཙོ་བོ་ཡིན་དགོས་ལ། དེ་ལྟར་ན་དགེ་སློང་གིས་གཞན་དོན་དུ་ཁང་པ་བརྩིག་པ་ 6-1-378a ཆོས་ཅན། ཁང་པའི་ལྷག་མ་མི་བསྐྱེད་པར་ཐལ། འདོད་ཆེས་ཀྱི་དགག་བྱ་མེད་པའི་ཕྱིར། འདོད་ན་བསྐོས་པ་ཉིད་དང་། མ་བསྐོས་པ་ཉིད་དག་ནི་གཙོ་བོ་ཉིད་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །ཞེས་འཆད་དོ། །དེ་ལ་རོག་ཁྲི་བཟང་ན་རེ། རྒྱ་ཆེར་འགྲེལ་པའི་ལུགས་དེ་འཐད་དེ། ཁྱེད་ཀྱི་ཐལ་འགྱུར་དེ་ལ་མགོ་མཚུངས་ཀྱི་ཐལ་འགྱུར་འདི་སྐད་དུ། ཁང་པའི་ལྷག་མ་བསྐྱེད་པ་ལ་བརྩམ་དུ་མི་རུང་བ་ཡན་ལག་ཏུ་དགོས་པའི་གནད་ཀས་དོན་དང་བྱ་བ་མང་བ་དགག་བྱ་ཡིན་པས། དགེ་སློང་གིས་གཞན་བསྐོས་ཏེ་ ཁང་པ་བརྩིགས་པ་ཆོས་ཅན། ཁང་པའི་ལྷག་མ་མི་བསྐྱེད་པར་ཐལ། དོན་དང་བྱ་བ་མང་བའི་དགག་བྱ་མེད་པའི་ཕྱིར། འདོད་ན། བསྐོས་པ་ནི་རང་ཉིད་དང་འདྲའོ་ཞེས་གསུངས་པ་དང་འགལ་ལོ་ཞེས་ཟེར་རོ། །འོན་ཀྱང་ཐལ་འགྱུར་དེ་ཕན་ཚུན་གཉིས་ཀའི་རྟགས་དང་ཁྱབ་ པ་མ་གྲུབ་བོ། །དེ་ཡང་བྱ་བ་དེ་འབྲེལ་གྱི་དགག་བྱ་མེད་པ་ལ་ལྟུང་བ་དངོས་གཞི་མི་བསྐྱེད་པས་མ་ཁྱབ་སྟེ། སྐྱོན་ནས་སྨྲ་བ་ལ་མི་དགའ་བའི་བསམ་པ་མ་སྐྱེས་ཀྱང་ལྟུང་བྱེད་བསྐྱེད་པའམ། སྲོག་ཆགས་མེད་པའི་ས་བརྐོས་ན་སྲོག་ཆགས་ལ་གནོད་པའི་དགག་བྱ་མེད་ཀྱང་ ས་བརྐོས་པའི་ལྟུང་བྱེད་བསྐྱེད་པ་བཞིན་ནོ། །འོ་ན་པཎྜི་ཏ་དེ་གཉིས་ཀྱི་འདོད་པ་དེ་གང་འཐད་ཅེ་ན། མཚོ་སྣ་པ་ཆེན་པོ་ན་རེ། པཎྜི་ཏ་སྔ་མའི་འདོད་པ་ལྟར་ས་གཞི་མ་དག་པའི་ཆོས་གསུམ་རེ་རེ་ལས་ཀྱང་མཐར་འགྱུར་བ་དེ་འཐད་པར་སེམས་ཏེ། སྔར་དྲངས་པའི་རྣམ་འབྱེད་ ལས་སྦོམ་པོར་གསུངས་པ་དང་མཐུན་ལ། བཙལ་བ་དངོས་སུ་མ་གསུངས་ཀྱང་། དངོས་སུ་མ་གསུངས་པ་ཙམ་གྱིས་ཡན་ལག་གི་གཙོ་བོ་ཡིན་པའི་ངེས་པ་མེད་དེ། བསྙེན་བཀུར་བསྔགས་པ་ལ་ཡུལ་བུད་མེད་རྫུ་འཕྲུལ་ཅན་མ་ཡིན་པ་དངོས་སུ་མ་གསུངས་ཀྱང་ཡན་ལག་གི་ 6-1-378b གཙོ་བོ་མ་ཡིན་པ་བཞིན་ནོ། །ཚད་ལས་ལྷག་པ་དང་ས་གཞི་བཙལ་བ་ལ་སོགས་པ་ལ་ཡང་གཙོ་མི་གཙོ་མེད་དེ། ཊཱི་ཀ་ལས། བཙལ་བ་ལ་སོགས་པ་གཞིའི་ཡན་ལག་གཞན་རྣམས་མ་ཚང་ཡང་ཚད་ལས་ལྷག་པར་བྱེད་ན་མཐར་ནི་སྦོམ་པོར་འགྱུར་བར་བཤད་དོ། །ཞེས་ འཆད་པ་ལེགས་པར་གོའོ། །གསུམ་པ་བརྩིག་ཏུ་གནང་བ་ལ། བརྩིག་པར་གནང་བའི་ཁང་ཚད་བསྟན། །གནང་ཕྱིར་དགེ་འདུན་ཉིད་ལ་ཞུ། །དང་པོ་ནི། ཚད་ལས་ལྷག་པའོ་ཞེས་སྔར་སྨོས་པའི་ཁང་པའི་ཚད་ནི་གང་ཞེ་ན། ལུང་དང་ཊཱི་ཀ་ལས་རྡུལ་ཕྲ་རབ་ནས་བརྩིས་ པའི་ཁྲུ་ལ་གསུངས་ལ། འགྲེལ་ཆུང་ལས། མི་འབྲིང་པོའི་ལུས་ཚད་དང་ལྡན་པའི་ཁྲུ་ཞེས་ཏེ་འཛམ་བུ་གླིང་པའི་ཚེ་ལོ་བརྒྱ་པའི་ཁྲུའི་ཚད་ནི་དེ་གཉིས་ཀའི་གཞི་མཐུན་ཡིན་ལ། དེས་ན་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐེའུ་ཆུང་གི་མཐོ་གང་སྟེ། ཁང་པའི་ ནང་རོལ་དུ་གཞལ་ནས་བདེ་བར་གཤེགས་པའི་མཐོ་དེ་ཁང་པའི་དཀྱུས་སུ་བཅུ་གཉིས་དང་ཞེས་པ་མིའི་ཁྲུ་བཅོ་བརྒྱད་དང་། ཞེང་དུ་བདེ་བར་གཤེགས་པའི་མཐོ་བདུན་གྱི་ཚད་དོ་ཞེས་མིའི་ཁྲུ་ཕྱེད་དང་བཅུ་གཅིག་གོ། གཉིས་པ་ནི། མ་བསྟན་པ་ལའོ་ཞེས་སྔར་སྨོས་ན་བསྟན་ པ་དེ་ནི་གང་ཞེ་ན། ཁང་པ་ཁང་ཆེན་བརྩིག་པའི་ས་གཞི་དགེ་འདུན་ལས་བསྟན་པ་གནང་བ་ཐོབ་པ་ཉིད་ནི་བསྟན་པ་ཉིད་ཡིན་གྱི། ས་གཞི་དགེ་འདུན་གྱི་སྤྱན་སྔར་བསྟན་པ་ཙམ་གྱིས་མ་ཡིན་ནོ། །དེས་ན་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་ཁང་པ་ཁང་ཆེན་གྱི་ གནང་བ་བྱིན་ན་གནང་བ་དེ་ཐོབ་པའི་དགེ་སློང་གིས་ཁང་པ་ཁང་ཆེན་ཚུལ་བཞིན་དུ་བརྩིག་པ་ལ་ཉེས་པ་མེད་དོ། །དེའི་ཕྱིར་ཊཱི་ཀར་གཞི་གང་ལ་བསྟན་པའི་རྣམ་པ་དེ་ཉིད་གང་ལས་ཐོབ་པ་དེ་ནི་འདིར་བསྟན་པ་ཡིན་པར་དགོངས་སོ། །ཞེས་སོ། །བཞི་པ་བསླབ་བྱ་ལ། སྐབས་ 6-1-379a ཀྱི་བསླབ་པར་བྱ་བ་དང་། དེའི་ཞར་ལས་བྱུང་བའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། ས་གཞི་དག་པ་སྟེ། གནང་བ་ཆགས་པའི་གཞི་ཡིན་ན་ནི་གནང་བ་མ་བྱིན་པར་བརྩིགས་ཀྱང་དགེ་འདུན་ལྷག་མ་མི་འབྱུང་བས། གནང་ བ་སྦྱིན་དགོས་པ་དེས་དགེ་འདུན་ལྷག་མ་འགོག་པ་ནི་མ་ཡིན་ནོ། །འོ་ན་གང་ཞེ་ན། གནང་བ་ཆགས་པའི་གཞི་ཡིན་ན་ཡང་གནང་བ་མ་བྱིན་པར་བརྩིགས་ན་དགེ་སློང་ལ་སྦོམ་པོ་འབྱུང་བ་ལས། གནང་བ་བྱིན་པས་སྦོམ་པོ་ཁེགས་པ་དང་། ལས་ཀྱི་ཆོ་ག་བྱིན་པས་བཅས་པའི་ས་ མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་གནང་བ་སྦྱིན་པ་ནི་ཆོས་བཅུ་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་ཅེས་པ་ལ་སོགས་པ་བརྒྱད་ཐུན་མོང་བ་སྟེ། ལས་ཀྱི་གཞིར་འཆད་ཅིང་ས་གཞི་དག་པ་དང་ལྡན་པ་སྟེ་ མ་དག་པ་གསོལ་བར་མི་བྱ་ཞེས་པ་དང་། གཞན་དུ་ན་ས་གཞི་སྲོག་ཆགས་ཅན་རྩོད་པ་ཅན་ཡིན་ན་ཆོས་མ་ཡིན་པར་འགྱུར་བའི་ཕྱིར་རོ། །སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་སྟེ། སྔར་གནང་བ་མ་ཐོབ་པ་ལ་ཞེས་པའི་གནད་ཀྱིས་དང་། གཞན་དུ་ན་གནང་བའི་ཆོ་ག་རྫས་ གཞན་གྱི་སྟེང་དུ་དེ་དང་རིགས་འདྲ་གནང་བའི་ཆོ་ག་རྫས་གཞན་མི་འཆགས་པའི་ཕྱིར་རོ། །དམིགས་ཀྱིས་བསལ་བ་ཡང་ཡོད་དེ། དགེ་སློང་མའི་ཆོས་གོས་བྱིན་གྱིས་བརླབས་པ་སྔ་མའི་སྟེང་དུ་ཕྱི་མ་འཆགས་སོ། །མཚམས་པོ་ཆེའི་ཆོ་ག་བྱས་པའི་སྟེང་དུ་མི་འབྲལ་བའི་ གནང་བའི་ཆོ་ག་འཆགས་སོ། །དགེ་ཚུལ་གྱི་ཁང་པ་བརྩིག་ན་ཡང་གནང་བ་སྦྱིན་དགོས་ཏེ་བསྡམ་བྱའི་ཉེས་བྱས་སུ་འབྱུང་བ་དེ་དགག་དགོས་པའི་ཕྱིར་རོ། །དགེ་ཚུལ་གྱིས་ལས་ཀྱི་ཆོ་ག་དེ་ཐོས་སུ་མི་རུང་བས་ཆོ་ག་རྗེས་སུ་བསྒྲགས་པའི་ཚུལ་གྱིས་སོ། །གཉིས་པ་རྟེན་གང་གིས་ 6-1-379b གནང་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་སྔར་ལས་ཀྱི་གནས་པ་སྦྱིན་པའི་སྐབས་སུ་བཤད་ཟིན་ཏོ། །གསུམ་པ་གཞི་གང་ལ་གནང་བ་སྦྱིན་པ་ནི། ས་གཞི་དག་པ་ལ་སྟེ་མ་དག་པ་གསོལ་བར་མི་བྱའོ་ཞེས་སོ། །བཞི་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་ མཇུག་གསུམ་སྟེ། སྦྱོར་བའི་ཆོ་ག་ནི་གཉིས་ལས། གང་ཟག་གིས་བྱ་བ་ནི་འདུལ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་། ཕྱག་འཚལ་ཞིང་སྤྱོད་ལམ་བསྟུན་པ་དང་། གསོལ་བ་ལན་གསུམ་བཏབ་པའོ། །དགེ་འདུན་གྱི་བྱ་བ་ནི་དགེ་འདུན་རང་གིས་ས་གཞི་བརྟག་པའམ་དགེ་ འདུན་གྱིས་བསྐོས་པའི་དགེ་སློང་གིས་ས་གཞི་བརྟགས་ཏེ་དགེ་འདུན་ལ་བརྗོད་པའོ། །དངོས་གཞིའི་ཆོ་ག་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་གི་ཆོ་ག་ལ་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །ལྔ་པ་གནང་བ་འཇིག་པའི་རྒྱུ་ནི། གཞི་མ་དག་པར་འཕོས་ན་ འཇིག་སྟེ་གནང་བ་འཆགས་པའི་གཞི་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །དགེ་སློང་དེ་ཁྱིམ་པར་བབས་པའམ། ཤི་བའམ། མཚན་གཉིས་གཅིག་ཅར་བྱུང་ངམ། མཚན་ལན་གསུམ་དུ་གྱུར་ན་འཇིག་སྟེ་རྟེན་ཞིང་མ་ཡིན་པར་གྱུར་པའི་ཕྱིར་རོ། །རྟེན་མཚན་གྱུར་ན་ ཡང་འཇིག་སྟེ་འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་གསུངས་སོ། །གོ་སླ་བར་བྱ་བའི་ཕྱིར་འཇིག་རྒྱུ་ཞེས་བརྗོད་ཀྱང་ཞིག་པ་དངོས་ཉིད་ཡིན་ཏེ། འཇིག་རྒྱུ་ཞེས་བརྗོད་པ་ཐམས་ཅད་དེ་བཞིན་ནོ། །གཉིས་པ་ནི། གོང་དུ་སྨོས་པའི་ས་གཞི་མ་དག་པ་གསུམ་པོ་གང་ཡང་རུང་ བ་ཡིན་ན་དགེ་འདུན་ལ་གསོལ་བར་མི་བྱའོ་སྟེ་བྱས་ན་ཉེས་བྱས་སོ། །དགེ་སློང་དེས་གང་ལ་གསོལ་བ་བཏབ་པའི་དགེ་འདུན་རང་དག་གཞི་དེ་ཉེས་མེད་ཡིན་མིན་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་འདུན་གྱིས་དགེ་སློང་བརྐོས་པ་དག་གོ་ཞེས་པ་ཊཱི་ཀར། བསྐོས་པ་ 6-1-380a དག་རྟོག་ཏུ་བཏང་བར་བྱའི་གཞན་ནི་མ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ལོ་དྲུག་སྟན་གྱི་གནང་བ་གསོལ་བ་ན་སྟན་སྔ་མ་རྙིངས་ཤིང་བཅོས་དཀའ་བ་ཉིད་ཡིན་ནམ་བརྟགས་ལ། ཡང་རང་དག་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་ དག་གོ་ཞེས་པ་མདོ་སྔ་མ་དེ་བཞིན་ནོ། །བཞིན་ནོ་ཞེས་འདྲ་ཆོས་གཉིས་ཀྱིས་འདྲ་བར་སྐབས་འདི་ཉིད་ཀྱི་རང་གི་རྣམ་བཤད་དང་ཊཱི་ཀ་ལས་བཤད་ཅིང་། ལོ་དྲུག་སྟན་གྱི་གནང་བ་གསོལ་ན་ཡང་མ་དག་པ་གསོལ་བར་མི་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་གོ་ཞེས་ འདྲ་ཆོས་གསུམ་སྟེ། ཁང་པ་ཁང་ཆེན་གྱི་གནང་བ་དང་འདྲ་ཆོས་གསུམ་གྱི་འདྲ་བར་ལོ་དྲུག་སྟན་གྱི་སྐབས་ཀྱི་རྣམ་བཤད་དང་ཊཱི་ཀ་ལས་བཤད་དེ་ཕྱི་མ་དེ་ཁྱབ་ཆེ་བས་ལེགས་སོ། །ལྔ་པ་ནི། གནས་གཞན་གྱིས་བྱས་ཟིན་པ་རྙེད་པ་བདག་གིས་གཏན་ཐོབ་པ་དང་། བྱས་ པ་ལ་ལོངས་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ། །གནས་རྙིང་པ་ལེགས་སུ་འཆོས་པ་ལ་ཡང་ངོ་ཞེས་པ་ཊཱི་ཀར། གནས་རྙིང་པ་འཆོས་ཤིང་བྱི་དོར་བྱེད་པ་ལ་ནི་ལྟུང་བ་མེད་དོ། །རྙིང་པ་ཞེས་བྱ་བ་སྨོས་པ་ནི་དཔེ་སྟེ། གསར་པ་འཆོས་ཤིང་བྱི་དོར་བྱེད་པ་ལའང་ལྟུང་བ་ མེད་པ་ཁོ་ནའོ། །ཞེས་སོ། །རྣམ་འབྱེད་འགྲེལ་པ་ལས། བྱས་པ་རྙེད་པ་ནི་གཞན་གྱིས་བྱས་ཟིན་པ་བདག་གིས་གཏན་ཐོབ་པའོ། །བྱས་པ་ལ་ལོངས་སྤྱོད་པ་ནི་གཞན་གྱིས་བྱས་ཟིན་པ་ལ་རེ་ཞིག་ལོངས་སྤྱོད་པའོ་ཞེས་སོ། །སྨྲས་པ། ཀྱེ་མ་གཙུག་ལག་རིགས་ པར་ཞུགས་ཚེ་བློ་གྲོས་བརྒྱལ་ན་ཡང་། །གཟུ་བོར་མི་སྤྱོད་པ་ན་ཕྲག་དོག་སྨྲེ་སྔགས་འདོན། །དཀའ་བའི་གནས་ལ་ཐེ་ཚོམ་དང་བཅས་ཟོལ་ལྷུར་ལེན། །བླུན་ལ་མི་འཇིགས་སྤོབས་པར་རློམ་དེར་ངས་ཅི་བྱ། །སྡུག་བསྔལ་གོ་འཕང་གཞན་ལ་སྦྱིན་བརྩོན་ཅིང་། ། 6-1-380b རང་ལ་ལྟོས་བཅས་ཆགས་སྡང་ལ་སྦྱོར་ནས། །རྟག་ཏུ་ཟང་ཟིང་འབའ་ཞིག་སྒྲུབ་བྱེད་པ། །དེ་འདྲས་བསླབ་ཚུལ་འཛིན་ཅེས་འདོད་ལྡན་སྒྲོག །རྒྱལ་བ་ཁྱོད་ཀྱི་གསུང་གི་བུ་མོ་ཡི། །འཛུམ་པ་འབྱེད་པའི་ཚིག་དོན་རེ་ལ་ཡང་། །དབང་པོ་དྲུག་དོན་ཉམས་སུ་མྱོང་བ་ན། ། བསྐལ་པར་སྤྱད་ཀྱང་ཆོག་ཤེས་གནས་སྐབས་ཅི། །འདི་འདྲ་འབྱོར་པ་ཐོབ་པ་དག །ཆོས་མིན་དུད་འགྲོ་མོ་བཞིན་མཐོང་། །དེ་ཕྱིར་ཆེན་པོའི་བསྟན་པ་ལ། །སྙིང་སྟོབས་ཆེན་པོས་འཇུག་པར་སྤྲོ། །ཁང་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།གཉིས་པ་ཐུན་ མོང་མིན་པའི་ཁང་ཆེན་བྱེ་བྲག་ཏུ་བསྟན་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ཡུལ་ཀཽ་ཤཱམྦྷིར་འདུན་པ་ལ་སོགས་པ་དྲུག་སྡེས་གཙུག་ལག་ཁང་བརྩིགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པ་ དང་། རྩོད་པ་རྒྱས་པ་དང་། དོན་དང་བྱ་བ་མང་བའོ། །སྐྱེ་བ་པོ་ཕྲ་མོའི་གནས་དང་། རྩོད་པ་དང་བཅས་པ་ཉིད་དང་། རྩོམ་དུ་མི་རུང་བ་ཡན་ལག་ཏུ་དགོས་པར་གསུངས་པས་གྲུབ་སྟེ་གོ་རིམ་བཞིན་ནོ། །འདོད་པ་ཆེས་པ་ནི་དགག་བྱ་མིན་ཏེ་བཙལ་བ་དང་རང་དོན་ཡན་ ལག་ཏུ་མི་དགོས་པའི་ཕྱིར་རོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ས་གཞི་མ་དག་པར་དཀོན་མཆོག་གསུམ་གང་ཡང་རུང་བའི་ཆེད་དུ་མངོན་གྱུར་གྱི་བདག་པོ་ཚོགས་ཀྱི་དོན་དུ་གནས་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ ལག་ལ་གཉིས་ཏེ། གང་དུ་བརྩིག་པའི་གཞི། གང་བརྩིག་པའི་དངོས་པའོ། །དང་པོ་ནི། ས་གཞི་བཙལ་བ་ནི་འདིར་ཡན་ལག་ཏུ་མི་དགོས་ལ། ས་གཞི་མ་དག་པ་གསུམ་ལྡན་སྔར་དང་འདྲའོ། །གཉིས་པ་ནི། ཚད་ལས་ལྷག་པ་འདིར་ཡན་ལག་ཏུ་མི་དགོས་ལ་གནས་ 6-1-381a ཀྱི་ངོ་བོར་གྲུབ་པ་དང་། སྤྱོད་ལམ་བཞི་ཤོང་བ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་གསུམ་པོ་སྔར་ཁང་པའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལས་མ་ འཁྲུལ་པའོ། །ཀུན་སློང་ནི། དཀོན་མཆོག་གསུམ་ཀའི་དེ་གསུམ་གང་རུང་གི་ཆེད་དུ་མངོན་གྱུར་གྱི་བདག་པོ་བཞི་ཡན་ཆད་ཚོགས་ལོངས་ཀྱི་དོན་དུ་གནས་བརྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི། གང་ལ་བསམ་པ་དེ་ཉིད་ལ་རང་ངམ་བསྐོས་པས་གནས་ བརྩིག་པར་ཞུགས་པའོ། །མཐར་ཐུག་ནི། ཐོག་ཕལ་ཆེར་གཡོགས་ཟིན་པ་སྔར་དང་འདྲའོ། །གཉིས་པ་ནི། ཁང་ཆེན་གྱི་སྐབས་འདིར་སྔོན་གྱི་འདུལ་བ་འཛིན་པ་རྣམས་ལ་འདི་ལྟར་གྲགས་ཏེ། བཙལ་དང་ཚད་ལས་ལྷག་པ་འདིར་མི་དགོས། །གཅིག་དོན་གནས་ སུ་འདིར་ནི་ཚོགས་དོན་ཏེ། །དེ་དག་ལས་གཞན་ཁང་པའི་སྐབས་ཀྱི་གཞུང་། །དེ་དག་ཁང་ཆེན་གྱི་ཡང་ཐུན་མོང་ཡིན། །ཅེས་པ་ལྟར། སྔར་ནི་གཅིག་གི་དོན་དུའོ་ཞེས་བསྟན་པ་དེ་ལས་འདིར་ཁང་ཆེན་གྱི་ལྷག་མ་བསྐྱེད་པ་ལ་ཚོགས་ཀྱི་དོན་དུའོ་ཞེས་གསུངས་ཏེ། རང་ གི་རྣམ་བཤད་དང་། ཊཱི་ཀ་ལས། འདིར་ཁྱིམ་པ་ཡན་ཆད་རབ་ཏུ་བྱུང་བ་དང་། རབ་ཏུ་མ་བྱུང་བ་ཡང་རུང་སྟེ་གང་ཟག་བཞི་ཡན་ཆད་ལ་ཚོགས་ཞེས་བྱ་བར་དགོངས་སོ། །ཞེས་སོ། །འོ་ན་ལུང་རྣམ་འབྱེད་ལས། ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་ དགེ་འདུན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས། དེ་ནི་གླེང་གཞིའི་དབང་གིས་ཏེ་དཔེ་ཙམ་དུ་ཟད་པ་འདི་ལ་ཉེས་པ་མེད་དོ། །ཞེས་སོ། །དེས་ན་འདིར་ཁྱད་པར་ལྔ་ལས། བདག་པོའི་གྲངས་ཀྱི་ཁྱད་པར་ནི། ཁང་པའི་ལྷག་མ་བསྐྱེད་པ་ལ་ནི་ 6-1-381b མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་ཡིན་པ་ཡན་ལག་ཏུ་དགོས་ལ། ཁང་ཆེན་གྱི་ལྷག་མ་བསྐྱེད་པ་ལ་ནི་མངོན་གྱུར་གྱི་བདག་པོ་ཚོགས་དོན་ཡན་ལག་ཏུ་དགོས་པའོ། །ཆེད་དུ་བྱ་བའི་ཁྱད་པར་ནི། དཀོན་མཆོག་ལས་གཞན་པའི་ཆེད་དུ་བརྩིགས་པའི་གནས་ནི་ཁང་པ་ཡིན་ ལ། དཀོན་མཆོག་གི་ཆེད་དུ་བརྩིགས་པའི་གནས་ནི་ཁང་ཆེན་ཡིན་ནོ། །བཙལ་བ་དགོས་མི་དགོས་ཀྱི་ཁྱད་པར་ནི། ཁང་པའི་ལྷག་མ་བསྐྱེད་པ་ལ་ནི་ས་གཞི་དང་ཡོ་བྱད་བཙལ་བ་ཡན་ལག་ཏུ་དགོས་ལ། ཁང་ཆེན་ལ་ནི་དེ་ལྟར་མ་ཡིན་ཏེ། བཙལ་རུང་མ་བཙལ་རུང་ལྷག་ མར་འགྱུར་རོ། །ཚད་ལས་ལྷག་པ་དགོས་མི་དགོས་ཀྱི་ཁྱད་པར་ནི། ཁང་པ་ལ་ནི་ཚད་ལས་ལྷག་པ་དངོས་གཞི་ཡན་ལག་ཏུ་དགོས་ལ། ཁང་ཆེན་ལ་མི་དགོས་སོ། །གནས་ཀྱི་ཁྱད་པར་ནི། སྤྱོད་ལམ་བཞི་ཤོང་ཙམ་གྱི་གནས་བརྩིགས་ན་ཁང་པའི་ལྷག་ མར་མི་འགྱུར་ཏེ། ཚད་ལས་ལྷག་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །སྤྱོད་ལམ་བཞི་ཤོང་ཙམ་གྱི་གཙུག་ལག་ཁང་བརྩིགས་ན་ཁང་ཆེན་གྱི་ལྷག་མར་འགྱུར་རོ། །འདི་ལ་ནི་ཚད་ལས་ལྷག་པ་ཡན་ལག་ཏུ་མི་དགོས་ཏེ། ཊཱི་ཀ་ལས། གཙུག་ལག་ཁང་ལ་ནི་ ཚད་ངེས་པ་མེད་དོ། །ཞེས་སོ། །སྨྲས་པ། བདག་པོའི་གྲངས་དང་ཆེད་དུ་བྱ། །བཙལ་དང་ཚད་ལས་ལྷག་པ་དང་། །གནས་ཀྱི་མཐའ་ཚང་ཁྱད་པར་ཏེ། །ཁང་པ་ཁང་ཆེན་ཁྱད་པར་ལྔ། །ཞེས་བཟུང་ངོ་། །གཙུག་ལག་ཁང་གི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །། གཉིས་པ་ལ། ལྟུང་བ་ན་སྨད་བསྟན་པ་དང་། །བསླབ་བྱའི་ཉེས་བྱས་བསྟན་པའོ། །དང་པོ་ནི། ཁང་པ་དང་ཁང་ཆེན་བརྩིག་པར་རྩོམ་པ་རྨངས་འདིངས་པ་ལྟ་བུ་ནི་སྦྱོར་བ་ཉིད་དོ་སྟེ་ལྷག་མར་བསྐྱེད་ནུས་ཀྱི་སྦྱོར་བའི་རིག་བྱེད་ཡིན་པ་དང་། སྦྱོར་བ་མཚན་ཉིད་པ་སྦོམ་ 6-1-382a པོ་བསྐྱེད་པ་དང་། འདུན་པ་ལོག་ན་སྦྱོར་བའི་རྣམ་པའི་སྦོམ་པོར་འགྱུར་བ་སྟེ། དོན་གསུམ་མོ། །ཁང་པའམ་གཙུག་ལག་ཁང་སྟེང་མ་གཡོགས་པར་བྱེད་དུ་གཞུག་གོ་སྙམ་པའི་བསམ་པས་བྱེད་དུ་འཇུག་པའི་མཐའ་ཡང་སྦྱོར་བ་དེ་དང་འདྲ་སྟེ་སྦོམ་པོར་ འགྱུར་རོ། །ཊཱི་ཀར། དེ་ཡང་དེ་དང་འདྲ་སྟེ། སྦྱོར་བ་དང་འདྲ་བར་བལྟ་བར་བྱ་སྟེ། སྦོམ་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་སོ། །འདི་ལ་ཡང་མ་གཡོགས་པ་དེ་ཟིན་ན་སྦྱོར་བའི་སྦོམ་པོར་འགྱུར་ལ། ཕྱིས་སྟེང་གཡོགས་བྱ་བའི་བློ་སྐྱེས་ཏེ་ཐོག་བཀབ་ན་ནི་དངོས་གཞིའི་རྣམ་པའི་ སྦོམ་པོར་འགྱུར་རོ། །གང་ཟག་དུ་མ་གཉིས་སམ་གསུམ་གྱི་དོན་དུ་བརྩིགས་པ་ན་སྦོམ་པོའོ། །ཁང་པ་དང་ཁང་ཆེན་གྱི་ལྷག་མར་མི་འགྱུར་ཏེ་གཅིག་དོན་མ་ཚང་བའི་ཕྱིར་དང་། ཚོགས་དོན་མ་ཚང་བའི་ཕྱིར་རོ། །མ་བསྐོས་པར་རོ་ཞེས་པ་འདི་ལ། བྲབ་ཤི་ན་རེ། གཞན་ཆེད་དུ་ བརྩིགས་པའི་ལྷག་མ་བསྐྱེད་པ་ལ་གཞན་དེས་བསྐོས་པ་ཡན་ལག་ཏུ་དགོས་ལ། བསྐོས་པ་ཡན་ལག་ཏུ་མ་ཚང་བས་སྦོམ་པོའོ་ཞེ་ན། བསྐོས་པ་ཉིད་དང་མ་བསྐོས་པ་ཉིད་དག་ནི་གཙོ་བོ་མ་ཡིན་པ་ཞེས་གསུངས་པ་དང་འགལ་ལ། བསྐོས་པའི་ཡན་ལག་མ་ཚང་ནས་སྦོམ་ པོར་བཞག་པ་ཉིད་ཡིན་ན། ཊཱི་ཀ་ལས། དངོས་གཞིར་ཡང་མི་འགྱུར་ཏེ་བཙལ་བའི་ཡན་ལག་ཉིད་མེད་པའི་ཕྱིར་ཞེས་གསུངས་པ་དང་འགལ་ཅིང་མི་རིགས་སོ། །ཞེས་སོ། །འོ་ན་མདོ་འདིའི་དོན་རང་ལུགས་ནི་རྩིག་པ་པོ་ལ་ཁང་པ་བརྩིག་པའི་ས་གཞི་ཚོལ་ཅིག་ཅེས་མ་བསྐོས་པར་རང་ཉིད་ དབང་བའི་ས་གཞིར་ཁང་པ་བརྩིགས་ན་སྦོམ་པོར་འགྱུར་གྱི། ཁང་པའི་ལྷག་མར་མི་འགྱུར་ཏེ་ས་གཞི་བཙལ་བའི་ཡན་ལག་མེད་པའི་ཕྱིར་རོ། །ཊཱི་ཀ་ལས། དངོས་གཞིར་ཡང་མི་འགྱུར་ཏེ་བཙལ་བའི་ཡན་ལག་མེད་པའི་ཕྱིར། ཞེས་སོ། །དེས་ན་ས་གཞི་ཚོལ་བར་མ་བསྐོས་ 6-1-382b པ་ཞེས་པ་འདི་ནི་ས་གཞི་བཙལ་བ་ལའོ་ཞེས་གསུངས་པ་དེའི་སེལ་བ་ཡིན་ནོ། །དེས་ན་མདོ་འདིས་ཁང་པ་འབའ་ཞིག་གི་དོན་བསྟན་པ་ཡིན་ནོ། །འོ་ན་སྐབས་འདིའི་ཊཱི་ཀ་ལས། དངོས་པོ་ཚང་ན་ཡང་ཕམ་པར་མི་འགྱུར་ཏེ། གཞི་དེ་གང་དབང་བ་དེ་ཉིད་ཀྱི་ཕྱིར་གཙུག་ལག་ཁང་ བརྩིག་ཏུ་འཇུག་པའི་ཕྱིར། ཞེས་གསུངས་པ་དེ་དང་འགལ་ཅེ་ན། གཙུག་ལག་ཁང་བརྩིག་ཏུ་འཇུག་པ་ལ་མཚོན་པ་དེ་ཞར་བྱུང་དུ་བསྟན་པ་ཡིན་ནོ། །འོ་ན་ཊཱི་ཀ་ལས། ཞུ་བའི་སྐབས་འདི་ཐམས་ཅད་ཁང་པ་དང་། གཙུག་ལག་ཁང་གི་བསླབ་པའི་གཞི་གཉིས་ཀའི་དབང་དུ་བྱས་པར་ རིག་པར་བྱ་བ་ལས་གང་ཟག་གིས་སོ། །ཞེས་བྱ་བ་འདི་འབའ་ཞིག་མ་གཏོགས་ཏེ་ཞེས་བཤད་པ་དང་འགལ་ཅེ་ན། མ་བསྐོས་པར་རོ་ཞེས་པ་འདི་ཡང་ས་གཞི་གང་ཟག་རང་ཉིད་དབང་བ་བསྟན་པ་ཡིན་པས་ས་གཞི་གང་ཟག་གིས་སོ་ཞེས་བྱ་བར་འགྱུར་བས་ཊཱི་ཀ་དང་འགལ་བ་མེད་ དོ་ཞེས་སོག་པས་གསུངས་སོ། །ཡོ་བྱད་རྣམ་པ་དེ་ལྟ་བུའོ་ཞེས་གསུངས་པའི་སེལ་བ་ནི། ཡོ་བྱད་གཞན་ལས་མ་བཙལ་བར་གང་ཟག་རང་གི་ཡོ་བྱད་དག་གིས་ཁང་པ་བརྩིགས་ན་སྦོམ་པོར་འགྱུར་རོ། །རྒྱ་ཆེ་འགྲེལ་པ་ཆེ་ཤོས་ཀྱི་རྩ་བ་ལས། རང་བཞིན་མི་མཐུན་པ་ཡང་ ངོ་། །ཞེས་པ་དང་། རྒྱ་ཆེ་འགྲེལ་བ་ཆུང་ཤོས་ཀྱི་རྩ་བ་ལས་འཕྲོ་ཟིན་པར་བྱེད་ན་ཡང་ངོ་ཞེས་སྔ་མ་ཚིག་འགྱུར་དང་། ཕྱི་མ་དོན་འགྱུར་ཏེ་གནད་གཅིག་པས་སྔ་ཕྱི་གཉིས་ཀ་ལ་འབྲུ་མནན་པར་བྱ་སྟེ། དེ་ཡང་གཞན་གྱིས་ཁང་པ་ཁང་ཆེན་གྱི་ཕྱེད་བརྩིགས་པའི་འཕྲོ་དགེ་ སློང་གིས་ཟིན་པར་བྱེད་ན་ཡང་སྦོམ་པོའོ། །ཡང་ན་སྔར་གཞན་གྱིས་ཕྱེད་བྱས་པ་དང་དེའི་འཕྲོ་ཟིན་པར་རང་གིས་བྱེད་པ་གཉིས་རང་བཞིན་མི་མཐུན་པར་ཟིན་པར་བྱེད་ན་ཡང་སྦོམ་པོའོ་ཞེས་འཆད་དོ། །གཉིས་པ་ནི། དགེ་འདུན་ལ་གནང་བ་གསོལ་བའི་འོག་ཏུ་མ་གྲུབ་ 6-1-383a ན་དགེ་འདུན་གྱི་གནང་བ་དོན་མེད་དུ་བྱས་པའི་ཉེས་བྱས་སོ་ཞེས། ཉེས་བྱས་འདི་ནི་ཁང་པ་ཁང་ཆེན་གཉིས་ཀའི་ཐུན་མོང་ངོ་། །ས་གཞི་བདག་པོ་ལ་གནང་བ་གསོལ་བའི་འོག་ཏུ་མ་གྲུབ་ན་ས་གཞི་བདག་པོས་གནང་བ་དོན་མེད་དུ་བྱས་པའི་ཉེས་བྱས་སོ། །ཞེས་ པ་འདི་ནི་ཁང་ཆེན་ཁོ་ནའི་ཡིན་གྱི། ཁང་པའི་སྐབས་ས་གཞི་བདག་པོ་ལ་གསོལ་བའི་འོག་ཏུ་ཁང་པ་བརྩིགས་པ་མ་གྲུབ་ན་ཉེས་བྱས་འདི་བསྐྱེད་ན་མི་འགལ་བར་འགྱུར་ཏེ། ཁང་པའི་ས་གཞི་བཙལ་བ་ལས་བརྩིགས་ན་མཐར་ཐུག་སྦོམ་པོར་འགྱུར་བས་ཉེས་པ་སྦོམ་པོ་མ་འགྲུབ་ན་ ཉེས་བྱས་བསྐྱེད་པ་མི་རིགས་པའི་ཕྱིར། འོ་ན་ཊཱི་ཀ་ལས། ཞུ་བའི་སྐབས་འདི་ཐམས་ཅད་ཁང་པ་དང་གཙུག་ལག་ཁང་གི་བསླབ་པའི་གཞི་གཉིས་ཀའི་དབང་དུ་བྱས་པར་རིགས་པར་བྱ་བ་ལས་གང་ཟག་གིས་སོ་ཞེས་བྱ་བ་འདི་འབའ་ཞིག་མ་གཏོགས་ཏེ་ཞེས་འཆད་པ་དང་འགལ་ལོ་ཞེ་ན། དགེ་འདུན་ལ་གནང་བར་གསོལ་བའི་འོག་ཏུ་མི་འགྲུབ་ན་ཉེས་བྱས་ཞེས་བསྟན་པ་དེ་ཁང་པ་དང་ཁང་ཆེན་གཉིས་ཀའི་ཐུན་མོང་ཡང་ཡིན་པས་འགལ་བའི་སྐྱོན་མེད་དོ། །ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞུ་བའི་སྐབས་ཏེ་ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ གཉིས་སོ།། །།གཉིས་པ་གནོད་པ་ལས་གྱུར་པ་ལ། ལུང་རྣམ་འབྱེད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། ཐུན་མོང་གཞི་མེད་མཚོན་ཏེ་བསྟན། །བག་ཙམ་ཐུན་མོང་མིན་པ་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། ། དང་པོ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་གཞི་མེད་པར་སྦྱོར་བ་གསལ་པོའི་སྒོ་ནས་ཕམ་པས་སྐུར་བ་བཏབ་པས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྡོམ་ལྡན་ལ་སྐུར་བ་བཏབ་པའི་སྒོ་ནས་རང་རིས་ལ་གནོད་པའོ། ། 6-1-383b ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ལྟ་བ་རང་ཕྱོགས་ཡིན་ན་མཚན་མཐུན་རུང་མི་མཐུན་རུང་བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་ལྡན་པ་དང་། ལྟ་བ་གཞན་ཕྱོགས་པ་ཡིན་ན། བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་ལ་བསམ་པ་ཉམས་འདུན་གྱིས་སྦྱོར་བ་གསལ་པོར་ ཕམ་པས་སྐུར་བ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་སྐུར་བ་བཏབ་པའི་ཡུལ། གང་གིས་སྐུར་བ་བཏབ་པའི་དངོས་པོ། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ལ་བཞི་སྟེ། ལྟ་བ་རང་ཕྱོགས་ པ་ཡིན་ན་མཚན་མཐུན་རུང་མི་མཐུན་རུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་དད་པའོ། ། དང་པོ་ནི། དགེ་སློང་ཉམས་པ་ལའོ་ཞེས་གསུངས་པ་དང་། ཊཱི་ཀ་ལས། ལྟ་བ་ཁས་མི་ལེན་པ་ལ་སྐུར་པ་འདེབས་པ་ལ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ཏེ་ཕམ་པར་མ་གྱུར་པའི་ཕྱིར་རོ་ཞེས་བཤད་དོ། །དགེ་སློང་ལྟ་བ་ཆོས་མིན་ཕྱོགས་སུ་སོང་ཞིང་ཕམ་པ་བྱུང་ན་ནི་དེ་ ལ་སྐུར་བ་བཏབ་ཀྱང་དགག་བྱ་མི་རྫོགས་པའོ། །གཉིས་པ་ཐ་སྙད་གསུམ་ལྡན་ནི། སྨྲ་ཤེས། དོན་གོ། ཤེས་པ་རང་བཞིན་དུ་གནས་པ་སྟེ། སྨྲ་བ་པོ་ཉིད་ལ་ཡོད་པས་ཏེ་ཞེས་གསུངས་པ་དང་། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་གསུངས་པ་དང་། ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློང་སྨྱོན་པ་ལ་སྐུར་བ་བཏབ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་གཟིར་བ་ལ་སྐུར་བ་བཏབ་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པས། ཤེས་པ་རང་བཞིན་དུ་གནས་པ་དགོས་པར་ཤུགས་ཀྱིས་བསྟན་ཏོ། ། 6-1-384a གསུམ་པ་ནི། རེག་པའི་སྐབས་སུ་བཤད་ཟིན་ཏོ། །བཞི་པ་ནི། དགེ་སློང་ཕ་རོལ་པོ་ཞེས་བརྡེག་པ་ལ་སོགས་པའི་གནད་ཀྱིས་ཤེས་སོ། །གཉིས་པ་གང་གིས་སྐུར་བ་བཏབ་པའི་དངོས་པོ་ནི། ཕམ་པའི་དངོས་གཞིས་སྐུར་བ་བཏབ་པ་མ་ཡིན་པ་དང་། མཐོང་ ཐོས་དོགས་གསུམ་གྱི་གཞི་མེད་པ་སྟེ། ཕམ་པར་འགྱུར་བ་ལྷག་པར་སྤྱོད་ཅེས་གསུངས་པ་དང་། གཞི་མེད་པའི་དགེ་འདུན་ལྷག་མ་ཞེས་གསུངས་པས་གྲུབ་བོ། །གསུམ་པ་གང་ལ་གོ་བྱའི་ཡུལ་ནི། ཐ་སྙད་ལྔ་ལྡན་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་ དད་པ་སྟེ་བརྫུན་སྨྲའི་ཕམ་པའི་སྐབས་སུ་སྔར་བཤད་ཟིན་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་མ་དག་པའི་ཕྱོགས་གཅིག་མ་གཏོགས་པ་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །མ་དག་པའི་ཕྱོགས་གཅིག་ལ་ནི་འཁྲུལ་ཏེ་ཕམ་པས་མ་དག་ པ་ལ་དག་པར་འདུ་ཤེས་འཁྲུལ་ཏེ་སྐུར་བ་བཏབ་ན་ལྷག་མར་འགྱུར་རོ། །ཀུན་སློང་ནི་ཉམས་འདུན་གྱིས་ཕམ་པས་སྐུར་བ་འདེབས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གང་ལ་བསམ་པ་དེ་ཉིད་ལ་ངག་གི་རིག་བྱེད་ཀྱིས་ཕམ་པས་སྐུར་བ་འདེབས་པར་ཞུགས་པའོ། །མཐར་ ཐུག་ནི་ཕ་རོལ་པོས་དོན་གོ་བ་སྟེ་གོ་བར་བྱས་ནའོ་ཞེས་སོ། །གཉིས་པ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །གཞི་ཡི་དོགས་གཅོད་བསྟན་པའོ། །དང་པོ་ནི། ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་ཡུལ་དགེ་སློང་ཕ་དང་མ་འཆབ་མེད་ཀྱི་ཕམ་པས་ཉམས་པ་ལ་ཡང་ སྐུར་བ་བཏབ་ན་ལྷག་མར་འགྱུར་རོ། །དེ་ཡང་རང་གི་རྣམ་བཤད་ཀྱི་དགེ་སློང་ཕའི་རྣམ་འབྱེད་ཀྱི་སྐབས་ལས་ཉམས་པ་ལ་ཡང་ཞེས་བྱ་བའི་ཚིག་ནི་དགེ་སློང་ཕ་དང་དགེ་སློང་མ་ཉིད་ཉམས་པ་ཞེས་བྱ་བ་འདི་ལ་སྐུར་བ་འདེབས་པའི་དོན་དུའོ་ཞེས་གསུངས་སོ། །མཚན་དང་ལྟ་ 6-1-384b བའི་ཕྱོགས་ལས་རང་ཉིད་ནི་སྐུར་འདེབས་ཀྱི་སྐབས་འདིར་ཡན་ལག་མ་ཡིན་ནོ། །དེ་ཡང་དགེ་སློང་ཕ་མ་ལས་གྱུར་པ་གཞན་རྣམས་ལ་ཡུལ་ཕ་རོལ་པོ་དེ་ཕམ་པས་མ་ཉམས་པ་དང་། མཚན་མཐུན་པ་དང་། ལྟ་བ་མཐུན་པ་ཡན་ལག་ཏུ་དགོས་ཀྱང་དམིགས་བསལ་སྐུར་ འདེབས་ཀྱི་སྐབས་འདིར་དེ་རྣམས་ཡན་ལག་ཏུ་མི་དགོས་པའི་རྒྱུ་མཚན་ནི། སྐུར་འདེབས་འདི་སྡིག་ཤིན་ཏུ་ཆེ་བས་དོག་ཏུ་བཀག་སྟེ་ལུང་གཅིག་ལས་འཕྲོས་པ་ལས། གང་ཟག་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ནས་སྐུར་བ་བཏབ་པ་གཅིག་པུ་ཉེས་པ་ཆེ་ཞེས་ གསུངས་སོ། །འོ་ན་སྐུར་འདེབས་འདི་གང་ལ་སྐུར་བ་གདབ་པའི་ཡུལ་སྨྲ་ཤེས་དོན་གོ་དགོས་སམ་མི་དགོས་ཞེ་ན། རྒྱ་གར་ན་བཤད་ལུགས་གཉིས་ལས། སློབ་དཔོན་ཡོན་ཏན་འོད་དང་ཆོས་ཀྱི་བཤེས་གཉེན་ནི། གང་ལ་སྐུར་བ་བཏབ་པའི་ཡུལ་དེ་སྨྲ་ཤེས་དོན་གོ་ཡན་ ལག་ཏུ་དགོས་པར་བཞེད་དེ། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་ཞེས་པ་དང་། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་པའི་རང་གི་རྣམ་བཤད་དང་་རྒྱ་ཆེར་འགྲེལ་ལས། ལྐུགས་པ་ལ་གཞི་མེད་པ་དང་། བག་ཙམ་པ་ངག་གིས་སྐུར་བ་འདེབས་པ་ལ་ནི་སྦོམ་པོའོ། །གླེན་པ་ དང་འོན་པ་དག་ལ་གཞི་མེད་པ་དང་། བག་ཙམ་གྱིས་སྐུར་བ་འདེབས་པ་ལ་ཡང་སྦོམ་པོའོ་ཞེས་གསུངས་སོ། །དེ་ཡང་ལུང་ཞུ་བ་ལས། ལྐུགས་པ་དང་གླེན་པ་དང་འོན་པ་ལ་སྐུར་བ་བཏབ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བཤད་པ་ལ་བརྟེན་ནས་སོ། །སློབ་དཔོན་དགེ་ ལེགས་བཤེས་གཉེན་ནི་ལུང་དེ་ཡི་གེ་ལྷག་པར་བཞེད་དེ། ཞུ་འགྲེལ་ལས། གལ་ཏེ་ལྐུགས་པ་ལ་སྐུར་བ་བཏབ་པ་སྦོམ་པོར་འདོད་ན། ལོང་བ་དང་འཐེང་པོ་ལ་སོགས་པ་ལ་ཡང་དེ་དང་འདྲ་བར་ཐལ་བར་འགྱུར་བས་དེ་ལྟ་བས་ན་འདི་ནི་འདོན་པར་མི་བྱའོ། །དེ་བས་ན་འདི་ལ་ 6-1-385a སྐུར་བ་བཏབ་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་ཤེས་པར་བྱའོ། །ཞེས་བཤད་དོ། །དེའི་བསམ་པ་ནི་སྐུར་བ་འདེབས་འདོད་ཀྱི་ལྷག་མའི་སྐབས་འདིར་ཡུལ་ཕམ་པས་མ་ཉམས་པ་ཡན་ལག་ཏུ་མི་དགོས་ཤིང་། མཚན་མཐུན་ལྟ་བ་མཐུན་པ་ཡན་ ལག་ཏུ་མི་དགོས་པ་བཞིན་དུ་ཡུལ་སྨྲ་ཤེས། དོན་གོ། ཡན་ལག་ཏུ་མི་དགོས་པར་ཡང་རྒྱུ་མཚན་མཚུངས་སྙམ་དུ་བསམ་པའོ། །འོན་ཀྱང་སློབ་དཔོན་ཡོན་ཏན་འོད་ཀྱི་རྗེས་སུ་འབྲང་བར་བྱའོ། །ཕམ་པ་བྱུང་བ་བདེན་པར་སྨྲ་བས་གནས་ངན་ལེན་བརྗོད་པའམ་སྐྱོན་ནས་སྨྲ་བའི་ལྟུང་ བྱེད་བསྐྱེད་ཀྱང་སྐུར་འདེབས་ཀྱི་ལྟུང་བ་འདི་མི་བསྐྱེད་ཀྱི། བདེན་པའི་འདུ་ཤེས་བསྒྱུར་ཏེ་བརྫུན་དུ་སྨྲས་པས་སོ། །དེ་ཡང་མཐོང་ཐོས་དོགས་གསུམ་གྱི་གཞི་ལ་མེད་པར་བདག་གིས་མཐོང་ངོ་། །ཐོས་སོ། །དོགས་སོ་ཞེས་སྨྲ་ནའོ། །ཐོས་སོ་ཞེས་སྨྲ་བ་དེ་ཡང་ཕམ་པའི་སྦྱོར་ བ་བྱེད་པའི་སྒྲ་བདག་གིས་ཐོས་སོ་ཞེས་བརྗོད་ན་ལྷག་མར་འགྱུར་ལ། ཕམ་པ་བྱུང་ངོ་ཞེས་གཞན་ཟེར་བའི་གཏམ་བདག་གིས་ཐོས་སོ་ཞེས་བརྗོད་པས་ནི་ལྷག་མར་མི་འགྱུར་ཏེ། ཞུ་བ་ལས། གཞན་ཟེར་བ་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐུར་བ་བཏབ་ན་ཉེས་པ་སྦོམ་པོར་ འགྱུར་རོ། །ཞེས་གསུངས་པ་དང་། སྤྱིར་བསྟན་པ་ལས། གཞན་ཟེར་རོ་ཞེས་གཞན་ལ་བསྙད་འདོགས་པས་མ་ཡིན་གྱི་བདག་ཉིད་དང་འབྲེལ་བར་རོ། །འོག་མ་དག་ལ་གཞན་ལ་ན་སྨད་པ་ཉིད་དོ་ཞེས་བཤད་པས་གྲུབ་བོ། །དེ་དང་མཐུན་པར་རྣམ་འབྱེད་འགྲེལ་པ་ ལས། ཐོས་པ་ནི་གཞན་ལས་གཏམ་ཐོས་པ་མ་ཡིན་གྱི། ཡོལ་བ་ལ་སོགས་པས་བསྒྲིབས་པའི་ཕག་ན་མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱེད་པའི་སྒྲ་བདག་ཉིད་ཀྱི་རྣ་བས་ཐོས་པའོ་ཞེས་བཤད་དོ། །ཐ་སྙད་དང་ལྡན་པ་དང་། ལུས་ཐ་མལ་དུ་གནས་པ་དང་། བདག་ 6-1-385b ལས་ཐ་དད་པ་སྟེ་ཆོས་གསུམ་ལྡན་གྱི་མིའི་འགྲོ་བ་པ་གང་ཡང་རུང་བ་ལ་གོ་བར་བྱས་ན་དགེ་འདུན་ལྷག་མར་འགྱུར་རོ། །བསམ་པ་ནི་དགེ་སློང་ཕ་རོལ་པོ་དེ་ཉམས་པར་འདུན་པས་སོ། །འདིའི་ཁུངས་ནི་སོ་སོར་ཐར་པ་དང་། ལུང་རྣམ་འབྱེད་ལས། ཅི་ནས་ཀྱང་འདི་ ཚངས་པར་སྤྱོད་པ་དང་འབྲལ་ལོ་སྙམ་ནས་ཞེས་གསུངས་ནས། ཊཱི་ཀ་ལས། ཉམས་པར་བྱ་བ་བསྐྱེད་པའི་བསམ་པས་ཡིན་གྱི། ཁྲོས་པར་གྱུར་པའམ་རྒོད་བག་གམ་བྱུང་རྒྱལ་གྱིས་ནི་མ་ཡིན་ནོ། །ཞེས་བཤད་དོ། །འོ་ན་སོ་སོར་ཐར་པའི་མདོ་ལས། ཁྲོས་འཁྲུགས་པས་ སྐུར་བ་འདེབས་ན་ཞེས་གསུངས་པ་དེ་ཇི་ལྟར་ཡིན་ཅེ་ན། ཊཱི་ཀ་ལས། དེ་ནི་གླེང་གཞིའི་དབང་ཁོ་ནས་གསུངས་པ་ཡིན་གྱི་ཡན་ལག་ནི་མ་ཡིན་ཏེ། འདིར་སྐུར་བ་གདབ་པའི་བསམ་པའི་ཡན་ལག་ཡིན་ནོ། །ཞེས་སོ། །གཉིས་པ་ནི། གང་ཐོས་པ་དེ་ནི་ཐོས་པ་ལས་གཞི་གཞན་ པ་མཐོང་བ་མ་ཡིན་པས། ཐོས་པ་ལ་མཐོང་ངོ་ཞེས་སྨྲས་ན་གཞི་མེད་པར་སྐུར་འདེབས་ཀྱི་ལྷག་མར་འགྱུར་རོ། །དོགས་པ་ལ་མཐོང་ངོ་ཞེས་སྨྲས་པ་ལ་ཡང་དེ་བཞིན་ནོ། །ཊཱི་ཀ་ལས། གང་མཐོང་བ་དེ་ནི་ཐོས་པ་མ་ཡིན་དོགས་པ་ཡང་མ་ཡིན་ལ། གང་ཐོས་པ་དེ་མཐོང་ བ་མ་ཡིན་དོགས་པ་ཡང་མ་ཡིན་ཅིང་། གང་དོགས་པ་དེ་མཐོང་བ་ཡང་མ་ཡིན། ཐོས་པ་ཡང་མ་ཡིན་པར་ཤེས་པར་བྱའོ། །འདི་སྐད་བསྟན་ཏེ་གཞི་གཞན་ཡོད་དུ་ཟིན་ཀྱང་གཞི་གང་ལས་གླེང་བའི་གཞི་དེ་གལ་ཏེ་མེད་ན་དགེ་འདུན་ལྷག་མ་ཁོ་ནར་འགྱུར་རོ། །ཞེས་གསུངས་ སོ། །འདིའི་ཁུངས་ནི་ལུང་རྣམ་འབྱེད་ལས། ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཟེར་བ་དང་། དོགས་པ་ལ་བདག་གིས་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་པ་ལ་སོགས་པ་གསུངས་སོ། །སྔོན་ཕམ་པའི་ཉེས་སྤྱོད་བྱེད་པ་མཐོང་སྟེ། 6-1-386a བརྗེད་ནས་མཐོང་ངོ་ཞེས་སྐུར་བ་འདེབས་ན་བརྗེད་པ་ནི་གཞི་ཡོད་པ་ཉིད་མ་ཡིན་པས་གཞི་མེད་པའི་ལྷག་མར་འགྱུར་རོ། །ཐོས་ཏེ་བརྗེད་བཞིན་དུ་ཐོས་སོ་ཞེས་ཟེར་བ་དང་། དོགས་ཏེ་བརྗེད་བཞིན་དུ་དོགས་སོ་ཞེས་ཟེར་ན་ཡང་གཞི་མེད་ཀྱི་ལྷག་མར་ འགྱུར་རོ། །གལ་ཏེ་མཐོང་སྟེ་བརྗེད་བཞིན་དུ་མཐོང་ངོ་ཞེས་སྨྲས་པ་ཆོས་ཅན། བརྫུན་ཡིན་པ་མི་འཐད་པར་ཐལ། དོན་དང་མཐུན་པར་སྨྲས་པ་ཡིན་པའི་ཕྱིར་ཞེ་ན། དོན་གྱིས་མཐོང་ཐོས་དོགས་གསུམ་ཡོད་པ་དེ་ཉིད་ནི་མི་བརྫུན་པ་བདེན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །ཊཱི་ཀ་ ལས། བརྫུན་པ་དང་བདེན་པ་གཉིས་ནི་འདུ་ཤེས་དང་འབྲེལ་བ་ཡིན་གྱི། དོན་དེ་ཉིད་དང་འབྲེལ་བ་མ་ཡིན་པའི་ཕྱིར་རོ། །ཞེས་སོ། །དེ་ཡང་ལུང་རྣམ་འབྱེད་ལས། གང་ཟག་མ་དག་པ་ལ་སྐུར་བ་འདེབས་པ་ལ་ནི་གཞི་བཅུ་གཅིག་གི་ལྟུང་བར་འགྱུར་ཏེ་མ་མཐོང་བ་ལ་མཐོང་ ངོ་ཞེས་ཟེར་བ་དང་། མ་ཐོས་པ་ལ་ཐོས་སོ་ཞེས་ཟེར་བ་དང་། མི་དོགས་ལ་དོགས་སོ་ཞེས་ཟེར་བ་དང་། མཐོང་སྟེ་བརྗེད་བཞིན་དུ་མཐོང་ངོ་ཞེས་ཟེར་བ་དང་། ཐོས་ཏེ་བརྗེད་བཞིན་དུ་ཐོས་སོ་ཞེས་ཟེར་བ་དང་། དོགས་ཏེ་བརྗེད་བཞིན་དུ་དོགས་སོ་ཞེས་ཟེར་བ་དང་། །ཐོས་པ་ལ་ཡིད་ཆེས་ནས་བདེན་ངེས་སྙམ་དུ་ མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་མི་བདེན་ངེས་སྙམ་པའི་ཐེ་ཚོམ་ཟ་སྟེ་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་ཏེ་ཐེ་ཚོམ་ཟ་སྟེ་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་ཏེ་བདེན་ངེས་སྙམ་དུ་མཐོང་ངོ་ཞེས་ཟེར་བ་དང་། མ་ཐོས་ཀྱང་དོགས་པ་ལ་མཐོང་ ངོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ་ཞེས་གསུངས་ལ། དང་པོ་གསུམ་ནི་བརྫུན་དུ་སྨྲ་བས་སོ་ཞེས་པས་བསྡུས་ལ། དེའི་འོག་མ་གསུམ་ནི་བརྗེད་པ་ནི་ཡོད་པ་ཉིད་མ་ཡིན་ཅེས་པས་བསྡུས་ཤིང་། དེའི་འོག་མ་ལྔ་ནི་དེ་ནི་གཞི་གཞན་མ་ཡིན་ནོ་ཞེས་པས་ 6-1-386b བསྡུས་སོ། ། གཞན་ཡང་ཊཱི་ཀར། དེ་ནི་གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་དང་། བརྗེད་པ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་མདོ་དེ་གཉིས་ནི་ཉམས་པའི་ཡུལ་མ་དག་པ་ལ་སྐུར་བ་འདེབས་པ་ལ་དགེ་འདུན་ལྷག་མར་འགྱུར་བའི་ཁུངས་ཡིན་ལ། ཁུངས་དེ་གཉིས་སྒྲུབ་ པར་བྱེད་ན་ནི་དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་མདོ་འདི་ཡིན་ནོ། །ཞེས་སོ། །འདིར་སྨྲས་པ། དཔལ་ལྡན་མཐོན་པོའི་གནས་སུ་སྒྲུབ་པའི་བདེ་གཤེགས་བསྟན་པའི་གཏམ། །ས་གཞིའི་པདྨར་ལྷུན་པོའི་ཟེའུ་འབྲུ་རྣམ་པར་དགོད་པ་ ལས། །རབ་ཏུ་མཛེས་པའི་ལེགས་བྱས་ཚིག་དོན་མ་འདྲེས་སྤོབས་པའི་འབྲས། །བདེ་ཆེན་འཇོ་བའི་དབྱངས་ཅན་མགྲིན་པའི་ལྗོན་པས་འདི་སྤྲུལ་ཏོ། །མཆོག་ཏུ་ཟབ་པའི་ལམ་གྱི་བློ་བཟང་བཞིན། །རྣམ་པར་དད་བྱས་མོད་ལ་བཅོམ་ལྡན་གྱི། །རྟོགས་པ་བསྡུས་པའི་བུ་ མོས་ལེགས་བཟུང་བ། །ཆོས་ཚུལ་རྨ་བྱའི་གདུགས་དེ་འདི་ན་འཁོར། །དགེ་བའི་དགྲ་སྡེའི་ཁང་པར་གདུང་བའི་ཁུར། །མི་བཟད་དྲག་པོས་འཇིགས་ཀྱང་དཔོགས་དཀའ་ཡི། །ཤིན་ལྐོག་སྟོན་པའི་ཁྱུ་མཆོག་ཆེ་རྣམས་ལ། །དུག་ཅན་སྙིང་པོའི་ཡིད་ཅན་ཐར་གྱུར་ཅིག ། གཞི་མེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ།། །།གཉིས་པ་བག་ཙམ་ནི། ད་ནི་བག་ཙམ་གྱིས་སྐུར་བ་འདེབས་པའི་དགེ་འདུན་ལྷག་མ་འཆད་པར་འདོད་དེ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་དགེ་སློང་གྱད་བུ་ནོར་ དང་། དགེ་སློང་མ་ཨུཏྤ་ལའི་མདོག་དག་ཀྱང་མཐོང་། མི་ཚངས་པར་སྤྱོད་པ་ཡང་མཐོང་ཞེས་གྱད་བུ་ནོར་ལ་བྱེད་པ་པོ་དང་། བྱ་བ་མ་སྦྱར་བར་ཕམ་པས་སྐུར་བ་བཏབ་པ་ལ་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྔ་མ་བཞིན་ནོ། །ངོ་ཏི་དང་ཡན་ལག་བརྩི་བ་ནི་ 6-1-387a སྔར་གཞི་མེད་ཀྱི་ཇི་སྐད་བསྟན་པ་དེ་དག་སྟེ། འདིར་ནི་བྱེད་པ་པོ་དང་བྱ་བ་མ་སྦྱར་བས་ཁྱད་པར་དུ་བྱས་པ་ཡིན་ནོ། །ཡན་ལག་གི་དོན་ནི། སྔར་གཞི་མེད་ཀྱི་སྐབས་སུ་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པ་ཞེས་པ་ལ་སོགས་པ་སྔར་བསྟན་པ་དེ་དག་ཐམས་ ཅད་འདིར་ཁས་བླངས་ནས་བརྫུན་དུ་སྨྲ་བས་སོ་ཞེས་སྨོས་པས་དེའི་བྱེ་བྲག་འགའ་ཞིག་འདིར་བརྗོད་པར་བྱ་སྟེ་ཞེས་ཊཱི་ཀས་མཚམས་སྦྱར་བ་བཀོད་ནས། བརྗོད་པར་བྱ་བ་ནི་ཕམ་པ་སྟེ། དོན་གསལ་བ་ལས་གཞན་དོན་མི་གསལ་བ་ལ་གནས་པའི་ཚིག་དེ་བྱེད་པ་པོ་དང་བྱ་བ་མ་སྦྱར་ བའི་ཚིག་གིས་བདེན་པའི་འདུ་ཤེས་བསྒྱུར་ཏེ། བརྫུན་དུ་སྨྲས་ན་བག་ཙམ་གྱི་དགེ་འདུན་ལྷག་མར་འགྱུར་རོ། །བག་ཙམ་ཞེས་བྱ་བའི་རྒྱུ་མཚན་ནི་གླེང་གཞིའི་སྐབས་སུ་རི་དྭགས་ཕོ་མོ་མི་ཚངས་པར་སྤྱོད་པ་མཐོང་བས་གདགས་གཞི་བག་ཙམ་ཞེས་བྱ་སྟེ། རྣམ་འབྱེད་འགྲེལ་པ་ ལས། འདི་ནི་བག་ཙམ་གྱི་གཞི་ཡོད་པ་ལས་སྐུར་བ་འདེབས་པ་ཡིན་ནོ། །ཞེས་སོ། །གཞན་གྱི་ཆ་དང་མཐུན་པའི་ཞེས་པ་ཊཱི་ཀར། གཞི་མེད་པའི་སྐུར་བ་འདེབས་པ་དོན་གསལ་བར་གོ་བར་བྱེད་པ་ལས་གཞན་དོན་མ་གསལ་བ་གོ་བར་བྱེད་པའི་ཚིག་གཞན་གྱི་ཆ་དང་མཐུན་ པའི་དགེ་འདུན་ལྷག་མ་ཞེས་སོ། །རྣམ་འབྱེད་ལས། གཞན་གྱི་ཆ་མ་ཡིན་པ་དང་མཐུན་པའི་དགེ་འདུན་ལྷག་མ་སྟེ་ཞེས་གསུངས་པ་དེ་ནི་ལུང་རྣམ་འབྱེད་ལས། གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པའི་ཆ་མ་ཡིན་པ་དང་མཐུན་པ་ནི་ཕམ་པར་ འགྱུར་བའོ་ཞེས་གསུངས་ཤིང་། གཞན་ནི་འཁོར་བ་ལས་གཞན་པའི་དོན་དང་། ཆ་མིན་པ་ནི་ཉོན་མོངས་པའི་ཆ་རྣམས་ལ་འགྲེལ་པར་བཤད་དོ། ། གཞན་ཡང་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པའི་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་འདེབས་ཞེས་ལུང་རྣམ་འབྱེད་ལས་ 6-1-387b གསུངས་སོ། །གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ། །གཉིས་པ་ཞུ་བ་ལ། ལྟུང་བ་ན་སྨད་བསྟན་པ་དང་། །དེ་ལས་ཆེས་ཀྱི་ན་སྨད་པའོ། །དང་པོ་ནི། མི་བསྟེན་པས་ཞེས་པ་འཁྲིག་པ་བསྟེན་དུ་མི་རུང་བ་སྟེ། ཊཱི་ཀ་ལས། ཁ་དང་བཤང་ བའི་ལམ་གྱི་དབང་དུ་བྱས་པ་ནི་མ་ཡིན་ནོ། །ཞེས་བཤད་པས་ལམ་དེ་གཉིས་ལས་ནི་ལྟུང་བ་རྫོགས་པར་བསྐྱེད་པའོ། །ཕོ་མོའི་དབང་པོ་མེད་པར་མི་ཚངས་པར་སྤྱད་དོ་ཞེས་སྐུར་བ་འདེབས་ན་སྦོམ་པོའོ། །འདིར་ཤ་སྦལ་ན་རེ། འདི་ནི་མིང་སྦོམ་པོ་ཞེས་བཏགས་ཀྱང་ ཉེས་བྱས་ཡིན་ཏེ། མི་བསྟེན་པའི་མཚན་མར་མི་ཚངས་པར་སྤྱད་པའི་ལྟུང་བ་ནི་སྦོམ་པོ་ཡིན་ལ། སྦོམ་པོས་སྐུར་བ་བཏབ་ན་ཉེས་བྱས་ཡིན་པའི་ཕྱིར་ཏེ། དེའང་ལུང་ཞུ་བ་ལས། ཉེས་པ་སྦོམ་པོས་སྐུར་བ་བཏབ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་དང་། ཊཱི་ ཀ་ལས། ཕམ་པས་སྐུར་ན་ནི་དགེ་འདུན་ལྷག་མའོ། །དགེ་འདུན་ལྷག་མས་སྐུར་ན་ནི་ལྟུང་བྱེད་དོ། །ལྟུང་བ་གཞན་གྱིས་སྐུར་ན་ནི་ཉེས་བྱས་སོ། །ཞེས་ཕམ་ལྷག་ལས་གཞན་གྱིས་སྐུར་བ་བཏབ་ན་ཉེས་བྱས་སུ་བཤད་པས་གྲུབ་བོ། །སྦོམ་པོ་རྣམས་ཀྱི་ནང་ན་སྡིག་ལྕི་བ་ ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དབྱེན་བྱས་པ་སྟེ་འདི་གཉིས་ཀྱིས་སྐུར་བ་བཏབ་ན་ཉེས་བྱས་སུ་གསུངས་པའི་གནད་ཀྱིས་ཀྱང་ངོ་། །གལ་ཏེ་སྦོམ་པོས་སྐུར་བ་བཏབ་པས་སྦོམ་པོ་བསྐྱེད་ན་ཕམ་པས་སྐུར་བ་བཏབ་པས་ཕམ་པ་བསྐྱེད་པར་ཐལ་ཅེས་མཚུངས་སོ་ཞེས་ འཆད་དོ། །དེ་དང་མཐུན་པར་ཞུ་འགྲེལ་ལས་ཀྱང་། གཞན་དག་ན་རེ། ཕོ་དང་མོའི་དབང་པོ་དང་བྲལ་བ་དང་། སྐུར་བ་འདེབས་པ་དེ་ནི་ཕམ་པར་གཏོགས་པའི་སྦོམ་པོས་སྐུར་བ་བཏབ་པ་ཡིན་ལ། སྦོམ་པོས་སྐུར་བ་བཏབ་པ་ལ་སྦོམ་པོར་འགྱུར་བ་ཡང་བརྗོད་མི་ནུས་ 6-1-388a ཏེ། ཉེས་པ་སྦོམ་པོས་སྐུར་བ་བཏབ་ན་ཉེས་བྱས་སོ་ཞེས་གསུངས་སོ། །དེ་ལྟ་བས་ཉེས་པ་སྦོམ་པོར་སྨོས་པ་ནི་འགའ་ཞིག་གིས་སྒྲོ་བཏགས་ཡིན་པས་འདིར་ཉེས་བྱས་སུ་བཤད་པ་ཉིད་བཟུང་ངོ་ཞེས་ཟེར་རོ་ཞེས་ཞུ་འགྲེལ་ལས་བཤད་དོ། །མཚོ་སྣ་པ་ ཆེན་པོ་ནི་སྦོམ་པོས་སྐུར་བ་བཏབ་པ་ནི་ཉེས་བྱས་སུ་བསྟན་པ་སྤྱིར་བཏང་ཡིན་ལ། དགེ་སློང་ལ་མི་ཚངས་སྤྱོད་ཀྱི་སྐུར་བ་འདེབས་པ་མཚང་ཆེ་བ་ལ་བལྟོས་ནས་མི་བསྟེན་པས་སྐུར་བ་འདེབས་ན་སྦོམ་པོའོ་ཞེས་གསུངས་པ་ནི་དམིགས་བསལ་ཡིན་ནོ། །ཕམ་པའི་དངོས་གཞི་ ཡོངས་རྫོགས་ཀྱིས་སྐུར་བ་བཏབ་ན་ལྷག་མའི་དངོས་གཞི་ཡོངས་རྫོགས་བསྐྱེད་པ་ལྟར། ཕམ་པའི་སྡེ་སྦོམ་པོས་སྐུར་བ་བཏབ་ནའང་ལྷག་མའི་སྡེའི་སྦོམ་པོ་བསྐྱེད་པ་ལ་འགལ་བ་ཅི་ཞིག་ཡོད་དེ། དེས་ན་ལུང་དང་མདོ་རྩ་འགྲེལ་ལས་སྦོམ་པོར་གསུངས་པས་འདི་ཉེས་བྱས་ མ་ཡིན་གྱི་སྦོམ་པོ་ཉིད་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །འགའ་ཞིག་མི་ཚངས་པར་སྤྱོད་དོ་ཞེས་ཟེར་བ་ལྟ་བུ་སྐུར་བ་གདབ་བྱའི་མིང་མ་སྨོས་པར་སྐུར་བ་འདེབས་པ་ཡང་སྦོམ་པོའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དགེ་འདུན་གྱི་ དབྱེན་བྱས་པའི་སྡིག་པ་ནི་མཚམས་མེད་པ་དང་། ལྟུང་བ་ནི་སྦོམ་པོ་སྟེ། འདིའི་ཊཱི་ཀར། མཚམས་མེད་པ་འདི་གཉིས་ནི་སྦོམ་པོའོ། །ཞེས་བཤད་དོ། །དེ་ཡང་མི་གསོད་པའི་སྦྱོར་བའི་སྦོམ་པོ་དང་། དབྱེན་བྱེད་པའི་ལྷག་མའི་ཕྱོགས་དང་མཐུན་པའི་སྦོམ་པོ་སྟེ་གོ་རིམ་ བཞིན་ནོ། །འོ་ན་མཚམས་མེད་པ་དེ་གཉིས་ཀྱིས་སྐུར་བ་བཏབ་ན་ཅིར་འགྱུར་ཞེ་ན། འདི་ལ་བཤད་ལུགས་མི་འདྲ་བ་གསུམ་སྣང་སྟེ། ལྷག་མ་དང་། སྦོམ་པོ་དང་། ཉེས་བྱས་སུ་བཤད་པའོ། །དེ་ཡང་བསྡུས་པ་ལས། དགེ་སློང་གིས་མཚམས་མེད་པས་སྐུར་བ་བཏབ་ 6-1-388b ན་དེ་དག་ཐམས་ཅད་དགེ་སློང་མ་ཡིན་པར་འགྱུར་བས་དངོས་གཞིའོ། །དེ་བཞིན་དུ་སྦོམ་པོའི་ལྟུང་བས་གླེང་ན་ཡང་དགེ་སློང་མ་ཡིན་པས་གླེང་ན་དགེ་འདུན་ལྷག་མའོ་ཞེས་བཤད་ལ། དེ་ཡང་དེ་བཞིན་དུ་ཞེས་པས་མའམ་ཕ་བསད་པའི་མཚམས་མེད་ཀྱི་སྐུར་བ་བཏབ་ན་ ལྷག་མ་བསྐྱེད་པ་དེ་བཞིན་དུ་སྦོམ་པོའི་ལྟུང་བས་ཞེས་པ་ངན་སེམས་ཀྱིས་ཁྲག་དབྱུང་བ་དང་དབྱེན་གྱི་མཚམས་མེད་པ་དང་སྦྱར་རོ། །འགྲེལ་ཆུང་ལས། ཡང་དག་པར་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་ངོ་ཞེས་སྐུར་བ་བཏབ་པ་དང་། དགེ་འདུན་གྱི་དབྱེན་བྱས་ སོ་ཞེས་སྐུར་བ་ནི་རྩ་བ་མེད་པའི་དགེ་འདུན་ལྷག་མའི་སྦོམ་པོའོ་ཞེས་སོ། །རྩ་བ་མེད་པ་ནི་གཞི་མེད་པའི་ལྷག་མའི་སྦོམ་པོའོ་ཞེས་པའི་དོན་དུའོ། །མཚམས་མེད་དེ་གཉིས་ཀྱིས་སྐུར་བ་བཏབ་ན་ཉེས་བྱས་སུ་ལུང་དང་། རང་གི་རྣམ་བཤད་དང་། ཊཱི་ཀ་གསུམ་ལས་བཤད་ དོ། །འོ་ན་མཚམས་མེད་པ་དེ་གཉིས་ཀྱིས་སྐུར་བ་བཏབ་ན་ལྷག་མ་དང་། སྦོམ་པོ་དང་། ཉེས་བྱས་ཏེ་ལྟུང་བ་ཆེ་ཆུང་གསུམ་བཤད་པ་དེ་གང་གི་རྗེས་སུ་འབྲང་ཞེ་ན། དང་པོ་འདུལ་བ་བསྡུས་པར་ལྷག་མར་བཤད་པ་དེ་མི་རིགས་ཏེ། ལུང་ཞུ་བ་ལས། དགེ་འདུན་གྱི་དབྱེན་ དང་། ངན་སེམས་ཀྱིས་ཁྲག་ཕྱུང་བས་སྐུར་བ་བཏབ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། འདུལ་བ་བསྡུས་པ་ལས། དེ་དག་ཐམས་ཅད་དགེ་སློང་མ་ཡིན་པར་འགྱུར་བས་ཞེས་བརྗོད་པ་དེའང་མི་རིགས་ཏེ། ལུང་ཞུ་བ་ལས། དགེ་འདུན་གྱི་དབྱེན་ དང་། ངན་སེམས་ཀྱི་ཁྲག་ཕྱུང་བས་སྐུར་བ་དེ་ནི་ཉེས་པ་སྦོམ་པོས་སྐུར་བ་སྟེ། ཉེས་པ་སྦོམ་པོས་ནི་དགེ་སློང་མ་ཡིན་པར་མི་འགྱུར་གྱི། དེ་ནི་བཤགས་པར་འོས་སོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་འགྲེལ་ཆུང་ལས། སྦོམ་པོར་བཤད་པ་དེ་སྦོམ་པོ་བཏགས་ 6-1-389a པ་བ་མ་ཡིན་ནོ་ཞེས་རིགས་སོ། །གསུམ་པ་ལུང་མ་མོ་ལས་ཉེས་བྱས་སུ་གསུངས་པ་དེ་རྣམས་ལེགས་བཤད་ཡིན་ཏེ། ལུང་ཞུ་བ་ལས་ཉེས་བྱས་སུ་གསུངས་པ་དེ་དང་མཐུན་པར་ཉིད་བཤད་ལས། དེ་ཉིད་ཀྱིས་སྐུར་བ་འདེབས་ན་ཉེས་བྱས་སུ་རྣམ་པར་ གནས་པ་ཡིན་ནོ་ཞེས་གསུངས་ལ། སྤྱིར་བསྟན་གྱི་ཊཱི་ཀ་ལས། མཚམས་མེད་པ་གཉིས་པོ་དེ་དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དག་གིས་སྐུར་བ་འདེབས་པ་དེ་ལ་ནི་ཉེས་བྱས་སུ་འགྱུར་རོ། །དེ་གཉིས་སྦོམ་པོ་ཡིན་ པའི་ཕྱིར་རོ། །ཞེས་སྦོམ་པོས་སྐུར་བ་བཏབ་པའི་ཉེས་བྱས་སུ་གསུངས་སོ། །གཉིས་པ་ནི། བསམ་པ་ནི་སྐུར་བ་འདེབས་པར་འདོད་པས་སྦྱོར་བ་ནི་བདག་གིས་བསམས་ཏེ་སྨྲས་སོ་ཞེས་བྱ་བ་ནི་ལུང་ཚིག་ཟུར་སྨོས་པ་སྟེ། ཚིག་ཟུར་སྨོས་པ་དེའི་ཚིག་གི་འཕྲོས་ལྷག་མ་ནི་ལ་ སོགས་ཞེས་པས་བསྡུས་ཏེ། དགེ་སློང་སྟན་ལས་ལངས་ཏེ་སོང་ངོ་ཞེས་ཟུར་གྱིས་གཞོགས་སྨོས་བྱེད་ན་ཉེས་བྱས་སོ། །འདི་ནི་ལུང་ཞུ་བ་ལས། དགེ་སློང་སྟན་ལས་ལངས་ཏེ་བདག་གིས་བསམས་ཏེ་སྨྲས་སོ་ཞེས་ཟེར་ཅིང་། སྐྱེ་བོ་ཐམས་ཅད་པ་ལས་ཉེས་བྱས་སུ་འགྱུར་ རོ་ཞེས་གསུངས་ལ། ཞུ་འགྲེལ་ལས། བསམས་ཏེ་སྨྲས་པ་ནི་དོན་གཞན་ལ་བསམས་ཏེ་སྨྲས་པའོ། །སྐྱེ་བོ་ཐམས་ཅད་པ་ནི་སྐྱེ་བོ་མང་པོའི་དབང་དུ་བྱས་ཏེ་གཞུག་པའི་ཕྱིར་ཞེས་བཤད་དོ། །སྐབས་འདིར་འགྲེལ་ཆུང་ལས། དགེ་སློང་མང་ཞིག་གི་ཁྲོད་དུ་ཕམ་པ་ཡང་ བྱེད་པ་པོ་ཡོད་པ་ལྟ་ཞིག་ཅེས་ཚིག་ཟུར་སྨྲས་པ་སྟེ། དགེ་སློང་གི་གྲངས་སུ་འཁྲིག་ཏུ་བཅུག་པ་བཞིན་དུ་ཉེས་བྱས་རེ་རེར་འགྱུར་རོ་ཞེས་བཤད་དོ། །གཞི་མེད་པ་དང་བག་ཙམ་གྱི་ཞེས་པའི་བག་ཙམ་ནི། དུལ་བའི་ལྷས། འདི་ནི་བག་ཙམ་གྱི་གཞི་ཡོད་པ་ལ་སྐུར་བ་འདེབས་ 6-1-389b པ་ཡིན་ནོ་ཞེས་སོ། །དགེ་འདུན་ལྷག་མ་ཞུ་བའོ། །གཉིས་པ་བསྒོ་གྱུར་ལ། སྐབས་ཀྱི་སྦོམ་པོ་སྨོས་པ་དང་། །བསྒོ་གྱུར་རྣམས་ཀྱི་ཐུན་མོང་བསྟན། །བསྒོ་གྱུར་སོ་སོར་བརྗོད་པའོ། །དང་པོ་ནི། གཞན་གྱི་འཁོར་ཁ་འདྲེན་ན་སྦོམ་པོའོ་ཞེས་འབྱུང་བ་ལ་དཀའ་བའི་གནས་ཡོད་དེ། མ་བྱིན་ ལེན་གྱི་སྐབས་ན་གཞན་དབང་བར་གྱུར་པའི་ལྷན་ཅིག་གནས་པ་དང་། ཉེ་གནས་རང་གི་སར་ཁ་འདྲེན་ཅིང་འབྲོས་སུ་བཅུག་ན་ཕམ་པར་གསུངས་པ་དང་། གཞིའི་སྐབས་ནས་ཕ་མས་མ་གནང་བའི་བུ་རབ་ཏུ་འབྱིན་ན་ཉེས་བྱས་སུ་གསུངས་པ་དང་། མའི་རྣམ་འབྱེད་ལས་ ཁྱིམ་ཐབས་ཀྱིས་མ་གནང་བའི་བུད་མེད་རབ་ཏུ་འབྱིན་ན་ལྟུང་བྱེད་དུ་གསུངས་པ་དང་། སྐབས་འདིར་འཁོར་ཁ་འདྲེན་ན་སྦོམ་པོར་གསུངས་པ་སྟེ། བཞི་པོ་དེ་རྣམས་གཞན་དབང་བའི་མི་རང་ཕྱོགས་སུ་འཇོག་པར་མཚུངས་པ་ལ། ལྟུང་བ་ཆེ་ཆུང་ཐ་དད་དུ་བསྐྱེད་པ་མི་ རིགས་སོ་སྙམ་ན་དེ་བཞི་ལས་གཞན་གསུམ་ལ་མ་བྱིན་ལེན་གྱི་ཕམ་པར་མི་འགྱུར་ཏེ་རྐུ་སེམས་མེད་པའི་ཕྱིར། རབ་ཏུ་འབྱིན་པ་གཉིས་ལ་དབྱེན་དུ་གཏོགས་པའི་སྦོམ་པོར་མི་འགྱུར་ཏེ། ཁྱིམ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་སྙམ་པའི་བསམ་པས་ཞུགས་ཀྱི། བྱ་བ་སྤྱོད་ པ་ཐ་དད་ཀྱི་སྒོ་ནས་འབྱེད་པར་ཞུགས་པ་མ་ཡིན་ནོ། །རབ་ཏུ་འབྱིན་པ་གཉིས་ལ་ལྟུང་བ་ཆེ་ཆུང་དུ་འགྱུར་བ་ནི་གཏན་བྲལ་དུ་འགྱུར་བ་དང་མི་འགྱུར་བའི་ཁྱད་པར་ལས་ཡུལ་ལ་གནོད་པ་ཆེ་ཆུང་གིས་སོ། །འདིར་ནི་ལུང་ལས། དབྱེན་དང་ཉེ་བའི་ཉེས་པ་སྦོམ་པོར་འཆད་ དོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། རྒྱ་བོད་ཀྱི་བསྟན་འཛིན་གྱི་ལུགས་འགོད་པ་དང་། ཕྱི་རབས་པ་དག་གི་འདོད་པ་གླེང་བའོ། །དང་པོ་ལ། དགོས་པའི་དོན་དང་། བསྡུས་པའི་དོན་ནོ། །དང་པོ་བསྒོ་གྱུར་ཐུན་མོང་དུ་དགོས་པའི་དོན་ནི། 6-1-390a ཚིག་ཚོགས་དོན་མེད་དུ་བྱ་བ་སྟེ། ལུང་ལས་གཞམས་བསྒོ་ལ་སོགས་པ་ཐུན་མོང་གི་ཆོས་འདི་རྣམས་བསྒོ་གྱུར་གྱི་ལྟུང་བ་རེ་རེ་ལ་རེ་རེ་གསུངས་པས་ཚིག་ཚོགས་ཆེ་ལ། མདོ་རྩ་བར་ཐུན་མོང་དུ་བསྡུས་པའི་ཚིག་ཚོགས་ཆུང་བའོ། །གཉིས་པ་ལ། བསྒོ་བ་ལས་གྱུར་པ་རྣམས་ཀྱི་དབྱེ་བ་ཙམ་དང་། བསྒོ་གྱུར་ཐུན་མོང་གི་ཆོས་རྣམས་གཏན་ལ་དབབ་པའོ། །དང་པོ་ནི། ལུང་རྣམ་འབྱེད་དང་ཀར་ཤ་ལས་དགེ་ཚུལ་སྡིག་ལྟ་མི་གཏོང་བ་ལ་ཡང་གཞམས་བསྒོ་དང་། གསོལ་བཞིའི་ལས་ཀྱིས་བསྒོ་བ་གསུངས་པས། དགེ་ཚུལ་ ལ་ཡང་སྡིག་ལྟ་མི་གཏོང་བའི་བསྒོ་གྱུར་གྱི་བསྡམ་བྱའི་ཉེས་བྱས་འབྱུང་ལ། མདོར་བསྡུས་སྦྱར་བའི་དགེ་འདུན་ལྷག་མ་གསུམ་ནི་གཞི་སྨད་དུ་འཆད་པར་འགྱུར་བ་ལྟ་བུ་ཡོད་པས་བསྒོ་གྱུར་ཙམ་གྱི་དབང་དུ་བྱས་ན། བསྒོ་གྱུར་གྱི་ལྟུང་བ་བཅུར་གྲངས་མ་ངེས་ཀྱང་། རྟེན་ དགེ་སློང་ཕ་མའི་དབང་དུ་བྱས་ནས་དངོས་སུ་གསུངས་པའི་བསྒོ་གྱུར་གྱི་ལྟུང་བ་དངོས་གཞི་བཅུ་སྟེ། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་སྟེ། དགེ་འདུན་ལྷག་མ་བཞི་དང་། སྡིག་ལྟ་མི་ གཏོང་བའི་ལྟུང་བྱེད་དང་ལྔའོ། །དགེ་སློང་མའི་ཟློག་པའི་ཕམ་པ་དང་། དཀོན་མཆོག་གཏོང་བའི་ལྷག་མ་དང་། འཐབ་ཀྲོལ་བྱེད་པའི་ལྷག་མ་དང་། བདེ་ཞིང་གནས་པའི་ལྷག་མ་དང་། བདེ་ཞིང་གནས་སུ་འཇུག་པའི་ལྷག་མ་དང་ལྔའོ། །དེ་ཡང་དང་པོ་ལྔ་ནི་དགེ་ སློང་ཕ་མ་གཉིས་ཀའི་ཐུན་མོང་བ་ཡིན་ལ། ཕྱི་མ་ལྔ་ནི་དགེ་སློང་མའི་བསྒོ་གྱུར་ཐུན་མོང་མིན་པའོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས། མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་བཟོད་པ་གསོལ་དུ་བཅུག་ནས་དེ་དང་ལྷན་ཅིག་འདུག་པར་བྱེད་ན་ཐམས་ཅད་ཉེས་བྱས་སུ་འགྱུར་ 6-1-390b རོ། །གཞམས་ཏེ་བསྒོ་བ་ན་གཏོང་བར་མི་བྱེད་ན་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་དང་པོ་དང་གཉིས་པའི་ཚིག་རྫོགས་པར་གྱུར་ན་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པའི་ཚིག་རྫོགས་པ་ལ་གཞི་དེ་གཏོང་བར་མི་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་ སོ། །མཚམས་ཀྱི་ཕྱི་རོལ་ཏུ་བཟོད་པ་གསོལ་དུ་འཇུག་པའི་ལྷག་མ་ཡང་བསྒོ་གྱུར་ཡིན་པར་བཤད་དོ། །དེ་ནི་ལུང་ཡི་གེ་ལྷག་པ་ཡིན་ཅེས་རིགས་ཏེ། དགེ་སློང་མའི་སོ་སོར་ཐར་པ་ལས། མཚམས་ཀྱི་ཕྱི་རོལ་ཏུ་ཁྲིད་དེ་བཟོད་པར་གསོལ་དུ་འཇུག་ན་ཆོས་འདི་ཡང་དང་ པོའི་ལྟུང་བར་འགྱུར་ལ་ཞེས་གསུངས་པ་དང་། རྒྱ་ཆེར་འགྲེལ་པ་ལས། ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་ཞེས་གསུངས་པ་དེའི་དོན་ནི་སྤྱད་པ་ཙམ་གྱིས་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། ཡང་ཡང་ཕྱིར་བཟློག་ཅིང་མི་གཏོང་བ་ལས་མ་ཡིན་པར་རིག་པར་བྱའོ་ ཞེས་བཤད་པ་དེ་ངེས་པར་བཟུང་ངོ་། །མདོ་རྩ་འགྲེལ་ལས་འདི་བསྒོ་གྱུར་མ་ཡིན་པར་གསུངས་པས་ཀྱང་ཤེས་སོ། །གཉིས་པ་བསྒོ་གྱུར་ཐུན་མོང་གི་ཆོས་བསྟན་པ་ལ། བསྒོ་གྱུར་ཐུན་མོང་གི་ཡན་ལག་བསྟན་པ་དང་། བསྒོ་གྱུར་ལྟུང་བའི་གྲངས་བསྟན་པ་དང་། བསྒོ་གྱུར་གྱི་སྦྱོར་ལྟུང་དང་པོ་ངོས་བཟུང་བ་དང་། བསྒོ་གྱུར་གྱི་དངོས་གཞི་རྫོགས་དུས་ངོས་བཟུང་བའོ། །དང་པོ་ནི། དབྱེན་བྱེད་པའི་དགེ་འདུན་ལྷག་མ་ཆོས་ཅན། བཟློག་པའི་ཡན་ལག་ལྔ་ལ་རག་ལས་ཏེ་བྱུང་བ་ཡིན་ཏེ། བསྒོ་བ་ལས་གྱུར་པའི་ལྟུང་བ་དངོས་ གཞི་རྫོགས་པ་ཉིད་ཡིན་པའི་ཕྱིར། དཔེར་ན་རྗེས་སུ་ཕྱོགས་པ་ལ་སོགས་གཞན་དགུ་པོ་བཞིན་ནོ། །བསྒོ་གྱུར་གྱི་དངོས་གཞིའི་ལྟུང་བ་བཅུ་པོ་འདི་དག་བསྐྱེད་པ་ལ་བཟློག་པ་ཡན་ལག་ཏུ་དགོས་པ་ནི་ཐུན་མོང་གི་ཆོས་ཡིན་ནོ། །ཟློག་པ་ལྔ་ནི། གཞམས་བསྒོ། 6-1-391a གསོལ་བ། ལས་བརྗོད་པ་དང་གསུམ་མོ། །གཞམས་ཏེ་བསྒོ་བ་ནི་ཚིག་འཇམ་པོས་བསྒོ་ནས་གྲོས་གདབ་པ་སྟེ། ཁྱོད་ཀྱིས་བྱ་བ་མ་ཡིན་པ་འདི་མ་བྱེད་ཅིག་ཅེས་དངོས་སུ་བཟློག་པ་ཡིན་ནོ། །འོ་ན་གཞམས་བསྒོ་འདི་དགེ་འདུན་གྱིས་བྱེད་དམ། གང་ ཟག་གིས་བྱེད་སྙམ་ན། ཊཱི་ཀ་ལས། དགེ་འདུན་གྱིས་གཞམས་ཏེ་བསྒོ་ཞེས་དགེ་སློང་མའི་སྐབས་ནས་བཤད་ཅིང་། སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས། གཞམས་ཏེ་བསྒོ་བ་ཞེས་བྱ་བ་ནི་འདིར་དགེ་འདུན་དུ་མ་གྱུར་པའི་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པས་གཅུགས་པར་ཕན་ ཚུན་ཟློག་པར་བྱེད་པ་ཡིན་པར་རིག་པར་བྱའོ་ཞེས་བཤད་དོ། །དགེ་འདུན་གྱིས་བསྐོས་ནས་གང་ཟག་གིས་དངོས་སུ་བཟློག་པ་སྟེ་བསྡུ་བ་ལས། གཞམས་ཏེ་བསྒོ་བར་བྱ་སྟེ། དགེ་འདུན་ནམ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་གཅིག་གིས་གཅིག་བཏང་བའི་ཚིག་གིས་བཟློག་ པར་བྱའོ་ཞེས་སོ། །གསོལ་བ་ནི་ཊཱི་ཀ་ལས། དངོས་སུ་བཟློག་པ་ཉིད་མ་ཡིན་གྱི་བཟློག་པའི་ཐབས་ཡིན་པས་ཞེས་གསུངས་ཏེ། ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ་ཞེས་དགེ་འདུན་རྣམས་ལ་ཞུ་བ་ནི་གསོལ་བ་ཞེས་བྱའོ། །ལས་བརྗོད་པ་གསུམ་ནི་ལས་ཀྱི་ཆོ་ག་ ལན་གསུམ་བརྗོད་པའི་སྒོ་ནས་དགེ་འདུན་གྱིས་དངོས་སུ་བཟློག་པ་ཡིན་ནོ། །དེ་ལྟར་ན་དངོས་སུ་བཟློག་པ་བཞི་ལས་མེད་ཀྱང་། གསོལ་བ་ནི་བཟློག་པ་དང་འདྲ་བ་ཡང་བགྲངས་ཏེ་བཟློག་པ་ལྔ་ཞེས་ཐ་སྙད་བཏགས་སོ། །གཉིས་པ་བསྒོ་གྱུར་ལྟུང་བའི་གྲངས་ཚད་བསྟན་པ་ནི། དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བསྒོ་གྱུར་གྱི་ལྟུང་བ་དུ་བསྐྱེད་ཅེ་ན། དགག་བཞག་སྤང་གསུམ་ལས། དང་པོ་ནི། བྱ་དང་ནེལ་པ་ན་རེ། དགེ་འདུན་གྱི་དབྱེན་བྱེད་པ་ལ་བསྒོ་གྱུར་གྱི་ལྟུང་བ་ལྔ་བསྐྱེད་དེ། གཞམས་བསྒོ་དང་། གསོལ་བ་དང་། ལས་བརྗོད་པ་དང་ 6-1-391b པོ་དང་། བརྗོད་པ་གཉིས་པ་སྟེ་དེ་རྣམས་རེ་རེའི་མཐར་སྦོམ་པོ་རེ་རེ་སྟེ་སྦོམ་པོ་བཞི་དང་། ལས་བརྗོད་པ་གསུམ་པའི་མཐར་དགེ་འདུན་ལྷག་མ་གཅིག་དང་ལྟུང་བ་ལྔ་བསྐྱེད་པ་སྟེ། ཊཱི་ཀ་ལས། བཟློག་པ་དང་འབྲེལ་བ་ཡིན་པ་དེའི་ཕྱིར་བཟློག་པ་ཇི་སྙེད་བྱེད་པ་ལྟུང་བ་ཡང་ དེ་སྙེད་དུ་འགྱུར་རོ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །འོ་ན་ལས་བརྗོད་པ་གསུམ་ལ་བལྟོས་པའི་ལྟུང་བ་གཅིག་ལས་མི་བསྐྱེད་ན། ལུང་རྣམ་འབྱེད་ལས། ལས་བརྗོད་པ་གསུམ་པ་བརྗོད་པ་ནི་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟར་ན་ལེགས། གལ་ཏེ་མི་གཏོང་ན་ ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ནི། ལུང་གི་རྗེས་སུ་འབྲངས་ཏེ་དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་སྦྱོར་ལྟུང་ལྔ་དངོས་གཞི་གཅིག་སྟེ་བསྒོ་གྱུར་གྱི་ལྟུང་བ་དྲུག་བསྐྱེད་དོ། །དེ་ ཡང་རྣམ་འབྱེད་ལས། དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །གཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟར་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གསོལ་བ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། ། ལས་བརྗོད་པ་དང་པོ་བརྗོད་པ་ན་གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་གཞི་ དེ་གཏོང་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་ལ་གཞམས་བསྒོ་དང་། གསོལ་བ་དང་། ལས་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པ་ལ་ 6-1-392a མི་གཏོང་ན་སྦོམ་པོ་རེ་རེ་སྟེ་སྦོམ་པོ་བཞི་དང་། ལས་བརྗོད་པ་གསུམ་པ་མ་རྫོགས་པ་ན་སྦོམ་པོ་བསྐྱེད་ཅིང་རྫོགས་པ་ན་དགེ་འདུན་ལྷག་མར་འགྱུར་ཞེས་གསུངས་པས་གྲུབ་བོ། །བཟླས་པ་ནི་ཐ་དད་པ་ཉིད་དོ་ཞེས་དེ་དག་གི་སྦོམ་པོ་ཐ་དད་དུ་བཤད་པས་ དགེ་འདུན་ལྷག་མ་དང་ཐ་དད་པ་ལྟ་ཅི་སྨོས་སོ། །དེ་ཡང་ཤ་ལུགས་པ་ན་རེ། སྦོམ་པོ་དེ་དག་ཐམས་ཅད་རྫས་གཅིག་ཅིང་དངོས་གཞི་དང་ཡང་རྫས་གཅིག་གོ་ཞེས་ཟེར་བ་ནི་གྱི་ནའོ། །གསུམ་པ་ལ། གྲངས་ཉུང་བར་དོགས་པ་སྤང་། གྲངས་མང་བར་སྒྲོ་འདོགས་སྤང་བའོ། །དང་པོ་ ནི། གལ་ཏེ་དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་བསྒོ་གྱུར་གྱི་ལྟུང་བ་དྲུག་བསྐྱེད་ཅིང་། ཁྱད་པར་དུའང་ལས་བརྗོད་པ་གསུམ་པ་ལ་ཡང་སྦོམ་ལྷག་གི་ལྟུང་བ་གཉིས་བསྐྱེད་ན་འགལ་བ་གསུམ་སྟེ། ཚིག་གི་སྐད་ཅིག་མ་ནི་གཅིག་ཉིད་དོ་ཞེས་བཤད་པ་དང་འགལ་ཅིང་། བམ་པོ་ ལྔ་བཅུ་པ་ལས། བརྗོད་པ་གསུམ་པ་ལ་ནི་མཐའ་ལ་མི་གཏོང་བའི་དངོས་གཞི་ཁོ་ན་གསུངས་ཀྱི། བརྗོད་པ་གསུམ་པ་མ་རྫོགས་པའི་སྦོམ་པོ་མ་གསུངས་པ་དང་འགལ་ལ། གཞམས་བསྒོ་ལ་སོགས་བཟློག་པ་ལྔ་ལ་མི་གཏོང་ན་ལྟུང་བ་དྲུག་བསྐྱེད་ན། ཊཱི་ཀ་ལས། བཟློག་པ་ཇི་ སྙེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཚིག་གི་སྐད་ཅིག་མ་ནི་གཅིག་ཉིད་དོ་ཞེས་བཤད་པ་དེ་སྦྱོར་ལྟུང་གི་ཆ་ནས་བསྟན་པ་སྟེ་གསོལ་བ་དང་། ལས་བརྗོད་པ་དང་པོ་དང་། གཉིས་པ་ལ་རང་རང་གི་སྐབས་སུ་སྦྱོར་ལྟུང་གཅིག་བསྐྱེད་ཅིང་། བརྗོད་པ་གསུམ་པ་ལ་སྦྱོར་བའི་གནས་སྐབས་སུ་སྦྱོར་ལྟུང་གཅིག་བསྐྱེད་པ་ཉིད་དོ་ཞེས་བརྗོད་དོ། །ལས་བརྗོད་པ་གསུམ་པ་མ་རྫོགས་པའི་སྦོམ་པོ་བམ་པོ་ལྔ་བཅུ་པ་ལས་མ་བཤད་ཀྱང་། བཅོམ་ལྡན་འདས་ཀྱིས་ལུང་ལས་གསུངས་པ་དེ་གཙོ་བོར་བཟུང་ངོ་། །ཊཱི་ཀ་ལས། 6-1-392b བཟློག་པ་ཇི་སྙེད་བྱེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་པ་དེ་ནི་སྦྱོར་ལྟུང་གི་ཆ་ནས་བསྟན་པ་སྟེ། བཟློག་པ་ཇི་སྙེད་བྱེད་པ་སྦྱོར་བའི་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་དགོངས་སོ་ཞེས་བརྗོད་དོ། །གཉིས་པ་ནི། སྐྱོར་ལུང་པ་ཁ་ཅིག་ན་རེ། དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལ་ བསྒོ་གྱུར་གྱི་ལྟུང་བ་བདུན་བསྐྱེད་དེ། ལུང་རྣམ་འབྱེད་ལས། དགེ་འདུན་མཐུན་པ་དབྱེ་བའི་ཕྱིར། རྟུལ་བར་བྱེད་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ནས། དེའི་རྗེས་སུ་གཞམས་བསྒོ་ལ་སོགས་ལ་མི་གཏོང་བའི་ལྟུང་བ་དྲུག་གསུངས་པས་གྲུབ་བོ་ཞེས་ཟེར་རོ། ། འོན་ཀྱང་གཞམས་བསྒོའི་སྔ་རོལ་གྱི་ཉེས་བྱས་དེ་ནི་བསྒོ་བ་ལས་གྱུར་པ་མ་ཡིན་ཏེ་བསྒོ་བ་གཏན་མ་བྱས་པའི་ཕྱིར། ལུང་ལས། དགེ་འདུན་གྱི་དབྱེན་བྱེད་པའི་ལྟུང་བ་བདུན་གསུངས་ཀྱང་། དང་པོ་སྦྱོར་བའི་སྦྱོར་བའི་ཉེས་བྱས་དེ་ནི་བསྒོ་བ་ལས་གྱུར་པ་མ་ཡིན་པས། བསྒོ་བ་ལས་ གྱུར་པ་ནི་གཞམས་བསྒོ་མན་ཆད་དང་དགེ་འདུན་གྱི་བསྒོ་བ་ལས་མི་གཏོང་བ་ཡན་ཆད་ཀྱི་ལྟུང་བ་དྲུག་ཉིད་དོ། །གསུམ་པ་བསྒོ་གྱུར་གྱི་སྦྱོར་ལྟུང་གི་དང་པོ་ངོས་བཟུང་བ་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། སྣུབས་འདུལ་ཆེན་ན་རེ། གསོལ་བ་བྱས་པ་ན་སྦྱོར་ལྟུང་ དང་པོ་བསྐྱེད་ལ། གཞམས་བསྒོ་བྱས་པ་ན་ནི་སྦྱོར་བའི་ཉེས་བྱས་སོ། །དེ་ཡང་དགྲ་བཅོམ་པ་ས་ག་ལྷའི་ཞལ་ནས། གཞམས་ཏེ་བསྒོ་ན་མི་གཏོང་ན། །ཉེས་བྱས་ཉིད་དུ་རྣམ་པར་བཞག །གསོལ་བའི་ལས་ནི་དང་པོ་སྟེ། །བརྗོད་ཚེ་མི་གཏོང་སྦོམ་པོའོ། །བརྗོད་པ་ལ་ཡང་ དེ་བཞིན་ཏེ། །མཐར་ནི་དགེ་འདུན་ལྷག་མར་འགྱུར། །ཞེས་བཤད་པ་དང་། བསྡུས་པ་ལས། དབྱེན་བྱེད་པའི་ལྷག་མའི་སྐབས་འདིར་གཞམས་ཏེ་བསྒོ་བའི་ཚེ་མི་གཏོང་ན་ཉེས་བྱས་སོ། །གསོལ་བ་དང་། ལས་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པ་དག་རྫོགས་པ་ན་ 6-1-393a སྦོམ་པོ་རེ་རེའོ་ཞེས་བཤད་པ་དང་། ཊཱི་ཀ་ལས། གཞམས་བསྒོའི་སྐབས་ནས་འཇུག་པ་འདི་ནི་མི་གཏོང་བའི་བདག་ཉིད་ཀྱི་འཇུག་པ་བས་ཤས་ཆུང་བ་ཡིན་ནོ་ཞེས་པས་ཉེས་བྱས་སུ་བཤད་པ་དང་། གསོལ་བ་ནི་བཟློག་པ་དང་འདྲ་ཞེས་སྦོམ་པོ་བསྐྱེད་པར་ དོགས་པ་བཅད་པས་ཀྱང་གཞམས་བསྒོ་ལ་སྦྱོར་བའི་སྦོམ་པོ་མི་བསྐྱེད་པར་ཤེས་སོ་ཞེས་ཟེར་རོ། །དེ་མི་འཐད་པ་ལ་གནོད་པ་མཐོང་། སྒྲུབ་བྱེད་མ་མཐོང་བའོ། །དང་པོ་ནི། ལུང་རྩ་འགྲེལ་དང་། མདོ་རྩ་འགྲེལ་གྱི་གཞུང་དྲུག་དང་འགལ་ཏེ། ལུང་རྣམ་འབྱེད་ལས། གཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་བ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་ཞེས་གསུངས་པ་དང་། ལུང་དེའི་འགྲེལ་པ་ལས། གང་ཟག་གིས་ཚིག་གིས་གཞམས་ཏེ་ཕྱིར་བཟློག་པ་ན་མི་གཏོང་ན་ཡང་ཉེས་པ་སྦོམ་པོར་འགྱུར་བ་སྟེ། གང་ཟག་གིས་བསྒོ་བ་དེ་ དགེ་འདུན་གྱིས་བསྒོ་བ་ལ་འཇུག་པ་ཉིད་ཡིན་པས་སྦྱོར་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་དང་། འཇུག་པ་ནི་སྦྱོར་བ་ཉིད་དོ་ཞེས་གསུངས་པ་དང་། ཊཱི་ཀ་ལས། དགེ་འདུན་གྱི་དབྱེན་བྱ་བ་ལ་རྩོམ་པ་ལ་སོགས་པའི་འཇུག་པ་ནི་སྦྱོར་བ་ཉིད་དེ་སྦོམ་པོ་ཡིན་ནོ། །འཇུག་ པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་མ་བསྟན་པས་ན་གཞམས་ཏེ་བསྒོ་བ་དང་ཞེས་དང་། ཊཱི་ཀ་ལས། ཐ་མ་མ་གཏོགས་པའི་མི་གཏོང་བ་ནི་སྦྱོར་བ་ཉིད་དོ་ཞེས་གསུངས་པ་དང་། བམ་པོ་ལྔ་བཅུ་པ་དང་གཞུང་འགྲེལ་ལས་ཀྱང་། གཞམས་ཏེ་བསྒོ་བ་ན་མི་གཏོང་ན་ སྦོམ་པོ་ཞེས་བཤད་པ་དང་འགལ་ལོ། །གཉིས་པ་ནི། བེ་ཤ་ཀ་དང་། ཁྱད་པར་བཤེས་གཉེན་གྱིས་གཞམས་བསྒོ་ལ་མི་གཏོང་ན་ཉེས་བྱས་སུ་བཤད་ཀྱང་ལུང་དང་མི་མཐུན་པའི་ཕྱིར་རྗེས་སུ་མི་འབྲང་སྟེ། ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱིས། བསྟན་བཅོས་དང་འགལ་ 6-1-393b བ་ནི་སླའི། མདོ་དང་འགལ་བ་ནི་དེ་ལྟར་མ་ཡིན་ནོ་ཞེས་བཤད་དོ། །ཊཱི་ཀ་ལས། ཤས་ཆུང་བ་ཡིན་ནོ་ཞེས་པ་དེས་ནི་སྦོམ་པོ་ཡང་བ་ཞེས་བསྟན་པ་ཡིན་ལ། གསོལ་བ་ནི་བཟློག་པ་དང་འདྲ་ཞེས་གསུངས་པ་དང་། གསོལ་བ་ནི་དངོས་སུ་བཟློག་པ་མིན་པས་བཟློག་པ་དང་མི་ འདྲའམ་སྙམ་དུ་དོགས་པ་བཅད་པ་ཡིན་གྱི། གཞམས་བསྒོ་ལ་མི་གཏོང་ན་ཉེས་བྱས་སུ་བསྟན་པ་མིན་ནོ། །གཉིས་པ་ནི། གཞམས་བསྒོ་ལ་མི་གཏོང་ན་སྦྱོར་ལྟུང་དང་པོ་བསྐྱེད་དེ་གཞུང་དྲུག་པོ་དེས་ཀྱང་གྲུབ་བོ། །གསུམ་པ་ནི། དགེ་འདུན་གྱི་དབྱེན་བྱེད་པ་ལ་གཞམས་ བསྒོས་བཟློག་པ་དང་། ལས་བརྗོད་པ་དང་པོས་བཟློག་པ་ཆོས་ཅན། རྒྱུ་བཟློག་པ་དོད་ཐུབ་ཡིན་པར་ཐལ། བཟློག་ཀྱང་མི་གཏོང་ན་འབྲས་བུ་སྦོམ་པོ་དོད་ཐུབ་བསྐྱེད་པའི་ཕྱིར། འདོད་ན་གཞམས་བསྒོ་དེ་ནི་གང་ཟག་གི་ཚིག་ཐ་མལ་པ་ཡིན་ལ། ལས་བརྗོད་པ་ནི་དགེ་ འདུན་གྱི་ཆོ་ག་ཁྱད་པར་ཅན་ཡིན་པ་དང་འགལ་ཅེ་ན། སྦོམ་པོ་དོད་ཐུབ་བསྐྱེད་པའི་རྟགས་མ་གྲུབ་སྟེ། སྦོམ་པོ་ཙམ་དུ་འདྲ་ཡང་། སྦོམ་པོ་ལ་ལྕི་ཡང་གི་ཁྱད་པར་ཡོད་པའི་ཕྱིར། བམ་པོ་ལྔ་བཅུ་པ་ལས། གཞམས་ཏེ་བསྒོ་བ་ལས་བཟློག་པ་ན་མི་གཏོང་བ་ནི་སྦོམ་པོ་ ཡང་བ་ཡིན་ལ། ལས་བརྗོད་པ་དང་པོ་དང་། གཉིས་པས་བཟློག་པ་ན་མི་གཏོང་བའི་སྦོམ་པོ་ནི་ལྕི་བ་ཡིན་ནོ་ཞེས་གསུངས་སོ། །བཞི་པ་བསྒོ་གྱུར་གྱི་དངོས་གཞི་རྫོགས་དུས་ངོས་བཟུང་བ་ནི། དེའི་མཐའ་ལ་མི་གཏོང་ནའོ་ཞེས་གསུངས་པས་འདིའི་དོན་རྒྱས་པར་ འོག་ཏུ་འཆད་དོ། །གཉིས་པ་ནི། དབང་ཕྱུག་གི་སྤྱོད་པ་ཤཱཀྱ་འགའ་ཞིག་བོད་སྔ་མའི་འདོད་པ་ལ་བསྒོ་གྱུར་གྱི་ལྟུང་བ་ལྔ་པོ་ལ་སྦྱོར་དངོས་ཀྱི་ལྟུང་བ་བཅོ་ལྔ་འབྱུང་བར་འདོད་པ་ཡིན་ཟེར་བ་ནི། དཔལ་ཆོས་ཀྱི་གྲགས་པས། ནན་གྱིས་ཁྱོད་འདི་འདོད་ཅེས་པ། །གསལ་བར་ 6-1-394a དབང་ཕྱུག་སྤྱོད་པ་ཡིན། །ཞེས་པར་དོགས་སོ། །གཉིས་པ་ལ། རྫོགས་པར་བྱེད་རྐྱེན་ཐུན་མོང་བསྟན། །སྦྱོར་བའི་གནས་སྐབས་དམིགས་བསལ་བརྗོད། །དགེ་འདུན་རྣམས་ཀྱི་བསླབ་བྱ་བསྟན། །རྫོགས་བྱེད་མཐར་ཐུག་ཐུན་མོང་ངོ་། །དང་པོ་ནི། གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་པའི་ཚུལ་གྱིས་བཟློག་པ་ན། བསམ་པས་མི་གཏོང་བར་ལུས་ངག་གིས་རྗེས་སུ་བསྒྲུབ་པའི་རང་བཞིན་དབྱེན་བྱེད་པ་ལ་སོགས་པའི་ལྷག་མ་བཞི་པོ་འདི་དག་ཆོས་ཅན། བཟློག་པའི་ཚུལ་གྱིས་རྗེས་སུ་མཐུན་པ་ཡིན་ཏེ། བསྒོ་བ་ ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པ་དག་ཡིན་པའི་ཕྱིར། ཊཱི་ཀ་ལས། མི་གཏོང་བར་རྗེས་སུ་བསྒྲུབ་པའི་རང་བཞིན་དེ་ནི་བཟློག་པའི་ཚུལ་གྱིས་རྗེས་སུ་མཐུན་པ་ཡིན་ཏེ། ཞེས་བཤད་དོ། །འོ་ན་བཟློག་པའི་ཚུལ་གྱིས་མཐུན་ཅེས་པ་དེའི་དོན་ཅི་ཡིན་ཅེ་ན། བཟློག་པ་ཡན་ ལག་ཏུ་དགོས་པར་མཐུན་པ་དང་། བཟློག་པའི་གྲངས་དང་སྦྱོར་ལྟུང་གི་གྲངས་མཐུན་པ་དང་། བཟློག་པའི་གནས་སྐབས་དང་ལྟུང་བའི་གནས་སྐབས་མཐུན་པའོ། །དང་པོ་ནི། ཊཱི་ཀ་ལས། བཟློག་པ་དང་འབྲེལ་བ་དེ་ཡིན་པའི་ཕྱིར་རོ་ཞེས་སོ། །གཉིས་པ་ནི། ཊཱི་ཀ་ལས། བཟློག་པ་ཇི་སྙེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ་ཞེས་གསུངས་པས་སྦྱོར་ལྟུང་དེ་སྙེད་དུ་འགྱུར་བའོ། །གསུམ་པ་ནི། ཊཱི་ཀ་ལས། བཟློག་པ་སྦྱོར་བར་གྱུར་པ་ལ་ནི་ལྟུང་བ་ཡང་སྦྱོར་བར་གྱུར་པ་ཉིད་དོ། །མཐར་ཐུག་པར་གྱུར་པ་ལ་ནི་དགེ་འདུན་ལྷག་མ་ཞེས་བྱའི་མཐར་ཐུག་ པར་གྱུར་པ་ཉིད་དོ་ཞེས་སོ། །ཊཱི་ཀ་ལས། རྗེས་སུ་འགྲོ་བ་དང་འདྲ་བར་མཚུངས་པར་རིགས་པར་བྱའོ་ཞེས་པ་འདི་རྣམས་བཟློག་པ་དང་རྗེས་སུ་འགྲོ་བ་དང་། བཟློག་པའི་གྲངས་དང་སྦྱོར་ལྟུང་གི་གྲངས་འདྲ་བ་དང་། བཟློག་པའི་གནས་སྐབས་དང་ལྟུང་བའི་གནས་སྐབས་ 6-1-394b མཚུངས་པའོ། །བཟློག་པར་བྱའོ་ཞེས་དགེ་འདུན་ལ་ཞུ་ཞིང་གསོལ་བ་ནི་དངོས་སུ་བཟློག་པ་མ་ཡིན་ཀྱང་། དངོས་སུ་བཟློག་པ་དང་འདྲ་བ་ཉིད་དོ་སྟེ་ལས་བརྗོད་པ་དང་པོ་དང་སྦྱོར་ལྟུང་སྐྱེད་པའི་བྱེད་པ་པོར་འདྲ་བས། དགེ་འདུན་གྱི་དབྱེན་བྱེད་པ་ལ་འཇུག་པ་དེ་གསོལ་བ་ལ་མི་ གཏོང་ན་སྦོམ་པོར་འགྱུར་བ་ལྟ་བུའོ། །འདིར་རུ་ན་རེ། གསོལ་བ་ལ་མི་གཏོང་བའི་སྦོམ་པོ་དེ་ནི་ལས་བརྗོད་པ་དང་པོ་བྱས་པ་ན་བསྐྱེད་པ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། འདིར་གཞུང་ནི་གསོལ་བར་བྱེད་པ་ན་གཞི་དེ་གཏོང་ན་དེ་ལྟར་ན་ལེགས། གལ་ཏེ་མི་གཏོང་ན་ ལས་བརྗོད་པར་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །ལུང་དེ་ནི་གསོལ་བའི་ལས་ཉིད་ངག་ཏུ་བརྗོད་པར་བྱས་པ་ན་སྦོམ་པོར་འགྱུར་ཞེས་བསྟན་པ་ཡིན་གྱི། གསོལ་བ་ལ་མི་གཏོང་ན་སྦོམ་པོ་བསྐྱེད་པ་སྟེ། ལས་བརྗོད་པ་དང་པོ་བྱས་ པ་ལ་བལྟོས་པ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་ལས། གསོལ་བ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་ཤིང་། བམ་པོ་ལྔ་བཅུ་པ་ལས་ཀྱང་། གསོལ་བ་བྱས་པའི་མཐར་ཉེས་པ་སྦོམ་པོ་གཅིག་གོ་ཞེས་བཤད་པས་ཤེས་སོ། །སྐད་ཅིག་མ་ལ་དུས་མཐའ་ དང་། བྱ་རྫོགས་གཉིས་ཡོད་པ་ལས་གསོལ་བ་མགོ་བརྩམས་ནས་གསོལ་བ་མ་རྫོགས་ཀྱི་བར་དུ་ཚིག་གི་བྱ་བ་རྫོགས་པའི་སྐད་ཅིག་མ་ནི་ཚིག་གཅིག་ཉིད་དོ་སྟེ། སྦྱོར་ལྟུང་གཅིག་བསྐྱེད་པ་ཉིད་ཡིན་གྱི། གསོལ་བའི་སྟོད་སྨད་བར་གསུམ་ལ་སྦྱོར་ལྟུང་ཐ་དད་པ་གསུམ་བསྐྱེད་ པ་ནི་མ་ཡིན་ནོ། །ཊཱི་ཀ་ལས། ཆ་ཤས་རེ་རེ་ཡང་མ་ཡིན། རྩ་བ་རེ་རེ་ཡང་མ་ཡིན་ནོ་ཞེས་པ་ནི། ངོ་བོ་དང་། བྱ་བ་དང་། བྱེད་པ་བརྗོད་པའི་དོན་གྱི་ཆ་ཤས་རེ་རེ་ལ་བལྟོས་པའི་ལྟུང་བ་ཐ་དད་རེ་བསྐྱེད་པ་མ་ཡིན་ལ། ཚིག་གི་རྩ་བ་ནི་ཚིག་གི་རྐང་པ་རེ་རེ་ལ་བལྟོས་པའི་ལྟུང་བ་ཐ་ 6-1-395a དད་རེ་བསྐྱེད་པ་མ་ཡིན་ཅེས་པའོ། །དེ་བཞིན་དུ་ལས་བརྗོད་པ་དང་པོ་དང་། གཉིས་པ་ལ་ཡང་རང་རང་གི་ཚིག་གི་སྐད་ཅིག་མ་ནི་གཅིག་ཉིད་དོ་ཞེས་ཀྱང་མདོ་འདིས་བསྟན་ཏེ། ལས་བརྗོད་པ་གསུམ་པའི་སྐབས་སུ་ནི་བརྗོད་པ་གཉིས་ལ་བལྟོས་པའི་ ལྟུང་བ་གཉིས་བསྐྱེད་པར་ལུང་ལས་གསུངས་ཏེ་སྔར་བཤད་ཟིན་ཏོ། །འོ་ན་བརྗོད་པ་ལན་གསུམ་ག་ལ་ཡང་ལྟུང་བ་གཅིག་བསྐྱེད་དམ་ཞེ་ན། བརྗོད་པ་ལན་གསུམ་བཟླས་པ་ནི་བཟློག་པ་ཐ་དད་པ་ཉིད་ཡིན་པས་ལྟུང་བ་ཐ་དད་པ་བསྐྱེད་པ་ཉིད་དོ། །འོ་ན་འཇུག་སྡུད་བརྗོད་པ་ལས་ ཀྱང་ལྟུང་བ་ཐ་དད་པ་བསྐྱེད་དམ་ཞེ་ན། མཇུག་སྡུད་བརྗོད་པ་ནི། ལས་བརྗོད་པ་གསུམ་ལས་ཐ་དད་པ་མ་ཡིན་ནོ། །ཊཱི་ཀ་ལས། དེ་ཡང་བཟླས་པ་ཐ་མའི་ནང་དུ་གཏོགས་པར་རིགས་སོ་ཞེས་སོ། །གཉིས་པ་ནི། འཇུག་པ་ནི་གཉིས་ཏེ། ཐོག་མར་རྩོམ་པ་ལ་འཇུག་པ་དང་། བཟློག་ཀྱང་མི་གཏོང་བའི་བདག་ཉིད་ཀྱིས་འཇུག་པའོ། །དང་པོ་ནི། སྦྱོར་བའི་སྦྱོར་བ་སྟེ་ཉེས་བྱས་སུ་འགྱུར་བའོ། །གཉིས་པ་ནི། སྦྱོར་བ་ཉིད་ཡིན་ཏེ་བཟློག་ཀྱང་མི་གཏོང་བའི་བདག་ཉིད་ཀྱིས་འཇུག་པ་ནི་སྦྱོར་བ་ཉིད་དོ་ཞེས་པས་དེ་ཡང་གཞམས་བསྒོ་ལ་སོགས་པས་བཟློག་ཀྱང་ མི་གཏོང་བའི་བདག་ཉིད་ཀྱིས་འཇུག་པ་སྟེ། དགེ་འདུན་གྱི་དབྱེན་བྱེད་པ་ལྟ་བུ་ལས་བཟློག་ཀྱང་མི་གཏོང་བར་ལུས་ངག་གིས་འཇུག་པའམ་བསམ་པས་མི་གཏོང་བར་འཇུག་པ་ནི་དགེ་འདུན་ལྷག་མའི་སྦྱོར་བ་ཉིད་ཡིན་པས་སྦྱོར་བའི་སྦོམ་པོ་བསྐྱེད་པ་ཉིད་དོ། །འདིར་འགྲེལ་ ཆུང་ལས། བསྒོ་བ་ལན་རེའི་ཚེ་གཏོང་དུ་མི་བཏུབ་ཅིང་ལྷག་མ་བྱེད་པར་འགྱུར་བ་ནི་སྦོམ་པོ་རེ་རེར་འགྱུར་རོ། །ཞེས་སོ། །བཟློག་ཀྱང་མི་གཏོང་བར་འཇུག་པ་དེ་གནས་སྐབས་གང་གི་ཚེ་འཇུག་པ་ན་སྦྱོར་བ་ཉིད་ཡིན་ཅེ་ན། ཊཱི་ཀ་ལས། འཇུག་པ་ཞེས་བྱ་བའི་གནས་སྐབས་ 6-1-395b ཀྱི་བྱེ་བྲག་མ་བསྟན་པས་ན་གཞམས་ཏེ་བསྒོ་བ་དང་། གསོལ་བ་ལ་སོགས་པ་དག་གི་འོག་དང་། སྔ་རོལ་ཡང་ཡིན་པར་རིག་པར་བྱའོ་ཞེས་བཤད་དོ། །སྔ་རོལ་ཞེས་པ་དེ་ནི་གསོལ་བ་ལ་སོགས་པ་དག་གིས་སྔ་རོལ་ཀྱང་ཡིན་པ་ཞེས་པ་སྟེ་གཞམས་བསྒོའི་སྔ་རོལ་ནི་སྦྱོར་བ་ཉིད་མ་ ཡིན་ཏེ། སྦྱོར་བའི་སྦྱོར་བ་ཉིད་ཡིན་པས་རྩོམ་པ་ལ་འཇུག་པའི་ཉེས་བྱས་བསྐྱེད་པ་སྟེ། ལུང་རྣམ་འབྱེད་ཀྱི་གཞམས་བསྒོའི་སྔ་རོལ་གྱི་སྐབས་ལས། དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །ཉིད་བཤད་ ལས། འཇུག་པ་ནི་སྦྱོར་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་བྱ་བ་ལ་རྩོམ་པ་ལ་སོགས་པའི་འཇུག་པ་ནི་སྦྱོར་བ་ཉིད་དོ་ཞེས་བཤད་དེ། རྩོམ་པ་ལ་འཇུག་པ་ནི་སྦྱོར་བ་བཏགས་པ་བ་ཉིད་དོ། །འཇུག་པ་ཐམས་ཅད་སྦྱོར་བ་ཉིད་ཡིན་ནམ་ཞེ་ན། ཁྱིམ་སུན་ཕྱུང་བ་ལ་ བསྐྲད་པ་མ་བྱས་པ་ན་དགེ་འདུན་ལ་འགྲོ་བ་བཞིས་སྐུར་པ་འདེབས་པ་དང་། གླེང་བ་དང་། དྲན་པར་མ་བྱས་པ་ན་བཀའ་བློ་མི་བདེ་བའི་ཚིག་སྨྲ་བ་ལ་འཇུག་པ་མི་སྦྱོར་བ་དེའི་སྦྱོར་བ་སྟེ་ཉེས་བྱས་བསྐྱེད་པའོ། །ལུང་ཞུ་བ་ལས། བསྐྲད་པའི་ལས་མ་བགྱིས་པར་དགེ་འདུན་ ལ་འདུན་པས་མཆིའོ། །ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་མཆིའོ་ཞེས་མཆི་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །གླེང་བར་མ་བགྱིས། དྲན་པར་མ་བགྱིས་པར་བདག་ཉིད་དག་མི་ཉན་པ་ཉིད་དུ་བགྱིས་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །དེ་ལ་བསྒོ་ བར་བགྱིའམ། བསྒོ་བར་མི་བྱའོ། །བསྒོ་བ་འཆགས་པ་ལགས་སམ། བསྒོ་བ་མི་འཆགས་སོ། །ཞེས་གསུངས་སོ། །ལུང་འདི་ནི་མདོ་འོག་མའི་ཁུངས་ཡིན་ནོ། །གལ་ཏེ་བསྐྲད་པ་དང་། གླེང་བ་དང་། དྲན་པར་བྱས་པ་ན་འཇུག་པ་ནི་སྦྱོར་བ་ཉིད་དེ་གཞམས་བསྒོའི་སྔ་ 6-1-396a རོལ་དུ་ཉེས་པ་སྦོམ་པར་འགྱུར་རོ། །འདི་ལ་སྒྲུབ་བྱེད་ཀྱི་གཞུང་བཞི་ཡོད་དེ། བསྐྲད་པ་དང་། གླེང་བ་དང་། དྲན་པར་མ་བྱས་པ་ནི་དེའི་འོ་ཞེས་དངོས་སུ་བསྟན་པས་བསྐྲད་པ་དང་། གླེང་བ་དང་། དྲན་པར་བྱས་པ་ན་འཇུག་པ་ནི་སྦྱོར་བའོ་ཞེས་མདོ་རྩ་བའི་ ཤུགས་ཀྱིས་བསྟན་ཏོ། །དེ་དང་མཐུན་པར་ཞུ་འགྲེལ་དུ་ཁུངས་དྲངས་པའི་ལུང་ཞུ་བ་ལས། བཙུན་པ་བསྐྲད་པའི་ལས་བགྱིས་ན་འདུན་པས་འགྲོ་བའོ། །ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བའོ་ཞེས་མཆིས་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །གླེངས་ཤིང་ དྲན་པར་བགྱིས་པ་ལས་བདག་ཉིད་བཀའ་བློ་མི་བདེ་བ་ལ་གནས་པར་བགྱིས་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་། དེ་དང་མཐུན་པར་མདོ་རྩ་བའི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། དྲན་པར་བྱས་པའི་གནས་སྐབས་ན་ནི་ཁ་ན་མ་ཐོ་བ་དྲན་དུ་ཟིན་ཀྱང་ཡོངས་ སུ་མི་གཏོང་བས་མངོན་པར་ཞེན་པ་དམ་པ་ཉིད་དང་། སྡིག་པའི་བསམ་པ་ཡང་ཆེས་ལྕི་བ་ཉིད་ཡིན་པས་དེའི་ཚེ་ན་སྦོམ་པོར་གསུངས་སོ། །ཞེས་བཤད་ཅིང་། བམ་པོ་ལྔ་བཅུ་པ་ལས་ཀྱང་། གླེང་བ་དང་དྲན་པ་དང་བསྐྲད་པའི་ལས་བྱས་པ་ཕྱིན་ཆད་ཀྱི་འཇུག་པ་ནི་སྦྱོར་བ་ཉིད་ དེ་ཉེས་པ་སྦོམ་པོའོ་ཞེས་བཤད་དོ། །གཞམས་བསྒོའི་སྔ་རོལ་གྱི་སྦོམ་པོ་དེ་གཉིས་ནི་ཁྱིམ་སུན་འབྱིན་པའི་ལྷག་མའི་སྦྱོར་སྦོམ་དང་། བཀའ་བློ་མི་བདེ་བའི་ལྷག་མའི་སྦྱོར་སྦོམ་ཡིན་ཀྱང་བསྒོ་གྱུར་གྱི་སྦོམ་པོ་ནི་མ་ཡིན་ཏེ་བསྒོ་བ་གཏན་ནས་མ་བྱས་པའི་ཕྱིར་ཏེ། གཞམས་བསྒོའི་ སྔ་རོལ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཁྱིམ་སུན་ཕྱུང་བ་ལ་བསྐྲད་པར་མ་བྱས་པ་དེ་དང་། བཀའ་བློ་མི་བདེ་བ་ལ་གླེང་དྲན་མ་བྱས་པ་དེ་ལ་ནི་བསྒོ་བར་མི་བྱ་བ་ཉིད་དོ་ཞེས་གསུངས་པས། ཁྱིམ་སུན་ཕྱུང་བ་ལ་བསྐྲད་པ་དང་བཀའ་བློ་མི་བདེ་བ་ལ་གླེང་དྲན་བྱས་ནས་བསྒོ་ 6-1-396b ཞེས་ཤུགས་ཀྱིས་བསྟན་ཏོ། །དགེ་འདུན་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པར་བྱེད་པ་ལ་སོགས་པ་དེ་དག་ལ་གཞམས་པ་དང་བསྒོ་བ་དང་ལས་ཀྱིས་མི་བསྒོ་བར་མི་བྱའོ་སྟེ། གཞན་དུ་ན་དགེ་འདུན་རྣམས་ཐུགས་རྗེ་ཆུང་བར་འགྱུར་བའི་ཕྱིར། བཞི་པ་ནི། གང་གི་ ཚེ་ན་དབྱེན་བྱེད་པ་ལ་སོགས་པའི་ལྟུང་བ་དངོས་གཞི་རྫོགས་པར་འགྱུར་ཞེ་ན། རང་ལ་བསྒོ་བ་ལས་བརྗོད་པ་གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ་སྟེ་དགེ་འདུན་ལྷག་མར་འགྱུར་བའོ། །འདིར་གཞུང་རྣམས་ཀྱི་བཤད་ལུགས་གསུམ་ལས། དང་པོ་ནི། དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་དངོས་གཞི་བསྐྱེད་པའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ་དགེ་འདུན་གྱི་དབྱེན་རྗེས་སུ་སྒྲུབ་པ་ཆོས་ཅན། རང་ལ་བསྒོ་བའི་ལས་བརྗོད་པ་གསུམ་པའི་མཐའི་སྔ་རོལ་དུ་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་དངོས་གཞི་མི་བསྐྱེད་པར་ ཐལ། དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་དངོས་གཞི་བསྐྱེད་པ་དེ་རང་ལ་བསྒོ་བའི་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་བ་ལ་བལྟོས་པའི་ཕྱིར། འདོད་ན་ལས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་དེའི་མཐའ་ལ་མི་གཏོང་ནའོ་ཞེས་བརྗོད་དེ། ཊཱི་ཀ་ལས། སྐད་ ཅིག་མ་གང་ལ་ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་དངོས་པོ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་ན་ཚིག་ཕལ་ཆེར་བྱས་པ་ཉིད་ཡིན་པས་དེ་ནི་འདིར་དངོས་གཞིའི་དུས་ཡིན་ཅེས་བཤད་དོ། །ཉིད་བཤད་ལས་ཀྱང་། སྐད་ཅིག་མ་གང་ ལ་ཕལ་ཆེར་བྱས་པ་ཉིད་གང་ཡིན་པ་དེ་ནི་འདིར་དངོས་གཞིའི་དུས་སུ་ཤེས་པར་བྱའོ་ཞེས་བཤད་དེ། ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་པ་དང་མཐུན་ནོ། །བཤད་ལུགས་གཉིས་པ་ནི། ལས་བརྗོད་པ་གསུམ་པ་དངོས་གཞི་ཉིད་རྫོགས་པ་ན་དེའི་མཐའ་ལ་མི་གཏོང་ནའོ་ 6-1-397a ཞེས་ལུང་གི་རྗེས་སུ་འབྲང་སྟེ། ལུང་རྣམ་འབྱེད་ལས། ལས་བརྗོད་པ་གསུམ་པ་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟར་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྫོགས་པར་བརྗོད་པ་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ ལ། ཊཱི་ཀ་ལས་ཀྱང་། བརྗོད་པ་གསུམ་པ་རྫོགས་པར་བརྗོད་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་ལུང་དྲངས་སོ། །བཤད་ལུགས་གསུམ་པ་ནི། ལས་བརྗོད་པ་གསུམ་པའི་མཇུག་སྡུད་བརྗོད་པ་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ་ཞེས་པས་མཇུག་སྡུད་ ལ་བལྟོས་པའི་ཕྱིར། དེའི་སྔ་རོལ་དུ་བསྐྱེད་པ་ཁེགས་པ་ཡིན་ནོ། །དེའང་ཞུ་འགྲེལ་དང་བམ་པོ་ལྔ་བཅུ་པ་ལས། ལས་བརྗོད་པ་གསུམ་པ་ལ་མཇུག་སྡུད་པ་དང་བཅས་པ་རྫོགས་པའི་མཐར་དགེ་འདུན་ལྷག་མ་ཞེས་བཤད་དེ། རྩ་བར་མཇུག་སྡུད་པ་ནི་མ་ཡིན་ནོ་ཞེས་བཤད་པ་ དང་། ཊཱི་ཀ་ལས། དེའང་བཟླས་པ་ཐ་མའི་ནང་དུ་གཏོགས་པར་རིགས་སོ་ཞེས་བཤད་པས། མཇུག་སྡུད་བརྗོད་པ་རྫོགས་པའི་མཐའ་ནི་བརྗོད་པ་གསུམ་པ་རྫོགས་པའི་མཐའ་ཡིན་པས་ལས་བརྗོད་པ་གསུམ་པའི་མཇུག་སྡུད་བརྗོད་པ་རྫོགས་པ་ན་ལྟུང་བ་དངོས་གཞི་རྫོགས་ པའོ། །དེ་ལྟར་བཤད་ལུགས་གསུམ་ལས་བར་མ་ཉིད་མཆོག་སྟེ་ལུང་གི་རྗེས་སུ་འབྲང་བའི་ཕྱིར་རོ། །འདིར་སྨྲས་པ། རྒྱལ་བའི་དབང་པོས་བསྒྲུབས་པའི་རྣམ་རྒྱལ་གྱི། །ལྟོ་བ་ནོར་བུས་བརྟེན་པའི་གཙུག་ལག་གཞུང་། །རྟོགས་པ་སྨྲས་པའི་འཁོར་ལོ་འདི་འཕགས་པས། ། ས་སྐྱོང་གཟུ་ལུམ་ཐིག་ལེའི་ཟེར་གར་སོང་། །སྐྱེ་བར་ཚུལ་ཁྲིམས་སྦྱངས་པའི་རྒྱུ་ཉིད་ལས། །ཚེ་འདིར་མཐོ་རིས་དབང་པོའི་ལུས་ཐོབ་འབྲས། །བསྐལ་པར་ཚོགས་ཆེན་བསགས་པའི་གཟི་བྱིན་ལས། །མཐོང་བའི་ཆོས་ལ་བློ་གྲོས་ཟླ་མེད་དར། །ཆོས་མིན་འཆད་ལ་ཟོལ་གྱིས་ 6-1-397b དུབ་པ་ནས། །རང་གཞན་མི་དགེའི་ལྷག་མ་སྐོང་བྱེད་པ། །དེ་འདྲས་རྒྱལ་བའི་གཏམ་གྱི་སྙན་ངག་འདི། །དུག་སྦྲུལ་ནག་པོས་འོ་མ་སྤངས་བཞིན་གྱུར། །ཐོས་པས་མི་ངོམས་སྐྲ་ཚོགས་སྣུམ་ཞིང་ལི། །བསམ་པས་ཆོག་མེད་འགྲམ་པ་ཤིན་ཏུ་འཇམ། །སྒོམ་པས་མི་ངལ་ སྨིན་འཁྱོགས་གར་བྱེད་པ། །དེ་འདྲའི་མཛའ་མོ་དགུག་པར་ནུས་པ་ན། །དུག་ཅན་ཚེར་མས་ཁྱབ་པ་གྱ་གྱུའི་ཡིད། །འཁྲི་ཤིང་སྐམ་པོའི་མཁར་བར་འཆེལ་བ་ཅན། །ཡི་དྭགས་མོ་འདྲ་བླ་མར་མཚོན་པ་དེ། གཏི་མུག་གིས་བསླད་སྡང་བ་ཐོབ་ཅེས་གྲགས། །ངོ་ཚའི་གནས་ལ་ སྤྱོད་འདི་བདག་ཅག་རྣམ་གྲོལ་ཐོབ་པའི་རྟགས་ཡིན་ལོ། །ཐོས་དང་སྒྲུབ་པ་བྲལ་གང་དུ་མ་རོ་གཅིག་རྟོགས་པའི་རང་བཞིན་ཟེར། །གུས་པས་བཏུད་ཅིང་སྡང་བས་བརྩད་ཀྱང་ཤེས་པ་འདི་ཉིད་ཆོས་སྐུ་ཞེས། །སྒྲོག་པ་ལས་གཞན་མི་འབྱུང་འགྱུར་ཏེ་བདག་ལ་གནོད་པའི་རྒྱུ་རྐྱེན་ཅི།། །། གསུམ་པ་ལ། དགེ་འདུན་དབྱེན་གྱི་ལྷག་མ་བསྟན། །དེ་རྗེས་ཕྱོགས་པའི་ལྷག་མ་བརྗོད། །ཁྱིམ་སུན་འབྱིན་པའི་ལྷག་མ་བཤད། བཀའ་བློ་མི་བདེའི་ལྷག་མའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་ལྷས་བྱིན་ གྱིས་དགེ་འདུན་འབྱེད་པར་བྱེད་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི། རང་རིས་ཀྱི་དགེ་འདུན་ལ་གནོད་པ་སྟེ་ཆོས་མ་ཡིན་པ་ལ་སྦྱོར་བ་དང་། དགེ་འདུན་གྱིས་བཟློག་ཀྱང་མི་གཏོང་བ་ལ་ཡན་ལག་ཏུ་དགོས་པས་ཤེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ དགེ་འདུན་ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་འབྱེད་པ་ལ་གཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་གཉིས་ཏེ། ཡན་ལག་བརྩི་བ་དངོས་དང་། སྐབས་ཀྱི་དོན་ཁྱད་པར་དུ་གཏན་ལ་དབབ་པའོ། ། 6-1-398a དང་པོ་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་ལྔ་ལས། གང་དུ་དབྱེ་བའི་གནས། གང་དག་དབྱེ་བའི་ཡུལ། གང་གི་ཚེ་འབྱེད་པའི་དུས་དང་། གང་ལ་དབྱེ་ བའི་དོན་དང་བཞི་ནི་སྔར་མཚམས་མེད་ཀྱི་སྐབས་སུ་བཤད་པ་རྣམས་འདིར་ཡང་སྦྱར་ཞེས་ཤ་ལུགས་པ་རྣམས་གསུང་ངོ་། །དེ་རྣམས་འདིར་ཡན་ལག་ཡིན་པའི་གཞུང་ནི། འགྲེལ་ཆུང་ལས། འཁོར་ལོའི་དབྱེན་རྩོམ་པ་བྱས་ཏེ་དབྱེན་མ་བྱེད་ཅེས་དགེ་འདུན་གྱིས་བསྒོས་ཏེ་མ་ཉན་ ནས་ལྡོག་ཏུ་མ་བཏུབ་ན་དགེ་འདུན་ལྷག་མར་འགྱུར་ཞེས་བཤད་དོ། །འོན་ཀྱང་དམིགས་བསལ་གང་གིས་འབྱེད་པའི་རྟེན་ནི་དགེ་འདུན་གྱིས་དབྱེན་ཆགས་པ་དང་། འདིའི་མཚམས་མེད་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ཀྱང་། འདིར་ནི་དེ་ཡན་ ལག་ཏུ་མི་དགོས་ཏེ། དགེ་སློང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་སྟེ་ལུང་ཞུ་བའི་དབྱེན་བྱེད་པའི་ལྷག་མའི་སྐབས་ལས། དགེ་སློང་ལ་ཇི་ལྟ་བ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་རྣམས་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ལ། ལུང་དེ་ནི་ ཞུ་བའི་འགྲེལ་པ་ལས་ཀྱང་བཤད་དོ། །རྫོགས་པར་བྱེད་པའི་རྐྱེན་ནི་གཞམས་བསྒོ་ལ་སོགས་པས་བཟློག་པ་ལྔའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལས་མ་འཁྲུལ་བ་སྟེ་དེའི་དོན་ནི་སྔར་བཤད་ཟིན་ཏོ། །ཀུན་སློང་ནི་དགེ་འདུན་ རྣམས་ཆོས་ལས་ཆོས་མིན་དུ་འབྱེད་པར་འདོད་པ་དང་། བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གང་གིས་དགེ་འདུན་ཆོས་མིན་ཕྱོགས་སུ་འབྱེད་པར་ཞུགས་ཤིང་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་རང་ལ་བསྒོ་བའི་ལས་བརྗོད་པ་ 6-1-398b གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ། །གཉིས་པ་སྐབས་ཀྱི་དོན་ཁྱད་པར་དུ་གཏན་ལ་དབབ་པ་ནི། འདིར་རྒྱ་ལུགས་པ་ན་རེ། དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་སངས་རྒྱས་ཞལ་བཞུགས་དུས་ཡིན་པ་ཡན་ལག་ཏུ་མི་དགོས་ཏེ། སངས་རྒྱས་མྱ་ ངན་ལས་འདས་པའི་འོག་ཏུ་དེང་སང་དགེ་འདུན་གྱི་དབྱེན་བྱེད་ན་ཡང་དགེ་འདུན་ལྷག་མར་འགྱུར་ཞེས་འཆད་དོ། །དེ་ནི་བམ་པོ་ལྔ་བཅུ་པ་ལས། འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ་སྟོན་པ་བཞུགས་པ་དང་། དགེ་འདུན་དུ་ལོངས་པ་དང་། དགེ་འདུན་གྱི་ དབྱེན་ལ་རྟུལ་བར་བྱེད་པ་ཉིད་དང་། ཆོས་དང་མཐུན་པས་བཟློག་པ་དང་། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ་ཞེས་གསུངས་པ་དང་འགལ་ལོ། །དཔལ་ཤཱཀྱ་མཆོག་ལྡན་ན་རེ། འོ་ན་བསྟན་པ་འདི་ལ་དབྱེན་ གྱི་ལྷག་མ་མི་སྲིད་པར་ཐལ་ཅེས་འཕེན་པར་བྱེད་མོད། དེའང་རྟོག་གེའི་གནས་ལ་མ་བྱང་བའི་ཐལ་བ་ཡིན་ཏེ། ཐལ་བ་འཕེན་པ་ལ་ཚད་མའི་བསལ་བ་ཞུགས་པ་ཞིག་འཕེན་དགོས་པ་ལས། དེ་ལ་ནི་ཚད་མའི་བསལ་བ་ཞུགས་པ་མ་ཡིན་པའི་ཕྱིར། སྐྱོན་དང་བཅས་པ་ཡིན་ ནོ། །ཡང་ཤ་ལུགས་པ་ན་རེ། དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་སོ། །དབྱེན་ལ་ཡང་འོས་པ་མ་ཡིན་པས་ཞེས་པ་དང་། དབྱེན་རྗེས་སུ་བསྒྲུབ་པ་ནི་གསོལ་བ་དང་འདྲའོ་ཞེས་གསུངས་པས་སོ་ཞེས་ཟེར་རོ། །འོན་ ཀྱང་གཞན་དེ་དག་ནི་དབྱེན་ཆགས་པའི་ཡན་ལག་དང་། དེའི་མཚམས་མེད་བསྐྱེད་པའི་ཡན་ལག་བསྟན་པ་ཡིན་ལ། དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་མི་དགོས་ཏེ། ལུང་ལས། བསླབ་པ་བྱིན་པ་ལ་དགེ་འདུན་གྱི་ 6-1-399a དབྱེན་བྱེད་པའི་ལྷག་མ་བསྐྱེད་པར་གསུངས་པ་དང་། སྤྱིར་བསྟན་པའི་ཊཱི་ཀ་ལས། བསླབ་པ་བྱིན་པ་ནི་ཐམས་ཅད་དུ་ལྟུང་བ་ལ་སྦྱོར་བ་དགེ་སློང་དང་འདྲ་བ་ཉིད་དུ་རིག་པར་བྱ་ཞེས་གསུངས་ལ། འདིའི་དམིགས་བསལ་དུ་འཇོག་པའི་རྒྱུ་མ་དམིགས་པའི་ཕྱིར་ དགེ་འདུན་གྱི་དབྱེན་དང་། དབྱེན་བྱས་པའི་མཚམས་མེད་དང་། དབྱེན་བྱེད་པའི་ལྷག་མ་དང་གསུམ་པོ་ངོ་བོ་ཐ་དད་ཅིང་ཡན་ལག་ཐ་དད་དེ། འདི་སྐད་དུ། ངོ་བོ་ལྡན་པ་དང་པོས་དགེ་སློང་མ། །ཕྱེད་པར་གྱུར་དང་བཟློག་དང་མཐར་ཐུག་དང་། །འབྱེད་པ་པོ་སྟེ་ཁྱད་པར་བརྒྱད་ ཀྱིས་ནི། །དབྱེན་དང་མཚམས་མེད་ལྷག་མའི་ཁྱད་པར་དབྱེ། །ཞེས་སྨྲས་ཏེ། ངོ་བོའི་ཁྱད་པར་ནི་དཔེར་ན་ཤིང་གཤགས་འཕྲོ་ཕན་ཚུན་གཉིས་ཀྱི་བར་དུ་ཁྱེའུ་བཅུག་པ་ན་ཤིང་ཕན་ཚུན་དེ་གཉིས་མི་འཕྲོད་པར་བྱེད་པའི་ཁྱེའུ་དང་འདྲ་སྟེ། དབྱེན་དེ་ནི་དགེ་འདུན་ཕྱོགས་གཉིས་ཀྱི་བར་ ན་ཕན་ཚུན་ཐུགས་རྩེ་མི་འཕྲོད་པའི་རྫས་ལུང་མ་བསྟན་མིག་གིས་མ་མཐོང་བའི་རྫས་བེམས་པོ་དགེ་འདུན་ཕྱོགས་གཉིས་ཀྱི་བར་ན་ཁྱེའུ་བཅུག་པ་ལྟར་ཡོད་པ་ཡིན་ཏེ། མཛོད་ལས། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན། །ཅེས་སོ། །ངག་དོན་དགེ་འདུན་གྱི་དབྱེན་ནི་མི་འཕྲོད་པ་ལྡན་མིན་འདུ་བྱེད་ངོ་བོ་ལུང་མ་བསྟན་ཡིན་ལ། དབྱེན་བྱས་པའི་མཚམས་མེད་ནི་དགེ་འདུན་ཕྱེད་པ་ལས་གྱུར་པའི་སྡིག་པ་སྟེ་ཚེ་ཕྱི་མ་མནར་མེད་དུ་སྐྱེ་བའི་ལས་ཀྱི་ དངོས་གཞི་ཡིན་ནོ། །དབྱེན་བྱེད་པའི་ལྷག་མ་ནི་སྐབས་འདིའི་བཅས་པ་ལས་འདས་པའི་ལྟུང་བ་དངོས་གཞི་སྟེ་དགེ་འདུན་ཕྱེད་པ་ལ་མི་བལྟོས་སོ། །ལྡན་པའི་ཁྱད་པར་ནི། མཛོད་ལས། དེ་དང་དགེ་འདུན་ཡང་དག་ལྡན། །ཅེས་བཤད་པས་དགེ་འདུན་གྱི་དབྱེན་ནི་དགེ་འདུན་ 6-1-399b ལ་ལྡན་ཅིང་། དབྱེན་བྱེད་པའི་མཚམས་མེད་དང་། དབྱེན་བྱེད་པའི་ལྷག་མ་ནི་འབྱེད་པ་པོ་ལ་ལྡན་ཏེ། མཛོད་ལས། དེ་ཡི་ཁ་ན་མ་ཐོ་བརྫུན། །དེ་དང་འབྱེད་པོ་ཡང་དག་ལྡན། །ཅེས་པའོ། །ལས་དང་པོ་པ་ལ་འབྱུང་མི་འབྱུང་གི་ཁྱད་པར་ནི། ལས་དང་པོ་པ་ལྷས་བྱིན་གྱིས་ དགེ་འདུན་ཕྱེ་བ་ལས་དབྱེན་དང་། དེའི་མཚམས་མེད་འབྱུང་བར་འཁོར་ལོའི་དབྱེན་གྱི་གླེང་གཞི་ལས་གསུངས་སོ། །དེ་ལ་དབྱེན་བྱེད་པའི་དགེ་འདུན་ལྷག་མ་ནི་མི་འབྱུང་སྟེ། ལས་དང་པོ་པ་ལ་ལྟུང་བར་མི་འབྱུང་བའི་ཕྱིར། དགེ་སློང་མ་ལ་འབྱུང་མི་འབྱུང་གི་ཁྱད་པར་ནི། དགེ་སློང་མ་ལ་དབྱེན་བྱེད་པའི་ལྷག་མ་འབྱུང་བ་སོ་ཐར་དང་མའི་རྣམ་འབྱེད་དང་མདོ་རྩ་འགྲེལ་ལས་གསུངས་ལ། ལས་ཀྱི་དབྱེན་ཡང་འབྱུང་བར་བསྟན་ཅིང་། འཁོར་ལོའི་དབྱེན་དང་དབྱེན་བྱས་པའི་མཚམས་མེད་གཉིས་ནི་མི་འབྱུང་སྟེ། འབྱེད་པ་པོ་དགེ་སློང་ཡིན་པ་ཡན་ ལག་ཏུ་དགོས་པ་ལས་དེ་མ་ཚང་བའི་ཕྱིར། མཛོད་འགྲེལ་ལས། དགེ་སློང་གིས་འབྱེད་ཀྱི་དགེ་སློང་མ་ལ་སོགས་པས་ཀྱང་མ་ཡིན་ནོ་ཞེས་གསུངས་ལ། མཛོད་ཀྱི་འགྲེལ་བཤད་ལས། སངས་རྒྱས་ནི་དགེ་སློང་ཡིན་པའི་ཕྱིར་དང་། འབྱེད་པ་པོ་ཡང་དེ་ལ་བསྡོ་བའི་ཕྱིར་ རོ་ཞེས་སོ། །འོན་ཀྱང་དགེ་སློང་མ་ལ་དགེ་འདུན་གྱི་དབྱེན་བྱེད་པའི་མཚམས་མེད་ལྡན་སྲིད་དེ། དགེ་འདུན་གྱི་མཚམས་མེད་བྱས་པའི་དགེ་སློང་དེ་དགེ་སློང་མར་གྱུར་ནའོ། །དེ་ཡང་མཚན་གྱུར་པས་མཚམས་མེད་ཀྱི་སྡིག་པ་མི་འདག་པས་དགེ་སློང་མ་ལ་ཡང་དགེ་འདུན་ དབྱེན་བྱེད་ཀྱི་མཚམས་མེད་ཀྱི་རྒྱུན་འབྱུང་བ་སྲིད་པ་ཁོ་ནའོ། །དགེ་འདུན་འབྱེད་པ་ཡན་ལག་ཏུ་དགོས་མི་དགོས་དང་། བཟློག་པ་ཡན་ལག་ཏུ་དགོས་མི་དགོས་ཀྱི་ཁྱད་པར་ནི། དགེ་འདུན་གྱི་དབྱེན་བྱེད་པ་དང་དབྱེན་བྱས་པའི་མཚམས་མེད་ལ་ནི་དགེ་འདུན་ཕྱོགས་གཉིས་ 6-1-400a སུ་ཕྱེད་པ་ཡན་ལག་ཏུ་དགོས་ལ། གཞམས་བསྒོ་སོགས་ཀྱི་ཟློག་པ་ཡན་ལག་ཏུ་མི་དགོས་སོ། །དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་ཟློག་པ་ཡན་ལག་ཏུ་དགོས་ལ། དགེ་འདུན་ཕྱེད་པ་ཡན་ལག་ཏུ་མི་དགོས་སོ། །དགེ་འདུན་ཕྱེད་ཟིན་ན་ནི་དེ་ ལ་བཟློག་པ་མི་བྱ་སྟེ། བྱས་ཀྱང་དོན་མེད་པའི་ཕྱིར་རོ། །དཔེར་ན་ནད་པ་ཤི་ཟིན་ནས་སྨན་མི་གཏོང་བ་བཞིན་ནོ། །དེས་ན་དགེ་འདུན་ཕྱེད་ཟིན་པ་ན་དེ་ལ་ཟློག་པར་མི་བྱེད་པར་དབྱེན་ཟླུམ་པར་བྱེད་དེ། ལུང་ལས། མཆོག་ཟུང་གཅིག་གིས་དབྱེན་བསྡུམས་པར་གསུངས་པ་བཞིན་ནོ། །མཐར་ ཐུག་གི་ཁྱད་པར་ནི། དབྱེན་དང་དེའི་མཚམས་མེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེད་པར་གྱུར་པ་ཡིན་ལ། དབྱེན་བྱེད་པའི་ལྷག་མ་བསྐྱེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེད་པ་ལ་མི་བལྟོས་ཀྱི། དགེ་འདུན་འབྱེད་པར་བྱེད་པ་ན་ལས་བརྗོད་པ་གསུམ་པོ་དངོས་ཉིད་རྫོགས་པ་ དེའི་མཐའ་ལ་མི་གཏོང་ནའོ། །བསྡུས་པ་ལས། དགེ་འདུན་འབྱེད་པའི་སྦྱོར་བ་མ་བཏང་བར་ལྟུང་བ་བཞག་པ་ལ་དགེ་འདུན་བྱེ་ཟིན་ནས་ནི་མ་ཡིན་ཏེ། དུས་དེ་ལ་དགེ་འདུན་ལྷག་མར་མི་བཞག་གོ་ཞེས་སོ། །འབྱེད་པ་པོའི་ཁྱད་པར་ནི། དབྱེན་དང་དེའི་མཚམས་མེད་བསྐྱེད་ པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ལ། དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་དེ་ལྟར་མིན་པར་བཤད་ཟིན་ཏོ། །འཁོར་ལོའི་དབྱེན་དང་དབྱེན་བྱས་པའི་མཚམས་མེད་གཉིས་ནི་རྒྱུ་ཚོགས་པ་གཅིག་ལས་སྐྱེས་པ་ཡིན་ཏེ་ཁ་ནང་གི་བུ་རམ་གྱི་རོ་ གཟུགས་བཞིན་ནོ། །ལས་ཀྱི་དབྱེན་བྱས་པས་ནི་མཚམས་མེད་དུ་མི་འགྱུར་ཏེ། ལྟུང་བ་སྦོམ་པོ་ཙམ་དུ་ཟད་དོ། །གཉིས་པ་ནི། གང་མི་གཏོང་ན་དབྱེན་བྱེད་པའི་ལྷག་མར་འགྱུར་ཞེ་ན། རྟུལ་བ་སྟེ་རྩོལ་བར་བྱེད་པ་ཉིད་དོ་སྟེ། དེའི་མཐའ་ལ་མི་གཏོང་ནའོ་ཞེས་སྔ་མ་དང་ 6-1-400b སྦྱར་རོ། །ཡུལ་གང་ལ་རྟུལ་བར་བྱེད་ཅེ་ན་དབྱེན་ལའོ། །གང་གིས་དབྱེན་བྱེད་པ་ལ་ཞེ་ན། དགེ་འདུན་གྱི་དབྱེན་བྱེད་པ་ལའོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་ རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱི་ནང་འཁོར་དགེ་སློང་ཀོ་ཀ་ལི་ཀ་ལ་སོགས་འཁོར་བཞིས་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱེད་པའི་གྲོགས་བྱས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྔ་མ་དང་འདྲའོ། །ངོ་ཏི་ནི་དགེ་སློང་ཕ་རོལ་པོ་དེ་དབྱེན་བྱེད་པའི་ལྷག་ མ་འབྱུང་རུང་ངམ། ཕྱེད་ན་མཚམས་མེད་པ་འབྱུང་རུང་གི་དབྱེན་བྱེད་པ་ན་བཅས་ལྡན་དགེ་སློང་གིས་དེའི་གྲོགས་བྱེད་ཅིང་གཞམས་བསྒོ་དང་། གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་དགེ་སློང་ཕ་རོལ་པོ་དེ་དབྱེན་བྱེད་པའི་ལྷག་མ་འབྱུང་རུང་ངམ། ཕྱེད་ན་མཚམས་མེད་འབྱུང་རུང་གི་དབྱེན་བྱེད་པ་ལ་ཞུགས་པ་ སྟེ་དགེ་འདུན་གྱི་དབྱེན་བྱེད་པ་དེའི་གྲོགས་ཉིད་ཅེས་པས་སོ། །དགེ་སློང་ཆོས་དྲུག་ལྡན་གྱི་དམིགས་བསལ་ནི་དགེ་སློང་བསླབ་པ་བྱིན་པས་ཀྱང་དབྱེན་བྱེད་ནའོ། །རྫོགས་པར་བྱེད་པའི་རྐྱེན་ནི་གཞམས་བསྒོ་ལ་སོགས་བཟློག་པ་ལྔའོ། །བསམ་པའི་ཡན་ལག་ལ་གཉིས་ ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། དེའི་དོན་ནི་སྔར་བཤད་ཟིན་ཏོ། །ཀུན་སློང་ནི་དབྱེན་བྱེད་པ་དེའི་གྲོགས་བྱེད་པའི་ཚིག་སྨྲ་བར་འདོད་པ་དང་། བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དགེ་འདུན་གྱི་དབྱེན་བྱེད་པ་ 6-1-401a དེའི་གྲོགས་བྱེད་པའི་ཚིག་སྨྲ་ཞིང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་སྔ་མ་དང་འདྲའོ། །གཉིས་པ་ནི། གང་བྱས་ན་རྗེས་སུ་ཕྱོགས་པའི་ལྷག་མར་འགྱུར་ཞེ་ན། དགེ་འདུན་གྱི་དབྱེན་བྱེད་པ་དེའི་གྲོགས་ཉིད་རྗེས་སུ་སྒྲུབ་པར་བྱེད་ནའོ། །འདིའི་ ཡན་ལག་གི་མཐའ་དཔྱོད་སྔ་མ་དང་འདྲ་བས་སྤྲོས་པས་ཆོག་གོ། དབྱེན་བྱེད་པའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའོ།། །།གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི། མཉན་ཡོད་དུ་ནབས་སོ་དང་འགྲོ་མགྱོགས་གཉིས་ཀྱིས་ཁྱིམ་སུན་ཕྱུང་ སྟེ་དགེ་འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་བ་འདེབས་པ་དེ་བཟློག་ཀྱང་མི་གཏོང་བ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་ཁྱིམ་པའི་སྡིག་རྐྱེན་བྱས་པས་ཁྱིམ་པ་ལ་གནོད་པ་དང་། དགེ་འདུན་ལ་སྐུར་བ་བཏབ་པས་དགེ་འདུན་གྱི་ཐུགས་བདེ་བ་ལ་གནོད་ཅིང་སྐུར་བ་ བཏབ་པས་སྡིག་པ་ཆེན་པོ་ཐོབ་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་སུན་ཕྱུང་སྟེ་དགེ་འདུན་གྱིས་བསྐྲད་པ་ན། དགེ་འདུན་ལ་སྐུར་བ་འདེབས་པ་དེ་གཞམས་བསྒོ་དང་། གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་ བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱ་བའི་རྐྱེན་ནོ། །དང་པོ་ལ་ལྔ་སྟེ། གང་སུན་དབྱུང་བའི་ཡུལ་དང་། གང་གིས་སུན་འབྱིན་པའི་ཉེས་པ་དང་། གང་ལ་སྐུར་བ་འདེབས་པའི་ཡུལ་དང་། གང་གིས་སྐུར་བ་འདེབས་པའི་ རྟེན་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ནི། ཁྱིམ་པ་གཅིག་ཡན་ཆད་ཡིན་པ་སྟེ་འདི་ཉིད་ལས་ཁྱིམ་སུན་འབྱིན་ཅེས་པའོ། །གཉིས་པ་ནི། རང་གི་ཉེས་སྤྱོད་བསྟན་པའམ་གཞན་གྱི་ཉེས་པ་བསྒྲགས་པ་སྟེ། ཞུ་འགྲེལ་ལས། བདག་ཉིད་ཀྱང་སྡིག་པ་སྤྱོད་པས་ཁྱིམ་ 6-1-401b དག་སུན་ཕྱུང་ལ། གཞན་དག་ལ་ཡང་མི་སྙན་པར་སྨྲས་པའི་ཕྱིར་སྤྱོད་པ་ངན་པས་ཁྱིམ་དག་སུན་འབྱིན་པའི་ཕྱིར་ཞེས་སོ། །རང་གི་ཉེས་སྤྱོད་བསྟན་པ་དང་། གཞན་གྱི་ཉེས་སྤྱོད་བསྟན་པ་དེ་དག་ལས་གཞན་པའི་བྱ་བ་ནི་ཁྱིམ་པ་མ་དད་པར་གྱུར་ཀྱང་སྐབས་འདིར་གཏོགས་ཀྱི་ ལྟུང་བར་མི་འགྱུར་ཏེ། སྐབས་འདིར་གཏོགས་ཀྱི་དགག་བྱ་མེད་པའི་ཕྱིར། གསུམ་པ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་དང་པོ་ལྔའི་སྟེང་དུ་རང་སྐྲོད་པའི་ཆོས་ལྡན་ལ་ཞུགས་པ་དང་། བཞི་ཡན་ཆད་ཀྱི་ཚོགས་སུ་ལོངས་པ་སྟེ་རང་བསྐྲད་པར་བྱ་བའི་ཞེས་པ་དང་། དགེ་འདུན་ལ་ ཞེས་པས་སོ། །བཞི་པ་ནི། རང་ལ་བསྐྲད་པའི་ལས་བྱས་པ་དང་འབྲེལ་བ་སྟེ་རང་སྐྲོད་པར་བྱེད་ཅེས་པའི་ཤུགས་ཀྱིས་གྲུབ་བོ། །རང་ལ་བསྐྲད་པའི་ལས་མ་བྱས་པར་དགེ་འདུན་ལ་སྐུར་བ་འདེབས་ན་ཉེས་བྱས་ཏེ། བསྐྲད་པ་མ་བྱས་པ་ནི་དེའོ་ཞེས་སོ། །ལྔ་པ་ནི། ཐ་སྙད་ལྔ་ དང་ལྡན། ལུས་ཐ་མལ་པར་གནས། བདག་ལས་ཐ་དད་པ་སྟེ་སྔར་བརྫུན་སྨྲའི་ཕམ་པའི་སྐབས་སུ་བཤད་ཟིན་པ་བཞིན་ནོ། །རྫོགས་པར་བྱེད་པའི་རྐྱེན་ནི་གཞམས་བསྒོ་ལ་སོགས་པས་བཟློག་པ་ལྔའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་ དག་ལ་མ་འཁྲུལ་བ་སྟེ་དེའི་དོན་ནི་སྔར་བཤད་ཟིན་ཏོ། །ཀུན་སློང་ནི་ཁྱིམ་སུན་འབྱིན་པ་པོ་རང་ལ་སྐྲོད་པའི་ལས་བྱས་པར་གྱུར་པའི་དགེ་འདུན་ལ་སྐུར་པ་འདེབས་པའི་ཚིག་སྨྲ་བར་འདོད་པ་དང་། བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཁྱིམ་སུན་འབྱིན་ ཅིང་དགེ་འདུན་ལ་ལུས་ངག་གིས་སྐུར་པ་འདེབས་པ་དེ་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་དབྱེན་བྱེད་པའི་མཐར་ཐུག་དང་འདྲའོ། །གཉིས་པ་ནི། གང་བྱས་ན་ཁྱིམ་སུན་འབྱིན་པའི་ལྷག་མར་འགྱུར་ཞེ་ན། ཁྱིམ་སུན་འབྱིན་པར་བྱེད་པའི་དགེ་སློང་རང་གནས་ 6-1-402a དེ་ནས་ཕྱིར་སྐྲོད་པར་བྱེད་པ་སྟེ། རང་བསྐྲད་པར་བྱས་པའི་དགེ་འདུན་ལ་དགེ་འདུན་ཁྱེད་རྣམས་ཀྱིས་ལོག་པའི་བསམ་པས་ཏེ། འདུན་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པའི་བསམ་པས་དགེ་འདུན་དེ་རང་བསྐྲད་པའི་ལས་དེ་ལ་ལོག་པ་ དེ་ལྟར་ཞུགས་སོ་སྟེ་འདུན་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པའི་དབང་གིས་བདག་བསྐྲད་པའི་ལས་བྱས་པའོ་ཞེས་བདེན་པའི་འདུ་ཤེས་བསྒྱུར་ཏེ་བརྫུན་དུ་སྨྲས་པ་ཉིད་དོ། །ཉིད་དོ་ཞེན་པ་དེའི་མཐའ་ལ་མི་གཏོང་ནའོ་ཞེས་པ་ལ་བསྙེགས་སོ། །ཁྱིམ་སུན་འབྱིན་ པའི་དགེ་འདུན་ལྷག་མའོ།། །།བཞི་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི། ཀོ་ཤཱམྦྷིར་གདངས་ཅན་གྱི་ཀུན་དགའ་ར་བ་ན་འདུན་པས་བཀའ་བློ་མི་བདེ་བའི་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི། རང་རིས་ཀྱི་ ཚུལ་ཁྲིམས་དང་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་ལ་ལྟུང་བ་གླེང་བ་ན་དགེ་སློང་མཐའ་དག་གིས་བདག་ཉིད་ཀྱི་བསླབ་པའི་གཞི་མཐའ་དག་ལ་བདག་ལ་སུས་ཀྱང་ཉེས་པ་མ་གླེང་ཞིག་ཅེས་གླེང་པ་འགོག་ཅིང་གཞམས་བསྒོ་དང་གསོལ་བཞིའི་ལས་ ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ། གླེང་བ་པོ་གང་སྤང་བ་དང་། གཞི་གང་ལ་གླེང་བ་སྤང་བ་ དང་། སྤོང་བའི་ཚིག་གང་ལ་བརྗོད་པའི་ཡུལ་དང་། གང་གིས་སྤོང་བར་བྱེད་པའི་རྟེན་ནོ། །དང་པོ་ནི། བདག་ལ་དགེ་སློང་སུས་ཀྱང་མ་གླེང་ཞིག་ཅེས་ཕྱོགས་བཅུ་ན་གནས་པའི་དགེ་སློང་མཐའ་དག་སྟེ། ཊཱི་ཀ་ལས། དགེ་སློང་ཐམས་ཅད་བདག་གིས་བརྗོད་པར་མི་བྱ་ 6-1-402b བ་ཉིད་དུ་བྱེད་པ་དེ་ཞེས་སོ། །སེལ་བ་ནི་ཊཱི་ཀ་ལས། དགེ་སློང་ཇི་སྙེད་ཁ་ཅིག་གིས་རྒྱུད་དུ་གཏོགས་པ་དག་གིས་བརྗོད་པར་མི་བྱ་བར་བྱེད་པའི་ཚིག་གིས་ནི་ཉེས་བྱས་སུ་འགྱུར་བར་རིག་པར་བྱའོ་ཞེས་སོ། །གཉིས་པ་ནི། བདག་ལ་ཕམ་པ་ནས་བསྡམ་བྱ་ཡན་ཆད་གང་གིས་ ཀྱང་མ་གླེང་ཞིག་ཅེས་བདག་ཉིད་ཀྱི་བསླབ་པའི་གཞི་མཐའ་དག་སྟེ། ཊཱི་ཀ་ལས། བདག་ཉིད་ཀྱི་རྒྱུད་དུ་གཏོགས་པའི་ཚུལ་ཁྲིམས་ཞེས་དང་། ཚུལ་ཁྲིམས་ཞེས་བྱ་བ་ནི་འདིར་འདུལ་བའི་རྣམ་པ་ཐམས་ཅད་བསྟན་པ་ཡིན་ནོ་ཞེས་སོ། །སེལ་བ་ནི་སྤང་ལྟུང་གིས་བདག་ལ་མ་ གླེང་ཞེས་ཟེར་བ་ལྟ་བུ་སྟེ། ཊཱི་ཀ་ལས། བསླབ་པའི་གཞི་དམིགས་ཀྱིས་བསལ་བ་ཁ་ཅིག་གིས་བདག་ལ་བརྗོད་པར་མི་བྱ་བ་བྱེད་ན་ཡང་ཉེས་བྱས་ཁོ་ནའོ། །ཞེས་སོ། །གསུམ་པ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་བདག་ལ་གླེང་བ་པོ་ཡིན་པ་སྟེ་གླེང་བ་ཉིད་ན་ཞེས་སོ། ། གཏན་ནས་མ་གླེངས་པ་ལ་བཀའ་བློ་མི་བདེ་བའི་ཚིག་སྨྲ་ན་ནི་ཉེས་བྱས་ཏེ། གླེང་བ་དང་དྲན་པར་མ་བྱས་པ་ནི་དེའིའོ་ཞེས་སོ། །བཞི་པ་ནི། གླེང་དྲན་བྱས་པ་དང་འབྲེལ་བ་སྟེ། གླེང་བ་ཉིད་ན་ཞེས་པས་སོ། །སེལ་བ་ནི་གླེང་བ་དང་དྲན་པར་མ་བྱས་པ་ན་དེའིའོ་ཞེས་སོ། །རྫོགས་ པར་བྱེད་པའི་རྐྱེན་ནི་གཞམས་བསྒོ་ལ་སོགས་ལྔའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ་དེའི་དོན་ནི་སྔར་བཤད་ཟིན་ཏོ། །ཀུན་སློང་ནི་བཀའ་བློ་མི་བདེ་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་དང་། བཟློག་ཀྱང་ མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བཀའ་བློ་མི་བདེ་བའི་ཚིག་སྨྲས་ཤིང་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་དབྱེན་བྱེད་པའི་མཐར་ཐུག་དང་འདྲའོ། །གཉིས་པ་ནི། དགེ་སློང་གིས་ལྷག་པའི་ཚུལ་ཁྲིམས་ཀྱི་ཉེས་པ་ཕམ་པ་ནས་བསྡམ་ 6-1-403a བྱ་ཡན་ཆད་གང་རུང་ཉིད་ཀྱིས་གླེང་བ་ཉིད་ན་ཞེས་འབྱུང་ལ། འོ་ན་སྐབས་འབྱེད་དུམ་བཅུག་པར་མི་བྱའོ་ཞེས་སྐབས་མི་བྱའོ་ཞེས་སྐབས་མི་འབྱེད་པ་ལ་གླེང་བར་མི་བྱ་བར་གསུངས་པ་དང་འགལ་ཅེ་ན། དང་པོར་ཉེས་པ་གླེང་བའི་སྐབས་བྱེ་བ་ལ་ དགེ་སློང་གི་ལྷག་པའི་ཚུལ་ཁྲིམས་ཀྱིས་གླེང་བ་ཉིད་ན་བར་སྐབས་སུ་འགྱུར་ཏེ། བཀའ་བློ་མི་བདེ་བའི་ཚིག་སྨྲ་བའི་དབང་དུ་བྱས་སོ། །དེ་ཡང་བདག་ཉིད་ཀྱི་ཚུལ་ཁྲིམས་དེ་ལ་ཕྱོགས་བཅུ་ན་གནས་པའི་དགེ་སློང་མཐའ་དག་གིས་བདག་ལ་སུས་ཀྱང་ཉེས་པ་མ་གླེང་ཞིག་ ཅེས་ལྟུང་བ་གླེང་བའི་ཚིག་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པའོ། །ཉིད་དུའི་སྒྲ་ནི་མཐའ་ལ་མི་གཏོང་ནའོ་ཞེས་པ་ལས་བསྙེགས་སོ། །ཊཱི་ཀ་ལས། དགེ་སློང་དམིགས་ཀྱིས་བསལ་བ་ཁ་ཅིག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པ་དང་། བསླབ་པའི་གཞི་དམིགས་ ཀྱིས་བསལ་བ་ཁ་ཅིག་གིས་བདག་ལ་བརྗོད་པར་མི་བྱ་བ་བྱེད་ན་ཡང་ཉེས་བྱས་སུ་གསུངས་སོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའོ། །དགེ་འདུན་ལྷག་མ་རྫོགས་སོ།། །།ད་ནི་དགེ་ལེགས་སུ་བྱ་བའི་མཇུག་སྡུད་པར་བྱ་སྟེ། སྨྲས་པ། དབྱངས་ཅན་ཟླ་ བོར་གྲགས་པའི་གསུང་རབས་མཁན་དེས་སངས་རྒྱས་བསྟན་པ་ཡི། །འདོད་རྒུ་འབྱུང་བའི་འདུལ་བའི་སྤྲིན་ཆེན་བསྟན་པ་རྫོགས་ལྡན་བྱེད་པའི་དཔལ། །བློ་གྲོས་ཡངས་པའི་བསོད་ནམས་སྒྲུབ་པའི་གཉེར་བྱ་མང་པོ་དག་གིས་བྱས། །དགེ་བ་འདི་ཡིས་སེམས་ཅན་ ཐམས་ཅད་དཔལ་ལྡན་དྭགས་པོའི་རྗེས་འཇུག་ཅིང་། །སྒོམ་ངན་ལམ་དུ་ལུས་ཤིང་འཁྲིག་པའི་ཆང་གིས་མྱོས་འཛིན་ལ། །ལོག་བློར་འཕྱན་པའི་མུན་པ་སྟུག་པོས་མིག་ཟུམ་ཆགས་སྡང་གིས། །གླགས་ཅོར་མྱུར་པོར་འདྲེན་པའི་རྗེ་བོར་ཁས་འཆེས་སྐྱོན་རྣམས་ཀྱང་། ། 6-1-403b མ་ལུས་འཇོམས་མཛད་ཀརྨ་པ་ཡི་ཕྲིན་ལས་པ་དེ་རྒྱལ། །ཁྱོད་ལ་བདག་ནི་ལན་གཅིག་མིན་པར་ཀུན་དགའི་ཡིད། །ཟླ་ཚེས་ལས་ཀྱང་དཀར་བ་འདི་ནི་ཁྱོད་དྲིན་ལ། །བསམ་པའི་ཕྱོགས་ལྷུང་དབང་གིས་མ་ཡིན་ལེགས་བཤད་ཀྱི། །སྙིང་པོ་གཅིག་གྱུར་བདག་འདྲ་སྐྱེད་བྱེད་ དེར་ཕྱག་འཚལ། །ཡབ་རྗེ་སྤྱན་རས་གཟིགས་དབང་ཆོས་ཀྱི་རྗེ། །ཆོས་གྲགས་རྒྱ་མཚོ་ཞེས་པའི་བླ་མ་དེས། །བདག་གི་སྐལ་བར་བསྟན་པའི་འཚོ་བ་འདི། ཡོངས་རྫོགས་སྲུང་བའི་ཆ་ཤས་ཅི་ཡང་མཛད། དཔལ་ལྡན་རང་བྱུང་རོལ་པའི་རྡོ་རྗེ་ཡིས། །མཁྱེན་རབ་ གསེར་གྱི་མེ་ལོང་ངོས་ཡངས་པོར། །དབྱངས་ཅན་དགའ་མའི་པིར་གྱིས་ཐུབ་དབང་སྐུ། །ཆོས་གྲགས་རྒྱ་མཚོས་བཞེད་བཞིན་ལེགས་པར་བྲིས། །བྱང་སེམས་རིགས་གྲུབ་པདྨའི་ངང་ཚུལ་གྱི། །ཀ་ལ་པིངྐའི་དབྱངས་ལྟར་སྔོན་བསྒྱུར་མོད། །སྙིང་རྗེའི་མིག་དཀྱུས་ ཉག་མ་རིང་པོ་ཅན། །གང་ཡིན་དེ་ཡིས་བུང་བའི་གླུ་རུ་ལེན། །སྐྱེ་བ་ཀུན་ཏུ་དོན་ཡོད་ཀྱི། །མེ་ཏོག་གསར་པ་བཀོད་པའི་ཚེ། །གྲགས་པའི་དྲི་བསུང་སྔོན་མེད་རེ། །སྤྲོ་བའི་བྱེད་པོ་མ་ཡིན་ནམ། །སེམས་ལ་ཐོས་པ་མི་ཕྱེད་ཕྱག་རྒྱས་བཅིངས། །ལུས་ལ་བསླབ་པའི་ རིག་བྱེད་སྐྱོན་མེད་བསྒྲུབས། །བར་ཆད་གྲོལ་བའི་རྟགས་ཀྱི་དཀྱིལ་འཁོར་སྤྲས། །མྱ་ངན་མེད་པའི་དཔྱིད་ཀྱི་ཕུན་ཚོགས་བརྟས། །དེ་ཚེ་སིན་དྷཱུ་ཝཱ་རའི་མེ་ཏོག་ནི། །ཡ་མཚན་ཐོས་པས་རྒོད་པའི་རྣམ་པར་གྱུར། དེ་ལ་ལྟ་སླད་ལྗོན་པའི་ན་ཆུང་རྣམས། མེ་ཏོག་ཕྲེང་ བ་དང་བཅས་མངོན་པར་ལྷགས། །ཐར་འདོད་འགུགས་པའི་མིག་ཡངས་པོས། །དུད་པས་དལ་གྱིས་བལྟས་པ་ན། །ཕན་ཚུན་ཡིད་ཀྱི་མཚམས་སྦྱོར་བའི། །ཕོ་ཉ་མོ་ཡི་སྦྱོར་ཐབས་ཤེས། །དམ་པའི་རྒྱན་ལ་ཕན་པར་འགྱུར་སྙམ་ནས། །གཟུ་བོར་བསྟན་བཅོས་མུ་ཏིག་ 6-1-404a ཕྲེང་འདི་བཀོད། །རབ་མཐོའི་གྲོགས་ཟླས་དབེན་ཏེ་གཤེགས་པ་ན། ཁ་ན་མ་ཐོ་བྲལ་བའི་རྒྱན་འདིས་བརླན། །དེ་ལྟར་མཛེས་སྡུག་དགའ་སྟེར་གྱི། །རི་བོང་འཛིན་པའི་མཚན་མ་གང་། །ཡོངས་སུ་རྫོགས་པའི་ལེགས་བྱས་འདི། །ཐུབ་དབང་ཞབས་ ཀྱི་སྟེགས་གྱུར་ཅིག །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ལྷག་མའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།༈ རྣམ་གྲོལ་མུ་ཏིག་བཀོད་པའི་དོག་པ་ཡིས། །ཐར་འདོད་རེ་བའི་ཟུར་ཕུད་མཛེས་བྱེད་པ། །ཐུབ་བསྟན་ཟླ་བཞིན་རྫོགས་པ་མངོན་མཐོའི་ དཔལ། །ཡོངས་འཛིན་ཕྲིན་ལས་མཆོད་སྡོང་དེར་ཕྱག་འཚལ། །ཆགས་ཐོགས་མེད་པའི་ཡིད་ཀྱི་རྐང་འཐུང་ལས། །འཕགས་པ་དགྱེས་པའི་མཆོད་སྤྲིན་སྟུག་པོ་རོལ། །དེ་ནང་དགོས་འདོད་རྩོལ་བ་བྱ་བའི་ཁུར། །བྱེད་པོའི་ལྷ་རྫས་བསྟན་བཅོས་འདི་སྤྲུལ་ཏོ། །གསུམ་པ་ ལྟུང་བྱེད་ཀྱི་སྡེ་ལ། ཞག་ཆད་དང་འབྲེལ་སྤང་ལྟུང་བཤད། །བཤགས་ཙམ་དང་འབྲེལ་ལྟུང་བྱེད་བཤད། །དང་པོ་ལ། སྤང་ལྟུང་རྣམས་ཀྱི་ཐུན་མོང་བརྗོད། །སྤང་བའི་ལྟུང་བྱེད་སོ་སོར་བཤད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ཐུན་མོང་བ་ལུང་ གང་ནས་བསྡུས་པ་དང་། ཐུན་མོང་དུ་བསྡུས་པ་དགོས་པའི་དོན་དང་། ཐུན་མོང་བ་ལྔའི་བསྡུས་པའི་དོན་ནོ། །དང་པོ་ནི། སྤང་ལྟུང་ཐུན་མོང་བ་འདི་ལ་མདོ་བཅུ་བདུན་ཡོད་ལ། ལུང་ཀོ་ལྤགས་ཀྱི་གཞི་ལས་གཙོ་ཆེར་བསྡུས་པའི་མདོ་གཉིས་ཡོད་དེ། སྤང་བ་ལ་ནི་ཞེས་པ་ དང་། དེའི་འོག་མའོ། །གཙོ་ཆེར་བསྡུས་ཞེས་པ་ནི་ལུང་རྣམ་འབྱེད་དང་། ཞུ་བ་ལས་བསྡུས་པའི་ཆ་ཡང་ཡོད་པ་སྟེ་འོག་ཏུ་རྒྱས་པར་སྟོན་པར་འགྱུར་རོ། །ལུང་ཞུ་བ་ལ་བལྟོས་པའི་མདོ་ལྔ་ཡོད་དེ། ལས་ལ་ནི་ཞེས་པ་དང་། རང་བཞིན་ལས་ཞེས་པ་དང་། ཕྱིར་བཅོས་ 6-1-404b དང་འབྲེལ་བའི་མདོ་གསུམ་སྟེ་ལྔའོ། །ཆུང་བ་ཉིད་ཅེས་དང་། དེའི་འོག་མའི་མདོ་གཉིས་སོ། །ལུང་རྣམ་འབྱེད་ལས། བསྡུས་པ་ནི་དེ་དག་ལས་གཞན་པའི་མདོ་བཅུ་པོ་རྣམས་སོ། །དེ་རྣམས་ལས་མདོར་བསྡུས་རྟོགས་པར་བྱེད་པའི་ཆ་ནས་ནི་ལུང་ཕྲན་ཚེགས་ལས་ བསྡུས་པའི་ཆ་ཡང་ཡོད་དེ། མདོར་བསྡུས་ནི་ལུང་ཕྲན་ཚེགས་ལས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གསུམ། མདོར་བསྡུས་རྟོགས་པར་བྱེད་པ་དང་། ཚིག་ཚོགས་བསྐྱུང་བ་དང་། གཉིས་ཀ་སྟོན་པའི་དགོས་པའོ། །དང་པོ་ལ། མདོ་བདུན་ཡོད་པ་ལས། ཉིན་མཚན་བསྡུས་པ་དེའི་དང་པོ་ནི་སྐྱ་རེངས་དང་པོའི་ཞེས་སྐྱ་རེངས་གསུམ་གྱི་དང་པོར་སྨོས་པ་དེ་ནི་རྣམ་འབྱེད་ལས། འཆང་འབྲལ་ལ་སོགས་པ་རྣམས་ཀྱི་སྐབས་སུ་སྐྱ་རེངས་ཤར་ན་ཞེས་སྤྱི་ཙམ་དུ་གསུངས་ཀྱི། སྐྱ་རེངས་དང་པོ་ཤར་ན་ཞེས་དངོས་སུ་མ་གསུངས་ཀྱང་ རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་སྐབས་ལས། དོན་འདི་ལ་ནི་སྐྱ་རེངས་ཐ་མ་ཡིན་པར་དགོངས་སོ་ཞེས་དམིགས་ཀྱིས་བཀར་བའི་གནད་ཀྱིས། གཞན་རྣམས་ལ་སྐྱ་རེངས་དང་པོ་དེའོ་ཞེས་མདོར་བསྡུས་སྦྱར་བ་སྟེ། འོད་ལྡན་ལས། སྒོ་གཏན་གྱི་བསླབ་པའི་གཞི་ལས་ དོན་འདི་ལ་ནི་སྐྱ་རེངས་ཐ་མ་ཡིན་པར་དགོངས་སོ་ཞེས་གསུངས་པ་དེའི་ཕྱིར་སྒོ་གཏན་ལས་གཞན་དུ་སྐྱ་རེངས་དང་པོ་ཁོ་ནར་བཞེད་པ་ཡིན་པས་སྐྱ་རེངས་དང་པོ་ཞེས་སྨོས་པ་ཡིན་ནོ། །ཚེས་གྲངས་ངེས་པ་དང་འབྲེལ་བའི་ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ་ཞེས་འདས་ པ་ཡོལ་བའི་དོན་དུ་འཆད་ཅིང་། མདོ་འདི་ཞུ་བ་ལས། དགེ་སློང་དག་གིས་སྐྱ་རེངས་ཤར་བ་ན་བདག་ཅག་གིས་གསོ་སྦྱོང་མ་བྱས་སོ་སྙམ་དུ་དྲན་པ་སྔར་རྙེད་པར་གྱུར་ནས་དེ་དག་དེའི་ཚེ་ན་གསོ་སྦྱོང་བགྱིད་ན་གསོ་སྦྱོང་བགྱིད་པ་ཞེས་བགྱིའམ། ཉེ་བ་འཁོར་དགེ་སློང་ 6-1-405a དེ་དག་གིས་གསོ་སྦྱོང་བྱས་པ་ཞེས་བྱའོ་ཞེས་པ་དང་། དགེ་འདུན་ཐམས་ཅད་ཀྱིས་སྐྱ་རེངས་ཤར་བ་ན་དྲན་པར་གྱུར་ན་དགེ་སློང་དག་གིས་ཇི་ལྟར་དགག་དབྱེ་བགྱིད། ཚིག་གསུམ་པས་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་ཞེས་བྱའོ་ཞེས་གསོ་སྦྱོང་ དང་དགག་དབྱེ་གཉིས་ལ་དངོས་སུ་གསུངས་པས་དབྱར་ཁས་ལེན་པའི་སྦྱོར་ཆོག་ལ་སོགས་པའི་ཚེས་གྲངས་ངེས་པ་དང་འབྲེལ་བའི་ལས་ཀྱི་ཆོ་ག་གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་བའོ། །ཤ་མི་སྦལ་ཏི་ཀླུབས་དཀར་ལ་སོགས་སྔ་མ་རྣམས་ནི་དགག་དབྱེ་ལ་མདོར་ བསྡུས་སྦྱར་གསུང་ཡང་ནོར་ཏེ། ལུང་ལས་དགག་དབྱེ་ལ་དངོས་སུ་གསུངས་སོ། །རབ་ཏུ་འབྱུང་བའི་དོན་དུ་ངེས་པར་བྱས་པ་ཡང་དེ་ཉིད་དོ་ཞེས་པ་ནི། རྣམ་འབྱེད་ལས། རབ་ཏུ་བྱུང་བའི་དོན་དུ་བསྲེལ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་ལྷུང་བཟེད་འཆང་བ་ལ་གསུངས་པས་ གོས་འཆང་བ་ལ་སོགས་པ་བདག་པོ་དང་འབྲེལ་བ་གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་བའོ། །རང་བཞིན་ལས་ཉམས་ན་ཡང་ངོ་ཞེས་པ་ནི་ཞུ་བ་ལས། དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལགས་ནས་སེམས་རྣམ་པར་འཁྲུགས་པར་གྱུར་ན་དེའི་དགུང་སླད་ མ་བཅུ་པོ་གང་ཕན་ཚུན་ནས་བགྲང་བར་བགྱི། ཉེ་བ་འཁོར་རང་གི་སེམས་ཕྱིར་རྙེད་པ་ནས་སོ་ཞེས་ཞག་སྔ་མ་ལྔ་པོ་མི་བགྲང་བས་ན་ཞག་ལྔ་པོའི་རྐྱེན་གྱིས་གོས་འཆང་བའི་རང་སྟོབས་ལྟུང་བ་མི་འབྱུང་བར་བསྟན་པས་དེའི་ཤན་མི་འབྱུང་བར་མདོར་བསྡུས་སྦྱར་ཅིང་། ཟླ་འཇོག་ལ་སོགས་གཞན་རྣམས་ཀྱི་དངོས་དང་ཤན་གཉིས་ཀ་མི་འབྱུང་བར་མདོར་བསྡུས་སྦྱར་བའོ། །ཤ་མི་དང་སྦལ་ཏི་ལ་སོགས་པ་རྣམས་ནི་རང་བཞིན་ལས་ཉམས་ན་ཡང་ངོ་ཞེས་པ་འདི་རང་སྟོབས་ཀྱི་ཆ་ནས་ལུང་ལས་ཞག་ཤན་དང་འབྲེལ་བ་ཐམས་ཅད་ཀྱི་སྐབས་ 6-1-405b སུ་ཞག་ཚོགས་པའི་བར་དུ་གཅོད་པར་བཤད་པ་ཚིག་ཚོགས་བསྐྱུངས་སོ་ཞེས་གསུང་ཡང་། ཞག་ཚོགས་པའི་བར་དུ་རང་བཞིན་ཉམས་པ་ནི་འཆང་བའི་ཞུ་བ་ལས་གསུངས་ཀྱི། གཞན་ལ་གསུངས་པ་ལུང་དུ་མི་སྣང་ཞེས་མཚོ་སྣ་པས་གསུངས་སོ། །ཞག་བདུན་པ་ལ་ནི་ རིགས་མཐུན་པ་ལའོ་ཞེས་རིགས་མི་མཐུན་ལ་ཤན་མི་འབྱུང་བ་འདི་དེང་སང་ལུང་ན་མི་བཞུགས་ལ། དེང་སང་ལུང་རྣམ་འབྱེད་གཉིས་ཀ་ལས། ཚེས་གཅིག་ལ་ན་བའི་སྨན་ཞིག་རྙེད་ལ། ཚེས་གཉིས་ལ་ན་བའི་སྨན་གཞན་ཞིག་ཀྱང་རྙེད་ན་ཞེས་ན་བའི་སྨན་སྤྱི་ཚིག་ ཏུ་གསུངས་མོད། །བྱེ་བྲག་རིགས་མཐུན་ཡན་ལག་ཏུ་དགོས་ཞེས་པའོ། །འོན་ཀྱང་ཉིད་བཤད་ལས། མདོ་འདི་ནི་རྣམ་པར་འབྱེད་པའི་གཞུང་འགའ་ཞིག་ལས་བསྡུས་པའོ་ཞེས་གསུངས་ཏེ། དེ་ཡང་དགེ་སློང་གིས་ཚེས་གཅིག་ལ་མར་རྙེད་ལ། དེས་ཚེས་གཉིས་ལ་ མར་གཞན་ཞིག་ཀྱང་རྙེད་པར་གྱུར་ན་སྔ་མ་ཤོས་ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་འབྲུ་མར་གྱིས་འབྲུ་མར་ལའོ། །སྦྲང་རྩིས་ནི་སྦྲང་རྩི་ལའོ། །ཧྭགས་ཀྱིས་ནི་ཧྭགས་ལའོ་ཞེས་གསུངས་པ་དེ་འདིར་བསྡུས་ཏེ་མར་དང་། འབྲུ་མར་དང་ སྦྲང་རྩི་དང་ཧྭགས་བཅས་དངོས་པོ་དུ་མ་ཡོད་ཀྱང་ཞག་བདུན་པའི་བཅས་པ་གཅིག་གིས་བསྡུས་པ་ཡིན་པས་ཚིག་ཚོགས་བསྐྱུངས་པར་མ་བགྲངས་པ་ཡིན་ལ། བུ་རམ་དང་ཞག་དང་ལྷའི་བདུད་རྩི་ལ་སོགས་པ་གཞན་ལ་ཡང་གཞི་རིགས་མཐུན་པ་ཡན་ལག་ཏུ་དགོས་ པར་མདོར་བསྡུས་སྦྱར་བར་བྱའོ། །ཤ་མི་སྦལ་ཏི་ཀླུབས་དཀར་ལ་སོགས་སྔ་མ་རྣམས་ནི་མདོ་འདི་ལ་མདོར་བསྡུས་རྟོགས་པ་དང་། ཚིག་ཚོགས་བསྐྱུང་བ་གཉིས་ཀ་མེད་གསུང་ཡང་བུ་རམ་ལ་སོགས་པ་ལ་མདོར་བསྡུས་རྟོགས་པར་བྱེད་པ་སྟེ་རྟོགས་པར་བྱེད་ 6-1-406a ཚུལ་བཤད་མ་ཐག་པ་དེའོ། །ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་མི་འགྱུར་ཞེས་པ་ནི། ཤ་མི་སྦལ་ཏི་ཀླུབས་དཀར་ལ་སོགས་པ་སྔ་མ་རྣམས་ནི་འབྲལ་བའི་ཞུ་བ་ལས་བཤད་ཅེས་གསུང་ཡང་ཁུངས་ནོར་ཏེ་དེ་ལས་ཡེ་མི་འབྱུང་བའི་ཕྱིར། འདི་ནི་ཆོས་གོས་ འཆང་བའི་ཞུ་བ་ལས་ཆོས་གོས་སྤང་བ་ཚིག་གམ་སྲོག་ཆགས་དག་དང་། སྲིལ་དག་གིས་འཚལ་བར་གྱུར་ནས་དེ་ལ་དམ་དུམ་གང་དག་མཆིས་པ་དག་སྤང་བར་བགྱིའམ། ཉེ་བ་འཁོར་སྤང་བར་མི་བྱ་སྟེ་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པས་གཞན་ རྣམས་ལ་ཡང་མདོར་བསྡུས་སྦྱར་བའོ། །དགེ་འདུན་གྱི་ཡང་ངོ་ཞེས་པ་ནི། ཞུ་བ་ལས། དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས་མཚམས་ཀྱི་སླད་རོལ་དུ་འབྲལ་བར་བགྱིད་ན་ཆོས་གོས་དང་འབྲལ་བར་བགྱིའམ། བཀའ་སྩལ་པ། ཆོས་གོས་དང་བྲལ་བ་ཞེས་བྱའོ། ། ཆོས་གོས་དེ་སྤང་བར་བགྱིའམ། ཉེ་བ་འཁོར་ཆོས་གོས་དེ་སྤང་བར་མི་བྱ་སྟེ་ལྟུང་བྱེད་འབའ་ཞིག་པ་བཤགས་པར་བྱའོ་ཞེས་པ་དང་། དགོན་པ་བས་དགེ་འདུན་གྱི་ཆོས་གོས་བྱིན་གྱི་བརླབས་ནས་ཞག་དྲུག་ལས་འདས་པར་འབྲལ་བར་བགྱིད་ན། ཆོས་གོས་དང་བྲལ་བ་ ཞེས་བྱའོ། །ཆོས་གོས་དེ་སྤང་བར་མི་བྱའོ། །ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་འབྲལ་བ་གཉིས་ལ་དངོས་སུ་གསུངས་པས་དེ་དང་འདྲ་བར་གཞན་རྣམས་ལ་མདོར་བསྡུས་སྦྱར་རོ། །ཤ་མི་སྦལ་ཏི་ལ་སོགས་པ་རྣམས་ནི་དགེ་འདུན་གྱི་ཡང་ངོ་ཞེས་པ་འདི་ལུང་ ལས་ཞག་གཅིག་འབྲལ་བ་ལ་དངོས་སུ་གསུངས་པས་གཞན་རྣམས་ལ་མདོར་བསྡུས་སྦྱར་ཞེས་གསུང་ཡང་། དགོན་པའི་འབྲལ་བ་ལ་མདོར་བསྡུས་སྦྱར་བ་ན་ནོར་ཏེ། ལུང་ལས། དགོན་པ་བའི་འབྲལ་བ་ལ་དངོས་སུ་གསུངས་པ་མ་གཟིགས་པར་གསལ། གཉིས་པ་ 6-1-406b ཚིག་ཚོགས་བསྐྱུང་བའི་མདོ་གསུམ་ཡོད་པ་དེ་ལ། ཆོས་གོས་ལས་ཀྱང་རུང་བར་བྱས་ནའོ། །འདི་ལ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་པ་གཉིས་ནི་རྣམ་འབྱེད་ལས་གོས་དང་ལྷུང་བཟེད་འཆང་བ་གཉིས་དང་། ཟླ་འཇོག་གི་སྐབས་སུ་རྣམ་པར་བརྟག་པར་ བྱའོ་ཞེས་རྣམ་པར་བརྟགས་ན་ལྟུང་བ་མི་བྱུང་བ་རེ་རེ་ལ་གསུངས་པ་ལས་རང་སྟོབས་ཀྱི་ལྟུང་བ་མི་འབྱུང་བའི་ཆ་ནི་མདོ་སྔ་མས་བསྡུས་ཤིང་། ཤན་སྟོབས་ཀྱིས་ལྟུང་བ་མི་འབྱུང་བའི་ཆ་ནི་མདོ་ཕྱི་མས་བསྡུས་སོ། །འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་པ་ནི། རྣམ་འབྱེད་ལས། འཆང་བྲལ་འཇོག་གསུམ་གྱི་སྐབས་སུ་ཆོས་གོས་ཟིན་པ་སྲ་བརྐྱང་ཕྱུང་ན་ཞེས་སྲ་བརྐྱང་བཏིང་ན་ལྟུང་བ་འདི་གསུམ་མི་འབྱུང་བར་རེ་རེ་ལས་གསུངས་པ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་པའོ། །གསུམ་པ་མདོར་བསྡུས་དང་ཚིག་ཚོགས་བསྐྱུང་པ་ གཉིས་ཀ་སྟོན་པ་ནི། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་པ་ནི་ཞག་འདས་པ་དང་འབྲེལ་བ་རྣམས་ལ་མཚན་མོ་མཐའི་སྐད་ཅིག་ཡན་ལག་ཡིན་གྱི། ཐུན་ཚོད་སྔ་མ་རྣམས་ཡན་ལག་མ་ཡིན་ནོ་ཞེས་པ་སྟེ། དེའང་དགེ་སློང་ཕའི་རྣམ་འབྱེད་ཀྱི་ སྐབས་ནས་ཞག་འདས་པ་ཡན་ལག་ཏུ་དགོས་པའི་ལྟུང་བ་བཅོ་ལྔ་ཡོད་པ་ལས། ཇི་སྐད་དུ། འཆང་གཉིས་འབྲལ་གཉིས་ཟླ་འཇོག་གསོག་འཇོག་བྱེད། །ལྟུང་འཆབ་ནུབ་ལྷག་སྤངས་བསྙིལ་ལྷན་ཅིག་ཉལ། །ཞེས་དེ་ལྟར་ལྟུང་བ་བཅུ་གཅིག་གི་སྐབས་སུ་ཐོག་མར་རྩོམ་ པའི་ཐུན་ཚོད་ངེས་པར་མ་སྨོས་པར་རང་རང་གི་ཞག་གྲངས་འདས་པའི་སྐྱ་རེངས་ཀྱི་དུས་སུ་དངོས་གཞིའི་ལྟུང་བར་འགྱུར་བ་རེ་རེ་ལ་གསུངས་པས། རང་རང་གི་མཚན་མོ་མཐའི་སྐད་ཅིག་ཡན་ལག་ཡིན་པར་དོན་གྱིས་བསྟན་པ་དེ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་པ་ཡིན་ 6-1-407a ལ། ཇི་སྐད་དུ། རས་ཆེན་བཞག་འཕྱིས་བརྟད་བྱུང་བགོ་འཕྱིས་དང་། །དམག་གནས་སྣང་བར་བཅས་ལ་མདོར་བསྡུས་སྦྱར། །ཞེས་སོ། །འདི་ལ་ཤ་མི་སྦལ་ཏི་ཀླུབས་དཀར་ལ་སོགས་པ་སྔ་མ་རྣམས་ནི་སྤང་ལྟུང་ཐུན་མོང་བའི་མདོ་དང་པོ་འདི་ནི་ཚིག་ ཚོགས་བསྐྱུང་བ་འབའ་ཞིག་ཡིན་ཏེ། རྣམ་འབྱེད་ལས། ཞག་དང་འབྲེལ་བ་ཐམས་ཅད་ལ་སྐྱ་རེངས་ཤར་ན་ཞེས་འབྱུང་བས་བསྡུས་སོ། །ཞེས་གསུངས་འདུག་ཀྱང་ནོར་བ་སྟེ་ལུང་དང་འགལ་བའི་ཕྱིར་རོ། །དེ་ནི་ཞག་དང་འབྲེལ་བའི་ལུང་ཆེ་བ་ལས་སྐྱ་རེངས་ཤར་ན་ཞེས་འབྱུང་བ་མཐོང་བ་ ལ་བརྟེན་ནས་འོལ་སྤྱིར་བཏགས་ཏེ་ཞག་དང་འབྲེལ་བ་ཐམས་ཅད་ལ་བཤད་དོ་ཞེས་ཟེར་བ་ཡིན་གྱི། རས་ཆེན་བཞག་འཕྱིས་དང་། བརྟད་བྱུང་བགོ་འཕྱིས་དང་། དམག་གི་ནང་གནས་དང་། སྣང་བ་ལ་ཉལ་བ་སྟེ་བཞི་ལ་ནི་ལུང་དུམ་བུ་བཞི་གང་ལས་ཀྱང་སྐྱ་རེངས་ཤར་ན་ཞེས་ དངོས་སུ་གསུངས་པ་མི་སྣང་ངོ་། །བཞི་པོ་དེ་རྣམས་ལ་ནི་མདོ་རྩ་འགྲེལ་གྱིས་མདོར་བསྡུས་སྦྱར་རོ། །དེས་ན་དགེ་སློང་མའི་དབང་དུ་བྱས་ན་འཆབ་པའི་ཕམ་པ་དང་། མཚན་མོ་འབྲལ་བ་ལ་སོགས་པ་ཁ་ཅིག་ལ། ལུང་ལས། སྐྱ་རེངས་ཤར་ན་ཞེས་གསུངས་ལ། གནོད་འགྱུར་ སྤང་བའི་ལྟུང་བྱེད་ལ་སོགས་པ་ཁ་ཅིག་ལ་མདོར་བསྡུས་སྦྱར་རོ། །གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ་ཞེས་པ་ནི་རྣམ་འབྱེད་ལས། གནས་ངན་ལེན་འཆབ་པ་དང་། ནུབ་ལྷག་དང་། བུད་མེད་དང་ལྷན་ཅིག་ཉལ་བ་སྟེ་གསུམ་གྱི་སྐབས་སུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་ བྱས་སུ་འགྱུར་རོ་ཞེས་རེ་རེ་ལ་གསུངས་པ་དེ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་ཤིང་དམག་གི་ནང་ན་གནས་པ་དང་། སྣང་བ་ལ་ཉལ་བ་དང་། སྤངས་པ་དང་ཉལ་བ་དང་། བསྙིལ་བ་དང་ཉལ་བ་བཞི་པོ་ལ་མདོར་བསྡུས་སྦྱར་བར་བྱའོ། །ཤ་མི་སྦལ་ཏི་ཀླུབས་དཀར་ལ་སོགས་ 6-1-407b པ་སྔ་མ་རྣམས་ནི། གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ་ཞེས་པ་འདི་ཚིག་ཚོགས་བསྐྱུང་བ་འབའ་ཞིག་ཡིན་ཏེ། ལུང་ལས། གནས་པ་དང་འབྲེལ་བ་ཐམས་ཅད་ལ་མདུན་རོལ་དུ་ཉེས་བྱས་ཞེས་འབྱུང་བས་བསྡུས་སོ་ཞེས་གསུང་ཡང་ནོར་བ་སྟེ། དམག་གི་ནང་གནས་དང་། སྣང་བ་ ལ་ཉལ་བ་དང་། སྤངས་པ་རྗེས་ཕྱོགས་དང་། བསྙིལ་བ་སྡུད་པ་སྟེ་བཞི་ལ་ནི་མདུན་རོལ་གྱི་ཉེས་བྱས་སུ་ལུང་ལས་དངོས་སུ་གསུངས་པ་མི་སྣང་ངོ་། །མདོར་ན་ལྟུང་བྱེད་འབའ་ཞིག་གི་སྐབས་ཀྱི་མདོ་རྩ་བ་ལས། དམག་གི་ནང་གནས་ལ་སོགས་བཞི་པོ་དེ་དག་ལ་མདུན་རོལ་དུ་ ནི་ཉེས་བྱས་དངོས་སུ་མ་གསུངས་པ་དེ་རྣམས་ལུང་དུ་ཡང་མདུན་རོལ་གྱི་ཉེས་བྱས་དངོས་སུ་མ་གསུངས་སོ། །མདོ་རྩ་བ་ལས། མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་དངོས་སུ་གསུངས་པ་རྣམས་ལ་ལུང་ལས་ཀྱང་དངོས་སུ་གསུངས་སོ། །གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ་ ཞེས་པའི་མདོ་འདིས་ནི་སྤང་ལྟུང་གི་ཐུན་མོང་གི་ཞར་བྱུང་ཡིན་གྱི། སྤང་ལྟུང་ཐུན་མོང་བ་དངོས་མ་ཡིན་གྱི་སྤང་བའི་ལྟུང་བྱེད་ཀྱི་དོན་གང་ཡང་མ་བསྟན་པའི་ཕྱིར། སྤང་བ་ལས་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་པ་ནི། ཀོ་ལྤགས་ཀྱི་གཞི་ལས། དགེ་སློང་ གིས་དགེ་སློང་ལ་ཆོས་གོས་དག་བསྐུར་ཞིང་འདི་ནས་བཏང་བ་དེར་མ་ཕྱིན་པ་དག་གང་ལ་ཡང་སྤང་བར་མི་འགྱུར་རོ་ཞེས་གསུངས་པ་བསྡུས་ཏེ། དེ་ཡང་གོས་བསྐུར་བྱ་ལ་འཆང་བའི་སྤང་བར་མི་འགྱུར་བ་ནི་དབང་བའི་འདུ་ཤེས་མེད་པའི་ཕྱིར་ཏེ། དེ་ནི་སྤང་བ་ལས་ནི་འདུ་ ཤེས་ལས་གཙོ་ཆེར་ཞེས་པ་འདིས་བསྡུས་ལ། སྐུར་བྱེད་ལ་འཆང་བའི་སྤང་བར་མི་འགྱུར་བ་ནི་རང་གི་ཉིད་མ་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་ཉིད་དོ་ཞེས་པ་འདིས་བསྡུས་སོ། །རྣམ་འབྱེད་ལས་ཀྱང་། འཆང་བ་གཉིས་དང་། ཟླ་འཇོག་དང་གསོག་འཇོག་དང་བཞིའི་ 6-1-408a སྐབས་སུ་གཞན་ལ་སྦྱིན་པར་བྱ་ཞེས། གཞན་ལ་བྱིན་ན་ལྟུང་མེད་དུ་བཤད་པ་དང་། ཞུ་བ་ལས་ཀྱང་། གཞན་གྱི་ལྷུང་བཟེད་འཆང་བ་ལ་ལྟུང་མེད་དུ་བཤད་ཅིང་། འཁྲུར་འཇུག་དང་། རྨེལ་འཇུག་གཉིས་ལས། དངོས་པོ་དེ་གཞན་ཉིད་དབང་བ་ཡིན་ན་ ལྟུང་བ་ན་སྨད་དུ་ལུང་ཞུ་བ་ལས་གསུངས་པ་དང་། འཁྲུར་འཇུག་རྨེལ་འཇུག་འཐག་འཇུག་དང་། །རས་ཆེན་བརྟད་བྱུང་ཉིད་དང་ལྔ། །དེ་ལྟར་ལྔ་ལས། དངོས་པོ་དེ་རང་གཞན་ཐུན་མོང་དུ་དབང་བ་ཡིན་ན་ལྟུང་བ་ན་སྨད་དུ་ལུང་ཞུ་བ་ལས་གསུངས་པ་དང་། དེ་རྣམས་ཀྱི་ཤུགས་ ཀྱིས་ལྟུང་བ་ལྔ་པོ་དེ་རྣམས་ཀྱི་དངོས་གཞི་བསྐྱེད་པ་ལ་རང་འབའ་ཞིག་གི་ཡིན་པ་ཡན་ལག་ཏུ་བསྟན་པ་དེ་རྣམས་ཀྱང་རང་གི་ཉིད་དོ་ཞེས་པ་འདིས་བསྡུས་ཤིང་། བདག་པོ་དང་འབྲེལ་བ་གཞན་རྣམས་ལ་ཡང་རང་གི་ཡིན་པ་དང་། རང་འབའ་ཞིག་གི་ཡིན་པ་ཅི་རིགས་པ་ མདོར་བསྡུས་སྦྱར་བའོ། །དེ་ནི་བསྔོས་པ་ཉིད་ན་བྲལ་ཅེས་པ་ནི། ཀོ་ལྤགས་ཀྱི་གཞི་ལས། གང་གིས་གོས་བསྐུར་བ་དེ་ལ་སྤང་བ་མི་འགྱུར་ཞེས་གསུངས་པ་དང་། རྣམ་འབྱེད་ལས་ཀྱང་། འཆང་བ་གཉིས་དང་། ཟླ་འཇོག་དང་། གསོག་འཇོག་དང་བཞིའི་སྐབས་སུ་གཞན་ ལ་བཏང་བར་བྱའོ་ཞེས་པ་བསམ་པ་ཐག་པ་ནས་གཞན་ལ་བཏང་ན་ལྟུང་བ་མི་འབྱུང་བར་གསུངས་པས། དེ་རྣམས་ནི་འདིར་ཚིག་གཅིག་ཏུ་བསྡུས་ཤིང་བདག་པོ་དང་འབྲེལ་བ་གཞན་རྣམས་ལ་མདོར་བསྡུས་སྦྱར་བར་བྱའོ། །དེ་ཡོད་ན་དངོས་པོ་དེ་ལྟ་བུ་ཞེས་པ་ནི། རྣམ་འབྱེད་ ལས། དགེ་སློང་གིས་ཚེས་གཅིག་ལ་ཆོས་གོས་རྙེད་ནས་དེས་ཚེས་གཉིས་ལ་ཆོས་གོས་གཞན་ཞིག་ཀྱང་རྙེད་ན་ཞེས་བྱ་བ་ནས། ཞག་བཅུ་གཅིག་པའི་སྐྱ་རེངས་འཆར་ན་སྤང་བའི་ལྟུང་བྱེད་དོ་ཞེས་པ་དང་། དེ་བཞིན་དུ་ཟླ་འཇོག་དང་། ལྷུང་བཟེད་འཆང་བ་དང་། ཞག་བདུན་པའི་ 6-1-408b གསོག་འཇོག་སྟེ་བཞི་ལ་ཞག་ཤན་འབྱུང་བ་རེ་རེ་ལ་གསུངས་པ་ཚིག་གཅིག་ཏུ་བསྡུས་པ་ཡིན་ལ། དགེ་སློང་མའི་ཆོས་གོས་ཟླ་བ་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་ནི་མདོར་བསྡུས་རྟོགས་པར་བྱའོ། །ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་ཞེས་པ་ནི་ལུང་རྣམ་འབྱེད་ཀྱི་ཆོས་གོས་འཆང་བའི་སྐབས་ལས་དགེ་སློང་གི་ཆོས་གོས་ སྤང་བ་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་དེ་ཡང་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཉེ་བར་འཇོག་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ་ ཞེས་པ་ལ་སོགས་སྤང་ལྟུང་བཅུ་ཚན་དང་པོའི་སྐབས་སུ་འཁྲུར་འཇུག་དང་། ལེན་པ་དང་། གོས་སློང་བ་སྟེ་གསུམ་མ་གཏོགས་བདུན་དང་། བཅུ་ཚན་ཐ་མའི་ཐོག་མཐའ་ལྷུང་བཟེད་འཆང་བ་དང་། གསོག་འཇོག་གཉིས་ཏེ་དགུ་པོ་རེ་རེ་པོ་རེ་རེ་ལ་གསུངས་པ་ཚིག་གཅིག་ ཏུ་བསྡུས་པ་ཡིན་ལ། བདག་པོ་དང་འབྲེལ་བ་འཁྲུར་འཇུག་ལ་སོགས་པ་གཞན་རྣམས་ལ་མདོར་བསྡུས་སྦྱར་བའོ། །ཤ་མི་དང་སྦལ་ཏི་ཀླུབས་དཀར་ལ་སོགས་པ་སྔ་མ་རྣམས་ནི་སྤང་ལྟུང་བཅུ་ཚན་དང་པོའི་བཅུ་པོ་ཐམས་ཅད་ལ་ལུང་ལས་སྤང་ཤན་དངོས་སུ་བཤད་ཅེས་ ཟེར་བ་ཕལ་ཆེར་ལ་བཤད་པ་མཐོང་ནས་ཐམས་ཅད་ལ་བཤད་ཅེས་ཞར་ལ་ཤོར་བར་ཟད་ཀྱི། འཁྲུར་འཇུག་ལེན་སློང་གསུམ་གྱི་སྤང་ཤན་ནི་ལུང་དུམ་བུ་བཞི་གང་ལས་ཀྱང་གསུངས་པ་མི་སྣང་ངོ་། །འདི་ལ་མེད་པ་དེ་ཉིད་གཙོ་བོ་ཞེས་པ་ནི་ཤ་མི་སྦལ་ཏི་ཀླུབས་དཀར་ལ་སོགས་ པ་སྔ་མ་རྣམས་ནི་མདོ་འདི་ལ་མདོར་བསྡུས་རྟོགས་པ་དང་། ཚིག་ཚོགས་བསྐྱུང་བ་གཉིས་ཀ་མེད་གསུང་ཡང་ནོར་བ་སྟེ། ལུང་ཞུ་བ་ལས། ཆོས་གོས་དང་ལྷུང་བཟེད་དང་སྨན་གསུམ་ལ་རེ་རེ་ནས་གསུངས་པ་འདིར་ཚིག་གཅིག་ཏུ་བསྡུས་པ་དང་འགལ་བས་སོ། །དེ་ཡང་ 6-1-409a ལུང་ཞུ་བ་ལས། དགེ་སློང་གིས་ཆོས་གོས་སྤང་བ་ཉམས་པར་གྱུར་ན་ལྟུང་བྱེད་འབའ་ཞིག་བཤགས་པར་བགྱིའམ། ཉེ་བ་འཁོར་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པ་དེ་བཞིན་དུ་ལུང་ཞུ་བ་ལས། དགེ་སློང་གིས་ལྷུང་བཟེད་ དང་སྤང་བ་སྟོར་བར་གྱུར་ན་ལྟུང་བྱེད་འབའ་ཞིག་བཤགས་པར་བགྱིའམ། ཨུ་པ་ལི་བཤགས་པར་བྱའོ། །ནོངས་པ་བཤགས་ནས་སླར་རྙེད་ན་སྤང་བར་བགྱིའམ། ཨུ་པ་ལི་མ་ཡིན་ནོ། །དགེ་སློང་གི་སྨན་སྤང་བ་སྟོར་བར་གྱུར་ན་ལྟུང་བྱེད་འབའ་ཞིག་བཤགས་པར་ བགྱིའམ། ཨུ་པ་ལི་བཤགས་པར་བྱའོ། །ལྟུང་བ་བཤགས་ནས་སླར་རྙེད་ན་སྤང་བར་བགྱིའམ། ཨུ་པ་ལི་མ་ཡིན་ནོ་ཞེས་ལྷུང་བཟེད་དང་། སྨན་གསུམ་རེ་རེ་ནས་གསུངས་པ་ཚིག་གཅིག་ཏུ་བསྡུས་པ་ཚིག་ཚོགས་བསྐྱུངས་པ་ཡིན་ལ། གསེར་དངུལ་ལ་སོགས་པ་ གཞན་ལ་ཡང་མདོར་བསྡུས་སྦྱར་བ་ཡིན་ནོ། །གསུམ་པ་བསྡུས་པའི་དོན་ལ་ལྔ་ལས། དུས་དང་འབྲེལ་བའི་ཐུན་མོང་ནི། ཉིན་མཚན་གྱི་ཞེས་པ་ལ་སོགས་པ་མདོ་དང་པོ་བཞིས་བསྟན་ཏོ། །བདག་པོ་དང་འབྲེལ་བའི་ཐུན་མོང་ནི། སྤང་བ་ལ་ནི་ཞེས་པ་ལ་སོགས་མདོ་ བཞིས་སོ། །ཤན་དང་འབྲེལ་བའི་ཐུན་མོང་ནི། འདི་ལ་རྗེས་སུ་ཞུགས་པ་ཞེས་པ་ལ་སོགས་མདོ་ལྔས་སོ། །ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང་ནི། ཆུང་བ་ཉིད་ཀྱི་ཞེས་པ་ལ་སོགས་པ་མདོ་གསུམ་གྱིས་སོ། །དང་པོ་གསུམ་གྱི་ཐུན་མོང་དུ། འདི་གསུམ་ནི་སྲ་བརྐྱང་ བཏིང་བ་ལ་ཞེས་པས་བསྟན་ཏོ། །ད་ནི་དེ་དག་སོ་སོའི་དོན་ལ་ལྔ་ལས། དང་པོ་དུས་དང་འབྲེལ་བའི་ཐུན་མོང་ངོ་། །འདི་ལ་གཉིས་ལས། སྤྱིའི་དོན་ལ་ལྔ་སྟེ། ཡན་ལག་གི་ཁྱད་པར་དང་། ཡན་ལག་རང་གི་ངོ་བོ་དང་། སེལ་བ་དང་། ཅིར་འགྱུར། རྒྱུ་མཚན་ནོ། །དང་ 6-1-409b པོ་ནི། དགེ་སློང་ཕའི་དབང་དུ་བྱས་ཏེ། ཊཱི་ཀ་ལས་གསུངས་ཚོད་བཅོ་ལྔ་སྟེ། གོས་དང་ལྷུང་བཟེད་འཆང་གཉིས་འབྲལ་གཉིས་ཞག་གཅིག་བྲལ་བ་དང་དགོན་པའི་ཟླ་འཇོག་དང་། །བཞག་འཕྱིས་རས་ཆེན་བརྟད་བྱུང་བགོ་འཕྱིས་དང་གསོག་འཇོག་དང་། དམག་གནས་གནས་ངན་ལེན་འཆབ་ དང་ནུབ་ལྷག་དང་། མར་མེ་ལ་སོགས་པའི་སྣང་བཅས་སྤངས་པ་དང་ཉལ་བ་བསྙིལ་བ་དང་བུད་མེད་དང་ལྷན་ཅིག་ཉལ། །ཅེས་བསྡུ་བའི་ཚིགས་བཅད་དོ། །དགེ་སློང་མའི་དབང་དུ་བྱས་ན་ནི་འཆབ་པའི་ཕམ་པ་ལ་གཏམ་གྱི་གཞི་ལས་གསུངས་ཤིང་། མཚན་མོའི་འབྲལ་བ་ལ་སོགས་ ཁ་ཅིག་ལ་མའི་རྣམ་འབྱེད་ལས་གསུངས་སོ། །དེ་དག་གི་གནད་ཀྱིས་གནས་མེད་ཀྱི་ཉེས་པ་ལ་སོགས་པ་ལ་ཡང་སྦྱར་རོ། །གཉིས་པ་ནི། རང་རང་གི་ཞག་གྲངས་ཐ་མའི་མཚན་མོའི་མཐའི་སྐད་ཅིག་གོ། དེའི་དོན་གཏན་ལ་དབབ་པ་ལ་གཉིས་ལས། ཞག་གྲངས་ཀྱི་ཐ་མ་ གཏན་ལ་དབབ་པ་དང་། མཚན་མོའི་མཐའ་སྐད་ཅིག་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ལས། རང་ལུགས་ནི་ཟླ་འཇོག་ལ་ཞག་སུམ་ཅུའི་མཚན་མོའི་མཐའི་སྐད་ཅིག་དང་། རས་ཆེན་བཞག་འཕྱིས་དང་། དགག་དབྱེ་བྱས་ནས་ཟླ་བ་ཕྱེད་དང་། གོས་དང་ལྷུང་བཟེད་ འཆང་བ་གཉིས་ལ་ཞག་བཅུ་དང་། ཞག་བདུན་པའི་གསོག་འཇོག་ལ་ཞག་བདུན་དང་། དགོན་པ་པའི་འབྲལ་བ་ལ་ཞག་དྲུག་དང་། ནུབ་ལྷག་ལ་མཚན་མོ་གསུམ་དང་། དེ་དག་ལས་གཞན་པ་རྣམས་ལ་ཞག་གཅིག་གི་མཚན་མོའི་མཐའི་སྐད་ཅིག་གོ། གཉིས་པ་ཞར་ལ་ གཞན་ལུགས་དགག་པ་ནི། ཞང་ཞུང་རྒྱལ་ཤེ་ན་རེ། དེ་རྣམས་ལ་ཞག་རེ་རེས་ལྷག་པ་དགོས་ཏེ། ཁྱེད་ཞག་བཅུ་ཟེར་ཡང་། བསྡུས་པ་ལས། ཞག་བཅུ་གཅིག་འདས་ན་འཆང་བའི་སྤང་བའོ། །ཞེས་པ་དང་། ཁྱེད་ཞག་དྲུག་ཟེར་ཡང་མདོ་ཉིད་ལས། ཞག་བདུན་ན་འབྲལ་ 6-1-410a བའི་སྤང་བའོ་ཞེས་པ་དང་། ཁྱེད་ཞག་བདུན་ཟེར་ཡང་སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པས་ཞག་རེ་རེས་ལྷག་པར་གྲུབ་སྟེ། དེ་རྣམས་བཞག་རེ་རེས་ལྷག་པར་བྱུང་བའི་གནད་ཀྱིས་གཞན་རྣམས་ཀྱང་ཞག་རེ་རེས་ལྷག་པར་འོང་སྟེ། ཊཱི་ཀ་ལས། ཞག་ བཅུ་འདས་པ་དང་། ཞག་དྲུག་འདས་པ་དང་། ཞག་བདུན་འདས་པ་དང་ཞེས་མཚན་ཉིད་ཕྱོགས་གཅིག་ཏུ་གཏན་ལ་དབབ་པའི་ཕྱིར་ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། མདོ་ཉིད་ལས། གཞན་ཉི་མའི་དང་པོ་ལའོ་ཞེས་ཞག་ བཅུ་ལས། གཞན་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ལ་སྤང་ལྟུང་དུ་གསུངས་པ་དང་། རྣམ་འབྱེད་ལས། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་ཡང་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་། དེ་ཉིད་ལས། ཞག་བཅུ་པ་དེ་ཉིད་ཀྱི་ནང་རོལ་དུ་བྱིན་གྱིས་བརླབ་ པར་བྱ་ཞེས་གསུངས་པ་དང་འགལ་ཏེ། ཁྱེད་ལྟར་ན་ཞག་བཅུ་གཅིག་པ་དེ་ཉིད་ཀྱི་ནང་རོལ་དུ་ཞེས་གསུང་བར་རིགས་པས་སོ། །གཞན་ཡང་འཆང་ལྟུང་ཞག་བཅུ་གཅིག་འདས་པ་ལ་བལྟོས་ནས་འཆང་བའི་ཞག་ཚོགས་པའི་སུམ་འགྱུར་ཟླ་འཇོག་ཡིན་ཏེ། ཊཱི་ཀ་ལས། ཟླ་ བ་གཅིག་པའི་སྤང་བ་འདི་ལ་ཞག་བཅུ་པ་དང་། གཉིས་པ་དང་། གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་བལྟོས་པ་ནི་མེད་དོ་ཞེས་བཤད་པས་སུམ་འགྱུར་ཡིན་པར་གྲུབ་བོ། །དེས་ན་ཟླ་འཇོག་ཞག་སུམ་ཅུ་རྩ་གསུམ་བཟླས་པ་ལ་བལྟོས་པར་ཐལ་བར་འགྱུར་བས་ན། རྣམ་འབྱེད་ ལས། ཉི་མ་སུམ་ཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། བསྡུས་པ་ལས། ཞག་བཅུ་གཅིག་འདས་ན་ཞེས་བཤད་པ་དེ་ནི་ལོ་ཙཱ་བ་ཞང་ཞུང་རྒྱལ་ཤེའི་འདོད་པ་བཀོད་པ་ཡིན་ནོ་ཞེས་ 6-1-410b ཤ་མི་རྗེས་འབྲངས་དང་བཅས་པ་རྣམས་གསུང་ཡང་མ་ཡིན་ཏེ། བསྡུས་པ་འགྱུར་རྙིང་སྔ་དར་གྱི་དཔེ་རྙིང་ལས་ཀྱང་། ཞག་བཅུ་གཅིག་འདས་ན་ཞེས་བཤད་དོ། །འདི་ནི་འཆང་ལྟུང་ནག་འབྱམ་དུ་འབྱུང་བ་ལ་དགོངས་པ་ཡིན་ནོ་ཞེས་བརྗོད་དོ། །མདོ་རྩ་བ་ལས། ཞག་ བདུན་ན་འབྲལ་ཅེས་བཤད་པ་དེའང་ཞག་བདུན་འདས་པ་ན་འབྲལ་བ་མ་ཡིན་གྱི། ཞག་བདུན་པའི་ངོ་མཐོང་ན་འབྲལ་བའི་སྤང་བའོ་ཞེས་བཤད་པ་ཡིན་ཏེ། ཊཱི་ཀ་ལས། ཞག་བདུན་པའི་སྐྱ་རེངས་ཤར་ན་ན་འབྲལ་བའི་ལྟུང་བ་འབྱུང་ངོ་ཞེས་གསུངས་པས་གྲུབ་བོ། ། སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་ཡང་སྐྱ་རེངས་ཀྱི་ངོ་བོ་བརྒྱད་ཤར་བ་མ་ཡིན་གྱི། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྟེ། མའི་རྣམ་འབྱེད་ལས། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་། ཕའི་རྣམ་འབྱེད་ལས་ཀྱང་། ཉི་མ་ བརྒྱད་པའི་སྐྱ་རེངས་ཤར་ནའོ་ཞེས་སོ། །སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་འདི་ལ་འགྲེལ་ཆུང་གི་མདོ་རྩ་བ་ལས། བརྒྱད་པའི་སྐྱ་རེངས་བྱུང་ནའོ་ཞེས་བཤད་པ་དེ་ལེགས་བཤད་ཡིན་ནོ། །ཡང་འཇིམ་པ་ཤེས་རབ་འོད་ན་རེ། སྨན་ཞག་བདུན་པ་ལ་ཞག་གཅིག་ ལྷག་དགོས་ཏེ། སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་དང་། བསྡུས་པ་ལས། ཞག་བརྒྱད་ལོན་ན་སྤང་བའོ་ཞེས་པ་དང་། རིགས་པས་ཀྱང་གྲུབ་སྟེ། དཔེར་ན་དབྱར་ཞག་བདུན་བྱིན་གྱིས་བརླབས་པ་ནི་ཞག་བདུན་གནང་ནས་ཞག་བརྒྱད་འདས་པ་ན་ཉེས་པ་འབྱུང་ བ་ལྟར། སྨན་ཞག་བདུན་བྱིན་གྱིས་བརླབས་པ་ཡང་ཞག་བདུན་གནང་ནས་ཞག་བརྒྱད་འདས་པ་ན་ལྟུང་བ་འབྱུང་སྟེ། ཞག་བདུན་བྱིན་གྱིས་བརླབས་པར་འདྲ་བའི་ཕྱིར་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཞག་བདུན་དུ་བྱིན་གྱིས་བརླབས་པ་ཙམ་དུ་འདྲ་བའི་ཕྱིར་རམ། 6-1-411a དོན་ཁྱད་པར་མེད་པར་འདྲ་བའི་ཕྱིར་ཟེར། སྔ་མ་ལྟར་ན་ཁྱབ་པ་མ་གྲུབ་སྟེ་དོན་ཐ་དད་པས་སོ། །ཕྱི་མ་ལྟར་ན་རྟགས་མ་གྲུབ་སྟེ། དབྱར་ཞག་བདུན་བྱིན་གྱིས་བརླབས་པ་ནི་ཞག་བདུན་གནང་ནས་ཞག་བརྒྱད་འདས་པ་ན་ལྟུང་བ་འབྱུང་བར་བཅས་པ་ཡིན་ཏེ། ཞག་བདུན་འདས་པ་ཉིད་ན་དབྱར་འཇིག་ན་ཞག་གཅིག་བྱིན་གྱིས་བརླབས་པ་ལ་ཡང་ཞག་གཅིག་འདས་པ་ན་འཇིག་པར་འགྱུར་བ་རྒྱུ་མཚན་མཚུངས་པས་དེ་ལྟར་ན། ལུང་ཞུ་བ་ལས། དབྱར་ཞག་གཅིག་བྱིན་གྱིས་བརླབས་པར་གསུངས་པ་དེ་དོན་མེད་དུ་འགྱུར་བའོ། །སྨན་ཞག་བདུན་ པ་བྱིན་གྱིས་བརླབས་པ་ནི་ཞག་བདུན་འདས་པ་ཉིད་ན་ལྟུང་བ་འབྱུང་བར་བཅས་པ་ཡིན་ཏེ། ཊཱི་ཀ་ལས། ཞག་བདུན་འདས་ནས་སྤང་བར་འགྱུར་ཞེས་གསུངས་པས་ཤེས་སོ། །འོ་ན་བསྡུས་པ་ལས། ཞག་བདུན་ཚུན་ཆད་དུ་བྱིན་གྱིས་བརླབས་ལ་བཟའ་བར་བྱའོ། །ཞག་བརྒྱད་ལོན་ ན་སྤང་བའོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ཞག་བརྒྱད་པའི་སྐྱ་རེངས་ཤར་བ་ན་ཞག་བརྒྱད་པའི་ངོ་མཐོང་བའི་ཕྱིར་ཞག་བརྒྱད་ལོན་ཅེས་བརྗོད་པ་ཡིན་གྱི། ཞག་བརྒྱད་འདས་པ་ལ་བལྟོས་པ་ནི་མ་ཡིན་ཏེ། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཞག་བརྒྱད་པའི་སྐྱ་རེངས་ ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པས་ཤེས་སོ། །གལ་ཏེ་དགེ་སློང་མས་གོས་རྙེད་མ་ཐག་ཉིད་ན་ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མ་བརླབས་པའི་ལྟུང་བ་བྱུང་ཟིན་པར་ཐལ། དགེ་སློང་ཆོས་གོས་ཉི་མ་དང་པོ་ཉིད་ལ་བྱིན་གྱིས་མ་བརླབས་པར་ཞག་གཅིག་གི་སྐྱ་རེངས་ ཤར་ཟིན་པའི་ཕྱིར་རོ། །དེའི་ཁྱབ་པ་གཞུང་གིས་གྲུབ་སྟེ། ཊཱི་ཀ་ལས། དགེ་སློང་མས་ཆོས་གོས་ཉི་མ་དང་པོ་དེ་ཉིད་ལ་བྱིན་གྱིས་མ་བརླབས་ན་ཞག་གཅིག་གི་སྐྱ་རེངས་དང་པོ་ཤར་ན་སྤང་བར་འགྱུར་རོ་ཞེས་བཤད་པས་སོ། །དེའི་ལྟུང་བ་བྱུང་ཟིན་པར་ཐལ་བར་འདོད་ན་ལྟུང་བའི་སྤོང་ 6-1-411b བསྒྲུབ་མི་ནུས་པར་ཐལ་བར་འགྱུར་རོ་ཞེ་ན། ཁྱབ་པ་མེད་དེ། ཊཱི་ཀ་ལས་བཤད་པ་དེ་ནི་ཞག་གཅིག་འདས་པའི་སྐྱ་རེངས་ལ་དགོངས་པ་ཡིན་གྱི། ཞག་གཅིག་གི་མགོ་རྩོམ་པའི་སྐྱ་རེངས་ནི་མ་ཡིན་ཏེ། འགྲེལ་ཆུང་ལས། ཆོས་གོས་རྙེད་པའི་ནངས་པར་གྱི་སྐྱ་རེངས་ཕན་ཆད་ནི་ གྲངས་སུ་མི་བརྩིའོ་ཞེས་བཤད་པ་དེ་ལེགས་བཤད་ཡིན་ནོ། །གཞན་ཡང་ཁྱེད་ལྟར་ན་མཚན་མོ་གཉིས་ཉལ་བ་ན་ནུབ་ལྷག་གི་ལྟུང་བ་བསྐྱེད་པར་ཐལ། ཞག་གསུམ་པའི་སྐྱ་རེངས་ཤར་བའི་ཕྱིར་ཞེ་ན། ཁྱབ་པ་མ་གྲུབ་སྟེ། མཚན་མོ་གསུམ་པར་ཉལ་བ་ན་སྐྱ་རེངས་ཤར་ན་ལྟུང་འབྱེད་དུ་ རྣམ་འབྱེད་ལས་གསུངས་ཀྱི། ཞག་གསུམ་པའི་སྐྱ་རེངས་ཤར་ན་ཞེས་པ་ནི་གཞུང་གང་ལས་ཀྱང་མ་བཤད་དོ། །གལ་ཏེ་ཟླ་འཇོག་ཞག་གཅིག་ལྷག་པ་མ་ཡིན་ན་ནི་གོས་རྙེད་ནས་ཟླ་བ་གཅིག་ལོན་ནས་སྲ་བརྐྱང་བཏིངས་པ་དེས་ཟླ་འཇོག་གི་ལྟུང་བ་མི་ཁེགས་པར་ཐལ། ཟླ་འཇོག་གི་ལྟུང་བ་ བྱུང་ཟིན་པའི་ཕྱིར། འདོད་ན་ཟླ་འཇོག་གི་ཞུ་བ་ལས། དགེ་སློང་གིས་དགུང་ཟླ་དྲུག་ཏུ་ཆོས་གོས་བཞག་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ། ཆོས་གོས་དེ་རྙེད་ནས་ཞག་སུམ་ཅུ་ལོན་པ་དང་སྲ་བརྐྱང་བཏིང་ནའོ་ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་ཞག་སུམ་ཅུའི་ ཉིན་པར་སུམ་ཅུའི་ངོ་མཐོང་བས་ཞག་སུམ་ཅུ་ལོན་པ་ཞེས་གསུངས་ཀྱི། ཟླ་བ་གཅིག་འདས་པར་གྱུར་པ་ནི་མ་ཡིན་ནོ། །གཉིས་པ་མཚན་མོའི་མཐའི་སྐད་ཅིག་གཏན་ལ་དབབ་པ་ནི། མཚན་མོའི་མཐའི་སྐད་ཅིག་ནི་སྐྱ་རེངས་དང་པོ་ཤར་བའི་སྔ་ལོགས་ཀྱི་སྐད་ཅིག་ཡིན་ཏེ། ཊཱི་ཀ་ལས། ཉིན་མོའི་དང་པོ་ནི་སྐྱ་རེངས་ཤར་བ་ཡིན་པར་གསུངས་ལ། དེའི་མདུན་རོལ་ནི་མཚན་མཐའ་ཡིན་པར་རྣམ་པར་བཞག་ཅེས་སོ། །འོ་ན་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བའི་སྐད་ཅིག་ངོ་བོ་གཅིག་པར་བཤད་པའི་གཞུང་བཞི་དང་འགལ་ཏེ། དམག་གི་ནང་ན་གནས་པའི་སྐབས་ཀྱི་ཊཱི་ཀ་ 6-1-412a ལས། ཉིན་མཚན་གཉིས་ཀྱི་མཐའི་སྐད་ཅིག་ཅེས་བྱ་བ་ནི་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་ན་ཞེས། ཞག་སྔ་མའི་མཐའི་སྐད་ཅིག་དང་། ཞག་ཕྱི་མའི་སྐྱ་རེངས་ཤར་བ་གཅིག་ཡིན་པར་གསུངས་པ་དང་། སྤངས་པ་རྗེས་ཕྱོགས་ཀྱི་ཊཱི་ཀ་ལས། མཚན་མོའི་མཐར་རོ་ཞེས་བྱ་བ་སྨྲས་ཏེ། སྐྱ་རེངས་ཤར་ནའོ་ཞེས་གསུངས་པས་མཚན་མོའི་མཐའ་དང་། སྐྱ་རེངས་ཤར་བ་གཅིག་ཡིན་པར་གྲུབ་ཅིང་། འཆབ་པའི་ཕམ་པའི་ཊཱི་ཀ་ལས། ཉིན་མཚན་གྱི་མཐར་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ཏེ། འདིར་གཞུང་ནི་སྐྱ་རེངས་ཤར་ ན་ཕམ་པར་འགྱུར་ཞེས་གསུངས་པ་ཡིན་ནོ་ཞེས། མཐའི་སྐད་ཅིག་དང་སྐྱ་རེངས་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཤད་པ་དང་། རྩ་བ་ལས། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ་ཞེས་གསུངས་ནས་དེ་ཉིད་ཀྱི་ཊཱི་ཀ་ལས། སྐྱ་རེངས་ཤར་ན་ནི་ འཆབ་པ་འབྱུང་བ་ཁོ་ནར་འགྱུར་རོ་ཞེས་བཤད་པས། ཉིན་མཚན་གྱི་ཐ་མའི་ཆ་དང་སྐྱ་རེངས་ཤར་བ་སྟེ་དེ་གཉིས་དོན་གཅིག་པར་གྲུབ་སྟེ། དེ་ཡང་སྐྱ་རེངས་དང་པོ་ནི་མཚན་མོའི་མཐའ་ཡང་ཡིན་ལ། ཉིན་མོའི་དང་པོ་ཡང་ཡིན་ཏེ་ཕྲེང་བའི་མདུད་འཛིན་བཞིན་ནོ། །མདུད་འཛིན་དེ་ ཕྱོགས་གཅིག་ངོས་ཀྱི་མཐའ་ཡང་ཡིན་ལ། ཕྱོགས་གཅིག་ངོས་ཀྱི་དང་པོ་ཡང་ཡིན་པ་དང་འདྲའོ་ཞེས་སྣར་ཐང་པ་ཁ་ཅིག་ཟེར། ལུང་དེ་རྣམས་དེའི་དོན་དུ་མ་སོང་བའི་ཚུལ་ནི། གཞུང་དང་པོ་ནི་ཉིན་མཚན་གཉིས་ཀྱི་མཐའི་སྐད་ཅིག་འདས་པ་ཞེས་བྱ་བ་ཉིན་མཚན་གསུམ་པའི་སྐྱ་རེངས་ དང་པོ་ཤར་ན་ཞེས་དགོངས་སོ། །གཞུང་གཉིས་པ་ནི་མཚན་མོའི་མཐར་ལྟུང་བྱེད་དུ་འགྱུར་ཞིང་། སྐྱ་རེངས་ཤར་ན་ལྟུང་བྱེད་དུ་གྱུར་པ་ལ་དགོངས་སོ། །གཞུང་ཕྱི་མ་དེ་གཉིས་ནི་མཚན་མོའི་མཐའི་སྐད་ཅིག་ལ་འཆབ་པའི་ལྟུང་བ་འབྱུང་བ་ཡིན་ཅིང་། སྐྱ་རེངས་ཤར་ན་ནི་འཆབ་ 6-1-412b པའི་ལྟུང་བ་བྱུང་ཟིན་པ་ལ་འབྱུང་འགྱུར་གྱི་སྒྲས་བརྗོད་པ་ཡིན་ཏེ། དཔེར་ན་ཕམ་པར་གྱུར་ཟིན་པ་ལ་བསླབ་པ་སྦྱིན་པ་ཡིན་ཀྱང་། ཊཱི་ཀ་ལས། ཕམ་པར་འགྱུར་བའི་ལྟུང་བ་ལ་ལས་ཀྱིས་བསླབ་པ་སྦྱིན་ཅེས་བཤད་པ་བཞིན་ནོ། །དེ་ལྟར་མ་ཡིན་པར་མཚན་མོའི་མཐའི་སྐད་ཅིག་དང་སྐྱ་ རེངས་ཤར་བའི་སྐད་ཅིག་ངོ་བོ་གཅིག་ན། ཊཱི་ཀ་ལས། ཉིན་མོའི་དང་པོ་ནི་སྐྱ་རེངས་ཤར་བ་ཡིན་པར་གསུངས་ལ། དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར་རྣམ་པར་བཞག་ཅེས་གསུངས་པ་དང་འགལ་ཅིང་། ཊཱི་ཀ་ལས། ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་མཐའི་ སྐད་ཅིག་མའོ་ཞེས་པ་དང་ཡང་འགལ་ལོ། །དེས་ན་མཚན་མོའི་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བའི་སྐད་ཅིག་ནི་སྔ་ཕྱི་ཐ་དད་པ་ཡིན་ནོ། །འོན་ཀྱང་མཚན་མོའི་མཐའི་སྐད་ཅིག་འདས་པ་དང་སྐྱ་རེངས་ཤར་བ་ནི་ངོ་བོ་གཅིག་ཅིང་། མཚན་མོའི་མཐའི་སྐད་ཅིག་དང་སྐྱ་རེངས་ འཆར་བ་ངོ་བོ་གཅིག་ཡིན་པར་རིག་པར་བྱའོ། །གསུམ་པ་སེལ་བ་ནི་སྔ་རོལ་གྱི་དུས་རྣམས་སོ། །བཞི་པ་ཅིར་འགྱུར་ནི་གཉིས་ཏེ། སྤང་བ་རྣམས་ལ་སྦྱོར་ལྟུང་མེད་པ་དང་། གནས་པ་དང་འབྲེལ་བ་རྣམས་ལ་ན་སྨད་པར་འགྱུར་བའོ། །དང་པོ་ནི། རྣམ་འབྱེད་ལས། གོས་དང་ལྷུང་བཟེད་ཞག་བཅུའི་བར་དུ་བཅང་བར་བྱའོ། །གོས་དེ་ཟླ་བ་གཅིག་གི་མཐར་བཞག་པར་བྱའོ། །ཞག་དྲུག་གི་མཐའ་ཚུན་ཆད་དུ་འབྲལ་བར་བྱའོ། །དབྱར་ཟད་ནས་ཟླ་བ་ཕྱེད་ཀྱི་བར་དུ་རས་ཆེན་བཅང་བར་བྱའོ། །བརྟད་པ་ལས་བྱུང་བའི་གོས་དེ་བླངས་ནས་གོས་ སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱ་བའོ་ཞེས་གསུངས་པ་དང་། ཞུ་བ་ལས། ཞག་བདུན་མ་ལོན་པ་ལ་མ་ལོན་པ་ཉིད་དུ་ཤེས་ན་ཉེས་པ་མེད་དོ་ཞེས་གསུངས་ཤིང་། ཞག་གཅིག་འབྲལ་བའི་སྦྱོར་ལྟུང་མེད་པ་ནི་དགོན་པ་བའི་འབྲལ་བའི་གནད་ཀྱིས་སོ། །གལ་ཏེ་དེ་དག་ལ་ 6-1-413a སྦྱོར་ལྟུང་མེད་ན་འདུལ་བ་ཀུན་ལས་བཏུས་བམ་པོ་ལྔ་བཅུ་པ་ལས། འཆང་བ་དང་འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ་ཞེས་གསུངས་པ་དང་། བསྡུས་པ་ལས། ཉིན་རེ་ཉེས་བྱས་རེ་རེའོ་ ཞེས་འཆང་བ་ལ་ཉེས་བྱས་སུ་བཤད་པ་དང་། འགྲེལ་ཆུང་ལས་ཀྱང་། འཆང་བའི་སྤང་བ་ནི་ཞག་བཅུར་སྔགས་མ་བཏབ་ན་ཉེས་བྱས་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་དག་ནི་རང་གར་འཇོག་པ་སྦྱོར་བ་ལྷོད་པ་བསླབ་པའི་ཉེས་བྱས་ལ་དགོངས་པ་ཡིན་ནོ། །གལ་ཏེ་སྦྱོར་བའི་ཉེས་བྱས་ ཡིན་ན། ཞུ་བ་ལས། ཞག་བཅུ་མ་ལོན་པ་ལ་མ་ལོན་པར་ཤེས་ན་ཉེས་པ་མེད་དོ་ཞེས་གསུངས་པ་དང་། རྣམ་འབྱེད་ལས། ཞག་བཅུའི་བར་དུ་བཅང་བར་བྱའོ་ཞེས་སྔར་དྲངས་པ་དང་འགལ་ལོ། །གཉིས་པ་གནས་པ་དང་འབྲེལ་བ་རྣམས་ན་སྨད་དུ་འགྱུར་བ་ནི། གནས་པ་ལ་ནི་ སྦྱོར་བའི་སྣོད་ཉིད་དོ་ཞེས་གསུངས་པས་སོ། །ལྔ་པ་རྒྱུ་མཚན་ནི། སྤང་བ་དེ་རྣམས་ལ་སྦྱོར་ལྟུང་མི་བསྐྱེད་པ་ནི་ལྟུང་བ་རྣམ་བཞག་གི་སྦྱོར་ལྟུང་བཅས་པ་མེད་པའི་ཕྱིར། གནས་པ་དང་འབྲེལ་བ་ལ་ན་སྨད་དུ་འགྱུར་བ་ནི། གནས་པ་དང་འབྲེལ་བའི་སྦྱོར་ལྟུང་གི་བཅས་པ་ལས་ འདས་པའི་ཕྱིར་རོ། །སྨྲས་པ། འགྲོ་མགོན་དྭགས་པོའི་བཞེད་དོན་འདུལ་བ་ཡི། །བསྟན་པ་མ་ཉམས་ཡོངས་རྫོགས་ན་ཆུང་མ། །གང་ཡིན་དེ་དག་བདེ་བར་འདིར་བོས་ཀྱི། །ཐར་འདོད་སྐྱེ་བོའི་ཚོགས་ཀྱང་དེང་འདིར་སྤྱོན། །རྡོ་རྗེ་བདེ་གྲུབ་ས་འཛིན་དཀར་པོའི་རྩེར། །རྣལ་ འབྱོར་གཏུམ་མོ་དགའ་བའི་རི་མོ་དང་། །དགའ་རྣོན་ཉི་ཟེར་སྤྲོ་ཚུལ་ཅི་ཡང་ཤེས། །དེ་ཚེ་ཉོན་མོངས་མཚན་མོའི་ལང་ཚོ་ཉམས། །བུང་བ་ལས་གནག་རལ་པའི་དོ་ཀེར་ལ། །དགའ་བ་བཅུ་དྲུག་རྫོགས་པའི་དྲི་མེད་ཟླ། །འབུམ་ཕྲག་སྡུག་བསྔལ་མུན་པ་འགོག་པའི་སླད། །རྣལ་ 6-1-413b འབྱོར་གདུགས་ནས་རོལ་པ་འདི་ལྟ་བུས། །མཉམ་མེད་དྭགས་པོའི་བསྟན་པ་མ་འཛིན་ན། །ཁ་ནས་བཀླག་ལུང་ཙམ་ལས་འདོན་མེད་ཅིང་། །ཁྲིད་ཡིག་རྗེས་གནང་ཙམ་དེ་ལྷུར་བྱེད་ནས། །འགྲོ་ལ་འཚེ་དེས་བསྟན་པ་ཇི་ལྟར་འཛིན། །༈ གཉིས་པ་ཚིག་གི་དོན་ལ། དུས་དང་ འབྲེལ་བའི་ཐུན་མོང་བཤད། །བདག་པོ་དང་འབྲེལ་ཐུན་མོང་བསྟན། །ཤན་དང་འབྲེལ་བའི་ཐུན་མོང་བརྗོད། །ཕྱིར་བཅོས་དང་འབྲེལ་ཐུན་མོང་བསྟན། །དང་པོ་གསུམ་གྱི་ཐུན་མོང་ངོ་། །དང་པོ་ནི། ཆོས་གོས་ཞག་བཅུ་འཆང་བ་ལ་སོགས་པ་རྣམས་ཀྱི་ཞག་གྲངས་ཐོག་མའི་ ཞག་གཅིག་གི་ཚད་ཅི་ཙམ་ཞེ་ན། ཚེས་གཅིག་ལ་ཆོས་གོས་རྙེད་ནས་ཚེས་གཅིག་གི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ། ཚེས་གཅིག་གི་མཚན་མོའི་མཐའི་སྐད་ཅིག་ཉིད་ལ་ཞག་གྲངས་དང་པོའི་ཞག་གཅིག་ཏུ་བརྩི་བ་དེ་ལ། མཚན་མོའི་སྐད་ཅིག་ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་ སྔ་མ་རྣམས་ནི་ངེས་བཟུང་གི་ཡན་ལག་ཏུ་མེད་པ་ཉིད་དོ་ཞེས་བསྟན་ཏེ། ཉིན་མཚན་དང་པོ་ནི་ཞག་གྲངས་དང་པོ་སྟེ་ཚེས་གཅིག་ལྟ་བུའོ། །དེ་ཡང་ཊཱི་ཀ་ལས། ཉིན་མཚན་དང་པོའི་མཐར་གྱུར་པའི་སྐད་ཅིག་མ་གང་ཡིན་པ་དེ་ལ་ཉིན་མཚན་ཅེས་བྱ་བའི་མིང་ཐོབ་པས་སྤང་བ་ལ་ ཡང་དེ་ཉིད་ཡན་ལག་ཡིན་པར་རིགས་པར་བྱའི། སྐད་ཅིག་མ་ལྷག་མ་རྣམས་ནི་སྤང་བ་རྣམ་པར་བཞག་པ་མ་ཡིན་ནོ་ཞེས་བཤད་དོ། །ཉིན་མཚན་དང་པོའི་ཐུན་ཚོད་ཀྱི་ཚིགས་ནི་ངེས་པ་མེད་དེ་མཐའི་སྐད་ཅིག་མ་དེ་ཉིད་ཉིན་མཚན་དང་པོ་གཅིག་ཏུ་བརྩི་སྟེ། དེ་ཚུན་ཆད་ནས་ ཉིན་ཞག་བརྩི་ཞིང་ཞག་བཅུ་འདས་ནས་སྤང་བར་འགྱུར་ཏེ། ཊཱི་ཀ་ལས། འདིར་ལུང་ནི་འཆང་བའི་བསླབ་པའི་གཞི་ལས་དགེ་སློང་གིས་ཚེས་གཅིག་ལ་ཆོས་གོས་རྙེད་དམ། ཚེས་ལ་ལྷུང་བཟེད་རྙེད་ན་ཞེས་གསུངས་པས་ཚེས་དེའི་དང་པོའི་ཐུན་ཚོད་ངེས་པར་མ་སྨོས་པས་ཚེས་བཅུ་ 6-1-414a གཅིག་གི་ཉིན་པར་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བར་གསུངས་པ་ཡིན་ནོ། །གལ་ཏེ་མཐའི་སྐད་ཅིག་མ་མ་གཏོགས་པའི་སྐད་ཅིག་མ་ལྷག་མ་རྣམས་ཀྱང་ཡན་ལག་ཡིན་པར་གྱུར་ན་དེའི་ཚེ་ན་འདི་སྐད་ཅེས། ཚེས་ཀྱི་སྔ་དྲོ་ནས་ཚེས་བཅུ་གཅིག་ གི་སྔ་དྲོས་སོ་ཞེའམ། དེ་བཞིན་དུ་ཚེས་ཀྱི་དགུང་ཚིགས་སམ། ཕྱི་དྲོ་ནས་ཚེས་བཅུ་གཅིག་གི་དགུང་ཚིགས་སམ། ཕྱི་དྲོ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུང་བར་འགྱུར་བ་ཞིག་ན་དེ་སྐད་མ་གསུངས་ཏེ་ཞེས་སོ། ། གཞན་ཡང་ལུང་རྣམ་འབྱེད་ལས། གོས་སམ་ ལྷུང་བཟེད་དང་པོ་རྙེད་པའི་ཐུན་ཚོད་ངེས་པར་མ་སྨོས་པར་ཚེས་བཅུ་གཅིག་གི་ཉིན་པར་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཏེ་དང་པོ་རྙེད་པའི་ཐུན་ཚོད་སྔ་དྲོ་ལ་སོགས་པ་ངེས་པར་མ་སྨོས་པས་ན། ཞག་གྲངས་ཐོག་མའི་ཡ་མཐའི་སྐད་ཅིག་དེ་ཉིད་ ནས་ཞག་གཅིག་ཏུ་བརྩི་བར་གྲུབ་བོ། །ཉིན་མཚན་གྱི་དང་པོ་མ་ཡིན་པ་ཞེས་པ་འདི་ནི་འགྲེལ་ཆུང་གི་མདོ་རྩ་བ་ལས་སྔ་མ་མེད་པའི་ཉིན་ཞག་ཅེས་བཤད་པ་དེ་འགྱུར་ཤིན་ཏུ་ལེགས་ཏེ། དེ་ལྟར་ན། སྔ་མ་མེད་པའི་ཞག་ལ་ནི་ཐ་མ་མ་ཡིན་པ་མེད་དོ་ཞེས་པ་སྟེ། ཞག་བཅུ་འཆང་ བ་ལྟ་བུའི་ཞག་གྲངས་དང་པོ་ནི་སྔ་མ་མེད་པའི་ཞག་གཅིག་ཡིན་ལ། ཞག་གཅིག་འབྲལ་བ་ལྟ་བུའི་ཞག་གཅིག་པོ་དེ་ཉིད་ཀྱང་སྔ་མ་མེད་པའི་ཞག་གཅིག་ཡིན་ནོ། །མདོ་འདི་ལ་བླ་མ་རྣམས་ནི་ཆོས་གོས་ཞག་བཅུ་འཆང་བ་ལྟ་བུ་ཞག་གྲངས་ཐ་མའི་ཉིན་མཚན་གྱི་དང་པོ་ མ་ཡིན་པ་སྟེ། མཐའི་སྐད་ཅིག་མཐར་ཐུག་གི་ཡན་ལག་ཡིན་ལ། ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་སྔ་མ་རྣམས་ནི་མཐར་ཐུག་གི་ཡན་ལག་ཏུ་མེད་པ་ཉིད་དོ་ཞེས་ཀྱང་འཆད་དོ། །དེ་དང་མཐུན་པར་ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་ཅེས་པ་འདི་ལ། 6-1-414b བམ་པོ་ལྔ་བཅུ་པ་ལས། མདོར་ན་སྐྱ་རེངས་དང་པོ་ཤར་ན་སྤང་བར་འགྱུར་གྱི། སྐྱ་རེངས་དང་པོ་མ་ཤར་བའི་མདུན་རོལ་གྱི་ཐུན་རྣམས་ལ་ཞག་ཏུ་མི་བརྩི་བས་སྤང་བར་མི་འགྱུར་རོ་ཞེས་སྤྱིར་བསྟན་པ་ཡིན་ནོ་ཞེས་འཆད་དོ། །ཐ་མ་མ་ཡིན་པའི་འབྲུ་གནོན་ཊཱི་ཀར། ཐ་མ་མ་ཡིན་པའི་ ཐུན་ཚོད་བཅུ་སྟེ་ཞེས་པ་ནི། ལུང་གཞི་ལས། སྔ་དྲོ་དང་། གུང་དང་། ཕྱི་དྲོ་དང་། མཚན་མོའི་ཐུན་དང་པོ་དང་། ཐུན་དང་པོའི་ཕྱེད་དང་། གུང་ཐུན་དང་། གུང་ཐུན་གྱི་ཕྱེད་དང་། ཐུན་ཐ་མ་དང་། ཐུན་ཐ་མའི་ཕྱེད་དང་། སྐྱ་རེངས་མ་ཤར་བ་དང་ཞེས་གསུངས་ཏེ་སྐྱ་རེངས་ཤར་བའི་ གོང་དུ་ཐུན་ཚོད་བཅུ་པོ་དེ་རྣམས་གསུངས་སོ། །བུ་སྟོན་རིན་པོ་ཆེས་འགྲེལ་པ་ནས་གསུངས་པའི་ཞག་བཅུའམ་ཟླ་བ་གཅིག་གམ་ཞག་དྲུག་གམ་བདུན་འདས་ནས་ཞེས་འབྱུང་ལ། དེའི་ཁར་ཁ་ཅིག་འབྲལ་བ་དང་། རས་ཆེན་དང་། དབྱར་གྱི་རྙེད་པ་བཞག་འཕྱིས་པ་དང་ཡང་སྦྱོར་ལ་ དེ་དག་ལ་མཚན་མོ་མཐའི་མདུན་རོལ་གྱི་ཐུན་ལ་ལྟུང་བ་མེད་དེ། ཐུན་ནང་ལ་ཚད་བཟུང་བའི་ཕྱིར་ཞེས་འཆད་དོ། །མདོར་ན་མཚན་མཐའི་སྐད་ཅིག་མ་གཅིག་པུ་དེ་ཞག་ཏུ་བརྩི་ཞིང་ཞག་གི་ངོ་བོ་ཡང་ཡིན་པས་འཆང་སྤང་ལྟ་བུ་ལ་གོས་རྙེད་ནས་ཐུན་ཚོད་གཞན་མ་འདས་ཀྱང་སྐད་ཅིག་ མ་དེ་འདས་ན་ལྟུང་བའི་ཕྱིར་ཞག་ལོན་པར་བརྩི་བ་སྟེ། དཔེར་ན་ལོ་མཇུག་ལ་སྐྱེས་པའི་བུ་ཆུང་གིས་ཟླ་བ་གཅིག་ལས་མ་ལོན་ཀྱང་ལོ་གཅིག་ལོན་པར་བརྩི་བ་བཞིན་ནོ། །བོད་ཕྱི་རབས་པའི་འདུལ་འཛིན་ཁ་ཅིག །དུས་དང་འབྲེལ་བའི་ཆོས་ཅན་ལ་སྤྱིར། འཆང་གཉིས། འཇོག་གཉིས། འཕྱིས་རྣམ་གཉིས། འབྲལ་རྣམ་གཉིས། ཉལ་བ་ལྔ། དམག་ནང་དུ་གནས་པ། གནས་ངན་ལེན་འཆབ་པ་སྟེ་དུས་དང་འབྲེལ་བའི་ལྟུང་བ་བཅོ་ལྔ་ལས་མདོ་འདིས་ཊཱི་ཀར་གསུངས་པའི་འཆང་འཇོག་བཞི། དགོན་པ་བའི་འབྲལ་བ་སྟེ་ལྔ་དང་། གནད་ཀས་ 6-1-415a སྦྱར་བ་འབྲལ་སྤང་སྟེ་དྲུག་གི་སྐབས་སུ་སྦྱར་བ་ཡིན་ཏེ། ཤེས་རབ་བྱེད་པར། ནམ་རྙེད་པ་ནས་མགོ་བཙུགས་ཏེ། ཞེས་པས་འདི་ཡང་ཆོས་ཅན་གྱི་བར་དུ་དབྱེ་བ་གཞན་དགུ་ལ་ནི་མི་སྦྱར་བར་མངོན་ཏེ། འདིས་ཞག་དང་པོ་ལ་དོགས་པ་བཅད་ལ། འཕྱིས་ རྣམ་གཉིས་ལ་ཞག་དང་པོ་ལ་དོགས་པ་བཅད་མི་དགོས་སོ་ཞེས་ཀྱང་འཆད་པར་གདའོ། །མཐའི་སྐད་ཅིག་གི་སྔ་རོལ་དུ་ཅིར་འགྱུར་ཞེ་ན། ཡུལ་རྟེན་ལྷན་ཅིག་ཏུ་གནས་པ་དང་འབྲེལ་པ་བདུན་ལ་ནི་མཐའི་སྐད་ཅིག་སྔ་རོལ་རྣམས་སྦྱོར་བའི་ཉེས་བྱས་ཀྱི་སྣོད་དམ་རྟེན་ཉིད་དོ། །དེ་ཡང་ བདུན་པོ་ནི། དམག་གནས་འཆབ་དང་ནུབ་ལྷག་དང་། །སྣང་བཅས་སྤངས་བསྙིལ་ལྷན་ཅིག་ཉལ། །ཅེས་པ་དག་སྟེ་ཊཱི་ཀ་མང་ཤོས་ལས་བདུན་པོ་ཐམས་ཅད་སྨོས་སོ། །ཊཱི་ཀ་ཉུང་ཤོས་ལས་ནི་གནས་ངན་ལེན་འཆབ་པ་མི་གནང་ཡང་ཡི་གེ་ཆད་པར་གསལ་ལོ། །གལ་ཏེ་ཉིན་ པར་གནས་ན་སྦྱོར་ལྟུང་བསྐྱེད་དམ་མི་བསྐྱེད་ཅེ་ན། ཊཱི་ཀ་ལས། དམག་གི་ནང་ན་གནས་པ་ནི་ཉིན་པར་གནས་ན་ཡང་སྦྱོར་བའི་སྣོད་ཉིད་དུ་འགྱུར་ཏེ། དེར་གནས་པ་ཙམ་ཉིད་ཉེས་པར་འགྱུར་བའི་ཕྱིར་ཞེས་བཤད་དོ། །གནས་པ་དང་འབྲེལ་བ་གཞན་རྣམས་དེ་ལྟར་མ་ ཡིན་ཏེ། ཊཱི་ཀ་ལས། དམག་གི་ནང་ན་འདུག་པ་མ་གཏོགས་པ་གནས་པའི་བསླབ་པའི་གཞི་གཞན་དག་ལ་ནི་མཚན་མོར་གཏོགས་པའི་དུས་ཁོ་ན་སྦྱོར་བའི་སྣོད་ཉིད་ཡིན་གྱི་ཉིན་པར་གནས་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །དེ་རྣམས་གནས་པ་དང་འབྲེལ་བར་མཚུངས་པ་ ལ་དེ་ལྟར་ཁྱད་འོང་བའི་རྒྱུ་མཚན་དམག་གི་ནང་ན་གནས་པ་ནི་དགག་བྱ་ཆེ་བས་ཉིན་མོ་ཡང་སྦྱོར་ལྟུང་བསྐྱེད་པར་བཅས་ལ། གཞན་རྣམས་ལ་ཉིན་མོ་སྦྱོར་ལྟུང་མི་བསྐྱེད་པར་བཅས་པའོ། །ཊཱི་ཀར། དེ་དག་གིས་དེ་མཚན་མོ་གསུམ་པ་ལ་འདྲོན་པ་དག་གི་ཕྱི་རོལ་དུ་ 6-1-415b དགར་བར་བྱའོ་ཞེས་གསུངས་པ་ལས་མཚན་མོ་ཞེས་བྱ་བ་སྨོས་པའི་ཕྱིར་རོ། །དེ་ཡང་འདྲོན་པ་དགར་བ་ནི་ནུབ་ལྷག་སྤང་བའི་དབང་དུ་བྱས་པ་ཡིན་ལ། མཚན་མོ་ཞེས་དགར་བ་ནི་དེ་དག་ལ་དེའི་ཉིན་མོའི་སྦྱོར་ལྟུང་བསལ་བ་ཡིན་ན། དེ་ལྟར་ན་མདོ་འདི་ཉིད་ལས་ཉིན་མོ་ཐ་ དད་པ་ཉིད་ཀྱང་ངོ་ཞེས་ནུབ་ལྷག་ལ་སོགས་པ་ལ་ཡང་ཉིན་མོ་ཉེས་བྱས་སུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སྦྱོར་ལྟུང་ལས་ཐ་དད་པའི་ཉེས་བྱས་ཏེ་བསླབ་བྱའི་ཉེས་བྱས་ཡིན་པས་འགལ་བ་མེད་དོ། །ཉིན་ཉལ་མཚན་ཉལ་ཉེས་བྱས་ཐ་དད་མེད་ཅེས་རྒྱ་འདུལ་འཛིན་གྱིས་གསུངས་ སོ། །དེ་ལྟར་ན་ཉིན་མོ་ཐ་དད་པ་ཉིད་ཀྱང་ངོ་ཞེས་གསུངས་པ་དང་འགལ་ཅིང་། དེ་ཡང་སྦྱོར་ལྟུང་ལས་ཐ་དད་པའི་རྒྱུ་མཚན་དུ་མཐར་ཐུག་ཐ་དད་ཀྱིས་བར་དུ་ཆོད་པའི་ཕྱིར་ཏེ། དེ་ཡང་ཉིན་མོའི་ཉེས་བྱས་ཐ་དད་པ་དེ་ནི་ཉིན་མོ་དང་འབྲེལ་བ་ཡིན་ལ། མདོ་ཉིད་ལས། ཉི་མ་ནུབ་ པའི་མཐའ་ནི་ཉིན་མོའི་མཐའ་ཡིན་ནོ་ཞེས་ཉིན་མོའི་འབྲལ་བའི་སྐབས་སུ་བཤད་པ་བཞིན་ནོ། །ཉིན་ཞག་གི་དང་པོ་ངོས་བཟུང་བ་ནི་ཉིན་མཚན་དེའི་དང་པོ་ནི་སྐྱ་རེངས་དང་པོའི་སྐད་ཅིག་དེའོ། །འདི་ལས་འཕྲོས་པའི་དོན་ཅུང་ཟད་ཅིག་བཤད་ན། སྐྱ་རེངས་དང་པོ་འཆར་དུས་ གཏན་ལ་དབབ་པ་དང་། །ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་དང་། དངོས་གཞི་རྫོགས་དུས་ངོས་བཟུང་བ་དང་། ཉིན་ཞག་གི་འཕོ་མཚམས་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ལས། དང་པོ་ནམ་གྱི་ཆའི་སྒོ་ནས་སྐྱ་རེངས་འཆར་དུས་ངོས་བཟུང་བ་ནི། སྲོད་དང་། གུང་དང་། ཐོ་རངས་ཏེ་ནམ་ལ་ཆ་གསུམ་དུ་བྱས་པའི་ཐོ་རེངས་ཀྱི་ཐུན་ལ་འཆར་ལ། དེ་གསུམ་རེ་རེ་ལ་ཡང་ཆ་གསུམ་གསུམ་སྟེ་ཆ་དགུར་བྱས་པའི་ཆ་བདུན་པའི་ཕྱེད་ན་འཆར་ཏེ། དགེ་སློང་མའི་རྣམ་འབྱེད་ལས། ཐུན་ཐ་མའི་ཐུན་དང་པོའི་ཕྱེད་ན་རྔ་བརྡུང་དུ་ཉེ་བའི་མཚན་མོ་སྐྱ་ 6-1-416a རེངས་འཆར་བའི་དུས་ཡིན་ནོ་ཞེས་གསུངས་པས། ཐོ་རེངས་ལ་ཆ་གསུམ་དུ་བྱས་པའི་ཆ་དང་པོའི་ཕྱེད་ན་འཆར་རོ། །སྡེ་པ་ཁ་ཅིག་ན་རེ། མཚན་མོའི་ལྔ་ཆ་ལུས་པ་ན་འཆར་ཏེ་བྱེ་བྲག་བཤད་མཚོ་ལས་དེ་ལྟར་བཤད་པས་སོ་ཞེས་ཟེར་རོ། །འོན་ཀྱང་འོད་ ལྡན་དུ། བྱེ་བྲག་བཤད་མཚོ་ནི་ལུང་གི་འགྲེལ་པ་ཡིན་ལ། ལུང་ལས་ནི་ལྔ་ཆ་ལུས་པ་དེ་སྐད་མ་གསུངས་ཤིང་། སྐྱ་རེངས་འཆར་བའི་མངོན་རྟགས་མཚན་མ་ནམ་མཁའ་ལ་མངོན་སུམ་དུ་སྣང་བའི་ཚེ་བརྩད་དུ་མེད་པ་ཁོ་ན་ཡིན་ཅེས་བཤད་དོ། །འོན་ཀྱང་བྱེ་བྲག་བཤད་མཚོ་དགག་པར་བྱ་བ་མ་ཡིན་ཏེ། ནམ་རིང་ཐུང་གིས་ཉི་མའི་འོད་ཟེར་རྒྱང་རིང་ཐུང་དུ་འགྱུར་བ་མི་རིགས་པས། ནམ་རིང་དུས་སུ་སྐྱ་རེངས་དང་པོ་ཤར་ནས་ནམ་ལངས་པའི་བར་དང་ནམ་ཐུང་དུས་སུ་སྐྱ་རེངས་དང་པོ་ཤར་ནས་ནམ་ལངས་བའི་བར་ནི་ཡུན་མཉམ་པར་རིགས་སོ། །དེས་ན་ནམ་ཐུང་དུས་སུ་ནི་ནམ་གྱི་སུམ་ཆ་ཉེ་བ་ལུས་པ་ན། སྐྱ་ རེངས་དང་པོ་འཆར་བ་དགེ་སློང་མའི་རྣམ་འབྱེད་ལྟར་དོན་ལ་གནས་ལ། ནམ་རིང་པོའི་དུས་སུ་ནམ་གྱི་ལྔ་ཆ་ལུས་པ་ན་སྐྱ་རེངས་དང་པོ་འཆར་བ་བྱེ་བྲག་བཤད་མཚོ་དོན་ལ་གནས་པར་སེམས་སོ་ཞེས་མཚོ་སྣ་པས་སོ། །གཉིས་པ་མཚན་མ་གསལ་བའི་སྒོ་ནས་སྐྱ་རེངས་འཆར་བ་ངོས་བཟུང་བ་ནི། རྣམ་འབྱེད་ལས། སྐྱ་རེངས་དང་པོ་ནི་སྔོན་པོར་སྣང་ངོ་། །སྐྱ་རེངས་བར་པ་ནི་སེར་པོར་སྣང་ངོ་། །སྐྱ་རེངས་ཐ་མ་ནི་དམར་པོར་སྣང་བའོ་ཞེས་གསུངས་པ་དང་། འོད་ལྡན་ལས་ཀྱང་སྐར་མའི་བསྟན་བཅོས་ཁུངས་སུ་དྲངས་ནས། སྐྱ་རེངས་དང་པོ་ཤར་ན་ནི། ཤར་ཕྱོགས་ སུ་ནི་སྔོར་སྣང་ཞིང་། །སྐར་མའི་གདོང་གི་འོད་ཉམས་ལ། །ནམ་མཁའ་སྔོ་སྐྱར་འགྱུར་བ་ཡིན། །སྐྱ་རེངས་བར་པ་ཤར་ན་ནི། །དེ་ནས་ཤར་ཕྱོགས་སྐྱ་ཞིང་དམར། །རྒྱུ་སྐར་འོད་ནི་ཆུང་བ་དང་། །ནམ་མཁའ་སེར་སྐྱར་འགྱུར་བ་ཡིན། །སྐྱ་རེངས་ཐ་མ་ཤར་ནས་ནི། །རྒྱུ་སྐར་འོད་ 6-1-416b ནི་མེད་པ་དང་། །སྐྱ་རེངས་ཐ་མའི་འོ་ཟེར་བཤད། །འོ་ཟིའང་ཉི་མ་ཤར་བར་དུའོ། །ཞེས་བཤད་དོ། །ཁ་དོག་དེ་ལྟར་འོང་བའི་རྒྱུ་མཚན་ནི། འགྲེལ་ཆུང་ལས། སྐྱ་རེངས་གསུམ་ཡོད་དེ། སྔོ་རེངས་ནི་ཉི་མ་ཤར་ནས་ཤིང་ཛམྦུའི་གློར་བབས་པ་དང་། ཛམྦུའི་ལོ་མའི་འོད་ཀྱང་སྔོན་པོར་ འབྱུང་ངོ་། །དམར་རེངས་ནི་ཤིང་ཛམྦུ་ལ་ཉི་མ་འཕགས་པ་དང་། འོད་དམར་པོར་འབྱུང་ངོ་། །སེར་རེངས་ནི་ཉི་མ་ནམ་མཁའ་ལ་མངོན་པར་བྱུང་ནས་འོད་སེར་པོ་བྱུང་བ་ལ་བྱ་ཞེས་བཤད་དེ། འདི་ཐམས་ཅད་ལའང་དཔྱད་པ་མང་དུ་འཇུག་པའི་གཞིར་སྣང་ངོ་། །གཉིས་པ་ཞག་དང་ འབྲེལ་བ་རྣམས་ཀྱི་མཐར་ཐུག་དང་དངོས་གཞི་རྫོགས་པའི་དུས་འདི་ལ་གཉིས་ཏེ། མཐར་ཐུག་དང་དངོས་གཞི་རྫོགས་དུས་ངོས་བཟུང་བ་དང་། གཞུང་ཕན་ཚུན་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས་ལས། དང་པོ་ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་ནི། རང་རང་ གི་མཚན་མོ་མཐའི་སྐད་ཅིག་སྟེ་གནས་ངན་ལེན་འཆབ་པ་དང་། ནུབ་ལྷག་ལ་སོགས་པ་རྣམས་ཀྱི་སྐབས་སུ་མདོ་རྩ་བ་ལས། མཐར་རོ་ཞེས་ལན་མང་དུ་གསུངས་པས་ཤེས་སོ། །གལ་ཏེ་སྐྱ་རེངས་ཤར་བ་མཐར་ཐུག་ཡིན་ན་དང་པོར་རོ་ཞེས་མ་གསུངས་པར་མཐར་རོ་ཞེས་གསུངས་ པ་དང་འགལ་ལོ། །གཉིས་པ་ཞག་དང་འབྲེལ་བ་རྣམས་ཀྱི་དངོས་གཞི་རྫོགས་དུས་ནི། སྐྱ་རེངས་ཤར་བ་ན་ཞག་དང་འབྲེལ་བ་རྣམས་ཀྱི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཏེ། ཞག་ཤན་གྱི་ཊཱི་ཀ་ལས་ལུང་རྣམ་འབྱེད་ཁུངས་སུ་དྲངས་ནས། ཞག་བཅུ་གཅིག་པའི་སྐྱ་རེངས་ ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་། འཆང་བའི་སྐབས་སུ་དགེ་སློང་མའི་རྣམ་འབྱེད་ལས། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །གཉིས་པ་གཞུང་ཕན་ཚུན་མི་འགལ་བར་བསྟན་པ་ནི། གལ་ཏེ་ཞག་དང་འབྲེལ་བའི་ 6-1-417a ལྟུང་བ་དངོས་གཞི་དེ་སྐྱ་རེངས་ཤར་བ་ལ་བལྟོས་ན་ནི་ཆོས་གོས་འཆང་བའི་སྐབས་སུ་ཊཱི་ཀ་ལས། ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་འཆར་བའི་ཚེ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ཏེ། སྐྱ་རེངས་འཆར་བ་དང་སྐྱ་རེངས་ ཤར་བ་སྔ་ཕྱི་ཐ་དད་པས་སོ་ཞེ་ན། སྐྱ་རེངས་འཆར་བ་ན་དངོས་གཞིར་འགྱུར་བ་དང་། སྐྱ་རེངས་ཤར་བ་ན་དངོས་གཞིར་གྱུར་པས་མི་འགལ་ལོ། ། གཞན་ཡང་སྐྱ་རེངས་ཤར་བ་ན་དངོས་གཞིར་གྱུར་ཟིན་ན་སྐྱ་རེངས་ཤར་བ་ན་དངོས་གཞིར་འགྱུར་བར་གསུངས་པ་དང་འགལ་ཏེ། སྤང་ལྟུང་ཐུན་མོང་བའི་མདོ་དང་པོའི་ཊཱི་ཀ་ལས། ལུང་རྣམ་འབྱེད་ཁུངས་སུ་དྲངས་ནས། ཚེས་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་། དགེ་སློང་ཕའི་རྣམ་འབྱེད་ལས། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་ བྱེད་དུ་འགྱུར་རོ་ཞེས་གསུངས་སོ་ཞེ་ན། དགེ་སློང་ཕའི་རྣམ་འབྱེད་ལས་དེ་ལྟར་གསུངས་པ་ཡོད་ཀྱང་། མའི་རྣམ་འབྱེད་ལས། དེ་དག་གི་སྐབས་སུ་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱུང་བ་བཞིན་ལེགས་ལ། སྤྱིར་སྐྱ་རེངས་ཤར་ན་ལྟུང་བ་དངོས་གཞིར་འགྱུར་ཞེས་ གསུངས་པའི་ལུང་ཐམས་ཅད་ལྟུང་བ་དངོས་གཞིར་གྱུར་ཟིན་པ་ལ་ལྟུང་བ་དངོས་གཞིར་འགྱུར་ཞེས་བཏགས་པའམ། སྐད་ཅིག་གཉིས་པའི་ལྟུང་བ་དངོས་གཞིར་འགྱུར་བ་ལ་དགོངས་སོ་ཞེས་བརྗོད་དོ། །གཞན་ཡང་ཞག་དང་འབྲེལ་བའི་ལྟུང་བ་དངོས་གཞི་དེ་སྐྱ་རེངས་ཤར་བ་ལ་བལྟོས་ ན་ནི་གནོད་འགྱུར་སྤང་བའི་ལྟུང་བྱེད་གསུམ་གྱི་རང་གི་རྣམ་བཤད་དང་རྒྱ་ཆེར་འགྲེལ་པ་ལས། བསླབ་པའི་གཞི་འདི་གསུམ་ལ་མཚན་མོ་མཐའི་སྐད་ཅིག་ལ་ནི་ལྟུང་བྱེད་དོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ལྟུང་བྱེད་དུ་འགྱུར་བ་ལ་དགོངས་ཏེ། ལྟུང་བྱེད་དེ་གསུམ་ཡང་སྐྱ་ 6-1-417b རེངས་ཤར་བ་ལ་བལྟོས་པར་འཆང་འབྲལ་ལ་སོགས་པ་རྣམས་ཀྱི་གནད་ཀྱིས་ཤེས་སོ། །གསུམ་པ་ཉིན་ཞག་གི་འཕོ་མཚམས་གཏན་ལ་དབབ་པ་ལ་གཉིས་ལས། སྤྱིར་བཏང་ནི། སྐྱ་རེངས་དང་པོ་ཤར་བ་ན་ཉིན་ཞག་འཕོས་ཤིང་ཞག་ཕྱི་མའི་ཉིན་མོར་གཏོགས་པ་ཡིན་ཏེ། དེའི་དང་ པོ་ནི་སྐྱ་རེངས་དང་པོ་དེའོ་ཞེས་བཤད་ཅིང་། འོད་ལྡན་ལས་ཀྱང་། ཉི་མ་མ་ཤར་ཡང་སྐྱ་རེངས་ཤར་ན་ནི་ཉིན་མོར་ཐ་སྙད་གདགས་ཏེ་སྣང་བ་ཡོད་པའི་ཕྱིར་རོ་ཞེས་སོ། །འོ་ན་མཛོད་འགྲེལ་ལས། མུན་པའི་གནས་སྐབས་ནི་མཚན་མོ་ཡིན་ནོ་ཞེས་བཤད་པ་དང་འགལ་ཅེ་ན། མི་འགལ་ ཏེ། འོད་ལྡན་ལས། སྣང་བ་ཡང་སྐྱ་རེངས་དང་པོ་ལ་སོགས་པ་དེ་ཡིན་ནོ་ཞེས་བཤད་པ་དང་། སྐྱ་རེངས་ཤར་བ་དེ་ནི་བསྟན་བཅོས་ལས་གྲགས་པའི་ཉིན་མོའོ། །ཞེས་དང་། འཇིག་རྟེན་གྱི་ཐ་སྙད་འགའ་ཞིག་དང་ཡང་མཐུན་ཏེ། དེ་རིང་ཉི་མ་སྔ་མོ་སྐྱ་རེངས་ཤར་བ་ནས་འོང་བ་ ཡིན་ཟེར་བ་ལྟར་རོ། །དམིགས་བསལ་ནི་གསུམ་སྟེ། གསོ་སྦྱོང་ལ་སོགས་པའི་ལས་ལ་འདས་པ་དང་། ཆུ་བརྟག་པའི་ཉིན་ཞག་གི་རུང་བ་དང་། རྒྱལ་པོའི་ཕོ་བྲང་དུ་ནུབ་མོར་འགྲོ་བའོ། །དེ་གསུམ་ལ་ནི་སྐྱ་རེངས་དང་པོ་གཉིས་ཤར་ཡང་ཞག་སྔ་མའི་མཚན་མོར་གཏོགས་པར་ བཅས་ཏེ། མདོ་ཉིད་ལས། ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ་ཞེས་དང་། ལུང་ཕྲན་ཚེགས་ཀྱི་ཆུའི་སྲོག་ཆགས་བརྟག་པའི་སྐབས་ལས། ཉིན་མོར་བརྟག་པར་བྱ་ཞིང་སྐྱ་རེངས་ཀྱི་དུས་དེ་སྲིད་དུ་ཡོངས་སུ་སྤྱད་པར་བྱ་ཞིང་ཞེས་གསུངས་ལ། སྐབས་འདིར་སྐྱ་རེངས་ཐ་མ་ཡིན་ པར་དགོངས་ཏེ། ཉི་མ་འཆར་ཀ་ཚུན་ཆད་བརྟག་པ་ཉིད་ཀྱི་རྗེས་སུ་འཇུག་གོ། འོན་ཏེ་སྐྱ་རེངས་དང་པོ་དེ་སྲིད་དུ་ལོངས་སྤྱད་པ་ཡིན་ན་ནི་སྐྱ་རེངས་དང་པོ་ཤར་བ་ན་ཐོ་རེངས་ཀྱི་དུས་དེར་ཆུའི་སྲོག་ཆགས་ཕྲ་མོ་ཡོད་ཀྱང་ཐ་མལ་པའི་མིག་གིས་མི་མཐོང་བའི་ཕྱིར། སྐབས་དེར་ཆུ་ 6-1-418a བརྟག་མི་སྲིད་ན་སྐབས་དེར་ཆུ་བརྟག་པ་ལོངས་སྤྱད་པ་མི་སྲིད་པའི་སྐྱོན་དུ་འགྱུར་རོ་ཞེས་འོད་ལྡན་ལས་བཤད་དོ། །དེ་སྐད་དུ། འདིར་ནི་སྐྱ་རེངས་ཐ་མ་ཤར་བ་དེ་ཉིད་ཡིན་ནོ་ཞེས་གསུངས་སོ། །འཇིག་རྟེན་པ་ཕལ་པ་དག་སྐྱ་རེངས་དང་པོ་གཉིས་ཤར་ཡང་ མཚན་མོའི་ཐ་སྙད་དུ་བརྗོད་པ་དང་ཡང་མཐུན་ཏེ། རྣམ་འབྱེད་འགྲེལ་པ་ལས། སྐྱ་རེངས་ཐ་མ་མ་ཤར་ན་འཇིག་རྟེན་ཕལ་ཆེར་མཚན་མོའི་ཐ་སྙད་མི་ཆད་པའི་ཕྱིར་ཞེས་བཤད་དོ། །དེ་ལྟར་ན་འདུལ་བ་ལས་ཉིན་ཞག་འཕོ་མཚམས་སྐྱ་རེངས་ཁོ་ནས་བཞག་གོ། འོད་ལྡན་ལས། ཚོད་ལ་སོགས་པས་མཚོན་པར་མ་མཛད་པ་ནི་ཐམས་ཅད་དུ་ཆུ་ཚོད་ལ་སོགས་པ་རྙེད་པར་དཀའ་བའི་ཕྱིར་རོ། །དེ་ཡང་ཆུ་ཚོད་ནི་གསེར་ཞོ་གང་ལས་བྱས་པའི་སྣོད་ཀྱིས་བརྩམས་པ་སྟེ་གཞུང་གཞན་དུ་ཤེས་པར་བྱའོ། །བླ་མ་རྣམས་ནི་ཞག་གཅིག་ལ་ཆུ་ཚོད་སུམ་ཅུ་སོ་གཉིས་ཡོད་ གསུང་ཡང་དེ་ནི་འདུལ་མངོན་གྱི་ཚེ་ཤིན་ཏུ་མ་དག་ལ། ཕྲན་ཚེགས་འགྲེལ་པར་ཡུད་ཙམ་ནི་ཆུ་ཚོད་གཉིས་ལ་གྲགས་པ་ཡིན་པའི་ཕྱིར་ཞེས་བཤད་ཅིང་། མཛོད་འགྲེལ་ལས། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ་ཞེས་བཤད་པས་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་སྟེ། དེའང་ཕྱི་ ནང་གི་རྒྱུད་དུ་ཉིན་ཞག་གི་འཁོར་ལོ་ལ་ཆུ་ཚོད་དྲུག་ཅུ་ཡོད་པར་བཤད་དོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ཉིན་མཚན་ཞག་གཅིག་ཏུ་བསྡུ་བའི་དབང་དུ་བྱས་ཏེ། སྐྱ་རེངས་ཤར་བ་ཉིན་མོ་དང་པོའི་དབང་དུ་བྱས་ལ། ཉིན་མཚན་སོ་སོར་དབྱེ་བའི་དབང་དུ་བྱས་ན་ནི་ཉིན་མོའི་དང་པོ་ནི་ སྐྱ་རེངས་དང་པོ་དེ་ཡིན་ཏེ། ཊཱི་ཀ་ལས། ཉིན་མོའི་དང་པོ་ནི་སྐྱ་རེངས་ཤར་བ་ཡིན་པར་གསུངས་ཞེས་བཤད་ཅིང་། མཚན་མོའི་དང་པོ་ནི། ཊཱི་ཀ་ལས། ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་ཆགས་པ་གང་ཡིན་པ་དེ་འདས་པར་གྱུར་པ་ནི་མཚན་མོའི་དང་པོ་ཡིན་ཅེས་བཤད་དོ། ། 6-1-418b ཉིན་མོའི་དང་པོ་ལ་དམིགས་བསལ་གསུམ་ཡོད་པ་ནི་རྒྱལ་བའི་ཕོ་བྲང་དུ་འགྲོ་བའི་ཊཱི་ཀ་ལས། འདིར་ཉིན་མོའི་དང་པོ་ནི་སྐྱ་རེངས་ཐ་མ་ཞེས་བྱ་བ་དམར་རེངས་ཤར་བ་ཡིན་ཅེས་པ་ལ་སོགས་པ་དམིགས་བསལ་གསུམ་པོ་གོང་དུ་བཤད་ཟིན་ཏོ། །དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ་ཞེས་ སྨོས་ན་ཐམས་ཅད་དུའམ་ཞེ་ན། ལས་ལ་ནི་འདས་ན་ཞེས་སྨོས་ཏེ། གསོ་སྦྱོང་དང་དགག་དབྱེ་ལ་སོགས་ཚེས་གྲངས་ངེས་པ་དང་འབྲེལ་བའི་ལས་ལ་ནི་བརྗེད་པ་སྟེ། ལུང་ཞུ་བ་ལས། སྐྱ་རེངས་ཤར་བ་ན་གསོ་སྦྱོང་མ་བྱས་སོ་སྙམ་དུ་དྲན་ནས་གསོ་སྦྱོང་བྱས་ནས་ཞེས་གསུངས་ པས་བརྗེད་པས་སྐྱ་རེངས་ཤར་ན་ཡང་རུང་བར་ཤེས་པའི་ཕྱིར། བརྗེད་པའི་དུས་འདས་ཤིང་དུས་ཡོལ་བར་གྱུར་ན་ཉི་མ་ཤར་བའི་སྐད་ཅིག་ནི་ཉིན་ཞག་དེའི་དང་པོ་དེའོ། །འདི་ནི་སྐྱ་རེངས་དང་པོ་གཉིས་ཤར་ཡང་ཉི་མ་མ་ཤར་ན་དེའི་ཚེ་གསོ་སྦྱོང་ལ་སོགས་པ་བྱས་ན་རང་རང་གི་དགོས་ པ་འགྲུབ་པར་བསྟན་ཏོ། །གལ་ཏེ་ཚེས་བཅོ་ལྔའི་ཐོ་རེངས་སྐྱ་རེངས་དང་པོ་ཤར་བ་ན་གསོ་སྦྱོང་བྱས་པ་དེས་ཆོས་ཅན། གསོ་སྦྱོང་མ་བྱས་པའི་ཉེས་པ་མི་ཁེགས་པར་ཐལ། གསོ་སྦྱོང་མ་བྱས་པའི་ཉེས་པ་བྱུང་ཟིན་པའི་ཕྱིར་ཞེ་ན། རྐྱེན་མ་བྱུང་ན་ནི་དེའི་ཚེ་ན་ཉེས་པ་དེ་བྱུང་ཟིན་མོད། རྐྱེན་ བྱུང་ན་ནི་དེའི་ཚེ་ཉེས་པ་བྱུང་ཟིན་པའི་རྟགས་མ་གྲུབ་སྟེ། ཟླ་ཕྱེད་གདམས་ངག་ནོད་པའི་ཊཱི་ཀ་ལས། རྐྱེན་མ་བྱུང་བར་གསོ་སྦྱོང་གི་ཉི་མ་ལས་འདས་ན་སྐྱ་རེངས་ཤར་བའི་དུས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྐྱེན་བྱུང་ན་ནི་ཉི་མ་འཆར་ཀའི་དུས་སུ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་ བཤད་པ་ལས། འདི་ནི་རྐྱེན་བྱུང་བའི་དབང་དུ་བྱས་པའོ། །གལ་ཏེ་སྐྱ་རེངས་ཤར་ནས་གསོ་སྦྱོང་བྱས་པས་དེ་མ་བྱས་པའི་ཉེས་པ་ཁེགས་ན། ཞུ་བ་ལས། དགེ་སློང་དག་གིས་སྐྱ་རེངས་ཤར་བ་ན་གསོ་སྦྱོང་མ་བྱས་སོ་སྙམ་དུ་དྲན་ནས་གསོ་སྦྱོང་བྱས་ན་དགེ་སློང་དེ་དག་གིས་གསོ་ 6-1-419a སྦྱོང་བྱས་མོད་ཀྱི། འདས་པ་དང་བཅས་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྦྱོར་བ་ལྷོད་པ་བསླབ་བྱའི་ཉེས་བྱས་ལ་དགོངས་པ་ཡིན་གྱི། གསོ་སྦྱོང་མ་བྱས་པའི་ཉེས་བྱས་ནི་མ་ཡིན་པས་འགལ་བ་མེད་དོ། །གཉིས་པ་ལ། སྤྱིའི་དོན་ དང་། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། ཡན་ལག་གི་ཁྱད་པར། ཡན་ལག་རང་གི་ངོ་བོ། སེལ་བ། ཅིར་འགྱུར། རྒྱུ་མཚན་ནོ། །དང་པོ་ནི། སྤང་ལྟུང་བཅོ་བརྒྱད་ལ་སྦྱར་ཏེ། སྨྲས་པ། འཆང་འཇོག་དགེ་སློང་གིས་དགེ་སློང་མ་ལ་ཆོས་གོས་འཁྲུར་འཇུག་བཅུ་ཚན་བར་པ་དང་། ། སྣོད་ལྷུང་བཟེད་འཆང་འཐག་འཇུག་རས་ཆེན་བཞག་འཕྱིས་དང་བརྟད་དང་བྱུང་བ་གོ་འཕྱིས་དང་མཐའོ། །སྤང་ལྟུང་ཐ་མ་གསོག་འཇོག་གི་སྤང་བའོ། །ཞེས་དབྱེའོ། །འདི་ལ་རྒྱ་ན་རེ། འབྲལ་ལྟུང་དངོས་གཞི་ཙམ་ལ་རང་གི་ཡིན་པ་མི་དགོས་ཀྱང་འབྲལ་བའི་སྤང་ལྟུང་ལ་རང་གི་ཡིན་པ་དགོས་ ཏེ། གཞན་གྱི་ཡིན་ན་སྤང་མི་དགོས་པའི་ཕྱིར་སྤང་ལྟུང་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། དགེ་འདུན་གྱི་ལ་ཡང་ངོ་། །དེ་ལས་འབྲལ་བར་འགྱུར་རོ་ཞེས་གསུངས་པ་དང་། ཊཱི་ཀ་ལས། འབྲལ་བའི་རྒྱུ་ནི་བྱིན་གྱིས་བརླབས་པ་ཡིན་གྱི། རང་གི་ཉིད་ནི་མ་ཡིན་པའི་ ཕྱིར་ཞེས་བཤད་པ་དང་འགལ་ལོ། །གལ་ཏེ་དགེ་འདུན་གྱི་ཆོས་གོས་དང་འབྲལ་བའི་ཉེས་པ་དེ་ནི་འབྲལ་བའི་ལྟུང་བྱེད་ཡིན་གྱི། འབྲལ་བའི་སྤང་ལྟུང་ནི་མ་ཡིན་ཏེ་དངོས་པོ་སྤང་མི་དགོས་པའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་དང་རྒྱ་ཆེར་འགྲེལ་ལས། དགེ་འདུན་གྱི་ཆོས་གོས་གང་ ཟག་གིས་བྱིན་གྱིས་བརླབས་ནས་འབྲལ་བར་བྱེད་ན་ཆོས་གོས་དེ་སྤང་བར་མི་བྱ་སྟེ་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་བཤད་ཅིང་། འདུལ་བ་ཀུན་ལས་བཏུས་ལས། དགེ་སློང་གི་དགེ་འདུན་མངའ་བའི་ཆོས་གོས་གང་ཟག་གི་བདག་ཉིད་དུ་རིས་སུ་མ་བཅད་པ་རང་གིས་ 6-1-419b བྱིན་གྱིས་བརླབས་པ་དང་བྲལ་ན་འབྲལ་བའི་སྤང་བར་ནི་མི་བྱ་ལ། ལྟུང་བྱེད་དུ་ནི་འགྱུར་རོ་ཞེས་བཤད་པས་གྲུབ་བོ་ཞེ་ན། དངོས་པོ་སྤང་མི་དགོས་པ་ཙམ་གྱིས་སྤང་ལྟུང་མ་ཡིན་པའི་ཁྱབ་པ་མེད་དེ། གཞན་དུ་ན་སྙིམ་པ་བཅངས་ཏེ་གྲོལ་དུ་འཇུག་པའི་སྤང་ལྟུང་ཆོས་ཅན། སྤང་ལྟུང་མ་ཡིན་པར་ཐལ། དངོས་པོ་སྤང་མི་དགོས་པའི་ཕྱིར། གཞན་ཡང་དངོས་པོ་སྤང་དགོས་པ་ཉིད་ཀྱིས་སྤང་ལྟུང་དུ་རྣམ་པར་འཇོག་ན། གང་ཟག་ཁྱད་པར་ཅན་ལ་སྤང་ལྟུང་མེད་པར་ཐལ། དངོས་པོ་སྤང་མི་དགོས་པའི་ཕྱིར་ཏེ། འདུལ་བ་ཀུན་ལས་བཏུས་ལས། ངོ་ཚ་དང་ལྡན་པ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། ཤེས་ནས་ནི་གཅིག་གི་མདུན་དུ་བཤགས་པ་ལས་སྤང་བའི་ལྟུང་བྱེད་ལས་ལྡང་སྟེ་དངོས་པོ་སྤང་བ་དང་བྲལ་བར་བྱ་མི་དགོས་སོ། །ཞེས་སྤང་མི་དགོས་ཀྱང་སྤང་བའི་ལྟུང་ བྱེད་དུ་བཤད་དོ། །དེས་ན་གཞན་གྱི་ཆོས་གོས་དང་འབྲལ་ལྟུང་དངོས་གཞི་རྫོགས་པ་བྱུང་ན་དངོས་པོ་དེ་སྤང་མི་དགོས་ཀྱང་སྤང་བའི་ལྟུང་བྱེད་ཡིན་ཏེ། སྡེ་ཚན་སྤང་བའི་ལྟུང་བྱེད་དུ་གཏོགས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་པའི་ཕྱིར། གཉིས་པ་ཡན་ལག་གི་ ངོ་བོ་ནི། དངོས་པོ་རང་ཉིད་དབང་ཞིང་དབང་བར་ཤེས་པ་སྟེ་རང་གི་ཉིད་དོ་ཞེས་པ་དང་། འདུ་ཤེས་ལས་གཙོ་ཆེར་ཞེས་གསུངས་སོ། །དེ་ཡང་ངེས་པར་མ་ཟད་ཡིད་གཉིས་ཀྱིས་ཀྱང་འགྱུར་ཏེ། ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་གསུངས་སོ། །གསུམ་པ་སེལ་ བ་ནི་གསུམ་སྟེ། གཞན་གྱི་ལ་གཞན་གྱིར་ཤེས་པ་དང་། རང་གི་ལ་གཞན་གྱིར་འཁྲུལ་བ་དང་། གཞན་གྱི་ལ་རང་གིར་འཁྲུལ་པའོ། །བཞི་པ་ཅིར་འགྱུར་ལ་གསུམ་ལས། དང་པོ་གཞན་གྱི་ལ་གཞན་གྱིར་ཤེས་པ་ལ་ཅིར་འགྱུར་ནི་ཚན་གསུམ་སྟེ། ལྟུང་བ་མེད་པར་ 6-1-420a འགྱུར་བ་ལྔ་དང་། ལྟུང་བ་གཞན་དུ་འགྱུར་བ་གཅིག་དང་། ལྟུང་བ་ན་སྨད་དུ་འགྱུར་བ་བཅུ་གཉིས་སོ། །དང་པོ་ནི། ཆོས་གོས་ལ་སོགས་པའི་དངོས་པོ་དེ་གཞན་འབའ་ཞིག་དབང་བ་ཡིན་ན། འཆང་གཉིས་དང་། ཟླ་འཇོག་དང་། རས་ཆེན་བཞག་ འཕྱིས་དང་། བརྟད་བྱུང་བགོ་འཕྱིས་དང་ལྔ་ལ་ལྟུང་མེད་དུ་འགྱུར་ཏེ། ཞུ་བ་ལས། གཞན་གྱི་ལྷུང་བཟེད་ཡུན་རིང་པོར་བཅངས་ཀྱང་ཉེས་པ་མེད་དོ་ཞེས་གསུངས་པ་དང་། རྣམ་འབྱེད་ལས། གོས་དང་ལྷུང་བཟེད་ཞག་བཅུའི་ནང་རོལ་དུ་གཞན་ལ་བཏང་བར་བྱ། གོས་དེ་ ཟླ་བའི་ནང་རོལ་དུ་གཞན་ལ་བཏང་བར་བྱ་ཞེས་གསུངས་པས་གཞན་གྱི་ལ་ལྟུང་མེད་དུ་མངོན་ཏེ། ལྟུང་བ་བྱུང་ན་གཞན་ལ་བཏང་བ་དོན་མེད་པའི་ཕྱིར། རས་ཆེན་བཞག་འཕྱིས་ཀྱང་ལྟུང་བ་མེད་པ་ནི་རས་ཆེན་སྦེད་པ་ལ་གཏད་ན་ལྟུང་མེད་དུ་གསུངས་པས་ཤེས་ཏེ། གཞན་གྱི་ ཡིན་ཀྱང་ལྟུང་བ་འབྱུང་བ་ཡིན་ན་གཏད་པ་དོན་མེད་པའི་ཕྱིར། དངོས་པོ་དེ་གཞན་གྱི་ཡིན་ན་བརྟད་བྱུང་བགོ་འཕྱིས་ཀྱི་ལྟུང་བ་མེད་པ་ནི་དགག་བྱ་མེད་པའི་ཕྱིར་ཏེ། འདིའི་དགག་བྱ་ནི་རང་གི་ཡོ་བྱད་ཆུད་ཟོས་པ་ཡིན་པ་ལ་གཞན་གྱི་ཡིན་ན་དགག་བྱ་དེ་མེད་པའི་ཕྱིར། ཐམས་ ཅད་དུ་གཞན་གྱི་ཡོ་བྱད་ཆུད་ཟོས་པ་སྤོང་དགོས་ན་བསྒྲུབ་མི་ནུས་པའི་ཕྱིར་རོ་ཞེས་གསུངས་སོ། །གཉིས་པ་ལྟུང་བ་གཞན་དུ་འགྱུར་བ་ནི། རིན་པོ་ཆེ་ལ་རེག་པ་ནི་ལྟུང་བྱེད་འབའ་ཞིག་པར་འགྱུར་ཏེ། མདོ་ཉིད་ལས། རིན་པོ་ཆེ་རང་གི་མ་ཡིན་པ་དང་དེར་སྨོས་པ་ལ་རེག་གམ་ ཞེས་གསུངས་སོ། །གསུམ་པ་ལྟུང་བ་ན་སྨད་དུ་འགྱུར་བ་ནི། དེ་དག་ལ་འཁྲུར་འཇུག་ལ་སོགས་བཅུ་གཉིས་ལ་ནི་རང་རང་གི་ན་སྨད་དུ་འགྱུར་ཏེ། ཞུ་བ་ལས། གཞན་དབང་བའི་ཆོས་གོས་འཁྲུར་རྩོལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ 6-1-420b སོ། །གལ་ཏེ་དེ་ལྟར་བཅུ་གཉིས་ལ་ན་སྨད་དུ་འགྱུར་ན་འདུལ་བ་ཀུན་ལས་བཏུས་པའི་མཐོ་གང་གི་སྤང་བའི་སྐབས་ལས། གཞན་གྱིས་བྱས་པ་ལོངས་སྤྱོད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དང་འགལ་ཅེ་ན། དེ་ནི་དངོས་གཞི་ལྟུང་བ་མེད་པ་ལ་དགོངས་ཏེ། གལ་ཏེ་ ལྟུང་བ་གཏན་མེད་ཡིན་ན་མཐོ་གང་གི་སྤང་བའི་ཞུ་བ་ལས། གདིང་བ་གཞན་དབང་བ་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས་གཞན་ལས་གདིང་བ་གསར་པ་བགྱིད་དུ་རྩོལ་ཅིང་སྤྱོད་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་དང་འགལ་ལོ། །ཤ་མི་དང་སྦལ་ཏི་ལ་སོགས་ པའི་ཞལ་ནས། དགེ་སློང་གིས་གཞན་གྱི་གདིང་བ་གསར་པ་ལ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་ལ་སྤྱོད་པ་ལ་ཉེས་པ་མེད་ཅེས་གསུང་ཡང་ལུང་ཞུ་བ་ལས་ཉེས་བྱས་སུ་གསུངས་པ་སྔར་བཤད་མ་ཐག་པ་དེ་དང་འགལ་ཅིང་། གཞན་གྱི་གདིང་བ་ཁྲ་བོ་ ལ་སྤྱོད་པ་ལྟར། འདི་ཡང་གཞན་གྱི་གདིང་བ་ཚུལ་དང་མི་མཐུན་པ་ལ་ལོངས་སྤྱད་པ་ཡིན་པའི་ཕྱིར་ཉེས་མེད་དུ་མི་རིགས་སོ། །མཐོ་གང་གིས་མ་གླན་པའི་གདིང་བ་གཞན་གྱིས་བྱས་པ་ལ་སྤྱོད་ན་གདིང་བ་གཞན་གྱིས་བྱས་ཀྱང་གདིང་བ་རང་དབང་བའི་དབང་དུ་བྱས་ནས་ ནི་སྤང་ལྟུང་དུ་གསུངས་ཏེ། ཞུ་བ་ལས། དགེ་སློང་གིས་གདིང་བ་གསར་པ་བགྱིད་དུ་རྩོལ་ཅིང་སྤྱོད་ན་ཅིར་འགྱུར། སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །སྔར་གྱི་བཅུ་གཉིས་པོ་དེ་དག་ལས་གསོག་འཇོག་བྱེ་བྲག་ཏུ་བཤད་ན། རྒྱ་ནི་དངོས་པོ་དེ་གཞན་ གྱི་ཡིན་ན་གསོག་འཇོག་གི་ཉེས་པ་མེད་ཅེས་འཆད་ཅིང་། ཤ་མི་ལ་སོགས་པ་རྣམས་ནི་དེ་ལ་ཉེས་བྱས་སུ་འགྱུར་བར་འཆད་ལ། མཚོ་སྣ་པ་ཆེན་པོ་ནི་གཞན་གྱི་ལ་གཉིས་སུ་ཕྱེས་ནས་འཆད་པར་སྣང་སྟེ། འདི་ལྟར་གསོག་འཇོག་གི་སྐབས་སུ་རང་དང་འདྲ་བའི་དགེ་སློང་ 6-1-421a གཞན་གྱི་སྨན་ལ་རང་གིས་གསོག་འཇོག་བྱས་ན་ཉེས་བྱས་སུ་འགྱུར་གྱི། ལྟུང་མེད་མ་ཡིན་ཏེ་རང་རིགས་ཀྱིས་ལོངས་སྤྱད་དུ་རུང་བ་ལས་མི་རུང་བའི་དགག་བྱ་ཡོད་པའི་ཕྱིར་ཏེ། དཔེར་ན་གཞན་གྱི་སྨན་ལག་ཉར་བླངས་པ་བཞིན་ནོ། །བསྙེན་པར་མ་རྫོགས་ པའི་སྨན་ལ་དེར་འདུ་ཤེས་ཏེ་དགེ་སློང་གིས་འཇོག་པར་བྱེད་ཀྱང་གསོག་འཇོག་གི་ཉེས་པ་མི་འབྱུང་སྟེ། དགེ་ཚུལ་གྱི་སྨན་ལ་དགེ་སློང་གིས་རེག་ཀྱང་ལག་ཉའི་ཉེས་བྱས་སུ་མི་འགྱུར་བའི་གནད་ཀྱིས་ཤེས་སོ། །ཆོས་གོས་ལ་སོགས་པ་དངོས་པོ་དེ་རང་གཞན་གཉིས་ཀ་ཐུན་མོང་བ་ དབང་བ་ཡིན་ན་ཅིར་འགྱུར་ཞེ་ན། རང་གཞན་གཉིས་ཀ་སྤྱིར་དབང་ན་ཊཱི་ཀ་ལས། སྒོ་རིས་སུ་ཆད་པའི་དགེ་འདུན་དབང་བའི་ཆོས་གོས་འཆང་འཇོག་བྱེད་ན་སྤང་ལྟུང་བསྐྱེད་པར་གསུངས་པས། ལྷུང་བཟེད་འཆང་བ་ཡང་དེ་དང་རྒྱུ་མཚན་མཚུངས་པར་སྦྱར་རོ། །རང་གཞན་ཐུན་མོང་ དུ་དབང་བའི་གསེར་དངུལ་ལ་རེག་ན་ཡང་སྤང་ལྟུང་བསྐྱེད་པར་རིགས་ཏེ། སྤང་ལྟུང་འདི་ལ་རང་གི་ཡིན་པ་ཡན་ལག་ཏུ་གསུངས་པས་རང་གཞན་གཉིས་ཀ་ཐུན་མོང་དུ་དབང་བ་དེ་ལ་རང་གི་ཡིན་པའི་ཡན་ལག་ཚང་བའི་ཕྱིར་རོ། །སྤང་ལྟུང་བཞི་པོ་དེ་དག་མ་གཏོགས་པ་བདག་པོ་ དང་འབྲེལ་བ་གཞན་རྣམས་ལ་ཅིར་འགྱུར་ནི། ཞུ་བ་ལས། རང་གཞན་ཐུན་མོང་དུ་དབང་ན་འཁྲུར་འཇུག་ལ་སོགས་ལྔ་ལ་ན་སྨད་དུ་དངོས་སུ་གསུངས་པ་དང་། དེ་དང་རྒྱུ་མཚན་མཚུངས་པར་གཞན་རྣམས་ལ་ཡང་ན་སྨད་དུ་ཤེས་པར་བྱའོ། །གཉིས་པ་རང་གི་ལ་གཞན་གྱིར་འཁྲུལ་ པ་ལ་ཅིར་འགྱུར་ཞེ་ན། གོས་དང་ལྷུང་བཟེད་འཆང་བ་གཉིས་དང་། ཟླ་འཇོག་དང་། རས་ཆེན་བཞག་འཕྱིས་དང་། བརྟད་བྱུང་བགོ་འཕྱིས་ཏེ་ལྔ་ལ་ལྟུང་མེད་དུ་འགྱུར་ཏེ། དངོས་པོ་དེ་གཞན་འབའ་ཞིག་དབང་བར་འདུ་ཤེས་འཁྲུལ་ན་ལྟུང་མེད་ཀྱི་ཡུལ་དུ་བཟུང་བས་ལྟུང་མེད་ཀྱི་ཀུན་ 6-1-421b སློང་དྲངས་པའི་ཕྱིར་ཏེ། དཔེར་ན་མེ་ལ་ཤིང་སྐམ་དུ་འདུ་ཤེས་འཁྲུལ་ན་བཅད་པ་བཞིན་ནོ། །རིན་པོ་ཆེ་ལ་རེག་པ་ནི་ལོངས་པ་གཞིར་གཏོགས་ཀྱི་ན་སྨད་དུ་འགྱུར་ཏེ། ལོངས་པ་གཞིར་གཏོགས་ཀྱི་ཀུན་སློང་དྲངས་པའི་ཕྱིར་ལོངས་པ་གཞིར་གཏོགས་ཀྱི་ལྟུང་བར་འགྱུར་ལ། འདིའི་ ལྟུང་བ་ལ་དངོས་གཞི་རྫོགས་པར་མི་བསྐྱེད་དེ་བསམ་པའི་དོན་དང་ཕྲད་པ་མེད་པའི་ཕྱིར་རོ། །འཁྲུར་འཇུག་ལ་སོགས་བཅུ་གཉིས་ལ་ནི་རང་རང་གི་ཆེས་ན་སྨད་དུ་འགྱུར་ཏེ། ན་སྨད་ཀྱི་ཀུན་སློང་དྲངས་པའི་ཕྱིར་དང་། ན་སྨད་ཀྱང་རྫོགས་པར་མི་བསྐྱེད་དེ་ན་སྨད་ཀྱི་དོན་དང་ཕྲད་པ་ མེད་པའི་ཕྱིར། གསུམ་པ་གཞན་གྱི་ལ་རང་གིར་འཁྲུལ་པ་ལ་ཅིར་འགྱུར་ཞེ་ན། བཅོ་བརྒྱད་པོ་ཀུན་ལ་ན་སྨད་དུ་འགྱུར་ཏེ། ཊཱི་ཀ་ལས། རང་གི་མ་ཡིན་པ་ལ་རང་གིར་འདུ་ཤེས་པ་ནི་ཉེས་བྱས་སོ་ཞེས་སོ། །དེ་དག་ལ་དངོས་གཞིར་མི་འགྱུར་བ་ནི་བསམ་པའི་དོན་དང་ཕྲད་པ་མེད་ པའི་ཕྱིར། ལྔ་པ་རྒྱུ་མཚན་ནི་ཞར་ལ་ཅི་རིགས་པར་བསྟན་ཟིན་ཏོ། །གཉིས་པ་ནི། བདག་པོ་དང་འབྲེལ་བའི་སྤང་བའི་ལྟུང་བྱེད་བཅོ་བརྒྱད་པོ་ལ་ནི་རང་གི་ཡིན་པའི་འདུ་ཤེས་ལས་གཙོ་ཆེར་གྱུར་པ་དང་། དངོས་པོ་རང་གི་ཡིན་པ་ཡན་ལག་ཉིད་དོ། །དངོས་པོ་རང་དབང་ཞིང་ རང་དབང་བར་ཤེས་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་པོ་ཡིན་པའི་ཕྱིར་རོ། །ནི་ཞེས་པ་ནི་མ་བྱིན་པར་ལེན་པའི་བདག་པོ་ཙམ་དུ་འགྱུར་བ་དང་། ཤི་བའི་ཡོ་བྱད་གང་དབང་བ་གཉིས་ནི་དངོས་པོ་གཙོ་བས་དེ་གཉིས་ལས་དགར་བ་སྟེ། དེ་ལྟར་ཊཱི་ཀ་ལས། མ་བྱིན་པར་ལེན་ པ་དང་ཤི་བའི་ཡོ་བྱད་གཉིས་ལ་ནི་དངོས་པོ་ལས་གཙོ་ཆེ་བ་ཉིད་ཡིན་གྱི། འདུ་ཤེས་ལས་ནི་མ་ཡིན་ནོ་ཞེས་བཤད་དོ། །སྐབས་འདིར་ཊཱི་ཀ་ལས། བསྐུར་བའི་དངོས་པོ་དེ་ཉིད་ལས་བརྐུས་ན་ཡང་གང་ལ་བསྐུར་བ་དེ་ལས་བརྐུས་པར་མི་འགྱུར་གྱིས། གང་གིས་བསྐུར་བ་དེ་ལ་ 6-1-422a བརྐུས་པ་ཡིན་ནོ་ཞེས་གསུངས་པ་དེ་ཇི་ལྟར་ཡིན་ཅེ་ན། དེ་ནི་བསྐུར་བྱ་དང་སྐུར་བྱེད་གཉིས་ཀས་སྤངས་པའི་དབང་དུ་བྱས་པ་སྟེ། མདོ་འོག་མའི་ཊཱི་ཀར། བསྐུར་བྱ་སྐུར་བྱེད་གཉིས་ཀས་སྤངས་པར་གྱུར་ན་ཞེས་བཤད་པ་ལྟར་རོ། །དེས་ན་སྐབས་འདིར་ དངོས་གཞི་བསྐྱེད་པ་ལ་དོན་དང་འདུ་ཤེས་གཉིས་ཀ་ངེས་བཟུང་དུ་དགོས་ཀྱང་། འདུ་ཤེས་གཙོ་ཆེ་བའི་རྒྱུ་མཚན་ནི་དོན་བས་འདུ་ཤེས་སྟོབས་ཆེ་བ་སྟེ་དོན་ལ་ལྟུང་མེད་ཀྱི་གཞི་ཡིན་ཀྱང་། འདུ་ཤེས་ཀྱིས་ལྟུང་བ་བསྐྱེད་པའི་གཞིར་བཟུང་ན་ལྟུང་བ་ན་སྨད་ཙམ་ཞིག་བསྐྱེད་པར་ནུས་ ལ། དོན་ལ་ལྟུང་བཅས་ཀྱི་གཞི་ཡིན་ཀྱང་འདུ་ཤེས་ཀྱིས་ལྟུང་མེད་ཀྱི་གཞིར་བཟུང་བ་ལ་ལྟུང་མེད་དུ་འགྱུར་བའོ། །རང་གི་ཉིད་དེ་ནི་གཞན་ལ་བསམ་པ་ཐག་པ་ནས་བསྔོས་པ་ཉིད་ན་རང་དབང་བ་དང་བྲལ་བ་ཉིད་དོ། །དེས་ན་འཆང་བའི་ཉེས་པར་མི་འགྱུར་ཏེ། ཊཱི་ཀ་ལས། བསྔོས་པ་ཉིད་ནི་བྱིན་གྱིས་མ་བརླབས་སམ་རྣམ་པར་མ་བརྟགས་སུ་ཟིན་ཀྱང་རང་གི་ཉིད་དང་བྲལ་བ་ཉིད་དེ་རང་གི་ཉིད་མ་ཡིན་ནོ་ཞེས་སོ། །ལྷུང་བཟེད་ལ་སོགས་པ་གང་རབ་ཏུ་འབྱུང་བ་གང་ཡང་རུང་བའི་དོན་དུ་སྦྱིན་པར་ངེས་པར་བྱས་པ་ཡང་དེ་ཉིད་དོ་ཞེས་པ་ཊཱི་ཀ་ལས། བསྔོས་པ་ཡང་དེ་ཉིད་དེ་ཞེས་བཤད་དོ། །རང་དབང་དང་བྲལ་བ་དེ་ཉིད་དོ་ཞེས་ཀྱང་རུང་ངོ་། །མདོ་སྔ་མ་དེ་ནི་བསྔོས་པ་ཉིད་ན་ཞེས་པ་དང་ཟློས་སྐྱོན་མེད་དེ་ཁྱབ་ཆེ་ཆུང་གི་བྱེ་བྲག་གིས་སོ། །སྔ་མ་ནི་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ཡང་རུང་བ་ལ་བསྔོ་བ་དེ་ཁྱབ་ཆེ་བ་ཡིན་ལ། ཕྱི་མ་ནི་རབ་ཏུ་བྱུང་བ་ཁོ་ན་ལ་བསྔོས་པས་ཁྱབ་ཆུང་བའོ། །ཆོས་གོས་ལས་ཀྱང་ལྷག་པའི་ཡོ་བྱད་ལ་སོགས་པ་རྣམ་པར་བརྟགས་ཏེ་རུང་བར་བྱས་ནའོ་སྟེ་དེ་དང་རང་ཉིད་བྲལ་ཡང་སྤང་ལྟུང་མི་བསྐྱེད་དོ། །ཡང་སྒྲས་ལྷུང་བཟེད་ཀྱང་བསྡུས་པ་ཡིན་ནོ། །རྣམ་པར་བརྟགས་ 6-1-422b ནའོ་ཞེས་པའི་ཊཱི་ཀར། ཆོས་གོས་ལྷག་པ་རྣམ་པར་མ་བརྟགས་པ་རྣམ་པར་བརྟག་པར་འོས་པ་ཞེས་འབྱུང་ལ། དེས་ནི་མཚོན་པ་ཙམ་སྟེ་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའང་བསྡུས་སོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་ དོན་དང་། བསྡུས་པའི་དོན་ནོ། །དང་པོ་ལ། ཞག་ཤན་བཅས་པའི་དགོས་པ། སྤང་ཤན་བཅས་པའི་དགོས་པའོ། །དང་པོ་ནི། ལྟུང་བ་མི་འབྱུང་བའི་ཐབས་ལ་བརྩོན་པར་འགྱུར་བ་སྟེ། ཤན་ལྟུང་ལ་འཇིགས་ནས་བྱིན་རླབས་ལ་སོགས་ལ་འཇུག་པའི་ཕྱིར། གཉིས་པ་ ནི། ལྟུང་བ་དག་པའི་ཐབས་ལ་བརྩོན་པར་འགྱུར་བ་སྟེ། སྤང་ཤན་ལ་འཇིགས་ནས་མྱུར་དུ་ཕྱིར་འཆོས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ། ཤན་གྱིས་ཁྱབ་པ། དབྱེ་བ། མཚན་ཉིད། བརྡེག་དུས། ངོ་བོ། སྒྲ་བཤད་དང་དྲུག་གོ། དང་པོ་ལ་གཉིས་ཏེ། ཞག་ཤན་ གྱིས་ཁྱབ་པ་དང་། སྤང་ཤན་གྱིས་ཁྱབ་པའོ། །དང་པོ་ནི། གོས་འཆང་བ་དང་། ཟླ་འཇོག་དང་། ལྷུང་བཟེད་འཆང་བ་དང་། སྨན་ཞག་བདུན་པའི་གསོག་འཇོག་དང་། དགེ་སློང་མའི་ཆོས་གོས་ཟླ་བ་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང་ལྔ་ལ་སྦྱར་ཏེ། ཞག་ཚོགས་པ་ཐལ་ བ་ལས་གྱུར་པ་ཡིན་ཅིང་། ཡོ་བྱད་བྱིན་གྱིས་བརླབས་པས་བཅས་པ་དེ་ཉིད་ཀྱི་ལྟུང་བ་ཁེགས་པའི་རིགས་ཅན་ཡིན་པའི་ཕྱིར་རོ། །ཞག་ཚོགས་པ་ཞེས་པས་རིན་པོ་ཆེ་ལ་རེག་པའི་སྤང་ལྟུང་སེལ་ལོ། །ཡོ་བྱད་བྱིན་གྱིས་བརླབས་པས་ཞེས་པས་དབྱར་ཞག་བདུན་བྱིན་གྱིས་ བརླབས་པ་སེལ་ལོ། །རིགས་ཅན་ཞེས་པས་དགོན་པ་པའི་འབྲལ་བ་སེལ་ལོ། །ཁ་ཅིག་འབྲལ་བ་ལའང་ཞག་ཤན་གྱིས་ཁྱབ་པ་སྦྱར་ཏེ། འདུལ་བ་ཀུན་ལས་བཏུས་ལས། འབྲལ་བར་གཏོགས་པའི་ཞག་ཤན་ཉིད་ཀྱང་འབྲལ་བར་གཏོགས་པ་གཞན་ཅི་ལ་འགྱུར་ཞེས་བཤད་ 6-1-423a པས་སོ་ཞེ་ན། དེ་ནི་ཡི་གེ་ལྷག་པར་སེམས་སོ། །གལ་ཏེ་སྨན་ཞག་བདུན་པ་ལ་ནི་བྱིན་གྱིས་བརླབས་པས་བཅས་པ་དེ་ཉིད་ཀྱི་ལྟུང་བ་ཁེགས་པའི་རིགས་ཅན་ཡིན་པར་མ་གྲུབ་སྟེ། བྱིན་གྱིས་བརླབས་པ་ལ་བརྟེན་ནས་བཅས་པ་དེ་ཉིད་ཀྱི་ལྟུང་བ་འབྱུང་ བའི་ཕྱིར་ཞེ་ན། ཁྱབ་པ་མ་གྲུབ་སྟེ་བྱིན་གྱིས་བརླབས་པས་ཞག་བདུན་འདས་པའི་སྔ་རོལ་གྱི་གསོག་འཇོག་གི་ལྟུང་བ་ཁེགས་པའི་ཕྱིར་ཏེ། མདོ་ཉིད་ལས། བྱིན་གྱིས་བརླབས་པ་ལ་གསོག་འཇོག་མི་འབྱུང་ངོ་ཞེས་གསུངས་སོ། །གཉིས་པ་སྤང་ཤན་གྱིས་ཁྱབ་པ་ནི། སྤང་ ལྟུང་ཐམས་ཅད་ལ་སྦྱར་གསུང་ཡང་མི་འཐད་པར་སྣང་སྟེ། དམན་པའི་གང་ཟག་གི་སྤང་ལྟུང་ཐམས་ཅད་ལ་སྦྱར་གྱི། གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ལ་ནི་མི་སྦྱར་ཏེ་སྤང་མི་དགོས་པའི་ཕྱིར། གཉིས་པ་ཤན་གྱི་དབྱེ་བ་ལ། རྒྱ་ན་རེ། ཤན་གྱི་དབྱེ་བ་ནི་གསུམ་སྟེ། ཞག་ ཤན་དང་། སྤང་ཤན་དང་། ལང་ཤན་ནོ། །ཐ་མ་ནི་གོས་གཉིས་ཞག་གཅིག་ལ་དུས་མཉམ་དུ་རྙེད་ནས་གོས་གཅིག་བྱིན་གྱིས་བརླབས་ཀྱང་གོས་གཅིག་བྱིན་གྱིས་མ་བརླབས་པའི་ཤན་རྡེག་པ་དེ་ནི་གོས་བྱིན་གྱིས་མ་བརླབས་པ་ལ་བརྟེན་ནས་ལྟུང་བ་འབྱུང་བའི་ཤན་གོས་བྱིན་གྱིས་ བརླབས་པ་ལ་བརྡེག་པ་ནས་ལྟུང་བའི་ཤན་ཡིན་གྱི། ཞག་ཤན་ནི་མ་ཡིན་ཏེ། གོས་དེ་གཉིས་ཀྱི་ཞག་གྲངས་མཉམ་པོ་ཡིན་པས་ཞག་མ་ལོན་པ་ལ་ལོན་པར་བྱས་པ་མེད་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་རང་སྟོབས་ཀྱིས་ལྟུང་བ་བསྐྱེད་པའི་ཞག་མ་ལོན་པ་དེ་ཤན་སྟོབས་ ཀྱིས་ལྟུང་བ་བསྐྱེད་པའི་ཞག་ལོན་པར་བྱས་ཡོད་པའི་ཕྱིར་རོ། །དེ་ཡང་དེ་གཉིས་ཞག་འདས་པ་ཙམ་པོའི་ཞག་གྲངས་མཉམ་ཡང་བརྡེག་བྱ་ནི་བྱིན་གྱིས་བརླབས་པ་ཡིན་པས་རང་སྟོབས་ཀྱིས་ལྟུང་བ་བསྐྱེད་པའི་ཞག་ལོན་པ་མེད་པ་དེ། རྡེག་བྱེད་བྱིན་གྱིས་མ་བརླབས་པའི་ཤན་ 6-1-423b སྟོབས་ཀྱིས་ལྟུང་བ་བསྐྱེད་པའི་ཞག་ལོན་པར་བྱས་པ་ཤིན་ཏུའང་ཡོད་པའི་ཕྱིར། འོ་ན་གང་ཞེ་ན། ཤན་ནི་རྣམ་པ་གཉིས་ཏེ། ཞག་གི་ཤན་དང་། སྤང་བའི་ཤན་ནོ། །དང་པོ་ལ་གཉིས་ཏེ། ཞག་ཤན་ཁྱད་པར་ཅན་མ་ཡིན་པ་དང་། ཞག་ཤན་ཁྱད་པར་ཅན་ནོ། །དེ་གཉིས་ཀྱི་ཁྱད་པར་ནི་ སྔོན་གྱི་བགྲེས་པོ་ལ་ལ་ན་རེ་བྱིན་གྱིས་མ་བརླབས་པས་བརླབས་པ་ལ་བརྡེག་པ་ནི་ཁྱད་པར་ཅན་ཡིན་ལ། མ་བརླབས་པས་མ་བརླབས་པ་ཉིད་ལ་བརྡེག་པ་ནི་ཁྱད་པར་ཅན་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་སྨན་ཞག་བདུན་པ་ནི་ཁྱད་པར་ཅན་ཡིན་ལ། དེ་ནི་བྱིན་གྱིས་བརླབས་ པས་བརླབས་པ་ལའང་བརྡེག་པའི་ཕྱིར་རོ། །འོ་ན་གང་ཞེ་ན། དེ་ཡང་སྔ་མ་ཁྱད་པར་ཅན་མ་ཡིན་པ་ནི་བརྡེག་བྱ་བྱིན་རླབས་མེད་པ་ལ་བརྡེག་པ་ཡིན་ལ། ཕྱི་མ་ཁྱད་པར་ཅན་ནི་བརྡེག་བྱ་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །ཞག་ཤན་ཁྱད་པར་ཅན་མ་ཡིན་པ་ལ་གཉིས། གོས་ ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པ་དང་། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའོ། །ཞག་ཤན་ཁྱད་པར་ཅན་ལ་གསུམ་སྟེ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་དང་། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་དང་། སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་ནོ། །སྨན་ གཞན་གསུམ་ལ་ནི་ཞག་ཤན་མེད་དེ་རང་སྟོབས་ཀྱི་གསོག་འཇོག་འབའ་ཞིག་ཏུ་ཟད་དོ། །དང་པོ་ལ་གཉིས་ཏེ། ཞག་སྔ་ཕྱིར་རྙེད་པ་དང་། ཞག་གཅིག་ལ་རྙེད་པའོ། །དེ་བཞིན་དུ་ལྷུང་བཟེད་ཀྱི་ཞག་ཤན་ལའང་གཉིས་སུ་དབྱེའོ། །དེའང་གོས་དང་ལྷུང་བཟེད་ཀྱི་ཞག་ཤན་རྡེག་ བྱེད་ལ་ནི་སྔར་རྙེད་པའམ་དུས་མཉམ་དུ་རྙེད་པ་ཡན་ལག་ཏུ་དགོས་ཏེ། ཕྱིས་ལས་གཞན་པའི་ཚེ་རྙེད་པའོ། །གོས་དང་ལྷུང་བཟེད་ཀྱི་ཞག་ཤན་བརྡེག་བྱ་ལ་ནི་ཕྱིས་རྙེད་པའམ་དུས་མཉམ་དུ་རྙེད་པ་ཡན་ལག་ཏུ་དགོས་ཏེ་སྔར་ལས་གཞན་པའི་ཚེ་རྙེད་པའོ། །སྨན་ཞག་བདུན་ 6-1-424a པའི་ཞག་ཤན་རྡེག་བྱེད་ལ་ནི་ཞག་གཅིག་ཡན་ཆད་ཀྱི་སྔར་བྱིན་གྱིས་བརླབས་པ་ཡན་ལག་ཏུ་དགོས་ལ། དེའི་བརྡེག་བྱ་ལ་ནི་ཞག་གཅིག་ཡན་ཆད་ཀྱིས་ཕྱིས་བྱིན་གྱིས་བརླབས་པ་ཡན་ལག་ཏུ་དགོས་སོ། །རྙེད་པའི་དུས་ནི་ཕྱིས་རྙེད་ཀྱང་རུང་སྟེ་ཕྱིས་བྱིན་ གྱིས་བརླབས་ན་བརྡེག་བྱར་རུང་ངོ་། །གསུམ་པ་མཚན་ཉིད་ལ་གཉིས་ཏེ། ཞག་ཤན་གྱི་མཚན་ཉིད་དང་། སྤང་ཤན་གྱི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ལ་གཉིས་ཏེ། ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་མཚན་ ཉིད་དང་། ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་མཚན་ཉིད་དང་། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་མཚན་ཉིད་དོ། །དང་པོ་ལ་གཉིས་ལས། གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་ པའི་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག་བརྡེག་བྱ་གོས་བྱིན་རླབས་མེད་པ་ལ་བརྡེག་པའི། འདིའི་ཟུར་གང་ཞིག་གིས་ཞག་ཤན་རྡེག་བྱེད་མ་ཡིན་པ་རྣམས་སེལ། གོས་ཀྱི་ཞེས་པས་ལྷུང་བཟེད་དང་སྨན་ ཞག་བདུན་པའི་རྡེག་བྱེད་སེལ། བྱིན་རླབས་མེད་པ་ལ་ཞེས་པས་ཁྱད་པར་ཅན་གྱི་རྡེག་བྱེད་སེལ་ལོ། །གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་ཤན་བརྡེག་བྱའི་མཚན་ཉིད་ནི། གོས་བྱིན་རླབས་མེད་པ་གང་ཞིག །ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། ། གཉིས་པ་ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་མཚན་ཉིད་ལ་གཉིས་ལས། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་དང་གཞན་དང་འདྲེས་པར་བྱེད་པ་པོ་གང་ཞིག །བརྡེག་བྱ་ལྷུང་ 6-1-424b བཟེད་བྱིན་རླབས་མེད་པ་ལ་བརྡེག་པའོ། །ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་ཤན་བརྡེག་བྱའི་མཚན་ཉིད་ནི། ལྷུང་བཟེད་བྱིན་རླབས་མེད་པ་གང་ཞིག །ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །གཉིས་པ་ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་ལ་ གསུམ་ལས། དང་པོ་གོས་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་འཆད་དོ། །དེ་ལ་གཉིས་ལས། གོས་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་ཤན་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག །བརྡེག་བྱ་གོས་བྱིན་རླབས་ དང་ལྡན་པ་ལ་བརྡེག་པའོ། །གོས་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་ཤན་བརྡེག་བྱའི་མཚན་ཉིད་ནི། གོས་བྱིན་རླབས་དང་ལྡན་པ་གང་ཞིག །ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །གཉིས་པ་ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་ལ་གཉིས་ལས། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་ཤན་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག །བརྡེག་བྱ་ལྷུང་བཟེད་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་ཤན་བརྡེག་བྱའི་ མཚན་ཉིད་ནི། ལྷུང་བཟེད་བྱིན་གྱིས་བརླབས་པ་དང་ལྡན་པ་གང་ཞིག །ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །གསུམ་པ་སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་ལ་གཉིས་ལས། སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་གྱི་ ཤན་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག །བརྡེག་བྱ་སྨན་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་གྱི་ཤན་བརྡེག་བྱའི་མཚན་ཉིད་ནི། སྨན་ཞག་བདུན་པ་བྱིན་ 6-1-425a རླབས་དང་ལྡན་པ་གང་ཞིག །ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །ཞར་བྱུང་དགེ་སློང་གིས་ཆོས་གོས་གསར་དུ་རྙེད་པ་བྱིན་གྱིས་མ་བརླབས་པར་རང་གི་སྔ་ནས་ཡོད་པའི་ཆོས་གོས་བྱིན་རླབས་ཕྱུང་ན་དེ་ལ་ཤན་འབྱུང་མི་འབྱུང་ ཞེ་ན། ཤ་སྦལ་ཀླུབས་དཀར་ན་རེ། ཤན་འབྱུང་སྟེ། གཞན་ལས་བྱུང་བའི་གོས་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་གཞུང་དང་མི་མཐུན་ཏེ། ཊཱི་ཀ་ལས། འདིར་གཞན་ལས་བྱུང་བའི་ཆོས་གོས་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་བ་དེ་ལ་སྔ་མ་ ཤོས་ཀྱི་ཤན་གྱི་ལྟུང་བ་འདི་རྣམ་པར་བཞག་གི། ཕྱི་མ་ཤོས་དེ་བདག་ཉིད་ལས་བྱུང་བ་ཡིན་ན་དེ་ལ་ལྟུང་བ་འདི་མེད་དོ་ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་དེ་ལྟར་ན་སྔ་ནས་ཡོད་པའི་ཆོས་གོས་ལ་གསར་དུ་རྙེད་པའི་ཤན་བརྡེག་པའི་ཕྱིར་སྔར་རྙེད་ལ་ཕྱིས་རྙེད་ཀྱི་ཤན་ བརྡེག་པར་ཐལ་བ་ལས། འདོད་ན། ཊཱི་ཀ་ལས། སྔ་མའི་ཤན་གྱི་དབང་གིས་ཕྱི་མ་ལ་ཤན་འདྲེས་པར་འགྱུར་གྱི། ཕྱི་མའི་ཤན་གྱི་དབང་གིས་ནི་སྔ་མ་ལ་ཤན་འདྲེས་པར་མི་འགྱུར་བར་ཤེས་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ། །རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་པ་ ཡང་མ་གྲུབ་སྟེ། གཞན་ལས་གསར་དུ་བྱུང་བ་དེ་དང་རང་གི་སྔ་ན་ཡོད་པ་སྟེ་གོས་དེ་གཉིས་ཕྱིས་རྙེད་ཡིན་མིན་གྱི་ཁྱད་པར་ཡོད་པའི་ཕྱིར་རོ། །དེས་ན་དེ་ལ་ཤན་མི་འབྱུང་བར་རྒྱ་ལ་སོགས་བོད་ཀྱི་འདུལ་འཛིན་སྔ་རབས་པ་རྣམས་བཞེད་ཅིང་ཊཱི་ཀ་ལས་ཀྱང་བཤད་དོ། །དེ་བཞིན་དུ་ གོས་གཉིས་ཞག་སྔ་ཕྱིར་རྙེད་ཅིང་། དེ་ཞག་བརྒྱད་དམ་དགུ་ཙམ་ན་སྔར་རྙེད་བྱིན་གྱིས་བརླབས་ན་དེ་ལ་ཕྱིས་རྙེད་བྱིན་གྱིས་མ་བརླབས་པའི་ཤན་མི་འབྱུང་སྟེ། སྔར་རྙེད་ལ་ཕྱིས་རྙེད་ཀྱི་ཤན་མི་བརྡེག་པ་ཤན་གྱི་སྤྱི་གཞུང་ཡིན་པའི་ཕྱིར་རོ། །གཉིས་པ་སྤང་ཤན་གྱི་མཚན་ཉིད་ལ་ 6-1-425b གཉིས་ཏེ། རྡེག་བྱེད་ཀྱི་མཚན་ཉིད་དང་། བརྡེག་བྱའི་མཚན་ཉིད་དོ། །དང་པོ་ལ། གཞན་ལུགས་དགག་པ་ནི། ཤ་སྦལ་ན་རེ། སྤང་བའི་ལྟུང་བྱེད་ཀྱི་དངོས་གཞི་ཡིན། བདག་གི་རྒྱུད་དང་འབྲེལ་བར་ཡོད། ངོ་བོ་ཤེས་ཤིང་དྲན་པར་ནུས་པའོ་ཞེས་ཟེར་རོ། །དེ་ལྟར་ན་གང་ ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ལའང་མཚན་ཉིད་དེ་ཞུགས་པའི་ཕྱིར་སྤང་ཤན་རྡེག་བྱེད་ཡིན་པར་ཐལ་བ་ལས། འདོད་ན། འདུལ་བ་ཀུན་ལས་བཏུས་པ་ལས་སྤང་མི་དགོས་པར་བཤད་པ་སྔར་དྲངས་པ་དང་འགལ་ཅིང་། གང་ཟག་ཁྱད་པར་ཅན་དེའི་ལྷག་མ་ཕྱིར་འཆོས་པ་ལ་སྤོ་ མགུ་དབྱུང་བ་མི་དགོས་པའི་གནད་དང་ཡང་འགལ་ལོ། །འོ་ན་གང་ཞེ་ན། རང་ལུགས་བཞག་པ་ནི། སྤང་བའི་ལྟུང་བྱེད་དངོས་གཞི་ཡིན། སྤང་ལྟུང་ཕྱིར་བཅོས་འཆགས་རུང་གི་གང་ཟག་ཁྱད་པར་ཅན་མ་ཡིན་པ་དེ་དག་གི་རྒྱུད་དང་འབྲེལ་བར་ཡོད། ངོ་བོ་ཤེས་ཤིང་དྲན་པར་ ནུས་པའོ། །འདི་ལ་རྩོད་པ་སྤང་བར་འདོད་དེ། འོ་ན་སྤང་ལྟུང་མ་ཡིན་པ་ལ་སྤང་ལྟུང་དུ་འཁྲུལ་པ་ཆོས་ཅན། སྤང་མི་དགོས་པར་ཐལ། སྤང་ཤན་རྡེག་བྱེད་ཀྱི་མཚན་ཉིད་མ་ཚང་བའི་ཕྱིར། མ་གྲུབ་ན་སྤང་བའི་ལྟུང་བྱེད་དངོས་གཞི་ཡིན་དགོས་པར་འདོད་པ་བུད། འདོད་ན། མདོ་ཉིད་ལས། ལྟུང་བ་བྱུང་བ་ལ་ནི་འདུ་ཤེས་ཇི་ལྟ་བ་བཞིན་བསྒྲུབ་པར་བྱའོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྤྱིར་ན་སྤང་དགོས་པ་རྣམ་པ་གསུམ་ཡོད་དེ། སྤང་ལྟུང་བྱུང་བ་རང་སྟོབས་ཀྱིས་སྤང་བ་དང་། སྤང་ཤན་བརྡེག་པ་ཤན་སྟོབས་ཀྱིས་སྤང་དགོས་པ་དང་། སྤང་ ལྟུང་དུ་འདུ་ཤེས་འཁྲུལ་སྟོབས་ཀྱིས་སྤང་བའོ། །དེས་ན་རྩོད་པ་དེའི་ལན་ནི། སྤང་བ་དང་པོ་གཉིས་ནི་འདིར་མི་དགོས་པ་འདོད་ཅིང་། སྤང་བ་གསུམ་པའི་སྐབས་སུ་ཁྱབ་པ་མ་བཅས་སོ། །གཉིས་པ་བརྡེག་བྱའི་མཚན་ཉིད་ནི། སྤང་ལྟུང་བྱུང་བའི་ཕྱི་ནས་རྙེད་ཅིང་ད་ལྟ་ 6-1-426a སྤང་བར་འོས་པའོ། །དེའི་ཟུར་སྔ་མས་ནི་སྤང་ལྟུང་བྱུང་བ་རང་སྟོབས་དང་། སྤང་ལྟུང་དུ་འདུ་ཤེས་འཁྲུལ་སྟོབས་ཀྱིས་སྤང་བར་འོས་པ་གཉིས་སེལ་ལོ། །ཟུར་ཕྱི་མས་ནི་ཚད་དུ་མ་ཆོག་པ་དང་། མི་རུང་བ་དང་། གཞན་དབང་བར་གྱུར་པ་ལ་སོགས་པ་ སྤང་མི་དགོས་པ་ཐམས་ཅད་སེལ་ཏེ། རྣམ་འབྱེད་ལས། སྤང་བ་རྣམས་ཀྱི་གོས་ཐ་མ་ནི་ཁྲུ་གང་ཁོ་ར་ཁོར་ཡུག་ཏུའོ་ཞེས་པ་དང་། རྣམ་འབྱེད་འགྲེལ་པ་ལས། ཡོ་བྱད་རུང་བ་བདག་གིར་བྱས་པ་དག་སྤང་ཞེས་བཤད་དོ། །བཞི་པ་ ཤན་རྡེག་པའི་དུས་ལ་གཉིས་ལས། དང་པོ་ཞག་ཤན་རྡེག་པའི་དུས་ནི། རང་རང་གི་ཞག་གྲངས་ཐ་མའི་མཚན་མོ་མཐའི་སྐད་ཅིག་ལ་བརྡེགས་ཏེ། ཊཱི་ཀ་ལས། ཞག་བཅུ་པའི་སྤང་བ་ལ་ཐུག་པ་ན་དེའི་ཤུགས་ཀྱིས་གཞན་ལས་བྱུང་བའི་གོས་ཕྱིས་རྙེད་པ་དེ་ཡང་འཆང་བའི་སྤང་བར་འགྱུར་རོ་ཞེས་བཤད་དོ། །དེས་ན་ཤན་བརྡེག་པ་ན་སྤང་ བར་འགྱུར་བ་ཡིན་གྱི་སྤང་བར་གྱུར་པ་ནི་མ་ཡིན་ཏེ། དེ་ཡང་ཤན་བརྡེགས་པས་ནི་ཞག་མ་ལོན་པ་ལ་ལོན་པར་བྱས་ཏེ་ཤན་གྱི་ལྟུང་བའི་རྒྱུ་ཚང་བར་བྱས་པ་ཡིན་ལ། ཤན་བརྡེགས་པའི་སྐད་ཅིག་གཉིས་པ་ལ་ཤན་གྱི་ལྟུང་བ་དངོས་སུ་སྐྱེ་བའི་ཕྱིར་རོ། །བཅུ་གཅིག་པའི་སྐྱ་རེངས་ཤར་ བ་ན་ཤན་བརྡེག་པ་མ་ཡིན་ཏེ་ཞག་གི་ཚོགས་པ་ཐ་དད་པའི་ཕྱིར་རོ། །དེ་ལ་ཤན་མི་བརྡེགས་ཏེ། ཊཱི་ཀ་ལས། ཞག་བཅུ་པ་དང་པོ་དང་། གཉིས་པ་དང་། གསུམ་པོ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་ལ་བལྟོས་པ་མེད་དོ་ཞེས་བཤད་དོ། །འདིར་གཙང་གི་བྱ་ལུགས་པ་ཁ་ཅིག་ན་རེ། གོས་ ཕྱི་མ་རྙེད་པའི་དུས་ཉིད་དུ་ཤན་བརྡེགས་ཏེ། དེ་ཡང་གོས་སྔ་མ་རྙེད་ནས་ཞག་ལྔ་ལོན་པ་ན་གོས་ཕྱི་མ་རྙེད་ན་གོས་ཕྱི་མ་རྙེད་མ་ཐག་པའི་དུས་དེ་ཉིད་དུ་ཞག་ཤན་བརྡེགས་ཏེ། ཞག་ལྔ་ལྔ་མཉམ་པར་བྱས་ནས་ཤན་བརྡེགས་པ་དེ་ཚུན་ཆད་ནས་རང་སྟོབས་ཀྱིས་ཞག་རེ་རེ་ཞིང་བགྲངས་ 6-1-426b པས་ཞག་བཅུ་འདས་ནས་འཆང་བའི་ལྟུང་བར་འགྱུར་ཏེ། ཇི་སྐད་དུ། འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ་ཞེས་གསུངས་ཤིང་། དེའི་ཊཱི་ཀ་ལས། གོས་སྔར་རྙེད་པ་དེ་བྱིན་གྱིས་མ་བརླབས་པའི་ཤན་ཞག་དུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ་ཞག་ བཅུ་འདས་པའི་སྤང་བ་ཞེས་བཤད་པས་ཤེས་སོ། །འདི་ལྟར་ཤེས་རབ་བྱེད་པ་ལས་ཀྱང་བཤད་དོ། །ཞེས་ཟེར་རོ། །དེ་ཡང་རྩིང་པོ་ཡིན་ཏེ། ཤན་ཚུན་ཆད་ནས་སོ་ཞེས་པ་ནི་ཤན་འདྲེས་པར་འགྱུར་བའི་ཞག་དུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ་ཞག་བཅུ་འདས་པའི་སྤང་བ་ཞེས་བསྟན་ གྱི། ཤན་འདྲེས་ཟིན་པའི་ཞག་གཅིག་ཏུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ་ཞེས་བསྟན་པ་མ་ཡིན་ཏེ། གཞན་དུ་གོས་ཕྱི་མ་རྙེད་མ་ཐག་ཤན་འདྲེས་པར་གྱུར་ཟིན་པ་དེ་ལྟར་ཡིན་ན། ཊཱི་ཀ་ལས། ཕྱིས་རྙེད་པ་དེ་སྤང་ཤན་འདྲེས་པར་འགྱུར་བར་བྱས་པའི་ཕྱིར་ཞེས་གསུངས་པ་དང་འགལ་ ལོ། ། གཞན་ཡང་ཁྱེད་ལྟར་ན་གོས་ཕྱི་མ་ཤོས་རྙེད་མ་ཐག་པ་ན་ཞག་ཤན་བརྡེགས་ཟིན་པའི་ཕྱིར་དང་། མཐར་ཐུག་གི་སྔ་རོལ་དུ་སྔ་མ་ཤོས་བརླག་སྟེ་མེད་པར་གྱུར་ན་ཡང་ཤན་ལྟུང་འབྱུང་རུང་དུ་ཐལ་བ་ལས། འདོད་ན། མདོ་ཉིད་ལས། དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་ ཡང་འབྱུང་བ་ཉིད་ཅེས་གསུངས་ཏེ། དེ་ཡོད་ན་ཞེས་ཞག་ཤན་རྡེག་བྱེད་ཡོད་པ་དེ་ཤན་གྱི་ལྟུང་བ་འབྱུང་བའི་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ལོ། །གཉིས་པ་སྤང་ཤན་བརྡེག་པའི་དུས་ནི། བརྡེག་བྱ་རྙེད་པའི་དུས་ཉིད་ནས་སྤང་དགོས་པ་ཉིད་དུ་བརྡེག་གོ། ལྔ་པ་ཤན་ གྱི་ངོ་བོ་ལ་གཉིས་ལས། ཞག་ཤན་གྱི་ངོ་བོ་ནི་བརྡེག་བྱའི་གཞི་ལས་ལྟུང་བར་འགྱུར་ལ་སྤང་དགོས་པར་ཡང་འགྱུར་བའོ། །འོ་ན་དགེ་སློང་མའི་སོ་ཐར་འགྲེལ་པ་ལས། སྔ་ཕྱིར་གོས་རེ་རེ་ཞིག་རྙེད་ན་སྔར་རྙེད་པ་རུང་བ་མ་བྱས་ལ་ཕྱིས་ནས་རྙེད་པ་སྔགས་ཀྱིས་བཏབ་སྟེ་རུང་ 6-1-427a བར་བྱས་ཤིང་། ཞག་བཅུ་འདས་ན་སྔ་མ་སྤང་དགོས་ཀྱི། ཕྱི་མ་རུང་བར་བྱས་པ་ནི་སྤང་མི་དགོས་སོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེའི་རྗེས་སུ་མི་འབྲང་སྟེ་མདོ་ཉིད་ལས། འབྲེལ་ཡང་རྗེས་སུ་ཞུགས་པ་དང་བཅས་པ་ལའོ་ཞེས་ཕྱིས་རྙེད་བྱིན་གྱིས་ བརླབས་པ་ལ་ཡང་སྤང་ལྟུང་བསྐྱེད་པར་གསུངས་པས་སོ། །སྤང་ཤན་གྱི་ངོ་བོ་ནི་བརྡེག་བྱའི་གཞི་ལས་ལྟུང་བར་ནི་མི་འགྱུར་ལ་སྤང་དགོས་པ་ཙམ་དུ་འགྱུར་བ་སྟེ། ཊཱི་ཀ་ལས། གང་ལ་སྤང་བའི་ལྟུང་བྱེད་ཡོད་པའི་དགེ་སློང་དེས་གལ་ཏེ་ཕྱིས་རིགས་མཐུན་པའམ། རིགས་ མི་མཐུན་པའི་ཡོ་བྱད་ཙམ་རྙེད་ན་བཤགས་པའི་དུས་ན་དེ་ཡང་སྤང་བར་བྱའོ། །དེའི་ཕྱིར་ལྟུང་བ་ནི་བཤགས་པར་བྱ་མི་དགོས་ཏེ་དེའི་གཞི་ལས་ལྟུང་བ་མ་བྱུང་བའི་ཕྱིར་ཞེས་བཤད་དོ། །དྲུག་པ་ཤན་གྱི་སྒྲ་བཤད་ནི། གཞན་གྱི་ཉེས་པ་གཞན་ལ་གོས་པའི་ཚུལ་དུ་བཅས་པས་ན་ ཤན་ཅེས་བྱ་བ་སྟེ་འདྲེས་པའི་དོན་ལ་བརྗོད་པའི་ཕྱིར། གྲུབ་མཐའི་ཤན་འབྱེད་ཅེས་པ་བཞིན་ནོ། །གཉིས་པ་ཚིག་གི་དོན་ནི། བསྔོས་པའམ་རྣམ་པར་བརྟགས་པ་འདི་ལ་སྔར་རྙེད་ཀྱི་ཞག་གྲངས་དེའི་རྗེས་སུ་ཞུགས་པ་སྟེ་ཕྱིས་རྙེད་ལ་ཞག་ཤན་བརྡེགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ། ། ཀྱང་སྒྲ་ནི་ཊཱི་ཀར། འབྲེལ་བ་ཉིད་ཀྱང་ཉམས་པ་ཡིན་པར་རིགས་པར་བྱའི། རང་གི་ཉིད་འབའ་ཞིག་ཉམས་པར་མ་ཟད་དོ་ཞེས་འབྱུང་བས་རང་སྟོབས་ཀྱིས་ཉམས་པར་མ་ཟད་དོ་ཞེས་བསྟན་པ་ཡིན་ནོ། །ཞག་ཚོགས་པའི་བར་སྐབས་སུ་ཤེས་པ་རང་བཞིན་དུ་གནས་པ་ལས་ཉམས་ ཏེ་སྨྱོ་བ་ལ་སོགས་པར་གྱུར་ན་ཡང་ངོ་སྟེ། རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ། རང་སྟོབས་ཀྱིས་ལྟུང་བ་འབྱུང་བ་དེ་ཉམས་པར་མ་ཟད་ཀྱི། གཞན་ལ་ཤན་འབྱུང་བ་ཡང་ཉམས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཡང་ཞུ་བ་ལས། དགེ་སློང་གིས་ 6-1-427b ཆོས་གོས་རྙེད་ནས་དགུང་ལྔ་ལགས་ནས་སེམས་རྣམ་པར་འཁྲུགས་པར་གྱུར་ན་དེའི་སླད་མ་བཅུ་པོ་གང་ཚུན་ཆད་ནས་བགྲང་བར་བགྱི། ཉེ་བ་འཁོར་གང་གི་ཚེ་སེམས་ཕྱིར་རྙེད་པ་ནས་སོ་ཞེས་གསུངས་པས་ཤན་མི་འབྱུང་བ་ན་དེའི་གནད་ཀྱིས་སྦྱར་བ་སྟེ། ཊཱི་ཀ་ལས། ཞག་ལྔ་པོ་ སྔ་མ་དག་མ་བགྲང་བ་ལས་ན་རྗེས་སུ་ཞུགས་པའི་རྒྱུན་འབྲེལ་བ་ཡང་ཉམས་པར་མངོན་ཅེས་བཤད་དོ། །དེ་ཡང་རྒྱ་ནི་སྨྱོས་པ་དེ་ཡང་ཞག་གཅིག་ཡན་ཆད་ལོན་པ་དགོས་གསུང་ཡང་མི་འཐད་དེ། ཡུད་ཙམ་ཞིག་སྨྱོས་པར་གྱུར་ན་ཡང་རང་སྟོབས་དང་ཤན་འབྱུང་བ་ལས་ཉམས་ པ་ཡིན་ཏེ། བཅས་པའི་རྟེན་མ་ཡིན་པར་འགྱུར་བའི་ཕྱིར། དེ་ཡང་སྨྱོས་པ་ལ་སོགས་པ་རང་བཞིན་མི་གནས་པ་གཙོ་བོར་གྱུར་པ་དག་གིས་ཉམས་པ་ཡིན་གྱི། གཉིད་ལོག་པ་ལ་སོགས་པ་གཙོ་བོ་མ་ཡིན་པ་དག་གིས་ནི་མི་ཉམས་སོ། །ཆོས་གོས་སམ་ལྷུང་བཟེད་སྔར་རྙེད་ བྱིན་གྱིས་མ་བརླབས་པ་ལྟ་བུ་ཞག་ཤན་རྡེག་བྱེད་དེ་ཡོད་ན་ཕྱིས་རྙེད་པའི་དངོས་པོ་དེ་ལྟ་བུ་ཞག་ཤན་རྡེག་བྱེད་ལས་གཞན་ཞག་ཤན་བརྡེག་བྱ་ལ་བལྟོས་ནས་སྤང་ཤན་གྱི་ལྟུང་བ་དགེ་སློང་ལ་འབྱུང་བ་ཉིད་དོ། །འབྲུ་མར་ལ་སོགས་པ་ཞག་བདུན་པ་ཉིད་དུ་བྱིན་གྱིས་བརླབས་པ་ ལ་ནི་གཞི་རིགས་མཐུན་པ་ལའོ་སྟེ་ཤན་འབྱུང་བ་ཉིད་དོ་ཞེས་སྔ་མར་སྦྱོར་རོ། །དེས་ན་གཞི་རིགས་མི་མཐུན་པ་ལ་ནི་ཤན་མི་འབྱུང་ངོ་། །དེ་ཡང་ཊཱི་ཀ་ལས། འབྲུ་མར་དུ་གཏོགས་པའི་ནི་འབྲུ་མར་ཕྱིས་རྙེད་པ་ལ་འབྱུང་བ་ཉིད་ཡིན་གྱི། མར་ལ་སོགས་པ་དག་ལ་མི་འབྱུང་ བ་ལྟ་བུའོ་ཞེས་སོ། །འོ་ན་སྨན་ཞག་བདུན་པ་བྱིན་གྱིས་བརླབས་པ་དང་མ་བརླབས་པ་ཕན་ཚུན་ཞག་ཤན་བརྡེག་མི་བརྡེག་ཅེ་ན། མི་བརྡེགས་ཏེ་དེ་གཉིས་ནི་ཆོ་གའི་སྒོ་ནས་གཞི་རིགས་མ་མཐུན་པའི་ཕྱིར། དེ་ཡང་བྱིན་གྱིས་བརླབས་པ་དེ་ནི་ནད་པ་ལ་སོགས་པ་རྐྱེན་ལྡན་གྱིས་ 6-1-428a བྱིན་གྱིས་བརླབས་པའི་གཞི་ཡིན་པ་དང་། བྱིན་གྱིས་མ་བརླབས་པ་དེ་ནི་རྐྱེན་ལྡན་གྱིས་བྱིན་གྱིས་བརླབས་པའི་གཞི་གཏན་ནས་མ་ཡིན་པའི་ཁྱད་པར་གྱིས་སོ། །འདིར་ཁ་ཅིག་ན་རེ། སྨན་ཞག་བདུན་པའི་ཤན་ནི་བྱིན་གྱིས་མ་བརླབས་པས་མ་བརླབས་པ་ལ་ བརྡེགས་པ་ཡིན་ཏེ། ཤན་རྡེག་བྱེད་ཞག་བདུན་འདས་པ་ན་བྱིན་གྱིས་བརླབས་པའི་འཕེན་པ་ཟད་པས་བྱིན་རླབས་ཞིག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་ཤན་བརྡེག་པའི་དུས་ནི་ཞག་བདུན་པའི་མཐའི་སྐད་ཅིག་ཡིན་ལ། དེ་ནི་བྱིན་གྱིས་བརླབས་པའི་དུས་ཀྱི་མཐའ་ཡིན་གྱི། བྱིན་རླབས་ཞིག་པའི་དུས་མ་ཡིན་ཏེ། མདོ་ཉིད་ལས། རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་སོ། །སྤང་ཤན་ནི་ལྟུང་བ་དངོས་གཞིའི་ལྟུང་བ་དེ་ཡོད་ན་རིས་མཐུན་པའམ་རིས་མི་མཐུན་པའི་ཡོ་བྱད་ཙམ་ཕྱིས་རྙེད་ཅིང་བདག་གིར་བྱས་པ་ལ་སྤང་བར་ བྱ་དགོས་པ་ཉིད་དོ། །ཙམ་ཞེས་པ་ནི་ཊཱི་ཀ་ལས། རིགས་མཐུན་པའམ་མི་མཐུན་པའི་ཡོ་བྱད་ཙམ་ཞེས་གསུངས་སོ། །དངོས་པོ་རིགས་མི་མཐུན་པ་ལའང་སྤང་ཤན་བརྡེགས་ཏེ། རྣམ་འབྱེད་ལས། གོས་འཆང་བའི་སྤང་ལྟུང་བྱུང་ན་ལྷུང་བཟེད་རྙེད་ནའང་སྤང་དགོས་པར་གསུངས་ ཏེ། སྔར་དགོས་དོན་གྱི་སྐབས་སུ་ལུང་དྲངས་པ་བཞིན་ནོ། །ཙམ་ཞེས་པ་འདི་འགྲེལ་ཆུང་ལས། སྐུད་པ་ཙམ་ཡན་ཆད་ཀྱང་སྤང་དགོས་སོ་ཞེས་སོ། །དེ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་ཀྱི་ཟླ་འཇོག་གི་སྐབས་ལས་སྤང་བ་རྣམས་ཀྱི་གོས་ཐ་མ་ནི་ཁྲུ་གང་ཁོ་ར་ཁོར་ཡུག་ཏུ་གསུངས་ པ་དང་། རང་སྟོབས་ཀྱི་སྤང་པའི་སྐབས་སུ། ཊཱི་ཀ་ལས། ཁྲུ་གང་ཁོར་ཡུག་བས་ཆུང་བའི་ཕྱིར་དང་། ཆུང་བ་ནི་སྤང་བར་འོས་པ་མ་ཡིན་པའི་ཕྱིར། ཞེས་བཤད་པའི་གནད་དང་ཡང་དངོས་སུ་འགལ་བ་ཡིན་ནོ།། །།བཞི་པ་ཕྱིར་བཅོས་དང་འབྲེལ་བའི་ 6-1-428b ཐུན་མོང་ལ་གཉིས་ལས། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་དགོས་པའི་དོན་དང་། བསྡུས་པའི་དོན་ནོ། །དང་པོ་ནི། སྤངས་ཏེ་ཕྱིར་བཅོས་པས་དག་པར་འགྱུར་བའོ། །གཉིས་པ་ལ། ཡུལ་གང་ལ་སྤང་བ་དང་། རྟེན་གང་གིས་སྤང་བ་དང་། དངོས་པོ་ གང་སྤང་བ་དང་། གནས་གང་དུ་སྤང་བ་དང་། ཡུན་ཇི་སྲིད་དུ་སྤང་བའོ། །དང་པོ་ལ། དགེ་འདུན་ལ་སྤང་བ་དང་། གང་ཟག་ལ་སྤང་བ་གཉིས་ལས། ལྷུང་བཟེད་ལྷག་པ་བཙལ་བ་ནི་དགེ་འདུན་ལ་སྤངས་ཏེ། མདོ་ཉིད་ལས། འདི་ནི་དགེ་འདུན་ལས་སྤང་ངོ་ཞེས་ གསུངས་སོ། །དེ་ལས་གཞན་པ་ཐམས་ཅད་ནི་དགེ་སློང་གི་གང་ཟག་ལས་སྤངས་ཏེ། མདོ་ཉིད་ལས། དགེ་སློང་ལ་སྤང་བར་བྱའོ་ཞེས་གསུངས་ཤིང་། ཊཱི་ཀ་ལས། དགེ་འདུན་ལ་ཡང་མི་སྤངས་ལ། བསྙེན་པར་མ་རྫོགས་པ་ལ་ཡང་མི་སྤངས་ལ། ཞེས་བཤད་དོ། །འོ་ན་ བསྡུས་པ་ལས། གསེར་ལ་སོགས་པ་དང་ཞག་བདུན་པ་ནི་བསྙེན་པར་མ་རྫོགས་པ་ལ་སྤང་ངོ་ཞེས་བཤད་པ་དང་འགལ་ཅེ་ན། དེ་ནི་གསེར་ལ་སོགས་པ་རིན་པོ་ཆེ་དང་། ཞག་བདུན་ལ་གསོག་འཇོག་ཏུ་གྱུར་པ་ནི་དགེ་སློང་རྣམས་ལ་མི་རུང་བའི་དངོས་པོ་ཡིན་པས། བསྙེན་ པར་མ་རྫོགས་པ་ལ་བཙོང་བའམ་སྦྱིན་པར་དགོངས་པ་ཡིན་གྱི། ཕྱིར་བཅོས་པའི་ཆེད་དུ་སྤོང་བ་ནི་མ་ཡིན་ཏེ། ཊཱི་ཀ་ལས། བསྙེན་པར་མ་རྫོགས་པ་ལ་ཡང་མི་སྤང་ངོ་ཞེས་བཤད་ཅིང་། གཞན་དུ་ན་བདག་ཉིད་ཀྱི་གནས་ངན་ལེན་བརྗོད་པའི་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། ། དགེ་སློང་གང་ཟག་དེ་ཡང་ཤ་མི་སོགས་ན་རེ། ཆོས་བདུན་ལྡན་ཟེར་ཡང་ཆོས་བརྒྱད་ལྡན་ལས་སྤངས་ཏེ། དེ་ཡང་ཆོ་ག་རྣམ་བཞག་གི་དགེ་སློང་ཆོས་དྲུག་ལྡན་སྔར་བཤད་པའི་སྟེང་དུ་ལྟུང་བ་མིང་རིགས་མཐུན་པ་མ་བྱུང་བ་སྟེ། འདུལ་བ་ཀུན་ལས་བཏུས་ལས། ལྟུང་བ་མིང་ 6-1-429a རིགས་མི་མཐུན་པ་གཅིག་ལ་སྤངས་ཏེ་བཞག་པར་བྱ་ཞེས་གསུངས་སོ། །སྤངས་པ་དང་མ་སྤངས་པའི་བྱེ་བྲག་ཤེས་པ་སྟེ། མདོ་ཉིད་ལས། མི་གསལ་བ་ལ་ཡང་མི་བྱའོ་ཞེས་སོ། །དེ་ལ་སྤངས་ནའང་སྤངས་པ་ཙམ་དུ་ནི་འགྱུར་རོ། །དགེ་སློང་ མཚམས་ཀྱི་ནང་ན་གནས་པ་ལ་སྤང་དགོས་གསུང་ཡང་། འདུལ་བ་ཀུན་ལས་བཏུས་ལས། བྲལ་བ་སྔོན་དུ་བཏང་བ་ནི་རྫས་དེ་དགེ་སློང་རང་བཞིན་དུ་གནས་པ། ལྟ་བ་དང་མཚན་མཐུན་པ། ལྟུང་བ་མིང་རིགས་མི་མཐུན་པ། མཚམས་ཀྱི་ནང་ན་འདུག་ཀྱང་རུང་ཕྱི་རོལ་ན་འདུག་ པ་ཡང་རུང་བ་གཅིག་ལ་བཞག་པར་བྱ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ནི། རྟེན་ཆོས་ལྔ་ལྡན་གྱིས་སྤོང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། གནས་ནས་མ་ཕྱུང་བ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་ གནས་པ་དང་། གང་ཟག་ཁྱད་པར་ཅན་མ་ཡིན་པ་སྟེ་གཞན་ནི་སྔར་བསྟན་ལ། ཐ་མ་ནི་གང་ཟག་ཁྱད་པར་ཅན་ཡིན་ན་སྤང་མི་དགོས་པའི་ཕྱིར་རོ། །གསུམ་པ་ནི། སྤང་ལྟུང་བྱུང་བའི་གཞིའི་དངོས་པོའམ་སྤང་ཤན་བརྡེགས་པ་ཡིན་པ་དང་། ད་ལྟར་སྤང་བར་འོས་པའོ། ། གལ་ཏེ་སྤང་ལྟུང་བྱུང་བའི་གཞིའི་དངོས་པོ་དེ་སྤང་དགོས་ན། སྲ་བརྐྱང་འབྱིན་པའི་སྤང་ལྟུང་གི་ཊཱི་ཀར། སྲ་བརྐྱང་གི་རྙེད་པ་དེ་ཡང་བགོས་པ་ལ་ནི་སྤང་བར་བྱས་པ་ཉིད་མེད་དེ་རྙེད་པའི་དངོས་པོ་གང་ཟག་གིར་གྱུར་པའི་ཕྱིར་ཏེ། དེའི་ཚེ་ནི་ལྟུང་བྱེད་འབའ་ཞིག་བཤགས་ པར་བྱའོ་ཞེས་སྤང་ལྟུང་འབྱུང་བའི་གཞིའི་དངོས་པོ་དེ་སྤང་མི་དགོས་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སོ་སོར་བགོས་པས་ཚད་དང་མི་ལྡན་པར་གྱུར་པ་ལ་དགོངས་སོ་ཞེས་རིགས་སོ། །སྤང་ཤན་བརྡེགས་ན་ནི་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ་ཞེས་ 6-1-429b གསུངས་ལ། ད་ལྟར་སྤང་བར་འོས་པ་ནི་སྔར་སྤང་ཤན་བརྡེག་བྱའི་སྐབས་སུ་བཤད་པ་བཞིན་ནོ། །བཞི་པ་ནི། གནས་ཁང་ཐ་དད་དུ་སྤངས་ཏེ། རྣམ་འབྱེད་འགྲེལ་པ་ལས། བྲལ་བར་མ་བྱས་པ་ནི་གནས་གཞན་དུ་ཞག་ལོན་པར་མ་བྱས་པའོ་ཞེས་གསུངས་པའི་ཤུགས་ ཀྱིས་གྲུབ་བོ། །ཚ་རོད་པ་ན་རེ། བླ་གབ་ཐ་དད་པ་ཙམ་དུ་སྤངས་པས་གྲུབ་ཅེས་ཟེར་བ་ནི་སྤངས་ཤིང་བྲལ་བ་མ་ཡིན་པ་སྟེ། མདོ་རྩ་བ་ཉིད་ལས། མཛོད་ནི་ཁོངས་སུ་གཏོགས་པ་ཉིད་དོ་ཞེས་བླ་གབ་ཐ་དད་ཀྱང་གནས་གཅིག་ཏུ་གསུངས་ལ། གནས་གཅིག་ཏུ་སྤངས་ ཀྱང་བྲལ་བའི་ཐ་སྙད་མེད་དོ། །ལྔ་པ་ནི། གཏན་དུ་སྤང་བ་དང་། རེ་ཞིག་པའི་སྤང་བ་གཉིས་ལས། ལྷུང་བཟེད་ཚོལ་བའི་ཕྱོགས་གཅིག་དང་། བྱིན་འཕྲོག་ནི་གཏན་དུ་སྤང་བ་སྟེ། མདོ་འདི་ཉིད་ལས། གཞན་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་སྤང་ཞེས་བཤད་པ་དང་། དེ་ནི་ཕྱིར་སྦྱིན་པར་བྱ་བ་ཉིད་ཡིན་ནོ་ཞེས་བཤད་དོ། །དེ་གཉིས་ལས་གཞན་ནི་རེ་ཞིག་པའི་སྤང་བ་སྟེ་རེ་ཞིག་སྤངས་པ་དེ་དང་གནས་ཐ་དད་དུ་ཞག་གཅིག་བྲལ་བར་བྱ་བའོ། །དེ་ཡང་ཊཱི་ཀ་ལས། ཕྱིར་བཅོས་པའི་ཕྱིར་བཞག་པ་ཡིན་གྱི་སྦྱིན་པའི་ཕྱིར་བཞག་པ་མ་ཡིན་པའི་ ཕྱིར་ཞེས་བཤད་ཅིང་། ཊཱི་ཀ་ལས། སྤངས་པ་དེ་ཞག་གཅིག་བྲལ་བར་བྱ་ཞེས་གསུངས་སོ། །གཉིས་པ་ཚིག་གི་དོན་ནི། གོས་ཁྲུ་གང་ཁོར་ཡུག་ལས་ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་སྤང་དགོས་པ་ཉིད་དུ་མི་འགྱུར་རོ་སྟེ། ཊཱི་ཀ་ལས། སྤང་བར་འོས་པ་མ་ཡིན་པའི་ཕྱིར་རོ་ཞེས་ བཤད་དོ། །དེ་བཞིན་དུ་ཟས་ཁམ་དུ་མ་ལོངས་པ་དང་། སྣོད་སྤྱད་ཕོར་བུ་ལ་སོགས་པའི་བྱ་བ་མི་འགྲུབ་པ་དང་། རིན་པོ་ཆེ་གོས་ཁྲུ་གང་རི་བར་མ་ལོངས་པའམ་སྤང་མི་དགོས་པ་ཉིད་དུ་མི་འགྱུར་རོ་ཞེས་སྦྱར་རོ། །འདིར་ཤ་སྦལ་ན་རེ། སྣོད་སྤྱད་ཕུལ་དགུ་མི་ཤོང་ན་སྤང་ 6-1-430a མི་དགོས་ཟེར་ཡང་། རྣམ་འབྱེད་ལས། ཕོར་བུ་རྙེད་ནའང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །དཔེར་ན་སྣམ་སྦྱར་གྱི་ཐ་ཚད་མ་ལོངས་ཀྱང་ཁྲུ་གང་པ་སྤང་དགོས་པ་ལྟར་ལྷུང་བཟེད་ཀྱི་ཐ་ཚད་མ་ལོངས་ཀྱང་ཕོར་ བུའམ་སྨན་ཕོར་གྱི་དགོས་པ་གྲུབ་ན་སྤང་དགོས་པས་སོ། །སྒོ་རིས་སུ་བཅད་པའི་དགེ་འདུན་དང་། སྒོ་རིས་སུ་མ་བཅད་པའི་དགེ་འདུན་གཉིས་ལས། སྒོ་རིས་སུ་མ་བཅད་པའི་དགེ་འདུན་གྱི་དངོས་པོ་ཡང་ངོ་སྟེ་སྤང་དགོས་པ་ཉིད་དུ་མི་འགྱུར་རོ་ཞེས་སྦྱར་རོ། །དེའི་རྒྱུ་མཚན་ ནི་ཊཱི་ཀ་ལས། བདག་གིར་བྱ་བ་མི་འབྱུང་བས་ཞེས་བཤད་དོ། །སྒོ་རིས་སུ་བཅད་པའི་དགེ་འདུན་གྱི་དངོས་པོ་ཡང་སྤང་མི་དགོས་ཞེས་ཤ་མི་ལ་སོགས་པ་གསུང་ཡང་། དེ་ནི་སྤང་དགོས་ཏེ་སྲ་བརྐྱང་འབྱིན་པའི་སྤང་ལྟུང་གི་ཊཱི་ཀ་ལས། སྲ་བརྐྱང་གི་རྙེད་པ་དེ་ཡང་དགེ་ འདུན་ལས་མ་བགོས་པའི་གནས་སྐབས་ཁོ་ན་ན་སྤང་བར་བྱ་བ་ཉིད་ཡིན་ཅེས་བཤད་ཅིང་། འགྲེལ་ཆུང་ལས་ཀྱང་། ཕྱོགས་བཅུའི་དགེ་འདུན་གྱི་ནི་སྤང་དུ་མི་དབང་ལ་མཚམས་གཅིག་གི་དགེ་འདུན་གྱིས་ནི་སྤང་དགོས་སོ་ཞེས་བཤད་དོ། །འོ་ན་དགེ་འདུན་དབང་བའི་དངོས་ པོ་ལས་འཆང་འཇོག་གི་ཉེས་པ་འབྱུང་མི་འབྱུང་ཞེ་ན། སྒོ་རིས་སུ་བཅད་པའི་དགེ་འདུན་དབང་བའི་དངོས་པོ་ལས་ནི་འཆང་འཇོག་གི་ཉེས་པ་འབྱུང་ལ། སྒོ་རིས་སུ་མ་བཅད་པ་ཕྱོགས་བཅུའི་དགེ་འདུན་དབང་བའི་དངོས་པོ་ལས་ནི་འཆང་འཇོག་གི་ཉེས་པ་མི་འབྱུང་སྟེ། ཊཱི་ཀ་ ལས། དགེ་འདུན་མངའ་བའི་དངོས་པོ་ནི་རྣམ་པ་གཉིས་ཏེ། དགེ་འདུན་མངའ་བ་གང་ཟག་གི་བདག་རིས་སུ་བཅད་པ་དང་། དགེ་འདུན་མངའ་རིས་སུ་མ་བཅད་པའོ། །དེ་ལ་དགེ་འདུན་མངའ་བ་གང་ཟག་གི་བདག་ཉིད་ཀྱི་རིས་སུ་བཅད་པའི་དངོས་པོ་ལ་ནི་འཆང་བ་དང་། 6-1-430b འབྲལ་བ་དང་། འཇོག་པའི་རྒྱུས་སྤང་བའི་ལྟུང་བྱེད་དག་བྱུང་སྟེ། དེ་ལ་ཐམས་ཅད་གང་ཟག་གི་དང་འདྲ་བར་བདག་གིར་བྱ་བ་འབྱུང་བའི་ཕྱིར། དགེ་འདུན་མངའ་བ་རིས་སུ་མ་བཅད་པ་ལ་ནི་གང་ཟག་གཞན་གྱི་དང་འདྲ་བར་བདག་གིར་བྱ་བ་མི་འབྱུང་བས་དེ་ལ་ནི་སྔར་ བསྟན་པ་ཐམས་ཅད་མི་འབྱུང་ངོ་ཞེས་གསུངས་སོ། །ཤ་སྦལ་ལ་སོགས་པ་ན་རེ། ཊཱི་ཀ་ལས། དགེ་འདུན་མངའ་བ་གང་ཟག་གི་བདག་ཉིད་དུ་རིས་སུ་བཅད་པ་ཞེས་གསུངས་པ་དེ་ནི་གང་ཟག་སོ་སོར་བགོས་པ་ལ་དགོངས་པ་ཡིན་གྱི། སྒོ་རིས་སུ་བཅད་པའི་དགེ་འདུན་ ལ་ཡང་འཆང་འཇོག་གི་ཉེས་པ་མི་འབྱུང་སྟེ། དགེ་འདུན་ལ་འཆང་འཇོག་གི་ཉེས་པ་འབྱུང་ན་འཆང་འཇོག་གི་དགག་བྱ་འདོད་པ་ཆེས་པ་ཡིན་པའི་ཕྱིར། དགེ་འདུན་ལ་འདོད་ཆེས་ཀྱི་དགག་བྱ་ཡོད་པར་ཐལ་བར་འགྱུར་ལ། འདོད་ན། དགེ་འདུན་ལ་འདོད་ཆེས་ཀྱི་དགག་ བྱ་མེད་པར་གསུངས་ཏེ། ལུང་ཕྲན་ཚེགས་ལས། གྲོང་དང་ཞིང་ལོངས་སྤྱོད་དང་ལོངས་སྤྱོད་ཀྱི་མཆོག་བ་ལང་མ་ཧེ་ར་ལུག་དགེ་འདུན་གྱི་ཆེད་དུ་བླང་དུ་རུང་ངོ་ཞེས་དང་། དཀོན་མཆོག་གི་དོན་དུ་བུན་བསྐྱེད་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་ཟག་སོ་སོར་བགོས་པ་ཡིན་ན། ཊཱི་ཀ་ཉིད་ལས། གང་ཟག་གི་དང་འདྲ་བར་བདག་གིར་བྱ་བ་འབྱུང་བའི་ཕྱིར་རོ་ཞེས་བཤད་པས། འདྲ་བའི་ཕྱིར་ན་དངོས་མ་ཡིན་པ་དང་འགལ་ཅིང་། ཊཱི་ཀ་ལས། དགེ་འདུན་མངའ་བའི་དངོས་པོ་ནི་རྣམ་པ་གཉིས་ཏེ་ཞེས་དགེ་འདུན་དབང་ བར་གསུངས་པ་དང་ཡང་འགལ་ལོ། །འཆང་འཇོག་གི་དགག་བྱ་འདོད་ཆེས་ཡིན་ཀྱང་། དགེ་འདུན་ལ་འདོད་ཆེས་ཀྱི་དགག་བྱ་ཡོད་པར་ཐལ་བར་ཡང་མི་འགྱུར་ཏེ་ལྟུང་བ་བསྐྱེད་པ་ལ་བྱ་བ་དེ་འབྲེལ་གྱི་དགག་བྱ་ཡོད་པས་མ་ཁྱབ་པའི་ཕྱིར་ཏེ། མི་དགའ་བའི་བསམ་པ་མ་ 6-1-431a སྐྱེས་ཀྱང་ངོ་ཞེས་གསུངས་པ་བཞིན་ནོ། །སྤང་བར་བྱ་བ་འདི་ལ་དངོས་པོ་དེ་ཚིག་གམ་སྟོར་བས་གང་ཟག་དེ་ལ་མེད་པ་དེ་ཉིད་སྤངས་པའི་གཙོ་བོའོ། །བཙོངས་པའམ་བརྗེས་པས་སྤངས་པའི་གོ་ཆོད་ལ། གནས་སྐབས་དབང་བྱར་མེད་པ་ཙམ་གྱིས་ནི་སྤངས་ པའི་གོ་མི་ཆོད་ལ། དང་པོ་དེས་མེད་པ་ཉིད་དུ་གྱུར་ན་ཞག་འདས་པ་ལ་བལྟོས་མི་དགོས་ཏེ། བརླག་པར་ཤེས་པ་ཙམ་གྱིས་ཐམས་ཅད་དུ་བདག་གིར་བྱས་པ་དང་བྲལ་བའི་ཕྱིར་རོ་ཞེས་གསུངས་སོ། །འོན་ཀྱང་བྱིན་འཕྲོག་གི་སྐབས་སུ། འདུལ་བ་ཀུན་བཏུས་ལས། ཕྱིར་སྦྱིན་པ་ འདི་ནི་སྤངས་ཤིང་བྲལ་བར་བྱ་བའི་ཆོ་ག་ཡིན་ལ། དེའི་འོག་ཏུ་ཞག་གཅིག་ལ་སོགས་པ་ལོན་ན་ལྟུང་བ་དེ་ཕྱིར་བཅོས་པར་བྱའོ་ཞེས་དེ་ཡང་ཞག་འདས་པ་ལ་བལྟོས་པར་བཤད་དོ། །ལྔ་པ་དང་པོ་གསུམ་གྱི་ཐུན་མོང་ནི། ཆོས་གོས་གསུམ་པོ་ཚང་བར་སྲ་བརྐྱང་དུ་བཏིང་བ་ལ་བཏིང་ བར་ཤེས་ལ། འདུ་ཤེས་མ་འཁྲུལ་ཅིང་ཆོས་གོས་གསུམ་པོ་ལ་སྲ་བརྐྱང་གི་བྱིན་རླབས་ཆགས་པ་མ་ཞིག་པ་དང་ལྡན་པའི་དགེ་སློང་ཆོས་ཅན། འཆང་འབྲལ་འཇོག་པའི་ལྟུང་བ་འདི་གསུམ་གྱི་རྒྱུན་དང་པོ་ནི་མི་འབྱུང་ངོ་སྟེ་འཆང་འབྲལ་འཇོག་པའི་བཅས་པ་བག་ཡངས་དང་ལྡན་ པའི་ཕྱིར་རོ། །དེ་ཡང་སྲ་བརྐྱང་འདིངས་པའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བྱས་པ་ལ་ནི་ལྟུང་བ་འདི་གསུམ་མི་འབྱུང་བར་མ་ངེས་ཏེ། མདོ་ཉིད་ལས། མི་འབྱུང་བ་ཉིད་ཀྱིས་ཁ་སྐོང་དུ་མི་འབྱུང་བ་ཉིད་མ་ཡིན་ནོ་ཞེས་གསུངས་པས། དབྱར་ཁས་མ་བླངས་པ་ལ་སོགས་པ་སྲ་ བརྐྱང་མི་འབྱུང་བ་ཉིད་ཀྱིས་སྲ་བརྐྱང་འདིངས་བའི་དགེ་འདུན་གྲངས་ཀྱི་ཁ་སྐོང་དུ་རུང་ཡང་སྲ་བརྐྱང་མི་འབྱུང་བ་དེས་འཆང་འབྲལ་མི་འབྱུང་བ་ལ་སོགས་པ་སྲ་བརྐྱང་གི་ཕན་ཡོན་མི་ཐོབ་བའི་ཕྱིར། སྲ་བརྐྱང་བཏིང་ཡང་ཆོས་གོས་སྲ་བརྐྱང་དེ་ཉིད་དང་བྲལ་ན་ནི་འབྲལ་ལྟུང་འབྱུང་སྟེ། 6-1-431b ཊཱི་ཀ་ལས། དགེ་སློང་འགའ་ཞིག་སྲ་བརྐྱང་གི་གནས་སུ་བཞག་པར་བྱ་སྟེ། གཞན་དུ་སྐྱ་རེངས་འཆར་བའི་དུས་སུ་སྲ་བརྐྱང་རང་འཇུག་པ་དང་བྲལ་བར་འགྱུར་བ་དང་། འབྲལ་བའི་ཉེས་པར་ཡང་འགྱུར་རེ་ཞེས་འབྲལ་ལྟུང་འབྱུང་བ་སྲ་བརྐྱང་འཇིག་པ་དང་དུས་མཉམ་པར་བཤད་དོ། ། དེས་ན་སྲ་བརྐྱང་བཏིང་བ་ལ་འབྲལ་ལྟུང་འབྱུང་ལ། སྲ་བརྐྱང་དང་ལྡན་པ་ལ་མི་འབྱུང་ངོ་ཞེས་རིགས་པར་བྱའོ། །ཡང་ཡང་ཟ་བ་ལ་སོགས་ཀྱི་ལྟུང་བའང་སྲ་བརྐྱང་བཏིང་བ་ལ་མི་འབྱུང་བར་ལུང་གཞི་ལས་གསུངས་ན་ཅིའི་ཕྱིར་འདི་གསུམ་ཁོ་ན་སྨོས་ཞེ་ན། ལུང་རྣམ་འབྱེད་ལས་འདི་ གསུམ་མི་འབྱུང་བར་གསུངས་པས་དེའི་དོན་འདིར་བསྡུས་པ་ཡིན་ནོ། །འདིར་སྨྲས་པ། ལེགས་བྱས་བཞིན་ལ་འདུལ་དོན་ཟླ་བ་བརྒྱ། །ཚོགས་པའི་ལྷུན་པོ་ཁ་ན་མ་ཐོ་མེད། །ཤེས་བྱ་མདོ་མངོན་ལྟ་བའི་མིག་གཉིས་པོ། །ཨུཏྤལ་སྔོན་པོའི་ནགས་ལས་ཇེ་ཇེར་མཐིང་། །སྟོང་ཉིད་ སྙིང་རྗེའི་ལག་པ་གཞོན་ནུ་ནི། །པདྨའི་རྩ་བ་ལས་ཀྱང་རབ་མཉེན་པ། །ཐོས་པའི་རྒྱ་མཚོས་མི་ངོམས་ནུ་མ་ནི། །ཆེད་དུ་བྱ་བའི་སྦྱོར་བས་དམ་དུ་བཟུང་། །འདོད་པའི་ཚ་གདུང་ཐུང་ངུར་བྱེད་པ་ནི། །ཁོ་བོའི་ལེགས་བཤད་མ་ལ་ཡ་ཡི་རླུང་། །སྔ་རབས་མཁས་པའི་ས་འཛིན་འོངས་པ་ ལས། །དྲི་མཆོག་བཅོས་མའི་གསར་བུ་འདིར་སྣང་ན། །ཐར་དོན་གཉེར་བའི་དྲི་ལ་མངོན་དགའ་བ། །གཞོན་ནུ་གཡེམ་མས་འདིར་ཡིད་འབྱུང་བར་རིགས། །ཐུབ་བསྟན་ཡི་ག་གསོས་པའི་དྲི་ངད་འདི། །བདག་གིས་སྦྱོར་ཚུལ་ཤེས་ནས་རིང་ཞིག་ལོན།། །།གཉིས་པ་ལ། བཅུ་ཚན་ དང་པོ་རྣམ་པར་བཤད། །བཅུ་ཚན་བར་པ་ལེགས་པར་སྤྲོ། །བཅུ་ཚན་ཐ་མ་ཡང་དག་བསྟན། །དང་པོ་ལ་བཅུ་ལས། དང་པོ་གོས་ལྷག་འཆང་བ་ལ། རང་སྟོབས་ཀྱིས་བསྐྱེད་ལྟུང་བ་དང་། །ཤན་སྟོབས་ཀྱིས་བསྐྱེད་ལྟུང་བའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། ། 6-1-432a དང་པོ་ལ་བཞི་ལས། གླེང་གཞི་ལ་གཉིས་ཀྱི་སྔར་བཅས་ནི། མཉན་ཡོད་དུ་དགེ་སློང་རྣམས་ཆོས་གོས་མང་པོ་འཆང་བར་བྱེད་པ་ལ་བརྟེན་ནས་དགེ་སློང་གིས་ཆོས་གོས་གསུམ་ལས་ལྷག་པ་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བསླབ་པའི་གཞི་བཅའ་བར་ མཛད་དོ། །རྗེས་བཅས་ནི་རྒྱལ་པོའི་ཁབ་ཏུ་འོད་སྲུང་ཆེན་པོའི་བྱུང་བ་ལ་བརྟེན་ནས་དགེ་སློང་གིས་ཆོས་གོས་བྱིན་གྱིས་མ་བརླབས་པར་ཞག་བཅུ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ དབང་བའི་གོས་བྱིན་གྱིས་མ་བརླབས་པར་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དགེ་སློང་གིས་འཆང་བའི་དངོས་པོ་དང་། གང་གིས་འཆང་བའི་རྟེན་ནོ། །དང་པོ་ལ་བདུན་ལས་ གོས་ཡིན་པ་སྟེ། གོས་ལའོ་ཞེས་སོ། །རུང་བ་དང་ཁྲུ་གང་དུ་ལོངས་པ་ཡན་ཆད་ཀྱི་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས། རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ཞེས་པ་དང་། རུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ་ཞེས་སོ། །སེལ་བ་ནི་ མི་རུང་བ་དང་ཚད་དུ་མ་ཆོག་པ་ལས་ནི་ན་སྨད་དུ་འགྱུར་ཏེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །གནས་སྐབས་དབང་བྱར་ཡོད་པ་སྟེ་ཡོད་ནའོ་ཞེས་སོ། །གཞན་དུ་ན་ལྟུང་བ་མེད་དོ། །རང་ཉིད་དབང་བ་ཡིན་པ་སྟེ། རང་གི་ཉིད་དོ་ཞེས་སོ། །གཞན་འབའ་ཞིག་ དབང་བའི་གོས་ཡིན་ན་ལྟུང་བ་མེད་དོ། །བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ་འབྲེལ་ཡང་ཤན་རྗེས་སུ་ཞུགས་པ་སྟེ་གཞུང་འདི་ཉིད་ན་གསལ་ལོ། །ཟླ་འཇོག་གི་གོས་ཁ་སྐོང་བ་ལ་རེ་བ་དང་བཅས་ཏེ་བཞག་པའི་ཁ་གསོག་གི་གོས་མ་ཡིན་པ་སྟེ་ཟླ་འཇོག་གི་སྐབས་ནས་གཞན་དུ་ 6-1-432b ན་དེ་ནི་ཞག་སུམ་ཅུ་འདས་ནའོ་ཞེས་སོ། །གཉིས་པ་གང་གིས་འཆང་བའི་རྟེན་ནི་སྲ་བརྐྱང་དང་མི་ལྡན་པ་སྟེ། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། དེ་ཡང་ ངེས་པའི་འདུ་ཤེས་སམ་རང་གི་གཞིའི་རྣམ་པ་མ་དོར་བར་འཛིན་པའི་ཡིད་ཀྱིས་ཀྱང་རུང་སྟེ། ཊཱི་ཀ་ལས། ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ནའོ་ཞེས་སོ། །ཀུན་སློང་ནི་རང་དོན་དུ་གོས་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གོས་དེ་བྱིན་རླབས་མི་བྱེད་པར་འཇོག་པ་ ཉིད་ཡིན་གྱི། ལུས་ངག་ཏུ་ཐོན་པ་མི་དགོས་ཏེ་བྱ་བ་མི་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །ཀླུབས་དཀར་ནི་འཆང་བ་གཉིས་དང་ཟླ་འཇོག་ལ་སྦྱོར་བ་མེད་ཅེས་ཟེར་ཡང་། འདུལ་བ་བསྡུས་པ་ལས། སྦྱོར་བ་ཡང་རྣམ་པ་གཉིས་ཏེ། བྱ་བ་མ་ཡིན་པ་བྱེད་པའི་སྦྱོར་བ་དང་། བྱ་བ་མི་ བྱེད་པའི་སྦྱོར་བའོ་ཞེས་གསུངས་པ་དང་འགལ་ལོ། །མཐར་ཐུག་ནི་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུའི་མཚན་མོར་མཐའི་སྐད་ཅིག་གོ། གཉིས་པ་ཚིག་གི་དོན་ནི། ཡོད་ནའོ་ཞེས་པ་བྱིན་གྱིས་བརླབ་པ་ལ་རང་དབང་དུ་ཡོད་ན་སྟེ། གོས་དེ་གཞན་གྱི་མཛོད་དམ་པོར་ཚུད་ཅིང་ ལྡེའུ་མིག་ཡུལ་གཞན་དུ་ཁྱེར་བའམ་གོས་དེ་ཡུལ་གཞན་དུ་ལུས་པ་ལ་སོགས་པ་ལ་ནི་བྱིན་རླབས་མེད་པར་ཞག་བཅུ་འདས་ཀྱང་འཆང་ལྟུང་མི་འབྱུང་སྟེ། རང་དབང་དུ་བྱིན་གྱིས་བརླབ་ཏུ་མེད་པའི་ཕྱིར་ཞེས་བླ་མ་དག་འཆད་དོ། །ཁ་ཅིག་ན་རེ། དེ་ལ་ཡང་ཞག་བཅུ་འདས་ན་འཆང་ ལྟུང་འབྱུང་སྟེ་བསྔོ་བ་ལ་རང་དབང་དུ་ཡོད་པའི་ཕྱིར་ཞེས་ཟེར་རོ། །འོན་ཀྱང་གཞན་གྱི་མཛོད་དུ་ཆུད་པའི་གོས་དེ་གཞན་ལ་བསྔོས་ན་བྱིན་མ་བྱིན་གཉིས་ལས། བསྔོས་པ་མ་སྦྱིན་ན་ཉེས་བྱས་སུ་འགྱུར་ལ། གོས་དེ་གང་ལ་བསྔོས་པ་དེ་ལ་བྱིན་ན་ཡང་བདག་ཉིད་ཆོས་གོས་ཀྱིས་ 6-1-433a ཕོངས་པར་འགྱུར་མི་འགྱུར་གཉིས་ལས། གཉིས་པ་ལྟར་ན་ནི་གོས་དེ་གཞན་ལ་མ་བསྔོས་པར་ཞག་བཅུ་འདས་ན་འཆང་ལྟུང་དུ་འགྱུར་བ་བདེན་ཡང་། དང་པོ་ལྟར་ན་ཆོས་གོས་དེ་བྱིན་རླབས་མེད་ཅིང་གཞན་ལ་མ་བསྔོས་པར་ཞག་བཅུ་འདས་ཀྱང་འཆང་ལྟུང་མི་ བསྐྱེད་དེ། ལོངས་སྤྱོད་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པའི་ཕྱིར་རོ། །རང་མི་དབང་བའི་གོས་འཆང་བ་ལས་ཀྱང་སྤང་ལྟུང་བསྐྱེད་དམ་ཞེ་ན། སྤང་ལྟུང་འདི་བསྐྱེད་པ་ལ་བདག་པོ་རང་གི་ཡིན་པ་ཡན་ལག་ཉིད་དོ། །ཞག་གྲངས་ཇི་ཙམ་སྤང་བར་འགྱུར་ཞེ་ན། བདག་པོ་རང་ཉིད་ཡིན་པ་དེ་ཞག་བཅུར་སྔ་མའི་རྗེས་ སུ་ཕྱི་མ་རྒྱུན་མ་ཆད་པར་རྗེས་སུ་ཞུགས་པ་སྟེ། ཞག་སྔ་མའི་རྗེས་སུ་ཞག་ཕྱི་མ་རྒྱུན་ཆགས་སུ་ཞུགས་པ་ཡན་ལག་ཉིད་དོ། །འོ་ན་གོས་བྱིན་གྱིས་མ་བརླབས་པར་ཞག་བརྒྱ་ལ་སོགས་པས་འདས་ན་ཅིར་འགྱུར་ཞེ་ན། འདི་ལ་སྔ་རབས་ཀྱི་འདུལ་འཛིན་རྣམས་ལ་འདོད་ལུགས་བཞི་བྱུང་སྟེ། བ་རང་བ་ན་རེ། འཆང་ལྟུང་ཁྲ་བོ་ཡིན་ཏེ་ཕྱིན་ཆད་ཞག་བཅུ་བཅུ་ན་སྤང་ལྟུང་རེ་རེ་འབྱུང་བ་ཡིན་ནོ། །དེའི་ཕྱིར་ཊཱི་ཀར། ཟླ་བ་གཅིག་པའི་སྤང་བ་འདི་ལ་ཞག་བཅུ་པ་དང་པོ་དང་། གཉིས་པ་དང་། གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་བལྟོས་པ་མེད་དོ་ཞེས་གསུངས་པའི་ཕྱིར་ཞེས་ གསུང་ཡང་། འདི་ནི་དེའི་ཤེས་བྱེད་མིན་ཏེ་འདི་ལ་ཞེས་དང་ཤན་གྱི་ཕྱིར་ངེས་པར་བཟུང་བའི་ཕྱིར་རོ། །རྡོ་རྗེ་གཞོན་ནུ་སོགས་ཁ་ཅིག་དཀར་འབྱམ་དུ་འདོད་དེ་དེ་ཕྱིན་ཆད་ལྟུང་བ་དེ་མ་བཤགས་བར་དུ་ལྟུང་བ་དེ་གཏན་ནས་མེད་དེ། ཁོ་ཉིད་ཀྱིས་གཉེན་པོ་བཏང་བའི་ཕྱིར་ཞེས་ཟེར་རོ། །དེ་ ནི་མ་ཡིན་ཏེ་ལྟུང་བ་གཉེན་པོའི་ལྟུང་བྱེད་མིན་པའི་ཕྱིར་དང་། ཕོ་བྲང་དུ་ནུབ་གཅིག་ལ་འཇུག་ཐེང་ཇི་སྙེད་བྱས་པའི་ལྟུང་བ་འབྱུང་བར་གསུངས་པ་དང་། རྩྭ་རེ་རེ་ལ་ལྟུང་བ་རེ་རེ་འབྱུང་བར་གསུངས་སོ། །དེས་ན་ནག་འབྱམ་ཆུང་ངུར་འདོད་པ་དང་། ནག་འབྱམ་ཆེན་མོར་འདོད་པ་ 6-1-433b དང་ངོ་། །ཤ་མི་དང་མཚོ་སྣ་པ་ཆེན་པོ་སོགས་ནག་འབྱམ་ཆེན་མོར་བཞེད་དེ། དེ་ཡང་ཞག་བཅུ་ནས་ཞག་རེ་རེ་ལ་སྤང་ལྟུང་རེ་རེ་འབྱུང་སྟེ། གྲོང་དུ་རྒྱུ་བའི་ཊཱི་ཀ་ལས། ཁྱིམ་རེ་རེར་སོང་བ་ལ་ལྟུང་བྱེད་རེ་རེར་འགྱུར་ཞེས་ནག་འབྱམ་དུ་གསུངས་པ་དང་། པུ་ནྱ་ཤྲཱིའི་གདམས་ ངག་ལས་ཀྱང་ནུབ་ལྷག་པར་ཉལ་བ་ལ་མཚན་མོ་གསུམ་པ་ནས་ནུབ་རེ་རེ་ན་ལྟུང་བྱེད་རེ་རེ་འབྱུང་བར་ནག་འབྱམ་དུ་གསུངས་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར། རིགས་པས་ཀྱང་ཞག་རེ་རེ་ལ་དགག་བྱ་སྔ་མའི་རྒྱུན་གནས་པའི་ཕྱིར་རོ། །འོ་ན་སྤངས་པའི་ནུབ་མོ་ཡང་འཆད་ པའི་སྤང་ལྟུང་འབྱུང་བར་འགྱུར་ཞེ་ན། དེའི་ཚེ་ན་འཆང་ལྟུང་མི་འབྱུང་སྟེ་གནས་སྐབས་དབང་བྱར་མེད་པའི་ཕྱིར། དུས་གང་གི་ཚེ་ན་སྤང་བར་འགྱུར་ཞེ་ན། ཞག་བཅུ་ལས་གཞན་ཞག་བཅུ་གཅིག་པའི་ཉི་མའི་སྐད་ཅིག་དང་པོ་ལ་སྟེ་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོའི་ སྐད་ཅིག་ལ་སྤང་བར་འགྱུར་རོ། །དངོས་པོ་གང་འཆང་བ་ལ་ཞེ་ན། གོས་ལའོ། །ལྷུང་བཟེད་དང་སྨན་ལའོ། །གོས་དེ་ཡང་ཚད་ཇི་ཙམ་ལོངས་ན་ཟླ་འཇོག་ཏུ་མི་འགྱུར་བར་འཆང་བའི་སྤང་བ་ཉིད་དུ་འགྱུར་ཞེ་ན། འཁོར་ལོ་གསུམ་པུས་མོའི་འཁོར་ལོ་གཉིས་དང་། ལྟེ་བའི་ འཁོར་ལོ་སྟེ་འཁོར་གསུམ་ཁེབས་པའི་མཐའི་ཚད་ཡན་ཆད་ལའོ། །མདོ་འདི་དང་། ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ་ཞེས་གསུངས་པ་དང་འགལ་ཅེ་ན། ཆུང་བ་ཁྲུ་གང་ཡན་ཆད་ལས་ཀྱང་འཆང་བའི་སྤང་ལྟུང་དུ་འགྱུར་མོད་ཀྱི། ཁ་སྐོང་བ་ལ་རེ་བ་ཡོན་ཀྱང་ཟླ་ འཇོག་གི་སྤང་ལྟུང་དུ་མི་འགྱུར་བར་འཆད་ལྟུང་དུ་འགྱུར་བའི་གོས་ཀྱི་ཐ་ཚད་བསྟན་པའི་ཕྱིར། འཁོར་གསུམ་ཁེབས་པ་ཐ་ཚད་ལའོ་ཞེས་གསུངས་སོ། །འགྲེལ་ཆུང་ལས། འཁོར་གསུམ་ཁེབས་པའི་ཐ་ཚད་འདི་ནི་ཆོས་གོས་གསུམ་དུ་བྱིན་གྱིས་བརླབ་ཏུ་རུང་བའི་ཚད་ཅེས་བཤད་དེ། ཚད་ 6-1-434a དེ་ལ་ཆོས་གོས་གསུམ་གྱི་བྱིན་རླབས་འཆགས་པས་ཟླ་འཇོག་ཏུ་མ་གནང་ངོ་། །གོས་དེ་ཡང་རང་ངམ་གཞན་གྱིས་རུང་བ་བྱིན་གྱིས་བརླབས་པ་དང་མ་འབྲེལ་བའི་གོས་འཆང་བ་ལ་སྤང་ལྟུང་བསྐྱེད་པའོ། །གཉིས་པ་ནི། གོས་དེ་བྱིན་གྱིས་བརླབས་པ་དང་ འབྲེལ་ཡང་འཆང་བའི་སྤང་ལྟུང་བསྐྱེད་པ་ཡོད་དེ། གོས་གཞན་བྱིན་གྱིས་མ་བརླབས་པའི་ཤན་རྗེས་སུ་ཞུགས་པ་དང་བཅས་པ་ལ་སྤང་ལྟུང་བསྐྱེད་པའོ། །འདི་ལ་གཉིས་ཏེ། གོས་སྔར་རྙེད་བྱིན་གྱིས་མ་བརླབས་ན་གོས་ཕྱིས་རྙེད་བྱིན་གྱིས་བརླབས་ཀྱང་ཤན་གྱི་ལྟུང་བ་འབྱུང་བ་ དང་། གོས་གཉིས་དུས་གཅིག་ཏུ་རྙེད་ན་གོས་གཅིག་བྱིན་གྱིས་མ་བརླབས་ན་གོས་གཅིག་བྱིན་གྱིས་བརླབས་ཀྱང་ཤན་གྱི་ལྟུང་བ་འབྱུང་ངོ་། །གོས་སྔར་རྙེད་བྱིན་གྱིས་མ་བརླབས་ན་དེའི་ཤན་གྱིས་གོས་ཕྱིས་རྙེད་བྱིན་གྱིས་བརླབས་པ་འཆང་བའི་ལྟུང་བ་བསྐྱེད་པ་དེ་ཕྱིས་རྙེད་བྱིན་གྱིས་ བརླབས་པ་དེ་ཉིད་ཀྱིས་ཞག་བཅུ་འདས་པ་ཡན་ལག་ཏུ་དགོས་སམ། སྔར་རྙེད་ཀྱིས་ཞག་བཅུ་འདས་པ་ན་ལྟུང་བར་འགྱུར་ཞེ་ན། གོས་ཕྱིས་རྙེད་བྱིན་གྱིས་བརླབས་པ་འདི་ལ་གཞན་སྔར་རྙེད་བྱིན་གྱིས་མ་བརླབས་པ་ཡོད་ན་སྔར་རྙེད་བྱིན་གྱིས་མ་བརླབས་པ་དེའི་ཤན་ཞག་གྲངས་དུ་ཡོད་ པ་ཚུན་ཆད་ནས་བགྲངས་ཏེ་ཞག་བཅུ་འདས་པས་སོ། །ཊཱི་ཀར། སྔ་མའི་ཤན་གྱི་དབང་གིས་ནི་ཕྱི་མ་ལ་ཡང་ཤན་འདྲེས་པར་འགྱུར་གྱི། ཕྱི་མའི་ཤན་གྱི་དབང་གིས་ནི་ཕྱི་མ་ཡང་ཤན་འདྲེས་པར་མི་འགྱུར་བར་ཤེས་པར་བྱའོ་ཞེས་སོ། །འཆང་བའི་སྤང་བའོ།། །།གཉིས་པ་འབྲལ་ བ་ལ། ལུང་རྣམ་འབྱེད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། ལྟུང་བ་མེད་པའི་བསླབ་བྱ་བསྟན། །བསླབ་པར་བྱ་བའི་གནས་སྐབས་བརྗོད། །ལྟུང་བའི་རྣམ་པར་བཞག་པ་འཆད། །གནས་དང་ཉེ་འཁོར་ཚད་བསྟན་པའོ། །དང་པོ་ནི། ལུང་ཕྲན་ 6-1-434b ཚེགས་ལས། དགེ་སློང་རྣམས་གདིང་བ་མེད་པར་ཕྱིན་པ་ན་དེ་རྣམས་འགྱོད་པར་གྱུར་པ་ལ། དགེ་སློང་དག་ངས་ཆོས་གོས་གསུམ་དང་འབྲལ་བ་ནི་གསུངས་ཀྱི། གདིང་བ་དང་ནི་མ་ཡིན་ཏེ་ཞེས་གསུངས་པའང་འདིར་བསྡུས་ལ། དགེ་སློང་གིས་གདིང་བ་བྱིན་གྱིས་བརླབས་ པ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ། །ལྷུང་བཟེད་དང་འབྲལ་བ་ལ་ཡང་ཉེས་པ་མེད་དེ། འདི་དང་རྒྱུ་མཚན་མཚུངས་པའི་ཕྱིར། ཤ་ལུགས་པ་ནི་འདིར་མི་རྒྱབ་ནག་པོའི་གླེང་གཞི་འདྲེན་ཏེ་ནོར་རོ། །གཉིས་པ་ལ། གདིང་བ་དང་འབྲེལ་བསླབ་བྱ་དང་། །རས་ཆེན་དང་འབྲེལ་བསླབ་ བྱ་དང་། །སྣམ་སྦྱར་དང་འབྲེལ་བསླབ་བྱ་དང་། །གོས་གསུམ་སོ་སོའི་བསླབ་བྱ་དང་། །སྣམ་སྦྱར་བསླབ་བྱ་གཞན་ཡང་བསྟན། །དང་པོ་ནི། ཅི་ཐམས་ཅད་དུའམ་ཞེ་ན། དགེ་སློང་གནས་གཞན་དུ་འགྲོ་བའི་ཚེ་གལ་ཏེ་དགོང་ཀ་ལྟ་བུ་དེང་ཉིད་ཕྱིར་བཟློག་ཅིང་གནས་འདིར་ གནས་པར་བྱའོ་སྙམ་པའི་བསམ་པ་མེད་ན་གདིང་བ་བཞག་སྟེ་གནས་གཞན་དུ་འགྲོ་བར་མི་བྱའོ། །ཞག་ལོན་པར་འགྲོ་ན་གདིང་བ་ཁྱེར་ཏེ་འགྲོ་བར་བྱའོ། །དེ་རིང་ཕྱིར་བཟློག་པར་བྱའོ་སྙམ་པ་དེ་ལྟར་བསམས་ཏེ་སོང་ནས་བར་ཆད་ཀྱི་དབང་གིས་ཕྱིར་བཟློག་པའི་དུས་མ་འབྱོར་ ན་གདིང་བ་དེ་གྲོགས་དག་ལ་བརྙས་ཏེ་གནས་གཞན་དེར་གནས་པར་བྱའོ། །གདིང་བ་བརྙར་མ་རྙེད་ན་བླ་གོས་སྣམ་ཕྲན་བདུན་པ་བཞི་བལྟབ་ཏུ་བྱས་པའི་སྟེང་དུ་མཚན་ཐོག་ཐག་ཏུའམ་ཞེ་ན། ཡུན་རིང་དུ་མི་ཉལ་ཏེ་ཡུན་ཐུང་ངུ་ཉིད་དུ་ཉལ་བར་བྱའོ། །དེས་ན་གདིང་བ་མེད་པར་དགེ་ འདུན་གྱི་གནས་མལ་ལ་ལོངས་སྤྱོད་པར་མ་གནང་སྟེ་གདིང་བ་མི་འཁྱེར་བའི་རྒྱུར་འགྲོ་བ་འགེགས་པའོ། །གཉིས་པ་ནི། སྣམ་སྦྱར་བཞག་པར་མི་འོས་པ་དགེ་སློང་མེད་ཅིང་སྒོ་གླེགས་མེད་པའི་གནས་སུ་དབྱར་གྱི་རས་ཆེན་ཡང་བཞག་པར་མི་བྱའོ། །ཊཱི་ཀར། གནས་གང་ 6-1-435a ན་དགེ་སློང་མེད་པ་དང་སྒོ་གླེགས་མེད་པ་གཉིས་ཀ་འདོམ་པ་དེར་བཞག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། གང་ཡང་རུང་བ་ཞིག་མེད་པར་བཞག་ན་ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་སོ། །ཆར་བབ་པ་ན་སྣམ་སྦྱར་ནི་བཞག་པ་ཡིན་ཀྱང་ཆར་བབ་ན་དབྱར་ གྱི་རས་ཆེན་མི་བཞག་གོ། ཊཱི་ཀར། དེ་ནི་དེ་སྐྱོབ་པ་ཡིན་པའི་ཕྱིར་རོ་ཞེས་སོ། །བགྲོད་པར་བྱ་བའི་གནས་ཆུ་ཀླུང་གིས་ཆོད་པར་གནས་གཞན་དུ་འགྲོ་བ་ལ་ཡང་རས་ཆེན་མི་བཞག་གོ། ཆར་འབབ་པ་དང་ཆུ་ཀླུང་གིས་ཆོད་པ་དེ་གཉིས་དོགས་པར་ཡང་རས་ཆེན་མི་བཞག་པར་ བསྐུར་རོ། །གསུམ་པ་ནི། སྣམ་སྦྱར་བཞག་པའི་གནས་དེ་ན་དགེ་སློང་དང་བཅས་པ་ཉིད་དང་། སྒོ་གླེགས་དང་བཅས་པ་ཉིད་དུ་བཅས་པའི་གནས་དང་། ཆར་འབབ་པ་དང་། ཆར་འབབ་ཏུ་དོགས་པ་དང་། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ཉིད་ལྟ་བུ་མེད་ན་སྣམ་སྦྱར་མེད་ པར་གར་ཡང་འགྲོ་བར་མི་བྱའོ་ཞེས་སྦྱར་རོ། །ཐམས་ཅད་དུའམ་ཞེ་ན། སྣམ་སྦྱར་དང་མི་འབྲལ་བའི་གནང་བ་མ་ཕྱིན་པ་སྟེ་གནང་བ་མ་ཐོབ་པ་དང་། སྲ་བརྐྱང་མ་བཏིང་བས་སྣམ་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ། །དགེ་སློང་དང་བཅས་ཤིང་སྒོ་གླེགས་དང་བཅས་པ་ ཡོད་ན་ནི་སྣམ་སྦྱར་མེད་པར་འགྲོ་བ་ལ་ཉེས་པ་མེད་དོ། །དགེ་སློང་དང་སྒོ་གླེགས་གང་རུང་གཅིག་མེད་ན་ནི་ཉེས་བྱས་ཕྲ་མོའོ། །ཆར་འབབ་པ་དང་དེར་དོགས་པ་ལ་སོགས་པ་ལ་ནི་ཉེས་བྱས་སོ། །དགེ་སློང་དང་བཅས་པ་ཉིད་དང་། སྒོ་གླེགས་དང་བཅས་པ་ཉིད་ན་ཡང་ བསྙེན་པར་མ་རྫོགས་པའི་ལག་ཏུ་སྣམ་སྦྱར་གཏམས་པ་ཡང་རུང་བར་སྣང་ངོ་། །འདིར་ལུང་གོས་ཀྱི་གཞི་ལས། སྣམ་སྦྱར་བཞག་ཏུ་རུང་བ་ནི་ལྔ་སྟེ། དགེ་སློང་དང་བཅས་པའི་གནས་སྒོ་གླེགས་དང་བཅས་པ་དང་། ཆར་འབབ་པ་དང་། འབབ་ཏུ་དོགས་པ་དང་། འབབ་ཆུའི་ 6-1-435b ཕ་རོལ་དུ་འགྲོ་བར་འདོད་པ་དང་། སྲ་བརྐྱང་བཏིང་བའི་གནས་དང་། དགེ་འདུན་གྱིས་གནང་བ་བྱིན་པར་གྱུར་པའོ་ཞེས་གནང་བ་ལྔ་གསུངས་པའི་ཤུགས་ཀྱིས་དགག་པ་ལྔ་བསྟན་པ་རྣམས་མདོ་འདིར་བསྡུས་པའོ། །སྐབས་འདིར་མུ་བཞི་སྲིད་དེ། སྣམ་སྦྱར་ཆུད་འཛའ་བྱེད་ ཆར་འབབ་པ་དང་། འབབ་ཏུ་དོགས་པ་དང་། ཆུ་ཀླུང་གིས་ཆོད་པར་འགྲོ་བ་ཡོད་པ་དང་། ཆུད་འཛའ་བ་སྲུང་བྱེད་དགེ་སློང་དང་བཅས་པ་དང་། སྡོམ་བྱེད་སྒོ་གླེགས་དང་བཅས་པ་ཡོད་པ་སྟེ་ཆུད་འཛའ་བ་སྲུང་བྱེད་གཉིས་ཀ་ཡོད་པ་དང་། གཉིས་ཀ་མེད་པ་དང་། ཆུད་ འཛའ་བྱེད་ཡོད་ལ་དེ་སྲུང་བྱེད་མེད་པ་དང་། ཆུད་འཛའ་བྱེད་མེད་ལ་ཆུད་འཛའ་བ་སྲུང་བྱེད་ཡོད་པའོ། །མུ་དང་པོ་ལ་སྣམ་སྦྱར་ཁྱེར་ཏེ་འགྲོ་ན་ཉེས་བྱས་དང་། མུ་གཉིས་པ་དང་གསུམ་པ་ལ་སྣམ་སྦྱར་མ་ཁྱེར་བར་གཞི་ལ་བཞག་སྟེ་འགྲོ་བ་ཉེས་བྱས་སུ་འགྱུར་བ་ནི། གནང་ བ་ཐོབ་རུང་མ་ཐོབ་རུང་སྲ་བརྐྱང་བཏིང་རུང་མ་བཏིང་རུང་གང་ཟག་ཐམས་ཅད་ལའོ། །མུ་གསུམ་པ་འདིར་ཆར་འབབ་པ་ལ་སོགས་ཡོད་ཀྱང་སྣམ་སྦྱར་མ་ཁྱེར་བར་བཞག་སྟེ་འགྲོ་ན་ཉེས་བྱས་སུ་འགྱུར་བ་ནི་ཆུད་ཟོས་པ་བས་གཏན་བརླག་དགག་བྱ་ཆེ་བའི་ཕྱིར་རོ། །མུ་བཞི་པ་ ལ་སྣམ་སྦྱར་མ་ཁྱེར་བར་གཞི་ལ་བཞག་སྟེ་འགྲོ་ན་ཉེས་བྱས་སུ་འགྱུར་བ་ནི་གང་ཟག་གི་བྱེ་བྲག་ལ་སྟེ། གནང་བ་མ་བྱིན་པ་དང་། སྲ་བརྐྱང་མ་བཏིང་བའི་དགེ་སློང་ལ་ཉེས་བྱས་འདི་བསྐྱེད་ཀྱི། གནང་བ་བྱིན་པ་དང་། སྲ་བརྐྱང་བཏིང་བ་ལ་ནི་ཉེས་པ་མེད་དོ། །བཞི་པ་ནི། ཆར་འབབ་པ་ལ་སོགས་པའི་རྐྱེན་གྱིས་དགེ་སློང་སྣམ་སྦྱར་མེད་པར་གྲོང་གཞན་དུ་འགྲོ་བ་ལྟ་བུ་ལ་ཉིན་མཚན་དེ་ཉིད་ལ་ཆོས་གོས་ཀྱི་གན་དུ་ཕྱིར་འོང་བར་མི་ནུས་ན་ཇི་ལྟར་བྱ་ཞེ་ན། ལུང་ལས་ཆོས་གོས་གསུམ་གྱི་གནས་སུ་ཕྱིན་པར་མི་འགྱུར་གནས་གཞན་ན་འདུག་པའི་ 6-1-436a ཆོས་གོས་ཀྱི་བྱིན་རླབས་ཕྱུང་སྟེ་གོས་གཞན་ཁྱིམ་པ་ཡན་ཆད་ཀྱི་གོས་སམ། གཞན་ལ་བརྙས་པ་ལ་ཆོས་གོས་བྱིན་གྱིས་བརླབས་པ་ནི་ཉེས་པ་མི་འབྱུང་བའི་ཆོ་གའི་རྣམ་པའོ། །དེ་ཡང་ཆོས་གོས་ཀྱི་ཕྱུང་བ་ནི་འབྲལ་བའི་ཉེས་པ་མི་འབྱུང་བའི་ཆོ་གའི་རྣམ་ པ་ཡིན་ལ། གཞན་ལ་བྱིན་གྱིས་བརླབས་པ་ནི་ཆོས་གོས་བྱིན་གྱིས་བརླབས་པ་མེད་པའི་ཉེས་པ་མི་འབྱུང་བའི་ཆོ་གའི་རྣམ་པ་ཡིན་ནོ། །འདིར་བྱིན་རླབས་དབྱུང་བ་ལ། ཕྲན་ཚེགས་ལས། སྔ་མ་རང་གི་སེམས་ཀྱིས་ཕྱུང་སྟེ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་ལ། འགྲེལ་ ཆུང་ལས། ཆོས་གོས་དེ་ལག་ན་འདུག་པ་ཙམ་དུ་བསམས་ཏེ་གྲོགས་པོ་གཅིག་གི་གན་དུ་དབྱུང་བའི་སྔགས་བྱས་པ་ཞེས་སོ། །ཕྱི་མ་ནི་དགེ་སློང་གཞན་ཡོད་པའི་དབང་དུ་བྱས་པ་དང་། སྔ་མ་ནི་དགེ་སློང་གཞན་མེད་པའི་དབང་དུ་བྱས་པ་སྟེ། ཆོས་གོས་དབྱུང་བ་དང་བྱིན་ གྱིས་བརླབས་པ་ནི་ཉེ་བར་མི་གནས་ན་ཡིད་ཀྱིས་རྣམ་པར་བརྟགས་པས་འཆགས་སོ། །ཞེས་འབྱུང་བས་སོ། །ལྔ་པ་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་སྦྱིན་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་དོན་དང་བསྡུས་དོན་ནོ། །དང་པོ་ནི། སྣམ་སྦྱར་ དང་བྲལ་ཡང་ལྟུང་བ་མི་འབྱུང་བ་དང་། ལས་ཀྱི་ཆོ་གས་བྱིན་པ་དང་། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ལ་ལྔ་ལས། དང་པོ་ཡུལ་གང་ལ་གནང་བ་སྦྱིན་པ་ནི་ཆོས་བཅུ་ལྡན་ཏེ། ཐུན་མོང་བ་བརྒྱད་ནི་ལས་ཀྱི་གཞིར་འཆད་ཅིང་། རྒན་པའམ་ནད་པ་ཡིན་པ་ དེ་གཉིས་ཚོགས་པ་དང་། སྔར་གནང་བ་སྦྱིན་པ་དང་ཡང་མ་འབྲེལ་བ་སྟེ། རྒན་པོ་དང་ནད་པ་དག་ལ་ཞེས་པ་དང་། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་འཁོར་དང་། འཁོར་མང་འཇོག་པ་ལ་གསུངས་པའི་གནད་ཀྱིས་སྦྱར་བར་བྱའོ། །གཉིས་པ་ལ་རྟེན་གང་གིས་གནང་ 6-1-436b བ་སྦྱིན་པ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་གཞི་གང་ལ་གནང་བ་སྦྱིན་པ་ནི་སྣམ་སྦྱར་ལྕི་བ་ཉིད་ཡིན་ན་ཞེས་སོ། །སྣམ་སྦྱར་ཡང་བ་དང་བླ་གོས་དང་མཐང་གོས་གཉིས་ལ་ནི་གནང་བ་འདི་མི་འཆགས་ཏེ། སྣམ་སྦྱར་ཡང་བ་ཡིན་ན་གནང་བ་འཆགས་པའི་རྐྱེན་ མེད་པའི་ཕྱིར། བླ་གོས་དང་མཐང་གོས་གཉིས་མ་ཁྱེར་ན་རབ་ཏུ་བྱུང་བའི་རྟགས་ཙམ་ཉམས་པར་འགྱུར་བས་དགག་བྱ་ཆེ་བའི་ཕྱིར་རོ། །བཞི་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི་སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བའི་ཆོ་ག་ནི་བཞི་སྟེ་འདུལ་བའི་སྐབས་རྗེས་སུ་སྒྲུབ་ པ་དང་། ཕྱག་འཚལ་ཅིང་སྤྱོད་ལམ་བརྟེན་པ་སྟེ། ལུང་ལས། ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བའོ་ཞེས་སོ། །ལུང་ལས་དགེ་འདུན་ལ་སྣམ་སྦྱར་ཉེ་བར་བསྟན་པ་དང་། གསོལ་བ་ལན་གསུམ་གདབ་པའོ། །དངོས་གཞིའི་ཆོ་ག་ནི་གསོལ་གཉིས་ཀྱི་ལས་སོ། །མཇུག་གི་ ཆོ་ག་ནི་ལས་ཀྱི་མཇུག་སྡུད་དོ། །ལྔ་པ་གནང་བ་འཇིག་པའི་རྒྱུ་ནི། རྟེན་མཚན་གྱུར་པ་དང་། བབས་པ་དང་། ཤི་བ་དང་། ནད་སོས་པར་གྱུར་བ་ལ་སོགས་ཏེ་མཚན་གྱུར་གྱི་སྐབས་ལས། འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་དང་། གནང་བ་འདི་འཆགས་པའི་ཞིང་མ་ཡིན་པར་ གྱུར་པའི་ཕྱིར་ཏེ་གོ་རིམ་བཞིན་ནོ། །གཉིས་པ་ནི། སྣམ་སྦྱར་རིན་གྱི་སྒོ་ནས་ལྕི་རུང་ཡང་རུང་དེ་ལྕིད་ཀྱི་སྒོ་ནས་ལྕི་བ་ཉིད་ཡིན་ན་སུ་ལ་ཞེ་ན། རྒན་པོ་དང་ནད་པ་དག་ལ་སྣམ་སྦྱར་དེ་དང་མི་འབྲལ་བའི་གནང་བ་སྦྱིན་ནོ། །གཞུང་འདི་ལྟར་འདོན་ན་བདེ་སྟེ། སྣམ་སྦྱར་ལྕི་བ་ ཉིད་ཡིན་ན་མི་འབྲལ་བའི་གནང་བ་རྒན་པོ་དང་ནད་པ་དག་ལ་སྦྱིན་ནོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོ་ལ་ཆོས་གོས་དང་འབྲལ་བར་བྱེད་པ་ལ་སྤང་བའི་ལྟུང་བྱེད་བཅས་སོ། །དགག་བྱ་ནི་བསྙེན་ 6-1-437a རྫོགས་ཀྱི་རྟགས་ཐུན་མོང་མ་ཡིན་པ་ཉམས་པ་དང་ཆོས་གོས་གསུམ་ཆུད་ཟོས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་ཆོས་གོས་གང་ཡང་རུང་བ་དང་མཚམས་ཐ་དད་དུ་འབྲལ་བར་བྱེད་པའི་ལྟུང་བ་དངོས་ གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འབྲལ་བའི་དངོས་པོ་དང་། གང་དུ་འབྲལ་བའི་གནས་དང་། གང་གིས་འབྲལ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། ཆོས་ གོས་གསུམ་ལས་གང་ཡང་རུང་བ་དང་ཞེས་བྱ་བ་ནི་སྣམ་སྦྱར་དང་བླ་གོས་དང་མཐང་གོས་ལས་གང་ཡང་རུང་བ་དང་ངོ་ཞེས་གསུངས་སོ། །དེ་གསུམ་ལས་གཞན་གདིང་བ་ལ་སོགས་པ་དང་བྲལ་ཡང་ཉེས་པ་མེད་དོ། །རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་ཡོངས་རྫོགས་ལྡན་ པ་སྟེ། བྱིན་གྱིས་བརླབས་པ་དང་གནང་བ་མ་ཐོབ་པ་ནི་བྱེད་པ་པོ་ཉིད་དོ་ཞེས་པས་སོ། །མཁོ་བ་དང་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་དང་། བྱིན་གྱིས་མ་བརླབས་པའི་ཆོས་གོས་དང་བྲལ་བ་ལ་ནི་ཉེས་པ་མེད་དོ། །གནས་སུ་ཕྱིན་པར་མི་འགྱུར་ན་ཆོས་གོས་ཀྱི་ཕྱུང་ སྟེ་ཞེས་བཤད་པས་སོ། །རུང་བ་དང་ཆོས་གོས་རང་རང་གི་ཚད་དང་ལྡན་པ་སྟེ་སྤྱིར་བཏང་བ་ལས་སོ། །དགོན་པ་བས་འཇིགས་པའི་དབང་གིས་ཆོས་གོས་གཅིག་གྲོང་དུ་བཞག་པ་མ་ཡིན་པ་སྟེ། དགོན་པ་གཅིག་པའི་ཆོས་གོས་གཅིག་ལ་ནི་ཞེས་པས་སོ། །གཉིས་པ་གང་དུ་འབྲལ་ བའི་གནས་ནི། ཆོས་གོས་ཀྱི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ཡིན་པ་སྟེ། དེའི་གནས་ཉེ་འཁོར་དང་བཅས་པ་ནས་གཞན་ན་ཞེས་སོ། །གསུམ་པ་གང་གིས་འབྲལ་བའི་རྟེན་ནི། སྲ་བརྐྱང་དང་མི་ལྡན་པ་དང་། སྣམ་སྦྱར་གྱི་ཆ་ནས་མི་འབྲལ་བའི་གནང་བ་མ་ཐོབ་པ་ 6-1-437b དང་། འཇིགས་པའི་དབང་གིས་ཆོས་གོས་གཅིག་གྲོང་དུ་བཞག་པའི་ཆ་ནས་དགོན་པའི་ཡི་དམ་དང་མི་ལྡན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་ཆོས་གོས་དང་མཚམས་ཐ་དད་དུ་བྲལ་བར་འདོད་པ་རྒྱུན་མ་ ཆད་པའོ། །སྦྱོར་བ་ནི་ཆོས་གོས་དང་མཚམས་ཐ་དད་དུ་འབྲལ་བར་བྱེད་པའོ། །མཐར་ཐུག་ནི་ཞག་གཅིག་གི་མཚན་མོ་མཐའི་སྐད་ཅིག་གོ། གཉིས་པ་ནི། སྤང་ལྟུང་འདིའི་བྱེད་པ་པོ་གང་ཞེ་ན། ཆོས་གོས་གསུམ་པོ་གང་ཡང་རུང་བ་སྟེ་རང་གི་འཚོ་བའི་ཡོ་བྱད་བྱིན་གྱིས་ བརླབས་པ་དང་། ཆོས་གོས་དང་མི་འབྲལ་བའི་གནང་བ་མ་ཐོབ་པ་ནི་འབྲལ་བའི་སྤང་ལྟུང་སྐྱེད་པའི་བྱེད་པ་པོ་ཉིད་དོ། །ཆོས་གོས་གསུམ་པོ་གང་ཡང་རུང་སྟེ། རང་གི་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་དེའི་གནས་ཉེ་འཁོར་དང་བཅས་པ་ནས་གཞན་ན་སྟེ། ཆོས་གོས་ དེའི་གནས་ལས་ཀྱང་གཞན་གནས་དེའི་ཉེ་འཁོར་ལས་ཀྱང་གཞན་ལ་གནས་པ་ལ་སྐྱ་རེངས་དང་པོ་འཆར་ཀའི་སྐད་ཅིག་དང་པོ་ཤར་ན་ཆོས་གོས་དང་འབྲལ་བའི་སྤང་བའོ། །མདོ་རྩ་བ་དང་རང་འགྲེལ་ལས། སྐྱ་རེངས་ཤར་ནའོ་ཞེས་གསུངས་པ་དང་། དེའི་ཊཱི་ཀ་ལས། སྐྱ་རེངས་དང་པོ་འཆར་ཀའི་སྐད་ཅིག་མ་དང་པོ་ལའོ་ཞེས་གསུངས་ཏེ་གཞུང་དེ་དག་སྐད་ཅིག་སྔ་ཕྱི་འགལ་ལོ་སྙམ་ན། མཚན་མོ་མཐའི་སྐད་ཅིག་སྟེ་སྐྱ་རེངས་འཆར་ཀའི་སྐད་ཅིག་ཉིད་ན་དངོས་གཞི་བསྐྱེད་ཅིང་། སྐྱ་རེངས་ཤར་བ་ན་དངོས་གཞི་སྐྱེས་པ་སྟེ། ལུང་དགེ་ སློང་ཕའི་རྣམ་འབྱེད་ཀྱི་འབྲལ་བའི་སྐབས་ལས། ནུབ་གཅིག་མཐར་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་དངོས་གཞི་བསྐྱེད་པར་གསུངས་པ་དང་། དངོས་གཞི་སྐྱེས་པ་ནི་དགེ་སློང་མའི་རྣམ་འབྱེད་ཀྱི་འབྲལ་བའི་སྤང་བའི་སྐབས་ལས། སྐྱ་རེངས་ཤར་ 6-1-438a ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་ཤིང་། འགྲེལ་ཆུང་ལས་ཀྱང་། སྐྱ་རེངས་བྱུང་བ་ན་ཆོས་གོས་དང་འབྲལ་བའི་སྤང་བའི་ལྟུང་བར་གྱུར་ཏོ་ཞེས་སོ། །བཞི་པ་ལ། གནས་ཀྱི་དབྱེ་བ་བསྟན་པ་དང་། །དེ་ཡི་ཉེ་འཁོར་ཚད་བསྟན་པ། །དེ་གཉིས་གཅིག་ པར་བསྟན་པའོ། །དང་པོ་ལ། མངོན་པར་བསྒྲུབ་པའི་གནས་ཉིད་དང་། །བདག་པོས་བྱེ་བྲག་བྱས་པའི་གནས། །སྐྱེ་བས་གྲུབ་པའི་གནས་དང་ནི། །བསྐྱོད་པར་ནུས་པའི་གནས་གང་དང་། །མཚམས་མེད་པ་ཡི་གནས་ཉིད་དོ། །དང་པོ་ནི། ཡོལ་བ་དང་རྩིག་པས་བསྐོར་ བ་ལྟ་བུ་སྟེ་ལུས་ཀྱིས་མཚམས་བྱས་པ་ལ་ནི་ཡོལ་བའམ་རྩིག་པའི་མཚམས་གནས་ཀྱི་མཐའོ། །གལ་ཏེ་མཚམས་པོ་ཆེའམ་དཀྱིལ་འཁོར་བཅད་པ་ལྟ་བུ་དག་གིས་མཚམས་བྱས་པ་ལ་ནི་ཕ་བོང་དང་ཤིང་ལྗོན་པ་ལ་སོགས་པ་མཚམས་ཀྱི་མུར་ཐུག་གནས་ཀྱི་མཐའོ། །མཚམས་ པོ་ཆེ་བཅད་པའི་ནང་དུ་ཆོས་གོས་བཞག་ན་མུར་ཐུག་ཚུན་ཆད་ཆོས་གོས་ཀྱི་གནས་གཅིག་ཏུ་བརྩི་བ་དེ་ནི་མཚམས་པོ་ཆེར་མི་འབྲལ་བའི་གནང་བ་བྱས་ན་དེ་ལྟར་ཡིན་གྱི་གཞན་དུ་ན་མ་ཡིན་ནོ། །གཉིས་པ་ནི། ཁང་པ་གཅིག་ལ་བདག་པོ་ཐ་དད་དུ་མ་ཡོད་ན་ཁང་པའི་བདག་པོ་གཅིག་ ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ཞེས་མང་པོའི་སྒྲ་སྨོས་པ་ནི་སེག་དང་རེ་ལྡེ་ལ་སོགས་པའི་གནས་ཐ་དད་པ་ཡིན་པས་བདག་པོ་ཐ་དད་ན་ཁང་པ་གཅིག་གི་དེང་སྟོད་དང་དེང་སྨད་དུ་ཡང་ཆོས་གོས་འབྲལ་བ་ཉིད་དོ། །ཞུ་བ་ལས། དགེ་སློང་གིས་གནས་གཅིག་ལ་སྟེང་ གཡོགས་ཀྱང་གཅིག་པར་གནས་པ་དེ་ཉིད་དུ་ཆོས་གོས་ཀྱང་བཞག་ན་དེ་ཆོས་གོས་དང་འབྲལ་བར་འགྱུར་བ་མཆིས་སམ། ཡོད་དེ་གནས་དེར་མུ་སྟེགས་ཅན་སྣ་ཚོགས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་བ་ཀུན་ཏུ་རྒྱུ་རྣམས་དང་། སྤུན་སོ་སོར་བགོས་པ་རྣམས་སོ་ 6-1-438b ཞེས་གསུངས་སོ། །ནོར་ཐ་དད་ཀྱང་གནས་ཁང་སོ་སོར་མ་བགོས་ན་མི་འབྲལ་ཏེ། ཊཱི་ཀར། བདག་པོ་ནོར་སོ་སོར་གསོག་པའི་སྤུན་མང་པོ་དོན་ཁང་པ་དབང་བའི་གཅིག་པ་དག་ཁང་པའི་ཆ་སོ་སོར་བགོས་པ་མ་ཡིན་པར་ཁྱིམ་གཅིག་པའི་ཚུལ་གྱིས་གནས་པ་དེ་ན་ནི་ཁང་ཁྱིམ་གྱི་སྒོ་དང་ ར་བ་ལ་སོགས་པའི་བར་གྱི་མཚམས་རྣམས་ཐ་དད་པ་ཉིད་མ་ཡིན་ཏེ། ཁང་པ་མ་བགོས་པའི་ཁྱིམ་གཅིག་པའི་སྤུན་ལ་སོགས་པ་ཐམས་ཅད་ལ་ཁྱིམ་གྱི་རྗེ་དཔོན་ཏེ་གཙོ་བོ་ཉིད་ཡིན་པའི་ཕྱིར་ཞེས་ཁྱིམ་གཙོ་བ་ཉིད་ཡིན་པར་བསྟན་ཏོ། །སྐབས་འདིར་ཊཱི་ཀ་ལས། མདོ་འདི་ལ་དགག་ པ་བསྡུ་བར་ནི་མི་འགྱུར་ཏེ། དེ་ནས་མདོ་འོག་མའི་རྗེས་སུ་ཡང་སྦྱར་རོ་ཞེས་པ་ནི། བདག་པོ་གཅིག་པ་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་དོ་ཞེས་དངོས་སུ་སྨོས་པས། བདག་པོ་གཅིག་པ་ཉིད་ཀྱི་བར་མཚམས་རྣམས་ནི་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་ཤུགས་ ཀྱིས་བསྟན་ཏེ། ཐ་དད་པ་ཉིད་མ་ཡིན་ནོ་ཞེས་པའི་དགག་པ་དེ་ནི་མདོ་རྩ་བར་དངོས་སུ་བསྡུས་པ་ནི་མ་ཡིན་ཏེ། དགག་པ་དེ་ནི་མདོ་འོག་མའི་རྗེས་མཐུན་དུ་སྦྱར་ཏེ་སྐབས་འདིའི་ཊཱི་ཀ་ལས། ཡང་ན་མདོ་སྔ་མ་ཤོས་དེ་འདི་ལྟར་ཡང་བཤད་དེ་བདག་པོ་གཅིག་ཉིད་ཀྱི་མཚམས་ རྣམས་ནི་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་ཡང་མདོའི་ཚིག་རྣམ་པར་སྦྱར་བར་བྱ་སྟེ་ཞེས་གསུངས་སོ། །ཊཱི་ཀ་ལས། ད་ནི་མདོ་བརྩམས་པའི་འབྲས་བུ་བསྟན་པར་བྱ་སྟེ་ཞེས་པ་ནི་འབྲས་བུ་ཞེས་བྱ་བ་མཚོན་པའི་དོན་ཏེ། སྐབས་འདིར་ལུང་རྣམ་འབྱེད་ལས། ཁྱིམ་གཅིག་ དང་ནི་ཁྱིམ་གཉིས་དང་། །ཁྱིམ་གྱི་ཚོགས་དང་ལྡན་པ་དང་། །རྩིག་པ་རིབ་མ་འོབས་བསྐོར་དང་། །རྣམ་བཞིར་བྱ་བ་གྲོང་དང་ཁྱིམ། །རྟེན་འགྲོ་མུ་སྟེགས་ཚོང་རྡལ་དང་། །ཚོང་ཁང་དགྲ་ཁང་གཡུལ་དུ་ནི། །གཡུལ་ཚོམས་གྲུ་དང་ཤིང་རྟ་དང་། །ལྗོན་ཤིང་ཀུན་དགའ་ 6-1-439a ར་བ་ཡིན། །ལམ་དུ་འགྲོ་སྡོད་འདུག་ཉལ་དང་། །ཐད་ཀར་ཡང་ནི་དེ་བཞིན་ཏེ། །མཚམས་གཞན་ཉལ་བ་ཐ་མ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཅེས་སོ། །རྣམ་བཞིར་བྱ་བ་གྲོང་ཞེས་པ་ནི་གྲོང་ཁྱེར་ཉེ་འཁོར་གཅིག་པ་དང་། གྲོང་ཁྱེར་ཉེ་ འཁོར་ཐ་དད་པ་དང་། གྲོང་རབ་ཏུ་མང་པོ་ཉེ་འཁོར་གཅིག་པ་དང་། ཉེ་འཁོར་ཐ་དད་པའོ། །རྣམ་བཞིར་བྱ་བའི་ཁྱིམ་ཡང་དེ་བཞིན་དུ་སྦྱར་རོ། །རྣམ་འབྱེད་འགྲེལ་པ་ལས། རྟེན་འགྲོ་ནི་རོལ་མོ་མཁན་གྱི་བྱེ་བྲག་གོ། ཚོང་རྡལ་ནི་ཟོང་འཚོང་བར་བྱེད་པའི་གནས་སོ། །ཚོང་ཁང་ ནི་ཟོང་བཅེར་བའི་གནས་སོ། །དགྲ་ཁང་ནི་དགྲ་བསྲུང་བའི་གནས་སོ་ཞེས་བཤད་དོ། །དེ་ཡང་ཚོང་རྡལ་ནི་ཉིན་མོར་ཟོང་ཁྱེར་བའི་གནས་སོ། །ཚོང་ཁང་ནི་དེར་མཚན་མོར་ཡང་ཟོང་བཞག་པ་ཡིན་ནོ། །ཊཱི་ཀ་ལས། གཡུལ་ནི་ལོ་ཏོག་བཅགས་པའི་གཞིའོ། །ཞེས་སོ། །གཡུལ་ ཚོམས་ནི་དེའི་ཚོམས་སོ་སོ་སྟེ་དེ་དག་རང་རང་གི་ཐུན་མོང་གི་གནས་དང་མི་འབྲལ་ལོ། །ཡང་རྣམ་འབྱེད་ལས། དེ་བཞིན་དུ་དགྲ་ཁང་ལ་ནི་ཡ་གད་ཐུན་མོང་ཡིན་ནོ། །དེ་བཞིན་དུ་གཡུལ་ལ་ནི་དཀྱིལ་ཐུན་མོང་ཡིན་ཏེ་གཡུལ་ཅེས་བྱ་བ་ནི་ལོ་ཏོག་བཅག་པའི་གཞིའོ། ། དཀྱིལ་ཞེས་བྱ་བ་ནི་རྟེན་གནས་ཏེ་གང་དུ་གཏོར་མ་འབུལ་བ་ལ་སོགས་བྱེད་པའམ་གང་དུ་འབྲུ་སྤུང་བར་བྱེད་པའི་གནས་སོ། །དེ་བཞིན་དུ་རོལ་མོ་མཁན་གྱི་ཁྱིམ་ལ་ཡང་ནི་རོལ་མོའི་ཆ་བྱད་བཞག་པའི་གནས་ཐུན་མོང་ཡིན་ནོ། །དེ་བཞིན་དུ་ཤིང་རྟ་ལ་ནི་ཁ་ལོ་པའི་གནས་ཐུན་ མོང་ཡིན་ཏེ། ཁ་ལོ་པའི་གནས་ཞེས་བྱ་བ་ནི་ཁ་ལོ་པ་གང་དུ་འདུག་ནས་གླང་ལ་སོགས་པ་ཤིང་རྟ་དང་ལྡན་པ་དག་དེད་པའོ། །དེ་བཞིན་དུ་གྲུ་ལ་ནི་གྲུ་གདོང་ཐུན་མོང་ཡིན་ཏེ་གྲུ་གདོང་ཞེས་བྱ་བ་ནི་གྲུ་པ་གང་དུ་འདུག་ནས་སྐྱོད་པར་བྱེད་པའོ། །དེ་བཞིན་དུ་ཀུན་དགའ་ར་བ་ 6-1-439b ལ་ནི་ཁྲོན་པ་ཐུན་མོང་ཡིན་ནོ་ཞེས་སོ། །ཁང་པ་གློ་གཤིབས་གཉིས་སྤུན་ནོར་མ་བགོས་པ་གཉིས་དབང་བ་ལྟ་བུ་ནོར་ལས་དད་པ་ཐ་དད་པ་མ་ཡིན་པ་དང་། མུ་སྟེགས་ཅན་ལྟ་བ་མཐུན་པ་གཉིས་དབང་བའི་གནས་ལྟ་བུའམ་དགེ་སློང་ལྟ་བ་མཐུན་པ་གཉིས་དབང་བའི་གནས་ ལྟ་བུ་ལྟ་བ་ལས་དད་པ་ཐ་དད་པ་མ་ཡིན་པའི་གནས་ཀྱི་བར་མཚམས་རྣམས་ཀྱང་ཐ་དད་པ་མ་ཡིན་ནོ་ཞེས་སྦྱར་ཏེ། གནས་ཐ་དད་པ་མ་ཡིན་པ་དེར་ཆོས་གོས་དང་མི་འབྲལ་ལོ། །འདིར་དད་པ་ཞེས་པ་ནི་ཁྱིམ་པ་ནི་ནོར་ལྷུར་བྱེད་ལ། རབ་ཏུ་བྱུང་བ་ནི་ལྟ་བ་ལྷུར་བྱེད་པའོ། །ཡང་ངོ་ ཞེས་པ་འདི་ནི་མདོ་སྔ་མ་ལ་སྦྱར་བ་མ་ཡིན་གྱི། མདོ་འདི་ཉིད་ཀྱི་ཚིག་གི་ཆ་ཤས་སྔ་མ་ཐ་དད་པ་མ་ཡིན་ཅེས་པ་ལ་བསྙེགས་སོ། །གསུམ་པ་ནི། ཤིང་ལྗོན་པ་གཅིག་ཁོ་ནའི་ཡལ་ག་དང་ཡལ་ག་ཕྲ་མོ་དག་ཕན་ཚུན་མ་རེག་པ་ནི་རྩ་བ་གཅིག་ཀྱང་གནས་ཐ་དད་པ་ཉིད་དོ། ། དེའི་ཕྱིར་ཡལ་ག་གཅིག་ཏུ་ཆོས་གོས་བཞག་ལ་ཡལ་ག་ཕྲ་མོར་དགེ་སློང་གནས་ན་འབྲལ་ལོ། །ཡལ་ག་དེ་དག་གི་རྩ་བ་ནི་ཐུན་མོང་ངོ་སྟེ། ཊཱི་ཀར། གང་ཕན་ཆད་ནས་ཡལ་ག་དག་གྱེས་པ་དེ་ནི་དེ་དག་གི་རྩ་བའོ། །དེ་ལྟ་བས་ན་དགེ་སློང་གིས་རྩ་བ་ལ་ཆོས་གོས་འཇོག་ ཅིང་ཡལ་ག་གང་ཡང་རུང་བར་སྐྱ་རེངས་འཆར་བར་བྱེད་པ་ནི་ཉེས་པ་མེད་དོ། །དེ་བཞིན་དུ་ཡལ་ག་གང་ཡང་རུང་བར་ཆོས་གོས་འཇོག་ཅིང་། རྩ་བར་སྐྱ་རེངས་འཆར་བར་བྱེད་ནའང་ཉེས་པ་མེད་དོ་ཞེས་སོ། །ཡལ་ག་དང་ཡལ་ག་ཕྲ་མོ་ཐམས་ཅད་ཀྱི་ཐུན་མོང་ནི་རྩ་བའི་ རྩ་བ་ལ་སོགས་ཡིན་ལ། ད་ནི་འགྲེལ་པ་མཁན་པོའི་དགོངས་པ་སྒྲ་ཇི་བཞིན་པར་འཆད་དེ། ཊཱི་ཀར། རྩ་བ་ཞེས་བྱ་བ་ནི་ཤིང་ལྗོན་པའི་སྟེང་གི་ཐམས་ཅད་ཀྱི་ཕྱོགས་གང་ནས་ཡལ་ག་དུ་མ་གྱེས་པར་འགྱུར་བ་དེའི་མདོ་ཁོ་ནའི་འོག་ནས་ཡལ་ག་མེད་པའི་ཤིང་ལྗོན་པའི་ 6-1-440a སྡོང་པོའི་ཕྱོགས་ལ་བྱ་སྟེ་དེ་ནི་རྩ་བའོ། །རྩ་བའི་རྩ་བ་ཞེས་བྱ་བ་ནི་སྟེང་གི་ཐམས་ཅད་ཀྱི་རྩ་བར་གྱུར་པའི་ཤིང་ལྗོན་པའི་ཕྱོགས་དེ་ནས་ཡལ་ག་མེད་པའི་འོག་གི་ཆ་ལས་ཡལ་ག་གཅིག་ཏུ་གྱུར་ཏམ། ཡལ་ག་དུ་མར་གྱུར་པའི་ ཡལ་ག་ཇི་སྙེད་གྱེས་པ་དེའི་མདོ་ཁོ་ནའི་འོག་ན་ཡལ་ག་མེད་པའི་ཕྱོགས་ཀྱི་ཆ་ཡོད་པ་ལ་བྱ་སྟེ། དེ་ནི་རྩ་བའི་རྩ་བའོ། །ལ་སོགས་པ་ཞེས་སྨོས་པ་ནི་དེ་མན་ཆད་ནས་ས་གཞི་ལ་ཐུག་པ་ཡན་ཆད་ཀྱི་བར་བཟུང་སྟེ་སོགས་པའི་སྒྲས་བསྡུས་ལ། ཤིང་ལྗོན་པ་དང་འབྲེལ་བའི་ས་ གཞི་ཡན་ཆད་ནས་རྩ་བའི་རྩ་བ་ལ་ཐུག་པ་མན་ཆད་ཀྱི་བར་དེ་ནི་རྩ་བའི་རྩ་བ་དང་། རྩ་བ་དང་འབྲེལ་བའི་ཡལ་ག་དང་། ཡལ་ག་ཕྲ་མོ་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །རྩ་བའི་རྩ་བ་ནི་རང་དང་། རྩ་བ་དང་འབྲེལ་བའི་ཡལ་ག་དང་། ཡལ་ག་ཕྲ་མོ་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། ། རྩ་བ་ནི་དེ་ཉིད་དང་འབྲེལ་བའི་ཡལ་ག་དང་། ཡལ་ག་ཕྲ་མོ་རྣམས་ནི་ཉི་ཚེའི་ཐུན་མོང་ཡིན་ནོ། །དེ་དག་གི་ཡལ་ག་ཕྲ་མོ་མ་རེག་པ་རྣམས་ན་ཕན་ཚུན་ཐ་དད་པ་ཡིན་ནོ་ཞེས་སོ། །ཡང་ངོ་ནི་རྩ་བའི་རྩ་བ་ནི་རྩ་བ་དང་སོགས་པའི་ཡལ་ག་དང་། ཡལ་ག་ཕྲ་མོ་ཐམས་ཅད་ཀྱི་དེ་ཐུན་མོང་ ཡིན་ནོ་ཞེས་མདོ་སྔ་མའི་ཐུན་མོང་ངོ་ཞེས་པ་ལ་བསྙེགས་སོ། །ཤིང་ལྗོན་པ་གང་དག་གི་ཡལ་ག་དང་། ལོ་མ་མེ་ཏོག་དང་། འབྲས་བུ་ནི་དེའི་ཁོངས་སུ་གཏོགས་པའི་རེག་པའི་ཤིང་ལྗོན་པ་རྣམས་ནི་རྩ་བ་ཐ་དད་ཀྱང་གནས་གཅིག་པ་སྟེ། ནགས་ཚལ་བདག་པོ་གཅིག་ན་དབུས་ནས་རྒྱང་ གྲགས་ཀྱི་མཐའ་ཚུན་ཆད་གནས་གཅིག་པ་ཉིད་ཡིན་ནོ། །དབུས་ནས་རྒྱང་གྲགས་ཀྱི་མཐའ་ཕན་ཆད་ནི་ཐ་དད་པ་ཉིད་དོ། །ལྗོན་ཤིང་གི་ཡལ་ག་ཐ་དད་པ་རྣམས་ཀྱི་རྩ་བ་ཐུན་མོང་དང་། གཙུག་ལག་ཁང་ངམ་གནས་ཁང་ཐ་དད་པ་རྣམས་ཀྱི་ལྕགས་རི་ཐུན་མོང་གི་ལྟུང་བྱེད་དུ་འདྲ་ཡང་། 6-1-440b གཙུག་ལག་ཁང་གི་གནས་ཁང་ཐ་དད་ནི་མ་རེག་ཀྱང་མི་འབྲལ་ལ། ཤིང་ལྗོན་པའི་ཡལ་ག་ཕན་ཚུན་མ་རེག་ན་འབྲལ་བའི་རྒྱུ་མཚན་ནི་ཡལ་ག་ཕན་ཚུན་མ་རེག་པ་དེ་ལ་ཉེ་འཁོར་འབྲེལ་བ་མེད་དེ། ནམ་མཁའ་མཚམས་གཞན་གྱིས་བར་དུ་ཆོད་པའི་ཕྱིར་ཞེས་གསུངས་སོ། །ཤིང་ལྗོན་ པ་དེའི་སྟེང་གི་ཆ་འོག་མའི་ཡལ་ག་ལ་ཆོས་གོས་དཔྱངས། དེའི་འོག་གི་ས་གཞིར་དགེ་སློང་འདུག་ཅིང་སྐྱ་རེངས་འཆར་བར་བྱེད་པ་ནི། ཁང་པའི་སྟེང་གཡོགས་ལ་ཆོས་གོས་དཔྱངས་ཏེ་དེའི་ས་གཞི་ལ་དགེ་སློང་གནས་པ་དང་འདྲའོ། །འདི་དག་རྟོགས་པར་སླ་བའི་དཔེའུ་རིས་མཚོ་ སྣ་བ་ཆེན་པོས་མཛད་མོད། དེས་ནི་བདེ་བླག་ཏུ་ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར། ཁོ་བོའི་དཔེའུ་རིས་མཐོང་བ་དོན་ལྡན་དུ་ལྟོས་ཤིག །བཞི་པ་ནི། ཐོག་ཕུབ་པའི་གྲུ་དང་། ཐོག་ཕུབ་པའི་ཤིང་རྟ་དག་གི་ཡང་སྟེང་གི་ཆ་འོག་མར་དཔྱངས་པ་ནི་སྟེང་གཡོགས་དང་འདྲ་བར་སྔར་ བཞིན་ནོ། །ངག་དོན་གྲུ་དང་ཤིང་རྟ་ཐོག་ཕུབ་པའི་ཆ་འོག་མར་ཆོས་གོས་དཔྱངས་ཏེ་བཞག་པ་དེའི་འོག་གི་གཞི་ལ་དགེ་སློང་ཉལ་ན་མི་འབྲལ་ལོ། །ལྔ་པ་ནི། ལུས་ངག་གིས་མངོན་པར་བསྒྲུབས་པའི་མཚམས་མེད་པ་ཐང་སྟོང་པ་ལྟ་བུ་ལ་དགེ་སློང་ཉལ་ན་ནི་དགེ་སློང་གི་རྐང་ལག་ ལ་སོགས་པའི་ཡན་ལག་གིས་ཇི་ཙམ་དུ་ཁྱབ་པའི་མཐའ་དེ་གནས་དེའི་མཐའོ། །གནས་ཀྱི་མཐའ་དེ་ནས་ཉེ་འཁོར་འདོམ་གང་ཚུན་ཆད་དུ་ཆོས་གོས་དང་མི་འབྲལ་ལོ། །ཊཱི་ཀར། མཚམས་གཞན་པ་ལ་ལུས་ཀྱིས་ནོན་པ་ཉིད་ཚེ་གནས་ཉིད་ཡིན་པར་གསུངས་པ་གང་ཡིན་པ་དེ་ཡིན་ ནོ་ཞེས་སོ། །གཉིས་པ་ལ། ཉེ་འཁོར་དངོས་ཀྱི་ཚད་ཉིད་བཤད། །དེ་ཡི་དོགས་གཅོད་བསྟན་པའོ། །དང་པོ་ལ། བརྩམ་དུ་རུང་བའི་ཉེ་འཁོར་དང་། །ཉེ་བར་སྤྱོད་པའི་ཉེ་འཁོར་དང་། །ལམ་དུ་འགྲོ་བའི་ཉེ་འཁོར་རོ། །དང་པོ་ལ། ཉེ་འཁོར་ཚད་ཀྱི་མདོར་བསྟན་དང་། །གྲོང་ 6-1-441a ཁྱེར་གསུམ་གྱི་དམིགས་བསལ་ལོ། །དང་པོ་ནི། ཊཱི་ཀར། གནས་བསྟན་ནས་ད་ནི་གནས་དེའི་ཉེ་འཁོར་བརྗོད་པར་བྱ་སྟེ་ཞེས་སྦྱར་ནས། ཉེ་འཁོར་ནི་སྟེང་དང་འོག་དང་ཕྱོགས་ཐམས་ཅད་ནས་ཁོ་ར་ཁོར་ཡུག་ཏུ་འདོམ་རེ་རེའོ། །གཉིས་པ་ནི། རྩིག་པས་ བསྐོར་བའི་གྲོང་ལ་ནི་ཉེ་འཁོར་དུ་འཇོག་བྱེད་ཅི་ཞེ་ན། ཇི་ཙམ་དུ་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་ཞེས་པ་ནི་བ་ལང་དྲུག་གིས་དྲང་དགོས་པའི་ཤིང་རྟའི་ལམ་གྱི་ཞེང་ཚད་ནི་འདོམ་དགུ་སྟེ། དེའང་བ་ལང་དྲུག་ལ་གཉའ་ཤིང་གཏད་དེ་གྲལ་བྱས་པ་ན། བ་ལང་དྲུག་གི་བར་ལྔ་པོ་ལ་ འདོམ་ལྔ་དང་། བ་ལང་རེ་རེའི་ངོས་ལ་འདོམ་ཕྱེད་ཕྱེད་དེ་འདོམ་གསུམ་དང་། མཐའ་གཉིས་སུ་འདོམ་ཕྱེད་ཕྱེད་དེ་འདོམ་གང་དང་བཅས་པས་འདོམ་དགུའོ། །སྨྱིག་མ་ཅན་གྱི་ཞེས་པ་ཤིང་རྟ་སྨྱིག་མའི་ཤུར་བུར་བཀང་བས་ལམ་ག་ཁྱབ་པའམ་ཞེས་སྦྱར་རོ། །བྱ་གག་སྟེ་ཁྱིམ་ བྱ་དེ་ཕོ་སྤར་ནས་འཕུར་དུ་བཅུག་སྟེ་ས་ལ་བབས་ཏེ་འདུག་པའི་ལམ་གྱིས་ཇི་ཙམ་དུ་ཁྱབ་པ་ཉེ་འཁོར་ཡིན་ནོ། །དེ་ལ་འདོམ་དགུའོ། །རིབ་མས་བསྐོར་བའི་གྲོང་ལ་ནི་ར་ལུག་རིབ་མའི་དྲུང་ན་འགྲོ་བ་དག་གི་རྨིག་པས་བསླང་བའི་རྡུལ་གྱི་སའམ། མི་ཤེད་བྱེ་བས་རང་བཞིན་གྱིས་ ངོ་ཚ་བ་ཤེས་པ་དང་ལྡན་པའི་བཤང་བ་བྱེད་དུ་འགྲོ་བ་ན་རིབ་མ་དེའི་དྲུང་ནས་ཐག་ཇི་སྲིད་དུ་འགྲོ་བའི་ལམ་གྱིས་ཇི་ཙམ་དུ་ཁྱབ་པ་དེ་ཚུན་ཆད་ཉེ་འཁོར་འདོམ་དྲུག་ཡིན་ནོ། །འོབས་ཀྱིས་བསྐོར་བའི་གྲོང་ལ་ནི་སྐས་གདང་བུ་བཅུ་གཉིས་པའི་སྲིད་ཀྱིས་ཇི་ཙམ་དུ་སླེབས་པའི་ལམ་གྱིས་ ཁྱབ་པའམ་ཞེས་སྦྱར་ལ། འདིའི་སྐས་གདང་རེ་ལ་ཁྲུ་རེ་ཞེས་འདུལ་བ་བསྡུས་པ་དང་སོ་ཐར་འགྲེལ་པ་ལས་སོ། །ཕྱགས་དར་བོར་བའི་བོང་བ་རགས་པ་ཤུགས་ཀྱིས་འདྲིལ་བའི་ལམ་གྱིས་ཇི་ཙམ་དུ་ཁྱབ་པའི་འདོམ་གསུམ་ཚུན་ཆད་ཉེ་འཁོར་ཡིན་ནོ། །དེས་ན་ཉེ་འཁོར་གསུམ་ 6-1-441b ནི་འདོམ་དགུ་དང་དྲུག་དང་གསུམ་སྟེ་གོ་རིམ་བཞིན་ནོ། །དེ་ལྟར་ཉེ་འཁོར་ཆེ་འབྲིང་ཆུང་གསུམ་འོང་བའི་རྒྱུ་མཚན་ནི་ལོངས་སྤྱོད་ཆེ་འབྲིང་ཆུང་གསུམ་ཡོད་པའི་དབང་དུ་བྱས་ཏེ། གོ་རིམ་བཞིན་དུ་ཤིང་རྟ་དང་། ར་ལུག་དང་། ཕྱགས་དར་གྱིས་མཚོན་པ་བྱུང་བས་ཤེས་ཞེས་འགམ་ ཟེར་རོ། །འདིར་རྗེ་བླ་མའི་ཞལ་སྔ་ནས། མི་ངོ་ཚ་དང་ལྡན་པའི་བཤང་བ་གནས་ནས་འདོམ་དྲུག་ཏུ་བྱེད་ཟེར་བ་འདི་དཔྱད་དགོས་པར་སྣང་ཞེས་བཀའ་སྩལ་ཏོ། །གྲོང་གཅིག་ལ་རྩིག་པ། རིབ་མ། འོབས་དང་གསུམ་ཀས་བསྐོར་བ་ནི་ཉེ་འཁོར་རིང་ཤོས་ཀྱི་ཁོངས་སུ་ཐུང་ཤོས་ གཉིས་བསྡུས་ཏེ། སྤོ་བ་སྤྱོད་པ་ན་འཆབ་ཡུན་རིང་ཤོས་ཀྱི་ཁོངས་སུ་ཐུང་ཤོས་སྡུད་པར་གསུངས་པའི་གནད་ཀྱིས་སྦྱར་རོ། །ཊཱི་ཀ་ལས། རྩིག་པས་བསྐོར་བའི་གྲོང་གི་ཉེ་འཁོར་རྣམ་གཉིས་དང་། འོབས་ཀྱིས་བསྐོར་བའི་གྲོང་གི་ཉེ་འཁོར་གཉིས་ཀྱི་དང་པོ་ཤོས་བསམ་པས་ནི་ རིས་སུ་བཅད་པའི་ཉེ་འཁོར་ཡིན་ནོ། །རིབ་མས་བསྐོར་བའི་གྲོང་གི་ཉེ་འཁོར་རྣམ་གཉིས་དང་། འོབས་ཀྱིས་བསྐོར་བའི་གྲོང་གི་འོ་མ་ཤོས་བྱ་བ་ནི་སྒྲུབ་པའི་ཉེ་འཁོར་ཡིན་ཏེ་ཞེས་པ་ནི། བསམ་པས་རིས་སུ་བཅད་པ་དང་། བྱ་བ་བསྒྲུབ་པ་ལ་བལྟོས་པ་སྟེ། བྱ་བ་ནི་བཤང་བ་ དང་། ཕྱགས་དར་བོར་བ་ལྟ་བུའི་བྱ་བ་བསྒྲུབ་པ་ལ་བལྟོས་ནས་ཉེ་འཁོར་དུ་བཞག་གོ། གཉིས་པ་ནི། ཉེ་བར་སྤྱོད་པའི་ཉེ་འཁོར་ནི་གནས་དེའི་འཕྲལ་གྱི་བྱ་བ་ལུང་རྣམ་འབྱེད་ལས། འབྲས་དྲུ་བར་བྱེད་པ་དང་། རྡོ་བར་བྱེད་པ་དང་། འཐག་པར་བྱེད་པ་དང་། ཁྱེའུ་སུས་ བྱེད་པ་དང་། འབྲུ་འཕྱར་བར་བྱེད་པ་དང་། ཉོ་ཚོང་བྱེད་པ་དང་། འཇལ་བར་བྱེད་པ་དང་ཞེས་གསུངས་སོ། །གཞན་དུ་འགྲོ་བའི་ཚེ་ཁལ་འགེལ་བ་ལྟ་བུ་དང་། འདུག་པའི་ཕྱིར་འོང་བ་ན་ཁལ་འབོགས་པ་ལྟ་བུ་དང་། བྱ་བ་དེ་རྣམས་ཀྱི་རྡུལ་དག་གིས་མཚམས་དེར་གཏོགས་པ་ 6-1-442a ཇི་ཙམ་དུ་ཁྱབ་པ་དེ་ཉེ་འཁོར་ཡིན་པས་སོ། །ཉེ་བར་སྤྱོད་པ་འདི་ནི་གྲོང་ཁྱེར་གྱི་སྒོ་མོའི་དྲུང་ལྟ་བུ་ཕྱོགས་གཅིག་ན་ཡོད་ཀྱི་ཕྱོགས་ཐམས་ཅད་དུ་འཁོར་བ་ནི་མ་ཡིན་ནོ། །ལོངས་སྤྱོད་ཆེ་ཆུང་གི་ཁྱད་པར་གྱིས་ཉེ་བར་སྤྱོད་པའི་ཉེ་འཁོར་དེ་ཡང་ཆེ་ཆུང་དུ་འགྱུར་ ཏེ་ཚད་ངེས་པ་མེད་དོ། །གསུམ་པ་ནི། ངག་གིས་མཚམས་བཅད་པ་མེད་ཅིང་། ལུས་ཀྱིས་བརྩིགས་པ་ལ་སོགས་ཀྱི་མཚམས་མེད་པ་ཐང་སྟོང་པ་ལྟ་བུའི་ལམ་དུ་དགེ་སློང་བདག་ཉིད་དང་ལམ་ཐ་དད་པར་མ་ཡིན་པར་འགྲོ་བའི་མི་དགེ་སློང་གི་ཆོས་གོས་ཁྱེར་བ་དེ་ལ་མི་ཞེས་པ་ནི་ མཚོན་པ་སྟེ། སྔ་ཕྱིར་ཆོས་གོས་ཐལ་བ་དང་ལུས་པ་ནི། ལུས་ཀྱིས་ནོན་པའི་ཕྱོགས་ཉིད་ནས་བརྩམས་ཏེ་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཉེ་འཁོར་ཡིན་ནོ། །ལུང་རྣམ་འབྱེད་ལས། དགེ་སློང་གི་ཆོས་གོས་དགེ་སློང་ལ་གཏད་དེ་ལམ་དུ་འགྲོ་ན་དེའི་ཉེ་འཁོར་གང་ལགས། ངས་ བྲམ་ཟེ་གྲོ་བཞིན་སྐྱེས་ལ་ཨ་མྲའི་སྡོང་པོ་མེ་ཏོག་ཕུན་སུམ་ཚོགས་པ་འབྲས་བུ་དང་ཡལ་གའི་ཚོགས་ཕུན་སུམ་ཚོགས་པ་འདོམ་བདུན་གྱིས་བར་དུ་ཆོད་པའི་ཨ་མྲ་བདུན་པོ་དེ་དག་ལ་འདོམ་བཞི་བཅུ་རྩ་དགུ་ཡོད་པར་བསྟན་པ་དེ་དག་གི་ནི་དགེ་སློང་ལམ་དུ་འགྲོ་བའི་ཆོས་གོས་ཀྱི་ཉེ་ འཁོར་ཡིན་ནོ་ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་པ་ལས། དགེ་སློང་ཉིད་ཀྱི་མདུན་རོལ་དང་རྒྱབ་རོལ་གཉིས་ཀར་འདོམ་བཞི་བཅུ་རྩ་དགུར་ཤེས་པར་བྱའོ་ཞེས་སོ། །འགྲེལ་ཆུང་ལས། བར་དུ་ཆུ་དང་གྲོག་པོས་མ་ཆོད་ན་འདོམ་བཞི་བཅུ་ཚུན་ཆད་ནི་འབྲལ་བར་མི་འགྱུར་རོ་ཞེས་ སོ། །འོ་ན་འདོམ་བཞི་བཅུ་རྩ་དགུ་ཉེ་འཁོར་ཡིན་ན་ལམ་གྱི་འགྲམ་གཡས་གཡོན་ནས་ཐད་ཀར་འགྲོ་བའི་ཉེ་འཁོར་ཇི་ཙམ་ཞེ་ན། ལུང་རྣམ་འབྱེད་ལས། ཐད་ཀར་ཡང་ནི་དེ་བཞིན་ཏེ། ཞེས་གསུངས་ནས་འགྲོ་བའི་ཉེ་འཁོར་ཡང་འདོམ་གང་ཁོ་ར་ཁོར་ཡུག་གོ་ཞེས་གསུངས་སོ། ། 6-1-442b འདོམ་གང་ནི་མཚོན་པ་སྟེ། ཊཱི་ཀ་ལས། སྐྱེ་བོ་དག་གིས་ལམ་གཅིག་ཏུ་གཏོགས་པ་ཉིད་དུ་ཤེས་པ་དེ་ཙམ་ཚུན་ཆད་ནི་འདིར་ཞེང་ལས་ལམ་གཅིག་ཏུ་གཏོགས་པ་ཉིད་ཡིན་ནོ་ཞེས་པ་དང་། རྣམ་འབྱེད་འགྲེལ་པ་ལས་ཀྱང་། གློར་ནི་ལམ་གྱི་འགྲམ་ཚུན་ཆད་ཀྱི་ཇི་ཙམ་ཡོད་པ་དང་ སྦྱར་གྱི། འདོམ་བཞི་བཅུ་རྩ་དགུར་ངེས་པ་མེད་དོ་ཞེས་སོ། །མཚམས་མེད་པའི་ལམ་དུ་ཡང་། རྣམ་འབྱེད་ལས། འགྲེང་བ་དང་འདུག་པ་དང་ཉལ་བའི་ཉེ་འཁོར་ནི་འདོམ་གང་ཁོ་ར་ཁོར་ཡུག་གོ་ཞེས་སོ། །གཉིས་པ་དོགས་གཅོད་ནི། གནས་ཀྱི་བདག་པོ་ཐ་དད་པའི་མཚམས་ གཞན་ནམ་ནམ་མཁའམ་ཆུས་བར་དུ་ཆོད་པའི་མཚམས་གཞན་ནི་དྲུང་ན་འདུག་ཀྱང་ཉེ་འཁོར་མ་ཡིན་ནོ། །ཁང་པ་གཅིག་ལ་བདག་པོ་ཐ་དད་པའི་མཚམས་སྲབ་མོས་བར་དུ་བཅད་ནས་སྲབ་མོའི་ནང་ངོས་སུ་དགེ་སློང་ཉལ་ཏེ། ཕྱི་ངོས་སུ་ཆོས་གོས་བཞག་ན་དགེ་སློང་དང་ཆོས་གོས་ཀྱི་ བར་དུ་སོར་བཞིས་མ་ཆོད་ཀྱང་འབྲལ་བའི་ཉེས་པར་འགྱུར་རོ། །གསུམ་པ་གཅིག་པར་བསྟན་པ་ནི། བདག་པོ་གཅིག་པའི་གྲོང་ཁྱེར་ཐོག་འབྲེལ་བ་ལྟ་བུའམ། ཡལ་ག་ལོ་འདབ་འབྲེལ་བའི་ནགས་ཚལ་དེ་ཆུས་བར་དུ་མ་ཆོད་ཅིང་བདག་པོ་གཅིག་ན་དབུས་ནས་བཅལ་ཏེ་ཕྱོགས་ ཐམས་ཅད་དུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་ནི་མཚམས་གཅིག་པ་ཉིད་ཡིན་ཏེ། གནས་ཀྱང་དེ་ཡིན་ལ་ཉེ་འཁོར་ཡང་དེ་ཡིན་པས། དེ་ཕན་ཆད་ན་གནས་དང་ཉེ་འཁོར་ཐ་དད་པ་ཉིད་ཡིན་པས་དེར་ཆོས་གོས་དང་འབྲལ་བའི་ཉེས་པར་འགྱུར་རོ། །འབྲལ་བའི་སྤང་བ་རྣམ་པར་ འབྱེད་པའོ། །འདིར་སྨྲས་པ། བུ་རམ་ཤིང་པའི་བསྟན་དེ་ལེགས་བཤད་ཀྱི། །རི་མོས་གདུལ་བྱའི་ས་འཛིན་རྩེ་མོ་ལ། །རི་བོང་ཅན་གྱི་དཀྱིལ་འཁོར་བྲིས་པའི་ཚེ། །ཐར་འདོད་ཀུནྡའི་བུ་མོ་སྤུ་ལོང་ངམ། །གཉིས་པ་ཞུ་བས་བརྗོད་པ་ལ། །གང་དང་བྲལ་བའི་དངོས་པོ་བསྟན། ། 6-1-443a གང་ནས་བྲལ་བའི་གནས་སོགས་བརྗོད། །དང་པོ་ནི། ཆོས་གོས་ལ་སོགས་པ་བྱིན་གྱིས་བརླབས་པ་དེ་དམ་དུམ་དུ་གྱུར་པ་རང་རང་གི་བྱིན་རླབས་འཆགས་པའི་མཐའ་ཚད་དུ་ཆོག་པ་ལ་བྱིན་གྱིས་བརླབས་པ་མེད་པར་འགྱུར་རོ། །དེ་ཡང་འཚོ་བའི་ཡོ་བྱད་ཀྱི་དབང་ དུ་བྱས་ཏེ་ཆོས་གོས་གསུམ་གང་རུང་བྱིན་གྱིས་བརླབས་པ་དམ་དུམ་དུ་གྱུར་ཏེ། འཁོར་གསུམ་ཁེབས་པ་ཡན་ཆད་དུ་ལོངས་ན་གཅིག་ཉིད་ལ་བྱིན་རླབས་ཡོད་ཅིང་། དེ་ལས་གཞན་པ་ལ་ནི་བྱིན་རླབས་མེད་དེ་བག་ཡངས་ཀྱི་གོས་ཀྱི་སྲ་བརྐྱང་ལས་གཞན་པའི་སྐབས་སུ་འཚོ་བའི་ཡོ་བྱད་ཀྱི་ གོས་རེ་རེ་བར་ངེས་པའི་ཕྱིར་རོ། །ཆོས་གོས་ཕྱེད་ཚལ་དུ་གྱུར་ཏེ་བཟང་ངན་མ་ཕྱེད་ན། དོན་ལ་ནི་འཚོ་བའི་ཡོ་བྱད་ཀྱི་གོས་རེ་རེ་བར་ངེས་པའི་ཕྱིར། ཚལ་པ་གཅིག་ལ་བྱིན་རླབས་ཡོད། གཅིག་ལ་བྱིན་རླབས་མེད་ཀྱང་འབྲལ་བ་ལ་ནི་གཉིས་ཀ་བསྲུང་དགོས་ཏེ། མ་བསྲུང་ན་བྱིན་ རླབས་མེད་པ་དེ་དང་བྲལ་བ་ལས་ཀྱང་ཡིད་གཉིས་ནི་འདུ་ཤེས་དང་འདྲ་བའི་ལྟུང་བ་འབྱུང་བའི་ཕྱིར་རོ། །འཁོར་གསུམ་ཁེབས་པའི་ཚད་ལས་ཆུང་བའི་དམ་དུམ་དུ་གྱུར་ན་ནི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་མེད་པར་གྱུར་པ་སྟེ། འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་འཆགས་པའི་གཞིའམ་ ཞིང་མ་ཡིན་པར་འགྱུར་བའི་ཕྱིར། མཚན་གཉིས་ཅིག་ཅར་བྱུང་བས་སྡོམ་པ་བཏང་བ་བཞིན་ནོ། །དེ་བཞིན་དུ་ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་ལ་སོགས་པ་འཚོ་བའི་ཡོ་བྱད་གཞན་ལའང་ཅི་རིགས་པར་སྦྱར་རོ། །ཤ་མི་དང་ཡར་སྟོད་པ་ན་རེ། ལྷག་པའི་ཡོ་བྱད་དང་མཁོ་ བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་དར་ཡུག་ཁ་ཉི་ཤུར་བསེལ་བ་ལྟ་བུ་གོས་དེ་དམ་དུམ་དུ་གྱུར་ཏེ། ཁྲུ་གང་ཡན་ཆད་པ་ཚལ་པ་དུ་མར་གྱུར་ན་གོས་ཀྱི་ཚལ་བ་ཐམས་ཅད་ལ་བྱིན་རླབས་ཡོད་དེ། ལྷག་པ་དང་མཁོ་བའི་ཡོ་བྱད་རེ་རེ་བར་མ་ངེས་པའི་ཕྱིར་དང་། གོས་ཁྲུ་གང་ཡན་ 6-1-443b ཆད་དུ་ལོངས་ན་ལྷག་པ་དང་མཁོ་བའི་བྱིན་རླབས་དེ་འཆགས་པའི་ཞིང་ཉིད་ཡིན་པའི་ཕྱིར། ཁྲུ་གང་བས་ཆུང་བའི་དུམ་བུར་གྱུར་ན་ནི་བྱིན་རླབས་མེད་པར་འགྱུར་ཏེ་བྱིན་རླབས་འཆགས་པའི་ཞིང་མ་ཡིན་པའི་ཕྱིར་རོ། །ཆོས་གོས་ལ་སོགས་པ་སྤང་ལྟུང་བྱུང་བའི་དངོས་པོ་ལ་ནི་བྱིན་གྱིས་ བརླབས་པ་མི་འཆགས་པ་མ་ཡིན་ཏེ་འཆགས་པ་ཡིན་ནོ། །འོན་ཀྱང་དེ་ལ་སྲ་བརྐྱང་གི་བྱིན་རླབས་ནི་མི་འཆགས་པར་ལུང་བྲམ་ཟེའི་བུ་མོ་ལས་བཤད་ལ། ཞུ་བ་ལས་འཆགས་པར་བཤད་ཀྱང་དགོངས་པ་བཙལ་ལོ། །དགེ་འདུན་གྱི་ཆོས་གོས་ལ་སོགས་པ་ལ་ཡང་ངོ་ཞེས་པ་དེ་ལ་གང་ ཟག་གི་བྱིན་རླབས་ཀྱང་འཆགས་སོ། །དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་པ་དེ་ལས་འབྲལ་བར་འགྱུར་རོ། །ཊཱི་ཀར། འབྲལ་བའི་རྒྱུ་ནི་བྱིན་གྱིས་བརླབས་པ་ཡིན་གྱི་རང་གི་ཉིད་ནི་མ་ཡིན་པའི་ཕྱིར་ཞེས་སོ། །གཉིས་པ་ནི། དགེ་སློང་གཙུག་ལག་ཁང་ན་གནས་ཏེ་དེ་དང་ ཉེ་འཁོར་གཅིག་པའི་གནས་ཁང་མུ་སྟེགས་པ་ལ་སོགས་པ་དང་དགེ་སློང་ཐུན་མོང་དུ་དབང་བ་དེར་ཆོས་གོས་བཞག་ན་མི་འབྲལ་ཏེ། ཐུན་མོང་གི་གནས་དེ་ན་དགེ་སློང་ལས་གཞན་མུ་སྟེགས་ལ་སོགས་པ་ལྟ་བ་མི་མཐུན་པ་དང་། མཚན་མི་མཐུན་པ་གཞན་གནས་པས་མུ་སྟེགས་ ལ་སོགས་པ་ལས་གཞན་དགེ་སློང་གི་གནས་ཡིན་པ་དེ་མི་ཉམས་པའི་ཕྱིར་རོ། །དེ་ཡང་ཊཱི་ཀ་ལས། ཇི་སྲིད་དུ་དགེ་སློང་དེ་གནས་དེ་ལ་འཇོག་པ་དང་། འབྱུང་བ་དང་། འཇུག་པ་ལ་སོགས་པའི་དབང་ཡོད་པ་དེ་སྲིད་དུ་ནི་གནས་དེ་མི་ཉམས་ཏེ་འབྲལ་བར་མི་འགྱུར་རོ་ཞེས་སོ། ། མདོ་འདིའི་ཁུངས་ནི། ལུང་ཞུ་བ་ལས། དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་སུ་ཆོས་གོས་བཞག་སྟེ་དགེ་འདུན་གྱི་གནས་ཉེ་འཁོར་གཅིག་པར་གནས་པར་བགྱིད་ན་ལྟུང་བར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ། ཡོད་དེ་མུ་སྟེགས་ཅན་དང་ལྷན་ཅིག་བསྐོས་པར་གྱུར་ 6-1-444a པར་རོ་ཞེས་གསུངས་ཏེ། ཊཱི་ཀ་ལས། འདིར་བསྐོས་པ་ཞེས་བྱ་བ་ནི་གནས་གཅིག་ལ་གཉིས་དབང་བར་བྱས་པ་ཡིན་པར་རིག་པར་བྱའོ་ཞེས་སོ། །ཆོས་གཞན་པ་མུ་སྟེགས་ལ་སོགས་པ་དང་། ཆོས་འདི་པ་དེ་བཞིན་གཤེགས་པའི་ཉན་ཐོས་དག་ནི་སྔར་ ལུང་རྣམ་འབྱེད་ལས་ལྟ་བ་ལས་ཐ་དད་པ་མ་ཡིན་པའི་གནས་ནི་ཐ་དད་པ་མ་ཡིན་ལ། ལྟ་བ་ལས་ཐ་དད་པ་རྣམས་ཀྱིས་གནས་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བས་མ་འཕངས་པ་མ་ཡིན་ཏེ་འཕངས་པ་ཡིན་ནོ། །ཆོས་གཞན་པའི་གནས་དང་ཆོས་འདི་པའི་གནས་ཕན་ཚུན་དུ་ནི་ཆོས་གོས་ དང་འབྲལ་ལོ། །སྔར་ལུང་རྣམ་འབྱེད་དུ་སྒོ་ལ་སོགས་པ་ཐུན་མོང་ངོ་ཞེས་བསྟན་པ་དག་གིས་ནི་སྒོ་ཁང་ཡང་མ་འཕངས་པ་མ་ཡིན་ནོ། །དེས་ན་སྒོ་ཁང་དང་མཚམས་ནང་དེའི་གནས་གཞན་རྣམས་སུ་ཆོས་གོས་དང་མི་འབྲལ་ལོ། །སྔར་ལུང་རྣམ་འབྱེད་ལས། ནོར་ལས་ཐ་ དད་པ་མ་ཡིན་པ་རྣམས་ཀྱི་གནས་ནི་ཐ་དད་པ་མ་ཡིན་ལ། ནོར་ལས་ལྟ་བ་ཐ་དད་པ་རྣམས་ཀྱི་གནས་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བས་ནི་ཕ་དང་བུ་དག་ཀྱང་མ་འཕངས་པ་མ་ཡིན་ཏེ་འཕངས་པ་ཡིན་ནོ། །དེས་ན་ཕ་སྤད་ནོར་ཐ་དད་ནི་ཕ་དང་བུའི་ཁྱིམ་ཕན་ཚུན་དུ་ཆོས་གོས་དང་འབྲལ་ཏེ། ཁང་པ་གཅིག་གི་དེང་སྟོད་ནི་ཕ་དབང་ལ། དེང་སྨད་ནི་བུ་དབང་བ་ལྟ་བུ་ཡང་ཕན་ཚུན་ཆོས་གོས་དང་འབྲལ་ལོ། །སྤངས་པ་གཉིས་ཏེ་ཆད་པའི་ལས་ཀྱིས་སྤངས་པ་ལྷུང་བཟེད་ཁ་སྦུབས་པ་དང་། ཁྲིམས་སུ་བྱ་བས་སྤངས་པ་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་ཉིད་ཀྱང་ འབྲལ་བ་བསྟན་པ་དེ་དང་འདྲ་སྟེ། ཕ་སྤད་ནོར་ཐ་དད་ན་ནི་ཕ་སྤངས་པས་བུ་སྤངས་པར་མི་འགྱུར་ལ། ནོར་གཅིག་ན་ནི་ཕ་སྤངས་པས་བུ་སྤངས་པར་འགྱུར་རོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་ཉིད་ཀྱང་དེ་དང་འདྲའོ་ཞེས་པ་སྟེ། ནོར་གཅིག་པ་དང་ 6-1-444b ཐ་དད་པའི་དབང་གིས་ལྟུང་བ་གཅིག་དང་ཐ་དད་དུ་འབྱུང་ལ། ཁྱིམ་གཅིག་ན་ཉལ་པོ་ཤོམ་པ་དུ་མ་ཡོད་ཀྱང་སྐྱེས་པ་དེ་དག་ནོར་གཅིག་ན་ནི་དེར་དགེ་སློང་འདུག་ན་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་གཅིག་ན་འདུག་པའི་ལྟུང་བ་གཅིག་ཏུ་འགྱུར་ལ། གནས་ཁང་གཅིག་ན་ཉལ་པོ་ བྱེད་པའི་སྐྱེས་པ་དེ་དག་ནོར་ཐ་དད་ན་ནི་ཉལ་པོ་ཤོམ་པའི་གྲངས་ཇི་སྙེད་པའི་ལྟུང་བ་དུ་མར་གྱུར་ཏོ། །གཙུག་ལག་ཁང་དང་གྲོང་གི་བར་ན་ཉེ་འཁོར་འདོམ་གང་ལྟ་བུ་ཡོད་ན་དེ་གང་གི་ཉེ་འཁོར་ཡིན་ཅེ་ན། གྲོང་ལ་ཉེ་འཁོར་དེ་ཡོད་པ་ནི་གཙུག་ལག་ཁང་གི་ཉེ་འཁོར་ཉིད་མ་ཡིན་ནོ། ། ཊཱི་ཀར། ཁྱིམ་པ་མི་བགྲུངས་པ་དག་ལྷག་པར་གནས་པ་ཉིད་ཡིན་པས་ཐ་དད་པར་འགྱུར་བའི་ཕྱིར། དེ་བཞིན་དུ་གྲོང་གི་ཉེ་འཁོར་ཡང་གཙུག་ལག་ཁང་གི་ཉེ་འཁོར་དུ་མི་འགྱུར་རོ་ཞེས་གསུངས་པ་ཡིན་ཅེས་སོ། །འབྲལ་བའི་སྤང་བ་ཞུ་བའི་སྐབས་སོ། །འབྲལ་བའི་སྤང་བའོ།། །། གསུམ་པ་ཟླ་འཇོག་ལ། ལུང་རྣམ་འབྱེད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། ཡན་ལག་ཉམས་ལས་གཞན་འགྱུར་བཤད། །སྐབས་ཀྱི་ལྟུང་བའི་རྣམ་གཞག་བསྟན། །ཆོས་གོས་ཇི་ལྟར་བསྒྲུབ་ཚུལ་ལོ། །དང་པོ་ནི། འཁོར་གསུམ་ཁེབས་ པའི་ཐ་ཚད་ལའོ་ཞེས་སྔར་སྨོས་ན། ཚད་དེ་བས་ཆུང་ན་ཞག་བཅུ་འདས་ཀྱང་འཆང་བའི་སྤང་བར་མི་འགྱུར་རམ་ཞེ་ན། ཁ་བསྐངས་པ་སྟེ་འཁོར་གསུམ་ཁེབས་པའི་ཐ་ཚད་དུ་ཆོག་པར་ཁ་སྐོང་བའི་གོས་ལ་རེ་བ་མེད་ན་འཁོར་གསུམ་ཁེབས་པ་བས་ཆུང་བ་ཁྲུ་གང་ཡན་ཆད་ ཀྱང་བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་ན་འཆང་བའི་སྤང་ལྟུང་བསྐྱེད་དེ། དཔེར་ན་འཁོར་གསུམ་ཁེབས་པའི་ཚད་དུ་ཆོ་ག་ཞག་བཅུ་འདས་ན་འཆང་བའི་སྤང་ལྟུང་བསྐྱེད་པ་དང་འདྲའོ། །ཁ་སྐོང་ལ་རེ་བ་ཡོད་ཀྱང་བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་ཚང་ 6-1-445a བར་ཡོད་པ་ཉིད་ན་ཡང་ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ་ཞེས་སྔ་མར་སྦྱར་ཏེ། ཆོས་གོས་གསུམ་ཚང་བར་ཡོད་བཞིན་དུ་ཆུང་བ་ཁྲུ་གང་ཡན་ཆད་པའི་གོས་ལ་རེ་བ་ཡོད་ཀྱང་གོས་དེ་བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་ན་འཆང་བའི་ སྤང་ལྟུང་འབྱུང་ངོ་། །ཊཱི་ཀར། འདིར་གཞུང་ནི་མདོའི་ཚིག་ལས་ཕྱུང་ན་ཁ་བསྐང་བར་བྱའོ་ཞེས་གསུངས་པ་དང་། དེའི་རྣམ་པར་འབྱེད་པ་ནི་འདི་ཡིན་ཏེ། སྣམ་སྦྱར་གྱིའམ། བླ་གོས་ཀྱིའམ། མཐང་གོས་ཀྱིའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །གཉིས་པ་ལ། སྤྱིའི་དོན་ དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཁ་གསོག་གི་གོས་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་ལས་འདས་པར་འཇོག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེ་བ་སྟེ་འཆང་བ་དང་འདྲའོ། །ངོ་ ཏི་ནི་བཅས་ལྡན་དགེ་སློང་གིས་བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་མ་ཚང་བ་ན་ཁ་སྐོང་བའི་གོས་ལ་རེ་བ་དང་བཅས་ཏེ་ཁ་གསོག་གི་གོས་བྱིན་གྱིས་མ་བརླབས་པར་བཞག་པ་ལས་རང་ངམ་ཤན་སྟོབས་ཀྱིས་ཞག་སུམ་ཅུ་འདས་པའི་ལྟུང་བ་དངོས་གཞིའོ། །ཁ་གསོག་ གི་གོས་དང་ཁ་སྐོང་བའི་གོས་གཉིས་བློ་ཡུལ་དུ་མ་འདྲེས་པར་བྱའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་བཞག་པའི་དངོས་པོ་དང་། གང་གིས་འཇོག་པའི་རྟེན་ནོ། །དང་པོ་ལ་བདུན་ཏེ། གོས་ཡིན་པ་དང་། རུང་བ་དང་། ཁྲུ་གང་ཡན་ཆད་ཀྱི་ཚད་དང་ལྡན་པ་དང་། གནས་ སྐབས་དབང་བྱར་ཡོད་པ་དང་། རང་ཉིད་ཀྱི་ཡིན་པ་དང་། བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ་འབྲེལ་ཀྱང་ཤན་རྗེས་སུ་ཞུགས་པ་དང་བཅས་པ་དང་དྲུག་ནི་འཆང་བའི་སྐབས་སུ་སྔར་བཤད་པ་དང་འདྲ་བ་ལས་ཚད་དང་ལྡན་པ་ལ་ཁྱད་པར་ཡོད་དེ། འཆང་བའི་ 6-1-445b སྐབས་སུ་ཆུང་ཚད་ཁྲུ་གང་ཡན་ཆད་ནས་ཡ་མཐའ་དཔག་ཏུ་མེད་པའོ། །ཟླ་འཇོག་གི་སྐབས་སུ་ནི་ཆུང་ཚད་ཁྲུ་གང་ཡན་ཆད་ནས་འཁོར་གསུམ་ཁེབས་པར་མ་ལོངས་པའོ། །འཁོར་གསུམ་ཁེབས་པར་ལོངས་པ་ནི་བྱིན་གྱིས་མ་བརླབས་པར་བཞག་ན་འཆང་ལྟུང་དུ་འགྱུར་ གྱི་ཟླ་འཇོག་ཏུ་མི་འགྱུར་རོ། །ཁ་སྐོང་བའི་གོས་ལ་རེ་བ་དང་བཅས་ཏེ་བཞག་པའི་ཁ་གསོག་གི་གོས་ཡིན་པ་སྟེ། གཞན་དུ་ན་དེ་ནི་ཞེས་པས་སོ། །གཉིས་པ་གང་གིས་འཇོག་པའི་རྟེན་ནི། སྲ་བརྐྱང་དང་མི་ལྡན་པ་དང་། བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་ ཚང་བ་མ་ཡིན་པ་སྟེ། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ཞེས་པ་དང་། གཞན་དུ་ན་ཞེས་པའི་དོན་ཆོས་གོས་གསུམ་ཚང་བར་ཡོད་པ་ལས་གཞན་པའི་དོན་ཏེ་དེ་ལྟ་བུ་མ་ཡིན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་ འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་ཟླ་བ་ལས་འདས་པར་འཇོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གོས་དེ་བྱིན་རླབས་མེད་པར་འཇོག་པ་ཉིད་ཡིན་གྱི། ལུས་ངག་ཏུ་ཐོན་པ་ནི་མི་དགོས་ཏེ་བྱ་བ་མི་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར། མཐར་ཐུག་ནི་ཞག་ སུམ་ཅུའི་མཚན་མོའི་མཐའི་སྐད་ཅིག་གི་མཐའོ། །གཉིས་པ་ནི། གང་ལ་ཟླ་འཇོག་གི་སྤང་ལྟུང་འབྱུང་ཞེ་ན། སྔར་བསྟན་མ་ཐག་པ་དེ་གཉིས་ལས་གཞན་ཁ་སྐོང་བ་ལ་རེ་བ་ཡོད་ཅིང་བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་གསུམ་ཚང་བར་མེད་པ་ཉིད་དུ་ན་ཆུང་བ་ཁྲུ་ གང་ཡན་ཆད་ཀྱི་གོས་དེ་ནི་ཞག་སུམ་ཅུ་འདས་ན་ཟླ་འཇོག་གི་སྤང་ལྟུང་བསྐྱེད་པའོ། །དེ་ནི་བྱིན་གྱིས་མ་བརླབ་པར་ཞག་བཅུ་འདས་པར་འཆང་དུ་གནང་ཡང་བྱིན་གྱིས་མ་བརླབས་པར་ཞག་སུམ་ཅུ་འཇོག་པར་མ་གནང་བའོ། །གོས་སེར་པོ་གཞིར་བཞག་སྟེ་ཁ་སྐོང་ 6-1-446a བའི་གོས་སྔོན་པོ་རྙེད་པ་རེ་བ་ལྟ་བུ་ཁ་དོག་རིགས་མི་མཐུན་ལ་སོགས་པའི་སྒྲས་ནི་རྒྱུ་རིགས་མི་མཐུན་པ་བསྡུས་ཏེ། བལ་གོས་གཞིར་བཞག་སྟེ་ཁ་སྐོང་བའི་གོས་རས་གོས་རྙེད་པ་རེ་བ་ལྟ་བུ་སྟེ། རྒྱུ་ལས་རིགས་མི་མཐུན་པ་ནི་ཁ་སྐོང་བའི་གོས་སུ་ཆོག་ པ་ཉིད་མ་ཡིན་པས་རིགས་མི་མཐུན་པ་དེ་ལ་རེ་བས་རེ་བའི་གོ་མི་ཆོད་དེ། ཊཱི་ཀ་ལས། རིགས་མི་མཐུན་པ་འགྲུབ་པ་ཉིད་དུ་རེ་བ་གང་ཡིན་པས་ནི་ཞག་སུམ་ཅུར་བཞག་ཏུ་མི་རུང་ཞེས་སོ། །རིགས་མི་མཐུན་པ་དེ་རྙེད་པས་རྙེད་པའི་གོ་མི་ཆོད་དེ། ཊཱི་ཀ་ལས། རིགས་མི་མཐུན་པ་ ནི་མ་རྙེད་པ་དང་འདྲ་བའི་ཕྱིར་རོ་ཞེས་སོ། །དེའི་དམིགས་བསལ་བསྟན་པའི་ཕྱིར་དཀར་པོ་ཉིད་ནི་སྔོན་པོ་ལ་སོགས་པ་དང་རིགས་མི་མཐུན་པ་མ་ཡིན་ཏེ་ཁ་དོག་ཐམས་ཅད་པ་ཉིད་ཡིན་པའི་ཕྱིར་ཏེ། གོས་དཀར་པོ་ནི་ཁ་དོག་ཐམས་ཅད་དུ་བསྒྱུར་དུ་རུང་བའི་ཕྱིར་རོ། །ཊཱི་ཀར། གལ་ ཏེ་གོས་ཀྱི་ཁ་གསོག་ཟླ་བ་གཅིག་ཏུ་བཞག་པ་ལས་བར་དུ་ཁ་སྐོང་བ་འཁོར་གསུམ་ཁེབས་པའི་ཚད་གཅིག་རྙེད་པར་གྱུར་ན་ཅི། འོན་ཀྱང་ཟླ་བ་གཅིག་གི་བར་དུ་བཞག་པར་བྱའམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་ཞེས་དོགས་པ་བསུས་ནས་དེའི་དོན་འཆད་པ་ལ། དེ་རྙེད་ན་ཞེས་སྨོས་ པ་འདི་ལ་མུ་བཞི་སྲིད་དེ། ཟླ་འཇོག་གི་རིགས་ལས་འཆང་ལྟུང་དུ་རིགས་ཀྱང་ལྡོག་ལ་ཤན་འབྱུང་བ་དང་། རིགས་མི་ལྡོག་ལ་ཤན་འབྱུང་བ་དང་། རིགས་ལྡོག་ལ་ཤན་མི་འབྱུང་བ་དང་། རིགས་ཀྱང་མི་ལྡོག་ལ་ཤན་ཡང་མི་འབྱུང་བའོ། །མུ་དང་པོ་ནི། ཆོས་གོས་གསུམ་ ཚང་བར་མེད་པའི་དགེ་སློང་གིས་ཆོས་གོས་མི་ལོངས་པའི་གོས་རྙེད་ནས་ཁ་སྐོང་བའི་གོས་ལ་རེ་བ་དང་བཅས་ཏེ། གོས་བྱིན་གྱིས་མ་བརླབས་པར་བཞག་པ་ལས་ཟླ་བ་གཅིག་གི་ནང་རོལ་དུ་ཁ་སྐོང་བའི་གོས་རིགས་མཐུན་པ་དེ་རྙེད་ཅིང་། ཁ་སྐོང་གི་གོས་ལ་རེ་བ་མེད་པར་གྱུར་ན་ 6-1-446b ཞག་བཅུ་ཚན་གསུམ་པའི་རིས་གང་ལ་རྙེད་པའི་ཞག་བཅུ་པོ་དེའི་ཞག་གྲངས་དང་པོ་ལ་གོས་སྔ་མ་དེའི་ཞག་གྲངས་ཀྱི་བག་ཞད་ལ་སློན་པ་སྟེ་ཞག་ཤན་འབྱུང་བ་ཉིད་དོ། །བག་ལ་སློན་པ་ནི་གོས་ཞག་གྲངས་ཉུང་ཤོས་ཀྱི་ཞག་གྲངས་དེ་གོས་ཞག་གྲངས་མང་ཤོས་ཀྱི་བག་ཞད་ལ་སློན་པ་སྟེ་ ཞག་ཤན་འབྱུང་བའོ། །ཊཱི་ཀ་ལས། སྔར་བཞག་པ་དེའི་ཤན་གྱི་དབང་གིས་ཕྱི་མ་དེ་སྔ་མའི་བག་ལ་སློན་པ་ཉིད་ཡིན་ནོ་ཞེས་སྤྱིར་བསྟན་ནས། དེ་ཡང་བྱེ་བྲག་ཏུ་བརྗོད་ན་གསུམ་ལས། དང་པོ་བཅུ་ཚན་དང་པོ་ལ་ཁ་སྐོང་བའི་གོས་རྙེད་པ་ནི་ཚེས་གཅིག་ལ་ཁ་གསོག་གི་གོས་རྙེད་ ནས། ཁ་སྐོང་བའི་གོས་དེ་ཚེས་ལྔ་ལ་རྙེད་ན། ཞག་བཅུ་ཚན་དེའི་དང་པོ་ཚེས་གཅིག་གི་ཞག་གྲངས་ལ་གོས་ཕྱི་མ་དེ་བག་ཞད་ལ་སློན་པ་སྟེ་ཞག་ཤན་འབྱུང་བ་ཉིད་དོ། །དེ་ཡང་གོས་སྔར་རྙེད་ལས་ནི་རང་སྟོབས་ཀྱིས་ཞག་བཅུ་པའི་འཆང་ལྟུང་བསྐྱེད་ཅིང་། གོས་ཕྱིས་རྙེད་དེ་ཡང་ གོས་སྔར་རྙེད་དེའི་ཞག་གྲངས་ཀྱི་བག་ཞད་ལ་བསླན་ཏེ་ཤན་བརྡེགས་པས་ཞག་བཅུ་པའི་འཆང་ལྟུང་བསྐྱེད་དོ། །གཉིས་པ་བཅུ་ཚན་བར་པ་ལ་ཁ་སྐོང་བའི་གོས་རྙེད་པ་ནི་ཚེས་གཅིག་ལ་ཁ་གསོག་གི་གོས་རྙེད་ནས་ཁ་སྐོང་བའི་གོས་དེ་ཚེས་བཅོ་ལྔ་ལ་རྙེད་ན་ཞག་བཅུ་ཚན་བར་པ་དེའི་ དང་པོ་ཚེས་བཅུ་གཅིག་སྟེ། ཚེས་བཅུ་གཅིག་ནས་བརྩིས་པའི་ཞག་གྲངས་ལ་གོས་ཕྱི་མ་དེ་བག་ཞད་ལ་སློན་པ་སྟེ་ཞག་ཤན་འབྱུང་བ་ཉིད་དོ། །དེ་ཡང་གོས་སྔ་ཕྱི་གཉིས་ཀ་ལས་ཞག་བཅུ་པའི་འཆང་ལྟུང་བསྐྱེད་དེ་རང་སྟོབས་དང་ཤན་སྟོབས་སྔ་མ་བཞིན་ནོ། །གསུམ་པ་བཅུ་ཚན་ གསུམ་པ་ལ་ཁ་སྐོང་བའི་གོས་རྙེད་པ་ནི་ཚེས་གཅིག་ལ་ཁ་གསོག་གི་གོས་རྙེད་ནས་ཁ་སྐོང་བའི་གོས་དེ་ཚེས་ཉི་ཤུ་ལྔ་ལ་རྙེད་ན་ཞག་བཅུ་ཚན་གསུམ་པ་དེའི་དང་པོ་ཚེས་ཉི་ཤུ་རྩ་གཅིག་ནས་བརྩིས་པའི་ཞག་གྲངས་ལ་གོས་ཕྱི་མ་དེ་བག་ཞད་ལ་སློན་པ་སྟེ་ཞག་ཤན་འབྱུང་བ་ཉིད་དོ། །དེ་ 6-1-447a ཡང་གོས་སྔ་ཕྱི་གཉིས་ཀ་ལ་ཞག་བཅུ་པའི་འཆང་ལྟུང་བསྐྱེད་དེ་རང་སྟོབས་དང་ཤན་སྟོབས་སྔ་མ་བཞིན་ནོ། །བག་ལ་སློན་པ་ཉིད་དོ་ཞེས་པ་ནི་རིགས་ལོག་པ་ཉིད་དོ་ཞེས་སྔ་རབས་པ་ཁ་ཅིག་འཆད་མོད། མ་ཡིན་ཏེ་བག་ལ་སློན་པ་ཉིད་དོ་ཞེས་པ་ནི་ཤན་འབྱུང་བའི་ དོན་དུ་འཆད་དགོས་ཏེ། ཊཱི་ཀ་ལས། སྔར་བཞག་པ་དེའི་ཤན་གྱི་དབང་གིས་ཕྱི་མ་དེ་སྔ་མའི་བག་ལ་སློན་པ་ཉིད་ཡིན་པའི་ཕྱིར་ཞེས་སོ། །འདི་ལ་ཚུལ་ཁྲིམས་བླ་མ་ན་རེ། ཟླ་བ་གཅིག་འདས་པའི་ལྟུང་བ་དེ་ཟླ་འཇོག་གི་ལྟུང་བ་ཡིན་གྱི། ཞག་བཅུ་པའི་འཆང་ལྟུང་མ་ཡིན་ཏེ་ཟླ་གཅིག་འདས་ པ་ལ་ཞག་བཅུ་པ་མི་སྲིད་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་ཁ་སྐོང་བའི་གོས་དེ་ཚེས་ཉི་ཤུ་ལྔ་ལ་རྙེད་ནས། ཁ་སྐོང་ལ་རེ་བ་མེད་པར་ཞག་སུམ་ཅུ་འདས་པའི་ལྟུང་བ་དེ་ཆོས་ཅན། ཟླ་འཇོག་གི་སྤང་ལྟུང་མ་ཡིན་པར་ཐལ། ཟླ་འཇོག་གི་སྤང་ལྟུང་གི་ཡན་ལག་མ་ཚང་བའི་ཕྱིར་ཏེ་ཟླ་ འཇོག་གི་སྤང་ལྟུང་བསྐྱེད་པ་ལ་ཁ་སྐོང་བ་ལ་རེ་བ་ཡན་ལག་ཏུ་དགོས་ལ། ཡན་ལག་དེ་མ་ཚང་བའི་ཕྱིར། འདོད་ན་དམ་བཅའ་ཉམས། གཞན་ཡང་ཟླ་བ་གཅིག་འདས་པ་ལ་ཞག་བཅུ་པའི་འཆང་ལྟུང་མི་སྲིད་ན་ཞག་ཉི་ཤུ་འདས་པ་ལ་ཡང་ཞག་བཅུ་པའི་འཆང་ལྟུང་མི་སྲིད་པར་ འགྱུར་ཞེས་མགོ་སྙོམས་ལ། དེ་འདོད་ན་ཁ་སྐོང་བའི་གོས་ཞག་བཅུ་ཚན་བར་པ་ལ་རྙེད་ནས་ཞག་ཉི་ཤུ་འདས་པའི་ལྟུང་བ་དེ་འཆང་ལྟུང་དང་ཟླ་འཇོག་གང་དུ་ཡང་མ་གཏོགས་པར་ཐལ་བར་འགྱུར་ལ། དེ་ཡང་འདོད་ན་འདུལ་བའི་སྡེ་སྣོད་ལ་རྒྱུས་མེད་པར་འཁུམས་ལགས་སོ། ། ཚེས་ཉི་ཤུ་རྩ་ལྔ་ལ་ཁ་སྐོང་བའི་གོས་དེ་རྙེད་ན་ཁྱེད་ལྟར་ན་ཞག་བཅུ་པ་ཡང་བར་གྱི་དང་པོ་ལ་སླན་པར་ཐལ་བར་འགྱུར་ཏེ་འདོད་པ་དེའི་ཕྱིར་དང་། ཡང་ཟླ་གཅིག་འདས་པ་ཙམ་གྱིས་ཟླ་འཇོག་ཏུ་འགྱུར་ན་ཟླ་གཅིག་འདས་པ་ལས་འཆང་ལྟུང་ནག་འབྱམ་དུ་བསྐྱེད་པ་དེ་ཡང་ཟླ་འཇོག་ཏུ་ 6-1-447b ཐལ་བར་འགྱུར་ཏེ། གོས་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་འདས་པའི་ཕྱིར་རོ། །གཉིས་པ་རིགས་མི་ལྡོག་ལ་ཤན་འབྱུང་བ་ནི། ཚེས་གཅིག་ལ་ཁ་གསོག་གི་གོས་རྙེད་ནས་ཁ་སྐོང་བའི་གོས་དེ་ཚེས་གཉིས་སམ་གསུམ་ལ་རྙེད་ཅིང་། དེ་གཉིས་ཀ་བསྡོམས་ཀྱང་འཁོར་གསུམ་ ཁེབས་པར་མ་ཆོག་ན་ཁ་སྐོང་བའི་གོས་གཞན་ལ་རེ་བ་དང་བཅས་ཏེ་བྱིན་གྱིས་མ་བརླབས་པར་ཟླ་གཅིག་འདས་ན་གོས་སྔ་མ་ལས་ནི་རང་སྟོབས་ཀྱི་ཟླ་འཇོག་དང་། གོས་ཕྱི་མ་ལས་ཤན་སྟོབས་ཀྱི་ཟླ་འཇོག་གི་སྤང་ལྟུང་འབྱུང་ངོ་། །གསུམ་པ་རིགས་ལྡོག་ལ་ཤན་མི་འབྱུང་བ་ནི། ཁ་སྐོང་ བའི་གོས་དེ་མེ་ལ་སོགས་པས་ཉམས་ཏེ་རེ་བ་མེད་པར་གྱུར་པ་དང་། ཁ་སྐོང་བའི་གོས་ལ་རེ་བ་དེ་འགྲུབ་པར་མ་གྱུར་ཏེ་རེ་བ་མེད་པར་གྱུར་པ་དང་། ཁ་སྐོང་བའི་གོས་ལ་རེ་བའི་བསམ་པ་རང་བཞིན་གྱིས་ལོག་པ་སྟེ། ལུང་རྣམ་འབྱེད་ལས། ཁ་བསྐང་བའི་གོས་ལ་རེ་བ་བྱེད་པ་དེ་ཉམས་གྱུར་ གོས་ལ་རེ་བ་གང་ཡིན་པ་དེ་གྲུབ་པར་མ་གྱུར་དང་། །རྒྱུན་ཆད་གོས་ལ་རེ་བ་གང་ཡིན་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་གསུངས་སོ། །བཞི་པ་རིགས་ཀྱང་མི་ལྡོག་ལ་ཤན་ཡང་མི་འབྱུང་བ་ནི། ཚེས་གཅིག་གི་སྔ་དྲོ་ཁ་གསོག་གི་གོས་རྙེད་ནས། ཁ་སྐོང་བའི་གོས་དེ་ཡང་ཚེས་གཅིག་གི་ཕྱི་ཆ་ལྟ་བུ་ལ་ རྙེད་ཅིང་། དེ་གཉིས་ཀ་བསྡོམས་ཀྱང་འཁོར་གསུམ་ཁེབས་པར་མ་ཆོག་ནས་ཁ་སྐོང་བའི་གོས་གཞན་ལ་རེ་བ་དང་བཅས་ཏེ་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་འདས་ན་གོས་གཉིས་ཀ་ལ་རང་སྟོབས་ཀྱི་ཟླ་འཇོག་གི་སྤང་ལྟུང་འབྱུང་ངོ་། །སྐབས་འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། རིགས་ལྡོག་ཤན་མི་འབྱུང་བའི་མུ། །ཤན་འབྱུང་རིགས་མི་ལྡོག་པའི་མུ། །གཉིས་ཀ་འབྱུང་བའི་མུ། གཉིས་ཀ་མི་འབྱུང་བའི་མུའོ། །དང་པོ་ནི། ཁ་གསོག་གི་གོས་ཀྱི་སྔ་དྲོ་དེ་ཉིད་དམ། དེ་ནས་བགྲངས་པའི་ཞག་བཅུ་གཅིག་པའམ་ཉེར་གཅིག་པའམ་ཉེར་གཅིག་པའི་ཉིན་ཁ་བསྐངས་པའི་གོས་རིགས་ 6-1-448a མཐུན་ཚད་དུ་ཆོག་པའམ། རིགས་མི་མཐུན་ཆོས་གོས་ལྡང་བ་གཅིག་རྙེད་དམ། རེ་བ་ཆད་པར་གྱུར་ན་ཁ་གསོག་གི་གོས་ཆོས་ཅན། རིགས་ལོག་པ་ཡིན་ཏེ་སྔར་ཟླ་བ་པ་ཡི་རིགས་ལས་ལོག་ནས་ཞག་བཅུ་པའི་རིགས་སུ་སོང་བའི་ཕྱིར། ཤན་མི་འབྱུང་སྟེ་ཤན་ རྡེག་བྱེད་ཀྱི་དངོས་པོ་དེས་ཤན་དུ་འཇོག་པའི་ཞག་མ་ལོན་པའི་ཕྱིར། འོ་ན་ཞག་བཅུ་གཅིག་པ་དང་ཉེར་གཅིག་པའི་ཉིན་ཞག་མ་ལོན་པ་ཅི་ཞེ་ན། དེའི་ཚེ་སྤྱིར་ཞག་ལོན་ཀྱང་སྤང་ཤན་རྡེག་བྱེད་དུ་མ་བཅས་པ་ཡིན་ཏེ། ཊཱི་ཀ་ལས། ཟླ་བ་པའི་སྤང་བ་འདི་ལ་ཞག་བཅུ་པ་དང་པོ་དང་། གཉིས་པ་དང་། གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་བལྟོས་པ་མེད་དོ་ཞེས་གསུངས་པ་ལྟར་རོ། །མུ་གཉིས་པ་ནི། ཁ་གསོག་བཞག་པའི་ཉིན་ནས་བགྲངས་པའི་ཞག་གཉིས་པ་ནས་བཅུ་པའི་བར་དང་། བཅུ་གཉིས་པ་ནས་ཉི་ཤུ་པའི་བར་དང་། ཉེར་གཉིས་པ་ནས་སུམ་ཅུ་པའི་ བར་གང་རུང་ལ། ཁ་སྐོང་གི་གོས་རེ་བའི་ཚད་དུ་མ་ཆོག་པ་གཅིག་རྙེད་པ་ལྟ་བུའོ། །འདི་ལ་ནི་ཁ་གསོག་གི་གོས་ཀྱིས་ཞག་སུམ་ཅུ་འདས་པའི་ཚེ་ཁ་སྐོང་གི་གོས་ཀྱིས་ཞག་བཅུ་ལས་མ་འདས་པར་སྲིད། དེའི་ཚེ་སྔ་མ་ལ་ཟླ་བའི་སྤང་བ་བྱུང་ཡང་ཕྱི་མ་ལ་དེ་བྱུང་བ་མིན་ཏེ། ཕྱི་མ་དེས་ རང་སྟོབས་ཀྱིས་ཞག་སུམ་ཅུ་མ་ལོན་ཅིང་། ཤན་སྟོབས་ཀྱིས་ཀྱང་མ་ལོན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཞག་བཅུ་ཚན་གསུམ་པོ་ཤན་གྱི་ཕྱིར་ཕན་ཚུན་བལྟོས་པ་མེད་དོ། །འོ་ན་ཁ་སྐོང་གི་གོས་ཕྱི་མ་དེ་གོས་སྔ་མ་ལ་ལྟུང་བ་བྱུང་རྗེས་སུའང་ཞག་ཉི་ཤུ་ལ་ཐུག་པའི་བར་དུ་ བཅད་དུ་རུང་ངམ་ཞེ་ན། འདི་ལ་སྔོན་ཆད་དཔྱད་པ་ཞུགས་པ་མ་མཐོང་ངོ་། །མུ་གསུམ་པ་ནི། ཁ་གསོག་གི་གོས་བཞག་པའི་ཉིན་མོ་ནས་བགྲངས་པའི་གཉིས་པ་ནས་བཅུ་པའི་བར་ཚན་པ་གསུམ་པོ་གང་རུང་ལ་ཁ་སྐོང་གི་གོས་རིགས་མཐུན་པ་རེ་བའི་ཚད་དུ་ཆོག་པའམ། རིགས་མི་ 6-1-448b མཐུན་པ་ཚོན་ཅན་གོས་ལྡང་བ་གཅིག་རྙེད་པ་ལྟ་བུའོ། །མུ་བཞི་པ་ནི། ཁ་གསོག་གི་གོས་གང་ལ་བཞག་པའི་ཉི་མ་དེ་ཉིད་དམ། བཅུ་གཅིག་པའམ་ཉེར་གཅིག་པ་ལྟ་བུ་ལ་ཁ་སྐོང་རེ་བའི་ཚད་དུ་མ་ཆོག་པ་གཅིག་རྙེད་པའམ་རེ་བ་ཆད་པའོ་ཞེས་བྲིས་གདའོ། །འདི་ལ་མུ་དང་པོ་དང་ གསུམ་པ་དང་བཞི་པ་ལ་སྐྱོན་ཆེར་མ་ཆགས་ཀྱང་། མུ་གཉིས་པ་ལ་ནི་སྐྱོན་འགའ་ཞིག་སྣང་སྟེ། ཁས་བླངས་ནང་འགལ་བ་དང་། ལུང་དང་འགལ་བ་དང་། ལུང་གི་དགོངས་པ་མ་ལོན་པ་དང་། རྣམ་རྟོག་གི་གཏིང་མ་ཚུགས་པའོ། །དང་པོ་ནི། ས་བཅད་དུ་ཤན་འབྱུང་བ་ལ་ རིགས་མི་བཟློག་པར་བཤད་པའི་གོ་བས་ཁ་གསོག་གི་གོས་དེ་རང་སྟོབས་ཟླ་འཇོག་གི་སྤང་ལྟུང་བསྐྱེད་ལ། ཁ་སྐོང་གི་གོས་དེས་ཤན་སྟོབས་ཀྱི་ཟླ་འཇོག་གི་སྤང་ལྟུང་བསྐྱེད་པར་འཆད་དགོས་རྒྱུ་ལ། ཁྱེད་ཀྱིས་དེའི་ཚེ་སྔ་མ་ལ་ཟླ་བའི་སྤང་བ་བྱུང་ཡང་ཕྱི་མ་ལ་དེ་བྱུང་བ་མ་ཡིན་ཏེ། ཕྱི་མ་དེ་རང་སྟོབས་ཀྱིས་ཞག་སུམ་ཅུ་མ་ལོན་ཅིང་ཤན་སྟོབས་ཀྱིས་ཀྱང་མ་ལོན་པའི་ཕྱིར་ཞེས་བཤད་པས་ནང་འགལ་ལོ། །གཉིས་པ་ནི། གོས་དེ་ཤན་སྟོབས་ཀྱིས་ཟླ་འཇོག་གི་སྤང་བ་མི་བསྐྱེད་པ་ཁྱེད་ཀྱིས་རྩ་གྲུབ་ཏུ་བྱེད་པ་ལྟར་ན། ཊཱི་ཀ་ལས། ཇི་སྟེ་དེ་གཉིས་བསྡངས་ཀྱང་ འཁོར་གསུམ་ཁེབས་པའི་ཚད་དུ་མ་ཆོག་པ་ཉིད་ཡིན་ན་ནི་དེའི་ཚེ་ན་ཕྱིས་རྙེད་པ་དེ་ཡང་སྔར་བཞག་པ་དང་འདྲ་བར་ཟླ་བ་གཅིག་པའི་ཁོངས་སུ་གཏོགས་པ་ཡིན་པར་ཤེས་པར་བྱ་སྟེ། སྔར་བཞག་པ་དེའི་ཤན་གྱི་དབང་གིས་ཕྱི་མ་དེ་སྔ་མའི་བག་ལ་སློན་པ་ཉིད་ཡིན་པའི་ཕྱིར། ཕྱི་མ་ དེ་ལ་ཡང་ཟླ་བ་གཅིག་པ་དེ་ཉིད་རྣམ་པར་བཞག་པར་རིགས་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ། །གསུམ་པ་ནི། ཊཱི་ཀར། ཟླ་བ་གཅིག་པའི་སྤང་བ་འདི་ལ་ཞག་བཅུ་པ་དང་པོ་དང་། གཉིས་པ་གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་བལྟོས་པ་མེད་དོ་ཞེས་པ་འདིས་ཟླ་ 6-1-449a འཇོག་གི་ནང་དུ་ཁ་གསོག་དང་ཁ་སྐོང་གི་གོས་བཅུ་ཚན་དང་པོ་དང་། བར་པ་གསུམ་པ་རྣམས་ཕན་ཚུན་མི་འདྲ་བའི་དོན་ཡིན་ཟེར་བ་ནི་མུན་སྤྲུལ་ཏེ། དེའི་དོན་ནི་ཤན་བརྡེག་པ་ནི་རྡེག་བྱེད་ཀྱིས་བརྡེག་བྱ་ལ་མཚན་མོའི་མཐའི་སྐད་ཅིག་ལ་བརྡེག་པ་ཡིན་ལ། སྐྱ་ རེངས་ཤར་ནས་བརྡེག་པ་མ་ཡིན་པར་མདོ་འདིས་འཆད་པ་ཡིན་གྱི། ཟླ་འཇོག་གི་སྤང་ལྟུང་ཤན་སྟོབས་ཀྱིས་མི་བསྐྱེད་པའི་ལུང་དུ་འདོན་ན་ཆེས་ནོར་རོ། །ཡང་ན་ཟླ་གཅིག་དེའི་ཁོངས་སུ་ཟླ་འཇོག་གི་ལྟུང་བའི་རིགས་ལོག་ན་ཟླ་འཇོག་གི་སྤང་ལྟུང་མི་བསྐྱེད་པ་ལ་དགོངས་ཏེ། དེ་ལྟར་འཆད་ པའམ། ཡང་ན་རིགས་མ་ལོག་ཀྱང་འཁོར་གསུམ་ཁེབས་ན་ཟླ་འཇོག་གི་ཤན་མི་བརྡེག་གི། འཆང་སྤང་གི་ཤན་བརྡེག་པའི་དོན་དུ་ལུང་འདི་བྱུང་བ་ཡིན་གྱི། ཁྱེད་ལྟར་ཟླ་འཇོག་ལ་ཤན་སྟོབས་མི་བསྐྱེད་པའི་ལུང་མ་ཡིན་ཏེ། དེའི་ཐད་ཀྱི་བུ་ཊཱིཀ་ཏུ། རིགས་ལོག་པ་ནས་བརྩམས་ པའམ་ཞག་བཅུ་ན་ལྟུང་བར་འགྱུར་གྱི། དེའི་གོང་དུ་རིགས་མ་ལོག་པའི་དུས་ཀྱི་ཤན་མི་འདྲེ་ཞེས་པ་སྟེ་ཞེས་བཤད་དོ། །དེའི་ཐད་ཀྱི་བྱ་ཊཱིཀ་ཏུ། ཕན་ཚུན་བལྟོས་པ་མེད་པར་བཤད་པ་ནི་བཅུ་པ་གཉིས་པ་དང་། གསུམ་པ་ལ་རིགས་ལོག་པས་ཞག་བཅུ་པའི་སྤང་ལྟུང་ཟླ་བར་ འཇོག་པ་ལ་ཤན་མི་འདྲེ་བའམ་ཆོས་གོས་གསུམ་ལ་དམིགས་ཀྱིས་བསལ་བའོ་ཞེས་བཤད་དོ། །དེ་ལྟ་བས་ན་ཁ་སྐོང་གི་གོས་འཁོར་གསུམ་དུ་ཁེབས་པར་མ་ཆོག་པ་བྱིན་གྱིས་མ་བརླབས་པར་ཟླ་འཇོག་ཏུ་བྱས་ན་ཤན་སྟོབས་ཀྱི་དབང་གིས་སྤང་ལྟུང་བསྐྱེད་པ་འདི་གྲུབ་བོ། ། བཞི་པ་ནི། ཟླ་འཇོག་གི་ལྟུང་བ་བྱུང་རྗེས་ཁ་སྐོང་གི་གོས་འཁོར་གསུམ་དུ་མ་ཆོག་པ་ཞག་ཉི་ཤུར་བཞག་ན་རིགས་མི་བཟློག་ཤན་འབྱུང་བའི་རིགས་པས་སྔ་མའི་ཞག་བཅུའི་བག་ལ་སློན་པས་ཟླ་འཇོག་གི་སྤང་ལྟུང་བསྐྱེད་པ་མ་གོ་བས་གནད་འདི་ལ་སྔོན་ཆད་དཔྱད་པ་ཞུགས་པ་མ་ 6-1-449b མཐོང་ངོ་། །ཞེས་སྨྲ་དགོས་པ་བྱུང་བ་ཡིན་འདུག་གོ། གསུམ་པ་ལ། རིམ་པའི་གྲངས་ཚད་ཞར་བྱུང་བསྟན། །སྣམ་ཕྲན་གླེགས་བུའི་གྲངས་ངེས་བརྗོད། །རྒྱ་ཁྱོན་ཚད་དང་བསླབ་བྱའོ། །དང་པོ་ནི། བྱས་པས་གསར་པ་དང་། རྙེད་པས་གསར་པ་གཉིས་ལས་བྱས་པས་ གསར་པ་སྟེ་ཟླ་བ་བཞི་རངས་པར་ལོངས་མ་སྤྱད་པའི་གསར་པ་ལས་སྣམ་སྦྱར་གྱི་རིམ་པའི་ཚད་ཀྱི་མཐའ་ནི་ཉིས་རིམ་མོ། །རིམ་པ་ལྷག་པ་གཞན་མི་བྱའོ། །འདིའི་ཊཱི་ཀ་ལས། གོས་ཇི་ལྟ་བུ་དག་ལ་དང་། ཚད་ཇི་ཙམ་ལ་བྱིན་གྱིས་བརླབས་པ་འཆགས་པར་འགྱུར་བ་དང་། དེ་ལས་བཟློག་པ་ལ་སྤང་བར་འགྱུར་བ་དེ་བརྗོད་པར་བྱ་སྟེ་ཞེས་པ་དང་། གཞན་ཡང་ཊཱི་ཀ་ལས། རིམ་པ་ལྷག་པར་སྦྱར་བ་གང་ཡིན་པ་དེ་སྤང་བར་འགྱུར་གྱི། རིམ་པ་ཇི་སྐད་བསྟན་པ་དག་ནི་སྤང་བར་མི་འགྱུར་ཞེས་བསྟན་པ་ལ་བརྟེན་ནས་ཐས་སྟོན་ན་རེ། གོས་ཚད་ལས་ ལྷག་པ་ལ་ཚད་དང་ལྡན་པ་ཚུན་ཆད་ལ་བྱིན་རླབས་འཆགས་ཤིང་། དེ་ཕན་ཆད་ལྷག་པའི་ཆ་ལ་བྱིན་རླབས་མི་འཆགས་པས་སྤང་བར་འགྱུར་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། གོས་ཟླ་མེད་ཀྱི་གཅིག་ལ་དུས་གཅིག་ཏུ་བྱིན་རླབས་ཡོད་མེད་འགལ་བའི་ཕྱིར་བཤལ་ཏེ་རྐུ་བའི་ སྐབས་ལས་དངོས་པོ་ཕྱེད་བརྐུས་ཕྱེད་མ་བརྐུས་པ་དང་འགལ་ཅེས་གསུངས་པ་དང་མཚུངས་པ་དང་། ཞེང་དུ་ཚད་དང་ལྡན་ལ་དཀྱུས་སུ་ཁྲུ་བཅུ་ཡོད་པའི་གོས་གཅིག་ལ་ཕྱོགས་རེ་རེར་སྣམ་སྦྱར་དང་། མཐང་གོས་ཀྱི་བྱིན་རླབས་གཉིས་ཀ་འཆགས་པར་ཐལ། དེ་གཉིས་ ཀྱི་བྱིན་རླབས་འཆགས་པའི་ཚད་དང་ལྡན་པའི་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདོད་ན། ཚུལ་ཁྲིམས་ལ་འགལ་བ་དུ་མ་འདུ་བར་འགྱུར་ཏེ། མི་གཙང་བའི་བྱ་བ་ལ་འཇུག་པའི་ཚེ་ན་སྣམ་སྦྱར་གྱོན་པ་བཀག་ལ། མཐང་གོས་གྱོན་པ་གནང་བ་དང་། ཆར་འབབ་པ་དང་ 6-1-450a འབབ་ཏུ་དོགས་པའི་ཚེ་ན་སྣམ་སྦྱར་ཁྱེར་བ་བཀག་ལ། མཐང་གོས་གྱོན་པ་བསྒྲུབ་དགོས་ཡིན་པའི་ཕྱིར། ཊཱི་ཀ་ལས། གོས་ཚད་ལས་ལྷག་པ་ལ་སྤང་བར་འགྱུར་ཞེས་པ་དེ་ནི་ཚད་ལས་ལྷག་པ་ནི་གོས་རིལ་པོ་ཉིད་ཚད་ལས་ལྷག་པ་སྟེ་འཇིག་རྟེན་ན་ལུས་ བོངས་ལྷག་པ་ལུས་ཀྱི་ཆ་སོ་སོ་ནས་ལྷག་པ་བཞིན་ཡིན་གྱི། ལུས་ལ་ཚད་འདི་ལས་མ་བཤད་པས་སྟོད་ནས་ལྷག་འདུག་གམ་སྨད་ནས་ལྷག་འདུག་ཅེས་བརྗོད་མི་ཐུབ་པ་བཞིན་ནོ། །གསར་པ་ལས་གདིང་བ་ཡང་ཉིས་རིམ་མོ། །རྣམ་འབྱེད་འགྲེལ་པ་ལས། སྣམ་སྦྱར་དང་ གདིང་བ་ཡང་ཉིས་རིམ་བྱ་བ་ནི་ལས་ཆེ་བའི་ཕྱིར་ཞེས་བཤད་ཀྱང་། སྣམ་སྦྱར་ནི་ལས་ཆེ་བར་མ་གྲུབ་སྟེ་བགོ་བའི་གནས་བདུན་ལས་མ་གསུངས་པའི་ཕྱིར། ཕྲན་ཚེགས་འགྲེལ་པ་ལས། ཆོས་གོས་ཀྱི་མཆོག་སྟེ་སྣམ་སྦྱར་ཞེས་བཤད་དེ་ཉིས་རིམ་དུ་བྱ་བའི་རྒྱུ་མཚན་ཡང་སྣམ་ སྦྱར་ནི་ཆོས་གོས་ཀྱི་གཙོ་བོ་ཡིན་པའི་ཕྱིར་དང་། གདིང་བ་ནི་ལས་ཆེ་བའི་ཕྱིར་རོ། །གསར་པ་ལས་བླ་གོས་དང་མཐང་གོས་གཉིས་ཀྱི་རིམ་པའི་ཚད་ཀྱི་མཐའ་ནི་ཆིག་རྐྱང་ངོ་། །དུས་ཚིགས་ཟླ་བ་བཞི་རངས་པར་ལོངས་སུ་སྤྱད་པའི་གོས་ལས་ནི་རིམ་པ་སྔར་ལས་ཉིས་འགྱུར་ཏེ་ སྣམ་སྦྱར་དང་གདིང་བ་བཞི་རིམ། བླ་གོས་དང་མཐང་གོས་ཉིས་རིམ་དུ་བྱའོ། །བོར་བའི་ཕྱགས་དར་ཁྲོད་ལས་བྱས་པའི་ཆོས་གོས་དག་ལ་ནི་མཐའི་རིམ་པའི་ཚད་ངེས་པ་མེད་དོ་སྟེ། ཊཱི་ཀར། འདིར་གཞུང་ནི་ཕྱགས་དར་ཁྲོད་པ་ལ་ནི་ཇི་ཙམ་འདོད་པར་བྱ་བ་ཡིན་ནོ་ཞེས་གསུངས་ པ་ཡིན་ནོ་ཞེས་སོ། །རྙིང་པ་ལོའི་བུན་ཟོས་པའམ་རང་ཟད་པ་ཉིད་དང་། དེངས་པ་ནི་བཙན་ཟད་དེ་སྒོ་སྐྱེས་ཀྱིས་བཤུར་བས་སྲབ་པར་གྱུར་པ་ཉིད་ལ་ནི་རིམ་པ་ཅི་ཙམ་དགོས་པ་རིམ་པའི་ཚད་སྔར་བསྟན་པ་ལས་ལྷག་པར་ལྡན་པ་དག་སྦྱར་རོ། །སྣམ་སྦྱར་ལ་སོགས་ཀྱི་རིམ་པའི་ 6-1-450b ཚད་སྔར་བསྟན་པ་ལས་རིམ་པ་ལྷག་པར་སྦྱར་བ་ཉིད་དུ་མི་བྱའོ། །བྱས་ན་བསླབ་བྱའི་ཉེས་བྱས་སོ། །ཉེས་བྱས་དེར་མ་ཟད་ཀྱི་རིམ་པ་ལྷག་པ་སྦྱར་ན་བྱིན་རླབས་མི་འཆགས་པས་ཞག་བཅུ་འདས་ན་འཆང་བའི་སྤང་བར་འགྱུར་བ་ཉིད་ཀྱང་ཡིན་ནོ། །བྱིན་གྱིས་བརླབས་པའི་འོས་ ཡིན་པས་རིགས་པ་དང་ལྡན་པའི་ཕྱིར་རིགས་པ་ཅན་ཞེས་གསུངས་པ་སྟེ། རིམ་པ་རིགས་པ་ཅན་སྣམ་སྦྱར་ཉིས་རིམ་ལྟ་བུ་དེ་བྱི་དོར་བྱ་བར་འདོད་ན་རིམ་པ་ཕོག་སྟེ་ཇི་སྲིད་དུ་བཅག་པ་ལ་སོགས་པའི་བྱི་དོར་བྱས་ནས་ཆོས་གོས་འདི་ཉིད་དུ་ཞག་བཅུའི་ནང་རོལ་དུ་སྦྱར་བར་བྱའོ་ སྙམ་པའི་སེམས་བསྐྱེད་པར་བྱའོ། །སེམས་དེ་མ་བསྐྱེད་པར་དཔོག་པར་མི་བྱའོ། །ལོགས་སུ་ཕོག་པ་དེ་ལ་བྱིན་རླབས་མེད་པས་འཆང་ལྟུང་གི་རྒྱུར་འགྱུར་བ་དགག་པའི་བསླབ་བྱའོ། །དེ་ལྟར་སེམས་བསྐྱེད་པ་དང་མ་བསྐྱེད་པ་གང་ཡང་རུང་བས་ཆོས་གོས་ཀྱི་རིམ་པ་ ལོགས་སུ་ཕོག་པ་མ་སྦྱར་བའི་སྔ་རོལ་དུ་ཞག་བཅུ་འདས་ན་རིམ་པ་ལོགས་སུ་ཕོག་པ་དེ་འཆང་བའི་སྤང་བར་གྱུར་པ་ཉིད་དོ། །སྦྱར་ན་ནི་གཅིག་པ་ཉིད་དུ་གྱུར་པ་ཡིན་པས་ཉེས་པ་མེད་དོ། །གཉིས་པ་ནི། སྣམ་སྦྱར་གྱི་སྣམ་ཕྲན་དག་གི་གྲངས་ནི་དགུ་ཡན་ཆད། ཉི་ཤུ་རྩ་ ལྔ་མན་ཆད་དེ་བཅུ་དང་བཅུ་གཉིས་ལ་སོགས་པ་ཟུང་མ་གཏོགས་པ་རྣམས་སོ། །གཞུང་འདི་ནས་བཤད་པ་བཞིན་ལུང་ལས་ཀྱང་གསུངས་སོ། །འོ་ན་ཉན་ཐོས་ཀྱི་ས་ལས། ཆོས་གོས་ཆེན་པོ་དུམ་བུ་བདུན་པའམ། དུམ་བུ་དགུ་པ་ཉིས་སྦྱར་དུ་བཙེམས་པ་གང་ཡིན་པ་དེ་ནི་སྣམ་ སྦྱར་ཞེས་བྱའོ་ཞེས་བཤད་པ་དང་འགལ་སྙམ་ན། དེ་ནི་ཉན་ཐོས་ཀྱི་སྡེ་པ་གཞན་གྱི་ལུགས་ཡིན་པར་སེམས་སོ། །སྣམ་ཕྲན་ཉེར་ལྔ་པ་དེ་ཡན་ཆད་ནི་ཚེམ་བུའོ་སྟེ་དེ་ལས་ལྷག་པར་མི་བྱའོ། །འདི་ལ་འགྲེལ་ཆུང་ལས། ཚེམ་བུ་པའི་ཆོས་གོས་ཀྱི་སྔགས་ནི་འཆགས་སོ་ཞེས་ 6-1-451a བཤད་ཀྱང་མི་འཐད་དེ། རྣམ་འབྱེད་འགྲེལ་པ་ལས། སྣམ་ཕྲན་ཉི་ཤུ་ལྔ་པ་གླེགས་བུ་ཕྱེད་དང་ལྔ་པ་ཡན་ཆད་ནི་ལྷན་པ་མཐར་ཆགས་སུ་གྱུར་པ་ཡིན་པའི་ཕྱིར་ཧྲལ་ཧྲུལ་ཡིན་གྱི། སྣམ་སྦྱར་ནི་མ་ཡིན་ནོ་ཞེས་བཤད་དེ། སྣམ་སྦྱར་མ་ཡིན་པས་དེའི་བྱིན་ རླབས་མི་འཆགས་སོ། །ཊཱི་ཀ་ལས། བླ་གོས་དང་མཐང་གོས་གཉིས་ཀྱི་སྣམ་ཕྲན་གྱི་ཚད་ནི་སྣམ་སྦྱར་གྱི་ཚད་ལྟར་གང་དུ་ཡང་བཀའ་མ་སྩལ་ཏོ། །ཞེས་བཤད་པ་ནི་མཚན་ཉིད་གཏན་ལ་འབེབས་པའི་སྐབས་གང་དུ་ཡང་བཀའ་མ་སྩལ་ཏོ་ཞེས་པའོ། །ཆོ་ག་བསྟན་པའི་སྐབས་སུ་ནི། ལུང་གཞི་ལས། ཆོས་གོས་ཀྱི་རྒྱུ་བྱིན་གྱིས་བརླབས་པའི་སྐབས་སུ་བླ་གོས་དང་མཐང་གོས་ལ་སྣམ་ཕྲན་དང་གླེགས་བུའི་ཚད་གསུངས་སོ། །འདིར་བྱང་བརྩོན་ན་རེ། བླ་གོས་དང་མཐང་གོས་ལའང་སྣམ་ཕྲན་དང་གླེགས་བུ་མེད་ན་རྒྱུའི་བྱིན་གྱིས་བརླབ་བྱའི་ཆོས་གོས་དངོས་ཀྱི་བྱིན་ རླབས་མི་འཆགས་ཞེས་ཟེར་ཏེ། དེ་ཡང་ཀར་ཤ་འགྱུར་རྙིང་ལས། བླ་གོས་ཀྱི་སྐབས་སུ་འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་བདུན་བར་བགྱིས་ཏེ་གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ་ཞེས་བཤད་ཅིང་། མཐང་གོས་ཀྱི་སྐབས་སུའང་འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་ལྔ་ པར་བགྱིས་ཏེ་གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ་ཞེས་བཤད་པ་ལ་བརྟེན་ནས་སོ། །དཔལ་མཚོ་སྣ་པས་དེ་ནི་འགྱུར་སྐྱོན་ཏེ། ལུང་གཞི་ལས། ཆོས་གོས་ཀྱི་རྒྱུ་བྱིན་གྱིས་བརླབས་ན་བླ་གོས་ཀྱི་སྐབས་སུ་འཚལ་ན་སྣམ་ཕྲན་བདུན་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པར་ བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ་ཞེས་སོགས་དང་། མཐང་གོས་ཀྱི་སྐབས་སུའང་འཚལ་ན་ཞེས་དང་། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་ཀར་ཤ་ལས་ཀྱང་། བླ་གོས་མཐང་གོས་ཀྱི་སྐབས་སུ་འཚལ་ན་ཞེས་འབྱུང་བས་སྣམ་སྦྱར་བྱིན་རླབས་ལ་འཚལ་ལ་ཞེས་ངེས་བཟུང་ 6-1-451b སྦྱར་གྱི། གཞན་གཉིས་ལ་འཚལ་ན་ཞེས་འདོམ་གའི་ཚིག་སྦྱར་དགོས་ཏེ། དེའི་ཕྱིར་ལུང་མ་མོ་ལས། སྣམ་སྦྱར་ནི་ངེས་པས་དྲས་ཏེ་བྱའོ། །བླ་གོས་མཐང་གོས་ནི་ངེས་པ་མེད་དོ་ཞེས་གསུངས་ལ། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། སྣམ་སྦྱར་ངེས་པར་དྲས་ཏེ་བཅད། །གཞན་ དག་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱིས་སྡུག་བསྔལ་འགྱུར་ཕྱིར་རོ། །ཞེས་བཤད་དོ་ཞེས་འཆད་ཀྱང་། དེ་ལ་ཁོ་བོ་ལྟར་ན་ཕྱོགས་སྔའི་འཁྲུལ་གཞི་དེ་ཡིན་མིན་ཡང་གདགས་མི་ནུས་ཏེ་བོད་སྐད་ཀྱི་བརྡར་ལའི་སྒྲས་ངེས་བཟུང་མཐའ་གཅིག་ཏུ་སྟོན་ པ་མ་ཡིན་ཏེ། མ་ངེས་པ་ལ་འཇུག་པར་མཐོང་བའི་ཕྱིར། བརྒྱ་ལ་བྱ་རོག་དཀར་པོར་སྲིད་ན་ཞེས་པ་ལྟར་རོ། །མཚོ་སྣ་པ་ཉིད་ཀྱི་དེའི་སྐབས་ཀྱི་འཚལ་ལ་འགྱུར་སྐྱོན་ཅན་དང་། འཚལ་ན་སྐྱོན་མེད་དུ་འཆད་པ་ནི་བརྡ་སྤྲོད་པའི་ཕྱོགས་མ་འཚལ་བའི་བབ་ཅོལ་ལོ། །སྣམ་ཕྲན་དགུ་ པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་སྟེ་དང་པོ་གསུམ་ལ་ནི་དང་པོ་གསུམ་པོ་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །སྣམ་ཕྲན་བཅོ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་སྟེ་གཉིས་པ་གསུམ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ། །སྣམ་ཕྲན་ཉེར་ གཅིག་པ་དང་། ཉེར་གསུམ་པ་དང་། ཉེར་ལྔ་པ་སྟེ་གསུམ་པ་གསུམ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ། །གསུམ་པ་ནི། སྣམ་སྦྱར་དང་བླ་གོས་མཐང་གོས་གསུམ་བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་ཚད་གཅིག་སྟེ། ཞེང་དུ་རང་གི་ཁྲུ་གསུམ་དང་ཆུར་ཁྲུ་ལྔ་དག་གོ ། མཐང་གོས་ལ་ཞེང་དུ་ཁྲུ་གསུམ་བྱས་པ་དེ་གྱོན་ན་ནི་ཆོས་གོས་དང་ཤམ་ཐབས་ཀྱི་མ་མཐའ་ལོང་བུ་ལ་རེག་ན་ཧ་ཅང་འཇོལ་བའི་ཉེས་བྱས་བསྐྱེད་པར་གསུངས་པ་དང་འགལ་ཅེ་ན། བྱིན་གྱིས་བརླབ་ཏུ་རུང་བའི་མཐང་གོས་ཀྱི་ཚད་དང་། གྱོན་དུ་རུང་བའི་མཐང་གོས་ཀྱི་ཚད་དེ་ 6-1-452a གཉིས་ལས། མཐང་གོས་ཀྱི་ཞེང་དུ་ཁྲུ་གསུམ་གསུངས་པ་འདི་ནི་སྔ་མ་སྟེ། བྱིན་གྱིས་བརླབ་ཏུ་རུང་བ་ཞེས་སོ། །ཆོས་གོས་གསུམ་ཆུང་ངུ་དག་གི་ཚད་ནི་ཞེང་དང་ཆུ་གཉིས་ཀ་རབ་ཚད་ལས་ཁྲུ་ཕྱེད་ཕྱེད་ཕྲི་བའོ། །ཆོས་གོས་གསུམ་འབྲིང་རྣམས་ཀྱི་ཚད་ནི་ དེ་དག་གི་བར་མའོ་སྟེ་ཞེང་དུ་ཁྲུ་ཕྱེད་དོ་དང་། ཆུར་ཁྲུ་ཕྱེད་གསུམ་མོ། །མཐང་གོས་ཀྱི་ཚད་ནི་དམིགས་བསལ་ཡོད་དེ། ཞེང་དུ་ཁྲུ་དོ་དང་། ཆུར་ཁྲུ་ལྔ་ཡང་ཡིན། ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་བཞི་ཡང་ཡིན་ནོ། །མ་འབྱོར་ན་མཐང་གོས་འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་རུང་ ངོ་། །ཁྲུ་ལ་འདུལ་བའི་གཞུང་ལས་གསུམ་སྟེ། རྡུལ་ཁྲུ། ལུས་ཁྲུ། ལག་ཁྲུའོ། །དང་པོ་ནི། བལ་འཁུར་བའི་གནས་སུ་འཆད་དོ། །གཉིས་པ་ནི། ཁྲུའི་དོན་ནི་རང་གི་ལུས་ཀྱི་ཆ་མཉམ་པ་བདུན་དུ་ཕྱེ་བ་ལས་ཆ་གཉིས་སོ། །གསུམ་པ་ནི། ཟླ་འཇོག་གི་སྐབས་ཀྱི་ཊཱི་ཀ་ལས། གྲུ་མོ་ནས་གུང་མོའི་རྩེ་མོའི་བར་ཞེས་སོ། །མཚོ་སྣ་པ་ནི་ཚིགས་བཅད་འདི་ལྟར་དུ་འདོན་ཏེ། རྡུལ་ཁྲུ་ལུས་ཁྲུ་ལག་ཁྲུ་སྟེ། །ཁྲུ་གསུམ་རྣམ་དབྱེ་ཤེས་པར་བྱ། །རྡུལ་ཁྲུས་གཞལ་བར་བྱ་བ་ནི། །ཁང་པའི་ཚད་དང་ཁྲི་རྐང་ཚད། །གདིང་བ་གཡན་དགབ་རས་ཆེན་པོ། །དེ་དག་ལས་ གཞན་ཆོས་གོས་རྣམས། །ལུས་ཁྲུའམ་ལག་ཁྲུས་གཞལ་བ་སྟེ། །ལུས་རིང་ཧ་ཅང་ལག་ཐུང་དང་། །དེ་ལས་བཟློག་པས་ཆོས་གོས་རྣམས། སྣམ་སྦྱར་ལ་སོགས་པ། །རང་གི་ལུས་ཁྲུ་ཁོ་ནས་གཞལ། ལུང་སིལ་བུ་ལས་བཤད། །ལུས་ཚད་ལག་ཚད་འཚམས་པ་ཡི། ལག་ཁྲུས་ཀྱང་ནི་གཞལ་ དུ་རུང་། །ཊཱི་ཀ་ལས་བཤད། ཞེས་བཟུང་ངོ་། །དགེ་སློང་རྒན་པོ་དང་། ལོ་བདུན་ལོན་པའི་དགེ་ཚུལ་གཉིས་ལུས་བོངས་ཆེ་ཆུང་མི་སྙོམས་ཀྱང་གདིང་བ་ནི་ཚད་མཉམ་སྟེ། གཡན་པ་དགབ་པ་དང་རས་ཆེན་ཡང་དེ་བཞིན་ནོ། །དེའི་རྒྱུ་མཚན་ནི། གདིང་བ་གཡན་དགབ་རས་ཆེན་ 6-1-452b དང་གསུམ་གྱི་ཚད་ནི་རྡུལ་ཁྲུས་གཞལ་བར་བྱ་བ་ཉིད་ཡིན་གྱི། རང་གི་ལུས་ཁྲུའམ་ལག་ཁྲུས་གཞལ་བར་བྱ་བ་མ་ཡིན་པའི་ཕྱིར། འོན་ཀྱང་གདིང་བ་ནི་མི་ཆོག་ན་ཁྲུ་ཕྱེད་དང་དོ་མན་ཆད་བཀྱེད་དོ་ཞེས་གསུངས་པས། ལུས་བོངས་ཧ་ཅང་རིང་ཐུང་གིས་གདིང་བའི་དཀྱུས་ཀྱི་ཚད་ མི་མཉམ་པ་ཡང་ཡོད་དོ། །ལུས་ཆེས་པས་མཐང་གོས་ཀྱི་ཚད་ཅི་ཙམ་གྱིས་མི་གཡོགས་ན་ལུས་དང་འཚམས་པའི་རལ་ཁ་དཔུང་ཆད་བྱས་ཏེ་ཁེབས་པར་གཡོགས་པར་བྱའོ། །དེ་ཡང་སྣ་གཉིས་སྒྲོག་གུས་གདགས་ཤིང་སྤྲད་པའམ་བཙེམས་ཏེ་སྤྲད་པར་བྱའོ། །ཟླ་བའི་སྤང་བ་ རྣམ་པར་འབྱེད་པའོ། །གཉིས་པ་ནི། ཆུང་བ་ཁྲུ་གང་བ་དེ་བས་ཀྱང་དམན་པ་སྟེ་གོས་ཁྲུ་གང་ལས་ཆུང་བ་ནི་ཆུང་བ་ཁྲུ་གང་བ་དང་འདྲ་སྟེ། འཁོར་གསུམ་ཁེབས་པ་བས་ཆུང་བ་ཁྲུ་གང་བ་དང་འཆང་འཇོག་གི་ཉེས་པ་བསྐྱེད་པ་འདྲའོ། །དེ་ཡང་གོས་ཁྲུ་གང་བ་ལས་ཆུང་བ་སྟེ། ཁ་སྐོང་ལ་རེ་བ་མེད་པར་འཆང་ན་འཆང་བའི་ཉེས་བྱས་དང་། རེ་བ་དང་བཅས་ཏེ་འཇོག་ན་ཟླ་འཇོག་གི་ཉེས་བྱས་སུ་འགྱུར་བ་ཉིད་དོ། །འཆང་འཇོག་གི་སྤང་ལྟུང་དུ་མི་འགྱུར་ཏེ་ཚད་དང་ལྡན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ཁ་སྐོང་ལ་རེ་བ་མེད་པའི་དབང་དུ་བྱས་ནས་བསྟན་ པ་ནི་ཆུ་དང་ཞེང་གིས་འཁོར་གསུམ་གྱི་ཕྱེད་མི་ཁེབས་པའི་གོས་ཁ་སྐོང་བ་ལ་རེ་བ་མེད་པ་ནི་ཟླ་འཇོག་ཏུ་གཏོགས་པ་མ་ཡིན་ཏེ་ཁ་སྐོང་བ་ལ་རེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་འཆད་པའི་ཉེས་བྱས་སུ་འགྱུར་བ་ཉིད་དོ། །འཁོར་གསུམ་གྱི་ཕྱེད་མི་ཁེབས་པ་དེ་ཡང་ཁ་སྐོང་ ལ་རེ་བ་དང་བཅས་ཏེ་བཞག་ན་ཟླ་འཇོག་གི་ཉེས་བྱས་སུ་འགྱུར་ཞེས་མདོ་སྔ་མས་བསྟན་ཟིན་ཏོ། །ཁྲུ་གང་ལས་ཆུང་བ་དེ་ལ་ནི་སེམས་ཀྱིས་བརྟག་པར་བྱ་སྟེ་ཡོ་བྱད་འདི་དང་འདི་བྱའོ་སྙམ་དུ་བསམ་པས་སོ། །འོ་ན་མེ་ཏོག་ཕྲེང་རྒྱུད་ལས། ཁྲུ་ཡི་ཚད་ལས་ཆུང་བ་ལ། །བྱིན་རླབས་ 6-1-453a ཡིད་བརྟན་མི་དགོས་སོ། །ཞེས་གསུངས་པ་དང་འགལ་ཅེ་ན། དེ་ནི་མཁན་པོ་ལ་ཡིད་བརྟན་ཏེ་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབ་མི་དགོས་པ་ལ་དགོངས་སོ། །གོས་རུང་བ་མ་ཡིན་པ་རྔ་བལ་ལ་སོགས་པ་ཡང་རེ་བ་མེད་པ་ཉིད་དོ་ཞེས་སྔ་མ་བཞིན་ སྦྱར་རོ། །ཞུ་བ་ལས། གོས་ཇི་ལྟ་བུ་བཞག་པར་བགྱི། རུང་བ་གང་ཡིན་པའོ་ཞེས་གསུངས་ཏེ་གོས་མི་རུང་བ་ནི་ཁ་སྐོང་བ་ལ་རེ་བ་དང་བཅས་ཏེ་འཇོག་པ་བཀག་གོ། བཀག་ཀྱང་མི་ཉན་པར་རེ་བ་དང་བཅས་ཏེ་བཞག་ན་ནི་ཟླ་འཇོག་གི་ཞུ་བ་ལས། གོས་མི་རུང་བ་ནི་ཟླ་བ་གཅིག་ ལས་ལྷག་པར་བཞག་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །གདོང་ཕྱིས་ཀུན་ནས་ཁྲུ་གང་པ་དང་། ཆུ་ཚགས་ཀུན་ནས་ཁྲུ་གང་པ་དང་། སྟན་འཇམ་སྟན་ནང་ཚངས་ཅན་མིན་པའི་སྟན་ལིང་པོ་དང་། དྲེའུ་རྔོག །ཐགས་མ་ཁྲ་བོ་ལ་སོགས་པ་ཡོ་བྱད་ཀྱི་གོས། ཕོངས་པའི་ དུས་སུ་མཁོ་བའི་གོས་རིན་ཆེན་པོ་བྱིན་གྱིས་མ་བརླབས་པ་དག་རེ་བ་མེད་པ་ཉིད་ཅེས་གོང་དུ་བསྙེགས་སོ། །ཇི་ལྟར་བསྙེགས་ན་གོས་དེ་རྣམས་ནི་དགེ་སློང་གིས་ཁ་སྐོང་བ་ལ་རེ་བ་དང་བཅས་ཏེ་བཞག་ཀྱང་ཞག་བཅུ་འཆང་བའི་ཉེས་པར་འགྱུར་གྱི། ཟླ་འཇོག་ཏུ་མི་འགྱུར་ཏེ་དགེ་སློང་ ཕའི་ཟླ་འཇོག་ནི་ཆོས་གོས་གསུམ་པོ་མ་ལོངས་པ་ཁོ་ན་ལ་བཅས་པ་ཡིན་པའི་ཕྱིར་དང་། གདོང་ཕྱིས་ལ་སོགས་པ་དེ་གསུམ་ནི་ཆོས་གོས་གསུམ་པོ་གང་ཡང་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཞུ་བ་ལས། ཆོས་གོས་གསུམ་ཚང་ན་གོས་གཞན་རྙེད་པ་ནི་ལོངས་ཀྱང་རུང་མ་ལོངས་ཀྱང་ རུང་སྟེ། དེ་ཐམས་ཅད་ནི་ཞག་བཅུ་པ་ཡིན་ནོ་ཞེས་གསུངས་པས། གདོང་ཕྱིས་དང་། ཆུ་ཚགས། སྟན་འཇམ་གསུམ་ནི་བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་ན་འཆང་བའི་སྤང་བར་འགྱུར་ལ། དྲེའུ་རྔོག་ནི་སྟན་ཁྲ་བོ་རིང་པོ་སྟེ་ཞག་བཅུ་འདས་པ་ན་ཉེས་བྱས་སུ་འགྱུར་གྱི་ 6-1-453b འཆང་བའི་སྤང་ལྟུང་དུ་མི་འགྱུར་ཏེ་སྟན་ཁྲ་བོ་ཡིན་པས་ཁ་དོག་རུང་བའི་ཡན་ལག་མ་ཚང་བའི་ཕྱིར། ཟླ་བའི་སྤང་བ་ཞུ་བའོ། །ཟླ་བའི་སྤང་བའོ།། །།བཞི་པ་འཁྲུར་འཇུག་ལ། ལུང་རྣམ་འབྱེད་ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། སྐབས་ནས་བྱུང་ བའི་བསླབ་བྱ་དང་། །ཉེ་དུ་དག་གི་ཐུན་མོང་བསྟན། །ལྟུང་བའི་རྣམ་པར་བཞག་པ་དངོས། །འདུ་ཤེས་གཙོ་བའི་ཐུན་མོང་དང་། །བསླབ་བྱ་གཞན་ཡང་བསྟན་པའོ། །དང་པོ་ནི། རབ་ཏུ་བྱུང་བ་སྦྲུམ་མ་དབེན་པར་བཞག་གོ། ཊཱི་ཀར། གཞན་དུ་འདུག་ན་དེ་ལ་ཉེས་བྱས་སུ་འགྱུར་ རོ་ཞེས་སོ། །དབེན་པ་དེར་དགེ་སློང་མ་དེ་འདུག་ན་དགེ་སློང་མ་གཞན་རྣམས་ཀྱིས་ཡལ་བར་མི་འདོར་རོ། །དགེ་སློང་མ་སྦྲུམ་མ་དེ་ལ་དགེ་སློང་མ་གཞན་དག་གིས་ཟན་སྦྱིན་པར་བྱའོ། །ལུང་ལས། དབེན་པར་བཞག་སྟེ་བསོད་སྙོམས་ཀྱིས་བྲེལ་བ་མེད་པར་གྱིས་ཤིག་ཅེས་སོ། ། སྦྲུམ་མ་འདི་ལ་རབ་བྱུང་མོ་དང་། དགེ་སློང་མོ་གཉིས་ཀ་ལ་ཊཱིཀ་བྱེད་ཀྱིས་སྦྱར་ཏེ་བཤད་པས་འདི་དག་ཉིད་ཡལ་བར་མི་འདོར་བ་ནན་ཏན་དུ་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་དང་། བསྡུས་པའི་དོན་ནོ། །དང་པོ་ནི། ལུང་ ལས། རེ་རེ་ལ་རེ་རེ་གསུངས་པས་འདིར་ཚིག་གཅིག་ཏུ་བསྡུས་པས་ཚིག་ཚོགས་བསྐྱུང་བ་དང་། མདོར་བསྡུས་རྟོགས་པའོ། །གཉིས་པ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ལ་གཉིས་ཏེ། ཁྱབ་པ་སྦྱོར་བ་དངོས་དང་། དེའི་སྒྲོ་འདོགས་སྤང་བའོ། །དང་པོ་ནི། ལུང་ལས་དངོས་སུ་གསུངས་པ་ཉི་ཤུ་དང་། བསྟན་བཅོས་ནས་བཤད་པ་ལྔ་དང་། དེ་རྣམས་རྒྱུ་མཚན་མཚུངས་པ་མདོར་བསྡུས་གང་ཡང་རུང་བ་སྟེ་ཉི་ཤུ་རྩ་དྲུག་གོ། དེ་ཡང་ལུང་ལས་དངོས་སུ་གསུངས་པ་ཉི་ཤུ་ནི། འཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྟོད་ 6-1-454a གཡོག་སྨད་གཡོགས་བཅས། །རིན་ཐང་སོ་སོར་སྨེལ་འཇུག་དང་། །མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །ཐ་ག་གཉིས་དང་ཆོས་གོས་གཉིས། །འདུག་གནས་ཟ་དང་བསོད་པ་ཉིད། །གཅེར་བུ་མགྲོན་གཉེར་གྲོང་དང་ནི། །ཁྱིམ་གཞན་ཉིད་དང་ ཉི་ཤུའོ། །དེ་ཡང་ལྷུང་བཟེད་ཚོལ་བ་ལ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པ་དེང་སང་ལུང་ན་མི་སྣང་ལ། ལུང་ཡི་གེ་ཆད་པར་འོང་སྟེ་མདོ་རྩ་བ་ལས་ལུང་གི་དོན་ཙམ་སྡུད་པའི་སྐབས་སུ། ཉེ་དུ་མ་ཡིན་པ་ལས་ཞེས་གསུངས་ལ། ལུང་ལས་མ་གསུངས་ཀྱང་རང་བཟོའི་སྐྱོན་ མེད་ཅེས་འགྲེལ་པས་རྩོད་སྤང་མ་བྱས་པའི་ཕྱིར་རོ། །བསྟན་བཅོས་ནས་བཤད་པ་ལྔ་ནི་དབེན་པར་འདུག་འགྲེང་གཉིས་ལ་བམ་པོ་ལྔ་བཅུ་པ་ལས། ཉེ་དུ་ལ་ལྟུང་བ་མེད་དོ་ཞེས་བཤད་དོ། །སྦྱོར་དུ་བཅུག་པ་ཟ་བ་ལ་ནི་སོ་སོར་བཤགས་པ་གཉིས་ལས། གལ་ཏེ་དེའི་ཚིག་གིས་ སམ་དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་ཅེས་པའི་མདོར་བསྡུས་སྦྱར་ཏེ། བསྡུས་པ་ལས། དགེ་སློང་མ་ལ་དད་པའི་ཁྱིམ་པའམ་དགེ་སློང་མ་དེའི་ཁྱིམ་ཡིན་ན་ལྟུང་བ་མེད་དོ་ཞེས་བཤད་དོ། །ཡང་ཡང་ཟ་བ་ལ་ནི་ཀུན་ཏུ་ལྟ་བ་པོ་ཞེས་ཡང་ཡང་ཟ་བའི་ལྟུང་མེད་དུ་བསྟན་ པའི་ཊཱི་ཀ་ལས། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་ངམ་བཤེས་པའི་དབང་གིས་ཉེ་བར་ལྟ་བ་ནི་ཀུན་ཏུ་ལྟ་བ་སྟེ་ཞེས་སྦྱིན་བདག་ཉེ་དུ་ཡིན་ན་ལྟུང་བ་མེད་པར་གསུངས་སོ། །ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་ལ་ནི། མེ་ཏོག་ཕྲེང་རྒྱུད་ལས། ཕན་སེམས་ཉེ་དུའི་ཁྱིམ་ ལས་ནི། །ལེན་པ་ལ་ཡང་ལྟུང་བ་མེད། །ཅེས་བཤད་དོ། །གཉིས་པ་སྒྲོ་འདོགས་སྤང་བ་ནི། ཤ་ན་རེ། བུད་མེད་དང་ལྷན་ཅིག་ཉལ་བ་ལ་ཡང་བུད་མེད་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་ཏེ། དགེ་སློང་རང་གི་ཉེ་དུ་མོ་དང་ལྷན་ཅིག་ཉལ་བ་ལ་ཉེས་པ་མེད་པའི་མདོར་བསྡུས་ 6-1-454b སྦྱར་བར་བྱའོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ལུང་ཕྲན་ཚེགས་ལས། དགེ་སློང་མས་རང་གི་བུ་ཆུང་དང་ལྷན་ཅིག་ཉལ་བའི་གནང་བ་བྱིན་པ་ལས་དུས་ཕྱིས་དགེ་སློང་མས་རང་གི་བུ་དེ་ཆེན་པོར་གྱུར་པ་དེའི་ཚེ་དེ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བར་མི་རུང་སྟེ། དགེ་སློང་ མ་སྐྱེས་པ་དང་ལྷན་ཅིག་ཉལ་བ་བཀག་པ་ཇི་ལྟར་བསླབ་པ་བཅས་པ་བཞིན་སློབས་ཤིག་ཅེས་འབྱུང་ལ། འདིར་དྲངས་པ་ནི་ལུང་གི་དོན་བརྗོད་པའོ། །དེ་བཞིན་དུ་དགེ་སློང་གིས་ཁྲིམས་གྲོགས་མེད་པར་རང་གི་བུ་མོ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཡང་ལྟུང་བར་འགྱུར་ཏེ། སྔ་མ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདི་ལ་ཤ་ན་རེ། བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། ཁྱིམ་པ་མོ་ལ་ཆོས་སྟོན་པ་དང་། རས་ཆེན་བཙལ་སྔས་པ་ཡང་ཡུལ་ཉེ་དུ་ཡིན་ན་གནང་ཞེས་ཟེར་ཏེ། གནང་བར་དངོས་སུ་མ་གསུངས་པ་ལ་གནང་བར་མདོར་བསྡུས་ སྦྱར་ན་ཡང་མི་རིགས་ཏེ། གནང་བར་དངོས་སུ་གསུངས་པ་གང་དང་ཡང་རྒྱུ་མཚན་མི་མཚུངས་པའི་ཕྱིར། ཡོན་ཏན་འོད་མར། སྲིན་བལ་འབའ་ཞིག་ཆ་གཉིས་བསྲེ་བ་ལ་ཡང་ཉེ་དུ་མ་ཡིན་པ་ཁྱིམ་པ་ལས་སློང་བ་ཡན་ལག་ཏུ་དགོས་ཟེར་ཏེ། ལུང་དང་མདོ་རྩ་བ་ལས་གཞན་ ལས་བླངས་པ་དང་། དང་པོ་ནས་རང་གི་ཡིན་པ་ཁྱད་པར་མ་ཕྱེད་པར་ལྟུང་བ་བསྐྱེད་པར་གསུངས་པ་དང་འགལ་ལོ། །མདོ་རྩ་བ་ལས། གཞན་དག་ལའོ་ཞེས་ཐ་ག་པ་གཉིས་ཀྱི་ཕོ་ཉ་བ་དེ་ཉེ་དུ་མ་ཡིན་པ་ཉིད་དང་། ཁྱིམ་པ་ཉིད་ཡིན་ན་ཞེས་མདོ་རྩ་འགྲེལ་ལས་བཤད་ ཀྱང་། དེ་ནི་གླེང་གཞི་ལས་བྱུང་བ་ཙམ་གཞུང་དུ་བཀོད་པ་ཡིན་གྱི། ཡན་ལག་མ་ཡིན་པ་སྟེ་ཕོ་ཉ་བ་ཉེ་དུ་ཡིན་མིན་དང་། ཁྱིམ་པ་ཡིན་མིན་ལ་དགག་བྱ་ཁྱད་པར་མེད་པའི་ཕྱིར། གཉིས་པ་ཡན་ལག་གི་ངོ་བོ་ནི་ཉེ་དུ་མ་ཡིན་པའོ། །དེ་ཡང་གཞུང་ལས་བདུན་བརྒྱུད་ལ་ས་ 6-1-455a མཚམས་གསུངས་ཀྱང་། ཕྱི་ལོངས་སྤྱོད་དང་འབྲེལ་བ་དང་། ནང་སེམས་ཅན་ལ་ཆགས་པ་རྒྱུར་གྱུར་གཉིས་ལས། ཕྱི་ལོངས་སྤྱོད་དང་འབྲེལ་བའི་སྐབས་ཀྱི་གཞུང་ནས་གསུངས་པ་ལྟར་ཡིན་ལ། ནང་སེམས་ཅན་ལ་ཆགས་པ་རྒྱུར་འགྱུར་དགག་བྱར་ གྱུར་པ་རྣམས་ཀྱི་སྐབས་སུ་ནི་ཡུལ་དུས་དེ་ན་ངོ་ཚ་བའི་ཡུལ་དུ་མི་བྱེད་པ་ཡན་ལག་ཡིན་ཏེ་དགག་བྱའི་གནད་ཀྱིས་སོ། །དེ་ལ་སྣུབས་ན་རེ། ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པ་ཐམས་ཅད་ལ་གཞུང་ནས་བསྟན་པ་བདུན་བརྒྱུད་དུ་གཏོགས་པ་ཡིན་མིན་གྱིས་ཕྱེ་བ་བཞིན་ཡིན་ལ། གཞན་དུ་ན་གཞུང་ལ་རང་བཟོ་བྱས་པར་འགྱུར་རོ་ཞེས་ཟེར་རོ། །དེ་ལྟར་ན་མིའི་སྤུན་ཟླ་ལ་ངོ་ཚ་བའི་ཡུལ་དུ་མི་བྱེད་པའི་ཡུལ་ངེས་པ་འགའ་ཞིག་ཏུ་བཅས་ལྡན་དགེ་སློང་གིས་མའི་སྤུན་ཟླ་དགེ་སློང་མ་ལ་ཆོས་གོས་འཁྲུར་བཅུག་པ་ཆོས་ཅན། འཁྲུར་འཇུག་གི་ལྟུང་མེད་མ་ཡིན་ པར་ཐལ། བཅས་ལྡན་དགེ་སློང་གིས་ཆོས་གོས་འཁྲུར་འཇུག་པ་ལ་བརྟེན་ནས་ཆགས་པའི་རྒྱུར་འགྱུར་གྱི་དགག་བྱ་རྫོགས་པར་ཡོད་པའི་ཕྱིར། གཏན་ཚིགས་ནི་གཞི་དེ་ལ་ངོ་ཚ་བའི་ཡུལ་དུ་མི་བྱེད་པའི་ཡུལ་ངེས་པ་གཞིར་བཞག་པས་གྲུབ་བོ། །ཁྱབ་པ་མ་གྲུབ་ན་འགལ་ ཅིང་། འདོད་ན་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་ཉེ་དུ་ལ་འཁྲུར་བཅུག་པ་ལ་ལྟུང་མེད་དུ་འདོད་པ་བུད། གཞན་ཡང་ཊཱི་ཀ་ལས། བལ་དཀར་ནག་གོ་ཟློག་ལ་དགག་བྱ་ཞུགས་ན་ལྟུང་བ་འབྱུང་བར་གསུངས་པའི་གནད་ཀྱིས་བདུན་བརྒྱུད་དུ་གཏོགས་མ་གཏོགས་གོ་ཟློག་ལ་དགག་ བྱ་ཞུགས་ན་ཡང་ལྟུང་བ་འབྱུང་པར་རྒྱུ་མཚན་མཚུངས་སོ། །དེས་ན་སྔར་བཞིན་རིགས་སོ། །གསུམ་པ་ཡན་ལག་གི་སེལ་བ་ནི། ཡན་ལག་དེ་ལས་བཟློག་པ་ནི། གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་དང་འབྲེལ་བ་རྣམས་ཀྱི་སྐབས་སུ་ནི་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་ 6-1-455b པ་དེ་སེལ་བ་ཡིན་ལ། འཁྲུར་འཇུག་ལ་སོགས་པ་ནང་སེམས་ཅན་ལ་ཆགས་པ་རྒྱུར་འགྱུར་གྱི་དགག་བྱར་གྱུར་པ་རྣམས་ཀྱི་སྐབས་སུ་ནི། མ་དང་སྲིང་མོ་ལྟ་བུ་ཡུལ་དུས་དེ་ན་ངོ་ཚ་བའི་ཡུལ་དུ་བྱེད་པ་དེ་སེལ་བ་ཡིན་ནོ། །བཞི་པ་སེལ་བ་ཅིར་འགྱུར་ལ། དངོས་དང་། རྩོད་པ་ སྤང་བའོ། །དང་པོ་ནི། མངོན་མཚན་ཉོ་ཚོང་གཉིས་དང་། ལྷུང་བཟེད་འཚོལ་བ་དང་། འདུག་གནས་ཟ་བ་དང་བཞི་ནི་ཡུལ་ཉེ་དུ་ཡིན་ན་རང་རང་གི་ཉེས་བྱས་སུ་འགྱུར་རོ། །བཞི་པོ་དེ་དག་ལས་གཞན་པ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པ་རྣམས་ཀྱི་སྐབས་སུ། ཡུལ་ ཉེ་དུ་ལ་ཉེ་དུར་འདུ་ཤེས་ཏེ་ཞུགས་ན་རང་རང་གི་ལྟུང་བ་མེད་དེ། ཉེ་དུ་ལས་ནི་བསྐྱེད་དང་ལྷུང་བཟེད་གཉིས་མ་གཏོགས་པ་ལ་ཉེས་པ་མེད་དོ་ཞེས་གསུངས་སོ། །དེ་ཡང་མངོན་མཚན་ཉོ་ཚོང་གཉིས་ལ། ལུང་ཞུ་བ་ལས། ཉེ་དུ་དང་ལྷན་ཅིག་སྤྱོད་ན་ཉེས་བྱས་སོ་ཞེས་གསུངས་ ལ། དེ་བཞིན་དུ་ཉིད་བཤད་ལས། ལྷུང་བཟེད་ལ་ཡང་ན་སྨད་པ་ཉིད་དང་ཞེས་བྱ་བའི་དོན་ནོ་ཞེས་གསུངས་ལ། ཉེ་དུས་ཀྱང་ངོ་ཞེས་མདོ་རྩ་འགྲེལ་དུ་ཉེ་དུའི་འདུག་གནས་སུ་ཟ་བ་ལ་ཉེས་བྱས་སུ་གསུངས་སོ། །བཞི་པོ་དེ་དག་ལས་གཞན་ལ་ལྟུང་བ་མེད་པའི་ལུང་ཁུངས་ ནི་ཆོས་གོས་འཁྲུར་འཇུག་པ་ལ། ཞུ་བ་ལས། ཉེ་དུར་ཤེས་ན་ཉེས་པ་མེད་དོ་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ལས། ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དང་། ཞུ་བ་ལས། ཉེ་དུ་ལ་བསོད་པའི་ཟས་བླངས་ཏེ་འཚལ་ན་ ཅིར་འགྱུར། ཉེས་པ་མེད་དོ་ཞེས་གསུངས་ཤིང་། གཅེར་བུ་ལ་སྦྱིན་པ་ལ་ལུང་རྣམ་འབྱེད་ལས། ཉེ་དུ་ཡིན་ན་ལྟུང་བ་མེད་དོ་ཞེས་གསུང་སོ། །གཉིས་པ་རྩོད་པ་སྤང་བ་ནི། ཤ་མི་ན་རེ། ཉེ་དུའི་འདུག་གནས་སུ་ཟ་བ་ལ་ཡང་ལྟུང་བ་མེད་དེ། ཉེ་དུ་ལས་ནི་བསྐྱེད་པ་ 6-1-456a དང་ལྷུང་བཟེད་གཉིས་མ་གཏོགས་པ་ལ་ཉེས་པ་མེད་དོ་ཞེས་གསུངས་པ་དང་། འདུག་གནས་སུ་ཟ་བའི་རྣམ་འབྱེད་ལས། ཉེ་དུའི་དང་སྦྱིན་བདག་ན་རེ། དེ་ཉིད་དུ་འདུག་ཅིག་ཅེས་ཟེར་བ་ལ་ལྟུང་བ་མེད་དོ་ཞེས་གསུངས་པས་ཤེས་ཟེར་རོ། །དེ་དང་མཐུན་པར་རྣམ་ འབྱེད་འགྲེལ་པ་ལས། ཉེ་དུའི་ཞེས་བྱ་བ་ནི་ཉེ་དུས་བྱེད་དུ་བཅུག་པའི་འདུག་གནས་ཏེ། དེ་ལས་ནི་མི་མཐུན་པར་མི་འགྱུར་བའི་ལྟུང་བ་མེད་དོ་ཞེས་བཤད་ཅིང་། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། གཞན་གནས་དེར་ཟ་ན་ཡང་ལྟུང་། །ཉེ་དུའི་འབྲེལ་པ་ཁོ་ན་ལ། །ལན་བརྒྱ་བཟའ་བ་ཟོས་ ཀྱང་ནི། །ལྟུང་བའི་དྲི་མ་ཡོད་མ་ཡིན། །ཅེས་བཤད་དོ། །འོན་ཀྱང་རྣམ་འབྱེད་ལ་སོགས་པ་ལས་ལྟུང་མེད་དུ་གསུངས་པ་དེ་རྣམས་ཐམས་ཅད་དངོས་གཞིའི་ལྟུང་བ་མེད་པ་ལ་དགོངས་པ་ཡིན་གྱི། ལྟུང་བ་གཏན་མེད་ནི་མ་ཡིན་ཏེ། ལུང་ཞུ་བ་ལས། འདུག་གནས་དེ་བདག་པོ་ཉེ་ དུས་བགྱིད་དུ་བརྩལ་བ་ལགས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་དང་། ཉེ་དུས་ཀྱང་ངོ་ཞེས་མདོ་རྩ་ལས་ཉེས་བྱས་སུ་གསུངས་ཤིང་། ཉེ་དུས་ཀྱང་ངོ་ཞེས་པ་འདིའི་རང་གི་རྣམ་བཤད་ལས་ཀྱང་ཉེས་བྱས་ཀྱི་བྱེད་པ་པོར་འགྱུར་རོ། །ཁ་ཅིག་འདི་ལ་ལྟུང་བ་མེད་ཅེས་ཟེར་ཏེ་དེ་ ནི་མི་རིགས་སོ། །ཞེས་གསུངས་སོ། །རིགས་པས་ཀྱང་ཉེ་དུའི་འདུག་གནས་སུ་ཟ་བ་ལ་ལྟུང་བ་གཏན་མེད་དུ་མི་འཐད་དེ། བཅས་ལྡན་དགེ་སློང་གཞན་དང་རྩོད་པ་རྒྱས་པར་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར། ལྔ་པ་རྒྱུ་མཚན་ནི། མངོན་མཚན་ཉོ་ཚོང་ལ་སོགས་པ་བཞི་པོ་དེ་ རྣམས་ལས་ནི་ཉེས་བྱས་སུ་འགྱུར་གྱི། ལྟུང་མེད་དུ་མི་འགྱུར་བ་ནི་མངོན་མཚན་ཉོ་ཚོང་གཉིས་ནི་འཇིག་རྟེན་ན་ཕོ་སྒོ་བཟང་བར་བྱེད་ཀྱི། བྱ་བ་དམན་པར་མི་བྱེད་པས་འབྱུང་ཉེ་ཞིང་སྤང་དཀའ་བའི་ཕྱིར། ལྷུང་བཟེད་གཅིག་གིས་དགོས་པ་འགྲུབ་བཞིན་དུ་ལྷུང་བཟེད་ལྷག་པ་འཚོལ་ 6-1-456b པ་ཧ་ཅང་མི་རིགས་པའི་ཕྱིར་དང་། མུ་སྟེགས་པའི་འདུག་གནས་སུ་རྩོད་པ་རྒྱས་པར་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་རོ། །གོས་སློང་བ་ལ་སོགས་པ་ཉེ་དུ་ཡིན་ན་ལྟུང་བ་མི་བསྐྱེད་པའི་རྒྱུ་མཚན་ནི་གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་དང་འབྲེལ་བ་རྣམས་ཀྱི་སྐབས་སུ། ཤ་ཚ་དང་ བསྲི་བ་མེད་པར་སློང་བ་ལ་སོགས་པ་དང་འབྲེལ་ནས་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། མ་དད་པ་སྐྱེ་བ་དང་། རང་འདོད་པ་ཆེས་པ་དགག་བྱ་ཡིན་པ་དང་། ཉེ་དུ་ལ་ནི་དགག་བྱ་དེ་དག་མེད་པའི་ཕྱིར་དང་། གཅེར་བུ་པ་ལ་སྦྱིན་པ་ལ་ནི་ཁྱིམ་པ་རྣམས་ཀྱི་མཆོད་ཡུལ་ནི་དགེ་སློང་ཡིན་ ལ། དགེ་སློང་གི་མཆོད་ཡུལ་ནི་མུ་སྟེགས་ཡིན་ནོ་ཞེས་མཆོད་པའི་གནས་སུ་བྱེད་པ་དགག་བྱ་ཡིན་པ་ལས། ཉེ་དུ་ལ་སྦྱིན་པ་ལ་ནི་ཉེ་དུ་ཡིན་པའི་རྒྱུ་མཚན་གྱིས་སྦྱིན་པར་གསལ་གྱི། མཆོད་འོས་ཀྱི་རྒྱུ་མཚན་གྱིས་སྦྱིན་པར་མི་གསལ་བས་ཆེས་མཆོད་པའི་གནས་སུ་བྱེད་པའི་དགག་བྱ་ དེ་མེད་པའི་ཕྱིར། འཁྲུར་འཇུག་ལ་སོགས་པ་ནང་སེམས་ཅན་ལ་ཆགས་པའི་རྒྱུར་འགྱུར་བའི་དགག་བྱར་གྱུར་པ་རྣམས་ལ་ནི། ཡུལ་དུས་དེ་ན་ནི་ངོ་ཚ་བའི་ཡུལ་དུ་བྱེད་པའི་ཉེ་དུ་མའམ་སྲིང་མོ་ལྟ་བུ་ལ་ནི་དགག་བྱ་དེ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཡུལ་ཉེ་དུ་མ་ཡིན་པ་ཡན་ ལག་ཏུ་དགོས་ན་ནི་ཉེ་དུ་ཡིན་མིན་གྱི་ཁྱད་པར་གང་ཞེ་ན། ཊཱི་ཀ་ལས། ཉེ་དུའི་མཚན་ཉིད་བརྗོད་པར་འདོད་ནས། རང་གི་ཕ་མ་དག་ནས་བདུན་པ་ཚུན་ཆད་ཉེ་དུ་ཡིན་ནོ་ཞེས་སྦྱར་རོ། །བདུན་པ་ཚུན་ཆད་དེ་ལས་གང་ཡང་རུང་བ་སྟེ་ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་དང་། མའི་ རྒྱུད་ཕའི་ཡན་ལག་དང་བཅས་པ་གང་ཡང་རུང་བ་སྟེ་ཉེ་དུ་ཡིན་ནོ་ཞེས་སྦྱར་རོ། །ཊཱི་ཀ་ལས། ཕའི་ཕ་དང་དེའི་ཡང་ཕ་ལ་སོགས་པ་ནི་ཕའི་རྒྱུད་དོ། །ཕའི་མ་དང་དེའི་ཡང་མ་ལ་སོགས་པ་ནི་ཕ་རྒྱུད་མའི་ཡན་ལག་དང་བཅས་པའོ། །མའི་མ་དང་དེའི་ཡང་མ་ལ་སོགས་པ་ནི་མ་ 6-1-457a རྒྱུད་དོ། །མའི་ཕ་དང་དེའི་ཡང་ཕ་ལ་སོགས་པ་ནི་མའི་རྒྱུད་ཕའི་ཡན་ལག་དང་བཅས་པའོ་ཞེས་སོ། །འདི་ལ་ཤ་ལུགས་སུ་སྨྲ་བ་ན་རེ། ཁུ་བོ་དང་ཞང་པོ་ནས་བརྩིས་པའི་བདུན་པ་ཚུན་ཆོད་དུ་ཉེ་དུ་ཡིན་ཅེས་ཟེར་ཡང་། ཁུ་བོ་དང་ཞང་པོ་ནས་བརྩིས་པའི་ལྔ་པ་ ཚུན་ཆད་ཉེ་དུ་ཡིན་ཏེ། ཕ་མ་ནས་བརྩམས་པའི་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར། དེས་ན་ཁུ་བོ་དང་ཞང་པོའི་རྒྱུད་ལ་ཡང་རང་གི་ཕ་མ་ནས་བདུན་བརྒྱུད་དུ་བརྩིས་ཏེ་ཕ་མ་དག་ནས་ཞེས་གསུངས་པས་སོ། །སྔ་མ་ཕའམ་མ་གཅིག་ལས་སྐྱེས་པ་སྟེ་ཕ་གཅིག་པའི་སྤུན་ ཟླའམ་མ་གཅིག་པའི་སྤུན་ཟླ་ཡང་ཉེ་དུ་ཡིན་ནོ་ཞེས་བསྟན་ཏེ། ཉིད་བཤད་ལས། ཕ་མ་དེ་དག་ལས་གཉིས་ཀ་དག་ཉིད་ཀྱིས་ནི་མ་ཡིན་ཏེ་སྔ་མ་གཅིག་ལས་སྐྱེས་པ་ཉིད་དེ། མ་གཅིག་ལས་སྐྱེས་པ་ཉིད་དང་། ཕ་གཅིག་ལས་སྐྱེས་པ་ཉིད་གང་ལ་ཡོད་པ་དེ་ནི་གཉེན་ཞེས་ཀྱང་བྱ། ཉེ་དུ་ཞེས་ཀྱང་བྱ་ཞེས་གསུངས་སོ། །ཡང་ཞེས་པས་ནི་ཕྱིས་ནས་སྐྱེས་པ་བསྡུས་ཏེ། ཊཱི་ཀ་ལས། ཡང་ཞེས་བྱ་བའི་སྒྲས་ནི་གཉིས་པོ་ལས་སྔ་ནས་སྐྱེས་པ་འབའ་ཞིག་ཉེ་དུ་ཡིན་པར་མ་ཟད་པའོ་ཞེས་དང་། རྣམ་འབྱེད་འགྲེལ་པ་ལས། འོག་རོལ་ཏུ་བུ་དང་བུ་མོ་ཁྱིམ་བདུན་པ་ ཚུན་ཆད་ནས་བཟུང་སྟེ། རྒྱུད་གཅིག་ནས་སྐྱེས་པའི་འབྲེལ་པ་གང་ཡིན་པ་དེ་ནི་ཉེ་དུ་ཞེས་བྱའོ་ཞེས་བཤད་དོ། །སྔོན་གྱི་ཆུང་མར་གྱུར་པའི་བུད་མེད་དེ་ཉེ་དུ་ཡིན་ནམ་མ་ཡིན། དེ་ལས་གོས་བླངས་ན་སྤང་ལྟུང་བསྐྱེད་དམ་མི་བསྐྱེད་ཅེ་ན། ཞུ་འགྲེལ་ལས། ཁྱོ་ཤུག་དག་ནི་ ཉེ་དུ་མ་ཡིན་ཏེ་ཉེ་དུའི་མཚན་ཉིད་མེད་པའི་ཕྱིར་ཞེས་བཤད་དོ། །འོན་ཀྱང་སྔོན་སྐྱེས་པའི་དུས་རང་གི་བུ་སྐྱེས་པ་ཡིན་ན་སྔོན་གྱི་ཆུང་མ་རང་དང་ནོར་ཐ་དད་དུ་གྱུར་ན་ཡང་དགེ་སློང་གི་ཉེ་དུ་ཡིན་ཏེ། བུ་ནི་ཉེ་དུ་ཡིན་ལ་དེའི་མ་ཉིད་ཡིན་པས་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་ 6-1-457b ཕྱིར་རོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་འཆར་ཀས་མཉན་ཡོད་དུ་དགེ་སློང་མ་སྦེད་མ་ལ་ཤམ་ཐབས་འཁྲུར་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུ་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་ པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མིན་པ་ལ་ཆོས་གོས་སམ་གདིང་བ་འཁྲུ་བ་ལ་སོགས་བྱེད་དུ་འཇུག་ཅིང་ཕྱོགས་ལ་འོན་ཅིག་ཅེས་བསྒོས་ཏེ་དེས་ལས་དེ་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ ལ་འཁྲུ་འཚེད་འཆག་ཏུ་འཇུག་པའི་ཡུལ། གང་འཁྲུ་འཚེད་འཆག་ཏུ་འཇུག་པའི་དངོས་པོའོ། །དང་པོ་ནི། དགེ་སློང་མ་ཆོས་བདུན་ལྡན་ནོ། །དེའང་དགེ་སློང་མའི་སྡོམ་པ་ཕམ་པས་མ་ཉམས་པ་དང་ལྡན་པ་སྟེ། དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་ཞེས་ སོ། །ལྟ་བ་མཐུན་པ་སྟེ། ཁས་བླངས་པ་དག་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་ཞེས་སོ། །ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ་སྔར་བཤད་ཟིན་ཏོ། །ཉེ་དུ་མ་ཡིན་པ་སྟེ། ཉེ་དུ་མ་ཡིན་པ་ལའོ་ཞེས་སོ། །རྫུ་འཕྲུལ་གྱི་ཆོས་ཅན་མ་ ཡིན་པ་སྟེ། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ནི་ཞེས་སོ། །མཚན་བསྟེན་དུ་རུང་བ་སྟེ། བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ནོ་ཞེས་སོ། །གཉིས་པ་གང་འཁྲུ་འཚེད་ཆགས་སུ་འཇུག་པའི་དངོས་པོ་ལ་བདུན་ཏེ། ཆོས་གོས་རྣམས་དང་། གདིང་བ་ལས་གང་ཡང་རུང་ བ་ཡིན་པ་དང་། རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་དང་ལྡན་པ་དང་། དགེ་སློང་རང་ཉིད་ཀྱི་ཡིན་པ་དང་། འཁྲུར་འཇུག་པ་ལ་སོགས་པར་འོས་པ་ཡིན་པ་དང་། བྱེད་འཕྲོའི་གཞི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་དང་ཚད་དང་ལྡན་པའོ། །དང་པོ་ནི། ཆོས་ 6-1-458a གོས་དང་གདིང་བ་དག་ལས་འགའ་ཞིག་ཅེས་སོ། །སེལ་བ་སྔས་ནང་ཚངས་ཅན་འཁྲུར་འཇུག་ན་ཉེས་བྱས་སོ་ཞེས་གསུངས་པའོ། །གཉིས་པ་ནི། བྱིན་གྱིས་བརླབས་པ་ཞེས་སོ། །སེལ་བ་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་དང་། བྱིན་རླབས་ མེད་པ་འཁྲུར་འཇུག་ན་ནི་རུང་བར་བྱས་པ་དང་། སྤངས་པ་འཁྲུར་འཇུག་ན་ཉེས་བྱས་སོ། །གསུམ་པ་ནི། རང་གི་ཞེས་སོ། །སེལ་བ་གཞན་གྱི་ཆོས་གོས་དང་། རང་གཞན་ཐུན་མོང་གི་ཆོས་གོས་འཁྲུར་འཇུག་པ་ནི། ལུང་ཞུ་བ་ལས། དགེ་སློང་གིས་གཞན་དབང་བའི་ཆོས་གོས་ འཁྲུར་རྩོལ་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་ཞེས་གསུངས་ལ། རང་གཞན་ཐུན་མོང་བ་དགེ་འདུན་གྱི་རྣམས་ལ་ནི་ཉེས་བྱས་སོ་ཞེས་གསུངས་སོ། །བཞི་པ་ནི། འཁྲུར་གཞུག་པར་འོས་པ་ཞེས་སོ། །གོས་དྲི་མ་མེད་པ་འཁྲུར་འཇུག་པ་ནི་འབྱུང་རིང་བས་དགག་བྱ་གནས་སྐབས་ ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་ཉེས་བྱས་ཙམ་དུ་ཟད་དེ། རང་གི་རྣམ་བཤད་ལས། འཁྲུར་འཇུག་པར་འོས་པ་མ་ཡིན་པའི་རྙིང་པ་འཁྲུ་བ་ལ་སོགས་པ་ལ་ཉེས་བྱས་སུ་རིག་པར་བྱའོ་ཞེས་སོ། །ལྔ་པ་ནི། ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་སོ། །རུང་བ་ཚད་དང་ལྡན་པ་ནི་ སྤྱིར་བསྟན་པ་ལས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་འཁྲུ་བ་ལ་སོགས་པ་འཆོལ་བར་འདོད་པའི་ཚིག་སྨྲ་བར་འདོད་པ་དང་། གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་ གྱིས་འཆོལ་བར་ཞུགས་པའོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་ཕྱོགས་ལ་ལས་བྱས་པ་སྟེ། ཕྱོགས་ལས་བྱས་པ་ཡང་ཞེས་སོ། །གཉིས་པ་ནི། འཁྲུར་འཇུག་པའི་སྤང་བའི་བྱེད་པ་པོ་གང་ཞེ་ན། འདུ་ཤེས་གཙོ་ཆེར་ལྟུང་བ་སྐྱེད་པའི་བྱེད་པ་པོ་ཉིད་ཡིན་ནོ། །མིང་ཅན་ 6-1-458b འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་པས་དེ་ནི་མིང་ཤེས་གཙོའོ་ཞེས་བྱའོ། །ཡི་གེ་ཉུང་བར་བྱ་བའི་ཕྱིར་མིང་དང་མིང་ཅན་དུ་བསྡེབས་པའོ། །འདི་ལ་ཊཱི་ཀ་ལས་མུ་བཞི་ལས་མ་གསུངས་ཀྱང་། ལུང་ལས་མུ་དྲུག་སྟེ། དངོས་གཞི་མུ་གཉིས། ན་སྨད་མུ་གཉིས། ལྟུང་ མེད་མུ་གཉིས་སོ། །དང་པོ་ནི། དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་ཏེ། འཁྲུར་འཇུག་པ་དང་། ཉེ་དུ་མ་ཡིན་པ་ལ་ཉེ་དུ་ཡིན་མིན་ཡིད་གཉིས་ཟ་སྟེ་འཁྲུར་འཇུག་ནའོ། །གཉིས་པ་ནི། དགེ་སློང་མ་ཉེ་དུ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་ཏེ་འཁྲུར་ འཇུག་པ་དང་། ཉེ་དུ་ལ་ཉེ་དུ་ཡིན་མིན་ཐེ་ཚོམ་ཟ་སྟེ་འཁྲུར་འཇུག་ནའོ། །གསུམ་པ་ནི། དགེ་སློང་མ་ཉེ་དུ་ལ་ཉེ་དུར་འདུ་ཤེས་ཏེ་འཁྲུར་འཇུག་ན་ལྟུང་མེད་དང་། ཉེ་དུ་མ་ཡིན་པ་ལ་ཉེ་དུར་འདུ་ཤེས་ཏེ་འཁྲུར་འཇུག་ན་ལྟུང་མེད་དོ། །དང་པོ་ལུང་རྣམ་འབྱེད་དང་། ཐ་མ་ གཉིས་ལུང་ཞུ་བ་ལས་གསུངས་སོ། །བསྡུས་པ་ལས་ཀྱང་འདུ་ཤེས་རྣམ་པ་དྲུག་སྦྱར་ཏེ་ལན་མང་དུ་གསུངས་སོ། །འཁྲུར་འཇུག་པའི་ཡུལ་གང་ལ་ཤེས་གཙོ་ཞེ་ན། ཡུལ་དགེ་སློང་མ་ཉིད་དང་། དགེ་སློང་མ་དེ་དགེ་སློང་རང་གི་ཉེ་དུ་མ་ཡིན་པ་ཉིད་དག་ལ་ཤེས་གཙོའོ། ། འཁྲུར་འཇུག་གི་འོག་མ་ལེན་པའི་སྤང་བ་ལ་ཡང་ཤེས་གཙོའོ། །དགེ་སློང་མ་ཉིད་དང་། དེ་ཉེ་དུ་མིན་པ་ཉིད་དག་ལའོ་ཞེས་ལུང་ལས་དངོས་སུ་བྱུང་ངོ་། །གང་བྱས་ན་འཁྲུར་འཇུག་པའི་སྤང་བར་འགྱུར་ཞེ་ན། རང་གི་འཚོ་བའི་ཡོ་བྱད་བྱིན་གྱིས་བརླབས་པ་དགེ་སློང་རང་ གི་ཆོས་གོས་རྙིང་པ་ནི་མཚོན་པ་སྟེ། མི་གཙང་བ་ལ་སོགས་པས་གོས་པ་འཁྲུར་འཇུག་པར་འོས་པ་ཆོས་གོས་གསུམ་མམ། གསུམ་པོ་དང་འདྲ་བའི་ཆོས་གོས་དང་། གདིང་བ་དག་ལས་འགའ་ཞིག་རང་གི་ངག་གིས་བསྒོ་བས་དགེ་སློང་མ་ལ་འཁྲུར་འཇུག་གམ། ཚོས་ 6-1-459a ཀྱིས་འཚེད་དུ་བཅུག་གམ། འཆགས་སམ་འཆགས་སུ་འཇུག་པ་དག་ན་སྤང་ལྟུང་བསྐྱེད་པའོ། །ཆོས་གོས་དང་གདིང་བ་དག་ལས་ཞེས་པའི་ཊཱི་ཀ་ལས། ཆོས་གོས་ཞེས་བྱ་བ་ནི་བདུན་པོ་དག་ལས་གང་ཡང་རུང་བའོ་ཞེས་བཤད་དོ། །བདུན་པོ་གང་ ཞེས་འདྲི་ན། དེ་ནི་རྒྱུ་རུང་བ་བདུན་ལས་གང་ཡང་རུང་བ་ཡིན་པར་རྣམ་འབྱེད་ལས་གསུངས་ཏེ་གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། རས་བལ་གྱི་གོས་དང་། དུ་ཀུ་ལའི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་པའི་གོས་དག་ལས་ གོས་གང་ཡང་རུང་བའོ་ཞེས་སོ། །འགྲེལ་ཆུང་ལས་ནི་ཆོས་གོས་གསུམ་དང་། གདིང་བ་ཡང་ཡིན་པ་དང་ཞེས་སོ། །ཆོས་གོས་གསུམ་ཞེས་ལུང་དང་བསྟན་བཅོས་གཞན་ལས་མ་གསུངས་ཤིང་། ལུང་གི་གླེང་གཞི་ལས་ཤམ་ཐབས་འཁྲུར་འཇུག་པ་ལས་སྤང་ལྟུང་འདི་བཅས་པས་ ན་ཆོས་གོས་གསུམ་ངེས་བཟུང་མ་ཡིན་ནོ། །དེ་ལྟར་ན་ཆོས་གོས་གསུམ་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། དེ་དག་དང་མཚུངས་པའི་ཆོས་གོས་གཞན་འཁྲུར་བཅུག་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་བར་ཤེས་པར་བྱའོ། །སོ་སོར་ཐར་པ་དང་། ལུང་རྣམ་ འབྱེད་དང་། མདོ་རྩ་བ་དང་། རང་འགྲེལ་དང་། ཊཱི་ཀ་ལས་ཀྱང་ཆོས་གོས་འཁྲུར་འཇུག་ན་ཞེས་སྤྱིར་གསུངས་ཀྱི། བྱེ་བྲག་ནི་ཆོས་གོས་གསུམ་འཁྲུར་འཇུག་ན་ཞེས་ནི་མ་གསུངས་སོ། །ཆོས་གོས་ཀྱི་ཕྱོགས་གཅིག་ལ་འཁྲུ་བ་ལ་སོགས་པའི་ལས་བྱས་པ་ལ་ཡང་ལྟུང་བ་ འདི་བསྐྱེད་པའི་ལས་བྱས་པ་ཉིད་དོ། །ལུང་ཞུ་བ་ལས། ཆོས་གོས་དེ་ཡང་ལུས་ལས་མ་ཕུད་པར་དེ་སྤང་བར་འགྱུར་བ་མཆིས་སམ། ཡོད་དེ་ཆོས་གོས་མི་གཙང་བས་གོས་པར་གྱུར་པ་དེ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་ 6-1-459b གསུངས་སོ། །བྱ་བའི་ཕྱོགས་གཅིག་ལ་བྱས་པ་ལ་ཡང་ལྟུང་བ་འདི་བསྐྱེད་པའི་ལས་བྱས་པ་ཉིད་དོ། །འཁྲུ་བའི་ཐ་ན་ཆུར་སྨྱུག་པར་བྱེད་དུ་འཇུག་པའམ། འཚེད་པའི་ཐ་ན་ཚོན་དུ་སྨྱུག་པར་བྱེད་དུ་འཇུག་པའམ། འཆག་པའི་ཐ་ན་ཐལ་མོ་རྡེབ་པར་བྱེད་དུ་འཇུག་ན་ཡང་སྤང་ ལྟུང་བསྐྱེད་པར་ལུང་རྣམ་འབྱེད་ལས་གསུངས་སོ། །བསྐོས་པའི་དགེ་སློང་མ་དེས་ཆོས་གོས་བཀྲུ་བ་ལ་སོགས་པའི་ལས་དེ་བྱས་པ་མཐར་ཐུག་པ་ཉིད་ན་བྱེད་དུ་བཅུག་པའི་ལྟུང་བ་རྫོགས་པར་བསྐྱེད་པ་ཉིད་ཡིན་གྱི། བསྐོས་པ་ཙམ་ཁོ་ནས་མ་ཡིན་ནོ། །བྱེད་དུ་བཅུག་པ་ཐམས་ཅད་ ལ་དེ་བཞིན་ནོ། །འཁྲུར་འཇུག་པ་ལ་སོགས་པ་བསམ་པའི་འབྲས་བུ་གྲུབ་པའི་མཐའ་མན་ཆད་ནི་ལུས་ཀྱི་རིག་བྱེད་དུ་མ་ཡོད་ཀྱང་སྤང་བའི་ལྟུང་བྱེད་གཅིག་པ་ཉིད་དོ། །འཁྲུ་འཚེད་འཆག་གསུམ་གང་རུང་གཅིག་བྱེད་ན་འབྲས་བུ་མཐའ་མན་ཆད་གཅིག་པ་ཉིད་ཡིན་ཀྱང་འཁྲུ་འཚེད་ འཆག་པ་གསུམ་ཀ་བྱེད་ན་ཡང་སྤང་ལྟུང་གཅིག་ཏུ་མི་འགྱུར་རམ་སྙམ་ན། ཚིགས་སུ་གྱུར་པ་གསུམ་ལ་འཁྲུ་འཚེད་འཆག་པ་ཉིད་ལ་འབྲས་བུ་སྤང་བའི་ལྟུང་བྱེད་རྣམས་གཅིག་པ་ཉིད་དོ། །མས་ཞེས་མང་པོའི་སྒྲ་དང་། གཅིག་པ་ཉིད་དོ་ཞེས་པ་དང་འགལ་སྙམ་ན། མང་པོ་ རིགས་བསྡུ་བའི་ཚིག་ཡིན་པས་མི་འགལ་ལོ། །དེས་ན་གཞུང་འདི་ལྟར་དུ་འདོན་ན་བདེ་སྟེ། ཚིགས་སུ་གྱུར་པ་རྣམས་ལ་འབྲས་བུ་གཅིག་པ་ཉིད་དོ་ཞེས་འདོན་ཏོ། །འགྲེལ་ཆུང་གི་མདོ་རྩ་བ་ལས། ཚིགས་རྣམས་ཀྱི་འབྲས་བུ་གཅིག་གོ་ཞེས་བཤད་པ་དེ་འགྱུར་ལེགས་སོ། ། བཞི་པ་ནི། འཁྲུར་འཇུག་པ་དང་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་ལ་སོགས་པ་འདུ་ཤེས་གཙོ་བོ་ཉིད་གང་ཡིན་པ་རྣམས་ལ་དོན་ཇི་ལྟ་བ་བཞིན་དོན་དང་འདུ་ཤེས་ཕྲད་པ་ཉིད་ལ་ནི་རང་རང་གི་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ 6-1-460a མ་ཡིན་པར་ཤེས་ཏེ། འཁྲུར་བཅུག་པའམ་ཆུ་སྲོག་ཆགས་ཡོད་པ་ལ་ཡོད་པར་ཤེས་ཏེ་སྤྱད་ན་དངོས་གཞི་རྫོགས་པ་ལྟ་བུའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་དོན་དང་འདུ་ཤེས་མ་ཕྲད་པ་ལ་ནི་ལྟུང་བ་དངོས་གཞི་དང་ཉེ་བའི་ན་སྨད་པའོ། །དགེ་སློང་མ་ཉེ་དུ་ལ་ཉེ་ དུ་མ་ཡིན་པར་འདུ་ཤེས་ཏེ་འཁྲུར་བཅུག་པའམ་སྲོག་ཆགས་མེད་པ་ལ་ཡོད་པར་འདུ་ཤེས་ཏེ་ལོངས་སྤྱད་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །རང་རང་གི་གཞིའི་རྣམ་པ་མ་དོར་བའི་ཡིད་གཉིས་ནི་འདུ་ཤེས་དང་འདྲའོ། །ད་ནི་འདི་དག་ལ་དོགས་པ་དཔྱད་པར་བྱ་སྟེ། དོན་ཇི་ལྟ་བ་ཉིད་ མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་པའི་དམིགས་བསལ་ནི་ཚུལ་ཁྲིམས་མ་དག་པ་ལ་དག་པར་འཁྲུལ་ཏེ་སྐུར་པ་འདེབས་པ་དང་། ཆོས་གོས་དེ་གཞན་དབང་བ་ལ་རང་ཉིད་དབང་བར་འཁྲུལ་ཏེ་འཕྲོགས་པ་དང་། བར་དུ་གཅོད་པ་ལ་བར་དུ་མི་གཅོད་པར་འཁྲུལ་ཏེ། སྡིག་ ལྟ་མི་གཏོང་ན་ལྟུང་བ་རྫོགས་པར་བསྐྱེད་པ་ལྟ་བུའོ། །ཡིད་གཉིས་འདུ་ཤེས་དང་འདྲ་ན་ནི་ཡིད་གཉིས་ཆོས་ཅན། འདུ་ཤེས་དང་འདྲ་བའི་ཕྱིར་འདུ་ཤེས་དངོས་ཉིད་མ་ཡིན་པར་ཐལ་བ་ལས། ཊཱི་ཀ་ལས། སྲོག་ཆགས་དང་བཅས་པ་ལ་ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ན་ནི་ ལྟུང་བྱེད་དུ་འགྱུར་རོ་ཞེས་འདུལ་བའི་ཆོས་སྐད་ལྟར་ན་ཡིད་གཉིས་ཟ་བ་དེ་འདུ་ཤེས་ཡིན་པར་བཤད་དོ། །དེ་ལྟར་ན་འདུ་ཤེས་ལ་གཉིས་ཏེ། ངེས་པའི་འདུ་ཤེས་དང་། ཡིད་གཉིས་ཟ་བའི་འདུ་ཤེས་སོ། །གཞིའི་རྣམ་པ་མ་དོར་བའི་ཡིད་གཉིས་ནི་ངེས་པའི་འདུ་ཤེས་དང་འདྲ་སྟེ། ཞེས་པ་ཡིད་གཉིས་གྱུར་ན་ངེས་ཤེས་དང་འདྲ་བར་བཞག་ཅེས་འོད་ལྡན་གྱི་རྩ་བ་ལས་གསུངས་པ་བཞིན་ནོ། །གལ་ཏེ་ཡིད་གཉིས་ཟ་བ་འདུ་ཤེས་ཡིན་ན་ཡིད་གཉིས་ཟ་བའི་ཐེ་ཚོམ་གྱི་བློ་ཆོས་ཅན། འདུ་ཤེས་ཡིན་པའི་ཕྱིར། འདུ་ཤེས་ལས་དོན་གཞན་འདུ་ཤེས་མ་ཡིན་པར་ཐལ་བ་ 6-1-460b ལས། མཛོད་ལས། ཐེ་ཚོམ་དེ་འདུ་བྱེད་ཡིན་པར་བཤད་དོ་ཞེ་ན། ཡིད་གཉིས་འདུ་ཤེས་ཡིན་མིན་འདི་ལ་ནི་འདུལ་བ་དང་། མངོན་པ་ཆོས་སྐད་ཐ་དད་པའི་ཁྱད་པར་རོ། །དེ་ཡང་སྲ་བ་ཐམས་ཅད་ས་ཡིན་པར་མངོན་པ་ལས་བཤད་ཀྱང་། འདུལ་བ་ལས་འཇིག་རྟེན་ལ་གྲགས་པའི་ ས་བརྐོ་ན་ས་རྐོ་བའི་ལྟུང་བྱེད་དུ་འགྱུར་གྱི། སྲ་བ་རྡོ་བརྐོ་བ་ལ་ནི་ས་རྐོའི་ལྟུང་བ་མི་བསྐྱེད་དེ། དེ་བཞིན་དུ་ཆུ་ལ་རྩེ་བ་དང་། མེ་ལ་རེག་པའི་ལྟུང་བྱེད་ཀྱང་འཇིག་རྟེན་ལ་གྲགས་པའི་ཆུ་ལ་རྩེ་བ་དང་། མེ་ལ་རེག་པའི་ལྟུང་བྱེད་དུ་བཤད་ཀྱི། མངོན་པ་ལས་བཤད་པའི་ཆུ་དང་མེ་ལས་ རྣམ་པར་བཞག་པ་ནི་མ་ངེས་སོ། །ལྔ་པ་ནི། དགེ་འདུན་གྱི་ཁྲིམས་སུ་བྱ་བ་གང་བྱས་པ་དེ་གང་ཟག་གིས་ཀྱང་བསྲུང་བར་བྱའོ། །གློ་བུར་དུ་འོངས་པས་ཀྱང་དགེ་འདུན་གཉུག་མར་གནས་པའི་ཁྲིམས་སུ་བྱ་བ་དེ་ལས་མི་འགལ་བ་ཉིད་དུ་བསྲུང་བར་བྱའོ། །མ་བསྲུངས་ན་ལྷུང་བཟེད་ ཁ་སྦུབས་པའི་ཁྱིམ་དུ་འགྲོ་བ་ལ་སོགས་པ་སྤྱིར་བཏང་ལ་ཉེས་བྱས་སུ་འགྱུར་རོ། །མ་བསྲུངས་ན་ཟློག་པའི་ཕམ་པ་དང་། སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་དང་། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་འགྱུར་བ་ཡོད་དེ་དམིགས་བསལ་ཡིན་ནོ། །དེར་ཁྲིམས་ སུ་བཅས་པ་ཡོད་དམ་མེད་པ་ཉིད་དང་། ཡོད་ན་ཇི་ལྟ་བུ་ཡོད་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་གློ་བུར་དུ་འོངས་པ་དེས་ཁྲིམས་སུ་བྱ་བ་ཡོད་དམ་མེད། ཡོད་ན་ཇི་ལྟ་བུ་ཡོད་པ་དེ་གཉུག་མར་གནས་པ་ལ་འདྲི་བར་བྱའོ། །གང་གི་ཚེ་དྲི་ཞེ་ན། ཧ་ཅང་ཡུན་མི་རིང་བར་དྲི་བར་ བྱ་སྟེ་ཡུན་རིང་པོ་འདའ་བ་མ་བྱས་པར་རོ། །འཇུག་པའི་གནས་བཙལ་བ་དང་། རྫས་བཞག་པ་དང་། རེ་ཞིག་བསྡད་ལ་དྲི་བར་བྱའོ། །དབྱར་ཟླ་བ་གསུམ་དུ་དགེ་སློང་སུས་ཀྱང་བཅོམ་ལྡན་འདས་ལ་བལྟར་འགྲོ་བར་མི་བྱའོ་ཞེས་དགེ་འདུན་གྱིས་ཁྲིམས་བཅས་པ་ལ་དགེ་སློང་ཉེ་ 6-1-461a སྡེ་ལ་བཅོམ་ལྡན་འདས་ཀྱིས་གནང་བ་མཛད་པ་ལྟ་བུ་སངས་རྒྱས་ཀྱིས་གསུངས་པ་དང་དགེ་འདུན་གྱི་གསུང་འགལ་ན་གང་གཙོ་ཆེ་ཞེ་ན། ཊཱི་ཀ་ལས། དགེ་འདུན་གྱི་ཁྲིམས་སུ་བྱ་བ་བསྲུང་བར་བྱའོ་ཞེས་བྱ་བ་དེའི་དམིགས་བསལ་བསྟན་པའི་ཕྱིར་ཉེ་སྡེས་ དགེ་འདུན་གྱི་ཁྲིམས་སུ་བཅའ་བ་བྲལ་ཡང་སངས་རྒྱས་ཀྱིས་ལྟུང་མེད་དུ་གསུངས་པ་ཆོས་ཅན། དགེ་འདུན་གྱི་ཁྲིམས་སུ་བཅའ་བ་ལས་གཡོ་ཞིང་འདའ་བའི་ལྟུང་བ་མེད་དེ་ལས་དང་པོ་པ་ཡིན་པའི་ཕྱིར། གང་ཟག་གང་ཡང་རུང་བས་ལྷུང་བཟེད་དང་། ཆོས་གོས་དང་། ལྷུང་བཟེད་ བཞག་པའི་སྣོད་དྲ་བ་དང་། ཕོར་བུ་སྟེ་སྐོམ་གྱི་སྣོད་དང་། སྐ་རགས་ལྷག་པ་འབུལ་བ་ན་དགེ་འདུན་གྱིས་ཉེ་བར་བཞག་པའི་དོན་དུ་སྟེ་དགེ་འདུན་གྱི་ཆེད་དུ་གང་ཟག་གིས་ཀྱང་བསླང་བར་བྱའོ། །ལུང་ལས། ལོངས་ལ་བསླངས་ནས་ཀྱང་གཙུག་ལག་ཁང་ཆེན་པོ་ཞིག་ཏུ་སྤུངས་ ཏེ་ཞོག་ལ་གང་དེས་བྲེལ་བའི་དགེ་འདུན་ལ་སྦྱིན་པར་བྱའོ་ཞེས་སོ། །དགེ་སློང་དག་གིས་ཡོ་བྱད་པག་པ་འདིས་ཕོངས་པ་ཅི་བདེར་ཁྱེར་ཅིག་ཅེས་དགེ་འདུན་གྱི་སྤྱིར་སྤུངས་ཏེ་བཞག་པ་དེ་ལྟར་ཉེ་བར་བཞག་པ་ནི་ལྷུང་བཟེད་ལ་སོགས་པ་དེ་དག་མེད་པའི་རབ་ཏུ་བྱུང་བ་དག་གིས་ ཅི་དགར་བསྐུར་རོ། །ཊཱི་ཀར། ཇི་བདེར་བླང་བར་བྱའོ་ཞེས་སོ། །འཁྲུར་འཇུག་པའི་སྤང་བ་རྣམ་པར་འབྱེད་པའོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བསྐྱེད་པ་དང་། །དེ་ཡི་ན་སྨད་བསྟན་པའོ། །དང་པོ་ནི། བཤང་བ་དང་། གཅི་བ་དང་། ལྗན་ལྗིན་ནི་གཏོར་ཁུང་དུ་གཏོགས་ པའི་མི་གཙང་བར་ཞུ་བ་ནས་བཤད་པ་དེ་དང་འདམ་རྫབ་ལ་སོགས་པས་མ་རུངས་པར་གྱུར་པ་བཀྲུ་བར་འོས་པར་གྱུར་པར་འཁྲུར་འཇུག་པ་ལ་ཡན་ལག་གཞན་ཚང་ན་མཐར་ཐུག་གི་ལྟུང་བ་ན་སྨད་པ་མེད་དོ་སྟེ་སྤང་ལྟུང་བསྐྱེད་དོ། །གཉིས་པ་ནི། རུང་བའི་སེལ་བ་ནི་དྲེའུ་རྔོག་དང་། ཁྱིམ་ 6-1-461b པའི་གོས་དང་། ཆོས་གོས་གསུམ་དང་། གདིང་བ་མ་ཡིན་པའི་སེལ་བ་ནི་སྔས་ནང་ཚངས་ཅན་དང་། འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་སེལ་བ་ནི་ལྷག་པའི་ཡོ་བྱད་དུ་སྔགས་ཀྱིས་རུང་བར་བྱས་པ་དང་། ཞུ་ཊཱིཀ་ལས། བྱིན་རླབས་མེད་པའི་ཕྱིར་སྤངས་པ་དང་། དགེ་འདུན་ གྱི་ཆོས་གོས་རྣམས་འཁྲུར་འཇུག་པ་ལ་ནི་ཉེས་བྱས་སོ། །ཞེས་སོ། །འདིར་སྨྲས་པ། སྐལ་ལྡན་རྐང་དྲུག་ཕྱག་རྒྱ་སྟུག་པོ་ཡིས། །ཟོལ་མེད་ཆོས་ཀྱིས་མ་ཕོངས་གེ་སར་ཁུར། །ལེགས་བྱས་བླ་མའི་བཀའ་དྲིན་པཱ་ལ་ཤའི། ཡོན་ཏན་དཔྱིད་དུ་བབ་ཚེ་འབྲས་འདི་སྨིན། །འདི་ བཤད་དོན་རྣམས་མ་ལ་ཡར་སྐྱེས་པའི། །སྒེག་ལྡན་འཁྲི་ཤིང་ལུས་ལས་ཤིན་ཏུ་ཕྲ། །ཁུངས་མེད་ཉུག་རུམ་རྒན་པོས་མ་བསྲུངས་པའི། །ལུང་རིགས་བཟང་པོའི་ལུས་ལས་དགོས་རྒུ་ལོངས། །ལེ་ལོ་གོམས་པའི་སྣང་མུན་དྲུངས་ཕྱུང་ནས། །མངོན་འདོད་དད་པའི་ཟླ་ཚེས་རབ་ བསིལ་བ། །ངོ་མཚར་སེམས་ཀྱི་བཻ་ཌཱུར་མཁའ་རིས་སུ། །ལན་མང་བགྲོད་དེས་འདིར་བཤད་རྒྱུས་ཤེས་སམ། །འཁྲུར་འཇུག་པའི་སྤང་བ་ཞུ་བའི་སྐབས་སོ། །འཁྲུར་འཇུག་གི་སྤང་བའོ།། །།འདུལ་བའི་མདོ་བམ་པོ་གསུམ་པ།། །།ལྔ་པ་གོས་ལེན་པ་ལ། ལུང་རྣམ་འབྱེད་ ཀྱིས་བརྗོད་པ་དང་། །ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། བསླབ་པར་བྱ་བའི་གནས་སྐབས་དང་། །ལྟུང་བའི་རྣམ་པར་གཞག་པ་བསྟན། །དེ་ཡིས་ལྟུང་བ་མེད་པའོ། །དང་པོ་ནི། བསླབ་པར་བྱ་བ་ནི་དགེ་སློང་མས་གོས་རིན་པོ་ཆེ་ཀརྵ་པ་ཎ་ཉི་ཤུ་ཡན་ཆད་རི་བ་ལོངས་སྤྱོད་ པའི་ཕྱིར་བསླང་བར་མི་བྱ་ལ། ཡང་གཞན་དང་བཟང་ངན་བརྗེ་བའི་ཕྱིར་བསླང་བར་བྱའོ། །འདི་ནི་གོས་ལྕི་བ་བསྟན་པའི་སྦྱོར་བའི་ཉེས་པར་འགྱུར་རམ་སྙམ་དུ་དོགས་པ་བཅད་པའོ། །དགེ་སློང་མས་གོས་རིན་པོ་ཆེ་དང་བརྗེ་བའི་ཕྱིར་སྦྱིན་བདག་ལ་བསླངས་པ་ན་དགེ་སློང་གིས་དགེ་སློང་ 6-1-462a མ་དང་ལྷན་ཅིག་གོས་བཟང་ངན་བརྗེ་བར་བྱའོ། །འདི་ནི་རྒྱལ་མཚན་བརྗེ་བའི་ཉེས་པ་སྟེ་དགེ་སློང་མ་ལ་ལྟུང་བྱེད་དང་། དགེ་སློང་ལ་ཉེས་བྱས་སུ་བསྐྱེད་པར་འགྱུར་རམ་སྙམ་པ་དང་། དགེ་སློང་གིས་དགེ་སློང་མ་ལ་གོས་ལེན་པའི་ཉེས་པ་བསྐྱེད་པར་འགྱུར་རམ་ སྙམ་དུ་དོགས་པ་བཅད་པའོ། །དགེ་སློང་མའི་གོས་གཅིག་ལ་ཀརྵ་པ་ཎ་ཉི་ཤུ་རི་བ་དེ་ལ་དགེ་སློང་གི་གོས་གཉིས་པ་ལ་ཀརྵ་པ་ཎ་ཉི་ཤུ་རི་བ་ལྟ་བུ་གོས་ཀྱི་གྲངས་མི་མཉམ་ཡང་རིན་མཉམ་པས་སོ། །རིན་མི་མཉམ་ཡང་ཡང་ན་དགེ་སློང་མ་དེ་དགའ་བར་གྱུར་པ་ཉིད་ཀྱིས་སོ་ཞེས་པ་འདི་ནི་རྣམ་ འབྱེད་འགྲེལ་པ་ལས། རིན་ཆུང་ངུས་ཀྱང་དགེ་སློང་མ་དེས་དགའ་བར་འགྱུར་བས་སོ། །ཞེས་སོ། །འགྲེལ་ཆུང་ལས་ནི། དགེ་སློང་མ་མི་དགའ་བ་མེད་པར་མགུ་བར་བྱས་ཏེ་བརྗེའོ་ཞེས་ཀྱང་བཤད་དོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་ དུ་ཉེ་དགས་ཨུཏྤ་ལའི་མདོག་ལས་གོས་བསླངས་པ་ལ་སྤང་ལྟུང་དུ་བཅས་སོ། །དགག་བྱ་ནི་ཆགས་པས་རྒྱུར་བྱས་ཏེ་རང་རིས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་བསླངས་ཏེ་ཐོབ་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་སློང་བའི་ཡུལ་དང་། གང་སློང་བའི་དངོས་པོ་དང་། གང་གིས་ལེན་པའི་རྟེན་ནོ། །དང་པོ་ནི། དགེ་སློང་མ་ཆོས་བརྒྱད་ལྡན་ཏེ་འཁྲུར་འཇུག་པའི་སྐབས་སུ་སྔར་བཤད་པའི་ཐུན་མོང་བ་བདུན་གྱི་སྟེང་དུ་དད་པ་དང་། སེམས་ ཡངས་ཆེ་བ་མ་ཡིན་པ་སྟེ། དད་རྫས་བརྗོད་དེ་ཞེས་པ་དང་། རྒྱ་ཆེ་བ་དང་ཞེས་སོ། །གཉིས་པ་གང་སློང་བའི་དངོས་པོ་ལ་ལྔ་ལས། གོས་ཡིན་པ་སྟེ་གོས་སོ་ཞེས་སོ། །དགེ་སློང་མ་དེ་ཉིད་ཀྱི་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། དགེ་སློང་མ་ལ་གོས་ལེན་ན་ཞེས་དང་། དགེ་སློང་མ་དེ་ 6-1-462b ལས་གཞན་དབང་བ་ཡིན་ན་དགེ་སློང་མ་དེ་ལ་ལེན་པ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །དགེ་སློང་མ་དེ་དང་འབྲེལ་བར་གནས་པ་སྟེ། ཉེ་བར་མ་གྱུར་པ་ནོད་པ་ནི་ཞེས་པ་དང་། གཞན་དུ་དགག་བྱ་མི་རྫོགས་པའི་ཕྱིར་རོ། །རུང་བ་ཚད་དང་ལྡན་པ་ནི་ སྤྱིར་བཏང་ལས་སོ། །གསུམ་པ་གང་གིས་ལེན་པའི་རྟེན་ལ་བཞི་སྟེ། དགེ་འདུན་ལ་གོས་འབུལ་བའི་ཁོངས་སུ་གཏོགས་པ་མ་ཡིན་པ་དང་། ཆོས་ལེགས་པར་སྨྲ་བ་པོ་མ་ཡིན་པ་དང་། བསྙེན་པར་རྫོགས་པར་བྱེད་པ་པོ་མ་ཡིན་པ་དང་། ཆོས་གོས་ཚང་བར་ཡོད་པ་སྟེ་དགེ་འདུན་ལ་གོས་ འབུལ་བ་དང་། ལེགས་པར་སྨྲ་བ་ལ་ལྟུང་བ་མེད་དོ། །བསྙེན་པར་རྫོགས་པར་བྱེད་པ་དང་། བོར་བརླག་བྱུང་བ་དག་ལའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བཟང་ངན་བརྗེ་བ་ལས་གཞན་པ་རང་དོན་དུ་གོས་ལེན་པར་ འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་གི་རིག་བྱེད་ཀྱིས་གོས་ལེན་པར་ཞུགས་པ་སྟེ། རྣམ་པར་རིག་བྱེད་ཀྱིས་སོ་ཞེས་སོ། །མཐར་ཐུག་ལག་ཏུ་འོངས་པ་ན་ཐོབ་བློ་སྐྱེས་པ་ཉིད་དོ་སྟེ། ཊཱི་ཀ་ལས། དོན་གྲུབ་པའི་བློ་སྐྱེ་བས་ཞེས་སོ། །གཉིས་པ་ནི། གང་བྱས་ན་ལེན་པར་འགྱུར་ཞེ་ན། དགེ་སློང་མ་ལ་ལེན་ན་སྟེ་བདག་གིར་བྱེད་ནའོ། །ཇི་ལྟར་ལེན་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱིས་སོ། །ཊཱི་ཀར། ཚིག་ལས་གཞན་པའི་རྣམ་པར་རིག་བྱེད་ཀྱིས་ཀྱང་མ་ཡིན་ནོ་ཞེས་སོ། །ཅི་ཞིག་ལེན་ཞེ་ན་གོས་སོ། །ཊཱི་ཀར། ལྷུང་བཟེད་དང་སྨན་ལ་སོགས་པ་དག་ནི་མ་ཡིན་ནོ། ། ཞེས་སོ། །གསུམ་པ་ནི། དགེ་སློང་མས་དགེ་སློང་ཕའི་དགེ་འདུན་ལ་གོས་འབུལ་བ་ལེན་པ་དང་། དགེ་སློང་མ་ལ་དགེ་སློང་གིས་ཆོས་ལེགས་པར་སྨྲས་པ་ལ་དགེ་སློང་མས་ཡོན་དབུལ་བ་ཕུལ་ནས་གོས་བསླངས་ཀྱང་ལྟུང་བ་མེད་དོ། །དགེ་སློང་བསྙེན་པར་རྫོགས་པར་བྱེད་པ་དགེ་ཚུལ་ 6-1-463a ཕ་ཞིག་བསྙེན་པར་རྫོགས་པར་བྱེད་པའི་ཚེ་དེའི་ཡོ་བྱད་དུ་དགེ་སློང་མས་དགེ་སློང་ལ་གོས་བྱིན་པ་དང་། ཆོས་གོས་བོར་བརླག་བྱུང་བའི་དགེ་སློང་དེ་དག་གིས་དགེ་སློང་མ་ལ་གོས་ལེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་མས་གོས་འབུལ་བ་ན་དགེ་སློང་གིས་མི་ལེན་ནོ་ཞེས་ ཕྱིར་སྤོང་བ་ལ་དགེ་སློང་མ་དེས་བདག་ལ་དད་རྫས་འདི་ལྟ་བུ་མཆིས་ཀྱིས་བཞེས་ཤིག་ཅེས་བརྗོད་དེ། རྫས་དེ་མདུན་དུ་བཞག་ནས་མི་བལྟོས་པར་སོང་བ་ལ་བསླངས་ན་ལྟུང་བ་མེད་དོ། །དད་རྫས་ཞེས་པ་ནི་ཁ་ཅིག་ན་རེ། བདག་ཉིད་ཀྱི་དད་པའི་རྫས་ཡིན་ཏེ་འཕགས་པའི་ནོར་བདུན་གྱི་ ནང་ནས་དད་པ་ཉིད་ནོར་རྫས་ཡིན་ནོ་ཞེས་སོ། །ཁ་ཅིག་ན་རེ། རྫས་ནི་ནོར་རྫས་ཏེ་དད་པས་སྦྱིན་པའི་རྫས་རས་ཡུག་ལྟ་བུའོ་ཞེས་འཆད་དེ་ལུགས་དེ་གཉིས་ཀ་ཡང་ཊཱི་ཀ་ལས་བཤད་དོ། །ལེན་པའི་སྤང་བ་རྣམ་པར་འབྱེད་པའོ། །གཉིས་པ་ལ། ལྟུང་བ་དངོས་གཞི་རྣམ་པར་གཞག ། ལྟུང་བ་ན་སྨད་བསྟན་པ་དང་། །ལྟུང་བ་མེད་པ་བསྟན་པའོ། །དང་པོ་ནི། མཐར་ཐུག་ནི་གོས་དེ་ལག་ཏུ་འོངས་པ་ཉིད་ན་དོན་ལ་གྲུབ་པའི་བློ་སྐྱེ་བས་ཐོབ་པ་ཉིད་དོ། །གོས་ཁྱེར་ཏེ་འོངས་པ་དེ་བདག་གི་མིག་གིས་ལྟ་བའི་ཉེ་འཁོར་དུ་འོངས་པར་གྱུར་པ་ནི་ལག་ཏུ་འོངས་པ་དེའི་དང་པོའོ་སྟེ་ གོས་སློང་བ་ལ་སོགས་པའི་མཐར་ཐུག་ཀྱང་དེ་བཞིན་ནོ། །གཉིས་པ་ནི། དགེ་སློང་མ་དང་གོས་དེ་ཐག་རིང་སྟེ་ཉེ་བར་མ་གྱུར་པ་དགེ་སློང་གིས་ནོད་པ་སྟེ་ལེན་པ་ནི་སྦྱོར་བ་སྟེ་ཉེས་བྱས་སུ་གྱུར་པ་ཉིད་དོ། །ཐོབ་པ་ན་ཡང་ཉེས་བྱས་སོ། །གསུམ་པ་ནི། དགེ་སློང་མ་དེ་སེམས་ཡངས་ཆེ་ བ་སྟེ་བློ་རྒྱ་ཆེ་བ་ཡིན་པ་དང་། ཉོ་ཚོང་གི་ཐ་སྙད་ཀྱི་དབང་མ་ཡིན་པ་སྟེ་རིན་མི་འཚལ་བར་འབུལ་གྱི། བདག་ལ་བསོད་ནམས་སུ་འགྱུར་རོ་ཞེས་ཟེར་བ་ལྟ་བུ་ཉིད་ཡིན་པ་སྟེ། དེ་གཉིས་ཀ་ཚོགས་པ་ནི་གོས་སྦྱིན་པ་ལ་སོགས་པས་ལྷུང་བཟེད་སྦྱིན་པ་བསྡུ་ལ་ལྟུང་བ་མེད་པའི་སྦྱིན་བདག་གི་ 6-1-463b གཙོ་བོ་ཡིན་ནོ། །དེ་ལ་བསླངས་ཀྱང་ལྟུང་བ་མེད་དོ། །དགེ་སློང་མས་ནི་རེ་ཞིག་སེམས་ཀྱིས་གཏན་དུ་བྱིན་པའི་སེམས་ཀྱིས་སྦྱིན་ཀྱང་རུང་སྟེ་དགེ་སློང་གིས་རེ་ཞིག་གི་གཡང་པོའི་སེམས་ཀྱིས་གོས་ལེན་ན་ལྟུང་བ་མེད་དོ། །དགེ་སློང་གིས་དགེ་སློང་མ་ལ་གོས་ཀྱི་རིན་བསླངས་ནས་རིན་ ཕྱིས་སྦྱིན་པ་བརྗེད་པ་ལ་ལྟུང་བ་མེད་དོ། །དེ་ལ་དགེ་སློང་གིས་དགེ་སློང་མ་ལ་གོས་ཀྱི་རིན་མ་བྱིན་པར་གོས་བསླངས་པ་ནི་ཡོད་མོད་ཀྱི་ལྟུང་བ་མེད་དོ། །ལེན་པའི་སྤང་བ་ཞུ་བའོ། །ལེན་པའི་སྤང་བའོ།། །།དྲུག་པ་གོས་སློང་བ་ལ། ལྟུང་བའི་རྣམ་པར་གཞག་པ་བསྟན། །ལྟུང་བ་མེད་པར་ འགྱུར་ཚུལ་བརྗོད། །ལྟུང་བའི་ན་སྨད་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཁྱིམ་པ་ལས་གོས་བསླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་ འདོད་པ་ཆེས་པའོ། །དང་པོ་ནི། ཉེ་དུ་ལས་བླངས་ཀྱང་ལྟུང་མེད་དུ་གསུངས་པས་ཤེས་ལ། གཉིས་པ་ནི། དགེ་སློང་ཆོས་གོས་མ་ཚང་བས་སློང་དུ་གནང་བས་ཤེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་ཆོས་གོས་ཚང་བར་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་གོས་བསླངས་ཏེ་ ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་སློང་བའི་ཡུལ་དང་། གང་སློང་བའི་དངོས་པོ་དང་། གང་གིས་སློང་བའི་རྟེན་ནོ། །དང་པོ་ནི། ཁྱིམ་པ་ཆོས་དྲུག་ལྡན་ནོ། །དེ་ཡང་ཁྱིམ་པ་ཡིན་པ་དང་། ཉེ་དུ་མ་ ཡིན་པ་དང་། རང་ལས་རྫས་ཀྱི་སྒོ་ནས་ཐ་དད་པ་དང་། མ་བསླངས་ཀྱང་ཅི་བདེར་སྟོབ་པ་མ་ཡིན་པ་སྟེ་བཞི་དང་། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་གཉིས་ཏེ། བརྫུན་སྨྲའི་ཕམ་པའི་སྐབས་སུ་སྔར་བསྟན་ཟིན་པ་དག་གོ། དང་པོ་ནི། ཁྱིམ་པར་གྱུར་པ་ 6-1-464a ཞེས་སོ། །ཁྱིམ་པ་ཞེས་པ་ནི་རབ་ཏུ་བྱུང་བ་རྣམ་གཉིས་ཀྱི་ཆ་ལུགས་དང་། སྡོམ་པ་གང་དང་ཡང་མི་ལྡན་པ་ནི་ཁྱིམ་པ་སྟེ། ཆུང་མ་བསླངས་པ་ཁོ་ནས་ཁྱད་པར་དུ་བྱས་པ་ནི་མ་ཡིན་ཅེས་སྤྱིར་བསྟན་གྱི་སྐབས་སུ་འཆད་དོ། །དམིགས་བསལ་ནི། རབ་བྱུང་ རྣམ་གཉིས་ཀྱི་རྟགས་སྡོམ་གང་དང་ཡང་མི་ལྡན་པར་རབ་ཏུ་བྱུང་བ་བར་མ་ཁོ་ན་དང་ལྡན་པ་ནི་སྒྲེན་མོར་གནས་ན་ཡང་ཁྱིམ་པ་མ་ཡིན་ནོ། །དགེ་སློང་ཕམ་པས་སྡོམ་པ་མ་བཏང་བ་དེ་གོས་དཀར་པོ་གྱོན་ཅིང་ཆུང་མ་བསླངས་ན་ཁྱིམ་པ་མཚན་ཉིད་པ་ཡིན་པར་མི་རིགས་ཏེ་དགེ་སློང་གི་སྡོམ་ ལྡན་ཡིན་པའི་ཕྱིར་རོ། །སེལ་བ་ནི་ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་། མ་ཆགས་པ་དང་། ཉམས་པ་དག་ནི་ཕྱེད་ཉིད་ཉམས་པའོ་ཞེས་གསུངས་པས། དེ་རྣམས་ལ་གོས་བསངས་ན་ནི་ན་སྨད་དུ་འགྱུར་ལ། དགེ་སློང་ཕ་མ་རྣམ་དག་ལ་བསླངས་ན་ཆེས་ན་སྨད་དུ་འགྱུར་ཏེ་དགག་བྱ་ཆེས་ མ་རྫོགས་པའི་ཕྱིར། གཉིས་པ་ནི། ཉེ་དུ་མ་ཡིན་པ་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ་ཞེས་སོ། །སེལ་བ་ཉེ་དུ་ལ་ཉེ་དུར་འདུ་ཤེས་ཏེ་གོས་སློང་བ་ལ་ལྟུང་བ་མེད་དེ་ཉེ་དུའི་ཐུན་མོང་གི་སྐབས་སུ་སྔར་བཤད་ཟིན་ཏོ། །གསུམ་པ་ནི། མངོན་མཚན་ཉོ་ཚོང་གི་སྐབས་སུ་ཕ་རོལ་པོ་ཞེས་གསུངས་ པའི་གནད་ཀྱིས་སྦྱར་རོ། །སེལ་བ་རང་དང་ནོར་གཅིག་པའི་ཁྱིམ་པ་ལ་གོས་བསླངས་ཀྱང་ལྡང་པ་མེད་དེ། ཉེ་དུ་ལ་བསླངས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །བཞི་པ་ནི། བསོད་པ་སློང་པ་ལ། ཅི་བདེར་བསྟབས་པ་མ་བྱས་པ་ལའོ་ཞེས་བཤད་པའི་ གནད་ཀྱིས་སྦྱར་རོ། །སེལ་བ་ནི་མ་བསླངས་ཀྱང་སྦྱིན་བདག་གིས་ཅི་བདེར་གོས་འབུལ་བ་ལེན་པ་ལ་ལྟུང་བ་མེད་དོ། །གཉིས་པ་གང་སློང་བའི་དངོས་པོ་ལ་བཞི་ལས། གོས་ཡིན་པ་དེ་ཆོས་གོས་སོ་ཞེས་སོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ་སྦྱིན་བདག་དེ་ཉིད་དབང་བའི་གོས་དང་། 6-1-464b གཞན་དབང་བའི་གོས་ནོར་ཏེ་བསླངས་ན་ལྟུང་བ་ན་སྨད་དུ་འགྱུར་བའི་ཕྱིར། རུང་བ་ཚད་དང་ལྡན་པ་ནི་སྤྱིར་བཏང་བ་ལས་སོ། །གསུམ་པ་གང་གིས་སློང་བའི་རྟེན་ནི། སྲ་བརྐྱང་མ་བཏིང་བ་དང་། ཆོས་གོས་ཚང་བར་ཡོད་པ་སྟེ། སྲ་བརྐྱང་བཏིང་ན་གོས་སློང་བ་ལ་ཡང་ཉེས་པ་མེད་ལ་ ཞེས་བཤད་པ་དང་། གོས་འཕྲོགས་པ་དང་བརླག་པ་དང་ཞེས་བཤད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་གི་དོན་དུ་གོས་སློང་བའི་ཚིག་སྨྲ་བར་འདོད་ཅིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ ལྔ་ལྡན་གྱིས་གོས་སློང་བ་ལ་ཞུགས་པའོ། །མཐར་ཐུག་ནི་གོས་ཐོབ་བློ་སྐྱེས་པའོ། །གཉིས་པ་ནི། གོས་སློང་བའི་སྤང་བ་འདི་ལ་བྱེད་པ་པོ་གང་ཞེ་ན། གོས་སློང་བའི་ཡུལ་མིའི་འགྲོ་བར་གཏོགས་པ་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ་ཞེས་སྦྱར་ཏེ། མི་མ་ཡིན་པ་ལ་གོས་ བསླངས་ཏེ་ཐོབ་ནའང་ཉེས་བྱས་སུ་ཟད་དོ། །གོས་སློང་བའི་ཡུལ་ཁྱིམ་པར་གྱུར་པ་ལྟུང་བའི་བྱེད་པོར་སྦྱོར་ཏེ། ཊཱི་ཀ་ལས། ཁྱིམ་པར་གྱུར་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་མ་ཡིན་པའོ་ཞེས་སོ། །དེའི་ཕྱིར་རབ་ཏུ་བྱུང་བ་ལ་གོས་བསླངས་ཏེ་ཐོབ་ནའང་ཉེས་བྱས་སུ་ཟད་དོ། །གོས་ སློང་བའི་ཡུལ་དེ་ཡང་སྦྱོར་བ་དང་མཐར་ཐུག་གཉིས་ཀའི་དུས་ན་སྲོག་དང་ལྡན་པ་ནི་ལྟུང་བའི་བྱེད་པོར་སྦྱར་ཏེ། སྦྱོར་བའི་དུས་ན་སྲོག་དང་ལྡན་ཀྱང་མཐར་ཐུག་གི་དུས་ན་སྲོག་དང་མི་ལྡན་ན་ནི་གོས་སློང་བ་དང་ཐོབ་ན་ཉེས་བྱས་སུ་ཟད་དོ། །གོས་སློང་བའི་ཡུལ་ཉེ་དུ་མ་ཡིན་པ་ནི་ ལྟུང་བའི་བྱེད་པ་པོ་ཡིན་ནོ། །དགེ་སློང་རང་གི་ཉེ་དུ་ལ་ཉེ་དུར་འདུ་ཤེས་ཏེ་གོས་སློང་བ་དང་ཐོབ་ན་ཡང་ལྟུང་བ་མེད་དོ། །དེའི་འོག་མ་སློང་བར་རིགས་པ་དང་། སྤགས་པ་སློང་བ་དང་། སོ་སོ་ནས་སྤགས་པ་སློང་བ་གསུམ་ལ་ཡང་མིའི་འགྲོ་བར་གཏོགས་པའི་ཁྱིམ་པར་གྱུར་པ་སྲོག་དང་ 6-1-465a ལྡན་པ་ཉེ་དུ་མ་ཡིན་པ་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ་ཞེས་སྦྱར་རོ། །དགེ་སློང་ཇི་ལྟ་བུ་ལ་ལྟུང་བ་འདིར་འགྱུར་ཞེ་ན། གོས་འཕྲོགས་པ་དང་། གོས་བརླག་པ་དང་། གོས་མེས་འཚིག་པ་དང་། གོས་རླུང་གིས་ཁྱེར་བ་དང་། གོས་ཆུས་ཁྱེར་བར་གྱུར་ནས་ལྟུང་ བ་མེད་པ་ལྔ་པོ་དེར་མ་གྱུར་པའི་དགེ་སློང་ལ་ལྟུང་བར་འགྱུར་བའོ། །གོས་བསླངས་ན་སྦྱོར་བའི་ཉེས་བྱས་ཀྱི་བྱེད་པ་པོའོ། །ཐོབ་ན་དངོས་གཞིའི་སྤང་ལྟུང་གི་བྱེད་པ་པོའོ། །ཅི་ཞིག་ཐོབ་ཅེ་ན་ཆོས་གོས་སོ། །མི་ཆུང་བའོ་ཞེས་སྨོས་ཏེ། ཆོས་གོས་གསུམ་གང་ཡང་རུང་བ་ཚད་དང་ལྡན་ པ་ལའོ་ཞེས་སོ། །ཊཱི་ཀ་ལས། མི་ཆུང་བའོ་ཞེས་བྱ་བ་སྨྲས་ཏེ་ཆོས་གོས་རང་གི་ཚད་དང་ལྡན་པ་ཞེས་གསུངས་ཀྱང་། རང་ཚད་དང་ལྡན་པ་དེ་ལ་ནི་མཚོན་པ་སྟེ་ཁྲུ་གང་གི་ཚད་ལས་མི་ཉུང་བའོ། །འགྲེལ་ཆུང་ལས། ཁྲུ་གང་ཡན་ཆད་ཡིན་པ་དང་ཞེས་པའང་ངེས་པར་བཟུང་དགོས་སོ། ། རིན་ཐང་ལས་རྣམ་པ་གང་བསླངས་པ་དེ་ཐོབ་ནའོ་ཞེས་པ་ནི་རིན་ཐང་ཀརྵ་པ་ཎ་ལྔ་རི་བ་བསླངས་ན་བཅུ་རི་བ་ཐོབ་ཀྱང་དངོས་གཞིར་མི་འགྱུར་གྱི། ལྔ་རི་བ་དེ་ཐོབ་ན་དངོས་གཞི་དང་། ཀརྵ་པ་ཎ་གསུམ་རི་བ་བསླངས་ན་གསུམ་རི་བ་ཐོབ་ན་དངོས་གཞི་དང་། དེ་བཅུ་རི་བ་བསླངས་ན་བཅུ་རི་བ་ ཐོབ་ཀྱང་དངོས་གཞིའོ། །ཁ་དོག་ལས་རྣམ་པ་གང་བསླངས་བ་དེ་ཐོབ་ནའོ་ཞེས་པ་ནི་ཁ་དོག་སྔོན་པོ་བསླངས་ནས་སེར་པོ་ཐོབ་ན་དངོས་གཞིར་མི་འགྱུར་གྱི་སྔོན་པོ་ཐོབ་ན་དངོས་གཞི་དང་། སེར་པོ་བསླངས་ན་སེར་པོ་དེ་ཐོབ་ན་དངོས་གཞི་དང་། ཁ་དོག་གཞན་དེས་མཚོན་ནོ། །ཁྲུ་ཚད་ལས་ རྣམ་པ་གང་བསླངས་པ་ཐོབ་ནའོ་ཞེས་པ་ནི་ཁྲུ་ལྔ་པ་བསླངས་ན་ཁྲུ་བཅུ་པ་ཐོབ་པ་ནི་དངོས་གཞིར་མི་འགྱུར་གྱི་ཁྲུ་ལྔ་པ་ཐོབ་ན་དངོས་གཞི་དང་། ཁྲུ་གསུམ་པ་སོགས་དེས་ཤེས་ལ། ཊཱི་ཀ་ལས། ཁ་དོག་ལ་སོགས་པའི་དབྱེ་བ་མ་བྱས་པར་སྤྱིར་བསླངས་པ་ན་གང་ཡང་རུང་བ་ཞིག་ཐོབ་ན་ 6-1-465b ཡང་སྤང་བའི་ལྟུང་བྱེད་དོ་ཞེས་སོ། །གཉིས་པ་ནི། འོ་ན་གོས་སྔོན་པོ་བསླངས་པས་སེར་པོ་ཐོབ་ན་ཅིར་འགྱུར་ཞེ་ན། གོས་སྔོན་པོ་བསླངས་པས་གོས་ངོ་བོ་ཐ་དད་པ་གཞན་སེར་པོ་ཐོབ་པ་ལ་ནི་ཆོས་ཅན། གོས་སེར་པོ་ཐོབ་པའི་ཆ་ནས་གོས་བསླངས་པའི་ལྟུང་བ་གཏན་མེད་དོ་སྟེ་གོས་ སེར་པོ་གཏན་ནས་མ་བསླངས་པའི་ཕྱིར། སྔོན་པོ་སློང་བའི་ཆ་ནས་སྦྱོར་བའི་ཉེས་བྱས་ཏེ། དེ་ནི་ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་སྔར་བསྟན་པ་དེར་འདུས་སོ། །སེར་པོ་བསླངས་པས་སྔོན་པོའམ་དམར་པོ་ཐོབ་ན་ཡང་དེ་བཞིན་ནོ། །ཀརྵ་པ་ཎ་ལྔ་རི་བ་བསླངས་པས་བཅུ་ རི་བ་ཐོབ་པའམ་ཁྲུ་ལྔ་པ་བསླངས་པས་ཁྲུ་བཅུ་པ་ཐོབ་པ་ལྟ་བུ་གང་བསླངས་པ་དེ་ལས་གོས་ངོ་བོ་ཐ་དད་པ་གཞན་གོས་ལྷག་པ་ཐོབ་པ་ལ་ནི་ལྟུང་བ་མེད་དོ། །དེའང་རྣམ་འབྱེད་འགྲེལ་པ་ལས། ལྷག་པ་ཐོབ་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ལྷག་པ་བསླངས་པའི་ཕྱིར་རོ་ཞེས་སོ། ། དར་ཡུག་ཆུང་ངུ་བསླངས་པ་དེ་མ་ཐོབ་པར་གོས་ཡུག་ཆེན་པོ་ཐོབ་པ་ལྟ་བུ་སྟེ་ལྷག་པ་ཐོབ་པ་དེ་ལ་ཆོས་ཅན། གོས་ཡུག་བསླངས་པའི་ལྟུང་བ་མེད་དེ། གོས་ཡུག་མ་བསླངས་པའི་ཕྱིར་ཞེས་པའོ། །རས་མ་དང་ཁ་ཚར་དག་སློང་ན་ལྟུང་བ་མེད་དོ། །ཁ་ཚར་བསླངས་པས་རས་མ་ ཐོབ་ན་ཡང་ལྟུང་བ་མེད་དོ། །གསུམ་པ་ནི། སྐུད་པའི་གྲུ་གུ་ལྟ་བུ་རྒྱུ་དང་སྤུན་ལ་ནི་ན་སྨད་པ་ཉེས་བྱས་ཉིད་དོ། །རྒྱུ་སྤུན་དེའི་རྒྱུའི་རང་བཞིན་བལ་དང་རས་ལ་སོགས་པ་ནི་རྒྱུ་སྤུན་དེ་དང་འདྲ་སྟེ་བལ་དང་རས་བལ་བསླངས་ན་ཉེས་བྱས་བསྐྱེད་པའོ། །གོས་ཁྲུ་གང་གི་རྒྱུར་ ལོངས་པ་ལྟ་བུའི་བལ་བསླངས་ན་ཉེས་བྱས་སོ། །བལ་ཉུང་ངུ་ཅུང་ཟད་སློང་བ་ནི་རས་མ་དང་ཁ་ཚེར་དག་སློང་ན་ལྟུང་མེད་དུ་གསུངས་པ་མཚུངས་པར་སེམས་སོ་ཞེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །སློང་བའི་སྤང་བའོ།། །།བདུན་པ་སློང་བར་རིགས་པ་ལ། སློང་དུ་ 6-1-466a གནང་བའི་ཚད་ཉིད་བཤད། །ཚད་ལས་འདས་པའི་ལྟུང་བའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་བསམ་གཏན་པ་བཞི་བཅུས་སྦྱིན་བདག་སྒོ་རེ་རེ་ནས་གོས་ཟུང་གཅིག་གི་ཚད་ལས་ལྷག་པར་ བསླངས་པ་སྟེ། སྦྱིན་བདག་རེ་རེ་ལ་ཆོས་གོས་བཅུ་གསུམ་རེ་བསླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་སྟེ་གོས་ཟུང་གཅིག་ལས་ལྷག་པ་བསླངས་པ་དང་། ལྷག་པ་མི་སྦྱིན་པ་ཡན་ལག་ཏུ་གསུངས་པས་ཤེས་ སོ། །ངོ་ཏི་ནི་ཁ་ཅིག་ན་རེ། སློང་བར་རིགས་པ་སློང་བའི་སྤང་བ་འདི་ལ་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་ཐམས་ཅད་མ་ཚང་བ་ཡན་ལག་ཏུ་དགོས་ཏེ། བྱིན་གྱིས་བརླབ་པར་བྱ་བ་ཐམས་ཅད་མེད་ན་སློང་བར་རིགས་པ་ཉིད་དོ། །དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་ཅེས་བཤད་པས་ གྲུབ་བོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས་གནོད་བྱེད་བརྗོད་པ་ནི། ཊཱི་ཀ་ལས། དེ་དག་གི་ནང་ནས་གང་དང་གང་མེད་པ་དེ་དང་དེ་ཉིད་སློང་བར་རིགས་པ་ཉིད་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །གནོད་བྱེད་གཞན་ཡང་ཆོས་གོས་གསུམ་མ་ཚང་བའི་དགེ་ སློང་གིས་ཁྱིམ་པ་གཅིག་ལ་གོས་ཟུང་ལས་ལྷག་པ་སློང་དུ་གནང་ངམ་མ་གནང་། གནང་ན་ནི་ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མ་ཡིན་ཅེས་གསུངས་པ་དང་འགལ་ལོ། །མ་གནང་ན་ནི་མ་གནང་བཞིན་དུ་བསླངས་པའི་ལྟུང་བ་དེ་གང་ཡིན་ཏེ་གོས་སློང་བའི་ལྟུང་ བ་གང་དུ་ཡང་མ་གཏོགས་པར་ཐལ་བར་འགྱུར་རོ། །དེ་ཡང་ཁྱེད་ལྟར་ན་སློང་བར་རིགས་པ་སློང་བའི་ལྟུང་བ་ནི་མ་ཡིན་ཏེ་ཁྱེད་ལྟར་ན་སློང་བར་རིགས་པ་སློང་བའི་ལྟུང་བ་བསྐྱེད་པ་ལ་འཚོ་བའི་ཡོ་བྱད་ཀྱི་གོས་བཅུ་གསུམ་པོ་ཐམས་ཅད་མ་ཚང་བ་ཡན་ལག་ཏུ་དགོས་པ་ལས་དེ་ 6-1-466b མ་ཚང་བའི་ཕྱིར། གོས་སློང་བའི་ལྟུང་བ་མ་ཡིན་ཏེ་གོས་སློང་བའི་ལྟུང་བ་བསྐྱེད་པ་ལ་ཆོས་གོས་ཚང་བ་ཡན་ལག་ཏུ་དགོས་པ་ལས་ཆོས་གོས་མ་ཚང་བའི་ཕྱིར། སྤགས་པ་སློང་བ་དང་སོ་སོ་ནས་སྤགས་པ་སློང་བའི་ལྟུང་བ་ནི་མ་ཡིན་ཏེ་སྤགས་པ་དང་མ་འབྲེལ་བའི་ཕྱིར། འབེར་ ན་རེ། འཚོ་བའི་ཡོ་བྱད་ཀྱི་གོས་གཅིག་མེད་པའམ་གཉིས་མེད་པ་ལ་ཡང་སློང་བར་རིགས་པའི་ལྟུང་བ་འབྱུང་ཟེར་ཡང་འཚོ་བའི་ཡོ་བྱད་ཀྱི་གོས་གཅིག་མེད་པའམ་གཉིས་མ་ཚང་བ་ལ་ནི་སློང་བར་མི་རིགས་པ་སློང་བའི་ལྟུང་བ་འདི་མི་བསྐྱེད་དེ། ཟུང་བསླང་བར་བྱ་བ་ཉིད་ཡིན་ལ། ཟུང་ཐོབ་པ་ན་ཆོས་གོས་ཚང་བས་ཆོས་གོས་མེད་པའི་ཡན་ལག་དེ་མི་ཚང་བའི་ཕྱིར། དེས་ན་འདི་ལ་ཆོས་གོས་གསུམ་ཡན་ཆད་མ་ཚང་བ་ཡན་ལག་ཏུ་དགོས་སོ། །རང་གི་ལུགས་མཚོ་སྣ་པ་དང་མཐུན་པར་འཆད་དེ། སྐབས་འདིར་ངོ་ཏི་རྣམ་པ་ལྔ་སྟེ། ལྷག་པ་སློང་བའི་ལྟུང་བ་གསུམ་ དང་། ལྷག་པ་མི་སྦྱིན་པའི་ལྟུང་བ་གཉིས་སོ། །དེ་ཡང་དང་པོ་གསུམ་ནི་བཅས་ལྡན་དགེ་སློང་ཆོས་གོས་གསུམ་ཡན་ཆད་མ་ཚང་བས་སློང་བའི་ཡུལ་ཁྱིམ་པ་གཅིག་ལ་ཞེས་ལྔ་པོ་འདི་དག་གཞིར་བྱས་ནས། སྣམ་སྦྱར་ལྟ་བུ་ཆོས་གོས་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ན་རབ་ ཏུ་བྱུང་བའི་གོས་སྟོད་གཡོགས་སྨད་གཡོགས་རབ་ཚད་གཉིས་ཐོབ་ཅིང་། དེ་ལས་ལྷག་པ་བསླངས་ན་ལྷག་པ་ཁྲུ་གང་ཡན་ཆད་ཐོབ་ན་སྤང་ལྟུང་བསྐྱེད་པ་དང་། རྔུལ་གཟན་ནམ་ཤམ་ཐབས་ལྟ་བུ་གོས་མ་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ན་ཁྱིམ་པའི་གོས་སྟོད་གཡོགས་ དང་སྨད་གཡོགས་རབ་ཚད་གཉིས་ཐོབ་ཅིང་། དེ་ལས་ལྷག་པ་བསླངས་ན་ལྷག་པ་ཁྲུ་གང་ཡན་ཆད་ཐོབ་ན་སྤང་ལྟུང་བསྐྱེད་པ་སྟེ། དེའི་ཕྱིར་ཟུང་བསླང་བར་བྱ་བ་ཉིད་དོ། །ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་སོ། །གོས་མ་དྲས་པ་བྱ་སྙམ་པའི་བསམ་པས་ 6-1-467a བླངས་ན་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཐ་ཚད་ཐོབ་ཅིང་། འབྲིང་ཚད་དམ་རབ་ཚད་དུ་ཁ་སྐོང་བའི་གོས་སློང་ཞིང་། ཐོབ་པའམ་འབྲིང་ཚད་ཐོབ་ཅིང་རབ་ཚད་དུ་ཁ་སྐོང་བའི་གོས་སློང་ཞིང་ཐོབ་ན་སྤང་ལྟུང་བསྐྱེད་དེ། སྔར་མ་ཐོབ་ན་ཁ་སྐོང་བ་ ཡང་ངོ་ཞེས་བྱ་བ་སྨྲས་ཏེ་བསླང་བར་བྱ་བ་ཉིད་མ་ཡིན་པའི་ཞེས་སོ། །ལྷག་པ་མི་སྦྱིན་པའི་ལྟུང་བ་གཉིས་ནི་སྣམ་སྦྱར་ལྟ་བུ་ཆོས་གོས་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ནས་རབ་ཏུ་བྱུང་བའི་གོས་སྟོད་གཡོགས་དང་སྨད་གཡོགས་རབ་ཚད་ལས་ལྷག་པ་ཐོབ་ན། ཁྲུ་གང་ ཡན་ཆད་ཀྱི་ལྷག་པ་དེ་སྦྱིན་དགོས་པ་ལས་ལྷག་པ་མི་སྦྱིན་ན་སྤང་ལྟུང་བསྐྱེད་པ་དང་། ཤམ་ཐབས་ལྟ་བུ་གོས་མ་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ན་རབ་ཏུ་བྱུང་བའི་གོས་སྟོད་གཡོགས་སྨད་གཡོགས་རབ་ཚད་གཉིས་ལས་ལྷག་པ་ཐོབ་ན་ཡང་སྔ་མ་བཞིན་ལྷག་པ་མ་ སྦྱིན་ན་སྤང་ལྟུང་བསྐྱེད་པ་སྟེ། ལྷག་པ་སྦྱིན་པར་བྱ་བ་ཉིད་དོ་ཞེས་སོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལས་སློང་བའི་ཡུལ་དང་། སློང་བའི་དངོས་པོ་དང་། གང་གིས་སློང་བའི་རྟེན་ནོ། །དང་པོ་ནི། ཁྱིམ་པ་ཆོས་དྲུག་ལྡན་ཏེ་ གོས་སློང་བའི་སྐབས་སུ་སྔར་བཤད་ཟིན་ཏོ། །གཉིས་པ་ནི། གོས་ཡིན། སྦྱིན་བདག་དེ་ཉིད་ཀྱི་ཡིན། རུང་བ་ཡིན་པ་དང་གསུམ་སྔར་གོས་སློང་བའི་སྐབས་དང་འདྲ་ལ། འདིར་ལྷག་པ་ཚད་དང་ལྡན་པ་སྟེ་བཞིའོ། །ལྷག་པ་ཚད་དང་ལྡན་པ་ནི་ཟུང་གཅིག་ལས་ལྷག་ པའི་ཆ་དེ་ཁྲུ་གང་ཡན་ཆད་ཀྱི་ཚད་དང་ལྡན་པའོ། །གསུམ་པ་གང་གིས་སློང་བའི་རྟེན་ནི། སྲ་བརྐྱང་མ་བཏིང་བ་དང་། ཆོས་གོས་གསུམ་ཡན་ཆད་མ་ཚང་བ་སྟེ། ཆོས་གོས་གསུམ་ཡན་ཆད་ཚང་བ་ནི། ཇི་སྐད་དུ། དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ་ཞེས་སོ། །བསམ་པའི་ 6-1-467b ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ལྷག་པ་སློང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ལྷག་པ་སློང་བར་ཞུགས་པའོ། །མཐར་ཐུག་ནི་ལྷག་པ་ལ་ཐོབ་བློ་སྐྱེས་པའོ། །ལྷག་པ་མི་ སྦྱིན་པ་ལ་ནི་གོས་དེ་རང་གིས་ཐོབ་ཟིན་པ་དང་། ཀུན་སློང་ནི་ལྷག་པ་མི་སྦྱིན་པར་འདོད་པ་དང་། སྦྱོར་བ་ནི་མི་སྦྱིན་པ་ཉིད་དང་། མཐར་ཐུག་ནི་མི་སྦྱིན་པར་ཐག་བཅད་པ་ལས་ཁྱད་པར་དུ་བྱས་པའོ། །གཉིས་པ་ནི། ཆོས་གོས་མེད་པ་ཉིད་ལ་ཡོད་པའི་བློ་ཅན་མ་ཡིན་ཅིང་ ཆོས་གོས་ཉོ་བའི་རིན་མེད་པའི་དབང་དུ་བྱས་ནས་བྱིན་གྱིས་བརླབ་པར་བྱ་བའི་ཆོས་གོས་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་ཐམས་ཅད་མེད་ན་དགེ་སློང་གིས་གོས་སློང་བའི་ཚད་ལས་མ་ལྷག་པར་སློང་བ་ཆོས་ཅན། ཆོས་གོས་སློང་བའི་ལྟུང་བ་མི་བསྐྱེད་དེ། ཆོས་གོས་སློང་བར་རིགས་ པ་ཉིད་ཡིན་པའི་ཕྱིར་རོ། །གཞུང་འདིའི་དོན་ནི་ཐམས་ཅད་མེད་ན་ཞེས་གསུངས་པ་ནི་མཚོན་པ་སྟེ། ཊཱི་ཀ་ལས། དེ་དག་གི་ནང་ནས་གང་དང་གང་མེད་པ་དེ་དང་དེ་ཉིད་སློང་བར་རིགས་པ་ཉིད་ཡིན་ནོ་ཞེས་སོ། །འཚོ་བའི་ཡོ་བྱད་ཀྱི་ཆོས་གོས་བཅུ་གསུམ་པོ་ནི་གོས་གཞིར་ གཞུང་ཉིད་ལས་འབྱུང་ངོ་། །འདིར་ཊཱི་ཀ་ལས་རྣག་གཟན་མ་སྨོས་པར་ཡོ་བྱད་ཀྱི་གོས་སྨོས་སོ། །ལུང་མ་མོ་ལས་ནི་དབྱར་གྱི་རས་ཆེན་མ་གསུངས་པར་ཁྲུས་རས་སོ་ཞེས་གསུངས་སོ། །བྱིན་གྱིས་བརླབ་པར་བྱ་བའི་གོས་གསུམ་ཡན་ཆད་མ་ཚང་བའི་དབང་དུ་བྱས་ནས་ཆོས་ གོས་འཚོ་བའི་ཡོ་བྱད་གསུམ་པོ་དེ་ནི་ལྟུང་བ་འདི་སྐྱེད་པའི་བྱེད་པ་པོ་ཉིད་དོ། །ཊཱི་ཀ་ལས། ཆོས་གོས་ནི་མ་ཡིན་ཏེ་མི་སྲིད་པའི་ཕྱིར་རོ་ཞེས་པ་ནི་ཆོས་གོས་ཐམས་ཅད་ཚང་བར་ཡོད་པ་ནི་སྤང་ལྟུང་འདིའི་བྱེད་པ་པོ་མ་ཡིན་ཏེ། ཆོས་གོས་ཐམས་ཅད་ཚང་བས་གོས་སློང་ 6-1-468a བ་དེ་ལ་སྤང་ལྟུང་འདི་བསྐྱེད་པ་མི་སྲིད་པའི་ཕྱིར་ཞེས་སོ། །འོག་གི་མདོ་ལས། ཟུང་བསླང་བར་བྱས་པ་ཉིད་དོ་ཞེས་འབྱུང་བ་ལས་ཟུང་དེའི་ཚད་བསྟན་པའི་ཕྱིར་ཁྱིམ་པའི་སྟོད་གཡོགས་ཆེ་ཚད་ནི་རས་ཡུག་ཆེན་སྲིད་དུ་ཁྲུ་བཅུ་གཉིས་པའོ། །ཊཱི་ཀར། ཞེང་དུ་ནི་ཤུགས་ཀྱིས་ན་ཁྲུ་གསུམ་པ་ཡིན་པར་ཤེས་པར་བྱའོ་ཞེས་སོ། །ཁྱིམ་པའི་སྨད་གཡོགས་ཆེ་ཚད་ནི་རས་ཡུག་ཕྲན་སྲིད་དུ་ཁྲུ་བདུན་པ་དང་། ཞེང་དུ་ཁྲུ་དོ་པའོ། །ཁྱིམ་པའི་སྟོད་གཡོགས་ཆུང་ཚད་ནི་ཆུ་ཞེང་དུ་ཁྲུ་ཕྱེད་དང་ལྔ་དང་ཕྱེད་གསུམ་པ་ཡིན་ལ། ཁྱིམ་པའི་ སྨད་གཡོགས་ཆུང་ཚད་ནི་འཁོར་གསུམ་ཁེབས་པར་ཊཱི་ཀ་ལས་བཤད་དོ། །དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་ཀྱི་ཆེ་ཚད་ནི་སྣམ་སྦྱར་དང་ཤམ་ཐབས་ཀྱི་ཚད་ཀྱི་རིམ་པ་སྔར་ཟླ་འཇོག་གི་སྐབས་སུ་ཇི་སྐད་བསྟན་པ་དེའོ། །སྔར་ཟླ་འཇོག་གི་སྐབས་སུ་མཐང་ གོས་ཀྱི་ཚད་བསྟན་པ་ལ། སྐབས་འདིར་ཤམ་ཐབས་ཞེས་སྨོས་པ་ནི་མཐང་གོས་ལ་ཤམ་ཐབས་ཀྱི་མིང་གིས་བཏགས་པ་སྟེ། བཏགས་པའི་དགོས་པ་ནི་མཐང་གོས་དང་ཤམ་ཐབས་རྒྱ་ཁྱོན་གྱི་ཚད་མཉམ་པར་གོ་བའི་ཕྱིར་རོ། །སྦྱིན་བདག་སྒོ་གཅིག་ལ་གོས་ཅི་ཙམ་ སློང་དུ་གནང་ཞེ་ན། སྟོད་གཡོགས་དང་སྨད་གཡོགས་ཟུང་གཅིག་བསླང་བར་བྱ་བ་ཉིད་དོ། །ཟུང་བསླང་བར་བྱ་བ་དེའང་ཁྱིམ་པའི་ཟུང་ངམ་དགེ་སློང་གི་ཟུང་གང་ཡང་རུང་བའོ། །གཉིས་པ་ནི། སློང་དུ་གནང་བའི་ཚད་གོས་ཟུང་གཅིག་པོ་དེ་ལས་ལྷག་པ་ནི་སྦྱིན་བདག་ སྒོ་གཅིག་ལ་བསླང་བར་བྱ་བ་ཉིད་མ་ཡིན་ནོ། །འདིར་སྔ་མ་ཐོབ་ན་ཞེས་པ་ནི་དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་སྔར་བསྟན་པ་ནས་སྔ་མ་སྟེ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་དང་འབྲིང་ཐོབ་ནའོ། །ཊཱི་ཀ་ལས། ཁྱིམ་པའི་སྟོད་གཡོགས་ 6-1-468b ཆུང་ཚད་ནི་ཞེང་དུ་ཁྲུ་ཕྱེད་དང་གསུམ་པ་དང་། སྲིད་དུ་ཁྲུ་ཕྱེད་དང་ལྔ་པ་ཡིན་ཅིང་། ཁྱིམ་པའི་སྨད་གཡོགས་ཆུང་ཚད་ནི་འཁོར་གསུམ་ཁེབས་པར་བཤད་དོ། །གོས་མ་དྲས་པ་རྡུལ་གཟན་ནམ་ཤམ་ཐབས་ལྟ་བུ་བྱ་སྙམ་པའི་བསམ་པས་བསླངས་ན་སྔ་མ་ཐོབ་ན་སྟེ། ཁྱིམ་པའི་གོས་ཆུང་ཚད་ཐོབ་ན་འབྲིང་ཚད་དམ་རབ་ཚད་དུ་ཁ་སྐོང་བ་ཡང་བསླང་བར་བྱ་བ་མ་ཡིན་པ་ཞེས་སྦྱར་རོ། །ཁ་སྐོང་བ་དེ་བསླངས་ན་ལྷག་པ་སློང་བའི་སྤང་བའི་ལྟུང་བར་འགྱུར་ཏེ། བསམ་པའི་དོན་ཡོངས་སུ་རྫོགས་པར་ཐོབ་པ་ལས་ལྷག་པར་བསླངས་པ་ཡོད་ པའི་ཕྱིར། འདིར་བསམ་པའི་དོན་ཡོངས་སུ་རྫོགས་པ་ཐོབ་པ་ཅིའི་ཕྱིར་སྙམ་ན། གོས་མ་དྲས་པ་རྔུལ་གཟན་ནམ་ཤམ་ཐབས་ལྟ་བུ་བྱ་སྙམ་པའི་བསམ་པས་བསླངས་པ་ལས། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་ཐོབ་ན་བསམ་པའི་དོན་ཡོངས་སུ་རྫོགས་ པར་ཐོབ་པ་སྟེ། རྡུལ་གཟན་དང་ཤམ་ཐབས་ལྟ་བུའི་ཆོས་གོས་ཀྱི་བྱིན་རླབས་ཡོངས་རྫོགས་འཆགས་པའི་ཕྱིར། ཊཱི་ཀ་ལས། འདོད་ལ་ཞེས་བྱ་བའི་སྒྲ་མེད་པར་བྱིན་གྱིས་བརླབ་ཏུ་རུང་སྟེ་མ་དྲས་པ་ཡིན་པའི་ཕྱིར་ཞེས་སོ། །འོན་ཀྱང་ཁ་སྐོང་བ་སློང་དུ་རུང་བའི་སྐབས་ གཉིས་ཡོད་དེ། ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་ཆུང་ཚད་དེ་བས་ཀྱང་ཆུང་བ་ཞིག་ཐོབ་ན་ནི། ཊཱི་ཀ་ལས། དེ་བས་ཆེས་ཆུང་བ་ཞིག་ཐོབ་ན་ནི་དེའི་ཁ་སྐོང་བ་བསླང་བར་བྱ་སྟེ་ཆེས་ཆུང་བ་ལ་ནི་བྱིན་གྱིས་བརླབ་ཏུ་མི་རུང་བའི་ཕྱིར་རོ་ཞེས་སོ། །གལ་ཏེ་གོས་ དྲས་པ་སྣམ་སྦྱར་ལྟ་བུ་བྱ་སྙམ་པའི་བསམ་པས་བསླངས་པ་ལ་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་ཆུང་ཚད་དམ་འབྲིང་ཚད་དུ་ཐོབ་པ་ལ་ནི་རབ་ཚད་དུ་ཁ་སྐོང་བ་སློང་བ་ལ་ཉེས་པ་མེད་དེ། བསམ་པའི་དོན་ཐོབ་པ་ལས་ལྷག་པར་བསླངས་པ་མེད་པའི་ཕྱིར་རོ། ། 6-1-469a ལུང་རྣམ་འབྱེད་ལས། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་བསླངས་པས་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཐོབ་ན་གལ་ཏེ་ཆུང་ན་བསླང་བར་བྱ་ཞེས་གསུངས་སོ། །དགེ་སློང་གི་སྟོད་གཡོགས་སྨད་ གཡོགས་རབ་ཚད་ལས་མ་ལྷག་ན། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་རབ་ཚད་ལས་ལྷག་པར་སྦྱིན་པར་བྱ་བ་ཉིད་མ་ཡིན་ཏེ། བསམ་པའི་དོན་ལས་ལྷག་པ་མེད་པའི་ཕྱིར། འདིར་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་རབ་ཚད་ལས་དགེ་སློང་གི་སྟོད་གཡོགས་སྨད་ གཡོགས་རབ་ཚད་ཆེ་བར་བསྟན་པའི་རྒྱུ་མཚན་ཅི་ཞེ་ན། སྔ་མའི་རབ་ཚད་དེས་ཕྱི་མའི་རབ་ཚད་སྣམ་སྦྱར་ཉིས་རིམ་ཚལ་བུ་དང་བཅས་པ་མི་ལྡང་བའི་ཕྱིར། གོས་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ཀྱང་རུང་། གོས་མ་དྲས་པ་བྱ་སྙམ་པའི་བསམ་པས་བསླངས་ཀྱང་རུང་སྟེ། ཕྱི་མ་དགེ་སློང་གི་སྟོད་གཡོགས་དང་སྨད་གཡོགས་རབ་ཚད་ལས་ལྷག་པ་ཐོབ་ན་ལྷག་པ་སྦྱིན་བདག་ལ་སྦྱིན་པར་བྱ་བ་ཉིད་དོ་སྟེ་དེ་བསམ་པའི་དོན་ཡོངས་སུ་རྫོགས་པ་ལས་ལྷག་པའི་ཕྱིར། དེའང་ཊཱི་ཀ་ལས། དོན་ཡོངས་སུ་རྫོགས་པ་དེ་ལས་ལྷག་པའི་ཕྱིར་རོ་ཞེས་གསུངས་ སོ། །ཊཱི་ཀར། བསླངས་བར་བྱ་བ་མ་ཡིན་པ་སྟེ་བསླང་བར་མི་འོས་པའི་གོས་རྔ་བལ་ལ་སོགས་པ་བསླངས་ན་སྦྱོར་བར་གྱུར་པའི་ཉེས་བྱས་སོ། །ཐོབ་ན་དངོས་གཞིའོ་ཞེས་བྱ་བ་ནི་རུང་བ་མ་ཡིན་པའི་ཕྱིར་ཏེ་དངོས་གཞི་ནི་ཉེས་བྱས་ལྕི་བའོ་ཞེས་བཤད་ཅིང་། དེ་དང་མཐུན་པར་ རང་གི་རྣམ་བཤད་ལས་ཀྱང་ཞེས་གསུངས་སོ། །འགྲེལ་ཆུང་ལས། བཙོས་པ་ལ་སོགས་པ་མ་བརྟགས་པར་བསླངས་ན་ཉེས་བྱས་སོ། །བཙོས་པ་ལ་སོགས་པ་མ་བརྟགས་པར་ཐོབ་ན་ཉེས་བྱས་ལྕི་བའོ་ཞེས་བཤད་དོ། །དེ་ལྟར་རྔ་བལ་དང་རི་དྭགས་ཀྱི་པགས་པ་ལ་སོགས་པ་ 6-1-469b རུང་བ་མ་ཡིན་པ་བསླངས་ཏེ་ཐོབ་ན་ཉེས་བྱས་སུ་བསྟན་པས། རུང་བ་བསླངས་ཏེ་ཐོབ་ན་སྤང་ལྟུང་དངོས་གཞི་བསྐྱེད་ཅེས་ཤུགས་ཀྱིས་བསྟན་ཏོ། །བླང་བར་བྱ་བ་མ་ཡིན་པ་བསླངས་ན་ཞེས་པའི་མདོ་འདི་གཉིས་ལ་འགྲེལ་ཆུང་ལས། ལྷག་པར་སློང་བ་ནི་ཉེས་བྱས་ཚད་ལས་ འདས་པར་བསླངས་པ་ནི་སྤང་བའི་ལྟུང་བ་ཞེས་བཤད་ཅིང་། དེ་དང་མཐུན་པར་ཤེས་རབ་བྱེད་པར། བཤད་ལུགས་དེ་ལྟར་ན་འདི་སྐད་བསྟན་ཏེ། ཚད་དེ་ལས་ལྷག་པ་ནི་བསླང་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་སྨོས་ན་དེ་བསླངས་ན་ཅིར་འགྱུར་ཞེ་ན། བསླང་བར་བྱ་བ་མ་ཡིན་ པ་གོས་ཟུང་གཅིག་ལས་ལྷག་པ་བསླངས་ན་སྦྱོར་བའི་ཉེས་བྱས་སོ། །གོས་ཟུང་གཅིག་ལས་ལྷག་པ་དེ་ཐོབ་ན་སྤང་ལྟུང་གི་དངོས་གཞིའོ་ཞེས་སྐབས་ཀྱི་དོན་ཡིན་ནོ། །ཚད་ལས་ལྷག་པ་ཐོབ་པ་ན་ལྷག་མ་སྦྱིན་པར་བྱ་བ་མི་སྦྱིན་ན་ཡང་སྤང་བའི་ལྟུང་བྱེད་དོ། །ཡང་ཞེས་ སྨོས་པ་ནི་དངོས་གཞིའོ་ཞེས་པའི་ཚིག་ལ་བསྙགས་པའི་ཕྱིར་ཡིན་གྱི། དོན་ནི་མ་ཡིན་ཏེ་སྔ་མའི་དངོས་གཞི་ནི་ཉེས་བྱས་ཀྱི་དངོས་གཞི་ཡིན་ལ། འདི་ནི་སྤང་ལྟུང་གི་དངོས་གཞི་ཡིན་པའི་ཕྱིར་རོ། །སློང་བ་རིགས་པའི་སྤང་བའོ་ཞེས་པ། ཊཱི་ཀར། སློང་བར་རིགས་པ་ལས་ལྷག་ པ་ལེན་པའི་སྤང་བའོ་ཞེས་སོ།། །།བརྒྱད་པ་སྤགས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགའ་ལ་ཁྱིམ་བདག་གིས་གོས་འབུལ་བར་བསམས་པས་སྤགས་པ་ལས་གང་བྱིན་པ་དེས་མི་མགུ་བར་ལྷག་པར་བསླངས་པ་ ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པ་སྟེ་གོས་སློང་བ་བཞིན་ནོ། །ངོ་ཏི་ནི་ལོ་ཆེན་ན་རེ། སྤགས་པ་ལྔ་ཚོམས་སུ་སློང་བའི་ལྟུང་བ་ཡིན་ཅེས་འཆད་ཀྱང་། དེ་ནི་ལུང་རྣམ་འབྱེད་ལས། དགེ་ 6-1-470a སློང་གིས་ཀརྵ་པ་ཎ་ལྔ་རི་བའི་གོས་ཐོབ་པ་ན་དེ་ལས་ལྷག་པ་སློང་ཞིང་ཐོབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་དང་འགལ་ཅིང་། ལུང་རྣམ་འབྱེད་དང་། དེའི་འགྲེལ་པ་དང་། ཞུ་འགྲེལ་དང་གསུམ་ཀ་ལས། སྤགས་པ་ལས་ལྷག་པ་སློང་བའི་སྤང་བའོ་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ཀྱི་གླེང་གཞི་ལས་ཀྱང་། གང་བྱིན་པ་དེ་མི་ལེན་པར་ལྷག་པོ་སློང་བར་བྱེད་དོ། །གང་བྱིན་པས་མི་མགུ་ཞིང་ལྷག་པར་སློང་བ་ཞེས་གསུངས་པ་དང་ཡང་འགལ་ལོ། །རང་ལུགས་ཀྱི་ངོ་ཏི་ ནི་བཅས་ལྡན་དགེ་སློང་ལ་ཁྱིམ་པས་གོས་སྦྱིན་པར་བསམས་པས་སྤགས་པ་དེ་ལས་ལྷག་པའི་གོས་བསླངས་ཏེ་ལྷག་པ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་སློང་བའི་ཡུལ་དང་། གང་སློང་ བའི་དངོས་པོ་དང་། གང་གིས་སློང་བའི་རྟེན་ནོ། །དང་པོ་ནི། ཁྱིམ་པ་ཆོས་དྲུག་ལྡན་གྱི་སྟེང་དུ་དགེ་སློང་ལ་གོས་དེ་སྤགས་པར་བྱེད་པ་པོ་ཡིན་པ་དང་། སྦྱིན་བདག་སྤུངས་ཆུང་བ་སྟེ་སྤུངས་ཆེ་ན་ལྟུང་བ་འོག་མར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་ཆོས་བཞི་ ལྡན་ཏེ་སློང་བར་རིགས་པའི་སྐབས་དང་འདྲའོ། །གསུམ་པ་ནི། རྟེན་ཆོས་གཉིས་ལྡན་ཏེ་གོས་སློང་བའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་སྤགས་པ་དེ་ལས་ལྷག་པའི་གོས་རང་དོན་དུ་ངག་གིས་སློང་ བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་ཞུགས་པའོ། །མཐར་ཐུག་ནི་ལྷག་པའི་གོས་ལ་ཐོབ་བློ་སྐྱེས་པའོ། །གཉིས་པ་ནི། གོས་འདི་དགེ་སློང་ལ་སྦྱིན་ནོ་ཞེས་སྦྱིན་བདག་གི་བསམ་པས་སྤགས་ཏེ་བསྔོས་པ་དགེ་སློང་ལ་དངོས་སུ་མ་ 6-1-470b ཕུལ་བར། རང་ལ་སྤགས་པ་དགེ་སློང་གིས་ཤེས་པ་ནི་མ་སྤགས་པའི་གོས་སློང་བ་སྔར་བསྟན་པ་དང་འདྲ་སྟེ། སློང་བ་ན་ཉེས་བྱས་སུ་འགྱུར་ལ་ཐོབ་ན་དངོས་གཞིའོ། །སྤགས་པ་དགེ་སློང་གིས་མི་ཤེས་པ་དེ་ཉིད་སློང་ན་སྤགས་པ་སློང་བ་ལས་གཞན་གོས་སློང་བ་ཡིན་ ནོ། །ཊཱི་ཀ་ལས། གོས་སློང་བའི་ཉེས་བྱས་ཡིན་པར་རིག་པར་བྱའོ་ཞེས་བཤད་དེ། གོས་སློང་བའི་དངོས་གཞི་མི་བསྐྱེད་པ་ནི་དོན་དང་འདུ་ཤེས་མ་ཕྲད་པའི་ཕྱིར་རོ། །དེ་ཡང་གོས་དགེ་སློང་ལ་བསྔོས་ཟིན་པས་དགེ་སློང་དབང་ཡང་ཁྱིམ་པ་དབང་སྙམ་དུ་དགེ་སློང་འདུ་ཤེས་ འཁྲུལ་པའི་ཕྱིར་རོ། །སྤགས་པ་སློང་བའི་སྤང་པའོ།། །།དགུ་པ་སོ་སོ་ནས་སྤགས་པ་སློང་བ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི། དགག་བྱ། ངོ་ཏི་དང་གསུམ་ནི་སྔར་སྤགས་པ་སློང་བ་དང་འདྲ་བ་ལས་ཁྱད་པར་ནི་སྔར་ཁྱིམ་པ་ཕོ་མོ་གཉིས་ཀྱི་ གོས་གཅིག་སྤགས་པ་ཡིན་ལ། འདི་ནི་ཁྱིམ་པ་ཕོ་མོ་གཉིས་ཀྱི་གོས་རེ་རེ་སོ་སོ་ནས་སྤགས་པས་ཁྱད་པར་དུ་བྱས་སོ། །ཡན་ལག་ལའང་གཞན་ཐམས་ཅད་སྔ་མ་སྤགས་པ་སློང་བ་དང་འདྲ་བ་ལས། འདིར་ཁྱད་པར་ནི་དགེ་སློང་ལ་གོས་དེ་དག་སོ་སོ་ནས་སྤགས་པ་བྱེད་པ་པོ་ ཡིན་པ་དང་། སྦྱིན་བདག་སྤུངས་ཆེ་བ་སྟེ་སྤུངས་ཆེ་བ་ཡང་ངོ་ཞེས་སོ། །ཀུན་སློང་ནི་སོ་སོ་ནས་སྤགས་པ་དེ་ལས་ལྷག་པའི་གོས་སློང་བར་འདོད་པས་ཁྱད་པར་དུ་བྱས་པའོ། །གཉིས་པ་ནི། ཁྱིམ་བདག་ཕོ་མོ་གཉིས་ཀྱིས་གོས་གཉིས་སོ་སོ་ནས་སྤགས་པར་ནུས་པ་སྦྱིན་ པར་བྱེད་པ་སྤུངས་ཆེ་བ་ཡང་ངོ་། །ཞེས་ཡང་སྒྲ་སྤགས་པ་མ་ཕུལ་བར་ཤེས་པ་ནི་མ་སྤགས་པ་དང་འདྲའོ། །དེ་ཉིད་གཞན་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །སྤུངས་ཆེ་བའི་ཚད་ནི་འདིར་ཁྱིམ་པ་ཕོ་མོ་གཉིས་ཀྱིས་གོས་སོ་སོ་ནས་སྤགས་པར་ནུས་པའོ། །སྦྱོར་བའི་འཇུག་ཡུལ་ 6-1-471a གཅིག་ཅིང་སྦྱོར་བ་གཅིག་པའི་ཕྱིར་ན་ཆོས་གོས་སོ་སོ་བ་ཞིག་ཐོབ་ནའང་སྤང་བའི་ལྟུང་བ་གཅིག་ཉིད་དོ། །ཊཱི་ཀ་ལས། གོས་སློང་བ་དང་། སློང་བར་རིགས་པ་དང་། སྤགས་པ་སློང་བ་ལ་སྦྱོར་བ་གཅིག་གིས་གོས་དུ་མ་ཐོབ་པ་དེ་དག་ལ་ལྟུང་བ་གཅིག་ ཁོ་ནར་འགྱུར་རོ། །ལྷུང་བཟེད་དང་རས་ཆེན་ཐོབ་པ་ལ་ཡང་དེ་བཞིན་ནོ་ཞེས་སོ། །གླེང་གཞི་ལས། ཁྱིམ་བདག་ཕོ་མོ་གཉིས་ཀྱིས་རས་ཡུག་རེ་རེ་སོ་སོ་ནས་སྤགས་པ་སློང་བའི་ཞེས་པ་ལ་ལྷག་པ་སྨོས་དགོས་པར་རྣམ་འབྱེད་དང་དེའི་འགྲེལ་པ་དང་ཞུ་འགྲེལ་དང་བཅས་པ་ལས་བྱུང་ལ། དེའི་སྤང་པའོ།། །།བཅུ་པ་བསྐུར་བ་ལ། ལྟུང་བ་རྣམ་པར་བཞག་པ་དང་། །གོས་རུང་བསྒྲུབ་པའི་ཚུལ་ཉིད་བཤད། །དངོས་གཞི་ལྟུང་བ་བསྟན་པ་དང་། །ཉེས་བྱས་དབྱེ་བ་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ ཡོད་དུ་ཉེ་དགའ་ལ་བྲམ་ཟེ་དབྱར་ཚུལ་གྱིས་གོས་ཀྱི་རིན་ཀརྵ་པ་ཎ་བསྐུར་བ་དེས་སྤོས་འཚོང་གི་ཁྱེའུ་ལ་གཏད་ཅིང་ཧ་ཅང་བརྟུན་ངས་པས་བསླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཧ་ཅང་བརྟུན་ངས་པས་གཞན་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གོས་སམ་གོས་ཀྱི་རིན་རྙེད་པ་སྦྱིན་བདག་གིས་ཕོ་ཉ་བ་ལ་བསྐུར་ཞིང་། ཕོ་ཉ་བས་ཞལ་ཏ་པ་ལ་གཏད་པའི་དངོས་པོ་དེ་བསྐུལ་བསྡད་དྲུག་ལས་ལྷག་པར་བླངས་པའམ་མ་ལྷག་ཀྱང་སྦྱིན་བདག་གིས་སེམས་བསྡུ་བར་ཁས་མི་ལེན་པ་ལས་བསླངས་ པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། དང་པོ་སྦྱོར་བ་བརྩམ་པར་བྱ་བའི་གཞི་ལ་བཞི་སྟེ། སྦྱིན་བདག་དང་། ཕོ་ཉ་བ་དང་། ཞལ་ཏ་བ་དང་གསུམ་ཆར་ཁྱིམ་པ་ཡིན་པ་དང་། གསུམ་ཆར་ཐ་སྙད་ལྔ་དང་ལྡན་ 6-1-471b པ་དང་། གསུམ་ཆར་ལུས་ཐ་མལ་པར་གནས་པ་དང་། ཞལ་ཏ་པས་སྦྱིན་བདག་གི་སེམས་བསྡུ་བར་ཁས་མི་ལེན་པའོ། །གསུམ་ཆར་མི་ཉིད་དང་། ཁྱིམ་པ་ཉིད་ཡིན་ནའོ་ཞེས་སོ། །དེ་གསུམ་གང་རུང་གཅིག་རབ་ཏུ་བྱུང་བ་ཡིན་ཀྱང་ཉེས་བྱས་སོ། །གཉིས་པ་ནི། གསུམ་ཆར་ མི་ཉིད་ཡིན་ནའོ་ཞེས་སོ། །སྨྲ་ཤེས་ལ་སོགས་པ་ནི་བསྒོ་ཞིང་སྨྲས་པ་ཞེས་པ་དང་། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་ཞེས་པ་ལ་སོགས་པ་སྤྱིར་བསྟན་པ་ལས་སོ། །བསྐུར་བའི་སྤང་བའི་ལུང་རྣམ་འབྱེད་ལས། ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་གིའོ་ཞེས་ གསུངས་པའི་མ་ནིང་ན་སྨད་ཀྱི་ཡུལ་ཞར་བྱུང་དུ་བསྟན་ཅེས་མཚོ་སྣ་པ་ཆེན་པོས་གསུངས་ལ། དེ་འཐད་དེ། ལུང་ཞུ་བ་ལས། ཞལ་ཏ་པའི་སྐབས་སུ་མ་ནིང་དང་མ་ནིང་མོ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ཤིང་། སྤྱིར་བསྟན་པ་ལས་མ་ནིང་དང་། མཚན་གཉིས་ པ་དག་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བཤད་དོ། །གསུམ་པ་ནི། རེག་པ་ལ་སོགས་པ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག་ཅེས་ཊཱི་ཀ་ལས་བཤད་པའི་གནད་ཀྱིས་སྦྱར་བའོ། །བཞི་པ་ནི། སྦྱིན་པར་བྱེད་པའི་སེམས་བསྡུ་བར་ཞེས་སོ། །གཉིས་པ་གང་བསླང་བའི་དངོས་པོ་ནི། གོས་སམ་དེའི་རིན་གང་ཡང་རུང་བ་ཡིན་པ་དང་། ཕལ་ཆེར་རུང་བ་དང་། ཚད་དང་ལྡན་པ་དང་། སྦྱིན་བདག་གི་ཕོ་ཉ་བ་ལ་བསྐུར་ཞིང་། ཕོ་ཉ་བས་ཞལ་ཏ་པ་ལ་གཏད་པ་ཡིན་པ་སྟེ། བསྐུར་བ་ཞེས་པ་ལ་སོགས་པ་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་བསྐུལ་བསྡད་དྲུག་ལས་ལྷག་པར་བྱེད་འདོད་པའམ། སྦྱིན་བདག་གི་སེམས་བསྡུ་བར་ཁས་མི་ལེན་པ་ལས་ལེན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དངོས་པོ་དེ་ལེན་པ་ལ་ཞུགས་པའོ། །མཐར་ཐུག་ནི་ 6-1-472a ཐོབ་བློ་སྐྱེས་པའོ། །གཉིས་པ་ནི། རང་འགྲེལ་དང་ཊཱི་ཀ་ལས། ཅི་ཞིག་བྱས་ན་བསྐུར་བའི་སྤང་བར་འགྱུར་ཞེ་ན། བསྐུར་བ་དེ་སྦྱིན་བདག་གི་ཕོ་ཉའི་ལག་ཏུ་བསྐུར་བ་གསེར་ལ་སོགས་པ་དགེ་སློང་གིས་རེག་རུང་བ་མ་ཡིན་པ་དགེ་སློང་གི་ཆོས་གོས་ ཀྱི་རིན་སྤངས་ནས་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་མོད་ཀྱི། རིན་པོ་ཆེ་ལེན་དུ་མི་རུང་ངོ་ཞེས་སྤངས་ནས། འོ་ན་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་འགའ་མཆིས་སམ་ཞེས་ཕོ་ཉ་དེས་དགེ་སློང་ལ་ཡོངས་སུ་དྲི་བ་སྔོན་དུ་བཏང་ཞིང་། དགེ་སློང་དེས་ཕོ་ཉ་ལ་ཞལ་ཏ་བྱེད་པ་ནི་ མི་འདི་ཡིན་ནོ་ཞེས་བསྟན་ཏེ། དེ་ནས་ཕོ་ཉ་དེ་ཞལ་ཏ་བྱེད་པ་ག་ལ་བ་དེར་ཕྱིན་ནས་ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་རུང་བ་ཉོས་ལ། དགེ་སློང་ལ་དུས་སུ་སྐོན་ཅིག་ཅེས་བསྒོ་ཞིང་། དེ་ནས་ཕོ་ཉ་དེས་དགེ་སློང་ག་ལ་བ་དེར་འོངས་ནས། དགེ་སློང་ལ་སྨྲས་པ། ཇི་སྐད་ སྨྲས་ཞེ་ན། སྔར་བྱུང་བའི་མཐའི་ལོ་རྒྱུས་རྗེས་སུ་བརྗོད་པ་སྟེ་བདག་གིས་གོས་ཀྱི་རིན་རྣམས་ཞལ་ཏ་བྱེད་པ་ལ་ལེགས་པར་གཏད་ཟིན་གྱི། དེའི་གན་དུ་བཞུད་ཅིག་དང་། དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་དོ། །སྔར་བྱས་པ་ནི་ཡོངས་སུ་འདྲི་བ་ སྔོན་དུ་བཏང་ཞིང་བསྟན་ཏེ་བསྒོ་ཞིང་སྨྲས་པ་བྱུང་མཐའ་བརྗོད་པ་དང་། དེ་རྣམས་སྔོན་དུ་སོང་བའི་ཞལ་ཏ་བྱེད་པ་ལ་དགེ་སློང་གིས་འདོད་དོ་ཞེས་བསྐུལ་བར་གྱུར་ན་ལན་དྲུག་ལས་ལྷག་པ་དང་ལྡན་ན་སྤང་བའི་ལྟུང་བར་འགྱུར་རོ་ཞེས་འགྲེལ་ཆུང་ལས་སོ། །འདིར་གཞུང་འདི་ ལྟར་འདོན་ཏེ། ཆོས་གོས་ཀྱི་རིན་བསྐུར་བ་རུང་བ་མ་ཡིན་པ་སྤངས་ནས་ཞེས་འདོན་ན་བདེ་བ་ཡིན་ནོ། །གཞུང་འདིས་སྤང་ལྟུང་བསྐྱེད་པའི་མདོ་གསུམ་ཡོད་དེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ཅི་ཞིག་བྱས་ན་བསྐུར་བའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་བསྐུར་བ་རུང་ 6-1-472b བ་མ་ཡིན་པ་ཆོས་གོས་ཀྱི་རིན་སྤངས་ནས་ཡོངས་སུ་དྲི་བ་སྔོན་དུ་བཏང་ཞིང་བསྟན་ཏེ། བསྒོ་ཞིང་སྨྲས་པ་བྱུང་བའི་མཐའ་རྗེས་སུ་བརྗོད་པ་སྔར་བྱས་པའི་ཞལ་ཏ་བྱེད་པ་ལ་བསྐུལ་ནའོ་ཞེས་བཤད་དོ། །གཉིས་པ་ནི། དགེ་སློང་གིས་བསྐུལ་བའི་ཚིག་སྨྲས་ཀྱང་ཞལ་ཏ་བ་དེ་ཉིད་ ལོག་པའམ་ར་རོ་བའམ་འོན་པ་ལ་སོགས་པའི་རྐྱེན་གྱིས་བརྡ་མ་ཕྲད་ཅིང་། གོ་བ་སྟེ་གྲོས་བྱ་བར་མ་ནུས་ཏེ་གོ་བར་བྱེད་མ་ནུས་པ་ཉིད་ན་བསྐུལ་བ་ཉིད་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བསྐུལ་བའི་སྒོ་དྲུག་གསུངས་པ་དེ་ཡང་མངོན་པར་སྨྲ་བའི་དབང་དུ་བྱས་པ་ན་གཉིས་ཏེ། ཁྱོད་ འོངས་སམ་ཞེས་ཟེར་བ་ལ་ང་ནི་གོས་འདོད་པ་དེའི་ཕྱིར་ཏེ། ཊཱི་ཀར། ལེགས་པར་འོངས་སོ་ཞེས་སོ། །འོངས་པ་ལེགས་སོ་ཞེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་ཟེར་བའོ། །ལེགས་པར་སྦྱོར་བའི་དབང་དུ་བྱས་པ་གཉིས་ནི། སྟན་འདི་ལ་འདུག་ཅིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ། ། རྐང་པ་ཁྲུས་ཤིག་ཅེས་ཟེར་བ་ལ་དེའི་ཕྱིར་ཞེས་ཟེར་བའོ། །ཟས་སྐོམ་གྱི་དབང་དུ་བྱས་པ་གཉིས་ནི་བཟའ་བ་ཟོ་ཞིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ། །བཏུང་བ་འཐུང་ཞིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ། །ཞེས་ཟེར་བའོ། །དྲུག་པོ་དེ་རྣམས་ལུང་དང་ཊཱི་ཀ་ལས་གསུངས་སོ། །ཊཱི་ཀ་ལས། བསྐུལ་བའི་སྒོ་དྲུག་པོ་ཐམས་ཅད་ཀྱང་སྦྱོར་བ་གཅིག་གིས་བྱས་ན་ནི་བསྐུལ་བ་གཅིག་ཁོ་ནར་འགྱུར་རོ་ཞེས་སོ། །སྦྱོར་བ་ཐ་དད་པས་ཞུགས་ན་ནི་བསྐུལ་བ་ཐ་དད་དུ་འགྱུར་རོ། །ལན་གཅིག་བསྐུལ་བས་གོས་ཐོབ་པར་མ་གྲུབ་ན་ལན་གཉིས་སུ་ཡང་བསྐུལ་བར་བྱའོ། །ལན་གཉིས་ སུ་བསྐུལ་བ་དེས་ཀྱང་མ་གྲུབ་ན་ལན་གསུམ་དུ་བསྐུལ་བར་བྱ་བ་ཡང་ངོ་། །ཚིག་གིས་ལན་གསུམ་བསྐུལ་བ་ལས་གོས་ཀྱི་རྙེད་པ་དེ་མ་གྲུབ་ན་དེའི་འོག་ཏུ་གོས་འདོད་དུ་འོངས་པ་གོ་བར་བྱ་བའི་ཕྱིར་དགེ་སློང་དེས་ལན་གསུམ་གྱི་བར་དུ་ཞལ་ཏ་བྱེད་པ་དེ་གང་ན་འདུག་པའི་གནས་ 6-1-473a ཀྱི་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །འོ་ན་ལུང་རྣམ་འབྱེད་ལས། ལན་དྲུག་གི་བར་དུ་ཅང་མི་སྨྲ་བར་ཕྱོགས་སུ་བསྡད་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་བསྐུལ་བ་གསུམ་དང་བཅས་པའི་གྲངས་དྲུག་ཏུ་གསུངས་པ་ཡིན་ལ། འདི་ནི་བསྡད་ པ་ཉེ་ཚེ་ལན་གསུམ་ཡིན་པས་འགལ་བ་མེད་དོ། །ཊཱི་ཀ་ལས། བསྐུལ་བ་དང་བསྡད་པ་དེ་དག་ལ་གོ་རིམ་ནི་མེད་དོ། །སྔར་ཕྱོགས་ན་སྡོད་པར་བྱེད་ལ་ཕྱིས་སྐུལ་བར་བྱེད་ན་དེ་ལྟར་ན་ཡང་ཉེས་པ་མེད་དོ། །སྐུལ་བ་གཉིས་བྱེད་ཅིང་སྡོད་པ་བཞི་བྱེད་ན་ཡང་ཉེས་པ་མེད་དེ། བསྐུལ་བ་ལས་སྡོད་པ་ གནས་སྐབས་དམན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་མི་བྱའོ་ཞེས་བཤད་དོ། །བསྐུལ་བསྡད་དྲུག་པོ་དེ་དག་གིས་གོས་ཀྱི་རྙེད་པ་མ་གྲུབ་ཅིང་རེ་བ་མེད་པར་གྱུར་ན། སྦྱིན་པར་བྱེད་པའི་སྦྱིན་བདག་དེ་ལ་ཞལ་ཏ་བྱེད་པས་བདག་ལ་ཅི་ཡང་མ་བྱིན་གྱི། ཁྱོད་ཉིད་ཤེས་པར་གྱིས་ཤིག་ཅེས་བསྒྲག་པར་ བྱའོ། །སྦྱིན་པར་བྱེད་པ་ལ་བསྒྲགས་པ་དེ་ལྟར་སྦྱིན་བདག་ལ་གོས་ཀྱི་རྙེད་པ་དེ་སྤངས་པར་གྱུར་ཟིན་པ་ན་ཞལ་ཏ་བྱེད་པས་དགེ་སློང་ལ་གོས་འབུལ་བར་བྱེད་ན་ཁོ་བོས་སྦྱིན་བདག་ལ་བསྒྲགས་ཟིན་ཏོ་ཞེས། གོས་ཀྱི་རྙེད་པ་དེ་སྤངས་ཟིན་པ་སྨྲས་ཏེ་དེའི་འོག་ཏུ་ཞལ་ཏ་བྱེད་པས་སྨྲས་པ་གོས་འདི་ལོངས་ ཤིག །བདག་གིས་སྦྱིན་པར་བྱེད་པའི་སེམས་བསྡུ་བར་བྱའོ་ཞེས་སེམས་བསྡུ་བར་རྗེས་སུ་བསྒྲུབ་པར་ཁས་ལེན་པ་ལས་དགེ་སློང་དེས་གོས་དེ་བསླང་བར་བྱའོ། །གསུམ་པ་ནི། གང་བྱས་ན་བསྐུར་བའི་སྤང་བར་འགྱུར་ཞེ་ན། བསྐུལ་བ་གསུམ་དང་། བསྡད་པ་གསུམ་སྟེ་བསྐུལ་བསྡད་དྲུག་ལས་ ལྷག་སྟེ་བསྐུལ་བ་གསུམ་དང་། བསྡད་པ་བཞི་བྱས་སམ། བསྐུལ་བ་བཞི་དང་བསྡད་པ་གསུམ་ལ་སོགས་པ་བྱས་པ་དག་གམ། མ་ལྷག་ཀྱང་ཁས་མ་བླངས་ཏེ་ཞལ་ཏ་པས་སྦྱིན་བདག་གི་སེམས་བསྡུ་བར་ཁས་མ་བླངས་ནའོ། །བསྐུལ་བསྡད་དྲུག་ལས་ལྷག་པ་དེ་ཙམ་གྱིས་སྤང་བར་འགྱུར་རམ་ཞེ་ན། 6-1-473b མ་ཡིན་ཏེ། སེམས་མི་སྡུད་པར་ཁས་མ་བླངས་པ་ན་གོས་དེ་བསླངས་ཏེ་ཐོབ་ན་ལྟུང་བའོ། །སྦྱིན་བདག་དང་། ཕོ་ཉ་དང་། ཞལ་ཏ་བྱེད་པ་སྟེ་གསུམ་ཆར་མི་ཉིད་དང་ཞེས་པ་ལ་མུ་བརྒྱད་ལུང་རྣམ་འབྱེད་དུ་ཚིག་ལྷུག་པར་གསུངས་པ་ལས་རང་གི་རྣམ་བཤད་དུ་ཚིགས་བཅད་དུ་བསྡུས་པ་ཊཱི་ཀར་དྲངས་པ་ ནི། མི་མ་ཡིན་པ་གསུམ་གཅིག་དང་། །གཉིས་པ་གསུམ་དུ་བྱས་པ་ཡིན། །མིའམ་གཉིས་པ་གསུམ་དག་དང་། །གསུམ་གཅིག་དེ་དག་མུ་བརྒྱད་དོ། །ཞེས་གསུངས་སོ། །ཊཱི་ཀ་ལས་ཁུངས་སུ་དྲངས་པའི་ཚིགས་བཅད་དེ་ནི་ལུང་ལས་གསུངས་པ་ཡིན་ནོ་སྙམ་དུ་འཁྲུལ་པ་མང་ཡང་། ཚིགས་བཅད་དེ་ ནི་ལུང་ལས་མ་གསུངས་ཀྱི་རང་གི་རྣམ་བཤད་ལས་གསུངས་སོ། །གསུམ་ཆར་ཁྱིམ་པ་ཉིད་ཡིན་ན་སྤང་ལྟུང་རྫོགས་པར་འགྱུར་བའོ། །ཊཱི་ཀར། གཞན་དུ་ན་ཉེས་བྱས་སུ་འགྱུར་རོ་ཞེས་སོ། །འདི་ལ་མུ་བརྒྱད་བམ་པོ་ལྔ་བཅུ་པར་ཚིག་ལྷུག་པར་གསུངས་ལ། མཚོ་སྣ་པས་ཚིགས་སུ་བཅད་པ་མཛད་ པ་ནི། རབ་ཏུ་བྱུང་བ་གསུམ་དག་དང་། །གཉིས་པ་གསུམ་དུ་བྱས་པ་ཡིན། །ཁྱིམ་པའི་གཉིས་པ་གསུམ་དག་དང་། །གསུམ་གཅིག་དེ་དག་མུ་བརྒྱད་དོ། །ཞེས་སྨྲས་སོ། །བཞི་པ་ནི། སྨྲས་པ་བྱུང་བའི་མཐའ་རྗེས་སུ་བརྗོད་པ་ཞེས་སྨོས་ན་མ་སྨྲས་པར་བསྐུལ་ན་ཅིར་འགྱུར་ཞེ་ན། དགེ་སློང་ལ་ཕོ་ཉས་ བྱུང་མཐའ་རྗེས་སུ་བརྗོད་པར་མ་སྨྲས་པར་དགེ་སློང་གིས་ཞལ་ཏ་བྱེད་པ་ལ་བསྐུལ་ན་ཉེས་བྱས་སོ། །མ་སྨྲས་ན་ཞེས་པ་དང་མ་དྲིས་པར་སྟོན་ན་ཞེས་པ་དང་། རེ་བ་མེད་པ་ཉིད་ན་མ་སྦྲན་ན་ཞེས་མདོ་གསུམ་གྱིས་ཉེས་བྱས་རེ་རེ་བསྟན་ཅིང་། མ་སྤངས་པ་ལའོ་ཞེས་པས་ཉེས་བྱས་གཉིས་བསྟན་ཏེ་རྩ་བས་ ཟིན་པའི་ཉེས་བྱས་ལྔ་དང་། ཊཱི་ཀ་ལས། སྤྱིར་བསྐུལ་བསྡད་དྲུག་ལས་མ་ལྷག་ཀྱང་། བསྐུལ་བ་བཞི་བྱེད་ཅིང་སྡོད་པ་གཉིས་བྱེད་ན་ཉེས་བྱས་སུ་བཤད་པས་ཉེས་བྱས་དྲུག་གོ། མ་སྤངས་པ་ལའོ་ཞེས་པའི་མདོ་འདིས་ཉེས་བྱས་གཅིག་ཁོ་ན་སྟོན་ཅེས་བླ་མ་རྣམས་གསུང་ཡང་ནོར་ཏེ། མདོ་འདིས་ཉེས་ 6-1-474a བྱས་གཅིག་བསྟན་ནམ་གཉིས་བསྟན། ཊཱི་ཀ་ནི་མ་གསལ་ཡང་ཉེས་བྱས་གཉིས་བསྟན་པ་ཡིན་པར་རང་གི་རྣམ་བཤད་ལས་གསུངས་ཏེ། བསྐུར་བ་རུང་བ་མ་ཡིན་པར་ཆོས་གོས་ཀྱི་རིན་མ་སྤངས་པར་ལེན་ན་ཉེས་བྱས་དང་། དེ་ལྟར་སྤངས་པར་ གྱུར་ཟིན་པ་ན་ཞལ་ཏ་བྱེད་པས་འབུལ་བར་བྱེད་ན་མ་སྤངས་པར་ལེན་ན་ཉེས་བྱས་སོ་ཞེས་བསྟན་ཏོ། །དེ་ཡང་ཉིད་བཤད་ལས། མ་སྤངས་པ་ལའོ་ཞེས་བྱ་བ་ནི་རུང་བ་མ་ཡིན་པ་ཆོས་གོས་ཀྱི་རིན་དག་སློང་དུ་ནི་རུང་སྟེ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་མ་སྤངས་པ་དང་། ཞལ་ཏ་བྱེད་པས་གོས་སྦྱིན་པར་བྱེད་པ་མ་སྤངས་པར་ལེན་ན་ཉེས་བྱས་སོ་ཞེས་གསུངས་སོ། །འདིའི་ཊཱི་ཀར། ཁ་ཅིག་འདི་སྐད་དུ་གོས་ཀྱི་རིན་གསེར་ལ་སོགས་པ་ལ་རུང་བ་བྱས་པ་དང་། མ་བྱས་པ་གཉིས་སུ་གསུངས་པ་ལས། དང་པོ་ནི། ཞལ་ཏ་པ་ལ་གཏད་ཅིང་མ་ གྲུབ་ན་བསྐུལ་བ་ལ་སོགས་པ་འདི་དག་བྱའོ། །གཉིས་པ་ནི། དགེ་སློང་གིས་བསླངས་ཀྱང་ཉེས་པ་མེད་དེ། ལུང་རྣམ་འབྱེད་ལས། བསླང་བར་བྱ་ཞིང་བསླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་གསུངས་སོ་ཞེས་ཟེར་རོ། །ཁོ་བོ་ནི་སྦྱིན་ བདག་གི་གོས་ཀྱི་རིན་བསམ་པས་སྦྱིན་པར་བྱེད་ཅིང་དགེ་སློང་ལ་ཡང་གོས་ཀྱི་དགོས་པ་ཡོད་ན་ཞལ་ཏ་པ་ལ་གཏད་ཅིང་མ་གྲུབ་ན་བསྐུལ་བ་ལ་སོགས་པ་འདི་དག་ཏུ་བྱའོ། །སྤྱིའི་བསམ་པས་སྦྱིན་པར་བྱེད་ཅིང་དགེ་སློང་ལ་ཡང་སངས་རྒྱས་མཆོད་པ་དང་། དགེ་འདུན་ ལ་མཆོད་སྟོན་གསོལ་བ་ལ་སོགས་པའི་དགོས་པ་ཡོད་ན་ནི། གསེར་དངུལ་དེ་རུང་བར་བྱས་ནས་བདག་གིར་བྱའོ་ཞེས་སོ། །འདི་ལ་མཚོ་སྣ་པ་ཆེན་པོས་པཎྜི་ཏ་གཞན་གྱི་འདོད་པ་དེ་ལེགས་ཏེ། སྤྱིར་ཆོས་ལྡན་ལ་རུང་བ་གསུམ་ཆར་ཆགས་པ་ལ། བྱེ་བྲག་གོས་ཀྱི་རིན་ 6-1-474b ལ་རུང་བ་མི་ཆགས་པ་འགལ་ཅིང་། ལུང་རྣམ་འབྱེད་ལས། དགེ་སློང་རྣམས་གོས་ཀྱི་ཀརྵ་པ་ཎ་དག་མི་ལེན་ནས། ཁྱིམ་བདག་དད་པ་ཅན་དག་ཀྱང་གོས་ཀྱི་རིན་དག་སྦྱིན་པར་བྱེད་ལ། ངའི་ཉན་ཐོས་རྣམས་ཀྱང་གོས་ཀྱི་རིན་དག་འདོད་ཀྱིས་རུང་བར་བྱ་བ་ཅུང་ཞིག་གནང་ བར་བྱའོ། །བསླང་བར་བྱ་ཞིང་བསླངས་ནས་ཀྱང་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་བཤད་པས་ཤེས་སོ་ཞེས་འཆད་དོ། །ཡོངས་སུ་དྲི་བ་སྔོན་དུ་བཏང་ཞེས་སྨོས་ནས་མ་དྲིས་པར་སྟོན་ན་ཅིར་འགྱུར་ཞེ་ན། ཕོ་ཉ་དེས་དགེ་སློང་དེ་ལ་འོ་ན་དགེ་སློང་རྣམས་ཀྱི་ ཞལ་ཏ་བྱེད་པ་འགའ་མཆིས་སམ་ཞེས་མ་དྲིས་པར་དགེ་སློང་གིས་ཕོ་ཉ་ལ་ཞལ་ཏ་བྱེད་པ་སྟོན་ན་ཡང་ཉེས་བྱས་འབྱུང་ངོ་། །མ་གྲུབ་ན་སྦྱིན་པར་བྱེད་པོ་ལ་བསྒྲག་པར་བྱའོ་ཞེས་སྨོས་ནས། མ་བསྒྲགས་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས། ཞལ་ཏ་བྱེད་པའི་ལག་ནས་གོས་ཐོབ་ པའི་ཕྱིར་རེ་བ་མེད་པ་ཉིད་ན་སྦྱིན་པར་བྱེད་པ་ལ་མ་སྦྲན་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་སོ། །འདིར་སྨྲས་པ། ལྷག་བསམ་ཀཱ་ཤིའི་འདབ་མ་དང་མཚུངས་པ། །སྲིད་པའི་ནགས་ཀླུང་འདིར་ནི་རྟག་ཏུ་བརྟན། །མ་རྣམས་སྒྲོལ་བའི་སྙིང་རྗེའི་ང་རོ་ནི། །དོན་གཉིས་གྲུབ་པའི་ འབྲས་བུའི་ནང་ནས་འཁྲོལ། །རྡོ་རྗེའི་མྱུ་གུར་ཟླ་བའི་བུ་མོ་ནི། །བཅུ་དྲུག་ལང་ཚོ་རྫོགས་པའི་བདེན་དོན་ཅན། །རྡོ་རྗེའི་པདྨར་ཉི་མའི་སྐྱེས་བུ་ནི། །བཅུ་གཉིས་ལང་ཚོ་རྫོགས་པ་ཐུགས་རྗེའི་གཏེར། །ཟུང་འཇུག་མུན་པ་སྤངས་པའི་གཞལ་ཡས་སུ། །སྟེང་འོག་མཉམ་ པར་དགྱེས་ན་གདུང་བ་འཕྲོག །འདི་འདྲས་རྡོ་རྗེས་ཐེག་དང་འདུལ་བའི་གཞུང་། །གསེར་གྱི་ཁུ་བས་ཁྱབ་པ་ལྟ་བུར་བྱས། །སྤྱོད་པ་འདུལ་བའི་ནང་ན་མི་སྣང་ཞིང་། །ལྟ་བ་མངོན་པའི་ཆོས་ཉིད་ཉིད་དང་འགལ། །ཉམས་སུ་ལེན་ཚུལ་མདོ་སྡེ་དག་ལས་བཟློག །འཁྲུལ་ 6-1-475a པའི་གཏེར་འདིས་བསྟན་པའི་ཁུར་ཆེན་ཁྱེར། །ཀྱེ་མ་འཆོལ་བར་སྤྱོད་པས་ཀྱི་ཧུད་པའི། །བླ་མར་རློམ་འགས་ངེས་འབྱུང་སྐྱེས་པ་སྐད། །རྟག་པར་ཆོ་ངེའི་སྒྲ་དང་མ་བྲལ་བར། །རྡོ་རྗེ་འཛིན་རློམ་བོང་བུའི་སེང་གེ་བཞིན། །འཆད་ན་ཡི་གེ་འདོན་པས་ བྱ་བ་གྲུབ། །རྩོམ་ན་རང་བཟོ་འབའ་ཞིག་ལྷུར་བྱེད་པ། །རྩོད་ན་ཆགས་དང་སྡང་བས་རྣམ་པར་གཡེང་། །འདི་འདྲ་རྣམས་ཀྱིས་བསྟན་པ་ཇི་ལྟར་འཛིན། །བསྐལ་པའི་དོན་རྣམས་འཕགས་པ་ཉིད་ལ་ཞུ། །མངོན་གྱུར་གནས་རྣམས་རྟོགས་བཞིན་འཆད་པར་བྱེད། །ཐེ་ཚོམ་ གནས་ལ་བདེན་བདེན་ལྟར་མི་འཆད། །དེ་འདྲའི་དམ་པས་བདག་གི་ཚུལ་འདི་མཁྱེན། །བསྐུར་བའི་སྤང་བའོ།། །།བཅུ་ཚན་གཉིས་པ་ལ། དང་པོ་སྲིན་བལ་གྱི་སྟན་བྱེད་པ་ལ། ལུང་རྣམ་འབྱེད་ཀྱིས་བརྗོད་པ་དང་། ཞུ་བའི་ལུང་གིས་བརྗོད་པའོ། །དང་པོ་ལ། བསླབ་ པར་བྱ་བའི་གནས་སྐབས་བརྗོད། །ལྟུང་བའི་རྣམ་པར་བཞག་པ་བསྟན། །གང་གིས་ལྟུང་བ་མེད་པའོ། །དང་པོ་ནི། སྟན་བཅང་བར་བྱའོ་ཞེས་པ་ནི་གྲང་བ་བསྐྱབ་པའི་དོན་དུ་ཅི་བདེར་གནང་བའོ། །རྣམ་འབྱེད་ལས། སྟན་ནི་རྣམ་པ་གཉིས་ཏེ། ནང་ཚངས་ཅན་དང་ལྷིངས་པའོ་ཞེས་གསུངས་ཏེ་ ལྷིངས་པ་ཉིད་ནི་ཕྱིང་པའི་རྣམ་པ་ལྟ་བུའོ་ཞེས་རྣམ་འབྱེད་འགྲེལ་པར་གསུངས་ཏེ་འདིར་གཉིས་ཀ་བཟུང་བ་ཉིད་དོ། །ཊཱི་ཀ་ལས། ནང་ཚངས་ཅན་ཞེས་བྱ་བའི་ཚིག་གིས་ཕྱི་ཤུན་གྱི་རྫས་ཀྱང་སྟན་ཉིད་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ཏེ། དེའི་ཕྱིར་སྟན་དེ་ཉིད་དུ་ཕྱི་ཤུན་གྱི་རྫས་ འཆང་བ་ལ་ནི་སྤང་བ་ཉིད་དུ་མི་འགྱུར་རོ་ཞེས་བཤད་དོ། །སྟན་གྱི་ནང་ཚངས་བྱིན་གྱིས་བརླབས་ན་ཕྱི་ཤུན་ཡང་དེའི་ཁོངས་སུ་གཏོགས་ལ། ཕྱི་ཤུན་བྱིན་གྱིས་བརླབས་ན་ཡང་ནང་ཚངས་དེའི་ཁོངས་སུ་གཏོགས་པའོ། །འོ་ན་སྟན་དང་གདིང་བ་གཅིག་གམ་ཞེ་ན། མི་ 6-1-475b གཅིག་སྟེ་རྣམ་པ་ཐ་དད་པའི་ཕྱིར་དང་། དགོས་པ་ཐ་དད་པའི་ཕྱིར་དང་། གནང་བཀག་ཐ་དད་པའི་ཕྱིར་དང་། ཚད་ཐ་དད་པའི་ཕྱིར་རོ། །དང་པོ་ནི། གདིང་བ་ལ་ཉིས་རིམ་དང་། གླེགས་བུའི་འཕྲོ་དགོས་པའི་ཕྱིར་དང་། སྟན་ལ་ནི་དེ་དག་མི་དགོས་པའི་ཕྱིར་རོ། །གཉིས་ པ་ནི། སྟན་གྱི་དགོས་པ་གྲང་བ་སྐྱོབ་པ་དང་། གདིང་བའི་དགོས་པ་དགེ་འདུན་གྱི་གནས་མལ་སྐྱོབ་པ་དང་། གང་ཟག་གི་གནས་མལ་ཁྲ་བོ་ཕལ་ཆེར་ཉམས་པ་སྐྱོབ་པའི་ཕྱིར་རོ། །གསུམ་པ་ནི། ཊཱི་ཀས་ཁུངས་སུ་དྲངས་པ་ནི་མདོ་སྡེ་ལས་གདིང་བ་ཕྲག་པར་བླངས་ནས་ ཞེས་གསུངས་ལ། ཊཱི་ཀ་ལས། སྟན་ཕྲག་པས་བླངས་ནས་ཁྱེར་བ་ནི་ཚུལ་མ་ཡིན་པས་ཞེས་སོ། །བཞི་པ་ནི། གདིང་བ་ཆུང་ཚད་སྲིད་དུ་ཁྲུ་གསུམ་དང་། ཞེང་དུ་ཁྲུ་དོ་དང་སོར་དྲུག་སྟེ་གཞུང་ན་གསལ་ཞིང་། སྟན་གྱི་ཚད་ནི་ལུང་ཞུ་བ་ཆུང་ཤོས་དང་རྒྱ་ཆེར་འགྲེལ་ལས། སྟན་ཆེན་པོ་ནི་ཁྲུ་ཕྱེད་དང་ལྔའོ། །ཆུང་ངུ་ནི་ཁྲུ་ཕྱེད་དང་གསུམ་མོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །ཞེང་ཚད་ནི་གདིང་བའི་ཚད་དང་མཉམ་མོ་ཞེས་གསུངས་སོ། །དེས་ན་ཊཱི་ཀ་ལས། གདིང་བ་ནི་སྟན་མ་ཡིན་ཏེ། འདི་ལྟར་གདིང་བ་ནི་གོས་ཀྱི་ངོ་བོ་ཉིད་ཡིན་ཅེས་བཤད་ པས། སྲིན་བལ་ལས་གདིང་བ་བྱས་པ་ལ་ལྟུང་བར་མི་འགྱུར་རོ། །དེ་ཡང་གོས་ནི་སྲིན་བལ་ལ་བྱར་རུང་སྟེ། གོས་ཀྱི་གཞི་ལས། སྲིན་བལ་གྱི་དང་། བལ་གྱི་དང་། ཤ་ནའི་དང་། ཟར་མའིའང་རུང་ངོ་ཞེས་སོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། ། དང་པོ་ལ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་སྲིན་བལ་གྱི་སྟན་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། འདོད་པ་ཆེས་པ་སྟེ་དངོས་པོ་དཀོན་ཅིང་རིན་ཆེ་བ་དང་། རང་དོན་ཡན་ལག་ཏུ་དགོས་པ་ཞེས་པས་ཤེས་སོ། །དོན་དང་བྱ་བ་ 6-1-476a མང་བ་སྟེ། ལུང་ལས། བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཅིང་ཞེས་གསུངས་པ་དང་། ཕྱེད་བྱས་པའི་འཕྲོ་བྱེད་པ་ལ་ལྟུང་བ་མི་རྫོགས་པར་གསུངས་པས་ཤེས་སོ། །ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་དབང་བའི་སྲིན་བལ་གྱི་སྟན་བྱས་ སམ་བྱེད་དུ་བཅུག་སྟེ། བྱེད་པ་མཐར་ཐུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བརྒྱད་དེ། དེ་ཡང་སྲིན་བལ་ཡིན་པ་སྟེ་སྲིན་བལ་གྱི་སྟན་ཞེས་སོ། །དཀོན་ཅིང་རིན་ཆེ་བ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས། སྲིན་ བལ་དཀོན་ཅིང་རིན་ཆེ་བས་ཞེས་སོ། །ཊཱི་ཀ་ལས། ཡུལ་གང་ན་སྲིན་བལ་རིན་ཆུང་ཞིང་ཤིན་ཏུ་མོད་པ་དེར་ནི་སྲིན་བལ་གྱི་གནས་སུ་བལ་དཀར་པོ་རིག་པར་བྱའོ། །དེ་ལྟར་སྲིན་བལ་ལ་ནི་ལྟུང་བ་མེད་དོ་ཞེས་སོ། །ཉུང་ངུ་གཞན་དང་མ་འདྲེས་པ་སྟེ། ཉུང་ངུ་དང་བསྲེས་ པ་ཉིད་ན་ཞེས་སོ། །གསར་པ་ཡིན་པ་སྟེ་སྟན་གྱི་ལྟུང་བ་བཞི་ཀའི་སྐབས་སུ། ལུང་རྣམ་འབྱེད་ལས། གསར་པས་གསར་པ་ཡིན་པར་དགོངས་སོ་ཞེས་སོ། །དེ་ཡང་གསར་པས་གསར་པ་དང་། རྙེད་པས་གསར་པ་སྟེ་སྔ་མའི་དབང་དུ་བྱས་པའོ། །སེལ་བ་ནི་རྫས་ ཉམས་པ་ཉིད་ལ་ཡང་ངོ་ཞེས་སོ། །བདག་པོ་རང་གི་ཉིད་ཡིན་པ་སྟེ། འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་སོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ་ཕྱེད་བྱས་པ་ལས་བྱེད་པ་ནི་ཞེས་སོ། །གཞན་གྱི་སྒོ་ནས་རུང་བ་ཡིན་པ་དང་སྟེ་སྲིན་བལ་དེ་ གཏན་གྱི་རྒྱུ་མི་རུང་བ་ཉིད་ཡིན་ཀྱང་དབྱིབས་དང་ཁ་དོག་རུང་བ་ཡན་ལག་ཏུ་དགོས་ཏེ། དབྱིབས་གྲུ་གསུམ་པ་དང་ཁ་དོག་ཁྲ་བོ་ལ་སོགས་སེལ་བར་འགྱུར་རོ། །ཚད་དང་ལྡན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་ 6-1-476b མ་འཁྲུལ་བ་སྟེ་གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ཀུན་སློང་ནི་རང་དོན་དུ་སྲིན་བལ་གྱི་སྟན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི། རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་སྟན་བྱེད་པར་ཞུགས་པའོ། །མཐར་ཐུག་ནི། བཀྲམ་པ་རྫོགས་པ་ སྟེ་བཀྲམ་པ་ཉིད་བྱེད་པ་མཐར་ཐུག་པ་ཞེས་སོ། །གཉིས་པ་ནི། གང་བྱས་ན་སྲིན་བལ་གྱི་སྤང་བར་འགྱུར་ཞེ་ན། སྲིན་བལ་ནི་ལུང་ལས། སྲིན་བུ་ལས་བྱུང་བའི་བལ་ཞེས་འབྱུང་བས་དེའི་བལ་གྱི་སྟན་དགེ་སློང་རང་གིས་བཟོ་བྱས་སམ་གཞན་ལ་བཅོལ་ཏེ་བྱེད་དུ་བཅུག་ ནའོ། །དེ་དང་འདྲ་བ་ལས་གྱུར་པའི་ལྟུང་བ་ནི་འདྲ་བ་ལ་ཡང་ངོ་ཞེས་པ་དང་། དེའི་ཊཱི་ཀར། སྲིན་བལ་འབའ་ཞིག་ལས་སྟན་བྱེད་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་མོན་དར་དང་། དུ་ཀུ་ལའི་རས་ལ་སྟན་བྱེད་པ་ལ་སྤང་བ་ཁོ་ནར་འགྱུར་ཞེས་གསུངས་ པ་ལྟ་བུའོ། །མོན་དར་སྲིན་བལ་དང་འདྲ་ན། དགེ་སློང་མའི་རྣམ་འབྱེད་ལས། མོན་དར་ཞེས་བྱ་བ་ནི་སྲིན་བལ་ལ་བྱའོ་ཞེས་གསུངས་པ་དང་འགལ་ཅེ་ན། མོན་དར་ལ་གཉིས་ཏེ། སྲིན་བལ་ལས་བྱས་པ་དང་། ཕྲན་ཚེགས་འགྲེལ་པ་ལས། མོན་དར་ཞེས་བྱ་བ་ནི་ རྩྭའི་རིགས་ཀྱི་ཤུན་པ་ལས་བྱས་པའི་གོས་ཡིན་ཅེས་བཤད་དོ། །སྟན་ལ་ནི་དེར་དགོས་པའི་སྲིན་བལ་མཐའ་དག་བཀྲམ་པ་སྟེ་བཏིང་བ་ཉིད་འདི་ཙམ་བྱས་པ་ལ་དངོས་གཞི་བསྐྱེད་པའོ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་སོ། །དེ་ལྟར་བཀྲམ་པ་ཉིད་དེ་ནི་སྟན་བྱེད་པ་མཐར་ ཐུག་སྟེ་བྱས་ཟིན་པའི་དང་པོ་ཡིན་ནོ། །མདོ་འདིས་ནི་སྲིན་བལ་འབའ་ཞིག་ཆ་གཉིས་དང་། ལོ་དྲུག་སྟན་དང་བཞིའི་མཐར་ཐུག་གི་ཐུན་མོང་དུ་བསྟན་ཏེ། སྐབས་འདི་ཉིད་ཀྱི་རང་འགྲེལ་ལས། གདིང་བ་ཉིད་ཐམས་ཅད་ཀྱི་དང་པོའོ་ཞེས་སོ། །གསུམ་པ་ནི། སྲིན་བལ་གྱི་སྟན་ 6-1-477a གཞན་གྱིས་བྱས་ཟིན་པ་རྙེད་པ་དང་། བདག་གིར་བྱེད་པ་དང་། ཡོངས་སུ་ལོངས་སྤྱོད་པ་དང་། རྙིང་པ་བྱི་དོར་མངོན་པར་འདུ་བྱེད་པ་སྟེ་རྙིང་པ་བྱི་དོར་བྱེད་པ་དག་ལ་ནི་ལྟུང་བ་མེད་དོ། །སྲིན་བལ་གྱི་སྤང་བ་རྣམ་པར་འབྱེད་པའོ། །གཉིས་པ་ནི། སྲིན་བལ་དེ་བལ་དཀར་པོའམ་ཤ་ནའི་རས་སམ་གསོ་བལ་ལ་སོགས་པའི་རྫས་ཉུང་ངུ་ཐ་དད་བྱར་རུང་དང་བསྲེས་ཏེ་སྟན་བྱེད་པ་ཉིད་ན་ན་སྨད་པ་ཉིད་དོ། །ཊཱི་ཀ་ལས། དེ་ནི་སྟན་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་སོ། །འོ་ན་ཆ་གཉིས་བསྲེ་བའི་སྤང་ལྟུང་དངོས་གཞི་ དེ་ཆོས་ཅན། བལ་ནག་པོའི་སྟན་བྱེད་པའི་ལྟུང་བའི་ན་སྨད་ཡིན་པར་ཐལ། སྟན་བལ་གྱི་རྒྱུ་ནག་པོ་དེ་བལ་དཀར་པོ་ཉུང་ངུ་དང་བསྲེས་ཏེ་སྟན་བྱས་པའི་ལྟུང་བ་ཡིན་པའི་ཕྱིར། རྟགས་ནི་ཆ་གཉིས་བསྲེ་བའི་གཞུང་གིས་གྲུབ་ལ། ཁྱབ་པ་མ་གྲུབ་ན་བལ་དཀར་པོ་ཉུང་ངུ་ དང་བསྲེས་པའི་ན་སྨད་དེ་སྟན་ཐམས་ཅད་ཀྱི་དབང་དུ་བྱས་ཞེ་ན། དཀར་པོ་ཉུང་ངུ་དང་བསྲེས་པ་ཉིད་ན་སྨད་པ་ཉིད་དོ་ཞེས་པ་དེ་བལ་ནག་པོའི་སྟན་བྱེད་པའི་ཡང་ན་སྨད་ཡིན་པའི་དམ་བཅའ་ཉམས་སོ། །འདོད་ན། ཆ་གཉིས་བསྲེ་བའི་སྤང་ལྟུང་དངོས་གཞི་ཡིན་པ་དང་ འགལ་ལོ་ཞེ་ན། གསོ་བལ་ཉུང་ངུ་དང་བསྲེས་ན་ན་སྨད་པ་དེ་སྟན་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་གྱི། བལ་ནག་གི་སྟན་བྱེད་པ་ལ་བལ་དཀར་པོ་དང་འཁོབ་བལ་ཉུང་ངུ་དང་བསྲེས་པ་བལ་ནག་གི་སྟན་བྱེད་པའི་ན་སྨད་དུ་མི་འགྱུར་གྱི། ཆ་གཉིས་བསྲེས་པའི་སྤང་ལྟུང་ དུ་འགྱུར་རོ། །སྲིན་བལ་གྱི་རྫས་གསར་པ་ལས་ཉམས་པ་སྲིན་བལ་རྙིང་པ་ཉིད་ལ་སྟན་བྱེད་ན་ཡང་ན་སྨད་པ་ཉིད་དོ། །ཊཱི་ཀར། དེ་དང་བསྲེས་ཏེ་བྱེད་ན་ཡང་ན་སྨད་པ་ཉིད་དེ་ཉེས་བྱས་སོ། །ཞེས་སོ། །སྲིན་བལ་གྱི་སྤང་བ་ཞུ་བའོ། ། 6-1-477b སྲིན་བལ་གྱི་སྤང་བའོ།། །།གཉིས་པ་བལ་ནག་འབའ་ཞིག་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི། དགག་བྱ། ངོ་ཏི་ཡན་ལག་རྣམས་གཞན་སྔར་སྲིན་བལ་དང་འདྲ་བ་ལས། སྲིན་བལ་ཞེས་པའི་གནས་སུ་ལུག་གི་བལ་ ནག་པོ་འབའ་ཞིག་ཅེས་གཞུག་གོ། ཁྱད་པར་གཞན་ཡང་སྲིན་བལ་གྱི་སྟན་བྱེད་པའི་སྐབས་སུ། ལུང་རྣམ་འབྱེད་ལས། སྟན་གཉིས་ཏེ། ནང་ཚངས་ཅན་དང་ལྷིངས་པ་སྟེ་དོན་འདི་ནི་གཉིས་ཀ་ཡིན་པར་དགོངས་སོ་ཞེས་གསུངས་ལ། དེའི་བལ་ནག་གི་སྐབས་ལས་དོན་ འདིར་ནི་ལྷིངས་པ་ཡིན་པར་དགོས་སོ་ཞེས་སོ། །གཉིས་པ་ནི། སྲིན་བལ་གྱི་སྐབས་སུ་སྔར་ཇི་སྐད་བསྟན་པ་འདིར་ཡང་ཁས་བླངས་ནས། འདིར་ཁྱད་པར་ནི་ལུག་གི་བལ་ནག་པོ་འབའ་ཞིག་དག་ལས་སྟན་བྱེད་དུ་བཅུག་ན་སྤང་བར་འགྱུར་རོ། །ལུང་རྣམ་འབྱེད་ལས། འབའ་ཞིག་གི་ཞེས་བྱ་བ་ནི་ནག་པོ་བཞི་སྟེ་རང་བཞིན་གྱིས་གནག་པ་དང་། སྔོ་བས་གནག་པ་དང་། འདམ་ཁ་དང་། ཁམ་པའོ་ཞེས་གསུངས་ཏེ། དེ་དག་ནི་རང་བཞིན་གྱིས་སྔོན་པོ་དང་ཞེས་པ་ལ་སོགས་པས་བསྟན་ཏོ། །ནག་སིང་སིང་པོ་ནི་ཡན་ལག་ཏུ་མི་དགོས་ ཏེ་ལུག་གི་བལ་སྔོན་པོ་དང་སྟེ། རྣམ་འབྱེད་འགྲེལ་པ་ལས། སྔོ་བས་གནག་པ་ཞེས་བྱ་བ་ནི་ཕྱིས་སྔོན་པོས་ཁ་བསྒྱུར་བ་གང་ཡིན་པའོ་ཞེས་བཤད་ཀྱང་། བམ་པོ་ལྔ་བཅུ་པ་ལས། རང་བཞིན་གྱིས་སྔོ་བ་དང་ཞེས་བཤད་པ་དེ་ངེས་པར་བཟུང་ངོ་། །ནག་སིང་སིང་ པ་ངེས་བཟུང་དུ་མི་དགོས་ཏེ། འདམ་ཁ་དང་། ཁམ་པ་དག་ཀྱང་ཞེས་སོ། །དེ་ཉིད་དོ་ཞེས་པ་ནི་ནག་པོར་གཏོགས་པ་དེ་ཉིད་དོ་ཞེས། ལུང་ལས། ནག་པོ་བཞི་སྟེ་ཞེས་གསུངས་པ་དང་མཐུན་ལ། ལུང་རྣམ་འབྱེད་ལས། སྔོན་པོ་དང་། འདམ་ཁ་དང་། ཁམ་པ་ 6-1-478a དག་ཀྱང་ནག་པོའི་བྱེ་བྲག་ཡིན་པར་གསུངས་པའི་ཕྱིར་ནག་པོ་དང་འདྲ་བ་དེ་ཉིད་དོ་ཞེས་པའི་བཤད་པ་དེ་བལ་ནག་པོ་འབའ་ཞིག་དང་འདྲ་བར་རིག་པར་བྱའོ་ཞེས་རང་གི་རྣམ་བཤད་དང་རྒྱ་ཆེར་འགྲེལ་པ་ལས་བཤད་དོ། །སྐབས་འདིར་གཞི་ལྡོག་ པ་ལས་གྱུར་པའི་ལྟུང་བ་ནི། ཡུལ་གང་ན་བལ་དཀར་པོ་དཀོན་ཅིང་རིན་ཆེ་ལ། བལ་ནག་པོ་མོད་ཅིང་རིན་ཆུང་བ་དེར་ནི་རང་གི་རྣམ་བཤད་ལས། བལ་ནག་པོ་འབའ་ཞིག་ལ་ལྟུང་བ་མེད་དེ། དཀར་པོ་ལ་ནི་ལྟུང་བ་ཡོད་ཅེས་བྱ་བ་གོ་ལྡོག་ནས་བརྗོད་དོ་ཞེས་གསུངས་ལ། སྤྱིར་བསྟན་གྱི་རང་གི་རྣམ་བཤད་ལས། བལ་དཀར་པོའི་སྟན་བྱེད་པ་ལ་ཡང་སྤང་བ་ཁོ་ནར་འགྱུར་རོ་ཞེས་གསུངས་སོ། །བལ་ནག་པོ་འབའ་ཞིག་གི་སྤང་བའོ།། །།གསུམ་པ་ཆ་གཉིས་བསྲེ་བ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །བསླབ་པར་བྱ་བ་གཞན་ཡང་ བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་དང་དགག་བྱ་སྔར་སྲིན་བལ་གྱི་སྐབས་དང་འདྲ་ལ། འདིའི་ཆ་གཉིས་བསྲེ་བས་ཁྱད་པར་དུ་བྱས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གི་སྟན་གྱི་རྒྱུ་བཞི་ཆ་གཉིས་བལ་ནག་པོ་དང་། བཞི་ཆ་གཉིས་བལ་དཀར་པོ་འཁོབ་བལ་བསྲེ་བའི་སྟན་བྱེད་པ་གནང་བ་ལས་བལ་ནག་པོ་སྲང་ཕྱེད་ཡན་ཆད་ལས་ལྷག་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བརྒྱད་དེ། སྔར་སྲིན་བལ་གྱི་སྐབས་ཀྱི་བརྒྱད་པོ་ལས་ སྲིན་བལ་གྱི་ཤུལ་དུ་ཆ་གཉིས་བསྲེ་བ་ཡིན་པ་དང་། ཚད་དང་ལྡན་པ་ཞེས་པ་བལ་ཆ་གཉིས་བསྲེ་བ་དེ་སྟན་གྱི་ཚད་དང་ལྡན་ཅིང་། བྱེ་བྲག་ཏུ་བལ་ནག་པོ་དེ་སྲང་ཕྱེད་ཡན་ཆད་ཀྱིས་ལྷག་པ་ཚད་དང་ལྡན་པ་ཞེས་ཁྱད་པར་དུ་བྱས་པའོ། །བསམ་པའི་ཡན་ལག་ལ་ 6-1-478b གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་ཆ་གཉིས་བསྲེ་བ་བལ་ནག་ཕྱེད་ལས་ལྷག་པ་ལྷིངས་པའི་སྟན་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་ལྷིངས་པའི་སྟན་བྱེད་པར་ ཞུགས་པའོ། །མཐར་ཐུག་ནི་བཀྲམ་པ་རྫོགས་པའོ། །གཉིས་པ་ནི། ལུང་རྣམ་འབྱེད་ལས། དགེ་སློང་གིས་སྟན་གསར་པ་བྱེད་ན་ཕྱེད་ནི་བལ་ནག་པོ་ལས་བྱ། ཕྱེད་ནི་དཀར་པོ་དང་འཁོབ་བལ་ལས་བྱའོ་ཞེས་དེ་ལྟར་བསྲེས་པའི་སྟན་ནི་གནང་བ་ལས་བལ་ནག་པོ་དེ་དག་ སྟན་རིལ་པོའི་ཕྱེད་ལས་ལྷག་པ་ཉིད་ཆ་གཉིས་བསྲེ་བའི་སྤང་བའོ། །འདིར་ལྷག་པའི་ཚད་ནི་སྲང་ཕྱེད་ལྷག་པ་ཡན་ཆད་དེ། ལུང་རྣམ་འབྱེད་ལས། དཀར་པོ་དང་འཁོབ་བལ་སྲང་གཅིག་གམ་སྲང་ཕྱེད་ཕྲི་སྟེ། ལུག་གི་བལ་ནག་པོ་ལས་སྟན་གསར་པ་བྱེད་ན་ སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །བལ་ནག་པོ་དེ་བཀག་པའི་རྒྱུ་མཚན་ནི། ལུང་རྣམ་འབྱེད་ལས། ལུག་བལ་ནག་པོ་དཀོན་ཅིང་རིན་ཆེ་བས་ཞེས་གསུངས་ལ། བལ་ནག་པོ་འབའ་ཞིག་མོད་པ་དང་། བལ་དཀར་ནག་གཉིས་ཀ་མོད་པས་རིན་ མཉམ་པ་དང་། དཀར་པོ་དང་འཁོབ་བལ་དཀོན་པ་དང་། རིན་ཆེ་བར་གྱུར་ན་ལྟུང་བ་མེད་དོ་ཞེས་ཀྱང་ལུང་རྣམ་འབྱེད་ལས་གསུངས་སོ། །ལྷག་པ་ཉིད་ནའོ་ཞེས་པ་འདི་ལ་བཤད་པའི་རྣམ་གྲངས་ལས་སོར་ཕྱེད་ལྷག་པ་ཡང་འཆད་དོ། །གཉིས་པ་ནི། ཕྱེད་དཀར་ པོ་དང་འཁོབ་བལ་དག་ལས་ཆ་མཉམ་པ་ཉིད་དུ་བྱའོ། །བམ་པོ་ལྔ་བཅུ་པ་ལས། སྤྱིར་བསྲེས་ཏེ་ལྷིང་བར་བྱའོ། །འོན་ཀྱང་སྟན་ཕྱེད་ནག་པོ། བཞི་ཆ་དཀར་པོ། བཞི་ཆ་འཁོབ་བལ་གྱི་ཁ་དོག་ལས་ཁྲ་བོར་བྱ་བ་ནི་མ་ཡིན་ནོ་ཞེས་སོ། །དཀར་པོ་དང་འཁོབ་བལ་ཆ་མཉམ་པ་ཉིད་ 6-1-479a དུའོ། །འོ་ན་དེ་གཉིས་ཆ་མི་མཉམ་པར་བྱས་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས། དཀར་པོ་བས་འཁོབ་བལ་ལྷག་པ་བྱེད་ན་ནི་ལྟུང་བ་མེད་དེ། མོད་པ་དང་ནི་རིན་ཆུང་བའི་ཕྱིར་རོ། །འཁོབ་བལ་བས་དཀར་པོ་ལྷག་པར་བྱེད་ན་ནི་ཉེས་བྱས་སུ་འགྱུར་རོ་ ཞེས་གསུངས་ཏེ། བདག་ཉིད་ཅུང་ཟད་བཟང་བ་ལ་ཕྱེད་བལ་ནག་པོ་དང་བཅས་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ཆ་གཉིས་བསྲེ་བ་དང་ཆ་མཐུན་ཅིང་འདྲ་བ་ལས་གྱུར་པའི་ལྟུང་བ་ནི་སྲིན་བལ་དང་ཆ་གཉིས་བསྲེ་བ་ལ་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། སྤྱིར་བསྟན་ པ་ལས། འདྲ་བ་ལ་ཡང་ངོ་ཞེས་གསུངས་ཤིང་། སྐབས་དེའི་ཊཱི་ཀ་ལས། མོན་དར་དང་སྲིན་བལ་ལ་སོགས་པ་བསྲེས་པ་ལས་སྟན་བྱེད་པ་དང་། བལ་དཀར་པོའི་ཚད་ཉུང་ངུ་དག་དང་བསྲེས་པ་ལས་སྟན་བྱེད་པ་ལ་ཡང་སྤང་བ་ཁོ་ནར་འགྱུར་བ་ལྟ་བུའོ་ཞེས་བཤད་དོ། ། འདི་ནི་ཉུང་ངུ་དང་བསྲེས་པ་ཉིད་ན་ན་སྨད་པ་ཉིད་ཅེས་གསུངས་པའི་དམིགས་བསལ་ཡིན་པར་བརྗོད་དོ། ། གཞན་ཡང་ཊཱི་ཀ་ལས། སྲིན་བལ་དང་། བལ་ནག་པོ་ཆ་མཉམ་པར་བསྲེས་ཏེ་སྟན་བྱེད་ན་སྤང་བ་ཁོ་ནར་འགྱུར་རོ་ཞེས་བཤད་དོ། །འདིར་ནི་དངོས་པོ་ཁྱད་པར་ ཅན་གཉིས་བསྲེས་ཀྱི་སྤང་ལྟུང་སྟེ་དཔེར་ན་གསེར་དངུལ་གཉིས་མཉམ་དུ་བསྲེས་པའི་དོང་རྩེ་ལ་རེག་པའི་སྤང་ལྟུང་བཞིན་ནོ། །དཀར་པོ་དང་འཁོབ་བལ་གྱི་ཁྱད་པར་གང་ཞེ་ན། ལུག་གི་གློ་དང་། རྒྱབ་དང་། གཉའ་བ་ནས་སྐྱེས་པ་ཁ་དོག་དཀར་པོར་འདུག་ན་ནི་སྔ་ ནི་བལ་དཀར་པོའོ། །ལུག་གི་མགོ་དང་། རྐང་པ་དང་། ལྟོ་བ་ནས་སྐྱེས་པ་ནི་ཕྱི་མ་འཁོབ་བལ་ཞེས་བྱའོ། །བདག་གི་བླ་མས་འཁོབ་བལ་གྲོ་བོའི་དོན་ཡིན་པའང་གསུངས་ལ། ལ་ལ་ལུས་ཀྱི་མཐར་ཡོད་པ་ལ་བསམ་པ་ཡིན་ཅེས་ཀྱང་ཟེར་ཏེ་རྒྱ་དཔེ་ལ་གཏུག་གོ ། 6-1-479b བཞི་ཆ་གཉིས་བལ་ནག་དང་། བཞི་ཆ་གཉིས་དཀར་པོ་དང་འཁོབ་པ་ལ་བསྲེས་པ་སྟེ་ཆ་གཉིས་བསྲེ་བ་ལས་བལ་ནག་ཕྱེད་ལས་ལྷག་པའི་སྤང་པའོ།། །།བཞི་པ་ལོ་དྲུག་སྟན་གྱི་སྤང་བ་ལ། བསླབ་པར་བྱ་བའི་གནས་སྐབས་བརྗོད། །ལྟུང་བའི་རྣམ་པར་བཞག་པ་བསྟན། ། གང་གིས་ལྟུང་བ་མེད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་ནི་ལོ་དྲུག་སྟན་གྱི་ལྟུང་བ་ཁེགས་པ་དང་། ལས་ཀྱི་ཆོ་གས་བྱིན་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། ཡུལ་གང་ ལ་སྦྱིན་པ་ནི། ཆོས་བཅུ་ལྡན་ཏེ། ཐུན་མོང་བ་བརྒྱད་ནི་ལས་གཞིར་འཆད་ཅིང་། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པ་དང་། སྔར་གནང་བ་བྱིན་པ་དང་མ་འབྲེལ་བའོ། །གཉིས་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ་སྦྱོར་བའི་ཆོ་ག་ནི་ གཉིས་ལས། གང་ཟག་གི་བྱ་བ་ནི་འདུལ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་། ཕྱག་འཚལ་ཞིང་སྤྱོད་ལམ་བསྟེན་པ་དང་། གསོལ་བ་ལན་གསུམ་བཏབ་པའོ། །དགེ་འདུན་གྱི་བྱ་བ་ནི་དགེ་འདུན་རང་གི་སྟན་དེ་བརྟགས་པའམ། དགེ་འདུན་གྱིས་བསྐོས་པའི་དགེ་སློང་ གི་སྟན་དེ་བརྟགས་ཏེ་དགེ་འདུན་ལ་བརྗོད་པར་བྱའོ། །དངོས་གཞི་ནི་ཆོ་ག་གསོལ་གཉིས་ཀྱི་ལས་སོ། །མཇུག་ཆོག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །གསུམ་པ་རྟེན་གང་གིས་གནང་བ་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་གནང་བ་འཇིག་ པའི་རྒྱུ་ནི། རྟེན་མཚན་གྱུར་པ་དང་། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། བབས་པ་ལ་སོགས་པ་རྟེན་ཞིང་མ་ཡིན་པར་གྱུར་པའོ། །སྔར་སྟན་བྱས་ནས་ལོ་དྲུག་ལོན་ན་ཡང་གནང་བ་འཇིག་སྟེ། དེའི་ཚེ་གནང་བ་དོན་མེད་དུ་འགྱུར་བའི་ཕྱིར། གཉིས་པ་ནི། རང་ 6-1-480a འགྲེལ་དང་ཊཱི་ཀ་ལས་མ་དག་པ་གསོལ་བར་མི་བྱའོ། །རང་དག་རྟོག་ཏུ་འདོང་བར་བྱའོ། །སྟན་ལ་ཡང་དེ་བཞིན་ནོ་ཞེས་སྔར་ཁང་པའི་སྐབས་སུ་འདྲ་བར་བསྟན་པ་དག་འདིར་ཡང་འདྲ་བར་བྱ་སྟེ། ལོ་དྲུག་སྟན་གྱི་གནང་བ་ཞུ་པོའི་སྟན་དེ་ལ་རྟོག་ པར་བྱེད་པའི་དགེ་སློང་དག་གིས་གང་བྱ་བ་དེ་བརྗོད་པར་བྱ་སྟེ། ཆུར་དང་ཞེང་གཉིས་ཀར་སྟན་གྱི་ཚད་ལས་ལྷག་པ་ཉིད་ན་དགེ་སློང་གིས་བཅད་པར་བྱའོ། །སྟན་གྱི་ཚད་ལས་ཆུང་སྟེ་ཆུར་ཐུང་བ་ཉིད་དང་། ཞེང་དུ་དོག་པ་ཞེང་ཆུང་བ་ཉིད་དག་ནི་ཚད་དུ་ལོངས་པ་བཀྱེད་པར་ བྱའོ། །སྟན་དེ་རལ་ན་བཙེམ་པར་བྱའོ། །སྟན་དེ་བུག་རྡོལ་དུ་གྱུར་ཏམ། ཤ་ཟད་པས་སྲབ་མོར་གྱུར་པོ་དག་ནི་ལྷན་པ་སྦྱར་བས་གླན་པར་བྱའོ། །སྟན་ཧ་ཅང་ཧྲུལ་དྲགས་ཏེ་བཅོས་དཀའ་བས་ཕྱིར་བཅོས་མི་ནུས་པ་ཉིད་ཡིན་ན་ལོ་དྲུག་སྟན་གྱི་གནང་བ་གསོལ་གཉིས་ཀྱིས་ སྦྱིན་ནོ། །ལུང་རྣམ་འབྱེད་ལས། དགེ་སློང་ལག་གི་བླ་གང་ལ་ལོ་དྲུག་ཚུན་ཆད་སྟན་གྱི་གནང་བ་སྦྱིན་པ་ཞེས་གསུངས་སོ། །འདིར་ལག་གི་བླ་ངེས་དོན་དུ་བཞེད་པ་དང་། མཚོན་དོན་དུ་བཞེད་པ་སྟེ་ལུགས་གཉིས་ལས། དང་པོ་ནི། དུལ་བའི་ལྷས། ལག་གི་བླ་སྨོས་ པ་ནི་དགེ་འདུན་ལ་གཅེས་པ་ཡིན་པའི་ཕྱིར་ངེས་པ་མེད་པར་རིག་པར་བྱའོ་ཞེས་སོ། །གཉིས་པ་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ལག་གི་བླའི་ཕྱིར་གསུངས་པ་ནི་གླེང་གཞིའི་དབང་གི་ཕྱིར་ཡིན་གྱི། གཞན་ལ་ཡང་ཉེ་བར་སྦྱར་དུ་རུང་བའི་ཕྱིར་སྤྱིར་མདོར་བྲིས་སོ་ ཞེས་གསུངས་པ་ལྟར་བཟུང་ངོ་། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་སྟན་མང་པོ་བྱེད་དུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆོག་མི་ཤེས་པ་དང་། དོན་ 6-1-480b དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པར་ལྷིངས་པའི་སྟན་རང་ངམ་བསྐོས་པས་ཟིན་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་བསྒྲུབ་ པའི་དངོས་པོ་དང་། གང་གིས་བསྒྲུབ་པའི་རྟེན་ནོ། །དང་པོ་ལ་དྲུག་ལས། སྟན་གྱི་རྒྱུ་མཚན་ཉིད་དང་ལྡན་པ་ཡིན་པ་སྟེ་སྐབས་ཀྱིས་གྲུབ་བོ། །གསར་པ་ཡིན་པ་དང་། བདག་པོ་རང་གི་ཉིད་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ་དེ་གསུམ་ ནི་སྔར་སྲིན་བལ་གྱི་སྐབས་སུ་བཤད་པ་བཞིན་ནོ། །རུང་བ་ཚད་དང་ལྡན་པའོ། །གཉིས་པ་གང་གིས་བསྒྲུབ་པའི་རྟེན་ལ་གསུམ་སྟེ། ལོ་དྲུག་སྟན་གྱི་གནང་བ་མ་ཐོབ་པ་དང་། སྟན་གཞན་ཡོད་དམ་མེད་ཀྱང་རང་གར་བཏང་བ་དང་། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ ལོན་པ་སྟེ། གནང་བ་མ་ཐོབ་པ་གཞན་ཡོད་པའམ་རང་གར་བཏང་བས་ལོ་དྲུག་མ་ལོན་པར་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་སྟན་ཕྱི་མ་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་ བ་ནི་རང་གིས་སམ་གཞན་ལ་ངག་གིས་བསྐོས་པས་ལྷིངས་པའི་སྟན་ཕྱི་མ་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཀྲམ་པ་རྫོགས་པའོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་རྣམ་པར་བཞག །ལྟུང་བ་དེ་ཡི་ན་སྨད་བརྗོད། །དང་པོ་ནི། ལོ་དྲུག་སྟན་གྱི་གནང་ བ་མ་ཐོབ་པ་དེས་སྟན་སྔ་མ་གཞན་ཡོད་པའམ་མེད་ཀྱང་རང་གར་བཏང་བ་སྟེ། སྟན་སྔ་མ་དེ་སྤངས་པས་ལོ་དྲུག་མ་ལོན་པར་སྟན་གཞན་ཟིན་པར་བྱས་པ་ཉིད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ལུང་རྣམ་འབྱེད་ལས། སྟན་གཉིས་ཏེ་ནང་ཚངས་ཅན་དང་ལྷིངས་པ་ 6-1-481a སྟེ་དོན་འདིར་ནི་ལྷིངས་པ་ཡིན་པར་དགོངས་སོ། །གསར་པ་གཉིས་ཏེ། གསར་པས་གསར་པ་དང་། རྙེད་པས་གསར་པ་སྟེ་དོན་འདིར་ནི་གསར་པས་གསར་པ་ཡིན་པར་དགོངས་སོ་ཞེས་གསུངས་སོ། །ལུང་རྣམ་འབྱེད་ལས། ལོ་དྲུག་པ་ལ་ སྟན་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །ཞུ་འགྲེལ་ལས་ཀྱང་། འདི་ནི་ལོ་ལྔ་པོ་དག་ལ་དགག་པ་ཡིན་གྱི་དྲུག་པ་ལ་ནི་མ་ཡིན་ནོ་ཞེས་སོ། །གཉིས་པ་ནི། སྟན་སྔ་མའི་ཕྱེད་བརྩམས་ཏེ་འཕྲོ་ལུས་པ་ཉིད་ན་ཕྱིས་སྟན་བྱེད་པར་མགོ་བརྩམས་ན་ནི་སྦྱོར་བའི་ཉེས་བྱས་ སུ་འགྱུར་ཏེ། དཔེར་ན་སྟན་སྔ་མ་རྫོགས་པར་ཟིན་ནས་སྟན་གཞན་མགོ་བརྩམས་ན་སྦྱོར་བའི་ཉེས་བྱས་བསྐྱེད་པ་དང་འདྲའོ། །བརྩམས་པ་ཉིད་ན་རྩོམ་པ་དེ་ལ་ཕྱིས་བརྩམས་པ་སྔར་མཐར་ཐུག་སྟེ་ཟིན་པར་གྱུར་ན་སྦྱོར་བའི་ལྟུང་བ་ཉེས་བྱས་ཉིད་དུ་མི་འགྱུར་བ་ཉིད་མ་ ཡིན་ཏེ་ཉེས་བྱས་ཉིད་དུ་སོ་ན་གནས་སོ། །ཊཱི་ཀ་ལས། ཕྱིས་བརྩམས་པ་སྔར་ཟིན་པར་བྱེད་ན་དངོས་གཞིའི་ལྟུང་བར་མི་འགྱུར་ཏེ། སྟན་གཉིས་པ་ཟིན་པ་མེད་པའི་ཕྱིར་ཞེས་སོ། །འོ་ན་སྔར་བརྩམས་ཏེ་ཕྱིས་ཟིན་པར་བྱས་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས། གང་ཁོ་ ན་ལས་སྦྱོར་བའི་ལྟུང་བར་འགྱུར་བ་དེ་ཁོ་ན་ལས་དངོས་གཞིའི་ལྟུང་བར་འགྱུར་བ་དེ་ལྟར་ནི་རིག་པར་མི་བྱ་སྟེ། སྟན་གཉིས་པ་ཟིན་པའི་གནས་སྐབས་ལ་དངོས་གཞིའི་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །སྟན་ཕྱི་མ་བཙེམས་པ་ལ་སྦྱོར་བའི་ཉེས་བྱས་བསྐྱེད་ཅིང་ སྔར་བརྩམས་ཕྱིས་མཐར་ཐུག་པ་ན་སྤང་ལྟུང་བསྐྱེད་པ་དེ་ནི་སྟན་སྔ་མ་ཅུང་ཟད་ཙམ་ཞིག་བརྩམས་ནས་དེ་རྗེས་སུ་སྟན་ཕྱི་མ་བཙེམས་ཏེ་ཟིན་པར་བྱས་ན་དེའི་རྗེས་སུ་སྔ་མ་ཕྱིས་ཟིན་པར་བྱེད་པ་དེ་སྟན་གྱི་ཕྱེད་བྱེད་པར་མ་ཟད་ཀྱི། སྔར་ཅུང་ཟད་བརྩམས་པ་དེ་ལ་མ་ 6-1-481b བལྟོས་པའི་སྟན་གྱི་ཚད་རྫོགས་པ་ལ་དགོངས་སོ་ཞེས་ཤ་མི་ལ་སོགས་པ་རྣམས་འཆད་དོ། །སྔར་ནི་སྟན་གྱི་ཕྱེད་བརྩམས་ཏེ། ཕྱིས་སྟན་གཞན་ཟིན་པར་བྱས་ནས་སྔར་སྟན་ཕྱེད་བརྩམས་པའི་འཕྲོ་སྟན་ཕྱེད་ཟིན་པར་བྱས་ན་སྔ་ཕྱིར་སྟན་ཕྱེད་ཕྱེད་བྱས་པ་གཉིས་ བསྡོམས་ནས་སྟན་གྱི་ཚད་རྫོགས་པ་ལ་ཡང་དངོས་གཞི་རྫོགས་པར་རིགས་ཏེ། ལོ་དྲུག་སྟན་གྱི་ཡན་ལག་མ་ཚང་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཞེས་ཟངས་ཆེན་པ་གསུང་ངོ་། །གསུམ་པ་ནི། ཞུ་བ་ལས། དགེ་སློང་གི་སྟན་བྱས་ནས་ལོ་དྲུག་གི་མདུན་རོལ་ དུ་བབས་ཤིང་དེ་ཡང་བསྙེན་པར་རྫོགས་ནས་སྟན་བྱེད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་འདིར་བསྡུས་པ་ནི་རབ་ཏུ་བྱུང་བ་བསླབ་རྒྱུན་སྔ་ཕྱི་ཐ་དད་གཞན་གྱི་སྟན་གཉིས་པ་བྱེད་པ་ནི་ལོ་དྲུག་སྟན་གྱི་ལྟུང་བར་མི་འགྱུར་ཏེ། ལུང་ལས། སྟན་སྔ་ཕྱི་གཉིས་ཀྱི་རྟེན་ བསླབ་རྒྱུན་ཐ་དད་པ་ཉིད་དུ་ངེས་པའི་ཕྱིར་དོན་དེ་ལྟར་ལུང་དང་། རང་འགྲེལ་དང་། ཊཱི་ཀ་གསུམ་ཆར་ལས་བཤད་དོ། །སྟན་སྔ་མ་ལོ་དྲུག་ཏུ་བཅང་ཞིང་སྟན་ཕྱི་མ་བྱ་བ་ལས་འདས་པའི་སྤང་བའོ།། །།ལྔ་པ་མཐོ་གང་གི་སྤང་བ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། ། དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་གདིང་བ་གསར་པ་ལ་གདིང་བ་རྙིང་པ་སྟོན་པའི་མཐོ་གང་གིས་མ་གླན་པར་ལོངས་སྤྱད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ང་རྒྱལ་དང་། དྲེགས་པ་སྐྱེ་བ་དང་། རང་གི་ཡོ་བྱད་ ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གདིང་བ་གསར་པ་ལ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པའི་གདིང་བ་གསར་པ་ལོངས་སྤྱད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ 6-1-482a ལག་ལ་གཉིས་ཏེ། གང་སྤྱད་པའི་དངོས་པོ་དང་། གང་གིས་སྤྱད་པའི་རྟེན་ནོ། །དང་པོ་ལ་དྲུག་ལས། གདིང་བ་ཡིན་པ་དང་། བྱས་པས་གསར་པ་ཡིན་པ་སྟེ། གདིང་བ་གསར་པ་སྤྱོད་ནའོ་ཞེས་གདིང་བ་དེ་ཟླ་བ་བཞི་རྒྱུན་ཆགས་སུ་ལོངས་སྤྱད་ ན་ནི་གསར་པ་ལས་ཉམས་ཏེ། དུས་ཚིགས་སུ་སྤྱད་པའི་ཕྱགས་དར་ཁྲོད་ཀྱི་གནད་ཀྱིས་ཤེས་སོ་ཞེས་འཆད་དོ། །གདིང་བ་རྙིང་པ་ཡིན་ན་ལྟུང་བ་མེད་དེ་དགག་བྱ་མེད་པའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་ཡིན་པ་སྟེ། མ་གླན་པར་ཞེས་ གཞན་དུ་ན་ཉེས་པ་མེད་དོ། །བདག་པོ་རང་གི་ཉིད་ཡིན་པ་སྟེ། འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་སོ། །གཞན་གྱི་ལ་སྤྱོད་ན་ཉེས་བྱས་སོ། །རུང་བ་དང་ཚད་དང་ལྡན་པའོ། །གཉིས་པ་གང་གིས་སྤྱད་པའི་རྟེན་ནི། གདིང་བ་རྙིང་པ་དེ་ཙམ་ཡོད་ནའམ་དེ་ཙམ་མེད་ ཀྱང་རང་གར་བཏང་བ་སྟེ། གལ་ཏེ་ཡོད་ནའོ་ཞེས་པ་དང་། རང་གར་བཏང་བས་ཞེས་བཤད་པའི་གནད་ཀྱིས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་གདིང་བ་རྙིང་པ་དེ་ཙམ་གྱིས་མ་གླན་པའི་གདིང་བ་གསར་པ་ལོངས་ སྤྱད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི། གདིང་བ་གསར་པ་དེ་ལོངས་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་ལོངས་སྤྱོད་པ་རྫོགས་པའོ། །གཉིས་པ་ནི། གང་བྱས་ན་མཐོ་གང་གི་སྤང་བར་འགྱུར་ཞེ་ན། རང་གི་གདིང་བ་རྙིང་པ་ལས་ལྷན་པར་བྱས་ཏེ་གདིང་བ་ གསར་པ་ལ་མ་གླན་ནའོ། །དེའི་ཚད་ནི་བདེ་བར་གཤེགས་པའི་མཐོ་གང་གིས་ཏེ། ལུང་ལས། ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ཕྱོགས་ཀུན་ནས་འཁོར་བས་གདིང་བ་གསར་པ་ལ་མ་གླན་པའི་རང་གི་གདིང་བ་གསར་པས་གསར་པ་དང་། རྙེད་པས་གསར་པ་གཉིས་ 6-1-482b ལས། འདི་ནི་གསར་པས་གསར་པ་ལ་ལོངས་སྤྱོད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བར་བཤད་ཅིང་། སོ་སོར་ཐར་པ་དང་ལུང་རྣམ་འབྱེད་གཉིས་ལས། དགེ་སློང་གིས་གདིང་བ་གསར་པ་བྱེད་ན་གསར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་ པའི་མཐོ་གང་འཁོར་བས་གླན་པར་བྱའོ། །མ་གླན་པར་གདིང་བ་གསར་པ་སྤྱོད་པ་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །གལ་ཏེ་གདིང་བ་རྙིང་པ་ཡོད་ན་སྟེ་ཡོད་བཞིན་དུ་མ་གླན་པར་སྤྱད་ན་ལྟུང་བར་འགྱུར་རོ། །གདིང་བ་རྙིང་པ་རིལ་གྱིས་མི་བདོག་ཀྱང་བདེ་བར་གཤེགས་ པའི་མཐོ་གང་དེ་ཙམ་ཞིག་ཡོད་ན་ཡང་དེས་མ་གླན་པར་སྤྱོད་ན་ལྟུང་བར་འགྱུར་རོ། །ལུང་རྣམ་འབྱེད་ལས། དེ་ཙམ་མེད་ན་ལྟུང་བ་མེད་དོ་ཞེས་སོ། །སྲ་བ་དེ་ཙམ་ཞིག་ཡོད་ནའམ་ཞེ་ན། བཅོས་པར་ནུས་ན་ཡང་དེས་མ་གླན་པར་སྤྱོད་ན་ལྟུང་བ་འདི་འབྱུང་ངོ་། །བཅོས་ པར་ནུས་པའི་ཚད་ནི་དམ་དུམ་མཐུད་ཅིང་སྦྱར་དུ་རུང་བས་ཀྱང་དེས་མ་གླན་པར་སྤྱོད་ན་ལྟུང་བ་འབྱུང་ངོ་། །ལུང་ལས། བཅོས་སུ་མི་རུང་བ་ཡིན་ན་ལྟུང་བ་མེད་དོ་ཞེས་སོ། །མཐོ་གང་གི་སྤང་བའོ།། །།དྲུག་པ་བལ་ཁུར་བ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། ། གང་གི་ལྟུང་བ་མེད་པ་བརྗོད། །ཞར་ལ་ལམ་གྱི་ཚད་ཉིད་བསྟན། །བསླབ་པར་བྱ་བ་གཞན་ཡང་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེ་ལས་འཆར་ཀ་མ་གཏོགས་པ་རྣམས་ཀྱིས་བལ་ཁུར་ཏེ་འོངས་ པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་དད་པ་སྐྱེ་བ་དང་དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁུར་ཚ་བ་མེད་ན་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་ལས་འདས་པར་བལ་ཁུར་ཁྱེར་བ་དང་། ཁུར་ཚ་བ་ཡོད་བཞིན་དུ་དགེ་སློང་ 6-1-483a རང་གིས་ཁུར་ན་རྒྱང་གྲགས་གཅིག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ཁུར་བའི་དངོས་པོ་དང་། གང་དུ་ཁུར་བའི་ལམ་མོ། །དང་པོ་ལ་ལྔ་ལས། གོས་ཀྱི་རྒྱུ་བལ་མཚན་ ཉིད་དང་ལྡན་པ་སྟེ་བལ་ཁྱེར་ནའོ་ཞེས་སོ། །དེའང་ལུག་གི་བལ་ནི་མཚོན་པ་སྟེ། བམ་པོ་ལྔ་བཅུ་པ་ལས། རས་བལ་ལ་ན་སྨད་པ་མེད་དོ་ཞེས་སོ། །ངོས་མ་སྤོས་པ་སྟེ། ལུང་ཞུ་བ་ལས། དགེ་སློང་ལམ་དུ་ཞུགས་པ་ཞིག་གིས་ལུག་གི་བལ་ཞིག་རྙེད་ནས་དེས་དེ་དཔག་ ཚད་གསུམ་གྱི་བར་དུ་རང་གིས་ཁྱེར་བ་དང་། དེས་ལུག་གི་བལ་གཞན་ཞིག་རྙེད་ནས་དེས་སྔ་མ་བོར་ཏེ་ཕྱི་མ་ཁྱེར་སོང་བ་སྟེ་དེ་ལྟར་ན་ཉེས་པ་མེད་དོ་ཞེས་གསུངས་སོ། །དེའང་དངོས་གཞིའི་ཉེས་པ་མེད་པ་སྟེ། ཞུ་བ་ཆུང་ཤོས་ལས། དེ་ལྟར་ན་ཉེས་བྱས་སོ་ཞེས་གསུངས་ སོ། །བདག་པོ་རང་གི་ཉིད་ཡིན་པ་སྔ་མ་བཞིན་ནོ། །རུང་བ་དང་ཁུར་དུ་ལོངས་པའི་ཚད་དང་ལྡན་པ་སྟེ། གཞན་དུ་ན། རྣམ་འབྱེད་འགྲེལ་པ་ལས། ཞྭ་ལ་སོགས་པའི་དོན་དུ་དེ་ཙམ་དག་ཁྱེར་བ་ལ་ལྟུང་བ་མེད་པ་ནི་དེ་ལ་ཁུར་མེད་པའི་ཕྱིར་ཞེས་སོ། །གཉིས་པ་གང་དུ་ ཁུར་བའི་ལམ་ནི། ས་ལ་བརྟེན་པའི་ལམ་ཡིན་པ་དང་། རྒྱང་གྲགས་ཀྱི་མཐའ་པ་ཡིན་པ་སྟེ་ནམ་མཁའ་ལ་འགྲོ་ན་ཉེས་བྱས་སོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་བལ་ཁུར་བར་འདོད་པ་ རྒྱུན་མ་ཆད་པའོ། །སྦྱོར་བ་ནི་སྦྱོར་བ་ཕྱེད་ཕྱེད་ཉི་མ་ཐ་དད་ཀྱིས་བར་དུ་བཅད་པ་མ་ཡིན་པར་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདས་པར་བལ་ཁུར་ཏེ་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་རྒྱང་གྲགས་ལས་འདས་པའོ། །གཉིས་པ་ལ། ལྟུང་བའི་དངོས་གཞི་ 6-1-483b བརྗོད་པ་དང་། །ལྟུང་བའི་ན་སྨད་བརྗོད་པའོ། །དང་པོ་ནི། ལུག་གི་བལ་དག་རྙེད་ལ་ཁུར་ཁྱེར་བ་མེད་ན་དཔག་ཚད་གསུམ་གྱི་མཐའི་བར་དུ་རང་གིས་བསྐུར་བའོ། །ཞེས་གནང་བར་གསུངས་སོ། །དཔག་ཚད་གསུམ་པོ་དེ་ལས་འདས་ཏེ་རྒྱང་གྲགས་ཀྱི་མཐར་ཕྱིན་པར་ ལུག་གི་བལ་ཁྱེར་ན་སྤང་བའི་ལྟུང་བའོ་ཞེས་གསུངས་སོ། །ཁྱོར་བ་མེད་ན་ཞེས་བྱ་བ་ནི་ཁུར་ཚ་བ་མེད་ནའོ་ཞེས་ཞུ་འགྲེལ་ལས་སོ། །ཁུར་ཁྱེར་བ་ཡོད་ན་ཡང་ངོ་སྟེ་འདས་པར་ལུག་གི་བལ་ཁྱེར་ནའོ་ཞེས་སྔ་མར་སྦྱར་གྱི། དཔག་ཚད་གསུམ་ལ་ནི་མི་སྦྱོར་བར་བཞེད་དོ། ། དེ་དང་མི་མཐུན་པར་ཞུ་འགྲེལ་ལས་ནི། ཁུར་ཚ་བ་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ། དཔག་ཚད་གསུམ་ལས་འདས་པར་ལུག་བལ་ཁྱེར་ཏེ་རྒྱང་གྲགས་འདས་ན་ལྟུང་བར་འགྱུར་རོ་ཞེས་བཤད་དོ། །ཞུ་འགྲེལ་དང་མཐུན་པར་འགྲེལ་ཆུང་ལས། ཁུར་ཚ་བ་ཡོད་དམ་མེད་ཀྱང་ རུང་སྟེ་དཔག་ཚད་གསུམ་ལས་འདས་པར་ལུག་བལ་ཁྱེར་ནའོ། །དགེ་སློང་གིས་བལ་རྙེད་དེ་ཁུར་ཚ་བ་ཡོད་བཞིན་དུ་བདག་གིས་བླངས་ཏེ་ཁྱེར་ན་ཐོག་མ་ཁྱེར་བའི་ཚེ་ཉེས་བྱས། དཔག་ཚད་གསུམ་དང་རྒྱང་གྲགས་ཕྱེད་དུ་ཕྱིན་ནའང་ཉེས་བྱས་གཅིག །དཔག་ཚད་ གསུམ་དང་རྒྱང་གྲགས་གཅིག་འདས་ནའང་སྤང་བའི་ལྟུང་བའོ་ཞེས་བཤད་དོ། །འགྲེལ་ཆུང་གི་ཚིག་དེ་ལ་ཡང་ནང་འགལ་དུ་མ་སྣང་བར་མ་ཟད། སྤྱིར་ཡང་དེའི་རྗེས་སུ་མི་འབྲང་སྟེ། རྣམ་འབྱེད་འགྲེལ་པར། འཁྱེར་བ་ཡོད་བཞིན་དུ་བདག་ཉིད་ཀྱིས་ཁྱེར་ན་ནི་རྩོམ་ པའི་དུས་ཁོ་ན་ནི་ཉེས་བྱས་གཞན་ཞིག་གོ། རྒྱང་གྲགས་ཕྱེད་དུ་ཕྱིན་ན་ཉེས་བྱས་གཞན་ཞིག་གོ། རྒྱང་གྲགས་ཀྱི་མཐར་ཕྱིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཀྱི། དཔག་ཚད་གསུམ་ཞེས་མ་གསུངས་སོ། །འདས་པར་ལུག་གི་བལ་ཁྱེར་ནའོ་ཞེས་ 6-1-484a གསུངས་པ་ན་འདས་པའི་ཚད་ཅི་ཙམ་ཞེ་ན། ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་ཉིད་དོ་སྟེ་དེ་རྒྱང་གྲགས་ཀྱི་མཐར་ཕྱིན་ན་ལྟུང་བ་བསྐྱེད་དོ། །ཊཱི་ཀ་ལས། ལམ་དུ་འགྲོ་བ་རྣམ་པ་གཉིས་སུ་གསུངས་ཏེ། ལྟུང་བ་དང་བཅས་པ་དང་ལྟུང་བ་ མེད་པའོ། །ལྟུང་བ་དང་བཅས་པའི་ལམ་དུ་འགྲོ་བ་ནི་བལ་ཐོགས་པ་དང་། དགེ་སློང་མ་དང་ལམ་དུ་དང་། དགེ་སློང་མ་དང་ལྷན་ཅིག་གྲུར་འགྲོ་བ་དང་། བུད་མེད་དང་ལམ་དུ་འགྲོ་བ་དང་། རྐུན་མ་དང་ལམ་དུ་འགྲོ་བའོ། །ལྟུང་བ་མེད་པའི་ལམ་དུ་འགྲོ་བ་ནི་ ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་དང་། ཁྲུས་བྱེད་པའོ། །དེ་ལ་ལྟུང་བ་མེད་པའི་ལམ་དུ་འགྲོ་བ་ནི་དཔག་ཚད་ཕྱེད་དོ། །ཞེས་འོག་ནས་འབྱུང་ངོ་། །དེས་ན་ལྟུང་བ་དང་བཅས་པ་རྣམས་ཀྱི་ལམ་གྱི་ཚད་སྤྱིར་བསྟན་པའི་ཕྱིར་ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་ ཉིད་ཅེས་པའི་མདོ་འདི་སྨོས་པ་ཡིན་ནོ། །སྔ་མའི་དམིགས་བསལ་ནི། དབྱར་གནས་པའི་འོག་ཏུ་ལྗོངས་རྒྱུར་མི་འགྲོ་བའི་ཉེས་པ་དགེ་སློང་གི་ཉེས་བྱས། དགེ་སློང་མའི་ལྟུང་བྱེད་འགེགས་པའི་ལམ་དུ་འགྲོ་བ་ཡང་རྒྱང་གྲགས་གཅིག་གོ། གཉིས་པ་ནི། རྒྱང་གྲགས་ ཀྱི་ཕྱེད་ཀྱི་བདག་ཉིད་དུ་སོང་ན་སྦྱོར་བར་འགྱུར་ཏེ། དེ་ཙམ་དུ་སོང་ན་སྦྱོར་བ་ཡོངས་སུ་རྫོགས་པ་ཉིད་ཡིན་ནོ། །ཞུ་བ་ལས། རྫུ་འཕྲུལ་གྱིས་ཁྱེར་ན་ཡང་ལྟུང་བ་མེད་དོ་ཞེས་སོ། །ཞུ་འགྲེལ་ལས། མངོན་པར་ཤེས་པའི་རྫུ་འཕྲུལ་གྱིས་ཁྱེར་བ་ནི་དགེ་བའི་སེམས་ཡིན་ པའི་ཕྱིར་ལྟུང་བ་མེད་དོ་ཞེས་གསུངས་ལ། རྫུ་འཕྲུལ་ལས་གཞན་སྔགས་བཟླས་པ་ལ་སོགས་པས་ནམ་མཁའ་ལ་བལ་འགྲོ་བར་བྱེད་ན་ཉེས་བྱས་སོ། །ས་གཞི་ལ་ཁྱེར་བ་མེད་པའི་ཕྱིར་བལ་ཐོགས་པའི་སྤང་ལྟུང་དུ་མི་འགྱུར་གྱི་ཉེས་བྱས་སོ། །སྤྲུལ་པས་ཀྱང་ཉེས་བྱས་ 6-1-484b སོ། །འདི་ནི་ལུང་ཞུ་བ་ལས། རུང་བ་བགྱིད་པ་སྤྲུལ་པས་དཔག་ཚད་གསུམ་ལས་འདས་པར་བལ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་སོ། །ཞུ་འགྲེལ་ལས། རུང་བར་བགྱིད་པ་ནི་ཉེ་གནས་ལ་སོགས་པ་ཁུར་ཚ་བ་སྤྲུལ་པ་སྟེ་ཞེས་སོ། །བླ་མ་རྣམས་ནི་ དགེ་སློང་བདག་ཉིད་དུད་འགྲོ་ལ་སོགས་པར་སྤྲུལ་པས་བལ་ཁུར་བས་ཀྱང་ཉེས་བྱས་སོ་ཞེས་གསུངས་སོ། །གཉིས་པ་ནི། ཞྭ་དང་། ལྷྭམ་སྒྲོག་གུ་ཅན་དང་། སྟོད་ཀོར་ནང་ཚངས་ཅན་ནི་རྔུལ་གཟན་བར་ཚངས་ཅན་དང་། རྒྱ་ཅང་དང་། ལྕག་པོད་དང་། ཤུར་བུ་ཕྲའུ་སྟེ་དེ་ གསུམ་ནི་སྐ་རགས་ཀྱི་བྱེ་བྲག་གོ། དེ་ལྟ་བུ་ལ་སོགས་པའི་དོན་དུ་ཞྭ་ལ་སོགས་པ་ལྡང་བ་དེ་ཙམ་ཁྱེར་ཏེ་འགྲོ་བ་དག་ལ་ནི་ཉེས་པ་མེད་དོ། །དུལ་བའི་ལྷས། ཁུར་མེད་པའི་ཕྱིར་ཞེས་སོ། །གསུམ་པ་ནི། རྒྱང་གྲགས་ཀྱི་བདག་ཉིད་དོ་ཞེས་སྔར་སྨོས་ན། རྒྱང་གྲགས་དེའི་ ཚད་ཅི་ལྟར་བརྩི་ཞེ་ན། རྣམ་འབྱེད་འགྲེལ་པར། རྡུལ་ཕྲ་རབ་དང་ནི་ཉི་མའི་ཟེར་གྱི་རྡུལ་བཞི་བཅུ་རྩ་དགུའི་ཆ་གཅིག་ལ་རྡུལ་ཕྲ་རབ་གཅིག་གོ་ཞེས་བཤད་ཀྱང་། དྲུག་འགྱུར་དུ་བརྩི་ན་ཉི་ཟེར་གྱི་རྡུལ་གཅིག་ལ་རྡུལ་ཕྲ་རབ་ཁྲི་ཕྲག་ཉི་ཤུ་རྩ་བརྒྱད་ལ་དྲུག་ཅུ་རྩ་བཞི་ཆད་པ་ ཡོད་ཅེས་མཚོ་སྣ་པ་འཆད་དོ། །འདིའི་བརྩི་ལུགས་ནི་ཕྲ་རབ་དྲུག་ལ་རྡུལ་ཕྲན་གཅིག །དེ་དྲུག་གིས་བསྒྱུར་བའི་ཆུ་རྡུལ་གཅིག་ལ་རྡུལ་ཕྲ་རབ་སོ་དྲུག །དེ་བཞིན་དུ་ལྕགས་རྡུལ་གཅིག་ལ་ཉིས་བརྒྱ་བཅུ་དྲུག །རི་བོང་རྡུལ་གཅིག་ལ་ཆིག་སྟོང་ཉིས་བརྒྱ་གོ་དྲུག །ལུས་ རྡུལ་གཅིག་ལ་བདུན་སྟོང་བདུན་བརྒྱ་དོན་དྲུག །གླང་རྡུལ་གཅིག་ལ་བཞི་ཁྲི་དྲུག་སྟོང་དྲུག་བརྒྱ་ང་དྲུག །ཉི་ཟེར་གྱི་རྡུལ་གཅིག་ལ་ཕྲ་རབ་ཉིས་འབུམ་བདུན་ཁྲི་དགུ་སྟོང་དགུ་བརྒྱ་སོ་དྲུག་སྟེ་བཤད་མ་ཐག་པ་ཉིད་དུ་འབྱུང་ངོ་། །བདུན་འགྱུར་དུ་བརྩི་བ་ནི། མཛོད་ལས། 6-1-485a སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་བཤད་དོ། །རྣམ་འབྱེད་འགྲེལ་པ་ལས། འདུལ་བ་ལས་དྲུག་འགྱུར་དུ་བསྒྲེ་བ་ནི་མར་བྲི་བའི་དུས་ཀྱི་ཚེ་མི་ཉམ་ཆུང་བའི་སོར་མོ་རྣམ་ པར་བཞག་པའི་ཕྱིར་རོ། །ཆོས་མངོན་པ་ལས་བདུན་འགྱུར་དུ་བསྒྲེ་བ་ནི་བསྐལ་པ་དང་པོའི་མི་ཉམ་ཆེ་བའི་སོར་མོ་རྣམ་པར་བཞག་པའི་ཕྱིར་ཞེས་འཆད་པ་ལ། བུ་འདུལ་འཛིན་ན་རེ། འདིར་རྡུལ་ཕྲ་རབ་ནས་བརྩམས་པའི་སོར་ཡིན་གྱི། བསྐལ་པ་དང་པོ་དང་། ད་ལྟའི་ མིའི་དབང་དུ་བྱས་པ་མ་ཡིན་ཏེ་ཡིན་ན་དེ་བས་ཁྱད་པར་ཆེ་བའི་ཕྱིར་རོ་ཞེས་འཆད་དེ། འདུལ་བ་ལས་ཆུ་དང་ལྕགས་དང་ཞེས་གསུངས་ན་མངོན་པ་ལས་ལྕགས་ཆུ་ཞེས་གསུངས་པ་དང་འགལ་སྙམ་ན། རྡུལ་ཕྲ་རབ་ལ་དྲུག་འགྱུར་ལྟ་བུ་ལན་གཉིས་སུ་བསྒྲེས་པ་ལ་འདུལ་ བ་ལས་ཆུ་རྡུལ་ཞེས་མིང་བཏགས་ལ། མངོན་པ་ལས་ལྕགས་རྡུལ་ཞེས་མིང་བཏགས་ཏེ། མིང་འདོགས་ཀྱི་ཁྱད་པར་ཏེ་ས་ཡ་བྱེ་བའི་མིང་འཆོལ་བ་ལྟ་བུའོ། །འཇིག་རྟེན་བཞག་པ་དང་གདགས་པ་ལས། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲ་མོ་ བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། ཉི་ཟེར་གྱི་རྡུལ་བཞི་བཅུ་རྩ་དགུའི་ཆ་གཅིག་ནི་རྡུལ་ཕྲ་རབ་ཡིན་ནོ་ཞེས་བཤད་དེ་གཞུང་ལུགས་རྣམ་གྲངས་གཞན་ཡིན་ནོ། །ཉི་ཟེར་གྱི་རྡུལ་ནི་སྣང་བའི་རྡུལ་ལོ། །ལྕགས་རྡུལ་ནི་ཞུན་བྱས་པའི་རྡུལ་ལོ། །རི་བོང་གི་རྡུལ་སོགས་ 6-1-485b ཀྱི་ངོས་འཛིན་དཔྱད་དགོས་ཞེས་རྗེ་བླ་མས་བཀའ་སྩལ་ཏོ། །དེས་ན་རྡུལ་ཕྲ་མོ་དང་། ཆུ་དང་། ལྕགས་དང་། རི་བོང་དང་། ལུག་དང་། གླང་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་། སོར་རྣམས་ནི་སྔ་མ་དྲུག་ལ་ཕྱི་མའོ་ཞེས་པ་ནི་གོ་སླའོ། ། སོར་བཞི་ཕྲག་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་བཞི་ལ་འཛམ་གླིང་པའི་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་དེ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་གོ། ལུང་ལས། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གོ་ཞེས་སོ། །ཞར་ལ་དགོན་པའི་ཚད་བསྟན་པ་ནི། དགོན་ པའི་དང་པོ་ནི་རྒྱང་གྲགས་དེའི་མཐའ་སྟེ་གྲོང་ལས་རྒྱང་གྲགས་ཡན་ཆད་ཀྱིས་བར་ཆོད་པའོ། །བཞི་པ་ནི། རྐྱེན་མེད་པའི་ཚེ་ལུས་ཀྱིས་ཁུར་མི་བསྐུར་རོ། །ཞེས་པ་ལུས་ཀྱི་ཁུར་ནི། ཊཱི་ཀ་ལས། ཕྲག་གདང་གི་ཁུར་ལ་བྱ་སྟེ་ཕྲག་གདང་གིས་ཁུར་བསྐུར་བར་མི་བྱའོ། ། ཞེས་སོ། །གློ་དང་རྒྱབ་དང་རྐེད་པ་ཡིས་དང་། མགོ་བོ་དག་གི་ཁུར་གང་ཡང་མི་བསྐུར་རོ། །དགེ་སློང་མ་ལ་བལ་འཁུར་བའི་སྤང་ལྟུང་མ་བཅས་པས་ཁུར་བསྐུར་བའི་བསླབ་བྱའི་ཉེས་བྱས་ཀྱང་དགེ་སློང་མ་ལ་མི་བསྐྱེད་དམ་སྙམ་ན། ཁུར་བསྐུར་བ་བཀག་པའི་སྐབས་ འདིར་དགེ་སློང་གི་བསླབ་པའི་གཞི་ཐུན་མོང་མ་ཡིན་པ་ཉིད་དུ་དགེ་སློང་མས་ཀྱང་དོགས་པར་མི་བྱ་སྟེ། དགེ་སློང་ཕ་མ་གང་གིས་ཁུར་བསྐུར་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཁུར་ཕྱེད་ལས་ལྷག་པར་བསྐུར་བར་མི་བྱའོ་ཞེས་པ་ནི། ལུང་རྣམ་འབྱེད་ལས། ཁྱིམ་ པ་གཅིག་གི་ཁུར་གང་ཡིན་པ་དེ་དགེ་སློང་གཉིས་ཀྱིས་འདེགས་པར་བྱའོ་ཞེས་གསུངས་སོ། །ལུང་རྣམ་འབྱེད་འགྲེལ་པ་ལས། ཁྱིམ་པ་གཅིག་གི་ཁུར་ཞེས་བྱ་བ་ནི་སྲང་ཉིས་སྟོང་ངོ་ཞེས་སོ། །བལ་ཐོགས་པའི་སྤང་བའོ།། །།བདུན་པ་རྨེལ་དུ་འཇུག་པ་ལ། སྤྱིའི་དོན་ 6-1-486a དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་མ་ལ་བལ་རྨེལ་དུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྔར་འཁྲུར་འཇུག་གི་དང་འདྲ་སྟེ་ཆགས་པས་རྐྱེན་བྱས་ཏེ་རང་རིས་ ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བལ་རྨེལ་དུ་འཇུག་གམ། འཁྲུར་འཇུག་གམ། འཚེད་དུ་འཇུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ ལ་གཉིས་ཏེ། གང་ལ་རྨེལ་བ་ལ་སོགས་པ་བཅོལ་བའི་ཡུལ་དང་། གང་རྨེལ་བ་ལ་སོགས་པའི་དངོས་པོའོ། །དང་པོ་ནི། དགེ་སློང་མ་ཆོས་བདུན་ལྡན་ཏེ་འཁྲུར་འཇུག་པ་ལ་སྔར་བཤད་པ་དང་འདྲའོ། །གཉིས་པ་ལ་དྲུག་ལས། གོས་ཀྱི་རྒྱུ་བ་ལ་ཡིན་པ་སྟེ་ལུག་གི་ བལ་དག་གོ་ཞེས་སོ། །དེས་མཚོན་པ་སྟེ་རས་བལ་ལ་སོགས་པ་ཡང་རུང་ངོ་། །བམ་པོ་ལྔ་བཅུ་པ་ལས། འདྲ་བ་ལ་ཡང་ངོ་ཞེས་སོ། །རྨེལ་བ་ལ་སོགས་པ་འོས་པ་ཡིན་པ་སྟེ། འཆག་པར་རྨེལ་བའིའོ་ཞེས་གསུངས་པས་འཁྲུར་འཇུག་པར་འོས་པ་ཞེས་སྔར་སྨོས་ པའི་གནས་སུ་རྨེལ་བ་ལ་སོགས་པར་འོས་པ་ཞེས་བསྒྱུར་བའོ། །དགེ་སློང་རང་ཉིད་ཀྱི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་སྔར་བཤད་ཟིན་ཏོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རྨེལ་བ་ལ་སོགས་པ་འཆོལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འཆོལ་བར་ཞུགས་པའོ། །མཐར་ཐུག་ནི་ཕྱོགས་ལ་ལས་བྱས་པའོ། །གཉིས་པ་ནི། ཕ་མ་དག་ནས་བདུན་པ་ཞེས་པ་ 6-1-486b ནས་ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་པ་ཡན་ཆད་འཁྲུར་འཇུག་གི་སྐབས་སུ་སྔར་བསྟན་པ་རྣམས་འདིར་ཡང་ཐུན་མོང་ཡིན་ནོ། །ཁྱད་པར་ནི་སྔར་འཁྲུར་འཇུག་གི་སྐབས་སུ་ཆོས་གོས་རྙིང་པ་བྱིན་གྱིས་བརླབས་པ་ཞེས་སྨོས་པའི་གནས་སུ་འདིར་ལུག་གི་བལ་བྱིན་ གྱིས་བརླབས་པ་མེད་པ་དག་གཞུག་གོ། ཆོས་གོས་འཆགས་སུ་འཇུག་པ་དག་ནའོ་ཞེས་པར་བལ་རྨེལ་དུ་བཅུག་ན་སྤང་བའོ་ཞེས་སྦྱར་ཏེ། བལ་འཁྲུར་བཅུག་གམ། འཚེད་དུ་བཅུག་གམ། རྨེལ་དུ་བཅུག་པ་དག་ནའོ་ཞེས་སོ། །འདིར་སྨྲས་པ། འགྲོ་བ་ཀུན་ལ་སྙིང་ རྗེས་དྲངས་པའི་ཡིད། །འཇིག་རྟེན་དབང་ཕྱུག་མཛོད་སྤུའི་ཐིག་ལེ་ལས། །རབ་དཀར་སྐྱེ་རྒུའི་སྙིང་ལ་འགོད་པར་བྱས། །འདིས་ཀྱང་བསྟན་པའི་མེ་ལོང་མ་ཕྱིས་སམ། །སྐྱེ་རྒུ་ངན་སོང་ཉིད་དུ་འདེད་བྱེད་པའི། །ཡིད་སྲུབས་གདུལ་བྱའི་ཁྱུ་མཆོག་བྱེད་རློམ་པ། །དེ་ འདྲའི་སྙིང་ལས་ཁྲག་རྒྱུན་འབྱིན་བྱེད་པོ། །རྡོ་རྗེ་ཧཱུཾ་མཛད་གནྜིའི་སྒྲ་འདི་ཉོན། །ཚངས་པའི་མདངས་འཕྲོག་སངས་རྒྱས་གཟི་སྤེལ་བ། །བསྟན་འཛིན་ཟླ་ཕྲེང་འཁོར་བའི་དབུས་ཉིད་དུ། །ལེགས་བྱས་འོད་ཟེར་འབུམ་གྱིས་མི་དམན་པའི། །མི་འཇིགས་སྦྱིན་པའི་ཉི་ མ་དེ་རིང་ཞུགས། །ཉོན་མོངས་གཉེན་པོར་དལ་གྱིས་འབབ་བྱེད་པ། །བདག་ཡིད་སྔོ་བསང་ཛ་ཧྣུའི་བུ་མོ་ཁྱོད། །སྒྲིབ་པ་བཀྲུ་བའི་ཆོ་ག་བརྟུལ་བསྐྱེད་ནས། །མཆོག་གི་མཐོ་རིས་ཁྲི་ལ་ནམ་ཞིག་འཛེགས། །བལ་རྨེལ་དུ་འཇུག་པའི་སྤང་བའོ།། །།བརྒྱད་པ་གསེར་ དངུལ་ལ་རེག་པ་ལ། ལྟུང་བའི་རྣམ་གཞག་མདོ་ཙམ་སྨོས། །སེལ་བའི་ཡན་ལག་རྒྱས་པར་སྤྲོས། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་གསེར་དངུལ་ལ་རེག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། ། 6-1-487a དགག་བྱ་ནི་ནོར་གྱི་སྲེད་པ་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་རིན་པོ་ཆེ་རུང་བ་མ་བྱས་པ་ལ་རང་ངམ་བསྐོས་པས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བདུན་ཏེ། དེ་ཡང་ རིན་པོ་ཆེ་ཡིན་པ་སྟེ་རིན་པོ་ཆེ་བདག་གིར་བྱས་ན་ཞེས་སོ། །ཐོབ་པར་ལྕོགས་པ་ན་གནས་པ་སྟེ། ལྕོགས་པ་ཉིད་ན་དེ་རྫོགས་སོ་ཞེས་སོ། །རང་གི་ཡིན་པ་དང་། རུང་བ་མ་བྱས་པ་སྟེ། རང་གི་རུང་བར་མ་བྱས་པ་ཡང་ངོ་ཞེས་སོ། །ཐ་སྙད་གདགས་སུ་རུང་བ་ཡིན་པ་སྟེ་ཐ་ སྙད་གདགས་སུ་མི་རུང་བ་ལ་ནི་ན་སྨད་པའི་ཉིད་དོ་ཞེས་སོ། །རུང་བ་བྱེད་པའི་དུས་མ་ཡིན་པ་སྟེ། ཊཱི་ཀ་ལས། རུང་བ་བརྗོད་པའི་ཕྱིར་རེག་ན་ལྟུང་བར་ཡང་མི་འགྱུར་རོ་ཞེས་སོ། །ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་སྟེ། འཇིག་པར་གྱུར་ན་རང་གི་ལ་མི་གནོད་ན་ཞེས་སོ། ། བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རེག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་རེག་གམ་གཞན་ལ་ངག་གིས་བསྒོས་པས་རེག་པར་ཞུགས་པའོ། །མཐར་ཐུག་ནི་རེག་པ་རྫོགས་པའོ། །གཉིས་པ་ནི། ཊཱི་ ཀར། ཅི་ཞིག་བྱས་ན་གསེར་དངུལ་གྱི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་མཚམས་སྦྱར་ནས་རིན་པོ་ཆེ་བསམ་པས་བདག་གིར་བྱས་ནའོ། །གནས་སྐབས་གང་ལ་བདག་གིར་བྱེད་པ་རྫོགས་པར་འགྱུར་ཞེ་ན། །ཐོབ་པར་ལྕོགས་པ་སྟེ་ཐག་ཉེ་བ་མངོན་སུམ་དུ་གྱུར་པ་ཉིད་ན་བདག་ གིར་བྱ་བ་དེ་རྫོགས་སོ། །མངོན་སུམ་དུ་ན་དེ་རྫོགས་ཏེ་འགྲེལ་ཆུང་ལས་མངོན་སུམ་དུ་ན་དེ་རྫོགས་སོ། །མིག་སྔར་མཐོང་བ་ཡན་ལག་གོ་ཞེས་སོ། །ལུང་ཞུ་བ་ལས་ཀྱང་། གསེར་དང་དངུལ་མངོན་སུམ་དུ་ལེན་དུ་བརྩལ་ན་ཅིར་འགྱུར། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། 6-1-487b དགེ་སློང་གིས་གསེར་དངུལ་ལེན་དུ་བཅུག་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་མཆིས་སམ། ལྐོག་གི་ཕྱོགས་ནས་ལེན་དུ་འཇུག་ནའོ་ཞེས་སོ། །ཞུ་འགྲེལ་ལས། ལེན་དུ་འཇུག་པ་ནི་རང་གི་མིག་སྔར་གཞན་ལེན་དུ་འཇུག་ནའོ། །ལྐོག་གི་ཕྱོགས་ནི་སྨྲ་བ་པོའི་ལྐོག་ཏུ་གྱུར་ པ་སྟེ་རང་གི་མིག་སྔར་བབས་པ་དེ་མེད་པས་ཉེས་བྱས་ཁོ་ནར་རྣམ་པར་བཞག་གོ་ཞེས་སོ། །འོ་ན་ལྕོགས་པ་ཉིད་ན་ཞེས་པའི་རང་གི་རྣམ་བཤད་དང་། ཊཱི་ཀ་ལས། ལྕོགས་པ་ཉིད་ན་ཞེས་པ་ལག་ཏུ་འོང་བར་རུང་བ་ཉིད་ན་ཞེས་གསུངས་པ་དང་འགལ་ཅེ་ན། དེ་ནི་ལེན་པའི་ སྤང་བའི་ཊཱི་ཀ་ལས། ལྟ་བའི་ཉེ་འཁོར་དུ་འོངས་པར་གྱུར་པ་ནི་ལག་ཏུ་འོངས་པ་དེའི་དང་པོ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །ཐོབ་པར་ལྕོགས་པ་དེ་བས་ཕ་ཟད་ན་འདུག་པ་བདག་གིར་བྱེད་ན་ནི་ཕྱེད་ཉིད་དོ་སྟེ་ཉེས་བྱས་སུ་འགྱུར་རོ། །བདག་གིར་བྱེད་པ་གཅིག་པུ་ལྟུང་ བའི་བྱེད་པ་པོ་ཡིན་ནམ་ཞེ་ན། རིན་པོ་ཆེ་དེ་དགེ་སློང་རང་གི་ཡིན་པ་དང་། རུང་བ་མ་བྱས་པ་ཡང་ངོ་། །ཡང་སྒྲ་ནི། ཊཱི་ཀར། དེ་བས་ན་རིན་པོ་ཆེ་ལ་སོགས་པ་རུང་བ་མ་བྱས་པ་ནི་ལྟུང་བའི་བྱེད་པ་པོ་ཉིད་དོ་ཞེས་སོ། །རང་གི་ཞེས་པའི་ཊཱི་ཀ་ལས་རང་གི་ཞེས་ལུང་ལས་དངོས་ སུ་མ་གསུངས་ཀྱང་ཤུགས་ཀྱིས་དེ་ཡིན་པར་མངོན་ཏེ། གཞན་གྱི་རིན་པོ་ཆེ་ལ་རེག་ན་ལྟུང་བྱེད་འབའ་ཞིག་ཏུ་བསྟན་པས། རང་གི་ལ་ནི་སྤང་བའི་ཆོ་གར་མཛད་དེ་གཞན་གྱི་ལ་སྤང་བ་མེད་པའི་ཕྱིར་ཞེས་ཊཱི་ཀ་ལས་བཤད་དོ། །བདག་གིར་བྱས་པ་ཙམ་གྱིས་སྤང་བར་ འགྱུར་རམ་ཞེ་ན། རང་གིས་རེག་གམ་གཞན་རེག་ཏུ་བཅུག་ནའོ། །ངག་གི་རིག་བྱེད་གང་ཡང་རུང་བས་རེག་ཏུ་བཅུག་ན་སྤང་ལྟུང་བསྐྱེད་པའོ། །ཊཱི་ཀ་ལས། ཚིག་གིས་ཀྱང་བྱེད་ལ། སྤྲིང་ཡིག་ལ་སོགས་པས་ཀྱང་བྱེད་ན་དེ་དག་འདིར་རེག་པ་གང་ཡིན་པ་རིག་ 6-1-488a པར་བྱ་ཞེ་ན། དེའི་ཕྱིར་གང་ཡང་རུང་བས་སོ་ཞེས་བྱ་བ་སྨྲས་ཏེ་ཞེས་བཤད་དེ། དེ་ནི་ཚིག་དང་སྤྲིང་ཡིག་ལ་སོགས་པ་གང་ཡང་རུང་བས་སོ། །ཞེས་བསྟན་པ་འདྲ་ཡང་དེ་ལྟར་མ་ཡིན་ཏེ། འདིར་ངག་མཚན་ཉིད་ལྔ་ལྡན་གྱི་དབང་དུ་བྱས་ནས་ ངག་གི་རིག་བྱེད་གང་ཡང་རུང་བས་སོ་ཞེས་བརྗོད་དོ། །དེས་ན་རེག་ཏུ་འཇུག་པས་སྤང་ལྟུང་བསྐྱེད་པ་ནི་ངག་ཏུ་སྨྲས་པ་ཡན་ལག་ཏུ་དགོས་ཀྱི། སྤྲིང་ཡིག་ལ་སོགས་པ་ལུས་ཀྱི་རིག་བྱེད་ནི་ཡན་ལག་མ་ཡིན་པའི་ཕྱིར་ན་སྨད་པ་ཉིད་དོ་ཞེས་སོ། །གཉིས་པ་ལ། གང་ལ་ རེག་ཡུལ་སེལ་བ་བསྟན། །རེག་བྱེད་རྟེན་གྱི་སེལ་བ་བཤད། །གནས་སྐབས་སེལ་བ་ཞར་བྱུང་བརྗོད། །གཞི་ཡི་ཡན་ལག་དབྱེ་བ་བསྟན། །གཞི་ཡི་སེལ་བ་བརྗོད་པའོ། །དང་པོ་ནི། ཞུ་འགྲེལ་ལས། ཉེ་བ་ལ་སོགས་འཇིག་རྟེན་གྱི་ཐ་སྙད་གདགས་སུ་རུང་བའི་དོང་རྩེ་ དང་པ་ཎ་ལ་སོགས་པའི་མཚན་མ་བྱས་པའི་ཟངས་མ་ལ་ནི་རེག་གམ་རེག་ཏུ་བཅུག་ན་ཉེས་བྱས་སོ། །སྙད་གདགས་སུ་རུང་བ་ལས་གཞན་དོང་རྩེ་དང་པ་ཎ་ལ་སོགས་པའི་མཚན་མ་མ་བྱས་པ་ཟངས་མ་ལ་ནི་རེག་ཀྱང་ལྟུང་བ་མེད་དོ། །ཟངས་མ་ནི་ཟོག་གོ། ཞ་ཉེ་དང་ ཁྲོ་ཆུ་དང་རོ་ཉེ་དང་ལྕགས་དག་ལ་ཡང་ངོ་ཞེས་པ་ནི་ཉེས་བྱས་དང་། ལྟུང་མེད་གཉིས་ཀ་སྦྱར་ཏེ་དངོས་པོ་དེ་དག་སྙད་གདགས་སུ་རུང་བ་ལ་རེག་ན་ཉེས་བྱས་སོ། །སྙད་གདགས་སུ་རུང་བ་ལས་གཞན་ལ་རེག་པ་ལ་ནི་ལྟུང་བ་མེད་དོ་ཞེས་བསྟན་ཏོ། །དེ་ཡང་སྔ་མའི་ཁུངས་ ནི། ཞུ་བ་ཉུང་ཤོས་ལས། ཁར་བའི་མ་ཤ་ལེན་ནམ་ལེན་དུ་བརྩལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་པ་དང་། ཞུ་བ་མང་ཤོས་ལས། ལྕགས་ཀྱི་མ་ཤ་བླང་ངམ་ལེན་དུ་བཅུག་ན་ཉེས་བྱས་སོ་ཞེས་སོ། །ཕྱི་མའི་ཁུངས་ནི་ཞ་ཉེ་ལ་སོགས་པ་དེ་དག་ལ་དོང་རྩེ་དང་པ་ཎའི་ 6-1-488b དབྱིབས་སུ་མ་བྱས་པའི་དབང་དུ་བྱས་ནས་རེག་ཀྱང་ལུང་དང་། རྣམ་འབྱེད་དང་། རྒྱ་ཆེར་འགྲེལ་ལས་ལྟུང་བ་མེད་དོ་ཞེས་གསུངས་སོ། །གཉིས་པ་ནི། དགེ་ཚུལ་ཕ་མ་གཉིས་ཀྱིས་ཀྱང་ངོ་ཞེས་པ་ནི་ཉེས་བྱས་སོ་ཞེས་པ་དང་། ལྟུང་བ་མེད་དོ་ཞེས་གཉིས་ཀར་སྦྱར་ཏེ་ རང་གི་གསེར་དངུལ་ལ་རེག་ན་ཉེས་བྱས་དང་། གཞན་གྱི་གསེར་དངུལ་ལ་རེག་ན་ལྟུང་བ་མེད་པའོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་དོན་ནི། རིན་པོ་ཆེ་ལ་རེག་པའི་ལྟུང་བ་ཁེགས་པ་དང་། རུང་བའི་བརྟག་པ་བྱས་པས་བཅས་ པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་དངོས་པོ་གང་ལ་རུང་བ་བྱ་བ་ལ་བཞི་སྟེ། རིན་པོ་ཆེའམ་དེ་དང་འདྲ་བ་ཡིན་པ་དང་། རང་གི་ཡིན་པ་དང་། སྔར་རུང་བ་བྱས་པ་དང་མ་འབྲེལ་བ་དང་། མངོན་སུམ་དུ་ཡོད་པའོ། །དང་པོ་ནི། གསེར་དངུལ་ལ་སོགས་པ་རིན་པོ་ཆེ་དང་། དེ་དང་འདྲ་བ་གཡུ་རྡོག་དང་ཁྲབ་རྙིང་མ་ལྟ་བུ་སྟེ་དགེ་སྦྱོང་གི་ཡོ་བྱད་བྱེད་པ་ན་བརྟག་པའི་ཆོ་ག་གནང་ཞིང་། དངོས་པོ་བཟང་བས་ནོར་གྱི་སྲེད་པ་འཕེལ་བའི་དགག་བྱ་དགག་དགོས་པའི་ཕྱིར། འོ་ན་རྟ་བཟང་པོ་དང་ཞིང་ བཟང་པོ་ལ་ཡང་རུང་བའི་ཆོ་ག་བྱའམ་སྙམ་ན་མ་ཡིན་ཏེ། རྟ་ལ་སོགས་པ་མ་བརྟགས་པའི་དངོས་པོ་ཡིན་པས་གང་ཟག་གིས་འཆང་བ་བཀག་ཅིང་། རྟ་ལ་སོགས་པ་ལ་རེག་པ་ལ་རིན་པོ་ཆེ་ལ་རེག་པའི་ཉེས་པ་མེད་ལ། ཞིང་ཁང་ལ་རེག་པ་ལ་རིན་པོ་ཆེ་ལ་རེག་པའི་ཉེས་ པ་མེད་དེ་དགག་བྱ་མེད་པའི་ཕྱིར། གཉིས་པ་ནི། ཊཱི་ཀ་ལས། གཞན་གྱི་རྫས་ལ་ནི་རུང་བ་རྣམ་པ་གསུམ་མ་བསྟན་ཏེ་ཞེས་གསུངས་པས་གྲུབ་བོ། །གསུམ་པ་ནི། སྔར་རུང་བ་བྱས་པ་དང་འབྲེལ་ན་རུང་བ་གཞན་མི་དགོས་པའི་ཕྱིར། བཞི་པ་ནི། མངོན་སུམ་ན་མེད་ན་ཆོ་ 6-1-489a གའི་འཇུག་ཡུལ་མ་ཡིན་པའི་ཕྱིར། གཉིས་པ་རྟེན་གང་གིས་རུང་བར་བྱ་བ་ནི། རབ་ཏུ་བྱུང་བ་སྡེ་ལྔ་གང་ཡང་རུང་བའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། ནོད་ པའི་རྐྱེན་ཅན་ཆོས་གོས་སོགས་མེད་པ་ལ་ཟེར་ཡིན་པ་སྟེ་ཐ་མ་ནི་སྐབས་དོན་གྱིས་གྲུབ་བོ། །གསུམ་པ་ཆེད་དུ་བྱ་བ་ནི། ཆོས་ལྡན་གྱི་ཆེད་དུ་སྟེ། ཆོས་དང་ལྡན་པའི་དོན་ཞེས་གསུངས་པ་དང་། གཞན་པ་ལ་མི་ཆགས་སོ་ཞེས་སོ། །བཞི་པ་རུང་བ་གང་བྱ་བ་ནི། སྦྱིན་བདག་ བདག་པོ་ཉིད་དུ་མོས་སུ་གཞུག་པ་ལ་སོགས་པ་གསུམ་སྟེ་གཞུང་དུ་འཆད་དོ། །རུང་བ་གསུམ་གྱི་ནང་ནས་ཁྱད་པར་དུ་ཡང་བྱིན་གྱིས་རློབ་པ་ལ་བཞི་ལས། ཡུལ་ཆོ་ག་རྣམ་གཞག་གི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་མཚམས་ཀྱི་ནང་ན་གནས་པ་དང་བདུན་ལྡན་པའི་ དགེ་སློང་གི་མདུན་དུ། རྟེན་བཤད་མ་ཐག་པའི་ཆོས་བཞི་ལྡན་གྱིས་དངོས་པོ་ཆོས་བཞི་ལྡན་སྔར་བཤད་པ་དེ་ལ་ཆོ་ག་སྦྱོར་དངོས་མཇུག་གསུམ་གྱིས་བྱིན་གྱིས་བརླབ་པའོ། །སྦྱོར་བ་ནི་རིན་པོ་ཆེ་དེ་མདུན་དུ་བཞག་སྟེ། ཡུལ་དེ་བསླབ་པ་རྒན་ན་དེ་ལ་ཕྱག་བྱས་ཏེ་དངོས་ གཞི་ནི་ཡུལ་རྟེན་གཉིས་ཀ་འགྲེང་སྟེ་འདུད་པ་དང་བཅས་པས་རིན་པོ་ཆེའི་སྟེང་ཐད་དུ་གཉིས་ཀའི་ལག་པ་བརྐྱངས་ཏེ་སྔགས་ལན་གསུམ་བརྗོད་པའོ། །མཇུག་བསྡུ་ལ་ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་པའོ། །གནས་ནས་ཕྱུང་བ་ལ་ནི་བྱིན་གྱིས་རློབ་པའི་ཡུལ་ མེད་པའི་ཕྱིར་རང་གཅིག་པུས་ཀྱང་བྱིན་གྱིས་བརླབ་ཏུ་རུང་བར་འོང་སྟེ། རང་གཅིག་པུས་ཆོས་གོས་བྱིན་གྱིས་བརླབས་པ་བཞིན་ནོ། །ལྔ་པ་རུང་བ་འཇིག་པའི་རྒྱུ་ནི། དངོས་པོ་ཞིང་མ་ཡིན་པར་གྱུར་པ་མུ་ཏིག་མེས་འཚིག་པར་གྱུར་བ་ལྟ་བུ་དང་། རྟེན་ཞིང་མ་ཡིན་པར་ 6-1-489b གྱུར་པ་དགེ་སློང་བབས་པ་ལྟ་བུ་དང་། ནོར་གྱི་མངོན་ཞེན་རྒྱུན་དུ་བྱུང་ཞིང་གཉེན་པོས་མ་བཟློག་ན་ཡང་འཇིག་སྟེ། ཊཱི་ཀ་ལས། གང་ལ་བདག་ཉིད་ཀྱི་ཕྱིར་བདག་གིར་བྱེད་པ་ཡོད་པ་དེ་ལ་ནི་རང་གིས་ཀྱང་རེག་པར་མི་བྱ་ལ། གཞན་ཡང་རེག་ཏུ་གཞུག་པར་མི་བྱ་སྟེ། དེ་ལ་རུང་བ་གསུམ་ཆར་མི་འཆགས་པའི་ཕྱིར་ཞེས་སོ། །རིན་པོ་ཆེ་བྱིན་གྱིས་བརླབས་པ་འདི་ལ་བྱིན་རླབས་དབྱུང་བ་ནི་གསུངས་པ་མེད་དོ། །གཉིས་པ་ནི། རུང་བ་མ་བྱས་པ་ཡང་ངོ་ཞེས་སྨོས་ན་རུང་བ་དེ་ནི་གང་ཞེ་ན། གང་གིས་ཕུལ་བའི་སྦྱིན་བདག་དེ་ཉིད་བདག་པོ་ ཉིད་ཡིན་ནོ་སྙམ་དུ་དགེ་སློང་རང་གི་བསམ་པས་མོས་སུ་གཞུག་པ་གསེར་དངུལ་ལ་སོགས་པ་རུང་བ་མ་ཡིན་པའི་དངོས་པོ་འདིས་རུང་བའི་དངོས་པོ་ཆོས་གོས་ལ་སོགས་པ་མ་ཉོས་ཀྱི་བར་དུ་ནི་དངོས་པོ་འདི་ང་མི་དབང་གི། སྦྱིན་བདག་དེ་ཉིད་དབང་ངོ་སྙམ་དུ་བསམ་པར་བྱ་ སྟེ། ལུང་ལས། སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་གིས་ཇི་སྲིད་འཚོའི་བར་དུ་རིན་པོ་ཆེ་གང་རྙེད་པ་དེ་ཐམས་ཅད་ཞལ་ཏ་པ་ཁྱོད་ཀྱིས་བདག་གཉེར་གྱིས་ཤིག་ཅེས་བཅོལ་ཏེ། ཞལ་ཏ་སྟེ་གཉེར་ཀ་བྱེད་པ་དགེ་བསྙེན་ ལ་སོགས་པ་བསྙེན་པར་མ་རྫོགས་པ་སྤྲོ་བར་བྱས་ཏེ། བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་ཅིང་། དུས་ཕྱིས་དགེ་སློང་གི་གསེར་དངུལ་ལྟ་བུ་རྙེད་པ་ན་དངོས་པོ་འདིས་ཆོས་གོས་ལ་སོགས་པ་མ་ཉོས་ཀྱི་བར་དུ་ནི་དངོས་པོ་འདི་ང་མི་དབང་གི་ཞལ་ཏ་བྱེད་པ་དེ་དབང་སྙམ་དུ་ སེམས་པ་དང་། སྔགས་ལན་གསུམ་བརྗོད་པས་རིན་པོ་ཆེ་བྱིན་གྱིས་བརླབས་པ་ཞེས་བྱ་བ་སྟེ་དེ་གསུམ་ནི་རང་གིས་རིན་པོ་ཆེ་ལ་རེག་ཏུ་རུང་བའི་ཐབས་དག་ཡིན་ནོ། །རུང་བར་བྱས་པ་ལ་རེག་གམ་རེག་ཏུ་བཅུག་ན་ལྟུང་བ་མེད་དོ། །ཆོས་དང་ལྡན་པ་ཆོས་དང་མི་འབྲལ་ 6-1-490a བའི་དོན་རང་གི་ལྷུང་བཟེད་དང་། ཆོས་གོས་དང་། སྨན་ལ་སོགས་པ་ཡོ་བྱད་མི་བདོག་པ་དེ་སྒྲུབ་པའི་རྐྱེན་གྱི་གསེར་དངུལ་ལ་སོགས་པ་ལ་རུང་བ་དེ་དག་འཆགས་ཀྱི། དེ་སྒྲུབ་པའི་རྐྱེན་ལས་གཞན་པའི་གསེར་དངུལ་ལ་སོགས་པ་ལ་རུང་བ་མི་ འཆགས་སོ། །དགེ་སློང་ཡུལ་གཞན་དུ་འདོང་བའམ་དགེ་སློང་གང་ལ་ཡིད་བརྟན་པའི་བདག་པོ་སྦྱིན་བདག་གམ་ཞལ་ཏ་བྱེད་པ་དེ་ཡུལ་ཐག་རིང་བ་རྒྱ་མཚོའི་ཕ་རོལ་དུ་སོང་བ་ཉིད་ཡིན་ན་ཡང་རུང་བ་དག་ལ་ཉམས་པ་མེད་དོ། །ལུང་ལས། སྦྱིན་བདག་དེ་ཇི་སྲིད་ གསོན་པའི་བར་དུ་ཉེས་པ་མེད་དོ་ཞེས་སོ། །བདག་ཉིད་ཀྱི་ལུས་འཚོ་བར་བྱ་བའི་དོན་དུ་བཟའ་བཏུང་སྦྱོར་དུ་བཅུག་ན་ཡང་དེས་ལྟོ་འདུན་ཆེ་བར་མི་འགྱུར་ཏེ་བཟའ་བ་དང་བཏུང་བ་བྱེད་དུ་གཞུག་ཏུ་རུང་ངོ་། །བཟའ་བ་དེ་བྱེད་པ་བྱན་པོ་ལ་སོགས་པའི་གང་ཟག་དེ་ལ་བཟའ་ བའི་རིན་དུ་དབུལ་བའི་ཕྱིར་སྦྱིན་བདག་ལ་ཀརྵ་པ་ཎ་དངུལ་ལས་བྱས་པའི་གཟུགས་ཁྱད་པར་ཅན་བླང་བ་ཡང་རུང་ངོ་། །ཊཱི་ཀར། རུང་བར་བྱས་ཏེ་བླང་བར་བྱའི། རུང་བ་མེད་པར་ནི་བླང་བར་མི་བྱའོ་ཞེས་སོ། །ལམ་རྒྱགས་ལ་ནི་རིན་པོ་ཆེ་མན་ཆད་བཟའ་བར་སྨོས་ པ་ཡན་ཆད་ལས་བསྐུར་དུ་རུང་བའོ། །རིན་པོ་ཆེ་ལྔ་ནི། གསེར། སྭ་ན། དངུལ། རུ་པ། བཻ་ཌཱུཪྻ། སྥ་ཐཱ་ག ཤེལ། མུཀྟི་ཀ །མུ་ཏིག་གོ། རིན་པོ་ཆེར་སྨོས་པ་ལྔ་ནི། ཟངས། ཏུ་སྦ། ཞ་ཉེ། ཤི་ཤ ཁྲོ། ག་རྐ། རོ་ཉེ། ང་ས། ལྕགས་སོ། །ལོ་ཧ། བཟའ་བ་ལྔ་ནི། འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། ཉ་ཤ་དང་། སྣུམ་ཁུར་རོ། །བཟའ་བར་སྨོས་པ་ལྔ་ནི། ཁྲེ་དང་། ཁྲེ་རྒོད་དང་། བྲ་རྒོད་དང་། རྒྱ་སྲན་དང་། ཙི་ཚེའོ། །དེ་རྣམས་ལམ་རྒྱགས་སུ་བསྐུར་བར་ལུང་ལས་གསུངས་པ་འདིར་བསྡུས་པའོ། །དགེ་སློང་གིས་མེའི་དོན་དུ་རིན་པོ་ཆེ་ 6-1-490b མེ་ཤེལ་ནོར་བུ་མེ་ཤེལ་ཏེ་ཉི་མའི་འོད་དང་འབྱོར་པ་ན་མེ་འབྱིན་པའི་ཕྱིར་ཉེ་བར་བཞག་པར་བྱའོ། །ཊཱི་ཀར། འདི་ཡང་ཆོས་དང་ལྡན་པའི་དགོས་པ་ཡིན་པས་རུང་བ་འཆགས་སོ་ཞེས་སོ། །མེ་ཤེལ་དེ་མ་སྦས་པར་བཞག་པར་མི་བྱའོ། །མེ་ཤེལ་དེ་མ་བྱིན་པར་ལེན་པ་རྐུན་པོ་ལ་ བསྟན་པར་མི་བྱའོ། །མེ་ཤེལ་དེའི་འབྲས་བུ་མེ་ཕྱུང་ནས་རྐུན་པོ་དེ་ལ་མེ་སྦྱིན་པར་བྱའོ། །དགེ་སློང་གིས་ཆུའི་དོན་དུ་ཆུ་ཤེལ་ཡང་ཉེ་བར་བཞག་གོ། ཆུ་ཤེལ་བསྲུང་བའི་ཆོ་ག་ནི་མེ་ཤེལ་ལ་བརྗོད་པ་དང་འདྲའོ། །དེ་ཡང་ཆུ་ཤེལ་དེ་མ་སྦས་པར་བཞག་པར་མི་བྱའོ། །མ་ བྱིན་པར་ལེན་པ་ལ་བསྟན་པར་མི་བྱའོ། །ཆུ་ཤེལ་དེའི་འབྲས་བུ་ཆུ་ཕྱུང་ནས་རྐུན་པོ་དེ་ལ་སྦྱིན་པར་བྱའོ། །རྒྱ་དང་ཁབ་ལ་སོགས་པའི་ཡོ་བྱད་རྗེས་སུ་གནང་བར་གསེར་ལས་བྱས་པའི་རྒྱ་དང་། གསེར་གྱི་ཁབ་དང་། གསེར་གྱི་སྨན་ཕོར་ལ་སོགས་པ་རྒྱུ་རིན་པོ་ཆེ་ལས་བྱས་ པ་བདག་གིར་བྱ་བའི་ཤན་བསྲེ་བར་ཏེ། གནང་བའི་ཡོ་བྱད་དེ་དག་འཆང་བར་བསྙད་བཏགས་ནས་རིན་པོ་ཆེ་འཆང་ཞིང་བདག་གིར་མི་བྱ་བ་ཉིད་དོ། །ར་གན་དང་། ཟངས་དང་། འཁར་བ་དང་། ཤིང་གི་ལྷུང་བཟེད་བདག་གིར་མི་བྱའོ། །དེ་དག་བླང་དུ་རུང་སྟེ། ལུང་ ཕྲན་ཚེགས་ལས། ར་གན་གྱི་ལྷུང་བཟེད་ལ་སོགས་པ་བཞི་པོ་དེ་དག་མ་བླངས་པ་ནི་བླང་བར་བྱ་ཞིང་། བླངས་པ་ནི་སྨན་ཕོར་དུ་ལོངས་སྤྱད་པས་སྤྱད་པར་བྱའོ། །ར་གན་ལ་སོགས་པའི་ལྷུང་བཟེད་དེ་དག་སྔར་བསྙེན་པར་མ་རྫོགས་པའི་ཚེ་ན་བདག་གིར་བྱས་པའམ་ དེ་ལས་གཞན་བསྙེན་པར་རྫོགས་པའི་ཚེ་ན་རྙེད་ཅིང་བདག་གིར་མ་བྱས་པ་ཡང་རུང་སྟེ། གལ་ཏེ་ཡོངས་སུ་སྤྱད་དགོས་པར་གྱུར་ན་སྨན་ཕོར་གྱིས་ཡོངས་སུ་སྤྱད་པས་སོ་ཞེས་པ། ཡོན་ཏན་འོད་མར། ཁ་ཟས་ནི་སྨན་ཡིན། སྣོད་སྤྱད་དེ་ནི་སྨན་གྱི་སྣོད་དོ་སྙམ་དུ་ 6-1-491a བསམ་པས་སོ་ཞེས་སོ། །ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བ་ནི་གཉིས་ཁོ་ན་ཡིན་ཏེ། ལྕགས་ལས་བྱས་པ་དང་། ས་ལས་བྱས་པའོ། །འདི་ལ་བསྡུས་པ་ལས། རྡོ་ལས་བྱས་པ་ནི་ས་ལས་བྱས་པའི་ནང་དུ་བསྡུའོ། །གཞན་དུ་ན་ཅིའི་ཕྱིར་ བཅོམ་ལྡན་འདས་མི་རུང་བ་འཆང་ཞེས་བཤད་ཀྱང་། ལུང་ལྔ་ཚན་པ་ལས། ལྷུང་བཟེད་འདི་ལྔ་འཆང་བར་མ་བྱེད་ཅིག །རྡོའི་ལྷུང་བཟེད་དང་ཞེས་གསུངས་ལ། མ་མོ་ལས་ཀྱང་། ལྷུང་བཟེད་བརྒྱད་ནི་མི་གནང་བ་སྟེ། རྡོ་ལས་བྱས་པ་དང་ཞེས་སོགས་གསུངས་སོ། ། བཅོམ་ལྡན་འདས་ཀྱིས་ཡོངས་སུ་སྤྱད་པ་ཙམ་གྱིས་ནི་ཉན་ཐོས་ལ་གནང་བའི་ཁུངས་སུ་མི་ཆེ་སྟེ། བདག་ཉིད་ཆེན་པོ་ཤཱཀྱ་འོད་ཀྱིས་གུར་གུམ་གྱི་མདོག་དང་མཐུན་པ་མེ་ཏོག་ཤེ་བ་ལི་ཀས་ཁ་བསྒྱུར་བ་ལྟ་བུའི་ན་བཟའ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དབང་གིས་གསོལ་ ཡང་། དེ་ཉན་ཐོས་རྣམས་ལ་མི་རུང་བར་གསུངས་པ་བཞིན་ནོ། །བཞི་པ་ནི། རིན་པོ་ཆེ་བདག་གིར་བྱས་ནའོ་ཞེས་སྔར་སྨོས་ན་རིན་པོ་ཆེ་དེ་ནི་གང་དང་གང་ཞེ་ན། ནོར་བུ་དང་སྟེ་ཕྲན་ཚེགས་དང་ཊཱི་ཀ་ལས། ནོར་བུ་ནི་སྣང་བའི་བདག་ཉིད་ཅན་དང་། དུག་འཇོམས་པར་ བྱེད་པའོ་ཞེས་སོ། །ཊཱི་ཀ་ལས། ནོར་བུ་ཞེས་པས་ནི་ཆུ་ཤེལ་དང་མེ་ཤེལ་དག་འཕངས་སོ། །ནོར་བུ་ཁབ་ལེན་ཀྱང་འཕངས་ཀྱི། རྡོ་ཁབ་ལེན་ནི་མ་ཡིན་ཏེ་དེ་ལ་ནི་རིན་པོ་ཆེ་ཉིད་མེད་པའི་ཕྱིར་རོ་ཞེས་སོ། །མུ་ཏིག་དང་ཞེས་པ་ལྗོན་པ་དང་སྲོག་ཆགས་ལས་འབྱུང་ཞེས་ གསོ་དཔྱད་ལས་གསུངས་སོ། །རི་བཻ་ཌཱུཪྻ་ལས་བྱུང་བའི་བཻ་ཌཱུཪྻ་དང་ཞེས་པ་ནི་རིན་པོ་ཆེ་སྔོན་པོར་སྣང་བའོ་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་ཅིང་། ལུང་གཞི་ལས། བཻ་ཌཱུཪྻ་ཟུར་བརྒྱད་པ་དྭང་པ་གསལ་བ་དྲི་མ་མེད་པའོ་ཞེས་སོ། །མན་ཤེལ་དཀར་པོ་དང་ 6-1-491b ཞེས་པ་ནི་ཤངྑ་ཤི་ལ་ཞེས་བྱ་སྟེ། རིན་པོ་ཆེ་དུང་གི་རྣམ་པ་ལྟར་མཆོག་ཏུ་དཀར་པོའོ་ཞེས་བཤད་ཅིང་། ཕྲན་ཚེགས་འགྲེལ་པ་ལས། མན་ཤེལ་ནི་རིན་པོ་ཆེའི་ཁྱད་པར་ཡིན་ཏེ། ཁྱིམ་གང་ན་དེ་ཡོད་པ་དེར་འབྱོར་བ་ཐམས་ཅད་རྒྱས་པར་འགྱུར་རོ། །ཞེས་སོ། ། བྱུ་རུ་དང་ཞེས་པ་བྱེ་མ་ལས་སྐྱེས་པའི་རྡོ་བའོ། །དངུལ་སྐྱ་དང་། གསེར་ས་ལེ་སྦྲམ་དང་། རྡོའི་སྙིང་པོ་ནི་མ་རྒད་ཅེས་དུལ་ལྷས་བཤད་དོ། །སྤུག་དང་ཞེས་པ། རྣམ་འབྱེད་འགྲེལ་པ་ལས། རིན་པོ་ཆེའི་རིགས་ཤིན་ཏུ་གཙོ་བོ་སྔོན་པོ་དང་། སེར་པོ་དང་། དཀར་ པོར་སྣང་སྟེ་ཁྲ་བོའོ་ཞེས་སོ། །བོད་རྣམས་སྤུག་གཟི་ཡིན་ཟེར་བ་ནི་མ་དག་གོ། དམར་པོ་དང་ཞེས་པ། ཕྲན་ཚེགས་འགྲེལ་པ་ལས། པདྨ་རཱ་ག་ཡིན་པར་འཆད་དོ། །དུང་གཡས་སུ་འཁྱིལ་བ་ནི་རིན་པོ་ཆེའི་བྱེ་བྲག་ཡིན་ཏེ། གང་ན་དེ་ཡོད་པ་དེར་དཔལ་དང་འབྱོར་ པ་ལ་རྟག་ཏུ་གནས་པར་འགྱུར་ཞེས་ཕྲན་ཚེགས་འགྲེལ་པ་ལས་སོ། །ལ་སོགས་པ་ཞེས་པས་སངས་རྒྱས་ཀྱི་སྐུ་གདུང་ལ་སོགས་པ་བསྡུའོ། །དེ་རྣམས་ནི་རིན་པོ་ཆེའོ། །ལྔ་པ་ནི། ཞུ་འགྲེལ་ལས། ཉོ་བ་ལ་སོགས་འཇིག་རྟེན་གྱི་ཐ་སྙད་གདགས་སུ་ཉོ་ཚོང་བྱར་མི་རུང་བ་རིན་པོ་ཆེ་གས་ པ་དང་། ཆག་པ་དང་། དུམ་བུ་དང་། འཚིག་པ་ལ་སོགས་པ་ལ་རེག་གམ་རེག་ཏུ་བཅུག་པ་ལ་ནི་ལྟུང་བ་ན་སྨད་ཉེས་བྱས་བསྐྱེད་པ་ཉིད་དོ་ཞེས་སོ། །བསླབ་པའི་གཞི་འདིའི་འོག་མ་མངོན་མཚན་གྱི་སྤྱོད་པ་ལ་ཡང་སྙད་གདགས་སུ་མི་རུང་བ་ལ་ནི་ན་སྨད་པ་ཉིད་ དོ། །སྙད་གདགས་སུ་མི་རུང་བ་དེ་ནི་ནོར་བུ་དང་། མུ་ཏིག་ལ་སོགས་པ་དེ་དག་སེར་ཀ་གས་པ་འབྱར་རུང་བ་དང་མི་རུང་བ་དང་། དུང་གཡས་འཁྱིལ་ལྟ་བུ་ཆག་པ་དང་། རིན་པོ་ཆེའི་དུམ་བུ་ཕྱོགས་གཅིག་མེད་པ་དང་། མེས་འཚིག་པས་རིན་པོ་ཆེ་མ་ཡིན་པ་ཉིད་ 6-1-492a དུ་གྱུར་ཏེ་ཉོ་ཚོང་བྱར་མི་རུང་བར་གྱུར་པའོ། །པ་ཎ་ནི་མངོན་མཚན་ལྷག་མ་ཡོད་པ་ཙམ་དུ་ཉམས་པ་ཡིན་གྱི། ཐལ་བར་གྱུར་པ་ནི་མ་ཡིན་ཏེ་དེ་ལེན་པ་ལ་ཉེས་པ་མེད་པའི་ཕྱིར་རོ། །དངུལ་ལ་སོགས་པ་ལ་པ་ཎ་དང་དོང་རྩེ་ལྟ་བུ་ལས་གཞན་ པའི་དབྱིབས་དང་རི་མོའི་ཁྱད་པར་འགའ་ཞིག་བྱས་ཀྱང་། སྔོན་རྒྱལ་པོ་གང་གི་རིང་ལ་ཡང་ཉོ་ཚོང་གི་གཞི་ཉིད་དུ་མ་སྤྱད་པ་སྟེ་སྔོན་ཉོ་ཚོང་བྱས་པ་ཙམ་ཡང་མི་དྲན་པའི་མངོན་མཚན་ཅན་པ་ཎ་དང་། དོང་རྩེ་ལྟ་བུའི་དབྱིབས་དང་། རི་མོའི་ཁྱད་པར་མ་བྱས་པ་དངུལ་གྱི་ཕྱེ་ མ་ལྟ་བུ་དང་། པ་ཎའམ་དོང་རྩེ་ལྟ་བུའི་མངོན་མཚན་ཅན་དེ་དྲུད་པ་ལ་སོགས་པའི་ཉེས་པས་མཚན་མ་དང་བྲལ་ཏེ། མཚན་དང་མི་ལྡན་པ་དང་། རིན་པོ་ཆེ་མ་ཡིན་པའི་རྫས་ལས་རིན་པོ་ཆེ་འདྲ་བར་བཅོས་པའོ། །གསེར་དང་དངུལ་ལ་སོགས་པ་རིན་པོ་ཆེ་ལ་རེག་པའི་སྤང་ བ་སྟེ། ཞུ་འགྲེལ་ལས། གསེར་དངུལ་འདི་གཉིས་ཀྱང་ནོར་བུ་ལ་སོགས་པ་རིན་པོ་ཆེ་གཞན་གྱི་དཔེ་ཡིན་ནོ་ཞེས་པ་ལྟ་བུའོ།། །།དགུ་པ་མངོན་མཚན་ཅན་གྱི་སྤྱོད་པ་ལ། ལྟུང་བའི་རྣམ་པར་གཞག་པ་བརྗོད། །དེ་ཡི་ལྟུང་བ་མེད་པ་བསྟན། །བསླབ་པར་བྱ་བའི་གནས་ སྐབས་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་མངོན་མཚན་ཅན་གྱི་སྐྱེད་འགྱེད་པར་བྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་། མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །ངོ་ཏི་ ནི་བཅས་ལྡན་དགེ་སློང་གིས་སྐྱེད་ཀྱི་གཞི་གསེར་དངུལ་ལ་སོགས་པའི་དངོས་པོ་ཁྱིམ་པ་ལ་བསྐྱེད་དུ་བཏང་སྟེ། ཡུལ་དུས་དེ་ན་སྐྱེད་གང་ཡོད་པ་ཐོབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ 6-1-492b ལ་བསྐྱེད་པའི་ཡུལ་དང་། གང་བསྐྱེད་པའི་དངོས་པོའོ། །དང་པོ་ནི། ཁྱིམ་པ་ཆོས་ལྔ་ལྡན་ཏེ། གོས་སློང་བའི་སྐབས་སུ་བཤད་པའི་ཁྱིམ་པ་ཆོས་དྲུག་ལྡན་ལས་ཅི་བདེར་སྟོབ་པ་མ་ཡིན་པ་ནི་འདིར་མི་བགྲང་ངོ་། །གཉིས་པ་ལ་བཞི་ལས། གསེར་དངུལ་ལ་སོགས་པའི་ དངོས་པོ་ཡིན་པ་སྟེ་རིན་པོ་ཆེ་སྤྱོད་པ་ལ་སོགས་ཞེས་གསུངས་ཤིང་དེས་འབྲུ་ལ་སོགས་པ་ཡང་མཚོན་པའོ། །དངོས་པོ་དེ་རིན་པོ་ཆེ་ཡིན་ན་སྙད་གདགས་སུ་རུང་བ་སྟེ། འོག་མ་ལ་ཡང་ངོ་ཞེས་སོ། །བདག་པོ་རང་ཉིད་ཀྱི་ཡིན་པ་སྟེ། འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་ སོ། །ཚད་དང་ལྡན་པ་སྟེ་དེ་ཡང་རས་ཁྲུ་གང་གི་རིན་དུ་ཆོག་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་བསྐྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་བསྐྱེད་པར་ཞུགས་པའོ། ། མཐར་ཐུག་ནི་བསྐྱེད་ཕྱིན་ཅིང་ཐོབ་བློ་སྐྱེས་པའོ། །གཉིས་པ་ནི། གང་ལ་ལྟུང་བ་འདི་འབྱུང་བར་འགྱུར་ཞེ་ན། རྙེད་པ་ཁེ་སྤོགས་དང་། བུན་དུ་གཏོང་ཞིང་ལྷག་འདོད་པ་ལ་ལྟུང་བ་འདི་འབྱུང་ངོ་། །ཁེ་འདོད་པ་མ་ཡིན་ན། ལུང་ཞུ་བ་ལས། འདྲ་བས་འདྲ་བ་བརྗེས་ན་ཉེས་པ་ མེད་དོ་ཞེས་སོ། །བུན་སྐྱེད་བཏང་བའི་ཡུལ་ལྟ་བུ་སྟེ་གང་ལ་བསྐྱེད་པའི་ཡུལ་ཕ་རོལ་པོ་དེ་ཁྱིམ་པ་ཉིད་དང་། དགེ་སློང་རང་གི་ཉེ་དུ་མ་ཡིན་པ་ཉིད་ཡིན་ན་སྤང་ལྟུང་དངོས་གཞིའོ། །ཕ་རོལ་པོ་རབ་བྱུང་དང་ཉེ་དུ་ལ་བསྐྱེད་ན་ནི་ཉེས་བྱས་ཙམ་དུ་ཟད་དོ། །བསྐྱེད་ཕྱིན་ཏེ་ཁེ་ཐོབ་ན་ དངོས་གཞིའོ། །ཊཱི་ཀར། སྐྱེད་མེད་ན་ནི་སྦྱོར་བའི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་དང་། བཤགས་པའི་དུས་ན་ཡང་སྐྱེད་ཉིད་སྤང་བར་འོས་པ་ཉིད་ཡིན་གྱི་རྩ་བར་གྱུར་པའི་རྫས་ནི་མ་ཡིན་ནོ་ཞེས་སོ། །སྐྱེད་དང་རྩ་བའི་ངོ་བོ་ཐ་དད་མེད་ཅིང་བྱེ་བྲག་མ་ཕྱེད་ན་ཐམས་ཅད་སྤང་ངོ་། ། 6-1-493a མངོན་མཚན་ཅན་འདིའི་འོག་མ་ཉོ་ཚོང་བྱེད་པ་ལ་ཡང་མདོ་གསུམ་པོ་དེ་ཐུན་མོང་ངོ་། །གཞི་གང་ལས་བསྐྱེད་ཕྱིན་ན་མངོན་མཚན་ཅན་གྱི་སྤང་བར་འགྱུར་ཞེ་ན། པ་ཎའམ་རིན་པོ་ཆེ་སྤྱོད་པ་ལས་སོ། །པ་ཎ་དང་དོང་རྩེ་ནི་རྣམ་པ་འདྲ་བ་ཡིན་གྱི་གཅིག་པ་ནི་ མིན་ཏེ། ཊཱི་ཀ་ལས་དེ་གཉིས་ཐ་དད་དུ་བཤད་དོ། །དགེ་སློང་མའི་རྣམ་འབྱེད་ལས། མངོན་མཚན་ཅན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ། །མངོན་མཚན་ཅན་སྤོང་ན་ཞེས་བྱ་བ་ནི་གསེར་རམ་དངུལ་ལོ་ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་པ་ལས། མངོན་མཚན་ཅན་ཞེས་ བྱ་བ་ནི་ཐ་སྙད་དུ་བྱ་བའི་མཚན་མ་ཅན་དེ་ཟླུམ་པོ་ལ་སོགས་པའི་དབྱིབས་ལ་མི་ལ་སོགས་པའི་རྟགས་བྱས་པའོ་ཞེས་བཤད་དེ། གསེར་རམ་དངུལ་ལ་དོང་རྩེ་དང་། པ་ཎའི་གཟུགས་ཀྱི་ཁྱད་པར་བྱས་པ་ནི་མངོན་མཚན་ཅན་ནོ། །འདིར་མངོན་མཚན་ཅན་གྱི་སྤྱོད་པ་ཞེས་གསུངས་ པ་ནི་ཕྱོགས་གཅིག་ལ་མཚོན་པ་སྟེ། ནས་ལ་སོགས་པ་བུན་སྐྱེད་བྱས་པ་ལ་ཡང་ལྟུང་བ་འདིར་འགྱུར་ཏེ། སྐབས་འདི་ཉིད་ཀྱི་ལུང་དགེ་སློང་གི་རྣམ་འབྱེད་ལས། ནས་དང་འབྲུའི་བུན་སྐྱེད་འགྱེད་པར་བྱེད་ཅིང་རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་ གསུངས་ཤིང་། སྐབས་འདིའི་མའི་རྣམ་འབྱེད་ལས་ཀྱང་། ནས་དང་གྲོ་གསར་ཐོག་གི་ཕྱིར་བུན་དགྱེ་བར་གཞལ་བའི་སྣོད་ཀྱིས་གྲོ་དང་ནས་བསྐྱེད་དུ་གཏོང་བ་སྟེ་རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །ལུང་རྣམ་འབྱེད་ཀྱི་སྐབས་འདི་ཉིད་ལས། ནས་དང་འབྲུ་རྙིང་པ་གསར་ཕྱེད་དང་གཉིས་སྡེའི་ཕྱིར་གཏོང་བ་ཞེས་པའི་འགྲེལ་པར། རྙིང་པ་ཁལ་གཅིག་བཏང་ན་གསར་ཁལ་ཕྱེད་དང་གཉིས་ལེན་པ་ལ་སོགས་པ་བཤད་དོ། །ལུང་ཞུ་བའི་འགྲེལ་པར། མངོན་མཚན་ཅན་ཏེ་ཀརྵ་པ་ཎ་ལ་སོགས་པའོ་ཞེས་སོ། །འདིའང་ 6-1-493b ནས་དང་འབྲས་ལ་སོགས་པའི་དཔེ་སྟེ། རྣམ་པར་འབྱེད་པ་ལས། ནས་དང་འབྲས་སྐྱེད་འགྱེད་ཅིང་འབྲས་བུ་སྤྱོད་ན་ཡང་སྤང་བའི་ལྟུང་བྱེད་དུ་གསུངས་པའི་ཕྱིར་རོ། །སྦྱོར་བ་ལས་ནི་ལུས་ངག་གི་རྗེས་སུ་བསྒྲུབ་པ་མང་པོ་ཡོད་ཀྱང་སྦྱོར་བའི་ཉེས་བྱས་གཅིག་པ་ཉིད་དོ། ། གཉིས་པ་ནི། སྐབས་གཞན་དུ་ནི་གཙུག་ལག་ཁང་ལ་ཀུན་དགའ་ར་བ་ཞེས་བརྗོད་ཅིང་། སྐབས་འདིར་ནི་ནགས་ཀྱི་ལྡུམ་ར་ལ་མིང་ཀུན་རར་བརྗོད་དེ། ནགས་ཀྱི་ཀུན་དགའ་ར་བ་བསྲུང་བ་ནི་ལྡུམ་རའི་ཤིང་ཏོག་ལ་སོགས་བསྲུང་བའི་མི་འམ་དགེ་བསྙེན་གཏན་ཁྲིམས་ལྔ་དང་ ལྡན་པ་དག་དགེ་འདུན་གྱི་འཁོར་ན་ཡོད་ན་དེ་གཉིས་བསྐོ་བས་དཀོན་མཆོག་གསུམ་གྱི་དོན་དུ་བུན་སྐྱེད་བཏང་བས་བསྐྱེད་པར་བྱའོ། །གསུམ་པ་ནི། དཀོན་མཆོག་གསུམ་གང་གི་དོན་དུ་བུན་སྐྱེད་བཏང་ཡང་རུང་སྟེ། དཀོར་ཆུད་མི་གཟན་པའི་ཕྱིར་གཏའ་མ་ཉིས་རིར་བླང་བར་ བྱའོ། །དེ་གསུམ་གྱི་དོན་དུ་བསྐྱེད་ན་ཇི་ལྟར་བྱ་ཞེ་ན། དགུ་པོ་འདི་རྣམས་ཡི་གེར་བྲིས་ཏེ་དཔང་པོ་དང་། ལོ་དང་། ཟླ་བ་དང་། ཉི་མ་དང་། དགེ་འདུན་གྱི་གནས་བརྟན་དང་། དགེ་བསྐོས་ཏེ་གཙུག་ལག་ཁང་སྐྱོང་དང་། ལེན་པ་པོ་དང་། རྫས་དང་། བསྐྱེད་དེ་ཚད་ འདི་ཙམ་དུ་ཆད་དོ་ཞེས་པ་རྣམས་ཡི་གེར་བྲིས་ཏེ་ཡིད་ཆེས་པའི་དཔང་པོ་དང་། མི་འགྱུར་བའི་རྟགས་སམ་རྒྱར་ཡི་གེ་བྲིས་ནས་ཕྱིས་རྫས་ཏེ་བཏང་བར་བྱའོ། །དཀོན་མཆོག་གི་དོན་དུ་བསྐྱེད་བཏང་བ་ན་བུན་དེའི་བྱུང་མཐའི་རྒྱུས་ཤེས་པའི་དགེ་སློང་དེས་བུ་ལོན་བདའ་བའི་ རྒྱུས་དེ་རྒྱུས་མི་ཤེས་པའི་དགེ་སློང་གཞན་ལ་ཡང་བཤད་ཅིང་ཁོང་དུ་ཆུད་པར་བྱའོ། །གསེར་དངུལ་ལ་སོགས་པ་ནི་རྫས་གྲགས་པ་ཅན་ཡིན་པས་རྫས་མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བ་སྟེ། འགྲེལ་ཆུང་གི་གཞུང་རྩ་བ་ལས། དངུལ་འཚོང་བའི་སྤང་བའོ་ཞེས་སོ།། །། 6-1-494a བཅུ་པ་ཉོ་ཚོང་གི་སྤང་བ་ལ། ལྟུང་བའི་རྣམ་པར་གཞག་པ་བརྗོད། །དེ་ཡི་ལྟུང་བ་མེད་པ་བསྟན། །བསླབ་པར་བྱ་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་བའི་གཞི་གང་ཞེ་ ན། མཉན་ཡོད་དུ་དྲུག་སྡེས་ཉོ་ཚོང་རྣམ་པ་སྣ་ཚོགས་བྱས་པ་ལ་བརྟེན་ནས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་ཆེས་དང་། མ་བྱིན་ལེན་གྱི་རྒྱུར་འགྲོ་ཚུལ་སྔ་མ་དང་འདྲའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ནས་དང་འབྲས་ལ་སོགས་པའི་དངོས་པོ་ཁྱིམ་པ་ དང་ཉོ་ཚོང་བྱས་ཏེ། ཁེ་ཐོབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དང་ཉོ་ཚོང་བྱ་བའི་ཡུལ་དང་། གང་ཉོ་ཚོང་བྱ་བའི་དངོས་པོའོ། །དང་པོ་ནི། ཁྱིམ་པ་ཆོས་ལྔ་ལྡན་ཏེ་སྔ་མ་དང་འདྲ་བའོ། ། གཉིས་པ་ལ་བཞི་ལས། འབྲས་ལ་སོགས་པའི་དངོས་པོ་ཡིན་པ་སྟེ། གཞན་གྱིས་སོ་ཞེས་གསུངས་ཤིང་། དེས་དེ་དང་མཚུངས་པ་གཞན་ཡང་མཚོན་པའོ། །བདག་པོ་རང་གི་ཉིད་ཡིན་པ་དང་། ཕལ་ཆེར་རུང་བ་དང་། ཚད་དང་ལྡན་པའོ། །བསམ་པའི་ཡན་ལག་ལ་གཉིས་ ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ཚོང་ཁེ་བསྒྲུབ་པའི་ཕྱིར་ཉོ་ཚོང་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཉོ་ཚོང་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་ཚོང་ཁེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །གཉིས་པ་ནི། ཉོ་ ཚོང་གི་སྤང་ལྟུང་འདི་གཞི་གང་གིས་བསྐྱེད་ཅེ་ན། སྔར་སྨོས་པའི་པ་ཎའམ་རིན་པོ་ཆེ་ལས་གཞན་འབྲས་དང་གོས་ལ་སོགས་ཀྱིས་བསྐྱེད་པས་སོ། །འོ་ན་པ་ཎའམ་རིན་པོ་ཆེས་སྤྱོད་པ་ལས་སོ་ཞེས་སྔར་སྨོས་པ་དང་། གཞན་གྱིས་སོ་ཞེས་འདིར་སྨོས་པ་དེ་གཉིས་སོ་ 6-1-494b སོར་ངེས་དོན་ཡིན་ནམ། ཕན་ཚུན་མཚོན་དོན་ཡིན་ཅེ་ན། སྔར་པ་ཎའམ་རིན་པོ་ཆེ་སྨོས་པ་ནི་མཚོན་པ་སྟེ། ཊཱི་ཀ་ལས། པ་ཎ་དང་རིན་པོ་ཆེ་ལ་སོགས་པ་སྤྱོད་པ་ལས་སོ་ཞེས་ཏེ་ལ་སོགས་པ་ཞེས་སྨོས་པ་དང་། མངོན་མཚན་གྱི་སྤྱོད་པའི་སྐབས་ཀྱི་ལུང་རྣམ་འབྱེད་གཉིས་ཀ་ལས། ནས་དང་འབྲུའི་བུན་སྐྱེད་འགྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་གསུངས་པ་དང་། དེ་ཁོ་ན་ལྟར་རྣམ་འབྱེད་འགྲེལ་པ་དང་ཞུ་འགྲེལ་ལས་ཀྱང་བཤད་དོ། །གཞན་གྱིས་སོ་ཞེས་འདིར་སྨོས་པ་དེ་ཡང་མཚོན་པ་སྟེ། རིན་པོ་ཆེ་ཉོ་ཚོང་བྱེད་ན་ཡང་ཉོ་ཚོང་གི་སྤང་བར་འགྱུར་ཏེ། ཊཱི་ཀ་ལས། གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་ལ་སོགས་པ་སྤྱོད་པ་ལས་ཕྱིན་ན་ལྟུང་བ་འདིར་འགྱུར་རོ་ཞེས་བཤད་དོ། །མངོན་མཚན་ཅན་གྱི་སྤྱོད་པའི་སྐབས་ཀྱི་འགྲེལ་ཆུང་ལས། འདི་གཞི་གཅིག་ལ་འདུག་ཅིང་བུན་དང་བེད་དང་བསྐྱེད་དུ་གཏོང་བ་ལའོ་ཞེས་བཤད་ཅིང་། ཉོ་ ཚོང་བྱེད་པའི་སྐབས་ཀྱི་འགྲེལ་ཆུང་ལས། གསེར་དངུལ་འབའ་ཞིག་ཏུ་མ་ཟད་ཀྱི་ནོར་རྫས་དང་། ཕྱུགས་གཟན་དང་། མི་ལ་སོགས་པ་ཡུལ་གཞན་དུའམ། ལམ་རིང་པོར་ཚོང་སྤོགས་བྱེད་ན་ལྟུང་བར་འགྱུར་ཞེས་བཤད་དེ། གཞི་ན་འདུག་པ་དང་ཡུལ་གཞན་ནི་ཕན་ཚུན་ མཚོན་པ་ཡིན་པར་ཤེས་པའོ། །གཉིས་པ་ནི། ཚོང་པ་ལྟ་བུས་དགེ་འདུན་ལ་ཆོས་སྟོན་འདྲེན་པའི་འབྲས་དགེ་འདུན་ལ་ཉོར་བྱུང་ན་དགེ་འདུན་གྱི་བཤོས་ཀྱི་ཕྱིར་དགེ་འདུན་གྱི་འབྲས་རིན་གྱིས་ཉོ་བ་ལ་ཉོར་སྦྱིན་པར་བྱ་སྟེ། ཉོ་ཚོང་གི་ཉེས་པ་མེད་དོ། །ཊཱི་ཀར། འབྲས་ཞེས་སྨོས་ པ་ནི་མཚོན་པ་སྟེ། འབྲུ་ཐམས་ཅད་དང་རས་བལ་ལ་སོགས་ཐམས་ཅད་ལ་དེ་བཞིན་ནོ་ཞེས་སོ། །གལ་ཏེ་འབྲས་ཀྱི་བདག་པོ་དགེ་འདུན་དེ་ཉིད་ཀྱི་བཤོས་ཀྱི་ཕྱིར་ཉོ་ན་རིན་ཐང་མཉམ་པར་མི་བྱའི། འབྲས་ཀྱི་རིན་ལས་ལྷག་པའི་འཐེབ་དང་བཅས་པ་རིན་ཆེར་བསྐྱེད་དེ་སྦྱིན་ 6-1-495a པར་རོ་ཞེས་པའི་ཤུགས་ལས་དགེ་འདུན་གྱི་ཕྱིར་ཉོ་ན་ནི་རིན་ཐང་མཉམ་པ་སྟེའོ་ཞེས་ཐོབ་བོ། །འགྲེལ་ཆུང་ལས། དགེ་འདུན་གཞན་གྱི་ཕྱིར་ཉོ་ན་ནི་ཅི་རི་བ་ཙམ་གྱི་རྒྱུ་སྦྱིན་ནོ་ཞེས་སོ། །དགེ་འདུན་གྱི་འབྲས་ལ་སོགས་པ་ཟད་ན་དགེ་འདུན་གྱིས་ཀྱང་འབྲས་ ལ་སོགས་པ་ཉོ་བར་བྱའོ། །ལས་བྱེད་པའི་དགེ་སློང་གིས་ཉོ་བའོ། །མ་ཟད་ཀྱང་དགེ་འདུན་གྱིས་འབྲས་ལ་སོགས་པ་འབྲུ་གསར་པ་ཡང་ཉོ་བར་བྱའོ། །སྟོན་ཉོ་ན་རིན་ཆུང་བ་དང་སྲོག་ཆགས་མེད་པའི་ཕྱིར་རོ། །གལ་ཏེ་འབྲས་ལ་སོགས་པ་རྙིང་པ་ལ་སྲོག་ཆགས་ཡོད་ན་ནི་ བཙོང་དུ་མི་རུང་ཞེས་ཤུགས་ཀྱིས་བསྟན་ཏོ། །མེད་ན་རྙིང་པ་བཙོང་ཞིང་གསར་པ་ཉོ་བར་བྱ་སྟེ་ཉོ་བཙོང་གི་ཉེས་པ་མེད་དོ། །རྙིང་ན་ནད་དུ་འགྱུར་ཞིང་སྲོག་ཆགས་འཇུག་པ་དང་། རུལ་བར་འགྱུར་བས་བཙོངས་ཀྱང་ཉེས་པ་མེད་དོ། །གསུམ་པ་ནི། དགེ་སློང་གིས་ཕ་རོལ་ཚོང་ བྱེད་པའི་རྫས་ལ་རིན་འདི་ཙམ་རི་ཞེས་རིན་ཐང་མི་གདབ་བོ། །ཁྱིམ་པའི་ཉོ་ཚོང་བྱེད་པ་དག་ཏུ་དགེ་སློང་གིས་ལག་གཞུག་པར་གཏོགས་འདོད་དང་བར་ཚངས་མི་བྱའོ། །དགེ་སློང་གིས་ཆོས་གོས་ལ་སོགས་པའི་ཡོ་བྱད་དག་ཉོ་ན་ཁྱིམ་པ་སྒྲིམ་པོ་ལ་བཅོལ་ཏེ་ཉོར་གཞུག་གོ ། རང་གིས་ནི་མི་བྱའོ། །འོད་ལྡན་ལས། ཉོ་བར་བྱེད་པའི་ཁྱིམ་པ་སྒྲིམ་པོ་མེད་ན་དགེ་སློང་རང་གིས་རྫས་དེའི་རིན་ཐང་བཅང་བར་བྱ་ཞིང་རིན་འདི་ཙམ་བྱིན་ཅིག་ཅེས་ལན་གསུམ་གྱི་བར་དུ་དྲི་བའི་ཚིག་བརྗོད་པར་བྱ། ནོར་བདག་གིས་ནོར་མི་རི་བ་ལ་རིན་ཆེར་བཏབ་ན་དགེ་སློང་ གིས་ཅི་རི་གཤེར་ཏེ་ལན་གསུམ་དུ་དད་པ་དྲིས་ནས་ཕ་རོལ་དད་ན་ཚོང་བྱས་ཀྱང་ཉེས་པ་མེད་དོ། །ཟོང་ལ་རྩེག་པ་ནི་ཉོ་བའི་ཚེ་ན་ཅུང་ཟད་བསྐྱེད་པ་དང་། འཚོང་བའི་ཚེ་ན་ཅུང་ཟད་འབྲི་བར་བྱེད་པ་སྟེ་དེ་ནི་ཟོང་ལ་རྩེག་པར་བྱེད་པ་ཡིན་པར་གྲགས་སོ་ཞེས་ཊཱི་ཀ་ལས་བཤད་དེ། དགེ་ 6-1-495b སློང་ལ་གཞན་གྱིས་ཉོ་བ་དང་འཚོང་བའི་ཚེ་ནའོ། །དེ་ནི་གཞན་གྱི་དོན་དུ་ཡང་མི་བྱ་སྟེ་རང་དོན་དུ་ལྟ་ཅི་སྨོས་སོ། །དམིགས་ཀྱིས་བསལ་བ་དཀོན་མཆོག་གསུམ་གྱི་དོན་དུ་ནི་ཟོང་ལ་རྩེག་པར་བྱེད་དེ་དེ་མི་བྱ་བ་ལ་མ་གཏོགས་སོ། །དེ་ཁོ་ན་ལྟར་མ་ཡིན་ན་ངས་ཀརྵ་པ་ཎ་ལྔ་སྦྱིན་ ནོ་ཞེས་ཏེ་ཡལ་བ་ན། ཞྭ་ལ་སོགས་པ་དེའི་གཏར་འཇོག་པ་དེ་ལྟ་བུའི་གཏའ་གཞུག་པའམ་ཡལ་བཟུང་བར་མི་བྱའོ། །དགེ་སློང་རང་གི་གདེང་མེད་པར་རྒྱལ་འགྱེད་ཅིང་སྐུགས་བཙུགས་ཏེ་ནོར་ཐོབ་ཀྱང་ཉེས་བྱས་སོ། །དགེ་འདུན་གྱི་གསེར་ལ་སོགས་པའི་རྫས་དེ་གཏད་དོ་ ཞེས་སྦྱར་རོ། །སུ་ལ་གཏད་ན་དགེ་འདུན་གྱི་ཆེད་དུ་ཁེ་སྤོགས་སྒྲུབ་པར་བྱེད་པའི་དགེ་སློང་ལ་གཏད་དོ། །ཇི་ལྟར་གཏད་ན་དགེ་འདུན་གྱི་དམ་བཞག་པ་ལ་སོགས་པ་དགེ་འདུན་གྱི་རྫས་ཀྱི་གཉེར་ཀའི་ལས་བྱེད་པ་ལས་བླངས་ཏེ་གཏད་དོ་ཞེས་བསྟན་ཏོ། །འདི་མན་ཆད་ནི་དགེ་ སློང་སྤོགས་པ་དེའི་བྱ་བ་བརྗོད་པར་བྱ་སྟེ། དགེ་སློང་དེ་དགེ་སློང་རྒན་རབས་རྒན་རབས་དག་ཅེས་ལན་གཉིས་སྨོས་པ་ནི་གཅིག་ལ་ཞུས་པས་མི་ཆོག་གི། དུ་མ་ལ་མ་ཞུས་པར་དགེ་འདུན་གྱི་དོན་དུ་དེའི་རྫས་ལ་ཁེ་སྤོགས་བསྒྲུབ་པ་ལ་བརྩོན་པར་མི་བྱའོ། །དགེ་སློང་སྤོགས་ པ་དེས་དགེ་འདུན་གྱི་རྫས་བླངས་པ་དེའི་ཚེ་དེ་མ་ཐག་ཁོ་ནར་རྫས་མནོས་པ་དང་། བསབ་པ་དེའི་ཚིག་དུས་དང་། རྫས་དང་། རིན་ཐང་ལ་སོགས་པ་ཡི་གེ་བྲི་བའི་དམ་བཞག་ལ་དགེ་སློང་སྤོགས་པ་དེས་ནན་ཏན་བྱས་ཏེ་གཞན་གྱི་འཆར་ཀའི་སྐབས་བསལ་བའི་ཕྱིར་དང་། བདག་ཉིད་ཀྱིས་དྲན་པར་བྱ་བའི་ཕྱིར་དང་། འགྱོད་པ་མི་སྐྱེ་བར་བྱ་བའི་ཕྱིར་རོ། །འདིར་སྨྲས་པ། འདི་ན་ལ་ལ་མཐོང་སྤང་མ་མ་ཡིས། །ལེགས་པར་བསྐྲུན་པའི་དུཿཁ་གཞོན་ནུ་དག །བསྟན་ལས་ཕྱི་རོལ་གྱུར་པའི་སོ་ཡིས་ནི། །མན་ཤེལ་དཀར་པོའི་འོད་ཀྱང་ཟིལ་གྱིས་ 6-1-496a གནོན། །གང་ཞིག་མཐོ་རིས་སྲོག་ནི་མལ་ནས་འཕོ་ལ་ཉེ། །མི་བཟད་ངན་སོང་རྒྱ་མཚོས་མདུན་ནས་མཆོད་སྤྲིན་སྤེལ། །ལས་དང་ཉོན་མོངས་སྐྱེལ་བསུའི་དཔུང་ནི་ཤིན་ཏུ་མང་། །ལམ་དང་ལམ་དུ་སྡིག་ལྟུང་འབྲས་བུའི་སྤྱ་ཁྲལ་འདུས། །འདི་འདྲའི་ སྡུག་བསྔལ་སྣོད་གཅིག་པུས། །སྐྱོན་རྣམས་མ་ལུས་གཞལ་བྱས་ཏེ། །ཕྱོགས་བཅུར་ཉེས་པ་གཏོང་བྱེད་པ། །བླ་མར་གྲགས་པ་རྣམས་ཀྱི་ལུགས། །དེས་ན་གཉེན་གཤིན་བྱམས་པའི་བློས། །སེམས་ཅན་ཀུན་ལ་རྗེས་བརྩེ་བ། །བདག་གིས་དམ་ཆོས་འདུལ་བ་བསླབས། ། དེ་ཡི་འབྲས་བུར་འཆད་རྩོམ་བྱས། །ཉོ་ཚོང་བྱེད་པའི་སྤང་བའོ།། །།བཅུ་ཚན་ཐ་མ་ལས། དང་པོ་ལྷུང་བཟེད་ལྷག་པོ་འཆང་བ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ལྟུང་བ་མེད་པ་བཤད། །ལྟུང་བའི་ན་སྨད་གང་ཡིན་དང་། །ལྟུང་མེད་གཞན་ཡང་བསྟན་པའོ། ། དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་གཉིས་ལས། བྱུང་ལ་མ་བཅས་པ་ནི་ཉེ་དགའ་ལས་སོ། །བྱུང་ལ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ལྷུང་བཟེད་བྱིན་གྱིས་མ་བརླབས་པ་འཆང་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། ། དགག་བྱ་ནི་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བདུན་ལས། ལྷུང་བཟེད་ཡིན་པ་ སྟེ། ལྷུང་བཟེད་ཀྱིའོ་ཞེས་སོ། །འབྲེལ་མེད་མ་ཡིན་པ་སྟེ། བྱིན་གྱིས་བརླབ་པར་མི་བྱ་བ་དག་གོ་ཞེས་གསུངས་པ་དང་། རང་གི་རྣམ་བཤད་ཀྱི་ལྷུང་བཟེད་འབྲེལ་མེད་ཀྱི་སྐབས་ལས། འདིར་འཆང་བའི་ཉེས་པ་བསྐྱེད་པ་མེད་དོ་ཞེས་སོ། །རུང་བ་དང་ལྷུང་བཟེད་ཀྱི་ཚད་དང་ 6-1-496b ལྡན་པ་སྟེ། རུང་བ་ཉིད་དང་། ཚད་དང་ལྡན་པ་ཞེས་སོ། །གནས་སྐབས་དབང་བྱར་ཡོད་པ་དང་། རང་ཉིད་དབང་བ་ཡིན་པ་དང་། བྱིན་གྱིས་བརླབས་པ་དང་མ་འབྲེལ་བའམ་འབྲེལ་ཡང་ཤན་རྗེས་སུ་ཞུགས་པ་ཡིན་པ་དང་གསུམ་ནི་གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་ལྷུང་བཟེད་ལྷག་པོ་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ལྷུང་བཟེད་དེ་བྱིན་རླབས་མ་བྱེད་པར་འཇོག་པ་ཉིད་ཡིན་གྱི། ལུས་ངག་ཏུ་ཐོན་པ་མི་དགོས་ཏེ། བྱ་བ་མི་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །མཐར་ཐུག་ནི་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུའི་མཚན་མོ་མཚན་སྐད་ཅིག་མའོ། །གཉིས་པ་ནི། ཡོད་ནའོ། །རང་གི་ཉིད་དོ་ཞེས་པ་ལ་སོགས་གོས་འཆང་བའི་སྐབས་སུ་སྔར་ཇི་སྐད་བསྟན་པ་དེ་རྣམས་ལྷུང་བཟེད་ཀྱི་ཡུལ་ལ་སྦྱར་ བར་བྱའོ། །གོས་ལའོ། །འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ་ཞེས་མ་གཏོགས་ཏེ་དེ་བཞིན་དུ་ལྷུང་བཟེད་ལའོ། །ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་བའི་མཐའི་ཚད་ལའོ་ཞེས་སྦྱར་རོ། །གཉིས་པ་ནི། ཕྱིས་རབ་ཏུ་བྱུང་བ་ལ་རེ་ཞིང་བལྟོས་པའི་དགེ་ཚུལ་ཕྱིས་འབྱུང་བར་ འགྱུར་བའི་དོན་ཉིད་དུ་ལྷུང་བཟེད་དེ་སྦྱིན་པར་ངེས་པར་བྱས་པ་ནི་ཞག་བཅུ་འཆང་ལྟུང་མི་བསྐྱེད་དེ་བདག་གིར་བྱས་པ་སྤངས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་སྦྱིན་པར་བསྔོས་པ་ལས་ཕྱིས་མི་སྦྱིན་དུ་མི་རུང་ངོ་། །གསུམ་པ་ནི། ལྷུང་བཟེད་ཁ་དོག་སྐྱ་བ་དང་། དཀར་བ་དང་ ཚད་པས་ཆེ་བ་རྣམས་ནི་ཞག་བཅུ་འདས་པར་འཆང་བའི་སྤང་ལྟུང་མི་བསྐྱེད་ཅིང་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་ཏེ་བྱིན་གྱིས་བརླབ་ཏུ་རུང་བ་ཉིད་མ་ཡིན་པའི་ཕྱིར། ལུང་དང་ཊཱི་ཀར། དེ་དག་འཆང་ན་ཉེས་བྱས་སོ། །ཞེས་སོ། །སའི་ལྷུང་བཟེད་སོ་མ་མ་ཚོས་པ་ཡང་རུང་བ་ཉིད་མ་ 6-1-497a ཡིན་ནོ་ཞེས་སྔ་མའི་རྗེས་སུ་བསྙེག་གོ། འཆང་ན་ཉེས་བྱས་ཏེ་ལྷུང་བཟེད་ཆུང་ངུ་ཉིད་དང་འདྲ་བ་ཡིན་ནོ། །ཞུ་བ་ལས། ལྷུང་བཟེད་མ་ཚོས་པ་འཆང་ན་ཉེས་བྱས་སོ། །ཞེས་སོ། །བཞི་པ་ནི། སྨན་ཕོར་དུ་སྤྱད་པའི་བསམ་པས་ལྷུང་བཟེད་ཚད་པས་ཆུང་ ངུ་གཅིག་ལྷག་པར་འཆང་བ་ལ་ནི་ཉེས་པ་མེད་པ་ཉིད་དོ། །ལྷུང་བཟེད་འཆང་བའི་སྤང་བའོ།། །།གཉིས་པ་ལྷུང་བཟེད་འཚོལ་བ་ལ། བསླབ་པར་བྱ་བའི་གནས་སྐབས་བརྗོད། །ལྟུང་བའི་རྣམ་པར་གཞག་པ་དང་། །ཕྱིར་བཅོས་པ་ཡི་ཁྱད་པར་རོ། །དང་པོ་ནི། ཉེ་དགས་གཙུག་ ལག་ཁང་གཉིས་ཀྱི་རྙེད་པ་ཐོབ་པར་འདོད་པ་ལ་བརྟེན་ནས། ཊཱི་ཀ་ལས། དགེ་སློང་གིས་སྤྱིར་དངོས་པོ་ཐམས་ཅད་ལ་ཧ་ཅང་ཆགས་པར་མི་བྱའོ། །བྱེ་བྲག་ཏུ་ལྷུང་བཟེད་ལ་སོགས་པ་རབ་ཏུ་བྱུང་བའི་ཡོ་བྱད་ལ་ཧ་ཅང་ལྷག་པར་ཆགས་པར་མི་བྱའོ་ཞེས་སོ། །འགྲེལ་ཆུང་ལས། གཞན་གྱི་ལ་ཧ་ཅང་ཆགས་པར་མི་བྱ། བདག་གི་ཡོ་བྱད་ལ་ཧ་ཅང་ཆགས་པར་མི་བྱའོ་ཞེས་བཤད་དེ། ཡོ་བྱད་ལ་ཞེས་པའི་རང་འགྲེལ་ལས་ཀྱང་རང་གི་ཞེས་བྱ་བར་སྦྱར་བར་གྱུར་པ་ཉིད་ཀྱིས་ཤེས་པར་བྱའོ་ཞེས་གསུངས་སོ། །ལྷུང་བཟེད་ལ་སོགས་པ་གང་ལ་ཞེན་པ་དེ་ བཅང་བར་མི་བྱའོ་སྟེ་འཆང་ན་ཉེས་བྱས་བསྐྱེད་དེ། ལུང་ལས། དངོས་པོ་གང་ལ་ཧ་ཅང་ལྷག་པར་ཆགས་པ་འབྱུང་བ་དེ་ཡོངས་སུ་སྤང་བར་བྱ་སྟེ། མི་སྤང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་སོ། །ལྷུང་བཟེད་མེད་པ་ཉིད་ལ་ཡོད་པའི་བློ་ཅན་མ་ཡིན་པའི་དགེ་སློང་ལྷུང་ བཟེད་དེས་ཉོ་བའི་རིན་མེད་ཅིང་ལྷུང་བཟེད་ཀྱང་མེད་ན་ལྷུང་བཟེད་སློང་ལྟུང་མི་བསྐྱེད་དེ་ལྷུང་བཟེད་བསླང་བར་བྱའོ། །དེས་ན་ཆོས་གོས་མེད་ན་སློང་དུ་གནང་བར་མ་ཟད་དོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་མཉན་ཡོད་དུ་ཉེ་ 6-1-497b དགས་ལྷུང་བཟེད་བསླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ཡོ་བྱད་ལ་གནོད་པ་དང་། རང་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་ལྷུང་བཟེད་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་ལྷུང་བཟེད་བསླངས་ཏེ་ཐོབ་ པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལས་བསླང་བའི་ཡུལ་དང་། གང་སློང་བའི་དངོས་པོ་དང་། གང་གིས་སློང་བའི་རྟེན་ནོ། །དང་པོ་ནི། ཁྱིམ་པ་ཆོས་དྲུག་ལྡན་ཏེ་གོས་སློང་བའི་ཡུལ་སྔར་བཤད་ པ་དང་འདྲའོ། །གཉིས་པ་ལ་བཞི་སྟེ། ལྷུང་བཟེད་ཡིན་པ་དང་། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པའོ། །དེ་ཡང་ལྷུང་བཟེད་ཚོལ་བའི་སྤང་བ་ཞེས་པ་དང་། སྦྱིན་བདག་དེ་ཉིད་དབང་བའི་ལྷུང་བཟེད་དང་། གཞན་དབང་བའི་ལྷུང་བཟེད་ ནོར་ཏེ་བསླངས་ན་ལྟུང་བ་ན་སྨད་དུ་འགྱུར་བའི་ཕྱིར་དང་། ཐ་མ་གཉིས་ནི་སྤྱིར་བསྟན་པ་ལས་སོ། །གསུམ་པ་རང་ལ་ལྷུང་བཟེད་མཚན་ཉིད་དང་ལྡན་པ་ཡོད་པ་སྟེ། དེ་ཡོད་པ་ཉིད་ནའོ་ཞེས་སོ། །སེལ་བ་ནི། ལྷུང་བཟེད་ཀྱང་མེད་ན་བསླང་བར་བྱའོ་ཞེས་སོ། །བསམ་པའི་ ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ལྷུང་བཟེད་སློང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་ཞུགས་པའོ། །མཐར་ཐུག་ནི་ལྷུང་བཟེད་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །གཉིས་པ་ ལ། ལྟུང་བའི་ཡན་ལག་ཞར་བྱུང་བརྗོད། །སྦྱོར་བ་དངོས་གཞིའི་ན་སྨད་དོ། །དང་པོ་ནི། རང་ལ་ལྷུང་བཟེད་དེ་ཡོད་བཞིན་དུ་བསླངས་ཏེ་ཐོབ་པ་ཉིད་ན་སྤང་ལྟུང་བསྐྱེད་པའོ། །ལྷུང་བཟེད་ཅི་ལྟ་བུ་ཡོད་ན་ཡོད་པ་ཉིད་ཡིན་ཅེ་ན། ཊཱི་ཀ་ལས། ལྷུང་བཟེད་སྐྱོན་མེད་པ་ཚུན་ཆད་ 6-1-498a ནས་ལྷན་པ་བཞི་མན་ཆད་གླན་ཟིན་པ་ཡོད་ནས་ཏེ། གླན་པ་བཞི་མན་ཆད་དེ་དག་གླན་དུ་རུང་ཞིང་ལྷན་པ་ཡོད་ལ་ལོངས་སྤྱོད་དུ་མི་བཟོད་ན་ཡང་ལྷུང་བཟེད་ཡོད་པའི་གོ་མི་ཆོད་པས་ཡོངས་སུ་སྤྱད་བཟོད་པའི་ལྷུང་བཟེད་དེ་ཡོད་པ་ཉིད་ནའོ། །ལྷུང་བཟེད་ལྷན་ པ་ལྔས་གླན་པར་འོས་པ་ཡིན་ན་དེས་གླན་ཀྱང་རུང་མ་གླན་ཀྱང་རུང་སྟེ། ལྷུང་བཟེད་གཞན་ཚོལ་བ་ལ་ལྟུང་བ་མེད་དོ་ཞེས་ལུང་རྣམ་འབྱེད་ལས་སོ། །ལྷན་པ་གཅིག་ཡོད་ལ་སྤྱད་དུ་མི་བཟོད་ན་བཙལ་ཡང་ཉེས་པ་མེད་ཅེས་འགྲེལ་ཆུང་ལས་སོ། །བསླང་བའི་ཡུལ་དེ་ཁྱིམ་པ་ཡིན་ ཅིང་དགེ་སློང་རང་གི་ཉེ་དུ་མ་ཡིན་པ་ལས་ངག་གི་རིག་བྱེད་ཀྱིས་ལྷུང་བཟེད་སློང་བས་ཡོངས་སུ་བཙལ་ན་ལྷུང་བཟེད་ཚོལ་བའི་ཉེས་པ་བསྐྱེད་པའོ། །ཞར་བྱུང་གི་མདོ་གསུམ་འཆད་པ་ནི། ཁྱིམ་པ་ཡིན་པ་དང་། ཉེ་དུ་མ་ཡིན་པ་དེ་གཉིས་ནི་འདིའི་འོག་མ་འཐག་ཏུ་འཇུག་པ་ དང་། འཐག་པ་བསྐྱེད་པ་གཉིས་ལ་ཡང་ཡན་ལག་ཡིན་ནོ། །འོག་མ་གཉིས་ཀྱི་ཡུལ་གང་དང་གང་ཁྱིམ་པ་ཡིན་པ་དང་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་ཤེ་ན། འཐག་འཇུག་འཐག་སྐྱེད་གཉིས་ཀའི་ཐ་ག་པ་དང་འཐག་སྐྱེད་ཀྱི་སྦྱིན་བདག་དང་། འཐག་འཇུག་འཐག་སྐྱེད་ གཉིས་ཀའི་ཕོ་ཉ་གཞན་དག་ཁྱིམ་པ་དང་ཉེ་དུ་མ་ཡིན་པ་ལའོ། །དེ་ལྟར་འཐག་འཇུག་འཐག་སྐྱེད་གཉིས་ཀྱི་ཕོ་ཉ་བ་དེ་ཁྱིམ་པ་ཡིན་པ་དང་ཉེ་དུ་མ་ཡིན་པ་འདི་ནི་གླེང་གཞི་ལས་ཕོ་ཉ་བ་དེ་རྒྱལ་པོའི་བློན་པོ་ཡིན་པར་བཤད་པས་ཁྱིམ་པ་ཡིན་པར་གྲུབ་ཅིང་། ཉེ་དགའི་ཆུང་གྲོགས་ ཡིན་ནོ་ཞེས་གསུངས་ཀྱི། ཉེ་དུ་ཡིན་ཅེས་མ་གསུངས་པས་ཉེ་དུ་མ་ཡིན་པར་གྲུབ་བོ། །དེས་ན་གླེང་གཞི་ལས་བྱུང་བ་གཞུང་དུ་བཀོད་པ་ཙམ་ཡིན་གྱི། ངེས་བཟུང་གི་ཡན་ལག་ཏུ་དགོས་པ་ནི་མ་ཡིན་ཏེ། འཐག་འཇུག་འཐག་སྐྱེད་གཉིས་ཀྱི་ཕོ་ཉ་བ་དེ་ཁྱིམ་པ་ཡིན་མིན་དང་ཉེ་དུ་ 6-1-498b ཡིན་མིན་ལ་དགག་བྱ་ཁྱད་པར་མེད་པའི་ཕྱིར་དང་། བཅོལ་བས་རྫོགས་པའི་ལྟུང་བ་གཞན་རྣམས་ལ་བཅོལ་ཡུལ་དེ་ཁྱིམ་པ་ཡིན་པ་དང་། ཉེ་དུ་མ་ཡིན་པ་ངེས་བཟུང་གི་ཡན་ལག་ཏུ་མི་དགོས་ལ། དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འཁྲུར་འཇུག་ལ་སོགས་ཉེ་དུ་མ་ ཡིན་པ་ཡན་ལག་ཏུ་དགོས་པ་ཐམས་ཅད་ཀྱི་སྐབས་སུ་ཡུལ་ཉེ་དུ་ལས་ཅིར་འགྱུར་ཞེ་ན། མི་མཐུན་པའི་དཔེ་ཉིད་དུ་མ་ཡིན་པའི་ཡུལ་ལས་ཉེས་པ་བསྐྱེད་པ་ལྟར་ཡུལ་ཉེ་དུ་ལས་ནི་བསྐྱེད་པ་མངོན་མཚན་དང་ཉོ་ཚོང་གཉིས་དང་ལྷུང་བཟེད་ཚོལ་བ་དང་གཉིས་ལ་ནི་ཉེས་བྱས་སུ་ འགྱུར་ལ། དེ་དག་མ་གཏོགས་པ་གཞན་ཐམས་ཅད་ལ་ཉེས་པ་མེད་དོ། །འོ་ན་དགེ་སློང་དེས་ཉེ་དུས་བརྩིག་ཏུ་བཅུག་པའི་འདུག་གནས་སུ་ཟོས་པ་ལས་ཉེས་བྱས་ཀྱང་ངོ་། །ཞེས་འབྱུང་བ་དང་འགལ་ཅེ་ན། དེ་ནི་སྔ་མའི་དམིགས་བསལ་ཡིན་ནོ། ། གཞན་ཡང་དམིགས་བསལ་ཡོད་དེ། སྐྱེད་གཉིས་དང་ལྷུང་བཟེད་མ་གཏོགས་པ་ལས་ཡུལ་དེ་ལ་ཉེས་པ་མེད་ན་བཅས་ལྡན་དགེ་སློང་གིས་རང་གི་ཉེ་དུ་ཡིན་པའི་དགེ་སློང་མ་ལ་ཆོས་གོས་འཁྲུར་འཇུག་པ་ཆོས་ཅན། ཆོས་གོས་འཁྲུར་འཇུག་གི་ལྟུང་བ་བསྐྱེད་པ་ཁེགས་པར་ཐལ། འཁྲུར་འཇུག་གི་ལྟུང་བ་གང་ཡང་ མི་བསྐྱེད་པའི་ཕྱིར། རྟགས་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ན་ཆོས་ཅན་སྔར་བཞིན། ཆོས་གོས་འཁྲུར་འཇུག་གི་ལྟུང་བ་ན་སྨད་བསྐྱེད་པ་ཁེགས་པར་ཐལ། ཆོས་གོས་འཁྲུར་འཇུག་གི་ལྟུང་བ་བསྐྱེད་པ་ཁེགས་པའི་ཕྱིར། འདོད་ན་དགེ་སློང་མ་ལ་ཆོས་གོས་འཁྲུར་ འཇུག་གི་ལུང་ཞུ་བ་ལས། ཉེ་དུ་ལ་ཉེ་དུ་མིན་པར་འཁྲུལ་ཏེ་འཁྲུར་བཅུག་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་ཤིང་། མདོ་རྩ་བ་ལས་ཀྱང་། དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་གསུངས་སོ། །གཉིས་པ་ནི། གོང་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་ 6-1-499a སློང་བ་ཡོངས་སུ་བཙལ་ནའོ་ཞེས་སྔར་སྨོས་ན་བཙལ་བ་དེའི་ཚེ་ཉེས་པ་ཅིར་འགྱུར་ཞེ་ན། བཙལ་བ་ཙམ་ནི་སྦྱོར་བའི་ཉེས་བྱས་སོ། །ཁྱིམ་པ་ཉེ་དུ་མ་ཡིན་པ་དེ་ལས་བསླངས་པས་ལྷུང་བཟེད་གྲུབ་སྟེ་ཐོབ་ན་སྤང་ལྟུང་དངོས་གཞིའོ། །ལྷུང་བཟེད་མེད་པ་ ཉིད་ལ་ཡོད་པའི་བློ་ཅན་སློང་བ་དང་ཐོབ་པ་ལ་ནི་སྦྱོར་བ་སྦྱོར་བའི་ཐད་ཀར་ན་སྨད། དངོས་གཞི་དངོས་གཞིའི་ཐད་ཀར་ན་སྨད་ཅེས་གསུངས་ལ། སྦྱོར་བའི་སྐབས་སུ་སྦྱོར་ལྟུང་ལས་ན་སྨད་པ་དང་། མཐར་ཐུག་གི་སྐབས་སུ་དངོས་གཞི་ལས་ན་སྨད་པ་སྟེ་དེ་ལྟར་ཊཱི་ཀ་ལས་ བཤད་དོ། །ལྷུང་བཟེད་མ་བསླངས་ཀྱང་ལྷུང་བཟེད་ཚོལ་བའི་ཉེས་པ་བསྐྱེད་པ་ཡོད་དེ། དགེ་སློང་རང་ལ་ལྷུང་བཟེད་ཡོད་བཞིན་དུ་རང་གི་ཡོ་བྱད་དག་གིས་ལྷུང་བཟེད་ཉོ་ན་ཡང་ལྟུང་བ་ན་སྨད་དོ། །ལྷུང་བཟེད་ཀྱི་རིན་དུ་གྱུར་པ་རང་གི་ཡོ་བྱད་དེ་དག་ཡོད་པ་ཉིད་ན་ལྷུང་བཟེད་ ཀྱང་དེ་མི་ཉོ་བར་བསླངས་ན་ན་སྨད་དོ་ཞེས་པའི་ཊཱི་ཀ་ལས། ཆོས་གོས་ལའང་རིགས་པ་འདི་ཉིད་རིག་པར་བྱའོ་ཞེས་བཤད་དོ། །ལྷུང་བཟེད་བཟང་པོ་མཛེས་པ་འདོད་པས་གཞན་དང་ལྷུང་བཟེད་བརྗེ་ན་ལྟུང་བ་ན་སྨད་པའོ། །གསུམ་པ་ལ། ལྷུང་བཟེད་སྤང་བའི་ཁྱད་པར་ བསྟན། །ལྷུང་བཟེད་འབྲེལ་མེད་ཆོ་ག་བཤད། །འབྲེལ་མེད་མནོས་པའི་བསླབ་པའོ། །དང་པོ་ནི། ལྷུང་བཟེད་ལྷག་པ་བསླངས་པ་འདི་ནི་དགེ་འདུན་ཁོ་ན་ལ་སྤང་བར་བྱ་སྟེ། ལྷུང་བཟེད་འབྲེལ་མེད་ནི་དགེ་འདུན་ཁོ་ན་ལས་ཐོབ་པའི་ཕྱིར་རོ། །སྤྱིར་བཏང་ལ་དགེ་སློང་གང་ཟག་ ལ་སྤང་བ་སྤྱིར་བསྟན་པ་ཡིན་གྱི། དགེ་འདུན་ལ་སྤང་བ་ནི་དམིགས་ཀྱིས་བཀར་བ་ཡིན་ནོ། །ལྷུང་བཟེད་དྲུག་བདུན་ལ་སོགས་པ་བསླངས་ན་དེ་དག་ཐམས་ཅད་དགེ་འདུན་ལ་སྤང་ངམ་ཞེ་ན། བསླངས་པའི་ལྷུང་བཟེད་དུ་མ་ཉིད་ཡིན་ན་དེ་དག་གི་ནང་ནས་མཆོག་ཏུ་འདོད་པ་གང་ 6-1-499b བཟང་བ་བདམ་པ་གཅིག་དགེ་འདུན་ལ་སྤང་ཞེས་སྦྱར་རོ། །ལྷུང་བཟེད་མཆོག་ཏུ་འདོད་པ་དེ་ལས་གཞན་ལྷུང་བཟེད་ངན་ཤོས་རྣམས་ནི་དུས་ཀྱི་སྤྱི་ཐམས་ཅད་ཀྱི་དུས་ཀྱི་བྱེ་བྲག་ཐམས་ཅད་དུ་སྤང་བར་བྱ་བ་ཉིད་ཡིན་ནོ། །ཊཱི་ཀ་ལས། ཡང་ཕྱིར་བསླང་བར་བྱ་བ་ཉིད་ཀྱིས་སྤང་བར་བྱ་ བ་ནི་མ་ཡིན་ནོ་ཞེས་སོ། །ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བ་དེ་སུ་ལ་སྤང་ཞེ་ན། རབ་ཏུ་བྱུང་བ་འདི་པ་སྡེ་ལྔ་ཆར་ལའོ། །ཊཱི་ཀར། འདིར་གཞུང་ནི་ལྷུང་བཟེད་ལྷག་པ་རྣམས་ནི་དགེ་སློང་རྣམས་ལ་བགོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ལྟུང་བ་འབྱིན་ པ་པོ་དགེ་སློང་དེ་ལ་དགེ་འདུན་ཐམས་ཅད་ཀྱིས་ལྷུང་བཟེད་དག་གི་ནང་ནས་ལྷུང་བཟེད་ཐ་ཆད་སྦྱིན་པར་བྱའོ། །རང་བཞིན་གྱི་མཚམས་གཅིག་གི་ནང་ན་ཡོད་པའི་དགེ་འདུན་ཐམས་ཅད་ཀྱིས་ལྷུང་བཟེད་ཐ་ཆད་ཡིན་གྱི། མཚམས་ཀྱི་ཕྱི་རོལ་གྱི་དགེ་འདུན་མ་ཡིན་ནོ། །ཐབས་ གང་གིས་ལྷུང་བཟེད་ཐ་ཆད་དེ་བསྙིགས་པར་བྱ་ཞེ་ན། སྤང་བའི་ལྷུང་བཟེད་དེ་དགེ་འདུན་ལ་གྲལ་དུ་བྲིམ་པས་ལྷུང་བཟེད་ཐ་ཆད་བསྙིགས་པར་བྱའོ། །བྲིམ་པས་བསྙིགས་པ་དེ་དགེ་སློང་སུས་བྱ་ཞེ་ན། དགེ་འདུན་གྱི་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་པས་སོ། །འདི་ ལ་འཕྲོས་པའི་དོན་བརྗོད་ན་དགོས་པའི་དོན་ནི་མ་བསྐོས་པའི་ཉེས་པ་ཁེགས་པ་དང་། ལས་ཀྱིས་བསྐོས་པས་བཅས་པའི་ས་མཚམས་ཟིན་པའོ། །དེའང་ཡུལ་གང་ལ་བསྐོ་བ་ནི། དགེ་སློང་ཆོས་བཅུ་བཞི་དང་ལྡན་པ་སྟེ། སྤོང་བ་པའི་ཞལ་ཏ་པ་བསྐོ་བའི་སྐབས་སུ་འོག་ཏུ་འཆད་ པར་འགྱུར་རོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །བཞི་པ་བསྐོས་པ་དེའི་བྱ་བ་ནི། ཚོགས་པ་ལ་བརྗོད་པ་ལ་སོགས་པ་སྟེ་གཞུང་ལས་ཤེས་ 6-1-500a པར་འགྱུར་རོ། །བསྐོས་པའི་དགེ་སློང་དེས་སང་ཕྱི་དེ་ཉིན་པར་ལྷུང་བཟེད་བྲིམ་པ་དེ་བྱེད་པར་འགྱུར་བ་ན་མཆོད་པ་ལ་སོགས་པ་ལ་དགོང་ཀ་ཚུན་ཆད་དགེ་འདུན་གནས་གཅིག་ཏུ་ན་མ་ཚོགས་པའི་དུས་སུ་དགེ་འདུན་ལ་མཇལ་བ་སྟེ་བརྡ་གོ་བར་བྱའོ། །ཇི་ སྐད་མཇལ་བར་བྱ་ཞེ་ན། ཚེ་དང་ལྡན་པ་དག་ཅེས་བོས་ནས། བདག་སང་ལྷུང་བཟེད་འབྲེལ་བ་མེད་པ་ཞེས་པ་ནི། ཊཱི་ཀ་ལས། ཨུན་ཧ་ན་ཞེས་བྱ་བ་ནི་འབྲེལ་བ་མེད་པ་ཞེས་བྱ་སྟེ། འདི་ལྟར་ན་ཧ་ཞེས་བྱ་བ་ནི་ན་ཧ་བནྡྷན་ཞེས་བྱ་བ་སྟེ་འབྲེལ་པ་ཡིན་ནོ་ཞེས་སྐད་ཀྱི་བྱིངས་ལས་ འབྱུང་བའི་ཕྱིར་རོ། །ཨུན་ཞེས་བྱ་བ་ནི་ཨུངྒ་ཏ་ཞེས་བྱ་སྟེ། མེད་པའི་དོན་ཡིན་པས་ལྷུང་བཟེད་དང་འབྲེལ་པ་མེད་པའམ་འབྲེལ་བ་དང་བྲལ་བ་ཡིན་པས་ན་དེའི་ཕྱིར་དེའི་མིང་འབྲེལ་པ་མེད་པ་ཞེས་བྱའོ་ཞེས་སོ། །དེས་ན་འབྲེལ་པ་མེད་པ་ནི་གཉིས་ཏེ། བྱིན་གྱིས་བརླབས་པའི་ འབྲེལ་བ་མེད་པ་དང་། གཞན་ལ་སྤང་བའི་འབྲེལ་པ་མེད་པའོ། །དེ་གཉིས་ནི་རང་གཞན་གྱིས་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དང་། གཞན་ལ་སྦྱིན་བཙོང་མི་བྱ་བ་གོ་རིམ་བཞིན་ནོ། །ཊཱི་ཀ་ལས། དེ་ནི་བྲན་གནམ་ཁོལ་དུ་བྱུང་བ་དང་འདྲ་སྟེ། གནམ་ཁོལ་དུ་བྱུང་བས་ བྲན་གྱི་ལས་སུ་མི་བསྐོ་བ་དང་། ཡོངས་སུ་མི་བཏང་བར་བྱ་བ་དང་། བཟའ་བཏུང་ལ་སོགས་པ་སྦྱིན་དགོས་པ་དེ་བཞིན་དུ་ལྷུང་བཟེད་འདི་ཡང་བྱིན་གྱིས་བརླབ་པར་མི་བྱ་ཞིང་། དེ་ལ་ཁ་བསྒྱུར་བ་དང་། སྲེག་པ་དང་། བྱི་དོར་ལ་སོགས་པ་བྱའོ། །གནམ་ཁོལ་གྱི་དོན། རྗེ་ བླ་མས་བྲན་ལས་ཐར་དུ་བཅུག་སྟེ་གོ་འཕང་བཏོད་པ་ལྟ་བུའོ་ཞེས་བཀའ་སྩལ་ཏོ། །དེས་ན་ལྷུང་བཟེད་འབྲེལ་བ་མེད་པ་དེ་འབྲིམ་པར་འགྱུར་གྱིས། དགེ་འདུན་ཁྱོད་ཅག་རང་རང་གི་ལྷུང་བཟེད་དག་ཐོགས་ལ་སང་དགེ་འདུན་གྱི་ནང་དུ་གཤེགས་པར་མཛོད་ཅིག་ཅེས་སོ། །ལྷུང་ 6-1-500b བཟེད་འབྲིམ་པའི་གནས་དེར་དགེ་སློང་རྣམས་འཁོད་པའི་དོན་དུ་ཆག་ཆག་དང་། ཕྱགས་དར་དང་། སྟན་གདིང་པ་དང་། གཎྜི་བརྡུང་བ་ལ་སོགས་པ་ནི་ལྷུང་བཟེད་འབྲིམ་པ་པོར་བསྐོས་པའི་དགེ་སློང་དེས་ནན་ཏན་ བྱའོ། །ལྷུང་བཟེད་འབྲིམ་པ་པོར་བསྐོས་པའི་དགེ་སློང་དེས་ལྷུང་བཟེད་དགེ་སློང་རྣམས་ཀྱི་མདུན་དུ་བཟུང་ཞིང་ལྷུང་བཟེད་དེའི་ཡོན་ཏན་བསྔགས་པ་བརྩམ་ཞིང་སྟེ་བསྔགས་པ་བརྗོད་ཅིང་གྲལ་མགོ་ནས་རིམ་གྱིས་དབུལ་བར་བྱའོ། །བི་མ་ལས། སྤང་ལྟུང་བྱུང་བའི་དགེ་ སློང་དེ་དགེ་འདུན་གྱི་མདུན་དུ་ཐལ་མོ་སྦྱར་ཏེ་བཞག་ལ་ཞེས་སོ། །བསྔགས་པ་ཅི་ལྟ་བུ་བརྗོད་ཅེ་ན། གནས་བརྟན་ཅེས་དགེ་སློང་རྒན་རིམ་ནས་འབོད་པའོ། །ལྷུང་བཟེད་འདི་ནི་ཁ་དོག་ཤིན་ཏུ་གསལ་བ་ནི། ཊཱི་ཀར། ཁ་དོག་ནག་ནོག་མེད་པའོ་ཞེས་འཆད་ལ། དོན་ནི་ཚོན་བཟང་ ཞིང་བྱད་ལྟར་སྣང་བའོ། །དབྱིབས་ལེགས་པ་ནི་ཊཱི་ཀར་ཚད་ལྡན་དང་། བི་མ་ལས་ཆེ་ཆུང་དུ་མ་གྱུར་པ་ལ་འཆད་དོ། །ལོངས་སྤྱད་པར་བཟོད་པ་བུ་གུ་དང་ཆག་གྲུམ་ལ་སོགས་པའི་སྐྱོན་མེད་པའོ། །དེས་ན་འདི་ལྟར་ལགས་ཀྱི་གལ་ཏེ་བཞེད་ན་སྟེ་ལེན་པར་འདོད་ན་སྣོམས་ཤིག་ ཅེས་སོ། །ལྷུང་བཟེད་ཐམས་ཅད་ལ་དེ་སྐད་བརྗོད་དམ་ཞེ་ན། ཡོན་ཏན་ཇི་ལྟ་བ་བཞིན་དུའོ། །གནས་བརྟན་མན་ཆད་ཀྱིས་བདག་གི་ལྷུང་བཟེད་དང་བརྗེ་བར་འདོད་ན་ལྷུང་བཟེད་བྲིམ་པ་དེ་བླང་བར་བྱའོ། །དེ་ཡང་རང་གི་ལྷུང་བཟེད་འབྲིམ་པ་པོ་དེ་ལ་གཏད་པར་བྱའོ། །དེས་ གཏད་པའི་ལྷུང་བཟེད་དེ་གྲལ་འོག་མ་ལ་བྲིམ་པར་བྱའོ། །གྲལ་འོག་མ་དེས་ཀྱང་བརྗེ་བར་འདོད་ན་བརྗེ་བར་བྱ་སྟེ་གྲལ་རྫོགས་ཀྱི་བར་དུ་དེ་བཞིན་བྱའོ། །བི་མ་ལས། བདག་གི་ལྷུང་བཟེད་བཟང་སྟེ་བརྗེ་བར་མ་དད་དམ་ཆོག་ཤེས་པ་གཅིག་སྟེ་ལྷུང་བཟེད་མ་བརྗེས་ཀྱང་ཉེས་པ་ 6-1-501a མེད་དོ་ཞེས་སོ། །དགེ་སློང་རང་ལ་ལྷུང་བཟེད་བསྟབས་པ་ན་མ་བླངས་པར་རང་གི་གྲལ་འོག་གི་དགེ་སློང་གཅིག་གམ་དུ་མས་བར་དུ་ཆོད་པའི་གྲལ་འོག་ན་གནས་པས་བླངས་ཟིན་པ་ན་ཁོ་བོ་འདོད་དོ་ཞེས་བླང་བར་མི་བྱའོ། །བར་དུ་ཆོད་པས་བླངས་ཟིན་ནས་སློང་དུ་བྱུང་ན་ སློང་བའི་ཚིག་ལན་གཉིས་པ་ལ་ལྷུང་བཟེད་འབྲིམ་པ་པོས་ནི་མི་སྦྱིན་ཅིང་ཚིག་གཉིས་པའི་འོག་མ་ཚིག་གསུམ་པ་ལ་ནི་མི་སྦྱིན་པ་མ་ཡིན་ནོ། །ལྷུང་བཟེད་བསྙིགས་ནས་དགེ་སློང་དེ་ལས་སྦྱིན་པ་ན་ལྟུང་བ་བྱུང་བའི་དགེ་སློང་དེ་ལ་ལྷུང་བཟེད་འབྲེལ་མེད་འདི་ནི་གཞན་ ལ་སྤང་བར་མི་བྱ་བ་སྟེ། གཞན་ལ་རང་གར་སྦྱིན་བཙོང་མི་བྱ་བ་ཉིད་དང་། རང་གིས་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དང་། གཞན་གྱིས་ཀྱང་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དག་དགེ་སློང་བསྐོས་པ་དེས་བསྒོ་བར་བྱའོ། །ཊཱི་ཀར། མ་ཆག་གི་བར་དུ་ཆོངས་ཤིག་ཅེས་ཀྱང་ བསྒོ་བར་བྱའོ་ཞེས་སོ། །ལྷུང་བཟེད་ཐ་ཆད་འདི་བྱིན་གྱིས་མི་བརླབ་པར་འཇོག་པའི་ཆ་ནས་ཞག་བཅུ་འདས་པ་ན་ལྷུང་བཟེད་འཆང་བའི་སྤང་ལྟུང་བསྐྱེད་རིགས་ལ། ཡང་ན་ལྷུང་བཟེད་འབྲེལ་མེད་ཀྱི་ཆོ་ག་འདི་ཡིས་བྱེད་པ་དང་། ལྷུང་བཟེད་འདིའང་སྐྱོང་བའི་ཚུལ་ལྷུང་ བཟེད་བྱིན་རླབས་ལྷན་པ་དང་། འདྲ་བར་སྐྱོང་དགོས་པའི་རྒྱུ་མཚན་གྱིས་ཞག་དེ་འདས་ཀྱང་ལྷུང་བཟེད་འཆང་བའི་སྤང་ལྟུང་ཁེགས་སམ་སྙམ་དུ་དཔྱད་དགོས་པ་ཡིན་ནམ་ཞེས་བརྟགས་ན། བརྟགས་པ་དེ་གཉིས་ཀ་ལྟར་མིན་ཏེ་ལྷུང་བཟེད་འབྲེལ་མེད་ཀྱི་ཆོ་གས་ལྷུང་བཟེད་ འདི་བཅང་རུང་བ་ཙམ་ཡིན་གྱི། བྱིན་གྱིས་བརླབས་པའི་ལྷུང་བཟེད་གཞན་ཡོད་མེད་གང་ཡིན་ཀྱང་འདྲ། འདིའི་གཞི་ལས་ལྷུང་བཟེད་འཆང་བའི་སྤང་ལྟུང་བསྐྱེད་ཁེགས་གང་གིའང་གཞི་མིན་ནོ། །ལྷུང་བཟེད་དེ་ཉེ་བར་ལོངས་སྤྱོད་པ་པོ་ལྟུང་བ་བྱུང་བའི་དགེ་སློང་ 6-1-501b དེ་ལ་ལྷུང་བཟེད་འབྲེལ་མེད་འདི་ངང་གིས་མ་ཆག་གི་བར་དལ་བུ་དལ་བུས་སྤྱོད་ཅིག་ཅེས་གོ་བར་བྱའོ། །དགེ་སློང་བསྐོས་པ་དེས་དེ་སྐད་བསྒོ་བར་བྱའོ། །གསུམ་པ་ནི། སྤང་ལྟུང་བྱུང་བའི་དགེ་སློང་དེས་ལྷུང་བཟེད་བྱིན་གྱིས་བརླབས་པ་དང་། ལྷུང་བཟེད་འབྲེལ་མེད་ གཉིས་ཀས་བསོད་སྙོམས་ལ་འགྲོ་བ་ལ་སོགས་ཏེ་སྤྱད་ཅིང་བྱའོ། །ཀུན་ཏུ་སྟེ་རྒྱུན་དུ་སྤྱད་པར་བྱའོ། །ལྷུང་བཟེད་འབྲེལ་མེད་དེ་ལ་སྣོད་ཁ་གཡོགས་ལ་སོགས་པ་ཡོ་བྱད་ཆེས་བཟང་པོ་ངེས་པར་སྦྱར་བར་བྱའོ། །ཡོ་བྱད་དམན་ཤོས་རྣམས་ནི་ལྷུང་བཟེད་བྱིན་གྱིས་བརླབས་ པ་ལ་སྦྱར་རོ་ཞེས་ཤུགས་ཀྱིས་བསྟན་ལ། ལུང་ལས་ནི་དངོས་སུ་གསུངས་སོ། །བསོད་སྙོམས་སློང་བ་ལ་སོགས་པ་ལོངས་སྤྱད་པ་ན་ཕྱེ་ལ་སོགས་པ་ཆེས་ཡང་བ་ལྷུང་བཟེད་འབྲེལ་མེད་དེར་བླུག་པར་བྱའོ། །ཊཱི་ཀར། ཆེས་ལྕི་བ་ནི་ལྷུང་བཟེད་བྱིན་གྱིས་བརླབས་པ་དེར་ བླུག་པར་བྱའོ་ཞེས་སོ། །ལྷུང་བཟེད་འབྲེལ་མེད་དེ་ཟས་ཟ་བ་ཉིད་ཀྱི་བྱ་བ་བསྒྲུབ་པའི་སྣོད་ཉིད་ལ་ནི་སྦྱར་བར་མི་བྱ་བ་ཁོ་ནའོ། །ཊཱི་ཀར། དེའི་ནང་ནས་ཟས་བཟའ་བར་མི་བྱའོ་ཞེས་སོ། །འདིའི་ཤུགས་ཀྱིས་ལྷུང་བཟེད་བྱིན་གྱིས་བརླབས་པར་བཟའ་བར་བྱའོ་ཞེས་པ་སྟེ་ ལུང་ལས་དངོས་སུ་གསུངས་སོ། །ལྷུང་བཟེད་འབྲེལ་མེད་དེའི་བྱི་དོར་ཡང་ལྷུང་བཟེད་གཞན་བྱི་དོར་བྱེད་པའི་དང་པོར་བྱའོ། །རྣམ་པ་འདི་རྣམས་ལྟར་བྱ་བ་ནི་ལྷུང་བཟེད་ངན་པ་དང་ཐ་ཆད་དེ་ཡུན་རིང་ཐུབ་པའི་ཕྱིར་ཞེས་བི་མ་ལས་སོ། །རང་ལ་ལྷུང་བཟེད་ཡོད་བཞིན་དུ་ལྷུང་ བཟེད་ཚོལ་བའི་སྤང་བའོ།། །།གསུམ་པ་འཐག་འཇུག་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཐ་ག་པ་ལ་རྔན་པ་མེད་པར་ཐགས་འཐག་ཏུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཐ་ག་པའི་ 6-1-502a ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་རྔན་པ་མེད་པར་གོས་འཐག་ཏུ་བཅུག་སྟེ། ཁྲུ་གང་ཡན་ཆད་བཏགས་ཟིན་ཅིང་། རྔན་པ་ལ་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་ དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་འཐག་ཏུ་འཇུག་པའི་ཡུལ་དང་། གང་འཐག་ཏུ་འཇུག་པའི་དངོས་པོ་དང་། གང་གིས་འཐག་ཏུ་འཇུག་པའི་རྟེན་ནོ། །དང་པོ་ནི། ཐ་ག་པ་ཐགས་གླ་ཅི་བདེར་སྟོབ་པ་མ་ཡིན་པ་བགྲངས་ པའི་ཁྱིམ་པ་ཆོས་དྲུག་ལྡན་ནོ། །གཉིས་པ་ནི། གོས་ཀྱི་རྒྱུ་ཡིན་པ་དང་། རང་ཉིད་དབང་བ་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་ལྔའོ། །གསུམ་པ་གང་གིས་འཐག་ཏུ་འཇུག་པའི་རྟེན་ནི། དགེ་སློང་གིས་ རྔན་པ་མེད་པ་སྟེ་རིན་མེད་པར་ཞེས་སོ། །ལུང་རྣམ་འབྱེད་ལས། གླ་རྔན་གྱིས་འཐག་ཏུ་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཡིད་གཅུགས་ཁྱད་པར་ཅན་མ་ཡིན་ པར་རང་དོན་དུ་ཐགས་གླ་མེད་པར་འཐག་ཏུ་འཇུག་པར་འདོད་པ་རྒྱུན་མ་ཆད་པའོ། །ཡིད་གཅུགས་ཁྱད་པར་ཅན་ཡིན་ན་ནི་གླ་རྔན་མེད་པར་འཐག་ཏུ་བཅུག་ཀྱང་ལྟུང་བ་མེད་དེ། ཡིད་གཅུགས་པའི་སེམས་དག་གིས་ལྟུང་བ་མེད་དོ་ཞེས་མ་བྱིན་ལེན་གྱི་ལྟུང་མེད་དུ་གསུངས་ པའི་གནད་ཀྱིས་ཤེས་སོ། །གལ་ཏེ་ཐགས་གླ་ལ་རྐུ་སེམས་བྱུང་ན་ནི་དངན་འཐེན་ཀྱང་མ་བརྐུས་པ་མ་ཡིན་ནོ། །འགྲེལ་ཆུང་ལས། ལས་བྱེད་པ་ལ་གླ་མ་བྱིན་ན་ཕམ་མོ་ཞེས་བཤད་དེ། རྐུ་སེམས་བྱུང་ན་མ་བྱིན་ལེན་དང་འཐག་འཇུག་གཉིས་ཀའི་ལྟུང་བ་འབྱུང་སྟེ། གཞི་ 6-1-502b གཅིག་ལ་དུ་མ་ཉིད་བཅས་པ་ཞེས་གསུངས་པས་སོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ངག་གི་རིག་བྱེད་ཀྱིས་འཐག་ཏུ་འཇུག་པའོ། །མཐར་ཐུག་ནི་ཁྲུ་གང་ཡན་ཆད་བཏགས་ཟིན་ཅིང་ཐགས་གླ་ལ་ཐོབ་བློ་སྐྱེས་པའོ། །གཉིས་པ་ནི། ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པ་ཞེས་ སྔར་བསྟན་པ་དེ་ལ་རིན་རྔན་པ་མེད་པར་དགེ་སློང་རང་གི་ངག་གིས་བསྒོ་བས་སམ། དགེ་སློང་གིས་བསྐོས་པའི་ཕོ་ཉ་ལ་སོགས་པ་གཞན་གྱིས་ཀྱང་འཐག་ཏུ་བཅུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འོ་ན་སོ་སོར་ཐར་པ་ལས་ཉེ་དུ་མ་ཡིན་པ་ལས་རང་གིས་བསླངས་པའི་ སྐུད་པ་ཞེས་གསུངས་པ་དེ་མདོ་རྩ་བ་འདིར་མ་སྨོས་པ་འགལ་ལོ་ཞེ་ན། དེ་ནི་གླེང་གཞིའི་དབང་གིས་གསུངས་ཀྱི། ལྟུང་བ་འདིའི་ཡན་ལག་མ་ཡིན་ཏེ། ལུང་རྣམ་འབྱེད་ལས། དགེ་སློང་གིས་ཉེ་དུ་ལ་སྐུད་པ་བླངས་ནས་ཐག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུག་ན་སྤང་ བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །ཊཱི་ཀ་ལས་ཀྱང་། འདིར་སྐུད་པ་སློང་བ་ནི་སྤང་བའི་ལྟུང་བྱེད་ཀྱི་རྒྱུར་འགྱུར་བ་མ་ཡིན་གྱི་ཞེས་སོ། །ལུང་ལས། ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དུ་ འགྱུར་རོ་ཞེས་གསུངས་པ་ནི། ཐ་ག་པ་ཉེ་དུ་མ་ཡིན་པ་ལས་གཞན་ཉེ་དུ་ཉིད་དང་བཅས་པ་ལ་ནི་ཉེ་དུ་མ་ཡིན་པས་འཐག་པ་དེ་ལ་བྱས་པ་ཉིད་མ་ཡིན་ནོ། །ཊཱི་ཀ་ལས། ཉེ་དུ་མ་ཡིན་པའི་དབང་གིས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །ཐ་ག་པ་གཉིས་ཀྱི་གཅིག་ལ་རིན་ བྱིན། གཅིག་ལ་རིན་མ་བྱིན་པ་གཉིས་ཀ་ལས་འཐག་ཏུ་བཅུག་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །གལ་ཏེ་ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ན། ཉེ་དུ་མ་ཡིན་པས་བཏགས་པ་དེ་ཁྲུ་གང་ཡན་ཆད་ཚད་རྫོགས་ཡོད་ན་དངོས་གཞིར་འགྱུར་གྱི། 6-1-503a ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པས་ཁྲུ་ཕྱེད་ཕྱེད་བཏགས་པ་ལ་ནི་ན་སྨད་དོ། །རས་ཡུག་ཁྲུ་བཅུ་པ་ཉེ་དུ་དང་ཉེ་དུ་མ་ཡིན་པས་ཁྲུ་རེ་རེ་སྤེལ་མར་བཏགས་ན་ནི་ཉེ་དུས་བཏགས་པ་ཐམས་ཅད་ལྟུང་མེད་ཕྱོགས་གཅིག་དང་། ཉེ་དུ་མ་ཡིན་པས་བཏགས་པ་ ཐམས་ཅད་ལྟུང་བ་ཕྱོགས་གཅིག་ཏུ་བསྡོམས་ཏེ་འདྲེས་པ་ནི་གཉིས་ཆར་སྡོམ་མོ་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །ཉེ་དུ་དང་ཉེ་དུ་མ་ཡིན་པས་ཁྲུ་ཕྱེད་ཕྱེད་སྤེལ་མར་བཏགས་ཏེ་དར་ཡུག་གཅིག་བཏགས་ན་ལྟུང་བ་ཅིར་འགྱུར་ནི་དཔྱད་པར་བྱའོ། །གོས་འཐག་འཇུག་ གི་གནད་ཀྱིས་རྔན་པ་མ་བྱིན་པར་ལྷུང་བཟེད་འཆོས་སུ་འཇུག་ན་སྤང་ལྟུང་བསྐྱེད་པ་མདོར་བསྡུས་སྦྱར་བར་བྱའོ། །རྔན་པ་མེད་པར་གོས་འཐག་ཏུ་འཇུག་པའི་སྤང་བའོ།། །།བཞི་པ་འཐག་པ་བསྐྱེད་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །དེ་ཡི་ལྟུང་བ་ན་སྨད་དོ། ། དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་འཐག་པ་བསྐྱེད་པ་ལ་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་དང་ཐ་ག་པའི་ལོངས་སྤྱོད་ལ་གནོད་པ་དང་། རང་གི་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ ལྡན་དགེ་སློང་གིས་རང་ལ་བསྔོས་པའི་གོས་སྦྱིན་བདག་གིས་འཐག་ཏུ་འཇུག་པ་དེ་ཞེང་དང་དཀྱུས་ཆེར་བསྐྱེད་པའམ་ཐགས་བཟང་དུ་བསྐྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་གིས་འཐག་ཏུ་ འཇུག་པའི་སྦྱིན་བདག་དང་། གང་གིས་འཐག་པའི་ཐ་ག་པ་དང་། གང་འཐག་པ་བསྐྱེད་པའི་དངོས་པོའོ། །དང་པོ་ནི། སྦྱིན་བདག་བདོག་པ་ལ་སོགས་པ་ཅི་བདེར་སྟོབ་པ་མ་ཡིན་པ་བགྲངས་པའི་ཁྱིམ་པ་ཆོས་དྲུག་ལྡན་ནོ། །གཉིས་པ་ནི། རྔན་པ་མ་བྱིན་ན་ལྟུང་བ་ 6-1-503b བསྐྱེད་པའི་ཆ་ནས་ཐ་ག་པ་ཐགས་གླ་ཅི་བདེར་སྟོབ་པ་མ་ཡིན་པ་བགྲངས་པའི་ཁྱིམ་པ་ཆོས་དྲུག་ལྡན་ནོ། །གང་འཐག་པར་སྐྱེད་པའི་དངོས་པོ་ནི། གོས་རྒྱུ་ཡིན་པ་དང་། སྦྱིན་བདག་དེ་ཉིད་ཀྱི་རྒྱུ་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རང་ལ་ སྦྱིན་བདག་གིས་བསྔོས་པ་ལས་ལྷག་པ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་དྲུག་གོ། བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་འཐག་པ་བསྐྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་ བསྐོས་པས་ངག་གི་རིག་བྱེད་ཀྱིས་འཐག་པ་བསྐྱེད་པར་ཞུགས་པའོ། །མཐར་ཐུག་ནི་འཐག་པ་བསྐྱེད་པའི་གོས་དེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །གཉིས་པ་ནི། ལྟུང་བ་འབྱིན་པ་པོ་དགེ་སློང་དེའི་ཕྱིར་ཏེ་དེའི་ཆེད་དུ་བཏགས་པར་བྱ་བའི་གོས་འདི་དགེ་སློང་དེ་ལ་ སྦྱིན་ནོ་སྙམ་དུ་སྦྱིན་བདག་གི་བསམ་པ་ལས་བྱུང་བ་ནི་འཐག་པ་བསྐྱེད་པའི་ལྟུང་བའི་བྱེད་པ་པོ་ཉིད་དོ། །བྱེད་པ་པོ་དེ་ཁོ་ནར་ཟད་དམ་ཞེ་ན། ཁོ་ལག་ཆེ་བ་སྟེ་ཞེང་ཆེ་བ་དང་། ཁྲུན་རིང་བ་ཉིད་དང་། འབྲས་བཟང་བ་མཐར་གྱིས་ཞག་པ་དང་ཐགས་རན་བཟང་བ་ཉིད་ལ་ཐ་ག་པ་དེ་དགེ་སློང་ གིས་ངེས་པར་སྦྱར་བའི་བྱེད་པ་པོ་ཉིད་དོ། །གལ་ཏེ་འཐག་པ་བསྐྱེད་པས་སྦྱིན་བདག་གི་བདོག་པ་ལ་སོགས་པ་བསྔོས་ཚོད་ལས་ལྷག་པ་ཟད་ན་སྦྱིན་བདག་ལ་གནོད་པའི་ཆ་ནས་འཐག་པ་བསྐྱེད་པའི་དངོས་གཞིར་འགྱུར་བའོ། །རྔན་པ་མ་བྱིན་ན་ཡང་ངོ་ཞེས་པ་འདི་ལ་རྒྱ་ན་རེ། འཐག་ཏུ་བཅུག་པའི་ཉེས་བྱས་ཀྱི་དངོས་གཞིའོ་ཞེས་གསུངས་པ་ནི་ནོར་ཏེ། འཐག་པ་བསྐྱེད་པའི་སྟོབས་ཀྱིས་ཐ་ག་པའི་ལས་ཆེར་སྐྱེས་པ་དེའི་རྔན་པ་སྦྱིན་བདག་གམ་དགེ་སློང་གིས་མ་བྱིན་ན་ཡང་ངོ་སྟེ་འཐག་པ་བསྐྱེད་པའི་སྤང་ལྟུང་དངོས་གཞིར་འགྱུར་རོ། །ཐ་ག་པ་ལ་རྔན་ 6-1-504a པ་མ་བྱིན་པ་འདི་ནི་སྦྱིན་བདག་གི་དོག་པ་ལ་སོགས་པ་མ་ཟད་ན་ཡང་འཐག་པ་བསྐྱེད་པའི་སྟོབས་ཀྱི་ཐ་ག་པ་ལས་ཆེར་བསྐྱེད་པ་ན་འཐག་པ་བསྐྱེད་པས་ཐ་ག་པ་ལ་གནོད་པའི་ཆ་ནས་འཐག་པ་བསྐྱེད་པའི་སྤང་ལྟུང་དངོས་གཞིར་འགྱུར་ཏེ། དོན་དེ་ ལྟར་ཊཱི་ཀ་ལས་བཤད་དོ། །སྦྱིན་པར་བྱེད་པའི་དོག་པ་ལ་སོགས་པ་ཟད་པ་དང་། ཐ་ག་པ་ལ་རྔན་པ་མ་བྱིན་པ་གཉིས་ཀ་ཡང་སོ་སོར་ལྟུང་བ་བྱེད་པ་པོའི་གཙོ་བོ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །དེས་ན་དེ་གཉིས་གང་ཡང་རུང་བ་གཅིག་ཡོད་ན་ཡང་འདིར་དངོས་གཞིར་ འགྱུར་ཞེས་ཊཱི་ཀ་ལས་བཤད་དོ། །འཐག་པ་བསྐྱེད་པའི་སྐབས་འདིར་སྤང་ལྟུང་དངོས་གཞིར་འགྱུར་ཞེས་བསྟན་པའོ། །འདིར་རྔན་པ་སྟེར་བར་ཁས་བླངས་པ་མ་བྱིན་ན། ཊཱི་ཀ་ལས། ཁས་བླངས་པ་མ་བྱིན་ན་ནི་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བར་འགྱུར་བ་ཉིད་དོ་ཞེས་ སོ། །སྦྱིན་པར་བྱེད་པས་ཁོ་ལག་ཆེ་བ་དང་། འབྲས་བཟང་བ་དེའི་དོན་དུ་ཁྱོད་ཅི་དགའ་བར་གོས་བྱེད་དུ་ཆུག་ཅེས་དགེ་སློང་ལ་རྗེས་སུ་མ་གནང་བ་ལྟ་བུ་ནི་ལྟུང་བ་འདི་སྐྱེད་པའི་བྱེད་པ་པོ་དག་ཡིན་ནོ། །ལྟ་བུ་ཞེས་པ་ནི་ཐ་ག་པས་ཐགས་གླ་རྗེས་སུ་མ་གནང་བ་མཚོན་པ་ སྟེ་རྔན་པ་མ་བྱིན་ན་ཡང་ངོ་ཞེས་པའི་ལྟུང་བ་བསྐྱེད་པ་ཡིན་ནོ། །འཐག་པ་བསྐྱེད་པའི་གོས་གྲུབ་སྟེ་ཐོབ་ན་དངོས་གཞིའི་བྱེད་པ་པོའོ། །གཉིས་པ་ནི། གོས་གྲུབ་པའི་མདུན་རོལ་དུ་དགེ་སློང་གིས་འཐག་པ་བསྐྱེད་པ་དེའི་ཕྱིར་འཐག་པ་བསྐྱེད་པའི་བསམ་པ་ལས་བྱུང་བ་ལུས་ངག་གིས་རྗེས་ སུ་བསྒྲུབ་པ་ཐ་དད་པ་ཐ་ག་པ་ལ་ཧྭགས་ཀྱི་ལ་དུ་སྟེར་བ་དང་། གཅམ་གསག་སྨྲ་ཞིང་འཐག་རན་བཟང་བར་གྱིས་ཤིག་སྨྲ་བ་ལ་སོགས་པ་རྣམས་ནི་སྦྱོར་བའི་ཉེས་བྱས་གཅིག་ཉིད་ཀྱི་བྱེད་པ་པོའོ། །ཁྱོད་ཀྱི་ཕྱིར་གོས་འཐག་ཏུ་གཞུག་གིས་བཞུད་ལ་གོས་འཐག་པ་གཟིགས་ཤིག་ཅེས་ 6-1-504b སྦྱིན་བདག་གིས་དགེ་སློང་ལ་མ་བསྒོ་བར་འཐག་པ་བསྐྱེད་པའི་བསམ་པས་ཐ་ག་པའི་དྲུང་དུ་དགེ་སློང་ཉེ་བར་འགྲོ་བ་ནི་སྦྱོར་བའི་ཉེས་བྱས་དེ་ཉིད་ཀྱི་བྱེད་པ་པོའོ། །ཊཱི་ཀར། ཅུང་ཟད་ཀྱང་མི་སྨྲ་མོད་ཀྱི་ཉེས་བྱས་སུ་འགྱུར་རོ། །ཞེས་སོ། །འདིར་སྨྲས་པ། རྗེ་བཙུན་ཕྲིན་ལས་ དབང་པོའི་མཛེས་སྐུ་ནི། །ནམ་ཡང་ཡིད་ཀྱི་ཡུལ་དུ་གཡོ་མེད་པར། །འབིགས་བྱེད་དད་པའི་རླུང་བཞོན་མྱུར་པོ་ཡིས། །དང་བའི་མིག་གི་གེ་སར་ནང་ཞུགས་ནས། །མོས་པ་རབ་ཏུ་འཕེལ་བའི་སྦྲང་རྩིའི་རྒྱུན། ཛ་ཧུའི་བུ་མོ་ལས་ཀྱང་རྒྱུན་རིང་བ། །རྟག་པར་གཞོལ་བྱེད་ཡ་ མཚན་རྒྱས་པ་འདི། །བདག་གི་ལེགས་བྱས་བཞད་པའི་དོན་པོ་ཡིན། །རང་ལ་བསྔོས་པའི་གོས་འཐག་པ་ཐགས་བཟང་བ་དང་རྒྱ་ཆེར་བསྐྱེད་པའི་སྤང་བའོ།། །།ལྔ་པ་འཕྲོག་པ་ལ། ལྟུང་བའི་རྣམ་པར་བཞག་པ་དང་། །ཕྱིར་བཅོས་པ་ཡི་ཁྱད་པར་བརྗོད། །ཆེད་དུ་བྱ་བའི་ དོགས་གཅོད་བསྟན། །ཡན་ལག་དག་གི་སེལ་བ་སྨོས། །འཕྲོག་པའི་དབྱེ་བ་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དགའ་བོས་ཆོས་གོས་བྱིན་འཕྲོག་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ རང་རིས་ཀྱི་ལོངས་སྤྱོད་ལ་གནོད་པ་དང་། མ་བྱིན་པར་ལེན་པའི་རྒྱུར་འགྲོ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གོས་སམ་ལྷུང་བཟེད་དེ་གཞན་དབང་བ་ལ་རང་གིར་འདུ་ཤེས་འཁྲུལ་པས་རྐུ་སེམས་མེད་པར་འཕྲོག་སྟེ་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་བཞིའོ། ། ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལས་འཕྲོག་པའི་ཡུལ་དང་། གང་འཕྲོག་པའི་དངོས་པོའོ། །དང་པོ་ནི། དགེ་སློང་ཆོས་དྲུག་ལྡན་ནོ། །དེ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་། མཚན་མཐུན་པ་དང་། ལྟ་བ་མཐུན་པ་དང་། ཐ་སྙད་གསུམ་དང་ 6-1-505a ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། བདག་ལས་ཐ་དད་པའོ། །དང་པོ་ནི། དགེ་སློང་གི་སྡོམ་པ་ཕམ་པས་མ་གོས་པ་སྟེ། སྤྱིར་བསྟན་པ་ལས། བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་སོ། །སེལ་ བ་ནི་དགེ་སློང་གི་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང་། ཕམ་པས་ཉམས་པའི་ཆོས་གོས་འཕྲོག་ན་ཉེས་བྱས་ཏེ་འོག་མ་དག་ལས་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །གཉིས་པ་དང་གསུམ་པ་ནི་ཡུལ་རྟེན་མཚན་མཐུན་པ་དང་། ལྟ་བ་མཐུན་པ་ནི་བར་དུ་གཅོད་པའི་གཞི་ལ་བར་དུ་ གཅོད་པའི་གཞིར་འདོད་པ་མཐུན་པ་སྟེ། སྤྱིར་བསྟན་པ་ལས་མཚན་མཐུན་པ་དང་། ལྟ་བ་མཐུན་པ་སྟེ་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ། །ཞེས་སོ། །སེལ་བ་ནི་མཚན་མི་མཐུན་པ་དགེ་སློང་གིས་དགེ་སློང་མའི་ཆོས་གོས་འཕྲོག་པ་ དང་། དགེ་སློང་ལྷ་སྦྱིན་ལྟ་བུ་ལྟ་བ་མི་མཐུན་པའི་ཆོས་གོས་འཕྲོག་ན་ཉེས་བྱས་ཏེ་འོག་མ་དག་ལས་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །བཞི་པ་ནི། སྨྲ་ཤེས། དོན་གོ། ཤེས་པ་རང་བཞིན་དུ་གནས་པ་སྟེ། སྤྱིར་བསྟན་པ་ལས་སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་རྣམ་པར་རིག་པར་ བྱེད་པ་ལས་ནི་དོན་གོ་བའོ། །རང་བཞིན་ཉམས་པ་ལ་ནི་མ་ཡིན་ནོ་ཞེས་སོ། །སེལ་བ་ནི་འོག་མ་དག་ལས་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །ལྔ་པ་ནི། སྤྱིར་བསྟན་གྱི་ཊཱི་ཀ་ལས། རེག་པ་ལ་སོགས་པ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག་ཅེས་གསུངས་སོ། །དྲུག་པ་ནི། དགེ་སློང་ཕ་རོལ་པོ་ཞེས་བརྡེག་པའི་ལྟུང་བྱེད་གསུངས་པའི་གནད་ཀྱིས་སྦྱར་རོ། །སེལ་བ་ནི་རང་གི་གོས་རང་གིས་འཕྲོག་ན་ཉེས་བྱས་སོ། །དགེ་སློང་ཆོས་དྲུག་ལྡན་ཅེས་ལྟུང་བའི་ཡན་ལག་ཙམ་འོག་ནས་འཆད་པ་རྣམས་སུ་ཡང་དེ་བཞིན་དུ་སྦྱར་དགོས་པས་དྲན་པར་བྱ་བ་ 6-1-505b གལ་ཆེ་ཆེ་ཆེ། གཉིས་པ་གང་འཕྲོག་པའི་དངོས་པོ་ནི་བཞི་ལས། གོས་སམ་ལྷུང་བཟེད་ཡིན་པ་སྟེ། གོས་ཉིད་ནའོ་ཞེས་པ་དང་། ཊཱི་ཀ་ལས། འདིར་གོས་ཞེས་སྨོས་པ་ནི་མཚོན་པ་སྟེ། དགེ་སྦྱོང་གི་ཡོ་བྱད་གཞན་ཡང་འཕྲོག་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཞེས་ གསུངས་པས་ལྷུང་བཟེད་ལ་ཡང་སྦྱར་རོ། །དགེ་སློང་གཞན་དེ་ཉིད་དབང་བ་ཡིན་པ་སྟེ་འཕྲོག་པར་བྱ་བ་རང་གི་ཉིད་མ་ཡིན་ནའོ་ཞེས་སོ། །རུང་བ་ཚད་དང་ལྡན་པ་སྟེ་གཞིའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་བདག་པོའི་ཆ་མ་གཏོགས་པ་གཞིའི་ཡན་ལག་དེ་ དག་ལ་མ་འཁྲུལ་བའོ། །བདག་པོའི་ཆ་ནས་ནི་དངོས་པོ་དེ་གཞན་གྱི་ཡིན་པ་ལ་རང་གི་ཡིན་པར་འདུ་ཤེས་འཁྲུལ་པ་ཡན་ལག་ཏུ་དགོས་ཏེ། བསྡུས་པ་ལས། རང་གི་ཡིན་པར་འདུ་ཤེས་ནས་འཕྲོག་པའོ། །རྣམ་པ་གཞན་དུ་ན་ཕམ་པར་འགྱུར་རོ། །ཞེས་སོ། །ཀུན་སློང་ནི་རྐུ་སེམས་ མེད་པར་གོས་སམ་ལྷུང་བཟེད་འཕྲོག་པར་འདོད་པ་རྒྱུན་མ་ཆད་པའོ། །ཊཱི་ཀ་ལས། ཁ་ན་མ་ཐོ་བ་འདི་ནི་རྐུ་སེམས་མེད་པའི་ཡིན་གྱི། རྐུ་སེམས་ཡོད་ན་ནི་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ། །ཞེས་སོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ལུས་སམ་ངག་གིས་འཕྲོག་ པར་ཞུགས་པའོ། །མཐར་ཐུག་ནི་ཐོབ་བློ་སྐྱེས་པའོ། །ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པ་ན་མཐའིའོ་ཞེས་པ་མཚོན་པ་ཙམ་ཡིན་ཏེ། གཞན་དུ་ན་ཆོས་གོས་གདང་ལ་བཀལ་ཏེ་འདུག་པ་འཕྲོག་ན་མཐར་ཐུག་གྲུབ་པ་མི་འཐད་པར་འགྱུར་རོ། །གཉིས་པ་ལ། དངོས་གཞིའི་ལྟུང་བར་འགྱུར་ཚུལ་བཤད། །ལྟུང་བ་དེ་ཡི་ན་སྨད་བརྗོད། །དང་པོ་ནི། འཕྲོག་པའི་སྤང་བ་འདི་ལ་བྱེད་པ་པོ་གང་ཞེ་ན། གང་ལས་དབྲལ་བར་བྱ་བའི་བདག་པོ་དགེ་སློང་ཡིན་པ་ཡན་ལག་ཉིད་དོ། །དགེ་སློང་གིས་དགེ་སློང་མ་དང་བསྙེན་པར་མ་རྫོགས་པ་ལས་ 6-1-506a འཕྲོག་ཀྱང་ཉེས་བྱས་སུ་འགྱུར་ཞེས་ཞུ་བ་ལས་སོ། །སུ་དབང་བ་ལ་འཕྲོག་ཅེ་ན། གོས་ལྟ་བུ་དབྲོག་པར་བྱ་བའི་དངོས་པོ་དེ་དགེ་སློང་ལྟུང་བ་འབྱིན་པ་པོ་རང་གི་ཉིད་མ་ཡིན་གྱི། གང་ལ་འཕྲོག་པའི་ཡུལ་དགེ་སློང་གཞན་དེ་དབང་བ་ཉིད་ཡིན་ནའོ། །དེ་ལྟར་ ན་དབྲོག་པར་བྱ་བའི་གོས་དེ་རང་གིས་བལྟོས་པ་མེད་པའི་སེམས་ཀྱིས་བྱིན་པ་ཡིན་ཀྱང་རུང་། གཞན་གྱིས་བྱིན་པ་ཡིན་ཀྱང་རུང་། བདག་པོ་ཁོ་ཉིད་དང་པོ་ནས་དབང་བ་ཡང་རུང་སྟེ། འཕྲོག་ན་ལྟུང་བ་འདིར་འགྱུར་རོ། །འོ་ན་སོ་སོར་ཐར་པ་ལས། དགེ་སློང་གིས་དགེ་སློང་ལ་ གོས་བྱིན་ནས་དེའི་འོག་ཏུ་སླར་འཕྲོག་ན་ཞེས་གསུངས་སོ་ཞེ་ན། ཊཱི་ཀ་ལས། གླེང་གཞིའི་དབང་གིས་དེ་སྐད་གསུངས་པ་ཡིན་ཏེ། འདིར་རང་གིས་བྱིན་པ་འཕྲོག་ན་ཉེས་པར་འགྱུར་བ་ལས་གཞན་གྱིས་བྱིན་པ་འཕྲོག་ན་ཆེས་ཉེས་པར་འགྱུར་བར་ཤེས་པར་བྱའོ་ཞེས་བཤད་དོ། །དེའི་ གོས་ཉིད་ཡིན་ནའོ་ཞེས་པའི་ཊཱི་ཀ་ལས། འདིར་གོས་ཞེས་སྨོས་པ་ནི་མཚོན་པ་སྟེ། དགེ་སློང་གི་ཡོ་བྱད་གཞན་འཕྲོག་ན་ཡང་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཞེས་པ་ནི། ལྷུང་བཟེད་འཕྲོག་ནའོ། །ལྟུང་བ་འབྱིན་པ་པོའི་དགེ་སློང་དེ་ཡིའམ། དགེ་སློང་དེས་གཞན་ལ་ བསྐོས་ནས་བསྐོས་པ་གཞན་དེས་ལུས་དང་ངག་གཉིས་ཀ་བསྡུས་པ་ལུས་ངག་གཉིས་ཀ་ཚོགས་པས་འཕྲོག་པའམ། ལུས་དང་ངག་ཐ་དད་པ་ལུས་རྐྱང་པའམ་ངག་རྐྱང་པ་དག་གིས་དབྲོག་པའི་དོན་དུ་ཞུགས་པ་འདི་ནི་སྤང་ལྟུང་སྐྱེད་པའི་བྱེད་པ་པོ་དག་ཡིན་ནོ། །དབྲལ་བར་བྱ་བའི་ དགེ་སློང་དེའི་ལུས་ལས་ཆོས་གོས་ལ་སོགས་པ་དེ་འབྲེལ་མོད། ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པའི་དུས་ན་མཐའ་སྤང་ལྟུང་དངོས་གཞིའི་བྱེད་པ་པོའོ། །གཉིས་པ་ནི། མཐར་ཐུག་གྲུབ་པའི་སྔ་རོལ་སྦྱོར་བ་ལ་ནི་ཉེས་བྱས་ཀྱི་བྱེད་པ་པོའོ། །གཉིས་པ་ནི། གོས་ 6-1-506b འཕྲོག་པ་དེ་ནི་བདག་པོ་དེ་ལ་ཕྱིར་སྦྱིན་པར་བྱ་བ་ཉིད་དོ། །ཞེས་པ་འདི་ལ་ཕྱིར་བྱིན་མ་ཐག་བཤགས་པར་བྱའི། ཞག་ལོན་པ་མི་དགོས་སོ་ཞེས་ཟེར་ཡང་། བམ་པོ་ལྔ་བཅུ་པ་ལས། ཕྱིར་སྦྱིན་པ་འདི་ནི་སྤང་ཞིང་དབྲལ་བར་བྱ་བའི་ཆོ་ག་ཡིན་ལ། དེའི་འོག་ཏུ་ཞག་གཅིག་ལ་ སོགས་པ་ལོན་ན་ལྟུང་བ་དེ་ཕྱིར་བཅོས་པར་བྱའོ་ཞེས་སོ། །གསུམ་པ་ནི། འཕྲོག་པའི་སྤང་ལྟུང་འདི་ལ་རང་གི་དོན་ཉིད་ནི་ངེས་བཟུང་དུ་དགོས་པའི་ཡན་ལག་མ་ཡིན་ཏེ། གཞན་དོན་དུ་འཕྲོག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་དེ་ལྟར་ལུང་རྣམ་འབྱེད་ལས་གསུངས་པ་ ཡིན་ནོ། །བྱིན་འཕྲོག་བྱེད་པའི་སྤང་ལྟུང་གི་སྐབས་འདིར་ཆོས་ཅན། གཞན་གྱི་དོན་སེལ་བར་འགྱུར་བ་མ་ཡིན་པར་ཐལ། རང་གི་དོན་ཡན་ལག་ཏུ་མི་དགོས་པའི་ཕྱིར། མ་གྲུབ་ན་དམ་བཅའ་བུད། མ་ངེས་ན་འགལ། འདོད་ན་ལུང་ཞུ་བ་ལས། གཞན་གྱི་ཕྱིར་འཕྲོག་ན་ཉེས་ བྱས་སུ་འགྱུར་རོ། །ཞེས་གསུངས་པ་དང་འགལ་ཅེ་ན། སྐབས་འདིར་སྦྱོར་བའི་གནས་སྐབས་ཐམས་ཅད་ཉེས་བྱས་སུ་འགྱུར་བ་ལ་དགོངས་སོ་ཞེས་རིགས་ཏེ། ལུང་རྣམ་འབྱེད་ལས། དགེ་སློང་གིས་དགེ་སློང་ལ་གོས་བྱིན་པ་དེའི་འོག་ཏུ་དགེ་སློང་གཞན་འཕྲོག་ཏུ་འཇུག་ན་གོས་ཀྱི་ གྲྭ་ལུས་ལས་བྲལ་བར་བྱེད་ན་དགེ་སློང་གཉིས་ཀ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་ཏེ། དེ་ལྟར་འཕྲོག་པར་བྱེད་པ་པོས་གཞན་གྱི་དོན་དུ་འཕྲོགས་ན་ཡང་སྤང་ལྟུང་བསྐྱེད་པར་གསུངས་པ་དང་། མདོ་རྩ་འགྲེལ་ལས་འདི་ལ་རང་གི་དོན་ཉིད་ནི་ཡན་ལག་མ་ ཡིན་ཅེས་པ་འདི་གཙོ་བོར་བཟུང་ངོ་། །བཞི་པ་ནི། འཕྲོག་པའི་རྟེན་དང་། ཡུལ་བསྙེན་པར་མ་རྫོགས་པ་ལ་ནི་སྐྲོད་པ་དང་རྣམ་པ་གསུམ་གྱི་སྒོ་ནས་འདྲ་སྟེ། དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ཀྱིས་ནི་དགེ་སློང་གི་གོས་འཕྲོག་ན་ཉེས་བྱས་སོ། །གསུམ་པོ་དེ་དག་ 6-1-507a གི་གོས་དགེ་སློང་གིས་འཕྲོག་ན་ཉེས་བྱས་སོ། །དགེ་སློང་གི་གོས་འཕྲོག་པ་པོ་ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ་། །ཞེས་དོན་རྣམ་པ་གསུམ་དུ་ལུང་རྣམ་འབྱེད་ལས་གསུངས་སོ། །ལྔ་པ་ལ། རང་གི་སེལ་གྱུར་འཕྲོག་པ་དང་། །བློ་ གྲོས་ངན་བྱས་འཕྲོག་པ་དང་། །རིགས་དོན་དབང་གིས་འཕྲོག་པའོ། །དང་པོ་ནི། བདག་པོ་ལ་གཏན་དུ་དབྲལ་བར་འདོད་པའི་བསམ་པས་འཕྲོག་པ་ལ་ནི་སྐབས་འདིར་ཡན་ལག་ཡིན་ནོ་ཞེས་བསྟན་པའི་ཕྱིར་བདག་པོ་རང་གི་ཉིད་ལས་གཏན་དུ་སེལ་བར་འདོད་པ་སྟེ། གཏན་ དུ་དབྲལ་བར་འདོད་པར་གྱུར་པའི་བསམ་པས་འཕྲོག་པ་ནི་འཕྲོག་པའི་སྤང་ལྟུང་གི་སྐབས་འདིར་ཡན་ལག་ཏུ་བསྡུས་པ་ཡིན་ཏེ། རེ་ཤིག་འཕྲོག་ལ་ཕྱིར་སྦྱིན་པར་བྱའོ་སྙམ་པ་ནི་མ་ཡིན་ནོ། །གཉིས་པ་ནི། བློ་གྲོས་ངན་པ་སྟེ་བསམ་པ་ངན་པས་བྱས་པ་སྟེ། གོས་འདི་རེ་ཞིག་ འཕྲོག་ལ་དུས་ཅུང་ཟད་གཅིག་བདག་པོའི་སེམས་གདུང་བར་བྱའོ། །ཡི་ཆད་པར་བྱའོ་ཞེས་ཅོ་འདྲི་བར་བྱའོ་སྙམ་པ་ལ་སོགས་པས་འཕྲོག་པར་བྱས་པ་ནི་འཕྲོག་པའི་ལྟུང་བ་དངོས་ཀྱི་རྗེས་སུ་འཕྲོད་པ་སྟེ་རྗེས་སུ་མཐུན་པའི་བསླབ་བྱའི་ཉེས་བྱས་སུ་གྱུར་པ་ཉིད་ཡིན་ནོ། །འདི་ལ་ འཕྲོག་པའི་ལྟུང་བ་དངོས་ཉིད་ནི་མི་བསྐྱེད་དེ་བདག་པོ་རང་གི་ཉིད་ལས་སེལ་བའི་བསམ་པ་མེད་པའི་ཕྱིར་ཏེ། རེ་ཞིག་འཕྲོག་ལ་ཕྱིར་སྦྱིན་པར་བྱའོ་སྙམ་དུ་སེམས་པའི་ཕྱིར་རོ། །གསུམ་པ་ནི། ཚེ་འདིར་གནོད་པ་སྟེ། སྟག་དང་ཆོམ་རྐུན་ཡོད་པའི་ས་ཕྱོགས་སུ་འགྲོ་བ་ལ་སོགས་ པ་དང་། ཚེ་ཕྱི་མར་མི་ཕན་པ་དང་འགྲོགས་ཏེ་ཡུལ་གཞན་དུ་འགྲོ་བ་ལྟ་བུ་མི་དགེ་བ་བྱེད་པ་ལ་འཇུག་པའི་གེགས་བྱ་བའི་ཕྱིར་ནི་ཆོས་གོས་ལ་སོགས་པ་འཕྲོག་པ་ལ་ལྟུང་བ་མེད་དོ། །འདི་ཡང་རེ་ཞིག་འཕྲོག་ལ་ཕྱིར་སྦྱིན་པར་བྱའོ་སྙམ་པའི་བསམ་པ་ཅན་ཡིན་ནོ། །བྱིན་ 6-1-507b འཕྲོག་ཅེས་སོ་སོར་ཐར་པ་ལས་གསུངས་ཀྱང་གླེང་གཞིའི་དབང་གིས་ཏེ། བྱིན་རུང་མ་བྱིན་རུང་དགེ་སློང་གཞན་གྱི་གོས་ལ་བདག་ཉིད་དབང་བར་འདུ་ཤེས་འཁྲུལ་ནས་འཕྲོག་པའི་སླང་བའོ།། །།དྲུག་པ་དགོན་པ་བའི་འབྲལ་བ་ལ། གནང་བའི་བསླབ་བྱ་བརྗོད་པ་དང་། །ལྟུང་ བའི་རྣམ་པར་བཞག་པ་བརྗོད། །དེ་ཡི་ལྟུང་བ་མེད་པ་བརྗོད། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། སྐབས་སྒྲུབ་པ་དང་། དངོས་ཀྱི་དོན་གཉིས་ལས། དང་པོ་ནི། གལ་ཏེ། བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང་། །དགོན་པ་བ་དང་རས་ཆེན་དང་། །ཞེས་ སོ་སོར་ཐར་པ་དང་ལུང་རྣམ་འབྱེད་ལས་བརྟད་པ་ལས་བྱུང་བའི་སྤང་ལྟུང་གི་འོག་ཏུ་དགོན་པ་པའི་འབྲལ་བ་འདི་གསུངས་པ་ལ། འཕྲོག་པའི་སྤང་བའི་འོག་འདིར་བསྟན་པའི་རྒྱུ་མཚན་གང་ཞེ་ན། དྷརྨ་མི་ཏྲས། ལུང་ཞུ་བ་ཁུངས་སུ་དྲངས་ནས་འདི་སྐད་བཤད་དེ། ཞུ་བ་ ལས་འཕྲོག་པའི་སྤང་བའི་འོག་ཏུ་ཞག་བདུན་ན་འབྲལ་བའི་སྤང་བ་འབྱུང་བས་ཞུ་བའི་གཞུང་ཁས་བླངས་ཏེ། ཞེས་ཊཱི་ཀ་ལས་བཤད་དོ། །འོ་ན་སྐབས་འདིར་གོ་རིམ་ལུང་རྣམ་འབྱེད་དང་མ་བསྟུན་པར་ལུང་ཞུ་བ་དང་མཐུན་པར་བཀོད་པའི་དགོས་པ་ནི་གང་ཞེ་ན། དབྱར་དང་ འབྲེལ་བའི་ལྟུང་བ་རས་ཆེན་དང་བརྟད་བྱུང་གཉིས་དགོན་པ་པའི་འབྲལ་བས་བར་དུ་མ་བཅད་པར་ལྷན་ཅིག་ཏུ་བསྟན་ན་རྟོགས་པར་སླ་བའི་ཕྱིར་རོ། །འོ་ན་དེང་སང་གི་ལུང་ཞུ་བ་ལས་ལུང་རྣམ་འབྱེད་དང་གོ་རིམ་མཐུན་པར་འབྱུང་བ་དང་འགལ་སྙམ་ན། སྐབས་འདིར་རྒྱ་གར་བ་ འགའ་ཞིག་གིས་ལུང་རྣམ་འབྱེད་ཀྱི་གོ་རིམ་དང་མཐུན་པར་ལུང་ཞུ་བའི་གོ་རིམ་བསྒྱུར་བར་གསལ་ཏེ། གཞན་དུ་ན་རྒྱ་ཆེར་འགྲེལ་ནས། ལུང་རྣམ་འབྱེད་དང་ལུང་ཞུ་བ་གཉིས་གོ་རིམ་མི་མཐུན་པར་གསུངས་པ་དང་འགལ་ལོ། །གཉིས་པ་ལ། གནང་བའི་བསླབ་བྱ་ནི། དགོན་ 6-1-508a པ་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་ཅེས་པ་འདི་ལ་ཤ་ན་རེ། སྣམ་སྦྱར་ཁོ་ན་བཞག་ཏུ་གནང་བ་སྟེ། རྒན་པོ་དང་ནད་པ་ལ་སྣམ་སྦྱར་ཁོ་ན་དང་མི་འབྲལ་བའི་གནང་བ་གསུངས་པ་དང་། ཆར་བབ་པ་དང་། ཆར་འབབ་ཏུ་དོགས་པ་ན་སྣམ་ སྦྱར་བཞག་ཏུ་རུང་བ་དང་། བླ་གོས་དང་མཐང་གོས་བཞག་ཏུ་མ་གནང་བ་དང་། སྲ་བརྐྱང་བཏིང་ན་སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་ལ་སོགས་པ་གནང་ཡང་། བླ་གོས་དང་མཐང་གོས་མེད་པར་མི་གནང་བའི་གནད་ཀྱིས་ཤེས་སོ་ཞེས་ཟེར་རོ། །དེ་ནི་གཞུང་དང་འགལ་ ཏེ། ལུང་རྣམ་འབྱེད་ལས། ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་ལས་གང་འདོད་པ་ཁྱིམ་གཞན་དུ་བཞག་པར་བྱའོ། །ཞེས་གསུངས་པས། སྣམ་སྦྱར་གྲོང་དུ་བཞག་ཏུ་གནང་བར་མ་ཟད་ཀྱི། དགེ་སློང་ དགོན་པ་པའི་སྣམ་སྦྱར་དང་མཐང་གོས་ཧྲལ་ཧྲུལ་ཉིད་ཡིན་ལ། བླ་གོས་བཟང་ཞིང་རིན་ཆེ་བ་དེ་ཆོམ་རྐུན་པས་འཕྲོག་པས་འཇིགས་ན་ནི་བླ་གོས་གྲོང་དུ་བཞག་པ་གནང་བ་ལྟ་བུ་སྟེ། སྣམ་སྦྱར་དགོན་པར་བཞག་སྟེ་བླ་གོས་སམ་མཐང་གོས་གྲོང་དུ་བཞག་པར་འདོད་ན་ཡང་ གང་ཡང་རུང་བ་གཅིག་བཞག་ཏུ་གནང་བའོ། །འོ་ན་སྟོད་གཡོགས་དང་སྨད་གཡོགས་མེད་ན་ནི་རབ་ཏུ་བྱུང་བའི་རྟགས་ཉམས་པར་འགྱུར་རོ་སྙམ་ན། བླ་གོས་གྲོང་དུ་བཞག་ན་སྟོད་གཡོགས་ནི་སྐྲ་བཟེད་དང་། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་ནམ། དབྱར་ཡིན་ན་རས་ ཆེན་སྟོད་གཡོགས་སུ་བསྟེན་ཅིང་། མཐང་གོས་གྲོང་དུ་བཞག་ན་ཡང་སྨད་གཡོགས་ནི་ཤམ་ཐབས་སམ་ཤམ་ཐབས་ཀྱི་གཟན་བསྟེན་པའོ། །འཇིགས་པ་དང་བཅས་པ་ཉིད་ན་གྲོང་ཡང་རང་གི་གནས་དང་འདྲ་སྟེ། ཆོས་གོས་གཅིག་གྲོང་དུ་བཞག་ཅིང་དགེ་སློང་དགོན་པར་ 6-1-508b གནས་ན། ཊཱི་ཀ་ལས། ཞག་དྲུག་ཚུན་ཆད་དུ་འབྲལ་བའི་ཉེས་པར་མི་འགྱུར་རོ་ཞེས་གསུངས་སོ། །ཞག་དྲུག་ནི་མཚོན་པ་སྟེ། འགྲེལ་ཆུང་ལས། རྟག་ཏུ་འཇིགས་པའི་རྐྱེན་ཡོད་ན་ཚུལ་ནས་བྱུང་བྱུང་གི་བར་དུ་བྲལ་ཡང་ཉེས་པ་མེད་ཅེས་བཤད་དོ། །དེར་མ་ཟད་ཇི་སྲིད་ འཚོའི་བར་དུ་ཡང་འབྲལ་བའི་ཉེས་པ་མེད་དོ། །ཞེས་བླ་མ་རྣམས་གྲོང་ཡང་རང་གི་གནས་དང་འདྲ་ཞེས་གསུངས་པ་ལ་བརྟེན་ནས་འཆད་དོ། །གལ་ཏེ་འདི་སྐད་དུ། སོ་སོར་ཐར་པ་ལས་དབྱར་ཕྱི་མར་གྱུར་ལ་དགེ་སློང་དགོན་པ་པས་འདོད་ན་ཆོས་གོས་གསུམ་ལས་ཆོས་གོས་གང་ ཡང་རུང་བ་ཁྱིམ་གཞན་དུ་བཞག་པར་བྱའོ། །ཞེས་པ་ལ་འདིར་དབྱར་གྱི་ཁྱད་པར་དུ་མ་བྱས་པ་འགལ་ཅེ་ན། རང་འགྲེལ་དང་། ཊཱི་ཀ་ལས་འདི་ལྟར་གསུངས་ཏེ། དབྱར་ཕྱི་མ་ཞེས་གསུངས་པ་ནི་གླེང་གཞིའི་དབང་གིས་ཏེ། ལུང་རྣམ་འབྱེད་ལྟུང་བ་བསྟན་པ་ལས། དགེ་སློང་ དགོན་པ་བས་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་ཐམས་ཅད་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་དབྱར་ཕྱི་མ་ལ་མ་བརྟེན་པར་སྤྱིར་གསུངས་པ་ཡིན་ནོ། །གྲོང་གཞན་ན་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱའོ། ། ཞེས་ཉེས་པ་མེད་པར་གསུངས་པའི་དམིགས་བསལ་འདུ་ཤེས་ཀྱི་དབང་གིས་ཉེས་པར་འགྱུར་བ་ནི་འདི་ལྟ་སྟེ། འཇིགས་པ་དང་བཅས་པ་ཉིད་ཡིན་ན་དགེ་སློང་དགོན་པ་བས་བྱིན་གྱིས་བརླབས་པའི་ཆོས་གོས་གཅིག་གྲོང་དུ་བཞག་ན་དེ་ལས་ཞག་དྲུག་ཚུན་ཆད་དུ་བྲལ་བར་བྱེད་པ་ ཆོས་ཅན། ཞག་དྲུག་མ་འདས་པར་འབྲལ་བ་ལ་དགོན་པ་བའི་འབྲལ་ལྟུང་བསྐྱེད་པ་ཡོད་པ་མ་ཡིན་པར་ཐལ། ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱ་བ་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་མ་གྲུབ་ན་ཕན་ཚུན་འགལ་ལོ། །འདོད་ན་ཆོས་ཅན་སྔར་བཞིན། ཞག་ 6-1-509a དྲུག་མ་འདས་པར་འབྲལ་བ་ལ་དགོན་པའི་འབྲལ་ལྟུང་ན་སྨད་བསྐྱེད་པ་ཁེགས་པར་ཐལ། ཞག་དྲུག་མ་འདས་པར་འབྲལ་བ་ལ་དགོན་པའི་འབྲལ་ལྟུང་བསྐྱེད་པ་ཁེགས་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ ན་དགོན་པ་པའི་འབྲལ་བའི་ལུང་ཞུ་བ་ལས། ཞག་དྲུག་མ་འདས་པ་ལ་འདས་པར་འདུ་ཤེས་ཏེ་བྲལ་ན་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །འདི་ལ་དཔལ་ཤཱཀྱ་མཆོག་ལྡན་ན་རེ། སྤྱོད་ཡུལ་གྱི་གྲོང་དེར་ཆོས་གོས་བཞག་ཀྱང་དགེ་སློང་མ་ལ་འབྲལ་བར་མི་འགྱུར་ བའི་ཕྱིར། ཡུན་ཇི་ཙམ་གྱི་བར་དུ་ཞེ་ན། ཊཱི་ཀ་ལས་ཞག་བདུན་ཚུན་ཆད་དུའོ། །ཞེས་གསུངས་ཀྱང་འགྱུར་ནོངས་པ་ཡིན་ཏེ་ཞེས་སྨྲའོ། །དེ་ལྟར་ན་ནི་རྒྱ་ཆེར་འགྲེལ་མ་མཐོང་བར་ཟད་དེ། འདིའི་ཐད་ཀྱི་ཊཱི་ཀར། ཞག་དྲུག་པའི་མཐར་ཐུག་ཅིང་ཞག་བདུན་པའི་སྐྱ་རེངས་མ་ཤར་ ཚུན་ཆད་དུའོ། །ཞེས་གསལ་བར་སྣང་བའི་ཕྱིར་རོ། །གཉིས་པ་ནི། དགེ་སློང་བ་དགོན་པ་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་ལས་གང་འདོད་པ་གཅིག་ལ་ནི་དགོན་པ་དེ་ཆོམ་རྐུན་ལ་སོགས་པའི་འཇིགས་པ་དང་བཅས་པ་ ཉིད་ཡིན་ན། དགོན་པ་དེའི་སྤྱོད་ཡུལ་གྱི་གྲོང་ཡང་དགེ་སློང་དགོན་པ་བ་རང་གི་གནས་དགོན་པ་དེ་དང་འདྲ་སྟེ། དེ་ལྟར་ཆོས་གོས་གྲོང་དེར་བཞག་ཅིང་དགེ་སློང་དགོན་པར་གནས་ན་ཇི་སྲིད་འཚོའི་བར་དུ་འབྲལ་བའི་ཉེས་པ་མེད་དོ། །ཞེས་འཆད་དོ། །སོ་སོར་ཐར་པ་དང་རྣམ་འབྱེད་ ལས། དགེ་སློང་དགོན་པ་པས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པའི་རྐྱེན་ཞིག་བྱུང་ན། དགེ་སློང་དགོན་པ་བ་དེས་ཆོས་ལྡན་གྱི་དོན་གྱི་དབང་གིས་ཆོས་གོས་གཅིག་གྲོང་སྟེ་དགོན་པའི་སྤྱོད་ཡུལ་གྱི་གྲོང་ཡང་འཇིགས་པ་དང་བཅས་ན་ནི་གྲོང་གཞན་ན་འདུག་པའམ་རང་གི་ 6-1-509b གནས་སུ་འདུག་པ་དེ་ལས་ཞག་དྲུག་པའི་མཚན་མོའི་མཐའ་ཚུན་ཆད་དུ་མཚམས་ཐ་དད་དུ་འབྲལ་བར་བྱའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཆོས་གོས་གྲོང་དུ་བཞག་པ་དེ་ལས་ཞག་བདུན་དུ་འབྲལ་ བར་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དགེ་སློང་གི་ཆ་ལུགས་ཁྱད་པར་ཅན་ཉམས་པ་དང་། ཡོ་བྱད་ཀྱི་ཁྱད་པར་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་དགོན་པ་པས་འཇིགས་པའི་དབང་གིས་ཆོས་གོས་གསུམ་ལས་གང་ ཡང་རུང་བ་གཅིག་སྤྱོད་ཡུལ་གྱི་གྲོང་དུ་བཞག་སྟེ་བྱ་བ་ཆོས་ལྡན་གྱི་ཆེད་དུ་དགོན་པ་དང་། ཆོས་གོས་དེའི་གནས་ཉེ་འཁོར་དང་བཅས་པ་ལས་ཕྱི་རོལ་དུ་གནས་ཏེ་བར་ཆད་ཀྱི་དབང་མ་གཏོགས་པར་ཞག་དྲུག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་ བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འབྲལ་བའི་དངོས་པོ་དང་། གང་དུ་འབྲལ་བའི་ཡུལ་དང་། གང་གིས་འབྲལ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཆོས་གོས་གསུམ་ལས་གང་ཡང་རུང་བ་གཅིག་ཡིན་པ་དང་། འཇིགས་པའི་དབང་གིས་ཆོས་ གོས་གྲོང་དུ་བཞག་པ་ཡིན་པ་སྟེ། ཆོས་གོས་གཅིག་ལ་ནི་ཞེས་པ་དང་། འཇིགས་པ་དང་བཅས་པ་ཡིན་ན་གྲོང་ཡང་ཞེས་བཤད་ཅིང་། གྲོང་གཞན་ན་འདུག་པ་དེ་ལས་ཞེས་སོ། །རང་གི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་ཡོངས་རྫོགས་དང་ལྡན་པ་དང་། རུང་བ་དང་། ཚད་དང་ལྡན་པ་གསུམ་ནི་སྔར་བཤད་ཟིན་ཏོ། །གཉིས་པ་གང་དུ་འབྲལ་བའི་གནས་ནི། དགོན་པ་བ་དང་གོས་དེའི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ཡིན་པ་སྟེ། ཞུ་འགྲེལ་ལས། དགོན་པའི་གནས་དང་ཆོས་གོས་ཀྱི་གནས་དེའི་ཉེར་སྤྱོད་འདོམ་གང་ལ་སོགས་ 6-1-510a པ་གང་ཡིན་པ་དེའི་ཕྱི་རོལ་དུ་གྱུར་པ་དེར་རོ་ཞེས་བཤད་དོ། །ལུང་རྣམ་འབྱེད་ལས། ཆོས་གོས་ཀྱི་གནས་དེར་ཉལ་བར་མི་བྱའོ་ཞེས་བཀག་པས། དེར་ཉལ་ན་དགོན་པར་མ་གནས་པའི་བསླབ་བྱའི་ཉེས་བྱས་སུ་འགྱུར་ཡང་འབྲལ་བའི་ལྟུང་བར་ནི་མི་འགྱུར་རོ། ། གསུམ་པ་གང་འབྲལ་བའི་རྟེན་ལ་བཞི་ལས། དགོན་པ་བའི་ཡི་དམ་དང་ལྡན་པ་དང་། བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ་དགོན་པ་བའི་ཞེས་པ་དང་། བར་ཆད་ཀྱི་དབང་གིས་ཞེས་སོ། །སྲ་བརྐྱང་མ་བཏིང་བ་དང་། སྣམ་སྦྱར་གྱི་ཆ་ནས་མི་འབྲལ་བའི་གནང་བ་མ་ཐོབ་པ་སྟེ་དེ་གཉིས་ནི་ ཞག་གཅིག་གི་འབྲལ་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་དགོན་པའི་གནས་དང་ཆོས་གོས་ཀྱི་གནས་ལས་མཚམས་ཐ་དད་པར་གནས་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ གནས་དེ་གཉིས་ལས་མཚམས་ཐ་དད་དུ་འབྲལ་བར་བྱེད་པའོ། །མཐར་ཐུག་ནི་ཞག་དྲུག་གི་མཚན་མོའི་མཐའི་སྐད་ཅིག་མའོ། །དེའི་སྐད་ཅིག་གཉིས་པ་ལ་ལྟུང་བ་དངོས་གཞི་སྟེ། ཊཱི་ཀ་ལས། ཞག་བདུན་པའི་སྐྱ་རེངས་ཤར་ན་ནི་འབྲལ་བ་ཞེས་བྱ་བའི་ལྟུང་བ་འབྱུང་ངོ་ཞེས་བྱ་བའི་ཐ་ ཚིག་གོ་ཞེས་སོ། །གཉིས་པ་ནི། ཞག་དྲུག་ལས་ལྷག་པ་ཞག་བདུན་པའི་སྐྱ་རེངས་ཤར་བ་ལ་ནི་རྐྱེན་གཞན་མ་བྱུང་ན་བག་ཡངས་མེད་དེ་སྤང་ལྟུང་བསྐྱེད་དོ། །གསུམ་པ་ལ། ལྟུང་མེད་དངོས་ཉིད་བརྗོད་པ་དང་། །གཞན་པའི་འདོད་པ་དགག་པའོ། །དང་པོ་ནི། དགེ་སློང་ དགོན་པ་བ་མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་དེ་ལ་ཆོམ་རྐུན་ལ་སོགས་པ་བར་ཆད་ཀྱི་དབང་གིས་ཆོས་གོས་ཀྱི་གནས་སམ་དགོན་པའི་གནས་སུ་མ་འོངས་པ་ལ་ཞག་དྲུག་ལས་ལྷག་ཀྱང་ཉེས་པ་མེད་དོ། །ཊཱི་ཀར། ཞག་བདུན་ལ་སོགས་པར་ཐལ་བ་ནི་ཉེས་པ་མེད་དོ་ཞེས་སོ། །གཉིས་པ་ 6-1-510b ནི། ཁ་ཅིག་ཞག་དྲུག་ན་ལྡོག་པར་བྱའོ་སྙམ་དུ་བརྣགས་པར་བྱས་ཏེ་སོང་ན་ཉེས་པ་མེད་པ་ཡིན་གྱི། ཞག་དྲུག་གི་གོང་དུ་ལྡོག་པའི་བརྣག་པ་བྱས་ཏེ་སོང་བའམ་བརྣག་པ་གཏན་མ་བྱས་པར་སོང་ན་བར་ཆད་བྱུང་ཡང་ཞག་དྲུག་འདས་ན་ཉེས་པར་འགྱུར་ཞེས་ཟེར་བ་དགག་པ་ནི། ཊཱི་ཀ་ ལས། བསླབ་པའི་གཞི་འདིར་ཞག་དྲུག་ཏུ་འགྲོ་བ་བར་ཆད་ཀྱི་དབང་གིས་ཞག་དྲུག་ལས་ཧ་ཅང་ཐལ་བ་ཉིད་ལ་ནི་ཞག་དྲུག་ལས་ལྡོག་པའི་བརྣག་པ་ནི་ཉེས་པ་མེད་པས་ཡན་ལག་མ་ཡིན་ལ། ཞག་གཅིག་ནས་ལྡོག་པར་བརྣག་པ་ལྟ་བུ་ཞག་དྲུག་གི་གོང་དུ་ལྡོག་པར་བརྣག་པ་ནི་ ཉེས་པར་འགྱུར་བའི་ཡན་ལག་མ་ཡིན་ནོ་སྟེ། བརྣག་པ་བྱས་ཀྱང་རུང་མ་བྱས་ཀྱང་རུང་བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ཉེས་པ་མེད་པ་ཡིན་ནོ། །ཞག་བདུན་པའི་སྐྱ་རེངས་ཤར་ན་འབྲལ་བའི་སྤང་བའོ།། །།བདུན་པ་རས་ཆེན་སྤང་བ་ལ། བཙལ་དང་བཅང་པ་གནང་བའི་ དུས། །ཚོལ་དང་འཆང་བ་བཀག་པའི་དུས། །བཀག་པ་ལས་འདས་ལྟུང་བ་དང་། །དབྱར་འབྲེལ་སྔ་ཕྱིའི་དུས་དག་གོ། དང་པོ་ནི། དགེ་སློང་བདག་ཉིད་དབྱར་གནས་པར་ཁས་བླངས་པའི་ཉི་མ་གང་ཡིན་པ་དེའི་ཉིན་མོ་སྟེ། དབྱར་སྔ་མ་ཁས་བླངས་པ་སྔ་མའི་ཉིན་མོ་ནི་ དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་དབྱར་གནས་པར་ཁས་བླངས་པ་ཕྱི་མའི་ཉིན་མོ་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གོ། དེ་ནི་བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོའོ། །དེའི་ཟླ་བ་སྔ་མ་ནི་དབྱར་ཟླ་ར་བའི་ཉ་ནས་དབྱར་ཟླ་འབྲིང་པོའི་ཉའི་བར་རམ་དབྱར་ཟླ་འབྲིང་ པོའི་ཉ་ནས་དབྱར་ཟླ་ཐ་ཆུང་ཉའི་བར་རོ། །དེ་གཉིས་ཀྱི་ཉི་མའི་དང་པོ་ནི་དབྱར་ཟླ་ར་བའི་ཚེས་བཅུ་དྲུག་གམ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གོ། ཚུན་ཆད་ནས་ཞེས་བྱ་བ་ནི་ཉི་མ་དང་པོ་དེ་གཉིས་དང་པོར་བྱས་ནས་དེ་ཚུན་ཆད་ནས་སོ། །དབྱར་གྱི་རས་ཆེན་བཙལ་བར་བྱའོ། །ཞེས་བྱ་ 6-1-511a བ་ནི་གལ་ཏེ་དགེ་སློང་དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་ན། གང་གི་ཚེ་དབྱར་སྔ་ཕྱི་ཁས་ལེན་ནི་དབྱར་ཟླ་ར་བའམ་འབྲིང་པོའི་བཅུ་དྲུག་ནས་བརྩམས་ཏེ་ཇི་སྲིད་དབྱར་གྱི་གོས་རས་ཆེན་འཆང་བར་གནང་བའི་དུས་ཀྱི་དང་པོ་ཚུན་ཆད་ཀྱི་བར་དུ་དབྱར་གྱི་རས་ ཆེན་བཙལ་བར་བྱ་སྟེ། མདོ་འདིས་ནི་དབྱར་གྱི་རས་ཆེན་དང་པོ་བཙལ་བའི་དུས་སྟོན་ཏོ། །རས་ཆེན་འཆང་བའི་དུས་ནི་དགེ་སློང་བདག་ཉིད་ཀྱི་དབྱར་གྱི་ཚུལ་འཇུག་སྔ་ཕྱི་གང་ཡིན་གྱི་ཟླ་བ་གསུམ་རྫོགས་པའི་འོག་གི་ཟླ་བ་ཕྱེད་ཀྱི་མཚན་མོའི་མཐའ་སྐད་ཅིག་གི་ བར་དུ་རས་ཆེན་བཅང་བར་བྱའོ་སྟེ་བཅངས་ཀྱང་ཉེས་པ་མེད་དོ། །གཞུང་འདིའི་དབྱར་གྱི་འོག་གི་ཞེས་པ་ལ། ཊཱི་ཀར། དབྱར་སྔ་མའི་ཕྱི་མ་རྣམ་པར་གཞག་པ་གང་ཡིན་པ་དེའི་འོག་མར་གྱུར་པ་ཞེས་པ་ཙམ་ལས་མ་སྨོས་ཀྱང་། དབྱར་སྔ་ཕྱིའི་ཚུལ་འཇུག་གང་ཡིན་པའི་ཟླ་བ་གསུམ་རེ་རྫོགས་ནས་རང་རང་ གི་དགག་དབྱེའི་འོག་ཏུ་ཟླ་བ་ཕྱེད་བཅང་དུ་རུང་བ་ནི་གཞུང་གི་དངོས་བསྟན་ཡིན་ལ། ཊཱི་ཀར། གལ་ཏེ་དགེ་སློང་དེ་དབྱར་གནས་པར་ཁས་བླངས་པ་སྔ་མར་ཁས་ལེན་པར་འདོད་ན་ནི་དེའི་ཚེ་དབྱར་ཟླ་ར་བའི་ཚེས་བཅུ་དྲུག་ནས་བརྩམས་ནས་སྟོན་ཟླ་ཐ་ཆུང་ཚེས་ཀྱི་བར་དུ་ཟླ་བ་ཕྱེད་དང་ ལྔར་དབྱར་གྱི་གོས་རས་ཆེན་དེ་བཅང་བའི་དུས་ཡིན་ནོ། །གལ་ཏེ་དགེ་སློང་དེས་དབྱར་གནས་པར་ཁས་བླང་བ་ཕྱི་མར་ཁས་ལེན་པར་འདོད་ན་ནི་དེའི་ཚེ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་བརྩམས་ནས་དགུན་ཟླ་ར་བའི་ཚེས་ཀྱི་བར་དུ་ཟླ་བ་ཕྱེད་དང་ལྔར་དབྱར་གྱི་གོས་རས་ཆེན་དེ་ བཅང་བའི་དུས་ཡིན་ཏེ། དེ་ལས་ཐལ་བར་འཆང་དུ་མི་གནང་ངོ་། །དེ་ལྟ་བས་ན་འདིར་སྟོན་ཟླ་ཐ་ཆུང་ཚེས་གཅིག་གམ། དབྱར་ཟླ་ར་བ་ཚེས་གཅིག་གི་སྐྱ་རེངས་དང་པོ་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་ལྟར་ན་དབྱར་སྔ་ཕྱི་གང་ཁས་བླངས་པས་ཀྱང་ 6-1-511b དབྱར་གྱི་ཚུལ་ཟླ་བ་གསུམ་པོ་དང་། སོ་སོའི་དགག་དབྱེའི་འོག་ཏུ་ཟླ་བ་ཕྱེད་དང་གཉིས་རེ་སྟེ། མདོར་ན་དབྱར་ཁས་བླངས་པ་ནས་བཟུང་སྟེ་ཟླ་བ་ཕྱེད་དང་ལྔར་འཆང་བར་སྣང་ལ། གཞུང་ཉིད་ལྟར་ན་དབྱར་ཁས་ལེན་གྱི་ཟླ་བ་སྔོན་མའི་ཚེས་བཅུ་དྲུག་ལྟ་བུ་ལ་རས་ཆེན་བཙལ་ ནས་དགག་དབྱེའི་འོག་ཏུ་ཟླ་ཕྱེད་ཀྱི་བར་དུ་འཆང་བ་སྟེ། འདི་ལྟར་ན་རྩ་འགྲེལ་དགོངས་པ་ཐ་དད་པ་ཞིག་སྟེ་རྒྱུ་མཚན་དཔྱད་པར་འོས་སོ། །མདོ་འོག་མ་འདིའི་དམིགས་བསལ་ནི། འདུ་ཤེས་ཀྱི་དབང་གིས་ཉེས་པར་འགྱུར་བ་ཡོད་དེ། བཅས་ལྡན་དགེ་སློང་གིས་བདག་ཉིད་ དབྱར་གནས་ཟླ་བ་གསུམ་རྫོགས་ནས་རས་ཆེན་འཆང་བ་ཆོས་ཅན། བདག་ཉིད་ཀྱི་དབྱར་གནས་ཟླ་བ་གསུམ་རྫོགས་ནས་ཟླ་བ་ཕྱེད་མ་འདས་པ་ལ་རས་ཆེན་བཅང་བའི་ལྟུང་བ་ཁེགས་པར་ཐལ། བདག་ཉིད་ཀྱི་དབྱར་གནས་ཟླ་བ་གསུམ་རྫོགས་ནས་ཟླ་བ་ཕྱེད་ཀྱི་མཐའི་བར་དུ་ རས་ཆེན་བཅང་བར་བྱ་བ་ཉིད་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་མ་གྲུབ་ན་འགལ། འདོད་ན་ཆོས་ཅན་སྔར་བཞིན་ལ། བདག་ཉིད་ཀྱིས་དབྱར་གནས་ཟླ་བ་གསུམ་རྫོགས་ནས་ཟླ་བ་ཕྱེད་མ་འདས་པར་རས་ཆེན་བཅང་བའི་ལྟུང་བ་ན་སྨད་བསྐྱེད་པ་ཁེགས་པར་ཐལ། སྔར་གྱི་ཆོས་ཅན་ནི་རྟགས་སོ། །འདོད་ན་རས་ཆེན་བཞག་འཕྱིས་ཀྱི་སྐབས་ལུང་ཞུ་བ་ལས། ཚུལ་ནས་འབྱུང་བ་ལས་ཟླ་བ་ཕྱེད་མ་འདས་པ་ལ་འདས་པར་འདུ་ཤེས་ཏེ་དབྱར་གྱི་རས་ཆེན་བཅང་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དབྱར་གྱི་གོས་རས་ཆེན་ཧ་ཅང་མྱུར་བར་འཚོལ་བ་དང་། ཧ་ཅང་ཡུན་རིང་དུ་འཆང་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བཙལ་སྔས་ཀྱི་དགག་བྱ་ཆེ་བ་དང་། སྦྱིན་བདག་གི་ལོངས་སྤྱོད་ལ་ 6-1-512a གནོད་པ་ཡིན་ལ། བཞག་འཕྱིས་ཀྱི་དགག་བྱ་ནི། འདོད་པ་ཆེ་བ་དང་། རང་གི་ཡོ་བྱད་ཆུད་ཟོས་པ་སྟེ། རས་ཆེན་སྦེད་པ་པོ་ལ་གཏད་ན་ལྟུང་བ་མེད་པར་གསུངས་པས་ཤེས་སོ། །བཙལ་སྔས་པའི་ལྟུང་བའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གི་དབྱར་གྱི་ རས་ཆེན་བཙལ་བའི་དུས་ཀྱི་སྔ་རོལ་དུ་བླངས་ཏེ་ཐོབ་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལས་བསླང་བའི་ཡུལ་དང་། གང་བསླང་བའི་དངོས་པོ་དང་། གང་གི་ཚེ་ན་སློང་བའི་དུས་སོ། །དང་པོ་ནི། ཐ་སྙད་ ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་། མ་བསླངས་པའི་སྔ་རོལ་ནས་ཅི་བདེར་སྟོབ་པ་མ་ཡིན་པ་དང་གསུམ་སྟེ། མ་བསླང་པར་ཕུལ་ན་དེ་བླངས་པ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་གང་སློང་བའི་དངོས་པོ་ལ་དྲུག་ལས། དབྱར་གྱི་རས་ཆེན་ཡིན་པ་སྟེ། རས་ཆེན་གྱི་སྤང་བ་ཞེས་སོ། །རྙང་རྙིང་མ་ཡིན་པ་སྟེ། རྙང་རྙིང་ལ་ནི་ན་སྨད་པ་ཉིད་དོ་ཞེས་པས་སོ། །ཆར་ཆུ་སྐྱོབ་པའི་བྱ་བ་བྱེད་ནུས་པ་ཡིན་ཏེ། ཞུ་བ་ལས། སེང་རས་ཀྱི་རས་ཆེན་ཤིན་ཏུ་མྱུར་བར་བཙལ་ཏམ། ཤིན་ཏུ་རིང་བར་བཅངས་ན་ཅིར་འགྱུར། ཉེས་བྱས་སོ། ། ཞེས་སོ། །རིགས་པས་ཀྱང་ཆར་ཆུ་སྐྱོབ་པའི་བྱ་བ་བྱེད་མི་ནུས་པའི་རས་ཆེན་སློང་བ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མ་རྫོགས་པའི་ཕྱིར་རོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་དྲུག་གོ། གསུམ་པ་གང་གི་ཚེ་སློང་ བའི་དུས་ནི། དབྱར་གནས་ཁས་ལེན་རན་པའི་དུས་ལས་ཟླ་བ་གཅིག་པས་སྔ་བ་ཡིན་པ་སྟེ། སྔོན་དང་ཞེས་པ་ནས་སོ། །སྐབས་འདིར། འབལ་ཚད་པ་ན་རེ། རས་ཆེན་བཙལ་སྔས་ཀྱི་སྤང་ལྟུང་བསྐྱེད་པ་ལ་དགེ་སློང་བདག་ཉིད་ཀྱི་དབྱར་གནས་པར་ཁས་ལེན་པ་ཡན་ 6-1-512b ལག་ཏུ་དགོས་ཞེས་འཆད་དོ། །དེ་ནི་མི་རིགས་ཏེ། དབྱར་གནས་པར་ཁས་ལེན་པའི་ཟླ་བ་གཅིག་གི་སྔ་རོལ་དུ་རས་ཆེན་བཙལ་སྔས་ཀྱི་སྤང་ལྟུང་བསྐྱེད་པ་ལ་དུས་ཕྱིས་དབྱར་གནས་པར་ཁས་ལེན་བྱེད་རྒྱུར་དགོས་ན་འབྲས་བུ་སྔར་གྲུབ་ནས་རྒྱུ་ཕྱིས་འབྱུང་བར་འགྱུར་ཏེ། རྒྱུ་འབྲས་ཀྱི་སྔ་ཕྱི་འཆོལ་བར་འགྱུར་རོ། །དེའི་ཕྱིར་དགེ་སློང་དབྱར་གྱི་ཚུལ་འཇུག་གཏན་ནས་མི་བྱེད་ན་ཡང་དེས་རས་ཆེན་བཙལ་སྔས་ཏེ་ཐོབ་ན་རས་ཆེན་བཙལ་སྔས་ཀྱི་སྤང་ལྟུང་འབྱུང་ངོ་། །འོ་ན་དགེ་སློང་དབྱར་གྱི་ཚུལ་འཇུག་གཏན་ནས་མི་བྱེད་པ་ལ་རས་ཆེན་བཙལ་ བའི་དུས་དང་བཅང་བའི་ས་མཚམས་གང་གིས་བཟུང་ཞེ་ན། ལག་ལེན་དོག་མཐའ་བཟུང་སྟེ་བཙལ་བའི་དུས་ནི་དབྱར་ཕྱི་མ་ལ་བལྟོས་ཏེ་བཙལ་ཞིང་། བཅང་བའི་དུས་ན་དབྱར་སྔ་མ་ལ་བལྟོས་ནས་བཅང་བའམ་ཡངས་མཐའ་བཟུང་ན་དེ་ལས་གོ་བཟློག་པ་ཡིན་ཅེས་ཁོ་བོ་ སྨྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རས་ཆེན་སློང་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་རས་ཆེན་སློང་བ་ཞུགས་པའོ། །མཐར་ཐུག་ ནི་རས་ཆེན་ཐོབ་བློ་སྐྱེས་པའོ། །རས་ཆེན་བཞག་འཕྱིས་པའི་ལྟུང་བའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དབྱར་ཟླ་བ་གསུམ་པའི་དགག་དབྱེ་རན་པའི་དུས་ལས་ཟླ་བ་ཕྱེད་འདས་པར་དབྱར་གྱི་རས་ཆེན་འཆང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ ལས། གཞིའི་ཡན་ལག་ལ་གཉིས་ཏེ། དང་པོ་གང་འཆང་བའི་དངོས་པོ་ནི་རས་ཆེན་ཆོས་དྲུག་ལྡན་སྔར་དང་འདྲ་བ་ལས་སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་ཕྲི་སྟེ་དགེ་སློང་རང་གི་ཡིན་པ་ཞེས་ཁྱད་པར་རོ། །གཉིས་པ་གང་གི་ཚེ་འཆང་བའི་དུས་ནི་དབྱར་ཟླ་བ་གསུམ་རྫོགས་ནས་ 6-1-513a ཟླ་བ་ཕྱེད་འདས་པ་སྟེ་ཕྱི་མ་ཞེས་པ་ནས་སོ། །བསམ་པའི་ཡན་ལག་ལ་འདུ་ཤེས་སྔར་དང་འདྲ་ལ། ཀུན་སློང་ནི་རང་དོན་དུ་རས་ཆེན་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རས་ཆེན་འཆང་བར་བྱེད་པའོ། །མཐར་ཐུག་ནི་ཟླ་ཕྱེད་ཀྱི་མཚན་ མོའི་མཐའི་སྐད་ཅིག་གོ། གཉིས་པ་ནི། རས་ཆེན་གྱི་སྤང་བ་འདིའི་བྱེད་པ་པོ་གང་ཞེ་ན། སྔོན་བཙལ་དུ་གནང་བའི་དུས་དང་། ཕྱི་མ་བཅང་དུ་གནང་བའི་དུས་གཉིས་ལས། གནང་བའི་དུས་གཉིས་པོ་དེ་མ་ཡིན་པའི་དུས་གཉིས་བཙལ་དུ་གནང་བ་བས་སྔ་རོལ་གྱི་དུས་དང་། བཅང་དུ་གནང་བ་བས་འོག་རོལ་གྱི་དུས་གཉིས་ནི་རས་ཆེན་བཙལ་སྔས་པ་དང་། བཞག་འཕྱིས་པའི་ལྟུང་བའི་བྱེད་པ་པོ་ཉིད་དོ། །གསུམ་པ་ལ། བཞག་འཕྱིས་པའི་ཡི་ལྟུང་བ་བསྟན། །བཙལ་སྔས་པ་ཡི་ལྟུང་བ་བརྗོད། །ཐུན་མོང་གྱུར་པའི་ན་སྨད་དོ། །དང་པོ་ནི། གོང་དུ་ བདག་ཉིད་ཀྱི་དབྱར་གྱི་འོག་གི་ཟླ་བ་ཕྱེད་ཀྱི་མཐའི་བར་དུ་བཅང་བར་བྱའོ། །ཞེས་སྨོས་ན་ཟླ་བ་ཕྱེད་ལས་འདས་པར་འཆང་ན་ཅིར་འགྱུར་ཞེ་ན། བཅང་དུ་གནང་བའི་དུས་དེ་ལས་གཞན་དུ་དབྱར་ཟླ་བ་གསུམ་རྫོགས་ནས་ཟླ་བ་ཕྱེད་འདས་པ་ཉིད་ན་རས་ཆེན་འཆང་བ་ལ་དེ་བཞག་ འཕྱིས་ཀྱི་སྤང་ལྟུང་བསྐྱེད་པའོ། །དེ་ན་བྱ་ན་རེ། དབྱར་ནི་དུས་ངེས་པས་རས་ཆེན་ལ་དུས་མ་ཡིན་པའི་བཅའ་བ་མཛད་ལ། གཡན་པ་ལ་སོགས་པ་ནི་དུས་ནམ་འབྱུང་མ་ངེས་པའི་ཕྱིར་རོ། །ཞེས་པ་ཡང་ལེགས་པར་བཤད་པ་ཡིན་ལ། ལེགས་པར་འདོན་པ་ལ་མ་གོམས་ པ་ཁ་ཅིག །རས་ཆེན་ཞེས་འདོན་པ་ཡང་ཤིན་ཏུ་མ་དག་པ་ཡིན་ཏེ། འདིར་ནི་ཆེན་པོའི་སྒྲ་བཟང་པོ་ལ་སྦྱར་བ་ཡིན་ནོ། །གཉིས་པ་ནི། སྔར་དབྱར་ཀྱི་རས་ཆེན་བཙལ་བར་བྱའོ་ཞེས་སྨོས་ན་དེའི་སྔ་རོལ་དུ་བཙལ་ན་ཅིར་འགྱུར་ཞེ་ན། བཙལ་དུ་གནང་བའི་དུས་དེ་ལས་སྔར་རས་ 6-1-513b ཆེན་བཙལ་བ་ལ་ནི་བཙལ་བ་ཙམ་ལ་སྦྱོར་བའི་ཉེས་བྱས་ཀྱི་བྱེད་པ་པོའོ། །བཙལ་དུ་གནང་བའི་དུས་ཀྱི་སྔ་རོལ་དུ་བཙལ་བས་བཙལ་དུ་གནང་བའི་དུས་ཀྱི་སྔ་རོལ་དུ་རས་ཆེན་དེ་གྲུབ་སྟེ་ཐོབ་ན། མཐའ་རས་ཆེན་བཙལ་སྔས་པའི་སྤང་ལྟུང་སྐྱེད་པའི་བྱེད་པ་པོའོ། །གསུམ་པ་ནི། རས་ཆེན་རྙང་རྙིང་ལ་ནི་བཙལ་སྔས་པ་དང་བཞག་འཕྱིས་གཉིས་པོ་རང་རང་གི་ན་སྨད་པ་ཉིད་དོ། །རྙང་རྙིང་ལ་ནི་ཟླ་བ་བཞིར་ལོངས་སྤྱོད་པ་ཡན་ཆད་དེ་ཟླ་འཇོག་གི་སྐབས་སུ། དུས་ཚིགས་སུ་བཅད་པའི་ཕྱགས་དར་ཁྲོད་ཀྱི་ཚད་ཟླ་བ་བཞིར་ལོངས་སྤྱོད་པ་ཡིན་པར་གསུངས་ པའི་གནད་ཀྱིས་ཤེས་སོ། །འོ་ན་རས་ཆེན་ཟླ་བ་བཞི་ལོན་པའི་རྙང་རྙིང་བཞག་འཕྱིས་པ་ལ་ན་སྨད་དུ་འགྱུར་ན་རས་ཆེན་བཙལ་དུ་གནང་བའི་དུས་ནས་བཞག་འཕྱིས་ཀྱི་བར་ལ་ཟླ་བ་ཕྱེད་དང་ལྔ་ཡོད་པས། ཟླ་བ་ཕྱེད་དང་ལྔ་ལས་འདས་པར་བཞག་པ་ན་རྙང་རྙིང་འཆང་བའི་ན་སྨད་ ཁོ་ནར་འགྱུར་གྱི། རས་ཆེན་བཞག་འཕྱིས་ཀྱི་སྤང་ལྟུང་མི་སྲིད་པར་ཐལ་ཅེ་ན། ཚུལ་ཁས་ལེན་པའི་ཟླ་བ་གཅིག་གི་སྔར་ནས་བཙལ་ཀྱང་དབྱར་ཁས་བླངས་པའི་ཕྱིས་ཐོབ་སྟེ་བཞག་འཕྱིས་པ་སྲིད་ཅིང་། ཚུལ་ཁས་ལེན་པའི་ཟླ་བ་གཅིག་གི་སྔར་ཐོབ་ཀྱང་རས་ཆེན་ཟླ་བ་བཞིར་ ལོངས་མི་སྤྱད་པར་བཞག་འཕྱིས་པ་སྲིད་པས། རས་ཆེན་བཞག་འཕྱིས་ཀྱི་སྤང་ལྟུང་མི་སྲིད་པར་ཐལ་བའི་སྐྱོན་མེད་དོ་ཞེས་མཚོ་སྣ་པ་ཆེན་པོས་འཆད་དོ། །འདི་ལ་ཁོ་བོའི་རྗེ་བླ་མའི་ཞལ་ནས། རས་ཆེན་ནི་ཆར་གྱི་དུས་ཟླ་བ་ཕྱེད་ལྔར་འཆང་དགོས་པ་ལ་ཁྱད་པར་མེད་པའི་ ཕྱིར་བཙལ་དུས་མི་འཆང་བ་མ་ཡིན་ཏེ་ཆར་གྱི་དུས་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། རས་ཆེན་གྱི་དགོས་པ་ནི་ཆར་སྐྱོབ་བྱེད་ཡིན་པའི་ཕྱིར། དེས་ན་ཆར་མེད་པའི་དགུན་དུས་ཟླ་བ་ཕྱེད་དང་ལྔ་འཆང་ན་ཅིར་འགྱུར་ཞེ་ན། དེའི་སྔར་སྤང་ལྟུང་བྱུང་ཟིན་པ་ལ་བསམས་ནས། 6-1-514a ཊཱི་ཀར། དེ་ལྟར་འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་དབྱར་གྱི་རས་ཆེན་རུང་བ་མ་ལགས་པ་དགུན་ཟླ་བ་ཕྱེད་དང་ལྔ་ལས་འདས་པར་འཆང་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་སོ། ། སྤྱིར་ཟླ་བ་བཞི་ལོན་པར་རྙིང་པར་འགྱུར་བ་ནི་ལུས་ལ་རྒྱུན་མར་གོན་པའི་དབང་དུ་བྱས་པ་ཡིན་ཅིང་། རས་ཆེན་ནི་ཆར་བྱུང་བའི་ལན་རེ་ཙམ་གོན་པའི་དབང་དུ་བྱས་པ་ཡིན་པས། དེ་ལྟར་ན་ཟླ་བ་བཞི་ལས་ལྷག་པར་སྤྱད་ཀྱང་རྙིང་པར་མི་འགྱུར་བའི་རྒྱུ་མཚན་གྱིས་སོ། །བཞི་ པ་ནི། དབྱར་ཁས་བླང་བ་དེའི་རྗེས་སུ་འགྲོ་བ་ནི་དེའི་རྗེས་སུ་འབྲང་བ་སྟེ་རས་ཆེན་བཙལ་བ་དང་། དེ་བཅང་བའི་དུས་དང་། དགག་དབྱེའི་དུས་སུ་བྱ་བ་ཉིད་དང་། མཐའི་ཞག་བཅུ་ལ་བརྟད་པ་ལས་བྱུང་བའི་གོས་བླང་བ་དང་། མཐའི་ཞག་དྲུག་ལ་དབྱར་བྱིན་གྱིས་ བརླབས་པ་མི་འཆགས་པ་རྣམས་ཏེ། དེ་རྣམས་ཀྱི་དུས་ཚོད་ནི་དབྱར་གནས་པར་ཁས་བླངས་པ་སྔ་ཕྱི་ཇི་ལྟ་བ་བཞིན་གྱི་རྗེས་སུ་འབྲང་བ་ཡིན་ནོ། །དབྱར་གྱི་རས་ཆེན་སྤང་བའོ།། །།བརྒྱད་པ་བརྟད་པ་ལས་བྱུང་བ་ལ། བདག་གིར་བྱ་བ་སྔས་པ་དང་། ། བསྒོ་བ་སྔས་པ་བརྗོད་པ་དང་། །བཞག་པ་འཕྱིས་པ་བརྗོད་པའོ། །དང་པོ་ལ། ལྟུང་བ་རྣམ་པར་གཞག་པ་དང་། །དེ་ཡི་ལྟུང་བ་མེད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དབྱར་གྱི་རྙེད་པ་དབྱར་གྱི་ནང་ ལོགས་སུ་བདག་གིར་བྱས་པ་དང་། སོ་སོར་བགོས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དབྱར་འབྲལ་བའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དབྱར་གྱི་རྒྱུ་ལས་བྱུང་བ་ཟས་ལས་གཞན་པའི་རྙེད་པ་དབྱར་གྱི་ནང་ལོགས་སུ་སྦྱིན་བདག་ 6-1-514b ལས་ལེན་ཅིང་དགེ་འདུན་གྱི་སྤྱི་ཚོམས་སུ་བདག་གིར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞི་དང་། རྙེད་པ་དེ་སོ་སོར་བགོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །འདིར་ཡན་ལག་བརྩི་བ་ལ་གཉིས་ཏེ། བདག་གིར་བྱ་སྔས་པའི་ཡན་ལག་བརྩིས་དང་། བགོ་སྔས་ པའི་ཡན་ལག་བརྩིས་སོ། །དང་པོ་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལས་བདག་གིར་བྱ་བའི་སྦྱིན་བདག་དང་། གང་བདག་གིར་བྱ་བའི་དངོས་པོ་དང་། གང་གི་ཚེ་བདག་གིར་བྱ་བའི་དུས་སོ། །དང་པོ་ནི། ཁྱིམ་པ་ཡིན་པ་དང་། ཐ་སྙད་ལྔ་དང་ལྡན་ པ་དང་། ལུས་ཐ་མལ་པར་གནས་པའོ། །གཉིས་པ་ནི་ལྔ་ལས། དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡིན་པ་སྟེ། དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ་ཞེས་སོ། །ཟས་ཀྱི་རྙེད་པ་ལས་གཞན་ཡིན་པ་སྟེ། དབྱར་གྱི་ནང་ལོགས་སུ་ཡང་ཟས་ཀྱི་རྙེད་པ་ནི་འཕྲལ་དུ་ལོངས་སྤྱད་པར་བྱ་ བ་ཡིན་པའི་ཕྱིར། བརྟད་པའི་རྙེད་པ་མ་ཡིན་པ་སྟེ། བརྟད་པའི་དབང་གིས་ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་ལྔའོ། །གསུམ་པ་གང་གི་ཚེ་བདག་གིར་བྱ་བའི་དུས་ནི། དབྱར་གནས་པར་ཁས་བླངས་ནས་ཚུལ་ནས་བྱུང་བའི་དགག་དབྱེའམ། རྐྱེན་དབང་གིས་ དགག་དབྱེ་བྱིན་གྱིས་བརླབས་པའམ། འཐབ་ཀྲོལ་ཅན་གྱི་རྐྱེན་གྱིས་དགག་དབྱེའམ། དུས་སུ་གསོ་སྦྱོང་བྱ་བ་གསུམ་པོ་གང་ཡང་མ་བྱས་པའི་དུས་ཡིན་པ་སྟེ། དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་ནའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་ གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་བདག་གིར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བདག་གིར་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བདག་གིར་བྱེད་པ་རྫོགས་པའོ། ། གཉིས་པ་བགོ་སྔས་པའི་ཡན་ལག་ལ། གཞན་རྣམས་བདག་གིར་བྱ་སྔས་ 6-1-515a པ་དང་འདྲ་བ་ལས། འདིར་སོ་སོར་བགོས་པ་ཞེས་ཁྱད་པར་དུ་བྱ་ཞིང་། བརྟད་པའི་རྙེད་པ་མ་ཡིན་པ་ནི་འདིར་ཡན་ལག་ཏུ་མི་བགྲང་སྟེ། བརྟད་པའི་རྙེད་པ་ཡིན་ཀྱང་རུང་མ་ཡིན་ཀྱང་རུང་དངོས་གཞི་བསྐྱེད་པར་རུང་ངོ་། །གཉིས་པ་ནི། འདི་ལ་བྱེད་པ་ པོ་གང་ཞེ་ན། དབྱར་གནས་པའི་ཕྱིར་གྱི་རྙེད་པ་ཟས་ལས་གཞན་པ་ནི་བྱེད་པ་པོ་ཉིད་ཡིན་གྱི། འཕྲལ་གྱི་མཆོད་སྟོན་ལ་སོགས་པའི་ཕྱིར་རྙེད་པ་གཞན་ནི་བྱེད་པ་པོ་མ་ཡིན་ནོ། །དབྱར་གྱི་རྙེད་པ་དེ་དབྱར་གནས་པ་ཟླ་བ་གསུམ་གྱི་ནང་ལོགས་དབྱར་ཁས་བླངས་ནས་དགག་དབྱེ་ མ་བྱས་པའི་དུས་སུ་དགེ་འདུན་སྤྱི་ཚོམས་སུ་བདག་གིར་བྱེད་ན་སྤང་ལྟུང་བསྐྱེད་པའོ། །སྦྱིན་བདག་གིས་དབྱར་གྱི་ནང་དུ་འབུལ་ན་ཡང་དེའི་ཚེ་མི་བླང་གི། རྫས་ཀྱི་དགག་དབྱེ་བྱས་ནས་འབུལ་དུ་གཞུག་གོ། གཉིས་པ་ནི། དེའི་དམིགས་བསལ་ནི་ནད་པ་ལ་སོགས་གློ་བུར་ གྱི་རྐྱེན་བྱུང་སྟེ་བརྟད་པ་སྟེ། རིངས་པའི་དབང་གིས་དབྱར་གནས་ཟླ་བ་གསུམ་གྱི་མཐའི་ཞག་བཅུ་ནི་ཞག་བཅུ་ན་དགག་དབྱེ་འབྱུང་བའི་དབང་དུ་བྱས་ན། ཞག་བཅུ་པོ་དེ་ལ་དབྱར་གྱི་རྙེད་པ་ཕུལ་བ་ནི་བདག་གིར་བྱས་ཀྱང་ཉེས་པ་བསྐྱེད་པ་མ་གཏོགས་སོ། །དེ་ཡང་རལ་ གྲི་མཐུ་ཅན་པས་ཕུལ་བ་ལྟ་བུ་སྟེ། ལུང་རྣམ་འབྱེད་ལས། བརྟད་པ་ལས་བྱུང་བའི་གོས་ལྔ་པོ་ནད་པའི་རྐྱེན་དབང་ལ་སྦྱིན་པ་ནད་པ་བདག་གིས་ཕུལ་བ་དང་། ནད་པའི་ཕྱིར་སྦྱིན་པ་གཉེན་གྱིས་ཕུལ་བ་དང་། འཆི་བའི་རྐྱེན་དབང་ལ་སྦྱིན་པ་སྟེ་ཤི་ལ་ཐུག་པ་ཞིག་གིས་རང་གི་ལག་ནས་འབུལ་བ་དང་། ཤི་བའི་ཕྱིར་སྦྱིན་པ་ཤི་བའི་འོག་ཏུ་གཉེན་པོས་འབུལ་བ་དང་། འགྲོ་བར་ཆས་པའི་རྐྱེན་དབང་ལ་སྦྱིན་པའོ་དམག་ལམ་རིང་པོར་འགྲོ་བས་ཕུལ་བའི་ཞེས་སོ། །ཊཱི་ཀ་ལས། ལྔ་པོ་དེ་ནི་དཔེ་ཙམ་དུ་ཟད་དེ། རྒྱལ་པོ་དང་། ཆོམ་རྐུན་དང་། རིགས་རྒྱུད་དང་། ཆུ་ལ་སོགས་པས་ཁྱེར་དུ་དོགས་ 6-1-515b པ་དང་། མཆོད་གནས་བགོ་སྐལ་ལ་གཏོགས་པ་འཆིར་དོགས་པ་ལ་སོགས་པ་དག་ཀྱང་བསྡུའོ་ཞེས་སོ། །མཐའི་ཞག་བཅུ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། མཐའི་ཞག་དགུ་དང་མཐའི་ཞག་ཉི་ཤུ་ཡང་མཚུངས་པར་སྦྱར་རོ། །ཞེས་མཚོ་སྣ་པ་འཆད་དོ། །གཉིས་པ་ནི། བརྟད་པའི་དབང་གིས་དགེ་འདུན་གྱི་སྤྱི་ཚོམས་སུ་བདག་གིར་བྱེད་པ་གནང་ཡང་སོ་སོར་འགོད་པ་ནི་མི་གནང་ངོ་། །ཞེས་སྟོན་པ་ནི། ཊཱི་ཀ་ལས། བརྟད་པ་ལས་བྱུང་བའི་རྙེད་པ་ནི་དེ་དབྱར་གྱི་ནང་ལོགས་སུ་སོ་སོར་བགོས་ན་ཡང་སྤང་ལྟུང་གི་བྱེད་པོ་ཉིད་དོ་ཞེས་སོ། །ཊཱི་ཀ་ལས། བྱུང་བའི་རྙེད་པ་དེ་དབྱར་གྱི་ནང་ལོགས་སུ་བགོས་ན་ཡང་ལྟུང་བའི་བྱེད་པ་པོ་ཉིད་ཡིན་པའོ་ཞེས་སོ། །བརྟད་པ་ལས་བྱུང་བའི་རྙེད་པ་ནི་མཚོན་པ་སྟེ། བརྟད་པ་ལས་བྱུང་རུང་མ་བྱུང་རུང་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་སོ་སོར་བགོས་ནའོ། །དེ་ཡང་ཊཱི་ཀ་ལས། དབྱར་གྱི་ ནང་ལོགས་སུ་བྱུང་བའི་རྙེད་པ་བགོད་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་ལ། བཞག་འཕྱིས་དངོས་ཉིད་བཤད་པ་དང་། །དེ་ཡི་བསླབ་པར་བྱ་བའོ། །དང་པོ་ལ། ལྟུང་བའི་རྣམ་པར་གཞག་པ་དང་། །དེ་ཡི་ལྟུང་བ་མེད་པ་བརྗོད། །ལྟུང་བའི་ ཡན་ལག་བསྟན་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་དབྱར་ཟླ་བ་གསུམ་གྱི་ནང་ལོགས་སུ་དགེ་འདུན་རྣམས་ལ་རལ་གྲི་མཐུ་ཅན་པ་རྣམས་ཀྱིས་གོས་ཀྱི་རྙེད་པ་ཆོས་གོས་མང་པོ་ཕུལ་བ་ན། དབྱར་གྱི་ནང་དུ་བདག་ཅག་ མི་ལེན་ནོ་ཞེས་ཟེར་ནས་སྦྱིན་བདག་གིས་ཆོས་གོས་དེ་གནས་ཁང་དུ་བཅུག་སྟེ་སོང་ངོ་། །དེ་དགེ་འདུན་རྣམས་ཀྱིས་གཉེར་ཀ་མ་བྱས་པར་བཞག་སྟེ་ཆོས་གོས་དེ་རྣམས་སྲིལ་གྱིས་རྨུགས་ནས་རྡུལ་དུ་བརླག་སྟེ་འདུག་པ་ལས་སོ། །དགག་བྱ་ནི་རང་རིས་ཀྱི་ཡོ་བྱད་ཆུད་ཟོས་པར་འགྱུར་ 6-1-516a བའོ། །ངོ་ཏི་ནི། བཅས་ལྡན་དགེ་སློང་གི་དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་རང་དབང་བ་དེ་གོས་སྦེད་པ་པོ་མ་བསྐོས་པས་གོས་འགྱེད་པའི་དུས་སུ་མ་བགོས་པར་བཞག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ བཞི་སྟེ། གང་གིས་བཞག་པའི་སྦྱིན་བདག་ནི་སྔ་མ་གཉིས་དང་འདྲའོ། །གང་བཞག་པའི་དངོས་པོ་ནི། སྔར་བགོ་སྔས་པའི་སྐབས་སུ་ཇི་སྐད་བཤད་པའི་དབྱར་གྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡིན་པ། ཟས་ཀྱི་རྙེད་པ་ལས་གཞན་ཡིན་པ། རུང་བ་དང་ཚད་དང་ལྡན་པ་སྟེ་བཞི་པོའི་སྟེང་དུ་རང་གི་ཡིན་པ་བསྣན་པ་སྟེ་ལྔའོ། ། གང་གིས་བཞག་པའི་རྟེན་ནི་གོས་སྦེད་པ་པོ་མ་བསྐོས་པ་དང་། སྦྱིན་བདག་གིས་དབང་མེད་མིན་པ་སྟེ། དེ་སྦེད་པ་མ་བསྐོས་པ་རྣམས་ལའོ་ཞེས་དང་། སྦྱིན་བདག་གི་ཚིག་གིས་དབང་མེད་ནའོ་ཞེས་སོ། །གང་གི་ཚེ་བཞག་པའི་དུས་ནི་སྲ་བརྐྱང་མ་བཏིང་ན་དགག་དབྱེའི་ཕྱི་དེ་ཉིན་ པར་རམ། སྲ་བརྐྱང་བཏིང་ན་དཔྱིད་ཟླ་འབྲིང་པོ་ཉ་ལ་མ་བགོས་ན་ལྟུང་བ་འདི་བསྐྱེད་པ་སྟེ། ལུང་རྣམ་འབྱེད་ལས་དེ་ལྟར་གསུངས་སོ། །དཔྱིད་ཟླ་འབྲིང་པོའི་ཉ་ཞེས་ལུང་ལས་གསུངས་པ་དེ་ནི་ཊཱི་ཀ་ལས་དབྱར་ཕྱི་མ་ཁས་བླངས་པ་ལ་གསུངས་སོ། །དབྱར་སྔ་མར་ཁས་བླངས་ན་ ནི་དཔྱིད་ཟླ་ར་བའི་ཉའི་ཉིན་མོ་ལ་བགོས་ནའོ། །མང་དུ་མ་གསན་པ་ཁ་ཅིག་དབྱར་ཕྱི་མ་ཁས་བླངས་ན་ཟླ་བ་གཉིས་ལ་ཞག་གཅིག་གིས་མ་ཆོག་པ་ལས་གནས་རྒྱུ་མེད་ཅེས་ཟེར་རོ། །དེ་ཡིད་ལ་བཞག་ནས། ཅི་དབྱར་སྔ་ཕྱིའི་དགག་དབྱེ་ལ་སྟོན་འབྲིང་དང་། སྟོན་ཐའི་ཉ་ལ་དགག་དབྱེ་ འབྱུང་བ་ཅི་ཡིན་སྙམ་སྟེ། མགོ་རྨོངས་པར་འགྱུར་བ་དག་སྲིད་ལ། དེའི་ཕྱིར་བརྗོད་ན་དབྱར་སྔ་ཕྱི་གང་ཡིན་ཀྱང་ཟླ་བ་གསུམ་གནས་དགོས་པ་ལ་འདྲ་བས། ལུང་དུ་དབྱར་ཟླ་བ་བཞིར་གནས་དགོས་པ་ཡང་དོན་འདི་ལ་དགོངས་ཤིང་། དེའི་ཕྱིར་དབྱར་ཕྱི་མ་ལ་ནི་ཟླ་བ་གསུམ་ལ་ 6-1-516b ཞག་གཅིག་གིས་མ་ཆོག་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དབྱར་གྱི་རྙེད་པ་དེ་མི་བགོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྙེད་པ་བགོད་པའི་བྱ་བ་མི་བྱེད་པའོ། །མཐར་ཐུག་ནི་སྲ་བརྐྱང་མ་བཏིང་ན་ཚེས་བཅུ་ དྲུག་གི་མཚན་མོའི་མཐའི་སྐད་ཅིག་གོ། སྲ་བརྐྱང་བཏིང་ན་ནི་དཔྱིད་ཟླ་འབྲིང་པོའི་ཉའམ་དཔྱིད་ཟླ་ར་བའི་ཉའི་མཚན་མོའི་མཐའ་སྐད་ཅིག་གོ། གཉིས་པ་ནི། དེ་ཞེས་བྱ་བའི་རྗེས་སུ་སྦྱོར་ཞེས་རང་འགྲེལ་དང་ཊཱི་ཀ་ལས་གསུངས་པས་བརྟད་པ་ལས་བྱུང་བའི་རྙེད་པ་དེ་གོས་འགྱེད་པའི་ དུས་སུ་མ་བགོས་པར་བཞག་ན་ཡང་སྤང་ལྟུང་གི་བྱེད་པ་ཉིད་དོ། །བརྟད་པ་ལས་བྱུང་བའི་རྙེད་པ་ནི་མཚོན་པ་སྟེ། བརྟད་པ་ལས་བྱུང་རུང་མ་བྱུང་རུང་དབྱར་གྱི་རྙེད་པ་གོས་འགྱེད་པའི་དུས་སུ་མ་བགོས་ནའོ། །ལུང་རྣམ་འབྱེད་ལས། དབྱར་གྱི་རྙེད་པ་གོས་འགྱེད་པའི་དུས་ལས་ འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཊཱི་ཀ་ལས་ཀྱང་བཤད་དོ། །གཉིས་པ་ནི། དེའི་དམིགས་བསལ་ནི། སྦྱིན་བདག་གི་ཚིག་གིས་ཁོ་བོ་མ་འོངས་ཀྱི་བར་དུ་རེ་ཞིག་ཁྱོད་ཅག་གིས་མ་བགོ་ཞིག །བདག་འོངས་ནས་རང་གི་ལག་གིས་འབུལ་ལོ་ཞེས་ཟེར་ཏེ་ སོ་སོར་བགོ་བའི་དབང་མེད་ན་མ་གཏོགས་སོ་ཞེས་གོང་དུ་བསྙེགས་ཀྱང་ཉེས་པ་མེད་དོ། །གསུམ་པ་ནི། མ་བགོས་ན་ཡང་ངོ་ཞེས་སྨོས་ན་དུས་གང་གི་ཚེ་མ་བགོས་ན་ཞེ་ན། དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་ཏེ། ཚེས་བཅུ་དྲུག་ལ་མ་བགོས་ན་སྤང་ལྟུང་དུ་འགྱུར་ལ། དེ་ཡང་སུ་ལ་ འགྱུར་ཞེ་ན། གོས་དེ་སྦེད་ཅིང་གཉེར་ཀ་བྱེད་པའི་དགེ་སློང་མ་བསྐོས་པའི་དགེ་སློང་རྣམས་ལ་ནི་ལྟུང་བར་འགྱུར་བའོ། །གོས་སྦེད་པའི་དགེ་སློང་བསྐོས་ན་ལྟུང་བ་མེད་དོ། །གཉིས་པ་ནི། གོས་སྦེད་པ་དེ་དགེ་འདུན་གྱིས་མི་བསྐོ་བར་མི་བྱའོ། །དེ་ཡང་གསོལ་གཉིས་ཀྱི་ལས་ཀྱིས་ 6-1-517a བསྐོ་ལ། མ་བསྐོས་ན་དགེ་འདུན་ཀུན་ཉེས་བྱས་ཞེས་འགྲེལ་ཆུང་ལས་སོ། །དེའི་ཚེ་གོས་ཀྱི་རྙེད་པ་སོ་སོར་བགོས་པར་བྱེད་ན་ནི་གོས་སྦེད་པའི་དགེ་སློང་བསྐོ་མི་དགོས་སོ། །བརྟད་པ་ནི་རིངས་པའོ། །དེ་ལས་བྱུང་བ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ་ བརྟད་པ་ལས་བྱུང་རུང་མ་བྱུང་རུང་སྟེ་དབྱར་གྱི་རྙེད་པ་དང་འབྲེལ་བའི་སྤང་བའོ།། །།དགུ་པ་བསྔོས་བསྒྱུར་ལ། ལྟུང་བ་ལྟུང་མེད་བཅས་ཏེ་བརྗོད། །ཆ་མཐུན་ཉེས་བྱས་ཞར་བྱུང་བརྗོད། །བསླབ་བྱའི་དོགས་གཅོད་བཅས་ཏེ་བསྟན། །ལྟུང་མེད་དམིགས་བསལ་བསྟན་པའོ། ། དང་པོ་ལ། དངོས་གཞི་ལྟུང་བ་བརྗོད་པ་དང་། །ལྟུང་བ་དེ་ཡི་ན་སྨད་བསྟན། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་མཉན་ཡོད་དུ་སྦྱིན་བདག་གིས་དགེ་འདུན་ལ་བསྔོས་པ་ཉེ་དགས་རང་ལ་བསྒྱུར་བ་ལས་ སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིས་ཀྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེ་བའོ། །ངོ་ཏི་ནི་སྦྱིན་བདག་གིས་དགེ་སློང་གཞན་ལ་བསྔོས་པའི་གོས་སམ་ལྷུང་བཟེད་དེ་བཅས་ལྡན་དགེ་སློང་གིས་བདག་ཉིད་ལ་བསྒྱུར་ཏེ་ཐོབ་པ་ལས་གྱུར་པའི་ ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། དང་པོ་གང་གིས་བསྔོས་པའི་སྦྱིན་བདག་ནི། ཆོས་གསུམ་ལྡན་ལས་བསྔོ་བའི་ཡུལ་དེ་ལ་བསམ་པ་ཐག་པ་ནས་བསྔོ་བ་པོ་ཡིན་པ་སྟེ། དགེ་འདུན་ལ་བསྔོས་པའི་ཞེས་གསུངས་པས་སོ། ། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། དེ་གཉིས་ནི་གོས་སློང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་ལ་བསྔོས་པའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གསུམ་པ་གང་བསྔོས་པའི་དངོས་པོ་ནི། ཆོས་བཞི་ལྡན་ལས་གོས་སམ་ 6-1-517b ལྷུང་བཟེད་ཡིན་པ་སྟེ། བསྔོས་པའི་གོས་ཞེས་གསུངས་པས་ལྷུང་བཟེད་ཀྱང་མཚོན་པ་སྟེ། གོས་དང་རྒྱུ་མཚན་མཚུངས་པའི་ཕྱིར་བསམ་པ་ཐག་པ་ནས་བསྔོས་ཟིན་པ་སྟེ་བསྔོས་པའི་ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་བཞིའོ། །བཞི་པ་གང་ལ་བསྒྱུར་བའི་ཡུལ་ནི། བདག་ཉིད་ལ་བསྒྱུར་བ་སྟེ། བདག་ཉིད་ལ་བསྒྱུར་ཏེ་ཞེས་སོ། །སེལ་བ་ནི་འདིར་གཞན་ལ་ཡང་ངོ་། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རང་ལ་བསྒྱུར་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། ། སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་རང་ལ་བསྒྱུར་བར་ཞུགས་པའོ། །མཐར་ཐུག་ནི་དངོས་པོ་དེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །གཉིས་པ་ནི། བདག་ཉིད་ལས་གཞན་ཡོན་བདག་གིས་གང་ཟག་དགེ་སློང་གཞན་ལ་བསྔོས་ཟིན་ནམ་དགེ་འདུན་ལ་ཡིད་ཀྱིས་བསྔོས་ཟིན་ པའི་གོས་དེ་ལྟར་བསྔོས་པར་རང་གིས་ཤེས་བཞིན་དུ་དགེ་སློང་བདག་ཉིད་ལ་བསྒྱུར་ཏེ། གོས་དེ་ཐོབ་ན་སྤང་ལྟུང་བསྐྱེད་པའོ། །གཞན་གྱི་ཞེས་པ་ལ་ཤ་ལུགས་པ་ན་རེ། སྦྱིན་བདག་ཁྱིམ་པ་ཡིན་པ་ཡན་ལག་ཏུ་དགོས་ཏེ། སྦྱིན་བདག་རབ་བྱུང་གིས་གཞན་ལ་བསྔོས་པ་ བདག་ཉིད་ལ་བསྒྱུར་ཏེ་ཐོབ་པས་ནི་འདིར་དངོས་གཞིར་མི་འགྱུར་ཏེ། ཕྱི་རོལ་པ་དང་ཆོས་འདི་པའི་རབ་བྱུང་རྣམ་གཉིས་ཀྱི་ཡོ་བྱད་ལ་སོགས་པ་ནི་རང་རང་གི་སྟོན་པས་བཀག་པས་གཞན་ལ་ཡོ་བྱད་བསྔོས་པ་འབྱུང་རིང་བའི་ཕྱིར་ཟེར་བ་ནི་མི་རིགས་ཏེ། རིགས་པའི་སྒྲུབ་ བྱེད་ནི་མ་ངེས་མ་གྲུབ་པ་སྟེ། ཁྱིམ་པས་ལྷུང་བཟེད་གཞན་ལ་བསྔོས་པ་བས་རབ་བྱུང་གིས་ལྷུང་བཟེད་གཞན་ལ་བསྔོས་པ་འབྱུང་རིང་བའི་རྟགས་མ་གྲུབ་བོ། །གནོད་བྱེད་ནི་གཞུང་འདི་ཉིད་ལས། གཞན་གྱིས་སོ། །ཞེས་སྤྱིར་བརྗོད་དུ་གསུངས་པ་དང་འགལ་ཅིང་། 6-1-518a བམ་པོ་ལྔ་བཅུ་པ་ལས། སྦྱིན་བདག་ཉེ་དུ་དང་ཉེ་དུ་མ་ཡིན་པ་ཁྱིམ་པ་དང་། རབ་ཏུ་བྱུང་བ་མཚན་དང་ལྟ་བ་མཐུན་པ་དང་། མི་མཐུན་པ་གང་ཡང་རུང་བ་ལ་ན་སྨད་པ་ཉིད་དོ། །ཞེས་བཤད་པ་དང་འགལ་ལོ། །སོ་སོར་ཐར་པའི་མདོ་ལས། དགེ་ འདུན་ལ་བསྔོས་པ་ཞེས་གསུངས་ཀྱི། གང་ཟག་གཞན་ནམ་ཞེས་མ་གསུངས་ཀྱང་། ལུང་རྣམ་འབྱེད་ལས། གང་ཟག་གཅིག་ལ་བསྔོས་པ་དང་གཉིས་སམ་གསུམ་ལ་བསྔོས་པ་བདག་ཉིད་ལ་བསྒྱུར་ན་སྤང་བའི་ལྟུང་བྱེད་དུ་གསུངས་པའི་ཕྱིར། འདིར་གང་ཟག་གཞན་ ནམ་ཞེས་སྨོས་སོ། །གོས་ཞེས་སྨོས་པས་ལྷུང་བཟེད་ཀྱང་མཚོན་ཏེ། གོས་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཊཱི་ཀ་ལས། ཟས་ཀྱི་རྙེད་པ་ནི་མ་ཡིན་ཏེ། ཞེས་ཟས་འབའ་ཞིག་དམིགས་ཀྱིས་བསལ་བའི་ཕྱིར། གཞུང་ལས་གོས་ཞེས་སྨོས་པ་ནི་གླེང་གཞིའི་དབང་ གིས་གོས་ལ་མཚོན་པའོ། །གཉིས་པ་ནི། ཐོབ་པའི་སྔ་རོལ་དུ་བསྒྱུར་བ་ལ་ནི་སྦྱོར་བའི་ཉེས་བྱས་ཏེ། བསྔོས་སྒྱུར་གྱི་སྐབས་འདིར་བདག་ཉིད་ལ་མ་བསྒྱུར་བར་བདག་ཉིད་ལས་གཞན་ལ་བསྒྱུར་བ་ལ་ཡང་ཉེས་བྱས་འབྱུང་ངོ་། །གཞན་ལ་བསྒྱུར་བ་དེའི་འབྲས་བུ་གཞན་ དེས་ཐོབ་པ་ལ་ཡང་ཉེས་བྱས་སུ་འབྱུང་ངོ་། །གོས་ལས་གཞན་ཟས་བསྔོས་པ་བསྒྱུར་བ་ལ་ཡང་ཉེས་བྱས་ཏེ། །གཞན་ལ་བསྔོས་པའི་ཟས་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ན་ཡང་ཉེས་བྱས་འབྱུང་ངོ་། །ཊཱི་ཀ་ལས་ནི་ཟས་ཀྱི་རྙེད་པ་གཞན་ལ་བསྔོས་པ་དེ་ཡང་གཞན་ལ་སྒྱུར་བར་བྱེད་ ན་སྦྱོར་བ་དང་དངོས་གཞི་གཉིས་ཀ་ལ་ཉེས་བྱས་ཁོ་ནར་འགྱུར་བ་སྟེ། དཔེར་ན་མུ་ཏོ་བ་གཅིག་ལ་བསྔོས་པའི་ཟས་མུ་ཏོ་བ་གཞན་ལ་སྒྱུར་བར་བྱེད་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་ཞེས་ཀྱང་བཤད་དོ། །གང་ལ་བསྔོས་པ་དེ་ལས་དབྲལ་བར་བྱ་བ་དང་། གང་དུ་བསྒྱུར་ཞིང་སྦྱར་ 6-1-518b བ་སྟེ། སྦྱིན་པར་བྱ་བ་གཉིས་ཀ་སེམས་ཅན་དུ་བགྲང་བ་ཉིད་མ་ཡིན་པ་གཞན་ལ་བསྔོས་པ་གཞན་ལ་བསྒྱུར་བ་ལ་ཡང་ཉེས་བྱས་སུ་འབྱུང་ངོ་། །སངས་རྒྱས་ཀྱི་སྐུ་གཟུགས་དང་མཆོད་རྟེན་གཞན་ལ་བསྔོས་པ་གཞན་ལ་བསྒྱུར་བ་དང་། གནས་ཁང་ལ་བསྔོས་པ་ཁྱམས་ལ་ བསྒྱུར་བ་དང་། ཀ་བ་གཞན་ལ་བསྔོས་པ་ཀ་བ་གཞན་ལ་བསྒྱུར་བ་ལ་ཉེས་བྱས་སོ། །ཞེས་ལུང་ལས་སོ། །མཆོད་རྟེན་གཅིག་ཉིད་ལྟ་བུའི་ཕྱོགས་གཅིག་ཉིད་ལ་བསྔོས་པ་ཕྱོགས་གཅིག་ཤོས་ལ་བསྒྱུར་བ་ལ་ཡང་ཉེས་བྱས་སུ་འབྱུང་ངོ་། །མཆོད་རྟེན་གྱི་ཐེམ་སྐས་ཀྱི་རིམ་ པ་གཅིག་ལ་བསྔོས་པ་ཐེམ་སྐས་ཀྱི་རིམ་པ་གཞན་ལ་བསྒྱུར་བ་དང་། བང་རིམ་གྱི་བུམ་པ་ལ་བསྒྱུར་བ་ལ་སོགས་པ་ལ་ཉེས་བྱས་སོ། །ཞེས་ལུང་ལས་སོ། །གསུམ་པ་ནི། ལྷག་མ་ཉིད་ཟ་བ་དུད་འགྲོ་ལ་སོགས་པའི་སྒྲས་བསྡུས་པ་མུ་ཏོ་བ་བཙལ་ཏེ་མ་རྙེད་པ་ལྷག་མ་ཟ་བ་ གཞན་ལ་བསྒྱུར་བ་ལ་ནི་ལྟུང་བ་མེད་དོ། །མ་རྙེད་པའི་ཚད་ནི་གང་ལ་བསྔོས་པ་དེ་ལ་བཞག་ན་ཟས་དེ་ཆུད་ཟ་བར་འགྱུར་ཏེ། དུལ་བའི་ལྷས། རྫས་ཆུད་ཟ་བ་སྤང་བའི་ཕྱིར་རོ། །ཞེས་སོ། །བཅོམ་ལྡན་འདས་ཀྱི་སྐུ་གཟུགས་གཞན་གྱི་རྒྱན་ལ་སོགས་པ་དག་བདེ་བར་ གཤེགས་པའི་སྐུ་གཟུགས་གཞན་ལ་ནི་མཆོད་པའི་ཕྱིར་རེ་ཞིག་གཡར་པོར་སྦྱིན་དུ་རུང་ངོ་། །གཉིས་པ་ནི། རང་གིས་གཞན་ལ་གོས་ལ་སོགས་སྦྱིན་པར་བསམ་པ་ཐག་པ་ནས་བསྔོས་པ་མི་སྦྱིན་ན་ཉེས་བྱས་སོ། །ཤི་བའི་ཡོ་བྱད་ལ་སོགས་པ་མཚམས་ཀྱི་ནང་དུ་བྱིན་གྱིས་ རློབ་དགོས་པ་ལས། དགེ་སློང་ཁ་ཅིག་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་དགེ་འདུན་གྱི་རྙེད་པ་ཤི་བའི་ཡོ་བྱད་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སོ། །བརྒྱས་དབང་བའི་རྙེད་པ་དེ་དགེ་སློང་བཅུས་འགོད་པ་ལྟ་བུ་སྟེ་སྐལ་པ་དབང་བ་མ་ཚོགས་པ་དག་གིས་བཀོད་ 6-1-519a ན་ཡང་ཉེས་བྱས་སོ། །རང་འགྲེལ་དང་ཊཱི་ཀ་ལས། ཤི་བའི་ཡོ་བྱད་ལ་སོགས་པ་བྱིན་གྱིས་མ་བརླབས་པར་ཡང་བགོད་ན་ཉེས་བྱས་སོ། །དབྱར་གྱི་རྙེད་པ་ལ་སོགས་པ་དགེ་འདུན་ཀུན་དབང་བའི་རྙེད་པ་དགེ་འདུན་ལས་ལོགས་སུ་དགེ་སློང་གཅིག་གམ། གཉིས་སམ། གསུམ་གྱིས་ལེན་ན་ཉེས་བྱས་སོ། །ཞེས་ཉེས་བྱས་ལྔ་པོ་འདི་རྣམས་བསྔོས་བསྒྱུར་གྱི་ཆར་གཏོགས་པའི་རྒྱུ་མཚན་ནི། གཞན་དབང་བ་མི་དབང་བར་བྱེད་པ་ལ་ཞུགས་པའི་ཆ་ནས་བསྔོས་སྒྱུར་དང་རྣམ་པ་འདྲ་བའི་ཕྱིར་རོ། །ལེན་པ་པོ་དེ་དག་ཀྱང་དབང་ན་ཅིའི་ ཕྱིར་ཉེས་བྱས་སུ་འགྱུར་ཞེ་ན། རྙེད་པ་བླངས་པ་དེ་ལ་ལེན་པ་པོ་ལས་གཞན་དག་གི་དབང་བའི་ཆ་ཤས་ཉིད་དང་མ་བྲལ་བའི་ཕྱིར་རོ། །མདོ་འདིས་ནི་མདོ་སྔ་མ་བཞིའི་རྒྱུ་མཚན་བསྟན་པ་ཡིན་ལ། ཁྱད་པར་བྱིན་གྱིས་མ་བརླབས་པར་ཡང་ངོ་ཞེས་ཤི་བའི་ཡོ་བྱད་བྱིན་གྱིས་མ་བརླབས་ པར་བགོད་ན་ཉེས་པར་འགྱུར་བའི་རྒྱུ་མཚན་ནི། དེ་ལ་གཞན་གྱིས་ཤས་དབང་བས་དབང་བ་ལྟར་བྱིན་གྱིས་བརླབ་དགོས་པ་ནི་བཅས་དབང་གིས་ཡིན་ཏེ། ལུང་གོས་ཀྱི་གཞི་ལས། གསོལ་བའམ་ཐོག་མ་ནས་ཐ་མ་མ་བྱས་པའི་ཤི་བའི་ཡོ་བྱད་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ དབང་བ་ཡིན་ཅེས་གསུངས་ལ། སློབ་དཔོན་ཤཱཀྱ་འོད་ཀྱང་དེ་ལྟར་འཆད་དོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། ཤི་བའི་རྫས་འཕྲོག་ན་ཤི་བའི་ཡོ་བྱད་བྱིན་གྱིས་རློབ་པའི་ལས་བྱས་པ་ཞིག་ཡིན་ན་ནི་མཚམས་ཀྱི་ནང་དུ་གཏོགས་པ་རྣམས་ལས་སོ། །མ་བྱས་པ་ཞིག་ཡིན་ན་ ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ལས་འཕྲོགས་སོ་ཞེས་བཤད་དོ། །དེ་ལྟར་བསྔོས་པ་མི་སྦྱིན་པ་ལ་སོགས་པ་ལྔ་བསྔོས་སྒྱུར་དངོས་དང་དྲུག་པོ་དེ་ཐམས་ཅད་ལ་མ་བྱིན་ལེན་གྱི་ལྟུང་བ་ནི་མེད་དེ་རྐུ་སེམས་མེད་པའི་ཕྱིར་རོ། །གལ་ཏེ་རྐུ་སེམས་ཡོད་ན་ཅིར་འགྱུར་ཞེ་ན། རྐུ་ 6-1-519b སེམས་ཀྱིས་ནི་གཞི་ཇི་ལྟ་བ་ལས་མ་བརྐུས་པ་མ་ཡིན་གྱི། ཕམ་པ་མི་བསྐྱེད་པ་དེ་མ་ཡིན་ནོ་ཞེས། ཉིད་བཤད་ལས་གསུངས་ཏེ་ཡན་ལག་གཞན་ཚང་ནའོ། །གསུམ་པ་ནི། རྐྱེན་མེད་པར་གྱ་ཚོམས་སུ་གཙུག་ལག་ཁང་སྟོང་པར་དོར་ཏེ་འགྲོ་བར་མི་བྱའོ། །སྦྱིན་བདག་བཙོན་ རར་ཆུད་པ་ལ་སོགས་པས་འཕོངས་པར་གྱུར་ནས་དགེ་སློང་རྣམས་འགྲོ་ན་ཡང་དགེ་སློང་དེ་གཙུག་ལག་ཁང་དེ་ལ་རྗེས་སུ་ཆགས་པ་ཤས་ཆེན་པོ་དང་བཅས་པའི་དགེ་སློང་དེ་གཙུག་ལག་ཁང་དེར་སྲུང་མར་བཞག་གོ། གཙུག་ལག་ཁང་དེར་སྡོད་པའི་དགེ་འདུན་མ་ལྷགས་ན་ སྲུང་མ་དེས་གཙུག་ལག་ཁང་དེ་ཉིད་བསྲུང་ཞིང་ལོ་བཅུར་འདའ་བར་བྱའོ། །ཇི་ལྟར་འདའ་བར་བྱ་ཞེ་ན། ལོ་ལྔ་ནི་བསོད་སྙོམས་ཀྱིས་འདའ་བར་བྱའོ། །གཙུག་ལག་ཁང་དེར་ལོ་ལྔ་པོ་འདས་པའི་དུས་སུ་གཙུག་ལག་ཁང་དེ་སྐྱོང་བའི་སྦྱིན་བདག་བཙོན་ར་ནས་མ་ཐར་པ་ལ་ སོགས་པས་མ་བྱུང་ན། ལོ་གཞན་ལྔའི་ནང་གཙུག་ལག་ཁང་དེའི་ཉེ་འཁོར་གྱི་གཙུག་ལག་ཁང་དང་འཚོ་བ་ལྷན་ཅིག་ཐུན་མོང་དུ་བྱས་པས་འདའ་བར་བྱའོ། །གཙུག་ལག་ཁང་དེ་གཉིས་ཀྱི་གསོ་སྦྱོང་སྔར་ནས་ཐ་དད་པར་རང་སོར་འཇོག་པ་དང་། གཙུག་ལག་ཁང་དེ་གཉིས་ ཀྱི་རྙེད་པ་ཐུན་མོང་པའི་གསོལ་གཉིས་ཀྱི་ལས་བྱའོ། །གནས་གཉིས་ཀྱི་རྙེད་པ་ཐུན་མོང་དུ་བཞག་ཀྱང་གནས་གཞན་གྱི་རྙེད་པ་གནས་གཞན་དུ་བསྒྱུར་བའི་ཉེས་པ་མི་འབྱུང་བའི་ཆོ་གའོ། །ལས་ཅི་ལྟར་བྱ་ན་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །གཙུག་ལག་ཁང་ འདིའི་གཙུག་ལག་ཁང་གི་བདག་པོ་བཅོམ་མམ། བཅིངས་སམ། གུམ་མམ། སྤྱུགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་ 6-1-520a གསོ་སྦྱོང་ཐ་དད་པར་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །གཙུག་ལག་ཁང་འདིའི་གཙུག་ལག་ཁང་གི་བདག་པོ་བཅོམ་པའམ། བཅིངས་སམ། གུམ་མམ། སྤྱུགས་ཏེ་དེའི་སླད་དུ་དགེ་འདུན་ གྱིས་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ། གསོ་སྦྱོང་ཐ་དད་དུ་མཛད་ཀྱི། ཚེ་དང་ལྡན་པ་གང་དག་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔ་རྙེད་པ་ནི་ཐུན་མོང་ལ། གསོ་སྦྱོང་ཐ་དད་དུ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་ བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔ་རྙེད་པ་ནི་ཐུན་མོང་ལ། གསོ་སྦྱོང་ནི་ཐ་དད་དུ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བྱ་བ་ནི་གསོལ་ བ་དང་གཉིས་ཀྱི་ལས་སོ། །སྲུང་མ་ཡང་འགྲོ་ན་གཙུག་ལག་ཁང་དེའི་མལ་སྟན་དང་སྣོད་སྤྱད་ལ་སོགས་པའི་དངོས་པོ་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་དག་ཏུ་གདམས་པ་སྟེ་བཅོལ་ཏེ་བཞག་པར་བྱའོ། །གཙུག་ལག་ཁང་པ་དེར་དགེ་སློང་དག་ཕྱིས་འོངས་ཏེ་ གཉུག་མར་གནས་ན་མལ་སྟན་དང་སྣོད་སྤྱད་ལ་སོགས་བཅོལ་བ་དེ་རྣམས་ཁུངས་སུ་ཕྱིར་སྦྱིན་པར་བྱའོ། །དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་ཀྱང་གནས་གཞན་གྱི་རྫས་མལ་སྟན་དང་། སྣོད་སྤྱད་ལ་སོགས་གནས་གཞན་དུ་ནི་མི་སྦྱིན་ནོ། །འདི་ནི་མདོ་འོག་མ་ རྣམས་ཀྱི་ཡུལ་བསྟན་པར་བྱ་བའི་ཕྱིར། རྙེད་པ་ནི་ཇི་ལྟར་རྣམ་པར་ངེས་པ་བྱས་པ་ལྟར་རྣམ་པར་བཞག་གོ། ཞེས་མདོ་འོག་མ་ནས་འབྱུང་བ་དེ་བཟླས་པ་ཡིན་ནོ་ཞེས་ཊཱི་ཀ་ལས་སོ། །གཙུག་ལག་ཁང་གཞན་དུ་བཅོལ་ཏེ་བཞག་པའི་རྫས་དེ་རྣམས་བདག་པོ་ལ་ཕྱིར་མི་ 6-1-520b སྟེར་ན། གནས་གཞན་དེར་རྫས་དེ་དང་པོ་བཅོལ་ཏེ་འཇོག་པར་བྱེད་པའི་དགེ་སློང་དེ་དག་གིས་ཕྱིར་བསྐུར་ཏེ་ཁུངས་སུ་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །ཁྱིམ་བདག་གཅིག་གིས་གཙུག་ལག་ཁང་ཐ་དད་པ་གཉིས་བརྩིགས་ཏེ། གཙུག་ལག་ཁང་གཅིག་ཏུ་སྔར་ཕུལ་ཟིན་པའི་ རྫས་དེ་དག་གཙུག་ལག་ཁང་གཞན་དུ་ཁྱིམ་བདག་དེ་ཉིད་ཀྱིས་ཕྱིས་ཕུལ་ན་དགེ་སློང་རྣམས་ཇི་ལྟར་བྱ་ཞེ་ན། གཙུག་ལག་ཁང་གཉིས་ཀྱི་བདག་པོ་ཁྱིམ་བདག་གཅིག་པོ་དེ་ཉིད་ཡིན་ཀྱང་སྔར་ཕུལ་ཟིན་པའི་ངེས་པར་བྱས་པ་ལ་གཞིག་པ་མེད་དོ། །སྦྱིན་བདག་དེས་དངོས་ པོ་དེ་དག་གནས་གཞན་དུ་ཕྱིས་ཕུལ་ཡང་རྫས་དེ་དག་ནི་གཙུག་ལག་ཁང་གང་དུ་སྔར་ཕུལ་ཟིན་པ་དེ་ཉིད་དུ་སྤྱད་པར་བྱ་བ་ཡིན་ཏེ། དང་པོ་ཉིད་ནས་གནས་སྔ་མ་ཤོས་དེ་ཉིད་དུ་བྱིན་ཟིན་པའི་ཕྱིར་རོ། །རྫས་དེ་ཕྱིས་ཕུལ་བའི་གཙུག་ལག་ཁང་དེ་ན་གནས་པའི་དགེ་སློང་ རྣམས་ཀྱིས་སྔར་གྱི་བདག་པོ་རྣམས་ལ་རྫས་དེ་མི་སྟེར་ན་རྫས་དེ་སྔར་ཕུལ་བའི་གཙུག་ལག་ཁང་དེ་ན་གནས་པའི་དགེ་སློང་རྣམས་ཀྱིས་མཐུས་བཟུང་སྟེ་ཞེས་པ་མཐུས་བླང་བར་བྱའོ། །གནས་གཞན་གྱི་རྫས་གནས་གཞན་དུ་གཡར་པོ་ཉིད་དུ་ནི་སྦྱིན་པར་བྱའོ། །བཞི་ པ་ནི། ཕྱོགས་གཅིག་ཉིད་ལ་ཡང་ངོ་། །ཞེས་སྨོས་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རམ་ཞེ་ན། མཆོད་རྟེན་གཞན་ལ་བསྔོས་པའི་རྙེད་པ་གང་ལ་བསྔོས་པ་དེ་ལ་འབུལ་བ་མ་གྲུབ་སྟེ། མཆོད་རྟེན་གཞན་ལ་བསྒྱུར་བ་ལ་ནི་ཉེས་པ་མེད་དེ། མ་ག་དྷའི་བྱང་ཆུབ་ཆེན་ པོའི་མཆོད་རྟེན་གྲུ་བཞི་བང་རིམ་བཞི་པ་དང་། ཝཱ་རཱ་ཎ་སཱིའི་ཆོས་ཀྱི་འཁོར་ལོའི་མཆོད་རྟེན་ཟླུམ་པོ་དང་། མཉན་ཡོད་ཀྱི་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གཅིག་ལ་སྔར་གནང་བ་དང་། ལུང་སྨན་གྱི་གཞི་ལས། གྲོང་ཁྱེར་གསལ་བར་ལྷ་ལས་བབས་པའི་མཆོད་རྟེན་ 6-1-521a སྐས་ཀྱི་གདང་བུ་འདྲ་བ་ཅན་རྣམས་ཀྱི་རྙེད་པ་ནི་མཆོད་རྟེན་བཞི་པོ་དེ་དག་ཕན་ཚུན་བསྒྱུར་རུང་བ་ལས། གཞན་མཆོད་རྟེན་ཕལ་པ་ལ་བསྒྱུར་བ་ནི་ཉེས་པ་མེད་པ་ལ་མ་གཏོགས་ཏེ་ཉེས་བྱས་སོ། །གང་ལ་བསྔོས་པ་དེ་ཉིད་ལ་འབུལ་བར་ མ་གྲུབ་ན་བཞི་པོ་གང་ཉེ་བ་ལ་བསྒྱུར་དུ་རུང་ངོ་ཞེས་ཊཱི་ཀ་ལས་བཤད་དོ། །བསྔོས་པ་ལས་བསྒྱུར་བའི་སྤང་བའོ།། །།བཅུ་པ་གསོག་འཇོག་ལ། བསླབ་པར་བྱ་བ་བརྗོད་པ་དང་། །ལྟུང་བ་རྣམ་པར་བཞག་པ་བསྟན། །ལྟུང་བ་མེད་པ་བརྗོད་པའོ། །དང་པོ་ནི། འབྲུ་མར་ལ་ སོགས་པ་ཞག་བདུན་པར་བྱིན་གྱིས་བརླབས་པའི་རྫས་ཉི་མ་འདས་སོ་ཅོག་ཉི་མ་དང་པོ་འདས་ཏེ། དེས་ནི་ཉི་མ་གཉིས་པ་ལགས་སོ་ཞེས་དགེ་སློང་ལ་བརྗོད་པར་བྱའོ། །བརྗོད་ན་གསོག་འཇོག་ཏུ་འགྱུར་བ་སྤང་བའི་ཕྱིར་རོ། །དབྱར་ཞག་བདུན་བྱིན་གྱིས་བརླབས་པའི་ཉི་མ་འདས་ སོ་ཅོག་དགེ་སློང་ལ་བརྗོད་ཅེས་མདོར་བསྡུས་སྦྱར་བ་ནི་མི་བྱ་སྟེ། མདོར་བསྡུས་སྦྱར་བ་ལ་རྒྱུ་མཚན་མཚུངས་དགོས་པ་ལས་ཡངས་དོག་མི་མཚུངས་པའི་ཕྱིར་ཏེ། དབྱར་ཞག་བདུན་གནང་ནས་ཞག་བརྒྱད་ན་དབྱར་རལ་བའི་ཉེས་པ་འབྱུང་ལ། སྨན་ཞག་བདུན་པར་བྱིན་གྱིས་ བརླབས་པ་ནི་ཞག་བདུན་ན་གསོག་འཇོག་གི་ཉེས་པ་འབྱུང་བའི་ཕྱིར་རོ། །གཉིས་པ་ལ། དངོས་གཞིའི་ལྟུང་བ་བརྗོད་པ་དང་། །ལྟུང་བའི་ན་སྨད་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་པི་ལིན་དའི་བུའི་ ལྷན་ཅིག་གནས་པ་དང་། ཉེ་གནས་ཀྱི་སྨན་གང་དག་བྱིན་ལེན་བྱས་པ་རུལ་ཞིང་མྱགས་པར་གྱུར་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ལ་བརྟེན་པའི་འདོད་པ་ཆེ་བ་དང་། ཟས་ལ་སྲེད་པ་ཆེ་བའི་སྒོ་ནས་མ་དད་པ་སྐྱེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ 6-1-521b སྨན་བཞི་པོ་གང་ཡང་རུང་བ་བཟའ་བའི་ཆེད་ཀྱི་བྱིན་ལེན་ཡོད་བཞིན་དུ་སྤྱི་དུས་སམ་རང་དུས་འདས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་འཆང་བའི་དངོས་པོ་དང་། གང་གིས་འཆང་བའི་རྟེན་ནོ། །དང་པོ་ལ་དྲུག་ལས། སྨན་ བཞི་ལས་གང་ཡང་རུང་བ་སྟེ་རང་གི་རྣམ་བཤད་དང་ཊཱི་ཀ་ལས། གསུངས་ཞེས་འོག་ཏུ་འཆད་དོ། །ལག་ཉ་འགེགས་པའི་བྱིན་ལེན་ལས་གཞན་བཟའ་བའི་ཆེད་ཀྱི་བྱིན་ལེན་བྱས་པ་དང་འབྲེལ་བ་སྟེ། བཟའ་བའི་ཕྱིར་འཆང་ནའོ། །ཞེས་པ་དང་། སྨན་གྱི་གཞིའི་ཊཱི་ཀ་ལས། བྱིན་ལེན་ མ་བྱས་པ་ལ་གསོག་འཇོག་མི་སྲིད་པའི་ཕྱིར་རོ་ཞེས་སོ། །དགེ་སློང་རང་གི་ཉིད་ཡིན་པ་སྟེ་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ། །ཞེས་སོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ་ལན་ཚ་ལ་སོགས་པ་ཚྭ་ཆུ་དང་། འགྱུར་བྱེད་ཀྱི་ཆུ་དང་། རྙོག་ཆུར་གྱུར་པ་ནི་ཕྱེད་ཉིད་དོ་ཞེས་སོ། ། རུང་བ་དང་ཚད་དང་ལྡན་པ་སྟེ་དྲུག་གོ། གཉིས་པ་གང་གིས་འཆང་བའི་རྟེན་ནི། ཁྱད་པར་དུ་ཡང་སྨན་བྱིན་གྱིས་བརླབས་པ་འཆང་བ་ལ་ནི་རྟེན་ནད་པའམ་ནད་པ་དང་འདྲ་བ་ཡིན་པ་སྟེ། གཞན་དུ་ན་སྨན་བྱིན་གྱིས་བརླབས་པ་མི་འཆགས་པའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་ གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བྱིན་ལེན་མ་བཤིགས་པར་རང་དོན་དུ་བཟའ་བའི་ཆེད་དུ་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བྱིན་ལེན་མ་བཤིགས་པར་འཇོག་པའོ། །མཐར་ཐུག་ནི་སྨན་དེ་ལ་བྱིན་རླབས་མེད་ན་སྤྱི་དུས་ལས་འདའ་ བར་བྱེད་པ་དང་། བྱིན་རླབས་ཡོད་ན་རང་དུས་ལས་འདའ་བར་བྱེད་པའོ། །སྤྱི་དུས་ལས་འདས་པ་ནི། སྔ་དྲོ་བྱིན་ལེན་བྱས་ན་སྨན་བཞི་པོ་གང་ཡིན་ཀྱང་སྤྱི་དུས་ཉི་མ་གུང་ཚིགས་ཡོལ་ན་གསོག་འཇོག་གི་སྤང་བའོ། །ཕྱི་དྲོ་བྱིན་ལེན་བྱས་ན་སྨན་བཞི་པོ་གང་ཡིན་ཀྱང་ཕྱི་དུས་དགོང་ 6-1-522a མོ་ཐུན་ཚོད་ཀྱི་མཐའ་ལས་འདས་ན་གསོག་འཇོག་གི་སྤང་བའོ། །སྲོད་ལ་བྱིན་ལེན་བྱས་ན་སྨན་བཞི་པོ་གང་ཡིན་ཀྱང་སྤྱི་དུས་མཚན་མོ་མཐའི་སྐད་ཅིག་ལས་འདས་ན་གསོག་འཇོག་གི་སྤང་བའོ། །རང་དུས་ལ་འདས་པ་ནི། ཐུན་ཚོད་དུ་རུང་བ་བྱིན་གྱིས་ བརླབས་ན་དགོང་མོ་ཐུན་ཚོད་ཀྱི་མཐའ་ལས་འདས་པ་དང་། ཞག་བདུན་པར་བྱིན་གྱིས་བརླབས་ན་ཞག་བདུན་གྱི་མཚན་མོའི་མཐའི་སྐད་ཅིག་ལས་འདས་པ་དང་། འཚོ་བའི་བར་དུ་བཅང་བ་བྱིན་གྱིས་བརླབས་ན་ནད་སོས་ནས་ཐུན་ཚོད་ཀྱི་ཚིགས་ལས་འདས་ན་གསོག་འཇོག་གི་ སྤང་བའོ། །གཉིས་པ་ནི། ལག་ཉ་འགེགས་པའི་ཕྱིར་བྱིན་ལེན་བྱས་ཏེ་འཆང་ན་ཡང་ལྟུང་བ་མེད་ལ། བཟའ་བའི་ཕྱིར་བྱིན་ལེན་བྱས་ཏེ་བཟའ་བའི་ཕྱིར་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ཡིན་གྱི། བཟའ་བའི་ཕྱིར་བྱིན་ལེན་བྱས་ཏེ་རྐང་པ་བསྐུ་བ་ལ་སོགས་པའི་ ཕྱིར་འཆང་ན་ཡང་ལྟུང་བ་མེད་དེ་བཟའ་བའི་ཕྱིར་འཆང་ན་ཞེས་སྨོས་པའོ། །ཊཱི་ཀ་ལས། འཆང་བ་ལ་ལྟུང་བ་འདི་རྣམ་པར་གཞག་གི། ལོངས་སྤྱོད་པར་བྱེད་པ་ལ་ནི་མ་ཡིན་ཏེ་གསོག་འཇོག་བྱས་པ་ཟ་བ་ལ་ལྟུང་མེད་འབའ་ཞིག་ཏུ་འགྱུར་བའི་ཕྱིར་རོ་ཞེས་སོ། །འོ་ན་སྐབས་ འདིར་སོ་སོར་ཐར་པ་ལས་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཊཱི་ཀ་ལས། འཆང་བ་ལ་མཚོན་པའི་དོན་དུ་ལོངས་སྤྱོད་པར་བྱེད་ན་ཞེས་གསུངས་པ་ཡིན་ཏེ། འཆང་བ་མེད་པར་ལོངས་སྤྱོད་པར་བྱེད་པ་མི་སྲིད་པའི་ ཕྱིར་རོ་ཞེས་བཤད་དོ། །ལུང་རྣམ་འབྱེད་ལྟུང་བ་བསྟན་པ་ལས་ཀྱང་། ཉི་མ་བརྒྱད་པ་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་འཆང་བ་ལས་ལྟུང་བར་གསུངས་ཀྱི། ལོངས་སྤྱད་པ་ལས་ལྟུང་བར་མ་གསུངས་སོ། །གང་འཆང་ན་སྤང་བར་འགྱུར་ཞེ་ན། 6-1-522b ཞག་བདུན་པར་བྱིན་གྱིས་བརླབས་པ་དེ་འཆང་ནའོ། །དེ་ལ་བརྟེན་ནས། ཁ་ཆེ་ཆོས་གྲགས་ན་རེ། ཞག་བདུན་པ་ཁོ་ན་ལས་གསོག་འཇོག་གི་སྤང་ལྟུང་འབྱུང་ཞེས་ཟེར་ཏེ། བམ་པོ་ལྔ་བཅུ་པ་ལས། སྔོན་གྱི་འདུལ་བ་འཛིན་པ་དབུས་འགྱུར་གྱི་བྱེ་བྲག་སྨྲ་བའི་སློབ་ དཔོན་ཆོས་བཤེས་ཀྱི་འདུལ་བའི་མདོ་རྒྱ་ཆེར་འགྲེལ་པ་ལས་ནི། དགེ་སློང་གིས་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་དང་། དུས་སུ་རུང་བའི་ཟས་དང་། ཐུན་ཚོད་དུ་རུང་བའི་ལྟུང་བ་དག་བཟའ་བའི་ཕྱིར་འཆང་ན་གསོག་འཇོག་གི་སྤང་བའོ། །ཞེས་པ་དང་། བར་གྱི་ འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དགེ་ལེགས་བཤེས་གཉེན་ལ་སོགས་པའི་བཤད་པ་ལས་ནི། སྨན་ཞག་བདུན་པ་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་བ་སྐྱ་རེངས་བརྒྱད་པ་ཤར་ན་གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་ལ། དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། འཚོ་བའི་བར་དུ་བཅང་བ་གསོག་འཇོག་ཏུ་གྱུར་པ་ནི་གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་མི་འགྱུར་ཏེ། སྐབས་འདིའི་ཉེས་བྱས་སུ་འགྱུར་བར་གསུངས་པའི་གཞུང་དང་སྦྱར་ཏེ། འདིར་སློབ་དཔོན་དགེ་ ལེགས་བཤེས་གཉེན་གྱིས་བཤད་པའི་ལུགས་བཞིན་དུ་བྲིས་སོ་ཞེས་བཤད་དོ། །འོན་ཀྱང་དེའི་རྗེས་སུ་མི་འབྲང་སྟེ། གསོག་འཇོག་གི་སྤང་བའི་སྐབས་ཀྱི་ཉིད་ཀྱི་རྣམ་བཤད་ལས། དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། འཚོ་བའི་བར་དུ་འཆང་བ་རྣམས་ལ་སྐྱོན་ གྱིས་རུང་བ་མ་ཡིན་པ་ཉིད་དུ་གྱུར་པ་ལ་ཞག་བདུན་པ་ལས་བྱེ་བྲག་འགའ་ཡང་མེད་དོ། །འདིར་ཞག་བདུན་པ་ཞེས་པ་ནི་དཔེ་ཙམ་དུ་རིག་པར་བྱའོ་ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་། ཞག་བདུན་པ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་པར་རིག་པར་བྱའོ། །དུས་སུ་རུང་བ་དང་། 6-1-523a ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་འཆང་བ་གསོག་འཇོག་བྱས་པ་དེ་ཐམས་ཅད་ནི་ཇི་ལྟར་ཟོས་ན་ལྟུང་བྱེད་དུ་འགྱུར་བ་བཞིན་འཆང་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། ཞེས་གསུངས་པ་དེ་གཙོ་བོར་བཟུང་བར་བྱའོ། ། གང་གི་ཚེ་སྤང་བར་འགྱུར་ཞེ་ན། སྐྱ་རེངས་ཀྱི་ངོ་བོ་བརྒྱད་ཤར་བ་མ་ཡིན་གྱི། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྟེ། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་ལ། བརྒྱད་པའི་སྐྱ་རེངས་བྱུང་ནའོ་ཞེས་ འགྲེལ་ཆུང་གི་མདོ་རྩ་བ་ལས་བཤད་པ་དེ་འགྱུར་ལེགས་པར་མཚོ་སྣ་པ་ཆེན་པོ་འཆད་དོ། །ཊཱི་ཀ་ལས། བྱིན་གྱིས་མ་བརླབས་པ་ནི་ཞག་བདུན་ལས་འདས་པར་འཆང་དུ་ཟིན་ཀྱང་ཉེས་པ་མེད་དེ་ཞེས་པ་ནི། བྱིན་གྱིས་མ་བརླབས་པ་ཞེས་པ་དེས་རྒྱུ་བྱིན་ལེན་མ་བྱས་པ་དེ་མཚོན་པ་ སྟེ། བྱིན་རླབས་འཆགས་པ་ལ་རྒྱུ་བྱིན་ལེན་དགོས་པ་ལས། རྒྱུ་བྱིན་ལེན་མ་བྱས་ཤིང་འབྲས་བུ་བྱིན་གྱིས་མ་བརླབས་པ་ནི་ཞག་བདུན་ལས་འདས་པར་འཆང་དུ་ཟིན་ཀྱང་གསོག་འཇོག་གི་ཉེས་པ་མེད་དེ་བྱིན་ལེན་མེད་པའི་ཕྱིར་རོ། །དགེ་སློང་གིས་བུ་རམ་ལྟ་བུ་ཞག་བདུན་ པའི་སྨན་རྙེད་ན་བརྟགས་པ་མ་བྱས་པར་འཆང་ན་མ་བརྟགས་པར་འཆང་བའི་ཉེས་པ་མེད་པ་མ་ཡིན་ཏེ། ཊཱི་ཀ་ལས། རུང་བའི་ཕྱིར་གསེར་ལ་སོགས་པ་དང་འདྲའོ། །ཞེས་པས་བུ་རམ་ལྟ་བུ་ཞག་བདུན་པའི་སྨན་རྙེད་ན་ཡང་རུང་བ་གསུམ་གང་ཡང་རུང་བ་བྱ་སྟེ། དཔེར་ན་གསེར་ དངུལ་ལ་རུང་བ་གསུམ་བྱ་བ་བཞིན་ནོ། །སྐབས་འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། འཚོ་བཅང་གི་སྨན་བྱིན་གྱིས་བརླབས་ཤིང་མ་ཞིག་པ་ལ་ནི་གསོག་འཇོག་གི་སྤང་བ་འབྱུང་མི་སྲིད་དོ་ཞེས་ཟེར་རོ། །ཞིབ་མོར་མ་བསམ་ན་བདེན་ཀྱང་། གཞན་དུ་འཚོ་བཅང་ལ་ནད་ 6-1-523b ལས་མ་གྲོལ་བར་དུ་འཆང་གནང་དུ་རུང་ལ། གྲོལ་ནས་འཆང་ན་གསོག་འཇོག་གི་སྤང་བ་བསྐྱེད་པ་མ་དྲན་པར་སྣང་བའི་ཕྱིར་རོ། །གཉིས་པ་ནི། བཟའ་བར་བྱ་བ་ནང་དུ་ཞག་ལོན་པ་ལ་སོགས་པ་རུང་བ་མ་ཡིན་པ་དེ་དག་བྱིན་ལེན་བྱས་ཏེ། ཉིན་མཚན་འདས་པར་བཞག་པ་ ནི་གསོག་འཇོག་གི་སྐབས་འདིར་དེ་དག་གསོག་འཇོག་བྱས་པ་ཟས་ན་ཉེས་བྱས་བསྐྱེད་པ་དང་འདྲ་སྟེ། དེ་དག་གསོག་འཇོག་བྱས་ན་ཡང་ཉེས་བྱས་བསྐྱེད་པར་རྣམ་པར་བཞག་གོ། འདི་ལ་གསོག་འཇོག་གི་སྤང་ལྟུང་མི་བསྐྱེད་དེ་རུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། ། གསུམ་པ་ནི། འབྲུ་མར་ལ་སོགས་པ་ཞག་བདུན་པ་དེ་རྐང་པ་བསྐུ་བ་ལ་སོགས་པ་དགོས་པའི་དོན་གང་གི་ཕྱིར་བསམ་པས་བརྟགས་པ་དེའི་ཕྱིར་ནི་འཆང་བ་ལ་ལྟུང་བ་མེད་དོ་སྟེ་བྱིན་ལེན་མ་བཤིག་པར་བཞག་ཀྱང་གསོག་འཇོག་གི་ལྟུང་བ་མེད་པའོ། །སྐབས་འདིར་ཊཱི་ཀ་ ལས། བློས་ཡོངས་སུ་མ་བཅད་པར་འཆང་བ་ལ་ཡང་ཁ་ན་མ་ཐོ་བ་འདྲ་སྟེ། སྤྱི་ནི་བྱེ་བྲག་གི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཞེས་པ་ནི་མར་ལ་སོགས་པ་བྱིན་ལེན་བྱས་པ་དེ་བདག་ཉིད་ཟ་བ་དང་། གཞན་ལ་སྦྱིན་པ་དང་། རྐང་པ་ལ་བསྐུ་བ་ལ་སོགས་པའི་བྱེ་བྲག་འདི་ བྱའོ་ཞེས་བློས་ཡོངས་སུ་མ་བཅད་པར་གང་མཁོ་བར་བྱའོ་སྙམ་དུ་སྤྱིའི་བསམ་པས་འཆང་བ་ལ་ཡང་གསོག་འཇོག་གི་སྤང་ལྟུང་བསྐྱེད་དོ། །སྤྱིས་བྱེ་བྲག་ལ་ཁྱབ་པའི་ཕྱིར་ཞེས་པ་སྟེ། སྤྱིའི་བསམ་པ་དེས་བྱེ་བྲག་བཟའ་བའི་ཚད་ཀྱི་བསམ་པ་ལ་ཡང་ཁྱབ་པའི་ཕྱིར་རོ། ། ཞེས་པའོ། །ཊཱི་ཀ་ལས། དེ་ལྟ་བས་ན་བག་མེད་པ་དང་དྲན་པ་ཉམས་པས་འཆང་བ་ནི། བཟའ་བའི་ཕྱིར་ཡིད་ཀྱིས་མ་བསྡུས་པའི་ཕྱིར་ཁ་ན་མ་ཐོ་བ་འདྲའོ། །ཞེས་གསུངས་ཏེ། ཡིད་ཀྱིས་མ་བསྡུས་པ་ནི་མི་བཟའ་སྙམ་པའི་བརྟག་པ་མ་བྱས་པའོ། །འབྲུ་མར་ལ་སོགས་ 6-1-524a པ་སྣར་བླུག་པ་དང་། བཟའ་བའི་ཆེད་བྱིན་ལེན་བྱས་པའི་མར་གྱི་ལྷག་ལྟ་བུ་དེས་ལུས་ལ་བསྐུ་མཉེ་བྱ་བའི་ཆེད་འཆང་བ་དག ནི་བྱིན་ལེན་མ་བཤིག་པར་བཞག་སྟེ་གསོག་འཇོག་ཏུ་འཇོག་པ་འི་ཉེས་པ་མི་བསྐྱེད་པར་བྱས་ཀྱང་ རུང་ངོ་། །ཊཱི་ཀ་ལས། གསོག་འཇོག་ཏུ་བྱར་རུང་བའོ། །ཞེས་གསུངས་སོ། །གསོག་འཇོག་བྱས་པ་དེ་སྣར་བླུག་ཏུ་རུང་བ་ནི་མ་ཡིན་ཏེ། བྱིན་ལེན་མ་བྱས་པར་སྣར་བླུག་ཏུ་རུང་བའི་གནད་ཀྱིས་ཤེས་སོ། །ལུང་ཕྲན་ཚེགས་ལས། བྱིན་ལེན་བྱས་ནས་སྣར་བླུག་པར་བྱའོ། །ཞེས་གསུངས་ པས། སྣར་བླུག་པ་ལ་ནི་བྱིན་ལེན་དགོས་ཀྱང་བསྐུ་མཉེ་བྱ་བ་ལ་ནི་བྱིན་ལེན་མི་དགོས་ཏེ། མེ་ཏོག་ཕྲེང་རྒྱུད་ལས། མགུལ་དུ་མིད་པ་མ་ཡིན་པ། །འདི་ལ་བྱིན་ལེན་མི་དགོས་སོ། །ཞེས་བཤད་དོ། །གསོག་འཇོག་གི་སྤང་བའོ། །སྤང་བ་རྣམས་རྫོགས་ སོ།། །།འདིར་སྨྲས་པ། མི་ཟད་གསུང་རབ་འོ་མའི་རྒྱ་མཚོ་ཆ་དེ་རྣམ་དཔྱོད་ལག་པས་བསྲུབས་པ་ལས། །སྔོན་མེད་ཆོས་ཀྱི་ལྦུ་ཕྲེང་དཀར་པོ་སྤྲིན་ཕུང་ལྷོངས་པ་ལས་ཀྱང་ནི། །མཐོར་བཅས་དེ་ཡི་གྲགས་པས་ས་ཆེན་རྒྱ་མཚོ་དང་བཅས་འདར་བའི་ མཐུ་ལས་ཀྱང་། །བསྟན་པ་ཡོངས་འདུ་ས་བརྟོལ་དག་གི་འབྲས་བུ་བསླབ་གསུམ་རོ་ལྡན་འདི་ན་ལྷུངས། །འཛམ་བུའི་གླིང་པའི་བྱང་རོལ་ན། །དཔལ་ལྡན་དྭགས་པོ་ཤིང་རྟ་ཆེ། །བཞུགས་པའི་སྡེ་སྣོད་འཛིན་པ་ཞིག །ས་ཡི་རྒྱན་དུ་གྱུར་དེ་སུ། །གང་དུ་སྡིག་ཕྲོག་མེ་ཏོག་ དཀར། །གཞན་ཕན་སྙིང་པོའི་འབྲས་བུ་བཟང་། །ཕུན་ཚོགས་སྦྱིན་པའི་སྐྱེད་ཚལ་ནི། །དྭགས་པོ་བརྒྱུད་པའི་ནོར་གཅིག་པུ། །སྡོམ་གསུམ་གྲོང་ཁྱེར་གསུམ་པོ་འཇིག་བྱེད་པའི། །འདོད་པའི་ཡོན་ཏན་འབའ་ཞིག་གིས་མྱོས་ནས། །དྲེགས་པའི་ཁྱུ་མཆོག་ཞེན་ནས་བགྲོད་པ་ 6-1-524b ཡི། །ལྷ་ཆེན་བླ་མའི་གཟུགས་བརྙན་ཤིན་ཏུ་བྲེལ། །སྡེ་སྣོད་འཛིན་པ་གསེར་གྱི་ཕྲེང་བའི་དབུས། །ཞུམ་མེད་སྤོབས་པ་དགེ་བའི་མུ་ཏིག་ནི། །རབ་འབར་གསེར་རི་བདུན་གྱི་རྩེ་མོ་ནས། །རྒྱུ་སྐ་ར་རྒྱས་ པའི་འོད་ཟེར་འཕྲོ་བ་བཞིན། །སྐྱེས་བུ་ཆེན་པོའི་ལུས་ལ་ཡོན་ཏན་གྱི། །དམ་པའི་དཔལ་དག་ཉི་བཞིན་སྐྱེད་པ་ལ། །དེ་མཐོང་པདྨའི་ཚོགས་ཀྱི་འདབ་མ་རྣམས། །རབ་ཏུ་བཟུམ་པའི་ཕྱག་རྒྱ་ སྤྱི་བོར་བཅིངས། །བླ་ན་གཞན་པས་ཕྲག་དོག་གདུང་འཛིན་ཅིང་། །མང་དུ་མ་ཐོས་ཅོད་པཎ་ལེགས་པར་འཕྱུར། །གཞན་ལ་སྨོད་པའི་དོ་ཤལ་འཆང་བ་ནི། །ཐུབ་བསྟན་བྱི་དོར་བྱེད་ལ་རྩོད་པ་ འགྱེད། །བདག་ནི་ངན་ལྟ་འཁྱོག་པོའི་ལམ་ནས་མ་སོང་ཞིང་། །ཕུན་ཚོགས་གཡོ་བའི་ཁྱུ་ཆེན་བདག་ཏུ་མ་ཞུགས་པར། །ཐར་པའི་མཆོད་སྦྱིན་བྱེད་གནས་རྟ་བབས་ཡངས་པོ་ལ། །མཐའ་སྤངས་ 6-1-525a དབུ་མར་གནས་ནས་ལུས་ཅན་དགེ་ལ་སྦྱར། །ཆོས་གྲུབ་གྲགས་པའི་ཤེས་རབ་བ་དན་གྱིས། །འདུལ་བའི་ཆུ་གཏེར་ཆེ་ལས་སྤང་ལྟུང་གི ། རྣམ་བཤད་གྲུ་གཟིངས་འདི་དག་དྲངས་པའི་དགེས། །ཞྭ་ཁྲ་ཅན་གྱི་སྒྲུབ་བརྒྱུད་རྒྱལ་གྱུར་ཅིག། །།རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། སྤང་ལྟུང་གི་ སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།དོན་ཀུན་གྲུབ་པའི་བསྟན་པའི་མཚན་གཞི་ནི། །དམ་ཆོས་བསྟན་རྩ་འདུལ་བའི་སྡེ་སྣོད་དེ། །ངུར་སྨྲིག་འཛིན་པས་འཛམ་གླིང་ ཀུན་ཁྱབ་ནས། །ཡངས་པའི་འཇིག་རྟེན་ཀུན་གྱི་རྒྱན་གྱུར་ཅིག །ཅེས་པ་འདི་ནི་མཁན་ཆེན་བླ་མ་མངྒ་ལའི་གསུང་ངོ་།། །།དགེའོ།། །། 6-1-525b empty page 6-1-526a empty page 6-1-526b empty page 6-1-527a empty page 6-1-527b empty page 6-1-528a empty page 6-1-528b empty page