5-1-288c ༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ཆོས་མཐའ་དག་གི་བདུད་རྩིའི་སྙིང་པོར་གྱུར་པ་གང་ལ་ལྡན་པའི་གཞི་རྗེ་བཙུན་མཆོག་ཏུ་དགྱེས་པར་ངལ་གསོ་བའི་ཡོངས་འདུ་ས་བརྟོལ་གྱི་ལྗོན་པ་རྒྱས་པ་ཞེས་བྱ་བ་བཞུགས་སོ།། 5-1-288d ༈ གསུམ་པ་ལམ་གྱི་ཡན་ལག་གོལ་ས་དང་བཅས་པ་བཤད་པ་ལ། ཤེས་བྱ་ཕུང་སོགས་ཀྱི་རྣམ་པར་གཞག་པ་སྤྱི་དོན་དུ་བཤད་པ་དང་། ཤེས་བྱེད་ཀུན་ཤེས་པ་ཉིད་གཞུང་དོན་དུ་བཤད་པའོ། །དང་པོ་ལ་གསུམ། ཕུང་པོ་ལྔ་བཤད་པ ། དེ་ཁམས་དང་སྐྱེ་མཆེད་དུ་འགྱུར་ཚུལ། དེ་བདེན་བཞི་དང་བཞི་ལྔ་སོགས་སུ་འགྱུར་ཚུལ་ལོ། །དང་པོ་ལ་བཞི། མཚན་ཉིད། དབྱེ་བ། གྲངས་ངེས། གོ་རིམ་ངེས་པའོ། །དང་པོ་ནི། འདུས་བྱས་གང་ཞིག་ཆ་དུ་མ་སྤུངས་པའོ། །དེ་ལ་གཟུགས་ཕུང་ནི་ཕྱོགས་ཀྱི་ཆ་ ཅན་དང་། མིང་བཞི་ནི་དུས་ཀྱི་ཆ་ཅན་དང་། གཉིས་ཀའང་ལྡོག་པའི་ཆ་དུ་མ་ཅན་ནོ། །གཉིས་པ་ལ། དངོས་དང་། རྩོད་པ་སྤང་བའོ། །དང་པོ་ལ་གཟུགས་ནས་རྣམ་ཤེས་ཀྱི་བར་ལྔའོ། །དང་པོའི་མཚན་ཉིད་ཆ་དུ་མ་སྤུངས་པ་གང་ཞིག །རེག་བྱའམ་ཡུལ་བཅད་པས་ གཟུགས་སུ་རུང་བ་སྟེ་བེམ་པོའི་དངོས་པོའོ། །དེ་ལ་དབྱེ་ན། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་པས་རྣམ་པར་རིག་བྱེད་མིན་པའི་གཟུགས་ནི། བྱེ་བྲག་ཏུ་སྨྲ་བས་ཀུན་བཏགས་ཡིན་ལ། ཆོས་ཀྱི་སྐྱེ་མཆེད་པའི་ཟད་པར་ དང་། ཀེང་རུས་སུ་སྣང་བ་སོགས་ཀྱང་ཀུན་བཏགས་ཡིན་པས་གཟུགས་གོ་ཆོད་པོ་དེ་དབང་དོན་བཅུ་པོ་ཉིད་ཡིན་ནོ། །དེ་ལ་དབང་པོ་ལྔ་ནི། གཟུགས་ཅན་དྭངས་པ་རང་རང་གི་དབང་ཤེས་ཀྱི་དངོས་རྟེན་བྱེད་པ་མིག་འབྲས་ཀྱི་ནང་ན་ཟར་མའི་མེ་ཏོག་ལྟ་བུ་དང་། རྣ་བའི་གཏིང་ན་གྲོ་ གའི་མདུད་པ་དང་། སྣའི་སྦུབས་ན་ཟངས་ཀྱི་ཐུར་མ་དང་། ལྕེ་དཀྱིལ་ན་སྐྲ་ཙམ་གྱིས་བར་ཆོད་པའི་ཟླ་བ་ཕྱེད་པ་དང་། ལུས་ཀུན་ལ་ཁྱབ་པ་བྱའི་སྤུ་ལྟ་བུའོ། །དོན་ལྔ་ནི། ཇི་སྐད་དུ། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །རོ་ནི་རྣམ་དྲུག་ 5-1-289a དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་པས་གཟུགས་ནི་ཁ་དོག་དང་དབྱིབས་གཉིས་སམ། སྔོ། སེར། དཀར། དམར། རིང་། ཐུང་། ལྷམ། ཟླུམ། མཐོ། དམན། ཕྱ་ལེ། ཕྱ་ལེ་མིན་དང་། སྤྲིན། དུ་བ། རྡུལ། ཁུག་རྣ། གྲིབ་མ། ཉི་མ། སྣང་བ། མུན་པ་སྟེ་ཉི་ཤུ། ཁ་ཅིག་ནམ་མཁའ་ཁ་དོག་གཅིག་པ་དང་ཉེར་གཅིག་ཏུ་འདོད་ཀྱང་སྔོན་པོ་ལས་ཟུར་དུ་མི་བགྲང་ཞིང་། ནམ་མཁའི་སྔོན་པོ་ནི་རི་བོ་མཆོག་རབ་ཀྱི་ཁ་དོག་གི་གཟུགས་ཡིན་གྱི། ནམ་མཁའ་ལ་ནི་དབྱིབས་དང་ཁ་དོག་གི་གཟུགས་གང་ཡང་མེད་དོ། །སྒྲ་ནི། ཟིན་པའི་སྒྲ་ལུང་དུ་སྟོན་པ་དང་། མི་སྟོན་པ་གཉིས་དང་། མ་ཟིན་པའི་སྒྲ་ལུང་དུ་སྟོན་མི་སྟོན་གཉིས་དང་བཞི་ལ་ཡིད་དུ་འོང་མི་འོང་གཉིས་སུ་ཕྱེ་བས་བརྒྱད་དོ། །དྲི་ནི་ཞིམ་པ་དང་ང་བ་གཉིས་ལས། མཉམ་པ་མི་མཉམ་པ་གཉིས་སུ་ཕྱེ་བས་བཞིའོ། །རོ་ནི་མངར། སྐྱུར། ལན་ ཚྭ། ཚ་བ་དང་། ཁ་བ། བསྐ་བ་སྟེ་དྲུག་གོ། རེག་ནི་འབྱུང་བཞིའི་ཆ་སྲ། གཤེར། དྲོད། གཡོ་བཞི་དང་། འཇམ། རྩུབ། ལྕི། ཡང་། གྲང་། བཀྲེས། སྐོམ་པ་སྟེ་བཅུ་གཅིག་གོ། དེ་ལ་གཟུགས་ནི་བསྟན་ཡོད་ཐོགས་པ་དང་བཅས་པའི་གཟུགས་སོ། །དབང་པོ་དང་སྒྲ་ལ་སོགས་པ་ནི་བསྟན་མེད་ ཐོགས་པ་དང་བཅས་པའི་གཟུགས་སོ། །མི་སྡུག་པ་དང་ཟད་པ་ལ་སོགས་པ་ནི་བསྟན་མེད་ཐོགས་མེད་ཀྱི་གཟུགས་སོ། །མིང་བཞིའི་ཕུང་པོ་ནི། ཇི་སྐད་དུ། ཚོར་བ་མྱོང་བའོ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཅེས་ དང་། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་པས་ཚོར་བ་ནི་མྱོང་བར་གནས་པ་སྟེ། དབྱེ་ན། བདེ་སྡུག་བཏང་སྙོམས་གསུམ་པོའམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་སོགས་པ་དྲུག་གོ། འདུ་ཤེས་ནི་ཁྱད་པར་མཚན་མར་འཛིན་པ་སྟེ། དབྱེ་ན། མིག་གི་ 5-1-289b འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག་གོ། འདུ་བྱེད་ནི་ཕུང་པོ་གཞན་བཞི་ལས་གཞན་དུ་གྱུར་པའི་འདུས་བྱས་ཏེ། དབྱེ་ན། སེམས་དང་མཚུངས་པར་མི་ལྡན་པ་དང་། ལྡན་པ་གཉིས་ལས། དང་པོ་ནི། ཐོབ་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་ པའི་སྙོམས་འཇུག་སོགས་འོག་ནས་འབྱུང་བའི་བཅུ་བཞི་པོ་ཡིན་མོད་ཀྱི། དེའང་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་བཏགས་པ་ཡིན་པས་རྫས་ལོགས་སུ་མེད་དོ། ། གཉིས་པ་ནི། རྟེན་དང་རྫས་དང་དུས་དང་དམིགས་པ་བཞིས་མཚུངས་པའི་སེམས་ ལས་བྱུང་བ་ཚོར་བ་དང་འདུ་ཤེས་མ་གཏོགས་པ་རྣམས་ཡིན་ཏེ། འདི་ལྟར་གཉིས་ཀའང་དབང་པོ་གཅིག་ལ་བརྟེན་པ་དང་། གཙོ་བོའི་སེམས་རྫས་གཅིག་ཡིན་པ་ལྟར་འཁོར་སེམས་བྱུང་ཚོར་བ་ལ་སོགས་པ་རྫས་རེ་རེ་བ་དང་། དེ་གཉིས་དུས་མཉམ་པ་དང་། དམིགས་པ་གཟུགས་ལ་སོགས་པར་མཚུངས་པ་ཡིན་ནོ། །རྣམ་པ་ནི་མི་མཚུངས་ཏེ་ཁྱད་མེད་པར་འགྱུར་བའི་ཕྱིར། དེས་ན་ཚིགས་སུ་བཅད་པ་འདི་ལྟར། ཚོར་དང་འདུ་ཤེས་སེམས་པ་དང་། །ཡིད་ལ་བྱེད་དང་རེག་པ་ལྔ། །སེམས་ཀུན་ཁྱབ་ཕྱིར་ཀུན་འགྲོ་ཡིན། །འདུན་དང་མོས་དང་དྲན་པ་དང་། ། ཏིང་འཛིན་ཤེས་རབ་འདོད་སོགས་ལ། །འཇུག་པའི་ཕྱིར་ན་ཡུལ་ངེས་ལྔ། །དད་དང་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་ཞེ་སྡང་གཏི་མུག་མེད། །བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་། །བག་ཡོད་བཏང་སྙོམས་རྣམ་མི་འཚེ། །བཅུ་གཅིག་དགེ་བ་ཞེས་བྱར་གྲགས། །ཆགས་ སོགས་དྲུག་ནི་རྩ་ཉོན་མོངས། །ཁྲོ་དང་འཁོན་འཛིན་འཆབ་དང་འཚིག །ཕྲག་དོག་སེར་སྣ་སྒྱུ་དང་གཡོ། །རྒྱགས་དང་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་རྒོད་མ་དད་པ། །ལེ་ལོ་བག་མེད་བརྗེད་ངེས་དང་། །ཤེས་བཞིན་མ་ཡིན་རྣམ་གཡེང་སྟེ། །ཉི་ཤུ་ཉེ་བའི་ཉོན་མོངས་ 5-1-290a ་ཡིན། །གཉིད་དང་འགྱོད་དང་རྟོག་དཔྱོད་བཞི། །དགེ་དང་ལུང་མ་བསྟན་ལ་སོགས། །དུ་མར་འགྱུར་ཕྱིར་གཞན་འགྱུར་ཡིན། །ཅེས་བྱ་བ་ནི་ཆོས་མངོན་པ་ཀུན་ལས་བཏུས་པའི་ལུགས་སོ། །ཐེག་དམན་པས་ནི། མཛོད་ལས། འདི་ལྟར་སེམས་ཐམས་ ཅད་ཀྱི་འཁོར་དུ་འབྱུང་བའི་སེམས་བྱུང་ཀུན་འགྲོ་བཅུ་སྟེ། ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་དང་། དགེ་བའི་འཁོར་དུ་འབྱུང་བ་བཅུ་ནི། དད་དང་བག་ཡོད་ ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་བ། །བརྩོན་འགྲུས་རྟག་ཏུ་དགེ་ལ་འབྱུང་། །ཞེས་སོ། །ཉོན་མོངས་ཆེན་པོའི་འཁོར་དུ་འབྱུང་བ་དྲུག་ནི། རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ ཅན་ལ་རྟག་ཏུ་འབྱུང་། །ཞེས་སོ། །མི་དགེ་བའི་འཁོར་དུ་ནི། མི་དགེ་ལ་ནི་ཁྲེལ་མེད་དང་། ངོ་ཚ་མེད་པའོ། །ཞེས་སོ། །ཉོན་མོངས་པ་ཆུང་ངུའི་འཁོར་དུ་ནི་བཅུ་སྟེ། ཁྲོ་བ་དང་། །འཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་ཚིག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་ རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས། །ཞེས་སོ། །དེ་དག་ཏུ་མ་ངེས་པ་བརྒྱད་ནི། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་ཉིད་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་གསུངས་པ་ཡིན་ནོ། །སེམས་ བྱུང་ཞེ་དྲུག་པོ་དེ་དག་ཡིད་ཀྱི་འཁོར་དུ་ཐམས་ཅད་འབྱུང་ལ། དབང་ཤེས་ཀྱི་འཁོར་དུ་ནི་ཅི་རིགས་པ་འབྱུང་ངོ་། །འདི་རྣམས་ཀྱི་ནང་ནས་ཤིན་ཏུ་སྦྱངས་པ་ནི་མཉམ་བཞག་གི་ས་པ་ཡིན་པས་འདོད་ཁམས་སུ་མི་འབྱུང་ལ། འགྱོད་གཉིད་མི་དགེ་བ་རྣམས་ཁམས་གོང་མ་ 5-1-290b གཉིས་སུ་མི་འབྱུང་ངོ་། །རྣམ་པར་ཤེས་པ་ནི་ཡུལ་གྱི་ངོ་བོ་སོ་སོར་རིག་པ་སྟེ། དབྱེ་ན། ཐེག་དམན་ལུགས་ལ་ཡུལ་དྲུག་ལ་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ། ཐེག་ཆེན་ལུགས་ལ་ལུས་ཐམས་ཅད་ལ་ཁྱབ་པ་ཀུན་གཞི་རྩ་བའི་རྣམ་ཤེས་དང་། དེ་ལ་དེར་འཛིན་པ་ཉོན་ མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་ཤེས་པ་དྲུག་དང་། ཚོགས་བརྒྱད་དེ་དེ་དག་ཀྱང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་པ་རྣམས་སོ། །དེ་ལ་གཞན་བདུན་ནི། ཀུན་གཞི་ལ་ཆུ་ལས་རླབས་དང་། མེ་ལོང་ལ་གཟུགས་བརྙན་བཞིན་འབྱུང་བ་ཡིན་གྱི། ཀུན་གཞི་དང་ གཅིག་པ་ནི་མིན་ཏེ། སྙོམས་འཇུག་གཉིས་དང་གཉིད་མཐུག་པོ་ལ་སོགས་པའི་ཚེ་གཞན་རྣམས་མེད་ཀྱང་ཀུན་གཞི་ཡོད་པའི་ཕྱིར་རོ། གཉིས་པ་རྩོད་པ་སྤང་བ་ནི། འགའ་ཞིག་རྣམ་པར་ཤེས་པ་ནི་གཅིག་ཁོ་ན་སྟེ། འདི་ལྟར་དབང་པོའི་སྒོ་གང་དང་གང་དུ་འཇུག་པའི་རྐྱེན་དང་འཕྲད་ པ་ན་རྣམ་ཤེས་ཐ་དད་པའི་ཐ་སྙད་དུ་བྱས་པའོ་ཞེ་ན། དེ་ལྟར་ན་ཡིད་ཤེས་དང་སྒོ་ལྔའི་ཤེས་པ་སྐྱེ་འགག་གཅིག་ཏུ་བྱེད་པར་ཐལ། རྣམ་པར་ཤེས་པ་ནི་གཅིག་ཁོ་ན་ལས་མེད་པའི་ཕྱིར། ཡིད་ཤེས་ཀྱིས་སྤྱི་མཚན་དང་ལྐོག་གྱུར་མི་དཔོགས་པའམ། སྒོ་ལྔའི་ཤེས་པས་རང་མཚན་ མི་རྟོགས་པར་ཐལ་ཏེ། ཤེས་པ་གཅིག་ལས་མེད་པས་གཅིག་དེ། ཡང་ན་ཁ་ཕྱིར་ལྟ་ཁོ་ནའམ་ཡང་ན་ཡིད་ཤེས་ཁོ་ནར་ངེས་དགོས་པའི་ཕྱིར་རོ། །ཡིད་ཀྱི་ཤེས་པ་ཡུལ་ཉེ་བ་ལ་མི་བལྟོས་པ་ལྟར་དབང་ཤེས་ཀྱང་རུང་། ཡུལ་ཉེ་བ་ལ་མི་བལྟོས་པར་ཐལ། ཤེས་པ་གཅིག་ཡིན་པ་ ལ་ཁྱད་པར་མེད་པ་དེ་བཞིན་དུ་དེ་ཡང་དེར་འགྱུར་བའི་ཕྱིར་རོ། །དབང་ཤེས་དང་ཡིད་ཤེས་ཀྱང་ཡུལ་གཅིག་ཏུ་ཐལ། རྣམ་པར་ཤེས་པ་གཅིག་ལ་ཡུལ་གཅིག་ལས་མི་སྲིད་པའི་ཕྱིར། རྣམ་ཤེས་ཚོགས་དྲུག་དུས་མཉམ་དུ་སྐྱེ་བའི་གནས་སྐབས་མི་སྲིད་པར་ཐལ། རྣམ་ཤེས་ 5-1-291a གཅིག་ལས་མེད་ལ། དེ་དབང་པོའི་སྒོ་གང་རུང་རེར་རྐྱེན་དང་འཕྲད་ནས་སྐྱེ་བའི་ཚེ་དང་ངོ་བོའི་སྒོ་གཞན་དུ་རྣམ་ཤེས་གཅིག་པུ་དེ་མི་སྐྱེ་བའི་ཕྱིར། གལ་ཏེ་ལུང་ལས། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་འབྱུང་བས་སོ་ཞེ་ན། དེ་ནི་ མིག་ཤེས་སོགས་ཤེས་པ་རིས་མཐུན་རྫས་རེ་རེ་འབྱུང་བ་ལ་དགོངས་ཏེ། རྣམ་འགྲེལ་ལས། དེ་དག་རྣམས་ཀྱང་རིགས་མཐུན་པའི། །རྣམ་པར་ཤེས་ལས་ངེས་པར་འབྱུང་། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་སོ། །སྐྱེ་མཆེད་ བཅུ་གཉིས་བསྟན་པའི་མདོར། རྣམ་པར་ཤེས་པ་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའོ་ཞེས་གསུངས་པ་ནི་རྣམ་ཤེས་དྲུག་པོ་སྐྱེ་མཆེད་བཅུ་གཉིས་གང་དུ་འདུ་ཞེས་པའི་དབང་དུ་བྱས་ཏེ་བརྗོད་པ་ཡིན་ནོ། ། ཁ་ཅིག་སེམས་དང་སེམས་བྱུང་རྫས་ཐ་དད་པས་མིང་བཞིའི་ཕུང་པོ་ རྣམས་ཀྱང་རྫས་ཐ་དད་དོ་ཞེ་ན། དབུས་མཐའ་རྩ་འགྲེལ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་པས། དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། །དོན་གྱི་ཁྱད་པར་ནི་སེམས་པ་ལས་བྱུང་བའོ་ཞེས་པ་འདི་ཁྱད་པར་ཡིན་གྱི། རྫས་ ཐ་དད་པ་ནི་རིགས་པ་མ་ཡིན་ཏེ། སེམས་དེ་ཉིད་ཀྱི་རྣམ་འཕྲུལ་མྱོང་བ་གསུམ་དུ་སྐྱེ་བའི་ཆ་ནས་ཚོར་བ། རིག་ཅིང་ཐ་དད་དུ་འབྱེད་པའི་ཆ་ནས་འདུ་ཤེས། ཡུལ་ལ་གཡོ་བའི་ཆ་ནས་སེམས་པ། དམིགས་པ་ལ་སེམས་འཛིན་པའི་ཆ་ནས་ཡིད་ལ་བྱེད་པ། ཡུལ་ཡོངས་སུ་ གཅོད་པའི་ཆ་ནས་རེག་པ། འདོད་ཡོན་ལ་འཇུག་པའི་ཆ་ནས་འདུན་པ། རང་གི་ཉེས་པ་སྦས་པའི་ཆ་ནས་གཡོ། གཞན་ལ་ལོག་པའི་འཚེ་བ་བྱེད་པའི་ཆ་ནས་སྒྱུ། སེམས་ནང་དུ་སྡུད་པར་བྱེད་པའི་ཆ་ནས་གཉིད་ལ་སོགས་པར་འདོགས་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། 5-1-291b སེམས་ནི་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པ་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཅེས་དང་། ཀུན་བཏུས་སུ། ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པ་སྟེ། ཞེས་དང་། ང་རྒྱལ་ནི་སེམས་ཀྱི་ཁེངས་པ་སྟེ། ཞེས་དང་། རྣམ་ངེས་སུ། སེམས་ཀྱི་འཁྲུགས་པ་ནི་ཞེ་སྡང་ངོ་། །ཞེས་དང་། དེའང་རང་བཞིན་གཅིག་ཉིད་དུ་མཐོང་བའི་ཕྱིར་བློ་གཞན་ལ་ཉམས་སུ་མྱོང་བའང་གཞན་མ་ཡིན་ནོ། །ཞེས་དང་། རྣམ་འགྲེལ་ལས། རྒྱུ་མཚུངས་པ་ལས་སྐྱེས་པ་དེ། །བློ་ལས་ཐ་དད་གང་ལས་ཡིན། །ཅེས་ པས་མིང་བཞིའི་ཕུང་པོ་ཡང་རྫས་ཐ་དད་དུ་གྲུབ་པ་མ་ཡིན་ནོ། ། འདི་ལ་འགའ་ཞིག་བསྡུ་བར། ལྔ་ཉིད་འཐད་པ་མིན་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་པས་རྫས་ཐ་དད་དུ་གྲུབ་བོ་ཞེ་ན། ལུང་དེས་མིང་བཞིའི་ཕུང་པོ་རྫས་ཐ་དད་པར་སྟོན་པ་མིན་ཏེ། དེ་ནི་སེམས་བྱུང་རྫས་སུ་མ་གྲུབ་པ་འགོག་པའི་གཞུང་ཡིན་པའི་ཕྱིར། འདི་ལྟར་མིང་བཞིའི་ཕུང་པོ་རྫས་ཐ་དད་པར་མེད་ཀྱང་། ལྡོག་པས་བཞིར་ཕྱེ་བའི་ཕྱིར་དང་། གནས་སྐབས་དེ་དག་སེམས་ལས་རྫས་ཐ་དད་མེད་ ཀྱང་ཐ་དད་པ་ལྟར་སྣང་བའི་རྐྱེན་ནི་ཆུ་ལས་ཆུ་བུར་སྐྱེ་བ་ལྟར་ཡིན་གྱི། དེའི་ཚེ་ཆུ་དང་ཆུ་བུར་ཐ་མི་དད་པའི་རྣམ་པར་འགྱུར་བ་དུ་མ་ནི་རབ་ཏུ་དབྱེ་དགོས་པའི་ཕྱིར་དང་། བྱེད་པའི་རྒྱུ་རྐྱེན་བཞི་ལ་རག་པར་བྱེ་བྲག་མེད་པས་ཀྱང་མིང་བཞིའི་ཕུང་པོ་རྫས་གཅིག་ཡིན་པའི་སྒྲུབ་བྱེད་དུ་ འགྱུར་བའི་ཕྱིར་དང་། དེ་ལྟར་མ་ཡིན་ན་ལུང་དང་ཡང་འགལ་ཏེ། ལུང་ལས། སེམས་ནི་འདོད་ཆགས་ཀྱིས་ཉོན་མོངས་པར་བྱས་སོ། །དད་སོགས་ཀྱིས་རྣམ་པར་བྱང་བར་བྱས་སོ། །ཞེས་གསུངས་པས་ཀྱང་། སེམས་ཉིད་དེ་དང་དེ་ལྟ་བུའི་རྣམ་པར་སྐྱེས་པ་ལ་ཉོན་མོངས་པ་ 5-1-292a དང་རྣམ་པར་བྱང་བའོ་ཞེས་ཐ་སྙད་དུ་གསུངས་པ་ཡིན་ལ། རྫས་ཐ་དད་དུ་ཡོད་པར་གསུངས་པ་མིན་ནོ། །གསུམ་པ་གྲངས་ངེས་ནི། རི་བདུན་ལྟར་དངོས་པོ་ལ་གནས་པ་དང་། འདུས་བྱས་དང་འདུས་མ་བྱས་ལྟར་མཐའ་གཞན་ཁེགས་པ་དང་། དགོས་ པ་ལ་བལྟོས་པ་དང་གསུམ་ལས། འདིར་ནི་དང་པོའི་དབང་དུ་བྱས་ཏེ་གཟུགས་དང་སེམས་གཉིས་སུ་དངོས་པོ་ལ་གནས་པ་ཡིན་ལ། སེམས་ལ་ཚོར་བ་དང་འདུ་ཤེས་གཉིས་ནི་རྩོད་པའི་རྩ་བ་དང་འཁོར་བའི་རྒྱུར་ཤེས་པར་བྱ་བའི་དོན་དང་། རགས་རིམ་ནས་ཀྱང་གཟུགས་ ཀྱི་འོག་ཏུ་བཤད་དེ། ཚོར་བའི་དོན་དུ་ཁྱིམ་པ་དང་གྲུབ་མཐའི་འདུ་ཤེས་ཐ་དད་ལ་གྲུབ་མཐའ་རྣམས་རྩོད་པ་དང་། ཚོར་བ་ལ་ཞེན་ཅིང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འཁོར་བར་འཁོར་རོ། །ཇི་སྐད་དུ། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་ རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །ཅེས་སོ། །སེམས་བྱུང་གཞན་རྣམས་ནི་རགས་མི་རགས་མཉམ་པས་འདུ་བྱེད་ཀྱི་ཕུང་པོའི་བྱེ་བྲག་ཏུ་བྱས་སོ། །རྣམ་པར་ཤེས་པ་ནི་ཚོགས་བརྒྱད་དུ་དངོས་པོ་ལ་གནས་པ་ཡིན་ ནོ། །བཞི་པ་གོ་རིམ་ངེས་པ་ནི། རགས་པའི་རིམ་པ་ལྟར་བཀོད་པ་སྟེ། གཟུགས་ནི་ཐོགས་པ་དང་བཅས་པ་ལ་སོགས་པའི་ཕྱིར་རོ། །དེ་ནས་ཚོར་བ་བཞག་པ་ནི། ཐོག་མར་སེམས་ཅན་རྣམས་གཟུགས་ལ་མངོན་པར་དགའ་ཞིང་། དེའང་ཚོར་བས་རོ་མྱོང་བའི་ཕྱིར་ཚོར་བ་ དང་། དེ་ནས་འདུ་ཤེས་བཞག་པ་ནི་གཟུགས་སོགས་ལ་མངོན་པར་ཞེན་པ་ཡང་འདུ་ཤེས་ཕྱིན་ཅི་ལོག་ལས་འབྱུང་བའི་ཕྱིར་འདུ་ཤེས་དང་། དེ་ནས་འདུ་བྱེད་བཞག་པ་ནི་ཕྱིན་ཅི་ལོག་དེ་ཡང་ཀུན་ནས་ཉོན་མོངས་པས་བྱས་པ་དེ་འདུ་བྱེད་དང་། དེ་ལྟར་སེམས་ནི་བཞི་པོ་དེས་ 5-1-292b ཀུན་ནས་ཉོན་མོངས་པར་བྱས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་དེ་ལྟར་བཀོད་པའོ། །གཉིས་པ་དེ་ཁམས་དང་སྐྱེ་མཆེད་དུ་འགྱུར་ཚུལ་ནི། སྐྱེ་མཆེད་ནི་སེམས་དང་སེམས་བྱུང་སྐྱེ་བའི་སྒོར་གྱུར་པ་ཡིན་ལ། ཁམས་ནི་རིས་ཐ་དད་པར་གནས་པའམ་ས་བོན་གྱི་དོན་ཏེ། ཇི་སྐད་དུ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཅེས་སོ། །མཚན་གཞི་ནི། གཟུགས་ཀྱི་ཕུང་པོའི་ཆོས་བཅུ་ནི་སྐྱེ་མཆེད་བཅུ་དང་ཁམས་བཅུར་འགྱུར་ཏེ། ཇི་སྐད་དུ། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། ། ཅེས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དང་སེམས་ཀྱི་ཁམས་བདུན་ཡིན་ཏེ། རྣམ་ཤེས་སོ་སོར་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཁམས་བདུན་དག་ཏུའང་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། །ཅེས་སོ། །ཡིད་དང་ ཡིད་ཀྱི་རྣམ་ཤེས་ཀྱི་ཁྱད་པར་ནི། ཡིད་འདས་པ་དང་ད་ལྟར་བ་ཡིན་ལ། རྣམ་ཤེས་གཞན་གྱི་རྟེན་དབང་པོ་ཡིན་ཅིང་། འདིའི་རྟེན་ཡིད་ཡིན་པར་བསྟན་པའི་ཕྱིར་ཁམས་བཅོ་བརྒྱད་དུ་བསྟན་པ་ཡིན་ཏེ། དྲུག་པོ་འགག་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། ། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །ཅེས་སོ། །ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ནི་ཚོར་བ་ལ་སོགས་པ་གསུམ་དང་། དགེ་མི་དགེ་ལུང་མ་བསྟན་གྱི་དེ་བཞིན་ཉིད་གསུམ་དང་། ནམ་མཁའ་དང་མི་གཡོ་བ་དང་། སོ་སོར་ བརྟགས་པ་ཡིན་མིན་གྱི་འགོག་པ་དང་། འདུ་ཤེས་དང་ཚོར་བ་འགོག་པ་སྟེ་འདུས་མ་བྱས་བརྒྱད་དོ། །དེ་ལྟར་ཡང་། དེ་གསུམ་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་སོ། །རྣམ་པར་རིག་བྱེད་མིན་ 5-1-293a པ་ནི་གྲུབ་མཐས་བཞག་པ་ཁོ་ནའོ། །གལ་ཏེ་མིག་སོགས་གཉིས་གཉིས་ཡོད་པས་ཁམས་དང་སྐྱེ་མཆེད་དེ་བས་མང་བར་འགྱུར་ཞེ་ན། གཉིས་སུ་ཡོད་ཀྱང་འདྲ་བས་གཅིག་ཏུ་བཞག་སྟེ། རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། །འདྲ་བའི་ཕྱིར་ ན་ཁམས་གཅིག་ཉིད། །མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ་། །ཞེས་སོ། །དེ་ལ་འདུས་མ་བྱས་རྣམས་ནི་གཟུགས་ནས་རྣམ་ཤེས་ཀྱི་བར་མིན་ཅིང་ཕུང་པོ་དྲུག་པར་ཡང་མི་རུང་སྟེ། ཕུང་པོའི་དོན་དུ་མ་སྤུངས་པ་མེད་པས་སོ། །སྐྱེ་མཆེད་དང་ཁམས་སུ་བཞག་རུང་སྟེ། དེར་བཞག་པ་ལ་འགལ་བ་ཡོད་པ་མིན་ནོ། །ཕུང་པོར་མི་རུང་བ་ཡང་། ཇི་སྐད་དུ། ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །ཅེས་སོ། །དེ་ལ་གཟུགས་ཀྱི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཁམས་ཀྱིས་ནི་ཐམས་ཅད་བསྡུས་ཏེ། ཕུང་པོ་དང་ནི་ སྐྱེ་མཆེད་དང་། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །ཞེས་སོ། ། གཞན་ཡང་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་། ཟད་པར་ཟིལ་གནོན། སྐྱེ་མཆེད་རིགས་བཞི། ས་ལ་སོགས་པའི་ཁམས་དྲུག་ལ་སོགས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་སྒྲ་བཤད་པ་ཐམས་ ཅད་ཀྱང་འདིར་བསྡུས་ཏེ། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པ་བསྡུ་བར་བྱ། །ཞེས་པ་ལྟར་ཤེས་པར་བྱའོ། །དེའང་བཅོམ་ལྡན་འདས་ཀྱིས། དབང་རྣོན་ལ་ཕུང་པོ་ལྔ་དང་། འབྲིང་ལ་སྐྱེ་མཆེད་བཅུ་གཉིས་དང་། རྟུལ་པོ་ལ་ཁམས་བཅོ་བརྒྱད་དུ་བསྡུས་ནས་བཤད་པར་ཤེས་པར་བྱའོ། །གསུམ་པ་དེ་བདེན་བཞི་སོགས་སུ་འགྱུར་ཚུལ་ལ། ཟག་པ་ཡོད་མེད་རྒྱུ་འབྲས་ཀྱིས་བསྡུས་མ་བསྡུས་སོགས་ཡི་གེས་འཇིགས་པས་སྤྲོས་པ་ཆོག་གོ ། ཕུང་ཁམས་ 5-1-293b སྐྱེ་མཆེད་དེ་དག་ཀྱང་ཤེས་བྱ་གཞི་ལྔ་དང་སྦྱར་ན། གཟུགས་ཅན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་གཟུགས་ཀྱི་གཞིའོ། །རྣམ་ཤེས་ཚོགས་དྲུག་གིས་བསྡུས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་སེམས་ཀྱི་གཞིའོ། །སེམས་བྱུང་གིས་བསྡུས་པའི་ཕུང་ཁམས་སྐྱེ་ མཆེད་ནི་སེམས་ལས་བྱུང་བའི་གཞིའོ། །ལྡན་མིན་འདུ་བྱེད་ཀྱི་གཞི་ནི། བྱེ་བྲག་ཏུ་སྨྲ་བས། ཐོབ་པ་དང་། མ་ཐོབ་པ་དང་། སྐལ་མཉམ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་དང་། སྲོག་གི་དབང་པོ་དང་། འདུས་བྱས་ཀྱི་མཚན་ཉིད་བཞི་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཞེས་བྱ་བ་རྣམ་པ་བཅུ་བཞིར་འདོད་དོ། །དེ་ཡང་གཟུགས་དང་སེམས་སེམས་བྱུང་ལས་རྫས་གཞན་དུ་སྨྲ་བ་ནི་མི་རིགས་ཏེ། དེ་དག་ལས་གཞན་དུ་མ་དམིགས་པའི་ཕྱིར། དེ་ གསུམ་གྱི་གནས་སྐབས་ལ་ལྡན་མིན་འདུ་བྱེད་རྩི་བའི་ཚུལ་ཡང་ཡི་གེ་མང་དོགས་པས་མ་བྲིས་སོ། །འདུས་མ་བྱས་ཀྱི་གཞི་ནི་ཐོགས་པའི་རེག་བྱ་དང་བྲལ་བའི་ནམ་མཁའ་དང་། གཉེན་པོས་སྤང་བྱ་ཟད་པར་བྱས་ནས་འགོག་པ་སོ་སོར་བརྟགས་འགོག་དང་། གནས་སྐབས་ རྒྱུ་རྐྱེན་མ་ཚང་བས་རང་གར་འགགས་པ་བརྟགས་མིན་གྱི་འགོག་པ་དང་དེ་བཞིན་ཉིད་དོ། །དེ་ལྟར་བཤད་པའི་ཤེས་བྱ་ཐམས་ཅད་ཐེག་ཆེན་ལྟར་ན་ཆོས་ལྔར་ཡང་བསྡུར་རུང་སྟེ། དབུས་མཐར། རྒྱུ་དང་རྣམ་པར་རྟོག་པ་དང་། །མིང་ནི་རྣམ་པ་གཉིས་སུ་བསྡུ། །ཡང་དག་ཡེ་ཤེས་ རབ་ཁོ་ན། །གཅིག་པུ་ཁོ་ནས་བསྡུས་པ་ཡིན། །ཅེས་རྒྱུ་དང་རྣམ་པར་རྟོག་པ་དང་མིང་དང་ཡང་དག་པའི་ཡེ་ཤེས་དང་དེ་ཁོ་ན་ཉིད་ལྔ་ནི་ཆོས་ལྔ་ཡིན་ལ། དེར་ཤེས་བྱ་ཐམས་ཅད་འདུས་པའི་དང་པོ་གསུམ་ནི་ཀུན་བཏགས་དང་གཞན་དབང་གཉིས་ཀྱིས་བསྡུས་ལ། ཕྱི་མ་གཉིས་ཡོངས་ 5-1-294a སུ་གྲུབ་པས་བསྡུས་པ་ཡིན་ནོ། །ཤེས་བྱ་གཞི་ལྔ་པོ་དེ་ཡང་འདུས་བྱས་དང་འདུས་མ་བྱས་སམ། ཟག་བཅས་དང་ཟག་མེད་གཉིས་སུ་འདུས་ཏེ། མཛོད་ལས། ཟག་བཅས་ཟག་པ་མེད་ཆོས་རྣམས། །ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་ རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་སོ། །དེ་ལྟར་བཤད་པའི་ཤེས་བྱ་ཐམས་ཅད་ཤེར་ཕྱིན་འདིར་བསྟན་པའི་དགོས་པ་ནི་ ཐེག་གསུམ་གྱི་དོན་རྒྱ་ཆེར་ཤེས་དགོས་སོ་ཞེས་བྱ་བ་ལ་དགོངས་པའི་ཕྱིར་དང་། ཐེག་ཆེན་ནི་ཐེག་པ་འོག་མ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་བསྟན་པ་ཡིན་ཏེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། བྱིས་པ་དབང་པོ་ཞན་ཅིང་ལེ་ལོ་ཅན། །ཐེག་པ་གཉིས་ལ་ནན་ཏན་ མི་བྱེད་པ། །ཐེག་པ་ཆེན་པོའི་འཁོར་ལོ་ལྡན་མི་འགྱུར། །དེ་ནི་རྒྱ་ཆེན་ཆོས་ཀྱི་སྣོད་མ་ཡིན། །ཅེས་པའོ། །དེས་ན་ཤེས་བྱ་གཞི་ལྔ་སོགས་ནི་ཐེག་དམན་ཐུན་མོང་མིན་པའི་ཆོས་སྐད་དང་། རང་བཞིན་གསུམ་དང་། ཆོས་ལྔ་དང་། རྣམ་ཤེས་ཚོགས་བརྒྱད་དང་། བདག་མེད་ གཉིས་སོགས་ཐེག་ཆེན་ཐུན་མོང་མིན་པའི་ཆོས་སྐད་དང་། ཕུང་ཁམས་སྐྱེ་མཆེད་བདེན་བཞི་བདེན་གཉིས་སོགས་ཐེག་པ་ཐུན་མོང་བ་དག་གིས་ཀྱང་སྨྲ་བར་བྱེད་དོ། །དེ་ལྟར་བཤད་པས་ཤེས་བྱ་ཕུང་སོགས་སྤྱི་དོན་དུ་གཏན་ལ་འབེབས་ཚུལ་ཞིབ་པར་བཤད་ཟིན་ལ། སྤྱི་དོན་ གྱི་བཤད་པ་འདི་ཉིད་ཀྱང་གྲུབ་པའི་དབང་པོ་གཉལ་ཞིག་ཆེན་པོའི་ཕར་ཕྱིན་ཊཱི་ཀ་སྙིང་པོ་མཆོག་ལས་ཇི་ལྟར་འབྱུང་བ་དེ་ཀ་ལྟར་བཀོད་པ་ཡིན་པས་ཁ་ན་མ་ཐོ་བ་མེད་དོ། །གཉིས་པ་ཤེས་བྱེད་ཀུན་ཤེས་ཉིད་འཆད་པའི་གཞུང་དོན་ལ། འབྲེལ་བཀོད་པས་མཚམས་སྦྱར། མཚོན་ 5-1-294b བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། ཐེག་ཆེན་དུ་རིགས་ངེས་པའི་དབང་དུ་བྱས་ནས་རྒྱུ་ལམ་ཤེས་ཀྱི་འོག་ཏུ་བླང་དོར་བྱ་བའི་དོན་དུ་ཉེ་བར་མཁོ་བ་གཞི་ཤེས་འཆད་དགོས་ཏེ། སེམས་དཔའ་རྣམས་ཀྱིས་གཞིའི་ཤེས་པ་ མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་མ་ལུས་པ་ལེགས་པར་ཤེས་པ་མེད་པར་ལམ་ལེགས་པར་ཤེས་པ་མི་འབྱུང་བའི་ཕྱིར་དང་། དམན་པར་རིགས་ངེས་པའི་དབང་དུ་བྱས་ནས། གཞི་ཤེས་ཀྱི་རྟོགས་པ་སྔོན་དུ་མ་སོང་བར་ལམ་ཤེས་ཀྱི་རྟོགས་པ་མི་སྐྱེ་ཞེས་སྟོན་པར་བཞེད་ ནས་ཕུང་ཁམས་སོགས་གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ལམ་ཤེས་ཀྱི་འོག་ཏུ་གཞི་ཐམས་ཅད་ཤེས་པ་ཉིད་འཆད་དོ། །གཉིས་པ་ལ། གཞི་ཤེས་དངོས་དང་། མཁྱེན་གསུམ་གྱི་དོན་བསྡུ་ བའོ། །དང་པོ་ལ་གསུམ། གཞི་ཤེས་ཀྱི་རང་བཞིན། གཞི་ཤེས་ཀྱི་སྦྱོར་བ། དེའི་མཐོང་ལམ་མོ། །དང་པོ་ལ། ངོ་བོ་མཐའ་གཉིས་ལ་མི་གནས་པ། ཉེ་རིང་གི་ཁྱད་པར། མི་མཐུན་ཕྱོགས་དང་གཉེན་པོ་སྟེ་གསུམ་ལས། དང་པོ་ལ། རྩ། འགྲེལ་གཉིས་ཀྱི། དང་པོ་ནི། གོང་དུ་བཤད་མ་ཐག་པའི་རྣམ་དག་སྒོམ་ལམ་ལས་འཕྲོས་ནས། མདོར། རབ་འབྱོར་གྱིས་གསོལ་བ། ཡུམ་འདི་ནི་ཚུ་རོལ་གྱི་མཐའ་ལ་མ་ལགས། ཕ་རོལ་གྱི་མཐའ་ལ་གནས་པ་མ་ལགས། དེ་གཉིས་ཀའི་བར་ན་མི་དམིགས། ཞེས་སོགས་ཀྱི་དོན་ཏེ། སྐབས་གཉིས་ པར་བསྟན་པའི་ཤེར་ཕྱིན་དེ་འཁོར་གསུམ་དུ་མི་གནས་པར་སྟོན་ལ། དེ་ཉིད་སྐབས་འདིའི་གཞི་ཤེས་ཀྱི་རང་བཞིན་དུ་ཡང་སྟོན་པ་ཡིན་ཏེ། སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཤེར་ཕྱིན་ཟབ་མོ་དེ་ཚུ་རོལ་སྲིད་པའི་མཐའ་དང་། ཕ་རོལ་ཞི་བའི་མཐའ་ལ་གནས་པ་མིན་ཅིང་། 5-1-295a མཐའ་དེ་དག་གི་དབུས་སམ་བར་ན་ཡང་མི་གནས་ཏེ། གནས་ན་དུས་གསུམ་གང་ཡང་རུང་བ་ཞིག་ཏུ་གནས་དགོས་པ་ལ། དུས་གསུམ་པོ་རྣམས་རང་བཞིན་སྟོང་པར་མཉམ་པ་ཉིད་དུ་ཤེས་པའི་ཕྱིར་ན། དེ་ལྟར་ཤེས་པའི་ཤེས་རབ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡིན་པར་འདོད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། ། སྐབས་འདིའི་དོན་ལ་དཀའ་བའི་གནས་ཅུང་ཟད་བཅད་པར་བྱ་སྟེ། དེ་ཡང་འདིར་བསྟན་གྱི་གཞི་ཤེས་དེ་དམན་པའི་གཞི་ཤེས་ཉིད་ལ་འཆད་དགོས་པ་སྤྱིར་བཏང་ནས་ཡིན་ཏེ། དངོས་བརྒྱད་ཀྱི་ཟླས་ཕྱེ་བའི་གཞི་ཤེས་ དེ་སྟོན་པའི་སྐབས་ཡིན་པའི་ཕྱིར། འོན་ཀྱང་སེམས་དཔའི་གཞི་ཤེས་མི་འབྱུང་བ་ནི་མ་ཡིན་ཏེ། སྐབས་གཉིས་པར་བསྟན་པའི་ཤེར་ཕྱིན་དེ་སྲིད་ཞི་ལ་མི་གནས་པའི་ཚུལ་གྱིས་ངོས་འཛིན་ལ། དེ་ཉིད་སྐབས་འདིར་སེམས་དཔའི་གཞི་ཤེས་ཀྱི་ངོ་བོར་ཡང་བཤད་པའི་ཕྱིར་རོ། ། འོ་ན་ སེམས་དཔའི་གཞི་ཤེས་ངོས་འཛིན་པ་ན་རྒྱུ་ལམ་ཤེས་ཉིད་ངོས་འཛིན་པར་བྱེད་པ་ལས། གཞི་ཤེས་ལོགས་སུ་སྟོན་མི་དགོས་སོ་སྙམ་ན། དེ་ལྟར་མ་ཡིན་ཏེ། གཞི་ཤེས་ལོགས་སུ་སྟོན་པའི་དགོས་པ་ནི། སྐབས་དང་པོར་བསྟན་པའི་རྣམ་མཁྱེན་ལ་འཇུག་པའི་ཐབས་དང་། དེའི་ མི་མཐུན་ཕྱོགས་ཀྱི་དབྱེ་བ་དང་། དེ་ལ་ཉེ་རིང་གི་ཁྱད་པར་བདེ་བླག་ཏུ་རྟོགས་པའི་དོན་དུ་བསྟན་པ་ཡིན་ནོ། །དེ་ལྟར་དུ་སྟོན་དགོས་པའི་རྒྱུ་མཚན། ཉན་ཐོས་འཕགས་པ་དག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པའི་ཚེ་ཤེས་རབ་ཀྱི་ཁྱད་པར་ སྔར་རྒྱུད་ལ་ཡོད་པ་དེ་ཉིད་ཀྱིས་ཆོག་གམ་སྙམ་པ་ལ། དེས་མི་ཆོག་པར་མ་ཟད། དེ་རྒྱུད་ཀྱི་ཤེས་རབ་དེ་སེམས་དཔའི་གཞི་ཤེས་དེ་ལ་རིང་ཞིང་དེ་ལ་འཇུག་པའི་མི་མཐུན་ཕྱོགས་སུ་བསྟན་པའི་ཆེད་ཡིན་པའི་ཕྱིར་རོ། ། འོ་ན་དེ་ལྟ་བུའི་ཤེས་རབ་ཁྱད་པར་ཅན་དེ་ཉན་ཐོས་ལ་མེད་པའི་ 5-1-295b ཚུལ་འདི་ནི་རྗེ་བཙུན་བྱམས་པའི་དགོངས་པ་ཡིན་ཏེ། དེའི་དགོངས་པ་ལོན་པ་ཐོགས་མེད་སྐུ་མཆེད་ཀྱིས་དེ་ལྟར་བཀྲལ་པའི་ཕྱིར་རོ། །འོན་ཀྱང་སྐུ་མཆེད་དེ་དག་གིས། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཤད་པ་དེའི་ཚེ་རང་རྒྱལ་གྱིས་མངོན་དུ་བྱ་རྒྱུའི་ གཟུང་བ་ཆོས་ཀྱི་བདག་མེད་ཀྱི་ངོས་འཛིན་ནི། གཟུང་བ་ཕྱི་དོན་མེད་པའི་རྒྱུ་མཚན་གྱིས། འཛིན་པ་ལས་གཞན་པའི་གཟུང་བ་རྫས་གཞན་ཞིག་སྟོང་པ་ལ་འཇོག་པ་ཡིན་གྱི། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་ནི་བྱ་བ་མིན་ཏེ། ཐོགས་མེད་སྐུ་མཆེད་ཀྱི་གཞུང་འཆད་ པ་ན་གཟུང་འཛིན་གཉིས་སྟོང་ལས་ལྷག་པའི་འཛིན་པ་ཆོས་ཀྱི་བདག་མེད་ངོས་མི་འཛིན་པའི་ཕྱིར་རོ། ། མི་ཤེས་པ་འགའ་ཞིག །འཕགས་སེང་གིས་རྒྱན་གྱི་དགོངས་པ་འགྲེལ་བ་ན། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་དེ། འགྲེལ་པ་གཉིས་ཀར། ཆོས་ དབྱིངས་ཐེག་གསུམ་གྱི་རིགས་སུ་འཆད་པ་ན། འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་བཤད་ལ། དེ་ལྟར་བཤད་པའི་དོན་འཕགས་པའི་གང་ཟག་ཐམས་ཅད་ལ་ཆོས་ཀྱི་བདག་མེད་རྟོགས་པས་རབ་ཏུ་ཕྱེ་བར་འཆད་དགོས་པའི་ཕྱིར་དང་། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་པའི་སྔ་འགྲེལ་དུ། ཉན་ཐོས་ཀྱི་ཐེག་པས་ཆོས་ཀྱི་དབྱིངས་ལ་དམིགས་པར་བཤད་ལ། དེ་ལ་དམིགས་ན་ཆོས་དབྱིངས་སམ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་ཟེར་རོ། །སྨྲ་བ་འདི་ནི་མི་འཐད་དེ། ཁྱོད་ཀྱིས་དྲངས་པའི་ ལུང་དེ་རྣམས་ནི་དྲི་བཅས་ཀྱི་སེམས་ཀྱི་ཆོས་དབྱིངས་རྒྱུའི་སྒོ་ནས་རིགས་སུ་འཇོག་པའི་སྒྲུབ་བྱེད་སྟོན་པ་ཡིན་ལ། སྒྲུབ་བྱེད་དེ་ཡང་ཐེག་གསུམ་གྱི་འཕགས་པའི་ཡོན་ཏན་ཐམས་ཅད་ཆོས་དབྱིངས་དེར་བརྟེན་ནས་སྐྱེ་དགོས་པའི་ཕྱིར་ན། ཆོས་དབྱིངས་དེ་འཕགས་པ་ 5-1-296a ་རྣམས་ཀྱི་ཆོས་ཀྱི་རྒྱུ་ཡིན་ཅེས་བྱ་བའི་དོན་ཏེ། དེ་སྐད་དུའང་། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ཞེས་སོགས་ཀྱི་གཞུང་མཐོང་བ་ཙམ་ལས་ཤེས་སོ། །ཡང་ན་འདི་ལྟར་བཤད་ཀྱང་རུང་སྟེ། གལ་ཏེ་ཉན་རང་དེ་དག་གིས་ཆོས་དབྱིངས་རྟོགས་སུ་ཆུག་ནའང་ ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ཁྱབ་པ་མ་ངེས་ཏེ། དབུས་མཐར། གང་ཟག་གི་བདག་མེད་ཉིད་ལའང་ཆོས་དབྱིངས་དང་སྟོང་པ་ཉིད་བཅུ་དྲུག་གི་དབྱེ་བ་བཤད་པའི་ཕྱིར་རོ། །ད་ནི་ཁྱོད་ཀྱི་འདོད་པ་དེ་ལ་སྐྱོན་གཞན་ཡང་འདི་ལྟར་དུ་གནས་ཏེ། ཁྱོད་ཀྱི་ འདོད་པ་ལྟར་ཆོས་དབྱིངས་དམན་པའི་རིགས་སུ་མི་འཐད་དེ། ཆོས་དབྱིངས་སངས་རྒྱས་ཀྱི་རིགས་སུ་ངེས་པའི་ཕྱིར་དང་། དམན་པའི་རྒྱས་འགྱུར་གྱི་རིགས་ནི་ཆོས་དབྱིངས་དེ་མ་ཡིན་ཅིང་། དམན་པའི་རང་བཞིན་གནས་རིས་ཀྱི་ཐ་སྙད་གཞུང་འགྲེལ་ནས་མི་འབྱུང་བའི་ ཕྱིར་རོ། །གཞན་ཡང་ཁྱོད་ལྟར་ན། དབུས་མཐའ་དང་ཀུན་བཏུས་ཀྱི་ལུགས་ལའང་། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་བཞེད་པར་འགྱུར་ཏེ། འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་བཞེད་པའི་ཕྱིར། མ་གྲུབ་བོ་ཞེ་ན། འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཅེས་སོགས་དང་། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན་ཞེས་སོགས་གསུངས་པས་གྲུབ་བོ། །མདོར་ན་ཁྱོད་ཀྱིས་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་བྱེད་དུ། རྫོགས་པའི་སངས་རྒྱས་ཀྱི་རིགས་ཐམས་ཅད་ཆོས་ དབྱིངས་འདུས་མ་བྱས་ཀྱིས་ཕྱེ་བ་འདྲེན་པ་ལ་ནི་འབྲེལ་ཅི་ཡང་མེད། ཁྱེད་ཀྱིས་ལུང་དུ་དྲངས་པ་དེ་རྣམས་ཀྱི་དོན་ནི་ཆོས་དབྱིངས་རྫོགས་པའི་སངས་རྒྱས་ཀྱི་རིགས་སུ་བསྒྲུབ་པ་ལ་སྒྲུབ་བྱེད་ནི་ཆོས་དབྱིངས་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་བཀོད་པ་ཡིན་ལ། རྫོགས་པའི་ 5-1-296b སངས་རྒྱས་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་སོགས་ཀྱི་བདག་ཉིད་ཡིན་པ་ལ་དགོངས་སོ། །དེ་ལྟར་བཀོད་པའི་གྲུབ་དོན་རྫོགས་པའི་སངས་རྒྱས་ཀྱི་རིགས་གང་ཡིན་པ་དེ་ཐམས་ཅད་འདུས་མ་བྱས་ཀྱིས་ཕྱེ་བར་གྲུབ་བོ། །དེ་ལྟར་གྲུབ་པས་རྒྱུད་བླའི་དགོངས་པ་ ནི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཤད་པ་ལ་སྔོན་གྱི་མཁས་པ་སུས་ཀྱང་བསྙོན་མ་ནུས་ལ། བྱམས་ཆོས་བར་པ་གསུམ་དུ་ནི་ཉན་རང་ལ་གཉིས་སྟོང་གི་དེ་བཞིན་ཉིད་རྟོགས་པའང་མེད་ན། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པ་ག་ལ་སྲིད། རྒྱུ་ མཚན་དེས་ན། བྱམས་ཆོས་པ་རྗེས་འབྲངས་དང་བཅས་པས་ཉན་རང་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པར་བཞེད་པ་བསལ་བ་ཡིན་ནོ། །རྒྱལ་བའི་སྲས་པོ་ཞི་བ་ལྷའི་དགོངས་པར་ཡང་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པ་མིན་པར་བཞེད་དེ། དེ་ཉིད་ ཀྱིས། ཉོན་མོངས་སྤངས་པས་གྲོལ་ན་དེའི། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཞེས་པས་གང་ཟག་གི་བདག་མེད་མངོན་དུ་བྱས་པ་ཙམ་གྱིས་རྫོགས་སངས་ཀྱི་རྣམ་གྲོལ་ཐོབ་ན། ཉན་རང་དགྲ་བཅོམ་ཡང་དེར་ཐལ་ལོ་ཞེས་འཕངས་ནས་བཟློག་དོན་ཉན་རང་ལ་ཆོས་ཀྱི་བདག་མེད་ རྟོགས་པ་མེད་པས་རྫོགས་སངས་རྒྱས་ཀྱི་རྣམ་གྲོལ་མི་འཐོབ་པར་བསྟན་པས་ཀྱང་དེ་ལ་དེ་རྟོགས་པ་མེད་པར་གསལ་བ་ཡིན་ནོ། །དོན་འདི་ཀླུ་སྒྲུབ་ཞབས་ཀྱི་དགོངས་པའང་ཡིན་ཏེ། རིགས་ཚོགས་ནས་བཤད་པའི་ལྟ་བ་དེ་དང་། ཤེར་ཕྱིན་ནས་གསུངས་པའི་སྤྱོད་པ་སྦྱར་ནས་ མཁས་པ་ཆེན་པོ་ལེགས་ལྡན་འབྱེད་སོགས་ཀྱིས་བཤད་པས་ན། སེམས་དཔའི་ཆོས་བདག་མེད་པའི་ཤེས་རབ་ཁྱད་པར་ཅན་དེ་ཉན་རང་ལ་མེད་པར་བཤད་ཅིང་། ཟླ་བའི་ཞབས་ཀྱིས། རིགས་ཚོགས་ཀྱི་ལྟ་བ་དང་མདོ་སྡེ་ས་བཅུ་པ་ནས་གསུངས་པའི་ཐབས་ཀྱི་ཆ་སྦྱར་ནས་སྟོན་ 5-1-297a པའི་ཚེ། ཉན་རང་ལ་ཆོས་ཀྱི་བདག་མེད་པའི་ཤེས་རབ་ཁྱད་པར་ཅན་ཡོད་པར་གསུངས་པ་ནི་ཆོས་ཀྱི་བདག་མེད་ལ་བསྔགས་པ་བརྗོད་པའི་ཆེད་ཡིན་ལ། མཐར་ཐུག་གི་དགོངས་པ་ནི་མིན་ནོ། །ཉན་རང་གིས་ཆོས་བདག་མེད་པར་རྟོགས་པས་ཆོས་བདག་ མེད་ལ་བསྔགས་པ་བརྗོད་པར་འགྱུར་ཚུལ་ནི། ཉན་རང་གི་འཕགས་པ་ཙམ་ཐོབ་པ་ལའང་ཆོས་ཀྱི་བདག་མེད་རྟོགས་དགོས་ན། ཐེག་ཆེན་འཕགས་པ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་པ་སྨོས་ཅི་དགོས་པས། མདོར་ན་འཕགས་པའི་ས་དང་རྣམ་གྲོལ་གྱི་གོ་འཕང་ ཐོབ་པ་ཆོས་ཀྱི་བདག་མེད་རྟོགས་པ་ཉིད་ལ་རག་པས་འདི་ཉིད་ཁོ་ན་མཆོག་ཡིན་པར་བསྟན་ཏོ། །སྐབས་འདིར་མདོ་དང་བསྟན་བཅོས་གཉིས་ཀར་སྲིད་ཞིར་མི་གནས་པའི་ཤེར་ཕྱིན་ཁོ་ན་དངོས་སུ་བསྟན་གྱི། དེའི་ཤུགས་བསྟན་ཞི་བར་གནས་པ་ཉན་རང་གི་གཞི་ཤེས་ཀྱང་སྟོན་ པ་ཡིན་ནོ། །གཉིས་པ་འགྲེལ་པ་ལ། དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་དང་། ཤུགས་བསྟན་ཐེག་དམན་གྱི་གཞི་ཤེས་གཉིས་ལས། དང་པོ་ནི། དུས་གསུམ་པའི་རྒྱུ་རྐྱེན་ལས་སྐྱེས་པའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པར་མཉམ་པ་ཉིད་དུ་རྟོགས་པས། སངས་རྒྱས་དང་ བྱང་ཆུབ་སེམས་དཔའི་ས་ཆེན་པོ་རྣམས་ལ་རབ་ཏུ་ཉེ་བར་འགྱུར་བར་འདོད་པའི་ཐབས་ནི་གོང་དུ་བསྟན་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་དེས་ནི་བྱེད་པ་ཆ་གཉིས་ཡོད་དེ། རང་གི་ངོ་བོ་ཤེས་རབ་ཟབ་པ་ཉིད་ཀྱིས་ཚུ་རོལ་གྱི་མཐའ་འཁོར་བ་དང་། དེའི་ཁྱད་པར་སྙིང་རྗེའི་ དམིགས་པ་རྒྱ་ཆེ་བས་ཕ་རོལ་གྱི་མཐའ་མྱ་ངན་ལས་འདས་པ་སྟེ། དེ་གཉིས་གོ་རིམ་བཞིན་དུ་རྒྱུན་གྱི་རྟག་པའི་མཚན་ཉིད་ཅན་འཁོར་བ་དང་། རྒྱུན་ཆད་པའི་མཚན་ཉིད་ཅན་ཞི་བ་མྱང་འདས་དང་། དེ་ལས་གཞན་པ་འཁོར་འདས་དེ་དག་གི་བར་ན་ཡང་མི་གནས་པས་སྲིད་པ་ 5-1-297b དང་ཞི་བ་ལ་མི་གནས་པ་ཡིན་ནོ། །གཉིས་པ་ནི། སེམས་དཔའི་གཞི་ཀུན་ཤེས་པ་ཉིད་ཀྱི་སྐབས་ལས་བཟློག་སྟེ་ཉན་རང་གི་གཞི་ཤེས་བསྟན་པས་ནི། ཉན་ཐོས་དང་ལ་སོགས་པས་རང་རྒྱལ་ལ་དུས་གསུམ་མཉམ་པ་ཉིད་དུ་མངོན་པར་ཤེས་པ་མེད་པའི་ཕྱིར། ཡང་དག་པའི་ ཤེས་རབ་སྟེ་སངས་རྒྱས་ཀྱི་སའི་ཡེ་ཤེས་ཡིན་པས། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འབྲས་ཡུམ་ཡིན་ལ། དེ་དང་རིང་བར་གྱུར་པས་ཉན་རང་ཉིད་ཀྱི་རྟོགས་པ་ཉི་ཚེ་བ་ཙམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཅན་ཐེག་པ་ཆེན་པོའི་སྙིང་བརྩེ་བ་དང་ཤེས་རབ་དང་ བྲལ་བའི་ཕྱིར། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱི་གོ་རིམ་བཞིན་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ཉེ་རིང་གི་ཁྱད་པར་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། མཚམས་སྦྱར་བའི་ཚུལ་ འདིས་ཉན་རང་གི་གཞི་ཤེས་འབྲས་ཡུམ་ལས་རིང་བ་མ་ཡིན་ནོ་ཞེས་དོགས་པ་བཀོད་དེ། གཞུང་རྩ་བ་དང་འགྲེལ་པས་དེའི་དོགས་པ་སེལ་བའི་ལན་འདེབས་པར་མཛད་པ་ཡིན་ལ། དེ་ཡང་འདི་ལྟར་དོགས་པ་བཀོད་པ་ནི། ཀླུ་སྒྲུབ་ཀྱི་ལུགས་ལས། རྟེན་ཅིང་འབྲེལ་བར་ འབྱུང་བ་གང་། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་འབྱུང་བའི་དོན་འཁོར་འདས་ཀྱི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ཉིད་རྫོགས་པའི་སངས་རྒྱས་ཁྱོད་ཀྱིས་ནི་སྟོང་པ་ཉིད་དུ་བཞེད་པའི་ཕྱིར་ཞེས་པའི་དོན་ཡིན་པས། རྒྱུ་མཚན་དེས་ན་དུས་གསུམ་པའི་ཆོས་ ཐམས་ཅད་སྟོང་པར་མཉམ་པ་ཉིད་དུ་ཤེས་པ་ནི་གཞིའི་གནས་ལུགས་རྟོགས་པ་ཁོ་ན་ཡིན་ལ། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་གཞི་ཤེས་དེ་ཡང་ཉན་རང་སོགས་ཐམས་ཅད་ལ་ཡོད་པ་ཉིད་མ་ཡིན་ནམ། ཁྱོད་ཀྱིས་རྒྱུ་མཚན་ཇི་ལྟར་ན་ཉན་ཐོས་དང་འོག་གི་ལ་སོགས་པ་ 5-1-298a འདིར་དྲངས་པས། རང་རྒྱལ་དང་བྱང་ཆུབ་སེམས་དཔའ་དག་ལ་རིམ་བཞིན་སྔ་མ་ཉན་རང་གི་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རིང་བ་དང་། བྱང་ཆུབ་སེམས་དཔའ་གཅིག་ཤོས་ཡང་དག་པའི་ཤེར་ཕྱིན་ལ་ཉེ་བར་འགྱུར་བའི་འཐད་པ་གང་ཞེ་ན་ ཞེས་བཀོད་དོ། །གཉིས་པ་ནི། དེའི་ལན་དུ་སློབ་དཔོན་གྱི་དགོངས་པ་ནི། ཉན་རང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་ཙམ་པོ་ཡང་ཉི་ཚེ་བའི་སྟོང་ཉིད་ཡིན་པས། སྟོང་ཉིད་དེ་ཙམ་རྟོགས་པས་ཁྱབ་པའི་སྟོང་ཉིད་མངོན་དུ་བྱེད་མི་དགོས་པ་དང་། ཁྱབ་པའི་ སྟོང་ཉིད་མངོན་དུ་མ་བྱས་པར་དུས་གསུམ་མཉམ་ཉིད་དུ་རྟོགས་པའི་སེམས་དཔའི་གཞི་ཤེས་མི་འབྱུང་བའི་ཕྱིར་ན། བྱང་སེམས་ཀྱི་གཞི་ཤེས་འབྲས་ཡུམ་ལ་ཉེ་བ། ཉན་རང་གི་གཞི་ཤེས་འབྲས་ཡུམ་ལས་རིང་བར་འཐད་པ་འདི་ནི་ཀླུ་སྒྲུབ་ཞབས་དང་། རྗེ་བཙུན་དགོངས་ པ་མཐུན་པ་ཡིན་ནོ་ཞེས་སློབ་དཔོན་གྱིས་ལན་དུ་མཛད་དོ། །དེ་ལ་འདིའི་སྐབས་ཀྱི་མདོར། རབ་འབྱོར་གྱིས་གསོལ་བ། གང་ལ་ལ་ཡུམ་འདི་ལ་དམིགས་པའི་ཚུལ་དུ་ཤེས་པར་བགྱིད་ན་ཤེར་ཕྱིན་འདི་འདོར་བར་འགྱུར་རོ། །ཞེས་སོགས་ཀྱི་དོན་རྗེ་བཙུན་གྱིས་བསྡུས་པ་ན། ཉན་རང་གི་གཞི་ཤེས་དེ་ནི་ཕ་རོལ་ཞི་བའི་མཐའ་ལ་མཚན་མར་དམིགས་པའི་སྒོ་ནས་དང་། གཞན་ཡང་འབྲས་ཡུམ་སྒྲུབ་པ་ལ་བརྩེ་བ་སྙིང་རྗེ་ཆེན་པོ་དང་བྲལ་བའི་སྒོ་ནས་ཐབས་ལ་མཁས་པ་མ་ཡིན་པས་རིང་བ་ཡིན་ལ། དེ་ལས་གཞན་པ་བྱང་འཕགས་ཀྱི་གཞི་ཤེས་དེ་ནི་ དུས་གསུམ་པའི་ཆོས་ཐམས་ཅད་མཚན་མར་མི་དམིགས་པའི་མཉམ་ཉིད་ཀྱི་ཤེས་རབ་ཁྱད་པར་ཅན་དང་། འབྲས་ཡུམ་སྒྲུབ་པའི་ཐབས་གཞན་དོན་ལ་མཁས་པ་ཡིན་པས་འབྲས་ཡུམ་ལ་ཡང་དག་པར་ཉེ་བ་ཉིད་དུ་བཤད་པ་ཡིན་ནོ། །མདོར་ན་ཉེ་རིང་གི་ཁྱད་པར་འདི་ནི་དེ་ 5-1-298b བཞིན་གཤེགས་སྙིང་རྟོགས་པའི་ཤེས་རབ་ཡོད་མེད་ལ་བྱ་ཞིང་། དེ་བཞིན་གཤེགས་སྙིང་རྟོགས་པའི་ཤེས་རབ་དེ་ཡང་བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་སྐྱེ་བ་ལ་རག་དགོས་ཤིང་། བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་སྐྱེས་པ་ན། དང་པོར་ཀུན་རྫོབ་རྟོགས་པའི་ཤེས་ རབ་སྐྱེས་པས་བྱང་སེམས་ཀྱི་བསླབ་བྱ་ལ་སློབ་ཅིང་། བསོད་ནམས་ཀྱི་ཚོགས་གསོག་པས་སྤྱོད་པའི་ཆ་གཙོ་ཆེ་ལ། དེ་ནས་དོན་དམ་རྟོགས་པའི་ཤེས་རབ་སྐྱེས་པའི་ཚེ་དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས་མཚན་འཛིན་སེལ་ཞིང་། ཡེ་ཤེས་ཀྱི་ཚོགས་གསོག་པས་ལྟ་བ་གཙོ་ཆེ་ལ། དེ་ལྟར་ལྟ་སྤྱོད་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་ཤེས་རབ་འདི་ཡོད་མེད་ཀྱི་ཁྱད་པར་ལ་ཉེ་རིང་དུ་བཞག་གོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་འགྲེལ་པ་ལ་གསུམ། ཉན་རང་རིང་བའི་རྒྱུ་མཚན། ཐེག་ཆེན་ཉེ་བའི་རྒྱུ་མཚན། དོན་བསྡུ་བའོ། །དང་པོ་ནི། སྒྱུ་མ་ མཁན་གྱིས་སྤྲུལ་པའི་དངོས་པོ་རྟ་གླང་སོགས་སུ་སྣང་བ་ལ། མིག་བསླད་པའི་སྐྱེ་བོས་རྟ་གླང་དེའི་རང་གི་ངོ་བོ་སྒྱུ་མར་མི་ཤེས་པས་རྟ་གླང་གི་དོན་བྱེད་ནུས་སོ་སྙམ་དུ་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་འཁྲུལ་ནས་དངོས་པོའི་ངོ་བོ་ཉིད་མེད་པར་མིག་ཤེས་ལ་མི་སྣང་བ་ བཞིན་དུ་ཉན་རང་དེ་དག་ཀྱང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་བྲལ་ཞིང་། ལ་སོགས་པས་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་དགོས་པའི་ཐབས་མཁས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་དངོས་པོ་དང་དངོས་མེད་གང་གི་མཚན་མར་མ་གྲུབ་པ་ལ། ཉན་རང་ གིས་དེ་དག་ལས་བཟློག་སྟེ་དངོས་པོ་དང་དངོས་མེད་ཀྱི་མཚན་མ་དང་ལྡན་པར་རྟོག་པས། ཉན་ཐོས་དང་ལ་སོགས་པས་རང་རྒྱལ་དང་བཅས་པ་དེ་དག་གིས་དངོས་པོའི་ངོ་བོ་དངོས་པོའི་ངོ་བོས་སྟོང་པར་མི་ཤེས་པ་རྣམས་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་མེད་དེ། རྒྱུ་མཚན་སྔ་མ་ 5-1-299a བཤད་ཟིན་པའི་དངོས་པོའི་ངོ་བོ་དངོས་པོའི་ངོ་བོས་སྟོང་པར་རྟོགས་པའི་ཤེས་རབ་མེད་པ་དེའི་ཕྱིར་ཉན་རང་དེ་དག་ལ་ནི་རྒྱལ་བའི་ཡུམ་ཚུར་ཡང་རྒྱང་རིང་བར་འགྱུར་ལ། ཉན་རང་དེ་དག་རྒྱལ་བའི་ཡུམ་ལ་ཕར་ཡང་རྒྱང་རིང་བ་ཡིན་ནོ། །གཉིས་པ་ནི། བྱང་ ཆུབ་སེམས་དཔས་བསྐལ་པ་དཔག་ཏུ་མེད་པའི་དུས་རིང་མོ་ཞིག་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ཡང་དག་པར་ཐུགས་མགུ་བར་བྱས་པས། མན་ངག་གི་གནད་ཕྱིན་ཅི་མ་ལོག་པའི་ངོ་བོ་ཅན་གྱི་བདེན་པ་གཉིས་ལ་བརྟེན་པའི་ཐོས་པ་དང་། ལ་སོགས་པས་བསམ་སྒོམ་ ལས་སྐྱེས་པའི་ཤེས་པ་སྐྱེ་བ་ནི་རྫོགས་སངས་སྒྲུབ་པའི་ཐབས་ལ་མཁས་པ་ཡིན་པས། དངོས་པོར་མངོན་པར་ཞེན་པའི་འཁྲུལ་བའི་མཚན་མ་བསལ་བའི་སེམས་དཔའ་རྣམས་ལ་ནི། གཟུགས་ལ་སོགས་པའི་ཆོས་རྣམས་ཡོངས་སུ་སྟོང་པ་ཉིད་དུ་ཤེས་པ་ཉིད་ཀྱིས་དུས་གསུམ་ ཡང་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པའི་ཡེ་ཤེས་སྐྱེ་བ་ཡིན་ཏེ། རྒྱུ་མཚན་བཤད་ཟིན་པའི་དུས་རིང་མོ་ཞིག་ནས་ཞེས་སོགས་གསུངས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡུམ་འདི་ཡང་དག་པར་མངོན་དུ་བྱེད་པ་ལ་ཉེ་བར་འགྱུར་བས་སོ། །གསུམ་པ་ནི། མདོར་ན་ཉན་ རང་ལ་འབྲས་ཡུམ་སྒྲུབ་པའི་ཐབས་ཡོད་པ་མིན་པས་འབྲས་ཡུམ་ལས་རིང་བ་དང་། བྱང་ཆུབ་སེམས་དཔའ་ལ་འབྲས་ཡུམ་སྒྲུབ་པའི་ཐབས་ཡོད་པ་ཉིད་ཀྱིས་ནི་འབྲས་ཡུམ་ལས་མི་རིང་བ་ཉིད་ཡིན་ནོ། །གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོ་ལ་བདུན། གཞི་ལ་མཚན་མར་ འཛིན་པ་སྤང་བྱ་མི་མཐུན་ཕྱོགས། དེ་སྤོང་བྱེད་ཀྱི་གཉེན་པོ། འབྲས་བུ་ལ་མཚན་མར་འཛིན་པ་སྤང་བྱ་མི་མཐུན་ཕྱོགས། དེ་སྤོང་བྱེད་ཀྱི་གཉེན་པོ། གཉེན་པོ་དེ་ཟབ་པའི་ཚུལ། ཟབ་པ་དེ་ཡང་རྟོགས་དཀའ་བའམ་བསམ་གྱིས་མི་ཁྱབ་པ། མཇུག་བསྡུ་བའོ། །དང་པོ་ལ། 5-1-299b སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། རྒྱུ་མཚན་དེ་ལྟར་ན་ཉན་ཐོས་དང་ལ་སོགས་པས་རང་རྒྱལ་བའི་ཡུམ་རྣམ་མཁྱེན་ལས་རིང་བར་གྱུར་པའི་བདག་ཉིད་ཡིན་པར་མ་ཟད། ཉན་ཐོས་ལ་སོགས་པའི་གཞི་ཤེས་དེ་རྣམ་མཁྱེན་གྱི་རྒྱུ་ཐུན་མོང་མིན་པ་སེམས་དཔའི་རྒྱུད་ལ་སྒྲུབ་པ་ ཉིད་ལ་གེགས་བྱེད་པས་མི་མཐུན་པའི་ཕྱོགས་ཡིན་པར་སྟོན་པའི་ཕྱིར་གསུངས་པ་ཡིན་ནོ། །གཉིས་པ་ནི། མདོར། ཤཱ་རིའི་བུས་རབ་འབྱོར་ལ་ཆགས་པ་དང་མ་ཆགས་པ་གང་ཡིན་དྲིས་པའི་ལན་དུ། གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཞེས་སོགས་ཀྱི་དོན་ཏེ། ཉན་རང་དག་གཟུགས་ལ་སོགས་པའི་ཕུང་པོ་འཇིག་ལྟ་རྣམས་སྟོང་པ་ཉིད་དུ་ཞེན་ཅིང་དུས་གསུམ་དུ་གཏོགས་པའི་ཆོས་རྣམས་རྫས་ཡོད་དུ་མཚན་མར་འཛིན་པ་དང་། སྦྱིན་སོགས་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་བདེན་འཛིན་དུ་སྤྱོད་པའི་འདུ་ཤེས་རྣམས་ནི་བྱང་སེམས་ཀྱི་ལམ་གྱི་ མི་མཐུན་ཕྱོགས་ཡིན་ཏེ། ཉན་རང་གི་གཞི་ཤེས་ནི་མཉམ་བཞག་ཏུ་མཚན་འཛིན་དང་འཛིན་སྟངས་མི་འགལ་བའི་ཕྱིར་དང་། རྗེས་ཐོབ་ཏུ་བདག་མེད་དོ་སྙམ་པའི་མཚན་འཛིན་གྱི་འདུ་ཤེས་འདྲེན་བྱེད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། གཟུགས་ལ་སོགས་པའི་དུས་གསུམ་པའི་ཆོས་སོ་སྐྱེའི་རྒྱུད་ཀྱི་ཟག་པ་དང་བཅས་པ་དང་། འཕགས་རྒྱུད་ཀྱི་ཟག་པ་མེད་པའི་ཆོས་རྣམས་དང་། ཟག་པ་དང་ཟག་མེད་གཉིས་ཀའི་ངོ་བོའི་དངོས་པོར་མ་གྱུར་པའི་དངོས་པོ་ལྟར་སྣང་བ་ཐམས་ཅད་ལ། དངོས་པོར་དམིགས་པ་ཉིད་ཀྱིས་ གཞན་མུ་སྟེགས་སོགས་ཀྱིས་ཀུན་ཏུ་བཏགས་པའི་བདག་ལ་སོགས་པ་རྣམས་སྟོང་པ་ཉིད་དུ་ལྟ་བ་དང་། དམན་པའི་རྣམ་གྲོལ་སྒྲུབ་པའི་འདུ་ཤེས་ནི་ཉན་རང་གི་སྤང་བྱ་དེ་དག་གི་གཉེན་པོ་ཡིན་ནའང་། སེམས་དཔའི་ལམ་ལྟར་ན་མཚན་འཛིན་དེ་ཡུལ་གྱི་གནས་ཚུལ་ལས་ 5-1-300a ཕྱིན་ཅི་ལོག་ཏུ་ཞུགས་པ་ཉིད་ཀྱི་ཕྱིར་མཚན་འཛིན་དེ་སེམས་དཔའི་ལམ་གྱིས་སྤང་བྱ་མི་མཐུན་ཕྱོགས་ཡིན་ནོ། །གཉིས་པ་དེ་སྤོང་བྱེད་ཀྱི་གཉེན་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་རང་གི་གཞི་ཤེས་ ལས་བཟློག་སྟེ་བསྒོམ་པ་ནི། སེམས་དཔའི་གཉེན་པོ་གཞི་ཤེས་ཞེས་བོད་གངས་ཅན་དུ་གྲགས་ཀྱང་། སྐབས་གཉིས་པའི་ལམ་ཤེས་ལས་གཞན་དུ་མི་འཆད་པར་བསྟན་པ་ཡིན་ནོ། །གཉིས་པ་ནི། མདོར། རབ་འབྱོར་གྱིས་སྨྲས་པ། མ་ཆགས་པ་གང་ཡིན་ཅེས་བྱ་བ་ ནི་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ལ་གཟུགས་ཞེས་བྱ་བར་འདུ་ཤེས་པ་མེད་དོ། །ཞེས་སོགས་ཀྱི་དོན་ནི། འཁོར་གསུམ་དུ་རྟོག་པས་ཤེར་ཕྱིན་ལ་སྤྱོད་མི་ནུས་པའི་ཕྱིར་ན། སྦྱིན་པ་དང་ལ་སོགས་པས་ཚུལ་ཁྲིམས་ཏེ་ཕྱིན་དྲུག་ལ་ང་ཡིར་འཛིན་པ་མེད་ཅིང་། བྱ་གཞན་དག་ཀྱང་སྦྱིན་སོགས་ལ་ངར་འཛིན་མེད་པ་དེ་ལ་སྦྱོར་བར་བྱེད་པ་དེ་ནི་བྱང་འཕགས་རྣམས་ཀྱིས་སྤྲོས་པའི་ཕྱོགས་ལ་ཆགས་པའི་མཐའ་ཐམས་ཅད་འགོག་པར་བྱེད་པས། ཉན་རང་གི་གཞི་ཤེས་པའི་མི་མཐུན་ཕྱོགས་དེའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ ཞེས་བཀོད་དོ། །གསུམ་པ་ནི། སེམས་དཔས་འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་དང་། ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ལ་ཆོས་ཀྱི་བདག་མེད་པར་རྟོགས་པས་དེ་ལ་རང་གནས་པ་དང་། གཞན་སྦྱོར་བར་བྱེད་པ་ནི་གནས་ཚུལ་ལ་ཡང་དག་པར་ ཞུགས་པའི་ཕྱིར་དང་། ཆགས་པའི་བྱ་བྱེད་ལས་གསུམ་གྱི་ཚོགས་པའི་གནས་ཀྱི་མཚན་འཛིན་ཐམས་ཅད་བཀག་པས་བྱང་ཆུབ་ཀྱི་ལམ་ཉམས་སུ་བླང་བར་བྱ་བ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་དུ་ཉན་རང་གི་གཞི་ཤེས་ཏེ། མཚན་འཛིན་དེའི་གཉེན་པོ་ཡིན་ནོ། ། 5-1-300b བོད་ཀྱི་མཁས་པ་ལ་ལས། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པ་འདིས་འབྲས་བུ་ལ་མཚན་མར་འཛིན་པ་བསྟན་པ་ཡིན་ལ། དེ་སེལ་བྱེད་ཀྱི། ཆོས་ཀྱི་ལམ་ནི་ཞེས་སོགས་དང་མཉམ་དུ་བཀོད་ནས་སློབ་དཔོན་གྱིས་འགྲོལ་དགོས་རྒྱུ་ཡིན་པ་དང་། མཐའ་ འགོག་པས་ཞེས་པའི་ཚིག་གིས་གཞི་ལ་མཚན་འཛིན་སྤངས་པས། དེའི་རྗེས་སུ་འབྲས་བུའི་མཚན་འཛིན་ཀྱང་སྤོང་དགོས་པར་བསྟན་པའི་ཆེད་ཡིན་པ་ལས། སློབ་དཔོན་གྱིས། མཐའ་འགོག་པས་ཞེས་པའི་ཚིག་ལ་ནུས་མ་ཐོན་ཅེས་ཟེར་རོ། །གསུམ་པ་འབྲས་ བུ་ལ། མཚན་འཛིན་མི་མཐུན་ཕྱོགས་ལ་དངོས་དང་། དེའི་རྒྱུ་མཚན་ནོ། །དང་པོ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། མདོར། དེ་བཞིན་གཤེགས་པ་ཡིད་ལ་བྱེད་ན་ཆགས་པའོ། །ཞེས་སོགས་ཀྱི་དོན་ནི། རྒྱལ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ ལ་སོགས་པས་ཐེག་པ་གསུམ་གྱི་འབྲས་བུ་ལ་བདེན་པར་འཛིན་ཏེ་སངས་རྒྱས་ཀྱི་གོ་འཕང་ལ་སངས་རྒྱས་སུ་རྗེས་སུ་ཆགས་པའམ་རྗེས་སུ་རློམས་པ་ཕྲ་མོ་ནི་འབྲས་བུའི་མཚན་འཛིན་ཡིན་ནོ། །གཉིས་པ་ནི། དེ་བཞིན་གཤེགས་པ་དང་། ལ་སོགས་པས་ཆོས་དང་དགེ་ འདུན་ལ་ཀུན་རྫོབ་པའི་རྣམ་རིག་གིས་ཕྱག་འཚལ་བ་དང་། ལ་སོགས་པས་གཞན་ཡང་ཟག་བཅས་ཟག་མེད་ཀྱི་དགེ་བ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་ལས་ཀྱི་སྒྲིབ་པའི་གཉེན་པོ་ཡིན་མོད་ཀྱི། སངས་རྒྱས་སོགས་ལ་སངས་རྒྱས་དང་། ཕྱག་སོགས་ལ་ཕྱག་ཏུ་འཛིན་པ་ནི་ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་ལྟ་བུའི་ཆགས་པ་ཕྲ་མོ་དེ་ནི་སེམས་དཔའ་རྣམས་ཀྱི་རྣམ་པ་ཐམས་ཅད་དུ་ཡང་དག་པའི་ལམ་གྱི་གཉེན་པོ་མ་ཡིན་པས་བྱང་སེམས་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་ 5-1-301a ནོ། །གཉིས་པ་དེའི་རྒྱུ་མཚན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཡང་རྒྱུ་མཚན་ཇི་ལྟར་ན། ཆགས་པ་ཕྲ་མོ་དེ་སེམས་དཔའི་ལམ་གྱི་མི་མཐུན་པའི་ཕྱོགས་ཇི་ལྟར་ཡིན་ཅེ་ན། གཉིས་པ་ནི། མདོར། རབ་འབྱོར་གྱིས་གསོལ་བ། ཡུམ་འདི་ནི་ཟབ་བོ། །བཀའ་སྩལ་པ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར། ཞེས་སོགས་ཀྱི་དོན་ཏེ། ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱེད་པའི་ལམ་འདི་ལ་ནི་ཆགས་པ་ཕྲ་མོའི་ཕྲ་མོ་ཙམ་ཡང་བྱང་སེམས་སམ་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། ཆགས་སོགས་ དེ་དག་རང་བཞིན་གྱིས་དབེན་པའི་ཕྱིར་ན་སེམས་དཔའི་ལམ་ཤེས་དེ་ནི་ཟབ་པ་ཉིད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཆགས་པ་ཕྲ་མོ་དེ་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་པའི་རྒྱུ་མཚན་གང་གི་ཕྱིར་ན། ཆགས་པ་ལ་སོགས་པའི་ཆོས་ཀྱི་རིགས་རྣམས་ ངོ་བོ་ཉིད་ཁོ་ནས་སམ། རང་བཞིན་གྱིས་སམ། རང་གི་མཚན་ཉིད་ཀྱིས་སམ། རྫས་ཀྱིས་སྟོང་པས་སེམས་དཔའི་ལམ་ཤེས་དེ་དག་ཟབ་པ་ཉིད་ཡིན་པ་དེའི་ཕྱིར། དེ་བཞིན་གཤེགས་པ་ལ་དད་པས་དམིགས་པ་ཡང་མི་མཐུན་པའི་ཕྱོགས་ཡིན་ནོ། ། འགྲེལ་པ་འདིར། ངོ་བོ་ ཉིད་ཁོ་ནས་སྟོང་ཞེས་པས་གདོད་མ་ནས་སྟོང་པ་ཁོ་ན་བསྟན་པ་ཡིན་ལ། གཞན་གྱིས་བཏགས་པ་ལྟར་རང་རྒྱུད་པའི་སློབ་དཔོན་དག་ཆོས་ཐམས་ཅད་གདོད་མ་ནས་སྟོང་པར་མི་བཞེད་ཅིང་། བདེན་པས་སྟོང་པ་ཞེས་སྦྱོར་དགོས་ཟེར་བ་དང་། ལྷག་པར་སེང་བཟང་གིས་ཕར་ ཕྱིན་ཊཱི་ཀར་ཡང་དེ་ཁོ་ན་ལྟར་སྦྱར་བ་ཡིན་ཅེས་པ་རྣམས་བསལ་བ་ཡིན་ནོ། །བཞི་པ་དེ་སྤོང་བྱེད་ཀྱི་གཉེན་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། འོ་ན་འབྲས་བུའི་མཚན་འཛིན་དེ་ཇི་ལྟར་སྤོང་ཞེ་ན། གཉིས་པ་ནི། རབ་འབྱོར་གྱིས་གསོལ་བ། ཆོས་ཐམས་ 5-1-301b ཅད་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ། གཅིག་ཏུ་ཟད་དོ། །ཆོས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་རང་བཞིན་མ་ཡིན་ནོ། །ཞེས་སོགས་ཀྱི་དོན་ཏེ། ཀུན་རྫོབ་པའི་ཆོས་རྣམས་འདུས་བྱས་སུ་རང་བཞིན་གཅིག་སྟེ། རང་བཞིན་གྱིས་སྟོང་པ་དང་དོན་དམ་པའི་ཆོས་རྣམས་འདུས་ མ་བྱས་པར་རང་བཞིན་གཅིག་པ་སྟེ་རང་བཞིན་གྱིས་སྟོང་པར་ཤེས་པས་འབྲས་བུ་ལ་མཚན་འཛིན་གྱི་ཆགས་པ་སྤོང་བ་ཡིན་ཏེ། བདེན་པ་གཉིས་ཀའི་གནས་ལུགས་རང་བཞིན་སྟོང་ཉིད་ཡིན་པས་དེ་མངོན་དུ་བྱས་པ་ན། དེའི་མི་མཐུན་ཕྱོགས་མི་སྟོང་པའི་ཆོས་སུ་འཛིན་པའི་སྒྲོ་ འདོགས་སྤོང་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། གཟུགས་དང་ལ་སོགས་པས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གཅིག་པ་ཁོ་ན་སྟེ། དེའང་འདི་ལྟ་སྟེ། རང་བཞིན་མེད་པ་ཞེས་བྱ་བས་ནི་ཤེས་ པ་དང་། ཤེས་བྱ་སྟོང་ཉིད་མཉམ་པ་ཉིད་དུ་གཅིག་པར་ཡོངས་སུ་ཤེས་ན། གང་གིས་ཆགས་པ་དང་། གང་ལ་ཆགས་པར་བྱ་བའི་གཞི་མེད་པས་ཇི་ལྟར་ཆགས་པའི་ཆགས་པ་དེ་དག་སྤོང་བ་ཡིན་ནོ། །ལྔ་པ་གཉེན་པོ་དེ་ཟབ་པའི་ཚུལ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཡང་རྒྱུ་མཚན་ཇི་ལྟར་ན་ཆོས་རྣམས་རང་བཞིན་གྱིས་ཟབ་པ་དང་སྟོང་པའི་ཚུལ་དེ་ཇི་ལྟར་ཡིན་ཅེ་ན་ཞེས་བཀོད་དོ། །གཉིས་པ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་མ་མཐོང་མ་ཐོས་མ་ངེས་རྣམ་པར་མ་ཤེས་མངོན་པར་རྫོགས་པར་འཚང་མ་རྒྱས་པའོ། །ཞེས་སོགས་ཀྱི་དོན་ནི། སྤྲོས་པས་དབེན་པའི་ཟབ་མོའི་དོན་སྟོང་པ་ཉིད་དེ་རྣམ་པར་ཤེས་པས་མཐོང་བ་དང་། ལ་སོགས་པས་ཐོས་ 5-1-302a པ་དང་རེག་པ་དང་མྱོང་བའི་ཡུལ་དུ་བཀག་པའི་སྒོ་ནས་ཟབ་མོའི་དེ་བཞིན་ཉིད་ཕྱག་རྒྱ་ཆེན་པོ་དེ་ནི་མི་རྟོགས་ཤིང་། འོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་རྩལ་མ་རྫོགས་ན་དེ་བཞིན་ཉིད་ཀྱི་ཡུལ་རྟོགས་པར་དཀའ་བར་བཤད་པ་ཡིན་ནོ་ཞེས་བྱ་བ་གསུངས་ ཏེ་ཞེས་བཀོད་དོ། །གསུམ་པ་ནི། དེ་ལྟ་བུའི་ཤེར་ཕྱིན་ཟབ་པ་དེ་རྒྱུ་མཚན་གང་གི་ཕྱིར་ན་རྣམ་པར་ཤེས་པས་ཤེར་ཕྱིན་ཟབ་མོ་དེ་རྟོགས་པ་ལྟ་ཅི་སྨོས། རྣམ་པར་ཤེས་པའི་ཚོགས་ཐམས་ཅད་ཀྱི་དམིགས་པ་ཡུལ་དང་བཅས་པའི་དོན་བསལ་བར་གྱུར་པ་ཁོ་ནས་ཀྱང་། དོན་དམ་ པའི་ཤེར་ཕྱིན་ཕྱག་རྒྱ་ཆེན་པོ་ཟབ་མོའི་རང་བཞིན་དེ་རྟོགས་པར་དཀའ་བ་ཉིད་དུ་བཤད་པ་དེའི་ཕྱིར། དོན་དམ་གཞན་སྟོང་གི་གནས་ལུགས་སུ་གྱུར་པའི་སེམས་དཔའི་རྒྱུད་ཀྱི་གཞི་ཤེས་ཀྱི་མིང་ཅན་དེ་ཀུན་རྫོབ་རང་སྟོང་ལས་ཟབ་པར་བསྟན་པ་ཡིན་ནོ། །དེས་ན་སློབ་དཔོན་ སེང་བཟང་ཞབས་ཀྱིས་ཀྱང་ཐོགས་མེད་སྐུ་མཆེད་ཀྱིས་བཞེད་པ་ལྟར་ས་དང་པོའི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ལ་དོན་དམ་གཞན་སྟོང་ཟབ་མོའི་གནས་ལུགས་མཐོང་ན་བདེན་པ་མཐོང་བ་མཚན་ཉིད་པ་ཡིན་གྱི། དེ་མ་མཐོང་བར་ཀུན་རྫོབ་རང་སྟོང་ཟབ་མོ་མིན་པའི་གནས་ ལུགས་མེད་དགག་ཏུ་རྟོགས་པས་ནི་བདེན་པ་མཐོང་བ་མཚན་ཉིད་པ་མིན་པར་བཞེད་དོ། །དྲུག་པ་དེ་བསམ་གྱིས་མི་ཁྱབ་པར་བསྟན་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཡང་གོང་དུ་བསྟན་པ་དེ་ལྟར་རྣམ་ཤེས་ཀྱིས་མི་རྟོགས་པ་དང་། གསང་སྔགས་པ་ ལྟར་དཔེའི་ཡེ་ཤེས་ཀྱིས་ཀྱང་རྟོགས་པར་དཀའ་བ་ཉིད་ཀྱི་རྒྱུ་མཚན་ཅི་ཡིན་ཅེ་ན་ཞེས་སོ། །གཉིས་པ་ནི། མདོར། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་ 5-1-302b རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་རྣམ་པར་མི་ཤེས། གཟུགས་ཀྱིས་རྣམ་པར་མི་ཤེས། ཚོར་བས་རྣམ་པར་མི་ཤེས། ཞེས་སོགས་ཀྱི་དོན་ཏེ། ཀུན་རྫོབ་པའི་གཟུགས་དང་ལ་སོགས་པས་ཀུན་རྫོབ་པའི་ཆོས་ཐམས་ཅད་ཤེར་ཕྱིན་ཟབ་མོ་འདིའི་ཡུལ་དུ་མི་དམིགས་པས། ཡེ་ཤེས་དེས་ཡུལ་མེད་སྣང་དེ་མི་ཤེས་པའི་ཕྱིར་རམ། ཡང་ན་དོན་དམ་པའི་གཟུགས་ལ་སོགས་པའི་ཡུལ་གཞན་པ་ཁྱད་པར་ཅན་དེ་སེམས་ཅན་གྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པས་ཡུལ་དེ་མི་ཤེས་པའི་ཕྱིར། ཤེར་ཕྱིན་དེ་རྣམ་ཤེས་ཀྱིས་མི་རྟོགས་པ་དང་། ཡེ་ཤེས་ ཕལ་པས་ཀྱང་རྟོགས་པར་དཀའ་བ་དེ་ནི། ཤེས་པ་དེ་རྣམས་ཀྱི་དངོས་ཡུལ་དང་ཞེན་ཡུལ་གང་ཡང་མིན་པས་བསམ་པའི་ར་བ་ལས་འདས་པའི་ཕྱིར་བསམ་པས་ཤེར་ཕྱིན་དེ་ལ་མི་ཁྱབ་པར་འདོད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། རྒྱུ་མཚན་གང་གི་ ཕྱིར་ན། རྣམ་པར་ཤེས་པས་ཆོས་ཅན་གཟུགས་ལ་སོགས་པ་ནས། ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྣམ་པའི་བར་གྱི་ཆོས་ཉིད་ཀྱི་རང་བཞིན་ཟབ་མོ་དེ་ཡོངས་སུ་མི་ཤེས་པས་རྣམ་པར་ཤེས་པའི་བསམ་པ་དང་བསམ་བྱ་ལས་འདས་པ་ཉིད་དུ་ འདོད་པ་དེའི་ཕྱིར་ཤེར་ཕྱིན་ཟབ་མོ་ནི་རྟོགས་པར་དཀའ་བ་ཡིན་ནོ། །གཞུང་འདི་ནི་གོང་དུ་བསྟན་པའི་ཤེར་ཕྱིན་དེ་ཟབ་མོ་ཡིན་པའི་སྒྲུབ་བྱེད་དུ་རྟོགས་དཀའ་བ་བཀོད་ཅིང་། རྟོགས་དཀའ་བའི་སྒྲུབ་བྱེད་དུ་བསམ་གྱིས་མི་ཁྱབ་པ་བཀོད་པ་ཡིན་ནོ། །བདུན་པ་མཇུག་བསྡུ་ བ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་ལམ་གྱི་མི་མཐུན་པའི་ཕྱོགས་དང་ལ་སོགས་པས་མཐུན་ཕྱོགས་བརྗོད་ནས། དེའི་མཇུག་བསྡུ་བར་མཛད་པའི་ཕྱིར་འདི་ལྟར་གསུངས་སོ། །གཉིས་པ་ནི། ཤླཽ་ཀ་འདི་ལ་མདོ་སྔ་མ་ལས་ 5-1-303a ཟུར་པ་མེད་ལ། དེའི་དོན་ནི་བཤད་པ་དེ་ལྟར་ཀུན་ཤེས་པ་ཉིད་ཀྱི་ལུགས་ལ། སྐབས་འདིར་དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་དེའི་མི་མཐུན་པའི་ཕྱོགས་དང་། མི་མཐུན་ཕྱོགས་དེའི་གཉེན་པོའི་ཕྱོགས་གཉིས་པོ་དེ་དག་གི་རྣམ་པར་དབྱེ་བ་མ་ལུས་པ་ མདོ་ལས་ཇི་སྐད་བཤད་པ་དེ་རྣམས་མདོའི་སྐབས་འདིར་ཤེས་པར་བྱའོ་ཞེས་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། གཞི་ཐམས་ཅད་ཤེས་པ་ཉིད་འཆད་པའི་སྐབས་སུ་དེ་ལྟར་བཤད་པའི་ཚུལ་གྱི་གོ་རིམ་བཞིན་དུ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མི་མཐུན་པའི་ ཕྱོགས་དང་གཉེན་པོའི་རབ་ཏུ་དབྱེ་བ་ཤེས་པར་བྱའོ། ། འདིར་སྨྲས་པ། སེམས་དཔས་མཚན་འཛིན་སྤང་བྱར་ཤེས་གྱུར་ནས། ། མཚན་མ་བྲལ་བའི་ཤེས་རབ་ཟབ་མོས་ནི། ། མི་མཐུན་ཕྱོགས་རྣམས་ཀུན་ལས་རྒྱལ་བྱས་ཏེ། ། རང་རང་བྱེད་པས་སྒྲུབ་ཚུལ་བཤད་ཟིན་ཏོ། ། གཉིས་པ་སྦྱོར་བ་ལ་གཉིས། རང་བཞིན་དང་། གེགས་སེལ་མཉམ་པ་ཉིད་དུ་བསྒོམ་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་སེམས་དཔའི་ལམ་གྱི་མི་མཐུན་ཕྱོགས་དང་། ལ་སོགས་པས་ཀྱང་མཐུན་ཕྱོགས་ཀྱང་བརྗོད་ནས། མཐུན་ཕྱོགས་ དེ་དག་རྣམ་པར་བསྒོམ་པའི་སྦྱོར་བ་གང་ཡིན་ཅེ་ན། སྦྱོར་བ་ནི་འདི་ལྟ་སྟེ་ཞེས་སོ། །གཉིས་པ་ནི། རབ་འབྱོར་གྱིས་གསོལ་བ། བྱང་ཆེན་ཡུམ་ལ་ཇི་ལྟར་སྤྱད་པར་བགྱི། བཀའ་སྩལ་པ། དེ་དེ་ལ་སྤྱོད་པའི་ཚེ་གཟུགས་ལ་མི་སྤྱོད་ན་དེ་ལ་སྤྱོད་དོ། །ཞེས་སོགས་ཀྱི་ དོན་ཏེ། དེ་ལའང་དོན་ཚན་བདུན་ཡོད་པ་ལས། དང་པོར་ཤེར་ཕྱིན་ཟབ་མོའི་སྦྱོར་བ་བསྟན་ཏེ། སྦྱོར་བ་འདི་ལ་འཕགས་པས་ཞེན་སྤྱོད་བཀག་པའི་སྦྱོར་བ་ཞེས་ཐ་སྙད་མཛད་ལ། འགའ་ཞིག །དང་པོ་བཞི་རང་བཞིན་གྱི་སྦྱོར་བའང་ཡིན་ཏེ། གནས་སྐབས་ཐམས་ 5-1-303b ཅད་དུ་ཁྱབ་པའི་སྦྱོར་བ་ཡིན་པའི་ཕྱིར་ཟེར་རོ། ། ད་ནི་འབྲུ་གཉེར་བར་བྱ་སྟེ། དེའང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཞེན་སྤྱོད་བཀག་ནས་བསྒོམ་པའི་སྦྱོར་བ་དང་། གཟུགས་སོགས་དེ་དག་རྟག་མི་རྟག་སོགས་སུ་ཞེན་སྤྱོད་འགོག་པའི་སྦྱོར་བ་དང་། ལམ་གྱི་ དམིགས་རྟེན་དེར་མ་རྫོགས་པ་ཀུན་བཏགས་རྣམ་བཏགས་ཀྱི་གཟུགས་དང་། ལམ་གྱི་དམིགས་རྟེན་དེར་རབ་ཏུ་རྫོགས་པའི་ཡོངས་གྲུབ་ཀྱི་གཟུགས་དེ་ལ་ཞེན་སྤྱོད་ཀྱི་ཆགས་པ་སྟེ། ཆགས་པ་མེད་པའི་སྦྱོར་བ་དང་། ཆགས་པ་མེད་པ་ཉིད་ལའང་ཞེན་སྤྱོད་བཀག་པའི་སྦྱོར་ བ་སྟེ་བཞིའོ། ། དེ་མ་རྫོགས་དང་རབ་རྫོགས་དང་། །ཞེས་པ་ལས་འཕྲོས་ནས་མཚན་ཉིད་གསུམ་གྱི་དོན་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ཡང་མདོ་ནས་ཇི་ལྟར་བསྟན་པ་དང་། རྣལ་འབྱོར་སྤྱོད་གཞུང་གི་ལུགས་ལྟར་བཤད་པ་གཉིས་ལས། དང་པོ་ནི། ཡུམ་ གྱི་མདོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་ཕྱེ་ནས་བཤད་པ་ལ། དང་པོ་ནི། ཡང་དག་མིན་རྟོག་གི་ངོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རྣམ་པ་སྣང་བ་དེ་དེ་དང་དེར་སྒྲོ་བཏགས་པའི་ཆ་ནས་ཀུན་བཏགས་པའི་གཟུགས་ལ་སོགས་པའོ། ། འདི་ལ་མ་རྫོགས་པ་ཞེས་ཀྱང་བྱ་ལ། དེ་ལྟར་ཟེར་བའི་རྒྱུ་མཚན་ནི། ཡེ་ཤེས་ཀྱིས་འདིའི་དོན་རྟོགས་སུ་མི་རུང་བས་ན་མ་རྫོགས་པའོ། །དེས་ན་མ་རྫོགས་པ་དེ་ཡོན་ཏན་གྱི་རྟེན་དུ་ཡང་མི་རུང་ངོ་། ། གཉིས་པ་ནི། ཡང་དག་མིན་པའི་ཀུན་རྟོག་གི་ངོར་གཟུགས་ ནས་རྣམ་མཁྱེན་གྱི་བར་གྱི་ཆོས་དེ་དང་དེར་སྣང་བའོ། །འདི་ལ་རྫོགས་པ་དང་མ་རྫོགས་པ་གཉིས་ཀར་བརྗོད་དེ། གཉིས་སྣང་གི་ཆ་ནས་མ་རྫོགས་པ་དང་། གསལ་རིག་གི་ཆ་ནས་རྫོགས་པར་འཇོག་པའི་ཚོགས་དོན་ཡིན་པས་སོ། ། གསུམ་པ་ནི། ཡང་དག་ 5-1-304a མིན་རྟོག་གི་སྣང་ཆ་ལ་དེ་དང་དེར་སྒྲོ་བཏགས་པས་སྟོང་པའི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པའོ། །འདི་ལ་རྫོགས་པ་ཞེས་ཟེར་ཏེ། ཡེ་ཤེས་ཀྱི་ཡུལ་ཅན་དུ་རྫོགས་པར་རྟོགས་པ་ལ་བྱ་ཞིང་། འདི་ལའང་དབྱེ་ན། འགྱུར་མེད་དང་ཕྱིན་ཅི་མ་ལོག་ པའི་ཡོངས་གྲུབ་བོ། །དེ་གཉིས་ཀ་ལ་ཡང་ཆོས་དབྱིངས་ཡེ་ཤེས་ཀྱི་ཆ་དང་། ཆོས་ཅན་ཡོན་ཏན་གྱི་ཆ་གཉིས་གཉིས་སུ་འབྱེད་པ་ཡིན་ནོ། །མཚན་ཉིད་གསུམ་གྱི་འཇོག་མཚམས་འདི་ལ་གཞན་དབུ་སེམས་གཉིས་འདོད་པ་མཐུན་ཀྱང་ཡོངས་གྲུབ་འཇོག་པ་ན། དབུ་ མ་པས་གཞན་དབང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་ལ་དེར་བཞག་པ་དང་། སེམས་ཙམ་པས་ཀུན་བཏགས་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་ལ་དེར་བཞག་པ་ནི་ཁྱད་པར་རོ། ། གཉིས་པ་རྣལ་འབྱོར་སྤྱོད་གཞུང་ལྟར་བཤད་པ་ལ། དེ་གསུམ་སོ་སོའི་རྣམ་གཞག ། དེ་བདེན་པ་གཉིས་ལ་སྦྱར་བའོ། །དང་པོ་ནི། མ་རིག་བག་ཆགས་ཀྱི་དབང་གིས་གཉིས་སྣང་གི་ཆ་ལ་གང་རུང་དེར་སྒྲོ་བཏགས་པའི་བཏགས་ཆའོ། །དབྱེ་ན། གཟུང་འཛིན་གྱི་ཀུན་བཏགས་གཉིས་ལས། དེ་རེ་རེ་ལའང་བདག་གཉིས་སུ་བཏགས་པའི་ཆ་སྟེ་བཞིའོ། ། ཡང་ན་བདག་གཉིས་པོ་རེ་རེ་ལའང་གཟུང་བ་དང་འཛིན་པའི་ཆ་གཉིས་ཏེ་བཞི་ལ་ཕར་ལྡན་ཚུལ་བཞི་དང་། ཚུར་ལྡན་ཚུལ་བཞི་སྟེ་བརྒྱད་དོ། །ཕྱི་མ་ཚུར་ལྡན་ཚུལ་དེ་ལའང་དཔེར་མཚོན་ན། གང་ཟག་གི་བདག་བྱེད་པའི་སྐྱེས་བུ་བཅུ་གཉིས་སུ་འཛིན་པ་ནི་འཛིན་པ་ དང་། དེས་བདག་གི་བར་སྒྲོ་བཏགས་པ་ནི་གཟུང་བའོ། །ཆོས་ཀྱི་བདག་ཏུ་གཟུང་བའི་ཕྱི་རོལ་ནི་དོན་གྱི་གཟུང་བ་དང་། དེར་སྣང་བའི་ཤེས་པ་ནི་འཛིན་པའོ། །མདོར་ན་བདག་གཉིས་ནི་ཀུན་བཏགས་མཚན་ཉིད་པ་དང་། ཤེས་བྱ་བཏགས་པ་བ་ཡིན་ཀྱང་ཡོད་པར་ 5-1-304b ཁས་མི་ལེན་ལ། བདག་གཉིས་ཀྱི་ལྡོག་པ་གཞན་སེལ་ནི་གཞན་སེལ་བ་ཙམ་ཡིན་གྱི། ཀུན་བཏགས་མཚན་ཉིད་པ་ནི་མིན་ཏེ། གཟུང་འཛིན་གང་དུའང་མ་བཏགས་པའི་ཕྱིར། འོན་ཀྱང་ལྡོག་པ་གཞན་སེལ་དེ་ཐ་སྙད་དུ་ཡོད་དེ། སྒྲ་བློའི་རྟེན་བྱེད་པའི་ཕྱིར། གཉིས་པ་གཞན་དབང་ གི་མཚན་ཉིད་ནི། མ་རིག་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གྱི་རྣམ་པར་སྣང་བའོ། །དབྱེ་ན། རྒྱན་ལས། གནས་དོན་ལུས་སུ་སྣང་བ་སྟེ་ཕྱི་རོལ་ལྟར་སྣང་བ་གསུམ་དང་། ཡིད་འཛིན་པ་རྣམ་རྟོག་སྟེ། ནང་ལྟར་སྣང་བ་གསུམ་སྟེ་དྲུག་ཏུ་གསུངས་ལ། ཐེག་ བསྡུས་ལས། བག་ཆགས་དང་དེས་བསྐྱེད་པའི་ཡང་དག་མིན་རྟོག་གཉིས་སུ་བཤད་ལ། དེ་གཉིས་གཅིག་གྲོགས་གཅིག་གིས་བྱས་ཏེ་གཞན་དབང་དུ་སོང་བས་གཞན་དབང་ཞེས་བྱའོ། །དབུས་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་ པར་ཤེས་པ་ནི། །རབ་ཏུ་སྐྱེའོ། །ཞེས་བཞིར་བཤད་ལ། འདིར་ཁྱད་པར་འདི་ལྟ་བུ་ཞིག་ཀྱང་ཤེས་དགོས་ཏེ། གཞན་དབང་ལ་ཡང་དག་མིན་རྟོག་གིས་ཁྱབ་ཀྱང་ཀུན་གཞིའི་རྣམ་ཤེས་པའི་ཕྱོགས་ཐམས་ཅད་ལ་ཡང་དག་མིན་རྟོག་གིས་ཁྱབ་པ་མིན་ཏེ། ཀུན་གཞི་རྣམ་ ཤེས་ནི་ཁམས་གསུམ་པའི་རྣམ་པ་ཅན་མིན་པའི་ཕྱིར་དང་། མཚན་ཉིད་གསུམ་ག་ཚོགས་པའི་ཚོགས་གཞི་ཡིན་པའི་ཕྱིར་དང་། ཤེས་བྱའི་གནས་སུ་བཞག་དགོས་པའི་ཕྱིར་རོ། །འོ་ན་རྣམ་རིག་གཞན་དབང་དུ་བཤད་པས་ཀུན་གཞི་རྣམ་ཤེས་གཞན་དབང་དུ་བཤད་པ་ མ་ཡིན་ནམ་ཞེན། ཀུན་གཞི་ལ་རྣམ་རིག་གི་རྣམ་ཤེས་སུ་བཏགས་པ་ནི་བཏགས་པ་བ་ཡིན་གྱི། མཚན་ཉིད་པ་མིན་པར་གསུངས་ལ། ཀུན་གཞིའི་ཕྱོགས་གཅིག་རྣམ་རིག་གི་ཆ་གཞན་དབང་དུ་གསུངས་པའི་དབང་དུ་བྱས་ན་ཡང་དག་མིན་རྟོག་གིས་ཁྱབ་ཀྱང་། ཀུན་ 5-1-305a གཞི་རིལ་པོ་ལ་གཞན་དབང་དང་ཡང་དག་མིན་རྟོག་གིས་མ་ཁྱབ་སྟེ། ཀུན་གཞི་དེའི་སྟེང་གི་གཉིས་སྣང་བག་ཆགས་ཀྱི་ཆ་ནི་ཀུན་བཏགས་དང་། རྣམ་སྨིན་གྱི་ཆ་ནི་གཞན་དབང་དང་། གསལ་རིག་གི་ཆ་ནས་ཡོངས་གྲུབ་བོ། །ཀུན་ཏུ་བཏགས་པ་ འདི་ནི་བག་ཆགས་གོམས་པའི་སྟོབས་ལས་སྐྱེས་པས་བག་ཆགས་ཀུན་བཏགས་སུ་འཇོག་པ་ནི། རྒྱན་ལས། ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱིས། །རྒྱུ་མཚན་དང་དེའི་བག་ཆགས་དང་། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་ཏུ་བཏགས་པའི་མཚན་ཉིད་དོ། །ཞེས་སོ། ། གསུམ་པ་ཡོངས་གྲུབ་ཀྱི་མཚན་ཉིད་ནི། ཆོས་ཅན་གཞན་དབང་གི་སྟེང་དུ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པའི་གནས་ལུགས་ཀྱི་དོན་ནོ། །དབྱེ་ན། འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བོ། །དང་པོ་ནི་བདག་མེད་གཉིས་དང་། གཉིས་པ་ནི་ དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །གཉིས་པ་མཚན་ཉིད་གསུམ་བདེན་པ་གཉིས་ལ་སྦྱར་བ་ནི། མཚན་ཉིད་དང་པོ་གཉིས་ཀུན་རྫོབ་བདེན་པར་བཞག་སྟེ། ཀུན་ནས་ཉོན་མོངས་ཀྱི་དམིགས་པར་འགྱུར་བའི་ཕྱིར་རོ། །དེ་ལའང་ཀུན་བཏགས་ནི་མ་རིག་པས་བསླད་ པའི་ངོར་བདེན་པའི་རྣམ་པར་སྣང་བ་ཅན་ཡིན་ཏེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འོན་ཀྱང་ཀུན་བཏགས་ནི་ཐ་སྙད་དུའང་བདེན་པ་མིན་ཏེ། ཐ་སྙད་དུའང་བརྫུན་པ་དང་རང་གི་ངོ་བོས་སྟོང་པའི་ཕྱིར། དེས་ན་ཀུན་བཏགས་ལ་ངོ་བོ་མེད་པ་འདི་སེམས་ཙམ་པ་ཡན་གྱི་ སྤྱི་ལུགས་ཡིན་ནོ། །གཞན་དབང་ནི་ཐ་སྙད་ཀྱི་བདེན་པ་གོ་ཆོད་པོ་ཡིན་ཏེ། ཐ་སྙད་དུ་གཞན་དབང་དེའི་ངོ་བོ་དང་རང་བཞིན་གྲུབ་པས་རང་གི་ངོ་བོས་མི་སྟོང་པའི་ཕྱིར་རོ། །གཞན་དབང་གི་ངོ་བོ་བདེན་པར་གྲུབ་ཀྱང་གཞན་དབང་དེ་ཉིད་ནི་བདེན་པར་གྲུབ་པ་མིན་ཏེ། སྣང་ 5-1-305b བ་ལྟར་མ་གྲུབ་པའི་ཕྱིར། སྒྱུ་མའི་རྟ་གླང་དེར་སྣང་ཡང་དེར་མ་གྲུབ་པ་བཞིན་ནོ། ། འོ་ན་གཞན་དབང་དང་གཞན་དབང་གི་ངོ་བོ་ལ་ཁྱད་པར་ཅི་ཞེ་ན། གཞན་དབང་དེ་གཞན་དབང་གི་ངོ་བོ་ཡིན་ཀྱང་། གཞན་དབང་གི་ངོ་བོ་ནི་གཞན་དབང་མ་ཡིན་ནོ། །འདི་སྐབས་ ཀྱི་ངོ་བོ་ནི་ཐ་སྙད་ཀྱི་དང་དོན་དམ་པའི་ཆ་གཉིས་ལས། སྔ་མ་ནི་ཀུན་གཞིའི་སྟེང་གི་ས་བོན་གྱི་ཆའོ། །ཕྱི་མ་ནི་དེའི་སྟེང་གི་གཉིས་མེད་ཀྱི་ཡེ་ཤེས་སོ། །དེ་ལ་ངོ་བོ་སྔ་མ་ནི་ཐ་སྙད་དུ་བདེན་པ་ཡིན་ཏེ། ཐ་སྙད་ཀྱི་རྣམ་འཇོག་བྱེད་པ་ན་དེ་ཐད་སོར་བཞག་ནས་བདེན་བརྫུན་ གྱི་རྣམ་གཞག་བྱེད་པའི་ཕྱིར། འོན་ཏེ་དོན་དམ་པར་མི་བདེན་ཏེ། གང་གི་ཚེ་གཉིས་སུ་སྣང་བའི་ཐ་སྙད་པའི་བདེན་པ་སྟོང་པར་རྟོགས་པ་དེའི་ཚེ་གཟུང་འཛིན་གཉིས་སྣང་གི་ཆ་ས་བོན་དང་བཅས་པ་ཀུན་བཏགས་སུ་བཤད་དགོས་པའི་ཕྱིར། ངོ་བོ་ཕྱི་མ་ནི་དོན་དམ་དུ་བདེན་ཏེ། དེ་ནི་འགྱུར་མེད་ཡོངས་གྲུབ་ཉིད་ཡིན་པའི་ཕྱིར། འོ་ན་གཞན་དབང་ཐ་སྙད་པ་དང་དོན་དམ་པའི་ངོ་བོས་མི་སྟོང་ན་བདེན་པས་ཀྱང་མི་སྟོང་པར་ཐལ་ལ། དེ་ལྟར་ན་དེ་བདེན་གྲུབ་ཏུ་འགྱུར་རོ་ཞེ་ན། མིན་ཏེ། ལུགས་འདི་པ་དག་སྟོང་ཉིད་ཀྱི་འཇོག་མཚམས་གཞན་སྟོང་ལ་ གཙོ་བོར་འཆད་པ་ཡིན་པས། གཞན་གྱི་ངོ་བོས་སྟོང་ཙམ་ཉིད་དུ་འཇོག་ནུས་པའི་ཕྱིར་ན། རང་གི་ངོ་བོས་མི་སྟོང་ཡང་སྟོང་ཉིད་མིན་པར་མི་བཞག་ཅིང་། ཆོས་དབྱིངས་ཟབ་པའི་རང་ངོ་རྟེན་འབྲེལ་གྱིས་མི་སྟོང་ཡང་བདེན་གྲུབ་ཏུ་མི་འགྱུར་ཏེ། དེ་ལྟ་བུའི་རང་གི་ངོ་བོ་དེ་བདེན་ བརྫུན་གཅིག་ཏུ་སྨྲ་མི་ནུས་ཤིང་། བདེན་པ་དང་བརྫུན་པ་ལས་གྲོལ་བ་ཡིན་པའི་ཕྱིར་རོ། །བཤད་པ་དེའི་གྲུབ་དོན་ནི། གཞན་དབང་གི་འཇོག་མཚམས་ཀུན་བཏགས་དང་ཡོངས་གྲུབ་གཉིས་ཚོགས་ལ་འཇོག་པ་ཡིན་ཏེ། སྤྲིན་བཅས་ཀྱི་ནམ་མཁའ་བཞིན་ནོ། །དེའང་ 5-1-306a གཉིས་སྣང་དྲི་མའི་ཆ་ནི་ཀུན་བཏགས་ཏེ་སྤྲིན་བཞིན་ངོ་བོ་གསལ་རིག་གི་ཆ་ནི་ཡོངས་གྲུབ་སྟེ་ནམ་མཁའ་བཞིན་ནོ། །དེས་ན་ཆ་གཅིག་ཀུན་བཏགས་དང་། ཆ་གཅིག་ཡོངས་གྲུབ་ཏུ་སོང་བ་དེ་ལྟར་ན་གཉིས་སྣང་གི་ཤེས་པ་ཀུན་བཏགས་དེ་དྲི་མ་ཅན་དུ་ སྐྱེ་བ་ནི་གཞན་མ་རིག་པའི་དབང་གིས་བྱས་པའི་ཕྱིར་གཞན་དབང་ཞེས་བྱ་ལ། དེ་ལྟར་ན་ཀུན་བཏགས་པའི་མཚན་ཉིད་ནི་ལོག་པའི་ཀུན་རྫོབ་ཀྱི་བདེན་པ་དང་། གཞན་དབང་གི་མཚན་ཉིད་ནི་ཡང་དག་ཀུན་རྫོབ་ཀྱི་བདེན་པའོ། །མཚན་ཉིད་ཕྱི་མ་ནི་དོན་དམ་བདེན་པ་ཁོ་ ནར་ངེས་ཏེ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་དྲི་མ་རྣམ་པར་དག་བྱེད་ཀྱི་དམིགས་པར་འགྱུར་བའི་ཕྱིར་རོ། ། ཡང་འགའ་ཞིག །ཕྱིན་ཅི་ལོག་མིན་གྱི་ཡོངས་གྲུབ་དེ་དམིགས་བྱེད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་དམིགས་པར་མི་རུང་ངོ་ཞེས་ཟེར་ཀྱང་། དམིགས་ བྱེད་ཀྱི་ཡེ་ཤེས་ཉིད་དམིགས་བྱར་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མི་རུང་བ་མིན་ཏེ། བསམ་མི་ཁྱབ་ཀྱི་གོ་འཕང་བརྙེས་པའི་ཕྱིར་རོ། །དེ་དོན་དམ་ཡིན་ཏེ། དམ་པ་ནི་སངས་རྒྱས་བྱང་སེམས་རྣམས་ཀྱིས་གཉེར་བྱའི་དོན་མཆོག་ཡིན་པའི་ཕྱིར། དེ་བདེན་ པ་ཡང་ཡིན་ཏེ། གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་པར་བདེན་པའི་ཕྱིར་རོ། ། གཉིས་པ་བསྒོམ་བྱའི་ཤེར་ཕྱིན་དེ་མི་འགྱུར་བར་བསྟན་པ་ནི། དེ་ཉིད་ལས་གཞན་དུ་མི་འགྱུར་བ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བའོ། ། གསུམ་པ་བསྒོམ་བྱའི་ཤེར་ཕྱིན་དེ་ལ་བྱེད་པོ་ མེད་པར་བསྟན་པ་ནི། ཤེར་ཕྱིན་ཟབ་མོ་བྱེད་པ་པོ་ཉིད་ལ་ཞེན་སྤྱོད་བཀག་པའི་སྦྱོར་བའོ། ། བཞི་པ་བྱང་ཆུབ་སེམས་དཔའི་བྱ་དཀའ་བ་རྣམ་པ་གསུམ་ནི། ནམ་མཁའ་ལྟ་བུའི་ཤེར་ཕྱིན་དེ་བསྟན་པའི་ཚེ་སེམས་མི་ཞུམ་པ་བྱ་དཀའ་བ་དང་། ནམ་མཁའ་ལྟ་བུའི་ཤེར་ཕྱིན་ 5-1-306b ལ་བརྩོན་པར་བྱ་དཀའ་བ་དང་། ནམ་མཁའ་ལྟ་བུའི་བྱང་ཆུབ་ལས་མི་ལྡོག་པར་བྱ་དཀའ་བ་སྟེ་དེ་གསུམ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བའོ། །འདི་ལ་སྔོན་གྱི་ཐ་སྙད་བྱེད་པ་དག་རྣམ་མཁྱེན་ཆེད་དུ་བྱ་དཀའ་བས་སེམས་མི་ཞུམ་པ་གལ་ཆེ་བར་བསྟན་ཅིང་། ལམ་ཤེས་ སྦྱོར་བ་དཀའ་བས་བརྩོན་པ་གལ་ཆེ་བར་བསྟན་ཅིང་། གཞི་ཤེས་བྱེད་པ་དཀའ་བས་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་གི་བློ་གལ་ཆེ་བས། གལ་ཆེ་བ་གསུམ་གྱི་ལས་དེ་ཡང་བྱ་དཀའ་བར་བསྟན་པ་ཡིན་ནོ། ། ལྔ་པ་ཤེར་ཕྱིན་དེ་ལ་བསླབ་པས་རྒྱུན་ཞུགས་སོགས་ཀྱི་འབྲས་ བུ་ཐོབ་པར་བསྟན་པ་ནི། ཤེར་ཕྱིན་ལ་གང་གིས་སློབ་ཕུལ་ཆེ་ཆུང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་ཐོབ་པས་རྒྱུ་ཤེར་ཕྱིན་འདི་ལ་བསླབ་པས་འབྲས་བུ་མང་པོ་ཡོད་པར་འདོད་པ་དེ་དང་དེ་ལ་ཞེན་སྤྱོད་དགག་པའི་སྦྱོར་བའོ། ། དྲུག་པ་ཤེར་ཕྱིན་ གྱི་རྣལ་འབྱོར་ཟབ་མོ་ལ་བརྩོན་པ་དེ་གང་ཟག་གཞན་གྱི་སྲུང་བ་ལ་རག་མ་ལས་པར་བསྟན་པ་ནི། ཤེར་ཕྱིན་ལ་གནས་པའི་སེམས་དཔའ་དེ་གཞན་བརྒྱ་བྱིན་སོགས་ཀྱིས་སྲུང་བ་ལ་རག་ལས་པ་མེད་པ་གང་ཡིན་པ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བའོ། ། བདུན་པ་སྲུང་བ་དེ་གཞན་ལ་ རག་མ་ལས་པའི་ཤེས་བྱེད་ནི། སེམས་དཔའམ་ཤེར་ཕྱིན་ལ་མཉམ་པར་བཞག་པ་དེས་ཆོས་ཐམས་ཅད་ལ་དཔེར་ན་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་བརྙན་དང་། མིག་ཡོར་དང་། ཆུ་ཟླ་དང་སྤྲུལ་པའི་སྣང་བ་སྟེ་རྣམ་པ་བདུན་དུ་ཤེས་པར་བྱེད་པས་གང་ལ་དང་། གང་གིས་གནོད་པ་ དང་། གང་གནོད་པ་གསུམ་རང་བཞིན་མེད་པར་མངོན་དུ་བྱས་པས་དེ་ལ་གཞན་གྱི་སྲུང་སྐྱོབ་ཅི་དགོས་ཏེ་མི་དགོས་པས་དེ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བའོ། །དེ་ལྟར་སྦྱོར་བ་བཅུ་པོ་འདི་ལ་སྦྱོར་བ་དང་པོ་སྦྱོར་བ་ཡིན་གྱི། ལྷག་མ་རྣམས་ 5-1-307a དངོས་གཞིའི་རྣལ་འབྱོར་ཡིན་ཀྱང་། སྐབས་འདིའི་བསྟན་བྱའི་གཙོ་བོ་སྦྱོར་བ་ཡིན་པས་ལྷག་མ་རྣམས་ལའང་སྦྱོར་བའི་ཐ་སྙད་བྱས་པར་འདོད་དོ། ། ཡང་འགའ་ཞིག །བཞི་རང་བཞིན་གྱིས་སྦྱོར་བ་དང་། ཕྱི་མ་དྲུག་གནས་སྐབས་ཀྱི་སྦྱོར་བ་ཞེས་ བྱ་སྟེ། མི་མཐུན་ཕྱོགས་ངོ་ལོན་དུ་བསྒོམ་དགོས་པའི་ཕྱིར་རོ། །དེ་ལའང་དང་པོ་མི་འགྱུར་བྱེད་མེད་གཉིས་ཆོས་ཉིད་ཡུལ་ཅན་གྱི་སྦྱོར་བ་དང་། ཕྱི་མ་ཆོས་ཅན་ཡུལ་གྱི་སྦྱོར་བ་ཡིན་ལ། དེ་ཡང་བྱ་དཀའ་རྣམ་གསུམ་ནི་བྱེད་པ་དང་། སྐལ་བ་ཇི་ལྟ་བ་ནི་འབྲས་བུ་དང་། གཞན་ལ་རག་ལས་མེད་པ་ནི་རྒྱུ་དང་། སྣང་བ་རྣམ་བདུན་ནི་ཤེས་བྱེད་ཚུལ་གྱི་སྦྱོར་བ་སྟེ་བདུན་ཟེར་རོ། །མདོར་ན་འདིར་གཞི་ཤེས་ཀྱི་སྦྱོར་བ་ཞེས་གྲགས་ཀྱང་གཞི་ཤེས་ཀྱི་སྐབས་སུ་བསྟན་པ་ཡིན་པ་ལ་བསམས་ན་འགལ་བ་མེད་ཀྱང་། གཞི་ཤེས་ཀྱི་འཛིན་སྟངས་དང་ མཐུན་པའི་སྦྱོར་བ་ནི་མིན་ལ། སྐབས་གཉིས་པ་ནས་བསྟན་པའི་ཤེར་ཕྱིན་དེ་ལ་འཇུག་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ཡུལ་བཅུ་ལ་ཞེན་སྤྱོད་བཀག་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ། །སྦྱོར་བ་འདི་ལ་མཐོང་སྒོམ་མི་སློབ་ལམ་གསུམ་གྱི་སྦྱོར་བ་གསུམ་ཡོད་ལ། འདིའི་དངོས་བསྟན་ནི་ངེས་འབྱེད་སྦྱར་ན་འགྲིགས་པ་ཙམ་ཡིན་ཀྱང་། དོན་དུ་ངེས་ཆ་ནས་རྒྱུན་མཐའི་བར་སྦྱོར་བ་འདི་ཡོད་དོ། །གསུམ་པ་ལ། དངོས་བསྟན་ཐེག་ཆེན་གཞི་ཤེས་ཀྱི་སྦྱོར་བ་དང་། ཤུགས་བསྟན་ཐེག་དམན་གཞི་ཤེས་ཀྱི་སྦྱོར་བའོ། །དང་པོ་ནི། གཟུགས་ ལ་སོགས་པའི་ཆོས་ཐམས་ཅད་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་དང་། གཟུགས་དེ་དག་ཉིད་ཀྱི་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་དང་། སོ་སོར་མ་རྫོགས་པ་དང་རྫོགས་པ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཉིད་དང་། ཆགས་པ་མེད་ 5-1-307b པ་ལ་ཞེན་སྤྱོད་བཀག་པའི་སྦྱོར་པ་དང་། གཞན་དུ་མི་འགྱུར་བ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་དང་། བྱེད་པ་པོ་མེད་པ་ཉིད་ལ་སྦྱོར་བ་བཀག་པ་དང་། འོག་ནས་འབྱུང་བ་རྣམས་གོ་རིམ་བཞིན་དུ་སྦྱར་ན་ཐམས་ཅད་ཨ་ཁྱེན་པ་ཉིད་གསུམ་གྱི་བད་གཉིད་ཀྱི་ཆེད་དུ་བྱ་བ་རྣམ་ མཁྱེན་དང་། སྦྱོར་བ་ལམ་ཤེས་དང་བྱེད་པ་གཞི་ཤེས་རྣམས་ལ་བྱ་དཀའ་བ་ཉིད་ལ་ཞེན་སྤྱོད་བ་ཀག་པའི་སྦྱོར་བ་དང་། སྐལ་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་བ་ལ་མི་བསླུ་བའམ་མི་སྟོང་པ་ཉིད་ལ་ཞེན་སྤྱོད་བ་ཀག་བའི་སྦྱོར་བ་དང་། ཕན་གནོད་གང་ལའང་གཞན་གྱི་ རྐྱེན་གྱི་རྗེས་སུ་མི་འགྲོ་བ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཉིད་དང་། བག་ཆགས་ཡོངས་སུ་འགྱུར་བའི་ཁྱད་པར་རྨི་ལམ་ལྟ་བུ་དང་། རྒྱུ་རྐྱེན་མཉམ་དུ་ཚོགས་པ་སྒྱུ་མ་ལྟ་བུ་དང་། སྣང་ཚུལ་གནས་ཚུལ་ལ་འགལ་པ་སྨིག་རྒྱུ་ལྟ་བུ་དང་། རྐྱེན་ལ་རཏ་ལ་ས་བ་སྒྲ་ སྙན་ལྟ་བུ་དང་། གནས་ཚུལ་ལས་མ་འཕོས་ཀྱང་ཆུ་ནང་གི་ཟླ་བ་ཤར་བལྟ་བུ་དང་། བརྟེན་བའི་རྟེན་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། བྱེད་པ་པོ་མ་ཡིན་པ་སྤྲུལ་བ་ལྟ་བུ་རྣམས་སུ་ཆོས་ཐམས་ཅད་ཤེས་པ་ལ་རྟེན་སྣང་ཙམ་པའི་སྣང་བ་བདུན་ལ་ཞེན་སྤྱོད་ཀྱི་སྒྲུབ་པ་ ཡོངས་སུ་གཅོད་པའི་ཤེས་བ་བས་ལ་བའམ་དག་ག་པའི་སྒོ་ནས་བྱད་ཆུབ་སེམས་དབའ་རྣམས་ཀྱི་ཡུལ་བཅུ་པོ་དེ་དང་དེ་ལ་སྦྱོར་བ་རྣམ་པ་བཅུ་པོ་སེམས་དཔའི་རྒྱུད་ལ་རྗེས་སུ་འགྲོ་བའི་སྒོ་ནས་དངོས་སུ་བསྟན་བཅོས་སུ་བསྟན་ར་མཛད་པས་སོ། །གཉིས་པ་ཤུགས་ བསྟན་ནི། རྗེ་བཙུན་ཀྱིས་དངོས་སུ་སེམས་དཔའི་སྦྱོར་བ་བསྟན་པའི་ཤུགས་ཀྱིས་ན་ཉན་ཐོས་ལ་སོགས་པའི་སྦྱོར་བ་ལ་ཇི་སྐད་དུ་བཤད་པའི་སེམས་དཔའི་སྦྱོར་བ་ལས་གོ་བཟློག་སྟེ་སྦྱོར་བ་ཉམས་སུ་ལེན་པར་བྱེད་པ་ཡིན་ནོ། །གཉིས་པ་གེགས་སེལ་མཉམ་ཉིད་དུ་ 5-1-308a བསྒོམ་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། གོང་དུ་བཤད་པའི་སྦྱོར་བ་དེ་ཡང་མཉམ་པ་ཉིད་བཞིའི་སྒོ་ནས་སྦྱོར་བ་བསྒོམ་དགོས་པས་མཉམ་ཉིད་བསྟན་པ་ཡིན་ནོ། །གཉིས་པ་ནི། མདོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམ་སེམས་སུ་མི་བྱེད་དེ། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནས་རྣམ་མཁྱེན། གྱི་བར་དུ་གསུངས་པའི་དོན། ཐེག་ཆེན་ སྦྱོར་བ་དེའི་འོག་ཏུ་མཉམ་པ་ཉིད་འཆད་པ་ནི། གཟུགས་རློམ་སེམས་སུ་མི་བྱེད་པ་དང་། ལ་སོགས་པས་གཟུགས་ཀྱིས་དང་། གཟུགས་བདག་གི་དང་། གཟུགས་ལ་རློམ་སེམས་སུ་མི་བྱེད་པ་ལ་རྣམ་པ་བཞི་སྟེ། དེའང་གཟུགས་མི་རློམ་པ་ནི་བྱེད་པའི་མཚན་ཉིད་ཀྱི་ དངོས་པོ་དང་བྲལ་བ་དང་། གཟུགས་ཀྱིས་མི་རློམ་པ་ནི། གཟུགས་སོགས་ཀྱི་མཚན་མ་སྟེ་བརྡར་བཏགས་པ་དང་བྲལ་བ་དང་། གཟུགས་བདག་གིར་མི་རློམ་པ་ནི། བདག་གཞན་དུ་ཡོངས་སུ་གཅོད་པ་དང་རྣམ་པར་བཅད་པ་དང་བྲལ་བ་དང་། གཟུགས་ལ་མི་རློམ་པ་ནི་རྟེན་ དང་བརྟེན་པའི་དངོས་པོར་བྲལ་བ་སྟེ། དེ་ལྟ་བུའི་སྒོ་ནས་སྦྱོར་བ་བཅུ་པོ་དེ་རེ་རེ་ཞིང་མཉམ་པ་ཉིད་ཀྱང་བཞི་བཞིར་བསྒོམ་དགོས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། མདོར་གསུངས་པའི་མཉམ་ཉིད་བཞི་པོ་དེ་སློབ་དཔོན་གྱིས་འདི་ལྟར་དུ་འགྲེལ་ བར་མཛད་དེ། གཟུགས་ལ་སོགས་པའི་ཆོས་ལ་ངོ་བོར་མངོན་པར་ཞེན་པའི་རློམ་པ་དང་བྲལ་བ་དང་། གཟུགས་སོགས་དེའི་ཁྱད་པར་གྱི་སྔོན་པོ་དང་ལ་སོགས་ཁ་དོག་དང་དབྱིབས་ལ་མཚན་མར་རློམ་པ་དང་བྲལ་བ་དང་། གཟུགས་སོགས་དེའི་ངོ་བོ་དང་། རྣམ་པ་ 5-1-308b ཡོངས་སུ་མ་ཤེས་པས་བདག་དང་བདག་གི་བའི་སྤྲོས་པའི་རློམ་པ་དང་བྲལ་བ་དང་། གཟུགས་སོགས་དེ་དག་གི་གནས་སྣང་རྟོགས་པའི་རློམ་པ་དང་བྲལ་བས་ན། རློམ་པ་དེ་རྣམས་རྣམ་པ་ཐམས་ཅད་དུ་མི་དམིགས་པ་ནི་སྦྱོར་བ་བཅུ་པོ་ཉམས་སུ་ལེན་ཚུལ་གྱི་ མཉམ་པ་ཉིད་ཡིན་པས་མཉམ་པ་ཉིད་ཡིན་ནོ། ། འགའ་ཞིག་སློབ་དཔོན་སེང་བཟང་གིས་འགྲེལ་ཚུལ་འདི་མདོ་དང་མི་མཐུན་ཟེར་བ་ཡང་ཡོད་མོད། ཁོ་བོས་ནི་མདོ་དོན་ཉིད་སློབ་དཔོན་གྱིས་བཀྲལ་བ་ཡིན་ནོ་ཞེས་ཅི་མཐུན་དུ་སྦྱར་བ་ཡིན་ནོ། །གསུམ་པ་གཞི་ ཤེས་ཀྱི་མཐོང་ལམ་ལ་གསུམ། མཚམས་སྦྱར་བ། ཡེ་ཤེས་སྐད་ཅིག་མ་མདོར་བསྟན། རྟོགས་པ་རྒྱས་པར་བཤད་པའོ། །དང་པོ་ནི། ཐེག་ཆེན་སྦྱོར་བའི་ལམ་ཉམས་སུ་ལེན་པ་ལ། མཉམ་པ་ཉིད་བཞིས་སོ་སོར་རྟོགས་པའི་འོག་ནས་མཐོང་བའི་ལམ་བསྒོམ་ དགོས་པས་མཐོང་བའི་ལམ་འཆད་པ་ཡིན་ནོ། །གཞིའི་གནས་ཚུལ་མངོན་སུམ་དུ་མཐོང་བའི་སྔ་རོལ་དུ་མཉམ་ཉིད་སྔོན་དུ་འགྲོ་དགོས་པའི་དོན་ནི། གཞི་ཕུང་ཁམས་སྐྱེ་མཆེད་ལ་རློམ་པ་རྣམ་པ་བཞི་བཀག་པའི་མཉམ་ཉིད་མ་བསྒོམ་པར་དེ་མངོན་དུ་མི་བྱེད་ པའི་དོན་གྱིས་སོ། །གཉིས་པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། མདོར། རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་དང་། ཚངས་པ་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་རྣམས་ཀྱིས་སངས་རྒྱས་ཀྱི་མཐུས། སངས་རྒྱས་ སྟོང་ཡི་གེ་འདི་ཉིད་དང་། རབ་འབྱོར་ཞེས་བྱ་བའི་དགེ་སློང་ཁོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཞུ་བར་བྱས་ཤིང་སྟོན་པར་བྱེད་པ་དང་། ཐམས་ཅད་དུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ 5-1-309a ཡོངས་སུ་ཞུ་བར་བྱེད་ཅིང་སྟོན་པར་མཛད་པ་རྣམས་སེམས་ཀྱིས་མཐོང་བར་གྱུར་ཏོ། །དེ་བཞིན་དུ་ཤར་དང་ལྷོ་དང་ཞེས་ཕྱོགས་བཅུ་ཀུན་ལ་སྦྱར་ཏེ། གསུངས་པའི་མདོ་རིམ་པ་གཅིག་གིས་བསྟན་པ་ལ་བསྟན་བཅོས་སུ་མདོར་བསྟན་རྒྱས་བཤད་གཉིས་ མཛད་པ་ཡིན་ནོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་སོ་སོ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་སྟེ་སྐད་ཅིག་མ་བཞི་བཞི་བཅུ་དྲུག་གི་བདག་ཉིད་འདིས་ཀུན་ཤེས་ཀྱི་ཚུལ་ལས་སྐབས་ འདིར་མཐོང་བའི་ལམ་བསྟན་པ་ཡིན་ནོ། ། འདིར་འཕྲོས་དོན་ཅུང་ཟད་ཅིག་བཤད་ན། འདིར་བསྟན་གྱི་མཐོང་ལམ་གྱི་ངོ་བོ་ནི་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་བདེན་པ་མངོན་རྟོགས་སོ། །དབྱེ་བ་ནི། ཉི་སྣང་ལྟར་ན་རྩ་བར་ཤེས་བཟོད་བཅུ་དྲུག་ཏུ་གསུངས་པ་དེ་ མདོ་དང་རྩ་བའི་དངོས་བསྟན་ཇི་ལྟ་བ་བཞིན་སྒྲོ་འདོགས་བཅུ་དྲུག་པ་གཉིས་དང་བྲལ་བའི་ཡེ་ཤེས་བཅུ་དྲུག་པ་དང་། སློབ་དཔོན་ལྟར་ན་སྒྲོ་འདོགས་བརྒྱད་ཚན་བཞི་དང་བྲལ་བའི་ཡེ་ཤེས་བཞི་དང་ཆོས་བཟོད་བཞི་སྦྱར་ནས་འཆད་པ་ཡིན་ནོ། །འདིར་མཐོང་ལམ་སྒྲོ་ འདོགས་སོ་གཉིས་དང་བྲལ་བར་བསྟན་དགོས་པ་ནི། རྟག་སོགས་ཀྱི་སྒྲོ་འདོགས་བཅུ་དྲུག་དང་བྲལ་བར་བསྟན་པས་ཕྱི་རོལ་པའི་ལམ་ལས་འདའ་དགོས་པར་བསྟན་ཅིང་། མི་རྟག་སོགས་སྒྲོ་འདོགས་བཅུ་དྲུག་དང་བྲལ་བར་བསྟན་པས་ནི་ཉན་རང་གི་ལམ་ལས་འདའ་ དགོས་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །(གཉིས་)པ་ནི། བདེན་པ་བཞི་སོ་སོ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་སྟེ་དེ་ལྟར་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཀྱིས་ནི་ཐམས་ 5-1-309b ཅད་ཤེས་པ་ཉིད་ཀྱི་སྐབས་སུ་བསྟན་པའི་མཐོང་བའི་ལམ་མོ། །གསུམ་པ་རྟོགས་པ་རྒྱས་པར་བཤད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བདེན་པ་བཞི་པོ་སོ་སོའི་རྣམ་པ་གང་ཡིན་ཅེ་ན་ཞེས་སོ། །གཉིས་པ་ནི། ཉན་ཐོས་ལྟར་བདེན་བཞི་ལ་མི་རྟག་སོགས་ མཚན་མར་འཛིན་པའི་སྒོ་ནས་ཡིད་ལ་བྱའམ་ཞེ་ན། མིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར། ཞེས་ སོགས་ཀྱི་དོན་ནི། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་རྟག་པ་དང་མི་རྟག་པ་གང་ཡང་མ་ཡིན་པའི་ཕྱིར། ཡུལ་ཅན་དེ་ཤེས་པའི་སྡུག་བསྔལ་ཆོས་བཟོད་དེ་ཡང་རྟག་མི་རྟག་དང་བྲལ་བ་དང་། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་ཡོད་མེད་ཀྱི་མཐའ་ལས་འདས་པའི་ཕྱིར། ཡུལ་ཅན་དེ་ཤེས་པའི་སྡུག་བསྔལ་ཆོས་ཤེས་དེ་ཡང་མཐའ་ལས་འདས་མ་འདས་ཐམས་ཅད་དང་བྲལ་བ་དང་། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་རྣམ་པར་དག་པའི་ཕྱིར་ཡུལ་ཅན་སྡུག་བསྔལ་ལ་རྗེས་བཟོད་ཀྱང་རྣམ་པར་དག་མ་དག་ལས་གྲོལ་བ་དང་། ཡུལ་ཆོས་ཉིད་ཀྱི་ གཟུགས་སོགས་མ་སྐྱེས་མི་འགག་པ་དང་། ལ་སོགས་པས་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བ་མེད་པའི་ཕྱིར། ཡུལ་ཅན་སྡུག་བསྔལ་རྗེས་ཤེས་དེ་ཡང་མ་སྐྱེས་མི་འགག་དང་བྲལ་བ་ལ་སོགས་པ་དང་། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་ནམ་མཁའ་དང་འདྲ་བར་རྣམ་ པར་དག་པའི་ཕྱིར། ཡུལ་ཅན་ཀུན་འབྱུང་ཆོས་བཟོད་དེ་ཡང་མཁའ་ལྟར་དྲི་མ་དང་བྲལ་བ་དང་། ཡུལ་དོན་དམ་གྱི་གཟུགས་ལ་ཆགས་པ་སྤངས་པའི་ཕྱིར། ཡུལ་ཅན་ཀུན་འབྱུང་ཆོས་ཤེས་ཀྱང་ཆགས་པ་དང་ཆགས་བྲལ་ཐམས་ཅད་དང་བྲལ་བ་དང་། ཡུལ་ཆོས་ཉིད་ཀྱི་གཟུགས་ 5-1-310a སོགས་གཟུང་དུ་མེད་པའི་ཕྱིར། ཡུལ་ཅན་ཀུན་འབྱུང་རྗེས་བཟོད་ཀྱང་ཡོངས་སུ་འཛིན་མི་འཛིན་ཐམས་ཅད་ལས་གྲོལ་བ་དང་། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པའི་ཕྱིར། ཡུལ་ཅན་ཀུན་འབྱུང་རྗེས་ཤེས་ཀྱང་བརྗོད་པ་ བརྗོད་མེད་ཀྱི་ངོ་བོ་དང་བྲལ་བ་དང་། གང་གི་ཕྱིར་ཡུལ་འགོག་པའི་བདེན་པ་ཕྲ་བ་དང་། ཡུལ་ཅན་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་གཉིས་དག་ལམ་ལས་འདས་པ་དེའི་ཕྱིར། ཡུལ་ཡུལ་ཅན་འདི་དག་གི་དོན་བརྗོད་པས་གཞན་རྒྱུད་ལ་མ་ཕན་དུ་སྦྱིན་དུ་མེད་པའི་ཡུལ་ འགོག་བདེན་ཟབ་མོ་དམིགས་སུ་མེད་པའི་ཕྱིར་ཡུལ་ཅན་འགོག་པ་ཆོས་བཟོད་དང་། ཡུལ་འགོག་པ་དམིགས་པར་བྱེད་པ་ཐམས་ཅད་ཀྱིས་དབེན་པའི་ཕྱིར་ཡུལ་ཅན་འགོག་པ་ཆོས་ཤེས་དང་། ཡུལ་འགོག་བདེན་ཟབ་མོ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཡུལ་ཅན་འགོག་པ་རྗེས་ བཟོད་དང་། ཡུལ་འགོག་པའི་གནས་དམ་པ་ནད་ལ་སོགས་པ་མི་འབྱུང་བའི་ཕྱིར་ཡུལ་ཅན་འགོག་པ་རྗེས་ཤེས་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་ངན་སོང་ཆད་ཅིང་ལེགས་པ་ཐམས་ཅད་སྦྱིན་པར་བྱེད་པ་དང་། ལམ་ལ་ཆོས་ཤེས་པ་ནི་ཤེར་ཕྱིན་གྱིས་ཐར་པ་དང་ཐམས་ ཅད་མཁྱེན་པའི་འབྲས་བུ་མངོན་སུམ་དུ་བྱེད་པ་ལ་མི་རྟོག་པ་ཉིད་དང་། ལམ་ལ་རྗེས་བཟོད་ནི། མཚན་མ་མཐའ་དག་དང་མ་འབྲེལ་བ་དང་། ལམ་ལ་རྗེས་ཤེས་ནི་དངོས་པོ་བརྗོད་བྱ་དང་མིང་རྗོད་བྱེད་གཉིས་ཀ་ལ་བརྟེན་ནས་ཤེས་པ་སྐྱེ་བ་མེད་པའི་ཡེ་ཤེས་སོ། ། དེ་ལྟ་བུའི་ མཐོང་ལམ་གྱི་རྣམ་པར་གཞག་པ་ནི་ཀུན་ཤེས་པ་ཉིད་ཀྱི་སྐབས་ནས་བཤད་པའི་སྐད་ཅིག་མ་བཅུ་དྲུག་གོ། ཉན་ཐོས་ཀྱི་མཐོང་ལམ་ལྟར་ན་ཡུལ་བདེན་པ་བཞིའི་ཀུན་རྫོབ་པའི་གནས་ཚུལ་རེ་རེ་ཞིང་ཡུལ་ཅན་ཆོས་བཟོད་སོགས་བཞི་བཞིས་ངེས་པ་འདྲེན་པ་ཡིན་ཀྱང་། ཐེག་ཆེན་ 5-1-310b མཐོང་བའི་ལམ་དུ་ཡུལ་བདེན་པ་བཞིའི་དོན་དམ་པའི་གནས་ཚུལ་རེ་རེ་ཞིང་ཡུལ་ཅན་སྡུག་བསྔལ་སོགས་ལ་དམིགས་བྱེད་ཀྱི་ཆོས་བཟོད་སོགས་བཞིས་ངེས་པ་འདྲེན་པ་ཡིན་པས། ཐེག་པ་དམན་པ་དང་། ཐེག་པ་ཆེན་པོ་བ་དག་ཡུལ་བདེན་བཞིའི་གནས་ཚུལ་ལ་ཀུན་རྫོབ་ དོན་དམ་གཉིས་ཀྱི་ཡུལ་ཐ་དད་ལ་ཡུལ་ཅན་ཡེ་ཤེས་ཀྱིས་ངེས་པ་འདྲེན་ཚུལ་གྱི་ཁྱད་པར་ཡོད་པ་ཡིན་ནོ་ཞེས་སྔོན་གྱི་མཁས་པ་དག་གིས་གསུངས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། དངོས་བསྟན་ཐེག་ཆེན་གྱི་མཐོང་ལམ། ཤུགས་བསྟན་ཉན་རང་གི་ མཐོང་ལམ། སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ། སོ་སོར་བཤད་པ་དང་། ཐུན་མོང་དུ་བསྡུ་བའོ། །དང་པོ་ནི། ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་ལ་སོགས་པ་རྟག་པ་དང་མི་རྟག་པ་ཉིད་དང་བྲལ་བས་ན་རྟག་པའང་མ་ཡིན། མི་རྟག་པའང་ མ་ཡིན་པར་རྟོགས་པ་ནི་སྡུག་བསྔལ་ཆོས་བཟོད་དང་། སྡུག་བསྔལ་བ་དང་སྡུག་བསྔལ་བ་མ་ཡིན་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རྟག་པ་དང་ཆད་པའི་མཐའ་དང་བྲལ་བར་རྟོགས་པ་ནི་སྡུག་བསྔལ་རྗེས་ཤེས་དང་། སྟོང་པ་དང་མི་སྟོང་པ་དང་གཉིས་བྲལ་བའི་ཕྱིར་ཡེ་ནས་རྣམ་པར་ དག་པར་རྟོགས་པ་ནི་སྡུག་བསྔལ་རྗེས་བཟོད་དང་། བདག་དང་བདག་མེད་པའི་ངོ་བོ་ཉིད་མ་ཡིན་པས་ན་མ་སྐྱེས་པ་དང་མི་འགག་པར་རྟོགས་པ་ནི་སྡུག་བསྔལ་རྗེས་ཤེས་དང་། ཀུན་ནས་ཉོན་མོངས་པ་སྟེ་སྡུག་བསྔལ་བ་ཡང་མ་ཡིན་པ་དང་། ཀུན་ནས་རྣམ་པར་བྱང་བ་སྟེ་ སྡུག་བསྔལ་ལས་གྲོལ་བ་ཡང་མ་ཡིན་པ་ཞེས་བྱ་བ་ལ་སོགས་ཏེ་འཆིང་བ་སྡུག་བསྔལ་བ་དང་། གྲོལ་བ་སྡུག་བསྔལ་མིན་པ་ལས་གྲོལ་བའི་ཐེག་ཆེན་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ནི་ཕྱོགས་གཉིས་ཀྱི་མཐའ་འགོག་པ་དེ་ལྟ་བུ་དག་ཡིན་ནོ། །རྒྱུ་དང་རྒྱུ་མ་ཡིན་པའི་རྣམ་ 5-1-311a པར་བཞག་འཇོག་ཐམས་ཅད་བརྫུན་པ་དང་བསོག་པ་ཉིད་ཀྱི་ཕྱིར་རྒྱུ་རྒྱུ་མིན་ལས་གྲོལ་བ་ནམ་མཁའ་དང་འདྲ་བར་རྟོགས་པ་ནི་ཀུན་འབྱུང་ཆོས་བཟོད་དང་། ཀུན་འབྱུང་བ་དང་ཀུན་འབྱུང་བ་མེད་པ་དང་མི་ལྡན་པའི་ཕྱིར་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་ པའི་ཆགས་པ་ཐམས་ཅད་སྤངས་པར་གྱུར་པའི་རྟོགས་པ་ཁྱད་པར་ཅན་ནི་ཀུན་འབྱུང་ཆོས་ཤེས་དང་། རབ་ཏུ་སྐྱེ་བ་དང་རབ་ཏུ་མི་སྐྱེ་བ་གང་དང་ཡང་གཅིག་ཐ་དད་མ་འབྲེལ་བས་འདི་དང་འདི་ཞེས་སུ་ཡོངས་སུ་འཛིན་པའི་གདགས་གཞི་ལས་གྲོལ་བར་རྟོགས་པ་ནི་ཀུན་ འབྱུང་རྗེས་བཟོད་དང་། རྐྱེན་དང་རྐྱེན་མ་ཡིན་པ་ལས་རྣམ་པར་གྲོལ་བའི་ཕྱིར་ན་རང་གི་ངོ་བོས་བརྗོད་དུ་མེད་པ་ཞེས་བྱ་བ་དེ་ནི་རྟོགས་པ་ན་ཀུན་འབྱུང་རྗེས་ཤེས་ཏེ་ཀུན་འབྱུང་བའི་བདེན་པ་ཡིན་ནོ། །འགོག་བདེན་གོ་ཆོད་པོ་ནི་གང་གི་ཕྱིར་འགོག་པ་དང་འགོག་པ་མེད་པ་དང་ མ་འབྲེལ་བ་དེའི་ཕྱིར་འགོག་པའི་བདེན་པའི་དོན་ཚིགས་བརྗོད་པས་རྒྱུད་སོ་སོ་བ་གཞན་ལ་སྦྱིན་དུ་མེད་པར་རྟོགས་པ་ནི་འགོག་པའི་ཆོས་བཟོད་དང་། ཞི་བ་དང་མ་ཞི་བ་མེད་པའི་ཕྱིར་ན་དམིགས་པ་མེད་པར་བྱེད་པའི་རྟོགས་པ་ནི་འགོག་པའི་ཆོས་ཤེས་སོ། །གྱ་ནོམ་པ་དང་། གྱ་ ནོམ་པ་མ་ཡིན་པ་དང་བྲལ་བའི་ཕྱིར་མཐའ་གཉིས་ལས་འདས་ཤིང་། རྣམ་པར་དག་པར་རྟོགས་པ་ནི་འགོག་པའི་རྗེས་བཟོད་དོ། །ངེས་པར་འབྱུང་བ་དང་ངེས་པར་འབྱུང་བ་མེད་པ་ཡང་མེད་པའི་ཕྱིར་འཁྲུལ་པའི་ནད་ཐམས་ཅད་མི་སྐྱེ་བ་ཞེས་བྱ་བ་ནི་ འགོག་པ་རྗེས་ཤེས་ཏེ་རྣམ་པ་དེ་དག་ནི་འགོག་པའི་བདེན་པའོ། །ལམ་དང་ལམ་མ་ཡིན་པ་དང་བྲལ་བའི་ཕྱིར་ངན་སོང་གི་གནས་ཡོངས་སུ་ཆད་པའི་རྟོགས་པ་ནི་ལམ་ཆོས་བཟོད་དང་། རིགས་པ་དང་རིགས་པ་མ་ཡིན་པ་དང་མ་འདྲེས་པའི་ཕྱིར་གོ་འཕང་མཆོག་གི་འབྲས་ 5-1-311b བུ་མངོན་སུམ་དུ་བྱ་བའི་དོན་གྱིས་ཐབས་ལ་རྣམ་པར་མི་རྟོག་པར་རྟོགས་པ་ཉིད་ཀྱིས་ལམ་ཆོས་ཤེས་དང་། སྒྲུབ་པ་དང་སྒྲུབ་པ་མ་ཡིན་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཀྱི་མཚན་མའི་རྣམ་པ་དག་དང་མ་འབྲེལ་བར་རྟོགས་པ་ནི་ལམ་རྗེས་བཟོད་དང་། ངེས་ པར་འབྱིན་པ་དང་ངེས་པར་འབྱིན་པ་མ་ཡིན་པ་མེད་པ་ཉིད་ཀྱི་ཕྱིར་ན་བརྗོད་པར་བྱ་བ་དོན་རང་མཚན་དང་། རྗོད་པར་བྱེད་པ་སྤྱིའི་ངོ་བོའི་མཚན་ཉིད་ཤེས་བྱ་དང་སྒྲ་གཉིས་ལ་སྐྱེས་ཤེས་པ་སྐྱེ་བ་མེད་པར་རྟོགས་པ་ཞེས་བྱ་བ་ནི་ལམ་རྗེས་ཤེས་ཡིན་ལ། དེ་ལྟ་བུ་ནི་ལམ་གྱི་བདེན་པ་ ཡིན་ཏེ་ཞེས་བཀོད་དོ། །གཉིས་པ་ཐུན་མོང་དུ་བསྡུ་བ་ནི། བཤད་མ་ཐག་པ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཀུན་ཤེས་པ་ཉིད་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་དེ་དག་ནི་དངོས་བསྟན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་ཡིན་ནོ། །འདིར་རྟག་མིན་དང་མི་རྟག་ མིན་པའི་དོན་ནི། ཤེས་བཟོད་དེ་དག་ཡུལ་ཅན་རང་གི་ངོ་བོ་མ་ཡིན་དགག་ཡིན་ཀྱང་། ཡུལ་རྟག་མི་རྟག་གང་ཡང་མིན་པས་མེད་དགག་ཁོ་ན་ཡིན་ལ། ལ་ལ་ཞིག་རྟག་མིན་གྱིས་མི་རྟག་པ་འཕེན་ཅིང་། མི་རྟག་པ་མིན་པས་རྟག་པ་འཕེན་པས་དེ་གཉིས་དབྱེར་མེད་ ཀྱི་རྣམ་པའོ་ཟེར་བ་ནི་མུན་སྤྲུལ་ཡིན་ནོ། །གཉིས་པ་ཤུགས་བསྟན་ནི། ཉན་ཐོས་རྣམས་ཀྱིས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་དེ་ལས་བཟློག་པ་མི་རྟག་པ་ལ་སོགས་པའི་རྣམ་པ་དག་ཏུ་བསྒོམ་པར་བྱ་བ་ནི། ཀུན་ཤེས་པ་གཞི་ཤེས་ཀྱི་སྐབས་ཉིད་ལ་མཐོང་བའི་ལམ་ཡིན་ནོ། ། གསུམ་པ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ནི། ཉན་ཐོས་ཀྱི་ལམ་གྱི་རྟོགས་རིས་ནི་བྱང་ཆུབ་སེམས་དཔས་གཞན་དོན་དུ་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི། ཉན་ཐོས་ཀྱི་མཐོང་ལམ་སོགས་མངོན་དུ་བྱ་བ་ནི་མ་ཡིན་པས། ཉན་ཐོས་ཀྱི་རྟོགས་རིས་སེམས་དཔས་སྒོམ་པའི་ 5-1-312a ལམ་ནི་འདིར་མ་བསྟན་ཏོ། ། འདིར་འགའ་ཞིག་སེམས་དཔས་ཉན་ཐོས་ཀྱི་མཐོང་ལམ་མངོན་དུ་མི་བྱེད་པ་དེ་ལྟར་ན། དམན་ལམ་སྔོན་དུ་མ་སོང་བའི་སེམས་དཔས་ཉོན་སྒྲིབ་སྤོང་མི་ནུས་པར་འགྱུར་ཏེ། ཉོན་སྒྲིབ་སྤོང་བ་ནི་མི་རྟག་སོགས་བཅུ་དྲུག་ གི་ལམ་བསྒོམ་པ་ལ་རག་པའི་ཕྱིར་ཟེར་རོ། །སྐྱོན་དེ་ནི་ཡོད་པ་མིན་ཏེ། ཉོན་མོངས་སྤངས་ཙམ་པའི་ཐར་པ་དོན་དུ་མི་གཉེར་བའི་ཕྱིར། དེའང་རྒྱན་གྱི་སྐབས་འདིར་གང་ཟག་གི་བདག་མེད་མཐོང་ཟིན་གོམས་བྱེད་བྱང་སེམས་ཀྱི་སྒོམ་ལམ་མི་སྟོན་ཏེ། སེམས་དཔས་ ནི་ཉོན་སྒྲིབ་ཙམ་སྤངས་པའི་མྱང་འདས་དོན་དུ་མི་གཉེར་བའི་དོན་གྱིས་ཉོན་སྒྲིབ་ཀྱི་གཉེན་པོར་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་བསྒོམ་པ་མིན་པའི་ཕྱིར། སེམས་དཔས་དེ་ལྟར་བསྒོམ་པ་ལ་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟར་བསྒོམས་ན་འདོད་སྲེད་ཀྱི་བག་ཉལ་ གྱི་མིང་ཅན་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་དེ་སྤོང་བར་འགྱུར་ཏེ། མི་རྟག་སོགས་ཀྱི་རྣམ་པ་ཅན་གང་ཟག་གི་བདག་མེད་དེ་འདོད་སྲེད་ཀྱི་ས་བོན་དྲུངས་འབྱིན་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། དེ་འབྱིན་པར་བྱེད་ན་ནི་སེམས་དཔས་ལམ་ཤེས་ཀྱི་རང་བཞིན་དོར་བར་འགྱུར་ ཏེ། དམན་ལམ་སྔོན་དུ་མ་སོང་བའི་མ་དག་སར་མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་གསོག་པར་མི་ནུས་ལ། སྲིད་པ་འགྲུབ་བྱེད་ཀྱི་རྒྱུ་གཞན་ཡང་མེད་པར་འགྱུར་བའི་ཕྱིར་རོ། ། འོ་ན་གལ་ཏེ་ས་དགུ་མན་གྱི་སེམས་དཔའ་དམན་ལམ་སྔོན་དུ་མ་ སོང་བ་གཟུགས་ཁམས་སུ་སྐྱེ་བ་ལེན་མི་ནུས་པར་འགྱུར་ཏེ། དེས་འདོད་པའི་བག་ཉལ་མ་སྤངས་ལ། དེ་མ་སྤངས་པར་ནི་གཟུགས་ཁམས་སུ་སྐྱེ་བ་ལེན་མི་ནུས་པའི་ཕྱིར་ཟེར་རོ། །ཉེས་པ་དེ་ཡང་མེད་དེ། ས་འོག་མར་སྐྱེ་བ་ལེན་པའི་རྒྱུ་མ་སྤངས་པར་གོང་མའི་ 5-1-312b དངོས་གཞི་མངོན་དུ་བྱེད་པ་དང་། གོང་མའི་དངོས་གཞི་ལས་མ་ཉམས་བཞིན་དུ་འོག་མར་སྐྱེ་བ་ལེན་པ་ནི་སེམས་དཔའ་སྦྱོར་ལམ་པ་ཡན་གྱི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །མདོར་ན་སེམས་དཔས་ཉན་རང་གི་ལམ་མངོན་དུ་མ་བྱས་ན་ཉོན་སྒྲིབ་སྤང་མི་ནུས་པར་མི་འགྱུར་ཏེ། སེམས་དཔས་ས་དང་པོར་ཉོན་མོངས་སྤངས་ཟིན་པའི་ཕྱིར། གྲུབ་སྟེ། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ནི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་རྐྱང་པས་མ་ལུས་པར་སྤོང་ནུས་པའི་ཕྱིར། དེ་སྤོང་ནུས་ན་ཤེས་སྒྲིབ་རགས་ཤོས་དེ་སྤང་བར་བྱས་པ་ཡིན་ནོ། ། བག་ཉལ་གྱི་ཉོན་སྒྲིབ་ཀྱི་གཉེན་པོར་གང་ཟག་གི་བདག་མེད་ནི་སེམས་དཔས་ཆེད་དུ་གཉེར་ཏེ་བསྒོམས་ནས་དེ་སྤོང་བར་མི་བྱེད་པ་ཡིན་གྱི། སྤང་མི་ནུས་པ་ནི་མ་ཡིན་ནོ། ། འདི་ལ་འགའ་ཞིག །ཉི་སྣང་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་ བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའོ། །ཞེས་གསུངས་ནས། འདི་ནི་གཞན་དོན་གཙོ་བོར་བྱེད་པའི་ཕྱིར་ཞེས་བྱ་བར་དགོངས་པ་ཡིན་ནོ། །ཞེས་པས་ཉན་རང་གི་ལམ་སེམས་དཔས་མངོན་དུ་མི་བྱེད་པར་བཤད་པ་དང་། ཡང་དེའི་རྗེས་ཐོག་ དེ་ཉིད་དུ། གཞན་ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་མཐོང་བ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས། ཉན་རང་གི་ལམ་བྱང་ཆུབ་སེམས་དཔས་མངོན་དུ་བྱེད་པར་བཤད་པས་ འགལ་ལོ་ཞེ་ན། མིན་ཏེ། སྔ་མ་མངོན་དུ་མི་བྱེད་པའི་དོན་ནི། ཉན་ཐོས་ལྟར་མི་རྟག་སོགས་རྣམ་པ་བཅུ་དྲུག་གི་སྒོ་ནས་མངོན་དུ་མི་བྱེད་པ་དང་། འདོད་སྲེད་སྤོང་བའི་ཚུལ་གྱིས་མངོན་དུ་མི་བྱེད་པར་གསུངས་པ་ཡིན་ལ། ཕྱི་མ་མངོན་དུ་བྱེད་པའི་དོན་ནི། སྟོང་ 5-1-313a ཉིད་མངོན་སུམ་དུ་མཐོང་བའི་ལམ་གྱིས་གང་ཟག་གི་བདག་དང་། གཟུང་བ་ཆོས་ཀྱི་བདག་སྤོང་ཞིང་། བདག་མེད་པ་རྟོགས་པ་ལ་དགོངས་ནས་མངོན་དུ་བྱེད་པར་གསུངས་པས། དགོངས་གཞི་མི་གཅིག་པའི་ཕྱིར་འགལ་བར་མི་བསམ་མོ། ། གཉིས་པ་མཁྱེན་གསུམ་གྱི་དོན་བསྡུ་བ་ལ། སྦྱར། རྩ། འགྲེལ། གསུམ་ལས། དང་པོ་ནི། དེ་ལྟར་མཁྱེན་གསུམ་རྒྱས་པར་བསྟན་ནས་དེའི་དོན་མཐའ་དག་སྡུད་པར་བྱེད་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཇུག་བསྡུ་བར་ཚིགས་སུ་བཅད་པ་འདི་གསུངས་སོ། ། གཉིས་པ་ནི། མདོར། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། མི་ཐོབ་པར་བྱེད་པ་མ་ཡིན་ཅེས་སོགས་དང་། ཡུམ་འདི་ནི་འདོད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན་ཅེས་སོགས་དང་། ཡུམ་འདིས་ནི་ སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན། ཅེས་སོགས་ཀྱི་མདོ་ཚན་གསུམ་གསུངས་པའི་དོན་ནི། དེ་ལྟར་རྒྱས་པར་བཤད་ནས་རྣམ་མཁྱེན་འདི་དང་། ཡང་ལམ་ཤེས་འདི་དང་། ཡང་གཞི་ཤེས་འདི་ཡིན་པ་སྟེ་དང་བཅས་པས་མཁྱེན་པ་རྣམ་གསུམ་པོ་ སྡུད་པའི་ཚིག་འདིས་ནི་གནས་སྐབས་གསུམ་པོ་དག་ཏུ་མཁྱེན་གསུམ་རྫོགས་པར་ཡོངས་སུ་བསྟན་པ་ཡིན་ནོ། །དོན་བསྡུའི་གོ་རིམ་འདི་ནི་རྒྱས་བཤད་ཀྱི་གོ་རིམ་དང་མཐུན་པར་སློབ་དཔོན་གྱིས་འགྲེལ་ཆེ་ཆུང་དང་། གནད་ཀྱི་ཟླ་འོད་དང་། སྙིང་པོ་མཆོག་ རྣམས་ནས་གསུངས་ཤིང་། དེའང་ཡུམ་བསྡུས་པ་དང་མཐུན་ལ། རྒྱས་བཤད་ཀྱི་གོ་རིམ་ལས་བཟློག་སྟེ་བཤད་པ་ནི། གྲོལ་སྡེ་གཉིས་དང་། ལེ་བརྒྱད་མ་དང་། དག་ལྡན་རྣམས་ནས་གསུངས་ལ། འདི་ནི་ཉི་ཁྲི་དང་མཐུན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་ 5-1-313b བཀོད་དོ། །གསུམ་པ་ནི། བཤད་མ་ཐག་པའི་ཚུལ་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་དང་། ལམ་ཤེས་པ་ཉིད་འདི་དང་། ཐམས་ཅད་ཤེས་པ་ཉིད་འདི་སྟེ་དེ་ལྟར་ལེའུ་གསུམ་གྱིས་མཁྱེན་པ་རྣམ་པ་གསུམ་པོ་ཡོངས་སུ་རྫོགས་པར་བསྟན་པར་མཛད་པ་ཡིན་ནོ། ། སྨྲས་པ། སྲིད་དང་ཞི་མཐའི་རྒྱ་མཚོར་མི་ཉལ་ཞིང་། ། ཐབས་མིན་ཡུམ་ལས་རིང་བའི་ལམ་དོགས་ནས། མི་འཇུག་ཉེ་ལམ་ཐབས་མཁས་ལྷུན་པོ་ཡི། ། ཁོང་ཟོམ་ལས་བརྒྱུད་ལྷ་མིན་མི་མཐུན་ཕྱོགས། །གཞི་ཤེས་གང་ཡིན་དེ་ལ་རིང་བྱོལ་ནས། ། སུམ་རྩེན་གནས་ ཀྱི་གཉེན་པོའི་གཞི་ཤེས་ལ། ། སྦྱོར་བ་ངལ་བསོར་བྱེད་པའི་ཀླུ་ཆེན་པོ། ། མཉམ་ཉིད་གདེངས་ཀས་མཛེས་པ་དེར་འོངས་ནས། ། མཐོང་བའི་ལམ་སོགས་ལྟ་ཟེར་སྤྲོས་ནས་སོང་། ། ཁོ་བོས་མཐོང་བ་དེ་ནི་འདི་ཡིན་ཅེས། ། བློ་གྲོས་རྒན་པོའི་ངག་ལམ་གཞོན་ནུ་ནི། ། དེ་རིང་ཉིད་དུ་གསལ་བར་སྐྱེས་ཟིན་ཏོ། །གསུམ་པ་སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས་སྐབས་གསུམ་པའི་འགྲེལ་པ་རྫོགས་སོ། ། རྒན་པོར་མཆིས་པའི་སེམས་ཞུམ་མི་བདོག་ཅིང་། ། རིང་མོར་སྦྱངས་པའི་ལུས་ཆེན་མ་བཟུང་ཡང་། ། བློ་གྲོས་ཕུན་སུམ་ཚོགས་པའི་ནོར་འདི་ནི། ། བུས་པའི་དུས་ནས་ཐོབ་པ་མ་ཡིན་ནམ། ། སླད་དུ་མ་ཕམ་ཆོས་ཀྱི་རོ་བརྒྱ་པ། ། མྱང་འདོད་རྣམས་ཀྱིས་ཁོ་བོའི་བློ་ཡི་ནོར། ། ཕོངས་པ་སེལ་བ་འདི་ལ་བརྟེན་བྱས་ན། ། ཟབ་དོན་ལྷ་ཡི་ཟས་ཀྱིས་ཚིམ་པར་ངེས། གཉིས་པ་ཐབས་སྦྱོར་བཞི་ལ་གཉིས་ཏེ། དབང་དུ་བྱེད་པ་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་སོ། །དང་པོ་ལ། དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་དང་། དབང་གྱུར་ཐོབ་པ་རྩེ་མོའི་སྦྱོར་ 5-1-314a བའོ། །དང་པོ་ལ། འབྲེལ་བཀོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་མདོའི་འབྲེལ་ནི། མཁྱེན་གསུམ་གྱི་མཇུག་སྡུད་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་ནང་སྦྲེལ་ལོ། །བསྟན་བཅོས་ཀྱི་འབྲེལ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །ཞེས་སོགས་ཀྱི་རྒྱས་བཤད་དོ། །དེ་ལྟ་བུའི་འབྲེལ་བ་ཅན་རྣམ་རྫོགས་སྦྱོར་བ་སྐབས་གསུམ་པ་ དང་མཚམས་སྦྱོར་བའི་དོན་དུ་སློབ་དཔོན་གྱིས་འདི་སྐད་གསུངས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གནས་ཚུལ་ཐོས་བསམ་གྱིས་ཡོངས་སུ་ཤེས་པས་དེས་ནི་མཁྱེན་གསུམ་དེ་རང་དབང་དུ་ཐོབ་པར་བྱ་བའི་ཕྱིར་དུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་དང་། ལམ་ ཐམས་ཅད་ཤེས་པ་དང་། གཞི་ཐམས་ཅད་ཤེས་པ་སྟེ་མཁྱེན་གསུམ་སོ་སོའི་ཡུལ་གྱི་རྣམ་པ་མ་ལུས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པ་ཡིན་པས། དེའི་སྒོམ་པ་ཉམས་ལེན་གྱི་ཐབས་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ སྦྱོར་བ་འདི་ཡིན་ནོ་ཞེས་མཚམས་སྦྱར་བར་མཛད་དོ། ། འདིར་རྣམ་རྫོགས་སྦྱོར་བ་ཞེས་པ་སྒྲ་ཡང་པར་བྱས་ན་སྦྱོར་བ་བཞི་ཀ་ལ་འཇུག་པ་ཡིན་ཏེ། རྣམ་པ་བརྒྱ་དོན་གསུམ་ལེགས་པར་རྟོགས་ནས་སྒོམ་པའི་རྣལ་འབྱོར་ཞིག་ལ་རྣམ་རྫོགས་སྦྱོར་བ་ཞེས་འཇུག་པའི་ཕྱིར། རྒྱུ་མཚན་དེས་ན་རྣམ་པ་བརྒྱ་དོན་གསུམ་པོ་ལ་དབང་ཐོབ་ཕྱིར་དང་། ཐོབ་པ་དང་། ཐོབ་པའི་དབྱེ་བས་བཞིར་འགྱུར་བ་ནི་སྦྱོར་བཞི་སོ་སོའི་བསྟན་བྱའི་གཙོ་བོ་ཡིན་ནོ། །དེ་ལྟ་བུའི་སྦྱོར་བ་དང་པོ་གསུམ་ནི་སྤེལ་མར་སྐྱེ་བ་ཡིན་ནོ། །སྤང་བྱ་གཅིག་ལ་བལྟོས་པའི་གཉེན་ 5-1-314b པོ་ལ་དབང་ཐོབ་ཕྱིར་དུ་རྣམ་པར་སུན་འབྱིན་པའི་གཉེན་པོ་རྣམ་རྫོགས་དང་། ཐོབ་པའི་ཚུལ་གྱིས་སྤོང་བ་གཉེན་པོ་རྩེ་མོ་དང་། བརྟན་པ་ཐོབ་ཕྱིར་དུ་ཐག་སྲིང་བའི་གཉེན་པོར་སྒོམ་པ་རྣམས་སྤེལ་མར་འབྱུང་བའི་ཕྱིར། གཞིའི་གཉེན་པོ་ནི་རྣམ་གྲོལ་ལམ་ཡིན་ཀྱང་ སྐབས་འདིར་མ་གསུངས་སོ། །དེ་ལ་རྣམ་རྫོགས་སྦྱོར་བའི་ཐོག་མ་ནི་ཚོགས་ལམ་ནས་འཇོག་སྟེ། མཐོང་སྤང་གི་སྒྲིབ་པ་ལ་བལྟོས་པའི་རྣམ་པར་སུན་འབྱིན་གྱི་གཉེན་པོར་གྱུར་ནས་འཇོག་པའི་ཕྱིར། རྩེ་སྦྱོར་ནི་སྦྱོར་ལམ་ནས་འཇོག་སྟེ། སྤང་བྱའི་གཉེན་པོ་ ལ་སྦྱོར་འཇུག་གཉིས་སུ་ཡོད་པས་སྦྱོར་བའི་ལམ་ནས་རྩེ་སྦྱོར་དེར་འཇོག་པའི་ཕྱིར་རོ། །མཐར་གྱིས་པའི་སྦྱོར་བའང་མཉམ་དུ་རྩེ་སྦྱོར་གྱི་རྟོགས་པ་སྔོན་སོང་གི་རྗེས་ཐོབ་ཀྱི་གནས་སྐབས་སུ་ཐོབ་དགོས་པས། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་རྗེས་ཐོབ་ནས་འཇོག་ པ་ཡིན་ནོ། །གཉིས་པ་ལ་གཉིས། སྦྱོར་བ་སྤྱིར་བསྟན་པ་དང་། ཁྱད་པར་ཅན་ནོ། །དང་པོ་ལ་བཞི། སྦྱོར་བའི་ཡུལ་རྣམ་པ། སྦྱོར་མཁན་གང་ཟག །སྦྱོར་བའི་རབ་དབྱེ། སྦྱོར་བའི་ཆོས་སོ། །དང་པོ་ལ། བསྟན། བཤད་གཉིས་ཀྱི་ ()དང་པོ་ལ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ། གཞི་བདེན་པ་བཞིའི་རྣམ་གཞག །དེ་ཇི་ལྟར་ཤེས་པའི་རྣམ་པའོ། །དང་པོ་ནི། བདེན་པ་བཞི་ལས་སྡུག་བསྔལ་གྱི་བདེན་པའི་མཚན་གཞི་ནི། ཡུམ་གསུམ་ལས་ཟག་བཅས་ཀྱི་ཕུང་པོ་ལྔའི་འབྲས་བུར་གྱུར་པའི་ཆ་དེ་སྡུག་བདེན་ ཡིན་པར་བཤད་ལ། ཀུན་བཏུས་སུ། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་བཅུད་དང་། སྣོད་ཀྱི་འཇིག་རྟེན་གཉིས་ཀ་ཡིན་པར་བཤད་དོ། །དེ་ལ་བཅུད་ནི་ཁམས་གསུམ་པའི་སེམས་ཅན་ནོ། །སེམས་ 5-1-315a ཅན་གྱི་རྣམ་གཞག་ལ། བྱེ་སྨྲའི་ལུགས་དང་། ཐེག་ཆེན་པའི་ལུགས་གཉིས་ལས། དང་པོ་ནི། འདོད་ཁམས་གནས་རིས་ཉི་ཤུ་ཡིན་ཏེ། མཛོད་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་དག །འདོད་པའི་ཁམས་ ཡིན་དམྱལ་བ་དང་། །གླིང་དབྱེ་བ་ལས་དེ་ཉི་ཤུ། །ཞེས་པས། ངན་སོང་གི་གནས་བཅུ་དང་། མཐོ་རིས་ཀྱི་གནས་བཅུའོ། །དང་པོ་ནི། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ་སྟེ་ཚ་དམྱལ་ བརྒྱད་དེ་དང་། བྱང་གི་ཕྱོགས་འབྱོར་ན་ཆུ་བུར་ཅན། ཆུ་བུར་རྡོལ་བ། ཨ་ཆུ་ཟེར་བ། སོ་ཐམ་ཐམ་པ། ཀྱི་ཧུད་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་སྟེ་བརྒྱད་ལས་ཡ་གྱལ་སྔ་ཕྱི་བཅུ་དྲུག་པོ་ཟུང་དུ་བགྲང་བས་བརྒྱད། ཉི་ཚེ་ བ་ནི་ཚ་དམྱལ་བ་ཡིན་ཏེ་གནས་ཟུར་བ་མེད། ཉེ་འཁོར་བ་ནི་ཚ་དམྱལ་བརྒྱད་པོ་རེ་རེའི་ཕྱོགས་བཞི་ན་གཡོག་བཅུ་དྲུག་བཅུ་དྲུག་དང་བཅས་པ་ཡོད་པར་གསུངས་ཏེ། ཇི་སྐད་དུ། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མར་མུར་དང་རོ་མྱགས་དང་། །སྤུ་གྲི་ལམ་ སོགས་ཆུ་བོ་ཡིན། །ཅེས་པས་ལྷག་མའི་འཁོར་བཅུ་དྲུག་པོ་དེ་ཉི་ཚེ་བ་ཡིན་པར་བཤད་དོ། །དེས་ན་བརྒྱད་པོ་དེའི་སྟེང་ན་ཡི་དྭགས་དང་དུད་འགྲོ་གཉིས་ཏེ་བཅུའོ། ། གཉིས་པ་ནི། གླིང་བཞིའི་མི་དང་། འདོད་ལྷ་དྲུག་སྟེ་བཅུའོ། །གཟུགས་ཁམས་ནི་གནས་རིས་ བཅུ་བདུན་ཡིན་ཏེ། ཇི་སྐད་དུ། གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །ཞེས་པས། དང་པོ་གསུམ་ན་ལྷ་རིས་གསུམ་གསུམ་སྟེ་དགུ། བཞི་པ་ན་སོ་སོའི་ 5-1-315b སྐྱེ་བོའི་གནས་གསུམ། འཕགས་པའི་གནས་གཞན་ལྔ་སྟེ་བཅུ་བདུན་ནོ། །གཟུགས་མེད་ཁམས་ནི། ཇི་སྐད་དུ། གཟུགས་མེད་ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །དེར་ནི་རིས་དང་སྲོག་ལ་ཡང་། །སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན། །ཅེས་ སོགས་ཞིབ་ཏུ་གསུངས་པ་རྣམས་མཛོད་ལས་ཤེས་པར་བྱའོ། ། གཉིས་པ་ཐེག་ཆེན་པའི་ལུགས་ནི། འདོད་ཁམས་གནས་རིས་སུམ་ཅུ་རྩ་དྲུག་ཡིན་ནོ་ཞེས་རྟོག་དཔྱོད་ཀྱི་ས་ལས་བཤད་དོ། །གང་ཞེ་ན། ངན་སོང་གི་གནས་བཅོ་བརྒྱད་དང་། མཐོ་རིས་ཀྱི་གནས་ བཅོ་བརྒྱད་དོ། །དང་པོ་ནི། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཡི་དྭགས་དང་དུད་འགྲོའི་ཁོངས་སུ་གཏོགས་པའི་ལྷ་མིན་ཏེ་བཅོ་བརྒྱད་དོ། །ལྷ་མ་ཡིན་ནི་སྟོད་རིས་ལྷའི་ཁོངས་སུ་གཏོགས་ལ། སྨད་རིས་དེ་མདོ་དྲན་པ་ཉེར་གཞག་ལས་དུད་འགྲོའི་ཁོངས་སུ་ གཏོགས་པས་ལྷ་མ་ཡིན་འདོད་ཆགས་ལྷག་པར་ཆེ་བ་ཞེས་སོ། ། གཉིས་པ་ནི། གླིང་བཞི། གླིང་ཕྲན་བརྒྱད་དེ་བཅུ་གཉིས། ལྷ་རིས་དྲུག་སྟེ་བཅོ་བརྒྱད་དོ། །གཟུགས་ཁམས་ཀྱང་གནས་རིས་བཅོ་བརྒྱད་དུ་ཕྱེ་བ་ཡིན་ཏེ། སྔར་གྱི་བཅུ་བདུན་གྱི་ཁར་སེམས་དཔའ་ སྲིད་པ་ཐ་མ་པ་ཐམས་ཅད་སྐྱེ་བའི་ས་དབང་ཕྱུག་ཆེན་པོའི་གནས་དང་བཅོ་བརྒྱད་དོ། །དབང་ཕྱུག་ཆེན་པོའི་གནས་འདི་ལ་འདོད་པ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་སྤྲོས་པ་ཆོག་གོ ། གཉིས་པ་སྣོད་ཀྱི་འཇིག་རྟེན་ནི། ཁམས་གསུམ་པའི་སེམས་ཅན་རྣམས་གང་དུ་ གནས་པའི་གནས་དེར་གནས་སུ་སྣང་བ་དེའོ། །སྡུག་བསྔལ་བདེན་པ་སྤྱིའི་མཚན་ཉིད་ནི། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་ཚོགས་པའོ། །བྱེ་བྲག་གི་མཚན་ཉིད་ནི། མི་རྟག་པ་ལྟ་བུ་གཅིག་གི་མཚན་ཉིད་ཀྱིས་མཚོན་པའི་སྡུག་བདེན་དེ་ཡིན་ནོ། ། 5-1-316a གཉིས་པ་ཀུན་འབྱུང་གི་བདེན་པའི་མཚན་གཞི་ནི། ཡུམ་གསུམ་ལས་ཟག་བཅས་ཀྱི་ཕུང་པོ་ལྔའི་རྒྱུར་གྱུར་པའི་ཆ་དེ་ཡིན་པར་བཤད་དོ། །ཀུན་བཏུས་ལས། ཀུན་འབྱུང་གི་བདེན་པ་དེ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ ལས། ཞེས་སོ། ། དེའི་དོན་ལ་གཉིས་ཏེ། ཉོན་མོངས་པ་དང་། ལས་ཀྱི་ཀུན་འབྱུང་ངོ་། །དང་པོ་ནི། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཡིན་ནོ། ། གཉིས་པ་ནི། དགེ་བ་བཅུ་དང་། མི་དགེ་བ་བཅུའོ། །སྤྱིར་ལས་ལ་གསུམ་སྟེ། མངོན་པ་ཀུན་ བཏུས་ལས། བསོད་ནམས་ཀྱི་ལས་གང་ཞེ་ན། གང་འདོད་པ་དང་རབ་ཏུ་ལྡན་པའི་དགེ་བའོ། །བསོད་ནམས་མ་ཡིན་པའི་ལས་གང་ཞེ་ན། མི་དགེ་བའོ། །མི་གཡོ་བའི་ལས་གང་ཞེ་ན། གང་གཟུགས་དང་། གཟུགས་མེད་པ་དང་། རབ་ཏུ་ལྡན་པའི་དགེ་བའོ། །ཞེས་སོ། ། ཁམས་གོང་མ་གཉིས་ཀྱི་ལས་དེ་མི་གཡོ་བ་ཡིན་ཏེ། རྐྱེན་འགའ་ཞིག་ལ་བརྟེན་ནས་ས་གཞན་གྱི་ལས་ས་གཞན་དུ་བསྒྱུར་བར་མི་ནུས་པའི་ཕྱིར་རོ། །འདོད་པའི་ལས་ནི་དེ་ལས་བཟློག་པར་བཤད་དོ། ། ཡང་ན་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་དང་། བཏང་སྙོམས་ མྱོང་འགྱུར་གྱི་ལས་ཏེ། ཇི་སྐད་དུ། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་དེ་ཡན་ཆད། །སྡུག་མིན་བདེ་མིན་མྱོང་འགྱུར་བ། །སྡུག་བསྔལ་མྱོང་འགྱུར་འདི་མི་དགེ། འོག་ནའང་བར་མ་ཡོད་དོ་ཞེས། །ཁ་ཅིག་ཟེར་ཏེ་གང་གི་ཕྱིར། །བསམ་གཏན་ ཁྱད་པར་རྣམ་སྨིན་ལས། །ཞེས་བཤད་པའི་ཚིག་དང་ཐ་མ་གསུམ་གྱི་དོན་ནི། བསམ་གཏན་བཞི་པའི་འོག་ནས་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོད་པ་ཡིན་ཏེ། བསམ་གཏན་ཁྱད་པར་ཅན་གྱི་རྣམ་སྨིན་གྱི་ལས་དེ་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡིན་པའི་ཕྱིར་རོ། ། 5-1-316b ཡང་ན་གསུམ་སྟེ། མཐོང་བའི་ཆོས་ལ། སྐྱེས་ནས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སོ། །ཡང་ན་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། །ཡང་ན་འཕེན་བྱེད་དང་། རྫོགས་བྱེད་ཀྱི་ལས་གཉིས་ཀྱི། དང་པོ་ནི། སྐྱེ་བ་ཙམ་འགྲུབ་པར་ བྱེད་པའི་ལས་སོ། །གཉིས་པ་ནི། སྐྱེ་བ་བཟང་ངན་དུ་འགྲུབ་པར་བྱེད་པའི་ལས་སོ། །བྱེ་སྨྲས་ནི། འཕེན་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་པར་བྱེད་པ་ཡིན་ཏེ། མཛོད་ལས། གཅིག་གིས་སྐྱེ་བ་གཅིག་འཕེན་ནོ། །ཡོངས་རྫོགས་བྱེད་པ་དུ་མ་ ཡིན། །ཅེས་སོ། །སློབ་དཔོན་དབྱིག་གཉེན་ནི་འཕེན་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་ལ་སོགས་པ་མུ་བཞི་ཡོད་པར་བཞེད་དོ། །ཡང་ན་གཉིས་ཏེ། བསམ་པའི་ལས་དང་། སེམས་པའི་ལས་སོ། །དང་པོ་ནི། རྩ་ཤེར་ལས། བསམ་པ་ཞེས་ནི་གང་ གསུངས་པ། །དེ་ནི་ལུས་དང་ངག་གིས་འདོད། །ཅེས་སོ། །གཉིས་པ་ནི། མཛོད་ལས། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་པས། བྱེ་སྨྲས། བསམ་སེམས་གཉིས་ཀ་ལས་མཚན་ཉིད་པར་འདོད། མདོ་སྡེ་པས་དང་པོ་ མཚན་ཉིད་པ་དང་། གཉིས་པ་བཏགས་པ་བར་འདོད་དོ། ། ཡང་ན་གཉིས་ཏེ། མྱོང་བར་མ་ངེས་པའི་ལས་དང་། ངེས་པའི་ལས་སོ། །དང་པོ་ནི། ཕ་མ་བསད་ནས་འགྱོད་དེ་བཤགས་པ་བྱས་པ་ལྟ་བུ་སྟེ། བཤེས་པའི་སྤྲིང་ཡིག་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་ པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་པ་དེ། །ཉི་མ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། ཅེས་སོ། །གཉིས་པ་ནི། མཚམས་མེད་བྱུང་ནས་འགྱོད་པ་མ་སྐྱེས་པ་ལྟ་བུ་སྟེ། མཛོད་ལས། ཕ་མ་གསོད་གང་དེ་ངེས་ 5-1-317a པའོ། །ཞེས་སོ། ། ཀུན་འབྱུང་སྤྱིའི་མཚན་ཉིད་ནི་བཞི་སྟེ། རྒྱུ། ཀུན་འབྱུང་། རབ་སྐྱེ། རྐྱེན་གྱི་རྣམ་པའོ། །མི་ཤེས་པ་ཁ་ཅིག །འདུས་མ་བྱས་ཀྱི་ཀུན་འབྱུང་ཞེས་པ་ཞིག་འདོད་ལ། དེ་གང་ལ་ངོས་འཛིན་དྲིས་ན། དེ་བཞིན་ཉིད་དྲི་མ་དང་ བཅས་པ་དེ་ཡིན། དེ་གང་ལས་ཤེས་ཞེ་ན། དབུས་མཐའི་འགྲེལ་པ་ལས། མ་བྲལ་བའི་ཀུན་འབྱུང་བ་ནི་དེ་བཞིན་ཉིད་སྒྲིབ་པ་དང་མ་བྲལ་བའོ། །ཞེས་པ་ལས་སོ་ཟེར་རོ། །དེ་ནི་ཕྱུགས་ལས་ཕྱུགས་ཏེ། དབུས་མཐར་དྲི་མ་མ་བྲལ་བའི་དྲི་མ་དེ་ཀུན་འབྱུང་བདེན་པར་ གསུངས་པ་ཡིན་ཅིང་། དྲི་བཅས་ཀྱི་དེ་བཞིན་ཉིད་ཀུན་འབྱུང་དུ་འཇོག་པ་མིན་ནོ། །དྲི་བཅས་དེ་བཞིན་ཉིད་ནི་ཀུན་ནས་འབྱུང་བའམ་ཀུན་ནས་འགྱུར་བ་མ་ཡིན་ཏེ། དེ་བཞིན་ཉིད་འདུས་མ་བྱས་ཡིན་པའི་ཕྱིར། དྲི་བཅས་ཀྱི་དེ་བཞིན་ཉིད་འདུས་མ་བྱས་ཡིན་ཏེ། དྲི་ བཅས་ཀྱི་དེ་བཞིན་ཉིད་ཆོས་དབྱིངས་ཡིན་པའི་ཕྱིར་རོ། །དྲི་མ་འདུས་བྱས་དང་ཀུན་འབྱུང་ཡིན་ཀྱང་། དེ་བཞིན་ཉིད་ལ་དྲི་མ་དང་བཅས་མ་བཅས་གང་ཡིན་ཀྱང་དེ་བཞིན་ཉིད་ནི་འགོག་བདེན་ཁོ་ན་ཡིན་ལ། ཀུན་འབྱུང་ཡིན་པར་རྣམ་པ་ཐམས་ཅད་དུ་མ་གསུངས་པའི་ ཕྱིར་རོ། །སྡུག་ཀུན་གཉིས་སུ་འབྱེད་པའི་རྒྱུ་མཚན་ནི། ཀུན་ནས་ཉོན་མོངས་ཀྱི་བདེན་པ་གཞིར་བྱས་ལ་རྒྱུ་འབྲས་གཉིས་སུ་ཡོད་པས་སོ། །འགོག་བདེན་གྱི་མཚན་གཞི་ནི་སེམས་ཀྱི་ཆོས་ཉིད་ཡེ་གདོད་མ་ནས་དག་པ་གཉིས་ལྡན་དུ་ཞུགས་པ་དེ་ཡིན་ཀྱང་། གྲགས་ ཚོད་དང་བསྟུན་ན་གློ་བུར་དྲི་མའི་ཆ་ཅི་རིགས་པར་དག་པའི་དེ་ཉིད་ལ་བཞག་གོ ། དེ་ལ་དྲི་མས་ཇི་ལྟར་དག་པའི་དག་ཚུལ་ལ་དབྱེ་ན་གཉིས། འཇིག་རྟེན་པའི་དང་། འཇིག་རྟེན་ལས་འདས་པའི་འགོག་བདེན་ནོ། །དང་པོ་ནི། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་ 5-1-317b པའི་ས་བོན་ཉམ་ཆུང་བར་བྱས་པ་དེ་ཡིན་ཏེ། ཀུན་བཏུས་ལས། བརྡས་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པའི་འགོག་པ་གང་ཡིན་པ་སྟེ། ཞེས་སོ། ། གཉིས་པ་ནི། འཕགས་པའི་ལམ་གྱིས་སྤང་བྱའི་ས་བོན་སྤངས་པ་དེ་ཡིན་ཏེ། དེ་ ཉིད་ལས། དོན་དམ་པས་ཇི་ལྟ་བུ་ཞེ་ན། འཕགས་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་ས་བོན་ཀུན་ཏུ་བཅོམ་པའོ། །ཞེས་སོ། ། འགོག་བདེན་གྱི་སྤྱིའི་མཚན་ཉིད་ནི། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཞིའོ། །ལམ་བདེན་གྱི་མཚན་གཞི་ནི་སྐྱེ་འཕགས་ཀྱི་ ལམ་ལྔ་པོ་དེ་ཡིན་ནོ། །ལམ་བདེན་གྱི་སྤྱིའི་མཚན་ཉིད་ནི། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་ཏེ་བཞིའོ། །འགོག་ལམ་གཉིས་སུ་འབྱེད་པའི་རྒྱུ་མཚན་ནི། ཀུན་ནས་རྣམ་བྱང་གི་བདེན་པ་བཞིར་བྱས་ལ་རྒྱུ་འབྲས་གཉིས་སུ་ཡོད་པ་ལས་སོ། །(གཉིས་པ་)དེ་ཇི་ལྟར་ཤེས་ པའི་རྣམ་པ་ནི། འདིར་རྣམ་པ་ཞེས་བྱ་བའི་དོན། དམིགས་རྣམ་གཉིས་ཀྱི་ཟླས་ཕྱེ་བའི་རྣམ་པ་དེ་ཡིན་ལ། དེ་ཡང་ཡུལ་ཅན་ཤེས་པའི་ཁྱད་པར་ཉིད་ལ་འཆད་དགོས་པ་ཡིན་ཏེ། དཔལ་ཆོས་ཀྱི་གྲགས་པས། བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པས་རྣམ་པ་ཤེས་པར་ བསྒྲུབས་ཤིང་། རྣམ་པ་ཤེས་པར་གྲུབ་པ་ན་ཁ་ཕྱིར་ལྟའི་ཤེས་པ་རྣམས་ཀྱང་རང་རིག་པར་གྲུབ་པའི་ཚུལ་རྒྱས་པར་གསུངས་པ་བཞིན་ནོ། །དེས་ན་ཤེས་པ་ལས་གཞན་པའི་རྣམ་པ་ཞེས་པ་རང་དབང་དུ་གྲུབ་པ་ཞིག་མེད་ཀྱང་བལྟོས་སའི་དབང་གིས་རྣམ་པ་དེ་ལ་དབྱེ་ན། ཕྱི་དོན་གྱི་རྣམ་པ་ལྟ་བུ་ཀུན་རྫོབ་ཀྱི་རྣམ་པ་དང་། སྐྱེ་མེད་གསུམ་གྱི་རྣམ་པ་ལྟ་བུ་དོན་དམ་པའི་རྣམ་པ་སྟེ་གཉིས་སུ་ཡོད་པ་ལས། འདིར་ནི་ཕྱི་མའི་དབང་དུ་བྱས་ནས་འཆད་པ་ཡིན་ཏེ། སྐྱེ་མེད་གསུམ་ཐོས་བསམ་གྱིས་ཤེས་པའི་བློ་དེ་ཉིད་བསྒོམ་བྱའི་རྣམ་པར་འཆད་པའི་ 5-1-318a སྐབས་ཡིན་པའི་ཕྱིར་རོ། །དེས་ན་མཁྱེན་པ་གསུམ་གྱི་ཤེས་རྣམ་གསུམ་པོ་དེ་ལའང་མཚན་ཉིད་པ་མངོན་སུམ་གྱི་ཡུལ་ཅན་ཐེག་ཆེན་འཕགས་རྒྱུད་ལ་ཡོད་པ་དང་། རྗེས་མཐུན་པ་ཐོས་བསམ་གྱི་ཡུལ་ཅན་མོས་སྤྱོད་ན་ཡང་ཡོད་དོ། །རྗེས་མཐུན་པ་དེ་ཡང་ བསྒོམ་བྱ་ནི་མཚན་ཉིད་པ་ཡིན་ཏེ། ཚོགས་སྦྱོར་ན་ཐེག་ཆེན་སྦྱོར་བ་མཚན་ཉིད་པ་ཡོད་པར་བཤད་དོ། །སྦྱོར་བའི་རྣམ་པ་མཚན་ཉིད་པ་དེ་ལའང་བསྒོམ་བྱ་དངོས་ཡིན་མིན་གཉིས་སུ་འབྱེད་དགོས་ཏེ། སངས་རྒྱས་ཀྱི་སའི་སྐྱེ་མེད་གསུམ་རྟོགས་པའི་ཤེས་རྣམ་ནི་མཁྱེན་གསུམ་ གྱི་རྣམ་པ་མཚན་ཉིད་པ་ཡིན་ཀྱང་སྦྱོར་བའི་བསྒོམ་བྱ་དངོས་མ་ཡིན་པའི་ཕྱིར་རོ། ། འོ་ན་བསྒོམ་བྱའི་རྣམ་པ་ལ་བརྒྱ་དོན་གསུམ་དུ་དབྱེ་བ་མི་འཐད་པར་འགྱུར་ཞེ་ན། མི་འགྱུར་ཏེ། སངས་རྒྱས་ཀྱི་སའི་རྣམ་པ་དེ་དང་དེའི་རིགས་འདྲའི་རྒྱུན་གོམས་པར་བྱེད་པ་ཡིན་པའི་ཕྱིར་རོ། ། རིགས་འདྲའི་རྒྱུན་གོམས་བྱེད་དེ་ལ་སྨོན་ལམ་གྱི་རྣམ་པས་སྒོམ་ཞེས་པའི་ཐ་སྙད་བྱེད་དོ། ། ཡང་གལ་ཏེ་གཞི་ཤེས་ཀྱི་ཤེས་རྣམ་སྒོམ་ན། གང་ཟག་གི་བདག་མེད་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། བྱང་སེམས་ འཕགས་པས་གཞི་སྐྱེ་མེད་དུ་བསྒོམ་པ་ན་བདག་མེད་དང་པོའི་རྟོགས་པ་ཡར་ལྡན་དུ་འདུ་བ་ཡིན་གྱི། ཆེད་དུ་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་བསྒོམ་པ་མིན་ཏེ། གང་ཟག་གི་བདག་མེད་པའི་རྣམ་པ་ཅན་ནི་སྤྲོས་པའི་རྣམ་པ་གཅིག་ཏུ་བཤད་ལ། སེམས་དཔས་ ནི་སྤྲོས་པའི་མཚན་མ་གང་ཡང་ཡིད་ལ་མི་བྱེད་པའི་ཕྱིར། དཔེར་ན་གཞི་ཤེས་ཀྱི་རྣམ་པ་འཆད་པའི་ཚེ། མངོན་པ་ནས་གསུངས་པའི་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་དེ་མི་འཆད་པར། ཤེར་ཕྱིན་ནས་གསུངས་པའི་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་དེ་ཉིད་བསྒོམ་བྱར་བཤད་ 5-1-318b པ་བཞིན་ནོ། ། འོ་ན་དེ་གཉིས་དོན་གཅིག་པར་བཤད་པ་མ་ཡིན་ནམ་ཞེ་ན། ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཤར་བ་དེའི་ཚེ་ཅིག་ཤོས་ཀྱི་རྟོགས་པ་ཡར་ལྡན་དུ་འདུ་བ་ཡིན་ཏེ། ཆོས་ཀྱི་བདག་མེད་ཀྱི་རྣམ་པས་གང་ཟག་གི་བདག་མེད་ཀྱི་འགལ་ཟླ་སེལ་བའི་ཕྱིར། དེ་ལ་ དགོངས་ནས་མངོན་པ་དང་ཤེར་ཕྱིན་ནས་གསུངས་པ་དེ་གོ་རིམ་བཞིན་དུ་སྦྱར་བ་ཡིན་གྱི། སྤྲོས་བྲལ་གྱི་རྣམ་པ་དེ་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་དུ་འཆད་པ་ནི་མ་ཡིན་ཏེ། ཤེར་ཕྱིན་ནས་གསུངས་པའི་སྤྲོས་བྲལ་གྱི་རྣམ་པ་དེ་ནི་མངོན་པ་ནས་གསུངས་པའི་མི་རྟག་ སོགས་བཅུ་དྲུག་པོ་དེ་ལས་འདའ་བར་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར། གཞན་དག་མཁྱེན་པ་གསུམ་གྱི་སྦྱོར་བས་སྐྱེ་མེད་གསུམ་བསྒོམ་པ་མ་ཡིན་པར་འགྱུར་ཏེ། ཤེས་རྣམ་ཁོ་ན་བསྒོམ་བྱར་འདོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཤེས་རྣམ་བསྒོམས་པས་སྐྱེ་མེད་ གསུམ་བསྒོམ་པར་འཇོག་ནུས་པ་ཡིན་ཏེ། ཆོས་ཉིད་ཀྱི་རྣམ་པ་རྟོགས་པ་ལ་ཆོས་ཉིད་རྟོགས་པར་འཇོག་པའི་ཕྱིར། དཔེར་ན་སྔོན་པོའི་རྣམ་པར་ཤར་བ་ལ་སྔོན་པོ་རྟོགས་པར་འཇོག་པ་བཞིན་ནོ། །མདོར་ན་སྐྱེ་མེད་གསུམ་ནི་དམིགས་པ་ཡིན་ལ། དེ་འཛིན་སྟངས་ཀྱིས་གཟུང་ བྱར་བྱེད་པའི་བློ་ནི་རྣམ་པའོ། །དེ་ལྟར་གོ་བ་ན་གང་ལ་སྒྲོ་འདོགས་གཅོད་པའི་གཞི་དང་། དམིགས་པ་ནི་བོད་སྔ་རབས་པས་དོན་གྱི་ཐ་སྙད་སྦྱར་བ་དེ་ཡིན་ལ། དེ་ལ་གང་གིས་སྒྲོ་འདོགས་གཅོད་པའི་རྣམ་པ་ནི་ཤེས་རྣམ་ཞེས་པར་ཐ་སྙད་བྱས་པའི་ཕྱིར། ཤེས་རྣམ་ ཁོ་ན་སྦྱོར་བའི་བསྒོམ་བྱ་དང་། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མྱོང་བྱ་ཡིན་ལ། དེ་ལྟར་ན་རྣམ་པ་མཚན་ཉིད་པ་ལ་ཤེས་པས་ཁྱབ་བོ། ། དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་ནི་བོད་སྔ་མ་རྣམས་ཀྱིས་ཆོས་དབྱིངས་དོན་གྱི་རྣམ་པར་འཆད་པ་ནི་ཐེག་པ་ཆེན་པོའི་ལུགས་ 5-1-319a མ་ཡིན་གྱི། ཆོས་ཀྱི་དབྱིངས་ནི་དོན་ཤེས་གང་གི་ཡང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཡིན་པས་སོ། །ཡང་ཅི་སྟེ་ཁྱོད་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་མངོན་དུ་བྱས་པ་ལ་དོན་རྣམ་དུ་བཏགས་ན་ནི་ཁོ་བོ་ཅག་ཚིག་ལ་མི་རྩོད་དོ་ཞེས་གསུངས་སོ། ། མདོར་ ན་དམིགས་པ་གང་ཡིན་པ་དེའི་རྣམ་པ་ལས་གཞན་པའི་ངོ་བོ་ནི་ཅུང་ཟད་ཀྱང་མེད་པའི་ཕྱིར། རྣམ་པ་དེ་ཉིད་ཀྱང་ཞེས་པ་རང་གི་ངོ་བོ་དང་དབྱེར་མེད་ཡིན་གྱི། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་དང་ཞེས་གསུམ་གྱི་ཟླས་ཕྱེ་བའི་རྣམ་ པ་ནི་དམིགས་རྣམ་གཉིས་ཀྱི་ཟླས་ཕྱེ་བའི་རྣམ་པ་དེ་མ་ཡིན་པས། འདིར་བསྟན་གྱི་རྣམ་པར་མི་རུང་ལ། དམིགས་རྣམ་གཉིས་ཀྱི་ཟླས་ཕྱེ་བའི་རྣམ་པ་དེ་ཡང་རྣམ་རྟགས་མཚན་མ་གསུམ་གྱི་ཟླས་ཕྱེ་བའི་རྣམ་པར་མི་རུང་ངོ་། །གཉིས་པ་གཞུང་གི་དོན་ལ། བསྟན། བཤད་གཉིས་ཀྱི། དང་པོ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། གཞི་བདེན་པ་བཞི་ལ་སོགས་པར་བཞག་པའི་ཤེས་བྱ་ཐམས་ཅད་ཀྱི་དམིགས་པའོ། །ཤེས་པ་དེ་ནི་མངོན་སུམ་དུ་ཤེས་པའི་ཡུལ་ཡོངས་སུ་གཅོད་པའི་བྱེ་བྲག་གི་ཁྱད་པར་རྣམ་པར་རྣམས་ལ་ནི་ སྦྱོར་བའི་རྣམ་པ་ཞེས་བྱ་བ་དེའི་མཚན་ཉིད་དེ་ཡིན་ལ། དབྱེ་ན། ཀུན་མཁྱེན་པའི་ཡེ་ཤེས་ཉིད་ཀྱི་དམིགས་པ་ནི་རྣམ་པ་གསུམ་ཡོད་པའི་ཕྱིར། དེ་ཤེས་པའི་ཤེས་པའང་རྣམ་པ་གསུམ་དུ་འདོད་དོ། །དེས་ན་ཤེས་རྣམ་གྱི་རྣམ་པའང་གཞི་མེད་མིན་པར་མཁྱེན་ གསུམ་རྣམ་པའི་གཞིར་བཞག་པ་ཡིན་ནོ། ། སྤྱིར་བསྟན་གྱི་ཤློ་ཀ་གཅིག་པུ་འདི་ལ་གྲོལ་སྡེ་གཉིས། ཁ་ཆེ་འབུམ་ཊཱི་ཀ་མཁན། ཆོས་བཤེས། གསེར་གླིང་པ་རྣམས་འདོད་ཚུལ་མི་འདྲ་བས་འགྲེལ་ཚུལ་ཐ་དད་པ་དུ་མ་བྱུང་ངོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། ། 5-1-319b གཉིས་པ་ནི། གཞི་ཤེས་པ་ལྟ་བུ་ཞིག་གི་ཤེས་རྣམ་ལ་མཚོན་ན། རྟག་པ་གང་ལ་སོགས་པ་མི་བདེན་པར་འཛིན་པ། ལམ་གྱི་མི་མཐུན་པའི་ཕྱོགས་རྣམས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་བདེན་བཞིའི་ཆོས་མི་རྟག་པ་ལ་སོགས་བཅུ་དྲུག་པོ་ལ། དམིགས་ པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་གཞི་ཤེས་པའི་རྣམ་པར་གཞག་པ་ནི། གཞི་ཤེས་ཀྱི་རྣམ་པའི་མཚན་ཉིད་དེ་ཤེས་རྣམ་དེ་ལྟ་བུ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ནར་བཞེད་དོ། །གཉིས་པ་རྒྱས་བཤད་ལ་གསུམ། གཞི་ཤེས་ཀྱི་རྣམ་པ་མདོ་བཞིན་བདེན་བཞི་ལ་སྦྱར་བ་ཉི་ཤུ་རྩ་བདུན་དང་། ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ཏུ་བསྟན་པ་དང་། རྣམ་མཁྱེན་གྱི་རྣམ་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། རྣམ་གསུམ་ཕྱིར་ཞེས་རྣམ་པ་སྤྱིར་བསྟན་ནས། ད་ནི་ དེ་རྣམས་ཀྱི་ནང་ནས་ཁྱད་པར་དུ་གཞི་ཤེས་ཀྱི་རྣམ་པ་བསྟན་ནོ། །གཉིས་པ་ནི། མདོར། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་ཉེར་བདུན་གསུངས་པའི་དོན་ཏེ། དེའང་མདོ་ལས་མེད་པའི་རྣམ་པ་གསུངས་པ་ནས་བཟུང་སྟེ་མི་གཡོ་བའི་རྣམ་པའི་བར་བདེན་པ་དང་པོ་གསུམ་སོ་སོ་ལ་བཞི་བཞི་སྟེ་བཅུ་གཉིས་དང་། ལམ་བདེན་ལ་རྣམ་པ་དེ་ནི་བཅོ་ལྔར་བཤད་པས་ཉེར་བདུན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་ པ་འགྲེལ་པ་ལ། བསྟན། བཤད། བསྡུ་བ་ལས། དང་པོ་ནི། མཁྱེན་པ་གསུམ་དུ་ཡོད་པ་དེ་ལས་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ན་ཞེས་སོ། །གཉིས་པ་ལ་གཉིས། བདེན་པ་གསུམ་གྱི་རྣམ་པ་དང་། ལམ་བདེན་གྱི་རྣམ་པའོ། ། དང་པོ་ནི། མངོན་པ་ནས་ 5-1-320a གསུངས་པའི་རྣམ་པ་དང་། ཤེར་ཕྱིན་ནས་གསུངས་པ་མི་མཐུན་ནོ་སྙམ་པའི་དོགས་པ་དེ་སེལ་བའི་ཕྱིར་དུ། ཤེར་མདོ་དང་། མངོན་པ་གོ་རིམ་དུ་སྦྱར་བར་མཛད་དོ། །དེའང་དང་པོར་ཤེར་ཕྱིན་གྱི་མདོའི་བཞི་ཚན་གསུམ་ཡོད་པས། དང་པོ་ནི། མེད་ པ་སྟེ་ནམ་མཁའ་ལྟར་རྟག་དངོས་སུ་མེད་པ་དང་། མི་སྐྱེ་བ་སྟེ་ཆོས་ཐམས་ཅད་མི་དམིགས་པ་དང་། དབེན་པ་སྟེ་བདག་བདག་གི་བས་དབེན་པ་དང་། མི་བརྫི་བ་ནི་ཆོས་གང་ཟག་གི་བདག་གིས་སྟོང་པ་སྟེ་བཞིའོ། ། གཉིས་པ་ནི། གནས་མེད་པ་ནི་བསྐྱེད་པའི་ གཞི་དང་གྲུབ་པའི་འབྲས་བུར་མི་རུང་བ་དང་། ནམ་མཁའ་ནི་འདོད་ཆགས་སོགས་དུག་གསུམ་དཔྱད་ན་སྐྱེ་འགག་དང་བྲལ་བས་ནམ་མཁའ་ལྟ་བུ་དང་། བརྗོད་དུ་མེད་པ་ནི་བརྗོད་པ་རྟོག་དཔྱོད་དང་བཅས་པས་ནི་ལས་ཉེ་བར་ལེན་པས་ཕུང་པོ་འདྲེན་བྱེད་ཡིན་ན་དེ་ནི་དེ་ཁོ་ནར་མེད་ པ་དང་། མིང་མེད་པའི་ཚོར་བ་གཙོ་བོར་བྱས་པའི་མིང་བཞི་ནི་ཡང་སྲིད་ཀྱི་རྐྱེན་ཡིན་ན་དེ་དག་ནི་དེ་ཁོ་ནར་མ་གྲུབ་པ་སྟེ་བཞིའོ། ། གསུམ་པ་ནི། འགྲོ་བ་མེད་པ་ནི་སྡུག་བསྔལ་འགགས་པ་སྟེ་མངོན་དུ་བྱ་བ་ཙམ་ཡིན་གྱི། སོང་ནས་ཐོབ་པར་བྱ་བའི་དོན་དུ་མ་གྲུབ་པ་དང་། མི་འཕྲོག་ པ་ནི་ཉོན་མོངས་པ་གདོད་ནས་ཞི་བ་ལ་སླར་དབྲོག་བྱའམ་སྤང་བྱ་སོགས་སུ་མ་གྲུབ་པ་དང་། མི་ཟད་པ་ནི་ཆོས་ཉིད་ཀྱི་དམ་པར་གྱུར་པའི་ཡོན་ཏན་གྱི་ཚོགས་ནི་ཟད་པ་དང་བྲལ་བ་དང་། སྐྱེ་བ་མེད་པ་ནི་ཡེ་ནས་མ་སྐྱེས་པ་ལ་གང་གིས་དག་པ་འཐོབ་བྱར་མེད་པ་དང་བཞིའོ། ། དེ་ལྟ་ བུའི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པའི་རྣམ་པ་སྟེ་བཞི་གསུམ་བཅུ་གཉིས་ནི་མངོན་པ་དང་གོ་རིམ་བཞིན་དུ་སྦྱར་ན། སྡུག་བསྔལ་དང་ལ་སོགས་པའི་བདེན་པ་དང་པོ་གསུམ་གྱི་ཁྱད་ཆོས་བཞི་ཚན་གསུམ་སྟེ། དང་པོ་ནི། མི་རྟག་པ་དང་། ལ་སོགས་པས་སྡུག་ 5-1-320b བསྔལ། སྟོང་པ། བདག་མེད་དེ་བཞི། གཉིས་པ་ནི། རྒྱུ། ཀུན་འབྱུང་། རབ་སྐྱེ། རྐྱེན་སྟེ་བཞི། གསུམ་པ་ནི། འགོག་པ། ཞི་བ། གྱ་ནོམ། ངེས་པར་འབྱུང་བའི་མཚན་ཉིད་དག་ཡིན་ནོ། ། གཉིས་པ་ལམ་བདེན་གྱི་རྣམ་པ་ལ། ལམ་གྱི་སྤང་བྱ་སྒྲིབ་པ་སྤྱི་དོན་དུ་བཤད་ པ་དང་། གཉེན་པོ་ལམ་གྱི་རྣམ་པ་གཞུང་དོན་དུ་བཤད་པའོ། །དང་པོ་ནི། སྒྲིབ་པ་སྤྱིའི་མཚན་ཉིད། སོ་སོའི་རྣམ་པར་གཞག་པ། གྲངས་ངེས་སོ། ། དང་པོ་ནི། ཡང་དག་པའི་ཡེ་ཤེས་ལ་སྒྲིབ་བྱེད་དོ། །བསྒྲིབ་བྱ་དང་སྒྲིབ་བྱེད་གཉིས་ཀ་ལའང་སྒྲིབ་པའི་སྒྲ་འཇུག་མོད། འདིར་བསྟན་གྱི་སྒྲིབ་པ་ནི་སྒྲིབ་བྱེད་ཀྱི་དབང་དུ་བྱས་པ་ཡིན་ནོ། །ལུང་མ་བསྟན་གྱི་དབྱེ་གྱལ་དུ་ཡོད་པའི་སྒྲིབ་མ་སྒྲིབ་གཉིས་ནི་འདི་གཉིས་ཀྱི་སྒྲིབ་པ་དང་དོན་གཅིག་པ་མིན་ཏེ། དེ་དག་ནི་སྒྲིབ་བྱེད་ཀྱི་དབང་དུ་བྱས་ནས་བཤད་པ་མིན་པའི་ཕྱིར། གཉིས་པ་སོ་སོའི་རྣམ་གཞག་ དབྱེ་སྒོ་གཉིས་ཏེ། དང་པོ་ནི། ཞི་གནས་ལ་སྒྲིབ་བྱེད་དང་། ལྷག་མཐོང་ལ་སྒྲིབ་བྱེད་དོ། །ཡང་ན་དབྱེ་སྒོ་ཡོན་ཏན་ལ་སྒྲིབ་བྱེད་དང་། ཡེ་ཤེས་ལ་སྒྲིབ་བྱེད་དོ། །དེ་ལྟར་དབྱེ་སྒོ་གཉིས་ཀྱི་དབྱེ་བ་དང་པོ་གཉིས་ནི་འོག་ཏུ་སྙོམས་འཇུག་གི་སྒྲིབ་པའི་སྐབས་སུ་འཆད་ ལ། དབྱེ་སྒོ་གཉིས་ཀྱི་དབྱེ་བ་ཕྱི་མ་གཉིས་གནད་གཅིག་ཏུ་འདུ་བས། དེ་ལ་གང་ཟག་གི་བདག་མེད་རྟོགས་པ་དང་། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ལ་སྒྲིབ་བྱེད་དོ། །དང་པོ་ནི་ཉོན་སྒྲིབ་དང་། གཉིས་པ་ནི་ཤེས་བྱའི་སྒྲིབ་པའོ། །དང་པོ་ཉོན་སྒྲིབ་ལ་མཚན་ ཉིད། དབྱེ་བ། སྤངས་པའི་ས་མཚམས་བསྟན་པའོ། །དང་པོ་ནི། ཉན་རང་གི་མྱང་འདས་གཉིས་པོ་གང་རུང་ཐོབ་པ་ལ་སྒྲིབ་བྱེད་ཀྱི་རིགས་གནས་སོ། །གཉིས་པ་དབྱེ་བ་ལ། ལྷག་བཅས་དང་། ལྷག་མེད་ཀྱི་མྱང་འདས་ཐོབ་པར་བྱེད་པ་ལའོ། །དང་པོ་ལྷག་བཅས་ 5-1-321a མྱང་འདས་འཐོབ་བྱེད་ཀྱི་སྒྲིབ་པ་ནི། རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་ཅན་དང་། བག་ཉལ་གྱི་ཉོན་སྒྲིབ་བོ། །གཉིས་པ་ལྷག་མེད་མྱང་འདས་འཐོབ་བྱེད་ཀྱི་སྒྲིབ་པ་ནི། ལས་དང་རྣམ་སྨིན་གྱི་ཉོན་སྒྲིབ་བོ། །ཉོན་སྒྲིབ་ནི་བཤད་ཟིན་པ་དེར་གྲངས་ངེས་ཏེ། ཉན་རང་ གིས་མྱང་འདས་གཉིས་པོ་དེར་གྲངས་ངེས་པའི་ཕྱིར། ཉན་རང་གི་མྱང་འདས་གོ་ཆོད་པོ་དེ་ལྷག་མེད་ཀྱི་མྱང་འདས་ཉིད་ཡིན་ལ། ལྷག་བཅས་ཀྱི་མྱང་འདས་ནི་འཁོར་བ་ལས་མ་གྲོལ་བའི་ཕྱིར་མྱང་འདས་གོ་ཆོད་པོར་མི་འཇོག་གོ། དམན་པའི་མྱང་འདས་འཐོབ་ བྱེད་ཀྱི་ཉོན་སྒྲིབ་རྒྱུད་མ་ཞི་བར་བྱེད་པ་དང་། བག་ཉལ་གྱི་མཚན་ཉིད་ལས། དང་པོ་ནི། འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པ་རྣམ་སྨིན་གསུམ་པོ་གང་རུང་ས་བོན་དང་བཅས་པའོ། །གསུམ་པོ་འདིའི་ནང་ནས་འཁོར་བར་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་གྱུར་ པའི་ཉོན་མོངས་ས་བོན་དང་བཅས་པ་ནི་གཙོ་བོར་ལྷག་བཅས་མྱང་འདས་ཁོ་ན་འཐོབ་བྱེད་ཀྱི་སྒྲིབ་པར་བཤད་ནས། ཕྱི་མ་ཉོན་མོངས་དེས་སློང་བའི་ལས་དང་། ལས་དེའི་རྣམ་སྨིན་དུ་གྱུར་པའི་སྡུག་བསྔལ་གྱི་ཕུང་པོས་ནི་ལྷག་མེད་མྱང་འདས་འཐོབ་བྱེད་ལ་སྒྲིབ་པར་གོང་དུ་བཤད་ ཟིན་ཏོ། ། གཉིས་པ་ནི། ཉོན་མོངས་པས་བཞག་པའི་བག་ཉལ་གང་ཞིག །སྲིད་པར་སྐྱེ་བ་འཛིན་པའི་རྒྱུར་གྱུར་པ་སྟེ། ལྷག་བཅས་མྱང་འདས་འཐོབ་བྱེད་ཀྱི་སྒྲིབ་པར་གོང་དུ་བསྟན་པ་དེའོ། །དེའི་མཚན་གཞི་ནི། དཔེར་ན་བྱང་སེམས་འཕགས་པ་རྒྱུད་ཀྱི་སེམས་རྒྱུད་རབ་ ཏུ་མ་ཞི་བར་བྱེད་ནུས་ཀྱི་ནུས་པ་དང་བྲལ་ཞིང་། སྲིད་པར་སྐྱེ་བར་སྒྲུབ་བྱེད་ཀྱི་རྒྱུ་བྱེད་པར་ནུས་པ་དེ་ལྟ་བུ་བ་དེའོ། །སེམས་རྒྱུད་རབ་ཏུ་མ་ཞི་བ་དང་། དེས་བཞག་པའི་བག་ཉལ་གྱི་སྒོ་ནས་འདི་ལྟར་དབྱེ་བ་ནི། ཉོན་སྒྲིབ་ལ་བྱང་སེམས་ལམ་གྱི་སྤང་བྱ་ལ་བལྟོས་ནས་གཉིས་སུ་ 5-1-321b ཕྱེ་བ་ཡིན་གྱི། དམན་ལམ་གྱི་སྤང་བྱ་ལ་བལྟོས་ནས་གཉིས་སུ་འབྱེད་པ་མིན་ཏེ། དེར་ནི་རྒྱུད་མ་ཞི་བར་བྱེད་ནུས་པ་དང་། སྐྱེ་བ་ལེན་ནུས་ཀྱི་ཉོན་སྒྲིབ་སོ་སོར་མི་འབྱེད་པར་གཅིག་ཏུ་སྡུད་ཅིང་ཅིག་ཅར་དུ་བསྡོམས་ནས་སྤོང་ངོ་། །སེམས་དཔས་ནི་སོ་སོར་ཕྱེ་ནས་རྒྱུད་མ་ཞི་བར་ བྱེད་ནུས་དེ་ཆེད་གཉེར་དུ་བྱས་ནས་སྤོང་ལ། སྐྱེ་བ་ལེན་པའི་རྒྱུ་ནི་ཆེད་གཉེར་དུ་བྱས་ནས་མི་སྤོང་བ་ཡིན་ནོ། ། གཞན་དག །འོ་ན་རྒྱུད་མ་ཞི་བར་བྱེད་ནུས་དེ་སྤངས་པ་ན། སྐྱེ་བ་ལེན་པའི་རྒྱུ་དེ་ཡང་ཞར་ལ་སྤངས་པ་མིན་ནམ་ཞེ་ན། རྒྱུད་མ་ཞི་བར་བྱེད་པའི་གཉེན་པོར་གང་ ཟག་གི་བདག་མེད་བསྒོམས་ན་སྐྱེ་བ་ལེན་པའི་རྒྱུའི་ནུས་པ་ཞར་ལ་སྤོང་བ་ཡིན་ཀྱང་། སེམས་དཔས་ནི་རྒྱུད་མ་ཞི་བར་བྱེད་པའི་ནུས་པ་སྤོང་ཡང་འཁོར་བར་སྐྱེ་བ་ལེན་པའི་རྒྱུའི་ནུས་པ་མི་སྤོང་སྟེ། ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་སྒོམ་སྟོབས་ཀྱིས་རྒྱུད་མ་ཞི་ བར་བྱེད་ནུས་ཀྱི་ས་བོན་དང་བཅས་པ་རང་འགགས་སུ་སོང་ཡང་སྐྱེ་བ་ལེན་པའི་རྒྱུ་རང་འགགས་སུ་མ་སོང་བའི་ཕྱིར། འོ་ན་སེམས་དཔས་ཉོན་སྒྲིབ་ཀྱི་བག་ཉལ་སྤྱིར་མི་སྤོང་བར་ཐལ་ལོ་ཞེ་ན། མིན་ཏེ། སྤྱིར་དེ་སྤོང་བ་ཡང་ཤེས་སྒྲིབ་ཀྱི་ཞར་ལ་སྤོང་བ་ཡིན་ལ། གནས་ སྐབས་སུ་ཆེད་གཉེར་བྱས་ནས་མི་སྤོང་བའི་དོན་ནི། སྐྱེ་བ་ལེན་པའི་རྒྱུ་དེས་ཆོས་ཀྱི་བདག་མེད་རྟོགས་པ་ལ་མངོན་གྱུར་གྱི་གེགས་མི་བྱེད་པའི་ཕྱིར་དང་། དེས་ཆེད་དུ་སྤོང་བ་དོན་དུ་མི་གཉེར་བ་ནི། སྲིད་པར་སྐྱེ་བ་ལེན་ནུས་ཀྱི་ཉོན་མོངས་ཆེད་དུ་སྤོང་བའི་གང་ཟག་གི་བདག་ མེད་རྟོགས་པའི་ལམ་དེ་ཤེས་སྒྲིབ་ཀྱི་གཉེན་པོར་མ་གྱུར་ཅིང་། ཉོན་སྒྲིབ་ཁོ་ནའི་གཉེན་པོར་གྱུར་པའི་ལམ་ཞིག་ཡིན་ལ། ལམ་དེ་སེམས་དཔས་གཙོ་བོར་དོན་དུ་མི་གཉེར་བ་ཡིན་ནོ། ། ཡང་སྐྱེ་བ་ལེན་པའི་རྒྱུ་འདི་ཉོན་སྒྲིབ་མཚན་ཉིད་པ་ཡང་ཡིན་ཏེ། དམན་པའི་ 5-1-322a མྱང་འདས་ཐོབ་པ་བགེགས་བྱེད་པ་ཅན་གྱི་གནས་ཡིན་པའི་ཕྱིར་དང་། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་གྱིས་བག་ཉལ་གྱི་ཉོན་སྒྲིབ་དེའི་ས་བོན་དྲུངས་འབྱིན་གྱི་གཉེན་པོའི་རིགས་ཡིན་པའི་ཕྱིར། འོན་ཀྱང་འདི་ ཉོན་སྒྲིབ་མཚན་ཉིད་པ་ཡིན་ཀྱང་ཉོན་མོངས་མཚན་ཉིད་པ་ནི་མིན་ཏེ། བྱང་འཕགས་ཀྱི་རྒྱུད་ལ་ཡོད་པའི་ཕྱིར་དང་། རྒྱུད་རབ་ཏུ་མ་ཞི་བར་བྱེད་ནུས་དང་བྲལ་བའི་ཕྱིར་རོ། ། གསུམ་པ་ཉོན་སྒྲིབ་སྤངས་པའི་ས་མཚམས་ནི། དམན་པའི་དབང་དུ་བྱས་ན་ལྷག་བཅས་ཀྱི་ མྱང་འདས་མངོན་དུ་བྱས་པའི་ཚེ་རྒྱུད་མ་ཞི་བར་བྱེད་པ་དང་། བག་ཉལ་གྱི་ཉོན་མོངས་པའི་སྒྲིབ་པ་གཉིས་ཀ་མ་ལུས་པ་སྤངས་པ་ཡིན་ཏེ། དེའི་གཉེན་པོ་རྡོར་ཏིང་གི་ཏིང་ངེ་འཛིན་གྱིས་དེ་གཉིས་ཀ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། རྣམ་སྨིན་གྱི་སྒྲིབ་པ་སྤངས་ཀྱང་ བྲལ་བ་ནི་མིན་ཏེ། ལས་ཉོན་སྔ་མས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དང་མ་བྲལ་བའི་ཕྱིར། ཟག་བཅས་ཀྱི་ལས་གསར་པ་མི་གསོག་ཀྱང་། ཟག་བཅས་ཀྱི་ལས་རྙིང་པའི་འབྲས་བུ་སྐབས་དེར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་མིན་ཏེ། སྤྱོད་འཇུག་ལས། ཉོན་མོངས་མེད་ ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །ལྷག་མེད་ཀྱི་དུས་སུ་ལས་ཉོན་རྣམ་སྨིན་གསུམ་ཀ་དང་བྲལ་བའི་མྱང་འདས་ཀྱང་གོ་ཆོད་པོ་བཞག་གོ། ཐེག་ཆེན་གྱི་དབང་དུ་བྱས་ན། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པའི་ནུས་པའི་ ཆ་ནི་ས་དང་པོ་ནས་སྤོང་བ་ཡིན་ཏེ། དམན་ལམ་སྔོན་དུ་མ་སོང་བའི་སྡུག་བསྔལ་ལ་ཆོས་བཟོད་དུ་ནུས་པ་དེའི་ས་བོན་དྲུངས་འབྱིན་པ་ལ་དབང་ཐོབ་པའི་ཕྱིར་རོ། ། བག་ལ་ཉལ་གྱི་ཉོན་མོངས་པའི་ནུས་པ་ལ། ཐེག་ཆེན་གྱི་མཐོང་སྤང་དང་། སྒོམ་སྤང་གི་ཆ་གཉིས་ལས། དང་པོ་ནི། 5-1-322b མཐོང་སྤང་ཤེས་སྒྲིབ་ཀྱི་རྟོག་པ་བརྒྱ་རྩ་བརྒྱད་སྤོང་བ་དང་དུས་མཉམ་ཁོ་ནར་སྤོང་ལ། གཉིས་པ་ཡང་སྒོམ་སྤང་གི་ཉོན་མོངས་པའི་བག་ཉལ་གྱི་ཆ་དེ་སྒོམ་སྤང་སྤངས་པ་དང་དུས་མཉམ་དུ་སྤོང་བ་ཡིན་ནོ། ། འདིར་དཀའ་བའི་གནད་འདི་ཤེས་དགོས་ཏེ། ས་དང་པོར་ཉོན་མོངས་ པའི་བག་ཉལ་སྤོང་ན་དམན་ལམ་སྔོན་དུ་མ་སོང་བའི་མ་དག་སར་ཉོན་མོངས་ཅན་གྱི་ཡིད་ཡོད་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། ཁས་ལེན་ཏེ། ཉོན་ཡིད་དང་ཉོན་མོངས་ཀྱི་བག་ལ་ཉལ་མི་གཅིག་པའི་ཕྱིར་དང་། རྩ་ཉོན་བདག་ལྟ་ལྟ་བུའང་ཐེག་ཆེན་པ་ལྟར་ན། ཉོན་ཡིད་ཡོད་ པའི་རྒྱུ་མཚན་གྱིས་དྲུག་ཡིད་ཀྱིས་སྐྱེས་པའི་བློ་ལྷན་སྐྱེས་ལ་ཕུང་པོ་ལ་གང་ཟག་གི་བདག་ཏུ་ལྟ་བ་དེ་མཐོང་ལམ་གྱིས་སྤངས་ཤིང་། ཉོན་སྒྲིབ་དང་ཉོན་མོངས་པའི་ཡིད་དེ་ཉིད་ཀྱིས་ཀུན་གཞི་ལ་བདག་ཏུ་ལྟ་བ་ནི་ཆོས་ཀྱི་བདག་དང་ཤེས་སྒྲིབ་ཏུ་འཇོག་གོ། དེའང་འཁོར་བར་འཆིང་བྱེད་ཀྱི་ ཉོན་མོངས་དེས་བཞག་པའི་དྲུག་ཤེས་ཀྱི་ཆ་དང་ལྡན་པར་འབྱུང་བས་བག་ཉལ་ཙམ་པོ་བ་དེ་མཐོང་སྤང་ཤེས་སྒྲིབ་ཀྱི་རྟོག་པ་བརྒྱ་རྩ་བརྒྱད་སྤོང་བ་དང་། དེ་དང་མཉམ་དུ་སྒོམ་ལམ་གྱིས་ཀྱང་སྤོང་བ་ཡིན་མོད། དེ་སྤོང་བས་བག་ལ་ཉལ་ཀུན་གཞིའི་སྟེང་ན་ཡོད་པ་དེ་སྤོང་བས་མ་ ཁྱབ་པའི་རྒྱུ་མཚན་གྱིས་ཉོན་ཡིད་གནས་མ་གྱུར་ཅེས་མ་དག་པར་འཇོག་པ་ཡིན་ནོ། །དེ་ལྟར་ནའང་དེའི་བག་ལ་ཉལ་ནི་ཉོན་མོངས་པའི་ཡིད་མཚན་ཉིད་པ་མིན་ཏེ་གང་ཟག་གིས་བདག་ཏུ་འཛིན་པའི་རྟོག་པ་མ་ཡིན་པའི་ཕྱིར། ཉོན་ཡིད་ཡིན་ན་ཀུན་གཞི་ལ་བདག་ཏུ་འདུ་ཤེས་པས་ཁྱབ་ པའི་ཕྱིར་ཏེ། ཇི་སྐད་དུ། དེ་ལ་གནས་ཏེ་རབ་བྱུང་ཞིང་། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །ཞེས་གསུངས་པའི་ཕྱིར། དེ་ལྟར་གྱི་ཚེ། ཉོན་མོངས་བཞི་ 5-1-323a དང་རྟག་ཏུ་འགྲོགས། །ཞེས་འབྱུང་བས། འདི་ཉོན་མོངས་ཀྱི་བག་ཉལ་དུ་འཇོག་དགོས་སོ་སྙམ་ན། དེ་ཡང་མིན་ཏེ། ཉོན་སྒྲིབ་ཀྱི་བག་ཉལ་གྱིས་སྲིད་པར་སྐྱེ་བ་ལེན་པའི་ལས་ཀྱི་ཀུན་སློང་བྱེད་ལ། འདིས་ནི་ཀུན་གཞི་ལ་ཁ་ནང་ཁོ་ནར་ཕྱོགས་པ་ ཅན་ཡིན་པའི་ཕྱིར་རོ། ། གཉིས་པ་ཤེས་སྒྲིབ་ལ། མཚན་ཉིད། དབྱེ་བ། སྤངས་པའི་ས་མཚམས་སོ། །དང་པོ་ནི། ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་བྱེད་ཀྱི་རིགས་སུ་གནས་པའོ། །གཉིས་པ་ལ་རང་རྒྱལ་ལམ་གྱི་སྤང་བྱར་གྱུར་པའི་ཤེས་སྒྲིབ་དང་། ཐེག་ཆེན་གྱི་ ལམ་ཁོ་ནའི་སྤང་བྱར་གྱུར་པའི་ཤེས་སྒྲིབ་བོ། །དང་པོ་ནི། ཉོན་མོངས་ཤེས་བྱའི་ལམ་གསུམ་གྱི། །ཞེས་དང་། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་ཅེས་བྱ་བའི་མིང་ཅན་ནོ། ། འདི་ལའང་ཐོགས་མེད་མཆེད་དང་། འཕགས་སེང་གཉིས་ ངོས་འཛིན་ཚུལ་མི་མཐུན་པ་ལས། དང་པོ་ནི། རྒྱན་འདིར་གཟུང་འཛིན་གྱི་རྟོག་པ་བཞི་བཤད་པའི་གཟུང་རྟོག་གི་གཉེན་པོ་ནི་རང་རྒྱལ་ལ་ཡོད་ལ། འཛིན་རྟོག་གི་གཉེན་པོ་ནི་ཐེག་ཆེན་འཕགས་པ་ཁོ་ན་ལ་ཡོད་དོ། །དེའང་གཟུང་བ་ཀུན་བཏགས་ལ་བདེན་པར་ཞེན་པའི་བློ་ནི་ གཟུང་རྟོག་དང་། འཛིན་པ་ཀུན་བཏགས་ལ་དེར་ཞེན་པའི་བློ་ནི་འཛིན་རྟོག་ཡིན་ལ། འཛིན་རྟོག་སྤོང་བྱེད་ཀྱི་གཉེན་པོ་ཡང་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ཡིན་པས། དེའི་ཕྱིར་རང་རྒྱལ་ལ་གཟུང་མེད་རྟོགས་པའི་ཡེ་ཤེས་དེ་ཁོ་ན་ཡོད་ཀྱི། གཉིས་མེད་རྟོགས་པའི་ཡེ་ཤེས་མེད་པས་ འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས་མེད་དོ། ། གཉིས་པ་ནི། རྒྱན་འདིར་ཐེག་ཆེན་གྱི་མཐོང་སྒོམ་ལམ་གྱི་སྤང་བྱར་བཤད་པའི་གཟུང་འཛིན་གྱི་རྟོག་པ་དེ་སྤོང་བྱེད་ཀྱི་གཉེན་པོ་ནི་རང་རྒྱལ་ལ་ཡོད་པ་མ་ཡིན་ཏེ། ཐེག་ཆེན་ལམ་གྱི་སྤང་བྱར་བཤད་པའི་གཟུང་འཛིན་གྱི་རྟོག་པ་དེ་དག ། 5-1-323b རང་གི་ངོ་བོས་སྟོང་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་སྤོང་དགོས་ལ། རང་རྒྱལ་ལ་ནི་དེ་ལྟར་མིན་ཏེ། རང་གི་ངོ་བོས་སྟོང་པའི་ཡེ་ཤེས་མེད་པར་གཞན་སྟོང་རྟོགས་པའི་ཡེ་ཤེས་ཙམ་ལ་བརྟེན་པ་ཡིན་ནོ། །དེས་ན་རང་རྒྱལ་ལམ་གྱི་སྤང་བྱར་གྱུར་པའི་ཤེས་སྒྲིབ་གཟུང་ རྟོག་ནི་གཟུང་འཛིན་གཉིས་ཞེན་གྱི་རྟོག་པ་ཉིད་ལ་ཞེན་པ་ཡིན་ནོ། །དེ་ལ་གཟུང་བར་ཞེན་རྟོག་ནི་དོན་དུ་སྣང་བ་དེ་ཕྱི་དོན་ཉིད་དུ་ཞེན་པའོ། །འཛིན་པར་ཞེན་རྟོག་ནི་སྣང་བ་དེ་ཤེས་པའི་ངོ་བོར་ཞེན་པའོ། །གཟུང་རྟོག་ནི་རང་རྒྱལ་སྒོམ་ལམ་པའི་རྗེས་ཐོབ་ཡེ་ཤེས་ཀྱིས་སྤོང་ལ། འཛིན་རྟོག་ནི་རང་རྒྱལ་སྒོམ་ལམ་པའི་མཉམ་བཞག་ཡེ་ཤེས་ཀྱིས་སྤོང་བར་བཞེད་དོ། །དེ་ལྟ་བུའི་གཟུང་འཛིན་གྱི་རྟོག་པ་གཉིས་པོ་དེ་ནི། རྣམ་རྟོག་བཞི་པོ་ལྡན་བསྟེན་པ། །ཞེས་པའི་གཞུང་གིས་བསྟན་པའི་རྟོག་པའི་ནང་དུ་འདུས་པ་མིན་ཏེ། བཞི་པོ་དེ་ནི་རྩེ་སྦྱོར་གྱི་མཐོང་སྒོམ་ ལམ་ཁོ་ནའི་སྤང་བྱར་བཤད་པའི་ཕྱིར་རོ། །རང་རྒྱལ་གྱིས་གཟུང་འཛིན་གྱི་རྟོག་པ་གཉིས་པོ་དེ་སྤོང་ཚུལ་ཡང་། སྣང་བ་ཕྱི་དོན་དུ་ཞེན་པ་ནི་ལྷན་སྐྱེས་ཀྱི་རྟོག་པ་ལ་ཡོད་པ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་དང་། སྣང་བ་སེམས་སུ་ཞེན་པ་ནི་རྣམ་བདེན་པའི་གྲུབ་མཐའ་དང་མདོ་སྡེ་པའི་ གྲུབ་མཐའ་ཡིན་ལ། གྲངས་ཅན་པས་ཀྱང་སྣང་བ་བློའི་ངོར་འདོད་ཚུལ་མཐུན་ནོ། །མདོ་སྡེ་པ་དང་གྲངས་ཅན་པས་ནི་སྣང་བ་དེ་ནང་ཡིན་ཀྱང་། དེ་གཏོད་བྱེད་ཀྱི་རྒྱུ་ཕྱི་ན་ཡོད་པར་འདོད་ལ། གཟུང་དོན་ཕྱི་རོལ་ཏུ་ཡོད་པར་འདོད་པ་དེ་རྣམས་འགོག་བྱེད་ཀྱི་རིགས་པ་ནི་སྣང་རུང་མ་ དམིགས་པའི་གཏན་ཚིགས་ཏེ། འདི་ནི་སེམས་ཙམ་པའི་ཕྱི་དོན་འགོག་པའི་རིགས་པ་ཡིན་ལ། རང་རྒྱལ་གྱིས་རིགས་པ་དེ་ལ་བརྟེན་ནས་གཟུང་འཛིན་རྫས་གཞན་ཁེགས་པས་རང་རྒྱལ་གྱི་ཐར་པ་ལ་གེགས་བྱེད་ཀྱི་ལས་ཉོན་རྣམ་སྨིན་གསུམ་སྤོང་ནུས་ཀྱི་གཟུང་མེད་རྟོགས་པ་དེ་ཡིན་ 5-1-324a ནོ། །རྣམ་བདེན་པ་དང་མདོ་སྡེ་པས་སྣང་བ་སེམས་སུ་ཞེན་པ་རྣམ་བརྫུན་པས་འགོག་པ་ན། གཟུང་བ་མེད་པའི་རྟགས་ཀྱིས་འཛིན་པ་འགོག་པ་ཡིན་ལ། རང་རྒྱལ་གྱིས་ཀྱང་རིགས་པ་དེ་ལ་བརྟེན་ནས་འགོག་པར་བྱེད་ཅིང་། དེ་ལྟར་བྱེད་པའི་དགོས་ པའང་འཛིན་རྟོག་དེ་རང་རྒྱལ་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་མིན་ཀྱང་། རང་རྒྱལ་གྱི་ཤེས་བྱ་ཡོངས་སུ་དཔྱོད་བྱེད་ལ་གེགས་ཡིན་པས་འགོག་པ་དང་སྤོང་བ་ཡིན་ནོ། ། འོ་ན་རང་རྒྱལ་གྱིས་གཉིས་མེད་ཡེ་ཤེས་རྟོགས་སམ་ཞེ་ན། མི་རྟོགས་པར་ཐོགས་མེད་མཆེད་ཀྱིས་ བཞེད་པ་གོང་དུ་བསྟན་ཟིན་ཀྱང་། འཕགས་སེང་གིས་ནི་རྟོགས་པར་བཞེད་དེ། ཇི་སྐད་དུ། གོས་པ་མེད་པ་དང་། སྤྲོས་པ་མེད་པ་དང་། རྟོགས་པ་མེད་པ་དང་། རློམ་པ་མེད་པ་ཞེས་གསུངས་པ་རྣམས་ཀྱིས་ལེགས་པར་བཤད་པའི་ཕྱིར་རོ། །དེ་ལྟར་གྱི་ཚེའང་ འདིར་རང་རྒྱལ་གྱིས་གཉིས་མེད་ཀྱི་ཡེ་ཤེས་རྟོགས་པའི་དགོངས་པ་ཡང་ཕྱི་རོལ་དོན་ལ་བལྟོས་པའི་གཟུང་འཛིན་བལྟོས་ཆོས་པ་ཡིན་པའི་ཕྱིར་གཉིས་མེད་ཀྱི་ཡེ་ཤེས་རྟོགས་ཞེས་དགོངས་ཀྱི། མྱོང་བ་རང་རིག་ཡུལ་འཛིན་པའི་ངོ་བོར་སྐྱེས་པའི་ཁ་ནང་དུ་ཕྱོགས་ པའི་འཛིན་པའི་ཆོས་བདག་སྤངས་པའི་དབང་དུ་བྱས་པ་མིན་པས། འདི་ལ་ཕྲ་རགས་མ་ཕྱེ་ན་ལུགས་ཐམས་ཅད་འཁྲུགས་པར་འགྱུར་བའི་ཕྱིར་རོ། ། གཉིས་པ་ཐེག་ཆེན་གྱི་ཤེས་སྒྲིབ་ཀྱི་དབྱེ་བ་ལ་གཉིས་ཏེ། ཤེས་བྱ་ལ་དཔྱོད་པའི་གེགས་གྱུར་གྱི་མཚན་ འཛིན་རྟོག་པ་ས་བོན་དང་བཅས་པ་དང་། སྒྲིབ་པ་གཉིས་པོ་ཇི་སྙེད་ཀྱི་གནས་ངན་ལེན་ནོ། །དང་པོ་ལའང་གཉིས་ཏེ། ཐེག་ཆེན་མཐོང་ལམ་གྱི་སྤང་བྱར་གྱུར་པ་དང་། རྩེ་སྦྱོར་མཐར་ཐུག་པའི་སྤང་བྱར་གྱུར་པའོ། །དང་པོ་ནི། ཐེག་ཆེན་མཐོང་ལམ་གྱི་སྤང་བྱར་གྱུར་པའི་ཤེས་ 5-1-324b སྒྲིབ་རྟོག་པ་རྣམས་དང་གཟུང་འཛིན་གཉིས་སུ་ཞེན་སྣང་རྣམས་སོ། །གཉིས་པ་ནི། བར་ཆད་མེད་པའི་རྩེ་སྦྱོར་ཁོ་ནའི་སྤང་བྱར་གྱུར་པའོ། །འདིའི་མཚན་གཞི་ནི་ཉན་རང་དགྲ་བཅོམ་དང་། དབང་ཐོབ་པའི་སེམས་དཔའ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་བཤད་པའི་མ་རིག་བག་ ཆགས་ཀྱི་ས་ཞེས་བྱ་བ་དེའོ། །འདིའི་མ་རིག་པ་ནི་ཉོན་མོངས་ཡིན་མིན་གཉིས་ཀའི་བག་ཆགས་སོ། །དེ་ལའང་དབྱེ་ན། མཉམ་བཞག་ཏུ་ཇི་ལྟ་བ་མཐོང་བ་ལ་དང་། རྗེས་ཐོབ་ཏུ་ཇི་སྙེད་པ་མཐོང་བ་ལ་སྒྲིབ་བྱེད་དོ། །དེའི་གཉེན་པོ་ལ་ཇི་ལྟ་བ་མཐོང་བའི་ཤེས་རབ་དང་། ཇི་སྙེད་པ་མཐོང་བའི་ཤེས་རབ་བོ། །དེའི་དང་པོས་ནི་མཉམ་བཞག་ཏུ་ཆགས་པའི་སྒྲིབ་པ་སྤོང་ལ། གཉིས་པས་ནི་རྗེས་ཐོབ་ཏུ་ཐོགས་པའི་སྒྲིབ་པ་སྤོང་བར་བྱེད་དོ། །གཉིས་པ་སྒྲིབ་གཉིས་ཇི་སྙེད་ཀྱི་གནས་ངན་ལེན་ནི་ཀུན་གཞི་སྟེ། སྒྲིབ་པ་གང་དང་གང་ཡིན་པ་དེ་སྤང་རིམ་ ནས་དེ་རྟེན་བྱེད་ཀྱི་གནས་ངན་ལེན་དེ་ཡིན་ལ། དེའི་སྒྲིབ་པ་དེ་སྤོང་རིམ་ནས་གནས་ངན་ལེན་རྣམས་རིམ་གྱིས་ཟད་ནས། མཐར་སེམས་དཔའ་རྡོར་ཏིང་ལ་སྦྱོར་འཇུག་གཉིས་སུ་ཕྱེ་ནས་བར་ཆད་མེད་པའི་རྩེ་སྦྱོར་གྱིས་སྤོང་བ་དེ་ཡིན་ལ། དེའི་ཚེ་ན་གནས་ངན་ལེན་ཡོངས་རྫོགས་ སྤོང་བར་འདོད་དོ། །འདིར་ཉོན་མོངས་པའི་གནས་ངན་ལེན་ནི་ཉོན་མོངས་པའི་བག་ཆགས་ཡིན་ཀྱང་ཉོན་སྒྲིབ་གཉིས་གང་དུའང་མི་རུང་སྟེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར། སྙོམས་འཇུག་གི་སྒྲིབ་པའི་གནས་ངན་ལེན་ནི་སྙོམས་འཇུག་གི་སྒྲིབ་པར་བཞག་སྟེ། སངས་རྒྱས་ 5-1-325a ཀྱི་སའི་ཞི་གནས་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར་རོ། ། གསུམ་པ་ཤེས་སྒྲིབ་སྤངས་པའི་ས་མཚམས་ལ། ཤེས་སྒྲིབ་དང་པོ་སྤངས་པའི་ས་མཚམས་དང་། གཉིས་པ་སྤངས་པའི་ས་མཚམས་སོ། །དང་པོ་ནི། ཤེས་བྱ་ཡོངས་སུ་དཔྱོད་པའི་ གེགས་གྱུར་གྱི་མཚན་རྟོག་དེ། ཉན་ཐོས་ཀྱིས་སྤངས་པ་ནི་མིན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དུ་འདི་སྤོང་བྱེད་ཀྱི་ལམ་མ་བཤད་པའི་ཕྱིར་རོ། ། ཡང་ཐེག་པ་ཆེན་པོའི་སྡེ་སྣོད་དུ་ཉན་ཐོས་ཀྱི་ལམ་གྱི་རྣམ་གཞག་འཆད་པ་ན། གཟུང་འཛིན་རྫས་གཞན་འགོག་བྱེད་ཀྱི་ལུང་རིགས་མ་ བཤད་པས་ཉན་ཐོས་ལ་གཟུང་མེད་རྟོགས་པའི་རྟོགས་པ་མེད་དོ། །རང་རྒྱལ་ལ་ནི་རང་རྒྱལ་གྱི་ལམ་བགྲོད་ཚུལ་གྱི་སྡེ་སྣོད་ཟུར་པ་མེད་ལ། དེའི་ལམ་བགྲོད་ཚུལ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་དགོས་ཤིང་། དེའང་ཉན་ཐོས་ཀྱི་སྡེ་སྣོད་ལས་ གཟུང་འཛིན་རྫས་གཞན་འགོག་པའི་ལུང་རིགས་མི་འབྱུང་ཡང་། ཐེག་ཆེན་ཐུན་མོང་མིན་པའི་སྡེ་སྣོད་ལས་རང་རྒྱལ་གྱི་ལམ་བགྲོད་ཚུལ་ལ་གཟུང་འཛིན་རྫས་གཞན་འགོག་པའི་ལུང་དང་རིགས་པ་དེར་འབྱུང་བའི་ཕྱིར་དང་། དེས་ན་རང་རྒྱལ་གྱི་དགྲ་བཅོམ་ཐོབ་པའི་ཚེ་ མཚན་འཛིན་གྱི་གཟུང་རྟོག་སྤངས་པ་ཡིན་ཏེ། གཟུང་རྟོག་དེ་རང་རྒྱལ་གྱི་སྒོམ་ལམ་ནས་ཀྱང་སྤོང་དགོས་པར་བཤད་དོ། །དེས་ན་ཤེས་སྒྲིབ་དང་པོའི་ཆ་ཤས་རང་རྒྱལ་དགྲ་བཅོམ་གྱིས་སྤོང་བའང་ཡོད་དོ་ཞེས་ཁས་ལེན་ལ། ཐེག་ཆེན་གྱི་དབང་དུ་བྱས་ན་གཟུང་རྟོག་དེ་ལ་ གཉིས་ཏེ། གཟུང་འཛིན་གཉིས་སུ་ཞེན་པའི་སྒྲ་དོན་འཛིན་པའི་རྟོག་པ་དང་། གཉིས་སུ་སྣང་བའི་ཡང་དག་མིན་རྟོག་གོ། དང་པོའི་ས་བོན་དྲུངས་འབྱིན་པའི་ནུས་པ་ནི་སྡུག་བསྔལ་ལ་ཆོས་བཟོད་ནས་ཡོད་པས་ཆོས་ཤེས་ན་སྤངས་སོ། ། གཉིས་པ་ལ་གཉིས་སྣང་གི་རྟོག་པ་དེ་ 5-1-325b སྐྱེད་པར་བྱེད་པའི་བག་ཆགས་མཐོང་སྤང་དུ་གྱུར་པ་རྣམས་ནི་མཐོང་སྤང་སྤོང་བ་དང་དུས་མཉམ་དུ་སྤངས་ལ། སྒོམ་སྤང་དུ་གྱུར་པ་རྣམས་ཀྱང་སྒོམ་སྤང་སྤངས་པ་དང་དུས་མཉམ་མོ། །བག་ཆགས་དེའི་གནས་ངན་ལེན་ཀྱང་རྡོར་ཏིང་གིས་སྤོང་སྟེ། གཉིས་སྣང་གི་བག་ཆགས་ དྲུངས་ཕྱུང་བ་ནི་རྫོགས་པའི་སངས་རྒྱས་ཁོ་ནར་ངེས་པའི་ཕྱིར་རོ། ། གཉིས་པ་སྤངས་པའི་ས་མཚམས་ནི། གོང་དུ་དོན་གྱིས་བརྗོད་པས་བཟློས་པར་མི་བྱའོ། །གོང་དུ་སྨོས་པ་རྩ་བའི་དབྱེ་སྒོ་དང་པོ་གཉིས་དོན་གཅིག་ལ་འདུ་བས་སྙོམས་འཇུག་གི་སྒྲིབ་པར་བསྟན་ཏེ། དེའང་སྙོམས་ འཇུག་གི་སྒྲིབ་པ་ལ། མཚན་ཉིད་དང་། མཚན་གཞིའི་དབྱེ་བ། སྤངས་པའི་ས་མཚམས་སོ། །དང་པོ་ནི། སངས་རྒྱས་སའི་ཞི་གནས་དང་ཡོན་ཏན་མངོན་དུ་བྱེད་པ་ལ་གེགས་བྱེད་པ་ཅན་གྱི་སྒྲིབ་པའི་རིགས་སུ་གནས་པའོ། ། གཉིས་པ་མཚན་གཞིའི་དབྱེ་བ་ལ། འཇིག་རྟེན་པའི་ཞི་ གནས་ལ་གེགས་བྱེད་དང་། འཇིག་རྟེན་ལས་འདས་པའི་ཞི་གནས་ལ་གེགས་བྱེད་དོ། །དང་པོ་ལ། འཇིག་རྟེན་པའི་སྙོམས་འཇུག་བརྒྱད་ཀྱི་དབྱེ་བས་བརྒྱད་དུ་འགྱུར་ཞིང་། མངོན་པར་ཤེས་པ་ལྔའི་དབྱེ་བས་དེ་སྙེད་དུའང་འགྱུར་རོ། ། གཉིས་པ་ལ། ཉན་རང་དང་། ཐུན་མོང་བའི་ རྣམ་ཐར་དང་། ཟད་པར་ཟིལ་གནོན་ལ་སོགས་པའི་དབྱེ་བས་དེའི་གེགས་བྱེད་ཀྱང་དེ་སྙེད་དུ་འགྱུར་བ་དང་། ཉན་རང་དང་ཐུན་མོང་མིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྙོམས་འཇུག་གི་རབ་དབྱེ་མཁྱེན་པའི་སྟོབས་སོགས་ཀྱིས་ འཇོམས་བྱར་བཤད་པ་དེ་དག་གོ། མདོར་ན་སེམས་དཔས་ཉོན་མོངས་པའི་སྒྲིབ་པ་ནི་ཇི་ལྟར་བུལ་ཀྱང་སྒོམ་སྤང་རྟོག་པ་བརྒྱ་རྩ་བརྒྱད་དང་དུས་མཉམ་དུ་སྤོང་ལ། སྙོམས་འཇུག་དང་ཤེས་བྱའི་སྒྲིབ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ནས་སྤོང་ངོ་། ། འདིར་འདི་ཡང་ཤེས་དགོས་ 5-1-326a ཏེ། གཞན་དག །ས་དང་པོ་ནས་ཉན་རང་གི་སྤངས་པ་མ་རྫོགས་པར་འགྱུར་ཏེ། ཉན་རང་གིས་བག་ཉལ་གྱི་ཉོན་སྒྲིབ་སྤངས་ལ། ས་དང་པོ་ནས་བག་ཉལ་གྱི་ཉོན་སྒྲིབ་མ་སྤངས་པའི་ཕྱིར་སྙམ་ན། ལན་ལ་མགོ་མཚུངས་དང་། རྣལ་མའོ། །དང་པོ་ནི། འོ་ན་ཁྱོད་ལའང་དེར་འགྱུར་ཏེ། ཉན་རང་དེས་ཕུང་པོའི་བདུད་དང་ཉོན་ཡིད་སྤངས་ལ། ས་དང་པོ་ནས་ཕུང་པོའི་བདུད་དང་ཉོན་ཡིད་མ་སྤངས་པར་ཁྱོད་འདོད་པའི་ཕྱིར་ཡང་ས་དང་པོར་ཉན་རང་གི་སྤངས་པ་མ་རྫོགས་པར་ཐལ་ལོ། ། གཉིས་པ་ནི། བྱང་སེམས་ལམ་གྱི་སྤང་ བྱར་གྱུར་པའི་སྒྲིབ་པ་ནི་གཉིས་ཏེ། ཉོན་མོངས་པའི་དང་། ཤེས་བྱའི་སྒྲིབ་པའོ། །དང་པོ་ལ་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཀྱིས་ཁྱབ་སྟེ། བག་ཉལ་གྱི་ཉོན་སྒྲིབ་ནི་སེམས་དཔས་སྤང་བྱར་མི་འདོད་པའི་ཕྱིར་ཏེ། བག་ཉལ་ནི་སེམས་དཔའི་ལམ་གྱི་གྲོགས་སུ་ངེས་པར་ དགོས་པས་དེ་མི་སྤོང་བའི་རང་བཞིན་ཡིན་པའི་ཕྱིར་རོ། ། གཉིས་པ་སེམས་དཔས་སྤང་བྱར་གྱུར་པའི་ཤེས་སྒྲིབ་ལའང་གཉིས་ཏེ། གཟུང་འཛིན་རྫས་གཞན་དུ་ཞེན་པའི་རྟོག་པ་དང་། གཉིས་སུ་སྣང་བ་ཙམ་གྱི་བག་ཆགས་དང་གཉིས་ཡོད་པའི་ཕྱི་མ་ནི་བྱང་སེམས་ལམ་གྱིས་ཆེད་དུ་ གཉེར་ནས་མི་སྤོང་སྟེ། དེའི་གཉེན་པོར་གཟུང་བ་ཆོས་ཀྱི་བདག་མེད་ཆེད་དུ་གཉེར་ནས་མི་སྒོམ་པའི་ཕྱིར་དང་། ཇི་སྲིད་བསོད་ནམས་ཀྱི་ཚོགས་མ་རྫོགས་པ་དེ་སྲིད་དུ་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུངས་འབྱིན་པར་མི་མཛད་པའི་ཕྱིར་རོ། །དེས་ན་བྱང་སེམས་ ལམ་གྱི་སྤང་བྱར་གྱུར་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ཁྱད་པར་ཉན་རང་གི་དགྲ་བཅོམ་པས་ཇི་ཙམ་སྤངས་པ་དེ་ཙམ་ཞིག་ནི་དམན་ལམ་སྔོན་དུ་མ་སོང་བའི་ས་དང་པོ་ནས་སྤངས་པ་རྫོགས་ལ། དེ་ཙམ་གྱིས་དེའི་སྤངས་རྟོགས་རྫོགས་པའི་ཚད་དུ་འཇོག་ནུས་པར་ 5-1-326b ཡིན་གྱི། སྤངས་པ་རྫོགས་པར་འཇོག་པ་ལ་དེས་གང་སྤངས་ཐམས་ཅད་སེམས་དཔས་སྤང་དགོས་པ་མིན་ཏེ། ཉན་རང་གི་ལམ་གྱི་སྤང་བྱ་གང་ཡིན་ཐམས་ཅད་དེའི་སྤང་བྱར་མི་འདོད་པའི་ཕྱིར། དཔེར་ན་རྟོགས་པའི་ཚད་ལ་ཉན་རང་དེས་གང་རྟོགས་ཐམས་ཅད་སེམས་དཔས་ རྟོགས་པར་མི་འདོད་པ་བཞིན་ནོ་ཞེས་བྱ་བ་འདི་ལེགས་པར་གྲུབ་པ་ཡིན་ནོ། །གསུམ་པ་ནི། ཉོན་སྒྲིབ། ཤེས་སྒྲིབ། སྙོམས་འཇུག་གི་སྒྲིབ་པ་གསུམ་དུ་གྲགས་པ་ལས། ཕྱི་མ་འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སྒྲིབ་བྱེད་འདོད་སྲིད་ཀྱི་ཉོན་ མོངས་པ་གཙོ་ཆེ་བ་དང་། འཕགས་པ་གསུམ་གྱི་མཐུ་ལ་སྒྲིབ་བྱེད་ཏིང་ངེ་འཛིན་རྒྱལ་པོ་ལྟ་བུ་ལ་འཇུག་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་གཉིས་ཀའི་ཆ་ཡོད་མེད་ཤས་ཆེར་བསམ་གཏན་དང་ཏིང་ངེ་འཛིན་ལ་སྒྲིབ་བྱེད་ཡིན་པས་དང་པོའི་ཁོངས་སུ་བསྡུ་ལ། ཕལ་ཆེར་ཞིག་སངས་རྒྱས་པའི་ གྲལ་རྣམ་སྨིན་གྱི་ཡོན་ཏན་ལ་སྒྲིབ་བྱེད་ཡིན་པས་གཉིས་པའི་ཁོངས་སུ་བསྡུ་ལ། ཟུར་དུ་བཤད་པ་ནི་སྒྲིབ་པའི་བྱེ་བྲག་ཤེས་པའི་ཆེད་ཡིན་ལ། གསང་སྔགས་ལ་སོགས་པར་ནི་སྙོམས་འཇུག་གི་སྒྲིབ་པའི་ངོས་འཛིན་གཞན་དུ་ཡང་སྣང་ངོ་། །གཉིས་པ་ལམ་བདེན་གྱི་རྣམ་པ་(གཞུང་དོན་དུ་བཤད་པ་)ལ། རྟེན་ལམ་གྱི་དབྱེ་བ། ལམ་སོ་སོའི་རྣམ་པ། གྲངས་ཀྱི་དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། ལམ་དང་འབྲེལ་བའི་གཞི་ཤེས་ཀྱི་རྣམ་པ་ལ། ཉན་རང་མ་ཕྱེ་བའི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་བྱེད་པ་ཉིད་དུ་མཉམ་པར་བཞག་པའི་ལམ་བདེན་གྱི་རྣམ་པ་ཟག་མེད་གཅིག་ དང་། གཞི་ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་ཀྱི་རྟོགས་རིས་རྣམས་ཀྱང་བསྡུས་པས་རྒྱུ་མཚན་དེའི་ཕྱིར་རང་རྒྱལ་དེ་དག་གི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་སྒོམ་པའི་ལམ་བདེན་གྱི་རྣམ་པ་རྗེས་ཐོབ་ཏུ་ཟག་པ་དང་བཅས་པ་གཅིག་དང་། མཉམ་བཞག་ཟག་པ་ 5-1-327a མེད་པའི་ལམ་བདེན་གྱི་རྣམ་པ་དང་གཉིས་ཡིན་པས་སྔ་མའི་གཅིག་པ་དང་བཅས་པས་གཉེན་པོའི་སྒོ་ནས་ཕྱེ་ན་ལམ་བདེན་གྱི་རྣམ་པ་གསུམ་མོ། །གཉིས་པ་ལ་གསུམ། ལམ་དང་པོའི་རྣམ་པ། གཉིས་པའི་རྣམ་པ། གསུམ་པའི་རྣམ་པ་བཤད་པའོ། ། དང་པོ་ནི། རྣམ་པ་གསུམ་ཡོད་པ་དེ་ལས་དང་པོ་ནི་ཤེར་མདོ་ལས་བྱེད་པ་པོ་མེད་པའི་དོན་ནི་འབྲས་བུ་ཐོབ་པ་པོ་མེད་པ་ལ་ཡོད་པར་འཛིན་པའི་གཉེན་པོ་དང་། ཤེས་པ་པོ་མེད་པ་ནི་ཚད་མས་གནོད་པའི་ཤེས་པའི་གཉེན་པོ་དང་། འཕོ་བ་མེད་པ་ནི་དམན་མཆོག་གི་ཁྱད་ཀྱི་ཁྱད་ པར་མདོ་འཛིན་གྱི་གཉེན་པོ་དང་། འདུལ་བ་མེད་པ་ནི་སྒྲིབ་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་སྒྲིབ་པ་སྤང་བྱར་ཤེས་པའི་རྣམ་པ་སྟེ་བཞི་ནི་མངོན་པ་དང་གོ་རིམ་བཞིན་དུ་སྦྱར་ན་ལམ་དང་ལ་སོགས་རིགས་པ་སྒྲུབ་པ་ངེས་འབྱིན་གྱི་མཚན་ཉིད་དག་ཡིན་ནོ། ། འདིར་མཁས་པ་ཆེན་ པོ་གྲོ་ལུང་བས་བཞེད་ཀྱི། ལམ་དང་འབྲེལ་པའི་གཞི་ཤེས་ཀྱི་རྣམ་པ་འདི་ལ་དང་པོ་བཞི་ནི་ཉོན་མོངས་ཀྱི་སྒྲིབ་པའི་གཉེན་པོ་ཟག་མེད་ཀྱི་མཐོང་ལམ་ལ་དམིགས་པའི་རྣམ་པ་ཡིན་ལ། ལྷག་མ་བཅུ་གཅིག་ཡོད་པ་ལས། རྨི་ལམ་སོགས་ལྔ་ནི་ཤེས་སྒྲིབ་ཀྱི་གཉེན་པོ་སྟེ་ ཟག་བཅས་སྒོམ་ལམ་དང་འབྲེལ་བའི་གཞི་ཤེས་ཀྱི་རྣམ་པ་སྤྱིའི་གཉེན་པོ་ཡིན་ནོ། །ཀུན་ནས་ཉོན་མོངས་མེད་སོགས་དྲུག་ནི་ཟག་མེད་མཐོང་ལམ་ལ་དམིགས་པ་རྣམ་རྟོག་དྲུག་སོ་སོ་བའི་གཉེན་པོའོ། །དེས་ན་ལམ་གྱི་རྣམ་པ་འདི་གསུམ་གའང་ལམ་གྱི་བདེན་པ་གཞི་ཤེས་ ཀྱི་དམིགས་པ་ནི་བྱང་ཆུབ་སེམས་དཔའ་དང་ཉན་རང་མཐའ་དག་གི་ལམ་ཡང་ཡིན་ན། འདིར་སློབ་དཔོན་སེང་བཟང་གིས། ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་ཀྱང་བསྡུས་པས་ཞེས་བཤད་པ་འདི་ནི་འབྲེལ་མེད་ཆེན་པོ་ཞིག་སྟེ། གཞི་ཤེས་ཀྱི་དམིགས་པ་གཞི་ 5-1-327b ཤེས་སུ་སྡུད་པ་ལ་དགོས་པ་མེད་ཅིང་བསྡུ་བར་མི་ནུས་པའི་ཕྱིར་བདེན་པ་གསུམ་པོ་བཞིན་ནོ། །གལ་ཏེ་ལམ་འདི་གསུམ་གཞི་ཤེས་ཀྱི་ངོ་བོ་དམིགས་པ་རྟོགས་བྱེད་ཡིན་པས། གཞི་ཤེས་ཀྱི་དམིགས་པ་གཞི་ཤེས་སུ་བསྡུ་བར་རིགས་ཞེ་ན། འོ་ན་ལམ་འདི་གསུམ་གྱིས་ ལམ་བདེན་གྱི་རྣམ་པ་མ་བརྗོད་པར་འགྱུར་ལ། དེའང་གནས་སྐབས་འདིར་འགལ་ཏེ། སྐབས་འདིར་གཞི་ཤེས་ཀྱི་ཡུལ་བདེན་པ་བཞིའི་རྣམ་པ་བརྗོད་པའི་སྐབས་ཡིན་པས་སོ། ། འོ་ན་སངས་རྒྱས་ལ་སོགས་པ་ལ་མངའ་བའི་ལམ་དང་འབྲེལ་བའི་གཞི་ཤེས་ཀྱི་རྣམ་པའང་ བཤད་དགོས་ཏེ། དེ་དག་ཀྱང་ལམ་གྱི་བདེན་པར་འདུས་པས་ཅི་སྟེ་མ་བརྗོད་ཅེ་ན། མ་བརྗོད་པར་སུ་འདོད། སློབ་དཔོན་སེང་བཟང་འདིའི་བཤད་པ་ལ་ནོར་བ་འཇུག་པའི་རྩོད་པ་འདི་ནི་འཕགས་གྲོལ་གྱི་རྗེས་སུ་འབྲངས་པའི་མ་ནོར་བར་འཆད་པ་ཁོ་བོ་ཅག་ལ་བྱ་བར་མི་རིགས་ སོ། །དེས་ན་ཤེས་བྱའི་སྒྲིབ་པའི་གཉེན་པོ་འདི་དག་བྱང་ཆུབ་སེམས་དཔའ་ལ་མངའ་བའི་མཐོང་སྒོམ་གྱི་ལམ་དུ་འཕགས་པས་བཞེད་པ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་ལམ་ཟག་བཅས་རྒྱས་པར་བཤད་པ་ལ། མདོ་ལས། རྨི་ ལམ་ནི་རྟོག་པའི་ངོ་བོ་སྟེ། རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་ནི་མེད་དོ། །དེས་ན་རིགས་པས་གཞིགས་ན་དམིགས་པ་ཐམས་ཅད་དང་བྲལ་བའོ། །སྒྲ་བརྙན་ནི་མ་སྐྱེས་པ་སྟེ་དེའི་སྒྲ་ལྟར་སྐྱེ་བ་མེད་པའོ། །མིག་ཡོར་ནི་གྲིབ་མ་སྟེ་དེའི་གཟུགས་ལྟར་ཡོད་པ་མིན་པའི་དོན་ གྱིས་གདོད་འགག་པ་མེད་པའོ། །སྨིག་རྒྱུ་ནི་གཟོད་མ་ནས་ཞི་བ་སྟེ་དེ་ལ་ཆུ་ལྟར་དང་པོ་ནས་མ་གྲུབ་པས་སོ། །སྒྱུ་མ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ། སྒྱུ་མའི་མཚན་མ་ལྟར་ངོ་བོ་ཉིད་ཀྱིས་ཞི་བ་དང་ལྔ་ནི། གོ་རིམ་བཞིན་དུ་འགྲེལ་ཚིག་ནི་ངོ་བོ་ཉིད་མེད་པ་དང་། 5-1-328a མ་སྐྱེས་པ་དང་། མ་འགགས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་དེ་ནི་སྤྱིར་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་དག་ཡིན་ནོ། །གསུམ་པ་ནི། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་ ལམ་ཟག་མེད་རྒྱས་བཤད་ལ། མདོ་ལས། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། གོས་པ་མེད་པ་དང་། སྤྲོས་པ་མེད་པ་དང་། རློམ་པ་མེད་པ་དང་། མི་གཡོ་བའི་རྣམ་པ་སྟེ་དྲུག་ནི། འགྲེལ་ཚིག་དང་གོ་རིམ་བཞིན་དུ་སྦྱར་ན། ཤེས་ བྱའི་སྒྲིབ་པ་ཀུན་ནས་ཉོན་མོངས་པ་སྟེ་འདོད་ཆགས་ལ་སོགས་པ་དོར་བྱར་རྟོག་པའི་ངོ་བོ་ཉིད་མེད་པ་དང་། བླང་བྱ་རྣམ་པར་བྱང་བའི་ཆོས་དང་། རྣམ་པར་བྱང་བ་པོའི་རྟེན་མི་དམིགས་པ་དང་། ཉོན་མོངས་པའི་བག་ཆགས་སོགས་ཀྱི་དྲི་མས་མ་གོས་པ་དང་། གཟུགས་ ལ་སོགས་པའི་སྤྲོས་པ་སྟེ། དམིགས་པར་རློམ་པ་ཐམས་ཅད་བཅོམ་པ་དང་། རང་གི་རྟོགས་པའི་རོ་མྱང་བའི་རྒྱུད་དམིགས་པའི་གཡོ་འགུལ་ཐམས་ཅད་བཅོམ་པ་དང་། ཆོས་ཀྱི་དབྱིངས་ཡོངས་སུ་ཉམས་པར་རྣམ་པར་རྟོག་པ་བཅོམ་པ་སྟེ། དེ་རྣམས་ཀྱི་སྤང་ གཉེན་སོ་སོར་ངེས་པའི་གཉེན་པོར་གྱུར་པ་དག་ཡིན་ནོ། །གསུམ་པ་ནི། དེ་ལྟར་ན་ལམ་གྱི་བདེན་པ་ལ་རྣམ་པ་བཅོ་ལྔ་སྟེ་ཞེས་གསུངས་ཤིང་། མདོར་ལམ་ལ་བཅུ་དྲུག་འབྱུང་ལ། ཉི་སྣང་དང་འགྲེལ་ཆུང་འདིར་ཡང་། མདོར་བཤད་པའི་བཅུ་པ་དེ་དོར་བར་ མཛད་ནས་བཅོ་ལྔར་བགྲང་ངོ་། །གསུམ་པ་དོན་བསྡུ་བ་ནི། སྤྱིར་ན་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་ཡིན་ནོ། ། འདིར་སྨྲས་པ། རང་བློས་དཔྱད་པའི་རྣམ་བཤད་ཞིབ་མོ་ནི། ། བློ་གྲོས་ནུས་ཅན་རྣམས་ལ་ཡོད་མོད་ཀྱི། ། རྒན་པོའི་ལོ་རྒྱུས་ཙམ་ལ་ 5-1-328b བརྟེན་ནས་སུ། ། མཁས་པར་འཁྲུལ་བ་རྣམས་ཀྱིས་མྱོང་བྱ་མིན། །ཅེས་སོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་ལ། གང་ལས་འཕྲོས་པའི་འབྲེལ་དང་། འབྲེལ་བ་ཅན་དངོས་སོ། །དང་པོ་ནི། གོང་དུ་གཞི་ཤེས་ཀྱི་རྣམ་པ་བསྟན་པ་དེའི་འོག་ཏུ་ལམ་ཤེས་ཀྱི་ རྣམ་པ་འཆད་རིགས་ཏེ། ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་བསྒོམས་རྗེས་སུ་ཤེས་སྒྲིབ་འཛིན་རྟོག་གི་གཉེན་པོར་ཆོས་ཀྱི་བདག་མེད་བསྒོམ་དགོས་པའི་ཕྱིར་རོ། །གཉིས་པ་འབྲེལ་བ་ཅན་དངོས་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། གཞི་ཤེས་ཀྱི་ རྣམ་པ་བསྟན་པ་དེའི་འོག་ཏུ་ལམ་ཤེས་པ་ཉིད་ཀྱི་རྣམ་པ་བསྟན་པར་མཛད་པ་ཡིན་ནོ། །གཉིས་པ་ནི། མདོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །དེ་དག་གི་དོན་ནི། རྒྱུ་ཀུན་འབྱུང་དང་། ལམ་གྱི་བདེན་པ་དང་། འབྲས་བུ་སྡུག་བསྔལ་དང་། འགོག་པའི་བདེན་པ་ལ་ནི་གོ་རིམ་བཞིན་དུ་རྣམ་པ་དེ་དག་བརྒྱད་དང་བདུན་དང་ནི་ལྔ་དང་བཅུ་དྲུག་ཅེས་ མདོ་ལས་བསྒྲགས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་པར་མཛད་པ་ལས། དེ་ཡང་ལམ་ཤེས་ཀྱི་ཤེས་རྣམ་ནི་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་པ་ཡིན་ན་མངོན་པ་ནས་གསུངས་པའི་མི་རྟག་སོགས་བཅུ་དྲུག་དང་སྦྱར་ནས་ཅི་ཞིག་བྱ་སྙམ་ན། ལམ་ཤེས་ཀྱི་ཤེས་རྣམ་དུ་ མངོན་པ་ནས་གསུངས་པའི་ཤེས་རྣམ་དེ་ཡར་ལྡན་དུ་འདུ་བར་ཤེས་པའི་ཕྱིར་དེ་ལྟར་སྦྱར་བ་ཡིན་གྱི། དེ་ལྟར་སྦྱར་བ་ན་ལམ་ཤེས་ཀྱིས་རིགས་ཅན་གསུམ་ཀའི་གདུལ་བྱ་རྗེས་སུ་འཛིན་ནུས་པར་ཤེས་པ་བསྐྱེད་པའི་ཆེད་ཡིན་ལ། གཞི་ཤེས་ཀྱི་ཤེས་རྣམ་དུ་མངོན་པ་ནས་གསུངས་ 5-1-329a པའི་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་དང་དངོས་སུ་སྦྱར་བའི་དགོས་པ་ནི། མདོར་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་བཤད་པ་དེ་ཆོས་བདག་མེད་པའི་རྣམ་པ་ཅན་དུ་བཤད་ཅིང་། གང་ཟག་གི་བདག་མེད་པའི་རྣམ་པ་ཅན་མ་བཤད་པའི་དོན་གྱིས་སོ། །དེ་དེར་ བཤད་དགོས་པ་མིན་ཏེ། དེར་དེའི་རྟོགས་པ་ཡར་ལྡན་དུ་འདུ་བར་མངོན་པ་ནས་གསུངས་པའི་མི་རྟག་སོགས་བཅུ་དྲུག་དང་སྦྱར་བའི་ཤུགས་ལས་གོ་བ་ཡིན་ནོ། །གསུམ་པ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། བདེན་བཞིའི་གོ་རིམ་ལ་མི་མཐུན་པ་སྤང་བ་ཡིན་ཏེ། ཀུན་ ནས་ཉོན་མོངས་པ་དང་། ཅིག་ཤོས་རྣམ་བྱང་གི་ཕྱོགས་ལ་བརྟེན་ནས་ཀུན་འབྱུང་བ་དང་། ལམ་གྱི་བདེན་པ་དག་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་རྒྱུ་ཡིན་ལ། སྡུག་བསྔལ་དང་འགོག་པའི་བདེན་པ་དག་ནི་དེའི་འབྲས་བུ་ཡིན་པར་དོན་གྱི་རིམ་པའི་སྒོ་ནས་བསྟན་ཏེ། ཀུན་ འབྱུང་བ་དང་། ལམ་དང་། སྡུག་བསྔལ་དང་། འགོག་པའི་བདེན་པ་ལ་གྲངས་བཞིན་དུ་རྣམ་པ་བརྒྱད་དང་བདུན་དང་ལྔ་དང་བཅུ་དྲུག་ཅེས་བྱ་བ་ལ་སོགས་པས་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ཏུ་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་སོ། །གཉིས་པ་ལ། ཀུན་འབྱུང་སྤང་བྱ་ཡིན་ པས་སྤང་གཉེན་གྱི་སྒོ་ནས་བསྟན་པ་དང་། ལམ་རྒྱུད་ལ་བསྟེན་བྱ་ཡིན་པས་དམ་བཅའ་དང་འཐད་པའི་སྒོ་ནས་བསྟན། སྡུག་བསྔལ་ཤེས་བྱ་ཡིན་པས་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བསྟན། འགོག་པ་མངོན་དུ་བྱ་རྒྱུ་ཡིན་པས་དག་པ་གཉིས་ལྡན་གྱི་སྒོ་ནས་བསྟན་ཏོ། ། དང་པོ་ལ། སྤང་གཉེན་དང་སྦྱར་བ་དང་། དོན་བསྡུ་བའོ། །དང་པོ་ནི། འདིར་བསྟན་གྱི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་པོའི་བདེན་བཞི་མངོན་པ་ནས་བཤད་པའི་བདེན་བཞི་དང་མི་མཐུན་པས་ཆོས་མིན་ནོ་སྙམ་པའི་དོགས་པ་སེལ་བའི་ཕྱིར། མངོན་པ་ནས་གསུངས་པ་དང་སྦྱར་ནས་ 5-1-329b འཆད་པ་ནི་ཀུན་འབྱུང་གི་རྣམ་པ་དེ་ལ་ཟག་བཅས་ཀྱི་ཡུལ་ལ་དགའ་བ་ནི་འདོད་ཆགས་ཡིན་ལ། རྒྱུ་དེའི་འབྲས་བུ་ནི་དེར་འདུན་པ་ཡོངས་སུ་གཅོད་པ་དོན་དུ་གཉེར་བ་ཡིན་པས། འབྲས་བུ་དེ་འགོག་པ་ལ་ནི་རྒྱུ་དེ་འགོག་དགོས་པས་འདོད་ཆགས་དང་བྲལ་བ་དང་། ཡང་ན་དངོས་ སུ་འདོད་ཆགས་འཇུག་པའི་རྒྱུ་ནི་དེར་འཇུག་བྱེད་ཀྱི་འདུན་པ་སྔོན་དུ་སོང་བ་ཡིན་ལ། མི་གནས་པས་རྒྱུ་འདུན་པ་འགགས་པའི་ཕྱིར་འབྲས་བུ་འདོད་ཆགས་འགོག་པ་དང་། མངོན་པར་ཡུལ་ལ་དགའ་བ་ནི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པས་དེ་འགོག་པ་ལ་ནི་སྤྲོས་མཚན་ ཐམས་ཅད་ཞི་བའི་དབྱིངས་རྟོགས་པར་བྱེད་པ་དང་གསུམ་པོས་ནི་འཁོར་བའི་རྒྱུ་འགོག་པར་བྱེད་དོ། །འདོད་ཆགས་མེད་པ་ནི་འདོད་ཆགས་མི་དམིགས་པར་བྱེད་པ་དང་། ཞེ་སྡང་མེད་པ་ནི་ཞེ་སྡང་ཡོད་པ་མིན་པ་དང་། གཏི་མུག་མེད་པ་ནི་མི་ཤེས་པ་སེལ་བར་བྱེད་པ་སྟེ། འདི་གསུམ་གྱིས་འཁོར་བ་པ་རྣམས་ཀུན་འབྱུང་བའི་གཉེན་པོ་བྱེད་པ་ཡིན་ནོ། །ཀུན་ཏུ་རྟོག་པས་ནི་འདོད་ཆགས་ལ་སོགས་པ་སྐྱེད་པར་བྱེད་པས་འདོད་ཆགས་སོགས་ཉོན་མོངས་པ་རྣམས་རིམ་གྱིས་མེད་པར་བྱས་པས་ཀུན་རྟོག་ཀྱང་རིམ་གྱིས་འགོག་པར་བྱེད་པ་ཡིན་ནོ། །འཇིག་ ཚོགས་ལ་སེམས་ཅན་དུ་མངོན་པར་ཞེན་པར་བྱེད་པ་ནི་ཡང་དག་པའི་མཐའ་སེམས་ཅན་མེད་པར་རྟོགས་པས་ཟློག་པར་བྱེད་དོ། །དེ་ལྟ་བུ་གཉེན་པོའི་རྣམ་པ་བརྒྱད་དག་ནི་མདོར་གསུངས་པ་དེ་འགྲེལ་པ་མཛད་པ་པོས་སྤང་བྱ་བརྒྱད་དང་། མངོན་པ་ནས་གསུངས་པའི་ཀུན་འབྱུང་ གི་ཁྱད་ཆོས་བཞི་དང་སྦྱར་ཏེ་གསུངས་པའི་གོ་རིམ་ནི། འདི་བཞིན་དུ་ཀུན་འབྱུང་གི་རྒྱུ་གང་ཡིན་པའི་རྣམ་པ་སྟེ། འདུན་པ་དང་། འདོད་ཆགས་དང་། དགའ་བ་དང་། ཀུན་བདེན་གྱི་ཀུན་འབྱུང་གི་རྣམ་པ་གང་ཡིན་པ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ 5-1-330a དང་། ཀུན་བདེན་གྱི་རབ་ཏུ་སྐྱེ་བ་གང་ཡིན་པ་སྟེ་ཀུན་ཏུ་རྟོག་པའོ། །ཀུན་བདེན་གྱི་རྐྱེན་གང་ཡིན་པ་སྟེ་སེམས་ཅན་དུ་མངོན་པར་བྱེད་པའོ། །སྤང་བྱ་དེ་རྣམས་ཀྱི་གཉེན་པོར་གྱུར་པ་གསུམ་དང་། གསུམ་དང་། གཅིག་དང་གཅིག་སྟེ་བཞིས་ནི་གོ་རིམ་ བཞིན་ཏེ་རྒྱུ། ཀུན་འབྱུང་། རབ་སྐྱེ། རྐྱེན་རྣམས་ཀྱི་གཉེན་པོའོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་ན་རྒྱུའི་བདེན་པ་རྣམ་པ་བརྒྱད་ཡིན་ནོ། །གཉིས་པ་ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་འཆད་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ནི། ལམ་གྱི་བདེན་པའི་རྣམ་པ་ནི་ བདུན་ཏེ། ཚད་མེད་པ་དང་། མཐའ་གཉིས་དང་མ་འབྲེལ་བ་དང་། ཐ་མི་དད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། རྣམ་པར་མི་རྟོག་པ་དང་། གཞལ་དུ་མེད་པ་དང་། ཆགས་པ་མེད་པའི་བདུན་པོ་དེ་ཡིན་པར་བཅས་ནས་རྣམ་པ་བདུན་པོ་དེ་དག་ནི་ཡིན་པའི་འཐད་པར་ གོ་རིམ་བཞིན་དུ་སྦྱར་ནས་བཤད་ན། ཚད་མེད་པ་ནི་སེམས་དཔའི་ལམ་གྱི་ངོ་བོ་སྟེ། མི་མཐུན་ཕྱོགས་སྤངས་པ་ལས་སེམས་ཅན་ཚད་མེད་པའི་དོན་བྱེད་པ་ལྷུར་ལེན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཡང་དག་པའི་གནས་སྐབས་ལ་གོ་སྐབས་འབྱེད་པར་འཛུད་པའི་ལམ་ནི་ ཚད་མེད་པའི་འཐད་པའོ། །ཇི་ལྟར་མཐའ་གཉིས་དང་མ་འབྲེལ་བའི་འཐད་པ་ནི་སེམས་ཅན་ཐམས་ཅད་སྲིད་ཞིར་མི་ལྟུང་བའི་གོ་སྐབས་འབྱེད་པའི་ལམ་ནི་དེའི་འཐད་པའོ། །ཐ་མི་དད་པའི་འཐད་པ་ནི་རིགས་པའི་ངོ་བོ་གང་ཡིན་པ་སྟེ་ཆོས་ཐམས་ཅད་ལ་སྣ་ཚོགས་ཀྱི་མཚན་མ་ཞི་ བ་ནི་དེའི་འཐད་པའོ། །ཇི་ལྟར་ན་མཆོག་འཛིན་མེད་པའི་འཐད་པ་ནི། དམན་མཆོག་ཏུ་འཛིན་པ་རང་བཞིན་གྱིས་དག་པས་ན་སྟོང་པ་ཉིད་ཀྱི་ཚུལ་གཅིག་པར་རྟོགས་པའི་རིགས་པ་གང་ཡིན་པ་དེ་ནི་དེའི་འཐད་པའོ། །རྣམ་པར་མི་རྟོག་པའི་འཐད་པ་ནི། གང་ཡོངས་སུ་རྟོགས་པར་ 5-1-330b བྱ་བའི་ཆོས་ཉིད་མངོན་དུ་བྱ་བ་ལ་རྣམ་པར་རྟོག་པ་བཅོམ་པའི་སྒྲུབ་པ་གང་ཡིན་པ་དེ་ནི་དེའི་འཐད་པའོ། །ཇི་ལྟར་གཞལ་དུ་མེད་པའི་འཐད་པ་ནི། ཆོས་ཉིད་ཀྱི་ངོ་བོ་སྒྲུབ་པའི་ཚད་མ་གང་ཡིན་པ་དེ་ནི་དེའི་འཐད་པའོ། །ཆགས་པ་མེད་པའི་འཐད་པ་ནི། ངེས་པར་འབྱིན་པ་གང་ ཡིན་པ་དེ་ནི་ཉེས་པ་དང་ཡོན་ཏན་ལ་དམན་མཆོག་ཏུ་མི་འཛིན་པར་ཡང་དག་པར་ངེས་པར་འབྱིན་པ་དེ་ནི་དེའི་འཐད་པའོ། །དེས་ན་ལམ་བདེན་དེ་རྣམས་ཀྱི་ངོ་བོ་ཉིད་བདུན་ཡོད་པ་ལས། ལམ་གྱི་རྣམ་པ་གཉིས་དང་། རིགས་པའི་རྣམ་པ་གཉིས་དང་། སྒྲུབ་པའི་རྣམ་པ་གཉིས་ དང་། ངེས་འབྱུང་གི་རྣམ་པ་གཅིག་སྟེ་བདུན་ནོ། །གཉིས་པ་བསྡུ་བ་ནི། དེ་ལྟར་ན་ལམ་གྱི་བདེན་པའི་རྣམ་པ་བདུན་ཡིན་ནོ། །གསུམ་པ་སྡུག་བདེན་ལ་མཚན་ཉིད་ཀྱི་སྒོ་ནས་བཤད་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ནི། མི་རྟག་པ་སྟེ་རང་ངོ་གྲུབ་ཙམ་ནས་མི་རྟག་ པ་ཡིན་གྱི། འཇིག་རྒྱུ་གཞན་ལ་བལྟོས་པ་མིན་པ་དང་། སྡུག་བསྔལ་ནི་ལྷག་པར་ཆགས་པ་མེད་པ་སྟེ། ཁྱབ་པ་འདུ་བྱེད་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པའི་ཕྱིར། སྟོང་པ་དང་བདག་མེད་པའི་གནས་ཚུལ་ཇི་ལྟ་བར་རྟོགས་པས་ནི་མི་སྟོང་པའི་བྱེད་པ་པོས་ སོགས་ཀྱིས་བདག་གི་དྲི་མ་ཐམས་ཅད་ཡང་དག་པར་བསལ་བ་ཡིན་ནོ། །དེ་བཞི་ནི་རང་གི་མཚན་ཉིད་ཡིན་ཅིང་། གང་ཟག་གི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་པ་ཡིན་ལ། མཚན་ཉིད་ལྔ་པ་གང་གི་མཚན་ཉིད་དུ་མ་གྲུབ་པའི་རྣམ་པའི་ངོ་བོ་ཉིད་རྣམས་ཏེ་སྤྱིའི་མཚན་ ཉིད་ཡིན་པས་ཆོས་བདག་མེད་དུ་སྒྲུབ་པའི་རིགས་པའི་རྣམ་པ་ཡིན་ནོ། །སྡུག་བསྔལ་བདེན་པའི་རྣམ་པ་ནི་དེ་ལྟ་བུའི་རང་སྤྱིའི་ངོ་བོ་ཉིད་ཀྱི་རྣམ་པ་ཡིན་ཏེ། རྣམ་པ་དེ་ལྟར་དུ་གནས་པའི་ཕྱིར་རོ། ། འདིར་སྟོང་པ་དང་བདག་མེད་གཉིས་བདེན་པ་གཞན་གསུམ་གྱི་རྣམ་པ་ཡིན་མོད། 5-1-331a སྡུག་བདེན་ཁོ་ནའི་རྣམ་པར་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། འབུམ་ཕྲག་གསུམ་པའི་ཞལ་སྔ་ནས། མི་རྟག་སྡུག་བསྔལ་གཉིས་སྟོང་པ་དང་བདག་མེད་པའི་ཁྱད་ཆོས་སུ་བཞག་པ་ཡིན་ཏེ་སྟོང་པ་ཉིད་ཡིན་པས། དངོས་པོ་རྣམས་མི་རྟག་པ་ཡིན་ལ། སྟོང་ཉིད་ མིན་ན་དངོས་པོ་རྟག་པར་ཐལ་བའི་ཕྱིར་དང་། བདག་མེད་ཡིན་པ་ལ་དེ་ལྟར་མ་ཤེས་ནས་བདག་དོན་དུ་འདུ་བྱེད་པ་ཐམས་ཅད་སྡུག་བསྔལ་ཡིན་ལ། བདག་ཡོད་ན་བདག་དོན་དུ་འདུ་བྱེད་པ་ཐམས་ཅད་བདེ་བར་ཐལ་བའི་ཕྱིར་ཞེས་གསུངས་སོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་ན་ སྡུག་བསྔལ་གྱི་བདེན་པའི་རྣམ་པ་ལྔ་ཡིན་ནོ། །བཞི་པ་འགོག་བདེན་དྲི་བྲལ་གྱི་སྒོ་ནས་བསྟན་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ནི། སྐབས་འདིར་བསྟན་གྱི་འགོག་བདེན་གྱི་རྣམ་པ་རྣམས་ལ་སྟོང་ཉིད་བཅུ་དྲུག་དང་སྦྱར་ནས་འཆད་པ་ཡིན་ཏེ། དེའང་དངོས་པོའི་དྲི་མ་འགོག་ པ་གསུམ་འགོག་པ་དང་སྦྱར། མངོན་ཞེན་གྱི་དྲི་མ་འགོག་པ་བརྒྱད་ཞི་བ་དང་སྦྱར། བྱེད་པ་པོའི་རྟོག་པས་དབེན་པ་གཅིག་གྱ་ནོམ་དང་སྦྱར། འཁྲུལ་བའི་དྲི་མ་བསལ་བ་བཞི་ངེས་འབྱུང་དང་སྦྱར་བའོ། །དེ་ལ་འགོག་པའི་བདེན་པའི་རྣམ་པའི་ངོ་བོ་ཉིད་དམ་དེ་བཞིན་ཉིད་ནི་ ནང་དབང་པོ་དང་། ཕྱི་ཡུལ་དང་། ཕྱི་ནང་གཉིས་ཀའི་རྟེན་ཏེ་དངོས་པོ་རྣམས་འགགས་པས་ནང་དང་ཕྱི་དང་གཉིས་ཀའི་སྟོང་པ་ཉིད་རྟོགས་པའི་རྣམ་པ་སྟེ་གསུམ་དང་། ཞི་བའི་རྣམ་པའི་ངོ་བོ་ཉིད་དམ་དེ་བཞིན་ཉིད་ནི་གཞན་གྱིས་བཏགས་པའི་བདག་གིས་སྟོང་པ་ལ་ཞེན་པ་ དང་། སྣོད་ཀྱི་འཇིག་རྟེན་དུ་ཞེན་པ་དང་། དོན་དམ་དུ་ཞེན་པ་དང་། འདུས་བྱས་སུ་ཞེན་པ་དང་། འདུས་མ་བྱས་སུ་ཞེན་པ་དང་། རྟག་པ་དང་ཆད་པའི་མཐར་ཞེན་པ་དང་། འཁོར་བ་ཐོག་མ་དང་ཐ་མ་མེད་པར་ཞེན་པ་དང་། རྟོག་པའི་ཆོས་དོར་བྱར་མེད་པ་ལ་མངོན་པར་ཞེན་པ་ 5-1-331b འགག་པས་སྟོང་པ་ཉིད་སྟོང་པ་ཉིད་དེ། སྟོང་པ་ཉིད་དེ་ལྟ་བའི་གཉེན་པོ་ཡིན་པས་སོ། །ཆེན་པོ་སྟོང་པ་ཉིད་ནི་དབྱིབས་ཀུན་ཏུ་ཁྱབ་པའང་དངོས་པོར་མ་གྲུབ་པས་སོ། །དོན་དམ་པ་སྟོང་པ་ཉིད་ནི་དེའི་སྟོང་པ་སྟེ་དོན་དམ་པར་གཉེན་པོར་མ་གྲུབ་པས་སོ། །འདུས་བྱས་དང་འདུས་ མ་བྱས་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་གཉིས་པོ་ཡང་ཟླ་ལ་བལྟོས་པས་རང་དབང་དུ་མ་གྲུབ་པས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་རོ་གཅིག་པས་མཐར་གཅོད་པའི་རྒྱུ་དབུས་མ་གྲུབ་པས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་དེ་དང་དེས་སྟོང་པ་སྟེ་མཐའ་གཉིས་ ལྟར་བར་ཡང་མ་གྲུབ་པས་སོ། །དོར་བ་མེད་པ་སྟོང་པ་ཉིད་ནི་དེ་ཉིད་ཀྱིས་སྟོང་པ་སྟེ། དེ་རྣམས་ཀྱང་གཟིངས་ལྟར་སྤང་བྱ་ཡིན་པས་སོ། །དེ་ལྟར་ཞི་བའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་རྣམ་པ་བརྒྱད་དང་། གྱ་ནོམ་པའི་རྣམ་པ་ནི་མུ་སྟེགས་སོགས་གཞན་གྱིས་ཀུན་ཏུ་བཏགས་པའི་བྱེད་པ་ པོ་འགགས་པས་རང་བཞིན་གྱི་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་ཆོས་ཐམས་ཅད་མི་དམིགས་པར་རྟོགས་པས་སོ། །ངེས་པར་འབྱུང་བའི་རྣམ་པ་ལ་ཇི་ལྟར་ངེས་པར་འབྱུང་བ་ནི་ཡུལ་དུ་འཁྲུལ་བའི་བདག་ཉིད་ཤེས་བྱ་ཀུན་བཏགས་པ་དང་། མཚན་ཉིད་ལ་འཁྲུལ་བ་རང་སྤྱི་གཉིས་དང་། སྔ་ཕྱི་ བར་གསུམ་སོགས་དུས་སུ་འཁྲུལ་པ་རྣམས་འགགས་པས་བཏགས་པའི་ཆོས་ཀུན་འཁྲུལ་བས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། སྤྱིའི་མཚན་ཉིད་ནི་རྫས་སུ་མ་གྲུབ་ལ། རང་གི་མཚན་ཉིད་ནི་ངོ་བོས་སྟོང་པས་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དང་། དུས་གསུམ་པོ་རེ་རེ་ཞིང་ མི་གནས་པས་མི་དམིགས་པ་སྟོང་པ་ཉིད་ཀྱིས་རྟོགས་པའི་ཡེ་ཤེས་ཀྱི་རྣམ་པ་སྟེ་གསུམ་དང་། ངེས་པར་འབྱུང་བ་གང་ཡིན་པའི་རྣམ་པ་ནི་ཤེས་བྱའི་གནས་ཚུལ་ཁོ་ནར་ངོ་བོ་ཉིད་དུ་ཞེན་པ་བཀག་པས་དངོས་པོར་རང་གི་ངོ་བོ་ཉིད་ཀྱིས་མེད་པ་དང་གཞན་གྱི་ངོ་བོ་ཉིད་ཀྱིས་སྟོང་པར་ 5-1-332a རྟོགས་པའི་ཡེ་ཤེས་ཀྱི་རྣམ་པ་གཅིག་དང་བཅས་ཏེ་བཅུ་དྲུག་གོ ། སྟོང་ཉིད་བཅུ་དྲུག་གི་རྣམ་པ་འདིའི་དགག་བྱ་བཅུ་དྲུག་པོ་ལ་དོན་རྣམ་དང་། འགོག་བྱེད་གཉེན་པོའི་སྟོང་ཉིད་བཅུ་དྲུག་ལ་ཤེས་རྣམ་ཞེས་བོད་སྔ་མ་རྣམས་འདོད་ལ། འཕགས་སེང་གི་བཞེད་པ་ མཐར་ཐུག་དང་། ཨ་བྷྱ་དང་། ཤཱནྟི་པ་སོགས་ཀྱིས་འགོག་པའི་དགག་བྱ་མི་མཐུན་ཕྱོགས་བཅུ་དྲུག་དང་། དེ་འགོག་བྱེད་ཀྱི་མཐུན་ཕྱོགས་གཉེན་པོ་ཡེ་ཤེས་སྟོང་ཉིད་ཀྱི་རྣམ་པ་བཅུ་དྲུག་དང་། གཉེན་པོ་དེས་སྤང་བྱ་དེ་སྤངས་པའི་འགོག་པ་མངོན་དུ་བྱས་པའི་སྟོང་ཉིད་བཅུ་དྲུག་ ཅེས་རྣམ་པར་གཞག་དགོས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་ན་འགོག་པའི་བདེན་པ་ནི་རྣམ་པ་བཅུ་དྲུག་ཡིན་ལ་ཞེས་སོ། །གསུམ་པ་སྤྱིའི་དོན་བསྡུ་ནི། སྤྱིར་ན་ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི་སུམ་ཅུ་རྩ་དྲུག་ཡིན་ནོ། ། གཞན་ཚིག་བྲུལ་བའི་གཏམ་རྒྱུན་མ་འཐུངས་ཤིང་། ། ཁུངས་ཡོད་མིན་ལ་ཁུངས་སུ་མ་བཙལ་ནས། ། རང་བློའི་རྩལ་ལས་རྣམ་པར་བཅད་པ་ན། ། འདི་ལྟའི་ཚུལ་གྱིས་དོན་གཞན་ག་ལ་འདའ། །ཞེས་སྨྲས་སོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ལམ་ཤེས་ཀྱི་རྣམ་པ་བསྟན་པ་དེའི་ འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་འཆད་དོ། །གཉིས་པ་ནི། མདོར། གསོལ་བ། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནས། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་དོན་ཏེ། དེ་ཡང་དྲན་པ་ཉེ་བར་གཞག་པ་ནས་གཟུང་སྟེ་སངས་ རྒྱས་ཀྱི་རྣམ་པའི་མཐར་ཐུག་པའི་བར་གྱི་རྣམ་པ་རྣམས་འཕགས་པའི་གང་ཟག་གསུམ་གྱི་ལམ་གྱི་བདེན་པའི་རྗེས་སུ་མཐུན་པར་རྫོགས་པའི་སངས་རྒྱས་ཀྱི་ཀུན་མཁྱེན་པའང་གསུམ་དུ་ཕྱེ་བས་ན། སློབ་མ་ཉན་ཐོས་ཀྱི་ཀུན་ཤེས་ཀྱི་རྣམ་པ་དང་རྗེས་སུ་མཐུན་པ་ནི་ལུས་ཚོར་སེམས་ཆོས་ 5-1-332b དྲན་གཞག་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད། བྱང་ཆུབ་སེམས་དཔའ་ཉིད་ཀྱི་ལམ་ཤེས་ཀྱི་རྣམ་པ་དང་རྗེས་སུ་མཐུན་པའི་རྣམ་ཐར་སྒོ་གསུམ། རྣམ་ཐར་བརྒྱད། སྙོམས་འཇུག་དགུ། བདེན་བཞི་ལ་བཟོད་པ་བཞི། ཕ་རོལ་ཏུ་ཕྱིན་པ་བཅུ། སངས་རྒྱས་ཀྱི་རྣམ་མཁྱེན་གྱི་རྣམ་པ་དང་། རྗེས་སུ་མཐུན་པ་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི། མ་འདྲེས་པའི་ཆོས་རྣམས་ལ་རིམ་བཞིན་དུ་ ཉན་ཐོས་དང་མཐུན་པ་སུམ་ཅུ་རྩ་བདུན་དང་། བྱང་སེམས་དང་མཐུན་པ་སུམ་ཅུ་རྩ་བཞི་དང་། སངས་རྒྱས་ཀྱི་ཐུན་མོང་མིན་པའི་རྣམ་པ་དང་མཐུན་པའི་སུམ་ཅུ་རྩ་དགུ་དག་ཏུ་བཞེད་ཅེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། ། འདིའི་འཕྲོས་དོན་ཅུང་ཟད་ཅིག་བརྗོད་ན། རྣམ་མཁྱེན་ གྱི་རྣམ་པ་ནི་མི་རྟོག་ཡེ་ཤེས་ཀྱི་ངོ་བོ་གཅིག་པུ་ཡིན་ན། དེ་ལ་གསུམ་དུ་འབྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་མངོན་རྟོགས་བསྡུས་པའི་ཕྱིར་ན་སྐྱོན་མེད་དོ། །འདིར་རྣམ་མཁྱེན་གྱི་རྣམ་པ་སློབ་མ་དང་སེམས་དཔའི་རྒྱུད་ཀྱིས་བསྡུས་ པ་ལྟར་བསྟན་པ་ནི། དང་པོར་རྣམ་པ་དེ་རྣམས་དམིགས་པའི་སྒོམ་ཚུལ་སོགས་ཀྱིས་རྒྱུད་ལ་བསྐྱེད་པའི་རིམ་པའི་སྒོ་ནས་བསྟན་ཏེ། དམིགས་རྣམ་དེའི་རིགས་རྒྱུན་ཡར་ལྡན་དུ་གོམས་པར་བྱས་ནས་སངས་རྒྱས་ཀྱི་སར་མངོན་དུ་བྱ་བ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར་ན་ སྐྱོན་མེད་དོ། ། འདིར་རྣམ་མཁྱེན་གྱི་རྣམ་པ་ལ་གཞི་ལམ་གཉིས་སུ་འབྱེད་ན། གོང་དུ་གཞི་ལམ་གྱི་རྣམ་པ་གཉིས་ལོགས་སུ་བསྟན་པ་དོན་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གོང་དུ་གཞི་ལམ་གྱི་རྣམ་པ་གཉིས་བསྟན་པ་ནི་འཕགས་པ་སོ་སོ་བའི་རྒྱུད་ཀྱིས་བསྡུས་པའི་ཉི་ཚེ་བ་ཡིན་ལ། 5-1-333a འདིར་བསྟན་པ་ནི་འཕགས་ཆེན་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་འབའ་ཞིག་ལ་བཞུགས་པའི་རྣམ་པ་གསུམ་ནི་ཡོངས་སུ་ཁྱབ་པའི་ངོ་བོ་ཡིན་པའི་ཕྱིར་ན་སྐྱོན་མེད་དོ། །ཡང་ན་སྔར་བསྟན་གྱི་གཞི་ལམ་གཉིས་ནི་གཞི་བདེན་བཞིའི་གནས་ཚུལ་དང་སྦྱར་ཏེ་ བསྟན་ལ། འདིར་བསྟན་གྱི་གཞི་ལམ་གྱི་རྣམ་པ་གཉིས་ནི་ལམ་སྒྲུབ་པའི་དབང་དུ་བྱས་ནས་རྣམ་པར་ཕྱེ་བ་ཡིན་ནོ། །འོ་ན་གོང་དུ་བཤད་པའི་ལམ་བདེན་གྱི་རྣམ་པ་བཅོ་ལྔ་བསྟན་པ་དང་ཟློས་སོ་ཞེ་ན། མིན་ཏེ། གོང་དུ་ནི་མཚན་ཉིད་ཀྱི་སྒོ་ནས་བསྟན་ལ། འདིར་བསྟན་གྱི་ལམ་ནི་ མཚན་གཞིའི་སྒོ་ནས་བཤད་པའི་ཕྱིར་ཡང་སྐྱོན་མེད་དོ། །གསུམ་པ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པའི་མཐར་ཐུག་པའི་རྣམ་པ་བརྒྱ་དང་བཅུ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་ གསུམ་གྱིས་བསྡུས་པའི་ལམ་ཡིན་པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པ་བསྡུས་པའི་ཕྱིར་ན། རིམ་པའི་གྲངས་བཞིན་དུ་ཉན་ཐོས་རྣམས་ལའང་ཐུན་མོང་དུ་ཡོད་པའི་རྣམ་པ་སུམ་ཅུ་རྩ་བདུན་དང་། བྱང་ཆུབ་སེམས་ དཔའ་རྣམས་ལའང་ཐུན་མོང་དུ་ཡོད་པའི་རྣམ་པ་སུམ་ཅུ་རྩ་བཞི་དང་། རྫོགས་པའི་སངས་རྒྱས་རྣམས་ལ་ཐུན་མོང་མིན་པར་ཡོད་པའི་རྣམ་པ་སུམ་ཅུ་རྩ་དགུར་བཞེད་དོ་ཞེས་བྱ་བ་ཡིན་ནོ། ། འདིར་ཐུན་མོང་བ་དང་ཐུན་མོང་མིན་པའི་ཁྱད་པར་ཁོ་བོའི་རྟོག་པ་ལྟར་ན། འདིར་བསྟན་གྱི་རྣམ་མཁྱེན་གྱི་རྣམ་པ་ནི་འཕགས་བཞིའི་ལམ་བདེན་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གསུམ་དུ་ཕྱེ་བའི་ལམ་བདེན་དང་པོ་གཉིས་པོ་སངས་རྒྱས་སའི་ལམ་བདེན་གོ་ཆོད་པོ་མིན་པ་ལ་དགོངས་ནས་ཐུན་མོང་བར་བསྟན་ཅིང་། ཅིག་ཤོས་སངས་རྒྱས་སའི་ལམ་ 5-1-333b བདེན་གོ་ཆོད་པོ་ཡིན་པ་ལ་དགོངས་ནས་དེ་ལྟར་བསྟན་པ་ཡིན་ལ། སྔ་མ་གཉིས་ལམ་བདེན་གོ་ཆོད་པོ་མིན་ཀྱང་རྣམ་མཁྱེན་གྱི་རྣམ་པར་མི་རུང་བ་མིན་ཏེ། རྣམ་མཁྱེན་ནི་རྣམ་པ་གང་ན་སུ་དག་ཡོད་པ་ཐམས་ཅད་མཁྱེན་པ་ཅན་ཡིན་པའི་ཕྱིར། དེ་ལས་གཞན་པ་སངས་ རྒྱས་སའི་བྱང་ཕྱོགས་རྣམས་དང་། རྣམ་ཐར་སྒོ་གསུམ་སོགས་སློབ་མ་དང་སེམས་དཔའ་ལ་ཐུན་མོང་དུ་ཡོད་པར་བཤད་པ་ནི་འཁྲུལ་ལམ་སྙམ་སྟེ། དེ་བཞིན་གཤེགས་པའི་སྐུ་ཆེ་བའི་ཡོན་ཏན་གྱི་བྱང་ཕྱོགས་སོགས་སློབ་མ་དང་སེམས་དཔའ་གང་གིའང་རྒྱུད་ལ་ མེད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ནི་སློབ་མ་སོགས་དང་ཐུན་མོང་བའི་འདྲེས་པ་ཅན་མ་ཡིན་པའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་བྱང་ཕྱོགས་རྣམས་དེ་བཞིན་གཤེགས་པ་ཉིད་ཀྱི་ཐུགས་རྒྱུད་ལ་མངའ་བའི་ཕྱིར་དང་། ཉན་ཐོས་ཀྱི་བྱང་ཕྱོགས་སོགས་ སངས་རྒྱས་སའི་བྱང་ཕྱོགས་དང་གཏན་ནས་དམིགས་རྣམ་ཆ་མི་འདྲ་བའི་ཕྱིར་རོ། །གཉིས་པ་རྒྱས་བཤད་ལ་གསུམ། གཞི་ཤེས་ཀྱི་རྣམ་པ། ལམ་ཤེས་ཀྱི་རྣམ་པ། རྣམ་མཁྱེན་གྱི་རྣམ་པའོ། །དང་པོ་ལ། བཤད། བསྡུ་གཉིས་ལས། དང་པོ་ལ། དངོས་པོ་ རྟོག་པའི་ལམ་དང་། རྩོལ་བ་ལས་བྱུང་བ། ཏིང་ངེ་འཛིན་གྱི་སྦྱོར་བ། མངོན་པར་རྟོགས་པར་སྦྱོར་བ། མངོན་པར་རྟོགས་པ་དང་འབྲེལ་བ། མངོན་པར་རྟོགས་པ། རྣམ་དག་ངེས་འབྱིན་གྱི་ལམ་དང་བདུན་ནོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་ པོ་ནི། དྲན་ཉེའི་རང་བཞིན་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་ལེན་པའོ། ། དང་པོ་ལ། ངོ་བོ། རྒྱུ། འབྲས་བུའོ། །དང་པོ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའི་དྲན་པ་དང་མཚུངས་པའོ། །དབྱེ་ན། དམིགས་ཡུལ་ལུས། ཚོར། སེམས། ཆོས་དང་བཞི་ 5-1-334a ཡོད་པས་དྲན་ཉེའང་བཞིར་ཡོད་དོ། །འདིར་བསྟན་གྱི་དྲན་ཉེའི་དགོས་པ་ནི་ལུས་གཙང་བ་དང་། ཚོར་བ་བདེ་བ་དང་། སེམས་རྟག་པ་དང་། ཆོས་ལ་བདག་ཏུ་ཞེན་པ་རྣམས་བཟློག་པའི་ཆེད་དུའོ། །མདོར་ན་དྲན་པ་དང་མ་འབྲེལ་བའི་བྱ་བ་གང་ཡིན་ མིན་འབྱེད་པའི་ཤེས་རབ་ཁྱད་པར་བས་མཉམ་པར་མ་བཞག་པར་རང་གར་དྲན་པའི་དྲན་པ་ཙམ་བོ་བ་མ་ཡིན་པས་ན་ཉེ་བར་བཞག་པའོ། །དེའི་ས་མཚམས་ནི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་རོ། ། གཉིས་པ་དྲན་ཉེ་སྐྱེ་བའི་རྒྱུ་ནི། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་ པ་བསྒོམ་པ་དང་། རྣམ་རྟོག་གི་གཉེན་པོར་དབུགས་ཕྱི་ནང་དུ་རྒྱུ་བ་བསྒོམ་པ་གཉིས་ཡིན་ཏེ། མཛོད་ལས། དེ་ལ་འཇུག་པ་མི་སྡུག་དང་། །དབུགས་རྔུབ་དབུགས་དབྱུང་དྲན་པ་ཡིས། །འདོད་ཆགས་རྣམ་རྟོག་ལྷག་རྣམས་སོ། །ཞེས་སོ། །དེས་ན་འདོད་ཆགས་ཤས་ཆེ་ན་ མི་སྡུག་པ་དང་། རྣམ་རྟོག་ཤས་ཆེ་ན་དབུགས་དབྱུང་རྔུབ་བརྩི་བའི་ཚུལ་གྱིས་བསྒོམ་པ་ཡིན་ནོ། །དེ་ལ་མི་སྡུག་པ་བསྒོམ་པ་དང་། དབུགས་དབྱུང་རྔུབ་བརྩི་བ་སོགས་ནི་མཛོད་སོགས་སུ་གསལ་ལོ། ། གསུམ་པ་འབྲས་བུ་ནི། བདེན་བཞི་ལ་འཇུག་པའི་དགོས་པ་ཡོད་པ་ ཡིན་ཏེ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲིད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་བཞག་པ་བསྒོམ། །ཞེས་པས། ལུས་དྲན་པ་ཉེར་བཞག་གིས་ལུས་གནས་ངན་ལེན་འདུ་བྱེད་ཀྱི་སྡུག་བསྔལ་དུ་ཤེས་ པའི་ཕྱིར་ན་སྡུག་བསྔལ་ཤེས་པར་བྱེད་པ་ལ་འཇུག་གོ། གཉིས་པས་སྲེད་པའི་རྒྱུ་ཚོར་བ་ཐམས་ཅད་སྡུག་བསྔལ་དུ་བསྒོམ་པ་ལ་བརྟེན་ནས་འབྲས་བུ་སྲེད་པ་སྤོང་བ་ལ་འཇུག་པའི་ཕྱིར་ན་ཀུན་འབྱུང་སྤོང་བ་ལ་འཇུག་པ་ཡིན་ནོ། །གསུམ་པས་བདག་ཏུ་འཛིན་པའི་གཞི་སེམས་མི་ 5-1-334b རྟག་པར་བསྒོམ་པའི་ཕྱིར་སེམས་ལ་རྟག་པའི་བདག་ཏུ་འཛིན་པ་འགགས་པའི་འགོག་པ་མངོན་དུ་བྱེད་པ་ལ་འཇུག་གོ། བཞི་པས་ཆོས་ཐམས་ཅད་བདག་མེད་པའི་དོན་ལ་མི་རྨོངས་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་དུ་རྟོགས་པའི་ལམ་བསྒོམ་པ་ལ་འཇུག་པ་དེ་ཡིན་ནོ། ། གཉིས་པ་དེ་ཤེས་ནས་ཉམས་སུ་བླང་བ་ལ་གཉིས་ཏེ། ཐུན་མོང་བར་བསྒོམ་པ་དང་། ཐུན་མོང་མིན་པར་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། རང་གི་མཚན་ཉིད། སྤྱིའི་མཚན་ཉིད་ཡོངས་སུ་བརྟགས་ནས་བསྒོམ་པ་ཡིན་ཏེ། མཛོད་ལས། ལུས་ཚོར་སེམས་དང་ཆོས་རྣམས་ལ། ། མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཞེས་པས་རང་གི་མཚན་ཉིད་ལྟར་བསྒོམ་པ་ནི། ལུས་མི་གཙང་བར་དང་། ཚོར་བ་སྡུག་བསྔལ་བར་དང་། སེམས་མི་རྟག་པར་དང་། ཆོས་བདག་མེད་པར་བསྒོམ་པ་དེ་ཡིན་ནོ། །གཉིས་པ་སྤྱིའི་མཚན་ཉིད་དུ་བསྒོམ་པ་ནི། ཆོས་ ཀྱི་སྡོམ་དང་པོ་གསུམ་བསྒོམ་པ་དེ་ཡིན་པར་བཤད་དོ། ། གཉིས་པ་ཐུན་མོང་མ་ཡིན་པར་བསྒོམ་པ་ལ་བཞི་ལས། དང་པོ་ལ། ལུས་དྲན་ཉེ་བསྒོམ་པ་ལ་མོས་པ་ཡིད་བྱེད་དང་། དེ་ཁོ་ན་ཉིད་ཡིད་བྱེད་དོ། །དེ་ལ་དང་པོ་ནི། མི་སྡུག་པའི་འདུ་ཤེས་བསྒོམ་པའི་སྒོ་ནས་དང་། གཉིས་པ་ནི། རང་ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་བ་ལ་གང་བར་བསྒོམ་པ་དེ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། རྨ་དགུ་དག་ནས་བཙོག་པ་ཅན། །མངོན་སུམ་ཉིད་དུ་འཁྲུལ་བཞིན་དུ། །ལུས་མི་གཙང་བར་མི་རྟོགས་པ། །ཁྱོད་ལ་བཤད་པས་ཅི་ཞིག་ཕན། ། ཅེས་གསུངས་པ་ལྟར་བསྒོམ་མོ། །གཉིས་པ་ལ་ཚོར་བ་ཐམས་ཅད་སྡུག་བསྔལ་བ་སྒྱུ་མ་ལྟར་བསྒོམ་མོ། །གསུམ་པ་ལ་སེམས་མི་རྟག་པ་ཆུ་བུར་ལྟར་བསྒོམ་མོ། །བཞི་པ་ལ་མ་འདྲེས་པ་ལ་དམིགས་ནས་བསྒོམ་པ་དང་། འདྲེས་པ་ལ་དམིགས་ནས་བསྒོམ་པའོ། །དང་པོ་ནི། 5-1-335a ལུས་ཚོར་སེམས་གསུམ་ལས་གཞན་པའི་ཆོས་ལ་དམིགས་ནས་མི་རྟག་པ་ལ་སོགས་པ་བཞི་བསྒོམ་པ་དེ་ཡིན་ནོ། །གཉིས་པ་ནི། ལུས་སོགས་གསུམ་པོ་ལ་དམིགས་ཏེ་བསྒོམ་པའོ། །དེ་ལྟ་བུའི་སྒོམ་ཚུལ་ནི་རྗེས་ཐོབ་ཏུ་སྒོམ་པའི་ཚུལ་ཡིན་ལ། མཉམ་ བཞག་ཏུ་བསྒོམ་ན་ལུས་སེམས་ཆོས་སོགས་ཀྱང་རང་བཞིན་མེད་པའི་ཚུལ་གྱིས་བསྒོམ་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། མཁྱེན་གསུམ་གྱི་རྣམ་པ་གསུམ་ཡོད་པ་དེ་ལ་དང་པོར་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ལ་སྡེ་ཚན་བདུན་ཡོད་པའི་དང་པོར། ཕྱི་ནང་གི་དངོས་ པོ་ལ་གནས་ཚུལ་ཇི་ལྟ་བར་ཡོངས་སུ་རྟོགས་པའི་ལམ་ལ་བདེན་པ་བཞིའི་བླང་དོར་ལ་འཇུག་པའི་ཕྱིར་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་བཞི་པོའི་རང་གི་མཚན་ཉིད་མི་གཙང་བ་དང་། སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པའི་དོན་དང་། སྤྱིའི་ མཚན་ཉིད་ནི། འདུས་བྱས་མི་རྟག་པ་དང་། ཟག་བཅས་སྡུག་བསྔལ་དང་། ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པ་སྟེ་དེ་ལྟ་བུའི་མཚན་ཉིད་ཀྱིས་ཡོངས་སུ་བརྟགས་ཏེ་དྲན་པ་ཡང་དག་པར་ཉེ་བར་བཞག་པའི་རྣམ་པ་བཞིའོ། །གཉིས་པ་ལ། སྤྱིའི་དོན་དང་། ཚིག་གི་ དོན་ནོ། ། དང་པོ་ལ། ཡང་དག་སྤོང་བ་བཞིའི་རང་བཞིན་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་ལེན་པར་བྱེད་པའོ། །དང་པོ་ལ་གསུམ་སྟེ། ངོ་བོ་དང་། རྒྱུ་དང་། འབྲས་བུའོ། ། དང་པོ་ནི། དྲན་ཉེའི་ཉེར་ལེན་ལ་བརྟེན་ནས་སྐྱེས་པའི་སྤང་བྱ་དོར་བ་དང་། གཉེན་ པོ་ལེན་པ་ལ་སྤྲོ་བའོ། །ཡང་དག་པ་ཞེས་པས་ཕྱིན་ཅི་མ་ལོག་པའི་དོན་ཅེས་པའོ། །སྤོང་བ་ཞེས་པ་ནི་མི་དགེ་བ་སྤོང་བའི་དོན་ཏོ། །འདིར་སྤོང་བ་གཉིས། སྒྲུབ་པ་གཉིས་ཡོད་ཀྱང་། སྤོང་བ་ཞེས་ཕྱོགས་གཅིག་ནས་བཏགས་པ་ཡིན་ཏེ། མཁར་གྱི་ཕྱོགས་གཅིག་འགྱེལ་བ་ 5-1-335b ལ་མཁར་འགྱེལ་ཞེས་པ་བཞིན་ནོ། །ས་མཚམས་ནི། ཚོགས་འབྲིང་ནས་སངས་རྒྱས་སའི་བར་རོ། །དེ་ལྟ་བུའི་སྤོང་བ་བཞི་ནི། སྡིག་པ་མ་སྐྱེས་པ་མི་བསྐྱེད། སྐྱེས་པ་སྤང་། དགེ་བ་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བ་སྟེ་བཞིའོ། ། གཉིས་པ་རྒྱུ་ནི། དྲན་ ཉེ་སྟེ། དབུས་མཐའ་ལས། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །དེ་དག་སྤང་ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང་། །ཞེས་སོ། ། གསུམ་པ་འབྲས་བུ་ནི། དྲན་ཉེས་སྤངས་པའི་སྤང་བྱ་ལྷག་མ་རྣམས་སྤོང་བྱེད་ ཡིན་ཏེ། རྒྱན་ལས། བརྟན་པ་རྣམས་ཀྱི་ཡང་དག་སྤོང་། །ལུས་ཅན་ཀུན་དང་མཚུངས་པ་མེད། །དྲན་པ་ཉེ་བར་བཞག་པ་ཡི། །ཉེས་པ་རྣམས་ཀྱི་གཉེན་པོར་བསྒོམ། །ཞེས་སོ། ། གཉིས་པ་ཤེས་ནས་ཉམས་སུ་བླང་བ་ལ། མདོར། འདུན་པ་བསྐྱེད་དོ། །འབད་དོ། ། བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ། ཞེས་སོ། །དང་པོ་གཉིས་ནི་གོ་ཆ་དང་སྦྱོར་བའི་བརྩོན་འགྲུས་སོ། །གསུམ་པ་ནི། ལུས་སེམས་ཀྱིས་སོ། །བཞི་པ་ནི་ལྷག་མཐོང་ངོ་། །ལྔ་པ་ནི་ཞི་གནས་སོ། །དེ་ལྟ་བུ་ལྔ་པོ་དེ་མི་དགེ་བ་ དོར་བ་དང་། དགེ་བ་བླང་བའི་ཕྱིར་ཡང་དག་སྤོང་བ་རེ་རེ་ཞིང་ལྔ་ལྔར་བསྒོམ་པ་ཡིན་ནོ། །དགེ་མི་དགེའི་དོན་ཀྱང་། གནས་སྐབས་སུ་དུས་གསུམ་གྱིས་ཀུན་ནས་བསླང་བའི་ལས་དང་དེ་གསུམ་དང་བྲལ་བའི་ལས་ལ་བཞག་ཅིང་། མཐར་ཐུག་ནི། ཡིད་ལ་བྱེད་པ་ནི་མི་དགེ་བ་ དང་། ཡིད་ལ་མི་བྱེད་པ་ནི་དགེ་བའོ་ཞེས་ཡུམ་གྱི་མདོ་ལས་གསུངས་སོ། ། འདི་ཆོས་མངོན་པ་དང་མི་མཐུན་པས་ཡང་དག་པ་མིན་ནོ་སྙམ་དུ་དོགས་པར་ཡང་མི་བྱ་སྟེ། ཆོས་མངོན་པ་ནས་གསུངས་པའི་དགེ་སྡིག་གི་རྣམ་པར་གཞག་པ་ནི་དྲང་བའི་དོན་གྱི་མདོའི་ལུགས་ཡིན་ལ། 5-1-336a ཡུམ་གྱི་མདོའི་དགེ་སྡིག་གི་རྣམ་པར་གཞག་པ་འདི་ནི་ངེས་དོན་སྒྲ་ཇི་བཞིན་པ་ཡིན་པར་སེམས་ཏེ། ཡིད་ལ་བྱེད་པ་ནི་ཡོད་ཀྱི་བར་དུ་དེ་བཞིན་ཉིད་མངོན་དུ་མི་བྱེད་པ་ལ་དགོངས་ནས། ཡིད་ལ་བྱེད་པ་ནི་མི་དགེ་བ་དང་། ཡིད་ལ་མི་བྱེད་པ་ནི་དགེ་བ་ཞེས་བསྟན་ པའི་ཕྱིར་རོ། །རྒྱ་ནག་མཁན་པོ་སོགས་ཡིད་ལ་མི་བྱེད་པ་དགེ་བར་གསུངས་པའི་དོན་གྱིས་ཡིད་བྱེད་བཟང་ངན་ཐམས་ཅད་བཀག་པ་ནི་གྲོལ་བ་ཐོབ་པའི་ཐབས་དམ་པའོ་ཞེས་ཟེར་རོ། །གཉིས་པ་ཚིག་གི་དོན་ནི། དྲན་ཉེ་བསྒོམས་པ་དེའི་འོག་ཏུ་ཐེག་ཆེན་གྱི་ལམ་ལ་ཞུགས་པ་ལ་ བརྩོན་འགྲུས་འབྱུང་བས། འདིར་རྩོལ་བས་རབ་ཏུ་འབད་པ་ལས་བྱུང་བའི་ལམ་ལ་ནི་མི་དགེ་བ་དང་། དགེ་བ་སྐྱེས་པ་དང་། མི་དགེ་བ་མ་སྐྱེས་པ་དག་གོ་རིམ་བཞིན་དུ་མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བ་དང་། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ་དང་། དགེ་བའི་རྩ་བ་སྐྱེས་ པ་སྤེལ་བར་བྱེད་པ་དང་། དགེ་རྩ་མ་སྐྱེས་པ་བསྐྱེད་པའི་རྒྱུའི་བརྩོན་འགྲུས་ཡང་དག་པར་སྤོང་བའི་རྣམ་པ་བཞིའོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། ། དང་པོ་ལ། རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱ་བའོ། དང་པོ་ལ་གསུམ་སྟེ། ངོ་བོ་དང་། རྒྱུ་དང་། འབྲས་བུའོ། ། དང་པོ་རྫུ་འཕྲུལ་གྱི་རྐང་པའི་ངོ་བོའམ་མཚན་ཉིད་ནི། ཡང་དག་སྤོང་བའི་ཉེར་ལེན་ལ་བརྟེན་ནས་སྐྱེས་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པ་སྟེ། དམིགས་པ་ལ་ནི་སེམས་གཏད་ནས། །དེའི་རྒྱུན་རྣམ་ པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལ་བླན་པར་བྱ། །ཞེས་སོ། ། དེ་ལ་དབྱེ་ན་བཞི་སྟེ། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་ནོ། །དེ་ལས་དང་པོ་ནི། བདག་རྐྱེན་འདུན་པ་ལ་བརྟེན་ནས་དམིགས་ 5-1-336b པ་ལ་སེམས་རྩེ་གཅིག་ཏུ་གནས་པའོ། །གཉིས་པ་ནི། བདག་རྐྱེན་བརྩོན་འགྲུས་ལ་བརྟེན་པའོ། །གསུམ་པ་ནི། བདག་རྐྱེན་སེམས་སྔ་མ་ལ་བརྟེན་པའོ། །བཞི་པ་ནི། བདག་རྐྱེན་དཔྱོད་པའི་ཤེས་རབ་ལ་བརྟེན་པའོ། །བཞིར་འབྱེད་པ་ཡང་བདག་རྐྱེན་མི་འདྲ་བ་བཞི་ཡོད་པའི་ རྒྱུ་མཚན་གྱིས་སོ། །དེས་ན་བདག་རྐྱེན་མི་འདྲ་བ་བཞི་ལ་བརྟེན་ནས་སྐྱེས་པའི་སེམས་རྩེ་གཅིག་པ་དེའི་འབྲས་བུ་ལུས་སྣ་ཚོགས་སུ་བརྫུ་ཞིང་སྤྲུལ་པར་བྱེད་པའི་དོན་གྱིས་ན་རྫུ་འཕྲུལ་ལོ། །རྫུ་འཕྲུལ་དེའི་རྒྱུར་གྱུར་པས་ན་འདུན་སོགས་དེ་ལ་རྐང་པ་ཞེས་སོ། །འདི་ནི་ཚོགས་ ལམ་ཆེན་པོ་ནས་སངས་རྒྱས་ཀྱི་བར་ཡོད་དོ། ། གཉིས་པ་དེ་སྐྱེ་བའི་རྒྱུ་ནི་ཉེས་པ་ལྔ་སྤོང་བར་བྱེད་པའི་གཉེན་པོ་འདུ་བྱེད་བརྒྱད་བསྒོམས་པ་ལས་འབྱུང་བ་ཡིན་ཏེ། དབུས་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཉེས་ པ་ལྔ་སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་འབྱུང་བའོ། །ཞེས་སོ། །ཉེས་པ་ལྔ་ནི་དེ་ཉིད་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་སོ། ། ཉེས་པ་བཞི་ པོ་དེ་སྤོང་བར་བྱེད་པ་ལ་ལེ་ལོ་སྤོང་བྱེད་བཞི་དང་། ཉེས་པ་ལྷག་མ་བཞི་པོ་དེ་སྤོང་བྱེད་ཀྱི་གཉེན་པོ་བཞིའོ། །དང་པོ་ནི། དེ་ཉིད་ལས། གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །ཞེས་པས། གནས་པ་ནི་འདུན་པ་དང་། དེ་ལ་གནས་པ་ནི་སྤྱོད་ པ་བརྩོན་འགྲུས་དང་། རྒྱུ་ནི་དད་པ་དང་། འབྲས་བུ་ནི་ལུས་སེམས་ཤིན་ཏུ་སྦྱངས་པའོ། །དེའང་དད་པ་ལ་བརྟེན་ནས་འདུན། འདུན་པ་ལ་བརྟེན་ནས་བརྩོན། བརྩོན་པ་ལ་བརྟེན་ནས་ལུས་སེམས་ལས་སུ་རུང་བའི་སྒོ་ནས་ལེ་ལོ་སྤོང་བ་ཡིན་ནོ། །ཉེས་པ་ལྷག་མ་བཞི་པོ་སྤོང་ 5-1-337a བྱེད་ནི། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་བཞི་པོ་དེ་ཡིན་ལ། དེའང་གདམས་ངག་བརྗེད་པའི་གཉེན་པོར་དམིགས་རྣམ་གྱི་རྟོགས་པ་མི་བརྗེད་པའི་ཕྱིར་དྲན་པ་བསྒོམ་མོ། །བྱིང་རྒོད་ཀྱི་གཉེན་པོར་བྱིང་རྒོད་བྱུང་བ་ ལ་བྱུང་བར་ཤེས་པའི་ཤེས་བཞིན་བསྒོམ་མོ། །གཉེན་པོ་མངོན་པར་འདུ་མི་བྱེད་པའི་གཉེན་པོར་གཉེན་པོ་སེམས་པར་བྱེད་པའི་སེམས་པ་བསྒོམ་མོ། །དེའང་བྱིང་བའི་གཉེན་པོར་ལྷག་མཐོང་རྒྱུ་དང་བཅས་པ་བསྒོམ་དགོས་ལ། རྒོད་པའི་གཉེན་པོར་ཞི་གནས་རྒྱུ་དང་བཅས་ པ་བསྒོམ་དགོས་ཏེ། བརྒྱད་སྟོང་འགྲེལ་པ་ལས། རབ་ཏུ་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་ནི་བྱིང་བ་སྤོང་ལ། སྐྱོ་བའི་དངོས་པོ་མི་རྟག་པ་ལ་སོགས་ཡིད་ལ་བྱེད་པས་ནི་རྒོད་པ་སྤོང་བར་བྱེད་པའི་ཕྱིར་རོ། །འདུ་བྱེད་རྣམ་གཡེང་ གི་གཉེན་པོར་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་གྱི་དོན་ལ་བཏང་སྙོམས་བསྒོམ་པའོ། ། གསུམ་པ་འབྲས་བུ་ནི། རྒྱན་ལས། མཐོང་བ་དང་ནི་གདམས་ངག་དང་། །གནས་པས་རྣམ་པར་བརྩེ་བ་དང་། །སྨོན་ལམ་དང་ནི་དབང་དག་དང་། །ཆོས་ཐོབ་པ་ནི་བསྒྲུབ་པའི་ ཕྱིར། །ཞེས་པས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ནས་སྤྱན་ལྔ་ཐོབ་པར་བྱེད་དོ། །གདམས་ངག་སྟོན་པའི་རྒྱུ་མངོན་པར་ཤེས་པ་དྲུག་ཐོབ་པར་བྱེད་དོ། །དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའི་སྒོ་ནས་རྫུ་འཕྲུལ་སྣ་ཚོགས་སྟོན་པར་བྱེད་དོ། །སྨོན་པའི་དོན་ ཐམས་ཅད་སྒྲུབ་པར་བྱེད་དོ། །དབང་བཅུ་ཐོབ་པར་བྱེད་དོ། །གཞན་ཡང་དཔལ་ཕྲེང་གི་མདོ་ལས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་པས་ནི་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་མཐོང་ངོ་། །ཞེས་སོ། ། གཉིས་པ་ཤེས་ནས་ཉམས་སུ་བླང་བར་བྱ་བ་ 5-1-337b ནི། ཆོས་ཐམས་ཅད་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་སྒོམ་པའང་ཡོད་དེ། དཀོན་བརྩེགས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་པའི་ཕྱིར་གཉེན་པོའོ། །བྱང་ཆུབ་སེམས་དཔའ་རྣམས་ ཀྱི་བསམ་གཏན་ནི་འཇིག་རྟེན་ཐམས་ཅད་ལས་འདས་པའི་ཤེས་རབ་བོ། །ཞེས་སོ། །འགའ་ཞིག་ཏུ། ས་གོང་འོག་ལ་དམིགས་ནས་ཞི་རགས་སུ་བསྒོམ་པའང་ཡོད་དེ། མཛོད་ལས། འཇིག་རྟེན་པ་ཡི་རྣམ་གྲོལ་དང་། །བར་ཆད་མེད་ལམ་གོ་རིམ་བཞིན། །ཞི་སོགས་ རགས་སོགས་རྣམ་པ་ཅན། །གོང་དང་འོག་མའི་སྤྱོད་ཡུལ་ཅན། །ཞེས་སོ། །གཉིས་པ་ཚིག་གི་དོན་ནི། ཡང་དག་སྤོང་བའི་བརྩོན་འགྲུས་དང་ལྡན་པས་ནི་སེམས་ཀུན་ནས་རྣམ་པར་བྱང་བའི་སྒོམ་ལམ་ལས་སུ་རུང་བ་ཉིད་དུ་བྱེད་པས། དེའི་འོག་ཏུ་ཏིང་ངེ་འཛིན་ལ་ སྙོམས་པར་འཇུག་པའི་གེགས་ཡོངས་སུ་སྦྱོང་བའི་ལམ་ལ་འདུན་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པའི་ཏིང་ངེ་འཛིན་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའི་རྣམ་པ་བཞིའོ། །བཞི་པ་ལ་སྤྱིའི་དོན་དང་། ཚིག་གི་དོན་ ལས། དང་པོ་ལ། རང་བཞིན་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བའོ། །དང་པོ་ལ་གསུམ་ལས། དང་པོ་ནི། ཐར་པ་ཆ་མཐུན་གྱི་ཉེར་ལེན་ལ་བརྟེན་ནས་རྣམ་བྱང་བསྐྱེད་པ་ལ་དབང་བ་ནི་འདིར་བསྟན་གྱི་དབང་པོའོ། །དབྱེ་ན། དམིགས་ཡུལ་ལྔ་ཡོད་པའི་རྒྱུ་ མཚན་གྱིས་ལྔར་འབྱེད་དོ། །ལྔ་གང་ཞེ་ན། རྒྱན་ལས། བྱང་ཆུབ་སྤྱོད་དང་ཐོས་མཆོག་དང་། །ཞི་གནས་ལྷག་མཐོང་དད་སོགས་ཀྱི། །གཞི་ཡིན་པར་ནི་ཤེས་བྱ་སྟེ། །དོན་གྲུབ་བྱེད་པའི་སྐབས་ཀྱིས་སོ། །ཞེས་པས། དད་སོགས་ལྔའི་དམིགས་ཡུལ་ནི་བླ་ན་མེད་པའི་ 5-1-338a བྱང་ཆུབ་དང་། བྱང་ཆུབ་དེའི་སྤྱོད་པ་ཕར་ཕྱིན་དྲུག་དང་། ཐོས་པ་དང་ཞི་གནས་དང་ལྷག་མཐོང་སྟེ་གོ་རིམ་བཞིན་ནོ། །དེའང་དད་པས་འདུན་པ་ལ་དབང་བྱེད། འདུན་པས་སྦྱོར་བའི་བརྩོན་འགྲུས་ལ་དབང་བྱེད་པས་ན་དབང་པོ་སྟེ། དབུས་མཐའ་ ལས། ཐར་པའི་ཆ་དང་མཐུན་བསྐྱེད་ནས། །འདུན་དང་སྦྱོར་བས་དབང་བྱེད་དེ། །དམིགས་པ་བརྗེད་པར་མ་གྱུར་དང་། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ་། །ཞེས་སོ། །དབང་པོ་ལྔ་པོ་འདི་དྲོད་ནས་སངས་རྒྱས་ཀྱི་སའི་བར་རོ། །གཉིས་པ་རྒྱུ་ནི་ཚོགས་ལམ་ལས་སྐྱེ་བ་ ཡིན་ཏེ། ཐར་པའི་ཆ་དང་མཐུན་བསྐྱེད་ནས། །འདུན་དང་སྦྱོར་བས་དབང་བྱེད་དེ། །ཞེས་སོ། །གསུམ་པ་འབྲས་བུ་ནི་སྟོབས་ལྔ་བསྐྱེད་པ་ཡིན་ཏེ། རྒྱན་ལས། དབུས་མཐའ་ལས། མི་མཐུན་ཕྱོགས་ཉམ་ཆུང་བའི་ཕྱིར། །སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན། །ཅེས་སོ། ། གཉིས་པ་ ཤེས་ནས་ཉམས་སུ་བླང་བར་བྱ་བ་ལ། ཐུན་མོང་བར་ཉམས་སུ་བླང་བ་དང་། ཐུན་མོང་མིན་པར་ཉམས་སུ་བླང་བའོ། །དང་པོ་ནི། བདེན་བཞིའི་རྣམ་པ་མི་རྟག་སོགས་ལ་དད་པས་ཡིད་ཆེས་པའི་ཚུལ་གྱིས་བསྒོམ། བརྩོན་འགྲུས་ཀྱིས་སྤྲོ་བ་དང་། དྲན་པས་དམིགས་རྣམ་གྱི་ རྟོག་པ་མི་བརྗེད་པ་དང་། ཏིང་ངེ་འཛིན་གྱིས་དམིགས་པ་ལ་སེམས་རྩེ་གཅིག་པ་དང་། ཤེས་རབ་ཀྱིས་དམིགས་རྣམ་འབྱེད་པའི་ཚུལ་གྱིས་བསྒོམ་པའོ། ། གཉིས་པ་ནི། ས་གཉིས་ཀྱི་བདེན་བཞིའི་དམིགས་རྣམ་བཅུ་དྲུག་པ་ཚན་པ་གཉིས་ལ་མི་དམིགས་པར་དད་པས་ཡིད་ ཆེས་པའི་ཚུལ་གྱིས་བསྒོམ་པའོ། །གཉིས་པ་ཚིག་གི་དོན་ནི། རྫུ་འཕྲུལ་གྱི་རྐང་པ་བསྒོམས་པས་སེམས་ཀྱི་རྙོག་པ་ཡོངས་སུ་སྦྱང་བར་བྱས་པ་ལ་སྦྱོར་ལམ་དྲོ་བ་དང་། སྦྱོར་ལམ་རྩེ་མོའི་སྦྱོར་བ་འབྱུང་བས་བདེན་པ་མངོན་པར་རྟོགས་པའི་སྦྱོར་བའི་ལམ་ལ་སྦྱོར་ལམ་དྲོད་ 5-1-338b དང་རྩེ་མོའི་ངོ་བོ་ཉིད་དུ་གྱུར་པའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའི་རྣམ་པ་ལྔའོ། །ལྔ་པ་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། ། དང་པོ་ལ། སྟོབས་ལྔའི་རང་བཞིན་ཤེས་ པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱ་བའོ། །དང་པོ་ལ་གསུམ་སྟེ། ངོ་བོ་དང་། རྒྱུ་དང་། འབྲས་བུའོ། ། དང་པོ་ནི། དབང་པོའི་ཉེར་ལེན་ལ་བརྟེན་ནས་མི་མཐུན་ཕྱོགས་འཇོམས་བྱེད་ཀྱི་སྟོབས་ལྡན་དེའོ། །འདི་ལ་སྟོབས་ཞེས་མིང་དུ་འདོགས་པའི་ རྒྱུ་མཚན་ཅི་ཞེ་ན། རྒྱན་ལས། མི་མཐུན་ཕྱོགས་ཉམ་ཆུང་བས་ན། །དེ་དག་ཉིད་ལས་སྟོབས་ཞེས་བྱ། །ཞེས་སོ། །འདི་ནི་བཟོད་པ་ནས་སངས་རྒྱས་ཀྱི་སའི་བར་རོ། ། གཉིས་པ་རྒྱུ་ནི། དབང་པོ་ལྔ་ལས་སྐྱེས་པའོ། ། གསུམ་པ་འབྲས་བུ་ནི། ས་དང་པོ་ཡན་ཆད་ བསྐྱེད་པ་ཡིན་ཏེ། རྒྱན་ལས། དད་སོགས་ས་ལ་འཇུག་པ་དང་། །ཞེས་སོགས་སུ་བསྟན་པའི་ཕྱིར་རོ། ། གཉིས་པ་ཤེས་ནས་ཉམས་སུ་བླང་བྱ་སྔ་མ་དང་འདྲའོ། །གཉིས་པ་ཚིག་གི་དོན་ནི། དྲོ་བ་དང་ལ་སོགས་པས་རྩེ་མོ་ཐོབ་པ་ལ་བཟོད་པ་དང་། ཆོས་ཀྱི་མཆོག་ འབྱུང་བས་བདེན་པ་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་འདི་ལ་བཟོད་པ་དང་ཆོས་མཆོག་གི་ངོ་བོར་གྱུར་པའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ཀྱིས་རྣམ་པ་ལྔའོ། །སྟོབས་ལྔ་པོ་འདི་ལ་བྱེད་པའི་ཁྱད་པར་མི་འདྲ་བ་ གཉིས་ཡོད་པས་སྟོབས་ཀྱང་ཡིན་ལ་དབང་པོའང་ཡིན་ནོ། །དྲུག་པ་བདེན་པ་མངོན་པར་རྟོགས་པའི་ལམ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། ། དང་པོ་ནི། ངོ་བོ། རྒྱུ། འབྲས་བུའོ། །དང་པོ་ལ། མཚན་ཉིད། དབྱེ་བ། སྒྲ་དོན། དཔེ། ས་མཚམས་སོ། །དང་པོ་བྱང་ཆུབ་ཡན་ 5-1-339a ལག་གི་མཚན་ཉིད་ནི། ཆོས་མཆོག་གི་ཉེར་ལེན་ལས་སྐྱེས་ཤིང་བྱང་ཆུབ་ཀྱི་གྲོགས་སུ་གྱུར་པའོ། ། གཉིས་པ་དབྱེ་བ་ལ་བྱང་ཆུབ་ཀྱི་ཡན་ལག་ཏུ་འགྱུར་ཚུལ་བདུན་ཡོད་དེ། ཇི་ལྟར་ཡོད་ན། དབུས་མཐའ་ལས། རང་བཞིན་ཡན་ལག་གནས་ཡན་ལག ། གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཅེས་པས་བདུན་ནོ། ། དེའང་ལྔར་འདུས་པ་ཡིན་ཏེ། གནས་ཀྱི་དང་། རང་བཞིན། ངེས་འབྱུང་། ཕན་ཡོན། ཉོན་མོངས་པ་མེད་པའི་ཡན་ལག་གོ། དང་པོ་ནི། དྲན་པ་གནས་ཀྱི་ཡན་ལག་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུ་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ཆོས་རབ་ཏུ་རྣམ་འབྱེད་རང་བཞིན་གྱི་ཡན་ལག་ཡིན་ཏེ། བྱང་ཆུབ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །གསུམ་པ་ནི། བརྩོན་འགྲུས་ངེས་འབྱུང་གི་ཡན་ལག་ཡིན་ཏེ། འཁོར་བའི་གནས་ནས་མྱ་ངན་ལས་འདས་པའི་གནས་སུ་ངེས་པར་འབྱུང་བར་བྱེད་པའི་ཕྱིར་རོ། །བཞི་པ་དགའ་བ་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། མདོ་སྡེ་པ་ལྟར་ན་དགའ་བས་སེམས་ལ་དང་། བདེ་བས་ལུས་ལ་ཕན་འདོགས་པར་ བྱེད་པའི་ཕྱིར་དང་། བྱེ་སྨྲ་ལྟར་ན་གཉིས་ཀས་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །ལྔ་པ་ལ་གསུམ་སྟེ། ཉོན་མོངས་པ་མེད་པའི་གཞི་དང་། གནས་ཀྱི་དང་། ངོ་བོ་ཉིད་ཀྱི་ཡན་ལག་གོ། དང་པོ་ཤིན་སྦྱངས་ནི་ཉོན་མོངས་པ་མེད་པའི་གཞིའི་ཡན་ལག་ཡིན་ཏེ། ཉོན་མོངས་ པའི་རྒྱུ་གནས་ངན་ལེན་སྤོང་བར་བྱེད་པའི་ཕྱིར་རོ། །གཉིས་པ་ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པའི་གནས་ཀྱི་ཡན་ལག་ཡིན་ཏེ། ཉོན་མོངས་པ་མེད་པའི་གནས་གྱུར་ཐོབ་པའི་ཕྱིར་རོ། །གསུམ་པ་བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་ཀྱི་ཡན་ལག་ཡིན་ཏེ་ཉོན་མོངས་ 5-1-339b པ་གང་ཡང་མེད་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི། ཡན་ལག་ཏུ་འགྱུར་ཚུལ་གྱིས་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་དུ་དབྱེའོ། །གསུམ་པ་སྒྲ་དོན་ནི། མི་མཐུན་ཕྱོགས་བྱང་བའི་དོན་གྱིས་ན་བྱང་ཞེས་བྱའོ། །དེ་བཞིན་ཉིད་ཁོང་དུ་ཆུད་པས་ན་ཆུབ་ཅེས་བྱའོ། །བྱང་ཆུབ་ ཀྱི་ཕྱོགས་གཅིག་ཏུ་གྱུར་པས་ན་ཡན་ལག་ཅེས་བྱ་སྟེ་ལུས་ཀྱི་ཡན་ལག་བཞིན་ནོ། །བཞི་པ་དཔེ་ནི། སེམས་དཔའ་མཐོང་ལམ་པ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲ་ཞིང་། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་རྒྱལ་སྲིད་སྣ་བདུན་དང་འདྲ་བ་ཡིན་ཏེ། རྒྱན་ལས། རྟག་ཏུ་རིན་ཆེན་ བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་སོ། །དེའང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་བདུན་པོ་དེ་འཁོར་ལོས་སྒྱུར་རྒྱལ་ལ་ཡོད་པའི་འཁོར་ལོ་དང་། གླང་པོ་དང་། རྟ་མཆོག་དང་། ནོར་བུ་དང་། བཙུན་མོ་དང་། ཁྱིམ་བདག་དང་། དམག་དཔོན་རིན་པོ་ཆེ་དང་འདྲ་སྟེ། རྒྱན་ལས། ཤེས་བྱ་མ་རྒྱལ་རྒྱལ་བྱའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་སྤྱོད། །འདི་ཡི་རྣམ་འབྱེད་རྟོགས་པ་ཡིས། །མཚན་མ་ཐམས་ཅད་ཅིག་ཅར་འཇོམས། །ཞེས་དང་། འདི་ཡིས་བརྩོན་འགྲུས་མ་ལུས་པ། །མྱུར་དུ་རྟོགས་པར་བྱ་ཕྱིར་ འཇུག །ཅེས་དང་། ཆོས་ཀྱི་སྣང་བ་རྣམ་འཕེལ་བའི། །དགའ་བས་རྟག་ཏུ་རྒྱས་པར་འགྱུར། །ཞེས་དང་། སྒྲིབ་པ་ཀུན་ལས་ཐར་བའི་ཕྱིར། །ཤིན་ཏུ་སྦྱངས་པས་བདེ་བ་འཐོབ། །ཅེས་དང་། ཏིང་ངེ་འཛིན་ལས་བསམས་པའི་དོན། །འབྱོར་བ་ཉེ་བར་སྐྱེ་བར་འགྱུར། །ཞེས་ དང་། བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས། །རྗེས་ལ་ཐོབ་དང་མི་རྟོག་པའི། །གནས་པས་མཆོག་ནི་རྟག་ཏུ་གནས། །ཞེས་སོ། །ཐ་མའི་དོན་ནི། དམག་དཔོན་རིན་པོ་ཆེས་ཕ་རོལ་གྱི་དམག་ཚོགས་བཟློག་པའི་སྒོ་ནས་རྒྱལ་པོ་བདེ་བར་བྱེད་ 5-1-340a པ་བཞིན་དུ་བཏང་སྙོམས་ཀྱིས་ནི་མི་མཐུན་པའི་ཕྱོགས་བསལ་བའི་སྒོ་ནས་སེམས་དཔའ་དེ་གནས་པ་གསུམ་ལ་རྟག་ཏུ་གནས་པར་བྱེད་དོ། །དང་པོ་དྲུག་གི་དོན་ནི་གོ་སླའོ། །ལྔ་པ་ས་མཚམས་ནི། བདུན་པོ་དེ་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་ དོ། །གཉིས་པ་རྒྱུ་དང་། གསུམ་པ་འབྲས་བུ་ནི་སྔ་ཕྱིར་བསྟན་པའི་མཐོང་ལམ་གྱི་སྐབས་སུ་བཤད་ཟིན་ཏོ། །ཤེས་ནས་ཉམས་སུ་བླང་བའི་ཚུལ་ནི་འདིར་སྟོན་པ་མ་ཡིན་གྱི། ས་དང་པོའི་ཡེ་ཤེས་ནི་རང་བྱུང་གི་ངོ་བོ་ཡིན་པས་འཇིག་རྟེན་པའི་ཐོས་བསམ་སྒོམ་གསུམ་གྱིས་ ཉམས་སུ་བླང་མི་བཏུབ་པོ། །གཉིས་པ་ཚིག་གི་དོན་ནི། དྲོ་བ་ལ་སོགས་པ་ངེས་འབྱེད་བཞི་རྟོགས་པ་ལས་དེའི་འོག་ཏུ་བདེན་པ་མཐོང་བའི་ལམ་འབྱུང་བས། བདེན་པ་མངོན་པར་རྟོགས་པའི་ལམ་འདི་ལ་ནི་ཁྱད་པར་གྱི་ཡན་ལག་དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་སྟེ་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་བདུན་དང་ལེགས་པར་ལྡན་ཏོ། །བདུན་པ་རྗེས་ལ་མངོན་རྟོགས་ཀྱི་ལམ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། ། དང་པོ་ ལ་གསུམ་སྟེ། ངོ་བོ། རྒྱུ། འབྲས་བུའོ། །དང་པོ་ལ་བཞི། མཚན་ཉིད། དབྱེ་བ། སྒྲ་དོན། ས་མཚམས་སོ། །དང་པོ་འཕགས་པའི་ལམ་གྱི་ཡན་ལག་གི་མཚན་ཉིད་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཉེར་ལེན་ལས་སྐྱེས་ཤིང་འཕགས་ལམ་གྱི་གྲོགས་སུ་གྱུར་པའོ། ། གཉིས་པ་དབྱེ་བ་ནི། ངོ་བོ་མི་འདྲ་བ་བརྒྱད་ཡོད་པས་འཇོག་པ་ཡིན་ལ། བརྒྱད་པོ་དེ་ཡང་གང་ཞེ་ན། ཐེག་པ་ཐུན་མོང་བའི་ལུགས་དང་། ཐེག་པ་ཆེན་པོ་པའི་ལུགས་སོ། །དང་པོ་ནི་གཞུང་དུ་འཆད་པ་ཡིན་ལ། གཉིས་པ་ནི། ཡང་དག་པའི་ལྟ་བ་ལ་སོགས་པ་བརྒྱད་པོ་དེ་ 5-1-340b གོ་རིམ་བཞིན་དུ་ཆོས་ཐམས་ཅད་གཉིས་སུ་མེད་པར་མཐོང་བ་དང་། ཆོས་ཐམས་ཅད་རྟག་ཏུ་མེད་པར་མཐོང་བ་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་དང་། ཆོས་ཐམས་ཅད་བྱ་བྱེད་མེད་པར་མཐོང་བ་དང་། ཆོས་ཐམས་ཅད་དབྲི་བསྣན་མེད་པར་མཐོང་བ་དང་། ཆོས་ ཐམས་ཅད་རྩོལ་སྒྲུབ་མེད་པའི་ཚུལ་གྱིས་སྒྲུབ་པར་བྱེད་པ་དང་། ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པར་མཐོང་བ་དང་། ཆོས་ཐམས་ཅད་མི་དམིགས་པར་མཐོང་བ་དེ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་བསྟན་པའི་མདོ་ལས། འཇམ་དཔལ་ཆོས་ཐམས་ཅད་མི་མཉམ་ པ་དང་མཉམ་པ་མེད་ཅིང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བ་ཡིན། ཅེས་དང་། ཆོས་ཐམས་ཅད་མཐོང་བ་མེད་པའི་ཚུལ་གྱིས་རྟག་ཏུ་མེད་ཅིང་རྣམ་པར་བརྟག་ཏུ་མེད་ལ་ཡོངས་སུ་བརྟག་ཏུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་རྟོག་ པའོ། །ཞེས་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ངག་གོ། ཞེས་དང་། ཆོས་ཐམས་ཅད་བྱ་བ་མེད་ཅིང་བྱེད་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ། །ཞེས་དང་། ཆོས་ཐམས་ཅད་མིང་སོགས་མི་འབྲི་བ་འདི་ནི་ཡང་ དག་པར་འཚོ་བའོ། །ཞེས་དང་། རྩོལ་བ་མེད་ཅིང་སྒྲུབ་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པ་འདི་ནི་ཡང་དག་པའི་རྩོལ་བའོ། །ཞེས་དང་། ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང་དྲན་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་དྲན་པའོ། །ཞེས་དང་། ཆོས་ ཐམས་ཅད་མི་དམིགས་པའི་ཕྱིར་རང་བཞིན་གྱིས་མཉམ་པར་བཞག་ཅིང་འཁྲུགས་པ་མེད་ལ་མི་དམིགས་པར་མཐོང་བ་འདི་ནི་ཏིང་ངེ་འཛིན་ནོ། །ཞེས་སོ། །དེ་ལྟར་འབྱེད་པའི་རྒྱུ་མཚན་ནི་ཡན་ལག་ཏུ་འགྱུར་ཚུལ་བརྒྱད་ཡོད་པས་སོ། ། ཇི་ལྟར་ཡོད་ཅེ་ན། དབུས་མཐའ་ལས། 5-1-341a ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་ མོངས་དབང་། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་སོ། ། དེ་ལ་བཞི་སྟེ། ཡོངས་སུ་གཅོད་པའི་དང་། གཞན་གྱིས་གོ་བར་བྱེད་པའི། གཞན་ཡིད་ཆེས་པར་བྱེད་པའི། གཉེན་པོའི་ཡན་ལག་གོ། དང་པོ་ཡང་དག་པའི་ལྟ་བ་དེ་ཡོངས་སུ་གཅོད་པར་བྱེད་པའི་ཡན་ ལག་ཡིན་ཏེ། མཐོང་ལམ་གྱིས་མཐོང་ཟིན་པའི་དོན་དེ་གཅོད་པར་བྱེད་པའི་ཕྱིར་རོ། །གཉིས་པ་ཡང་དག་པའི་རྟོག་པ་དང་ངག་གཉིས་པོ་དེ་གཞན་གྱིས་གོ་བར་བྱེད་པའི་ཡན་ལག་ཡིན་ཏེ། ཡང་དག་པའི་རྟོག་པ་ལས་སྐྱེས་པའི་ངག་གིས་རྟོགས་པའི་དོན་གཞན་ལ་སྟོན་པར་ བྱེད་པའི་ཕྱིར་རོ། ། གསུམ་པ་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ལ་གསུམ་ལས། ཡང་དག་པའི་ངག་གིས་ལྟ་བ་རྣམ་པར་དག་པ་ལ་ཡིད་ཆེས་པར་བྱེད་པ་ཡིན་ཏེ། ལྟ་བ་རྣམ་དག་ལས་སྐྱེས་པའི་ངག་ཡིན་པའི་ཕྱིར་རོ། །ལས་ཀྱི་མཐས་ཚུལ་ཁྲིམས་རྣམ་པར་དག་པ་ ལ་ཡིད་ཆེས་པར་བྱེད་པ་ཡིན་ཏེ། ལུས་ངག་ཡིད་གསུམ་བྱ་བ་མ་ཡིན་པ་ལ་མི་འཇུག་པར་ཤེས་པའི་ཕྱིར་རོ། །འཚོ་བས་ཡོ་བྱད་བསྙུངས་པ་ལ་ཡིད་ཆེས་པར་བྱེད་པ་ཡིན་ཏེ། ལོག་འཚོ་སྤོང་བར་ཤེས་པའི་ཕྱིར་རོ། ། ལོག་འཚོ་ནི་ལྔ་སྟེ། ཚུལ་འཆོས་དང་། ཁ་གསགས་ དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པ་འཚོལ་བའོ། །གཞན་ཡང་མ་དག་པའི་དངོས་པོ་འཆང་བ་དང་། ཏིལ་བརྡུང་བ་དང་། ཡུངས་ཀར་འཚིར་བ་དང་། ཞིང་ལས་བྱེད་པ་ལ་སོགས་པ་ཡང་ལོག་འཚོ་ཡིན་པར་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ 5-1-341b ལས་བཤད་དོ། ། བཞི་པ་གཉེན་པོའི་ཡན་ལག་ལ་གསུམ་ལས། རྩོལ་བས་ནི་སྒོམ་སྤང་གི་ཉོན་མོངས་པའི་གཉེན་པོ་བྱེད་པ་ཡིན་ནོ། །དྲན་པས་ཉེ་བའི་ཉོན་མོངས་བྱིང་རྒོད་ཀྱི་གཉེན་པོ་བྱེད་པ་ཡིན་ཏེ། དབུས་མཐའི་ཊཱི་ཀ་ལས། དྲན་པ་ནི་ཤིན་ཏུ་ཉེ་བར་གནས་པས་བྱིང་ བ་དང་རྒོད་པ་མེད་པའི་ཕྱིར་ཞེས་སོ། །ཏིང་ངེ་འཛིན་གྱིས་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་ལ་དབང་ཐོབ་པའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པ་ཡིན་ཏེ། སྙོམས་འཇུག་གི་སྒྲིབ་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །སྙོམས་འཇུག་གི་སྒྲིབ་པ་དེ་ གང་ཞེ་ན། སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས་སྒྲིབ་པ་ལྔ་པོ་དེ་ཡིན་པར་བཤད་དོ། ། གསུམ་པ་སྒྲ་དོན་ནི། མཐོང་ལམ་མ་ཐོབ་པ་ལས་རིང་དུ་སོང་བས་ན་འཕགས་པའོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པས་ན་ལམ་མོ། །འཕགས་པའི་ལམ་གྱི་ཕྱོགས་གཅིག་ ཏུ་གྱུར་པས་ན་ཡན་ལག་སྟེ་ལུས་ཀྱི་ཡན་ལག་བཞིན་ནོ། ། བཞི་པ་ས་མཚམས་ནི། ཁ་ཅིག །འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེས་གཉིས་པ་ཡན་ཆད་ན་ཡོད་ཟེར་རོ། །དེ་ལྟར་ན་འཕགས་ལམ་བརྒྱད་པོ་དེ་མཐོང་ལམ་ན་མེད་པར་ཐལ། ས་གཉིས་པ་ཡན་ཆད་ཁོ་ ན་ན་ཡོད་པའི་ཕྱིར། རྒྱན་ལས། རྒྱས་སྲས་བྱང་ཆུབ་ཕྱོགས་མཐུན་པ། །སུམ་ཅུ་རྩ་བདུན་དེ་དག་ནི། །རྟག་ཏུ་མཐོང་བའི་ལམ་དེ་དང་། །ལྷན་ཅིག་ཏུ་ནི་གནས་པར་འདོད། །ཅེས་པས་བསལ་ལོ། །དེས་ན་བརྒྱད་པོ་དེ་ས་དང་པོའི་སྐད་ཅིག་གཉིས་པ་ནས་སངས་རྒྱས་སའི་ བར་ན་ཡོད་པ་ཡིན་ནོ། ། གཉིས་པ་རྒྱུ་ནི། བྱང་ཆུབ་ཡན་ལག་ལས་སྐྱེས་པ་ཡིན་ཏེ། བདེན་པ་མཐོང་བ་ཡོངས་སུ་ཤེས་པ་ལ་སྒོམ་པའི་ལམ་འབྱུང་བ་ཡིན་ནོ། །ཞེས་སོ། ། གསུམ་པ་འབྲས་བུ་ནི། མཐོང་སྒོམ་གཉིས་ཀྱི་འབྲས་བུ་དེ་ཉིད་འཕགས་ལམ་བརྒྱད་ཀྱི་འབྲས་བུ་ཡིན་ 5-1-342a ནོ། །གཉིས་པ་ཚིག་གི་དོན་ནི། བདེན་པ་མཐོང་བ་ཡོངས་སུ་ཤེས་པ་ལས་སྒོམ་པའི་ལམ་འབྱུང་བས་བདེན་པ་མཐོང་བ་དེའི་འོག་ཏུ་རྣམ་པར་དག་པར་ངེས་པས་འབྱིན་པའི་ལམ་ལ་ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་ དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་རྣམ་པ་བརྒྱད་དོ། །གཉིས་པ་བསྡུ་བ་ནི། དེ་ལྟར་ན་སློབ་མ་ཉན་ཐོས་རྣམས་ལ་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་དུ་གྱུར་པའི་བྱང་ཆུབ་ཀྱི་ཆོས་རྣམ་པ་སུམ་ཅུ་རྩ་བདུན་ ཡིན་ནོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ལ། གཉེན་པོའི་ལམ། སྤྲུལ་པའི་ལམ། བདེར་གནས་ཀྱི་ལམ། འཇིག་རྟེན་ལས་འདས་པའི་ལམ། སྤོང་བའི་ལམ། སངས་རྒྱས་ཀྱི་ལམ་དང་དྲུག་ལས། དང་པོ་ལ། སྤྱི་དོན་དང་། ཚིག་ དོན་གཉིས་ཀྱི། དང་པོ་ལ། ཤེས་བྱ་རྣམ་པར་ཐར་པའི་སྒོ་དང་། ལམ་རྣམ་པར་ཐར་པའི་སྒོའོ། །དེ་ལྟར་གཉིས་སུ་ཡོད་པར་ཡང་། མདོ་སྡེ་རྒྱན་ལས། དེ་ནི་གཟུང་འཛིན་ངོ་བོའི་ཕྱིར། །ཞེས་སོ། ། དང་པོ་ནི། དེ་ཉིད་ལས། ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ། །ཆོས་ཀྱི་སྡོམ་ནི་ རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་རྣམས་ལ་བཤད། །ཅེས་སོ། །ཆོས་ཀྱི་སྡོམ་བཞི་པོ་དེ་གང་ཞེ་ན། དེ་ཉིད་ལས། བརྟན་པ་རྣམས་ཀྱི་བཞི་པོ་ནི། །མེད་པའི་དོན་དང་རྣམ་རྟོག་དོན། །ཀུན་ཏུ་རྟོག་དོན་ཁོ་ན་དང་། །རྣམ་རྟོག་ཉེ་བར་ཞི་བའི་དོན། །ཅེས་པས། དེའང་ འདུས་བྱས་ཐམས་ཅད་ལ་རྟག་པ་མེད་པའི་དོན་དང་། ཁམས་གསུམ་ཐམས་ཅད་ཟག་བཅས་དང་། ཟག་བཅས་ཐམས་ཅད་རྣམ་རྟོག །རྣམ་རྟོག་ཐམས་ཅད་སྡུག་བསྔལ་བའི་དོན་དང་། ཆོས་ཐམས་ཅད་ལ་བདག་ཏུ་རྟོག་པས་བརྟགས་པ་ཁོ་ན་ཡིན་གྱི། བདག་དོན་རང་གི་ 5-1-342b མཚན་ཉིད་པ་མེད་པའི་དོན་དང་། མྱ་ངན་ལས་འདས་པ་ནི་རྣམ་པར་རྟོག་པ་ཞི་བའི་དོན་ཏོ། །སློབ་དཔོན་ཕྱོགས་གླང་གིས་འཇམ་དཔལ་ལ་བསྟོད་པ་ལས། རྣམ་པར་རྟོག་པ་མ་རྟོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་ རྟག་ཏུ་མྱ་ངན་འདས། །ཞེས་བཞེད་པ་དང་མཐུན་ལ། དེ་ཡང་སྡོམ་དང་པོ་གཉིས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡིན། གསུམ་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡིན། བཞི་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན། ཡང་མི་རྟག་པ་ལ་སོགས་བཅུ་དྲུག་ པོ་དེ་ཤེས་བྱ་རྣམ་ཐར་གྱི་སྒོ་གསུམ་ཡིན་ཏེ། དེའང་སྟོང་པ་བདག་མེད་པ་གཉིས་པོ་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡིན་ཅིང་། འགོག་བདེན་ལམ་བདེན་གྱི་རྣམ་པ་བརྒྱད་པོ་དེ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ལ་མི་རྟག་སྡུག་བསྔལ་གཉིས་ཀུན་འབྱུང་ བདེན་པའི་ལྷག་མ་བཞི་སྟེ་དྲུག་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡིན་ནོ། ། གཉིས་པ་ལམ་རྣམ་པར་ཐར་པའི་སྒོ་ནི་གཞུང་དོན་དུ་འཆད་དོ། །གཉིས་པ་ཚིག་གི་དོན་ནི། ལམ་ཤེས་པ་ཉིད་ཀྱི་རྣམ་པ་ལ་དྲུག་ཡོད་པའི་དང་པོ་གཉེན་པོའི་ལམ་འདི་ལ་ལྟ་བ་ལྔས་ལྟ་བར་ བྱས་པའི་གཉེན་པོར་གྱུར་པའི་རྣམ་ཐར་གྱི་སྒོ་དང་། ལྟ་བ་དེའི་རྒྱུ་མཚན་གྱིས་བསླད་པའི་རྣམ་པར་རྟོག་པའི་གཉེན་པོར་གྱུར་པའི་རྣམ་ཐར་གྱི་སྒོ་དང་། ཁམས་གསུམ་པ་ལ་སྨོན་པའི་གཉེན་པོར་གྱུར་པའི་རྣམ་ཐར་གྱི་སྒོ་ཞེས་བྱ་བའི་གཉེན་པོ་གསུམ་པོ་དེ་ལྟ་བུའི་ངོ་བོ་ ཉིད་གསུམ་ལ་གོ་རིམ་བཞིན་དུ་སྟོང་པ་དང་། བདག་མེད་པའི་རྣམ་པའི་ངོ་བོ་ཉིད་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་རྣམ་པ་དང་པོའོ། །མཚན་མེད་ཀྱི་ངོ་བོ་འགོག་པ་དང་། མཚན་རྟོག་སེལ་བྱེད་ལམ་གྱི་བདེན་པའི་རྣམ་པའི་ངོ་བོ་ཉིད་ནི་རྣམ་པར་ཐར་པའི་སྒོ་གཉིས་པ་ 5-1-343a མཚན་མ་མེད་པའི་རྣམ་པ་གཉིས་པའོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བའི་བདེན་པའི་རྣམ་པའི་ངོ་བོ་ཉིད་ནི་རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་པ་མེད་པ་སྟེ། སྟེ་ཞེས་པ་འོག་མའི་ཚིག་འདྲེན་པར་བྱེད་པའོ། །གཉིས་པ་བསྡུ་ བ་ནི། དེ་ལྟར་ན་རྣམ་པར་ཐར་པའི་སྒོ་གསུམ་གྱི་རྣམ་པ་གསུམ་མོ། །གཉིས་པ་སྤྲུལ་ལམ་དང་། གསུམ་པ་བདེར་གནས་ཀྱི་ལམ་གཉིས་ཀྱི་སྤྱི་དོན་ནི་ཕྱོགས་གཅིག་ཏུ་བཀོད་པ་ནི། བྱང་སེམས་ཀྱི་རྒྱུད་ལ་འབྱུང་བའི་རྣམ་ཐར་བརྒྱད་པོ་དེ་ཆོས་མངོན་པ་གོང་མ་ནས་འབྱུང་བ་ བཞིན་བཤད་ན། གང་ཟག་གང་གི་རྒྱུད་ལ་སྐྱེ་བའི་རྟེན་དང་། རྒྱུད་ལ་སྐྱེས་ཟིན་གྱི་རྣམ་ཐར་བརྒྱད་གཏན་ལ་ཕབ་པའོ། །དང་པོ་ལ་ལུས་ཀྱི་རྟེན་དང་། སེམས་ཀྱི་རྟེན་ནོ། །དང་པོ་མ་སྐྱེས་པ་བསྐྱེད་པའི་རྟེན་ནི་མིའི་རྟེན་ཡིན་པ་དང་། སྐྱེས་ཟིན་གནས་པའི་རྟེན་ནི་ གཟུགས་ཀྱི་ཁམས་ཀྱང་ཡིན་ཏེ། འགོག་པའི་སྙོམས་འཇུག་དང་ལུས་རྟེན་མཚུངས་པའི་ཕྱིར། གཉིས་པ་སེམས་རྟེན་ནི། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པའི་སྙོམས་འཇུག་གི་རྟེན་ལས་སྐྱེ་བ་ཡིན་ཏེ། སྙོམས་འཇུག་དེ་རྒྱུད་ལ་མེད་པར་རྣམ་ཐར་དང་པོ་ཙམ་ ཡང་མངོན་དུ་བྱེད་མི་ནུས་པའི་ཕྱིར། འོ་ན་བསམ་གཏན་དང་དེའི་རབ་མཐའི་ཁྱད་པར་ཅི་ཞེ་ན། རབ་ཀྱི་མཐར་ཕྱིན་པར་འཇོག་པ་ལ་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་ཀ་ཐོབ་ལ་མ་ཉམས་པ་ཞིག་སྔོན་དུ་འགྲོ་དགོས་ཏེ། རབ་མཐའི་བསམ་གཏན་གྱི་གཟུགས་ མེད་བཞིའི་ཉེར་བསྡོགས་ལ་མ་བརྟེན་པར་གཟུགས་མེད་བཞིའི་དངོས་གཞི་ལ་འཇུག་ནུས་པ་ཞིག་དང་། སྲིད་རྩེ་ལ་མ་བརྟེན་པར་འགོག་སྙོམས་ལ་ངེས་པར་འཇུག་ནུས་པ་ཞིག་དགོས་པའི་ཕྱིར་རོ། །དེ་ལྟར་མིན་ན་རྣམ་ཐར་བརྒྱད་ཀ་རབ་མཐའི་བཞི་པར་བརྟེན་པར་ 5-1-343b འགལ་ལོ། ། གཉིས་པ་རྒྱུད་ལ་སྐྱེས་ཟིན་གྱི་རྣམ་ཐར་གཏན་ལ་དབབ་པ་ལ། མཚན་ཉིད། མཚན་གཞི་སོ་སོའི་དབྱེ་བ། དེ་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། རབ་མཐར་གྱི་བསམ་གཏན་བཞི་པས་བསྒྲུབས་པའི་སྙོམས་འཇུག་གང་ཞིག །སྲིད་པ་ལ་རྒྱབ་ཀྱིས་ ཕྱོགས་པའོ། ། གཉིས་པ་ལ་བརྒྱད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་དང་། གཟུགས་མེད་གཟུགས་ལ་ལྟ་བའི་དང་། ཁྱད་པར་སྡུག་པའི་དང་། གཟུགས་མེད་བཞི་དང་། འགོག་པའི་རྣམ་ཐར་རོ། །དེ་ལའང་དང་པོའི་མཚན་ཉིད་ནི། རང་གི་སེམས་ རྟེན་བསམ་གཏན་བཞི་པས་བསྒྲུབས་པའི་སྙོམས་འཇུག་གང་ཞིག །རང་ལ་གཟུགས་ཀྱི་འདུ་ཤེས་མ་བཤིག་པར་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་ལྟ་བ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཉིས་པའི་མཚན་ ཉིད་ནི། དེ་གང་ཞིག །རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིགས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་ཞེས་སོགས་སྔ་མ་བཞིན་ནོ། །གསུམ་པའི་མཚན་ཉིད་ནི། དེ་གང་ཞིག །སྦྱོར་དངོས་ཀྱི་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ ལ་རྩེ་གཅིག་ཏུ་ལྟ་བ་ཞེས་སོགས་སྔ་མ་བཞིན་ནོ། །བཞི་པ་གཟུགས་མེད་བཞིའི་རྣམ་ཐར་གྱི་མཚན་ཉིད་ནི། དེ་གང་ཞིག །རང་ས་གཟུགས་མེད་ལ་སྲེད་པའི་རོ་མྱོང་གི་སྒྲིབ་པ་ལས་གྲོལ་བའོ། །ལྔ་པ་འགོག་པའི་རྣམ་ཐར་གྱི་མཚན་ཉིད་ནི། དེ་གང་ཞིག །འདུ་ཤེས་དང་ཚོར་བ་འགོག་ པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བའོ། ། གསུམ་པ་དེ་ཇི་ལྟར་སྒྲུབ་པ་ནི། དང་པོར་བསམ་གཏན་བཞིའི་རབ་མཐའ་ལ་བརྟེན་ནས་རང་ལ་གཟུགས་ཀྱི་འདུ་ཤེས་མ་བཤིག་པར་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་ལྟ་བ་ལ་གེགས་བྱེད་ཀྱི་ 5-1-344a སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་དོ། །དེ་སྤངས་པའི་ཚེ་ན་རྣམ་ཐར་དང་པོ་ཐོབ་པ་ཞེས་བྱའོ། །དེ་བཞིན་དུ་རབ་མཐའ་ལ་བརྟེན་ནས་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་པའི་སྒོ་ནས་གཟུགས་སྣ་ཚོགས་ལ་ལྟ་བའི་གེགས་བྱེད་ཀྱི་སྙོམས་ འཇུག་གི་སྒྲིབ་པ་སྤོང་བར་བྱེད་དོ། ། ཡང་རབ་མཐའ་ལ་བརྟེན་ནས་གཟུགས་སྡུག་མི་སྡུག་ལ་དགའ་མི་དགའི་རྣམ་པ་ཅན་གྱི་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོར་སྦྱོར་བའི་དུས་ཀྱི་འདུ་ཤེས་གཉིས་སྒོམ་པར་བྱེད་དོ། །འདུ་ཤེས་གཉིས་ཀྱིས་གཟུགས་སྡུག་མི་སྡུག་ ལ་དགའ་མི་དགའི་རྣམ་པ་ཅན་གྱི་སྙོམས་འཇུག་གི་སྒྲིབ་པ་དེ་སྤངས་ནས་དངོས་གཞིའི་དུས་སུ་སྡུག་པར་རྩེ་གཅིག་པའི་འདུ་ཤེས་དེ་ཐོབ་པ་ན་རྣམ་ཐར་གསུམ་པ་མངོན་དུ་བྱས་པ་ཞེས་བརྗོད་དོ། ། ཡང་རབ་མཐའ་ལ་བརྟེན་ནས་གཟུགས་མེད་བཞིའི་སྙོམས་འཇུག་དེ་རང་ སའི་སྲེད་པ་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །དེ་ལྟར་བྱས་ཟིན་པ་དེའི་ཚེ་ན་གཟུགས་མེད་བཞིའི་རྣམ་ཐར་མངོན་དུ་བྱས་པ་ཞེས་བརྗོད་དོ། ། ཡང་རབ་མཐའ་ལ་བརྟེན་ནས་འགོག་པའི་སྙོམས་པར་འཇུག་པ་དེ་བསམ་གཏན་བཞི་པ་ལ་བརྟེན་པ་ལ་གེགས་བྱེད་ཀྱི་སྙོམས་ འཇུག་གི་སྒྲིབ་པ་སྤོང་བར་བྱེད་དོ། །བསམ་གཏན་བཞི་པ་ལ་བརྟེན་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་དེ་སྤངས་པར་གྱུར་པ་དེའི་ཚེ་ན་འགོག་པའི་རྣམ་པར་ཐར་པ་མངོན་དུ་བྱས་པ་ཞེས་བརྗོད་དོ། །མདོར་ན་རྣམ་པར་ཐར་པ་བརྒྱད་ཀ་རང་ལྡོག་ནས་འདས་ལམ་དུ་ མི་འཇོག་ཀྱང་། འདས་ལམ་ལ་བརྟེན་ནས་ངེས་པར་སྒྲུབ་དགོས་པ་ཡིན་ཏེ། གཞན་དུ་ན་ཕྱི་རོལ་པ་ལའང་མེད་པའི་རྒྱུ་མཚན་བཤད་དཀའ་བའི་ཕྱིར་དང་། ཇི་སྲིད་འདས་ལམ་མ་ཐོབ་པ་དེ་སྲིད་དུ་གཟུགས་མེད་དང་། འགོག་པའི་སྙོམས་འཇུག་བསམ་གཏན་གྱི་དངོས་གཞི་ 5-1-344b ལ་བརྟེན་མི་ནུས་པའི་ཕྱིར། འདིའི་ལུང་གི་སྒྲུབ་བྱེད་ཉན་ཐོས་ཀྱི་ས་དང་། སའི་དངོས་གཞི་ལ་བལྟ་བར་བྱོས་ཤིག ། ཚིག་གི་དོན་ལ་གཉིས་ལས། སྤྲུལ་པའི་ལམ་ནི། རྣལ་འབྱོར་པས་རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པར་གཟུགས་ཅན་གཟུགས་ལ་ ལྟ་བའི་རྣམ་ཐར་དང་། རྣལ་འབྱོར་པས་རང་ལ་ནང་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིགས་ནས་གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་སྟེ་གཉིས་ཡོད་པའི་ཕྱིར་ན། དེ་དག་གོ་རིམ་བཞིན་དུ་ནང་གཟུགས་ཅན་ཡིན་པ་དང་བཅས་པས་ཕྱི་རོལ་གྱི་གཟུགས་ རྣམས་ལ་སྣ་ཚོགས་སུ་ལྟ་བ་དང་། གཟུགས་ཅན་མ་ཡིན་པར་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་ལྟའོ་ཞེས་བྱ་བ་ཡུལ་ལྟ་བ་ལ་སྤྲུལ་པའི་ཆེད་དུ་རང་དབང་ཐོབ་པ་ལ་སྒྲིབ་པའི་གཉེན་པོར་ནི་རྣམ་པར་ཐར་པ་འདི་གཉིས་དང་། གཟུགས་སྡུག་པ་སྤྲུལ་པ་ལ་དགའ་ བ་དང་། གཟུགས་མི་སྡུག་པ་སྤྲུལ་པ་ལ་མི་དགའ་བ་ལ་གོ་རིམ་བཞིན་དུ་དགའ་བ་ལ་ཆགས་པ་དང་། མི་དགའ་བ་ལ་སྡང་བའི་ཀུན་ནས་ཉོན་མོངས་པའི་མིང་ཅན་དེ་དག་གི་གཉེན་པོར་ཁྱད་པར་སྡུག་པའི་རྣམ་པར་ཐར་པའི་སྒོ་ལུས་ཀྱིས་མངོན་སུམ་དུ་རྫུ་འཕྲུལ་གྱིས་རྫོགས་ པར་ཐོབ་པར་བྱས་ཏེ་གནས་སོ་ཞེས་བྱ་བ་ཁྱད་པར་སྡུག་པའི་རྣམ་པར་ཐར་པ་གཅིག་སྟེ། དེ་ལྟར་ན་རྣམ་པར་ཐར་པའི་སྒོ་རྣམ་པ་གསུམ་མོ། ། འདི་དག་གི་འཕྲོས་དོན་ཅུང་ཟད་ཅིག་བརྗོད་ན། གོང་དུ་རྣམ་ཐར་གྱི་སྤྱི་དོན་དུ་ནི་ཆོས་མངོན་པ་གོང་མ་ནས་གསུངས་པ་དེ་བཀོད་ པ་ཡིན་གྱི། དེ་ལྟར་བཀོད་པ་ཡང་བྱང་སེམས་ཀྱི་རྣམ་ཐར་འཆད་པའི་སྐབས་ཡིན་པ་རྒྱུ་མཚན་དུ་བྱས་ནས་བཀོད་པ་ཡིན་ལ། མངོན་པ་འོག་མ་ལྟར་ན། དང་པོ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ལ་ལྔ་སྟེ། ངོ་བོ་གང་ཡིན་པ་དང་། གང་ཟག་གང་ལ་སྐྱེ་བ་དང་། ས་ 5-1-345a གང་གི་སེམས་ལ་བརྟེན་པ་དང་། ཡུལ་གང་ལ་དམིགས་པ་དང་། རྣམ་པ་ཚུལ་ཇི་ལྟར་བསྒོམ་པའོ། །དང་པོ་ནི། འདིའི་ངོ་བོ་མི་སྡུག་པ་ཡིན་ཏེ། མཛོད་ལས། རྣམ་པར་ཐར་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། ། ཅེས་སོ། །གཉིས་པ་ནི། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་རྟེན་ལ་སྐྱེ་བ་ཡིན་ཏེ། མཛོད་ལས། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །ཞེས་སོ། །དེའི་དོན་གཟུགས་མེད་ཀྱི་རྣམ་ཐར་བཞི་པོ་དེ་ཁམས་གསུམ་པའི་རྟེན་ ལས་སྐྱེ་ལ། རྣམ་ཐར་ལྷག་མ་བཞི་པོ་དེ་མིའི་རྟེན་ལས་སྐྱེ་ཞེས་སོ། །གསུམ་པ་ནི། བསམ་གཏན་དང་པོ་གཉིས་གང་ཡང་རུང་བའི་དངོས་གཞི་ལ་བརྟེན་པ་ཡིན་ཏེ། མཛོད་ལས། བསམ་གཏན་གཉིས་ན་ཡོད། །ཅེས་སོ། །དེའང་འདོད་པའི་ཁ་དོག་ལ་ ཆགས་པའི་གཉེན་པོ་ནི་བསམ་གཏན་དང་པོ་ལ་བརྟེན་ནས་བསྒོམ་པ་ཡིན་ལ། བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོ་ནི་བསམ་གཏན་གཉིས་པ་ལ་བརྟེན་ནས་བསྒོམ་པ་ཡིན་ནོ། །བཞི་པ་ནི་འདོད་པའི་གཟུགས་ལ་དམིགས་པ་ཡིན་ཏེ། མཛོད་ལས། དང་པོ་འདོད་གཏོགས་སྣང་ཡུལ་ཅན། །ཞེས་སོ། །དང་པོ་ནི་རྣམ་ཐར་དང་པོ་གསུམ་ལ་བཤད་དོ། །ལྔ་པ་ནི་རང་གི་ལུས་ཀེང་རུས་སུ་འདུ་ཤེས་པའི་སྒོ་ནས་ཕྱི་རོལ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་གཟུགས་ཐམས་ཅད་ཀེང་རུས་སུ་བསྒོམ་པ་དེ་ཡིན་ཅེས་ཉི་མའི་སྙིང་པོའི་ མདོ་ལས་བཤད་དོ། །གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་ལའང་ལྔ་སྟེ། ངོ་བོ་གང་ཡིན་པ་དང་། གང་ཟག་གང་ལས་སྐྱེ་བ་དང་། ས་གང་གིས་སེམས་ལ་བརྟེན་པ་དང་། ཡུལ་གང་ལ་དམིགས་པ་དང་། རྣམ་པ་ཚུལ་ཇི་ལྟར་བསྒོམ་པའོ། །དང་པོ་ 5-1-345b བཞི་ནི། གཟུགས་ཅན་གྱི་གཟུགས་ལ་ལྟ་བའི་རྣམ་ཐར་དང་འདྲའོ། ། ལྔ་པ་ནི། ཀུན་བཏུས་ཀྱི་འགྲེལ་པར། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་པའི་ཕྱིར་རམ། གཟུགས་མེད་པའི་འདུ་ཤེས་འཇོག་པའི་ཕྱིར་རོ་ཞེས་ སོ། ། འདིའི་དོན་ལ་གཉིས་ཏེ། གཟུགས་ཀྱི་འདུ་ཤེས་འཇིག་པའི་ཚུལ་དང་། གཟུགས་མེད་པའི་འདུ་ཤེས་ཉེ་བར་འཇོག་པའི་ཚུལ་ལོ། །དང་པོ་ནི། གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་ནས་རང་གི་ལུས་ལ་གཟུགས་ཀྱི་འདུ་ཤེས་མི་སྐྱེ་བར་བྱས་པའི་སྒོ་ནས་ཕྱི་རོལ་སེམས་ ཅན་དང་སེམས་ཅན་མ་ཡིན་པའི་གཟུགས་ལ་མི་སྡུག་པའི་རྣམ་པར་ལྟ་བ་དེ་ཡིན་ནོ། །དེའང་ཕྱི་རོལ་གྱི་གཟུགས་ལ་ལྟ་བའི་དུས་སུ་གཟུགས་མེད་ཀྱི་དངོས་གཞི་ལས་ལྡང་དགོས་པ་ཡིན་ཏེ། དེ་ལ་མཉམ་པར་བཞག་ནས་ཕྱི་རོལ་གྱི་གཟུགས་ལ་ལྟ་བར་མི་ནུས་པའི་ཕྱིར་རོ། ། མ་གྲུབ་ན། མཛོད་ལས། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་ཡིན། །ཅེས་སོ། ། གཉིས་པ་ནི། རང་གི་ཁ་དང་སྣའི་སྒོ་ནས་རླུང་ཆེན་པོ་བྱུང་སྟེ་རང་གི་ལུས་ཀེང་རུས་ཀྱི་ཕུང་པོར་ཡོད་པ་དེ་ཕྱེ་མར་བྱས་ནས་ཕྱོགས་གཅིག་ཏུ་གཏོར་བ་ ཉིད་དུ་བསྒོམ་མོ། །དེ་ཡུན་རིང་དུ་བསྒོམས་པས་རང་གི་ལུས་ལ་གཟུགས་ཀྱི་སྣང་བ་མི་འབྱུང་ངོ་། །དེ་ནས་ཕྱི་རོལ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་གཟུགས་ལ་མི་སྡུག་པའི་རྣམ་པར་ལྟ་བ་དེ་ཡིན་ནོ། །གཟུགས་ཀྱི་འདུ་ཤེས་འཇིག་པ་དང་། གཟུགས་མེད་ཀྱི་འདུ་ ཤེས་འཇོག་པའི་སྒོམ་ཚུལ་འདི་གཉིས་ཉི་མའི་སྙིང་པོའི་མདོ་ལས་བཤད་དོ། ། སྡུག་པའི་རྣམ་ཐར་ལ་ལྔ་སྟེ། ངོ་བོ་གང་ཡིན་པ། གང་ཟག་གང་ལས་སྐྱེ་བ། ས་གང་གི་སེམས་ལ་བརྟེན་པ། ཡུལ་གང་ལ་དམིགས་པ། རྣམ་པ་ཚུལ་ཇི་ལྟར་བསྒོམ་པའོ། །དང་པོ་ནི། 5-1-346a མ་ཆགས་པའི་དགེ་བའི་རྩ་བ་དེ་ཡིན་ཏེ། མཛོད་ལས། གསུམ་པ་མཐའ་ན་དེ་མ་ཆགས། །ཞེས་སོ། །གཉིས་པ་ནི་སྔར་དང་འདྲའོ། །གསུམ་པ་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་དགོས་པ་ཡིན་ཏེ། ལུང་དྲངས་མ་ཐག་པའི་མཐའ་ན་ ཞེས་པས་སོ། །བཞི་པ་ནི་སྔར་དང་འདྲའོ། །ལྔ་པ་ནི་གཟུགས་མེད་པར་འདུ་ཤེས་པའི་སྒོ་ནས་ཕན་ཚུན་བལྟོས་པའི་འདུ་ཤེས། ཕན་ཚུན་རྗེས་སུ་འབྲེལ་བའི་འདུ་ཤེས། ཕན་ཚུན་རོ་གཅིག་པའི་འདུ་ཤེས་བསྒོམ་པ་ཡིན་ནོ། །དེ་ཡང་དང་པོ་ནི། གསེར་དང་དངུལ་དང་རྫའི་ བུམ་པ་གསུམ་དམིགས་ཡུལ་དུ་བྱས་ནས། དངུལ་གྱི་བུམ་པ་འདི་རྫའི་བུམ་པ་ལ་བལྟོས་ཏེ་སྡུག་པ་ཡིན་ལ། གསེར་གྱི་བུམ་པ་ལ་བལྟོས་ནས་མི་སྡུག་པ་ཡིན་ནོ་སྙམ་དུ་བསྒོམ་པའོ། །གཉིས་པ་ནི། གཟུགས་སྡུག་པ་རྣམས་ལའང་མི་སྡུག་པ་རྗེས་སུ་འབྲེལ་བ་དང་། མི་སྡུག་ པ་རྣམས་ལའང་སྡུག་པ་རྗེས་སུ་འབྲེལ་ལོ་སྙམ་དུ་བསྒོམ་པ་ཡིན་ལ། སྡུག་པ་ལ་མི་སྡུག་པ་ཇི་ལྟར་འབྲེལ་ཅེ་ན། སྡུག་པར་གྲགས་པ་ཡང་པགས་པ་ཙམ་དུ་ཟད་ཀྱི། པགས་པའང་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་ཡ་གྱལ་ཡིན་པ་ལྟ་བུའོ། །མི་སྡུག་པ་ལ་སྡུག་པ་ འབྲེལ་བ་ཡང་དེ་ལས་གོ་བཟློག་སྟེ་ཤེས་པར་བྱའོ། །གསུམ་པ་ནི། གཟུགས་གསུམ་པོ་དེ་བསྲེས་ནས་སྡུག་པ་ཉིད་དུ་རོ་གཅིག་པར་བསྒོམ་པ་ཡིན་ནོ། །སྒོམ་ཚུལ་གསུམ་པོ་འདི་ཀུན་བཏུས་ཀྱི་འགྲེལ་བ་བཞིན་བཀོད་དོ། །འཕགས་པ་ཆོས་ཀུན་ཏུ་འགྲོ་བའི་མདོ་ལས། སྡུག་པ་ཞེས་བྱ་བ་ནི་སྟོང་པའོ། །མི་སྡུག་པ་ཞེས་བྱ་བ་ནི་ལྟ་བར་གྱུར་པ་སྟེ། ཞེས་སེམས་དཔའི་རྣམ་ཐར་བརྒྱད་ཀ་ཆོས་ཐམས་ཅད་ལ་མཉམ་པར་བཞག་པའི་ཡེ་ཤེས་སུ་བཤད་དོ། །དེའང་རྣམ་ཐར་གསུམ་པ་འདི་བསྒོམ་པ་ལ་རྣམ་ཐར་གཉིས་པ་ཐོབ་པ་ཞིག་ཡན་ལག་ཏུ་དགོས་པ་ 5-1-346b ཡིན་ཏེ། ནང་གཟུགས་མེད་པར་འདུ་ཤེས་པས་སྔོན་པོ་ཟིལ་གྱིས་གནོན་པ་ལ་སོགས་བཞི་དང་རྫས་ཐ་དད་མེད་པའི་ཕྱིར་རོ། །གསུམ་པ་བདེར་གནས་ཀྱི་ལམ་ནི། ཚེ་འདིར་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་ལྔ་སྟེ། མི་གནས་པའི་མྱང་འདས་ཀྱི་ཐར་པ་དང་ མཐུན་པར་གནས་པའི་ལམ་གྱི་རང་བཞིན་ལ་གཟུགས་མེད་པའི་སྙོམས་པར་འཇུག་པའི་རྣམ་པ་བཞི་དང་། སྤྲོས་པའི་མཚན་མ་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གཅིག་སྟེ། དེ་ལྟར་ན་རྣམ་པ་ལྔའོ། ། དེ་དག་གིས་འཕྲོས་ དོན་མངོན་པ་འོག་མའི་རྗེས་སུ་འབྲངས་ནས་ཅུང་ཟད་བཤད་ན་གཉིས་ཀྱི། དང་པོར་གཟུགས་མེད་བཞི་ལས་ངོ་བོ་གང་ཡིན་པ་དང་། གང་ཟག་གང་ལ་སྐྱེ་བ་དང་། ས་གང་གི་སེམས་ལ་བརྟེན་པ་དང་། ཡུལ་གང་ལ་དམིགས་པ་དང་། རྣམ་པ་ཇི་ལྟར་བསྒོམ་པའོ། ། དང་པོ་ནི། གཟུགས་མེད་བཞིའི་ཉེར་བསྡོགས་བཞི་དང་། དངོས་གཞི་བཞི་བརྒྱད་པོ་དེ་ཡིན་ཏེ། མཛོད་ལས། གཟུགས་མེད་མཉམ་བཞག་དགེ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི་ཁམས་གསུམ་ཀའི་རྟེན་ལ་སྐྱེ་བ་ཡིན་ནོ། །གསུམ་པ་ནི། རང་ གི་ཉེར་བསྡོགས་དང་དངོས་གཞི་གང་རུང་ལ་བརྟེན་པའོ། །བཞི་པ་ནི། རྣམ་ཐར་དུ་གྱུར་པའི་གཟུགས་མེད་ཀྱི་དངོས་གཞི་ཟག་མེད་དེས་ས་འོག་མའི་བདེན་པ་ཕྱེད་དང་བཞི་ལ་དམིགས་པར་མི་ནུས་ཏེ། མཛོད་ལས། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ ཟག་བཅས་འོག་མ་མིན། །ཅེས་དང་། འགྲེལ་པ་ལས། ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ལ་ཡང་མ་ཡིན་ལ། ས་འོག་མའི་འགོག་པ་ལ་ཡང་མ་ཡིན་ནོ། །ཞེས་སོ། །འོ་ན་གང་ལ་དམིགས་པ་ཡིན་ཅེ་ན། རང་ས་དང་གོང་སའི་བདེན་པ་བཞི་དང་། ས་འོག་མའི་ 5-1-347a རྗེས་སུ་བཟོད་པའི་ཤེས་པ་དང་། རྗེས་སུ་ཤེས་པ་གཉིས་ཀྱིས་བསྡུས་པའི་ལམ་བདེན་ལ་དམིགས་པ་ཡིན་ཏེ། ཇི་སྐད་དུ། གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་གོང་དང་རང་སའོ། །སྡུག་བསྔལ་ཕྱོགས་དང་རྗེས་ཤེས་ཕྱོགས། ། ཞེས་སོ། །ལྔ་པ་ནི། ནམ་མཁའ་མཐའ་ཡས་སོ་སྙམ་དུ་བསྒོམ་པའོ། ། གཉིས་པ་འགོག་སྙོམས་ནི། ཐེག་དམན་ལྟར་ན། ལུས་རྟེན། སེམས་རྟེན། བརྟེན་པ་འགོག་སྙོམས་ཀྱི་རྣམ་གཞག་དང་གསུམ་ལས། དང་པོ་ལ་གང་ཟག་གང་སྙོམས་པར་འཇུག་ པ་དང་། ཁམས་གང་དུ་སྙོམས་པར་འཇུག་པའོ། །དང་པོ་ནི། ཉན་ཐོས་ཀྱི་དབང་དུ་བྱས་ན་ཕྱིར་མི་འོང་ལུས་མངོན་བྱེད་དང་། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་དག་འཇུག་པ་ཡིན་ཏེ། མཛོད་ལས། འགོག་པ་ཐོབ་པའི་ཕྱིར་མི་འོང་། །ལུས་ཀྱིས་མངོན ་སུམ་བྱེད་པར་འདོད། །ཅེས་དང་། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཞེས་འབྱུང་བས་སོ། །སོ་སྐྱེ་དང་། རྒྱུན་ཞུགས་དང་། ཕྱིར་འོང་དང་། ཤེས་རབ་རྐྱང་གྲོལ་གྱི་དགྲ་བཅོམ་པ་རྣམས་འགོག་སྙོམས་ལ་མི་འཇུག་སྟེ། སོ་སྐྱེས་འཕགས་ལམ་མ་ཐོབ་ པའི་ཕྱིར་དང་། རྒྱུན་ཞུགས་དང་། ཕྱིར་འོང་དང་། ཤེས་རབ་རྐྱང་གྲོལ་གྱི་དགྲ་བཅོམ་རྣམས་སྲིད་རྩེའི་སེམས་མ་ཐོབ་པའི་ཕྱིར་དང་། དེ་བཞི་ཀས་ཀྱང་སྙོམས་འཇུག་གི་སྒྲིབ་པ་མ་ལུས་སྤངས་པའི་ཕྱིར་རོ། །རང་རྒྱལ་སྙོམས་འཇུག་གི་སྒྲིབ་པ་སྤངས་པའི་སློབ་མི་ སློབ་གཉིས་ཀས་འགོག་སྙོམས་ལ་འཇུག་པར་གཏན་ལ་དབབ་པ་བསྡུ་བ་ལས་བཤད་དོ། །རང་རྒྱལ་བསེ་རུ་ལྟ་བུས་ནི་སློབ་ལམ་དུ་འགོག་པ་ལ་སྙོམས་པར་མི་འཇུག་སྟེ། དེས་དྲོད་ནས་ཟད་མི་ཤེས་པའི་བར་སྟན་ཐོག་གཅིག་ལ་བགྲོད་དགོས་པར་བྱེད་དགོས་པའི་ཕྱིར་ 5-1-347b རོ། །གཞན་དེ་བཞིན་གཤེགས་པས་ཀྱང་འགོག་པ་ལ་སྙོམས་པར་འཇུག་སྟེ། མཛོད་ལས། ཐུབ་པའི་བྱང་ཆུབ་ཀྱིས་འཐོབ་བྱ། །ཞེས་འབྱུང་བས་སོ། །བྱང་སེམས་རྣམས་འགོག་པའི་སྙོམས་འཇུག་ནུས་པ་མིན་ཏེ། མཐོང་ལམ་ཤེས་བཟོད་བཅུ་དྲུག །སྒོམ་ལམ་ བར་ཆད་མེད་ལམ་དགུ། རྣམ་གྲོལ་ལམ་དགུ་སྟེ་སྐད་ཅིག་མ་སུམ་ཅུ་རྩ་བཞི་བར་མ་ཆད་དུ་བསྐྱེད་ནས་སངས་རྒྱས་དགོས་པའི་ཕྱིར། མཛོད་ལས། དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །ཞེས་འབྱུང་བས་སོ། །གཉིས་པ་ཁམས་གང་དུ་ སྙོམས་པར་འཇུག་པ་ནི། འགོག་སྙོམས་སྔར་མེད་གསར་དུ་ཐོབ་པའི་རྟེན་ནི་འདོད་ཁམས་ཀྱི་མིའི་རྟེན་ཁོ་ན་ལ་ཡིན་ལ། ཐོབ་ཟིན་གནས་པ་ནི་འདོད་གཟུགས་གཉིས་ཀའི་རྟེན་ལ་ཡོད་དེ། འདོད་པའི་རྟེན་ལ་འགོག་སྙོམས་བསྒྲུབས་ནས་གཟུགས་ཀྱི་རྟེན་ལ་མངོན་དུ་ བྱེད་པ་ཡོད་པའི་ཕྱིར་ཏེ། མཛོད་ལས། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོ་མི་ནང་དུ། །ཞེས་གསུངས་སོ། །གཟུགས་མེད་ཀྱི་རྟེན་ལ་འགོག་སྙོམས་མངོན་དུ་བྱེད་པ་མེད་དེ། དེ་ལུས་ཀྱིས་མངོན་སུམ་དུ་བྱེད་དགོས་པ་གང་ཞིག །གཟུགས་ མེད་ཁམས་ན་ལུས་མེད་པའི་ཕྱིར་དང་། གཟུགས་མེད་ཁམས་ན་འགོག་སྙོམས་ལ་འཇུག་པའི་རྩོམ་པ་མེད་པའི་ཕྱིར་ཏེ། ཀུན་བཏུས་ལས། གཟུགས་མེད་པའི་ཁམས་ན་ནི་འདི་མངོན་དུ་འགྱུར་བ་མེད་དེ། ཞི་བའི་རྣམ་པར་ཐར་པའི་རྣམ་པར་སྨིན་པས་གནས་པ་ རྣམས་ནི་དེ་ལ་འབད་པའི་རྩོམ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། ། གཉིས་པ་སེམས་རྟེན་ལ། འཇུག་པའི་སེམས་རྟེན་དང་། ལྡང་བའི་སེམས་རྟེན་གཉིས་ལས། དང་པོ་ནི། སྲིད་རྩེའི་སེམས་ལ་བརྟེན་པ་ཡིན་ཏེ། སྲིད་རྩེའི་སེམས་དེ་ཤིན་ཏུ་ཕྲ་བས་སེམས་ 5-1-348a སེམས་བྱུང་གི་འབྱུང་བ་འགག་སླ་བའི་ཕྱིར་ཏེ། མཛོད་ལས། སྲིད་རྩེར་སྐྱེ། །ཞེས་དང་། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །ཞེས་བཤད་པས་སོ། ། གཉིས་པ་ལྡང་སེམས་ནི། སྲིད་རྩེའི་སེམས་དག་པ་བ་དང་། ཟག་མེད་ཅི་ཡང་མེད་གང་རུང་ ལ་བརྟེན་ནས་ལྡང་བ་ཡིན་ཏེ། མཛོད་ལས། རང་གི་དག་དང་འོག་མ་ཡི། །འཕགས་པའི་སེམས་ཀྱིས་དེ་ལས་ལྡང་། །ཞེས་གསུངས་པས་སོ། ། གསུམ་པ་བརྟེན་པ་འགོག་སྙོམས་ཀྱི་རྣམ་གཞག་ལ་དགག་གཞི། དགག་བྱ། འགོག་ཚུལ། ངོ་བོ། དུས་དང་ལྔ་ ལས། དང་པོ་ནི། དགག་གཞི་ལུས་ཀྱི་སྟེང་དུ་འགོག་པ་ཡིན་ཏེ། འདི་པའི་ལུགས་ལ་ཀུན་གཞི་དང་། དེ་བཞིན་ཉིད་དགག་གཞིར་མི་འདོད་པའི་ཕྱིར་དང་། འགོག་སྙོམས་ལུས་ཀྱིས་མངོན་སུམ་དུ་བྱེད་པར་འདོད་པའི་ཕྱིར་རོ། ། གཉིས་པ་ནི། སེམས་དང་སེམས་ བྱུང་ཐམས་ཅད་འགོག་པ་ཡིན་ཏེ། མཛོད་དུ། འདུ་ཤེས་མེད་པ་འཆད་པའི་སྐབས་སུ། འདུ་ཤེས་མེད་པ་བ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའོ། །ཞེས་བཤད་ནས། འགོག་སྙོམས་ཀྱི་སྐབས་སུ། འགོག་པ་ཞེས་པའང་དེ་བཞིན་ཉིད། །ཅེས་ འབྱུང་བས་སོ། ། གསུམ་པ་ནི། ཚོར་འདུ་རགས་པས་རྣམ་པར་གཡེང་བར་མཐོང་ནས་དེ་ཞི་བར་གནས་པའི་བློ་སྔོན་དུ་བཏང་སྟེ། སྲིད་རྩེའི་སེམས་སེམས་བྱུང་རྣམས་འགོག་པའི་ཚུལ་དུ་སྙོམས་པར་འཇུག་སྟེ། མཛོད་ལས། འདི་གནས་དོན་དུ་སྲིད་རྩེར་སྐྱེ། །ཞེས་བཤད་ པས་སོ། །བཞི་པ་ནི། དགེ་སོགས་གསུམ་ལས་དགེ་བ། མྱོང་འགྱུར་གསུམ་ལས་སྐྱེ་གནས་མྱོང་འགྱུར་ལན་གྲངས་གཞན་ལ་མྱོང་འགྱུར་གཉིས་དང་། མྱོང་བར་མ་ངེས་པ་རྣམས་ཡོད་དེ། མཛོད་ལས། དགེ་བའོ་གཉིས་སུ་མྱོང་འགྱུར་དང་། །མ་ངེས། །ཞེས་བཤད་ 5-1-348b སོ། ། །བེམ་ཤེས་ལྡན་མིན་གསུམ་ལས་ལྡན་མིན་འདུ་བྱེད་དེ་སེམས་སེམས་བྱུང་མཐའ་དག་བཀག་པས། རིག་པ་ཡེ་མེད་པའི་ལུས་ཀྱི་གནས་སྐབས་ཀྱིས་ལྡན་མིན་དུ་འདོད་པས་སོ། འོ་ན་སྙོམས་འཇུག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདི་ལ་སྙོམས་ པར་ཞུགས་པའི་ཚེ་ལུས་ཀྱི་འབྱུང་བ་ཆ་སྙོམས་པར་འཇོག་པས་སྙོམས་འཇུག་ཏུ་བཤད་པའི་ཕྱིར་དང་། རྒྱུ་མིང་འབྲས་བུ་ལ་བཏགས་པའི་ཕྱིར་རོ། ། ལྔ་པ་ནི། བློའི་འཕེན་པ་ཇི་ཙམ་བཏང་བ་དེ་སྲིད་དུ་སྙོམས་པར་འཇུག་ནུས་པ་ཡིན་ནོ། །རྣམ་ཐར་དུ་འདོགས་པའི་རྒྱུ་མཚན་ འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པས་ན་རྣམ་པར་ཐར་པ་ཞེས་སློབ་དཔོན་དབྱིག་གཉེན་གྱིས་བཞེད་དོ། །བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་བསམ་གཟུགས་ཀྱི་སྤྱི་དོན་ནི་གོང་དུ་བཤད་ཟིན་ལ། འདིར་བསྟན་གྱི་ འགོག་པའི་སྙོམས་འཇུག་བཤད་པ་ལ། རྣལ་འབྱོར་སྤྱོད་པའི་ལུགས་དང་། དབུ་མ་པའི་ལུགས་སོ། །དང་པོ་ལ་གང་ཟག་གང་གིས་ཁམས་གང་དུ་སྙོམས་པར་འཇུག་པ་དང་། འཇུག་བྱ་སྙོམས་འཇུག་གི་རང་བཞིན་ངོས་བཟུང་བའོ། །དང་པོ་ལ་དམན་པའི་གང་ཟག་གི་ དབང་དུ་བྱས་ན་ཕྱིར་མི་འོང་ལུས་མངོན་བྱེད་དང་། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་པ་སྟེ་དེ་འདིར་མི་བཟུང་ལ། འོ་ན་འདིར་ཐེག་པ་ཆེན་པོ་ལ་ནི་སློབ་པ་དང་མི་སློབ་པ་གཉིས་ལས། དང་པོས་དེ་ལ་འཇུག་པ་ནི་དམན་ལམ་སྔོན་དུ་མ་སོང་ན་མཐོང་ལམ་གྱི་རྗེས་ ཐོགས་ཁོ་ན་ནས་འཇུག་དགོས་ཏེ། མཐོང་ལམ་མ་ཐོབ་པར་དེར་འཇུག་མི་ནུས་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་སྤྱོད་པ་བ་འདོད་པའི་འགོག་སྙོམས་འདི་ས་དྲུག་པ་ཕྱིན་ཆད་དུ་ཡོད་པའི་དབང་དུ་བྱས་ནས། ས་ལྔ་པ་ཕྱིན་དུ་ཐོད་རྒལ་གྱི་སྙོམས་འཇུག་དང་། སེང་གེ་རྣམ་ 5-1-349a བསྒྱིངས་ལ་སོགས་པ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་སྙོམས་པར་འཇུག་པའི་དུས་ཀྱི་འགོག་སྙོམས་ཀྱི་རྣམ་གཞག་བྱེད་དགོས་པ་འདི་རྒྱན་རྩ་འགྲེལ་གྱི་དགོངས་པར་གནས་པ་ཡིན་ལ། རྒྱན་རྩ་འགྲེལ་ནས་འབྱུང་བའི་འགོག་སྙོམས་དབུ་མ་དང་ མཐུན་པ་ཁོ་ནར་འཆད་དགོས་ན། ཇི་སྲིད་ས་དྲུག་པ་མངོན་དུ་མ་བྱས་པར་དབུ་མའི་ལུགས་ཀྱི་འགོག་སྙོམས་མངོན་དུ་བྱེད་མི་ནུས་ལ། དེ་ལྟར་ན་ས་གཉིས་པ་སོགས་ཐོད་རྒལ་དང་སེང་གེ་རྣམ་བསྒྱིངས་ཀྱི་སྙོམས་འཇུག་མེད་པར་ཐལ་བའི་སྐྱོན་འདི་གནས་སོ། །སྙོམས་ འཇུག་འདིའི་རང་ལྡོག་ནས་ཡེ་ཤེས་སུ་མི་འཆད་ཀྱང་། འགོག་སྙོམས་ལ་སྙོམས་པར་ཞུགས་པས་སྒྲིབ་པའི་ས་བོན་སྤོང་མི་ནུས་པ་མ་ཡིན་ཏེ། འདི་ལ་ཇི་སྲིད་སྙོམས་པར་ཞུགས་པ་དེ་སྲིད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུན་མི་འཆད་དུ་འབྱུང་བ་ཅན་ཡོད་པའི་ཕྱིར་རོ། ། གཉིས་པ་ཐེག་ཆེན་མི་སློབ་པའི་དབང་དུ་བྱས་ན། སངས་རྒྱས་འཕགས་པས་འགོག་སྙོམས་ལ་སྙོམས་པར་འཇུག་པར་མཛད་པ་ཡིན་ཏེ། དགག་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྟེང་དུ་དགག་བྱ་རྣམ་ཤེས་ཚོགས་བདུན་འཁོར་དང་བཅས་པ་བཀག་པའི་སྙོམས་འཇུག་ ལས་ལྡང་བ་མི་སྲིད་པའི་ཕྱིར་དང་། བྱམས་པ་དང་ཐོགས་མེད་ཀྱི་གཞུང་དུ་སངས་རྒྱས་ལ་འགོག་སྙོམས་འདི་ལྟ་བུ་ཞིག་ཡོད་པར་གསལ་བར་གསུངས་ལ། ཉི་སྣང་ལས་ཀྱང་དེ་དང་མཐུན་པར་བཤད་པའི་ཕྱིར་རོ། །ཁམས་གང་དུ་འགོག་སྙོམས་སུ་འཇུག་པ་ནི། ཁམས་ འོག་མ་གཉིས་ཁོ་ནར་འཇུག་ལ། གཟུགས་མེད་དུ་དགོས་པ་མེད་པས་མི་འཇུག་གོ། འགོག་སྙོམས་འདི་དང་པོ་མིའི་རྟེན་ལ་སྔོན་དུ་བསྒྲུབས་ནས་ཕྱི་མ་གཟུགས་ཁམས་སུ་འགོག་སྙོམས་མངོན་དུ་བྱེད་པ་ལ་དམན་པའི་དབང་དུ་བྱས་ན་དཀའ་བའི་གནད་ཡོད་ཀྱང་། བྱང་ 5-1-349b སེམས་འཕགས་པའི་དབང་དུ་བྱས་ན་དཀའ་བའི་གནས་མེད་དེ། བྱང་སེམས་འཕགས་པ་ནི་ས་འོག་མར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་ལ་ཆགས་བྲལ་མ་བྱས་པར་གོང་མ་གོང་མའི་དངོས་གཞིའི་སེམས་མངོན་དུ་བྱེད་པ་ཡིན་པས། གོང་མའི་དངོས་གཞི་ལས་མ་ཉམས་ བཞིན་དུ་འོག་མར་སྐྱེ་བ་ལེན་པ་མི་འགལ་བ་ཡིན་ནོ། ། གཉིས་པ་འཇུག་བྱ་སྙོམས་འཇུག་གི་རང་བཞིན་ནི། དགག་གཞི་ཀུན་གཞིའི་སྟེང་དུ་འགོག་བྱེད་འཇིག་རྟེན་ལས་འདས་པའི་ལམ་གྱིས་དགག་བྱ་རྣམ་ཤེས་ཚོགས་བདུན་འཁོར་བཅས་བཀག་པའི་གནས་སྐབས་ལ་ བཏགས་པའི་ལྡན་མིན་འདུ་བྱེད་དོ། ། གནས་སྐབས་འདིར་ཁ་ཅིག་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྒྱུན་ཆད་པར་འདོད་པ་ནི་ཤིན་ཏུ་ནོར་བ་ཡིན་ཏེ། འགོག་སྙོམས་ཀྱི་སྐབས་སུ་འདས་ལམ་གྱི་ཡེ་ཤེས་དགག་བྱར་འདོད་ན་ནི་དེ་ལས་མི་རིགས་པ་གཞན་ཅི་ཞིག་ཡོད། ཡང་ གལ་ཏེ་འདས་ལམ་གྱི་ཡེ་ཤེས་དངོས་སུ་མི་འགོག་ཀྱང་། རང་ཤུགས་ཀྱིས་རྒྱུན་ཆད་པར་འདོད་ན་འདས་ལམ་དེས་འགོག་སྙོམས་ལ་འཇུག་པའི་སྐབས་ཀྱི་དགག་བྱ་འགོག་བྱེད་དུ་འགལ་ཏེ། འགོག་བྱེད་འདས་ལམ་རྒྱུན་ཆད་ན་འགོག་སྙོམས་ཀྱིས་དགག་བྱ་འགོག་མི་ནུས་ པའི་ཕྱིར། ཅི་སྟེ་མི་རྟོག་ཡེ་ཤེས་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པས་ཁྱབ་པ་ལ་བསམས་ནས་དེ་ལྟར་འདོད་དོ་ཞེ་ན། དེ་ལྟར་ན་མི་རྟོག་ཡེ་ཤེས་དེ་བདག་རྐྱེན་དབང་པོ་ལ་བརྟེན་པའི་ཤེས་པར་འགྱུར་ལ། འདོད་ན། ཚོགས་དྲུག་གང་རུང་འདས་མ་ཐག་པའམ་ཉོན་ མོངས་ཅན་གྱི་ཡིད་གང་རུང་ལ་བརྟེན་པར་འགྱུར་ཏེ། དེ་གང་རུང་ལས་མ་གཏོགས་པའི་ཡིད་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་ཡིད་དབང་གིས་བྱེད་པར་མ་བཤད་པའི་ཕྱིར། མདོར་ན་མི་རྟོག་ཡེ་ཤེས་ཡིན་ན་ཡིད་ཀྱི་རྣམ་ཤེས་ཡིན་པས་མ་ཁྱབ་སྟེ། སར་གནས་ཀྱི་མཉམ་པར་བཞག་ 5-1-350a པའི་ཡེ་ཤེས་བཞིན་ནོ། ། གཉིས་པ་དབུ་མའི་ལུགས་ཀྱི་འགོག་སྙོམས་ཞེས་བྱ་བ་མདོ་སྡེ་ས་བཅུ་པ་དང་། དབུ་མ་འཇུག་པ་ལས་བཤད་པ་དེ་ནི་ཉན་རང་ལ་ཡོད་པ་མིན་ཏེ། ལུགས་དེ་ནས་བཤད་པ་དེ་ནི་ཤེར་ཕྱིན་གྱི་སྟོབས་ཀྱིས་ཐོབ་དགོས་པའི་ཕྱིར། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་སྤྲོས་པའི་ཚོགས་བཀག་པའི་མི་རྟོག་ཡེ་ཤེས་ཡིན་ཙམ་གྱིས་ནི་དེར་འཇོག་ནུས་པ་མིན་ཏེ། བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་པའི་ཐེག་ཆེན་གྱི་མཐོང་སྒོམ་གྱི་ལམ་ཡང་དེར་ཐལ་བའི་ཕྱིར། དེས་ན་འདིའི་ མཚན་ཉིད་ནི། རང་རྒྱུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པའི་ས་སྔོན་དུ་བཏང་ནས། དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་འགོག་བྱེད་ཤེར་ཕྱིན་གྱི་སྟོབས་ཀྱིས་དགག་བྱ་སྤྲོས་པའི་མཚན་མ་མ་ལུས་པ་བཀག་པས། ཁྱད་པར་དུ་བྱས་པའི་མི་རྟོག་ཡེ་ཤེས་ སོ། །ས་མཚམས་ནི་ས་དྲུག་པ་ནས་ཐོབ་ཅིང་། ས་བདུན་པར་ཇི་ལྟར་འདོད་པ་བཞིན་དུ་སྐད་ཅིག་མ་གཅིག་གིས་འཇུག་ནུས་ཤིང་རང་སྟོབས་ཀྱིས་ལྡང་བར་ཡང་ནུས་ལ། ས་བརྒྱད་པར་ནི་འཇུག་པ་ལ་དེ་ལྟར་ནུས་ཀྱང་ལྡང་བ་ནི་རང་སྟོབས་ཀྱིས་མི་ནུས་ཏེ། སངས་རྒྱས་ རྣམས་ཀྱིས་དེ་ལས་སློང་དགོས་པའི་ཕྱིར་དང་། དེར་རང་སྟོབས་ཀྱིས་ལྡང་མི་ནུས་པ་ནི་རྗེས་ཐོབ་ཏུའང་མཚན་འཛིན་གྱི་རྟོག་པ་ཉེ་བར་ཞི་བས་མཉམ་རྗེས་དབྱེར་མེད་དུ་བསྲེ་ནུས་པའི་ཕྱིར་དང་། ས་འདིར་ཆོས་ཉིད་ལ་དུས་རྟག་ཏུ་སྙོམས་པར་འཇུག་པའི་ནུས་པ་ཐོབ་ཀྱང་བསོད་ ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པར་ཤེས་སྒྲིབ་སྤོང་བར་བྱས་ན་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་མི་ནུས་པ་དེའི་ཕྱིར་འགོག་སྙོམས་ལས་སློང་དགོས་པ་ཡིན་ནོ། །གཉིས་པ་ཚིག་དོན་ནི། འཇིག་རྟེན་ལས་འདས་པའི་ལམ་ལ་བསམ་གཏན་བཞི་དང་། གཟུགས་མེད་ 5-1-350b པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་དག་སྟེ་དགུའོ། །ལྔ་པ་སྤོང་བའི་ལམ་ནི། སྤོང་བའི་ལམ་ལ་མཐོང་ལམ་བར་ཆད་མེད་པའི་ལམ་གྱི་རྣམ་པ་བདེན་པ་བཞིས་བསྡུས་པ་ཉོན་མོངས་པ་དང་མི་ལྡན་པའི་ཕྱིར། ཀུན་ནས་རྣམ་པར་བྱང་བ་དང་ལྡན་པའི་མཚན་ཉིད་ཅན་ གྱི་བཟོད་པ་བཞིའོ། །དྲུག་པ་སངས་རྒྱས་ཀྱི་ལམ་ནི། སངས་རྒྱས་ཉིད་ཀྱི་ལམ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་ཡོངས་སུ་རྫོགས་པ་སྟེ། སྟེ་ཞེས་པ་འོག་མ་འདྲེན་བྱེད་ཀྱི་ཚིག་གོ། གཉིས་པ་བསྡུ་བ་ནི། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ ལམ་ཤེས་པ་ཉིད་ཀྱིས་ལམ་གྱི་རྟེན་ཅན་གྱི་རྣམ་པ་སུམ་ཅུ་རྩ་བཞིའོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཐུན་མོང་མིན་པའི་ཡོན་ཏན་གྱི་རྣམ་པ་ནི་གོང་ན་གཞན་མེད་ པས་ན་ཤིན་ཏུ་ཕུལ་དུ་བྱུང་བའི་ཕྱིར། འཕགས་པ་འོག་མ་ལས་ཐུན་མོང་མ་ཡིན་པའི་ལམ་གཅིག་པུ་ཁོ་ན་ཡིན་ཏེ། ཞེས་བཀོད་པར་མཛད་དོ། །གཉིས་པ་ལ། ཡོན་ཏན་གྱི་དབྱེ་བ་དང་། ཡེ་ཤེས་ཀྱི་རང་བཞིན་གཉིས་ལས། དང་པོ་ལ། སྟོབས། མི་འཇིགས་པ། སོ་སོ་ཡང་ དག་པར་རིག་པ། མ་འདྲེས་པའི་ཆོས་དང་བཞི་ལས། དང་པོ་ནི། རྣམ་མཁྱེན་གྱི་རྣམ་པ་དེ་ལ་དགེ་བ་དང་བདེ་བ་འབྱུང་བའི་གནས་ཡིན་ཅིང་། སྡུག་བསྔལ་འབྱུང་བ་ནི་གནས་མ་ཡིན་པ་ལ་སོགས་པར་མཁྱེན་པའི་སྟོབས་ཀྱི་རྣམ་པས་གཞན་ཡང་དེ་རྟོགས་པ་ལ་བཀོད་པས་གནས་ དང་གནས་མ་ཡིན་པ་ཕྱིན་ཅི་ལོག་ཏུ་འཛིན་པ་ཐབས་ལ་བསླུ་བའི་བདུད་འཇོམས་པར་བྱེད་པ་དང་། རང་གི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་རང་ལ་སྨིན་པར་མཁྱེན་པའི་སྟོབས་ཀྱི་རྣམ་པས་གཞན་ཡང་དེ་རྟོགས་པ་ལ་བཀོད་པས་བདེ་སྡུག་ལས་ཀྱི་འབྲས་བུ་མིན་པར་འཛིན་པ་ 5-1-351a སྐྱབས་ལ་བསླུ་བའི་བདུད་འཇོམས་པར་བྱེད་པ་དང་། ཐེག་པ་གསུམ་ལ་མོས་པའི་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ཀྱིས་གཞན་ཐེག་པ་ཆེན་པོ་ལ་མོས་པར་བྱར་རུང་གི་ས་བོན་ཡོད་པའི་ཐེག་ཆེན་གྱི་ངེས་འབྱུང་ལ་སླུ་བྱེད་ཀྱི་བདུད་འཇོམས་པར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་དུ་མ་རྣམ་པར་དག་པར་བྱར་རུང་དང་བྱར་མི་རུང་གི་ས་བོན་དུ་མ་མཁྱེན་པའི་སྟོབས་ཀྱིས་གཞན་གྱི་འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་བྱར་རུང་གི་ས་བོན་ཡོད་པའི་ཐེག་ཆེན་གྱི་ངེས་འབྱུང་། དབང་པོ་ལྔ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་ གཞན་གྱི་དབང་པོ་མཆོག་གི་ཐེག་ཆེན་གྱི་ངེས་འབྱུང་ལ། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱིས་བྱང་ཆུབ་ཏུ་འགྲོ་བའི་ལམ་གྱི་སྐལ་བ་ཡོད་པའི་ཐེག་ཆེན་གྱི་ངེས་འབྱུང་། མ་ཐོབ་པའི་འདུ་ཤེས་སུ་སྒྲིབ་པར་བྱེད་པའི་ཉོན་མོངས་པ་དང་བཅས་ཤིང་ཐོབ་པའི་དུས་སུ་རང་གི་ས་ པའི་ཉོན་མོངས་པ་དང་བཅས་པ་ན་ཀུན་ནས་ཉོན་མོངས་པའི་བསམ་གཏན་གཟུགས་མེད་དང་། ཉོན་མོངས་པ་གཉིས་པོ་དེ་དང་བྲལ་བ་ན། རྣམ་པར་བྱང་བའི་བསམ་གཏན་གཟུགས་མེད་མཁྱེན་པའི་སྟོབས་ཀྱིས་རྣམ་པ་གཞན་ཡང་དེ་རྟོགས་པ་ལ་བཀོད་པས། བསམ་གཏན་གཟུགས་མེད་དེ་དག་པ་ མཐར་ཐུག་མ་ཡིན་པ་ལ་དག་པ་མཐར་ཐུག་ཏུ་འཛིན་པའི་བདུད་འཇོམས་པར་བྱེད་པ་དང་། སྔོན་གྱི་ཐེག་ཆེན་གྱི་དང་། ཐེག་དམན་གྱི་དགེ་བ་གོམས་པ་ལ་སོགས་པ་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱིས་གཞན་ཐེག་ཆེན་གྱི་དགེ་བ་གོམས་པའི་ཐེག་ཆེན་གྱི་ངེས་ འབྱུང་། ཐེག་པ་ཆེན་པོའི་རིགས་ཅན་དང་། ཐེག་པ་ཆེན་པོའི་རིགས་ཅན་མ་ཡིན་པའི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱིས་གཞན་ཐེག་པ་ཆེན་པོའི་རིགས་ཅན་དེ་དག་ཐེག་ཆེན་ལ་ངེས་པར་འབྱུང་། རང་གི་ཟག་པ་ཟད་པའི་མཁྱེན་པའི་སྟོབས་ཀྱིས་ 5-1-351b གཞན་ཡང་ཟག་ཟད་ལ་བཀོད་པར་བྱེད་པས་ཐེག་ཆེན་གྱི་ངེས་འབྱུང་ལ་སླུ་བར་བྱེད་པའི་བདུད་འཇོམས་སོ། །དེ་ལྟར་མཁྱེན་པའི་སྟོབས་ནི་རྣམ་པ་བཅུ་དང་ཞེས་དང་གི་ཕྲད་ཀྱིས་འོག་མ་དང་སྦྱར་རོ། །གཉིས་པ་ནི། ང་ནི་སངས་རྒྱས་ནས་ཤེས་བྱ་མ་ལུས་པ་ཤེས་སོ་ཞེས་བདག་ཉིད་ ཀྱི་ཞལ་གྱིས་འཆེས་པ་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་བ་ནི་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ནས་ཚངས་པའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཆོས་དང་མཐུན་པའི་རྒོལ་བ་པོ་མེད་པ་དེ་མི་འཇིགས་པའི་རྣམ་པ་དང་པོ་སྟེ་རྟོགས་པ་ཕུན་ཚོགས་སུ་ཞལ་འཆེས་ པ་ཡིན་ལ། འཇིགས་པ་ཐམས་ཅད་དང་བྲལ་བས་ན་ཁྱུ་མཆོག་བླ་ན་མེད་པ་ཡིན་པ་སྟེ་རླབས་པོ་ཆེའོ། །མི་རྟག་སྡུག་བསྔལ་ལ་སོགས་པ་བླ་ན་མེད་པའི་ཆོས་སྟོན་པས་ན་འཁོར་གྱི་ནང་ཞེས་སོ། །མྱ་ངན་ལས་འདས་པའི་རྒྱུར་གྱུར་པའི་ཆོས་སྟོན་པས་ན་ཚངས་པ་ཞེས་སེམས་ དཔའི་ས་ལས་བཤད་དོ། །དགེ་བའི་རྩ་བ་དང་མཚུངས་པར་མི་ལྡན་པའི་འདོད་ཆགས་ལ་སོགས་པ་དུག་གསུམ་པོ་དེ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་ཆད་བྱེད་པའི་ཆོས་ཉིད་དུ་བརྗོད་པར་མཛད་པ་ལ་ཆོས་དང་མཐུན་པའི་རྒོལ་བ་པོ་མེད་པ་སྟེ། བར་ཆད་ཀྱི་ཆོས་གང་ཡིན་ པ་དེ་དག་བྱང་ཆུབ་ཀྱི་གེགས་ཡིན་པར་ཞལ་འཆེས་པ་ཡིན་པའི་ཕྱིར་ན་མི་འཇིགས་པའི་དམ་བཅའ་གཉིས་པའོ། །གཞི་ཐམས་ཅད་ཤེས་པ་ཉིད་ལ་སོགས་པའི་ལམ་གསུམ་པོ་དེ་བྱང་ཆུབ་ཆེན་པོར་ངེས་པར་འབྱུང་བའི་ལམ་ཉིད་དུ་རབ་ཏུ་བསྟན་པ་ལ་ཆོས་དང་མཐུན་པའི་རྒོལ་བ་པོ་ མེད་པ་སྟེ། ཐེག་པ་ཆེན་པོའི་ལམ་གང་ཡིན་པ་དེ་དག་བྱང་ཆུབ་ཀྱི་ལམ་ཡིན་པར་ཞལ་འཆེས་པའི་ཕྱིར་ན་མི་འཇིགས་པའི་དམ་བཅའ་གསུམ་པའོ། །དེ་བཞིན་གཤེགས་པ་བདག་ཉིད་ཀྱིས་ཟག་པ་ཟད་དོ་ཞེས་སྤངས་པ་ཕུན་ཚོགས་ཉིད་དུ་ཞལ་འཆེས་པ་ལ་ཆོས་དང་མཐུན་པའི་རྒོལ་བ་ 5-1-352a པོ་མེད་པས་མི་འཇིགས་པའི་རྣམ་པ་བཞི་སྟེ། དང་ཞེས་པ་ནི་ཕྲད་དོ། །གསུམ་པ་ནི། ཆོས་ཐམས་ཅད་ཀྱི་རྣམ་གྲངས་སོ་སོ་བ་རྣམས་དང་། ཆོས་ཐམས་ཅད་ཀྱི་རང་སྤྱིའི་མཚན་ཉིད་སོ་སོ་བ་དང་། ཡུལ་ཐ་དད་པ་ཐམས་ཅད་ཀྱི་སྐད་སོ་སོ་བ་དང་། ཆོས་ཀྱི་ རྣམ་གྲངས་དེ་དག་ལ་རྫས་སུ་ཡོད་པ་དང་། བཏགས་པར་ཡོད་པ་ནི་གང་ཞེས་རབ་ཏུ་དབྱེ་བ་སོ་སོ་བའི་ཡུལ་ལ་འཇུག་ཚུལ་ནི་གོ་རིམ་བཞིན་དུ་མཚོན་པར་བྱ་བའི་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དེའི་མཚན་ཉིད་དུ་བྱེད་པའི་མཚན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པ་དང་། མཚན་མཚོན་གྱི་རྟེན་བྱེད་པའི་གཞི་ངེས་པར་སྒྲ་ལ་རག་པས་ངེས་པའི་ཚིག་སོ་སོ་ཡང་དག་རིག་པ་དང་། ཤེས་བྱ་ཐམས་ཅད་ཀྱི་མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་ཁོང་དུ་ཆུད་པས་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམ་པ་བཞི་སྟེ། དང་ཞེས་པ་ ཕྲད་དོ། །བཞི་པ་ནི། སྐུ་ལ་དུག་གསུམ་གྱི་འཁྲུལ་པ་མི་མངའ་བ་དང་། གསུང་ལ་དུག་གསུམ་གྱི་ཅ་ཅོ་མི་མངའ་བ་དང་། རྟོགས་པ་མི་བརྗེད་པའི་དྲན་པ་ལས་ཉམས་པ་མི་མངའ་བ་དང་། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང་། གཉིས་སུ་སྣང་བ་ཐ་དད་པ་ཉིད་ཀྱི་འདུ་ ཤེས་མི་མངའ་བ་དང་། གཞན་ཡང་ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱང་། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་བཤད་པ་བཞིན་དུ་གདུལ་བྱ་འདུལ་བའི་དུས་ལ་བབ་པར་ ཤེས་ན་འདུལ་ལ། དུས་ལ་མ་བབ་ན་མི་འདུལ་བ་ནི་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་རྣམ་པ་དྲུག་ནི་སྤྱོད་པ་མ་འདྲེས་པ་དྲུག་གོ། འདུན་པ་སྟེ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་དང་། སྒྲིབ་པ་གཉིས་ 5-1-352b ལས་རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་ནི་རྟོགས་པ་མ་འདྲེས་པའི་རྣམ་པ་དྲུག་གོ། རྫུ་འཕྲུལ་དང་འོད་འགྱེད་པ་ལ་སོགས་སྐུའི་དང་། ཆོས་སྟོན་པ་དང་གདུལ་བྱ་ལུང་སྟོན་པ་སོགས་གསུང་གི་དང་། ཤེས་བྱ་མཁྱེན་པ་དང་གདུལ་བྱ་བྱིན་གྱིས་རློབ་པ་ལ་སོགས་ནི་ ཐུགས་ཀྱི་ཕྲིན་ལས་ཏེ། ཕྲིན་ལས་དེ་རྣམས་ལ་འཇུག་པ་ན་ཡེ་ཤེས་ཕྲིན་ལས་ཀྱི་སྔོན་དུ་འགྲོ་ཞིང་། ཡེ་ཤེས་ཕྲིན་ལས་ཀྱི་རྗེས་སུའང་འབྲང་བའི་རྣམ་པ་གསུམ་ནི་ཕྲིན་ལས་མ་འདྲེས་པ་གསུམ་དང་། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྟེ་གསུམ་པོ་རེ་རེ་ཞིང་ཉོན་སྒྲིབ་ སྤངས་པས་ན་མ་ཆགས་པ་དང་། ཤེས་སྒྲིབ་སྤངས་པས་ན་མ་ཐོགས་པའི་ཡེ་ཤེས་མ་འདྲེས་པའི་རྣམ་པ་གསུམ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རྣམ་པ་དག་གོ། དང་ཞེས་པས་འོག་མ་དང་སྦྲེལ་ལོ། །དུས་གསུམ་གྱི་ཆོས་ཐམས་ཅད་ལ་སེམས་ཅན་གྱིས་ རྟོག་པ་ན་ཡུལ་དང་རང་བཞིན་གྱི་བསྐལ་དོན་དུ་སོང་བ་ཡིན་ལ། རྫོགས་པའི་སངས་རྒྱས་ལ་ནི་དུས་གསུམ་གྱི་ཆོས་ཐམས་ཅད་མ་བསྐལ་པས་ན་ཆོས་ཐམས་ཅད་ལ་མངོན་སུམ་གྱི་སྤྱན་མངའ་བ་ཡིན་ནོ། །ཇི་སྐད་དུ། མཛོད་ཀྱི་གནས་དགུ་པ་ལས། རྨ་བྱའི་མདོངས་ནི་གཅིག་ པུ་ལ། །རྒྱུ་ཡི་དབྱེ་བ་ཇི་སྙེད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པ་མིན། །ཅེས་གསུངས་པས། ཀུན་རྫོབ་པའི་ཆོས་སམ་ཤེས་བྱ་ཐམས་ཅད་དེ་བཞིན་གཤེགས་པས་མཁྱེན་ཅིང་གཟིགས་པར་གསུངས་པ་འདི་རྣམ་པར་ཤེས་པ་སྨྲ་བ་ཕྱིན་ཆད་མཐུན་ པར་སྒྲོག་ལ། དབུ་མ་པས་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་མ་འདྲེས་པའང་ཡིན་ཏེ། མཛོད་ལས། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །ཞེས་གསུངས་པའི་ཕྱིར། སོགས་ཁོངས་ནས་མི་འཇིགས་པ་བཞི་དང་། དྲན་པ་ 5-1-353a ཉེར་གཞག་གསུམ་དང་། ཐུགས་རྗེ་ཆེན་པོའོ། །གཉིས་པ་ཡེ་ཤེས་ཀྱི་རང་བཞིན་ལ་གསུམ། དེ་བཞིན་ཉིད་ཀྱི་རྣམ་པ་དང་། རང་བྱུང་གི་རྣམ་པ་དང་། སངས་རྒྱས་ཀྱི་རྣམ་པའོ། །དང་པོ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ལན་གཅིག་ མིན་པར་བཤད་པའི་དེ་བཞིན་གཤེགས་པའི་ཆོས་ཉིད་ནི་མྱང་འདས་ཆེན་པོའི་ཡེ་ཤེས་ཡིན་ཏེ། ཇི་སྐད་དུ། ཆོས་བཤེས་ཀྱིས་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དེ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པ་གང་ཞེ་ན། དེ་བཞིན་ཉིད་རྣམ་པར་དག་ པའོ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དང་ནི་ཕྲད་དོ། །གཉིས་པ་ནི། ཆོས་ཉིད་ཀྱིས་ཆོས་ཐམས་ཅད་ལ་མངའ་དབང་བསྒྱུར་བ་ནི་རང་བྱུང་གི་ཡེ་ཤེས་ཀྱི་རྣམ་རོལ་ཡིན་ཏེ། དབང་བསྒྱུར་བ་གཞན་ལ་བལྟོས་མི་དགོས་པའི་ཕྱིར། འཁོར་ལོས་སྒྱུར་བའི་རྒྱལ་པོས་རྒྱལ་ སྲིད་ལ་དབང་བསྒྱུར་བ་བཞིན་ནོ། །དང་ནི་ཕྲད་དོ། །གསུམ་པ་ནི། དེ་བཞིན་གཤེགས་པའི་ཐུན་མོང་མིན་པའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལེགས་པར་བྱང་སྟེ་རྟོགས་པ་ཡེ་ཤེས་ཁོང་དུ་ཆུབ་པའི་སངས་རྒྱས་ཉིད་ཀྱི་ མཁྱེན་པ་ནི་རྣམ་པ་གསུམ་མོ། །སྟེ་ཞེས་པ་ནི་འོག་མ་འདྲེན་བྱེད་དོ། །འདི་རང་བྱུང་གི་རྣམ་པ་དང་། སངས་རྒྱས་ཀྱི་རྣམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཉི་སྣང་ལས། རྣམ་པའི་དབྱེ་བ་གང་ཡིན་པ་སྟོབས་སོགས་དང་། དེ་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་རྣམས་ ལ་དབང་བསྒྱུར་བ་གང་ཡིན་པ་ནི་རང་བྱུང་དང་། ཆེད་དུ་བྱ་བ་གང་ཡིན་པ་ནི་སངས་རྒྱས་ཉིད་ཀྱི་རྣམ་པར་བཤད་དོ། །ཆོས་ཀྱི་བཤེས་གཉེན་གྱིས་ནི། དེ་བཞིན་ཉིད་ལ་དམིགས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་ན་དངོས་པོ་རྣམས་ལ་དབང་བསྒྱུར་བའི་མཐུའི་སྒོ་ 5-1-353b ནས་རང་བྱུང་དུ་བཞག་ལ། དེ་ཉིད་ཀྱི་རྣམ་པ་སྣ་ཚོགས་པ་མ་འདྲེས་པར་མཁྱེན་པའི་སྒོ་ནས་སངས་རྒྱས་ཉིད་ཀྱི་རྣམ་པར་གཞག་ཅེས་གསུངས་སོ། །གསུམ་པ་བསྡུ་བ་ནི། དེ་ལྟར་ན་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐུན་མོང་མིན་པའི་ལམ་གྱི་རྟེན་ ཅན་གྱི་རྣམ་པ་ནི་སུམ་ཅུ་རྩ་དགུའོ། །གསུམ་པ་སྤྱིའི་དོན་བསྡུ་བ་ལ། ངོ་བོའི་སྒོ་ནས་སོ་སོའི་དོན་བསྡུ་བ་དང་། གྲངས་ཀྱི་སྒོ་ནས་ཐུན་མོང་གི་དོན་བསྡུ་བ་གཉིས་ལས། དང་པོ་ནི། མཁྱེན་པ་གསུམ་པོ་དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉི་ཤུ་རྩ་བདུན་ཡོད་པ་ལས། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་རྒྱུད་ཐ་དད་པས་བསྡུས་པའི་བྱེ་བྲག་གིས་གོ་རིམ་བཞིན་དུ་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པའི་རྣམ་པ་ཉེར་བདུན་ནི་ཟག་པ་མེད་པ་ཞེས་བྱ་སྟེ། ཉོན་མོངས་པ་ཆེད་དུ་གཉེར་ནས་སྤང་བའི་གཉེན་པོའི་རིགས་སུ་བསྟན་པའི་ཕྱིར་རོ། །དང་ནི་ཕྲད་དོ། ། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་རྣམ་པ་ཉེར་བདུན་ནི་ཟག་པ་དང་བཅས་པ་ཞེས་བྱ་སྟེ། རང་དོན་དུ་ཉོན་མོངས་ཀྱི་གཉེན་པོར་མི་བསྒོམ་པའི་གཞི་ཤེས་ཡིན་པའི་ཕྱིར། དག་ཀྱང་ཡིན་ནོ་ཞེས་པས་ཟག་མེད་ལས་གཞན་བྱང་སེམས་ཀྱི་གཞི་ཤེས་ཟག་བཅས་དག་ཀྱང་ཡོད་དོ་ ཞེས་བསྟན་ཏོ། །ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི་རྟེན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་དུ་ཉོན་མོངས་པ་ཆེད་དུ་གཉེར་ནས་ཤིན་ཏུ་མི་སྤོང་བའི་ཕྱིར་ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །འགའ་ཞིག་གིས་ནི་སློབ་དཔོན་འདིས་ལམ་ཤེས་ཀྱི་རྣམ་པ་ཟག་བཅས་ ཁོ་ན་ཡིན་ཅེས་པ་འདི་མི་རིགས་སོ། །དེ་ཇི་ལྟར་ཞེ་ན། ས་བཅུའི་མཉམ་བཞག་ན་ལམ་ཤེས་ཀྱི་རྣམ་པ་མེད་པར་ཐལ། ཟག་མེད་ཡིན་པའི་ཕྱིར། འདོད་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་ཡོད་པར་བཤད་དོ་ཞེས་ཟེར་བའང་ཡོད་དོ། །རྣམ་པ་ 5-1-354a ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐུན་མོང་མིན་པའི་ཟག་པ་མིན་པའི་ལམ་གྱི་སྒྲུབ་པའི་ཡོན་ཏན་གྱི་རྣམ་པ་ཡོངས་སུ་རྫོགས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ན་ལ་མངའ་བ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཉོན་མོངས་ པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་བཅས་ཏེ་རྣམ་པ་ཐམས་ཅད་དུ་སྤངས་པས་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཕྱིར། སངས་རྒྱས་ཀྱི་སའི་ཡོན་ཏན་གྱི་རྣམ་པ་ནི་ཟག་པ་མེད་པ་ཁོ་ན་དག་ཡིན་ནོ། །འོ་ན་ཉན་ཐོས་དང་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་སོ་བདུན་དང་སོ་ བཞི་པོ་དེ་སངས་རྒྱས་ཀྱི་སའི་རྣམ་མཁྱེན་གྱི་རྣམ་པར་གཟུང་ངམ་ཞེ་ན། མི་གཟུང་སྟེ། རྣམ་པ་དེ་དག་ནི་སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཡོན་ཏན་གྱི་རྣམ་པ་མ་ཡིན་པའི་ཕྱིར་རོ། །འོ་ན་གཞན་དག་འདི་སྐད་དུ་སྨྲ་སྟེ། སློབ་ལམ་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་བསྒོམ་པ་ མེད་པར་འགྱུར་ལ། དེ་ལྟར་ན་རྣམ་རྫོགས་སྦྱོར་བ་མེད་པར་ཐལ་ལོ་ཞེ་ན། ཉེས་པ་དེ་མེད་དེ། རྣམ་པ་བརྒྱ་དང་དོན་གསུམ་པོ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་སངས་རྒྱས་ཡིན་ལ། སློབ་ལམ་ན་ཡོད་པའི་དེའི་སྦྱོར་བ་སྟེ་རྣམ་རྫོགས་སྦྱོར་བ་ཞེས་བྱའོ། །གཉིས་པ་ནི། རྣམ་པ་རྣམས་གཅིག་ཏུ་བསྡོམས་ན་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་ཡོད་དོ། ། འདིར་སྨྲས་པ། གཡོན་ཅན་ངག་ནས་བྱུང་བའི་རྫུན་ཚིག་གི ། ཟོལ་སྦྱོར་གཏམ་ལ་ཡིད་ཆེས་གནས་ཉིད་དུ། ། མ་བཟུང་ཡང་དག་དགེ་བའི་བཤེས་བསྟེན་པའི། ། མཐུ་ལས་རྣམ་པ་འཁྲུལ་ མེད་བཤད་ཟིན་ཏོ། །གཉིས་པ་(སྦྱོར་མཁན་གང་ཟག་)སྒོམ་མཁན་གང་ཟག་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྦྱོར་བ་ཁྱད་པར་ཅན་འོག་ཏུ་འཆད་པ་དེ་དག་གི་སྒོ་ནས་བཤད་མ་ཐག་པའི་རྣམ་པ་རྣམས་བསྒོམ་དགོས་ན་སྦྱོར་བ་དེ་དག་ཀྱང་སྦྱོར་བ་སྒོམ་པ་པོ་མ་བསྟན་པའམ་མེད་ 5-1-354b པར་སྦྱོར་བའི་རྣམ་གཞག་སྒོམ་པར་བརྗོད་མི་ནུས་པའི་ཕྱིར། ཉན་པ་པོའི་སྣོད་དང་ལ་སོགས་པས་བསམ་བྱུང་གིས་འཛིན་པ་དང་། སྒོམ་བྱུང་གིས་ཚུལ་བཞིན་ཡིད་ལ་བྱེད་པ་པོའི་སྣོད་སྦྱོར་བ་པོ་བསྟན་པ་ཡིན་ནོ། །གཉིས་པ་ནི། མདོར། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ འདི་སྙམ་དུ་སེམས་པར་གྱུར་ཏེ། ཡུམ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ། །དགེ་བའི་རྩ་བ་བསྐྱེད་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ། །ཞེས་སོགས ་ཀྱི་དོན་ནི། སངས་རྒྱས་རྣམས་ལ་ལྷག་པར་ཕུལ་དུ་བྱུང་བའི་བསྙེན་བཀུར་བྱ་བ་དང་། སངས་རྒྱས་དེ་དག་ལ་མཆོད་པ་ལ་སོགས་པ་བྱས་པའི་སྒོ་ནས་རང་རྒྱུད་ལ་དགེ་བའི་རྩ་བ་བསྐྲུན་ཏེ་རྒྱུད་སྦྱངས་པས་རྟག་པར་དགེ་བའི་བཤེས་གཉེན་རྫོགས་པའི་སངས་རྒྱས་ཀྱི་མགོན་དང་བཅས་ པ་ནི་ཤེར་ཕྱིན་ཟབ་མོ་འདི་མཉན་པའི་སྣོད་ཡིན་ནོ། །དེ་ལྟ་བུའི་ཤེར་ཕྱིན་ཟབ་མོ་འདི་ཐོས་ནས་མི་སྐྲག་ཅིང་སློབ་པའི་སྣོད་དུ་རུང་བའི་རྒྱུ་གང་ཞེ་ན། སྔོན་རྫོགས་པའི་སངས་རྒྱས་རྣམས་དགེ་བའི་བཤེས་གཉེན་དུ་བསྟེན་པའི་མཐུ་དང་། བསྟེན་པའི་སངས་རྒྱས་དེ་རྣམས་ལ་ཤེར ་ཕྱིན་གྱི་དོན་ཀུན་འདྲི་བར་བྱེད་པ་དང་། བསྐལ་པ་མང་པོར་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པར་བྱས་པའི་རྒྱུས་ད་ལྟ་ཤེར་ཕྱིན་གྱི་དོན་ལ་མི་སྐྲག་ཅིང་དང་བས་དང་དུ་ལེན་པ་དང་། ཚིག་དོན་འཛིན་པ་དང་། ལ་སོགས་པས་ཚུལ་བཞིན་དུ་ཡིད་ ལ་བྱེད་པ་པོ་དེ་ནི་བྱང་ཆུབ་ཀྱི་སྣོད་དུ་རུང་བར་དམ་པ་སངས་རྒྱས་རྣམས་བཞེད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། འདས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ལ་སྤྱིར་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་ལུས་ 5-1-355a དང་ལ་སོགས་པས་ངག་ཡིད་ཀྱི་སྒོ་ནས་ལེགས་པར་བསྙེན་བཀུར་བས་མཉེས་པར་བྱས་ནས་རང་རྒྱུད་ལ་ཡོད་པའི་ཐེ་ཚོམ་གྱི་དོན་ཡོངས་སུ་འདྲི་བ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་པ་དང་ལྡན་པ་དང་། དགེ་བའི་བཤེས་གཉེན་རྫོགས་ པའི་སངས་རྒྱས་དག་གིས་བྱིན་གྱིས་བརླབས་པ་སྟེ། འདི་རྣམས་ལས་ནི་སྔ་མ་བཞི་པོ་ལ་གོམས་པར་བྱས་པའི་གོ་རིམ་ཇི་ལྟ་བ་དེ་བཞིན་དུ་གོང་དུ་བཤད་པའི་རྣམ་པའི་མཚན་ཉིད་ཅན་གྱི་ཡུམ་འདིའི་གཞུང་ཉན་པ་དང་། འཛིན་པ་དང་། དོན་མི་བརྗེད་པ་དང་། ཚུལ་བཞིན་ཡིད་ ལ་བྱེད་པའི་སྣོད་ཉིད་ཡིན་པར་སངས་རྒྱས་དང་། ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་བཞེད་དོ། །ཉན་འཛིན་མི་བརྗེད་པར་འཛིན་པ་དང་། ཚུལ་བཞིན་ཡིད་བྱེད་ཀྱི་སྣོད་དུ་རུང་བའི་རྒྱུ་ལ་རེ་རེ་ཞིང་འདས་པ་ནས། སྒྲུབ་པ་དང་ལྡན་པ་ཞེས་པའི་བར་བཞི་པོ་ཡིན་ལ། ཉན་པ་པོ་སོགས་བཞི་ཀའི་སྣོད་དུ་རུང་བ་ལ་ཁྱབ་བྱེད་དུ་འཇུག་པའི་རྒྱུ་ནི་རྒྱུ་ལྔ་པ་དགེ་བའི་བཤེས་གཉེན་ཅེས་པ་དེའོ། །གསུམ་པ་སྦྱོར་བའི་རབ་དབྱེ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་སྦྱོར་བ་སྒོམ་པ་པོའི་གང་ཟག་བསྟན་ནས། ད་ནི་རྣམ་པ་རྣམས་སྒོམ་ པའི་རྣལ་འབྱོར་དེ་ལ་སྦྱོར་བ་ཞེས་བསྟེན་པའི་སྦྱོར་བ་དེ་འདིའོ། །གཉིས་པ་ནི། མདོར། བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་སེམས་ཆེན་པོ་ཡུམ་ལ་གནས་པར་འགྱུར་བ་ལགས། ཞེས་སོགས་ཞུས་པ་ལས། ཀཽ་ཤི་ཀ་འདི་ལ་ བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་གཟུགས་ལ་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་སོགས་ཀྱི་དོན་ནི། སྦྱོར་བའི་ཡུལ་རྣམ་པར་ཐར་པའི་སྒོ་གསུམ་ལས། དང་པོར་རྣམ་ཐར་སྟོང་ཉིད་ལ་ 5-1-355b དམིགས་པ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་རང་བཞིན་གྱིས་མི་གནས་པའི་ཕྱིར་མི་གནས་པའི་སྦྱོར་བ་དང་། རྣམ་ཐར་མཚན་མ་ལ་དམིགས་པ་ནི་སྟོང་པ་ཉིད་དེ་ལ་སྦྱོར་བའི་རློམ་པ་བཀག་པའི་ཕྱིར་མཚན་མར་མི་སྦྱོར་བའི་སྦྱོར་བ་དང་། རྣམ་ཐར་སྨོན་མེད་ལ་དམིགས་ པ་ནི། རྣམ་ཐར་མཚན་མེད་དེའི་དེ་བཞིན་ཉིད་བདེན་པར་གྲུབ་པས་ཟབ་པའི་ཕྱིར་ཟབ་པའི་སྦྱོར་བ་དང་། ཆོས་ཅན་མཚན་མ་དང་བྲལ་བ་དེ་རྣམས་ཀྱི་ཆོས་ཉིད་གཏིང་དཔག་དཀའ་བའི་ཕྱིར་གཏིང་དཔག་དཀའ་བའི་སྦྱོར་བ་དང་། དེ་ལྟ་བུའི་ཆོས་ཉིད་དེ་དག་མཐར་ཐུག་པའི་ཚད་ནི་ ཚད་མེད་པའི་ཕྱིར་ཚད་མེད་པའི་སྦྱོར་བའོ། །རྣམ་ཐར་སྨོན་མེད་ཀྱི་ཡུལ་ལ་དམིགས་པ་གསུམ་གྱི་ཚུལ་འདིས་མཁྱེན་གསུམ་ལ་སྨོན་པའི་མཐའ་གསུམ་བཀག་པར་མཛད་དོ། །སྦྱོར་བ་པོ་རྟེན་གྱི་གང་ཟག་ལའང་སྐལ་བ་དང་བྲལ་བས་ཉམས་པར་འགྱུར་བ་ནི་ཟབ་མོ་ལ་སོགས་པའི་ དོན་གསུམ་པོ་མྱུར་དུ་རྟོགས་པའི་སྐལ་བ་ཅན་མིན་པ་སྟེ། དེས་ཟབ་དོན་གསུམ་པོ་རིམ་བཞིན་ཐོས་པ་ན་དངངས། སྐྲག །ཀུན་ཏུ་སྐྲག་པ་གསུམ་གྱིས་ཟིན་པས་ཚེགས་ཆེན་པོས་གནས་སྐབས་གཞན་དུས་ཡུན་རིང་མོ་ནས་འབད་པས་རྟོགས་དགོས་པའི་ཕྱིར་སྣོད་ཉམས་པ་དང་། གལ་ སྲིད་དེ་བརྩོན་པ་ཤས་ཆེ་ན་ནི་བྱང་ཆུབ་རྟོགས་པའི་ཕྱིར་སྟོང་ཉིད་ལ་སྐྲག་པའི་སྦྱོར་བའོ། །སྐལ་བ་དང་ལྡན་པ་མི་ཉམས་པའི་རྟེན་ལའང་རང་དོན་དང་ལྡན་པ་ནི་སྦྱངས་པ་ཤས་ཆེར་བྱས་པས་ཟབ་དོན་ལ་མི་དངང་བས་རྨི་ལམ་ནའང་ཡུམ་ཡིད་བྱེད་དང་ལྡན་པས་གང་ཟག་དེས་ སངས་རྒྱས་གཅིག་གམ་གཉིས་འཇིག་རྟེན་དུ་བར་མ་ཆད་དུ་འབྱུང་བ་ལས་མི་འདའ་བར་འཚང་རྒྱ་བར་དེ་བཞིན་གཤེགས་པས་ལུང་སྟོན་པའི་ཕྱིར་ལུང་བསྟན་ཐོབ་པའི་སྦྱོར་བ་དང་། གནས་སྐབས་དེར་ལུང་མི་སྟོན་ཀྱང་སྐྱེ་བ་འགའ་ཞིག་ན་ལུང་སྟོན་པར་འགྱུར་ཞིང་། གང་ 5-1-356a ནའང་བྱང་ཆེན་ལས་ཕྱིར་མི་ལྡོག་པ་ཉིད་ཀྱི་སྦྱོར་བ་དང་། སྐྱེས་བུ་འབྲོག་དགོན་པ་ལས་བརྒལ་བ་ལྟར་ངེས་པར་འབྱུང་བ་ལ་བདུད་བཞི་དང་ས་གཉིས་ཀྱི་བར་ཆད་མེད་པ་དང་བཅས་པའི་སྦྱོར་བ་དང་། དཔྱིད་ཀྱི་དུས་ལྟར་བྱང་ཆུབ་ཆེན་པོའི་ཆོས་རྣམས་ ཡོངས་སུ་རྫོགས་པར་ཉེ་བའི་སྦྱོར་བ་དང་། སྦྲུམ་མ་མྱུར་དུ་བཙའ་ཁ་ལྟར་རང་གིས་འཐོབ་བྱའི་འབྲས་བུ་མངོན་དུ་བྱ་བ་ལ་མྱུར་བའི་སྦྱོར་བ་དང་། གཞན་དོན་དང་ལྡན་པ་ནི་རང་དོན་དང་ལྡན་པའི་སེམས་དཔས་སྙིང་རྗེས་གཞན་གྱི་དོན་དུ་བསྡུ་བ་བཞིའི་སྒོ་ནས་ཆོས་ཀྱི་འཁོར་ལོ་ བསྐོར་བ་ལ་འཇུག་པའི་སྦྱོར་བའོ། །དེ་ནས་ཡུམ་དོན་བསྒོམ་པ་རྫོགས་པའི་སྦྱོར་བ་ལ་དེ་ཁོ་ནར་སྐྱོན་ཡོན་གང་ཡང་འཕེལ་མེད་འགྲིབ་མེད་དུ་མཐོང་བའི་ཕྱིར་དང་། འཕེལ་མེད་འགྲིབ་མེད་དུ་རྟོགས་པའི་སྦྱོར་བ་དང་། ཆོས་དང་ཆོས་མིན་སོགས་ཀྱི་མཚན་ཉིད་ཐམས་ཅད་ མི་མཐོང་བའི་ཕྱིར་ལྟ་བ་དང་བྲལ་བའི་སྦྱོར་བ་དང་། ཆོས་ཉིད་ཀྱི་གཟུགས་སོགས་བསམ་གྱིས་མི་ཁྱབ་པར་བཏགས་པ་ཐམས་ཅད་མི་མཐོང་བའི་ཕྱིར་བསམ་མི་ཁྱབ་པའི་རྣམ་པ་འགོག་པའི་སྦྱོར་བ་དང་། གཟུགས་སོགས་དེའི་མཚན་མ་དང་དེའི་ངོ་བོ་ཉིད་དུ་རྣམ་པར་མི་རྟོག་པའི་ སྦྱོར་བའོ། །དེའི་འབྲས་བུ་ནི་གཞན་དག་ལ་འབྲས་བུ་རིན་པོ་ཆེ་རྒྱུན་དུ་ཞུགས་པ་ལ་སོགས་པ་སྦྱིན་པར་བྱེད་པའི་སྦྱོར་བ་དང་། ཉེས་པའི་དྲི་མ་དེ་ནི་རྣམ་པར་དག་པར་བྱེད་པའི་སྦྱོར་བའོ། །དུས་ཀྱི་སྒོ་ནས་ནི་མུ་མཚམས་དང་བཅས་པ་སྟེ། ཟླ་བ་དང་ལོ་ལ་སོགས་པ་ཅི་ཙམ་ གྱིས་བསྒྲུབ་པར་དམ་བཅས་པའི་དོན་ལས་མི་ནུར་པར་མཐར་འབྱིན་པའི་སྦྱོར་བའོ། ། སྦྱོར་བའི་གཞུང་རྩ་བའི་འབྲུ་འདི་མཁས་པ་ཆེན་པོ་གྲོ་ལུང་པའི་གསུང་ལྟར་ཡུལ་དང་། སྦྱོར་བ་པོ་དང་། སྒོམ་པ་རྫོགས་པའི་ཐབས་དང་། འབྲས་བུ་དང་། དུས་ཀྱི་སྒོ་ནས་ཕྱེ་བའི་རྣམ་ 5-1-356b གཞག་ལྔས་བསྟན་པ་ལྟར་བྲིས་པ་ཡིན་ལ། བཟང་པོའི་ཞབས་ཀྱི་འགྲེལ་པ་དང་ཅུང་ཟད་མི་མཐུན་ནོ། །སྦྱོར་བའི་སྐབས་འདིར་དོལ་ཕུ་བས་འདི་སྐད་དུའང་གསུངས་ཏེ། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་པ་ནས། དེ་ནི་དག་པ་མཚམས་དང་བཅས། །ཞེས་ པའི་བར་གྱི་སྦྱོར་བ་ཐམས་ཅད་ལ་ཉི་ཤུའི་གྲངས་ངེས་དང་བཅས་ནས་འཆད་པ་མདོ་དང་འགལ་ཏེ། རྐང་པ་དང་པོ་གཉིས་ཀྱིས་མདོའི་སྦྱོར་བ་གཅིག་དང་། རྐང་པ་གསུམ་གྱིས་བསྒོམ་བྱ་ཤེར་ཕྱིན་ཟབ་པ་དང་། གཏིང་དཔག་དཀའ་བ་དང་། ཚད་མེད་པར་བསྟན་པ་དང་། རྐང་པ་ གཅིག་གིས་སྣོད་མིན་ལ་བསྟན་པའི་ཉེས་དམིགས་དང་། རྐང་པ་ཕྱེད་བཞིས་སྣོད་ལྡན་གྱིས་ཉམས་སུ་བླངས་པའི་ཕན་ཡོན་དང་། རྐང་པ་ཕྱེད་གཉིས་ཀྱིས་ཡོངས་སུ་རྫོགས་པར་བྱེད་པའི་ཚད་དང་། རྐང་པ་གསུམ་གྱིས་ཕྱིན་དྲུག་ལ་སྤྱོད་པའི་རྟགས་དང་། རྐང་པ་གཅིག་གིས་ ཤེར་ཕྱིན་དེ་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་སྦྱིན་པར་བྱེད་པ་དང་། རྐང་པ་གཅིག་གི་ཕྱེད་ཀྱིས་ཤེར་ཕྱིན་དེ་དག་པ་ཐམས་ཅད་ཀྱི་ཕུང་པོ་ཡིན་པ་དང་། རྐང་པ་ཕྱེད་ཀྱིས་ཤེར་ཕྱིན་ལ་ཆོས་སྤྱོད་ཀྱི་རིམ་པ་བྲི་བ་ལ་སོགས་པའི་དུས་མཚམས་ཏེ། དོན་ཚན་རྣམ་པ་དགུའི་སྒོ་ནས་བསྟན་ པ་འདི་འཐད་དོ་ཞེས་ཟེར་རོ། །འགྲེལ་པ་འདི་ཉིད་ཀྱི་དབང་དུ་བྱས་ན་རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔར་གྲངས་ངེས་སུ་མཛད་ལ། བུདྡྷ་ཤྲཱིས་ཀྱང་འདི་ཇི་ལྟ་བར་འགྲེལ་པར་མཛད་དོ། །སྦྱོར་བའི་དབྱེ་བསྡུའི་ཁྱད་པར་འདི་ལ་ཉི་སྣང་ལས་འབྱུང་བ་ དང་། ཤཱནྟི་པ་དང་། ཤེར་བློ་དང་། ཁ་ཆེ་གཞོན་ནུ་དཔལ་དང་། སངས་རྒྱས་ཡེ་ཤེས་ཞབས་སོགས་ཀྱི་འདོད་པ་མི་མཐུན་པ་དུ་མ་སྣང་ངོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། རང་བཞིན་གྱི་སྦྱོར་བ། གནས་སྐབས་ཀྱི་སྦྱོར་བ། བསྡུ་བ་དང་གསུམ་ 5-1-357a ལས། དང་པོ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པར་མེད་པ་ཉིད་ཀྱིས་ཆགས་པར་མི་གནས་པ་དང་། གཟུགས་སོགས་དེ་དག་ལ་རང་བཞིན་ཡོད་ཞེན་གྱི་མཚན་མར་མི་སྦྱོར་བ་ཉིད་ཀྱི་སྦྱོར་བ་ཡང་དག་པ་ཡིན་ པ་དང་། གཟུགས་ལ་སོགས་པ་དེ་དག་ཉིད་ཡོད་པ་མིན་ཀྱང་སྣང་བའི་ཕྱིར། དེ་བཞིན་ཉིད་ཀྱི་མཐུས་ངོ་བོ་ཉིད་ཀྱིས་ཟབ་པ་དང་། རྣམ་པར་ཤེས་པས་གཏིང་དཔག་དཀའ་བ་དང་། བློས་ཚད་བཟུང་མེད་པ་ཞེས་བྱ་བ་དེ་ལྟར་རྒྱུད་ལ་ཉམས་སུ་མྱོང་བར་རྟོགས་པ་རྣམས་ཀྱི་གྲངས་བཞིན་ དུ་དེའི་སྦྱོར་བ་ནི་གོ་རིམ་བཞིན་གཟུགས་ལ་སོགས་པ་ལ་མི་གནས་པའི་སྦྱོར་བ་དང་། མི་སྦྱོར་བའི་སྦྱོར་བ་དང་། ཟབ་པའི་སྦྱོར་བ་དང་། གཏིང་དཔག་དཀའ་བའི་སྦྱོར་བ་དང་། ཚད་མེད་པའི་སྦྱོར་བ་སྟེ་ལྔ་ནི་རང་བཞིན་གྱི་སྦྱོར་བའོ། །གཉིས་པ་གནས་སྐབས་ཀྱི་སྦྱོར་བ་ནི། སྐལ་དམན་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་ལ་སྐྲག་པ་དང་། སྐལ་བ་མཆོག་ཏུ་གྱུར་པ་རྣམས་ཤེར་ཕྱིན་གྱི་ཚིག་དོན་ལ་མི་སྐྲག་པ་དང་། དེ་བཞིན་ཉིད་ཀྱི་གནས་ལུགས་དོན་དམ་བདེན་པ་ཡང་དག་པར་འཛིན་པ་དང་། བྱང་ཆུབ་ཆེན་པོ་སྒྲུབ་པ་ལ་གེགས་གྱུར་གྱི་ བར་ཆད་ཀྱི་ཆོས་སྤོང་བ་དང་། རྟག་ཏུ་ཆོས་བསྒོམས་པས་བར་ཆད་དུ་མི་གཞོལ་བ་དང་། ཟག་པ་མེད་པའི་དེ་བཞིན་གཤེགས་པའི་ཆོས་ཉིད་མངོན་སུམ་དུ་གསར་དུ་ཐོབ་པར་བྱེད་པའི་རྟེན་ཉིད་དང་། འབྲས་བུ་མཐར་ཐུག་པ་ཆོས་ཀྱི་སྐུ་མངོན་པར་འགྲུབ་པ་དང་། གདུལ་བྱ་ལ་ཆོས་ ཀྱི་འཁོར་ལོ་བསྐོར་བ་དང་། ཟབ་མོའི་དོན་རྣམས་ལ་འཕེལ་བ་དང་འགྲིབ་པར་མི་མཐོང་བ་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་སུ་དགེ་མི་དགེ་སོགས་གང་ཡང་མི་དམིགས་པ་དང་། ཡོངས་སུ་གྲུབ་པའི་གཟུགས་ལ་སོགས་པ་བསམ་གྱིས་མི་ 5-1-357b ཁྱབ་པའི་རྣམ་པར་ཡང་རློམ་པ་མེད་པ་དང་། སྣང་བཏགས་ཀྱི་གཟུགས་དང་གཟུགས་དེའི་མཚན་མ་དང་། གཟུགས་དེའི་ངོ་བོ་ཉིད་དུ་རྣམ་པར་མི་རྟོག་པ་དང་། འབྲས་བུ་དང་པོ་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་མངོན་དུ་མཐོང་བ་དང་། མཚན་ཉིད་གསུམ་གྱིས་གཟུགས་རྣམས་ སྟོང་ཚུལ་གསུམ་གྱི་སྒོ་ནས་རྣམ་པར་དག་པ་དང་། ལོ་སྐོར་དང་ཟླ་སྐོར་སོགས་སུ་ཞེས་མཚོན་པར་བྱས་ནས། བསྐལ་པ་གྲངས་ཀྱིས་བརྗོད་དུ་མེད་པར་བྱང་ཆུབ་མངོན་པར་སྒྲུབ་པ་ལ་བརྩོན་པ་མི་འདོར་བ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པ་ཉམས་སུ་ལེན་པ་དང་ལྡན་པ་རྣམས་ཀྱི་ གོ་རིམ་བཞིན་དུ་སྦྱོར་བ་བཅོ་ལྔ་པོ་ནི་འདི་ལྟ་སྟེ། ཚེགས་ཆེན་པོས་ཡུན་རིང་པོ་ཞིག་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་སྦྱོར་བ་དང་། དེ་བཞིན་གཤེགས་པས་ལུང་བསྟན་པ་ཐོབ་པའི་སྦྱོར་བ་དང་། སེམས་དཔའ་ཞི་བའི་མཐར་ཕྱིར་མི་ལྡོག་པའི་སྦྱོར་བ་དང་། འཆིང་བ་ ཀུན་ལ་ངེས་པར་འབྱུང་བའི་སྦྱོར་བ་དང་། མངོན་པར་བྱང་ཆུབ་པ་ལ་བར་ཆད་མེད་པའི་སྦྱོར་བ་དང་། ཡང་དག་པར་མངོན་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་དང་། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་དང་། གཞན་གྱི་དོན་གྱི་སྦྱོར་བ་དང་། འཕེལ་ བ་དང་འགྲིབ་པ་མེད་པའི་སྦྱོར་བ་དང་། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པར་མི་དམིགས་པའི་སྦྱོར་བ་དང་། གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པ་འགོག་པའི་སྦྱོར་བ་དང་། གཟུགས་ལ་སོགས་པའི་དངོས་པོར་རྣམ་པར་མི་རྟོག་པའི་སྦྱོར་བ་དང་། འབྲས་བུ་རིན་ པོ་ཆེ་སྦྱིན་པའི་སྦྱོར་བ་དང་། རྣམ་པར་དག་པའི་སྦྱོར་བ་དང་། ས་མཚམས་ལ་སྦྱོར་བ་དང་ཞེས་པས་རྣམ་པ་བཅོ་ལྔའོ། ། འདིར་རང་བཞིན་དང་གནས་སྐབས་ཀྱི་ཁྱད་པར་ནི་འབྲེ་ཆེན་པོས། དང་པོ་ལྔ་ནི་རང་བཞིན་གྱི་སྦྱོར་བ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་ཁྱབ་པར་འཇུག་ 5-1-358a པའི་ཕྱིར། ཐ་མ་བཅོ་ལྔ་ནི་གནས་སྐབས་ཀྱི་སྦྱོར་བ་ཡིན་ཏེ། ལས་དང་པོ་པ་ནས་ས་བཅུ་པའི་གནས་སྐབས་དེར་དེ་དག་ཏུ་སྦྱོར་བའི་ཕྱིར། ཡང་ས་མཚམས་ཀྱི་སྦྱོར་བ་འདི་ལ་ཐབས་ཀྱི་སྦྱོར་བ་ཞེས་ཀྱང་བྱ་སྟེ། ས་མཚམས་ཀྱིས་ངེས་པར་བྱས་ནས་བརྩོན་ པ་མི་གཏོང་བའི་ཕྱིར་རོ། །གསུམ་པ་ནི། གོང་དུ་བཤད་པ་ལྔ་དང་། འདིར་བཤད་པའི་རྣམ་པ་བཅོ་ལྔ་སྟེ་སྦྱོར་བ་ཉི་ཤུ་ཡིན་ནོ། །བཞི་པ་སྔོན་འགྲོའི་(སྦྱོར་བའི་)ཆོས་ལ་བཞི། ཡོན་ཏན་བཅུ་བཞི། སྐྱོན་བཞི་བཅུ་རྩ་དྲུག །ནུས་པ་མཚན་ཉིད། ཐར་པ་ཆ་མཐུན་ནོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྦྱོར་བ་ཕྱིན་ཅི་མ་ལོག་པར་བསྒོམ་པ་ལས་ཡོན་ཏན་འབྱུང་བའམ། ཡང་ན་ཤེར་ཕྱིན་གྱི་ཡོན་ཏན་མཐོང་བ་སྔོན་དུ་བཏང་ནས་ཤེར་ཕྱིན་གྱི་སྦྱོར་བ་རྣམས་བསྒོམ་པ་ལ་ཤིན་ཏུ་གོམས་པར་བྱེད་པས་སྦྱོར་བའི་འོག་ཏུའང་ཤེར་ཕྱིན་དང་སྦྱོར་བ་དེ་དག་ གི་ཡོན་ཏན་འཆད་དོ། །གཉིས་པ་ནི། མདོར། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་སུའི་མཐུས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་འདི་འབྲི་བ་དང་། སྟོན་པ་དང་། འཆང་བ་དང་། ཀློག་པ་དང་། ཁ་ཏོན་དུ་བགྱིད་པ་དང་། སྒོམ་པ་ལ་བདུད་སྡིག་ཅན་གྱིས་བར་ ཆད་བྱ་བར་མི་ནུས་པ་ལགས། བཀའ་སྩལ་པ། སངས་རྒྱས་ཀྱི་མཐུས་མི་ནུས་པ་ཡིན་ནོ། །ཞེས་སོགས་ཀྱི་དོན་ནི། བདུད་ཀྱི་མཐུ་ནུས་ཟིལ་གྱིས་གནོན་པར་བཅོམ་པའི་ཡོན་ཏན་དང་། ལ་སོགས་པས་འགྲེལ་པར་འབྱུང་བའི་ཡོན་ཏན་རྣམ་པ་བཅུ་བཞིའོ་ཞེས་བྱ་བ་གསུངས་ཏེ་ཞེས་ བཀོད་དོ། །གསུམ་པ་ནི། ཡུམ་ལ་སྤྱོད་པ་ན་བར་ཆད་ཀྱི་བདག་ཉིད་འདོད་པའི་ཡོན་ཏན་ལ་ཆགས་པའི་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་དང་། ཡུམ་ལ་སྤྱོད་པའི་སེམས་དཔའ་དེ་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ལ་དགོངས་ཤིང་མཁྱེན་པ་ཉིད་ཀྱི་ཡོན་ཏན་དང་། སངས་ 5-1-358b རྒྱས་ཐམས་ཅད་ཀྱིས་མངོན་སུམ་དུ་གཟིགས་པར་མཛད་པའི་ཡོན་ཏན་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་ཉེ་བར་གྱུར་པའི་ཡོན་ཏན་དང་། དོན་ཆེན་པོ་ཕྱིར་མི་ལྡོག་པའི་ས་མ་ནོན་གྱི་བར་དུ་ནམ་ཡང་ངན་སོང་དུ་མི་སྐྱེ་བའི་ཡོན་ཏན་དང་། ལ་སོགས་པས་རྫོགས་ བྱང་ལ་ཕན་པའི་ཡོན་ཏན་གཞན་ཡང་མཐའ་ཡས་པ་འབྱུང་བར་བསྟན་ཏོ། །ནམ་ཡང་སངས་རྒྱས་དང་མི་འབྲལ་བའི་ཡུལ་ཁྱད་པར་ཅན་གང་ཡིན་བརྟགས་ཤིང་དཔྱད་ནས་ཡུལ་དམ་པར་སྐྱེ་བའི་ཡོན་ཏན་དང་། ཕྱིན་དྲུག་སོགས་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པར་ མི་འབྲལ་བའི་བདག་ཉིད་ཅན་གྱི་ཡོན་ཏན་དང་། སྨྲ་བ་ལ་འཇིགས་པ་མེད་པའི་སྐྱེས་བུ་རྫོགས་པའི་སངས་རྒྱས་སུ་རིམ་གྱིས་འགྱུར་བའི་ཡོན་ཏན་དང་། ཟབ་མོ་བསྒོམ་པ་ལ་ཡང་དག་མིན་རྟོག་གིས་རྣམ་པ་ཐམས་ཅད་དུ་མི་ཕྱེད་པའི་ཡོན་ཏན་དང་། ཤེར་ཕྱིན་ལ་བརྟེན་ནས་དགེ་བའི་ རྩ་བ་ཐུན་མོང་མ་ཡིན་པ་སྐྱེ་བའི་ཡོན་ཏན་དང་། བྱང་ཆུབ་ཏུ་བརྩོན་པ་མི་འདོར་བ་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་ཡོན་ཏན་དང་། སྐྱེ་བོ་གཞན་དག་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་ལ་གཞུག་པར་ནུས་པའི་ཡོན་ཏན་དང་། གནས་སྐབས་སུའང་འབྱོར་སོགས་ ཀྱིས་སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན་དང་། ཚེ་རབས་ཐམས་ཅད་པར་གཞན་གྱི་ཕུན་ཚོགས་སྒྲུབ་པའི་སྦྱོར་བ་ངེས་པར་འཐོབ་པ་ཞེས་བྱ་བའི་ཡོན་ཏན་རྣམས་ཏེ། མདོར་གསུངས་པའི་ཡོན་ཏན་བཅུ་བཞི་པོ་གྲངས་བཞིན་དུ་སློབ་དཔོན་གྱིས་འགྲེལ་པ་ནི། དེ་ལྟ་བུའི་སེམས་དཔའ་ དེ་ལ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པ་དང་། ཐུགས་མི་རྟོག་ཡེ་ཤེས་ཀྱིས་དགོངས་པ་དང་། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པས་གཟིགས་པ་དང་། བྱང་ཆུབ་ཏུ་ཉེ་བར་གྱུར་པའི་རྒྱུ་དང་། རང་དང་གཞན་ཐར་པར་གཞོལ་བའི་ཕན་ཡོན་ཆེན་པོ་དང་། ཞིང་དམ་པར་སངས་ 5-1-359a རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པ་དང་། གཉེན་པོའི་ཚོགས་ཡོངས་སུ་རྫོགས་པ་ནས་སྤང་བྱའི་ཚོགས་འགགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཀྱི་འཁོར་ལོའམ་གཏམ་བརྗོད་པ་དང་། སེམས་དཔའ་དེ་ལ་སངས་རྒྱས་ཐམས་ཅད་ཀྱིས་བྱང་ཆུབ་ སྒྲུབ་པའི་གྲོགས་མཛད་པ་དང་། ཐུན་མོང་མིན་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྱེད་པ་དང་། སེམས་དཔའ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པར་དམ་བཅས་པའི་ཚིག་ལ་རྗེས་སུ་ཡི་རང་བའི་སྒོ་ནས་སྒྲུབ་པ་དང་། ཐེག་ཆེན་གྱི་ཆོས་ཟབ་མོ་མངོན་པར་ འདོད་པ་ལ་འདོད་པ་ལྟར་སྦྱོར་བ་དང་། རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་དག་ཚང་བར་རྙེད་པའམ་ངེས་པར་ཐོབ་པ་ཞེས་བྱ་བ་སྟེ་ཡོན་ཏན་བཅུ་བཞི་པོ་དེ་དག་ནི་གོང་དུ་བཤད་པའི་ཕྱིན་ཅི་མ་ལོག་པའི་སྦྱོར་བ་ཉམས་སུ་ལེན་པ་ ལ་མངོན་པར་དགའ་བའི་བྱང་སེམས་ལ་ཡོན་ཏན་བཅུ་བཞི་པོ་འབྱུང་ཞིང་འཐོབ་པས་སྦྱོར་བ་སྒོམ་པའི་འོག་ཏུ་ཡོན་ཏན་བཅུ་བཞི་པོ་འདི་འཆད་པའི་སྐབས་སུ་བབ་པར་རིགས་པ་ཡིན་ནོ། ། ཆོས་བཤེས་ཀྱིས། ཡོན་ཏན་ནི་ལས་དང་པོའི་ས་ནས་ཐོབ་མོད་ཀྱི། ལེགས་པར་སྦྱར་བ་ནི་ དྲོད་ཡན་ལ་སྦྱར་བར་བྱའོ། །ཁ་ཆེ་གཞོན་ནུ་དཔལ་གྱིས་ནི། ངེས་འབྱེད་བཞི་ནི་ས་བཅུ་དང་། ཡོན་ཏན་བཅུ་བཞི་དང་སྦྱར་ཏེ་གསུངས་སོ། །འགྲེལ་པར་ཉི་ཤུ་རྩ་བརྒྱད་འབྱུང་བ་འདི་ལ། མ་དག་པར་སྨྲ་བ་འགས། སྔ་མ་འབྲས་བུ་དང་ཕྱི་མ་རྒྱུ་ཡིན་ཅེས་སོགས་སུ་སྨྲ་བ་ནི་ ནོར་བ་ཡིན་ལ། ཁོ་བོའི་ལུགས་ལྟར་ན། སྔ་མ་བཅུ་བཞི་པོ་མདོའི་ཚིག་བཏུས་ཏེ་བཀོད་ལ། ཕྱི་མ་བཅུ་བཞི་དེའི་དོན་སློབ་དཔོན་གྱིས་འགྲེལ་བར་སེམས་སོ། །འདིའི་མདོར། ལྔ་བརྒྱ་ཐ་མ་ལ་ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་འདས་ནས་ 5-1-359b ལྷོ་ཕྱོགས་ཀྱི་རྒྱུད་དུ་དར་བར་འགྱུར་ཞེས་པ་ལས་འཕྲོས་ནས་བསྟན་རྩིས་ཀྱི་རྣམ་པར་གཞག་པ་ནི། མདོ་སྡེ་བསྐལ་པ་བཟང་པོར། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ནི་ལོ་སྟོང་དུ་གནས་སོ། །ལོ་ལྔ་སྟོང་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་ཞེས་པ་དང་མཐུན་པར། གནོད་འཇོམས་ ལས་ཀྱང་ལོ་ལྔ་སྟོང་དུ་གནས་པར་བཞེད་ལ། འདི་ལ་སྔོན་གྱི་མཁས་པ་དག །དགྲ་བཅོམ་པ་དང་། ཕྱིར་མི་འོང་དང་། རྒྱུན་ཞུགས་གཙོ་ཆེར་ཐོབ་པའི་དུས་ཏེ། ཁོང་དུ་ཆུད་པའི་ལེའུ་གསུམ་ལ་ལྔ་བརྒྱ་པ་ཕྲག་རེ་རེ། དེ་ནས་བསླབ་པ་གསུམ་ལ་མས་རིམ་བཞིན་ཉམས་ ལེན་གཙོར་བྱེད་པའི་ལྔ་བརྒྱ་པ་ཕྲག་རེ་རེ། དེ་ནས་སྡེ་སྣོད་གསུམ་མས་རིམ་བཞིན་ལྔ་བརྒྱ་པ་ཕྲག་རེ་རེ། དེ་ནས་ལྟ་སྤྱོད་གང་ཡང་མི་ལྡན་པའི་ལྔ་བརྒྱ་པ་ཕྲག་གཅིག་སྟེ་ལྔ་བརྒྱ་ཕྲག་བཅུའོ། །དེ་ཡང་སྟོན་པ་འདས་ནས་དེང་སང་ཕན་ཆད་བསྟན་པའི་གནས་ཚད་ཀྱི་ལོ་གྲང་དུ་ སོང་བ་དང་། དེང་སང་ལྔ་བརྒྱ་པ་ཕྲག་གང་ཡིན་བཤད་པའོ། ། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་དང་སྦྱར་ཏེ་བཤད་ན། ཐམས་ཅད་མཁྱེན་པ་རང་བྱུང་བས་བཞེད་ཀྱི། དྲག་པོའི་ལོ་སྟེ་ལྕགས་སྤྲེལ་ལོ་ནག་ཟླའི་ཚེས་བརྒྱད་ལ་སྐུ་བལྟམས་ལ། དེ་ནས་བརྒྱད་ ཅུའི་བར་དུ་འཚོ་ཞིང་གཞེས་ཏེ། རྣམ་གནོན་ཏེ་ལྕགས་འབྲུག་གི་ནག་ཉལ་དཔལ་དུས་ཀྱི་འཁོར་ལོ་གསུངས་པ་ཡིན་ནོ། །དེའང་སྟོན་པ་འདས་པའི་ཕྱི་ལོ་དེ་ནས་རྒྱལ་པོ་ཟླ་བཟང་གིས་རྒྱུད་སྟོན་པའི་དགུང་ལོ་གཉིས། དེ་ནས་རྒྱལ་པོ་ལྷ་དབང་ནས་ལྷའི་དབང་ལྡན་ཡན་ ཆད་ཆོས་རྒྱལ་དྲུག་གི་དགུང་ལོ་བསྲེས་པས་དྲུག་བརྒྱ་དང་གཉིས། དེ་ནས་གྲགས་པའི་དགུང་ལོ་བརྒྱ་དང་གོང་མ་བསྲེས་པས་བདུན་བརྒྱ་དང་གཉིས། དེ་ནས་རིགས་ལྡན་པད་དཀར་ནས་ཤིན་བཟང་བར་གྱི་དགུང་ལོ་བརྒྱད་བརྒྱ་སྟེ། དེ་དང་གོང་མ་བསྲེས་པས་སྟོང་ལྔ་བརྒྱ་ 5-1-360a དང་གཉིས། དེ་ནས་རྒྱ་མཚོ་རྣམ་རྒྱལ་གྱི་དགུང་ལོ་བརྒྱ་དང་གོང་མ་བསྲེས་པས་སྟོང་དྲུག་བརྒྱ་དང་གཉིས། དེའི་ཁར་རྒྱལ་དཀའི་དགུང་ལོ་བརྒྱད་ཅུ་གྱ་གཉིས་བསྣན་པས་སྟོང་དྲུག་བརྒྱ་དང་གྱ་བཞི། དེ་ནས་དུས་འཁོར་རྒྱ་གར་དུ་མ་ཕེབས་བར་གྱི་ལོ་ ཉིས་བརྒྱ་དང་ཉེར་གཅིག་པོ་དེ་གོང་མ་ལ་བསྲེས་པས་སྟོང་དགུ་བརྒྱ་དང་ལྔ། དེ་ནས་རབ་བྱུང་གི་ལོ་ལ་དུས་འཁོར་རྒྱ་གར་དུ་ཕེབས་པ་ནས་བཟུང་སྟེ། ཐམས་ཅད་མཁྱེན་པ་རང་བྱུང་བ་འཁྲུངས་པའི་ཤིང་ཕོ་སྤྲེའུ་ཡན་ལ་ཉིས་བརྒྱ་དང་ལྔ་བཅུ་ང་བདུན། དེ་གོང་མ་དང་བསྲེས་ པས་ཉིས་སྟོང་བརྒྱ་དྲུག་ཅུ་རེ་གཉིས། རྗེ་རང་བྱུང་བ་འཁྲུངས་པའི་ཕྱི་ལོ་ནས་དེང་སང་ཁོ་བོ་ལོ་ཉེར་བཞི་པ་སྟེ་ལྕགས་ཕོ་སྟག་ལོ་འདི་ཡན་ཆད་ལ་ཉིས་བརྒྱ་དང་ཞེ་དྲུག །དེ་གོང་མ་དང་བསྲེས་པས་ཉིས་སྟོང་བཞི་བརྒྱ་དང་བརྒྱད་སོང་བ་ཡིན་ནོ། ། ཡང་ན་སྟོན་པ་འདས་པའི་ ལོ་དེ་ཉིད་ནས་བརྩིས་པས་ལོ་གཅིག་དང་། ཟླ་བཟང་གིས་རྒྱུད་ལོ་གསུམ་དུ་བསྟན་པའི་དབང་དུ་བྱས་ན་ལོ་གཉིས་ལྷག་པས་ཉིས་སྟོང་བཞི་བརྒྱ་དང་བཅུ་སོང་བའང་ཡིན་ཟེར་རོ། །གཉིས་པ་དེང་སང་ལྔ་བརྒྱ་བ་ཕྲག་བཞི་པ་ཏིང་ངེ་འཛིན་གྱི་ལེའུ་ལས་ལོ་བཞི་བརྒྱ་དང་ བརྒྱད་སོང་ཞིང་། ད་དུང་དེའི་ལྷག་མ་ལ་ལོ་གོ་གཉིས་ཡོད་པ་ཡིན་ནོ་ཞེས་པ་འདི་ངེས་སོ། །གཉིས་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཡོན་ཏན་དེའི་འོག་ཏུ་ཡང་སྐྱོན་གང་ཞིག་ཡོངས་སུ་སྤངས་པས། གོང་དུ་བཤད་པའི་སྦྱོར་བ་རྣམས་བསྒོམ་པར་བྱ་ བ་ལ་སྐྱོན་ཤེས་དགོས་པས། སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་གང་དག་གཅིག་མཆིས་པ་ཡིན་ཅེས་འདྲི་ན། སྦྱོར་བ་དེ་དག་གི་བར་ཆད་དུ་འགྱུར་བའི་སྐྱོན་འཆད་དོ། ། འདི་ལ་བོད་ཀྱི་སློབ་དཔོན་གང་དག་གིས་འདི་ལྟར་སྨྲ་སྟེ། འདི་དག་ཐམས་ཅད་སྦྱོར་བ་ཁོ་ནའི་སྐྱོན་ 5-1-360b དུ་གཞན་དག་འཆད་པ་ནི་མདོ་དང་འགལ་ཏེ། མདོ་ལས། སྐྱོན་འདི་རྣམས་བྲི་བ་ནས། སྒོམ་པའི་བར་ཆོས་སྤྱོད་ཐམས་ཅད་ཀྱི་བར་ཆད་དུ་གསུངས་ཤིང་། ཁྱད་པར་དཔོན་སློབ་སྤྱོད་པ་མི་འགྲིགས་པ་ཐམས་ཅད་འཆད་ཉན་གྱི་སྐྱོན་དུ་གསུངས་པས་སོ་ཞེས་ཟེར་རོ། །གཉིས་པ་ནི། མདོར། རབ་འབྱོར་གྱིས་གསོལ་བ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཡོན་ཏན་བརྗོད་པ་ནི་འདི་དག་ལགས་ན། དེ་དག་ལ་བར་དུ་གཅོད་པ་ཇི་ལྟ་བུ་ཞིག་འབྱུང་བ་ལགས། ཞེས་སོགས་ཀྱི་དོན་ནི། བྱང་ཆུབ་སྒྲུབ་པ་ལ་གནོད་པའི་སྐྱོན་ནི། བཅུ་ཕྲག་གི་ཚན་པ་བཞི་དང་བཅས་ པའི་ཁར་སླད་དུ་དྲུག་ཚན་བསྣན་པས་སྐྱོན་ཞེ་དྲུག་ཏུ་ངེས་པར་བརྗོད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། བསལ་བྱའི་སྐྱོན་དང་། སེལ་བྱེད་ཀྱི་གཉེན་པོའོ། །དང་པོ་ལ། བཤད། བསྡུ་གཉིས་ལས། དང་པོ་ལ་གསུམ། རང་ལ་བརྟེན་པའི་འགལ་ རྐྱེན་ཉེ་བར་གནས་པ་ཉི་ཤུ། གང་རུང་ལ་བརྟེན་པའི་མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་བརྟེན་པའི་འགལ་རྐྱེན་གསུམ་མོ། །དང་པོ་ནི། ཚེགས་ཆེན་པོས་ཐོབ་པར་བྱ་དགོས་པའི་སྤོབས་པ་ཧ་ཅང་བུལ་བ་དང་། རྒྱུ་མཚན་མེད་པའི་སྤོབས་པ་ཧ་ཅང་མྱུར་བ་གཉིས་ ནི་སྤོབས་པའི་སྐྱོན་ནོ། །གླལ་བ་དང་རྒོད་པ་སོགས་ལུས་ཀྱི་གནས་ངན་ལེན་དང་། མཚན་རྟོག་གི་གཡེང་བའི་སེམས་ཀྱི་གནས་ངན་ལེན་དང་། དོན་གཉིས་སྒྲུབ་པ་ལ་ཉེ་བར་མི་ཕན་པ་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་བྱེད་པ་དང་། ལ་སོགས་པས་མདོར་ན་ ལུས་ངག་ཡིད་གསུམ་གྱི་དབང་དུ་བྱས་པའི་གནས་ངན་ལེན་གྱི་སྐྱོན་ནོ། །ཡུམ་གྱི་རོ་མ་མྱོང་ནས་སྟན་ལས་ལངས་ཏེ་ཕྱིར་ཕྱོགས་པར་རྒྱུ་མཚན་འཛིན་པ་ཉིད་དང་། ཤེར་ཕྱིན་བོར་ནས་ཉན་རང་གི་སྡེ་སྣོད་ལ་འཇུག་པས་རྣམ་མཁྱེན་གྱི་རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་དང་། 5-1-361a རྙེད་བཀུར་གྱ་ནོམ་པའི་རོ་མྱང་བའི་ཕྱིར་ཉན་ཐོས་ཀྱི་སྡེ་སྣོད་ལ་འཇུག་ན་རྣམ་མཁྱེན་ལས་ཉམས་པ་དང་། རྣམ་པ་ཐམས་ཅད་དུ་ཐེག་པའི་མཆོག་ཐེག་ཆེན་གྱི་ཆོས་ཀུན་ཏུ་འཛིན་པ་ལས་ཉམས་པ་དང་། རྟག་ཏུ་ཡུམ་ལས་ཆེད་དུ་ཉམས་པ་ཞེས་བྱ་བའི་ བཅུ་ཚན་དང་པོའོ། །ཐེག་ཆེན་གྱི་ཆོས་བླ་ན་མེད་པའི་རྒྱུ་འབྲས་མཆོག་མིན་པ་དང་། ཐེག་དམན་གྱི་ཆོས་བླ་ན་ཡོད་པའི་རྒྱུ་འབྲས་མཆོག་ཡིན་པར་འདུ་ཤེས་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ལས་ཕྱིན་ཅི་ལོག་ཏུ་ཉམས་པ་དང་། ཆོས་སྐུའི་ཡོན་ཏན་གོང་ན་མེད་པ་ལས་ཉམས་པ་སྟེ་ བདུན་ནི་ཐེག་ཆེན་སྤོང་བའི་རྒྱུའི་སྐྱོན་ཡིན་ནོ། །གཟུགས་སོགས་ཀྱི་ཡུལ་རྣམ་པ་མང་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་ཆེར་དཀྲུགས་པའི་བློ་འབྱུང་བ་དང་། ཡུམ་རྟོགས་ནས་ཡི་གེར་འབྲི་བ་ལ་མངོན་པར་ཞེན་པ་དང་། ཡུམ་དོན་བྱེད་ནུས་སྟོང་གི་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང་ ཡི་གེ་ལ་ཡུམ་དུ་མངོན་པར་ཞེན་པ་དང་། ཡི་གེ་མེད་པ་ལ་ཡུམ་དུ་མངོན་པར་ཞེན་པ་དང་། ཡུལ་ལ་ཆགས་སྡང་གི་རྟོག་པ་བསྐྱེད་པ་ལ་སོགས་པ་ཡིད་ལ་བྱེད་པ་དང་། ལ་སོགས་པས་གྲོང་དང་གྲོང་བརྡལ་ནས་སྐྱེས་པ་དང་བུད་མེད་སྣ་ཚོགས་པ་ཡིད་ལ་བྱེད་པ་དང་། བསོད་ སྙོམས་ཀྱི་རྙེད་པ་དང་། ཕྱག་དང་ཞེ་སའི་བཀུར་སྟི་དང་བསྟོད་བསྔགས་ཀྱི་ཚིགས་སུ་བཅད་པའི་རྣམ་པ་ལ་དགའ་བའི་སྒོ་ནས་ང་རྒྱལ་གྱི་རློམ་པས་རོ་མྱང་བ་དང་། བྱང་ཆུབ་ཆེན་པོའི་ལམ་གྱི་ཚུལ་མ་ཡིན་པས་བསླུས་པའི་ཉན་ཐོས་ཀྱི་སྡེ་སྣོད་ལས་བྱང་སེམས་ཀྱིས་ཐབས་ ལ་མཁས་པ་འཚོལ་བ་ཞེས་བྱ་བ་བརྒྱད་ནི་རྣམ་པར་གཡེང་བའི་དབང་དུ་བྱས་པའི་སྐྱོན་ནོ། །རྣམ་པ་དེས་ནི་བཅུ་ཚན་གཉིས་པའོ། །གཉིས་པ་གང་རུང་ལ་བརྟེན་པའི་མཐུན་རྐྱེན་མ་ཚང་བ་ཉེར་གསུམ་ལ་གྲངས་བཞིན་དུ་གོ་རིམ་སྦྱར་ཏེ། ཉན་པ་པོ་དང་། འཆད་པ་ 5-1-361b པོ་དག་སྔ་མ་དང་ཕྱི་མ་གང་ཡང་རུང་བ་དང་། མངོན་པར་འབྲེལ་བ་ལས་འབྱུང་བའི་སྐྱོན་ནི་བཅུ་བཞི་ཡོད་དེ། ཉན་པ་པོ་འདུན་པ་དྲག་པ་དང་། འཆད་པ་པོ་སྙོམས་ལས་ཀྱིས་ཉམས་པ་དང་། ཉན་པ་པོ་དང་འཆད་པ་པོ་དག་དམ་པའི་ཆོས་དོན་དུ་གཉེར་བ་དང་། མི་ གཉེར་བའི་འདུན་པའི་ཡུལ་ཐ་དད་པས་ཉམས་པ་དང་། ཉན་པ་པོ་རྙེད་བཀུར་གྱི་འདོད་པ་ཆེན་པོ་བ་ཆུང་བ་ལྟར་བཅོས་པ་དང་། འཆད་པ་པོ་འདོད་ཆེན་པ་འདོད་པ་ཆུང་བ་མ་ཡིན་པ་རྟེན་གྱིས་ཉམས་པ་དང་། ཉན་པ་པོ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། འཆད་པ་པོ་ སྦྱངས་པའི་ཡོན་ཏན་དང་མི་ལྡན་པས་ཉམས་པ་དག་དང་། ཉན་པ་པོ་དགེ་བ་དང་ལྡན་ཅིང་། འཆད་པ་པོ་དགེ་བ་མ་ཡིན་པའི་ཆོས་ཉིད་ཀྱིས་ཉམས་པ་དང་། ཉན་པ་པོ་གཏོང་བ་ལ་དགའ་བ་དང་། འཆད་པ་པོ་སེར་སྣ་བྱེད་པས་ཉམས་པ་དང་། ཉན་པ་པོས་ཡོན་སྦྱིན་པར་ བྱེད་པ་དང་། འཆད་པ་པོས་ཡོན་མི་ལེན་པར་བྱེད་པས་ཉམས་པ་དང་། ཉན་པ་པོས་མགོ་སྨོས་པས་གོ་བ་དང་། འཆད་པ་པོ་ལ་རྣམ་པར་སྤྲོས་པས་གོ་བ་ཉིད་ཀྱིས་ཉམས་པ་དང་། ཉན་པ་པོས་མདོ་ལ་སོགས་པའི་ཆོས་མངོན་པར་ཤེས་པ་དང་། འཆད་པ་པོས་མངོན་པར་ མི་ཤེས་པ་ཉིད་ཀྱིས་ཉམས་པ་དང་། ཉན་པ་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་། འཆད་པ་པོ་ཕྱིན་དྲུག་དང་མི་ལྡན་པས་ཉམས་པ་ཞེས་བྱ་བ་ནི་བཅུ་ཚན་གསུམ་པའོ། །ཉན་བཤད་བྱེད་པ་པོའི་སྔ་ཕྱི་བཤད་པ་དེ་ཁོ་ན་བཞིན་དུ་ཉན་པ་པོས་ལམ་སྒྲུབ་པའི་ཐབས་ལ་མཁས་ པ་དང་། འཆད་པ་པོ་ཐབས་མ་ཡིན་པ་ལ་མཁས་པས་ཉམས་པ་དང་། ཉན་པ་པོ་གཟུངས་ཐོབ་པ་དང་། འཆད་པ་པོ་གཟུངས་མ་ཐོབ་པ་གང་དག་དང་། ཉན་པ་པོ་ཡུམ་ཡི་གེར་འབྲིར་འདོད་པ་དང་། འཆད་པ་པོ་ཡི་གེར་འབྲིར་མི་འདོད་པས་ཉམས་པ་དག་དང་། ཉན་ 5-1-362a པ་པོ་འདོད་པའི་ཡོན་ཏན་ལ་འདུན་པ་དང་བྲལ་བ་དང་། འཆད་པ་པོ་འདོད་ཡོན་ལ་འདུན་པ་དང་མ་བྲལ་བ་ཉིད་ཀྱིས་ཉམས་པ་ཞེས་པ་སྟེ་བཅུའི་སྟེང་དུ་བཞི་དང་བཅས་པ་སྐྱོན་བཅུ་བཞིའོ། ། འདིར་ཊཱི་ཀ་ཆུང་དུ་ཉན་པ་པོ་དང་འཆད་པ་པོ་དང་སྔ་མ་གྱི་ མ་ཞེས་པས་དང་པོ་ལ་ཉན་པ་པོ་དང་། ཕྱི་མ་ལ་འཆད་པ་སྦྱར་གྱི་གང་ཡང་རུང་བ་དང་མངོན་པར་འབྲེལ་བའི་དོན་གྱི་སྐྱོན་བཅུ་བཞི་པོ་འདི་དཔོན་སློབ་གཉིས་ཀ་ལ་འབྱུང་ཞིང་། མཐའ་གཅིག་ཏུ་ཉན་པ་པོ་ལ་འོང་བའམ། མཐའ་གཅིག་ཏུ་འཆད་པ་པོ་ལ་འོང་བའི་ངེས་ བཟུང་མི་བྱའོ། །མདོར་ནི་ཆོས་སྨྲ་བ་པོ་ལ་སྐྱོན་འབྱུང་ཞིང་ཉན་པ་པོ་ལ་ནི་གོ་བཟློག་སྟེ་བཤད་པར་མཛད་དོ། །གཞན་དོན་དུ་ངན་སོང་གི་འགྲོ་བར་སྐྱེ་བ་ལས་ཕྱིར་ཕྱོགས་པ་དང་། རང་དོན་ཡིད་བྱེད་ཀྱིས་བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་སྟེ་གཉིས་ནི་རང་ཁོ་ན་ལ་བརྟེན་པའི་ སྐྱོན་ནོ། ། ཡང་འཆད་པ་པོ་དང་ཉན་པ་པོ་དག་སྔ་མ་དང་ཕྱི་མ་གང་ཡང་རུང་བ་དང་འབྲེལ་བའི་སྐྱོན་ལས་གྲངས་བཞིན་དུ་དཔེར་མཚོན་ན། འཆད་པ་པོ་གཅིག་པུ་ལ་བརྩོན་པ་ལ་དགའ་བ་དང་། ཉན་པ་པོ་འཁོར་ལ་དགའ་བ་ཉིད་ཀྱིས་བརྩོན་པ་ལས་ཉམས་པ་དང་། འཆད་པ་ པོས་གདུལ་བྱའི་གོ་སྐབས་མི་འབྱེད་པ་ཉིད་དང་། ཉན་པ་པོས་རྗེས་སུ་འབྲེལ་བར་འདོད་པ་ཉིད་ཀྱིས་ཉམས་པ་དང་། འཆད་པ་པོ་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་ཆོས་སྨྲ་བ་ལ་བརྩོན་པ་ཉིད་དང་། ཉན་པ་པོ་ཟང་ཟིང་དེ་སྦྱིན་པར་མི་འདོད་པ་ཉིད་ཀྱིས་ཉམས་པ་དང་། འཆད་པ་ པོ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་དང་། ཉན་པ་པོ་མི་འགྱུར་བའི་ཕྱོགས་སུ་འགྲོ་བས་ཉམས་པ་ཞེས་བྱ་བ་བཞི་སྟེ་བཅུ་ཚན་བཞི་པའོ། །དེ་བཞིན་དུ་འཆད་པ་པོ་མུ་གེ་བྱུང་བའི་ཕྱོགས་སུ་འགྲོ་བ་དང་། ཉན་པ་པོ་དེར་མི་འགྲོ་བས་ཉམས་པ་དང་། འཆད་པ་པོ་ཆོམ་རྐུན་པ་ལ་ 5-1-362b སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་། ཉན་པ་པོ་དེར་མི་འགྲོ་བས་ཉམས་པ་དང་། འཆད་པ་པོ་མཛའ་བཤེས་ཀྱི་ཁྱིམ་དུ་བསོད་སྙོམས་ཀྱི་ཕྱིར་བལྟ་བ་དང་། ཉན་པ་པོ་རྣམ་པར་གཡེང་བ་དེ་ལ་ཡིད་མི་བདེ་བས་ཉམས་པ་ཞེས་བྱ་བ་གསུམ་སྟེ་དཔོན་སློབ་གཉིས་ཀ་ལ་ བརྟེན་པའི་སྐྱོན་བདུན་ནོ། །འདིར་ཉམས་ཞེས་པའི་དོན་ནི་ཚུལ་དེ་ལྟ་བུས་དཔོན་སློབ་འཆད་ཉན་དང་། ལམ་རྒྱུད་ལ་སྐྱེད་པར་བྱེད་པ་ལས་ཉམས་པའི་དོན་ཡིན་ནོ། །གསུམ་པ་གཞན་ལ་བརྟེན་པའི་འགལ་རྐྱེན་གསུམ་ནི། བདུད་ཀྱི་བྱིན་རླབས་ཀྱིས་རང་རྒྱུད་ལ་བསྐྲུན་པར་བྱ་ རྒྱུའི་ཡུམ་དོན་དང་། རང་རྒྱུད་ཀྱི་ཐ་བ་སོ་སོར་འབྱེད་པའི་སྦྱོར་བ་དང་། བདུད་ཀྱིས་བསྟན་པའི་ལམ་བཅོས་མ་ཉེ་བར་སྒྲུབ་པའི་སྦྱོར་བ་ལ་གནས་པའི་སྦྱོར་བ་དང་། གུས་པ་བསྐྱེད་པའི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་དུ་སྤྲུལ་པར་བྱས་པ་ལ། བློ་ ཆུང་བ་རྣམས་དགའ་བ་བསྐྱེད་པ་ཞེས་བྱ་བ་གཞན་ལ་བརྟེན་པའི་སྐྱོན་གསུམ་མོ། །གཉིས་པ་བསྡུ་བ་ནི། དེ་ལྟར་ན་སྐྱོན་བཞི་བཅུ་རྩ་དྲུག་ཡིན་ནོ། །ཞེས་སོ། །དེ་ལྟར་བདུད་ཀྱིས་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་དད་ཅན་ལོག་པར་བསླུ་བ་འདི་ས་བདུན་པ་ཕྱིན་དུ་རྗེས་སུ་འབྲང་བར་ བཤད་དོ། །སྐྱོན་འདི་དག་ཐམས་ཅད་ནི་ནང་གི་བསམ་པའི་ཉེར་ལེན་གྱི་བདུད་དེ་ཕྱི་རོལ་ལྟར་སྣང་བ་ཡིན་པས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་སུ་བདུད་ཀྱི་ལས་དུ་མ་གསུངས་པ་ཐམས་ཅད་ཀྱང་འདིར་བསྟན་པའི་བདུད་ཀྱི་ལས་ལས་འཕོས་པ་འབའ་ཞིག་སྟེ། རྣམ་པ་ ཐམས་ཅད་དུ་བདུད་ཀྱི་ལས་འདོར་བ་ལ་བརྩོན་པར་བྱའོ། །གཉིས་པ་སེལ་བྱེད་ཀྱི་གཉེན་པོ་ནི། ཤེར་ཕྱིན་ཟབ་མོ་འདི་བྲི་བ་དང་། ལུང་ནོད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་བདུད་ལས་ཀྱིས་མི་ཚུགས་པར་བྱ་བའི་རྒྱུ་ལ་འབད་པར་བྱ་ 5-1-363a དགོས་ཏེ། དེ་དང་ལྡན་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་པའི་ཕྱིར་རོ། ། འདིར་སྨྲས་པ། དོན་མེད་ཡུས་ཀྱིས་མནོངས་བཞིན་ལྡབ་ལྡིབ་ཀྱིས། ། གསུང་རབ་ དགོངས་དོན་སྨྲ་བ་ལྟར་རློམ་པ། དེ་འདྲས་འདི་དོན་མཐོང་ན་དོན་གྱུར་ཀྱང་། ། གཟུར་གནས་བློ་གསལ་རྣམས་ཀྱིས་ཟབ་དོན་འདི། །དཀའ་བ་དུ་མས་བརྣག་པ་ལེགས་བསྒྲུབས་ཏེ། ། རིང་པོར་མི་ཐོགས་ཁོང་དུ་ཆུབ་གྱུར་ནས། ། ཡུམ་དོན་སྨྲ་ལ་འཇིགས་མེད་གདེང་ཐོབ་ པའི། ། མཁས་པའི་མཆོག་གྱུར་ཉིད་དུ་ཅིས་མི་འགྲོ། །ཞེས་སོ། །གསུམ་པ་ནུས་པ་མཚན་ཉིད་ལ་སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་མཚན་མཚོན་སྤྱིའི་རྣམ་པར་གཞག་པ། སྐབས་ཀྱི་དོན་སོ་སོའི་ངོས་འཛིན། དེས་མཚོན་པའི་སྦྱོར་བ་འགོད་ ཚུལ། མཚོན་བྱེད་ལ་སོགས་ཐ་དད་པའི་ཁྱད་པར་གྱི་དབྱེ་བའོ། །དང་པོ་ནི། ཆོས་ཐམས་ཅད་མཚན་མཚོན་གཞི་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པ་ཡིན་ལ། འབེབས་བྱེད་ཀྱི་བློ་དེ་ཡང་རྟོག་པས་བཏགས་པ་ཁོ་ན་ཡིན་ཏེ། མདོ་སྡེ་རྒྱན་ལས། སངས་རྒྱས་ རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་དང་། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་བཤད། །ཅེས་གསུངས་པའི་ཕྱིར་ན། ལུང་དེའི་དོན་ཀྱང་། མཚོན་བྱ་ནི་མཚན་གཞིའི་ནང་དུ་བསྡུས་ལ། མཚོན་པ་ཞེས་པ་ནི་ མཚན་མཚོན་གྱི་འབྲེལ་བ་ཁོང་དུ་ཆུད་པའི་བློ་སྟེ། བློ་དེས་བསྐྱེད་པ་ནི་མཚོན་སྦྱོར་ལ་བལྟོས་པ་ཡིན་ནོ། །མཚན་ཉིད་ལ། དང་པོར་སྐད་དོད་ནི། ལཀྵ་ཎ་ཞེས་པ་མཚོན་པར་བྱ་བས་མཚན་ཉིད་དེ། མེ་ཆུ་དང་ཤེས་བྱ་སོགས་མིང་གི་ཐ་སྙད་རྣམས་མཚོན་པའི་ཕྱིར་མཚན་ཉིད་ 5-1-363b དུ་བཀོད་པའོ། ། འདི་ལ་རང་མཚན་དང་སྤྱི་མཚན་གཉིས་ལས། དང་པོ་ནི། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་རྣམས་ཏེ། རྣམ་ངེས་ལས། དེ་ནི་ཐུན་མོང་མིན་པའི་ངོ་བོ་སྟེ་རང་གི་མཚན་ཉིད་དོ་ཞེས་གསུངས་སོ། ། གཉིས་པ་ནི། ཡུལ་དུས་ ཐུན་མོང་དུ་རྗེས་སུ་འགྲོ་བའི་ཤེས་བྱ་ལྟ་བུ་སྟེ། རྣམ་འགྲེལ་ལས། དོན་གྱི་ངོ་བོ་ཉིད་ཀྱི་སྤྱི། །ཀུན་ལ་ངོ་བོ་མཚུངས་ཕྱིར་དང་། །ཞེས་བཤད་པ་ལྟར་རོ། ། ཡང་ན་ལཀྵ་ཎ་ཞེས་སྦྱར་ན། མཚོན་པར་བྱེད་པས་མཚན་ཉིད་དེ། འདི་ལའང་ཐུན་མོང་མིན་པར་མཚོན་བྱེད་ རང་གི་མཚན་ཉིད་དང་། ཐུན་མོང་དུ་མཚོན་བྱེད་སྤྱིའི་མཚན་ཉིད་གཉིས། དང་པོ་ནི། ཤེར་ཕྱིན་ལས་གཟུགས་རུང་གཟུགས་ཀྱི་མཚན་ཉིད་དུ་གསུངས་པ་ནས། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རྣམ་མཁྱེན་གྱི་མཚན་ཉིད་དུ་གསུངས་པ་དང་། མངོན་པ་ནས་ཚ་ བ་མེའི་མཚན་ཉིད་དུ་གསུངས་པ་ལ་སོགས་པ་ལྟ་བུ་རྣམས་ཏེ། མཚན་ཉིད་འདི་ལ་ནི་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་དགོས་ཏེ། རང་གི་ཐ་སྙད་བྱར་རུང་དེ་ཐུན་མོང་མིན་པ་མཚོན་བྱེད་ཡིན་པའི་ཕྱིར་ཞེས་སྔོན་གྱི་མཁས་པ་དག་གིས་གསུངས་སོ། ། གཉིས་ པ་ནི། བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་དུ་མི་རྟག་སོགས་བཀོད་པ་ལྟ་བུ་རྣམས་སོ། །མདོར་ན་མཚན་ཉིད་དུ་འཇོག་པ་ལ་བྱ་བྱེད་ལས་གསུམ་གྱི་ཆོས་གསུམ་ཚང་དགོས་པ་རིགས་ལམ་ནས་འབྱུང་སྟེ། དེ་ལྟར་གྱི་ཚེ་མཚན་ཉིད་ཀྱི་སྒྲ་ ནི་གང་ལ་མཚོན་པར་བྱ་བ་ལས་བསྒྲུབ་ཀྱི་དབང་དུ་བྱས་པ་དང་། གང་གིས་མཚོན་པར་བྱེད་པ་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའོ། །དེ་ལའང་དང་པོའི་དབང་དུ་བྱས་ན་ལས་ལའང་གཉིས་ཏེ། གང་ལ་མཚོན་པར་བྱ་བའི་གཞི་དང་། གང་མཚོན་པའི་མིང་གཉིས་ཏེ། དེ་ལྟར་ 5-1-364a གྱི་ཚེ་ན་མཚན་ཉིད་ཀྱི་སྒྲ་ཡངས་པས་མཚན་མཚོན་གཞི་གསུམ་མཚོན་པ་དང་བཞི་ཀ་ལ་འཇུག་ཀྱང་། གཉིས་པའི་དབང་དུ་བྱས་ན་སྒྲ་དོག་པས་བྱེད་པ་ཁོ་ན་ལ་འཇུག་སྟེ། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་ཞེས་གསུངས་པའི་ཕྱིར་རོ། ། གང་མཚོན་པར་བྱ་བ་ནི་མཚོན་བྱ་སྟེ། འདི་ལ་རིགས་པའི་གཞུང་ལས་ནི་མཚན་ཉིད་ཀྱི་སྒྲ་སྦྱར་བ་མེད་དོ། །དེས་ན་མཚན་མཚོན་གཞི་གསུམ་གྱི་རྣམ་པ་གསལ་བའི་དཔེ་བརྗོད་པ་ནི། གང་ཚ་ཞིང་བསྲེགས་པ་ལྟ་བུ་མཚན་ཉིད། དེ་ཡུལ་ཅན་དུ་བྱེད་པའི་ཤེས་བརྗོད་ མཚོན་བྱ། དེ་ཙནྡན་གྱི་མེ་ལྟ་བུའི་སྟེང་དུ་མཚོན་པ་མཚན་གཞིའོ། །དེ་ལའང་མཚན་གཞི་དང་དེའི་ཁྱད་ཆོས་གཉིས་དོན་གྱི་སྟེང་དུ་གནས་པ་དེ་ཉིད་ལ་བྱའི། མཚོན་བྱེད་ཡུལ་ཅན་དུ་བྱེད་པའི་ཐ་སྙད་ལ་བྱའོ། །དེའང་མཚན་ཉིད་ཀྱི་སྐྱོན་ཡོན་བརྩི་བ་ནི་སྦྱོར་བ་བཀོད་ ནས་བརྩི་བ་ཡིན་ལ། དེའང་རང་མཚན་གྱི་དབང་དུ་བྱས་པ་ལ་ཡིན་གྱི། སྤྱི་མཚན་ལ་ནི་དེ་ལྟར་བརྩི་མི་ནུས་སོ། །ཁྱབ་པ་སྒོ་བཞི་འཇོག་པ་དེའི་ཚེའང་སྦྱོར་བ་བཀོད་ནས་ཁས་ལེན་དགོས་པ་ཡིན་ནོ། །གཉིས་པ་སྐབས་དོན་སོ་སོའི་ངོས་འཛིན་ལ། འདིར་བསྟན་ མཚན་ཉིད་ཀྱི་མཚན་ཉིད། དེའི་དབྱེ་བ། སོ་སོའི་དོན་ནོ། །དང་པོ་ནི། ཐེག་ཆེན་སྦྱོར་བ་ཉི་ཤུ་པོ་རང་གི་མཚན་གཞིའི་སྟེང་དུ་ཐེག་ཆེན་སྦྱོར་བའི་ཐ་སྙད་ཐུན་མོང་མིན་པ། མཚོན་བྱེད་དེ་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད་དོ། ། ཡང་འདིར་བསྟན་གྱི་མཚན་ཉིད་སྦྱོར་བའི་མཚན་ཉིད་དུ་བཤད་པ་ལ། དོལ་ཕུ་བ་ཤེས་རབ་རྒྱལ་མཚན་གྱིས། མཚན་ཉིད་འདི་དག་སྦྱོར་བའི་མཚན་ཉིད་དུ་འཆད་པ་ནི་བྱམས་མགོན་དང་དངོས་སུ་འགལ་ཞིང་མདོ་དང་མི་མཐུན་ལ། རྟོག་དཔྱོད་མི་ལྡན་པ་རྣམས་རྨོངས་པར་ 5-1-364b བྱེད་པའི་ཆོ་ག་ར་བས་སོ་ཞེས་བྲིས་ནས། རང་གི་བཞེད་པར་འདིར་བསྟན་གྱི་མཚན་ཉིད་གསུམ་པོས་གློ་བུར་དྲི་བྲལ་གྱི་ཆོས་དབྱིངས་ཡེ་ཤེས་ཁོ་ན་མཚོན་བྱེད་ཡིན། ཅེས་གསུངས་སོ། །གཉིས་པ་མཚན་ཉིད་དེ་ལ་དབྱེ་ན། ཤེས། ཁྱད། བྱེད་གསུམ་མོ། །དེ་ལའང་ཤེས་མཚན་ གྱི་མཚན་ཉིད་ནི། ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་གྱུར་པ་གང་ཞིག །མ་འོངས་པ་ན་གཙོ་བོར་རྟོགས་པ་ཕུན་ཚོགས་སྒྲུབ་བྱེད་དེ། ཤེས་མཚན་གྱི་མཚན་ཉིད་དོ། །དེ་ལ་དབྱེ་ན། ཐེག་ཆེན་གཞི་ཤེས་སྦྱོར་བའི་དང་། ལམ་ཤེས་སྦྱོར་བའི་དང་། རྣམ་མཁྱེན་སྦྱོར་བའི་ ཤེས་མཚན་ནོ། །གསུམ་པ་དེ་དག་སོ་སོའི་མཚན་ཉིད་དམ་དོན་ནི། ཐེག་ཆེན་གྱི་གཞི་ལམ་རྣམ་པ་གསུམ་གྱི་སྦྱོར་བའི་ཐ་སྙད་རང་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མིན་པར་མཚོན་བྱེད་གང་ཞིག །གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པར་སྒྲུབ་བྱེད་དེ་གཞི་ལམ་རྣམ་ གསུམ་སོ་སོའི་ཤེས་མཚན་གྱི་མཚན་ཉིད་དོ། །དེ་གསུམ་སོ་སོའི་མཚན་གཞི་ནི། ཡུམ་དེ་བཞིན་གཤེགས་པ་སྐྱེད་བྱེད་ཡིན་པ་སོགས་གཞི་སྐྱེ་མེད་དུ་རྟོགས་པ་ནི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་དང་། རྣམ་ཐར་སྒོ་གསུམ་སོགས་ལམ་གྱི་གནས་ལུགས་རྟོགས་པ་ སེམས་དཔའི་རྣལ་འབྱོར་བཅུ་དྲུག་དང་། དེ་བཞིན་གཤེགས་པས་ཡུམ་ལ་རིམ་གྲོར་མཛད་པ་སོགས་རྣམ་པའི་གནས་ལུགས་རྟོགས་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་གོ། ཡང་དེ་གང་ཞིག །ཐེག་ཆེན་གྱི་སྦྱོར་བ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་ པར་བྱེད་པའི་བྱེད་ཆོས་དེ་ཐེག་ཆེན་སྦྱོར་བའི་ཁྱད་མཚན་གྱི་མཚན་ཉིད་དོ། །ཡང་དེའི་མཚན་གཞི་ནི། བསམ་གྱིས་མི་ཁྱབ་པ་སོགས་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིས་སུ་གྱུར་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་གོ། འདིའི་མཚན་གཞི་ལ་ལམ་ཤེས་ཀྱི་ 5-1-365a སྦྱོར་བ་དང་། རྣམ་མཁྱེན་གྱི་སྦྱོར་བ་གཉིས་སུ་འབེབ་ཀྱང་མཚན་ཉིད་དང་མཚོན་བྱ་ལ་གཉིས་སུ་ཕྱེ་བ་མེད་དོ། །ཡང་དེ་གང་ཞིག །མ་འོངས་པ་ན་གཞན་དོན་ཕྲིན་ལས་ཕུན་ཚོགས་སྒྲུབ་བྱེད་དེ་བྱེད་མཚན་གྱི་མཚན་ཉིད་དོ། །དེ་ལ་དབྱེ་ན། གཞི་ནི་ ལམ་རྣམ་པའི་སྦྱོར་བའི་དབྱེ་བས་བྱེད་མཚན་གསུམ་མོ། །དེ་སོ་སོའི་མཚན་ཉིད་ནི། ཐེག་ཆེན་གཞི་ཤེས་སྦྱོར་བ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མ་ཡིན་པར་མཚོན་བྱེད་གང་ཞིག །སངས་རྒྱས་པ་ན་གདུལ་བྱ་ལ་ཕན་བདེ་སྐྱོབ་པ་གསུམ་གྱི་མཛད་པ་ཉེ་བར་སྒྲུབ་ པའི་རྟོགས་རིས་སུ་གྱུར་པ་དང་། གང་ཞིག་སངས་རྒྱས་པ་ན་སྐྱབས་ལ་སོགས་པའི་མཛད་པ་བདུན་ཉེ་བར་སྒྲུབ་པའི་རྟོགས་རིས་སུ་གྱུར་པ་དང་། གང་ཞིག་སངས་རྒྱས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་རྐྱེན་བྱེད་པའི་རྟོགས་རིས་སུ་གྱུར་པའོ། །མཚན་གཞི་ནི་ གོ་རིམ་བཞིན་དུ་ཕན་བདེ་སྐྱོབ་གསུམ་གྱི་མཛད་པ་ཉེ་བར་སྒྲུབ་པའི་དང་། སྐྱབས་སོགས་བདུན་གྱི་དང་། ཆོས་འཁོར་བསྐོར་བའི་རྟེན་གྱི་མཛད་པ་ཉེ་བར་སྒྲུབ་པའི་སེམས་དཔའི་རྣལ་འབྱོར་རྣམས་སོ། །དེ་ལྟར་བཤད་པའི་མཚན་ཉིད་ཀྱི་འཇོག་ཚུལ་ནི་བྱེད་སྒྲུབ་ཀྱི་དབང་ དུ་བྱས་པ་ཡིན་ལ། ཡང་ན་ལས་སྒྲུབ་ཀྱི་དབང་དུ་བྱས་ན་ཤེས་ཁྱད་བྱེད་གསུམ་གྱི་ཐེག་ཆེན་གྱི་སྦྱོར་བ་གང་ལ་མཚོན་པར་བྱ་བའི་གཞིར་དམིགས་པ་དེ་ཐེག་ཆེན་སྦྱོར་བའི་ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དོ། །དེ་ལ་དབྱེ་ན། མཁྱེན་ གསུམ་གྱི་དབྱེ་བས་མཚན་གཞི་ཡང་གསུམ་དུ་དབྱེའོ། །སོ་སོའི་མཚན་ཉིད་ནི། གཞི་ཤེས་སྦྱོར་བའི་དབང་དུ་བྱས་པའི་ཤེས་བྱེད་གཉིས་ཀྱིས་གཞི་ཤེས་སྦྱོར་བའི་ཐ་སྙད་གང་ལ་མཚོན་པའི་མཚན་གཞིར་དམིགས་པ་དེ་གཞི་ཤེས་སྦྱོར་བའི་མཚན་གཞིའི་མཚན་ཉིད་དང་། 5-1-365b ལམ་ཤེས་སྦྱོར་བའི་ཤེས་ཁྱད་བྱེད་གསུམ་གྱིས་དེ་གང་ལ་མཚོན་པར་བྱ་བའི་མཚན་གཞིར་དམིགས་པ་དང་། རྣམ་མཁྱེན་སྦྱོར་བའི་དེ་གསུམ་གྱིས་དེ་གང་ལ་མཚོན་པར་བྱ་བའི་མཚན་གཞིར་དམིགས་པ་དེ་ཕྱི་མ་གཉིས་ཀྱི་མཚན་ཉིད་དོ། །འདི་གསུམ་གྱི་མཚན་གཞི་ ནི། གོ་རིམ་བཞིན་དུ། ངོ་བོ་ཉིད་གང་མཚོན་བྱ་ཡང་། །ཞེས་པའི་མཚན་གཞིར་མཚོན་དགོས་པས་ཉོན་མོངས་ཀྱིས་དབེན་པའི་ངོ་བོ་བཞི་སོགས་བཞི་དང་པོ་དང་། བྱ་དགའ་བའི་ངོ་བོ་ཉིད་སོགས་ལྔ་བར་པ་དང་། དམིགས་པའི་ངོ་བོ་ཉིད་སོགས་བདུན་པོ་ཐ་མའི་ མཚན་གཞིའོ། །གསུམ་པ་མཚོན་སྦྱོར་ཇི་ལྟར་འགོད་པའི་ཚུལ་ལ། ཐེག་ཆེན་སྦྱོར་བ་ཙམ་གྱི་མཚོན་ཚུལ་བཤད་པ་དང་། དེ་ལས་ནང་ཚན་སོ་སོའི་མཚོན་ཚུལ་བདེ་བླག་ཏུ་རྟོགས་ནུས་པ་དང་། མཚོན་སྦྱོར་བཀོད་པའི་དགོས་པ་བཤད་པའོ། །དང་པོ་ལ། རྩ་ སྦྱོར་དང་། བྱེ་བྲག་གི་སྦྱོར་བ་གཉིས་ལས། དང་པོ་རྩ་སྦྱོར་ནི་འདི་ལྟར་བཀོད་པར་བྱ་སྟེ། ཐེག་ཆེན་གྱི་སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་མཚན་གཞི། ཐེག་ཆེན་སྦྱོར་བའི་ཐ་སྙད་བྱར་རུང་དུ་མཚོན། གཞི་ལམ་རྣམ་གསུམ་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་ པ་ཞེས་དང་། ཕན་བདེ་སྐྱོབ་སོགས་ཀྱི་མཛད་པ་ཉེ་བར་སྒྲུབ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའོ། །གཉིས་པ་བྱེ་བྲག་གི་སྦྱོར་བའི་མཚོན་ཚུལ་ལ། རང་ལྡོག་ཡིན་པའི་མཚོན་ཚུལ་གསུམ་བཤད་པ། དེས་གཞན་ལྡོག་མིན་པའི་མཚོན་ཚུལ་གསུམ་དོན་ གྱི་གོ་བའོ། །དང་པོ་ནི། གོང་དུ་ཤེས་ཁྱད་བྱེད་གསུམ་གྱི་མཚན་གཞིར་བཞག་པའི་རྣལ་འབྱོར་དེ་དང་དེ་མཚན་གཞི། ཐེག་ཆེན་སྦྱོར་བའི་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་ཐ་སྙད་བྱར་རུང་དུ་མཚོན། དེའི་ཐ་སྙད་དེ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མིན་ 5-1-366a པའི་མཚོན་བྱེད་ཡིན་པས་སོ། །ཐེག་ཆེན་སྦྱོར་བའི་ཐ་སྙད་མཚན་གཞི། ཐེག་ཆེན་སྦྱོར་བའི་ཤེས་ཁྱད་བྱེད་གསུམ་གྱི་མཚོན་བྱའི་ཐ་སྙད་བྱར་རུང་ཡིན་པར་མཚོན། མཚན་ཉིད་དེ་གསུམ་གྱི་མཚན་གཞི་ངོ་བོ་ཉིད་བཅུ་དྲུག་གི་སྟེང་དུ་གང་མཚོན་ པར་བྱ་བའི་དངོས་པོ་ཡིན་པས་སོ། །ངོ་བོ་ཉིད་བཅུ་དྲུག་པོ་དེ་མཚན་གཞི། ཐེག་ཆེན་སྦྱོར་བའི་ཐ་སྙད་ཀྱི་མཚན་གཞི་ཡིན་པར་མཚོན། དེ་གསུམ་གྱིས་དེར་མཚོན་པའི་གཞིར་དམིགས་པའོ། །གཉིས་པ་ནི། སྐབས་དེའི་གཞི་མཚོན་གཉིས། གཞི་མཚན་གཉིས། མཚན་མཚོན་གཉིས་ཏེ་རིམ་བཞིན་མཚན་གཞིར་བཟུང་ནས་སྐབས་དེའི་མཚན་ཉིད་དང་། མཚོན་བྱ་དང་། མཚན་གཞི་མ་ཡིན་པར་མཚོན་ནོ། །གཉིས་པ་དེ་ལས་ནང་ཚན་སོ་སོ་བ་གོ་སླར་འགྱུར་བའི་ཚུལ་ནི། མཚོན་པའི་ཚུལ་བཤད་མ་ཐག་པ་འདི་ལ་བརྟེན་ནས་ མཁྱེན་པ་གསུམ་གྱི་སྦྱོར་བ་སོ་སོར་མཚོན་པ་དང་། མཚན་ཉིད་སོ་སོའི་མཚོན་བྱར་མཚོན་པ་དང་། སོ་སོའི་མཚན་གཞིར་མཚོན་པ་ལ་རང་རང་སོ་སོའི་མཚན་ཉིད་དུ་བཀོད་པ་དང་། དེ་ལས་བཟློག་པའི་འགོད་ཚུལ་རྣམས་ཀྱང་གོ་བར་བྱའོ། །གསུམ་པ་མཚོན་སྦྱོར་ བཀོད་པའི་དགོས་པ་ནི། མཚན་མཚོན་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། མིང་ལ་བརྟེན་ནས་དོན་གོ་བ་དང་། དོན་མཐོང་བ་ན་མིང་ལ་དྲན་པ་སྐྱེ་བ་ཡིན་ལ། དེའི་དགོས་པ་ཡང་བླང་དོར་ལ་འཇུག་ལྡོག་བྱེད་སླ་བའི་ཆེད་ཡིན་ནོ། །བཞི་པ་མཚོན་བྱེད་ལ་ སོགས་ཐ་དད་ཀྱི་དབྱེ་བ་བསྟན་པ་ནི། ཤེས་མཚན་བསྟན་པས་མཚན་ཉིད་དེའི་ནུས་པ་གང་གིས་རང་དོན་ཆོས་སྐུ་སྐྱེད་པར་བྱེད་པ་དང་། བྱེད་མཚན་བསྟན་པའི་ནུས་པ་དེས་ནི་མ་འོངས་པ་ན་གཞན་དོན་ཕྲིན་ལས་ཀྱི་སྐུ་སྐྱེད་པར་བྱེད་པ་དང་། ཁྱད་མཚན་གྱིས་ནི་སྐབས་ 5-1-366b འདིར་བསྟན་གྱི་མཚན་ཉིད་རྣམས་ཐེག་དམན་གྱི་གཉེར་བྱ་གཉེར་བྱེད་ལས་ཁྱད་འཕགས་སུ་བྱེད་པའི་ཆོས་གང་ཡིན་པ་དེ་དང་དེ་བསྟན་པར་མཛད་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ལ་བཞི། མཚམས་སྦྱོར། མདོར་བསྟན། རྒྱས་བཤད། གྲངས་བསྡུ་བའོ། །དང་པོ་ནི། གོ་རིམ་བཞིན་དུ་ཡོན་ཏན་དང་སྐྱོན་དག་བླང་བ་དང་དོར་བའི་སྒོ་ནས་ཐེག་པ་ཆེན་པོའི་སྦྱོར་བ་རྣམས་བསྒོམ་པར་བྱ་བ་ལ་ནི་སྦྱོར་བ་དེའི་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་དགོས་པ་ཅན་ཡིན་པས་ན། དེའི་ཕྱིར་སྐྱོན་གྱི་འོག་ཏུ་སྦྱོར་བ་དེ་དག་གི་མཚན་ཉིད་འཆད་པར་མཛད་དོ། ། གཉིས་པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། མཚན་ཉིད་གང་གིས་མཚན་གཞིའི་སྟེང་དུ་མཚོན་བྱ་དེ་མཚོན་པའི་ཕྱིར་དུ་བཞག་པའི་མཚན་ཉིད་དེ་ནི་རྣམ་གྲངས་དུར་ཤེས་པར་བྱ་ཞེ་ན། དེས་བསྟན་གྱི་མཚན་ཉིད་དེའང་རྣམ་པ་གསུམ་སྟེ། ཤེས་པའི་མཚན་ཉིད་དང་། བྱེད་ པའི་མཚན་ཉིད་དེ་གསུམ་ཡོད་པའི་ཕྱིར་རོ། །དེས་ན་མཚན་ཉིད་དེ་གསུམ་གྱིས་ངོ་བོ་ཉིད་ཀྱིས་སྦྱོར་བ་གང་ཡིན་པ་དེ་མཚོན་བྱར་བྱེད་པ་ཡིན་པར་ཡང་ངོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གཉིས་པ་ནི། གང་གིས་མཚོན་པར་བྱེད་པ་བྱེད་སྒྲུབ་ཀྱི་དབང་དུ་བྱས་ནས་མཚན་ ཉིད་འགོད་པ་འདིས་ཐེག་ཆེན་སྦྱོར་བ་རྣམས་མཚོན་པར་བྱེད་པ་དེས་ན་ནི་ཤེས་པ་དང་། ཁྱད་པར་དང་། བྱེད་པ་སྟེ་མཚན་ཉིད་གསུམ་དུ་ཤེས་པར་བྱའོ། །གང་ལ་མཚོན་པར་བྱ་བ་ལས་སུ་སྒྲུབ་པའི་དབང་དུ་བྱས་ནས་མཚོན་པར་བྱེད་ན། ཐེག་ཆེན་གྱི་སྦྱོར་བ་དེ་རྣམས་མཚོན་པར་ བྱ་བའི་གཞི་ཡིན་པས་མཚན་གཞིའི་སྟེང་དུ་གནས་པའི་ངོ་བོ་ཉིད་ཀྱི་གནས་པའི་མཚན་ཉིད་དེ་ཡང་རང་ལྡོག་ཤེས་ཁྱད་བྱེད་གསུམ་ལས་མཚན་ཉིད་ཀྱི་ངོ་བོ་གཞན་དུ་མེད་ཀྱང་། མཚན་གཞི་ལ་མཚན་ཉིད་ངེས་པར་ལྡན་པར་གོ་བའི་ཕྱིར། སློབ་དཔོན་གྱིས་མཚན་ཉིད་ནི་རྣམ་ 5-1-367a པ་བཞིར་ཤེས་པར་བྱའོ་ཞེས་བཤད་ལ། དེ་ལྟར་མིན་པར་སྐབས་འདིར་བསྟན་གྱི་མཚན་ཉིད་བཞི་པ་དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་བྱམས་མགོན་ལ་རྒོལ་བར་འགྱུར་ཏེ། དེས་སྐབས་འདིར་མཚན་ཉིད་གསུམ་ལས་ལྷག་པ་མ་བཤད་པའི་ཕྱིར་རོ། ། ཁོ་བོའི་རྣམ་པར་རྟོག་པ་ལ་ནི་ཐེག་ཆེན་སྦྱོར་བའི་མཚོན་བྱ་མཚོན་བྱར་མཚོན་པའི་མཚན་ཉིད་དུ་ཤེས་ཁྱད་བྱེད་གསུམ་བསྟན་ནས་མཚན་གཞི་མཚན་གཞིར་མཚོན་པའི་མཚན་ཉིད་དུ་ངོ་བོ་ཉིད་མཚན་བསྟན་པར་མཛད་ལ། དེའང་མཚན་གཞི་ངོ་བོ་ཉིད་གང་ལ་གོང་དུ་བཤད་ མ་ཐག་པའི་མཚན་ཉིད་ཤེས་ཁྱད་བྱེད་གསུམ་མཚོན་པར་བྱེད་པའི་གཞི་ཡིན་པ་དེའི་ཕྱིར་ཡང་ཞེས་པ་ནས། ཐར་པ་ཆ་མཐུན་གྱི་གཞུང་དང་སྦྲེལ་ན་ལེགས་པ་ཙམ་ཡིན་ཀྱང་བོད་སྔ་མ་ཕལ་ཆེ་བས། ངོ་བོ་ཉིད་གང་མཚོན་བྱ་ཡང་། །ཞེས་པས་མཚན་གཞི་དང་མཚོན་ བྱ་གཉིས་ཀ་སྟོན་པའི་དོན་དུ་འཆད་པའང་མི་རིགས་པ་མེད་དོ། །དེས་ན་ངོ་བོ་ཉིད་མཚན་སྐབས་འདིའི་མཚན་ཉིད་འཆད་པའི་མཚན་ཉིད་དུ་ནི་མི་རུང་བར་འོག་ཏུ་བཤད་དེ། ཇི་སྐད་དུ། མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། །ཅེས་པའི་ དོན་གྱིས་ཀྱང་བསྟན་ཏེ། ངོ་བོ་ཉིད་བཅུ་དྲུག་པོ་སྦྱོར་བའི་མཚན་གཞི་ཡིན་པ་མཚན་གཞིར་མཚོན་པའམ། ཡང་ན་ཐེག་ཆེན་སྦྱོར་བའི་མཚོན་བྱར་མཚོན་པའི་མཚན་ཉིད་དུ་ནི་ངོ་བོ་ཉིད་བཅུ་དྲུག་པོར་བཞག་པར་བཞེད་ཀྱི། ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་ནི་དེར་མ་བཞག་ གོ་ཞེས་པའི་དོན་ཡིན་ནོ། །གསུམ་པ་རྒྱས་བཤད་ལ་དྲུག །ཐམས་ཅད་ཤེས་པའི་མཚན་ཉིད། ལམ་ཤེས་པའི་མཚན་ཉིད། རྣམ་མཁྱེན་གྱི་མཚན་ཉིད། ཁྱད་པར་གྱི་མཚན་ཉིད། བྱེད་པའི་མཚན་ཉིད། མཚོན་བྱ་ངོ་བོ་ཉིད་མཚན་དང་བཅས་པའོ། །དང་པོ་ལ། སྦྱར། 5-1-367b རྩ། འགྲེལ་གསུམ་ལས། དང་པོ་ནི། སྦྱོར་བའི་མཚན་ཉིད་དེ་ལའང་དང་པོར་ཤེས་མཚན་ཉིད་བསྟན་པ་ཡིན་ཏེ། གཞིའི་ཆོས་ཉིད་ལ་དམིགས་པ་མེད་པར་ལམ་བསྒོམ་མི་ནུས་པའི་ཕྱིར་ཞེས་བྱ་བ་ལ་དགོངས་ནས་ཤེས་མཚན་དེ་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་ བས་ཕྱེ་ན་ཐ་དད་པ་གསུམ་ཡོད་པ་ལས། རེ་ཞིག་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་བསྟན་པར་མཛད་དོ། །གཉིས་པ་ནི། མདོར། རབ་འབྱོར་གྱིས་གསོལ་བ། ཡུམ་འདིས་ཇི་ལྟར་ན་རྫོགས་པའི་སངས་རྒྱས་བསྐྱེད་པ་ལགས། འཇིག་རྟེན་གྱི་སྟོན་པ་ལགས། ཞེས་སོགས་ཀྱི་དོན་ཏེ། དེའང་འདིར་དེ་བཞིན་གཤེགས་པས་གཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་བཅུ་དྲུག་གི་མཚན་ཉིད་དུ་གསུངས་ཀྱང་། དོན་གྱིས་ན་གཞིའི་ཆོས་ལ་དམིགས་པའི་བྱང་སེམས་ཀྱི་རྣལ་འབྱོར་བཅུ་དྲུག་གི་མཚན་ཉིད་བསྟན་ པ་ཡིན་ནོ། །དེ་ལ་ཡུམ་འདི་ལ་བརྟེན་ནས་དེ་བཞིན་གཤེགས་པའི་གོ་འཕང་འབྱུང་བར་རྟོགས་པ་དང་། བཏགས་པའི་དངོས་པོ་ཕུང་པོ་ལྔ་སོགས་འཇིག་རྟེན་ཡེ་གདོད་མ་ནས་ཡོད་མ་མྱོང་བ་དེ་དངོས་སྟོབས་ཀྱིས་ཞུགས་པས། ཡོད་མ་མྱོང་བར་བདེན་པའི་བདེན་པ་རྣམ་ ཤེས་ཀྱི་ངོར་མི་འོང་བ་དེ་འཇིག་པ་མེད་པའི་བདག་ཉིད་དུ་རྟོགས་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཡོངས་སུ་མི་ཤེས་པའི་རང་བཞིན་ཅན་དེ་སྤང་བྱར་མཁྱེན་ནས་སྤངས་པ་རབ་ཀྱི་མཐར་ཕྱིན་པས་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་། སེམས་ཅན་གང་དག་གི་ སེམས་དེ་ནང་དུ་བསྡུས་པ་རང་རིག་མངོན་སུམ་དང་། ཕྱིར་བལྟས་པ་དབང་ཡིད་མངོན་སུམ་ཐམས་ཅད་ཀྱང་གནས་སྐབས་ཚད་མར་རློམ་ནའང་ཡང་དག་མིན་རྟོག་གི་རྒྱུ་ལས་བྱུང་བའི་ཕྱིར་ཚད་མིན་དུ་དགོངས་ནས་ཚད་མའི་སྐྱེས་བུ་དང་འགལ་ཟླར་གྲུབ་པར་ཤེས་ 5-1-368a པ་དང་། དེས་ན་སེམས་ཅན་གྱི་ཤེས་པ་ནང་དུ་བསྡུ་བ་དང་ཕྱིར་གཡེང་བ་གང་གིས་ཀྱང་གདོད་མ་ནས་ཞུགས་པའི་ཆོས་ཉིད་ལ་ཕན་གནོད་གང་ཡང་མི་འཚལ་བའི་ཕྱིར་ན་སེམས་ཅན་ཤེས་པར་བཅས་པ་འགགས་ཀྱང་གདོད་མའི་ཆོས་ཉིད་ཟབ་མོ་དེ་ནི་ མི་འགག་པས་མི་ཟད་པའི་རྣམ་པ་དང་། གང་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་འདོད་ཆགས་དང་བཅས་པར་ཤེས་པ་དང་། སོགས་པས་ཉོན་མོངས་པའི་ཀུན་དཀྲིས་གཞན་ཡང་དེའི་རྒྱུད་ལ་ལྡན་པར་བསྟན་པ་དང་། ཆགས་སོགས་ལས་གྲོལ་བའི་ཤེས་པའང་རྣམ་པར་ བསལ་བའི་རྗེས་སུ་ཡང་དག་པར་ཞུགས་པས་དམ་པའི་སེམས་རྒྱ་ཆེན་པོ་དང་། དེ་ལྟ་བུའི་སེམས་རྒྱ་ཆེན་པོ་ནི་རྒྱ་ཡོངས་སུ་མ་གཏུགས་པས་ན་སེམས་ཆེན་པོར་གྱུར་པ་དང་། དེ་ལྟ་བུའི་སེམས་རྒྱ་ཆེན་པོར་གྱུར་པ་དེའི་ཆེན་པོར་གྱུར་པའང་གཞལ་བའི་ཚད་འདི་ཙམ་ མོ་ཞེས་གཟུང་དུ་མེད་པ་དང་། སེམས་ཅན་གྱི་རྣམ་པར་ཤེས་པ་རང་གི་ངོ་བོ་ཉིད་ཀྱིས་མི་དམིགས་པའི་ཕྱིར་ན་བསྟན་དུ་མེད་པ་དང་། སེམས་ཅན་གྱི་སེམས་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར་ན་སངས་རྒྱས་ཀྱི་སྤྱན་ལྔའི་ཡུལ་དུའང་སེམས་ཅན་སེམས་དང་བཅས་པ་མི་ སྣང་བ་དང་། མི་གཟིགས་པས་སེམས་བལྟར་མེད་པ་དང་། སེམས་ཅན་གྱི་ཤེས་པ་དེ་གཡོ་བ་དང་། ལ་སོགས་པས་འདུ་བ་དང་། བཀྲམ་པ་དང་བཅུམ་པ་ཞེས་བྱ་བ་དེ་རྟོགས་པ་ཡིན་ཏེ། དེའང་གཡོ་འདུ་བཀྲམ་བཅུམ་བཞི་པོ་དེ་ལ་དབྱེ་ན། ལུང་དུ་མ་བསྟན་པའི་ལྟ་བ་ བཅུ་བཞིར་ཡོད་དེ། བཅུ་བཞི་པོ་དེ་ཡང་སྡེ་ཚན་བཞིར་ངེས་པ་ལ། དང་པོ་མྱ་ངན་ལས་འདས་པའི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ནི། མདོ་ལས། དེ་བཞིན་གཤེགས་པ་གྲོངས་ནས་འབྱུང་ཞེས་བྱ་བ་འདི་ནི་གཟུགས་ལ་བརྟེན་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ 5-1-368b མི་འབྱུང་ཞེས་བྱ་བ་དང་། འབྱུང་བ་ཡང་ཡིན་མི་འབྱུང་བ་ཡང་ཡིན་ཅེས་བྱ་བ་དང་། འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་ཅེས་བྱ་བ་འདི་ནི་གཟུགས་ལ་བརྟེན་པའོ། །ཞེས་སོ། །གཉིས་པ་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ནི། བདག་དང་འཇིག་ རྟེན་རྟག་གོ་ཞེས་བྱ་བ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་བརྟེན་པའོ། །བདག་དང་འཇིག་རྟེན་མི་རྟག་ཅེས་བྱ་བ་དང་། རྟག་པ་ཡང་ཡིན་མི་རྟག་པ་ཡང་ཡིན་ཅེས་བྱ་བ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཅེས་ བྱ་བ་རང་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ནི་གཟུགས་ལ་བརྟེན་པའོ། །ཞེས་སོ། །གསུམ་པ་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཞི་ནི། བདག་དང་འཇིག་རྟེན་མཐའ་དང་ལྡན་ཅེས་བྱ་བ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་ བ་བཞི་ནི་གཟུགས་ལ་བརྟེན་པའོ། །བདག་དང་འཇིག་རྟེན་མཐའ་མེད་ཅེས་བྱ་བ་དང་། མཐའ་དང་ལྡན་པ་ཡང་ཡིན་མཐའ་མེད་པ་ཡང་ཡིན་ཅེས་བྱ་བ་དང་། མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན། ཅེས་སོ། །བཞི་པ་ལུས་སྲོག་ལ་བརྟེན་པའི་ལྟ་བ་ ནི། སྲོག་གང་ཡིན་པ་དེ་ནི་ལུས་སོ་ཞེས་བྱ་བ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་བྱ་བ་འདི་ཉིད་གཟུགས་ལ་བརྟེན་པའོ། །ཞེས་སོ། ། དེ་ཡང་མྱ་ངན་ལས་འདས་པའི་མཐའ་ལ་བརྟེན་པ་ དང་། སྔོན་གྱི་མཐའ་ལ་བརྟེན་པ་དང་། ཕྱི་མའི་མཐའ་ལ་བརྟེན་པའི་བཞི་ཚན་གསུམ་གྱི་བཞི་ཚན་རེ་རེའི་དང་པོ་དང་ཐ་མ་གཉིས་ཁས་ལེན་པ་ནི་གཡོ་བ་ཞེས་བྱ་ལ། བཞི་ཚན་རེ་རེའི་གཉིས་པ་དང་ཐ་མ་གཉིས་ཁས་ལེན་པ་ནི་འདུ་བ་ཞེས་བྱ། བཞི་ཚན་རེ་རེའི་ 5-1-369a དང་པོ་གསུམ་ཁས་ལེན་པ་ནི་བཀྲམ་པ་ཞེས་བྱ་བ་དང་། བཞི་ཚན་རེ་རེའི་ཐ་མ་ཁས་ལེན་པ་ནི་བཅུམ་པ་ཞེས་བྱའོ། །དེ་ལ་གཡོ་བ་ཁས་ལེན་པ་གྲངས་ཅན་པ་དང་། འདུ་བ་ཁས་ལེན་པ་རྒྱང་འཕེན་པ་དང་། བཀྲམ་པ་ཁས་ལེན་པ་གཅེར་བུ་པ་དང་། བཅུམ་པ་ཁས་ལེན་པ་གནས་མ་བུ་པ་དང་། ལུས་སྲོག་གཅིག་ཏུ་འཛིན་པ་བྱེ་བྲག་པ་དང་། ལུས་སྲོག་ཐ་དད་དུ་འཛིན་པ་གྲངས་ཅན་པའི་ལྟ་བ་ཡིན་ཅེས་བཟང་པོའི་ཞབས་ཀྱིས་འགྲེལ་ཆེན་ལས་བཤད་དོ། ། འདིར་མཁས་པ་དག་གི་གསུང་ལས་གཡོ་བའི་དོན་ནི། བདག་ དང་འཇིག་རྟེན་རྟག་པ་བ་ལ་སོགས་པའི་ཡུལ་སྒྲུབ་པའི་རྣམ་པས་འཇུག་པས་ཡིད་གཡོ་བ་ཞེས་བྱ་བ་དང་། འདུ་བའི་དོན་ནི། བདག་དང་འཇིག་རྟེན་མི་རྟག་པ་ལ་སོགས་པ་ཡུལ་ལ་དགག་པའི་རྣམ་པས་འཇུག་པས་འདུ་བ་ཞེས་པ་དང་། བཀྲམ་པའི་དོན་ནི། ཕྱོགས་གཉིས་ ཀའི་ཡུལ་ལ་དགག་སྒྲུབ་གཉིས་ཀའི་རྣམ་པས་འཇུག་པས་བཀྲམ་པ་ཞེས་དང་། བཅུམ་པའི་དོན་ནི། གཉིས་མིན་དུ་ལྟ་བ་ཡུལ་དགག་པས་འཇུག་པས་བཅུམ་པའོ་ཞེས་གསུངས་མོད་ཀྱང་། བཤད་པ་དེ་དོན་ལ་འབྱོར་མི་འབྱོར་ལེགས་སྦྱར་གྱི་སྐད་དང་བསྟུན་ནས་ཞུས་ཆེན་ བྱའོ། ། འདིར་ལུང་དུ་མ་བསྟན་པའི་ལྟ་བ་ཞེས་པའི་དོན་ཅི་ཞེ་ན། མཛོད་ལས། མགོ་གཅིག་དང་ནི་རྣམ་ཕྱེ་དང་། །དྲི་དང་གཞག་པར་ལུང་སྟོན་པ། །འཆི་དང་སྐྱེ་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །ཅེས་གསུངས་པ་ལས་ཤེས་པར་བྱ་སྟེ། དེ་ཡང་གང་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འཇིག་རྟེན་དང་བདག་འབྱུང་མི་འབྱུང་དྲིས་པ་ན། བཅོམ་ལྡན་འདས་ཀྱིས་གང་དུའང་འགྱུར་བར་ལུང་མ་བསྟན་པས་ན་ལུང་དུ་མ་བསྟན་པའོ། །ལུང་དུ་བསྟན་པ་དེ་ཡང་ཅི་ལྟ་བུ་ཞེ་ན། གོང་དུ་དྲངས་པའི་ལུང་དོན་དེ་ཉིད་ཀྱིས་ 5-1-369b བཤད་པར་བྱ་སྟེ། དམ་བཅའ་འདྲི་བའི་ཚེ་མགོ་གཅིག་ཏུ་ལུང་སྟོན་པ་ནི། སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེས་འདྲི་བའི་ཚེ། འཆི་བར་འགྱུར་ཞེས་དམ་བཅས་པ་ལྟ་བུའོ། །རྣམ་པར་ཕྱེ་སྟེ་དྲིས་པའི་ཚེ་ལུང་སྟོན་པ་ནི། སེམས་ཅན་ཐམས་ཅད་སྐྱེ་བ་ལེན་ནམ་ ཞེས་འདྲི་བའི་ཚེ། ཉོན་མོངས་པ་དང་ལྡན་ན་སྐྱེ་བ་ལེན་ཅིང་ཉོན་མོངས་པ་དང་མི་ལྡན་ན་སྐྱེ་བ་མི་ལེན་ནོ་ཞེས་དམ་བཅས་པ་ལྟ་བུའོ། །དྲིས་ཏེ་ལུང་སྟོན་པ་ནི། མིའི་འགྲོ་བ་ནི་ཁྱད་པར་དུ་འཕགས་པ་ཡིན་ནམ། དམན་པ་ཡིན་ཅེས་འདྲི་བའི་ཚེ། གང་ལ་བལྟོས་ཏེ་འདྲི་ཞེས་ དྲིས་ནས་དམ་བཅའ་བ་ལྟ་བུའོ། །བཞག་པར་ལུང་སྟོན་པ་ནི། གང་ཟག་གི་བདག་དེ་ཕུང་པོ་དང་གཅིག་ཡིན་ནམ། ཕུང་པོ་ལས་གཞན་ཡིན་ཅེས་འདྲི་བའི་ཚེ་ཅི་ཡང་མི་སྨྲ་བར་འདུག་པ་ལྟ་བུའམ། ཡང་ན་དེའི་ལན་དུ་མོ་གཤམ་གྱི་བུ་འདི་སྔོ་སངས་དང་དཀར་ཤམ་ གང་ཡིན་ཕར་ལ་དྲི་བ་ལྟ་བུ་ནི་ལུང་དུ་སྟོན་པ་ཡིན་ལ། མགོ་གཅིག་དང་རྣམ་པར་ཕྱེ་བ་ལ་སོགས་པར་མ་བྱས་པར་དེ་ལྟར་དྲིས་པ་ན་ནི་གང་དུའང་ལུང་བསྟན་པར་བྱ་བ་མ་ཡིན་ནོ། །མདོར་ན་དྲི་བ་བཅུ་བཞི་པོ་ལ་ལུང་དུ་མ་བསྟན་པའི་རྒྱུ་མཚན་ནི། དྲི་བ་དེ་ཆོས་འཁོར་ དང་པོ་བསྐོར་དུས་ཀྱི་གདུལ་བྱ་འགའ་ཞིག་གིས་དྲིས་པ་ཡིན་ལ། དྲིས་པའི་དོན་དཔྱད་གསུམ་གྱིས་དག་པའི་སྒོ་ནས་ཤིན་ལྐོག་ལུང་སྟོན་དགོས་པ་ལ། སྐབས་དེར་གདུལ་བྱ་དེ་ལ་ཤིན་ལྐོག་གི་ཡུལ་དེ་ལུང་སྟོན་པར་མཛད་ཀྱང་། དཔྱད་གསུམ་གྱིས་ངེས་པ་ སྐྱེས་པའི་ཕྱིར་ལུང་སྟོན་པར་མ་མཛད་དོ། །དེས་ན་ལྟ་བ་བཅུ་བཞི་པོ་དེ་ཡང་ཕུང་པོ་ལྔ་ལ་ཞེན་ཅིང་གནས་པའི་རྒྱུད་ལ་ཡོད་པར་མཁྱེན་པ་ནི་འདི་ཉིད་ཀྱི་སྐབས་དོན་ནོ། །དེ་ལྟར་དམིགས་ཡུལ་བཞི་པོ་དེ་ལས་གཞན་ཡང་སེམས་གཡོ་བ་དང་འཕྲོ་བ་དེ་ 5-1-370a དག་ནི་རྣམ་པར་བསལ་བ་ན། དེ་བཞིན་ཉིད་ཀྱི་ཡེ་ཤེས་མངོན་པར་གྲུབ་པ་གསལ་བ་རྣམ་པར་ཤེས་པ་དང་། མདོར་ན་ཐུབ་པས་བདེན་གཉིས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་སེམས་ཅན་གཞན་ལ་བསྟན་པ་ཞེས་བྱ་བ་དང་བཅས་པའི་བཅུ་ དྲུག་པོ་འདི་ཆོས་ཅན། གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱིས་ཤེས་པའི་མཚན་ཉིད་བསྡུས་པ་ཡིན་ཏེ། གཞི་ཤེས་ཀྱི་ཤེས་པའི་ཐ་སྙད་མཚོན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། འདིའི་སྐབས་ཀྱི་རྩ་བའི་འབྲུ་རང་བློས་དཔྱད་ ནས་སྦྱར་བ་ཡིན་གྱི། བཟང་པོའི་ཞབས་ཀྱི་འགྲེལ་པ་ཉིད་ནི་འདི་ལྟར། གཞི་ཤེས་པ་ལ་སྦྱོང་བའི་བྱེད་པ་པོ་ནི་དེ་བཞིན་གཤེགས་པ་འབྱུང་བ་དང་། རྟོགས་པར་བྱ་བའི་ཆོས་ཅན་གཞིའི་དབང་དུ་བྱས་པའི་སྤྱི་འཇིག་རྟེན་གདོད་མ་ནས་མ་གྲུབ་པའི་ཕྱིར་འཇིག་པ་མེད་པ་དང་། རྟོགས་པར་བྱ་བའི་ཆོས་ཅན་གྱི་བྱེ་བྲག་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་། སེམས་བསྡུས་པ་དང་། སེམས་རྣམ་པར་གཡེངས་པ་དང་། སེམས་མི་ཟད་པའི་རྣམ་པ་དང་། སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་དང་། སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་ སེམས་འདོད་ཆགས་དང་བྲལ་བ་དང་། སེམས་རྒྱ་ཆེན་པོ་དང་། སེམས་ཆེན་པོར་གྱུར་པ་དང་། སེམས་ཚད་མེད་པ་དང་། སེམས་བསྟན་དུ་མེད་པ་དང་། སེམས་བལྟར་མེད་པ་དང་བཅས་པ་སྟེ་བཅུ་གཅིག་པོ་འདི་སེམས་ཅན་སྤྱི་ཙམ་གྱི་དབང་དུ་བྱས་ལ། སེམས་གཡོ་བ་ ལ་སོགས་པ་དང་ཞེས་པས་ལོག་པའི་ལྟ་བ་ལུང་དུ་མ་བསྟན་པ་རྣམས་སོ། །རྟོགས་པའི་གཞི་ཆོས་ཉིད་ཀྱི་དབང་དུ་བྱས་པ་ནི་གཡོ་བ་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་པ་ཅན་དང་། འབྲས་བུ་ཡེ་ཤེས་ཀྱི་དབང་དུ་བྱས་ན་དེ་བཞིན་གཤེགས་པས་དེ་བཞིན་ཉིད་རྟོགས་པ་དེ་གཞན་ལ་ 5-1-370b བསྟན་ཅིང་བཏགས་པ་ཞེས་བྱ་བ་འདི་རྣམས་ཀྱི་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ཚུལ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟ་བ་བཞིན་མཚོན་ནས་ཤེས་པའི་མཚན་ཉིད་ཐམས་ཅད་གཞི་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །གཉིས་པ་ལམ་ཤེས་ཀྱི་མཚན་ ཉིད་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། གཞི་ཤེས་ཀྱི་མཚན་ཉིད་བཤད་པ་དེའི་འོག་ཏུ་ལམ་ཤེས་པ་ཉིད་ཀྱི་སྒོ་ནས་ལམ་ཤེས་ཀྱི་མཚན་ཉིད་འཆད་དོ། །གཉིས་པ་ནི། མདོར། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་ཡུམ་གྱི་མཚན་ཉིད་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཡུམ་ཟབ་མོ་འདིའི་མཚན་ཉིད་ནི་སྟོང་པ་ཉིད་དོ། །མཚན་མ་མེད་པའོ། །སྨོན་པ་མེད་པའོ། །ཞེས་སོགས་ཀྱི་མདོ་དོན་ནོ། །འདིར་ལམ་གྱི་གནས་ལུགས་མངོན་པར་རྟོགས་པ་དེ་བཞིན་ གཤེགས་པའི་རྣལ་འབྱོར་བཅུ་དྲུག་གིས་མངོན་དུ་མཚོན་ནས་ལམ་གྱི་ཆོས་ཉིད་ཤེས་པའི་བྱང་སེམས་ཀྱི་རྣལ་འབྱོར་བཅུ་དྲུག་ཤུགས་ཀྱིས་མཚོན་པ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་མཁྱེན་པ་ཡུལ་ཡུལ་ཅན་དང་བཅས་པ་གཉིས་ཀའི་ངོ་བོ་ཡང་སྟོང་པ་ཉིད་དུ་རྟོགས་པ་དང་། མཚན་ མ་མེད་པ་ཉིད་དུ་རྟོགས་པར་བཅས་པ་དང་། སྨོན་པ་རྣམ་པར་སྤངས་པ་ཉིད་ཀྱིས་རབ་ཏུ་ཕྱེ་བར་རྟོགས་པའི་ཡེ་ཤེས་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་སོགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་དངོས་པོ་མེད་པ་དང་དངོས་པོ་མེད་པའི་ངོ་བོ་ཉིད་དང་ བརྟེན་པའམ་གནས་པ་མེད་པ་དང་། ནམ་མཁའ་ལྟ་བུའི་མཚན་ཉིད་དེ་རྗེས་སུ་མ་གྲུབ་པར་རྟོགས་པའི་ཡེ་ཤེས་དང་། ཆོས་ཉིད་ཀྱི་ཡེ་ཤེས་འདི་ལྟ་བུ་ནི་བཤད་མ་ཐག་པའི་རང་བཞིན་ལས་མི་འདའ་བས་ན་རྣམ་པར་གཡོ་བ་དང་། ཕན་ཚུན་དུ་འཆུགས་པ་དང་འཁྲུག་པར་ 5-1-371a བྱར་མེད་པ་སྟེ་མི་གཡོ་བའམ་མི་བསྐྱོད་པའི་ཡེ་ཤེས་དང་། ཡེ་ཤེས་དེ་དུས་གསུམ་གང་དུའང་བྱ་བར་རུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་འདུ་མི་བྱེད་པ་དང་། འདུ་འགོད་དང་བྲལ་བའི་ཡེ་ཤེས་དེས་ཆོས་གང་གིའང་ངོ་བོ་དང་རྣམ་པ་ལ་མི་རྟོག་པའི་ཡེ་ཤེས་དང་། དེ་ལྟར་མི་རྟོག་པའང་རྟོག་བྱའི་ཡུལ་རང་བཞིན་གྱིས་མེད་པ་ལ་མེད་པའི་དོན་གྱིས་མི་རྟོག་པ་ཀུན་རྫོབ་པའི་གནས་ལུགས་དང་། ཡང་ན་རྟོགས་བྱའི་ཡུལ་རང་གི་ངོ་བོས་མི་སྟོང་པས་དོན་དམ་པའི་གནས་ལུགས་རབ་ཏུ་དབྱེ་བར་སྟོན་པའི་མཁྱེན་པ་དང་། དེ་ལྟར་སྟོན་པ་ན་ཚུ་ རོལ་མཐོང་བའི་ངོར་མཚན་ཉིད་དུ་སྣང་བའི་ཆོས་དེ་རང་གི་ངོ་བོ་མེད་པར་རྟོགས་པའི་ཡེ་ཤེས་དང་བཅས་པ་ཉིད་ལ་ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱིས་ནི་ཤེས་པའི་མཚན་ཉིད་ཡིན་པར་བཞེད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ལམ་གྱི་ཆོས་ཉིད་ཀྱི་དབང་དུ་ བྱས་ཏེ་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། སོགས་པ་ཞེས་པའི་སྒྲས་བསྡུས་པ་ནི། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། དངོས་པོ་མེད་པ་དང་། ངོ་བོ་ཉིད་དང་། རྟེན་ མེད་པ་དང་། ནམ་མཁའི་མཚན་ཉིད་དེ་དྲུག་དང་། ཆོས་ཉིད་དེ་བདག་གཉིས་ཀྱིས་སྟོང་པའི་དབང་དུ་བྱས་ནས་ཆོས་ཉིད་རྣམ་པར་འཁྲུག་པ་མེད་པ་དང་། འདུ་མི་བྱེད་པ་དང་། རྣམ་པར་མི་རྟོག་པ་དང་། བདེན་གཉིས་ཀྱིས་རབ་ཏུ་དབྱེ་བའི་དབང་དུ་བྱས་ནས་གནས་སྣང་ སོ་སོར་རབ་ཏུ་དབྱེ་བ་དང་། གནས་སྣང་གང་ལའང་མཚན་ཉིད་འདི་ཞེས་རྫས་སུ་མེད་པ་ཞེས་བྱ་བ་འདི་རྣམས་ཀྱི་ཤེས་པའི་རྣམ་པའི་ཁྱད་པར་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དག་ཏུ་མཚོན་པར་བྱེད་པས་ན། ཤེས་པའི་མཚན་ཉིད་འདི་ནི་ལམ་ཤེས་ 5-1-371b པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །གསུམ་པ་རྣམ་མཁྱེན་གྱི་མཚན་ཉིད་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ལམ་ཤེས་ཀྱི་མཚན་ཉིད་བཤད་པ་དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ནས་ཤེས་པའི་མཚན་ཉིད་འཆད་པར་མཛད་དོ། །གཉིས་པ་ནི། མདོར། རབ་འབྱོར་ལ་བཀའ་སྩལ་པ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཡུམ་གྱི་ཆོས་འདི་ལ་བརྟེན་ཅིང་གནས་སོ། །དེ་བཞིན་གཤེགས་པ་རྣམས་འདི་ལ་རིམ་གྲོར་མཛད་དོ། །བཀུར་སྟིར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ས་ནི་འདི་ལས་འབྱུང་བའི་ཕྱིར་རོ། །ཞེས་ གསུངས་པའི་དོན་ཏེ། འདིར་བསྟན་གྱི་རྣམ་མཁྱེན་སྦྱོར་བའི་མཚན་ཉིད་ནི་གཞི་ལམ་གཉིས་ཀྱི་ཤེས་མཚན་མངོན་པར་གཟིགས་པའི་སངས་རྒྱས་ཀྱི་མཁྱེན་པ་དེས་མཚོན་ནས་དེ་དང་རྗེས་སུ་མཐུན་པར་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་བཅུ་དྲུག་ཀྱང་བསྟན་པ་ཡིན་ནོ། ། དེས་ན་དོན་དམ་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཡེ་ཤེས་དེ་གང་ལ་མངའ་བ་ཉིད་ཀྱི་ཁྱད་པར་གྱི་ཆོས་ཡིན་པས། གང་ལ་མངའ་བ་དེ་བཞིན་གཤེགས་པ་ལ་བརྟེན་ནས་དེ་བཞིན་གཤེགས་པ་ཉིད་ཀྱི་ཐུགས་ལ་གནས་པ་དང་། ཤེར་ཕྱིན་ནམ། ཡུམ་མམ། ཕྱག་རྒྱ་ཆེན་མོ་ལ་གུས་པར་བྱ་བ་རིམ་གྲོ་དང་། དེ་ལ་བླ་མ་ཉིད་དེ་བཀུར་བའི་གནས་སུ་བྱེད་པ་དང་། མཉེས་པའི་ཐབས་སུ་གྱུར་པའི་རོལ་སྟངས་དང་། དེ་ལ་མཆོད་པར་བྱ་བ་དང་། ཆོས་ཐམས་ཅད་རང་ག་བ་ཉིད་ཙམ་ལས་བྱེད་པ་པོ་མེད་པས་བྱེད་པ་དང་། དེས་བྱས་པ་ མེད་པ་དང་། རྣམ་མཁྱེན་དེའི་ཆོས་ཉིད་ཀུན་ཏུ་འཇུག་ཅིང་འཇུག་པ་ན་ཡུལ་དེ་མཁྱེན་པ་གང་ཡིན་པ་དང་། སེམས་ཅན་གྱིས་རྣམ་པ་ཐམས་ཅད་དུ་མ་མཐོང་མི་མཐོང་མཐོང་བར་མི་འགྱུར་བའི་དེ་ཉིད་དྲི་མ་དང་བྲལ་ནས་མངོན་པར་སྟོན་པའམ་གསལ་བའི་ཐབས་སྟོན་པར་མཛད་ 5-1-372a པ་དང་། འཇིག་རྟེན་སྟོང་ཉིད་ཀྱི་རྣམ་པར་རྟོག་པ་དང་། དེའི་ཚུལ་བརྗོད་པར་མཛད་པ་དང་། བརྗོད་པ་དེ་ལ་ངེས་པའི་ཤེས་རབ་བསྐྱེད་པའི་རིགས་པ་སྟོན་པར་མཛད་པ་དང་། རིགས་པ་དེས་དྲངས་པའམ་ཡང་ན་སྟོང་ཉིད་དེ་རིགས་པས་དྲངས་པའི་ ཤེས་རབ་ཀྱིས་མངོན་སུམ་དུ་མཐོང་བ་ལ་སྦྱོར་བར་མཛད་པ་དང་། སྟོང་བཞིན་དུ་སླར་འཇིག་པར་སྣང་བ་འགལ་ཅེས་པ་ལྟ་བུ་ཚུ་རོལ་མཐོང་བས་བསམ་གྱིས་མི་ཁྱབ་པར་སྟོན་པར་མཛད་པ་དང་། དེས་ན་འཇིག་རྟེན་ཉིད་དང་པོ་ནས་ཡོད་མ་མྱོང་བའི་ཕྱིར་ཞི་བ་ཉིད་དུ་སྟོན་པ་ དང་། མདོར་ན་འཇིག་རྟེན་དང་། དེར་འདུ་ཤེས་པ་དང་། བཅས་པ་ཐམས་ཅད་གདོད་མ་ནས་འགོག་ཟིན་པར་གྱུར་པ་ལ། མངོན་པར་རྟོགས་པ་ནི་རྣམ་པ་ཀུན་མཁྱེན་པའི་ཚུལ་འདི་ལ་ནི་ཤེས་པའི་མཚན་ཉིད་དམ་རང་བཞིན་ཞེས་པར་བཤད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་ བཀོད་དོ། །གསུམ་པ་ནི། རང་དོན་དུ་བདེ་བར་གནས་པའི་ཁྱད་པར་དེ་བཞིན་གཤེགས་པ་དེ་ཉིད་ཀྱིས་ཡུལ་ཆོས་ཉིད་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་རྡོ་རྗེ་ལ་མངོན་པར་བརྟེན་ནས་གནས་པ་སྟེ། ངེས་པའི་དོན་རྟེན་ས་དང་རྟེན་ཆོས་ཐ་དད་མེད་པར་བདེ་བ་ཆེན་པོའི་ གནས་ལུགས་དེ་ཉིད་ལས་གཞན་པའི་མཁྱེན་པའང་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་བདེ་ཆེན་ཕྱག་རྒྱ་ཆེན་མོའི་རྒྱལ་བའི་ཡུམ་དེ་ལ་ཀུན་རྫོབ་ཏུ་མཆོད་པ་ནི་གུས་པར་བྱ་བ་དང་། བླ་མར་བྱ་བ་དང་། མཉེས་པར་བྱ་བ་དང་། མཆོད་པར་བྱེད་པ་དང་། ངེས་པའི་དོན་དུ་ན་ཡུམ་ དེ་ཉིད་འདུ་བྱེད་མེད་པ་ཡིན་པའི་ཕྱིར་ན་དེ་ཉིད་ལ་མཆོད་པའང་འདུ་བྱེད་པ་མེད་པ་ཉིད་མཆོད་པར་ཟབ་པ་དང་། དེ་ལྟ་བུའི་ཡུམ་མམ་མཁྱེན་པ་དེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱང་ཡིན་ཏེ། གནས་ལུགས་རྣམ་པ་ཐམས་ཅད་དུ་སྒྲིབ་བྲལ་འགྲོ་བ་ལ་ཆགས་ཐོགས་མེད་པ་ནམ་ 5-1-372b མཁའི་ལྟ་བུ་དང་། དེ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱང་ཡིན་ཏེ། དམ་པ་རྣམས་ཀྱིས་མ་མཐོང་བའི་དོན་དོན་ལྟར་སྣང་བ་དེ་ཉིད་བྱིས་པ་རྣམས་ལ་ཇི་སྙེད་པ་འཁྲུལ་བར་སྟོན་པར་མཛད་པ་དང་། དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་ནུས་པས་འཇིག་རྟེན་སྟོང་ཉིད་ཀྱི་རྣམ་པར་ སྟོན་པ་དང་། དེ་ལྟར་སྟོན་པ་ན་འཁོར་དུ་མ་བསྡུས་པ་རྣམས་བསྡུ་བའི་ཕྱིར་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པར་མཛད་ནས་ཐོས་བསམ་གྱི་ཤེས་རབ་བསྐྱེད་པ་དང་། བསྡུས་པ་སྨིན་པའི་དབང་དུ་བྱས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཉིད་དུ་བྱ་བའི་ཕྱིར་སྟོང་པ་ ཉིད་དུ་ཤེས་པར་མཛད་པ་དང་། སྨིན་པ་གྲོལ་བའི་དབང་དུ་བྱས་ནས་འཇིག་རྟེན་སྟོང་པ་ཉིད་དུ་མཐོང་བར་མཛད་པ་དང་། དེ་ལྟར་མཐོང་བའི་ཐབས་ཀྱང་བདེན་བཞིའི་གནས་ཚུལ་བསམ་གྱིས་མི་ཁྱབ་པར་སྟོན་པ་དང་། འཁོར་བ་ཉིད་གདོད་མ་ནས་ཡོད་མ་མྱོང་བས་ཞི་བ་ ཉིད་དུ་སྟོན་པ་དང་། དེ་ལྟར་སྟོན་པར་མཛད་པ་ཡང་འཇིག་རྟེན་འགོག་པ་ཉིད་དུ་གནས་པ་དང་། འདུ་ཤེས་འགོག་པ་ཉིད་དུ་གནས་པ་ཞེས་བྱ་བ་འདི་རྣམས་ཀྱི་ཤེས་པའི་རྣམ་པ་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་དག་མཚོན་པས་ན་ འདིར་བསྟན་གྱི་ཤེས་པའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །བཞི་པ་ཁྱད་པར་བཅུ་དྲུག་གི་མཚན་ཉིད་ལ་གསུམ། མཚམས་སྦྱར། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་ པ་དགུས་ཐེག་པ་ཆེ་ཆུང་སོ་སོར་མ་ཕྱེ་བའི་མཁྱེན་གསུམ་གྱི་སྦྱོར་བའི་མཚན་ཉིད་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས། དེ་ནི་གོང་དུ་བཤད་མ་ཐག་པའི་ཤེས་པའི་རྣམ་པ་བཅུ་དྲུག་ཕྲག་གསུམ་དུ་ཡོངས་སུ་བཅད་དེ་བསྟན་པ་རྣམས་ཀྱི་དོན་ལས་ཁྱད་པར་དུ་ཕྱེ་ནས་ཤེས་པར་བྱ་བའི་ཆེད་ 5-1-373a ཡིན་པས། ཤེས་པའི་མཚན་ཉིད་ཀྱི་འོག་ཏུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་བཞིས་ཁྱད་པར་གྱི་མཚན་ཉིད་འཆད་དོ། །གཉིས་པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། མདོ་ལས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཡུམ་འདི་ ནི་བྱ་བ་ཆེན་པོས་ཉེ་བར་གནས་སོ། །ཡུམ་འདི་ནི་བསམ་གྱིས་མི་ཁྱབ་པ་ཉིད་དང་། མཉམ་པ་ཉིད་མ་མཆིས་པ་དང་། གཞལ་དུ་མ་མཆིས་པ་སོགས་ཀྱིས་ཉེ་བར་གནས་སོ། །ཞེས་སོགས་ཀྱི་མདོ་ཚན་ལ་རྗེ་བཙུན་གྱིས་བསྟན་བཤད་གཉིས་མཛད་དོ། །དེ་ལ་ཐེག་ཆེན་གྱི་ མཐོང་ལམ་དེ་བསམ་གྱིས་མི་ཁྱབ་པ་དང་། སོགས་པ་མི་མཉམ་པ་སོགས་ཀྱིས་ཁྱད་པར་གྱི་ཆོས་རྣམས་ཀྱིས་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་ཞུགས་པ་ཡིན་ཏེ། ཁྱད་ཇི་ལྟར་ཞུགས་པ་ཡང་བདེན་པ་བཞིའི་ཡུལ་ལ་སྤྱོད་པའི་ཡུལ་ཅན་ཤེས་བཟོད་སྐད་ཅིག་མ་ནི་བཅུ་དྲུག་ གིས་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་མཚན་ཉིད་དུ་བཤད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གཉིས་པ་ནི། བསམ་གྱིས་མི་ཁྱབ་པ་དང་མི་མཉམ་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་སྡུག་བསྔལ་ལ་སོགས་པའི་ བདེན་པ་བཞིའི་ཡུལ་ཅན་ཆོས་བཟོད་བཞི་དང་། རྗེས་སུ་ཤེས་པའི་བཟོད་པ་བཞི་དང་། ཆོས་ཤེས་རྗེས་ཤེས་བཞི་བཞིའི་མཚན་ཉིད་ཅན་ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་གིས་ལམ་ཤེས་པ་ཉིད་དང་། སོགས་པས་རྣམ་མཁྱེན་གྱི་སྦྱོར་བ་དག་མཚོན་པས་ན་འདི་ནི་ཁྱད་ པར་གྱི་མཚན་ཉིད་ཡིན་ནོ། །གསུམ་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། མདོར་བསྟན་པའི་ཡང་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གང་ཡིན་ཅེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུམ་པོ་འདིས་བསྟན་ཏོ། །གཉིས་པ་ནི། ཐེག་ཆེན་ 5-1-373b འཕགས་པའི་བདག་མེད་གཉིས་རྟོགས་པའི་མཐོང་ལམ་གྱི་མཁྱེན་པ་འདི་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལ་བསམ་པ་ནི་ཁྱབ་བྱེད་འཇུག་མི་རུང་བ་དང་། མི་མཉམ་པ་སྟེ། མཁྱེན་པ་དེ་ལ་འཇིག་རྟེན་གྱི་ཤེས་པས་མཉམ་པའམ་འགྲུན་པར་མ་མཆིས་པ་དང་། མཁྱེན་པ་དེས་ཡུལ་གཞལ་བར་བྱེད་མི་བྱེད་སོགས་ལས་འདས་པ་དེ་དང་། དེ་ལྟ་བུ་མཁྱེན་པ་དེའི་ངོ་བོ་སྐྱེ་འགག་ཏུ་མ་གྱུར་པས་བགྲང་བར་བྱ་བ་ཡིན་མིན་ལས་ཡང་དག་པར་འདས་པའི་ཡུལ་ཅན་གྱི་མཁྱེན་པ་ཁྱད་པར་བ་ནི་སྡུག་བདེན་གྱི་དེ་ཁོ་ན་ཉིད་ཤེས་པར་བྱེད་དོ། ། དེ་ལྟ་བུའི་མཁྱེན་པ་དེས་འཕགས་ཆེན་མངོན་པར་སྒྲུབ་པ་ལ་རྒྱུ་རྐྱེན་བར་ཆོད་པ་མེད་པ་ཀུན་སྡུད་པར་བྱེད་པ་དང་། དེ་ལྟའི་དོན་ལ་མཁས་ཤིང་བཟོ་བས་གནད་མཐའ་དག་ལེགས་པར་ཐུགས་སུ་བྱང་བས་ཇི་ལྟ་བ་དེ་ལྟར་རིག་པར་བྱ་བ་དང་། སྐལ་བ་ཐུན་མོང་བར་ གྱུར་པ་མ་ཡིན་པར་ལྷག་པའི་གོ་འཕང་མཆོག་ཤེས་པ་ཉིད་དང་། མཁྱེན་པའི་ཤེས་པ་དེ་དགོས་པའི་དོན་སྒྲུབ་པ་ལ་མྱུར་བའི་མཁྱེན་པ་ཁྱད་པར་བས་ནི་ཀུན་བདེན་གྱི་དེ་ཁོ་ན་ཉིད་ཤེས་པར་བྱེད་དོ། །དེ་ལྟ་བུའི་མཁྱེན་པས་དོན་མྱུར་དུ་སྒྲུབ་པ་ལ་རེས་ནུས་ པ་བུལ་དུ་བྲི་བ་མེད་པ་དང་། རེས་རྣོ་བ་སྟེ་གང་པའི་རེས་འཇོག་གི་སྐབས་མི་སྲིད་པ་དང་། དེ་ལྟ་བུའི་མཁྱེན་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པ་དང་། སྒྲུབ་པ་ན་ཡང་དག་པར་འགྲུབ་པ་དང་། འགྲུབ་པར་འགྱུར་བ་དེ་རྣམ་པ་ཐམས་ཅད་དུ་དམིགས་ པར་དབང་ཐོབ་པའི་མཁྱེན་པ་ཁྱད་པར་བས་ལམ་བདེན་གྱི་དེ་བཞིན་ཉིད་ལ་དམིགས་པར་བྱེད་དོ། །མཁྱེན་པ་དེ་རང་གི་ངོ་བོ་ཤེར་ཕྱིན་ཡིན་པ་ལ་མཁས་པའི་ཁྱད་པར་ལས་སུ་བྱ་བ་གང་ལ་གྲུབ་འབྲས་སྒྲུབ་པའི་ཐབས་རྨོངས་པ་མེད་པ་ལ་རྟེན་པ་དང་བཅས་ 5-1-374a པ་དང་། ཐབས་ཤེས་ཀྱི་སྦྱོར་བ་དེས་མཐའ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་དག་པར་བྱེད་པ་དང་། དེ་དག་བྱེད་ལ་མཁས་པའི་ཡོངས་འཛིན་བསྟེན་པ་དང་། གང་ལ་ཆགས་ཐོགས་མེད་པའི་ཕྱིར་ཆོས་གང་གིའང་ངོ་བོ་དང་རྣམ་པ་རོ་མྱང་བ་ མེད་པའི་མཁྱེན་པ་ཁྱད་ཅན་གྱིས་འགོག་བདེན་གྱི་དེ་ཉིད་དམིགས་པར་བྱེད་དོ། །མདོར་ན་ཐེག་ཆེན་ལས་ཁྱད་པར་ནི་བཅུ་དྲུག་གི་བདག་ཉིད་ཀྱི་སྒོ་ནས་ཤེས་པར་བྱ་སྟེ། ཁྱད་ཆོས་གང་གིས་བྱང་སེམས་ལམ་ནི་གཞན་ཉན་རང་དག་གི་ལམ་ལས་ཆོས་བཅུ་དྲུག་གིས་ ཁྱད་པར་དུ་འཕགས་པས་ཁྱད་པར་གྱི་ལམ་གྱི་མཚན་ཉིད་དུ་བཞག་གོ་ཞེས་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། རྩ་བའི་ཚིག་དོན་དང་། དམན་ལམ་ལ་ཁྱད་མཚན་མི་འཆད་པའི་རྒྱུ་མཚན་དང་གཉིས་ལས། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་ རྒྱས་དང་། ལ་སོགས་པས་བྱང་ཆུབ་སེམས་དཔའ་དང་། ཆོས་ཀྱི་དབྱིངས་རྒྱུ་མཐུན་པས་ལེགས་པར་ཡོངས་སུ་བཟུང་བའི་སྟོབས་ཀྱིས་ཤེས་རབ་བསམ་གྱིས་མི་ཁྱབ་པ་ཉིད་དང་། སྤོབས་པ་དང་། ཤེས་རབ་གཞན་དང་མི་མཉམ་པ་ཉིད་དང་། དཔག་པར་བྱ་བའམ་ གཞལ་བ་ལས་ཡང་དག་པར་འདས་པ་དང་། བགྲང་བ་ལས་ཡང་དག་པར་འདས་པ་དང་བཅས་པ་ནི་སྡུག་བསྔལ་བདེན་པའི་ཡུལ་ཅན་དང་། འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་རིགས་སྡུད་པ་དང་། སྐྱེས་བུ་མཁས་པས་རིག་པར་བྱ་བའི་གནས་ཉིད་ཡིན་ གྱི། གཞན་གྱིས་མ་ཡིན་པ་ཉིད་དང་། ཉན་ཐོས་ལ་སོགས་པས་རང་རྒྱལ་གྱི་སྤྱོད་ཡུལ་མ་ཡིན་པའི་དངོས་པོར་གྱུར་པའི་དོན་དམ་བདེན་པ་ཡོངས་སུ་ཤེས་པ་སྟེ། འདིར་སློབ་དཔོན་བཟང་པོའི་ཞབས་ཀྱིས། ཆོས་ཉིད་དང་དོན་དམ་བདེན་པ་དངོས་པོར་གསུངས་ཀྱི། 5-1-374b ཆོས་ཉིད་དོན་དམ་བདེན་པ་དངོས་མེད་དུ་གསུངས་པ་ནི་རྣམ་པ་ཐམས་ཅད་དུ་མེད་དོ། ། གཞན་ཡང་ཐེག་ཆེན་རང་ལུགས་ལ་བལྟོས་པའི་མངོན་པར་ཤེས་པ་ཤིན་ཏུ་མྱུར་བའི་ཤེས་པ་དང་བཅས་པ་བཞི་ནི་ཀུན་འབྱུང་བདེན་པའི་ཡུལ་ཅན་དང་། ཀུན་རྫོབ་དང་དོན་དམ་བདེན་ པའི་བདེན་པ་ལ་བརྟེན་པའི་མངོན་པར་རྟོགས་པའི་ཆོས་ཐམས་ཅད་བྲི་བ་མེད་པ་དང་། ཉེས་པའི་ཚོགས་ཟབ་པ་ལས་གཞན་པའི་གང་བ་གཏན་མེད་པའི་ངོ་བོ་ཉིད་དང་། འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་སྒྲུབ་པ་དང་། བསྒྲུབ་པ་ན་གུས་རྟག་གཉིས་ཀྱི་སྒོ་ནས་ཡང་དག་པར་སྦྱོར་བས་བསྐལ་པ་དུ་མར་བསྒྲུབས་པའི་བསོད་ནམས་དང་། ཡེ་ཤེས་ཡང་དག་པ་སྐད་ཅིག་མར་འགྲུབ་པ་དང་། རྣམ་པར་མི་རྟོག་པར་ཆོས་ཐམས་ཅད་ལ་དམིགས་པ་སྟེ་རྣམ་པ་དང་ངོ་བོ་བྲལ་བར་ཉམས་སུ་མྱོང་ བ་དང་བཅས་པ་བཞི་ནི་ལམ་བདེན་ལ་དམིགས་པའི་ཡུལ་ཅན་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབྲས་བུ་གཉེར་བྱའི་རྟེན་དང་། འབྲས་བུ་དེ་ཉིད་སྒྲུབ་པའི་རྒྱུ་རྐྱེན་ཉེར་ལེན་དང་ལྷན་ཅིག་བྱེད་པའི་རྟེན་དང་སྨོན་ལམ་ལ་སོགས་པའི་ སྒོ་ནས་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ས་སྟེ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུའི་ཚོགས་མཐའ་དག་པར་ལྡན་པ་དང་། དགེ་བའི་བཤེས་གཉེན་གྱིས་འབྲལ་བ་མེད་པར་ཐབས་ཀྱིས་ཡོངས་སུ་བཟུང་བའམ་སྐྱོབ་པ་དང་། མངོན་པར་ཞེན་པ་མེད་ པའི་ཕྱིར། དེས་རང་གི་ངོ་བོ་རོ་མྱོང་བའམ་རིག་པ་མེད་པ་དང་བཅས་པ་བཞི་ནི་འགོག་བདེན་གྱི་ཡུལ་ཅན་ནོ། །མདོར་ན་ཁྱད་པར་བཅུ་དྲུག་གི་བདག་ཉིད་ཅེས་བྱ་བས་ནི་གོ་རིམ་བཞིན་དུ་སྡུག་བསྔལ་བདེན་པ་དང་། ལ་སོགས་པས་བདེན་པ་ལྷག་མ་རྣམས་ཡུལ་དུ་བྱེད་ 5-1-375a པ་ཅན་གྱིས་སྐད་ཅིག་མ་རྣམས་ཀྱིས་ཁྱད་པར་གྱི་མཚན་ཉིད་ཡིན་ཏེ། ཁྱད་ཆོས་གང་གིས་ཉན་ཐོས་དང་ལ་སོགས་པས་རང་རྒྱལ་བའི་ལམ་རྣམས་ལས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལམ་ཤེས་པ་ཉིད་ཀྱིས་ཤེས་མཚན་དང་། ལ་སོགས་པས་རྣམ་ མཁྱེན་དང་བཅས་པའི་ཤེས་མཚན་གཉིས་ནི་གཞན་ལས་ཁྱད་པར་གྱི་ལམ་ཡིན་པས་ཁྱད་ཞུགས་སོ། །གཉིས་པ་ལ་འབྲུ་གཉེར་བ་དང་། དོགས་པ་གཅོད་པའོ། །དང་པོ་ནི། ཁྱད་ཞུགས་པ་དེའི་ཕྱིར། ཉན་རང་དེ་དག་གི་ལམ་ནི་ཇི་སྐད་བཤད་པའི་ཁྱད་མཚན་དང་བྲལ་ བའི་མངོན་པར་ཞེན་པའི་རོ་མྱང་བ་ལ་སོགས་པ་སྐྱེ་བའི་མཚན་ཉིད་ཅན་སྔ་མ་ལས་བཟློག་སྟེ་བཀླགས་པས་གོ་སླ་བ་ཉིད་ཀྱི་ཕྱིར་འདིར་མ་བཤད་དོ། །གཉིས་པ་ནི། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་བྱང་ཆུབ་སེམས་དཔའི་ལམ་ཤེས་ཉིད་ཐེག་དམན་གྱི་གཞི་ལམ་སོགས་ ལས་ཁྱད་པར་དུ་འཕགས་པར་བྱེད་པའི་ཆོས་སུ་བསྟན་ཏོ་ཞེས་གསུངས་ལ། འགའ་ཞིག་གོང་དུ་སྨོས་པའི་མཁྱེན་གསུམ་གྱི་མཚན་ཉིད་གསུངས་པ་ལ་གཞི་ཤེས་སྦྱོར་བ་ཙམ་ལ་སློབ་དཔོན་གྱིས་ཁྱད་མཚན་དུ་མི་བཞེད་པར་བཤད་པ་ཡང་མི་ལེགས་ཏེ། དེ་ལ་དེ་མེད་ན་ཤེས་ མཚན་ཀྱང་མེད་པར་འགྱུར་བའི་ཕྱིར་རོ་ཞེས་ཟེར་བ་ནི་མ་ངེས་པ་ཡིན་ཏེ། གཞི་ཤེས་ཀྱི་སྦྱོར་བ་ནི་དམན་པའི་གཞི་ཤེས་དང་ཐུན་མོང་བ་ཡིན་ལ། དམན་པའི་གཞི་ཤེས་ལ་ནི་ཤེས་མཚན་ཙམ་ཞིག་གསུངས་ཀྱང་། དེ་ལ་དེ་གསུངས་པས་དེ་ལ་ཁྱད་མཚན་ཡོད་པར་མ་གྲུབ་ བོ། །མདོར་ན་བྱང་སེམས་ཀྱི་ལམ་ཤེས་དང་རྣམ་མཁྱེན་གྱི་མཚན་ཉིད་བཤད་མ་ཐག་པ་དེ་ལ་སླར་ཁྱད་མཚན་རྣམ་པར་གཞག་པ་འདི་ནི་ཆོས་ཀྱི་བདག་མེད་རྟོགས་པས་ཁྱད་པར་དུ་བྱེད་པ་ཡིན་ལ། བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་གཞི་ཤེས་དེ་ལ་ཁྱད་མཚན་མི་སྨོས་ 5-1-375b པ་ཅི་ཞེ་ན། དེ་ནི་ལམ་ཤེས་ཀྱི་ཁྱད་མཚན་དེས་དེ་ཡང་རྟོགས་ནུས་པ་ཡིན་ཏེ། ཐུན་མོང་མིན་པའི་གཞི་ཤེས་དེ་མངོན་ཞེན་དང་བྲལ་བ་ལ་སོགས་པ་མཚན་ཉིད་དང་ལྡན་པར་མཚུངས་པའི་ཕྱིར་རོ། །ལྔ་པ་བྱེད་པའི་མཚན་ཉིད་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ ནི། ཁྱད་པར་གྱི་མཚན་ཉིད་ཀྱིས་ལམ་དང་རྣམ་པ་དག་གི་ཤེས་པའི་མཚན་ཉིད་དེ་གཞན་ལས་ཁྱད་པར་དུ་བྱེད་པའི་མཚན་ཉིད་རང་ལ་མི་ལྡན་པ་དང་། གཞན་ལ་ལྡན་པ་རྣམ་པར་བཅད་པ་རྣམས་ཀྱི་བྱེད་པ་གང་ཡིན་ཅེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་ གཉིས་ཀྱིས་བྱེད་པའི་མཚན་ཉིད་བསྟན་ཏོ། །གཉིས་པ་ནི། མདོར། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་གྱི་ཕན་པ་དང་། སྐྱོབ་པ་དང་། སྐྱབས་སུ་འགྱུར་བ་དང་། གནས་དང་། དཔུང་གཉེན་དང་། གླིང་དང་། ཡོངས་ སུ་འདྲེན་པ་དང་། ཐུགས་བརྩེ་བ་དང་། མགོན་དང་། རྟེན་དུ་གྱུར་པར་རིག་པར་བྱའོ། །ཞེས་སོགས་ཀྱི་དོན་ཏེ། དེའང་འཁོར་བ་ལས་སྒྲོལ་བའི་ཕན་པ་དང་། མྱང་འདས་ལ་འགོད་པའི་བདེ་བ་དང་། གང་དག་སེམས་ཅན་ཐམས་ཅད་སྐྱོབ་པ་དང་། སྐྱོབ་པར་ནུས་ པ་ཉིད་ཀྱི་ཕྱིར་མི་རྣམས་ཀྱི་སྐྱབས་དག་ཏུ་གནས་པ་དང་། གོ་འཕང་མཆོག་གི་གནས་ལ་འགོད་པ་ཉིད་དང་། བདུད་དང་ཕྱིར་རྒོལ་བ་བཟློག་པའི་དཔུང་གཉེན་དང་། ཉམ་ང་བ་ངལ་གསོ་བར་བྱེད་པའི་གླིང་དང་ནི་གདུལ་བྱ་དམན་པ་རྣམས་བཟང་པོའམ་མཆོག་གི་ ལམ་དུ་ཡོངས་སུ་འདྲེན་པ་ཞེས་བྱ་བ་དང་། དེ་ལྟ་བུའི་ཕན་བདེ་སྐྱོབ་པའི་བྱེད་པའང་རྩོལ་བ་དང་བཅས་པ་མ་ཡིན་པར་ངང་ངམ་ལྷུན་གྱིས་གྲུབ་པ་དང་། རང་དོན་དུ་ཐེག་གསུམ་གྱི་འབྲས་བུ་ལ་མངོན་སུམ་དུ་མི་བྱེད་པའི་བདག་ཉིད་དང་། བྱེད་པའི་ཐ་མ་རྟེན་གྱི་མཛད་པ་ 5-1-376a སྟེ། བྱེད་པ་པོར་བཤད་པ་འདི་དང་བཅས་པས་ནི་བྱེད་པའི་མཚན་ཉིད་བཤད་པ་ཡིན་ནོ། ། འདིར་བྱེད་པ་བཅུ་གཅིག་ཅེས་གྲགས་པ་ལ། ཡུམ་རྒྱས་བསྡུས་ཀྱི་མདོའི་ལུང་ཐ་དད་པས། ཐམས་ཅད་རྣམ་མཁྱེན་གྱི་བྱེད་པ་དང་། ཐམས་ཅད་བྱང་སེམས་ ཀྱི་བྱེད་པ་དང་། དང་པོ་གཉིས་བྱང་སེམས་དང་། ཐ་མ་དགུ་སངས་རྒྱས་ཀྱི་བྱེད་པ་དང་། དེ་ལས་བཟློག་སྟེ་འདོད་པ་སོགས་ཅི་རིགས་པར་ཡོད་ལ། ལྷག་པར་གངས་ཅན་པའི་ཤེས་རབ་ཅན་ཁ་ཅིག་གིས། སློབ་དཔོན་གྱིས་འདིའི་འགྲེལ་པར། མཚམས་སྦྱར་ དུ་ཁྱད་པར་གྱི་མཚན་ཉིད་ཀྱིས་རྣམ་པར་བཅད་པ་རྣམས་ཀྱི་བྱེད་པ་ཞེས་ལམ་ཤེས་ཁོ་ནའི་བྱེད་པར་གསུངས་ལ། འོག་གི་འགྲེལ་པའི་བསྡུས་དོན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་པས་ན་བྱེད་པའི་མཚན་ཉིད་ཡིན་ནོ་ཞེས་པ་འདི་འགལ་བར་སྨྲས་ ནས། འདི་ནི་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །ཞེས་པའི་སྐབས་ཀྱི་ལམ་ཤེས་ཀྱི་བྱེད་པ་ཉིད་བསྟན་ཅེས་དང་། བྱེད་པའང་དགུར་དབྱེ་བ་ཡིན་ཅིང་། དབྱེ་བ་བཅུ་གཅིག་འབྱུང་བ་ནི་མ་དག་གོ་ཟེར་རོ། །འདི་དག་གི་དབྱེ་བ་ལ་འཁྲུལ་བ་མེད་པས་མདོ་དང་སྦྱར་ ནས་བཤད་ན་གསལ་ཀྱང་ཡི་གེས་འཇིགས་སོ། །ཁོ་བོ་ལྟར་ན་ལམ་ཤེས་ཁོ་ནའི་བྱེད་མཚན་ཡིན་པས། མཁྱེན་གསུམ་གྱི་བྱེད་མཚན་དུ་མི་རུང་ཞེས་པ་འདི་ཡང་མ་ངེས་པར་གོ་སྟེ། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་དེ་ཉིད་ཀྱིས་ཐེག་པ་གསུམ་གའི་རྒྱུ་ལམ་ འབྲས་བུ་དང་བཅས་པ་ཡོངས་སུ་རྫོགས་པར་བྱེད་པར་གསུངས་པ་དང་། ཐུན་མོང་མིན་པའི་ལམ་དང་རྣམ་པའི་མཁྱེན་པ་ཁྱད་པར་ཅན་གྱི་བྱེད་པས་ཐུན་མོང་བ་གཞིའི་བྱེད་པ་ཁྱད་པར་བ་དེ་ཤུགས་ལ་སྒྲུབ་པར་བྱེད་པ་ཉིད་དུ་སེམས་སོ། །གསུམ་པ་ལ་ཚིག་གི་དོན་དང་། ཇི་ 5-1-376b ལྟར་མཚོན་པའོ། །དང་པོ་ནི། མྱང་འདས་ལ་གཞོལ་བ་མ་འོངས་པར་ཕན་པ་དང་། མཐོང་བའི་ཆོས་ཚེ་འདི་ཉིད་ལ་གནོད་པ་མེད་པས་བདེ་བ་དང་། སྡུག་བསྔལ་མེད་པའི་ངོ་བོ་ཉིད་ཀྱིས་ཀུན་འབྱུང་གི་རྣམ་པར་སྨིན་པ་མ་ཡིན་པའི་རྣམ་པར་གྲོལ་བའི་ཆོས་ཉིད་ཉེ་བར་ སྒྲུབ་པའི་དོན་གྱིས་ཐམས་ཅད་ཤེས་པ་ཉིད་ཀྱི་ཕན་པ་ལ་སོགས་པའི་བྱེད་པ་གསུམ་མོ། །གཏན་དུ་ཕན་པའི་སྐྱབས་དང་། སྡུག་བསྔལ་གྱི་རྒྱུ་བདག་འཛིན་བཟློག་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་སྟོང་པར་མཉམ་པ་ཉིད་དུ་རྟོགས་པ་དང་། རང་དང་གཞན་ གྱི་དོན་རྟོགས་ཐོབ་པའི་རྟེན་གྱི་ངོ་བོ་དང་། གཞན་གྱི་དོན་སྒྲུབ་པའི་ངོ་བོར་སྐྱེས་པ་དང་། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་རང་བཞིན་གྱིས་འཇུག་པ་དང་། བསོད་ནམས་ཀྱི་ཚོགས་མ་རྫོགས་པར་ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་འབྲས་བུ་མངོན་སུམ་དུ་མི་ བྱེད་པ་ཞེས་བྱ་བ་འདི་རྣམས་གདུལ་བྱའི་དུས་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཉེ་བར་སྒྲུབ་པའི་དོན་གྱིས་ལམ་ཤེས་པ་ཉིད་ཀྱི་སྐྱབས་ལ་སོགས་པའི་བྱེད་པ་བདུན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཐམས་ཅད་ཉེ་བར་སྟོན་པའི་སྐུ་བསྒྲུབ་པའི་དོན་གྱིས་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་རྟེན་སྐུ་དང་ཡེ་ཤེས་ཀྱི་མཛད་པ་གཅིག་སྟེ་བྱེད་པ་བཅུ་གཅིག་པོ་འདི་ལ་ནི་འགྲེལ་ཚིག་གི་མཐར་རྩ་བའི་བྱེད་པ་འདི་དང་འདི་ཞེས་པ་གསལ་བྱེད་དུ་སྦྱར་བར་བྱའོ། །གཉིས་པ་ནི། བཤད་པ་དེ་ལྟར་ན་བྱེད་པ་རྣམ་པ་བཅུ་གཅིག་ པོ་དག་གི་གོ་རིམ་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་གི་བྱེད་པ་གང་ཡིན་པ་དག་མཚོན་པས་ན་བྱེད་པའི་མཚན་ཉིད་ཡིན་ནོ། །དྲུག་པ་ངོ་བོ་ཉིད་མཚན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བྱེད་པའི་མཚན་ཉིད་ཀྱིས་ཤེས་ 5-1-377a པར་བྱས་པའི་སྦྱོར་བ་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་ཅེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུམ་གྱིས་ངོ་བོ་ཉིད་ཀྱི་མཚན་ཉིད་འཆད་དོ། །གཉིས་པ་ནི། མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འདོད་ཆགས་ དང་། ཞེ་སྡང་དང་། གཏི་མུག་རྣམ་པར་བསལ་བས་རྣམ་པར་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོགས་གསུངས་པའི་དོན་ནི། ཉོན་མོངས་པས་དབེན་པ་དང་། རྟགས་དང་རྟགས་ཅན་སོགས་ཀྱི་ཆོས་ཀྱིས་དབེན་པ་དང་། མཚན་མ་སྟེ་དམིགས་པས་དབེན་པ་ དང་། མི་མཐུན་པའི་ཕྱོགས་དང་། སྤྲོས་པ་དག་གིས་ཉེ་བར་དབེན་པ་དང་། སྤང་བྱས་ཀྱང་དབེན་ན་གཉེན་པོས་དབེན་པ་དག་དང་། སེམས་ཅན་མྱ་ངན་ལས་འདའ་བའམ། འཚང་རྒྱ་བའི་ཐབས་སྟོན་ཀྱང་། སེམས་ཅན་འཚང་རྒྱ་བ་མི་སྲིད་པའི་ཕྱིར། ལམ་སྒྲུབ་པ་ སོགས་དཀའ་བ་ཉིད་ཀྱིས་དབེན་པ་དང་། ཆོས་ཀྱི་དབྱིངས་ཡོངས་གྲུབ་རྫོགས་སངས་རྒྱས་ཁོ་ནར་ངེས་པས་ཐེག་པ་གཞན་གྱི་སྤྲོས་པས་དབེན་པ་དང་། ཡོངས་གྲུབ་ཉིད་ལ་བཟོད་པའི་ཕྱིར་ཆེད་དུ་བྱ་བས་མཚན་ཉིད་གཞན་གྱི་གཡེང་བས་དབེན་པ་དང་། ངོ་བོ་ཉིད་ མི་དམིགས་པས་དམིགས་པས་དབེན་པ་དང་། མངོན་པར་ཞེན་པ་བཀག་པ་སྟེ་རང་བཞིན་གྱིས་དབེན་པ་དང་། དོན་དམ་པའི་དམིགས་པ་ཞེས་བྱ་བ་གང་ཡིན་པ་དེ་ཀུན་རྫོབ་ཀྱི་དམིགས་པས་དབེན་པ་དང་། དེ་ཉིད་ལོག་པའི་འཁྲུལ་པ་ཐམས་ཅད་ཀྱིས་དབེན་པས་མི་མཐུན་ པ་དང་། མི་མཐུན་པ་དེ་རང་གི་ངོ་བོ་རྡོ་རྗེར་གསུངས་པའི་ཕྱིར་ཐོགས་པ་མེད་པ་དང་། དེ་བཞིན་ཉིད་འདི་ལ་འཁོར་བ་དང་འཁྲུལ་པའི་གནས་ཀྱི་གཞི་མེད་པ་དང་། འགྲོ་འོང་གིས་དབེན་པ་དང་། སྐྱེ་བ་སྟེ་གསར་བྱུང་མིན་པ་དང་། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ལས་ 5-1-377b གཞན་དུ་མི་དམིགས་པ་དང་བཅས་པའི་ངོ་བོ་ཉིད་ལྡོག་ཆ་བཅུ་དྲུག་གི་བདག་ཉིད་ཅན་གྱིས་མཚན་གཞི་དེ་ཉིད་མཚོན་པ་སྐབས་སུ་བབ་ནའང་། འདིར་མཚོན་བྱ་མཁྱེན་གསུམ་གྱི་ཤེས་ཁྱད་བྱེད་པ་ལྟ་བུར་མཚོན་པས་ན་མཚོན་པར་བྱེད་པའི་མཚན་ཉིད་འདི་ནི་ བཞི་པར་བཞེད་པ་ཡིན་ནོ། ། བོད་གངས་ཅན་གྱི་མཁས་པ་འགའ་ཞིག་ངོ་བོ་ཉིད་མཚན་ལ་མཁྱེན་གསུམ་སོ་སོའི་ངོ་བོ་ཉིད་མཚན་མི་འདྲ་བའི་མཚན་གཞི་ཐ་དད་པར་གཅོད་པ་ཡུམ་དོན་མིན་ལ། བདེ་བར་གཤེགས་པའི་སྙིང་པོ་ཉིད་སྤྲོས་པས་དབེན་པའི་ཚུལ་མི་འདྲ་བ་བཅུ་དྲུག་ གིས་ངོ་བོ་ཉིད་མཚན་བསྟན་ལ། སྙིང་པོ་ཉིད་ཤེས་ཁྱད་བྱེད་པ་ཐམས་ཅད་ཀྱི་རྟེན་བྱེད་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ལ་རངས་པར་གྱུར་ཏེ། འོན་ཀྱང་བརྟག་པར་བྱ་བ་འགའ་ཞིག་ཡོད་དེ་སྤྲོས་པས་ཆོག་གོ། གསུམ་པ་ལ། དབྱེ་བ་དང་། མཚོན་ ཚུལ་གཉིས་ལས། དང་པོ་ལ་གསུམ། གཞི་ཤེས་སྦྱོར་བའི་དང་། ལམ་ཤེས་སྦྱོར་བའི། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་མཚན་ནོ། །དང་པོ་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་ཀྱིས་དབེན་པ་དང་། ཉོན་མོངས་པ་དེའི་རྟགས་ལུས་ངག་གི་གནས་ ངན་ལེན་གྱི་སྤྱོད་པས་དབེན་པ་དང་། ཉོན་མོངས་དེའི་མཚན་མ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པས་དབེན་པའི་ངོ་བོ་ཉིད་དང་། འདོད་ཆགས་དང་འདོད་ཆགས་མེད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་སྟོང་པ་ཉིད་ཀྱིས་ན་ཐམས་ ཅད་ཤེས་པ་ཉིད་ཀྱི་ངོ་བོས་དབེན་པའི་ངོ་བོ་ཉིད་བཞིའོ། །གཉིས་པ་ནི། དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་འདའ་རྒྱུ་མེད་ཀྱང་། མེད་བཞིན་དུ་བཟླ་བའི་སྤྱོད་པ་བྱ་དཀའ་བ་ལ་བསླབ་པ་དང་། ཐེག་པ་གཞན་དུ་མི་ལྟུང་བའི་མཚན་ཉིད་ཀྱི་ཐེག་པའི་ 5-1-378a མཐའ་གཅིག་ཏུ་ངེས་པ་དང་། ཡུན་རིང་པོ་ནས་བསྒྲུབ་པར་བྱ་བའི་མཆོག་གི་སངས་རྒྱས་ཀྱི་ཆེད་དུ་བྱ་བ་དང་། བསྒོམ་པར་བྱ་བ་དང་། སྒོམ་པ་པོའི་ཆོས་མི་དམིགས་པ་དང་། དངོས་པོར་མངོན་པར་ཞེན་པ་མཐའ་དག་བཀག་པ་ཞེས་པ་བྱ་བ་དེ་ ལྟ་བུ་དག་ནི་ལམ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ལྔའོ། །གསུམ་པ་ནི། ཐམས་ཅད་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་ཀྱིས་བསྡུས་པའི་དངོས་པོའི་ཁྱད་པར་སོ་སོ་ལ་དམིགས་པ་དང་། ཆོས་ཉིད་ནི་འཇིག་རྟེན་གྱི་སྒྲུབ་པའི་གཟུང་བ་དང་འཛིན་པ་ལས་བཟློག་སྟེ་བསྟན་པས་ འཇིག་རྟེན་གྱི་རང་བཞིན་དང་མི་མཐུན་པ་དང་། གཟུགས་ལ་སོགས་པ་ཡོད་མ་མྱོང་བའི་ངོ་བོ་ཉིད་མེད་པའི་ཤེས་པའི་རྟོགས་པ་ཐོགས་པ་མེད་པ་དང་། ཤེས་བྱ་དང་ཤེས་པ་མི་དམིགས་པས་གཞི་མེད་པ་སྟོང་པ་ཉིད་དང་། དེ་བཞིན་ཉིད་ཀྱིས་འགྲོ་བ་མེད་པ་དང་། གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པས་མ་སྐྱེས་པ་དང་། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་གསུམ་གྱི་ངོ་བོ་ཉིད་དེ་བཞིན་ཉིད་མི་དམིགས་པ་ཞེས་བྱ་བ་དེ་ལྟ་བུ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་བདུན་ཡིན་ནོ། །གཉིས་པ་མཚོན་ཚུལ་ནི། དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚན་ཉིད་དང་ལྡན་པ་བཞིན་དུ་འདིར་ཡང་ངོ་བོ་ཉིད་མཚན་གྱིས་མཚོན་པ་དེ་ལྟར་ན་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དོ། །(བཞི་པ་)དོན་བསྡུ་བ་ནི། དེ་ལྟར་ན་ ཤེས་མཚན་ཞེ་བརྒྱད། ཁྱད་མཚན་བཅུ་དྲུག །བྱེད་མཚན་བཅུ་གཅིག །ངོ་བོ་ཉིད་མཚན་བཅུ་དྲུག་སྟེ། མདོར་ན་སྤྱིར་གཅིག་ཏུ་བསྡོམས་ན་ནི་མཚན་ཉིད་དགུ་བཅུ་རྩ་གཅིག་ཏུ་འགྱུར་རོ། ། འདིར་སྨྲས་པ། ཤེས་པའི་མཚན་ཉིད་ལང་ཚོ་དང་བ་ལ། ། ཁྱད་འཕགས་མཚན་ 5-1-378b ཉིད་གྲོགས་ཀྱིས་ལེགས་ཟིན་ཏེ། ། དེ་ཡི་བྱེད་མཚན་དགའ་མགུའི་དཔལ་རོལ་ནས། ། ངོ་བོ་ཉིད་མཚན་བདེ་ཆེན་མྱོང་འགྱུར་རོ། ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་ཐར་པ་ཆ་མཐུན་ལ། སྤྱིའི་དོན་དང་། ཚིག་གི་ དོན་ནོ། །དང་པོ་ནི། མཁྱེན་པ་གསུམ་གྱི་མཚན་ཉིད་ལ་སྒྲོ་འདོགས་གཅོད་པར་བྱེད་པའི་གང་ཟག་དེ་ཐར་པ་ཆ་མཐུན་གྱི་དགེ་རྩ་རྒྱུད་ལ་སྐྱེས་པ་ཞིག་དགོས་ལ། དེའི་དབང་དུ་མཛད་ནས་མཚན་ཉིད་ཀྱི་འོག་ཏུ་ཐར་པ་ཆ་མཐུན་འཆད་དོ། །གཉིས་པ་ལ། ཐར་པ་ཆ་ མཐུན་གྱི་ངོ་བོ། མཚན་ཉིད། དབྱེ་བ། སྒྲ་དོན། ས་མཚམས། རྒྱུའི་ཁྱད་པར་རོ། །དང་པོ་ནི། ཐོས་བསམ་ལས་བྱུང་བའི་ཤེས་རབ་དང་། དེས་ཀུན་ནས་བསླངས་པའི་ལས་དགེ་བ་དེ་དེའི་ངོ་བོ་ཡིན་ཏེ། ཇི་སྐད་དུ། ཐོས་བསམ་ལས་བྱུང་ལས་གསུམ་མོ། །ཞེས་ གསུངས་སོ། །གཉིས་པ་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་སར་གཞོལ་བའི་སྒོ་དབྱེ་བར་གྱུར་པའི་ཤེས་རབ་ཁྱད་པར་ཅན་དབང་པོའི་ངོ་བོ་ཉིད་མ་ཡིན་པའོ། །འདི་དག་ཚོགས་ཀྱི་ལམ་དུ་འཇོག་པ་ནི། བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་དྲོད་ཡན་ཆད་ཀྱི་ ངོ་བོར་མ་གྱུར་པའི་ཤེས་རབ་དེས་ཐར་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སེལ་བའི་ཕྱིར་ཚོགས་བསགས་པ་ནས་ཚོགས་ལམ་གྱི་མཚན་ཉིད་ཀྱང་དེ་ཉིད་ལས་གཞན་མ་ཡིན་ནོ། །གསུམ་པ་ལ་དབྱེ་ན། ཆུང་འབྲིང་ཆེན་པོ་དང་། དེ་དག་གི་སྐབས་སུ་རིམ་བཞིན་དྲན་ཉེ་བཞི་དང་། ཡང་དག་ སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་བཤད་ལ། ཡང་ན་དད་སོགས་ལྔས་ཀྱང་དབྱེ་བར་བྱའོ། །བཞི་པ་ནི། ཐར་པ་སྟེ་ལམ་གྱི་རྟེན་སྒྲུབ་པར་བྱེད་པ་ལ་གནས་སྐབས་སུ་ངན་སོང་གི་རྟེན་ལས་ཐར་པ་དང་། དེ་ལྟར་ཐར་བས་ན་ཐར་པ་དང་། མཐར་ཐུག་ 5-1-379a སྡུག་བསྔལ་ཐམས་ཅད་ལས་ཐར་བས་ན་ཐར་པ་སྟེ། དེའི་ཕྱོགས་གཅིག་ཏུ་གཞོལ་བའི་སྒོ་ནས་ཆའོ། །མཐུན་པ་ནི་ཐར་པ་སྟེ་ཐར་པ་ལས་གཞན་དུ་མི་གཡོ་བའི་དོན་ནོ། །ལྔ་པ་ཆ་མཐུན་གྱི་ས་མཚམས་ལ་བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་ མཐུན་གཉིས་ལས། དང་པོ་ནི། ལམ་དུ་ཞུགས་པ་དང་མ་ཞུགས་པ་གཉིས་ཀ་ལ་ཡོད་དོ། །གཉིས་པ་ནི་ཚོགས་ལམ་ནས་ཡོད་དོ། །དྲུག་པ་རྒྱུའི་ཁྱད་པར་ལ་གསུམ་སྟེ། གང་ཟག་གང་ལ་སྐྱེ་བ་དང་། ས་གང་ལ་བརྟེན་པ་དང་། རྒྱུ་གང་ལས་སྐྱེ་བའོ། །དང་པོ་ནི། གླིང་གསུམ་ གྱི་སྐྱེས་པ་དང་བུད་མེད་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། མཛོད་ལས། མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་སོ། །གཉིས་པ་ནི། བསམ་གཏན་ས་དྲུག །གཟུགས་མེད་ས་བཞི། འདོད་པའི་སེམས་བཅུ་གཅིག་པོ་གང་རུང་ལ་བརྟེན་པ་ཡིན་ཏེ། བྱང་ཆུབ་དང་ནི་ལམ་ ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །ཞེས་སོ། །དེས་ན་དྲན་ཉེ་ནས་སྟོབས་ལྔའི་བར་ཉེར་གཉིས་པོ་དེས་བཅུ་གཅིག་ལ་བརྟེན་པར་བཞེད་དོ། །གསུམ་པ་ནི། ཐར་པ་ཆ་མཐུན་གྱི་ཤེས་རབ་དེ་ཐོས་བསམ་ལས་བྱུང་བ་གཙོ་ཆེ་ལ། སྒོམ་བྱུང་མེད་པའང་ མ་ཡིན་ཏེ། ཀུན་བཏུས་ལས་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱང་སྟེ་ཞེས་པས་སྒོམ་བྱུང་ཡོད་པར་བསྟན་ཏོ། །གསུམ་པ་ཚིག་གི་དོན་ལ་གསུམ། སྦྱར། བསྟན། བཤད་དོ། །དང་པོ་ནི། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ཁོ་ནའི་རྒྱུད་ལ་ཇི་ སྐད་བཤད་པའི་མཚན་ཉིད་ཀྱི་སྦྱོར་བ་ཡོངས་སུ་ཤེས་པ་དེ་འབྱུང་བས་མཚན་ཉིད་ཀྱི་འོག་ཏུ་ཐར་པ་ཆ་མཐུན་འཆད་དོ། ། ཡང་ཐར་པ་ཆ་མཐུན་གྱི་དགེ་རྩ་རྒྱུད་ལ་སྐྱེས་པ་ན་མཁྱེན་གསུམ་གྱི་མཚན་ཉིད་ལ་སྒྲོ་འདོགས་གཅོད་ན། དང་པོར་ཐར་པ་ཆ་མཐུན་གསུང་རིགས་ 5-1-379b སོ་ཞེ་ན། མ་ཡིན་ཏེ། ཁྱད་ཆོས་སྔར་སྨོས་ནས་ཁྱད་གཞི་ཕྱིས་སྨོས་པའི་ཕྱིར་སྐྱོན་མེད་དོ། །གཉིས་པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཐོག་མར་བསྐྱེད་པ་ནས་བཟུང་སྟེ་རྣམ་ པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང་ངོ་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་བསྒོམ་ཞིང་མཚན་མར་མི་བགྱིད་དོ། །ཞེས་སོགས་ཀྱི་དོན་ནི། མཚན་མ་མེད་པར་རྟོགས་ཀྱང་མཚན་བཅས་ཐབས་ཀྱི་ཆ་རབ་ཏུ་སྦྱིན་པ་དང་། ལ་སོགས་ པས་ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ཀྱང་ཡང་དག་པར་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཐབས་ལ་མཁས་པའི་ཚོགས་ལམ་གྱི་ངོ་བོ་ཉིད་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཐམས་ཅད་རིམ་བཞིན་རྟོགས་པའི་སྦྱོར་བ་འདི་ཐར་པའི་ཆ་དང་མཐུན་པར་འདོད་ཅིང་བསྟན་ཏོ། །འདིར་ཐབས་ ལ་མཁས་པའི་དོན་ཀྱང་མཚན་མ་མེད་བཞིན་པ་ལ་མཚན་མའི་འཁྲུལ་བ་བཟློག་ནས་མཚན་མེད་ཀྱི་རང་བཞིན་དུ་གནས་པའི་ཐབས་ལ་མཁས་པ་ཞེས་བྱ་སྟེ། དེའང་མཚན་མར་མེད་བཞིན་དུ་རྒྱུ་མཚན་བཅས་ཀྱི་དགེ་བ་ལ་འབད་པས་དགེ་བའི་འབྲས་བུ། དམ་པའི་དགེ་བའི། འདུས་མ་བྱས་ཀྱི་དགེ་བའི། དམིགས་མེད་ཀྱི་དགེ་བ་མངོན་དུ་བྱེད་པ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། རྒྱུ་དགེ་བར་རིས་མཐུན་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གཉིས་པ་ནི། མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས་སྦྱིན་པ་ལ་སོགས་པའི་ཕ་ རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པ་རྣམས་རང་གི་རྒྱུད་ལ་བསྐྱེད་པའམ་བསྐྲུན་པར་མཁས་པ་ལ་ནི་ཐར་པ་ཆ་མཐུན་ཅེས་བྱ་སྟེ། དེ་ཡང་མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རང་རྒྱུད་ལ་རྟོགས་པར་སྦྱོར་བ་འདི་ནི་ཐར་པའི་ཆ་ 5-1-380a དང་མཐུན་པ་ཡིན་པར་འདོད་དོ། །གསུམ་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཐབས་ལ་མཁས་པ་དེ་གང་ཡིན་ཅེ་ན། དེ་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདི་བསྟན་ཏོ། །གཉིས་པ་ནི། མདོ་ལས། དེ་ཡང་ཡུམ་དང་། ཐབས་ལ་མཁས་པ་དང་མ་བྲལ་བར་དུས་གསུམ་གྱི་སངས་རྒྱས་རྣམས་དང་། དེ་རྣམས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དེ་ཐམས་ཅད་ཡིད་ལ་སེམས་ཀྱང་མཚན་མར་ མི་བྱེད་དོ། །ཞེས་སོགས་ཀྱི་དོན་ཏེ། དེ་ཡང་ཡུལ་གྱི་དབྱེ་བ་དང་། དབང་པོའི་དབྱེ་བ་གཉིས་ལས། དང་པོ་ནི། སངས་རྒྱས་སོགས་དམིགས་དད་པ་དང་། དོན་དམ་པའི་རྒྱུ་མཆོག་དང་འབྲས་མཆོག་ལ་དམིགས་པའི་དད་པ་ཕུན་ཚོགས་དང་། སྦྱིན་པ་ དང་། ལ་སོགས་པས་ཚུལ་ཁྲིམས་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པའི་ཡུལ་ཅན་གྱི་བརྩོན་འགྲུས་ཕུན་ཚོགས་དང་། ཐོས་པའི་དོན་ཇི་ལྟ་བ་བསམ་པའི་ཕུན་ཚོགས་ཀྱི་དྲན་པ་དང་། ཕྱི་རོལ་གྱི་རྣམ་པར་གཡེང་བ་ལ་མི་རྟོག་པའི་ཏིང་ངེ་འཛིན་དང་། ཆོས་རྣམས་ཀྱི་རང་ སྤྱིའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཤེས་པའི་ཤེས་རབ་དང་རྣམ་པ་ལྔའོ། །གཉིས་པ་ནི། རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལའང་དད་སོགས་དེ་དག་སྐྱེ་མེད་དུ་རྟོགས་པའི་དབང་པོ་རྣོན་པོས་ནི་རྟོགས་པར་སླ་ལ། མཚན་འཛིན་དང་བཅས་པའི་དབང་པོ་རྟུལ་པོས་ནི་ རྟོགས་དཀའ་བར་བཞེད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་འགྲེལ་པ་ལའང་རྩ་བ་ལྟར་གཉིས་ལས། དང་པོ་ཡུལ་གྱི་དབྱེ་བ་ནི། མཁས་པར་བྱེད་པའི་བྱེད་པ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཁྱད་པར་དབང་པོའི་ངོ་བོ་ཉིད་མ་ 5-1-380b ཡིན་པས་མཁས་པར་བྱ་བའི་ཡུལ་གྲངས་བཞིན་དུ་སངས་རྒྱས་དང་། སྦྱིན་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། རྣམ་པར་མི་རྟོག་པ་དང་། ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ལ་སོགས་པའི་ཡུལ་རྣམ་པ་ལྔ་ལ་མཁས་པ་ཡིན་ནོ། ། གཉིས་པ་ལ། དངོས་བསྟན་དང་། ཤུགས་བསྟན་གཉིས་ལས། དང་པོ་ནི། མཁས་པར་བྱེད་པ་ལྔས་མཁས་པར་བྱ་བའི་ཡུལ་ལ་མཁས་པར་བྱེད་པ་དེ་ལྟ་མོད་ཀྱིས་ཀྱང་། མཁས་པ་དེ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པ་མ་ཡིན་ཏེ། འོ་ན་རྫོགས་བྱང་གང་གིས་ ཐོབ་ཅེ་ན། འདི་ལྟར་དད་པ་ལ་སོགས་པ་མཁས་པ་ཆེན་པོར་གྱུར་པ་གོང་ན་མེད་པ་རྣོན་པོས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་ལ། མཁས་པ་དེ་དག་ཉིད་ཤིན་ཏུ་མཁས་པ་མིན་པ་བློ་རྟུལ་པོས་ནི་རྫོགས་བྱང་རྟོགས་པར་དཀའོ་ཞེས་བྱ་བ་འདི་ནི་དངོས་ པོ་སྟོབས་ཞུགས་ཀྱི་ཆོས་ཉིད་ཡིན་པས་སོ། །གཉིས་པ་ནི། དེ་ལྟར་བསྟན་པའི་ཤུགས་ཀྱིས་དད་སོགས་ཀྱི་བྱ་བ་ནི་མཁས་པ་འབྲིང་དུ་གྱུར་པ་རྣམས་ཀྱིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་ལ། དད་སོགས་བྱ་བ་མཁས་པ་ཆུང་ངུའམ་མཁས་པ་དམན་པ་རྣམས་ཀྱིས་ནི་ ཉན་ཐོས་ཀྱི་བྱང་ཆུབ་འདི་རྟོགས་སོ་ཞེས་བྱ་བ་འདི་འཕངས་པ་ཡིན་ནོ། །གཉིས་པ་སྦྱོར་བ་ཁྱད་པར་ཅན་ལ་གསུམ། དྲོད་རྩེ་བཟོད་མཆོག་སྒོམ་པའི་གནས་སྐབས། གང་ཟག །སྒོམ་རིམ་ཁྱད་པར་ཅན་ནོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། རྒྱུད་ལ་ ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བརྒྱུད་ལ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་འདི་འཆད་དོ། །གཉིས་པ་ནི། མདོར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ 5-1-381a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བ་ཇི་ལྟར་འཚལ་བར་བགྱི། བཀའ་སྩལ་པ། སེམས་ཅན་རྣམས་ཀྱི་དྲུང་དུ་སེམས་མཉམ་པ་ཉིད་དུ་གནས་པར་བྱ། ཞེས་སོགས་ཀྱི་དོན་ཏེ། དེ་ཡང་། དྲོ་བ་རྣམས་ ཀྱི་དམིགས་པ་འདིར། །ཞེས་པས། འདིར་གྱི་དོན་སྐབས་དང་པོ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་བསྟན་པ་ལས། སྦྱོར་བ་དང་པོ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་སྟོན་པའི་སྐབས་འདིར་ཞེས་པ་ཡིན་ཅེས་ཁ་ཅིག་ཟེར་རོ། །དེས་ན་སེམས་ཅན་ཐམས་ཅད་སྐབས་འདིའི་ དམིགས་ཡུལ་ཡིན་པར་དམིགས་པར་བསྔགས་ཏེ་དེ་ལ་དམིགས་ནས་རྫོགས་བྱང་བསྒྲུབ་པའི་ཕྱིར་རོ། ། དེས་ན་དྲོད་སོགས་རེ་རེ་ལའང་ཆུང་འབྲིང་ཆེན་པོའི་སྒོ་ནས་རྣམ་པ་རྣམས་བཤད་པར་བྱ་སྟེ། དེའང་དྲོད་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་རྣམ་པ་ནི་སེམས་ཅན་དེ་དག་ལ་ དམིགས་ནས་སེམས་མཉམ་ཉིད་དུ་བསྒོམ་པ་སོགས་ཀྱིས་རྣམ་པ་དག་གཞི་བཅུར་བཤད་དོ། ། རྩེ་མོའི་དམིགས་པ་ནི་སྔར་བཞིན་ལས། རྩེ་མོ་ཆུང་ངུའི་རྣམ་པ་ནི། བདག་ཉིད་སྡིག་པ་ལས་ལྡོག་ཅིང་། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་ པའོ། །རྩེ་མོ་འབྲིང་གི་རྣམ་པ་ནི། སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་པའོ་སོགས་པས། རྩེ་མོ་ཆེན་པོའི་རྣམ་པ་ནི། ནང་སྟོང་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང་། ། བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་པས། རྩེ་མོ་ཆུང་འབྲིང་ཆེན་པོ་གསུམ་གྱི་རྣམ་པ་བསྟན་ལ། བཟོད་པའི་དམིགས་པ་ནི་སྔ་མ་བཞིན་ལས། བཟོད་པ་ཆུང་ངུའི་རྣམ་པ་ནི། རང་ཉིད་བདེན་གྱིས་ལ་གནས་གཞན། །དེ་དག་ལ་ནི་འགོད་པ་དང་། །བསྔགས་ 5-1-381b པ་བརྗོད་དང་མཐུན་པ་ཉིད། །ཅེས་སོ། །བཟོད་པ་འབྲིང་གི་རྣམ་པ་ནི། ཞུགས་སོགས་ཆེད་དུ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་པའོ། །བཟོད་པ་ཆེན་པོའི་རྣམ་པ་ནི། བྱང་སེམས་སྐྱོན་མེད་ལ་གནས་གཞན། ། དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་སོ། ། ཆོས་མཆོག་གི་དམིགས་པ་ནི་སྔ་མ་དེ་བཞིན་ལས། ཆོས་མཆོག་ཆུང་ངུའི་རྣམ་པ་ནི། སེམས་ཅན་སྨིན་སོགས་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་ པ་ཉིད། །ཅེས་སོ། །ཆོས་མཆོག་འབྲིང་གི་རྣམ་པ་ནི། བདག་ཉིད་མངོན་ཤེས་བསྐྱེད་ལ་གནས། །དེ་དག་ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་སོ། །ཆོས་མཆོག་ཆེན་པོའི་རྣམ་པ་ནི། བདག་ཉིད་རྣམ་མཁྱེན་བསྐྱེད་ལ་གནས། །དེ་དག་ ལ་ནི་འགོད་པ་དང་། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་པར་སྦྱར་ཏེ་ཤེས་པར་བྱའོ། །ཞེས་སྦྱོར་ཚུལ་འདི་ལྟ་བུ་འཐད་ཀྱི། བོད་སྔ་ཕྱི་མང་པོས་འདིའི་སོགས་སྒྲ་འཆོལ་བར་བཤད་པས་ནོར་ཞེས་མཁས་པ་ཆེན་པོ་དག་བཞེད་དོ། །འདིར་དྲོད་ཀྱི་རྣམ་པ་བཅུ་ནི་ བསམ་པའི་ཁྱད་པར་ཡིན་ལ། རྩེ་མོ་བཟོད་མཆོག་གི་རྣམ་པ་དགུ་ནི་སྦྱོར་བའི་ཁྱད་པར་ཡིན་ཅེས་ཟེར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། རྩ་བའི་ཚིག་དོན་བཤད་པ་དང་། ཞར་ལས་བྱུང་བའི་དོན་ནོ། །དང་པོ་ལ། བཤད། བསྡུ་གཉིས་ལས། དང་པོ་ལའང་ བཞིའི་དང་པོ་དྲོད་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་འཆད་པའི་སྐབས་འདི་ལ་དྲོད་ཆུང་ངུའི་རྣམ་པ་ནི། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་མཉམ་པ་དང་། ཡིད་དུ་སྡུག་པར་བྱམས་པའོ། །དྲོད་འབྲིང་གི་རྣམ་པ་ནི། བྱམས་བཞིན་དུ་ 5-1-382a ཕན་པའི་སེམས་དང་། ཀུན་ལ་ཁོང་ཁྲོའི་སེམས་མེད་པ་དང་། དེ་མེད་པས་རྣམ་པར་འཚེ་བ་མེད་པའི་སེམས་ཀྱི་རྣམ་པ་ལྔ་དང་ལྡན་པ་ཞེས་སོ། །ཆེན་པོའི་རྣམ་པ་ནི། སེམས་ཅན་རང་ལས་ལང་ཚོ་རྒན་པ་ཐམས་ཅད་ལ་ཕ་དང་མའི་སེམས་དང་། ལང་ཚོ་མཉམ་པ་རྣམས་ལ་སྤུན་དང་སྲིང་མོའི་སེམས་དང་། རང་ལས་ལང་ཚོ་གཞོན་པ་རྣམས་ལ་བུ་དང་བུ་མོའི་སེམས་དང་། མདོར་ན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་བྱེད་ཀྱི་བཤེས་དང་། ཡིད་བརྟན་པའི་གྲོགས་ཀྱི་སེམས་དང་། རུས་གཅིག་པའི་གཉེན་དང་། རུས་མི་གཅིག་པའི་སྣག་གི་གཉེན་མཚམས་ཀྱི་སེམས་ཀྱི་རྣམ་པ་གཞན་ལྔ་དང་ལྡན་པས་ཞེས་པས་སོ། །མདོར་ན་སེམས་ཀྱི་རྣམ་པ་ལྔ་དང་། རྣམ་པ་གཞན་ལྔས་ཞེས་པའི་དོན་ནི་གཙོ་བོར་སེམས་མཉམ་པ་སོགས་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ སྦྱང་བ་ཡིན་ལ། སྦྱང་བའི་ཚུལ་ནི་ཕ་དང་མའི་སེམས་སོགས་ཀྱི་སྒོ་ནས་སྦྱང་བ་ཡིན་ཅིང་། དེ་ཡང་ཕ་དང་མ་ལ་སོགས་ལ་ཆགས་སྡང་སྐྱེ་བའི་ཡུལ་མ་ཡིན་ཅིང་། བྱམས་པ་དང་སྙིང་རྗེ་སྐྱེ་བའི་ཡུལ་ཡིན་པའི་དབང་དུ་བྱས་པའོ། །རྣམ་པ་དེས་སེམས་ཅན་ཐམས་ཅད་ ལ་དམིགས་པ་ནི་དྲོ་བར་གྱུར་པའི་དམིགས་པ་ཡིན་པར་བཞེད་དོ། ། གཉིས་པ་རྩེ་མོའི་རྣམ་པ་མདོར་བསྡུ་ན། རྩེ་མོ་ཆུང་ངུའི་རྣམ་པ་ནི་མི་དགེ་བ་དང་། འབྲིང་པོའི་རྣམ་པ་ནི་དགེ་བ་ལ་གྲངས་བཞིན་དུ་རང་མི་དགེ་བ་སྤོང་བ་དང་། དགེ་བ་ལེན་པའི་སྒོ་ནས་ལྡོག་པ་དང་། ཞུགས་ པའི་བདག་ཉིད་ཅན་དང་། རང་དེ་ལྟར་འཇུག་ལྡོག་བྱེད་པའི་སྒོ་ནས་གཞན་རྣམས་སྡིག་པ་ལས་ལྡོག་པ་དང་། དགེ་བ་ལ་གནས་པ་དག་ལ་སྦྱོར་བའི་རྣམ་པ་གཉིས་དང་། གཞན་དགེ་སྡིག་ལ་བླང་དོར་དུ་བྱེད་པའི་བདག་ཉིད་དེ་བཞིན་ཉིད་དུ་ཞུགས་པ་ལ་བསྔགས་པ་ 5-1-382b བརྗོད་པ་དང་། བརྗོད་པའི་གནས་ལ་མཐུན་པར་བྱེད་པ་རྣམ་པ་གཉིས་དང་། ཆེན་པོའི་རྣམ་པ་ནི་རང་སྟོང་པ་ཉིད་ཀྱི་དོན་ལ་གནས་ནས་གཞན་དེ་དག་ལ་འགོད་པ་དང་། འགོད་པའི་ཕྱིར་བསྔགས་པ་བརྗོད་པ་དང་། མཐུན་པར་བྱེད་པ་རྣམ་པ་གཉིས་པོས་ཆོས་ཀྱི་རབ་ ཏུ་དབྱེ་བའི་སྒོ་ནས་ནི་རྩེ་མོའི་རྣམ་པ་མཐའ་ཡས་པ་ཞེས་བྱ་བ་དེ་རྣམས་ཀྱི་བསྡུས་ལ། གང་ལ་དམིགས་ན་སེམས་ཅན་ལ་དམིགས་པ་ནི་རྩེ་མོར་གྱུར་པ་ཡིན་ནོ། །གསུམ་པ་ནི། བཟོད་པའི་དམིགས་རྣམ་ཡང་རྩེ་མོར་གྱུར་པ་ལ་རང་དང་གཞན་གྱི་རྟེན་གྱི་དབྱེ་བས་ དམིགས་པ་དང་། རྣམ་པ་དག་ཇི་ལྟ་བ་དེ་བཞིན་དུ། བཟོད་ཆུང་གི་རྣམ་པ་ནི་རང་དང་གཞན་གྱི་རྟེན་གྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་དམིགས་ནས་རང་བདེན་པའི་དོན་ལ་གནས་པ་དང་། གཞན་སྦྱོར་བ་དང་། བསྔགས་པ་བརྗོད་པ་དང་མཐུན་པ་ཉིད་ཀྱི་ རྣམ་པ་རྣམས་ཀྱི་དབྱེ་བས་དང་པོའི་རྣམ་པ་བསྟན་ལ། ལ་སོགས་པས་འབྲིང་གི་རྣམ་པ་ནི་བདག་ཉིད་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་ཀྱང་ཐབས་ཀྱི་མཐར་མ་ཕྱིན་གྱི་བར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ལ། གཞན་དག་ཀྱང་དེ་ལ་སྦྱོར་བ་དང་། བསྔགས་པ་ བརྗོད་པ་དང་མཐུན་པ་ཉིད་ཀྱི་རྣམ་པས་སོ། །ཆེན་པོའི་རྣམ་པ་ནི། རང་བྱང་ཆུབ་ཀྱི་སེམས་ཁྱད་པར་བ་ཐོབ་པ་སྐྱོན་མེད་པ་ལ་གནས་ཤིང་གཞན་དག་ཀྱང་དེ་དག་ལ་སྦྱོར་བ་དང་། བསྔགས་པ་བརྗོད་པ་དང་མཐུན་པ་ཉིད་ཀྱི་རྣམ་པས་དམིགས་པ་ནི་བཟོད་པ་ཡིན་ནོ། ། བཟོད་པའི་འགྲེལ་པ་འདི་གཞུང་བཤད་དཀའ་བར་འདུག་པས་གཞུང་དཀྲུགས་ཏེ་བཤད་པ་ཡིན་ནོ། །འདིར་འབྲིང་གི་རྣམ་པ་དང་ཆེན་པོའི་རྣམ་པ་གཉིས་ཀའང་ཐེག་ཆེན་གྱི་ས་དང་པོ་ཉིད་མངོན་དུ་བྱེད་པའི་ཚུལ་འདྲ་ཡང་། ཁྱད་པར་ནི་འབྲིང་གི་རྣམ་པར་བཤད་དེས། ཡང་ 5-1-383a དག་མཐའ་དུས་མིན་དུ་མངོན་པར་མི་བྱེད་པ་ནི་ཁྱད་པར་ཡིན་ནོ། །བཞི་པའི་རྣམ་པ་ནི། ཆོས་མཆོག་གི་དམིགས་རྣམ་ནི་སྔ་མ་བཞིན་དུ། དང་པོ་ཆུང་ངུའི་རྣམ་པ་ནི། རང་གིས་དང་གཞན་གྱིས་བསྡུས་པའི་དགེ་བའི་རྩ་བའི་རྟེན་ཅན་གོ་རིམ་བཞིན་དུ་སྨིན་ པ་དང་གྲོལ་བར་བྱེད་ཅིང་གཞན་དེ་དག་ལ་སྦྱོར་བ་དང་། བསྔགས་པ་བརྗོད་པ་དང་མཐུན་པ་ཉིད་དོ། །ལ་སོགས་པས་འབྲིང་གི་རྣམ་པ་ནི་རང་མངོན་ཤེས་ཁྱད་པར་ཅན་ལ་གནས་ནས་གཞན་དེ་དག་ལ་འགོད་པ་དང་། བསྔགས་པ་བརྗོད་པ་དང་མཐུན་པ་ཉིད་དོ། །ཆེན་ པོའི་རྣམ་པ་ནི་རང་རྣམ་མཁྱེན་གྱི་ཡེ་ཤེས་ལ་གནས་ནས་གཞན་དེ་དག་ལ་འགོད་ཅིང་བསྔགས་པ་དང་མཐུན་པར་སྦྱོར་བའི་རྣམ་པ་དག་གིས་སེམས་ཅན་ལ་དམིགས་པ་ནི་ཆོས་མཆོག་ཡིན་ཏེ་ཞེས་གསུངས་སོ། །གཉིས་པ་བསྡུ་བ་ནི། ཏེ་ཞེས་ལྷག་བཅས་ཀྱི་སྒྲས་དེ་ལྟར་ ན་ཞེས་པ་དྲངས་ཏེ། བཤད་མ་ཐག་པ་དེ་རྣམས་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་ནོ། །གཉིས་པ་ཞར་བྱུང་གི་དོན་ལ། དོགས་པ་གཅོད་པ་དང་། རྩ་བའི་ཚིག་དོན་གཉིས་ལས། དང་པོ་ནི། གཞུང་འདི་རང་གཞུང་དུ་འདོད་པ་དང་། གཞན་གཞུང་དུ་འདོད་ པ་མི་འདྲ་བ་མང་དུ་བྱུང་ཞིང་། ལྷག་པར་བོད་གངས་ཅན་དུ་རྣམ་དཔྱོད་ཕུལ་དུ་ཕྱིན་པར་གྲགས་པ་ཁ་ཅིག །འཕགས་སེང་གིས་སྐབས་དང་པོ་དྲུག་གི་སྦྱོར་མཐོང་སྒོམ་གསུམ་གྱི་ཟློས་སྤང་ཞེས་འཆད་པ་འདི་ནོར་བ་དང་བཅས་པ་སྟེ། གལ་ཏེ་ཟློས་ཀྱིས་དོགས་ན་ཟློས་ སྤང་ཡུམ་དུ་འབྱུང་དགོས་ཀྱང་མི་འབྱུང་བའི་ཕྱིར་དང་། དེ་ལྟར་བརྗོད་ཀྱིས་དོགས་ནས་འགའ་ཞིག་འཕགས་སེང་གིས་ཟློས་པ་སྤངས་པ་འདི་སྐབས་དང་པོ་དྲུག་གིས་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་ཏུ་བསྟན་པ་ལ་ཟློས་པ་སྤངས་པ་མ་ཡིན་གྱི། མདོའི་དངོས་བསྟན་ 5-1-383b གྱི་སྦྱོར་མཐོང་སྒོམ་གསུམ་གོ་རིམ་འཁྲུགས་པར་སྣང་བས་དེའི་དོགས་སྤོང་བྱས་པ་ཡིན་ཟེར་རོ། ། དེ་ལྟར་ཟེར་བ་འཕགས་སེང་གི་ཕྱོགས་བཟུང་བའི་ཀྱོག་བཤད་དུ་མངོན་ཀྱང་། དེས་འཁྱོགས་པོར་བཤད་མི་ཐུབ་སྟེ། འཕགས་སེང་གི་གཞུང་དུ་སྐབས་དྲུག་གིས་ལམ་ གསུམ་ལན་དྲུག་ཏུ་བཟླས་པའི་དོགས་སྤོང་ཞེས་བཀོད་ཀྱི། མདོའི་གོ་རིམ་འཁྲུགས་པའི་ཟློས་སྤོང་ཞེས་མ་བཀོད་པའི་ཕྱིར་དང་། ལྷག་པར་མདོའི་གོ་རིམ་སོགས་ལ་ཟློས་སྐྱོན་ཡོད་ན། རྗེ་བཙུན་གྱིས་རྒྱན་དུ་ཟློས་སྤོང་བཀོད་རིགས་པ་ལས་བཀོད་པར་མ་མཛད་ པ་དང་། དེ་ལས་གཞན་ཡང་རྫོགས་ལྡན་དུས་ཀྱི་སློབ་དཔོན་ཆེན་པོ་དག་གིས་རྒྱན་འགྲེལ་བ་ན་ཟློས་སྤོང་གི་གཞུང་མ་བཀོད་པའི་ཕྱིར་དང་། མཐར་གྱིས་པ་ལྟ་བུ་ལམ་གསུམ་གང་ཡང་མ་བཟླས་ན་སྐབས་དང་པོ་དྲུག་ཏུ་ཟློས་སྤང་བྱ་མི་དགོས་པ་སོགས་ཀྱི་སྐྱོན་གནས་ པ་དང་། དེ་ལས་ཀྱང་ཉེས་པ་འདི་ཆེ་སྟེ། འཕགས་སེང་གིས་ཟློས་སྤོང་བྱས་པའི་ངག་དོན་སྐབས་དང་པོ་གསུམ་གྱི་ལམ་གསུམ་མཚན་ཉིད་པ་དང་། སྦྱོར་བ་དང་པོ་གསུམ་གྱི་ལམ་གསུམ་བཏགས་པའོ་ཞེས་ཟེར་བ་འདི་མི་འཐད་དེ། ལོ་ཙཱ་བ་ཆེན་པོས་ཀྱང་ཉེས་ འདི་གཟིགས་ཏེ། དེའི་རྣམ་བཤད་དུ། སྐབས་འོག་མ་གསུམ་དུ་དག་སའི་ཡེ་ཤེས་ལ་ལམ་གསུམ་གྱིས་བཏགས་པར་འཆད་པ་ནི་འཁྲུལ་ཏེ། རྒྱུ་མཚན་དང་། དགོས་པ་དང་། དངོས་ལ་གནོད་བྱེད་གསུམ་ག་མེད་པའི་ཕྱིར་ཏེ། ལམ་གསུམ་དང་ཡེ་ཤེས་གསུམ་ ལ་འགྲེལ་པ་མེད་པའི་ཕྱིར་དང་། ཆུང་འབྲིང་ཆེན་པོ་གསུམ་དུ་དབྱེ་བས་ཅིག་ཅར་སྐྱེ་བའམ་སྙམ་པའི་དོགས་པ་མི་ཁེགས་ན་ལམ་གསུམ་གྱི་མིང་བཏགས་པས་ཀྱང་མི་ཁེགས་པའི་ཕྱིར་དང་། འདི་དག་ལམ་གསུམ་དངོས་མིན་པ་ལ་གནོད་བྱེད་ཀྱི་ལུང་དང་རིགས་ 5-1-384a པ་གཉིས་ཀ་མེད་པའི་ཕྱིར་རོ། །ཞེས་གསལ་བར་གསུངས་པས་ཀྱང་། འཕགས་སེང་གིས་ཟློས་སྤོང་གི་གཞུང་བཙུགས་པ་འདི་ནོར་ཞེས་གསུངས་ནས། ཁོང་རང་གི་ལུགས་ལ་སྐབས་དང་རྣམས་སུ་ལམ་གསུམ་བསྟན་པ་ཟློས་པའི་སྐྱོན་མེད་དེ། ལམ་གསུམ་གྱི་བྱེད་པ་དང་དམིགས་རྣམ་མཐའ་ཡས་པས་ཁྱད་པར་དུ་མས་ཟློས་པ་མིན་པ་དང་། དོན་མ་ཟློས་ན་ཚིག་ཟློས་པས་ཟློས་གོ་མི་ཆོད་པའི་ཕྱིར། ཟློས་སྤོང་ཡང་བྱེད་མི་རིགས་སོ་ཞེས་གསུངས་ལ། བདག་གིས་ཇི་ལྟར་གོ་ཞེ་ན། རྣམ་ཀུན་ཁྱད་པར་ ཅན་གྱི་སྒོམ་རིམ་མན་ཆད་དུ་བཤད་པའི་ལམ་གསུམ་པོ་སྤྱིར་བཏགས་པ་བ་དང་། ཁྱད་པར་དག་ས་གསུམ་གྱི་ཡེ་ཤེས་ལ་དེའི་མིང་གིས་བཏགས་སོ་ཞེས་སྡུད་འགྲེལ་དང་འགྲེལ་ཆེན་དུ་བཤད་པ་ནི་མངོན་རྟོགས་རྐྱང་པའི་ལམ་རིམ་འཆད་པའི་སློབ་དཔོན་དག་གི་ ལུགས་བཀོད་པ་ཡིན་གྱི། དེ་དག་གི་བཞེད་པ་ལྟར་ན་ས་བདུན་པ་མན་ཆད་དུ་སྐྱེ་མེད་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ནས། དག་པའི་ས་གསུམ་དུ་སྦྱོར་བ་བཞིས་ཉམས་སུ་བླངས་པ་ལས་འབྲས་བུ་ཆོས་སྐུ་འབྱུང་བའི་དབང་དུ་མཛད་ནས། རྣམ་ཀུན་སོགས་ སུ་བསྟན་པའི་ལམ་དག་སར་འཇོག་པའི་དོན་ཏོ་ཞེས་བཀོད་ལ། འགྲེལ་ཆུང་གིས་ཊིཀ་བྱེད་གསུམ་གྱིས་ནི་སྐབས་འདིར་འཕགས་སེང་གི་དགོངས་པ་མ་ལོན་པར་ལམ་ཁུག་པར་བཞེད་པ་ཡིན་པ་ལ། འཕགས་སེང་ལམ་རྐྱང་པར་བཞེད་ཅེས་བཀོད་པ་ནོར་བ་ཡིན་ནོ། ། ལམ་ཁུག་པས་ནི་མཁྱེན་གསུམ་དང་སྦྱོར་བཞི་ཡ་བྲལ་དུ་ཐོས་བསམ་དང་ཉམས་ལེན་བྱེད་པར་མ་གསུངས་ལ། འོན་ཀྱང་སྐབས་དང་པོ་དྲུག་ཏུ་ལམ་གསུམ་ལན་དྲུག་ཏུ་བསྟན་པ་ལ་ཟློས་པ་ཇི་ལྟར་སྤོང་ཞེ་ན། དེ་ལ་ཟློས་སྐྱོན་མེད་དེ། སྐབས་དང་པོ་གསུམ་དུ་ 5-1-384b བསྟན་པ་དང་སྦྱོར་བཞིར་བསྟན་པ་མི་ཟློས་ཏེ། དང་པོ་གསུམ་དུ་ནི་ལྟ་བའི་ལྡོག་པ་ནས་བསྟན་ལ། སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་ནི་ཕར་ཕྱིན་དྲུག་དང་ཟུང་འཇུག་གི་སྒོ་ནས་བསྟན་པའི་ཕྱིར། དེའང་དང་པོ་གསུམ་མ་ཟློས་ཏེ། གཞི་ལམ་རྣམ་པའི་ སྐྱེ་མེད་ཀྱི་ལྡོག་ཆ་སོ་སོ་ནས་བསྟན་པའི་ཕྱིར་རོ། །བར་པ་གསུམ་ཡང་མི་ཟློས་ཏེ། དབང་ཐོབ་ཕྱིར་གྱི་ལམ་གསུམ་དང་། ཐོབ་པའི་ཚུལ་གྱི་ལམ་གསུམ་དང་། བསྟན་པ་ཐོབ་ཕྱིར་གྱི་ལམ་གསུམ་ལྡོག་ཆ་སོ་སོ་ནས་བསྟན་པའི་ཕྱིར་རོ། །གཉིས་པ་ རྩ་བའི་ཚིག་དོན་ལ། སྐབས་དང་པོ་གསུམ་དུ་ལམ་གསུམ་བསྟན་པའི་འདོད་ཚུལ་དང་། སྦྱོར་བ་དང་པོ་གསུམ་དུ་དེ་བསྟན་པའི་འདོད་ཚུལ་ལོ། །དང་པོ་ནི། སྐབས་དང་པོར་རྣམ་པ་དང་། སྐབས་གཉིས་པར་ལམ་དང་། སྐབས་གསུམ་པར་གཞི་ ཐམས་ཅད་སྐྱེ་མེད་དུ་རྣམ་པར་བསྒོམ་པའི་དབྱེ་བས་གོ་རིམ་བཞིན་དུ་སྦྱར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལ་སོགས་པས་མཁྱེན་གསུམ་གྱི་མངོན་པར་རྟོགས་པ་རྣམ་པ་གསུམ་རྒྱུད་ལ་བརྟེན་པའི་ལམ་གསུམ་ནི་འཇིག་རྟེན་པའི་ངེས་པར་འབྱེད་པའི་ ཆ་དང་མཐུན་པའི་རྟོགས་པ་སྔོན་དུ་འགྲོ་བའི་སྒོ་ནས་འཇིག་རྟེན་ལས་འདས་པའི་མཐོང་བ་དང་སྒོམ་པའི་ལམ་རྟོགས་པ་ཡིན་ལ་ཞེས་སོ། །གཉིས་པ་ནི། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་དང་། ལ་སོགས་པས་སྦྱོར་བ་དང་པོ་ གསུམ་གྱི་སྐབས་སུ་ལམ་གསུམ་བསྟན་པ་འདི་ལ་ནི་མཁྱེན་གསུམ་གྱི་སྐབས་སུ་ཐོས་བསམ་བྱས་པ་དེ་སྦྱོར་བའི་སྐབས་སུ་སྒོམ་པ་གོང་ནས་གོང་དུ་མངོན་པར་འཕགས་པའི་གནས་སྐབས་ཀྱི་ཁྱད་པར་གྱིས་རྣམ་པ་ཐམས་ཅད་དུ་མ་དག་ས་ལས་ 5-1-385a ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པའི་ཆུང་ངུ་དང་འབྲིང་དང་ཆེན་པོའི་གོ་རིམ་གྱིས་སྐྱེ་བ་ཡིན་པ་འདིར་བསྟན་ལ། དེ་སྐྱེ་བའི་ཚེ་ཅིག་ཅར་སྐྱེ་བའམ་སྙམ་པ་དགག་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། ལ་སོགས་པས་ མཐོང་སྒོམ་གྱི་ཐ་སྙད་དུ་བཏགས་ནས་སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་གསུངས་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་རྟེན་གྱི་གང་ཟག་ཕྱིར་མི་ལྡོག་པའི་རྟགས་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། མདོར། རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་ མ་དེ་དག་དང་ལྡན་པའི་བྱང་ཆེན་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོགས་ཏེ། དེའང་རྣམ་པ་ཞེས་པས་རང་བཞིན་གྱི་རྟགས་དང་། རྟགས་དང་ཞེས་པས་འབྲས་བུའི་རྟགས་དང་། མཚན་མ་ཞེས་པས་རྒྱུ་ཚོགས་གྲངས་ཚང་གི་རྟགས་རྣམས་ འགོད་དགོས་པར་བསྟན་པ་ཡིན་ནོ། །དེའང་རྩ་བའི་རྟགས་འགོད་པ་དང་། རྟགས་སུ་ཇི་ལྟར་འགྱུར་བའི་ཚུལ་གཉིས་ལས། དང་པོ་ལ་ཆོས་ཅན་གྱི་དོན་ནི། སྤྱི་ལྡོག་ནས་ཐེག་ཆེན་སྦྱོར་ལམ་ནས་ཕྱིར་མི་ལྡོག་པར་ངེས་ཀྱང་། འཕགས་སེང་གི་བཞེད་པ་ལྟར་ན། རྟགས་ཀྱི་ཁྱད་པར་དང་ལྡན་པའི་དབང་རྣོན་སྦྱོར་ལམ་ནས་ཕྱིར་མི་ལྡོག་པ་དང་། རྟགས་ཁྱད་ལྡན་གྱི་དབང་འབྲིང་མཐོང་སྒོམ་ནས་ཕྱིར་མི་ལྡོག་པ་དང་། རྟགས་ཁྱད་ལྡན་གྱི་དབང་རྟུལ་ས་བརྒྱད་པ་ནས་མི་ལྡོག་པར་བཞག་པ་ཡིན་ཅེས་གསུངས་ལ། མཁས་པ་ཆེན་པོ་ ཀ་མ་ལ་ཤཱི་ལས་ནི་ས་ཐོབ་ནས་དབང་རྟུལ་མི་སྲིད་པར་གསུངས་སོ། ། འོ་ན་འདིར་ཆོས་ཅན་དུ་གང་གཟུང་ཞེ་ན། བཤད་མ་ཐག་པའི་ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་ལ་གནས་པ་དེ་ཆོས་ཅན་དུ་འཇོག་པ་མ་ཡིན་ཏེ། དེ་ཡིན་ན་སྐབས་ཀྱི་རྒོལ་བའི་ངོར་ཐེག་ཆེན་ 5-1-385b དུ་རིགས་ངོས་ཟིན་པས་རྟགས་ཀྱིས་སྒྲུབ་མི་དགོས་པའི་ཕྱིར་རོ། །དེས་ན་མ་ངེས་པའི་རིགས་ཅན་གྱི་བྱང་སེམས་རྣམས་ཆོས་ཅན་དུ་འཇོག་པ་ཡིན་གྱི། བྱང་སེམས་དེ་དག་རྟགས་དེ་དག་དང་ལྡན་ན་ཕྱིར་མི་ལྡོག་ལ། མི་ལྡན་ན་ཕྱིར་ལྡོག་པར་བཤད་པ་ཡིན་ནོ། ། འོ་ན་མ་ངེས་པའི་རིགས་ཅན་གྱི་ཐེག་ཆེན་མཐོང་ལམ་པ་དང་སྒོམ་ལམ་པ་ཡང་རྟགས་འདི་ལྟ་བུ་དང་མི་ལྡན་ན་ཕྱིར་ལྡོག་པར་འགྱུར་རོ་ཞེ་ན། ཐེག་ཆེན་གྱི་མཐོང་སྒོམ་གྱི་ལམ་ཐོབ་ན་དེའི་རང་དུས་ཀྱི་རྟགས་འདི་དག་མི་འབྱུང་བ་མི་སྲིད་པའི་ཕྱིར་ཉེས་པ་མེད་དོ། ། འོན་ཀྱང་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་སྦྱོར་ལམ་ནས་ཕྱིར་མི་ལྡོག་པའི་ཡིད་གཉིས་ཟ་བ་མེད་ལ། མ་ངེས་པའི་རིགས་ཅན་གྱི་བྱང་སེམས་ས་བརྒྱད་པ་ཐོབ་པ་ན་ཡང་ཕྱིར་ལྡོག་པའི་ཡིད་གཉིས་ཟ་བ་ཡོད་པར་གསུངས་ཏེ། ཇི་སྐད་དུ། ཇི་སྲིད་ས་བརྒྱད་ མ་ཐོབ་པར། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་གསུངས་པའི་ཕྱིར་རོ། །བསྒྲུབ་བྱ་ལ་ཐ་སྙད་སྒྲུབ་དང་། དོན་སྒྲུབ་གཉིས་ལས། དང་པོ་ནི། སྦྱོར་བ་དང་བསམ་པའི་སྟོབས་ཀྱིས་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པ་ཡིན་ནོ། །གཉིས་ པ་ནི། ཆོས་ཅན་དེ་ལ་མྱང་འདས་གཞན་གྱིས་བར་མ་ཆོད་པ། མྱང་འདས་ཆེན་པོའི་ཡེ་ཤེས་འབྱུང་རུང་དུ་སྒྲུབ་པ་ཡིན་ནོ། །གསུམ་པ་རྟགས་སུ་གཟུང་དོན་ལ་མཉམ་བཞག་དང་། རྗེས་ཐོབ་གཉིས་ལས། དང་པོ་ནི་རང་ངོར་རྟགས་ཡིན་ལ། གཉིས་པ་ནི་ གཞན་ངོར་རྟགས་སུ་འགྱུར་བ་ཡིན་ཏེ། དེ་ཕྱིར་མི་ལྡོག་ཡོན་ཏན་ཅན་ཡིན་པ་ལ་དེའི་ཡོན་ཏན་རྟགས་སུ་བཀོད་པ་ཡིན་ནོ། ། འདིའི་ཡོན་ཏན་རྟགས་སུ་བཀོད་པ་ལ་སྦྱོར་བའི་རྟགས་ཉི་ཤུ་ལྟ་བུ་ཞིག་ངེས་འབྱེད་ཆ་མཐུན་བཞིའི་དབྱེ་བས་རྟགས་སོ་སོར་བཅད་ 5-1-386a པ་འགྲེལ་ཆུང་གི་ལུགས་ཡིན་པ་ལ། ལ་ལས་རྟགས་ཉི་ཤུ་པོ་སོ་སོར་བཅད་པ་མདོ་དང་འགལ་ཟེར་བ་དང་། སྦྱོར་ལམ་པའི་རྟགས་གང་རུང་རེས་ཀྱང་སྦྱོར་ལམ་པ་ཕྱིར་མི་ལྡོག་ཏུ་བསྒྲུབ་ནུས་པ་མདོའི་དགོངས་པར་གནས་ཞེས་ཟེར་མོད། འོན་ ཀྱང་མཁས་པ་དག་གིས་བརྟག་པར་བྱའོ། ། འོ་ན་རྗེས་ཐོབ་ཀྱི་རྟགས་དེ་ཐ་སྙད་སྒྲུབ་ལ་ལུང་ཉིད་རྟགས་སུ་བཀོད་པ་དང་། དོན་སྒྲུབ་ལ་ལུང་གི་དོན་ཉིད་རྟགས་སུ་བཀོད་པ་ལས། དང་པོ་ནི། གཟུགས་སོགས་འདུ་ཤེས་བཟློག་པ་དང་། ཞེས་སོགས་ཀྱི་ སྐབས་ནས་བསྟན་པའི་རྣམ་རྟགས་མཚན་མ་དེ་དང་ལྡན་པའི་མ་ངེས་པའི་རིགས་ཀྱི་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་སྟེ། ཕྱིར་མི་ལྡོག་པར་མདོ་ལས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ཆོས་ཅན། ཐེག་ པ་གཞན་གྱིས་བར་མ་ཆོད་པར་རྫོགས་བྱང་འབྱུང་དུ་རུང་སྟེ། དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་ཞེས་པའོ། ། གཉིས་པ་རྟགས་སུ་ཇི་ལྟར་འགྱུར་བའི་ཚུལ་ལ། གང་ཟག་གང་ལ་རྟགས་སུ་འགྱུར་བའི་ཚུལ་དང་། དེས་ཚུལ་གསུམ་ཇི་ལྟར་དྲན་པ་དང་། རྟགས་ སྦྱོར་ངོས་བཟུང་བའོ། །དང་པོ་ལ་རྒོལ་ཕྱིར་རྒོལ་གཉིས་ཀ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་དང་རྟགས་ཅན་གྱི་འབྲེལ་བ་རང་རྒྱུད་ལ་ཕེབས་ཟིན་པ་ཞིག་དགོས་ཏེ། དེ་ལྟར་མིན་ན། དཔེ་ལ་ཡང་ན་དཔེ་གཞན་ཞིག །བསྒྲུབ་བྱ་ཡིན་ཕྱིར་ཐུག་མེད་འགྱུར། ། ཞེས་པའི་སྐྱོན་གནས་སོ། །ལྷག་པར་སྔར་རྒོལ་རང་ཉིད་རྟགས་ཁྱད་ཅན་རྫོགས་བྱང་ཕྱིར་ལྡོག་མེད་པར་ངེས་པ་ཞིག་དགོས་ཏེ། དེ་ལྟར་མིན་ན། བརྗོད་དང་གཡོ་འགུལ་སོགས་མཐོང་ནས། །གཞན་སེམས་རྗེས་དཔག་མི་འགྱུར་ཏེ། །བདག་ལ་འབྲེལ་བ་ 5-1-386b མཐོང་མེད་ཕྱིར། །ཞེས་པའི་སྐྱོན་དུ་འགྱུར་བས་སོ། །དེས་ན་རང་ངོར་རྟགས་སུ་འགྱུར་བ་ནི་རང་དོན་སྐབས་ཀྱི་གཏན་ཚིགས་ཞེས་བྱ་ལ། འདིར་ནི་རང་གི་རྟོགས་པ་མཉམ་བཞག་གི་རྟགས་ལས་ཕྱིར་མི་ལྡོག་པར་དཔོགས་ལ། གཞན་ངོར་རྟགས་སུ་འགྱུར་བ་ནི་གཞན་ གྱི་བདག་ཉིད་ཀྱི་མཉམ་བཞག་གི་རྟོགས་པ་དེ་དང་རྒྱུ་མཐུན་པའི་རྗེས་ཐོབ་ཀྱི་རྟགས་ལས་ཕྱིར་མི་ལྡོག་ཏུ་དཔོགས་པ་ཡིན་ནོ། ། གཉིས་པ་དེས་ཚུལ་གསུམ་ཇི་ལྟར་དྲན་པ་ནི། ཕྱོགས་ཆོས་ནི་མངོན་སུམ་གྱིས་གྲུབ་ཅིང་། ཁྱབ་པ་ནི་མཐུན་དཔེའི་སྟེང་དུ་ཕྱིར་རྒོལ་རང་ ཉིད་ཀྱིས། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །ཞེས་པའི་ཡིད་ཆེས་ཀྱི་ལུང་གིས་ཐུབ་པ་ཁོ་ན་ཡིན་ཏེ། ཕྱིར་མི་ལྡོག་པ་ནི་ཤིན་ལྐོག་ཏུ་གྱུར་པས། ཕྱིར་མི་ལྡོག་པ་ནི་ཁྱད་པར་གྱི་ལམ་ལ་གནས་པའམ། སངས་རྒྱས་མ་གཏོགས་པ་གཞན་གྱི་མངོན་ སུམ་གྱིས་མི་འགྲུབ་པའི་ཕྱིར་རོ། །དེས་ན་ས་བཅུའི་བྱང་ཆེན་རྣམས་ཀྱིས་ཀྱང་དམ་པའི་ཆོས་སྣ་ཚོགས་པ་གསུངས་མོད་ཀྱི། གཞན་ཕྱིར་མི་ལྡོག་པའི་བྱང་ཆུབ་ཏུ་ནི་ལུང་སྟོན་པར་མི་མཛད་དེ། དེ་དེའི་སྤྱོད་ཡུལ་མིན་པའི་ཕྱིར་རོ། ། འོ་ན་ཁྱབ་འབྲེལ་ལུང་ཁོ་ན་ལ་ བལྟོས་ན་ཁྱབ་འབྲེལ་རང་རྒྱུད་ལ་ཕེབས་ཟིན་པ་ཞིག་དགོས་སོ་ཞེས་བཤད་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ། ཡིད་ཆེས་པའི་ལུང་རྟགས་སུ་སོང་བའི་སྒོ་ནས་ཁྱབ་འབྲེལ་རང་རྒྱུད་ལ་འབེབས་པ་མི་འགལ་བའི་ཕྱིར་རོ། །མདོར་ན་རྟགས་དེ་དང་ལྡན་ན་དེ་ཕྱིར་མི་ ལྡོག་ཡིན་པས་ཁྱབ་སྟེ། རྟགས་དེ་དང་ལྡན་ན་ཕྱིར་མི་ལྡོག་ཡིན་པར་དཔྱད་པ་གསུམ་གྱིས་དག་པའི་ལུང་དེ་བཞིན་གཤེགས་པའི་བཀའ་ལ་ཡིད་ཆེས་པའི་ཕྱིར་རོ། ། གསུམ་པ་རྟགས་སྦྱོར་ངོས་བཟུང་བ་ནི། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ། །ཞེས་པའི་རིགས་ 5-1-387a པས་མ་ངེས་པའི་རིགས་ཅན་གྱི་བྱང་སེམས་སྦྱོར་ལམ་པ་ཆོས་ཅན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། བརྩེ་བ་སྙིང་རྗེ་ཆེན་པོ་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་སྔོན་དུ་སོང་བ་ཡིན་ཏེ། གཞན་དོན་དུ་དམྱལ་བ་ཡང་འཚོལ་བ་དང་། བདུད་ ལས་ཀྱིས་མི་ཚུགས་པ་སོགས་རྗེས་ཐོབ་ཀྱི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར་རོ། །ཞེས་པས་ཕྱོགས་ཆོས་འབྲས་བུ་མངོན་སུམ་དུ་མཐོང་བའི་རྟགས་ཀྱིས་སྒྲུབ་པར་བྱེད་དོ། ། ཡང་ན་དེ་ཆོས་ཅན། ཐེག་པ་གཞན་གྱིས་བར་མ་ཆོད་པར་དེའི་རྒྱུད་ལ་རྣམ་མཁྱེན་གྱི་ ཡེ་ཤེས་འབྱུང་དུ་རུང་སྟེ། རྣམ་མཁྱེན་གྱི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་ཞེས་རང་བཞིན་གྱི་རྟགས་ཀྱིས་སྒྲུབ་པར་མཛད་ལ། དེ་ལྟར་ན་བཀོད་ཚོད་ལ་འབྱུང་རུང་གི་གཏན་ཚིགས་བཀོད་ཀྱང་། སོང་ཚོད་ལ་ཕྱིར་མི་ལྡོག་པའི་རྟགས་སུ་སོང་བ་ཡིན་ནོ། ། འོ་ན་རིགས་ པའི་གཞུང་ལས་འབྱུང་རུང་གིས་འབྱུང་ངེས་སྒྲུབ་པ་ལ་ཁྱབ་པ་འཁྲུལ་བར་བཤད་པས་ཕྱིར་མི་ལྡོག་འབྱུང་ངེས་འབྱུང་རུང་གིས་སྒྲུབ་མི་ནུས་སོ་སྙམ་ན། སྤྱིར་འབྱུང་རུང་གིས་འབྱུང་ངེས་སྒྲུབ་མི་ནུས་པ་ཁྱོད་བདེན་མོད་ཀྱང་། དེ་ལྟ་བུ་ནི་འབྱུང་རུང་ལ་གེགས་དང་ བཅས་པའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་འབྱུང་རུང་ལ་གེགས་མེད་པའི་དབང་དུ་བྱས་ཏེ་འབྱུང་ངེས་སུ་སྒྲུབ་ནུས་པར་སོང་བ་ཡིན་ནོ། །དེས་ན་ཇོ་བོས། རང་ལ་དཔོགས་ན་རྒྱུ་ཚོགས་པའི། །རང་བཞིན་ཁོ་ནའི་གཏན་ཚིགས་སོ། །གཞན་གྱིས་དཔགས་ན་རང་ བཞིན་དང་། །འབྲས་བུའི་གཏན་ཚིགས་གཉིས་ཀྱིས་དཔགས། །དཔགས་པའི་དགོས་པ་རང་ལ་ནི། །ཞུམ་པ་དགག་དང་གཞན་ལ་ནི། །བརྙས་པ་སྐྱེ་བ་དགག་པའོ། །ཞེས་གསུངས་པས་ལེགས་པར་བཤད་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ལ་བཞི། སྦྱར། བསྟན། 5-1-387b བཤད། བསྡུ་བའོ། །དང་པོ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཇི་སྐད་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཚན་ཉིད་བསྟན་ཏེ། ཐེག་ཆེན་གྱི་ངེས་འབྱེད་ཐོབ་ནས་ རྫོགས་པའི་བྱང་ཆུབ་ཏུ་ངེས་པའི་ཕྱིར། དཔེར་ན་སྐབས་དང་པོར་ངེས་འབྱེད་ཡན་ལག་གི་འོག་ཏུ་སྒྲུབ་པའི་རྟེན་བཤད་པ་བཞིན་ནོ། །གཉིས་པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། རྟེན་གྱི་དབྱེ་བའི་སྒོ་ནས་མདོར་བསྟན་པར་མཛད་དེ། དེ་ཡང་ངེས་འབྱེད་ཀྱི་ཡན་ ལག་ལ་གནས་པ་ནས་བཟུང་སྟེ་མཐོང་བ་དང་མཐོང་ཟིན་གོམས་པའི་ལམ་དག་ལ་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་ནི་སྐབས་འདིར་བསྟན་གྱི་ཕྱིར་མི་ལྡོག་པའི་ཚོགས་ཡིན་ཏེ། ལམ་གསུམ་པོ་དེ་ལ་གནས་པ་ལ་ཕྱིར་མི་ལྡོག་པའི་རྟགས་དང་ལྡན་པའི་ཕྱིར་ ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གཉིས་པ་ནི། དཔའ་བོ་སྟེ་སྤང་བྱའི་ཕྱོགས་ལ་སྐྲག་པ་མེད་པ་གང་དག་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང་། མཐོང་བའི་ལམ་དང་སྒོམ་པའི་ལམ་འཆད་པར་འགྱུར་བ་ལ་ལམ་དེ་དང་དེ་རྟོགས་པའི་ཚུལ་གྱིས་གནས་ པའི་སེམས་དཔའ་དེ་དག་ནི་བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ནོ། །བམ་པོ་བཞི་པ་འདི་ནས་འཆད་དོ། །གསུམ་པ་རྒྱས་བཤད་ལ་གསུམ། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཉི་ཤུ། མཐོང་ལམ་ལ་ཕྱིར་མི་ལྡོག་པའི་རྟགས་བཅུ་དྲུག ། སྒོམ་ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་སོ། །དང་པོ་ལ། བསྟན། བཤད་གཉིས་ལས། དང་པོ་ལ་ཡང་། སྦྱར། རྩ། འགྲེལ་གསུམ་གྱི། དང་པོ་ནི། ཕྱིར་མི་ལྡོག་པའི་རྟགས་དེ་རྣམས་ཀྱི་མཚན་ཉིད་མ་འདྲེས་པ་གང་ཡིན་ཅེ་ན། རེ་ཞིག་དང་པོར་བར་སྐབས་ཀྱི་ཚིགས་སུ་བཅད་ 5-1-388a པ་གཅིག་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་རྣམས་ཀྱི་རྟགས་སམ་མཚན་ཉིད་འདིར་འཆད་དོ། །གཉིས་པ་ནི། རབ་འབྱོར། བྱང་ཆུབ་སེམས་དཔའ་ཆེན་པོ་གང་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ལས་ཕྱིར་མི་ལྡོག་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོགས་ཀྱི་མདོའི་རིམ་པ་གཅིག་ལ་བསྟན་བཅོས་སུ་མདོར་བསྟན་རྒྱས་བཤད་གཉིས་ཀྱིས་འཆད་ པ་ལས། དང་པོ་ནི། གཟུགས་ལ་སོགས་པ་ལ་གཟུགས་སོགས་སུ་གཟུང་བ་ལས་ལྡོག་པ་ལ་སོགས་པའི་རྟགས་ཀྱི་རྣམ་གྲངས་ཉི་ཤུར་བརྗོད་པ་ཡིས་ངེས་འབྱེད་ཀྱི་ལམ་གྱི་ཡན་ལག་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་འདི་བསྟན་ཏོ་ཞེས་བྱ་བ་གསུངས་ཏེ་ཞེས་ བཀོད་དོ། །གསུམ་པ་ནི། གཟུགས་ལ་སོགས་པ་ལས་ལྡོག་པ་དང་། ཐེ་ཚོམ་མེད་པ་ལ་སོགས་པའི་རྣམ་པ་སྟེ་རྣམ་པ་ཉི་ཤུས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཡང་གཟུགས་སོགས་ལས་ལྡོག་པ་ལ་སོགས་པའི་མཚན་ཉིད་དེ་དག་གང་ཞེ་ན། དེ་དག་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དྲུག་པོ་འདི་བསྟན་ཏོ། །གཉིས་པ་ལ། དྲོད། རྩེ། བཟོད། མཆོག་བཞི་ལས། དང་པོ་དྲོད་ཀྱི་རྟགས་ བཅུ་གཅིག་ནི། གཟུགས་ལ་སོགས་པའི་ཆོས་ལ་དེ་དང་དེར་མོས་པ་ལྡོག་པ་དང་། ཡང་དག་པའི་དོན་ལ་དོན་མ་ཡིན་དུ་འཛིན་པའི་ཐེ་ཚོམ་ཟད་པ་དང་། མི་དལ་བ་སྟེ་མི་ཁོམས་པའི་གནས་སུ་སྐྱེ་བ་ཟད་པ་དང་། བདག་ཉིད་དགེ་བ་འབའ་ཞིག་ལ་གནས་ཤིང་གཞན་དག་ 5-1-388b དགེ་བ་དེ་ལ་འགོད་པ་དང་། འགོད་པར་གྱུར་པའི་གདུལ་བྱ་གཞན་གྱི་རྟེན་ཅན་དེས་ཀྱང་གཞན་སྦྱིན་སོགས་ལ་འགོད་པ་དང་། ཟབ་མོའི་དོན་ལའང་སོམ་ཉི་མེད་པ་དང་། བྱ་བ་བྱམས་པ་དང་འབྲེལ་བའི་ལུས་དང་། སོགས་པས་ངག་ཡིད་ཀྱིས་གཞན་ལ་ཕན་པར་བྱེད་པ་ཉིད་ དང་། འདོད་འདུན་སོགས་སྒྲིབ་པ་ནི་རྣམ་པ་ལྔ་དང་མི་འགྲོགས་པ་དང་། ལྟ་བའི་བག་ལ་ཉལ་ཀུན་ཏུ་འཇོམས་པ་དང་། འདས་པའི་ཡུལ་ལ་དྲན་པ་ལྡན་པ་དང་ནི། ད་ལྟར་གྱི་ཡུལ་ལ་ཤེས་བཞིན་དང་ལྡན་པ་དང་། གོས་ལ་སོགས་པའི་ཡོ་བྱད་ཁ་ན་མ་ཐོ་བ་མེད་པས་ གཙང་བ་དང་བཅུ་གཅིག་གོ། གཉིས་པ་རྩེ་མོའི་རྟགས་དྲུག་ནི། ལུས་ལ་སྲིན་བུ་རྣམས་མི་འབྱུང་བ་དང་། དམན་པ་ཡིད་བྱེད་ཀྱི་གྱ་གྱུ་མེད་པའི་སེམས་དང་། ལུས་ངག་ཡིད་གསུམ་གྱི་གནས་ངན་ལེན་ཡོངས་སུ་སྦྱོང་བའི་སྤྱོད་པ་ལེན་པ་དང་། སེར་སྣ་མེད་པ་དང་ སོགས་པས་ཕྱིན་དྲུག་གི་མི་མཐུན་ཕྱོགས་མེད་པ་དང་། ཆོས་ཉིད་དང་མི་འགལ་བར་ལྡན་པར་བྱང་ཆུབ་ཏུ་འགྲོ་བ་ཉིད་དང་། སེམས་ཅན་གྱི་དོན་དུ་དམྱལ་བའང་ཚོལ་བ་སྟེ་དྲུག་གོ། གསུམ་པ་བཟོད་པའི་རྟགས་གཉིས་ནི། སྟོན་པ་དང་ལམ་གཞན་གྱིས་དཀྲི་བར་མི་ བཏུབ་པ་དང་། ཐེག་ཆེན་གྱི་ལམ་མ་ཡིན་པའི་ལམ་གཞན་ཉེ་བར་སྟོན་པའི་བདུད་དམ་གནོད་པ་ལ་གནོད་པའམ། གེགས་སམ། གདོན་ནམ། བདུད་ཅེས་བྱ་བར་རྟོགས་པ་དང་གཉིས་སོ། །བཞི་པ་ཆོས་མཆོག་གི་རྟགས་གཅིག་ནི། སངས་རྒྱས་དགྱེས་པའི་སྤྱོད་པ་ལ་ བསླབ་པ་སྟེ། མདོར་ན་རྟགས་ནི་ཉི་ཤུ་པོ་དེ་དག་གིས་དྲོད་རྩེ་མོ་བཟོད་པ་དང་བཅས་པ་དང་། ཆོས་མཆོག་རྣམས་ལ་གནས་པའི་སྦྱོར་ལམ་པ་ནི་རྫོགས་པའི་བྱང་ཆུབ་ལས་གནས་སྐབས་གཞན་པའི་བྱང་ཆུབ་ཏུ་ཕྱིར་མི་ལྡོག་གོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། 5-1-389a རིམ་བཞིན་དྲོད་ཀྱི་རྟགས་བཅུ་གཅིག་ལས། གཟུགས་ལ་སོགས་ལ་རང་གི་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་གཟུགས་ལ་སོགས་པ་ལས་ལྡོག་པ་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་ཡོན་ཏན་ལ་འདོད་ པའི་དད་པ་ཐོབ་པས་སྐྱབས་གནས་ཡིན་མིན་གྱི་ཐེ་ཚོམ་ཟད་པ་དང་། དགེ་བར་གནས་པའི་ཡིད་ཀྱི་སྟོབས་དབང་བཙན་པའི་མཐུ་ལས་ཇི་ལྟར་སྨོན་པའི་ལམ་འགྲུབ་པས་ཐར་པ་ལ་ལོག་པར་ལྟ་བ་དང་། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོར་སྐྱེ་བ་དང་། བསྟན་པ་མི་ བཞུགས་པའམ། བཞུགས་ཀྱང་སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང་ཞེས་ལ་ལ་སྨྲ་ཡང་། སངས་རྒྱས་མི་འབྱུང་བའི་མུན་བསྐལ་ལ་འདིར་སངས་རྒྱས་ཀྱི་བཀའ་མི་ཐོས་པ་དེར་འཇོག་གོ། ཡུལ་མཐའ་འཁོབ་ཏུ་སྐྱེས་པ་ཕལ་ཆེར་བཀའ་མི་ཐོས་པ་དང་ཆ་འདྲ་ལ། ཡུལ་ དབུས་དང་མཐའ་འཁོབ་ཀྱི་ཚད་ས་ཚིགས་ཀྱི་དབྱེ་བ་དེས་ཀྱང་བཟུང་མོད་ཀྱི། འདིར་ནི་ཆོས་ཚིགས་ཀྱི་དབང་དུ་བྱས་པ་ཉིད་བཟུང་བ་ལེགས་ཏེ། གང་ན་འཁོར་རྣམ་བཞི་རྒྱུ་བ་མེད་པའི་གནས་དེར་ནི་སངས་རྒྱས་ཀྱི་བསྟན་པ་མེད་ལ། དེ་མེད་པར་སྐྱེས་པ་ལ་ནི་དམ་པའི་ ཆོས་བྱེད་མི་ཁོམས་པར་འཇོག་པའི་ཕྱིར་རོ། །འདིར་དབང་པོ་མ་ཚང་བ་དང་གླེན་པ་དང་ལྐུགས་པའི་དངོས་པོ་སྟེ་ཞེས་གསུམ་མི་ཁོམ་པའི་གྲངས་གཅིག་ཏུ་བསྡུ་བ་ཡིན་ཏེ། དེ་ཡང་ལམ་སྒྲུབ་པ་ལ་འཇུག་ཏུ་མི་བཏུབ་པ་དེ་ཉིད་ཀྱིས་རྣམ་པར་ཤེས་པ་བྱང་གྲོལ་བསྒྲུབ་པ་ལ་ མི་ཁོམ་པར་སོང་བའི་ཕྱིར་རོ། །དེ་གསུམ་ལྐུགས་པ་གཅིག་པོའི་ནང་དུ་སྡུད་པའང་སྐྱེས་ཐོབ་དང་སྦྱོར་བྱུང་གི་དབང་པོ་མ་ཚང་བ་ཞེས་པ་ལྐུགས་པའམ་ཉམས་པའི་རྒྱུ་ཡིན་པ་དང་། གླེན་པའི་རྨོངས་པ་སྟེ་ཤེས་པ་མི་གསལ་བའང་ཤེས་པ་ལྐུགས་པ་དང་ཉམས་པའི་ 5-1-389b རྒྱུ་ཡིན་ལ། རྒྱུ་དེ་ལྡན་གྱི་འབྲས་བུ་ཤེས་པ་ཆད་པའམ་ལྐུགས་པ་སྟེ་རྒྱུ་འབྲས་ཀྱི་ཆ་ནས་རྣམ་གྲངས་སུ་བཞག་ལ། ལ་ལ་དག་ཡིད་གླེན་པ་དང་ལྕེ་ལྐུགས་པའི་བཤད་པ་བྱེད་པ་ནི་རང་བཟོའོ། །གོང་དུ་བཤད་པའི་མཐའ་འཁོབ་ཏུ་སྐྱེས་པ་དང་། ཀླ་ཀློར་སྐྱེས་པ་དོན་གཅིག་ གོ། འདུ་ཤེས་མེད་པ་ལྟ་བུ་ལྷ་ཚེ་རིང་པོར་སྐྱེ་བ་ཞེས་བྱ་བ་མི་ཁོམ་པ་བརྒྱད་ཟད་པ་སྟེ། དེར་མི་སྐྱེ་བའི་རྒྱུ་ནི་དད་པ་ཡིན་ཏེ། ཇི་སྐད་དུ། དད་པས་མི་ཁོམས་འགྲོ་མི་འགྱུར། །ཞེས་གསུངས་ལ། དད་པ་དེ་ལྡན་གྱིས་མི་ཁོམས་པའི་གནས་སུ་མི་སྐྱེ་བའི་སྨོན་ལམ་བཏབ་ པས་སྨོན་ལམ་འགྲུབ་པ་ཡིན་ནོ། །སྙིང་རྗེས་བདག་དང་གཞན་དགེ་བའི་ཆོས་ལ་སྦྱོར་བ་དང་། བདག་གི་བདེ་བ་དང་གཞན་གྱིས་སྡུག་བསྔལ་ཕན་ཚུན་དུ་བརྗེ་བ་ཉིད་ཀྱིས་སེམས་དཔའ་བདག་ཉིད་ཀྱི་དགེ་རྩ་སེམས་ཅན་གཞན་གྱི་ཡུལ་ལ་ཡོངས་སུ་བསྔོ་བའི་སྒོ་ནས་ སྦྱིན་པ་དང་། ལ་སོགས་པས་ཕྱིན་དྲུག་ལ་སྤྱོད་པ་དང་། ཆོས་ཉིད་ཡང་དག་པར་རྟོགས་པས་ཟབ་མོའི་དོན་ལ་ཡང་སོམ་ཉི་མི་བྱེད་པ་དང་། གཞན་ལ་ཕན་པ་ཉིད་དུ་ཞུགས་པའི་སྦྱོར་བས་གདུག་པ་དང་བྲལ་བའི་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ ལམ་སྒོམ་པའི་སྦྱོར་བ་ཕུན་སུམ་ཚོགས་པས་སྒྲིབ་པ་ལྔ་པོ་སྤོང་བར་བྱེད་དེ། དེ་ཡང་སྒྲིབ་པ་ལྔ་ནི་འདོད་པའི་ཡོན་ཏན་ལ་འདུན་པ་སྟེ་མ་ཐོབ་པ་ཐོབ་པར་འདོད་པ་དང་། སེམས་ཅན་ལ་གནོད་པའི་སེམས་ཏེ་སྡང་བས་ཞུགས་པ་དང་། གཉིད་ནི་ཤེས་པའི་འཇུག་པ་རང་ དབང་མེད་པར་ཁ་ནང་དུ་སྡུད་པ་དང་། རྨུགས་པ་ནི་སེམས་དབང་མེད་དུ་བསྡུ་བ་ཡིན་པར་ཤེས་པས་བྱ་བ་བྱེད་པ་ལ་འགལ་རྐྱེན་བྱེད་པའི་ལས་སུ་མི་རུང་བའི་སློང་བ་སྟེ། གཉིད་དང་རྨུགས་པ་ནི་གཏི་མུག་གི་ཆར་གཏོགས་པའོ། །རྒོད་པ་ནི་ཆགས་པས་སེམས་ 5-1-390a མ་ཞི་བར་ཡིད་སློང་སློང་པོར་གྱུར་པ་དང་། འགྱོད་པ་ནི་བྱ་བ་ངན་པ་བྱས་ཟིན་པ་དྲན་པའི་རྒྱུན་ཡིད་ལ་གཅགས་པའོ། །ཐེ་ཚོམ་ནི་ཡིན་མིན་གང་ཡིན་དུ་རྟོག་པ་སྟེ་དེ་དག་དང་མི་འགྲོགས་པའོ། །འདི་ལ་དང་པོ་གཉིས་ཀྱིས་ཚུལ་ཁྲིམས་དང་། བར་པ་བཞིས་སེམས་དང་། ཐ་མས་ཤེས་རབ་ཀྱི་བསླབ་པ་ལ་སྒྲིབ་པར་བྱེད་དོ། །གཉིད་རྨུགས་གཉིས་སྒྲིབ་པ་གཅིག་དང་། རྒོད་འགྱོད་གཉིས་སྒྲིབ་པ་གཅིག་ཏུ་འཇོག་པའི་རྒྱུ་མཚན་གང་ཞེ་ན། མཛོད་ལས། འདོད་ན་སྒྲིབ་གཉིས་མི་མཐུན་དང་། །ཟས་དང་བྱ་བ་ གཅིག་པའི་ཕྱིར། །གཉིས་གཅིག །ཅེས་སོ། །དེའང་འདོད་ཁམས་ན་གཉིད་རྨུགས་ཀྱི་མི་མཐུན་ཕྱོགས་ཀྱི་གཉེན་པོ་ནི་ཞི་གནས་དང་། རྒོད་འགྱོད་ཀྱི་མི་མཐུན་ཕྱོགས་ཀྱི་གཉེན་པོ་ནི་ལྷག་མཐོང་དང་། ཟས་གཅིག་པ་ནི་རྒྱུ་གཅིག་པ་སྟེ་ངལ་དུབ་སོགས་ཀྱིས་གཉིད་ རྨུགས་ཀྱི་རྒྱུ་བྱེད་ལ། འདོད་རྟོག་གིས་རྒོད་འགྱོད་ཀྱི་རྒྱུ་བྱེད་ཅིང་། གཉིད་རྨུགས་གྱིས་ཞི་གནས་ལ་སྒྲིབ་པའི་བྱ་བ་གཅིག་པ་དང་། རྒོད་འགྱོད་ཀྱིས་ལྷག་མཐོང་ལ་བསྒྲིབ་པའི་བྱ་བ་གཅིག་པས་དེ་གཉིས་གཅིག་ཏུ་བཞག་གོ། སྟོང་པ་ཉིད་ཀྱི་གཉེན་པོ་རྣམ་པར་བསྒོམས་ པ་ཉིད་ཀྱིས་མ་རིག་པ་ལ་སོགས་པའི་བག་ལ་ཉལ་ཐམས་ཅད་པའི་མངོན་གྱུར་གྱི་ཆ་མགོ་གནོན་པའི་ཚུལ་གྱིས་རིམ་བཞིན་འཇོམས་པ་དང་། ཤེས་པ་ལ་རྟོག་པ་དང་བཅས་པས་རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱིས་དྲན་པ་དང་ཤེས་བཞིན་དང་ལྡན་པ་དང་། གཙང་སྦྲ་ཀུན་ ཏུ་སྤྱོད་པ་ཉིད་ཀྱིས་གཞན་གྱི་ཡི་གར་འོང་བའི་ཀུན་ཏུ་སྤྱོད་པ་ཉིད་ཀྱིས་གོས་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པ་ན་རྣམ་པར་ཐར་པ་གཙང་བ་ཞེས་བྱ་བ་རྣམ་པ་བཅུ་གཅིག་གོ། དང་ནི་ཕྲད་དོ། །གཉིས་པ་རྩེ་མོའི་རྟགས་དྲུག་ནི། སེམས་དཔའི་དེའི་རྒྱུད་ཀྱི་དགེ་བའི་རྩ་བ་ 5-1-390b འཇིག་རྟེན་ལས་མངོན་པར་འཕགས་པ་ཉིད་ཀྱི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་སོགས་མི་འབྱུང་བ་སྟེ། བདག་ཉིད་ཀྱི་སྒོ་གསུམ་ངན་སོང་དུ་མི་གནས་པར་མ་ཟད། སྒོ་གསུམ་ལ་གཞན་པའི་སེམས་ཅན་དེ་དག་གི་ངན་སོང་གི་རྟེན་བཅའ་བ་རྣམ་པ་ཐམས་ཅད་དུ་མི་འབྱུང་བ་ དང་། དགེ་བའི་རྩ་བ་ལ་གཡོ་ཅན་གྱིས་རྣམ་པར་དག་པས་སྒྱུའི་སེམས་གྱ་གྱུ་མེད་པར་དྲང་བ་དང་། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་མི་ལྟ་བ་ཉིད་ཀྱིས་ཕྱག་དར་ཁྲོད་པ་ཉིད་ལ་སོགས་པ་ལུས་སེམས་ཤིན་ཏུ་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པ་དང་། སྦྱིན་པ་ ལ་སོགས་པའི་ཁྱད་པར་བསྒྲུབས་པས་ཕྱིན་དྲུག་དེ་དག་དང་འགལ་བ་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་མེད་པ་དང་། ཆོས་ཐམས་ཅད་ཡང་དག་པར་སྡུད་པ་སྟེ་སྤྲོས་མེད་དུ་གནས་པར་སྡུད་པ་ཉིད་ཀྱིས་ཆོས་ཉིད་དང་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་ལྡན་པར་སངས་རྒྱས་ཀྱི་ལམ་དུ་འགྲོ་བའོ། ། འདིར་ཀུན་རྫོབ་པའི་ཆོས་ཐམས་ཅད་གདོད་མ་ནས་མ་གྲུབ་པ་ལ་མ་གྲུབ་པར་རྟོགས་པའི་ཡེ་ཤེས་དངོས་དང་རྗེས་མཐུན་པ་ནི་ཤེར་ཕྱིན་དང་ཤེར་ཕྱིན་གྱི་རྗེས་མཐུན་པ་ཡིན་ལ། མ་གྲུབ་པར་རྟོགས་པ་དེ་ལ་ནི་སྡུད་པ་ཞེས་བྱ་ སྟེ། དེས་གྲུབ་འཛིན་གྱི་བློ་སྡུད་པའམ་སྤོང་བར་བྱས་པའི་ཕྱིར་རོ། །ཆོས་ཉིད་དང་མི་འགལ་བ་ཞེས་པའང་དེ་དང་དེར་མ་གྲུབ་པ་ནི་ཀུན་རྫོབ་ཀྱི་ཆོས་ཉིད་ཡིན་ལ། དེར་རྟོགས་པ་ནི་མི་འགལ་བའི་དོན་ཏོ། ། འགའ་ཞིག་ཀུན་རྫོབ་མ་གྲུབ་པར་རྟོགས་པ་དེ་དོན་དམ་པའི་ཆོས་ ཉིད་དང་མི་འགལ་བར་འཆད་པ་ནི་ནོར་ཏེ། ཀུན་རྫོབ་པའི་ཆོས་ཉིད་དང་མི་འགལ་བ་ཙམ་གྱིས་དོན་དམ་གྱི་ཆོས་ཉིད་དང་མི་འགལ་བར་མ་ཁྱབ་པའི་ཕྱིར་རོ། །ཇི་ལྟར་མ་ཁྱབ་ན། རང་སྟོང་རྟོགས་པའི་ཤེས་རབ་དེ་ཀུན་རྫོབ་ཀྱི་ཆོས་ཉིད་དང་མི་འགལ་ཀྱང་དོན་དམ་གྱི་ཆོས་ཉིད་ 5-1-391a དང་འགལ་བ་ཡིན་ཏེ། ཤེས་རབ་དེས་ཀུན་རྫོབ་པའི་ཆོས་ཉིད་རང་སྟོང་དུ་རྟོགས་བཞིན་དོན་དམ་པའི་ཆོས་ཉིད་ཀྱང་རང་སྟོང་ཉིད་དུ་མི་རུང་བའི་ཕྱིར། དེ་མི་རུང་སྟེ། དོན་དམ་པའི་ཆོས་ཉིད་རང་ངོས་མི་སྟོང་པའི་ཕྱིར་དང་། གཞན་ཀུན་རྫོབ་ཀྱི་ཆོས་ཉིད་ དང་མི་འགལ་བའི་རྟོགས་པ་སྐྱེ་བ་དེས་དོན་དམ་པའི་ཆོས་ཉིད་དང་མི་འགལ་བའི་རྟོགས་པའི་གོ་ཆོད་ན་སེམས་ཅན་ཐམས་ཅད་ཀྱིས་བདེན་པ་མཐོང་བར་འགྱུར་ཏེ། ཁས་བླངས་དེའི་ཕྱིར་གྲུབ་སྟེ། ཀུན་རྫོབ་ཀྱི་ཆོས་ཉིད་ནི་སྣང་ཙམ་ལས་གཞན་དུ་མ་དམིགས་པའི་ཕྱིར། དེ་ནི་ བདེན་པ་མ་མཐོང་བས་ཀྱང་མངོན་སུམ་དུ་རྟོགས་པའི་ཕྱིར། རྟགས་དང་པོ་མ་གྲུབ་བོ་ཞེ་ན། ཀུན་རྫོབ་ཀྱི་ཆོས་ཉིད་འཕྲལ་གྱི་དོན་བྱེད་ནུས་ལ་བྱེད་དམ། སྟོང་ཉིད་ལ་བྱེད། དང་པོ་ལྟར་ནའང་གྲུབ་སྟེ། དབུ་མ་པའི་སྐབས་འདིར་སྣང་ཙམ་ལས་གཞན་པའི་དོན་བྱེད་ནུས་ པ་གུད་ན་མེད་པའི་ཕྱིར། གཉིས་པ་ལྟར་ནའང་གྲུབ་སྟེ། གཟུགས་སོགས་ལས་གུད་ནའང་སྟོང་ཉིད་མེད་པར་གསུངས་པའི་ཕྱིར་རོ། །གཟུགས་ཀྱི་སྟོང་ཉིད་སོགས་ནི་དོན་དམ་ཆོས་ཉིད་ཀྱི་སྟོང་ཉིད་དང་འགལ་བ་ཡིན་ནོ། ། ལ་ལ་དག་གཟུགས་སོགས་མཐོང་བ་ཀུན་རྫོབ་ པའི་ཆོས་ཉིད་དང་མི་འགལ་བར་རྟོགས་པ་ཡིན་ལ། ཀུན་རྫོབ་ཀྱི་སྟོང་ཉིད་མཐོང་བ་དོན་དམ་གྱི་ཆོས་ཉིད་དང་མི་འགལ་བར་རྟོགས་པ་ཡིན་ཟེར་རོ། །འོ་ན་ཀུན་རྫོབ་པའི་ཆོས་ཉིད་མཐོང་བ་ན་དོན་དམ་པའི་ཆོས་ཉིད་མཐོང་བར་ཐལ། ཁྱོད་ལྟར་ན་དེ་གཉིས་ཆོས་དང་ཆོས་ཅན་ཡིན་ པ་གང་ཞིག །དེ་ཡིན་ན་དེ་གཉིས་དབྱེར་མེད་ཡིན་དགོས་པས་གཅིག་མཐོང་བས་ཅིག་ཤོས་ཀྱང་མཐོང་བའི་ཕྱིར་རོ། །དེ་འདོད་དོ་ཞེ་ན། སྨྲ་བ་དེ་ནི་དབུ་མ་རང་རྒྱུད་པ་ཕྱིན་གྱི་གྲུབ་མཐའ་ཡིན་ལ། དེ་ལྟར་འདོད་པ་ལ་ལུང་རིགས་ཀྱི་གནོད་པ་མཐའ་ཡས་ཀྱང་ཡི་གེས་ 5-1-391b འཇིགས་སོ། །འགྲོ་བ་ཐམས་ཅད་བུ་བཞིན་དུ་བདག་ཉིད་ཀྱིས་རང་གིར་བསྒྲལ་བར་བྱ་བ་ཉིད་ཀྱིས་གཞན་གྱི་དོན་དུ་དམྱལ་བ་འདོད་པ་ཞེས་བྱ་བའི་རྟགས་ཀྱི་རྣམ་པ་དྲུག་དང་། དང་ནི་ཕྲད་དོ། ། གསུམ་པ་བཟོད་པའི་རྟགས་གཉིས་ནི། རང་གི་རྟོགས་པ་ལ་དཔྱད་གསུམ་ གྱི་ཚད་མ་དང་། རྣལ་འབྱོར་གྱི་ཚད་མས་ཡིད་ཆེས་པའི་ཆོས་ཉིད་ཀྱིས་མི་འཁྲུགས་པས་སངས་རྒྱས་མིན་པའི་སྟོན་པ་དང་ལམ་མིན་པའམ་ལམ་གཞན་གྱིས་དཀྲིར་མི་བཏུབ་པ་དང་། སངས་རྒྱས་ཉིད་ཀྱི་རྒྱུ་རྣམ་མཁྱེན་གྱི་ཐབས་ཤེས་པ་ལ་མཁས་པ་ཉིད་ཀྱིས་ཐབས་མིན་པ་ལམ་ ལྟར་བཅོས་པ། ལྷག་པར་རྒྱལ་བའི་ཡུམ་དོན་ཡིན་པར་བསྙད་པའི་ལྟ་སྒོམ་ཉེ་བར་སྟོན་པའི་བདུད་ལ་བདུད་ཉིད་དུ་རྟོགས་པ་ཞེས་བྱ་བའི་རྣམ་པ་གཉིས་ཆོས་མཆོག་གི་རྟགས་གཅིག་སྟེ། འཁོར་གསུམ་རྣམ་པར་དག་པས་སྤྱོད་པ་ཐམས་ཅད་ལ་སངས་རྒྱས་དགྱེས་པ་ཞེས་ བྱ་བའི་རྟགས་རྣམ་པ་གཅིག་གིས་གོ་རིམ་བཞིན་དུ་དྲོ་བ་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་མཆོག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་པར་རྟགས་ཉི་ཤུ་པོ་འདི་དག་གིས་ཤེས་པར་བྱའོ། །གཉིས་པ་ མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ལ། བསྟན། བཤད་གཉིས་ལས། དང་པོ་ལ། སྦྱར། རྩ། འགྲེལ་གསུམ་གྱི། དང་པོ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བསྟན་པའི་འོག་ཏུ་མཐོང་བའི་ལམ་གྱི་ཕྱིར་མི་ལྡོག་པའི་མཚན་ཉིད་བར་སྐབས་ཀྱི་ཚིགས་སུ་ བཅད་པ་གཅིག་གིས་གསུངས་པའོ། །གཉིས་པ་ནི། ཡང་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཅི་ལས་སླར་ལོག་པའི་སླད་དུ་ཕྱིར་མི་ལྡོག་ཅེས་བགྱི་བ་ལགས། ཞེས་སོགས་མདོའི་རིམ་པ་གཅིག་ལ་ 5-1-392a བསྟན་བཅོས་སུ་མདོར་བསྟན་རྒྱས་བཤད་གཉིས་སུ་མཛད་དེ། དེའང་ཐེག་ཆེན་གྱི་མཐོང་བའི་ལམ་ལ་བཟོད་པ་བརྒྱད་དང་། ཤེས་པ་བརྒྱད་ཀྱི་སྐད་ཅིག་མ་བཅུ་དྲུག་ནི་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པར་ ཤེས་པར་བྱའོ་ཞེས་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་དམིགས་པའི་སྒོ་ནས་ཆོས་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པའི་སྐད་ཅིག་མ་བཅུ་དྲུག་ནི་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས་ ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་ནོ། གཉིས་པ་རྒྱས་བཤད་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཤེས་པའི་སྐད་ཅིག་མའི་རྣམ་པ་དེ་ཅི་འདྲ་བ་ཞིག་གི་མཚན་ཉིད་ཡིན་ཅེ་ན། རྣམ་པ་རྣམས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ལྔས་གསུངས་པ་ནི་འདི་ ལྟ་སྟེའོ། །གཉིས་པ་ལ། དབྱེ་བསྡུ་གཉིས་ལས། དང་པོ་ལའང་བཞི་ལས། དང་པོ་ནི། གཟུགས་དང་ལ་སོགས་པས་ཕུང་སོགས་ཀྱི་ཆོས་ལ་མཚན་འཛིན་གྱི་འདུ་ཤེས་ལས་ལྡོག་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། བདུད་ལས་ཀྱིས་བྱང་ཆུབ་ཏུ་ སེམས་བསྐྱེད་པ་ལས་བཟློག་ཀྱང་བཟློག་ཏུ་མི་བཏུབ་པའི་སེམས་བརྟན་པ་དེ་སྡུག་བསྔལ་ལ་ཆོས་ཤེས་པ་དང་། ཐེག་པ་དམན་པ་དག་ལས་སེམས་རྣམ་པར་ལོག་པ་ནི་སྡུག་བསྔལ་རྗེས་སུ་ཤེས་པའི་བཟོད་པ་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འགོག་པ་ལ་ སྙོམས་པར་འཇུག་ཀྱང་བསམ་གཏན་ལ་སོགས་པའི་དབང་གིས་སྐྱེ་བ་ལེན་པའི་ཡན་ལག་སྟེ་རྒྱུ་ཡོངས་སུ་ཟད་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །གཉིས་པ་ནི། ལུས་དང་སེམས་གང་དུ་སྐྱོ་བ་དང་འཇུག་པ་ལ་ཡང་བ་ཉིད་དང་ལྡན་པ་ནི་ཀུན་འབྱུང་ལ་ཆོས་ཤེས་ 5-1-392b པའི་བཟོད་པ་དང་། སྦྱིན་པ་གཏོང་བ་དང་། ཟང་ཟིང་གི་སྒོ་ནས་ཆགས་ཅན་གྱི་གདུལ་བྱ་འཁོར་དུ་བསྡུ་བའི་ཕྱིར་འདོད་པའི་ཡོན་ཏན་ལ་ལུས་ངག་གིས་ཉེ་བར་སྤྱོད་ཀྱང་། སེམས་ཀྱིས་ཡུལ་ལ་འདུན་པ་དང་བཅས་པའི་རྒྱུ་བ་གཏན་ནས་ཆད་པས་ཐབས་ལ་མཁས་པ་ཞེས་ བྱ་སྟེ། དེའང་རང་ཉིད་འདོད་ཡོན་ལ་དུག་ལྟར་གཟིགས་ཀྱང་འདོད་ཡོན་སྨན་ལྟར་བསྟེན་པའི་ཚུལ་བསྟན་ནས། གཞན་དག་འདོད་ཡོན་གྱི་རྒྱུས་གདུལ་བྱ་བཀྲི་སྟེ། མཐར་ཐུག་གདུལ་བྱ་འདོད་ཡོན་ལ་དུག་ལྟར་བལྟ་བའི་ཐབས་སྟོན་པས་རང་གཞན་འཁོར་བའི་ཉེས་ པས་མི་གོས་པར་བྱེད་པ་ནི་ཀུན་འབྱུང་ལ་ཆོས་ཤེས་དང་། ཐབས་མཁས་པའི་སྤྱོད་པས་འདོད་ཡོན་བསྟེན་པ་ལྟར་སྣང་ཡང་། སེམས་དཔའ་རང་ཉིད་ཀྱིས་འདོད་པའི་ཡོན་ཏན་འགར་ཡང་མ་གཟིགས་པས་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་ལ་གནས་པ་ནི་ཀུན་འབྱུང་ལ་རྗེས་ སུ་ཤེས་པའི་བཟོད་པ་དང་། སེམས་དཔའ་དེའི་ཡོན་ཏན་ལ་གཞན་གྱིས་དད་པས་ཡོན་ཕུལ་བའི་དགེ་རྩ་འཕེལ་བར་བྱེད་ཅིང་། དེ་ལ་བརྟེན་ནས་རང་གཞན་གྱི་རྒྱུད་ཀྱི་སྒྲིབ་པ་ཡོངས་སུ་སྦྱོང་བར་བྱེད་ནུས་པས་འཚོ་བ་ལ་ཁ་ན་མ་ཐོ་བ་རྣམ་པར་དག་པ་ནི་ཀུན་འབྱུང་ལ་རྗེས་སུ་ ཤེས་པའོ། །གསུམ་པ་ནི། ཕུང་སོགས་བར་ཆད་བྱེད་རྣམས་དང་། རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། མངོན་པར་རྟོགས་པ་ལ་བར་ཆད་བྱེད་པའི་ཆོས་རྣམས་ལ་སྦྱོར་བ་དང་། རྗེས་སུ་སྦྱོར་ བའི་གནས་པ་སོ་སོར་བཀག་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པ་དང་། བྱང་ཆུབ་ཀྱི་རྒྱུ་ཚོགས་གཉིས་ལ་དམིགས་པ་དང་བཅས་པར་སྦྱོར་བ་དང་། རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན་ནས་ཉོན་མོངས་པའི་དབང་ 5-1-393a པོ་དང་། སོགས་པས་ཤེས་པ་དང་། དེའི་ཡུལ་དང་བཅས་པའི་གཡུལ་འགྱེད་ཀྱི་གཏམ་སོགས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ། ། འདིར་སྦྱོར་བ་ནི་དང་པོའི་ཞེན་བློ་སྐད་ཅིག་མ་དང་། རྗེས་སུ་ སྦྱོར་བ་ནི་སྐད་ཅིག་མ་དེ་དྲན་ཅིང་ཡོངས་སུ་བཅད་ནས་ཤེས་པའི་ཞེན་པ་སྟེ། གནས་པ་ནི་ཞེན་པའི་རང་ངོ་ནས་བཞག་ལ། སོ་སོར་བཀག་པ་ནི་ཞེན་པ་རང་གི་ངོ་བོ་དང་། ཇི་ལྟར་ཞེན་པའི་ཚུལ་སོ་སོར་བཀག་པ་ཡིན་ནོ། ། སྐབས་སུ་བབ་པའི་འཕྲོས་དོན་དབང་པོའི་དོན་ འཆད་པ་ལ་གསུམ་སྟེ། དབང་པོ་ངོས་བཟུང་བ་དང་། དབང་པོ་ས་གང་ན་ཇི་ལྟར་ཡོད་པའི་ཚུལ་བསམ་པ་དང་། དབང་པོ་ལམ་གང་དུ་ཇི་ལྟར་འགག་པའི་ཚུལ་བསམ་པའོ། །དང་པོ་ལ་དབང་པོའི་དབྱེ་བ་དང་། དེ་གང་ཟག་གང་ལ་ལྡན་པའི་ཚུལ་ལོ། །དང་པོ་ནི། དབང་ པོ་ཉེར་གཉིས་པོ་ཡོད་ཀྱང་གཉིས་སུ་འདུས་པ་ཡིན་ཏེ། རྣམ་བྱང་གི་དབང་པོ་དང་། ཀུན་ནས་ཉོན་མོངས་ཀྱི་དབང་པོའོ། །དང་པོ་ལ་བརྒྱད་དུ་ངེས་ཏེ། དད་སོགས་ཀྱི་དབང་པོ་ལྔ་དང་། མི་ཤེས་པ་ཀུན་ཤེས་པ་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ ཤེས་ལྡན་པའི་དབང་པོའོ། །དེ་ལ་དང་པོ་ལྔ་ནི་རྟོགས་པར་སླ་ལ། ཕྱི་མ་གསུམ་གྱི་དོན་ནི། ཉན་ཐོས་དང་ཐེག་ཆེན་པའི་འདོད་ལུགས་གཉིས་ལས། ལུགས་དང་པོ་ནི། མཐོང་ལམ་ན་ཡོད་པའི་དད་སོགས་དབང་པོ་ལྔ་དང་། ཡིད་ཀྱི་དབང་པོ་དང་། བདེ་བའི་དབང་པོ་ དང་། ཡིད་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་སྟེ་དགུ་ལ་མི་ཤེས་པ་ཀུན་ཤེས་པའི་དབང་པོར་འཇོག་ཅིང་། སྒོམ་ལམ་ན་ཡོད་པའི་དེ་དགུ་ལ་ཀུན་ཤེས་པའི་དབང་པོ་དང་། མི་སློབ་ལམ་ན་ཡོད་པའི་དེ་དགུ་ལ་ཀུན་ཤེས་ལྡན་པའི་དབང་པོར་འཇོག་སྟེ། ཇི་ 5-1-393b སྐད་དུ། མཐོང་བསྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ནི་དྲི་མ་མེད། །ཅེས་གསུངས་པའི་ཕྱིར། གསུམ་ནི་དབང་པོ་གསུམ་དང་། དྲི་མེད་ནི་ཟག་མེད་ཀྱི་དོན་ཏོ། ། ལུགས་གཉིས་པ་ནི། སྦྱོར་ལམ་ན་ཡོད་པའི་དད་སོགས་ལྔ་དེ་མི་ཤེས་པ་ཀུན་ཤེས་བྱེད་ ཀྱི་དབང་པོ་ཡིན་ཏེ། ལེའུ་བརྒྱད་མར། མི་ཤེས་པ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྣང་བ་མེད་ཅིང་འདུལ་བར་བྱེད་པ་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །འདི་ལ་མངོན་པར་མ་གྱུར་པའི་དོན་ཆོས་ཉིད་མངོན་དུ་མ་བྱས་པའོ། །སྣང་བ་མེད་པ་ནི་མཚན་མའི་སྣང་བའོ། །འདུལ་བ་ནི་ཉོན་མོངས་འདུལ་བའོ། །འཕགས་པ་སློབ་ པའི་གང་ཟག་ལ་ཡོད་པའི་དད་སོགས་ལྔ་ནི་ཀུན་ཤེས་པའི་དབང་པོར་འཇོག་སྟེ། དེ་ཉིད་ལས། ཀུན་ཤེས་པའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་ཀུན་ཤེས་པ་དང་ལྡན་པ་རྣམས་ཀྱི་དད་པའི་དབང་པོ་དང་ཞེས་བྱ་བ་ནས། ཤེས་རབ་ཀྱི་དབང་པོ་གང་ཡིན་ པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །ཀུན་ཤེས་པ་དང་ལྡན་པའི་དོན་བདེན་པ་མངོན་དུ་བྱས་པའོ། །མི་སློབ་པའི་གང་ཟག་བཞི་ལ་ཡོད་པའི་དད་སོགས་ལྔ་ནི་ཀུན་ཤེས་ལྡན་པའི་དབང་པོ་ཡིན་ཏེ། དེ་ཉིད་ལས། ཀུན་ཤེས་པ་སྲུང་བའི་དབང་པོ་གང་ཞེ་ན། མི་སློབ་པའི་ གང་ཟག་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་པོ་དང་ཞེས་བྱ་བ་ནས། ཤེས་རབ་ཀྱི་དབང་པོ་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། ། གཉིས་པ་ཀུན་ནས་ཉོན་མོངས་པའི་དབང་པོ་ནི་ 5-1-394a བཅུ་བཞིར་ཡོད་དེ། བདེ་བའི་དང་། སྡུག་བསྔལ་གྱི་དང་། ཡིད་བདེ་བའི་དང་། ཡིད་མི་བདེ་བའི་དང་། བཏང་སྙོམས་ཀྱི་དབང་པོ་སྟེ་ཚོར་བའི་དབང་པོ་ལྔ། སྒོ་ལྔའི་དབང་པོ་ལྔ། སྲོག་གི་དང་། ཡིད་ཀྱི་དང་། ཕོའི་དང་། མོའི་དབང་པོའོ། །དང་པོ་ལུས་ཀྱི་ ཚོར་བ་སིམ་པར་མྱོང་བ་བདེ་བའི་དབང་པོ་ནི་འདོད་པ་དང་བསམ་གཏན་དང་པོ་ན་ཡོད་ལ། བསམ་གཏན་གཉིས་པ་ན་བདེ་བའི་དབང་པོ་མེད་པ་འོག་ཏུ་འཆད་དོ། །བསམ་གཏན་གསུམ་པར་སེམས་ཀྱི་ཚོར་བ་སིམ་མྱོང་དེ་བདེ་བའི་དབང་པོར་འཇོག་ལ། སེམས་ཚོར་སིམ་མྱོང་ དེ་ཡིད་བདེའི་དབང་པོར་ནི་མི་འཇོག་གོ། གཉིས་པ་ནི་ལུས་ཚོར་གདུང་མྱོང་དེའོ། །གསུམ་པ་ནི་བསམ་གཏན་གཉིས་པ་མན་ཆད་ཀྱི་ས་གསུམ་ན་སེམས་ཚོར་སིམ་མྱོང་དེའོ། །བཞི་པ་ནི་སེམས་ཚོར་གདུང་བར་མྱོང་བའོ། །ལྔ་པ་ནི་ལུས་སེམས་གང་ཡང་རུང་བས་སེམས་ གདུང་བར་མར་མྱོང་བ་དེ་ཡིན་ཏེ། ཇི་སྐད་དུ། ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོའི་སིམ་པ་ནི། །བདེ་བའོ་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ཉིད་བདེ་དབང་པོ། །གཞན་ན་དེ་ཡིད་བདེ་བ་ཡིན། །སེམས་ཀྱི་སིམ་པ་མ་ཡིན་གང་། །ཡིད་མི་ བདེ་བའོ་བཏང་སྙོམས་ནི། །བར་མའོ་གཉིས་ཀ་མི་རྟོག་ཕྱིར། །ཅེས་པས་གཉིས་ཀ་ནི་ལུས་དང་། སེམས་ལ་སེམས་གདུང་བར་མའི་ལུས་སེམས་ལ་བརྟེན་པ་གཉིས་པོ་དེ་ཚོར་བ་གཅིག་ཏུ་འཇོག་སྟེ། ཚོར་བ་དེ་ཡུལ་ལ་རྟོག་པའི་སྟོབས་ཀྱིས་མི་བསྐྱེད་པར་རང་ཡུལ་གྱི་རྟེན་ ལུས་སེམས་ཚང་ཙམ་གྱིས་བསྐྱེད་པར་མཚུངས་པའི་ཕྱིར་རོ། །ལུས་ཚོར་དང་སེམས་ཚོར་ཁྱད་གང་ཞེ་ན། སྒོ་ལྔའི་ཤེས་པ་དང་མཚུངས་ལྡན་གྱི་ཚོར་བ་དེ་ལུས་ཚོར་དང་། ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཚོར་བ་དེ་སེམས་ཚོར་ཡིན་ཏེ། དེ་ལྟར་ཉན་ས་ལས་ 5-1-394b བཤད་པའི་ཕྱིར་རོ། །མིག་སོགས་སྒོ་ལྔའི་དབང་པོ་ལྔ་ནི་ནང་གི་རྡུལ་ཕྲན་དྭངས་པ་གང་ཞིག་ཤེས་པ་གཟུགས་སྒྲ་དྲི་རོ་རེག་བྱ་འཛིན་ནུས་སུ་བསྐྱེད་པ་ལ་དབང་སྒྱུར་བ་པོ་དེ་ཡིན་ཏེ། རྣམ་ངེས་ལས། མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས། ཞེས་སོ། །སྲོག་དབང་ནི་ཁམས་ གསུམ་པའི་ཚེ་ཡིན་ཏེ། མཛོད་འགྲེལ་དུ་མདོ་དྲངས་པར། སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ། །ཞེས་སོ། །གཞན་ཡང་། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་སོ། །ཡིད་ཀྱི་དབང་པོ་ནི། རང་རིག་པ་གང་ཞིག་ ཤེས་པ་ཆོས་ལ་འཛིན་ནུས་སུ་བསྐྱེད་པ་ལ་དབང་སྒྱུར་བར་བྱེད་དོ། །ཕོ་མོའི་དབང་པོ་གཉིས་ནི་ལུས་དབང་གི་ཆ་ཤས་ཡིན་ཏེ། ཇི་སྐད་དུ། ལུས་ལ་ཕོ་དང་མོ་དབང་དག །ཅེས་སོ། །དེ་ལྟར་དབང་པོ་ཉེར་གཉིས་པོ་འདི་ལ་གཏན་ལ་དབབ་པ་བསྡུ་བ་ལས། བཅུ་དྲུག་ རྫས་ཡོད་ཡིན་ལ། དྲུག་བཏགས་པ་བར་བཤད་དེ། དེ་ཡང་འདས་པའི་དབང་པོ་གསུམ་ནི་དད་སོགས་དགུའི་ཆ་ལ་བཏགས། སྲོག་ནི་དུས་ཀྱི་རྒྱུན་ངེས་པའི་ཆ་ལ་བཏགས། ཕོ་མོའི་དབང་པོ་ནི་ལུས་དབང་གི་ཆ་ལ་བཏགས་སོ། །འགའ་ཞིག་ཕོ་མོའི་དབང་པོ་ནི་བཏགས་པ་ བ་མིན་པར་རྫས་སུ་འདོད་ལ། དེའི་ཚེ་ལུས་དབང་དང་སྤྱི་བྱེ་བྲག་ཏུ་འཇོག་གོ ། གཉིས་པ་དབང་པོ་དེ་དག་གང་ལ་ལྡན་པ་ནི། འདོད་པའི་སོ་སོའི་སྐྱེ་བོ་མཚན་གཉིས་པ་དབང་པོ་ཚང་ཞིང་དགེ་རྩ་མ་ཉམས་པ་ཞིག་ལ་དབང་པོ་བཅུ་དགུ་འབྱུང་སྟེ། མཛོད་ལས། མང་པོར་ ལྡན་ལ་བཅུ་དགུ་སྟེ། །དྲི་མ་མེད་རྣམས་མ་གཏོགས་སོ། །མཚན་གཉིས། །ཞེས་སོ། །དེ་ལྟར་ན་ས་དགུའི་གང་ཟག་ལ་དབང་པོ་དུ་ལྡན་ཀྱང་དོན་གྱིས་ཤེས་སོ། །ཉན་ཐོས་མཐོང་ལམ་པ་དང་སྒོམ་ལམ་པ་གཉིས་ཀ་ལ་བཅུ་དགུ་བཅུ་དགུ་འབྱུང་སྟེ། འཕགས་པ་ཆགས་བཅས་ལ། ། 5-1-395a མཚན་གཅིག་དྲི་མེད་གཉིས་མ་གཏོགས། །ཞེས་གསུངས་པའི་ཕྱིར། མཐོང་ལམ་པ་ལ་དྲི་མེད་ཕྱི་མ་གཉིས་དམིགས་བསལ་དུ་བྱས་པས་བཅུ་དགུ་དང་། སྒོམ་ལམ་པ་ལ་དྲི་མེད་དང་པོ་དང་ཐ་མ་གཉིས་དམིགས་བསལ་དུ་བྱས་པས་བཅུ་དགུའོ། ། སེམས་དཔའ་མཐོང་ལམ་པ་གཅིག་ལ་བཅུ་དགུ་འབྱུང་སྲིད་དེ། མཚན་གང་རུང་ཞིག་དྲི་མེད་དང་པོ་དང་ཐ་མ་གཉིས་བཀོལ་བས་བཅུ་དགུ་སྟེ། འདི་ནི་ཐེག་ཆེན་གྱི་ལུགས་ཡིན་ཅེས་གོང་དུ་བཤད་ཟིན་ཏོ། །སྤྱིར་མཐོང་ལམ་པ་ཙམ་ལ་ཉེར་གཉིས་པོ་ཐམས་ཅད་འབྱུང་ བ་སྲིད་དེ། ཉན་ཐོས་དགྲ་བཅོམ་པ་ཐེག་ཆེན་གྱི་མཐོང་ལམ་དུ་ཞུགས་པ་ལ་ཀུན་ཤེས་ལྡན་པའི་དབང་པོ་འབྱུང་བའི་ཕྱིར་ནའོ། །ལམ་གཞན་ལ་གནས་པའི་གང་ཟག་ལ་དབང་པོ་ལྡན་ཚུལ་ཡང་དོན་གྱིས་ཤེས་སོ། ། གཉིས་པ་ས་གང་ན་དབང་པོ་ཇི་ལྟར་ཡོད་པའི་ ཚུལ་ལ། འདོད་ཁམས་ན་ཀུན་ནས་ཉོན་མོངས་ཀྱི་དབང་པོ་བཅུ་བཞི་པོ་ཐམས་ཅད་ཡོད་དོ། །བསམ་གཏན་དང་པོ་ན་ཡིད་མི་བདེ་བའི་དབང་པོ་མེད་དེ། དེས་དེ་ལ་ངེས་པར་འབྱུང་བའི་ཕྱིར་རོ། །དེར་ཕོ་མོའི་དབང་པོ་ཡང་མེད་དེ། འདོད་པ་ལ་འདོད་ཆགས་དང་ བྲལ་བའི་ཕྱིར་རོ། །བྱེ་སྨྲ་ལྟར་ན། བསམ་གཏན་དང་པོར་སྡུག་བསྔལ་གྱི་དབང་པོ་མེད་དེ། མཛོད་ལས། ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས། །ཞེས་སོ། །གཏན་ལ་དབབ་པ་བསྡུ་བ་ལས་ནི། ཅིའི་ཕྱིར་བསམ་གཏན་དང་པོ་ལ་སྡུག་བསྔལ་གྱི་ དབང་པོ་མ་སྤངས་ཞེ་ན། དེ་ལ་དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་མ་བྲལ་བའི་ཕྱིར་ཏེ། ཞེས་སོ། །དེས་ན་ལུགས་དེར་བསམ་གཏན་དང་པོ་ན་དབང་པོ་བཅུ་གཅིག་ཡོད་དོ། ། གཞན་ཡང་། གཟུགས་ཀྱི་ཁམས་ན་བཅུ་བཞི་སྟེ། །དྲི་དང་རོ་དང་སྣ་དང་ 5-1-395b ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །ཞེས་པས་ཁམས་མེད་ཀྱང་སྣ་ལྕེ་དབང་པོ་ཡོད་པར་བཤད་དོ། །དེས་ན་བསམ་གཏན་དང་པོར་ཉན་ཐོས་པའི་ལུགས་ལ་ཡིད་མི་བདེ་དང་། ཕོ་མོའི་དབང་པོ་གཉིས་ཏེ་གསུམ་བསལ་བས་བཅུ་གཅིག་ཡོད་དོ། །བསམ་ གཏན་གཉིས་པ་ན་སྡུག་བསྔལ་གྱི་དབང་པོ་མེད་དེ། སྡུག་བསྔལ་ལས་ངེས་པར་བྱུང་བའི་ཕྱིར། བདེ་བའི་དབང་པོ་མེད་དེ། ལུས་བདེ་དང་སེམས་བདེ་གཉིས་ཀ་མེད་པའི་ཕྱིར། སེམས་བདེ་མེད་དེ། དེར་དགའ་བ་ཡོད་པའི་ཕྱིར་རོ། ། འོ་ན་སེམས་བདེ་དེ་ཡིད་ བདེར་བཤད་པ་མ་ཡིན་ནམ། དེ་ལྟར་གྱི་ཚེ་ཡིད་བདེ་དེ་དགའ་བ་ཡིན་པས་སེམས་བདེ་ཡོད་པར་ཐལ་ཅེ་ན། ཡིད་བདེ་དེ་དག་རབ་ཡིན་ཀྱང་དགའ་བ་ཙམ་ཡིད་བདེ་མིན་ཏེ། ཚོར་བ་སིམ་པར་མ་མྱོང་ཡང་ཚོར་བ་སིམ་པར་མྱོང་བར་འདུན་པའི་འདུན་པ་དེ་ལྟ་བུའང་དགའ་ བར་བཤད་པའི་ཕྱིར་རོ། །ལུས་བདེ་མེད་དེ། སྒོ་ལྔའི་ཤེས་པ་མེད་པའི་ཕྱིར། དེ་མེད་དེ། རང་གི་སས་བསྡུས་ཀྱི་རྟོག་དཔྱོད་དང་མཚུངས་ལྡན་དུ་མེད་པའི་ཕྱིར། དེ་མེད་དེ། རྟོག་པའང་བསམ་གཏན་ཁྱད་པར་ཅན། །དེ་ཡི་གོང་ན་དཔྱོད་པ་ཡང་། །ཞེས་གསུངས་ པའི་ཕྱིར། རྟོག་དཔྱོད་དང་མཚུངས་ལྡན་དུ་མེད་ན་ཤེས་པ་མེད་པས་ཁྱབ་སྟེ། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཅེས་གསུངས་པའི་ཕྱིར། དེས་ན་རྟོག་དཔྱོད་མཚུངས་ལྡན་གྱི་ཤེས་པ་མེད་ན་ལུས་བདེ་མེད་པས་ཁྱབ་སྟེ། དེའི་ ལུས་ཤེས་ཀྱིས་བདེ་བར་མི་རྟོག་པའི་ཕྱིར། འོ་ན་བསམ་གཏན་གཉིས་པ་ཡན་ཆད་ན་མིག་གིས་གཟུགས་མཐོང་བ་ལ་སོགས་གསུམ་མེད་པར་ཐལ་ཅེ་ན། བསམ་གཏན་གཉིས་པ་ཡན་ཆད་ན་མིག་གི་རྣམ་ཤེས་སོགས་གསུམ་པོ་དེ་མེད་ཀྱང་། གཟུགས་ལ་སོགས་པའི་ 5-1-396a རྣམ་པར་རིག་བྱེད་ཀྱི་གཟུགས་ལ་བལྟ་བ་ན་བསམ་གཏན་དང་པོའི་མིག་ཤེས་སོགས་གསུམ་མངོན་དུ་བྱས་ནས་རྣམ་རིག་གི་གཟུགས་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། མཛོད་ལས། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་ རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བསམ་གཏན་གཉིས་པར་གོང་གི་དབང་པོ་གསུམ་དང་། བདེ་བ་དང་སྡུག་བསྔལ་གྱི་དབང་པོ་གཉིས་བསལ་བས་དབང་པོ་དགུ་ཡོད་དོ། །བསམ་གཏན་གསུམ་པ་ན་ཡིད་ བདེའི་དབང་པོ་མེད་དེ། དགའ་བ་མེད་པའི་ཕྱིར། ཁྱབ་སྟེ། དགའ་བའི་རྟོག་པ་ཉིད་ཡིད་བདེ་ཡིན་པས་སོ། །དེ་ལྟར་ཡིན་པ་མ་གྲུབ་བོ་ཞེ་ན། མཛོད་འགྲེལ་ལས། དགའ་བ་ནི་ཡིད་བདེ་བའོ་ཞེས་སོ། །དེས་ན་བསམ་གཏན་གཉིས་པར་ཡོད་པའི་ཡིད་བདེའི་ དབང་པོ་གསུམ་པ་ན་མེད་ཀྱང་བདེ་བའི་དབང་པོ་ཡོད་པར་བཤད་པས་དབང་པོ་དགུ་ཡོད་དོ། །བསམ་གཏན་བཞི་པ་ན་གོང་གི་དབང་པོ་ཟུར་དུ་བཀོལ་བ་རྣམས་དང་། བདེ་བའི་དབང་པོ་མེད་དེ། དེ་ལས་ངེས་པར་འབྱུང་བའི་ཕྱིར་རོ། །ངེས་པར་འབྱུང་བ་ཡིན་ཏེ། ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ཞེས་སོ། །དེས་ན་བསམ་གཏན་བཞི་པར་དབང་པོ་བརྒྱད་ཡོད་དེ། གཟུགས་མེད་དག་ཏུ་འཆི་བ་ནི། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། །འགག་པར་འགྱུར་རོ་གཟུགས་ན་བརྒྱད། །ཅེས་སོ། ། འདིར་བསམ་གཏན་ གཉིས་པ་དང་གསུམ་པའི་སྐབས་སུ་བདེ་བའི་དབང་པོ་དང་ཡིད་བདེའི་དབང་པོ་ཡོད་མེད་དང་། དགའ་བ་ལ་ཡིད་བདེའི་དབང་པོ་དང་། ངོ་བོ་གཅིག་པའི་དགའ་བ་དང་མི་གཅིག་པའི་དགའ་བ་སོགས་ཁྱད་པར་དུ་བྱས་པ་ལ་བརྟགས་དཔྱད་དུ་མ་འཇུག་ཀྱང་ཡི་གེས་ 5-1-396b འཇིགས་སོ། ། གསུམ་པ་ལམ་གང་ན་དབང་པོ་ཇི་ལྟར་འགག་པའི་ཚུལ་བསམ་པ་ནི། མཐོང་ལམ་སྐྱེས་པའི་ཚེ་མཐོང་སྤོང་གི་དབང་པོ་ལྔ་འགག་སྟེ། མཛོད་ལས། ཡིད་དང་ཚོར་བ་གསུམ་རྣམ་གསུམ། །གཉིས་ཀྱིས་སྤང་བྱ་ཡིད་མི་བདེ། །དགུ་ནི་སྒོམ་ པས་ལྔ་པོ་ནི། །སྤང་བར་བྱ་མིན་ཡང་གསུམ་མིན། །ཅེས་སོ། །དེས་ན་ཡིད་དང་ཞེས་པས་ནི་ཡིད་དབང་དང་། ཚོར་བ་གསུམ་པོ་ནི་བདེ་བའི་དབང་པོ་སྟེ། སེམས་ཀྱི་བདེ་བ་དང་། ཡིད་ཀྱི་བདེ་བ་དང་། བཏང་སྙོམས་སོ། །རྣམ་གསུམ་ནི་མཐོང་སྤང་ཡིན་པ་དང་། སྒོམ་སྤང་ཡིན་པ་དང་། སྤང་བྱ་མ་ཡིན་པའོ། །ཡིད་མི་བདེ་བ་ལ་མཐོང་སྤང་དང་སྒོམ་སྤང་གི་ཆ་གཉིས་སུ་ཡོད་དོ། །དེས་ན་མཐོང་སྤང་ནི་ལྔའོ། །དགུ་ནི། སྒོ་ལྔའི་དབང་པོ་དང་ཕོ་མོའི་དབང་པོ་སྟེ་གཟུགས་ཅན་བདུན་དང་། སྲོག་དང་། སྡུག་བསྔལ་གྱི་དབང་པོའོ། ། ལྔ་པོ་ཞེས་པ་དད་སོགས་ཀྱི་དབང་པོ་ལྔའོ། །དེའང་ཟག་མེད་ཀྱི་དབང་དུ་བྱས་ཏེ་སྤང་བར་བྱ་བ་མ་ཡིན་ཅིང་། དེའི་ཤུགས་སམ་ཡང་སྒྲས་དད་སོགས་ཀྱི་དབང་པོ་ཟག་བཅས་སྒོམ་སྤང་ཡིན་པར་གསུངས་ཏེ། མཛོད་འགྲེལ་ལས། དད་པ་ལ་སོགས་པ་ལྔ་ནི་ཟག་པ་ དང་བཅས་པ་དང་། ཟག་པ་མེད་པའི་ཕྱིར་སྒོམ་པས་སྤང་བར་བྱ་བ་མ་ཡིན་པ་དག་ཀྱང་ཡིན་ནོ་ཞེས་སོ། །གསུམ་མིན་ནི་དྲི་མེད་གསུམ་མོ། །དེ་ལྟར་སྒོམ་སྤང་བཅུ་དགུར་བཤད་དོ། །ཐེག་ཆེན་པ་ལྟར་ན་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་ཆར་གྱུར་པའི་ཟག་ བཅས་ཀྱི་ས་བོན་འཕགས་རྒྱུད་ལ་ཡོད་པ་དེ་སྒོམ་སྤང་ཡིན་པས་སྒོམ་སྤང་གི་དབང་པོ་ཉི་ཤུ་ཡོད་དོ། ། ཞར་བྱུང་ས་གང་གིས་བསྡུས་པའི་དབང་པོ་གང་འགག་པ་ནི། འདོད་ཁམས་ན་ཡིད་དང་། བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་བཞི་འགག་གོ། བསམ་ 5-1-397a གཏན་དང་པོ་དང་གཉིས་པ་ན་ཡིད་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་སྟེ་གསུམ་འགག་གོ། བསམ་གཏན་གསུམ་པ་ན་ཡིད་དང་། བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་སྟེ་གསུམ་འགག་གོ། བསམ་གཏན་བཞི་པ་ན་ཡིད་ དང་བཏང་སྙོམས་ཀྱི་དབང་པོ་འགགས་ལ། གཟུགས་མེད་པ་ནའང་དེ་གཉིས་འགག་གོ ། ཡང་དབང་པོ་ལས་འཕྲོས་ནས་དབང་རྟེན་གྱི་སྤྱི་དོན་འཆད་པ་ལ་གསུམ་སྟེ། དབང་རྟེན་ངོས་བཟུང་བ། དེ་ཇི་ལྟར་ཡོད་པ། འགག་པའི་ཚུལ་བསམ་པའོ། །དང་པོ་ནི། འབྱུང་བ་བཞིའི་རྡུལ་རྫས་བཞི། ཁ་དོག་དྲི་རོ་རེག་བྱའི་རྡུལ་རྫས་བཞི་སྟེ་རྡུལ་རྫས་བརྒྱད་དོ། །དེ་ཡང་མཛོད་ལས། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུ་སྟེ། །དབང་པོ་གཞན་ལྡན་རྫས་བཅུའོ། །ཞེས་ སོ། །དེའི་དོན་བྱེ་སྨྲ་ལྟར་ན། འདོད་པར་དབང་པོར་མ་གྱུར་ཅིང་སྒྲའི་སྐྱེ་མཆེད་དང་བྲལ་བའི་རྡུལ་ཕྲ་རབ་ཐམས་ཅད་ལ་རྡུལ་རྫས་བརྒྱད་ཚང་བར་འདོད་དོ། །མདོ་སྡེ་པ་ལྟར་ན། རྡུལ་ཕྲ་རབ་ལ་དེའི་ཆོས་ཀྱི་རྫས་བརྒྱད་ཚང་བས་མ་ཁྱབ་སྟེ། ཀུན་བཏུས་ལས། འབྱུང་ བ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད་དོ། །གཉིས་ལས་གྱུར་པའི་ཡང་ཡོད་པ་ནས། འབྱུང་བ་ཐམས་ཅད་ལས་གྱུར་པའི་ཡང་ཡོད་དོ། །ཞེས་སོ། ། གཞན་ཡང་ཟླ་བ་དང་། ཉི་མའི་འོད་ཟེར་དང་། རི་དང་། སྒོ་ལྔའི་དབང་པོ་སྟེ་རླུང་ཁོ་ན་དང་། མེ་ རླུང་གཉིས་ཁོ་ན་དང་། དང་པོ་གསུམ་དང་བཞི་ཀ་ལྡན་ནོ་ཞེས་རྣམ་བཤད་རིག་པ་ལས་བཤད་དོ། །བྱེ་སྨྲས་འདོད་པའི་ལུས་ཀྱི་དབང་པོ་ལ་རྡུལ་རྫས་བརྒྱད། རང་གི་རྡུལ་རྫས་དང་དགུ་ཡོད་དོ། །དགུའི་ཁར་མིག །རྣ་བ། སྣ། ལྕེ་སྟེ་རང་གི་རྡུལ་རྫས་བསྣན་པས་ 5-1-397b བཅུ་བཅུ་ཡོད་དོ། ། གཉིས་པ་དེ་ཇི་ལྟར་ཡོད་པ་ལ། འདོད་ཁམས་ན་དབང་རྟེན་གྱི་རྡུལ་རྫས་བརྒྱད་ཀ་ཡོད་ལ། གཟུགས་ཁམས་ན་དྲི་རོ་གཉིས་ལས་གཞན་པའི་དབང་རྟེན་དྲུག་ཡོད་དེ། དེར་དྲི་རོ་གཉིས་དབང་རྟེན་དུ་མེད་དེ། དྲི་རོ་གཉིས་ཁམ་གྱི་ཟས་ཡིན་ཅིང་། ཁམ་གྱི་ཟས་ ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། ། འོ་ན་རེག་བྱ་ཡང་དབང་པོའི་རྟེན་དུ་མེད་པར་ཐལ། རེག་བྱ་ཁམ་གྱི་ཟས་ཁོ་ན་ཡིན་ཅིང་། ཁམ་གྱི་ཟས་ལ་འདོད་ཆགས་དང་བྲལ་བའི་ཕྱིར། དང་པོ་གྲུབ་སྟེ། མཛོད་ལས། ཁམས་ ཀྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དེ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །ཞེས་སོ་ཞེ་ན། རེག་བྱ་ཁམ་གྱི་ཟས་ཁོ་ན་ཡིན་པར་མ་གྲུབ་སྟེ། ཁམ་གྱི་ཟས་དང་། གནས་ཀྱིས་བསྡུས་ པའི་རེག་བྱའོ། །དེ་དག་ལ་དང་པོ་མེད་ཀྱང་གཉིས་པ་ཡོད་དོ། །གལ་ཏེ་གནས་ཀྱིས་བསྡུས་པའི་རེག་བྱ་མེད་ན། གཟུགས་ལས་རེག་བྱ་དཔོག་པ་དེ་རྟགས་ཡང་དག་མིན་པར་ཐལ། གཟུགས་ན་རེག་བྱ་མེད་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཚད་ མ། འདོད་ན། རྣམ་ངེས་ལས། གཟུགས་ལས་རེག་བྱ་རྗེས་སུ་དཔོག་པ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ཏེ་ཞེས་སོ། །གཟུགས་མེད་ན་རྡུལ་རྫས་བརྒྱད་ཀ་མེད་དོ། ། གསུམ་པ་འགག་པའི་ཚུལ་བསམ་པ་ལ། བརྒྱད་པོ་དེ་མཐོང་ལམ་སྐྱེས་ སྟོབས་ཀྱིས་འགགས་པ་མིན་ཏེ། སྒོམ་སྤང་ཁོ་ན་ཡིན་པའི་ཕྱིར། གྲུབ་སྟེ། མཛོད་ལས། བཅུ་ནི་བསྒོམ་པས་སྤང་བྱ་ཡིན། །ལྔ་ཡང་ཐ་མ་གསུམ་རྣམ་གསུམ། །ཞེས་པས། བཅུ་ནི་གཟུགས་ཅན་གྱི་ཁམས་སོ། །ལྔ་ནི་སྒོ་ལྔའི་རྣམ་ཤེས་སོ། ། 5-1-398a ཡང་གིས་སྒོམ་སྤང་ཡིན་པ་བསྡུས་སོ། །ཐ་མ་ནི་ཡིད་ཀྱི་རྣམ་ཤེས་སོ། །གསུམ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །རྣམ་པ་གསུམ་ནི་དེ་མཐོང་སྤང་དང་སྒོམ་སྤང་ཡིན་པ་དང་མ་ཡིན་པ་གསུམ་དུ་ཡོད་པས་སོ། ། དབང་ རྟེན་ལས་འཕྲོས་ཏེ་དབང་ཡུལ་གྱི་སྤྱི་དོན་འཆད་པ་ལ་གསུམ། ཡུལ་ངོས་བཟུང་བ། ཡུལ་ཇི་ལྟར་ཡོད་པ། འགག་པའི་ཚུལ་ལོ། །དང་པོ་ནི། གཟུགས་ནས་ཆོས་ཀྱི་བར་དྲུག་གོ། གཉིས་པ་ནི། འདོད་པ་ན་དྲུག་ཀ་དང་། གཟུགས་ན་དྲི་རོ་དོར་བས་བཞི་དང་། གཟུགས་མེད་ན་ཆོས་ཙམ་ཞིག་གོ། གསུམ་པ་ནི། དབང་པོ་ལྔ་དེ་མཐོང་ལམ་སྐྱེས་སྟོབས་ཀྱིས་འགག་པ་མིན་ཏེ། སྒོམ་སྤང་ཁོ་ན་ཡིན་པའི་ཕྱིར་རོ། །འོ་ན་གང་འགག་ཅེ་ན། དུས་དེར་མཐོང་སྤང་གིས་བསྡུས་པའི་ཆོས་ཀྱི་ཕྱོགས་གཅིག་འགག་པ་ཡིན་ནོ། །བཞི་པ་ནི། སེར་སྣ་ལ་སོགས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ནི་རྡུལ་ཙམ་ཡང་མི་དམིགས་པ་ཉིད་ལམ་ལ་ཆོས་ཤེས་པ་དང་། སེམས་དཔའ་དེས་རང་གི་ས་དང་པོ་ཐོབ་པ་ལ་ཐོབ་པར་ངེས་པ་ཉིད་ཀྱི་མཁྱེན་གསུམ་གྱི་ བདག་ཉིད་དམ། བར་ཆད་མེད་པའི་ལམ། རྣམ་གྲོལ་གྱི་ལམ། ཁྱད་པར་གྱི་ལམ་དུ་གྱུར་པའི་ས་གསུམ་ལ་གནས་པ་ཉིད་ལམ་རྗེས་སུ་ཤེས་པའི་བཟོད་པ་དང་། དམ་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ནི་ལམ་ལ་རྗེས་སུ་ཤེས་པའོ། །གཉིས་པ་བསྡུ་བ་ནི། བཤད་པ་དེ་འདྲའི་སྐད་ ཅིག་མ་བཅུ་དྲུག་ནི། བྱང་ཆུབ་ཀྱི་བློ་དང་ལྡན་པ་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ནོ་ཞེས་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་འགྲེལ་པ་ལ། རྟགས་ཀྱི་དབྱེ་བ་དང་། རྟགས་སུ་གཟུང་བྱ་གཉིས་ཀྱི་དང་པོ་ལ་བཞི་ལས། དང་པོ་སྡུག་བདེན་གྱི་སྐད་ 5-1-398b ཅིག་མ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ལས་གཞན་མིན་ཀྱང་། གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དག་དེ་དང་དེའི་ཆོས་སུ་རྟོག་ཅིང་དཔྱོད་པ་ལས་ལྡོག་པ་དང་། སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པས་ཐེག་པ་གཞན་དུ་མི་གཡོ་བར་བླ་ན་མེད་པའི་ བྱང་ཆུབ་ཏུ་སེམས་བརྟན་པ་ཉིད་དང་། ཐེག་པ་ཆེན་པོའི་ཆོས་དམན་པ་ལས་ཁྱད་པར་ཅན་བསྒྲུབས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་སེམས་རྣམ་པར་ལོག་པ་དང་། ཆོས་ཐམས་ཅད་ཀྱི་གནས་ཚུལ་རབ་ཏུ་རྣམ་པར་འབྱེད་པའི་མཐུས་ཐར་ པའི་གནས་མ་ཡིན་པ་ཐར་པའི་གནས་སུ་ཤེས་ནས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པར་སྐྱེ་བའི་ཡན་ལག་ཡང་དག་པར་ཡོངས་སུ་ཟད་པ་ཞེས་བྱ་བ་བཞི་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཡིན་ནོ། གཉིས་པ་ཀུན་བདེན་གྱི་རྣམ་པ་ནི། མི་དགེ་བ་དང་བྲལ་བ་ཉིད་ཀྱིས་ དུཿཁ་སྤངས་པ་སྟེ། གང་དུ་འདོད་པར་ཕྱིན་པས་ལུས་དང་སེམས་ཡང་བ་དང་། སེམས་ཅན་འདུལ་བའི་ཐབས་ལ་མཁས་པའི་མཐུས་མངོན་པར་ཞེན་པའམ་ཆགས་པ་མེད་པར་འདོད་པའི་ཡུལ་ལ་ཉེ་བར་སྤྱོད་པའམ་བརྟེན་པ་དང་། དེ་ལྟར་སྤྱོད་ཀྱང་ཡུལ་གྱི་ཉེས་དམིགས་ མཐོང་བས་མངོན་པར་ཞེན་པ་མེད་དེ་བདག་གིར་མི་བྱེད་པའི་ཕྱིར་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང་། སྐྱེས་བུ་དམ་པའི་ཆོས་ཉིད་ཁ་ན་མ་ཐོ་བ་སྤངས་པ་ཉིད་ཀྱིས་འཚོ་བའི་ཡོ་བྱད་རྣམས་ཡང་དག་པར་རྣམ་པར་དག་པ་སྟེ། དགེ་བ་འབའ་ཞིག་གི་ངང་ཚུལ་ཉིད་ཅེས་བྱ་བ་བཞི་ ནི་ཀུན་འབྱུང་བའི་བདེན་པའི་རྣམ་པ་ཡིན་ནོ། །གསུམ་པ་འགོག་བདེན་གྱི་རྣམ་པ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པ་ཉིད་ཀྱིས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ། མདོར། སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་མི་བྱའོ། །ཞེས་གསུངས་པས། དེ་ལྟར་དུ་དང་པོར་ཞེན་ 5-1-399a པས་སྦྱོར་བ་དང་རྗེས་སུ་སྦྱོར་བའི་མངོན་ཞེན་གྱིས་གནས་པ་སོ་སོར་བཀག་པ་དང་། མཐོང་ལམ་གྱི་མི་མཐུན་པའི་ཕྱོགས་སྤང་བྱ་བསལ་བར་བྱས་པ་ཉིད་ཀྱི་ཕྱིར་ལམ་རྟོགས་པ་ལ་བར་ཆད་བྱེད་པའི་ཆོས་རྣམས་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་ བའི་གནས་པ་སོ་སོར་བཀག་པ་དང་། རྣམ་པར་རྟོག་པ་ནི་སྤྲོས་མེད་དང་མི་མཐུན་པ་ཉིད་ཀྱི་ཕྱིར་སྐྱོན་དུ་ཡོངས་སུ་ཤེས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་ཐབས་ཆའི་རྒྱུ་ཚོགས་སྦྱིན་པ་ལ་སོགས་པ་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གཏམ་ལ་གནས་པ་སོ་སོར་བཀག་པ་དང་། གཟུང་བ་དང་འཛིན་པའི་བདག་དག་སྤང་བར་བྱ་བ་ཉིད་ཀྱི་ཕྱིར། མདོར། གྲོང་གི་སྒྲས་དབང་པོ་བསྟན་ཏེ། གྲོང་ལ་སྐྱེས་བུ་བརྟེན་པ་ལྟར་དབང་པོ་ལ་དབང་ཤེས་བརྟེན་པའི་ཕྱིར་དང་། གྲོང་ཁྱེར་གྱིས་དབང་པོའི་རྟེན་འབྱུང་བ་བསྟན་ཏེ། གྲོང་ཁྱེར་ནི་གྲངས་ཞེས་པའི་ཐ་ སྙད་ཀྱི་རྟེན་ཡིན་པ་ལྟར་འབྱུང་བ་ཡང་འབྱུང་གྱུར་དབང་པོའི་རྟེན་ཡིན་པས་སོ། །གྲོང་ཁྱེར་ལ་སོགས་པས་གྲོང་རྡལ་གྱིས་དབང་ཡུལ་བསྟན་ཏེ། ཚོང་དུས་ཆེན་པོ་འདུ་བའི་གཞི་ནི་གྲོང་རྡལ་ཡིན་ལ། དེ་སྐྱེས་བུའི་འཇུག་ལྡོག་གི་གཞི་ཡིན་པ་ལྟར་དབང་ཡུལ་ནི་རྣམ་ཤེས་ འཇུག་ལྡོག་གི་གཞི་ཡིན་པའི་ཕྱིར་རོ། །གཡུལ་འགྱེད་པའི་སྒྲས་ནི་ཚིག་གི་དོན་གཡུལ་གྱི་གཏམ་སོགས་དང་། མཐར་ཐུག་གི་དོན་སྤང་བྱ་དང་གཉེན་པོ་གཡུལ་འགྱེད་པ་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་རྗེས་སུ་བཀག་པ་ཞེས་བྱ་བ་བཞི་ནི་འགོག་ པའི་བདེན་པའི་རྣམ་པ་ཡིན་ནོ། །བཞི་པ་ལམ་བདེན་གྱི་རྣམ་པ་ནི། སྦྱིན་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་དུ་རྟོགས་ཤིང་། སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང་། ཆོས་ཐམས་ཅད་ཀྱི་རྣམ་ 5-1-399b པར་ཐར་པའམ་སྣང་བའི་རང་བཞིན་ཏེ། རྣམ་ཐར་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པས་ཀུན་རྫོབ་ཀྱི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་ངོར་ཆོས་སུ་གྱུར་པ་རྡུལ་ཕྲ་རབ་ཙམ་གྱི་རང་སྤྱི་གང་ཡང་མི་དམིགས་པ་དང་། མངོན་པར་ཚད་མིན་གྱི་ལོག་རྟོག་བསལ་བའི་སྟོབས་ཀྱིས་ རང་གི་རྟོགས་པ་ལ་ཡིད་ཆེས་པ་ཐོབ་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒོ་ནས་ཐེག་པ་གསུམ་གྱི་བདག་ཉིད་ཀྱི་འཕགས་པའི་གང་ཟག་གསུམ་རང་རང་གི་བདེན་པ་མཐོང་བའི་ས་གསུམ་ལ་ཇི་ལྟ་བ་བཞིན་དུ་ངེས་པ་ཉིད་ཀྱིས་གནས་པར་རྟོགས་པ་དང་། རྣམ་ པ་ཐམས་ཅད་མཁྱེན་པའི་མཐའ་གཅིག་ཏུ་གཞོལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་རྣམ་མཁྱེན་གྱི་རྒྱུར་གྱུར་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཞེས་བྱ་བ་བཞི་ནི་ལམ་གྱི་བདེན་པའི་རྣམ་པ་ཡིན་ཏེ་ཞེས་གསུངས་སོ། །གཉིས་པ་རྟགས་སུ་གཟུང་བྱ་ ནི། འོ་ན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་དེ་གཞན་ངོར་རྟགས་སུ་ཇི་ལྟར་འགྱུར་ཞེ་ན། བཤད་མ་ཐག་པ་དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་རྣམ་པ་བཅུ་དྲུག་གིས་བསྡུས་པའི་ཤེས་པ་འདི་རྣམས་མཉམ་བཞག་ཏུ་སེམས་དཔས་ཡང་དག་པར་ཐོབ་པ་ན། བདེན་ པ་མཐོང་བའི་སྟོབས་ཀྱིས་དག་པའི་བློ་དང་ལྡན་པའི་འཇིག་རྟེན་པའི་སྣང་ཆ་ལ་གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་རྗེས་ལ་ཐོབ་པའི་སེམས་ཀྱིས་བསྡུས་པའི་ལུས་ངག་གི་སྤྱོད་པ་ཁྱད་ཅན་དེ་མ་ངེས་པའི་རིགས་ཅན་གྱི་བྱང་སེམས་མཐོང་ལམ་པའི་ཕྱིར་མི་ ལྡོག་ཏུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། མཉམ་གཞག་རང་དང་རྗེས་སུ་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་བཟློག་པ་ལ་སོགས་པ་གཞན་ངོར་རྗེས་སུ་དཔག་པ་བསྐྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ 5-1-400a ལྡོག་པའི་མཚན་ཉིད་དག་ཡིན་ནོ། ། འོ་ན་མཐོང་ལམ་རྗེས་ཐོབ་མེད་ན་རྗེས་ཐོབ་ཀྱི་སྤྱོད་པ་རྟགས་སུ་ཇི་ལྟར་འགྱུར་ཞེ་ན། མཐོང་ལམ་རྗེས་ཐོབ་མེད་ཀྱང་ཕྱིར་རྒོལ་རྟོགས་པའི་ཆོས་ཀྱི་སྤྱན་དང་ལྡན་པས་ཚུལ་གསུམ་ཚད་མས་གཏན་ལ་ཕེབས་ཤིང་ཕྱིར ་མི་ལྡོག་པའི་ཐ་སྙད་མ་གྲུབ་ལ། སྔ་རྒོལ་རྟོགས་པའི་ཆོས་ཀྱི་སྤྱན་དང་ལྡན་པས་མ་ངེས་པའི་རིགས་ཀྱི་བྱང་སེམས་མཐོང་ལམ་པ་དབང་འབྲིང་ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། རྗེས་ཐོབ་ཀྱི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་འདྲེན་ནུས་པའི་རྟོགས་པ་ དང་ལྡན་པའི་ཕྱིར་ཞེས་བཀོད་པ་ན། ཕྱི་རྒོལ་གྱི་རྒྱུད་ལ་ཕྱིར་མི་ལྡོག་པའི་ཐ་སྙད་གྲུབ་པ་ཡིན་ནོ། །འདི་ལ་ཡང་སྔ་རྒོལ་རྟོགས་པའི་ཆོས་ཀྱི་སྤྱན་ཅན་དེས་རྟགས་སྦྱོར་འདི་མཉམ་བཞག་གི་ངང་ནས་བཀོད་དམ། རྗེས་ཐོབ་ཀྱི་ངང་ནས་བཀོད། དང་པོ་ལྟར་ན་མཉམ་བཞག་ལ་ ལུས་ངག་གི་སྤྱོད་པ་མི་འཐད་པས་སྦྱོར་བ་བཀོད་པ་མི་འཇུག་ལ། གཉིས་པ་ལྟར་ནའང་མཐོང་ལམ་རྗེས་ཐོབ་མེད་པས་སྦྱོར་བ་བཀོད་པ་མི་འཇུག་གོ་ཞེ་ན། རྣམ་པར་དཔྱོད་པ་དང་ལྡན་པ་ཁྱོད་བདེན་མོད། འོན་ཀྱང་འདིར་སྔ་རྒོལ་རྟོགས་པའི་ཆོས་ཀྱི་སྤྱན་ཅན་དེས་ མཐོང་ལམ་གྱི་རྟོགས་པ་སྔོན་སོང་ལ་འཛིན་པ་ཡིན་གྱི། མཐོང་ལམ་ལ་གནས་བཞིན་པ་ཁོ་ལ་འཛིན་པ་མ་ཡིན་པ་དང་། ཆོས་ཅན་དུ་གཟུང་བྱ་ཡང་སྔ་རྒོལ་གྱི་མཐོང་ལམ་ཁོ་ན་ལ་གནས་པ་མི་བཟུང་གི། སྤྱིར་མ་ངེས་པའི་རིགས་ཀྱི་བྱང་སེམས་མཐོང་ལམ་པ་དབང་འབྲིང་ ཙམ་བཟུང་བས་ཁྱོད་ཀྱིས་བརྗོད་པའི་ཉེས་པ་དེ་དག་འཇུག་པ་མ་ཡིན་ནོ། ། འོ་ན་ཆོས་ཀྱི་སྤྱན་ལྡན་ནང་ཕན་ཚུན་དུ་ཕྱིར་མི་ལྡོག་ཏུ་སྒྲུབ་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཕན་ཚུན་རྒྱུད་རྗེས་སུ་དཔག་པའི་དགོས་པ་ཡོད་དོ། །འོ་ན་ཆོས་ཀྱི་སྤྱན་དང་ལྡན་ན་ཕན་ཚུན་མངོན་པར་ཤེས་ 5-1-400b པ་ཉིད་ཀྱི་རྒྱུད་རྗེས་སུ་མི་འཇལ་བར་རྟགས་སྦྱོར་གྱིས་གཞལ་མི་དགོས་སོ་ཞེ་ན། མཐའ་གཅིག་ཏུ་དེ་ལྟར་མི་དགོས་ཀྱང་ཕན་ཚུན་རྟོགས་པ་མངོན་པར་ཤེས་པའི་ཐབས་ལ་རྗེས་ཐོབ་ཏུ་རྟགས་ཀྱི་སྦྱོར་བ་བྱས་ཀྱང་འགལ་བ་མེད་དེ། སེམས་དཔའ་རྣམས་འཇིག་རྟེན་གྱི་སྤྱོད་པ་དང་ རྗེས་སུ་མཐུན་པར་འཇུག་པའི་ཕྱིར་རོ། །འཇིག་རྟེན་དང་མཐུན་པར་འཇུག་པ་ལ་དགོས་པ་ཅི་ཡོད་ཅེ་ན། འཕགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཐ་སྙད་དམ་ཀུན་རྫོབ་པའི་མཛད་པས་ནི་སེམས་ཅན་འདུལ་བའི་དགོས་པའི་དབང་མ་གཏོགས་པར་གཞན་ཐ་སྙད་ལ་གཞོལ་མི་ སྲིད་དེ། རྣམ་པ་ཐམས་ཅད་དུ་རང་གི་རྟོགས་པའི་མཉམ་བཞག་གི་དོན་དམ་མཐུན་པ་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་གདུལ་བྱས་ཤེས་པར་བྱ་བའི་ཕྱིར། རང་ངོར་མཉམ་བཞག་གི་རྟགས་ཤེས་བཟོད་བཅུ་དྲུག་ལ་གཞན་ངོར་རྗེས་ཐོབ་ཀྱི་རྟགས་སུ་ཉེ་བར་བཏགས་ནས་ བཤད་དེ། དེ་ལྟར་བཤད་པ་ལ་དགོས་པ་ཁྱད་ཅན་ཡོད་པའི་ཕྱིར། དགོས་པ་ཅི་ཡོད་ཅེ་ན། གདུལ་བྱ་སོ་སྐྱེ་སོགས་གཞན་རྒྱུད་ལ་མཉམ་བཞག་གི་རྟོགས་པ་སྣང་མི་རུང་ཞིང་རྗེས་ཐོབ་ཀྱི་སྤྱོད་པ་ཙམ་སྣང་དུ་རུང་ལ། དེ་ལྟར་སྣང་བ་ལ་འདིར་བསྟན་གྱི་རྟགས་ལྡན་ དེ་མཐོང་ལམ་པ་ཕྱིར་མི་ལྡོག་པའོ་ཞེས་བསྙད་པ་ལ་བརྟེན་ནས་གདུལ་བྱ་དགེ་བའི་རྩ་བ་བསྐྲུན་པའི་ཆེད་ཕུན་སུམ་ཚོགས་པ་ཡོད་པས་སོ། །བཤད་པ་དེ་ལྟར་མ་ཡིན་པར་མཉམ་བཞག་དངོས་རྟགས་སུ་བཤད་ན་རྣལ་འབྱོར་པ་མཐོང་ལམ་པའི་རྒྱུད་ལ་ཡོད་པ་གཞན་ གྱིས་མྱོང་བར་མི་འགྱུར་བས་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་རྣམས་ཇི་ལྟར་གདུལ་བྱ་གཞན་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ཅེས་མ་རངས་པའི་ཚིག་གིས་ཤེས་བཟོད་སྐད་ཅིག་མ་རྣམས་གཞན་ཡིད་ཆེས་པའི་རྟགས་སུ་མ་བསྟན་པ་ཡིན་ནོ། ། འདིར་ 5-1-401a སྨྲས་པ། གཞོན་པའི་དུས་ནས་མ་ཕམ་ཆོས་ལུགས་ལ། ། བག་ཆགས་མངོན་པར་གསལ་བའི་སྐལ་བ་ཅན། ། ད་ལྟ་དགེ་བའི་བཤེས་ཀྱིས་ཟིན་པའི་མཐུས། ། སྔར་གོམས་བློ་ལ་ལྷག་པར་སྤྲོ་བ་འཕེལ། །ཅེས་སོ།། །།(གསུམ་)པ་སྒོམ་ ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་ལ་བརྒྱད། སྒོམ་ལམ་གྱི་ཁྱད་པར། ཁྱད་པར་གྱི་གཞི། དབྱེ་བ། གྲངས་མེད་པར་བསྟན་པ་དང་མི་འགལ་བ། སྒོམ་ལམ་གྱི་བྱེད་པ། འབྲས་བུ་ལ་རྩོད་པ་དགོད་པ། ལན་དཔེ་དང་བཅས་པ། ཟབ་མོ་བརྒྱད་ཀྱི་རྟགས་བསྟན་ པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། མཐོང་ལམ་པའི་རྟགས་བཤད་པ་དེའི་འོག་ཏུ་སྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་འཆད་དགོས་རྒྱུ་ཡིན་པ་ལས། བརྡ་སྤྲོད་པའི་གཞུང་དང་། ལྷག་པར་ཆོས་ཀྱི་གྲགས་པའི་ལུགས་ ལས། ཁྱད་པར་དང་ནི་ཁྱད་པར་གཞི། །འབྲེལ་དང་འཇིག་རྟེན་གཞུང་ལུགས་ནི། །བཟུང་ནས་དེ་དག་བསྡོམས་བྱས་ཏེ། །དེ་ལྟར་རྟོགས་ཀྱིས་གཞན་དུ་མིན། །ཅེས་འབྱུང་བ་ལྟར་ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་སྐྱེའོ་ཞེས་འབྱུང་བའི་ཕྱིར། རེ་ ཞིག་དང་པོར་བསྒོམ་པའི་ལམ་གྱི་ཁྱད་པར་བསྟན་ཏོ། །གཉིས་པ་ནི། མདོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཟབ་མོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཚིག་གི་བླ་དྭགས་སོ། །འདིར་མཚན་མ་མེད་པ་དང་། སྨོན་པ་མེད་པ། ཞེས་སོགས་ཀྱི་དོན་ནི། སྒོམ་པའི་ལམ་གྱི་ངོ་བོ་ནི་ཟབ་པ་ཡིན་ཏེ། སྤངས་པའི་རིམ་པ་དང་། རྟོགས་པའི་རིམ་པས་རྒྱུད་ལ་མངོན་པར་རྟོགས་པ་འཆར་བ་ལ་སངས་རྒྱས་ཀྱི་ལམ་ཞེས་བསྙད་ལ། མངོན་པར་རྟོགས་བྱ་ཆོས་ཉིད་ཟབ་མོ་ལ་ཡོད་མ་མྱོང་གི་དྲི་མ་བསལ་བ་ལྟར་སྣང་བས་ཆོས་ཉིད་སླར་དག་ 5-1-401b པར་སོང་བ་ལྟར་གྱུར་པ་ལ་བསམས་ནས་འདུས་བྱས་ཀྱི་ཆོས་ཉིད་ཅེས་སོགས་མཁས་པ་དག་གིས་གསུངས་སོ། །དེ་ལྟ་བུའི་ཆོས་ཉིད་ཟབ་མོ་སྟོང་པ་ཉིད་དང་ལ་སོགས་པས། ཉི་ཁྲི་སྣང་བ་ལས། རྣམ་ཐར་སྒོ་གསུམ་འདུ་མི་བྱེད། །སྐྱེས་པ་མེད་དང་འདོད་ཆགས་བྲལ། ། འགོག་པ་ཞི་བ་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཟབ་མོ་བཅུ། །ཞེས་འབྱུང་བ་དང་། ཡང་ན་བརྒྱད་སྟོང་པ་ལྟར་ན། རྣམ་ཐར་སྒོ་གསུམ་འདུ་མི་བྱེད། །མ་བྱུང་མ་སྐྱེས་དངོས་པོ་མེད། །འདོད་ཆགས་བྲལ་དང་འགོག་པ་དང་། །མྱ་ངན་འདས་དང་མེད་པར་འགྱུར། ། ལྡོག་པའི་དབྱེ་བ་བཅུ་གཅིག་སྟེ། །ཆོས་དབྱིངས་ཡིན་པར་ཤེས་པར་བྱ། །ཞེས་འདོན་པ་ལྟར་ཡང་འགྱུར་རོ། །ཟབ་པ་དེ་ནི་སྒྲོ་འདོགས་དང་སྐུར་པའི་མཐའ་ལས་གྲོལ་བ་ཉིད་ཡིན་ནོ། །ཟབ་པ་ནི་རྟོགས་པར་དཀའ་བའི་དོན་དང་། རྟོགས་པར་དཀའ་བ་ཡང་རྣམ་ཤེས་ཀྱི་ ཡུལ་མ་ཡིན་པ་ལ་དགོངས་པ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་ཤེས་པར་སྒྲོ་འདོགས་པ་དང་། ཆོས་དབྱིངས་འཕགས་པ་རྣམས་ཀྱི་བཞེད་དོན་སྒྲུབ་པའི་བྱེད་པ་རྟག་པ་ལ་སྐུར་པ་བཏབ་པ་སྟེ། དེ་ནི་སྒྲོ་འདོགས་པ་དང་སྐུར་བ་ཉིད་ཡིན་ནོ། །གསུམ་པ་ནི། གང་གིས་སྟོང་པ་དང་། གང་ལས་སྟོང་པ་སོགས་ཁྱད་པར་ཡོད་ཀྱང་། སྤྱིར་སྟོང་པ་ཉིད་ཙམ་ལས་གཟུགས་སོགས་གཞན་པར་གྲུབ་པ་ཡང་མ་ཡིན་པས། གོ་རིམ་བཞིན་དུ་དེ་ལྟར་མ་རྟོགས་པར་སྟོང་པ་ཉིད་ལ་སོགས་པ་ལ་སྒྲོ་འདོགས་པ་དང་སྐུར་པའི་མཐའ་ལས་གྲོལ་བའི་དེ་ཉིད་གང་ཡིན་པ་དེ་ནི་ 5-1-402a ཟབ་མོ་སྟེ་ཟབ་མོ་དེ་ནི་སྟོང་པ་ཉིད་ལ་སོགས་པའི་ཟབ་མོ་རྣམས་ཡིན་ལ། ཟབ་མོ་དེ་ཉིད་མངོན་དུ་བྱས་པ་དང་ལྡན་པའི་ཕྱིར་བསྒོམ་པའི་ལམ་ཟབ་པ་ཡིན་ནོ། །གཉིས་པ་ཁྱད་པར་གྱི་གཞི་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བཤད་པ་དེ་ལྟར་གྱིས་ ཟབ་མོའི་ཁྱད་པར་བསྟན་ནས། ཁྱད་པར་དེ་དང་ལྡན་པའི་གཞི་གང་ཞེ་ན། ཞེས་སྦྱར་རོ། །གཉིས་པ་ནི། མདོར། ཟབ་མོ་འདི་དག་ལ་སེམས་པར་འགྱུར། འཇལ་བར་འགྱུར། ངེས་པར་རྟོག་པར་འགྱུར། ཞེས་སོགས་ཀྱི་དོན་ཏེ། ཐེག་ཆེན་གྱི་ངེས་འབྱེད་ཀྱི་ཡན་ལག་དང་། མཐོང་བའི་ལམ་དང་སྒོམ་པའི་ལམ་ཉིད་ལ་རིམ་བཞིན་སྦྱོར་བའི་ལམ་གྱི་དུས་སུ་ཟབ་མོའི་དོན་ལ་ཡང་ནས་ཡང་དུ་སེམས་པ་དང་། མཐོང་ལམ་གྱི་དུས་སུ་མངོན་དུ་འཇལ་བ་དང་། སྒོམ་ལམ་གྱི་དུས་སུ་ངེས་པར་རྟོག་པ་སྟེ། སེམས་འཇལ་ངེས་པར་རྟོག་པར་བྱ་རྒྱུའི་ཟབ་མོའི་དེ་ ཉིད་ལ་མཉམ་པར་བཞག་ནས་ལམ་སྒྲུབ་པ་ནི་སྒོམ་པའི་ལམ་མོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་དག་གམ། ཡང་ན་མཉམ་པར་བཞག་པའི་ཏིང་ངེ་འཛིན་གྱི་སྦྱོར་བ་དང་། དངོས་དང་རྗེས་ལས་ བྱུང་བའི་ཤེས་རབ་ཀྱིས་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཡན་ལག་དང་། ལ་སོགས་པས་མཐོང་བའི་ལམ་དང་། སྒོམ་པའི་ལམ་ལ་བདེན་པ་བཞིའི་རྣམ་པ་བཅུ་དྲུག་པོ་ངེས་པར་མཐོང་བའི་དོན་ཡང་དང་ཡང་དུ་སེམས་པ་དང་། འཇལ་བ་དང་། ངེས་པར་རྟོག་པ་དག་ནི་ སྒོམ་པའི་ལམ་སྟེ། དེ་ཡང་སེམས་འཇལ་རྟོག་པ་དང་ཡང་དེ་རྒྱུད་ལ་རྒྱུན་ཆགས་པར་འགྱུར་བ་ཡིན་ནོ། །གསུམ་པ་དབྱེ་བ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྒོམ་ལམ་དེའི་རྣམ་པ་དུ་ཞིག་ཅེ་ན། ཞེས་སོ། །གཉིས་པ་ནི། མདོར། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ 5-1-402b དཔའི་སེམས་དཔའ་ཆེན་པོ་ཡུམ་དང་མ་བྲལ་བ་གང་ཞིག་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཤིང་། དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་ན། དེ་ཇི་སྙམ་དུ་སེམས། དེའི་རྒྱུས་བསོད་ནམས་མང་དུ་འཕེལ་ལམ། གསོལ་བ། བཅོམ་ལྡན་འདས་མང་ངོ་། །བདེ་བར་ གཤེགས་པ་མང་སྟེ། གཞལ་དུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས། མཚུངས་པ་མ་མཆིས་སོ། །ཞེས་སོགས་ཀྱི་དོན་ཏེ། དེའང་སྒོམ་པའི་ལམ་དེ་ནི་དང་པོར་སེམས། བར་དུ་འཇལ། ཐ་མར་རྟོག་པར་བྱེད་པའི་ཚུལ་གྱིས་རྒྱུན་ཆགས་པ་ཅན་ཡིན་པའི་ཕྱིར་ཏེ། སྔགས་ཀྱི་ཐེག་པར། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རབ་ཏུ་གོམས་པའི་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་འབྱུང་བའང་འདི་ལ་དགོངས་ཤིང་། དེ་ལྟར་དགོངས་པ་ལ་བསམས་ནས་བོད་ཀྱི་བསམ་གཏན་པའི་ ཁྲིད་ཡིག་ཏུ། སྒོམ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བྱ་བ་དེ་རོ་གཅིག་གི་རྟོགས་པ་ཤར་བའི་དུས་སུ་འབྱུང་ལ། དེ་མཚན་ཉིད་པ་དང་སྒོ་བསྟུན་ན་སྒོམ་ལམ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་ཞར་ལ་འོངས་པའོ། །དེ་ལྟ་བུའི་རྒྱུན་དེ་ཉིད་ལ་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་དུ་ཕྱེ་ བ་རྣམས་ཀྱང་། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་ལ་སོགས་པ་རེ་རེའང་གསུམ་གསུམ་དུ་དབྱེ་བའི་རྣམ་པས་སྒོམ་ལམ་རྣམ་པ་དགུར་བཅོམ་ལྡན་འདས་བཞེད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། སེམས་དཔས་ཤེས་སྒྲིབ་སྤོང་ བའི་ཕྱིར་སྒོམ་ལམ་གྱི་དབྱེ་བ་དགུར་མཛད་པ་འདི་ཞིབ་མོའི་དབྱེ་བ་མ་ཡིན་ཏེ། སྒོམ་སྤང་ཉོན་སྒྲིབ་ཀྱང་ཡོད་པའི་ཕྱིར། དེ་ལ་བལྟོས་པའི་སྒོམ་ལམ་གྱི་རྣམ་པར་དབྱེ་བ་མ་མཛད་པས་རྣམ་དབྱེའི་ཚུལ་ལ་རྨོངས་སོ་ཞེ་ན། སྐྱོན་མེད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤང་བྱའི་ 5-1-403a ཉོན་མོངས་པ་ནི་ཤེས་སྒྲིབ་ཀྱི་རྣམ་པར་རྟོག་པའོ་ཞེས་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི་གསུང་ལས་འབྱུང་བའི་ཕྱིར། དེའང་ཤེས་སྒྲིབ་ཀྱི་རྟོག་པ་སྤངས་པའི་ཞར་ལ་ཉོན་སྒྲིབ་ཀྱང་སྤང་བར་འགྱུར་ལ། ཤེས་སྒྲིབ་ཀྱི་རྣམ་པར་རྟོག་པ་ལ་ཉོན་སྒྲིབ་ གུད་དུ་མ་གསུངས་པས་སོ། །རྩ་བར། ཐམས་ཅད་མཁྱེན་པ་ཐོབ་པའི་སྒྲིབ་བྱེད་ཤེས་བྱའི་གནས་ལ་རྨོངས་པ་དེ་ཡིན་ལ། ཤེས་བྱ་ལ་རྨོངས་པའང་ཡང་དག་མིན་རྟོག་ཉིད་ལས་གཞན་མིན་པས། ཡང་དག་མིན་རྟོག་གིས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ སྐྱེད་པར་བྱེད་པ་ལ་དགོངས་སོ། །དེ་ལྟ་བུའི་རྟོག་པ་དེ་སྤོང་བའི་ཚུལ་ནི། མུན་པ་ཤིན་ཏུ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ། མུན་པ་ཆུང་ངུ་ནི་སྣང་བ་ཆེན་པོས་སེལ་ཏོ་ཞེས་བྱ་བས། རྣམ་པར་རྟོག་པ་ཆེན་པོ་དང་། འབྲིང་དང་། ཆུང་ངུ་རྣམས་རེ་རེ་ཞིང་ཆེན་པོ་དང་འབྲིང་ དང་ཆུང་ངུའི་བྱེ་བྲག་གི་དབྱེ་བས་ཐ་དད་པའི་ཕྱིར། རྟོག་པ་ཆེན་པོའི་ཆེན་པོ་སོགས་དགུ་པོ་དེ་དག་གི་གཉེན་པོ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱང་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ཐ་དད་པའི་ཕྱིར། སྒོམ་ལམ་གྱི་དབྱེ་བ་དགུར་བཤད་པ་དེ་ལྟར་ན་དོན་དམ་ པར་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་པ་དག་མངོན་དུ་བྱས་པའི་སྒོ་ནས་རྣམ་པར་རྟོག་པའི་གཉེན་པོའི་དབྱེ་བ་ལས་གྲངས་བཞིན་དུ་འདོད་པའི་ཁམས་ལ་སོགས་པས་དགུ་དག་ཏུ་སྤང་བྱའི་རྣམ་རྟོག་སྤོང་བའི་གཉེན་པོ་རྣམ་པ་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་སྒོམ་པའི་ལམ་ཡིན་ ནོ། །བཞི་པ་གྲངས་མེད་པར་བསྟན་པ་ལ་མི་འགལ་བར་འཆད་པའི་སྐབས་སུ་བོད་གངས་ཅན་དུ་བྱུང་བའི་རྣམ་དཔྱོད་ཅན་གྱིས་ཇི་ལྟར་བཤད་པ། ཊཱི་ཀ་ཆུང་གི་དོན་ཇི་ལྟར་གནས་པའི་ཚུལ་བཤད་པ་དང་གཉིས་ལས། དང་པོ་ནི། གྲངས་མེད་པ་དང་དཔག་ཏུ་མེད་པ་དང་ཚད་ 5-1-403b མེད་པ་དེ་དག་གི་དོན་ནི། སྟོང་པ་ཉིད་ཀྱི་དབྱིངས་ཟབ་མོ་དེ་ཡིན་ཏེ། དེ་ལྟར་ན་གྲངས་མེད་སོགས་མདོ་ལས་བསྟན་པ་རྣམས་དོན་དམ་སྟོང་པ་ཉིད་ཟབ་མོའི་དོན་དེ་ཁོ་ན་ཉིད་དུ་གཅིག་པ་ལ་ནི་ཐ་དད་དུ་དབྱེ་བར་བཟོད་པ་མ་ཡིན་ཏེ། ཐ་དད་དུ་བརྗོད་དུ་མེད་ པའི་ཕྱིར་རོ། །དེ་ལྟར་བརྗོད་དུ་མེད་པའི་དོན་བྱང་སར་རིགས་པ་བཞི་དང་ལུང་གསུམ་གྱིས་ཆོས་ཐམས་ཅད་བརྗོད་མེད་དུ་གཏན་ལ་ཕབ་སྟེ། དེའང་རིགས་པ་བཞི་གང་ཞེ་ན། གཟུགས་སོགས་གདགས་པའི་གཞིར་གྱུར་པའི་ཆོས་འདི་དག་ནི་གཟུགས་ནས་སངས་རྒྱས་ཀྱི་ ཆོས་ཀྱི་བར་དུ་བཏགས་པ་ཙམ་དུ་ཟད་ཀྱི། བཏགས་པ་ལྟར་གྱི་དངོས་པོར་བདེན་པ་ནི་ཅུང་ཟད་ཀྱང་མེད་དེ། དེ་དག་ནི་ངོ་བོ་ཉིད་ཀྱིས་ཀྱང་གཟུགས་སོགས་དེ་དག་མ་ཡིན་ལ། དེ་དག་ལས་མ་གཏོགས་པའི་གཟུགས་སོགས་ཀྱང་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། དེ་དག་ངོ་བོ་ཉིད་ ཀྱིས་གཟུགས་ཀྱི་རང་བཞིན་དུ་ཡོད་ན་གཟུགས་སོགས་བརྡ་མ་བྱས་པའི་སྔ་རོལ་ནས་མཐོང་བ་ཙམ་གྱིས་གཟུགས་སོགས་སུ་ཤེས་དགོས་པ་ལས་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་རིགས་པ་དང་པོའོ། ། ཡང་གཟུགས་སོགས་སུ་གདགས་གཞིའི་ཆོས་འདི་དག་མིང་ཇི་ལྟར་ བཏགས་པ་ལྟར་གྱི་དངོས་པོར་གྱུར་ན་ཆོས་གཅིག་ཉིད་དངོས་པོ་མང་པོར་འགྱུར་ཏེ། ཆོས་གཅིག་ལ་ཡང་མིང་མང་པོ་འཇུག་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། མིང་དུ་མ་དག་ལས་མིང་གཅིག་དངོས་པོ་དང་ལྡན་ལ། གཞན་མི་ལྡན་པའི་ཁྱད་པར་ཅི་ཡང་མེད་དོ། །དེ་བས་ན་ཆོས་ འགའ་ཡང་མིང་གི་བདག་ཉིད་དུ་གྱུར་པ་མེད་དོ་ཞེས་བྱ་བ་འདི་ནི་རིགས་པ་གཉིས་པའོ། ། ཡང་གཟུགས་སོགས་སུ་གདགས་གཞིའི་ཆོས་འདི་དག་གཟུགས་སོགས་སུ་མིང་མ་བཏགས་པའི་སྔ་རོལ་དུ་གཟུགས་སོགས་ཀྱི་རང་བཞིན་དུ་ཡོད་དམ་མེད་ཅེས་འདྲིའོ། །གལ་ཏེ་མིང་མ་བཏགས་ 5-1-404a པའི་སྔ་རོལ་ནས་གཟུགས་སོགས་ཀྱི་རང་བཞིན་དུ་མེད་ཀྱི། གདགས་གཞིའི་དངོས་པོ་སྔར་བྱུང་ནས་ཕྱིས་དེ་ལ་གཟུགས་སོགས་ཀྱི་མིང་ཅི་དགར་འདོགས་སོ་ཞེ་ན། འོ་ན་མིང་འདོགས་པའི་སྔ་རོལ་དེར་གདགས་གཞིའི་དངོས་པོ་དེ་ངོ་བོ་ཉིད་ཀྱིས་མེད་པ་ དང་བརྗོད་དུ་མེད་པར་འགྱུར་རོ། །དེ་འདོད་ན་ཕྱིས་ཀྱང་མིང་གདགས་སུ་མི་རུང་བར་འགྱུར་ཏེ་བརྗོད་དུ་མེད་པའི་ཕྱིར་རོ། །དེའང་འདོད་ན་ནི་ཆོས་ཐམས་ཅད་བརྗོད་དུ་མེད་པ་དང་ངོ་བོ་ཉིད་མེད་པར་ལེགས་པར་གྲུབ་བོ་ཞེས་བྱ་བ་ནི་རིགས་པ་གསུམ་པའོ། ། ཡང་གལ་ཏེ་གཟུགས་ སོགས་སུ་གདགས་གཞིའི་ཆོས་དེ་མིང་མ་བཏགས་པའི་སྔ་རོལ་ནས་ཀྱང་གཟུགས་སོགས་ཀྱི་བདག་ཉིད་དུ་ཡོད་ལ། ཕྱིས་ཀྱང་གདགས་པའི་ཚིག་གིས་བསྡུས་པའི་གཟུགས་སོགས་སུ་ཉེ་བར་འདོགས་སོ་ཞེ་ན། དེ་ལྟར་ན་ཡང་མིང་མ་བཏགས་པའི་སྔ་རོལ་ནས་གདགས་གཞིའི་ ཆོས་མཐོང་ཙམ་གྱིས་གཟུགས་སོགས་ཀྱི་བློ་འཇུག་པར་རིགས་ན་མི་འཇུག་གོ་ཞེས་བྱ་བ་ནི་རིགས་པ་བཞི་པའོ། ། དེས་ན་དོན་དམ་པའི་ཆོས་རྣམས་བརྗོད་མེད་དང་། དངོས་པོ་སྣ་ཚོགས་པའི་ཆོས་རྣམས་མིང་ཙམ་དང་བཏགས་པ་ཙམ་དུ་ཟད་དོ། །དེའི་ཕྱིར་ཆོས་ཉིད་ཀུན་རྫོབ་ཏུ་ འདུས་བྱས་འདུས་མ་བྱས་སུ་བགྲང་བར་མི་ནུས་པ་ནི་གྲངས་མེད་པ་དང་། འཁྲུལ་སྣང་དུས་གསུམ་པའི་ཆོས་རྣམས་ལ་ཚད་ཡོད་པ་མིན་པའི་ཕྱིར་མི་དམིགས་པ་ནི་དཔག་ཏུ་མེད་པ་དང་ཚད་མེད་པའོ་ཞེས་ཐ་དད་དུ་ཕྱེ་ནས་བསྟན་པ་ནི། ལང་གཤེགས་ལས། མིང་དུ་གདགས་ པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བཟློག་པའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་ལྟར་གནས་ཚུལ་སྤྲོས་པ་དང་བྲལ་ཡང་གདུལ་བྱ་བཀྲི་བའི་ཐབས་སྤྲོས་པ་ལྟར་སྟོན་པ་ནི་སེམས་ཅན་ལ་ཐུགས་ 5-1-404b བརྩེ་བའི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཐུགས་བརྩེ་བ་ཆེན་པོས་རྒྱུ་མཐུན་རྒྱུ་དང་འདྲ་བའི་འབྲས་བུ་གྲངས་མེད་ལ་སོགས་ཐ་དད་དུ་ཕྱེ་ནས་སྟོན་པ་དེ་དག་ཐུབ་པ་བཞེད་དོ། །ཁྲི་བརྒྱད་སྟོང་པར། གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་། ཚད་མེད་པ་ཞེས་བྱ་ བར་བརྗོད་དེ། དེ་ནི་དེ་བཞིན་གཤེགས་པའི་བཤད་པའི་རྒྱུ་མཐུན་པ་བསྟན་པ་ཡིན་ནོ། །ཞེས་དང་། སངས་རྒྱས་གཉིས་པ་དབྱིག་གཉེན་གྱིས། གྲངས་དང་ཚད་ལ་སོགས་པ་ནི་ཀུན་བཏགས་པ་རྣམས་ལ་ཡོད་ཀྱི། སྟོང་པ་ཉིད་ཀྱི་དབྱིངས་ལ་ནི་མེད་དེ། འདི་ནི་བྱེ་བྲག་གོ ། ཞེས་དང་། ཀུན་རྫོབ་ཏུ་བཤད་པ་ནི་ཐུགས་རྗེ་ཆེན་པོ་རྒྱུ་མཐུན་པའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་སོ། །དེས་ན་འདི་ནི་བསོད་ནམས་གྲངས་མེད་ཚད་མེད་སོགས་ཐོབ་པའི་འཕྲོས་ཡིན་གྱི། གཞན་དག་གིས་སྒོམ་ལམ་གྲངས་མེད་སོགས་ལ་སྦྱར་བ་མདོ་དང་འགལ་ལོ་ཞེས་གསུངས་སོ། །གཉིས་ པ་ཊཱི་ཀ་འདི་ཉིད་ཀྱི་དགོངས་པ་ཇི་ལྟར་གནས་པའི་ཚུལ་ལ། དོགས་པ་དགོད་པ་དང་། ལན་གདབ་པ་གཉིས་ལས། དང་པོ་ནི། རྒྱལ་བའི་ཡུམ་རྒྱས་འབྲིང་དེ་དང་དེ་དག་ལས་བསྡུས་པའི་ཡུམ་གསུམ་དུ་སྒོམ་ལམ་གྱི་རྣམ་པ་རེ་རེའི་དབང་དུ་མཛད་དེ་བསོད་ནམས་གྲངས་མེད་པ་དང་། གཞལ་ དུ་མེད་པ་དང་། ཚད་མེད་པ་སྐྱེ་བར་གསུངས་པའི་ཕྱིར་རོ། །སྒོམ་ལམ་གྱི་བྱེ་བྲག་རྣམ་པ་དགུ་ལས་མང་བ་མ་ཡིན་ནམ། དེ་ལྟར་ཡིན་ན་ཇི་ལྟར་ན་སྒོམ་པའི་ལམ་རྣམ་པ་དགུ་ཞེས་ངེས་གཟུང་ཇི་ལྟར་བྱ་ཞེ་ན་ཞེས་དོགས་པ་བཀོད་པའོ། །གཉིས་པ་ལ། རྩ་བ་འཕགས་པའི་བཞེད་ པ་དང་བསྟུན་ནས་བཤད། འགྲེལ་པ་སློབ་དཔོན་གྱི་བཞེད་པ་བཞིན་བཤད་པའོ། །དང་པོ་ནི། ཤློ་ཀ་ཕྱེད་ཀྱིས་རྩོད་པ་བཀོད། ཕྱེད་ཀྱིས་ལན་བཏབ་པར་བཞེད་དེ། དེའང་མདོར། གཟུགས་སྟོང་པ་སྟེ་གྲངས་མེད་གཞལ་དུ་མེད་ཚད་མེད་པའོ། །ཞེས་གསུངས་པའི་དོན་སྒོམ་ལམ་ 5-1-405a རེ་རེ་ལ་འབྲས་བུ་བསོད་ནམས་གྲངས་མེད་ལ་སོགས་འབྱུང་བར་བསྟན་པ་རྣམས་དམ་པའི་དོན་དུ་གྲངས་མེད་ལ་སོགས་དོན་རང་མཚན་དུ་བཟོད་པ་མ་ཡིན་ཏེ། གྲངས་མེད་སོགས་ཀྱང་སྟོང་ཉིད་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཞེ་ན། དོན་དམ་པར་ གྲངས་མེད་སོགས་སྟོང་ཉིད་ལས་གཞན་དུ་བཟོད་པ་མ་ཡིན་ཀྱང་། ཀུན་རྫོབ་ཏུ་ནི་བཅོམ་ལྡན་འདས་ཀྱིས་སེམས་ཅན་ལ་ཐུགས་བརྩེ་བས་སྒོམ་ལམ་དགུ་པོ་དེ་དག་རྒྱུ་མཐུན་པའི་རེ་རེ་ཞིང་འབྲས་བུ་གྲངས་མེད་སོགས་ཉེར་བདུན་པོ་དེ་དག་འབྱུང་བར་ཐུབ་པའི་དབང་པོ་བཞེད་ལ། དེའང་ གྲངས་མེད་སོགས་དུ་མ་གསུངས་པས་སྒོམ་ལམ་དགུར་མ་ངེས་པར་དུ་མར་མི་འགྱུར་ཏེ། གྲངས་མེད་སོགས་ལའང་བཅོམ་ལྡན་འདས་ཀྱིས། དོན་དམ་པའི་དབང་དུ་བྱས་པའི་གྲངས་མེད་དང་། ཀུན་རྫོབ་ཀྱི་དབང་དུ་བྱས་པའི་གྲངས་མེད་གཉིས་ལས། དང་པོ་ནི། སྒོམ་ པའི་ལམ་གྱིས་མཉམ་པར་གཞག་བྱའི་ཆོས་དབྱིངས་ཀྱི་ངོ་བོ་ཡིན་ལ། གཉིས་པ་ནི། སྒོམ་པའི་ལམ་ས་གཉིས་པ་ནས་བཅུ་པའི་བར་ཁོ་ནར་ས་དགུར་སྒོམ་ལམ་གྲངས་ངེས་པ་གང་ཞིག་དགུ་པོ་རེ་རེ་ཞིང་གྲངས་མེད་པ་དང་། གཞལ་དུ་མེད་པ་དང་ཚད་མེད་པའི་བསོད་ ནམས་ཕུན་སུམ་ཚོགས་པ་བསྐྱེད་པར་གསུངས་པའི་ཕྱིར། དཔེར་ན་ཡུལ་གྲུ་དགུར་སྐྱེས་པའི་འབྲུའི་ཕུང་པོ་གྲངས་མེད་པ་དང་གཞལ་དུ་མེད་པ་དང་ཚད་མེད་པ་འབྱུང་བ་བཞིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། ། གཉིས་པ་སྔར་དོགས་པ་བཀོད་པའི་རྩོད་པ་འདི་དོན་དམ་ དང་ཀུན་རྫོབ་གང་ལ་བརྟེན་ནས་རྒོལ། དང་པོ་ལྟར་ན་བསོད་ནམས་ཀྱི་དངོས་པོ་མཐའ་ལས་འདས་པས་གྲངས་མེད་པ་དང་། གྲངས་མེད་པས་གཞལ་གཟུང་དུ་མེད་པ་དང་། གཞལ་བར་མ་ནུས་པ་ཉིད་ཀྱི་ཕྱིར་ཚད་མེད་པར་བསྟན་པའི་ཚིག་ཏུ་བརྗོད་པའི་ངོ་བོ་བརྗོད་བྱ་རྣམས་ 5-1-405b ཀྱིས་ནི་དོན་དམ་པར་ན་བསྒོམ་པའི་ལམ་ཡང་དང་ཡང་དུ་སེམས་པ་ལ་སོགས་པ་དང་། ཟབ་མོའི་ཆོས་ཉིད་སྒྲོ་འདོགས་དང་སྐུར་འདེབས་ལས་གྲོལ་བར་ཇི་སྐད་བཤད་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཀྱི་དོན་གཅིག་ལ་རབ་ཏུ་སྦྱར་བ་ཡིན་གྱི། དེ་ལྟ་བུའི་སྟོང་ཉིད་ཟབ་མོ་དེ་ལ་ མཉམ་པར་བཞག་པ་ན་གྲངས་དང་ཚད་དང་གཞལ་བ་ལ་སོགས་པའི་ལྡོག་པ་ལ་བལྟོས་ནས་སྟོང་ཉིད་ལས་གཞན་པའི་དངོས་པོ་གྲངས་མེད་སོགས་ཀྱི་རང་མཚན་རྫས་གཞན་ཉེ་བར་བསྐྱེད་པའི་སྒོ་ནས་སྒོམ་ལམ་གྱི་ངོ་བོ་ཆོས་དབྱིངས་ལས། དེའི་ཁྱད་པར་གྲངས་མེད་སོགས་ ཐ་དད་པ་ཉིད་ཀྱི་ངོར་དབྱེ་བར་བྱ་བ་བཟོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ལས་མི་འདའ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། ། ངག་དོན། དོན་དམ་པར་སྒོམ་ལམ་དགུར་བཤད་པའི་ལམ་གྱི་ངོ་བོ་ཟབ་མོའི་ཆོས་ཉིད་རྟོགས་རིམ་ལ་དགུ་ལས་མང་བར་མི་འགྱུར་ཏེ། སྟོང་པ་ཉིད་ཀྱི་གྲངས་མེད་པ་སོགས་དུ་མར་གསུངས་པ་དེ་དག་ཆོས་དབྱིངས་སྟོང་པ་ཉིད་ཁོ་ན་ལས་གཞན་མ་ཡིན་པར་བསྟན་པའི་ཕྱིར་རོ། །དེ་ལྟར་བསྟན་པས་སྒོམ་ལམ་དགུ་ལས་མང་བར་མི་འགྱུར་བར་གྲུབ་བོ། ། འོ་ན་སྒོམ་ལམ་གྱི་ངོ་བོ་ཆོས་ཉིད་གཅིག་པུ་ཡིན་ན་ སྒོམ་ལམ་དགུར་དབྱེ་བའང་མི་རིགས་སོ་ཞེ་ན། དོན་དམ་པར་ན་འདོད་པ་ཁོ་ན་ཡིན་ལ། རྣམ་པ་གཅིག་ཏུ་ན་སྒོམ་ལམ་གྲངས་མེད་དུ་དབྱེ་བ་མི་འཐད་པ་བཞིན་དགུར་དབྱེ་བའང་མི་འཐད་དོ་ཞེས་བྱ་བ་མི་མཚུངས་ཏེ། གྲངས་མེད་སོགས་སྒོམ་ལམ་གྱི་ཁྱད་པར་གྱི་ཆོས་ཡིན་ ལ། ཁྱད་པར་ཅན་གྱི་ཆོས་མ་ཡིན་པས་དབྱེ་བ་བྱེད་པ་ན་ཁྱད་པར་ཅན་སྒོམ་ལམ་རང་ལ་དབྱེ་དགོས་ཀྱི། དེའི་ཁྱད་པར་གྱི་དབྱེ་བ་བྱས་ན་དབྱེ་བ་ཐུག་མེད་དུ་འགྱུར་བའི་སྐྱོན་དང་། སྤྱིར་དབྱེ་བ་བྱེད་པ་ལ་སྤྱིའི་རིགས་བསྡོམས་ནས་དབྱེ་བ་བྱེད་པ་དང་། བྱེ་བྲག་གི་ནང་གསེས་ནས་ 5-1-406a དབྱེ་བ་བྱེད་པ་གཉིས་ཡོད་པ་ལས། འདིར་དང་པོའི་དབྱེ་བ་བྱེད་པ་དེ་སྐབས་སུ་བབ་པ་ཡིན་ཏེ། སྤྱིའི་རིགས་ཀྱི་དབྱེ་བ་བྱས་པས་བྱེ་བྲག་གི་དབྱེ་བ་ཡང་ཤུགས་ཀྱིས་རྟོགས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཀུན་རྫོབ་ཏུ་སྔར་བཤད་པའི་ ཆོས་སྒོམ་ལམ་གྱི་ངོ་བོ་ཉིད་རྣམ་པ་དགུར་བཞེད་ཅེས་ཇི་སྐད་བཤད་ཅིང་བསྟན་པའི་རྒྱུ་སྒོམ་ལམ་དགུ་པོ་དེ་དག་ལ་ནི་བྱིས་པའི་སྐྱེ་བོ་རྣམས་ལ་འབྲས་བུ་ཆེན་པོ་བསོད་ནམས་གྲངས་མེད་སོགས་སྐྱེ་བ་རབ་ཏུ་བསྟན་པ་ཉིད་ཀྱིས་ན། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་ བཞིན་དང་ལྡན་པའི་བཅོམ་ལྡན་འདས་ཀྱིས་སྒོམ་ལམ་གྱི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་གྱུར་པའི་འབྲས་བུ་ཡིན་པར་དེ་བཞིན་གཤེགས་པ་བཞེད་པས། སྒོམ་ལམ་དགུ་ལས་མང་བ་ཉིད་དུ་ཐལ་བར་མི་འགྱུར་རོ། །ལྔ་པ་སྒོམ་ལམ་གྱི་བྱེད་པ་ལ། བརྒལ་བ་དང་། ལན་ ནོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྒོམ་པའི་ལམ་ཟབ་མོ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ངོ་བོར་གནས་པས། སྟོང་པ་ཉིད་དེ་ལ་ནི་རང་བཞིན་གྱིས་ཞི་བ་ཉིད་ཀྱི་ཕྱིར་གོམས་པ་ཕུལ་དུ་བྱུང་བར་བྱར་མེད་པ་དག་མ་ཡིན་ནམ། གོམས་པས་ཕུལ་དུ་བྱུང་ མེད་པ་དེའི་ཕྱིར་སྒོམ་ལམ་དེས་སྤང་བྱ་སྤོང་བ་དང་། གཉེན་པོ་བསྐྱེད་པ་སོགས་ཀྱི་བྱ་བ་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ་སྙམ་པའི་སྐྱེ་བོ་བློ་དམན་པའི་ངོར་དོགས་པ་འདི་བསུ་བར་མཛད་པ་ཡིན་ནོ། །གཉིས་པ་ནི། རྟགས་དྲིས་པ་ལ། མདོ་ལས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པ་ལགས་སམ། ཞེས་དྲིས་པ་ལ། རྟགས་ཞལ་གྱིས་བཞེས་ཏེ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའོ། །ཞེས་སོ། །ཁྱབ་པ་དྲིས་པ་ནི། བཅོམ་ལྡན་འདས་བརྗོད་ 5-1-406b དུ་མ་མཆིས་པའི་དོན་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མ་མཆིས་སོ། །ཁྱབ་པ་ཞལ་གྱིས་བཞེས་པ་ནི། རབ་འབྱོར་བརྗོད་དུ་མེད་པའི་དོན་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །ཞེས་ཞལ་གྱིས་བཞེས་པར་མཛད་དོ། །ཐལ་བ་འཕེན་པ་ནི། བཅོམ་ལྡན་འདས་བརྗོད་དུ་མ་ མཆིས་པའི་དོན་ལ་འཕེལ་བའང་མ་མཆིས། འགྲིབ་པའང་མ་མཆིས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བའམ་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ་ཞེས་པ་ནས། ཤེས་རབ་ཀྱི་བར་དུ་བཤད་དོ། །དེ་དག་གི་དོན་བསྡུ་བ་ནི། རྐང་པ་དང་པོ་གཉིས་རྟགས་ཁྱབ་དང་། རྐང་ པ་གསུམ་པ་ཆོས་ཅན་དང་། བཞི་པས་ཐལ་འགྱུར་བསྟན་ཏེ། དེའང་སྒོམ་ལམ་གྱི་དངོས་པོ་བརྗོད་བྱ་རྗོད་བྱེད་མ་གྲུབ་པའམ་མེད་པ་ལ་སྤང་བྱ་ཉམས་པའང་གཉེན་པོ་འཕེལ་དུ་མི་རུང་བས། སྒོམ་པ་ཞེས་བྱ་བའི་ལམ་གྱི་གནས་སྐབས་འདིར་ནི་སྤང་བྱ་ཅི་ཞིག་ཉམས་ཤིང་གཉེན་པོ་ཅི་ ཞིག་ཐོབ་སྟེ་མི་འཐོབ་པར་ཐལ་ལོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཆོས་ཉིད་ཀྱི་རང་གི་ངོ་བོར་གནས་པ་ལས་གཞན་མ་ཡིན་པར་འདོད་པའི་སྒོམ་ལམ་གྱི་དངོས་པོ་ནི་ངོ་བོ་ཉིད་དབེན་པའམ་མེད་པ་ཉིད་ཀྱིས་ཡང་དག་པར་ན་སྒོམ་པའི་ལམ་ནི་ཆོས་ཉིད་དེ་ཉིད་ དང་། ཆོས་ཉིད་ལས་གཞན་ཉིད་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་ཉིད་དུ་བརྗོད་དུ་མེད་པ་ཟབ་མོ་སྟོང་པ་ཉིད་ལ་སླར་སྒོམ་པས་རྟོགས་པ་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཕྱིར། མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་གོ་རིམ་བཞིན་དུ་འབྲལ་བ་དང་སྐྱེ་བར་མི་རུང་ངོ་། ། དེ་བས་ན་སྒོམ་པ་ཞེས་བྱ་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ནི་ཅི་ཞིག་བོར། རྣམ་པར་བྱང་བ་ནི་ཅི་ཞིག་འཐོབ་སྟེ། དེ་ལྟར་འདོད་ན་སྒོམ་ལམ་དེས་བྱ་བ་ཅུང་ཟད་ཀྱང་མི་བྱེད་པས་སྤང་བྱ་དང་གཉེན་པོའི་རྣམ་གཞག་གཞུང་དུ་ཉེ་བར་དགོད་པ་མི་བྱ་བ་ཁོ་ནར་རིགས་སོ་ཞེས་རྩོད་དོ། ། 5-1-407a གཉིས་པ་ལན་ལ། གངས་ཅན་དུ་བྱུང་བའི་རྣམ་དཔྱོད་ཅན་གྱིས་ཇི་ལྟར་འགྲེལ་བའི་ཚུལ་དང་། སློབ་དཔོན་སེང་གེ་བཟང་པོའི་ཞབས་ཀྱིས་ཇི་ལྟར་འགྲེལ་བའི་ཚུལ་གཉིས་ལས། དང་པོ་ནི། མདོ་ལས། ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སྦྱིན་ སོགས་འཕེལ་ལོ་སྙམ་དུ་མི་སེམས་ཤིང་མིང་ཙམ་མོ། །སྙམ་དུ་སྤྱོད་པའི་ཚེ། སེམས་བསྐྱེད་པ་དེ་དང་དགེ་བ་དེ་དག་བླ་མེད་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་བཞིན་དུ་བསྔོ་བ་ནི་སྒོམ་ལམ་གྱི་ངོ་བོ་ཡིན་པའི་ཕྱིར། ཐབས་མཁས་པས་རྨི་ལམ་ལྟ་བུའི་དགེ་བ་དེ་དག་བྱང་ཆུབ་ཇི་ལྟར་ དེ་བཞིན་དུ་བསྔོ་བའི་སྒོམ་ལམ་འདི་ནི་འདོད་པའི་དོན་གྱི་མཆོག་བླ་མེད་བྱང་ཆུབ་སྒྲུབ་ཅིང་ཐོབ་པར་བྱེད་པ་ཡིན་ནོ། །བྱང་ཆུབ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་ངོ་བོ་ཡིན་ཅིང་། དེ་བཞིན་ཉིད་དེའང་བྱང་ཆུབ་དེའི་མཚན་ཉིད་མང་པོ་ཡིན་པར་ བཅོམ་ལྡན་འདས་བཞེད་དོ། །འདི་ཉི་ཁྲི་སྣང་བ་ལས་ལེགས་པོར་ཐོན་ལ་སེང་བཟང་དེ་ལས་བཟློག་གོ། ཆོས་ཀྱི་མངའ་བདག་དབྱིག་གཉེན་གྱིས་བརྗོད་དུ་མེད་པའི་སྟོང་པ་ཉིད་ལ་བྱ་ཞིང་། སྟོང་པ་ཉིད་ནི་ཆོས་དཀར་པོའི་དབང་གིས་འཕེལ་བའང་མེད། ཆོས་ནག་པོའི་དབང་ གིས་འགྲིབ་པའང་མེད་པས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའང་འཕེལ་བ་དང་འགྲིབ་པ་གཉིས་མེད་ན། འོ་ན་རྒྱུ་གང་གིས་རྣམ་མཁྱེན་ཉིད་བླ་མེད་རྫོགས་པའི་བྱང་ཆུབ་པའི་སྐལ་བ་ཅན་དུ་འགྱུར་ཞེས་ཞུས་པ་སྟེ། དེ་སྐད་ཞུས་པ་དང་། བླ་མེད་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་ ལྟར་ཡོངས་སུ་སྔོ་བར་བྱེད་དོ་ཞེས་བྱ་བ་ཚིག་ཐམས་ཅད་ཐབས་མཁས་པས་ཡོངས་སུ་བསྔོ་བའི་སྟོབས་ཀྱིས་འགྱུར་བར་བསྟན་ཏོ་ཞེས་པའི་དོན་ཡིན་ཅེས་འཆད་དོ། །གཉིས་པ་ལ་སྦྱར་རྩ་འགྲེལ་གསུམ་ལས། དང་པོ་ནི། ཁྱོད་ཀྱི་རྩོད་པ་སྒོམ་ལམ་གྱི་ངོ་བོ་ཆོས་ཉིད་ཡིན་ན་བྱེད་པ་མེད་ 5-1-407b པས་ཁྱབ་པ་དེ་ལྟར་མ་ཡིན་ཏེ། མིན་པའི་ཚུལ་འདི་ལྟར་འཆད་དོ། །གཉིས་པ་ནི། བྱང་ཆུབ་ཆེན་པོ་དེ་བརྗོད་དུ་མེད་པ་དང་། འཕེལ་འགྲིབ་མེད་ཀྱང་གཞན་དོན་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སྒོམ་ལམ་འདི་ནི་ཟབ་མོའི་ཆོས་ཉིད་ཡིན་ཀྱང་། སྤང་བྱ་སྤོང་བ་སོགས་སངས་རྒྱས་ འདོད་པའི་དོན་སྒྲུབ་པར་བྱེད་པས་སྒོམ་ལམ་ཆོས་ཉིད་ཡིན་ཀྱང་བྱ་བ་མི་བྱེད་པ་མིན་པར་གྲུབ་བོ། །དེས་ན་ཐལ་འགྱུར་ལ་རྐང་པ་དང་པོ་གཉིས་ཀྱིས་ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་བཏབ་པ་ཡིན་ནོ། །དོན་དམ་པར་ནི་རྐང་པ་ཐ་མ་གཉིས་ཀྱིས་འདོད་ལན་བསྟན་པ་ཡིན་ཏེ། བྱང་ ཆུབ་དེ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཡིན་པ་བཞིན་དུ་སྒོམ་ལམ་དེའང་དེ་བཞིན་ཉིད་དེའི་མཚན་ཉིད་ཅན་དུ་བཞེད་པས། སྒོམ་ལམ་བྱེད་པ་མེད་པར་འདོད་པ་ཁོ་ནའོ། ། ཡང་ལ་ལ་དག་རྩོད་པ་འདི་དངོས་པོར་སྨྲ་བ་དག་གི་རྩོད་པ་ཡིན་ལ། དེའི་ཚེ་དཔེ་འདི་དངོས་སྨྲ་བ་ལ་མ་གྲུབ་པས་ ཐོག་མར་དཔེ་སྒྲུབ་དགོས་ལ། དེ་སྒྲུབ་པའི་ཚུལ་ནི། དེ་བཞིན་ཉིད་མཚན་ཉིད་བྱང་ཆུབ། །འདིས་ནི་འདོད་པའི་དོན་བསྒྲུབ་ཕྱིར། །ཅེས་བསྒྲུབས་ནས། བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་བྱང་ཆུབ་ཀྱི་བྱ་བ་བྱེད་པ་དེ་བཞིན་དུ་སྒོམ་ལམ་གྱི་བྱ་བ་ བྱེད་པ་ཡང་དེའི་མཚན་ཉིད་དུ་གསུངས་པ་ཡིན་ནོ་ཞེས་འདོན་ཅིང་། དོན་དམ་དུ་འདོད་ལན་བསྟན་བཅོས་སུ་མི་གསལ་བ་འགྲེལ་པས་ཁ་བསྐངས་ནས་བཤད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ་ཀུན་རྫོབ་ཏུ་མ་ངེས་པའི་ལན། དོན་དམ་དུ་འདོད་ལན་ནོ། །དང་པོ་ལ། དཔེ་དགོད་པ་དང་། དོན་བསྟན་པ་གཉིས་ལས། དང་པོ་ནི། གནས་སྐབས་ཇི་ལྟར་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པའི་དེ་བཞིན་ཉིད་ཀྱི་ངོ་བོར་གནས་པས་སྤང་བྱ་བྱང་བ་དང་། རྟོགས་བྱ་ཆུབ་པའི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་ཆོས་ཀྱི་སྐུ་དང་། ལ་སོགས་པས་ 5-1-408a ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་རང་བཞིན་གྱི་སངས་རྒྱས་གདོད་མ་ནས་གྲུབ་པ་གང་གི་བདག་པོའི་རྐྱེན་ཉེ་བར་དམིགས་པ་ཙམ་གྱིས་འདུ་བྱེད་ཀྱི་ཁམས་གདུལ་བའམ་སྦྱང་བར་བྱ་བའི་འོས་སུ་གྱུར་པའི་སྐྱེ་བོ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་ དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ། ཚོགས་བསག་པ་མཆོག་དམན་གྱི་ཁྱད་པར་དང་རྗེས་སུ་མཐུན་པར་བསོད་ནམས་ཀྱི་ཚོགས་བསགས་པ་ལ་གཟུགས་སྐུའི་དོན་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་ཆོས་སྐུའི་དོན་ཁྱད་པར་ཅན་སྣང་དུ་རུང་བའི་སེམས་གདུལ་བྱ་ལ་ སྔོན་སློབ་པའི་སྐབས་ནས་རྫོགས་སྨིན་སྦྱངས་གསུམ་གྱིས་བསྐྱེད་པའི་སྒོ་ནས་གདུལ་བྱ་དག་མངོན་པར་འདོད་པའི་དོན་བྱེད་པ་དེ་བཞིན་དུ་ཞེས་གསུངས་ལ། འདིའི་དོན་ཅུང་ཟད་གསལ་བར་སྤྲོ་ན། ཐེག་པ་ཆེན་པོ་རྒྱུད་བླ་མར། རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་ མེད་དྲི་མེད་ཡོན་ཏན་དང་། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས། །ཇི་ལྟར་རི་མོ་འབྲི་བྱེད་པ། །གཞན་དང་གཞན་ལ་མཁས་པ་དག །གང་ཞིག་ཡན་ལག་གང་ཤེས་པ། །དེས་གཞན་ངེས་ཟིན་མེད་པར་འགྱུར། །དེ་ནས་འདི་ལ་ཁྱེད་ཀུན་ གྱིས། །ང་ཡི་གཟུགས་ནི་གྱིས་ཤིག་ཅེས། །མངའ་བདག་རྒྱལ་པོས་དེ་དག་ལ། །བཀའ་ཡིས་རས་ནི་བྱིན་པ་དང་། །དེ་ནས་དེ་ནི་ཐོས་གྱུར་ཏེ། །རི་མོའི་ལས་ལ་རབ་སྦྱོར་རོ། །དེ་ལ་མངོན་པར་སྦྱོར་རྣམས་ཀྱི། །གཅིག་ཅིག་ཡུལ་གཞན་སོང་གྱུར་ན། །དེ་ནི་ཡུལ་གཞན་སོང་ བས་ན། །དེ་མ་ཚང་ཕྱིར་རི་མོ་དེ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པར། །མི་འགྱུར་བཞིན་ཞེས་དཔེར་བྱས་སོ། །དེ་རྣམས་འབྲི་བྱེད་གང་དག་ཡིན། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་ 5-1-408b པའི་དོན། རྣམ་མཁྱེན་གྱི་རྣམ་པ་ཐམས་ཅད་ཐ་སྙད་ཀྱི་གྲངས་སུ་མེད་པའམ། ཡང་ན་དོན་དམ་པའི་རྣམ་མཁྱེན་གྱི་རྣམ་པ་མཐའ་ཡས་པས་གྲངས་མེད་པ་དང་། རྣམ་ཤེས་ཀྱི་ངོ་བོ་དང་རིས་མི་མཐུན་པ་རྒྱང་ཆད་དུ་སོང་བའི་ཕྱིར་བསམ་དུ་མེད་པ་དང་། དེ་ལྟ་བུའི་རྣམ་མཁྱེན་གྱི་རྣམ་ པའམ་ངོ་བོ་དབྱེར་མེད་པ་དེ་དག་པ་དམ་པ་ཡིན་པའི་ཕྱིར་དྲི་མ་མེད་པ་དང་། ལེགས་པའི་ཡོན་ཏན་ཐམས་ཅད་དང་དབྱེར་མེད་པའི་མཚན་ཉིད་དང་ལྡན་པ་ནི་ཐར་པ་ཡིན་ལ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དེ་ལྟ་བུའི་ཡོན་ཏན་ བཞི་དང་ལྡན་པའི་བྱང་ཆུབ་དང་ཁམས་སོགས་རྡོ་རྗེའི་གནས་བདུན་ཞེས་ལྡོག་ཆ་ནས་མིང་གིས་བཏགས་པའི་ངོ་བོ་གཅིག་པོ་དེ་ནི་འདུས་མ་བྱས་པ་དང་རྟག་པ་ཡིན་པའི་ཕྱིར། དེའང་འདུས་བྱས་དང་མི་རྟག་པ་བཀག་ཙམ་གྱི་འདུས་མ་བྱས་དང་། རྟག་པ་ལྟ་བུ་མ་ཡིན་པའི་དེ་བཀག་པས་ ཁྱད་པར་དུ་བྱས་པའི་ཆོས་ཉིད་རང་མཚན་འདུ་བྱེད་ཀྱིས་འདུ་མ་བྱས་པའི་འདུས་མ་བྱས་དང་། བློ་ལ་འཆར་བའི་དངོས་གྱུར་གྱི་མི་རྟག་པ་ལྟ་བུ་མ་ཡིན་པའི་རྟག་པ་ཡིན་ནོ། །འོ་ན་བྱང་ཆུབ་དང་དེ་བཞིན་གཤེགས་པ་རྟག་པ་དང་འདུས་མ་བྱས་པ་དེ་ལ་བྱ་བྱེད་ལས་གསུམ་ཡོད་པར་ ཐལ་ཏེ། དེ་ལ་ཡོན་ཏན་ཕྲིན་ལས་སོགས་རང་གཞན་གྱི་དོན་རྒྱ་ཆེན་པོའི་བྱེད་པ་དང་ལྡན་པར་བཤད་པའི་ཕྱིར་རོ། །རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། གལ་ཏེ་འདོད་དོ་ཞེ་ན། དཔལ་ཆོས་ཀྱི་གྲགས་པས། རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་ རྟོགས་པར་དཀའ། །ཞེས་བྱ་བའི་རིགས་པས་གནོད་ཅེ་ན། དེའི་ལན་ལ། རྟག་པ་འདུས་མ་བྱས་པའི་གཞི་ལྡོག་ནས་དེ་ལྟར་ཡིན་ཀྱང་། དོན་ལྡོག་གིས་རྟག་པ་དང་འདུས་མ་བྱས་རྟེན་ཅིང་འབྲེལ་བར་འབྱུང་བའི་གཞན་དབང་དང་འཚོགས་ན། ཆོས་ཉིད་ཟབ་པའི་རྒྱུ་མཚན་གྱིས་ 5-1-409a བྱ་བྱེད་ལས་གསུམ་གྱི་རྟེན་དུ་འགྲོ་བའང་ཡོད་ལ། དེར་མ་ཟད་རྟག་པ་འདུས་མ་བྱས་ལ་བྱ་བྱེད་ལས་གསུམ་མི་རུང་ཞེས་ཆོས་ཀྱི་གྲགས་པའི་ཞབས་ཀྱིས་གསུངས་པ། དངོས་མེད་ཀྱི་རྟག་པ་འདུས་མ་བྱས་ཀྱི་དབང་དུ་བྱས་ལ། དངོས་པོའི་རྟག་པ་འདུས་ མ་བྱས་ཀྱི་དབང་དུ་བྱས་ཏེ་གསུངས་པ་མིན་ནོ། ། འོ་ན་དངོས་པོ་དང་རྟག་པ་གཞི་མཐུན་ནི་ཆོས་ཀྱི་གྲགས་པའི་ཞབས་ཀྱིས་ལེགས་པར་བཀག་པ་མ་ཡིན་ནམ་ཞེ་ན། ཤིན་ཏུ་བཀག་མོད། བཀག་པ་དེ་ལྟ་བུའི་དངོས་པོ་རྟག་པ་འདུས་མ་བྱས་དེ་དང་། འདིར་འདོད་པའི་དངོས་པོ་ རྟག་པ་འདུས་མ་བྱས་གཉིས་པོ་དེ་མི་མཚུངས་ཏེ། དེའི་ཚུལ་ནི། ཕྱི་ནང་གི་དངོས་པོར་སྨྲ་བ་དག་གིས། ཀུན་རྫོབ་མ་རིག་པས་བསླད་པའི་རྣམ་པར་ཤེས་པ་ཡུལ་དང་བཅས་པའི་ངོར་སྣང་བ་ལྟར་སྣང་དང་། ཡོད་པ་ལྟར་འཁྲུལ་བ་དང་། བདེན་པ་ལྟར་སྒྲོ་བཏགས་ པའི་ཆ་འདི་ལ་བདེན་པ་དང་། མི་བསླུ་བ་དང་ཚད་མ་དང་རྟག་པ་ཡོད་པ་མིན་ལ། མི་བདེན་པ་དང་བསླུ་བ་དང་ཚད་མིན་དང་མི་རྟག་པ་ཁོ་ནར་ངེས་ཤིང་། གང་མི་རྟག་པར་འགྱུར་ཞིང་འགྱུར་བ་དང་རང་དུས་སུ་འཇིག་པའི་ཕྱིར། ཡང་དག་པར་མི་བདེན་པས་བསླུ་བ་དང་། ཆོས་ཉིད་གཟིགས་པའི་སྤྱན་གྱིས་ཚད་མེད་དུ་རྟོགས་པས་ཚད་མ་མ་ཡིན་ལ། དེ་ལྟར་འགྱུར་བ་དང་བཅས་པའི་སྒོ་ནས་དོན་བྱེད་ནུས་པ་ལྟར་སྣང་བས་དངོས་པོ་ཞེས་བྱ། འདི་ལྟ་བུའི་དངོས་པོ་ནི་འཇིག་རྟེན་དང་རྟོག་གེའི་བློ་ལྷན་སྐྱེས་ལ་འཆར་བའི་དོན་བྱེད་ནུས་སུ་སྣང་བ་ ལ་བྱའི། དངོས་པོ་འདིའི་དབང་དུ་བྱས་ནས་དངོས་པོ་དང་རྟག་པའི་གཞི་མཐུན་འགོག་པ་ཡིན་ནོ། །འདི་ལྟ་བུའི་དངོས་པོ་དེའང་དབུ་མ་པས་ཆོས་ཅན་རང་སྟོང་གཏན་ལ་འབེབས་པ་དང་། ཆོས་ཉིད་གཞན་སྟོང་གཏན་ལ་འབེབས་པའི་སྐབས་གཉིས་ཡོད་པ་ལས། དང་ 5-1-409b པོའི་སྐབས་སུ་མི་རྟག་ཅིང་འགྱུར་བའི་སྒོ་ནས་དོན་བྱེད་པ་ནི་དོན་བྱེད་ནུས་པ་གོ་ཆོད་པོ་མིན་པས། དོན་བྱེད་པ་ལྟར་སྣང་བའི་དངོས་པོ་དེས་དངོས་པོར་གོ་མི་ཆོད་ལ། དངོས་པོར་གྱུར་པ་ནི་འགའ་ཡང་མེད་དེ། ཇི་སྐད་དུ། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ནི་དེ་ དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་དངོས་པོར་སྣང་བ་ཐམས་ཅད་འགོག་པར་མཛད་པ་ཡིན་ལ། དེའི་ཚེ་དངོས་མེད་སྒྲུབ་པར་ནི་མི་མཛད་དེ། དངོས་མེད་ཡིན་པ་དང་དངོས་མེད་ཡོད་པ་གནས་དོན་ལ་མི་སྲིད་པའི་ཕྱིར། དེར་ སྒྲུབ་པ་དགོས་པ་མེད་ཅིང་སྒྲུབ་ན་སྤྲོས་མཚན་ལས་མ་འདས་པས་སྐྱོན་དང་བཅས་པའོ། །འོ་ན་འདིར་ཆོས་ཉིད་དང་དེ་བཞིན་གཤེགས་པ་དངོས་རྟག་ཡིན་པའི་ཚུལ་ནི། དོན་དམ་པར་རང་རིག་ཡེ་ཤེས་ཀྱི་ཡུལ་དུ་ཐར་པ་ཡོན་ཏན་བཞི་ལྡན་གྱི་དེ་བཞིན་གཤེགས་པ་དོན་བྱེད་ནུས་ཀྱི་ དངོས་པོར་གནས་པ་དང་། དེ་རྟག་པ་ཡིན་ཏེ། དེ་རྒྱུན་ཆད་པའི་གནས་སྐབས་མི་སྲིད་པའི་ཕྱིར། ཐར་པ་དང་དེ་བཞིན་གཤེགས་པ་སླར་ཕྱིར་ལྡོག་དང་གཞན་འགྱུར་མེད་པའི་ཕྱིར་རོ། །དཔལ་ཕྱོགས་གླང་གྲགས་པའི་དགོངས་པ་ཡང་འདི་ཁོ་ན་ཡིན་ཏེ། མདོའི་མཆོད་ བརྗོད་དུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཞེས་ལྷན་ཅིག་བྱེད་རྒྱུ་བསམ་སྦྱོར་ཕུན་ཚོགས་ལས་སྐྱེས་པའི་འབྲས་བུ་རང་དོན་བདེ་གཤེགས་དང་། གཞན་དོན་སྐྱོབ་པའི་བྱ་བ་བྱེད་པ་བདག་ཉིད་ཀྱི་སྟོན་པ་དངོས་པོར་ གསལ་བར་གསུངས་ཤིང་། དེ་དང་མཐུན་པར་རྣམ་འགྲེལ་གྱི་མཆོད་བརྗོད་དུ། རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་ཟབ་པ་དང་རྒྱ་ཆེ་བའི་སྐུའི་འོད་ཟེར་འཕྲོ་བའི་ 5-1-410a དོན་བྱེད་ནུས་ཀྱི་དངོས་པོ་དང་། དེ་ལྟར་འཕྲོ་བའང་རེས་འགའ་བ་མིན་པར་རྟག་པར་སྟོན་པ་ནི་ཀུན་ནས་འཕྲོ་ཞེས་བསྟན་པར་མཛད་དོ། ། འདི་ལ་ཁ་ཅིག་འདི་ལྟར་སྙམ་སྟེ། དོན་དམ་ཞི་བ་འཇིག་རྟེན་ལས་འདས་པའི་རྟག་དངོས་ཞེས་སོགས་ཚིག་གི་ ཟོལ་ཡིན་གྱི། ཚིག་གི་ཟོལ་དེ་ལྟ་བུ་ཞི་བ་པའི་གཞུང་ནའང་ཡོད་དོ་ཞེ་ན། ཡོད་མོད། དེའི་ཚེ་ཞི་བ་པའི་གཞུང་གིས་དེ་ལྟར་བསྟན་པ་ཚིག་གི་ཟོལ་ཡིན་པ་བཞིན་འདིར་མི་མཚུངས་ཏེ། དོན་དམ་དང་ཞི་བ་དང་འཇིག་རྟེན་ལས་འདས་པའི་ངོས་འཛིན་མི་གཅིག་པའི་ ཕྱིར་ན། དེ་དག་གི་དོན་ལྟ་བ་རྣམ་པ་ལྔའི་སྒོ་ནས་བལྟས་པའི་བདག་ལ་བྱེད་པ་དང་། ཞི་བ་ནི་དབང་ཕྱུག་སོགས་ཀྱི་གོ་འཕང་ལ་བྱེད་པ་དང་། འཇིག་རྟེན་ལས་འདས་པ་ཡང་འདོད་པའི་བདེ་སྡུག་གི་རོ་མི་མྱོང་བ་ཙམ་ལ་བྱེད་ཅིང་། དེ་ལྟ་བུའི་དོན་དམ་སོགས་ནི་ཀུན་རྫོབ་ ཀྱིའང་ལོག་པའི་ཀུན་རྫོབ་དང་། མ་ཞི་བ་ལས་ཀྱང་མངོན་པར་མ་ཞི་བ་ཅན་ལ་སོགས་པ་ཡིན་པའི་ཕྱིར་རོ། །འདིའི་ལུགས་ཀྱི་དོན་དམ་ནི། བློའི་མདུན་དུ་དངོས་པོ་དང་དངོས་མེད་གང་དུའང་མི་དམིགས་པར་ཞི་བ་ལས་ཁྱད་པར་དུ་གྱུར་པའི་འཕགས་ཆེན་དམ་པའི་ངོར་བདག་ མེད་པའི་དངོས་པོར་གྱུར་པ་དང་། ཞི་བ་ནི་སེམས་དང་སེམས་བྱུང་གི་རྒྱུན་ཞི་བ་དང་། འཇིག་རྟེན་ལས་འདས་པ་ནི་འདུ་བྱེད་ཀྱི་ཆ་ཐམས་ཅད་རྣམ་པར་སྤངས་པ་ལ་བྱ་བའོ། །མདོར་ན་ཞི་བ་པའི་གཞུང་སོགས་ནས་བཤད་པའི་རྟག་དངོས་ནི་རྣམ་པར་གྲོལ་བ་ལ་བར་དུ་གཅོད་ པའི་སྒྲིབ་གཉིས་ཀྱི་འཛིན་སྟངས་ཀྱི་རྣམ་པ་ལ་རྟག་དངོས་སུ་སྒྲོ་འདོགས་པ་ཡིན་གྱི། འདིར་ནི་གདོད་མ་ནས་རྣམ་པར་གྲོལ་བའི་རྟག་པ། སྒྲིབ་གཉིས་སྦྱོང་བྱེད་ཀྱི་གཉེན་པོའི་དངོས་པོ་ཡིན་ཏེ། རྣམ་མཁྱེན་གྱི་དངོས་པོ་འདི་ནི་རིས་ཅན་གསུམ་གྱི་གདུལ་བྱའི་རྒྱུད་ཀྱི་སྒྲིབ་པ་ 5-1-410b སྦྱང་བར་བྱས་ནས་རང་སྲས་འཕགས་བཞི་བསྐྲུན་པར་ཡུམ་གྱི་མདོ་ལས་གསུངས་པའི་ཕྱིར་རོ། །འདི་ལྟ་བུའི་རྟག་དངོས་མེད་དོ་ཞེས་སྐུར་པ་གདབ་པར་མི་བྱའོ། །དེས་ན་རྟག་དངོས་ཀྱི་མིང་མཐུན་པ་ཙམ་གྱིས་དོན་མཐུན་པ་མིན་ནོ། ། ཡང་སྤྱིར་མཆོག་གི་དོན་ཅན་གྱི་རྟག་ དངོས་དོན་ལ་གནས་པ་ལྟར་མིང་དུ་འདོགས་པ་ནི་མི་འཐད་དོ་སྙམ་ན་ནི། བསམ་པ་ཐ་ཆད་པ་སྟེ། དེ་ལྟར་དངོས་སྟོབས་ཀྱིས་ཞུགས་པ་ལས་བཟློག་སྟེ་སྨྲ་དགོས་སོ་ཞེས་བསམ་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ཕྱོགས་གླང་གྲགས་པས་བཀག་པའི་རྟག་དངོས་དང་། དེ་དག་ གིས་བཞེད་པའི་རྟག་དངོས་མ་འདྲེས་པར་ཤེས་པར་བྱ་དགོས་ཤིང་། དེས་ན་དེ་བཞིན་གཤེགས་པ་དང་། བྱང་ཆུབ་དང་ཕྱག་རྒྱ་ཆེན་པོ་རྟག་དངོས་ཡིན་པ་མདོ་རྒྱུད་བསྟན་བཅོས་ཆེན་པོ་ཐམས་ཅད་དུ་གསལ་ཞིང་། དེ་ལྟ་བུའི་ལུང་གི་རྟགས་ལ་ཡིད་རྟོན་པར་མི་བྱེད་ན་ནི་ཤིན་ ལྐོག་གི་སྤྱོད་ཡུལ་ཡིན་པས་ཁྱེད་ཅག་གི་བློ་ལ་ངེས་མི་ནུས་པས་ན་ལུང་གི་རྟགས་ལ་ཡིད་ཆེས་པར་བྱའོ། ། འོ་ན་ཐར་པ་རྟག་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེས་གཞན་གྱི་དོན་བྱེད་པའི་དངོས་པོ་ཇི་ལྟར་བསྐྱེད་ཅེ་ན། མགོ་བོ་འབྲི་བ་དང་། ལག་པ་འབྲི་བ་སོགས་རེ་རེ་ལ་ མཁས་པའི་རི་མོ་པ་རྣམས་ལ་རྒྱལ་པོས། ཁྱོད་རྣམས་ཀྱིས་ངའི་གཟུགས་ཚང་བར་བྲིས་ཤིག་རེས་མནོས་པ་ན། མགོ་བོ་འབྲི་བ་པོ་མེད་ན་རྒྱལ་པོའི་མགོ་བོའི་རི་མོ་མི་ཚང་བར་ཆད་པ་བཞིན་དུ་སློབ་པའི་ལམ་དུ་ཐར་པ་རྟག་པ་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་རྣམས་བསལ་བར་བྱས་ནས་ ཐར་པ་དམ་པའི་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པའི་ཐབས་ཕར་ཕྱིན་བཅུ་སོགས་ཀྱིས་ལེགས་པར་བསྒྲུབས་པས་ཐབས་རྣམ་པ་ཀུན་ལྡན་གྱིས་བསྒྲུབ་པར་གྱུར་པའི་སྟོང་པ་ཉིད་རྟག་པ་དམ་པ་ནི་ཆོས་ཉིད་ཀྱི་སྐུའམ་གཟུགས་སུ་གྱུར་པའི་དོན་བྱེད་ནུས་ཀྱི་དངོས་པོར་བརྗོད་ལ། དེའི་ཐབས་ 5-1-411a ཆ་རེ་རེ་མ་ཚང་ནའང་རྫོགས་པའི་སངས་རྒྱས་ཀྱི་སྐུ་གཉིས་མངོན་དུ་མི་གསལ་བས་སོ། ། དེས་ན་གདུལ་བྱ་བློའི་མེ་ལོང་དག་པ་རྒྱུད་གཉེན་པོའི་ཕྱོགས་སུ་གྱུར་ཏེ་ཆོས་ཉིད་དང་རྟོགས་པ་མཐུན་པ་ཐར་པ་དམ་པའི་རང་བཞིན་ལ་ཉེ་བའི་ཤེས་པ་གསལ་རིག་གི་ཆ་ལ་རྟེན་ ཅིང་འབྲེལ་བར་འབྱུང་བའི་དབང་གིས་ཐར་པ་རྟག་པ་དེ་བཞིན་གཤེགས་པས་བདག་རྐྱེན་བྱས་ནས་གཟུགས་སྐུའི་རྣམ་པ་སྣང་བ་ལ་བརྟེན་ནས་སེམས་ཅན་གྱི་སྒྲིབ་པ་སྤོང་བ་དང་། གཉེན་པོ་བསྐྱེད་པ་སོགས་དོན་རང་བཞིན་གྱིས་འབྱུང་བའམ་སྒྲུབ་པར་བྱེད་པས་ན་དེ་བཞིན་གཤེགས་ པ་རྟག་པ་ཡིན་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་སྒོ་ནས་བྱ་བྱེད་ལས་གསུམ་འཐད་དེ། འཐད་པའི་རྣམ་གསལ་གྱི་དཔེ་ཡང་ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་སྟོང་ཉིད་རྟག་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་ཀུན་རྫོབ་ཏུ་བྱ་བྱེད་ལས་གསུམ་ ཐ་སྙད་དུ་བྱེད་པར་མཐོང་བ་བཞིན་ཅེས་རྣལ་འབྱོར་སྤྱོད་པར་སྨྲ་བའི་སློབ་དཔོན་དག་གིས། ངོ་བོ་ཉིད་མེད་སྨྲ་བ་རྣམས་ལ་འཐད་པ་དཔེ་དང་བཅས་ཏེ་བཀོད་པ་ཡིན་ལ། དེ་ལ་ཐལ་རང་གི་སློབ་དཔོན་དག་སྟོང་ཉིད་དུ་རྟག་ཅེས་བྱ་བ་འདི་མི་འཐད་དོ་ཞེ་ན། འོ་ན་ཡུམ་ ལས་སྟོང་ཉིད་འདུས་མ་བྱས་ཁོ་ནར་གསུངས་པ་དེ་མི་འཐད་པར་འགྱུར་ཏེ། སྟོང་ཉིད་དུ་རྟག་པ་མ་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་མདོ་དང་དངོས་སུ་འགལ་ལོ། །དེས་ན་རྒྱལ་བ་བྱམས་པའི་དགོངས་པ་དང་མཐུན་ པར། གཞུང་ཕྱི་མོ་སྨྲ་བའི་རྒྱལ་བའི་སྲས་གཅིག་སློབ་དཔོན་ཞི་བ་ལྷས་ཀྱང་། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །དཔེར་ན་ནམ་མཁའ་ལྡིང་གིས་ནི། ། 5-1-411b མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ། །དེ་འདས་ཡུན་རིང་ལོན་ཡང་དེ། །དུག་ལ་སོགས་པ་ཞི་བྱེད་བཞིན། །བྱང་ཆུབ་སྤྱོད་པ་རྗེས་མཐུན་པས། །རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་། །བྱང་ཆུབ་སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་ མཛད། །ཅེས་སོགས་ཀྱི་དོན་ནི། ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་གིས་ལས་སུ་བྱ་བ་དགོས་འདོད་ཐམས་ཅད་སྤྲུལ་ནས་གང་ལ་གང་འདོད་པ་ལྟར་སྦྱིན་པའི་བྱེད་པ་མེད་ཀྱང་། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་གང་དུ་ཉེ་བར་དམིགས་ པའི་སྐྱེ་བོ་ལ་ཇི་ལྟར་རེ་བ་ཡོངས་སུ་སྐོང་བར་བྱེད་དོ། །དེའང་ཡིད་བཞིན་ནོར་བུ་དང་། དེ་དམིགས་པའི་སྐྱེ་བོ་གཉིས་འཕྲད་པའི་བྱེད་པ་ལས་ལས་སུ་བྱ་བ་དགོས་དགུ་འབྱུང་བར་སྣང་བ་དེ་བཞིན་དུ་གདུལ་བྱའི་རྒྱུད་དག་པ་དང་། དེ་བཞིན་གཤེགས་པ་རྟག་པ་དམ་པའི་ དངོས་པོ་བརྙེས་ཤིང་སེམས་ཅན་གྱི་དོན་བྱེད་པའི་བྱ་བ་དང་ལྡན་པའི་སྨོན་ལམ་ཡོངས་སུ་རྫོགས་པའི་དབང་དང་མཐུ་ལས་རྟག་པའི་དངོས་པོ་ཡིན་ཀྱང་། གདུལ་བྱའི་སྣང་བ་ལ་གཤེགས་བཞུད་འགྲོ་འོང་མཛད་པ་སོགས་ཀྱི་རྒྱལ་བའི་སྐུར་སྣང་བ་ནི་མི་འགལ་ལོ། ། འོ་ན་ རྟག་དངོས་དེ་ཉིད་ཀྱིས་བྱ་བྱེད་ལས་གསུམ་བྱས་པ་མ་ཡིན་པར་ཐལ། གདུལ་བྱའི་རྒྱུད་དག་པ་ལ་སྐུར་སྣང་བའི་སྣང་ཆ་ཙམ་ཞིག་གིས་བྱ་བྱེད་ལས་གསུམ་གྱི་རྟེན་བྱེད་པར་སོང་བའི་ཕྱིར་རོ་ཞེ་ན། རྟགས་དེ་ཉིད་ཀྱིས་ཁོ་བོའི་འདོད་པ་ལེགས་པར་གྲུབ་སྟེ། དེ་ བཞིན་གཤེགས་པ་རྟག་དངོས་དེ་ཡོད་པའི་ཆོས་དབྱིངས་ཀྱི་རྒྱུ་མཐུན་ཟབ་མོ་དེའི་བདག་པོའི་རྐྱེན་གྱིས་རྒྱལ་བའི་སྐུའི་རྣམ་པ་ལེགས་པར་གཏོད་པར་བྱེད་པའི་ཕྱིར་རོ། ། འོ་ན་རྟག་པས་རྣམ་པ་གཏད་པ་དེའི་ཚེ་བྱེད་པ་དང་བཅས་ཏེ་གཏད་ན་རྟག་པར་འགལ་ཅིང་། བྱེད་ 5-1-412a པ་མེད་པར་རྣམ་པ་ཇི་ལྟར་གཏད་ཅེ་ན། འདི་ལ་མགོ་མཚུངས་དང་། རྣལ་ལན་ནོ། །དང་པོ་ནི། འོ་ན་དོན་རང་མཚན་ཀྱང་ཤེས་པ་ལ་རྣམ་པ་མི་གཏོད་པར་ཐལ་ཏེ། རང་དུས་སྐད་ཅིག་མའི་དོན་རང་མཚན་གཅིག་གིས་བྱ་བྱེད་གང་ཡང་མི་བྱེད་པའི་ཕྱིར་ ཁྱབ་པ་ཁས་བླངས། ཕྱོགས་ཆོས་ཚད་མས་གྲུབ། འདོད་ན། རང་མཚན་སྐད་ཅིག་མ་དེས་རྣམ་པ་གཏད་པའི་ཚེ་བྱེད་པ་དང་བཅས་ཏེ་གཏད་ན། དོན་རང་མཚན་རང་དུས་ཀྱི་སྐད་ཅིག་མ་ཆ་མེད་ཉམས་ཏེ། དེ་ལ་ཆ་དང་བཅས་པའི་བྱེད་པ་དང་ལྡན་པའི་ཕྱིར། དེ་བྱེད་ པ་དང་ལྡན་ན་རང་དུས་སྐད་ཅིག་མ་གཅིག་ལ་རང་དུས་དང་རྣམ་པ་གཏོད་བྱེད་ཀྱི་སྐད་ཅིག་མ་གཉིས་སུ་ཐལ་ཏེ། རྒྱུ་མཚན་དེའི་ཕྱིར། དེ་འདོད་ན་རང་དུས་ཀྱི་རང་མཚན་སྐད་ཅིག་མ་ཉམས་པས་རྣམ་པ་ཇི་ལྟར་གཏོད། ཡང་རང་དུས་ཀྱི་དོན་རང་མཚན་གྱི་འདུ་བྱེད་པ་ མེད་པར་རྣམ་པ་གཏོད་ན་ནི་རྟག་པས་བྱ་བྱེད་བྱེད་པར་འགལ་ཅེས་སྨྲ་བ་དེ་ཁྱོད་ཅག་ལའང་མཚུངས་སོ། ། གཉིས་པ་ནི། རྣམ་པ་གཏད་པ་དེ་གཏོད་བྱེད་ཀྱི་རྒྱུ་ཡོད་པའི་མཐུ་ལས་རྣམ་པ་གཏོད་པ་ཡིན་གྱི། གཏོད་བྱེད་ཀྱི་རྒྱུའང་རྟག་པར་ཡོད་པ་དང་། མི་རྟག་པར་ཡོད་ པ་གཉིས་ལས། དང་པོ་ནི། དོན་དམ་པའི་ཡོད་པ་གོ་ཆོད་པོ་དང་། གཉིས་པ་ནི། ཀུན་རྫོབ་པའི་ཡོད་པ་ལྟར་སྣང་བའོ། །འོ་ན་རྟག་པས་རྣམ་པ་ཡང་མི་གཏོད་དེ། བྱེད་པ་དང་བཅས་ན་རྟག་པར་འགལ་ཅེས་སོགས་ཀྱི་རིགས་པ་དང་། མི་རྟག་པས་གཏོད་ན་ཆོས་ ཅན་སྐྱེས་ཟིན་ནས་ཞིག་ཟིན་པས་ཇི་ལྟར་གཏོད་ཅེས་སོགས་དོན་དམ་པར་རྟག་མི་རྟག་གང་གིའང་རྣམ་པ་གཏོད་པ་ལ་རིགས་པས་དཔྱད་པ་མི་བཟོད་ཀྱང་། ཆོས་ཉིད་རྟག་པས་རྣམ་པར་གཏོད་པ་དང་། ཆོས་ཅན་མི་རྟག་པས་རྣམ་པ་གཏོད་པའི་ཚུལ་འདི་ནི་རྟེན་ཅིང་འབྲེལ་བར་ 5-1-412b འབྱུང་བ་ཟབ་མོ་སྒྱུ་མ་ལྟ་བུའི་ཚུལ་གྱིས་རིག་པར་བྱའོ། །ཞེས་དབུ་མའི་ལུགས་ལས་འབྱུང་བ་ལྟར་ཤེས་པར་བྱའོ། ། གཞན་ཡང་རྟག་པ་ཡིན་ན་བྱ་བྱེད་འགལ་ཅེས་པ་བློའི་ཁྱོན་དུ་ཡིད་ཟ་མི་དགོས་ཏེ། བྱེད་པོ་མེད་ཀྱང་བྱ་བ་ཡོད་པ་འགལ་ཅེས་རྟོག་གེ་ལས་གྲགས་ ཀྱང་། རིགས་པས་དཔྱད་ན་མི་འགལ་ཏེ། དཔེར་ན་ནམ་མཁའ་ལྡིང་གིས་མཆོད་སྡོང་བསྒྲུབས་ནས་མཛེ་ལ་སོགས་པའི་ནད་ཞི་བར་བྱེད་དགོས་སྙམ་པ་ལས། སྙམ་པ་པོས་མཆོད་སྡོང་བསྒྲུབས་ནས་སྒྲུབ་པོ་ཚེ་ལས་འདས་པར་གྱུར་ཏེ། ཡུན་རིང་ལོན་ཀྱང་མཆོད་སྡོང་ གིས་དུག་སོགས་ཞི་བའི་བྱ་བ་བྱེད་པ་དེ་བཞིན་དུ་སློབ་པ་བྱང་ཆུབ་སེམས་དཔའི་ལྟ་སྤྱོད་ཟབ་མོས་ས་བཅུར་རྒྱལ་བ་རྟག་པ་དམ་པའི་སྐུ་སྒྲིབ་པ་དང་བྲལ་བར་གསལ་བའི་མཆོད་སྡོང་བསྒྲུབས་ནས། མཆོད་སྡོང་དེ་དང་རྗེས་སུ་མཐུན་པ་རྒྱལ་བའི་གཟུགས་ཀྱི་སྐུས་སེམས་ཅན་ གྱི་དོན་བྱ་བྱེད་ལས་གསུམ་བྱེད་ཀྱང་། བྱང་ཆུབ་སེམས་དཔའ་རྒྱལ་བའི་སྐུ་སྒྲུབ་པ་པོ་དེ་ནི་ས་བཅུའི་རྒྱུན་མཐར་མྱ་ངན་ལས་ཡོངས་སུ་འདས་ཏེ་རྒྱུན་ཆད་ཀྱང་བསྒྲུབས་པར་གྱུར་པའི་མཆོད་སྡོང་རྟག་པར་གནས་པར་གྱུར་པ་དེས་ན་སེམས་ཅན་གྱི་དོན་བྱེད་པ་ཡང་རྟག་ པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ནའང་རྟག་པ་དང་བྱེད་པ་མི་འགལ་བར་གྲུབ་བོ། ། ཡང་གཞན་དག་ལུང་དེ་ལྟ་བུས་བྱེད་པ་རྟག་པར་བཤད་པ་ཡིན་གྱི། རྟག་པས་བྱ་བ་བྱེད་པའི་དོན་མ་ཡིན་ནོ་ཞེ་ན། འོ་ན་ནི་བྱེད་པ་རྟག་པ་དེ་ཆོས་ཅན། ཁྱོད་མི་བྱེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན་ཁས་བླངས་ཀྱིས་བསལ་བ་ཡིན་ནོ། ། འདིར་སྨྲས་པ། གྲོང་དཀར་དཔྲལ་བར་ཆོ་རིས་ཆོ་ལོས་རྩེན་པའི་ལོག་བཤད་ལ། ། རྟག་པའི་དངོས་ཀྱིས་བྱ་བ་བྱེད་པ་གྲངས་ཅན་ཁོ་ནའི་གཞུང་། ། ཡིན་ཅེས་ 5-1-413a སྨྲ་ལ་སོགས་པའི་གཏམ་ངན་རླུང་གིས་ཁྱེར་བ་རྣམས། ། བདག་དང་གཞན་གྱི་རྣ་བས་རྟག་ཏུ་ཐོས་པར་མ་གྱུར་ཅིག །ཅེས་སོ། །གཉིས་པ་ནི། གོང་དུ་སྨོས་པའི་དཔེ་དེ་བཞིན་དུ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་སྟེ་བསྒོམས་ པས་གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས་བདེན་པ་མངོན་སུམ་དུ་བྱས་པའི་སྒོམ་ལམ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་འདི་ཡང་ཀུན་རྫོབ་ཏུ་དྲི་མ་བྲལ་བ་དང་གཉེན་པོ་བསྐྱེད་པ་སོགས་མངོན་པར་འདོད་པའི་བྱ་བ་བྱེད་དོ། །གཉིས་པ་དོན་དམ་དུ་འདོད་ལན་ནི། དོན་དམ་ པར་གནས་ལུགས་ལ་སླར་སྤངས་པ་ཉམས་པ་དང་། རྟོགས་པ་འཕེལ་བ་ཡོད་པ་མིན་པ་དགག་པའི་ཚུལ་དུ་བཞེད་པས་དེའི་ཚེ་སྤང་བྱ་དང་གཉེན་པོའི་འདུ་འགོད་ཀྱི་སྦྱོར་བ་མེད་པ་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་ན་སྤང་བྱ་སྤོང་བ་དང་། གཉེན་པོ་བསྐྱེད་ པ་སོགས་ཀྱི་བྱ་བ་དོན་གྲུབ་པས་ཉམས་འཕེལ་མེད་པ་ཉིད་སྦྱོར་བ་ཡིན་པའི་ཕྱིར་སྒོམ་ལམ་གྱི་བྱ་བ་མི་བྱེད་པའི་ཉེས་པ་མེད་དོ། །དྲུག་པ་འབྲས་བུ་ལ་རྩོད་པ་དགོད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དོན་དམ་པར་བྱང་ཆུབ་ལ་འཕེལ་འགྲིབ་མེད་པ་ དེ་ལྟར་ཡིན་ནའང་ཀུན་རྫོབ་ཏུའང་བྱང་ཆུབ་ཀྱི་བྱ་བ་ལ་སོགས་པའི་དོན་བྱེད་པར་མི་རུང་ངོ་སྙམ་པའི་དོགས་པ་བསུ་བའི་ཕྱིར་གཞུང་འདི་བཀོད་པར་མཛད་པ་ཡིན་ནོ། །རཏྣ་ཀིརྟི་ལྟར་ན། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་པའི་དཔེ་ལ་རྩོད་པར་བཞེད་དོ། །དེ་དང་ མཐུན་པར་གྲགས་ཆ་ལས། བྱང་ཆུབ་གྲུབ་པར་གྱུར་པ་ཡིན་ན་དཔེར་བྱ་བ་ཡིན་གྱི། མ་གྲུབ་པར་ན་དཔེར་སྦྱར་བར་མི་བྱའོ་ཞེས་གསུངས་པས། བྱང་ཆུབ་ཉིད་ཇི་ལྟར་བྱང་བ་དང་ཇི་ལྟར་ཆུབ་ཏུ་རུང་བ་ལ་དོགས་པ་བཀོད་པའོ། །གཉིས་པ་ནི། མདོར། སེམས་དང་ 5-1-413b པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་སེམས་སླད་མ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ། རེ་ཞིག་གལ་ཏེ་སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན་ནི། སེམས་དང་པོ་བསྐྱེད་པ་ཡང་སེམས་སླད་མ་བསྐྱེད་པ་དང་མི་འགྲོགས། སེམས་སླད་མ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན། སེམས་སླད་མ་བསྐྱེད་པ་ཡང་སེམས་དང་པོ་བསྐྱེད་པ་དང་མི་འགྲོགས་ཏེ། བཅོམ་ལྡན་འདས་དེ་ ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་འགྲོགས་ན་ཇི་ལྟར་དགེ་བའི་རྩ་བ་རྣམས་ཚོགས་སུ་འགྱུར། དགེ་བའི་རྩ་བ་མ་བསགས་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ཞེས་ སོགས་ཀྱི་དོན་ཏེ། དེའང་སྒོམ་ལམ་གྱི་སེམས་ནི་ཆོས་ཅན། བྱང་ཆུབ་ཆེན་པོ་སྐྱེད་པར་བྱེད་པའི་ཐབས་མ་ཡིན་པར་ཐལ། སེམས་སྔ་མས་ཀྱང་བྱང་ཆུབ་སྐྱེད་པར་བྱེད་པའི་ཐབས་ཀྱི་རིགས་པ་མ་ཡིན་ལ། སེམས་ཕྱི་མས་ཀྱང་བྱང་ཆུབ་པར་བྱེད་པའི་ཐབས་མ་ ཡིན་པའི་ཕྱིར། མ་གྲུབ་ན། སེམས་སྔ་མས་ཀྱང་བྱང་ཆུབ་པའི་ཐབས་མ་ཡིན་ཏེ། སེམས་སྔ་མ་དེ་སེམས་ཕྱི་མ་དང་མ་འཕྲད་པའི་ཕྱིར་ཏེ། སེམས་སྔ་མ་ཡོད་པའི་ཚེ་ཕྱི་མ་མ་སྐྱེད་ནས་མེད་པའི་ཕྱིར། སེམས་ཕྱི་མས་ཀྱང་བྱང་ཆུབ་པ་མ་ཡིན་ཏེ། སེམས་སྔ་མ་ 5-1-414a དེ་ཕྱི་མ་དང་མ་འཕྲད་པའི་ཕྱིར་ཏེ། སེམས་ཕྱི་མ་སྐྱེས་པའི་ཚེ་སྔ་མ་འགགས་ནས་མེད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། གཏན་ཚིགས་སྒྲུབ་པ་དང་། ཐལ་བ་འགོད་པའོ། །དང་པོ་ནི། སེམས་སྔ་མ་དང་ ཕྱི་མ་ཁོ་ན་དང་། དུས་གཅིག་ཏུ་འབྱུང་བའི་མང་པོ་དང་། རིམ་གྱིས་འབྱུང་བའི་མང་པོ་ལ་བརྟེན་ནས་བྱང་ཆུབ་འཐོབ། དང་པོ་ལྟར་རོ་ཞེ་ན། མ་ཡིན་ཏེ། སྔ་མ་དང་ཕྱི་མར་གྱུར་པའི་སེམས་རེ་རེ་བས་ནི་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པའི་རྒྱུ་སློབ་ལམ་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དོན་མཐའ་དག་འཚོགས་པར་ཤེས་པ་རེ་རེ་བ་ལས་མི་སྣང་བའི་ཕྱིར། སྔ་ཕྱིའི་ཤེས་པ་རེ་རེས་ཀྱང་བྱང་ཆུབ་སྒྲུབ་པར་ནི་རིགས་པ་མ་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུ་ཚོགས་གྲངས་མ་ཚང་བའི་ཕྱིར་རོ། །གཉིས་པ་ལྟར་རོ་ཞེ་ ན། འདོད་པའི་དོན་སྒྲུབ་པར་བྱེད་པ་སྣང་བའི་སེམས་རྒྱུད་གཅིག་ལ་དུས་ཅིག་ཅར་དུ་བྱུང་བའི་སེམས་བསྐྱེད་པ་མང་པོ་ཉིད་ཀྱིས་ཀྱང་བྱང་ཆུབ་སྒྲུབ་པའི་ཐབས་བྱེད་པ་མ་ཡིན་ཏེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ། །ཞེས་དང་། རྣམ་འགྲེལ་ ལས། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅིག་ཅར་དུ་ནི་འཇུག་ཕྱིར་རམ། །རྟོག་གཉིས་ཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་འབྱུང་བས། རྒྱུད་གཅིག་ལ་དུས་གཅིག་ཏུ་ཤེས་པ་མང་ པོ་འབྱུང་མི་སྲིད་པའི་ཕྱིར་རོ། །གསུམ་པ་ལྟར་རོ་ཞེ་ན། བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པ་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རྟོགས་པའམ་ཐོབ་པར་འགྱུར་བའི་ཐབས་རང་གི་ངོ་བོ་རིམ་གྱིས་ 5-1-414b འབྱུང་བས་དེ་ལྟ་བུའི་སེམས་བསྐྱེད་པ་སྔ་ཕྱིར་གྱུར་པ་མང་པོ་ཚོགས་པ་ཉིད་ཀྱིས་ཀྱང་བྱང་ཆུབ་ཀྱི་ཐབས་མ་ཡིན་ཏེ། སེམས་བསྐྱེད་པ་སྐད་ཅིག་སྔ་མ་དེ་བྱུང་མ་ཐག་ཏུ་སེམས་བསྐྱེད་པ་སྐད་ཅིག་ཕྱི་མ་དེའི་རྗེས་སུ་འགྲོ་བ་མེད་པ་ཉིད་དུ་འཇིག་པས་ན་སེམས་བསྐྱེད་པ་སྔ་ཕྱི་ ཕན་ཚུན་འབྲེལ་བ་མེད་པའི་ཕྱིར། དེ་ལྟར་མེད་ན་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིམ་བཞིན་བྱང་ཆུབ་སྒྲུབ་པའི་ཐབས་ཀྱི་ནུས་པ་རང་དུས་སུ་ཟད་ནས་བྱང་ཆུབ་ལ་མི་སྦྱོར་བར་འགྱུར་ཞེས་དོགས་སོ། །གཉིས་པ་ཐལ་བ་འགོད་པ་ནི། རྒྱུ་མཚན་དེ་བས་ན་ཇི་ལྟར་བྱང་ཆུབ་ ཀྱི་དོན་ཁྱད་པར་ཅན་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་སེམས་ཅན་གྱི་དོན་ཇི་ལྟར་བྱེད་དེ་མི་བྱེད་པར་ཐལ་ལོ་ཞེས་བཀོད་དོ། །འདིར་རྩོད་པའི་སེམས་བྱང་ཆུབ་པར་རིགས་མི་རིགས་ཞེས་པ་འདི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། སྦྱོར་བས་དེའི་ཐབས་སྒྲུབ་པའི་ ཐབས་དེའི་སྒོ་ནས་སྒྲིབ་པ་བྱང་བ་དང་ཆོས་ཉིད་ཁོང་དུ་ཆུབ་པར་མི་འགྱུར་ཞིང་། དེ་ལྟར་འགྱུར་ན་བྱང་ཆུབ་ཀྱི། །འདིས་ནི་འདོད་པའི་དོན་སྒྲུབ་བྱེད། །ཅེས་སོགས་མི་འཐད་པར་འགྱུར་ཏེ། བྱང་ཆུབ་ཉིད་མ་གྲུབ་པའི་ཕྱིར་རོ་ཞེས་པའི་དོན་ཡིན་ལ། ལ་ལ་དག་སེམས་ སྐད་ཅིག་མའི་ཤེས་རྒྱུན་བྱང་ཆུབ་ཀྱི་ངོ་བོར་རང་བཞིན་གྱིས་འགྱུར་བ་རིགས་པ་མིན་ཅེས་རྩོད་ནས། རྒྱལ་བ་སྲས་བཅས་ཀྱིས་དེའི་ལན་དུ་སེམས་སྐད་ཅིག་མ་འདི་བྱང་ཆུབ་ཀྱི་ངོ་བོར་འགྱུར་བའི་ལན་བསྟན་པ་ཡིན་ཟེར། ལན་དེ་ལྟ་བུ་ལྟ་ཞོག །རྒྱལ་བ་སྲས་བཅས་ ཀྱིས་སེམས་ཡིད་རྣམ་ཤེས་དྲུངས་མ་ཕྱུང་བར་བྱང་ཆེན་ཐོབ་པ་ལེགས་པར་བཀག་པ་ཡིན་པས་ཡི་མུག་བསྐྱེད་པའི་གཏམ་དེ་ལྟ་བུ་བདག་དང་སྐལ་བ་མི་མཉམ་པས་ཐོས་པར་མ་གྱུར་ཅིག །(བདུན་)པ་ལན་དཔེ་དང་བཅས་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། 5-1-415a ཅེ་ན་ཞེས་ཕྱོགས་སྔ་བཀོད་དེ། རྩོད་པ་དེ་ནི་ཡང་དག་པ་མ་ཡིན་པས་ལན་འཆད་དོ། །གཉིས་པ་ལ། མདོར། རབ་འབྱོར་འདི་ཇི་སྙམ་དུ་སེམས། འབྲུ་མར་གྱི་མར་མེ་འབར་བས་སྙིང་པོ་ཚིག་པར་གྱུར་པ་ན། མེ་ལྕེ་དང་པོ་དང་འཕྲད་པས་སྙིང་པོ་ དེ་ཚིག་གམ། དེ་མེ་ལྕེ་ཕྱི་མ་དང་འཕྲད་པས་སྙིང་པོ་དེ་ཚིག་ཅེས་དྲིས་པའི་ལན་དུ། བཅོམ་ལྡན་འདས་མེ་ལྕེ་དང་པོ་དང་འཕྲད་པས་ཀྱང་སྙིང་པོ་ཚིག་པ་ཡང་མ་ལགས། མེ་ལྕེ་དང་པོ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པ་མ་ལགས། བཅོམ་ལྡན་འདས་མེ་ལྕེ་སླད་ མ་དང་འཕྲད་པས་ཀྱང་སྙིང་པོ་དེ་ཚིག་པ་མ་ལགས། མེ་ལྕེ་སླད་མ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པ་མ་ལགས། ཞེས་པས་དོན་དམ་པར་ན་ཚིག་པ་མེད་ཅེས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། འོན་ཀྱང་ སྙིང་པོ་དེ་ཚིག་མོད། གསོལ་བ། བཅོམ་ལྡན་འདས་དེ་ནི་ཚིག་གོ། བདེ་བར་གཤེགས་པ་དེ་ནི་ཚིག་གོ། ཞེས་ཀུན་རྫོབ་ཏུ་ཚིག་པར་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་དང་པོ་བསྐྱེད་པ་ལ་མ་བརྟེན་ཀྱང་ཞེས་པ་དང་། སེམས་ཕྱི་མ་བསྐྱེད་པ་ལ་མ་བརྟེན་པར་ཡང་ཞེས་བཞི་གསུངས་ནས། བྱང་ཆུབ་སེམས་ དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཡང་མ་ཡིན། ཅེས་སོགས་ཀྱི་དོན་ནི། མར་མེའི་སྐད་ཅིག་སྔ་ཕྱི་འཚོགས་ནས་སྡོང་བུ་བསྲེགས་པའི་དཔེའི་ཚུལ་གྱིས་ནི་སྒོམ་ལམ་ཕྱིར་མི་ལྡོག་པའི་རྟགས་ཟབ་མོའི་ 5-1-415b ་ཆོས་ཉིད་རྣམ་པ་བརྒྱད་སྐད་ཅིག་སྔ་ཕྱི་རིམ་བཞིན་འབྱུང་བ་ལ་བལྟོས་ནས་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་སུ་གསུངས་སོ། ། ཡང་མཁས་པ་དག་གིས་འདི་ལྟར་དུ་གསུངས་ཏེ། སློབ་དཔོན་གྱི་དགོངས་པ་ནི། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །བྱང་ཆུབ་པར་ནི་ འགྱུར་བ་ཡིན། །དཔེ་འདི་ཉིད་ཀྱི་སྒོ་ནས་ནི། །ཟབ་མོ་བརྒྱད་ཀྱིས་རྟོགས་པར་བྱ། །ཞེས་པར་འདོན་ཏེ། དེའང་མར་མེའི་དཔེའི་ཚུལ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སེམས་བསྐྱེད་ཀྱིས་བྱང་ཆུབ་བསྐྱེད་པའི་ཚུལ་དང་། ཞར་ལ་ཟབ་མོའི་ཆོས་ཉིད་བརྒྱད་ ཀྱང་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེའང་འདི་ལྟར་འགྱུར་ཏེ། སྡོང་བུ་སྣུམ་ལྡན་སྲེག་བྱེད་ཀྱི་མར་མེ་ཆོས་ཅན། དེ་མི་བསྲེག་པར་ཐལ། ཁྱོད་ཀྱིས་སྐད་ཅིག་དང་པོ་ཁོ་ནས་ཀྱང་མི་བསྲེག །ཕྱི་མ་ཁོ་ནས་ཀྱང་མི་བསྲེག །དེ་གཉིས་ལྷན་ཅིག་ཏུ་ ཚོགས་པ་ནི་མི་སྲིད་པའི་ཕྱིར་རོ། །དེ་ལ་རབ་འབྱོར་གྱིས། ཁྱབ་པ་མེད་དེ། ལྟོས་མེད་དུ་མི་བསྲེག་ཀྱང་སྔ་ཕྱི་རིམ་ཅན་དུ་འབྱུང་བ་ལ་བརྟེན་ནས་བསྲེག་པའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས། འོ་ན་སྔ་མ་ལའང་ཁྱབ་པ་མེད་པར་ཐལ། སེམས་བསྐྱེད་པས་ བྱང་ཆུབ་ལྟོས་མེད་དུ་མི་བསྐྱེད་ཀྱང་། སྔ་ཕྱི་རིམ་ཅན་དུ་འབྱུང་བ་ལ་བལྟོས་ནས་བསྐྱེད་པའི་ཕྱིར། དེ་ལྟར་ན་མར་མེའི་དཔེས་སྐྱེ་བ་ཟབ་པ་ཁོང་དུ་ཆུད་ཅིང་། དེ་ལ་བརྟེན་ནས་བརྒྱད་ཀ་ཁོང་དུ་ཆུད་པར་བྱའོ་ཞེས་བཞེད་ཅིང་གསུངས་ལ། ཉི་སྣང་ལས་ནི། མར་མེའི་ དཔེ་སེམས་བསྐྱེད་ཀྱིས་བྱང་ཆུབ་སྐྱེད་ཚུལ་ཁོ་ན་མཚོན་བྱེད་དུ་སྦྱར་ན། སེམས་བསྐྱེད་སྐད་ཅིག་སྔ་ཕྱི་རེ་རེས་མི་བསྐྱེད་ཅིང་། དེ་དག་མེད་པར་ཡང་མི་བསྐྱེད་ལ། འོན་ཀྱང་བསྐྱེད་པར་ནི་འདོད་དོ། །ཞེས་བསྟན་པ་དེ་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། ཟབ་མོའི་ཆོས་ 5-1-416a ཉིད་རྣམ་པ་བརྒྱད་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ་ཞེས་འཆད་དོ། །ཤཱནྟི་པ་ལྟར་ན། མར་མེའི་དཔེས་བྱང་ཆུབ་པར་འགྱུར་པར་ཤེས་པར་བྱ་ན། བྱང་ཆུབ་པ་དེ་གང་ཞེ་ན། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་མངོན་དུ་བྱས་པའོ། །འོ་ན་ཟབ་ མོའི་ཆོས་ཉིད་བརྒྱད་གང་ཞེ་ན། སྐྱེ་བ་དང་ནི་ཞེས་སོགས་ཀྱིས་འཆད་པར་བཞེད་དོ། ། ཡང་ཕྱི་རབས་པ་ཁ་ཅིག་ན་རེ། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཞེས་པ་སྔ་མའི་ལན་ཡིན་ལ། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། ཅེས་པ། སྐྱེ་བ་དང་ནི་འགག་པ་ ཞེས་སོགས་ཀྱི་མདོར་བསྟན་ཡིན་པས། དོན་ཚན་མི་གཅིག་ཀྱང་དཔེ་གཅིག་གི་སྒོ་ནས་དོན་གཉིས་མཚོན་པས་བཤད་པ་ཟོར་ཡང་བའི་ཕྱིར་ཕྱོགས་གཅིག་ཏུ་མཛད་དོ་ཞེས་ཟེར་རོ། །གསུམ་པ་ལ། དཔེ་སྒྲུབ་པ། དཔེ་དོན་སྦྱར་བ། གཞན་ཡང་མཚོན་ཚུལ་ དང་གསུམ་ལས། དང་པོ་ལའང་གསུམ། མ་ལྟོས་པར་མི་བསྲེག །བལྟོས་ནས་བསྲེག་པ། དོན་བསྡུ་བའོ། །དང་པོ་ནི། མ་ལྟོས་པར་མི་བསྲེག་པའི་རྒྱུ་མཚན་ཅི་ལྟར་ཞེ་ན། མེ་ལྕེ་དང་སྡོང་བུའི་སྙིང་པོ་འཕྲད་པའི་སྐད་ཅིག་མ་དང་པོ་ལ་མེ་ལྕེ་དང་སྙིང་པོ་ རང་གི་ངོ་བོ་ཐ་དད་པའི་རྒྱུས་ཕན་ཚུན་ཐ་དད་པའི་སྒོ་ནས་སྡོང་བུ་དང་མེ་ལྕེ་དུས་མཉམ་པར་འཕྲད་པ་ཙམ་དུ་བསྐྱེད་པ་ཡིན་གྱི། སྡོང་བུ་སྲེག་ནུས་ཀྱི་ནུས་པ་ཁྱད་པར་ཅན་དུ་མ་བྱས་པའི་ཕྱིར་དང་། དེས་ན་སྐད་ཅིག་མ་གཉིས་པ་མེད་པར་རྒྱུ་དང་འབྲས་བུའི་མཚན་ ཉིད་ཅན་གྱི་གོ་རིམ་བཞིན་དུ་སྲེག་པར་བྱེད་པ་མེ་ལྕེ་དང་། བསྲེག་པར་བྱ་བ་སྡོང་བུ་ཚིག་པ་མེད་ལ། མར་མེ་སྐད་ཅིག་མ་དང་པོའི་དུས་སུ་མར་མེ་སྐད་ཅིག་མ་གཉིས་པ་ལ་མ་ལྟོས་པར་མི་བསྲེག་པ་དེ་བཞིན་དུ། སྐད་ཅིག་མ་དང་པོ་འདས་རྗེས་སུ་བྱུང་བའི་སྐད་ཅིག་མ་ 5-1-416b དང་པོའི་རྒྱུ་ལ་མ་ལྟོས་པར་མེ་ལྕེ་དང་སྙིང་པོ་སྲེག་བྱེད་དང་བསྲེག་བྱ་ཁྱད་པར་ཅན་གྱི་ནུས་པ་སྐད་ཅིག་མ་གཉིས་པ་ལ་ཡང་མེ་ལྕེས་སྡོང་བུ་སྲེག་པའི་བྱ་བ་མེད་དེ། །གལ་ཏེ་སྲེག་པའི་བྱ་བ་དེ་བྱེད་ན་དུས་རྟག་ཏུ་བསྲེག་པའི་བྱ་བ་ཡོད་པའམ། ལ་སོགས་པས་རྟག་ཏུ་བྱ་ བ་མེད་པར་ཐལ་བར་འགྱུར་ཏེ། སྐད་ཅིག་མ་དང་པོའི་རྒྱུ་ལ་མ་ལྟོས་པའི་སྐད་ཅིག་མ་གཉིས་པ་དེ་རྒྱུ་མེད་དུ་ཐལ་བ་གང་ཞིག །དེར་ཐལ་ན། རྒྱུ་མེད་ལ་འབྱུང་ན་རེས་འགའ་འབྱུང་བ་མ་ཡིན་པར་ཐལ་ཏེ། རྟག་པའི་ཡོད་མེད་གང་རུང་ལས་མ་འདས་པའི་ཕྱིར། རྣམ་འགྲེལ་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག །འབྱུང་བ་བལྟོས་པ་ལས་ཡིན་ནོ། །ཞེས་སོ། །དེ་བས་ན་སྐད་ཅིག་མ་དང་པོ་མེད་པའམ་མ་ལྟོས་པར་ཀུན་རྫོབ་དེ་འཇིག་རྟེན་པའི་ཐ་ སྙད་དུའང་སྐད་ཅིག་མ་གཉིས་པའི་ནུས་པ་ཁྱད་པར་ཅན་འབྱུང་བ་མེད་པའི་ཕྱིར། མར་མེའི་སྐད་ཅིག་གཉིས་པར་ཡང་རྒྱུ་དང་འབྲས་བུའི་མཚན་ཉིད་གོ་རིམ་བཞིན་དུ་སྲེག་པར་བྱེད་པ་མེ་ལྕེ་དང་། བསྲེག་པར་བྱ་བ་སྡོང་བུ་ཚིག་པ་མེད་དོ། །གཉིས་པ་ནི། རྒྱུ་མཚན་ གང་གི་ཕྱིར་ན་སྐད་ཅིག་སྔ་ཕྱི་ལྟོས་མེད་དུ་བསྲེག་བྱ་སྲེག་བྱེད་མི་འཐད་པ་དེ་ལྟར་ཡིན་པ་དེའི་ཕྱིར། འོན་ཀྱང་སྲེག་པ་གང་གི་ཚེ་འཕྲལ་གྱི་རྐྱེན་ཉིད་སྣང་ཚོད་པ་འདི་པ་ཙམ་གྱི་བདག་ཉིད་ཀྱི་རྐྱེན་ལ་བལྟོས་ནས་སྲེག་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་དབང་ གིས་ཡིན་ལ། ཆོས་ཉིད་དེ་ལྟ་བུ་ནི་ཆོས་ཉིད་གོ་ཆོད་པོ་མ་ཡིན་པས་མ་བརྟགས་གཅིག་པུ་ཉམས་དགའ་བ་ཉིད་དུ་གནས་ལ། བརྟགས་ན་ཆོས་ཉིད་དེ་ལྟ་བུ་དཔྱད་མི་བཟོད་པ་རང་གི་ངོ་བོས་སྟོང་ཡང་འཁྲུལ་ཤེས་ཀྱི་ངོར་རྒྱུ་དང་འབྲས་བུ་སྔ་ཕྱིའི་འབྲེལ་བ་གྲུབ་པའི་ 5-1-417a སྟོབས་ཀྱིས་སྡོང་བུ་དང་མེ་ལྕེ་གཉིས་ཀ་འཕྲད་པའི་ནུས་པ་ཁྱད་པར་ཅན་གྱི་རང་དུས་སྐད་ཅིག་དང་པོ་ལ་བལྟོས་ནས་ལྟོས་པ་དེས་བྱས་པའི་སྙིང་པོ་སྲེག་པ་ལ་མཐུ་ཕུལ་དུ་ཕྱིན་པ་དང་ལྡན་པའི་ནུས་པ་ཁྱད་པར་ཅན་མར་མེའི་སྐད་ཅིག་མ་གཉིས་པ་ལ་ སོགས་པ་ཡོད་ན་ཚིག་པའི་ནུས་པ་ཐོགས་མེད་དུ་གྱུར་པ་དེའི་ཚེ་རྒྱུ་སྔ་མ་མེད་པར་ཞིག་ཀྱང་། རྒྱུ་མེ་ལྕེ་དང་འབྲས་བུ་སྡོང་བུ་བསྲེག་པ་དག་གོ་རིམ་བཞིན་དུ་དུས་མཉམ་དུ་མེ་ལྕེ་ཐ་མ་སྐྱེ་བ་དང་། སྡོང་བུ་འཇིག་པར་འཇིག་རྟེན་ལ་དམིགས་པས་སྲེག་པར་བྱེད་པ་མེ་ལྕེ་ དང་། བསྲེག་པར་བྱ་བ་སྡོང་བུ་དག་ཐ་སྙད་དུ་ཡོད་པར་གྲགས་སོ། །གྲགས་པ་ལས་གཞན་དཔྱད་ན་ཐ་སྙད་དུའང་མེ་ལྕེ་དང་སྡོང་བུ་འཕྲད་པའང་ཡོད་པ་མིན་པ་ནི་ཞར་ལ་འོངས་པའོ། །གསུམ་པ་དོན་བསྡུ་བ་ནི། གྲགས་པའི་རྒྱུ་མཚན་དེ་བས་ན་སྐད་ཅིག་མ་དང་པོས་ཀྱང་མེ་ལྕེའི་ སྐད་ཅིག་མ་གཉིས་པ་ལ་མ་བལྟོས་པར་སྙིང་པོ་མ་བསྲེགས་ལ། སྐད་ཅིག་མ་གཉིས་པས་ཀྱང་མེ་ལྕེའི་སྐད་ཅིག་མ་དང་པོ་ལ་མ་བལྟོས་པར་སྙིང་པོ་མི་བསྲེགས་པ་ཞེས་བྱ་བ་འདི་གྲུབ་བོ། །གཉིས་པ་དཔེ་དོན་སྦྱར་བ་ནི། མར་མེའི་དཔེའི་ཚུལ་གྱིས་སྐད་ཅིག་མ་སྔ་ཕྱིར་གྱུར་པ་གཉིས་ པོ་དེ་ཡུལ་སྡོང་བུ་གཅིག་ཚིག་པ་ལ་ཕན་པ་ཉེ་བར་སྦྱོར་བར་ཤེས་པར་བྱེད་པ་ལྷུར་ལེན་པས། མེ་ལྕེ་སྐད་ཅིག་མ་སྔ་མ་དང་ཕྱི་མ་ཚོགས་ནས་སྡོང་བུ་བསྲེགས་པ་དེ་བཞིན་དུ་དྲན་པ་ཉེར་བཞག་སོགས་བྱང་ཆུབ་སྒྲུབ་པར་བྱེད་པའི་རྒྱུའི་དངོས་པོ་ཚད་ཡོད་པ་ནུས་ཆུང་ ཞིག་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་སྔ་མ་ལ་བརྟེན་ནས་ནུས་ཆུང་སྔ་མ་དེ་ལ་སྣང་བའི་དོན་གྱིས་ཕྱི་མའི་ཤེས་པ་ལ་དབེན་པ། སྔ་མ་ལས་ལྷག་པར་ཁྱད་པར་དུ་འཕགས་པའི་བྱང་ཆུབ་ཀྱི་དོན་ནུས་ཆེན་སྣང་བའི་རྣམ་པར་ཤེས་པ་སྒོམ་པའི་ལས་སྒྲུབ་པར་བྱེད་ 5-1-417b པ་ཕྱི་མ་སྐྱེ་བའི་སྒོ་ནས་བྱང་ཆུབ་རིམ་གྱིས་འཐོབ་པར་རིགས་སོ། །གསུམ་པ་གཞན་ཡང་མཚོན་ཚུལ་ནི། གོང་དུ་ཇི་སྐད་སྨོས་པའི་མར་མེའི་དཔེ་ཁོ་ནས་གཞན་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་མངོན་པར་རྟོགས་པ་དང་། ཇི་ལྟར་སྒོམ་པའི་ཚུལ་ཁོང་དུ་ཆུད་ པར་བྱ་བ་ཡིན་པས་སོ། །བརྒྱད་པ་ཟབ་མོ་བརྒྱད་ཀྱི་རྟགས་ཉིད་བསྟན་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱི་རྟགས་ཀྱི་མཚན་ཉིད་བརྗོད་པའི་ཕྱིར། འདིར་ཟབ་མོའི་ ཆོས་ཉིད་རྣམ་པ་བརྒྱད་བསྟན་ཅིང་འདི་གང་ཟག་སུའི་ཡུལ་ཏེ་རྒྱུད་གང་ལ་ལྡན་པ་ཡིན་ཅེ་ན། གཉིས་པ་ནི། མདོར། གསོལ་བ། སེམས་དང་པོ་བསྐྱེད་པས་ཀྱང་སེམས་དང་པོ་བསྐྱེད་པ་ལ་མ་བརྟེན། སེམས་སླད་མ་བསྐྱེད་པས་ཀྱང་སེམས་སླད་མ་བསྐྱེད་པ་ལ་ མ་བརྟེན་པར་བྱང་ཆུབ་ཆེན་པོ་བླ་མེད་དུ་འཚང་རྒྱ་བ་མ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་རྟེན་ཅིང་འབྲེལ་བ་ཟབ་པ་དེ་ནི་ངོ་མཚར་རོ། །ཞེས་སོགས་ཀྱི་དོན་ནི། ཀུན་རྫོབ་ཀྱི་སྐྱེ་བ་བརྟགས་ན་མ་སྐྱེས་པ་དང་། མ་སྐྱེས་པ་དེ་ཀུན་རྫོབ་རང་ལ་བལྟོས་པའི་དོན་དམ་དང་། འདི་དོན་དམ་གོ་ཆོད་དུ་འདོད་པ་ངོ་བོ་ཉིད་མེད་སྨྲ་བ་དག་ཡིན་ཅིང་། དེ་རྣམ་གྲངས་པའི་དོན་དམ་པར་དབུ་མ་པ་ཆེན་པོ་དག་བཞེད་ལ། དོན་དམ་པའི་སྙིང་པོ་སྤྲོས་བྲལ་དུ་སྐྱེས་པ་ནི་བརྟགས་དཔྱད་ཀྱི་བློ་ ལ་དོན་སྤྱི་སེལ་བ་ཙམ་ཡང་སྣང་མི་རུང་ཞིང་། རྒྱུ་མཚན་དེའི་ཕྱིར་དེ་ལྟ་བུའི་སྐྱེ་བ་དེ་རྟག་མི་རྟག་ཡོད་མེད་སོགས་ཀྱི་མཐའ་མིན་པས་སྐྱེ་བ་ཟབ་པ་དང་ནི། ཀུན་རྫོབ་ཏུ་ནི་འཁྲུལ་ངོར་ཆོས་དག་སྣང་བ་ལ་འཁྲུལ་ཚུལ་མ་སྐྱེས་པ་གང་ཞིག་སྐྱེས་པར་འཁྲུལ་པ་དང་ 5-1-418a ་དེ་ལྟར་འཁྲུལ་པས་མ་སྐྱེས་པའི་སྟོབས་ཀྱི་སྐྱེ་བ་བརྫུན་པ་དེ་སྐྱེས་པར་མ་བརྟགས་པས་ཡང་འཁྲུལ་ཏེ་འགག་པར་སྣང་བ་དང་། ཡང་འཁྲུལ་རྒྱུན་གྱིས་འགགས་པ་དེ་སླར་གདོད་སྐྱེས་བྱུང་སྙམ་པ་སོགས་མ་རིག་པའི་བསླད་བཞུགས་པ་རྣམས་ ལ་འབྱུང་གི། དོན་དམ་པར་ན་ཀུན་རྫོབ་པའི་ཆོས་ཐམས་ཅད་ནི་སྐྱེ་མི་སྲིད་པའི་ཕྱིར་འགག་རྒྱུ་མི་སྲིད་ལ། དོན་དམ་མཆོག་གི་རང་བཞིན་འགྱུར་བ་མེད་པར་གནས་པས་འགག་པ་དང་རྒྱུན་ཆད་པ་མེད་པས་འགག་པ་ཟབ་པ་དང་། བདེན་པ་གཉིས་ཀྱི་དེ་བཞིན་ ཉིད་ཐ་དད་ཅིང་གཉིས་ཀ་ལའང་དངོས་སྟོབས་ཀྱི་བྱ་བྱེད་ལས་གསུམ་རེ་ཡོད་ལ། བྱ་བྱེད་ཀྱི་ཚུལ་གོ་ཆོད་པོ་ཡིན་མིན་བདེན་བརྫུན་གྱིས་འབྱེད་ཅིང་། འོན་ཏེ་དེ་བཞིན་ཉིད་གཉིས་ཀའང་སྟོང་ཉིད་ཙམ་དུ་རིས་མཐུན་པས་དེ་བཞིན་ཉིད་ཟབ་པ་དང་། ཀུན་རྫོབ་ཏུ་ཤེས་ པར་བྱ་བ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་རྣམ་ཤེས་ཀྱིས་ཤེས་པར་བྱ་བ་གཞལ་དུ་མེད་པ་དང་། དོན་དམ་པའི་ཆོས་ཉིད་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་ཀྱིས་ཤེས་པར་བྱ་བའི་ཡུལ་ཚད་ཀྱིས་གཞལ་བ་ལས་འདས་ཀྱང་། རྫོགས་པའི་སངས་རྒྱས་ནི་བདེན་པ་གཉིས་ཀའི་ཤེས་བྱ་ཀུན་མངོན་པར་ཁོང་དུ་ཆུབ་པས་ཤེས་བྱ་ཟབ་པ་དང་། རྣམ་ཤེས་ནི་མ་རིག་པའི་རྐྱེན་གྱིས་མཐུས་སྣང་བ་རེས་འགའ་བ་ཡིན་ཅིང་། ཡེ་ཤེས་ནི་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པ་རྟག་པའི་ངོ་བོར་གནས་པས་ ཤེས་པ་ཟབ་པ་དང་། དོན་དམ་པའི་བྱང་ཆུབ་ནི་སྤྱོད་པས་མཆོག་དམན་དུ་མི་འགྱུར་ཡང་། ཀུན་རྫོབ་ཏུ་ཡིད་ཀྱི་ཀུན་ཏུ་སློང་བ་དང་འབྲེལ་བའི་ལུས་ངག་གི་སྤྱོད་པའི་ཁྱད་པར་མཆོག་དམན་གྱིས་བློ་བུར་གྱི་དྲི་མ་ཡོད་པ་ལྟར་སྣང་བ་དང་། བསལ་བ་ལྟར་སྣང་བས་ 5-1-418b སྤྱོད་པ་ཟབ་པ་དང་། བཏགས་པ་ཀུན་རྫོབ་པའི་ཆོས་ཅན་དང་ཆོས་ཉིད་གཉིས་སུ་མེད་པ་བཞིན་རྫས་སུ་ཡོད་པ་དོན་དམ་པའི་ཆོས་ཅན་ཆོས་ཉིད་གཉིས་སུ་མེད་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་བདེན་གཉིས་སོ་སོའི་ཆོས་ཅན་དང་ཆོས་ཉིད་གཉིས་སུ་མེད་པས་ཟབ་པ་ དང་། ཀུན་རྫོབ་ཀྱི་ངོར་སངས་རྒྱས་གདོད་སངས་རྒྱས་དགོས་པ་ལྟར་འཚང་རྒྱ་བའི་ཐབས་ཀྱི་རྒྱུ་རྐྱེན་འཚོལ་ཞིང་། དོན་དམ་པར་གདོད་མ་ནས་སངས་རྒྱས་ཟིན་པ་ཉིད་སངས་རྒྱས་སུ་གྲུབ་པར་སྟོན་པའི་ཐབས་མཁས་པ་ལ་ཉེ་བར་སྦྱོར་བ་ཟབ་པ་ཉིད་དེ། རྟོགས་ པར་དཀའ་བ་གཏིང་མི་དཔོགས་པ་སྟེ་བརྒྱད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། ཟབ་པའི་དབྱེ་བ་དང་། ཟབ་པའི་ཚུལ་གཉིས་ལས། དང་པོ་ནི། སེམས་སྐད་ཅིག་མ་སྔ་མ་དང་ཕྱི་མ་དག་གིས་རང་བཞིན་བྱང་ཆུབ་ཏུ་འགྱུར་བ་མ་ཡིན་ལ། ཀུན་རྫོབ་པའི་ཆོས་ངོ་བོ་ཉིད་མེད་པར་དགག་པས་ཀྱང་བྱང་ཆུབ་ཆེན་པོ་མི་བསྐྱེད་དེ། དེ་ནི་ཡོད་པ་བཀག་ཙམ་གྱི་མེད་པ་འབའ་ཞིག་ཡིན་པའི་ཕྱིར། འོ་ན་བྱང་ཆུབ་དེ་ཇི་ལྟ་བུ་ཞེ་ན། བདེན་པ་མཐོང་བའི་སྒོམ་པས་གློ་བུར་གྱི་དྲི་མ་ཡོད་མ་མྱོང་བ་ལ་ཡོད་པར་ སྒྲོ་འདོགས་ཀྱི་གདགས་བྱ་འདོགས་བྱེད་བཏགས་པ་དང་བཅས་པ་ཟད་ནས་ཡང་དག་པའི་ཡེ་ཤེས་ཀྱི་དོན་རྟོགས་པར་བྱ་བའི་བྱང་ཆུབ་ཀྱི་དོན་ཁྱད་པར་དུ་འཕགས་པ་གདོད་མ་ནས་ཡོད་པ་དེ་མངོན་པར་གསལ་བར་བསྐྱེད་དོ། །ཞེས་བྱ་བ་འདི་ནི་ཕན་ཚུན་ བལྟོས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་བྱང་ཆུབ་སླར་བསྐྱེད་པ་ལྟར་སྣང་བས་སྐྱེ་བ་ཟབ་པ་དང་། དངོས་པོ་ཐམས་ཅད་རྐྱེན་ལ་བལྟོས་ནས་བྱུང་བ་ཙམ་ཉིད་ནས་བྱུང་བ་དང་སྐྱེས་པའི་རང་བཞིན་གྱི་ངོ་བོ་ཉིད་མེད་ལ། དེ་ལྟར་མེད་པ་ལ་སྐྱེ་འགག་མི་ 5-1-419a འཐད་ཀྱང་། ཀུན་རྫོབ་ཀྱི་རྣམ་གཞག་ཏུ་ཡང་འདིར་སྐྱེ་བ་ལ་བལྟོས་པས་འགག་གོ་ཞེས་བྱ་བ་ལ་སོགས་འགག་པ་ཟབ་པ་དང་། སློབ་ལམ་གྱི་གནས་སྐབས་ཐམས་ཅད་དུ་དེ་བཞིན་ཉིད་ལ་མཉམ་བཞག་ཏུ་ཡེ་ཤེས་ཀྱིས་སྔར་མངོན་གྱུར་དང་ རྗེས་ཐོབ་ཏུ་ཡང་དག་པའི་དམིགས་པ་དང་རྗེས་སུ་མཐུན་པའི་ཚུལ་གྱིས་གོམས་ཀྱང་། ཐབས་ཀྱི་མཐར་མ་ཕྱིན་པར་དེ་བཞིན་ཉིད་དེ་ཁོ་ན་ལ་མཉམ་པར་བཞག་པ་ཁོ་ནར་མི་གནས་པས། དེ་བཞིན་ཉིད་མངོན་དུ་མི་བྱེད་ཅེས་བྱ་བ་ནི་དེ་བཞིན་ཉིད་རྟོགས་པའི་ཚུལ་ ལ་ཟབ་པ་ཡིན་ལ། ཁ་ཅིག་སར་གནས་ཀྱི་སེམས་དཔའ་འདོད་ན་ཡང་དག་པའི་མཐའི་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ཐོབ་པར་ནུས་ཞེས་པའི་ཚེ། སར་གནས་ཀྱི་སེམས་དཔའི་རྒྱུན་ཆད་ནས་ཞི་བ་འབའ་ཞིག་ལ་ཞུགས་པའམ་གནས་པ་ཡིན་ནོ་ཟེར་བ་དེ་ ལ་དེའི་ཚེ་སར་གནས་ཀྱི་སེམས་དཔའ་རྒྱུན་ཆད་པ་ནི་མ་ཡིན་ཏེ། ད་དུང་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཐོབ་པས་སྤངས་པ་ཡོངས་རྫོགས་དང་རྟོགས་པ་ཡོངས་རྫོགས་མེད་ལ། དེ་མེད་ན་གང་སེམས་དཔའ་ཞེས་གདགས་གཞིར་གྱུར་པའི་སྤོང་བ་ ལྷག་མ་རྒྱུད་ལྡན་དེ་ད་དུང་ཡོད་པའི་ཕྱིར་དང་། དེ་ཞི་བ་ལ་ཞུགས་ཟིན་ཀྱང་སླར་སེམས་དཔའ་དེ་སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་བ་ན་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པའི་ཕྱིར་ཡང་གནས་སྐབས་དེའི་ཚེ་སེམས་དཔའ་རྒྱུན་ཆད་པ་མིན་ནོ། །དེ་བཞིན་ ཉིད་ཀྱི་རང་བཞིན་གྱི་ཆོས་ཉིད་ཐམས་ཅད་ལ་སྒྲིབ་བྱེད་ཀྱི་སྒྲིབ་པ་སྤངས་པའི་ཕྱིར། སྦྱིན་པ་ལ་སོགས་པ་རྣམ་པ་དུ་མ་རྗེས་སུ་སྒྲུབ་པར་བྱེད་དེ། དེ་ལྟར་བྱས་པས་ཚོགས་བསགས་སྟོབས་ཀྱིས་སྒྲིབ་པ་སྤངས་པའི་མཐུ་ནུས་ལྷག་པར་འཕེལ་བ་ཞེས་བྱ་བ་ 5-1-419b འདིས་ཤེས་བྱ་ཐམས་ཅད་ལ་བློ་འཇུག་པའི་ཚུལ་ཟབ་པ་དང་། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ནས་སྤྲོས་པར་མཐོང་བ་མེད་པ་ཉིད་གནས་ཚུལ་ལ་ཞུགས་པའི་མཐོང་བ་ཡིན་ནོ་ཞེས་བྱ་བ་ཤེས་པ་ཟབ་པ་ཡིན་ཏེ། སྤྱིར་མེད་པ་ལ་མངོན་སུམ་པར་མཐོང་དུ་མི་ རུང་བ་སོ་སྐྱེའི་ཤེས་པ་ལ་ཡིན་ཀྱང་། བདེན་པ་མཐོང་བའི་ཤེས་པ་ནི་ཆོས་ཀྱི་མིག་ཐོབ་པའི་ཕྱིར། མེད་པ་མཐོང་དུ་རུང་བའང་སྲིད་པའི་ཕྱིར་ཏེ། ཤིན་ཏུ་ཕྲ་བའི་དོན་ཡིན་པས་སོ། །རྒྱུ་མཚན་དེས་ན་དེ་ལྟ་བུ་ནི་ཤེས་པ་ཟབ་པ་ཡིན་ནོ། །ཆོས་ཉིད་སྟོང་པ་ཉིད་ཀྱིས་ལས་ སུ་བྱ་བ་ཐམས་ཅད་ལ་སྤྱོད་པ་མེད་པ་ཉིད་ལ་གནས་ཀྱང་། སྟོང་པ་ཉིད་ཀྱི་སྒོ་ལས་ཐམས་ཅད་རུང་བའི་ཕྱིར་སྦྱིན་སོགས་སྤྱོད་པའོ་ཞེས་བྱ་བས་སྤྱོད་པ་ཟབ་པ་དང་། དོན་དམ་པའི་ཆོས་ཉིད་གཅིག་པུ་ཉིད་ལས་གཞན་པའི་ཀུན་རྫོབ་པའི་ཆོས་གཉིས་སུ་སྟེ་གཉིས་པ་མེད་པ་ ངོ་བོ་ཉིད་དུ་གནས་པ་ཡང་ཀུན་རྫོབ་ཉིད་དུ་ཀུན་རྫོབ་པའི་སངས་རྒྱས་སྒྲུབ་པའི་ཐབས་ཐམས་ཅད་སྒྲུབ་བོ་ཞེས་བྱ་བ་གཉིས་སུ་མེད་པ་ཟབ་པ་དང་། སེམས་ཅན་གྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བསགས་པ་ལ་འབད་ཀྱང་། སེམས་ཅན་དེས་དེའི་འབྲས་བུ་སངས་རྒྱས་ ཉིད་མི་འཐོབ་ཅེས་པ་འདི་ཐབས་ལ་མཁས་པས་ཟབ་པ་ཡིན་ཏེ། འོ་ན་སེམས་ཅན་འཚང་མི་རྒྱ་ན་སེམས་ཅན་གྱིས་སྒྲུབ་པའི་ཐབས་ལ་འབད་པ་ལ་དགོས་པ་མེད་དོ་ཞེ་ན། སེམས་ཅན་འཁོར་བར་འཁོར་བའི་རྒྱུ་མཚན་ནི། དཔལ་ཆོས་ཀྱི་གྲགས་པས། ཇི་སྲིད་བདག་ཆགས་ མ་བཅོམ་ཞིང་། །དེ་ནི་ཡོངས་སུ་གདུངས་གྱུར་པ། །དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །རང་བཞིན་དུ་ནི་གནས་པ་མེད། །ཅེས་བྱང་ཆུབ་ཆེན་པོའི་རང་བཞིན་དུ་གནས་པ་ལ་བདག་བཟློག་དགོས་པར་བསྟན་ཅིང་། བདག་དང་སེམས་ཅན་དུ་འཛིན་པ་པོ་དེ་གྲོལ་བ་དང་འཚང་རྒྱ་ 5-1-420a བ་མ་ཡིན་ཀྱང་། ལམ་སྒྲུབ་ལ་དགོས་པ་ཡོད་དེ། ཆོས་ཀྱི་གྲགས་པས། གྲོལ་བ་པོ་ནི་མེད་ན་ཡང་། །ལོག་པར་སྒྲོ་འདོགས་གཞོམ་ཕྱིར་བརྩོན། །ཅེས་གསུངས་པ་ལ་ཡིད་ཆེས་པར་བྱའོ། །གཉིས་པ་ཟབ་པའི་ཚུལ་ནི། རྣམ་པར་ཤེས་པས་ བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའམ་སྤྱོད་ཡུལ་ཐོབ་པའི་སྒོ་ནས་བདེན་གཉིས་ཕན་ཚུན་འགལ་བའི་ཚུལ་གྱིས་བྱང་ཆུབ་ཀྱི་དོན་སྒྲུབ་པ་ན་གཏིང་དཔག་པར་དཀའ་བས་ཟབ་པ་ཉིད་ཡིན་ནོ། །གསུམ་པ་སྤྱིའི་དོན་བསྡུ་བ་ནི། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་མཚན་ ཉིད་དང་བཅས་པ་བཤད་ཟིན་ཏོ། ། འདིར་སྨྲས་པ། བདེ་བར་གཤེགས་པའི་ལམ་ལ་འཇུག་ཚེ་དམ་པའི་ས་ཡི་ཁང་བཟང་ཉིད་དུ་ཕན་བདེ་ཡོངས་འདུའི་གྲིབ་དོགས་ལ། །སེམས་དཔའི་རྒྱལ་པོ་ཐབས་མཁས་དཔུང་བཅས་སྙིང་སྟོབས་དབང་གིས་འགྲོ་ཚེ་དུབ་པ་ བསལ་ཕྱིར་ངལ་གསོར་བྱེད་པ་ན། །ཟབ་མོའི་རོ་མྱོང་དགའ་བའི་དཔལ་ལས་ཕྱིར་ལྡོག་མེད་ཅིང་ཐར་པའི་མི་མཐུན་ཕྱོགས་ཀུན་ཕམ་པར་བྱེད་པ་ནི། །སྙིང་རྗེའི་དབང་གྱུར་གསེར་གྱི་འཁོར་ལོ་ནམ་མཁར་འཕགས་ནས་དྲེགས་ལྡན་སྤྱི་བོར་བཀའ་ཡིས་མེ་ཏོག་འཆིང་བར་བྱེད། ། ཅེས་སོ། །གསུམ་པ་སྒོམ་རིམ་ཁྱད་པར་ཅན་ལ་གསུམ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། ཞིང་དག་པའི་སྦྱོར་བ། ཐབས་མཁས་པའི་སྦྱོར་བ་བཅུ་སྒོམ་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། འཁོར་འདས་ཀྱི་རང་བཞིན་གང་ ཡིན་པ་དང་། དེ་ཚུལ་ཇི་ལྟར་མཉམ་པ་དང་། སྦྱོར་བ་འདི་ས་མཚམས་གང་ནས་བསྐྱེད་པ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། མདོར། ཤཱ་རིའི་བུས་རབ་འབྱོར་ལ་སྨྲས་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་གང་ལ་ལས་རྨི་ལམ་དུ་སྟོང་པ་ཉིད་ 5-1-420b དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན་ཅི་ཤེར་ཕྱིན་རྣམ་པར་འཕེལ་ལམ། རབ་འབྱོར་གྱིས་སྨྲས་པ། ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན་རྨི་ལམ་དུ་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ ན། རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའོ། །རྨི་ལམ་གྱི་སྒྲས་ནི་འཁོར་བ་དང་། སད་པའི་སྒྲས་མྱང་འདས་བསྟན་ཏེ། རྨི་ལམ་དང་སད་པའི་ཁྱད་པར་གཉིད་ཀྱིས་ཕྱེ་བ་བཞིན་འཁོར་འདས་ཀྱི་ཁྱད་པར་མ་རིག་པའི་བསླད་པ་ཞུགས་མ་ཞུགས་ལ་བྱེད་པའི་ ཕྱིར། དེའང་འདིར་བསྟན་གྱི་འཁོར་འདས་དེ་གྲོལ་སྡེ་གཉིས་དང་། སློབ་དཔོན་ཤཱནྟི་པ་སོགས་མི་མཐུན་ཕྱོགས་རྣམ་པར་རྟོག་པ་དང་། གཉེན་པོའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རིམ་བཞིན་བཞེད་ལ། མདོ་ལས། འཁོར་བ་ནི་འཁྲུལ་སྣང་སྣ་ཚོགས་ལ་བཞེད་ཅིང་ མྱང་འདས་ནི་དེའི་རང་བཞིན་སྟོང་ཉིད་ལ་བཞེད་དེ། འདི་ནི་འཁྲུལ་བའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་འཁྲུལ་བའི་གཉིད་སད་ན། །འཁོར་བ་རྣམས་ནི་དམིགས་སུ་མེད། །དེ་ཡི་ཕྱིར་ན་འགའ་ཞིག་ལ། །བློ་བསྐྱེད་མེད་པ་སངས་རྒྱས་ཡིན། ། ཅེས་པ་ལྟར་རམ། ཡང་ན་སྐབས་འདིར་རཏྣ་ཀཱིརྟིས། ཁམས་གསུམ་པའི་རྣམ་པ་ཅན་དུ་སྣང་བ་སྲིད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་བུ་ལ་ཞི་བའི་ངོས་འཛིན་མཛད་དོ། །དེའང་འཁོར་བ་ནི་ལས་ཀྱི་དབང་གིས་ཚེ་སྔ་མ་ནས་ཁམས་གསུམ་པའི་སྲིད་པ་ འདིར་འོང་བ་དང་། འདི་ནས་ཁམས་གསུམ་གཞན་གྱི་ཕ་རོལ་ཏུ་འགྲོ་བ་ལྟར་སྣང་བ་ཡིན་ལ། མྱང་འདས་ནི་ཁམས་གསུམ་པའི་རྣམ་པ་དང་བྲལ་བ་འདུས་མ་བྱས་སྲིད་པ་ཞི་བའོ། །ངེས་པའི་དོན་དུ་འཁོར་བའང་མ་གྲུབ་ཅིང་། རྟག་པའང་འཁོར་བ་མིན་ཏེ། འཁོར་བའི་ 5-1-421a བྱ་བ་མེད་པའི་ཕྱིར་དང་། མི་རྟག་པའང་འཁོར་བ་མིན་ཏེ། སྐད་ཅིག་མར་གྱུར་པའི་མི་རྟག་པ་འཁོར་རྒྱུ་མེད་པའི་ཕྱིར་ཏེ་འགྲོ་འོང་དང་བྲལ་བའི་ཕྱིར་རོ། །འོ་ན་སྐད་ཅིག་མ་རེ་རེའི་མི་རྟག་པ་ལ་འཁོར་བ་མེད་ཀྱང་། མི་རྟག་པའི་རྒྱུན་གྱི་འཁོར་བ་ཡོད་ དོ་ཞེ་ན། སྐད་ཅིག་མ་ལས་གཞན་པའི་རྒྱུན་མེད་པའི་ཕྱིར། མི་རྟག་པའི་རྒྱུན་གྱི་འཁོར་བ་ཡོད་པ་མིན་ནོ། །གཉིས་པ་འཁོར་འདས་མཉམ་ཉིད་ཀྱི་ཚུལ་ལ། ཇོ་མོ་ནང་པ་ཤེས་རབ་རྒྱལ་མཚན་གྱིས་འདི་ལྟར་གསུངས་ཏེ། ཆོས་ཉིད་དོན་ལ་གནས་པའི་སྲིད་ཞི་མཉམ་ ཉིད་ནི། དབུ་མ་རྩ་བ་ཤེས་རབ་ལས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཅེས་ཏེ། མྱང་འདས་ཀྱི་མཐའ་དང་། འཁོར་བའི་ཡང་དག་པའི་མཐའ་གཉིས་ཀ་ཆོས་ཉིད་ རང་བཞིན་སྟོང་པ་ཆེན་པོ་ཡོངས་གྲུབ་ཏུ་རོ་གཅིག་པས་མཉམ་པ་ཉིད་ཡིན་ནོ། །འདི་དང་མཐུན་པར་སྔགས་ཀྱི་ཐེག་པར་བཅོམ་ལྡན་འདས་ཀྱིས་བརྟག་གཉིས་སུ་གསུངས་པ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་འཛིན་པ་ཀུན་གྱི་གནས། །འདི་ཉིད་འཁོར་ བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པའང་ཡིན། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་ཏེ། སངས་རྒྱས་ཀུན་གྱི་བཞུགས་གནས་ནི་ཆོས་ཀྱི་དབྱིངས་ཡིན་ལ། དེ་ཉིད་དོན་དམ་པའི་སྲིད་པ་དང་འཁོར་བ་ཞེས་བྱ་བ་ ཡིན་ཏེ། རྣམ་པ་ཐམས་ཅད་པའི་ཤེས་རབ་སྟོང་ཆེན་ཡིན་པའི་ཕྱིར་རོ། །དེ་ཉིད་ངོ་བོ་མྱང་འདས་ཆེན་པོ་ཡིན་ལ། རྣམ་པ་སྲིད་པ་གསུམ་དུ་འཆར་བ་དེ་སྤངས་པའི་མྱང་འདས་མེད་དོ། །དེ་ལྟ་བུའི་སྲིད་ཞི་ནི་རོ་གཅིག་པས་མཉམ་པ་ཉིད་དེ། ཡུམ་དུའང་གཟུགས་རྣམ་ 5-1-421b པར་དག་པས་འབྲས་བུ་རྣམ་པར་དག་ཅེས་སོགས་ཐམས་ཅད་རོ་མཉམ་གཅིག་ཏུ་གསུངས་པ་དང་གནད་གཅིག་གོ། དེ་ལས་གཞན་ཀུན་རྫོབ་འདི་དོན་དམ་དང་མཉམ་པ་དང་། འཁོར་འདས་གཉིས་ཀ་ཆད་སྟོང་དུ་མཉམ་པ་ལ་འཆད་པ་ནི་རྒྱལ་བའི་དགོངས་པ་ལས་རིང་དུ་ སོང་བ་ཡིན་ནོ་ཞེས་བཤད་ལ། ཁོ་བོའི་རྣམ་པར་རྟོག་པ་ལ་ནི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་དངོས་པོར་མ་གྲུབ་པར་རྟོགས་པ་བཞིན་དུ་འཁོར་བ་འཁོར་བའི་དངོས་པོར་མ་གྲུབ་པས་འཁོར་བར་མི་རྟོག་པ་དང་། མྱང་འདས་ཀུན་རྫོབ་པའི་དངོས་པོར་མ་གྲུབ་པས་ མྱང་འདས་སུ་མི་རྟོག་པ་སྟེ། མི་རྟོག་པའི་རང་ངོ་འདྲ་བའམ། མཉམ་པས་སྲིད་ཞི་མཉམ་པ་དང་། ཉིད་ནི་རྣམ་པ་དེ་སྨོས་པ་ལ་ངོ་བོའི་རྐྱེན་བྱིན་པས་ཐོབ་པ་ཡིན་ནོ། །ཡང་ན་རྣམ་པ་གཅིག་ཏུ་ན་ཡུལ་ཅན་མ་འཁྲུལ་བའི་ངོར་ཡུལ་སྟོང་ཉིད་རྣམ་པ་ཐམས་ཅད་པའི་ཞི་བ་ སྣང་ཡུལ་ཅན་འཁྲུལ་བའི་ངོར་ཡུལ་སྣང་བ་འཁྲུལ་སྣང་གི་སྲིད་པ་སྣང་ལ། དེ་ལྟ་བུའི་ཡུལ་དེ་གཉིས་ཀའང་ཡུལ་ཅན་ཐ་དད་པས་སྲིད་ཞི་གཉིས་སུ་སྣང་བ་ཡིན་གྱི། ཡུལ་ཐ་དད་པ་གཉིས་ཡོད་པ་མིན་པར་མཉམ་པས་ན་མཉམ་པ་ཉིད་ཀྱི་དོན་ཡིན་པར་ཡང་ངེས་ སོ། །གསུམ་པ་སྦྱོར་བ་འདི་ས་མཚམས་གང་ནས་བསྐྱེད་པ་ནི། འདིའི་སྦྱོར་བ་ཙམ་ནི་དྲོད་ནས་བསྒོམ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར། དངོས་ནི་ས་བརྒྱད་པ་ནས་སྦྱོར་བ་འདི་རྒྱུད་ལ་འཆར་ཞིང་ཡོངས་རྫོགས་ནི་རྒྱུན་མཐའ་ཁོ་ན་ན་ཡོད་པ་ཡིན་ཏེ། ཉི་ཁྲི་ སྣང་བར། ད་ནི་མི་སློབ་པའི་མཚན་ཉིད་བསྟན་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བརྗོད་པར་བྱའོ་ཞེས་གསུངས་སོ། །བཞི་པ་རྩོད་པ་སྤང་བ་ལ་བཞི་ལས། དང་པོ་ལས་གསོག་པ་མེད་པར་ཐལ་བའི་རྩོད་པའི་མདོ་ནི། བཅོམ་ལྡན་འདས་ 5-1-422a ཀྱིས། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་ལས་གསོག་པའམ་འབྲི་བར་གྱུར་པ་མེད་དེ། ཞེས་སོགས་ཡིན་ལ། དེའི་ལན་གྱི་མདོ་ནི། སད་ནས་རྣམ་པར་རྟོག་ན་ནི་དེས་ལས་བསགས་པའམ་འདྲི་བར་འགྱུར་རོ། །ཞེས་པའི་དོན་ནི། དགེ་མི་དགེའི་ལས་གསོག་པ་མེད་པར་ཐལ། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཁོ་ན་ཅན་ཡིན་པའི་ཕྱིར་ཞེས་པའི་ཀླན་ཀ་ལ་རྨི་ལམ་གྱིས་ལས་བསགས་ན་འབྲས་བུ་མི་མྱོང་བ་མ་ཡིན་པར་ཐལ། རྗེས་ཀྱི་ཤེས་པས་གསོས་བཏབ་ན་འབྲས་བུ་འབྱུང་བར་བཤད་ པའི་ཕྱིར་རོ་ཞེས་ཁྱབ་པ་མ་ངེས་པའི་ལན་བསྟན་ཏོ། །གཉིས་པ་དེ་བཞིན་གཤེགས་པས་ལས་བསག་དགོས་པར་ཐལ་བའི་རྩོད་པའི་མདོ་ནི། རབ་འབྱོར། བཅོམ་ལྡན་འདས་ཀྱང་ཟད་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་བསྐྱེད་པར་མཛད་པས། དེའང་ལས་གསོག་ པའམ། ཞེས་སོགས་ཡིན་ལ། དེའི་ལན་གྱི་མདོ་ནི། ཤཱ་རིའི་བུ་དེ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཞེས་སོགས་ཀྱི་དོན་ནི། དེ་བཞིན་གཤེགས་པས་ལས་གསོག་པ་ཡོད་པར་ཐལ། རྗེས་ཀྱི་ཤེས་པས་གསོས་ འདེབས་པ་ཡོད་པའི་ཕྱིར། ཞེས་པའི་ཀླན་ཀ་ལ། སངས་རྒྱས་ཀྱི་སར་ལས་གསོས་འདེབས་བྱེད་ཀྱི་ཤེས་པ་ཡོད་པ་མ་ཡིན་པར་ཐལ། དེ་ལ་མཉམ་རྗེས་གཉིས་མེད་པ་གང་ཞིག །ལས་ཉིད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། དམིགས་ པ་མེད་པར་ལས་མི་སྐྱེ་བའི་ཕྱིར། དེ་གྲུབ་སྟེ། རྫོགས་པའི་སངས་རྒྱས་ལ་དམིགས་པ་མེད་པར་ཡུམ་ལས་བསྟན་པའི་ཕྱིར་རོ་ཞེས་ཕྱོགས་ཆོས་མ་གྲུབ་པའི་ལན་བསྟན་ཏོ། །གསུམ་པ་ལུང་དང་འགལ་བར་ཐལ་བའི་རྩོད་པའི་མདོ་ནི། རབ་འབྱོར། བཅོམ་ 5-1-422b ལྡན་འདས་ཀྱིས་དམིགས་པ་ཐམས་ཅད་དབེན་ནོ་ཞེས་བཀའ་བསྩལ་ན་ཅིའི་ཕྱིར་ལས་ནི་དམིགས་པ་དང་བཅས་པར་སྐྱེའི། སོགས་ཡིན་ལ། ལན་གྱི་མདོ་ནི། རབ་འབྱོར་གྱིས་སྨྲས་པ། དམིགས་པ་མེད་པ་ཉིད་ལ་དམིགས་པར་བྱ་སྟེ། ཞེས་སོགས་ཀྱི་དོན་ནི། དམིགས་པ་ལྡན་པའི་རྒྱུད་ལའང་ལས་གསོག་པ་ཡོད་པ་མི་འཐད་པར་ཐལ། བཅོམ་ལྡན་འདས་ཀྱིས་ལས་དང་སེམས་ཅན་ཐམས་ཅད་དབེན་ནོ་ཞེས་གསུངས་པའི་ཕྱིར་ཞེས་པའི་ཀླན་ཀ་ལ། འདི་ལ་བརྟགས་ཤིང་དཔྱད་ན་འདོད་པའི་ལན་བསྟན་ཅིང་། འཇིག་རྟེན་ གྱི་གྲགས་པ་ལྟར་ན་ཁྱབ་པ་མ་ངེས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་པ་དེ། གང་དམིགས་པ་དང་བྲལ་བའི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི། དམིགས་པ་དང་བཅས་པ་རྣམས་ཀྱི་དབང་དུ་བྱས་ནས་མ་གསུངས་པའི་ཕྱིར་རོ། །བཞི་པ་རྨི་ལམ་ དུ་ལས་གསོག་པར་ཐལ་བའི་རྩོད་པའི་མདོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་དུ་སྦྱིན་པ་བྱིན། ཅེས་སོགས་ཀྱིས་བསྟན་ལ། དེའི་ལན་གྱི་མདོ་ནི། སྨྲས་པ། ཤཱ་རིའི་བུ་བྱང་ཆེན་བྱམས་པ་འདི་མངོན་སུམ་དུ་འདུག་ན། འདི་ལ་དྲིས་ཤིག་དང་། ཞེས་སོགས་ཀྱི་དོན་ནི། རྨི་ལམ་དུ་ལས་གསོག་པར་ཐལ། རྨི་ལམ་དུ་དམིགས་པ་ཡོད་པའི་ཕྱིར། ཁྱབ་པ་བཅོམ་ལྡན་འདས་ཀྱི་ཞལ་གྱིས་བཞེས། ཕྱོགས་ཆོས་མངོན་སུམ་གྱིས་གྲུབ། འདོད་ན་ཚད་མས་བསལ་ལོ་ཞེས་པའི་ཀླན་ཀ་ལ་དོན་དམ་པར་འདོད་པ་ དང་། ཀུན་རྫོབ་ཏུ་ཁྱབ་པ་མེད་དེ། རྨི་ལམ་དུ་ལས་བསགས་པ་ཡོད་པའི་ཕྱིར། ཞེས་ལན་བསྟན་པ་ཡིན་ཅེས་འཕགས་སེང་བཞེད་ལ། དོལ་ཕུ་བ་ཤེས་རབ་རྒྱལ་མཚན་གྱི་ཞལ་སྔ་ནས། འདིར་ཀུན་རྫོབ་ཏུ་ཁྱབ་པ་མེད་པའི་ལན། རྨི་ལམ་དུ་ལས་གསོག་པ་ཡོད་ 5-1-423a ཟེར་བ་མ་དག་སྟེ། འཕགས་པ་འཇམ་དཔལ་གྱི་ཞལ་སྔ་ནས། སེམས་ཅན་ཕན་ལས་བསོད་ནམས་དང་། །སེམས་ཅན་གནོད་ལས་སྡིག་པ་སྟེ། །ཕན་དང་གནོད་པ་མེད་རྣམས་ལ། །ལས་མེད་འབྲས་བུ་མེད་པའོ། །ཞེས་ཕ་རོལ་པོ་ལ་ཕན་གནོད་ མེད་པའི་ལས་ཀྱིས་འབྲས་བུ་མི་འབྱིན་པར་བཤད་ཅིང་། དེའི་དོན་ཀྱང་རྨི་ལམ་ལ་དངོས་པོ་མེད་པས་ལས་མེད་ལ། སད་ནས་རྟོགས་ན་འབྲས་བུ་འབྱིན་པ་ནི་སད་དུས་ཀྱི་བློ་དེས་ལས་གསོག་པ་ཡིན་ཅིང་། དེའི་དོན་གྱིས་རྨི་ལམ་གཉིད་ཀྱིས་བསླད་པས་ལས་བསགས་མ་ནུས་ཏེ། ཇི་སྐད་ དུ། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན། །ཅེས་སད་པའི་ལས་དང་། རྨི་ལམ་གྱི་ལས་འབྲས་བུ་འབྱིན་མི་འབྱིན་ཁྱད་པར་ཡོད་པར་བཤད་ཅིང་། འདིར་དེ་ལས་གོ་བཟློག་སྟེ་བཤད་པས་ནོངས་སོ་ཞེས་གསུངས་སོ། །གཉིས་པ་ཚིག་གི་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སློབ་པའི་ལམ་གྱི་ཕྱིར་མི་ལྡོག་པའི་ཚོགས་ཀྱི་ཆོས་ཐོབ་པ་ན། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར། སྐུ་གཉིས་ཐོབ་པའི་ཐབས་ལ་འབད་པས་ཆོས་ཀྱི་སྐུའི་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་ཉིད་འཁོར་བ་དང་མྱ་ངན་ལས་ འདས་པ་མཉམ་པ་ཉིད་འཆད་དོ། །གཉིས་པ་ལ། དངོས་ཀྱི་དོན་དང་། ཀླན་ཀ་སྤང་བ་གཉིས་ལས། དང་པོ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། སྲིད་པ་དང་ཞི་བའི་ཆོས་རང་མཚན་པར་མི་རྟོག་ཅིང་མི་དམིགས། དེ་མི་དམིགས་པས་ལས་ དང་རྒྱུ་འབྲས་ཀྱི་ལྟོས་པ་ཆད་ནས་ཞི་བ་ལ་གནས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་ན་ལས་གསོག་པ་མེད་པར་ཐལ་བ་སོགས་ཀྱི་ཀླན་ཀའི་ལན་ནི། མདོ་ནས་ཇི་སྐད་དུ་བཤད་པ་དེ་ཁོ་ན་ལྟར་ཟད་ཀྱི། འདིར་ཚིག་ཟིན་དུ་མ་སྨོས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། ། 5-1-423b གསུམ་པ་ལའང་རྩ་བ་ལྟར་གཉིས་ལས། དང་པོ་དངོས་ཀྱི་དོན་ནི། འཁོར་བ་དང་རྣམ་པར་བྱང་བ་གོ་རིམ་བཞིན་དུ་མི་མཐུན་པ་དང་། གཉེན་པོ་རྣམས་རང་གི་དངོས་པོར་གྲུབ་པ་མེད་པ་སྣང་བརྙན་ཙམ་གྱི་ངོ་བོས་རྨི་ལམ་དང་འདྲ་བར་དངོས་པོ་ལྟར་སྣང་བ་ཉིད་དུ་མཉམ་པར་ རྟོགས་པའི་ཕྱིར། དེ་ལྟ་བུའི་ཚུལ་གྱིས་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་དངོས་པོ་ཐ་དད་པའི་རང་མཚན་གཉིས་ཉིད་དུ་རྣམ་པར་མི་རྟོག་པས་ན་མཉམ་པ་ཉིད་དེ། རྟོགས་པ་འདི་གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། རྟོགས་པ་འདི་ཉིད་ལས་མི་གཡོ་བར་ཆོས་སྐུའི་ རང་བཞིན་འབའ་ཞིག་ཏུ་རྟག་སྟེ། ཇི་སྐད་དུ། འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཅེས་གསུངས་ལ། འགའ་ཞིག་མངོན་རྟོགས་རྒྱན་དང་རྒྱུད་བླའི་ལུང་འདི་དག་གིས། གཞིའི་དུས་འཁོར་འདས་ངོ་བོ་གཅིག་པར་ལྷན་ཅིག་ཏུ་སྐྱེས་ པ་དེ་ལམ་གྱི་དུས་སྒོམ་སྟོབས་ཀྱིས་རོ་གཅིག་ཏུ་མཉམ་པར་བསྒོམས་ནས་འབྲས་བུ་ཆོས་ཉིད་ཀྱི་སྐུ་རྟག་པ་ཐོབ་པའི་དོན་ཡིན་ཅེས་པའི་བསམ་གཏན་པ་དག་ཀྱང་ཞལ་འཆེས་སོ། །གཉིས་པ་ཀླན་ཀ་སྤང་བ་ལ་གཉིས། ཀླན་ཀ་དགོད་པ་དང་། ལན་བཏབ་པའོ། །དང་ པོ་ནི། ཆོས་ཐམས་ཅད་རང་གི་མཚན་ཉིད་དུ་མ་གྲུབ་པ་རྨི་ལམ་དང་འདྲ་བ་ཉིད་ཡིན་ན། རྨི་ལམ་དུ་མི་དགེ་བ་བཅུ་སོགས་སྡིག་པའི་ལས་དང་། སྦྱིན་པ་དང་ལ་སོགས་པས་དགེ་བའི་ལས་གསོག་པ་མེད་པ་དེ་བཞིན་དུ་གཉིད་མ་ལོག་པའི་གནས་སྐབས་ན་ཡང་གཉིད་ ལོག་པའི་གནས་སྐབས་བཞིན་དུ་ལས་གསོག་པ་མི་བྱེད་པར་འགྱུར་བ་མ་ཡིན་ནམ་ཞེས་བྱ་བའི་ཀླན་ཀ་དང་། རྣམས་ཀྱིས་མདོར་སྨོས་པའི་ཀླན་ཀ་རྣམས་བཀོད་དོ། །གཉིས་པ་ལ་གསུམ། རྟགས་མ་ངེས་པ་དང་། དཔེ་མ་གྲུབ་པ་དང་། ཀླན་ཀ་བསལ་བའི་གྲུབ་ 5-1-424a དོན་ནོ། །དང་པོ་ལ། དངོས་སྨྲ་བ་རང་ལའང་དེར་ཐལ་བས་མ་ངེས་པར་བསྟན། དེ་དབུ་མ་པ་རང་ལ་མཚུངས་ཀྱང་མི་གནོད་པར་བསྟན། ཀླན་ཀ་ལྷག་མའི་ལན་གཞན་དུ་ཁ་འཕངས་པར་བསྟན་པའོ། །དང་པོ་ལ་རྩོད་པ་དེ་རྣམས་ཀྱི་ལན་ནི། ཇི་ ལྟར་ཕྱི་རོལ་གྱི་དོན་དོན་དམ་དུ་ཡོད་པར་སྨྲ་བ་ཉན་ཐོས་པའི་ལུགས་ལ་རྡུལ་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་གི་ཆ་མེད་གཉིས་ཀྱིས་རང་སྐྱེད་ཀྱི་རྒྱུ་ལས་འཇིག་བྱེད་ཀྱི་རྒྱུ་གཞན་མེད་པར་འཇིག་པ་ཡིན་ལ། དེ་ལྟར་འཇིག་ན་ལས་བསྐྱེད་མི་ཁོམས་པར་ཞིག་ན་ ལས་མེད་པར་ཐལ་བ་མཚུངས་སོ། །དོན་དམ་པར་དེ་ལྟར་ཡིན་ཀྱང་ཀུན་རྫོབ་ཏུ་རགས་རྒྱུན་ལ་བལྟོས་ནས་ལས་བསྐྱེད་པ་མི་འགལ་ཏེ། གྲུབ་པའི་མཐའ་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་འབྱུང་བའི་ཕྱིར་རོ་ཞེ་ན་ཞེས་བཀོད་དོ། །གཉིས་པ་ལ། དེ་ལྟར་ན་ངེད་དབུ་མ་པའི་འདོད་པའང་གྲུབ་སྟེ། དོན་དམ་པར་གསོད་པ་པོ་སུས་ཀྱང་བསད་པར་བྱ་བ་སུ་ཡང་བསད་པ་ཡང་མེད། མ་བསད་ནས་གསོན་པར་གནས་པ་ཡང་མ་ཡིན། དེ་བཞིན་དུ་གང་ཟག་སུས་ཀྱང་གང་ཟག་གཞན་སུའི་ནོར་བླངས་པའང་མེད། མ་བླངས་ པའང་མ་ཡིན་ཏེ། བླང་བྱ་དང་། ལེན་པོ་དང་། བླངས་པ་མ་གྲུབ་པའི་ཕྱིར་རོ། །མདོར་ན་བྱ་བྱེད་ལས་གསུམ་དང་། རྒྱུ་དང་འབྲས་བུ་ཁྱབ་བྱ་ཁྱབ་བྱེད་སོགས་ཀུན་རྫོབ་པའི་ཆོས་ཐམས་ཅད་གནས་ཚུལ་སྣང་ཙམ་ནས་དེ་དང་དེར་མ་གྲུབ་པ་ཞེས་བྱ་བ་ལ་སོགས་པའི་ ཕྱོགས་ལ་སྣང་ཚུལ་སྲོག་གི་རྒྱུན་འཇུག་པ་དང་འགལ་བའི་སྲོག་གི་རྒྱུན་འགོག་པའི་ཐབས་ཀྱི་དངོས་པོ་སྐྱེད་པར་བྱེད་པ་ལ་གསོད་པའི་ལས་ཞེས་རྣམ་གཞག་བྱེད་ལ། ལ་སོགས་པས་དེས་མཚོན་ནས་དགེ་མི་དགེའི་ལས་ཀྱི་རྣམ་གཞག་དེ་ལྟར་བྱེད་པར་རྟོགས་པའི་སྒོ་ 5-1-424b ནས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པ་དང་ལྡན་པའི་ལས་ལ་མི་དགེ་བར་འཇོག་པ་དང་། ལ་སོགས་པས་ཚུལ་བཞིན་ཡིད་བྱེད་དང་ལྡན་པའི་ལས་ལ་དགེ་བར་འཇོག་པ་དང་འདྲ་བར་སྲོག་གཅོད་པ་མི་དགེ་བའི་ལས་དང་། ལ་སོགས་པས་འཚེ་བ་མེད་པ་ དགེ་བའི་ལས་སུ་རྣམ་པར་འཇོག་པ་ཡིན་ནོ། །གསུམ་པ་ནི། བཤད་པ་དེ་བཞིན་དུ་སླར་ཡང་དངོས་པོ་ཐམས་ཅད་རྨི་ལམ་དང་འདྲ་བར་དངོས་པོར་མ་གྲུབ་ཀྱང་། ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་རྣམས་ལ་དགེ་མི་དགེ་སོགས་ཀྱི་དངོས་པོ་ལྟར་སྣང་ བ་དེ་ཡོད་པར་འཁྲུལ་བས་འཁྲུལ་བ་དེ་དང་མཐུན་པའི་དོན་གྱི་དངོས་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དག་ལ་ལས་དང་འབྲས་བུའི་རྣམ་གཞག་སྣང་དུ་རུང་བའོ་ཞེས་བྱ་བ་ལ་སོགས་པའི་ལན་དེ་ལྟ་བུ་དང་། གཞན་ཡང་དེ་འདྲ་བ་རྣམས་འགྲེལ་བྱེད་པའི་ཕྱོགས་ གཞན་ནས་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཉིས་པ་དཔེ་མ་གྲུབ་པ་ལ་ཉི་ཤུ་པའི་ལུང་དང་། ཤེར་ཕྱིན་གྱི་ལུང་གིས་བསྟན་པ་གཉིས་ལས། དང་པོ་ནི། རྟགས་མ་ངེས་པ་ལས་གཞན་ཡང་རྨི་ལམ་གྱི་སེམས་དེ་ནི་གཉིད་ཀྱིས་མི་གསལ་བར་ཉམས་པར་ བྱས་ཏེ། རྒྱུ་མཚན་དེས་ན་སད་པའི་སྐབས་སུ་ལས་བསགས་པ་དང་། རྨི་ལམ་གྱི་དུས་སུ་ལས་བསགས་པ་གཉིས་ཀྱི་འབྲས་བུ་སྟོབས་ཆེ་ཆུང་འདྲ་བ་མ་ཡིན་ཏེ། ལས་གསོག་པའི་མཐུ་ནུས་ཁྱད་པར་ཆེ་ཆུང་ཞུགས་པའི་ཕྱིར་རོ། །འོན་ཀྱང་རྨི་ལམ་གྱིས་ལས་བསགས་པ་ནི་ ཡོད་དོ་ཞེས་བྱ་བས་རྨི་ལམ་དུ་ལས་མི་བསགས་པའི་དཔེ་མ་གྲུབ་བོ། །གཉིས་པ་ནི། ཉི་ཤུ་པར་འབྱུང་བ་དེ་བཞིན་དུ་ཡུམ་ལས་ཀྱང་། རྨི་ལམ་ནའང་དགེ་བ་དང་མི་དགེ་བ་སྤྱད་ན་ནི་སད་པའི་གནས་སྐབས་སུ། ཀྱེ་མ་བྱས་སོ། །ལེགས་པར་བྱས་སོ་ཞེས་རྗེས་སུ་ཡི་རང་ 5-1-425a དང་ལྡན་ན་རྗེས་ཀྱི་གནས་སྐབས་ཀྱི་སད་པའི་སེམས་ཀྱིས་ལས་ལ་མངོན་པར་ཞེན་པའི་སྒོ་ནས་ཡོངས་སུ་གསོས་བཏབ་སྟེ་སྤྱད་པས་འབྲས་བུ་འབྱུང་བ་དེའི་ཕྱིར་ཡང་གཉིད་ཀྱིས་བསླད་པས་ལས་མི་གསོག་པའི་དཔེ་མ་གྲུབ་བོ། །གསུམ་པ་ནི། འཁོར་ བ་དང་མྱ་ངན་ལས་འདས་པ་ནི་མཉམ་པ་ཉིད་དོ། ། འདིར་སྨྲས་པ། ཀུན་རྫོབ་འཁོར་འདས་སྟོང་པར་མཉམ་པ་དང་། ། དོན་དམ་སྲིད་ཞི་རྟག་བདེར་མཉམ་པ་གཉིས། ། ཁྱད་པར་དང་བཅས་བློ་ལ་གསལ་བ་ནི། ། ཚེ་རབས་སྔ་མར་འདྲིས་པའི་མཐུ་ལས་སོ། །ཞེས་སོ། ། གཉིས་པ་ཞིང་དག་པའི་སྦྱོར་བ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་སྲིད་ཞི་གཉིས་ཀ་མཉམ་པ་ཉིད་དུ་རྣམ་པར་སྒོམ་པ་པོ་ནི། རང་གི་སངས་རྒྱས་ཀྱི་ཞིང་སྨོན་ལམ་གྱིས་ཡོངས་སུ་བཟུང་བའི་གནས་སུ་སངས་རྒྱས་སུ་འགྱུར་བས། དེའང་མཉམ་ཉིད་ ཀྱི་སྦྱོར་བ་དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྒྲུབ་པ་ཡིན་ཏེ། སྦྱོར་བ་སྔ་མ་དེ་ཙམ་གྱིས་སྒྲིབ་གཉིས་སྤངས་པའི་ཆོས་སྐུ་མངོན་དུ་བྱེད་ནུས་ཀྱང་། སྦྱོར་བ་འདི་མེད་ན་གཟུགས་ཀྱི་སྐུའི་སྣང་བ་བསྐྱེད་པའི་སྒོ་ནས་གཞན་དོན་བྱེད་མི་ནུས་པའི་ཕྱིར་རོ། ། གཉིས་པ་ནི། མདོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེས་པ་དག་མཐོང་ཞིང་། ཞེས་བྱ་བ་ནས། མལ་ཆས་ཕོངས་པ་དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང་། ཞེས་བྱ་བ་ནས། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་ 5-1-425b རྣམས་དང་། ཞེས་བྱ་བ་ནས། འོག་མིན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་སྐྱིད་པ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་ལོངས་སྤྱོད་དང་སྐྱིད་པར་འགྱུར་བ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་པ་དང་། ཡང་མདོ་ལས། རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་ས་ཆེན་པོ་འདི་སའི་རྒྱུ་ལས་གྲུབ་པ་དང་། གསེར་དངུལ་དང་མི་ལྡན་པར་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ས་ཆེན་པོ་འདི་དག་བཻ་ཌཱུཪྻ་སྔོན་པོའི་རྒྱུ་ལས་གྲུབ་པ་གསེར་གྱི་བྱེ་མ་བདལ་བར་གྱུར་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །ཞེས་སོགས་ཀྱི་དོན་ཏེ། དེའང་འཁྲུལ་བའི་སེམས་ཅན་ མ་དག་པའི་འཇིག་རྟེན་རིམ་གྱིས་སྦྱང་བར་བྱས་པའི་སྒོ་ནས་དོན་དམ་པའི་སེམས་ཅན་མངོན་པར་གསལ་བར་སྒྲུབ་ཅིང་། དེ་བཞིན་དུ་འཁྲུལ་ངོར་ཤར་བའི་སྣོད་ཀྱི་འཇིག་རྟེན་མ་དག་པ་དེ་སྦྱང་བར་བྱས་ལ། དེའི་ལྷག་མའི་དག་པ་འཇིག་རྟེན་གྱི་ཁམས་སྔར་ཡོད་གསལ་ བར་སྒྲུབ་པའི་སྦྱོར་བས་སངས་རྒྱས་གོ་ཆོད་པོའི་ཞིང་ནི་འཁྲུལ་སྣང་གིས་རྣམ་པར་དག་པ་ཉིད་ཡིན་ལ། དེ་ལྟ་བུའི་རྣམ་དག་ཉིད་ལ་ནོར་བུ་བཻ་ཌཱུཪྻ་སོགས་ཀྱི་ས་གཞི་ལྟ་བུ་ཞེས་སོགས་འཁྲུལ་ངོའི་དངོས་པོ་ཡ་མཚན་ཆེ་བ་ལ་དཔེར་མཚོན་པ་ཡིན་གྱི། གཞན་དུ་དག་པ་ འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་མ་དག་པ་སེམས་ཅན་གྱི་བློ་ལ་འཆར་དུ་མི་རུང་བ་ཡིན་ནོ། ། ལ་ལ་དག་སྣོད་ཀྱི་འཇིག་རྟེན་མ་དག་པ་ཞིག་སློབ་ལམ་དུ་དག་པར་བསྒྲུབས་ནས་སངས་རྒྱས་ཀྱི་སར་དག་པར་འགྱུར་བ་ཡིན་ཟེར་བ་མི་འཐད་དེ། མ་དག་པ་དག་པར་འགྱུར་ 5-1-426a བ་མི་སྲིད་པ་དང་། ཕྱི་དོན་རང་མཚན་པའི་འཇིག་རྟེན་གྱི་ཁམས་མེད་པ་དང་། དེ་མེད་ན་དེ་གཞན་དུ་བསྒྱུར་རྒྱུ་མེད་པས་སོ། །ཡང་ལ་ལ་ཞིག་ཕྱི་དོན་གྱི་འཇིག་རྟེན་མ་དག་པ་འདི་དག་པར་བསྒྱུར་རྒྱུ་མེད་ཀྱང་། དག་པའི་འཇིག་རྟེན་གྱི་ཁམས་ དངོས་དེ་སློབ་ལམ་དུ་བསྒྲུབས་ནས་སངས་རྒྱས་ཀྱི་སར་མངོན་དུ་གྱུར་པ་ཡིན་སྙམ་པའང་མི་འཐད་དེ། སངས་རྒྱས་ཀྱི་ཞིང་ཁྱད་པར་ཅན་དེ་ལྟ་བུ་རྟག་པའི་རང་བཞིན་ཅན་ཡིན་ལ། རྟག་པ་ལ་རྒྱུ་རྐྱེན་གྱིས་བྱར་མེད་པའི་ཕྱིར་རོ། །འོ་ན་ཁྱོད་ལའང་མཚུངས་སོ་ཞེ་ན་མི་མཚུངས་ ཏེ། རྟག་པའི་ཞིང་དེ་སླར་བསྒྲུབ་ཏུ་མེད་ཀྱང་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་བསལ་ནས་དེ་སྣང་དུ་རུང་བར་བྱས་པའི་ཕྱིར་མི་འགལ་ལོ། །འོ་ན་ཁྱོད་ཀྱིས་རྟག་པ་ལ་བྱ་བྱེད་ལས་གསུམ་འཐད་པར་བཤད་ན། རྒྱུ་རྐྱེན་གྱིས་བསྒྲུབས་པའི་རྟག་པ་ཡོད་བྱས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། མི་ མཚུངས་ཏེ། ཀུན་རྫོབ་པའི་ཞིང་དག་པ་ལྟ་བུའི་སྦྱོར་བའི་དབང་དུ་བྱས་ན། རྟག་པ་ལ་བལྟོས་ནས་མི་རྟག་པར་འཇོག་པ་དང་། དེ་ལ་བརྟེན་ནས་སྣང་ཙམ་དུ་བྱ་བྱེད་ལས་གསུམ་བྱེད་རུང་བར་དབུ་ཚད་ཀྱི་རིགས་པ་ལས་གསུངས་པ་དང་། ཁྱོད་འདོད་པ་དེ་ལྟ་བུ་དོགས་པས་ བསལ་བའི་ཕྱིར་མི་འཐད་དོ། ། དེ་ལ་དག་པར་བསྒྲུབ་པ་ཡི། །ཞེས་པའི་སྐབས་ཀྱིས་སྣོད་འདི་ལོངས་སྐུའི་ཞིང་ཉིད་དུ་གཙོ་བོར་འཛིན་པ་ཡིན་གྱི། སྤྲུལ་སྐུའི་ཞིང་ཉིད་དུ་གཙོ་བོར་མི་འཛིན་ཅེས་དཔལ་རང་བྱུང་གིས་ཀྱང་གསུངས་ཏེ། དེའི་རྒྱུ་མཚན་ནི། འདིར་སྲིད་ཞི་ མཉམ་ཉིད་ཀྱི་སྦྱོར་བ་དང་། ཞིང་དག་པའི་སྦྱོར་བ་གཉིས་བསྒོམས་པའི་ལག་རྗེས་དོན་དམ་པའི་སྐུ་གཉིས་ཀྱི་རྟེན་བརྟེན་པ་དང་བཅས་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་བསལ་བའི་ཐབས་ཡིན་ལ། སྤྲུལ་པའི་སྐུ་ཤཱཀྱ་ཐུབ་ལྟ་བུས་ཡུམ་གསུངས་པའི་ཚེ་སྣོད་སྦྱོང་བ་ལྟ་བུ་ལ་སྦྱོར་བ་ 5-1-426b འདི་སྒོམ་མི་དགོས་ཏེ། ཟད་པར་ལ་སོགས་པ་ལ་བརྟེན་ནས་སྐབས་དེར་སྔོན་གདུལ་བྱར་བསྡུས་པའི་འཁོར་ལ་སྣོད་དག་པར་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་ནས་གདུལ་བྱ་སྨིན་པར་བྱེད་ནུས་པའི་ཕྱིར་རོ་ཞེས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། བརྟེན་པ་སེམས་ཅན་དང་རྟེན་ལས་སྣང་གི་སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་ཐ་དད་པ་གཉིས་དག་སྟོབས་ཀྱིས་དག་པའི་སངས་རྒྱས་ཀྱི་ཞིང་གི་བརྟེན་པ་དང་རྟེན་རྣམ་པ་གཉིས་ལ་གོ་རིམ་བཞིན་དུ་རང་སྣང་གི་འཁོར་རྣམས་ལ་བཀྲེས་པ་དང་། སྐོམ་པ་དང་། རང་སྣང་གི་ ཞིང་ལ་རྡོ་བ་དང་ཚེར་མ་ལ་སོགས་པ་ཉིད་ཀྱི་མ་དག་པ་གང་ཡིན་པ་དེའི་གཉེན་པོའམ་མི་མཐུན་ཕྱོགས་སུ་གྱུར་པ་བཅུད་ཀྱི་བརྟེན་པ་རྣམས་ལ་ལྷའི་ཉེ་བར་སྤྱད་པ་ལྟ་བུ་སྟེ། དེས་ཀྱང་དཔེར་མཚོན་པར་དཀའ་བ་ལྟ་བུས་ཉེ་བར་སྤྱད་པས་འཚོ་བ་དང་། གསེར་གྱི་ས་ ཕྱོགས་ལ་སོགས་པ་སྟེ་དཔེར་མཚོན་པ་ཙམ་ཡིན་གྱི། དེ་ལས་ཁྱད་པར་དུ་འཕགས་པའི་དག་པ་བསྐྱེད་པའི་སྒོ་ནས་མ་དག་པ་རྣམ་པར་དག་པ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་འགྱུར་རོ། །སྦྱོར་བ་འདི་དྲོད་ནས་བཟུང་རྒྱུན་མཐའི་བར་ཡོད་དེ། དྲོད་ཀྱི་རྩེ་སྦྱོར་ གྱི་འགྲེལ་པ་ལས། དམྱལ་བ་ལ་སོགས་པའི་སེམས་ཅན་མཐོང་བ་སྔོན་དུ་འགྲོ་བས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པ་དང་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ཐབས་མཁས་པའི་སྦྱོར་བ་བཅུ་བསྒོམ་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བསྒྲུབ་པ་ནི། གཞན་དོན་བྱེད་པའི་ཐབས་མཁས་པས་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱ་དགོས་པས། ཞིང་དག་པའི་སྦྱོར་བ་དེའི་འོག་ཏུ་ཐབས་ལ་མཁས་པའི་སྦྱོར་བ་འདི་འཆད་དོ། །གཉིས་པ་ 5-1-427a ནི། ཆོས་ཀྱི་དབྱིངས་ཀྱི་ཡུལ་ཟབ་མོ་མཁྱེན་པ་གསུམ་དང་། དེ་མངོན་དུ་བྱེད་པའི་ཐབས་མཁས་ཀྱི་སྦྱོར་བ་ཁྱད་པར་ཅན་འདི་ལ་ནི་སྐྱེས་བུ་དཔའ་བོས་དགྲ་རྣམས་བཅོམ་ནས་གཉེན་བཤེས་དང་བཅས་པ་འབྲོག་དགོན་པར་ཐར་པའི་དཔེས། སྙིང་རྗེ་དང་ ཤེས་རབ་ཀྱིས་རིམ་བཞིན་སྲིད་ཞིའི་དགྲ་རྣམས་ལས་ནི་འདས་པའི་ཐབས་མཁས་དང་། བྱ་བར་སྣང་ལ་རྒྱུ་བའི་དཔེས་སྟོང་ཉིད་ལ་སྤྱོད་ཀྱང་སྟོང་ཉིད་ལ་མི་གནས་ཤིང་འདྲིས་པར་བྱེད་པའི་ཐབས་མཁས་དང་། འཕོང་ལ་ཤིན་ཏུ་གོམས་པ་ཇི་ལྟར་འདོད་པ་བཞིན་མདའ་ འཕེན་པའི་དཔེས་ཇི་སྲིད་དགེ་བ་རྣམས་རྫོགས་བྱང་དུ་མ་སྨིན་པ་དེ་སྲིད་ཡང་དག་མཐའ་མངོན་དུ་མི་བྱེད་ཅིང་། སྨིན་པ་ན་མངོན་དུ་བྱེད་པའི་ཐབས་མཁས་པ་ཇི་ལྟ་བ་བཞིན་དུ་གོམས་པའི་ཤུགས་ཀྱིས་ཡང་དག་མཐའ་མངོན་དུ་བྱེད་པ་ལ་ཚེགས་མེད་པའི་ཐབས་ལ་མཁས་པ་ དང་ནི། ཤེས་རབ་ཀྱིས་ཡང་དག་པའི་མཐའ་ལ་སློབ་ཀྱང་བར་མ་དོར་ཞི་བར་མི་ལྟུང་བའི་རྒྱུ་སྙིང་རྗེས་སེམས་ཅན་མི་གཏོང་བ་ནི་ཉན་རང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་ཀྱི་ཐབས་ལ་མཁས་པ་དང་། གང་ཟག་གི་བདག་དང་ཕྱིན་ཅི་ལོག་བཞི་ལ་མ་ཆགས་པའི་ཐབས་ མཁས་དང་། བདག་གཉིས་མི་དམིགས་པའམ་སྟོང་པའི་ཐབས་མཁས་དང་། སྤྲོས་པའི་མཚན་མ་ཟད་པའི་ཐབས་ལ་མཁས་པ་དང་། ཁམས་གསུམ་པར་སྨོན་པའི་སྨོན་ལམ་ཟད་པའི་ཐབས་མཁས་དང་། ཐབས་མཁས་དང་ལྡན་པའི་སེམས་དཔའ་དེ་སངས་རྒྱས་ཀྱིས་ བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པའི་རྟགས་སྟོང་ཉིད་ལ་འདྲིས་པར་བྱེད་པ་སྟོན་པའི་ཐབས་མཁས་དང་། རྟགས་ཐོབ་པ་དང་མ་ཐོབ་པ་ལ་སོགས་པའི་ཤེས་བྱ་ཚད་མེད་པ་ཤེས་པའི་ཐབས་ལ་མཁས་པ་སྟེ་དེ་ལྟར་ཐབས་ལ་མཁས་པ་རྣམ་པ་བཅུའོ། ། འདིའི་ཐབས་ 5-1-427b མཁས་པའི་ཡུལ་དང་སྦྱོར་བ་ཅན་ཞེས་པའི་སྦྱོར་བའི་ངོ་བོ་གང་ཡིན་པ་སོགས་ལ་རྒྱ་བོད་ཀྱི་ཆེན་པོ་དག་འདོད་པ་མི་འདྲ་བ་དུ་མ་སྣང་བ་དག་གི་འདོད་པ་ནི་འདིར་མ་བྲིས་སོ། །འདིའི་ས་མཚམས་ནི། སྤྱིར་ཐབས་མཁས་ཙམ་ནི་ཐེག་ཆེན་དྲོད་ནས་བསྟན་ལ། ཁྱད་པར་ ཅན་ནི་དག་ས་ན་ཡོད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། སྐབས་འདིར་བདུད་ལས་འདས་ཞེས་པའི་དོན་གྱི་སྤྱི་དོན་འཆད་པ་དང་། འགྲེལ་ཚིག་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ། བདུད་བཞིའི་ངོ་བོ། གྲངས་ངེས། བཅོམ་ པའི་ས་མཚམས་སོ། །དང་པོ་ནི། སྤྱིར་བདུད་ཙམ་ནི་རྟག་པའི་གོ་འཕང་ཐོབ་པར་བྱེད་པ་ལ་གེགས་སུ་གྱུར་པ་དེའོ། །དེ་ལ་ཕུང་པོའི་བདུད་ནི་ཉེར་ལེན་གྱི་ཕུང་པོ་ལྔའོ། །ཉོན་མོངས་པའི་བདུད་ནི་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་དང་། དེས་ཀུན་ནས་བསླང་ བའི་ལས་སོ། །འདི་ལྟ་བུ་ཞིག་ཤེས་དགོས་ཏེ། བྱང་འཕགས་ཀྱི་རྒྱུད་ཀྱི་ཉོན་མོངས་ཀྱི་བག་ཉལ་ནི་ཉོན་མོངས་པའི་བདུད་དུ་མི་བཞག་སྟེ། དེ་ཡང་སྲིད་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་དང་། དེས་ཀུན་ནས་བསླང་བའི་ལས་གསོས་འདེབས་བྱེད་གང་དུའང་མི་ རུང་བའི་ཕྱིར་རོ། །འཆི་བདག་གི་བདུད་ནི། འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པའི་དབང་གིས་འཆི་བའོ། །ལྷའི་བུའི་བདུད་ནི། བཤད་མ་ཐག་པའི་བདུད་དེ་གསུམ་ལས་འདའ་བའི་ཕྱིར་དགེ་བའི་རྩ་བ་རྩོམ་པ་ལ་བར་དུ་གཅོད་བྱེད་དོ། ། འདི་ལ་དྲན་ཉེར་ གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ཆུང་མ་དང་བཅས་པས་འདོད་པའི་སེམས་ཅན་རྣམས་ལ་མེ་ཏོག་གི་མདའ་རྣམ་པ་ལྔ་འཕངས་པས་འདོད་པའི་ཡོན་ཏན་ལྔ་ལ་སེམས་སྦྱོར་བར་བྱེད་ཅེས་གསུངས་ལ། དེ་ནི་གཟུགས་ཅན་གྱི་རྒྱན་དུ་བྱས་པ་ཡིན་ 5-1-428a ཏེ། ངེས་པའི་དོན་ལ་རང་རང་གི་སེམས་རྒྱུད་ལ་གནས་པའི་བརྒྱལ་བར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། འདོད་པ་ལ་འདུན་པར་བྱེད་པ་དང་། ཕྲག་དོག་དང་སེར་སྣ་རྣམས་ལ་མེ་ཏོག་གི་གཟུགས་སུ་བཀོད་ཅིང་། རྣམ་འཚེ་དང་འདོད་ པའི་འདོད་ཆགས་ལ་བདུད་སྡིག་ཏོ་ཅན་ཆུང་མ་དང་བཅས་པའི་གཟུགས་སུ་བཀོད་པ་ཡིན་ཏེ། དཔེར་ན་འཆི་བདག་གི་བདུད་ལ་ཕོ་ཉའི་གཟུགས་སུ་བཀོད་པ་བཞིན་ནོ། །གང་དུ་བཀོད་ཅེ་ན། སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་པས་ཅི་ཕན་བཤེས་ ཅི་ཕན། །ཅེས་གསུངས་པ་ལྟ་བུའོ། །འདིར་མདའ་ལྔ་སོགས་ཀྱི་གཟུགས་སུ་བཀོད་པའི་ཉོན་མོངས་པ་དེ་དག་གི་རང་ལྡོག་ནས་བཤད་ན། ཉོན་མོངས་པའི་བདུད་དང་ཁྱད་པར་མི་བྱེད་ཀྱང་ཉོན་མོངས་པ་འདི་དག་གི་བྱེད་ལས་ལ་ལྷའི་བུའི་བདུད་ཅེས་མིང་དུ་བཏགས་པ་ཡིན་ ལ། མིང་དུ་འདོགས་པའི་དགོས་པའང་འདོད་ས་ཁོ་ན་ལ་ཡོད་ཅིང་། ཁམས་གོང་ན་མེད་པས་དེར་མིང་གིས་བཏགས་སོ། །སྤྱིར་བདུད་ཅེས་མིང་དུ་འདོགས་པའི་རྒྱུ་མཚན། འདི་དག་གིས་གེགས་བྱེད་པའམ། བར་ཆད་དུ་བྱེད་པའམ། འགག་པར་བྱེད་པའམ། རྒྱུ་ནི་ ཆད་པར་བྱེད་པའམ། འཆི་བར་བྱེད་པས་ན་བདུད་ཅེས་བྱ་སྟེ། སྒྲ་བཤད་ཞིབ་ཏུ་འདོད་ན་སམ་སྐྲྀ་ཏ་ལས་དྲངས་ཏེ་བྱེད་དགོས་ཀྱང་འདིར་རེ་ཞིག་བཏང་སྙོམས་སུ་བཞག་གོ། གཉིས་པ་ནི། གང་འཆི་བ་ནི་ཉེར་ལེན་གྱི་ཕུང་པོ་ལྔ་སྟེ་ཕུང་པོའི་བདུད་དོ། །གང་གིས་འཆི་བ་ནི། ལས་ཉོན་གྱི་མཐུ་ལས་ཏེ་ཉོན་མོངས་པའི་བདུད་དོ། །འཆི་བའི་ངོ་བོ་ནི་རང་དབང་མེད་པར་སྲོག་འགག་པ་སྟེ་འཆི་བདག་གི་བདུད་དོ། །འཆི་བ་ལས་འདས་པའི་གེགས་བྱེད་པ་ནི་འདོད་པ་ལ་འདོད་ཆགས་དང་བཅས་པ་སྟེ་ལྷའི་བུའི་བདུད་དོ། །བསྡུ་བ་ལས་ནི། ཚེ་ཡུན་རིང་དུ་ 5-1-428b གནས་ཏེ་གནས་སྐབས་ཀྱི་ཁྱད་པར་ཅན་དུ་མ་བསྒྲུབས་ནས་མཐར་ཐུག་གི་འབྲས་བུ་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ལ་བར་དུ་གཅོད་པའི་དབང་དུ་བྱས་ནས་འཆི་བདག་དང་། ལྷའི་བུ་དང་། ཉོན་མོངས་པ་དང་། ཕུང་པོའི་བདུད་རྣམས་བཞག་པར་འཆད་དོ། །ཞེས་སོ། ། གསུམ་པ་ལ། ཉན་ཐོས་པ་དག་ཇི་ལྟར་འདོད་པའི་ཚུལ་དང་། ཐེག་ཆེན་པ་དག་ཇི་ལྟར་འདོད་པའི་ཚུལ་གཉིས་ལས། དང་པོ་ནི། དམན་པའི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པའི་ཚེ་བདུད་གསུམ་བཅོམ་པ་ཡིན་ཏེ། ཉོན་མོངས་ཀྱི་ས་བོན་དང་བཅས་པ་སྤངས་པའི་ཕྱིར་དང་། ལྷའི་བུའི་བདུད་བཅོམ་པ་ཡིན་ཏེ། དེ་ཕྱིར་མི་འོང་གི་འབྲས་བུ་སྔོན་སོང་ཡིན་པའི་ཕྱིར་ཏེ། དེ་ཡིན་ན་འདོད་པ་ལ་ཆགས་བྲལ་བྱས་པས་ཁྱབ་པའི་ཕྱིར། དེའང་ལྷའི་བུའི་བདུད་འདོད་པ་ལ་ཆགས་པ་མངོན་གྱུར་པ་ནི་འཇིག་རྟེན་གྱི་ལམ་གྱིས་ཀྱང་སྤང་ནུས་ལ། མི་སྐྱེ་བའི་ཆོས་ ཅན་དུ་བྱེད་པའི་སྒོ་ནས་ལྷའི་བུའི་བདུད་སྤོང་བ་ནི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་ཚེ་དང་། ཡང་ན་ཕྱིར་མི་འོང་ཞུགས་པ་ཆགས་བྲལ་སྔོན་སོང་གིས་ཀྱང་ལྷའི་བུའི་བདུད་བཅོམ་པ་ཡིན་ནོ། ། ཁ་ཅིག་ཉན་ཐོས་ཀྱི་མཐོང་ལམ་ནས་ལྷའི་བུའི་བདུད་བཅོམ་པ་ཡིན་ཏེ། དཀོན་མཆོག་ ལ་ཡིད་ཆེས་པའི་དད་པ་ཐོབ་པའི་ཕྱིར་ཞེས་ཟེར་རོ། །དེར་དཀོན་མཆོག་མངོན་པར་རྟོགས་པ་འབྱུང་བར་བཤད་པའི་གྲུབ་དོན། དེར་བརྒྱལ་བར་བྱེད་པ་སོགས་བདུད་ལས་ཀྱིས་མི་ཕྱེད་པ་ལ་དགོངས་པ་ཡིན་ནོ། །དེ་ཙམ་གྱིས་ལྷའི་བུའི་བདུད་སྤོང་བར་མི་ནུས་ཏེ། འདོད་པ་ལ་ འདོད་ཆགས་དང་བྲལ་བར་མ་བྱས་པའི་ཕྱིར། ཡང་བསམ་གཏན་བཞི་པའི་རབ་མཐའ་ཐོབ་ནས་འཆི་བདག་གི་བདུད་ལས་འདས་ཏེ། ཚེའི་འདུ་བྱེད་བྱིན་གྱིས་རློབ་ནུས་པའི་ཕྱིར་ཞེས་ཁ་ཅིག་འདོད་དེ། འདི་ལའང་བརྟག་དཔྱད་ཀྱི་གཞིར་སྣང་ངོ་། །ལྷག་མེད་ཐོབ་ནས་ཕུང་པོའི་ 5-1-429a བདུད་མངོན་གྱུར་པ་ལས་འདས་ཏེ་ལས་ཉོན་གྱིས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་འགགས་ཟིན་པའི་ཕྱིར། དེ་ལྟར་ཡིན་དུ་ཟིན་ཀྱང་ཕུང་པོའི་བདུད་བཅོམ་པ་ནི་ལྷག་བཅས་ཀྱི་དུས་ནས་བཅོམ་པ་ཡིན་ཏེ། དུས་དེར་ཚེ་རབས་ཕྱི་མར་གཉེན་པོའི་སྟོབས་ཉེར་ལེན་ གྱི་ཕུང་པོ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར་རོ། །གཉིས་པ་ནི། དམན་ལམ་སྔོན་དུ་མ་སོང་ཡང་ས་དང་པོ་ནས་བདུད་བཞི་ཀ་བཅོམ་པ་ཡིན་ཏེ། ཉན་ཐོས་དགྲ་བཅོམ་གྱི་སྤངས་པ་རྫོགས་པའི་ཕྱིར་དང་། དེའི་ཚེ་ཡང་ལས་ཉོན་སྔ་མས་འཕངས་པའི་ཕུང་པོ་མ་དོར་བ་དེ་སྲིད་ དུ་དེས་རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ཕྱི་མ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཀྱང་། སྔ་མས་འཕངས་པའི་ཕུང་པོའི་བདུད་དང་། འཆི་བདག་གི་བདུད་གཉིས་དང་བྲལ་བ་ནི་མི་འཇོག་གོ། ཡང་ཐེག་ཆེན་གྱི་སྦྱོར་ལམ་དུ་ལྷའི་བུའི་བདུད་བཅོམ་པ་ཡིན། དཀོན་ མཆོག་མངོན་པར་རྟོགས་པ་ཐོབ་པའི་ཕྱིར་དང་། དེའི་རྒྱུད་ལ་བདུད་དེ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ཞིག་ཀྱང་འབྱུང་སྲིད་པའི་ཕྱིར་རོ། །དམན་ལམ་སྔོན་དུ་མ་སོང་བའི་ས་བརྒྱད་པ་ནས་ཕུང་པོའི་བདུད་བཅོམ་པ་ཡིན་ཏེ། རྣམ་གྲོལ་གྱི་སྐུ་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་ ཕྱིར་ཞེས་གསུངས་ཀྱང་བརྟག་ན་དཀའ་བར་སྣང་སྟེ། རྣམ་གྲོལ་གྱི་སྐུ་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་ལ་སྒྲིབ་པ་སྤངས་པའི་ཆ་དང་། ཡོན་ཏན་རྫོགས་པའི་ཆ་གཉིས་ཡོད་པ་ལས། དང་པོའི་དབང་དུ་བྱས་ནས་དེ་རྣམ་གྲོལ་གྱི་སྐུ་ཡིན་པར་རྒྱུད་བླ་མ་ལས་བཤད་ལ། ས་བརྒྱད་ པ་ནས་དེ་མངོན་དུ་བྱེད་ནུས་པའི་ཤེས་བྱེད་ཀྱང་། དེ་ནས་ཆོས་ཉིད་ལ་དུས་རྟག་ཏུ་མཉམ་པར་འཇོག་པའི་ནུས་པ་ཡོད་པའི་རྒྱུ་མཚན་གྱིས་རྫོགས་སྨིན་སྦྱངས་གསུམ་མ་བྱས་པའི་གོང་དུ་སྐུ་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་པ་ལ་འཆད་དགོས་པ་ཡིན་ལ། རྣམ་གྲོལ་གྱི་སྐུ་མངོན་ 5-1-429b དུ་བྱེད་ནུས་པ་དེ་ཙམ་གྱིས་ཕུང་པོའི་བདུད་སྤངས་པར་འཇོག་ན་རྣམ་གྲོལ་གྱི་སྐུ་མངོན་དུ་བྱེད་ནུས་པ་དེས་ཤེས་སྒྲིབ་སྤོང་ནུས་པར་ཡང་མཚུངས་པ་དང་། རྣམ་གྲོལ་གྱི་སྐུ་མངོན་དུ་བྱེད་པའི་ནུས་པ་མ་ཐོབ་པ་དེ་སྲིད་དུ་ཕུང་པོའི་བདུད་མ་སྤངས་ན། ཉན་ཐོས་ཀྱི་ལྷག་མེད་མྱང་འདས་ ཐོབ་པ་ཙམ་གྱིས་ཕུང་པོའི་བདུད་མ་བཅོམ་པར་ཐལ་ཏེ། དེས་རྣམ་གྲོལ་གྱི་སྐུ་མངོན་དུ་བྱེད་པའི་ནུས་པ་མ་ཐོབ་པའི་ཕྱིར་རོ། །གཞན་ཡང་ཁྱོད་ལྟར་ན་ཕུང་པོའི་བདུད་ཅེས་བྱ་བ་རྣམ་གྲོལ་གྱི་སྐུ་མངོན་དུ་བྱེད་པ་ལ་གེགས་བྱེད་པའི་བདུད་ཉིད་དུ་ཁས་ལེན་དགོས་པར་འགྱུར་རོ། །དེ་ ལྟར་ན་ནི་དམན་པའི་ལྷག་མེད་ཀྱི་ཚེ་རྣམ་གྲོལ་གྱི་སྐུ་མངོན་དུ་བྱས་པར་ཐལ། ཕུང་པོའི་བདུད་བཅོམ་པའི་ཕྱིར་ཞེས་པས་ཀྱང་གནོད་དོ། ། ཡང་ལ་ལ་བདུད་བཞི་མ་ལུས་པར་བཅོམ་པ་དང་། སངས་རྒྱས་པ་དུས་མཉམ་མོ་ཞེས་འཆད་པ། དེ་ལྟར་ན་བདུད་བཞི་པོའི་གནས་ངན་ ལེན་ལ་བསམས་ནས་བརྗོད་ན་སྤངས་པའི་ས་མཚམས་དེ་ལྟར་ཡིན་ཀྱང་། བདུད་དེ་དག་དེའི་གནས་ངན་ལེན་དུ་དེ་དང་དེར་ངོས་འཛིན་ན་ནི་ཧ་ཅང་ཐལ་ཆེས་པའི་སྐྱོན་གནས་སོ། ། ཡང་བག་ཉལ་གྱི་ཉོན་སྒྲིབ་ཉོན་མོངས་པའི་བདུད་ཡིན་པ་དང་། བག་ལ་ཉལ་དེའི་རྒྱུ་མཐུན་གྱི་ འབྲས་བུར་གྱུར་པའི་ཕུང་པོ་ཕུང་པོའི་བདུད་ཡིན་ཟེར་བ་ནི་དམན་པའི་ལམ་ལ་བལྟོས་ན་མི་འགལ་ཀྱང་། བྱང་སེམས་འཕགས་པའི་དབང་དུ་བྱས་ན་དེ་བདུད་དུ་མི་རུང་ཞིང་། བག་ཉལ་གྱི་ཉོན་སྒྲིབ་དེ་བདུད་མ་ཡིན་ཏེ། རྒྱུ་ལམ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་ན་རྫོགས་པའི་ བྱང་ཆུབ་ལ་གེགས་མི་བྱེད་པས་དེ་བདུད་དུ་མི་འཇོག་གོ། གལ་ཏེ་མ་རིག་བག་ཆགས་ཀྱི་དབང་གིས་ལུས་བླངས་ན་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལ་བསམས་ནས་ཕུང་པོའི་བདུད་སྤངས་པའི་ས་མཚམས་དེ་ལྟར་འཛིན་པ་ཡིན་ན་ནི། རྒྱུད་བླའི་བསྟན་བཅོས་སུ་དེ་ལ་ 5-1-430a འཆི་བདུད་ཀྱི་སྒྲས་བསྟན་པ་ཡོད་ཀྱང་འཆི་བདུད་དངོས་མ་ཡིན་ཏེ། བདུད་བཞིའི་ཟླས་ཕྱེ་བའི་འཆི་བ་དེ་མ་ཡིན་པའི་ཕྱིར། དེ་དེ་ཡིན་ན་མ་རིག་པའི་བག་ཆགས་དང་ཟག་མེད་ཀྱི་ལས་གཉིས་པོ་ཉོན་མོངས་པའི་བདུད་དང་། དེ་ལས་བྱུང་བའི་ཡིད་ཀྱི་རང་ བཞིན་གྱི་ཕུང་པོ་ཡང་བདུད་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན་ཅི་ཞེ་ན། སངས་རྒྱས་ཀྱི་སྐུ་རྟག་བརྟན་ཞི་བ་གཡུང་དྲུང་དུ་འཆད་པའི་ལོགས་ཕྱོགས་རྣམ་པ་བཞི་ཡོད་པ་ལས། གཡུང་དྲུང་གི་སྐུའི་ལོགས་ཕྱོགས་ལ་འཆི་བདུད་དང་གཡུང་དྲུང་གི་སྐུ་ཉིད་ལ་འཆི་མེད་ཀྱི་གོ་ འཕང་ཞེས་འཇོག་པ་ཡིན་ཏེ། ཇི་སྐད་དུ། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདུད་རྒྱུ་བ་མེད་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། ། ཡང་འདི་ལྟར་དུ་ཡང་འདོད་དེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་ལྷའི་བུའི་བདུད་དང་། ཐོ་རེངས་རྡོ་རྗེ་ལྟ་བུའི་ ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་མ་ལུས་པ་བཅོམ་ལ། ཡངས་པ་ཅན་དུ་འཆི་བདག་གི་བདུད་བཅོམ་སྟེ་ཟླ་བ་གསུམ་གྱི་བར་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་ཕྱིར་དང་། གྱད་ཡུལ་དུ་ཕུང་པོའི་བདུད་བཅོམ་སྟེ་ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་པའི་ཕྱིར་རོ་ཞེས་འདོད་ ལ། དེ་ལྟར་གྱི་ཚེ་ལྷའི་བུའི་བདུད་དང་། ཉོན་མོངས་པའི་བདུད་ནི་སློབ་ལམ་གྱིས་བཅོམ་ལ། ཕུང་པོ་དང་འཆི་བདག་གི་བདུད་ནི་སངས་རྒྱས་པའི་རྗེས་སུ་བཅོམ་པར་མངོན་ནོ། །སྤྱིར་བདུད་བཞི་སྤོང་ཚུལ་དང་། ངོ་བོའི་ངོས་འཛིན་དེ་ལྟར་ཡིན་ཀྱང་། འདིར་ནི་གནས་ངན་ ལེན་སྤངས་པའི་དབང་དུ་བྱས་པ་ཡིན་ཏེ། སངས་རྒྱས་ཀྱི་སར་དེའི་བཅོམ་ཚུལ་བཤད་པ་སྐབས་སུ་བབ་པའི་ཕྱིར་ཏེ། ཇི་སྐད་དུ། བར་ཆད་ཀྱི་ཆོས་ལས་ཡང་དག་པར་ཞེས་གསུངས་པའི་སྐབས་ཡིན་པས་སོ། །གཉིས་པ་འགྲེལ་ཚིག་རྒྱས་པར་བཤད་པ་ནི། བྱང་ཆུབ་ཆེན་པོ་ 5-1-430b ཐོབ་པས་བར་ཆད་ཀྱི་ཆོས་ལས་ཡང་དག་པར་བརྒལ་བས་ལྷའི་བུའི་བདུད་དང་། ལ་སོགས་པས་བདུད་ལྷག་མ་རྣམས་ཀྱིས་གེགས་བྱེད་པའི་གནས་སུ་མ་གྱུར་པས་བདུད་ཀྱི་ཡུལ་ལས་འདས་པ་དང་། ཆོས་ཐམས་ཅད་སྟོང་པར་མཉམ་པ་ཉིད་དུ་རྣམ་པར་བསྒོམས་པས་སྟོང་པ་ ཉིད་གང་ཡང་མི་གནས་པར་གྱུར་པ་ཉིད་གནས་པ་ཡིན་ཏེ། གནས་ཚུལ་དེ་ལས་གཞན་དུ་མི་གནས་པའི་ཕྱིར་རོ། །སེམས་ཅན་བསྒྲལ་བའི་སྨོན་ལམ་རྒྱ་ཆེན་པོ་ཐབས་ཟབ་མོའི་སྒོ་ནས་གྲུབ་པས་གཞན་གྱི་དོན་སྔོན་གྱི་ཐུགས་བསྐྱེད་པའི་རྒྱུའི་ཤུགས་ཀྱིས་འབྲས་བུ་གཞན་ གྱི་དོན་མ་འོངས་པར་འཕངས་པའི་སྒོ་ནས་འབྱུང་བར་བྱེད་པ་དང་། བཟུང་བར་དཀའ་བའི་སྤྱོད་པ་དམ་པ་ཐམས་ཅད་གཞན་དོན་དུ་ཤིན་ཏུ་གོམས་པ་ཉིད་ཀྱིས་ཉན་རང་དང་ཐུན་མོང་མ་ཡིན་པའི་སྤྱོད་ཚུལ་ཚད་མེད་པ་དང་། ཆོས་དཀར་པོ་རྣམ་པར་དག་པ་ལ་སྤྱད་ཀྱང་ཆོས་ ཐམས་ཅད་ལ་འཁོར་གསུམ་དུ་འཛིན་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་གང་དུའང་མི་དམིགས་པ་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཉིད་ཀྱིས་མཚན་མར་མཐོང་བ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཉིད་ཀྱིས་བསྒྲུབ་པར་ བྱ་བ་སྟེ་སྨོན་པ་མེད་པ་དང་། ཕྱིར་མི་ལྡོག་པའི་དྲི་བ་སྔོན་དུ་བཏང་བ་ཅན་ལ་ཕྱིར་མི་ལྡོག་པའི་ཁྱད་ཆོས་བརྗོད་པས་རང་ཉིད་ཕྱིར་མི་ལྡོག་པའི་རྟགས་དང་ལྡན་པ་དང་། བདེན་པ་གཉིས་ཀྱི་ཡུལ་ཐམས་ཅད་ཤེས་པ་ཉིད་ཀྱིས་ཤེས་པ་ཚད་མེད་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཡུལ་རྣམ་པ་བཅུ་པོ་དེ་ལ་འབྲས་བུ་གཞན་དོན་དུ་ཡུལ་དེ་མངོན་སུམ་དུ་བྱ་བ་ལ་རང་གཞན་གྱི་དོན་རྒྱ་ཆེན་པོ་འབྱུང་མི་འབྱུང་གི་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ནི་ཐབས་ལ་མཁས་པ་ཡིན་ནོ། ། འདིར་ཡུལ་དང་ཡུལ་ཅན་གྱི་སྦྱོར་བའི་བྱེ་ 5-1-431a བྲག་དང་། དུས་དང་དུས་མིན་སོགས་ཀྱི་གོ་དོན་མང་དུ་འདུག་ཀྱང་ཡི་གེས་འཇིགས་སོ། ། འདིར་སྨྲས་པ། སྐལ་མཆོག་གང་ཟག་གང་གིས་ཇི་ལྟར་སྒོམ་ཚུལ་དང་། ། སྒྲུབ་མཁས་བླང་དོར་མཚན་ཉིད་འཇུག་པའི་རྒྱུ་ཤེས་ནས། ། དམ་པས་གང་ ལ་བརྟེན་ནས་གང་གི་མཉམ་ཉིད་དང་། ། ཞིང་སྦྱོང་ཐབས་མཁས་རྣམ་རྫོགས་སྦྱོར་བ་བཤད་ཟིན་ཏོ། །ཞེས་སོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐབས་བཞི་པའི་འགྲེལ་བཤད་རྫོགས་ སོ།། །།སྐབས་ལྔ་པ་སྟེ། གཉིས་པ་དབང་སྒྱུར་ཐོབ་པ་རྩེ་མོའི་སྦྱོར་བ་ལ་གསུམ། འབྲེལ་བཀོད་པས་མཚམས་སྦྱར་བ་དང་། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། རྣམ་པ་ཐམས་ ཅད་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་ཐོབ་པ་ལ་སྟེ། དེ་རང་མཁྱེན་གསུམ་ལ་དབང་འཐོབ་བྱེད་དུ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་གོ་རིམ་བསྟན་པ་ཡིན་ལ། རྩེ་སྦྱོར་གྱི་སྔ་རོལ་ཏུ་རྣམ་རྫོགས་སྦྱོར་བ་ཡོངས་རྫོགས་སྔོན་དུ་སོང་བས་ཁྱབ་པར་ སྟོན་པ་ནི་མ་ཡིན་ནོ། །དེས་ན་མཁྱེན་གསུམ་གྱི་རྣམ་པ་རྣམས་རྫོགས་པར་བསྡུས་སྒོམ་རབ་ཀྱི་མཐར་ཕྱིན་པར་མི་མཐུན་ཕྱོགས་སྤང་བའི་གཉེན་པོར་གྱུར་པའི་རྟོགས་པ་ཕུལ་དུ་བྱུང་བ་རྩེ་མོར་སོན་པའི་རྣལ་འབྱོར་འབྱུང་བས། དེས་ན་རྣམ་རྫོགས་ཀྱི་སྦྱོར་བ་ཐབས་མཁས་ ཟབ་མོ་དང་ལྡན་ནས་རྩེ་མོར་སོན་པ་དེ་ཕྱིར་མི་ལྡོག་པ་གོ་སླ་བར་བྱ་བའི་ཕྱིར། རྨི་ལམ་གྱི་རྟགས་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་སྒོ་ནས་རྟགས་དེ་དང་ལྡན་པ་ལ་རྩེ་མོའི་མངོན་པར་རྟོགས་པ་འབྱུང་བས་འདིར་འཆད་དོ་ཞེས་པའོ། །ཡང་ན་རྩེ་མོའི་མངོན་རྟོགས་ 5-1-431b ཐོབ་པ་ལ་ཕྱིར་མི་ལྡོག་གི་རྟགས་ཁྱད་པར་དུ་ཐོབ་པར་འཆད་ནའང་ལེགས་ཏེ། སྐབས་བཞི་པར་ཕྱིར་མི་ལྡོག་བཤད་པ་དང་མི་ཟློས་པའི་ཕྱིར། གངས་ཅན་གྱི་མཁས་པ་ལ་ལའི་གསུང་གིས། རྟགས་དང་རྣམ་འཕེལ་སོགས་བཞི་པོ་འདི་རྩེ་སྦྱོར་ཐོབ་ནས་བྱང་ཆུབ་ཀྱི་བར་འགྲོ་ བར་བཤད་ནས། སློབ་དཔོན་གྱིས་འདི་དྲོད་སོགས་བཞི་བསྒོམས་པའི་འབྲས་བུའམ་རྩེ་མོ་ཡིན་པར་སྦྱར་ནས་འཆད་པ་ནོར་བ་ཡིན་ཅེས་སྨྲ་བར་བྱེད་དོ། །གཉིས་པ་མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་ལ། གཉེན་པོའི་རྩེ་མོ་དང་། སྤང་བྱ་ལོག་སྒྲུབ་བོ། །དང་པོ་ལ་བཞི། སྦྱོར་ལམ། མཐོང་ལམ། སྒོམ་ལམ་རྩེ་མོ། བར་ཆད་མེད་པའི་རྩེ་མོའོ། །དང་པོ་ལ། དྲོད་ཀྱི་རྩེ་མོ་རྟགས་ཀྱིས་མཚོན་པ། རྩེ་མོའི་རྩེ་མོ་རྣམ་པར་འཕེལ་བ། བཟོད་པའི་རྩེ་མོ་བརྟན་པ། ཆོས་མཆོག་གི་སེམས་ཀུན་ཏུ་གནས་པ། ཐུན་མོང་གི་བསྡུ་བའོ། །དང་པོ་ལ། རྩ། འགྲེལ་གཉིས་ལས། དང་ པོ་ནི། མདོར། དེའི་རྟགས་དང་ཞེས་པའི་མདོ་ལས་འཕྲོས་ནས། བཀའ་སྩལ་པ། རབ་འབྱོར་བྱང་ཆེན་རྨི་ལམ་ན་ཆོས་ཐམས་ཅད་སྒྲ་བརྙན་པ་དང་། མིག་ཡོར་དང་། སྤྲུལ་པ་དང་། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་བལྟ་ཡང་མངོན་དུ་མི་བྱེད་པ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་ དུ་རིག་པར་བྱའོ། །ཞེས་མདོ་ཚན་བཅུ་གཉིས་ཀྱིས་བསྟན་པའི་དོན། དྲོད་ཀྱི་རྩེ་སྦྱོར་མཉམ་བཞག་ཏུ་ཐོབ་པ་རྗེས་ཐོབ་ཏུ་སད་པ་ན། ཆོས་རྣམས་རྨི་ལམ་འདྲ་བར་བལྟ་བར་མ་ཟད། རྨི་ལམ་ནའང་ཆོས་རྣམས་ཀུན་རྨི་ལམ་ལྟ་བུར་བལྟ་བ་དང་། ལ་སོགས་པས་རྨི་ལམ་ན་དེ་ བཞིན་གཤེགས་པས་དགེ་སློང་སོགས་དང་ལྷ་ཀླུ་ལ་སོགས་པའི་འཁོར་ཚད་མེད་པ་རྣམས་ལ་ཆོས་སྟོན་པ་སོགས་རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་ནི་རྣམ་པ་བཅུ་གཉིས་སུ་བཅོམ་ལྡན་འདས་བཞེད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གཉིས་པ་ལ། རྨི་ལམ་ 5-1-432a གྱི་རྟགས་དང་། སད་པའི་རྟགས་སོ། །དང་པོ་ནི། ཉིན་པར་ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་དང་། ལ་སོགས་པས་སྒྲ་བརྙན་སོགས་སུ་ལྟ་བ་དང་། རྨི་ལམ་ན་ཡང་ཉན་ཐོས་དང་། རྨི་ལམ་ སོགས་པས་རང་རྒྱལ་གྱི་ས་ལ་དགའ་བའི་སེམས་མི་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ལ་འཁོར་རྣམ་བཞིས་བསྐོར་ཏེ་ཆོས་འཆད་པ་ལ་སོགས་པ་མཐོང་བ་སྟེ། བརྒྱད་སྟོང་པར། རང་ལ་སངས་རྒྱས་ཡིན་པར་སྣང་བ་རྨི་བ་དང་། རྒྱས་འབྲིང་ལས། དེ་བཞིན་གཤེགས་ པའི་རྣམ་པ་གཞན་རྨི་བར་བཤད་ལ། འོག་མ་རྣམས་ཀྱང་འདིས་མཚོན་ནོ། །དེ་བཞིན་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་འོད་འགྱེད་པ་སོགས་རྣམ་པར་འཕྲུལ་པ་སྟོན་པ་ཉེ་བར་དམིགས་པ་དང་། དེ་བཞིན་དུ་གཞན་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེ་བར་མཐོང་ནས་དམ་པའི་ ཆོས་སྟོན་པའི་སེམས་སྐྱེ་བ་དང་། དེ་བཞིན་དམྱལ་བ་ལ་སོགས་པའི་སེམས་ཅན་གྱི་སྡུག་བསྔལ་མཐོང་བ་སྔོན་དུ་འགྲོ་བས་རང་གི་སངས་རྒྱས་ཀྱི་ཞིང་དུ་རྣམ་པ་ཐམས་ཅད་དུ་ངན་སོང་གི་འགྲོ་བ་མི་འབྱུང་བར་སྨོན་པའི་ངན་སོང་སྤོང་བ་རྗེས་སུ་དྲན་པའོ། །དང་ནི་དེ་ལས་ གཞན་ཡང་ཞེས་པའི་དོན་ཏོ། །གཉིས་པ་ནི། གྲོང་ཁྱེར་དང་ལ་སོགས་པས་གྲོང་རྡལ་ཚིག་པ་མཐོང་ན་བདག་ཕྱིར་མི་ལྡོག་པ་ཡིན་ན་མེ་རབ་ཏུ་ཞི་བར་གྱུར་ཅིག་ཅེས་པའི་བྱིན་གྱིས་བརླབས་པས་གྲུབ་ཀྱང་ང་རྒྱལ་མེད་པ་དང་། བདག་བྱང་ཆུབ་པར་ལུང་བསྟན་པ་ཡིན་ན། གནོད་སྦྱིན་དང་། ལ་སོགས་པས་མི་མ་ཡིན་པའི་གནོད་པ་ཐམས་ཅད་མེད་པར་བྱེད་པར་གྱུར་ཅིག །ཅེས་བདེན་པའི་ཚིག་གིས་དོན་འགྲུབ་པའི་རྟེན་འབྲེལ་འགྲིགས་པ་དང་། རང་ཉིད་ཀྱི་ཐར་པའི་གེགས་བྱེད་མི་བྱེད་མངོན་པར་ཤེས་ནས་གེགས་བྱེད་པའི་ཕྱི་ནང་གི་ 5-1-432b རྐྱེན་ཐམས་ཅད་ཕ་རོལ་ཟིལ་གྱིས་གནོན་པའི་སྒོ་ནས་དགེ་བའི་བཤེས་གཉེན་བསྟེན་པ་དང་། རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱག་རྒྱ་ཆེན་པོ་གཞན་མཆོག་གི་རིག་པ་སྐད་ཅིག་མ་རྟག་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་བསལ་བ་ལ་སློབ་པ་སྟེ། སྐད་ཅིག་མ་རྟག་ པ་ཡིན་པ་ངོ་བོ་ཉིད་མེད་སྨྲའི་དབུ་མའི་ཕྱོགས་ལ་མི་འཐད་ཀྱང་། རྣལ་འབྱོར་སྤྱོད་པའི་དབུ་མའི་ཕྱོགས་ལ་འདི་ལྟར་འཐད་པ་ནི་གྲུབ་པའི་མཐའ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཆོས་ཐམས་ཅད་ལ་སྣང་བཏགས་ལྟར་མངོན་པར་ཞེན་པ་མེད་པ་དང་། ཤེར་ཕྱིན་ལ་སྤྱོད་པ་ པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱ་བའི་རྣམ་པ་བཅུ་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ནོ། ། འདིའི་རྟགས་བཅུ་གཉིས་པོ་ལ་རྨི་ལམ་དང་སད་པའི་སྐབས་ཀྱི་འཇོག་མཚམས་ནི། འཕགས་པ་དང་། ཤཱནྟི་པ། རཏྣ་ཀཱིརྟི། བུདྡྷ་ཤྲཱི། སངས་རྒྱས་ཡེ་ཤེས། གསེར་གླིང་པ་སོགས་བཞེད་པ་མི་འདྲ་བ་མང་དུ་སྣང་ངོ་། །གཉིས་པ་རྩེ་མོའི་རྩེ་མོ་རྣམ་པར་འཕེལ་བ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་རྟགས་ཀྱིས་མཚོན་པའི་རྩེ་མོའི་ཡེ་ཤེས་བསྒོམ་པ་ལ་ བསོད་ནམས་རྣམ་པར་འཕེལ་བ་རྣམ་པ་དུ་ཞིག་ཡོད་ཅེ་ན། རྣམ་པར་འཕེལ་བའི་ཚུལ་འདིར་འཆད་དོ། །གཉིས་པ་ནི། མདོར། དེ་ནས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སེམས་ཅན་དེ་དག་སངས་རྒྱས་སུ་གྱུར་པ་ལ། གང་ལ་ལ་ཞིག་གིས་རིམ་གྲོར་བྱས་ ཤིང་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་། ཡང་གང་ལ་ལ་ཞིག་གིས་དེ་དག་རྫོགས་པའི་བྱང་ཆུབ་ལ་བཀོད་ན། དེའི་རྒྱུས་བསོད་ནམས་འཕེལ་བ་དཔེར་བྱས་ནས། དེ་བས་ཀྱང་གང་ལ་ལ་ཞིག་གིས་ཡུམ་འདི་གཞན་ལ་སྟོན་པ་དང་། འཆད་པ་ཡང་དག་པར་བསོད་ 5-1-433a ནམས་ཆེས་མང་དུ་འཕེལ། ཅེས་སོགས་ཀྱི་དོན་ནི། འཛམ་བུའི་གླིང་གི་སྐྱེ་བོ་ཇི་སྙེད་སངས་རྒྱས་སུ་གྱུར་པ་ལ་འགའ་ཞིག་གིས་ནམ་འཚོའི་བར་དུ་མཆོད་པའི་དགེ་བ་དང་། ལ་སོགས་པས་སྟོང་གསུམ་གྱི་སྐྱེ་བོ་ཇི་སྙེད་སངས་རྒྱས་སུ་གྱུར་པ་ལ་ནམ་འཚོའི་ བར་དུ་མཆོད་པའི་དགེ་བ་སྟེ་གཉིས་དང་། འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་མིར་གྱུར་ལ། དེ་དག་ལ་ལ་ཞིག་གིས་དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་མངོན་ཤེས་ལྔ་སྟེ་འཇིག་རྟེན་པའི་ཕུན་ཚོགས་དང་། རྒྱུན་ཞུགས་དང་། ཕྱིར་འོང་ བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། བླ་མེད་བྱང་ཆུབ་ལ་བཀོད་དེ། དེ་དག་གི་དགེ་བ་ཡང་རང་རང་གི་སྐབས་སུ་སངས་རྒྱས་སུ་བསྔོས་པའི་དགེ་བ་བདུན་དང་། སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་པ་མིར་གྱུར་ལ། དེ་དག་ལ་ལ་ཞིག་གིས་འཇིག་ རྟེན་པའི་ཕུན་ཚོགས་དང་། རྒྱུན་ཞུགས་དང་། ཕྱིར་འོང་དང་། ཕྱིར་མི་འོང་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། བླ་ན་མེད་པའི་བྱང་ཆུབ་ལ་བཀོད་ཅིང་། དེ་ལྟ་བུའི་དགེ་བ་ཡང་རང་རང་གི་སྐབས་སུ་སངས་རྒྱས་སུ་བསྔོས་པ་དང་བཅས་པའི་བསོད་ ནམས་བདུན་ནོ། །དེ་ལྟར་བདུན་ཚན་གཉིས་ཀྱི་སྟེང་དུ་སྔ་མ་གཉིས་ཏེ། དེ་ལྟར་ན་དགེ་བ་བཅུ་དྲུག་གི་རྣམ་པ་མང་དུ་བསྟན་པ་ནི་དཔེར་མཛད་ནས། རྩེ་སྦྱོར་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡིད་ལ་བྱེད་པ་དང་མ་བྲལ་བས་ ཤེར་ཕྱིན་ལ་སྤྱོད་ཅིང་གཞན་ལ་སྟོན་པ་ནི་དགེ་བ་སྔ་མ་ལས་དགེ་བའི་རྣམ་པ་ཆེས་མང་དུ་འཕེལ་བ་བཅུ་དྲུག་གི་བདག་ཉིད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ལ་གཉིས། ཕྱི་གཙོ་བོར་གྱུར་པ་བརྒྱད་དང་། 5-1-433b ནང་གཙོ་བོར་གྱུར་པ་བརྒྱད་དོ། །དང་པོ་ནི། འཛམ་བུའི་གླིང་དང་ལ་སོགས་པ་ནས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་མཆོད་པ་བས། རྩེ་མོའི་སྦྱོར་བ་སྒོམ་པའི་དགེ་བ་ལྷག་པ་དང་། ཁྱད་པར་དུ་རྩེ་སྦྱོར་གྱི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་དོན་ཉིན་མཚན་རྩེ་གཅིག་ཏུ་ཡིད་ལ་བྱེད་པ་དང་། རྩེ་སྦྱོར་དེ་མི་སྐྱེ་བའི་ཆོས་ཉིད་ལ་ངེས་པ་རྙེད་པའི་བཟོད་པ་ཐོབ་པ་སྟེ། དེའི་ཚུལ་ཁོང་དུ་ཆུད་པས་ཐེ་ཚོམ་དང་བྲལ་བ་དང་། རྩེ་སྦྱོར་དེ་གང་བྱང་ཆུབ་པར་བྱ་བའི་རང་བཞིན་ཕྱག་རྒྱ་ཆེན་ པོ་དང་། གང་གིས་བྱང་ཆུབ་པར་བྱེད་པ་ལྟར་སྣང་བའི་གློ་བུར་གྱི་དྲི་མ་བསལ་བྱེད་ཀྱི་ཆོས་རྣམས་རིམ་བཞིན་མི་དམིགས་པར་འགྱུར་ཏེ། བྱང་ཆུབ་ནི་བློའི་ཡུལ་དུ་དམིགས་རུང་བ་མིན་པའི་རང་བཞིན་ཅན་ཡིན་ལ། བྱང་ཆུབ་བྱེད་ཀྱི་ཆོས་ལྟར་སྣང་བ་ནི་མ་རིག་པའི་ བསླད་པ་ཞུགས་ངོར་སྤང་གཉེན་དང་བྱང་ཆུབ་བྱེད་ལྟར་སྣང་བ་མ་གཏོགས་བདེན་པའི་དོན་ཅན་གྱི་དམིགས་པ་མ་ཡིན་པའི་ཕྱིར་དང་། དགེ་བ་བཅུ་དང་། ལ་སོགས་པས་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་ལས་རྩེ་མོའི་སྦྱོར་བ་འདི་ ཁྱད་པར་དུ་འཕགས་པ་དང་། ལྷའི་རིས་ཐམས་ཅད་རྩེ་སྦྱོར་ཐོབ་པའི་དྲུང་དུ་ཉེ་བར་འོངས་ནས་ཆོས་སྟོན་པས་འཕེལ་བ་དང་། སངས་རྒྱས་པ་ལ་གེགས་བྱེད་ཀྱི་བདུད་ཐམས་ཅད་ཟིལ་གྱིས་གནོན་པས་གླགས་མི་རྙེད་པའི་ཚུལ་གྱིས་བསོད་ནམས་འཕེལ་བ་དང་། རྩེ་མོའི་ སྦྱོར་བ་ཐོབ་པ་དེས་སྟོན་པ་དང་འདྲ་བར་ཐེག་ཆེན་ལ་ཞུགས་སོ་ཅོག་གི་སྐྱེ་བོ་ལ་གུས་པར་སེམས་མཚུངས་པར་གནས་པ་འབྱུང་སྟེ། ཐེག་ཆེན་དུ་བགྲོད་པའི་རྒྱུ་བསམ་སྦྱོར་གཉིས་པོ་དེའི་རྒྱུ་ལས་འབྲས་བུ་སྟོན་པ་ཉིད་ཡིན་པས། འབྲས་བུ་ལ་དད་པ་ཡོད་ན་དེའི་རྒྱུ་ལའང་དད་ 5-1-434a པ་ཡོད་རིགས་པའི་ཕྱིར་ཏེ། དེ་གཉིས་སྐལ་བ་མཉམ་པས་སོ་ཞེས་བྱ་བས་བསོད་ནམས་རྣམ་པ་བརྒྱད་བསྟན་པར་མཛད་དོ། །གཉིས་པ་ནི། ཡང་རྣམ་པ་ཐམས་ཅད་དུ་རྩེ་སྦྱོར་ཐོབ་པ་དེས་རང་གཞན་གྱི་དོན་བྱེད་པའི་ཐབས་ལ་མཁས་པས་བསླབ་པ་ལ་གེགས་ཡོངས་ སུ་དག་པ་དང་། རྩེ་སྦྱོར་ཐོབ་པ་དེ་རྒྱུན་མི་རིང་བར་སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བ་སྟེ། རིགས་ཅན་སངས་རྒྱས་རང་གི་རིགས་སམ། ངོ་བོའམ་རང་བཞིན་དེ་ཐོབ་པའི་དོན་ཡིན་ལ། དེས་དེ་ཐོབ་པའང་མ་དཔྱད་པའི་དབང་དུ་བྱས་པ་ཡིན་ནོ། །དེ་ལྟར་ཐོབ་བར་ཤེས་ པའི་དགའ་བ་ཁྱད་པར་ཅན་ཀྱང་དགེ་བའི་རྩ་བ་དུ་མ་འཕེལ་བ་དང་། དེས་ན་འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་ཀྱང་དེའི་རྒྱུ་ཚོགས་གྲངས་ཚང་བར་བསགས་པའི་དགེ་བ་དང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཀྱི་སེམས་སེར་སྣ་ལ་སོགས་པ་རྣམས་ བྱང་ཆུབ་སེམས་དཔའི་སྡོམ་པས་མི་སྐྱེ་བར་བྱས་པའི་དགེ་བ་དང་། སྣང་ཙམ་པ་འདི་ལ་གཟུགས་ལ་སོགས་པར་མཚན་མ་དང་ལྡན་པར་རྟོག་པའི་སེམས་རབ་ཏུ་མི་སྐྱེ་བ་ཡེ་ཤེས་ཀྱི་ཚོགས་ཉིད་ཀྱི་དགེ་བ་དང་། རྩེ་མོའི་ཤེས་རབ་ཀྱི་ནང་དུ་ཕ་རོལ་ཏུ་ཕྱིན་པ་ཀུན་བསྡུས་ནས་རྣལ་ འབྱོར་དུ་ཤེས་པ་དང་། ཐེག་གསུམ་གྱི་རྟོགས་རིས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་དང་། དེ་ལྟ་བུའི་སྦྱོར་བ་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲིབ་པ་དང་བྲལ་བ་ལ་རྒྱུན་མི་རིང་བར་ཉེ་བར་གྱུར་པ་ཞེས་བྱ་བའི་བསོད་ནམས་སྔ་མ་ལས་གཞན་རྣམ་པ་བརྒྱད་དོ། ། བསོད་ནམས་འཕེལ་ཚུལ་རྣམ་པ་བཅུ་དྲུག་པོ་འདི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དགེ་རྩ་འཕེལ་བ་ཁྱད་པར་དུ་འཕགས་པ་ཡིན་ཟེར་ལ། འགའ་ཞིག་བཅུ་དྲུག་པོ་ཐམས་ཅད་དགེ་བའི་རྩ་བའི་འཕེལ་བར་མཚུངས་པ་ཡིན་གྱི། སྔ་མ་ལས་ཕྱི་མ་འཕེལ་བའི་འགྱུར་ཁྱད་ཡོད་ 5-1-434b ཅེས་སྨྲ་བའང་རང་བཟོའི་བཤད་པའོ། ། བརྒྱད་ཚན་སྔ་མ་ལ་ཕྱི་གཙོ་བོར་གྱུར་པ་དང་། བརྒྱད་ཚན་ཕྱི་མ་ལ་ནང་གཙོ་བོར་གྱུར་པ་ཞེས་པ་ནི། དགེ་བའི་རྩ་བ་གཞན་རྒྱུད་ལ་བརྟེན་ནས་གསོག་ཚུལ་བརྒྱད་ཚན་སྔ་མའི་ནང་ན་ཤས་ཆེ་བས་ཕྱིར་ཞེས་བྱ་ལ། ཕྱི་མ་རང་རྒྱུད་ལ་ བརྟེན་ནས་དགེ་བ་བསོག་པར་བསྟན་པས་ནང་ཞེས་བྱའོ། །གཉིས་པ་བསྡུ་བ་ནི། མེ་ཏོག་ལ་སོགས་པས་སངས་རྒྱས་མཆོད་པའི་དགེ་བའི་རྩ་བ་ལ་སོགས་པ་རྣམས་ལ་འབྲས་བུ་ཆེན་པོ་འབྱུང་ཚུལ་གྱི་རྣམ་པ་མང་པོ་དཔེར་མཛད་ནས་དེ་ལ་དེ་ལྟར་འབྱུང་ན། རྩེ་སྦྱོར་བསྒོམ་ པའི་བསོད་ནམས་ཀྱི་འབྲས་བུ་ནི་རེ་རེ་ཞིང་གོང་ནས་གོང་དུ་ཁྱད་པར་འཕགས་པ་ཉིད་ཀྱི་ཡོན་ཏན་དང་ལྡན་པའི་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ནི་རྣམ་པར་འཕེལ་བ་ཡིན་ནོ། །གསུམ་པ་བཟོད་པའི་རྩེ་མོ་བརྟན་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ ལྟར་རྩེ་མོ་ཐོབ་པས་བསོད་ནམས་རྣམ་པར་འཕེལ་བ་དེ་དག་རྣམ་པར་སྤེལ་བའི་མཉམ་གཞག་རང་དབང་དུ་གྱུར་པ་རབ་ཀྱི་མཐར་ཕྱིན་པའི་མཚན་ཉིད་རྣམས་ནི་རྒྱུད་ལ་ལྡན་བཞིན་དུ་རྗེས་ཐོབ་ལ་བསྔོ་བ་དང་། སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བར་ངེས་པར་བརྟན་པ་ ཡིན་པས་ངེས་པར་བརྟན་པའི་རྩེ་སྦྱོར་འཆད་དོ། །གཉིས་པ་ནི། མདོར། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་མནྡཱ་ར་མང་པོ་བླངས་ཏེ་བཅོམ་ལྡན་འདས་ལ་མངོན་པར་གཏོར་ནས་ཚིག་འདི་སྐད་ཅེས་བརྗོད་དོ། །དགེ་བའི་རྩ་བ་གང་དག་བྱང་ཆུབ་སེམས་དཔའི་ ཐེག་པ་བ་གང་གིས་བླ་མེད་བྱང་ཆུབ་ཏུ་དམིགས་པ་དེ་དག་གིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །རྣམ་མཁྱེན་གྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །རང་བྱུང་གི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཟག་པ་མེད་པའི་ཆོས་རྣམས་ 5-1-435a ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་དང་། ཡང་མདོར། ཅི་བདག་བརྒལ་ནས་སེམས་ཅན་རྣམས་བསྒྲལ་བར་བགྱི། གྲོལ་ནས་སྒྲོལ་བར་བགྱི། དབུགས་ཕྱུངས་ནས་དབུགས་དབྱུང་བར་བགྱི། ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ ལས་འདའ་བར་བགྱིའོ། །ཞེས་སོགས་ཀྱི་མདོ་ཚན་དང་པོའི་དོན་རྐང་པ་གཉིས་ཀྱིས་བསྟན་ལ། མདོ་ཚན་ཕྱི་མའི་དོན་རྐང་པ་ཐ་མ་གཉིས་ཀྱིས་བསྟན་པར་མཛད་དོ། །དེའང་མདོ་ཚན་དང་པོ་ལ་ཚིག་གི་ཟུར་བཞི་ཡོད་པ་ལ། གསུམ་པ་ལམ་ཤེས་དང་། བཞི་པ་གཞི་ཤེས་ཀྱི་ ཆོས་ཏེ་ཀུན་མཁྱེན་ཉིད་གསུམ་གྱི་ཆོས་སེམས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་སར་ཡོངས་སུ་རྫོགས་པ་བླ་ན་མེད་པའི་རྟོགས་པ་བསྟན་པ་དང་། སེམས་ཅན་གྱི་དོན་གློ་བུར་གྱི་དྲི་མ་སེལ་བའི་ཐབས་ཡོངས་སུ་མི་གཏོང་བར་གཞན་གྱི་ དོན་འབའ་ཞིག་ལ་གནས་པར་བརྟན་པ་ཞེས་པ་ནི་མངོན་པར་བརྗོད་དོ། །འདིར་མཁྱེན་གསུམ་གྱིས་མཚོན་པའི་དགེ་བ་ཙམ་ཡིན་གྱི། གོ་དོན་མངོན་རྟོགས་བརྒྱད་ཡོངས་རྫོགས་ཀྱི་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བསྟན་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། ། གསུམ་པ་ནི། དེ་ལྟར་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་མཉམ་བཞག་རྣམ་པར་མི་རྟོག་པ་རྟོགས་པའི་གནས་སྐབས་ན་ཡང་གཞན་གྱི་སྡུག་བསྔལ་སེལ་བ་ལ་རྗེས་ཐོབ་ཏུ་ལྡང་མི་དགོས་པར་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོས་སེམས་ཅན་གྱི་དོན་ཡོངས་ སུ་མི་གཏོང་བའི་མཚན་ཉིད་ཅན་གྱི་སྦྱོར་བའི་ཤུགས་ལས་གཞན་དོན་སྒྲུབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་སྐབས་དང་པོ་གསུམ་དུ་ཇི་སྐད་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་མཚོན་པར་བྱེད་པའི་ཆོས་སེམས་བསྐྱེད་པ་ལ་སོགས་པ་གོང་དུ་ 5-1-435b སྨོས་པའི་དོན་ཚན་སོ་སོ་རྣམས་ཡོངས་སུ་རྫོགས་པར་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ངེས་པར་བྱང་ཆུབ་ཏུ་བརྟན་པ་ཡིན་ཏེ། གཞན་དོན་ལ་དམིགས་ནས་དགེ་རྩ་གང་བརྩམས་བྱང་ཆུབ་ཏུ་བསྔོས་པས་བྱང་ཆུབ་ཏུ་འགྱུར་བ་ལ་མི་བརྟན་པའི་དོགས་མེད་པའི་ཕྱིར་རོ། །བཞི་ པ་ཆོས་མཆོག་གི་རྩེ་མོ་སེམས་ཀུན་ཏུ་གནས་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་རྩེ་མོ་ཐོབ་པའི་གང་ཟག་གི་རྒྱུད་ལ་དགེ་བའི་རྩ་བ་ངེས་པར་བརྟན་པར་བྱེད་པས་ངེས་པར་བརྟན་པར་གྱུར་པའི་མཚན་ཉིད་ནི་སྐྱེ་མེད་གསུམ་ལ་སེམས་ཀུན་ཏུ་གནས་ པའི་ཏིང་ངེ་འཛིན་དང་། དེས་དྲངས་པའི་རྗེས་སུ་ཡི་རང་གི་དགེ་བ་ཆེས་མང་བ་བརྟན་པའི་ཕྱིར། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་འདི་འཆད་དོ། །གཉིས་པ་ནི། བཅོམ་ལྡན་འདས། དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པ་དང་། ཡུན་རིང་ནས་སྤྱོད་སྤྱོད་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་ན། དེའི་བསོད་ནམས་ཅི་ཞིག་འཕེལ་བར་འགྱུར། བཀའ་སྩལ་པ། སྟོང་གཅིག་པ་དང་། སྟོང་གཉིས་པ་དང་། སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྲང་ལ་གཞལ་བའི་ཚད་ནི་བཟུང་ཡང་སྲིད་ཀྱི། རྗེས་སུ་ཡི་རང་བ་དེ་དང་ལྡན་པའི་བསོད་ནམས་ནི་ཚད་མེད་དོ། །ཞེས་སོགས་ཀྱི་དོན་གླིང་བཞི་པ་སྟོང་ནས་ཚངས་པའི་འཇིག་རྟེན་སྟོང་གི་བར་ནི་སྟོང་དང་པོ་དག་དང་། དེ་ སྟོང་ལ་སྟོང་གཉིས་བར་མ་དང་། བར་མ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་དག་ཀྱང་རྡུལ་ཕྲ་རབ་ནས་ཚད་གཟུང་བར་ནུས་པའི་དཔེར་མཛད་ནས། ཆོས་མཆོག་གི་སྐབས་ཀྱི་རྩེ་སྦྱོར་དགེ་རྩ་ལ་རྗེས་སུ་ཡི་རང་བ་སོགས་བསོད་ནམས་མང་པོ་ཚད་བཟུང་བར་མི་ནུས་པ་ཉིད་ 5-1-436a ཀྱིས་སྐབས་འདིའི་ཏིང་ངེ་འཛིན་བསོད་ནམས་ཚད་མེད་པར་འཕེལ་བར་ཡོངས་སུ་བསྒྲགས་པ་ཡིན་ནོ། །མདོར། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་བསོད་ནམས་ཚད་མེད་པར་གསུངས་པ་དང་། བསྟན་བཅོས་སུ་ཏིང་ངེ་འཛིན་བསྒོམ་པ་བསོད་ ནམས་ཚད་མེད་པར་གསུངས་པ་གཉིས་མི་འགལ་ཏེ། ཆོས་མཆོག་གི་ཏིང་ངེ་འཛིན་རྩེ་སྦྱོར་ཐོབ་པ་དེས་ཡེ་ཤེས་ཀྱི་ཚོགས་ཚད་མེད་པས་སེམས་ཀུན་ཏུ་གནས་པའི་སྒོ་ནས་བསོད་ནམས་འཕེལ་ལ། རྗེས་སུ་ཡི་རང་སོགས་ཀྱི་བསོད་ནམས་ཀྱི་ཚོགས་ཚད་མེད་པ་རྫོགས་པ་ ལ་སེམས་རྩེ་གཅིག་ཏུ་གནས་པའི་དོན་ཏོ། ། སྟོང་གསུམ་གྱི་ཚུལ་ཇི་ལྟར་ཞེ་ན། མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། ། བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཅེས་བཤད་དོ། ། འདིར་སེམས་བཞི་ནི། དང་པོ་མོས་པས་སྤྱོད་པ་དང་། གཉིས་པ་སྤྱོད་པས་ཞུགས་པ་སྟེ་རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་པ་དང་། གསུམ་པ་དག་ས་ལ་གནས་པ་དང་། བཞི་པ་ས་བཅུ་རྒྱུན་མཐའ་ལ་གནས་པར་བཞེད་དོ། ། གཞན་ཡང་འདི་ལྟར་ཤེས་དགོས་ཏེ། རྟགས་དང་། རྣམ་འཕེལ་དང་། ངེས་བརྟན་དང་། སེམས་ཀུན་གནས་ཏེ་བཞི་པོ་འདི་ངེས་འབྱེད་ཀྱི་ངོ་བོ་ཉིད་ཡོངས་རྫོགས་ཡིན་པར་ནི་ མདོ་རྒྱན་ལས་མ་གསུངས་ཤིང་། སྦྱོར་ལམ་གྱི་སྐབས་ཀྱི་རྩེ་སྦྱོར་འདི་མདོར་རྗེས་ཐོབ་ཀྱི་ཆ་ནས་བཞག་པ་ལྟར་སྣང་ཡང་། དངོས་དོན་ངེས་ཆ་སོ་སོའི་མཉམ་བཞག་གི་སྟེང་གི་མཐུ་ནུས་ཁྱད་པར་ཅན་གྱི་སྒོ་ནས་ཐོབ་པའི་རྩེ་སྦྱོར་ཞིག་ལ་འཆད་དགོས་ཤིང་། འདིའི་བྱེད་ 5-1-436b ལས་མཐོང་སྒོམ་ལམ་གྱི་སྤང་བྱ་རྟོག་པ་བཞི་གང་རུང་གི་མགོ་གནོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། གང་གཞལ་བྱ་ཚད་སྲིད་པ་ནི་འཇལ་བྱེད་སྲང་ཚད་ཀྱིས་གཞལ་བར་ནུས་སོ་ཞེས་བྱ་བའི་ཚུལ་གྱིས་གླིང་བཞི་པ་ལ་སོགས་པ་ དང་། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་རྣམས་སྲང་ཚད་ཀྱིས་གཞལ་བར་ནུས་ཀྱི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཉམས་སུ་ལེན་པའི་ཏིང་ངེ་འཛིན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་དེ་སོ་སོར་ཚད་གཞལ་དུ་མེད་ལ། གཞལ་དུ་ཡོད་པའི་སྣོད་སོགས་ཀྱི་རྡུལ་ཕྲན་དཔེར་མཛད་ནས། དཔེ་དེ་དག་ལས་ཁྱད་པར་དུ་འཕགས་ཤིང་ཚད་ལས་འདས་པའི་བསོད་ནམས་མང་པོ་ཐོབ་པ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་མཚན་ཉིད་བརྗོད་པ་ནི་སེམས་ཅན་ཀུན་ཏུ་གནས་པ་ཡིན་ནོ། །ལྔ་པ་དོན་བསྡུ་བ་ནི། རྟགས་སྦྱོར་དང་ལ་སོགས་པས་རྩེ་སྦྱོར་སོགས་བཞི་པོ་དེ་དག་ནི་གོ་རིམ་བཞིན་དུ་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཉིད་ཀྱི་བྱེ་བྲག་ཡིན་པར་ཁོང་དུ་ཆུད་པར་བྱའོ། ། འདིར་སྨྲས་པ། རྒྱལ་བས་རྒྱལ་བའི་ཡུམ་གྱི་ཁང་བཟང་དུ། ། རྒྱལ་རྔ་ རྒྱལ་བར་སྒྲོག་པར་མངའ་གསོལ་བའི། །རྗེ་བཙུན་རྗེ་ཡི་བསྟན་བཅོས་ངོ་མཚར་བ། ། དོན་ལྡན་དོན་འདི་བདག་གིས་ལེགས་པར་གོ ། མ་སྦྱངས་པར་ཡང་རང་བློས་དཔྱད་པ་ཡི། ། ཤེས་རབ་འཁྲུལ་མེད་ཤེས་བྱ་ལྟ་བའི་མིག ། ཇི་བཞིན་པ་འདི་དེང་སང་གངས་ཅན་ན། ། བདག་དང་ལང་ཚོ་མཉམ་པ་སུ་ཞིག་ཡོད། །ཅེས་སོ།། །།གཉིས་པ་མཐོང་ལམ་རྩེ་མོ་ལ་བདུན། སྤྱིའི་མཚམས་སྦྱར་བ། སྤང་བྱ་རྣམ་པར་རྟོག་པ། སྐྱེ་བའི་རྒྱུ་གྲོགས། འབྲས་བུ་བྱང་ཆུབ། རྩེ་མོའི་བྱེད་པ། དེའི་ངོ་བོ། སྒོམ་པའོ། །དང་པོ་ནི། 5-1-437a པར་འབྱེད་པའི་ཆ་དང་མཐུན་པའི་འོག་ཏུ་མཐོང་བའི་ལམ་ཡིན་ཏེ། དེའི་ཕྱིར་འདིར་རྩེ་སྦྱོར་འཆད་དོ། །གཉིས་པ་ལ་ལྔ། གཟུང་རྟོག་མདོར་བསྟན། འཛིན་རྟོག་མདོར་བསྟན། དེ་གཉིས་ལས་འཕྲོས་ཏེ་དཀའ་བའི་གནས་དཔྱད་པ། གཟུང་འཛིན་གྱི་ དབྱེ་བའི་ངེས་པ་རྒྱས་པར་བཤད་པ། དེ་སེལ་བྱེད་ཀྱི་གཉེན་པོ་ཤུགས་ལ་བསྟན་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། མཐོང་ལམ་རྩེ་མོ་དེ་ལ་སྤང་བྱ་མི་མཐུན་པའི་ཕྱོགས་གཉེན་པོ་དང་བཅས་པ་རྣམ་པ་བཞི་ཡོད་པ་ལས། རེ་ཞིག་གཟུང་བ་ལ་བལྟོས་ནས་ འཛིན་པ་འཇོག་པའི་ཕྱིར། ཐོག་མར་མི་མཐུན་པའི་ཕྱོགས་གཟུང་བའི་རྣམ་པར་རྟོག་པ་གཉིས་པོ་འཆད་དོ། །གཉིས་པ་ནི། མདོར། སེམས་དཔའ་བཞིའི་རྗེས་སུ་ཡི་རང་བར་བྱས་ནས་བླ་མེད་བྱང་ཆུབ་ཏུ་བསྔོ་བར་བྱས་ཏེ་ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང་། གཉིས་ མེད་པའི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་འཇུག་པ་གཟུང་རྟོག་དང་། རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་རྣམ་པར་མི་རྟོག་པར་མ་ཟད། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའོ། །ཞེས་པས་ལྡོག་ པ་གཟུང་རྟོག་བསྟན་ལ། དེའི་དོན་ཡུལ་བསྒྲུབ་པར་མཐོང་བའི་སྒོ་ནས་འཇུག་པའི་རྣམ་པར་རྟོག་པ་དང་ནི། ཡུལ་དགག་པར་འདུ་ཤེས་པའི་སྒོ་ནས་ལྡོག་པའི་རྣམ་རྟོག་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པོ་སོ་སོ་བ་དེ་ལ་དབྱེ་ན། རྣམ་པ་དགུ་དགུའི་བདག་ཉིད་དུ་ཕྱེ་བ་དེ་ཇི་ལྟ་བ་ བཞིན་གྱི་ཡུལ་ནི་རང་གི་ངོ་བོར་ཡོད་པ་མིན་པའི་བདག་ཉིད་དག་ཏུ་ཤེས་པར་བྱའོ། །མདོར། གཉེན་པོ་དངོས་སུ་བསྟན་ནས་སྤང་བྱ་ཤུགས་ལ་སྟོན་ཅིང་། བསྟན་བཅོས་ལས་ནི་དེ་དག་བཟློག་སྟེ་བཤད་དོ། །གསུམ་པ་ལ་ལྔ། རྟོག་པའི་ཡུལ་དང་། ངོ་བོ་དང་། མི་མཐུན་པའི་ 5-1-437b ཕྱོགས་སུ་བསྟན་པ་དང་། དབྱེ་བ་དང་། རྟོག་པར་འཇོག་པའི་རྒྱུའོ། །དང་པོ་ནི། བྱང་ཆེན་གྱི་ཕྱིར་འཇུག་པ་དང་། ཞི་བ་འབའ་ཞིག་པའི་མཐའ་ལས་ལྡོག་པ་དག་གི་ཚུལ་ནི། དང་པོ་མི་དམིགས་པ་དང་། གཉིས་པ་དམིགས་པའི་ངོ་བོ་ཉིད་དག་ལ་གོ་རིམ་བཞིན་དུ་འདོར་ལེན་ བྱེད་པ་ནི་ཡུལ་ལོ། །གཉིས་པ་ནི། ངོ་བོ་ཉིད་ལ་སོགས་པའི་ཡུལ་དགུ་དང་། རྟོག་པ་དམན་པ་ལ་སོགས་པའི་ཡུལ་དགུ་ལ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པའི་ཆོས་ལེན་པ་དང་འདོར་བའི་སྒོ་ནས་གཟུང་བའི་རྣམ་པར་རྟོག་པའོ། །ཞེས་སོ། །གསུམ་པ་ནི། བྱང་སེམས་དང་ཉན་ཐོས་ཀྱི་ཆོས་ལ་དམིགས་ནས་འཇུག་ལྡོག་གི་བློ་སྤང་བྱར་མི་འཐད་དེ། ཡུལ་ལ་མཐུན་པར་འཇུག་པའི་ཕྱིར་ཞེ་ན། གཟུང་རྟོག་གཉིས་ཆོས་ཅན། མཐོང་སྤང་ཡིན་ཏེ། ཡུལ་ཡང་དག་པའི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་རྟོག་པ་ཀུན་བཏགས་ ཡིན་པའི་ཕྱིར། དཔེར་ན་མཐོང་སྤང་གཟུང་བར་རྣམ་པར་རྟོག་པ་ཉོན་མོངས་པ་དང་འདྲ་བ་བཞིན་ནོ། །དེ་ལྟར་ན་འཇུག་ལྡོག་གི་རྟོག་པ་མཐོང་ལམ་གྱི་མི་མཐུན་ཕྱོགས་སུ་གྱུར་པར་ཤེས་པར་བྱའོ། །བཞི་པ་ནི། འཇུག་ལྡོག་གི་གཟུང་རྟོག་དེ་གཉིས་ཡུལ་གྱི་དབྱེ་བས་སོ་སོར་རྣམ་པ་ དགུ་དགུ་ཡོད་པ་གྲངས་སོ། །ལྔ་པ་ནི། དོན་གྱི་རང་བཞིན་དུ་གྱུར་པའི་དངོས་པོ་ཡོད་པ་མ་ཡིན་པས་དེ་དང་མ་འབྲེལ་བར་འཁྲུལ་བ་ཙམ་གྱིས་འཇུག་པ་ཉིད་ཀྱིས་ཡང་དག་པ་ལས་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར། དོན་དམ་གྱི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་དམིགས་པའི་རང་ གི་ངོ་བོ་དག་ཏུ་འཇུག་ལྡོག་གི་རྟོག་པར་ཤེས་པར་བྱའོ། །གཉིས་པ་འཛིན་རྟོག་མདོར་བསྟན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བཤད་པ་དེ་ལྟར་གཟུང་བར་རྣམ་པར་རྟོག་པའི་ཕྱོགས་གཉིས་མདོར་བསྟན་ནས་འཛིན་པའི་རྣམ་པར་རྟོག་པ་གཉིས་པོ་འཆད་དོ། །གཉིས་ 5-1-438a པ་ནི། མདོར། ནམ་མཁའ་དབེན་པའི་ཕྱིར་སེམས་ཅན་དབེན་པར་བལྟའོ། །ནམ་མཁའ་སྟོང་པའི་ཕྱིར་སེམས་ཅན་སྟོང་པ་ཉིད་དུ་བལྟའོ། །ནམ་མཁའ་སྙིང་པོ་མེད་པའི་ཕྱིར་སེམས་ཅན་སྙིང་པོ་མེད་པར་བལྟའོ། །ནམ་མཁའ་གསོ་བ་ཉིད་ཀྱི་ཕྱིར་སེམས་ ཅན་གསོ་བ་ཉིད་དུ་བལྟའོ། །ཞེས་སོགས་ཀྱི་དོན་ནི། རྟེན་སོ་སོའི་སྐྱེ་བོ་དང་འཕགས་པའི་དབྱེ་བས་གོ་རིམ་བཞིན་དུ་སེམས་ཅན་རྫས་སུ་ཡོད་པར་རྟོག་པ་སོ་སྐྱེའི་འཛིན་རྟོག་དང་། སྐྱེས་བུ་བཏགས་པ་ཙམ་དུ་ཡོད་པ་རྣམ་པར་རྟོག་པ་འཕགས་པའི་འཛིན་པའི་རྟོག་པ་དག་ཏུ་འདོད་དོ། ། དེས་ན་འཛིན་རྟོག་དེ་དག་ཀྱང་ཡུལ་གྱི་སྒོ་ནས་སོ་སོར་དགུ་དགུའི་བདག་ཉིད་དུ་འཆད་པར་འགྱུར་ལ། དེ་ལྟར་འཆད་ཀྱང་། འོ་ན་གལ་ཏེ་གཟུང་དོན་གྱི་དོན་དངོས་པོ་དང་རྟོག་ཡུལ་གྱི་དངོས་པོ་མེད་ན་རྫས་དང་བཏགས་པའི་ངོ་བོའང་དེ་བཞིན་དུ་མེད་པས་རྫས་དང་བཏགས་པ་དེ་ དག་གང་གིས་འཛིན་པར་འདོད་དེ། འདོད་པར་མི་རིགས་སོ། །གཟུང་དོན་མེད་པ་དེ་ལྟར་དེ་དག་འཛིན་པའི་ངོ་བོས་དབེན་པའི་ཕྱིར། སྟོང་པ་ཉིད་ཀྱི་མཚན་ཉིད་དེ་ལས་གཞན་མ་ཡིན་ནོ། ། འདིར་རྐང་པ་སྔ་མས་གང་ཟག་གང་ལ་རྟོག་པ་འདི་གཉིས་གང་ལྡན་པའི་ཚུལ་བསྟན། གང་ལ་རྟོག་པའི་ཡུལ་ནི་སེམས་ཅན་ཞེས་པ་དེས་བསྟན་ལ། དེ་ཡང་འདིར་གང་ཟག་ལ་རྫས་རྟོག་གི་ཡུལ་ཡིན་པ་དངོས་སུ་བསྟན་ལ། གང་ཟག་ཏུ་འདོགས་པའི་གཞི་ཆོས་ལ་རྫས་རྟོག་གི་ཡུལ་ཡིན་པ་ཤུགས་ལ་བསྟན་ཏོ། །གཞན་ཡང་སྐབས་འདིར་འཛིན་རྟོག་གཉིས་ སྐྱེ་འཕགས་སོ་སོར་ངེས་པའི་དོན་ལ། བོད་སྔ་མ་དག་ཡུལ་གྱི་རྫས་འཛིན་དང་བཏགས་འཛིན་གཉིས་ཀྱི་དབང་དུ་བྱས་པ་དང་། ཡུལ་ཅན་རྟོག་པའི་རྫས་འཛིན་དང་བཏགས་འཛིན་གཉིས་ཀྱི་དབང་དུ་བྱས་པ་ལས། འདིར་བསྟན་གྱི་འཛིན་རྟོག་གཉིས་པོ་ནི་ཡུལ་གྱི་དབང་དུ་ 5-1-438b བྱས་པ་ཡིན་ཏེ། མཐོང་སྤང་གི་རྟོག་པ་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟར་མིན་པར་ཡུལ་ཅན་རྟོག་པའི་དབང་དུ་བྱས་ནས་འདིར་འཆད་ན། འཕགས་པ་ལ་སྒོམ་སྤང་དུ་གྱུར་པའི་ཡུལ་ཅན་རྫས་འཛིན་རྟོག་པ་ཡང་ཡོད་ལ། དེའང་འདིར་སྤང་དགོས་པར་ཐལ་བའི་ སྐྱོན་ཡོད་པ་དང་། ཡུལ་ཅན་རྟོག་པའི་བཏགས་འཛིན་སོ་སོའི་སྐྱེ་བོ་ལའང་ཡོད་པས་དེ་ཡང་འདིར་སྤོང་དགོས་པར་ཐལ་ལོ་ཞེས་ཟེར་རོ། །ཐལ་བ་གཉིས་པོ་དེ་ནི་འབྲེལ་མེད་པར་ཟད་ཅིང་། འོན་ཀྱང་ཁྱོད་སྨྲ་བ་འདི་ནི་འཕགས་སེང་གིས་ཕྱོགས་སྔ་མར་བཞག་པའི་ཕྱོགས་བཟུང་ བར་མངོན་ཏེ། ཉི་སྣང་ལས། གཞན་དག་གིས་སོ་སྐྱེས་ཀྱང་ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་བཏགས་འཛིན་རྟོག་པ་ཡོད་པས། སོ་སྐྱེ་ལ་རྫས་འཛིན་གྱི་རྟོག་པ་ཁོ་ན་ཡོད་པས་མ་ཁྱབ་བོ་ཞེས་ཕྱོགས་སྔ་བསླངས་སྟེ། སོ་སྐྱེའི་བཏགས་འཛིན་རྟོག་པ་ནི་མོས་པ་ཡིད་བྱེད་ཡིན་ གྱི། འདིར་བཏགས་འཛིན་རྟོག་པ་ཡོད་མེད་ཅེས་པ་ནི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་སོ་སྐྱེ་ལ་མེད་པས། འདིར་བསྟན་གྱི་བཏགས་འཛིན་རྟོག་པ་འཕགས་པ་ཁོ་ན་ལ་ཡོད་དོ་ཞེས་སྤྱི་ཙམ་ནས་བཤད་པ་དེའི་དོན་ཡིན། །ཅེས་གསལ་བར་གསུངས་པ་དང་། ཡང་དེར་ གཞན་དག་འཕགས་པ་ལའང་རྫས་འཛིན་རྟོག་པ་ཡོད་དེ། དགེ་སློང་དག་མཚན་མོ་འདས་ནས་ནངས་པར་གྱི་དུས་སུ་ཡང་ངས་སྲོག་ཆགས་ཅེ་སྤྱང་གིས་སྐད་འབྱིན་པ་ཐོས་སོ་ཞེས་སོགས་རྫས་འཛིན་གྱི་རྟོག་པ་ཡོད་པས། འཕགས་པ་ལ་བཏགས་འཛིན་རྟོག་པ་ཁོ་ན་ཡོད་པས་མ་ཁྱབ་ པོ་ཞེས་ཕྱོགས་སྔ་བསླངས་སྟེ། དེའི་ལན་ནི། འཕགས་པས་དེ་ལྟར་སྨྲས་པ་ཐ་སྙད་ཙམ་གྱིས་འཇིག་རྟེན་ན་བརྗོད་པ་ཡིན་གྱི། འཕགས་པ་ལ་རྫས་འཛིན་གྱི་རྟོག་པ་ཡོད་ནས་དེར་བརྗོད་པ་མིན་ཅེས་འདིར་ནི་ལུང་དོན་བྲིས་པ་ཡིན་ལ། འགྲེལ་ཆེན་དུ་ཉི་སྣང་གི་ལུང་གསལ་བར་དྲངས་ 5-1-439a ཏེ་ཐེ་ཚོམ་བསལ་བར་མཛད་དོ། ། དེས་ན་འཕགས་སེང་གཉིས་ཀྱིས་སོ་སྐྱེ་ལ་བཏགས་འཛིན་རྟོག་པ་དང་། འཕགས་པ་ལ་རྫས་འཛིན་རྟོག་པ་མེད་པར་གསུངས་པ་དེ་ཡུལ་གྱི་རྟོག་པའི་དབང་དུ་བྱས་ནས་དེ་ལྟར་གསུངས་པ་ཡིན་གྱི། ཡུལ་ཅན་གྱི་རྟོག་པའི་ དབང་དུ་བྱས་ནས་རྫས་བཏགས་གཉིས་ཀྱི་རྟོག་པ་སྐྱེ་འཕགས་སོ་སོར་ངེས་པར་སྟོན་པ་མ་ཡིན་ནོ་སྙམ་ན། ཁྱོད་ཀྱི་དེ་ལྟར་མ་ཡིན་ཏེ། སྤྱིར་ཡུལ་གཟུང་རྟོག་གི་རྣམ་གཞག་གཟུང་རྟོག་རང་གི་སྐབས་སུ་འཆད་ཅིང་། ཁྱོད་འདོད་པ་ལྟར་མི་འཆད་ལ། འདིར་ནི་ཡུལ་ཅན་འཛིན་རྟོག་ ཉིད་འཆད་པ་ཡིན་པས། དེའི་ཚེ་འཕགས་སེང་གིས་ཡུལ་ཅན་འཛིན་རྟོག་གི་སྐབས་དོན་བོར་བར་མི་མཛད་པའི་ཕྱིར་དང་། གཞན་ཡང་འདི་སྐབས་སུ་ཡུལ་ཡུལ་ཅན་ཐ་དད་དུ་ཕྱེ་བའི་འཛིན་རྟོག་བཞིར་དབྱེ་བ་ཚད་ལྡན་གྱི་སྐྱེས་བུས་རྣམ་གཞག་བྱས་མ་བྱས་ཀྱང་དཔྱད་དཀའ་ཞིང་། དེ་ལྟར་རྣམ་གཞག་བྱས་པའི་ཚེ་ནའང་ཡུལ་ཡུལ་ཅན་གཉིས་ཀའི་ཆ་ནས་རྫས་བཏགས་ཀྱི་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་ལྡན་པ་ནི་སྤྱི་ཙམ་ནས་འཇོག་ནུས་སོ། །འོ་ན་འདི་སྐབས་ཀྱི་རྫས་འཛིན་ནི། གང་ཟག་གི་སེམས་སེམས་བྱུང་ལ་དམིགས་ནས་དེ་རྫས་སུ་ འཛིན་པའི་རྟོག་པ་དེ་ཡིན་ལ། བཏགས་འཛིན་ནི་དེ་རགས་པའི་རྫས་སུ་མེད་ཀྱང་། ཆ་ཤས་ཙམ་ལ་གང་ཟག་ཏུ་བཏགས་པ་ཡིན་ཅིང་དེ་ཙམ་དུ་ཡོད་པར་རྟོག་པ་དེ་ཡིན་ནོ། །ཕྱི་མ་འདི་ལ་གདགས་གཞི་ཆོས་སུ་བཏགས་པར་འཛིན་པའི་འཛིན་རྟོག་དང་། གདགས་བྱ་གང་ཟག་ཏུ་ བཏགས་པར་འཛིན་པའི་འཛིན་རྟོག་གཉིས་སུ་ཡོད་དོ། ། དེ་ལྟར་བཤད་པའི་གྲུབ་དོན། འདིར་སྐྱེ་འཕགས་གཉིས་ལ་འཛིན་རྟོག་གཉིས་སོ་སོར་ངེས་པ་མཐོང་སྤང་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། དེ་འཆད་པའི་སྐབས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དེའང་གང་ཟག་གི་བདག་མེད་ 5-1-439b རྟོགས་པའི་ཆེད་དུ་བྱས་ལ། དེས་ན་འདིར་གང་ཟག་ལ་རྫས་འཛིན་དང་བཏགས་འཛིན་རྟོག་པ་སྤང་བ་ཁོ་ནའི་དབང་དུ་བྱས་པ་གཙོ་ཆེ་བའི་ཕྱིར་དང་། འཕགས་པ་ལ་གང་ཟག་རྫས་འཛིན་གྱི་རྟོག་པ་མེད་དེ། དེས་གང་ཟག་གི་རྫས་ཀྱི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། ། འོ་ན་འདིར་བསྟན་གྱི་རྫས་འཛིན་དེ་ཐེག་ཆེན་མཐོང་སྤང་གི་ཤེས་སྒྲིབ་ཁོ་ན་མིན་པར་འགྱུར་ཏེ། ཉན་ཐོས་འཕགས་པས་ཀྱང་དེ་སྤངས་པའི་ཕྱིར་ཏེ། དེས་གང་ཟག་གི་བདག་མེད་རྟོགས་པའི་ཕྱིར་སྙམ་ན། ཉན་ཐོས་འཕགས་པས་གང་ཟག་རྫས་འཛིན་གྱི་རྟོག་པ་སྤངས་པ་ཙམ་དེ་ ཕུང་ལྔ་ཚོགས་ཙམ་པའི་གང་ཟག་ལ་རྫས་སུ་མི་འཛིན་པ་ཡིན་པས། དེའི་ཆ་ནས་ཐེག་ཆེན་མཐོང་སྤང་གི་ཤེས་སྒྲིབ་ཁོ་ན་ཡིན་པར་མི་འཇོག་ཀྱང་། ཁྱད་པར་ནི་ཕུང་ལྔ་སོ་སོ་ལ་རྫས་སུ་འཛིན་པའི་རྟོག་པ་མཐོང་སྤང་གི་སྐབས་འདིར་སྤངས་པས། གང་ཟག་གི་རྫས་འཛིན་མཐོང་ སྤང་ཤེས་སྒྲིབ་ཏུ་འཇོག་པའི་རྒྱུ་མཚན་དེ་ཡིན་ནོ། །དེའང་དཔེར་ན་སྐབས་དང་དུ། གང་ཟག་རང་དབང་ཅན་དང་གཅིག་པར་འཛིན་པ་སོགས་རྫས་འཛིན་དང་ཉོན་སྒྲིབ་ཏུ་དངོས་སུ་བཤད་ནས། དེའི་ཤུགས་ལ་རྫས་འཛིན་ཤེས་སྒྲིབ་བསྟན་པ་བཞིན་ནོ། །དེ་ལྟར་སྟོན་པ་ལ་ དགོས་པ་ཅི་ཡོད་ན། ཕུང་པོ་ལ་ངར་འཛིན་པའི་གང་ཟག་གི་བདག་དང་། ཕུང་པོ་ལ་བདེན་པར་འཛིན་པའི་ཀུན་བཏགས་ཆོས་ཀྱི་བདག་གཉིས་ཀ་ཐེག་ཆེན་གྱི་སྐབས་དེར་ཅིག་ཅར་དུ་སྤོང་བར་བྱེད་པས་སོ། །འདི་སྐབས་ཀྱི་བཏགས་འཛིན་རྟོག་པ་སོ་སྐྱེ་ལ་མེད་དེ། གང་ཟག་ གི་བདག་མེད་མངོན་དུ་མ་བྱས་པའི་ཕྱིར་དང་། ཐེག་ཆེན་འཕགས་པ་ལའང་དེ་མེད་དེ། གང་ཟག་ཏུ་བཏགས་པའི་བདེན་འཛིན་གྱི་རྟོག་པ་མེད་པའི་ཕྱིར་ཏེ། ཐེག་ཆེན་གྱི་མཐོང་ལམ་ཐོབ་པའི་ཕྱིར་རོ། །དེས་ན་བཏགས་འཛིན་རྟོག་པ་དེ་ཉན་རང་འཕགས་པ་ཁོ་ན་ལ་ཡོད་དེ། 5-1-440a དེས་གང་ཟག་གི་བདག་མེད་རྟོགས་ཀྱང་གང་ཟག་ཏུ་བཏགས་པའི་བདེན་འཛིན་མ་སྤངས་པའི་ཕྱིར་དང་། གཞན་ཡང་ཆོས་ལ་དེ་ཁོ་ན་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ནི་སྐྱེ་འཕགས་གཉིས་ཀ་ལ་མངོན་གྱུར་པ་མེད་དེ། སོ་སྐྱེ་ལ་མེད་པ་གང་ཞིག ། འཕགས་པ་ལའང་མེད་པའི་ཕྱིར། དང་པོ་མེད་པ་གོ་སླ་ལ། གཉིས་པ་ནི་ཉན་རང་འཕགས་པ་ལ་མེད་དེ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར་རོ། །འོན་ཏེ་འདི་ལའང་གང་ཟག་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་ དུ་ཐེག་ཆེན་འཕགས་པ་ལའང་ཆོས་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་མངོན་གྱུར་པ་མེད་དེ། ཐེག་ཆེན་མཐོང་ལམ་ཐོབ་པའི་ཕྱིར་རོ། །གཞན་ཡང་ཐེག་ཆེན་མཐོང་སྤང་དུ་གྱུར་པའི་ཆོས་ལ་རྫས་སམ་བདེན་པར་འཛིན་པའི་རྟོག་པ་ཉན་རང་འཕགས་པ་ལའང་ཡོད་དེ། གདགས་གཞི་ཕུང་པོ་ལ་བདེན་པར་འཛིན་པ་ཡོད་པའི་ཕྱིར། འོ་ན་སྔོན་གྱི་མཁན་པོ་དག་གིས་གང་ཟག་ལ་བདེན་པའི་རྫས་སུ་འཛིན་པ་སྤངས་པར་འཆད་པ་མ་ཡིན་ནམ། དེ་ལྟར་བཤད་ན་གང་ཟག་ཏུ་བཏགས་པའི་ཆོས་ལ་བདེན་འཛིན་སྤངས་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ ཏེ། གང་ཟག་ལ་རྫས་སུ་བདེན་པར་འཛིན་པ་བཟློག་ཀྱང་། དེར་གདགས་གཞིའི་ཆོས་ལ་རྫས་སུ་བདེན་འཛིན་བཟློག་པར་མ་བྱས་པའི་ཕྱིར། དཔེར་ན་བྱེ་སྨྲས། བུམ་པ་རགས་པ་རྫས་སུ་མེད་པར་ཁོང་དུ་ཆུད་ཀྱང་། བུམ་པའི་རྡུལ་སོ་སོ་བ་རྫས་སུ་མེད་པར་ཁོང་དུ་མ་ཆུད་པ་བཞིན་ ནོ། །དེ་ལས་གཞན་པའི་དཔེ་ཡང་ཡོད་དེ། རང་རྒྱལ་གྱིས་གཟུགས་སྒྲ་བདེན་མེད་དུ་རྟོགས་ཀྱང་། གཟུགས་སྒྲ་བདག་མེད་དུ་མ་རྟོགས་པར་སློབ་དཔོན་འཕགས་པ་ལྷའི་ཞབས་ཀྱིས་བཞེད་པ་ཡིན་ནོ། །གཞན་ཡང་ཐེག་ཆེན་འཕགས་པ་ལ་བདེན་འཛིན་དང་རྫས་འཛིན་མངོན་ 5-1-440b གྱུར་པ་མེད་པར་གསུངས་པ་ཐམས་ཅད་ཀྱང་ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བའི་མཐོང་ལམ་ཐོབ་པ་ལ་དགོངས་པ་ཡིན་ནོ། །མདོར་ན་འདིར་བསྟན་གྱི་སེམས་ཅན་རྫས་སུ་འཛིན་པའི་རྟོག་པ་གང་ཟག་གི་བདག་དང་། སྐྱེས་བུ་བཏགས་ཡོད་དུ་འཛིན་པ་ནི་ཆོས་ཀྱི་བདག་གོ ། དེ་ ལྟར་ན་འགའ་ཞིག །འདིར་བསྟན་གྱི་རྟོག་པ་ཐམས་ཅད་ཤེས་སྒྲིབ་ཏུ་འཇོག་པ་ནི་ཕྱོགས་འདི་ལ་མ་ཞུགས་པར་མངོན་ཏེ། བསྡུས་དོན་སྒྲོན་མེ་ལས། ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །ལ་ལས་གཉིས་ཀར་འདོད་པའང་ཡོད། །ཅེས་རྫས་འཛིན་རྟོག་པ་ཉོན་སྒྲིབ་དང་། བཏགས་ འཛིན་རྟོག་པ་ཤེས་སྒྲིབ་ཏུ་འཇོག་པ་དང་། ཡང་ན་རེ་རེ་ལའང་སྒྲིབ་པའི་ཆ་གཉིས་གཉིས་ཡོད་པར་གསུངས་སོ། ། བོད་ཀྱི་ལྕེ་ཐོགས་པ་ལ་མཁས་པ་རིགས་པའི་རྡོ་རྗེ་ཆོས་ཀྱི་སེང་གེས་བཏགས་འཛིན་རྟོག་པ་མཐོང་སྤང་དུ་ཁས་བླངས་ནས་འཕགས་པ་ལ་ཡོད་པར་འདོད་པ་ནི་ངའི་མ་མོ་ གཤམ་ཡིན་ཅེས་སྨྲ་བ་དང་མཚུངས་སོ་ཞེས་པའང་ཐེག་ཆེན་མཐོང་སྤང་གི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི། འདིར་དེ་མི་འགལ་ཏེ། ཉན་ཐོས་འཕགས་པ་ལ་བཏགས་འཛིན་རྟོག་པ་ཡོད་པ་དེ་ཐེག་ཆེན་གྱི་མཐོང་སྤང་དུ་བཤད་པས་མི་འགལ་བ་ཡིན་ཅེས་བྱ་བ་འདི་ནི་སྟག་བདེ་བ་ སེང་གེ་རྒྱལ་མཚན་གྱི་ལེགས་པར་བཤད་པ་ལས་བསྡུས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ་ལྔ། རྟོག་པའི་ཡུལ་དང་། ངོ་བོ་དང་། མི་མཐུན་ཕྱོགས་སུ་བསྟན་པ་དང་། དབྱེ་བ་དང་། རྟོག་པར་འཇོག་པའི་རྒྱུའོ། །དང་པོ་ནི། སོ་སོའི་སྐྱེ་བོ་དང་ འཕགས་པའི་གང་ཟག་དག་གོ་རིམ་བཞིན་དུ་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་བློའི་རྟེན་ཅན་གྱི་འཛིན་པ་དག་ཡོད་པས་ཡུལ་སོ་སོར་ངེས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟ་བུའི་བློ་ནི་འཛིན་པའི་རྣམ་པར་རྟོག་པ་ཡིན་ཏེ། ཡུལ་རྫས་བཏགས་སུ་ཞེན་པའི་ཤེས་པ་ཡིན་པའི་ཕྱིར། 5-1-441a གསུམ་པ་ནི། རྟོག་པ་འདིས་ནི་མཐོང་ལམ་རྩེ་སྦྱོར་སྐྱེ་བའི་གེགས་བྱེད་པ་ཡིན་པའི་ཕྱིར། མཐོང་ལམ་གྱི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ནོ། །བཞི་པ་ནི། རྟོག་པ་དེ་གཉིས་པོའང་ཡུལ་གྱི་དབྱེ་བས་སོ་སོར་རྣམ་པ་དགུ་དགུ་ཡོད་པ་ནི་ངེས་པའོ། །ལྔ་པ་ནི། རིགས་ པས་དཔྱད་པ་གང་གི་ཚེ་རྟོག་པ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པའི་གཟུང་བའི་དོན་དག་ཇི་ལྟར་གཟུང་བ་དེ་བཞིན་དུ་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་ཅེས་བྱ་བ་དེའི་ཚེ་འཛིན་རྟོག་གང་གིས་ཀྱང་ཡོངས་སུ་འཛིན་པ་མ་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར་འཛིན་རྟོག་དེ་དག་ནི་འཛིན་པའི་ངོ་ བོས་དབེན་པའི་ངོ་བོ་ཡིན་པས་གནས་ཚུལ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར། དོན་དམ་པའི་ཡུལ་ཇི་ལྟ་བ་ཤེས་པའི་རང་བཞིན་མ་ཡིན་པའི་རང་གི་ངོ་བོ་རྟོག་པ་སྟེ་བརྫུན་པར་ཤེས་པར་བྱའོ། །གསུམ་པ་དེ་གཉིས་ལས་འཕྲོས་ཏེ་དཀའ་བའི་གནས་དཔྱད་པ་ནི། སྤྱིར་མངོན་པར་རྟོགས་ པའི་རྒྱན་འགྲེལ་པ་དང་བཅས་པ་ནས་བཤད་པའི་རྟོག་པའི་རྣམ་གཞག་ཐམས་ཅད་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ལས་ཕྱེ་བ་ཡིན་ཅིང་། སྐབས་འདིའི་རྟོག་པའང་དེའི་དབང་དུ་བྱས་པ་ཡིན་ནོ། །རྟོག་པ་འདི་ལའང་ཉོན་མོངས་པའི་ཆ་ནས་མི་བཟུང་གི། ཉོན་མོངས་ཅན་མིན་པའི་ཆ་ ནས་གཙོ་བོར་གཟུང་བར་མཛད་དོ། །དེ་ལྟ་བུའི་རྟོག་པ་ལ་གཟུང་བར་རྟོག་པ་དང་འཛིན་པར་རྟོག་པ་གཉིས་སུ་འབྱེད་དེ། རྟོག་པ་ཐམས་ཅད་ཡུལ་གཟུང་འཛིན་གཉིས་སུ་ངེས་པས་དེ་གཉིས་སུ་རྟོག་པར་བྱེད་པའི་ཕྱིར་རོ། །དེ་ལའང་ཡུལ་གཟུང་རྟོག་ཆོས་སུ་འཛིན་པའི་རྟོག་པ་ནས་ བཤད་ཅིང་། ཡུལ་འཛིན་རྟོག་གང་ཟག་ཏུ་འཛིན་པའི་འཛིན་རྟོག་ནས་བཤད་པར་མཛད་ལ། དེ་ཡང་གཟུང་ཡུལ་ཆོས་ལ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ནས་མི་གཟུང་ཞིང་། རྣམ་བྱང་གི་ཕྱོགས་ནས་གཟུང་ལ། རྣམ་བྱང་ལའང་ཐེག་ཆེན་དང་ཐེག་དམན་གཉིས་ཡོད་པ་ལས་རྟེན་ 5-1-441b ཡུལ་འཇུག་ལྡོག་གི་གཟུང་རྟོག་གཉིས་འབྱུང་བ་ཡིན་ནོ། །ཡུལ་འཛིན་རྟོག་ལ་ཀུན་བྱང་གཉིས་སུ་ཕྱེ་ནས་དེ་ལྟར་འཛིན་པའི་རྟོག་པ་ཡོད་ཀྱང་། དེ་ལྟར་མི་དབྱེ་བར་གང་ཟག་དང་དེར་གདགས་གཞིའི་ཆོས་གཉིས་སུ་ཕྱེ་ནས་འཛིན་པའི་རྟོག་པ་གཉིས་སུ་དབྱེ་བར་མཛད་དོ། །དེ་ ལྟར་ན་འཇུག་ལྡོག་གི་གཟུང་རྟོག་གཉིས་དང་། གང་ཟག་དང་སྐྱེས་བུ་རྫས་བཏགས་སུ་འཛིན་པའི་རྟོག་པ་གཉིས་ཏེ་བཞིའི་ཐ་སྙད་ཀྱི་རྣམ་གཞག་ནི་མཐོང་སྤང་གི་དབང་དུ་བྱས་པ་ཡིན་གྱི། སྒོམ་སྤང་རྟོག་པ་ལ་ནི་ཐ་སྙད་དེ་ལྟར་མི་འཇོག་སྟེ། སྐབས་དེར་གཟུང་རྟོག་གི་ཡུལ་ ལ་ཐེག་པ་ཆེ་ཆུང་གི་དབྱེ་བས་མཐོང་ལམ་གྱི་སྐབས་བཞིན་འཇུག་ལྡོག་བྱེད་པ་མདོར་མི་གསལ་བ་དང་། འཛིན་རྟོག་གཉིས་ཀྱི་ཐ་སྙད་ཀྱི་ཁྱད་པར་ཡང་འཕགས་པས་གང་ཟག་ཏུ་བཏགས་པ་དང་། གདགས་པའི་རྒྱུ་ལ་བརྟེན་པ་ཞེས་བཤད་ཀྱི། རྫས་ཀྱི་ཐ་སྙད་ཀྱིས་མ་བཤད་ པའི་ཕྱིར་དང་། དེ་ལྟར་བཤད་དུ་རུང་བའང་མ་ཡིན་ཏེ། སྒོམ་སྤང་གི་འཛིན་རྟོག་དང་པོ་རྫས་འཛིན་དུ་བཤད་ན་བདེན་འཛིན་དུ་འགྱུར་ལ། དེ་ལྟར་བཤད་ན་སྒོམ་སྤང་དུ་གྱུར་པའི་འཛིན་རྟོག་དང་པོ་མེད་པར་ཐལ་ཏེ། ཐེག་ཆེན་གྱི་མཐོང་ལམ་ནས་གང་ཟག་ལ་རྫས་འཛིན་རྟོག་ པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། གང་ཟག་གི་བདག་ཏུ་འཛིན་པའི་རྟོག་པ་བཞིན་ནོ། ། འོ་ན་སྒོམ་སྤང་དུ་གྱུར་པའི་རྟོག་པ་བཞི་ལ་ཐ་སྙད་ཇི་ལྟར་འདོགས་ཞེ་ན། དངོས་པོ་ཙམ་ལ་བརྟེན་པ་དང་། རྣམ་བྱང་ལ་བརྟེན་པ་གཉིས་དང་། གང་ཟག་ལ་བཏགས་པ་ཙམ་ དུ་ཞེན་པ་དང་། དེར་གདགས་པའི་རྒྱུ་ལ་བཏགས་པ་ཙམ་དུ་ཞེན་པ་ཞེས་བྱ་བའི་ཐ་སྙད་འཕགས་སེང་གིས་མཛད་ལ། ཐ་སྙད་འདོགས་མཚམས་ཀྱི་ཁྱད་པར་འདི་ནི་ཞར་ལ་འོངས་པའོ། ། གཞན་ཡང་སྤྱིར་ན་རྟོག་པ་ཇི་སྙེད་པ་བདེན་ཞེན་གྱི་བློ་དང་བདེན་མེད་དུ་ཞེན་པའི་བློ་ 5-1-442a གཉིས་བདེན་འཛིན་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ལས། དང་པོ་རྣམས་མཐོང་སྤང་ཁོ་ན་དང་། ཕྱི་མ་སྒོམ་སྤང་ཁོ་ནའོ། །བདེན་མེད་དུ་ཞེན་པའི་རྟོག་པ་རྣམས་ལ་ནི་ཀུན་བཏགས་ཀྱི་ཆ་ཡོད་པ་མིན་ཏེ། གྲུབ་མཐས་མ་བཏགས་པར་དེ་ཡོད་པ་མིན་ པའི་ཕྱིར་རོ། །རྒྱུ་མཚན་དེས་ན་སྒོམ་སྤང་རྟོག་པ་ལ་ལྷན་སྐྱེས་ཀྱིས་ཁྱབ་བོ་ཞེས་མཐའ་གཅིག་ཏུ་ཞེན་པ་ཡང་མ་ངེས་པ་ཡིན་ཏེ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་སྟོང་ཉིད་ལ་མཚན་མར་འཛིན་པའི་བློ་ཀུན་བཏགས་ཡོད་པ་བཞིན་ནོ། ། འོ་ན་ཅི། བདེན་འཛིན་ལྷན་སྐྱེས་ རྣམས་སྒོམ་སྤང་ཁོ་ནར་ངེས་སམ། དེ་ངེས་ན་ཐེག་ཆེན་འཕགས་རྒྱུད་ལ་འབྱུང་བ་ཞིག་གམ་ཞེ་ན། བདེན་འཛིན་ལྷན་སྐྱེས་དེ་སྒོམ་སྤང་ཁོ་ན་ཡིན་པ་དང་། ཐེག་ཆེན་འཕགས་རྒྱུད་ལ་འབྱུང་བ་མིན་ཏེ། དེས་ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ ཕྱིར། འོ་ན་བདེན་འཛིན་ལྷན་སྐྱེས་དེ་མཐོང་སྤང་དུ་ཐལ་ལོ་ཞེ་ན། མི་ཐལ་ཏེ། བདེན་འཛིན་ལྷན་སྐྱེས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ནི་སྒོམ་ལམ་ཁོ་ན་ལ་རག་ལས་ཤིང་། དེ་བས་ན་མཐོང་ལམ་དུ་མ་སྤངས་ཀྱང་དེ་མངོན་དུ་མི་འགྱུར་ཏེ། དཔེར་ན་མཐོང་བའི་ལམ་དུ་ཆོས་ལ་ དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་མི་སྐྱེ་བའི་ཆོས་ཅན་དུ་མ་བྱས་ཀྱང་མངོན་དུ་མི་འགྱུར་བ་བཞིན་ནོ། ། གཞན་ཡང་རྫས་རྟོག་སོ་སྐྱེ་དང་། བཏགས་རྟོག་འཕགས་པ་ལ་ཡོད་པར་འཆད་པ་འདི་ཐེག་ཆེན་གྱི་སྐྱེ་འཕགས་གཉིས་ཀྱི་དབང་དུ་བྱས་ནས་རྟེན་གཅིག་གི་རྒྱུད་ ལ་རིམ་པ་བཞིན་ཡོད་དགོས་པར་འཆད་པ་ཡིན་ལ། དེ་ལྟར་ན་འདིར་བསྟན་གྱི་བཏགས་འཛིན་རྟོག་ལ་དེ་ཉན་ཐོས་འཕགས་པའི་རྒྱུད་ལ་ཡོད་པར་བཤད་དེ། དག་ལྡན་ལས། འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི་འཕགས་པ་དག་ 5-1-442b སྟེ། དེ་ཉན་ཐོས་དང་རང་སངས་རྒྱས་དག་གིས་མ་སྤངས་པ་ཉིད་ཀྱི་ཕྱིར། ཞེས་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད། དེ་ལྟར་བཤད་པ་དེ་ཉན་རང་འཕགས་པའི་རྒྱུད་ལ་ཡོད་པའི་བཏགས་འཛིན་རྟོག་པ་དེ་ཐེག་ཆེན་འཕགས་པའི་རྒྱུད་ལ་འབྱུང་ཉེ་བས་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱ་ བའི་ཕྱིར། འདིར་བཏགས་འཛིན་རྟོག་པའི་སྤང་གཉེན་གྱི་རྣམ་གཞག་འཆད་པ་ཡིན་ནོ། །དེས་ན་ཆོས་ལ་རྫས་སུ་བདེན་པར་འཛིན་པ་དང་། གང་ཟག་ལ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་རྒྱུད་ལྡན་གྱི་ཉན་ཐོས་དགྲ་བཅོམ་ཐེག་ཆེན་གྱི་མཐོང་ལམ་ལ་འཇུག་པ་ནའང་ སྤང་བྱ་རྫས་བཏགས་ཀྱི་རྟོག་པ་དེ་སྐབས་འདིར་བསྟན་གྱི་གཉེན་པོས་སྤོང་དགོས་ཏེ། དེ་སྤོང་དགོས་པ་གང་ཞིག །འདི་ལས་གཞན་པའི་དེ་སྤོང་བྱེད་ཀྱི་གཉེན་པོ་རྒྱན་རྩ་འགྲེལ་དུ་མ་གསུངས་པའི་ཕྱིར་རོ། ། དེ་ལྟར་བཤད་པའི་གྲུབ་དོན་རྫས་རྟོག་ཐེག་ཆེན་སོ་སྐྱེ་ཁོ་ནའི་རྟེན་ཅན་དུ་བཞག་ སྟེ། ཐེག་ཆེན་འཕགས་པ་ལ་དེ་མི་བརྟེན་པའི་ཕྱིར་ཏེ། ཐེག་ཆེན་འཕགས་པས་བདེན་མེད་མངོན་སུམ་དུ་རྟོགས་པའི་རྒྱུ་མཚན་གྱིས་བདེན་འཛིན་མངོན་གྱུར་པ་འབྱུང་བའི་གོ་སྐབས་གཏན་མི་སྲིད་པའི་ཕྱིར་དང་། བཏགས་འཛིན་རྟོག་པ་ནི་ཐེག་ཆེན་འཕགས་པ་ཁོ་ན་ལ་བརྟེན་པར་ བཞག་སྟེ། རྟོག་པ་དེ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་དབང་དུ་བྱས་པས་ཐེག་ཆེན་སོ་སྐྱེ་ལ་བརྟེན་པར་འགལ་བའི་ཕྱིར་རོ། ། འོ་ན་མཐོང་སྤང་དུ་གྱུར་པའི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཐེག་ཆེན་འཕགས་པ་ལ་ཡོད་པར་མི་རིགས་ཏེ། ཐེག་ཆེན་གྱི་མཐོང་ལམ་ཐོབ་ནས་སྤངས་ ཟིན་པའི་ཕྱིར་སྙམ་ན། སྐྱོན་ཡོད་པ་མིན་ཏེ། ཐེག་ཆེན་འཕགས་རྒྱུད་ལ་བཏགས་འཛིན་རྟོག་པ་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས། དེ་དེའི་རྒྱུད་ལ་སྐྱེ་བ་མི་སྲིད་ཀྱང་། གལ་ཏེ་རྟག་པ་མཐའ་གཟུང་གིས་སྐྱེ་བ་ཞིག་སྲིད་ན་འཕགས་པའི་གང་ཟག་ཁོ་ནའི་རྒྱུད་ལ་སྐྱེ་བས་ཁྱབ་སྟེ། 5-1-443a བཏགས་འཛིན་རྟོག་པ་ཡིན་ན་བདེན་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་དྲངས་པའི་རྟོག་པ་ཡིན་དགོས་པའི་ཕྱིར་ན། བཏགས་འཛིན་རྟོག་པ་སྐྱེ་བ་དེའི་ཚེ་འཕགས་པའི་རྟེན་ལ་སྐྱེའི། སོ་སྐྱེའི་རྟེན་ལ་མིན་ནོ་ཞེས་པ་འདི་ངེས་སོ། །བཞི་པ་གཟུང་ འཛིན་གྱི་དབྱེ་བའི་ངེས་པ་རྒྱས་པར་བཤད་པ་ལ་བཞི། འཇུག་པའི་གཟུང་རྟོག་དགུ། ལྡོག་པའི་གཟུང་རྟོག་དགུ། གང་ཟག་རྫས་འཛིན་གྱི་རྟོག་པ་དགུ། སྐྱེས་བུ་བཏགས་འཛིན་གྱི་རྟོག་པ་དགུའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། གཟུང་བའི་རྣམ་ པར་རྟོག་པ་དང་པོ་འཇུག་པའི་རྟེན་ཅན། གོང་དུ་སོ་སོར་དགུ་ཞེས་པ་དེ་ཇི་ལྟར་རྣམ་པ་དགུ་ཡིན་ཅེ་ན་ཞེས་དྲིས་པའོ། །གཉིས་པ་ནི། མདོར། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུས་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་བ་ ལགས། ཞེས་སོགས་ཀྱི་དོན་ནི། གནས་ལུགས་བཏགས་པས་དབེན་པའི་ངོ་བོ་ཉིད་དང་། ཐེག་ཆེན་གྱི་རིགས་ཟག་མེད་ཀྱི་ཤེས་པ་དང་ནི། ཟག་མེད་ཀྱི་ཤེས་པའི་རིགས་ཀྱི་ཁམས་སྦྱངས་པས་ལམ་ནི་ཡང་དག་འགྲུབ་པ་དང་། ལམ་ཤེས་པའི་དམིགས་པ་མ་འཁྲུལ་བ་ དང་། མི་མཐུན་ཕྱོགས་དང་གཉེན་པོའི་འདོར་ལེན་ཤེས་པ་དང་། མཁྱེན་གསུམ་སེམས་དཔའ་རང་གིས་རྟོགས་པ་དང་། རྟོགས་ནས་རང་དོན་ཡིད་བྱེད་ཀྱི་ཐག་སྲིང་བར་བྱེད་པ་དང་། ལམ་ཤེས་དེའི་བྱེད་ལས་སེམས་ཅན་གྱི་དོན་དང་། བྱ་བའི་འབྲས་བུ་ཚོགས་གཉིས་རྫོགས་ པ་ལ་འཇུག་པའི་ཕྱོགས་ཀྱི་སེམས་དཔའི་རྣམ་བྱང་གི་རྟེན་ཅན་གྱིས་རྣམ་རྟོག་དེ་ནི་རྣམ་པ་དགུར་འདོད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། ཡུལ་དང་། ངོ་བོ་དང་། དབྱེ་བ་དང་། གཉེན་པོ་སྟེ་བཞི་ལས། དང་པོ་ནི། རྒྱུ་ལམ་བདེན་དབེན་པས་འབྲས་ 5-1-443b བུ་བྱང་ཆུབ་འགོག་བདེན་དབེན་པ་མ་རྟོགས་པའི་ངོ་བོ་ཉིད་དང་སྟེ། རྒྱུ་གང་གིས་འབྲས་བུ་གང་ཐོབ་པར་བྱ་བ་ལ་སོགས་པ་མི་དམིགས་པས་གང་ཡང་རྟོགས་བྱ་རྟོགས་བྱེད་དང་བྲལ་བའི་ཕྱིར་མ་རྟོགས་པ་ཞེས་སྨོས་སོ། །ས་མི་གཡོ་བ་སྟེ་བརྒྱད་པ་དང་ལ་སོགས་པས་དག་ས་ལ་སྐལ་ བ་མཆོག་གིས་འཇུག་པས་སངས་རྒྱས་ཀྱི་རིགས་སུ་ངེས་པ་དང་། ཀུན་རྫོབ་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། རང་བཞིན་གྱིས་ཡོད་པ་མ་ཡིན་པར་རྟོགས་པས་དངོས་དོན་དང་མཐུན་པའི་མཐོང་བའི་ལམ་དང་། ལ་སོགས་པས་སྒོམ་པའི་ལམ་གྱི་དོན་ཡང་དག་པར་འགྲུབ་པ་ དང་། ཀུན་རྫོབ་པའི་དམིགས་ཡུལ་སྣང་བརྙན་མེད་སྣང་ཙམ་དུ་ཟད་པས། དེ་ལྟར་ཤེས་པའི་སྣང་ཡུལ་གྱི་དམིགས་པ་རྫུན་སྣང་དུ་ངེས་པ་ནི་མ་འཁྲུལ་བ་དང་། དངོས་དོན་ལ་ཡོན་ཏན་དང་སྐྱོན་མཐོང་བ་སྔོན་དུ་འགྲོ་བའི་སྒོ་ནས་བླང་བར་བྱ་བ་དང་། དོར་བར་བྱ་བ་ཉིད་ཀྱིས་ གཉེན་པོ་ལེན་ཅིང་མི་མཐུན་པའི་ཕྱོགས་འདོར་བ་དང་། ཆོས་ཉིད་ལ་སྒྲིབ་བྱེད་ཀྱི་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་སེམས་དཔའ་རང་གིས་ཆོས་ཉིད་རྟོགས་པ་དང་། ཐེག་པ་དམན་ཅིང་གོ་འཕང་གྱ་ནོམ་པ་མ་ཡིན་པ་ཉིད་ཀྱིས་ཉན་ཐོས་དང་། ལ་སོགས་པས་རང་རྒྱལ་གྱི་ས་ གཉིས་ཐག་བསྲིང་བ་སྟེ། དེ་ལས་རིང་དུ་འདའ་བར་བྱེད་པ་དང་། གདུལ་བྱའི་འདོད་དོན་གྱི་བསམ་པ་ཇི་ལྟ་བ་དང་མཐུན་པར་དེར་སྣང་བའི་སྒྲུབ་པས་སེམས་ཅན་གྱི་དོན་བྱེད་པའི་ལས་དང་། ཡང་དག་པ་སྟེ་ཐར་པར་འགྲོ་བའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱེ་བོ་ཐམས་ ཅད་མི་གནས་པའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱ་བའི་འབྲས་བུ་ལ་སྦྱོར་བར་ཞེན་པའི་ཡུལ་དགུ་ལ་རྟོག་པར་བྱེད་དོ། །གཉིས་པ་ནི། ཡུལ་འདི་དག་སེམས་དཔའ་སྐྱོན་མེད་པ་ཉིད་ཀྱིས་གཟུང་བར་བྱ་བ་ཉིད་དུ་ཞེན་ནས་འཇུག་པར་བྱའོ། །གསུམ་པ་ནི། རྣམ་གྲངས་ 5-1-444a གཟུང་མ་ཐག་ཅེས་བྱ་བ་གཟུང་བའི་རྣམ་པར་རྟོག་པ་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་རྣམ་པ་དགུ་པོར་ངེས་སོ། །བཞི་པ་ནི། མཐོང་བའི་ལམ་གྱི་གཉེན་པོ་སྦྱོར་བའི་གནས་སྐབས་ཀྱིས་འཇུག་རྟོག་དགུ་པོ་འདི་ནི་སྤང་བར་བྱ་བར་བཞེད་པ་ཡིན་ནོ། ། གཉིས་པ་ལྡོག་པ་གཟུང་རྟོག་དགུ་འཆད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ལྡོག་པའི་རྟེན་ཅན་དགུ་གོང་དུ་སྨོས་པ་དེ་ཇི་ལྟར་རྣམ་པ་དགུ་ཡིན་ཅེས་དྲིས་ནས་སོ། །གཉིས་པ་ལ། མདོར། རབ་འབྱོར་འདི་ལྟ་སྟེ། དཔེར་ ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་གླིང་བཞིའི་རྗེས་སུ་འགྲོའོ། །དེ་བཞིན་དུ་ཡུམ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔའི་ལས་བྱེད་ཅིང་ལྔའི་རྗེས་སུ་འབྲང་ངོ་། །ཞེས་སོགས་ཀྱི་དོན་ནི། ཉན་ཐོས་ཀྱི་ལམ་ཐབས་ཤེས་དང་བྲལ་ཞིང་སྲིད་དང་ཞི་བ་གང་རུང་གི་ མཐར་ལྟུང་བའི་ཕྱིར་རྟོགས་པ་དམན་པ་ཉིད་དང་ནི། ཐེག་པ་ཆེན་པོའི་སར་བཀྲི་བའི་ཡོངས་སུ་འཛིན་པ་མེད་པས་ཡོངས་སུ་འཛིན་པ་དམན་པ་དང་། སངས་རྒྱས་སྒྲུབ་པའི་ལམ་གྱི་ཆའི་རྣམ་པ་མ་ཚང་བས་ལམ་དམན་པ་ཉིད་དང་། ཉན་ཐོས་ཀྱི་འབྲས་བུ་ཐོབ་པ་དེ་རྣམ་མཁྱེན་ དུ་འགྲོ་བ་ན། ཐེག་པ་གཞན་ཤེར་ཕྱིན་གྱི་རྐྱེན་གྱིས་བགྲོད་དགོས་པས་འགྲོ་བ་དབང་པོ་དམན་པ་དང་། ཆེད་དུ་གཉེར་བྱ་རྣམ་མཁྱེན་ལས་ལོག་པས་ཐམས་ཅད་མཁྱེན་པའི་ཐབས་ལ་དམན་པ་དང་། གང་ཟག་གི་བདག་ཙམ་སྤངས་པས་སྤངས་པ་དམན་པ་ཉི་ཚེ་བ་དང་། མཚན་མར་འཛིན་པ་སྣ་ཚོགས་ལ་དམིགས་པ་ཉིད་ཀྱིས་ཡེ་ཤེས་དམན་པ་དང་། རྣམ་མཁྱེན་དུ་གནས་པ་དང་གནས་པ་ལ་འཇུག་པའི་གཞན་དོན་ལ་རྨོངས་པས་གཞན་དོན་དམན་པ་དང་། ཉན་ཐོས་ཀྱི་འབྲས་བུ་ཐོབ་ཀྱང་སླར་སྦྱིན་སོགས་ལྔ་དང་ཤེར་ཕྱིན་གྱི་རྗེས་སུ་ 5-1-444b འབྲངས་ནས་སངས་རྒྱས་ཀྱི་སར་འགྲོ་བ་ཞེས་བྱ་བའི་རྣམ་པར་རྟོག་པ་དགུའི་བདག་ཉིད་ཀྱིས་ཐེག་དམན་གྱི་རྣམ་བྱང་ལས་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། ཉན་ཐོས་དང་ལ་སོགས་པས་རང་རྒྱལ་གྱི་ས་ལས་ཡིད་འབྱུང་བར་བྱེད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་ པ་འགྲེལ་པ་ལ། ཡུལ་དང་། ངོ་བོ་དང་། གཉེན་པོ་གསུམ་ལས། དང་པོ་ནི། ཐེག་དམན་གྱི་ལམ་དེ་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྟུང་བ་ཉིད་ཀྱིས་རྟོགས་པ་དམན་པ་དང་། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་དང་བྲལ་བ་ཉིད་ ཀྱིས་ཐེག་པ་ཆེན་པོར་ཡོངས་སུ་འཛིན་པ་མེད་པ་དང་། ཉན་ཐོས་ཀྱི་ལམ་ལ་ཤེས་བྱའི་སྒྲིབ་པ་མཐའ་དག་གི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་རྫོགས་བྱང་སྒྲུབ་པའི་ལམ་མ་ཚང་བ་དང་། དེ་བཞིན་གཤེགས་པ་དང་། ལ་སོགས་པས་དགེ་བའི་བཤེས་ཀྱི་གདམས་ངག་ལ་བལྟོས་ པ་དང་བཅས་པ་ཉིད་ཀྱིས་དམན་ལམ་གྱི་བྱང་ཆུབ་ཏུ་སློབ་དཔོན་གཞན་གྱི་རྐྱེན་གྱིས་འགྲོ་བ་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་ནང་ནས་ཕུལ་དུ་བྱུང་བ་མཆོག་ཉིད་ཀྱི་རྒྱུ་སེམས་ཆེན་པོ་ལ་སོགས་པ་ལ་མི་འཇུག་པ་ཉིད་ཀྱིས་རྣམ་མཁྱེན་གྱི་ཆེད་དུ་བྱ་བ་ལས་ལོག་པ་དང་། ཉན་ ཐོས་ཀྱི་ལམ་དེ་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉི་ཚེ་བའི་ལམ་ཉིད་ཀྱིས་བྱེད་པ་དང་། མི་རྟག་སོགས་བཅུ་དྲུག་ཙམ་ལ་དམིགས་པ་དང་བཅས་པ་ཉིད་ཀྱིས་འབྲས་བུ་དང་པོ་རྒྱུན་ཞུགས་ལ་སོགས་པ་ཐེག་ཆེན་གྱི་རྒྱུན་ཞུགས་ལས་རྟོགས་པ་ཐ་དད་པ་ཉིད་ཀྱི་ཕྱིར་དང་། མ་རིག་ པའི་བག་ལ་ཉལ་བ་ཐམས་ཅད་མ་སྤངས་པ་ཉིད་ཀྱིས་ཆོས་ཉིད་ཀྱི་སྐུ་ལ་གནས་ནས་གཟུགས་སྐུ་གདུལ་བྱའི་སྤྱོད་ཡུལ་དུ་འགྲོ་བར་སྟོན་མི་ཤེས་པ་དང་། ཉན་ཐོས་ཀྱི་རྟོགས་རིས་དེ་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱིས་སྡུད་པར་བྱེད་པ་ཉིད་ཀྱིས་སྡུད་པར་བྱས་པའི་རྣམ་པ་ 5-1-445a ཐམས་ཅད་མཁྱེན་པ་ཉིད་ལ། གང་ཉན་ཐོས་ཀྱི་མྱ་ངན་ལས་འདས་པའི་དགྲ་བཅོམ་པ་ཐམས་ཅད་ཀྱིས་འཇུག་པ་ན། རང་གི་མྱང་འདས་མངོན་དུ་བྱས་པའི་མཇུག་ཏུ་གདོད་སངས་རྒྱས་ཀྱི་སར་འགྲོ་བའི་ཐབས་བསྒྲུབ་དགོས་པ་འདི་ལ་ཉེས་པ་དང་བཅས་པ་ ཉིད་ཀྱི་དབང་དུ་བྱས་པས་སོ། །གཉིས་པ་ངོ་བོ་ནི། སེམས་དཔའ་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་ལྡོག་པར་བྱའོ་ཞེས་གཟུང་བར་རྣམ་པར་རྟོག་པ་གཉིས་པ་སེམས་དཔས་ལྡོག་པའི་ཕྱོགས་ཀྱི་ཉན་ཐོས་ཀྱི་རྒྱུད་ལ་བརྟེན་པ་ཅན་གྱི་རྟོག་པའོ། །གསུམ་པ་གཉེན་པོ་ནི། ཉན་ ཐོས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་བླང་བར་བྱ་བ་ཉིད་དུ་འབྱུང་བ་རྣམ་པ་དགུ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་དུ་གཉེན་པོའི་ཡེ་ཤེས་སུ་གྱུར་པའི་སེམས་དང་སེམས་ལས་བྱུང་བ་རྒྱུད་ལ་འཇུག་པའི་གནས་སྐབས་ཀྱི་ལྡོག་པ་གཟུང་རྟོག་སྤང་བར་བཞེད་པ་ཡིན་ ནོ། །གསུམ་པ་གང་ཟག་རྫས་འཛིན་གྱི་རྟོག་པ་དགུ་འཆད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སོ་སོའི་སྐྱེ་བོའི་འཛིན་པའི་རྣམ་པར་རྟོག་པ་དང་པོ་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན་ལ་གོང་དུ་བཤད་པའི་འཛིན་རྟོག་དགུ་ཇི་ལྟར་རྣམ་པ་དགུ་ཡིན་ཅེ་ན་ཞེས་དྲིས་པའོ། ། གཉིས་པ་ནི། མདོར། གཟུང་རྟོག་རྒྱས་བཤད་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱིས་སྟོང་པ་ལགས། ཆོས་གང་ཡང་ཡོངས་སུ་འཛིན་པའམ་གཏོང་བ་མཆིས་སམ། བཀའ་སྩལ་པ། དེ་ནི་མིན་ནོ། །ཡུམ་ནི་ཆོས་གང་ ཡང་ཡོངས་སུ་འཛིན་པའམ་གཏོང་བ་མེད་དོ། །ཞེས་སོགས་ཀྱི་དོན་ནི། གཟུགས་སོགས་སུ་གྲུབ་པའི་ཆོས་ལ་ཡོན་ཏན་དུ་འཛིན་པ་དང་། སྐྱོན་དུ་རྟོག་ནས་འདོར་བ་དང་། བླང་དོར་གྱི་རྒྱུ་ཡིད་ལ་བྱེད་པ་དང་། ཡིད་ལ་བྱེད་པའི་ཆོས་དང་སེམས་ཅན་གྱི་ཁམས་རྣམས་ནི་ 5-1-445b ཁམས་གསུམ་པོ་དག་དང་ཉེ་བར་འབྲེལ་བ་དང་། བདེན་པའི་རྫས་ལ་གནས་པ་དང་། དེར་རྫས་དངོས་སུ་མངོན་པར་ཞེན་པ་དང་། ཞེན་བྱའི་ཆོས་ཀྱི་དངོས་པོ་མེད་བཞིན་དུ་རྫས་སུ་ཡོངས་སུ་བཏགས་པ་དང་། འཁོར་གསུམ་དུ་ཞེན་ནས་ཆགས་པ་དང་། དེའི་གཉེན་པོ་ ཡུལ་བདེན་པའི་རྫས་སུ་འཛིན་པ་དང་། དེ་ལྟར་རྫས་སུ་འཛིན་པའི་མཐུས་སངས་རྒྱས་ཀྱི་སར་ཇི་ལྟར་འདོད་བཞིན་དུ་འགྲོ་བ་ལས་ཉམས་པ་ལ་མངོན་པར་ཞེན་ནས་འཛིན་པ་དང་པོར་ཤེས་པར་བྱའོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། དབྱེ། བསྡུ་གཉིས་ ལས། དང་པོ་ནི། ཀུན་རྫོབ་སྒྱུ་མ་བཞིན་དུ་གནས་པ་ལ་རྫས་བདེན་དུ་བཟུང་ནས་འཛིན་པ་དང་། གཏོང་བར་རྟོག་པ་དང་། ཆོས་ཐམས་ཅད་བདེན་རྫས་སུ་མེད་པ་ཡང་དག་པ་ཉིད་དུ་ཡིད་ལ་བྱེད་པ་མེད་པར་བདེན་རྫས་སུ་ཡིད་ལ་བྱེད་པ་དང་། མཚན་མར་ཡིད་བྱེད་ ཡོད་པའི་ཆོས་ཉིད་ཀྱིས་ཁམས་གསུམ་ཅར་དང་ཉེ་བར་འབྲེལ་བར་ཆགས་པ་དང་། སྟོང་པ་ཉིད་དུ་མི་གནས་པས་མཚན་འཛིན་དུ་གནས་པ་དང་། དངོས་པོ་ལ་མངོན་པར་མ་ཞེན་པས་ཆོས་ཐམས་ཅད་ལ་བདེན་པར་མངོན་པར་ཞེན་པ་དང་། རྫས་སུ་ཡོད་པ་མེད་པར་གྱུར་ པས་ཆོས་ཐམས་ཅད་བཏགས་པ་ཙམ་ཡིན་ཀྱང་དེ་ལས་བཟློག་སྟེ་རྟོག་པ་དང་། གནས་ཚུལ་གྱི་དེ་ཁོ་ན་ཉིད་ཤེས་པའི་སྒོ་ནས་ཆོས་གང་ལའང་མ་ཆགས་པས་མངོན་པར་མ་ཞེན་པ་སྔོན་དུ་འགྲོ་བའི་རྗེས་སུ་ཡང་དེ་ལས་བཟློག་སྟེ་ཆགས་པར་རྟོག་པ་དང་། ལམ་གྱི་མི་མཐུན་ པའི་ཕྱོགས་ཐམས་ཅད་སྟོང་ཉིད་མཉམ་པ་ཉིད་དུ་བསྒོམ་པའི་སྒོ་ནས་གཉེན་པོ་ཉིད་ཀྱིས་གཉེན་པོ་ལ་རྫས་དངོས་སུ་ཞེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པར་མ་ཤེས་པ་ཉིད་ཀྱིས་ཤེར་ཕྱིན་དང་བྲལ་བས་སངས་རྒྱས་ཀྱི་སར་ཇི་ལྟར་འདོད་པ་བཞིན་དུ་ 5-1-446a འགྲོ་བ་ཐོགས་པ་ལ་རྫས་སུ་རྟོག་པའོ། །གཉིས་པ་བསྡུ་བ་ནི། རང་བཞིན་གྱིས་སྟོང་པའི་སྣང་བ་ལ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་འཛིན་པར་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་ནི་མཐོང་བའི་ལམ་གྱི་སྤོང་གཉེན་སྦྱོར་བའི་གནས་སྐབས་ ཀྱིས་རྫས་རྟོག་དགུ་སྤང་བར་བྱ་བར་བཞེད་པ་ཡིན་ནོ། །བཞི་པ་བཏགས་འཛིན་རྟོག་པ་དགུ་འཆད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། འཛིན་པར་རྣམ་པར་རྟོག་པ་གཉིས་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གོང་དུ་དགུ་ སྨོས་པ་དེ་ཇི་ལྟར་རྣམ་པ་དགུ་ཡིན་ཅེ་ན་ཞེས་དྲིས་པའོ། །གཉིས་པ་ནི། མདོར། རབ་འབྱོར་བྱང་སེམས་ཤེར་ཕྱིན་ལ་སྤྱོད་པ་གཟུགས་ནས་རྣམ་མཁྱེན་གྱི་བར་དང་། དེ་དག་དབེན་མི་དབེན་རྟག་མི་རྟག་ལ་སོགས་པ་གང་དུའང་ཆགས་པ་མེད་དོ། །ཞེས་པ་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་ནས་ འགྲོ་བར་རིན་ཆེན་བདུན་ཡང་འགྲོའོ། །ཞེས་སོགས་ཀྱི་དོན་ནི། ཉན་ཐོས་ཀྱིས་ཆེད་དུ་བྱ་བ་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བ་བཞིན་དུ་ངེས་པར་མི་འབྱུང་བས་ཐེག་དམན་གྱི་བྱང་ཆུབ་ལ་དམིགས་པ་དང་། ཐེག་ཆེན་གྱི་ལམ་ལ་ལམ་མཆོག་མ་ཡིན་པར་ངེས་པར་འཛིན་པ་ དང་། རྒྱུ་འགོག་པ་དང་བཅས་པའི་འབྲས་བུ་སྐྱེ་བ་ལ་དམིགས་པ་དང་བཏགས་པའི་དངོས་པོ་དང་ལྡན་ལ། རྫས་ཀྱི་དངོས་པོ་དང་མི་ལྡན་པར་རྟོག་པ་དག །གཟུགས་སོགས་ལ་སྣང་བཏགས་སུ་གནས་པ་དང་། ཉན་རང་གི་རིགས་ནི་རང་བཞིན་གྱིས་འཇིག་པར་བྱེད་པ་དང་། ལམ་སྒྲུབ་པ་དོན་དུ་གཉེར་བ་དང་། ལམ་ཤེས་ཀྱི་རྒྱུ་མེད་པ་དང་། བདུད་སོགས་ཕྱིར་རྒོལ་བ་ནི་དངོས་པོར་དམིགས་པ་ལ་སོགས་ཏེ་དགུ་པོ་འདི་ནི་འཛིན་པའི་རྣམ་རྟོག་སྔ་མ་ལས་དགུ་ཚན་གཞན་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། ཡུལ། ངོ་བོ། 5-1-446b གཉེན་པོ་གསུམ་ལས། དང་པོ་ནི། ཉན་ཐོས་དང་། ལ་སོགས་པས་རང་རྒྱལ་གྱིས་རང་གཅིག་པུ་ངེས་པར་འབྱུང་བ་ཉིད་ཀྱིས་ཐེག་ཆེན་གྱི་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བ་དང་། ཉན་ཐོས་རང་གིས་མངོན་པར་འདོད་པའི་ལམ་ཁོ་ནས་ཆོག་པ་ཡུམ་དུ་བཤད་ པ་མེད་པས། ལམ་གཞན་ཐེག་ཆེན་གྱི་ལམ་མ་ཡིན་པར་ངེས་པར་འཛིན་པ་དང་། རྒྱུ་དང་འབྲས་བུ་རིམ་བཞིན་ཀུན་རྫོབ་ཀྱི་ངོ་བོར་སྐྱེ་བ་དང་འགག་པར་རྟོག་པ་དང་། བར་ཆད་མེད་པར་འབྱུང་བ་དང་། ཅིག་ཤོས་བར་ཆོད་པ་ཅན་དུ་སྣང་བ་ཉིད་ཀྱིས་དངོས་པོ་མཐའ་དག་རིམ་ བཞིན་རང་དུས་སུ་རྒྱུན་དང་ལྡན་པར་འབྱུང་བའམ་མི་ལྡན་པར་རྒྱུན་ཆད་པར་རྟོག་པ་དང་། ནམ་མཁའ་ལ་གནས་པའི་བྱས་ཐོགས་བཅས་ལ་མི་བརྟེན་ཀྱང་རང་རྩལ་གྱི་དངོས་པོ་ལ་བརྟེན་ནས་གནས་པ་དང་འདྲ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་རྫས་བདེན་དུ་མི་གནས་ཀྱང་ བཏགས་པ་ཙམ་དུ་གནས་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ལ་སོགས་པས་བྱང་ཆེན་དུ་འགྲོ་བའི་སྒོ་ནས་ཉན་ཐོས་དང་། ལ་སོགས་པས་རང་རྒྱལ་གྱི་རིགས་འཇིག་པ་སྟེ་དེའི་གོ་འཕང་མངོན་དུ་མི་བྱེད་པར་ངེས་པ་དང་། རང་གིས་རྟོགས་བྱའི་དེ་བཞིན་ཉིད་ལས་ཁྱད་པར་ དུ་འཕགས་པའི་ཆོས་མེད་པས་བྱང་ཆུབ་ཆེན་པོའི་འདོད་པ་མེད་པ་དང་། དོན་དམ་པའི་བདེན་པ་ལ་བརྟེན་ནས་རྡུལ་དང་ཤེས་པ་ཕྲ་རབ་རྒྱུ་མེད་པ་དང་། ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་ཤིན་ཏུ་གོམས་པར་བྱས་པའི་ཆོས་ཉིད་ཀྱིས་བདུད་ལ་སོགས་པ་ཕྱིར་རྒོལ་བའི་དངོས་པོ་ དམིགས་པ་ལ་རྟོག་པ་སྟེ་དགུའོ། །གཉིས་པ་རྟོག་པའི་ངོ་བོ་ནི། བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་འཆད་དོ། །གསུམ་པ་གཉེན་པོ་ནི། ཐེག་པ་ཆེན་པོའི་མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བའི་ 5-1-447a ་གཉེན་པོ་འཇུག་པའི་གནས་སྐབས་ཀྱིས་བཏགས་འཛིན་རྟོག་པ་སྤང་བར་བྱ་བར་བཞེད་པ་ཡིན་ནོ། །ལྔ་པ་དེ་སེལ་བྱེད་ཀྱི་གཉེན་པོ་ཤུགས་ལ་བསྟན་པ་ནི། ལུས་རྣམ་པར་བཞག་པར། གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་བཤད་ལ། འདིར་ཡང་སློབ་དཔོན་གྱིས་ དེ་དག་གི་འགྲོས་བླངས་ནས་གཉེན་པོའི་རྣམ་གཞག་འཆད་པར་མཛད་དེ། བཤད་པ་དེ་ལྟར་ན། སྨོས་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་ཉིད་ལས། སོ་སོར་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པ་དགུ་དགུར་དངོས་སུ་ ཕྱེ་བ་ཡིན་ལ། དེ་དག་སྤོང་བ་ཉིད་དུ་རྟོགས་པའི་ཤུགས་ལ་གཉེན་པོ་རྣམ་པ་བཞི་ཡང་། སྤང་བྱ་རྟོག་པ་ལ་བཞི་དང་། དེ་རེ་རེ་ལ་དགུ་དགུར་དབྱེ་བར་དེ་བཞིན་དུ་གཉེན་པོ་བཞི་དང་། དེ་རེ་རེ་ལའང་དགུར་དགུར་དབྱེ་བས་ཐ་དད་དོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །དེའང་མཐོང་ ལམ་སྦྱོར་དངོས་གཉིས་སུ་དབྱེ་བའི་སྦྱོར་བ་ཉེར་བསྡོགས་ནི་རྒྱན་དུ་དངོས་སུ་མི་གསལ་ཡང་། བརྒྱད་སྟོང་འགྲེལ་བ་གནད་ཀྱི་ཟླ་འོད་དང་། མཛོད་ཀྱི་འགྲེལ་བཤད་བྱེད་པ་གཉིས་ཀྱིས་དེ་སྐབས་ཀྱི་ཉེར་བསྡོགས་དེ་ཆོས་མཆོག་ཆེན་པོའི་ཡེ་ཤེས་ལ་བྱ་སྟེ། དེ་ལྟར་གྱི་ཚེ་མཐོང་ ལམ་གྱི་སྦྱོར་བ་ཉེར་བསྡོགས་དེ་མཐོང་སྤང་གི་གཉེན་པོ་མིན་པར་ཐལ་ཏེ། སྦྱོར་ལམ་ཆོས་མཆོག་གི་སྤང་བྱའི་གཉེན་པོ་ཡིན་པའི་ཕྱིར་སྙམ་ན། སྐྱོན་མིན་ཏེ། མཐོང་སྤང་གི་གཉེན་པོ་ཡིན་པ་ནི། མཐོང་བས་སྤང་བའི་ས་བོན་གྱི་གཉེན་པོ་ནས་དེར་འཇོག་ལ། སྦྱོར་བ་ནི་མངོན་ གྱུར་སྤངས་པ་ཙམ་གྱི་དབང་དུ་བྱས་པ་སྟེ། དེའང་མཐོང་སྤང་གི་གཉེན་པོ་སྦྱོར་བའི་ངོ་བོར་གྱུར་པ་དེ་སྦྱོར་ལམ་ཆོས་མཆོག་གི་དུས་ནས་སླེབ་སྟེ། མཐོང་ལམ་གྱི་ཡེ་ཤེས་དངོས་སུ་སྐྱེ་བ་ལ་གེགས་བྱེད་མངོན་གྱུར་པ་བསལ་བས་མཐོང་ལམ་གྱི་ཉེར་བསྡོགས་དེ་མཐོང་ལམ་ 5-1-447b གྱིས་མ་བསྡུས་པ་བསལ་བ་ཡིན་ནོ། །དེའང་རྟོག་པ་བཞི་སྦྱོར་ལམ་བཞིས་རིམ་པ་བཞིན་སྤང་བར་བཤད་པ་དེ་ནི་རྟོག་པ་མངོན་གྱུར་བཞི་པོ་མགོ་གནོན་པའི་ཚུལ་གྱིས་སྤོང་བ་ཞེས་ཐ་སྙད་མཛད་ལ། ལྷག་པར་ཆོས་མཆོག་ཆུང་ངུ་སྐྱེས་པའི་ཚེ་རྟོག་པ་མངོན་གྱུར་པ་བཞི་བཅོམ་ སྟེ་དབང་དང་ལྡན་པར་བྱས་ནས། ཆོས་མཆོག་འབྲིང་སྐྱེས་པའི་ཚེ་ན་རྟོག་པ་དང་པོ་གཉིས་དབང་ལྡན་དུ་གནས་པ་དེ་རིམ་བཞིན་སྤང་བ་སྟེ་གནོད་པ་བྱེད་བཞིན་པ་དང་། ཆོས་མཆོག་ཆེན་པོ་སྐྱེས་པའི་ཚེ་རྟོག་པ་དང་པོ་གཉིས་དབང་ལྡན་དུ་གནས་པ་དེའང་འགགས་པ་དང་། རྟོག་པ་ཕྱི་མ་གཉིས་དབང་ལྡན་དུ་གནས་པ་དེ་རིམ་བཞིན་སྤང་བ་སྟེ་གནོད་པ་བྱེད་བཞིན་པ་དང་། མཐོང་ལམ་དངོས་ཀྱི་ཡེ་ཤེས་བར་ཆད་མེད་ལམ་སྐྱེས་པ་ན་རྟོག་པ་ཕྱི་མ་གཉིས་དབང་ལྡན་དུ་གནས་པ་དེ་འགག་པ་དང་། རྟོག་པ་བཞིའི་ས་བོན་དངོས་སུ་སྤང་བ་དུས་མཉམ་པ་ ཡིན་ནོ་ཞེས་བྱ་བ་འདི་ནི་སྔོན་གསལ་བར་མ་ཐོན་པའི་ལེགས་པར་བཤད་པ་ཡིན་ནོ། ། འདིར་སྨྲས་པ། གཟུང་འཛིན་རྟོག་པའི་དབྱེ་བ་འཁྲུལ་བ་རྣམས། ། གཉིས་མེད་ཡེ་ཤེས་དབྱེར་མེད་འཁྲུལ་སྤངས་པས། ། མ་དག་རབ་རིབ་བསལ་བའི་དངོས་སྟོབས་ཀྱིས། ། རྣམ་དག་ སྣང་བ་འོང་བ་ཤུགས་ཀྱིས་ཐོབ། །ཅེས་སོ།། །།གསུམ་པ་སྐྱེ་བའི་རྒྱུ་གྲོགས་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བཤད་པ་དེ་ལྟར་མཐོང་བའི་ལམ་ལ་མི་མཐུན་པའི་ཕྱོགས་གཉེན་པོ་དང་བཅས་པ་བསྟན་ནས། དེའི་འོག་ཏུ་འབྲས་བུ་བྱང་ཆུབ་ཆེན་ པོ་འགྲུབ་པར་བྱེད་པའི་མཐོང་བའི་ལམ་སྐྱེད་པར་བྱེད་པ་ལ་རྒྱུ་དང་རྐྱེན་གང་ཞིག་ལ་བལྟོས་པ་དང་བཅས་པར་བཅོམ་ལྡན་འདས་བཞེད་པའི་རྒྱུ་གང་ཡིན་པ་དེ་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདིས་བསྟན་ཏོ། །གཉིས་པ་ནི། མདོར། དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་ 5-1-448a རྣམས་མེ་ཏོག་མནྡཱ་ར་མང་པོ་ཐོགས་ནས་བཅོམ་ལྡན་འདས་ལ་མངོན་པར་གཏོར་རོ། །ཞེས་སོགས་ཀྱི་མདོ་ཚན་གསུམ་གྱི་དོན་ནི། ཤེར་ཕྱིན་ལ་སྤྱོད་པའི་བྱང་སེམས་ཀྱིས་བླ་མེད་བྱང་ཆུབ་ཐོབ་པར་ངེས་པའི་ཕྱིར་སྔོན་བྱུང་སྟོན་པའི་རྣམ་ཐར་ལས་བརྩམས་ཏེ་ བྱང་ཆུབ་དམ་པ་ལ་འཇུག་པར་བྱེད་པའི་གདུལ་བྱ་གཞན་ཤེར་ཕྱིན་ལ་སྤྱོད་པའི་དགེ་སློང་བརྒྱ་དྲུག་ཅུ་བསྐལ་པ་སྐར་མ་ལྟ་བུ་ལ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་སྟེ། མེ་ཏོག་སིལ་མ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་ལུང་སྟོན་པ་དང་། དེས་ན་བྱང་ ཆུབ་འདོད་པས་ཤེར་ཕྱིན་ལ་སློབ་དགོས་ཤིང་། སློབ་པ་དེའང་ཤེར་ཕྱིན་གྱི་ཚིག་དོན་འཁྲུལ་མེད་ཐོབ་པ་ལ་རག་པས་བྱང་ཆུབ་དེ་ཐོབ་པར་བྱེད་པའི་རྒྱུ་ཤེར་ཕྱིན་གྱི་ཚིག་དོན་ཆུད་མ་ཟོས་པར་བཟུང་ཞིང་ཁོང་དུ་ཆུབ་པར་བྱས་ནས་གཞན་ལ་སྟོན་ཅིང་རྒྱ་ཆེར་སྤེལ་ཞིག་ཅེས་ཀུན་ དགའ་བོ་ལ་ཡོངས་སུ་གཏད་པ་དང་། དེ་ལྟར་གཏད་པའི་ཚིག་དོན་འཁྲུལ་མེད་ཉམས་སུ་བླངས་པའི་བྱང་སེམས་ཆོས་མཆོག་ལ་གནས་པའི་ཤེར་ཕྱིན་སྒོམ་པ་དེས་བྱང་ཆུབ་དེ་ཐོབ་པ་ལ་བར་ཆད་མེད་པར་མཐུན་པའི་རྒྱུའི་རྐྱེན་ཡིན་པས། མཐོང་ལམ་གྱི་མངོན་རྟོགས་འདྲེན་པའི་ ཕྱིར་དེའི་རྒྱུད་ལ་བསོད་ནམས་ཚད་མེད་པ་མང་པོ་འབྱུང་བའི་མཚན་ཉིད་ཅན་ཡིན་ནོ། །སྔོན་བྱུང་ལས་བརྩམས་ནས་རྗེས་འཇུག་འཁོར་གྱི་ཉམས་ལེན་ཀྱང་ཤེར་ཕྱིན་ལ་སྤྱོད་ན་ངེས་པར་བྱང་ཆུབ་པར་ལུང་བསྟན་ཅིང་། བྱང་ཆུབ་དེའི་རྒྱུ་ཤེར་ཕྱིན་ཉིད་ཀྱི་ཚིག་དོན་གཞན་གྱི་ རྒྱུད་ལ་གཏད་པ་དང་། དེ་ལྟར་གཏད་དེ་བསྒོམས་པས་སྐབས་འདིར་བསྟན་གྱི་མཐོང་བའི་ལམ་བྱང་ཆུབ་ཀྱི་ཆ་ཤས་དེ་མངོན་དུ་བྱེད་པ་ལ་སྦྱོར་བའི་ཕྱིར། འབྲས་བུ་བསོད་ནམས་མང་དུ་འཕེལ་བའི་རང་བཞིན་ཅན་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་ 5-1-448b པ་འགྲེལ་པ་ནི། འོག་ནས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་བྱང་ཆུབ་ལ་གདུལ་བྱ་གཞན་དག་གི་མངོན་དུ་བྱེད་པའི་གྲོགས་ལྷན་ཅིག་བྱེད་རྐྱེན་ནི་མཐོང་བའི་ལམ་དང་། ལ་སོགས་པས་སྒོམ་པའི་ལམ་སྟེ་ཆོས་ཀྱི་འཁོར་ལོ་རྒྱལ་བ་སྲས་བཅས་ཀྱིས་སྟོན་པར་མཛད་པས་མཐོང་ བའི་ལམ་གྱི་ངོ་བོར་གྱུར་པའི་བྱང་ཆུབ་ལ་རབ་ཏུ་འགོད་པ་ནི་བྱང་ཆུབ་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྒྱུ་གཅིག་ཡིན་ནོ། །བྱང་ཆུབ་ཀྱི་ལྷན་ཅིག་བྱེད་རྒྱུའི་མཚན་ཉིད་ཁོ་ནར་གྱུར་པ་ཉིད་རྒྱུད་ལ་བསྐྲུན་པའི་ཕྱིར་གདུལ་བྱའི་རྒྱུད་དེ་དག་ལ་ཡང་དག་པའི་ཚིག་དང་དོན་ལ་སོགས་ པས་བརྡ་སྤྲོད་པའི་ཐབས་མང་པོའི་སྒོ་ནས་ལྷན་ཅིག་བྱེད་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྒྱུད་སོ་སོ་ལ་གཏོད་པ་ནི་བྱང་ཆུབ་མངོན་བྱེད་ཀྱི་ལྷན་ཅིག་བྱེད་རྐྱེན་གཉིས་པ་ཡིན་ནོ། །བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་སྤང་བྱ་མི་མཐུན་ཕྱོགས་ཀྱི་བར་ཆད་ཀྱི་ གཡུལ་མེད་པའི་ལྷན་ཅིག་བྱེད་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་མཉམ་བཞག་ཏུ་རང་གིས་སྒོམ་པ་དང་། ལ་སོགས་པས་རྗེས་ཐོབ་ཏུ་སྦྱིན་སོགས་སྤྱད་པས་འབྲས་བུ་བྱང་ཆུབ་ཀྱི་བསོད་ནམས་ཆེས་མང་བར་ཐོབ་པའི་མཚན་ཉིད་ཅན་གྱི་ཉམས་ལེན་ནི་བྱང་ཆུབ་མངོན་ བྱེད་ཀྱི་ལྷན་ཅིག་བྱེད་རྒྱུ་གསུམ་པ་ཡིན་ནོ། ། འདིར་འགའ་ཞིག་བྱང་ཆུབ་ཆེན་པོའི་ཉེར་ལེན་གྱི་རྒྱུ་ཡོད་པར་འདོད་པ་དང་། ཉེར་ལེན་གྱི་སེམས་བདེན་སྟོང་གོམས་པའི་བློ་རྒྱུན་ལ་འཇོག་པ་ནི་རྒྱལ་བ་སྲས་བཅས་མཐའ་དག་གི་དགོངས་པ་དང་མི་མཐུན་ཏེ། སེམས་བདེན་ སྟོང་གི་བློ་རྒྱུན་གློ་བུར་གྱི་དྲི་མ་ཡིན་པས། དེས་བྱང་ཆུབ་ཆེན་པོའི་ཉེར་ལེན་བྱེད་མི་སྲིད་པའི་ཕྱིར་དང་། སྤྱིར་ཉེར་ལེན་གྱི་རྒྱུ་ནི་མི་རྟག་པ་འདུས་བྱས་པ་རྣམས་ལ་འཇོག་གི་རྟག་པ་འདུས་མ་བྱས་པའི་བྱང་ཆེན་སོགས་ལ་ཉེར་ལེན་གྱི་རྒྱུ་ཡོད་པ་མིན་ཏེ། གང་ལེན། 5-1-449a གང་གིས་ལེན། ཇི་ལྟར་ལེན་པ་ལ་སོགས་ཀྱི་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །འོན་ཏེ་ལྷན་ཅིག་བྱེད་རྐྱེན་གྱིས་ནི་བྱང་ཆུབ་ཆེན་པོ་ལ་སྒྲིབ་བྱེད་ཀྱི་དྲི་མ་བརྫུན་པ་བརྫུན་པར་ངོ་སྤྲོད་པའི་ཚུལ་གྱིས་བྱང་ཆུབ་མངོན་དུ་གསལ་བའི་རྐྱེན་བྱེད་པ་ཡིན་ནོ། །བཞི་ པ་འབྲས་བུ་བྱང་ཆུབ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། སྤྱིར་བྱང་ཆུབ་ཀྱི་ངོ་བོ་སྤང་བྱའི་དྲི་མ་ཟད་པ་དང་། འགོག་པའི་བདེན་པ་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཤིག་ལ་འདོད་པ་ཐེག་ཆེན་དང་ཐེག་དམན་མཐུན་ཀྱང་། མི་མཐུན་པའི་ཆ་ནི། ཉན་ཐོས་ པས་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་དེའི་འགལ་ཟླའི་བདག་དེའི་ཡུལ་ཅན་གྱི་མ་རིག་པའི་དྲི་མ་རང་གི་ངོ་བོས་མི་སྟོང་པ་སྔར་ཡོད་ཟད་པར་བྱེད་ཅིང་། ཕྱི་མ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་བྱང་ཆུབ་ཆེན་པོ་ཞེས་བསྙད་ལ། ཐེག་ཆེན་པས་དྲི་མ་རང་གི་ངོ་བོས་ སྟོང་པར་རྟོགས་པའི་ཤེས་རབ་གོམས་པར་བྱས་པའི་སྟོབས་ལས་དྲི་མ་ཀུན་རྫོབ་ཏུ་ཡང་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་དེ་སྐྱེ་བ་མེད་པར་རྟོགས་པ་ཞེས་བྱ་ཞིང་། རྒྱུ་མཚན་དེས་ན་དྲི་མ་དེ་ཉིད་ཟད་པ་མེད་པར་རྟོགས་པ་ལ་བྱང་ཆུབ་ཅེས་བྱ་ལ། བྱང་ཆུབ་ཆེན་པོ་དེ་ལུང་དང་ རིགས་པས་སྒྲུབ་པའི་ཚུལ་ནི་འོག་ནས་སྟོན་ཏོ། །ལུང་དོན་གྱི་ཆོས་དབྱིངས་ལས་མ་གཏོགས་པའི་ཆོས་མེད་པའི་དོན་ལ་གཞན་སྟོང་སྨྲ་བའི་རྣམ་བརྫུན་པ་དག་ཆོས་ཀྱི་དབྱིངས་ཡིན་ན། རང་གི་ངོ་བོས་མི་སྟོང་པར་ཡོད་དགོས་ཏེ། དེ་དོན་དམ་བདེན་པ་ཡིན་པའི་ཕྱིར་དང་། གཟུང་འཛིན་གྱི་སྤྲོས་པ་ནི་འཁྲུལ་བ་ཡིན་པས་རང་གི་ངོ་བོས་སྟོང་པས་ན་ཡོད་པ་མ་ཡིན་པའི་ཕྱིར་དང་། དེ་ལྟར་བཤད་པས་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ཡོད་དེ། རང་གི་གནས་ཚུལ་དངོས་དོན་ལས་བཟློག་སྟེ་མི་གནས་པའི་ཕྱིར་ཞེས་བཤད་དོ། །རང་སྟོང་དུ་སྨྲ་བའི་ 5-1-449b ངོ་བོ་ཉིད་མེད་པར་སྨྲ་བ་དག །གང་སྣང་ཙམ་པའི་ཆོས་ཡིན་ན་བལྟོས་ནས་འབྱུང་དགོས། བལྟོས་ནས་འབྱུང་ན་རང་གི་ངོ་བོ་མ་གྲུབ་དགོས། རང་གི་ངོ་བོ་མ་གྲུབ་ན་སྤྲོས་མཐའ་དང་བྲལ་བས་ཁྱབ། སྤྲོས་པ་དང་བྲལ་བ་དེ་འཕགས་པ་རྣམས་ཀྱི་ཆོས་ཉིད་ཀྱི་དབྱིངས་ ཡིན་ལ། དེ་ཡོད་དགོས་པ་སོགས་རྣལ་འབྱོར་སྤྱོད་པ་བས་སྨྲ་བ་ལྟ་བུའི་མཐར་འཛིན་ལས་གྲོལ་བ་དེའི་དབྱིངས་ལས་གཞན་པའི་ཆོས་གློ་བུར་གྱི་དྲི་མ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པ་ཤེས་པར་བྱའོ། །དེ་ལྟར་ཤེས་ན་སྒྲིབ་བྱེད་ཀྱི་དྲི་མ་ མེད་པས་དྲི་མ་སྤང་དུ་རུང་ལ། སྒྲིབ་བྱེད་ཀྱི་དྲི་མ་ཡོད་ན་སྤང་དུ་མི་རུང་བས་སྒྲིབ་པ་ཡོད་པ་དང་སྤངས་པ་འགལ་ཅེས་བྱ་བ་འདི་གྲུབ་བོ། ། དེ་ལྟར་བཤད་པས་ཡུལ་གྱི་བྱང་ཆུབ་རང་བཞིན་རྣམ་དག་དང་། ཡུལ་ཅན་གྱི་བྱང་ཆུབ་གློ་བུར་རྣམ་དག་གི་ཡེ་ཤེས་ གཉིས་ལས། དང་པོ་ནི། དྲི་མ་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན་དྲི་མ་ཟད་པ་དང་མི་སྐྱེ་བ་སོགས་ཀྱང་མིང་ཙམ་སྟེ། གདོད་མ་ནས་ཡོད་མ་མྱོང་བས་ན་རང་བཞིན་མྱང་འདས་དང་དོན་གཅིག་གོ། གཉིས་པ་ནི། ཐ་སྙད་ དུ་རྟོགས་པ་ཡེ་ཤེས་ཀྱིས་བྱང་ཆུབ་དེ་མངོན་སུམ་དུ་རྟོགས་པས་གློ་བུར་གྱི་དྲི་མ་རྣམ་པར་བསལ་བའི་ངོ་བོ་ལ་བྱ་སྟེ། དེའང་རང་གི་ངོ་བོ་མི་གནས་པའི་མྱང་འདས་ལས་གཞན་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་བྱང་ཆུབ་དེ་ལ་དབྱེ་ན། སྐུ་གསུམ་སྟེ། ཇི་སྐད་དུ། སྐུ་ གསུམ་དག་གིས་བྱང་ཆུབ་ཆེ། །ཞེས་འབྱུང་བ་ཡིན་ལ། དེ་ལྟར་གྱི་ཚེ་ངོ་བོ་ཉིད་སྐུ་བྱང་ཆེན་ཡིན་པ་ལ་མི་མཐུན་པ་མེད་ཀྱང་། ལོངས་སྤྲུལ་གཉིས་ལ་གནས་ཚུལ་དང་སྣང་ཚུལ་གཉིས་ལས། དང་པོ་ལ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཚང་བས་བྱང་ཆུབ་ཡིན་མིན་ 5-1-450a རྩོད་པ་མེད་ལ། གཉིས་པ་སྣང་ཚུལ་གྱི་སྐུ་གཉིས་ནི་སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པའི་ཕྱིར་བྱང་ཆུབ་དངོས་སུ་མི་རུང་ངོ་། །འོན་ཏེ་དེ་ལྟར་ནའང་གདུལ་བྱ་དེས་སྣང་ཚུལ་གྱི་སྐུ་གཉིས་པོ་དེ་རང་གིས་རློམ་ཚོད་ལ་བྱང་ཆུབ་ཆེན་པོར་རློམ་པ་ཡིན་ཏེ། ལྷ་དབང་གི་གཟུགས་བརྙན་ལ་ལྷ་དབང་དུ་རློམ་པ་བཞིན་ནོ། །དམན་པའི་བྱང་ཆུབ་ལ་ཉན་རང་གཉིས་ལས། དང་པོ་ལ་ཡུལ་གྱི་བྱང་ཆུབ་ནི་གང་ཟག་ལ་བདག་ཏུ་འཛིན་པའི་རྟོག་པས་བཏགས་པའི་བདག་ངོ་བོ་ཉིད་ཀྱིས་མེད་པས་རྣམ་པར་ཤེས་པའི་དབྱིངས་གང་ཟག་གི་ བདག་རང་བཞིན་གྱིས་རྣམ་པར་དག་པའོ། །ཡུལ་ཅན་གྱི་བྱང་ཆུབ་ནི། རྣམ་པར་ཤེས་པའི་དབྱིངས་དེ་གང་ཟག་གི་བདག་དེས་དག་པར་མངོན་སུམ་དུ་རྟོགས་པའི་གློ་བུར་གྱི་ཉོན་མོངས་ལས་གྲོལ་བའི་ཡེ་ཤེས་སོ། །གཉིས་པ་རང་རྒྱལ་གྱི་བྱང་ཆུབ་ལ། ཡུལ་གྱི་བྱང་ཆུབ་ནི། གཟུང་འཛིན་ཐ་དད་ཀྱིས་སྟོང་པའི་རྣམ་རིག་གི་དབྱིངས་ཙམ་ཡིན་ལ། ཡུལ་ཅན་ནི་རྣམ་རིག་གི་དབྱིངས་དེ་མངོན་དུ་རྟོགས་པས་ཤེས་སྒྲིབ་གཟུང་རྟོག་ལས་གྲོལ་བའི་ཡེ་ཤེས་སོ། །གཉིས་པ་ཚིག་གི་དོན་ལ། བྱང་ཆུབ་ཆེན་པོའི་ངོ་བོར་བཤད། དེ་ལ་དངོས་སྨྲ་བའི་ཀླན་ཀ་དགོད། དེ་དངོས་སྟོབས་ཀྱི་རིགས་པས་དགག །ཁས་བླངས་ནང་འགལ་གྱིས་དགག་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བྱང་ཆུབ་ཆེན་པོ་གང་གི་དོན་དུ་མཐོང་བའི་ལམ་བསྐྱེད་པ་དང་། ལམ་བསྐྱེད་པ་དེའི་རྒྱུ་བཤད་ མ་ཐག་པ་དེ་ལྟ་བུ་དང་བཅས་པར་བཅོམ་ལྡན་འདས་བཞེད་པའི་འབྲས་བུ་བྱང་ཆུབ་ཆེན་པོ་དེ་གང་ཡིན་ཅེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་འདིས་བྱང་ཆུབ་ཆེན་པོ་བསྟན་པ་ཡིན་ནོ། །གཉིས་པ་ནི། མདོར། གསོལ་བ། བཅོམ་ལྡན་འདས་ཡུམ་ལ་ཚད་དམ་འབྲེལ་བ་ 5-1-450b མཆིས་སམ། ཀུན་དགའ་བོ་མི་ཟད་པའི་ཕྱིར་ཡུམ་ལ་ཚད་དམ་འབྲེལ་བ་མེད་དོ། །དབེན་པའི་ཕྱིར་ཡུམ་ལ་ཚད་དམ་འབྲེལ་བ་མེད་དོ། །ཀུན་དགའ་བོ་འདས་པའི་དུས་ཀྱི་རྫོགས་པའི་སངས་རྒྱས་ཇི་སྙེད་བྱུང་བ་དེ་དག་ཀྱང་ཡུམ་འདི་ལས་བྱུང་ཡང་ཟད་པར་མི་འགྱུར་རོ། །ཀུན་དགའ་བོ་ཡུམ་ཟད་ པར་བྱ་བ་སེམས་པ་དེ་ནི་ནམ་མཁའ་ཟད་པར་སེམས་སུ་ཟད་དེ། ཡུམ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཞེས་སོགས་ཀྱི་དོན་ཏེ། གདོད་མ་ཉིད་ནས་དྲི་མ་ཟད་པ་དང་། གཟོད་མ་ནས་འདུས་བྱས་པར་མི་སྐྱེ་བའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་བྱང་ཆུབ་དེའི་ངོ་བོ་ཡིན་ཅེས་བརྗོད་ཅིང་བསྟན་ཏེ། གང་གི་ཕྱིར་དྲི་མ་སྔར་ཡོད་གློ་བུར་དུ་ཟད་པ་མེད་པའི་ཕྱིར་དང་། སྐྱེ་བ་སྔར་ཡོད་གློ་བུར་དུ་གེགས་བྱས་ནས་སྐྱེ་མེད་དུ་སོང་བ་མེད་པའི་ཕྱིར། དེ་དག་གོ་རིམ་བཞིན་དུ་དྲི་མ་ཟད་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་ཞེས་ཤེས་པར་བྱའོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། ། གསུམ་པ་ནི། ཟད་མི་སྐྱེ་ཤེས་པ་ལ། ལུང་དང་། རིགས་པ་གཉིས་ལས། དང་པོ་ནི། དངོས་པོར་སྨྲ་བ་དག་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་སྔར་བདེན་པར་སྐྱེས་པ་དང་། དེ་ཕྱིས་གཉེན་པོས་མ་སྐྱེས་པ་ཉིད་དུ་བྱས་སོ་ཞེས་རྣམ་པར་བརྟགས་པ་རྣམས་ནི་འཐད་ པ་མ་ཡིན་ཏེ། བཅོམ་ལྡན་འདས་བྱམས་པ་མགོན་པོའི་ཞལ་ནས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་འབྱུང་བས། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་གཞལ་དུ་མེད་པ་རྣམས་ནམ་མཁའ་བཞིན་དུ་འདུ་བྱས་པ་མེད་པས་ འགག་པ་དང་། སྐྱེ་བ་མེད་པ་ནི་ཡོད་པ་ཉིད་ཀྱི་ཕྱིར་དེ་ལས་མ་གཏོགས་པའི་ཆོས་ནི་རྣམ་པ་ཐམས་ཅད་དུ་མེད་དོ། །དེ་མེད་པས་དྲི་མ་ལ་སོགས་པའི་ཆོས་རྣམས་ཀྱང་གདོད་མ་ནས་མེད་པ་ཉིད་དུ་གྲུབ་བོ། །ཞེས་ཡིད་ཆེས་པའི་ལུང་རྟགས་སུ་བཀོད་པར་བྱས་པའི་ཕྱིར་ 5-1-451a རམ། གཞན་དངོས་སྟོབས་ཀྱི་རིགས་པ་ཡོད་པར་ཡང་བསྟན་ཏོ། །གཉིས་པ་ལ། གཅིག་དུ་བྲལ་སོགས་ཀྱི་རིགས་པ་རྒྱས་པར་བཤད། འགྲེལ་པའི་ཚིག་དོན་བཀྲོལ་ཏེ་འབྲུ་གཉེར་བའོ། །དང་པོ་ལ། གཅིག་དུ་བྲལ་གྱི་གཏན་ཚིགས། མུ་བཞི་སྐྱེ་ འགོག་གི་གཏན་ཚིགས། རིགས་པ་ལྷག་མའང་བསྟན་པའོ། །དང་པོ་ལ་གསུམ། རྟགས་དགོད་པ། ཕྱོགས་ཆོས་སྒྲུབ་པ། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། གཟུང་འཛིན་གྱིས་བསྡུས་པའི་གློ་བུར་གྱི་དྲི་མ་བདེན་པར་མེད་པ་ཅིས་ཤེས་ཞེ་ན། རྣམ་འགྲེལ་ལས། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་པ་ལྟར། གློ་བུར་གྱི་དྲི་མ་དཔྱད་ན་བདེན་པའི་དངོས་པོར་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། གཉིས་པ་ལ་ གཉིས། རྟགས་དང་པོ་དང་། གཉིས་པ་སྒྲུབ་པའོ། །དང་པོ་ནི། གལ་ཏེ་གཅིག་ཏུ་ཡོད་དོ་ཞེ་ན། ཅི་རགས་པའམ་རྒྱུན་ནམ། རྡུལ་ཕྲན་ནམ། སྐད་ཅིག་མ་རྣམས་ལས་གང་ཡིན་པ་རྟགས་དྲངས། ཕྱི་རོལ་པ་ལ་སོགས་པ་ན་རེ། རགས་པ་ཆ་མེད་གཅིག་ཏུ་བདེན་ ནོ་ཞེ་ན། མ་ཡིན་ཏེ། རགས་པ་རྣམས་ལ་གཡོ་བ་དང་། མི་གཡོ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་དང་། ཁ་བསྒྱུར་བ་དང་། མ་བསྒྱུར་བ་སོགས་ཆ་ཤས་དུ་མ་དང་ལྡན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ལག་སོགས་གཡོ་ན་ཐམས་ཅད་དག །གཡོ་ བར་འགྱུར་ཕྱིར་འགལ་བ་ཅན། །ལས་ནི་གཅིག་ལ་མི་རུང་ཕྱིར། །གཞན་དུ་ཐ་དད་གྲུབ་པར་འགྱུར། །གཅིག་བསྒྲིབས་པས་ན་ཐམས་ཅད་དག །བསྒྲིབས་པར་འགྱུར་བའམ་མ་བསྒྲིབས་ན། །མཐོང་འགྱུར་གཅིག་མཚོན་གྱིས་བསྒྱུར་ན། །བསྒྱུར་བའམ་མ་བསྒྱུར་ 5-1-451b རྟོགས་པར་འགྱུར། །དེ་ཕྱིར་ཚོགས་པར་གཅིག་ཡོད་མིན། །ཅེས་སོ། ། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་སོགས་ན་རེ། དུས་གསུམ་རྫས་སུ་གྲུབ་པས་རྒྱུན་ཆ་མེད་ཅིག་ཏུ་བདེན་ནོ་ཞེ་ན། མིན་ཏེ། བསྐལ་པ་དང་། ལོ་དང་། ཟླ་བ་དང་། ཞག་དང་། ཡུད་ཙམ་དང་། སྐད་ ཅིག་ལ་སོགས་པ་ཕྱི་མ་ཕྱི་མ་དུ་མ་བསགས་པ་ལས་སྔ་མ་སྔ་མ་གྲུབ་དགོས་ལ། རྒྱུན་ལ་སོགས་པ་ནི་བརྡར་བཏགས་པ་འབའ་ཞིག་ཡིན་ཏེ། འཕགས་པ་ཞི་བ་ལྷས། རྒྱུན་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་ལ་སོགས་བཞིན་བརྫུན། །ཅེས་སོ། ། མདོ་སྡེ་ པ་སོགས་ན་རེ། རྡུལ་ཕྲ་རབ་ཆ་མེད་གཅིག་ཏུ་བདེན་ནོ་ཞེ་ན། མིན་ཏེ། གོང་བུ་རྩོམ་པའི་ཚེ་རྡུལ་དབུས་མ་ལ་ཕྱོགས་དྲུག་ཡོད་པ་ལ་རྡུལ་གཞན་སྦྱར་བའི་ཚུལ་གྱིས་སམ། འོན་ཏེ་ཕྱོགས་གཅིག་ཁོ་ན་ལས་ཡིན། དང་པོ་ལྟར་ན་ཆ་དྲུག་བྱུང་བས་ཆ་མེད་ཉམས་ལ། གཉིས་པ་ལྟར་ན་རྡུལ་ཕྲ་རབ་གཅིག་གི་གོ་ས་ལས་གཞན་དུ་རྩོམ་པ་མེད་པས་གོང་བུ་མི་སྲིད་པར་འགྱུར་ཏེ། ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱིས། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ ཕྲན་ཙམ་དུ་འགྱུར། །ཞེས་སོ། ། རྣམ་རིག་པ་ན་རེ། རྣམ་ཤེས་སྐད་ཅིག་མ་གཅིག་ཏུ་བདེན་ནོ་ཞེ་ན། མིན་ཏེ། དུས་ཀྱི་ཆ་ཤས་དུ་མ་དང་ལྡན་པའི་ཕྱིར་རོ། །དེའང་འདི་ལྟར་དངོས་པོ་དེ་སྐྱེ་བའི་ཚེ་སྐད་ཅིག་མ་སྔ་མ་དང་འཕྲད་པ་དང་། རང་གནས་པ་དང་། འགགས་ པའི་ཚེ་སྐད་ཅིག་མ་ཕྱི་མ་དང་འཕྲད་པ་གསུམ་གཅིག་གམ་ཐ་དད་པ་ཡིན། དང་པོ་ལྟར་ན་བསྐྱེད་བྱ་སྐྱེད་བྱེད་དུ་མེད་དེ། དུས་གཅིག་པས་སོ། །གཉིས་པ་ལྟར་ན། གཅིག་ཏུ་བདེན་པ་ཉམས་སོ། །རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། ། 5-1-452a ཐོག་མ་དབུས་ཀྱང་བརྟག་པར་གྱིས། །དེ་ལྟར་སྐད་ཅིག་གསུམ་དག་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་སོ། ། གཞན་ཡང་གློ་བུར་གྱི་དྲི་མ་སོགས་དངོས་པོ་ཐམས་ཅད་ནི་འདུས་བྱས་བསླུ་བའི་ཆོས་ཅན་དང་། གང་བསླུ་བ་ལ་ བརྫུན་པས་ཁྱབ་པ་ཡིན་ཏེ། དབུ་མ་རྩ་བ་ལས། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །གང་ན་ཡང་ནི་ཡོད་མ་ཡིན། །ཅེས་དང་། འདུ་བྱེད་ཐམས་ཅད་བསླུ་བ་སྟེ། །དེས་ན་དེ་དག་བརྫུན་པ་ ཡིན། །ཅེས་སོ། །གཉིས་པ་ནི། གང་བདེན་པའི་གཅིག་མེད་ན་དུ་མ་མེད་དེ། དུ་མ་ནི་གཅིག་བསགས་པ་ལ་རག་ལས་པས་སོ། །གསུམ་པ་ནི། དྲི་མ་གཅིག་དང་དུ་མར་མེད་ན་དྲི་མ་བདེན་དངོས་སུ་མེད་པས་ཁྱབ་པ་ཡིན་ཏེ། གཅིག་དང་དུ་མ་ནི་ཕན་ཚུན་སྤངས་པའི་ འགལ་བའི་ཕྱིར་ཕུང་པོ་གསུམ་པ་མེད་དེ། པཎ་ཆེན་ཞི་བ་འཚོའི་དབུ་མ་རྒྱན་ལས། དངོས་པོ་གང་གང་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་པ། །དེ་ལ་དུ་མ་ཉིད་ཀྱང་མེད། །གཅིག་དང་དུ་མ་མ་གཏོགས་པའི། །རྣམ་པ་གཞན་ དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། །ཞེས་སོ། །གཉིས་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་ལ་གསུམ། རྟགས་དགོད་པ། ཕྱོགས་ཆོས་དང་། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། དོན་ལ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར། དྲི་མ་བདེན་པ་ལྟ་ག་ལ་ ཡོད་དེ། དབུ་མ་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་སོ། །གཉིས་པ་ནི། དྲི་མ་སྐྱེ་བ་ཡོད་ན་བདག་གམ། གཞན་ནམ། གཉིས་ཀའམ། རྒྱུ་མེད་ 5-1-452b པ་གང་ལས་ཡིན་རྟགས་དྲངས་ན། རང་ལས་མ་ཡིན་ཏེ། རང་གྲུབ་ན་བསྐྱེད་མི་དགོས་ཤིང་། མ་གྲུབ་ན་བསྐྱེད་མི་ནུས་ཏེ། དབུ་མ་རྩ་བ་ལས། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གིས་བདག་ཉིད་ཇི་ལྟར་བསྐྱེད། །ཅི་སྟེ་སྐྱེས་པས་བསྐྱེད་ཅེ་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། ། ཅེས་སོ། །གཞན་ལས་ཀྱང་མིན་ཏེ། གཞན་ཞིག་པ་ལས་སྐྱེ་ན་རྒྱུ་མེད་དུ་ཐལ་བར་འགྱུར་ལ། མ་ཞིག་པ་ལས་སྐྱེ་ན་དུས་མཉམ་པར་འགྱུར་ཏེ། དེ་ཉིད་ལས། འགགས་པ་ནུབ་པར་གྱུར་པ་ཡིས། །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེ། །འབྲས་བུ་དང་ནི་བྲལ་བའི་རྒྱུ། །གནས་པས་ ཀྱང་ནི་ཇི་ལྟར་བཀྱེད། །ཅེས་སོ། །འགག་བཞིན་པ་ལས་ཀྱང་མིན་ཏེ། དེ་ནི་ཕྱེད་འགགས་ཕྱེད་མ་འགགས་པ་ལས་བརྗོད་ན། འགགས་པ་དང་མ་འགགས་པའི་ཆས་བསྐྱེད་པ་ལ་ནི་སྔར་གྱི་ཉེས་པས་རེག་ཅིང་། ཕུང་པོ་གསུམ་པའང་མེད་དེ། འཕགས་པ་ལྷའི་ཞབས་ཀྱིས། སྐྱེ་བཞིན་པ་ནི་ཕྱེད་སྐྱེས་ཕྱིར། །སྐྱེ་བཞིན་པ་ནི་སྐྱེ་བ་མེད། །ཅེས་དང་། དབུ་མ་རྩ་བ་ལས། སོང་དང་མ་སོང་མ་གཏོགས་པའི། །འགོམ་པ་ཤེས་པར་མི་འགྱུར་རོ། །ཞེས་སོ། །གཉི་ཀ་ལས་ཀྱང་མིན་ཏེ། རེ་རེ་ལས་སྐྱེ་བ་མེད་ན་གཉིས་ཀ་ལས་ཇི་ལྟར་ཡིན། སྔོ་སོགས་ སྤངས་པའི་ཁྲ་བོ་བཞིན་ནོ། །རྒྱུ་མེད་པ་ལས་ཀྱང་མ་ཡིན་ཏེ། རྣམ་འགྲེལ་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པ་ལྟར་འགྱུར་བས་རེས་འགའ་བ་མ་ཡིན་ནོ། །གསུམ་པ་ནི། དེས་ན་ཆོས་ཐམས་ཅད་སྐྱེ་བ་མེད་པས་ན་དྲི་མ་གནས་ པ་དང་འགག་པ་ལྟ་ག་ལ་ཡོད། དེ་དག་མེད་ན་དངོས་པོ་དང་འདུས་བྱས་མེད་དོ། །དེ་དག་མེད་ན་དངོས་མེད་དང་འདུས་མ་བྱས་ལ་སོགས་པ་ཡང་ཕ་དང་བུ་བཞིན་དུ་ཕན་ཚུན་བལྟོས་ནས་མིང་ཙམ་དུ་ཐ་སྙད་བྱས་པའི་ཕྱིར་དྲི་མ་བདེན་པ་ལྟ་ག་ལ་ཡོད་དེ། དབུ་མ་རྩ་བ་ལས། མ་སྐྱེས་ 5-1-453a གང་ཞིག་གནས་པར་འགྱུར། །མ་སྐྱེས་གང་ཞིག་འགག་པར་འགྱུར། །ཞེས་དང་། སྐྱེ་དང་གནས་དང་འགག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་སོ། །དེས་ ཀུན་རྫོབ་ཀྱི་གཤིས་ལུགས་ལ་བདེན་པའི་དངོས་པོ་རྡུལ་ཙམ་ཡང་མེད་ཅིང་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པ་ཁོ་ནའོ། །གསུམ་པ་རིགས་པ་ལྷག་མ་བསྟན་པ་ནི། དྲི་མ་ཆོས་ཅན། བདེན་པར་སྐྱེ་བ་མིན་ཏེ། ཡོད་མེད་ཀྱི་སྐྱེ་བ་དང་བྲལ་བའི་ཕྱིར། ཇི་སྐད་དུ། མེད་དམ་ ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་སོ། ། གཞན་ཡང་དྲི་མ་ཆོས་ཅན། བདེན་པར་སྐྱེ་བ་མེད་དེ། རྒྱུ་དུ་མས་འབྲས་བུ་གཅིག་མི་བསྐྱེད་པ་ལ་སོགས་པའི་ཚུལ་གྱིས་མུ་བཞི་ཁེགས་པའི་ སྒོ་ནས་མི་སྐྱེ་བའི་ཕྱིར། བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་མིན། །ཅེས་སོ། །དེས་ན་གློ་བུར་གྱི་དྲི་མ་ལ་སོགས་པའི་ངོ་བོར་གྱུར་པའི་ཤེས་པ་ཡུལ་ དང་བཅས་པ་ཀུན་རྫོབ་ཙམ་དུའང་ཡོད་པ་མིན་ཏེ། འཇུག་པ་ལས། རིགས་དེས་ཐ་སྙད་དུ་ཡང་སྐྱེ་བ་ཡོད་མིན་པས། །ཞེས་སོ། །གཞན་ཡང་དྲི་མ་ཆོས་ཅན། བདེན་པའི་དངོས་པོས་སྟོང་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཡིན་པའི་ཕྱིར། རྩ་བ་ཤེས་རབ་ལས། རྟེན་ ཅིང་འབྲེལ་འབྱུང་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་འགྲེལ་པའི་ཚིག་དོན་ལ། ངོ་བོ་ལ་དཔྱད་ནས་འགོག་པ་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་རིགས་པ་དང་། 5-1-453b རྒྱུ་ལ་དཔྱད་ནས་འགོག་པ་རྡོ་རྗེ་གཟེགས་མ་དང་། འབྲས་བུ་ལ་དཔྱད་ནས་འགོག་པ་ཡོད་མེད་སྐྱེ་འགོག་དང་། གཉིས་ཀ་ལ་དཔྱད་ནས་འགོག་པ་མུ་བཞི་སྐྱེ་འགོག་གི་རིགས་པས་དྲངས་པའི་ཚད་མ་དང་། ལ་སོགས་པས་རྟེན་འབྲེལ་གྱི་རིགས་པས་དྲངས་པའི་ཚད་མས་དྲི་མ་ རང་གི་ངོ་བོར་གྲུབ་པ་འཐད་པའི་དངོས་པོར་ཡོད་པ་བསལ་ན་མེད་པར་རྟོགས་པས། དེའི་ཚེ་བྱང་ཆུབ་ནི་ནམ་མཁའི་པདྨ་བཞིན་དུ་སྔར་ཡོད་འགག་པ་དང་། ཕྱིས་སྐྱེ་བ་མེད་པའི་ཕྱིར། དཔེ་དེ་དག་གོ་རིམ་བཞིན་དུ་དྲི་མ་རྣམས་གདོད་མ་ནས་ཡོད་མ་མྱོང་བས་ཟད་པ་ལ་ཟད་ པར་ཤེས་པ་དང་། སྙིང་པོ་ཕྱག་རྒྱ་ཆེན་པོ་མ་སྐྱེ་བ་ལ་མི་སྐྱེ་བའི་ཤེས་པས་ཆོས་ཐམས་ཅད་ཀྱི་གནས་ཚུལ་ཕྱིན་ཅི་སྟེ་འཁྲུལ་བར་མ་ལོག་པར་རྟོགས་པའི་སོ་སོ་རང་རིག་པའི་མཚན་ཉིད་ཆོས་ཀྱི་སྐུ་དང་། ལ་སོགས་པས་དོན་དམ་པའི་སྐུ་གསུམ་དངོས་དོན་ཇི་ལྟ་བ་བཞིན་གྱི་བདག་ ཉིད་ནི་བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་དོ། །གཉིས་པ་དེ་ལ་དངོས་སྨྲ་བའི་ཀླན་ཀ་དགོད་པ་ནི། ནང་གི་མུ་སྟེགས་བྱེད་ན་རེ། རྒྱུ་མཚན་བཤད་མ་ཐག་གང་གི་ཕྱིར་དྲི་མ་སྔར་ཡོད་ཟད་པ་དང་། ཕྱིས་མི་སྐྱེ་བ་ཤེས་པ་དེ་ལྟ་བུ་ཡིན་པ་དེའི་ཕྱིར་ན། གློ་བུར་གྱི་དྲི་མའི་དངོས་པོ་ གང་དག་གཉེན་པོས་འཇིག་པའི་བསམ་པས་སྤངས་ཏེ་ཟད་པ་ལ་ཟད་དོ་སྙམ་པའི་ཤེས་པ་དང་། དྲི་མའི་དངོས་པོ་གང་སྐྱེ་འཕྲོ་བཅད་པའི་ཚུལ་གྱིས་མི་སྐྱེ་བའི་བསམ་པས་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་པའི་ཤེས་པ་ནི་རིམ་བཞིན་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཡིན་པར་དངོས་པོར་སྨྲ་བ་ དག་བརྗོད་ཅིང་། ཟད་མི་སྐྱེ་བའི་ཚུལ་དེས་བྱང་ཆུབ་ཀྱང་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཡིན་པར་བརྗོད་པའི་འདོད་པ་དེ་དག་གཟུང་བཞིན་པ་ལ་དྲི་མ་བདེན་པ་བ་ཟད་པ་དང་། སླར་མི་སྐྱེ་བ་མེད་པ་ཁོ་ནའོ་ཞེས་ཐེག་པ་གོང་མར་སྨྲ་བས་དེའི་ལུགས་ལ་བྱང་ཆུབ་ཆེན་པོའི་གནས་ཚུལ་ 5-1-454a རུང་བ་མ་ཡིན་ནོ་ཞེས་ཐལ་བ་འཕེན་པར་བྱེད་དོ། །དེ་ལྟ་བུའི་ཐལ་བ་ལྟར་སྣང་བ་དེ་དག་བྱུང་དུ་དོགས་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་འཆད་བཞིན་པས་གསུངས་པར་མཛད་དོ། །གསུམ་པ་དངོས་སྟོབས་ཀྱི་རིགས་པས་འགོག་པ་ལ། རྩ། འགྲེལ་ གཉིས་ལས། དང་པོ་ནི། གློ་བུར་གྱི་དྲི་མ་གདོད་མ་ནས་ཡོད་མ་མྱོང་བའི་འདུས་མ་བྱས་ཀྱི་བྱང་ཆུབ་ཆེན་པོ་ལ་སླར་གློ་བུར་གྱི་དྲི་མ་ཞིག་འགོག་མི་དགོས་པའི་ཕྱིར། འགོག་པ་མེད་པའི་རང་བཞིན་རྣམ་དག་འདི་ལ་མཐོང་ཞེས་བྱ་བའི་ལམ་གྱི་ནུས་པས་ནི་སྔར་ཡོད་ཀྱི་རྣམ་ རྟོག་གི་རིགས་ཅི་ཞིག་ཟད་པར་བྱས་ཏེ་མ་བྱས་ལ། སྔར་མེད་ཀྱི་སྐྱེ་མེད་རྟོགས་པའི་ཡེ་ཤེས་ཀྱི་རྣམ་པ་ཅི་ཞིག་འཐོབ་སྟེ་འཐོབ་བྱར་མེད་དོ། ། ངག་དོན་ཕྱོགས་སྔ་མས་བྱང་ཆུབ་ཆོས་ཅན། མི་འཐད་པར་ཐལ། བྱང་བྱ་དྲི་མ་སྔར་ཡོད་བདེན་པ་བ་ཟད་པ་དང་། ཆུབ་བྱ་མི་སྐྱེ་བའི་ཤེས་པ་ གསར་བྱུང་མེད་པའི་ཕྱིར་ཞེས་པ་ལ་ཁྱབ་པ་མ་ངེས་པ་དང་། ཁྱབ་པ་འགལ་བ་གང་རུང་གི་ལན་བཏབ་པས་ཆོག་སྟེ། དང་པོ་ནི། བྱང་ཆུབ་ཆེན་པོ་ཡིན་ན་དྲི་མ་སྔར་ཡོད་ཟད་པ་དང་། མི་སྐྱེ་བའི་ཡེ་ཤེས་ཕྱིས་འབྱུང་བའི་སྒོ་ནས་བྱང་ཆུབ་མི་དགོས་ཏེ། གདོད་མ་ནས་འགྱུར་བ་མེད་ པ་ཉིད་སྐྱེ་འགག་སྤྲོས་མཐའ་དང་བྲལ་བའི་ཡེ་ཤེས་ཡིན་པའི་ཕྱིར། དཔེར་ན་སྟོང་པ་ཉིད་བཞིན་ནོ། །གཉིས་པ་ནི། དྲི་མ་བདེན་ཡོད་ཟད་མི་སྲིད་པའི་ཕྱིར་བྱང་དུ་མི་རུང་བ་གང་ཞིག །མི་སྐྱེ་བ་འདུས་མ་བྱས་པ་གསར་དུ་སྐྱེ་མི་སྲིད་པའི་ཕྱིར་བྱང་ཆུབ་ཏུ་རུང་བ་མ་ཡིན་པའི་ཕྱིར་ ན་ཁྱོད་འདོད་པའི་བྱང་ཆུབ་དེ་བྱང་ཆུབ་ཏུ་འཐད་པ་མ་ཡིན་ནོ། །མདོར་ན་མཐོང་ལམ་གྱི་བྲལ་འབྲས་བྱང་ཆུབ་ཀྱི་ངོ་བོར་གྱུར་པ་དེ་ཆོས་ཅན། དྲི་མ་སྔར་ཡོད་ཟད་པ་དང་། སྐྱེ་མེད་ཀྱི་ཡེ་ཤེས་ཕྱིས་འབྱུང་བ་སྐྱེད་པར་མི་བྱེད་དེ། དེ་སྐྱེ་འགག་དང་བྲལ་བའི་སྟོང་ཉིད་ཀྱི་རང་བཞིན་ 5-1-454b ཡིན་པའི་ཕྱིར། རྟགས་འདི་ཉན་ཐོས་ལ་དོན་སྒྲུབ་ཀྱི་རྟགས་སུ་སོང་ཡང་། ཐེག་ཆེན་ལ་ཐ་སྙད་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་ཕྱོགས་ཆོས་ཚད་གྲུབ། སྐྱེ་འགག་དང་བྲལ་བའི་འདུས་མ་བྱས་ཀྱིས་ཟད་ཐོབ་ཀྱི་འབྲས་བུ་བསྐྱེད་པའི་བྱ་བ་མི་ བྱེད་པའི་ཕྱིར། ཁྱབ་པ་ཚད་གྲུབ། འདོད་ན། ཁོ་བོ་ཅག་འདོད་པའི་དབུ་མའི་ཕྱོགས་ལ་ཁྱོད་གནས་པར་འགྱུར་བས་སྐལ་བ་བཟང་ངོ་། །དེས་ན་བྱང་ཆུབ་ལ་ཟད་པ་ཐོབ་མེད་པར་དགོངས་ཏེ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་ པའི་མདོར། ཟད་པ་གཉེན་པོས་ཟད་མིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད། །ཅེས་དང་། རྒྱལ་བ་མ་ཕམ་པས། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང་། ཇི་ལྟར་སྔར་བཞིན་ཕྱིས་དེ་ བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གཉིས་པ་ནི། དྲི་མ་སྐྱེས་པ་དང་ཆོས་ཉིད་མ་སྐྱེས་པ་དག་གོ་རིམ་བཞིན་དུ་ཟད་པ་དང་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཀྱི་དྲི་མ་སླར་འགོག་པ་དང་བྲལ་ བའི་གནས་ལུགས་དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཡིན་ན་དེ་ལས་བཟློག་སྟེ་སྣང་ཙམ་གྱི་དངོས་པོ་ལ་ལོག་པར་མངོན་པར་ཞེན་པ་དངོས་སྨྲ་བ་ཁྱོད་ཀྱིས་འདོད་པ་ལྟར་མཐོང་བའི་ལམ་སྐྱེས་པའི་སྟོབས་ཀྱིས་དྲི་མ་རྣམ་པར་རྟོག་པ་ལ་སོགས་པའི་ ངོ་བོར་སྐྱེས་ཤིང་ཡོད་པ་ནི་ཅི་ཞིག་ཟད། མི་ཟད་པར་ཐལ། རང་བཞིན་གྱིས་ཡོད་པའི་ཕྱིར། མི་སྐྱེ་བའི་ཆོས་ཅན་མ་སྐྱེས་པ་ནི་ཅི་ཞིག་སྐྱེས་ཏེ་མི་སྐྱེ་བའི་ཕྱིར་ཁྱོད་ལ་གནོད་པ་ཡིན་ནོ། །ཁོ་བོ་ལ་ནི་འདི་ལྟ་བུའི་གནོད་པ་མེད་དེ། དྲི་མ་དང་པོར་ཡོད་པ་དང་། དེ་ 5-1-455a ཟད་པ་དང་། མི་སྐྱེ་བ་གདོད་ནས་སྐྱེ་བའི་ཕྱིར་རིགས་སོ་ཞེས་པ་རིགས་པ་དང་འགལ་བ་དེ་དག་ཅུང་ཟད་ཀྱང་མེད་པ་ཁོ་ན་ཡིན་པས་རྒྱུ་མཚན་དེའི་ཕྱིར། དངོས་སྨྲ་བ་དག་གིས་ཀྱང་ཁོ་བོ་ཅག་གི་དབུ་མའི་གཞུང་ལུགས་འདི་ཁོ་ན་ཁས་བླང་བར་བྱ་བར་རིགས་སོ་སྙམ་ དུ་དགོངས་པ་ཡིན་ནོ། །བཞི་པ་ཁས་བླངས་ནང་འགལ་གྱིས་དགག་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྔར་ཡོད་ཀྱི་དྲི་མ་ཟད་པ་དང་། ཕྱིས་འབྱུང་གི་མི་སྐྱེ་བ་གསར་དུ་བྱུང་བ་དེ་ལས་བཟློག་སྟེ་གཟོད་མ་ནས་དྲི་མ་ཟད་པ་དེ་ལྟར་མ་ཡིན་ཏེ། དྲི་མའི་ཆོས་རྣམས་ ཡང་དག་པར་ཡོད་པའི་དངོས་པོར་དངོས་སྨྲ་བ་ཁྱོད་ཁས་ལེན་བཞིན་པས་ན། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་རྟོག་པ་རྣམ་པ་ཐམས་ཅད་དུ་སྤངས་སོ་ཞེས་སྨྲ་བ་འདི་ནི་མི་རིགས་པས་བཞད་གད་གྱི་གནས་ཏེ་ངོ་མཚར་ཆེ་བའི་གནས་ཡིན་ནོ་ ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པར་མཛད་དོ། །གཉིས་པ་ནི། གཞན་གྱི་ཆོས་གློ་བུར་གྱི་དྲི་མ་རྣམས་ཀྱང་གདོད་མ་ནས་བྱང་ཆུབ་ཀྱི་རང་བཞིན་ལྟར་སྤང་དུ་མི་རུང་བར་ཡོད་ལ། དེ་ལྟར་ན་ཤེས་བྱ་ལ་ཡང་བླང་དོར་གྱི་གནས་སྟོན་པའི་བཅོམ་ལྡན་འདས་འདིས་ སྒྲིབ་པ་གདོད་ནས་ཡོད་པ་རྣམས་ལམ་གྱིས་གློ་བུར་དུ་ཟད་པར་བྱས་པ་ཡིན་ཅེས་བརྗོད་པ་གང་ཡིན་པ་རིགས་པ་དང་འགལ་བ་དེ་ལ་ཁོ་བོས་མཚར་དུ་བརྩིས་ནས་དངོས་པོའི་རང་བཞིན་ཡོད་པ་ནི་གང་མེད་པར་བསྒྱུར་མི་ནུས་ལ། གང་དངོས་པོའི་རང་བཞིན་མེད་པ་ནི་གང་གིས་ཀྱང་ཡོད་ པར་བསྒྱུར་མི་ནུས་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། ཤུགས་བསྟན་རྣལ་འབྱོར་གྱི་ས་བཞི་བཤད་པ་དང་། དངོས་བསྟན་རྩ་བའི་ཚིག་དོན་བཤད་པ་གཉིས་ལས། དང་པོ་ལ་སྤྱིའི་དོན་དང་། ཚིག་གི་དོན་གཉིས། དང་པོ་ལ། འདིར་རྣལ་འབྱོར་གྱི་ས་བཞི་ 5-1-455b རྣམ་པར་བཞག་པའི་དགོས་པ། རྣལ་འབྱོར་གྱི་ས་སོ་སོའི་དོན་བཤད་པའོ། །དང་པོ་ནི། འོ་ན་དངོས་སྨྲ་བ་ལ་ཁས་བླངས་ནང་འགལ་སྟོན་པའི་སྐབས་སུ་རྣལ་འབྱོར་གྱི་ས་བཞི་སྟོན་པ་ཇི་ལྟར་འབྲེལ་སྙམ་ན། ནང་གི་མུ་སྟེགས་བྱེད་ཉོན་མོངས་པའི་དྲི་མ་ཙམ་བདེན་གྲུབ་ཏུ་ཁས་ལེན་ པའི་ཕྱོགས་ལ་བྱང་ཆུབ་མི་འཐད་ན། སེམས་ཙམ་དུ་སྨྲ་བ་ཕྱིན་ཐམས་ཅད་ཀྱིས་ཤེས་བྱ་བདེན་གྲུབ་ཏུ་ཁས་ལེན་པས་དེ་ལྟར་ན་དེ་དག་གི་ཕྱོགས་ལའང་བྱང་ཆུབ་མི་འཐད་པར་བསྟན་པའི་ཕྱིར། འདིར་རྣལ་འབྱོར་ས་བཞིའི་རྣམ་པར་བཞག་མཛད་དེ། དེའང་གདུལ་བྱ་ཐེག་ པ་ཆེན་པོའི་ལམ་ལ་རིམ་འཇུག་གི་ཚུལ་བསྟན་པ་ཡིན་ཏེ། ཐོག་མར་ཕྱི་རོལ་པའི་ལྟ་བ་ལས་བཟློག་ནས་ཆོས་ཀྱི་བདག་མེད་བསྟན་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར། དང་པོར་གང་ཟག་ལ་བདག་མེད་པར་སྒོམ་པར་བྱེད་པ་ཉན་ཐོས་དང་ཐུན་མོང་བ་དང་། ཆོས་ཀྱི་བདག་མེད་ལའང་ཕྲ་ རགས་ཀྱི་རིམ་པས་དང་པོར་ཕྱི་རོལ་གྱི་དོན་བདེན་མེད་དུ་སྒོམ་པར་བྱེད་པ་རང་རྒྱལ་དང་། སེམས་ཙམ་རྣམ་བདེན་པ་དང་། ཐུན་མོང་བ་དང་། གཉིས་པར་དེ་དེ་འཛིན་བྱེད་ཀྱི་ཤེས་རྣམ་བདེན་མེད་དུ་སྒོམ་པར་བྱེད་པ་སེམས་ཙམ་རྣམ་བརྫུན་པ་དང་། ཐུན་མོང་བ་དང་། གཟུང་འཛིན་ གཉིས་ཀྱིས་སྟོང་པའི་རྣམ་ཤེས་དོན་དམ་དུ་ཡོད་པ་བདེན་མེད་དུ་སྒོམ་པར་བྱེད་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་འདོད་པ་ཐུན་མོང་མ་ཡིན་པའོ། ། རིམ་པ་དེ་རྒྱུད་ལ་ཇི་ལྟར་བསྐྱེད་ཅེ་ན། ཐེག་ཆེན་གྱི་ཚོགས་ལམ་དུ་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རྟག་གཅིག་རང་དབང་ཅན་མིན་ཏེ། སྐྱེ་འཇིག་བྱེད་པའི་ཕྱིར། ཞེས་སྐྱེ་འཇིག་ཅན་གྱི་རྟགས་ཀྱིས་དྲངས་པའི་བསམ་བྱུང་གི་རིགས་པས་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་བསྒོམས་པ་ལ་བརྟེན་ནས་གང་ཟག་གི་བདག་འཛིན་སྤང་བར་བྱེད་ཅིང་། ཐེག་ཆེན་གྱི་དྲོད་རྩེ་གང་རུང་གི་ལམ་དུ་སྔོན་པོར་སྣང་བ་དང་། སྔོར་སྣང་གི་ 5-1-456a ཤེས་པ་ཆོས་ཅན། སྣང་བ་ལྟར་རྫས་གཞན་མིན་ཏེ་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་དྲངས་པའི་བསམ་བྱུང་གི་རིགས་པས་དེ་གཉིས་ལས་གཞན་མིན་པར་བསྒོམས་པ་ལ་བརྟེན་ནས་ཤེས་སྒྲིབ་གཟུང་རྟོག་སྤོང་ བར་བྱེད་ཅིང་། ཐེག་ཆེན་གྱི་བཟོད་མཆོག་གང་རུང་གི་ལམ་དུ་ཕྱི་རོལ་གྱི་དོན་དུ་སྣང་བའི་རྣམ་པ་འདི་ཆོས་ཅན། ཤེས་པའི་རྫས་སུ་མི་བདེན་ཏེ། སྣ་ཚོགས་སུ་སྣང་བ་ལྟར་མེད་པའི་ཕྱིར་ཞེས་ཕྱི་དོན་བདེན་པར་མེད་པའི་རྟགས་ཀྱིས་དྲངས་པའི་བསམ་བྱུང་གི་རིགས་པས་དེ་ ལྟར་སྣང་བའི་རྣམ་པ་སེམས་སུ་མི་བདེན་པར་བསྒོམས་པ་ལ་བརྟེན་ནས་ཕྱི་རོལ་དུ་སྣང་བའི་གཟུང་རྣམ་ཤེས་པའི་རྫས་སུ་བདེན་འཛིན་སྤོང་བར་བྱེད་ཅིང་། ཐེག་པ་ཆེན་པོའི་མཐོང་ལམ་དུ་གཟུང་འཛིན་གཉིས་མེད་ཀྱི་རྣམ་ཤེས་རང་རིག་རང་གསལ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་རྟེན་འབྲེལ་གྱི་རྟགས་ཀྱིས་དྲངས་པའི་བསམ་བྱུང་གི་རིགས་པས་དེ་ལྟ་བུའི་ཤེས་པ་བདེན་མེད་དུ་བསྒོམས་པ་ལ་བརྟེན་ནས་ཤེས་སྒྲིབ་ཀྱི་ས་བོན་སྤོང་བར་བྱེད་དོ། །གཉིས་པ་རྣལ་འབྱོར་གྱི་ས་སོ་སོའི་དོན་བཤད་པ་ལ། བདག་མེད་རྟོགས་པའི་རྣལ་འབྱོར་ ཏེ་ཉན་ཐོས་ཀྱི་ས་བཤད་པ། གཟུང་མེད་རྟོགས་པའི་རྣལ་འབྱོར་ཏེ་རང་སངས་རྒྱས་ཀྱི་ས་བཤད་པ། འཛིན་མེད་རྟོགས་པའི་རྣལ་འབྱོར་ཏེ་སེམས་ཙམ་པས་འདོད་པའི་ལྟ་བའི་ས་བཤད་པ། སྤྲོས་མེད་རྟོགས་པའི་རྣལ་འབྱོར་ཏེ་དབུ་མ་པས་འདོད་པའི་ལྟ་བའི་ས་བཤད་པའོ། །དང་ པོ་ལ་གཉིས། བདག་གང་ལ་སྒྲོ་བཏགས་པ་དང་། དེ་མེད་པར་སྒྲུབ་པའོ། །དང་པོ་ལ། སྒྲོ་ཇི་ལྟར་བཏགས་པ་དང་། འདོགས་པའི་གཞི་གང་ཡིན་པའོ། །དང་པོ་ནི། མུ་སྟེགས་བྱེད་ཀྱིས་སྒྲོ་བཏགས་པའི་རྟག་པ་གཅིག་པུ་རང་དབང་ཅན་དང་། གནས་མ་བུ་པའི་སྡེ་པས་སྒྲོ་ 5-1-456b བཏགས་པའི་བརྗོད་དུ་མི་རུང་བའི་གང་ཟག་གི་བདག་གཉིས་པོ་དེ་ཡིན་ཏེ། བསྙེངས་བྲལ་ཟླ་བས། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་མུ་སྟེགས་རྣམས་ཀྱིས་བཏགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་ དད་འགྱུར། །ཞེས་དང་། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། །རྣམ་ཤེས་དྲུག་གི་ཤེས་བྱར་དེ་འདོད་ཅིང་། །དེ་ནི་ངར་འཛིན་གཞིར་ཡང་འདོད་པ་ཡིན། །ཅེས་སོ། །གཉིས་པ་ནི། ཕུང་པོ་ལ་བདག་ཏུ་བཏགས་པ་དེ་ ཡིན་ཏེ། མདོ་སྡེ་རྒྱན་ལས། གང་ཟག་བཏགས་པར་ཡོད་ཉིད་ཀྱི། །བརྗོད་བྱ་རྫས་སུ་ཡོད་མ་ཡིན། །ཅེས་སོ། །གཉིས་པ་དེ་མེད་པར་སྒྲུབ་པའི་སྦྱོར་བ་ནི་གོང་དུ་སྨོས་པ་དེའོ། །གཉིས་པ་ལ་ལྷན་ཅིག་དམིགས་ངེས་ཀྱི་རིགས་རྒྱས་པར་བཤད་དེ། དེ་ལའང་རྟགས་དགོད་ པ་དང་། རྟགས་ཆོས་དོན་གསུམ་ངོས་བཟུང་བའོ། །དང་པོ་ལ་གཉིས། གཞན་ཟེར་འགོག་པ་དང་། རང་གི་འདོད་པའི་དོན་བཞག་པའོ། །དང་པོ་ནི། ཁ་ཅིག་སྔོན་པོ་དང་སྔོ་འཛིན་ཆོས་ཅན། རྫས་ཐ་དད་དུ་བདེན་པ་མེད་དེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེ་ ན། དེ་གཉིས་ཆོས་ཅན། རྫས་ཐ་དད་དུ་ཐལ། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཡིན་པའི་ཕྱིར། མ་གྲུབ་ན། མདོ་སྡེ་པའི་ཚད་འབྲས་ལས། ཤེས་པ་དེ་ལྟར་སྣང་བ་ཡི། །རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་རྣམ་འགྲེལ་ལས་འབྱུང་བས་ བསྐྱེད་བྱ་སྐྱེད་བྱེད་དུ་གནས་པ་དེ་ལ་རྒྱུ་འབྲས་ཀྱིས་ཁྱབ་སྟེ། མེ་དང་དུ་བ་བཞིན་ནོ། །འདོད་ན། གཟུང་འཛིན་ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ། རང་བཞིན་ཐ་དད་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་ངེས་ལས། རང་བཞིན་ཐ་དད་པ་ལ་ནི་འདི་འཐད་པ་མ་ཡིན་པ་སྟེ། 5-1-457a ཞེས་འབྱུང་བས། འདི་ཞེས་པ་ནི་ལྷན་ཅིག་དམིགས་ངེས་སོ། །འདོད་ན། སྔོན་པོ་དང་སྔོ་འཛིན་གཉིས་པོ་དེ་ལྷན་ཅིག་དམིགས་ངེས་ཡིན་པ་ཉམས་སོ། །གཉིས་པ་ནི། སྔོན་པོའི་རྣམ་པ་དང་དེ་འཛིན་གྱི་བློ་ཆོས་ཅན། རྫས་ཐ་དད་དུ་བདེན་པ་མ་ཡིན་ཏེ། བློའི་ རྫས་གཅིག་གི་ངོར་གཟུང་འཛིན་དབྱེར་མེད་དུ་ལྷན་ཅིག་དམིགས་པར་ངེས་པ་ཡིན་པའི་ཕྱིར། སྐྲ་ཤད་ཀྱི་རྣམ་པ་དང་དེ་འཛིན་གྱི་ཤེས་པ་བཞིན་ནོ། །རིགས་པ་འདི་ཡང་རྣམ་བཅས་སུ་སྨྲ་བ་རྣམས་ཀྱི་ལུགས་ཡིན་ལ། དེའི་ཚེ་སྔོན་པོ་ཕྱི་དོན་མེད་ཀྱང་། སྔོན་པོའི་རྣམ་པ་གཏོད་ བྱེད་ཀྱི་རྒྱུ་ནི་བག་ཆགས་ཉིད་ཡིན་པར་བཤད་དོ། །གཉིས་པ་རྟགས་ཆོས་དོན་གསུམ་ངོས་བཟུང་བ་ལ་གསུམ་སྟེ། ཆོས་ཅན་དང་། བསྒྲུབ་བྱའི་ཆོས་དང་། གཏན་ཚིགས་ཀྱི་དོན་ནོ། །དང་པོ་ནི། སྔོན་པོའི་རྣམ་པ་དང་། དེ་འཛིན་བྱེད་ཀྱི་བློ་ནི་ཆོས་ཅན་ཡིན་ཏེ། རྣམ་ངེས་ ལས། སྔོན་པོའི་རྣམ་པ་དང་རིག་པ་དག་ནི་ངེས་པ་ཉིད་དོ། །ཞེས་སོ། །ཡང་ན་སྔོན་པོའི་རྣམ་པ་རྐྱང་པ་ཆོས་ཅན་དུ་བཞག་ཀྱང་རུང་སྟེ། སྔོན་པོའི་རྣམ་པ་སྔོ་འཛིན་ཤེས་པ་ལས་གཞན་ཡིན་པ་འགོག་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྫས་ཐ་དད་དུ་བདེན་པ་ བཀག་ཙམ་དེ་བསྒྲུབ་བྱའི་ཆོས་སོ། །གསུམ་པ་ལ་གཉིས་ཏེ། དོན་དངོས་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་མཚན་གཞི་རྟགས་ཀྱི་ངོ་བོ་ངོས་བཟུང་། མཚན་ཉིད་ཕྱོགས་ཆོས་དང་ཁྱབ་པ་བསྒྲུབ། མཚོན་བྱ་གཏན་ཚིགས་ཀྱི་རིགས་པ་གང་ཡིན་པའོ། །དང་པོ་ནི། ལྷན་ཅིག་པ་ནི་དུས་གཅིག་པའོ། །དམིགས་པ་ནི་མངོན་དུ་རྟོགས་པའོ། །ངེས་པ་ནི་ཁྱབ་པའོ། །དེ་ལྟར་ན་བློ་རྫས་གཅིག་གིས་གཟུང་འཛིན་དུས་གཅིག་ཏུ་རྟོགས་པའམ་མྱོང་བར་ངེས་པའི་ཁྱབ་པ་དེ་རྟགས་ཀྱི་མཚན་གཞི་ཡིན་ཏེ། རྣམ་ངེས་ལས། འདི་དག་ལ་རྣམ་པ་ 5-1-457b གཅིག་མ་དམིགས་ལ། གཞན་དམིགས་པ་ནི་མེད་དོ། །ཞེས་པས། རྣམ་པ་གཟུང་བ་དམིགས་ནས་འཛིན་པ་མི་དམིགས་པ་ལྟ་བུ་བཀག་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་སྒྲུབ། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། རང་རིག་མངོན་སུམ་གྱིས་སྔོན་པོའི་རྣམ་ པ་འཛིན་བྱེད་ཀྱི་ཤེས་པ་དངོས་སུ་དམིགས་པ་ལས་སྔོན་པོའི་རྣམ་པ་ཞར་ལ་དམིགས་པས་ཁྱབ། སྔོན་པོའི་རྣམ་པ་ཞར་ལ་དམིགས་པས་སྔོན་པོའི་རྣམ་པ་འཛིན་བྱེད་ཀྱི་ཤེས་པ་དངོས་སུ་དམིགས་པའི་ཁྱབ་པ་གྲུབ་པའི་སྒོ་ནས་རྟགས་དེ་གྲུབ་བོ། །གཉིས་པ་ནི། རྫས་ཐ་དད་པ་ ཡིན་ན་ཆོས་ཅན་གཟུང་འཛིན་ལྷན་ཅིག་ཏུ་དམིགས་ངེས་མེད་དེ། གཟུང་འཛིན་གྱི་འབྲེལ་བ་མེད་པའི་ཕྱིར། སྔོན་པོ་དང་སེར་པོ་བཞིན་ནོ། །རྣམ་ངེས་ལས། རང་བཞིན་ཐ་དད་པ་ལ་ནི་འདི་འཐད་པ་མ་ཡིན་ཏེ། འབྲེལ་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་ན་ དཔེ་ཟླ་བ་གཉིས་ཀྱི་རྣམ་པའི་སྟེང་དུ་རྣམ་པ་དེ་དང་དེ་འཛིན་བྱེད་ཀྱི་ཤེས་པ་ལྷན་ཅིག་དམིགས་ངེས་ཚད་མས་གྲུབ། རྫས་ཐ་དད་དུ་བདེན་པ་ཡིན་མིན་དངོས་འགལ་དུ་ངེས། རྟགས་དེ་ལ་བརྟེན་ནས་རྟགས་དེས་རྫས་ཐ་དད་དུ་བདེན་པ་ཕར་ཁེགས་པས་རྫས་ཐ་དད་དུ་བདེན་པ་མིན་པའི་ཁྱབ་ པ་ཚུར་གྲུབ་བོ། །གསུམ་པ་མཚོན་བྱ་གཏན་ཚིགས་ཀྱི་རིགས་པ་ནི། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ་ཡིན་ནོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གསུམ་སྟེ། མ་གྲུབ་པ། མ་ངེས་པ། འགལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། སྔོན་པོ་དང་སྔོན་འཛིན་ཆོས་ཅན། དུས་མི་མཉམ་པར་ཐལ། རྒྱུ་འབྲས་ཡིན་པའི་ཕྱིར། འདོད་ན། ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ་ལོ་ཞེ་ན། ཁྱོད་ཀྱིས་ཕྱི་རོལ་གྱི་དངོས་པོ་ཡོད་པའི་དབང་དུ་བྱས་ནས་དེ་དང་སྔོན་འཛིན་གཉིས་དེར་ཐལ་ཅེ་ན། ཁྱོད་ཀྱི་གྲུབ་མཐའ་ལྟར་ན་ཁོ་བོས་འདོད་ལན་ཐེབས་ཀྱང་། ཁོ་ 5-1-458a བོ་ཅག་ཕྱི་དོན་མེད་པར་སྨྲ་བས། ཕྱི་དོན་གྱི་སྔོན་པོ་དེ་ཆོས་ཅན་གྱི་ཕྱོགས་གཅིག་མ་གྲུབ་པའི་ལན་ཐེབས་པ་ཡིན་ནོ། ། ཡང་ཁྱོད་ཀྱིས་སྔོན་པོའི་རྣམ་པ་དང་། དེ་འཛིན་གྱི་ཤེས་པ་གཉིས་པོ་དེ་དུས་མི་མཉམ་པར་ཐལ། རྒྱུ་འབྲས་ཡིན་པའི་ཕྱིར་ཟེར་ན། མ་ གྲུབ་སྟེ། གཉིས་པོ་དེ་བདག་གཅིག་ཡིན་པའི་ཕྱིར། རྣམ་ངེས་ལས། སྔོན་པོ་ལ་སོགས་པར་སྣང་བ་དང་། དེ་རིག་པ་དག་ཐ་དད་མེད་པར་གྲུབ་བོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གསུམ། གདུལ་བྱའི་སེམས་རྒྱུད་དང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མ་ངེས། སེམས་དང་སེམས་ལས་བྱུང་བས་མ་ངེས། གཟུགས་དང་སྣང་བས་མ་ངེས་པ་སྤང་བའོ། །དང་པོ་ནི། གདུལ་བྱའི་རྒྱུད་དང་སངས་རྒྱས་ཀྱི་ཡེ་ཤེས་རྫས་ཐ་དད་ལ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཞུགས་པས་མ་ངེས་སོ་ཞེ་ན། ཞུགས་པར་མ་གྲུབ་སྟེ། ཞུགས་ན་གདུལ་ བྱའི་སེམས་རྒྱུད་མྱོང་བའི་རང་རིག་དེས་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་དམིགས་པར་ཐལ། རང་གི་སེམས་རྒྱུད་དམིགས་པའི་ཕྱིར། རྟགས་ཚད་གྲུབ། ཁྱབ་པ་མེད་ན། དེ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པ་ཉམས་སོ། །གཉིས་པ་ནི། སེམས་དང་སེམས་ བྱུང་རྫས་ཐ་དད་ལ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཞུགས་པས་མ་ངེས་སོ་ཞེ་ན། དེ་གཉིས་ཁྱོད་འདོད་པ་ལྟར་རྫས་ཐ་དད་མ་ཡིན་ཏེ། སྤྱི་རིགས་ངོ་བོ་གཅིག་པའི་ཕྱིར། མ་གྲུབ་ན། མདོ་སྡེ་རྒྱན་ལས། སེམས་ཉིད་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་ སྣང་བ་དང་། །དེ་བཞིན་དད་སོགས་སྣང་བ་སྟེ། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་སོ། །དེ་ལྟར་ན། གཏན་ལ་དབབ་པ་བསྡུ་བ་ལས། ལྔ་ཉིད་འཐད་པ་མིན་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་ 5-1-458b བ་ཉིད་ཕྱིར་རོ། །ཞེས་སེམས་སེམས་བྱུང་རྫས་ཐ་དད་མིན་པ་ལ་ཀླན་ཀ་བཀོད་པ་བསལ་བའི་ཚུལ་གྱི་ལུང་དོན་བཀྲོལ་ཏེ་འདིར་བརྗོད་པ། སེམས་སེམས་བྱུང་རྫས་སོ་སོ་བ་མིན་ན་ཕུང་ལྔའི་དབྱེ་བ་མི་འཐད་པར་ཐལ། རྣམ་ཤེས་ཀྱི་ཕུང་པོ་ལས་སེམས་བྱུང་གི་ཕུང་པོ་ཐ་དད་ དུ་མ་གྲུབ་པའི་ཕྱིར། སྐྱོན་མེད་དེ། སེམས་ཀྱི་གནས་པའི་སྐབས་ཁྱད་པར་ཅན་ལ་སེམས་བྱུང་གི་ཕུང་པོར་འཇོག་པ་ཡིན་ཅེ་ན། འོ་ན་སེམས་དང་སེམས་བྱུང་གཉིས་ལ་མཚན་ཉིད་དང་བྱེད་པ་ཐ་དད་པ་ཡོད་དམ་མེད། ཡོད་ན་གཉིས་པོ་དེ་ངོ་བོ་ཐ་དད་དུ་ཐལ། མེད་ན་གནས་ སྐབས་དང་གནས་སྐབས་ཅན་མ་ཡིན་པར་ཐལ་ལོ། །ཅི་སྟེ་ཡང་གཉིས་པོ་དེ་གནས་སྐབས་དང་གནས་སྐབས་ཅན་དུ་མི་འཐད་པར་ཐལ། ཁྱོད་ལྟར་ན་དེ་གཉིས་རྫས་གཅིག་པས་བྱེད་རྒྱུ་ཐ་དད་མེད་པའི་ཕྱིར་ཞེ་ན། རྫས་རྒྱུན་གཅིག་ཀྱང་མཚན་ཉིད་དང་བྱེད་པ་ཐ་དད་པས་གནས་ སྐབས་དང་གནས་སྐབས་ཅན་ཐ་དད་པར་བྱེད་པའི་བྱེད་རྒྱུ་མེད་པ་རྟགས་མ་གྲུབ་སྟེ། སེམས་ཀྱི་རྫས་རྒྱུན་གཅིག་ལ་སེམས་བྱུང་འདོད་པ་དང་དད་པ་སོགས་ཁྱད་པར་བའི་བྱེད་རྒྱུ་ཡུལ་དམིགས་པ་སོགས་ཀྱི་གནས་སྐབས་དང་གནས་སྐབས་ཅན་རང་རྒྱུད་ལ་ཚད་མས་གྲུབ་པའི་ ཕྱིར་རོ། །མཚན་ཉིད་བྱེད་པ་ཐ་དད་པས་རྫས་ཐ་དད་མི་དགོས་ཏེ། ནོར་བུའི་མཚན་ཉིད་རིན་ཆེ་བ་དང་དཀོན་པ་ཐ་དད། བྱེད་པ་དུག་ཞི་བ་དང་འབྲུ་འཕེལ་བ་ཐ་དད་ཀྱང་ནོར་བུའི་རྫས་ཐ་དད་མི་དགོས་པ་བཞིན་ནོ། ། ཡང་མདོར། སེམས་ཉིད་སེམས་ལས་བྱུང་བ་ཡིན་ནོ། །ཞེས་བྱ་ བར་ཡང་རིགས་པ་མ་ཡིན་ཏེ། ཞེས་སེམས་སེམས་བྱུང་ངོ་བོ་ཐ་དད་དུ་བཤད་པའི་ལུང་དང་འགལ་ལོ་ཞེ་ན། གཉིས་པོ་དེ་བྱེ་བྲག་ཐམས་ཅད་ནས་ཐམས་ཅད་དུ་ངོ་བོ་གཅིག་པ་བཀག་པ་ཡིན་གྱི། སྤྱི་རིགས་ཀྱི་ངོ་བོ་གཅིག་པ་བཀག་པ་མེད་དོ། །གསུམ་པ་གཟུགས་སྣང་རྫས་ 5-1-459a ཐ་དད་པ་ལའང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་དེ་ཞུགས་པས་མ་ངེས་ཤེ་ན། གཟུགས་སྣང་གཉིས་ལ་རྟགས་དེ་ཞུགས་པར་བཤད་པ་སྒྲ་ཇི་བཞིན་པ་མིན་ལ། དེ་སྒྲ་ཇི་བཞིན་པ་ཡིན་ན་གསལ་བྱེད་ཀྱི་སྣང་བ་དང་གསལ་བྱའི་གཟུགས་གཉིས་པོ་དེ་རྒྱུ་ འབྲས་མ་ཡིན་པར་ཐལ། དུས་མཉམ་ཡིན་པའི་ཕྱིར། འདོད་ན། རྣམ་ངེས་ལས། སྣང་བ་མེད་པར་གཟུགས་དམིགས་པར་མི་འགྱུར་ཏེ། འབྲས་བུ་རྒྱུ་ལས་འཁྲུལ་བ་མེད་པའི་ཕྱིར་ཞེས་སོ། །གསུམ་པ་ནི། རྟགས་དེ་འགལ་བར་ཐལ། མི་མཐུན་ཕྱོགས་ཐ་དད་ཀྱིས་ཁྱབ་ པའི་ཕྱིར་ཞེ་ན། མི་མཐུན་ཕྱོགས་ཐ་དད་དུ་བདེན་པས་ཁྱབ་པའི་ཕྱིར། དེར་ཐལ་ཟེར་ན། མ་གྲུབ་ལ། ཐ་དད་སྣང་བས་དེར་ཐལ་ཟེར་ན། ཁྱབ་པ་མེད་དོ། །གསུམ་པ་ལ་ཆོས་ཀྱི་བདག་ངོས་བཟུང་བ་དང་། དེ་མེད་པར་སྒྲུབ་པའོ། །དང་པོ་ནི། ཐེག་པ་ཐུན་མོང་བ་ལྟར་ན་ གཟུང་འཛིན་གཉིས་པོ་དེ་ཡིན་ནོ། །དེའང་ཉན་ཐོས་པ་ལྟར་ན་གཟུང་བ་རགས་པ་དང་འཛིན་པའི་རྒྱུན་གཉིས་པོ་དེ་ཀུན་རྫོབ་ཀྱི་དངོས་པོ་ཡིན་ལ། གཟུང་བ་རྡུལ་ཕྲ་རབ་དང་། འཛིན་པའི་སྐད་ཅིག་གཉིས་པོ་དེ་དོན་དམ་པའི་དངོས་པོ་ཡིན་ནོ། །སེམས་ཙམ་པ་ལྟར་ན་ཀུན་རྫོབ་ཀྱི་དངོས་ པོ་ཁོ་ན་ཡིན་ནོ། ། ཡང་ན་རང་གི་མཚན་ཉིད་འཛིན་པའི་ཆོས་ཐམས་ཅད་ཡིན་ཏེ། བདེན་གཉིས་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་པ་ཆོས་ཞེས་བརྗོད། །ཅེས་སོ། ། གཉིས་པ་ནི། ཡུལ་ཆོས་ཐམས་ཅད་ནི་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པས་བཏགས་ པ་ཡིན་གྱི་རང་གི་ངོ་བོར་གྲུབ་པ་མེད་ལ། ཀུན་ཏུ་རྟོག་པའམ། ཀུན་ཏུ་འཛིན་པར་བྱེད་པའི་ཤེས་པ་ཡུལ་ཅན་ནི། ཡུལ་གཟུང་བའི་ཆོས་མེད་པའི་ཤུགས་ལས་མེད་པར་ཡང་གྲུབ་བོ། །བཞི་པ་སྤྲོས་མེད་རྟོགས་པའི་རྣལ་འབྱོར་དབུ་མའི་ས་བཤད་པ་ནི། གྲུབ་པའི་མཐའ་འདིའི་གོང་ 5-1-459b ན་གཞན་བླར་མེད་པའི་དབུ་མའི་གྲུབ་དོན་དེ་ཇི་ལྟ་བུ་ཞིག་སྙམ་ན། ཇི་སྐད་དུ། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སྤྲོས་པའི་མཐའ་བཞི་ག་དང་བྲལ་བའི་ཤེས་རབ་ ལ་དབུ་མའི་ལྟ་བ་ཞེས་བཤད་པ་དེའི་དོན་འགྲེལ་བའི་ཚུལ་ལ་གཉིས་ཏེ། རྒྱལ་བ་སྲས་བཅས་དགྱེས་པའི་དབུ་མ་ཆེན་པོའི་དགོངས་པ་འགྲེལ་ཚུལ་དང་། ལྔ་བརྒྱ་ཐ་མ་པ་རྣམས་དགའ་བར་བྱེད་པའི་དབུ་མའི་དགོངས་པ་འགྲེལ་ཚུལ་ལོ། ། དང་པོ་ནི། ཀུན་བཏགས་དང་གཞན་ དབང་གི་ཆོས་ཐམས་ཅད་ཡོད་པ་མ་ཡིན་ཏེ། མེད་བཞིན་དུ་རྣམ་པ་ཐམས་ཅད་དུ་བརྫུན་པའི་སྣང་བ་འབའ་ཞིག་ཡིན་པའི་ཕྱིར། མེད་པ་མ་ཡིན་ཏེ། གདོད་མ་ནས་ཡོད་མ་མྱོང་ན་དེ་ལ་བལྟོས་པའི་མེད་པ་མི་སྲིད་པ་དེའི་ཕྱིར་དང་། མེད་པ་ནི་ཡོད་པ་ལས་ཟློག་པ་ལ་བྱའི། ཡོད་ པ་ཉིད་མ་གྲུབ་པའི་ཕྱིར། དེ་བཟློག་པའི་མེད་པའང་མི་འགྲུབ་པས་སོ། །ཡང་ཡོད་པ་དང་མེད་པ་གཉིས་ཀའི་བདག་ཉིད་ཀྱང་མིན་ཏེ། གཞི་གཅིག་གི་སྟེང་དུ་ཡོད་མེད་གཉིས་མི་འདུ་ལ། ཀུན་བཏགས་དང་གཞན་དབང་གི་གཞི་ནི་བཤད་པ་ལྟར་ཡོད་མེད་གཉིས་ཀ་མིན་པར་ གཏན་ལ་ཕབ་ཟིན་པས། ཡོད་མེད་གཉིས་ཀའི་ངོ་བོར་གྱུར་པའི་ཆོས་ནི་མོ་གཤམ་གྱི་བུ་དང་འདྲ་སྟེ། འགལ་བ་ངོ་བོ་གཅིག་ཏུ་གྱུར་པའི་དངོས་པོ་མི་སྲིད་པའི་ཕྱིར་རོ། ། དེང་སང་གཞན་སྟོང་སྨྲ་བའི་སེམས་ཙམ་པ་དབུ་མར་ཁས་འཆེ་བ་འགའ་ཞིག །ཡོད་མེད་གཉིས་ཀའི་བདག་ ཉིད་མིན་ཅེས་པའི་སྐབས་སུ། ཀུན་བཏགས་ཡོད་པའི་བདག་ཉིད་ཀྱང་མིན། གཞན་དབང་མེད་པའི་བདག་ཉིད་ཀྱང་མིན་པ་ལ། གཉིས་ཀའི་བདག་ཉིད་མིན་ཅེས་པའི་དོན་དུ་འཆད་པ་ནི་དགེ་བ་མིན་ཏེ། སྦྲུལ་དུ་འཁྲུལ་བའི་ཆ་ནས་ཡོད་པ་མ་ཡིན། ཐག་པར་སྣང་བའི་ཆ་ 5-1-460a ནས་མེད་པ་མ་ཡིན་ཅེས་པ་ལྟ་བུ་བྱིས་པའི་ཀུན་རྫོབ་བདེན་པ་ལ་ཡང་ལོག་གི་ཆ་སོ་སོར་ཕྱེ་ནས་མཚན་གཞི་ཐ་དད་ལ་བསམས་ཏེ་ཡོད་མེད་གཉིས་ཀའི་བདག་ཉིད་མིན་པར་བཤད་པའི་རིགས་པ་དེ། འདིར་བསྟན་དབུ་མ་ཆེན་པོའི་སྐབས་སུ། མ་རིག་པས་བསླད་ པ་ཞུགས་སོ་ཅོག་རྒྱུན་མཐའ་ཕྱིན། ལམ་མ་ཞུགས་ཡན་ཆད་ཀྱི་སྣང་བཏགས་ཀྱི་ཆ་སོ་སོར་མ་ཕྱེ་བར་ཆོས་ཉིད་ཀྱི་རང་བཞིན་སྒྲིབ་པའི་ཀུན་རྫོབ་ཐམས་ཅད་གཉིས་ཀའི་བདག་ཉིད་མིན་པར་སྒྲུབ་པའི་དུས་སུ་རིགས་པ་དེ་ལྟ་བུ་བྱས་ན་ཡོད་མེད་གཉིས་ཀའི་མཐའ་ལས་མ་འདས་ཏེ། ཀུན་ བཏགས་ཡོད་པའི་བདག་ཉིད་མིན་པས་མེད་མཐའ་ལས་མ་འདས་ཤིང་། གཞན་དབང་མེད་པའི་བདག་ཉིད་མིན་པས་ཡོད་མཐའ་ལས་མ་འདས་སོ། །དེ་ལྟར་ན་གཉིས་ཀའི་བདག་ཉིད་མིན་པར་མ་གྲུབ་སྟེ། མཚན་གཞི་སོ་སོའི་སྟེང་དུ་གཉིས་ཀའི་བདག་ཉིད་དུ་གྲུབ་པ་ཡིན་པར་ཐལ་ པས་སོ། ། ཁོ་བོ་ཅག་ལྟར་ན། ཀུན་རྫོབ་པའི་ཆོས་ཐམས་ཅད་ཡང་ན་ཡོད་པའམ། ཡང་ན་མེད་པའམ། ཡང་ན་དེ་གཉིས་ཚོགས་ཀྱི་བདག་ཉིད་དུ་ཡོད་པ་མིན་ཏེ། དེ་ལྟར་ཡོད་ན་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པར་ཡོད་དགོས་པ་ལས། དེ་ལྟར་མེད་པར་འཁྲུལ་ཤེས་ཀྱིས་བཏགས་ པའི་ཡོད་མེད་ལ་སོགས་ཁོ་ནར་སྣང་བ་ལས་མ་གཏོགས་པའི་ཡོད་མེད་སོགས་རང་རྐྱ་ཐུབ་པའི་གཅིག་ཏུ་བདེན་པར་ནི་འགའ་ཡང་མི་རྙེད་པའི་ཕྱིར་དང་། འཁྲུལ་ཤེས་ཀྱིས་བཏགས་པའི་བཏགས་ཆའི་ཡོད་མེད་དང་། དེ་གཉིས་ཚོགས་པ་དང་། འཁྲུལ་ཤེས་གོམས་པའི་ལྷན་ སྐྱེས་ལ་ཡོད་མེད་དང་། དེ་གཉིས་ཚོགས་ཀྱི་སྣང་བའི་སྣང་ཆ་ཙམ་དམིགས་པས་དེ་དེ་ཡིན་པ་དང་ཡོད་པས་མ་ཁྱབ་སྟེ། སྨྱོ་བའི་སྣང་བ་དང་། དབང་པོ་སྐྱོན་ཅན་གྱིས་དམིགས་པ་དང་། རྨི་ལམ་གྱི་ཡུལ་སོགས་དང་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་དང་། མདོར་ན་འཁྲུལ་ 5-1-460b ཤེས་ཀྱིས་བཏགས་སྣང་གི་ཆ་ཐམས་ཅད་དེ་དང་དེར་ཡོད་ཡིན་དུ་མ་གྲུབ་སྟེ། འཁྲུལ་ཤེས་ལ་ཤར་བའི་ཤེས་རྣམ་ཡིན་པའི་ཕྱིར་དང་། དེ་འཁྲུལ་ཤེས་ཀྱི་ངོ་བོ་ལས་གཞན་མ་ཡིན་པའི་ཕྱིར་འཁྲུལ་ཤེས་ཏེ། ཤེས་པ་དེ་ལྟ་བུ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་ཏེ། བཅོས་མའི་ཤེས་པའམ་ འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། དེས་ན་བཅོས་མའམ་བརྫུན་པའམ་འཁྲུལ་བའི་ཤེས་པ་ཉིད་ཡོད་ཡིན་དུ་མི་བདེན་ན་དེའི་ཡུལ་ཡོད་ཡིན་དུ་མ་གྲུབ་པར་ངེས་སོ། ། ཡང་ཆེན་པོར་རློམ་པ་འགའ་ཞིག །གཉིས་ཀའི་བདག་ཉིད་ཀྱང་མིན་པའི་སྐབས་སུ་ཀུན་རྫོབ་ཀྱི་སྣང་བ་འདི་ ཡི་སྣང་ཆ་མེད་པའང་མ་ཡིན། སྟོང་ཆ་ཡོད་པའང་མ་ཡིན། དེ་གཉིས་མིན་གྱི་དོན་ཡིན་ཏེ། སྔགས་ཀྱི་ཐེག་པར། ཀུན་རྫོབ་འདི་ལྟར་སྣང་བ་ཀུན། །ཁྱབ་པ་ཆུ་ཡི་ཟླ་བ་བཞིན། །འདོད་པ་རྣལ་འབྱོར་མས་ཤེས་ཀྱིས། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་རོ། །དེ་ལྟར་ ན་ནི་སྣང་ཆ་དང་སྟོང་ཆ་སོ་སོར་ཐ་དད་དུ་ཁས་བླངས་ནས་ཡོད་མེད་ཀྱི་ངོས་འཛིན་བྱས་པས་དབུ་མའི་བདེན་གཉིས་འཇོག་མཚམས་དང་འགལ་ཏེ། ལུགས་ལས་སྣང་ཆ་དང་སྟོང་ཆ་གཅིག་ཐ་དད་དུ་ཁས་བླངས་ན་སྤྲོས་མཐར་འགྱུར་ཞིང་། ཀུན་རྫོབ་ཀྱི་སྣང་ཆ་ལས་གཞན་ པའི་སྟོང་ཆ་དང་། སྟོང་ཆ་ལས་གཞན་པའི་སྣང་ཆ་མེད་པས། དེ་གཉིས་ཀའི་མཚན་ཉིད་རང་བཞིན་གྱིས་ཡོད་པ་བཀག་པའི་མེད་པ་མི་སྒྲུབ་པའི་སྟོང་ཉིད་སྤྲོས་བྲལ་ཁོ་ན་ཁས་ལེན་པ་ཡིན་གྱི། ཁྱེད་འདོད་པ་ལྟར་སྣང་བ་མེད་པ་མིན་པ་ཡོད་པའི་མཐའ་དང་། སྟོང་པ་ཡོད་ པ་མིན་པ་མེད་པའི་མཐའ་བཟུང་ནས་གཅིག་ལ་ཅིག་ཤོས་ཀྱིས་ཁྱད་པར་གྱི་ཆོས་འགོག་པ་དང་། ཅིག་ཤོས་ལ་གཅིག་གིས་ཁྱད་པར་གྱི་ཆོས་འགོག་པའི་སྒོ་ནས་གཉིས་མིན་དུ་འདོད་པའི་ཟོལ་སྦྱོར་འདིས་ནི་སོང་ཚོད་ལ་གཉིས་ཡིན་དུ་ཁས་བླངས་པ་ཡིན་ཏེ། ཆོས་ཅན་སོ་ 5-1-461a སོའི་སྟེང་དུ་ཡོད་མེད་ཀྱིས་གཉིས་ཡིན་ཐ་དད་དུ་ཁས་བླངས་པར་བྱས་པའི་ཕྱིར་རོ། །དེ་ལས་ཀྱང་། ཁྱོད་ཀྱིས་སྔགས་ཀྱི་ཐེག་པར་བྱུང་བའི་ལུང་དོན་ལོག་པར་བཤད་པ་ཡིན་ཏེ། ལུང་དོན་དེ་ནི་ཆུ་ནང་གི་ཟླ་བ་ཟླ་བར་མེད་པ་བཞིན། ཀུན་རྫོབ་པའི་ཆོས་ སྣང་བ་ལྟར་ཡོད་ཡིན་དུ་མ་གྲུབ་པའི་དོན་ཡིན་གྱི། ཀུན་རྫོབ་ཀྱི་ཆོས་ཀྱི་ཕྱོགས་གཅིག་ཡོད་ལ། ཕྱོགས་གཅིག་མེད་པའི་ལུང་མ་ཡིན་པས་འདི་ཡང་སྐྱོན་དང་བཅས་པ་འབའ་ཞིག་ཡིན་ནོ། །གཉིས་ཀའི་བདག་ཉིད་མ་ཡིན་པའང་མ་ཡིན་པའི་དོན་ནི། ཡོད་མེད་གཉིས་ཀ་ མིན་པའང་མིན་ཏེ། ཡོད་མེད་གཉིས་ཀ་མིན་པའི་བདག་ཉིད་མི་སྲིད་པའི་ཕྱིར། དེ་མི་སྲིད་དེ། ཡོད་མེད་གཉིས་ཀ་ཡིན་པ་མི་སྲིད་པ་གང་ཞིག །དེ་མི་སྲིད་ན་དེ་ལ་བལྟོས་པའི་ཡོད་མེད་གཉིས་མིན་མི་སྲིད་པའི་ཕྱིར་ཏེ། དེ་དེར་འཇོག་པ་ནི་བལྟོས་ཏེ་བཞག་པ་ གང་དེའི་ཚེ་བལྟོས་ཆོས་ཡིན་པ་མི་སྲིད་ན། བལྟོས་ཆོས་མིན་པའང་མི་སྲིད་པའི་ཕྱིར། དེ་ལྟར་བཤད་པས་ཀུན་རྫོབ་ཀྱི་ཤེས་པ་ཡུལ་དང་བཅས་པ་ཐམས་ཅད་མཚན་མར་འཛིན་པའི་བློ་འབའ་ཞིག་གིས་སྤྲུལ་པ་ཡིན་པས། དེས་མཚན་མེད་ཀྱི་ཡེ་ཤེས་སྐྱེ་བ་ལ་གེགས་ བྱེད་པའི་ཕྱིར་རྣམ་པ་ཐམས་ཅད་དུ་སྤང་བྱ་ཡིན་ནོ། །དེ་དག་སྤངས་ཀྱང་དོན་དམ་བདེན་པའི་ངོ་བོར་གྱུར་པའི་གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་ལ་ནི་མཐར་འཛིན་པ་ཡོད་པ་མིན་ཏེ། ཡེ་ཤེས་དེ་ཉིད་ཀྱིས་ནི་མཐའ་དེ་དག་དྲུངས་ནས་འབྱིན་པར་བྱེད་པ་ཡིན་གྱི། ཡེ་ཤེས་ དེས་ཡེ་ཤེས་རང་ཡོད་མེད་སོགས་ཀྱི་མཐར་ལྟ་བ་མི་སྲིད་པའི་རང་བཞིན་ཅན་ཡིན་ལ། མཐར་འཛིན་རྒྱུད་ལྡན་གྱི་ཤེས་པས་ནི་ཡེ་ཤེས་དེ་ལ་ཡོད་མེད་སོགས་ཀྱི་མཐར་འཛིན་པ་མི་སྲིད་དེ། ཡེ་ཤེས་དེ་མཐར་འཛིན་གྱི་ཤེས་པའི་ཡུལ་དུ་དོན་སྤྱི་ཙམ་ཡང་འཆར་དུ་མི་རུང་ན། 5-1-461b མཐར་འཛིན་རྒྱུད་ལྡན་གྱི་ཤེས་པས་དེ་དཔྱད་གཞིར་བཟུང་ནས་ཡོད་མེད་ལ་སོགས་པར་འཛིན་པ་མི་སྲིད་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ངོ་བོ་ཉིད་ཀྱིས་སྟོང་པའམ་མེད་པའི་རིགས་པ་ནི་བསམ་པར་བྱ་བ་མ་ཡིན་ནོ། །དེས་ན་ཡང་དག་པའི་དོན་དང་། ཡང་དག་པ་མིན་པའི་དོན་ལྟར་སྣང་བ་གཉིས་ཀ་མཐའ་དང་བྲལ་ཚུལ་དེ་ལྟར་ཡིན་པ་ལ་ཡིན་ལུགས་ལྟར་མཉམ་པར་བཞག་ན་སྒྲིབ་པ་མཐའ་དག་གི་ས་བོན་དྲུངས་འབྱིན་པར་བྱེད་ལ། རྗེས་ཐོབ་ཀྱིས་དེ་ལྟར་ཤེས་པར་བྱས་པའི་སྒོ་ནས་སྐུ་གཉིས་མངོན་དུ་འགྱུར་བྱེད་ཀྱི་དགེ་རྩ་སྤེལ་བར་ བྱེད་པ་ཡིན་ནོ། །གཉིས་པ་ནི། གནས་བརྟན་ཆེན་པོ་སངས་རྒྱས་བསྐྱངས་སོགས་ཀྱིས་ནི། དེ་ལྟར་བཤད་མ་ཐག་པའི་ཀུན་རྫོབ་པའི་ཆོས་ཐམས་ཅད་ཡོད་མེད་ལ་སོགས་པའི་མཐའ་དང་བྲལ་བའི་རིགས་པ་སྔོན་དུ་སོང་ཡང་གཉིས་མེད་ཀྱི་ཡེ་ཤེས་ཡོད་མེད་ལ་སོགས་པའི་སྤྲོས་པ་ བཀག་པའི་སྒོ་ནས་བདེན་མེད་དུ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་མ་བསམ་པར་ཀུན་རྫོབ་པའི་མཚན་འཛིན་གྱི་རྟོག་པ་བཙན་ཐབས་སུ་བཀག་པ་ཙམ་གྱིས་མཚན་མར་འཛིན་པའི་རྟོག་པའི་ས་བོན་སྤོང་མི་ནུས་ཞེས་འཆད་ཀྱང་། དེ་དག་གིས་ནི་དབུ་མ་ཆེན་པོའི་ཚུལ་འདི་དགོས་པའི་ དབང་གིས་ལེགས་པར་མ་བཤད་པ་ཡིན་ནམ། ཚུལ་ཇི་ལྟ་བུས་ཇི་ལྟར་གྱུར་ཆ་མ་འཚལ་ལ། གཞན་དུ་ན་ཁྱོད་ཀྱིས་བརྗོད་པའི་ཉེས་པ་དེ་མི་འཇུག་སྟེ། གཉིས་མེད་ཀྱི་ཡེ་ཤེས་ཚུར་མཐོང་གི་རྒྱུད་ཀྱི་རིགས་པ་གང་གིས་ཀྱང་བདེན་མེད་དུ་གཏན་ལ་དབབ་མི་ནུས་པ་དང་། དེའི་ ཕྱིར་ཕབ་པ་ལ་དགོས་པ་མེད་པས། དེར་མ་ཕབ་ཀྱང་གཉིས་མེད་ཀྱི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་སྒྲིབ་མེད་དུ་ཤར་ནས་དེ་ལ་མཉམ་པར་བཞག་ཡུན་གོམས་པས་རྟོག་པའི་ས་བོན་མཐའ་དག་དྲུངས་འབྱིན་པར་ནུས་པའི་ཕྱིར། རྒྱུད་བླ་མ་ལས། སེམས་དེ་རང་བཞིན་ 5-1-462a འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པ། །ཞེས་སྨོས་ནས་དེའི་དོན་འཆད་པ་ན། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟར་ཉིད་དེ་ཡང་། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་པས་གཉིས་མེད་ ཀྱི་ཡེ་ཤེས་བདེན་གྲུབ་ཀྱི་དོན་ལ་མཉམ་བཞག་ཏུ་གོམས་པས་སྒྲིབ་པ་ཐམས་ཅད་གདོད་མ་ནས་སྤང་ནུས་པར་བཤད་དོ། །དེས་ན་ཐེག་པ་ཆེན་པོ་རྒྱུད་བླ་མར། ཟག་མེད་ཀྱི་དབྱིངས་ཞེས་བྱ་བའི་མིང་ཅན་གཉིས་མེད་ཀྱི་ཡེ་ཤེས་སངས་རྒྱས་ཀྱི་སྙིང་པོ་དེ་རྟག་བརྟན་གཡུང་དྲུང་གི་བདེན་ པ་ཁོ་ནར་ཡོད་པར་བཤད་ལ། དེ་ལ་བདེན་མི་བདེན་སོགས་ཀྱི་བསླད་པ་འཇུག་པའི་སྐབས་མི་སྲིད་པས། དེ་ལ་བདེན་འཛིན་དང་བདེན་མེད་དུ་འཛིན་པའི་གཉེན་པོ་ཟུར་པ་བླ་མའི་རྒྱུད་དུ་མ་བསྟན་ཏོ། །དེའི་ཕྱིར་སེམས་ཙམ་རྣམ་བརྫུན་པ་དག་གཟུང་འཛིན་གྱིས་བསྡུས་པའི་སེམས་ ཙམ་ལས་འདས་ནས་ཀྱང་། གཉིས་མེད་ཀྱི་རྣམ་ཤེས་དམིགས་པ་དང་བྲལ་བའི་སྣང་མེད་དོན་དམ་དུ་ཡོད་པ་རྣལ་འབྱོར་གྱི་ས་གསུམ་པ་ཡིན་ལ། རྣལ་འབྱོར་གྱི་ས་བཞི་པ་འཆད་པའི་སྐབས་སུ་གཉིས་མེད་ཀྱི་རྣམ་ཤེས་དེ་དོན་དམ་དུ་ཡོད་པ་འགོག་པ་ཡིན་གྱི། གཉིས་མེད་ཀྱི་ཡེ་ཤེས་ བདེན་མེད་དུ་སྒྲུབ་པ་མིན་ཏེ། ལང་གཤེགས་ལས། སེམས་ཙམ་ལས་ནི་འདས་ནས་ཀྱང་། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་པ་དེས་ཀྱང་རྣལ་འབྱོར་གྱི་ས་གསུམ་པ་ཉིད་བསྟན། དེ་ཡིས་ཐེག་པ་ ཆེན་པོ་མཐོང་། །ཞེས་པས་སེམས་ཙམ་རྣམ་བརྫུན་པའི་ལྟ་བ་ཡང་ཐེག་ཆེན་གྱི་ལྟ་བར་བསྟན་པ་ཡིན་ལ། དེ་བཞིན་དུ་ཡེ་ཤེས་སྙིང་པོ་ཀུན་བཏུས་ལས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་ 5-1-462b རྣམས་དེ་སྐད་སྒྲོག །ཅེས་པས་ཀྱང་རྣལ་འབྱོར་གྱི་ས་གསུམ་པ་བསྟན་པ་ཡིན་ནོ། ། དེ་ལྟ་བུ་མ་ཡིན་པར་ལྔ་བརྒྱ་ཐ་མ་བ་ཁྲིད་པར་བྱེད་པའི་དབུ་མ་པ་ལྟར་ཡང་དག་པའི་དོན་དམ་བདེན་པ་སྟོང་ཆེན་རྟག་པ་དམ་པ་ལ་ཚུར་མཐོང་རྒྱུད་ཀྱི་ཤེས་པས་དེ་ཡོད་པ་མིན་པར་གཞིགས་པའི་ ཀུན་ཏུ་རྟོག་པས་རྒྱུད་གོམས་པར་བྱས་ནས། རྒྱལ་བ་མཆོག་གི་མདོ་རྒྱུད་ཀྱི་ངེས་དོན་སྟོན་པའི་དབུ་མ་ཆེན་པོའི་གཞུང་ལུགས་ལས་འབྱུང་བའི་གཉིས་མེད་ཀྱི་ཡེ་ཤེས་རང་བཞིན་འོད་གསལ་བ་ཆོས་ཉིད་ཀྱིས་ཐོབ་པའི་ཡོད་པ་དེ་ལ་གོམས་པར་བྱས་ན་མཐར་འཛིན་པ་ཡིན་པས། གཉིས་མེད་ཀྱི་རང་བཞིན་འོད་གསལ་ལ་མཉམ་པར་འཇོག་པ་ནི་སྐྱོན་ཆེའོ་ཞེས་སྨྲ་བ་ལ་ཁོ་བོས་ནི་མཆོག་གི་ལུགས་སུ་མ་མཐོང་ལ། བླ་མ་རེད་མདའ་བ་སོགས་ངོ་བོ་ཉིད་མེད་སྨྲའི་ལུགས་ཡིན་ཟེར་ནས། གཟུང་འཛིན་ལས་གྲོལ་བའི་རྣམ་ཤེས་ཡོད་མེད་སོགས་གང་དུའང་མི་ རུང་བའི་སྟོང་པ་འབའ་ཞིག་ཙམ་ཞིག་དོན་དམ་པའི་གནས་ཚུལ་ཡིན་གྱི། དེ་ལས་གཞན་པའི་ཡེ་ཤེས་ནི་མེད་པར་འདོད་པ་ཡང་ཁོ་བོ་ཅག་ལྟར་ན་སེམས་ཙམ་ལས་འདའ་བར་མ་མངོན་ཏེ། སེམས་ཙམ་རྣམ་བརྫུན་པ་དང་། ཁྱོད་ཅག་རྣམ་ཤེས་ལས་གཞན་པའི་གཉིས་མེད་ཀྱི་ཡེ་ ཤེས་ཟུར་པ་མེད་པར་མཐུན་ལ། དེའི་ཆ་ནས་སེམས་ཙམ་རྣམ་བརྫུན་པ་དང་ཁྱད་པར་མེད་ཅིང་། འོན་ཏེ་ཁྱོད་ཀྱིས་ནི་རྣམ་ཤེས་སྟོང་པ་རང་གི་ངོ་བོས་དབེན་པར་འདོད་ལ། ཅིག་ཤོས་ཀྱིས་ནི་དེར་མི་འདོད་པ་ཁྱད་པར་དུ་མངོན་ནོ། །དེས་ན་ཁྱོད་ཀྱི་དབུ་མའི་ལྟ་བ་ནི་གཟུང་འཛིན་གྱིས་ སྟོང་པའི་རྣམ་ཤེས་རང་གི་ངོ་བོར་མེད་ཅེས་བྱ་བ་འདི་ཡིན་ལ། རྣམ་བརྫུན་པའི་ལྟ་བ་ནི། སྣང་བའི་རྣམ་པ་སེམས་སུ་མི་བདེན་པ་ཙམ་ཞིག་ཡིན་ཟེར་བ་ནི། དབུ་མའི་ལྟ་བ་གཉིས་མེད་ཀྱི་ཡེ་ཤེས་ཡིན་པ་ལ་སྐྲག་ནས་དེ་ཁས་ལེན་དགོས་ཀྱིས་དོགས་ཏེ། དབུ་མའི་ལྟ་བ་རང་ལུགས་ 5-1-463a འཇོག་མཚམས་རྣམ་བརྫུན་པ་ལས་མ་འཕགས་པ་ཞིག་ཁས་བླངས་ནས། དེའི་ཤུགས་ཀྱིས་རྣམ་བདེན་པའི་ལྟ་བ་རྣམ་བརྫུན་པའི་ལྟ་བ་ཡིན་ཟེར་དགོས་པ་འདི་བྱུང་བ་ཡིན་ཏེ། རྣམ་བརྫུན་པའི་ལྟ་བ་ནི་སྣང་བའི་རྣམ་པ་འཛིན་པའི་འཛིན་པས་སྟོང་པར་བཤད་པ་ དེ་ཡིན་ལ། སྣང་བའི་རྣམ་པ་སེམས་སུ་བདེན་བརྫུན་གྱི་ཁྱད་པར་ལ་རྣམ་བདེན་བརྫུན་དུ་འཇོག་པ་ནི་ཟོལ་སྦྱོར་ཡིན་ནོ། ། འོ་ན་རྣམ་བརྫུན་པའི་ལྟ་བ་འཆད་པ་ན། ཕྱི་དོན་མེད་ཀྱང་དེར་སྣང་གི་རྣམ་པ་སེམས་སུ་མི་བདེན་པར་དངོས་སུ་སྒོམ་མི་དགོས་ཏེ། དེར་འཛིན་སྤངས་པའི་ཤུགས་ ལས་དེ་ཡང་རང་གར་སྤངས་པར་གྲུབ་པ་ཞིག་བསྟན་པ་ཡིན་ལ། དེ་ལྟར་མིན་ན་སེམས་ཙམ་རྣམ་བདེན་དུ་སྨྲ་བ་དག་ཀྱང་། ཕྱི་དོན་མེད་ཀྱང་དེའི་རྣམ་པ་ཤེས་པ་ལ་སྣང་བ་ནི་ཤེས་པ་ཉིད་སྣང་བའི་རྣམ་པར་ཕར་ཤར་བ་ཡང་མ་ཡིན། ཕྱིའི་དོན་ཉིད་དེར་སྣང་བའི་རྣམ་པར་ཚུར་གྲུབ་པ་ ཡང་མ་ཡིན། འོན་ཀྱང་འཁྲུལ་བའི་དབང་ལས་གཟུང་ཡུལ་གྱི་རྣམ་པ་མེད་སྣང་གི་རྣམ་པ་ཞིག་གོ་སྙམ་དུ་རྣམ་བདེན་པ་དག་ཀྱང་སྒོམ་པར་བྱེད་དེ། དེ་མ་བསྒོམས་ན་གཟུང་ཡུལ་མ་གྲུབ་པར་མི་རྟོགས་ལ། དེ་མ་རྟོགས་ན་གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་སར་ འཇོག་ཏུ་མི་རུང་ངོ་། །དེ་ལྟར་གྱི་ཚེ་མེད་སྣང་གི་རྣམ་པ་ཞིག་གོ་སྙམ་དུ་སེམས་པས། གཟུང་རྣམ་སེམས་སུ་མི་བདེན་པར་རྣམ་བདེན་དུ་སྨྲ་བས་ཀྱང་རྟོགས་པ་ཡོད་དོ། །མདོར་ན་ཁྱོད་ལྟར་ན་སེམས་ཙམ་རྣམ་བདེན་བརྫུན་གྱི་ཁྱད་པར་གཟུང་རྣམ་བདེན་བརྫུན་ལ་བྱེད་པ་དང་། ཁོ་ བོ་ལྟར་ན་འཛིན་རྣམ་བདེན་བརྫུན་ལ་བྱེད་པ་ཁྱད་པར་ཡིན་ནོ། ། འདིར་སྨྲས་པ། རྣམ་པར་ཤེས་པ་གཟུང་འཛིན་གཉིས་པོ་ཡིས། ། རིམ་བཞིན་སྟོང་པ་རྣམ་བདེན་རྣམ་བརྫུན་འདོད། ། རྣམ་ཤེས་སྟོང་བཞིན་ཡེ་ཤེས་སྟོང་པ་དང་། ། ཡེ་ཤེས་ཉིད་ཀྱང་ཡེ་ཤེས་རང་ངོ་ཡིས། ། མི་ 5-1-463b སྟོང་འདོད་པ་རིམ་བཞིན་དབུ་མ་དང་། ། དབུ་མ་ཆེན་པོ་སྨྲ་བའི་ཁྱད་པར་ཡིན། ། མདོར་ན་གཉིས་མེད་རྣམ་པར་ཤེས་པ་དང་། ། གཉིས་མེད་ཡེ་ཤེས་གཉིས་པོ་བདེན་གྲུབ་ཏུ། ། འདོད་ལ་རིམ་བཞིན་སེམས་ཙམ་དབུ་མ་ཞེས། ། རྒྱལ་བས་ལུང་བསྟན་བཞིན་དུ་སྲོལ་གཉིས་སྣང་། ། ཞེས་སོ།། །།གཉིས་པ་ཚིག་གི་དོན་ལ། བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས། འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་བཤད་པའོ། །དང་པོ་ནི། བསམ་བྱུང་གི་རིགས་པ། སྒོམ་བྱུང་གི་རྣལ་འབྱོར། སྒོམ་པའི་འབྲས་བུ་དང་གསུམ་གྱི་སྒོ་ནས་འཆད་པ་ཡིན་ལ། དང་པོ་ནི། ཉེར་ལེན་གྱི་ཕུང་པོ་དེ་ལ་ཆོས་ཅན། རང་གི་ངོ་བོར་གྲུབ་པའི་བདག་ཡོད་པ་མིན་ཏེ། བདག་ཡོད་ན་སྐྱེ་འཇིག་མེད་པར་གནས་དགོས་པ་ལས། ཁྱོད་འདོད་པའི་བདག་ ཏུ་འདོ་གདགས་པའི་གཞི་དེ་ནི་སྐྱེ་བ་དང་འཇིག་པའི་སྒོ་ནས་སྟོང་པའི་ཕྱིར། ཕུང་པོ་ལ་བདག་མེད་པར་གྲུབ་བོ། །གཉིས་པ་ནི། རིགས་པ་དེས་དྲངས་པའི་བདག་མེད་དོ་སྙམ་དུ་བསྒོམས་པས་གང་ཟག་གི་བདག་ཏུ་མངོན་པར་ཞེན་པ་བཟློག་པར་འགྱུར་རོ། །གསུམ་པ་ནི། བདག་དེ་ཡོངས་སུ་བོར་ནས་བདག་དེས་དབེན་པ་ཉེར་ལེན་གྱི་ཕུང་པོ་ལ་སོགས་རྒ་ཤིའི་དངོས་པོར་གྱུར་པ་འདི་ནི་ཡན་ལག་བཅུ་གཉིས་ཀྱི་དབང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་ཡང་དག་པར་དམིགས་ཏེ་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ མངོན་དུ་བྱེད་དོ། ། གཉིས་པ་ལ་ཡང་སྔར་ལྟར་གསུམ་ལས། དང་པོ་ནི། སྔོན་པོ་དང་དེ་འཛིན་པའི་བློ་དག་ཆོས་ཅན། རྫས་གཞན་དུ་མེད་དེ། བློ་གཅིག་གིས་དེ་དག་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར། གཉིས་པ་ནི། དོན་སྣང་འདི་ནི་སེམས་ཙམ་གྱི་རྣམ་པ་ཁོ་ན་ 5-1-464a ཡིན་གྱི། ཕྱི་རོལ་གྱི་དོན་བེམ་པོ་ནི་མེད་དོ་ཞེས་བྱ་བ་ཡིད་ལ་བྱེད་ཅིང་སྒོམ་པར་བྱེད་དོ། །གསུམ་པ་སྒོམ་པའི་འབྲས་བུ་ནི། གཟུང་བའི་རྣམ་པ་ཉིད་ལ་ཞེན་པ་མེད་དེ། རྣམ་པ་དེ་གཟུང་བ་ཡང་དག་པ་མིན་པའི་ཕྱིར། འོན་ཀྱང་རྣམ་པ་དེ་འཛིན་པའི་རྣམ་པ་ཅན་གྱི་ སེམས་ལ་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་ཏེ་གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས་མངོན་དུ་བྱེད་དོ། ། གསུམ་པ་ལ་གསུམ་གྱི་དང་པོ་ནི། འཛིན་པའི་རྣམ་པ་ཆོས་ཅན། ཡོད་པ་མིན་ཏེ། གཟུང་བ་མེད་ན་དེར་འཛིན་ ཡོད་པ་མ་ཡིན་པའི་ཕྱིར་ཞེས་པའི་རིགས་པས་སྒྲོ་འདོགས་གཅོད་པར་བྱེད་དོ། །གཉིས་པ་སྒོམ་བྱུང་གི་རྣལ་འབྱོར་ནི། འཛིན་རྣམ་མེད་དོ་སྙམ་དུ་ངེས་པར་སེམས་པས་ཡིད་ལ་བྱེད་དོ། །གསུམ་པ་ནི། འཛིན་པའི་རྣམ་པའི་མཚན་ཉིད་ཀྱི་ངོ་བོར་གྱུར་པའི་རྣམ་པར་རིག་པ་ཙམ་གྱི་འཛིན་པ་དེའང་ བསལ་ཏེ་འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས་མངོན་དུ་བྱེད་དོ། །བཞི་པ་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་བཤད་པ་ལ་གཉིས་ལས། སྐབས་འདིར་དོགས་པ་ཅུང་ཟད་ཅིག་བཅད་པ་དང་། ཚིག་གི་དོན་བཤད་པའོ། །དང་པོ་ནི། རྣལ་འབྱོར་གྱི་ས་བཞི་པ་འདིར་གཟུང་འཛིན་གྱིས་སྟོང་པའི་གཉིས་མེད་ཀྱི་ རྣམ་ཤེས་ཡོད་པའི་ཕྱོགས་བསལ་བ་སློབ་དཔོན་གྱི་འགྲེལ་པ་ལས་གསལ་བར་མ་ཐོན་ཀྱང་། སློབ་དཔོན་འདིས་གཉིས་མེད་ཀྱི་ཡེ་ཤེས་འདི་ལ་རྟེན་འབྲེལ་གྱི་ངོ་བོར་གྱུར་པའི་གཉིས་མེད་ཀྱི་ཡེ་ཤེས་རྣམ་གྲངས་པ་ཞིག་དང་། རྟེན་འབྲེལ་གྱི་ངོ་བོར་མ་གྱུར་པའི་གཉིས་མེད་ ཀྱི་ཡེ་ཤེས་རྣམ་གྲངས་ཅན་མིན་པ་གཉིས་ཡོད་པ་ལས། དང་པོ་དེ་ཙམ་ཞིག་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལའང་དོན་དམ་བདེན་པ་གོ་ཆོད་པོར་རློམ་པར་བྱེད་ལ། དེ་ཡང་དག་པར་ཡོད་དོ་སྙམ་དུ་སེམས་པ་དེ་ལ་དེའི་སྤྲོས་པ་སེལ་བའི་ཕྱིར་རྟེན་འབྲེལ་ཡིན་པའི་རིགས་པས་ 5-1-464b རྟག་ཡོད་བསལ་བར་མཛད་དེ། ཇི་སྐད་དུ། གཉིས་སུ་མེད་པའི་ཡེ་ཤེས། ཞེས་སོགས་གསུངས་པ་ཡིན་ལ། ཕྱི་མ་དེ་ནི་རྟག་པར་ཡོད་པ་བལྟོས་ཆོས་ལས་འདས་པ་སྟེ། དེ་ལ་ནི་ཡོད་མེད་སོགས་སྤྲོས་མཚན་བརྟེན་པར་མི་བྱེད་པའི་ཕྱིར་སྤྲོས་པ་སེལ་བྱེད་ཀྱི་རིགས་པ་མ་ བཤད་པར། གཉིས་མེད་ཀྱི་ཡེ་ཤེས་དེ་སྐྱེས་པ་མཉམ་པར་བཞག་པས་ཤེས་སྒྲིབ་སྤང་བར་བཤད་དེ། ཇི་སྐད་དུ། སོ་སོ་རང་གི། ཞེས་སོགས་ཀྱིས་གསུངས་པས། སློབ་དཔོན་བཟང་པོའི་ཞབས་ཀྱི་འགྲེལ་ཚུལ་འདི་ནི་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་བླ་ན་ མེད་པར་གནས་པར་སྣང་ངོ་སྙམ་དུ་ཁོ་བོ་སེམས་ལ། སྤྱན་རས་གཟིགས་བདུན་པའི་ཞལ་སྔ་ནས་ནི། རྣལ་འབྱོར་གྱི་ས་གསུམ་པ་འཆད་པའི་སྐབས་སུ། རྣམ་པར་རིག་པ་ཙམ་དེ་ཡང་བསལ་ཏེ་ཞེས་པས། གཉིས་མེད་ཀྱི་རྣམ་ཤེས་ཡང་དག་ཏུ་ཡོད་པ་ཤུགས་ཀྱིས་ བསལ་དགོས་པར་བསྟན་ནས། ས་བཞི་པ་འཆད་པའི་སྐབས་སུ་དེ་བསལ་དགོས་པ་གཞིར་བཞག་མཛད་ནས་འདིར་མ་སྨོས་ལ། གཉིས་མེད་ཀྱི་ཡེ་ཤེས་ཡང་དག་པར་ཡོད་པ་གྲུབ་དོན་དུ་གཞིར་བཞག་ཀྱང་། གཉིས་མེད་ཀྱི་ཡེ་ཤེས་ལ་གཞན་ངོ་རྟེན་འབྲེལ་གྱི་རྣམ་པར་ སྣང་བ་དང་། རང་ངོ་རང་བྱུང་གི་ངོ་བོར་ཡོད་པ་གཉིས་ལས། དང་པོ་རྟེན་འབྲེལ་གྱི་རྣམ་པར་སྣང་བ་དེ་ཡང་དག་པར་ཡོད་ཡིན་གྱི་འཁྲུལ་བ་སེལ་བར་མཛད་པ་ཡིན་ཅེས་འཆད་དོ། །གཉིས་པ་ཚིག་གི་དོན་ལ་སྔ་མ་ལྟར་གསུམ་ལས། དང་པོ་བསམ་བྱུང་གི་རིགས་པ་ནི། ཡེ་ཤེས་ལས་གཞན་ པའི་སྤྲོས་མཚན་གཉིས་སུ་གཉིས་པར་གྱུར་པ་མེད་པའི་ཡེ་ཤེས་འབའ་ཞིག་པ་མེད་པར་དགག་པའི་བདེན་པ་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་དབུ་མ་པ་ལ་བྱིས་པའི་བློ་ཅན་དག་གིས་ངེས་པར་བྱས་ནས་དེར་ལྟ་བ་དག་བཟློག་པའི་ཕྱིར། གཉིས་མེད་ཀྱི་ཡེ་ཤེས་མེད་པར་ 5-1-465a དགག་པའི་བདེན་པ་དེ་ཡང་ཆོས་ཅན། ཡོད་པ་མིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་དུ་གཉིས་མེད་ཀྱི་ཡེ་ཤེས་རྣམ་གྲངས་པའི་བདེན་པ་དེ་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ཏེ། དེ་ཡོད་པར་འཛིན་པ་ལས་འཁྲུལ་ཚབ་ཆེ་བ་མེད་པའི་ཕྱིར། མེད་པ་ལ་ཡོད་པར་འཛིན་པས་སོ་སྙམ་དུ་རིགས་པས་དཔྱད་པར་བྱས་པ་ཡིན་ནོ། ། གཉིས་པ་སྒོམ་བྱུང་གི་རྣལ་འབྱོར་ནི། ཡང་དག་པར་དཔྱད་པ་ན་གཉིས་མེད་ཀྱི་ཡེ་ཤེས་ནི་མཐའ་གཅིག་ཏུ་ཀུན་རྫོབ་ཀྱི་དངོས་པོར་གྲུབ་པ་དང་། དངོས་པོ་མེད་པ་ཡིན་པ་དང་། ལ་སོགས་པས་དེ་གཉིས་ཀ་ཡིན་མིན་གང་ དུའང་བརྟག་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་བསྒོམས་པས། མཐར་དེ་ལྟར་སྒོམ་བྱེད་ཀྱི་ཤེས་པ་ཉིད་ཀྱང་རང་གར་འགགས་ཏེ་གཉིས་མེད་ཀྱི་ཡེ་ཤེས་རྣམ་གྲངས་པ་མ་ཡིན་པའི་རྟག་ཡོད་འཆར་རོ། ། གསུམ་པ་སྒོམ་པའི་འབྲས་བུ་ནི། ཡང་དག་པའི་དོན་ལ་ཡང་དག་པར་མ་འཁྲུལ་བར་སྒོམ་ པའི་སྟོབས་ཀྱིས་བྱ་བ་གྲུབ་པ་ནི་ཇི་ལྟ་བུ་ཞིག་འབྱུང་ཞེ་ན། གང་ཟག་ཁ་ཅིག་ལ་ནོར་བུ་དང་དངུལ་ལ་སོགས་པའི་དྭངས་ཆ་ལ་ཤར་བའི་སྣང་བ་སྣང་བརྙན་ཡིན་པར་ཤེས་པ་བཞིན་དུ་ཀུན་རྫོབ་འཁྲུལ་པའི་མཚན་མ་མཐའ་དག་སྤངས་ཏེ་སྣང་ཙམ་པ་འདི་ནི་མེད་པ་གསལ་བ་སྒྱུ་མའི་བདག་ ཉིད་དུ་སྣང་བའི་བློ་གཉིས་མེད་ཀྱི་ཡེ་ཤེས་རྣམ་གྲངས་པ་མེད་པར་དགག་པ་དེ་ལ་ཡོད་མེད་སོགས་གྱི་སྤྲོས་པ་བསལ་ནས་རྣམ་པར་མི་རྟོག་པར་མཉམ་པར་བཞག་པ་ན་ཚོགས་གཉིས་ཀྱི་ནུས་པའི་མཐུ་ཁྱད་པར་དུ་གྱུར་པ་དང་། ཆོས་ཉིད་ཀྱི་སྟོབས་ཀྱིས་གཉིས་མེད་ཀྱི་ཡེ་ཤེས་རྣམ་གྲངས་ པ་མ་ཡིན་པར་རྟག་པར་ཡོད་པས་སོ་སོ་རང་གིས་རིག་པར་བྱ་བ་རྣལ་འབྱོར་གྱི་ས་འོག་མ་རྣམས་ལ་ངོ་སྐལ་གྱི་སྒྲིབ་པ་སྤངས་པའི་རིམ་པ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་པ་ན། རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་བར་བྱེད་དེ། སྤྲོས་མེད་རྟོགས་པའི་རྣལ་འབྱོར་གྱི་ 5-1-465b ས་མངོན་དུ་བྱེད་དོ། །གཉིས་པ་རྩ་བའི་ཚིག་དོན་ནི། ཁོ་བོ་ཅག་གི་འདོད་པ་ནི་དེ་ལྟར་མ་ཡིན་ཏེ། ཁྱོད་འདོད་པ་དེ་ལྟ་བུའི་དྲི་མ་བདེན་དངོས་ཡིན་ན། དུས་ཐམས་ཅད་དུ་ནམ་མཁའ་ཐོགས་བཅས་ཀྱི་རྫས་མེད་པ་ཙམ་གྱི་ངོ་བོ་འཛིན་པ་མི་འདོར་བར་རྟོག་པའི་བདེན་དངོས་ཡིན་པ་ བཞིན་དུ་གཉེན་པོ་བསྐྱེད་དུ་མེད་པ་དང་། སྤང་བྱ་སྤང་དུ་མེད་པའི་རང་གི་ངོ་བོ་རྟག་པའི་བདེན་དངོས་འཛིན་པའི་ཕྱིར། གཉེན་པོ་སྐད་ཅིག་མའི་ཆོས་ཤེས་པ་ཙམ་གྱི་ངོ་བོ་དང་སྤང་བྱ་ཤེས་བྱའི་སྒྲིབ་པའི་མཚན་ཉིད་རྣམས་གལ་ཏེ་དོན་དམ་པར་ཡོད་པ་ཉིད་དུ་འདོད་པར་གྱུར་ན། དེའི་ཚེ་ གཉེན་པོ་བསྒོམས་པས་ཀྱང་སྤང་བྱ་འགོག་མི་ནུས་ཏེ། ནམ་མཁའ་མེད་པར་བསྒོམ་པ་བཞིན་དུ་གཉེན་པོས་སྤང་བྱ་དེ་དག་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་པར་འགྱུར་རོ། །དེ་ལྟར་དྲི་མ་བདེན་ཡོད་དུ་མི་འདོད་པ་དེའི་ཕྱིར་དངོས་སྨྲ་བ་གཞན་དག་གི་ལུགས་ལྟར་ན་དྲི་མ་སྤངས་པ་མི་ འཐད་པར་འགྱུར་ཏེ། ཁྱོད་ཀྱིས་ཡུལ་གྱི་གནས་ཚུལ་ལས་བཟློག་ནས་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་ལོག་མི་ལྡོག་པས་སོ། །དེས་ན་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་སྤངས་པ་གང་ཡིན་པ་དང་། སྤང་བྱ་དྲི་མའི་ཆོས་རྣམས་ཀྱང་ཡོད་པ་ ཁས་ལེན་པ་གང་ཡིན་པ་དེ་ནི་ཕན་ཚུན་འགལ་བའི་དོན་ཁས་ལེན་པས་བཞད་གད་ཀྱི་གནས་ཏེ་ཁོ་བོས་ངོ་མཚར་དུ་བརྩིས་སོ་ཞེས་བྱ་བ་ཡིན་ནོ། །འདིར་ནམ་མཁའ་རྟག་རྫས་ཀྱི་དཔེ་ཉན་ཐོས་སྡེ་པའི་འདོད་པ་ཡིན་གྱི། ཐེག་ཆེན་པའི་འདོད་པ་ནི་མིན་ནོ། །མདོར་ན་ཐེག་པ་ཆེན་ པོ་དབུ་མ་པས་ནི་འདི་ལྟར་ཁས་ལེན་ཏེ། སྤང་བྱ་རྟག་པ་དང་བདེན་པ་ཡིན་པར་ལྟ་ཞོག །གདོད་མ་ནས་ཡོད་མ་མྱོང་བ་ཡིན་ནོ། །དེ་ལྟར་སྒྲུབ་པར་བྱེད་པ་ལ་དང་པོར་གློ་བུར་གྱི་དྲི་མའི་ངོ་བོར་གྱུར་པའི་ཤེས་པ་མི་རྟག་པར་སྒྲུབ་ཅིང་། མི་རྟག་པ་ཡིན་ན་སྟོང་པ་ཡིན་པར་གྲུབ་སྟེ། 5-1-466a བྱང་ཆུབ་སེམས་འགྲེལ་ལས། གང་ཞིག་རྣམ་ཤེས་སྐད་ཅིག་མ། །དེ་ཡིས་དེ་ནི་རྟག་མ་ཡིན། །མི་རྟག་པ་ཡི་སེམས་ཉིད་ནི། །སྟོང་པ་ཉིད་དང་འགལ་མི་འགྱུར། །མདོར་ན་སངས་རྒྱས་རྣམས་ཀྱིས་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །དེ་དག་ སེམས་དེ་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་བཞེད་མི་འགྱུར། །ཞེས་པ་ལྟར་མི་རྟག་པའི་ཚུལ་ཡང་སྐྱེས་ནས་མི་རྟག་པ་མ་ཡིན་གྱི། སྐྱེ་བ་ཉིད་ཀྱིས་མི་རྟག་པ་ཡིན་ཏེ། མི་རྟག་པ་མ་ཡིན་ན་སྐྱེ་བ་ཉིད་མི་འགྲུབ་པས་སོ། །འོ་ན་སྤང་བྱའི་དྲི་མ་རང་དུས་སུ་ཡོད་པ་མིན་པའི་མི་རྟག་པ་དང་། སྟོང་ཉིད་ཡིན་ན་གཉེན་པོ་གཞན་ཞིག་གིས་འཇོམས་པར་མི་འགྱུར་བ་དང་། བཅོམ་ཡང་མི་དགོས་སོ་ཞེ་ན། དཔྱད་ན་སྤང་བྱའི་དྲི་མ་སྐད་ཅིག་མ་རྣམས་གཉེན་པོས་བཅོམ་པ་མིན་ཏེ། རང་གྲུབ་དུས་ནས་འགགས་ཟིན་པའི་ཕྱིར། འོན་ཏེ་སྤང་བྱའི་དྲི་མ་ནི་འཁྲུལ་བའི་རྐྱེན་ལས་ དྲི་མའི་རྒྱུན་བྱུང་བ་དེ་གཉེན་པོས་འཁྲུལ་རྐྱེན་སྐྱེ་བ་ལ་གེགས་བྱས་པས་དྲི་མ་བཅོམ་དགོས་ཤིང་། དེའི་འཁྲུལ་རྒྱུན་མ་བཅོམ་ན་བདག་མེད་ལ་བདག་ཏུ་བཟུང་ནས་སྡུག་བསྔལ་མྱོང་བ་ཡིན་ནོ། །ལྔ་པ་མཐོང་ལམ་རྩེ་མོའི་བྱེད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ ལྟར་དངོས་པོར་ཡོད་པར་སྨྲ་བའི་ཕྱོགས་བསལ་ནས་གནས་སྐབས་སུ་ངོ་བོ་ཉིད་མེད་པའི་ཕྱོགས་བརྟན་པོར་མཛད་པས་ཐར་པ་འདོད་པ་རྣམས་ཀྱིས་དབུ་མའི་ལུགས་འདི་ཁོ་ན་ཁས་བླང་བར་བྱའོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གནས་ཚུལ་གྱི་ཕྱོགས་འདི་སྟོན་པར་ མཛད་དོ། །གཉིས་པ་ནི། སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་དོན་དམ་འཁྲུལ་མེད་ཀྱི་ཆ་བསལ་བྱ་ཅི་ཡང་མེད་དེ། ཀུན་རྫོབ་འཁྲུལ་བའི་ཆ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་པས། ཡང་དག་པའི་དེ་བཞིན་ཉིད་ 5-1-466b ཀྱི་གནས་ཚུལ་ལ་ཡུལ་གྱི་གནས་ཚུལ་དང་མཐུན་པར་ཆོས་བདག་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཡང་དག་པར་བལྟས་པ་ན། བདག་རང་ངོ་ཉིད་ཀྱིས་གྲུབ་པ་སོགས་རང་བཞིན་གྱིས་དབེན་པར་ཡང་དག་པར་མཐོང་བའམ། རྟོགས་པའམ་ཁོང་དུ་ཆུད་པས་ཆོས་ཀྱི་བདག་ འཛིན་ལས་རྣམ་པར་གྲོལ་བར་བྱེད་དོ། ། འདིར་འདི་ལྟ་བུ་ཞིག་ཤེས་པར་བྱ་དགོས་ཏེ། ཀུན་རྫོབ་བདེན་གྲུབ་ཡུལ་གྱི་གནས་ཚུལ་མིན་པར། འགོག་པ་མེད་པའི་རང་བཞིན་ལ། །ཞེས་སོགས་ཤློ་ཀ་གཅིག་གིས་བསྟན། བདེན་སྟོང་ཀུན་རྫོབ་པའི་ཡུལ་གྱི་གནས་ཚུལ་ཡིན་པར། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་སོགས་ཤློ་ཀ་གཅིག་གིས་བསྟན། ཡུལ་གྱི་གནས་ཚུལ་དུ་ཞུགས་མ་ཞུགས་འཁྲུལ་མེད་དུ་ཤེས་པར་བྱེད་པ་འདི་ནི། འདི་ལས་བསལ་བྱ་སོགས་ཀྱིས་བསྟན་ལ། ཤློ་ཀ་གསུམ་པོ་འདི་མདོའི་དངོས་བསྟན་ལ་མ་ཟིན་པ་ལྟར་སྣང་བ་ནི། མདོར། དུས་ཀྱི་དབང་གིས་ཡི་གེ་ཉམས་པ་ཡིན་ཟེར་བ་དང་། འགའ་ཞིག་དེ་ལྟར་མིན་པའི་རྒྱུ་མཚན་འགོད་པ་ཡང་སྣང་ལ། དཔྱད་པ་དེ་ལས་འདི་གལ་ཆེ་སྟེ། འདིར་འདི་ལ་ཞེས་པ་དེ་འཕགས་སེང་ལྟར་ན། དབུ་མ་པའི་སྐབས་སུའང་གཉིས་མེད་ཀྱི་ཡེ་ཤེས་རྣམ་གྲངས་པ་དང་། རྣམ་ གྲངས་པ་མིན་པ་གཉིས་གོང་དུ་བཤད་ནས། དང་པོ་དེ་བདེན་གྲུབ་མིན་ཏེ། རྟེན་འབྲེལ་གྱི་རང་བཞིན་ཡིན་པའི་ཕྱིར་ཞེས་བཀོད་པར་མཛད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་འབའ་ཞིག་ཡིན་པ་ལ། རྣམ་ཤེས་ལ་སོགས་ཀྱི་འཁྲུལ་བས་གཏན་ནས་མ་ གོས་པ་དེ་བདེན་གྲུབ་ཡིན་པ་བསལ་ཏེ། གཉིས་མེད་ཀྱི་ཡེ་ཤེས་དེ་ལྟར་བདེན་གྲུབ་ཡིན་ན་འཕགས་པའི་གང་ཟག་ལ་སོགས་པའང་མི་འབྱུང་བར་ཐལ་བ་ལས། དེར་མི་ཐལ་བར་སྣང་ཙམ་པའི་ཆོས་ཅན་སྣ་ཚོགས་པ་འགྱུར་བ་ནི་རང་བཞིན་སྟོང་ཉིད་ཁོ་ན་ཡིན་པའི་སྟོབས་ལས་ 5-1-467a ཡིན་གྱི། གཞན་དུ་ན་དེ་ལྟར་མི་རུང་ངོ་སྙམ་དུ་དགོངས་ཏེ། སྣང་ཙམ་པའི་ཆོས་གང་དང་གང་སྣང་བ་འདི་ལ་ཞེས་གསུངས་པའི་ཕྱིར། དེ་ལྟར་གསུངས་པ་ལ་དགོས་པ་ཡོད་དེ། ཆོས་ཐམས་ཅད་ཀྱི་སྣང་ཆ་རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་གནས་ ཆ་སྟོང་ཉིད་དུ་གཏན་ལ་འབེབས་པར་བྱེད་པའི་ཕྱིར། དེ་ལྟར་ཕབ་པ་ལ་གྲུབ་དོན་ཡོད་དེ། དེ་ལྟར་ཆོས་ཐམས་ཅད་ཆོས་བདག་གིས་སྟོང་པར་བཤད་པའི་ཐོས་བསམ་གྱི་རིགས་པས་རྒྱུད་སྦྱོང་བར་བྱེད་པའི་བྱེད་པ་ལ་བལྟོས་ན། མཐར་སྒོམ་པའི་མཐུ་ཕུལ་དུ་ཕྱིན་ཏེ། བདག་ ཉིད་ཀྱིས་སྟོང་པའི་མཐོང་བའི་ལམ་མངོན་དུ་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། ཐེག་པ་ཆེན་པོ་རྒྱུད་བླ་མར། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་འབྱུང་བའི་དོན་ནི། མཐོང་བའི་ལམ་གྱི་སྐབས་ཀྱིས་མཐོང་བྱའི་གཉིས་མེད་ཡེ་ཤེས་རྣམ་གྲངས་པ་ མིན་པའི་རྟེན་འབྲེལ་ལས་འདས་པའི་སྟོང་ཉིད་དེ་ངོས་འཛིན་པར་མཛད་པ་ཡིན་ཏེ། དེའང་འདི་ལ་ཞེས་པས། རྣམ་གྲངས་མིན་པ་གཉིས་མེད་ཀྱི་ཡེ་ཤེས་ཀུན་རྫོབ་པའི་སྣང་ཆ་དང་། བལྟོས་ཆོས་སམ་བརྟེན་པ་དང་འབྲེལ་བའི་ཟླར་མི་རུང་བ་དེ་ངོས་འཛིན་པ་ཡིན་ཅིང་། བསལ་བཞག་མེད་པའི་དོན་ཡང་དེའི་ངོ་བོ་ལ་སྒྲིབ་པ་བསལ་བ་དང་ཡེ་ཤེས་བཞག་པར་བྱ་བ་མེད་ཀྱི། དེ་ཉིད་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་བལྟ་བའི་ཡུལ་ཡིན་གྱི། གཞན་རྣམ་ཤེས་ཀྱིས་ལྟ་བའི་སྐབས་མི་སྲིད་པ་དང་། བལྟ་ཡུལ་གྱི་གཉིས་མེད་ཡེ་ཤེས་དེ་དངོས་ པོ་ཡིན་པ་སོགས་གསལ་བར་གསུངས་ལ། འོ་ན་དབུ་མ་པར་ཁས་ལེན་བཞིན་དུ་དངོས་པོར་སྨྲ་བ་སྐྱོན་དང་བཅས་པ་མ་ཡིན་ནམ་ཞེ་ན། སྤྱིར་བྱེ་བྲག་སྨྲ་བ་ནས་བཟུང་རང་རང་གི་དོན་དམ་དུ་འདོད་པ་ཐམས་ཅད་དངོས་པོར་སྨྲ་ཞིང་དེ་ཡོད་པར་འདོད་ལ། དབུ་མ་པས་དཔྱད་ 5-1-467b ན་ཐེག་པ་འོག་མའི་འདོད་པ་རང་རང་གི་དོན་དམ་ཐམས་ཅད་ཀུན་རྫོབ་ཡིན་པས་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པའི་ཕྱིར། དངོས་པོ་མ་ཡིན་པ་དངོས་པོར་སྨྲས་པས་སྐྱོན་ཡིན་ལ། དེ་བཞིན་ཆོས་ཅན་སྣང་ཙམ་པ་རང་སྟོང་གི་སྟོང་ཆ་ཡང་དངོས་པོར་སྨྲ་ན་སྐྱོན་ཅན་ཡིན་ཏེ། དངོས་པོ་མེད་པ་ལ་དངོས་པོར་འཛིན་པར་བྱེད་པའི་ཕྱིར། དེས་ན་སྣང་ཙམ་པའི་ཆོས་ཐམས་ཅད་ཀྱི་སྟོང་ཆ་དེ་ངོ་བོར་མི་འདོད་པ་ལ་ངོ་བོ་ཉིད་མེད་སྨྲ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་མཐུན་ཀྱང་། སྣང་ཙམ་དུ་མི་རུང་བའི་ཆོས་དབྱིངས་དངོས་པོར་ཡོད་པ། སངས་རྒྱས་ཀྱི་ སྔགས་ཀྱི་ཐེག་པ་དང་། བྱམས་མགོན། སྤྱན་རས་གཟིགས། འཇམ་དབྱངས། ཀླུ་སྒྲུབ། ཐོགས་མེད་ཞབས་སོགས་ཀྱིས་གསུངས་པ་འདི་ནི་ངོ་བོ་ཉིད་མེད་སྨྲའི་སློབ་དཔོན་རྣམས་ཀྱི་ཐུགས་སུ་མ་བྱོན་ཏེ། ལྷག་པར་ཡང་ཟླ་བའི་ཞབས་ཀྱིས་ཕྱོགས་འདིར་ལེགས་པར་ བཀག་ཀྱང་། བཀག་པས་མི་གནོད་པའི་རྒྱུ་མཚན། སྤྱིར་དངོས་པོར་སྨྲ་བ་དང་དངོས་མེད་དུ་སྨྲ་བ་དག་སྐྱོན་ཅན་དུ་བཤད་དོ་ཅོག་ཐམས་ཅད་དེ་ལྟར་སྨྲ་བ་དེ་ཡུལ་གྱི་གནས་ཚུལ་ལ་བསླུ་བ་ལ་བསམས་ནས་སྐྱོན་ཅན་དུ་གསུངས་པ་ཡིན་གྱི། ཡུལ་གྱི་གནས་ཚུལ་དུ་ཞུགས་ པའི་དངོས་པོར་ཡོད་མེད་སོགས་ཇི་བཞིན་པར་ཁས་ལེན་པ་ནི་སྐྱོན་མེད་ཁོ་ན་ཡིན་ཏེ། སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་སྤངས་ནས་གཟུར་གནས་ཀྱི་བློས་དབུ་མའི་གྲུབ་དོན་ཁས་ལེན་པའི་སྐབས་ཡིན་པའི་ཕྱིར། དེའང་མདོར་ན་དབུ་མ་པས་བཀག་གོ་ཅོག་གི་ དངོས་པོར་སྨྲ་བ་ཞེས་སྐྱོན་ཅན་དུ་བརྩིས་ཚད་ཀུན་རྫོབ་པའི་དངོས་པོ་ཡིན་ལ། ཀུན་རྫོབ་པའི་ཆོས་ཡིན་ནོ་ཅོག་དངོས་པོ་དང་དངོས་མེད་སོགས་གང་ཡང་མ་ཡིན་ཏེ། དེ་དེ་དང་དེར་མ་གྲུབ་པའི་ཕྱིར་ཞེས་བཀག་ཀྱང་། དབུ་མ་ཆེན་པོ་སྨྲ་བ་རྣམས་ཀྱིས་རྟེན་འབྲེལ་ལས་འདས་ 5-1-468a པའི་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པའི་དངོས་པོར་ཡོད་དེ། ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར་དང་། དེ་དངོས་པོར་སྨྲ་བའི་སྐྱོན་དུ་མི་འགྱུར་ཏེ། དེ་དངོས་པོ་ཡིན་པའི་ཕྱིར། དེ་དངོས་པོ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ངེས་དོན་གྱི་མདོ་རྒྱུད་ དུ་དངོས་པོར་བཤད་པའི་ཕྱིར་དང་། དབུ་མ་ཆེན་པོ་འདིའི་གོང་ན་གྲུབ་པའི་མཐའ་མེད་དེ། དེ་མེད་པས་དེ་དངོས་པོ་ཡིན་པ་འགོག་བྱེད་ཀྱི་རིགས་པ་མ་བཤད་པའི་ཕྱིར་རོ། ། འོ་ན་དེ་ལྟ་བུ་དེ་དངོས་པོ་ཡིན་ན་དོན་བྱེད་ནུས་དགོས་ལ། དེ་ལྟར་གྱི་ཚེ་ཁྱོད་ཀྱིས་འདོད་པའི་ཡེ་ ཤེས་དངོས་པོ་རྟག་པར་བཤད་པ་དང་འགལ་སྙམ་ན། མི་འགལ་ཏེ། དེ་དོན་བྱེད་ནུས་ལ། རང་དུས་སུ་ཡོད་པའི་དོན་བྱེད་ནུས་པ་གང་ཞིག །རང་དུས་སུ་ཡོད་ན་རྟག་པ་ཡིན་པར་གྲུབ་པ་རིགས་པའི་གཞུང་ལས་བཤད་པའི་ཕྱིར་རོ། །མདོར་ན་གཉིས་མེད་ཀྱི་ཡེ་ཤེས་རང་ དུས་སུ་ཡོད་པ་ནི། ཇི་སྐད་དུ། ཡང་དག་ཉིད་ལ་ཞེས་པའི་འགྲེལ་པར། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མར་གྱུར་པ་ནི་ཡོད་དོ། །ཞེས་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་བདེན་པ་གང་ཞིག་གཉིས་མེད་ཀྱི་རྣམ་ ཤེས་ཀུན་རྫོབ་བདེན་པ་གནས་སྐབས་གང་ན་མེད་པ་དེར་ནི་གཉིས་མེད་ཀྱི་རྣམ་ཤེས་ཀུན་རྫོབ་བདེན་པ་དེས་སྟོང་པར་ཡང་དག་པར་རམ་ལྷག་པར་ཏེ་ཆོས་དབྱིངས་དང་རྒྱུ་མཐུན་པའི་བདག་མེད་ཀྱི་ཤེས་རབ་ཀྱིས་གནས་ཚུལ་དང་རྗེས་སུ་མཐུན་པར་རྟོགས་པའམ་མཐོང་སྟེ། གཉིས་ མེད་ཀྱི་ཡེ་ཤེས་འདི་ལ་གཉིས་མེད་ཀྱི་རྣམ་ཤེས་གློ་བུར་གྱི་དྲི་མས་གདོད་མ་ནས་སྟོང་པའི་ལྷག་མ་གདོད་མ་ནས་ལུས་པར་གྱུར་པ་གློ་བུར་གྱི་དྲི་མའི་ནང་དུ་མ་འཐུས་པའི་གཉིས་མེད་ཀྱི་ཡེ་ཤེས་རྟག་པར་ཡོད་ཅེས་གསལ་བར་བཤད་ལ། ཡང་དེའི་ཐད་ཀྱི་འགྲེལ་པར། གང་ལ་དེ་ 5-1-468b བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དེ། འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་བསྒྲིབས་པས་སོ་ཞེས་བཤད་ལ། དེའི་དོན་ནི་སེམས་ཅན་ནམ་གློ་བུར་གྱི་དྲི་མ་མུན་པ་ལྟ་བུ་གང་ལ་དེ་བཞིན་གཤེགས་ པའི་བྱ་བ་སྒྲུབ་པའི་གཉིས་མེད་ཀྱི་ཡེ་ཤེས་མཐའ་དག་པ་སྣང་བ་ལྟ་བུ་སྟེ་གདོད་མ་ནས་ཡོད་པ་དེ་རྟག་པར་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་སམ་ཁམས་ན་འགའ་འགའ་སྟེ་རེ་རེ་ཡང་མེད་དེ། སེམས་ཅན་ཐམས་ཅད་ལ་བྱ་སྒྲུབ་ཡེ་ཤེས་དེ་རྗེས་སུ་ཞུགས་ ནས་སེམས་ཅན་གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཕྱིར། དཔེར་ན་སྣང་བས་མུན་པ་སེལ་བ་བཞིན་ནོ། །དེ་ལྟར་སེམས་ཅན་བསལ་ཐུབ་པའང་རིགས་པས་མ་དཔྱད་པའི་དབང་དུ་ཡིན་གྱི། རིགས་པས་དཔྱད་ན་སེམས་ཅན་ནམ་གློ་བུར་གྱི་དྲི་མ་དེ་སངས་རྒྱས་སམ་གཉིས་མེད་ཀྱི་ཡེ་ ཤེས་ཀྱིས་བསལ་བ་མིན་ཏེ། སེམས་ཅན་ནམ་གློ་བུར་གྱི་ཤེས་པ་བསལ་བྱར་གྱུར་པ་དེ་གདོད་མ་ནས་མེད་པས་དང་པོ་ནས་བསལ་བ་ཡིན་གྱི། སླར་བསལ་མི་དགོས་པའི་ཕྱིར་དང་། སངས་རྒྱས་སམ་གཉིས་མེད་ཀྱི་ཡེ་ཤེས་དེ་ནི་དྲི་མ་སེལ་བྱེད་དུ་སླར་རྗེས་སུ་ཞུགས་པ་མིན་ཏེ། དང་པོ་ཉིད་ནས་དྲི་མ་སེལ་བྱེད་དུ་རྗེས་སུ་རྟག་པར་ཞུགས་པའི་རང་བཞིན་ཅན་ཡིན་པའི་ཕྱིར། འོ་ན་བསལ་བྱ་སེལ་བྱེད་དུ་འདིར་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དེ་ཞེས་གསུངས་པ་ཅི་ཞེ་ན། དེའང་ཐ་སྙད་ཟོར་ ཡང་བའི་དབང་དུ་བྱས་པ་ཡིན་ཏེ། འོན་ཀྱང་བཤད་མ་ཐག་པའི་བསལ་བྱ་སེལ་བྱེད་དུ་མ་གྲུབ་པར་མ་རྟོགས་པའི་གློ་བུར་གྱི་དྲི་མར་འདུ་ཤེས་ཀྱི་འཛིན་པས་བསྒྲིབས་པའི་སེམས་ཅན་གྱི་འཁྲུལ་སྣང་ལ་དེ་བསལ་བྱ་སེལ་བྱེད་ལྟར་སྣང་སྟེ། གློ་བུར་གྱི་དྲི་མའམ་སེམས་ཅན་ 5-1-469a གདོད་མ་ནས་མེད་པ་དེ་མ་རྟོགས་པས་སྔར་ཡོད་ཕྱིས་བསལ་ལོ་སྙམ་དུ་རྟོགས་པའི་ཕྱིར་དང་། བསལ་བྱ་མ་སྐྱེས་པའི་ཆོས་ཡིན་པའི་དངོས་སྟོབས་ཀྱིས་བསལ་བྱ་འགགས་པ་མ་རྟོགས་པས་གཉེན་པོའི་མཐུས་འགགས་པར་བྱས་སོ་སྙམ་དུ་རྟོགས་པའི་ཕྱིར་ དང་། གཉིས་མེད་ཀྱི་ཡེ་ཤེས་གདོད་མ་ནས་ཡོད་པར་མ་རྟོགས་པས་དེ་གློ་བུར་དུ་སྐྱེས་པའི་སྟོབས་ཀྱིས་གློ་བུར་གྱི་དྲི་མ་གསར་དུ་བསལ་བར་བྱས་སྙམ་དུ་རྟོག་པའི་ཕྱིར་རོ། །མདོར་ན་གནས་ཚུལ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་སྒྲུབ་ཚུལ་ནི། སངས་ རྒྱས་ཀྱི་གཉིས་མེད་ཀྱི་ཡེ་ཤེས་བདེན་པས་དུས་ཐམས་ཅད་དུ་ཡོད་པ་དངོས་སྟོབས་ཀྱིས་འོངས་པ་དང་། སེམས་ཅན་གློ་བུར་གྱི་དྲི་མ་མི་བདེན་པ་དུས་ཐམས་ཅད་དུ་མེད་པ་དངོས་སྟོབས་ཀྱིས་འོངས་པ་གཉིས་འགལ་བ་ཤེས་བྱ་ལ་སྲིད་པས། ཚུལ་དེའི་སྒོ་ནས་སེམས་ཅན་གྱི་དོན་ སངས་རྒྱས་ཀྱིས་སྒྲུབ་པར་བྱེད་ཅེས་མིང་དུ་བཏགས་པ་ཡིན་ལ། རྒྱུ་མཚན་དེས་ན་སེམས་ཅན་ཐམས་ཅད་རང་དག་ཡིན་པའི་ཕྱིར་འཚང་མི་རྒྱ་བའི་སེམས་ཅན་མི་སྲིད་པ་དང་། སེམས་ཅན་དང་སངས་རྒྱས་ཡོད་མེད་འགལ་བའི་ཕྱིར། སངས་རྒྱས་ན་དེ་བཞིན་གཤེགས་པ་ཉིད་ སངས་རྒྱས་པ་ཡིན་གྱི། གཞན་འཚང་མི་རྒྱ་བ་དང་། སེམས་ཅན་དང་སངས་རྒྱས་གཉིས་རྒྱུ་འབྲས་ཀྱི་རྫས་རྒྱུན་དུ་མི་རུང་བའི་ཕྱིར། སེམས་ཅན་སངས་རྒྱས་སུ་འགྱུར་ཞེས་བྱ་བ་དང་། སེམས་ཅན་གྱིས་སངས་རྒྱས་ཐོབ་ཅེས་བྱ་བ་མི་སྲིད་པ་འདི་ལེགས་པར་གྲུབ་པ་ཡིན་ནོ། ། ཡང་མཐོང་ལམ་གྱིས་མཐོང་བར་བྱ་རྒྱུའི་བདེན་པ་ནི་སློབ་དཔོན་ཟླ་བའི་ཞབས་ཀྱིས་སྤྲོས་མཐའ་དང་བྲལ་བའི་མེད་དགག་ཉིད་ལ་ངོས་འཛིན་ལ། གནས་སྐབས་སུ་དེ་ལ་ཡང་དག་པ་ཞེས་བྱ་སྟེ། དེ་དོན་དམ་བདེན་པར་འཇོག་པའི་ཕྱིར། འོན་ཏེ་མཐར་ཐུག་ཏུ་ནི་ཡང་དག་པ་མ་ 5-1-469b ཡིན་ཏེ། བརྫུན་པའི་ཕྱིར། ཟླ་བའི་ཞབས་ཉིད་ཀྱིས། མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་བཞིན་ཏེ་ཞེས་གསུངས་ལ། མཐོང་བྱ་དེ་མཐོང་བར་བྱེད་པའི་ཤེས་རབ་ནི། སྦྱོར་བའི་དུས་ཀྱི་སོར་རྟོག་གི་ཤེས་རབ་ཡེ་ཤེས་ཀྱི་མེས་བསྲེགས་ ནས་ཅིར་ཡང་མ་མཐོང་བའི་སྤྲོས་པ་དང་བྲལ་ཙམ་གྱི་སྣང་མེད་ཀྱི་ངོ་བོར་གྱུར་པའི་ཤེས་རབ་ཞིག་ལ་ངོས་འཛིན་པ་ཡིན་ཏེ། དེ་སྐད་དུའང་། འཇིག་རྟེན་པ་ཡིས་དེ་ཉིད་ལ་གནས་ལ། །ཕུང་པོ་འཇིག་རྟེན་གྲགས་དེ་ལྔ་ཆར་ཡོད། །དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། ། རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །ཞེས་རྐང་པ་དང་པོ་གཉིས་ཀྱིས་འཇིག་རྟེན་པའི་ལྟ་བ་བསྟན་ཅིང་། རྐང་པ་ཐ་མ་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ལྟ་བ་བཤད་ལ། འོ་ན་མཐོང་བྱ་མེད་པར་དགག་པ་དེ་མཐོང་བྱེད་ཀྱི་ཤེས་རབ་ཀྱིས་གཟུང་བྱར་མི་རིགས་ཏེ། མངོན་སུམ་གྱིས་སྤྱི་མཚན་གཞལ་བྱར་བྱེད་པ་མ་ཡིན་པའི་ཕྱིར་རོ་སྙམ་ན། ཉེས་པ་མེད་དེ། གོང་དུ་བཤད་པའི་མཐོང་བྱེད་ཀྱི་ཤེས་རབ་དེ་ཉིད་ལ་སྤྲོས་མཚན་གྱིས་དབེན་པའི་ཤེས་རྣམ་རང་གིས་ཉམས་སུ་མྱོང་བའི་ཚུལ་གྱི་མངོན་སུམ་དུ་བྱེད་པས་སྤྱི་མཚན་གཟུང་བྱར་ཐལ་ བའི་སྐྱོན་མེད་དོ། ། ཡང་ལ་ལ་ཞིག་ཟླ་བའི་ཞབས་ཀྱི་ལུགས་ལ་དེ་ལྟ་བུའི་ཤེས་རྣམ་ཉམས་སུ་མྱོང་བ་མེད་དེ། དེར་རང་རིག་ཁས་ལེན་པ་མེད་པའི་ཕྱིར། དེ་མེད་ན་དེ་མེད་པར་ཐལ་ཅེས་ཟེར་བ་ཡང་མ་གོ་བ་ཡིན་ཏེ། ལུགས་འདི་ལ་བདེན་པ་མཐོང་བྱེད་ཀྱི་ཡེ་ཤེས་ ཡོད་ཚུལ་གོང་དུ་བསྟན་ནས། ཡེ་ཤེས་དེའང་གསལ་རིག་གི་ངོ་བོར་གྱུར་པའི་ཤེས་པ་རྣམ་ཤེས་མིན་པ་ཞིག་ལ་བྱེད་དགོས་ཀྱི། དེ་ལྟར་གྱི་ཚེ་ཤེས་པ་དེས་གཞལ་བྱ་ཞིག་མེད་ན་འཇལ་བྱེད་ཤེས་པར་འགལ་བས། གཞལ་བྱ་སྟོང་ཉིད་ནི་དངོས་སུ་འཇལ་བར་མི་ནུས་ཏེ། 5-1-470a མེད་པར་དགག་པ་ཁོ་ན་ཡིན་པའི་ཕྱིར། འོན་ཀྱང་གཞལ་བྱ་མ་མཐོང་བའི་ཆ་དེ་ཉིད་སྤྱི་མཚན་ལྟ་བུ་མ་ཡིན་པའི་ཚུལ་གྱིས་གཞལ་བྱར་བྱས་པ་དང་། དེ་འཇལ་བྱེད་ཤེས་པ་གཉིས་གཞན་མིན་པའི་སྒོ་ནས་མངོན་སུམ་དུ་གྱུར་པར་ཁོ་བོ་འདོད་ལ། ཆེན་པོ་འགའ་ཞིག །ལྟ་བྱེད་ཀྱི་ཤེས་རབ་དེས་སྤྲོས་མཚན་ཅིའང་མ་གཟིགས་པ་ལ་སྤྲོས་བྲལ་གྱི་རྣམ་པ་ཤར་བའི་སྒོ་ནས་མངོན་སུམ་དུ་བྱེད་པ་ཡིན་ཟེར་བ་འདིའང་འཐད་པར་མ་མཐོང་སྟེ། སྤྲོས་པ་དང་བྲལ་བ་རང་གི་ངོ་བོ་མེད་པས་དེ་ལ་བལྟོས་པའི་རྣམ་པ་མི་འཐད་པའི་ཕྱིར་ དང་། དེར་བལྟ་བའི་ཤེས་པ་ཉིད་སྤྲོས་པ་དང་བྲལ་བ་ཡིན་པ་ལ་བསམས་ནས་སྤྲོས་བྲལ་གྱི་རྣམ་པ་ཤར་ཞེས་སྨྲ་ན་ནི། སྤྲོས་བྲལ་ཡིན་པ་ལས་གཞན་པའི་སྤྲོས་བྲལ་གྱི་རྣམ་པ་གཉིས་པ་ཞིག་འཆར་རྒྱུ་མེད་དེ། ཤེས་པའི་ངོ་བོ་གང་ཡིན་པ་ཤེས་པ་ལ་ ངོ་བོ་མི་སྣང་བར་ཤེས་པ་རང་གི་ངོ་བོ་ཤེས་པ་ལ་རྣམ་པ་སྣང་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། དེས་ན་རྟེན་འབྲེལ་གྱི་རང་བཞིན་དུ་གྱུར་པའི་གཉིས་མེད་ཀྱི་ཡེ་ཤེས་ཡོད་པ་མི་འཐད་པ་གང་གི་ཕྱིར་ཞེ་ན། དེ་རང་བཞིན་གྱིས་དངོས་པོར་ གྲུབ་པར་ཡོད་ན། དེ་ལ་དངོས་པོར་མངོན་པར་ཞེན་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་ཏེ་གྲོལ་བ་མི་འཐད་པ་དེའི་ཕྱིར། སྣང་ཙམ་པའི་ཆོས་གང་ལའང་རྟེན་ཅིང་འབྲེལ་བར་འབྱུང་བ་ལྟར་མེད་དོ་ཞེས་སྐུར་བ་འདེབས་པ་དང་། རང་བཞིན་གྱིས་གྲུབ་པར་ཡོད་དོ་ཞེས་སྒྲོ་འདོགས་ པའི་ངོ་བོས་བསལ་བ་དང་བཞག་པར་མ་བྱས་པར་གཟུགས་ལ་སོགས་པ་སྣང་ཙམ་པའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་ཏུ་མ་བརྟགས་ན་གཅིག་པུར་ཉམས་དགའ་བ། འཇིག་རྟེན་གྱི་གྲགས་པ་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལ་རང་བཞིན་མེད་ 5-1-470b པ་དང་། ལ་སོགས་པས་སྐྱེ་བ་མེད་པ་དང་། གདོད་མ་ནས་དབེན་པའི་ངོ་བོར་བརྟག་པར་བྱ་སྟེ། དེ་ལྟར་བརྟགས་པ་ན་ཆོས་ཐམས་ཅད་རྟེན་འབྲེལ་ཙམ་རང་བཞིན་གྱིས་སྟོང་པའི་ངོ་བོ་སྒྱུ་མ་ལྟ་བུ་ཡིན་ན། སྤང་གཉེན་ལ་སོགས་ཀྱི་རྣམ་གཞག་མི་འཐད་པར་འགྱུར་རོ་ཞེ་ན། མི་འཐད་པ་མ་ཡིན་ཏེ། སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་བཞིན་དུ་རང་བཞིན་གྱིས་སྟོང་པའི་རྟེན་འབྱུང་གི་སྤང་བྱ་རང་བཞིན་གྱིས་སྟོང་པའི་རྟེན་འབྱུང་གི་གཉེན་པོ་བསྐྱེད་པའི་སྒོ་ནས་སྤང་བྱ་ཕྱིན་ཅི་ལོག་ལྡོག་པས་དེ་ཁོ་ན་ཉིད་མཐོང་ན་འཆིང་བ་ ལས་རྣམ་པར་གྲོལ་བར་འགྱུར་རོ། །དྲུག་པ་མཐོང་ལམ་རྩེ་མོའི་ངོ་བོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། མཐོང་བའི་ལམ་རྒྱུད་ལ་སྐྱེས་པ་བྱང་ཆུབ་ཇི་ལྟར་ཡིན་པ་དང་། དེ་ལས་འཕྲོས་ནས་སྨོས་མ་ཐག་པ་དེ་ལྟར་དྲི་མ་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་ པའི་རྩོད་སྤང་མཐོང་ལམ་གྱི་བྱེད་པ་དང་བཅས་པ་མདོ་ན་མེད་ཀྱང་། རྗེ་བཙུན་གྱིས་ཞར་ལ་འོངས་པ་བརྗོད་ནས། སྐབས་སུ་བབ་པ་རྣལ་མ་མཐོང་བའི་ལམ་ཉིད་འཆད་དོ། །གཉིས་པ་ནི། མདོར། དེ་ནས་རབ་འབྱོར་གྱིས་གསོལ་བ། ཇི་ལྟར་ན་སྦྱིན་པ་དང་། ཚུལ་ ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཞེས་སོགས་དྲི་ལན་གྱི་སྒོ་ནས་བཤད་པའི་དོན་ནི། སྦྱིན་པ་ལ་སོགས་པ་ཕྱིན་དྲུག་རེ་རེར་ནི་ཕར་ཕྱིན་རང་རང་ ལས་གཞན་པ་ལྔ་པོ་དེ་དག་ཕན་ཚུན་དུ་བསྡུས་པའི་ཡེ་ཤེས་གང་ཡིན་པ་མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་མ་གཅིག་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པའི་བར་ཆད་མེད་ལམ་དེ་འདིར་མཐོང་བའི་ལམ་གྱི་རྩེ་མོར་བསྟན་ཏོ། ། སློབ་དཔོན་བཟང་པོའི་ 5-1-471a ཞབས་ཀྱིས་ཕར་ཕྱིན་རེ་རེའི་ནང་དུ་ཕྱིན་དྲུག་བསྡུས་ཏེ་ཉམས་སུ་ལེན་ཚུལ་ལ་སྔར་གོ་སྒྲུབ་ཀྱི་སྐབས་སུ་བཤད་པ་དང་མཐུན་པར་གསུངས་ཀྱང་། གངས་ཅན་གྱི་མཁས་པ་ལ་ལ་སྔར་གོ་སྒྲུབ་ཏུ་ནི་རང་རང་ལས་དབྱེ་བ་དྲུག་དྲུག་ཏུ་སོ་སོར་ བསྡུས་པ་ཡིན་ལ། འདིར་ནི་རང་རང་ལས་མ་ཕྱེ་བར་དྲུག་པོ་རེ་རེས་གཞན་ལྔ་ལྔ་ཕན་ཚུན་བསྡུས་པའི་ཕྱིར། འདི་གཉིས་བསྡུས་ཚུལ་གཅིག་ཏུ་འཆད་པ་ནི་མདོ་དང་འགལ་ལོ་ཞེས་ཟེར་རོ། ། གཞན་ཡང་འདི་ལྟར་ཤེས་དགོས་ཏེ། མཐོང་རྩེ། སྒོམ་རྩེ། བར་ཆད་ མེད་པའི་རྩེ་སྦྱོར་ལ་བལྟོས་ནས་རང་རང་ལ་ལམ་བཞི་བཞིར་འཆད་དགོས་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱ་དྲུངས་འབྱིན་པར་ཕྱེད་པ་དང་། ཕྱུངས་ཟིན་པའི་གནས་སྐབས་ལ་བལྟོས་ནས་རྣམ་པར་སུན་འབྱིན་པའི་གཉེན་པོ་སྟེ་སྦྱོར་བའི་ལམ། སྤོང་བ་ གཉེན་པོ་སྟེ་བར་ཆད་མེད་པའི་ལམ། རྟེན་གཉེན་པོ་སྟེ་རྣམ་པར་གྲོལ་བའི་ལམ། ཐག་སྲིང་བའི་གཉེན་པོ་སྟེ་ཁྱད་པར་གྱི་ལམ་བཞི་འབྱུང་ལ། དེའང་མཐོང་ལམ་གྱི་སྐབས་འདིར་ལམ་དང་པོ་ནི་སྦྱོར་ལམ་ཆོས་མཆོག་ནས་སྐྱེ་བར་བཤད་ཅིང་། གཉིས་པ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐད་ཅིག་མ་དང་དུས་མཉམ་པར་བཤད་ནས། གསུམ་པ་ནི། རྩ་བར་མི་གསལ་ཡང་འགྲེལ་པར་ངོ་སྐལ་གྱི་ཤེས་སྒྲིབ་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་། ཉོན་མོངས་ཀྱི་བག་ཆགས་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་དུ་ཐོབ་པའི་བཅུ་ དྲུག་པའི་རྟོགས་པ་ལ་བཤད་ཅིང་། བཞི་པ་ནི། སེང་གེ་རྣམ་བསྒྱིངས་ཀྱི་མཉམ་རྗེས་ལ་འཇོག་པ་ནི་འཕགས་སེང་གི་དགོངས་པའོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་འགྲེལ་པ་ལ། ངོ་བོ་དང་། དབྱེ་བ་གཉིས་ལས། དང་པོ་ནི། བསྡུ་བྱ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ 5-1-471b པོ་དག་ལ། སྡུད་བྱེད་སོ་སོར་སྦྱིན་པ་ལ་སོགས་པའི་ཕྱིན་དྲུག་གི་ངོ་བོ་རེ་རེར་སྔ་མ་བཞིན་དུ་དྲུག་ཅར་ཕན་ཚུན་དུ་བསྡུས་པ་གང་ཡིན་པའི་སྐད་ཅིག་མ་གཅིག་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ། བར་ཆད་མེད་པའི་ལམ་འཁོར་གསུམ་རྣམ་པར་དག་པས་རབ་ ཏུ་ཕྱེ་བའི་ཟག་མེད་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ཅན་དུ་སྐྱེས་པ་གང་ཡིན་པ་དེ་ནི་མཁྱེན་གསུམ་གྱི་རྣམ་པ་རྣམས་བསྡུས་བསྒོམས་རབ་ཏུ་གྱུར་པའི་རྩེ་མོའི་མངོན་པར་རྟོགས་པ་སྐབས་འདིར་མཐོང་བའི་ལམ་གྱི་རྩེ་མོ་ཡིན་ནོ། །གཉིས་པ་ནི། རྩེ་མོ་དེ་སྐྱེས་པ་ན་འདོད་པ་དང་། གཟུགས་དང་ གཟུགས་མེད་པའི་ཁམས་གསུམ་གྱི་དབྱེ་བས་སྤང་བྱ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་ལ་ནང་གསེས་ཀྱི་སོ་སོར་རྣམ་པ་དགུ་ཉིད་ཀྱིས་ཤེས་སྒྲིབ་ཀྱི་ངོ་བོར་གྱུར་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་པོ་དེ་གཉེན་པོ་མཐོང་ལམ་རྩེ་མོ་སྦྱིན་སོགས་སོ་དྲུག་ཚན་པར་ གསུམ་སྟེ་བརྒྱ་དང་བརྒྱད་ཀྱིས་སྤངས་པའི་ཤུགས་ལས། གཉེན་པོ་རྩེ་མོ་ཁམས་གསུམ་ལ་དམིགས་པའི་སུམ་ཅུ་རྩ་དྲུག་ཚན་པ་གསུམ་པོ་དེ་དག་གིས་བསྡུས་པའི་སྐབས་སུ་ཉོན་མོངས་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པའི་སྒྲིབ་པ་བརྒྱ་རྩ་བརྒྱད་ སྤངས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་ཐོབ་པ་ཡིན་ཅིང་གཉེན་པོས་སྤང་བྱ་སྤོང་བ་འདི་སྲིད་དོ། ། སྐབས་འདིར་ཉོན་སྒྲིབ་སྤངས་ཀྱང་ཉོན་མོངས་ཀྱི་བག་ཉལ་ཉོན་སྒྲིབ་ཏུ་མི་འཇོག་པ་ནི་འཕགས་སེང་གི་དགོངས་པ་ཡིན་ལ། སྐབས་འདིར་ཉོན་མོངས་པའི་བག་ཉལ་ སྤངས་ཀྱི། ཉོན་མོངས་པའི་ས་བོན་སྤངས་པ་དངོས་སུ་མི་གསལ་ཞིང་། འགའ་ཞིག་གིས་སྐབས་འདིར་ས་བོན་སྤངས་པར་འདོད་པ་འཕགས་སེང་གི་དགོངས་པ་ཡིན་ཅེས་ཟེར་རོ། །མདོར་ན་སྒྲིབ་པ་གཉིས་ལ་ཁམས་གསུམ་སོ་སོའི་རྟོག་པ་བརྒྱ་རྩ་བརྒྱད་པ་ཚན་པ་གཉིས་དང་། དེ་ 5-1-472a གཉིས་ཐ་དད་ལ་དམིགས་པའི་རྩེ་སྦྱོར་སུམ་ཅུ་རྩ་དྲུག་པ་ཚན་པ་དྲུག་སྟེ་བརྒྱ་རྩ་བརྒྱད་པ་ཚན་པ་གཉིས་དང་བཅས་པས་སྤང་གཉེན་གཉིས་ཀའི་གྲངས་ལ་བཞི་བརྒྱ་དང་སུམ་ཅུ་སོ་གཉིས་སུ་ངེས་སོ། །བདུན་པ་དེ་བསྒོམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ ལས། སེང་གེ་རྣམ་རྩེན་གྱི་སྤྱི་དོན་ནི། འོག་ཏུ་སྒོམ་ལམ་གྱི་སྦྱོར་བ་སེང་གེ་རྣམ་རྩེན་གྱི་སྐབས་སུ་འཆད་ལ། འདིར་རྟེན་འབྲེལ་གྱི་སྤྱི་དོན་འཆད་པར་བྱེད་དེ། དེའང་རྟེན་འབྲེལ་གྱི་ངོ་བོ། དབྱེ་བ། སྒྲ་དོན། རྒྱུ་འབྲས་ཚེ་དུ་ལ་རྫོགས་པ་དང་། རྫས་ཡོད་བཏགས་ཡོད་ ཀྱི་ཁྱད་པར། ས་མཚུངས་པ་དང་མི་མཚུངས་པའི་བྱེ་བྲག་གོ། དང་པོ་རྟེན་འབྲེལ་གྱི་ངོ་བོ་ནི། རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མིན་པའི་ཕྱིར་རྒྱུ་དང་རྐྱེན་ལས་བལྟོས་ཏེ་ཆོས་ཐམས་ཅད་སྣང་བ་ཡིན་གྱི། དེའང་ཆོས་ཐམས་ཅད་དབང་ཕྱུག་སོགས་ཀྱིས་བྱས་པས་མ་ཡིན་པ་དང་། རྒྱུ་ རྐྱེན་རིས་མི་མཐུན་པ་ལས་བྱུང་བ་མ་ཡིན་པ་དང་། རྟག་པའི་རྒྱུ་ལས་བྱུང་བ་མ་ཡིན་ལ། སྣང་ཙམ་པ་འདི་ནི་བལྟོས་པའི་འབྲེལ་བ་ལས་གྲུབ་པར་ཡོད་པ་མིན་ཀྱང་། ཡོད་པ་ལྟར་བྱིས་པ་ལ་སྣང་བའི་དངོས་པོ་ཡིན་ཏེ། ཇི་སྐད་དུ། གང་དག་བརྟེན་ནས་དངོས་པོ་རྣམས། །དེ་ བཞིན་དེ་ནི་གྲུབ་འདོད་པ། །ཞེས་སོ། །དེ་ལྟར་སྣང་བའི་ཆོས་ཙམ་པོ་དེ་འཁྲུལ་མེད་དུ་སྟོང་པ་ཉིད་ཡིན་ཀྱང་། འཁྲུལ་བར་བལྟོས་གྲུབ་ཏུ་སྣང་བ་འདི་གྲུབ་བོ། །འདི་ལྟར་གྲུབ་པས་བལྟོས་གྲུབ་ཀྱི་གནས་ཚུལ་ཇི་ལྟ་བར་ཤེས་ན་མཐའ་གཉིས་སྤངས་པའི་སྟོང་པ་ཉིད་ཀྱང་ གསལ་བར་བྱེད་པ་སྟེ། རྩོད་བཟློག་ལས། གང་གིས་སྟོང་དང་རྟེན་འབྱུང་ནི། །དབུ་མའི་དོན་དུ་དོན་གཅིག་པར། །གསུང་མཆོག་རབ་ཏུ་གསུང་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གཉིས་པ་དབྱེ་བ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་དང་། རྣམ་བྱང་ 5-1-472b གི་རྟེན་འབྲེལ་ལོ། །དང་པོ་ལ། ཐུན་མོང་གི་དབྱེ་བ་དང་། དབྱེ་བ་སོ་སོའི་དོན་ནོ། །དང་པོ་ལ། དབྱེ་གཞི་དང་། དབྱེ་བའི་ངོ་བོ་དང་། དབྱེ་བའི་རྒྱུ་མཚན་དང་། དབྱེ་དོན། གྲངས་ངེས་སོ། །དང་པོ་ནི། འཁོར་བ་ན་འཁོར་བའི་རྒྱུ་རྐྱེན་གྱི་ངོ་བོར་གྱུར་པའི་རྟེན་འབྲེལ་དེའོ། །གཉིས་པ་ནི། མ་རིག་པ་ སོགས་ཡན་ལག་བཅུ་གཉིས་སུ་སྣང་བ་དེའོ། །གསུམ་པ་ནི། རྒྱུ་འབྲས་ཀྱི་དབང་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཁྱད་པར་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་ཡོད་པའོ། །ཇི་ལྟར་ཡོད་ཅེ་ན། བྱེ་སྨྲས། རྒྱུ་ལྔ་དང་འབྲས་བུ་བདུན་དུ་འདོད་ལ། སེམས་ཙམ་པས་རྒྱུ་དྲུག་དང་འབྲས་བུ་དྲུག་ཏུ་འདོད་དོ། ། བཞི་པ་ནི། རྫས་ཀྱི་ངོ་བོ་ཐ་དད་ཀྱང་རྫས་རྒྱུན་ཐ་དད་པ་མིན་པས་སྤྱི་རིས་གཅིག་གོ། ལྔ་པ་ནི། ཡན་ལག་ཏུ་འགྱུར་ཚུལ། བཅོམ་ལྡན་འདས་ཀྱིས་བཅུ་གཉིས་སུ་གྲངས་ངེས་པར་མཛད་པ་ཡིན་ནོ། །འོ་ན་མ་རིག་པ་ལ་རྒྱུ་ཡོད་དམ་མེད། ཡོད་ན་རྟེན་འབྲེལ་བཅུ་གསུམ་ པར་ཐལ། མེད་ན་འཁོར་བ་ལ་ཐོག་མ་ཡོད་པར་ཐལ། ཅེས་པ་དང་། རྒ་ཤི་ལ་འབྲས་བུ་ཡོད་ན་ཡན་ལག་བཅུ་གསུམ་དུ་ཐལ་བ་དང་། མེད་ན་དེ་ལྟ་བུའི་རྒྱུ་འབྲས་ཚར་གཅིག་གིས་འཁོར་བ་རྒྱུན་ཆད་པར་ཐལ་ལོ་ཞེ་ན། དངོས་པོར་སྨྲ་བ་ཁྱོད་ཅག་བདེན་ཏེ། ཁོ་བོ་ལ་ནི་སྐྱོན་ དེ་གནས་པ་མིན་ལ། མ་རིག་པ་ནི་མ་མཐོང་བ་སྟེ། གང་མ་མཐོང་ན་ཡུལ་གྱི་གནས་ཚུལ་ཇི་ལྟ་བར་མ་མཐོང་བ་ཡིན་ཏེ། ཡུལ་བདེན་པ་བཞིའམ་མཚན་ཉིད་གསུམ་གྱི་སོ་སོའི་གནས་ལུགས་ཇི་ལྟ་བར་མ་རིག་པའི་ཕྱིར། དེ་སྐད་དུ། གང་ཞིག་ཡོད་པ་མ་མཐོང་མེད་མཐོང་བ། ། འདི་འདྲའི་མུན་ནག་རྣམ་པ་ཅི་ཞིག་གོ། ཞེས་འབྱུང་བ་ལྟར། རྨོངས་པ་ནི་མི་ཤེས་པ་ཉིད་ཁོ་ན་ལས་ཡིན་གྱི། དེ་དག་ལ་འདུ་བྱེད་ཀྱི་ཁམས་དང་། སེམས་ཅན་བསམ་གྱིས་མི་ཁྱབ་པ་དང་། ལས་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་གྱི་ཁམས་མཐའ་ཀླས་པ་དང་། ཟད་ 5-1-473a པ་མེད་པ་དང་། ཕྱིན་ཅི་ལོག་ཏུ་སྣང་བ་བརྟན་པ་ཞེས་པ་དུ་མའི་མིང་ཅན་གྱི་གློ་བུར་གྱི་དྲི་མ་འདི་ཆོས་ཅན། བརྟགས་ཤིང་དཔྱད་ན་ཐོག་མ་དང་ཐ་མ་དང་རྒྱུ་དང་རྐྱེན་ལ་སོགས་པ་གང་ཡང་ཡོད་པ་མིན་ཏེ། དེ་ཉིད་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་ཀྱང་གློ་བུར་རྫོབ་ ལ་སྣང་བའི་ཕྱིར། གློ་བུར་དུ་རྫོབ་ལ་བརྟེན་པའི་ཆོས་ལྟར་སྣང་བ་དེ་ཡིན་ན་རྒྱུ་རྐྱེན་ལ་སོགས་པ་མེད་པས་ཁྱབ་སྟེ། རང་གི་ངོ་བོར་མེད་ཀྱང་ཡོད་པའི་ཆོས་ལྟར་སྣང་བ་བརྫུན་པ་དེ་རྒྱུ་རྐྱེན་བརྫུན་པས་བསྐྱེད་པའི་ཕྱིར། མ་གྲུབ་ན། དེ་བསྐྱེད་པར་ཐལ། བདེན་རྫུན་གྱི་རྒྱུ་ལས་ འབྲས་བུ་བདེན་བརྫུན་ཀྱང་ཐ་དད་དུ་ངེས་པའི་ཕྱིར། རྒྱུ་རྐྱེན་བརྫུན་པས་བསྐྱེད་ན་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་ཁྱབ་སྟེ། རྒྱུ་རྐྱེན་བརྫུན་པ་རྒྱུ་རྐྱེན་མ་ཡིན་པའི་ཕྱིར། གསེར་འགྱུར་གྱི་རྒྱུ་རྐྱེན་རྫུན་མ་གསེར་འགྱུར་གྱི་རྒྱུ་རྐྱེན་མ་ཡིན་པ་བཞིན་ནོ། །དེས་ན་རྒྱུ་རྐྱེན་གྱིས་བསྐྱེད་པ་ ལྟར་སྣང་བའི་གློ་བུར་གྱི་དྲི་མ་ཡན་ལག་བཅུ་གཉིས་དང་ལྡན་པ་འདི་རང་ཡོད་མ་མྱོང་ན། དེའི་མ་རིག་པའི་ཡན་ལག་དང་། རྒ་ཤིའི་ཡན་ལག་ལ་ཐོག་མཐའ་ཡོད་མེད་ཀྱི་དཔྱད་པ་རང་ཞིར་འགྲོ་ལ། དེ་ལྟར་ན་མ་རིག་པ་རྒྱུ་མེད་དུ་ཐལ་བ་དང་། དེ་ལ་རྒྱུ་མེད་ན་ཡན་ལག་ལྷག་ མ་རྣམས་ལའང་དེར་ཐལ་ལོ་ཞེ་ན། མ་རིག་པ་ལ་རྒྱུ་མེད་དུ་ཐལ་བས་མི་གནོད་དོ། །མ་རིག་པ་ཡོད་ན་རྒྱུ་རྐྱེན་ལ་བལྟོས་ཀྱང་། དཔྱད་ན་མ་རིག་པ་ཉིད་ཡོད་པར་ཁས་མ་བླངས་པའི་ཕྱིར། དེ་རྒྱུ་མེད་དུ་ཐལ་བའི་སྐྱོན་མེད་དོ། །དེ་ལྟར་ན་མ་རིག་པ་ཡོད་པར་ཐལ། རྟེན་འབྲེལ་ ཡོད་པའི་ཕྱིར་ཞེ་ན། རིགས་པས་ཤིན་ཏུ་དཔྱད་ན་རྟགས་མ་གྲུབ་སྟེ། རྟེན་འབྲེལ་ཆོས་ཅན། རྟེན་འབྱུང་དང་བལྟོས་གྲུབ་ཡིན་ན་ཡོད་པ་མ་ཡིན་པས་ཁྱབ་པར་ཐལ། ཡོད་ན་རང་བཞིན་གྱིས་ཡོད་དགོས་པ་ལ། དེ་མེད་པས་མེད་བཞིན་དུ་འཁྲུལ་སྣང་གི་ངོར་བལྟོས་གྲུབ་ཏུ་བྱུང་བའི་ཕྱིར། 5-1-473b རྟགས་ཚད་མས་གྲུབ། འཁྲུལ་སྣང་གི་ངོར་ཡོད་ན་མེད་པས་ཁྱབ་སྟེ། ཡུལ་གྱི་གནས་ཚུལ་ལ་བསླུ་བའི་ཕྱིར། ཟླ་བ་གཉིས་སྣང་བཞིན་ཁྱབ་པ་གྲུབ་བོ། ། འོ་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་མེད་བཞིན་དུ་བྱེད་པ་མི་འཐད་དོ་ཞེ་ན། རྟེན་འབྲེལ་མེད་ཀྱང་བཅོམ་ལྡན་འདས་ ཀྱིས་དེ་ལྟའི་རྣམ་གཞག་མཛད་པ་ལ་དགོས་པ་ཡོད་དེ། འཁྲུལ་བའི་བྱིས་པ་སྡུག་བསྔལ་བ་དག་ལ་འཁྲུལ་གཞི་ལས་ཇི་ལྟར་འཁྲུལ་བའི་ཚུལ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་འཁྲུལ་ཚུལ་བསྟན་ནས་འཁྲུལ་བ་བཟློག་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་འཁྲུལ་མེད་ཀྱི་ངོ་ནས་དེ་ལྟ་ ཡིན་དུ་ཆུག་ཀྱང་། འཁྲུལ་ངོ་ནས་མ་རིག་པའི་རྒྱུ་རྐྱེན་གང་ཡིན་སྙམ་ན། དེ་གོང་གི་ཡན་ལག་བཅུ་གཉིས་ཀྱི་རིགས་རྒྱུན་སྔ་མ་རྣམས་ཡིན་ལ། རིགས་རྒྱུན་སྔ་མ་རྣམས་ཀྱི་རྒྱུ་རྐྱེན་གང་ཡིན་ཅེ་ན། དེའང་ཡན་ལག་བཅུ་གཉིས་ཀྱི་རིགས་རྒྱུན་དེའི་སྔ་མ་རྣམས་སོ། ། དེ་ལྟར་ ན་ཁྱོད་ཀྱི་འདོད་པ་དེས་འཁོར་བའི་ཡ་མཐའ་ཐུག་མེད་དུ་ཐལ། དེར་ཐལ་ན་འཁོར་བ་ལ་ཐོག་མའམ་དང་པོའི་དུས་འདི་ཞེས་བཟུང་དུ་མེད་པར་ཐལ། དེ་ལྟར་ན་འཁོར་བ་རེས་འགའ་བའམ་གློ་བུར་བ་མ་ཡིན་པར་ཐལ་ཏེ། འཁོར་བའི་ཐོག་མ་དུས་ཀྱི་ངེས་བཟུང་བྱར་མེད་པར་ གདོད་མ་ནས་རྟག་པར་ཡོད་པའི་ཕྱིར་ཞེ་ན། སྣང་ཚུལ་ལ་ཞེན་པ་ཁྱོད་བདེན་ཀྱང་། ཁོ་བོ་ལ་ཉེས་པ་དེ་མེད་དེ། འཁྲུལ་བའི་མཐུ་ལས་འཁོར་བའི་ཡ་མཐའ་ཐུག་མེད་དུ་སྣང་བས། འཁོར་བ་རེས་འགའ་བ་མིན་པས་དང་པོ་ནས་ཡོད་སྙམ་པ་ནི་བྱིས་པ་ཐམས་ཅད་ཀྱི་བློ་ལྷན་ སྐྱེས་ཀྱི་འཛིན་སྟངས་ལ་ཤར་ཡང་། དབུ་མ་ཆེན་པོའི་གཞུང་ལ་སྦྱངས་ན་འཁྲུལ་སྣང་ལ་ཡ་མཐའ་ཐོག་མེད་དུ་སྣང་བ་ལ་འཁྲུལ་ཏེ་འཁོར་བ་ཐོག་མའི་དུས་འདི་ཞེས་མེད་པས་འཁོར་བ་དང་པོ་ནས་རྟག་པ་ཡིན་པས་མ་ཁྱབ་སྟེ། འཁྲུལ་སྣང་གི་རྟོག་པ་ཐམས་ཅད་བསླུ་བ་ 5-1-474a ཡིན་པའི་ཕྱིར། དཔེར་ན་སྒྱུ་མ་དང་གཉིད་ཀྱིས་བསླད་པའི་ཤེས་པ་ལ་སྐད་ཅིག་ཀྱང་བསྐལ་པ་མང་པོས་བར་ཆོད་པར་སྣང་བ་བཞིན་ནོ། ། གཞན་ཡང་རྒ་ཤི་ལ་འབྲས་བུ་དངོས་སུ་མེད་ཀྱང་། རྟེན་འབྲེལ་གྱི་ཚར་ཚེ་གཉིས་དང་ཚེ་གསུམ་གང་ལ་ རྫོགས་ཀྱང་། ཡང་སྲིད་འཕེན་འགྲུབ་རྟེན་འབྲེལ་གྱི་ཚར་དེ་བཞིན་བྱེད་པས། རྟེན་འབྲེལ་གྱི་རྒྱུ་འབྲས་ཚར་གཅིག་གི་མཐར་འཁོར་བ་རྒྱུན་ཆད་པའི་ཉེས་པ་མེད་དོ། །སྤྱིར་ཡན་ལག་བཅུ་གཉིས་པོ་འདི་རང་ཡང་ནང་ཕན་ཚུན་ཤིང་རྟའི་ཡན་ལག་ལྟར་འཁོར་བས། དེའི་ ཤུགས་ཀྱིས་སྲིད་པ་ཉིད་ཀྱང་འཁོར་བ་དང་གཡོ་བའི་ཚུལ་གྱིས་རྒྱུ་རྐྱེན་ལས་སྣང་བ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུ་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་སོ། ། བོད་མང་པོའི་རྟོག་པ་ལ། འཁོར་བ་རྟག་པ་ཡིན་ཏེ། སེམས་ཅན་ཟད་པའི་ཕྱི་མཐའ་མེད་པའི་ཕྱིར་སྙམ་པ་དང་། འཁོར་བ་ལ་ཡ་མཐའི་ཐོག་མ་མེད་པས་ཡ་ཐོག་དང་པོའི་དུས་འཁོར་བའི་རྫས་རྒྱུན་དེ་རྒྱུན་གྱི་རྟག་པ་ཡིན་ཀྱང་། མ་མཐའི་དུས་རྫས་རྒྱུན་ལ་གནོད་པ་བྱས་པས་རྒྱུན་རྟག་པ་དེ་ འགོག་གོ་ཞེས་སེམས་པར་བྱེད་དོ། །དེ་ལྟར་སེམས་པ་ནི་དབུ་མ་ཆེན་པོའི་གཞུང་ལུགས་ལ་སྦྱངས་པ་མ་བྱས་པའི་སྐྱོན་ཡིན་པས། རིགས་པས་ཅུང་ཟད་དཔྱད་པ་ན། སེམས་ཅན་ཉིད་རྫས་སུ་མ་གྲུབ་སྟེ། གློ་བུར་གྱི་དྲི་མ་ལ་སེམས་ཅན་དུ་བཏགས་པ་ཙམ་ཡིན་ པའི་ཕྱིར། སེམས་ཅན་གྱི་རྫས་མེད་པས་དེའི་རྫས་རྒྱུན་ཀྱང་ཡོད་པ་མ་ཡིན་ལ། ཤིན་ཏུ་དཔྱད་ན་བཏགས་པ་ཙམ་དུའང་མ་གྲུབ་སྟེ། གདགས་གཞི་ཉིད་ཡོད་པ་མ་ཡིན་པའི་ཕྱིར་དང་། དེ་དང་དེར་བཏགས་པ་ལྟར་མ་གྲུབ་པའི་ཕྱིར། བཏགས་ཡོད་དུ་མ་གྲུབ་ན་ 5-1-474b རྫས་ཡོད་དུ་གྲུབ་པ་ག་ལ་ཞིག་གོ། ཁྱོད་འདོད་པའི་འཁོར་བའི་ཡ་མཐའ་ཐོག་མེད་ཀྱི་རྫས་རྒྱུན་དང་པོ་རྟག་ན་ཕྱིས་རྟག་པའི་དངོས་པོ་ལས་ལྡོག་པ་མི་སྲིད་དེ། རྟག་མི་རྟག་གི་རང་བཞིན་གཞན་དུ་འགྱུར་བ་མི་སྲིད་པའི་ཕྱིར། དཔེར་ན་རྒྱུན་གྱིས་རྟག་པའི་ལོངས་སྐུ་དེ་ ཕྱིས་རྟག་པ་ལས་མི་ལྡོག་པ་བཞིན་ནོ། ། ཁོ་བོའི་གོ་བ་ལྟར་ན། འཁོར་བ་ལ་ཐོག་མཐའ་མེད་པའི་དོན་ནི། འཁོར་བ་ཉིད་མ་གྲུབ་པའི་ཕྱིར། དེའི་ཐོག་མཐའ་མེད་པ་ལན་གཅིག་མིན་པར་བཤད་ཟིན་ལ། ཁྱོད་ཀྱིས་ནི་ཐོག་མཐའ་མེད་པའི་དོན་སེམས་ཅན་གྱི་ཁམས་སམ་ འཁོར་བ་ཐོག་མ་ནས་ཀྱང་ཡོད་ལ། ཐ་མར་ཡང་མི་ཟད་པར་ཡོད་པ་ཡིན་ནོ་ཞེས་བྱ་བ་འདི་ནོར་བ་ཡིན་ནོ། །མདོར་ན་སེམས་ཅན་ཟད་པ་མེད་པས་འཁོར་བ་སྟོང་པའི་དུས་མི་སྲིད་པའི་ཕྱིར་ཡང་འཁོར་བ་ལ་མ་མཐའ་ཐུག་མེད་དུ་ཡོད་ཟེར་བ་འདི་ནི་ལྷག་པར་ཡང་ཐ་ཤལ་བ་ཡིན་ཏེ། སེམས་ཅན་མི་ཟད་པ་ལྟར་སྣང་བ་ནི་འཁྲུལ་བར་སྤྱོད་པ་དག་ལ་ཡིན་གྱི། སེམས་ཅན་ནི་ཉེ་བར་འགའ་ཡང་མ་མཐོང་ན། སེམས་ཅན་གྱི་སྤྱི་མཐའ་ཟད་མེད་དུ་དམིགས་པ་མ་ཡིན་ནོ། །འཁྲུལ་བར་སྤྱོད་པ་དག་ལ་སེམས་ཅན་ཟད་མེད་དུ་སྣང་བ་ཙམ་ནི་སེམས་ཅན་ཟད་མེད་དུ་ ཡོད་པར་མི་འགྲུབ་པའི་ཚུལ་གོང་དུ་བཤད་ཟིན་ལ། འཁོར་བ་སྟོང་པའི་དུས་ཡོད་མེད་ཀྱང་འཁོར་བ་ནི་སྐད་ཅིག་ཀྱང་མི་གནས་པར་མེད་པར་བཤད་ན། སྟོང་པའི་དུས་ཡོད་མེད་ལ་དཔྱད་མི་དགོས་ཤིང་། དེ་ལྟར་ན་འཁོར་བ་མ་འོངས་པ་ནའང་འབྱུང་བ་གཏན་མ་ངེས་སོ་ཞེ་ན། འཁོར་བ་གཏན་མི་འབྱུང་བས་དང་པོ་ཉིད་ནས་སྡོམ་པར་གྲུབ་པ་ནི། བཅོམ་ལྡན་འདས་ཀྱི་སྔགས་ཀྱི་ཐེག་པར་དཔལ་འཁོར་ལོ་སྡོམ་པ་ཞེས་འབྱུང་བས་འདོད་པ་ཁོ་ན་ཡིན་ནོ། །འོན་ཀྱང་གནས་སྐབས་སུ་འཁོར་བ་མི་སྟོང་པར་སྣང་བ་སོགས་ནི་ཀུན་ནས་ཉོན་མོངས་པའི་རྟེན་ 5-1-475a འབྱུང་གོམས་པ་ལས། སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ལ། རྟེན་འབྲེལ་གྱི་ཆོས་ཉིད་འདི་ནི་ཚུར་མཐོང་རྒྱུད་ཀྱི་ཤེས་པས་བསམ་པར་མི་ནུས་པས་ཕྲ་བའི་གནས་ཡིན་ཏེ། ཐེག་བསྡུས་སུ། ཐོག་མེད་གྱུར་ཀྱང་ ཐ་མ་དང་ལྡན་པ། །ཞེས་འཁོར་བ་ལ་ཐོག་མའི་མཐའ་མེད་ཀྱང་ཐ་མ་དང་ལྡན་པས་མ་མཐའ་ཡོད་པ་ལྟར་གསུངས་པ་ནི་དགོངས་པ་ཅན་ཡིན་ཏེ། གློ་བུར་གྱི་དྲི་མ་མཐར་བརྫུན་པས་རང་བཞིན་གྱིས་ཡལ་བ་ལྟར་སྣང་བ་ལ་དགོངས་ནས་མ་མཐའ་ཡོད་པར་གསུངས་ལ། མ་མཐའ་ ཐུག་པ་ཡོད་ལ་ཐོག་མ་མེད་པ་འདི་དོན་ལ་གནས་པ་ཡིན་ཏེ། མཐར་ཐུག་སངས་མི་རྒྱ་བའི་སེམས་ཅན་མི་སྲིད་པའི་ཕྱིར་ཞེས་དབུ་མ་ཆེན་པོའི་གཞུང་ལུགས་ལས་འབྱུང་བ་འདིས་གྲུབ་བོ། །ངེས་དོན་གྱི་ཆོས་སྐད་དཀའ་བའི་གནས་མང་པོ་འཁོར་བའི་ཐོག་མཐའ་ཡོད་མེད་འདིའི་ དོན་ལེགས་པར་ཤེས་ན་འཁྲོལ་བར་གདའོ། །གཉིས་པ་དབྱེ་བ་སོ་སོའི་རང་བཞིན་ལ་གཉིས། ལས་གསུམ་ཐུན་མོང་གི་དབང་དུ་བྱས་པ་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས་ཀྱི་དབང་དུ་བྱས་པའོ། །དང་པོ་ལ་བཅུ་གཉིས་ཡོད་པ་ལས། མ་རིག་པའི་མཚན་ཉིད་ནི་རྨོངས་ པའོ། ། དེ་ལ་དབྱེ་སྒོ་མང་དུ་ཡོད་ཀྱང་། སྤྱིར་མ་རིག་པ་ལ་དབྱེ་ན། ཉོན་མོངས་པ་ཅན་གྱི་མ་རིག་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཉིས་ལས། འདིར་རྟེན་འབྲེལ་གྱི་ཡན་ལག་ཏུ་འཇོག་པའི་མ་རིག་པ་ནི་དང་པོ་ཡིན་ཏེ། ཉོན་མོངས་པའི་ཀུན་འབྱུང་ འཆད་པའི་སྐབས་ཡིན་པའི་ཕྱིར་དང་། བྱེ་བྲག་ཏུ་ཡང་སྲིད་འཕེན་བྱེད་ཀྱི་ལས་དེའི་རྒྱུ་དུས་ཀྱི་ཀུན་སློང་དུ་གྱུར་པ་ཡིན་པའི་ཕྱིར་དང་། དེ་ཡིན་པས་ཆོག་གི། ལས་དེའི་དུས་ཀྱི་ཀུན་སློང་ཁོ་ན་ནི་བཟུང་བ་མ་ཡིན་ཏེ། འདིར་བསྟན་གྱི་མ་རིག་པ་འཕེན་བྱེད་ཡིན་གྱི། ལས་དགེ་ 5-1-475b བ་རྣམས་ལ་དུས་ཀྱི་ཀུན་སློང་ཉོན་མོངས་ཅན་མི་སྲིད་པའི་ཕྱིར། འདུ་བྱེད་ཀྱི་ལས་དེས་བཞག་པའི་བག་ཆགས་དང་ལྷན་ཅིག་ཏུ་བྱུང་བའི་མ་རིག་པའང་འདིར་མི་གཟུང་སྟེ། རྟེན་འབྲེལ་གྱི་ཡན་ལག་ཏུ་འཇོག་པའི་མ་རིག་པ་འདི་ནི་ཡང་སྲིད་ཕྱི་མའི་སྡུག་བསྔལ་གྱི་ཕུང་པོ་འཕེན་ བྱེད་ཁོ་ན་ཡིན་གྱི། སྐྱེད་བྱེད་ཙམ་གྱི་མ་རིག་པ་མ་ཡིན་པའི་ཕྱིར། མདོར་ན་འདིར་འཕེན་བྱེད་ཀྱི་ཡན་ལག་ཏུ་བཞག་པའི་མ་རིག་པ་ནི་རྩ་ཉོན་དྲུག་གི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་ལ། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ནི་ཉན་རང་དགྲ་བཅོམ་དང་བྱང་སེམས་ འཕགས་པའི་རྒྱུད་ལ་ཡོད་པའི་ཤེས་བྱ་ལ་རྨོངས་པའི་མ་རིག་པ་དེའོ། །ཡན་ལག་ཏུ་འཇོག་པའི་མ་རིག་པ་འདི་ལ་མཐོང་བ་དང་སྒོམ་པས་སྤང་བའི་ཆ་གཉིས་ཡོད་དེ། མཐོང་སྤང་དུ་གྱུར་པའི་ཆ་ཞིག་དང་། ཉོན་ཡིད་འཁོར་གྱི་མ་རིག་པ་གཉིས་ཀས་འཕེན་བྱེད་ཀྱི་ལས་ཀྱི་རྒྱུ་དུས་ཀྱི་ཀུན་སློང་ བྱེད་པར་ནུས་པའི་ཕྱིར། བྱེ་བྲག་ཏུ་བདེ་འགྲོའི་ཕུང་པོ་འཕེན་བྱེད་ཀྱི་ལས་ལ་ནི་དུས་ཀྱི་ཀུན་སློང་དུ་གྱུར་པའི་ཉོན་མོངས་པ་དང་མཚུངས་ལྡན་གྱི་མ་རིག་པ་འདི་ཡོད་པ་མ་ཡིན་ཏེ། ལས་དེ་ནི་གཏི་མུག་མེད་པའི་དགེ་རྩ་དང་མཚུངས་ལྡན་དུ་འབྱུང་བའི་ཕྱིར། ངན་འགྲོར་ འཕེན་བྱེད་ཀྱི་ལས་ལ་ནི་མཐོང་སྤང་དུ་གྱུར་པའི་ཉོན་མོངས་པ་ཅན་གྱི་མ་རིག་པའི་དུས་ཀྱི་ཀུན་སློང་ཡོད་པ་ཡིན་ཏེ། ལས་དེ་ནི་མི་དགེ་བ་ཁོ་ན་ཡིན་པས། མ་རིག་པ་དེ་ཆགས་སྡང་གཉིས་ལས་གང་རུང་གཅིག་དང་མཚུངས་ལྡན་དུ་འབྱུང་བའི་ཕྱིར། ངན་སོང་གི་ཕུང་ཁམས་ སོགས་ཀྱང་མཐོང་སྤང་དུ་བཤད་པའི་དོན་ཀྱང་དེར་གནས་ལ། དེས་ན་དེའི་དུས་ཀྱི་ཀུན་སློང་ཉོན་མོངས་དང་མཚུངས་ལྡན་གྱི་མ་རིག་པ་ཡིན་མིན་གྱི་ཁྱད་པར་ལས་ངན་འགྲོར་འགྲོ་བའི་མ་རིག་པའི་རྟེན་འབྲེལ་ཡིན་ན་མི་དགེ་བ་ཡིན་པ་དང་། བདེ་འགྲོ་བའི་དེ་ཡིན་ན་ལུང་མ་ 5-1-476a བསྟན་ཡིན་པར་དགོངས་སོ། ། མདོར་ན་ཉོན་མོངས་པ་ཅན་གྱི་མ་རིག་པ་ལ་མཐོང་སྤང་གི་ཆར་གྱུར་པ་ནི་དྲུག་པ་ཡིད་ཀྱི་རྣམ་ཤེས་ཁོ་ནའི་འཁོར་དུ་འབྱུང་བའི་མ་རིག་པ་ཡིན་ཏེ། རྩ་ཉོན་དྲུག་གི་ནང་ཚན་དུ་གྱུར་པའི་མ་རིག་པ་དེ་ཡིན་པའི་ཕྱིར་དང་། བདེན་ པའི་རྣམ་པ་ལ་རྨོངས་པའི་མ་རིག་པ་ཡིན་པའི་ཕྱིར། སྒོམ་སྤང་གི་ཆར་གྱུར་པ་ན་བདུན་པ་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་པ་དེ་ཡིན་ཏེ། དེས་ཁ་ནང་དུ་བལྟས་ནས་ཀུན་གཞི་ལ་ངར་སེམས་པའི་སྒོ་ནས་ཉོན་མོངས་པར་བྱེད་པ་ཅན་ཡིན་པའི་ཕྱིར། འདིས་འགྲུབ་བྱེད་ཀྱི་ལས་ཀྱི་ ཀུན་སློང་བྱེད་པ་མ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་མ་རིག་པར་གྱུར་པའི་སྒོམ་སྤང་གི་དྲུག་ཡིད་དང་མཚུངས་པར་ལྡན་པའང་ཡོད་དེ། དེ་ལའང་བདེན་པ་ལ་རྨོངས་པའི་ཆ་དང་། ཡུལ་ལ་རྨོངས་པའི་ཆའི་མ་རིག་པ་གཉིས་ཡོད་པ་ལས། སྔ་མས་ནི་འཕེན་བྱེད་ཀྱི་ལས་དང་། ཕྱི་མས་ནི་འགྲུབ་བྱེད་ཀྱི་ཡན་ལག་ཀུན་ནས་སློང་བྱེད་ཡིན་ཏེ། སྔ་མས་ནི་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་འཕེན་པར་བྱེད་ལ། ཕྱི་མས་ནི་འཕངས་པའི་བག་ཆགས་དེ་སད་པར་བྱེད་པའི་ཕྱིར་རོ། །སྔ་མ་ནི་རྟེན་འབྲེལ་དང་པོའི་མ་རིག་པ་དང་། ཕྱི་མ་ནི་སྲེད་ལེན་གཉིས་ལ་ངོས་ འཛིན་པ་ཡིན་ནོ། ། འོ་ན་སྒོམ་པས་སྤངས་པའི་ཉོན་མོངས་ཅན་གྱི་མ་རིག་པ་ཡོད་ན། དེ་འཕགས་རྒྱུད་ལ་ཡོད་པར་ཐལ་ཅིང་། དེ་ཡོད་ན་འཕེན་བྱེད་ཀྱི་ལས་གསོག་པར་ཐལ། དེ་ལྟར་ན་ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ལ་ཡང་སྲིད་མེད། ། ཅེས་པས་མི་གནོད་དམ་ཞེ་ན། མི་གནོད་དེ། སྒོམ་པས་སྤང་བྱར་གྱུར་པས་ཉོན་མོངས་པ་ཅན་གྱི་མ་རིག་པ་སྲིད་པར་འཕེན་བྱེད་ཀྱི་ལས་དེའི་རྒྱུའི་ཀུན་སློང་དུ་གྱུར་པའི་རྒྱུའི་རྟེན་འབྲེལ་དེར་བཅོམ་པས་མངོན་དུ་མི་འགྱུར་བ་ལ་དགོངས་ནས། བདེན་པ་མཐོང་ལ་འཕེན་པ་མེད། ། 5-1-476b ཅེས་གསུངས་པ་ཡིན་ནོ། ། ཡང་ན་སྒོམ་སྤང་དུ་གྱུར་པའི་འཕེན་འགྲུབ་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་ཅན་གྱི་མ་རིག་པ་ཞིག་དེར་འཕགས་རྒྱུད་ལ་ཡོད་དུ་ཆུག་ཀྱང་། དེས་འཕེན་འགྲུབ་ཀྱི་ལས་ཀུན་ནས་སློང་བར་མི་བྱེད་དེ། འཕེན་འགྲུབ་ཀྱི་ནུས་པའི་མཐུ་ཐོགས་མེད་ དུ་ཡོད་པ་དེ་ནི་མཐོང་སྤང་དུ་གྱུར་པའི་ཉོན་མོངས་ཅན་གྱི་མ་རིག་པ་དེ་ཡིན་ལ། དེ་ནི་གང་ཟག་གི་བདག་མེད་མངོན་དུ་རྟོགས་པའི་སྒོ་ནས་སྤང་བར་བྱས་པའི་ཕྱིར་དང་། འདི་ནི་མཐུ་ཆུང་བས་ཀུན་ནས་སློང་ཡང་མི་ནུས་པའི་ཕྱིར། དཔེར་ན་བསམ་གཏན་གྱི་དངོས་གཞི་ ལས་མ་ཉམས་པའི་འདོད་རྟེན་ཅན་སོ་སྐྱེ་ལ་འདོད་པའི་ཉོན་ཡིད་ཡོད་ཀྱང་། དེས་དེར་སྐྱེ་བའི་ལས་མི་སློང་བ་བཞིན་ནོ། ། འོ་ན་འཕགས་པ་འཁོར་བར་སྐྱེ་བ་ལེན་པ་ཞིག་མི་སྲིད་པར་འགྱུར་ཏེ། འཕེན་འགྲུབ་ཀྱི་ལས་ཀུན་ནས་སློང་བ་དེའི་རྒྱུད་ལ་མི་སྲིད་པའི་ཕྱིར་རོ་ཞེ་ན། ཐེག་དམན་འཕགས་པའི་དབང་དུ་བྱས་ནའང་སྐྱོན་མེད་ལ། ཐེག་ཆེན་འཕགས་པའི་དབང་དུ་བྱས་ཀྱང་སྐྱོན་མེད་དེ། དང་པོ་ལྟར་ན། ཉན་ཐོས་འཕགས་པ་བསམ་གཏན་དང་པོ་ལྟ་བུ་ཞིག་ཏུ་སྐྱེ་བ་ལ་མཚོན་ན། ཉོན་མོངས་པ་ཅན་གྱི་མ་རིག་པ་གསར་པ་ཞིག་གི་འཕེན་བྱེད་ མེད་ཀྱང་། སྔར་བདེན་པ་མ་མཐོང་གོང་གི་བསམ་གཏན་དང་པོར་སྐྱེ་བའི་འཕེན་བྱེད་ཀྱི་ཉོན་མོངས་པ་ཅན་གྱི་མ་རིག་པ་གྲངས་མེད་པ་ཡོད་པ་ཞིག་འགྲུབ་བྱེད་ཀྱི་ལས་བསམ་གཏན་གྱི་ཉེར་བསྡོགས་ཟག་མེད་ཀྱིས་དེའི་སྲེད་ལེན་གྱི་རྟེན་འབྲེལ་གྱི་ཡན་ལག་གི་གོ་བཅད་པའི་ ཚུལ་གྱིས་མཚམས་སྦྱར་བར་བྱས་ནས་བསམ་གཏན་དང་པོའི་སྲིད་པ་འགྲུབ་པར་བྱེད་ལ། གཉིས་པའི་དབང་དུ་བྱས་ན་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པའི་མ་རིག་པའི་རྟེན་འབྲེལ་གྱི་ཡན་ལག་ལ་མི་བརྟེན་ཀྱང་། འཁོར་བར་སྐྱེ་བྱེད་ཀྱི་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་ 5-1-477a ཅན་གྱི་མ་རིག་པ་ཆེད་དུ་གཉེར་ནས་མི་སྤོང་བ་དེས་འཕེན་འགྲུབ་ཀྱི་རྒྱུ་རྐྱེན་བྱས་ཏེ་བསམས་བཞིན་དུ་འཁོར་བར་སྐྱེ་བ་ལེན་པ་ཡིན་ནོ། །ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་འདི་ལ་མཐོང་སྤང་དང་སྒོམ་སྤང་གི་ཆ་གཉིས་ཡོད་པ་འདི་ལུང་གིས་གྲུབ་པའང་ ཡིན་ཏེ། རྣལ་འབྱོར་གྱི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་སྤངས་ཤེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ། གང་ཡང་རིམ་གྱིས་སྤངས་པ་ནི་མིན་ནོ་ཞེས་གསུངས་པའི་ཕྱིར་རོ། །མ་རིག་པ་འདིས་འདུ་བྱེད་ཀྱི་ཀུན་སློང་བྱེད་ཚུལ་ནི། མ་རིག་པ་ཉིད་ནི་ བདག་ཏུ་རྨོངས་པ་ཡིན་ལ། དེ་ལས་བདག་ཆགས་འབྱུང་། དེ་ལས་བདག་བདེ་འདོད་པ་འབྱུང་བ་ཡིན་ནོ། ། དེའང་ཚེ་འདིར་བདེ་བ་འདོད་པ་དང་། ཕྱི་མར་བདེ་འདོད་གཉིས་ལས། དང་པོ་ནི། ཚེ་འདིར་བདེ་བ་འདོད་ནས་སྲོག་གཅོད་ལ་སོགས་མི་དགེ་བའི་ལས་ བྱེད་པའོ། ། གཉིས་པ་ལའང་ཕྱི་མར་འདོད་པའི་བདེ་འགྲོ་འདོད་པ་དང་། ཁམས་གོང་གི་བདེ་འགྲོ་འདོད་པ་གཉིས་ལས། དང་པོ་ནི། ཕྱི་མ་དེ་འདོད་ནས་འདོད་པའི་སས་བསྡུས་ཀྱི་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་སོགས་བསོད་ནམས་ཀྱི་ལས་གསོག་པར་ བྱེད་དོ། །གཉིས་པ་ནི། ཕྱི་མར་ཁམས་གོང་གི་དེ་འདོད་ནས་བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་དག་པ་བ་སོགས་མི་གཡོ་བའི་ལས་གསོག་པར་བྱས་ནས་ཁམས་གསུམ་སོ་སོར་སྐྱེ་བར་བྱེད་པ་ཡིན་ནོ། །གཉིས་པ་འདུ་བྱེད་ཀྱི་རྟེན་འབྲེལ་ནི་ལས་ཏེ། བཤད་མ་ཐག་ པའི་མ་རིག་པ་དེས་ཀུན་ནས་སློང་བའི་ཡང་སྲིད་འཕེན་བྱེད་ཀྱི་ལས་སོ། ། འདི་ལ་དབྱེ་ན། སེམས་པའི་ལས་དང་། བསམ་པའི་ལས་གཉིས་ལས། དེའང་བྱེ་སྨྲས་སྔ་མ་ཡིད་ཀྱི་ལས་དང་། ཕྱི་མ་ལུས་ངག་གི་ལས་སུ་བཞེད་ལ། མདོ་སྡེ་པ་ཡན་གྱིས་གཉིས་ཀ་སེམས་བྱུང་ 5-1-477b སེམས་པ་ལ་འདོད་ཅིང་། དེའི་ཚེ་དང་པོ་རྒྱུའི་ཀུན་སློང་དུ་གྱུར་པའི་སེམས་པ་དང་། གཉིས་པ་ནི། དུས་ཀྱི་ཀུན་སློང་དུ་གྱུར་པའི་སེམས་པའོ། །དེ་ལྟར་གྱི་ཚེ་ལུས་ངག་དང་ཡིད་ཤེས་འཁོར་གྱི་སེམས་པའི་ལས་གང་རུང་ཁོ་ནར་ངེས་ཀྱི། ཀུན་གཞིའི་སྟེང་གི་བག་ཆགས་ནི་ འདིར་ཡན་ལག་བཅུ་གཉིས་ཀྱི་གྲངས་ཀྱི་ལས་སུ་མི་བཟུང་སྟེ། འདུ་བྱེད་ཀྱི་རྟེན་འབྲེལ་ནི་བག་ཆགས་དེ་འཇོག་བྱེད་ཡིན་པའི་རྒྱུ་མཚན་གྱིས་གང་གིས་འཕེན་པར་བྱེད་པའི་ཡན་ལག་ཏུ་བཞག་པ་ཡིན་གྱི། འདུ་བྱེད་ཀྱི་རྟེན་འབྲེལ་དེས་འཕངས་པའི་བག་ཆགས་ནི་སྡུག་བསྔལ་གྱི་ རྒྱུའི་རྐྱེན་ཡིན་པའི་རྒྱུ་མཚན་གྱིས་ཇི་ལྟར་འཕངས་པའི་ཡན་ལག་ཏུ་བཞག་པའི་ཕྱིར། འདི་ལ་གསུམ། བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་སོ། །ལས་དེ་དག་གིས་རིམ་བཞིན་འདོད་པའི་བདེ་འགྲོ་དང་། ངན་འགྲོ་དང་། ཁམས་ གོང་དུ་འཕེན་པར་བྱེད་དོ། ། འོ་ན་ལས་སྔ་མ་གཉིས་གཡོ་བ་དང་། ཕྱི་མ་མི་གཡོ་བའི་དོན་ཅི་ཞེ་ན། སྔ་མ་གཉིས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་མཐུས་གཞན་དུ་མི་གཡོ་སྟེ། བསོད་ནམས་ཀྱི་འདུ་བྱེད་ཀྱིས་བདེ་འགྲོ་ཁོ་ན་དང་། བསོད་ནམས་མིན་པའི་འདུ་བྱེད་ཀྱི་རྣམ་སྨིན་ངན་ འགྲོའི་རྟེན་ལས་འབྱུང་བར་ངེས་པའི་ཕྱིར་རོ། །འོན་ཏེ་བསོད་ནམས་ཡིན་མིན་གྱི་འདུ་བྱེད་གཉིས་པོའི་རྒྱུ་མཐུན་གྱི་འབྲས་བུ་ནི་ས་གཞན་དུ་གཡོ་བ་མཐོང་སྟེ། བསོད་ནམས་རྒྱུ་མཐུན་གྱི་འབྲས་བུ་ལོངས་སྤྱོད་ལྟ་བུ་ངན་འགྲོའི་རྟེན་ལ་འབྱུང་བ་དང་། བསོད་ནམས་མིན་པའི་རྒྱུ་མཐུན་ གྱི་འབྲས་བུ་དབུལ་བ་དང་ཕོངས་པ་ལྟ་བུ་བདེ་འགྲོའི་རྟེན་ལའང་འབྱུང་བར་མཐོང་བའི་ཕྱིར། ཁམས་གོང་མའི་འཕེན་བྱེད་ཀྱི་ལས་ཀྱི་རྣམ་སྨིན་དུ་མ་ཟད། །རྒྱུ་མཐུན་གྱི་འབྲས་བུའང་ཁམས་དེ་ཉིད་དུ་འབྱུང་བར་ངེས་ཀྱི། ཁམས་གཞན་དུ་གཡོ་མི་སྲིད་པས་མི་གཡོ་བའི་ལས་སོ། ། 5-1-478a འདིར་འདུ་བྱེད་ཅེས་པའི་དོན་ནི། བྱ་བྱེད་ལས་གསུམ་འདུ་འཕྲོད་ཀྱི་བྱེད་ཆ་ལ་དེར་བཏགས་སོ། །གསུམ་པ་རྣམ་པར་ཤེས་པའི་རྟེན་འབྲེལ་ནི། འདུ་བྱེད་ཀྱི་རྟེན་འབྲེལ་དེའི་བག་ཆགས་གང་དུ་འཇོག་གཞི་འགྱུར་བའི་ཀུན་གཞིའི་རྣམ་ཤེས་དེའོ། །དེ་ལའང་ རྒྱུ་འབྲས་ཀྱི་ཆ་གཉིས་ཡོད་པ་ལས། དང་པོ་ནི། ལས་དེའི་བག་ཆགས་ཀུན་གཞིར་བཞག་སྟོབས་ཀྱིས་ཀུན་གཞི་དེས་ཡང་སྲིད་ཕྱི་མའི་སྡུག་བསྔལ་འབྱུང་རུང་དུ་བྱས་པ་ས་བོན་གྱི་ཆ་དང་། གཉིས་པ་ནི། ས་བོན་དེའི་ནུས་པས་སྡུག་བསྔལ་གྱི་ཕུང་པོ་ཐོག་མར་མའི་མངལ་ དུ་བྱུང་བའི་ཀུན་གཞིའི་ཤེས་ཕུང་རྣམ་སྨིན་གྱི་ཆ་དེའོ། །བཞི་པ་མིང་གཟུགས་ཀྱི་རྟེན་འབྲེལ་ནི། རྣམ་པར་ཤེས་པས་ཉིང་མཚམས་སྦྱར་བ་ནས་བཟུང་། རིམ་གྱིས་འཕེལ་བའི་རྣམ་ཤེས་ལས་གཞན་པའི་ཕུང་པོ་གཞན་བཞི་པོ་དེའོ། །དེ་ཡང་འདོད་གཟུགས་ན་མིང་གཟུགས་ གཉིས་ཀ་ཡོད་ལ། གཟུགས་མེད་ན་མིང་བཞིའི་རྟེན་འབྲེལ་ཡོད་ཀྱང་། གཟུགས་ཀྱི་རྟེན་འབྲེལ་མེད་པས་མིང་གཟུགས་ཀྱི་རྟེན་འབྲེལ་ཞེས་གཅིག་ཏུ་བསྡོམས་ནས་གསུངས་སོ། །ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་ནི། མིང་གཟུགས་ཡོངས་སུ་རྫོགས་པས་སྐྱེ་མཆེད་དྲུག་ཡོངས་ སུ་ཚང་བའི་རྟེན་འབྲེལ་ལོ། །འདིར་མིང་གཟུགས་ཀྱི་རྟེན་འབྲེལ་དང་། སྐྱེ་མཆེད་དྲུག་གི་རྟེན་འབྲེལ་སོ་སོར་འབྱེད་པ་མི་འཐད་དེ། རྫུས་སྐྱེས་ལ་དེ་རྣམས་ཅིག་ཅར་དུ་གྲུབ་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། མངལ་སྐྱེས་ཀྱི་དབང་དུ་བྱས་པའི་ཕྱིར། དེའི་རྒྱུ་མཚན་ནི། ཡན་ ལག་བཅུ་གཉིས་པོ་རིམ་གྱིས་འབྱུང་བ་ནི་མངལ་སྐྱེས་ཁོ་ན་ལ་ཡོད་པའི་ཕྱིར། དྲུག་པ་རེག་པའི་རྟེན་འབྲེལ་ནི། ཡུལ་དབང་རྣམ་ཤེས་གསུམ་འཕྲད་ནས་ཡུལ་ཡོངས་སུ་གཅོད་པར་བྱེད་པའི་སེམས་བྱུང་ངོ་། །འདིར་ཡུལ་དྲུག །དབང་པོ་དྲུག །རྣམ་ཤེས་དྲུག་རྣམས་ནི་རྟོགས་པར་ 5-1-478b སླ་ལ། དེ་གསུམ་འཕྲད་ནས་ཡུལ་གཅོད་པའི་ཚུལ་ནི། ཡུལ་སྐད་ཅིག་གིས་འགྱུར་བ་དེ་ཤེས་པ་སྐད་ཅིག་གིས་རྟོགས་པར་བྱེད་པའི་སྒོ་ནས་སོ། །འདི་ལ་བདེ་བ་མྱོང་འགྱུར་གྱི་རེག་པ། སྡུག་བསྔལ་མྱོང་འགྱུར་གྱི་རེག་པ། བཏང་སྙོམས་མྱོང་འགྱུར་གྱི་རེག་པའམ། ཡང་ན་མིག་གི་འདུས་ཏེ་རེག་པ་ ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དྲུག་དང་། ཉོན་ཡིད་དང་ཀུན་གཞིའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་རེག་པའོ། །བདུན་པ་ཚོར་བའི་རྟེན་འབྲེལ་ནི། རེག་པས་ཡོངས་སུ་བཅད་པ་ལྟར་སིམ་གདུང་བར་མར་ཉམས་སུ་མྱོང་བའོ། །དེ་ལ་དབྱེ་ན། ཚོར་བ་ལྔའམ། ཡང་ན་ལུས་ ཚོར། སེམས་ཚོར་གཉིས་ལས། དང་པོ་ནི། དབང་ཤེས་འཁོར་དུ་བྱུང་པའི་ཚོར་བ་དང་། གཉིས་པ་ནི། ཡིད་ཤེས་འཁོར་དུ་བྱུང་བའི་ཚོར་བའོ། །ཡང་ན་མངོན་པར་འབྱུང་བ་བརྟེན་པའི་ཚོར་བ་དང་། མངོན་པར་ཞེན་པ་བརྟེན་པའི་ཚོར་བ་གཉིས་ལས། དང་པོ་ཟག་ མེད་ཀྱི་ཚོར་བ་དང་། གཉིས་པ་ཟག་བཅས་ཀྱི་ཚོར་བའོ། །བརྒྱད་པ་སྲེད་པའི་རྟེན་འབྲེལ་ནི། ཚོར་བ་བདེ་སྡུག་ལ་བླང་དོར་དུ་ཆགས་པའོ། །འདི་ལ་བདེ་བ་ཐོབ་པར་སྲེད་པ་དང་། སྡུག་བསྔལ་འདོར་བར་སྲེད་པ་དང་། བཏང་སྙོམས་ལ་གཉིས་མིན་དུ་སྲེད་པ་དང་གསུམ་ མམ། ཡང་ན་འདོད་སྲེད། འཇིག་སྲེད། སྲིད་པའི་སྲེད་པ་དང་གསུམ་མོ། །དགུ་པ་ལེན་པའི་རྟེན་འབྲེལ་ནི། བདེ་སྡུག་གི་རྒྱུ་ཚོལ་བ་ལ་འདུན་པའི་སྒོ་ནས་ལེན་པའོ། །སྤྱིར་སྲེད་ལེན་གཉིས་ཀའང་སྡུག་བསྔལ་གྱི་ཕུང་པོ་དེ་འགྲུབ་བྱེད་ཀྱི་ལས་ཀུན་སློང་བྱེད་ཀྱི་ ཉོན་མོངས་པའོ། །སྲེད་ལེན་གྱི་ཁྱད་པར་ནི། དང་པོར་སྲེད་པ་དང་། ཕྱིས་སྲེད་པ་དེ་ཡོངས་སུ་འཕེལ་བའི་ཁྱད་པར་དུ་འཇུག་འགྲེལ་ལས་བཤད་ཅེས་འགའ་ཞིག་ཟེར་ཀྱང་། དེ་ལྟར་གསུངས་པ་དེ་སྲིད་པའི་ཤེས་རྒྱུན་ལེན་པའི་ཤེས་པར་འགྱུར་བ་ལ་དགོངས་པ་ 5-1-479a ཡིན་གྱི། དེ་ལྟ་མིན་པར་སྲིད་པ་འཕེལ་བའི་ཁྱད་པར་ཉིད་ལ་ལེན་པར་བཤད་ན། སྲིད་པ་ནི་ཐོབ་པར་འདུན་པ་དང་། ལེན་པ་ནི་ཐོབ་པ་ཡིན་པའི་ཕྱིར། དེ་གཉིས་ཁྱད་པར་ཡིན་ནོ། ། འགའ་ཞིག་གིས་སྲེད་པ་ནི་ཚོར་བའི་ངོ་བོ་ལ་ཆགས་པའི་ འདོད་ཆགས་ཡིན་ལ། ལེན་པས་ནི་ཚོར་བའི་རྒྱུ་འཚོལ་བ་ལ་འདུན་ཅིང་ཆགས་པའི་འདོད་ཆགས་སོ་ཞེས་ཀྱང་ཟེར་རོ། ། ལེན་པ་ལ་དབྱེ་ན་བཞི་སྟེ། འདོད་པའི་ཉེར་ལེན། ལྟ་བའི་ཉེར་ལེན། ཚུལ་ཁྲིམས་བརྟུལ་ཞུགས་ཀྱི་ཉེར་ལེན། བདག་ཏུ་སྨྲ་བའི་ཉེར་ལེན་དང་བཞིའོ། ། དེའང་དང་པོ་ནི། འདོད་ཡོན་ལྔ་ལ་ཆགས་པ་དེ་ཡིན་ཏེ། ནམ་མཁའི་མདོག་གིས་འདུལ་བའི་མདོ་ལས། འདོད་པའི་ལེན་པ་གང་ཞེ་ན། འདོད་པའི་རོ་མྱོང་བར་བྱེད་པ་དང་ཞེས་སོ། །གཉིས་པ་ནི། དེ་ལས་ལྟ་ལོག་དྲུག་ཅུ་རྩ་གཉིས་པོ་དེ་ཡིན་པར་བཤད་དོ། །གསུམ་པ་ ནི། ཚུལ་ཁྲིམས་བརྟུལ་ཞུགས་ཀྱིས་རློམ་པ་ཡིན་ཏེ། དེ་ཉིད་ལས། བརྟུལ་ཞུགས་དང་ཚངས་པར་སྤྱོད་པས་སྙེམས་པ་རྣམ་པར་དམིགས་པ་སྟེ། ཞེས་སོ། །བཞི་པ་ནི། བདག་དང་སེམས་ཅན་དུ་ཆགས་པ་སྟེ། བདག་དང་། སེམས་ཅན་དང་། སྲོག་དང་ཞེས་སོ། །བཅུ་ པ་སྲིད་པའི་རྟེན་འབྲེལ་ནི། རང་འབྲས་ཡང་སྲིད་ཕྱི་མ་འཕེན་པར་བྱེད་པའི་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་པ་དེ་ཉིད་སྲེད་ལེན་གཉིས་ཀྱིས་གསོས་བཏབ་ནས་ནུས་པ་མཐུ་ཅན་དུ་གྱུར་པ་སྟེ། ཡང་སྲིད་ཕྱི་མར་གྱུར་པའི་ཁམས་དང་། ས་གང་དུ་སྐྱེ་འགྱུར་གྱི་ སྲིད་པ་དེའོ། །སྲིད་པ་དེ་ལ་སྤྱིར་དབྱེ་ན། དམྱལ་སྲིད། ཡི་དྭགས་ཀྱི་སྲིད་པ། དུད་འགྲོའི་སྲིད་པ། ལྷའི་སྲིད་པ། མིའི་སྲིད་པ། སྲིད་པ་བར་མ། ལས་ཀྱི་སྲིད་པ་ཞེས་བདུན་དུ་གསུངས་པའི་རྟེན་འབྲེལ་གྱི་ཡན་ལག་ཏུ་འཇོག་པའི་སྲིད་པ་ནི་ལས་ཀྱི་སྲིད་པ་ལ་བྱེད་དོ། ། 5-1-479b ཡང་ན་དབྱེ་སྒོ་འདི་ལྟར་ཡང་འགྱུར་ཏེ། སྔོན་དུས་ཀྱི་སྲིད་པ། འཆི་བའི་སྲིད་པ། སྐྱེ་བའི་སྲིད་པ། བར་དོའི་སྲིད་པའོ། །དང་པོ་ནི། དང་པོར་སྐྱེས་ནས་འཆི་བའི་སྐད་ཅིག་སྔ་ལོགས་ཡན་ཆད་པ་དེ་ཡིན་ནོ། །གཉིས་པ་ནི། འཆི་བའི་སེམས་སྐད་ཅིག་མ་དེའོ། །གསུམ་པ་ ནི། ཐོག་མར་མའི་མངལ་དུ་བྱུང་བའི་སྐད་ཅིག་མ་དེའོ། །བཞི་པ་ནི། ཤི་ནས་མ་སྐྱེས་ཀྱི་བར་དེ་ཡིན་ནོ། །དེའི་ཚེ་ཚད་ཞག་བདུན་ཡིན་ཟེར་བ་དང་། དེར་མ་ངེས་ཟེར་བ་གཉིས་སྣང་ལ། གང་ལྟར་ནའང་དེའི་ལུས་སོགས་ཀྱི་རང་བཞིན་ནི། མཛོད་ལས། སྔོན་དུས་སྲིད་འབྱུང་ ཤ་ཚུགས་ཅན། །ཅེས་དང་། རིས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ཟློག་དེ་ནི་དྲི་ཟའོ། ། ཡང་ན་ཁམས་གསུམ་གྱི་དབྱེ་བས་སྲིད་པ་གསུམ་དང་། ཡང་ན་སྐྱེ་ཚུལ་གྱི་དབང་དུ་བྱས་ནས་སྲིད་ པ་དགུ་སྟེ། འདོད་ནས་འདོད་དང་། འདོད་ནས་གཟུགས་དང་། འདོད་ནས་གཟུགས་མེད་དང་། དེ་བཞིན་ཁམས་གཞན་གཉིས་ལ་མཚོན་པས་དགུ་དང་། ཞིབ་ཏུ་ས་དགུའི་དབྱེ་བས་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་ཏེ། ས་དགུ་ནས་འདོད་ཁམས་སུ་སྐྱེ་བ་དགུ་དང་། ས་དགུ་ནས་ སྲིད་རྩེའི་བར་སྐྱེ་བའི་དབང་དུ་བྱས་པའོ། །བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་ནི། ཉིང་མཚམས་སྦྱར་བས་རྣམ་སྨིན་གྱི་ཕུང་པོ་གསར་དུ་གྲུབ་པའོ། །དབྱེ་ན། མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཡི་དྭགས་མངལ་ ནས་སྐྱེ་བའང་ཡིན། །ཅེས་པའང་གིས་རྫུས་སྐྱེས་ཀྱང་བསྟན་ཏོ། །བཅུ་གཉིས་པ་རྒ་ཤིའི་རྟེན་འབྲེལ་ནི། རྒས་པ་ན་ཚོད་འགྱུར་བ་དང་། འཆི་བ་སྲོག་འགགས་པའོ། །འོ་ན་ཁམས་གོང་དུ་འཆི་བ་ཡོད་ཀྱང་རྒ་བ་མེད་དམ་སྙམ་ན། དབང་པོ་རྒུད་པའི་རྒས་པ་མེད་ཀྱང་། གཟུགས་ 5-1-480a ཀྱི་རྫས་རྒྱུན་དུས་ཀྱིས་ཟད་པའི་རྒ་བ་ཡོད་དོ། །གཉིས་པོ་དེ་རྟེན་འབྲེལ་གཅིག་ཏུ་འཇོག་པ་ནི། མ་རྒས་བཞིན་དུ་འཆི་བའང་སྲིད་ལ། འཆི་བ་ལའང་རྒས་པ་སྔོན་དུ་འགྲོ་བའི་སྒོ་ནས་དེ་གཉིས་ཡན་ལག་གཅིག་ཏུ་བཞག་པ་ཡིན་ནོ། །མདོར་ན་སྐྱེ་བ་དང་རྒ་ཤི་ནི་ རྣམ་སྨིན་མངོན་དུ་གྱུར་པའི་གནས་སྐབས་སོ། །དེ་ལས་རྒ་ཤི་རྣམ་སྨིན་གྱི་ཁྱད་པར་ཡིན་གྱི། རྣམ་སྨིན་དངོས་ནི་མ་ཡིན་ཏེ། འཕེན་བྱེད་དངོས་དེའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པའི་ཕྱིར། དེས་ན་འབྲས་བུ་འདི་གཉིས་ནི་ད་ལྟར་གྱི་ཆ་ནས་བཞག་སྟེ། གྲུབ་པའི་འབྲས་བུར་འཇོག་པའི་ ཕྱིར་རོ། །དཔེར་ན། དེ་རིང་གི་ལོ་ཏོག་བཞིན་མིང་གཟུགས་ནས་ཚོར་བའི་བར་བཞི་ནི་མ་འོངས་པའི་ཆ་ནས་འཇོག་པ་ཡིན་ཏེ། འཕངས་པའི་འབྲས་བུར་འཇོག་པའི་ཕྱིར། དཔེར་ན་སང་ཕོད་ཀྱི་ལོ་ཐོག་བཞིན་ནོ། ། གཉིས་པ་སྐྱེ་གནས་མྱོང་འགྱུར་གྱི་ལས་ཀྱི་དབང་དུ་བྱས་ན། བྱེ་སྨྲའི་ལུགས་ཀྱིས་ཚེ་སྔ་མའི་ཉོན་མོངས་པ་སྤྱོད་དུས་ཀྱི་ཕུང་པོ་ལྔ་པོ་མ་རིག་པས་བསྡུས་པ་ཡིན་ཏེ། མ་རིག་པ་གཙོ་ཆེ་བའམ་དེས་བསྡུས་པ་ཡིན་པས་ན་ལྔ་པོ་ཐམས་ཅད་ལ་དེས་བཏགས་སོ། །གཞན་ལའང་དེ་ལྟ་བུར་ཤེས་པར་བྱ་དགོས་ཏེ། ཚེ་སྔ་མའི་ལས་གསོག་ དུས་ཀྱི་ཕུང་པོ་ལྔ་པོ་དེ་འདུ་བྱེད་ཡིན་ནོ། །དེ་ནས་ཚེ་འདིར་ཐོག་མར་མའི་མངལ་དུ་བྱུང་བའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་རྣམ་ཤེས་སོ། །དེ་ནས་མེར་མེར་པོ་ལ་སོགས་པ་དབང་པོའི་སྒོ་མ་དོད་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ནི་མིང་དང་གཟུགས་སོ། །དབང་པོ་དོད་པ་ནས་ བཟུང་སྟེ་ཡུལ་གཅོད་པར་མི་ནུས་པའི་བར་གྱི་ཕུང་པོ་ལྔ་པོ་དེ་སྐྱེ་མཆེད་དྲུག་གོ། ཡུལ་གཅོད་ནུས་པ་ནས་བཟུང་སྟེ་བདེ་སྡུག་གི་རྒྱུ་བྱེ་བྲག་མི་ཤེས་པའི་བར་གྱི་ཕུང་པོ་ལྔ་པོ་དེ་རེག་པའོ། །བདེ་སྡུག་གི་རྒྱུ་བྱེ་བྲག་ཏུ་ཤེས་པ་ནས་བཟུང་སྟེ་འཁྲིག་པ་སྤྱོད་མི་ནུས་པའི་བར་གྱི་ཕུང་ 5-1-480b པོ་ལྔ་ནི་ཚོར་བའོ། །འཁྲིག་པ་སྤྱོད་ནུས་པ་ནས་བཟུང་སྟེ་འདོད་པའི་ཡུལ་དང་དུ་མ་བླངས་པའི་བར་གྱི་ཕུང་པོ་ལྔ་དེ་སྲེད་པའོ། །དེ་ནས་འདོད་ཡུལ་དང་དུ་བླངས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་ལེན་པའོ། །དེ་ནས་སྐྱེ་བ་ཕྱི་མའི་ཡང་སྲིད་འགྲུབ་བྱེད་ཀྱི་ལས་གསོག་པའི་ གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་སྲིད་པའོ། །དེ་ནས་ཚེ་ཕྱི་མར་མའི་མངལ་དུ་བྱུང་བའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་དེ་སྐྱེ་བའོ། །དེས་ན་ཚེ་ཕྱི་མའི་མིང་དང་གཟུགས་སྐྱེ་མཆེད་དྲུག་རེག་ཚོར་བཞི་པོ་དེའང་རྒ་ཤིའི་ཁོངས་སུ་བསྡུ་བར་མཛད་དེ། སཱ་ལུ་ལྗང་པའི་མདོ་ལས། མིང་ དང་གཟུགས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་རྒ་ཤིའི་སྐྱེ་བ་ཡིན་ཏེ། ཚོར་བའི་བར་དུའང་དེ་དང་འདྲའོ། །ཞེས་གསུངས་ལ། ཡན་ལག་བཅུ་གཉིས་ཚེ་གསུམ་ལ་རྫོགས་པའི་ཚུལ་ནི། ཇི་སྐད་དུ། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །མ་ རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་ བར་ནི་རྒ་ཤི་ཡིན། །ཅེས་སོ། །དེ་ལྟར་བསྟན་པ་ལ་དགོས་པ་ཅི་ཡོད་ན། ཇི་སྐད་དུ། སྔོན་དང་ཕྱི་མཐའི་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་སོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ནི། འགོག་ལམ་གང་རུང་གིས་བསྡུས་པ་དེ་ཡིན་ཏེ། དེ་དག་ཀྱང་རྣམ་ 5-1-481a པར་བྱང་བྱེད་དང་། རྣམ་པར་བྱང་ཟིན་པ་དག་གིས་ཕྱེ་བའི་ཕྱིར་རོ། །དེས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་དག་འགགས་ཟིན་པའི་འགོག་པ་ནི་འགོག་པའི་བདེན་པ་ཡིན་ཀྱང་། དེ་རྒྱུ་རྐྱེན་ལ་མི་ལྟོས་པ་ནི་མ་ཡིན་ཏེ། བྲལ་བའི་འབྲས་བུ་ཡིན་པའི་ ཕྱིར་རོ། །འདི་རྣམ་བྱང་གི་རྟེན་འབྲེལ་དུ་ཇི་ལྟར་འདོགས་ཤེ་ན། མ་རིག་པ་འགགས་པ་ནས་རྒ་ཤིའི་བར་འགགས་པ་ལ་བསམ་ནས་དེ་ལྟར་འདོགས་པ་ཡིན་ཏེ། རྩ་བ་ལས། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ལ་སོགས་འབྱུང་མི་འགྱུར། །མ་རིག་འགག་པར་ འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །ཞེས་བཤད་པ་ལྟར་རོ། །གསུམ་པ་རྟེན་འབྲེལ་གྱི་སྒྲ་དོན་ནི། ངེས་པའི་དོན་དུ་རྣམ་པར་བཞག་འཇོག་གི་བལྟོས་པ་ཙམ་ལ་བརྟེན་ནས་སྣང་བ་སྟེ། སྒྲ་བཤད་ཞིབ་པར་སློབ་དཔོན་ཟླ་བའི་ཞབས་ཀྱི་ཚིག་གསལ་དུ་གསལ་བས་ དེར་བལྟ་བར་བྱའོ། །བཞི་པ་རྒྱུ་འབྲས་ཚེ་དུ་ལ་རྫོགས་པ་ལ་གཉིས། སྐད་ཅིག་མ་དང་། རྒྱུན་ཆགས་པ་ལའོ། །དང་པོ་ནི། སྐད་ཅིག་མ་གཅིག་ལ་བཅུ་གཉིས་པོ་ཐམས་ཅད་རྫོགས་སྲིད་པ་ཡིན་ཏེ། འགྲེལ་པ་ལས། སྐད་ཅིག་མ་ཇི་ལྟ་བུ་ཞེ་ན། སྐད་ཅིག་མ་གཅིག་ལ་ ཡན་ལག་བཅུ་གཉིས་ཡོད་པ་སྟེ། ཞེས་པས་ཆགས་པའི་དབང་གིས་སྲོག་གཅོད་པ་ལྟ་བུའི་ལས་དེ་ལ་བརྟེན་ནས་མ་འོངས་པར་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཚང་བར་རྫོགས་འགྱུར་ལ་དགོངས་པ་ཡིན་ནོ་ཞེས་བདག་གི་བླ་མ་རྗེ་བཙུན་ཕྲིན་ལས་དབང་པོའི་ལེགས་བཤད་ཡིན་ནོ། ། གཉིས་པ་ལ་གཉིས་ལས། སྐྱེ་གནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་དབང་དུ་བྱས་པའོ། ། འགའ་ཞིག་མཐོང་བའི་ཆོས་ལ་མྱོང་འགྱུར་གྱི་དབང་དུ་བྱས་ན་རྟེན་འབྲེལ་གྱི་རྒྱུ་འབྲས་ཚར་གཅིག་ཚེ་གཅིག་ལ་རྫོགས་པ་ཡིན་ཟེར་བའང་བརྟག་དགོས་སོ། །དང་པོ་ལ་ 5-1-481b གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས་དང་། སེམས་ཙམ་པའི་ལུགས་སོ། །དང་པོ་ལ་བོད་ཀྱི་སློབ་དཔོན་སྔོན་བྱུང་བ་དག །སྔོན་གྱི་མཐའ་ལ་བརྟེན་པའི་རྒྱུ་འབྲས་ཚར་གཅིག་དང་། ཕྱི་མའི་མཐའ་ལ་བརྟེན་པའི་རྒྱུ་འབྲས་ཚར་གཅིག་ཅེས་འཆད་པ་ལ། ཚར་དང་པོ་ནི། ཚེ་ སྔ་མའི་མ་རིག་པ་དང་འདུ་བྱེད་གཉིས་ཀྱིས་རྒྱུ་བྱས་པ་ལ་བརྟེན་ནས་འབྲས་བུ་ཚེ་འདིར་རྣམ་པར་ཤེས་པ་སོགས་ཡན་ལག་ལྔའོ། །ཚར་གཉིས་པ་ནི་ཚེ་འདིའི་སྲེད་པ་ལེན་པ་སྲིད་པ་གསུམ་གྱིས་རྒྱུ་བྱས་ནས་འབྲས་བུ་ཚེ་ཕྱི་མ་སྐྱེ་བ་དང་རྒ་ཤི་འབྱུང་ངོ་། །ཚེ་གསུམ་ལ་རྫོགས་པའི་ དབང་དུ་བྱས་ན་མ་རིག་པ་དང་འདུ་བྱེད་གཉིས་འཕེན་བྱེད་དང་། རྣམ་ཤེས་སོགས་ལྔ་འཕངས་པའི་འབྲས་བུ་དང་། སྲེད་ལེན་སྲིད་པ་གསུམ་འགྲུབ་བྱེད་དང་། སྐྱེ་བ་རྒ་ཤི་འགྲུབ་པའི་འབྲས་བུར་བཞག་ལ། འདི་ལ་དཔྱད་པ་འདི་ལྟ་བུ་ཞིག་འཇུག་པར་མངོན་ཏེ། མདོར། རྒྱུ་ འབྲས་ཚར་གཅིག་ཚེ་གསུམ་ལ་རྫོགས་པ་དངོས་སུ་གསལ་ཞིང་། བོད་ཀྱི་སློབ་དཔོན་དག་མཛོད་རང་འགྲེལ་གྱི་དགོངས་པ་ཡིན་ཅེས་ཟེར་ནས། ཚེ་གསུམ་ལ་རྒྱུ་འབྲས་ཚར་གཉིས་རྫོགས་པ་ཡིན་ཅེས་སྨྲ་ན། དེ་ལྟར་ཚེ་གསུམ་ལ་རྫོགས་པ་དེའི་ཚེ་ཚེ་འདིའི་སྐྱེ་བ་དང་རྒ་ཤི་ གཉིས་འཕངས་པའི་འབྲས་བུ་ནི་མ་ཡིན་ཏེ། འཕངས་པའི་འབྲས་བུར་མ་བཤད་པའི་ཕྱིར་དང་། འགྲུབ་བྱེད་ཀྱི་འབྲས་བུ་ནི་མ་ཡིན་ཏེ། འགྲུབ་བྱེད་ཀྱི་རྒྱུ་སྲེད་ལེན་སྲིད་པ་གསུམ་སྔོན་དུ་མ་སོང་བའི་ཉེས་པ་ཡོད་ལ། འོན་ཏེ་སྔོན་གྱི་མཐའ་དང་། ཚེ་རབས་འདི་ལ་བརྟེན་ པའི་ཡན་ལག་བཅུ་གཉིས་ཀྱི་རྒྱུ་འབྲས་ཚར་གཅིག་མ་སོང་བའི་ཉེས་པའང་སྣང་ངོ་། །དེ་བཞིན་དུ་ཚེ་འདིའི་སྲེད་ལེན་དང་། དེའི་ནུས་པ་སྲིད་པས་མཚམས་སྦྱར་ནས་སྐྱེ་བ་ཕྱི་མ་རྒ་ཤི་འབྱུང་བར་བཤད་པ་དེའི་ཚེ་ཡན་ལག་བཅུ་གཉིས་ཕྱི་མ་ཚར་དེ་ལ་འཕེན་བྱེད་ཀྱི་ཡན་ལག་ཏུ་ 5-1-482a གྱུར་པའི་མ་རིག་པ་ཡོད་དམ་མེད། མེད་ན་རྟེན་འབྲེལ་ཕྱི་མ་ཚར་དེ་ལ་ཡན་ལག་མ་ཚང་བའི་སྐྱོན་ཡོད་ལ། ཡོད་ན་དེ་སྔོན་གྱི་མཐའ་ལ་བརྟེན་པའི་མ་རིག་པ་དེ་ཡིན་ནམ། སྐྱེ་བ་ཕྱི་མ་འགྲུབ་བྱེད་ཀྱི་སྲེད་ལེན་དང་མཚུངས་ལྡན་དུ་གྱུར་པའི་མ་རིག་པ་དེ་ ཡིན། དང་པོ་ལྟར་རོ་ཞེ་ན། མི་འཐད་དེ། ཁྱོད་ཀྱི་རྒྱུ་འབྲས་ཚར་གཉིས་ཚེ་གསུམ་ལ་རྫོགས་པར་བཤད་པ་དེའི་ཚེ་ཚར་དང་པོའི་མ་རིག་པའི་རྟེན་འབྲེལ་དེ་ཚར་གཉིས་པའི་མ་རིག་པའི་རྟེན་འབྲེལ་དུ་རུང་ན། འཁོར་བ་ན་ཇི་སྲིད་འཁོར་གྱི་བར་འཕེན་བྱེད་ཀྱི་མ་རིག་པ་དེའང་ དང་པོའི་མ་རིག་པ་གཅིག་པུ་དེས་ཆོག་པའི་སྐྱོན་གནས་པའི་ཕྱིར་དང་། གཉིས་པ་ལྟར་རོ་ཞེ་ན། མི་འཐད་དེ། འགྲུབ་བྱེད་ཀྱི་རྒྱུ་ཉིད་འཕེན་བྱེད་ཀྱི་རྒྱུར་ཐལ་བར་བཤད་པའི་ཕྱིར་སྐྱོན་དང་བཅས་པའོ། ། གཞན་ཡང་རྣམ་ཤེས་ཀྱི་རྟེན་འབྲེལ་འཕེན་བྱེད་ཀྱི་རྒྱུ་བསྙོན་མེད་ཡིན་ པ་ལ་ཀུན་གཞིའི་རྣམ་ཤེས་ཁས་མི་ལེན་པའི་རྒྱུ་མཚན་གྱིས་འཕངས་པའི་འབྲས་བུར་འཇོག་པ་དང་། ཚེ་ཕྱི་མའི་མིང་གཟུགས་སྐྱེ་མཆེད་སོགས་རྒ་ཤིའི་ཡན་ལག་གི་ཁོངས་སུ་བསྡུ་བའོ་ཞེས་ཟེར་ནས་ལུང་དོན་ཀྱོག་བཤད་བྱེད་པ་ཐམས་ཅད་གྲུབ་མཐའ་ངན་པའི་དོན་ཡིན་ལ། དེའང་སྐབས་འདིར། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས་རྒྱུ་འབྲས་ཚར་གཅིག་གིས་ཚེ་གསུམ་ལ་རྫོགས་པར་བཤད་ན། དེ་རྫོགས་ཚུལ་ཇི་ལྟར་ཡིན་གཞན་དག་གིས་མ་ཤེས་པར་འོལ་ཚོད་དུ་ཚེ་རབས་སྔ་མའི་མ་རིག་པ། འདུ་བྱེད། རྣམ་ཤེས། སྲེད་ལེན་ སྲིད་པ་གསུམ་གྱིས་ད་ལྟའི་མིང་གཟུགས་ནས་རྒ་ཤིའི་བར་དྲུག་འཕངས་ལ། ཚེ་འདིའི་མ་རིག་པ། འདུ་བྱེད། རྣམ་ཤེས། སྲེད་ལེན་སྲིད་པ་གསུམ་གྱིས་ཚེ་རབས་ཕྱི་མའི་མིང་གཟུགས་ནས་རྒ་ཤིའི་བར་དྲུག་འཕེན་པ་ཡིན་ཅེས་ངག་སྒྲོས་ལས་བྱུང་ངོ་། ། འོ་ན་བྱེ་སྨྲ་རང་ལུགས་ 5-1-482b ཀྱི་རྟེན་འབྲེལ་ཚར་གཅིག་ཚེ་གསུམ་ལ་རྫོགས་པར་བཤད་པ་སྐྱོན་མེད་གང་ཡིན་ཅེ་ན། ཚེ་གཅིག་ལ་མ་རིག་པས་ཀུན་ནས་བསླང་། འདུ་བྱེད་ཀྱིས་ལས་ཀྱི་ནུས་པ་ཤེས་པ་ལ་བཞག་སྟེ། ཡང་ཚེ་གཅིག་ལ་སྲེད་ལེན་གྱིས་གསོས་བཏབ་པས་སྲིད་པའི་ལས་ནུས་པ་མཐུ་ཅན་དུ་བྱས་ པའོ། །དེའི་སྐྱེ་བ་ཕྱི་མ་ལ་འབྲས་བུའི་རྟེན་འབྲེལ་དྲུག་རྫོགས་པ་ལྟ་བུ་ལ་བྱེད་པ་ཡིན་ནོ། ། གཉིས་པ་ནི། རྒྱུ་འབྲས་ཚར་གཅིག་ཚེ་གཉིས་ལ་རྫོགས་པ་ཡིན་ཏེ། ཚེ་སྔ་མ་ནས་རྒྱུ་ཉོན་མོངས་པའི་མ་རིག་པ་དང་འདུ་བྱེད་ཀྱིས་ཀུན་གཞིའི་རྣམ་ཤེས་ལ་མིང་གཟུགས་སོགས་བཞི་ པོ་འབྱུང་རུང་གི་ས་བོན་བཏབ་པར་འཕངས་པ་དང་། འཕངས་པར་གྱུར་པའི་མིང་གཟུགས་སོགས་ཀྱི་བག་ཆགས་དེ་སྲེད་ལེན་གཉིས་ཀྱིས་སྲིད་པར་བྱེད་པའི་ཚུལ་གྱིས་ཏེ། སྲིད་པར་བྱས་པའི་དོན་ཀྱང་སྲེད་ལེན་དེས་བག་ཆགས་དེ་གསོས་བཏབ་པ་ཡིན་ལ། གསོས་བཏབ་ པའི་དོན་ཀྱང་སྲེད་ལེན་དེས་བག་ཆགས་དེ་སྐད་ཅིག་གཉིས་པར་རྣམ་སྨིན་འབྱིན་ངེས་སུ་བྱས་པ་སྟེ། རོལ་ཏུ་ལྷུང་བའི་ས་བོན་ཆུ་ལུད་དྲོད་གཤེར་གྱི་རྐྱེན་གྱིས་སྐད་ཅིག་གཉིས་པར་མྱུ་གུ་འབྱིན་ངེས་དུ་བྱས་པ་ལྟ་བུ་ཡིན་ལ། འཕངས་པའི་འབྲས་བུ་བཞི་པོ་དེའི་ཉེས་པའི་ཁྱད་ པར་ལ་གྲུབ་འབྲས་ཀྱིས་སྐྱེ་བ། རྒ་ཤི་གཉིས་བཞག་པ་ཡིན་ནོ། །མདོར་ན་རྒྱུ་དྲུག་ཚེ་རབས་སྔ་མར་རྫོགས་པས་འབྲས་བུ་དྲུག་ཚེ་འདིར་རྫོགས་པ་ཡིན་ནོ། ། གཞན་ཡང་སྐབས་འདིར་དཀའ་བའི་གནས་འདི་ལྟར་དཔྱད་པར་བྱ་སྟེ། འཕེན་བྱེད་ཀྱི་ལས་ཀྱི་ངོ་བོ་ལ་སྲིད་ པའི་རང་ལྡོག་ཏུ་མི་འཇོག་སྟེ། སྲིད་པའི་རང་ལྡོག་འཕེན་བྱེད་ཀྱི་ལས་ཀྱིས་བཞག་པའི་བག་ཆགས་ལ་འཇོག་པའི་ཕྱིར་དང་། དེ་འགྲུབ་བྱེད་ཀྱི་ལས་སུ་མ་དཔྱད་ན་ངོས་འཛིན་ལ་དཔྱད་ན་ངོས་མི་འཛིན་ཏེ། འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་ལ་འགྲུབ་བྱེད་ཀྱི་ལས་ཀྱི་ནུས་ 5-1-483a པ་ཞུགས་པའི་གནས་སྐབས་ལ་སྲིད་པར་འཇོག་པའི་ཕྱིར་རོ། །དེས་ན་རྟེན་འབྲེལ་འདུ་བྱེད་ནི། རྣམ་སྨིན་གྱི་ངོ་བོ་ཁོ་ན་འཕེན་བྱེད་ཡིན་གྱི། དེ་སྐྱེད་བྱེད་མ་ཡིན་པ་དང་། སྲིད་པ་དེ་ནི་རྣམ་སྨིན་གྱི་ངོ་བོ་སྐྱེད་བྱེད་ཡིན་ནོ། །དེ་ལྟར་བཤད་ནས་རྣམ་སྨིན་ གྱི་དུས་སུ་ནི་འཕེན་བྱེད་དངོས་དེ་འགགས་ནས་ཡུན་རིང་དུ་ལོན་ཅིང་། སྲིད་པ་ནི་རྣམ་སྨིན་འབྱིན་ངེས་སུ་བྱས་པའི་དུས་དེ་ནས་བཟུང་སྟེ་ཇི་སྲིད་རྣམ་སྨིན་རྒྱུན་མ་ཆད་པ་དེ་སྲིད་དུ་ཡོད་པ་ཡིན་ནོ། །དེས་ན་སྲིད་པ་རང་གི་ངོ་བོ་ནི་ལུང་མ་བསྟན་ཡིན་ལ། འཕེན་བྱེད་ཀྱི་ངོ་བོ་ནི་དགེ་ མི་དགེ་གང་རུང་ཁོ་ནར་གནས་པ་དང་། དགེ་མི་དགེའི་བག་ཆགས་གསོས་འདེབས་བྱེད་ལ་དགེ་མི་དགེ་ལུང་མ་བསྟན་གྱི་ལས་གསུམ་ཀ་སྲིད་པ་ཡིན་ལ། དེ་ལྟར་བཤད་པས་འཕེན་བྱེད་དངོས་དང་། དེའི་བག་ཆགས་གཉིས་ནི་རྣམ་སྨིན་གྱི་རྒྱུ་དང་། མིང་གཟུགས་ ནས་ཚོར་བའི་བར་རྣམ་སྨིན་དངོས་དང་། འགྲུབ་བྱེད་དངོས་དང་། དེའི་བག་ཆགས་ནི་སྐལ་མཉམ་གྱི་རྒྱུ་དང་། དེས་བསྐྱེད་པའི་སྐྱེ་བ་དང་རྒ་ཤི་ནི་དེའི་རྒྱུ་མཐུན་གྱི་འབྲས་བུར་འཇོག་ལ། དཔྱད་ན་གཟུགས་སོགས་ཀྱི་རྣམ་སྨིན་དངོས་རྣམས་ཀྱང་རང་རང་གི་འགྲུབ་བྱེད་སྔ་མ་ སྔ་མ་ལ་བལྟོས་ཏེ་རྒྱུ་མཐུན་གྱི་འབྲས་བུར་འཇོག་པའང་ཡིན་ནོ། ། འོ་ན་སེམས་ཙམ་ལུགས་ཀྱི་རྟེན་འབྲེལ་གྱི་རྒྱུ་འབྲས་ཆ་གཅིག་ཚེ་གཉིས་ལ་རྫོགས་པ་དང་། རྫོགས་ཚུལ་ཀྱང་འཕེན་བྱེད་དང་འགྲུབ་བྱེད་དངོས་ནི་ཚེ་སྔ་མར་རྒྱུའི་དང་། དེའི་འབྲས་བུ་གཉིས་ཚེ་འདིར་བཤད་ན། རྟེན་འབྲེལ་བཅུ་གཉིས་ཀྱི་གོ་རིམ་འདྲེན་པ་ན་རྣམ་ཤེས་ཀྱི་འོག་ཏུ་སྲེད་ལེན་སྲིད་པ་གསུམ་གྱི་རྟེན་འབྲེལ་གོ་རིམ་དུ་མཛད་རིགས་པ་ལ་བཅོམ་ལྡན་འདས་ཀྱིས་དེར་མ་མཛད་དོ་སྙམ་ན། སྐྱོན་མེད་དེ། བཅོམ་ལྡན་འདས་ཀྱིས་རྟེན་འབྲེལ་གྱི་གོ་རིམ་གྲངས་འདྲེན་ཚུལ་འདི་ནི་རྟེན་ 5-1-483b འབྲེལ་ཚར་གཅིག་ཚེ་གསུམ་ལ་རྫོགས་པར་བཤད་པ་ཐེག་དམན་པའི་ལུང་དེ་ཉིད་ཐེག་ཆེན་གྱི་ལུང་དང་སྒོ་བསྟུན་པ་ཡིན་ནོ། ། གཞན་ཡང་སེམས་ཙམ་ལུགས་ལྟར་ན་ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བར་མདོ་ལས་བཤད་པ་དང་མི་མཐུན་པར་འགྱུར་ཏེ། འདིར་ནི་སྲེད་ལེན་ རྣམ་སྨིན་ཚོར་བ་སོགས་སྐྱེད་བྱེད་དུ་བཤད་པའི་ཕྱིར་སྙམ་ན། སྐྱོན་མེད་དེ། རྣམ་སྨིན་དུ་གྱུར་པའི་མིང་གཟུགས་སོགས་མངོན་དུ་གྱུར་ཟིན་པ་བཞི་པོ་འགྲུབ་བྱེད་དངོས་ཀྱི་སྲེད་ལེན་སྲིད་པ་གསུམ་དེ་མི་འབྱུང་ཡང་། མིང་གཟུགས་སོགས་རྣམ་སྨིན་རང་གི་ངོ་བོ་དང་དེའི་ཁྱད་ པར་གྱི་རྒྱུན་གྱི་རང་དུས་དེར་ཕྱི་མ་སྐྱེད་བྱེད་ཀྱི་སྲེད་ལེན་སྲིད་པ་གསུམ་འབྱུང་བ་ལ་དགོངས་པ་དང་། དེར་མ་ཟད་ཚེ་གཉིས་ལ་རྟེན་འབྲེལ་ཚར་གཅིག་རྫོགས་པར་བཤད་པས། ཡང་དེའི་སྐྱེ་བ་ཕྱི་མའི་འཕེན་བྱེད་དང་འགྲུབ་བྱེད་ཚེ་འདིར་བསགས་དགོས་པ་ལ་དགོངས་ནས། ཚོར་བ་ལས་སྲེད་པ་འབྱུང་བར་གསུངས་པའི་ཕྱིར། དེ་ལྟར་འཐད་པའི་དཔེ་ཡོད་དེ། ཚངས་རིས་ཀྱི་རྟེན་ལ་བསམ་གཏན་དང་པོའི་དངོས་གཞི་ཚོར་བ་ལ་རོ་མྱོང་བར་བྱེད་པའི་སྲེད་པ་འབྱུང་ལ། སྲེད་པ་དེས་ཀུན་གཞིའི་སྟེང་གི་བག་ཆགས་ཀྱི་ནུས་པ་རྒྱས་པར་བྱེད་ཅིང་། དེ་ལྟར་བྱས་པས་ཚངས་རིས་ཀྱི་རྟེན་དེ་ལ་མིང་གཟུགས་རྣམ་སྨིན་གྱི་ངོ་བོ་དང་། རྒྱུ་མཐུན་གྱི་ཁྱད་པར་རྒ་ཤིའི་རིགས་འདྲ་ཕྱི་མ་སྐྱེད་པར་བྱེད་པའོ། །དེས་ན་བག་ཆགས་དེའི་ནུས་པ་མ་ཟད་ཀྱི་བར་དེས་བསྐྱེད་པའི་རྣམ་པར་སྨིན་པ་འབྱུང་འགྱུར་རམ་བྱུང་ཟིན་རྒྱུན་མི་འཆད་ པ་ཡིན་ནོ། ། གཉིས་པ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་དབང་དུ་བྱས་ན་བཅུ་གཉིས་པོ་དེ་བསྐལ་པ་དུང་ཕྱུར་གྱི་བར་ཡང་མི་རྫོགས་པ་སྲིད་དོ་ཞེས་མདོར་བཤད་དོ། །ལྔ་པ་རྫས་ཡོད་བཏགས་ཡོད་ཀྱི་བྱེ་བྲག་ནི། བོད་སྔ་རབས་ཀྱི་སློབ་དཔོན་དག །བྱེ་སྨྲས་རྟེན་འབྲེལ་ 5-1-484a ཚར་གཉིས་ཡོད་པ་ཚེ་གསུམ་ལ་རྫོགས་པའི་དབང་དུ་བྱས་ནས། དེའི་ཤེས་བྱེད་ལ་ཚར་དང་པོ་ཉིད་ལ་བརྩིས་ན་རྫས་ཡོད་ཡིན་པ་བདུན་དང་། བཏགས་ཡོད་ཡིན་པ་ལྔ་ལོ། འདོགས་ཚུལ་ཅི་ཞེ་ན། སྲེད་པ་དང་ལེན་པ་གཉིས་ནི་མ་རིག་པའི་ཆ་ལ་ བཏགས་སོ། །སྲིད་པ་ནི་འདུ་བྱེད་ཀྱི་ཆ་ལའོ། །སྐྱེ་བ་རྣམ་ཤེས་ཀྱི་ཆ་ལའོ། །རྒ་ཤི་མིང་གཟུགས་ལ་སོགས་པ་བཞིའི་ཆ་ལའོ། །ཚར་གཉིས་པ་ཉིད་ལ་བརྩི་ན། རྫས་ཡོད་ཡིན་པ་ལྔ། བཏགས་ཡོད་ཡིན་པ་བདུན་ལོ། །ཇི་ལྟར་བཏགས་ཞེ་ན། མ་རིག་པ་ནི་སྲེད་ལེན་ གྱི་ཆ་ལ་བཏགས། འདུ་བྱེད་ནི་སྲིད་པའི་ཆ་ལའོ། །རྣམ་ཤེས་ནི་སྐྱེ་བའི་ཆ་ལའོ། །མིང་དང་གཟུགས་ལ་སོགས་པ་བཞི་ནི་རྒ་ཤིའི་ཆ་ལ་བཏགས་སོ། །དེ་ལྟར་རྫས་བཏགས་ཀྱི་རྣམ་དབྱེ་འབྱུང་བ་དེ་བྱེ་སྨྲའི་ལུགས་ལ་རྟེན་འབྲེལ་ཚར་གཉིས་ཚེ་གསུམ་ལ་རྫོགས་པའི་ རིགས་པ་ཡིན་ཟེར་ལོ། ། དེ་ལ་ནི། འཕགས་པ་སྤྱན་རས་གཟིགས་དབང་དྷརྨ་ཀཱིརྟི་ས་མུ་དྲ་ཤྲཱི་བྷ་དྲའི་ཞལ་སྔ་ནས། བོད་སྔ་རབས་པ་དག་གི་འདོད་པ་དེ་ནི་མུན་སྤྲུལ་ཡིན་ཏེ། རྟེན་འབྲེལ་གྱི་ཡན་ལག་ཚར་གཅིག་གམ་གཉིས་གང་འཇོག་ཀྱང་དངོས་པོའི་སྟེང་ནས་ འཇོག་དགོས་ཀྱི། དངོས་མེད་ཀྱི་སྟེང་ནས་ཡན་ལག་བཅུ་གཉིས་ཀྱི་རྣམ་གཞག་མི་རུང་སྟེ། ཀུན་རྫོབ་ཏུ་དོན་བྱེད་མི་ནུས་པའི་ཕྱིར། དེས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་ཚེ་གསུམ་ལ་རྫོགས་པའི་དབང་དུ་བྱས་པ་ན། ཚེ་གསུམ་པའི་མ་རིག་པའི་རྟེན་ འབྲེལ་སོགས་བདུན་པོ་དེ་དངོས་སུ་མི་གསལ་བས་ཆད་པར་ཐལ་སྙམ་པ་དང་། ཚེ་བར་པ་ལ་སྲེད་ལེན་སོགས་ལྔ་པོ་དེ་དངོས་སུ་མི་གསལ་བས་ཆད་པར་ཐལ་སྙམ་པའི་བློ་ཆུང་ལ་རྫས་བཏགས་སུ་སྟོན་པ་ནི་དྲང་བའི་དོན་ཡིན་ལ། དེས་ན་རྫས་བཏགས་སུ་བཤད་པ་ཉིད་རྟེན་ 5-1-484b འབྲེལ་ཚར་གཅིག་ཚེ་གསུམ་ལ་རྫོགས་པའི་སྒྲུབ་བྱེད་ཡང་དག་པ་ཉིད་དོ། །ཞེས་གསུངས་སོ། །ཚར་གཅིག་ཚེ་གསུམ་ལ་རྫོགས་པ་འདི་མཛོད་རང་གི་ལུང་དུ་གསལ་ཏེ། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་ འབྱུང་ངོ་། ། དེ་ལྟར་ཐེག་པ་ཐུན་མོང་དུ་བཤད་ན། ཀུན་ནས་ཉོན་མོངས་པར་བྱེད་པའི་རྟེན་འབྲེལ་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཞེ་ན། ཡན་ལག་བཅུ་གཉིས་པོ་དེ་ཉོན་མོངས་པའི་ཉོན་མོངས་པ་དང་། ལས་ཀྱི་ཉོན་མོངས་པ་དང་། གཞིའི་ཉོན་མོངས་པ་གསུམ་ དུ་འདུ་བའི་ཕྱིར་དེ་སྐད་བརྗོད་པ་ཡིན་ནོ། །དེའང་མ་རིག་པ་དང་སྲེད་ལེན་གང་ཡིན་པ་ནི་ཉོན་མོངས་པའིའང་ཉོན་མོངས་པ་ཡིན་ནོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །རྣམ་ཤེས་ནས་ཚོར་བའི་བར་ལྔ་དང་རྒ་ཤི་སྟེ་བདུན་ནི་གཞིའི་ ཉོན་མོངས་པ་ཡིན་ནོ། །དེ་གསུམ་ཡིན་པའི་རྒྱུ་མཚན་གོ་རིམ་བཞིན་མ་རིག་པ་སོགས་གསུམ་པོ་དེ་ངོ་བོ་ཉོན་མོངས་ཡིན་པར་མ་ཟད། སླར་ཡང་ཉོན་མོངས་པ་ཚོལ་ཞིང་ལེན་པར་བྱེད་པའི་ཕྱིར་དང་། ལས་དེ་དག་ཉོན་མོངས་པ་སྔ་མ་དེ་གསུམ་གྱིས་བསྐྱེད་པའི་ ལས་ཅན་ཡིན་པའི་ཕྱིར་དང་། ཉོན་མོངས་པ་དེ་དག་རྣམ་ཤེས་སོགས་བདུན་པོ་གཞི་གང་གི་སྟེང་དུ་ཉོན་མོངས་པའམ་དུཿཁ་དེ་མྱོང་བར་འགྱུར་བའི་ཕྱིར། དེ་སྐད་དུ། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་ འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །དེ་ཉིད་ཡང་དང་ཡང་དུ་འཁོར། །ཞེས་སོ། །དྲུག་པ་ས་མཚུངས་པ་དང་མི་མཚུངས་པའི་བྱེ་བྲག་ནི། ནཱ་ཡ་ཀཿསྭ་ཡ་བཛྲ་གྱི་རྟེན་འབྲེལ་རྣམ་དབྱེ་ཞེས་བྱ་བའི་བསྟན་བཅོས་ལས་འབྱུང་བ་ལྟར་ 5-1-485a བརྗོད་དེ། དེའང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ་འབྱུང་བའི་མ་རིག་པ་ནི་སེམས་ཅན་གྱི་རིས་གང་དུ་ལས་བསགས་པའི་རིས་དེ་ཉིད་དུ་གཏོགས་ཏེ། མ་རིག་པ་དེ་རྣམ་སྨིན་འཕེན་བྱེད་ཀྱི་ལས་དེའི་རྒྱུའི་ཀུན་སློང་ཡིན་པའི་ཕྱིར། རྣམ་པར་ཤེས་པའི་ རྟེན་འབྲེལ་ཡང་ལས་གསོག་པའི་འགྲོ་བ་དེ་ཉིད་དུ་གཏོགས་པ་ཡིན་ཏེ། ཉོན་ཡིད་དང་ཀུན་གཞིའི་རྣམ་ཤེས་ནི་ལས་གསོག་པ་པོ་གང་གི་འགྲོ་བའི་ལུས་རྟེན་དེ་ཉིད་དུ་གཏོགས་པའི་ཕྱིར་རོ། །ཡིད་ཤེས་འཁོར་གྱི་མ་རིག་པ་ནི་གང་དུ་སྐྱེ་འགྱུར་གྱི་འོག་ས་ཉིད་བཟུང་བ་གཙོ་ ཆེ་ལ། འཕངས་པ་དང་གྲུབ་པའི་འབྲས་བུ་དྲུག་ནི་གང་དུ་སྐྱེ་འགྱུར་གྱི་ས་དེ་ཉིད་ཁོ་ནར་གཏོགས་པས་ཁྱབ་པ་ཡིན་ཏེ། འདུ་བྱེད་དང་སྲིད་པ་གཉིས་ནི་གང་དུ་སྐྱེ་འགྱུར་གྱི་ས་དེ་ཁོ་ནར་གཏོགས་པ་ཡིན་ཏེ། ས་གཞན་གྱི་རྣམ་སྨིན་འཕེན་བྱེད་ས་དེའི་རྣམ་སྨིན་འཕེན་ བྱེད་དུ་འགལ་བའི་ཕྱིར་དང་། ས་དེའི་རྣམ་སྨིན་སྐྱེད་བྱེད་ས་གཞན་གྱི་རྣམ་སྨིན་སྐྱེད་བྱེད་དུ་འགལ་བའི་ཕྱིར་རོ། །ལེན་པ་ཡང་སྐྱེ་འགྱུར་གྱི་ས་དང་མཚུངས་པ་ཡིན་ཏེ། སྐྱེ་འགྱུར་གྱི་རྣམ་སྨིན་གསོས་འདེབས་བྱེད་ཁོ་ནར་ངེས་པའི་ཕྱིར་རོ། །སྲེད་པ་ནི་ལེན་པ་ལྟར་སྐྱེ་ འགྱུར་གྱི་སར་མཚུངས་པའི་ངེས་པ་མེད་དེ། དཔེར་ན་འདོད་པ་ནས་བསམ་གཏན་དང་པོར་སྐྱེ་བའི་ཚེ། དེ་སྐབས་ཀྱི་སྲེད་པ་དེ་འདོད་པའི་ཚོར་བ་ལ་བརྟེན་པའི་སྲེད་པ་ཡིན་ཀྱང་། ལེན་པ་ནི་དང་པོའི་ཚོར་བའི་རྒྱུའི་ཉེ་བར་ལེན་པར་བྱེད་པའོ། །ཡང་རྒྱུའི་སྙོམས་འཇུག་བསྒོམ་ པའི་དབང་དུ་བྱས་ནས་འདོད་རྟེན་ལ་བསམ་གཏན་གྱི་ཚོར་བ་ལ་སྲེད་པའི་སྲེད་པ་འབྱུང་བ་ཡིན་ཅེས་ཁ་ཅིག་འདོད་དོ། །འདི་ཙམ་དུ་བརྗོད་པས་ས་མཚུངས་ཀྱི་དོན་རགས་པའི་རིམ་པ་ལྷོངས་པར་འགྱུར་བ་ཡིན་ནོ། ། སྨྲས་པ། སྡུག་ཀུན་གྱིས་བསྡུས་ཀུན་ནས་ཉོན་མོངས་ཆོས། ། 5-1-485b ཟག་བཅས་རྒྱུ་འབྲས་བསླུ་བ་མེད་པ་དང་། ། འགོག་ལམ་གྱིས་བསྡུས་ཀུན་ནས་རྣམ་བྱང་ཆོས། ། ཟག་མེད་རྒྱུ་དང་འབྲས་བུར་ཡིད་རྟོན་གྱིས། །ཞེས་སོ། །གཉིས་པ་ཚིག་གི་དོན་ལ། སྦྱར། རྩ། གསུམ་ལས། དང་པོ་ནི། མཐོང་ལམ་དུ་རྟོགས་པའི་ཡེ་ཤེས་དེ་ལ་དབང་ ཐོབ་པར་བྱ་བའི་ཕྱིར་མཐོང་ལམ་གྱི་རྟོགས་པ་དེ་ཉིད་ཡང་དང་ཡང་དུ་སྒོམ་པར་བྱེད་དོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པར་མཛད་དོ། ། འདིར་དོགས་པའི་གནས་ཅུང་ཞིག་སྣང་སྟེ། འགའ་ཞིག་གི་ལུགས་ལ་ཚིགས་སུ་བཅད་པ་འདི་སྒོམ་ལམ་རྩེ་མོའི་སྡེ་ཚན་དུ་སྡུད་ ཀྱང་། སློབ་དཔོན་བཟང་པོའི་ཞབས་ཀྱིས་མཐོང་ལམ་གྱི་སྡེ་ཚན་དུ་སྡུད་པར་མཛད་ལ། དེའང་མཉམ་བཞག་སེང་གེ་རྣམ་བསྒྱིངས་དང་། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་གཉིས་མཐོང་ལམ་དུ་མི་རུང་བས་མཐོང་ལམ་རྩེ་སྦྱོར་དུ་མི་གཏོགས་ཀྱང་། མཐོང་ལམ་རྩེ་སྦྱོར་གྱི་ ཁྱད་པར་གྱི་ལམ་ཡིན་པས་མཐོང་ལམ་གྱི་སྡེ་ཚན་དུ་སྡུད་པར་མཛད་དོ། ། མཉམ་བཞག་སེང་གེ་རྣམ་བསྒྱིངས་འདི་མཐོང་ལམ་རྩེ་སྦྱོར་དུ་མི་རུང་བ་ཅི་ཞེ་ན། མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་ཐམས་ཅད་རང་གི་ཉེར་ལེན་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་བསམས་གཏན་དྲུག་ པོ་གང་ལ་བརྟེན་པ་དེ་ཁོ་ན་ལ་བརྟེན་གྱི། ས་གཞན་དུ་དབང་པོ་འཕོ་བའི་ལོང་མེད་པའི་ཕྱིར། སེང་གེ་རྣམ་བསྒྱིངས་ནི་རང་རྒྱུ་ཆོས་མཆོག་གི་ཡེ་ཤེས་ལས་མི་སྐྱེ་བས་སོ། །གཉིས་པ་ལ། མདོར། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། ཏིང་ངེ་འཛིན་དེ་ལ་གནས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང་། མི་མཐུན་པ་ལ་སོ་སོར་རྟོག་ 5-1-486a གོ། ཞེས་སོགས་ཀྱི་དོན་ནི། མཐོང་ལམ་རྩེ་མོ་ཐོབ་པའི་རྗེས་དེ་ནས་མཐར་གནས་དགུའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་ཀྱི་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་ལས་ལྡང་བ་ན་འཁོར་བའི་རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་ དང་། མྱང་འདས་ཀྱི་རྟེན་ཅིང་འབྲེལ་འབྱུང་ལུགས་མི་མཐུན་ལ་རྟོག་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། མཐོང་བའི་ལམ་ཐོབ་ཟིན་པའི་རྣལ་འབྱོར་པ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར། སེང་གེ་རྣམ་པར་ བསྒྱིངས་པའམ་རྩེན་པའི་མིང་ཅན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་། ཏིང་ངེ་འཛིན་ཞི་བར་གནས་པའི་མཆོག་འདིའི་སེམས་རྟེན་གྲུབ་པ་ལས། དེ་མ་ཐག་པའི་དུས་ཕྱིས་ལྷག་མཐོང་གི་ཤེས་རབ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་རིམ་ བཞིན་ཡན་ལག་རྣམས་སོ་ཞེས་བྱ་བ་ལ་སོགས་པ་ལུགས་དང་མཐུན་པ་དང་། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་བ་ལ་སོགས་པས་ལུགས་དང་མི་མཐུན་པར་ཡང་དག་པར་རྟོག་གོ། དེ་ལྟར་རྟོགས་པའི་དགོས་པ་ནི། རྒྱུད་སྡེ་ཆེན་པོ་རྣམས་སུ་ཁྱིམ་བཅུ་གཉིས། ཡན་ ལག་བཅུ་གཉིས། སྐྱེ་མཆེད་བཅུ་གཉིས་སོགས་ཀྱིས་སྒྲིབ་པ་བྲལ་བའི་བདེན་དོན་བཅུ་གཉིས་ཀྱི་བདག་ཉིད་ས་བཅུ་གཉིས་ཀྱི་གོ་འཕང་དམ་པར་སོན་པའི་རྟག་པའི་སྐུ་འགྲུབ་པར་བཤད་དོ། །གསུམ་པ་སྒོམ་ལམ་རྩེ་མོ་ལ་བདུན། གཉེན་པོ་སྒོམ་པའི་ལམ་གྱི་རང་བཞིན་གང་ཡིན་པ་ དང་། སྒོམ་སྤང་རྟོག་པ་ཇི་ལྟར་སྤང་བའི་ཚུལ། སྤང་བྱ་དངོས་པོ་ཙམ་ལ་བརྟེན་པའི་གཟུང་རྟོག་དགུ། སྤང་བྱ་རྣམ་བྱང་ཙམ་ལ་བརྟེན་པའི་གཟུང་རྟོག་དགུ། སྤང་བྱ་གང་ཟག་ཙམ་ལ་བརྟེན་པའི་འཛིན་རྟོག་དགུ། སྤང་བྱ་དེར་འདོགས་པའི་རྒྱུ་ཙམ་ལ་བརྟེན་པའི་ 5-1-486b འཛིན་རྟོག་དགུ། དེ་ལྟར་སྤངས་པས་ཕྱེ་བའི་ཡོན་ཏན་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། གོང་གི་འཕྲོས་དོན་ལས་གླེང་བསླངས་ཏེ་བརྗོད་པར་བྱ་ལ། དེའང་འཕགས་སེང་གིས། མཐོང་ལམ་ ཁྱད་པར་ལམ་དུ་བཤད་པའི་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་བཤད་པའི་སྐབས་སུ་བོད་ཀྱི་སློབ་དཔོན་དག་གིས་ཀླན་ཀ་བཀོད་པ་བསལ་བ་དང་། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་དངོས་གཞི་ཐོད་རྒལ་གྱིས་སྙོམས་པར་འཇུག་པའི་ཡུལ་ གཏན་ལ་དབབ་པ་དང་། དེས་ཇི་ལྟར་སྙོམས་འཇུག་བྱེད་པའི་ཚུལ་གང་ཡིན་བསམ་པ། གཉེན་པོར་གྱུར་པའི་སྙོམས་འཇུག་དེ་དག་གི་སྤང་བྱ་ཇི་ལྟར་སྤོང་བའི་ཚུལ་བཤད་པ། ལུང་གཞན་དང་འགལ་བ་སྤང་བ་དང་ལྔ་ལས། དང་པོ་ ནི། བོད་ཀྱི་སློབ་དཔོན་དག་གིས། ཉི་སྣང་དུ། མཐོང་ལམ་པ་འགོག་པ་ལ་སྙོམས་པར་འཇུག་མི་ནུས་པར་བསམས་ནས། སྒོམ་པའི་ལམ་ནི་མཐར་གནས་སྙོམས་འཇུག་གིས་བསྡུས་སོ། །དེའང་ཐོད་རྒལ་གྱི་སྙོམས་འཇུག་གིས་ བསྡུས་སོ། །ཞེས་སོགས་དང་། སེང་གེ་རྣམ་བསྒྱིངས་མཐོང་ལམ་དང་། ཐོད་རྒལ་སྒོམ་ལམ་དུ་འཆད་པ་ནི་མདོ་དང་འགལ་ཏེ། མདོར། ཏིང་ངེ་འཛིན་དེ་གཉིས་ཤེས་རབ་ཀྱི་ཕར་ཕྱིན་དུ་གཞན་ལྔ་བསྡུས་པའི་ནང་ནས་བསམ་གཏན་གྱི་ ཕར་ཕྱིན་ཉིད་ཡིན་པར་གསུངས་པའི་ཕྱིར་དང་། མདོ་དང་འགལ་བ་དེར་མ་ཟད་རང་གི་ཁས་བླངས་དང་ཡང་འགལ་ཏེ། ཏིང་ངེ་འཛིན་འདི་གཉིས་ནི་བསམ་གཏན་གྱི་ཕར་ཕྱིན་ཡིན་ལ། ཁྱོད་ཀྱིས་བསམ་གཏན་ནི་སྔར་མཐོང་ 5-1-487a ལམ་དུ་དེ་ལྟར་དྲུག་ཚན་དྲུག་གི་རྣམ་པ་སུམ་ཅུ་དྲུག་ནི་ཞེས་སོགས་བཤད་པའི་ཕྱིར་དང་། མཐོང་ལམ་དུ་འགོག་པ་ལ་སྙོམས་པར་མི་འཇུག་གོ་སྙམ་པ་ཡང་ཏིང་ངེ་འཛིན་སེང་གེ་རྣམ་བསྒྱིངས་ཁྱོད་ཀྱིས་མཐོང་ལམ་དུ་བཤད་པའི་ཕྱིར་དང་། དེ་ཉིད་ མཐར་གནས་ཀྱི་སྙོམས་འཇུག་དགུ་ལུགས་དང་མཐུན་མི་མཐུན་གཉིས་པོ་ལ་སྙོམས་པར་འཇུག་པས་ཁྱད་པར་དུ་བྱས་པའི་ཕྱིར་དང་། མཐོང་ལམ་པ་ཕྱིར་མི་ལྡོག་གི་བསམ་གཏན་ཡན་ལག་ཡོངས་སུ་ཟད་པ་དང་ཞེས་པའི་མདོར། བྱང་ཆུབ་སེམས་དཔའ་རྣམ་ཐར་བརྒྱད་ སྙོམས་འཇུག་དགུ་ལ་སྙོམས་པར་འཇུག་གོ། འདོད་ན། རྒྱུན་ཞུགས་ནས་རང་བྱང་ཆུབ་ཀྱི་བར་ཐོབ་པར་ནུས་སོ། །ཞེས་དང་། འགོག་སྙོམས་ལ་ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་འཇུག་ན། ཉན་རང་གི་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཐེག་ཆེན་མཐོང་ལམ་ དུ་བསྡུས་པར་བཤད་པའི་ཕྱིར་དང་། གཞན་ཡང་སྒོམ་ལམ་སྙོམས་འཇུག་དགུས་བསྡུས་པ་ཧ་ཅང་ཐལ་ཞིང་། འོན་ཏེ་སྙོམས་འཇུག་དགུ་སྒོམ་ལམ་གྱིས་བསྡུས་སོ་སྙམ་ནའང་ཧ་ཅང་ཐལ་ལོ། །དེས་ན་སེང་གེ་རྣམ་བསྒྱིངས་ཉིད་ཀྱི་རྒྱས་བཤད་ཐོད་རྒལ་ཡིན་གྱི། དེ་ཉིད་མཐོང་ ལམ་ཁོ་ནར་བསྡུའོ་ཞེས་སྨྲ་བར་བྱེད་ལ། དེ་ནི་འཐད་པ་མ་ཡིན་ཏེ། ཁྱེད་ཀྱིས་འཕགས་སེང་གི་བཞེད་པ་མངོན་མཁྱེན་དུ་བྱས་པའི་མཐོང་ལམ་པས་འགོག་པ་ལ་སྙོམས་པར་འཇུག་མི་ནུས་པར་བསམས་ནས་ཞེས་སྨྲ་བར་བྱས་པ་དེས་ནི་མངོན་མཁྱེན་མ་ཐིངས་པ་ཡིན་ཏེ། འཕགས་སེང་གིས་ནི་ཐེག་ཆེན་གྱི་མཐོང་ལམ་ཐོབ་ནས་འགོག་པ་ལ་སྙོམས་པར་འཇུག་ནུས་པར་དེ་དག་གི་གསུང་རབ་ལས་གསལ་བའི་ཕྱིར་དང་། སྒོམ་ལམ་སྙོམས་འཇུག་དགུས་བསྡུས་པ་ཐལ་བའི་སྐྱོན་མེད་དེ། སྒོམ་པའི་ལམ་གྱིས་ཤེས་སྒྲིབ་ཀྱི་རྟོག་པ་བརྒྱ་དང་ 5-1-487b བརྒྱད་པོ་ས་དང་པོ་ནས་བཅུ་པའི་བར་གྱི་མཐར་གནས་ཀྱི་སྙོམས་འཇུག་བརྒྱད་ཅུ་གྱ་གཅིག་གིས་སྤོང་བ་ནི་ཡུམ་དོན་ཡིན་པའི་ཕྱིར་རོ། །འཕགས་སེང་གཉིས་དང་། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་རཏྣཱ་ཀ་ར། ཤཱནྟི་པ་དང་། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་ པ་སོགས་མཁས་པའི་དབང་པོ་རྣམས་ཞལ་འཆམ་པར། མཐོང་ལམ་གྱི་ཁྱད་པར་ལམ་གྱིས་བསྡུས་པའི་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་དང་། སྒོམ་ལམ་དངོས་གཞིའི་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས་མདོ་ལས་བཤད་པ་ལྟར་ཐ་དད་དུ་འགྲེལ་པར་མཛད་ལ། ཁོ་བོ་ཅག་ཀྱང་སྐབས་འདིར་དེའི་ཕྱོགས་སུ་གནས་པ་ཡིན་གྱི། གངས་ཅན་པ་སྤྱི་བརྟོལ་དཔའ་ཐལ་བ་འགའ་ཞིག་གིས་འཕགས་པ་ལ་སྐུར་བ་བཏབ་བོ་ཞེས་པའི་སྨྲ་བ་མ་བཟོད་ནས། ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི་སློབ་མར་གྱུར་པའི་འཕགས་པ་གྲོལ་སྡེ་དེ་ཉི་ ཁྲི་སྣང་བར་བྱེད་པའི་འཕགས་པ་གྲོལ་སྡེ་དེ་མ་ཡིན་པར་འདུག་ཅེས་སྨྲ་དགོས་པ་བྱུང་བ་ཡིན་ནོ། ། གཉིས་པ་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་དངོས་གཞི་ཐོད་རྒལ་དེའི་ཡུལ་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་ཡིན་ཅིང་། དེའང་བསམ་གཏན་དང་གཟུགས་མེད་བཞི་ ཡི་རྣམ་པར་བཞག་པ་ནི་གོང་དུ་བསྟན་ཟིན་ལ། འགོག་པའི་སྙོམས་འཇུག་གི་དོན་ངེས་པར་བྱ་བ་ལ་དྲུག་ལས། གང་ཟག་གང་གིས་སྙོམས་པར་འཇུག་པ། ཁམས་གང་དུ་སྙོམས་པར་འཇུག་པ། ས་གང་གིས་སེམས་ལ་བརྟེན་པ། དགག་བྱ་གང་འགོག་པ། སྙོམས་འཇུག་རང་གི་ངོ་བོ། དུས་ཇི་ཙམ་དུ་སྙོམས་པར་འཇུག་པའོ། །དང་པོ་ནི། ཉན་ཐོས་ཀྱི་དབང་དུ་བྱས་ནས་ལུས་མངོན་བྱེད་དང་། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་གཉིས་ཀྱིས་འགོག་པ་ལ་སྙོམས་པར་འཇུག་པ་ཡིན་ཏེ། མཛོད་ལས། འགོག་ 5-1-488a པ་ཐོབ་པའི་ཕྱིར་མི་འོང་། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། །ཅེས་དང་། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཞེས་སོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། རང་སངས་རྒྱས་ཀྱང་འགོག་པ་ལ་སྙོམས་པར་འཇུག་པ་བཤད་དོ། ། ཐེག་ཆེན་གྱི་དབང་དུ་བྱས་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་འགོག་པ་ལ་སྙོམས་པར་ཞུགས་པ། ཞེས་སོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱི་རིན་ཆེན་ སྒྲོན་ལས། དབང་པོ་རྣོན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་ལ། དབང་པོ་འབྲིང་པོ་ནི་བསྐལ་པ་གྲངས་མེད་པ་བདུན་གྱིས་སོ། །དབང་པོ་རྟུལ་པོ་ནི་བསྐལ་པ་གྲངས་མེད་སུམ་ཅུ་སོ་གསུམ་གྱིས་སོ། །དབང་པོ་རྟུལ་པོའི་དབང་དུ་བྱས་ ན་ཚོགས་སྦྱོར་གཉིས་སུ་གྲངས་མེད་གསུམ། ས་བཅུ་པོ་རེ་རེ་ལ་གྲངས་མེད་གསུམ་གསུམ་གསོག་པ་ཡིན་ནོ། །ཞེས་གྲགས་སོ། །དབང་པོ་རྣོན་པོའི་དབང་དུ་བྱས་ན་མོས་སྤྱོད་དུ་གྲངས་མེད་གཅིག །མ་དག་སར་གྲངས་མེད་གཅིག །དག་སར་གྲངས་མེད་གཅིག་སྟེ། གྲངས་ མེད་གཉིས་ནི་རྫོགས་པ་ཡིས། །སྒོམ་པ་ཡི་ནི་མཐར་ཕྱིན་ཏེ། །ཞེས་དང་། བརྒྱད་སྟོང་འགྲེལ་པ་ལས། གྲངས་མེད་དང་པོ་ནི་ཚོགས་ཀྱི་ས་ནས་བརྩམས་ཏེ་ས་དང་པོའི་བར་རྫོགས་པར་འགྱུར་རོ། །གཉིས་པ་ནི་དྲི་མ་མེད་པའི་ས་ནས་བཟུང་སྟེ་ས་བདུན་པའི་བར་རོ། ། གསུམ་པ་ནི། ས་མི་གཡོ་བ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་དུའོ། །ཞེས་སོ། །བྱང་ཆུབ་སེམས་དཔའི་ས་ལས། ཚོགས་སྦྱོར་གཉིས་སུ་གྲངས་མེད་གཅིག །ས་དང་པོ་ནས་བདུན་པའི་བར་དུ་གཅིག །དག་པ་ས་གསུམ་དུ་གཅིག་གོ། དེ་ཉིད་ལས། གྲངས་མེད་པ་ནི། བསྐལ་ 5-1-488b པ་ཆེན་པོ་གྲངས་ཀྱི་གནས་གཞན་དྲུག་ཅུ་ལས་འདས་པའོ། །ཞེས་སོ། །དེ་དག་ནི་ཞར་ལས་འོངས་པའོ། །འཇུག་པའི་ས་དྲུག་པ་ལས། འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་དང་། ས་བདུན་པ་ལས། སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཞེས་སོ། །དེ་དག་དང་མཐུན་པར་མདོ་སྡེ་ས་བཅུ་པར། བྱང་ཆུབ་སེམས་དཔའ་ས་དྲུག་པ་ཡན་ཆད་འགོག་པ་ལ་སྙོམས་པར་འཇུག་ལ། བདུན་པར་སེམས་ཀྱི་སྐད་ཅིག་གཅིག་ལ་འཇུག་སྟེ། འགོག་པ་མངོན་དུ་བྱས་ པ། ཞེས་མི་བྱའོ། །འདི་ལྟར་འབྱུང་བ་ནི་མཚན་མ་མེད་པའི་ཚུལ་གྱིས་སྙོམས་པར་འཇུག་ནུས་མི་ནུས་ལ་དགོངས་པ་ཡིན་གྱི། སྤྱིར་སེམས་དཔས་འགོག་པ་ལ་སྙོམས་པར་འཇུག་ན་མཐོང་ལམ་ནས་འཇུག་ནུས་པ་ཡིན་ཏེ། མདོ་ལས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། ཞེས་བྱ་བ་ནས། འགོག་པའི་བར་ལ་སྙོམས་པར་འཇུག་གོ་ཞེས་སོ། ། གཉིས་པ་ནི། ཉན་ཐོས་པ་ལྟར་ན། དང་པོར་འདོད་ཁམས་སུ་འགོག་པ་ལ་སྙོམས་པར་འཇུག་ཅིང་ཕྱིས་གཟུགས་ ཁམས་སུ་འགོག་པ་ལ་སྙོམས་པར་འཇུག་པ་ཡིན་ཏེ། ཀུན་བཏུས་ལས། འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་སྟེ། མི་རྣམས་ཀྱི་ནང་དུ་མངོན་པར་སྒྲུབ་བོ། །མི་རྣམས་ཀྱི་ནང་དུ་མངོན་པར་བསྒྲུབས་ནས། མི་རྣམས་ཀྱི་ནང་དུའམ། གཟུགས་ཀྱི་ ཁམས་སུ་མངོན་དུ་བྱེད་དོ། །གཟུགས་མེད་པའི་ཁམས་སུ་ནི་འདི་མངོན་འགྱུར་མེད་དེ། ཞེས་དང་། མཛོད་ལས། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོར་མིའི་ནང་དུ། །ཞེས་སོ། །གཉིས་ཀ་ཞེས་པ་ནི་སྙོམས་འཇུག་གཉིས་སོ། །དེ་དག་ནི་ཉན་ 5-1-489a ཐོས་སྡེ་པ་ཀུན་གཞི་ཁས་མི་ལེན་པའི་དབང་དུ་བྱས་པ་ཡིན་ནོ། །སེམས་ཙམ་པ་ལྟར་ན། དང་པོ་འདོད་ཁམས་སུ་སྙོམས་པར་འཇུག་ཅིང་ཕྱིས་ཁམས་གསུམ་ཆར་དུ་སྙོམས་པར་འཇུག་པ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཀུན་གཞིའི་རྣམ་ པར་ཤེས་པ་བཞག་ན་ནི་མངོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱའོ། །ཞེས་སོ། །བཞག་པ་ནི་ཁས་ལེན་པའོ། ། གསུམ་པ་ལ་གཉིས་ཏེ། སྙོམས་པར་འཇུག་པ་དང་། ལྡང་བའི་རྟེན་ནོ། །དང་པོ་ནི། མཛོད་འགྲེལ་ལས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ས་ཁོ་ ན་ཡིན་ཅེས་སོ། །སྲིད་རྩེའི་སེམས་ཐོབ་པའི་རྗེས་སུ་ཆོས་ཉིད་ཡིད་ལ་བྱས་པས་སྲིད་རྩེའི་སེམས་ཆ་ཕྲ་བ་དེ་འགགས་ནས་འགོག་པའི་སྙོམས་འཇུག་སྐྱེ་བ་ཡིན་ཏེ། གསུས་པོ་ཆེས་ཞུས་པའི་མདོ་ལས། མཚན་མ་མེད་པའི་དབྱིངས་ལ་སྙོམས་པར་འཇུག་པའི་རྒྱུ་ནི་དུ་ལགས། རྐྱེན་ནི་དུ་ལགས། ཞེས་དྲིས་པའི་ལན་དུ། གཉིས་ཏེ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའོ། །ཞེས་སོ། །ཉན་ཐོས་ཀྱི་ས་ལས། ཚོར་བ་དང་འདུ་ཤེས་གཉིས་ལ་རགས་པ་དང་། དེ་གཉིས་དང་བྲལ་བ་ལ་ཞི་བར་ ཡིད་ལ་བྱས་པ་ལས་དེ་སྐྱེ་བར་བཤད་དོ། །གཉིས་པ་ནི། སྲིད་རྩེའི་སེམས་དག་པ་བ་དང་། ཟག་མེད་ཅི་ཡང་མེད་གང་རུང་ལ་བརྟེན་པ་ཡིན་ཏེ། མཛོད་ལས། རང་གི་དག་དང་འོག་མ་ཡི། །འཕགས་པའི་སེམས་ཀྱིས་དེ་ལས་ལྡང་། །ཞེས་སོ། ། བཞི་པ་ནི། ཚོགས་ བདུན་འཁོར་དང་བཅས་པ་ཅི་རིགས་སུ་འགོག་པ་ཡིན་ཏེ། ཀུན་བཏུས་ལས། འདུ་ཤེས་དང་ཚོར་བ་འགོག་པ་གང་ཞེ་ན། ཅིའང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་ 5-1-489b བྱེད་པས། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་དང་། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག །ཅེས་སོ། །དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་མདོ་སྡེ་ཀུན་ལས་བཏུས་པ་ལས། གྱེན་དུ་བསྐྱོད་པ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་མངོན་དུ་གྱུར་པའོ། །ཞེས་སོ། ། འཕགས་པ་འོག་མ་གསུམ་ག་ཞི་བའོ། །ཡང་ན་སྤྲོས་པ་ཐམས་ཅད་འགོག་པ་ཡིན་ཏེ། འཇུག་འགྲེལ་ལས། ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས་དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དོ། །འདིར་སྤྲོས་པ་ཐམས་ཅད་འགག་པར་འགྱུར་བའི་ཕྱིར་རོ། །ཞེས་ སོ། ། ལྔ་པ་ནི། སེམས་ཙམ་པས་ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་དགག་བྱ་ཚོགས་བདུན་འཁོར་དང་བཅས་པ་འགོག་པ་ལ་འདོད་ཀྱང་། སངས་རྒྱས་ཀྱི་སར་ཀུན་གཞིའི་རྣམ་པར་ཤེས་པ་མེད་པས། དེ་ལྟར་ན་དེར་འགོག་སྙོམས་མེད་པར་འགྱུར་བས་འདི་མི་འཐད་དོ། །དེས་ན་ དགག་གཞི་གཉིས་མེད་ཀྱི་ཡེ་ཤེས་སམ། ཟབ་མོ་སྟོང་པ་ཉིད་ལ་སྤྲོས་པའི་ཚོགས་ཇི་སྙེད་བཀག་པའི་འགོག་པ་དེའོ། །ཉན་ཐོས་པས་ནི། ལུས་ལ་རྣམ་ཤེས་འགོག་པ་ལ་འདོད་པ་ཡིན་ལ། མཆོད་སྦྱིན་གྱིས་ཞུས་པའི་མདོ་ལས། དེའི་རྣམ་པར་ཤེས་པ་ལུས་དང་བྲལ་བ་མ་ཡིན་ ནོ། །ཞེས་སོ། ། དྲུག་པ་ཉན་རང་གཉིས་ནི། ལང་ཀར་གཤེགས་པ་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་ཟད་དོ། །ཞེས་སོ། །སེམས་དཔས་ནི། ཉི་མའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔས་ནི་ཉི་མ་གཅིག་ནས་བདུན་གྱི་བར་སྙོམས་པར་ འཇུག་སྟེ། དུས་རིང་མོ་ཞིག་ཏུ་སྙོམས་པར་ཞུགས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་དམན་པར་འགྱུར་རོ། །ཞེས་སོ། །སྙིང་རྗེ་པདྨ་དཀར་པོ་ལས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འགོག་པ་ལ་སྙོམས་པར་འཇུག་པ་ཉིད་ཀྱིས་བར་གྱི་བསྐལ་ 5-1-490a པ་བཅུ་པོ་དེ་དག་འདའ་བར་བྱེད་དོ། །ཞེས་སོ། ། གསུམ་པ་ཇི་ལྟར་སྙོམས་འཇུག་བྱེད་པའི་ཚུལ་གང་ཡིན་བསམ་པ་ནི། སྦྱོར་བ་སེང་གེ་རྣམ་བསྒྱིངས་ནི། མདོར། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་པར་ བསྒྱིངས་པ་དེ་གང་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་ བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་གྱི་སྙོམས་པར་འཇུག་པ་ལས་ལངས་ནས་འགོག་པའི་སྙོམས་འཇུག་ལ་སྙོམས་པར་འཇུག་གོ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ ལ་སྙོམས་པར་འཇུག་གོ་ཞེས་བྱ་བ་ནས། བསམ་གཏན་གཉིས་པ་ལས་ལངས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། ཞེས་སོ། །ཐོད་རྒལ་ཆུང་ངུ་ནི། མདོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་སྒྲུབ་སྟེ་གནས་སོ། །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། ཞེས་སོ། །ཐོད་ 5-1-490b རྒལ་འབྲིང་ནི། མདོར། བསམ་གཏན་དང་པོ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་ སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་གོ་ཞེས་སོ། །ཐོད་རྒལ་ཆེན་པོ་ནི། མདོར། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ ལས་འགོག་པའི་སྙོམས་པར་འཇུག་གོ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་ཉམས་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་ འཇུག་གོ་ཞེས་བྱ་བ་ནས། མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། བསམ་གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །ཞེས་པ་ལ་སོགས་པས་བསྟན་པར་མཛད་དེ། དེའང་དང་པོ་སྦྱོར་བ་སེང་གེ་ རྣམ་བསྒྱིངས་ནི། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ཡར་འོང་ལུགས་མཐུན་དང་། མར་འོང་ལུགས་མི་མཐུན་གཉིས་ལ་སྙོམས་པར་འཇུག་པ་དེ་ཡིན་ཏེ། འདི་ལ་དབྱེ་ན། ས་གཉིས་པ་ནས་བཅུ་པའི་བར་གྱི་དངོས་གཞི་ཐོད་རྒལ་བརྒྱད་ཅུ་རྩ་ གཅིག་གི་དབྱེ་བས་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱང་བརྒྱད་ཅུ་རྩ་གཅིག་ཡོད་ལ། གནས་ཀྱི་སྒོ་ནས་དབྱེ་ན་བཅོ་བརྒྱད་ཡོད་དོ། །འགའ་ཞིག་ཡར་འོང་མར་འོང་གི་འགོག་པ་གཉིས་གཅིག་ཏུ་བྱས་པའི་གནས་བཅུ་བདུན་ཡིན་ཟེར་རོ། །ཐོད་རྒལ་ཆུང་ངུ་ནི། མཐར་གནས་ 5-1-491a ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ཡར་འོང་ལུགས་མཐུན་དུ་སྙོམས་པར་འཇུག་པ་ཉིད་ཡིན་ལ། འདིའི་དབྱེ་བའང་དགུ་ཁོ་ནར་གྲངས་ངེས་པར་འདོད་དོ། ། ཁ་ཅིག་སྦྱོར་བ་སེང་བསྒྱིངས་སྔོན་དུ་བཏང་ནས་ཐོད་རྒལ་འབྲིང་པོ་ཐོབ་ཕྱིར་དུ་མཐར་ གྱི་སྙོམས་འཇུག་དགུ་ལ་ཡར་འོང་ལུགས་མཐུན་དང་མར་འོང་ལུགས་མི་མཐུན་གཉིས་ལ་སྙོམས་པར་འཇུག་ཟེར་རོ། །འདི་ལའང་ཁ་ཅིག་གནས་བཅོ་བརྒྱད་ཡོད་པར་འདོད་པ་ལ། ཁ་ཅིག་གིས་ནི་གནས་བཅོ་བརྒྱད་མེད་དེ། དེ་མར་འོང་གི་འགོག་སྙོམས་མེད་པའི་ཕྱིར་ཏེ། དེ་ ཡར་འོང་གི་འགོག་སྙོམས་ལས་ལངས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་སྙོམས་པར་ཞུགས་པར་བྱས་པའི་ཕྱིར་ཞེས་སོ། །ཁ་ཅིག་དེས་མི་གནོད་དེ། འགོག་པ་དེ་གཉིས་ཀྱི་བར་དུ་འདོད་སེམས་གཅིག་གིས་མཚམས་བཟུང་བར་བྱས་པས་གནས་བཅོ་བརྒྱད་གྲུབ་པ་ཡིན་ ཟེར་རོ། ། ཡང་ཁ་ཅིག །ཐོད་རྒལ་ཆུང་ངུའི་མིང་ཅན་གྱི་རིགས་མཐུན་མི་མཐུན་གྱི་ཆོས་སེལ་བ་དང་ཆོས་བོར་བ་གང་ཡང་བར་དུ་མ་བཅུག་པའི་སེང་གེ་རྣམ་བསྒྱིངས་ལྟ་བུ་དེ་ཐོད་རྒལ་དངོས་མ་ཡིན་ཏེ། ཐོད་རྒལ་གྱི་སྒྲ་བཤད་འཇུག་གང་ཡང་མ་ཚང་བའི་ཕྱིར་ཞེ་ན། དེ་ལ་ ཐོད་རྒལ་གྱི་སྒྲ་བཤད་རྒྱུད་གང་ཡང་མེད་ཀྱང་ཐོད་རྒལ་དུ་བཞག་པ་འཐད་དེ། བཅོམ་ལྡན་འདས་ཀྱིས་ཡུམ་དུ་དེ་ལ་ཐོད་རྒལ་གྱི་ཐ་སྙད་མཛད་པའི་ཕྱིར་རོ། ། འདི་ལ་འགའ་ཞིག་ཐོད་རྒལ་ཆུང་ངུ་འདི་ཐོད་རྒལ་དངོས་མ་ཡིན་གྱི། རྟ་རྒྱུག་པའི་དཀྱུས་ས་བསྟན་པ་ལྟར་ཐོད་རྒལ་གྱི་ དཀྱུས་ས་བསྟན་པ་ཡིན་ནོ་ཞེས་སྨྲ་བར་བྱེད་པའང་ཡོད་དོ། །ཐོད་རྒལ་འབྲིང་ནི། མཐར་གྱི་སྙོམས་འཇུག་དང་པོ་བརྒྱད་ལ་འགོག་པ་རེ་རེ་སྤེལ་ནས་བསྒོམས་པས་བཅུ་དྲུག་དང་། མཐར་སྲིད་རྩེའི་སེམས་ཀྱི་ཐོད་རྒལ་དེ་ལས་ལྡང་བར་བྱེད་ཅིང་། ལངས་རྗེས་སུ་མཉམ་པར་མ་ 5-1-491b བཞག་པའི་སེམས་ཞིག་མངོན་དུ་བྱེད་པ་དང་བཅུ་བདུན་ཡིན་ལ། དེ་ལྟར་གྱི་ཚེ་སྲིད་རྩེའི་སེམས་ལས་ལངས་པ་དེ་ལ་ནུད་ཆུང་དང་། དེ་རྫས་གཅིག་པའི་དབང་དུ་བྱས་ནས་བཅུ་བདུན་དུ་འདྲེན་པར་མཛད་དོ། །དེ་ལས་གཞན་ལངས་རྗེས་ཀྱི་མཉམ་བཞག་མིན་པའི་འདོད་ སེམས་ནི་ཞར་འོང་ཐོད་རྒལ་ཆེ་འབྲིང་གི་མཚམས་འཛིན་ཡིན་ནོ། །དེ་དག་ལུགས་ལས་བཟློག་སྟེ་འདོད་སེམས་དང་། དེ་ནས་སྲིད་རྩེའི་སེམས་རིམ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་སྙོམས་པར་ཞུགས་ནས་སླར་འདུ་ཤེས་མེད་འདུ་ཤེས་མེད་མིན་དང་། དེ་ནས་ འགོག་པ་ནས་བསམ་གཏན་དང་པོའི་བར་དུ་འགོག་པ་དང་སྤེལ་བས་སུམ་ཅུ་རྩ་བཞི་དང་། མཐར་འདོད་པའི་སེམས་གཅིག་དང་བཅས་པས་སོ་ལྔར་གྲུབ་བོ། །ཁ་ཅིག་ཐོད་རྒལ་འབྲིང་པོ་དེ་བཅོ་བརྒྱད་ཡིན་ལ། བཅུ་དྲུག་པོ་གོང་དང་འདྲ་བ་ལས། འགོག་པ་ལས་སྲིད་རྩེ་ལ་ ནུད་ཆུང་དང་བཅུ་བདུན། སྲིད་རྩེ་ནས་འདོད་སེམས་དང་བཅོ་བརྒྱད་ཟེར་རོ། །ཡང་ཁ་ཅིག་གིས་ཐོད་རྒལ་འབྲིང་པོ་ལ་གནས་ཉི་ཤུ་ཡོད་དེ། འགོག་པའི་མཇུག་ཐོག་ཏུ་ནུད་ཆུང་དེ་ནས་འདོད་སེམས། དེ་ནས་འགོག་པ། དེ་ནས་འདོད་སེམས་མངོན་དུ་བྱེད་པས་ཉི་ཤུ་ཟེར་ པ་འདུག་ཀྱང་མདོ་དང་སྦྱར་ནས་བརྟག་དགོས་སོ། ། འདིར་བོད་ཁ་ཅིག །ཡུམ་ལས་འགོག་པ་ལས་ལྡང་བ་སྲིད་རྩེའི་སེམས་ལ་བརྟེན་པར་བཤད་པ་དེ་མཚན་ཉིད་ཀྱི་ལུགས་ལས་ཀྱང་འབྱུང་བ་ཡིན་ཏེ། ཇི་སྐད་དུ། རང་གི་དག་དང་འོག་ས་ཡི། །འཕགས་པའི་སེམས་ ཀྱིས་དེ་ལས་ལྡང་། །ཞེས་ལྡང་སེམས་མངོན་དུ་བྱེད་པའི་དབང་དུ་བྱས་ནས་དེ་སྐད་གསུངས་པ་ཡིན་གྱི། ནུད་ཆུང་ཞེས་འཕགས་ཡུལ་གྱི་བརྡ་ལས་མ་བྱུང་བའོ་ཞེས་སྨྲ་བ་ན། གཞན་དག་ནུད་ཆུང་བྱས་པ་ལ་དགོས་པ་ཅི་ལྟ་བུ་ཞིག་ཅེས་འཚོལ་བའི་ཚེ། ལ་ལ་ཞིག་ 5-1-492a འདོད་སེམས་མངོན་དུ་བྱེད་པའི་ཆེད་ཡིན་ཏེ། སྲིད་རྩེ་དང་དེའི་རྗེས་ཐོག་གི་འགོག་པ་ཤིན་ཏུ་ཞི་བ་མཐར་ཐུག་པ་གཉིས་པོ་དེ་སྤེལ་བའི་མཇུག་ཐོག་ཏུ་འདོད་སེམས་མངོན་དུ་བྱེད་མི་ནུས་ལ། ནུད་ཆུང་བྱས་པས་དེ་མངོན་དུ་བྱེད་ནུས་པའི་ཕྱིར་དང་། འགོག་པ་ ལ་ཡིད་ཤེས་འགགས་པས་འགོག་པ་ལས་ལྡང་བའི་ཚེ་སྲིད་རྩེའི་མཇུག་སེམས་ཀྱིས་ལྡང་དགོས་པའི་ཕྱིར་ཞེས་འཆད་པ་དང་། འདོད་སེམས་མངོན་དུ་བྱེད་པའི་དགོས་པ་ཡང་ཐོད་རྒལ་འབྲིང་པོའི་སྐབས་སུ་འགོག་པ་དང་འགོག་པ་སྤེལ་བའི་ཕྱིར་ཡིན་ལ། འགོག་པ་དང་ འགོག་པ་སྤེལ་བའི་དགོས་པ་ཡང་ས་དྲུག་པ་མན་ཆད་དུ་ནུད་ཆུང་མེད་པས། སྐད་ཅིག་གི་འགོག་པ་ནས་སྐད་ཅིག་ལ་འགོག་པར་སྙོམས་པར་འཇུག་མི་ནུས་པ་དེ་ནུད་ཆུང་གི་མཐུ་ལས་འགོག་པ་སྐད་ཅིག་གི་འགོག་པ་སྐད་ཅིག་མར་འཇུག་ནུས་པའི་ཕྱིར་དང་། དེས་ན་འགོག་པ་སྔ་ཕྱིའི་མཚམས་ འདོད་སེམས་ཀྱིས་འཛིན་དགོས་ཞེས་པ་དང་། ཡང་ནུད་ཆུང་གི་མཇུག་ཐོག་ཏུ་འདོད་སེམས་མངོན་དུ་བྱེད་པའི་རྒྱུ་མཚན་ནི། འགོག་པ་དང་འདོད་སེམས་སྤེལ་ནུས་མི་ནུས་བརྟག་པའི་ཆེད་ཡིན་ཟེར་རོ། ། འདི་དག་ལ་ཅུང་ཟད་དཔྱད་པར་བྱ་སྟེ། སྤྱིར་འགོག་པ་ལས་ལྡང་བའི་ཚེ་ སྲིད་རྩེ་དང་ཅིའང་མེད་ཀྱི་སེམས་ལ་བརྟེན་དགོས་པ་ནི་ཐེག་དམན་པ་དག་གི་ལུགས་ཡིན་གྱི། ཐེག་ཆེན་པ་ལྟར་ན་འགོག་པ་ལ་སྙོམས་པར་འཇུག་ལྡང་ཅི་བྱེད་ཀྱང་མི་རྟོག་ཡེ་ཤེས་ལ་དབང་ཐོབ་པས་ལྡང་འཇུག་ཅི་བྱེད་རང་དབང་གི་རྣམ་པར་བཤད་དོ། །གཞན་ཡང་ཐོད་རྒལ་ འབྲིང་པོའི་སྐབས་འདིར། འགོག་པ་དང་འགོག་པ་སྤེལ་བ་མདོ་དང་། བསྟན་བཅོས་རྩ་འགྲེལ་གྱི་དགོངས་པ་མ་ཡིན་ཏེ། མདོར་དེ་ལྟ་བུ་མི་གསལ་བའི་ཕྱིར་དང་། འགའ་ཞིག་གནས་ཉི་ཤུའི་རྣམ་གཞག་བྱེད་པ་ལྟར་ན། འགོག་པ་དང་འགོག་པ་སྤེལ་ཆོས་སུ་བྱེད་པ་མངོན་ 5-1-492b གསལ་ཟེར་བ་ཡང་། མདོར་འགོག་པ་ལ་སྤེལ་གཞི་དང་སྤེལ་ཆོས་སུ་བྱས་པ་མ་ཕྱེ་བར་སྤེལ་ཆོས་འགོག་པ་གཉིས་ཀྱི་རྣམ་གཞག་བྱེད་པ་ནི་ནོར་བ་ཡིན་ནོ། །བསྟན་བཅོས་རྩ་བར། ཐོད་རྒལ་འབྲིང་པོ་ནི། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པའི་ཚིག་ཟུར་ཙམ་ལས་ མི་གསལ་ཞིང་། འགྲེལ་པར། དེ་ལྟ་བུ་དེ་མངོན་དུ་བྱས་ནས་དེའི་འོག་ཏུ་འགོག་པ་ལའོ། །ཞེས་འབྱུང་བས་ལེགས་པར་ཐོན་པ་ཡིན་སྙམ་ན། དེ་ནི་ཐོད་རྒལ་ཆེན་པོའི་སྐབས་ཀྱི་འགྲེལ་པ་ཡིན་ནོ། །འགོག་པ་སྔ་ཕྱིའི་མཚམས་འདོད་སེམས་ཀྱིས་འཛིན་མི་དགོས་ཏེ། ཁྱོད་ལྟར་ ན་དེའི་མཚམས་སྲིད་རྩེའི་ནུད་ཆུང་ཉིད་ཀྱིས་བཟུང་བར་གྲུབ་པའི་ཕྱིར་སླར་འདོད་སེམས་ཀྱིས་མཚམས་འཛིན་མི་དགོས་སོ། །མདོར་ན་འགོག་པ་ནས་འགོག་པ་ལ་སྙོམས་པར་འཇུག་བྱ་བ་འདི་ཐམས་ཅད་འགོག་པ་སྤེལ་གཞིར་བཞག་ནས་གནས་བཅོ་བརྒྱད་ལ་ཡར་སོང་དང་ མར་འོང་གི་དབང་དུ་བྱས་པ་ཡིན་ལ། དེའང་ཐོད་རྒལ་འབྲིང་པོ་ལ་གནས་བཅོ་བརྒྱད་དུ་བྱེད་པ་འབུམ་གྱི་མདོའི་འདྲེས་ལྟར་ན་ཡིན་དུ་ཆུག་ཀྱང་། ཡུམ་འབྲིང་བསྡུས་ཀྱི་འདྲེས་ལྟར་གནས་བཅུ་བདུན་གྱི་དབང་དུ་བྱས་ན། འགོག་པ་ནས་འགོག་པ་ལ་འཇུག་པ་མ་ཡིན་གྱི། ཡར་ སོང་སྲིད་རྩེ་ནས་ཕྱིར་འོང་སྲིད་རྩེ་ལ་མར་འཇུག་པ་ན། སླར་སྲིད་རྩེའི་སེམས་ཀྱིས་ལྡང་བ་ལ་ནུད་བུ་ཆུང་ཞེས་ལོ་ཆེན་གྱིས་ཐ་སྙད་མཛད་ལ། དོན་དེ་ཁྲི་བརྒྱད་སྟོང་པ་ནས་གསལ་བར་བཤད་པ་ཡིན་ཅེས་བདག་གི་འདྲེན་པ་ཀརྨ་ཀེ་ཀཱིརྟི་ཨ་བྷའི་ཞལ་སྔ་ནས་གསུངས་སོ། ། ནུད་ཆུང་མ་བྱས་པར་འགོག་པ་དང་སྲིད་རྩེའི་སེམས་ཞི་བས་འདོད་སེམས་མངོན་དུ་བྱེད་མི་ནུས་ཞེས་ཟེར་བ་འདི་ཡང་འཐད་པ་མ་ཡིན་ཏེ། མདོ་འགྲེལ་གཉིས་ལས་འགོག་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །ཞེས་འགོག་པ་ནས་མཉམ་པར་མ་བཞག་པའི་ 5-1-493a མངོན་དུ་བྱེད་ནུས་པར་བཤད་པའི་ཕྱིར་རོ། །ཡང་འགོག་པ་དེ་ལྟ་བུ་དེ་སྲིད་རྩེས་བསྒྲུབས་པའི་འགོག་པ་ཡིན་པས་ཤིན་ཏུ་ཞི་བའི་མཐར་ཐུག་པ་ཡིན་པའི་རྒྱུ་མཚན་གྱིས་འགོག་པས་འདོད་སེམས་ལ་འཇུག་མི་ནུས་སོ་ཞེ་ན། དེ་ལྟར་མ་ཡིན་ཏེ། སྲིད་རྩེས་མ་ བསྒྲུབས་པའི་འགོག་པའི་སྙོམས་འཇུག་མི་སྲིད་ལ། དེས་ན་ཁྱོད་ལྟར་ན་སྲིད་རྩེ་ནས་ཞུགས་པའི་འགོག་སྙོམས་དེ་ལས་ནུད་བུ་ཆུང་མ་བྱས་པར་རྗེས་ཐོབ་ཏུ་ལྡང་མི་ནུས་པར་ཐལ་བའི་སྐྱོན་གནས་སོ། །གཞན་ཡང་ནུད་ཆུང་བྱས་པ་འགོག་པ་ལ་སྐད་ཅིག་གིས་འཇུག་པའི་ཏིང་ངེ་ འཛིན་གྱི་རྩལ་སྦྱོང་ཡིན་ཟེར་བའང་མི་འཐད་དེ། ནུད་ཆུང་མ་བྱས་ཀྱང་སེམས་དཔས་སྤྲོས་བྲལ་གྱི་ཡེ་ཤེས་ཀྱི་ངང་དུ་མཚན་མ་འགོག་པ་ལ་བར་ཆད་གཞན་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་སྲིད་རྩེར་ནུད་ཆུང་བྱེད་པའི་དགོས་པ་ནི། ཐོད་རྒལ་འབྲིང་གི་ཏིང་འཛིན་ཉིད་ཤིན་ཏུ་ ཞི་བའི་རྣམ་པར་སྤྱད་པའི་ཆེད་ཡིན་ཅེས་ཀརྨ་ཀ་ཏ་ཐཱ་ག་ཏའི་ལེགས་བཤད་ཡིན་ནོ། །ཐོད་རྒལ་ཆེན་པོ་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་པོ་རེ་རེ་ཞིང་འདོད་སེམས་རེ་རེ་སྤེལ་བའི་གནས་བཅོ་བརྒྱད་ལ་དེ་ཡར་སོང་དང་མར་འོང་གི་དབྱེ་བས་སུམ་ཅུ་རྩ་དྲུག་ཏུ་བཞག་གོ ། འདིའི་འདོད་སེམས་ནི་བྱང་སེམས་ཀྱི་རྗེས་ཐོབ་དག་པ་ཉིད་ལ་བཟུང་བ་ཡིན་གྱི། དེའང་སྐད་ཅིག་མ་རེའི་དབང་དུ་བྱས་པ་ཡིན་ཅེས་ཤྲཱི་ཀརྨའི་ཀཿགསུང་ངོ་། ། བཞི་པ་གཉེན་པོར་གྱུར་པའི་སྙོམས་འཇུག་དེ་དག་གིས་སྤང་བྱ་ཇི་ལྟར་སྤོང་བའི་ཚུལ་ནི། སྒོམ་སྤང་རྟོག་པའི་ས་ བོན་ལ་གནོད་བྱེད་ཀྱི་རྗེས་ལ་མངོན་རྟོགས་འདི་ལ་དང་པོར་ས་བོན་མགོ་གནོན་པ་སྦྱོར་བའི་ལམ་སེང་གེ་རྣམ་བསྒྱིངས་དང་། ཕྱིས་དྲུངས་འབྱིན་པ་བར་ཆད་མེད་པའི་ལམ་དངོས་གཞི་ཐོད་རྒལ་ལོ། །དེ་ལྟ་བུའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་རེ་རེ་ལ་ཡང་ཆུང་འབྲིང་ཆེན་ 5-1-493b པོ་དགུ་དགུར་འབྱེད་དགོས་པ་ཡིན་ཏེ། ཇི་སྐད་དུ། ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་གསུངས་པ་ལྟར་སྤང་བྱའི་དབྱེ་བས་སྦྱོར་བ་དང་དངོས་ཀྱི་གཉེན་པོ་དག་ཀྱང་དགུ་དགུར་རྣམ་པར་དབྱེ་བར་མཛད་དེ། དེའང་སྦྱོར་བའི་དུས་སུ་ནི་ གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་པོ་དེ་ལ་དགུ་དགུ་ཡོད་པའི་དབང་དུ་མཛད་ནས། དགུ་པོ་དེ་རེ་རེ་བཞིན་སྦྱོར་བ་དགུ་ཚན་གཉིས་ཀྱིས་རིམ་ཅན་དུ་སྤོང་བར་བྱེད་པ་ཡིན་ནོ། ། འོ་ན་མཐོང་སྤང་རྟོག་པ་དགུ་པོ་དེའང་ལམ་བཞིའི་རིམ་པས་རིམ་གྱིས་སྤང་དགོས་པར་མཚུངས་ཞེ་ ན། མ་ཡིན་ཏེ། མཐོང་སྤང་ནི་ཆུང་འབྲིང་དགུའི་སྒོ་ནས་སྤོང་བ་མ་ཡིན་ཅིང་། སྒོམ་སྤང་རྣམས་ནི་ཆུང་འབྲིང་དགུའི་སྒོ་ནས་རིམ་བཞིན་སོང་བའི་རྗེ་བཙུན་གྱི་གཞུང་ལས་འབྱུང་བའི་ཕྱིར་རོ། །དེ་ལྟར་གྱི་སྦྱོར་བ་སེང་གེ་རྣམ་བསྒྱིངས་འདི་ནི་ཤེར་ཕྱིན་དྲུག་ལྡན་གྱི་ནང་ཚན་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཡིན་ལ། ཕར་ཕྱིན་འདི་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་མཚུངས་ལྡན་དུ་གྱུར་པའི་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ། ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་ངོ་བོ་ཅན་གྱིས་སྒོམ་སྤང་ རྟོག་པའི་ས་བོན་ལ་དངོས་སུ་གནོད་པར་བྱེད་པས་ན་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་ལ། འདིས་ས་གཉིས་པ་ནས་བཅུ་པའི་བར་གྱི་དངོས་གཞི་ཐོད་རྒལ་གྱི་བར་ཆད་མེད་ལམ་རེ་རེ་བཞིན་དེའི་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱང་དེ་སྙེད་དོ། །དངོས་གཞི་ཐོད་རྒལ་གྱི་ཏིང་ངེ་འཛིན་ ལ་ཆུང་འབྲིང་ཆེན་པོ་གསུམ་བཤད་པའི་ཆུང་ངུ་ནི། རང་གི་སྤང་བྱ་སྒོམ་སྤང་རྟོག་པ་ཆེན་པོ་སྐོར་གསུམ་གང་རུང་གི་ས་བོན་དྲུངས་འབྱིན་པར་བྱེད་ལ། དེ་ལའང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་དགུར་བཞག་གོ། ཐོད་རྒལ་འབྲིང་པོ་ནི། རང་གི་སྤང་བྱ་སྒོམ་སྤང་ 5-1-494a རྟོག་པ་འབྲིང་པོ་སྐོར་གསུམ་གང་རུང་གི་ས་བོན་དྲུངས་འབྱིན་པར་བྱེད་པ་སྟེ། དབྱེ་ན། འབྲིང་པོའི་ཆུང་ངུ་སོགས་གསུམ་མོ། །ཐོད་རྒལ་ཆེན་པོ་ནི། རང་གི་སྤང་བྱ་སྒོམ་སྤང་རྟོག་པ་ཆུང་ངུ་སྐོར་གསུམ་གང་རུང་གི་ས་བོན་དྲུངས་འབྱིན་པར་བྱེད་པ་སྟེ། དེའང་ཆེན་ པོའི་ཆུང་ངུ་ལ་སོགས་པའི་དབྱེ་བས་གསུམ་མོ། །མདོ་དང་རྒྱན་གཉིས་ལས་སྒོམ་སྤང་གི་ངོ་བོར་གྱུར་པའི་གཟུང་འཛིན་གྱི་རྟོག་པ་སུམ་ཅུ་སོ་དྲུག་པོ་དེ་དང་། ཐོད་རྒལ་ཆུང་ངུ་འབྲིང་ཆེན་པོ་རེ་རེ་ཞིང་གསུམ་གསུམ་དུ་བཤད་པ་དེ་ཇི་ལྟར་སྦྱོར་ཞེ་ན། རྟོག་པ་བཞི་པོ་རེ་རེ་ལ་ཡུལ་གྱི་སྒོ་ནས་ དགུ་དགུར་ཕྱེ་ཞིང་། དེ་དག་ཀྱང་ཁམས་གསུམ་གྱིས་ཕྱེ་བས་བརྒྱ་དང་བརྒྱད་དུ་གསུངས་པ་དེ་ལ་སྒོམ་ལམ་ས་དགུས་རྣམ་པར་ཕྱེ་ལ། གཉེན་པོ་བརྒྱ་རྩ་བརྒྱད་པོ་དེ་ལ་དངོས་གཞི་ཐོད་རྒལ་དགུས་རྣམ་པར་ཕྱེ་བས་དེ་གཉིས་སྤང་གཉེན་དུ་སྦྱར་བ་ཡིན་ཅེས་དྷརྨ་སྭཱ་མི་ཤྲཱི་ཀརྨ་ཀཿ གསུང་ངོ་། ། ཆེན་པོ་ལ་ལའི་བཞེད་ཀྱིས་སྤང་གཉེན་དུ་སྦྱར་ཚུལ་དེ་མི་འཐད་དེ། དེ་ལྟར་ན་སྒོམ་ལམ་ས་དགུ་རེ་རེ་ཞིང་ཁམས་གསུམ་ལ་དམིགས་པའི་སྤང་བྱ་བརྒྱ་དང་བརྒྱད་པ་ཚན་པ་དགུ་སྤོང་བར་འགྱུར་བས། ཀུན་དྲིལ་སྤང་བྱ་དགུ་བརྒྱ་དང་བདུན་ཅུ་དོན་གཉིས་སུ་འགྱུར་ལ། ས་རེ་རེ་ལ་རྟོག་པ་བརྒྱ་དང་བརྒྱད་པོ་དེ་སྤོང་བྱེད་ཀྱི་གཉེན་པོ་བརྒྱ་དང་བརྒྱད་པོ་དེ་ལའང་ས་རེ་རེར་ཐོད་རྒལ་ཆེན་པོའི་ཆེན་པོ་སོགས་དགུའི་དབྱེ་བས་གཉེན་པོ་དགུ་བརྒྱ་དང་བདུན་ཅུ་དོན་གཉིས་འབྱུང་ལ། དེ་ལྟར་ན་སྐབས་འདིའི་སྤང་གཉེན་གཉིས་ཀ་དྲིལ་བས་ཆིག་སྟོང་དགུ་བརྒྱ་ བཞི་བཅུ་ཞེ་བཞི་འབྱུང་ལ། དེ་ལྟར་ན་ནི་ཐུག་མེད་དུ་འགྱུར་བའི་ཕྱིར་ཕྱོགས་འདི་མི་འཐད་དོ་སྙམ་ནས། ཁོ་རང་གི་ལུགས་ལ་རྟོག་པ་བརྒྱ་དང་བརྒྱད་པོ་དེ་ཆུང་འབྲིང་གི་དབྱེ་བས་དགུར་བསྡུས་ནས་དངོས་གཞི་ཐོད་རྒལ་དགུས་སྤོང་ཐབས་དགུར་དྲིལ་བའི་ཚུལ་གྱིས་སྤོང་བ་ཡིན་ཅེས་ 5-1-494b ཟེར་རོ། ། གཞན་དག་མཐོང་སྤང་གཟུགས་འཛིན་གྱི་རྟོག་པ་ལ་དགུ་དགུར་ཕྱེ་བ་དེའང་ཆུང་འབྲིང་གི་དབྱེ་བར་འགྱུར་ལ། དེ་ལྟར་ན་གཉེན་པོ་ལའང་ཆུང་འབྲིང་གི་དབྱེ་བས་དགུར་འབྱེད་དགོས་པ་མཚུངས་སོ་ཞེ་ན། མི་མཚུངས་ཏེ། མཐོང་སྤང་གི་རྟོག་པ་བརྒྱ་དང་བརྒྱད་པོ་ནི་ ཆོས་ཉིད་མངོན་སུམ་གྱིས་མཐོང་བ་ཙམ་གྱིས་སྤོང་ནུས་ལ། སྒོམ་ལམ་ལ་ནི་དེ་མངོན་སུམ་དུ་མཐོང་ཟིན་གོམས་བར་བྱས་པའི་སྟོབས་ལས་སྤང་དགོས་པ་ཡིན་ནོ། །དེ་ལྟར་ན་ཐེག་ཆེན་མཐོང་ལམ་གྱི་བཟོད་པ་ཕྱི་མ་རྣམས་དོན་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། སྡུག་བསྔལ་ མཐོང་སྤང་བརྒྱ་རྩ་བརྒྱད་པོ་དེ་སྡུག་བསྔལ་ཆོས་བཟོད་ཀྱིས་ཅིག་ཅར་སྤངས་ཀྱང་། དེའི་འོག་ཏུ་ཀུན་འབྱུང་མཐོང་སྤང་བརྒྱ་དང་བརྒྱད་པོ་དེ་ཀུན་འབྱུང་ཆོས་བཟོད་ཀྱིས་སྤང་དགོས་པར་གྲུབ་པ་བཞིན་ནོ། ། སྤྱིར་ཡང་ཐོད་རྒལ་གྱི་སྙོམས་པར་འཇུག་པ་འདི་དག་སྒོམ་ལམ་རྩེ་སྦྱོར་ དུ་འཆད་ན། འདོད་སེམས་དང་སྲིད་རྩེ་དང་འགོག་པའི་སྙོམས་པར་འཇུག་པ་དག་ཐོད་རྒལ་དུ་མི་རུང་སྟེ། མཚན་ཉིད་ཀྱི་ཆོས་ལས་འདོད་སེམས་དང་སྲིད་རྩེ་ལ་ཟག་མེད་མི་སྲེད་ཅིང་། འགོག་པའི་སྙོམས་པར་འཇུག་པ་ནི་ལྡན་མིན་འདུ་བྱེད་དུ་བཤད་པའི་ཕྱིར་ཞེ་ན། སྐྱོན་དེ་མེད་ དེ། འདོད་པར་གཏོགས་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའི་སེམས་ལ་བཤད་ལ། མཉམ་པར་མ་བཞག་པ་དེ་ཡང་རྗེས་ཐོབ་ཡེ་ཤེས་ལ་བཤད་པ་ཡིན་གྱི། འདོད་པའི་ཉོན་མོངས་དང་མཚུངས་ལྡན་གྱི་སེམས་ལ་མི་བྱེད་པའི་ཕྱིར་དང་། སྲིད་རྩེའི་སེམས་ལ་ ཟག་མེད་དུ་འཇོག་པ་བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་པ་ཡིན་ཅེས་སློབ་དཔོན་གྱིས་བཤད་པའི་ཕྱིར་དང་། འདིར་བསྟན་གྱི་འགོག་པའི་སྙོམས་འཇུག་ནི་གཉིས་མེད་ཀྱི་ཡེ་ཤེས་ཉིད་ཡིན་པར་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་ཕྱིར་རོ། །མདོར་ན་བྱང་ཆེན་ཐབས་ལ་ 5-1-495a མཁས་པའི་དོན་ཀྱང་སེམས་དཔའི་ཟག་པ་མེད་པའི་གཉིས་མེད་ཀྱི་ཡེ་ཤེས་ནི་སྤྲོས་བྲལ་གྱི་ཡེ་ཤེས་འབའ་ཞིག་ཡིན་པས་སྤྲོས་མཚན་མི་འཛིན་ལ། འདོད་པ་དང་སྲིད་རྩེའི་སེམས་ཀྱི་ངོ་བོ་མྱོང་བ་གསལ་རིག་གི་ཆ་དེ་ནི་སྤྲོས་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་རྟེན་ འབྲེལ་ཙམ་དུ་སྐྱེ་བ་མི་འགལ་བའི་ཕྱིར་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་བ་དག་ཟེར་རོ། ། ཉན་ཐོས་ཐབས་ལ་མི་མཁས་པའི་དོན་ནི། ཟག་མེད་ཀྱི་ཡེ་ཤེས་མི་རྟག་སོགས་བཅུ་དྲུག་གི་རྣམ་ལྡན་དུ་སྐྱེས་ནས་དེ་ཉིད་འཛིན་སྟངས་ཀྱིས་གཟུང་བྱར་བྱེད་པ་ཡིན་ལ། འདོད་པ་དང་སྲིད་རྩེའི ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་དེ་ལྟར་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །དེ་ལྟར་བཤད་པའི་གྲུབ་དོན་ཐོད་རྒལ་ཆུང་འབྲིང་ཆེན་པོའི་དགོས་པ་ནི་སྒོམ་སྤང་རྟོག་པ་ཆེ་འབྲིང་ཆུང་ངུའི་ས་བོན་དྲུངས་ནས་འབྱིན་བྱེད་ཡིན་ལ། དེའང་ས་ཐོབ་ནས་ཐེག་ཆེན་གྱི་འགོག་སྙོམས་ཏེ་སྟོང་ཉིད་ རྟོགས་པའི་ཤེས་རབ་རྒྱུན་ཆགས་ཡོད་ལ། དེ་ལྟར་གྱི་འདོད་སེམས་མ་གཏོགས་ཐོད་རྒལ་གྱི་སྤེལ་གཞི་སྤེལ་ཆོས་ཐམས་ཅད་གཉིས་མེད་རྟོགས་པའི་ཤེས་རབ་མངོན་སུམ་གྱི་ངོར་རོ་གཅིག་པ་ཡིན་ལ། དེ་ལྟར་ན་བསམ་གཏན་དང་པོ་སོགས་མཐར་གནས་ཀྱི་སྙོམས་འཇུག་རྣམས་ ཐ་དད་དུ་རྣམ་པར་དབྱེ་འབྱེད་ཀྱི་ཆོས་དེ་གང་ཡིན་སྙམ་ན། སྦྱོར་བའི་དུས་སུ་མཚན་འཛིན་གྱི་སྤྲོས་པ་འགོག་བྱེད་ཀྱི་ཡན་ལག་རྟོག་དཔྱོད་སོགས་དང་། དངོས་གཞིའི་དུས་སུ་ཕན་ཡོན་གྱི་ཡན་ལག་དགའ་བདེ་དང་། དགའ་བ་མེད་པའི་བདེ་བ་ལ་སོགས་པའི་ཁྱད་པར་ལས་སོ་ སོར་འབྱེད་པ་ཡིན་ཏེ། དཔེར་ན་བསམ་གཏན་དང་པོ་དང་གཉིས་པ་ལ་བརྟེན་པའི་ཟག་མེད་ཀྱི་ཡེ་ཤེས་ཀྱི་ཁྱད་པར་བཞིན་ཅེས་བྱ་བ་འདི་གྲུབ་བོ། ། ལྔ་པ་ལུང་གཞན་དང་འགལ་བ་སྤང་བ་ནི། མཛོད་ལས། ས་བརྒྱད་རྣམ་གཉིས་འབྲེལ་བ་དང་། །གཅིག་བརྒལ་སོང་ཞིང་འོང་ 5-1-495b ནས་ནི། །རིས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཅེས་བཤད་ལ། འདི་ལ་རིང་བའི་སྦྱོར་བ་དང་། ཉེ་བའི་སྦྱོར་བ་དང་། དངོས་གཞི་དང་། ལུས་རྟེན་ནོ། །དང་པོ་ནི། སྙོམས་འཇུག་ཟག་བཅས་བརྒྱད་ལ་ཡར་འོང་ལུགས་མཐུན་དང་། ཟག་ མེད་བརྒྱད་མར་འོང་ལུགས་མི་མཐུན་དུ་འཇུག་པ་སྟེ། ས་བརྒྱད་ལ་སྙོམས་པར་འཇུག་ཚུལ་ལ་ཟག་བཅས་ཟག་མེད་གཉིས་སུ་དབྱེ་བ་ཡིན་ནོ། ། གཉིས་པ་ནི། བསམ་གཏན་དང་པོའི་དངོས་གཞི་ཟག་བཅས་ལ་སྙོམས་པར་འཇུག །དེ་ནས་གཉིས་པ་བོར་ནས་གསུམ་པའི་དངོས་གཞི་ ཟག་བཅས་ལ་སྙོམས་པར་འཇུག །དེ་ནས་བཞི་པ་བོར་ཏེ་ནམ་མཁའི་ཟག་བཅས་ལ་སྙོམས་པར་འཇུག །དེ་ནས་རྣམ་ཤེས་བོར་ཏེ་ཅིའང་མེད་པའི་ཟག་བཅས་ལ་སྙོམས་པར་འཇུག །དེ་བཞིན་དུ་ལུགས་ལྡོག་ཏུ་འཇུག་པ་དང་། ཡང་བསམ་གཏན་དང་པོའི་དངོས་གཞི་ཟག་མེད་ལ་ སྙོམས་པར་འཇུག །དེ་ནས་གཉིས་པ་བོར་ཏེ་གསུམ་པའི་དངོས་གཞི་ཟག་མེད་ལ་འཇུག །དེ་ནས་བཞི་པ་བོར་ཏེ་ནམ་མཁའི་ཟག་མེད་ལ་འཇུག །དེ་ནས་རྣམ་ཤེས་བོར་ཏེ་ཅིའང་མེད་པའི་ཟག་མེད་ལ་འཇུག །དེ་བཞིན་དུ་ལུགས་ལྡོག་ཏུ་འཇུག་པའི་ཚུལ་འདི་ནི་ས་གཅིག་བར་ དུ་བོར་ཏེ་བརྒལ་ནས་གསུམ་པར་འཕར་བའི་ཚུལ་གྱིས་སོ། ། གསུམ་པ་དངོས་གཞི་ནི། དང་པོར་བསམ་གཏན་དང་པོའི་དངོས་གཞི་ཟག་བཅས་ལ་སྙོམས་པར་འཇུག །དེ་ནས་གཉིས་པ་བོར་ཏེ་བསམ་གཏན་གསུམ་པའི་དངོས་གཞི་ཟག་མེད་ལ་འཇུག །དེ་ནས་བཞི་པ་བོར་ཏེ་ནམ་ མཁའི་ཟག་བཅས་ལ་སྙོམས་པར་འཇུག །དེ་ནས་རྣམ་ཤེས་བོར་ཏེ་ཅིའང་མེད་པའི་དངོས་གཞི་ཟག་མེད་ལ་འཇུག་གོ། ཚུལ་འདི་ནི་ཟག་བཅས་ཟག་མེད་རིས་མི་མཐུན་པ་དང་། གནས་གསུམ་པར་འགྲོ་སྟེ་བཞི་པར་མི་འགྲོ་ལ། དེའང་མཛོད་འགྲེལ་ལས། ཤིན་ཏུ་རིང་བའི་ 5-1-496a ཕྱིར་བཞི་པ་ལ་ནི་སྙོམས་པར་མི་འཇུག་གོ། ཞེས་སོ། །དེ་ལྟ་བུའི་རིམ་པ་དེ་ལུགས་མི་མཐུན་དུའང་དེ་ལྟར་འགྲོའོ། ། བཞི་པ་ལུས་རྟེན་ནི། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་མིའི་རྟེན་ཅན་དབང་རྣོན་ཁོ་ནས་འཇུག་ལ། དེ་ལས་བཟློག་པས་ནི་འཇུག་པ་མིན་ ནོ། །དམན་པའི་གཞུང་ལས་བཤད་པའི་ཐོད་རྒལ་དང་། དེའི་སྦྱོར་བ་དང་། ཡུམ་ལས་བཤད་པའི་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་གྱི་རྣམ་གཞག་གཉིས་པོ་དེ་མིང་ཐོད་རྒལ་ཙམ་དུ་མཚུངས་ཀྱང་ཐོད་རྒལ་གྱི་དོན་མི་གཅིག་པས། མཛོད་ནས་བཤད་ པའི་ཐོད་རྒལ་དང་། ཡུམ་ནས་བཤད་པའི་ཐོད་རྒལ་ཁྱད་པར་སོ་སོ་བ་ཡིན་ནོ། །མིང་མཐུན་ཀྱང་མཚན་ཉིད་མི་མཐུན་པ་ནི། འོ་ཐུག་དང་བྱ་རོག་གི་མིང་མཐུན་ཀྱང་མཚན་ཉིད་མི་མཐུན་པ་བཞིན་ནོ་ཞེས་ལེགས་པར་བཤད་པ་སྔ་མ་ལས་འབྱུང་བའི་ཕྱིར་རོ། །གཉིས་པ་ཚིག་གི་ དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་མཐོང་བའི་དང་། དེའི་རྗེས་ཀྱི་ཁྱད་པར་གྱི་ལམ་དང་བཅས་པ་བརྗོད་ནས། དེའང་མཐོང་ལམ་དེའི་མི་མཐུན་པའི་ཕྱོགས་རྟོག་པ་སྤོང་བ་དང་། ལ་སོགས་པས་ཐག་བསྲིང་བའི་ལམ་དང་བཅས་པ་ནི་རྟེན་མཐོང་ལམ་གྱི་ཡོན་ ཏན་གྲུབ་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །སླར་འཆད་འགྱུར་གྱི་སྒོམ་ལམ་གོ་སླ་བས་མཐོང་ལམ་བཤད་པ་དེའི་འོག་ཏུ་རྟེན་སྒོམ་པའི་ལམ་འཆད་པར་མཛད་དེ། དེའང་མཐོང་ལམ་གྱི་སྐབས་ཀྱི་རྟོག་པ་ནི་སྔར་བསྟན་ལ། གཉེན་པོ་ནི་ཕྱིས་བསྟན་པར་མཛད་ཅིང་། སྒོམ་ལམ་གྱི་ སྐབས་འདིར་ནི་གཉེན་པོ་སྔར་བསྟན་ལ་རྟོག་པ་ཕྱིས་བསྟན་པར་མཛད་པ་ཡིན་ནོ། །གཉིས་པ་ནི། གཞུང་ཤློ་ཀ་གཉིས་པོ་འདི་སྦྱོར་དངོས་ཀྱི་སེང་བསྒྱིངས་དང་། ཐོད་རྒལ་ཆུང་འབྲིང་ཆེ་གསུམ་ལ་སྦྱོར་ཚུལ་གཞན་གྱི་འདོད་པའི་ན་ཡམས་བསྐྱར་བ་དང་། རང་གི་འདོད་པའི་སྦྱོར་ཚུལ་གཉིས་ 5-1-496b ལས། དང་པོ་ནི། སློབ་དཔོན་ཤཱནྟི་པས། སྦྱོར་སེང་གོང་གི་ལྷག་མཐོང་གི་སྐབས་ཀྱི་སྦྱོར་སེང་དུ་ཡར་བསྡུས་ནས། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་ཞེས་པས་ཐོད་རྒལ་ཆུང་འབྲིང་གཉིས་བསྟན་ཅིང་། འོངས་ནས། །ཞེས་པས་སྲིད་རྩེའི་ ནུད་ཆུང་བསྟན་ལ། ལྷག་མ་རྣམས་ཀྱིས་ཆེན་པོ་བསྟན་ཟེར་རོ། །སྙིང་པོ་མཆོག་ལས་ཀྱང་གཞན་དེ་ལྟར་ཡིན་ལ། རྣམ་པ་གཉིས་སུ་སོང་འོངས་ནས། །ཞེས་པ་འོང་བའི་དོན་ཐོད་རྒལ་ཆེན་པོ་ལ་འཆད་དོ། ། ལ་ལས་སྤྱིར་ཡང་སློབ་དཔོན་འདིས། འགོག་དང་བཅས་པའི་ སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །ཞེས་པ་སྦྱོར་སེང་དུ་འཆད་པ་ནི་ནོར་བ་ཡིན་ཏེ། སྦྱོར་སེང་ནི་གོང་གི་སྦྱོར་སེང་ཉིད་ལ་བསྙགས་པས་དོན་གྲུབ་ཀྱི། འདིར་ནོར་བའི་ནོར་གཞི་ཡང་ཉི་སྣང་དུ་སྦྱོར་དངོས་ཀྱི་མདོ་ལྷན་ཅིག་ཏུ་དྲངས་པས་འཁྲུལ་ གཞི་བྱས་པ་ཡིན་ཟེར་བའང་སྣང་ངོ་། །ཡང་ལ་ལས། ཐོད་རྒལ་དུ་ནི་སྙོམས་འཇུག་པ། །ཞེས་སོགས་ཀྱིས་ནི་དངོས་གཞི་གསུམ་བསྟན་ལ། དེའང་རྐང་པ་དང་པོ་གཉིས་ཀྱིས་དངོས་གཞི་ཆུང་ངུ་དང་། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པས་ཐོད་རྒལ་འབྲིང་ དང་། གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །ཞེས་པས་ཐོད་རྒལ་ཆེན་པོ་དང་། འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཞེས་པས་ཐོད་རྒལ་ཆེན་པོའི་སྤེལ་ཆོས་བསྟན་ཟེར་བ་ ཡང་སྣང་ངོ་། ། གཉིས་པ་ནི། ཡུལ་བསམ་གཏན་བརྒྱད་དང་གཟུགས་མེད་བརྒྱད་འགོག་པ་དང་བཅས་པའི་མཐར་གནས་ཀྱི་སྙོམས་འཇུག་དགུར་རྣམ་པ་གཉིས་སུ་ཡར་སོང་བ་དང་ཕྱིར་འོངས་པ་ནས་འཇུག་པའི་ཚུལ་དེ་ནི་འདི་སྐབས་ཀྱི་སེང་གེ་རྣམ་བསྒྱིངས་ཡིན་ལ། ཐོད་རྒལ་ 5-1-497a ཆུང་ངུ་ནི། སྙོམས་པར་འཇུག་ཚུལ་སེང་བསྒྱིངས་དང་འདྲ་བ་ལ་དགོངས་ནས་རྩ་བར་མ་བསྟན་ཀྱང་དོན་གྱིས་གོ་བར་འགྱུར་བ་ལ་དགོངས་སོ། །ཐོད་རྒལ་འབྲིང་ནི། རྩ་བར་མ་བཏུས་ཤིང་འགྲེལ་པར་ཁ་བསྐངས་ནས་བཤད་པར་མཛད་པ་ཡིན་ནོ། །ཐོད་ རྒལ་ཆེན་པོ་ནི། འདོད་པར་གཏོགས་པའི་རྣམ་པར་ཤེས་པ་མཉམ་བཞག་མིན་པས་མཚམས་བཟུང་སྟེ་ཐོད་རྒལ་དུ་ནི་སྙོམས་པར་འཇུག་པའི་ཚུལ་ཡོད་དེ། བསམ་གཏན་དང་པོ་དང་གཉིས་པ་གསུམ་པ་བཞི་པ་དང་། གཟུགས་མེད་སྐྱེ་མཆེད་དང་པོ་སྟེ་ལྔ་པ་དང་གཉིས་པ་སྟེ་ དྲུག་པ་དང་། གསུམ་པ་སྟེ་བདུན་པ་དང་། བཞི་པ་སྟེ་བརྒྱད་པ་རྣམས་ལ་ནི་རིམ་བཞིན་སྙོམས་པར་འཇུག་རིམ་ནས་བརྒལ་ནས་མཐར་འགོག་པའི་བར་དུ་འདོད་སེམས་ཀྱིས་སྤེལ་ནས་མི་འདྲ་བར་འགྲོ་བ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། རྒྱས་པར་ བཤད་པ་དང་། ཐོད་རྒལ་གྱི་དོན་བསྟན་ཏེ་བསྡུ་བ། སྒོམ་ལམ་རྩེ་སྦྱོར་གྱི་ངོ་བོ་བསྟན་པ་དང་གསུམ་ལས། དང་པོ་ལ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་བཤད་པ། དངོས་གཞི་ཐོད་རྒལ་གྱི་ཏིང་ངེ་འཛིན་བཤད་པ་གཉིས་ལས། དང་པོ་ནི། བྱང་ཆུབ་སེམས་དཔའ་ སྒོམ་ལམ་པ་རྣམས་ནི་བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་ལུགས་མཐུན་དུ་སོང་ནས། དེའི་འོག་ཏུ་འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་ལུགས་མི་མཐུན་དུ་འོངས་ཏེ། ཞེས་པ་འདི་ནས་འོག་གི་སོང་ཞིང་འོངས་ནས་ཞེས་པའི་བར་ཐམས་ཅད་ སེང་གེ་རྣམ་བསྒྱིངས་སུ་སྦྱོར་བའི་ལུགས་གཅིག་དང་། ཡང་བོད་པའི་ལུགས་གཅིག་ལ། བྱང་ཆུབ་སེམས་དཔའ་ཞེས་པ་ནས། བསམ་གཏན་དང་པོའི་བར་འོངས་ཏེ་ཞེས་པའི་བར་སྦྱོར་བ་སེང་བསྒྱིངས་དང་། དེ་ལྟར་ལུགས་དང་མཐུན་པ་ཞེས་པ་ནས་སོང་ཞིང་འོངས་ནས་ཀྱི་བར་ 5-1-497b ཐོད་རྒལ་ཆུང་ངུ་བསྟན་པ་ཡིན་ཟེར་བ་དག་ཀྱང་ཡོད་པ་ལས། བརྟགས་ན་སྔ་མ་ཉིད་དོན་ལ་གནས་ཏེ། བཤད་མ་ཐག་པའི་ཡར་སོང་མར་འོང་དེ་ལྟར་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་རྣམ་པ་གཉིས་ཀྱིས་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འགོག་པའི་མཚན་ ཉིད་ཀྱི་སྙོམས་པར་འཇུག་པ་དགུ་ལ་སོང་ཞིང་འོངས་ནས་སྙོམས་པར་འཇུག་གོ། གཉིས་པ་ལ་ཐོད་རྒལ་ཆུང་ངུ་ནི། སེང་གེ་རྣམ་བསྒྱིངས་ཀྱི་ཡར་སོང་དང་མར་འོང་འདྲ་བས་གོ་སླ་བའི་དབང་དུ་བྱས་ནས་འགྲེལ་པར་མ་བཤད་དོ། །ཐོད་རྒལ་འབྲིང་པོ་ནི། ཡང་བསམ་གཏན་ དང་པོ་ལ་སྙོམས་པར་ཞུགས་ཏེ་དེ་ལས་ལངས་ནས་འགོག་པ་ལའོ། །དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་བརྒྱད་ལ་འགོག་པ་རེ་སྤེལ་ནས། མཐར་འགོག་པ་ལ་སྙོམས་པར་ཞུགས་ཏེ་འགོག་པ་དེ་ལས་ཀྱང་ལངས་ནས་དེ་མ་ཐག་པ་སྟེ། དེའི་འགོག་ པ་སྲིད་རྩེའི་སྙོམས་པར་འཇུག་པ་ལ་དམིགས་ཏེ་སྙོམས་པར་འཇུག་གོ། དེ་ལྟར་ན་ཐོད་རྒལ་འབྲིང་པོ་འདི་ལ་བསམ་གཏན་བཞི་ལ་འགོག་པ་བཞི་སྤེལ་བས་བརྒྱད། གཟུགས་མེད་བཞི་ལ་འགོག་པ་བཞི་སྤེལ་བས་བརྒྱད་དེ། བརྒྱད་གཉིས་བཅུ་དྲུག་སྲིད་རྩེའི་ནུད་ཆུང་དང་། བཅུ་བདུན་ཁོ་ནར་འགྲིགས་ལ། འགྲེལ་པ་འདི་ལ་མ་འདྲིས་པ་རྣམས་སྐབས་འདིར་འགོག་པ་དང་འགོག་པ་སྤེལ་བར་འདོད་པ་ནི་ནོར་བ་ཡིན་ནོ། །ཐོད་རྒལ་ཆེན་པོ་ནི། ཐོད་རྒལ་འབྲིང་པོ་སྔོན་དུ་བཏང་ནས་སེམས་དཔའ་ཆེན་པོས་འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་མཐར་ གནས་ཀྱི་སྙོམས་འཇུག་དགུའི་ཐུན་མཚམས་ཀྱི་ངོ་བོར་བཞག་ནས། ཐབས་ལ་མཁས་པའི་སྟོབས་ཀྱིས་སྙོམས་པར་འཇུག་ཚུལ་ཡོད་དེ། དང་པོར་རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་འདོད་པ་ན་སྤྱོད་པའི་སེམས་དེ་ལྟ་བུ་དེ་མངོན་དུ་བྱས་ནས་དེའི་འོག་ཏུ་འགོག་པ་ལའོ། ། 5-1-498a འགོག་པ་དེ་ནས་མཉམ་པར་མ་བཞག་པ་ལའོ། །འདོད་སེམས་དེའི་འོག་ཏུ་འགོག་པ་གཅིག་པུ་བོར་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལའོ། །སྲིད་རྩེ་དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བོར་ལ་ཅི་ ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་བཞིན་དུ་རིམ་པ་བཞིན་བརྒྱད་ཀྱི་བར་དུ་བོར་ནས་མཐར་ས་དགུ་པ་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །ཞེས་དགུ་གཉིས་བཅོ་བརྒྱད་དང་། མཐར་འདོད་སེམས་གཅིག་སྟེ་ གནས་བཅུ་དགུ་པོ་འདི་འགྲེལ་པར་ཤིན་ཏུ་གསལ་ལོ། །གཉིས་པ་ཐོད་རྒལ་གྱི་དོན་བསྟན་ཏེ་བསྡུ་བ་ནི། བཤད་པ་དེ་ལྟར་འགོག་པ་ནས་བཟུང་སྟེ་གཅིག་དང་། ལ་སོགས་པས་གཟུགས་མེད་དང་བསམ་གཏན་རྣམས་རིམ་བཞིན་བོར་ནས་མར་འོངས་ཏེ་འདོད་སེམས་ཀྱི་ཐུན་ འཛིན་པ་དང་། ཡང་དེ་ནས་འདོད་སེམས་སྤེལ་བའི་སྒོ་ནས་བསམ་གཏན་དང་གཟུགས་མེད་པ་ལ་རིམ་བཞིན་སྙོམས་པར་འཇུག་ཅིང་མཐར་འགོག་པའི་སྙོམས་པར་འཇུག་པ་ལ་ཐུག་གི་བར་དུ་མཉམ་རྗེས་མི་འདྲ་བའི་སྒོ་ནས་འགྲོ་བས་ན་མི་འདྲ་བར་འགྲོ་བ་ཐོད་རྒལ་གྱི་སྙོམས་པར་ འཇུག་པ་ཡིན་ནོ། །གསུམ་པ་སྒོམ་ལམ་རྩེ་སྦྱོར་གྱི་ངོ་བོ་བསྟན་པ་ནི། ཐོད་རྒལ་གྱི་སྙོམས་འཇུག་ཆུང་འབྲིང་ཆེན་པོ་དེ་དག་ལ་རང་དབང་དུ་སྒོམ་པ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་མངོན་སུམ་དུ་བྱེད་པའི་རྗེས་ལ་མངོན་རྟོགས་ཡིན་པས་ན་སྒོམ་པའི་ལམ་གྱི་རྩེ་སྦྱོར་ཡིན་ནོ། ། འདིར་ཐོད་རྒལ་ཆུང་ངུའི་ཆུང་འབྲིང་ཆེ་གསུམ་ནི། ས་གཉིས་པ་དང་གསུམ་པ་དང་བཞི་པ་ལ་བཞག །ཐོད་རྒལ་འབྲིང་གི་ཆུང་འབྲིང་ཆེ་གསུམ་ནི་ས་ལྔ་དྲུག་བདུན་པ་ལ་བཞག །ཐོད་རྒལ་ཆེན་པའི་ཆུང་འབྲིང་ཆེན་པོ་གསུམ་ནི་ས་བརྒྱད་དགུ་བཅུ་པ་ལ་བཞག་ལ། འགའ་ཞིག་ 5-1-498b གིས་ནི་ས་རེ་རེ་ལའང་ཐོད་རྒལ་ཆུང་འབྲིང་ཆེན་པོ་ལ་ཆུང་ངུའི་ཆུང་ངུ་སོགས་ཀྱི་དབྱེ་བ་བྱས་པའི་དགུ་དགུ་པོ་དེ་ཆ་ཚང་བ་རེ་བསྒོམ་པ་ཡིན་ཀྱང་གསུང་ངོ་། །གཉིས་པ་སྒོམ་སྤང་རྟོག་པ་ཇི་ལྟར་སྤོང་བའི་ཚུལ་ལ། འདིར་བསྟན་གྱི་རྟོག་པ་རྣམས་ནི་ཀུན་བཏགས་ཁོ་ནའི་དབང་དུ་བྱས་པ་ ཡིན་ཏེ། དེའང་སངས་རྒྱས་པའི་གྲུབ་མཐས་བློ་མ་བསྒྱུར་བ་ལ་འདི་ནས་བཤད་པའི་རྟོག་ཡུལ་དེ་ལ་མཚན་མའི་བློའི་མངོན་ཞེན་མི་འབྱུང་བའི་ཕྱིར། དཔེར་ན་ཆོས་བསྡུས་པ་ལ་དགའ་བའི་གདུལ་བྱ་ལ་ཆོས་མདོར་བསྡུས་པ་གསུངས་སོ་སྙམ་དུ་ཞེན་པའི་བློ་བཞིན་ནོ། །དེ་ལྟ་བུའི་ རྟོག་པ་དེའི་ས་བོན་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཙམ་གྱིས་སེལ་མི་ནུས་པ་ནི། རྟོག་པ་དེ་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ལ་གེགས་བྱེད་པར་མི་ནུས་པའི་རྒྱུ་མཚན་གྱིས་མ་ཡིན་ཀྱང་། རྟོག་པ་ཀུན་བཏགས་གང་ཡིན་མཐོང་སྤང་དུ་མ་ངེས་པའི་རྒྱུ་མཚན་ལས་སོ། །རྟོག་པ་ ཀུན་བཏགས་ཐམས་ཅད་མཐོང་སྤང་དུ་མ་ངེས་པའི་དཔེར་ཡང་། བདེན་མེད་དུ་ཞེན་པའི་རྟོག་པ་མ་དག་སའི་རྗེས་ཐོབ་ཏུ་འབྱུང་བ་བཞིན་ནོ། །དེའང་བཏགས་འཛིན་གྱི་རྟོག་པ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་སུ་ཕྱེ་ནས་སྤང་བྱ་གཉིས་སུ་འཇོག་པ་མ་ཡིན་གྱི། མངོན་གྱུར་ དང་དབང་ལྡན་གཉིས་སུ་ཕྱེས་ནས་སྤང་བྱ་གཉིས་སུ་འཇོག་པ་ཡིན་ནོ། །དེའང་བཏགས་འཛིན་རྟོག་པ་མངོན་གྱུར་གྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཅིང་། དབང་ལྡན་གྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་མི་བྱེད་པའི་ཕྱིར། བཏགས་འཛིན་རྟོག་ པ་མངོན་གྱུར་གྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་དེ། ཆོས་ཉིད་མངོན་སུམ་དུ་མཐོང་ན་བདེན་མེད་དུ་ཞེན་པའི་སྤྲོས་པ་མངོན་གྱུར་པ་བཀག་པའི་སྒོ་ནས་མཐོང་དགོས་པའི་ཕྱིར། བཏགས་འཛིན་རྟོག་པ་དབང་ལྡན་གྱིས་ཆོས་ཉིད་བདེན་པ་མཐོང་བ་ལ་གེགས་མི་ 5-1-499a བྱེད་པ་ནི་བདེན་འཛིན་ལྷན་སྐྱེས་བག་ལ་ཉལ་གྱིས་བདེན་མེད་མངོན་སུམ་དུ་མཐོང་བ་ལ་གེགས་མི་བྱེད་པ་བཞིན་ནོ། །དེས་ན་འདིར་བཤད་པའི་སྒོམ་སྤང་རྟོག་པ་རྣམས་ནི་བདེན་འཛིན་ལྷན་སྐྱེས་ལ་མི་བྱ་བར། མ་དག་སའི་རྗེས་ཐོབ་ཏུ་མངོན་དུ་གྱུར་པའི་ མཚན་འཛིན་གྱི་རྟོག་པ་ལ་བཤད་ནས། དེ་སྒོམ་ལམ་སྦྱོར་དངོས་ཀྱི་སྤང་གཉེན་དུ་སྦྱར་ནས་འཆད་པ་ཡིན་ནོ། །སྐབས་འདིར་དོགས་པ་འདི་ལྟ་བུ་ཞིག་བྱུང་སྟེ། གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་མཐོང་སྒོམ་གྱི་ལམ་གཉིས་ཀྱི་སྦྱོར་བ་གཉིས་དང་། སྤང་གཉེན་དུ་སྦྱོར་བ་ དང་། རྟོག་པ་ཕྱི་མ་གཉིས་མཐོང་སྒོམ་གྱི་ལམ་གཉིས་པོའི་བར་ཆད་མེད་ལམ་གཉིས་དང་སྤང་གཉེན་དུ་སྦྱོར་བ་མི་འཐད་དེ། ས་བོན་དྲུངས་འབྱིན་པའི་བྱ་བ་ནི་སྦྱོར་བའི་ལམ་གྱིས་བྱེད་པའི་ནུས་པ་མེད་ལ། དེ་མགོ་གནོན་པའི་དབང་དུ་བྱེད་ན་རྟོག་པ་བཞི་ཀ་དང་སྦྱོར་བའི་ལམ་ སྤང་གཉེན་དུ་སྦྱོར་རིགས་པར་འགྱུར་ཏེ། རྟོག་པ་བཞི་པོ་དང་སྦྱོར་བའི་ལམ་འཛིན་སྟངས་དངོས་སུ་འགལ་ནས་ལྷན་ཅིག་མི་གནས་པའི་ཕྱིར་ཞེས་དོགས་ན། དེའི་ཕྱིར་བརྗོད་པ། དེའང་རྣལ་འབྱོར་སྤྱོད་པའི་འཆད་ཚུལ་ལྟར་ན་གཟུང་རྟོག་གཉིས་པའི་གཉེན་པོ་མ་སྐྱེས་པའི་ གོང་དུ་འཛིན་རྟོག་དང་པོ་སྤོང་བའི་གཉེན་པོ་ནི་སྐྱེ་བ་མ་ཡིན་ཏེ། གཟུང་འཛིན་གྱི་རྣམ་རྟོག་བཞི་རིམ་ཅན་ཁོ་ནར་སྤོང་དགོས་པའི་ཕྱིར་དང་། གཟུང་རྟོག་མ་སྤངས་པར་འཛིན་རྟོག་སྤོང་མི་ནུས་པའི་ཕྱིར་རོ། །ངོ་བོ་ཉིད་མེད་པའི་འཆད་ཚུལ་ལྟར་ན། གཟུང་འཛིན་གྱི་ རྟོག་པ་དང་པོ་གཉིས་སྤང་སླ་སྟེ། མི་མཐུན་ཕྱོགས་ཀྱི་རྟོག་པ་ཡིན་པའི་ཕྱིར། ཕྱི་མ་གཉིས་སྤང་དཀའ་སྟེ། གཉེན་པོའི་ཕྱོགས་ཀྱི་རྟོག་པ་ཡིན་པའི་ཕྱིར། དེས་ན་མཐོང་སྒོམ་ལམ་གཉིས་ཀྱི་སྦྱོར་བའི་ལམ་ནི་རྟོག་པ་དང་པོ་གཉིས་ཀྱི་སྤོང་གཉེན་དུ་བཞག་སྟེ། 5-1-499b སྤྲོས་པའི་ཆ་གཅིག་བཀག་ནས་བདེན་མེད་ཀྱི་རྣམ་པ་ཅན་དུ་ཞུགས་པའི་ཕྱིར། ཇི་སྐད་དུ། སྟོང་ཉིད་བག་ཆགས་གོམས་པ་ལས། །དངོས་པོའི་བག་ཆགས་བཟློག་པར་འགྱུར། །ཞེས་གསུངས་སོ། །རྟོག་པ་ཕྱི་མ་གཉིས་མཐོང་སྒོམ་གྱི་ལམ་གཉིས་པོའི་བར་ཆད་མེད་ལམ་ དང་སྤང་གཉེན་དུ་བཞག་པ་འཐད་དེ། བར་ཆད་མེད་ལམ་དེ་དག་ནི་སྤྲོས་པ་མཐའ་དག་བཀག་པའི་སྤྲོས་མེད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། དེ་སྐད་དུའང་། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱིས་ནས་སྤོང་བར་འགྱུར། །ཞེས་གསུངས་སོ། ། འདི་སྐབས་ ཀྱི་དོགས་སེལ་ནི། ངོ་བོ་ཉིད་མེད་སྨྲ་བའི་འཆད་ཚུལ་འདི་བཟང་ཞིང་རྣལ་འབྱོར་སྤྱོད་པའི་དོགས་སེལ་དེ་ནི་དོགས་པ་དོན་གཞན་སེལ་བར་སོང་འདུག་གོ་ཞེས་ཁོ་བོ་སྨྲ་ལ། ངོ་བོ་ཉིད་མེད་སྨྲས་དོགས་པ་དེ་ལྟར་བསལ་ནའང་གྲུབ་དོན་རྟོག་པ་བཞི་ཀའི་ས་བོན་ནི་བར་ཆད་ མེད་ལམ་གྱིས་སྤང་དགོས་པ་ཡིན་ནོ། །གསུམ་པ་སྤང་བྱ་དངོས་པོ་ཙམ་ལ་བརྟེན་པའི་གཟུང་རྟོག་དགུ་འཆད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ལ་གཉིས། སྤང་བྱ་སྤྱིའི་མཚམས་སྦྱར་དང་། འདི་ཉིད་ཀྱི་མཚམས་སྦྱར་བའོ། །དང་པོ་ནི། བཤད་པ་དེ་ལྟ་བུར་ གྱུར་པའི་སྒོམ་པའི་ལམ་བརྗོད་ནས་སྒོམ་པའི་གནས་སྐབས་དེ་ལ་སྤང་བྱ་སྤང་བའི་ཕྱིར་སྤང་བྱ་མི་མཐུན་པའི་ཕྱོགས་ཀྱི་གཟུང་འཛིན་རྣམ་པ་བཞིའི་རྟོག་པ་རྣམས་འདིར་བརྗོད་དགོས་པས་རྟོག་པའི་རབ་ཏུ་དབྱེ་བ་དག་འདིར་འཆད་དོ། །གཉིས་པ་ནི། རེ་ཞིག་གཟུང་བའི་རྣམ་ པར་རྟོག་པ་དང་པོ་དགུ་འཆད་དོ། །གཉིས་པ་ནི། མདོར། གསོལ་བ། དེ་བཞིན་གཤེགས་པ་གཟུགས་སོགས་ཀྱི་དེ་བཞིན་ཉིད་གང་ཞེ་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་བྱེད་དོ། །ཞེས་སོགས་ཀྱི་དོན་འདིར་འཆད་ལ། རྟོག་པ་བཞིའི་གཞུང་རྩ་བའི་འབྲུ་ནི་ཁོ་བོས་རང་ 5-1-500a བློས་དཔྱད་ནས་འགྲེལ་བར་བྱེད་ཀྱི། འགྲེལ་པ་རྣམ་པར་བཤད་པ་ན་སློབ་དཔོན་གྱི་དགོངས་པ་ཉིད་ཐད་སོར་བྱེད་པ་ཡིན་ནོ། །དེའང་གནས་ལུགས་རྒྱལ་བའི་ཡུམ་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གནས་ལ་དེ་ཙམ་དུ་མདོར་བསྡུས་ཏེ་བཤད་པ་དང་། ཡང་ གནས་ཚུལ་དུ་ཞུགས་མ་ཞུགས་ཀྱི་ཆོས་ཐམས་ཅད་ཀྱི་རང་སྤྱིའི་མཚན་ཉིད་རྒྱས་པར་བསྟན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མགོན་དུ་བྱས་པ་སྟེ། བརྡ་རྙིང་ལས་བཏང་བས་ཡུམ་ལ་མི་སློབ་པའི་སེམས་ཅན་དག་ཡོངས་སུ་མ་བཟུང་བ་དང་ཞེས་སྨོས་ལ། མགོན་དུ་ ཡོངས་སུ་མ་བཟུང་བ་དེའང་མཐར་ཐུག་གི་སྐྱབས་ལ་དེས་སྐྱབས་མ་ཞུས་པས་དེ་ཡོངས་སུ་འཛིན་མ་ནུས་པ་ཡིན་ཏེ། དཀོན་མཆོག་ལ་དད་ནས་དེས་དཀོན་མཆོག་གིས་གང་གསུངས་ལ་བླང་དོར་མ་བྱས་པའི་ཕྱིར། དེ་མ་བྱས་ན་ཡོངས་སུ་བཟུང་བར་རློམ་ཡང་ཡོངས་སུ་བཟུང་ དུ་མ་བཏུབ་པ་ཡིན་ནོ། །དེའི་ཤུགས་ཀྱིས་དཀོན་མཆོག་ལ་དད་པས་རྟོག་ན་མགོན་དུ་ཡང་དག་པར་འཛིན་པར་ཤེས་པའོ། །བཏང་བས་ཞེས་པའི་རྒྱ་དཔེར། སཱ་ནཱ་ཐྱེ་ནཱ་པའི་གྲ་ཧེ་ཞེས་འབྱུང་ལ། ས་ནཱ་ཐ་ཞེས་པ་མགོན་དང་བཅས་པ་ཡིན་ལ། དེ་ལ། རབ་ཏུ་གྲགས་པ་ལས་ སོ། །ཞེས་པས་ཨ་ཎའི་རྐྱེན་ཎ་ཡིག་གིས་དང་པོར་འཕེལ་བས། སཱ་རིང་པོ་དང་། དེ་ཕན་གྱི་ཡ་ལ་ཨ་སྔ་མ་ཕྱིས་པས་ན་ཐྱ་ཞེས་པ་ལ། བྱེད་པ་པོ་ལ་གསུམ་པའི་ཊཱ། ཊཱ་ཨི་ནས་ནཱ་ཐྱེ་ན་གྲུབ་པ་ཡིན་ནོ། །ཚིག་རྐང་དང་པོ་གཉིས་ཀྱིས་རྟོག་པ་གསུམ་པོ་འདི་ནི་ཤེས་བྱའི་ལམ་གྱི་ དབང་དུ་བྱས་པའོ། །ལམ་དེའི་ཡོན་ཏན་གྱི་དབང་དུ་བྱས་པ་ནི་ཡུམ་འདི་ལ་དུས་གསུམ་གྱི་སངས་རྒྱས་འབྱུང་བའི་ཡོན་ཏན་མེད་པ་ལས་བཟློག་སྟེ། དུས་གསུམ་གྱི་སངས་རྒྱས་འབྱུང་བའི་ཡོན་ཏན་ཡོད་པར་ཤེས་པ་གསུམ་དང་། ལམ་གྱི་ངོ་བོའི་དབང་དུ་བྱས་ན་ངེས་པར་ལེགས་ 5-1-500b པའི་ལམ་ནི་མོས་པས་སྤྱོད་པ་དང་། མ་དག་ས་དང་། དག་པའི་ས་སྟེ་རྣམ་པ་གསུམ་དུ་བྱས་ཏེ། དེ་ལྟར་རྟོག་པའི་རྟོག་པ་དགུ་ཡོད་པ་ལ་ཡོན་ཏན་དུ་མཐོང་བའི་གཟུང་བའི་རྣམ་པར་རྟོག་པ་གཉིས་ཡོད་པ་ལས། གཟུང་བའི་རྣམ་རྟོག་འདི་ནི་དང་པོ་གཅིག་པུ་དེ་ཡིན་ཏེ། ཡུལ་ སྦྱོར་བའི་རྣམ་པ་དེའི་སྤྱོད་ཡུལ་དུ་བྱས་པའི་ཡུལ་ཅན་ཡིན་ནོ། །གསུམ་པ་འགྲེལ་པ་ལ། ཡུལ་གྱི་དབྱེ་བ་དང་། རྟོག་པའི་ངོ་བོ། གཉེན་པོ་དང་གསུམ་ལས། དང་པོ་ནི། མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པས་ཆོས་མདོར་བསྡུས་པ་དང་། རྒྱས་པ་ལ་ དགའ་བའི་སེམས་ཅན་རྗེས་སུ་འཛིན་པས་ཆོས་རྒྱས་པར་སྟོན་པ་དང་། དེ་བཞིན་གཤེགས་པས་ཇི་སྐད་བཤད་པ་བཞིན་བླང་དོར་གྱི་དོན་ལ་ནན་ཏན་མི་བྱེད་པས་དེ་ལ་སངས་རྒྱས་ཀྱིས་མགོན་དུ་བཏང་སྟེ་ཡོངས་སུ་མ་བཟུང་བ་དང་། ས་དང་སའི་བར་ཆད་མེད་ལམ་གྱི་ཡེ་ཤེས་དེ་ ལྟར་བྱུང་བ་ལས་འགགས་པ་སྟེ། འདས་པ་ཉིད་ཀྱིས་སྦྱོར་བའི་ལམ་གྱི་ཡོན་ཏན་དེར་མེད་པ་དང་། ཡང་དག་པར་དངོས་པོར་སྐྱེ་བའི་རྒྱུ་རྐྱེན་དང་མི་ལྡན་པས། མཐོང་བའི་ལམ་གྱི་ཡོན་ཏན་སྤྲོས་པར་མེད་པ་དང་། མ་འོངས་པ་རང་དུས་སྔ་མར་མེད་པ་ཉིད་ཀྱིས་སྒོམ་པའི་ལམ་ གྱི་ཡོན་ཏན་རང་དུས་སྔ་མ་དེར་མེད་པ་དང་བཅས་པའི་ཡོན་ཏན་མེད་ཅེས་གསུམ་གསུངས་པ་འདི་ལ། འགའ་ཞིག་ཡོན་ཏན་གསུམ་པོ་མེད་ཅེས་པ་འདི་ཀུན་རྫོབ་ཀྱི་ཡོན་ཏན་མེད་པ་ལ་དགོངས་ཟེར་བ་དང་། ཁ་ཅིག་དོན་དམ་པར་ཡོན་ཏན་མེད་པ་ལ་དགོངས་པ་ཡིན་ཟེར་བ་དང་། ཡང་ཁ་ཅིག །ཡོན་ཏན་མེད་པ་ཟེར་བ་ལས་བཟློག་ནས་ཡོན་ཏན་གསུམ་ཡོད་པར་བཤད་པ་ཡིན་ཀྱང་ཟེར་རོ། །ཕྱིན་ཅི་ལོག་མངོན་གྱུར་ཞི་བ་ཉིད་ལ་སོགས་པས་ཐེག་ཆེན་གྱི་མྱང་འདས་ལ་སྦྱོར་བའི་ལེགས་པའི་ལམ་དང་། སྟོང་པ་ཉིད་མངོན་པར་སྒྲུབ་པའི་སྒོ་ནས་འཕགས་པར་ 5-1-501a བྱེད་པ་ཉིད་ཀྱིས་མཐོང་བའི་ལམ་དང་། རང་བཞིན་མེད་པར་མཐོང་ཟིན་གོམས་པར་བྱེད་པ་ཉིད་ཀྱིས་སྒོམ་པའི་ལམ་ལ་དགུ་ཡོད་དོ། །གཉིས་པ་ནི། དེ་ལྟར་ཡུལ་དགུ་ལ་དང་པོར་གཟུང་ཡུལ་དུ་བྱས་ནས། ཕྱིས་ཞེན་ཡུལ་གྱི་རྣམ་པར་རྟོག་པ་དང་པོ་ཡུལ་ ལ་སྦྱར་བའི་ཡུལ་ཅན་གྱི་ཤེས་པས་དེར་རྟོག་པའོ། །གསུམ་པ་ནི། སྒོམ་ལམ་གྱི་གནས་སྐབས་འདིར་གཟུང་རྟོག་དང་པོ་དགུ་སྤང་བར་བྱ་བ་ཉིད་ཀྱིས་གཉེན་པོ་སྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུའོ། །བཞི་པ་སྤང་བྱ་རྣམ་བྱང་ཙམ་ལ་བརྟེན་པའི་ གཟུང་རྟོག་དགུ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྨོས་པ་དེ་ལྟར་དང་པོ་བསྟན་ནས་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་འཆད་དོ། །གཉིས་པ་ནི། མདོར། ཡུམ་ལ་ཡུན་རིང་པོ་ཇི་སྲིད་པ་ཞིག་སྤྱད་ན་ཡུམ་ལ་སྤྱད་པར་འགྱུར། བཀའ་སྩལ་པ། སེམས་ དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཡུམ་ལ་སྤྱད་པར་བྱའོ། །ཞེས་སོགས་ཀྱི་དོན་ནི། གཟུང་རྟོག་གཉིས་པ་འདི་ནི་སེམས་དང་སེམས་བྱུང་རྣམས་ཡུལ་ལ་འཕྲོ་ཞིང་འཇུག་པའི་ཡུལ་ཅན་གྱི་གཟུང་རྟོག་དགུ་ཡིན་པར་བཞེད་དེ། དེ་དགུ་ཡང་། བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པའི་སེམས་སེམས་བྱུང་རྒྱུད་ལ་འཇུག་པ་དང་། ཐེག་པ་དམན་པ་ཡིད་བྱེད་ཀྱི་སེམས་དང་། རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་སེམས་དང་། ཤེར་ཕྱིན་བསྒོམས་པས་རྣམ་མཁྱེན་ཐོབ་ བམ་སྙམ་པའི་སེམས་རྒྱུ་བ་དང་། སྒོམ་པ་མེད་པས་རྣམ་མཁྱེན་ཐོབ་བམ་སྙམ་པ་དང་། དེ་དག་ལས་ནི་བཟློག་པ་བསྒོམས་ཀྱང་བསྒོམས་ལ་མ་བསྒོམས་ཀྱང་མ་བསྒོམས་པས་ཐོབ་བམ་སྙམ་པའི་སེམས་རྒྱུ་བ་དང་། ཇི་ལྟ་བ་བཞིན་གྱི་དེ་ཁོ་ན་ཉིད་ཀྱི་དོན་མ་ཡིན་པར་འཇུག་པའི་ 5-1-501b སེམས་རྣམ་པར་རྟོག་པ་དགུ་ནི་སྒོམ་པའི་ལམ་གྱི་སྤང་བྱར་ཤེས་པར་བྱའོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། ཡུལ་གྱི་དབྱེ་བ་དང་། རྟོག་པའི་ངོ་བོ། གཉེན་པོ་དང་གསུམ་ལས། དང་པོ་ནི། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དང་། ལ་སོགས་པས་ ཐབས་ལ་མཁས་པ་དང་བྲལ་བས་རྫོགས་པའི་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་ལམ་གྱི་བསོད་ནམས་བསྒྲུབ་པ་ཁྱད་པར་དུ་འཕགས་པ་མེད་པས་བྱང་ཆུབ་ཀྱི་ངོ་བོ་བདེ་བར་གཤེགས་པའི་སྙིང་པོ་ཡིད་ལ་མི་ བྱེད་པ་དང་། གང་དག་ཉན་ཐོས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར་ཉན་ཐོས་དེའི་ཐེག་པ་ཡིད་ལ་བྱེད་པ་དང་། གང་དག་རང་སངས་རྒྱས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར་རང་རྒྱལ་དེའི་ཐེག་པ་མངོན་དུ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་སྐྱེད་བྱེད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྒྲུབ་པ་མེད་པས། དེའི་བསྐྱེད་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་དང་། བདེན་བཞི་ལ་དམིགས་པ་དང་བཅས་པ་ཉིད་ཀྱིས་མི་རྟག་སོགས་བཅུ་དྲུག་བསྒོམ་པ་དང་། ཉན་ཐོས་ཀྱི་ལམ་དེར་དེ་བཞིན་ཉིད་ལ་དམིགས་པ་མེད་པ་ཉིད་ཀྱིས་སྤྲོས་བྲལ་ གྱི་རྣམ་པར་བསྒོམ་པ་མེད་པ་དང་། ཤེར་ཕྱིན་ལ་དམིགས་པ་ཡང་མེད། དམན་པའི་རྟོགས་བྱ་ལ་མི་དམིགས་པ་ཡང་མེད་པའི་ཚུལ་གྱིས་གོ་རིམ་བཞིན་དུ་བདག་གཉིས་ཀྱིས་སྟོང་པའི་སྤྲོས་བྲལ་གྱི་ཡེ་ཤེས་སྒོམ་པའང་མེད། གང་ཟག་གི་བདག་མེད་ཙམ་སྒོམ་པ་ མེད་པའང་མ་ཡིན་པ་དང་། མདོར་ན་གནས་ཚུལ་མྱང་འདས་དང་དོན་དམ་བདེན་པ་ལ་ཕྱིན་ཅི་ལོག་དེར་གྲུབ་ཏུ་མངོན་པར་ཞེན་པས་དངོས་པོའི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་དུ་རྟོག་པ་དང་དགུའོ། །གཉིས་པ་ནི། དགུ་པོ་དེ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་སྟེ་ 5-1-502a ཐེག་ཆེན་གྱི་ཆོས་ཀྱི་ཚུལ་ནི་སྔ་མ་ལས་བཟློག་པའི་ཚུལ་གྱིས་རྟོག་གོ། གསུམ་པ་ནི། སྒོམ་པའི་ལམ་གྱི་གནས་སྐབས་དེ་ན་སྤང་བྱ་གཟུང་བའི་རྟོག་པ་དགུ་ཚན་གཉིས་པ་སྤང་བར་བྱ་བ་བྱ་བ་ཉིད་ཀྱི་ཕྱིར། དེའི་གཉེན་པོ་སྒོམ་པའི་ལམ་གྱི་སེམས་ དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱི་ཡུལ་ཅན་ཤེས་པའམ་སྤང་བྱའི་གྲངས་ཀྱིས་རྣམ་གྲངས་དགུའོ། །ལྔ་པ་གང་ཟག་ཙམ་ལ་བརྟེན་པའི་རྟོག་པ་དགུ་བཤད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་གཟུང་རྟོག་གཉིས་པ་བསྟན་ནས་འཛིན་ པའི་རྣམ་པར་རྟོག་པ་དང་པོ་འཆད་དོ། །གཉིས་པ་ནི། མདོར། བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་མི་དམིགས་ན། ཇི་ལྟར་བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་གདགས་པར་བྱ། དེ་ལྟར་ཆོས་ཐམས་ཅད་དུ་མ་བཏགས་ པས་རྣམ་མཁྱེན་ཐོབ་པར་འགྱུར་རོ། །ཞེས་སོགས་ཀྱི་དོན་ནི། གང་འདུ་ཤེས་དང་ལྡན་པ་ལ་སེམས་ཅན་དུ་བཏགས་ཏེ་དངོས་པོར་འཛིན་པའི་སྤྱོད་ཡུལ་ཅན་དང་། ཆོས་ཐམས་ཅད་བཏགས་པ་ལྟར་དངོས་ཡོད་དུ་ཞེན་པ་དང་། དོན་དམ་པར་སྟོང་པ་ཉིད་མིན་པར་ཞེན་པ་ཉིད་དེ། ཤེས་བྱ་ཡུལ་གྱི་དབང་དུ་བྱས་པ་དང་། དམིགས་པའི་ཡུལ་ལ་ཆགས་པ་དང་། ཆོས་ཀྱི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་ཀྱི་བློ་སྟེ། སྔ་མ་ནི་ཉན་ཐོས་ཀྱིས་ཡུལ་ལ་འཇུག་ཚུལ་དང་། ཕྱི་མ་ནི་བྱང་སེམས་ཀྱིས་ཡུལ་ལ་འཇུག་ཚུལ་གྱི་དབང་དུ་བྱས་པའོ། །ཡིད་ ཀྱིས་ཆོས་ཐམས་ཅད་ལ་དངོས་པོའི་འདུ་བྱེད་པ་ལས་བྱུང་བའི་དངོས་པོར་ཞེན་པ་དང་། ཐེག་པ་གསུམ་སོ་སོར་བདེན་པར་ཞེན་པ་སྟེ་དེའི་ཆེད་ཀྱིས་བློའི་མོས་པའི་དབང་དུ་བྱས་པ་དང་། ཤེར་ཕྱིན་ལ་གཞོལ་བ་མ་ཡིན་པས་ཡོན་གྱི་གནས་དག་པ་མ་ཡིན་པ་དང་། སྦྱིན་སོགས་ 5-1-502b ཐབས་ཆའི་སྤྱོད་པ་རྣམ་པར་འཁྲུགས་པ་སྟེ། དང་པོ་ནི་ལྟ་བ་ལས་ཉམས་པ་དང་། ཕྱི་མ་ནི་སྤྱོད་པ་ལས་ཉམས་པའི་རྟོག་པ་དགུ་ལ་འཛིན་པར་བྱེད་པའི་རྟོག་པ་དང་པོར་སྨྲས་མ་ཐག་པ་དེ་དག་རྣམས་ཤེས་པར་བྱ་བའི་ཕྱིར་བསྒྲགས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། ། གསུམ་པ་འགྲེལ་པ་ལ། ཡུལ་གྱི་དབྱེ་བ། རྟོག་པའི་ངོ་བོ། གཉེན་པོ་དང་གསུམ་ལས། དང་པོ་ནི། དངོས་དོན་རྫས་སུ་ཡོད་པ་མི་སྐྱེ་བས་སེམས་ཅན་ཀྱང་དེ་ལྟར་དུ་བཏགས་པ་ཙམ་དང་། འཁྲུལ་བའི་སྣང་བ་ཙམ་དུ་ཟད་པའི་ཕྱིར་ཆོས་ནི་ཡོད་པ་མིན་པས་ཡོངས་སུ་བཏགས་པ་ཙམ་དང་། རྣམ་པ་ཐམས་ཅད་དུ་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བའི་ཕྱིར། དེའི་རྒྱུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལ་སོགས་པས་ལམ་ཤེས་གཞི་ཤེས་སོགས་ཀྱི་ཆོས་ཐ་སྙད་དུ་སྟོང་པ་མ་ཡིན་པ་ཉིད་དང་། རྣམ་པ་ཐམས་ཅད་དུ་ཡུལ་ལ་མངོན་པར་ཞེན་པ་མ་སྤངས་པས་ཆོས་ ཐམས་ཅད་ལ་དེར་འཛིན་གྱི་ཚུལ་གྱིས་ཆགས་པ་དང་། ངོ་བོ་ཉིད་མེད་པར་རྟོགས་པས་ཆོས་ཀྱི་གནས་ཚུལ་ཡོད་མེད་རབ་ཏུ་རྣམ་པར་འབྱེད་པ་དང་། ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་མི་བྱེད་པས་ཉན་རང་གི་དངོས་པོའི་ཆེད་དུ་བྱ་བ་བྱེད་པ་དང་། གཟུགས་སོགས་ལ་མི་དམིགས་ པའི་ཕྱིར། དེའི་ཚུལ་གྱིས་དབང་རྟུལ་ཐེག་པ་གསུམ་གྱི་ལམ་ལས་ངེས་པར་འབྱུང་བ་དང་། བདེན་པ་མ་མཐོང་བའམ། ཡང་ན་ཐེག་ཆེན་དུ་མི་འཇུག་པས་ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱི་ཕྱིར། སྦྱིན་པའི་གནས་དེ་ནི་ཡོན་ཡོངས་སུ་མ་དག་པར་ཞེན་པ་དང་། འཁོར་ གསུམ་རྣམ་དག་གི་དམིགས་པ་མེད་པའི་ཕྱིར་སྦྱིན་པ་དང་། ལ་སོགས་པས་སྦྱིན་པ་པོ་སྦྱིན་བྱ་སོགས་ལ་དམིགས་ཏེ་བསྒྲུབས་པས་སྤྱོད་པ་ཆོས་ཉིད་རྣམ་པར་འཁྲུགས་པ་ཆོས་ཉིད་ལས་རིམ་པ་གཞན་དུ་ལོག་པར་མོས་པ་སྟེ་དགུའོ། །འཛིན་རྟོག་དང་པོ་འདི་ལ། རྩ་བར་ 5-1-503a ཁོ་བོའི་རང་བློ་ལ་སྣང་བའི་འབྲུ་ལས། སློབ་དཔོན་གྱི་འགྲེལ་པའི་དོན་བཟང་བར་གདའ་བས། སློབ་དཔོན་ལ་སྐྱབས་སུ་མཆི་བའི་གནས་ལགས་སོ། །གཉིས་པ་ནི། དེ་ལྟར་དགུ་ལས་སྔ་མ་མཐོང་ལམ་བཞིན་དུ་གང་ཟག་རྫས་ཡོད་དུ་འཛིན་པའི་ རྣམ་པར་རྟོག་པའོ། །གསུམ་པ་ནི། སྤང་བྱ་དགུ་པོ་དེ་སྤོང་བའི་གཉེན་པོ་སྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་གྱི་རྣམ་པ་དགུའོ། །བམ་པོ་ལྔ་པ་འདི་ནས་འཆད་དོ། །དྲུག་པ་སྤང་བྱ་དེར་འདོགས་པའི་རྒྱུ་ཙམ་ལ་བརྟེན་པའི་འཛིན་རྟོག་དགུ་ འཆད་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བཤད་པ་དེ་ལྟར་འཛིན་རྟོག་དང་པོ་བསྟན་ནས། འཛིན་པའི་རྣམ་པར་རྟོག་པ་གཉིས་པ་འདི་འཆད་དོ། །གཉིས་པ་ནི། མདོར། རབ་འབྱོར་ཐ་སྙད་ནི་མིང་དང་ མཚན་མའམ་མངོན་པར་ཞེན་པ་མིན་ནོ། །རབ་འབྱོར་མིང་ལ་ཐ་སྙད་དུ་བྱེད་པ་མིན་ཅིང་། མཚན་མ་དང་མངོན་པར་ཞེན་པ་ལ་ཐ་སྙད་དུ་བྱེད་པ་མིན་ནོ། །ཞེས་སོགས་ཀྱིས་རྩ་བ་འདི་བསྟན་ལ། དེ་དག་གི་ཡུལ་གྱི་དབྱེ་བ་འོག་ནས་སྟོན་པའི་ཤློ་ཀ་གཉིས་ཀྱི་མདོ་ནི། གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུངས་པ་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་གསུངས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུངས་ན་དེ་གསུམ་ལ་ཁྱད་པར་ཅི་ཞིག་མཆིས། ཞེས་སོགས་ཀྱི་མདོས་གསལ་བར་བྱེད་དོ། །དེ་ལ་མདོ་ ཚན་དང་པོའི་དོན་ནི། སེམས་ཅན་དུ་བཏགས་པ་དང་། དེར་བཏགས་པའི་རྒྱུའི་ཡུལ་ཅན་དུ་གྱུར་པའི་འཛིན་རྟོག་ནི་གཉེན་པོ་སྒོམ་ལམ་དེ་ཡིས་རྣམ་པར་འཇོམས་པས་སྤང་བྱ་འཛིན་རྟོག་དང་། གཉེན་པོ་སྒོམ་པའི་ལམ་དག་ལྷན་ཅིག་མི་གནས་པའི་འགལ་བར་གནས་པ་དང་། འགལ་ 5-1-503b དམིགས་ཀྱི་སྦྱོར་བ་དེ་དག་གི་རྟགས་ལྡོག་ཁྱབ་ཀྱི་སྟེང་དུ་བརྩི་ན། བདག་གཅིག་འབྲེལ་བའི་སྒོ་ནས་འཇོག་ལ། སྒོམ་ལམ་དེའི་མི་མཐུན་ཕྱོགས་འཛིན་རྟོག་དང་པོ་ལས་གཞན་རྣམ་པ་དགུ་སྟོན་ཏོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ། སྒོམ་པའི་ལམ་གྱི་མི་མཐུན་ པའི་ཕྱོགས་ཀྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སེམས་ཅན་དུ་རྟོག་པས་སྒྲོ་བཏགས་པ་དང་། དེར་སྒྲོ་བཏགས་ཏེ་རྣམ་པར་གཞག་པའི་རྒྱུ་གཞན་དབང་སྣང་བ་ཙམ་གྱི་ཡུལ་ཅན་གྱི་འཛིན་རྟོག་ནི་གཉེན་པོ་སྒོམ་པའི་ལམ་གྱིས་ཡང་དག་པར་སྤང་བར་བྱ་བ་ཡིན་པའི་ཕྱིར། གཉེན་ པོ་དེ་དང་འབྲེལ་བའི་སྤང་བྱ་ལ་རྣམ་པ་དགུའོ། །གཉིས་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ཇི་ལྟར་རྣམ་པ་དགུ་ཡིན་ཅེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་རྣམ་པ་གཉིས་ཀྱིས་གསུངས་པའོ། །གཉིས་པ་ནི། བདག་ཉིད་ཇི་བཞིན་ཀུན་ཏུ་ མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང་། ། ཐེག་པ་གསུམ་གྱི་ཞི་བའི་ལམ་དང་། དེ་བཞིན་ཉིད་དང་། ལ་སོགས་པས་ཡང་དག་པའི་མཐའ་དང་། ཤེར་ཕྱིན་ངོ་བོ་མཚུངས་པར་ལྡན་མི་ལྡན་དུ་ཐེ་ཚོམ་ཟ་བ་དང་། དེ་ཉིད་ཡོད་པ་ལས་ གཞན་མེད་པའི་ཕྱིར་མི་མཉམ་པ་དང་། སྡུག་བསྔལ་དང་ལ་སོགས་པས་བདེན་པ་བཞི་དང་། ཉོན་མོངས་པ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དང་། གཉིས་སུ་མེད་པའི་ངོ་བོ་ལ་དེ་དང་དེར་ཐམས་ཅད་ལ་བདེན་པར་འཛིན་པའི་ཀུན་ནས་རྨོངས་པ་ལ་འཛིན་པའི་རྣམ་པར་རྟོག་པ་ དགུ་ཚན་ཐ་མར་བཞེད་དོ་ཞེས་བྱ་བ་ཡིན་ཏེ་ཞེས་བཀོད་དོ། །གསུམ་པ་ལ། ཡུལ་གྱི་དབྱེ་བ། རྟོག་པའི་ངོ་བོ། གཉེན་པོ་དང་གསུམ་ལས། དང་པོ་ནི། རྒྱུ་འབྲས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མ་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ལ་སྒྲིབ་པའི་སྒྲིབ་པ་ལ་ 5-1-504a ཀུན་ཏུ་རྨོངས་པའི་རང་བཞིན་དང་། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཡོངས་སུ་མ་ཤེས་པས་ལམ་ཤེས་པ་ཉིད་ཀྱི་ངོ་བོ་ལ་སྒྲིབ་བྱེད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པའི་རང་བཞིན་དང་། ཕུང་སོགས་ཀྱི་གཞི་ཐམས་ཅད་ཡོངས་སུ་མ་ཤེས་པས་ཐམས་ཅད་ཤེས་པ་ ཉིད་ཀྱི་ངོ་བོ་ལ་སྒྲིབ་བྱེད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པའི་རང་བཞིན་དང་། གཉེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཤེས་པས་སྤང་བྱ་ཐམས་ཅད་ཞི་བའི་ལམ་ལ་སྒྲིབ་བྱེད་ཀྱིས་ཀུན་ཏུ་རྨོངས་པ་དང་། ཆོས་ཅན་གཟུགས་ལ་སོགས་པའི་ཤེས་བྱ་དང་། ཆོས་ཉིད་དེ་བཞིན་ ཉིད་ཀྱི་གནས་ཚུལ་གཅིག་པ་མིན་པ་དག་ཡོངས་སུ་མ་ཤེས་པས་དེ་ཆོས་ཉིད་དེ་བཞིན་ཉིད་དང་། ལ་སོགས་པས་ཆོས་ཅན་ཤེས་བྱ་ལ་སོགས་པ་དང་། ངོ་བོ་མཚུངས་པར་ལྡན་པ་དང་མི་ལྡན་པ་གང་ཡིན་ཤེས་པ་མེད་པས་དེ་གཉིས་ཀྱི་ཚུལ་ལ་ཀུན་ཏུ་རྨོངས་པ་དང་། བདུད་དེ་འདོད་ པ་དང་། ལ་སོགས་པས་སྲིད་པ་དང་ཞི་བའི་གོ་འཕང་ཕལ་པ་དག་གི་རང་གི་ངོ་བོ་ཡོངས་སུ་མ་ཤེས་པས་མི་མཉམ་པའི་གནས་རྟོགས་པར་དཀའ་བ་ཉིད་ལ་སྒྲིབ་བྱེད་ཀྱིས་ཀུན་ཏུ་རྨོངས་པ་དང་། ཡང་དག་པའི་ཀུན་རྫོབ་ཏུ་དོན་བྱེད་ནུས་པའི་དོན་ལ་ཡོད་ཅེས་གསུངས་པ་ལ་དེ་ ལྟར་གསུངས་པ་སྒྲ་ཇི་བཞིན་དུ་འཛིན་པ་ཉིད་ཀྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་སྒྲིབ་བྱེད་ཀྱིས་ཀུན་ཏུ་རྨོངས་པ་དང་། འདོད་ཆགས་དང་། ལ་སོགས་པས་ཉོན་མོངས་པའི་ངོ་བོ་ཉིད་གདོད་མ་ནས་སྟོང་པར་ཡོངས་སུ་མ་ཤེས་པས། སྒྲིབ་བྱེད་ཉོན་མོངས་པའི་རང་ བཞིན་ལ་ཀུན་ཏུ་རྨོངས་པ་དང་། གཟུང་བ་དང་འཛིན་པའི་མཚན་ཉིད་སྟོང་པ་ཉིད་དུ་ཡོངས་སུ་མ་ཤེས་པས་གཉིས་སུ་བྱར་མེད་པའི་དོན་ལ་སྒྲིབ་བྱེད་ཀྱི་དྲི་མས་ཀུན་ཏུ་རྨོངས་པ་སྟེ་དགུའོ། །ལ་ཞེས་པ་ནི་དེ་ལ་ཞེས་པའི་དོན་ཏོ། །སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་དང་ཞེས་རྣམ་དབྱེ་ 5-1-504b བདུན་པའི་སྒྲས་བསྟན་ཏོ་ཅོག་ཐམས་ཅད་སྒྲིབ་པ་ལ་སྒྲིབ་པར་མ་ཤེས་པས་ཀུན་ཏུ་རྨོངས་པའི་དོན་ཏོ། །གཉིས་པ་ནི། སྔ་མ་མཐོང་ལམ་གྱི་སྐབས་སུ་འཛིན་རྟོག་གི་རྣམ་གཞག་བྱས་པ་བཞིན་དུ་སྒོམ་སྤང་གི་སྐབས་འདིར་ཡང་འཛིན་པའི་རྣམ་པར་རྟོག་པ་ཐ་མ་ལ་དགུར་ཡོད་པའི་ ངོ་བོ་ཉིད་དོ། །གསུམ་པ་ལ། དངོས་དང་། དབྱེ་བ་གཉིས་ལས། དང་པོ་ནི། སྤང་བྱ་སྤོང་བའི་ཆེད་དུ་གཉེན་པོ་སྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་སྤང་བྱ་སྤོང་བ་ལ་འཇུག་པའི་གནས་སྐབས་ཀྱི་ཡུལ་ཅན་ཡེ་ཤེས་རྣམ་པ་དགུར་བཞེད་དོ། །གཉིས་པ་ནི། ཐེག་ ཆེན་གྱི་སྒོམ་པའི་ལམ་གྱི་སྤང་བྱ་མི་མཐུན་པའི་ཕྱོགས་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་དེ་དག་སོ་སོར་སྤང་བར་བྱ་བ་ཉིད་ཀྱི་ཕྱིར་དུ་གཉེན་པོ་སྦྱོར་འཇུག་རྣམ་པ་བཞི་ཡང་སྤང་བྱ་རྟོག་པ་དེའི་དབྱེ་བས་ཐ་དད་པ་བཞི་ཉིད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ་ཞེས་འགྲེལ་ལ། མདོར་གཉེན་པོ་དེ་དངོས་སུ་བསྟན་ཅིང་རྟོག་པ་ཤུགས་ལ་བསྟན། བསྟན་བཅོས་སུ་རྟོག་པ་དངོས་སུ་བསྟན་ཅིང་གཉེན་པོ་ཤུགས་ལ་བསྟན་ཏོ་ཞེས་བཀོད་པའི་ཕྱིར། སྒོམ་པའི་ལམ་གྱི་མི་མཐུན་ཕྱོགས་ཞེས་སོགས་བཀོད་དོ། །བདུན་པ་དེ་ལྟར་སྤངས་པས་ཕྱེ་བའི་ཡོན་ཏན་བཤད་ པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྔ་མ་མཐོང་སྤང་སྤོང་བའི་སྐབས་སུ་ཤེས་སྒྲིབ་སྤངས་པའི་ཞར་ལ་ཉོན་སྒྲིབ་སྤོང་བ་བཞིན་དུ་སྒོམ་སྤང་ཤེས་སྒྲིབ་ཀྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པ་ཁོ་ནར་སྒོམ་སྤང་དེ་དག་གིས་བསྡུས་པའི་ཉོན་ མོངས་པའི་བག་ཉལ་བརྒྱ་རྩ་བརྒྱད་སྤངས་པས་རྟོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་སྒོམ་པའི་ལམ་ལ་གནས་པ་ལ་བརྟེན་ཏོ་ཞེས་བྱ་བ་དག་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གིས་གསུངས་པར་མཛད་དོ། །གཉིས་པ་ནི། མདོར། རབ་འབྱོར་ 5-1-505a འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་པ་ལ་དུས་དུས་སུ་ཆུ་བྲན་ཅིང་སྡོང་བུ་དེ་རིམ་གྱིས་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་བ་དང་། ལྗང་བུ་དེའི་ལོ་མ་དང་། མེ་ཏོག་དང་ འབྲས་བུ་ལ་ལོངས་སྤྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་གྱི་དོན་གྱི་ཕྱིར། རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ལ། ལོ་མ་དང་མེ་ཏོག་དང་འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་ འཚོ་བར་འགྱུར་རོ། །ཞེས་སོགས་ཀྱི་དོན་ནི། དཔེར་ན་འཇིག་རྟེན་དུ་གྲགས་པའི་ཡམས། འདུལ་བ་ལུང་ལས། བྱི་བ་ནེ་ཙོ་ཆ་ག་པ། །ཧ་ཅང་ཆར་ཆེས་ཆར་ཆུང་དང་། །རྒྱལ་པོ་ངན་པར་གྱུར་བ་སྟེ། །དྲུག་པོ་དེ་ལ་ཡམས་ཞེས་བྱ། །ཞེས་གསུངས་སོ། །སྤྱི་ལ་འབྱུང་བ་དེ་ བཞིན་དུ་སེམས་ཅན་ཐམས་ཅད་ལ་འབྱུང་བའི་གཟུང་འཛིན་གྱི་ཡམས་ནད་འདི་རྣམས་སྨན་ཆེན་པོ་དང་འདྲ་བའི་ལམ་ཤེས་ཀྱིས་ཟད་པར་བྱས་ནས་ནི། སྔོན་ཐོག་མ་མེད་པ་ནས་ཀུན་རྟོག་གིས་དུབ་པའི་སྡུག་བསྔལ་གྱི་ནད་ཡུན་རིང་ཞིག་ལོན་ནས་སོས་ཏེ་བདེ་བར་དབུགས་ཕྱིན་ པ་ལྟར་གྱུར་པའི་སེམས་དཔའ་རྣམ་པ་ཀུན་ཏུ་འགྲོ་བའི་བདེ་བ་མཐའ་དག་སྒྲུབ་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན་སངས་རྒྱས་ཕལ་པོ་ཆེ་ལས་འབྱུང་བ་ལྟར། རྒྱ་མཚོ་ཆེན་པོ་ལ་འཛམ་བུའི་གླིང་ནས་ཆུ་ཀླུང་སྟོང་ཕྲག་ཕྱེད་དང་གསུམ། ནུབ་ནས་སྟོང་ཕྲག་ལྔ། བྱང་ནས་སྟོང་ཕྲག་བཅུ། ཤར་ནས་སྟོང་ཕྲག་ཕྱེད་དང་བརྒྱད་འབབ་བོ། །དེ་རྣམས་ལས་ཀླུའི་རྒྱལ་པོ་འོད་ཟེར་བཅུ་པའི་སྤྲིན་ལས་བྱུང་བའི་ཆུ་མང་ངོ་། །དེ་ལ་སོགས་པ་ཀླུའི་རྒྱལ་པོ་ཁྲག་ཁྲིག་བརྒྱད་ཅུའི་སྤྲིན་ལས་བྱུང་བའི་ཆུའོ། །དེ་བས་ཀླུའི་རྒྱལ་པོ་གངས་ཅན་མཚོའི་བུ་ 5-1-505b འཛམ་བུའི་རྒྱལ་མཚན་གྱི་སྤྲིན་གྱི་ཆུ་མང་ངོ་། །དེ་དག་ཐམས་ཅད་པས་གངས་ཅན་མཚོའི་གནས་ནས་འབབ་པའི་ཆུ་ཀླུང་ལྟ་བུ་ཞེས་བྱ་བའི་ཆུ་མང་ངོ་། །དེ་དག་ཐམས་ཅད་ཀྱིས་ཀྱང་རྒྱ་མཚོ་ཆེན་པོའི་བྲེས་ལས་འདའ་བར་མི་ནུས་པར་གསུངས་ཏེ། ཆུ་བོ་ཆེན་པོ་ཚད་མེད་པ་ བརྟེན་པ་དེ་བཞིན་དུ་འབྲས་བུ་དོན་གཉིས་མཐར་ཕྱིན་པའི་རྫོགས་པའི་སངས་རྒྱས་མཆོག་གི་གོ་འཕང་མངོན་དུ་བྱེད་ཀ་མའི་སྤ་བ་སྟེ་གཟི་བརྗིད་དང་རྔམ་པར་ལྡན་པའི་སེམས་དཔའ་ཆེན་པོ་དེ་ལ་ནི་ཡོན་ཏན་གྱིས་རྣམ་པ་ཀུན་ཏུ་ཚུར་བརྟེན་པར་བྱེད་པ་ཡིན་ཏེ། དེ་ནི་དེ་ལྟ་བུའི་བྱང་ སེམས་འཚང་རྒྱ་ཀ་མ་ཡིན་པའི་ཕྱིར་རོ། ། འགའ་ཞིག །འབྲས་བུ་མཆོག་གིས་དཔའ་བ་ཡིས། །ཞེས་འདོན་པ་མ་དག་སྟེ། དེའི་རྒྱ་དཔེར། ནི་ཀཱ་མ་ཕཱ་ལ་ཤཱ་ལི་ནམ་ཞེས་སྣང་བའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཐེག་ཆེན་གྱི་སྒོམ་པའི་ལམ་ལ་ ཡུན་རིང་དུ་གོམས་པས་གཟུང་འཛིན་གྱི་རྣམ་པར་རྟོག་པའི་རིགས་བཞི་པོས་སེམས་ཅན་ཐམས་ཅད་ལ་མཐུན་པར་བྱང་ཆེན་ཐོབ་པ་ལ་གདོན་ཟ་ཞིང་། འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ཀྱི་ནད་དུ་གྱུར་པ་དང་འདྲ་བ་འདི་རྣམས་ཟད་ནས་བྱང་ཆེན་ཐོབ་པ་གེགས་བྱེད་པ་མེད་པས་ དགའ་བས་སྡུག་བསྔལ་ལས་དབུགས་ཕྱིན་པ་ཐོབ་པ་བཞིན་དུ་སྙིང་རྗེ་རྣམ་པ་གསུམ་གྱིས་འགྲོ་བ་གཞན་གྱི་སྡུག་བསྔལ་སེལ་བའི་དབང་དུ་གྱུར་པས་རྣམ་པ་ཐམས་ཅད་དུ་སས་བསྡུས་པའི་འགྲོ་བའི་བདེ་བ་བསྐྱེད་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱིས་ བསྡུས་པ་ཐམས་ཅད་འབད་རྩོལ་མེད་པར། དཔེར་ན་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་དག་འདུ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་སྒོམ་པའི་ལམ་ལ་གནས་པ། ལམ་གྱིས་བསྒྲུབས་པའི་འབྲས་བུ་ཕལ་ཆེར་རབ་ཀྱི་མཐར་ཕྱིན་པ་ཐོབ་པའི་ཡོན་ཏན་དེ་དག་གིས་མཛེས་པར་ལྷུན་ཆགས་པར་ 5-1-506a གྱུར་པ་ལ། སླར་ཡང་ཡོན་ཏན་གྱི་རྣམ་པ་ཐམས་ཅད་སེམས་དཔའི་རྒྱུད་ལ་མངོན་སུམ་དུ་འོང་བའི་རྣམ་པས་དེའི་རྒྱུད་ལ་རྟེན་པར་བྱེད་པ་ཡིན་ནོ། ། འདིར་སྨྲས་པ། མ་ཕམ་རྒྱལ་བ་ཁྱོད་ནི་བདག་ཅག་གིས། ། གྲངས་མེད་བསྙེན་བཀུར་བྱས་པའི་སྐལ་ཅན་དུ། ། སྔོན་རབས་ གྱུར་པའི་གནས་སྐབས་མི་གསལ་ཡང་། ། སྒྱུ་མའི་ཚུལ་གྱིས་དྲན་ན་ཅི་མ་རུང་། །ཞེས་སོ། །བཞི་པ་བར་ཆད་མེད་པའི་རྩེ་མོ་ལ་གཉིས། དཔེ་དང་རང་ལྡོག་ངོས་བཟུང་བ་དང་། དམིགས་པ་དང་བདག་པོ་རྣམས་བསྟན་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ ནི། སྒོམ་པའི་ལམ་གྱི་རྩེ་སྦྱོར་གྱི་རྗེས་ལ་རྣམ་མཁྱེན་གྱི་ཡེ་ཤེས་བསྒྲུབ་པའི་ཕྱིར་དང་། གནས་ངན་ལེན་གྱི་དྲི་མ་སྤང་བའི་ཕྱིར་ཡིན་པས་བར་ཆད་མེད་པའི་རྩེ་སྦྱོར་གྱི་ཏིང་ངེ་འཛིན་བསྟན་ཏོ། །གཉིས་པ་ནི། མདོར། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ས་ལ་གནས་པར་གྱུར། ཅེས་བྱ་བ་ནས། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་འགྲོ། ཞེས་པ་དང་། ཡང་མདོ་ལས། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་ཀྱང་། དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་ཞེས་འགྲེལ་ལ། ཡང་མདོར། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་མེད་ པ་ལ་ཞུགས་ཀྱང་དེ་དག་གི་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། ཞེས་སོགས་ཀྱི་དོན་ནི། སྟོང་གསུམ་གྱི་སྐྱེ་བོ་ཐམས་ 5-1-506b ཅད་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་ལ་བཀོད་པའི་དགེ་བ་དང་། སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད་བྱང་ཆུབ་སེམས་དཔའི་ས་སྐྱོན་མེད་པ་ལ་བཀོད་པའི་དགེ་བ་དཔེར་མཛད་ནས། དེ་དག་ཐམས་ཅད་ལས་ལྷག་པའི་བསོད་ནམས་ཀྱི་སྐལ་བ་ ཚོགས་ཤིན་ཏུ་མུ་མེད་པས་མང་པོ་ཉིད་ཀྱི་རྡོར་ཏིང་དེས་གནས་ངན་ལེན་སྤོང་བ་དེ་ནས་ནི་སངས་རྒྱས་ཉིད་ཀྱི་བར་ན་སྒྲིབ་པ་གཞན་མེད་པ་དེས་ན་བར་ཆད་མེད་པའི་ཏིང་ངེ་འཛིན་དེ་ནི་རྣམ་པ་ཀུན་མཁྱེན་པ་ཉིད་དེ་མ་ཐག་ཏུ་ཐོབ་པར་བྱེད་དོ། ། གཞན་ཡང་སྐབས་འདིར་འདི་ལྟ་བུ་ཞིག་ཤེས་ དགོས་ཏེ། བར་ཆད་མེད་རྩེ་འདིའི་ངོ་སྐལ་ཀྱི་སྤང་བྱ་ནི་སྒྲིབ་གཉིས་ཀྱིས་བཞག་པའི་གནས་ངན་ལེན་ཟེར་བ་ནི་ཡང་དག་པ་མིན་ཏེ། སྒྲིབ་གཉིས་རང་ལས་གཞན་པའི་རྫས་རིས་མི་མཐུན་ནི་རྒྱུ་དེས་མི་འཇོག་ལ། གལ་སྲིད་བཞག་ཀྱང་དེ་སྒྲིབ་པ་མ་ཡིན་ཏེ། དངོས་པོ་དེ་ སྒྲིབ་པ་དང་རིས་མི་མཐུན་པའི་ཕྱིར། སྒྲིབ་གཉིས་དང་རིས་མཐུན་པ་ཞིག་ཡིན་ན་མཐོང་སྒོམ་གྱི་ས་བཅུར་སྒྲིབ་གཉིས་ས་བོན་དང་བཅས་པ་སྤངས་ཟིན་པའི་ཕྱིར། མདོར་ན་བར་ཆད་མེད་པའི་རྩེ་སྦྱོར་འདི་ནི་ས་བཅུ་པའི་བྱང་སེམས་ཀྱི་རྒྱུན་འགགས་ཀ་མ་ལ་འཇུག་པའི་གེགས་ ཞིག་ཡིན་ལ། འདིའི་རྗེས་ཀྱི་དུས་མཐའི་སྐད་ཅིག་གཉིས་པར་རྣམ་མཁྱེན་གྱི་ཡེ་ཤེས་གསལ་བ་སྟེ། དེའང་ཁོ་བོས་ཞིབ་ཏུ་བསམས་ན། སྤང་གཉེན་ལྷན་ཅིག་ཏུ་མི་གནས་པས་གེགས་དེ་སྐྱེས་པ་དང་དགག་བྱ་དེ་འགགས་ཟིན་པ་དང་འགགས་འབྲས་གསུམ་དུས་སྔ་ཕྱི་མེད་ པས། དེའི་སྐད་ཅིག་གཉིས་པར་རྣམ་མཁྱེན་གསལ་བ་དེའང་དཀའོ། །དེས་ན་དེ་སྐབས་ཀྱི་ས་བཅུ་པའི་རྒྱུན་ནི་ཀུན་གཞིའི་རྣམ་ཤེས་སམ། འདུ་བྱེད་ཀྱི་ཁམས་སམ། ཡང་དག་མིན་པའི་ཀུན་རྟོག་ཏུ་འདོད་དེ། དེས་འཁོར་བའི་གནས་ངན་པ་ཐམས་ཅད་ལེན་པས་གནས་ 5-1-507a ངན་ལེན་ཟེར་རོ། ། འོ་ན་དེ་ཤེས་བྱ་ཡིན་པས་ཤེས་སྒྲིབ་དང་རྫས་རིས་མཐུན་ནོ་ཞེ་ན། དེ་ནི་ཁྱོད་ཀྱིས་ལེགས་པར་མ་ཤེས་པ་ཡིན་ཏེ། ཤེས་བྱ་ཡིན་ན་ཤེས་སྒྲིབ་ཡིན་པས་ཁྱབ་དགོས་སྙམ་པའི་བློ་དྲི་མ་ཅན་གྱི་གཏམ་ལས་བྱུང་བ་ཡིན་ལ། ཁོ་བོ་ཅག་ལྟར་ན་ཤེས་བྱ་ དཔྱད་གཞིར་བཟུང་ནས་དེའི་གནས་སྣང་རྟོགས་པ་ལ་སྒྲིབ་བྱེད་ལ་ཤེས་སྒྲིབ་ཏུ་འཇོག་པ་ཡིན་ནོ། །དེས་ན་ཤེས་བྱ་ལ་རྨོངས་པའི་ཆའི་སྒྲིབ་པ་སྤངས་ཀྱང་ད་དུང་ཤེས་བྱའི་རྟེན་བྱེད་པའི་ཤེས་བྱ་ཙམ་ཞིག་ལྷག་མར་ལུས་པའི་དངོས་པོ་བར་ཆད་མེད་རྩེས་བསྲེག་པ་ཡིན་ཏེ། ཇི་སྐད་དུ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ། །ཞེས་འབྱུང་བའི་ཕྱིར། གཞན་ཡང་ཤེས་བྱ་ཡིན་ན་ཤེས་སྒྲིབ་ཡིན་པར་ནི་མི་རུང་སྟེ། དཔེར་ན་སངས་རྒྱས་ཀྱིས་ཀུན་རྫོབ་ཀྱི་ཤེས་བྱ་གཟིགས་པ་དང་སྣང་བའི་དབང་དུ་བྱས་ནའང་། ཤེས་བྱ་དང་ཤེས་སྒྲིབ་གཉིས་ གཅིག་ན་སངས་རྒྱས་ཀྱིས་ཤེས་བྱ་གཟིགས་པའི་ཚེ་ཤེས་སྒྲིབ་གཟིགས་པ་དང་སྣང་བར་ཐལ་ལོ། །འདོད་ན། སངས་རྒྱས་ཀྱིས་སྒྲིབ་པ་ཟད་པར་སྤངས་ཀྱང་། ད་དུང་སངས་རྒྱས་ཀྱི་མཁྱེན་པ་ལ་སྒྲིབ་པ་སྣང་ན། སྣང་བ་དེ་གཏོད་བྱེད་ཀྱི་རྒྱུ་རྐྱེན་ཡུལ་དབང་ཡིད་གསུམ་སངས་ རྒྱས་རང་རྒྱུད་ཀྱི་མཁྱེན་པས་བསྡུས་པ་ཡོད་པར་འདོད་དགོས་ལ། དེ་མི་འདོད་ན་སྣང་བ་ལ་རྒྱུ་རྐྱེན་མི་དགོས་པས་དངོས་སྟོབས་དང་འགལ། དགོས་ན་སངས་རྒྱས་སྒྲིབ་བཅས་སུ་ཐལ་ལོ། ། བོད་དུ་བྱུང་བའི་བླ་མ་རས་པ་ཞིག་གིས། གནས་ངན་ལེན་གྱི་སྒྲིབ་པ་དེ་མཚན་ཉིད་ པ་ཀུན་ལ་དྲིས་པས་ངོས་མི་ཟིན་པ་འདུག་སྟེ། ཇོ་བོ་མཚན་ཉིད་པ་ཀུན་ན་རེ། གླ་རྩིའི་པགས་པ་ལ་གླ་རྩིའི་དྲི་མ་བྲོ་བ་ལྟ་བུ། སྒྲིབ་པ་སྒྲིབ་གཉིས་ཀྱི་ས་བོན་མིན་ཀྱང་། སྤྱིར་སྒྲིབ་པ་ཅི་ཞིག་ཡིན་ཟེར་ཏེ་ནོར། འོ་ན་གང་ཡིན་ཅེ་ན། སྒོ་ལྔའི་ཤེས་པ་རྟོག་མེད་ཧད་དེ་ལུས་པ་དེ་ཡིན་ 5-1-507b ཟེར་བ་དང་། དེའི་སློབ་མ་གྲགས་ལྡན་དེས་རྟོག་མེད་ཧད་དེར་ཕྱི་རོལ་ཏུ་ལུས་པ་དེ་ཀུན་གཞི་ཕྱི་རོལ་ཏུ་བོ་བ་བྱ་བ་ཡིན། ཧད་དེ་བར་ལུས་པ་དེ་ངོ་མ་ཤེས་པ་འཁོར་བ་ཡིན་ལ། དེ་ངོ་ཤེས་པའམ་རང་རིག་ན་ཆོས་སྐུ་དང་མྱང་འདས་དང་སངས་རྒྱས་ཡིན་ཟེར་བས། དེ་ངོ་ཤེས་བྱེད་དེ་ལ་རྡོ་ རྗེ་ལྟ་བུའི་ཏིང་ངེ་འཛིན་ཟེར་བ་ཡིན། དེས་ན་ཏིང་ངེ་འཛིན་དེས་དེ་སྤངས་པའི་རྗེས་སུ་རྟོག་མེད་ཀྱི་ཀུན་གཞི་ནང་ལ་ཁུགས་པ་ཡིན་ལོ། ། སྒོ་ལྔའི་ཤེས་པ་ས་དང་པོ་ནས་གནས་གྱུར་པའམ་སྤངས་པ་ཡིན་པས། དེ་སྤངས་ན་དེ་ས་བཅུ་པར་ཇི་ལྟར་འགྲོ། དེའང་ས་དང་པོར་སྤོང་བའི་རྒྱུ་ མཚན་ཅི་ཞེ་ན། ཚུར་མཐོང་གི་སྒོ་ལྔའི་ཤེས་པ་ནི་ཡུལ་དབང་ཡིད་བྱེད་གསུམ་ཚོགས་པ་ལས་སྐྱེ་དགོས་ལ། དེར་ནི་གཟུང་འཛིན་གཉིས་མེད་དུ་རྟོགས་པ་དང་། ཡིད་བྱེད་ཀྱི་དེ་མ་ཐག་རྐྱེན་སོགས་འགགས་པས་དེའི་འབྲས་བུ་གཟུང་འཛིན་རིག་གསུམ་གྱི་ངོ་བོར་གྱུར་པའི་ཤེས་པ་ དེའང་འགགས་པའི་ཕྱིར་རོ། །འོ་ན་སེམས་དཔའ་ས་ལ་གནས་པ་རྣམས་ཡུལ་ལ་འཇུག་པའི་ཤེས་པ་ཇི་ལྟར་བསྐྱེད་ཅེ་ན། དེར་ནི་ཏིང་ངེ་འཛིན་དང་ཟག་མེད་ཀྱི་དབང་པོ་ལ་བརྟེན་པའི་ཤེས་པ་ཡོད་པ་ཡིན་ནོ། །དེ་ལྟར་བཤད་པའི་གྲུབ་དོན་གནས་ངན་ལེན་གྱི་སྒྲིབ་པ་ནི་མཐོང་སྤང་ གི་བག་ཉལ་དང་། སྒོམ་སྤང་རྟོག་པའི་ས་བོན་གང་ཡང་མ་ཡིན་ནོ་ཞེས་པ་འདི་ངེས་སོ། །སློབ་དཔོན་འཕགས་པས་འདིའི་གནས་ངན་ལེན་དེ་འོག་ནས་བཤད་པའི་སྤང་བྱ་ལོག་སྒྲུབ་བཅུ་དྲུག་པོ་ལ་བཤད་པ་ལྟ་བུ་ཞིག་སྣང་བ་ལ། བོད་ཀྱི་སློབ་དཔོན་དག་གིས། འདི་མི་ལེགས་ཏེ། དེ་ཕལ་ཆེར་རྟོག་པ་ཀུན་བཏགས་སུ་སྣང་བས་མཐོང་སྤང་གི་ཆ་དང་། སྒོམ་སྤང་གི་ཆ་གང་རུང་དང་། སྤང་བྱ་དེ་ཇི་སྲིད་མ་བསལ་བ་དེ་སྲིད་དུ་སྦྱོར་རྩེ་ཡང་སྐྱེ་མི་ནུས་པའི་ཕྱིར་དང་། རྗེ་བཙུན་གྱི་དགོངས་པ་ཡང་ཀླན་ཀ་འདི་མ་བསལ་བར་བར་ཆད་མེད་རྩེ་མི་སྐྱེ་བར་གསུངས་པའི་ 5-1-508a ཕྱིར་ཞེས་ཟེར་རོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ལ་སྦྱོར་འཇུག་གཉིས་ལས། སྦྱོར་བ་ནི་རྒྱུན་མཐའི་སྔ་ལོགས་ཀྱི་ཡེ་ཤེས་ལ་འཇུག་ལ། གཉིས་པ་ནི། རྒྱུན་མཐའི་ཏིང་ངེ་འཛིན་ལ་འཆད་པ་ཡིན་པས་དངོས་བཏགས་ཀྱི་ཁྱད་པར་འབྱེད་དགོས་པ་ཡིན་ནོ་ ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། སྐྱེས་བུ་འགའ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཉན་ཐོས་ཀྱི་རྟོགས་པ་ཕུན་སུམ་ཚོགས་པ་ལ་བཀོད་པ་དང་། རང་རྒྱལ་གྱི་རྟོགས་པ་ཕུན་ཚོགས་ལ་བཀོད་པ་དང་། བྱང་ ཆུབ་སེམས་དཔའ་སྐྱོན་མེད་པའི་ས་དང་པོ་ལ་བཀོད་ནས་བསོད་ནམས་བསྐྱེད་པ་གང་ཡིན་པ་དེ་འདིར་དཔེར་བཟུང་ནས། དཔེ་དེ་བས་ཀྱང་འབྲས་བུ་ཁྱད་པར་དུ་འཕགས་པར་གྱུར་པ་བསོད་ནམས་ཆེས་གྲངས་མང་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཉིད་ཡིན་པས། སངས་རྒྱས་ཉིད་འཐོབ་པའི་རྒྱུ་ནུས་བར་ཆད་མེད་པའམ་བར་ཆད་དང་བྲལ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་འདིར་བསྟན་གྱི་བར་ཆད་མེད་པའི་ཏིང་ངེ་འཛིན་བསྡུས་སྒོམ་རབ་ཏུ་གྱུར་པའི་རྩེ་མོ་ཞེས་བྱའོ། །གཉིས་པ་དམིགས་པ་བདག་པོ་རྣམ་ པ་བསྟན་པ་ལ། སྤྱིར་རྒྱུ་རྐྱེན་གྱི་རྣམ་གཞག་བཤད་པ། རྩ་བའི་འབྲུ་སྣོན། དམིགས་རྣམ་ལ་བོད་གང་དག་གི་འདོད་ཚུལ་མི་འདྲ་བ་བསྐྱར་བ་དང་གསུམ་ལས། དང་པོ་ལ་རྒྱུའི་མཚན་ཉིད། རྐྱེན་གྱི་མཚན་ཉིད། མཚན་ཉིད་ལ་རྩོད་པ་སྤང་བའོ། ། དང་པོ་རྒྱུ་ཙམ་གྱི་མཚན་ ཉིད་ནི་འབྲས་བུའི་ངོ་བོ་བསྐྱེད་པའོ། །ཡང་ན་དོན་གཞན་ཕྱི་མའི་རྗེས་སུ་རྣམ་སྨིན་གྱི་བྱ་བར་གྱུར་པ་སྟེ་ནས་ཀྱི་ས་བོན་བཞིན་ནོ། །ཉེར་ལེན་གྱི་རྒྱུའི་མཚན་ཉིད་ནི་འབྲས་བུའི་ངོ་བོ་བསྐྱེད་པ་ལ་གཙོ་བོར་གྱུར་པ་སྟེ། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས། རྒྱུ་ཞེས་བྱ་བ་ནི་ནང་གི་ 5-1-508b གཙོ་བོའི་རྒྱུའོ། །རྐྱེན་ཞེས་བྱ་བ་ནི་ཕྱི་རོལ་གྱི་གྲོགས་སུ་གྱུར་པའི་རྐྱེན་ནོ། །ཞེས་སོ། །རྒྱུ་ཡིན་ན་ཉེར་ལེན་གྱི་རྒྱུར་མ་ངེས་ཏེ། མིག་གི་དབང་པོ་འདི་མིག་ཤེས་ཀྱི་རྒྱུ་ཡིན་ཀྱང་ཉེར་ལེན་གྱི་རྒྱུ་མིན་པ་བཞིན་ནོ། །མ་གྲུབ་ན། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་སོ། །དབྱེ་ན་དྲུག་སྟེ། མཛོད་ལས། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་སོ། །དང་པོའི་མཚན་ཉིད་ནི། རང་ ལས་གཞན་པ་གང་ཞིག །འབྲས་བུའི་ངོ་བོ་སྐྱེད་བྱེད་དེ་ཡིན་ཏེ། རང་ལས་གཞན་པ་བྱེད་པའི་རྒྱུ། །ཞེས་གསུངས་པའི་ཕྱིར་དང་། གཉིས་པའི་མཚན་ཉིད་ནི། ཕན་ཚུན་བལྟོས་ནས་འབྲས་བུའི་ངོ་བོ་སྐྱེད་བྱེད་དེ་ཡིན་ཏེ། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་ གསུངས་པའི་ཕྱིར། དེའང་བལྟོས་ཚུལ། ངོ་བོ་ནི་འབྱུང་བ་བཞི་དང་། རྟེན་མཚུངས་པ་སེམས་དང་སེམས་བྱུང་དང་། མཚན་ཉིད་དང་མཚན་གཞི་ལ་སོགས་པ་ལྟ་བུ་དེ་ཡིན་ཏེ། ཇི་སྐད་དུ། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་དང་མཚན་ཉིད་མཚན་ གཞི་བཞིན། །ཅེས་གསུངས་པའི་ཕྱིར་དང་། གསུམ་པའི་མཚན་ཉིད་ནི། འབྲས་བུ་རྒྱུ་དང་འདྲ་བར་སྐྱེད་པར་བྱེད་པ་དེ་ཡིན་ཏེ། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན། ཟག་བཅས་ཟག་མེད་གཉིས་ལས། དང་པོ་ཟག་བཅས་སྐལ་ མཉམ་གྱི་རྒྱུའི་མཚན་ཉིད་ནི། འབྲས་བུ་དང་འདྲ་བ་སྐྱེད་པ་གང་ཞིག །ལམ་གྱི་སྤང་བྱར་གྱུར་པ་དེ་ཡིན་ཏེ། སྐལ་མཉམ་རྒྱུ་ནི་འདྲ་བའོ། །རང་རིས་ས་པའོ་སྔར་སྐྱེས་རྣམས། །ཞེས་གསུངས་པའི་ཕྱིར། རིས་ནི་རྣམ་པ་ལྔ་སྟེ། བདེན་པ་བཞིའི་མཐོང་སྤང་བཞི་དང་སྒོམ་ 5-1-509a སྤང་གཅིག་སྟེ་ལྔའོ། །ས་ནི་དགུའོ། །དེའང་ཇི་ལྟར་སྐལ་བ་མཉམ་ན། མཐོང་སྤང་སྔ་མ་འདོད་པའི་སྡུག་བསྔལ་གྱིས་མཐོང་སྤང་ཕྱི་མ་བསྐྱེད་པ་ལྟ་བུ་སྟེ། དེའང་ཟག་བཅས་ནི་རིས་དང་ས་གཉིས་ཀ་འདྲ་བར་བསྐྱེད་དོ། ། གཉིས་པ་ཟག་མེད་སྐལ་ མཉམ་གྱི་མཚན་ཉིད་ནི། རྒྱུ་དང་འདྲ་བར་བསྐྱེད་པ་གང་ཞིག །ལམ་གྱིས་སྤང་བྱ་མ་ཡིན་པ་དེ་ཡིན་ཏེ། ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཅེས་གསུངས་པའི་ཕྱིར། ས་དགུ་ནི་ཟག་མེད་ཀྱི་བསམ་གཏན་ས་དྲུག་དང་། གཟུགས་མེད་ ཕན་ཚུན་གཅིག་གིས་གཅིག་བསྐྱེད་པ་ཡོད་པས་ས་འདྲ་བར་མ་ངེས་ཀྱང་རིས་ཟག་མེད་དུ་འདྲ་བ་ཡིན་ནོ། །བཞི་པའི་མཚན་ཉིད་ནི། རྟེན་མཚུངས་པའི་སེམས་ལས་བྱུང་བ་གང་ཞིག །འབྲས་བུའི་ངོ་བོ་སྐྱེད་པར་བྱེད་པ་དེ་ཡིན་ཏེ། །མཚུངས་ལྡན་རྒྱུ་ནི་སེམས་དག་དང་། ། སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །རྟེན་མཚུངས་པ་ནི། མིག་གི་རྣམ་ཤེས་འཁོར་དང་བཅས་པ་ཐམས་ཅད་ཀྱི་རྟེན་མིག་གི་དབང་པོ་ཡིན་པར་མཚུངས་པ་ལ་སོགས་པ་ལྟ་བུའོ། །ལྔ་པའི་མཚན་ཉིད་ནི། ཀུན་འགྲོ་སྔ་མ་ལ་བརྟེན་ནས་རང་ གི་ས་པའི་ཉེས་པའི་ངོ་བོ་ཕྱི་མ་བསྐྱེད་པ་སྟེ། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་ལྔ། །ཞེས་དང་། སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས། རང་གི་ས་པའི་ཀུན་ཏུ་འགྲོ་བའི་ཆོས་སྔར་བྱུང་བ་རྣམས་ནི་ཉོན་མོངས་པ་ཅན་གྱི་ཆོས་ཕྱི་མ་རྣམས་ ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རྒྱུ་ནི་བྱེ་བྲག་ཡིན་ལ། འབྲས་བུ་ནི་ཕྱི་མ་ཡིན་ཏེ། མཛོད་འགྲེལ་ལས། འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ཐུན་མོང་གི་རྒྱུ་ཡིན་པས་ན་ཞེས་གསུངས་པའི་ཕྱིར་དང་། སྤང་བྱ་རིས་ལྔ་ཀུན་ལ་དམིགས་པས་ན་ 5-1-509b ཀུན་ཏུ་འགྲོ་ཞེས་བྱ་སྟེ། གཏན་ལ་དབབ་པ་བསྡུ་བ་ལས། ཐམས་ཅད་དུ་འགྲོ་བ་དང་གཞི་མཐའ་དག་འཛིན་པ་རྣམས་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར། མཐའ་དག་ནི་ཡུལ་སྡུག་མི་སྡུག་ཐམས་ཅད་ཡིན་ནོ། །སྤྱིར་ཉོན་མོངས་པའི་ཀུན་འགྲོ་ལ་དབྱེ་ན་བཅུ་གཅིག་སྟེ། སྡུག་ བསྔལ་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལྔ། ཐེ་ཚོམ་དང་མ་འདྲེས་པའི་མ་རིག་པ་དང་བདུན། ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་གཉིས། ཐེ་ཚོམ་དང་མཚུངས་ལྡན་གྱི་མ་རིག་པ་སྟེ་བཞིའོ། ། ཁ་ཅིག་ཀུན་འགྲོའི་རྒྱུ་ནི་བཅུ་གཅིག་ཏུ་གྲངས་ངེས་པ་མིན་ཏེ། བཅུ་ གཅིག་པོ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱང་ཀུན་འགྲོའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། ཉོན་མོངས་པའི་ཀུན་འགྲོ་ལ་ཡང་མཚུངས་སོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་ནི་ཀུན་འགྲོའི་རྒྱུ་མ་ཡིན་ཏེ། ཡུལ་སོ་སོར་ངེས་པ་ཡིན་པའི་ཕྱིར་ཏེ། ཡུལ་སྡུག་པ་སོགས་མཐོང་བ་ལ་དམིགས་ནས་སྐྱེ་བའི་ཕྱིར་རོ། །འགོག་ལམ་གྱི་མཐོང་སྤང་ནི་ཀུན་འགྲོ་མ་ཡིན་ཏེ། ཡུལ་སོ་སོར་ངེས་པའི་ཕྱིར་ཏེ། དངོས་ཀྱི་ལོག་ཞུགས་ཀྱིས་ཟག་མེད་ཁོ་ན་ལ་དམིགས་ཤིང་། ལོག་པའི་ལོག་ཞུགས་ཀྱིས་འགོག་ལམ་གྱི་ལོག་ ཞུགས་ཁོ་ན་ལ་དམིགས་པ་ཡིན་པའི་ཕྱིར། སྒོམ་སྤང་ནི་ཀུན་འགྲོའི་རྒྱུ་མ་ཡིན་ཏེ། ཡུལ་སོ་སོར་ངེས་པ་ཡིན་པའི་ཕྱིར། མ་གྲུབ་ན། སྒོམ་སྤང་བཞི་ཡོད་པ་ལས། འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་པོ་དེའི་ཡུལ་སོ་སོར་ངེས་པ་བཤད་ཟིན་ལ། གསུམ་པོ་དེ་ཡུལ་ སོ་སོར་ངེས་པས་གསུམ་པོ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡང་ཡུལ་སོ་སོར་ངེས་པ་ཡིན་ནོ། །དྲུག་པའི་མཚན་ཉིད་ནི། ཟག་བཅས་ལུང་དུ་བསྟན་པ་གང་ཞིག །འབྲས་བུའི་ངོ་བོ་སྐྱེད་བྱེད་དེ་ཡིན་ཏེ། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ 5-1-510a ཁོ་ན། །ཞེས་གསུངས་པའི་ཕྱིར་དང་། ལུང་མ་བསྟན་དང་དགེ་བ་ཟག་མེད་ནི་རྣམ་སྨིན་གྱི་རྒྱུ་མ་ཡིན་ཏེ། སྟོབས་ཆུང་བ་དང་སྲེད་པས་བརླན་པར་མ་བྱས་པའི་ཕྱིར། ས་བོན་རུལ་བ་དང་བརླན་པར་མ་བྱས་པའི་ས་བོན་གྲུང་པོ་བཞིན་ནོ། །གཉིས་པ་ རྐྱེན་གྱི་མཚན་ཉིད་ནི། འབྲས་བུའི་ཁྱད་པར་བསྐྱེད་པའོ། །དབྱེ་ན་བཞི་སྟེ། རྩ་ཤེར་ལས། རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་སོ། །དེ་ལ་དང་པོའི་མཚན་ཉིད་ནི། འབྲས་བུའི་ ཁྱད་པར་ངོ་བོ་དང་ལྷན་ཅིག་པའོ། །རྒྱུའི་རྐྱེན་གྱི་རང་ལྡོག་ནི་རྒྱུ་ལྷག་མ་ལྔ་པོ་ཡིན་ཏེ། ཇི་སྐད་དུ། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པའི་མཚན་ཉིད་ནི། འབྲས་བུའི་ཁྱད་པར་ཡུལ་རང་གི་རྣམ་པ་ཅན་དུ་བསྐྱེད་པ་སྟེ་སྔོན་པོ་ལྟ་བུའོ། །གསུམ་ པའི་མཚན་ཉིད་ནི། རང་གི་ཤེས་པ་སྔ་མས་རང་གི་ཤེས་པ་ཕྱི་མའི་ཁྱད་པར་དངོས་སུ་བསྐྱེད་པ་སྟེ། རྣམ་ངེས་ལས། བར་དུ་མ་ཆོད་པའི་ཤེས་པའི་རྒྱུར་གྱུར་པའི་རྣམ་པར་ཤེས་པ་སྔ་མ་ཉིད་ཡིན་པར་རིག་ཏེ། ཞེས་དེ་མ་ཐག་རྐྱེན་དེ་ལས་འབྲས་བུ་དངོས་བསྐྱེད་པ་ཞིག་དགོས་པར་ བཤད་དོ། །དེའི་རྒྱུ་འབྲས་གཉིས་ཀ་ཤེས་པར་འདོད་པ་ནི་སེམས་ཙམ་པའི་ལུགས་སོ། །སྡེ་པ་གཉིས་ནི་བེམ་པོ་དེ་མ་ཐག་རྐྱེན་ལས་སྐྱེས་པ་ཡོད་པར་འདོད་དོ། ། ཁ་ཅིག་འགོག་པ་ལ་སྙོམས་པར་འཇུག་ཀ་མའི་ཤེས་པ་དེ་སྙོམས་འཇུག་ལས་ལངས་པའི་ཤེས་པ་དེའི་དེ་མ་ཐག་ རྐྱེན་ཡིན་ལོ། །དེ་དེའི་དེ་མ་ཐག་རྐྱེན་མ་ཡིན་པར་ཐལ། ཀུན་གཞི་རྣམ་ཤེས་ལ་སོགས་པས་བར་དུ་ཆོད་པའི་ཕྱིར། རང་ལྡོག་ནི། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཡིན་ཏེ། མཛོད་ལས། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག ། 5-1-510b ཅེས་སོ། ། ཁ་ཅིག་དགྲ་བཅོམ་པ་ཐ་མའི་རྒྱུད་ལ་ཡོད་པའི་སེམས་དང་སེམས་བྱུང་དེ་མ་ཐག་རྐྱེན་མ་ཡིན་ལོ། འོ་ན་རྣམ་འགྲེལ་ལས། ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །སྔོན་ཆད་ཅི་འདྲར་འཕེན་འགྱུར་བ། །དེ་འདྲར་ཕྱིས་ཀྱང་ འགྱུར་བ་ཡིན། །ཅེས་དེ་མ་ཐག་རྐྱེན་ཡིན་པར་བཞེད་དོ། །བཞི་པའི་མཚན་ཉིད་ནི། འབྲས་བུའི་ཁྱད་པར་རང་དབང་ཅན་དུ་བསྐྱེད་ནུས་པ་དེ་ཡིན་ཏེ། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་གསུངས་པའི་ཕྱིར། གསུམ་པ་མཚན་ཉིད་ལ་རྩོད་པ་སྤང་བ་ནི། འཇིམ་པས་ བུམ་པའི་ངོ་བོ་བསྐྱེད་པའི་ཚེ་ཁྱད་པར་བསྐྱེད་དམ་མ་བསྐྱེད། བསྐྱེད་ན་དེ་དེ་ལ་བལྟོས་ཏེ་རྐྱེན་དུ་ཐལ། མ་བསྐྱེད་ན་བུམ་པའི་ངོ་བོ་དང་ཁྱད་པར་གཉིས་མི་གཅིག་པར་ཐལ། འཇིམ་པ་ལས་སྐྱེས་མ་སྐྱེས་རྫས་འགལ་བའི་ཆོས་ལྡན་ཡིན་པའི་ཕྱིར་ཞེ་ན། དེའི་ཚེ་ཁྱད་པར་བསྐྱེད་ པས་ཉེས་པ་གཉིས་པ་མེད་ལ། དང་པོ་ནི། འདོད་པ་ཡིན་ཏེ། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །ཅེས་དང་། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་རྒྱུ་རྐྱེན་གཉིས་པོ་དེ་ཁྱབ་མཉམ་ངོ་བོ་གཅིག་ཏུ་བཤད་པའི་ཕྱིར་རོ། ། རྒྱུ་རྐྱེན་གྱི་སྤྱི་དོན་འདི་ནི་བདག་ཉིད་ཆེན་པོ་ཞང་ཚེ་སྤོང་བ་ ཆོས་ཀྱི་བླ་མའི་ལེགས་བཤད་ལས་བཏུས་པ་ཡིན་ནོ། །གཉིས་པ་རྩ་བའི་འབྲུ་བསྣོན་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བསོད་ནམས་མང་པོའི་བདག་ཉིད་རྣམ་མཁྱེན་སྒྲུབ་པའི་བར་ཆད་མེད་རྩེ་དེའི་དམིགས་པ་དང་ལ་སོགས་པས་བདག་པོ་སོགས་ཇི་ལྟ་བུ་ཞིག་ཡིན་ ཅེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་དམིགས་པ་དང་། ལ་སོགས་པས་བདག་པོ་དང་། རྣམ་པ་དང་། འོག་གི་ལོག་སྒྲུབ་ཀྱི་མདོར་བསྟན་དང་བཅས་པ་གསུངས་པར་མཛད་དོ། །གཉིས་པ་ནི། མདོར། གསོལ་བ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ 5-1-511a ཉིད་ཀྱི་དངོས་པོ་ནི་ཇི་ལྟ་བུ་ཞེས་མཆི། དམིགས་པ་དང་དབང་བསྒྱུར་བ་དང་རྣམ་པ་དང་མཚན་ཉིད་ཇི་ལྟ་བུ་ཞེས་མཆི། བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །བདག་པོ་ནི་དྲན་པའོ། །རྣམ་པ་ ནི་ཞི་བའོ། །མཚན་ཉིད་ནི་མཚན་ཉིད་མེད་པ་ཡིན་ཏེ། རབ་འབྱོར་འདི་ནི་དམིགས་པ་དང་དབང་བསྒྱུར་བ་དང་མཚན་ཉིད། ཅེས་གསུངས་པའི་དོན་ནི། བར་ཆད་མེད་རྩེ་འདིའི་དམིགས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དངོས་པོ་མེད་པ་དེ་ཡིན་ལ། རྣམ་མཁྱེན་མངོན་དུ་བྱེད་པ་ལ་ ཕྱོགས་པའི་བར་ཆད་མེད་རྩེའི་བདག་པོ་ནི་ཏིང་ངེ་འཛིན་སྐྱེད་བྱེད་ཀྱི་དྲན་པ་དེ་ཡིན་པར་བཞེད་ཅིང་། རྩེ་མོའི་ཤེས་རྣམ་ནི་སྤྲོས་པས་དབེན་པའི་ཞི་བ་ཉིད་དོ། །གསུམ་པ་ནི། བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དངོས་པོར་གྲུབ་པ་ལས་ བཟློག་པའི་དངོས་པོར་མེད་པའི་ངོ་བོ་ཉིད་དུ་ཡང་དག་པར་དམིགས་པ་ཡིན་ནོ། །བདག་པོའི་རྐྱེན་ནི་དྲན་པ་ཡིན་ནོ། །རྣམ་པ་ནི་གཟོད་མ་ནས་དྲི་མས་དབེན་པའི་རང་བཞིན་གྱིས་ཞི་བ་ཉིད་ཡིན་ནོ། །གསུམ་པ་དམིགས་རྣམ་ལ་བོད་གང་དག་གི་འདོད་པ་བསྐྱར་བ་ནི། ཁ་ཅིག་ཆོས་ཀྱི་ མངའ་བདག་དབྱིག་གཉེན་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ་ཞེས་པ་དངོས་པོ་མེད་པ་ལས་བརྩམས་ནས་འཇུག་གོ་ཞེས་བྱ་བའི་དོན་ཏེ་དམིགས་པའི་རྐྱེན་ནི་མ་ཡིན་ནོ། །དབང་བྱེད་པ་ནི་དྲན་པ་ཡིན་ནོ་ཞེས་བྱ་བ་ནི་སྔོན་གྱི་རྒྱུའི་དབང་གིས་ བརྗོད་ཀྱི་དེའི་ཚེ་མིན་ནོ། །ཞེས་བྱ་བ་དེ་དག་གི་དགོངས་པ་བླངས་ནས་བར་ཆད་མེད་རྩེ་འདི་ནི་རྣམ་མཁྱེན་སྐྱེད་བྱེད་ཀྱི་ལྷན་ཅིག་བྱེད་རྒྱུ་ཡིན་ལ། དེའི་ཚེ་རྣམ་མཁྱེན་དང་ཆེས་ཉེ་བའི་བདག་ཉིད་ཀྱི་ཕྱིར་དམིགས་པ་དང་། བདག་པོ་དང་། ཤེས་པ་རང་གི་རྣམ་པ་སོགས་ཀྱི་རྒྱུ་རྐྱེན་ 5-1-511b དང་བྲལ་བར་བཤད་ལ། ཁ་ཅིག་འདིའི་དམིགས་པ་ནི་སྦྱོར་བའི་དུས་སུ་སོར་རྟོག་གི་ཤེས་རབ་ཀྱིས་གང་ལ་དམིགས་ནས་སྒྲོ་འདོགས་གཅོད་གཞིར་བཟུང་བ་དག་སྟེ། དེའི་མཚན་ཉིད་ནི་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་ཆ་ཙམ་སྟེ། དེའང་རང་གི་ངོ་བོས་སྟོང་པ་ཡིན་ཏེ། མདོ་ལས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །ཞེས་སོ། །རྣམ་པ་ནི་སྤྲོས་པའི་མཐའ་གང་དུའང་འཛིན་པ་མེད་པ་སྟེ། རྣམ་པ་ཞི་ཉིད་ཅེས་སོ། །བདག་པོའི་རྐྱེན་ནི་མཉམ་གཞག་ཏུ་ཇི་ལྟར་ཡིད་ལ་བྱ་བའི་རིམ་པ་ཐོས་བསམ་གྱིས་ཇི་ལྟར་ གཏན་ལ་ཕབ་པའི་རྒྱུན་དེ་ཉིད་མི་བརྗེད་པར་དྲན་པ་ཡིན་ཏེ། ཇི་སྐད་དུ། དྲན་པ་བདག་པོའི་རྐྱེན་དང་ནི། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། ། གཞན་ཡང་འདི་ལྟར་དཔྱད་དགོས་ཏེ། འདིར་དམིགས་རྐྱེན་དང་བདག་རྐྱེན་དངོས་སུ་བསྟན་ནས། དེ་མ་ཐག་རྐྱེན་གང་གིས་ བསྟན་སྙམ་ན། འགའ་ཞིག་ཤུགས་ལས་བསྟན་པ་ཡིན་ཅེས་ཟེར། འགའ་ཞིག་བར་ཆད་མེད་རྩེའི་རྒྱུན་དེ་ཉིད་སྔ་མ་འགགས་པ་དང་། ཕྱི་མ་མ་སྐྱེས་པའི་ཆ་ནས་དེ་མ་ཐག་རྐྱེན་དུ་འཇོག་ལ། དེ་ལ་དམིགས་རྐྱེན་བདག་རྐྱེན་ཁ་བསྐངས་ནས་ཤེས་པ་རྣམ་ལྡན་དུ་བསྐྱེད་པ་ཡིན་ ཅེས་ཟེར་རོ། །ཐམས་ཅད་མཁྱེན་པ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས། རྣམ་པ་ཞེས་སྨོས་པ་ཉིད་ཀྱིས་ཤེས་པ་ཉིད་བསྟན་ཏེ། རྣམ་པ་ཉམས་སུ་མྱོང་བ་མེད་པ་ནི་རྣམ་པ་ཡང་དཀའ་ལ། དེ་མྱོང་ན་ནི་ཤེས་པ་ལས་འོས་མེད་པས། ཤེས་པ་སྐྱེ་བ་ལ་རྐྱེན་གསུམ་ཚང་དགོས་པ་ དོན་གྱིས་གོ་བས་སོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སྤང་བྱ་ལོག་སྒྲུབ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ། བསལ་བྱ། སེལ་བྱེད། ཇི་ལྟར་སེལ་བའི་ཚུལ་ལོ། །དང་པོ་ནི། 5-1-512a བསལ་བར་བྱ་རྒྱུའི་ལོག་རྟོག་འདིའི་ངོ་བོ་ནི། སློབ་དཔོན་ངན་པས་ལུང་རིགས་ལྟར་སྣང་གི་སྒོ་ནས་བློ་ལ་གཤིན་པར་བྱས་པའི་ལོག་ཤེས་སམ། ཡང་ན་རྒྱུ་མཚན་མེད་པར་འགལ་ལོ་སྙམ་པའི་ཐེ་ཚོམ་སྟེ་གང་ཡང་རུང་བ་གང་ཞིག །འདིར་བསྟན་བདེན་གཉིས་ གང་རུང་ཞིག་ཚད་མར་བྱས་ནས་དེའི་རིགས་པས་ཅིག་ཤོས་ལ་རྒྱས་བཀབ་སྟེ། དེ་ལ་དེའི་ཁྱད་ཆོས་མེད་ན་དེ་ཚད་མིན་ཡིན་པས་འགལ་བའོ་སྙམ་པའི་ལོག་རྟོག་གོ། སྐབས་འདི་ལ་འཕྲོས་ནས་བདེན་གཉིས་ཀྱི་རྣམ་གཞག་ཅུང་ཟད་ཅིག་བཤད་པ་ལ། བདེན་གཉིས་འགལ་ འཛིན་གྱི་ལོག་རྟོག་ཏུ་འགྱུར་ཚུལ། དེ་གཉིས་མི་འགལ་བའི་ཚུལ་བཤད་པའོ། །དང་པོ་ལ་བདེན་གཉིས་དབྱེ་བ་མི་ཤེས་པའི་སྐྱོན་དང་ཤེས་པའི་ཡོན་ཏན་བཤད། དེའི་ངོ་བོ་གཏན་ལ་དབབ་ནས་གནས་ཚུལ་བཤད་པ། ངེས་ཚིག་བཤད་ཅིང་རྣམ་གྲངས་བསྟན་པའོ། །དང་པོ་ ནི། བདེན་གཉིས་ཀྱི་ཚུལ་ཤེས་ན་བསྟན་དོན་ཟབ་མོའི་དེ་ཉིད་ཤེས་ཏེ་རྨོངས་མེད་དུ་ཚོགས་བསགས་ནས་རྫོགས་པའི་སངས་རྒྱས་སུ་འགྱུར་ལ། དེ་མ་ཤེས་ན་སྔ་མ་ལས་ལྡོག་པའི་ཉེས་པར་འགྱུར་རོ། །གཉིས་པ་ལ། དངོས་དང་། དེ་ལ་འཁྲུལ་བ་སྤང་བ། འགག་བསྡུས་ཏེ་ དོན་དམ་དབྱེར་མེད་དུ་བསྟན་པ་དང་གསུམ་ལས། དང་པོ་ནི། རང་ངོའི་དོན་ཡོད་མ་མྱོང་བ་གང་ཞིག །གཞན་དབང་གི་རྣམ་པ་ཤེས་པའི་ཡུལ་ཅན་ཡུལ་དང་བཅས་པ་སཾསྐྲྀ་ཏའི་མཚན་ཉིད་དོན་གྱི་རང་ངོ་མེད་མ་མྱོང་བ་གང་ཞིག །ཡོངས་གྲུབ་ཀྱི་རྣམ་པ་ཡུལ་དང་བཅས་པ་ དེ་པ་ར་མཱརྠའི་མཚན་ཉིད་དོ། །དེ་ལ་དང་པོ་ནི། ཚུར་མཐོང་གི་རྒྱུད་ལ་སྣང་གི ། གཉིས་པ་ནི། གཞན་མཆོག་གཟིགས་པའི་ཐུགས་ལ་གསལ་ཏེ། ཇི་སྐད་དུ། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཉིད་ཅེས་བྱ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། 5-1-512b དོན་དམ་ངོ་བོ་ཉིད་ཀྱིས་སྟོང་པའི་འཁྲུལ་སྤོང་། དོན་དམ་སངས་རྒྱས་ཆེན་པོའི་བློས་མི་འཇལ་བའི་འཁྲུལ་སྤོང་། བདེན་གཉིས་རང་བཞིན་གཞན་པའི་འཁྲུལ་བ་སྤོང་ཚུལ་དང་གསུམ་ལས། དང་པོ་ནི། གཞན་དག་དོན་དམ་ངོ་བོ་ཉིད་ཀྱིས་སྟོང་པར་ཐལ་ཏེ། ལང་གཤེགས་སུ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཅེས་གསུངས་པའི་ཕྱིར་ཡོད་པར་བཤད་ཚད་ཀུན་རྫོབ་པ་དང་། མེད་པར་བཤད་ཚད་དོན་དམ་ལ་དགོངས་སྙམ་ན། ཁྱོད་ཀྱིས་ལུང་དོན་དེ་མ་གོ་བའི་འཁྲུལ་གཏམ་ཡིན་ཏེ། དེའི་དོན་ཀུན་རྫོབ་ཀྱི་ཆོས་ཉིད་ལ་ དགོངས་ནས་གསུངས་པའི་ཕྱིར་ཏེ། ཀུན་རྫོབ་ནི་འཁྲུལ་ངོར་ཡོད་ལ། མ་འཁྲུལ་པའི་ངོར་མེད་པར་གསུངས་པའི་ཕྱིར་ཏེ། དེར་མ་གསུངས་ན་ཀུན་རྫོབ་ཏུ་ཡོད། དོན་དམ་དུ་མེད་ཅེས་པ་ལ་ཀུན་རྫོབ་ཏུ་ཡོད་པར་འཇོག་བྱེད་ཀྱི་ཆོས་མ་གསུངས་པའི་ཕྱིར། ཀུན་རྫོབ་ཀྱི་རྣམ་ གཞག་ཁྱོད་ལ་ཆད་པར་འགྱུར་རོ། །དེ་ལྟར་ཡིན་པའང་རྩ་ཤེར། རྒྱལ་བ་རྣམས་ཀྱིས་ཆོས་བསྟན་པ། །ཞེས་པའི་འགྲེལ་པར། འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་བདེན་པ་གཉིས་པོ་འདི་ལ་བརྟེན་ནས་འབྱུང་སྟེ། འཇིག་ རྟེན་པའི་ཀུན་རྫོབ་བདེན་པ་ཞེས་བྱ་བ་ནི་ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་དག་ལ་འཇིག་རྟེན་པས་ཕྱིན་ཅི་ལོག་མ་རྟོགས་པས་ཆོས་རྣམས་སྐྱེ་བར་མཐོང་བ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ཀུན་རྫོབ་ཏུ་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་ འཕགས་པ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་ཐུགས་སུ་ཆུད་པས་ཆོས་རྣམས་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་དག་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས། དོན་དམ་པའི་བདེན་པའོ། །ཞེས་གསུངས་པའི་གྲུབ་དོན། འཇིག་རྟེན་པས་ཀུན་རྫོབ་རང་སྟོང་དུ་མ་ 5-1-513a ཤེས་པར་ཕྱིན་ཅི་ལོག་ཏུ་རྟོག་པ་སྟེ་འཁྲུལ་ལ། ཀུན་རྫོབ་ཀྱི་ཆོས་དེ་དོན་དམ་དུ་སྟོང་པས་མེད་དོ། །དོན་དམ་བདེན་པ་ནི། ཀུན་རྫོབ་མེད་པའི་ཡོད་སྣང་དེ་ཕྱིན་ཅི་ལོག་ཏུ་རྟོགས་ནས་དོན་དམ་སྐྱེ་མེད་ཉིད་དོན་དམ་བདེན་པ་ཡིན་པས་འདོད་དོ། །དེས་ན་རྣམ་ འཇོག་གི་ཚེ་ཀུན་རྫོབ་ཏུ་མི་བདེན་ན་ཀུན་རྫོབ་བདེན་པར་འགལ། དོན་དམ་དུ་མི་བདེན་ན་དོན་དམ་བདེན་པར་འགལ། རྣལ་འབྱོར་དུ་བྱེད་ན་ཀུན་རྫོབ་མི་བདེན་ན་བདེན་པར་འགལ་བ་དང་། དོན་དམ་བདེན་པ་སྤྲོས་པ་དང་བྲལ་ན་བདེན་པར་ཡང་འགལ་བས་བསམ་པར་བྱ་བའི་ཡུལ་ མིན་ནོ། །འོན་ཏེ་རྣམ་འཇོག་གི་ཚེ་ནི་དོན་དམ་ཁོ་ནར་བདེན་ལ། ཅིག་ཤོས་ནི་བརྫུན་ཏེ། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་བྱུང་བའང་དོན་མེད་པར་འགྱུར་རོ། ། གང་གི་ཕྱིར་དོན་དམ་པ་ཡོད་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལ་མཁས་པའོ་ཞེས་བྱ་བའོ་ཞེས་སོ། །གཉིས་པ་ནི། གཞན་དག །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཅེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་རྣམ་མཁྱེན་དང་། བྱང་སེམས་རྣམས་ ཀྱི་མི་རྟོག་ཡེ་ཤེས་ཀྱིའང་ཡུལ་མིན་ནོ་ཞེ་ན། ལུང་དེའི་དོན་ནི་སེམས་ཅན་གྱི་བློ་ཁོ་ན་ལ་དགོངས་ཀྱི། དེ་ལྟར་མིན་ན། ཇི་སྐད་དུ། རང་རིག་ཡེ་ཤེས་སྤྱོད་ཡུལ། ཞེས་དང་། རྒྱལ་བ་བྱམས་པས། དེ་འགགས་འཕགས་པའི་སྤྱོད་ཡུལ་དང་། ཞེས་དང་། འཕགས་ པ་ཐོགས་མེད་ཀྱིས། ཅིའི་ཕྱིར་དོན་དམ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། ཞེས་སོགས་ལོག་པར་འདོན་དགོས་སོ། །གཞན་དག་སངས་རྒྱས་ཀྱི་བློ་ཟུར་དུ་བཀར་བའི་སྒྲ་མེད་ཅེས་ཟེར་བ་ནི། སཾསྐྲྀཏ་དང་། སྒྲ་གཅིག་དོན་མང་པོ་ལ་ 5-1-513b འཇུག་པ་དང་། དོན་གཅིག་ལ་སྒྲ་མང་པོ་ཡོད་པ་ཡིན་ལ། དེར་མ་ཟད་དེ་འདྲ་བ་བོད་སྐད་ལའང་མཐོང་སྟེ། སྡིག་པ་ཟེར་བ་འདི་སྡིག་པ་རྭ་ཅན་དང་། དགེ་སྡིག་གི་སྡིག་གཉིས་ཀ་ལ་འཇུག་གོ། མདོར་ན་ཡུལ་བདེན་པ་གཉིས་ལ་ཡུལ་ཅན་བློ་གཉིས་ཀྱིས་སོ་སོར་ བཞག་པ་ན་ཇི་ལྟར་བདེན་པའི་བདེན་ལུགས་གཉིས་དང་། དེ་གཉིས་ཀྱི་རང་ངོ་སྟོང་མི་སྟོང་གི་ཚུལ་གཉིས་སྲིད་པ་ཡིན་ཏེ། དེའང་མྱང་འདས་ཆེན་པོར། མྱ་ངན་ལས་འདས་པ་ནི་མི་སྟོང་པའི་སྟོང་པ་ཉིད་དོ། །དེ་ལས་གཞན་ནི་སྟོང་པའི་སྟོང་པ་ཉིད་དོ། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་དང་། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེས་པའི་སྟོང་པ་སྟེ། །མ་སྐྱེས་པ་ཡི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ཡིན། །ཅེས་དང་། དངོས་མེད་དེ་ཡི་དངོས་མ་ཡིན། །རང་བཞིན་ གྱིས་ནི་སྟོང་པར་འདོད། །ཅེས་ཀུན་བཏགས་དང་གཞན་དབང་ནི་བཏགས་པ་དང་སྣང་བ་ལྟར་གྲུབ་པའི་ངོ་བོས་སྟོང་པའི་སྟོང་ཉིད་དང་། ཡོངས་སུ་གྲུབ་ནི་བལྟོས་མིན་གྱིས་སྟོང་པས་སྟོང་པའི་བདག་ཉིད་དེའང་སླར་སྟོང་པ་གཉིས་ལྡོག་དགོས་པ་མིན་ནོ། །གསུམ་པ་ནི། ཁྱོད་ འདོད་པ་ལྟར་ན་བདེན་གཉིས་ངོ་བོ་ཐ་དད་པར་འགྱུར་ཏེ། དེ་གཉིས་འགལ་པས་སོ་སྙམ་ན། མ་ཡིན་ཏེ། ཀུན་རྫོབ་བདེན་པ་ནི་དོན་དམ་བདེན་པ་དེ་ཉིད་ལས་གཞན་དུ་ཡོད་པར་བརྗོད་དུ་མེད་པའི་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ལ། དེའང་གཞན་དུ་བརྗོད་པ་མེད་པས་ཐ་དད་ ཡིན་པ་ཁེགས་ལ། ངོ་བོ་གཅིག་པ་མིན་པས་གཅིག་ཡིན་པ་ཁེགས། གཅིག་མིན་པས་ཕྱེ་ན་ཐ་དད་དུ་རྣམ་འཇོག་གི་ཚེ་འཇོག་ན་དངོས་སྟོབས་དང་མི་འགལ་བ་ཡིན་ཏེ། དེའང་དགོངས་འགྲེལ་དུ། བདེན་གཉིས་ངོ་བོ་གཅིག་ན་བྱིས་པས་ཀུན་རྫོབ་མཐོང་བ་ན་དོན་དམ་ཡང་ 5-1-514a མཐོང་བར་འགྱུར་བ་དང་། ཀུན་རྫོབ་ལ་ཟག་པ་འཕེལ་བ་ལྟར་དོན་དམ་ལ་ཡང་འགྱུར་བ་དང་། དོན་དམ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལའང་འགྱུར་བ་དང་། ཀུན་རྫོབ་རྣམ་ཤེས་ཀྱིས་དོན་དམ་མཐོང་ཐོས་ལ་སོགས་སུ་བཙལ་དུ་མེད་པ་ལྟར་དོན་དམ་ ཡང་ཐོས་བསམ་གྱིས་གཞན་དུ་བཙལ་དུ་མེད་པར་འགྱུར་བའི་སྐྱོན་བཞི་དང་། ཅི་སྟེ་གཞན་ཡིན་ན་དོན་དམ་མཐོང་ཡང་ཀུན་རྫོབ་ལ་བདེན་འཛིན་མི་ལྡོག་པར་འགྱུར་བ་དང་། དོན་དམ་པ་ཀུན་རྫོབ་ཀྱི་ཆོས་ཉིད་མིན་པར་འགྱུར་བ་དང་། ཀུན་རྫོབ་མ་གྲུབ་པའི་དེ་བཞིན་ཉིད་ཙམ་ དེ་དོན་དམ་མིན་པར་འགྱུར་བ་དང་། གང་ཟག་གཅིག་ལ་ཉོན་མོངས་དང་རྣམ་བྱང་གཉིས་དུས་གཅིག་ཏུ་དམིགས་པར་འགྱུར་བའི་སྐྱོན་བཞི་འབྱུང་བར་གསུངས་ལ། མདོ་དྲངས་ན་ཡི་གེས་འཇིགས་སོ། །འོ་ན་དོན་དམ་དང་ཀུན་རྫོབ་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ པའི་ཚུལ་ནི། ཆོས་ཉིད་དོན་དམ་པའི་བདེན་པ་དང་། ཆོས་ཅན་ཀུན་རྫོབ་བདེན་པ་གཉིས་ཆོས་ཅན། གཅིག་མ་ཡིན་ཏེ། ཆོས་ཉིད་དོན་དམ་བསླུ་མེད་དུ་ཡོད་པ་དང་། ཆོས་ཅན་ཀུན་རྫོབ་ཚད་མིན་བསླུ་བ་སྟེ་རང་བཞིན་མེད་པ་དག་གི་ཁྱད་པར་འགལ་བར་ཡོད་པའི་ཕྱིར། དོན་ དམ་དེ་ཉིད་དང་ཀུན་རྫོབ་གཅིག་པ་བསལ་ལོ། ། ཡང་ཆོས་ཉིད་དོན་དམ་བདེན་པ་དང་ཆོས་ཅན་ཀུན་རྫོབ་བདེན་པ་ཆོས་ཅན། སོ་སོ་བ་མ་ཡིན་ཏེ། དོན་དམ་ཡོད་པའི་ཆོས་ཉིད་ནི་ཀུན་རྫོབ་མེད་པ་དག་གིས་རབ་ཏུ་ཕྱེ་བ་ལས་གཞན་པའི་ཡོད་པ་ཞེས་པའི་ལྷག་པ་ཞིག་གིས་ཁྱད་ པར་དུ་བྱར་མེད་པའི་ཕྱིར། དེས་ན་ཀུན་རྫོབ་ཆོས་ཅན་མེད་པ་ཙམ་ལས་གཞན་པའི་ཀུན་རྫོབ་ཅེས་མ་གྲུབ་པའི་ཆ་ནས་སོ་སོ་བ་མ་ཡིན་པའམ། ཡང་ན་དོན་དམ་ཆོས་ཉིད་ཡོད་པ་ལས་གཞན་པའི་ཀུན་རྫོབ་མ་གྲུབ་པས། ཆོས་ཉིད་གཅིག་པུ་བདེན་པར་ཡོད་པ་དེ་ལས་ཀུན་རྫོབ་ངོ་ 5-1-514b བོ་ཐ་དད་པ་མེད་པས་སོ་སོ་བ་མ་ཡིན་པའམ། ཡང་ན་ཆོས་ཅན་ཀུན་རྫོབ་མ་གྲུབ་པ་ཉིད་ཆོས་ཉིད་དོན་དམ་བདེན་པ་ཡིན་པ་ལ་བསམས་ནས་སོ་སོ་བ་མ་ཡིན་ཟེར་ལ། དེ་ལ་དང་པོ་གཉིས་དོན་མཐུན་པས་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། ཕྱི་མ་གྲགས་སྡེ་སྤྱོད་པའི་དབུ་མས་སོ་སོ་ བ་མ་ཡིན་པའི་དོན་དུ་སོ་སོར་འཆད་དོ། །དེ་གཉིས་གང་གི་ལུགས་ལྟར་ནའང་ཀུན་རྫོབ་བདེན་པ་ནི་ཡོད་པར་མི་འདོད་ལ། རྣམ་རིག་གི་བག་ཆགས་ལ་བྱང་བ་རྣམས་ཆོས་ཅན་ཆོས་ཉིད་སྒྲོ་བཏགས་ཀྱི་ཡུལ་དུ་ཁྱད་པར་ཡོད་པ་དག་གནས་ལུགས་ལ་ཁྱད་པར་མེད་པས་ཀུན་རྫོབ་ཆོས་ཅན་ ཉིད་ལ་དོན་དམ་ཆོས་ཉིད་དབྱེར་མི་ཕྱེད་པས་གཞན་དབང་གི་ཀུན་རྫོབ་སྣང་ཙམ་དུ་ཡོད་པ་དང་། དེའི་ངོ་བོ་ཡོངས་གྲུབ་རྣམ་རིག་གི་ངོ་བོར་ཡོད་ཟེར་བ་ནི་གང་ན་འདུག་ཀྱང་སེམས་ཙམ་པ་ཁོ་ནར་ཤེས་པར་བྱའོ། །འདིར་དབུ་མ་པ་ཆེན་པོའི་སྐབས་སུ་ཆོས་ཅན་ནི་རྣམ་ཤེས་འཁོར་བཅས་ ཏེ་བརྫུན་པ། ཆོས་ཉིད་ནི་ཡེ་ཤེས་འཁོར་བཅས་ཏེ་བདེན་པའོ། །གསུམ་པ་ནི། འབྲེལ་བ་ཟླ་བཅས་ཀྱི་གཉིས་པར་བདེན་གཉིས་གང་ཡང་མ་གྲུབ་ལ། ལྷག་པར་དོན་དམ་བདེན་པ་ནི་དེར་མ་གྲུབ་པ་ཡིན་ཏེ། རྩ་ཤེར་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །དེས་ན་བདེན་གཉིས་གཉིས་ཀ་རྣམ་འཇོག་གི་རིགས་པའི་ཚེ་ཕ་རི་ལ་བལྟོས་ནས་ཚུ་རི་དང་། ཚུ་རི་ལ་བལྟོས་ནས་ཕ་རི་སོགས་ཀྱིས་ཐ་སྙད་ཀྱི་ཚེ་ཟླ་བཅས་སུ་བརྗོད་ན། དེ་གཉིས་གཅིག་ ཁེགས་ན་ཅིག་ཤོས་ཁེགས་པ་ཡིན་པས། དེ་ནི་བྱིས་པ་འབྲིད་པའི་གཏམ་ཡིན་ལ། ངེས་པའི་དོན་དུ་དེ་མིན་ཏེ། འབྲེལ་བ་ཟླ་བཅས་ཡིན་ན་གཅིག་བཀག་པས་ཅིག་ཤོས་ཁེགས་དགོས། གཅིག་གྲུབ་ན་ཅིག་ཤོས་ཀྱང་དེར་གྲུབ་དགོས་པ་ལས། འདིར་དེ་ནི་མི་འགྲུབ་ 5-1-515a སྟེ། ཀུན་རྫོབ་བཀག་པས་དོན་དམ་མི་ཁེགས་པ་དང་། དོན་དམ་གྲུབ་པས་ཀུན་རྫོབ་མི་འགྲུབ་པའི་ཕྱིར་རོ། །ལྷག་པར་དོན་དམ་བདེན་པ་ནི་རང་ངོ་ནས་ཕར་གྲངས་གཞལ་ཀྱང་གཉིས་པར་མི་འགྲུབ་སྟེ། རང་ཉིད་དང་པོར་གཟུང་བའི་ཕྱིར། གཞན་ངོ་ནས་ ཚུར་གྲངས་གཞལ་ཀྱང་གཉིས་པར་མི་འགྲུབ་སྟེ། གཞན་ངོའི་ཆོས་མེད་པའི་ཕྱིར། གཉིས་མེད་ཁོ་ན་ཡིན་ལ། དེ་ཉིད་གཅིག་དང་ཐ་དད་གཉིས་ཀ་མིན་པར་ཟུང་དུ་འཇུག་པས་ན་ཟུང་འཇུག་ཀྱང་ཡིན་ལ། མདོར་ན་གཅིག་ཐ་དད་མིན་བྱས་ཀྱི། གཅིག་ཐ་དད་ཡིན་པར་ནི་ སྒྲུབ་པ་ནི་མིན་ཏེ། དེ་ལྟར་ན་དངོས་སྟོབས་དང་འགལ་བས་དེ་འདྲ་བ་རྒྱལ་བ་སྲས་བཅས་མི་བཞེད་དོ། ། འགའ་ཞིག །ཁྱོད་ལ་དངོས་སྟོབས་དང་འགལ་བས་ཅི་ལྟོ། ཁྱོད་ལ་དངོས་སྟོབས་མེད་པས་སོ་ཞེ་ན། རིགས་པ་དེ་ནི་བདེན་གཉིས་སྒོ་ཅན་གྱི་ཀླན་ཀ་ཞེས་འདིའི་བཤད་ གཞིར་གྱུར་པ་ལུང་ཆོས་པའི་བརྡ་ལས་གྲགས་པ་དེ་ཡིན་ཅིང་། རིགས་པ་སྨྲ་བ་དག་གིས་འདི་ལྟ་བུའི་རིགས་ལྟག་ཆོད་དུ་སྟོན་པ་ཡིན་ནོ། །གསུམ་པ་ངེས་ཚིག་བཤད་ཅིང་རྣམ་གྲངས་བསྟན་པ་ནི། སཾསྐྲྀ་ཏས་སདྡྱ་ཞེས་པ་ལ། སམ་ནི་ཡང་དག་པའོ། །སྐྲྀ་ཏི་ཨཱ་ཝ་ར་ནི་འགེབས་ པའམ་སྒྲིབ་པའོ། །སདྡྱ་ནི་བདེན་པ་སྟེ། འཁྲུལ་བའི་རང་བཞིན་གྱིས་སྟོང་ཉིད་ཡང་དག་པར་བསྒྲིབས་པས་ན་ཀུན་རྫོབ་སྟེ། བདེན་གཉིས་ལས། གང་ཞིག་གིས་ནི་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་པས་ཀུན་རྫོབ་ནི་དོན་འགྱུར་དུ་བྱས་པའོ། ། བདེན་པ་ཞེས་པ་འཁྲུལ་ངོར་བདེན་པར་སྣང་བ་ལ་བསམས་པའོ། །འདི་ལ་ཡང་ལོག་གཉིས་ཡོད་པའི་ཡང་དག་དེ་ཀུན་རྫོབ་ཏུ་འཇིག་རྟེན་གྲགས་པར་ཡོད་པར་འདོད་པ་ཡིན་ཏེ། ཇི་སྐད་དུ། རྩོད་ན་གྲགས་པ་ཁ་ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པ། །མོ་གཤམ་བུ་ལ་ 5-1-515b སོགས་བཞིན་དུ། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །ཞེས་བཀག་གོ། པ་ར་མཱ་ཨརྠ་སཱདྡྷྱ་ཞེས་པའི་པ་ར་མ་ནི་དམ་པ་དང་མཆོག་ལ་འཇུག་ལ། ཨརྠ་ནི་དོན་ཏེ། ཆོས་ཉིད་དམ་པ་རྣམས་ལ་འཇུག་པའི་དོན་ཡིན་པས་ན་དོན་དམ་པ་དང་། འཕགས་པའི་ཡེ་ཤེས་ཀྱི་ཡུལ་དུ་ བདེན་པས་ན་བདེན་པའོ། །དེས་ན་བདེན་གཉིས་ཀྱི་རྣམ་དབྱེ་ལ་མཁས་དགོས་ཏེ། དེའང་ཇི་སྐད་དུ། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ནམ་ཡང་ཉམས་མི་བྱ། །ཞེས་གསུངས་པས་སོ། །གཉིས་པ་བདེན་གཉིས་མི་འགལ་བའི་ཚུལ་ནི། དེ་གཉིས་རང་ ལྡོག་གཅིག་ཡིན་ནས་མི་འགལ་ཅེས་བརྗོད་པའང་མ་ཡིན། མཚན་གཞི་བུམ་པ་ལྟ་བུ་ཞིག་ཀུན་རྫོབ་བདེན་པ་ཡིན་པ་དང་། དེའི་སྟོང་ཆ་དོན་དམ་བདེན་པ་ཡིན་པར་འདོད་ནས་མི་འགལ་ཅེས་བརྗོད་པའང་མ་ཡིན། ཡང་ན་བུམ་པ་རང་ངོ་སྟོང་པ་དང་། བུམ་པ་བུམ་ མིན་ལས་ལོག་པ་གཉིས་མི་འགལ་བ་ལ་བསམས་ནས་ཀྱང་བརྗོད་པ་མ་ཡིན་ཏེ། དེ་དག་ལ་རིགས་པས་དཔྱད་ན་མི་འགལ་བར་མ་མཐོང་བའི་ཕྱིར། འོ་ན་མི་འགལ་བའི་དོན་བདེན་གཉིས་སོ་སོ་རང་རང་གི་མཚན་ཉིད་འཛིན་པ་ལ་ནུས་པ་ཡོད་པ་ཞིག་གིས་ཅིག་ཤོས་ ལ་གེགས་བྱས་ནས་ནུས་མེད་དུ་བྱེད་མི་བཏུབ་པ་ལ་བསམས་ནས་མི་འགལ་བའི་དོན་ཡིན་ཏེ། དཔེར་ན་སྣང་ཙམ་ཐེག་ཆེན་སྒྲུབ་པའི་དམིགས་པ་དང་། དེའི་རང་ངོ་སྟོང་པ་ལྟ་བུ་ཐ་སྙད་དུ་ཡོད་པ་དང་། དོན་དམ་དུ་མེད་པ་གཉིས་མི་འགལ་ཏེ། འཁྲུལ་ངོར་ཡོད་པ་དང་ ཡེ་ཤེས་ཀྱི་ངོར་མེད་པས་གཞི་གཅིག་གི་སྟེང་དུ་འགལ་བ་གཉིས་མི་འདུ་སྟེ། རབ་རིབ་ཅན་གྱི་ངོར་སྐྲ་ཤད་ཡོད་པ་དང་། སྤྱིར་སྐྲ་ཤད་མེད་པ་གཉིས་མི་འགལ་བ་བཞིན་ནོ། །གཉིས་པ་སེལ་བྱེད་ལ། བསལ་བྱ་ཀླན་ཀ་གང་ཡིན་པ་དང་། དེ་སེལ་བྱེད་ཀྱི་རིགས་པ་གང་ 5-1-516a ཡིན་པའོ། །དང་པོ་ནི། དོན་དམ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་སུན་འབྱིན་པ་དོན་དམ་སྒོ་ཅན་དང་། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་དོན་དམ་འགོག་པའི་ཀླན་ཀའོ། །དེའང་དང་པོ་ནི་ལྟ་བ་རྒྱུ་མཚན་དུ་བྱས་ནས་སྤྱོད་པ་འགོག་པའོ། །གཉིས་པ་ སྤྱོད་པ་རྒྱུ་མཚན་དུ་བྱས་ནས་ལྟ་བ་འགོག་པ་དེ་ཡིན་ནོ། །ལྟ་སྤྱོད་ཀྱི་ཡུལ་ཡང་བདེན་གཉིས་སོ་སོ་བ་ཡིན་པས་དེ་གཉིས་གང་རུང་རེས་མངོན་པར་ཆོག་ཚོད་འཛིན་པའོ། །གཉིས་པ་ནི། ལྟ་སྤྱོད་རྐྱང་པ་ལ་བཞག་པའི་ཚེ་སྐབས་དེར་གཉིས་ཀ་མི་འགལ་བར་ཁས་ལེན་པ་ ནི་མིན་ཏེ། ལྟ་བ་བཞག་ནས་སྤྲོས་མཚན་དུ་མི་འཛིན་པའི་ཚེ། ཇི་སྐད་དུ། ལས་འབྲས་རྣམས་ལ་སེམས་པའང་དགག་པར་མཛད། །ཅེས་གསུངས་པའི་ཕྱིར། འོ་ན་མི་འགལ་བ་དེ་ལྟ་སྤྱོད་ཟུང་འབྲེལ་དུ་ཉམས་སུ་ལེན་པ་དེའི་ཚེ་བདེན་གཉིས་མི་འགལ་བར་རྟོགས་ པར་བྱ་སྟེ། སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །དེའང་སྣང་བ་ཞེས་བྱ་བ་ནི་རྣམ་ཤེས་ལ་སྣང་བ་ཡིན་ལ། རང་བཞིན་མེད་པར་རྟོགས་པའི་ཚེ་ནི། ཡེ་ཤེས་ཀྱིས་དེར་རྟོགས་པ་ཡིན་ཅིང་། བློ་གཅིག་གི་ངོར་དེ་གཉིས་སྣང་བ་དང་རང་ བཞིན་མེད་པ་གཉིས་ཀ་གཞལ་བ་མ་ཡིན་ནོ། །དེས་ན་སྣང་བ་དང་རང་བཞིན་མེད་པ་གཉིས་པོ་དེ་སྤྱོད་པའི་ཚེ་ན་སྣང་བ་དང་། ལྟ་བའི་ཚེ་ན་རང་བཞིན་མེད་པ་གཙོ་བོ་ཡིན་ནོ། །འོ་ན་ལྟ་སྤྱོད་གཉིས་གང་གཙོ་ཆེ་ན། ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ནི་ལྟ་བའི་ཆ་དང་། གཟུགས་ཀྱི་སྐུ་མངོན་དུ་བྱེད་པ་ནི་སྤྱོད་པའི་ཆ་ལས་ཡིན་ནོ། །གསུམ་པ་ཇི་ལྟར་སེལ་བའི་ཚུལ་ལ། རང་རྒྱུད་ལ་ཡོད་པའི་ལོག་རྟོག་ནི། རང་རྒྱུད་ཀྱི་བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་སེལ་ལ། གཞན་རྒྱུད་ལ་ཡོད་པའི་འགལ་བར་འཛིན་པ་ནི་མཐའ་ 5-1-516b གཉིས་འགོག་བྱེད་ཀྱི་རིགས་པས་སེལ་ལོ། །དེའང་སེལ་ཚུལ་ནི། ཁ་ཅིག་དོན་དམ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་སུན་འབྱིན་པར་བྱེད་པ་ནི་ཀུན་རྫོབ་ལ་བརྟེན་པའི་ལན་གྱིས་སེལ། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་དོན་དམ་སུན་འབྱིན་པར་བྱེད་པ་ནི་དོན་དམ་ལ་བརྟེན་ པའི་ལན་གྱིས་སེལ་བར་བྱེད་པ་ཡིན་ཅེས་ཟེར། ཁ་ཅིག་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཐམས་ཅད་ཀུན་རྫོབ་ཀྱི་ལན་གྱིས་སེལ། ཀུན་རྫོབ་སྒོ་ཅན་ཐམས་ཅད་དོན་དམ་གྱི་ལན་གྱིས་སེལ་བར་བྱེད་པ་ཡིན་ཅེས་ཟེར་རོ། །ཁོ་བོས་ནི་ཀླན་ཀ་འདི་དག་རེ་རེ་བཞིན་བདེན་གཉིས་སོ་ སོའི་སྒོ་ནས་ལན་བཏབ་པས་ཆོག་པ་ཡིན་ཏེ། ཀླན་ཀ་འགོད་བྱེད་ཀྱི་ཀླན་ཀ་བཅུ་དྲུག་པོ་རེ་རེ་བཞིན་བདེན་གཉིས་རྣམ་གཞག་ལ་རྨོངས་པར་སྣང་བའི་ཕྱིར་རོ། །ཇོ་མོ་ནང་པ་ཤེས་རབ་རྒྱལ་མཚན་གྱིས་ནི་ཊཱི་ཀ་མདོ་ལུགས་མར། རྩོད་པ་གཞི་བཅུ་དྲུག་པོ་བརྒྱུད་མར་བྱུང་ བའི་ལན་རིམ་པ་ལྟར་བཏབ་པ་ནི། ཁྱབ་པ་མ་གྲུབ་སྟེ། དེ་ཉིད་ཀྱི་ཕྱིར་ཆོས་བཅུ་དྲུག་པོ་མི་འཐད་པ་ནི། འདི་ལྟར་གཤིས་ལ་གཟུགས་སོགས་དང་། ཆོས་ཐམས་ཅད་ལ་འདུས་བྱས་ཀྱི་ངོ་བོ་མེད་པའི་ཕྱིར། རྣམ་མཁྱེན་དམིགས་པ་དངོས་པོར་མེད་པ་འཐད་པ་དང་ ཞེས་པ་ནས་བཟུང་། སྨྲ་བ་རྣམས་ཀྱི་རྒོལ་བའི་རྣམ་པ་བཅུ་དྲུག་དག་ཏུ་འབྱུང་བ་རྣམས་བསལ་བར་བཞེད་པ་ཡིན་ནོ། །ཞེས་པའི་རྣམ་པ་བཅུ་དྲུག་གིས་ཀླན་ཀ་བསྟན་པ་མིན་ལ། དེའི་ལན་བསྟན་པ་ཡིན་ཅེས་གསུངས་སོ། །གཉིས་པ་ཚིག་གི་དོན་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། འོན་ཏེ་གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས་སམ། ཞེས་སོགས་ཀྱི་དོན་ནི། དམིགས་པ་དང་རྣམ་པའི་ཚུལ་འདི་ལ་ནི་ 5-1-517a ཆོས་ཅན། བློ་གྲོས་ཆུང་བ་དངོས་པོའི་བག་ཆགས་ཀྱིས་རབ་ཏུ་བསླད་དེ་སྨྲ་བ་རྣམས་ཆོས་ཐམས་ཅད་དངོས་པོར་མེད་ན་རྣམ་མཁྱེན་ལ་བརྟེན་པའི་ཆོས་དམིགས་པ་ལ་སོགས་པའི་ཆོས་བཅུ་དྲུག་པོ་རྣམས་མི་འཐད་པར་འགྱུར་རོ་ཞེས་བརྒྱུད་མར་རྒོལ་བར་བྱེད་ དོ་ཞེས་བྱ་བ་ཡིན་ཏེ་ཞེས་བཀོད་དོ། །གཉིས་པ་ནི། དམིགས་རྣམ་གྱི་གནས་འདི་ལ་ཤིན་ཏུ་ཟབ་པས་གཏིང་དཔག་དཀའ་བའི་ཕྱིར་རྟོག་གེ་རབ་ཏུ་སྨྲ་བས་བདེན་གཉིས་ཀྱི་ཐབས་ལ་མཁས་པ་མ་རྟོགས་པ་རྣམས་ཀྱི་ཀླན་ཀའི་རྒོལ་བ་དང་པོ་ལས་འཕྲོས་ནས་བརྒྱུད་མར་ འབྱུང་བས་ཐབས་ལ་མཁས་པས་ལོག་རྟོག་དེ་དག་བསལ་བར་བྱ་སྟེ། ཀླན་ཀ་འབྱུང་ཞིང་སེལ་དགོས་པར་བསྟན་པ་འདིས་ནི་དམིགས་བདག་སོགས་རྟོགས་པར་དཀའ་བ་འདིའི་ཟབ་པ་ཉིད་བསྙད་དོ་སྙམ་དུ་བྱས་པས་དགོངས་པ་ཡིན་ནོ། ། འདིར་གཞུང་འདི་ལ་དང་ ཊཱི་ཀར་གནས་པ་ཞེས་པ་གཞན་དག་བར་ཆད་མེད་རྩེ་ལ་ངོས་འཛིན་ཀྱང་། ཁོ་བོས་བར་ཆད་མེད་རྩེའི་དམིགས་རྣམ་འཆད་པ་ལས་འཕྲོས་ནས་བརྒལ་བར་བསམས་ཏེ་དམིགས་རྣམ་ལ་རྒོལ་བྱས་ཀྱི་དོན་བར་ཆད་མེད་རྩེ་ལ་རྒོལ་བར་སོང་ངོ་། །གཉིས་པ་རྒྱས་བཤད་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བློའི་ནོར་ཅན་དམ་པ་རྣམས་ཀྱིས་ལོག་པར་རྟོག་པ་ཇི་ལྟ་བུ་ཞིག་བསལ་བས་བར་ཆད་མེད་པའི་ཏིང་ངེ་འཛིན་དེ་བསྐྱེད་པར་བྱ་ཞེ་ན། ཏིང་ངེ་འཛིན་དེའི་འོག་ཏུ་ལོག་པར་རྟོག་པ་དག་གི་རྣམ་དབྱེ་འཆད་དོ། །གཉིས་ པ་ནི། བར་ཆད་མེད་པའི་རྩེ་མོ་ཆོས་ཅན། དམིགས་པའི་ཡུལ་འཐད་པ་མ་ཡིན་པར་ཐལ། ཆོས་ཉིད་དངོས་པོར་མེད་པའི་ཕྱིར་ཞེ་ན། དོན་དམ་པར་དེར་ཐལ་ན་འདོད་ལ། ཐ་སྙད་དུ་དེར་ཐལ། རྟགས་དེའི་ཕྱིར་ཟེར་ན། ཁྱབ་པ་མ་གྲུབ་བོ། །དོན་དམ་པར་ན་ཆོས་ 5-1-517b ཉིད་དངོས་པོར་མེད་པའི་ཕྱིར། ཐ་སྙད་དུ་དེར་ཐལ་ཟེར་ན་ཁྱབ་པ་མེད་དོ། །དམིགས་ཡུལ་དེའི་ནི་ངོ་བོ་ཉིད་རྟོགས་པར་ངེས་པར་གཟུང་བ་མི་འཐད་པར་ཐལ། དམིགས་ཡུལ་མེད་པའི་ཕྱིར་ཟེར་ན་ལན་སྔར་དང་འདྲའོ། །རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མེད་པར་ཐལ། ཡུལ་དངོས་པོ་དང་དངོས་མེད་གཉིས་ཀ་མེད་པའི་ཕྱིར། དམ་པའི་དོན་གྱི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་མི་འཐད་པར་ཐལ། དེ་ལྟ་བུའི་རྣམ་འཇོག་གི་དབྱེ་བ་མ་གྲུབ་པའི་ཕྱིར། སེམས་དཔའི་སྦྱོར་བ་མེད་པར་ཐལ། ཕར་ཕྱིན་དྲུག་མེད་པའི་ཕྱིར། དཀོན་མཆོག་ གསུམ་པོ་མེད་པར་ཐལ། རྟོགས་པར་བྱ་བ་མེད་པ་དང་། ཆོས་ཉིད་མིང་ཙམ་ཡིན་པ་དང་། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་མེད་པའི་ཕྱིར། སེམས་དཔའི་ཐབས་ཡང་དག་པ་དང་བཅས་པ་མེད་པར་ཐལ། ཕ་རོལ་ཏུ་ཕྱིན་པ་དྲུག་མེད་པའི་ཕྱིར། ཐུབ་པའི་རྟོགས་པ་མེད་པར་ ཐལ། དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀ་རྟོགས་པ་མེད་པའི་ཕྱིར། རྟག་པ་དང་བདེ་བ་དང་བདག་དང་གཙང་བར་འཛིན་པའི་ཕྱིན་ཅི་ལོག་བཞི་ཡོད་པ་མི་འཐད་པར་ཐལ། མི་རྟག་ལ་སོགས་པ་གནས་ཚུལ་དུ་ཞུགས་པའི་ཕྱིར། འདིའི་སྐབས་སུ་ཁ་ཅིག་སེམས་དཔའ་ ཆོས་ཅན། ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་ཐལ། རྟག་མི་རྟག་གི་སྤྲོས་པ་བྱེད་པའི་ཕྱིར་ཡང་ཟེར་རོ། །རྒྱུ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་མེད་པར་ཐལ། འབྲས་བུ་བྱང་ཆུབ་མངོན་སུམ་དུ་མི་བྱེད་པའི་ཕྱིར་ལ། མངོན་སུམ་གཏན་མི་བྱེད་པའི་ཕྱིར་དེར་ཐལ་ཞེ་ན་མ་གྲུབ་ལ། རྫོགས་སྨིན་སྦྱངས་གསུམ་མ་བྱས་ཀྱི་བར་དུ་མངོན་སུམ་དུ་མི་བྱེད་པའི་ཕྱིར། དེར་ཐལ་ཟེར་ན་ཁྱབ་པ་མེད་དོ། །གཉེན་པོ་དང་མི་མཐུན་པའི་ཕྱོགས་དག་མེད་པར་ཐལ། བླང་བྱ་དང་དོར་བྱ་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་མཚན་ཉིད་མེད་པར་ཐལ། མཚན་གཞི་མེད་པའི་ 5-1-518a ཕྱིར། ལམ་སྒོམ་པ་མེད་པར་ཐལ། བསྒོམ་བྱ་རང་དང་སྤྱིའི་མཚན་ཉིད་མེད་པའི་ཕྱིར་ཞེ་ན། ལན་ནི་དང་པོ་བཞིན་ནོ། །དེ་ལྟར་སྨྲ་བ་རྣམས་ཀྱི་ལོག་པར་རྟོག་པ་ཡུལ་རྣམ་པ་ཀུན་མཁྱེན་པ་ཉིད་བར་ཆད་མེད་པའི་རྩེ་མོ་འདི་ལ་བརྟེན་པ་ཅན་གྱི་དབྱེ་བ་རྣམ་ པ་བཅུ་དྲུག་ཡོད་པ་དག་ཏུ་རྫོགས་པའི་སངས་རྒྱས་དག་བཞེད་དོ། །བོད་ཀྱི་དཔྱོད་ལྡན་དག་འཕགས་སེང་གི་བཞེད་པ་ལྟར་བཅུ་དྲུག་པོ་འདི་ངེས་པར་རྒོལ་བ་ལ་བཤད་ན། བཅོམ་ལྡན་འདས་ཀྱིས་མདོར་དེའི་ཐད་ཀྱི་ལན་མ་གསུངས་པར་འགྱུར་ཏེ། རྒྱལ་ཚབ་བྱམས་པས། དེའི་ཐད་ཀྱི་ལན་བསྟན་བཅོས་སུ་མ་བསྡུས་པའི་ཕྱིར་དང་། ཕྱི་རྒོལ་གྱིས་རྒོལ་བ་བཀོད་ནས། དེ་ལ་སྔ་རྒོལ་གྱིས་ལན་འདོན་དུ་མ་བྱུང་ན། སྔར་རྒོལ་ཚར་བཅད་ཀྱི་གནས་ཡིན་པས་ཤིན་ཏུ་མི་རིགས་སོ། །དེས་ན་འཕགས་སེང་གིས་ཊཱི་ཀར་ཁ་བསྐངས་ནས་ལན་བཏབ་པས། རྒྱལ་བ་སྲས་བཅས་ཀྱིས་ལན་བཏབ་པར་མ་སོང་ངོ་། །དེས་ན་འདི་ལ་ནི། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཅེས་པས་ཀླན་ཀ་བསྟན་ཅིང་། བཅུ་དྲུག་པོས་ལན་བཏབ་པ་ལ་འཁྲུལ་པ་མེད་ཟེར་རོ། །རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས། དེ་ལྟར་ཟེར་ བ་དེའང་མི་རིགས་ཏེ། ལན་བསྟན་པ་ཡིན་ན་བཅུ་དྲུག་པོའི་གྲངས་བགྲངས་པའི་མཇུག་ཐོག་ཏུ། སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་ལོག་རྟོག་བཅུ་དྲུག་པོ་ཁོ་ནའི་གྲངས་ཡིན་པར་གསལ་ལོ་ཞེས་ བཞེད་དོ། །གསུམ་པ་ལ། བསལ་བྱ་ལོག་སྒྲུབ། སེལ་བྱེད་ཐབས་མཁས། བསལ་བྱ་བསལ་ནས་ཏིང་ངེ་འཛིན་བསྐྱེད་ཚུལ་དང་གསུམ་ལས། དང་པོ་ལ། ཡུལ་གྱི་དབྱེ་བ་རྒྱས་པར་བཤད་པ་དང་། ངོ་བོར་ངོས་བཟུང་བ་གཉིས་ཀྱི། དང་པོ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་ 5-1-518b དངོས་པོར་མེད་པ་ཉིད་ཀྱི་ཕྱིར། རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ་ཅེ་ན། དོན་དམ་ལ་བསམས་ནས་དེའི་ཕྱིར་དེར་ཐལ་ཅེ་ན། ཁྱབ་པ་མེད་ལན་དང་འདོད་ལན་གང་རུང་བཏབ་པས་ཆོག །ཀུན་རྫོབ་ལ་བསམས་ནས་དེའི་ཕྱིར་དེར་ཐལ་ཟེར་ན་རྟགས་མ་གྲུབ་པ་ཡིན་ལ། འོག་མ་རྣམས་ ལའང་དེ་བཞིན་དུ་སྦྱར་རོ། །རྣམ་པ་ཐམས་ཅད་དུ་མཚན་ཉིད་དང་པོ་གཉིས་རང་བཞིན་མེད་པའི་ཕྱིར། དམིགས་པའི་ངོ་བོ་སྣང་སྟོང་དབྱེར་མེད་ཉིད་ངེས་པར་གཟུང་བ་མེད་པར་ཐལ་བ་དང་། དངོས་པོ་དང་དངོས་པོ་མེད་པ་རང་བཞིན་གྱིས་མི་དམིགས་པས་ཡོད་པ་མིན་པའི་ ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མེད་པར་ཐལ་བ་དང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ལས་གཞན་མེད་པ་ཉིད་ཀྱི་ཕྱིར། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་མི་འཐད་པར་ཐལ་བ་དང་། སྦྱིན་པ་ལ་སོགས་པའི་དགེ་བ་མི་དམིགས་པས་དེའི་ཕྱིར་ཐེག་ ཆེན་གྱི་སྦྱོར་བ་མེད་པར་ཐལ་བ་དང་། རྟོགས་པར་བྱ་བ་མེད་པས་དེའི་ཕྱིར་སངས་རྒྱས་དཀོན་མཆོག་མེད་པར་ཐལ་བ་དང་། ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་དུ་ཟད་པས་དེའི་ཕྱིར་ཆོས་དཀོན་མཆོག་མེད་པར་ཐལ་བ་དང་། ཀུན་བཏགས་གཟུགས་ལ་སོགས་པ་དམིགས་ པ་ཡང་དག་པར་བཀག་པས་དེའི་ཕྱིར་དགེ་འདུན་དཀོན་མཆོག་མི་འཐད་པར་ཐལ་བ་དང་། སྦྱིན་པ་དང་ལ་སོགས་པས་སྦྱིན་པ་པོ་དང་ལེན་པ་པོ་སོགས་ཡང་དག་པར་མི་དམིགས་པས་དེའི་ཕྱིར་གཞན་དོན་བྱེད་པའི་ཐབས་ལ་མཁས་པ་མེད་པར་ཐལ་བ་དང་། དངོས་པོ་ དང་དངོས་པོ་མེད་པ་དང་དེ་གཉིས་ཀའི་ངོ་བོར་རྟོག་པ་བཀག་པས་དེའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་མངོན་པར་རྟོགས་པ་མེད་པར་ཐལ་བ་དང་། སྤྲོས་པའི་ངོ་བོས་རྣམ་པར་བཞག་པའི་མི་རྟག་པ་ཉིད་དང་། ལ་སོགས་པས་སྡུག་བསྔལ་ཤེས་པ་སོགས་ཀྱང་ཡང་དག་ 5-1-519a པ་ལས་ཕྱིན་ཅི་ལོག་ཉིད་ཀྱི་ཕྱིར། རྟག་པ་ལ་སོགས་པར་ལྟ་བ་ཕྱིན་ཅི་ལོག་མ་ཡིན་པར་ཐལ་བ་དང་། ཉན་རང་གི་ལམ་རྣམ་པར་བསྒོམས་པས་མྱང་འདས་ཆེན་པོའི་འབྲས་བུ་མངོན་སུམ་དུ་མི་བྱེད་པས། དེའི་ཕྱིར་ཉན་རང་གི་ལམ་མི་འཐད་པར་ཐལ་བ་ དང་། དོར་བ་དང་བླང་བར་བྱ་བའི་ཆོས་མེད་པས་དེའི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་དག་མི་འཐད་པར་ཐལ་ལོ། །འདི་གཉིས་སོ་སོར་ཕྲལ་ནས་སྦྱོར་བ་ཡིན་ནོ། །རྟེན་ཆོས་ཅན་མེད་པས་དེའི་ཕྱིར་བརྟེན་པ་ཆོས་ཀྱི་མཚན་ཉིད་མེད་པར་ཐལ་བ་དང་། བསྒོམ་བྱ་ རང་དང་སྤྱིའི་མཚན་ཉིད་མི་འཐད་པས་དེའི་ཕྱིར་ཡུམ་བསྒོམ་པ་ལ་སོགས་པ་མི་འཐད་པར་ཐལ་བ་དང་བཅས་པའོ། །གཉིས་པ་ནི། བྱིས་འཕགས་ཀྱི་སྐྱེ་བོ་གང་དག་བྱང་ཆུབ་སེམས་དཔའི་བདེན་གཉིས་རྣམ་དབྱེའི་ཐབས་ལ་མཁས་པ་མི་ཤེས་པའི་རྟོག་གེ་རབ་ཏུ་སྨྲ་བ་ཉིད་ ཀྱིས་ཡུལ་བདེན་པ་གཉིས་པོ་ཐམས་ཅད་ཀྱི་གནས་ལ་ལོག་པར་རྟོག་པ་ནས། ཕན་ཚུན་འགལ་བའི་དོན་ཆོས་ཅན་གཅིག་ལ་བསྒྲུབས་པས་མི་འཐད་པར་སེམས་པ་ཉིད་ཀྱིས་དོགས་པ་དང་བཅས་པའི་ཐེ་ཚོམ་གྱི་ངོ་བོ་ཉིད་གོང་དུ་ཇི་སྐད་བཤད་པའི་རྣམ་མཁྱེན་གྱི་ཡུལ་ཅན་ ལ་ལོག་པར་རྟོག་པ་ཅན་ཉིད་ཀྱི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་ལ་ལོག་པར་རྟོག་པ་བཅུ་དྲུག་གོ། གཉིས་པ་དེ་སེལ་བྱེད་ཀྱི་ཐབས་མཁས་ནི། རྒྱུ་མཚན་དེ་བས་ན་ཀུན་རྫོབ་ཀྱིས་དོན་དམ་སུན་འབྱིན་པ་དང་། དོན་དམ་གྱིས་ཀུན་རྫོབ་སུན་འབྱིན་ པའི་སྒོ་ཅན་གྱི་ཀླན་ཀ་ལ་སོ་སོར་གོ་རིམ་བཞིན་དུ་དང་པོ་ལ་དོན་དམ་བདེན་པའི་ལན་དང་། གཉིས་པ་ལ་ཀུན་རྫོབ་བདེན་པའི་སྒོ་ནས་ལན་གདབ་དགོས་པས། དེའང་དོན་དམ་སྟོང་ཉིད་མིན་ཏེ། མྱུག་སོགས་ཡོད་པའི་ཕྱིར་ལྟ་བུ་ལ་ཀུན་རྫོབ་ཏུ་ཡོད་པས་དོན་དམ་དུ་ 5-1-519b ཡོད་མི་དགོས་ཞེས་པ་ལྟ་བུའོ། །ཡང་ཀུན་རྫོབ་ཀྱི་མྱུག་སོགས་མི་སྐྱེ་སྟེ། སྟོང་ཉིད་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ལ་དོན་དམ་དུ་མ་གྲུབ་པས་ཀུན་རྫོབ་ཏུ་མ་གྲུབ་མི་དགོས་ཞེས་པ་ལྟ་བུའི་ལན་ཡིན་ནོ། ། གསེར་གླིང་པས་བཅུ་པ་ལ་བདེན་པ་གཉིས་ཀའི་ལན་འདེབས་ བཅུ་གཉིས་པ་ལ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ཀའི་ལན་འདེབས། དང་པོ་གསུམ་པ་བཞི་པ་ལྔ་པ་དྲུག་པ་མ་གཏོགས་པ་རྣམས་ལ་ཀུན་རྫོབ་ཀྱི་ལན་འདེབས། དེ་ལྷག་རྣམས་ལ་དོན་དམ་གྱིས་ལན་འདེབས་པར་བཞེད་དོ། །གསུམ་པ་ནི། བྱང་ཆུབ་ སེམས་དཔའ་བར་ཆད་མེད་རྩེའི་དགེ་བ་འདོད་པ་རྣམས་ཀྱིས་བདེན་པ་གཉིས་ཀ་ལ་བརྟེན་པའི་ཐབས་ལ་མཁས་པས་འགལ་རྐྱེན་ལོག་རྟོག་དག་རྣམ་པ་སྟོང་ཕྲག་སྟེ་གྲངས་ཀྱིས་གཞལ་དུ་མེད་པར་བསལ་བ་སྔོན་དུ་འགྲོ་བའི་སྒོ་ནས་ཕྱིན་ཅི་མ་ལོག་པར་ངེས་པ་རྣམ་པ་ཐམས་ཅད་ དུ་ཡང་དག་པར་བསྐྱེད་ནས་བར་ཆད་མེད་པའི་ལམ་གྱི་ཏིང་ངེ་འཛིན་བསྐྱེད་པར་བྱ་བ་ཡིན་ནོ། ། འདིར་སྨྲས་པ། ཐོག་མར་དགེ་བ་གང་གི་སྦྱོར་ལམ་སྔོན་འགྲོ་དེ་ནས་ནི། ། བར་དུ་དགེ་བ་རྟོག་པ་འཇོམས་བྱེད་མཐོང་ལམ་སྒོམ་ལམ་དང་། །ལེགས་པའི་ལམ་གྱུར་ལོག་ རྟོག་བསལ་ནས་བར་ཆད་མེད་ལམ་གྱིས། ། ཐ་མར་དགེ་བ་རྟོགས་པ་ལྷུན་གྲུབ་རྩེ་སྦྱོར་སྒོམས་ཤིག་གུ། །གསུམ་པ་སྐབས་གྲངས་བརྗོད་པས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ ཅེས་བྱ་བའི་སྐབས་ལྔ་པའི་འགྲེལ་པ་རྫོགས་སོ།། །།གཉིས་པ་བརྟན་པ་རྒྱུ་འབྲས་ལ་གཉིས། རྒྱུ་མཐར་གྱིས་པ་དང་། འབྲས་བུ་སྐད་ཅིག་མའོ། །དང་པོ་ལ་གསུམ། འབྲེལ་བཀོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ། 5-1-520a སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་མཁྱེན་གསུམ་ལ་དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་རིམ་པ་སྔོན་དུ་སོང་བས། དེ་ཉིད་བརྟན་པའི་ཕྱིར་དེའི་རྒྱུ་འབྲས་ཇི་ལྟར་བསྐྱེད་ཅེ་ན། བསྐལ་པ་གྲངས་མེད་གསུམ་དུ་ཤེས་བྱ་སོ་སོ་ལ་རྗེས་ཐོབ་ཏུ་ཇི་ལྟར་རྟོགས་པ་དང་། ཡང་ན་མཁྱེན་གསུམ་སོ་སོ་བའི་དོན་དང་། ཡང་ན་མཐར་གྱིས་པའི་སྦྱོར་བ་སྔ་མ་བཅུ་གཉིས་སོ་སོ་བ་དང་། མཉམ་བཞག་ཆོས་ཉིད་དུ་བསྡུས་པ་དང་། ཡང་ན་མཁྱེན་གསུམ་གྱི་ཉམས་ ལེན་རྣམ་ཀུན་རྩེ་སྦྱོར་གྱིས་བསྡུས་པ་དང་། ཡང་ན་བཅུ་གཉིས་པོ་དེ་དངོས་མེད་ངོ་བོ་ཉིད་ཀྱི་ནང་དུ་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་བཞིན་དུ་ཡིད་ལ་བདེ་བར་བླགས་ནས་རྒྱུད་ལ་བརྟན་པོར་བྱ་བའི་ཕྱིར། རྣམ་པར་ཏེ་ཤིན་ཏུ་སྒོམ་པར་བྱེད་པས་མཐར་གྱིས་པའི་ མངོན་པར་རྟོགས་པ་འདི་འཆད་དོ། །འོ་ན་མཐར་གྱིས་པའི་མངོན་རྟོགས་དེ་ཅི་ལྟ་བུ་ཞིག་གོ་སྙམ་ན། མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་ནས་དེ་བརྟན་བྱེད་ཀྱི་རྣལ་འབྱོར་བརྟན་པ་བཟློག་མེད་ཀྱི་མཐར་འབྱིན་བྱེད་ཅིག་ཡིན་ལ། དེ་ལའང་སྤང་བྱ་སྤོང་བྱེད་ཀྱི་ཆ་དང་། སྤངས་ ཟིན་ནས་རྣམ་པར་གྲོལ་བའི་ཆ་གཉིས་ཡོད་དོ། །བརྟན་པ་ཐོབ་པའི་དོན་ནི། ཡོན་ཏན་མུ་མེད་པ་ལ་རང་དབང་དུ་བྱེད་པ་ལ་གེགས་དང་བྲལ་བ་ཞིག་ཡིན་ཅིང་། དེའི་དོན་ཀྱང་སྐད་ཅིག་གཉིས་པར་ཡོད་ཏན་མུ་མེད་མངོན་དུ་བྱེད་ནུས་ལ་བཤད་པས། དེ་མངོན་དུ་བྱེད་པའི་རྣལ་འབྱོར་ལ་ནི་བརྟན་པ་ ཐོབ་ཕྱིར་དུ་བསྒོམ་པ་ཞེས་པ་སྟེ་རྒྱུའི་དོན་ཏོ། །གཉིས་པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ལ། འབྲུ་འགྲེལ་བ་དང་། འཕྲོས་པའི་དོན་བརྗོད་པའོ། །དང་པོ་ནི། མདོར། དེ་ལ་ཐོག་མར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ། །ཞེས་སོགས་ཕར་ཕྱིན་དྲུག་ 5-1-520b བསྟན་ལ། ཡང་མདོར། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཞེས་དང་། ཡང་མདོར། ཆོས་རྗེས་སུ་དྲན་པ་བསྒོམ་པ་ན་དགེ་བའི་ཆོས་ཡིད་ལ་མི་བྱེད། མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཡིད་ལ་མི་བྱེད། ཅེས་དང་། ཡང་མདོར། ཉན་ ཐོས་ཀྱི་དགེ་འདུན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུན་སུམ་ཚོགས་པའི་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་པོ་དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །ཞེས་པས་དཀོན་ མཆོག་གསུམ་རྗེས་སུ་དྲན་པ་དང་། ཡང་མདོར། ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམས་ན་ཚུལ་ཁྲིམས་མ་ཉམས་པ་སྐྱོན་མེད་པ་ཞེས་སོ། །ཡང་མདོར། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་གཏོང་བ་རྗེས་སུ་དྲན་པར་བྱ་སྟེ་ཞེས་སོ། །ཡང་མདོར། རྒྱལ་པོ་ཆེན་པོ་ བཞིའི་རིས་ཀྱི་ལྷར་སྐྱེས་པ་དང་ཞེས་བྱ་བ་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་པ་རྒྱུན་དུ་ཞུགས་པའི་ལྷ་གང་ཡིན་པ་དེ་དག་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པར་སྐྱེས་པའི་ཕྱིར་མི་འོང་བའི་ལྷ་གང་ཡིན་པ་དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་ ཀྱི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཞེས་པས་རྗེས་དྲན་ཕྱི་མ་གསུམ་བསྟན་ལ། ཡང་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་སློབ་པའི་མཐར་གྱིས་པའི་བྱ་བ་འདོགས་པར་བྱེད། མཐར་གྱིས་པའི་བསླབ་པ་འདོགས་ པར་བྱེད། མཐར་གྱིས་པའི་སྒྲུབ་པ་འདོགས་པར་བྱེད། ཅེས་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པ་བསྟན་ཏོ། །དེ་དག་གི་དོན་སྦྱིན་པའི་ཕར་ཕྱིན་ནས། ཤེས་རབ་ཀྱི་བར་དག་ཏུ་བསྔོས་པའི་ཕར་ཕྱིན་དྲུག་དང་། སངས་རྒྱས་དང་། ལ་སོགས་པས་ཆོས་དང་། དགེ་འདུན་དང་། 5-1-521a ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་རྗེས་སུ་དྲན་པ་དྲུག་དང་། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སངས་རྒྱས་ཀྱི་སར་འགྲོ་བའི་ལམ་དེའི་ཡོངས་སུ་རྫོགས་པ་མཐར་གྱིས་པའི་བྱ་བར་བཅོམ་ལྡན་འདས་བཞེད་དོ། ། འདིར་ཕར་ཕྱིན་དང་ པོ་གཉིས་དང་། རྗེས་དྲན་བཞི་པ་དང་། ལྔ་པ་ཟློས་པ་དང་། ལྷ་དང་དཀོན་མཆོག་རྗེས་དྲན་ཟློས་སོ་སྙམ་ན། དེ་ལྟར་མིན་ཏེ། བསྡུས་དོན་སྒྲོན་མར། སྦྱིན་དང་ཚུལ་ཁྲིམས་གཉིས་དང་ནི། །གཏོང་དང་ཚུལ་ཁྲིམས་དྲན་པ་ཡང་། །དངོས་དང་འབྲས་བུའི་ཆ་ནས་སུ། ། བསྟན་པ་ཟློས་སྐྱོན་མེད་པ་ཡིན། །ལྷ་དང་དཀོན་མཆོག་དབང་པོ་དང་། །རྟེན་ཚུལ་ཡིན་ཏེ་ཟློས་པ་མེད། །ཅེས་སོ། །གཉིས་པ་ནི། མཐར་གྱིས་པའི་སྦྱོར་བ་འདིས་ཚུལ་ཇི་ལྟར་མཐར་གྱིས་པར་བྱེད་ཅེ་ན། སྦྱོར་བ་དང་པོ་གཉིས་སུ་སྦྱངས་པའི་རིགས་རྒྱུན་དུ་གྱུར་པའི་ མཁྱེན་གསུམ་གྱི་རྣམ་པ་རྣམས་གོམས་པའི་ཕྱོགས་ཀྱི་ལྟ་བ་གཙོ་ཆེ་ཞིང་། དེའི་ཕྱིར་འདིར་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བ་ཞེས་བྱའོ། །སྦྱོར་བ་འདིའི་སྔ་རོལ་ཏུ་རྣམ་རྩེ་གཉིས་སྔོན་དུ་སོང་བའི་སྒོ་ནས་དེའི་ཁྱད་པར་གྱི་ལམ་དུ་བཞག་ཀྱང་མི་ རུང་བ་མ་ཡིན་ནོ། །སྦྱོར་བ་འདིས་ལས་སུ་བྱ་བའི་གཙོ་བོ་དེ་གང་ཞེ་ན། ཡོན་ཏན་ཁྱད་པར་ཅན་མངོན་དུ་བྱེད་པའི་ལས་ཅན་ཏེ། དེའང་ཕྱིན་དྲུག་དང་རྗེས་དྲན་དྲུག་པོ་དེ་རྗེས་ཐོབ་ཏུ་ཐབས་སྤྱོད་པའི་ཆས་བསྡུས་པའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་ནས་ཆོས་སྐུའི་ ཡོན་ཏན་གསལ་བར་བྱེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་ལ། ཆོས་སྐུའི་ཡོན་ཏན་དེ་གང་ཞེ་ན། གཟུགས་སྐུའི་སྣང་བ་གཞན་ངོར་སྟོན་ནུས་པའོ། །སྟོན་ནུས་ཀྱི་རྒྱུ་དེ་མཁྱེན་པ་དང་བརྩེ་བའི་ཡེ་ཤེས་དང་། ཡེ་ཤེས་དེ་ཡོངས་སུ་གསལ་བའི་རྒྱུ་ནི་ཕར་ཕྱིན་དྲུག་སྟེ། ས་ 5-1-521b བཅུའི་རྗེས་ཐོབ་ཏུ་གོ་རིམ་བཞིན་དུ་ཕྱིན་དྲུག་ལ་ལེགས་པར་སྦྱངས་པས་ས་བཅུ་པོ་གོང་ནས་གོང་དུ་འཕར་བར་བྱེད་དོ། །མདོར་ན་ཤེར་ཕྱིན་གྱི་བྱ་བས་ཡོངས་སུ་ཟིན་ན་ཕར་ཕྱིན་ཕྱི་མ་བཞི་ཡང་རྫོགས་པར་དོན་གྱིས་གྲུབ་སྟེ། བཞི་པོ་དེ་དེའི་མཚུངས་ལྡན་དུ་འབྱུང་བའི་གྲོགས་ ཡིན་པའི་ཕྱིར། ཤེར་ཕྱིན་རྫོགས་པའི་མཚམས་ཀྱང་། སྤྱི་ཙམ་དུས་དྲུག་པ་ནས་རྫོགས་ཟེར་ཀྱང་དེའི་དགོངས་པ་དེ་ནས་སྐྱེ་བའི་ཐོག་མའི་མཚམས་ངོས་བཟུང་བ་ཡིན་ནོ། །མདོར་ན་མཉམ་བཞག་ཏུ་མཐར་གྱིས་པའི་སྦྱོར་བ་ཐ་མ་དང་། རྗེས་ཐོབ་ཏུ་སྦྱོར་བ་དང་པོ་དྲུག་ཟུང་དུ་ སྦྲེལ་ནས་རྣལ་འབྱོར་དུ་བྱེད་ཅིང་། བྱེད་པའི་ཚུལ་ནི་རྗེས་དྲན་དྲུག་གི་སྦྱོར་བ་ལ་བལྟོས་ཏེ་སྐྱབས་དཀོན་མཆོག་གསུམ་ལ་བརྟེན། ཚུལ་གཏོང་གཉིས་ཕྱིན་དྲུག་གི་གཞིར་འཆའ། ལྷག་པའི་ལྷ་དཔང་པོར་བཞག་པའི་ཚུལ་གྱིས་སོ། །དྲུག་པོ་དེས་ཇི་ལྟར་རྗེས་སུ་དྲན་ཅེ་ན། སོར་རྟོག་གི་ཤེས་རབ་ཀྱིས་དཔྱད་པ་ན་དྲུག་པོ་དེ་དག་གི་མཚན་མ་ཡིད་ལ་མི་བྱེད་པ་སྟེ། ཡིད་བྱེད་དང་ཐལ་བའི་སྤྲོས་མེད་ཀྱི་རྣམ་པའོ། །དེའང་དཔེར་ན་ཡང་དག་ཏུ་ལྷ་རྗེས་སུ་དྲན་པ་མེད་པ་ནི་ལྷ་རྗེས་སུ་དྲན་པ་མེད་པའི་མཆོག་ཡིན་ཏེ། དེའི་གནས་ཚུལ་གྱི་ཤེས་རྣམ་ དྲན་པ་ནི་སྐབས་དོན་འདིའི་དྲན་པར་འཇོག་ཅིང་། ཀུན་རྫོབ་པའི་ལྷར་སྣང་གི་དམིགས་པ་དྲན་པས་ནི་སྐབས་དོན་གྱི་དྲན་པའི་གོ་མི་ཆོད་པའི་ཕྱིར། དེས་ན་མདོ་ལས། གང་ཡིད་ལ་མི་བྱེད་པ་ནི་དགེ་བ་དང་། ཡིད་ལ་བྱེད་པ་ནི་མི་དགེ་བའོ། །ཞེས་གསུངས་པའི་ཡིད་ ལ་མི་བྱེད་པའང་དོན་འདི་ལ་དགོངས་ཀྱི། སེམས་བྱུང་གི་ནང་གསེས་ཀྱི་མྱོང་དྲན་གྱི་རྟོག་པ་འགོག་པ་དབུ་མའི་ལྟ་བར་རློམས་པ་རྒྱ་ནག་མཁན་པོའི་ལུགས་ལྟ་བུ་ནི་མ་ཡིན་ནོ། །མདོར་ན་དྲུག་པའི་ཡིད་རང་ཉིད་མཚན་མེད་དུ་གྱུར་པའི་ཆ་ནས་ཡིད་ལ་མི་བྱེད་པའི་དོན་དུ་ 5-1-522a གསལ་ཡང་། དེང་སང་དྲུག་ཡིད་ལ་བསླད་པ་ཞུགས་པའི་ཤེས་པ་སྤྱི་འཛིན་དང་བྲལ་བ་ལ་ཡིད་བྱེད་དང་བྲལ་བའི་ཕྱག་ཆེན་གྱི་ལྟ་བར་འཆད་པ་ནི་དམ་པའི་ཆོས་ཀྱི་མུ་གེ་བྱུང་བ་ཡིན་ནོ། །འདིར་རྒྱ་ནག་མཁན་པོའི་བཞེད་པ་དང་། ཕྱི་མ་འདི་མི་ཟློས་པའི་ ཚུལ་ཁོ་བོའི་ངག་ལས་རྟོགས་པར་བྱའོ། །མཚན་མ་དང་བཅས་པའི་དྲན་པ་ནི་འདིར་མི་བཟུང་སྟེ། སྐབས་འདིར་དངོས་འཛིན་བཟློག་པའི་སྐབས་ཡིན་པའི་ཕྱིར་རོ། ། འོ་ན་རྗེས་དྲན་དྲུག་ལྟ་བའི་ཆ་ནས་འཛིན་ན་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་ལྟ་བ་དང་ཁྱད་ཅི་ཞེ་ན། སྔ་ མ་ནི་སྦྱོར་གཞི་ཐུན་མོང་དུ་ཁྱབ་བྱེད་ལ་འཇུག་པའི་ལྟ་བ་དང་། ཕྱི་མ་ནི་སྦྱོར་བ་འདིའི་ཐུན་མོང་མིན་པ་ལ་ཁྱབ་བྱེད་དུ་འཇུག་པའི་ལྟ་བ་ཡིན་ནོ། །དེར་མ་ཟད་སྔ་མ་ནི་མཉམ་བཞག་གི་ལྟ་བ་དང་། ཕྱི་མ་ནི་རྗེས་ཐོབ་ཀྱི་ལྟ་བའོ། །ཡང་ན་སྔ་མ་ནི་བསྒྲུབ་བྱ་དང་། ཕྱི་མ་ནི་སྒྲུབ་ བྱེད་དེ། དེས་ཇི་ལྟར་བསྒྲུབ་ན་མཉམ་བཞག་ཏུ་སྤྲོས་བྲལ་ཡིད་ལ་མི་བྱེད་པ་དེ་ཉིད་རྗེས་ཐོབ་ཀྱི་སྐབས་སུའང་སྤྲོས་བྲལ་གྱི་དམིགས་རྣམ་བློས་དྲན་པ་མེད་པ་དེ་ཉིད་ལ་གོམས་པ་དྲན་པ་ཡིན་ནོ། ། འོ་ན་ཕྱིན་དྲུག་གི་ཤེས་རབ་ལྟ་བར་མི་འཇོག་པར་སྤྱོད་པར་འཇོག་པ་ཅི་ཞེ་ན། ལྟ་ བར་འཇོག་མོད། སྤྱོད་པར་འཇོག་པའི་དོན་སེམས་དཔས་མཉམ་རྗེས་གང་གི་སྐབས་སུའང་ཤེས་རབ་ཀྱིས་མ་ཟིན་པར་བྱ་བྱེད་ལས་གསུམ་གང་ཡང་བྱེད་མི་སྲིད་པའི་ཕྱིར། རྗེས་ཐོབ་ཀྱི་ཤེར་ཕྱིན་གྱི་དབང་དུ་བྱས་ནས་སྤྱོད་པ་སྤྱད་པ་ལ་དགོངས་པ་ཡིན་ནོ། ། འོ་ན་སྦྱོར་བ་འདི་ ལམ་གང་གི་སྐབས་སུ་བསྒོམ་པ་ཡིན་ཅེ་ན། འཕགས་པས་ནི་ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་སྒོམ་གཅིག་ཏུ་བྱས་པའི་དུས་ལ་ཡོད་པར་བཤད་ཅིང་། སློབ་དཔོན་གྱིས་ནི་ཚོགས་ལམ་བོར་ནས་མཐོང་སྒོམ་གཉིས་སུ་ཕྱེ་སྟེ་གསུམ་གྱི་སྐབས་སུ་ཡོད་པར་བཞེད་ 5-1-522b དོ། །དེའང་འདིའི་སྦྱོར་བ་བཅུ་གསུམ་པོ་རེ་རེ་ཞིང་། མདོར། མཐར་གྱི་བྱ་བ་དང་། བསླབ་པ་དང་། སྒྲུབ་པ་ལ། ཞེས་གསུངས་ལ། དེའི་དོན་ཉི་སྣང་ལས། མཐར་གྱིས་པ་སྨོས་པ་ནི་སེམས་བསྐྱེད་པ་བཟུང་བའི་དོན་དུའོ། །བསླབ་པ་སྨོས་པ་ནི་ངེས་པར་འབྱེད་པའི་ཆ་ དང་མཐུན་པ་ཤེས་པའི་དོན་དུའོ། །སྒྲུབ་པ་སྨོས་པ་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་ཤེས་པའི་དོན་དུའོ། །གསུམ་སྨོས་པ་ནི། མངོན་པར་རྟོགས་པའི་མཐར་གྱིས་པ་ཤེས་པའི་དོན་ཡིན་ནོ། །ཞེས་གསུངས་པས། ཚོགས་ལམ་ནས་རྒྱུན་མཐའི་བར་འགྲོ་བར་བཞེད་ པ་འདི་འཐད་དོ། །གཉིས་པ་འགྲེལ་པ་ལ་གཉིས། སོ་སོར་བཤད་པ་དང་། བསྡུས་ཏེ་བཤད་པའོ། །དང་པོ་ལ་གསུམ། སྦྱོར་བ་ཕུན་ཚོགས། བསམ་པ་ཕུན་ཚོགས། རྣམ་པར་དག་བྱེད་ཀྱི་ཆོས་སོ། །དང་པོ་ནི། ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་ཤེར་ཕྱིན་ལས་ཟུར་དུ་མ་བསྟན་ཏོ། །དེའང་ཤེར་ཕྱིན་གྱི་སྒོ་ནས་དགེ་བ་མི་ཟད་པར་བྱེད་པས་ཐབས་ལ་མཁས་པ་དང་། སྦྱིན་སོགས་ལ་འཇུག་པའི་སྒོ་ནས་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་བྱེད་པ་དང་། མི་མཐུན་པའི་ཕྱོགས་འཇོམས་པར་ བྱེད་པས་སྟོབས་དང་། ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་སྨིན་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། མི་ཟད་པ་དང་རྟག་འཇུག་དང་། །ངེས་དང་ཡོངས་སྤྱོད་སྨིན་པར་བྱེད། །ཅེས་གསུངས་པའི་ ཕྱིར། དེས་ན་ཤེས་རབ་དེས་ཟིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕར་ཕྱིན་གཞན་ལྔ་ལ་འཁོར་གསུམ་དུ་འཛིན་པ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིན་དྲུག་རྣམ་པ་ཐམས་ཅད་དུ་མ་ཚང་བ་མེད་པའི་སྒོ་ནས་ཡོངས་སུ་རྫོགས་པར་བྱེད་པ་ས་བཅུའི་གོ་ 5-1-523a འཕང་ཡང་དག་པར་སྒྲུབ་པར་བྱེད་དོ། །དང་པོ་ནི་འོག་མ་དང་སྦྲེལ་ལོ། །གཉིས་པ་ལ། ལམ་གྱི་རྟེན་རྗེས་སུ་དྲན་པ་དང་། ལམ་གྱི་གཞི་རྗེས་སུ་དྲན་པ་དང་། ལམ་གྱི་དཔང་པོ་རྗེས་སུ་དྲན་པ་དང་གསུམ་ལས། དང་པོ་ལམ་གྱི་རྟེན་ནི་དཀོན་མཆོག་གསུམ་ སྟེ། དེའང་དང་པོར་སངས་རྒྱས་རྗེས་དྲན་ནི། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། བྱང་ཆུབ་ཀྱི་ཆོས་དེ་དག་དོན་དམ་པར་སྤྲོས་བྲལ་དུ་དྲན་པ་མེད་པའི་མཚན་ཉིད་ཅན་གྱི་རྗེས་ཐོབ་ ཏུ་སངས་རྒྱས་རྗེས་སུ་དྲན་པའི་ཚུལ་མཆོག་དམན་བར་པ་གསུམ་པོ་དེ་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། མཐོང་བ་དང་སྒོམ་པའི་ལམ་དུ་རྗེས་སུ་དྲན་ཚུལ་མཆོག་དམན་དུ་རྗོད་པར་བྱེད་པའོ། །རྗེས་དྲན་ལྷག་མ་ཀུན་ལའང་འདི་འགྲེ་ཞིང་། འོག་གི་དང་ ཐམས་ཅད་འོག་མ་དང་སྦྲེལ་བའི་ཚིག་གོ། གཉིས་པ་ཆོས་རྗེས་སུ་དྲན་པ་ནི། སྔ་མ་དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་སྤྲོས་བྲལ་དུ་རྗེས་སུ་དྲན་པའོ། །གསུམ་པ་དགེ་འདུན་རྗེས་དྲན་ནི། སྔ་མ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་ པ་ཕྱིར་མི་ལྡོག་པའི་དགེ་འདུན་སྤྲོས་བྲལ་དུ་རྗེས་སུ་དྲན་པའོ། ། གཉིས་པ་ལམ་གྱི་གཞི་རྗེས་སུ་དྲན་པ་ནི། སྔ་མ་དེ་བཞིན་དུ་ཚུལ་ཁྲིམས་དང་གཏོང་བ་དམིགས་མེད་དུ་དྲན་པའོ། ། གསུམ་པ་ནི་ལྷག་པའི་ལྷ་རྗེས་སུ་དྲན་པའོ། །གསུམ་པ་རྣམ་པར་དག་བྱེད་ཀྱི་ཆོས་ནི། མཚན་ཉིད་དང་པོ་གཉིས་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་ཅིང་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་ནི་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བ་ཡིན་ནོ། །གཉིས་པ་དེ་བསྡུས་ཏེ་བསྟན་པ་ནི། དེ་ལྟར་བཤད་ 5-1-523b པ་གང་ཡིན་པ་དེ་ནི་འདིར་མཐར་གྱིས་པའི་བྱ་བར་བཞེད་པ་ཡིན་ནོ། ། འདིར་སྨྲས་པ། ཕྱིན་དྲུག་སྡུག་མོས་དམ་འཁྱུད་རྗེས་དྲན་གྱི། ། རོ་དྲུག་མངར་བའི་དཔལ་དུ་དངོས་མེད་པ། ། ངོ་བོ་ཉིད་ཀྱི་ལྕེ་རྩེས་བླངས་བྱས་ནས། ། དམ་པའི་ས་ཆེན་ཡངས་པར་རོལ་ཞིང་སོང་། ། གསུམ་པ་སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐབས་དྲུག་པའི་འགྲེལ་བཤད་རྫོགས་སོ།། །།གཉིས་པ་འབྲས་བུ་སྐད་ཅིག་མའི་སྦྱོར་བ་འཆད་པ་ལ་ གསུམ། འབྲེལ་བཀོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པ་བརྒྱ་དོན་བདུན་ལ་བརྟན་པ་ཐོབ་ཕྱིར་རྣམ་པར་སྒོམ་པ་ནི་དུས་ཤིན་ཏུ་ཡུན་རིང་མོར་ ཆོས་སྐུ་ཐོབ་བྱེད་དུ་གོམས་པར་བྱ་བ་སྟེ་མཛད་པའི་ཕྱིར་གོམས་པར་བྱས་པ་དེ་དག་ཉིད་སྐད་ཅིག་མ་གཅིག་གིས་བསྒོམས་པས་སྐད་ཅིག་མ་གཅིག་པོའི་སྒོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། བྱང་ཆུབ་ཚུལ་གྱི་སྦྱོར་བ་དེ་འདིར་འཆད་པའི་ཕྱིར་རོ། །གཉིས་པ་ལ་ སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ། ངོ་བོ་དང་། དབྱེ་བ་གཉིས་ཀྱི། དང་པོ་ནི། མཁྱེན་གསུམ་གྱི་དོན་ལ་བརྟན་པ་ཐོབ་ནས་སྦྱོར་བ་སྐད་ཅིག་ལ་གོམས་བྱེད་ཀྱི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེའོ། །འོ་ན་འདིར་བརྟན་པ་ཐོབ་པའི་ཚད་དེ་གང་། སྐད་ཅིག་ ཏུ་གོམས་པའི་ཚུལ་ཅི་ཞེ་ན། དང་པོའི་ལན་འདོན་ཏེ། སངས་རྒྱས་ཀྱི་སའི་ཡོན་ཏན་གཅིག་ལ་དབང་བསྒྱུར་ཐོབ་པ་ན་དེ་དང་སྐལ་བ་མཉམ་པ་ཐམས་ཅད་ལ་དབང་བསྒྱུར་བར་ནུས་པའོ། །དེ་ནུས་ཏེ། དེ་ལྟའི་ཡོན་ཏན་གཅིག་གི་ཁོངས་སུ་གཞན་ཚང་བར་བསྡུས་པའི་ཕྱིར་རོ། ། 5-1-524a དེར་བསྡུ་ཐུབ་པ་ཅེ་ཞེ་ན། ཡོན་ཏན་དེ་ཐམས་ཅད་ཆོས་ཉིད་ཕྱག་རྒྱ་ཆེན་པོར་དབྱེར་མེད་ཅིག་ཡིན་པའི་རྒྱུ་མཚན་ལས་སོ། །དབྱེར་མེད་གཅིག་ཏུ་གྱུར་པའི་མཁྱེན་གཉིས་ཀྱི་རང་བཞིན་དུ་གྱུར་པའི་ཡོན་ཏན་གཅིག་ལ་དབང་ཐོབ་ན་གཞན་མ་གཅིག་ཤོས་ལ་ ཡང་འཐོབ་སྟེ། འདི་དངོས་ནི་དེ་བཞིན་གཤེགས་པ་འབའ་ཞིག་གི་ཁྱད་ཆོས་ཡིན་ལ། རྗེས་མཐུན་པ་ས་བཅུ་པའི་ཁྱད་པར་གྱི་ལམ་དུའང་ཡོད་དེ། ས་བཅུ་པའི་ཁྱད་པར་གྱི་ལམ་དེར་ཡོན་ཏན་དེ་ལ་སྒྲིབ་བྱེད་ཀྱི་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པར་བྱས་ཟིན་པའི་ཕྱིར། དེ་ཉིད་ ལུང་གིས་ཀྱང་གྲུབ་སྟེ། བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཚོག་གིས་སྦ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་རྟེན་པར་བྱེད། །ཅེས་གསུངས་པའི་ཕྱིར། འོ་ན་སངས་རྒྱས་ཀྱི་ཡོན་ཏན་སྟོབས་སོགས་ སེམས་དཔའ་ལ་ཡོད་ན། ཡོན་ཏན་དེ་དག་སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་མ་ཡིན་ནམ་ཞེ་ན། དེ་ལ་ནི་བཤད་མ་ཐག་པ་ལྟར་སྟོབས་སོགས་མཚན་ཉིད་པའི་དབང་དུ་བྱས་པ་ཡིན་ཅིང་། རྗེས་མཐུན་པ་ས་བཅུ་པའི་ཁྱད་པར་ལམ་ལས་གཞན་པ་ས་བརྒྱད་པ་དང་ དགུ་པ་ནས་ཀྱང་འཇུག་པར་མཐོང་སྟེ། འཇུག་སྒྲུབ་ཀྱི་འཇུག་ཡུལ་འཆད་པའི་མདོར། ས་དགུའི་ཡོངས་སྦྱང་འཆད་པ་ན། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཅེས་གསུངས་ལ། ཡོན་ཏན་དེ་དག་སྟོབས་སོགས་ལ་མདོར་ངོས་བཟུང་བའི་ཕྱིར། དེ་ལྟར་བཤད་པའི་སྐད་ཅིག་མའི་ སྦྱོར་བས་དབང་དུ་བྱ་རྒྱུའི་ཡོན་ཏན་གང་ཞེ་ན། གཉིས་ཡོད་པ་ལས་སྔ་མ་ནི། རྒྱུན་མཐའི་ཁྱད་པར་གྱི་ལམ་དུ་གནས་ངན་ལེན་གྱི་དྲི་མ་དང་མ་བྲལ་ཡང་། སྦྱིན་པ་ནས་དཔེ་བྱད་བཟང་པོའི་བར་གྱི་ཟག་མེད་ཀྱི་རྟོགས་རིས་རྣམ་པར་མ་སྨིན་པ་ཐོབ་པ་ཞིག་ལ་བྱེད་ 5-1-524b དོ། །གཉིས་པ་ནི། སངས་རྒྱས་ཀྱི་སར་གནས་ངན་ལེན་གྱི་དྲི་མ་དང་བྲལ་བའི་སྟོབས་སོགས་ཟག་མེད་ཀྱི་རྟོགས་རིས་རྣམ་པར་སྨིན་པར་ཐོབ་པ་ཞིག་ལ་བྱའོ། །འོ་ན་རྣམ་པར་སྨིན་པ་ཡིན་མིན་གྱི་དོན་གང་ཞེ་ན། གནས་ངན་ལེན་གྱི་དྲི་མ་དང་མ་བྲལ་བས་དཀར་པོའི་ངོ་ བོར་མ་སྐྱེས་པ་ལ་རྣམ་པར་སྨིན་པ་མིན་པ་དང་། གཅིག་ཤོས་དེ་ལས་བཟློག་སྟེ་འགྲེལ་པ་མཁན་པོ་འདི་ཉིད་འཆད་ལ། དེའང་བུདྡྷ་ཤྲཱིའི་དགོངས་པ་ལྟར་ན། རྣམ་སྨིན་མ་ཡིན་པས་བདུན་པ་མན་ཆད་ཀྱི་ཟག་མེད་ཀྱི་རྟོགས་པ་སྟེ། འབད་རྩོལ་ལ་བལྟོས་པ་དང་བཅས་པའི་ ཕྱིར། འདིའི་རིགས་འདྲ་རྒྱུན་མཐར་ཐོབ་པ་དེ་བཟུང་ངོ་། །རྣམ་སྨིན་ས་བརྒྱད་པ་ཡན་ཆད་ཀྱི་ཟག་མེད་ཀྱི་རྟོགས་པ་ལ་བྱ་སྟེ། འབད་རྩོལ་ལ་མི་བལྟོས་པའི་ཕྱིར། འདིར་རྒྱུད་བླ་མར་ཡང་གསལ་ཏེ། མངལ་སྦུབས་དབྲལ་འདྲ་མི་རྟོག་པ། ཡེ་ཤེས་རྣམ་པར་སྨིན་པ་བཞིན། ། ཅེས་སོ། །ཆོས་བཤེས་ཀྱིས་ནི། མཐོང་ལམ་མ་སྐྱེས་གོང་གི་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཇི་སྙེད་པ་ནི་རྣམ་པར་སྨིན་པ་མིན་པའོ། །ཆོས་དེའི་ཆོས་ཉིད་ནི་ཟག་མེད་དོ། །འཕགས་པའི་རྟོགས་པ་ནི་རྣམ་པར་སྨིན་པ་ཡིན་ལ། དེའང་རྣམ་པ་གཉིས་ཏེ། ས་དང་པོ་ནས་ བདུན་པའི་བར་ལ་འཇིག་རྟེན་ལས་འདས་པའི་རྣམ་པར་སྨིན་པ་དང་། སངས་རྒྱས་ཀྱི་ས་ལ་བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པའི་རྣམ་པར་སྨིན་པ་སྟེ། དེ་དག་ཏུ་ཆོས་རྣམས་གནས་སྐབས་སྔ་མ་ལས་མི་འདྲ་བར་སྨིན་པས་ནི་རྣམ་པར་སྨིན་པའོ། །ཞེས་བཞེད་དོ། ། མདོར་ན་འདིའི་རྣམ་པར་སྨིན་པ་མིན་པའི་དོན་ཟག་མེད་འདུས་མ་བྱས་སྒྲིབ་བྱེད་ཀྱི་དྲི་མས་བསྒྲིབས་པ་ལ་སེལ་བྱེད་ཀྱི་ཆོས་ཟག་མེད་ཀྱི་མཐུ་ཅུང་ཟད་ལས་མ་ཐོབ་པས་མ་སྨིན་པའི་དོན་ཡིན་ཅིང་། ཟག་མེད་ཀྱི་མཐུ་དངོས་ནི་ཆོས་དབྱིངས་ཡིན་པས་རང་ལྡོག་འདུས་མ་བྱས་དང་། 5-1-525a མཐུའི་བྱེད་པ་སྒྲིབ་པ་སྤངས་པའི་ལས་ཅན་ཡིན་པས་འདུས་བྱས་སུ་བཤད་ལ། རྣམ་སྨིན་ཀྱང་དེ་ལས་བཟློག་སྟེ་རང་ལྡོག་འདུས་མ་བྱས་དང་། དེའི་མཐུའི་བྱེད་པས་སྒྲིབ་པ་སྤངས་པའི་རྣམ་པར་སྨིན་པ་ནི་འདུས་བྱས་སུའང་འཇོག་གོ། གཉིས་པའི་ལན་འདོན་ ཏེ། ས་བཅུ་པའི་ཁྱད་པར་ལམ་དུ་འཁོར་འདས་ཀྱི་ཆོས་རྣམས་མཚན་ཉིད་མེད་པ་དང་གཟུང་འཛིན་གཉིས་མེད་དུ་གོམས་པར་བྱེད་པའོ། །དེའང་ལོ་ཙཱ་བ་ཆེན་པོས་ནི། མདོ་སྡེ་རྒྱན་ལས། འབྲས་བུ་དམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །ཅེས་པས་བཞི་པོ་ རིམ་པ་ལྟར་ས་བདུན་པ་ཡན་ཆད་ལ་རིམ་བཞིན་གོམས་ནས་ས་བཅུ་པའི་ཁྱད་པར་གྱི་ལམ་དུ་སྐད་ཅིག་བཞི་རིམ་ཅན་དུ་འབྱུང་བ་སྟེ། དེའང་སྔ་མ་གཉིས་རྒྱུ་འབྲས་དང་། ཕྱི་མ་གཉིས་རྒྱུ་འབྲས་དང་། སྔ་མ་གཉིས་དང་ཕྱི་མ་གཉིས་ཀྱང་རྒྱུ་འབྲས་སུ་བཤད་དོ། །འདི་འགྲེལ་ཆེན་ དང་ཡང་མཐུན་ལ། ཡང་ཤེར་འབྱུང་བློ་གྲོས་སོགས་རྣམས་ཀྱིས་སྐད་ཅིག་བཞི་པོ་དེ་སྐད་ཅིག་བཞིར་བགྲངས་བ་ལྟར་མིན་གྱི། སྐད་ཅིག་གཅིག་གི་ངོ་བོར་སྐྱེས་པའི་ཡེ་ཤེས་ལ་ལྡོག་པ་བཞིར་དབྱེ་བར་མཛད་ལ། བོད་ཀྱི་སློབ་དཔོན་དག །སྦྱོར་བ་འདི་སྐད་ཅིག་མ་གཉིས་སུ་ བསྡུ་སྟེ། མཚན་མེད་ཀྱི་ཤེས་པ་སྐད་ཅིག་མའི་ངོར་རྣམ་སྨིན་མིན་པ་མྱོང་ལ། གཉིས་མེད་ཀྱི་ཤེས་པ་སྐད་ཅིག་མའི་ངོར་རྣམ་པར་སྨིན་པ་མྱོང་ཞེས་ཟེར་བ་ལ་དཔྱོད་པ་དང་ལྡན་པ་དག་གིས་དཔྱད་པར་གྱིས་ཤིག ། ཡང་འདིའི་སྐད་ཅིག་མའི་སྦྱོར་བ་དང་། གོང་དུ་བཤད་པའི་ བར་ཆད་མེད་པའི་རྩེ་སྦྱོར་གཉིས་དོན་གཅིག་པར་ཐལ། རྣམ་མཁྱེན་སྐད་ཅིག་མ་དང་པོ་མངོན་དུ་མཐོང་བྱེད་སྦྱོང་བ་གཅིག་པའི་ཕྱིར་ཞེ་ན། སྦྱོར་བ་གཅིག་པ་མ་གྲུབ་སྟེ། འདིར་བསྟན་སྐད་ཅིག་མའི་སྦྱོར་བ་ནི་ཡོན་ཏན་སྒྲུབ་པའི་ཆ་ནས་ཡིན་ཅིང་། བར་ཆད་མེད་པའི་རྩེ་སྦྱོར་ 5-1-525b ནི་ཡོན་ཏན་ཐོབ་བྱེད་ཀྱི་སྒྲིབ་པ་འགགས་པའི་ཆ་ནས་འཇོག་གོ། དེས་ན་རྣམ་མཁྱེན་སྐད་ཅིག་དང་པོ་ཡིན་ན་སྐད་ཅིག་སྦྱོར་བའི་དངོས་འབྲས་ཡིན་པས་ཁྱབ་ལ། སྐད་ཅིག་མའི་སྦྱོར་བ་ཡིན་ན་རང་འབྲས་དེའི་དངོས་རྒྱུ་ཡིན་པས་མ་ཁྱབ་སྟེ། སྐད་ཅིག་མའི་སྦྱོར་ བ་འདི་ཉིད་རྣམ་ཀུན་གྱི་སྐབས་སུ་རྣམ་པ་རྣམས་སོ་སོར་ཡུན་རིང་དུ་བསྒོམ་པ་ཡིན་ལ། རྩེ་སྦྱོར་གྱི་སྐབས་སུ་དེ་ཉིད་སྒོམ་བྱུང་གི་རྟོགས་པ་ཕུལ་དུ་ཕྱིན་ཏེ། མཐར་གྱིས་པའི་སྐབས་ཤིན་ཏུ་བརྟེན་ནས་ཤིན་ཏུ་མྱུར་བར་རིམ་གྱིས་སྒོམ་པ་ཡིན་ལ། སྐད་ཅིག་ མའི་སྐབས་སུ་གོམས་པ་མཐར་ཐུག་པས་གཅིག་ཅར་དུ་སྒོམ་པར་བྱེད་པ་ཡིན་ཏེ། དཔེར་ན་པདྨའི་འདབ་མ་མདས་རིམ་གྱིས་འབིགས་པ་དང་། སྐྱེས་བུ་རྩིག་པ་ལ་མཆོང་བའི་དཔེས་བསྟན་ཏོ། །དེའང་སྐད་ཅིག་གི་སྦྱོར་བ་བྱེད་ཚུལ་ནི། རྒྱུན་མཐའི་སྒོམ་སྤང་ རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་ཁྱད་པར་དུ་བྱས་ནས་དེར་ཕྱིན་བཅུ་ལ་དབང་འབྱོར་བས། གཅིག་མངོན་དུ་བྱས་པས་གཞན་ཐམས་ཅད་མངོན་དུ་བྱེད་ཅིང་། དེར་གཉིས་མེད་ཀྱི་མཁྱེན་པ་གཅིག་གིས་གཉིས་འཛིན་གྱི་གནས་ངན་ལེན་སོགས་སྤངས་པའི་ཁྱད་པར་ དུ་བྱས་པའི་གཉིས་མེད་ཀྱི་ཡེ་ཤེས་ཇི་སྙེད་པ་མངོན་དུ་བྱེད་པ་ཡིན་ནོ། །གཉིས་པ་ནི། བཟང་པོའི་ཞབས་ཀྱིས། རྣམ་པར་སྨིན་པ་མིན་པ་དང་། རྣམ་པར་སྨིན་པའི་དང་། མཚན་ཉིད་མེད་པའི་དང་། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་དང་བཞིའོ། །འདིར་ རྣམ་སྨིན་མིན་པ་དང་ཞེས་པ་ནི། སྦྱོར་བ་གཉིས་པ་རྣམས་སྨིན་དང་། །ཞེས་པ་དེ་ལས་བཟློག་ཅིང་བཏགས་པར་གསལ་ལོ། །དེ་ལྟར་བཏགས་པ་ཡང་སྦྱོར་བ་དང་པོ་གཉིས་འཐོབ་བྱ་ཡོན་ཏན་དང་། སྦྱོར་བ་ཕྱི་མ་གཉིས་ཇི་ལྟར་རྟོགས་བྱའི་ཡུལ་དང་། རྟོགས་པའི་ 5-1-526a དུས་སྐད་ཅིག་མའི་དབང་དུ་བྱས་ལ། དེའང་མཁྱེན་གསུམ་གྱི་རྣམ་པ་སྐྱེ་མེད་དུ་གོམས་པའི་ཆ་ནས་སྦྱོར་བ་ཕྱི་མ་གཉིས་དང་། སངས་རྒྱས་ཀྱི་ཆོས་རྣམས་མངོན་པར་འགྲུབ་པའི་མཐུ་གོམས་པའི་ཆ་ནས་སྦྱོར་བ་སྔ་མ་གཉིས་བཞག་གོ། འཕགས་ པས་ནི། སྐད་ཅིག་མའི་སྦྱོར་བ་བསྟན་པའི་མདོ་ཚན་གཅིག་ལ་བཞིར་དབྱེ་ནས་བཤད་དོ། །དེའང་སྡུད་བྱེད་ཟག་མེད་ཀྱི་ཡོན་ཏན་གཅིག་གིས་བསྡུ་བྱ་ཟག་མེད་ཀྱི་ཆོས་ཐམས་ཅད་བསྡུ་བ། རྒྱན་གྱི་ཤློ་ཀ་གཅིག་གིས་བཤད་པར་རིགས་པ་དང་། དེ་འོག་དེའི་མཐུན་དཔེ་ སྟེ་རྒྱན་ནི་ཚིགས་བཅད་གཅིག་དང་། དེ་འོག་སྡུད་བྱེད་ཟག་མེད་ཀྱི་མཁྱེན་པ་རྣམ་པར་སྨིན་པས་བསྡུ་བྱ་སངས་རྒྱས་པའི་ཡོན་ཏན་ཐམས་ཅད་རྒྱན་གྱི་ཤློ་ཀ་གཅིག་དང་། དེས་བསྡུས་པའི་སྐད་ཅིག་མ་གཉིས་རྟོགས་ཚུལ་སྐད་ཅིག་མ་ཕྱི་མ་གཉིས་རྒྱན་གྱི་ཤློ་ཀ་གཉིས་ ཀྱིས་བསྟན་ཏོ། །འོ་ན་སྐད་ཅིག་མ་ཕྱི་མ་གཉིས་ཟློས་སོ་སྙམ་ན། མ་ཟློས་ཏེ། སྔ་མ་ཀུན་རྫོབ་བདེན་པའི་རང་བཞིན་སྟོང་ཉིད་ལ་འཁྲུལ་པ་མཐའ་དག་ཟད་པ་དང་། ཕྱི་མ་དོན་དམ་བདེན་པ་ལ་འཁྲུལ་པ་མཐའ་དག་ཟད་པའི་ཆ་ནས་བྱས་སོ། །གཉིས་པ་ལ་བཞི། རྣམ་སྨིན་མིན་པ། རྣམ་སྨིན། མཚན་ཉིད་མེད་པ། གཉིས་མེད་ཀྱི་སྐད་ཅིག་མའོ། །དང་པོ་ལ། དངོས་དང་། དཔེ་གཉིས་ལས། དང་པོ་ལ་སྦྱར། རྩ། འགྲེལ་གསུམ་གྱི། དང་པོ་ནི། སྐད་ཅིག་མའི་སྦྱོར་བ་དེའང་མཚན་ཉིད་ཀྱི་སྒོ་ནས་དབྱེ་ན་རྣམ་པ་བཞི་ཡོད་པ་ལས། དང་པོ་རྣམ་ པར་སྨིན་པ་མ་ཡིན་པ་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱིས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པ་བྱང་ཆུབ་པ་བསྟན་ཏོ། །གཉིས་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུམ་ལ་དེ་ལྟར་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་ 5-1-526b པ་དྲུག་ནས་དཔེ་བྱད་བཟང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོགས་ཀྱི་དོན་ནི། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་སྡུད་བྱེད་ཟག་མེད་ཀྱི་ཡེ་ཤེས་སྐད་ཅིག་རེ་རེས་ཀྱང་བསྡུ་བྱ་ཟག་མེད་ཀྱི་ཆོས་ཀུན་བསྡུས་ཏེ་མངོན་དུ་བྱ་བའི་ཕྱིར། ཐུབ་པས་ས་བཅུ་པའི་སྐད་ཅིག་མ་གཅིག་ པའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པ་འདི་ནི་ཤེས་པར་བྱའོ། །བོད་ཀྱི་སློབ་དཔོན་དག་འདིའི་ཐུབ་པ་སངས་རྒྱས་ལ་བྱེད་པའང་སྣང་ངོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཤིང་རྟ་ཆེན་པོའི་ལུགས་ལས་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོར་མངོན་ པར་རྟོགས་པ་རིམ་པ་ཅན་དུ་བསྐྱེད་པ་དང་། ཡོངས་སུ་རྫོགས་པའི་མཁྱེན་པས་འཇུག་པ་ན། ཨཱཪྻ་དེ་ཝའི་ཞལ་ནས། དོན་དམ་བདེན་པའི་དངོས་པོ་སྟོང་པ་ཉིད་གཅིག་པུ་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་སྣ་ཚོགས་པ་ཀུན་གྱི་ངོ་བོ་ཉིད་ཡིན་ལ། རྟེན་འབྱུང་སྣ་ཚོགས་ པའི་དངོས་པོ་ཀུན་ནི་ཟབ་མོ་སྟོང་པ་ཉིད་ཀྱི་དངོས་པོ་གཅིག་གི་ངོ་བོ་ཉིད་ལས་གཞན་དུ་མེད་པས། གང་གིས་རྟེན་འབྱུང་གི་དངོས་པོ་ཞིག་དེ་བཞིན་ཉིད་སྟོང་པ་ཉིད་དུ་མཐོང་བ་དེ་ཡིས་རྟེན་འབྱུང་གི་དངོས་པོ་ཀུན་དེ་བཞིན་ཉིད་སྟོང་པ་ཉིད་དུ་མཐོང་ངོ་ཞེས་འབྱུང་བའི་ཕྱིར། ཆོས་ མང་པོས་ཆོས་གཅིག་བསྡུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ཆོས་གཅིག་གིས་ཆོས་མང་པོ་བསྡུས་པའང་ཡོད་དེ། སྦྱིན་པ་ལ་སོགས་པ་རྒྱུན་མཐའི་ཡེ་ཤེས་ཀྱིས་དམིགས་པར་བྱ་བའི་སྐད་ཅིག་མ་གཅིག་པོ་ལ་དམིགས་པར་བྱ་བའི་དངོས་པོ་སོ་སོར་ངེས་པར་འཛིན་པའི་ ཕྱིན་ཅི་ལོག་གི་ས་བོན་དང་བྲལ་བའི་དམིགས་མེད་ཀྱི་ངོ་བོ་སྐད་ཅིག་སྦྱོར་བས་སྦྱིན་པ་ལ་སོགས་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་མང་པོ་རྣམས་དེ་བཞིན་ཉིད་དུ་བསྡུས་ནས་བསྒོམ་པའི་ཕྱིར། ཐུབ་པ་བྱང་ཆུབ་སེམས་དཔའི་རྟོགས་པ་ནི་སྐད་ཅིག་ 5-1-527a མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བའོ་ཞེས་བྱ་བར་ཤེས་པར་བྱའོ། །དེས་ན་གཅིག་གིས་མང་པོ་བསྡུས་ཚུལ་གྱི་དངོས་བསྟན་འདིས་སྟོང་ཉིད་གཅིག་གིས་མང་པོ་མི་སྟོང་པའི་ཆོས་ཐམས་ཅད་ཀྱི་བསྡུས་ཚུལ་བསྟན་པ་ཡིན་ནོ། །གཉིས་ པ་ལ་སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཡང་ཇི་ལྟར་ན་ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་ན་ཟག་པ་མེད་པ་ཐམས་ཅད་བསྡུས་པ་ཡིན་ཅེ་ན། དེ་ལ་དང་པོར་འཇིག་རྟེན་པའི་དཔེའི་སྒོ་ནས་སྟོན་ཏོ། །གཉིས་པ་ནི། དཔེ་ཇི་ལྟར་ན། སྐྱེས་བུས་ཟོ་ཆུན་གྱི་རྒྱུད་ ལ་རྡོག་ཐབས་གཅིག་གིས་བསྐྱོད་པ་ན། ཟོ་ཆུན་ཐམས་ཅད་གཅིག་ཅར་འགུལ་བ་ལྟར་རྒྱུན་མཐའི་ཡེ་ཤེས་སྐད་ཅིག་གཅིག་ལ་ཟག་མེད་ཀྱི་ཆོས་ཐམས་ཅད་ཤེས་པའང་དེ་བཞིན་ནོ། །འདི་ལ་མདོ་མེད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། དཔེར་ན་སྐྱེས་བུའི་ རྡོག་ཐབས་གཅིག་གིས་བསྐྱོད་པ་ལྟ་བུའི་རྒྱུན་མཐའི་སྐད་ཅིག་གཅིག་གིས་སྦྱོར་བ་ན། བཟོ་བོ་མཁས་པས་སྔོན་བཟོ་ལེགས་པར་བྱས་པའི་མཐུས་ཟོ་ཆུན་གྱི་རྒྱུད་ལྟ་བུ། སློབ་ལམ་ནས་སྐྱེ་མེད་གསུམ་གོམས་པའི་རྒྱུད་ཐམས་ཅད་གཅིག་ཅར་དུས་གཅིག་ཏུ་འགུལ་བ་དེ་བཞིན་དུ་ རྒྱུན་མཐའ་པ་སྔོན་གྱི་སྨོན་ལམ་གྱི་འཕེན་པ་དང་། ཆོས་ཀྱི་དབྱིངས་ཀྱི་མཐུས་དུས་སྐད་ཅིག་ཁོ་ན་ལ་ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་ན་དེ་དང་རིས་མཐུན་པའི་ཟག་མེད་ཀྱི་ཡེ་ཤེས་ཐམས་ཅད་མངོན་དུ་བྱེད་པ་ཡིན་ནོ། །གཉིས་པ་རྣམ་པར་སྨིན་པའི་སྐད་ཅིག་མ་ལ་ སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་སྐད་ཅིག་མའི་སྦྱོར་བ་དང་པོ་བསྟན་ནས། གཉིས་པ་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་ཀྱི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་སྦྱོར་བས་སྐད་ཅིག་མ་གཅིག་པ་དེར་མངོན་པར་ 5-1-527b རྫོགས་པར་བྱང་ཆུབ་པར་བསྟན་ཏོ། །གཉིས་པ་ནི། མདོར། རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། མངོན་པར་ཤེས་པ་རྣམས་དང་། བྱང་ཆུབ་ཀྱི་ལམ་དེས་ལམ་གྱི་ རྣམ་པར་ཤེས་པ་ཉིད་ལ་སྤྱོད་ཅིང་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་ནས། རྣམ་པར་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་སྟེ་ཞེས་སོགས་ཀྱི་དོན་ནི། རྒྱུན་མཐར་བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པ་གང་གི་ཚེ་རྣམ་བྱང་དཀར་པོའི་ཆོས་ཐམས་ཅད་ཀྱི་རང་བཞིན་རྒྱལ་བའི་ ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱག་རྒྱ་ཆེན་པོ་ཡོངས་རྫོགས་ཀྱི་ཆོས་ཉིད་གདོད་མ་ནས་རྣམ་པར་སྨིན་པ་ལྷུན་གྲུབ་དྲི་བྲལ་གྱི་ཆོས་ཉིད་གནས་སྐབས་གང་དུ་དྲི་མ་དང་བྲལ་བས་སྐྱེ་བར་སྣང་བ་ལྟར་གྱུར་པ་དེའི་ཚེ་དེ་ཉིད་ཡོངས་རྫོགས་རྟོགས་བྱེད་ཀྱི་སྐད་ཅིག་མ་གཅིག་གིས་ གཅིག་ཅར་དུ་རྟོགས་བྱེད་ཀྱི་ཡེ་ཤེས་ཏེ་སྦྱོར་བའོ། །དེས་ན་འཕགས་པས། ནམ་ཞིག་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་དང་། གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་ བར་དུ་སྣང་བར་བྱེད། །ཅེས་སོ། །ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། སའི་མཐར་ཐུག་པ་གང་གི་ཚེ་བྱང་ཆུབ་སེམས་དཔས་ཟག་བཅས་དང་ཟག་མེད་ཀྱི་གཉེན་པོ་རྣམ་པར་བསྒོམས་པས། སྒོམ་སྤང་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བས་ ན་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆ་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་ཐོབ་ཅིང་ཡང་དག་པར་རྫོགས་པར་འཚང་རྒྱ་བ་ལ་གེགས་བྱེད་ཀྱི་དྲི་མ་ཐམས་ཅད་དང་བྲལ་བས་སྟོན་ཀའི་ཟླ་བའི་འོད་བཞིན་དུ་དཀར་བའི་ངོ་བོ་ཉིད་དུ་སྐྱེས་པ་དེའི་ཚེ་སྐད་ཅིག་མ་གཅིག་ཁོ་ན་ 5-1-528a ལ་རྣམ་པར་སྨིན་པའི་གནས་སྐབས་འབད་མེད་ལྷུན་གྲུབ་ཏུ་གྱུར་པའི་ཟག་པ་མེད་པའི་ཆོས་རྣམས་རྟོགས་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་སྨིན་པའི་སྐད་ཅིག་མ་གཅིག་པའི་སྒོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ནོ། ། གསུམ་པ་མཚན་ཉིད་མེད་པའི་སྐད་ཅིག་མ་ལ་སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་གཉིས་པ་བསྟན་ནས་སྐད་ཅིག་མ་གསུམ་པ་མཚན་ཉིད་མེད་པར་རྟོགས་པས་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་སྦྱོར་བས་སྐད་ཅིག་མ་གཅིག་པའི་རང་ འབྲས་དེར་མངོན་པར་རྫོགས་པར་བྱང་ཆུབ་པར་བསྟན་ཏོ། །གཉིས་པ་ལ། མདོར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མ་མཆིས་ཤིང་མཚན་མ་མ་མཆིས་པར་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ དྲུག་རྫོགས་པར་འགྱུར། ཞེས་སོགས་ཀྱི་དོན་ནི། སེམས་དཔས་དུས་དེར་སྦྱིན་པ་ལ་སོགས་པའི་སྤྱོད་པ་མི་འདོར་བའི་སྒོ་ནས་ཆོས་ཀུན་རྨི་ལམ་དང་འདྲ་བར་རྟོགས་པ་ལ་གནས་ནས། ཆོས་དང་ཆོས་ཉིད་རྣམས་ཀྱི་གནས་ཚུལ་ཐམས་ཅད་མཚན་ཉིད་མེད་པ་ཉིད་དུ་སྐད་ཅིག་མའི་ སྦྱོར་བ་ནི་གཅིག་གི་རྟོགས་ནས་ཏེ་རྣམ་མཁྱེན་མངོན་དུ་བྱེད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། སྔོན་སློབ་པའི་ལམ་དུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོམས་པས་ཚོགས་གཉིས་ཉམས་སུ་མྱོང་པར་བྱས་ནས་དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབས་ན་ཉེ་ བར་ལེན་པའི་ཕུང་པོ་ལ་སོགས་པ་རྨི་ལམ་གྱི་ངོ་བོ་ཉིད་ལྟ་བུའི་རང་བཞིན་གྱིས་སྟོང་པ་ཉིད་དུ་ངེས་པས་ན་ཆོས་ཐམས་ཅད་ལ་དེ་ལྟར་བལྟ་བར་བྱས་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པས་གནས་ཏེ། སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་ངེས་པར་རྟོགས་པའི་ 5-1-528b རྣམ་པ་ཅན་གྱི་སྦྱོར་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་ཁོ་ནས་ཀུན་བཏགས་དང་རྣམ་བཏགས་ཀྱི་ཆོས་ཐམས་ཅད་ནི་རང་གི་མཚན་གཞི་མཚན་ཉིད་མེད་པའོ་ཞེས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ངོ་བོའི་ཆོས་རྣམས་མཚན་ཉིད་མེད་པ་ཉིད་དུ་ཤེས་པས་ན། སྐད་ཅིག་མ་ གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་བྱེད་ཀྱི་སྦྱོར་བ་ཡིན་ནོ། །བཞི་པ་གཉིས་སུ་མེད་པའི་སྐད་ཅིག་མ་ལ་སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་གསུམ་པ་བསྟན་ནས་སྦྱོར་བ་བཞི་པ་གཉིས་སུ་མེད་པའི་མཚན་ཉིད་དུ་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་པའི་མཚན་ ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་འཆད་དོ། །གཉིས་པ་ནི། མདོར། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་རྨི་ལམ་མི་མཐོང་། རྨི་ལམ་མཐོང་བ་མི་མཐོང་། ཞེས་སོགས་ཀྱི་དོན་ནི། དཔེར་ཡུལ་ན་རྨི་ལམ་དང་ནི་ཡུལ་ཅན་དེ་ མཐོང་བ་དེ་དག་ཉིད་གཉིས་ཀྱི་ཚུལ་དུ་མི་མཐོང་བ་རྟོག་པ་གཅིག་གི་ངོ་བོ་ཡིན་པ་ལྟར། འོད་གསལ་ངོ་བོ་ཉིད་སྐུའི་ཆོས་རྣམས་སྒྲོ་འདོགས་སྐུར་འདེབས་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་སྐད་ཅིག་དེ་ཁོ་ན་ཉིད་ཀྱི་སྐད་ཅིག་གཅིག་གིས་གཉིས་སུ་མེད་པར་མངོན་དུ་མཐོང་ནས་ དེ་མ་ཐག་པར་མངོན་པར་རྫོགས་པར་བྱང་ཆུབ་བྱེད་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། བསྐལ་པ་གྲངས་མེད་པ་ཡུན་རིང་མོ་ཞིག་ནས་བར་ཆད་མེད་པར་གཟུང་འཛིན་གཉིས་སུ་སྣང་བ་སྤོང་བའི་རྣལ་འབྱོར་ལ་གོམས་པ་རབ་ཏུ་འཕེལ་ཏེ་རྩེ་གཅིག་པའི་ ངང་དུ་གྱུར་པའི་སྒོ་ནས་གཉིས་སུ་སྣང་བའི་བག་ཆགས་དྲུངས་ནས་ཕྱུང་བའི་བྱང་ཆུབ་སེམས་དཔའ་གང་གི་ཚེ་གཟུང་བ་དང་འཛིན་པའི་ཚུལ་ལ་ཇི་ལྟར་དུ་བལྟ་ཞེ་ན། དཔེར་ན་རྨི་ལམ་ལ་གཟུང་བ་དང་། རྨི་ལམ་མཐོང་བ་ལ་འཛིན་པར་མི་མཐོང་བ་དེ་བཞིན་དུ་རྒྱུན་མཐའ་དེའི་ཚེ་ 5-1-529a ཆོས་ཐམས་ཅད་ཀྱང་རྨི་ལམ་གྱི་རྟོག་པ་དེ་ལྟ་བུའི་དངོས་པོའི་ཆོས་ཉིད་ཡིན་ནོ། །ཞེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཡུལ་ཡུལ་ཅན་གཉིས་སུ་མེད་པའི་སྐད་ཅིག་མ་གཅིག་ཁོ་ན་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་རྟོགས་པས་ན་སྐད་ཅིག་མ་གཅིག་པའི་སྒོ་ནས་མངོན་ པར་རྫོགས་པར་བྱང་ཆུབ་བྱེད་ཀྱི་སྦྱོར་བ་ཡིན་ནོ། ། འདིར་སྨྲས་པ། སྟེང་འོག་གང་གི་ལམ་ནས་རྒྱུ་བའི་རླུང་ནི་འཁྱིམས་པ་མ་ཡིན་འོན་ཀྱང་ནི། །ལོ་མང་རྣམ་གཡེང་ཉིད་ལ་བྲེལ་བ་རླུང་དུ་གྱུར་ནས་སྟོད་དུ་ཚོང་བ་ཅན། །དེ་སོགས་འགྲོ་བའི་དྲེགས་པ་ཞི་ནས་རྟོགས་བྱ་རྣམ་སྨིན་ རྣམ་སྨིན་མིན་པའི་ཆོས། །རྟོགས་བྱེད་མཚན་ཉིད་མེད་དང་གཉིས་མེད་སྦྱོར་བས་སྐད་ཅིག་གཅིག་ལ་རྟོགས་པར་གྱིས། །གསུམ་པ་སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ ཅེས་ བྱ་བ་ལས། སྐབས་བདུན་པའི་འགྲེལ་བཤད་རྫོགས་སོ།། །།༈ སྤྲོས་བྲལ་ཉིད་ལ་མཆོག་གི་ཡོན་ཏན་རྣམས། ། དངོས་དང་དངོས་མེད་ཚུལ་གྱིས་མ་ཡིན་པར། ། བདེན་པའི་ཆོས་ཉིད་ཀྱིས་ཐོབ་སྙིང་པོའི་ལུས། ། འབྲས་ཡུམ་རྒྱལ་བ་དེ་ལ་བདག་ཕྱག་འཚལ། ། ཅེས་འབྲས་བུ་ཆོས་སྐུ་འདི་བསྒྲུབ་བྱ་ཐམས་ཅད་ཀྱི་དོན་པོ་ཡིན་པས། སྐབས་འདིར་ཕྱག་འཚལ་བའི་ཚིག་ཟུར་དུ་བརྗོད་ནས་བཤད་པར་བྱ་སྟེ། དེའང་གསུམ་པ་འབྲས་བུ་ཆོས་སྐུ་འཆད་པ་ལ་གསུམ། འབྲེལ་བཀོད་པས་མཚམས་སྦྱར་བ། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། གཞི་ལམ་རྣམ་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་སྦྱོར་བཞིས་ཉམས་སུ་བླངས་པས་འབྲས་བུ་ཆོས་སྐུ་འབྱུང་བའི་ཕྱིར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་རྣམ་པར་ 5-1-529b བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་ཐམས་ཅད་དང་བྲལ་བར་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་དག་པ་གཉིས་ལྡན་གྱི་ངོ་བོར་བྱང་ཆུབ་པ་ཡིན་ཏེ་ཞེས་མཚམས་སྦྱར་རོ། །གཉིས་པ་ལ་གཉིས། ངོ་བོ་ཉིད་སྐུ་བཤད་པ་དང་། སྐུ་གསུམ་པོ་སོ་སོར་བཤད་ པའོ། །དང་པོ་ནི། སྤྱིར་སྐུའི་རྣམ་གཞག་དང་། སྐབས་བབ་ཀྱི་འབྲུ་འགྲེལ་བ་ལས། དང་པོ་ལ། སྤྱིར་ཆོས་སྐུ་ཙམ་གྱི་ངོ་བོ་གང་ཡིན་པ་དང་། སྐུ་ཐ་དད་པའི་གནས་ཚུལ་དང་། སྐུ་མཚན་བཏགས་ཀྱི་ཁྱད་པར་ཤེས་བྱ་གཟིགས་ཚུལ་དང་བཅས་པ་བཤད་པ་ལས། དང་ པོ་ནི། སྒྲིབ་གཉིས་ཡོངས་སུ་སྤངས་ཤིང་ཚོགས་གཉིས་མཐར་ཕྱིན་པའི་འབྲས་བུ་ཞིག་གོ། འོ་ན་འདི་འབྲས་བུ་ལྔའི་ནང་ནས་གང་ཡིན་ཅེ་ན། འདི་ལ་ཆ་སོ་སོར་ཡོད་དེ། སྤངས་པ་སྤངས་པའི་ཆ་ནས་བྲལ་འབྲས་དང་། རྟོགས་པ་རྟོགས་པའི་ཆ་ནས་རྒྱུ་མཐུན་གྱི་འབྲས་ བུ་དང་། དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་ཡོད་པས་བདག་འབྲས་སུའང་འཇོག་པའི་ཕྱིར་རོ། །དེས་ན་འདི་ལ་རྣམ་སྨིན་གྱི་འབྲས་བུར་འཇོག་པ་ནི་བཏགས་པ་བ་ཡིན་ཏེ། དངོས་སུ་འཇོག་བྱེད་མ་ཚང་བའི་ཕྱིར། མདོར་ན་ཆོས་སྐུ་ནི་སྤངས་རྟོགས་ནུས་གསུམ་ ཀ་སོ་སོ་བ་མ་ཡིན་པ་ཞིག་གི་ཆ་ནས་བཤད་དགོས་ལ། དེའི་ཚེ་ཚོགས་གཉིས་སོ་སོ་བ་དང་། ཟུང་དུ་འཇུག་པར་ཉམས་སུ་བླངས་ནས་སྤང་བྱ་སྤོང་བ་དང་། རྟོགས་པ་བསྐྱེད་པ་དང་། དེ་གཉིས་ཀྱི་ནུས་པས་གཞན་དོན་བྱེད་པ་ལྡོག་ཚུལ་གྱི་དབང་གིས་ངོ་བོ་ཉིད་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུར་གདགས་པའི་གདགས་གཞི་ནི་ཆོས་ཀྱི་སྐུ་ཉིད་ཡིན་ལ། ཙམ་ལྡོག་ནས་ཆོས་སྐུ་དང་། ངོ་བོ་ཉིད་སྐུ་དང་། གནས་ཚུལ་གྱི་སྐུ་དང་། ཐོབ་པ་དོན་དམ་བདེན་པ་ཞེས་བསྙད་དོ། །འདི་ལྟ་བུའི་སྐུ་ལ་དཔལ་ལྡན་སེང་གེས། གནས་ཚུལ་དང་ 5-1-530a སྣང་ཚུལ་གཉིས་ལས། གནས་ཚུལ་གྱི་སྐུ་ནི་ཆོས་སྐུ་ཉིད་ལས་དོན་ཐ་དད་པ་མིན་ཏེ། ཇི་སྐད་དུ། དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཇི་ལྟར་ཞེས་བཤད་པའི་ཕྱིར། དེས་ན་སྣང་ཚུལ་གྱི་སྐུ་ནི་ངོ་བོ་ཉིད་སྐུ་ལས་ཐ་དད་པའི་སྐུ་གསུམ་པོ་དེར་འཇོག་ལ། དེར་འཇོག་པའི་འཐད་པ་ནི། སངས་རྒྱས་དང་སེམས་དཔའ་དང་སེམས་ཅན་ཕལ་པ་གསུམ་ལ་སྣང་ཚུལ་མི་འདྲ་བ་གསུམ་འབྱུང་བའི་དོན་གྱིས་ཏེ། དཔེར་ན་ནམ་མཁའ་ལ་དམར་ལྗང་ནག་པོར་སྣང་བ་བཞིན་ནོ། །དེ་ལྟར་སྣང་ཚུལ་ཐ་མ་གཉིས་ནི་དེ་བཞིན་གཤེགས་པ་དངོས་ སུ་འཇོག་པར་ནི་དཀའ་སྟེ། གང་ལ་སྣང་བའི་གང་ཟག་དེའི་ཤེས་རྒྱུད་ཀྱིས་བསྡུས་པའི་ཕྱིར། སྣང་ཚུལ་དང་པོ་ནི་སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་ངོ་བོ་ཉིད་སྐུ་རང་ལ་ཆོས་སྐུའི་རང་བཞིན་དུ་སྣང་བ་ཡིན་ཏེ། དེ་ལྟ་བུའི་ཡེ་ཤེས་གཞན་སྣང་གི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་ ནུས་དེ་རྒྱུད་ལ་གང་ལྡན་པ་དེ་སངས་རྒྱས་སུ་མཚོན་པར་ནུས་པའི་ཕྱིར་རོ། །དེས་ན་འདིའང་ངོ་བོ་ཉིད་སྐུ་ལས་ལོགས་ཐ་དད་པ་ནི་མ་ཡིན་ནོ། །དེ་མ་ཡིན་ཀྱང་ལྡོག་པས་ཇི་ལྟར་ཕྱེ་ཞེ་ན། ཡེ་ཤེས་དེ་ངོ་བོ་ཉིད་སྐུ་རང་ལས་གཞན་མིན་པའི་ཆ་ནས་དང་། ཡེ་ཤེས་དེ་རང་ལ་སྣང་ བའི་ཆ་ནས་ཆོས་སྐུ་སྟེ། འདི་ལ་ནི་རྒྱུད་སྡེ་ཆེན་པོ་རྣམས་སུ་ཡེ་ཤེས་ཀྱི་སྐུ་ཞེས་བསྙད་པ་ཡིན་ནོ། །སྐུ་འདི་གཉིས་ཀའང་ཆོས་ཉིད་ཀྱི་ངོར་རོ་གཅིག་པ་ཡིན་ཏེ། གཉིས་ཀའང་སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་ལས་གཞན་མ་ཡིན་པའི་ཕྱིར། འོན་ཀྱང་སྐུ་མི་གཉིས་པ་དེ་ གཉིས་ཀྱིས་ལོངས་སྤྲུལ་གྱི་སྣང་བ་གཞན་ངོར་བསྐྱེད་ནུས་པའི་ཕྱིར་དང་། དེ་ལྟར་ནུས་པའི་སྟོབས་ཀྱིས་བཞག་པའི་སྣང་བ་དེ་གཉིས་ནི་ཆོས་ཅན་ཀུན་རྫོབ་པར་འཇོག་སྟེ། ཇི་སྐད་དུ། རྣལ་འབྱོར་པའི་ཀུན་རྫོབ་ཏུ་དོན་དམ་ཁྱད་པར་ཅན་གྱི་སྣང་བ་བསྐྱེད་པའི་སྒོ་ནས་ 5-1-530b ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། གཉིས་སུ་དབྱེ་བ། གསུམ་དུ་དབྱེ་བ། བཞིར་དབྱེ་བའོ། །དང་པོ་ནི། དོན་དམ་དང་ཀུན་རྫོབ་པའི་སྐུ་ཐ་དད་པ་སྟེ། ཇི་སྐད་དུ། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །ཞེས་གསུངས་པའི་ ཕྱིར། གཉིས་པ་ནི། ཇི་སྐད་དུ། དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཞེས་གསུངས་པའི་ཕྱིར། ངོ་བོ་ཉིད་དང་། ལོངས་སྤྱོད་དང་། སྤྲུལ་པའི་སྐུ་སྟེ་གསུམ་ལས། ལོངས་སྤྲུལ་གཉིས་ལ་གནས་སྣང་གཉིས་གཉིས་ཡོད་པའི་ སྐབས་འདིར་ནི་སྣང་ཚུལ་གྱི་ཆ་ནས་བཤད་པ་གཙོ་ཆེ་ཡང་། གོ་ཆོད་པོ་ནི་གནས་ཚུལ་གྱི་ལོངས་སྤྲུལ་ལ་གཟུང་དགོས་པ་ཡིན་ཏེ། ངོ་བོ་ཉིད་སྐུ་ལ་སྐུ་དེ་གཉིས་རང་ལྡོག་གཅིག་མིན་པ་ལྡན་པའི་ཕྱིར། དེ་ལ་ངོ་བོ་ཉིད་སྐུ་ནི། འདུས་མ་བྱས་ཤིང་རྣམ་དབྱེ་མེད། ། མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བའོ། ། ཞེས་མཚན་ཉིད་ལྔ་ལྡན་དུ་གསུངས་པ་དང་། གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པ། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང་། ། འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །ཞེས་ཡོན་ཏན་ལྔ་ལྡན་དུ་གསུངས་སོ། །སྐུ་གསུམ་གྱི་རྣམ་གཞག་ཁས་ལེན་པ་དེའི་ཚེ་ཆོས་སྐུའང་ངོ་བོ་ཉིད་སྐུ་ལས་གཞན་མ་ཡིན་པ་སྟེ། ཟག་མེད་ཀྱི་ཡེ་ཤེས་ཉེར་གཅིག་པོ་གང་གི་རྒྱུད་ལ་འཇུག་པའི་ཆོས་དབྱིངས་དེ་ 5-1-531a ལས་གཞན་དུ་འཇོག་པར་དཀའ་བའི་ཕྱིར། འདིའི་སྐབས་ཀྱི་ཆོས་དབྱིངས་ཀྱང་གཉིས་མེད་ཀྱི་ཡེ་ཤེས་མཁྱེན་གཉིས་ཀྱི་ངོ་བོར་གྱུར་བ་ལ་ངོས་འཛིན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཀྱི་ཡོན་ཏན་སྐྱེད་བྱེད་ཀྱི་རྒྱུ་དང་། བསྐྱེད་པའི་འབྲས་ བུ་གཉིས་ཀ་ལ་འཇོག་ན། འདིར་བསྟན་བསྐྱེད་འབྲས་ཀྱི་དོན་འཇོག་པའི་སྐབས་ཡིན་པའི་ཕྱིར། དེས་ན་ཆོས་དབྱིངས་རྒྱུའི་ངོ་བོ་ཙམ་གྱི་སྒོ་ནས་ངོ་བོ་ཉིད་སྐུར་འཇོག་པ་སློབ་དཔོན་གྱི་བཞེད་དང་། རྒྱུ་དེས་བསྐྱེད་པའི་ཡེ་ཤེས་གཉིས་ཀ་ལ་ངོ་བོ་ཉིད་སྐུར་བཞེད་པ་ནི་ འཕགས་པའི་དགོངས་པ་ཡིན་ནོ། །འཕགས་པའི་དགོངས་པ་ལ་འགའ་ཞིག་འདི་ལྟར་དོགས་ཏེ། ཡེ་ཤེས་དེ་གཉིས་ངོ་བོ་ཉིད་སྐུ་མ་ཡིན་ཏེ། ཡེ་ཤེས་གཉིས་པོ་དེ་ངོ་བོ་ཉིད་སྐུའི་ཡོན་ཏན་དུ་བཤད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཡོན་ཏན་བཟུང་བས་ཡོན་ཏན་དེ་ དང་ལྡན་པའི་སྐུ་ཡང་ཤེས་པར་ནུས་པའི་ཕྱིར་འགལ་བ་མེད་དོ། །རྣམ་པ་གཅིག་ཏུ་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་དག་ཀྱང་གང་ལ་མངའ་བའི་ངོ་བོ་ཉིད་སྐུ་ལས་རྫས་གཞན་མ་ཡིན་པའི་ཕྱིར། དེ་ལྟར་གྱི་ཚེ་གནས་ཚུལ་གྱི་ སྐུ་ལྷག་མ་གཉིས་ཀྱང་དེ་ཉིད་ལ་ངོས་འཛིན་དགོས་པ་ཡིན་ཏེ། དེ་ལས་གཞན་པའི་སྐུ་ལ་ངོས་འཛིན་རྒྱུ་མ་རྙེད་པའི་ཕྱིར། མདོར་ན་འཕགས་གྲོལ་གྱིས་སངས་རྒྱས་ཀྱི་སྐུ་ཐམས་ཅད་གསུམ་དུ་བསྡུ་བ་འདི་གནས་ཚུལ་ལ་དང་པོ་གཅིག་དང་། སྣང་ཚུལ་ལ་ཕྱི་མ་ གཉིས་སུ་བཞག་པ་ཡིན་ནོ། །འོ་ན་གནས་ཚུལ་གྱི་ལོངས་སྤྲུལ་གཉིས་དེ་གང་ལ་ངོས་འཛིན་ཅེ་ན། ཁྱད་པར་ལྔ་དང་། ཁྱད་པར་བཞི་ལྡན་གོ་རིམ་བཞིན་དུ་གྲུབ་པའི་ཁྱབ་བདག་གི་སྐུ་དེ་དངོས་མ་ཡིན་པར་སྣང་བ་ལས་བཟློག་པ་དེའོ། །གསུམ་པ་ལ། ཇི་ལྟར་དབྱེ་བ་དང་། 5-1-531b རྩོད་ལན་ནོ། །དང་པོ་ནི། རྟོགས་པ་ཡེ་ཤེས་གང་ལ་མངའ་བའི་ཆོས་ཉིད་ངོ་བོ་ཉིད་སྐུ་དང་། ཆོས་ཉིད་དེ་གང་ལ་འབྲེལ་བའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་དང་། གནས་ཚུལ་དང་། གཞན་ངོར་སྣང་རུང་གི་སྣང་བ་དང་བཅས་པ་ནི་ལོངས་སྤྲུལ་གཉིས་ཏེ་སྣང་ཚུལ་གྱི་སྐུའོ་ཞེས་དཔལ་ ལྡན་ཧ་རིས་གསུངས་སོ། །དག་པ་གཉིས་ལྡན་གྱི་ཆོས་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་རང་རིག་གི་ངོར་མྱོང་བའི་ཆ་དེའོ། །སྐུ་གཉིས་པོ་ནི་ཡེ་ཤེས་འོད་གསལ་བའི་མཁྱེན་པ་གློ་བུར་དྲི་བྲལ་གྱིས་ཁྱད་པར་དུ་བྱས་པ་ཆགས་ཐོགས་དང་བྲལ་བའི་ངོ་བོའོ། །སྐུ་དང་པོ་གཉིས་ཀྱི་ཁྱད་ པར་ཡང་། སྐུ་དང་པོ་ནི་ལོངས་སྤྲུལ་གྱི་ཆོས་ཉིད་དང་། སྐུ་གཉིས་པས་ནི་ལོངས་སྤྲུལ་གྱི་བདག་རྐྱེན་བྱེད་པ་དང་། སྔ་མ་ནི་མཉམ་གཞག་གི་རང་ངོ་དང་། ཕྱི་མ་ནི་གཞན་དོན་གྱི་བྱེད་པ་ལས་ཁྱད་པར་ཡིན་ནོ། །སྐུ་གསུམ་པ་ནི་ངེས་པ་ལྔ་ལྡན་གྱི་སངས་རྒྱས་ཏེ་དེའི་ མཚན་ཉིད་ཡིན་ལ། མཚན་གཞི་ནི་མཚན་དཔེའི་གཟི་འོད་འབར་བའོ། །འདི་ལ་ལོངས་སྐུ་ཆེ་ཆུང་གཉིས་ཀྱི་བཤད་པ་ཡོད་ཀྱང་། ཆེ་ཆུང་གཉིས་ཀའི་ལོངས་སྐུ་ཐམས་ཅད་ཀྱང་རྫས་སུ་བསྡུ་ན་གཅིག་ཡིན་ཏེ། བརྟེན་པ་ཆོས་སྐུ་ཐམས་ཅད་རྫས་གཅིག་ན། དེར་བརྟེན་པའི་ ལོངས་སྐུ་ཐམས་ཅད་ཀྱང་རྫས་གཅིག་དགོས་པའི་ཕྱིར། སྐུ་བཞི་པ་ནི་མཛད་པ་བཅུ་གཉིས་ཀྱིས་གཞན་དོན་བྱེད་པའི་གཟུགས་སྐུ་ཁྱད་པར་ཅན་ཏེ། འདིའང་ལོངས་སྐུའི་མཛད་པའི་ཁྱད་པར་འདོད་ཁམས་སུ་འཇུག་པ་དེ་ཡིན་ཏེ། སྐྱེ་བ་མངོན་པར་སྐྱེ་བ་དང་། ། ཞེས་སོགས་ཀྱི་སྐབས་དེ་ཡིན་པའི་ཕྱིར། གཉིས་པ་རྩོད་ལན་ལ། སྐུ་གསུམ་དུ་བཞེད་པའི་ལུགས་དྲི་མེད་དུ་བཤད་པ། བཞིར་བཞེད་པའི་སྲོལ་ནོངས་མེད་དུ་བཤད་པ་དང་གཉིས་ལས། དང་པོ་ལ། རང་གི་འདོད་པ་བརྗོད། དེ་ལ་གཞན་ལས་ཀླན་ཀ་བཀོད། བཀོད་པ་དེ་ 5-1-532a མི་འཇུག་པར་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱི་སྐུ་ནི་གསུམ་སྟེ། གནས་ཚུལ་གྱི་གཅིག་དང་། སྣང་ཚུལ་གྱི་སྐུ་གཉིས་སོ། །གཉིས་པ་ནི། སངས་རྒྱས་སས་བསྡུས་ཀྱི་བྱ་གྲུབ་དང་སོར་རྟོག་གི་ཡེ་ཤེས་ཆོས་ཅན། སངས་རྒྱས་ཀྱི་སྐུས་མ་བསྡུས་ པར་ཐལ། སྐུ་གསུམ་པོ་དེ་གང་གིས་ཀྱང་མ་བསྡུས་པའི་ཕྱིར། ཁྱབ་པ་ཁྱོད་ཀྱི་ཡིན། གྲུབ་སྟེ། གཟུགས་སྐུ་གཉིས་གང་རུང་མ་ཡིན་པའི་ཕྱིར་ཏེ། གཞན་རྒྱུད་ཀྱིས་མ་བསྡུས་པའི་ཕྱིར། ངོ་བོ་ཉིད་སྐུ་མ་ཡིན་ཏེ། ཁྱད་པར་གསུམ་ལྡན་གྱི་ཡེ་ཤེས་སྐུ་ཡིན་པའི་ཕྱིར་ཞེ་ ན། གསུམ་པ་ནི། ཁྱོད་འདོད་པའི་ཁྱད་པར་གསུམ་ནི། རྣལ་འབྱོར་པས་ཀུན་རྫོབ་ཏུ་ཆོས་སྟོན་པ་ལ་སོགས་པའི་བྱ་བ་མཛད་པའི་ཕྱིར་དང་། སྤངས་པའི་ཁྱད་པར་གནས་ཡོངས་སུ་གྱུར་པའི་ཕྱིར་དང་། ངོ་བོའི་ཁྱད་པར་སེམས་དང་སེམས་ལས་བྱུང་བ་ཅན་ཡིན་པ་དེས་ན་ ཡེ་ཤེས་དེ་གཉིས་ཟག་མེད་ཀྱི་ཆོས་ཀྱི་སྐུར་བཤད་ནས། དེ་ངོ་བོ་ཉིད་སྐུར་འཇོག་མི་ནུས་སོ་ཞེས་ཟེར་བ་དེ་ལ་སྐྱོན་འདི་གནས་པ་ཡིན་ཏེ། ཡས་རིམ་ནས་རྟགས་དང་པོ་གཉིས་མ་ངེས་ཏེ། ངོ་བོ་ཉིད་སྐུས་སེམས་ཅན་གྱི་བྱ་བ་མི་སྒྲུབ་ན་སངས་རྒྱས་སུ་ཇི་ལྟར་འགྱུར། སྒྲུབ་ན་ ཀུན་རྫོབ་ཏུ་གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པའི་སྒོ་ནས་བསྒྲུབ་པ་ལས་མ་གཏོགས་པ་ཇི་ལྟར་སྒྲུབ། ངོ་བོ་ཉིད་སྐུ་གནས་གྱུར་གྱི་ཁྱད་པར་དུ་བྱས་པ་མིན་ན་གློ་བུར་རྣམ་དག་ཏུ་ཇི་ལྟར་འགྱུར། གནས་གྱུར་པའི་ཡེ་ཤེས་ངོ་བོ་ཉིད་སྐུ་དེ་སྔ་མ་གྱུར་པའི་ཆ་མེད་དགག་དང་། ཕྱི་མ་གྱུར་ཟིན་པའི་ཆ་ནས་མ་ཡིན་དགག་གོ། མས་རིམ་ནས་རྟགས་ཕྱི་མ་གཉིས་མ་གྲུབ་སྟེ། དེ་བཞིན་གཤེགས་པའི་སར་སེམས་སེམས་བྱུང་གི་རྒྱུ་བ་ཡོད་ན་ཚོགས་བརྒྱད་གནས་མ་གྱུར་པར་ཐལ་བ་དང་། ཁྱད་པར་དང་ཁྱད་པར་ཅན་བཟུང་བའི་བློ་ཡོད་པར་ཐལ་བ་དང་། དེ་ 5-1-532b ལྟར་ན་དེར་རྟོག་པ་ཡོད་པ་རྣམས་སུ་ཐལ་ལོ། །གཞན་ཡང་ངོ་བོ་ཉིད་སྐུ་གནས་གྱུར་མ་ཡིན་པར་མ་གྲུབ་པ་ནི་གོང་དུ་བསྟན་ཟིན་ཏོ། །ཡང་ལ་ལ་ཞིག་ངོ་བོ་ཉིད་སྐུ་དང་ཆོས་སྐུ་གཉིས་རྗེ་བཙུན་གྱིས་གཞུང་མཚམས་སོ་སོར་བཅད་པའི་ཕྱིར་ཞེ་ན། གཞུང་གི་གཅོད་ཚུལ་དེ་ལྟར་ནི་ ངོ་བོ་ཉིད་སྐུ་དངོས་དང་། དེའི་ཡོན་ཏན་ལ་བསམས་ནས་གཞུང་གཅོད་པར་མཛད་ལ། དེ་ལྟར་མིན་ན་ཆོས་སྐུ་འདུས་བྱས་ཀྱི་ཆ་སོགས་ནས་བཞག་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་སོགས་གསུངས་པ་དང་དངོས་སུ་འགལ་ལོ། །འགའ་ཞིག་ཆོས་ཉིད་ཀྱི་ངོ་ བོ་ཉིད་ཁོ་ན་ལ་སྐུར་མི་རིགས་སོ་སྙམ་ན། ངེད་ལྟར་ན་ཡེ་ཤེས་ཀྱི་ངོ་བོ་དང་བྲལ་བའི་ཆོས་ཉིད་ཁོ་ན་བ་ལ་སོགས་པ་ཁས་ལེན་པ་མ་ཡིན་ནོ། །དེའི་ཕྱིར་འདི་ཉིད་ཀྱི་ཕྱོགས་བཟུང་ནས་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་པས་ངོ་བོ་ཉིད་སྐུར་ བཟུང་ནས། ཟག་པ་མེད་པའི་ཆོས་གང་དག །ཅེས་པའི་རྣམ་གྲངས་གང་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་སོགས་བཤད་པ་ཡིན་ཅེས་བཟུང་སྟེ། མདོར་ན་བྱང་ཆུབ་སོགས་ཚིགས་བཅད་ལྔ་པོ་འདིའི་དོན་ལ་ཟག་མེད་ཀྱི་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་སོགས་སུ་མི་བསྙད་ པར། ཟག་མེད་ཀྱི་ཆོས་བརྒྱ་བཞི་བཅུ་སོ་སོར་བཤད་པ་ཞེས་ཐ་སྙད་དུ་བྱས་སྣང་། གཉིས་པ་ལ། རང་གི་འདོད་པ་བརྗོད་པ། དེ་ལ་གཞན་གྱི་ཀླན་ཀ་བཀོད་པ། དེ་མི་འཇུག་པར་བསྟན་པ་ལས། དང་པོ་ནི། གནས་ཚུལ་གྱི་སྐུ་ལ་ཆོས་ཉིད་དང་ཆོས་ཅན་གཉིས་སུ་དབྱེ་བས་ གཉིས་དང་། སྣང་ཚུལ་ལོངས་སྤྲུལ་གཉིས་སུ་དབྱེ་བས་བཞིའོ། །གཉིས་པ་ནི། མདོར་བསྟན་དུ་སྐུ་གསུམ་ལས་མ་བཤད་པ་དང་། སྤྱིར་ཕར་ཕྱིན་ཐེག་པར་སྐུ་གསུམ་ལས་གཞན་མ་བཤད་པས་ནོངས་སོ་ཞེ་ན། གསུམ་པ་ནི། སྤྱིར་རྗེ་བཙུན་གྱི་གཞུང་དེས་ཆོས་སྐུ་མ་ 5-1-533a བསྟན་པ་མ་ཡིན་པར་ཚིག་ཟིན་ལ་དངོས་སུ་བསྟན་ཏེ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །ཞེས་གསུངས་པའི་ཕྱིར། འོ་ན་ཁྱོད་ཀྱིས་དེ་ལྟར་བསྟན་ན་ངོ་བོ་ཉིད་སྐུའི་མཇུག་ཐོགས་དེར་བསྟན་དགོས་པ་མ་ཡིན་ནམ་ཞེ་ན། སངས་རྒྱས་ངོ་བོ་ཉིད་སྐུ་ལོངས་སྤྲུལ་ སོགས་གཞན་དོན་ཕྲིན་ལས་ལ་འཇུག་པ་ན་རྟོགས་ཡེ་ཆོས་སྐུས་བདག་རྐྱེན་བྱེད་དགོས་པ་དེ་གོ་བའི་ཆེད་དུ་སྐུ་གསུམ་གྱི་འོག་ཏུ་སྦྱར་བར་སྣང་ངོ་། །དེས་ན་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་འདི་སྐུ་གསུམ་ལས་ལོགས་པ་མིན་ན་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ གདོད་མ་ནས་ཡོད་པར་ཐལ་བ་དང་། དེ་འདོད་ན། ཡེ་ཤེས་ཀྱི་སྡེ་ཚན་དེ་དག་སྔར་མེད་གསལ་བར་བྱས་པ་མ་ཡིན་པར་ཐལ་བས་སོ། །དེ་ལྟར་ཐལ་དུ་མི་རུང་བའི་ཕྱིར་ཆོས་སྐུ་ནི་ངོ་བོ་ཉིད་སྐུ་ལས་ལོགས་པའོ། །ལོངས་སྤྲུལ་གཉིས་སུའང་ཆོས་སྐུ་བཞག་མི་རུང་སྟེ། སེམས་ཅན་ལ་སྣང་མི་རུང་བའི་ཕྱིར། འོ་ན་ཕྱོགས་འདི་གཉིས་ལས་གང་བཟུང་ཞེ་ན། གཉིས་ཀར་འགལ་བ་མེད་དེ། ཡེ་ཤེས་ཀྱི་སྐུའམ་ཆོས་ཀྱི་སྐུ་དེ་གཉིས་ལྡོག་པ་ཐ་དད་ཀྱང་ངོ་བོ་ཐ་དད་པ་མེད་པའི་རང་མཚན་ཅིག་ཡིན་པས་གཉིས་ཀ་ཉན་ནོ། །གསུམ་ པ་ལ་གཉིས་ཏེ། སྐུ་མཚན་བཏགས་ཀྱི་ཁྱད་པར་དང་། ཤེས་བྱ་མཁྱེན་ཚུལ་གྱི་རབ་དབྱེའོ། །དང་པོ་ནི། ངོ་བོ་ཉིད་སྐུ་ལ་སངས་རྒྱས་བཏགས་པ་བའི་ཐ་སྙད་མི་འཇུག་ལ། ལོངས་སྤྲུལ་གཉིས་ལ་ནི་ངོ་བོ་སངས་རྒྱས་དངོས་ཡིན་ཏེ། སངས་རྒྱས་ཀྱི་སྲས་བསྡུས་པ་ དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། བྱ་གྲུབ་ཡེ་ཤེས་ཀྱི་སྐུ་དངོས་ཡིན་པའི་ཕྱིར། ཇི་སྐད་དུ། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་སྒྲུབ་པའོ། །ཞེས་ 5-1-533b ལོངས་སྤྲུལ་གཉིས་དང་ཡེ་ཤེས་དེ་སྦྱར་ནས་གསལ་བར་བཤད་པའི་ཕྱིར། འགའ་ཞིག་ལོངས་སྤྲུལ་གཉིས་སངས་རྒྱས་གོ་ཆོད་པོ་གཏན་མ་ཡིན་ཅེས་ཟེར་བ་ནི་འཁྲུལ་པ་ཡིན་ཏེ། གནས་ཚུལ་གྱི་སྐུ་དངོས་ལ་སྐུ་གསུམ་དུ་བཞག་པའི་ལུགས་དང་འགལ་བའི་ཕྱིར་དང་། ཁྱོད་ ལྟར་ན་གནས་ཚུལ་གྱི་སྐུ་གསུམ་དབྱེར་མེད་མ་ཡིན་པར་ཐལ་བའི་ཕྱིར། དེས་ན་སྣང་ཚུལ་གྱི་གཟུགས་སྐུ་གཉིས་ནི་སངས་རྒྱས་མ་ཡིན་ཏེ། དེ་ཀུན་རྫོབ་པའི་སྐུ་ཡིན་པའི་ཕྱིར་དང་། གདུལ་བྱ་གཞན་སྣང་གིས་བསྡུས་པའི་ཕྱིར། ཀུན་རྫོབ་པའི་སྐུ་བྱང་སེམས་འཕགས་པ་ ལྟ་བུ་ལ་མཚན་དཔེ་འབར་བ་ལྟ་བུར་སྣང་བ་དེ། དེར་སྣང་གི་བྱང་འཕགས་ཀྱི་ཤེས་པ་ལས་རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་བཞིན་ནོ། །ཞེས་བྱ་བ་འདི་དང་ཀུན་རྫོབ་པའི་གཟུགས་སྐུ་གཉིས་ཆོས་ ཅན། སངས་རྒྱས་དངོས་ཀྱི་ལོངས་སྤྲུལ་གྱི་སྐུར་ཡོད་པ་མ་ཡིན་ཏེ། དེ་ཡོད་ན་སེམས་དཔའ་སོགས་གཞན་ལ་ཀུན་རྫོབ་པའི་རྣམ་པར་སྣང་དུ་མི་རུང་དགོས་པ་ལས་སྣང་འདུག་པའི་ཕྱིར། དེས་ན་དེ་ལྟ་བུའི་སྣང་བ་དེ་མྱོང་མཁན་རང་གི་ཤེས་རྣམ་ལས་གཞན་མ་ཡིན་ནོ། ། འགའ་ཞིག་འདི་ལ་འདི་ལྟར་དོགས་ཏེ། གཟུགས་ཀྱི་སྐུ་དེ་དེར་སྣང་གི་ཤེས་པ་ལས་གཞན་མིན་ན་སྣང་བ་དེ་གཏོད་བྱེད་ཀྱི་རྒྱུ་གང་། རྒྱུ་མེད་པར་སྣང་ན་ནི་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བས་བཤད་དགོས་སོ་ཞེ་ན། མདོ་སྡེ་པའི་ལུགས་ལས་བསམས་ན་དེ་ལྟར་ དོགས་པ་ཡིན་ཀྱང་དེའི་ངོར་བཤད་པ། རྣམ་པ་སྣང་བའི་གཏོད་བྱེད་ཀྱི་རྒྱུ་རྫས་གྲུབ་དེར་མེད་ཀྱང་། རྣམ་པ་སྣང་བ་མི་འགལ་ཏེ། རྣམ་པ་སྣང་བ་ལས་མ་གཏོགས་པའི་དེ་གཏོད་བྱེད་ཀྱི་རྒྱུ་སྣང་རུང་མ་དམིགས་པའི་ཕྱིར། དེ་སྐད་དུའང་། སྔོན་པོར་སྣང་བ་མཐོང་བ་ཡིན། ། 5-1-534a ཕྱི་རོལ་ལན་གར་དོན་ཡོད་མིན། །ཅེས་པ་ལྟར་སངས་རྒྱས་ཀྱི་ལོངས་སྤྲུལ་གོ་ཆོད་པ་དེ་གཟུགས་སོགས་མ་ཡིན་ཏེ། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། ། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཞེས་གསུངས་པའི་ཕྱིར། ངག་དོན། དེར་སྣང་རེས་འགའ་བ་སྐྱེ་བ་ལ་དེ་འདྲའི་རྣམ་པ་གཏོད་བྱེད་ཀྱི་དོན་གཞན་མེད་ཀྱང་མི་འགལ་ཏེ། དེར་སྣང་གི་ཤེས་པ་དེའི་དེ་མ་ཐག་རྐྱེན་གྱི་སྟེང་གི་དེར་སྣང་གི་བག་ ཆགས་སད་ནས་དེར་སྣང་བའི་ཕྱིར། ལུང་གིས་ཀྱང་གྲུབ་སྟེ། འདིར་འགའ་ཞིག་ནི་འགའ་ཞིག་གིས། བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་བལྟོས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན་བག་ཆགས་དེ་གང་ཞེ་ན། གཉིས་ སྣང་གི་ཆའོ། །དེ་སད་བྱེད་ཀྱི་རྐྱེན་ནི་ཅི་ཞེ་ན། གདུལ་བྱའི་བསོད་ནམས་དང་སྨོན་ལམ་སྟེ། ཇི་སྐད་དུ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ་། །ཞེས་གསུངས་པའི་ཕྱིར་ན། གཞན་སྣང་ གི་སྐུ་གཉིས་བྱ་བ་སེམས་ཅན་གྱི་གནས་ལ་ཡོད་པའི་ཕྲིན་ལས་ཡིན་ལ། མདོར་ན་དམིགས་རྐྱེན་ངོ་བོ་ཉིད་སྐུ་ལ་ལྡན་པའི་ཡེ་ཤེས་དེ་ཉིད་སངས་རྒྱས་དང་། སེམས་དཔའ་དང་། སོ་སྐྱེ་རྣམ་གསུམ་གྱིས་ཡོངས་སུ་གཅོད་བྱེད་ཀྱི་ཤེས་པ་གསུམ་ལ་རིམ་བཞིན་སྐུ་གསུམ་དུ་ སྣང་བ་ཡིན་ནོ། ། འགའ་ཞིག་གཞན་སྣང་གི་གཟུགས་སྐུ་སངས་རྒྱས་མ་ཡིན་ན་སྡེ་སྣོད་གསུམ་སོགས་སངས་རྒྱས་ཀྱི་གསུངས་མ་ཡིན་པར་ཐལ་ཅེས་པ་དང་། གཞན་སྣང་གི་གཟུགས་སྐུ་གཉིས་ལ་ཡེ་ཤེས་ཡོད་ན་སངས་རྒྱས་སུ་ཐལ། ཡེ་ཤེས་མེད་ན་ལོངས་སྐུའི་ 5-1-534b ཡེ་ཤེས་རྟེན་པར་བྱེད་པ་དང་འགལ། སངས་རྒྱས་ཀྱི་སྤྲུལ་པ་ལ་ཡེ་ཤེས་མེད་ན་སངས་རྒྱས་ཀྱི་སྤྲུལ་པར་འགལ་སྙམ་ན། དོགས་པ་སྔ་མའི་ལན་ནི། སྤྱིར་སངས་རྒྱས་ཀྱི་གསུང་ལ་གཉིས་ཡོད་པ་ལས། བྱ་བ་ཡུལ་ལ་ཡོད་པའི་སངས་རྒྱས་ཀྱི་གསུང་ནི། གང་ཐོས་པ་པོའི་གདུལ་ བྱའི་རྒྱུད་ཀྱིས་བསྡུས་ཏེ། དེའི་ཤེས་རྒྱུད་ཀྱི་དམ་པའི་ཆོས་མིང་ཚིག་སོགས་སུ་སྣང་བའི་རྣམ་རིག་ལ་སངས་རྒྱས་ཀྱི་གསུང་ཞེས་བརྡ་བྱེད་དོ། །བྱེད་པ་པོ་ལ་ཡོད་པའི་གསུང་ནི། ཆོས་སྐུའི་རང་བཞིན་ལས་གཞན་མིན་ཏེ། སངས་རྒྱས་ཀྱི་གསུང་སངས་རྒྱས་གོ་ཆོད་པོ་ལས་ མ་གཏོགས་གཞན་ལ་མི་མངའ་བའི་ཕྱིར། དེས་ན་དེང་སང་སྣང་བའི་སངས་རྒྱས་ཀྱི་གསུང་རབ་སངས་རྒྱས་ཀྱི་བཀའ་མིན་པར་མི་འགྱུར་རོ། །དོགས་པ་ཕྱི་མ་གཉིས་ཀྱི་ལན་ནི། སངས་རྒྱས་ཀྱི་གཟུགས་སྐུ་ཡིན་ནོ་ཅོག་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡོད་པ་ཡིན་ཏེ། ཡེ་ཤེས་ ཀྱི་སྐུ་ཉིད་གདུལ་བྱ་ཐ་དད་ལ་སངས་རྒྱས་ཀྱི་སྐུར་སྣང་བའི་ཕྱིར། དེར་སྣང་བ་དེ་ལ་དེ་ཡོད་པར་གྲུབ་སྟེ། དེ་མིན་དེར་སྣང་བ་མི་འབྲེལ་བའི་ཕྱིར། འོན་ཀྱང་ཡེ་ཤེས་དེ་ལ་བརྟེན་ནས་སྣང་བའི་ཚེ་ཡེ་ཤེས་དེ་ཉིད་དོན་གཟུགས་སོགས་ཕྱི་རོལ་ཏུ་ཡོད་ནས་དེའི་རྣམ་པ་གཏོད་པ་མིན་ པ་གོང་དུ་བཤད་ཟིན་ལ། འོ་ན་དེར་སྣང་གི་གཟུགས་སྐུ་གཉིས་ལ་ཡེ་ཤེས་ཡོད་ཀྱང་སངས་རྒྱས་དངོས་མིན་པ་གྲུབ་སྟེ། སྣང་བའི་སྣང་ཆ་སེམས་ཅན་དུ་སྟོན་ལ། སྣང་གཞི་སངས་རྒྱས་ཉིད་དུ་གྲུབ་པའི་ཕྱིར། འདི་ལ་འགའ་ཞིག་གདུལ་བྱའི་མིག་ཤེས་ལ་སྣང་བའི་གཟུགས་ སྐུ་ཆོས་ཅན། སངས་རྒྱས་འཕགས་པར་ཐལ། རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར་ཞེ་ན། གཟུགས་སྐུ་གང་དུ་དམིགས་པའི་ཡུལ་དེར་ཡེ་ཤེས་ཀྱི་སྐུ་གཉིས་མེད་དུ་ཡོད་པ། དེའི་དབང་དུ་བྱས་ནས་གཟུགས་སྐུ་ལ་ཆོས་སྐུ་ཡོད་བྱས་ཀྱི། དམིགས་བྱེད་སེམས་ 5-1-535a ཅན་གྱི་ཤེས་པ་ལ་སྣང་བའི་སྣང་ཆའི་ངོ་ནས་གཟུགས་སྐུ་ལ་ཆོས་སྐུ་ཡོད་མ་བྱས་པ་ཡིན་ལ། དེ་ལྟར་ན་སྣང་གཞི་དོན། སྣང་ས་ཤེས་པ། ཇི་ལྟར་སྣང་བ་ཡུལ་གྱི་རྣམ་པ་ལ་སོགས་པའི་རྣམ་དབྱེ་ལེགས་པར་ཤེས་དགོས་སོ། །དེས་ན་ལོངས་སྐུ་དང་སྤྲུལ་སྐུ་ ཡིན་ན་ཡེ་ཤེས་རྒྱུད་ལ་ལྡན་དགོས་ཀྱང་། སེམས་ཅན་གྱི་མིག་ཤེས་ལ་སྣང་བའི་སྣང་ཆའི་གཟུགས་སྐུ་གཉིས་ལོངས་སྐུ་དང་སྤྲུལ་སྐུ་ཙམ་ཡིན་ཀྱང་། ལོངས་སྐུ་དང་སྤྲུལ་སྐུ་དངོས་མ་ཡིན་པའི་ཕྱིར། སྣང་གཞིའི་རྣམ་པ་ཤེས་པ་ལ་ཚུར་སྣང་བའི་སྣང་ཆ་ཤེས་པས་སླར་ཕྱི་དོན་གྱི་ རྣམ་པར་ཕར་སྣང་བའི་སྣང་ཆ་དེ་ལ་ཡེ་ཤེས་ཡོད་པར་བཤད་པ་དཀའོ། ། མདོར་ན་སེམས་ཅན་གྱི་ཤེས་པ་ལ་གང་སྣང་འཁྲུལ་པ་ཡིན་པས་སངས་རྒྱས་སུ་རུང་བ་མ་ཡིན་ཏེ། མ་འཁྲུལ་བའི་བརྟེན་པ་ཡེ་ཤེས་དང་རྟེན་སྐུ་སེམས་ཅན་ལ་མི་སྣང་བའི་ཕྱིར། དོན་འདི་སངས་རྒྱས་པར་སྨྲ་བའི་ སྤྱི་ལུགས་ཡིན་ཏེ། དཔལ་ཆོས་ཀྱི་གྲགས་པའི་རྒྱུད་གཞན་བསྒྲུབ་པར། རྒོལ་ཕྱི་རྒོལ་ཕན་ཚུན་ཅིག་ལ་གཅིག་སྣང་བའི་ཚེ་ན་སྣང་བའི་སྣང་ཆ་དེ། དེ་སྣང་མཁན་གྱི་ཤེས་པ་དེ་ཉིད་ཀྱིས་བསྡུས་པའི་ཕྱིར། དེ་ལས་རྫས་གཞན་མིན་ཀྱང་ཤེས་རྒྱུད་གཉིས་པོ་རྫས་གཞན་དུ་ བསྒྲུབ་པ་དང་། གཞན་སེམས་ཤེས་པའི་མངོན་ཤེས་གྱིས་རློམ་ཚོད་ལ་གཞན་སེམས་ཤེས་པར་རློམས་ཀྱང་། སོང་ཚོད་ལ་མངོན་ཤེས་ཀྱིས་དངོས་ཀྱི་རིག་བྱ་དེ་རང་གི་ཤེས་པ་ལས་གཞན་མིན་པས་གང་ཟག་གི་རྒྱུད་ཐ་དད་པ་ཡིན་ནོ། །འོ་ན་གཞན་སེམས་ཤེས་པ་དེ་ཚུལ་ཇི་ལྟར་ བུ་ཞིག་ཅེ་ན། རྣལ་འབྱོར་པ་སེམས་རབ་ཏུ་གསལ་བའི་མཐུ་ཐོབ་པ་ལ་ལྐོག་གྱུར་གྱི་ཡུལ་མངོན་སུམ་དུ་སྣང་བ་ཡིན་ཏེ། དེའང་གཞན་སེམས་ཤེས་པའི་ཤེས་པ་གཞན་སེམས་ཀྱི་རྣམ་པར་སྣང་བ་ཡིན་ནོ། །གཉིས་པ་ནི། ཡང་དག་པའི་ཀུན་རྫོབ་འདི་དག་འདི་ཁོ་ན་ལྟར་སངས་ 5-1-535b རྒྱས་ཀྱི་ཡེ་ཤེས་ལ་སྣང་བའི་སྒོ་ནས་མཁྱེན་ཀྱང་མཁྱེན་པ་འཁྲུལ་པར་མི་འགྱུར་ཞེས་བྱ་བ་འདི། ལེགས་ལྡན་བྱེད། ཞི་འཚོ་ཡབ་སྲས་སོགས་ཀྱིས་བཤད་ལ། གཟུང་འཛིན་གཉིས་སྣང་གི་ཤེས་པ་ཐམས་ཅད་མ་རིག་པའི་དབང་གིས་སྣང་བ་ཡིན་པས་སངས་རྒྱས་ཀྱི་ཡེ་ཤེས་ ལ་མི་སྣང་ལ། ཡེ་ཤེས་ཀྱིས་ནི་དོན་འབའ་ཞིག་མཁྱེན་པར་ཐོགས་མེད་ཞབས་དང་ཕྱོགས་ཀྱི་གླང་པོ་སོགས་བཞེད་དོ། །དེ་བཞིན་གཤེགས་པ་ཉིད་ལ་རང་སྣང་ལ་ཀུན་རྫོབ་པའི་སྣང་བ་གང་ཡང་མི་འཆར་ཀྱང་། གདུལ་བྱ་གཞན་ངོར་ཀུན་རྫོབ་ཀྱི་སྣང་བ་མཁྱེན་པར་སྟོན་ པ་སློབ་དཔོན་ཟླ་བ་གྲགས་པ་སོགས་ཆེན་པོ་དག་བཞེད་དོ། །འོན་ཀྱང་འདིར་ནི་རྒྱལ་བའི་སྲས་པོ་ཐོགས་མེད་ཀྱི་རྗེས་སུ་འབྲང་དགོས་པ་ཡིན་ཏེ། བྱམས་པའི་ཆོས་འཆད་པའི་སྐབས་སུ་འབྲེལ་ཆགས་པའི་ཕྱིར། དེས་ན་སློབ་དཔོན་དུལ་བའི་ལྷས་ཀྱང་ལུགས་འདིའི་རྗེས་སུ་ འབྲངས་ནས་སངས་རྒྱས་ཀྱི་རྗེས་ཐོབ་ལ་འཁྲུལ་པ་མངའ་བ་ཡིན་ཟེར་མོད་ཀྱང་། ལུགས་འདིའི་ཕྱོགས་ཇི་ལྟ་བ་མ་བཟུང་བ་ཡིན་ཏེ། སངས་རྒྱས་ལ་མཉམ་རྗེས་གཉིས་ཡོད་ལུགས་འདི་ལ་བཤད་དཀའ་ཞིང་། གཉིས་སྣང་འཁྲུལ་པའི་བག་ཆགས་དྲུངས་ནས་ཕྱུང་བའི་འོག་ཏུ་ ཡང་གཉིས་སྣང་གི་སྣང་བ་འཆར་ན་སྤངས་པ་ལ་ཡིད་མ་བརྟན་པར་ཐལ་བས། དཔེར་ན་རབ་རིབ་བྱང་བའི་རྗེས་སུ་སྐྲ་ཤད་སྣང་ན་རབ་རིབ་དག་པ་ཤིན་ཏུ་དཀའོ། ། ངག་དོན། སངས་རྒྱས་ཀྱིས་ཤེས་བྱ་ཇི་ལྟར་མཁྱེན་ཅེ་ན། ཤེས་བྱ་གང་དང་གང་ཡིན་པ་དེ་ཁོ་ན་ཉིད་མཁྱེན་པ་ ལ་ཤེས་བྱ་ཐམས་ཅད་མཁྱེན་པར་འཇོག་དགོས་པ་ཡིན་ཏེ། དཔེར་ན་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་དེ་ཁོ་ན་ཉིད་ཤེས་པ་ལ་བདེན་པ་བཞིའི་དོན་མཁྱེན་པར་འཇོག་པ་བཞིན་ཡིན་ལ། མཁྱེན་ཚུལ་འདིའི་ངོ་བོ་ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་དུ་མཁྱེན་པའམ་ཤེས་ 5-1-536a པའི་མངོན་སུམ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཤེས་བྱ་སོ་སོའི་གནས་ཚུལ་སྲིད་ཚད་མཁྱེན་པའམ་ཤེས་པའི་མངོན་སུམ་ནི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན་ལ། དེ་ལྟར་ན་ཆོས་ཅན་ཤེས་བྱ་སོ་སོའི་སྣང་ཚུལ་སེམས་ཅན་ལ་སྣང་བའི་སྣང་ཆ་འདི་ནི་སངས་རྒྱས་ ལ་སྣང་མི་དགོས་ཏེ། འདི་ནི་འཁྲུལ་པའི་དབང་གིས་མེད་བཞིན་དུ་སྣང་བའི་སྣང་ཆ་ཡིན་པས། སངས་རྒྱས་ལ་གཤིས་ལ་མི་གནས་པ་དང་། བསླུ་བའི་དོན་མངོན་སུམ་ལ་མི་སྣང་བའི་ཕྱིར་དང་། དེ་སྣང་ན་སངས་རྒྱས་ཀྱི་ཤེས་པ་དེ་མངོན་སུམ་ལྟར་སྣང་བ་ཡིན་པར་ཐལ་བ་དང་། དེ་འདོད་ན། མདོ་རྒྱུད་ཐམས་ཅད་ལས་སངས་རྒྱས་ནི་ཆོས་ཐམས་ཅད་ལ་དུས་རྟག་ཏུ་མངོན་སུམ་ཁོ་ནའོ་ཞེས་པ་དང་འགལ་བའོ། ། ཡང་ཁ་ཅིག་སངས་རྒྱས་ཀྱི་རང་སྣང་མཉམ་གཞག་ལ་མངོན་སུམ་ཁོ་ན་དང་། རྗེས་ཐོབ་གཞན་སྣང་ལ་མངོན་སུམ་ལྟར་སྣང་དུ་སྣང་ངོ་ཞེ་ན། དེ་ལྟ་ བུའི་ལུང་གང་ནས་ཀྱང་མི་འབྱུང་བའི་ཕྱིར་རང་བཟོའོ། །མདོར་ན་ཀུན་རྫོབ་བདེན་པ་མི་སྣང་ཡང་། ཤེས་བྱ་ཐམས་ཅད་མཁྱེན་པར་མི་འགལ་ཏེ། ཀུན་རྫོབ་ཀྱི་ཡིན་ལུགས་དང་སྣང་ལུགས་མ་འཁྲུལ་བ་དང་། འཁྲུལ་བའི་ཚུལ་སོ་སོར་མ་འདྲེས་པར་མཁྱེན་པས་མཁྱེན་པའི་གོ་ ཆོད་ལ། དེས་ཀུན་རྫོབ་སྣང་ཚུལ་མཁྱེན་པའི་གཞལ་བྱ་ཡང་སངས་རྒྱས་རང་ཉིད་ཀྱི་རང་རིག་ལས་གཞན་མ་ཡིན་ནོ། །དོན་འདི་ཉིད་ཐུགས་ལ་བཞག་སྟེ། དཔལ་ལྡན་ཆོས་ཀྱི་གྲགས་པས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་ མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་ཀུན་རྫོབ་བསླུ་བའི་ཆོས་ཐམས་ཅད་མ་རིག་པ་ཁོ་ནས་སྤྲུལ་པའི་དངོས་པོ་སྣང་བ་ཡིན་ལ། དེ་ལྟ་བུའི་སྣང་བ་ནི་སངས་རྒྱས་ལ་མི་འཆར་ཏེ། དེ་འཆར་ན་སངས་རྒྱས་ལ་འཁྲུལ་པ་འཆར་ 5-1-536b བར་འགྱུར་བའི་ཕྱིར། དེས་ན་སངས་རྒྱས་ལ་ཀུན་རྫོབ་སྣང་བའི་གྲུབ་མཐའ་འདི་ཉེས་པས། ཁ་ཅིག་སངས་རྒྱས་ལ་འཁྲུལ་པ་འཆར། སངས་རྒྱས་མི་འཁྲུལ་ཟེར་བ་སོགས་ཟེར་དགོས་བྱུང་བ་ཡིན་ཏེ། འཁྲུལ་པ་ནི་འཁྲུལ་པའི་ཤེས་པ་ལ་འཆར་བ་ལས་གཞན་ཅི་ཞིག་ཡོད། འོ་ན་སངས་རྒྱས་རང་གིས་རང་དབང་དུ་མཁྱེན་པའི་དངོས་དེ་གང་ཞེ་ན། དོན་དམ་བདེན་པའི་ངོ་བོ་ཡོངས་གྲུབ་མཉམ་རྗེས་དང་བྲལ་བའི་ཡང་དག་མཐའ་ཁོ་ན་མངོན་སུམ་དུ་བྱེད་པ་ཡིན་ལ། འདི་ལ་འགའ་ཞིག་འདི་ལྟར་དོགས་ཏེ། ཀུན་རྫོབ་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་ ན་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་ལོ་སྙམ་ན། དེས་མི་གནོད་པའི་ཚུལ་བཤད་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་ཀྱི་སྣང་བ་འཆར་བར། ཐེག་པ་ཆེན་པོའི་ངེས་དོན་གྱི་ལུང་གི་སྒྲུབ་བྱེད་མེད་དེ། ཐེག་པ་ཆེན་པོར་སྨྲ་བ་རྣམས་སྤྱིར་ཀུན་རྫོབ་ཀྱི་ཆ་ཐམས་ཅད་ ཡང་དག་པ་མ་ཡིན་པས། ཡང་དག་པའི་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་གྱི་ངོར་ཕྱིན་ཅི་ལོག་ཏུ་གཟིགས་པ་དང་། ལྷག་པར་ཕྱི་དོན་གྱི་དངོས་པོ་གཏན་མེད་པར་བཤད་པས་སེམས་ཅན་གྱི་དུས་སུ་མེད་པ་སངས་རྒྱས་ཀྱི་དུས་སུ་ཡོད་པར་སྣང་ན་དེ་ལས་མི་རིགས་པ་ཅི་ཡོད། ལྷག་པར་རྒྱ་ཆེན་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། ཟབ་མོ་འཇིགས་མེད་དུ་སྨྲ་བ་གྲགས་སྡེ་སྤྱོད་པའི་དབུ་མ་པ་སུའི་ལུགས་ལའང་སངས་རྒྱས་ལ་ཀུན་རྫོབ་ཀྱི་སྣང་བ་འཆར་བའི་ལུང་ཚིག་གཅིག་ཀྱང་མེད་པའི་ཕྱིར། ལུང་མེད་པའི་ཁར་དེ་ལྟར་སྨྲ་བ་ལ་གནོད་བྱེད་ཀྱང་ཡོད་དེ། ཇི་སྐད་ དུ། འདི་དག་འཁྲུལ་པའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་འཁྲུལ་པའི་གཉིད་སད་ན། །འཁོར་བ་རྣམས་ནི་དམིགས་སུ་མེད། །ཅེས་དང་། རྒྱན་ལས། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང་། །བྱང་ཆུབ་སེམས་དཔས་ 5-1-537a དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང་། །ཞེས་གསུངས་པའི་ཕྱིར་དང་། ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་མེད་ཁང་། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ཡིས་མི་ མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཅིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མིན་མཐོང་བ། །ཉི་མ་ཤར་ཞིང་མིག་བྱེའི་ཚེ། །སྣང་བར་གྱུར་པ་མ་ ཡིན་ལྟར། །དེ་བཞིན་མཁས་པས་ཡང་དག་གི། ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་གསུངས་པའི་ཕྱིར། གཞན་ཡང་རིགས་པས་གནོད་བྱེད་འདི་ལྟར་ཡོད་དེ། སངས་རྒྱས་ཀྱི་མཁྱེན་ པ་ལ་ཀུན་རྫོབ་ཀྱི་རྣམ་པ་རང་སྣང་དུ་འཆར་ན། རྣམ་པ་དེ་དེར་སྣང་གི་ཤེས་པ་རང་གི་བདག་ཉིད་དུ་ཡོད་དམ། དེ་ལས་གཞན་གང་ཡིན། དང་པོ་ལྟར་ན། རྣམ་པ་དེ་གཏོད་བྱེད་རང་ལས་རྫས་གཞན་ཞིག་ཡོད་དམ་མེད། དང་པོ་ལྟར་ན་གཟུགས་འཛིན་རྫས་གཞན་ཡོད་པར་ ཁས་བླངས་པས་ཐེག་པ་ཆེན་པོ་བདག་གི་ལུགས་ལས་ཕྱི་རོལ་ཏུ་སོང་ལ། གཉིས་པ་ལྟར་ན་འགྲོ་བ་རིགས་དྲུག་དང་སྒྲིབ་གཉིས་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་སངས་རྒྱས་ཀྱི་ཡེ་ཤེས་སུ་ཐལ་བར་འགྱུར་ཏེ། དེ་ལ་དེར་སྣང་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་དངོས་ཡིན་ལ། རྣམ་པ་དེ་གཏོད་བྱེད་ཀྱི་རྒྱུ་རྫས་གཞན་མི་དམིགས་པའི་ཕྱིར། གཉིས་པ་ལྟར་ན་རང་ལ་སྣང་བའི་ཤེས་རྣམ་རང་རིག་མ་ཡིན་ན། བསྟན་སྲུང་ཆོས་གྲགས་ཀྱིས། བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པས་ཚུལ་གཉིས་པར་གྲུབ་པ་ན་རང་རིག་པར་ཡང་གྲུབ་བོ་ཞེས་བྱ་བ་འདི་དང་ 5-1-537b འགལ་ལ། དེས་ན་ཁོ་བོ་ཅག་གི་འདོད་པ་སྒྲུབ་ངག་ཏུ་བཀོད་པར་བྱ་སྟེ། གང་མ་རིག་པའི་དབང་གིས་སྣང་བའི་ཤེས་བྱ་དེ་ཡིན་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བས་ཁྱབ། རབ་རིབ་དང་བྲལ་བ་ལ་སྐྲ་ཤད་མི་སྣང་བ་བཞིན་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པའང་དེ་ཡིན་ནོ་ཞེས་བྱ་ བ་འདི་ནི་ཁྱབ་བྱེད་འགལ་བ་དམིགས་པའི་གཏན་ཚིགས་སོ། །མདོར་ན་ཀུན་རྫོབ་ཀྱི་སྣང་བ་སངས་རྒྱས་ཀྱིས་གཞན་སྣང་ལ་མཁྱེན་པ་ཙམ་ཞིག་འཐད་དུ་ཆུག །དེའི་ཚེ་དེ་མངོན་སུམ་དུ་སྣང་ནས་མཁྱེན་པ་ནི་མ་ཡིན་ནོ། །དེ་ལ་འགའ་ཞིག་འདི་ལྟར་རྒོལ་ཏེ། སངས་རྒྱས་ ཀྱི་ཡེ་ཤེས་དེས་གཞན་སྣང་དུ་ཀུན་རྫོབ་མཁྱེན་ན་ཀུན་རྫོབ་དེ་མངོན་སུམ་དུ་མཁྱེན་དགོས་པར་ཐལ། དེས་མཁྱེན་པ་གང་ཞིག །མངོན་སུམ་དུ་མི་མཁྱེན་ན་ལྐོག་གྱུར་འཇལ་བྱེད་ཀྱི་རྗེས་དཔག་ནི་དེར་མེད་པས་མངོན་སུམ་ལས་འོས་མེད་པའི་ཕྱིར་དང་། ཀུན་རྫོབ་མཁྱེན་ན་ ཀུན་རྫོབ་དེ་ཡེ་ཤེས་དེའི་དངོས་ཀྱི་གཞལ་བྱ་ཡིན་པར་འགྱུར་ཞེ་ན། རྟགས་དང་པོ་མ་ངེས་པ་ཡིན་ཏེ། ཤེས་པས་ཤེས་བྱ་ཤེས་པ་སོགས་ལ་མངོན་རྗེས་གང་རུང་གི་ཆ་ནས་འཇོག་པ་སེམས་ཅན་ལ་ཡིན་གྱི། སངས་རྒྱས་ཀྱི་སར་ནི་བསམ་གྱིས་མི་ཁྱབ་པའི་ཡུལ་ཡིན་པས་ཤེས་ བྱ་མཁྱེན་ཚུལ་ཉི་ཚེ་བ་དེ་ལྟ་བུའི་སྒོ་ནས་འཇུག་དགོས་པ་མ་ཡིན་པའི་ཕྱིར་དང་། རྟགས་གཉིས་པ་ཡང་མ་ངེས་ཏེ། བདག་འཛིན་ལྷན་སྐྱེས་ཀྱང་འཛིན་སྟངས་དེའི་དངོས་ཀྱི་གཞལ་བྱ་ཡིན་ཀྱང་མངོན་སུམ་ལ་སྣང་བར་མ་དམིགས་པའི་ཕྱིར། དེར་མ་ཟད་དོན་སྤྱི་སོགས་མཁྱེན་ ནའང་མངོན་སུམ་དུ་མཁྱེན་མི་དགོས་ཏེ། མཁྱེན་པ་དེས་དོན་སྤྱི་སོགས་གཞན་སྣང་གི་ཚུལ་གྱིས་མཁྱེན་པའི་ཕྱིར། དཔེར་ན་སད་པའི་ཤེས་པའི་རང་དུས་སུ་རྨི་ལམ་ཡུལ་གྱི་སྣང་ཚུལ་ཁོང་དུ་ཆུབ་པ་བཞིན་ནོ། །གཉིས་པ་ཚིག་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་ 5-1-538a པོ་ནི། འབྲས་བུ་ཆོས་སྐུ་འཆད་པ་དེའི་ཐོག་མར་ཡང་ངོ་བོ་ཉིད་ཀྱི་སྐུ་དང་། ལ་སོགས་པས་སྐུ་ལྷག་མ་གཞན་གསུམ་གྱི་དབྱེ་བས་སྐུ་རྣམ་པ་བཞི་ཡིན་པས་ན། དང་པོ་ངོ་བོ་ཉིད་ཀྱི་སྐུ་འཆད་དོ། །གཉིས་པ་ལ། མདོར། རབ་འབྱོར་གཞན་ཡང་ཟག་པ་ མེད་པའི་ཆོས་རྨི་ལམ་ལྟ་བུ་དང་། དངོས་པོ་མི་ལྡན་པ་དངོས་པོ་མེད་པའི་རང་བཞིན་ཅན་རང་གི་མཚན་ཉིད་ཀྱིས་སྟོང་པ་རྣམ་པ་ཐམས་ཅད་ཡོངས་སུ་དག་པར་གྱུར་པ། དེ་དག་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པའི་མཚན་ཉིད་གཅིག་པོ་འདི་ལྟ་སྟེ། མཚན་ཉིད་མེད་པ་དེ་ནི་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱ་སྟེ། ཞེས་སོགས་ཀྱི་དོན་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོའི་ངོ་བོ་ཉིད་སྐུ་ནི་ཟག་པ་མེད་པ་དེ་བཞིན་གཤེགས་པ་ཁོ་ནའི་ཁྱད་པར་གྱི་ཆོས་གང་སུ་དག་ཅི་མཆིས་པ་དེ་སྙེད་ཅིག་ ཐོབ་པར་འགྱུར་བའི་ངོ་བོ་སྤང་བྱ་བག་ཆགས་དང་བཅས་པ་རྣམ་པ་ཀུན་ཏུ་སྤངས་པས་རྣམ་པར་དག་པ་དེ་དག་ནི་དག་པ་གཉིས་དང་ལྡན་པ་འབའ་ཞིག་པས་དེ་བཞིན་གཤེགས་པའི་རང་བཞིན་དང་ངོ་བོ་མཚོན་པའི་མཚན་ཉིད་ཅན་ཡིན་ནོ། །གསུམ་པ་ལ། ངོ་བོ་ཉིད་སྐུའི་རང་བཞིན། ཇི་ལྟར་ཐོབ་པའི་ཚུལ། སྐུ་ལྷག་མ་གསུམ་ཐ་དད་དུ་བཞག་པའི་དགོས་པའོ། །དང་པོ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་རྟོགས་པའི་ཆོས་དྲན་པ་ཉེ་བར་བཞག་པ་ལ་སོགས་ཏེ་ཟག་པ་མེད་པའི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོའི་བདག་ཉིད་དང་དབྱེར་མེད་ དུ་ལྡན་ཅིང་། དེ་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་འགོག་པའི་བདེན་པ་ཟག་པ་མེད་པའི་གནས་ཚུལ་ལ་སྤང་བྱ་དྲི་མའི་ཚོགས་རྣམས་གློ་བུར་བ་ཉིད་ཀྱིས་ན། ཡང་དག་པར་ཡོད་པའི་དངོས་པོ་མ་ཡིན་པའི་ཕྱིར། དྲི་མའི་ཚོགས་དྲི་མས་བསྒྲིབས་པ་ལྟར་ 5-1-538b སྣང་བ་དང་། མ་བསྒྲིབས་པའི་དུས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་ཅིང་དྲི་མས་རང་བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་པ་གང་དག་ཡིན་པ་དེ་དག་གི་རང་གི་ངོ་བོ་ཉིད་སྐྱེ་བ་མེད་པའི་ངོ་བོ་ཉིད་ནི་སྐབས་འདིའི་རྫོགས་པའི་སངས་རྒྱས་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ་ཞེས་གསུངས་པས། འདིར་ཡང་ སྐྱེ་མེད་ངོ་བོ་ཉིད་ཀྱིས་བསྒྲུབ་པར་བཤད་པས་ཆད་སྟོང་དུ་མ་གསུངས་པ་དང་། གང་དག་ཡིན་པ་དེ་དག་ཅེས་ངོ་བོ་ཉིད་སྐུ་ལ་མང་ཚིག་གི་སྒྲས་བསྟན་པས་ཀྱང་། ངོ་བོ་ཉིད་སྐུའི་རང་བཞིན་སྐྱེ་མེད་ཀྱི་ཚུལ་ལས་ཉམས་པ་མེད་པའི་ངོ་བོ་མཐའ་ཡས་པར་བཤད་ཀྱི། གཞན་ དག་གི་ལྟར་སྐྱེ་མེད་ཀྱི་ངོ་བོ་ཉིད་ཡིན་བྱས་པས་སྐྱེ་མེད་ཁོ་རང་གི་ངོ་བོ་ཉིད་ཡིན་ཟེར་བ་ལྟ་བུ་ལ་འཆད་ན། སྐྱེ་མེད་ཀྱི་ངོ་བོ་ཉིད་རྒྱུ་མ་བྱུང་བས་ངོ་བོ་ཉིད་ཕྱི་མའི་སྒྲ་སྨོས་པ་དོན་མེད་དུ་སོང་ངོ་། །གཉིས་པ་ནི། འདུ་བྱེད་ཀྱིས་བཅོས་མ་མ་ཡིན་པའི་དོན་གྱིས་འཇིག་རྟེན་ ལས་འདས་པ་ཟག་པ་མེད་པའི་ལམ་གྱི་ངོ་བོ་ཉིད་སྐུ་ནི་ཆོས་ཉིད་ཀྱིས་འཐོབ་ཀྱི། ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཀྱིས་བྱས་པ་ནི་མ་ཡིན་པ་འོད་གསལ་བ་དེ་བསྒྲིབ་བྱ་ཀུན་གཞིའི་གནས་ལ་ཆོས་དབྱིངས་དང་རྒྱུ་མཐུན་པའི་ཐོས་པའི་ས་བོན་གཉེན་པོའི་ངོ་བོར་ཡོད་པ་སྟེ་སྟོབས་ འཕེལ་ནས་ཀུན་གཞིའི་སྟེང་གི་སྤང་བྱ་རྣམས་རིམ་གྱིས་སྤང་བའི་ཚུལ་ནི། ཐོས་སོགས་ཀྱི་ངོ་བོར་གྱུར་པའི་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་ཀུན་རྫོབ་འཁྲུལ་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པར་རྟོགས་པའི་གོམས་པ་མཐར་ཕྱིན་པའི་སྒོ་ནས་གཉེན་པོ་ཚོགས་ གཉིས་བསགས་པས་སྤང་བྱ་སྒྲིབ་གཉིས་དང་བཅས་པ་འགགས་ནས་མཐར་སངས་རྒྱས་སའི་རྣམ་མཁྱེན་གྱི་ནུས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མི་ཕྱེད་པ་ཆོས་སྐུའི་ཕྲིན་ལས་ཐོགས་པ་མེད་པའི་ནུས་ལྡན་དེ་རྒྱུན་མཐའ་པ་ལ་འཇུག་པ་ན། དེའི་སྟོབས་མ་བཟོད་པས་ཀུན་ 5-1-539a གཞི་ཉིད་འགགས་ལ། དེ་འགགས་པ་ན་དེ་ལ་བརྟེན་པའི་རྣམ་ཤེས་སྒྱུ་མ་ལྟ་བུ་ཀུན་མཁྱེན་ཐོབ་བྱེད་ཀྱི་རིགས་སམ་རྒྱུ་སྟེ། ཐོས་པའི་བག་ཆགས་ཀྱི་ངོ་བོ་འཛིན་པའི་ལམ་དུས་ཀྱི་དགེ་བ་དེའང་འགགས་པས་རྫོགས་པའི་སངས་རྒྱས་ཀྱི་སར་དགེ་ བའི་རྩ་བ་ཆད་པའང་དེའི་དོན་ཡིན་ནོ། །དེ་ལྟར་མིན་པར་རྫོགས་པའི་སངས་རྒྱས་ཀྱི་སས་བསྡུས་དད་སོགས་ཟག་མེད་ཀྱི་དགེ་བ་རྣམ་མཁྱེན་གྱི་ངོ་བོར་ཡོད་པ་མེད་ཅེས་མི་རུང་ངོ་། །འདིར་ཁོ་བོས་རྣལ་འབྱོར་སྤྱོད་པའི་དབུ་མའི་ངེས་དོན་ཡང་དག་པ་ཞིག་བཤད་པ་ ཡིན་པས་ཐེ་ཚོམ་ཟ་དགོས་པ་མེད་དོ། །གསུམ་པ་ནི། སྐུ་ལྷག་མ་གསུམ་པོའང་དོན་དམ་པ་སྟེ་གནས་ཚུལ་ལ་ཞུགས་པར་ཆོས་ཀྱི་དབྱིངས་ཉིད་ཀྱི་ངོ་བོ་ལས་གཞན་མིན་ཀྱང་། ཡང་དག་པའི་ཀུན་རྫོབ་ཏུ་ངོ་བོ་ཉིད་ཀྱི་སྐུ་སངས་རྒྱས་རང་སྣང་དང་སེམས་ཅན་གཞན་སྣང་ གིས་ཇི་ལྟར་མངོན་སུམ་གྱི་མོས་པས་རབ་ཏུ་ཕྱེ་བ་ནི། སངས་རྒྱས་ལ་ཆོས་སྐུ་དང་། བྱང་ཆུབ་སེམས་དཔའ་ལ་ལོངས་སྐུ་དང་། ཉན་ཐོས་དང་། ལ་སོགས་པས་རང་རྒྱལ་དང་སོ་སྐྱེའི་སྤྱོད་ཡུལ་དུ་སྤྲུལ་པའི་སྐུར་རྣམ་པར་བཞག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། ། འདིར་དོགས་པ་འདི་ལྟ་བུ་ཞིག་དཔྱད་པར་བྱ་སྟེ། གཞུང་འདིས་སྐུ་ལྷག་མ་གསུམ་པོ་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཉིད་ཅེས་གསུངས་པས། སངས་རྒྱས་ཀྱི་སྐུ་ཡིན་ན་ཡུལ་ངོ་བོ་ཉིད་སྐུ་གཅིག་པུ་ཡིན་པས་ཁྱབ་ལ། ཡུལ་ཅན་སངས་རྒྱས་འཕགས་པ་ནང་ཕན་ཚུན་དུ་ རང་རིག་གི་གཟིགས་ངོ་དང་། སེམས་ཅན་དག་མ་དག་གི་དོན་རིགས་ཀྱིས་སྣང་བ་ཐ་དད་པ་གཉིས་བྱུང་གི། ངོ་བོ་ཉིད་སྐུ་ལ་གནས་ཚུལ་རྫས་ཀྱི་སྟེང་ནས་སྐུ་ལྷག་མ་གསུམ་ཕྱེ་རུ་མེད་པར་བཤད་འདུག་པའི་ཕྱིར་ན། ཁྱོད་ཀྱིས་སྤྱི་དོན་གྱི་སྐབས་སུ་ངོ་བོ་ཉིད་སྐུ་ལ་གནས་ཚུལ་ 5-1-539b རྫས་ཀྱི་སྟེང་ནས་སྐུ་ལྷག་མ་གསུམ་ཁས་བླངས་པ་དང་འགལ་ལོ་ཞེ་ན། བདེན་མོད། སྤྱི་དོན་དུ་དེ་ལྟར་སྨོས་པ་ནི་ཅུང་ཟད་དཔྱད་པའི་ངེས་དོན་གྱི་དབང་དུ་བྱས་ནས་དེ་ལྟར་སྨྲས་པ་ཡིན་གྱི། འདིར་ནི་ཤིན་ཏུ་དཔྱད་པའི་དབང་དུ་བྱས་པས་འདི་ཁོ་ན་ལྟར་རིགས་སོ། །ཡང་ཁྱོད་ ཀྱིས་སྤྱི་དོན་དུ་སངས་རྒྱས་ལ་ཡང་དག་ཀུན་རྫོབ་མི་སྣང་ཞེས་བཤད་ནས། འདིར་ཀུན་རྫོབ་ཏུ་སྣང་བ་ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ནི་སངས་རྒྱས་དང་ཞེས་གསུངས་པས། སངས་རྒྱས་ལ་ཀུན་རྫོབ་སྣང་བར་བཤད་པ་དང་འགལ་ལོ་སྙམ་ན། འདིར་རྒྱ་དཔེར། ཀུན་རྫོབ་ཏུ་ ཞེས་སོགས་བྱང་ཆུབ་སེམས་དཔའ་དང་སྦྲེལ་དགོས་པ་ལ། སྡེབ་སྦྱོར་ལྕི་ཡང་མ་སྙོམས་པས་འདི་ལྟར་སྦྲེལ་ནས་བོད་དུ་བསྒྱུར་བའི་ཚེ་དེ་ལྟར་ཚིག་འཕྲོས་ལ་བྱུང་བ་ཡིན་པ་དང་། དེར་མ་ཟད། འཇིག་རྟེན་དབང་ཕྱུག་ཆོས་གྲགས་རྒྱ་མཚོས། ཡང་དག་པར་ན་བདེན་གཉིས་མི་ འགལ་བའི་ཟུང་འཇུག་གམ། རྟེན་འབྱུང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་གཞི་ལམ་རྣམ་པའི་སྐབས་གསུམ་གར་ཡ་མ་བྲལ་བས་སངས་རྒྱས་ལ་སངས་རྒྱས་སས་བསྡུས་ཀྱི་ཡང་དག་ཀུན་རྫོབ་ཡོད་ལ། དེ་ཡོད་ཚུལ་སངས་རྒྱས་ཐམས་ཅད་ཀྱི་དོན་དམ་ངོ་བོ་ཉིད་ སྐུར་ཡོད་པ་དེ་ལས་མཆེད་པའི་ཟག་མེད་ཀྱི་སྡེ་ཚན་ཉེར་གཅིག་པོའི་མཁྱེན་པས་སངས་རྒྱས་ནང་ཕན་ཚུན་ལ་གཟིགས་པ་ན། སོ་སོའི་ངོ་བོ་ཉིད་སྐུ་ཡེ་ཤེས་ཀྱི་སྐུ་དང་བཅས་པ་ཡང་དག་པའི་ཀུན་རྫོབ་ཏུ་གཟིགས་པ་ཡིན་ནོ། །དེའང་ཡང་དག་པ་མ་ཡིན་ཏེ། སོ་སོའི་ཡེ་ཤེས་ཆོས་ སྐུ་ཡིན་པ་ལ་འཁྲུལ་པས་བསྐྱེད་པ་མེད་པ་དང་། ཀུན་རྫོབ་ཀྱི་ཐ་སྙད་འཇུག་པས་སངས་རྒྱས་ཀྱི་མཁྱེན་པ་གང་དང་གང་ལ་དེ་དང་དེར་སྣང་བའི་སངས་རྒྱས་གཞན་པའི་ཆོས་སྐུའི་རྣམ་པ་དེ་སྣང་ཚུལ་གཞན་རིག་ལྟར་སྣང་ཡང་། གནས་ཚུལ་རྣམ་པ་དེ་སངས་རྒྱས་རང་ཉིད་ཀྱི་མཁྱེན་པ་ 5-1-540a ལས་གཞན་དུ་རིགས་པ་མིན་པས་རང་རིག་ཏུ་གྲུབ་བོ། །དེས་ན་འདི་ལྟ་བུའི་ཡང་དག་ཀུན་རྫོབ་ནི་མ་རིག་འཁྲུལ་སྣང་གི་བག་ཆགས་ལས་བྱུང་བའི་གཞན་དབང་གི་སྣང་བ་སེམས་ཅན་ལ་སྣང་རུང་དུ་འདུ་བྱས་པ་འདི་ལྟ་བུ་མ་ཡིན་ནོ། །འོ་ན་དེ་ལྟ་བུ་ལ་ཡང་དག་ ཀུན་རྫོབ་མི་ཟེར་བར་དོན་དམ་པར་ཡོད་པ་ཞེས་མི་བརྗོད་པ་ཅི་ཞེ་ན། རུང་མོད་ཀྱི་སངས་རྒྱས་ཀྱི་སྙིང་པོ་རང་གི་ངོ་བོ་རང་གིས་རིག་པ་ལ་དོན་དམ་དང་། སངས་རྒྱས་ཀྱི་སྙིང་པོ་གཞན་གྱི་ངོ་བོ་རང་གིས་རིག་པ་ལ་ཡང་དག་ཀུན་རྫོབ་ཏུ་བསྙད་དོ། །འོ་ན་གཞན་དག་ཆོས་སྐུ་ཐམས་ཅད་ མཉམ་ཉིད་རོ་གཅིག་ཡིན་པ་ལ་ནང་ཕན་ཚུན་དུ་རང་གཞན་གྱི་སྣང་བ་མི་འཆར་བའི་ཕྱིར། སངས་རྒྱས་ཀྱི་ས་ན་དེ་ལྟ་བུའི་ཡང་དག་ཀུན་རྫོབ་ཀྱི་རྣམ་གཞག་མ་བཤད་དོ་སྙམ་ན། ཆོས་སྐུ་ཐམས་ཅད་བཟང་ངན་མེད་པར་སངས་རྒྱས་ཡིན་པར་མཚུངས་ཤིང་། སྤྲོས་བྲལ་སྟོང་ཆེན་དུ་ གཅིག་ཐ་དད་དང་བྲལ་བར་དབྱེ་མི་ནུས་པར་རོ་མཉམ་ཡང་། རྟེན་འབྲེལ་ཟབ་མོར་ཕན་ཚུན་དུ་སྣང་བར་མི་འགལ་ཏེ། རྒྱལ་བ་རིགས་ལྔ་ལ་སོགས་པ་ཞིང་ཁམས་ཀྱི་ཁྱད་པར་ཐ་དད་དུ་སྣང་བའི་སྒོ་ནས་ལོངས་སྐུ་ལ་ཐ་དད་ལ། ཆོས་སྐུ་ཐ་དད་པ་བརྟེན་པ་སངས་རྒྱས་རྣམས་ ནང་ཕན་ཚུན་སྒྲིབ་པ་མེད་པར་མངོན་སུམ་དུ་མཁྱེན་པ་ནི་མདོ་རྒྱུད་རྣམས་སུ་གསལ་ལོ། །འདི་ལྟ་བུའི་ཡང་དག་ཀུན་རྫོབ་ཀྱི་རྣམ་གཞག་མ་བཤད་ན། སངས་རྒྱས་རང་སྣང་གིས་དག་པའི་སངས་རྒྱས་གཞན་གྱི་འཇིག་རྟེན་གྱི་ཁམས་ཀྱི་ངང་པ་སོགས་གཟིགས་པ་དེ་ཡང་དག་ ཀུན་རྫོབ་དང་དོན་དམ་གང་ཡིན། དོན་དམ་ཡིན་ན་དོན་དམ་འགྲོ་འོང་དང་བྲལ་བ་མ་ཡིན་པར་ཐལ། དེ་སྐབས་ཀྱི་ངང་པ་དེ་དོན་དམ་ཡིན་པ་གང་ཞིག །དག་པའི་སངས་རྒྱས་ཀྱི་ཞིང་མཛེས་པའི་ཕྱིར་འགྲོ་འོང་བྱེད་པའི་ཕྱིར་རོ། །ཡང་ངང་པ་དེ་དེས་བསྡུས་ཀྱི་ཡང་དག་ཀུན་ 5-1-540b རྫོབ་ཡིན་ན་ཁོ་བོ་ཅག་གི་འདོད་པ་གྲུབ་ལ། མི་མཐུན་ཕྱོགས་ཀྱི་དེ་གཉིས་ཀ་ཡིན་པ་དང་། མི་མཐུན་ཕྱོགས་ཀྱི་དེ་གཉིས་ཀ་ཡིན་པའི་ཕུང་གསུམ་པ་ནི་དེར་མི་སྲིད་པའི་ཕྱིར་ཞེས་གསུངས་སོ། །འགའ་ཞིག་སློབ་དཔོན་གྱིས། ཡང་དག་པའི་ཀུན་རྫོབ་ཏུ་སྨོས་པའི་དོན་སློབ་ དཔོན་ཉིད་མདོ་སྡེ་སྤྱོད་པའི་དབུ་མ་པ་ཡིན་པ་ལ་བསམས་ནས་སྨྲས་པ་ཡིན་ཀྱང་ཟེར་རོ། །དེས་ན་མཁས་པ་དག་གི་ལུགས་ལས་རྒྱུ་མཚན་གང་གི་ཕྱིར་ཆོས་གང་ཞིག་གཟོད་མ་ནས་དབེན་པ་དེ་རང་བཞིན་གྱིས་དབེན་པར་གྱུར་པ་དེ་ལས་དབེན་པ་ཐ་མི་དད་པ་ཉིད་དུ་འདོད་ཅེས་ གནས་ཚུལ་ལ་ཞུགས་པར་འབྱུང་བའི་ཕྱིར། སྐུ་ལྷག་མ་གསུམ་ངོ་བོ་ཉིད་སྐུ་དེ་དང་ཐ་མི་དད་ཀྱང་སྣང་ཚུལ་ཐ་དད་པར་རྣམ་པར་བཞག་སྟེ། དཔེར་ན་སྐྱེས་བུ་གཅིག་གི་གཟུགས་ལ་འདོད་བྱ་ཡིན་མིན་གྱི་སྣང་བ་ཐ་དད་པའི་ཁྱད་པར་སྣང་བ་བཞིན་ནོ། །གཉིས་པ་ལ་བཞི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མཛད་པ་ཕྲིན་ལས་བཤད་པའོ། །དང་པོ་ལ་སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། དྲི་མའི་གནས་པ་ཐམས་ཅད་ཡོངས་སུ་སྤངས་པར་གྱུར་པའི་མཐར་ཐུག་གི་མཁྱེན་པ་ནི་ཡེ་ཤེས་སོ། །གྲུབ་མཐའ་དམན་པ་བ་འགའ་ཞིག །ཀུན་གཞི་སངས་ རྒྱས་ཀྱི་སར་ཡོད་པ་ལ། དེའི་དྲི་མ་གནས་ངན་ལེན་སྤངས་ནས་གྱུར་པ་ནི་དེ་སྤངས་པ། ཀུན་གཞི་གཉིས་མེད་ཀྱི་ཡེ་ཤེས་མེ་ལོང་ལྟ་བུར་གྱུར་པ་ཡིན་ཟེར་བ་ལ་ལུང་རིགས་ཀྱི་གནོད་པ་མཐའ་ཡས་པ་འབབ་ཀྱང་སྤྲོས་པ་ཆོག་གོ། མདོར་ན་བཤད་པ་དེ་ནི་རང་བཟོ་འབའ་ ཞིག་ཡིན་ནོ། །དེ་ལྟར་ཡེ་ཤེས་ངོས་བཟུང་ནས་ཡེ་ཤེས་ཀྱི་དབྱེ་བ་ཇི་ལྟ་བུ་ཞེ་ན། མདོ་རྒྱན་ལས་གསལ་བ་བཞི་དང་། དོན་ཐོབ་ཀྱིས་ཆོས་དབྱིངས་ཡེ་ཤེས་ཏེ་ལྔའོ། །དེ་ལ་ཆོས་དབྱིངས་ཡེ་ཤེས་ནི་སྐུ་ཐམས་ཅད་ཀྱི་སྙིང་པོ་ངོ་བོ་ཉིད་སྐུ་ཡེ་ཤེས་ཐམས་ཅད་ཀྱི་ཁམས་ 5-1-541a ཆོས་ཉིད་ཡེ་ཤེས་བྲལ་བྱ་ཐམས་ཅད་དང་བྲལ་བའི་ངོ་བོ་ཡོན་ཏན་ཀུན་ལྡན་ཡིན་པ་ལ་འགའ་ཞིག་དགག་པ་ཁོ་ནའི་ཆ་ནས་འཆད་པ་ནི་ནོར་བ་ཡིན་ནོ། །འོ་ན་ཡེ་ཤེས་དེ་ཉིད་ལ་བྱེད་ལས་སོ་སོའི་སྒོ་ནས་བཞིར་ཕྱེ་སྟེ་ཀུན་གཞི་དག་པའི་སྟོབས་ཀྱིས་ཆོས་དབྱིངས་ ཡེ་ཤེས་འོད་གསལ་བ་ལ་དེ་བཞིན་གཤེགས་པ་རང་གི་ཐུན་མོང་མིན་པའི་ཆོས་ཀྱི་རྣམ་པ་རྣམས་འཆར་བ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉོན་ཡིད་ཡོངས་སུ་དག་པས་བྱམས་པ་དང་ཐུགས་རྗེ་ཆེན་པོས་མཉམ་པར་ལྡན་པའི་མཉམ་ཉིད་ཡེ་ཤེས་དང་། ཡིད་ཀྱི་རྣམ་པར་ཤེས་ པའི་རྒྱུ་བ་ཆད་པས་ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཏིང་ངེ་འཛིན་དང་། གཟུངས་ཀྱི་མཛོད་དུ་གྱུར་པ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་རྣམ་ཤེས་དང་བྲལ་བའི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པར་སྤྱོད་ཡུལ་དང་རན་པར་མཐུན་པའི་དོན་བསྒྱུར་ཏེ་སྤྲུལ་པ་ ལ་མཐུ་ཐོབ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་བཞི་ལས། སྔ་མ་གཉིས་རང་ངོར་མཛད་པ་མཛད་པའི་མཁྱེན་པ་གཙོ་ཆེ་ལ། ཕྱི་མ་གཉིས་གཞན་ངོར་མཛད་པ་མཛད་པའི་མཁྱེན་པ་གཙོ་ཆེ་སྟེ། དེའང་སྨོན་ནས་མཁྱེན་པའི་མཐུས་ཡེ་ཤེས་ཕྱི་མ་གཉིས་ཀྱི་སྐུ་དེ་གདུལ་བྱ་ གཞན་ངོས་འདི་ལྟར་རྟོག་སྟེ། གཟུང་འཛིན་གཉིས་སུ་སྣང་བའི་ཕྱིར་སེམས་དང་སེམས་བྱུང་གི་མཚན་ཉིད་ཚང་བ་དང་། ཆོས་སྟོན་པ་སོགས་བྱ་བ་མཛད་པ་དང་། གཉིས་སྣང་གི་བག་ཆགས་གནས་གྱུར་པ་སྟེ་ཁྱད་ཆོས་གསུམ་དང་ལྡན་ནོ། །འོ་ན་ཟག་མེད་ཀྱི་ཡེ་ ཤེས་སྡེ་ཚན་ཉེར་གཅིག་པོ་འདིའི་ཡེ་ཤེས་བཞི་གང་ཡིན་ཅེ་ན། སོ་སོར་སྦྱར་ནས་བཤད་རྒྱུ་ཡོད་ཀྱང་ཉེར་གཅིག་པོ་རེ་རེ་ཞིང་ཡེ་ཤེས་བཞི་བཞིའི་ངོ་བོས་མ་བསྡུས་པ་མ་ཡིན་ནོ། །གཉིས་པ་ཚིག་གི་དོན་ལ་དྲུག །ཆོས་རྣམས་ཀྱི་རྣམ་པ་བཤད་པ། ཉན་ཐོས་ཀྱི་ཉོན་ 5-1-541b མོངས་པ་མེད་པ་ལས་ཁྱད་པར། སྨོན་ནས་མཁྱེན་པའི་ཁྱད་པར། ཕྲིན་ལས་འཇུག་པའི་ཚུལ། མ་ངེས་པ་སྤང་བ། ཁྱབ་པ་དང་རྟག་པའི་དོན་ནོ། །དང་པོ་ལ་སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་སྐུ་དང་པོ་ཆོས་ཉིད་ཀྱི་སྐུ་དེ་བསྟན་ནས། གཉིས་པ་དེ་ གང་ལ་ལྡན་པའི་ཆོས་ཀྱི་སྐུ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཟག་པ་མེད་པའི་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་ངོ་བོ་འདི་འཆད་དོ། །གཉིས་པ་ནི། མདོར། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཟག་པ་མེད་པའི་ཆོས་དེ་དག་གང་ལགས། བཀའ་སྩལ་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། ཞེས་སོགས་ཀྱི་དོན་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་མཐུན་པ་སོ་བདུན་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ གྱིས་པའི་སྙོམས་འཇུག་དགུའི་བདག་ཉིད་དང་། ཟད་པར་བཅུའི་བདག་ཉིད་དང་སྟེ། འདིའི་དོན་ཅུང་ཟད་ཅིག་བཤད་ན། ངོ་བོ། རྒྱུ། འབྲས་བུ། རྟགས། སྐྱེ་མཆེད་གཞན་ལ་ཟད་པར་དུ་མི་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། ཟད་པར་དང་པོ་བརྒྱད་ཀྱི་ངོ་བོ་མ་ཆག་ པའི་དགེ་རྩ་ཡིན་ཏེ། མཛོད་ལས། ཟད་པར་བཅུའོ་བརྒྱད་མ་ཆགས། །ཞེས་སོ། །ཟད་པར་ཐ་མ་གཉིས་ནི་རང་རང་གི་དངོས་གཞི་དག་པ་བ་དེ་ཡིན་ཏེ། འདོད་པ་གཉིས་ནི་གཟུགས་མེད་དག །ཅེས་སོ། །དེ་དག་ནི་སློབ་པའི་དབང་དུ་བྱས་པ་ཟག་བཅས་ཀྱང་ཡོད་ ལ། སངས་རྒྱས་ཀྱི་སའི་ཟད་པར་བཅུ་ནི་ཟག་མེད་ཀྱི་ངོ་བོ་འབའ་ཞིག་ཡིན་ནོ། །གཉིས་པ་ལ། ས་གང་གི་སེམས་ལ་བརྟེན་པ་དང་། ཡུལ་གང་ལ་དམིགས་པ་དང་། རྣམ་པ་ཇི་ལྟར་བསྒོམ་པའོ། ། དང་པོ་ནི། ཟད་པར་དང་པོ་བརྒྱད་བསམ་གཏན་བཞི་པའི་དངོས་གཞི་ལ་ 5-1-542a བརྟེན་པ་ཡིན་ཏེ། ཇི་སྐད་དུ། ཟད་པར་བཅུའོ་བརྒྱད་མ་ཆགས། །ཞེས་པས། བསམ་གཏན་མཐའ་ན་ཟད་པར་ཐ་མ་གཉིས་ནི་རང་རང་གི་དངོས་གཞི་ལ་བརྟེན་པ་ཡིན་ནོ། ། གཉིས་པ་ནི། ཟད་པར་དང་པོ་བརྒྱད་ཀྱི་དམིགས་པ་ནི་འདོད་པ་ཁམས་ ཀྱི་སྐྱེ་མཆེད་དེ་ཡིན་ཏེ། ཇི་སྐད་དུ། བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པ་ཞེས་སོ། །འགྲེལ་པ་ལས། ཁ་ཅིག་ཟད་པར་རླུང་གི་དམིགས་པ་ནི་རེག་བྱ་ཡིན་ཟེར་ལོ་ཞེས་མི་འཐད་པར་བསྟན་ཏོ། །ཟད་པར་ཐ་མ་གཉིས་ཀྱི་དམིགས་པ་མིང་བཞིའི་ཕུང་པོ་ ཡིན་ཏེ། ཇི་སྐད་དུ། སྤྱོད་ཡུལ་རང་གི་ཕུང་པོ་བཞི། །ཞེས་སོ། ། གསུམ་པ་ནི། ཟད་པར་སའི་ཏིང་ངེ་འཛིན་ལ་སོགས་པ་བསྒོམ་པའི་ཚེ། སའི་དང་ཞེས་དམིགས་ཡུལ་དུ་བྱས་ནས་སྦྱོར་བའི་དུས་སུ་འབྱུང་བ་ཐམས་ཅད་ས་ཡིན་དུ་བསྒོམ་ཞིང་། དངོས་གཞིའི་ དུས་སུ་ས་ཞེས་མིང་ལ་དམིགས་ནས་བསྒོམ་པ་ཡིན་ནོ། །དེ་བཞིན་དུ་སྣོད་ཆུས་གང་བ་དང་། ཤིང་སྐམ་ལ་མེ་འབར་བ་དང་། བུག་པར་ནམ་མཁའི་རླུང་ལུས་ལ་ཕོག་པ་དང་། སྔོ་སེར་དམར་དཀར་པོའི་བྱེ་བྲག་གང་ཞིག་དང་། བུ་ནམ་མཁར་ལ་སོགས་པ་དང་། བུ ག་ནམ་མཁའ་ལ་སོགས་པ་དང་། བུ་ག་མར་མེའི་འོད་རྩིག་ངོས་ལ་ཕོག་པ་ལ་སོགས་དམིགས་ཡུལ་དུ་བྱས་ནས་སྔ་མ་བཞིན་དུ་བསྒོམ་མོ། །གསུམ་པ་འབྲས་བུ་ནི། སའི་ཏིང་ངེ་འཛིན་ལ་སོགས་པ་བསྒོམ་པ་ལ་བརྟེན་ནས་ཆུ་ལ་བྱིང་བ་མེད་པར་འགྲོ་བ་དང་། ས་ལ་བྱི་བ་འཛུལ་བ་ལྟར་བྱེད་པ་དང་། མེ་ ཆར་འབེབས་པ་དང་། མགྱོགས་པའི་རྫུ་འཕྲུལ་དང་། ས་གཞི་ཐམས་ཅད་གཡུ་དང་། གསེར་དང་། མུ་ཏིག་དང་། དུང་དང་། ཤེལ་དུ་བསྒྱུར་བ་ལ་སོགས་པ་དང་། རི་ལ་ཐོགས་རྡུགས་མེད་པར་འགྲོ་བ་དང་། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱིས་ཁྱབ་པར་འཇུག་པ་ཡིན་ 5-1-542b ནོ། །བཞི་པ་རྟགས་ནི། དེ་དང་དེ་བསྒོམ་པའི་ཚེ་ས་གཞི་ཐམས་ཅད་ལག་མཐིལ་ལྟར་མཉམ་པ་དང་། ཆུ་གཡོ་བ་མེད་ཅིང་ལྦུ་བ་མེད་པ་དང་། མེ་གཡོ་བ་མེད་ཅིང་ཁ་དོག་དྭངས་པ་དང་། རླུང་ཕྱོགས་གཅིག་ནས་དལ་གྱིས་འབབ་ཅིང་ས་ཚུབ་མེད་པ་དང་། སྔོན་པོ་ལ་ སོགས་པ་བཞི་པོ་དེ་ཁ་དོག་གཞན་དང་མ་འདྲེས་བར་གསལ་བར་སྣང་བ་དང་། རི་ལ་སོགས་པ་ཐོགས་རྡུགས་གཏན་མེད་པར་སྣང་བ་དང་། ཤེས་པ་ལ་ཐ་དད་པ་དོན་གྱི་སྣང་བ་གཏན་མི་སྣང་ན་སྣང་བའི་མཚན་མ་མེད་དེ་གྲུབ་པའི་རྟགས་ཡིན་ནོ། །དེ་ལས་གཞན་དུ་སྣང་ན་ འཛིན་པའི་མཚན་མ་ཟེར་ཏེ་མ་གྲུབ་པའི་རྟགས་ཡིན་ནོ། །ལྔ་པ་སྐྱེ་མཆེད་གཞན་ལ་ཟད་པར་དུ་མི་འཇོག་པ་ནི། ཅི་ཡང་མེད་པ་དང་སྲིད་པའི་རྩེ་མོ་གཉིས་ལ་ཟད་པར་དུ་མི་འཇོག་སྟེ་སེམས་བསྡུས་པ་དང་མི་གསལ་བ་ཡིན་པའི་ཕྱིར། དབང་པོ་གཟུགས་ཅན་གྱི་སྐྱེ་མཆེད་ དྲུག་ལ་ཟད་པར་དུ་མི་འཇོག་སྟེ། ཕྱི་རོལ་དུ་ཡོད་པར་བྱར་མི་ནུས་པའི་ཕྱིར། སྒྲའི་སྐྱེ་མཆེད་ལ་མ་ཡིན་ཏེ་རྒྱུན་མེད་པའི་ཕྱིར་དང་། རྒྱུན་མི་འཆད་ཅིང་ཐམས་ཅད་དུ་ཁྱབ་པར་སྤྲོ་དགོས་པའི་ཕྱིར་ན་ཟད་པར་དུ་འཇོག་གོ། དྲི་རོ་གཉིས་ལ་མ་ཡིན་ཏེ། གཟུགས་ཁམས་ སུ་ཁྱབ་པར་མི་ནུས་པའི་ཕྱིར། མདོར་ན་ཟད་པར་དང་། མཐའ་དག་དང་། མ་ལུས་པ་དང་། ཁྱབ་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ལ། རང་ལ་གང་སྣང་བའི་གཟུང་རྣམ་ཐམས་ཅད་ས་ལ་སོགས་པའི་སྣང་བས་ཁྱབ་སྟེ། སྤྲོ་བའི་ཏིང་ངེ་འཛིན་ལ་ཟད་པར་ཟེར་རོ། །ཟིལ་ གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཞེས་པའི་དོན་ནི། མཛོད་ལས། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། །གཉིས་ནི་རྣམ་ཐར་དང་པོ་བཞིན། །གཉིས་ནི་གཉིས་པ་བཞིན་ནོ་གཞན། །སྡུག་པའི་རྣམ་པར་ཐར་བར་བཞིན། །ཅེས་པས་ 5-1-543a ནང་གཟུགས་སུ་འདུ་ཤེས་པས་གཟུགས་ཆུང་ངུ་དང་ཆེན་པོ་ཟིལ་གྱིས་གནོན་པ་གཉིས་པོ་དེ་རྣམ་ཐར་དང་པོ་དང་ཁྱད་པར་མེད་དོ། །ནང་གཟུགས་མེད་པར་འདུ་ཤེས་པས་གཟུགས་ཆུང་ངུ་དང་ཆེན་པོ་ཟིལ་གྱིས་གནོན་པ་གཉིས་པོ་དེ་རྣམ་ཐར་གཉིས་པོ་ དང་ཁྱད་པར་མེད་དོ། །ནང་གཟུགས་མེད་དུ་འདུ་ཤེས་པས་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་ཟིལ་གྱིས་གནོན་པ་བཞི་དེ་སྡུག་པའི་རྣམ་ཐར་དང་ཁྱད་མེད་དོ། །མདོར་ན་རྣམ་པར་ཐར་པ་ནི་འདུ་བྱེད་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་པའི་ཆ་དང་། ཡང་ན་སྒྲིབ་པ་ཐམས་ ཅད་ལས་ངེས་པར་གྲོལ་བའི་ཆ་དང་། ཟིལ་གནོན་ནི་ཉིད་ཀྱི་ཐུགས་ལ་མངའ་བསྒྱུར་བས་ཇི་ལྟར་བཞེད་པ་བཞིན་བྱིན་གྱིས་རློབ་པ་ནི་འཇིག་རྟེན་གྱི་དམིགས་པས་ཟིལ་གྱིས་གནོན་པ་དང་། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཁྱབ་པ་ནི་ཟད་པར་གྱི་ཐུགས་བསྐྱེད་པ་སྟེ། ཇི་སྐད་དུ། མདོ་སྡེ་རྒྱན་ལས། ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །སྤྱིར་རྣམ་ཐར་དང་ཟད་པར་ཟིལ་གནོན་ཙམ་ལྡོག་ནས་འགོག་སྙོམས་ལ་འཇུག་ པའི་རྣམ་ཐར་མ་གཏོགས་གཞན་ཐམས་ཅད་སྐྱེ་འཕགས་གཉིས་ལ་ཡོད་པར་བཤད་དོ། །ཉོན་མོངས་པ་མེད་པ་སྟེ་གཞན་གྱི་ཉོན་མོངས་རྒྱུན་གཅོད་པ་དང་། སྔོན་ཤེས་བྱ་ཐམས་ཅད་མཁྱེན་པའི་སྨོན་ལམ་བཏབ་པས་ད་ལྟ་ཤེས་བྱ་ཐམས་ཅད་མཁྱེན་པ་དང་། མངོན་ཤེས་ དྲུག་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྣམ་པ་ཐམས་ཅད་དུ་དག་པ་བཞི་སྟེ། ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ཏོ། །དབང་བཅུ་ 5-1-543b དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །སྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེ་བར་བཞག་པ་རྣམ་པ་གསུམ་དང་སྟེ། སྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་ན་བག་བརྐྱང་གསུང་། །ཀུན་ནས་ཉོན་མོངས་གཉིས་སྤངས་ཏེ། །འཁོར་སྡུད་ཁྱོད་ ལ་ཕྱག་འཚལ་ལོ། །ཞེས་སོ། །སེམས་ཅན་གྱི་དོན་ལ་བསྙེལ་པ་མི་མངའ་བའི་ཆོས་ཉིད་དང་། འཁོར་བའི་གནས་པ་གཏད་མེད་པར་བག་ཆགས་ཡང་དག་བཅོམ་པ་དང་། སྐྱེ་བོ་སྟེ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་དང་། ཐུབ་པ་ཁོ་ནའི་མ་འདྲེས་པའི་ཆོས་བཅོ་ བརྒྱད་བཤད་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ་དག་གི་བདག་ ཉིད་ལ་ནི་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། རྩ་བའི་ཚིག་དོན་བཤད། སྐུའི་གྲངས་ངེས་ཀྱི་འདོད་ཚུལ་སོ་སོར་བཤད་པ་གཉིས། དང་པོ་ལ། ཡོན་ཏན་སོ་སོར་དབྱེ། ཐམས་ཅད་ཆོས་སྐུར་བསྡུ་བ་གཉིས་ལས། དང་པོ་ནི། སྡེ་ཚན་དང་པོ་དེ་བཞིན་གཤེགས་པ་རང་ཉིད་ཀྱི་སྐུས་བསྡུས་པའི་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ནས་བཟུང་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་བྱང་ཆུབ་ཀྱི་ཕྱོགས་རྣམས་སེམས་ཅན་གྱི་དུས་བྲལ་སྟོབས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་མི་གསལ་ བ་ལྟ་བུ་མིན་པ། ཡོངས་སུ་རྫོགས་པ་དྲི་མ་དང་བྲལ་བ། ཟག་པ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱིས་བསྡུས་པ་ཡིན་ནོ། །ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་དེ་ཐམས་ཅད་ལ་འདི་བཞིན་དུ་སྦྱར་རོ། །སྡེ་ཚན་གཉིས་པ་སྔ་མ་འཇུག་སྒྲུབ་ཏུ་བསྟན་པ་བཞིན་བྱམས་པ་ལ་ 5-1-544a སོགས་པ་ཚད་མེད་པ་སྐྱེ་བོ་གཞན་རྣམས་ཚངས་པའི་གནས་བཞིར་སྐྱེ་བར་བྱེད་པ་རྣམས་དང་། སྡེ་ཚན་གསུམ་པ་ནི། ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་བལྟ་བ་དང་། ནང་གཟུགས་དང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་ གྱི་གཟུགས་ལ་བལྟ་བ་ནི་གཟུགས་ཅན་མིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་ཞེས་བྱ་བ་གཉིས་དང་ཞེས་བསྟན་པར་མཛད་ལ། འདིའི་ནང་ཤེས་པ་ཉིད་ཡུལ་གྱི་རྣམ་ལྡན་དུ་སྐྱེས་མ་སྐྱེས་ལ་བཞག་གི། འགའ་ཞིག་གི་ལྟར་དབང་པོ་གཟུགས་ཅན་པར་ལྟ་མི་ལྟ་ལ་འཇོག་ པ་ནི་འཁྲུལ་གཏམ་ཡིན་ཅེས་ཟེར་རོ། །སྡུག་པའི་རྣམ་པར་ཐར་པ་སྟེ་ཡིད་དུ་འོང་བའི་རང་བཞིན་ལུས་གྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་གནས་པ་ཞེས་བྱ་བ་གཅིག་དང་། ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པ་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་ གྱི་སྐྱེ་མཆེད་ཅེས་བྱ་བ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་གཅིག་སྟེ། དེ་ལྟར་རྣམ་པར་ཐར་པ་བརྒྱད་དང་། སྡེ་ཚན་བཞི་པ། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའི་སྙོམས་པར་འཇུག་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྡེ་ཚན་ལྔ་པ། ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་མཐའ་ ཡས་དང་། རྣམ་པར་ཤེས་པ་མཐའ་ཡས་ཞེས་བྱ་བ་ཟད་པར་རྣམ་པ་བཅུ་དང་། སྡེ་ཚན་དྲུག་པ། ནང་ཤེས་པ་གཟུགས་ཅན་དུ་འདུ་ཤེས་ནས་ཕྱི་རོལ་གྱི་རྣམ་པ་ཐམས་ཅད་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་། དེ་དག་ 5-1-544b ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་དང་། ནང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང་ཆེན་པོའི་རྣམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་ཞིང་། དེ་དག་ཟིལ་གྱིས་མནན་ནས་ཞེས་བྱ་བ་གཉིས་ཏེ་བཞི་དང་། ནང་གཟུགས་མེད་པར་ འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་ཟིལ་གྱིས་མནན་ནས་མཐོང་བ་ཞེས་བྱ་བ་རྣམ་པ་བཞི་སྟེ། མདོར་ན་སྐལ་བ་མཉམ་པ་ལ་འབྱུང་བ་བཞི་ཁ་དོག་བཞིར་སྣང་བའི་སྣང་བ་དེ་དག་འགོག་པ་ལ་མཐུ་ཐོབ་སྟེ་མི་སྣང་བར་ བྱས་ནས། ཡུལ་ཐམས་ཅད་གསེར་ལྟ་བུ་ཁོ་ནའམ་འབའ་ཞིག་གམ་ཟད་པར་སྣང་བར་བྱེད་པའི་ཏིང་ངེ་འཛིན་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དང་། སྡེ་ཚན་བདུན་པ། ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུངས་ནས་འབྱིན་པའི་ཏིང་ངེ་འཛིན་ ཞེས་བྱ་བ་གང་ཡིན་པ་ཉོན་མོངས་པ་མེད་པ་དང་། སྡེ་ཚན་བརྒྱད་པ། ཡང་དག་པར་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་དེ་ལྟ་བུའི་རང་བཞིན་ལས་མ་འདས་ཀྱང་། གདུལ་བྱ་སྤྲོས་མཚན་དུ་ལྟ་བ་དག་གི་འདོད་ཆགས་ལ་སོགས་པ་བཅོམ་པར་བྱེད་ཅིང་ཐེ་ཚོམ་སིལ་ བར་མཛད་པའི་སྨོན་ལམ་གྲུབ་པས་དེ་བཞིན་གཤེགས་པའི་ཡེ་ཤེས་འཁོར་བ་ཇི་སྲིད་པའི་གནས་སྐབས་སུ་འགྲོ་བའི་དོན་ལ་འཇུག་པ་དང་། རྣམ་པར་གྲོལ་བ་ཇི་སྲིད་པའི་གནས་སྐབས་སུའང་མཁྱེན་པ་དེ་སེམས་ཅན་ལ་འཇུག་པ་ཞེས་བྱ་བ་སྨོན་ནས་མཁྱེན་པ་དང་། སྡེ་ཚན་ དགུ་པ། སྔར་སྐབས་དང་དུ་བཤད་པའི་མངོན་པར་ཤེས་པ་དྲུག་དང་། སྡེ་ཚན་བཅུ་པ། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྡེ་ཚན་བཅུ་གཅིག་པ། རྟེན་དང་། དམིགས་པ་དང་། ཐུགས་དང་། ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་བ་དག་པ་བཞི་དང་། སྡེ་ཚན་བཅུ་གཉིས་པ། 5-1-545a ཚེའི་འདུ་བྱེད་བྱིན་གྱིས་རློབ་ནུས་པ་ཚེ་ལ་དབང་བ་དང་། ཇི་ལྟར་འདོད་པར་ཏིང་ངེ་འཛིན་ལ་འཇུག་ནུས་པས་སེམས་ལ་དབང་བ་དང་། ཇི་ལྟར་འདོད་པའི་ནོར་ཆར་བཞིན་དུ་འབེབས་པར་ནུས་པས་ཡོ་བྱད་ལ་དབང་བ་དང་། རྣམ་སྨིན་གཞན་དང་གཞན་ དུ་བསྒྱུར་ནུས་པས་ལས་ལ་དབང་བ་དང་། རྣམ་པ་གཅིག་ཏུ་ན་སེམས་ཅན་རྣམས་ནི་ལས་ལ་དབང་མ་ཐོབ་པ་སྟེ། རང་རང་གི་བྱ་བྱེད་ལས་གསུམ་ཇི་ལྟར་བྱེད་རང་དབང་གིས་མི་འདུས་ལ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་རང་དབང་དུ་འདུས་པའི་ཆ་ནས་ཀྱང་བཞག་གོ ། ཇི་ལྟར་འདོད་པའི་སྐྱེ་བ་ཀུན་ཏུ་སྟོན་ནུས་པས་སྐྱེ་བ་ལ་དབང་བ་དང་། ས་ལ་སོགས་པ་གསེར་དུ་བསྒྱུར་ནུས་པས་མོས་པ་ལ་དབང་བ་དང་། ཇི་ལྟར་སྨོན་པའི་འབྲས་བུ་གྲུབ་པས་སྨོན་ལམ་ལ་དབང་བ་དང་། ཇི་ལྟར་འདོད་པའི་རྫུ་འཕྲུལ་སྟོན་ནུས་པས་རྫུ་འཕྲུལ་ལ་དབང་བ་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་ལ་དབང་བ་དང་། ཇི་ལྟར་འདོད་པའི་ཆོས་ཀྱི་སྒོ་ཀུན་ནས་སྟོན་ནུས་པས་ཆོས་ལ་དབང་བ་ཞེས་བྱ་བ་དབང་བཅུའོ། །དང་ནི་ཕྲད་དོ། །འདིར་དང་པོ་གསུམ་ནི་སྦྱིན་པའི་འབྲས་བུ་དང་། ལས་དང་སྐྱེ་བ་ནི་ཚུལ་ཁྲིམས་ཀྱི་དང་། མོས་པ་ནི་ བཟོད་པའི་དང་། སྨོན་ལམ་ནི་བརྩོན་འགྲུས་ཀྱི་དང་། རྫུ་འཕྲུལ་ནི་བསམ་གཏན་གྱི་དང་། ཐ་མ་གཉིས་ནི་ཤེས་རབ་ཀྱི་སྟེ་སློབ་པའི་གནས་སྐབས་སུ་ཆ་མཐུན་དང་། དངོས་ནི་སངས་རྒྱས་ཀྱི་ས་ཁོ་ན་ནའོ། །སྡེ་ཚན་བཅུ་གསུམ་པ། སྔར་སྐབས་བཞི་པར་བཤད་པའི་སྟོབས་བཅུ་དང་། སྡེ་ཚན་བཅུ་བཞི་པ། མི་འཇིགས་པ་བཞི་དང་། བཅོ་ལྔ་པ། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ལ་འཁྲུལ་པ་ཡོངས་སུ་དག་པ་སྟེ། སངས་རྒྱས་ཀྱི་རང་བཞིན་འདི་ལ་ཕྱིན་ཅི་ལོག་གི་ཀུན་ཏུ་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་པའི་བསྙེངས་པས་ཏེ་ངོ་ཚ་བའམ་ 5-1-545b བག་ཚ་བས་མི་གསལ་བར་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའོ་ཞེས་བྱ་བ་སྲུང་བ་མེད་པ་རྣམ་པ་གསུམ་དང་། བཅུ་དྲུག་པ་ནི། དེ་བཞིན་གཤེགས་པས་ཆོས་སྟོན་པ་ན་གུས་པས་ཉན་པར་འདོད་པ་དང་། ཉན་པར་མི་འདོད་པ་དང་། རེས་གུས་རེས་མི་གུས་པའི་གཉིས་ཀ་ དག་ལ་གོ་རིམ་བཞིན་དུ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་ཆགས་སྡང་གཉིས་ཀ་ཆ་མཉམ་པར་སྐྱེ་བ་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་པ་ཞེས་བྱ་བ་དྲན་པ་ཉེ་བར་བཞག་པ་རྣམ་པ་གསུམ་དང་། བཅུ་བདུན་པ། སེམས་ཅན་གྱི་དོན་མཛད་ པའི་དུས་ལས་མི་འདའ་བར་གང་ལ་གང་འདུལ་དུ་ཐུབ་པས་སྐབས་དེར་མཛད་པ་ཡོལ་མི་སྲིད་པའི་མཚན་ཉིད་ཅེས་བྱ་བ་བསྙེལ་བ་སྟེ་བརྗེད་པ་མི་མངའ་བའི་ཆོས་ཉིད་དང་། བཅོ་བརྒྱད་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས་བག་ཆགས་ ཡང་དག་པར་བཅོམ་པ་དང་། བཅུ་དགུ་པ། སྐྱེ་བོ་མཐའ་དག་ལ་ཕན་པའི་བསམ་པ་ཉིད་ཅེས་བྱ་བ་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་ཉིད་དང་། ཉི་ཤུ་པ། འཕགས་ཆུང་འོག་མ་རྣམས་དང་མ་འདྲེས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཉེར་གཅིག་པ་རྣམ་མཁྱེན་གྱི་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དེ་འབྲས་བུའི་རྣམ་མཁྱེན་དང་། རྩ་བར་དང་ཞེས་བྱ་བའི་སྒྲས་བརྗོད་ན། དེ་ལས་གཞན་པ་གང་བསྡུས་ཤེ་ན། ལམ་ཤེས་པ་ཉིད་དང་ལ་སོགས་པས་ཐམས་ཅད་ཤེས་པ་ཉིད་སྔར་བཤད་པ་དག་ཀྱང་ཡིན་ཏེ་ཞེས་འོག་མ་འདྲེན་པའོ། །གཉིས་པ་ནི། བྱང་ཆུབ་ཀྱི་ཕྱོགས་དང་ མཐུན་པ་ལ་སོགས་པ་ཇི་སྐད་སྨོས་པའི་སྡེ་ཚན་ཉེར་གཅིག་པོ་གཞན་དབང་གི་སྤྲོས་པ་མེད་པའི་ཡོངས་གྲུབ་ཡེ་ཤེས་ཀྱི་བདག་ཉིད་སྤང་བྱ་ཐམས་ཅད་ཀྱི་གནས་རྣམས་ལས་གྲོལ་བར་གྱུར་བའི་ཆ་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ཀྱང་ཆོས་ཀྱི་སྐུར་མངོན་པར་བརྗོད་པ་ཡིན་ནོ། །ཞེས་ 5-1-546a ངོ་བོ་ཉིད་སྐུ་ལས་ཆོས་སྐུ་ལོགས་སུ་མཛད་པ་འདི་མཁན་པོ་རྣམ་སྣང་མཛད་སོགས་ཁ་ཅིག་གིས་བཞེད་དོ། །གཉིས་པ་སྐུའི་གྲངས་ངེས་ཀྱི་འདོད་ཚུལ་སོ་སོར་བཤད་པ་ལ། སྐུ་བཞིར་འདོད་པ་ལས་གཞན་པའི་སྐུ་གསུམ་དུ་འདོད་པ་དག་ནི་འདི་ལྟར་སྨྲ་སྟེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བའི་གཞུང་གི་སྒྲ་ཇི་བཞིན་ཉིད་དུ་འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཆོས་རྣམས་ཁོ་ན་ངོ་བོ་ཉིད་སྐུའི་ཁྱད་ཆོས་སུ་ཁས་བླང་ ནས། ཁྱད་གཞི་ངོ་བོ་ཉིད་སྐུ་ནི་ཟག་མེད་ཀྱི་ཡེ་ཤེས་དེ་དག་གི་རང་བཞིན་སྐྱེ་བའམ་རང་ངོས་གྲུབ་པ་མེད་པ་ཉིད་གང་ཡིན་པ་དེའི་མཚན་ཉིད་དུ་གནས་པ་ཅན་ཡིན་ཏེ། ངོ་བོ་ཉིད་སྐུ་ཟག་མེད་ཡེ་ཤེས་མི་འདོར་བ་དེ་ཉིད་ཀྱང་། དྷརྨ་ཏ་ཀཱ་ཡཿཞེས་པ་ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་ པ་ཡིན་པ་ལས། ཚིག་གི་བསྡུ་བ་བྱས་པའི་ཚེ། དྷརྨ་ཀཱ་ཡཿཞེས་ཆོས་ཀྱི་སྐུའོ་ཞེས་ངོ་བོ་ཉིད་ཀྱི་རྐྱེན་ཏེ་མི་མངོན་པར་བྱས་ནས་འབྲེལ་པ་བརྗོད་པ་ཆོས་ཉིད་ཀྱང་ཡིན་ལ་སྐུ་ཡང་ཡིན་པར་བསྟན་ཏོ་ཞེས་རྣམ་པར་བཤད་ནས། ཆོས་ཀྱི་སྐུ་གང་དག་གི་རང་བཞིན་གྱི་མཚན་ཉིད་ ཅན་ཡིན་པས་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་དག་ཅིག་ཡིན་ཅེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་འཆད་པར་བྱེད་པ་ལ་འཇུག་པར་བྱེད་པ་ཡིན་གྱི། ངོ་བོ་ཉིད་སྐུ་ལས་ལོགས་པའི་ཆོས་སྐུ་བསྟན་པ་ནི་མ་ཡིན་ནོ། ། ཡང་སྐུ་གསུམ་ལས་སྐུ་བཞིར་འདོད་པ་གཞན་དག་ན་རེ། སྐུ་གསུམ་དུ་འདོད་པ་དེ་དག་གི་ལྟར་ན། བྱེད་ལས་ཀྱི་ཁྱད་པར་སྐྱེ་འཕགས་ཀྱི་རྣལ་འབྱོར་པའི་མངོན་སུམ་དུ་ཀུན་རྫོབ་པའི་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་ཁྱད་པར་ཅན་སྣང་བ་བསྐྱེད་པའི་སྒོ་ནས་སྐུར་སྟོན་པ་ 5-1-546b དང་། སྤངས་པའི་ཁྱད་པར་གློ་བུར་གྱི་དྲི་མའི་གནས་པ་ཡོངས་སུ་དག་པར་གྱུར་པ་གང་ཡིན་པ་ལྷག་མ་དོན་དམ་པའི་ཐུགས་སུ་གནས་པ་དང་། ངོ་བོའི་ཁྱད་པར་སྐུ་དེ་ལྡན་གྱི་གདུལ་བྱ་གཞན་ངོར་སྣང་བར་མཛད་ནས་ཆོས་སྟོན་པ་ལ་སོགས་དོན་གྱི་བྱ་བ་མཛད་པ་དང་། དེའི་མཁྱེན་ པ་གཟུང་འཛིན་གཉིས་སུ་མེད་པའི་རྡོ་རྗེའི་སེམས་དང་སེམས་ལས་བྱུང་བ་གདོན་མི་ཟ་བར་སངས་རྒྱས་ཀྱི་ས་ན་ཡོད་པ་ཁྱོད་ཀྱིས་ཁས་ལེན་དགོས་པ་རྣམས་སྐུ་བཞིར་འདོད་པ་ཁྱོད་ཀྱིས་སྐུ་གསུམ་གང་དུ་ཇི་ལྟ་བུར་བསྡུ་ཞེས་ཟེར་ན། ལན་གང་དུའང་འདོན་པར་དཀའོ། །དེ་ལ་ སྐུ་གསུམ་དུ་འདོད་པས་ལན་མ་ཐེབས་པར། སྐུ་གསུམ་དུ་འདོད་པ་ཁ་ཅིག་ན་རེ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བ་ལུས་རྣམ་གཞག་གི་ཚིག་ལེའུར་ བྱས་པ་ལས། ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོག་ཏུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་སྐུ་ནི་གསུམ་ཁོ་ནའོ་ཞེས་ཟེར་རོ། །སྐུ་གསུམ་དུ་འདོད་པ་ལས་སྐུ་བཞིར་འདོད་པ་གཞན་དག་ན་རེ། ཆོས་སྐུ་དང་མཛད་པ་སྦྱར་བའི་དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་ལུས་རྣམ་ གཞག་གི་ཚིག་ལེའུར་བྱས་པ་སྦྱར་སླ་བའི་ངོར་རམ། སངས་རྒྱས་ཀྱི་ཡེ་ཤེས་ཁོ་ནས་བྱེད་པ་པོ་དེ་དང་མཛད་པ་སྦྱར་བའི་ཕྱིར་དེ་སྐད་དུ་གསུངས་པ་ཡང་ཡིན་ཏེ། དེའི་ཕྱིར་དང་། དེར་མ་ཟད་ཕྱོགས་གཞན་སྔགས་ཀྱི་ཐེག་པ་ནས་ཀྱང་སྐུ་བཞིར་གསུངས་པ་ཐམས་ཅད་མི་འགལ་ པར་འགྱུར་རོ་ཞེས་ཟེར་རོ། །གཉིས་པ་ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ལས་ཁྱད་པར་འཆད་པ་ལ། སྦྱར། རྩ། གྲེལ་གསུམ་ལས། དང་པོ་ནི། ཉན་ཐོས་དང་ལ་སོགས་པས་རང་རྒྱལ་གྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་ 5-1-547a འཛིན་ཁྱད་པར་དུ་བྱ་བའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པས་སྟོན་ནོ། །གཉིས་པ་ནི། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་རང་ཉིད་ཀྱི་རྒྱུད་ལ་དེ་སྐྱེ་བའི་རྐྱེན་མེད་པ་ཙམ་གྱི་ཁྱད་པར་དུ་བལྟ་ཞིང་། དེའི་སྒོ་ནས་ཕ་རོལ་མིའི་ཉོན་མོངས་ཡོངས་སུ་སྤོང་བ་ཙམ་ ཉིད་ཡིན་ནོ། །སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གྲོང་ཁྱེར་ལ་སོགས་པ་རྣམས་སུ་རང་རྒྱུད་ལ་ཉོན་མོངས་པ་ཡོད་མེད་དང་། གཞན་གྱི་ཉོན་མོངས་སྐྱེ་བའི་དམིགས་རྟེན་བྱེད་མི་བྱེད་ལ་བརྟག་མི་དགོས་པར་གདུལ་བྱ་དེའི་ཉོན་མོངས་མ་ལུས་པ་རྣམས་རྒྱུན་གཅོད་ པར་མཛད་པས་རྒྱལ་བའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་རང་གཞན་གཉིས་ཀའི་རྒྱུད་ཀྱི་ཉོན་མོངས་འཇོམས་པར་མཛད་པས་ཁྱད་པར་དུ་འཕགས་སོ། །དེ་དོན་མདོ་རྒྱན་དུའང་། སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་ འཇོམས་མཛད་ཉོན་མོངས་ལ། །བརྩེ་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི། བདག་མཐོང་བ་ལས་དམིགས་པའི་རྐྱེན་བྱས་ནས་འགའ་ཞིག་གི་ཉོན་ མོངས་སྐྱེ་བར་གྱུར་ན་མི་རུང་ངོ་ཞེས་བསམས་ནས། བདག་ལ་བརྟེན་ནས་མིའི་སྟེ་ཕ་རོལ་གྱི་ཉོན་མོངས་པ་སྐྱེ་བར་རུང་བ་ཡོངས་སུ་སྤོང་བ་ཙམ་ཉིད་ཡིན་གྱི། ཕ་རོལ་གྱི་ཉོན་མོངས་པའི་ས་བོན་རྒྱུན་གཅོད་མི་ནུས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་གྲོང་ལ་ སོགས་པར་གཤེགས་ནས་སྐྱེ་བོ་མཐའ་དག་གི་ཉོན་མོངས་པའི་རྒྱུན་དྲུངས་ནས་འབྱིན་པའི་བདག་རྐྱེན་མཛད་པ་ཡིན་ནོ། །མདོར་ན་སངས་རྒྱས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་ཉན་ཐོས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉན་རང་དགྲ་བཅོམ་ལས་ནི་ 5-1-547b བདག་མཐོང་བ་ཙམ་གྱིས་ཕ་རོལ་གྱི་ཉོན་མོངས་པའི་རྒྱུན་གཅོད་མི་ནུས་ལ། དེ་བཞིན་གཤེགས་པས་ནི་བདག་ལ་དམིགས་པའི་ཕ་རོལ་གྱི་ཉོན་མོངས་ཀྱི་རྒྱུན་གཅོད་ནུས་པའི་ཕྱིར། གསུམ་པ་སྨོན་ནས་མཁྱེན་པའི་ཁྱད་པར་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཉན་ཐོས་ལ་སོགས་པའི་སྨོན་ནས་ཤེས་པ་བས་དེ་བཞིན་གཤེགས་པའི་སྨོན་ནས་མཁྱེན་པ་ཁྱད་པར་དུ་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདི་སྨོས་སོ། །གཉིས་པ་ནི། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པའི་ཏིང་ངེ་འཛིན་ནི་ལྷུན་གྱིས་གྲུབ་པ་དང་། ཆགས་པ་ སྤངས་པ་དང་། ཐོགས་པ་མེད་པ་དང་། རྟག་པར་གནས་པ་དང་། འདྲི་བ་ཀུན་ལན་འདེབས་པར་བཞེད། ཅེས་པ་སྟེ། ཇི་སྐད་དུ། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ ལ་ཕྱག་འཚལ་ལོ། །ཞེས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད། །གསུམ་པ་ནི། དེ་བཞིན་གཤེགས་པའི་སྨོན་ནས་མཁྱེན་པ་ནི། འབད་རྩོལ་གྱི་མཚན་མ་མེད་པ་ཉིད་དུ་གཞན་དོན་དུ་རང་གི་ངང་གིས་འཇུག་པས་ལྷུན་གྱིས་གྲུབ་པར་འཇུག་པ་དང་། ཕྱི་ནང་གི་དངོས་པོ་ལ་ མངོན་པར་མི་ཞེན་པས་གཟུགས་ལ་སོགས་པ་ལ་ཆགས་པ་དང་བྲལ་བ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་ལ་གནས་པའི་ཕྱིར་རྟག་ཏུ་ གནས་པ་དང་། ཡང་དག་པའི་སོ་སོར་རིག་པ་བཞི་བརྙེས་པས་ན་ཕྱོགས་བཅུའི་འདྲི་བའི་ལན་འདེབས་པར་མཛད་པ་ཡིན་པར་བཞེད་དོ། །ཉན་ཐོས་ལ་སོགས་པའི་སྨོན་ནས་མཁྱེན་པ་ནི་དེ་ལས་བཟློག་པ་ཉིད་ཀྱིས་ཁྱད་པར་ལྔ་དང་ལྡན་པ་དེ་ལྟར་མ་ཡིན་ནོ། །བཞི་པ་ཕྲིན་ 5-1-548a ལས་འཇུག་པའི་ཚུལ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྨོན་ནས་མཁྱེན་པའི་ཕྲིན་ལས་རྟག་ཅེས་པ་ལས་འཕྲོས་ནས། རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱིས་ཆོས་ཀྱི་སྐུ་ལ་བཞུགས་ན་ཡང་དེའི་ཕྱིར་གཞན་ངོར་རྟག་ཏུ་སེམས་ཅན་གྱི་དོན་ ཇི་ལྟར་མི་མཛད་དེ་མཛད་རིགས་པས་སོ་ཞེས་བྱ་བའི་ལན་གདབ་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདི་གསུངས་སོ། །གཉིས་པ་ནི། སངས་རྒྱས་མཐོང་བའི་རྒྱུ་དད་པ་ལ་སོགས་པ་ནི་ཡོངས་སུ་སྨིན་པར་གྱུར་ནས་སྐུ་ལ་སོགས་པའི་ཕྲིན་ལས་གདུལ་བྱ་གང་དང་ གང་ལ་འདུལ་བའི་རྣམ་པ་གང་དང་ནི་གང་གི་ཚེ་འདུལ་བའི་བྱ་བ་གདུལ་བྱ་ལ་ཕན་པར་གྱུར་པ་དེའི་ཚེ་གདུལ་བྱ་དེ་དང་དེ་ལ་སངས་རྒྱས་དེ་དང་དེའི་གཟུགས་དེ་སྣང་ངོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། གདུལ་བྱ་སྐལ་ལྡན་ལ་སྣང་བ་དང་། སྐལ་མེད་ལ་ མི་སྣང་བའི་དཔེས་བསྟན་པ་གཉིས་ལས། དང་པོ་ནི། ཕྱིའི་རྐྱེན་ཐེག་ཆེན་དགེ་བའི་བཤེས་གཉེན་ལ་སོགས་པ་དང་འཕྲད་པས་སྔོན་ཚེ་རབས་སྔ་མ་ནས་བསྐྱེད་པའི་དགེ་བའི་རྩ་བའི་ས་བོན་ལས་སངས་རྒྱས་དང་། ལ་སོགས་པས་དཀོན་མཆོག་གསུམ་ལ་དམིགས་པའི་རྒྱུའི་རྐྱེན་ ཡོངས་སུ་བརྟས་པར་གྱུར་ནས་སེམས་ཅན་གང་ལ་དེ་དང་འཚམས་པར་རྫོགས་པའི་སངས་རྒྱས་གང་གི་དུས་སུ་ཆོས་སྟོན་པའི་བྱ་བ་ལ་སོགས་པ་མཛད་པས་ན། གདུལ་བྱ་དེའི་ཁམས་དང་དེ་བཞིན་གཤེགས་པའི་ཕྲིན་ལས་ཡུན་དུ་འཕྲོད་པར་གྱུར་པ་དེའི་ཚེ་གདུལ་བྱ་དེའི་དོན་ བྱ་བའི་ཕྱིར་དུ་སྔོན་གྱི་སྨོན་ལམ་ལས་གྲུབ་པས་བཅོམ་ལྡན་འདས་གདུལ་བྱ་དེ་དང་དེར་སྣང་བ་དང་འཚམས་པར་དོན་གྱི་བྱ་བ་མཛད་དོ། །གཉིས་པ་ནི། བཅོམ་ལྡན་འདས་དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་ཕན་བདེ་སྒྲུབ་པ་ལ་ཉེ་བར་གནས་ཀྱང་། གདུལ་བྱ་ 5-1-548b རང་གི་ལས་ཀྱི་ཉེས་པ་བསྐྱེད་པ་ལས་སངས་རྒྱས་ཀྱི་སྐུ་སྣང་བའི་རྒྱུ་མ་ཚང་བས་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་འབྲས་བུ་སྨིན་པར་མཛད་པར་མི་སྣང་ངོ་སྙམ་དུ་སོ་སོའི་སྐྱེ་བོ་དག་གི་བློ་ལ་འཆར་བ་ལྟར་རྗེ་བཙུན་གྱིས་ཀྱང་དགོངས་སོ། །ལྔ་པ་མ་ངེས་ པ་སྤང་བ་ལ་སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྐལ་མེད་ལ་མི་སྣང་བ་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པའི་དཔེས་བསྟན་པར་མཛད་དོ། །གཉིས་པ་ནི། དཔེ་ཇི་ལྟར་ན། ལྷའི་རྒྱལ་པོས་ཕྱོགས་རིས་མེད་པར་ཆར་ཕབ་ཀྱང་མེས་ཚིག་ལྟ་བུ་ས་ བོན་མི་རུང་བ་ལ་འབྲས་བུ་མི་འཁྲུངས་པ་ལྟར། སངས་རྒྱས་རྣམས་ནི་འཇིག་རྟེན་དུ་བྱུང་ནས་བདུད་རྩིའི་ཆར་ཕབ་པར་གྱུར་ཀྱང་ཆོས་ཀྱི་སྐལ་བ་མེད་པས་བསྟན་པ་བདུད་རྩིའི་རོ་བཟང་པོ་མི་མྱོང་སྟེ། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་ སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་པས། མི་སྣང་བས་མ་དམིགས་པ་ཡིན་ལ། སྣང་དུ་རུང་ནས་མ་དམིགས་པ་ནི་མ་ཡིན་ནོ། ། འདིར་ཆར་ཕབ་པའི་དོན་ནི། ཕལ་ཆེན་ནས་ཀླུ་ཁོ་ནས་ཆར་འབེབས་པར་བཤད་ཅིང་ འདུལ་བ་ལུང་ནས་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱིས་གོས་རྒྱ་མཚོར་བཅུག་སྟེ་སྤྲུགས་ཏེ་ཆར་འབབ་པར་བཤད། གསེར་གླིང་པས་བརྒྱ་བྱིན་གྱིས་འབེབས་པར་བཤད་པས་གཞུང་དང་མཐུན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། དཔེར་ན་ལྷའི་དབང་པོས་ ཆར་ཕབ་ཏུ་ཟིན་ཀྱང་ཏིལ་ལ་སོགས་པའི་ས་བོན་རུལ་བའི་ངོ་བོ་ལ་སོགས་པས་མྱུ་གུའི་ས་བོན་མི་རུང་བར་གྱུར་པ་ལ་མྱུ་གུ་མི་འཁྲུངས་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་གདུལ་བྱའི་ཡིད་ལ་རེ་བ་མཐའ་དག་ཡོངས་སུ་རྫོགས་པར་སྒྲུབ་པ་ལ་མཁས་པ་རྣམས་འཇིག་ 5-1-549a རྟེན་དུ་ཐུགས་རྗེ་ཆེན་པོའི་སྒོ་ནས་འབྱུང་ཞིང་རྟག་པར་གནས་ཀྱང་གདུལ་བྱ་རྒྱུད་མ་སྨིན་པ་སྐལ་བ་མེད་པས་དམ་པའི་ཆོས་མཉན་པ་ལ་སོགས་པའི་སྒོ་ནས་ངེས་ལེགས་ཀྱི་འབྲས་བུ་བཟང་པོ་ཐོབ་པར་མི་འགྱུར་བ་དཔེས་བསྟན་ཟིན་ཏོ། །དྲུག་པ་ཁྱབ་པ་དང་རྟག་ པའི་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་ནི་རྣལ་འབྱོར་པ་སོ་སོར་ངེས་པའི་རྒྱུད་ཀྱི་རྟེན་ལ་ཡོད་པའི་ཕྱིར་དང་། སྐད་ཅིག་རེ་རེ་ལ་འབྱུང་བའི་ཕྱིར་རིམ་བཞིན་དུ་ཇི་ལྟར་ཁྱོད་འདོད་པའི་ཆོས་སྐུ་ཡེ་ཤེས་ཕྲིན་དང་བཅས་པ་ ཁྱབ་པ་དང་རྟག་པ་ཡིན་པ་བརྗོད་དགོས་ཤེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་དེ་གསུངས་པ་ཡིན་ནོ། །གཉིས་པ་ལ། གཞུང་གི་འབྲུ་དང་། ཞེན་དོན་གྱི་ལན་བསྟན་པ་གཉིས་ལས། དང་པོ་ནི། སྐལ་མེད་ལ་མི་སྣང་ཡང་ཆོས་སྐུ་དེ་ཡུལ་དུས་ཐམས་ཅད་པར་རྟག་པར་ བཤད་པ་དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱ་ཆེ་བའི་ཕྱིར་སངས་རྒྱས་མིན་པ་མེད་པ་དང་། སངས་རྒྱས་ཀྱིས་མ་ཁྱབ་པ་མེད་པས་ཁྱབ་པར་ངེས་པར་བརྗོད་པ་དང་། ཆོས་སྐུ་དེ་ཉིད་འདུས་བྱས་སུ་མ་གྲུབ་ཅིང་། མི་རྟག་པ་མིན་པས་ཟད་པ་མེད་པའི་རྟག་པ་ཞེས་ཀྱང་བརྗོད་ དོ། ། དེས་ན་ཤློ་ཀ་གསུམ་པོ་འདི་མདོ་དང་དངོས་སུ་སྦྱར་རྒྱུ་མ་བྱུང་ཡང་། ཚིགས་བཅད་ཕྱི་མ་འདི་ཡེ་ཤེས་ཆོས་སྐུ་ཁྱབ་རྟག་ཡིན་པའི་རྩ་སྦྱོར་བཀོད་ནས། དེ་ཁྱབ་རྟག་ཡིན་ཀྱང་དེ་ཁྱབ་རྟག་ཏུ་སྣང་མི་སྣང་གཉིས་ཡོད་པ་ཚིགས་བཅད་དང་པོས་བསྟན་ནས། དེ་མི་སྣང་ཡང་དེ་ ཁྱབ་རྟག་མིན་མི་དགོས་པ་ཚིགས་བཅད་བར་པའི་སྟེང་དུ་མཐུན་དཔེ་བསྟན་པ་ཡིན་ནོ། །གཉིས་པ་ནི། ཆོས་སྐུ་སོ་སོའི་རྒྱུད་ཀྱིས་བསྡུས་པ་ཞེས་བྱ་བ་ཡང་དགོངས་ཏེ་གསུངས་པ་ཡིན་ལ། རྒྱུད་བླ་མ་ལས། མ་འབྲེལ་ཐོག་མ་མེད་པ་ནས། །ཞེས་བཤད་པའི་ཕྱིར། ཆོས་སྐུ་ 5-1-549b སྐད་ཅིག་རེ་རེ་བ་དྲང་དོན་དུ་གསུངས་པ་ཡིན་ཏེ། དེ་ཉིད་དུ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་གསུངས་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ་ཞེས་བཀོད་དོ། །གསུམ་པ་ནི། དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་གློ་བུར་བ་མ་ཡིན་པས་ཐམས་ཅད་དུ་ཆོས་ཀྱི་སྐུ། སྣང་བའི་སྒོ་ནས་གཞན་དོན་དུ་བྱ་བ་མཛད་པ་རྒྱ་ཆེ་བའི་ཕྱིར་དང་། རྒྱུན་ཆགས་སུ་སྟེ་སྐད་ཅིག་རེར་ཡང་བར་སྟོང་མི་འབྱུང་བར་འཁོར་བ་ཇི་སྲིད་པར་བཞུགས་ཀྱང་། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལ་འགྱུར་བ་དང་། འཕོ་བ་དང་། སྐྱེ་འགག་དང་། ཟད་པ་མི་ མངའ་བའི་ཕྱིར་གོ་རིམ་བཞིན་དུ་སངས་རྒྱས་ཁྱབ་པ་དང་རྟག་པ་ཞེས་མངོན་པར་བརྗོད་དོ། །གཉིས་པ་ལོངས་སྐུ་ལ་ལྔ། མདོར་བསྟན་པ། མཚན་བཟང་པོ་བཤད་པ། ཇི་ལྟར་འགྲུབ་པ། རྒྱུ་མདོ་ལ་སྦྱར་བ། དཔེ་བྱད་བཤད་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ ལས། དང་པོ་ནི། ཡེ་ཤེས་ཆོས་སྐུ་དེ་ཉིད་གདུལ་བྱ་འགའ་ཞིག་ལ་སྣང་ཚུལ་འཆད་པ་ནི། དེ་ལྟར་སྐུ་གཉིས་བསྟན་ནས། གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་གཟུགས་ཀྱི་སྐུ་དམ་པའི་ངོ་བོ་ཉིད་ཀྱི་མཚན་དང་དཔེ་བྱད་བཟང་པོས་འབར་བ་འཆད་དོ། །གཉིས་ པ་ནི། མདོར། རབ་འབྱོར་གཞན་ཡང་འདི་ལ་བསླབ་ཅིང་ཆོས་འདི་དག་ཐོབ་ནས་བླ་མེད་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་བྱང་སེམས་ཆེན་པོ་རྣམས་ལ་བསྟན་པས་ཐེག་ པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང་། བདེ་བ་དང་། ཚིམ་པ་དང་། རབ་ཏུ་དགའ་བ་སྟོན་པར་མཛད་པར་འགྱུར་རོ། །ཞེས་སོགས་ཀྱི་དོན་ནི། འོག་མིན་ན་བཞུགས་པའི་ལོངས་སྐུ་ཆེན་པོ་ཆོས་ཅན། མཚན་སུམ་ཅུ་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་བདག་ 5-1-550a ཉིད་ཅན་འདིའི་སྐུས་ནི་ཐེག་པ་ཆེན་པོའི་ཆོས་ཁོ་ན་ལ་ལོངས་སྤྱོད་པའི་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཅོམ་ལྡན་འདས་བཞེད་དོ། །དེའང་འཇུག་པར། གང་སྐུ་དཔག་བསམ་ཤིང་དང་སོགས་ཀྱི་དོན་ལ་དཔགས་ནས་ལོངས་སྐུ་ངེས་པ་ ལྔ་ལྡན་གྱི་ཐ་སྙད་མཛད་ལ། ཇོ་བོས། ངེས་པ་བཞི་སྟེ་འཁོར་དང་ནི། །གནས་དང་སྟོན་པ་ཆོས་སུ་ནི། །དེས་ན་ཇི་ལྟར་འདོད་པ་རྒྱུ། །ལོངས་སྤྱོད་རྫོགས་པ་ལོངས་སྤྱོད་སྐུ། །འཁོར་གྱི་ངེས་པ་ས་བཅུ་པ། །འབའ་ཞིག་ཡིན་ཅེས་སེང་བཟང་གསུངས། །ཤཱནྟིས་ མཐོང་ལམ་ཡན་ཆད་ཀྱི། །བྱང་ཆུབ་སེམས་དཔའ་ཡིན་ཅེས་ཟེར། །གནས་ནི་འོག་མིན་ཆོས་དེ་ནི། །ཐེག་པ་ཆེན་པོ་ཁོ་ནའི་ཆོས། །སྟོན་པས་མཚན་དང་དཔེ་བྱེད་ཀྱིས། །བརྒྱན་པའི་གཟུགས་སྐུ་ཁོ་ན་ཡིན། །ཅེས་སོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མྱ་ངན་ ལས་འདའ་བར་བཤད་པ་ནི་སྤྲུལ་པའི་སྐུ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་དེ་མེད་པས་སྐད་ཅིག་མ་ཡིན་ཀྱང་རྒྱུན་གྱིས་རྟག་པ་ཡིན་ཅེས་བཤད་དོ། །མཁས་པ་འགའ་ཞིག །ལོངས་སྐུ་སྐྱེ་བ་དང་འགག་པ་ནི་བརྒྱ་བྱིན་གྱི་ལུས་སྐྱེ་འཕོ་བཞིན་དུ་སངས་རྒྱས་རང་ཉིད་ མིན་པ་གཞན་གྱིས་མི་ཤེས་པས་རྟག་པར་བཞེད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། སྐྱེས་བུ་ཆེན་པོར་མཚོན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ངོ་བོ་ཉིད་ཀྱི་གཟུགས་སྐུ་འདི་ནི་བྱང་ཆུབ་སེམས་ དཔའ་ཆེན་པོ་ས་བཅུ་པ་ལ་ཞུགས་པ་རྣམས་དང་ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱིས་རྟག་ཏུ་དགའ་བ་དང་། བདེ་བ་དང་། ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར། དེ་ལྟ་བུ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་ 5-1-550b པའི་སྐུ་ཡིན་ནོ། །ངོ་བོ་ཉིད་སྐུ་ལ་མཚན་དཔེ་འདི་དག་མེད་ཟེར་བ་ནི་ནོར་བ་ཡིན་ཏེ། ངོ་བོ་ཉིད་སྐུ་ལ་ཆོས་སྐུའི་མཚན་དཔེ་ཡོད་པ་འདི་སངས་རྒྱས་ནང་ཕན་ཚུན་དུ་སྣང་བ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་སེམས་དཔའ་ལ་དེ་ལོངས་སྐུའི་མཚན་དཔེར་སྣང་བ་ཡིན་ནོ། ། གཉིས་པ་མཚན་བཟང་བཤད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། འོ་ན་དེ་ལྟ་བུའི་ལོངས་སྤྱོད་རྫོགས་སྐུའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གང་དག་གཅིག་ཡིན་ཅེ་ན། མདོར་ལྷུག་པ་འབྱུང་བ་དག་འདིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་ལྔས་བསྟན་ཏོ། ། གཉིས་པ་ནི། ཕྱག་ཞབས་འཁོར་ལོས་མཚན་པ་དང་། རུ་སྦལ་གྱི་ཞབས་ལྟར་བར་སྟོང་མེད་པར་གནས་པ་ཉིད་དང་། ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བ་དང་། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཐུབ་པ་འདིའི་སྐུའི་གནས་དམའ་བ་ བདུན་དག་མཐོ་བ་དང་། སོར་མོ་རིང་བ་དང་། ཕྱག་ཞབས་ཀྱི་རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་། དྲང་བ་དང་། ཞབས་ཀྱི་འབུར་སྐྱོང་མི་མངོན་པ་དང་། བ་སྤུ་ནི་གྱེན་དུ་ཕྱོགས་པ་དང་། བྱིན་པ་ཨེ་ནྱའི་བྱིན་པ་འདྲ་བ་དང་། ཕྱག་རིང་ཞིང་མཛེས་པ་དང་། འདོམས་ཀྱི་ སྦ་བ་སྦུབས་སུ་ནུབ་པའི་རིགས་གཞན་ལས་མཆོག་ཏུ་གྱུར་པ་དང་། པགས་པ་གསེར་མདོག་འདྲ་བ་དང་། པགས་པ་སྲབ་པ་དང་། སྤུ་ནི་རེ་རེ་ནས་གཡས་སུ་ལེགས་པར་འཁྲུངས་པ་དང་། ཞལ་རས་མཛོད་སྤུས་བརྒྱན་པ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། འདི་ཡི་དཔུང་མགོ་ཟླུམ་ ཞིང་ཐལ་གོང་དང་མཐོང་ཀ་རྒྱས་པ་དང་། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། གཙུག་ཏོར་དབུར་ལྡན། ལྗགས་རིང་མཛེས་པ་དང་། ཚངས་པའི་དབྱངས་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་ཚད་མཉམ་པ་དང་། ཐགས་བཟང་བ་ 5-1-551a སྟེ་གྲལ་རིལ་འགྲིགས་པ་དང་། གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། སྤྱན་ནི་མཐོན་མཐིང་ལྟར་མངོན་པར་སྔོ་བ་དང་། སྤྱན་གྱི་རྫི་མ་བ་མཆོག་གི་འདྲ་བ་འདི་དག་སྟེ་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོའོ། །དེས་ན་མཚན་འདི་ལྟ་ བུ་ནི་དེ་བཞིན་གཤེགས་པའི་ཁྱད་ཆོས་ཡིན་ཏེ། ཇི་སྐད་དུ། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །སྤྱི་མཚན་གྱིས་སྤྱི་མཛེས་པ་དང་། དཔེ་བྱད་ ཀྱིས་བྱེ་བྲག་མཛེས་པར་བཤད་ཅིང་། འོ་ན་འདི་ལྟ་བུ་བྱང་ཆེན་སོགས་ལ་མེད་པ་མ་ཡིན་ནམ་ཞེ་ན། ཡོད་མོད། འོན་ཏེ་ཁྱད་པར་ནི། ཇི་སྐད་དུ། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པས་འཕགས་པ་ཡིན། །ཅེས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་ བཀོད་དོ། །གསུམ་པ་ནི། མཚན་སོ་གཉིས་པོ་རེ་རེ་བཞིན་བཤད་ན། སྔོན་སློབ་ལམ་དུ་བླ་མ་རྣམས་ལ་སྐྱེལ་བ་དང་བསུ་བ་ལ་སོགས་པའི་རྒྱུས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། སྔོན་སྡོམ་པ་ཡང་དག་པར་བླངས་པ་ལ་བརྟེན་པ་ཉིད་ཀྱིས་རུས་སྦལ་ བཞིན་དུ་ཞབས་ཤིན་ཏུ་གནས་པ་ཉིད་དང་། སྔོན་བསྡུ་བའི་དངོས་པོ་བཞི་བསྟེན་པས་ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟ་བུར་དྲ་བར་འབྲེལ་བ་ཉིད་དང་། སྔོན་བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་སྦྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་ པ་ཉིད་དང་། སྔོན་ལྡག་པ་ལ་སོགས་པ་ཤིན་ཏུ་གྱ་ནོམ་པ་བྱིན་པས་ཕྱག་གི་སྐྱོང་གཉིས་དང་ཞབས་ཀྱི་སྐྱོང་གཉིས་དང་ཐལ་གོང་གི་སྐྱོང་གཉིས་དང་ལྟག་པའི་སྐྱོང་ཕྱོགས་མཐོ་བའི་ཕྱིར་བདུན་མཐོ་བ་ཉིད་དང་། སྔོན་བསད་པར་བྱ་བ་ལས་ཐར་བར་བྱས་པས་སོར་མོ་རིང་བ་ཉིད་ 5-1-551b དང་། སྔོན་སྲོག་གི་འཚོ་བ་ལ་ཕན་བཏགས་པ་ཉིད་ཀྱིས་རྟིང་པ་ཡངས་པ་ཉིད་དང་། སྔོན་སྲོག་གཅོད་པ་སྤངས་པ་ཉིད་ཀྱིས་སྐུ་ཆེ་ཞིང་དྲང་བ་ཉིད་དང་། སྔོན་དགེ་བའི་ཆོས་རྒྱུད་ལ་ཡང་དག་པར་བླངས་པས་ཞབས་ལོང་བུ་མི་མངོན་པ་ཉིད་དང་། སྔོན་དགེ་བའི་ཆོས་ཡང་ དག་པར་བླངས་པ་སྤེལ་བས་སྐུའི་བ་སྤུ་གྱེན་དུ་ཕྱོགས་པ་ཉིད་དང་། སྔོན་རིག་པ་དང་བཟོ་ལ་སོགས་པ་ལ་གུས་པར་བྱས་ཏེ་ཡོན་ལ་སོགས་པ་མགུ་བར་བྱ་སྟེ་བྱིན་པས་བྱིན་པ་རི་དྭགས་ཨེ་ནྱའི་ལྟ་བུ་དང་། སྔོན་ནོར་བདོག་པ་ལ་སློང་བ་པོའི་སྐྱེ་བོའི་ཕྱིར་དངོས་པོའི་ཆེད་དུ་མ་ སྤངས་པས་བཞེངས་ནས་མ་བཏུད་པར་པུས་མོར་སླེབ་པའི་ཕྱག་རིང་ཞིང་མཛེས་པ་ཉིད་དང་། སྔོན་སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་དུ་འཇུག་པ་དང་། གསང་བར་འོས་པའི་གསང་ཚིག་བསྲུངས་པས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང་། སྔོན་ གདིང་བ་གྱ་ནོམ་པ་བྱིན་པས་མདོག་གསེར་འདྲ་བ་ཉིད་དང་། སྔོན་ཁང་བཟང་ལ་སོགས་པ་དམ་པ་བྱིན་པས་པགས་པ་འཇམ་པ་ཉིད་དང་། སྔོན་འདུ་འཛི་ལ་སོགས་པ་ཡོངས་སུ་སྤངས་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། སྔོན་སྐྱེ་བོ་བླ་མ་ཐམས་ཅད་གནས་ ཇི་ལྟ་བ་བཞིན་དུ་བཀོད་པས་ཞལ་རས་མཛོད་སྤུས་བརྒྱན་པ་ཉིད་དང་། སྔོན་རྣམ་པ་ཐམས་ཅད་དུ་ཁས་དྲག་གི་ཚིག་གིས་ཁྱད་དུ་མ་བསད་པས་རོ་སྟོད་སེང་གེའི་འདྲ་བ་ཉིད་དང་། སྔོན་སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་དཔུང་མགོ་ཤིན་ཏུ་ཟླུམ་ པ་ཉིད་དང་། སྔོན་སྨན་ལ་སོགས་པ་བྱིན་པས་ཐལ་གོང་རྒྱས་པ་ཉིད་དང་། སྔོན་སྐྱེ་བོ་ནད་པའི་གཡོག་བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། སྔོན་ནགས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་དུ་བཅུག་པས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་ 5-1-552a པ་ཉིད་དང་། སྔོན་གཙུག་ལག་ཁང་ལ་སོགས་པ་ལྷག་པར་བྱིན་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། སྔོན་འཇམ་པོ་ལ་སོགས་པ་གསུངས་པས་ལྗགས་རིང་བ་ཉིད་དང་། སྔོན་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་ གོ་བར་བྱས་པས་ཚངས་པའི་དབྱངས་ཉིད་དང་། སྔོན་ཚིག་འཁྱལ་པ་སྤངས་པས་འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། སྔོན་སྐྱེ་བོ་ཐམས་ཅད་ལ་ལེགས་པར་བཀུར་བ་ལ་སོགས་པས་ཚེམས་དཀར་བ་ཉིད་དང་། སྔོན་འཚོ་བ་རྣམ་པར་དག་པ་ཉིད་ཀྱིས་ཚེམས་མཉམ་པ་ཉིད་ དང་། སྔོན་བདེན་པའི་ཚིག་ཀུན་ཏུ་སྤྱད་པས་ཚེམས་ཐགས་བཟང་བ་ཉིད་དང་། སྔོན་ཕྲ་མའི་ཚིག་སྤངས་པས་ཚེམས་བཞི་བཅུ་མངའ་བ་ཉིད་དང་། སྔོན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པས་སྤྱན་མཐོན་མཐིང་ཉིད་དང་། སྔོན་ཁོང་ཁྲོ་བ་ལ་ སོགས་པ་མེད་པར་བལྟས་པས་རྫི་མ་བའི་ལྟ་བུ་ཉིད་ཀྱིས་སོ། །གསུམ་པ་ཇི་ལྟར་འགྲུབ་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། རྒྱུ་གྲུབ་པ་སྔོན་དུ་སོང་བས་འབྲས་བུ་མཚན་གྲུབ་བོ་ཞེས་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་བསྟན་ཏོ། །གཉིས་ པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་འདི་ལ་འབྲས་བུ་མཚན་ནི་གང་དང་གང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་དང་གང་ཡིན་པ་དེ་དང་དེ་ནི་རབ་ཏུ་རྫོགས་པ་སྔོན་དུ་སོང་བས། རྒྱུ་མཚན་དེའི་ཕྱིར་མཚན་ནི་འདི་དག་ཡང་དག་པར་འགྲུབ་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་ དོ། །གསུམ་པ་ནི། བསྒྲུབ་བྱ་མཚན་གང་གི་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་རབ་ཏུ་རྫོགས་པས་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་འབྱུང་ངོ་། །བཞི་པ་རྒྱུ་མདོ་དང་སྦྱར་བ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། འོ་ན་མཚན་གྱི་རྒྱུ་དེ་གང་ཡིན་ 5-1-552b ཅེ་ན། མཚན་བཤད་པ་དེའི་འོག་ཏུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གིས་དེའི་རྒྱུ་བསྟན་པར་མཛད་དོ། །གཉིས་པ་ནི། བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླངས་པ་བརྟེན་པ་དང་། ། བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། ། ཐར་ པར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། ། སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཅེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཚིག་ལེའུར་བྱས་པ་འདི་གཉིས་ནི་གོང་ཉིད་དུ་མཚན་བཤད་པར་བཀྲོལ་ཟིན་པས་ སླར་ཡང་མི་བྲིའོ། །ལྔ་པ་དཔེ་བྱད་བཤད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་མཚན་རྣམས་བརྗོད་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་དཔེ་བྱད་བཟང་པོ་གསུང་བར་མཛད་དོ། །གཉིས་པ་ནི། དང་པོར་དེ་བཞིན་གཤེགས་པ་འདིའི་ སྐུ་རང་གི་མཚན་ཉིད་ཇི་ལྟར་ཞེ་ན། དེ་དག་ནི་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་བླ་མ་སོགས་ལ་མ་གུས་པ་རྣམས་གུས་པ་སོགས་ལྷན་ཅིག་བྱེད་རྐྱེན་གྱིས་བསལ་ནས། དེ་ནས་ནང་དུ་ཐུགས་ཀྱི་ཡོན་ཏན་གྱི་དཔེ་ཁྱད་པར་བ་བྱད་བཞིན་ལ་གཏན་ལ་ཕབ་ནས་འཁོར་དག་གུས་པ་བསྐྱེད་ པའི་ཕྱིར་ཏེ། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ 5-1-553a ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་ འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་ པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་སྟེ་མཚམས་དོད་པ་དང་། དབྱེས་ཆེ་བ་དང་དབུ་རྒྱས་དང་། དབུ་སྐྲ་བུང་བའི་ཁ་དོག་ལྟར་གནག་པ་དང་ སྟུག་པ་སྟེ་ཚོགས་བཟང་བ་དང་། འཇམ་པ་དང་། དབུ་སྐྲ་མ་འཛིངས་པ་སྟེ་མ་འདྲེས་པ་དང་། མི་བཤོར་བ་སྟེ་མི་རྩུབ་པ་དང་། དྲི་ཞིམ་སྐྱེས་བུའི་ཡིད་ནི་འཕྲོག་པར་བྱེད་པ་དང་། དཔལ་བེའུ་སྟེ་བཀྲ་ཤིས་ཟུང་དང་། གཞན་དུ་ཉ་འཁྱིལ་བ་དང་། གསེར་གྱི་གྲུ་སྒོ་བཞི་བ་སྟེ་ གཡུང་དྲུང་གི་རིས་དང་བཅས་པ་ལ་ནི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུར་བཞེད་དོ། །ཞེས་བྱ་བ་ཡིན་ཏེ་ཞེས་བཀོད་དོ། །གསུམ་པ་ནི། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་། སེམས་ཅན་ཐམས་ཅད་ལ་ 5-1-553b ཕན་པའི་ལྷག་པའི་བསམ་པ་ཉིད་ཀྱིས་སེན་མོའི་མདོག་སྣུམ་པ་ཉིད་དང་། རིགས་ཀྱི་མཆོག་ལས་སྐྱེས་པས་སེན་མོ་མཐོ་བ་ཉིད་དང་། ཚུལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་སོར་མོ་རྣམས་ཟླུམ་པ་ཉིད་དང་། དགེ་བའི་རྩ་བ་བསགས་པ་ཉིད་ཀྱིས་སོར་མོ་རྒྱས་པ་ཉིད་དང་། དགེ་རྩ་ཡང་དག་པར་མཐར་གྱིས་སོ་སོར་ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང་། ལུས་ལ་སོགས་པས་ངག་ཡིད་ཀྱི་ལས་དང་འཚོ་བ་རབ་ཏུ་བསྲུངས་པ་ཉིད་ཀྱིས་རྩ་མི་མངོན་པ་ཉིད་དང་། ཉོན་མོངས་པའི་མདུད་པ་གྲོལ་བ་ཉིད་ཀྱིས་རྩ་མདུད་མེད་པ་ཉིད་ དང་། ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱིས་ལོང་བུ་མི་མངོན་པ་ཉིད་དང་། བགྲོད་དཀའ་བའི་གནས་ཐམས་ཅད་ལས་སྐྱེ་བོ་སྒྲོལ་བར་མཛད་པ་ཉིད་ཀྱིས་ཞབས་མི་མཉམ་པ་མེད་པ་དང་། མི་ཟིལ་གྱིས་གནོན་པ་ལས་མཁས་པ་ཉིད་ཀྱིས་སེང་གེའི་སྟབས་སུ་གཤེགས་ པ་ཉིད་དང་། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ནམ་མཁའ་ལ་གཤེགས་པར་མཁས་པ་ཉིད་ཀྱིས་ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། སྐྱེས་བུ་ཐམས་ཅད་ཀྱི་ཁྱུའི་མཆོག་ཉིད་དུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་ གི་སྟབས་སུ་གཤེགས་པ་ཉིད་དང་ཞེས་འབྱུང་ལ། ཁྱུ་མཆོག་ཏུ་མཁས་པ་ནི་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་དབང་དུ་བྱས་སོ། །སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་ཏེ། གང་སྐོར་ནས་འགྲོ་བ་ཐམས་ཅད་གཡས་ནས་བསྐོར་ཏེ་འགྲོ་བ་འཇིག་རྟེན་ན་ གཙོ་ཆེ་བའི་ཕྱིར། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་། མཛེས་པར་མཁས་པ་ཉིད་ཀྱིས་མཛེས་པར་གཤེགས་པ་ཉིད་དང་། རྟག་ཏུ་སེམས་གྱ་གྱུ་མི་མངའ་བ་ཉིད་ཀྱིས་མི་གཡོ་བར་གཤེགས་པ་ཉིད་དང་། ཡོན་ཏན་ཡང་དག་པར་བརྗོད་པར་མཛད་པ་ 5-1-554a ཉིད་ཀྱིས་སྐུ་འཁྲིལ་བག་ཆགས་པ་ལེགས་པར་མཉེན་ཅིང་ལྡེམ་ཟབ་འབྱོར་བ་ཉིད་དང་། སྡིག་པའི་ཆོས་དང་མ་འབགས་པ་ཉིད་ཀྱིས་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། གདུལ་བྱ་དང་འཚམས་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སྐུ་ཆག་ཚད་ཀྱི་རིམ་ པར་འཚམས་པ་ཉིད་དང་། སྐུ་ལ་སོགས་པ་ཀུན་ཏུ་སྤྱོད་པ་གཙང་བའི་ཕྱིར་སྐུ་རྣམ་པར་དག་པ་སྟེ་གཙང་བ་ཉིད་དང་། ཐུགས་ཐུགས་རྗེ་ཅན་གྱི་ཕྱིར་སྐུ་འཇམ་པ་ཉིད་དང་། ཐུགས་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དེ་འཁྲུལ་པ་མེད་པ་ཉིད་དང་། ཆོས་འདུལ་ བ་ལ་ཡོངས་སུ་རྫོགས་པའི་ཕྱིར་མཚན་སོ་གཉིས་རྫོགས་པ་ཉིད་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་རྫོགས་པའི་ཕྱིར་སྐུའི་ཁོ་ལག་ལུས་དང་ཡན་ལག་ཡངས་པ་སྟེ་རྒྱ་ཆེ་བ་དང་བཟང་བ་སྟེ་རགས་པ་ཉིད་དང་། ཐམས་ཅད་ལ་ཐུགས་སྙོམས་པའི་ཕྱིར་གོམས་པ་སྙོམས་པ་ ཉིད་དང་། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར་སྤྱན་རྣམ་པར་དག་པ་ཉིད་དང་། ཆོས་གོས་རྙེད་སླ་བར་སྟོན་པའི་ཕྱིར་སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། ཐུགས་རྟག་ཏུ་མ་ཞུམ་པའི་ཕྱིར་སྐུའི་ཕྱོགས་གང་ས་ནས་ཞུམ་པ་མེད་པ་ཉིད་དང་། དགེ་བའི་རྩ་བ་ཡང་དག་པར་ འཕགས་པའི་ཕྱིར་སྐུ་བར་སྟོང་མེད་པར་རྒྱས་པ་ཉིད་དང་། ཡང་སྲིད་ཟད་པ་ཉིད་ཀྱི་ཕྱིར་སྐུ་ཤིན་ཏུ་གྲིམས་པ་སྟེ་ཤེད་ཆེ་ཞིང་མྱུར་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཤིན་ཏུ་རྣམ་པར་ཕྱེ་བ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་ཡན་ལག་དང་ཉིང་ལག་ཤིན་ཏུ་མཚམས་ལེགས་པར་ དོད་པས་རྣམ་པར་འབྱེས་པ་ཉིད་དང་། ཚིག་གི་དོན་ཤིན་ཏུ་རྣམ་པར་དག་པ་སྟོན་པས་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་ཉིད་ཀྱིས་སྐུ་ཟླུམ་པ་ཉིད་དང་། འཁོར་བའི་སྐྱོན་གྱིས་མ་སྦགས་པ་ཉིད་ཀྱིས་སྐུའི་ 5-1-554b སྐེད་སྐབས་ཡང་དག་པར་ཕྱིན་པ་ཉིད་དེ་སྐེད་སྐབས་ཕྱེད་པ་དང་། ང་རྒྱལ་གྱི་འགྱིང་བག་བཅོམ་པ་ཉིད་ཀྱིས་སྐུའི་མདུན་རྙོངས་པ་མེད་པ་ཉིད་དང་། ཆོས་ཟད་པ་རྣམ་པར་བཟློག་པ་ཉིད་ཀྱིས་ལྟེ་བའི་ངོས་ཕྱལ་བ་སྟེ་ངོས་གཟར་བར་ཕྱང་ངེ་བ་ཉིད་དང་། ཆོས་ཟབ་མོ་རྟོགས་པ་ཉིད་ ཀྱིས་ལྟེ་བ་ཟབ་པ་ཉིད་དང་། སློབ་མ་མཐུན་པར་འཛིན་པར་འགྱུར་བ་ཉིད་ཀྱིས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། འཁོར་ཀུན་ནས་མཛེས་པར་གྱུར་པ་ཉིད་ཀྱིས་སྐུའི་ཆ་ཀུན་ནས་མཛེས་པ་ཉིད་དང་། ཐུགས་གཙང་བ་ཉིད་ཀྱིས་ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང་། དུས་ མ་ཡིན་གནས་སྐབས་མ་ཡིན་པས་འགྲོ་བ་འདུལ་བའི་ཆོས་དང་བྲལ་བ་ཉིད་ཀྱི་སྐུ་ལ་བྱེ་བྲག་ཏུ་སྨེ་བ་དང་སྤྱི་ལ་གནག་བག་མེད་པ་ཉིད་དང་། ལུས་ལ་སོགས་པ་ཟོ་མདོག་བདེ་བ་འཐོབ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་། མདངས་ཏེ་གཟི་བརྗིད་ཡོད་པའི་དགེ་སྦྱོང་ཆེན་པོ་བརྙེས་པ་ཉིད་ཀྱིས་ཕྱག་གི་རི་མོ་ལ་མདངས་ཡོད་པ་སྟེ་ལྷག་པར་འོད་གསལ་བ་ཉིད་དང་། ཆོས་ཟབ་མོ་ལ་གནས་པ་ཉིད་ཀྱིས་ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཕྱི་རྗེས་སུ་ཡང་དག་པར་ཏེ་འཁོར་བ་ཇི་སྲིད་བར་ཡོངས་སུ་དག་པའི་ ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་གི་རི་མོ་རིང་བ་ཉིད་དང་། བསླབ་པ་རབ་ཏུ་མང་པོ་ཀུན་སྟོན་པར་མཛད་པ་ཉིད་ཀྱིས་ཞལ་གྱི་སྒྲོས་ཧ་ཅང་ཡང་མི་རིང་བ་ཉིད་དང་། འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་པ་ཉིད་ཀྱིས་མཆུ་ཤིང་ཐོག་བིམ་པ་ལྟར་དམར་ ཞིང་གསལ་བ་ཉིད་དང་། ཚིག་འཇམ་པོས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པ་ཉིད་དང་། ཡོན་ཏན་འཐད་པ་མང་བ་ཉིད་ཀྱིས་ལྗགས་སྲབ་པ་ཉིད་དང་། ཆོས་འདུལ་བ་བྱིས་པའི་སྐྱེ་བོ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་ཉིད་ཀྱིས་ལྗགས་དམར་བ་ཉིད་དང་། བསྙེངས་ 5-1-555a པ་ཐམས་ཅད་མི་མངའ་བ་ཉིད་ཀྱིས་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། སྙན་པ་ལ་སོགས་པ་གསུང་བ་ཉིད་ཀྱིས་གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང་། སྲིད་པར་ཀུན་ཏུ་སྦྱོར་བ་བསྡམས་པ་ཉིད་ཀྱིས་མཆེ་བ་ཟླུམ་པ་ཉིད་དང་། སྐྱེ་བོ་གདུལ་དཀའ་བ་ འདུལ་བར་མཛད་པ་ཉིད་ཀྱིས་མཆེ་བ་རྣོ་བ་ཉིད་དང་། ཆོས་འདུལ་བ་ཤིན་ཏུ་དཀའ་བ་ཉིད་ཀྱིས་མཆེ་བ་དཀར་བ་ཉིད་དང་། མཉམ་པ་ཉིད་ཀྱི་ས་ལ་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང་། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་ མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། ཤེས་རབ་མཆོག་ལ་གནས་པ་ཉིད་ཀྱིས་ཤངས་མཐོ་བ་ཉིད་དང་། སྐྱེ་བོ་གཙང་མ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཤངས་གཙང་བ་ཉིད་དང་། ཆོས་ཤིན་ཏུ་རྒྱ་ཆེ་བའི་ཕྱིར་སྤྱན་ཡངས་པ་ཉིད་དང་། སེམས་ཅན་གྱི་ཚོགས་དྲངས་པ་ཉིད་ཀྱི་རྫི་མ་ སྟུག་པ་ཉིད་དང་། འགྲོ་བ་གཞོན་ནུ་མ་ཐམས་ཅད་མངོན་པར་མགུ་བ་ཉིད་ཀྱིས་སྤྱན་དཀར་ནག་སོ་སོར་འབྱེས་ཤིང་པདྨའི་འདབ་མ་ཆུར་དངས་པ་ལྟ་བུ་ཉིད་དེ་པད་དཀར་གྱི་རྩ་བ་ནག་པོའི་ཐིག་ལེ་མདངས་མ་འདྲེས་པ་ལྟ་བུའོ། །རྟག་ཏུ་སེམས་ཅན་གྱི་གནས་ལ་ཕྱི་རྗེས་སུ་གཟིགས་ པ་ཉིད་དང་། ཡང་ན་འཁོར་གྱི་སྤྱོད་པ་ལ་རྗེས་སུ་གཟིགས་པ་ཉིད་ཀྱིས་སྨིན་ཚུགས་རིང་བ་ཉིད་དང་། ཆོས་འདུལ་བ་འཇམ་པོ་ལ་མཁས་པ་ཉིད་ཀྱིས་སྨིན་མ་འཇམ་པ་ཉིད་དང་། ཐུགས་ཀྱི་རྒྱུད་དགེ་བས་བརླན་པ་ཉིད་ཀྱིས་སྨིན་མ་སྣུམ་པ་ཉིད་དང་། ཀུན་ཏུ་སྐྱོན་གཟིགས་པ་ཉིད་ ཀྱིས་སྨིན་མའི་སྤུ་མཉམ་པ་ཉིད་དང་། མཆོག་ཏུ་གནོད་པ་བཟློག་པར་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་ཉིད་དང་། འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྒྱུད་མ་ཉམས་པར་ 5-1-555b མཛད་པ་ཉིད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་། ལྟ་བས་བྱས་པ་ཐམས་ཅད་ཀྱིས་གཞན་དུ་མི་འགྱུར་བ་ཉིད་ཀྱིས་དཔྲལ་བ་ལེགས་པར་མཚམས་དོད་དེ་འབྱེས་པ་ཉིད་དང་། སྨྲ་བ་ཐམས་ཅད་འཇོམས་པར་མཛད་པ་ཉིད་ཀྱིས་དཔྲལ་བའི་དབྱེས་ཆེ་བ་ཉིད་དང་། སྨོན་ལམ་ གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས་དབུ་ཤིན་ཏུ་རྒྱས་པ་ཉིད་དང་། ཡུལ་གྱི་དགའ་བ་བཟློག་པར་མཛད་པ་ཉིད་ཀྱིས་དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པའི་ཕྱིར་དབུ་སྐྲ་སྟུག་པ་ཉིད་དང་། ཡོངས་སུ་བསྟན་ པའི་བློ་འཇམ་པོས་ཡོངས་སུ་ཤེས་པ་ཉིད་ཀྱིས་དབུ་སྐྲ་འཇམ་པ་ཉིད་དང་། ཐུགས་འདོད་ཆགས་ལ་སོགས་པས་མ་འཁྲུགས་པ་ཉིད་ཀྱིས་དབུ་སྐྲ་ནང་མ་འཛིངས་པ་ཉིད་དང་། རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་དབུ་སྐྲ་མི་གཤོར་བ་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་གི་དྲི་ བཀྲམ་པ་ཉིད་ཀྱིས་དབུ་སྐྲ་དྲི་ཞིམ་པ་ཉིད་དང་། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབས་དཔལ་གྱི་བེའུ་སྟེ་དགའ་བ་ཟུང་དང་། བཀྲ་ཤིས་ཀྱི་མཚན་མ་སྟེ་མཛེས་པར་བྱེད་པ་གཞན་དང་། གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་ཡིན་ནོ། །གསུམ་ པ་སྤྲུལ་སྐུ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྣང་ཚུལ་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་སྐུ་གདོད་འབྱུང་བ་ལྟར་སྣང་བས་དེ་ལྟར་སྐུ་གསུམ་པ་བསྟན་ནས། བཞི་པ་སྤྲུལ་པའི་སྐུ་བྱིས་པའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་བ་འདིར་འཆད་དོ། །གཉིས་པ་ ནི། མདོར། རབ་འབྱོར་གཞན་ཡང་ཆོས་དེ་དག་རྟོགས་པར་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐའ་མེད་པར་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ 5-1-556a རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་པའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་དེ་ལྟར་བྱང་སེམས་ཆེན་པོས་ཡུམ་ལ་བསླབ་པར་བྱའོ་ཞེས་སོགས་ཀྱི་དོན་ནི། དེ་བཞིན་གཤེགས་པའི་སྤྲུལ་པ་སྣ་ཚོགས་པ་ཐ་དད་པ་གང་གིས་དུས་སྲིད་པ་ཇི་སྲིད་ཀྱི་བར་དུ་འགྲོ་ བ་སྟེ་སྐྱེ་རྒུའི་ཚོགས་ཀྱི་མཐའ་མ་ཟད་ཀྱི་བར་དུ་སངས་རྒྱས་ཀྱིས་ཕན་པའང་སྣ་ཚོགས་སུ་བསྒྲུབ་པར་མཛད་པ་དག་ལྷན་ཅིག་ཏུའམ། མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི་ཐུབ་པའི་སྤྲུལ་སྐུ་སྟེ་རྒྱུན་འཆད་པ་མ་ཡིན་ནོ། །སྤྲུལ་སྐུ་འདིའི་ཚུལ་ནི་ངེས་པ་དང་བྲལ་བ་ཡིན་ཏེ། ཇོ་བོས། ངེས་པ་བཞི་དང་བྲལ་བས་ན། །ཇི་ལྟ་བ་དང་ཇི་ལྟ་བུ། །དེ་ལྟ་བ་དང་དེ་ལྟ་བུ། །སྟོན་པ་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་སོ། །གཞན་ཡང་མཆོག་གི་སྤྲུལ་སྐུ་ནི། རྒྱུད་བླར། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་ནས་ནི་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་ པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་འབྱུང་བ་ལྟར་རོ་ཞེས་བྱ་བ་ གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཤཱཀྱ་ཐུབ་པ་ལ་སོགས་ཏེ་སྤྲུལ་པའི་སྐུ་གསུམ་གྱི་གཟུགས་གང་གིས་དུས་འཁོར་བ་ཇི་སྲིད་པར་གནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡུལ་སེམས་ཅན་རྣམས་ཀྱི་འདོད་པའི་དོན་རང་གི་དོན་བཞིན་དུ་མཉམ་པ་ཉིད་དུ་བསྒྲུབ་པར་ 5-1-556b མཛད་པའི་སྐུ་དེ་ནི་གདུལ་བྱ་མཐས་གཏུགས་པ་མེད་པ་དག་གི་ངོར་རྒྱུན་ཆགས་པ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པ་ཡིན་ནོ། ། འདིར་སྨྲས་པ། གངས་ཅན་འདུ་བའི་ཀློག་གྲར་མ་བརྟོལ་ཞིང་། །ཐ་སྙད་བསྡུས་པའི་ཚིག་ཕྲེང་མི་ཤེས་ བཞིན། །ལ་དོར་བསྙོན་འདོར་གནས་ལ་མི་མཁས་ཀྱང་། །རྗེ་བཙུན་གཞུང་གི་དགོངས་པ་ཆུང་ནས་ལོན། །ཅེས་སོ།། །།བཞི་པ་མཛད་པ་ཕྲིན་ལས་ལ། སྤྱིའི་དོན་དང་། གཞུང་གི་དོན་གཉིས་ལས། དང་པོ་ནི། གདོད་མའི་སྙིང་པོ་དྲི་བྲལ་ཆོས་སྐུའི་མཛད་ ཕྲིན་སེམས་ཅན་ཐམས་ཅད་ལ་འཇུག་པ་རྫོགས་སྨིན་སྦྱངས་གསུམ་ལ་མ་བལྟོས་ཀྱང་། གནས་སྐབས་སུ་དེ་གསུམ་བྱས་པའི་མཐུ་ལས་གསར་དུ་སངས་རྒྱས་པ་ལྟར་སྟོན་པའི་ཆོས་སྐུ་དེའི་ཕྲིན་ལས་ནི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དམིགས་པའི་རྐྱེན་དུ་བྱས་ ནས། ཆོས་ཀྱི་སྐུའི་མཁྱེན་པ་དེ་མ་ཐག་པའི་རྐྱེན་དང་། དེ་ཉིད་དེའི་བདག་རྒྱུ་སྟེ། ངོ་བོའི་སྒོ་ནས་དེ་མ་ཐག་རྒྱུ་དང་། བྱེད་པའི་ཆ་ནས་བདག་རྒྱུར་བཞག་པ་ལས། གཞན་གྱི་དོན་བསྒྲུབ་པའི་ཕྲིན་ལས་ཏེ་བྱ་བ་དེ་འཁོར་བ་མ་སྟོང་གི་བར་དུ་ལྷུན་གྲུབ་རྒྱུན་མི་འཆད་པར་ འབྱུང་བ་ཡིན་ནོ། །ཕྲིན་ལས་འདི་དག་གི་ངོ་བོ་ནི་མཁྱེན་བརྩེ་ནུས་པའི་ངོ་བོ་སྟེ་རིག་པར་བཞག་ན་མཛེས་པ་ཡིན་ནོ། །()དེས་ན་ཕྲིན་ལས་འདི་ལ་བྱེད་པ་པོ་ལ་དང་། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་གཉིས་ཀྱི། དང་པོ་ནི། ཟག་མེད་ཀྱི་ཡེ་ཤེས་ཆོས་ཀྱི་སྐུ་སྡེ་ཚན་ཉེར་ གཅིག་ཏུ་བཞག་པ་དེ་ལས་གཞན་པ་མ་ཡིན་ནོ། །བདག་རྐྱེན་དེ་བཞིན་གཤེགས་པའི་ཐུགས་རྗེ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་སེམས་ཅན་རྣམས་ཀྱི་བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་གོང་འཕེལ་དུ་འདུ་བྱེད་པ་དེ་ཡིན་ནོ། །དེ་ལྟར་འབྱུང་བའང་ 5-1-557a ཕྲིན་ལས་ཀྱི་ཕྱག་རྗེས་ཉིད་ཡིན་པས་ཕྲིན་ལས་སུ་བཟུང་བ་ཡིན་ནོ། །དེས་ན་ཕྲིན་ལས་དེ་ཚུལ་ཇི་ལྟར་དུ་འཇུག་ཅེ་ན། གདུལ་བྱ་ལམ་གྱི་རྟེན་དང་། ལམ་དང་། དེའི་འབྲས་བུ་ལ་བཀོད་པ་སྟེ་གསུམ་གྱི་ཚུལ་གྱིས་འཇུག་པ་ནི་རྒྱུད་བླ་མའི་འགྲེལ་པ་སོགས་སུ་ གསལ་བའི་ཕྱིར་སྤྲོས་པ་ཆོག་གོ། གཉིས་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བཤད་པ་དེ་ལྟར་རང་བཞིན་གྱི་ཁྱད་པར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་གང་ཡིན་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་སེལ་བའི་རྒྱུའི་ཁྱད་པར་སྦྱོར་བཞི་བསྒོམ་པའི་སྟོབས་ལས་བྱུང་བའི་གཉེན་ པོས་དྲི་མ་བསལ་བས། ཡུལ་ཅན་གྱི་ཁྱད་པར་སངས་རྒྱས་ནང་ཕན་ཚུན་དང་། ལ་སོགས་པས་སེམས་དཔའ་དང་། ཉན་རང་། སོ་སྐྱེའི་གཟིགས་ཚུལ་དང་། མཐོང་ཚུལ་གྱི་ཁྱད་པར་གྱི་ཡུལ་ཐ་དད་པ་ཉིད་དུ་ངེས་ཏེ། རིམ་བཞིན་ཡེ་ཤེས་ཆོས་སྐུ་དང་། ལ་སོགས་པས་ ལོངས་སྤྲུལ་ལ་བལྟོས་ནས་སྐྱེ་འཕགས་སོ་སོས་རབ་ཏུ་བརྟགས་པའི་སྐུ་གསུམ་བསྟན་ནས། སྐུ་དེ་དག་གིས་གཞན་གྱི་དོན་ཇི་ལྟར་བསྒྲུབ་ཅེ་ན། ཀུན་རྫོབ་ཏུ་ཡེ་ཤེས་ཆོས་སྐུ་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་། ལ་སོགས་པས་སྤྲུལ་པའི་སྐུར་གདུལ་བྱ་གཞན་གྱི་སྣང་ བར་མོས་པ་ཐ་དད་པའི་དབང་གིས་བསྐྱེད་པའི་སྒོ་ནས་སེམས་ཅན་གྱི་དོན་གྱི་བྱ་བ་མཛད་པས་ན། གདུལ་བྱའི་སྐྱེ་བོའི་སྣང་བ་ལ་བརྟེན་པའི་ཡང་དག་པའི་ལས་དེའི་རྐྱེན་བདག་པོའི་བྱེད་པ་ལ་བལྟོས་པའམ་བརྟེན་ནས་འབྱུང་བ་རྣམས་ནི་ཆོས་ཀྱི་སྐུའི་བྱེད་པ་ཡིན་ནོ། །དེའང་ལས་སུ་ བྱ་བ་སེམས་ཅན་གྱི་རྒྱུད་ཀྱི་སྒྲིབ་པ་འདོར། གཉེན་པོ་བསྐྱེད་ལ། དེ་བྱེད་པ་པོ་གང་ཞེ་ན། སངས་རྒྱས་འཇིག་རྟེན་དུ་བྱོན། དེས་བླང་དོར་གྱི་གནས་བསྟན། དེ་ལ་བསླབས་པ་ལས་བྱ་བ་སེམས་ཅན་འགགས། གདོད་མའི་སངས་རྒྱས་རང་བཞིན་གྱིས་འོད་གསལ་ 5-1-557b བ་དེ་དེའི་བྱ་བ་ཡིན་ནོ། །གཉིས་པ་ལ། འཇུག་ཡུལ་རྒྱུན་མི་འཆད་པ་དང་། ཕྲིན་ལས་ཉི་ཤུ་རྩ་བདུན་རྒྱས་པར་བཤད་པ་དང་། དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། ཆོས་ཉིད་ཀྱི་སྐུ་རྒྱུན་ཆད་མེད་པ་དེ་བཞིན་དུ་འཁོར་བ་ཇི་སྲིད་པར་འདིའང་རྒྱུན་ཆད་མེད་པ་ཡིན་ཏེ། སེམས་ཅན་རྒྱུན་ཆད་མེད་པ་གང་ཞིག །དེ་རྒྱུན་ཆད་མེད་ན་དེས་བསགས་པའི་ལས་རྒྱུན་མི་འཆད་པར་འདོད་པའི་ཕྱིར་ཆོས་སྐུའི་ཕྲིན་ལས་ནི་ཇི་སྲིད་པའི་སེམས་ཅན་དེ་སྲིད་ལ་འཇུག་པ་ཡིན་ནོ། །གཉིས་པ་ནི། མདོར། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་ འཇིག་རྟེན་ལས་འདས་པར་གཟིགས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ་སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས། ཞེས་སོགས་ཉེར་བདུན་པོ་ནི། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་དགོད་པ་དང་། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང་། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང་། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་ དང་གཉིས་ཟད་དང་། །བརྡ་དང་དམིགས་པ་མེད་པ་དང་། །ལུས་ཅན་རྣམས་ནི་ཡོངས་སྨིན་དང་། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང་། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང་། །རྣམ་པར་དག་དང་ངེས་པ་དང་། །སེམས་ཅན་དོན་ནི་ཚད་ མེད་དང་། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང་། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང་། །ཕྱིན་ཅི་ལོག་ནི་སྤངས་པ་དང་། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། ། 5-1-558a ཐ་དད་ཡོངས་སུ་མི་ཤེས་དང་། །མྱ་ངན་འདས་ལ་དགོད་པ་སྟེ། །ཞེས་སོ། །གསུམ་པ་ནི། ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་འགྲེལ་པ་ལ་གསུམ། ཕྲིན་ལས་ཀྱི་དབྱེ་ བ། དེའི་དུས། བར་གྱི་གོ་རིམ་རྣམས་མཚོན་ནུས་པར་བསྟན་པའོ། །དང་པོ་ལ། ལམ་གྱི་རྟེན་ལ་འགོད་པ། ལམ་ལ་འགོད་པ། དེའི་འབྲས་བུ་ལ་འགོད་པ་དང་གསུམ་ལས། དང་པོ་ནི། སེམས་ཅན་གང་དག་ངེས་ལེགས་སུ་འཇུག་པའི་དང་པོར་དེ་བཞིན་གཤེགས་པའི་ ཕྲིན་ལས་ཀྱིས་བདེ་འགྲོ་བཟང་པོ་དང་ངན་འགྲོ་བཟང་པོ་མ་ཡིན་པ་གཉིས་ཀ་ལ་མངོན་པར་ཞེན་པ་མེད་པར་གནས་པའི་མཚན་ཉིད་དུ་རྟོགས་པས་རིམ་བཞིན་འགྲོ་བ་རབ་ཏུ་རྣམ་པར་ཞི་བའི་རྟེན་ལ་འགོད་པའི་ཕྲིན་ལས་འཇུག་པར་མཛད་པ་ནས་སོ། །གཉིས་པ་ལ་བཞི། ཚོགས་ ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་ལ་འགོད་པའོ། །དང་པོ་ལ། གཞན་རྒྱུད་སྨིན་བྱེད་ཀྱི་སྦྱོར་བ་དང་། བདེན་བཞི་རྟོགས་པའི་ལྟ་བ་ལ་འགོད་པ་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པའི་ཕྲིན་ལས་དེས་ཚོགས་ལམ་ནས་སྦྱིན་པ་ལ་སོགས་པ་བསྡུ་ བའི་དངོས་པོ་བཞི་ལ་བཀོད་དེ་རིམ་བཞིན་རྒྱུད་སྨིན་པར་བྱེད་དོ། །གཉིས་པ་ནི། ཚོགས་ལམ་པའི་རྒྱུད་དེར་ཐོས་པ་ལས་བྱུང་བ་དང་། ལ་སོགས་པས་བསམ་བྱུང་གི་ཤེས་པས་མི་མཐུན་པའི་ཕྱོགས་གཉེན་པོས་རིམ་བཞིན་དོར་བ་དང་། བླང་བའི་སྒོ་ནས་ གནས་ཚུལ་རྟོགས་པར་དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱིས་མཛད་ནས་སོ། །གཉིས་པ་སྦྱོར་ལམ་ལ་འགོད་པ་ལ་གསུམ། གཞན་དོན། རང་དོན། གཉིས་དོན་ལ་འགོད་པའོ། །དང་པོ་ནི། ལམ་སྔ་མར་བཀོད་པ་དེ་ནས་སྒྱུ་མའི་དངོས་ལ་སྒྱུ་མའི་མཁན་བཞིན་དུ་རྗེས་ 5-1-558b སུ་ཆགས་པ་དང་། ལ་སོགས་པས་ཁོང་ཁྲོ་བ་སོགས་ཀུན་དཀྲིས་ཀྱིས་རྣམ་པར་དབེན་པ་ཉིད་ཀྱིས་སེམས་ཅན་གྱི་དོན་ཏེ་གཞན་གྱི་དོན་བྱམས་པ་ལ་སོགས་པ་ཚད་མེད་བཞིའི་མཚན་ཉིད་ཇི་ལྟ་བའི་བདག་ཉིད་ཀྱི་གནས་ལ་གཞན་དག་བཀོད་དོ། །གཉིས་པ་ནི། དེའི་རྗེས་ལ་ རང་གི་དོན་འཁོར་གསུམ་དུ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པར་བྱེད་པ་ལའོ། །གསུམ་པ་ལ། རྒྱུ་སྨིན་བྱེད་དང་། ལྟ་བ་རྣམ་དག་ལ་བཀོད་པ་གཉིས་ལས། དང་པོ་ནི། མངོན་རྟོགས་དེའི་འོག་ཏུ་རང་དང་གཞན་གྱི་དོན་གྱི་མཚན་ ཉིད་སངས་རྒྱས་ཀྱི་ལམ་སྟེ་དགེ་བཅུའི་ལམ་གྱི་ལམ་ལ་བདག་གཞན་ཐམས་ཅད་བཀོད་དོ། །གཉིས་པ་ནི། དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་གོམས་པ་ལའོ། །གསུམ་པ་མཐོང་ལམ་ལ་བཀོད་པ་ནི། དེའི་རྗེས་ལ་གཙོ་ཆེར་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་རྫོགས་པ་ལ་བརྟེན་ནས་ས་དང་པོར་ཆོས་ཀྱི་དབྱིངས་དག་པའི་ངོ་བོ་ཁོ་ནར་རྣམ་པ་ཀུན་ཏུ་འགྲོ་བར་རྟོགས་པའི་མཚན་ཉིད་གཉིས་སུ་མེད་པའི་ཆོས་ཉིད་ལ་འགོད་དོ། །བཞི་པ་སྒོམ་ལམ་ལ་འགོད་པ་ལ། མ་དག་ས་ལ་འགོད་པ་དང་། དག་ས་ལ་འགོད་པ་གཉིས་ ལས། དང་པོ་ལ་གསུམ། ས་གཉིས་པ་དང་གསུམ་པ་ལ་འགོད་པ། བཞི་པ་སོགས་གསུམ་ལ་འགོད་པ། བདུན་པ་ལ་འགོད་པའོ། །དང་པོ་ནི། དེ་ནས་ཚོགས་ཡོངས་སུ་རྫོགས་པར་གྱུར་པས་ས་གཉིས་པ་དང་། ལ་སོགས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པའི་ཆོས་ཐམས་ཅད་བརྡར་བཏགས་པའི་ཤེས་པ་ལ་འགོད་དོ། །གཉིས་པ་ནི། ཚོགས་རྫོགས་པ་ལས་སྔ་མ་དེ་བཞིན་དུ་རིམ་གྱིས་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བཞི་པ་དང་། ལྔ་པ་དང་། དྲུག་པ་ལ་ཤེས་པ་དང་། ཤེས་བྱའི་ 5-1-559a དངོས་པོ་ལ་མ་ཞེན་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་དམིགས་སུ་མེད་པ་ལའོ། །གསུམ་པ་ནི། དེའི་འོག་ཏུ་ས་བདུན་པ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལའོ། །གཉིས་པ་དག་ས་ལ་འགོད་ པ་ལ་གསུམ། ས་བརྒྱད་པ་ལ། དགུ་པ་ལ། བཅུ་པ་ལ་འགོད་པའོ། །དང་པོ་ལ་གཉིས། ཐུན་མོང་མ་ཡིན་པའི་ལམ་ལ་དང་། མངོན་ཞེན་སྤངས་པ་ལ་བཀོད་པའོ། །དང་པོ་ནི། དེ་ནས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ས་བརྒྱད་པ་ལ་ཉན་ཐོས་ལ་སོགས་ པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ལ་འགོད་དོ། །གཉིས་པ་ནི། ས་དེ་ནས་གནས་ཚུལ་གྱི་དེ་ཉིད་ལ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་ལའོ། །གཉིས་པ་ས་དགུ་པ་ལ་འགོད་པ་ནི། དེའི་རྗེས་ལ་ས་དགུ་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ ཕྱིན་པའི་མཐུས་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་པ་ལའོ། །གསུམ་པ་ས་བཅུ་པ་ལ་འགོད་པ་ལ་གསུམ། ས་བཅུ་ཐོབ་མ་ཐག་པ་ལ་དང་། སྐྱེ་བ་གཅིག་ཐོགས་ཀྱི་ལམ་དང་། ཁྱད་པར་གྱི་ལམ་ལ་འགོད་པའོ། །དང་པོ་ནི། དེའི་འོག་ཏུ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་ པའི་སྟོབས་ཀྱིས་ས་བཅུ་པ་ལ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམ་པར་དག་པར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་བ་ལ་བཀོད་པར་མཛད་ནས་ཞེས་སོ། །དབང་བསྐུར་ཚུལ་ནི་འཇུག་པ་སོགས་ལས་ཤེས་པས་སྤྲོས་པ་ ཆོག་གོ། གཉིས་པ་སྐྱེ་བ་གཅིག་ཐོགས་ཀྱི་ས་ལ་གསུམ། སངས་རྒྱས་ལྟ་བུར་ངེས་པ་ལ་དང་། གཞན་སྨིན་བྱེད་ལ་དང་། བཤེས་གཉེན་བསྟེན་པ་ལའོ། །དང་པོ་ནི། ཡང་ས་བཅུ་པ་དེ་ཉིད་ལ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རང་གི་ 5-1-559b ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོ་སོར་ངེས་པར་འགོད་པར་མཛད་པ་དང་། གཉིས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་དང་། གསུམ་པ་ནི། དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་དྲུང་ དུ་ཉེ་བར་འགྲོ་བ་དང་། ལ་སོགས་པས་ཆོས་ཉན་པའི་ཡོན་ཏན་སོགས་ལ་བཀོད་དོ། །གསུམ་པ་ཁྱད་པར་གྱི་ལམ་ལ་འགོད་པ་ལ་བརྒྱད། བྱང་ཆུབ་མྱུར་དུ་འདྲེན་པའི་ལམ་ལ་བཀོད་པ་དང་། ལས་འབྲས་ཆུད་མི་ཟ་བ་དང་། གནས་ཚུལ་ཤེས་པ་ལ་དང་། ཕྱིན་ཅི་ལོག་ སྤངས་པ་ལ་དང་། དེ་གཞི་མེད་པ་ལ་དང་། རྣམ་བྱང་ཐོབ་པ་ལ་དང་། ཚོགས་གཉིས་རྫོགས་པ་ལ་དང་། རྟོགས་པ་ཁྱད་པར་ཅན་ལ་བཀོད་པའོ། །དང་པོ་ནི། དེ་ལྟ་བུའི་རིམ་པ་ཡང་ས་བཅུ་པ་དེ་ཉིད་ལ་ཁྱད་པར་ཅན་གྱི་ལམ་གྱི་རང་གི་ངོ་བོ། བྱང་ཆུབ་མཐའ་དག་མྱུར་དུ་རང་རྒྱུད་ ལ་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་ལ་འགོད་པར་མཛད་དོ། །གཉིས་པ་ནི། ལས་དང་འབྲས་བུར་འབྲེལ་བའི་དོན་ལ་ཆུད་མི་ཟ་བར་ངེས་པ་ལ་འགོད་པ་དང་། གསུམ་པ་ནི། དངོས་པོ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། བཞི་པ་ནི། ཕྱིན་ཅི་ལོག་ཐམས་ཅད་སྤངས་པ་དང་། ལྔ་པ་ནི། ཕྱིན་ཅི་ལོག་གཞི་མེད་པར་སྤངས་པའི་ཡེ་ཤེས་དང་། དྲུག་པ་ནི། རང་བཞིན་གྱིས་ཡོངས་སུ་དག་པའི་མཚན་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་རྣམ་པར་བྱང་བ་ལ་དགོངས་པ་དང་། བདུན་པ་ནི། དྲི་མ་ ཐམས་ཅད་དང་བྲལ་བའི་རྣམ་པར་བྱང་བའི་རྒྱུའི་ཚོགས་ལ་འགོད་པར་མཛད་པ་དང་། བརྒྱད་པ་ནི། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་འདུས་བྱས་དང་འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་བཀོད་ནས་ཞེས་སོ། །གསུམ་པ་ལམ་གྱི་འབྲས་བུ་ལ་འགོད་པ་ནི། དེ་བཞིན་ 5-1-560a གཤེགས་པའི་ས་ལ་སྟེ་མྱ་ངན་ལས་འདས་པ་ལ་བཀོད་པར་མཛད་དེ་ཞེས་སོ། །གཉིས་པ་ཕྲིན་ལས་དེའི་དུས་ནི། དེ་ལྟར་ན་ཆོས་ཀྱི་སྐུ་བཞིན་དུ་འདིའི་ཕྲིན་ལས་རྣམ་པ་ཉི་ཤུ་རྩ་བདུན་ཡང་འཁོར་བ་ཇི་སྲིད་པར་བཞེད་པ་ཞེས་བྱ་བ་ནི་མཛད་པ་ཡིན་ནོ། ། གསུམ་པ་བར་གྱི་གོ་རིམ་རྣམས་མཚོན་ནུས་པར་བསྟན་པ་ནི། དོན་བདུན་ཅུའི་དང་པོ་སེམས་བསྐྱེད་པ་དང་པོ་དང་། ཐ་མ་ཆོས་སྐུའི་ཕྲིན་ལས་བསྟན་པའི་རིམ་པས་ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམ་ཡང་ཁོང་དུ་ཆུད་པར་བྱ་སྟེ། ཚིག་མང་གིས་དོགས་ནས་སེང་བཟང་ བདག་གིས་ནི་མ་བྲིས་སོ། ། འདིར་སྨྲས་པ། ངོ་བོ་ཉིད་སྐུའི་རང་བཞིན་ཉམས་མེད་པ། ། སྐུ་གསུམ་རྟ་ལྗང་ཤིང་རྟས་ལེགས་དྲངས་ཏེ། ། ཕྲིན་ལས་གཟི་འོད་འབར་བའི་སྐལ་བ་དེ། ། མིག་བུ་མེད་པའི་མིག་ཚབ་འདི་བྱུང་སྨན། །ཅེས་བྱ་བའོ། །གསུམ་པ་སྐབས་ ཀྱི་གྲངས་བརྗོད་པས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐབས་བརྒྱད་པའི་འགྲེལ་པའོ།། །།༈ གཉིས་པ་བར་མ་ལ་དད་པའི་གང་ཟག་ལ་དོན་དྲུག་ཏུ་བསྟན་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། རྒྱས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་བཅོམ་ལྡན་འདས་ཀྱིས་བཤད་པ་དེ་ལྟར་དོན་བརྒྱད་ཀྱི་སྒོ་ནས་རྣམ་པར་བཤད་ནས། ཡང་གཞན་དུ་དོན་དྲུག་གི་སྒོ་ནས་རྣམ་པར་བཤད་པ་ཡིན་ནོ། །གཉིས་པ་ནི། རྒྱལ་བའི་ ཡུམ་དོན་མཚོན་བྱེད་ཀྱི་དབང་དུ་བྱས་ནས་མཚན་ཉིད་མཁྱེན་པ་གསུམ་དང་། དེ་མངོན་དུ་བྱ་བའི་རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བ་དང་། སྦྱོར་བ་དེ་ཐབས་ཀྱི་སྒོ་ནས་རྒྱུད་ལ་སྦྱར་བ་རྩེ་སྦྱོར་དང་། སྦྱོར་བ་དེ་དག་གི་གོ་རིམ་གྱི་དབང་དུ་བྱས་ནས་མཐར་གྱིས་སྦྱོར་བ་དང་། 5-1-560b དེ་སྐད་ཅིག་མ་ཐ་མའི་དབང་དུ་བྱས་ནས་སྐད་ཅིག་མའི་སྦྱོར་བ་བཞི་དང་། སྦྱོར་བ་དེའི་རྣམ་སྨིན་ཆོས་ཀྱི་སྐུ་དང་བཅས་པས་ནི་ཤེར་ཕྱིན་གྱི་དོན་ཐམས་ཅད་བསྡུས་ཏེ་འདི་ནི་བསྡུས་ཚུལ་སྔ་མ་ལས་གཞན་ཏེ་རྣམ་པ་དྲུག་ཏུ་བསྡུས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། ། གསུམ་པ་འགྲེལ་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ནི། དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལ་སོགས་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མཚོན་པའི་གནས་ཉིད་ཡིན་པས་མཚན་ཉིད་དོ། །དེ་ནས་མཁྱེན་ གསུམ་གྱི་དོན་དབང་དུ་བྱ་བའི་ཕྱིར་རྣམ་ཀུན་སྦྱོར་བ་འདིས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པ་ལ་སྦྱོར་བས་ན་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་ཡིན་ནོ། །དེ་ནས་སྦྱོར་བ་དེ་ཤིན་ཏུ་གོམས་པས་རྟོགས་པ་ཕུལ་ དུ་བྱུང་བར་འགྲོ་བའི་ཕྱིར་རྩེ་མོའི་མངོན་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བསྡུས་བསྒོམ་རབ་ཏུ་གྱུར་པའི་གནས་སྐབས་སོ་སོར་བའི་རྩེ་སྦྱོར་ཡང་ཐ་དད་པ་ཡིན་ནོ། །རྩེ་སྦྱོར་དེ་ནས་རྩེ་སྦྱོར་རྟོགས་པའི་མཁྱེན་གསུམ་གྱི་དངོས་པོ་ངེས་པར་བྱ་བའི་ཕྱིར་མཁྱེན་ གསུམ་སོ་སོ་བ་དང་། དེ་གསུམ་པོ་སྦྱོར་བ་དང་པོ་གཉིས་སུ་མཁྱེན་གསུམ་མཐའ་དག་སྡོམ་པར་བྱས་ཏེ་རྒྱུད་ལ་རྣམ་པར་བསྒོམས་པའི་དོན་གཞུང་སྲོང་བར་བྱེད་པས་ཏེ་མཐར་འདོན་པའམ་མཐར་གྱིས་པའི་མངོན་པར་རྟོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གོ་རིམ་གྱི་ གནས་སྐབས་ཡིན་ནོ། །སྦྱོར་བ་དེའི་འོག་ནས་གོམས་པས་ཁྱད་པར་དུ་འགྲོར་མེད་པས་ཡང་དག་པར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒོམ་པ་མཐར་ཐུག་པའི་གནས་སྐབས་ཡིན་ནོ། །དེ་ནས་དེའི་འོག་ཏུ་སྦྱོར་ 5-1-561a བསྒོམས་པ་དེའིའང་འབྲས་བུ་ཡིན་པས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་རྒྱུ་དུས་ཀྱི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དོན་ལ་ནན་ཏན་དུ་བྱས་པའི་རྣམ་པར་སྨིན་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་ན་ཡུམ་གསུམ་པོ་ཐམས་ཅད་ཀྱིས་དོན་བརྒྱད་བསྡུས་ པ་ལས། གཞན་བསྡུས་ཚུལ་རྣམ་པ་དྲུག་སྟེ། བསྡུ་ཚུལ་རྒྱས་པ་ནི་སྔ་མ་བརྒྱད་ཁོ་ན་བཞིན་དུ་བཤད་པས་ཤེས་པར་བྱ་བ་ཡིན་ནོ། །གསུམ་པ་བསྡུས་པ་ལ་དད་པའི་གང་ཟག་ལ་གསུམ་དུ་བསྡུས་ཏེ་བསྟན་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བར་མ་ལ་དགའ་བའི་ སེམས་ཅན་ལ་སྟོན་པས་ཕན་གདགས་བཤད་པ་དེ་ལྟར་དོན་བསྡུས་པ་དྲུག་གི་སྒོ་ནས་རྣམ་པར་བཤད་ནས། ཡང་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་གཞན་དུ་རྣམ་པར་བཤད་པ་ནི་སྟེའོ། །གཉིས་པ་ནི། འཇུག་པའི་ཡུལ་ནི་མཁྱེན་པ་རྣམ་པ་གསུམ་ པོ་སྟེ་རྒྱུ་དང་། ཉམས་སུ་ལེན་བྱེད་ཀྱི་ཐབས་ནི་སྦྱོར་བ་བཞིའི་བདག་ཉིད་དང་། ཉམས་སུ་བླངས་པས་ཐོབ་པ་ནི་ཆོས་སྐུ་ཕྲིན་ལས་དང་བཅས་པའི་འབྲས་བུ་དང་བཅས་པ་ཡིན་ལ། ནི་ནི་ངེས་བཟུང་གི་དོན་ཏོ། །དེ་ལྟར་ཡུམ་གྱི་དོན་ཀུན་བསྡུས་ཚུལ་སྔ་མ་ལས་གཞན་འདི་ལྟ་ བུའི་རྣམ་པ་གསུམ་ཡང་ཡོད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་འགྲེལ་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ནི། དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ངོ་བོ་ཉིད་ནི་འཇུག་པའི་ཡུལ་གྱི་རྒྱུ་ཡིན་ནོ། །དེ་ཇི་ ལྟར་རབ་ཏུ་སྦྱོར་ཞེ་ན། དེའི་འོག་ཏུ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་བཞི་ནི་སྦྱོར་བ་ཡིན་ནོ། །སྦྱོར་བ་དེ་ལྟ་བུ་དང་ལྡན་པའི་རྒྱུ་དེའི་འབྲས་བུ་ཅི་ཞིག་ཡིན་ཅེ་ན། དེའི་འོག་ཏུ་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་ནི་ 5-1-561b འབྲས་བུ་ཡིན་པས་སོ། །གཉིས་པ་ནི། རྒྱལ་བའི་ཡུམ་རྣམ་པ་གསུམ་གྱིས་ཡུམ་དོན་བསྡུས་པ་འདི་ནི་སྔ་མ་ལས་གཞན་བསྡུ་ཚུལ་རྣམ་པ་གསུམ་དུ་འགྱུར་ཏེ། བསྡུ་ཚུལ་གྱི་སྤྲོས་པ་ལ་དགའ་བ་རྣམས་ལ་སྔ་མ་དེ་ཁོ་ན་བཞིན་དུ་དྲུག་གམ་བརྒྱད་དུ་བཤད་པར་བྱ་བ་ཡིན་ནོ། ། གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ལ་བཞི། བཤད་བྱའི་ཡུམ་གསུམ་བརྗོད་བྱ་གཅིག་པར་བསྟན་པ། འཆད་བྱེད་ཀྱི་འགྲེལ་པ་ཇི་ལྟར་བརྩམས་པའི་ཚུལ། བརྩམས་པའི་དགེ་རྩ་བསྔོ་བ། ཁེངས་སྐྱུང་བ་འཕྲོས་དང་བཅས་པའོ། །དང་པོ་ལ། དངོས་དང་། དོགས་པ་བསལ་ བ་གཉིས་ལས། དང་པོ་ནི། ཡུམ་བསྡུས་པ་ལ་ལས་མངོན་རྟོགས་ཀྱི་དོན་ཚང་བ་ཙམ་དང་། གཞན་བར་མ་ལ་ལས་དོན་དུ་མ་ཟད་ཚིག་ཀྱང་ཚང་ལ། གཞན་རྒྱས་པ་ལས་དོན་རེ་རེ་ཡང་རྣམ་གྲངས་མི་འདྲ་བའི་མིང་ཚིག་གི་དབྱེ་བ་དུ་མས་བརྗོད་པར་མཛད་དེ། རྒྱལ་སྲས་ མ་ཕམ་པ་ལ་སོགས་མཁས་པ་རྣམས་ཀྱིས་ཡུམ་ཀུན་བསྡུས་པ་ལའང་དོན་གྱིས་མངོན་རྟོགས་བརྒྱད་དུ་བསྡུས་ཚུལ་དེ་ཙམ་གཅིག་ཏུ་ཤེས་པར་བྱའོ། །གཉིས་པ་དོགས་པ་བསལ་བ་ལ། དེ་ལྟར་མི་འདོད་པ་དགག་པ་དང་། ཟློས་པ་སྤང་བ་གཉིས་ལས། དང་པོ་ནི། རྗེ་བཙུན་གྱིས་དེ་ལྟར་དོན་བསྡུས་ཚུལ་ མིན་ན། ཡུམ་ཐམས་ཅད་ཀྱི་དོན་རྗེ་བཙུན་གྱིས་རིམ་པ་ལེགས་པར་བསྡུས་པ་མ་ཡིན་པའི་སྐྱོན་དུ་ཐལ་ལོ། །གཉིས་པ་ནི། ཡུམ་དེ་ཉིད་ལ་རྒྱས་འབྲིང་བསྡུས་པ་ལ་སོགས་པའི་རབ་ཏུ་དབྱེ་བས་ཟློས་སྐྱོན་དུ་མི་འགྱུར་ཏེ། སྐལ་བ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ ཚུལ་གྱི་ཁྱད་པར་ཡོད་པ་ཁོ་ནར་ཟད་པའི་ཕྱིར་རོ། །གཉིས་པ་འཆད་བྱེད་ཀྱི་འགྲེལ་པ་ཇི་ལྟར་བརྩམས་པའི་ཚུལ་ནི། འཕགས་པ་རྣམ་པར་གྲོལ་བའི་སྡེའི་མཐུ་ཡིས་ཡུམ་གྱི་དོན་མཐོང་བའི་སྒོ་ནས་ནི་གོ་བར་སླ་བའི་ཕྱིར་ཡུམ་གསུམ་པོའི་ཚིག་རེ་རེ་དང་རིམ་པ་བཞིན་ 5-1-562a དུ་ནི་བསྟན་བཅོས་ཀྱི་ངག་སོགས་སྦྱོར་བའི་མདོ་སྦྱོར་མ་བྱས་པར་མཁན་པོ་ཡང་དག་རྣམ་སྣང་མཛད་དེ་བླ་མ་བཟང་པོ་འདི་ལྟ་བུ་ལ་ཕྱག་འཚལ་ནས། བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་གསལ་བ་འདི་ནི་སེང་གེ་བཟང་པོ་བདག་གིས་བྱས་སོ། ། གསུམ་པ་བརྩམས་པའི་དགེ་རྩ་བསྔོ་བ་ནི། འགྲེལ་པ་འདི་བསྡེབས་པ་ལས་བྱུང་བའི་དགེ་བ་བདག་གིས་གང་ཐོབ་པ་དེ་ཡི་དགེ་བའི་རྩ་བས་ནི་སྐྱེ་བོ་ཐམས་ཅད་ཀྱིས་བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །བཞི་པ་ཁེངས་སྐྱུང་བ་ལ་གསུམ། དངོས་དང་། ནོངས་པ་བཤགས་པ། དགེ་རྩ་སྤེལ་བའོ། །དང་པོ་ནི། བདག་ལྟ་བུའི་ཤེས་རབ་མི་གསལ་བས་བསྟན་བཅོས་ཀྱི་དོན་ཀུན་རང་བློ་ལས་ཕྱི་རོལ་ཏུ་གྱུར་པའི་བདག་ཉིད་ཅན་ཡིན་ན་བདག་གིས་རྟོགས་པའི་འོས་ནི་གང་ན་ཞིག་གོ། དེས་ན་འཕགས་མཆོག་བྱམས་པ་ལ་སོགས་པའི་བློའི་སྤྱོད་ཡུལ་གྱི་བདག་ ཉིད་ཆེན་པོར་གྱུར་པའི་བསྟན་བཅོས་ཀྱི་དོན་ནི་བདག་གི་སྤྱོད་ཡུལ་གང་ན་ཡིན་ཏེ་མ་ཡིན་ནོ། །གཉིས་པ་ནི། འོན་ཀྱང་ཡུམ་དོན་བདག་གི་སྤྱོད་ཡུལ་མ་ཡིན་ལ། དེ་ལྟ་མོད་ཀྱི། རང་དང་གཞན་གྱི་དོན་གྱི་ངོར་བག་ཆགས་འཇོག་པའི་ཕྱིར་བདག་གིས་འབད་རྩོལ་བགྱིས་པའི་ ནོངས་པ་ལ་སྐྱེ་བོ་མཁས་པ་རྣམས་བཟོད་པར་མཛོད་ཅིག །ཀྱེ་མ། བློ་གྲོས་ཞན་པ་གཞུང་ལུགས་སྣ་ཚོགས་ལ་ཡུན་རིང་དུ་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་སོགས་ཀྱིས་སྦྱང་པས་དུབ་སྟེ་སངས་རྒྱས་ཀྱི་བསྟན་པའི་དོན་མི་ཤེས་བདག་ངལ་གསོ་བའི་གནས་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་ལུགས་འདི་ཡིན་ལ། ལུགས་དེ་ནི་ཁོ་བོས་རིང་མོ་ཞིག་ནས་མཐོང་བ་ཡིན་པའི་ཕྱིར་བསྟན་བཅོས་ཀྱི་འགྲེལ་པ་བརྩམས་པ་ལ་སྐྱོན་མེད་པས། སེམས་ཅན་གྱི་དོན་བསྒྲུབ་པར་དགོངས་པ་རྣམས་བདག་གིས་འབད་པ་འདི་ལ་རྗེས་སུ་ཡི་རང་བར་མཛད་དུ་གསོལ། ། 5-1-562b གསུམ་པ་བཤད་པ་མཐར་ཕྱིན་པའི་ཚུལ་ལ་གཉིས་ལས། རྫོགས་ཚིག་སྨོས་པ་དང་། འགྱུར་བྱང་བསྟན་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་ པ་རྫོགས་སོ།། །།གཉིས་པ་ལ། སྔ་འགྱུར་གྱི་འགྱུར་བྱང་བསྟན་པ་དང་། ཕྱིས་འགྱུར་གྱི་འགྱུར་བྱང་བསྟན་པ་གཉིས་ལས། དང་པོ་ནི། རྒྱ་གར་གྱི་མཁན་པོ་བིདྱ་ཀཱ་ར་པྲ་བྷ་ཝ་སྟེ་རིག་པའི་འོད་ཟེར་འབྱུང་གནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཉིས་པ་ནི། སླད་ཀྱི་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་དང་། ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཆེན་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་པར་ མཛད་པའོ། །མདོར་ན་དེ་བཞིན་གཤེགས་པའི་བཀའ་དྲི་མ་མེད་པ། དེ་བཞིན་གཤེགས་པ་བྱམས་པ་ལྟ་བུའི་འགྲེལ་པ་ལ་བདག་ཅག་རྣམས་ཀྱིས་ཐོས་བསམ་ལྟར་སྣང་ཙམ་བྱེད་པའི་སྐལ་བ་རྙེད་པ་འདི་སྤྲུལ་པའི་ཆོས་རྒྱལ་ལོ་པཎ་དེ་དག་གི་སྐུ་དྲིན་ཁོ་ན་ཡིན་ཅིང་། དེ་ དག་ཀྱང་རྫོགས་པའི་སངས་རྒྱས་ཤ་སྟག་ཡིན་པས་སྐུ་དྲིན་དྲན་དྲན་པས་དད་པ་དང་འཚམས་པའི་བྱིན་རླབས་སྩོལ་ཅིག ། རྣམ་སྡང་སྐྱོན་གྱི་དུག་བྲལ་སྲིད་པའི་མྱ་ངན་མུན་པའི་དཔུང་ནི་འཕོང་གི་དཔོང་སར་ཁྭ་བཞིན་རིང་ནས་བསྐྲད་མཛད་ལྷན་སྐྱེས་ཡོན་ཏན་འོད་ཟེར་འབར་ བའི་གཟི་བྱིན་ཅན། །མཐའ་ཡས་སེམས་ཅན་ཁམས་ཀྱི་དགོས་དགུའི་ས་བོན་འདིར་གཅིག་ལས་འཁྲུངས་ཡིད་བཞིན་བང་མཛོད་རིམ་པ་བརྒྱ་པའི་ནང་བཞུགས་ནོར་བུའི་སྙིང་པོ་ཐུགས་རྗེ་ཆེན་པོའི་རང་བཞིན་གང་། །མཆོད་འོས་རྟག་པར་གསལ་བའི་ཉི་བཞིན་བཅོམ་ལྡན་ 5-1-563a སྣང་བའི་ཕུང་པོ་ཆགས་པའི་དྲི་བྲལ་ཀུན་དགར་བྱེད་པའི་བདུད་རྩིས་སྲིད་པའི་འཚོ་བ་བྲལ་བ་རྣམས་ལ་བྲན་མཛད་པ། །སྐྱེ་རྒུའི་མཉེས་གཤིན་གཤིན་རྗེའི་དགྲ་ཁྱོད་བསོད་ནམས་དག་པའི་མཁའ་མིག་ཡངས་པར་དམིགས་རུང་དཔག་བསམ་གཏེར་ཆེན་ཉོན་ མོངས་རྣམ་འཇོམས་གཉིས་མེད་གསུང་བའི་བདུད་འདུལ་དེར་མགོས་གཏུགས། །བྱང་ཆུབ་བརྙེས་ཀྱང་བྱིས་པའི་མིག་ལ་སེམས་དཔའི་སྒྱུ་ཐབས་སྟོན་པས་བསླད་ཞུགས་འདི་ན་རྒྱལ་སྲས་མི་ཕམ་པ་ཞེས་གླེང་། །སངས་རྒྱས་བྱམས་པའི་དོ་ཟླར་གྱུར་ཀྱང་བདེ་གཤེགས་ཉིད་ ཀྱིས་སྐྱོན་མེད་སར་གནས་ཡིན་ཅེས་ཟོལ་གྱིས་ལུང་བསྟན་ཀླུ་སྒྲུབ་གྲགས། །འཇམ་པའི་དཔལ་ལས་གཟུངས་དང་ཏིང་འཛིན་དམན་པ་མེད་ཀྱང་སླད་དུ་རྗེ་བཙུན་བྱམས་པ་སྒྲུབ་པའི་ངལ་ཅན་ཐོགས་མེད་ཅེས། །བློ་གྲོས་གཞོན་ནུ་ཐེ་ཚོམ་སློང་བའི་ཚུལ་ནི་འཕགས་ཆེན་ཉིད་ལ་ གནས་འདྲའི་མཛད་པ་རབ་ཟབ་སྟོན་དེར་བདག་ཅག་མོས། །རྒྱལ་བ་མཆོག་གི་རང་བཞིན་གསལ་བ་དང་། །དེ་ཚུལ་ཇི་བཞིན་ཉིད་ལ་འཇུག་པ་ཡི། །རྒྱལ་ཡུམ་དངོས་དང་སྦས་དོན་རིམ་པ་རྣམས། །བྱམས་མགོན་ཀླུ་སྒྲུབ་ལུགས་ལས་ཉེར་ཐོན་པའི། །རྗེས་འབྲངས་མཁས་པའི་ སྐྱེ་བོས་ས་སྟེང་གང་། །འོན་ཀྱང་རྗེ་བཙུན་གཞུང་གི་དེ་ཉིད་ལ། །དབྱིག་གཉེན་ཕྱོགས་གླང་འབུམ་ཊིཀ་མཁན་པོ་སོགས། །མཁས་པའི་མཆོག་གྱུར་རྣམས་ཀྱིས་རྒྱ་ཆེར་བཀྲལ། །དེ་དོན་ཟབ་ཅིང་རྒྱ་ཆེའི་དབང་གྱུར་པས། །བྱིས་པ་རྣམས་ཀྱི་སྐལ་བར་ཆེས་མ་འཚམས། །དེ་ ལྟ་མོད་ཀྱི་འཕགས་སེང་ལྷག་བསམ་གྱིས། །ཉེར་བླངས་ཤེས་རབ་ཚུལ་མདོའི་དོན་རྣམས་ལ། །སྐལ་བ་མཆོག་གི་ལེགས་བཤད་དུ་མ་སྣང་། །བདག་ནི་ཆུང་ནས་རྒྱལ་བའི་བསྟན་འདིར་དད། །ལྷག་པར་རྒྱལ་བའི་ཡུམ་འདིར་མོས་པ་ཞུགས། །འོན་ཀྱང་ཡང་དག་བཤེས་གཉེན་ 5-1-563b རིང་དུ་བསྐལ། །དེ་ཚེ་དད་པའི་བག་ཆགས་གོམས་པ་ལས། །རང་ལོ་ཉི་ཤུར་རྗེ་བཙུན་གཞུང་ཉིད་དང་། །སེང་བཟང་འགྲེལ་པ་དམ་པའི་སྐྱེས་བུ་ལས། །བཀླག་ལུང་ཚུལ་གྱིས་ལེགས་པར་ཡིད་ལ་མནོས། །དེ་ཡི་བཀའ་དྲིན་བཟང་པོའི་མཐུ་ཐོབ་པ། །རང་ལོ་ཉེར་ གསུམ་མཇུག་ནས་དབུ་བཙུགས་ཏེ། །ཉེར་ལྔའི་ངོ་མཐོང་ཉིད་ལ་ལེགས་པར་གྲུབ། །འོན་ཏེ་བསྟན་བཅོས་འདི་ཡང་མྱུར་འགྲུབ་པའི། །སྐལ་བ་མཆིས་ཀྱང་བར་དང་བར་རྣམས་སུ། །སྒྲ་ཚད་རིག་པའི་རྣམ་གཞག་དུ་མ་དང་། །རང་བློ་ལ་དཔགས་ཐོས་པ་སྒྲོགས་པ་སོགས། ། ཆོས་ལྡན་ལས་དང་ངན་ཞེན་ལེ་ལོས་ཀྱང་། །མྱུར་བར་མ་གྲུབ་ནོངས་པ་མཁས་ལ་བཤགས། །བདག་གིས་འདིར་འབད་གངས་རིའི་རྒྱ་མཚོ་ཆེ། །དགེ་བའི་རྦ་རླབས་ཁ་བའི་ཕྲེང་བས་ནི། །འགྲོ་ཀུན་སྡུག་བསྔལ་ཉམ་ཐག་ཀུན་འབྱུང་གི། །ནད་ཀྱིས་གཟིར་ལ་བདུད་རྩི་ཉིད་ གྱུར་ཅིག །ཅེས་བྱ་བ་འདི་རིགས་པའི་གནས་ལྔའི་ཚུལ་ཕྱོགས་ཙམ་རིག་ཅིང་། ཆོས་དང་ཆོས་མིན་དཔྱོད་པའི་བློ་གྲོས་ཀྱི་མིག་ཅུང་ཟད་ཐོབ་པ་དགེ་སློང་ལོ་ཙཱ་བ་དབྱངས་ཅན་མགུ་བྱེད། མིང་གཞན་འཕགས་པ་ཀརྨ་པའི་སྐྱེ་བའི་ཕྲེང་བ་བརྒྱད་པར་གྲགས་པས། འཇམ་དབྱངས་དགྱེས་པའི་མདངས་ལྡན་གྱི་གཙུག་ལག་ཁང་གི་ཕྱི་རོལ། སྐྱེད་མོས་ཚལ་དགེ་སློང་བརྒྱ་ཕྲག་ཕྱེད་ལྷག་པ་དབྱར་ཚུལ་ལ་ཡང་དག་པར་གནས་པའི་ཀློག་གྲྭར་རང་ལོ་ཉེར་ལྔ་པའི་དབྱར་ཙམ་གྱི་དུས་མར་ངོའི་གྲལ་ཚེས་དང་པོ་ལ་ཡང་དག་པར་གྲུབ་བོ། །ཁོ་བོའི་ འགྲེལ་ཚུལ་འདི་ཉིད་འཕགས་སེང་དང་མི་མཐུན་པ་འདུག་ཅེས་ཞེན་པར་སྨྲ་བ་རྣམས་སྡང་སྨྲས་སུ་མ་བྱེད་པར་འཆད་ཉན་གྱི་སྒོ་ནས་གཏན་ལ་འབེབས་པར་མཛོད་ཅིག །ཤེས་རབ་ཞན་པས་ཇི་བཞིན་གཞུང་མ་གོ། །ཐོས་པ་བྲལ་བས་རྒྱུས་མེད་སྒྲོག་པ་ཙམ། །ཡོངས་འཛིན་ 5-1-564a བསྐལ་པས་བརྡའ་དོན་དཔྱིས་མ་ཕྱིན། །བརྩོན་པ་དམན་པས་ཆོས་ཚུལ་གཏིང་མ་དཔོགས། །འོན་ཀྱང་རྗེ་བཙུན་ཆོས་གྲགས་རྒྱ་མཚོ་ཡི། །ཐུགས་ཀྱི་དགོངས་པ་ཟབ་མོ་གསང་བ་དང་། །སྐལ་ངན་བདག་ཀྱང་ལེ་ལོར་མི་གནས་ཙམ། །ཡིན་ཀྱང་ཁྱོད་ལ་འཆད་རྩོམ་ གཉེར་བྱ་ཅི། །ཀྱེ་མ་ཁྱོད་འདྲའི་དགེ་སྦྱོང་གཟུགས་བརྙན་ཅན། །ཕྱི་ནང་འགལ་འདུའི་རང་བཞིན་བློ་གྲོས་ཉམས། །སྡེ་སྲིད་ཆོས་པའི་ཕྱོགས་རིས་ཤིན་ཏུ་རགས། །ཆོས་དང་རང་རྒྱུད་ལྷན་ཅིག་མི་གནས་གྱུར། །ཅི་བྱེད་ཉོན་མོངས་གཉེན་པོར་མ་སོང་བའི། །ཐོས་བསམ་སྒོམ་པའི་ ཚུལ་གྱིས་རང་གཞན་བསླུས། །ལེགས་པར་བརྟགས་ན་རང་ལ་ཡིད་འབྱུང་སྐྱེས། །འཕགས་པའི་ཐུགས་རྗེས་སྐྱོབས་ཤིག་ལས་ངན་བདག །མཉམ་མེད་ཆོས་ཀྱི་རྒྱལ་པོ་ཀརྨ་པ། །མཚུངས་པ་མེད་པའི་སྐུ་དྲིན་འཁོར་བར་དཀའ། །འོན་ཀྱང་དགེ་སྦྱོང་གཟུགས་ལ་དད་པའི་ཟས། ། འཕགས་པ་ཁྱོད་ལ་དམིགས་ཏེ་ཕུལ་བ་ནི། །བླུན་པོའི་ནོར་ཅན་བདག་གིས་བླངས་གྱུར་པ། །ཡོན་སྦྱོང་མ་ནུས་ཆོས་གྲགས་རྒྱ་མཚོས་གཟིགས། །ཀྱེ་མ་འཁྲུལ་སྣང་འདི་ནི་བདག་ཕྱིར་འབྲངས། །ལས་ངན་སྔོན་ནས་འཕངས་པ་ཡུལ་དུ་གྲུབ། །ཕྱིས་ནས་ཚེ་ཡི་ཚད་ནི་རིམ་བཞིན་ ཡལ། །སྙིང་རྗེའི་ཡུལ་འདིར་གཟིགས་ཤིག་ཀརྨ་པ། །རྒྱལ་དབང་ཆོས་གྲགས་རྒྱ་མཚོས་བདག་གཟིགས་སམ། །ཁྱེད་ལ་ཐུགས་རྗེ་མཐུ་རྩལ་མངའ་གྱུར་ན། །ཁྱོད་ཉིད་ཁོ་ནར་མོས་པའི་དབྱངས་ཅན་བཟང་། །སློབ་མ་སྡུག་གུ་ཡལ་བར་འདོར་ལགས་སམ། །ཊཱི་ཀ་འདིར་ཡང་ བར་སྐབས་ཚིགས་བཅད་འགར། །སྣང་ཤས་དབང་གིས་གཞན་ལ་བསྙད་འདོགས་པའི། །ངག་འཆལ་འགའ་ཞིག་བྲིས་ལ་འགྱོད་པར་མཆིས། །འདི་ཡང་ཆོས་གྲགས་རྒྱ་མཚོའི་སྤྱན་སྔར་བཤགས། །ཀྱེ་མ་བདག་ནི་སྒོ་གསུམ་ཅི་བྱེད་ཀྱང་། །ཐམས་ཅད་འཁྲུལ་བ་ཉིད་ཀྱི་དབང་ 5-1-564b དུ་གྱུར། །ཕྱིན་ཆད་རྒྱུད་ལ་ཕྱི་ནང་ཟོལ་མེད་པའི། །བསྟན་པའི་གྲལ་དུ་ངེས་པར་ཚུད་པ་ཞིག །འཕགས་མཆོག་སྤྱན་རས་གཟིགས་དབང་ཀརྨ་པ། །ཆོས་གྲགས་རྒྱ་མཚོས་བྱིན་གྱིས་བརླབས་ཏུ་གསོལ། །༈ སྭ་སྟི། རྗེ་བཙུན་ཀརྨ་པའི་མཚན་གྱིས་བྱིན་གྱིས་ བརླབས་པ། བདག་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཕར་ཕྱིན་གཞུང་འགྲེལ་གྱི་འགྲེལ་པ་བྱས་པའི་སྤར་གྱི་མཐུན་རྐྱེན། བོད་བཙད་པྡྷྣ་གདུང་བརྒྱུད་བསམ་སྡེ་ནས་མཛད་པའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་དང་། སྤར་བྱང་གཉིས་ཀ་ཡང་མི་བསྐྱོད་རྡོ་རྗེ་བདག་ཉིད་ཁོ་ནས་སྨྲ་བར་བྱ་སྟེ། ཨེ་མ། འཇིག་རྟེན་སྟོན་པའི་བསྟན་པ་རིམ་བཞིན་སྡུད། །བྱང་ཆུབ་རྣམ་གསུམ་སྒྲུབ་པའི་སྐལ་ལྡན་མེད། །ས་གཞི་ཆོས་བཞིན་སྐྱོང་བའི་རྫོགས་ལྡན་བྲལ། །སྙིགས་མའི་དུས་འདིར་བདག་སྐྱེ་དོན་མེད་གྱུར། །༡ དེ་ལྟར་ན་ཡང་རྗེ་བཙུན་བླ་མ་རྗེ། །སངས་རྒྱས་མཉན་པ་ གྲུབ་ཐོབ་བཀའ་དྲིན་ལས། །སངས་རྒྱས་བསྟན་པའི་རིམ་པ་ཅུང་ཟད་མཐོང་། །དེ་ཡི་ཚུལ་ལ་སྤྲོ་བ་རྒྱ་ཆེར་ཐོབ། །༢ དེ་ཚེ་ཐར་འདོད་སྒྲུབ་པ་དོན་གཉེར་བ། །ཚུལ་བཞིན་ཡིད་ལ་བྱེད་པ་མ་མཐོང་བས། །བཟོད་བླགས་མེད་པའི་སྙིང་རྗེ་ནང་ནས་སྐྱེས། །ཅི་བྱ་ནུས་མེད་མཆི་མ་ ཁོང་ནས་འཁྲུགས། །༣ དེ་ཚེ་མཉམ་མེད་དྭགས་པོ་བཀའ་བརྒྱུད་དང་། །སྒྲུབ་བརྒྱུད་སྙིང་པོ་ཀརྨ་ཀམ་ཚང་གི། །ཐུགས་རྗེར་ལྡན་པའི་བླ་མ་ཐམས་ཅད་ཀྱིས། །བདག་ལ་ལྟོས་བཅས་སློབ་མ་རྣམས་ལ་གཟིགས། །༤ མཐོ་རིས་ཡོན་ཏན་བདུན་གྱིས་མངོན་མཐོ་བའི། །ཙཱ་རི་གྲགས་ པས་མཐུན་རྐྱེན་ལེགས་སྦྱར་ཞིང་། །ཡི་གེའི་ཕྱི་མོ་འཁོར་སོགས་སྦྱོར་བ་པོ། །བཙུན་མ་གྲགས་དང་རྐོས་ཀྱི་རིག་བྱེད་པ། །༥ རྡོ་རྗེ་དཔོན་གཡོག་ཞུ་དག་མཁན་པོ་སོགས། །ཕྱོགས་འདིར་ཞུགས་པའི་བསམ་སྦྱོར་དགེ་བ་དང་། །འབྲེལ་བ་འདི་ལ་བརྟེན་ནས་ལེགས་བྱས་ཀྱི། ། 5-1-565a འབྲས་བུ་གང་མཆིས་སེམས་ཅན་ཐམས་ཅད་པ། །༦ མངོན་པར་རྟོགས་པའི་རྒྱན་གྱི་རིམ་པ་ཡི། །ལམ་བཟང་སྒོ་ནས་ཀུན་མཁྱེན་ཐོབ་ཕྱིར་བསྔོ། །༈ ན་མོ་གུ་རུ་མཉྫཱུ་ཤྲི་ཡེ། སྲས་བཅས་རྒྱལ་བའི་རྒྱུ་སྐར་དཀྱིལ་འཁོར་འབྱམས་ ཀླས་པ། །རྒྱུན་གྱི་འཁོར་ལོར་འཆར་བའི་ཆོས་དབྱིངས་ཡེ་ཤེས་ཀྱི། །ནམ་མཁའི་མེ་ལོང་ཤེས་རབ་ཕ་རོལ་ཕྱིན་ཡུམ་ལ། །གཏན་གྱི་སྐྱབས་སུ་ངེས་པའི་དད་པས་ཕྱག་བགྱིའོ། །༡ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་རྒྱལ་བའི་སར། །བགྲོད་པ་གཅིག་ པའི་ལམ་གྱུར་ཟག་མེད་ཡོན་ཏན་གྱི། །འབྱུང་གནས་ཕུན་སུམ་ཚོགས་པ་དེ་ནི་སྤྲོས་ཀུན་དང་། །བྲལ་བའི་གཉུག་མའི་གནས་ལུགས་འདི་ལས་གཞན་ཡོད་མིན། །༢ གང་ཞིག་མ་རིག་འཁྲུལ་བའི་རང་གཟུགས་མཚན་མའི་ཆོས། །མཐའ་དང་བྲལ་བར་བཤིགས་ལ་ སྟོང་ཆེན་བདུད་རྩི་ཡི། །བགོ་བཤའ་སྟོབས་དང་ལྡན་པ་དེ་རུ་སྲིད་ཞིའི་ཁམས། །མི་གནས་མྱང་འདས་སྦྱིན་པའི་ཆོ་ག་ཅི་ཡང་ཡོད། །༣ རང་བཞིན་གཤིས་འདི་ཕྱོགས་དང་རིས་སུ་ཆད་མིན་ཀྱང་། །འགྲོ་བ་ཁམས་དབང་བསམ་པའི་སྐལ་བ་དང་འཚམས་པར། །ཆོས་ཉིད་ ལང་ཚོ་ངོམས་ལ་འགོག་པ་མེད་པའི་ཕུལ། །དམ་ཆོས་དཀོན་མཆོག་རྒྱ་མཚོའི་ངོ་བོར་རྒྱལ་བས་སྤྲོས། །༤ དེ་སླད་ཐེག་པའི་འཇུག་སྒོ་ཇི་སྙེད་འཕྲོ་བའི་གཞི། །ཆོས་ཀྱི་འཁོར་ལྡྷྣ་འབྱུང་གནས་བླ་ན་མེད་གྱུར་ཀྱང་། །རྒྱས་པར་སྣང་དང་མཐོང་བ་ཡོངས་སུ་རྫོགས་ པ་ཡི། །ཁྱད་པར་ཆེ་བ་གདུལ་བྱའི་བློ་ཡིས་བྱས་པ་བཞིན། །༥ ཐེག་ཆེན་ཆོས་ཀྱི་སྙིང་པོར་ཡོངས་གྱུར་ཟབ་པ་དང་། །རྒྱ་ཆེའི་བདག་ཉིད་མཁའ་དང་མཚོ་ལ་ཅོ་འདྲི་བ། །ཐམས་ཅད་མཁྱེན་པའི་མངོན་རྟོགས་ཕུལ་བྱུང་ཡུམ་གྱི་གཞུང་། །གཞི་ལམ་འབྲས་བུའི་ 5-1-565b དཀྱིལ་འཁོར་ཉིད་དུ་བརྗིད་པ་ཆགས། །༦ མཐའ་རྣམས་མ་ལུས་ཀུན་དང་བྲལ་བ་དངོས་བསྟན་ནི། །སྟོང་ཉིད་ལས་གཞན་མཁྱེན་གསུམ་སྦྱོར་བཞི་ཞུགས་འབྲས་བཅས། །མཐར་ཐུག་དོན་རྣམས་སྦས་པའི་ཚུལ་དུ་ཐུབ་མཆོག་དེས། །རྣམ་པ་ཐམས་ཅད་པ་ཡི་མགྲིན་ པའི་ཁྱིམ་ནས་བསྒྲགས། །༧ དེ་ཉིད་བསམ་གྱིས་མི་ཁྱབ་པའི་གནས་སུ་བརླིང་ཆེས་པས། །ཀུན་གྱི་སྤྱོད་ཡུལ་ཐུན་མོང་འབབས་མིན་དེ་ཡི་སླད། །མན་ངག་ཉིད་དུ་དྲིལ་ནས་བསྟན་པ་འདི་ཉིད་ནི། །ཀུན་མཁྱེན་ཡེ་ཤེས་མངོན་སུམ་གཟུགས་སུ་རྒྱུ་འདྲར་མཐོང་། །༨ ཤིན་ཏུ་ མཐའ་ལ་ཐུག་པའི་རྒྱུ་འབྲས་ཉག་གཅིག་ཕྱིར། །ཆོས་ཀྱི་ཕུང་པོ་གཅིག་ཏུ་སྡུད་ཅིང་ངེས་པའི་དོན། །གསལ་བར་ཕྱུངས་ལ་ཐུབ་པ་རང་དང་མཉམ་པ་ཡི། །ཉེར་ལེན་དེ་ནི་རྒྱལ་ཚབ་བྱམས་མགོན་ཁོ་ནའོ། །༩ དཀའ་ཐུབ་བརྟན་པོས་ཡུན་རིང་མགུ་བ་སྤྱད་པ་ལས། ། བྱམས་པའི་ལྷ་དེ་མཉེས་པར་གྱུར་ནས་མི་ཡུལ་དུ། །ཆོས་ཀྱི་གངྒཱ་ལེགས་པར་འབབས་པའི་བདག་རྐྱེན་ནི། །ཐོགས་པ་མེད་པའི་སྐལ་ལྡན་ཤིང་རྟས་བདག་གིར་བྱས། །༡༠ དེ་ཚེ་རྣམ་གྲོལ་བྱང་ཆུབ་བླ་མེད་ཤེས་པ་དང་། །ལྡན་པའི་སྐྱེ་བོ་ཡོངས་ཀྱི་སྙིང་ལ་མུན་པའི་ ཁྲོད། །ཉི་མ་ལྟ་བུར་ཡང་དག་གསལ་བའི་དགེ་མཚན་ཡང་། །ཞི་བ་ཆེན་པྡྷྣ་སྣང་བས་བསྙེམས་པ་བཞིན་དུ་གྱུར། །༡༡ དཔང་གྱུར་མཁས་པའི་སྐྱེ་བོ་མང་པོ་དོན་མཐུན་པར། །གསལ་བྱེད་ལེགས་བཤད་རྒྱ་མཚོ་སྤྲོ་ལ་དགྱེས་ཆགས་བཞིན། །མངོན་པར་སྤེལ་ བའི་ངོ་མཚར་དེ་ཡང་ཐུབ་མཆོག་གི། བསྟན་པ་རིན་ཆེན་གསལ་བའི་རྒྱན་དུ་བརྒྱུད་མར་བྱུང་། །༡༢ ཀུན་གྱི་དབུས་ན་ལུང་རིགས་ཚད་མར་སོང་བའི་མཐུ། །གཅིག་ཏུ་སྨིན་པའི་ལུས་སྟོབས་རྒྱས་དེ་འཕགས་ཡུལ་ན། །དཔལ་ལྡན་སེང་གེ་བཟང་པོས་བྱས་པའི་བསྟན་ 5-1-566a བཅོས་ནི། །དོན་གསལ་སེང་ཕྲུག་ཁོ་ན་ཡིན་ཅེས་ཀུན་ལ་གྲགས། །༡༣ གཞན་དུ་སྟོན་མཆོག་ཉིད་དང་དབྱེར་མེད་རྒྱལ་བ་མཆོག །མི་བསྐྱོད་རྡོ་རྗེའི་གསུང་གསང་ཉི་འོད་ཐིག་ལེ་ཡིས། །རེག་པ་མིན་ན་གཞུང་དོན་གངས་རི་བདུད་རྩིའི་ཆུར། ། བཞུ་བར་དཀའ་ཞེས་ཕྱི་དུས་ལེགས་བྱས་ལམ་ནས་ཐོས། །༡༤ ངེས་དོན་མཐར་ཐུག་ནང་གི་དབུ་མ་ཁོ་ན་རུ། །གནས་པའི་གསང་དེ་སྔོན་ཆད་སྒྲིན་པོ་སུ་ཡིས་ཀྱང་། །རྟོགས་པར་འོས་མིན་ངེས་ཤེས་བློ་ནི་རྫོགས་སངས་རྒྱས། །ཀརྨ་པ་ཡི་བགོ་སྐལ་གཅིག་པུར་གྲུབ་ འདིས་བྱིན། །༡༥ བཤད་པའི་ལམ་སྲོལ་འདི་ལྟ་ཉིད་ཀྱིས་ཟབ་མྡྷྣ་གནད། །གཞུང་གི་དགོངས་པར་ཇི་བཞིན་འབྱོར་པའི་གོ་སྐབས་དག །བདེ་བར་མཐོང་ཕྱིར་སྔོན་མེད་ལེགས་བཤད་འདི་ཉིད་ནི། །རྒྱལ་ཡུམ་མ་དེ་ཡི་གེའི་གཟུགས་སུ་ཡོང་བ་བཞིན། །༡༦ གཞན་ དངོས་སྟོང་པའི་སྐུད་པ་འཇམ་པྡྷྣ་རང་བཞིན་ཡང་། །ལུང་རིགས་ཟབ་མྡྷྣ་དོན་ཡོད་ཞགས་པ་ཉིད་གྱུར་པས། །སྦས་དོན་ཡིད་འཕྲོགས་སི་ཏཱ་ཁུགས་དེ་སྤྲོས་བྲལ་གྱི། །གཞུང་ལུགས་ནོར་བཟང་རྩེ་དགའི་བག་མར་དེང་འདིར་སོང་། །༡༧ བདེ་གཤེགས་སྙིང་པོ་ གདོད་ནས་ལྷན་ཅིག་སྐྱེས་པའི་ཁམས། །ཆོས་དབྱིངས་དེ་ལས་གཞན་དུ་རྣམ་དབྱེར་མ་མཆིས་པས། །ཟབ་རྒྱས་ཟུང་འཇུག་གཤིས་སུ་སྦྱོར་ལ་མཁས་གྱུར་ན། །ངེས་དོན་ཆོས་རྣམས་དགོངས་པ་རོ་གཅིག་འགྱུར་ལས་ཅི། །༡༨ གང་དག་སྙིང་པྡྷྣ་བསྟན་དང་ངེས་དོན་ ལ་དགའ་བའི། །སྐྱེ་བོ་ཀུན་ལ་རྣམ་པར་སྨན་སླད་དཔལ་ཀུན་ནི། །གཅིག་ཏུ་སྤུངས་པ་ཐུབ་བསྟན་ཆོས་ཀྱི་འཁོར་ལྡྷྣ་གླིང་། །མ་ཕམ་རྒྱལ་བ་བརྒྱུད་མར་དགྱེས་པའི་གདན་ས་ཆེར། །༡༩ ཀུན་མཁྱེན་བླ་མ་བྱམས་མགོན་ཏཱ་ཡི་སི་ཏུའི་ཞབས། །པདྨའི་ལྗགས་ལྡན་ 5-1-566b གསུམ་པར་གྲགས་པ་དབང་བཅུའི་སྟོབས། །མཆོག་ཏུ་གྲུབ་པའི་རྣམ་འདྲེན་རྒྱལ་པོ་གང་དེ་ཡི། །ཐུགས་བསྐྱེད་རྒྱ་མཚོའི་འཇིངས་བཞིན་ཤིན་ཏུ་ཟབ་པ་ལས། །༢༠ ཆོས་སྦྱིན་འདོད་རྒུ་འཇོ་བའི་དབྱིག་ཏུ་རྒྱས་འགྲེལ་འདི། །བལྟམས་པའི་རིང་སྲེལ་འཇོག་པྡྷྣ་གཙུག་རྒྱན་ འདྲ་བ་ནི། །མངོན་པར་འཆར་ཚེ་ངོ་མཚར་སྣང་བ་མ་བཟོད་ནས། །ཉིན་བྱེད་གཞོན་ནུ་མཁའ་ལ་དེང་འདིར་བྲོས་སམ་སྙམ། །༢༡ ལེགས་བྱས་འོ་མཚོ་ལྟ་བུ་རབ་ཏུ་དཀར་བ་ཡི། །སྙིང་པོར་སྨིན་པ་དགེ་ཚོགས་ཟླ་བ་རྒྱས་པ་ནི། །བྱང་ཆུབ་སྙིང་པྡྷྣ་མཐར་ཡང་ ཉམས་པ་མེད་སླད་དུ། །མི་ཤིགས་ཡོངས་བསྔྡྷྣ་ཆུ་གཏེར་རྫིང་བུར་དེངས་བསྐྱེལ་ཏོ། །༢༢ ཕྱོགས་དུས་ཀུན་ན་རྒྱལ་བ་སྲས་བཅས་དགྱེས་པ་ཡི། །མཆོད་སྤྲིན་ཉིད་དང་དཀར་པྡྷྣ་ཕྱོགས་སྐྱོང་མ་ལུས་རྣམས། །དགའ་བའི་དཔལ་ཏེ་ཀུན་ལ་སེམས་གཉིས་ཆོ་ག་ ནི། །ཡང་དག་རྫོགས་པའི་ཉེར་ལེན་བླ་མེད་རྒྱུར་གྱུར་ཅིག །༢༣ གང་དུ་ཞི་བསིལ་གཏན་གྱི་བདེ་བས་དགེ་བྱེད་པའི། །ཕན་པ་བླ་མེད་དབྱིག་ཏུ་གྲུབ་པའི་རིན་ཆེན་གསུམ། །འཇིག་རྟེན་མུ་མཐར་ཐུག་པའི་ཞིང་དུ་ཡིད་འོང་བའི། །ཁྱབ་བརྡལ་འཁོར་པོའི་ འདུ་འགོད་ལྷུན་གྱིས་གྲུབ་གྱུར་ཅིག །༢༤ སྟོན་པའི་བསྟན་པ་མཚན་ཉིད་པ་ནི་ལུང་རྟོགས་ཀྱི། །རྣམ་གཞག་རྣམ་པ་གཉིས་ལས་གཞན་དུ་མ་དམིགས་ཏེ། །དེ་འཛིན་བྱེད་པ་བཤད་དང་སྒྲུབ་པ་ཁོ་ན་ཡི། །ལེགས་བྱས་རྨད་བྱུང་མཁའ་དང་མཉམ་པར་འཕེལ་ གྱུར་ཅིག །༢༥ བདེར་གཤེགས་ཐམས་ཅད་རྗེས་སུ་གཤེགས་པའི་ལམ་པོ་ཆེ། །དམ་ཆོས་ཀུན་ལ་ཐོས་བསམ་སྒོམ་པ་རྣམ་གསུམ་པོ། །གཅིག་ཏུ་ཚང་དགོས་རྒྱལ་བས་བསྔགས་ཕྱིར་དེ་དོན་དང་། །མཐུན་པའི་བསགས་སྦྱང་མཁའ་ཁྱབ་འགྲོ་ལ་རྫོགས་གྱུར་ 5-1-567a ཅིག །༢༦ ངེས་དོན་ཟབ་མྡྷྣ་ལམ་ནས་སྐྱེ་མེད་མཐར་ཐུག་པར། །རྟོགས་པའི་སྐལ་བ་དུས་གསུམ་སྐྱེ་རྒུ་མ་ལུས་ལ། །བདེ་བླག་རྫོགས་པའི་དེ་མ་ཐག་ཏུ་འཁོར་བ་ལས། །ཐམས་ཅད་ཐར་པའི་དགེ་མཚན་ཕུན་སུམ་ཚོགས་གྱུར་ཅིག ། ༢༧ གནས་ངན་ལེན་རྒྱུ་མི་དགེའི་སྤྱོད་པ་ཀུན་ནས་ཀྱང་། །དབེན་བཞིན་དཀར་པོ་དགེ་བའི་ལེགས་ཚོགས་ལག་ལེན་དུ། །ཐེབས་པས་སྒོ་གསུམ་བསོད་ནམས་ཞིང་དུ་བསྒྱུར་བ་ཡི། །རྣམ་ཐར་རྒྱ་མཚོས་འགྲོ་ཁམས་ཡོངས་རྫོགས་བསྲུངས་གྱུར་ཅིག །༢༨ བསྟན་པ་ འཛིན་པའི་སྐྱེས་མཆོག་གང་ན་སུ་བཞུགས་རྣམས། །ཞབས་པད་རྡོ་རྗེའི་ཁམས་སུ་རབ་བརྟན་བསྟན་འགྲྡྷྣ་དོན། །རྒྱལ་བའི་རྒྱལ་ཚབ་བཞིན་དུ་འབྱམས་ཀླས་འགྲུབ་པ་ཡི། །ངོ་མཚར་སྣང་བས་ས་གསུམ་ཡོངས་སུ་འགེངས་གྱུར་ཅིག །༢༩ བཤད་དང་སྒྲུབ་ པ་གཤའ་མ་བགྱི་བའི་ཆོས་མཛད་ནི། །ཀུན་ལ་ལྷ་དང་སྲུང་མ་འགོ་ཞིང་མཐུན་རྐྱེན་གྱི། །དཔལ་དང་འབྱོར་པ་རྒྱ་མཚོ་ལྟར་ཕྱུག་བདུད་རིས་ཀྱི། །འཚེ་བས་ནམ་ཡང་བརྫི་བར་ནུས་པར་མ་གྱུར་ཅིག །༣༠ ཕྱོགས་དང་རིས་མེད་ལྟ་སྤྱོད་རྣམ་པར་དག་བཞིན་དུ། ། དགེ་འདུན་འདུས་པའི་སྡེ་རྣམས་ཐམས་ཅད་རིག་གྲོལ་གྱི། །ཡོན་ཏན་སྟོན་གྱི་ལོ་ཏོག་ལྟར་ལེགས་ཆོས་བཞིན་དུ། །སྤྱོད་པའི་འཚོ་བ་རྫོགས་ལྡན་དུས་ལ་འགྲན་གྱུར་ཅིག །༣༡ མཆོག་གི་སྐྱེས་བུ་འགྲན་ཟླ་ཀུན་ནས་བྲལ་གྱུར་པའི། །མཁས་བཙུན་བཟང་ པོའི་་ཡོན་ཏན་ཀུན་ཚང་བྱམས་མགོན་རྗེ། །ཞབས་པད་བསྐལ་བརྒྱར་རྟག་ཅིང་བརྟན་ལ་ཐུགས་བཞེད་ཀྱི། །མཛད་ཕྲིན་མཐའ་དག་རྒྱལ་དང་མཉམ་པར་འཕེལ་གྱུར་ཅིག །༣༢ འཇིག་རྟེན་དབང་ཕྱུག་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན། །བཅོ་ལྔ་མཁའ་ 5-1-567b ཁྱབ་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཡི། །སྒྱུ་འཕྲུལ་དྲྭ་བ་འཁྲུལ་མེད་ཟླ་བ་ལྟ་བུར་ཡང་། །བདག་ཅག་བསྟན་འགྲྡྷྣ་དཔལ་དུ་མྱུར་བར་གསལ་གྱུར་ཅིག །༣༣ སྔོན་མེད་ལེགས་བཤད་དགའ་ལྡན་པ་ཡི་ཞལ་ལུང་དུ། །གྲུབ་པའི་བསྟན་བཅོས་ རིན་ཐང་བྲལ་བ་འདི་ཉིད་ཀྱང་། །ལྟ་སྒོམ་སྤྱོད་པ་རྣམ་དག་འཇོ་སླད་རིས་མེད་ཀྱི། །མཁས་པ་རྒྱ་མཚོའི་མགྲིན་པར་དུས་ཀུན་མཛའ་གྱུར་ཅིག །༣༤ འཇིག་རྟེན་ཁམས་ཀུན་ཕྱི་ནང་འཁྲུགས་པ་མིང་ཡང་མེད། །དེ་བཞིན་ནད་དང་མུ་གེའི་འཇིགས་པ་ཀུན་ ནས་བྲལ། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ལེགས་བདེ་སྐྱིད་ཀྱི། །དཔལ་འབྱོར་ཐམས་ཅད་ལྷ་ཡུལ་ལྟ་བུར་རྒྱས་གྱུར་ཅིག །༣༥ དངོས་བརྒྱུད་ཀུན་ནས་ཕྱིན་ཅི་ལོག་གི་རྣམ་པ་ཅན། །ཐ་མལ་འབའ་ཞིག་སྣང་བའི་སྣོད་དང་བཅུད་ཐམས་ཅད། ། ཡོངས་སྦྱངས་རྒྱལ་བའི་ཞིང་གི་འཁོར་ལོར་འཁྱིལ་བ་ཡི། །དགེ་མཚན་གསར་པ་བདེ་ལྡན་དཔལ་དུ་འབར་གྱུར་ཅིག །༣༦ ཡིད་རབ་དང་བས་རྩེ་གཅིག་འདུན་དང་སྨོན་པ་ཡི། །འདོད་པའི་དོན་རྣམས་ཐམས་ཅད་འབྲས་བུ་གེགས་མེད་པར། །གཡུར་དུ་ 5-1-568a ཟ་བའི་རྟེན་འབྱུང་ཡིད་འོངས་རྒྱལ་བའི་ཡུམ། །ཆོས་ཀྱི་འབྱུང་གནས་བདེན་མཐུར་སྨིན་ཅིང་རྫོགས་གྱུར་ཅིག །༣༧ ཅེས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བསྟན་བཅོས་འདི་ཉིད་འཕགས་བོད་ཀུན་ ཏུ་འཆད་ཚུལ་ཅི་རིགས་པར་བྱུང་སྟབས། རྫོགས་པའི་སངས་རྒྱས་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་ཀྱང་རྒྱས་འགྲེལ་འདི་ཉིད་གཞན་སྟོང་དབུ་མ་ལྟར་བཀྲལ་བ་ཡིན་ཅེས་ཀུན་ལ་གྲགས་མོད། སྒྲུབ་ཕྱོགས་ཀྱི་ཆ་ནས་ དེ་ལྟར་ཡིན་དུའང་རུང་ཞིང་། འོན་ཀྱང་དགག་ཕྱོགས་ཀྱི་ཆ་ནས་རང་སྟོང་དང་འགལ་བ་མེད་པ་ཙམ་དུ་མ་ཟད་ལྟ་བའི་གནད་གཅིག་ཏུ་འབབ་པའི་མཐུན་ཕྱོགས་སུ་བཟུང་སྟེ། ཀུན་ལ་ཡོངས་གྲགས་སེང་གེ་བཟང་པོའི་འགྲེལ་བཤད་ ཀྱི་ཚུལ་དུ་མཛད་འདུག་པ་སོགས་ལེགས་བཤད་ཀྱི་ཕུལ་བླ་མེད་དུ་སྣང་བའང་ཤེས་པར་བྱ་བའི་ངེས་གསང་བཅས་སྤར་བྱང་སྨོན་ཚིག་འདིའང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་སྤེལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །། 5-1-568b empty page 5-1-569a empty page 5-1-569b empty page 5-1-570a empty page 5-1-570b empty page 5-1-571a empty page 5-1-571b empty page