4-1-1a ༄༅། །པྲཛྙཱཔཱརམིཏཱསྱཱགམདྷརྨཱནཱམམྲྀཏགརྦྷཾགཏཱཡབཱནོབསྟུཔྟཏྟཱརཀབརེམུདཾམཱརཏེརྒོབིདརསྥུཏནཱམབིཧརཏིསྨ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ཆོས་མཐའ་དག་གི་བདུད་རྩིའི་སྙིང་པོར་གྱུར་པ་གང་ལ་ལྡན་པའི་གཞི་རྗེ་བཙུན་མཆོག་ཏུ་དགྱེས་པར་ངལ་གསོ་བའི་ཡོངས་འདུ་ས་བརྟོལ་གྱི་ལྗོན་པ་རྒྱས་པ་ཞེས་བྱ་བ་བཞུགས་སོ།། 4-1-1b ༄༅༅། །ཨོཾ་སྭ་སྟི། མཆོག་གི་ཕ་རོལ་ངེས་པ་ལ། །རྒྱལ་བའི་སྲས་ཀྱིས་ལེགས་བཤད་མཛད། །དེ་དོན་ལུང་བསྟན་ཐོབ་པ་ཡི། །སློབ་དཔོན་ རྣམས་ཀྱིས་རྒྱ་ཆེར་བཀྲོལ། །དེ་དག་གི་ནི་འགྲེལ་བཤད་ཀྱང་། །འཕགས་པའི་ཡུལ་དང་བོད་ཀྱི་ཆར། །སྔོན་ནས་མང་དུ་བྱུང་མོད་ཀྱི། །དེང་འདིར་གསལ་ ཕྱིར་གུས་ཕྱག་འཚལ། །རྗེ་བཙུན་མཆོག་ལས་ལེགས་འོངས་པའི། །འཕགས་པའི་ལམ་ཀུན་སྟོན་བྱེད་གཞུང་། །ཐོགས་མེད་སྐྱོབ་ཀྱིས་ལེགས་བཟུང་ནས། ། བསྟན་པའི་སྲོལ་ཆེན་རྣམ་པར་ཕྱེ། །དེ་ཡི་ཕྱོགས་ལ་མོས་གྱུར་པ། །དབྱིག་གཉེན་ཕྱོགས་ཀྱི་གླང་པོ་དང་། །འཕགས་པ་རྣམ་པར་གྲོལ་སྡེ་སོགས། །ཆེ་བའི་བདག་ 4-1-2a ཉིད་དེ་རྣམས་ལས། །བརྒྱུད་པའི་གདམས་པ་ལེགས་མནོས་ཤིང་། །མ་ཕམ་པ་ལའང་མངོན་གསན་པ། །རྒྱལ་བའི་སྲས་གཅིག་སེང་གེ་བཟང་། །གང་དེས་ཡུམ་གསུམ་ལ་ སྦྱར་བའི། །བསྟན་བཅོས་ཆེ་དེའི་འགྲེལ་བཤད་ནི། །དེང་འདིར་རྣམ་པར་དབྱེ་བར་བྱ། ། དེ་ལ་འདིར་སྲིད་པའི་གཅོང་རོང་ཉམ་ང་བར་མི་ཤེས་པའི་མུན་པ་སྟུག་པོས་ཧ་ཅང་གནགས་ཆེས་པར་གྱུར་ པའི་སྐྱེ་རྒུ་རྣམས་ལ་སྨན་པ་བླ་ན་མེད་པ་སྩོལ་བ་ལ་མཐུ་ཐོབ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ན་ཉིད་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱང་རྒྱལ་བ་ཐམས་ཅད་ཀྱི་ ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསྐྱེད་པར་གསུངས་ཤིང་། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་དེ་གང་ཡིན་ཅེ་ན། ཤེར་ཕྱིན་བརྒྱ་རྩ་བརྒྱད་པ་ལས། ཤེས་རབ་ཕ་རོལ་ཕྱིན་པ་ 4-1-2b དང་། །ཡང་དག་མཐའ་དང་དེ་བཞིན་ཉིད། །ཅེས་པའི་དོན། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཀྱི་མིང་ཅན། གཞན་མ་ཡིན་པའི་དེ་བཞིན་ཉིད་ཅེས་བྱ་བ་དེ་ཉིད་ལ་འཆད་དགོས་པ་ཡིན་པར་གསུངས་ཏེ། འཕགས་པ་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་ རོལ་ཕྱིན་གཉིས་མེད། །ཅེས་པས། དེ་ལྟ་བུའི་དེ་བཞིན་ཉིད་འདུ་བྱེད་ཀྱི་ཁམས་སྣ་ཚོགས་པས་བསྒྲིབས་པ་ན་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བར་མིང་འདོགས་ལ། དེ་ཉིད་ཁམས་ཐམས་ཅད་ཀྱི་གནས་ངན་ལེན་དུ་གྱུར་པའི་ཀུན་དཀྲིས་དང་བྲལ་བ་ན་ དེ་ལྟ་བུའི་སྙིང་པོ་དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ངོ་བོ་ཉིད་སྐུ་དང་དབྱེར་མེད་པ་ཡིན་ལ། དོན་དེ་བསྒྲུབ་བྱའི་འབྲས་བུ་ཆོས་སྐུའང་ཡིན་པར་བསྟན་ཏེ། ཕྱོགས་ཀྱི་གླང་པོས། ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ། །ཞེས་འབྱུང་བས་སོ། ། དོན་དེ་སྟོན་ པར་བྱེད་པའི་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མིང་ཚིག་གི་ཚོགས་སུ་སྣང་བའི་རྣམ་རིག་སློབ་པ་རྣམས་ལ་གཉིས་སྣང་ཅན་གྱི་ཤེས་པ་ལ་དམིགས་སུ་རུང་བ་དེ་ཡིན་ལ། ལམ་ཤེར་ཕྱིན་ནི། མཉམ་པར་བཞག་པ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་སྐྱེས་ པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡིན་ནོ། །དེ་ལྟར་མིང་ཚིག་ཏུ་སྣང་བའི་གཞུང་ཤེར་ཕྱིན་ལ་རྒྱས་འབྲིང་བསྡུས་པ་དགུའི་རྣམ་གཞག་དགེ་བའི་བཤེས་གཉེན་ཨར་གྱིས་མཛད་ལ། དེང་སང་གངས་ཅན་གྱི་ཁྲོད་འདིར་མངོན་དུ་གྱུར་པ་ལ་ནི་གཙོ་ཆེར་བསམ་ཡས་ ཀྱི་དཀར་ཆག་ཏུ་འབྱུང་བའི་ཡུམ་དྲུག་གི་མིང་ཅན་སོགས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་སྟོན་པའི་ཤེར་ཕྱིན་གྱི་མདོ་སྡེ་རྣམས་དང་། དེའི་དགོངས་འགྲེལ་དང་བཅས་པའི་བསྟན་བཅོས་རྣམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་དེའི་གཟུགས་བརྙན་ 4-1-3a དང་འབྲེལ་བའི་ཤེར་ཕྱིན་ཀྱང་ཡོད་དེ། རྒྱལ་བའི་ཡུམ་ལས། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་འབྱུང་ལ། ཤེར་ཕྱིན་འདི་གཟུགས་བརྙན་གྱི་ཤེར་ཕྱིན་ཡིན་པར་ཅིས་ ཤེས་ན། འདི་ལ་བསླབས་པས་སྲིད་ཞི་གཉིས་ཀྱི་ཕ་རོལ་ཏུ་མི་སོན་པའི་དོན་གྱིས་སོ། །འོ་ན་གཟུགས་བརྙན་གྱི་ཤེར་ཕྱིན་འདི་ཉིད་ལ་བསླབ་བོ་ཞེས་པས། འདི་ཉིད་ལ་བསླབས་པས་ནི་ཐེག་ཆེན་གྱི་རྒྱུར་མི་འགྲོ་བར་ཐེག་དམན་གྱི་འབྲས་བུའི་རྒྱུར་འགྲོ་བ་ནི་ངེས་ པར་དབྱུང་ས་དམན་པའི་མྱང་འདས་དང་། དབྱུང་བྱེད་གང་ཟག་གི་བདག་མེད་པ་ཙམ་མངོན་དུ་རྟོགས་པ་ལས་གཞན་པའི་ཐེག་ཆེན་གྱི་རྒྱུའི་ཐབས་དང་བྲལ་བས་གཟུགས་བརྙན་གྱི་ཤེར་ཕྱིན་འདི་ལ་བསླབས་ཀྱང་རྒྱུའི་ཁྱད་པར་འགའ་ཞིག་མ་ཚང་བས་འབྲས་བུ་ངེས་ པར་དབྱུང་ས་ཐེག་ཆེན་གྱི་མྱང་འདས་མི་ཐོབ་པའི་དོན་དེའི་ཕྱིར་ནའོ། །མདོར་ན་གཞུང་ལམ་རང་བཞིན་གསུམ་ཀའི་ཤེར་ཕྱིན་གྱི་དངོས་ཀྱི་དོན་ལ། རྒྱལ་བའི་དབང་པོ་དཔལ་ཆོས་གྲགས་རྒྱ་མཚོ་སློབ་མ་དང་བཅས་པ་དག་གི་བཞེད་པར། སངས་རྒྱས་སའི་གཞུང་ ལམ་རང་བཞིན་གསུམ་ཀ་ཤེར་ཕྱིན་དངོས་ཡིན་པ་དང་། དེ་སྐབས་ཀྱི་རང་བཞིན་ཤེར་ཕྱིན་ལས་གཞུང་ལམ་ཤེར་ཕྱིན་དབྱེ་རུ་མེད་པ་དང་། སློབ་ལམ་གྱི་དུས་དེའི་གཞུང་ལམ་ཤེར་ཕྱིན་ཤེར་ཕྱིན་མཚན་ཉིད་པ་ཡིན་ཀྱང་གཞུང་ལམ་གྱི་ཤེར་ཕྱིན་ཡོངས་རྫོགས་མ་ ཡིན་པར་བསྟན་པ་དང་། རང་བཞིན་ཤེར་ཕྱིན་གོ་ཆོད་པོ་དེ་སློབ་མི་སློབ་གང་གི་སྐབས་སུའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་དེ་ཡིན་པ་ལ་ཁྱད་པར་མེད་པར་བསྟན་པ་དང་། ངེས་པའི་དོན་དུ་ན་གཞན་དབང་གི་རྣམ་རིག་ཏུ་སྣང་བའི་གཞུང་ཤེས་རབ་ཀྱི་ཕ་རོལ་ 4-1-3b ཏུ་ཕྱིན་པ་ནི་ཤེར་ཕྱིན་བཏགས་པ་བ་ཁོ་ནར་བཞག་གོ། འོ་ན་དེ་ལྟ་བུའི་བཀའ་འམ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ཚིག་དོན་མྱུར་བར་རྟོགས་ནུས་པའི་བསྟན་བཅོས་དེ་གང་ཞེ་ན། མངོན་པར་རྟོགས་པའི་རྒྱན་འདི་ཡིན་ལ། དེ་ལྟར་ཡིན་པ་ ཡང་དེ་ཉིད་ལས། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཅེས་འབྱུང་བ་ལ། བསྟན་བཅོས་འདི་ཉིད་ཀྱི་དགོངས་པ་རྒྱལ་བའི་སྲས་པོ་སེང་གེ་བཟང་པོས་ཇི་ལྟར་འགྲེལ་པའི་ཚུལ་འཆད་པ་ལ་གསུམ། བསྟན་བཅོས་འཆད་པ་ ལ་འཇུག་པའི་ཡན་ལག །ཡན་ལག་ཅན་གྱི་བསྟན་བཅོས་དངོས། བཤད་པ་ཡོངས་སུ་རྫོགས་པའི་ཡན་ལག་མཇུག་གི་དོན་ནོ། །དང་པོ་ལ་གཉིས། ལོ་ཙཱ་བས་བསྟན་བཅོས་བསྒྱུར་བའི་ཡན་ལག་ཏུ་མཛད་པ་དང་། འགྲེལ་པ་མཛད་པ་པོས་རྩོམ་པའི་ཡན་ ལག་ཏུ་མཛད་པའོ། །དང་པོ་ལ་གསུམ། མཚན་གྱི་དོན། བམ་པོའི་གྲངས། འགྱུར་གྱི་ཕྱག་གོ། དང་པོ་ལ་གཉིས། མཚན་བསྒྱུར་ཅིང་ཞར་ལ་དཀའ་གནད་འགའ་ཞིག་བཤད་པ། བཏགས་པའི་དགོས་པའོ། །དང་པོ་ནི། རྒྱ་གར་སྐད་དུ། བསྟན་ བཅོས་འདིའི་མཚན་ལ། ཨ་བྷི་ཞེས་སྨོས་ནས། པྲ་ནི་དང་པོ་དང་རབ་དང་སོ་སོ་ལ་འཇུག་པའི་དབང་དུ་བྱས་ཏེ་མངོན་སུམ་དང་། མཆོག་ཏུ་གྱུར་པ་དང་། རང་གི་མཚན་ཉིད་ཐ་དད་པར་ཛྙཱ་ན་སྟེ་ཁོང་དུ་ཆུད་པར་ཉམས་སུ་མྱོང་བའི་དོན་ཡིན་པས་ཤེས་རབ་བམ། རབ་ ཏུ་ཤེས་པའི་དོན་ཏོ། །པཱ་རམ་ཞེས་པ་ཕ་རོལ་ཀྱང་ཡིན་ལ། དམ་པའང་ཡིན་ཅིང་མཆོག་གྱུར་ལ་སོགས་པའི་དོན་གྱིས་སྐབས་བབ་མང་དུ་ཡོད་པ་ལས། འདིར་ཕ་རོལ་ཉིད་སྐབས་སུ་བབ་པར་བཟུང་ནས། མི་ཏ་ནི་ཕྱིན་པའི་དོན་དང་། ཨུ་པ་དེ་ཤ་ནི་མན་ངག་དང་། 4-1-4a ཤཱཧླ་ནི་གདུལ་བྱའི་རྒྱུད་བསླབ་པ་གསུམ་ལྡན་དུ་འཆོས་པ་སྟེ་བསྟན་པའོ། །ཨ་བྷི་ས་མ་ཡ་ནི་མངོན་སུམ་པར་རྟོགས་པའོ། །ཨ་ལངྐ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ། བྲིཏྟ་ནི་འགྲེལ་པའོ། ། མཚན་དོན་འདིར་མན་ངག་དང་མངོན་པར་ རྟོགས་པ་གཉིས་ལན་གཉིས་སུ་སྨོས་པས་བཟློས་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། ཨུ་པ་དེ་ཤ་ནི་དོན་འགྱུར་དུ་བྱས་པའི་མན་ངག་སྟེ་ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པ་དང་། སྦས་པའི་དོན་གསལ་བྱེད་དུ་སྦྱར་ལ། ཨ་བྷི་ས་མ་ཡ་ནི་མངོན་རྟོགས་ཀྱི་ དོན་ཏེ་སྔ་མ་ཐབས་དང་། ཕྱི་མ་ཐབས་བྱུང་དུ་བཞག་གོ། འདིར་རྒྱན་དུ་འཇོག་པ་ནི་ཚིག་དོན་གཉིས་ཀ་གསལ་བའམ། གཉིས་ཀ་མཛེས་པར་བྱེད་པའི་རྒྱན་ཡིན་ནོ། །གཉིས་པ་བཏགས་པའི་དགོས་པ་ནི། རྒྱ་སྐད་སྨོས་པའི་དགོས་པ་དང་། བོད་སྐད་སྨོས་པའི་དགོས་ པ་རྟོགས་པར་སླ་ལ། མཚན་བཏགས་པའི་དགོས་པ་ཁྱད་པར་དུ་བཤད་པ་ནི། མིང་ལས་དོན་དྲན་དགོས་པའི་རྒྱུ་མཚན་གྱིས། མིང་དུ་གདགས་པར་མ་མཛད་ན། །ཞེས་པ་ལྟར་རོ། །འོ་ན་མིང་དེ་གླེགས་བམ་གྱི་དབུར་བཀོད་པ་ཅི་ཞེ་ན། བཙལ་སླ་བའི་ཆེད་ དུའོ། །གཉིས་པ་བམ་པོའི་གྲངས་ནི། བམ་པོ་དང་པོ། བམ་པོའི་ཐ་སྙད་ནི་ལོ་ཙཱ་བས་བཀོད་པ་ཡིན་གྱི། བསྟན་བཅོས་ལ་ལྷད་མི་འཇུག་པའི་ཕྱིར་བམ་ཚད་དུ་བཀོད་པ་ཡིན་ནོ། །བམ་པོ་ལ་ཚད་མཐའ་གཅིག་ཏུ་ངེས་པའང་མིན་ལ། མདོར་ན་རྒྱ་གར་གྱི་བསྟན་ བཅོས་བོད་སྐད་དུ་བསྒྱུར་བ་ན་ཤློ་ཀ་འཕེལ་བའམ་ཉུང་ངུར་གྱུར་པས་ཚད་བཞག་མ་ནུས་པས་ན་བམ་པོའི་ཚད་དུ་བཅོས་པ་ཡིན་ནོ། །གསུམ་པ་འགྱུར་གྱི་ཕྱག་ནི། ལོ་ཙཱ་བ་རྣམས་ཀྱིས་འགྱུར་བྱེད་པ་ན་སྡེ་སྣོད་གར་གཏོགས་པའི་ཁྱད་པར་ཕྱག་གི་ཡུལ་ལས་ཤེས་ 4-1-4b དགོས་ཏེ། འདིར་མདོ་སྡེའི་སྡེ་སྣོད་དུ་གཏོགས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གཉིས་པ་འགྲེལ་པ་མཛད་པ་པོས་འགྲེལ་པ་རྩོམ་པའི་ཡན་ལག་ཏུ་མཛད་པ་ལ་ལྔ། མཆོད་པར་བརྗོད་ ཅིང་དབྱེ་བར་དམ་བཅའ་བ། སློབ་དཔོན་སྔ་མས་ཕྱེ་བའི་ཚུལ། འགའ་ཞིག་གིས་མ་རྙེད་པ་རྙེད་པར་བསྟན་པ། རྙེད་པའི་རྒྱུ་བསྟན་པ། ཁེངས་བསྐྱུང་བའོ། །དང་པོ་ནི། སློབ་དཔོན་ཁྱོད་ཀྱི་འགྲེལ་པ་འདིས་བཤད་པར་བྱ་བའི་མདོ་གང་ཞེ་ན། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་གང་ལས་དེ་དག་གི་རྒྱན་མགོན་པོ་བྱམས་པས་ཚིག་ལེའུར་བྱས་པ་དང་། དག་གི་སྒྲས་ཡུམ་གསུམ་པོ་ཀུན་གྱི་རྒྱན་དུ་འགྲེལ་པ་འདི་འགྱུར་བའི་ཕྱིར་ནི་སེང་གེ་བཟང་པོ་ཁོ་བོས་རྣམ་པར་དབྱེ་བའི་ཕྱིར་དང་པོར་གུས་པས་ཕྱག་འཚལ་བའོ། ། གཉིས་པ་ལ་བཞི། ཐོགས་མེད་ཀྱིས་རྣམ་བཤད་མཛད་ཚུལ། དབྱིག་གཉེན་གྱིས་བཀྲོལ་ཚུལ། འཕགས་གྲོལ་གྱིས་ཕྱེ་ཚུལ། བཙུན་གྲོལ་གྱིས་རྣམ་བཤད་བྱས་ཚུལ་ལོ། །དང་པོ་ནི། འཕགས་པའི་སར་བཞུགས་པའི་ཐོགས་མེད་སྐྱོབ་ཉིད་ཀྱིས་འགྲོ་བ་ མུ་མེད་པ་ལ་སྡུག་བསྔལ་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གཟིགས་ནས་སྡུག་བསྔལ་བ་དེ་དག་ལ་སྙིང་རྗེས་ཆགས་པས་རང་དོན་དོན་གཉེར་གྱི་སྲིད་ཞིའི་བདེ་བ་ཀུན་ལ་ཆགས་མེད་དུ་མཛད་པ་ཡིན་ཏེ། ཆོས་ཀྱི་བཤེས་གཉེན་གྱིས། ཀུན་ཆགས་ མཛད་ཅེས་འདོན་པ་ནི་ནོར་བ་ཡིན་ཏེ། དགག་པའི་ཨ་ཐུང་མཚམས་སྦྱོར་མ་ཤེས་པས་རིང་པོར་བཏོན་པའི་ཕྱིར། དེས་ན། འགྲོ་ལ་ཆགས་པས་ཆགས་མེད་མཛད། །ཅེས་འདོན་དགོས་སོ། །ཞེས་གསུངས་ལ། དེ་ལྟ་བུའི་འཕགས་པ་དེས་མི་ཕམ་མགོན་པོ་ལ་ 4-1-5a ཆོས་དངོས་སུ་གསན་པ་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། དེ་ཡང་འདི་ལྟར་ཐོས་ཏེ། འཕགས་པ་ཐོགས་མེད་གསུང་རབ་མ་ལུས་པའི་དོན་ཐུགས་སུ་ཆུད་ཅིང་རྟོགས་པ་ཐོབ་པ་ཡིན་དུ་ཟིན་ཀྱང་ཟློས་ཏེ་གསུངས་པ་མང་ བ་དང་། ཟློས་ཏེ་གསུངས་པ་མ་ཡིན་པའི་ཕྱོགས་ལའང་ཚིག་སོ་སོར་རྣམ་པར་བཅད་པ་མ་གཟིགས་པ་དང་། ཟབ་པ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྤོབས་པར་མ་དཔྱོད་ནས་ཡིད་མི་བདེ་བ་རྗེས་སུ་ཐོབ་པར་གྱུར་ཏོ། །དེ་ནས་དེའི་དོན་དུ་བཅོམ་ལྡན་ འདས་བྱམས་པ་མཉེས་པར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་མཛད་དོ། །དེས་གསན་ནས་ཀྱང་འཕགས་པ་ཐོགས་མེད་ཀྱིས་དབྱིག་གཉེན་ལ་སོགས་པ་ལ་བཤད་པ་ཡིན་ ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་གསན་ནས་དེ་བཞིན་གཤེགས་པས་གསུངས་པའི་རྒྱལ་བའི་ཡུམ་གྱི་བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད་དོ། །རྒྱལ་བའི་བཀའ་ལ་བསྟན་བཅོས་ཀྱི་མིང་གིས་བསྟན་པ་ནི་ལུགས་ལ་མི་འབྱུང་བའང་མ་ཡིན་ཏེ། འདུལ་ བ་ལུང་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །ཞེས་པས། མི་འཐད་པ་མ་ཡིན་ནོ། །འདི་ཉིད་ཀྱིས་མཛད་པའི་རྣམ་བཤད་ནི། ཉི་ཁྲི་རྣམ་ངེས་ཞེས་སྙན་པར་ གྲགས་པས་ཚངས་པའི་འཇིག་རྟེན་གྱི་བར་གཡོ་བའི་ལེགས་བཤད་དེའོ། །གཉིས་པ་ནི། འགྲོ་བ་ཐམས་ཅད་ཀྱི་དོན་གྱི་རྩ་ལག་དམ་པར་གྱུར་པ་སློབ་དཔོན་དབྱིག་གི་གཉེན་གྱིས་རང་རང་གི་གདུལ་བྱ་རྣམས་ཀྱི་མོས་པའི་བྱེ་བྲག་ལས་གཙོ་བོར་བྱེད་པའི་དབང་དུ་བྱས་ 4-1-5b ནས་ཤེས་བྱ་ཐམས་ཅད་ནང་སེམས་ཙམ་གྱི་སྣང་ཆ་ཡིན་པ་ལས་མ་གཏོགས་པར་གཞན་དུ་མེད་པར་ཡང་དག་པར་བརྟེན་ནས་ཡུམ་གྱི་དོན་རྣམ་པར་བཀྲོལ་བའི་ཕྱིར་ཉི་ཁྲི་གཞུང་འགྲེལ་མཛད་དོ། ། སྐབས་འདིར་གནས་བརྟན་ཆེན་པོ་དབྱིག་གི་གཉེན་ལ་མི་མོས་པའི་སྐྱེ་བོ་ འགའ་ཞིག་གིས། སློབ་དཔོན་འདིས་ཡུམ་གྱི་དགོངས་པ་དབུ་མར་མ་བཀྲལ་ལོ་ཞེས་པ་ནི། ཕྱོགས་གཅིག་པ་བའི་དབུ་མ་ལ་ཞུགས་པ་རྣམས་ཀྱི་ཡིན་གྱི། གཞན་དུ་ན་ཐོགས་མེད་ཀྱིས་བཞེད་པའི་དབུ་མའི་ལྟ་བ་དེ་ཉིད་ཡུམ་དང་རྒྱན་ལས་འབྱུང་བའི་དགོངས་པ་ མཐར་ཐུག་ཡིན་ལ། སློབ་དཔོན་འདིས་ཐོགས་མེད་བཞེད་པའི་དབུ་མ་དེའི་རྗེས་སུ་འབྲང་བར་མཛད་ཅིང་། དབྱིག་གཉེན་ཞབས་ཀྱིས་ཡུམ་གྱི་དགོངས་པ་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་དུ་གྱུར་པའི་སེམས་ཙམ་དུ་བཀྲལ་བ་ནི་སྐབས་ཡེ་མེད་པ་དང་། སློབ་དཔོན་ སེང་གེ་བཟང་པོས་དབྱིག་གཉེན་གྱིས་ཡུམ་དོན་སེམས་ཙམ་དུ་བཀྲལ་བར་མ་གསུངས་ལ། འོན་ཀྱང་ཤེས་བྱ་ནང་གིར་ཡིན་པ་ལ་བརྟེན་ནས་བཀྲལ་ཞེས་པ་ཙམ་ཞིག་གསུངས་ཀྱང་། བརྟེན་ནས་བཀྲལ་བ་ཙམ་གྱིས་དེའི་དགོངས་དོན་མཐར་ཐུག་དེར་བཀྲལ་བ་ཡང་མ་ ངེས་པའི་ཕྱིར་རོ། །གསུམ་པ་འཕགས་གྲོལ་གྱིས་ཕྱེ་ཚུལ་ནི། ཐེག་ཆེན་འཕགས་པ་ལས་གོང་འོག་གི་ཁྱད་པར་གྱིས་མཆོག་དམན་ཡོད་པ་ལས། འདིར་དེའི་ཁོངས་སུ་གཏོགས་པའི་སློབ་དཔོན་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བས་ཀྱང་སྔ་མའི་སློབ་དཔོན་གཞན་དེས་སེམས་ཙམ་གྱི་ལྟ་བ་ཡུམ་ དོན་གྱི་དགོངས་པར་འཆད་པར་བྱས་པ་དེས་ཡུམ་དོན་མངོན་སུམ་དུ་བྱས་པ་མ་ཡིན་པར་མཐོང་ནས་ཡུམ་གྱི་དགོངས་དོན་དབུ་མར་གནས་པའི་བློས་རྟོགས་ནས་ཉི་ཁྲི་སྣང་བར་ཡུམ་གྱི་དོན་དབུ་མར་རྣམ་པར་ཕྱེ་བར་མཛད་དོ། །འཕགས་གྲོལ་གྱིས། དེས་བྱས་བྱས་པ་ 4-1-6a མིན་མཐོང་ནས། །ཞེས་པས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དེ་ལེགས་བྱས་སུ་མ་མཐོང་ནས་འཕགས་གྲོལ་གྱིས་རྣམ་པར་དབྱེ་དགོས་པ་བྱུང་ཞེས་འཆད་པར་སྣང་མོད། དེ་ལྟར་ན་འཕགས་གྲོལ་གྱི་སློབ་དཔོན་ནི་དབྱིག་ གཉེན་ཞབས་ཡིན་པས་དེ་ཉིད་ཀྱིས་བཀྲལ་བར་མི་ནུས་པ་འཕགས་གྲོལ་གྱིས་ཀྱང་བཀྲལ་ནུས་པ་དཀའ་ལ། གལ་ཏེ་བཀྲལ་ནུས་སུ་ཆུག་ཀྱང་ཉི་ཁྲི་སྣང་བར་སློབ་དཔོན་དབྱིག་གཉེན་ལ་ཟུར་ཡོད་མེད་བརྟགས་པས། དེ་བྱས་བྱས་པ་མིན་པར་མཐོང་ བའི་ཡུལ་གྱི་སློབ་དཔོན་དེ་དབྱིག་གཉེན་ཞབས་མ་ཡིན་པར་སེམས་སོ། །ཡང་ཡིན་དུ་ཆུག་ཀྱང་དབྱིག་གཉེན་ཞབས་ཀྱིས་ཡུམ་དོན་སེམས་ཙམ་གྱི་གྲུབ་མཐའ་དང་མཐུན་པར་འབྲེལ་བའི་འགྲེལ་པ་ཞིག་དང་། སེམས་ཙམ་གྱི་ལྟ་བ་ཡུམ་དོན་དུ་འཆད་པ་གཉིས་ ཡོད་དགོས་པ་ལས། དང་པོ་ལྟར་ན་ནི་སེམས་ཙམ་གྱི་གྲུབ་མཐའ་དང་མཐུན་པར་འགྲེལ་པ་བྱས་པས་བྱས་པ་མ་ཡིན་པར་མི་རིགས་ཏེ། དེ་ལྟར་ན་བཅོམ་ལྡན་འདས་ཀྱི་ཡུམ་ཉིད་དུའང་སེམས་ཙམ་དང་ཐུན་མོང་དུ་གསུངས་པ་མང་དུ་ཡོད་པ་ལས་དེ་བྱས་པ་མིན་པར་ འཆད་མི་རིགས་པའི་ཕྱིར་རོ། ། གཉིས་པ་མི་རིགས་པའི་ཚུལ་ནི་གོང་དུའང་བཤད་ལ། ཁྱད་པར་གྲུབ་མཐའ་སྨྲ་བ་བཞིའི་ཟླས་ཕྱེ་བ་དབུ་མའི་ལྟ་བ་སྟོན་པའི་མདོའི་དགོངས་པ་འགྲེལ་བ་ན་དོན་དེ་ཙམ་དུ་བཀྲལ་ན་བསྟན་པ་ཆུད་གསན་པར་འགྱུར་བས། དབྱིག་ གཉེན་ཞབས་ནི་བསྟན་པ་ཆུད་གསན་པར་མི་མཛད་པར་བསྟན་པའི་རྒྱན་གཅིག་པུ་བ་ཡིན་པའི་ཕྱིར་རོ། །བཞི་པ་ནི། འཕགས་གྲོལ་གྱིས་རྣམ་པར་ཕྱེ་བ་དེའི་འོག་ཏུ་དད་པའི་ས་ཚོགས་ཀྱི་ལམ་ལ་གནས་པའི་བཙུན་པ་རྣམ་པར་གྲོལ་བའི་སྡེས་ཡུམ་གྱི་རྣམ་བཤད་བྱས་ 4-1-6b ཀྱང་། ཡུམ་གསུམ་པོའི་བསྟན་བཅོས་མཐའ་དག་མ་རྙེད་པར་ཉི་ཁྲི་ལེ་མང་ཁོ་ནའི་དོན་དུ་རང་གིས་རྙེད་པ་དང་རྗེས་སུ་མཐུན་པར་ཉི་ཁྲི་རྣམ་འགྲེལ་ཞེས་པའི་རྣམ་བཤད་མཛད་དོ། །བཙུན་པ་གྲོལ་སྡེས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་ན་ཡུམ་ གསུམ་ག་མ་རྙེད་པར་མ་ཟད་ཡུམ་བར་པ་ཚང་བ་ལའང་སྦྱར་བའི་ནུས་པ་མ་ཐོབ་པ་ཡིན། ཅེས་ལ་ལས་འཆད་ལ། སྤྱིར་དུ་མདོ་དང་རྒྱན་གཉིས་སྐུ་མཆེད་གཉིས་ཀྱིས་མ་སྦྱར་བར་ཤེར་འབྱུང་དང་ཆོས་བཤེས་གཉིས་ཀས་བཤད་ཀྱང་། སློབ་དཔོན་འདིས་ནི་སྔོན་གྱི་སློབ་ དཔོན་མཆེད་གཉིས་ཀྱིས་མདོ་དང་རྒྱན་སྦྱར་བར་གསུངས་ཏེ། དེ་ལྟར་མ་སྦྱར་ན་མདོའི་དོན་རྒྱན་གྱིས་ལེགས་པར་མ་བསྡུས་པའི་སྐྱོན་ཡོད་ཅེས། ཇི་སྐད་དུ། མཁས་པ་རྣམས་ཀྱི་ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །དེ་ལྟར་མིན་ན་ཐམས་ ཅད་ཀྱི། །རིམ་པ་ལེགས་པར་བསྡུས་མ་ཡིན། །ཅེས་གསུངས་སོ། ། ཁ་ཅིག་སློབ་དཔོན་འདི་ལས་སྔོན་དུ་བྱོན་པའི་སློབ་དཔོན་དག་གིས་ཡུམ་རྒྱས་པ་དང་རྒྱན་མ་སྦྱར་བར་ཉི་ཁྲི་དང་སྦྱར་བ་ཁོ་ནར་སྣང་བ་དང་། གལ་ཏེ་ཡུམ་རྒྱས་པ་ཚིག་རྒྱས་པ་ཙམ་མ་གཏོགས་ དོན་གྱི་དགོངས་པ་འགྲེལ་བ་ལ་སྦྱར་དུ་མི་བཏུབ་པ་མ་ཡིན་པར་ཆུག་ཀྱང་། ཡུམ་གྱི་གླེང་གཞི་དང་། སྐབས་སྐབས་སུ་གང་ཟག་ལུང་བསྟན་པ་དང་། རྟག་ཏུ་ངུ་དང་། ཆོས་འཕགས་དང་། རྗེས་སུ་གཏད་པའི་ལེའུ་དང་། བྱམས་པས་ཞུས་པའི་ལེའུ་རྣམས་ རྒྱན་གྱིས་མ་བསྡུས་པས་སྦྱར་དུ་མི་བཏུབ་ཅེས་བྱ་བའང་འཐད་པ་མ་ཡིན་ཏེ། སྔོན་གྱི་འགྲེལ་བྱེད་དམ་པ་རྣམས་ཀྱིས་རྒྱན་གྱིས་མདོའི་དོན་ཐམས་ཅད་བསྡུས་པར་གཟིགས་ནས་དེ་དག་གི་འགྲེལ་པར་གོང་དུ་མ་བསྡུས་པར་གྲགས་པ་དེ་རྣམས་རྒྱན་གྱིས་བསྡུས་པར་ 4-1-7a འདི་སྐད་དུ་གསུངས་ཏེ། ཉི་སྣང་ལས། གང་གི་ཕྱིར་སྟོང་ཕྲག་ཉི་ཤུ་རྩ་ལྔ་པོ་འདི་རྣམས་ཀྱི་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ་ཡོངས་སུ་རྫོགས་པའི་བར་གྱི་དངོས་པོ་རྣམས་གཅིག་ཏུ་བསྡུས་ན་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཆོས་ཀྱི་སྐུའི་མཛད་པ་དང་བཅས་པའི་མཐར་ཐུག་པ་ལ་དངོས་པོ་བརྒྱད་དུ་འགྱུར་རོ། །ཞེས་དང་། བརྒྱད་སྟོང་འགྲེལ་ཆེན་དུ། རྟག་ཏུ་ངུ་དང་། ཆོས་འཕགས་དང་། རྗེས་སུ་གཏད་པའི་ལེའུ་གསུམ་པོ་ཁོ་ན་ལ་རྒྱན་ དངོས་སུ་མི་སྦྱོར་བའི་རྒྱུ་མཚན་བཤད་ནས། དེ་དག་གི་སྦས་དོན་དོན་གྱིས་མ་བསྡུས་པ་མ་ཡིན་པར་བསྟན་པ་དང་། གང་ཟག་ལུང་བསྟན་དང་། སྔོན་བྱུང་བ་བརྗོད་པ་ལ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཡོད་པ་དེ་འདིས་མ་བསྡུས་པའང་མིན་ཏེ། འགྲེལ་ ཆེན་ལས། མངོན་པར་རྟོགས་པའི་རིམ་པ་མ་བསྟན་ན། དེ་དག་གིས་སྐྱེས་བུའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པར་འགྱུར་ཏེ། མངོན་པར་རྟོགས་པར་རིམ་པ་ཅུང་ཟད་ཀྱང་མ་བསྟན་པའི་ཕྱིར་རོ། །ཞེས་གསུངས་ལ། བྱམས་ཞུས་ཀྱང་མ་བསྟན་པ་མ་ཡིན་ ཏེ། འཕགས་གྲོལ་གྱིས་ཕྲིན་ལས་དང་སྦྱར་ནས་བཤད་པ་ཡིན་ཅེས་ཆོས་ཀྱི་བཤེས་གཉེན་གྱིས་བཤད་ལ། མདོར་ན་མངོན་པར་རྟོགས་པའི་རྒྱན་འདི་ཡུམ་གསུམ་ག་དག་དང་ངེས་པར་སྦྱར་དུ་བཏུབ་པ་ཁོ་ན་ཡིན་ཏེ། འགྲེལ་ཆེན་ལས། གཞུང་འདི་ཡི་ནི་ཚད་ ངེས་ནི། །ཡུམ་འདི་ཡི་ནི་མཚན་ཉིད་ཡིན། །ཅེས་དང་། འགྲེལ་ཆུང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མ་ལུས་པ། ཞེས་གསུངས་པས་སོ། ། འཇིགས་མེད་འབྱུང་གནས་སྦས་པ་སོགས་སློབ་དཔོན་འདི་ལ་ཟུར་ཟ་བ་འགའ་ཞིག་གིས། མདོའི་ 4-1-7b དགོངས་པ་ཐམས་ཅད་ནི་དེའི་རྒྱན་ཚིག་ལེའུར་བྱས་པས་བསྡུས་པ་མེད་དོ་ཞེས་སྨྲ་ལ། དེ་དག་མི་རིགས་པའི་ཕྱིར་ན་ཡུམ་གསུམ་གྱི་བརྗོད་བྱའི་དོན་ཐམས་ཅད་རྒྱན་གྱིས་བསྡུས་པས། ཡུམ་གསུམ་ག་དང་རྒྱན་སྦྱར་བའི་རྗོད་བྱེད་ཀྱི་ཚིག་གི་རིམ་པ་འགྲེལ་པ་ནི་ སློབ་དཔོན་སེང་གེ་བཟང་པོས་མཛད་པ་ལས་སྔོན་དུ་བྱུང་བ་གཞན་ཡོད་པ་མ་ཡིན་ནོ། །ལ་ལ་དག་སློབ་དཔོན་དབྱིག་གཉེན་གྱིས་ཡུམ་གསུམ་གནོད་འཇོམས་ནི་ཡུམ་གསུམ་ག་དང་སྦྱར་ཅེས་སྨྲ་ཡང་རྒྱས་འབྲིང་གཉིས་དང་། ཁྲི་བརྒྱད་སྟོང་པ་དང་སྦྱར་གྱི། འཕགས་པ་བརྒྱད་སྟོང་པ་དང་མ་སྦྱར་བས་འཐད་པ་མིན་ནོ། །གསུམ་པ་འགའ་ཞིག་གིས་མ་རྙེད་པ་རྙེད་པར་བསྟན་པ་ནི། རྒྱལ་བའི་སྲས་པོ་རང་ཉིད་ཡང་དག་པའི་ལམ་འཚོལ་བ་དེ་ལྟར་ན་མཁས་པ་སྔ་མའི་ལེགས་བཤད་ཀྱིས་དྲི་མ་མེད་པའི་བློ་ལ་མི་ཤེས་ པ་བསལ་ཏེ་ཤེས་རབ་ཀྱིས་སྣང་བར་བྱས་ཤིང་གནས་པ་ན། སློབ་དཔོན་འགའ་ཞིག་ཁོ་ནས་མ་རྙེད་པའི་བསྟན་བཅོས་མདོ་དང་རྒྱན་མཐའ་དག་གི་ཚིག་དོན་འདི་ཇི་ལྟ་བ་དེ་ལྟ་བུར་སེང་གེ་བཟང་པོ་ཁོ་བོས་རྙེད་པ་གང་ཡིན་པ་དེ་ཡ་མཚན་ཆེའོ་ཞེས་རང་ཉིད་ཀྱི་ དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་མཛད་པའོ། །བཞི་པ་རྙེད་པའི་རྒྱུ་བསྟན་པ་ནི། གཞན་གྱིས་མ་རྙེད་པ་དེ་ལྟ་བས་ན་ཤེར་ཕྱིན་གྱི་མདོ་འདི་ཤིན་ཏུ་རྙེད་པར་དཀའ་བ་དང་། དེ་ནས་འབྱུང་བའི་ཟབ་མོའི་ལམ་འདི་ལྟ་བུ་ཐབས་ཅི་ཞིག་ལྟར་དུ་ཁྱོད་ཀྱིས་རྙེད་པ་ཡིན་ ཅེ་ན། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་དབང་གིས་རྙེད་པ་ཡིན་ནོ་ཞེས་གསུངས་ལ། དེ་རྙེད་པའི་ཚུལ་ཡང་། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་ཊཱི་ཀར་ལོ་བཅུ་བདུན་དུ་བཤེས་གཉེན་མཉེས་པར་བྱས་ནས། རྨི་ལམ་དུ་རྗེ་བཙུན་བྱམས་པས་རྗེས་ 4-1-8a སུ་བཟུང་ཞེས་བཤད། དེ་ཡང་འདི་ལྟར་ཐོས་ཏེ། སློབ་དཔོན་སེང་གེ་བཟང་པོ་ཞེས་བྱ་བ་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཁྱད་པར་ཡུམ་གྱི་དོན་ལ་མཁས་པ་དེས་མཁན་པོ་རྣམ་པར་སྣང་མཛད་བཟང་པོ་ལ་བྱམས་པའི་སྒྲུབ་ ཐབས་ཞུས་ཏེ་བསྒྲུབས་པས། རྨི་ལམ་དུ་དགེ་སློང་གུར་གུམ་མདོག་ཅན་སྤྱོད་ལམ་ཤིན་ཏུ་མཛེས་པ་ཞིག་རྨིས་ཏེ། ཤར་ཕྱོགས་ཁ་སར་པཱ་ཎིར་སོང་ཞིག་ཅེས་བསྟན་ཏོ། །སང་དེ་དེར་སོང་ནས་ཞག་གསུམ་སྨྱུང་བར་གནས་པ་བྱས་ཏེ་རྨི་ལམ་བརྟགས་པས་ཐོ་རངས་རྨི་ ལམ་ན་ཨོ་ཏནྟ་པུ་རི་མི་ཏྲ་རའི་གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་སྟུག་པོ་ཞིག་གི་གསེབ་ན་ལྷའི་ལུས་སྟོད་སྤྲིན་གྱི་གསེབ་ནས་ཕྱུང་སྟེ་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་བྱེད་པ་མཐོང་སྟེ། ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་པས་བརྒྱད་སྟོང་པ་གསུང་བ་ལ་ མཆོད་པ་བྱེད་ཟེར། རིང་དུ་བལྟས་པས་རྗེ་བཙུན་ཞལ་གསེར་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ། ཉིད་ཀྱི་བསྟན་བཅོས་འདི་ལ་དེང་སང་འགྲེལ་པ་མང་དུ་ སྣང་བས་གང་གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པས། ཐམས་ཅད་ཀྱི་ཁྱད་རྟོགས་ལ་འཐད་པ་བསྡུས་ཏེ་ཁྱོད་ཀྱིས་བསྟན་བཅོས་ཕྱོགས་གཅིག་ཏུ་རྩོམས་ཤིག་ཅེས་གནང་བ་ཐོབ་པས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། རང་བཞིན་གྱིས་ཤེས་རབ་ ཕུན་སུམ་ཚོགས་པ་དང་། སངས་རྒྱས་ནས་བརྒྱུད་པའི་གདམས་ངག་བར་མ་ཆད་དུ་ཡོད་པའི་མཁས་པ་དེ་ལྟ་བུ་རྣམས་ཀྱིས་ནི་གང་ལ་མཁས་པའི་ཡུལ་གྱི་ཤེར་ཕྱིན་དེ་དབྱེ་བར་རིགས་སོ་ཞེས་སོ། །ལྔ་པ་ཁེངས་བསྐྱུང་བ་ནི། ཤེར་ཕྱིན་གྱི་མདོ་འདིའི་དོན་རྣམ་པ་ 4-1-8b ཀུན་ཏུ་སེང་བཟང་བདག་གི་སྤྱོད་ཡུལ་མིན་ཀྱང་འགྲེལ་པ་བརྩམས་པ་ལ་བསོད་ནམས་ཐོབ་པར་འགྱུར་བ་དག་ལས་དགེ་བའི་རྩ་བ་བསྒྲུབ་པ་དང་། དེ་བསྒྲུབས་པས་སངས་རྒྱས་ཀྱི་རྒྱུར་རྗེས་སུ་མཐུན་པར་དགོངས་པའི་ཕྱིར་རང་དང་གཞན་ལ་ཕན་པ་རྒྱ་ཆེན་པོ་ གདགས་པའི་འདོད་པས་སྤྲོ་བ་ལྷག་པོར་སྐྱེས་སོ་ཞེས་ཁེངས་པ་བསྐྱུང་བར་མཛད་དོ། །གཉིས་པ་ཡན་ལག་ཅན་གྱི་བསྟན་བཅོས་དངོས་ལ་གསུམ། རང་ཉིད་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ཏུ་མཆོད་བརྗོད། བརྩམས་པའི་བསྟན་བཅོས་ལ་ གཞན་འཇུག་པ་དགོས་འབྲེལ། འཇུག་བྱ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་ཉིད་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ་དང་། རྩ་བ་དང་། འགྲེལ་པའོ། །དང་པོ་ནི། འཕགས་པ་བྱམས་པ་རང་ཉིད་ཀྱི་མཆོག་ཏུ་གྱུར་པའི་སྤྱོད་ པའམ་དམ་པའི་སྤྱོད་པ་དང་མཐུན་པར་གདུལ་བྱ་ལ་རབ་ཏུ་སྟོན་པས་དེའི་སླད་དུ་བཅོམ་ལྡན་འདས་བྱམས་པ་རང་ཉིད་ཀྱི་ཐུགས་རྣམ་པར་མི་རྟོག་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་གཞི་ལམ་རྣམ་གསུམ་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡུལ་དུ་བྱས་པའི་ཡུལ་ཅན་གྱི་མཁྱེན་པ་ཁྱད་པར་ཅན་རབ་ཏུ་དང་བ་དེ་ནི། ངེས་པར་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བར་རྗེ་བཙུན་ཉིད་ཀྱིས་ངེས་པར་ཐུགས་ལ་བཟུང་ནས་དེ་ལྟ་བུའི་ཡུལ་ཡུལ་ཅན་ངེས་ལེགས་ཐམས་ཅད་ཀྱི་ རྒྱུའི་རང་བཞིན་གྱི་རིགས་སུ་གནས་པ་མིང་གཞན་བཅོམ་ལྡན་འདས་མར་འབོད་པ་གང་ཡིན་པ་དེ་ནི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ལ། དེ་ལྟ་བུའི་གནས་དེ་ལས་ཡོན་ཏན་ཕུལ་དུ་དབྱུང་དུ་མེད་ཅིང་རྒྱ་ཆེ་བས་ན་དཔག་ཏུ་མེད་པའི་འབྱུང་གནས་ 4-1-9a ལ་གཞན་དག་ཐོས་བསམ་སྒོམ་གསུམ་གྱི་དོན་ལ་རིམ་གྱིས་འཇུག་པར་བྱ་བའི་ཕྱིར་གདུལ་བྱ་རྣམས་རབ་ཏུ་དང་བ་དང་སྤྲོ་བ་བསྐྱེད་པའི་ཆེད་དུ་དུས་རེ་ཞིག་ན་བསྟན་བཅོས་བརྩམས་པའི་དང་པོར་རྒྱལ་བའི་ཡུམ་ལ་ཆོས་སྐུ་ཕྲིན་ལས་དང་ བཅས་པའི་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་མངོན་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བར་མཛད་པ་ཡིན་ནོ། ། ཁོ་བོས་ནི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་ གཙོ་བོ་ཡིན་ནོ་ཞེས་པ་འདིས་ཐེག་ཆེན་རྒྱུད་བླར་བཤད་པའི་སྙིང་པོའི་དོན་དེ་བྱང་ཆུབ་ཆེན་པོའི་རྒྱུའི་གཙོ་བོར་བསྟན་པ་གང་ཡིན་པ་དེ་རྒྱལ་བའི་ཡུམ་ལས་བཤད་པའི་བཅོམ་ལྡན་འདས་མ་ཡིན་པར་ཡང་བསྟན་པ་ཡིན་པ་དང་། ངེས་པར་བཟུང་ནས་ཤེས་པའི་ དོན་ལ་དངོས་བསྟན་དུ་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེའི་ཕུལ་དུ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་འབྱུང་གནས་ཡིན་པར་ཐུགས་ལ་བཟུང་སྟེ་སྟོན་ནས་མཐར་ཐུག་སོ་སོ་རང་གིས་རིག་པའི་ཡེ་ཤེས་ལ་སྦྱོར་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་ གཙོ་བོ་ཡིན་ནོ་ཞེས་བསྟན་ལ། ཤུགས་ཀྱིས་ནི་རྗེ་བཙུན་ཉིད་ངེས་པའི་དོན་དུ་སངས་རྒྱས་འཕགས་པར་འཕངས་པ་ཡིན་ཏེ། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུ་ ཡི་གཙོ་བོ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་ནས་ཞེས་པ་འདིས་བསྟན་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་བསྟན་ན། བྱང་ཆུབ་ཆེན་པོའི་ངེས་ལེགས་ཡོངས་སུ་རྫོགས་པ་ཐམས་ཅད་རྗེ་བཙུན་གྱིས་ཐོབ་པས་བསྟན་བཅོས་བརྩམས་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བར་ངེས་ 4-1-9b པར་བཟུང་ནས་འཕངས་པར་འདོད་དོ། །ཡུམ་གྱི་ཡོན་ཏན་ཀྱང་ཆོས་སྐུ་ཕྲིན་ལས་དང་བཅས་པ་ཞེས་པས་རང་སྲས་འཕགས་པ་གཞན་གསུམ་པོའི་ཡུམ་ཡིན་པར་མ་བསྟན་པར་དོགས་པར་མི་བྱ་སྟེ། རྒྱལ་བའི་ཡུམ་དང་། རང་བཞིན་གྱི་ཆོས་སྐུ་དང་། མངོན་པར་ རྟོགས་པའི་རིམ་པ་གསུམ་དུ་མ་ཕྱེ་བའི་མཁྱེན་པ་ཙམ་ནི་དོན་རྡོག་གཅིག་ཡིན་པས་སོ། །གཉིས་པ་ནི། འོ་ན་རྗེ་བཙུན་གྱིས་ཕྱག་འཚལ་བའི་རྒྱུ་མཚན་དེའི་དགོས་པ་གང་ཞེ་ན། མཆོད་བརྗོད་ངག་གི་སྒོ་ནས་ཡུམ་གྱི་ཡོན་ཏན་ལ་བསྟོད་ཕྱག་བྱས་པ་ཐོས་པ་ལས་ དང་བ། དང་བ་ལས་གུས། གུས་པ་ལས་འཇུག །ཞུགས་པ་ལས་ལེགས་པའི་མཆོག་ཐོབ་པའི་དགོས་པ་དེའོ། །དེ་ལྟར་དང་པོ་ཡུམ་ལ་མཁྱེན་གསུམ་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ལས། གཞི་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཉན་ཐོས་ཞི་བ་འཚོལ་བ་རྣམས་ཕུང་པོ་ དང་ཁམས་དང་སྐྱེ་མཆེད་ཀུན་རང་བཞིན་མེད་པར་རྟོགས་པའི་གཞི་ཤེས་ཉིད་ཀྱི་ལམ་གྱིས་རིམ་པ་ཉེར་ཞི་ལྷག་བཅས་ལྷག་མེད་གཉིས་སུ་ཁྲིད་པར་མཛད་པའི་ཡུམ་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ་ཞེས་སྦྱར་ལ། དང་ཞེས་པ་ཚིག་འོག་མ་འདྲེན་པའི་ཆེད་དོ། ། ཉན་ཐོས་ཞེས་པ་རྒྱ་གར་གྱི་སྒྲ་ལ་ཤྲ་བ་ཀ་བོད་སྐད་དུ་སྟོན་པ་ལས་རང་གིས་ཉན་ནས་གཞན་གྱིས་ཐོས་པར་བྱེད་པས་ན་ཐོས་སྒྲོག་པ་ཞེས་བྱ་སྟེ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་ བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་བཟད་འདྲ། །ཞེས་པའི་དོན་དེ་ལྟར་རོ། །དེ་ལྟར་ཉན་ཐོས་ལ་རིགས་མ་ངེས་པའི་དབང་དུ་བྱས་པ་ལ་བདེན་པ་མ་མཐོང་བའི་ཉན་ཐོས་ནི། མཛོད་ལས། གཉིས་ 4-1-10a སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་འབྱུང་ལ། དེའི་དོན་ཉན་ཐོས་དྲོད་རྩེ་ལ་གནས་པ་གཉིས་རང་གི་རིགས་ལས་བཟློག་ནས་རང་སངས་རྒྱས་སུ་འགྱུར་བ་དང་། བཟོད་པ་གསུམ་པ་ལ་ གནས་པ་རང་གི་རིགས་ལས་བཟློག་ནས་རང་སངས་རྒྱས་སུ་འགྱུར་རོ། །དེ་ལྟ་བུ་དེ་ཕྱིས་ནས་སངས་རྒྱས་སུ་འགྱུར་བ་ཡང་དཔལ་ཕྲེང་གི་མདོར་བཤད་དོ། །བདེན་པ་མཐོང་བའི་དབང་དུ་བྱས་པའི་རིགས་མ་ངེས་པ་ལའང་། མདོ་སྡེ་རྒྱན་ནས། ཅིག་ཤོས་ ཕྱིར་མི་འོང་བ་དང་། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །ཅེས་པ་སོགས་ཀྱིས་དེ་འདྲ་བ་དེ་དང་པོར་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བས་སེམས་ཅན་གྱི་དོན་བྱས་པ་མ་ཡིན་པར་རང་སངས་རྒྱས་སུ་འགྱུར་བ་དང་། དེས་སྤྲུལ་པའི་སྐྱེ་བ་བླངས་ནས་ བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ་བྱང་ཆུབ་དམ་པ་ཐོབ་པར་འགྱུར་བར་བསྟན་ཏོ། །སེམས་ཙམ་པའི་འདོད་པ་ལྟར་ན་ལྷག་བཅས་དགྲ་བཅོམ་གྱི་རྟེན་ཅན་རིགས་མ་ངེས་པའང་སྲིད་པར་བཤད་དོ། །ཉན་ཐོས་སུ་རིགས་ངེས་པ་ནི་རང་གི་ངོ་སྐལ་གྱི་ དམན་པའི་མྱང་འདས་མངོན་དུ་བྱེད་པའོ། །ཤིང་རྟའི་སྲོལ་འབྱེད་གཉིས་ཀའི་མཐར་ཐུག་གི་འདོད་པ་ལ་དམན་པའི་མྱང་འདས་མངོན་དུ་བྱས་པ་དེས་ཀྱང་ཕྱིས་བྱང་ཆུབ་ཆེན་པོར་མི་འགྱུར་བའི་སྐབས་མི་སྲིད་དེ། ལྷག་བཅས་མྱང་འདས་ཀྱི་དབང་དུ་བྱས་ན་སྐྱེ་ བ་འདི་ཉིད་དུ་ཚེའི་འདུ་བྱེད་བསྲིངས་ནས་དབང་པོའི་ལུས་སུ་བྱིན་གྱིས་བརླབས་ཏེ་བྱང་ཆུབ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་པ་དང་། ལྷག་མེད་མྱང་འདས་ཀྱི་དབང་དུ་བྱས་ནའང་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ་པདྨའི་སྦུབས་ལས་སྐྱེས་ནས་དེ་ 4-1-10b བཞིན་གཤེགས་པའི་སྐུའི་འོད་ཟེར་གྱིས་བསྐུལ་ནས་བྱིན་གྱིས་བརླབས་པས་སྐྱེ་བ་ལ་དབང་ཐོབ་པར་གྱུར་ནས་ཚོགས་གཉིས་པོ་ཡོངས་སུ་རྫོགས་པར་བགྱིས་ཏེ་སངས་རྒྱས་ཉིད་དུ་འགྱུར་བར་གསུངས་སོ། །ལྷག་བཅས་དགྲ་བཅོམ་གྱིས་སྡུག་བསྔལ་བདེན་ པ་མ་སྤངས་པར་འདོད་པ་དང་། ལས་ཀྱི་ཀུན་འབྱུང་མ་སྤངས་པར་འདོད་པ་རྣམས་ནི་རིགས་པ་མིན་ཏེ། སྡུག་ཀུན་གྱི་བདེན་པ་དེ་གཉེན་པོ་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་རྒྱུད་ལ་མི་སྐྱེ་བའི་ཆོས་ཅན་གྱི་དབང་དུ་བྱས་ནས་སྤངས་ཟིན་པའི་ཕྱིར་རོ། །འོ་ན་ལྷག་ བཅས་དང་ལྷག་མེད་ཀྱི་ཁྱད་པར་གང་ཞེ་ན། དགྲ་བཅོམ་ཐོབ་པ་ན་སྔ་མའི་སྲོག་གི་དབང་པོ་བཏང་བ་དང་མ་བཏང་བའི་ཁྱད་པར་གྱིས་ཡིན་ནོ། །དེ་ལྟ་བུའི་མྱང་འདས་ཀྱི་ངོ་བོ་འགོག་བདེན་ལ་བྱེ་སྨྲས་རྟག་དངོས་སུ་འདོད་པ་དང་། མདོ་སྡེ་པས་མེད་དགག་ ཏུ་འདོད་པ་དང་། སེམས་ཙམ་པས་གཉིས་སྟོང་གི་ཤེས་པར་འདོད་པ་དང་། དབུ་མ་པ་སྤྱི་བདག་ཕྱོགས་གཅིག་པར་ཞི་བ་ཆད་སྟོང་དུ་འདོད་པ་རྣམས་ཡོད་ལ། གང་ལྟར་ཡང་ཉན་ཐོས་པ་དག་དེར་དགེ་རྩ་མཐའ་དག་ཟད་པ་དང་། ལམ་རྒྱུ་ནི་ཆད་པར་འདོད་ པ་ཡིན་ནོ། །དེའི་དོན་ཡང་དགེ་བའི་རྩ་བ་དང་། ལམ་དེ་དག་བརྟེན་པར་བྱེད་པའི་རྒྱུད་ཀྱི་རྟེན་ཆད་པ་ཡིན་ནོ། །དེ་ལྟར་ཆད་པ་དེ་ཡང་སྤྲོས་པས་དབེན་པའི་ཆ་ནས་ཡིན་ལ། སྤྲོས་པས་དབེན་པ་ནི་རྒྱལ་བའི་ཡུམ་གྱི་ཡོན་ཏན་གྱི་ཁྱད་པར་ཕྱོགས་གཅིག་གོ ། ལམ་ཤེས་ཀྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི། འགྲོ་བ་དང་འོང་བ་ཅན་གྱི་སེམས་ལྡན་ཐམས་ཅད་ལ་ཕན་པ་བླ་ན་མེད་པར་བྱེད་པ་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ལམ་གསུམ་རྒྱུད་ལ་བསྐྱེད་ནས་རང་བཞིན་མེད་ 4-1-11a པར་ཤེས་པ་ཉིད་ཀྱིས་འཇིག་རྟེན་པ་རྣམས་ཀྱི་གཉེར་བྱའི་དོན་བྱང་ཆུབ་གསུམ་པོ་དེ་སྒྲུབ་པར་མཛད་ལ། མཛད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཡུམ་ཡིན་པས་དེ་ལ་ཕྱག་འཚལ་ཞེས་འོག་ཏུ་སྦྲེལ་ལོ། །དེ་ལྟར་ལམ་ཤེས་རྒྱུད་ ལྡན་དེས་འཇིག་རྟེན་གྱི་དོན་སྒྲུབ་པར་བྱེད་པ་དེ་མེད་ན་མི་འབྱུང་གི་རྒྱུ་འབྲས་ཀྱང་ཡིན་ནོ། །དེས་འཇིག་རྟེན་གྱི་དོན་བསྒྲུབ་པའི་ཚུལ་ནི། རྫི་བོ་ལྟ་བུའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྟེན་གྱི་གང་ཟག་གིས་སེམས་ཅན་མ་ཟད་ཀྱི་བར་རང་དོན་དུ་མངོན་པར་རྫོགས་པར་འཚང་ རྒྱ་བའི་ཚུལ་མི་སྟོན་པར་འཁོར་བར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་ལ། དེ་ལྟ་བུའི་བཞེད་དོན་གྱི་གཙོ་བོ་སྒྲུབ་བྱེད་ཀྱི་ཡུམ་དེ་ལ་བསྟོད་པའི་ཕྱིར་རྣམ་མཁྱེན་ལས་ལོགས་སུ་ལམ་ཤེས་ལ་བསྟོད་དགོས་པའི་དོན་དེ་ཡིན་ནོ། །འདི་ལ་གཞན་གྱིས་ཐོག་མར་ རང་ཉིད་འཚང་མི་རྒྱ་བར་སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་འོག་ཏུ་འཚང་རྒྱ་བར་སེམས་བསྐྱེད་པའི་སེམས་བསྐྱེད་དེ་གང་ལས་བཤད་སྙམ་ན། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཁྱད་པར་ལ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། བྱང་ཆུབ་སྤྱོད་པའི་ སྨོན་ལམ་ཞེས་རྣམ་པ་གཉིས་འབྱུང་བས་སེམས་བསྐྱེད་ཀྱི་རྣམ་པའང་དེ་ལྟ་བུར་འབྱེད་རིགས་པ་ཡིན་ནོ། ། རྣམ་མཁྱེན་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི། རྣམ་མཁྱེན་གྱི་ཡེ་ཤེས་གང་དང་ཡང་དག་པར་ལྡན་པས་ན་ཐུབ་པ་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་ འཁོར་ལོ་ཆགས་པ་དང་བྲལ་བ་རྣམ་པ་ཀུན་གྱི་ཉམས་དང་ལྡན་པའི་ཆོས་ཕུང་སྣ་ཚོགས་པ་འདི་ཉིད་ཉོན་མོངས་པ་སྣ་ཚོགས་པར་སྤྱོད་པའི་གཉེན་པོར་གསུངས་པར་མཛད་དོ། །དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་མ་བྱས་པར་ཆོས་ཀྱི་འཁོར་ལོ་ 4-1-11b བསྐོར་བའང་མི་འབྱུང་བ་ནི་ངེས་པའོ། །དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དེ་དག་ལ་བརྟེན་པར་གནས་པའི་དམ་པའི་ཆོས་རྣམས་ཀྱི་ཡུམ་དེ་ལ་ཕྱག་འཚལ་ཞེས་སྦྲེལ་ལོ། ། དེ་ལྟར་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་སོ་སོར་བཤད་ནས། ཡུམ་ དེས་སྤྱི་ལྡོག་ནས་རང་སྲས་འཕགས་པ་བཞི་བསྐྱེད་ངེས་པར་དམ་བཅའ་བ་ནི། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པས་ནི་རང་སངས་རྒྱས་ཀྱང་བསྡུས་ལ། སངས་རྒྱས་རང་ཉིད་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་གསུངས་སོ་ཞེས་ བསྟན་ལ། ཚོགས་ཞེས་པ་འདིས་བྱང་ཆུབ་སེམས་དཔའི་དགེ་འདུན་ཀྱང་བསྟན་པ་ཡིན་ནོ། །མཆོད་བརྗོད་ཀྱི་ངག་འདི་གླེང་གཞིའི་ལེའུའི་འགྲེལ་པ་ཡིན་ལ། དེ་ཅིས་ཤེས་ཤེ་ན། རིན་ཆེན་སྒྲོན་མེ་ལས། གླེང་གཞི་རྒྱས་པར་བཀའ་བསྩལ་དོན་མཆོག་ རྣམས། །ལེགས་པར་བསྡུས་པ་ཕྱག་འཚལ་ཚིགས་བཅད་ཡིན། །ཅེས་འབྱུང་ངོ་། །དེས་ན་ཡུམ་གྱི་ཐུན་མོང་མ་ཡིན་པའི་གླེང་གཞི་ལ་ཉི་ཁྲི་གཞུང་འགྲེལ་ལས་འདི་ལྟར་དུ་འབྱུང་སྟེ། གདན་ལ་བཞུགས་པ་བཤམས་པ། བཞུགས་ནས་ཆོ་འཕྲུལ་ མཛད་པ། མཛད་ནས་ཆོས་གསུང་བའི་དུས་གཟིགས་པའོ། །དང་པོ་ལ་གདན་བཤམ་པ། བཞུགས་པ་བཤམ་པའོ། །གཉིས་པ་ལ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ། རྫུ་འཕྲུལ་གྱི་ཆོས་འཕྲུལ། ཆོས་གནང་བའི་ཆོ་འཕྲུལ་ཏེ་རྣམ་པ་གསུམ་མོ། །དང་པོ་ལ་ཏིང་ ངེ་འཛིན་རྒྱལ་པོའི་ཆོ་འཕྲུལ། སེང་གེ་རྣམ་པར་རོལ་པའི་ཆོ་འཕྲུལ་ལོ། །དེ་གཉིས་ཀ་ལའང་རྒྱུ་མཉམ་པར་བཞག་པ་དང་། འབྲས་བུ་འོད་ཟེར་བཀྱེ་བ་དང་། སྣོད་བཅུད་ཀྱི་ཞིང་སྦྱོང་བའོ། །གཉིས་པ་ལ་སྤྲུལ་པའི་ཆོ་འཕྲུལ་དང་། བྱིན་གྱིས་བརླབས་པའི་ 4-1-12a ཆོ་འཕྲུལ་ལོ། །དེ་ལ་བྱིན་གྱིས་བརླབས་པ་དངོས་དང་། སྐུ་མཉམ་དུ་སྟོན་པའོ། །གསུམ་པ་ཆོས་གནང་བའི་ཆོ་འཕྲུལ་ལ་འཇིག་རྟེན་གྱི་ཁམས་བསྟན་པ་དང་། འཁོར་བསྡུ་བ་གཉིས་སོ། །འདིར་སྐབས་ཀྱི་དོན་ཆེ་ལོང་ཙམ་ཞིག་ བཀོད་ལ། གླེང་གཞི་རྒྱས་པ་ནི་གཞན་དུ་ཤེས་སོ། ། མཆོད་བརྗོད་ཀྱི་ངག་འདི་མདོ་བསྟན་བཅོས་ཀྱི་གོ་རིམ་དང་མི་མཐུན་པས་ཀྱང་གླེང་གཞིའི་འགྲེལ་པ་ཡིན་པར་གྲུབ་སྟེ། གླེང་གཞིའི་གོ་རིམ་དང་མཐུན་པའི་ཕྱིར་རོ། །དེ་ལྟར་མཐུན་པའི་ཚུལ་ནི་དགེ་ སློང་ལྔ་སྟོང་ཙམ་གྱིས་བསྐོར་ཞེས་པས། རྟེན་གྱི་གང་ཟག་ཉན་ཐོས་རྣམས་བསྟན་པའི་དོན་གྱིས་ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པ་དང་གོ་རིམ་མཐུན་ལ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཅེས་པས་རྟེན་བྱང་ཆུབ་སེམས་དཔའ་བསྟན་ལ། དེས་ན་འགྲོ་ ལ་ཕན་པར་བྱེད་རྣམས་ཞེས་པ་དང་གོ་རིམ་མཐུན་ཅིང་། བཅོམ་ལྡན་འདས་ཞེས་པའི་རྟེན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བསྟན་པས། དོན་དེས་ན། ཐུབ་རྣམས་ཞེས་པ་དང་གོ་རིམ་མཐུན་པ་ཡིན་ནོ། །འདི་ལྟར་ཡུམ་དུ་འཇོག་པའི་རྒྱུ་མཚན་རང་ བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་དོན་ཆོས་ཉིད་གོ་ཆོད་པོ་ཡིན་ལ། ཆོས་ཉིད་དེ་ནི་སངས་རྒྱས་ཀྱི་ཆོས་སྐུ་དང་དབྱེ་བ་མེད་པས་དེའི་ཕྲིན་ལས་ཀྱི་རྒྱུ་མ་མ་དང་། རྐྱེན་བྱང་ཆུབ་གསུམ་གང་ཡིན་པའི་སེམས་བསྐྱེད་པ་དང་འབྲེལ་བ་ན་རང་སྲས་འཕགས་པ་བཞི་ པོ་བསྐྱེད་པ་ལ་གེགས་བྱེད་དང་བྲལ་བ་ཡིན་ཏེ། ལི་ཙ་བི་དྲི་མ་མེད་པས་བསྟན་པའི་མདོ་ལས། མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །ཞེས་གསུངས་སོ། ། དེ་ལྟར་ཡུམ་དེས་བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་ 4-1-12b རྒྱས་བསྐྱེད་པར་མཛད་ཀྱང་། ཉན་ཐོས་འཕགས་པ་དངོས་བསྐྱེད་པའི་ཡུམ་ཡིན་མིན་ལ་བོད་སྔ་རབས་པ་ལ་ལས་རྒྱལ་བའི་ཡུམ་དེ་ཉན་རང་འཕགས་པའི་ལམ་དང་ཡུམ་དངོས་ཡིན་ཏེ། དེས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་ཉན་རང་འཕགས་ པའི་ངོ་བོ་བསྐྱེད་པར་ནུས་ཤིང་བཞེད་དོན་ཀྱང་བསྒྲུབ་པར་ནུས་སོ་ཞེས་གསུངས་མོད། དེ་ནི་འཐད་པར་མ་མངོན་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་མཁྱེན་པ་དེ། ཐེག་དམན་གྱི་གཞི་ཤེས་ལ་ཡོད་ན་རྣམ་མཁྱེན་གྱི་མཁྱེན་པ་དང་ཁྱད་པར་མེད་པར་ ཐལ་ལ། ཅི་སྟེ་གང་ཟག་གི་རྒྱུད་ཀྱི་ཆོས་ཅན་སོ་སོའི་གང་ཟག་གི་བདག་ལྟ་བུར་རང་བཞིན་མེད་པར་རྟོགས་པའི་ཁྱད་པར་གྱི་ཁྱད་ཆོས་ཡོད་ཅེ་ན། དེ་ཡོད་དུ་ཆུག །མཁྱེན་པའི་ངོ་བོ་ལ་ཟབ་རྒྱས་ཀྱི་ཁྱད་པར་མེད་པར་ཐལ་ལ། ཅི་སྟེ་ཡང་འགའ་ཞིག་ཉན་རང་ འཕགས་པ་དང་ཐེག་ཆེན་འཕགས་པ་གཉིས་ཆོས་ཀྱི་བདག་མེད་རྟོགས་པ་ལ་ཁྱད་པར་མེད་པས་དེ་ནི་འདོད་པ་ཁོ་ནའོ་ཞེས་སྨྲ་ནའང་། དཔལ་ལྡན་ཟླ་བ་ལ་སོགས་པ་དེ་ལྟར་བཞེད་པ་ཡིན་ཀྱང་། རྗེ་བཙུན་བྱམས་པའི་དགོངས་པ་དེར་མི་གནས་པར་འཕགས་པ་ ཐོགས་མེད་མཆེད་ཀྱིས་བཞེད་པས་སྐབས་འདིར་ནི་དེའི་རྗེས་སུ་འབད་དགོས་པའོ། །ཐེག་ཆེན་གྱི་ཆོས་ལ་རྒྱུས་ཆུང་བ་འགའ་ཞིག །ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པའི་སྒྲུབ་བྱེད་དུ། སློབ་དཔོན་གྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པར། །ཞེས་ པའི་ལུང་གིས་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པར་སྨྲ་བ་ནི་འཁྲུལ་བའི་ཚབ་ཤིན་ཏུ་ཆེ་བ་ཡིན་ཏེ། ལུང་དེས་ནི་འཛིན་པ་ཆོས་ཀྱི་བདག་མ་བཏང་བར་ངར་འཛིན་ཡོད་པ་དང་། དེ་ཡོད་ནས་ལས་བསགས་ཏེ་འཁོར་བར་སྐྱེ་བར་འགྱུར་བར་བསྟན་པ་མ་ཡིན་ 4-1-13a ཏེ། ཇི་སྲིད་ཕུང་པོ་ལ་གང་ཟག་གི་བདག་ཏུ་འཛིན་པ་ཡོད་པ་དེ་སྲིད་དུ་ངར་འཛིན་ཡོད་ལ། དེས་ལས་བསགས་ཏེ་འཁོར་བར་སྐྱེ་བར་འགྱུར་བའི་དོན་ཡིན་ནོ། ། འོ་ན་གཞན་དག་གིས། རྒྱལ་བའི་ཡུམ་གྱིས་ཉན་རང་འཕགས་པ་བསྐྱེད་དམ་ མི་བསྐྱེད་ཅེས་འདྲི་ན། བདག་ཅག་ནི་བསྐྱེད་པར་འདོད་དེ། ཇི་སྐད་དུ། གང་དག་ཉན་ཐོས་བདེ་གཤེགས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །ཞེས་འབྱུང་བས་སོ། ། འོ་ན་རྒྱལ་བའི་ཡུམ་གྱིས་ཉན་རང་འཕགས་པ་སྐྱེད་པར་བྱེད་ན། དེས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཙམ་ཞིག་གི་སྒོ་ནས་བསྐྱེད་པ་ལས་འོས་མེད། འོ་ན་ཉན་རང་གིས་རྒྱལ་བའི་ཡུམ་ལ་རྟོགས་པར་བྱེད་ན་དེས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཙམ་ཞིག་གི་ སྒོ་ནས་རྟོགས་པ་ལས་འོས་མེད། དེ་ལྟར་ན་གཟུགས་སོགས་མི་རྟག་ཅེས་ཡོངས་སུ་སྟོན་པ་གང་བཅོས་མ་ལ་སྤྱོད་པ་སྟེ་ཞེས་ཡུམ་བཅོས་མར་བཤད་པ་དང་། གཟུགས་མི་རྟག་ཅེས་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་དོ་ཞེས་པ་ཡུམ་ གྱི་གཟུགས་བརྙན་དུ་བཤད་པས་དེ་ལྟ་བུའི་ཡུམ་དེས་ཡུམ་གྱི་གོ་མི་ཆོད་དོ་སྙམ་ན། དེར་བལྟས་པའི་ཆ་ནས་མི་ཆོད་ཀྱང་། དེས་བལྟས་པ་དང་མ་བལྟས་པ་གང་བྱས་ཀྱང་ཡུམ་དངོས་ལ་ཡུམ་མིན་དུ་མི་གནོད་པ་དང་། ཡུམ་གྱི་དོན་མཐར་ཐུག་ནི་རང་བཞིན་གྱིས་ སྟོང་པ་ཉིད་ཡིན་པས། རང་བཞིན་གྱིས་སྟོང་པ་ཉིད་གང་ཡིན་པ་དེས་གཞི་གཉེན་རྣམ་པ་གསུམ་བརྒྱུད་ལྡན་གྱི་འཕགས་པ་བཞི་བསྐྱེད་པར་རུང་བས་སོ། །གསུམ་པ་ལ་ལྔ། སྔ་འགྲེལ་གྱི་བསྡུས་དོན་ལས་འཕྲོས་པ། དགོས་དོན་ལས་འཕྲོས་པ། མཁྱེན་ 4-1-13b གསུམ་ལ་བསྟོད་པའི་རྒྱུ་མཚན། རྩ་བའི་ཚིག་དོན། བརྒལ་ལན་གྱིས་གཏན་ལ་ཕབ་པའོ། །དང་པོ་ནི། ཉན་ཐོས་ཞི་འཚོལ་གྱི་ཚིགས་སུ་བཅད་པ་འདིས་ནི་རྒྱལ་བའི་ཡུམ་འདིའི་ཆེ་བའི་ཡོན་ཏན་མཁྱེན་པ་གསུམ་གྱི་སྒོ་ནས་རང་སྲས་འཕགས་པ་རྣམས་བསྒྲུབ་ པར་ནུས་པའི་བདག་ཉིད་དུ་གྱུར་པ་ཕུལ་དུ་བྱུང་བ་དང་ལྡན་པ་བརྗོད་པར་མཛད་དོ། །དེ་ཞེས་པ་འོག་མ་འདྲེན་པར་མཛད་པའི་ཚིག་གོ། གཉིས་པ་ལ་གསུམ། གནས་སྐབས་ཀྱི་དགོས་པ། བརྒྱུད་པའི་དགོས་པ། མཇུག་བསྡུ་བའོ། ། དང་པོ་ལ། དབང་ རྟུལ་དང་བ་སྐྱེ་བའི་དགོས་པ། དབང་རྣོན་དང་བ་སྐྱེ་བའི་དགོས་པའོ། །དང་པོ་ནི་འདི་སྟེ། འགྲེལ་པ་ལ་དགོས་འབྲེལ་གྱི་ངག་བཤད་ཐབས་ཡན་ལག་ལྔ་ལྡན་གྱི་ཚུལ་སྦྱར་ཏེ་སྐབས་བབ་ཏུ་འཆད་དགོས་ན། འདིར་དེའི་དགོས་པ་ནི། མཆོད་པར་བརྗོད་པའི་ ཡོན་ཏན་ཅན་དེ་དང་པོར་ཐོས་པ་ལ་བརྟེན་ནས་རེ་ཞིག་དང་པོར་དབང་རྟུལ་དད་པའི་རྗེས་སུ་འབྲང་བ་རྣམས་ཡུམ་འདི་ལ་ཐེ་ཚོམ་མེད་པར་མྱུར་དུ་སེམས་ཀྱི་རྙོག་པ་ཐམས་ཅད་དང་བྲལ་ནས་རབ་ཏུ་དང་བ་སྐྱེའོ། །གཉིས་པ་ནི། དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་ བ་རྣམས་ཀྱང་གཅིག་ལ་གཅིག་གི་ངོ་བོ་དང་། དུ་མ་ལ་དུ་མའི་ངོ་བོ་དང་། དུ་མ་ལ་གཅིག་གི་ངོ་བོ་དང་། གཅིག་ལ་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རིགས་པར་སྨྲ་བའི་ཚད་མས་གཞི་དང་ལམ་དང་རྣམ་པ་གསུམ་སྐྱེ་བ་མེད་པ་ཡོངས་ སུ་ཤེས་པའི་ཉན་ཐོས་ཞི་འཚོལ་གྱི་ཚིགས་སུ་བཅད་པའི་བརྗོད་བྱའི་དོན་གྱི་མཚན་ཉིད་ཅན་གྱི་ཡུམ་ལ་གནོད་པར་མ་མཐོང་ནས། སྐབས་དེའི་ཚེ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཐེག་པ་གསུམ་གྱི་ཚུལ་གསུམ་པ་ཅན་ 4-1-14a སངས་རྒྱས་ལ་སོགས་པ་འཕགས་པ་བཞི་པོ་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བར་སྲིད་པ་སྟེ་མི་སྲིད་པ་མ་ཡིན་པ་ཉིད་དོ་ཞེས་ངེས་པར་བཟུང་ནས། ཡུམ་དེ་ལ་རྐྱེན་གཞན་གྱིས་དབྲོག་པར་མི་ནུས་པའི་རབ་ཏུ་དང་བ་སྐྱེད་པར་བྱེད་པ་ཉིད་ཡིན་ ནོ། ། དེ་ལྟར་ན་གཞི་ལམ་རྣམ་གསུམ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པའི་ཚད་མར་གྲུབ་པ་དེ་རིགས་པ་གང་གིས་ཤེས་ཤེ་ན། རང་རྒྱུད་པའི་སློབ་དཔོན་རྣམས་དང་རྣལ་འབྱོར་སྤྱོད་པའི་སློབ་དཔོན་རྣམས་ཀྱི་ལུགས་གཞིར་བཞག་ལ། བར་དུ་བདག་བཟློག་གི་ རིགས་པ་དབང་བཙན་པར་བྱས་ནས་ཀུན་རྫོབ་པར་གྱུར་པའི་གཞི་གཉེན་རྣམ་གསུམ་བདེན་མེད་དུ་བསྒྲུབས་ནས་སྐྱེ་མེད་དུ་གཏན་ལ་དབབ་པ་དང་། ཐ་མར་ལྟ་ཞི་ཀུན་བཟློག་གི་རིགས་པ་དབང་བཙན་པར་བྱས་ནས་གཞི་གཉེན་རྣམ་གསུམ་དོན་གྱི་དངོས་པོར་གྱུར་ པ་བདེན་མེད་དུ་བསྒྲུབས་ནས་སྐྱེ་མེད་དུ་གཏན་ལ་ཕེབས་པ་དང་། སྐྱེ་མེད་ཡོངས་སུ་ཤེས་པའི་སྐབས་བསྟན་པའོ། །དང་པོ་ལ་གསུམ། རྩ་བའི་རྟགས་དགོད། ཚུལ་བསྒྲུབ། སྒྲུབ་ངག་བཀོད་ནས་རྗེས་དཔག་བསྐྱེད་པའོ། །དང་པོ་ནི། གཞི་གཉེན་ རྣམ་པ་འདི་དག་ཆོས་ཅན། རང་བཞིན་གྱིས་མེད་དེ། རིགས་པས་དཔྱད་པའི་ཚེ་ན་གཅིག་ཏུའང་མེད། དུ་མར་ཡང་མེད་པའི་ཕྱིར། མེ་ལོང་གི་བྱད་བཞིན་ནོ། །དེ་ལྟར་བཀོད་པ་དེའི་ཚེ་ཆོས་ཅན་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲུབ་པའི་དངོས་པོ་དེའོ། །གཏན་ ཚིགས་ནི། དོན་དམ་པའི་གཅིག་དང་། དོན་དམ་པའི་དུ་མ་དང་བྲལ་བའི་དབང་དུ་བྱས་པའོ། །བསྒྲུབ་བྱ་ནི་ཐ་སྙད་སྒྲུབ་ཡིན་ནོ། །དེ་ལྟར་གཏན་ཚིགས་འདིའི་ནུས་པས་གཞི་གཉེན་རྣམ་གསུམ་གྱི་དངོས་པོ་རང་ཉིད་དུ་ཡིན་པར་ཡོད་པ་དེ་འགོག་པ་ཡིན་ཏེ། དེ་རང་ 4-1-14b སྟོང་དུ་བསྒྲུབ་པའི་སྐབས་ཡིན་པས་སོ། །དེ་རང་བཞིན་གྱིས་མེད་པ་ན་བདེན་པར་མེད་པར་ཡང་གྲུབ་ལ། རང་བཞིན་གྱིས་མེད་པ་མ་ཡིན་ན་ནི་བདེན་པར་མེད་པའང་མི་འགྲུབ་སྟེ། བདེན་པར་གྲུབ་ན་དེ་དང་དེ་ཉིད་དུ་དོན་བྱེད་ནུས་དགོས། དེ་ནུས་ན་དེ་དང་དེར་མི་ བསླུ་དགོས། མི་བསླུ་ན་བདེན་པར་གྲུབ་དགོས་པ་ལས། འདིར་དངོས་པོའི་རང་ཉིད་དུ་དེ་དང་དེར་མ་གྲུབ་པས་རང་བཞིན་གྱིས་མེད་པ་ཡིན་པའི་གནད་ཀྱིས་འཇིག་རྟེན་གྱི་བདེན་པར་ཁས་བླངས་པ་དེ། དབུ་མ་པས་ཡང་དག་ཀུན་རྫོབ་ཏུ་བསྙད་དེ་རང་གི་ངོ་བོས་མ་ གྲུབ་པར་བཞག་པ་ཡིན་ནོ། །བདེན་པར་མེད་པ་བཅོས་མས་བདེན་པར་མེད་པར་བྱེད་པས་བདེན་མེད་ཀྱི་གོ་མི་ཆོད་ན། བདེན་མེད་ནི་གཞན་གྱིས་བཅོས་མ་མ་ཡིན་པར་འགྱུར་བའི་སྒོ་ནས་བདེན་མེད་དུ་བསྒྲུབ་དགོས་པ་ཡིན་ནོ། ། གཉིས་པ་ལ་གཉིས་ཏེ། ཕྱོགས་ ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་གཉིས། གཅིག་བྲལ་དུ་བསྒྲུབ་པ་དང་། དུ་བྲལ་དུ་བསྒྲུབ་པའོ། །དང་པོ་ནི། གཞི་གཉེན་རྣམ་པ་གསུམ་ཆོས་ཅན། གཅིག་ཏུ་ཡོད་པ་མ་ཡིན་ཏེ། སྐྱེ་འཇིག་གནས་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་ རོ། །གཉིས་པ་ནི། བདེན་པ་པའི་དུ་མར་ཡོད་པ་མ་ཡིན་ཏེ། གཅིག་གི་མཚན་གཞི་མེད་པའི་ཕྱིར་རོ། །གཉིས་པ་ལ་རྗེས་འགྲོ་བསྒྲུབ་པ་དང་། ལྡོག་པ་བསྒྲུབ་པ་གཉིས་ལས། དང་པོ་ནི། རིགས་པས་དཔྱད་པའི་ཚེ་གཅིག་དང་དུ་མ་གང་རུང་དུ་མེད་ན་རང་བཞིན་ གྱིས་ཡོད་པ་མ་ཡིན་པས་ཁྱབ་ཅིང་། གཉིས་པ་ནི། རང་བཞིན་གྱིས་ཡོད་ན་གཅིག་དང་དུ་མ་གང་རུང་གི་ངོ་བོར་ཡོད་དགོས་པས་ཁྱབ་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ཚུལ་གསུམ་ཚད་མས་ཤེས་ཟིན་པའི་འོག་རོལ་ཏུ་བསྒྲུབ་ངག་དགོད་པ་ནི། གང་གཅིག་ 4-1-15a དང་དུ་མ་དང་བྲལ་ན་རང་བཞིན་གྱིས་མེད་པས་ཁྱབ། དཔེར་ན་མེ་ལོང་ནང་གི་བྱད་བཞིན་བཞིན། བྱད་བཞིན་དེ་དེ་དང་བྲལ་བ་བཞིན་དུ་གཞི་གཉེན་རྣམ་པའི་དངོས་པོ་འདི་དག་ཀྱང་དེ་དང་བྲལ། དེའི་ཕྱིར་དེ་དག་རང་བཞིན་གྱིས་མེད་དོ་ཞེས་ ངག་ཡན་ལག་ལྔ་ལྡན་དུ་བཀོད་པ་ལ་བརྟེན་ནས། ཆོས་ཅན་དེའི་སྟེང་དུ་བདེན་མེད་ཀྱི་ཐ་སྙད་རྟོགས་པའི་རིག་ཤེས་ཚད་མ་སྐྱེ་བ་ཡིན་ནོ། །བདེན་མེད་དུ་བསྒྲུབ་པ་དེས་གཞི་གཉེན་རྣམ་པ་གསུམ་སྐྱེ་བ་མེད་པར་གཏན་ལ་ཕབ་པའང་ཡིན་ཏེ། སྐྱེས་ན་བདེན་པར་སྐྱེ་ དགོས་ཀྱི། བདེན་མེད་དུ་སྐྱེས་པས་སྐྱེས་པའི་གོ་མི་ཆོད་པའི་ཕྱིར་རོ། །སྒྲུབ་ངག་གི་མཐུན་དཔེ་མེ་ལོང་གི་བྱད་བཞིན་དེ་མིའི་བྱད་བཞིན་དུ་མེད་པའམ། དེའི་ནང་དུ་ཤར་བའི་བྱད་བཞིན་དེ་མིའི་བྱད་བཞིན་མ་ཡིན་པར་སྟོན་པ་ཡིན་ལ། དེང་སང་མཐུན་དཔེ་ འདི་ལ་འཁྲུལ་ནས་ཡོད་མེད་གཉིས་ཀའི་ཕྱོགས་ལྡན་ཞིག་ལ་གོ་བ་མང་དུ་སྣང་བ་ནི་ཐེག་པ་མཆོག་ལ་རྟོགས་པའི་སྐལ་པ་མེད་པ་ཡིན་པས་སྙིང་རྗེ་བའི་གནས་སུ་རིག་པར་བྱའོ། ། གཉིས་པ་ལ་དོན་དམ་པའི་དངོས་པོར་གྱུར་པའི་གཞི་གཉེན་རྣམ་པ་གསུམ་བདེན་ པར་མེད་ཅིང་། དེ་བདེན་པར་མེད་པ་ཙམ་དུ་མ་ཟད། དེ་ཡོད་པའི་དངོས་ཙམ་ཡང་མིན་ཏེ། རྩ་བ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་ སོ། །དེས་སྐྱེ་བ་མེད་པ་གཏན་ལ་ཕབ་པའང་ཡིན་ཏེ། ཡོད་ཙམ་དུ་མི་རུང་བའི་དངོས་དེ་སྐྱེ་ཙམ་དུའང་མི་རུང་བའི་དངོས་ཡིན་པས་ཁྱབ་པ་ཡིན་ནོ། ། གསུམ་པ་སྐྱེ་མེད་ཡོངས་སུ་ཤེས་པའི་སྐབས་ནི། བདེན་གྲུབ་འགོག་རྗེས་སུ་བདེན་པ་བ་སྐྱེ་བ་མེད་པར་ 4-1-15b རྟོགས་པའི་ཐ་སྙད་རྗེས་སུ་དཔོག་པའི་ཚད་མ་ལ་བརྟེན་ནས་རིམ་བཞིན་བདེན་པར་མ་གྲུབ་ཅིང་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པ་ནི་རྣལ་འབྱོར་གྱི་སེམས་དང་ལྡན་པའི་ལྟ་བ་གོ་ཆོད་དུ་འཇོག་ལ། དེའི་ཚེ་སྐྱེ་མེད་ལ་སོགས་པའི་གྲུབ་མཐའང་ཁས་མི་ལེན་ཏེ། དགག་བྱ་རང་འགགས་སུ་སོང་ཞིང་བསྒྲུབ་བྱ་ནི་ཅི་ཡང་ཡོད་པ་མ་ཡིན་ནོ། །དེས་ན། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་སོ། ། དེ་ལྟར་དབང་རྣོན་དག་གིས་གཞི་ལམ་རྣམ་གསུམ་གཅིག་དང་དུ་མའི་ངོ་བོ་ཉིད་ཀྱི་ བདེན་པ་དང་བྲལ་ཞིང་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ན་ནི་གུས་པས་ལེན་པར་རིགས་ལ། དེ་ལྟར་མ་ཡིན་ན་མི་ལེན་པ་ཡིན་ནོ། །དོན་དེ་ཡང་སྐྱེ་བ་མེད་ཅིང་གང་སྟོང་པ་ཉིད་དུ་བཤད་པ་གང་ཡིན་པ་དེ་རང་ཚད་མས་གྲུབ་ཅིང་ཚད་མ་གཞན་པས་མི་གནོད་པ་ ཡིན་ནོ། །དེ་ལྟ་བུའི་ཡུལ་རྒྱལ་བའི་ཡུམ་དང་། ཡུལ་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་མཁྱེན་པ་གསུམ་སྐྱེ་བ་མེད་པར་རྟོགས་པའི་སྟོན་པ་དེ་ཚད་མ་ཉིད་ཡིན་པར་དཔལ་ཕྱོགས་ཀྱི་གླང་པོ་དང་ཆོས་ཀྱི་གྲགས་པ་རྣམས་ཀྱིས་བཞེད་པ་ཡིན་ནོ། ། དེ་ལྟར་ཡུམ་མཁྱེན་ གསུམ་གྱི་བདག་ཉིད་དུ་གྱུར་པས་རང་སྲས་འཕགས་པ་བཞིའི་བཞེད་དོན་བསྒྲུབ་པ་ལ་གདོན་མི་ཟ་བར་སྲིད་པའི་རྟགས་ལ་བརྟེན་ནས་རྒྱལ་བའི་ཡུམ་གྱི་ཡོན་ཏན་ངེས་པར་བཟུང་སྟེ་དང་བ་བསྐྱེད་པར་གསུངས་པ་ལ། བོད་གངས་ཅན་དུ་བྱོན་པའི་སྐྱེས་བུ་དམ་པ་ རྣམས་ཀྱིས་དབྱངས་གཅིག་མགྲིན་གཅིག་ཏུ། ཐེག་པ་གསུམ་གྱི་ཚུལ་གསུམ་པའི་ཡུམ་སྒོམ་པའི་བློ་གང་ཡིན་པ་དེ་རྒྱུད་ལ་བསྟེན་པ་ན་དེའི་བསྟེན་པ་གོམས་པས་ཐེག་པ་གསུམ་གྱི་འབྲས་བུ་སོ་སོར་མངོན་དུ་རྟོགས་པར་འཐད་པ་ཡིན་ཅེས་གསུངས་ཀྱང་། རྒྱལ་ 4-1-16a བའི་དབང་པོའི་ལེགས་བཤད་ལྟར་ན། རིགས་ཅན་གསུམ་གྱི་གདུལ་བྱས་མཁྱེན་གསུམ་གྱི་བདག་ཉིད་དུ་གྱུར་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན་ལ་དངོས་སུ་བརྟེན་པ་དང་། དེ་དག་གིས་ཡུམ་གསུམ་པོ་ དེ་རྒྱུད་ལ་དངོས་སུ་བརྟེན་ནས་གོམས་པར་བྱེད་པ་ཡོད་པ་མ་ཡིན་ཏེ། རིགས་ཅན་གསུམ་གྱི་གདུལ་བྱའི་རྒྱུད་ཀྱི་རྣམ་པར་ཤེས་པ་དང་། དེ་ཕན་ཚུན་སྤངས་པའི་འགལ་བ་ཡིན་པར་བཀའ་བསྟན་བཅོས་རྣམས་ཀྱི་དགོངས་པར་གནས་པས་ཚུར་མཐོང་རྒྱུད་ཀྱི་ཤེས་པ་རང་ རིག་མངོན་སུམ་གྱི་རྟེན་ལས་ཡུམ་གསུམ་བསྟན་པར་གོམས་པ་ནི་ཤེས་པ་དེས་བྱེད་མི་ནུས་སོ་ཞེས་གསུངས་སོ། ། འོ་ན་རྒྱས་པ་ལས། གོམས་ཕྱིར་མ་ལུས་སྤངས་པ་ཡི། །ཞེས་པ་དང་། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཏེ། །ཞེས་གསུངས་པས། ཚུར་མཐོང་རྒྱུད་ ཀྱི་རང་རིག་མངོན་སུམ་གྱི་ཤེས་པས་ལམ་རྒྱུད་ལ་བརྟེན་ནས་བརྟེན་པ་གོམས་པ་ན་འབད་རྩོལ་ལ་མི་ལྟོས་པར་ཆོས་ཉིད་མངོན་སུམ་གྱི་རྟོགས་པ་འབྱུང་དུ་རུང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གོམས་པའི་ཕྱིར་ཞེས་རང་ཅག་ཚུ་རོལ་མཐོང་བ་པ་རྣམས་ཀྱིས་རང་རིག་པའི་ མངོན་སུམ་ལ་སོགས་པའི་ཤེས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ལ་སྐྱེ་མཆེད་དྲུག་གི་ཁྱད་པར་བའི་ནུས་པས་དེ་སྐྱེ་བ་མེད་པར་རྟོགས་པ་གོམས་པའི་ཕྱིར་ན་སྒྲིབ་པ་མ་ལུས་པར་སྤངས་པ་འཐད་པ་ཡིན་ཅེས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་ པར་བྱེད་པ་ལ་རྣམ་མཁྱེན་གྱི་ཡོན་ཏན་དང་ལྡན་པའི་རྒྱལ་བའི་ཡུམ་གྱི་ཐུགས་རྗེ་དང་ཕྲིན་ལས་ཀྱི་འཇུག་པ་གོམས་པ་ལས་ཏེ། གདུལ་བྱའི་སྒྲིབ་པ་སྤང་བ་འཐད་པར་བསྟན་ནས་སྒྲིབ་གཉིས་སྤངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སྲིད་པ་མ་ཡིན་པར་ 4-1-16b བསྒྲུབ་པར་མཛད་པ་ཡིན་ནོ། ། མདོར་ན་རྒྱལ་དབང་མཆོག་གི་དགོངས་པ་དང་། ཁོ་བོའི་བསམ་པ་ལ་ནི་མ་དག་པའི་བློ་ཅན་རྣམས་ཀྱི་ཤེས་པའི་ཆ་ལས་གྲུབ་པའི་རང་རིག་མངོན་སུམ་ལ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་ཇི་ལྟར་སྟོང་ན་ཡང་སོ་སོ་རང་རིག་ པའི་ཡེ་ཤེས་ཀྱིས་རང་རིག་པའི་མངོན་སུམ་དང་གཉིས་པོ་ལྷན་ཅིག་མི་གནས་འགལ་བ་ཁོ་ནར་སེམས་ལ། དེང་སང་གངས་ཅན་གྱི་ཁྲོད་འདིར་རྣལ་འབྱོར་སྤྱོད་པའི་དབུ་མ་པར་ཞལ་འཆེ་བ་དོལ་པོ་ཤེས་རབ་རྒྱལ་མཚན་དང་། དཔལ་ཤཱཀྱ་མཆོག་ལྡན་རྣམས་ཀྱི་བཞེད་ པ་ལ། གཉིས་མེད་ཀྱི་ཡེ་ཤེས་སུ་གྱུར་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཆའི་རང་རིག་མངོན་སུམ་དེ་མ་དག་པའི་བློ་ཅན་རྣམས་ཀྱི་རང་རིག་མངོན་སུམ་གྱི་རྒྱུན་ལ་ཀུན་བཏགས་དང་རྣམ་བཏགས་ཀྱིས་སྟོང་མི་སྟོང་ཙམ་མ་གཏོགས་ཁྱད་པར་མེད་པར་བཞེད་པ་འདི་ནི་ གཞུང་ཁུངས་མ་རྣམས་དང་མཐུན་པར་མ་ཡིན་ཏེ། དེ་ལྟར་ན་སེམས་ཅན་དང་སངས་རྒྱས་གཉིས་རྒྱུད་ཀྱི་རྒྱུན་གཅིག་པར་ཐལ་བས་མི་རུང་ན། གལ་ཏེ་ཁྱེད་ཅག་དེ་ནི་ཤིན་ཏུའང་འདོད། སྔགས་ཀྱི་ཐེག་པར། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །ཞེས་པ་ལ་ སོགས་ཀྱིས་སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་པ་ཁོ་ནའོ་ཞེས་སྨྲ་ནའང་རང་ཉིད་ཀྱི་ཚིག་དང་འགལ་བ་ཡིན་ཏེ། ཁྱེད་ཅག་གིས་བརྩམས་པའི་གླེགས་བམ་རྣམས་སུ་རྒྱུད་ནི། རྒྱུན་ཆགས་ཞེས་སོགས་ཀྱི་དོན་སེམས་ཅན་དང་སངས་རྒྱས་གཉིས་རྒྱུད་གཅིག་པའི་ དོན་དུ་མ་བཤད་པར། སངས་རྒྱས་ཀྱི་སྙིང་པོ་གང་དེ། རང་བཞིན་རྣམ་དག་གི་རྒྱུད་དུ་བཤད་ནས་དེས་གཞི་ལམ་འབྲས་བུའི་དུས་ཐམས་ཅད་སྤངས་པས་དེ་ཉིད་གནས་སྐབས་གསུམ་ཀར་རྒྱུན་ཆགས་པར་བསྟན་པ་ཡིན་ནོ་ཞེས་ཡི་གེར་གསལ་བར་བྲིས་སྣང་བའི་ཕྱིར་ 4-1-17a རོ། །གཉིས་པ་བརྒྱུད་པའི་དགོས་པ་ནི། གདུལ་བྱས་ཡུམ་དེ་ལ་རབ་ཏུ་དང་བ་ཐོབ་པས་ཀྱང་ཡུམ་དེའི་ཡོན་ཏན་མངོན་པར་འདོད་པའི་གང་ཟག་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་ཡུམ་དེ་དང་ཡུམ་དེ་ལ་བརྟེན་པའི་གསུང་རབ་རྣམས་ལ་ རྣམ་པ་ཐམས་ཅད་དུ་ཐོས་པའི་སྒོ་ནས་ཚིག་དོན་གཟུང་བ་དང་ལ་སོགས་པས་ཡུམ་འདིའི་དོན་དུ་གྱུར་པའི་ཡོན་ཏན་གང་ཡིན་པ་ལ་ཤིན་ཏུ་གུས་པར་བྱེད་པར་འགྱུར་རོ། །གུས་པར་བྱེད་པ་དེ་ནས་ནི་ཐོས་པ་ལས་བྱུང་བ་ལ་སོགས་པས་བསམ་པ་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའི་མངོན་པར་རྟོགས་པའི་ཤེས་པ་སྐྱེ་བའི་རིམ་གྱིས་ངེས་པར་ལེགས་པའི་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་བའི་ཚུལ་འདི་ནི་བརྒྱུད་པའི་དགོས་པ་ཡིན་ནོ། །གསུམ་པ་ནི། ལེགས་པའི་མཆོག་ཐོབ་པ་དེའི་ཕྱིར་ བཅོམ་ལྡན་འདས་མ་ལ་རབ་ཏུ་དང་བ་ནི་ངེས་པར་ལེགས་པ་བྱང་ཆུབ་ཐམས་ཅད་ཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་རྒྱལ་བའི་ཡུམ་ལ་དང་བ་བསྐྱེད་པ་ནི་ཡོངས་སུ་བསྔགས་པར་མཛད་པ་ཡིན་ནོ། །གསུམ་པ་མཁྱེན་གསུམ་ལ་བསྟོད་པའི་རྒྱུ་མཚན་ནི། གཞན་ལ་ དོགས་པ་འདི་ལྟ་བུ་ཞིག་ཤར་བར་གྱུར་ཏེ། རྒྱལ་བའི་ཡུམ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་ཡོད་པ་ལྟར་མཆོད་པར་བརྗོད་ཅིང་བསྟོད་པར་མཛད་པར་མཛད་པ་ལ། ཡུམ་དངོས་པོ་བརྒྱད་ཀྱི་རང་བཞིན་དུ་བཤད་ན། དངོས་པོ་བརྒྱད་ཀྱི་སྒོ་ནས་མ་བསྟོད་པར་མཁྱེན་ གསུམ་ཁོ་ནའི་སྒོ་ནས་བསྟོད་པ་ཇི་ལྟར་ཡིན་སྙམ་པ་ལ། སློབ་དཔོན་གྱིས་དེའི་དགོངས་པ་བཤད་པ་ནི། གདུལ་བྱ་ཡུམ་དེ་ལ་དང་བ་སྐྱེ་བར་བྱ་བའི་ཆེད་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་ཕྱག་མཛད་ཅིང་། དེ་གསུམ་གྱིས་ནི་དོན་མངོན་པར་རྟོགས་པ་བརྒྱད་ 4-1-17b བསྡུས་ལ། དངོས་པོ་བརྒྱད་པོ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ན་མཁྱེན་གསུམ་གང་རུང་གིས་བསྡུས་པ་ཡིན་དགོས་པ་དང་། མཁྱེན་གསུམ་དེས་ཀྱང་འོག་ནས་འཆད་པར་འགྱུར་བའི་ཚུལ་གྱིས་རང་ སྲས་འཕགས་པ་བཞིའི་བཞེད་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བསྒྲུབ་པ་ཡིན་ནོ་ཞེས་དེ་ལྟར་རྗེ་བཙུན་གྱིས་ཐུགས་ལ་བཞག་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒོ་ནས་བསྟོད་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལ་བསྟོད་པ་བྱས་པ་ ཉིད་ཡིན་ནོ། །བཞི་པ་རྩ་བའི་ཚིག་དོན་བཤད་པ་ལ་གཉིས། མཁྱེན་གསུམ་གྱིས་སྲས་བཞིའི་བཞེད་དོན་སོ་སོར་བསྒྲུབ་ཚུལ་དང་། དོན་བསྡུས་ཏེ་ཕྱག་འཚལ་བའོ། །དང་པོ་ལ་གསུམ། གཞི་ཤེས་ཀྱིས་ཉན་རང་གི་དང་། ལམ་ཤེས་ཀྱིས་བྱང་སེམས་ཀྱི་ དང་། རྣམ་མཁྱེན་གྱིས་སངས་རྒྱས་ཀྱི་བཞེད་དོན་སྒྲུབ་ཚུལ་ལོ། །དང་པོ་ནི། ཉན་ཐོས་པ་དང་ཉན་ཐོས་པ་དེའི་ཕྱོགས་སུ་བསླན་པ་རང་སངས་རྒྱས་ཏེ་ཉན་ཐོས་ལས་མངོན་རྟོགས་ཀྱི་རྣམ་པར་ཐར་པའི་སྟོང་ཉིད་ཀྱི་ཚུལ་ལ་ཅུང་ཟད་ཙམ་ཞིག་གིས་ལྷག་པར་གྱུར་པས་ ཉན་ཐོས་ལས་ཟུར་དུ་རིམ་པ་གཅིག་གིས་ཕྱེ་བར་བསྟན་པ་རང་སངས་རྒྱས་ཀྱང་སྟེ། དམན་པའི་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་དེ་གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱི་བྱེད་པས་དམན་པའི་རིགས་ཅན་རྣམས་ཕུང་པོ་ དང་བཅས་པ་དང་། ཕུང་པོ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་མཛད་པའི་ཡུམ་གང་ཡིན་པ་དང་སྟེ། དེ་ཉིད་ལ་ཕྱག་མཛད་པ་ཡིན་ནོ། ། ལ་ལ་དག་གཞི་ཤེས་ནི་བྱང་སེམས་དང་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་དངོས་ཡུམ་མ་ 4-1-18a ཡིན་པའི་ཕྱིར་ན་རྗེ་བཙུན་གྱིས་བསྟོད་པ་མཛད་པའི་ཡུལ་ཡིན་ཀྱང་ཕྱག་མཛད་པའི་ཡུལ་མ་ཡིན་ཅེས་ཟེར་བ་ནི་འཐད་པ་མ་ཡིན་ཏེ། ཡུམ་གསུམ་པོའི་རང་བཞིན་དུ་གནས་པའི་ཤེར་ཕྱིན་དེ་ནི་ངོ་བོ་མི་འདྲ་བ་གསུམ་དུ་གནས་པ་མ་ཡིན་པ་དང་། དེའི་ བཞེད་དོན་བསྒྲུབ་པ་ན་ཇི་སྲིད་གདུལ་བྱ་རིགས་ཅན་དེ་དག་དང་རྗེས་སུ་མཐུན་པར་ཕྲིན་ལས་ཀྱི་འཇུག་པས་བསྒྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སུ་བཤད་ལ། དེའི་བྱ་བ་བསྒྲུབ་པའི་ཚུལ་ནི་ཐེག་པ་གསུམ་གྱི་ཚུལ་གསུངས་པ་ཅན་དུ་ངེས་ལ། དེ་ལྟ་བུའི་བཅོམ་ལྡན་འདས་མའི་ ཡེ་ཤེས་ལ་རྗེ་བཙུན་གྱིས་ཕྱག་མི་མཛད་པ་རིགས་པ་མ་ཡིན་ནོ། །འདི་ལ་རྒྱུས་མེད་འགའ་ཞིག་གིས། རང་སྲས་བཅོམ་ལྡན་འདས་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཡོད་ཀྱང་བཅོམ་ལྡན་འདས་མ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཅི་སྟེ་ཡོད་ཟེར་བ་ནི་ངོ་མཚར་བའི་གཏམ་ཡིན་ནོ། ། གཉིས་པ་ནི། བྱང་ཆུབ་སེམས་དཔའ་གཞོན་ནུའི་ས་ལ་གནས་པ། འཁོར་བ་ཇི་སྲིད་པ་ཡོད་པ་དེ་སྲིད་བར་འགྲོ་བའི་དོན་བྱེད་པར་བཞུགས་པ་རྣམས་ཀྱི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་དེ་ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱི་རང་བཞིན་ཅན་གྱིས་རང་ སྲས་བྱང་སེམས་བསྐྲུན་པས་བསྐྲུན་པར་གྱུར་པའི་བྱང་སེམས་ཀྱིས་འགྲོ་བ་མཐའ་དག་གི་དོན་བསྒྲུབ་པར་མཛད་པ་གང་ཡིན་པ་དང་སྟེ་དེ་ཉིད་ལ་ཕྱག་མཛད་པ་ཡིན་ནོ། ། ཁོ་བོས་ནི་སྐབས་འདིར་འདི་ལྟ་བུ་ཞིག་གོ་སྟེ། སློབ་དཔོན་གྱིས་མཁྱེན་གསུམ་ལ་བསྟོད་པའི་ ཚིག་དོན་འགྲེལ་པ་ན། ཚིག་རྐང་སྔ་མ་གཉིས་ཀྱི་མཐར་རྣམ་པ་གཉིས་ཐོབ་པར་མཛད་པ་གང་ཡིན་པ་དང་། དོན་བསྒྲུབ་པར་མཛད་པ་གང་ཡིན་པ་དང་། ཚིག་རྐང་འོག་མར་རྣམ་པ་ཐམས་ཅད་བསྐོར་བར་མཛད་པ་ཞེས་པ་རྣམས་ཀྱིས་ཡུམ་མཁྱེན་གསུམ་དང་། 4-1-18b སྲས་འཕགས་པ་བཞི་མ་ཕྱེ་བར་རྗེ་བཙུན་གྱིས་ཕྱག་མཛད་པ་ཡིན་པར་འགྲེལ་ལོ། །གསུམ་པ་ནི། རྒྱུ་འབྲས་ངོ་བོའི་རྣམ་པ་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་རྟོགས་པ་གང་དང་ལྡན་པའི་ཡུམ་ནི། རྫོགས་པའི་སངས་རྒྱས་ཟག་པ་གསུམ་ དང་བྲལ་བས་ཡང་དག་པར་བསྡམས་པའི་སྐུ་ཅན་དེ་བསྐྱེད་པ་ལ་ལྡན་ནོ། །དེ་ལྟར་ལྡན་པའི་རྫོགས་པའི་སངས་རྒྱས་དེ་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཙོ་བོའམ་མགོན་པོ་ཡིན་པས། མགོན་པོ་སངས་རྒྱས་རྣམས་ཀྱིས་གདུལ་བྱ་ ཉོན་མོངས་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་འཁོར་ལོ་དེ་བཞིན་གཤེགས་པའི་གསུང་ལྷག་ཆད་དང་བྲལ་བ་དོན་མ་ལུས་པ་འཆང་བའི་བདག་ཉིད་རྣམ་པ་ཐམས་ཅད་པར་བསྐོར་བར་མཛད་པ་དེ་ཉིད་ཕྱག་གི་གནས་ཡིན་ནོ། ། དེ་ལྟར་ན་རྒྱལ་བའི་ཡུམ་རྣམ་མཁྱེན་དེས་ སངས་རྒྱས་འཕགས་པའི་བཞེད་དོན་བསྒྲུབ་པ་ལ། སངས་རྒྱས་འཕགས་པའི་བཞེད་པ་དེ་གང་ཞེ་ན། སངས་རྒྱས་འཕགས་པའི་བཞེད་པ་ནི་མ་རིག་པའི་གཉིད་ཐམས་ཅད་ལས་སངས་ཏེ་ཤེས་བྱ་ལ་བློ་གྲོས་ཆགས་ཐོགས་མི་མངའ་བས་གདུལ་བྱའི་དབང་པོ་དང་ འཚམས་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དེའི་བཞེད་པ་ཡིན་ནོ། ། དེ་ལ་ཆོས་ཀྱི་འཁོར་ལོའི་མཚན་ཉིད། མཚོན་བྱའི་སྒྲ་བཤད། མཚན་གཞིའི་དབྱེ་བ་རྣམས་རིམ་བཞིན་བསྟན་པ་ལས། དང་པོ་ནི། སྟོན་པས་བསྟན་པའི་དམ་ཆོས་གང་ཞིག །གདུལ་བྱའི་རྒྱུད་ ཀྱི་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སྒྲིབ་པར་བྱེད་པ་གང་ཡིན་པ་དེ་སེལ་བར་བྱེད་པའོ། །མཚོན་བྱའི་སྒྲ་བཤད་དངོས་ནི། མཛོད་ལས། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་ 4-1-19a འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་པས། ཚིག་རྐང་དང་པོ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་སྤྱིའི་མཚོན་བྱ་དེ་དམ་པའི་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ཚུལ་གྱི་འབྲས་བུས་ཐོབ་པ་དེ་ཉིད་ཚངས་པའི་ཚུལ་ཡིན་ཏེ། ཉོན་མོངས་པ་སྤོང་བར་བྱེད་ པའི་ཕྱིར་རོ། །ཚངས་པའི་འཁོར་ལོའང་ཡིན་ཏེ། ཡོན་ཏན་ཚངས་པ་སངས་རྒྱས་ཀྱིས་བསྐོར་བའི་ཕྱིར་རོ། །ཚིག་རྐང་ཐ་མ་གཉིས་ཀྱིས་མཐོང་ལམ་གྱི་བྱེ་བྲག་ཆོས་འཁོར་དུ་བཤད་པ་ཡིན་ཏེ། མཐོང་བའི་ལམ་ཆོས་ཅན། ཆོས་ཀྱི་འཁོར་ལོ་ཡིན་ཏེ། མྱུར་བར་ འགྲོ་བ་དང་སོགས་པས་ཡུལ་གཞན་དོར་ནས་འཇུག་པ་དང་། མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་རྣལ་དུ་འགོད་པ་དང་། འཕར་བ་དང་འབབས་པ་སོགས་འཁོར་ལོ་དང་ཆོས་མཚུངས་པའི་དམ་ཆོས་ཡིན་པའི་ཕྱིར་དང་། འཕགས་ལམ་ཡན་ལག་བརྒྱད་ འཁོར་ལོ་དང་ཆོས་མཚུངས་ཏེ། ལྟ་བ། རྟོག་པ། རྩོལ་བ། དྲན་པ་བཞི་ཤེས་རབ་ཀྱིས་བསྡུས་པས་རྩིབས་ལྟ་བུ་དང་། སོགས་ཁོང་ནས་ངག །ལས། འཚོ་བ་གསུམ་ཚུལ་ཁྲིམས་ཀྱིས་བསྡུས་པས་ལྟེ་བ་ལྟ་བུ་དང་། ཏིང་ངེ་འཛིན་མུ་ཁྱུད་ལྟ་བུའི་ཞེས་ཆོས་ ཀྱི་འཁོར་ལོ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པར་བསྟན་ཏོ། །གསུམ་པ་མཚན་གཞི་ལ་ལུང་གི་ཆོས་འཁོར་དང་། རྟོགས་པའི་ཆོས་འཁོར་རོ། །དང་པོའི་མཚན་ཉིད་ནི། མྱ་ངན་ལས་འདས་པའི་རྒྱུ་འབྲས་ངོ་བོ་ཉིད་གསུམ་པོ་གང་རུང་བརྗོད་བྱའི་གཙོ་བོར་གྱུར་ པའི་ངག་གམ། ངག་དེའི་རྟེན་དུ་འགྱུར་པའི་མིང་ཚིག་ཡི་གེའི་ཚོགས་པར་སྣང་བའི་རྣམ་རིག་གོ། ལུང་གི་ཆོས་འཁོར་ཡིན་ན་བརྡ་འབྲེལ་དྲན་པའི་སྒོ་ནས་དོན་རྟོགས་དགོས་པ་ཡིན་ནོ། །འགའ་ཞིག་གིས་སངས་རྒྱས་ཀྱི་སར་ལུང་གི་ཆོས་འཁོར་ཡོད་པ་ཡིན་ཏེ། 4-1-19b ཐེག་ཆེན་རྒྱུད་བླར། ཆོས་སྐུའི་ངོ་བོར་གྱུར་པའི་ཟབ་རྒྱས་ཀྱི་ལུང་ཡོད་པར་བཤད་པའི་ཕྱིར་ཟེར་རོ། །དེ་ནི་ཅི་ཞིག་ལས་འཁྲུལ་བ་ཡིན་ཏེ། རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ ཚོགས་ཚུལ་ནི་སྟོན་པའོ། །ཞེས་བྱ་བ་ཆོས་སྐུ་དང་པོ་དྲི་མ་མེད་པར་བསྟན་པས་ལུང་གི་ངོ་བོར་གྱུར་པའི་ཆོས་འཁོར་སྐབས་དེར་ཡོད་མི་དགོས་པ་དང་། ཆོས་སྐུ་དེའི་རྒྱུ་མཐུན་པའི་ཟབ་པ་སྣ་ཚོགས་པའི་ཚུལ་ཅན་དེ་ཆོས་སྐུ་དངོས་མ་ཡིན་པས་སྣ་ཚོགས་ཚུལ་སྟོན་གྱི་ངོ་བོར་ གྱུར་པའི་ལུང་གི་ཆོས་འཁོར་དེ། སྣ་ཚོགས་ཚུལ་བྲལ་གྱི་ཆོས་སྐུའི་ངོ་བོར་གྱུར་པའི་ལུང་གི་ཆོས་སྐུ་ཡོད་པར་བསྒྲུབ་མི་ནུས་པའི་ཕྱིར་རོ། །འགའ་ཞིག་གིས་ལུང་སྒྲའི་བདག་ཉིད་ཀྱི་བརྗོད་དོན་དུ་ཁས་མི་ལེན་པ་དང་། ལུང་གི་ཆོས་འཁོར་ཡིན་ན། མདོ་སྡེ་རྒྱན་ལས། ཇི་ ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་ཞེས་གསུངས་པའི་སྐབས་ནས་བསྟན་པས་ཁྱབ་ཅེས་པ་ནི་འགལ་བར་ཡང་སྨྲས་པ་ཡིན་ནོ། ། ཡང་འགའ་ཞིག་སངས་རྒྱས་ཀྱི་སའི་ལུང་གི་ཆོས་འཁོར་དེ་ཡིན་ན་གཉིས་མེད་དོན་དམ་གྱི་བདེན་པ་ཡིན་པས་ཁྱབ་ཅེས་པའང་ལུང་ རྟོགས་ཀྱི་ཆོས་འཁོར་གྱི་ཤན་འདྲེས་པའི་སྐྱོན་ཡིན་ནོ། །རྟོགས་པའི་ཆོས་འཁོར་གྱི་མཚན་ཉིད་ནི། གང་ལས་ཐོས་པ་ལ་སོགས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གོམས་པའི་མཐུས་བསྐྱེད་པར་གྱུར་པའི་རྣམ་བྱང་གི་བདེན་པའོ། །དེ་ལ་དབྱེ་ན་འགོག་ལམ་གྱིས་བསྡུས་ པ་སྟེ་གཉིས་སུའང་འབྱེད་དོ། །དེ་ལྟར་ལུང་རྟོགས་གཉིས་ལས་ལུང་གི་ཆོས་འཁོར་ལ། རིམ་གསུམ་གྱི་རྣམ་གཞག་མདོར་བསྟན། དྲང་ངེས་ཀྱི་ཁྱད་པར་ཟུར་དུ་བཀོལ་ཏེ་བཤད་པའོ། །དང་པོ་ནི། ཆོས་ཀྱི་འཁོར་ལོ་རིམ་གསུམ་དུ་བསྐོར་བར་མཛད་པ་ནི་ཐེག་པ་ 4-1-20a ཆེན་པོ་པ་དག་གི་ལུགས་ལས་འབྱུང་ལ། དེ་ལའང་རྣམ་གཞག་མི་འདྲ་བ་མདོ་སྡེ་དགོངས་འགྲེལ་ལས་འབྱུང་བ་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་འབྱུང་བའི་ལུགས་གཉིས་ལས། རྣམ་གཞག་དང་པོར་ནི་བདེན་ པ་བཞིའི་འཁོར་ལོ་དང་། མཚན་ཉིད་མེད་པའི་འཁོར་ལོ་དང་། ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་ཞེས་གསུངས་སོ། །རྣམ་གཞག་གཉིས་པར་བདེན་པ་བཞིའི་ཚུལ་དང་། སྟོང་པ་ཉིད་ཀྱི་ཚུལ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཞེས་གསུངས་ སོ། །རྗེ་བཙུན་བྱམས་པས་ནི་རྒྱུད་བླ་མར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པའི་དང་། རབ་ཏུ་སྨིན་པའི་དང་། ལུང་སྟོན་པའི་འཁོར་ལོ་ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ནི། དང་པོར་བདག་སྟོན་པའི་འཁོར་ལོ། བར་དུ་བདག་མེད་ སྟོན་པའི་འཁོར་ལོ། ཐ་མར་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་གསུངས་ལ། སློབ་དཔོན་ཨརྻ་དེ་བས་དེའི་དགོངས་པ་འགྲེལ་པ་ན། བསོད་ནམས་མ་ཡིན་པ་དང་པོར་ཟློག་པའི་དང་། བར་དུ་བདག་ཟློག་པའི་དང་། ཐ་མར་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་ གསུངས་སོ། །དེ་ལྟར་རྣམ་གཞག་དེ་རྣམས་ལས་དགོངས་འགྲེལ་ལས་བཤད་པ་དེ་དང་། རྒྱུད་བླ་ལས་འབྱུང་བ་གཉིས་ཚུལ་དང་པོ་གཉིས་མཐུན་ཀྱང་ཐ་མ་གཉིས་མི་མཐུན་ཏེ། དགོངས་འགྲེལ་ལས་འབྱུང་བའི་ལེགས་པར་རྣམ་པར་ཕྱེ་བ་ནི་འཁོར་ལོ་དང་ པོ་དང་བར་པ་སོགས་ཀྱི་དྲང་ངེས་རྣམ་འབྱེད་ཀྱི་འཁོར་ལོར་གསུངས་ལ། རྒྱུད་བླ་མའི་ལུང་སྟོན་པའི་འཁོར་ལོ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་སྟོན་པའི་ཆོས་ཀྱི་འཁོར་ལོ་སྟེ། གཟུངས་དབང་གི་མདོ་ལས་བྱུང་བའི་རྣམ་པར་གཞག་ 4-1-20b པ་དེའི་འགྲེལ་བྱེད་དུ་རྗེ་བཙུན་གྱིས་ཐ་སྙད་དེ་ལྟར་མཛད་པར་མངོན་ནོ། །རྒྱལ་བའི་དབང་པོའི་ཞལ་སྔ་ནས། གཟུངས་དབང་ནས་བཤད་པའི་གཏམ་གསུམ་དང་། དགོངས་འགྲེལ་ལས་བཤད་པའི་འཁོར་ལོ་གསུམ་གྱི་རྣམ་གཞག་གདུལ་བྱའི་དབང་དང་། ཆོས་ ཀྱི་འཁོར་ལོ་བསྐོར་བའི་ཁྱད་པར་གྱི་ཚུལ་ཐ་དད་པ་ཁོ་ན་ཡིན་པར་གསུངས་སོ། །འཕགས་པ་ཡབ་སྲས་ཀྱིས་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བླང་དོར་ཕྱིན་ཅི་མ་ལོག་པར་འཇུག་ནས་དོན་དམ་བདེན་པ་ལ་ཤེས་རབ་སྐྱེ་བའི་སྐལ་བ་ཅན་དུ་བསྒྲུབ་པའི་ཕྱིར་བསོད་ནམས་ མིན་པ་དང་པོར་བཟློག་པའི་འཁོར་ལོ་དང་། བར་དུ་སྤྲོས་པའི་ཕྱོགས་གཅིག་བཀག་ནས་རྣམ་གྲངས་པའི་དོན་དམ་པ་སྟོན་པའི་འཁོར་ལོ་དང་། ཐ་མར་སྤྲོས་པའི་ལྟ་བ་ཐམས་ཅད་བཀག་པའི་འཁོར་ལོ་དེ་གསུམ་དུ་བསྟན་ཏོ། །མདོར་ན་ཐེག་ཆེན་གྱི་གདུལ་བྱར་ གྱུར་པའི་གདུལ་བྱ་དེའི་ཁམས་དང་དབང་པོ་དང་བག་ལ་ཉལ་གྱི་རིམ་པ་སྦྱོང་བར་བྱེད་པའི་ཆོས་ཀྱི་འཁོར་ལོའི་ཚུལ་གྱི་རིམ་པ་ནི་དེ་ཙམ་ཞིག་ཏུ་གནས་པར་གཟུང་བར་བྱའོ། ། སྐབས་འདིར་ལ་ལ་དག་རྗེ་བཙུན་བྱམས་པའི་ཞབས་ཀྱིས་གསུངས་པའི་ལུང་བསྟན་ པའི་འཁོར་ལོ་དང་། ཀླུ་སྒྲུབ་ཞབས་ཀྱིས་གསུངས་པའི་ལྟ་བ་ཀུན་ཟློག་གི་འཁོར་ལོ་གཉིས་གནད་གཅིག་ཏུ་འབབ་བམ་ཞེ་ན། དེ་ལ་ནི་དཔལ་རང་བྱུང་གི་ཞལ་སྔ་ནས། དེ་གཉིས་སྤྱི་ལྡོག་ནས་གནད་གཅིག་ཏུ་འབབ་པ་ཡིན་ཀྱང་། ཁྱད་པར་བྱེ་བྲག་འགའ་ ཞིག་མ་ཚང་བ་དང་། ཚང་བའི་སྒོ་ནས་གནད་གཅིག་ཏུ་འབབ་པ་མིན་པར་ཡང་གསུངས་ཏེ། སྤྱི་ཙམ་ནས་གནད་གཅིག་ཏུ་འབབ་པའི་ཚུལ་ནི། འཁོར་ལོ་ཐ་མ་དེ་ཡིན་ན་སྤྲོས་བྲལ་སྟོན་པའི་འཁོར་ལོ་ཡིན་པས་ཁྱབ་པའི་དོན་གྱིས་སོ། །ཁྱད་པར་གྱི་བྱེ་བྲག་མ་ 4-1-21a ཚང་བ་དང་ཚང་བའི་སྒོ་ནས་གནད་གཅིག་ཏུ་མི་འབབ་པར་གསུངས་པའི་དོན་ནི། ལྟ་བ་ཀུན་ཟློག་གི་འཁོར་ལོར་སྤྲོས་བྲལ་ཙམ་ལས་མ་གསུངས་ཤིང་། ལུང་བསྟན་པའི་འཁོར་ལོ་ནི་སྤྲོས་བྲལ་གྱི་ཡེ་ཤེས་དེ་སོ་སོ་རང་རིག་གི་ཡེ་ཤེས་ཀྱིས་ མྱང་བྱའི་ཁྱད་པར་དུ་བཤད་པས་དེ་ཙམ་ཞིག་གིས་ནི་གནད་གཅིག་པ་མ་ཡིན་ནོ། །འོ་ན་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱིས་སྤྲོས་བྲལ་གྱི་ཡེ་ཤེས་མི་བཞེད་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། བསྟོད་ཚོགས་དང་། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ནས་སྤྲོས་བྲལ་གྱི་ཡེ་ ཤེས་དེ་ཉིད་རྒྱ་ཆེར་བསྟན་པ་ཡིན་ནོ། ། གཉིས་པ་ནི། དྲང་ངེས་ཀྱི་ཁྱད་པར་ཟུར་དུ་བཀོལ་བ་ལ། མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ནི། ཐེག་པ་གསུམ་ཀའི་གདུལ་བྱའི་རིགས་ལ་ངེས་པར་ལེགས་པའི་ལམ་རྒྱུད་ལ་སྐྱེ་རུང་གི་ཐབས་སུ་གྱུར་པའི་ཀུན་རྫོབ་བདེན་པ་ གཙོ་བོར་སྟོན་པའི་མདོ་དེ་དྲང་དོན་གྱི་མདོའི་མཚན་ཉིད་དོ། །དེ་ལྟ་བུའི་མཚན་གཞི་ནི། དགེ་བ་སྤྱད་ལས་མཐོ་རིས་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན་ལ། འདི་ལའང་དྲང་དོན་གྱི་དྲང་དོན་དང་། དྲང་དོན་གྱི་ངེས་དོན་གྱི་མདོ་ཞེས་གཉིས་སུའང་འབྱེད་དོ། ། ངེས་དོན་གྱི་མདོའི་མཚན་ཉིད་ནི། ཟབ་མོ་ལ་མི་སྐྲག་པའི་གདུལ་བྱ་འགའ་ཞིག་གི་ངོར་ངེས་པར་ལེགས་པའི་ལམ་བསྒོམས་པ་ལས་གང་འགོག་པ་འཐོབ་པའི་དོན་དམ་པའི་བདེན་པ་གཙོ་བོར་སྟོན་པའི་མདོ་དེ་ངེས་དོན་གྱི་མདོའི་མཚན་ཉིད་དོ། །ངེས་དོན་གྱི་མདོ་འདི་ ལ་ཀླུ་སྒྲུབ་ཡབ་སྲས་ཀྱི་དབྱེ་ཚུལ་དང་། ཐོགས་མེད་སྐུ་མཆེད་ཀྱི་དབྱེ་ཚུལ་གཉིས་ལས། དང་པོའི་ལུགས་ལ་དབྱེ་ན་གནས་སྐབས་པའི་ངེས་དོན་སྟོན་པའི་མདོ་སྤྲོས་པ་ཕྱོགས་རེ་བཀག་པའི་དེ་ཁོ་ན་ཉིད་སྟོན་པ་བདག་བཟློག་གི་འཁོར་ལོ་ལྟ་བུའོ། །མཐར་ཐུག་གི་ 4-1-21b ངེས་དོན་སྟོན་པའི་མདོ་སྤྲོས་པ་མཐའ་དག་བཀག་པའི་དེ་བཞིན་ཉིད་སྟོན་པ་ལྟ་བ་ཀུན་བཟློག་གི་འཁོར་ལོ་ལྟ་བུའོ། །ལུགས་གཉིས་པ་ལྟར་ན། ངེས་དོན་གྱི་མདོ་གཞིར་བྱས་ལ་ངེས་དོན་གྱི་དྲང་དོན་དེ་སྒྲ་ཇི་བཞིན་པ་མ་ཡིན་པ་དང་། ངེས་དོན་གྱི་ངེས་དོན་དེ་སྒྲ་ ཇི་བཞིན་པ་ཡིན་པའོ། །དཔེར་ན་ཤེར་མདོའི་སྟོང་ཉིད་སྟོན་པའི་མདོ་དང་། དགོངས་འགྲེལ་གྱི་ངེས་དོན་སྟོན་པའི་མདོ་ལྟ་བུ་ལ་མཚོན་ནོ། །དེས་ན་དྲང་ངེས་ཀྱི་དབྱེ་བ་ཤིང་རྟའི་སྲོལ་ཆེན་གཉིས་ཀྱིས་སོ་སོར་ཕྱེ་བའི་ཚུལ་བཤད་མ་ཐག་པ་དེ་ལྟར་ཡིན་ལ། དགོངས་ འགྲེལ་དང་། རྒྱུད་བླ་དང་། འཕགས་པ་ཡབ་སྲས་ཀྱིས་མཛད་པའི་ཆོས་འཁོར་གྱི་དྲང་ངེས་དེ་རྣམས་ལས། དང་པོའི་དྲང་ངེས་ལ་དབུ་སེམས་ཀྱི་ལུགས་གཉིས་ཀར་འཁོར་ལོ་གསུམ་པོའི་རང་ལྡོག་ནས་སྔ་མ་དྲང་དོན་དང་། ཕྱི་མ་གཉིས་ངེས་དོན་གྱི་མདོར་ འཆད་པ་ལ་ཁྱད་པར་མེད་དོ། །འོན་ཀྱང་རྣམ་བརྫུན་པས་ནི་འཁོར་ལོ་བར་པ་སྒྲ་ཇི་བཞིན་པའི་ངེས་དོན་དུ་ཁས་མི་ལེན་ལ། ངོ་བོ་ཉིད་མེད་སྨྲ་ལྟར་ན་སྒྲ་ཇི་བཞིན་པའི་ངེས་དོན་དུ་ཁས་ལེན་ནོ། ། གཉིས་པ་རྒྱུད་བླ་ལས་བྱུང་བའི་ཆོས་འཁོར་གྱི་དྲང་ངེས་ནི། ཞི་བའི་ལམ་ལ་འཇུག་པའི་འཁོར་ལོ་དེ་དྲང་བའི་དོན་དང་། རབ་ཏུ་སྨིན་པའི་འཁོར་ལོ་དེ་ངེས་དོན་གཙོ་ཆེ་ཞིང་དྲང་དོན་གྱི་ཆ་འདྲེས་པའི་འཁོར་ལོ་དང་། ལུང་སྟོན་པའི་འཁོར་ལོ་དེ་ངེས་དོན་ཁོ་ནའི་འཁོར་ལོ་ཡིན་ཅེས་ཁ་ཆེ་རིན་ཆེན་རྡོ་རྗེས་གསུངས་སོ། ། གསུམ་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཀྱི་འཁོར་ལོ་གསུམ་གྱི་དྲང་ངེས་ལ་དང་པོ་དེ་དྲང་དོན་གྱིའང་དྲང་དོན་དང་། གཉིས་པ་ནི་རློམ་ཚོད་ངེས་དོན་དང་། སོང་ཚོད་དྲང་དོན་དུ་གནས་པ་ཡིན་ཏེ། བདག་མེད་པའི་དོན་གྱིས་བདག་བཟློག་པ་ནི་ངེས་དོན་དུ་གནས་ 4-1-22a ཀྱང་། བདག་ཟློག་བྱེད་ཀྱི་ཐ་སྙད་ནི་ཤེས་བརྗོད་ཀྱི་ཡུལ་ཅན་གྱི་བདག་ཉིད་དུ་གྱུར་པའི་མེད་པར་དགག་པ་ལས་མ་འདས་པའི་ཕྱིར་རོ། །ངེས་པའི་དོན་ནི་འཁོར་ལོ་གསུམ་པ་ཁོ་ན་ཡིན་ཏེ། སྨྲ་བསམ་བརྗོད་པར་གྱུར་པའི་ཡུལ་ཡུལ་ ཅན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འོ་ན་ཡང་སྤྲོས་བྲལ་གྱི་སྤྲོས་པ་འགོག་བྱེད་ཀྱི་འཁོར་ལོ་ཞིག་སྟོན་མི་དགོས་སམ་ཞེ་ན། དེ་ནི་སྟོན་མི་དགོས་ཤིང་དེ་བསྟན་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་སྤྲོས་པ་དང་བྲལ་བ་ལ་སྤྲོས་པར་ དོགས་པའི་གང་ཟག་མི་འབྱུང་བའི་ཕྱིར་དང་། སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང་། སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་གཟོད་མ་ནས་དོན་གྱི་གནས་ཚུལ་དུ་ཞུགས་པ་ཡིན་པས་དེ་འགེགས་ཀྱང་མི་ནུས་ པའི་ཕྱིར་རོ། །གཉིས་པ་བསྡུས་ཏེ་ཕྱག་འཚལ་བ་ནི། སྲས་ཀྱི་གཙོ་བོ་སངས་རྒྱས་དང་། སློབ་མ་ཉན་ཐོས་དང་ལ་སོགས་པས་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་བའི་ཚོགས་པ་རྣམ་པར་དག་པ་དེའི་བཞེད་དོན་སྒྲུབ་པར་བྱེད་པ་ཉིད་ཀྱི་ ཡུམ་གསུམ་པོ་དེ་ལ་རྗེ་བཙུན་གྱིས་ཕྱག་འཚལ་བར་མཛད་དོ། །ལྔ་པ་བརྒལ་ལན་གྱིས་གཏན་ལ་ཕབ་པ་ལ་གཉིས། བརྒལ་བ་དང་། ལན་ནོ། །དང་པོ་ལ། ཡུལ་གང་ལ་བརྒལ། གང་ཟག་གང་གིས་བརྒལ། ཚུལ་ཇི་ལྟར་དུ་བརྒལ་བ་དང་གསུམ་ ལས། དང་པོ་ནི། མཆོད་པར་བརྗོད་པ་ན་བསྟོད་ཕྱག་གི་ཤུགས་ལས་རྒྱན་རྩོམ་པར་དམ་བཅའ་མཛད་པའང་ཡིན་ཏེ། འཕགས་གྲོལ་གྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་ 4-1-22b འདི་ནི་དེའི་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་འདི་བཤད་སྦྱར་དུ་བྱའོ་སྙམ་པས་རྣམ་པར་བཀྲོལ་བར་བྱའོ་ཞེས་མངོན་པར་རྟོགས་པའི་རྒྱན་གྱི་བཤད་པ་འདི་སྦྱར་བར་དམ་བཅས་པ་ཡིན་ནོ་ཞེས་འབྱུང་བ་དང་། ཤེར་འབྱུང་བློ་གྲོས་ཀྱི་ཊཱི་ཀ་ལས་མཆོད་བརྗོད་ཀྱི་ ཁོངས་སུ་འཆད་པ་དེས་ན་མངོན་རྟོགས་རྒྱན་གྱི་མཆོད་བརྗོད་ལས་འཕྲོས་པ་ལ་བརྒལ་ལོ། །གཉིས་པ་ནི། རྒྱན་གྱི་མཆོད་བརྗོད་ཀྱིས་ཤེར་ཕྱིན་གྱི་བརྗོད་བྱ་ཐམས་ཅད་བསྡུས་པའི་སྒོ་ནས་ཕྱག་འཚལ་བར་མཛད་པ་མ་ཡིན་པར་བསམས་ནས་བརྒལ་ལོ། །གསུམ་ པ་ནི། གཞན་དག་བྱམས་མགོན་ཁྱོད་ཀྱིས་དེ་ལྟར་ཕྱག་འཚལ་བ་དང་། ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་སྔོན་དུ་འགྲོ་བའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱིས་རྒྱལ་བའི་ཡུམ་གང་དེའི་གཞི་དང་། གཉེན་པོ་དང་། རྣམ་པ་རྣམས་ལས་གང་ ཡང་རུང་བ་ཞིག་རྗེ་བཙུན་གྱིས་བསྡུས་ནས་སྟོན་པར་མཛད་ན། བློ་ཆུང་འགའ་ཞིག་གིས་གཞི་ཁོ་ན་བརྗོད་བྱར་སྟོན་པའི་ཕྱོགས་དང་པོ་ལྟར་ན་ནི། རྒྱན་རྩོམ་པའི་འབད་པ་དོན་མེད་དུ་ཐལ་བ་ཡིན་ཏེ། ཆོས་མངོན་པ་དང་། ཡུམ་གྱི་མདོ་དང་ཟློས་པར་འགྱུར་ བའི་ཕྱིར་རོ། །ཁྱབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་བྱེད་ཀྱི་རྒྱན་འདི་ལས་ནི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་སྟོན་པའི་མངོན་པའི་བསྟན་བཅོས་དག་ལས་མ་གསུངས་པའམ། མི་སྨོས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་གཞི་གང་ཡིན་པ་དེ་ལས་ གཞན་འབྱུང་བ་ནི་མེད་པའི་ཕྱིར་རོ་ཞེས་བྱ་བར་གྲུབ་ལ། ཡང་ན་ནི་བོད་ཀྱི་མཁས་པ་དག་འབྲུ་འདི་ལྟར་དུའང་བསྣོན་པར་མཛད་དེ། མཚན་ཉིད་ཀྱི་བསྟན་བཅོས་དག་ལས་མི་སྨོས་པའི་གཞི་གང་ཡིན་པ་དེ་འབྱུང་བ་ནི་མེད་དོ་ཞེས་དགག་པ་སྦྱར་ནས་སྦྱོར་ 4-1-23a བ་ནི་གོ་མ་བདེ་ལ། བསྒྲུབ་པའི་ཚིག་སྦྱར་ནས་སྟོན་ན་གོ་བདེ་བ་ཡིན་ནོ། །འདི་ལྟར་མཚན་ཉིད་ཀྱི་བསྟན་བཅོས་དག་ལས་སྨོས་པའི་གཞི་གང་ཡིན་པ་དེ་འབྱུང་བ་ནི་ཡོད་པས་ཟློས་པར་ཐལ་ལོ་ཞེས་བཀོད་པ་ཡང་བྱའོ། །ཞེས་འདོན་ཏོ། ། གཉིས་པ་གཉེན་པོའི་ཕྱོགས་ཁོ་ན་ཙམ་བརྗོད་བྱར་སྟོན་པ་ལྟར་ནའང་གཉེན་པོ་རྣམ་པར་བྱང་བའི་དངོས་པོ་ཙམ་ཞིག་བསྡུས་པའི་ཕྱིར་འཐད་དུ་ཆུག་ནའང་། སྤང་བྱ་ཀུན་ནས་ཉོན་མོངས་པའི་དངོས་པོ་མ་བསྡུས་པར་ཐལ་བས་གཉེན་པོ་རྣམ་བྱང་གི་ཕྱོགས་ཙམ་འདིས་ནི་ སྤང་བྱ་གང་གི་གཉེན་པོ་ཡིན་པ་སུ་གང་གིའང་ཁོང་དུ་ཆུད་པར་མི་འགྱུར་བས་འདི་བརྩམས་པ་ལ་དོན་མེད་དོ། ། གསུམ་པ་རྣམ་པ་ཙམ་ཁོ་ན་བརྗོད་བྱར་སྟོན་པ་ལྟར་ནའང་རྣམ་པའི་མཚན་གཞི་དང་བྲལ་ནས་རྣམ་པ་གཞི་མེད་པ་ཙམ་ཞིག་བསྡུས་པའི་ཕྱིར་འཐད་ དུ་ཆུག་ཀྱང་། རྣམ་པ་གཞི་དང་བཅས་པའི་དོན་རྟོགས་པ་མེད་པར་ཐལ་བས་ཐར་པ་དོན་གཉེར་ལ་མཁོ་བྱ་གཉེར་བ་ཅུང་ཟད་ཀྱང་མ་བཤད་པའི་ཕྱིར། བསྟན་བཅོས་འདི་བརྩམས་པ་དོན་མེད་པ་ཡིན་ནོ་སྙམ་དུ་གཞན་དག་སེམས་པར་འགྱུར་བ་མ་ཡིན་ནམ་ཞེ་ན་ཞེས་ ཕྱོགས་སྔ་སློང་བར་མཛད་དོ། ། འདིར་སློབ་དཔོན་གྱིས་ཕྱོགས་སྔ་སློང་བའི་དགོས་པ་ནི། སློབ་དཔོན་གཞན་ཕྱོགས་ཀྱིས་རྒྱན་གྱི་དགོངས་པ་འགྲེལ་བ་ན། རྒོལ་བས་བརྗོད་པའི་ཉེས་པ་འདི་གནས་པར་གཟིགས་ནས་དེ་སེལ་བའི་ཕྱིར་བརྒྱད་སྟོང་འགྲེལ་ཆེན་ལས། བརྒྱད་སྟོང་པ་འདིའི་བརྗོད་བྱ་གང་ཡིན་ཅེ་ན། ཐོགས་མེད་རྗེས་འབྲངས་རྣམས་གཞི་ཁོ་ན་བརྗོད་བྱར་འདོད། དཔལ་ལྡན་ཆོས་སྐྱོང་གི་རྗེས་འབྲངས་རྣམས་ལམ་ཁོ་ན་བརྗོད་བྱར་འདོད། ཀླུ་སྒྲུབ་ཀྱི་རྗེས་འབྲངས་རྣམས་རྣམ་པ་ཁོ་ན་བརྗོད་བྱར་འདོད་པ། ཕྱོགས་ 4-1-23b དང་པོ་ལྟར་ན་ཞེས་སོགས་ཀྱིས་བཀག་ནས་ཞེས་འགྲེལ་བར་མཛད་པ་འདིས་ལུགས་གསུམ་པོ་ལ་རྒོལ་བའི་ཉེས་པ་འདི་གནས་ལ། སློབ་དཔོན་རང་ཉིད་ཀྱི་ཊཱི་ཀ་འདིར་ནི་ཉེས་པ་འདི་མི་གནས་པར་བསྟན་པ་ཡིན་ནོ། །གཉིས་པ་ལན་ལ་བཞི། ལན་དངོས། ཤེས་བྱེད་ཀྱི་ཁུངས་དགོད་པ། སྡུད་བྱེད་གསུམ་པོ་ངོས་བཟུང་བ། དོན་བསྡུ་བའོ། །དང་པོ་ནི། ཁྱོད་ཀྱིས་བརྒལ་བའི་སྐྱོན་གཞི་གཉེན་རྣམ་པ་རེ་རེ་བ་ཁོ་ན་བསྟན་པས་ཟློས་པ་དང་། སྤང་བྱའི་ཕྱོགས་མ་བསྟན་པ་དང་། རྣམ་པ་གཞི་བཅས་མ་བསྟན་པའི་ སྐྱོན་ཡོད་པ་དེ་ནི་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་རྒྱན་འདིས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་མཆོད་བརྗོད་ཀྱི་གོ་རིམ་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་ གྱིས་སྲས་བཞིའི་མངོན་པར་རྟོགས་པ་མཐའ་དག་དང་བཅས་པ་བསྡུས་པས་ན། གཞི་གཉེན་རྣམ་པའི་ཕྱོགས་གསུམ་གར་གྱི་མཁྱེན་པ་དང་སྲས་རྣམས་ཀྱི་མངོན་རྟོགས་ཀྱང་བསྟན་བཅོས་འདིས་བཏུས་པའི་ཕྱིར་རོ། ། འོ་ན་ཡང་གཞན་དག་མདོ་དང་རྒྱན་གཉིས་ཀ་ནས་ མཁྱེན་པ་གསུམ་དང་སྲས་བཞིའི་མངོན་རྟོགས་དང་བཅས་པའི་གཞུང་དོན་གྱི་རྫས་ཐ་དད་པ་གསུམ་བསྟན་པར་ཐལ། ཐེག་གསུམ་གྱི་ལམ་དང་འབྲས་བུ་གསུམ་མི་འདྲ་བའི་ཚུལ་སོ་སོར་སྟོན་པའི་བཀའ་དང་བསྟན་བཅོས་ཀྱི་བརྗོད་དོན་མི་འདྲ་བ་གཉིས་བསྟན་པའི་ ཕྱིར་སྙམ་ན་མ་ཡིན་ཏེ། མདོའི་དོན་བསྟན་བཅོས་ཀྱིས་རྒྱས་པར་བཀྲལ་བ་ཡིན་པ་དང་། མདོ་དང་བསྟན་བཅོས་གཉིས་པོ་འདི་ཡང་ཐེག་པ་གསུམ་གའི་ལམ་དང་འབྲས་བུ་རྒྱ་ཆེར་སྟོན་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་འཇོག་པས། མདོ་དང་རྒྱན་ལ་གཞུང་གི་རྫས་ཐ་ 4-1-24a དད་པ་གསུམ་དུ་ཐལ་བའི་ཉེས་པའང་མེད་དོ། །གཉིས་པ་ཤེས་བྱེད་ཀྱི་ཁུངས་དགོད་པ་ལ་གསུམ། ཡུམ་བར་མ་དང་། བསྡུས་པ་དང་། རྒྱས་པའི་ཁུངས་དགོད་པའོ། །དང་པོ་ལ་གཉིས། བསྡུས་ཚུལ་མདོར་བསྟན། བསྡུས་པའི་རྒྱུ་མཚན་རྒྱས་པར་བཤད་པའོ། ། དང་པོ་ནི། རྒྱུ་མཚན་ཡུམ་མཁྱེན་པ་གསུམ་གྱིས་རང་སྲས་འཕགས་པ་བཞིའི་མངོན་རྟོགས་བསྡུས་པ་འདི་ལྟར་རྒྱལ་བའི་ཡུམ་བར་མ་ཉི་ཁྲི་ལས་བཀའ་སྩལ་པ་ནི། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཀྱིས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་རྟོགས་རྫོགས་ པར་བསྡུས་པ་ཡིན་ནོ། །ལམ་ཤེས་པ་ཉིད་ཀྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་རྟོགས་རྫོགས་པར་བསྡུས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་ རྟོགས་རྫོགས་པར་བསྡུས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། ། མཁྱེན་གསུམ་དེས་འཕགས་པ་བཞི་ཀའི་མངོན་རྟོགས་བསྡུས་ན་སྡུད་པར་བྱེད་པའི་མཁྱེན་པ་གསུམ་གཅིག་གམ་ཐ་དད་ཅེ་ན། བསྟན་པའི་ཐེག་པ་ཆེན་པོ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཁྱེན་པ་ གསུམ་གྱི་སྤྱིའི་རང་བཞིན་ཐ་དད་པ་ཡིན་ཅེས་གསུངས་ལ། བོད་སྔ་རབས་པ་གཞན་དག་ནི་མཁྱེན་པ་གསུམ་པོ་དེ་སྤྱིའི་རིགས་ངོ་བོ་གཅིག་པ་ཡིན་པ་དང་། བྱེ་བྲག་སངས་རྒྱས་སའི་མཁྱེན་གསུམ་ངོ་བོ་གཅིག་པའི་ཕྱིར་ཡང་མཁྱེན་གསུམ་སྤྱིའི་རིགས་ངོ་བོ་གཅིག་ པར་གྲུབ་བོ་ཟེར་རོ། །དེ་ལའང་འགའ་ཞིག་ནི་བྱེ་བྲག་རིགས་གཅིག་པས་སྤྱི་རིགས་གཅིག་པར་ཡང་མ་ངེས་པའོ་ཞེས་སྨྲའོ། ། ཁོ་བོས་ནི་འདི་ལྟར་གོ་སྟེ། མཁྱེན་པ་གསུམ་ལ་སྤྱིའི་རང་བཞིན་དུ་གྱུར་པའི་ཡུམ་ཐ་དད་པ་དང་། སྤྱིའི་རང་བཞིན་དུ་གྱུར་པའི་ངོ་བོ་ 4-1-24b གཅིག་པ་གང་ཡང་འཐད་པར་མ་མཐོང་སྟེ། ཡུམ་གོ་ཆོད་པོ་དེ་ཡིན་ན་དེ་བཞིན་གཤེགས་པ་སྐྱེད་བྱེད་ཀྱི་ཡུམ་དེ་ཁོ་ནའོ་ཞེས་ངེས་པར་བཟུང་ནས། དེ་ལྟ་བུའི་ཡུམ་དེས་གདུལ་བྱའི་རིགས་རང་སྲས་ཙམ་དུ་རུང་བའི་འཕགས་པ་འོག་མ་གསུམ་བསྐྱེད་པར་རུང་བ་ དང་། འཕགས་པ་འོག་མ་གསུམ་གྱི་རྟོགས་རིགས་དེས་ཀྱང་ཡུམ་གྱི་ཕྱོགས་འགའ་ཞིག་མངོན་པར་རྟོགས་རུང་བའི་དོན་ཏོ། །དེ་ལྟར་ཡིན་པའང་དབུ་མ་ལ་དགའ་བ་ཆོས་ཀྱི་བཤེས་གཉེན་གྱིས་ཡུམ་ལ་གསུམ་དུ་ཕྱེ་བ་ནི་རང་བཞིན་གསུམ་དུ་ཕྱེ་བ་མིན་ཏེ། དབྱེ་བར་ མི་ནུས་པའི་ཕྱིར། འོ་ན་ཅི་ཞེ་ན། གདུལ་བྱའི་བསམ་པའི་དབང་གིས་སྲས་ཐམས་ཅད་ཀྱི་ཡུམ་ཡིན་ནོ་ཞེས་བསྟན་གྱི། རྣམ་པར་ངེས་པའི་དབང་དུ་བྱས་པའི་ཚེ། སངས་རྒྱས་རྗེ་བཙུན་ཁོ་ནའི་ཡུམ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་གཡུང་པོ་ལྟ་བུ་ནི་བུད་ མེད་རིན་པོ་ཆེ་ལྟ་བུའི་ཡུམ་འདིས་ག་ལ་བསྐྱེད། དེའི་ཕྱིར་ན་ཡུམ་འདིའི་མཐུའི་ཆེ་བ་ནི་འགྲོ་བ་མ་ལུས་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ཁོ་ནར་བསྒྲུབ་པས་ན་རབ་ཏུ་མཚར་དུ་བྱའོ། །ཡུམ་གྱི་མཐུའི་ཁྱད་པར་དེ་ཉིད་སྟོན་པའི་གཞུང་དག་ཀྱང་ གཞུང་གཞན་པས་མཆོག་ཡིན་ནོ། །དྲན་པ་ཉེ་བར་བཞག་པ་ལས། འདོད་ཆགས་དང་བྲལ་བའི་འཇུག་པ་ཙམ་གཙོ་བོར་སྟོན་པས་གཞུང་ཕྱོགས་གཅིག་པ་ཡིན་ལ། སྡོང་པོ་བཀོད་པ་ལས་ཀྱང་། ཐེག་པ་ཆེན་པོའི་བྱ་བའི་ཚུལ་དང་འབྲས་བུ་མ་བསྟན་པས་ གཞུང་ཕྱོགས་གཅིག་པ་ཡིན་ནོ། །རྒྱལ་བའི་ཡུམ་འདིར་ནི་རིགས་ཐམས་ཅད་བསྟན་པས་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཡིན་ནོ། །དེས་ན་ཡུམ་འདི་དུ་མར་སྣང་བ་དང་གཅིག་ཉིད་དུ་བསྒྲུབ་པའི་མཐུ་དང་ལྡན་པར་བསྟན་པའི་ཕྱིར་ཚུལ་གསུམ་པ། ཞེས་སྨྲས་སོ་ཞེས་གསུངས་ 4-1-25a པའི་ཕྱིར་རོ། །དེས་ན་ཚུལ་གསུམ་པ་ཞེས་སྨྲས་པའི་དོན་གྱིས་འཕགས་པ་འོག་མ་གསུམ་དང་། རྒྱལ་བའི་ཡུམ་ཡུམ་སྲས་སུ་སྦྱར་མི་རུང་བ་ནི་མ་ཡིན་ཏེ། རིན་ཆེན་འབྱུང་གནས་ཞི་བས། ཆོས་མཆོག་མན་ཆད་ཀྱི་གཞི་ཤེས་དང་ལམ་ཤེས་ དེ་སྐྱེད་བྱེད་རྒྱུའི་ཡུམ་ཡིན་ལ། ཉན་རང་འཕགས་པ་དང་བྱང་སེམས་འཕགས་པ་ནི་བསྐྱེད་བྱ་འབྲས་བུའི་སྲས་ཡིན་ནོ། །རྒྱུན་མཐའ་མན་ཆད་ཀྱི་རྣམ་མཁྱེན་དེ་སྐྱེད་བྱེད་རྒྱུའི་ཡུམ་ཡིན་ལ། སངས་རྒྱས་འཕགས་པ་ནི་བསྐྱེད་བྱ་འབྲས་བུའི་སྲས་ཡིན་ནོ་ཞེས་འབྱུང་ བས། ཡུམ་མཁྱེན་པ་གསུམ་གྱི་མཁྱེན་པ་དེ་རང་སྲས་འཕགས་པ་བཞིའི་རྒྱུད་ལ་རིམ་བཞིན་མངོན་པར་བསྐྱེད་ནས་འཆར་བས་མངོན་པར་རྟོགས་ལ། དེ་ལྟར་རིམ་བཞིན་བསྐྱེད་ཅིང་འཆར་བའི་དབང་དུ་བྱས་ནས་ཡུམ་དང་རང་སྲས་ཀྱིས་ཇི་ལྟར་མངོན་པར་རྟོགས་ རིམ་གྱི་སྒོ་ནས་སྲས་སུ་འཇོག་ལ། ཚུལ་དེས་ནི་འཇིག་རྟེན་པའི་བུ་བཞིན་ནོ། །གཉིས་པ་ལ་གསུམ། གཞི་ཤེས་ཀྱིས་ཉན་རང་གི། ལམ་ཤེས་ཀྱིས་བྱང་སེམས་ཀྱི། རྣམ་མཁྱེན་གྱིས་སངས་རྒྱས་ཀྱི་མངོན་རྟོགས་བསྡུས་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས། རྒྱུ་མཚན་དྲི་བ་དང་། ལན་གྱིས་རྒྱུ་མཚན་བཀོད་པའོ། །དང་པོ་ནི། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་གསོལ་བ། རྒྱུ་མཚན་ཅིའི་སླད་དུ་ཐམས་ཅད་འཚལ་བ་སྟེ། ཐམས་ཅད་ཤེས་པ་ཉིད་ཀྱིས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐུན་མོང་མིན་པའི་ མངོན་རྟོགས་བསྡུས་པ་ལགས། ཞེས་དྲིས་པའོ། །གཉིས་པ་ནི། དེའི་ལན་དུ་བཅོམ་ལྡན་འདས་ཀྱིས། རབ་འབྱོར་ཞེས་བོས་ཏེ། ཤེས་པར་བྱ་རྒྱུའི་ཐམས་ཅད་འཚལ་བ་ཉིད་ནི་ཕྱི་དང་ནང་གི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཞིག་ཡིན་ལ། དེ་ལྟ་ 4-1-25b བུའི་གཞི་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་བདག་དང་བདག་གིས་སྟོང་པར་ཤེས་ཀྱི། དེ་དག་གིས་ལམ་གསུམ་པོ་ཐམས་ཅད་ཀྱི་རྟོགས་རིམ་རྒྱུད་ལ་བསྐྱེད་ནས་རང་བཞིན་གྱིས་ཀྱང་གདོད་མ་ནས་མ་སྐྱེས་པར་ཤེས་པ་མ་ཡིན་ལ། དེ་བཞིན་དུ་རྒྱུ་འབྲས་ ངོ་བོའི་རྣམ་པ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཚུལ་གྱིས་ཀྱང་མ་ཡིན་པས། རྒྱུ་མཚན་དེའི་ཕྱིར་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་རྟོགས་ནི་གཞི་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུས་པའོ། །ཞེས་བྱའོ་ཞེས་པ་ནི་ཅིའི་སླད་དུ་ཞེས་པའི་དྲི་བའི་ལན་རྒྱུ་མཚན་ གྱི་སྒོ་ནས་གསུངས་པ་ཡིན་ནོ། །གཉིས་པ་ལམ་ཤེས་ལའང་། དྲི་ལན་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཞེས་བོས་ནས། རྒྱུ་མཚན་ཅིའི་སླད་དུ་ལམ་གསུམ་གྱི་རྣམ་པ་རང་བཞིན་མེད་པར་འཚལ་བ་སྟེ། ལམ་ཤེས་པ་ཉིད་དེས་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་མངོན་རྟོགས་བསྡུས་པ་ལགས། ཞེས་དྲིས་པའོ། །གཉིས་པ་ནི། རབ་འབྱོར་ཞེས་བོས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཤེས་པར་བྱ་བ་གང་ཞེ་ན། ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་གསུམ་པོའི་རྟོགས་རིགས་སུ་གྱུར་པའི་བདག་མེད་གསུམ་པོ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་གསུམ་པོ་ཐམས་ཅད་ཁོང་དུ་ཆུད་པར་ཤེས་པར་བྱའོ། །ལམ་གསུམ་པོ་དེ་དག་གིས་ཀྱང་མངོན་དུ་བྱ་བ་ རྣམས་ཡོངས་སུ་རྫོགས་པར་བྱ་ཞིང་། བྱང་སེམས་དེ་དག་གིས་རང་ཉིད་ཀྱི་ལམ་གྱི་བྱ་བ་ཡང་བྱ་ལ། བྱང་སེམས་དེ་དག་གིས་སྔོན་གྱི་སྨོན་ལམ་བཏབ་པ་དེ་ཡོངས་སུ་རྫོགས་པར་མ་བྱས་པ་དང་། གདུལ་བྱ་སེམས་ཅན་རྣམས་ཡོངས་སུ་སྨིན་པ་སྦྱོར་བའི་ལམ་ལ་ 4-1-26a འགོད་པར་མ་བྱས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་སྦྱངས་པར་བྱང་སེམས་དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱ་ལ། རྒྱུ་མཚན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་རྟོགས་ནི་ལམ་གྱི་རྣམ་པ་ ཤེས་པ་ཉིད་ཀྱིས་ཐུན་མོང་མ་ཡིན་པར་བསྡུས་སོ། །ཞེས་བྱའོ་ཞེས་པས་ཅིའི་སླད་དུ་ལམ་གྱི་ཞེས་སོགས་དྲི་བའི་ལན་ཡིན་ནོ། ། འདི་སྐབས་སུ་འདི་ལྟར་ཤེས་དགོས་པ་ཡིན་ཏེ། ཤེས་པར་བྱའོ་ཞེས་པས་འཕགས་པ་གསུམ་པོ་སོ་སོའི་རྒྱུད་ལ་མངའ་བའི་མངོན་རྟོགས་ དེ་དེ་ལྟ་བུར་མངོན་སུམ་དུ་ཤེས་དགོས་པའི་དོན་ཡིན་ལ། དེ་ལྟར་ཤེས་པའི་རིག་པ་དེ་ཡང་བོད་པ་ལ་ལ་གཞན་རིག་གི་མངོན་སུམ་དུ་འདོད་པ་དང་། འགའ་ཞིག་ནི་རང་རིག་མངོན་སུམ་དུ་འདོད་ནས་མཐུན་དཔེར་གཞན་སེམས་ཤེས་པའི་མངོན་ཤེས་བཞིན་ བཀོད་པའང་སྣང་མོད། དེ་ལ་ཁོ་བོས་ནི་དེ་ལྟར་ཤེས་པའི་ཤེས་པ་རང་རིག་མངོན་སུམ་ཡིན་པར་འདོད་ཀྱང་དེ་གཞན་སེམས་ཤེས་པའི་མངོན་ཤེས་དང་མཐུན་དཔེར་སྦྱར་བ་ནི་འཐད་པ་མིན་ཏེ། དེ་ལྟ་བུའི་བྱང་སེམས་དེས་འཕགས་པ་གཞན་གསུམ་གྱི་རྒྱུད་ལ་ རྟོགས་ནས་དེ་ལྟར་ཤེས་པ་མ་ཡིན་ལ། རང་ཉིད་ཀྱི་རྒྱུད་ལ་ལམ་གསུམ་གྱི་རྟོགས་རིགས་སུ་གྱུར་པའི་བདག་མེད་གསུམ་པོ་ཡོངས་སུ་ཚང་བར་བསྐྱེད་ཅིང་རྫོགས་པ་དེ་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་མེད་པ་དེས་རང་རིག་པའི་མངོན་སུམ་དུ་ཤེས་པའོ། ། ལམ་གྱི་བྱ་བའང་བྱས་པའི་དོན་ལ་འགའ་ཞིག་གིས་རྫོགས་སྨིན་སྦྱངས་གསུམ་སོགས་བྱས་པ་ལ་བཤད་ན་འབྱོར་གྱི། སྒྲིབ་པ་སྤངས་པ་ལ་བཤད་ན་ཉོན་མོངས་མི་སྤོང་བའི་རང་བཞིན་དུ་བཤད་པ་དང་འགལ་བའི་ཕྱིར་རོ་ཞེས་ཟེར་བ་ལ་ནི། རྫོགས་སྨིན་ 4-1-26b སྦྱངས་གསུམ་བྱེད་དགོས་པ་ནི་ལམ་གྱི་བྱ་བ་ཡང་བྱེད་པའི་དོན་ཡིན་པ་མཐུན་མོད། འོན་ཀྱང་བྱང་སེམས་ཀྱི་ལམ་གྱི་བྱ་བ་སྒྲིབ་པ་སྤོང་བར་བཤད་པས་ཉོན་མོངས་མི་སྤོང་བའི་རང་བཞིན་དུ་བཤད་པ་དང་འགལ་ཅེས་པ་ནི་ཚིག་ཙམ་ལ་བརྩགས་པ་ཡིན་ནོ། ། བྱང་ཆུབ་སེམས་དཔས་སྒྲིབ་པ་མཐའ་དག་སྤོང་བའི་ཕྱིར་འཁོར་བར་སྐྱེ་བ་འཛིན་ནུས་ཀྱི་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བ་ནི་སྒྲིབ་པ་སྤོང་བའི་བྱ་བ་གཙོ་བོར་གྱུར་པ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་སྤྱོད་པ་ཡང་དག་པ་ཡིན་པས། སྒྲིབ་པ་སྤོང་བ་ དང་ཉོན་མོངས་མི་སྤོང་བའི་རང་བཞིན་དུ་བཤད་པ་གཉིས་ཞེན་དོན་ལ་འགལ་བ་མིན་ནོ། ། འོ་ན་ཡང་བདག་མེད་པ་གསུམ་རྟོགས་ན་སྐབས་དེར་ཉན་རང་གི་སྤངས་རྟོགས་གཉིས་ཀ་རྫོགས་པར་ཁས་ལེན་དགོས་སམ་ཞེ་ན། རྫོགས་པར་ཁས་ལེན་དགོས་པ་ཡིན་ཏེ། མདོ་ ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤངས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཆེན་པོའོ། །ཞེས་གསུངས་སོ། །འགའ་ཞིག་གིས་འདི་སྐབས་སུ་ཉན་རང་གི་ཤེས་པའམ་རྟོགས་པ་གང་ཡིན་ པ་ནི་རྫོགས་པར་འཇོག་ནུས་ལ། ཉན་རང་དགྲ་བཅོམ་གྱི་སྤངས་པ་ཐམས་ཅད་སྤངས་པ་ནི་མིན་ཏེ། ཧ་ཅང་ཐལ་ཆེས་སོ་ཞེས་ཟེར་རོ། །དེ་ལྟར་སྤངས་པ་ཡོངས་སུ་མ་རྫོགས་ཞེས་བྱ་བ་དེ་ཡང་འཐད་པ་མིན་ཏེ། མདོར་སྤངས་པ་གང་ཡིན་པ་ཞེས་གསུངས་པ་དེ་དང་ མི་མཐུན་པར་སྨྲས་པའི་ཕྱིར་དང་། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་འཁོར་བར་སྐྱེ་བ་ལེན་པའི་ཕྱིར་འདོད་སྲིད་ཀྱི་བག་ལ་ཉལ་གྱི་ཆ་ཅུང་ཟད་ཅིག་མ་སྤངས་པས་དམན་པའི་སྤངས་པ་མ་རྫོགས་པར་སེམས་ན་ཡང་འཐད་པ་མིན་ཏེ། དེས་སྤང་མ་ནུས་པར་མ་སྤངས་ 4-1-27a པའམ་སྤོང་བ་ལ་རྒྱུའི་ཚོགས་གྲངས་གཞན་ལ་རག་ལས་ནས་མ་སྤངས་པ་ལྟ་བུ་ཡིན་ན་ཁྱོད་བདེན་གྱི། དེར་སྤངས་པ་རྫོགས་པ་ལ་གེགས་གཞན་ཅི་ཡང་མེད་ཀྱང་། དེ་ཙམ་ཞིག་ཆེད་དུ་གཉེར་ནས་མི་སྤོང་བ་ཡིན་ལ། དེ་མི་སྤོང་བ་ཙམ་ཞིག་ གིས་དེར་དམན་པའི་སྤངས་པ་མ་རྫོགས་པར་བཤད་མི་ནུས་པའི་ཕྱིར་རོ། ། འོ་ན་ཡང་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པ་དེས་ཉོན་མོངས་པ་སྤངས་ནའང་འདོད་པ་དང་སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་གྱི་མིང་ཅན་དེ་སྤང་དགོས་ པས་མ་ཁྱབ་ཅེས་ལུང་ཆོས་པ་སྤྱི་ལ་གྲགས་ཤིང་། དེའི་འདོད་པའི་མཐར་ཐུག་ཀྱང་བག་ལ་ཉལ་གྱི་ནུས་པ་དེ་ཉོན་མོངས་པའི་ངོ་བོར་གནས་པ་མ་ཡིན་པའི་ཕྱིར་ཞེས་སྐྱེས་བུ་དམ་པ་རྣམས་གསུངས་ལ། འཕགས་པ་གྲོལ་སྡེའི་གཞུང་ལྟར་ན་དེ་ལྟ་བུའི་བག་ལ་ཉལ་དེ་ ཉོན་མོངས་པ་མཚན་ཉིད་པ་མ་ཡིན་པར་གསུངས་པས། ཁོ་བོ་ནི་ཐེག་པ་ཆེན་པོའི་བདེན་པ་མཐོང་བའི་རྒྱུད་ལ་ཉོན་མོངས་པ་མི་སྤོང་བའི་རང་བཞིན་ཅན་དུ་བཤད་པ་ནི་དྲང་བའི་དོན་ཡིན་པས་དེའི་རྒྱུད་ལ་ཉོན་མོངས་པ་ཡོད་པ་མ་ཡིན་པ་ནི་ངེས་པའི་དོན་ཡིན་ནོ། ། ཡང་ ལ་ལ་དག་ཉོན་མོངས་ལ་ནི་ནུས་པ་གཉིས་ཏེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་དང་། སྲིད་པར་འཆིང་བྱེད་ཀྱི་ཉོན་མོངས་པ་གཉིས་ཡོད་པ་ལ། ཐེག་དམན་དགྲ་བཅོམ་གྱིས་སྔ་ཕྱི་གཉིས་ཀའི་ནུས་པ་སྤངས་ལ། ཐེག་ཆེན་འཕགས་པས་ནུས་པ་ཕྱི་མ་དེ་མ་ སྤངས་པ་ཡིན་ཅེས་སྨྲ་བའང་འཐད་པ་མིན་ཅིང་། སྲིད་པར་འཆིང་བྱེད་ཀྱི་ཉོན་མོངས་པའི་ནུས་པ་བྱང་སེམས་བདེན་མཐོང་གི་རྒྱུད་ལ་ཡོད་པ་མིན་ཏེ། དེ་སྲིད་པར་མི་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་དང་། སྲིད་པར་འཆིང་བྱེད་ཀྱི་ཉོན་མོངས་ཀྱི་ནུས་ 4-1-27b པ་ཡོད་ན་ལས་དང་ཉོན་མོངས་པའི་ཟླས་ཕྱེ་བའི་ཉོན་མོངས་པ་དེ་ཡིན་དགོས་ལ། དེས་ཟླས་ཕྱེ་བའི་ཉོན་མོངས་པ་དེ་ཡིན་ན་དེ་ལྟ་བུའི་འཕེན་འགྲུབ་ཀྱི་སྲིད་པར་སྐྱེ་བ་ལེན་པ་ཐེག་ཆེན་འཕགས་པ་ལ་མི་སྲིད་པའི་ཕྱིར་རོ། །སྤྱིར་སྲིད་པར་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུའི་སྲིད་པའི་ འདོད་ཆགས་ཀྱི་བག་ལ་ཉལ་ཞིག་བྱང་སེམས་འཕགས་པ་ལ་ཡོད་དུ་ཆུག་ཀྱང་། དེ་བྱང་སེམས་འཕགས་པ་སྲིད་པར་འཆིང་བྱེད་ཀྱི་ཉོན་མོངས་པ་མ་ཡིན་ལ། འཁོར་བར་སྐྱེ་བ་བླངས་ཙམ་གྱིས་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པའི་ནུས་པ་ཡོད་ན་དེ་བཞིན་ གཤེགས་པ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ལའང་དེ་ཡོད་པར་འགྱུར་བས་ཤིན་ཏུ་ཐལ་ཆེས་པ་ཡིན་ནོ། །དེ་ལྟར་བཤད་པས་གྲུབ་དོན་བྱང་སེམས་འཕགས་པའི་རྒྱུད་ལ་ཡོད་པའི་འདོད་སྲིད་ཀྱི་བག་ལ་ཉལ་དེ་ཉོན་མོངས་པ་མ་ཡིན་པར་གྲུབ་བོ། ། གཞན་ཡང་ བྱང་སེམས་འཕགས་པ་ལ་ཉན་རང་གི་སྤངས་རྟོགས་གང་ཡིན་པ་རྫོགས་ན་དམན་ལམ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན། 1 ཆོས་ཤེས་ནས་ཉོན་ཡིད་སྤངས་པར་ཐལ་བ་དང་། 2 སྙོམས་འཇུག་གི་སྒྲིབ་པ་སྤངས་པར་ཐལ་བ་དང་། 3 མི་སློབ་པའི་ལམ་དང་ལྷག་མེད་ཀྱི་ མྱང་འདས་ཐོབ་པར་ཐལ་ལོ་ཞེས་སྨྲའོ། ། 1 ཐལ་བ་དང་པོས་མི་གནོད་པའི་རྒྱུ་མཚན་བཤད་པར་བྱ་སྟེ། དམན་ལམ་རང་གཞུང་གི་བརྡ་ཆད་དུ་ཤེས་པ་ཚོགས་བརྒྱད་དམ་བདུན་གྱི་རྣམ་པར་གཞག་པ་མེད་པས། བརྟེན་པ་ཉོན་མོངས་པ་མེད་པས་དེ་རྟེན་བྱེད་ཀྱི་ཡིད་ ཀྱང་བརྟེན་པ་ཉོན་མོངས་པ་ལས་ལོགས་སུ་བཀར་ནས་བཤད་པར་མ་མཛད་པའི་དོན་གྱིས་བརྟེན་པ་ཉོན་མོངས་པ་མེད་ན་དེ་རྟེན་བྱེད་ཀྱི་ཡིད་ཀྱང་མེད་པར་བཤད་པ་ལྟར་སོང་བ་ཡིན་ལ། གནས་ཚོད་དུ་ནི་དེ་རྟེན་བྱེད་ཀྱི་ཡིད་ཀྱི་ལྷག་མ་ཅུང་ཟད་མ་ལུས་པའང་མ་ 4-1-28a ཡིན་པར་སེམས་སོ། །ཐེག་པ་ཆེན་པོའི་ཐ་སྙད་དུ་ནི་ཉོན་མོངས་པ་དང་དེ་རྟེན་བྱེད་ཀྱི་ཡིད་གཉིས་ཡོད་པ་ལས་སློབ་པ་པོ་དེས་དམན་ལམ་སྔོན་དུ་སོང་མ་སོང་གང་ཡིན་ཀྱང་ཁྱད་པར་མེད་པས། ཐེག་པ་ཆེན་པོའི་ཆོས་ཤེས་པ་ན་རྟེན་ཉོན་མོངས་ པ་མེད་ཀྱང་དེ་བརྟེན་པའི་ཡིད་མ་སྤངས་པར་ཡོད་པ་ཡིན་ནོ། ། 2 ཐལ་བ་གཉིས་པས་མི་གནོད་པའི་རྒྱུ་མཚན་ནི། དམན་པའི་སྙོམས་འཇུག་གི་སྒྲིབ་པ་སྤངས་པར་ཐལ་ཟེར་ན་ནི། འདོད་པ་ཡིན་ལ། ཐེག་ཆེན་སྙོམས་འཇུག་གི་སྒྲིབ་པ་སྤངས་པར་ཐལ། ཉོན་སྒྲིབ་ སྤངས་པའི་ཕྱིར་ཞེ་ན་ནི། ཁྱབ་པ་མ་ངེས་པ་ཡིན་ནོ། ། 3 ཐལ་བ་གསུམ་པས་མི་གནོད་པའི་རྒྱུ་མཚན་ནི། ཐེག་ཆེན་ཆོས་ཤེས་ལ་གནས་པ་དེས་ཐེག་ཆེན་གྱི་མི་སློབ་ལམ་དང་མྱ་ངན་ལས་འདས་པ་ཡང་རྫོགས་སྨིན་སྦྱངས་གསུམ་མཐར་མ་ཕྱིན་པར་མངོན་དུ་མི་བྱེད་ན། ཐེག་དམན་གྱི་མི་སློབ་ལམ་དང་མྱང་འདས་ཐོབ་པར་ཆེད་དུ་ག་ལ་གཉེར། ཆེད་དུ་གཉེར་ན་དེས་དེ་ཐོབ་པར་ཐལ་བ་ལ་འདོད་པའི་ལན་ཐེབས་སོ། །འོ་ན་ཡང་མྱ་ངན་ལས་འདས་པ་དང་ཡང་དག་པའི་མཐའ་དེ་གང་ལ་བྱ་ཞེ་ན། དག་པ་གཉིས་ལྡན་གྱི་མཐར་ཐུག་ ཏུ་ཞུགས་པའི་ཆོས་སྐུ་དེ་ལ་ངོས་འཛིན་ཅིང་། དེ་ཡང་གནས་སྐབས་ཉོན་སྒྲིབ་ཙམ་སྤངས་པས་ཁྱད་པར་དུ་བྱས་པ་དང་། སྒྲིབ་པ་གཉིས་སྤངས་པས་ཁྱད་པར་དུ་བྱས་པའི་མྱང་འདས་གཉིས་ཡིན་ནོ། །དེ་ལ་སྔ་མ་ནི་དམན་པའི་དགྲ་བཅོམ་པ་རྣམས་ཡིན་ལ། ཕྱི་མ་ནི་དེ་བཞིན་གཤེགས་པའོ། །འོ་ན་དམན་པའི་དགྲ་བཅོམ་པ་དེས་ཆོས་སྐུ་མངོན་དུ་བྱས་པར་ཐལ། ཆོས་སྐུ་དེ་དང་མྱང་འདས་གཉིས་གཅིག་ཡིན་པའི་ཕྱིར་ཏེ། དེས་མྱང་འདས་མངོན་དུ་བྱས་པའི་ཕྱིར་ཞེ་ན། སྐྱོན་དེ་ཡང་གནས་པ་མ་ཡིན་ཏེ། མྱང་ 4-1-28b འདས་ཡིན་ན་ཆོས་ཉིད་དང་། དེ་བཞིན་ཉིད་དང་། ཆོས་སྐུ་དང་། ཡང་དག་མཐའ་ཡིན་དགོས་པ་རྣམས་མི་གནས་པའི་མྱང་འདས་གོ་ཆོད་པོ་དེའི་དབང་དུ་བྱས་པ་ཡིན་ལ། དམན་པའི་མྱང་འདས་ནི་མྱང་འདས་ཉི་ཚེ་བ་ཡིན་པས། དམན་པའི་མྱང་འདས་མངོན་ དུ་བྱས་པས་ཆོས་སྐུ་མངོན་དུ་བྱས་པར་མི་ཐལ་བ་ཡིན་ནོ། །འདི་ངེས་དོན་དུའང་གནས་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་གཞན་མེད། །ཅེས་འབྱུང་བས་སོ། །འོ་ན་ཡང་དག་པའི་མཐའ་མི་གནས་པའི་མྱ་ངན་ལས་འདས་པ་གོ་ཆོད་པོ་དེ་དུས་ནམ་ གྱི་ཚེ་མངོན་དུ་བྱེད་ཅེ་ན། རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པ་ན་དེ་མངོན་དུ་བྱེད་པ་ཡིན་ནོ། །རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་དུས་མིན་དུ་ཡང་དག་མཐའ་མངོན་དུ་བྱས་པ་ལ་ཉེས་པ་གཉིས་འབྱུང་བ་ཡིན་ཏེ། ཆད་པའི་མྱང་འདས་ཀྱི་མཐར་ལྷུང་བ་ དང་། མཐར་ཐུག་སངས་རྒྱས་ཀྱི་སྐུ་གསུམ་མི་ཚང་བའི་ཉེས་པ་འབྱུང་ངོ་། །དེ་ལྟར་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱ་བར་གདམས་ཡུལ་གྱི་གདུལ་བྱ་དེ་ནི་ཐེག་པ་ཆེན་པོའི་བདེན་པ་མཐོང་བ། དེ་གསུམ་མ་བྱས་པར་ཡང་ ཤེས་སྒྲིབ་སྤངས་ཏེ་ཆོས་སྐུ་མངོན་དུ་བྱེད་ནུས་དེ་ལ་དེ་ལྟར་དུ་གདམས་པ་ཡིན་ནོ། །དེ་ལྟ་བུའི་གདུལ་བྱའི་རིགས་ཅན་ཞིག་སྲིད་དམ་ཞེ་ན། སྲིད་དེ། མདོ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འདོད་ན་ཞག་བདུན་གྱིས་མངོན་པར་རྫོགས་པར་འཚང་རྒྱ་ བར་ནུས་སོ། །ཞེས་གསུངས་པས་དེ་འདྲ་དེ་མི་སྲིད་པ་མིན་ནོ། །འོ་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་དེ་གང་ཞེ་ན། འཕགས་གྲོལ་གྱིས་ཐེག་ཆེན་ཆོས་བཟོད་དང་པོ་ལ་བཤད་པས་དེར་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་དེ་ཤེས་སྒྲིབ་ཀྱི་གཉེན་ 4-1-29a པོར་དྲིལ་ནས་རྩེ་གཅིག་ཏུ་བསྒོམས་པས་ཞག་བདུན་ན་རྣམ་པ་ཀུན་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ཞེས་པའི་དོན་ཏོ། །དེ་ལྟར་དུས་མིན་པར་མངོན་དུ་བྱས་པའི་ཡང་དག་མཐའ་དེ་ཆོས་དབྱིངས་ཀྱི་དབང་དུ་བྱས་པའི་རྫོགས་པའི་སངས་རྒྱས་ནི་ གོ་ཆོད་པོ་ཡིན་ལ། དེ་ལ་དེ་གསུམ་མཐར་མ་ཕྱིན་པས་ཆོས་དབྱིངས་དང་རྒྱུ་མཐུན་པའི་གཟུགས་སྐུའི་སངས་རྒྱས་ནི་གོ་ཆོད་པོ་དེར་ཡོད་པ་མ་ཡིན་ནོ། ། འོ་ན་རྫོགས་སྨིན་སྦྱངས་གསུམ་དངོས་དེ་གང་ཞེ་ན། དང་པོར་སྨོན་ལམ་རྫོགས་པའི་ཚད་ནི། ཇི་སྲིད་ཆོས་ཉིད་ ལས་ལྡང་བ་མེད་པ་དེ་སྲིད་དུ་གཟུགས་སྐུ་གཉིས་ལས་གཞན་དོན་རྒྱུན་མི་འཆད་དུ་རྟག་པ་ནི་སྨོན་པ་དངོས་ཡིན་ལ། དེ་ལྟར་འབྱུང་བ་དེ་ཡང་ཚོགས་གཉིས་པོ་ཡོངས་སུ་མ་རྫོགས་པར་དེ་མི་འབྱུང་ལ། ཚོགས་གཉིས་པོ་རྫོགས་པ་ན་དེ་ལྟར་འབྱུང་བའི་རྒྱུ་མཚན་ནི། དེ་ ལྟར་ཆོས་སྐུ་ལས་མ་གཡོས་པར་གཟུགས་སྐུས་གདུལ་བྱའི་དོན་བྱེད་པ་ཆོས་ཉིད་ལ་གནས་པའི་དངོས་སྟོབས་ཀྱིས་འོངས་པས་ཚོགས་གཉིས་པོ་ཡོངས་སུ་གོམས་པར་བྱས་པའི་རྒྱུད་ལ་སྒྲིབ་པ་དེ་དང་མི་མཐུན་པར་གྱུར་པའི་གཉེན་པོ་བསྐྱེད་རུང་ལ། གཉེན་པོ་ ཡོངས་རྫོགས་སྐྱེ་བ་ལའང་ཚོགས་གཉིས་ཡོངས་སུ་རྫོགས་དགོས་ཤིང་། དེ་ལྟར་ན་གཉེན་པོ་ཡོངས་རྫོགས་དེས་སྒྲིབ་པ་ཡང་ཡོངས་སུ་རྫོགས་པར་སྤོང་བ་ཡིན་ནོ། །དེས་ན་ཚོགས་གཉིས་རྫོགས་པ་དང་། གཉེན་པོ་ཡོངས་རྫོགས་ཀྱིས་སྤང་བྱ་ཡོངས་ རྫོགས་སྤངས་པ་དེས་དེའི་སྒྲིབ་བྱེད་ཐམས་ཅད་སྤངས་པ་ནི་སྨོན་ལམ་རྫོགས་པའི་ཚད་ཡིན་ནོ། །འོ་ན་དེ་སྒྲིབ་པ་སྤངས་པ་ན་ཆོས་ཉིད་ལ་གནས་པའི་ཆོས་སྐུ་ལས་མ་གཡོས་པར་གཟུགས་སྐུས་གཞན་གྱི་དོན་བྱེད་ན་སྒྲིབ་པ་མ་སྤངས་པའི་དུས་ཀྱང་དེས་དེ་ཅི་སྟེ་མི་བྱེད་ཅེ་ན། 4-1-29b ལ་ལ་སྒྲིབ་པས་བསྒྲིབས་པས་དེས་དེ་བྱེད་པའི་གོ་བཀག་པ་ཡིན་ཟེར་མོད། ཁོ་བོ་ནི་སྒྲིབ་པ་མ་སྤངས་ཀྱང་ཆོས་ཉིད་ལ་ཞུགས་པའི་ཆོས་སྐུས་གཟུགས་སྐུའི་བྱ་བ་མི་བྱེད་པར་མི་སེམས་ཏེ། སྒྲིབ་པ་སྤངས་མ་སྤངས་གང་ཡིན་ཀྱང་མཚུངས་པར་ཆོས་ཉིད་ཀྱི་ ཆོས་སྐུ་དེ་དབྱེ་མི་ནུས་པའི་ཕྱིར་ཚུལ་འདི་ནི་བསམ་གྱིས་མི་ཁྱབ་པའོ། །འོ་ན་གཞན་དག་སེམས་ཅན་རྣམས་ཆོས་ཅན། སྨོན་ལམ་རྫོགས་པར་ཐལ། སེམས་ཅན་གྱི་ཆོས་ཉིད་ཀྱི་ཆོས་སྐུ་དེས་སྨོན་ལམ་རྫོགས་པའི་བྱ་བ་བྱེད་པའི་ཕྱིར་ཞེ་ན། དེ་ལ་ཁྱབ་པ་ ཡོད་པ་མ་ཡིན་ཏེ། ཆོས་ཉིད་ཀྱི་ཆོས་སྐུས་སྨོན་ལམ་རྫོགས་པའི་བྱ་བ་བྱེད་པའི་རྟགས་ཀྱིས། ཆོས་ཅན་སེམས་ཅན་གྱི་སྨོན་ལམ་རྫོགས་པའི་བྱ་བ་བྱེད་པ་བསྒྲུབ་ནུས་པ་མིན་ནོ། །འོ་ན་འགའ་ཞིག་གིས་སེམས་ན། སྐབས་འདིར་བསྟན་གྱི་སྨོན་ལམ་རྫོགས་ པ་པོ་དེ་ཆོས་ཅན། སེམས་ཅན་གང་གིས་བསྒྲུབ་པ་རྫོགས་པ་ཡིན་ལ། ཆོས་ཉིད་ལ་ཞུགས་པའི་ཆོས་སྐུ་དེས་ནི་སྨོན་པ་གྲུབ་པས་ལམ་སྒྲུབ་པ་པོའི་སྨོན་ལམ་རྫོགས་པའི་གོ་མི་ཆོད་པའི་ཕྱིར་སྙམ་ན། དེ་ཡི་རྒྱུ་མཚན་བཤད་པར་བྱ་སྟེ། བྱང་སེམས་ ལམ་སྒྲུབ་པ་པོའི་རྒྱུད་ལ་ཀུན་ཏུ་འགྲོ་བའི་ཆོས་ཉིད་ཀྱི་སྐུས་སྨོན་ལམ་རྫོགས་པ་དེ་བྱང་སེམས་རང་རྒྱུད་ཀྱིས་རང་གིར་རྫོགས་བཏུབ་པ་མི་སྲིད་པ་དང་། བྱང་སེམས་ལམ་སྒྲུབ་པོ་དེ་ས་བཅུ་རྒྱུན་མཐའ་ནས་འགགས་པས་བྱང་སེམས་དེས་སྨོན་ལམ་རྫོགས་པ་ ག་ལ་སྲིད། འོ་ན་ཡང་གཞན་དག་བྱང་སེམས་ཀྱིས་སྨོན་ལམ་རྫོགས་པར་བྱེད་ཅེས་པ་དེ་ཚིག་ཙམ་དུ་ཟད་ཀྱི། དོན་དུ་དེ་སྨོན་ལམ་རྫོགས་མི་ནུས་པར་ཐལ་སྙམ་ན། ངེས་པའི་དོན་དུ་ནི་བྱང་སེམས་རང་ཉིད་ཀྱིས་སྨོན་ལམ་རྫོགས་པ་དེ་རང་རྒྱུད་དང་ལྡན་ 4-1-30a པར་ཐོབ་མི་ནུས་ཀྱང་། བྱང་སེམས་དེའི་ཆོས་ཉིད་ཀྱི་སྐུས་སྨོན་ལམ་གཟོད་མ་ནས་རྫོགས་པར་ཡོད་པ་དེ་ཉིད་སྒྲིབ་བྱེད་དུ་མས་གཡོགས་པའི་སྒྲིབ་པ་དེ་བསལ་བ་ལ་མཐུ་ཐོབ་པའི་བྱང་སེམས་དེས་དེའི་སྒྲིབ་པ་དབྲལ་བར་ནུས་ལ། དེའི་ཚེ་ན་དབྲལ་བྱའི་སྒྲིབ་པ་དེ་ཟད་པ་དང་། དབྲལ་བྱེད་བྱང་སེམས་དེ་འགགས་པ་དུས་མཉམ་པ་ཡིན་ཏེ། དཔེར་ན་ཤིང་གཉིས་དྲུད་པ་ལས་མེ་བྱུང་བ་དེས་ཤིང་ཚིག་པ་དང་མེ་ཤི་བ་གཉིས་དུས་མཉམ་པ་བཞིན་ནོ། །དེ་ལྟར་བྱེད་པ་དེ་ལ་བྱང་ཆུབ་སེམས་ དཔའ་ཆེན་པོ་རྣམས་སྨོན་ལམ་ཡོངས་སུ་རྫོགས་པར་བྱས་ཏེ་ཡང་དག་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་ནི་འཇིག་རྟེན་ན་ཐ་སྙད་ཟོར་ཡང་བའི་དབང་དུ་བྱས་སོ། །ལུགས་འདི་ནི་ངེས་དོན་ལ་ཞིབ་པར་བརྟགས་པའི་གྲུབ་པའི་མཐའ་ཡིན་ཏེ། སྐལ་བ་ངན་པ་ རྣམས་ཀྱིས་རྟོགས་རེ་ཀན་གྱི་གསང་ཡིན་ནོ། ། སེམས་ཅན་སྨིན་པར་བྱས་པའི་ཚད་ནི། གཟུགས་ཀྱི་སྐུ་གང་ལ་སྣང་དུ་རུང་བའི་གདུལ་བྱ་དེ་ལོངས་སྤྲུལ་གང་རུང་གི་གཟུགས་སྐུ་མཆོག་དམན་གྱི་སྐུ་བལྟ་བར་དབང་བའི་སྨིན་པ་ཤ་སྟག་ཏུ་གྱུར་པ་དེ་སྐུ་དེ་ གཉིས་ཀྱི་འཁོར་དུ་འབྱུང་ལ། དེ་ལྟ་བུ་མ་ཡིན་པ་དེ་དེའི་འཁོར་དུ་མི་འབྱུང་བ་ནི་སྨིན་པའི་ཚད་ཡིན་ནོ། ། ཞིང་སྦྱངས་པའི་ཚད་ནི་ཆོས་ཉིད་ཀྱི་སྐུ་གང་ཡིན་པ་དང་། དེ་དང་རྒྱུ་མཐུན་པ་ཟབ་པའི་སྐུ་གཉིས་པོ་དང་སྐུ་གསུམ་པོ་དེ་གང་དུ་བཞུགས་པའི་ཞིང་དེ། ལས་དང་ཉོན་མོངས་པས་བསྡུས་པའི་ཞིང་མ་ཡིན་པར་ཡེ་ཤེས་ལས་གྲུབ་པའི་ཡོངས་སུ་དག་པའི་ཞིང་དུ་གྱུར་པ་ནི་ཞིང་སྦྱངས་པའི་ཚད་ཡིན་ནོ། །གསུམ་པ་རྣམ་མཁྱེན་ལའང་། དྲི། ལན་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཞེས་བོས་ནས། རྒྱུ་མཚན་ 4-1-30b ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་བསྡུས་པ་ལགས། ཞེས་དྲིས་པའོ། །གཉིས་པ་ནི། རབ་འབྱོར་ཞེས་བོས་ནས། རྣམ་པ་སྟེ་ཆོས་རྣམས་ཀྱི་ ངོ་བོ་གང་དག་དང་། རྟགས་སམ་འབྲས་བུར་གྱུར་པ་གང་དག་དང་། རྒྱུ་དང་མཚན་མའི་ངོ་བོར་གྱུར་པ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་དོན་ལ་ཡོད་པ་དང་མེད་པར་གནས་ཚུལ་དུ་ཞུགས་པ་གང་ཡིན་པ་ལས། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པ་དེས་ན་རྒྱུ་མཚན་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མངོན་རྟོགས་ཐམས་ཅད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱིས་བསྡུས་སོ། །ཞེས་བྱའོ་ཞེས་རྒྱུ་མཚན་ཅིའི་སླད་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་བསྡུས་པའི་ཁུངས་དགོད་པ་ནི། ཡུམ་བར་མ་ལས་གསུངས་པ་དེ་བཞིན་དུ་མདོར་བསྡུས་པ་བརྒྱད་སྟོང་པ་ལས་ཀྱང་འདི་ལྟར་གསུངས་ཏེ། ཉན་ཐོས་ཀྱི་ས་ལ་བསླབ་ པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་སོགས་ཁོངས་ནས་རང་རྒྱལ་གྱི་སར་བསླབ་འདོད་དང་། དེ་བཞིན་གཤེགས་པའི་སར་བསླབ་འདོད་ཀྱིས་ཤེར་ཕྱིན་ལ་བསླབ་དགོས་པར་གསུངས་སོ། །གསུམ་པ་རྒྱས་པའི་ཁུངས་ དགོད་པ་ནི། རྒྱས་པ་འབུམ་པ་ལས་ཀྱང་དོན་འདི་རྒྱ་ཆེར་གསུངས་སོ། །གསུམ་པ་སྡུད་བྱེད་གསུམ་ངོས་བཟུང་བ་ནི། སྡུད་བྱེད་མཁྱེན་པ་གསུམ་ཡོད་པ་དེ་ལ་གཞི་ཐམས་ཅད་ཤེས་པ་ཉིད་ཀྱིས་ནི། དམིགས་པ་གཟུགས་ལ་སོགས་པའི་ཆོས་ལ་རྣམ་པ་མི་རྟག་ 4-1-31a པ་ལ་སོགས་བཅུ་དྲུག་ཡུལ་དུ་བྱས་པའི་རྟེན་ཅན་གྱི་སྒོ་ནས་བསྒོམས་པས་འབྲས་བུ་ཕུང་པོ་ལྔ་ལ་བདག་ཏུ་རྨོངས་པ་བཟློག་པ་སྟེ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ནི་ཐེག་པ་གསུམ་པོ་ཐམས་ཅད་ཀྱིས་ངེས་པར་འབྱུང་བའི་ལམ་ལ་ དམིགས་པ་དང་། རྣམ་པ་ནི་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་ཡུལ་བརྟེན་པར་བྱེད་པ་ཅན་གྱི་ཤེས་པ་བྱེད་པའི་འབྲས་བུ་སེམས་ཅན་འཁོར་དུ་མ་བསྡུས་པ་སྡུད་པ་དང་ལ་སོགས་པས་བསྡུས་པ་སྨིན། སྨིན་པ་གྲོལ། གྲོལ་བ་མཐར་ཕྱིན་པར་བྱེད་པ་ཅན་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་དམིགས་ཤིང་རྣམ་པ་སྐྱེ་བ་མེད་པར་རྟོགས་པའི་རྟེན་ཅན་གྱི་འབྲས་བུས་ནི། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ ཅན་གྱི་དོན་རྒྱུན་མི་འཆད་པ་དང་། ཡང་དག་པ་ཉིད་ཀྱི་མཐའ་དོན་དམ་བདེན་པ་མི་བསླུ་བར་རྟོགས་པ་དང་། མ་རིག་པའི་ལེན་པ་དང་ཟག་མེད་ཀྱི་གནས་ལྟ་བུའི་བག་ཆགས་ཐམས་ཅད་ཀྱི་མཚམས་སྦྱོར་བ་ཉིད་སྤངས་པ་ཅན་གང་ཡིན་པ་ནི་རྣམ་མཁྱེན་གྱི་ ཡོན་ཏན་གྱི་མཐུ་ཡིན་ནོ། །བཞི་པ་དེ་དག་གི་དོན་བསྡུ་བ་ནི། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་པ་དེ་ལྟ་བས་ན་མངོན་པར་རྟོགས་པའི་རྒྱན་འདིས་ནི། རྒྱལ་བའི་ཡུམ་ལས་འབྱུང་བའི་མངོན་རྟོགས་ཕྱོགས་རེ་བ་མ་བསྡུས་པར་མངོན་ རྟོགས་ཐམས་ཅད་བསྡུས་པ་ཡིན་ལ། དེ་ཡང་གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་བསྡུས་པས་ན་མངོན་པར་རྟོགས་པ་རིལ་པོ་རྫོགས་པར་བསྟན་པ་ཡིན་ཏེ། མཁྱེན་གསུམ་གྱིས་སྲས་ཐམས་ཅད་ཀྱི་མངོན་རྟོགས་བསྡུས་པའི་ཕྱིར་རོ། །ཞེས་བྱ་བའི་ཚུལ་ 4-1-31b འདི་འཐད་པ་ཡིན་ནོ། །གོང་དུ་ཚིགས་སུ་བཅད་པ་འདིས་ཞེས་པ་ནས་བཟུང་། འཐད་པ་ཡིན་ནོ་ཞེས་པའི་བར་ནི་མཆོད་བརྗོད་ཀྱི་བརྒལ་ལན་དུ་ངེས་པ་གཞུང་དོན་དུ་གནས་སོ། །གཉིས་པ་བརྩམས་པའི་བསྟན་བཅོས་ལ་གཞན་འཇུག་པའི་ཡན་ལག་ཏུ་ དགོས་འབྲེལ་བཤད་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། རྗེ་བཙུན་གྱིས་དངོས་སུ་མཆོད་པར་བརྗོད་ནས་བརྩམ་པར་དམ་བཅའ་བ་དགོས་འབྲེལ་གྱིས་འཇུག་ཐབས་སུ་བྱས་ཏེ་འཇུག་ཡུལ་བསྟན་བཅོས་དངོས་ལ་འཕྲོད་སྦྱོར་བར་བྱེད་ པའི་རྟེན་ཅན་ཡིན་ནོ། ། འོ་ན་བསྟན་བཅོས་འདིས་མདོའི་དོན་གྱི་བཤད་ཐབས་སུ་ཇི་ལྟར་སྦྱར་ཞེ་ན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། མདོའི་དོན་བཤད་ཐབས་ཡན་ལག་རྣམ་པ་ལྔའི་སྒོ་ནས་བཤད་པ་ནི་རྗེ་བཙུན་ཉིད་ཀྱི་ཞལ་ནས་བརྒྱུད་པའི་མན་ངག་ཡིན་ ཏེ། རྣམ་བཤད་རིགས་པ་ལས། གང་ཞིག་བདག་ལས་བློ་དམན་ཞིང་། །མདོ་རྣམས་འཆད་འདོད་དེ་དག་ལ། །མན་ངག་ཅུང་ཟད་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ ཏེ་བསྙད་པར་བྱ། །ཞེས་གསུངས་པས་ལ། དེ་དག་གི་བཤད་ཐབས་ཀྱི་གོ་རིམ་ནི། རྣམ་བཤད་རིགས་པ་ལས། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་ པར་བྱ། །དགོས་པའི་དོན་ནི་བསྡུས་དོན་ལས། །དེས་གྲུབ་དེ་ནི་ཚིག་དོན་ལས། །གོ་རིམ་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་གསུངས་པའི་ཕྱིར་ན། བསྟན་བཅོས་ཀྱི་དང་པོར་དགོས་པ་ཉིད་བརྗོད་པ་དང་། དེ་ནས་བསྟན་བཅོས་ཀྱི་ 4-1-32a དོན་བསྡུས་ཏེ་བརྗོད་པ་དང་། དེ་ནས་ཚིག་དོན་དག་བཀྲོལ་ཏེ་བཤད་པ་དང་། གོ་རིམ་མི་འཁྲུགས་པར་མཚམས་སྦྱར་ཏེ་བཤད་པ་དང་། བརྒལ་ལན་ལ་ནི་རིགས་པ་དང་མི་འགལ་བའི་བརྒལ་ལན་དང་། སྔ་ཕྱི་མི་འགལ་བའི་བརྒལ་ ལན་ནོ། ། དོན་དེས་ན་ཉི་སྣང་དང་བརྒྱད་སྟོང་འགྲེལ་ཆེན་ལས་མཆོད་བརྗོད་ཀྱི་བརྒལ་ལན་དགོས་འབྲེལ་གྱི་འོག་ཏུ་གསུངས་པ་དང་། པཎྜི་ཏ་ཀུ་མཱ་རིས་ཀྱང་། བསྟན་བཅོས་དག་ནི་ཐམས་ཅད་དམ། །ཡང་ན་ལས་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་ བརྗོད་པར། །དེ་སྲིད་དུ་ནི་སུས་འཛིན་ཅེས། །ཞེས་པ་དོན་ལ་ཞུགས་པར་གཟིགས་ནས་འགྲེལ་ཆེན་དུ་དགོས་འབྲེལ་གྱི་གོང་དུ་མཆོད་བརྗོད་ལ་བཤད་པ་ཟུར་ཙམ་ཡང་མ་མཛད་པ་ཡིན་ནོ། །དེས་ན་འགྲེལ་ཆེན་ལས་དགོས་འབྲེལ་གྱིས་དགོས་དོན་དང་། ལུས་རྣམ་གཞག་གིས་བསྡུས་དོན་དང་། ཡན་ལག་རྒྱས་བཤད་ཀྱིས་ཚིག་དོན་སྟོན་པར་གསུངས་ལ། མཚམས་སྦྱར་དང་བརྒལ་ལན་ནི་སྐབས་དང་སྐབས་རྣམས་སུའོ། །འདི་ནི་བསྟན་བཅོས་རྒྱན་ལ་མཚོན་ནས་བཤད་པ་ཡིན་ལ། ཊཱི་ཀ་འདི་ཉིད་དུའང་དེ་ ལྟར་བཤད་ཐབས་ཀྱི་ཡན་ལག་རྣམས་རང་རང་གི་སྐབས་སུ་སྦྱར་བར་བྱའོ། ། དེ་ནས་དགོས་པ་ཉིད་ལ་དགོས་འབྲེལ་བཞིའི་སྒོ་ནས་བཤད་པ་ལ། འཕགས་པའི་ཡུལ་དུ་ངེས་པར་བསྐྱེད་པ་ཁོ་ན་དགོས་འགྲེལ་ངག་གི་དགོས་པར་འདོད་པ་དང་། སློབ་དཔོན་ ཆོས་མཆོག་སོགས་ཐེ་ཚོམ་བསྐྱེད་པ་ཁོ་ན་དགོས་འབྲེལ་ངག་གི་དགོས་པར་འདོད་པ་དང་། བྲམ་ཟེ་བདེ་བྱེད་དགའ་བ་སོགས་གཞུང་མཛེས་བྱེད་ཁོ་ན་དགོས་འབྲེལ་ངག་གི་དགོས་པར་འདོད་པ་དང་། བུདྡྷ་ཤྲཱིས་ནི་ཐེ་ཚོམ་བསྐྱེད་པ་དང་ངེས་པ་བསྐྱེད་པ་ 4-1-32b དང་གཞུང་མཛེས་པར་བྱེད་པ་གསུམ་ག་ཡང་དགོས་འབྲེལ་ངག་གི་དགོས་པར་བཞེད་ལ། དེ་དག་ལས་གང་ཡང་རུང་བ་དག་གི་རྗེས་སུ་འབྲང་བ་ལ་ཁྱད་པར་མེད་དེ། དེ་དག་ཐམས་ཅད་ཚད་ལྡན་གྱི་ལུགས་ཁོ་ནའི་རྗེས་སུ་འབྲངས་པ་ཡིན་པས་ནོངས་པ་ མེད་དོ། ། ཁོ་བོས་ནི་དགོས་པའི་དོན་ལ་འདི་ལྟར་དུ་འཐད་པར་མཐོང་སྟེ། བསྟན་བཅོས་ཀྱི་ཀླད་དུ་དགོས་པ་སྨོས་པས་དོན་གཉེར་གྱི་སྐྱེས་བུས་བསྟན་བཅོས་དེ་དོན་དུ་གཉེར་གཞིའི་བསྟན་བཅོས་དེར་རིག་ནས་གུས་པས་ལེན་ཅིང་འཛིན་པའི་ཆེད་ཡོད་པའི་ཕྱིར་ དང་། བསྟན་བཅོས་རྣམ་པར་དག་པ་དེ་ལ་ལོག་པར་མི་རྟོག་པའི་དགོས་པ་ཡོད་པས་སོ། །ཉིང་དགོས་ནི། དགོས་པ་དེ་ཐོས་པ་ལ་བརྟེན་ནས་རིགས་པ་དང་ལྡན་པ་དག་བསྟན་བཅོས་ལེན་པ་ནི་དེ་ཡིན་ལ། དེའི་དོན་དུ་དགོས་འབྲེལ་གྱི་ངག་བཀོད་པ་ཡིན་ ཏེ། རྣམ་འགྲེལ་ལས། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱ་མིན། །ཅེས་སོ། ། འདི་ལ་འགའ་ཞིག་དགོས་པ་བརྗོད་པ་ཙམ་གྱིས་དགོས་མེད་ སོགས་ཀྱི་ལོག་རྟོག་བཟློག་ནུས་ན། ཚུལ་གསུམ་པའི་རྟགས་ཅན་གྱི་ཚད་མ་མེད་པར་ཡང་དགོས་པ་ཡོད་པར་ཚད་མས་ངེས་པ་དང་། དེ་ལྟར་ན་སྒྲ་མི་རྟག་པར་རྟོགས་པ་ལྟ་བུའི་བློ་ཡང་དག་པ་སྐྱེ་བ་ལ་ཡང་དགོས་པ་རྐྱང་པ་བརྗོད་པས་ཆོག་པའི་ཕྱིར། རྟགས་དཔེར་ བརྗོད་མི་དགོས་པར་ཐལ་ཟེར་བ་ནི་རྒྱུ་མཚན་མ་གོ་བ་ཡིན་ཏེ། དགོས་འབྲེལ་སོགས་ཀྱི་ངག་བཀོད་པས་ནི་ལོག་རྟོག་སེལ་བར་ནུས་པ་དེ་གཞལ་བྱ་གནས་གསུམ་པར་འཕོ་བ་ན་ལུང་ཚད་མར་ཁས་ལེན་པའི་དབང་དུ་བྱས་པ་ཡིན་ནོ། ། ཡང་འགའ་ཞིག་དགོས་ 4-1-33a འབྲེལ་གྱི་ངག་བཀོད་པ་ཙམ་གྱིས་བསྟན་བཅོས་ཀྱི་བརྗོད་བྱའི་དོན་ལ་ངེས་རྟོགས་ཀྱི་ངེས་ཤེས་མི་སྐྱེ་བར་ཐལ། བསྟན་བཅོས་ཀྱི་ངེས་རྟོགས་དེ་དང་དགོས་འབྲེལ་གྱི་ངག་དེ་གཉིས་ལ་བདག་གཅིག་པའམ་དེ་བྱུང་གི་འབྲེལ་ཡོད་པ་མ་ཡིན་པའི་ ཕྱིར་ཟེར་རོ། །དེས་ཀྱང་རྒྱུ་མཚན་མ་ཤེས་པ་ཡིན་ཏེ། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་བཞི་པོ་དེ་མདོར་བསྡུས་ནས་དགོས་འབྲེལ་ངག་གི་དགོས་པར་སྦྱོར་བ་ཡིན་པས་རྒྱས་བསྡུས་ཀྱི་ཁྱད་པར་ཙམ་མ་གཏོགས་བསྟན་བཅོས་ལུས་ལ་ཡོད་པའི་ངེས་ པ་བསྐྱེད་བྱའི་གནས་དང་། ལུས་ཅན་ངག་གི་དགོས་འབྲེལ་ལ་ཡོད་པའི་ངེས་པ་བསྐྱེད་པའི་གནས་གཉིས་ཁྱད་པར་མེད་པས་དེ་དག་ལ་འབྲེལ་བ་ཡོད་མེད་བརྩི་བ་ནི་མཚར་བ་ཡིན་ཏེ། དཔེར་ན་ཡུམ་བསྡུས་པ་དང་པོར་བསྟན་ནས་ཡུམ་རྒྱས་པ་ལ་ངེས་པ་བསྐྱེད་ པ་ན་དེས་དེ་ལ་ངེས་རྟོགས་ཀྱི་ངེས་པ་བསྐྱེད་མི་ནུས་པར་ཐལ། ཡུམ་རྒྱས་པའི་ངེས་རྟོགས་དེ་དང་། ཡུམ་བསྡུས་པའི་ངེས་རྟོགས་དེ་གཉིས་བདག་གཅིག་པའམ་དེ་བྱུང་གི་འབྲེལ་བ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་སྨྲ་བ་དང་མཚུངས་སོ། ། ཡང་ཇི་སྐད་དུ། གང་ ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་པས། དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའི་ཕྱིར་དགོས་འབྲེལ་གྱི་ངག་བཀོད་པ་ཡིན་ནོ་ཞེས་སྨྲ་བ་ལའང་ལ་ལ་དག་སྐྱོན་བརྗོད་པ་ན། ཐེ་ཚོམ་སྐྱེ་བ་ལ་དགོས་པ་བརྗོད་པ་ལ་དགོས་པ་ མེད་དེ། དཔེར་ན་མེ་བུས་ཤིག །འབྲས་འཚེད་པའི་དགོས་པ་ཡོད་དོ་ཞེས་པ་ལྟ་བུ་ལ། མེ་བུས་ན་འབྲས་ཚོས་པ་ལ་ཐེ་ཚོམ་མི་སྐྱེ་བའི་སྒོ་ནས་འཇུག་པས་སོ་ཞེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། སྤྱིར་བྱ་བ་གང་བྱེད་པའི་དགོས་པས་ཉིང་དགོས་ 4-1-33b ཐོབ་པར་ངེས་པའི་རྟོགས་པ་སྔོན་སོང་དང་སྔོན་དུ་མ་སོང་བ་གཉིས་ཡོད་པ་ལ། སྔོན་སོང་ལྟར་ན་ཁྱོད་ཀྱི་དེ་བདེན་དུ་ཆུག་ཀྱང་དེ་སྔོན་དུ་མ་སོང་བ་ལ་དགོས་པ་དེས་བརྩམས་པའི་བརྩམ་པ་ཉིང་དགོས་ཐོབ་མི་ཐོབ་ལ་ཐེ་ཚོམ་ཟ་ནས་འཇུག་པ་ན། བཟོད་ཐོབ་ པར་ངེས་པའི་ཚད་མ་རྒྱུད་ལ་སྐྱེས་པ་ན་དགོས་པ་ལ་འཇུག་ཅིང་ཉིང་དགོས་ཐོབ་པར་བྱེད་པ་ཡིན་ནོ། ། ད་ནི་དགོས་འབྲེལ་སོ་སོའི་ངོ་བོ་ངོས་བཟུང་བ་ལ། སྟོན་བྱ་ངག་ཙམ་དང་འབྲེལ་བའི་དགོས་འབྲེལ་བཞི་ནི། ངག་དེས་བསྟན་བྱའི་དོན་ནི་བརྗོད་བྱ། ངག་དེར ་བསྟན་གྱིས་བརྗོད་དོན་རྟོགས་པ་དགོས་པ། དགོས་པ་ལ་བརྟེན་ནས་སྐྱེས་བུའི་དོན་གྲུབ་པ་དེ་ཉིང་དགོས། ཉིང་དགོས་དགོས་པ་དང་འབྲེལ། དགོས་པ་དགོས་པའི་འབྲེལ་བ་ངག་ཏུ་འབྲེལ་བ་ནི་འབྲེལ་བའོ། །སྟོན་བྱ་དགོས་འབྲེལ་གྱི་ངག་དང་འབྲེལ་བའི་དགོས་ འབྲེལ་བཞི་ནི། བསྟན་བཅོས་ལུས་ལ་གནས་པའི་དགོས་འབྲེལ་བཞི་པོ་དེ་དགོས་འབྲེལ་ངག་གི་བརྗོད་བྱ། དགོས་འབྲེལ་གྱི་ངག་དེ་ལ་བརྟེན་ནས་བསྟན་བཅོས་ཀྱི་ལུས་ལ་དགོས་འབྲེལ་ཡོད་པ་ཐོག་མར་གོ་བ་དེ་དགོས་པ། གོ་བ་ལ་བརྟེན་ནས་དཔྱོད་ལྡན་བསྟན་བཅོས་ལ་ འཇུག་པ་ནི་ཉིང་དགོས། ཉིང་དགོས་དགོས་པ་དང་འབྲེལ། དགོས་པ་དགོས་འབྲེལ་ངག་དང་འབྲེལ་བ་ནི་འབྲེལ་བའོ། །སྟོན་བྱ་བསྟན་བཅོས་ཀྱི་ལུས་ལ་ཡོད་པའི་དགོས་འབྲེལ་བཞི་ནི། མངོན་པར་རྟོགས་པ་བརྒྱད་པོ་དེ་རྒྱན་གྱི་བརྗོད་བྱ། རྒྱན་ལ་ བརྟེན་ནས་དངོས་པོ་བརྒྱད་བདེ་བླག་ཏུ་རྟོགས་པ་དེ་རྒྱན་གྱི་དགོས་པ། རྟོགས་པ་ལ་བརྟེན་ནས་ཆོས་སྐུ་ཐོབ་པ་དེ་རྒྱན་གྱི་ཉིང་དགོས། ཉིང་དགོས་དགོས་པ་ལས་བྱུང་། དགོས་པ་རྒྱན་ལས་བྱུང་བ་དེ་འབྲེལ་བའོ། ། དགོས་འབྲེལ་གྱི་ངག་དེ་ལ་དགོས་ 4-1-34a འབྲེལ་བཞི་པོ་དེ་དངོས་སུ་བསྟན་པར་འོས་པ་ལ་འབྲེལ་བ་དངོས་སུ་མ་བསྟན་པ་ཅི་ཞེ་ན། དེ་དངོས་སུ་མ་བསྟན་པར་འདོད་པའི་ཕྱོགས་རྣམས་བློ་གྲོས་ཀྱི་འཇུག་པ་རྩིང་གེར་ཟད་པ་ཡིན་ཏེ། གང་ལ་བརྗོད་བྱ་དགོས་པ་ཉིང་དགོས་གསུམ་ དང་ལྡན་པ་དེ་ཡིན་ན་དེ་ལ་འབྲེལ་བ་ཡོད་པས་ཁྱབ་པ་ཡིན་ལ། དེ་གསུམ་རིམ་བཞིན་བཀོད་པར་འབྲེལ་བ་དམིགས་རུང་དུ་གྲུབ་པ་ཉིད་དོ། ། འོ་ན་རྒྱན་གྱི་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་དགོས་འབྲེལ་ཇི་ལྟར་སྟོན་ཅེ་ན། རྐང་པ་དང་པོ་གཉིས་ཀྱིས་ བརྗོད་བྱ་སྟོན་ཅིང་། གཞན་གྱིས་ནས། འགྱུར་ཡན་ཆད་ཀྱིས་ཉིང་དགོས་སྟོན་ལ། ཕྱིར་མན་ཆད་ཀྱིས་དགོས་པ་བསྟན་པ་དང་། འབྲེལ་བ་ནི་ཤུགས་ལས་རྟོགས་དགོས་པ་སྟེ། འགྲེལ་ཆེན་ལས། འབྲེལ་བ་ནི་དགོས་པ་ལས་ལོགས་ཤིག་ཏུ་བསྟན་ པར་མི་བྱ་སྟེ། འབྲས་བུ་མེད་པའི་ཕྱིར། ཞེས་འབྱུང་ལ། ཡང་ན་བདག་ཉིད་ཆེན་པོ་པདྨའི་ངང་ཚུལ་གྱིས། འབྲེལ་བ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་མོད། །འོན་ཀྱང་དེ་ནི་རྣམ་བཅད་ལས། །དོན་གྱིས་ཐོབ་པར་བྱེད་པ་ཡིན། །ཅེས་ འབྱུང་བ་ལྟར་རོ། ། འདིར་ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་ཞེས་པའི་ཆོས་སྤྱོད་བཅུ་དེ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་ཉིད་ལ་བཤད་དགོས་པ་ཡིན་ཏེ། འགྲེལ་ཆེན་ལས། དེ་ལ་འབྲས་བུ་བསྟན་པས་བྱང་ཆུབ་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་ སེམས་བསྐྱེད་པ་ལ་སོགས་པ་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱེད་པའི་ཕྱིར་ན་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྗོད་དོ། །ཞེས་འབྱུང་བ་ལྟར་རོ། ། འདིར་རྣམ་མཁྱེན་དང་ལམ་གཉིས་སུ་སྨོས་པའི་དགོས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ 4-1-34b ལ་སོགས་པའི་ལམ་ཞེས་བརྡ་སྦྱོར་རྒྱུ་ཡིན་པ་ལས། སོགས་སྒྲ་མི་མངོན་པར་བྱས་ཏེ། དཔེར་ན་དང་ཞེས་བྱ་བའི་སྒྲས་བསྡུས་ནས་ལམ་ཤེས་པ་ཉིད་སོགས་མངོན་རྟོགས་བརྒྱད་པོ་དག་གི་དོན་ཚང་བར་སྔོན་མའི་དོན་བཞིན་ཡིན་ནོ། །སྟོན་པས་འདི་ལ་བཤད་ པ་གང་། །ཞེས་པ་ལས་འཕྲོས་ནས་འགྲེལ་པར། བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་སོགས་ཞེས་པའི་སྒོ་ནས་བསྟན་པ་གང་ཡིན་པ་དེའི་དོན་འདིར་བཤད་ཅེས་པ་དང་། གོང་དུ། རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཞེས་པས་ཀྱང་བཅོམ་ ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་རྗེས་སུ་སྟོན་པར་མཛད་པ་ཞེས་པ་དང་སྦྱར་བའང་ལུགས་ལས་འབྱུང་བ་ཡིན་ཅིང་། འཕགས་པའི་ཉི་སྣང་དང་། སློབ་དཔོན་གྱི་འགྲེལ་ཆེན་གཉིས་ཀར་མཆོད་བརྗོད་ཀྱི་བརྒལ་ལན་དགོས་ འབྲེལ་གྱི་འོག་ཏུ་གསུངས་པ་ཡིན་ནོ། །དོན་དེས་ན་བསྟན་བཅོས་ཀྱི་མཆོད་བརྗོད་ཀྱིས་མདོའི་གླེང་གཞིའང་སྟོན་པར་མཛད་པ་ཡིན་ནོ། །དར་ཊཱིཀ་ཏུ་མཆོད་བརྗོད་དང་གླེང་གཞི་སྦྱོར་བ་མི་འཐད་དེ། སློབ་དཔོན་གྱིས་གླེང་གཞིའི་བཤད་པ་གཞན་དུ་བྱས་པའི་ ཕྱིར་ཞེས་སྨྲ་བ་ནི་རང་གར་རོ། ། དེ་ལྟར་དགོས་སོགས་ཆོས་བཞིར་གྲངས་ངེས་སམ་ཞེ་ན། གྲངས་ངེས་པའི་ཚུལ་ལ། ལོག་རྟོག་བསལ་བྱ་བཞིར་གྲངས་ངེས་པ་ལས་སེལ་བྱེད་དགོས་འབྲེལ་གྱི་ངག་བཞིར་གྲངས་ངེས་པ་ཡིན་ཏེ། རྒྱ་ཆེར་འགྲེལ་ལས། དེ་ བས་ན་འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་བའི་ཕྱིར་འབྲེལ་བ་བཤད་དོ། །འདོད་པའི་དོན་ 4-1-35a བསྒྲུབ་པར་བྱ་བའི་ཕྱིར་དགོས་པའི་དགོས་པའང་བསྟན་ཏོ། །ཞེས་གསུངས་སོ། ། དེ་ལྟར་བསྟན་བྱའི་དགོས་འབྲེལ་བཞི་པོ་དེ་ལ་ཞེན་པའི་དབང་དུ་བྱས་ན་དགོས་སོགས་གཞན་གསུམ་པོ་དེ་བརྗོད་བྱ་ལས་རྫས་ཐ་དད་པ་མིན་པ་དང་། དགོས་ པ་དེ་བརྗོད་བྱ་དང་འབྲེལ་བ་གཉིས་ལས་རང་གི་ངོ་བོ་རྫས་ཐ་དད་པ་མིན་ལ། ཉིང་དགོས་དང་དགོས་པ་གཉིས་ནི་ཕན་ཚུན་རང་གི་ངོ་བོར་རྫས་གཅིག་པར་རུང་བ་མིན་ཏེ། དགོས་པ་དང་ཉིང་དགོས་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར་རོ། །དངོས་ཀྱི་དགོས་སོགས་ཆོས་ བཞི་ནི་དོན་སྟེང་དུ་གྲུབ་པའི་དགོས་སོགས་བཞི་པོ་དེ་སྐྱེས་བུའི་བྱ་བ་བསྒྲུབ་པའི་ཁྱད་པར་གྱིས་རང་གི་ངོ་བོ་རྫས་ཐ་དད་པ་ཡིན་ལ། བློའི་སྟེང་གི་དགོས་སོགས་བཞི་པོ་དེ་སེལ་བའི་བདག་ཉིད་ཡིན་པས་ངོ་བོའང་མེད་དོ། །དོན་དངོས་ཀྱི་བརྗོད་བྱ་ནི་བརྗོད་པར་ རུང་བའང་མིན་ཏེ། ཇི་སྐད་དུ། དཀའ་དང་མི་ནུས་འབྲས་མེད་ཕྱིར། །རང་གི་མཚན་ཉིད་བརྗོད་བྱ་མིན། །ཅེས་འབྱུང་བས་སོ། །གཉིས་པ་ཚིག་དོན་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། སྐྱེ་བོ་ངན་པ་བློ་གྲོས་དམན་པ་དག་གིས་ འདི་ལྟར་སེམས་པར་བྱེད་དེ། བཅོམ་ལྡན་འདས་རྒྱས་པ་དང་འབྲིང་དང་མདོར་བསྡུས་པ་ལ་དད་པའི་སེམས་ཅན་ལ་ཕན་འདོགས་པར་བཞེད་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཡུམ་རྒྱས་པ་དེ་དང་འབྲིང་བསྡུས་དེ་ལས་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐའ་དག་གསལ་བར་མཛད་པ་མ་ཡིན་ནམ། དེ་ལས་གཞན་པ་སླར་ཡང་བཅོམ་ལྡན་འདས་ཉན་རང་འཕགས་པ་མ་རྒྱལ་བ་ལས་རྒྱལ་བ། བྱམས་པས་ཀྱང་མངོན་རྟོགས་བརྒྱད་པོ་དེ་བསྟན་པ་ལ་དོན་ཅི་ཞིག་ཡོད་སྙམ་དུ་དོགས་ 4-1-35b པ་བཟང་པོ་མིན་པ་དེ་བསལ་བའི་ཕྱིར། རྗེ་བཙུན་གྱིས་རྒྱན་མཛད་པའི་ཐོག་མར་ཤེས་རབ་ཀྱི་མིག་དང་ལྡན་པ་དག་དོན་བཞི་ལ་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པ་ཉིད་ཀྱི་སྒོ་ནས་གདུལ་བྱ་བཅོམ་ལྡན་འདས་ཐུབ་པ་ཆེན་པོས་གསུངས་པའི་རྒྱལ་བའི་ཡུམ་ལ་འཇུག་ པའི་ཡན་ལག་ཏུ་རྗེ་བཙུན་བྱམས་པ་རང་ཉིད་ཀྱིས་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་འདིར་བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་དང་། འབྲེལ་བ་སྟེ་བཞི་པོ་ནི་བསྟན་བཅོས་འདིའི་ཁོངས་སུ་ཡོད་པ་རྣམས་དང་པོར་ གསུངས་པ་ནི་འདི་སྟེའོ། །གཉིས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཚོན་ནས་མངོན་པར་རྟོགས་པ་བརྒྱད་དེ་སངས་རྒྱས་སུ་འགྱུར་བའི་ལམ་སྟོན་པ་དེ་བཞིན་གཤེགས་པས་ཡུམ་འདི་ལས་བཤད་པའི་བརྗོད་བྱ་གང་ཡིན་ནི་བསྟན་བཅོས་མངོན་ རྟོགས་རྒྱན་གྱི་ཡང་བརྗོད་བྱ་ཡིན་ནོ། །ཕྱི་རོལ་པ་སོགས་གཞན་གྱིས་མྱོང་བ་མ་ཡིན་པ་དེ་ནི་ཆོས་སྤྱོད་བཅུའི་བདག་ཉིད་ཅན་གྱི་བསྒྲུབ་པ་མདོའི་དོན་ཟབ་མོ་དྲན་པ་ལ་ཉེ་བར་བཞག་ནས་བསྒོམས་པ་ན་བྱང་སེམས་བློ་དང་ལྡན་པས་ཆོས་ཀྱི་སྐུ་མཐོང་བར་འགྱུར་ བ་དེའི་ཕྱིར་ན་དགོས་པའི་ཡང་དགོས་པའོ། །དགོས་པའི་ཡང་དགོས་པ་ནི་དེ་ལྟར་བྱང་ཆུབ་རིམ་བཞིན་དུ་བསྒྲུབ་པ་ལ་རྒྱལ་བའི་ཡུམ་གསུམ་གྱི་དོན་བདེ་བླག་ཏུ་རྟོགས་དགོས་པ་ཞེས་བྱ་བ་དེའི་ཕྱིར་དུ་བསྟན་བཅོས་འདི་རྩོམ་པ་ནི་དགོས་པ་ཡིན་ཅེས་བྱ་བ་ ཡིན་ནོ། །གསུམ་པ་ལ་བཞི། བརྗོད་བྱ། འབྲེལ་བ། ཉིང་དགོས། དགོས་པ་བཤད་པའོ། །དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ནི་སངས་རྒྱས་ཉིད་ཀྱི་ལམ་སྟེ། དེས་མངོན་པར་རྟོགས་པ་ལྷག་མ་བདུན་པོ་ཐམས་ཅད་ཉེ་བར་མཚོན་པར་ 4-1-36a བྱས་ནས་བསྒྲུབ་པ་ལ་ལྷུར་ལེན་པ་ཡིན་ནོ། །དེའི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཆོས་གནང་བའི་ཆོ་འཕྲུལ་ཏེ་རྣམ་པ་གསུམ་གྱི་སྒོ་ནས་འགྲོ་བ་མཐའ་དག་ལ་ གདམས་པ་དང་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ནི་བསྟན་བཅོས་འདི་ཉིད་ཀྱིའང་བརྗོད་བྱ་ཡིན་ནོ། །གཉིས་པ་ནི། རྗོད་པར་བྱེད་པའི་བསྟན་བཅོས་འདི་དང་། བརྗོད་པར་བྱ་བའི་དངོས་པོ་བརྒྱད་དག་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་གྱིས་གྲུབ་པ་ནི་བསྟན་བཅོས་འདིའི་འབྲེལ་བར་རྗེ་བཙུན་གྱིས་མཛད་པ་ཡིན་ནོ། །གསུམ་པ་ནི། ཕྱི་རོལ་པ་དང་། ཕྱི་རོལ་པ་ལས་ཅིག་ཤོས་ཉན་རང་གི་འདོད་ཆགས་ དང་བྲལ་བ་དགྲ་བཅོམ་ལ་སོགས་པ་ཆོས་ཐམས་ཅད་བདག་མེད་པ་ལ་གོམས་པར་མ་བྱས་པ་རྣམས་ཀྱིས་ཐོས་པ་ལས་བྱུང་བ་ལ་སོགས་པས་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཤེས་པ་སྐྱེ་བའི་རིམ་གྱིས་མ་མྱོང་བའི་ཆོས་སྐུ་དེ་ནི། བྱང་ཆུབ་སེམས་དཔའི་རང་དང་ གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ལ་ཐབས་ཡོངས་སུ་རྫོགས་ཏེ། གཞན་གྱི་དྲིང་ཅི་ལའང་མ་རག་པར་སངས་རྒྱས་ཀྱི་ལམ་དུ་ཆས་པ་དག་ཁོ་ནས་ཚོགས་གཉིས་གོམས་པའི་མཐུས་ཉམས་སུ་མྱོང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བློ་ལ་ཤིན་ཏུ་ གསལ་བས་བཞག་པའི་བག་ཆགས་ལས་བྱུང་བའི་ཚུལ་བཞིན་ཡང་དག་པ་དྲན་པའི་ཤེས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མ་ལུས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྦྱིན་པ་ལ་སོགས་ 4-1-36b པ་སྒྲུབ་པ་ལ་འདོམས་པའི་གདམས་ངག་གི་བརྗོད་བྱ་ཆོས་སྤྱོད་བཅུ་བསྒྲུབ་པའི་དྲན་པ་ལ་ལེགས་པར་བཞག་ནས་རྣལ་འབྱོར་དུ་བྱེད་པ་ན། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་ཅན་ནི་ས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུའི་རྟོགས་པའི་ རིམ་པས་རྣམ་པ་ཐམས་ཅད་མངོན་སུམ་དུ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་ཞེས་བྱ་བ་འདི་ནི་དགོས་པའི་ཡང་དགོས་པ་སྟེ་ཉིང་དགོས་ཉིད་ཡིན་ནོ། །བཞི་པ་ནི། དགོས་པའི་དགོས་པ་དེ་ཆེད་དུ་བྱ་བ་པོས་མངོན་པར་འདོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་མདོའི་དོན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་སྒྲུབ་པ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་བརྒྱད་དོན་བདུན་ཅུ་དང་བཅས་པ་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི་བསྟན་བཅོས་རྒྱན་འདི་བརྩམས་པའི་དགོས་པ་ཡིན་ནོ། ། གསུམ་པ་འཇུག་བྱ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་ཉིད་བཤད་པ་ལ་གསུམ། རྒྱས་པ་ལ་མོས་པའི་གང་ཟག་ལ་བརྒྱད་དུ་ཕྱེ་སྟེ་བཤད་པ། བར་པ་ལ་མོས་པའི་གང་ཟག་ལ་དོན་དྲུག་ཏུ་བསྟན་པ། བསྡུས་པ་ལ་མོས་པའི་གང་ཟག་ལ་དོན་གསུམ་ དུ་བསྡུས་ཏེ་བསྟན་པའོ། ། དེ་ལའང་བརྒྱད་དང་། དྲུག་དང་། གསུམ་དུ་ཕྱེ་བར་མཛད་པ་ནི་བསྡུ་སྒོའི་དབང་དུ་བྱས་ཏེ་གྲངས་ཀྱི་རྣམ་པར་གཞག་པ་གསུམ་དུ་བཅད་པ་ཡིན་ལ། ཚིག་དོན་མི་འདྲ་བ་གསུམ་དུ་ཡོད་པ་སྲོལ་ཐ་དད་པ་གསུམ་དུ་སོ་སོར་ བཤད་པ་ནི་མིན་ནོ། །དེ་ལྟར་ཡིན་པའང་ཇི་སྐད་དུ། ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །ཞེས་འབྱུང་བས་སོ། །མདོར་ན་བརྒྱད་པོ་དེའི་དོན་གྱི་ཆ་རིམ་བཞིན་དུ་བསྡུས་ཚུལ་ལ་མི་འདྲ་བ་གསུམ་བྱུང་བ་ཡིན་ཏེ། འགྲེལ་ཆེན་ 4-1-37a ལས། དེ་ལྟར་རྣམ་པ་གཞན་གཉིས་ནི་བསྡུས་པའི་དོན་ཉིད་འཆད་པར་འགྱུར་གྱི། རེ་ཞིག་བསྡུས་པའི་དོན་དེ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཡང་བསྡུས་དོན་གསུམ་པོ་དོན་གཅིག་ན་དོན་བསྡུས་གཞན་ཞེས་པའི་ དགོངས་པ་གང་དུ་བཙལ་ཞེ་ན། སྐབས་བརྒྱད་དུ་བཤད་པ་ལས། གཞན་དྲུག་དང་གསུམ་གྱིས་འཆད་ཅེས་པའི་དོན་ཡིན་ཏེ། ཉི་སྣང་ལས། འདི་ནི་བཤད་པའི་རྣམ་གྲངས་གཞན་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་དུ་བསྡུས་ཚུལ་གསུམ་ཀ་ལའང་ འཆད་བྱེད་དོན་བདུན་ཅུའི་སྒོ་ནས་འཆད་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །འགའ་ཞིག་ནི་དེ་ལས་བཟློག་སྟེ་སྨྲའོ། །དེས་ན་བསྡུས་དོན་གསུམ་གྱི་ཁྱད་པར་མངོན་རྟོགས་བརྒྱད་ཀྱི་ངོ་བོ་ངེས་པ་དང་། གོ་རིམ་ངེས་པ་དང་། གྲངས་ངེས་པའི་སྒོ་ནས་ ངེས་པ་བཟུང་དགོས་སོ། །དང་པོ་རྒྱས་པ་ལ་མོས་པའི་གང་ཟག་ལ་བརྒྱད་དུ་ཕྱེ་སྟེ་བཤད་པ་ལ་གཉིས་ཏེ། ལུས་རྣམ་པར་གཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་འབྲེལ་བ་དང་ལ་སོགས་པས་དགོས་སོགས་ ཆོས་བཞི་བསྙད་ནས་དེའི་འོག་ཏུ་ལུས་རྣམ་གཞག་བསྟན་པའི་དགོས་པ་ནི། གདུལ་བྱ་ཉན་པ་པོ་རྣམས་ཀྱིས་ཚིག་ཉུང་ངུས་ཡུམ་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་། འཆད་པ་པོ་རྣམས་ཀྱིས་བསྟན་བཅོས་ཀྱི་དོན་རྣམ་པར་དབྱེ་བ་བྱས་པའི་ཡན་ལག་ རྒྱས་པར་འཆད་པ་ནའང་གོ་རིམ་མི་འཛིངས་པ་ཉིད་ཀྱིས་བཤད་པར་བྱ་བ་སླ་བར་གཟིགས་ནས་ཚིག་ལེའུར་བྱས་པ་བཅོ་ལྔས་མདོར་བསྟན་པ་དང་། རྒྱས་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་གཞག་པ་འདི་གསུངས་པ་ཡིན་ནོ། ། 4-1-37b འདིར་བདེ་བླག་ཏུ་རྟོགས་པ་ཞེས་པ་དང་། གོང་དུ། བདེ་བླག་ཏུ་ནི་རྟོགས་པ་ཞེས། །ཞེས་བྱ་བ་གཉིས་ཚིག་ཟློས་པར་གྱུར་པ་མིན་ཏེ། སྔ་མས་ནི་མདོའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱེད་པ་དང་། ཕྱི་མས་ནི་བསྟན་བཅོས་ཀྱི་དོན་ཁོང་དུ་ཆུད་དགོས་པའི་ དོན་ཡིན་པས་ཟློས་པའི་ཉེས་པ་མེད་དོ། །ལུས་རྣམ་པར་གཞག་པ་འདི་གང་ལས་འཕྲོས་ཤེ་ན། སྟོན་པས་འདི་ལས་བཤད་པ་གང་། །ཞེས་པ་ལས་འཕྲོས་པ་ཡིན་ཏེ། དེའི་རྒྱུ་མཚན་ནི་བཤད་པ་གང་ཞེས་པའི་བཤད་པ་དེ་རྣམ་མཁྱེན་ཁོ་ན་ཡིན་པ་སེལ་བའི་ དོན་དུ་དེ་མ་ཐག །ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་བརྒྱད་དུ་བཤད་དགོས་པར་བསྟན་པ་ཡིན་ལ། དངོས་པོ་བརྒྱད་ཀྱི་དོན་ལའང་བརྗོད་པ་མི་འདྲ་བའི་ཁྱད་པར་འགའ་ཞིག་ཡོད་དེ། ཇི་སྐད་དུ། མངོན་རྟོགས་ ཤེས་རྒྱུད་རིམ་པ་སྟེ། །དངོས་པོ་བརྒྱད་ནི་བརྗོད་བྱ་ལ། །སྐབས་ནི་རྗོད་བྱེད་ཤཱནྟིས་གསུངས། །ཞེས་འབྱུང་ལ། འབྱུང་བའི་དངོས་པོ་བརྒྱད་པོ་དེ་སྐབས་བརྒྱད་དུ་ཕྱེ་བ་དེའང་འཐད་པ་དོན་ལ་འཇུག་སྟེ། ཉི་སྣང་དང་ལེའུ་བརྒྱད་མ་གཉིས་ཀར་དངོས་པོ་ བརྒྱད་དང་ལེའུ་བརྒྱད་སྦྱར་ནས་བཤད་པའི་ཕྱིར་རོ། །དེ་ལྟར་ལུས་རྣམ་པར་གཞག་ཅེས་པའི་ལུས་ཀྱི་སྒྲ་དོན་ནི། ཡན་ལག་དངོས་པོ་བརྒྱད་དང་། ཉིང་ལག་དོན་བདུན་ཅུ་དུ་མ་དང་བཅས་པའི་ཡན་ལག་ཅན་གྱི་ལུས་ཡིན་པས་སོ། །རྩ་བ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་དབྱེ་བའོ། །དང་པོ་ནི། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཤུགས་ཀྱི་སྦས་དོན་དངོས་པོ་བརྒྱད་ཀྱི་སྒོ་ནས་ཡང་དག་པར་བཤད་དགོས་ལ། དེའི་དངོས་པོ་བརྒྱད་གང་ཞེ་ན། རྣམ་པ་ཀུན་མཁྱེན་པ་ཉིད་དང་། དེ་ 4-1-38a ནས་ལམ་ཤེས་པ་ཉིད་དང་། ལམ་ཤེས་ཀྱི་རྗེས་དེ་ནས་ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་དང་། རྩེ་མོར་ཕྱིན་པའི་སྦྱོར་བ་དང་། མཐར་གྱིས་པའི་སྦྱོར་བ་དང་། སྐད་ཅིག་མ་གཅིག་ ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་དང་། འབྲས་བུ་ཆོས་ཀྱི་སྐུ་དང་བཅས་པས་རྣམ་པ་བརྒྱད་པོ་དེ་ཡིན་ནོ། །བརྒྱད་པོ་འདིར་ཤེར་ཕྱིན་གྱི་ལུས་ཐམས་ཅད་འདུས་པ་ཡིན་ཏེ། དོན་དུ་གཉེར་བྱའི་བྱང་ཆུབ་ནི་ཤེས་པར་བྱ་བའི་ཡུལ་གསུམ། དེ་ ཉམས་སུ་ལེན་པའི་སྦྱོར་བ་བཞི། ཐོབ་བྱའི་འབྲས་བུ་དང་བརྒྱད་ཀྱིས་མཐར་ཕྱིན་དགོས་པའི་ཕྱིར་ན། དེ་བརྒྱད་པོས་སྐྱེས་བུས་གཉེར་བྱའི་ཤེར་ཕྱིན་གྱི་ཚིག་དོན་གང་ཡིན་པའི་ལས་ཐམས་ཅད་བསྡུ་བར་ནུས་པ་ཡིན་ནོ། ། དེའང་དངོས་པོ་བརྒྱད་པོ་དེ་སྔ་མ་སྔ་མ་མེད་ན་ ཕྱི་མ་ཕྱི་མའང་མི་འབྱུང་བ་ཡིན་ཏེ། སློབ་དཔོན་འདི་ལྟར་ན་ཤེས་བྱའི་ཡུལ་མ་རྟོགས་པར་དེ་དབང་དུ་བྱེད་པའི་ཉམས་ལེན་གྱི་རྒྱུ་འབྲས་མི་འབྱུང་ལ། དེ་མ་བྱུང་བར་བརྟེན་པ་རྒྱུ་འབྲས་མི་འབྱུང་ལ། དེ་མེད་པར་ཡང་ཆོས་སྐུ་འབྱུང་བ་མེད་པའི་ཕྱིར་ཞེས་གསུངས་སོ། །དངོས་པོ་བརྒྱད་པོ་དེའི་ གོ་རིམ་ཡང་འདི་ལྟར་དུ་ངེས་པ་ཡིན་ཏེ། དང་པོར་འབྲས་བུ་ལ་དོན་གཉེར་གྱི་བློ་བསྐྱེད་པའི་ཕྱིར་དུ་རྣམ་མཁྱེན་དེ་ལམ་ཤེས་པ་ཉིད་མེད་ན་མི་འབྱུང་བས་ལམ་ཤེས། ལམ་དེའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ངོ་ཤེས་དགོས་པའི་ཕྱིར་གཞི་ཤེས་བསྟན་ ཏོ། །དེ་ལྟར་ཤེས་པར་བྱས་ནས་བསྒོམ་དགོས་པའི་རིམ་པ་ལའང་རིམ་པ་དེ་ལྟར་ངེས་ཏེ། ཇི་སྐད་དུ། སྦྱོར་བ་བཞི་ཡི་རིམ་པ་ཡང་། །རྣམ་ཀུན་མངོན་རྫོགས་ཚོགས་ལམ་ནས། །ཡོད་པས་དང་པོར་བསྟན་པ་ཡིན། །དེ་ནས་གསུམ་པོ་རིམ་བཞིན་སྐྱེ། ། 4-1-38b ཞེས་གསུངས་ལ། ཉམས་སུ་བླངས་པ་དེའི་གྲུབ་དོན་ཆོས་སྐུ་ནི། དངོས་པོ་བརྒྱད་ཐམས་ཅད་ཀྱི་ཕྱི་མར་སྟོན་པ་ལས་འོས་མེད་དོ། ། འོ་ན་ཡང་སྐབས་དང་པོར་རྣམ་མཁྱེན་སྟོན་ན་རྣམ་མཁྱེན་གྱི་མཚན་ཉིད་སོགས་མི་སྟོན་པ་ཅི་ཞེ་ན། ཁོ་བོས་ནི་སྐབས་བརྒྱད་ པའི་རྣམ་མཁྱེན་དངོས་གང་ཡིན་པའི་འབྲས་བུ་དེ་སྒྲུབ་བྱེད་ཀྱི་ཐུན་མོང་མིན་པའི་རྒྱུ་རྣམས་སྐབས་དང་པོར་བསྟན་པས་རྣམ་མཁྱེན་ཞེས་འབྲས་མིང་རྒྱུ་ལ་བཏགས་པར་སེམས་སོ། །དོན་འདི་ནི་ལོ་ཙཱ་བ་ཆེན་པོའི་དགོངས་པ་ཡང་ཡིན་ནོ། ། དངོས་པོ་བརྒྱད་པོ་ དེའི་མཚན་ཉིད་གང་ཞེ་ན། སྐབས་དང་པོའི་རྣམ་མཁྱེན་གྱི་མཚན་ཉིད་ནི། རྣམ་པ་ཐམས་ཅད་གཟོད་མ་ནས་ཞི་བར་མངོན་སུམ་གྱིས་རྟོགས་པའོ། །སྐབས་གཉིས་པའི་ལམ་ཤེས་ཀྱི་མཚན་ཉིད་ནི། སྐྱོན་མེད་པ་ལ་ཞུགས་པའི་སེམས་དཔས་ལམ་གསུམ་ རྒྱུད་ལ་བསྐྱེད་ནས་གཟོད་མ་ནས་ཞི་བར་མངོན་སུམ་གྱིས་རྟོགས་པའོ། །སྐབས་གསུམ་པའི་གཞི་ཤེས་ཀྱི་མཚན་ཉིད་ནི། སྲིད་ཞི་གཉིས་ལ་གནས་པ་མ་ཡིན་པར་གཞི་ཐམས་ཅད་གཟོད་མ་ནས་ཞི་བར་མངོན་སུམ་གྱིས་རྟོགས་ཤིང་། ཤེས་བྱ་ལམ་འབྲས་བུ་ དང་གསུམ་ལ་མཚན་མར་འཛིན་པའི་གཉེན་པོར་གྱུར་པ་དེའོ། །རྣམ་རྫོགས་སྦྱོར་བའི་མཚན་ཉིད་ནི། གཞན་དོན་དུ་མཁྱེན་པ་གསུམ་ལ་དབང་བསྒྱུར་ཐོབ་པར་བྱ་བའི་ཕྱིར་གཞི་ལམ་རྣམ་གསུམ་རང་བཞིན་མེད་པར་བསྒོམ་པ་དེའོ། །རྩེ་མོའི་སྦྱོར་བའི་མཚན་ ཉིད་ནི། རྣམ་རྫོགས་སྦྱོར་བ་བསྒོམས་པའི་མཐུ་ལས་གོམས་པ་ཕུལ་དུ་གྱུར་པའི་གཞན་དོན་དུ་ཆོས་སྐུ་ཐོབ་ཕྱིར་གཞི་ལམ་རྣམ་གསུམ་རང་བཞིན་མེད་པར་བསྒོམ་པ་དེའོ། །མཐར་གྱིས་པའི་སྦྱོར་བའི་མཚན་ཉིད་ནི། གཞན་དོན་དུ་མཐར་ཐུག་ཆོས་སྐུ་དང་། 4-1-39a གནས་སྐབས་སྐད་ཅིག་མ་ཐོབ་ཕྱིར་དུ་གཞི་ལམ་རྣམ་གསུམ་རང་བཞིན་མེད་པར་བསྒོམ་པ་དེའོ། །སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་ནི། མཐར་གྱིས་པ་བསྒོམས་པའི་མཐུ་ལས་མུར་ཐུག་ཅིང་གཞན་དོན་དུ་ཆོས་སྐུ་ཐོབ་པར་བྱ་བའི་ཕྱིར་ གཞི་ལམ་རྣམ་གསུམ་རང་བཞིན་མེད་པར་བསྒོམ་པ་དེའོ། །འབྲས་བུ་ཆོས་སྐུའི་མཚན་ཉིད་ནི། མཁྱེན་གསུམ་ཡུལ་དུ་བྱས་པའི་སྦྱོར་བཞི་བསྒོམས་པས་འབྲས་བུ་ཡང་དག་པ་གྲུབ་པ་དེའོ། ། འདི་ལ་མི་མཁས་པ་འགའ་ཞིག །མཁྱེན་གསུམ་དང་སྦྱོར་བཞི་ གཟོད་མ་ནས་ཞི་བར་མངོན་སུམ་དུ་རྟོགས་པའི་ཆ་ནས་ཁྱད་པར་མེད་པར་ཐལ་བས་དངོས་པོ་བདུན་པོ་དེ་ཟློས་པར་ཐལ་སྙམ་ན། མིན་ཏེ། མཁྱེན་པ་གསུམ་གཟོད་མ་ནས་ཞི་བར་རྟོགས་པ་དེ་མངོན་སུམ་གསར་རྟོགས་ཀྱི་དབང་དུ་བྱས་པ་ཡིན་ལ། སྦྱོར་བ་བཞི་ པོ་དེ་གཟོད་མ་ནས་ཞི་བ་དེ་མངོན་སུམ་གསར་རྟོགས་སུ་བྱེད་པའི་ཕྱིར་བསྒོམ་པའི་ཚུལ་ཡིན་ལ། འདིར་གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མེད་པར་རྟོགས་པ་གཉིས་དོན་གྱི་གོ་བ་གཅིག་པ་ཡིན་ནོ། །གཉིས་བ་ནི། ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ དང་། ཐེག་ཆེན་གྱི་གདམས་ངག་དང་། ཆོས་ཉིད་མངོན་སུམ་དུ་ངེས་པའི་གང་ཟག་གི་རྒྱུ་དང་། མཐོང་སྤང་སོ་སོར་འབྱེད་པས་ན་ངེས་འབྱེད་མཐོང་ལམ་གྱི་ཡན་ལག་སྟེ་རྒྱུ་རྣམ་པ་བཞི་ནི། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་གོ། དང་ཞེས་པ་ནི་ཚིག་ འོག་མ་འདྲེན་པར་བྱེད་པ་ཡིན་ནོ། །ཐེག་ཆེན་སྒྲུབ་པ་ཡི་ནི་རྟེན་དུ་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཟོད་མ་ནས་ཡོད་པའི་རིགས་དང་། ཐེག་ཆེན་བསྒྲུབ་པའི་དམིགས་པ་དག་དང་། བསྒྲུབ་པའི་ཆེད་དུ་བྱ་བ་དང་། བསྒྲུབ་པ་རང་གི་ངོ་བོ་ལའང་གོ་ཆའི་ 4-1-39b བསྒྲུབ་པ་དང་། འཇུག་པའི་བྱ་བ་བསྒྲུབ་པ་དང་། ཚོགས་ཀྱི་བསྒྲུབ་པ་དང་ནི་ངེས་པར་འབྱུང་བའི་བསྒྲུབ་པ་དང་བཅས་པ་རྣམས་ནི་ཐུབ་པའི་དབང་པོ་རྣམ་པ་ཀུན་མཁྱེན་པ་ཉིད་དུ་མཚོན་བྱེད་ཀྱི་ཆོས་ཡིན་ནོ། །རྣམ་མཁྱེན་གྱི་ཆོས་བཅུ་པོ་འདི་ལའང་དང་པོ་གསུམ་ རྒྱུ་འབྲས་ཀྱི་གོ་རིམ་དང་། ངེས་འབྱེད་ནས་བསྒྲུབ་པའི་ངོ་བོ་ཡན་ལག་ལྔ་པོ་དེ་བཤད་པའི་རིམ་པ་དང་། བསྒྲུབ་པ་བཞི་དོན་གྱི་གོ་རིམ་དུ་བཞག་པ་ཡིན་ནོ། །རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་ལས་སེམས་བསྐྱེད་པ་སོགས་བཅུ་ཁོ་ནར་གྲངས་ངེས་པ་ནི་ཡུམ་གྱི་ ལུང་གིས་གྲུབ་པའི་གྲངས་ངེས་ཡིན་ནོ། །རྟེན་གྱི་གང་ཟག་ལ་ལམ་ཤེས་སྐྱེར་རུང་བའི་ཕྱིར་རྣམ་སྨིན་ལས་བྱུང་བའི་ལྷའི་འོད་མོག་མོག་པོར་བྱེད་པ་དང་ལ་སོགས་པས་ལམ་ཤེས་སྐྱེ་བའི་རྐྱེན་དང་རྒྱུ་ཡང་མ་བསྡུས་པ་མིན་ནོ། །བྱང་ཆུབ་སེམས་དཔས་དམན་ པའི་སྤངས་རྟོགས་ཤུགས་ལས་རྫོགས་པའི་དོན་གྱིས་སློབ་མ་ཉན་ཐོས་ཀྱི་ལམ་བདེན་བཞི་ལ་རྣམ་པ་སོ་གཉིས་རང་བཞིན་མེད་པར་མངོན་དུ་རྟོགས་པ་དེ་ཡིན་ལ། བསེ་རུ་སྟེ་རང་སངས་རྒྱས་ཀྱི་ལམ་ནི་བདག་མེད་ཕྱེད་དང་གཉིས་མངོན་དུ་རྟོགས་པ་དེ་གང་ཡིན་ པ་དང་། བྱང་ཆུབ་སེམས་དཔའི་ལམ་ལས་ནི་དང་པོར་ཚེ་འདི་དང་ཚེ་རབས་གཞན་པའི་ཡོན་ཏན་གྱི་ཕན་ཡོན་ཆེ་བ་ཐེག་ཆེན་གྱི་མཐོང་བའི་ལམ་དང་། དེ་ནས་སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་སྒོམ་ལམ་གྱི་རང་བཞིན་མོས་པ་སྒོམ་ལམ་དང་། མོས་ པ་དེ་ལ་བསྟོད་དང་བཀུར་དང་བསྔགས་པས་ཐོབ་པའི་ཕན་ཡོན་དང་། བྱེད་པ་ཅན་སྒོམ་ལམ་གྱི་རང་བཞིན་དུ་གྱུར་པའི་བསྔོ་བ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་དང་། སྒོམ་ལམ་ཟག་ 4-1-40a མེད་ལའང་སྒྲུབ་པ་སྒོམ་ལམ་དང་། ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་འདི་ནི་སྒོམ་པའི་ལམ་སྟེ་བཅུ་གཅིག་པོ་དེ་ནི་བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱི་ལམ་ཤེས་ཉིད་ནི་རྣམ་གྲངས་དེ་འདྲ་བར་བཤད་དོ། །མཐུན་ཕྱོགས་མིན་པ་ དང་། གཉེན་པོའི་རང་བཞིན་གྱི་གཞི་ཤེས་ལ་ནི་དེ་ལྟ་བུའི་རང་བཞིན་ཅན་གྱི་བྱེད་པས་མཐའ་གཉིས་ལ་གནས་པ་མིན་པའི་ཚུལ་ཤེས་པས་སྲིད་པ་ལ་མི་གནས་པའི་གཞི་ཤེས་དང་། སྙིང་རྗེ་ཆེན་པོས་ཞི་བ་ཕྱོགས་གཅིག་པ་ལ་མི་གནས་པའི་གཞི་ཤེས་དང་། གཞི་ཤེས་ཀྱི་བྱེད་པ་ལ་ཁྱད་པར་ཞུགས་པའི་དོན་དུ་འབྲས་ཡུམ་བསྒྲུབ་པའི་ཐབས་ལ་མཁས་པ་མ་ཡིན་པས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་དང་། འབྲས་ཡུམ་བསྒྲུབ་པའི་ཐབས་མཁས་པ་ཉིད་ཀྱིས་རིང་བ་མ་ཡིན་པའི་གཞི་ཤེས་ཉིད་དང་། རྟོགས་ པའི་བྱེད་པ་མཚམས་སྟོན་པའི་གཞི་ཤེས་ཀྱི་ཚུལ་ལ་ཐེག་ཆེན་གྱི་ལམ་གྱི་མི་མཐུན་ཕྱོགས་བདེན་བཞི་མི་རྟག་བཅུ་དྲུག་ཙམ་དུ་མཚན་མར་འཛིན་པའི་གཞི་ཤེས་དང་། གཉེན་པོའི་ཕྱོགས་གཞི་ལམ་རྣམ་གསུམ་ལ་མཚན་མར་འཛིན་པའི་གཉེན་པོ་བྱེད་ པའི་གཞི་ཤེས་དག་དང་། ཐེག་ཆེན་གྱི་གཞི་ཤེས་ལ་སྦྱོར་བ་དང་། སྦྱོར་བ་དེའི་ཡུལ་ཆོས་ཉིད་ལ་མཉམ་པ་ཉིད་དང་། གཞི་ཤེས་ཀྱི་མཐོང་ལམ་སྟེ་ཉན་ཐོས་དང་ལ་སོགས་པས་རང་སངས་རྒྱས་དང་སེམས་དཔའི་མཐོང་བའི་ལམ་དང་བཅས་པས་ སྟོན་པ་ནི། རྣམ་གྲངས་དགུ་དེ་འདྲ་བས་ཀུན་ཤེས་ཉིད་མཚོན་བྱེད་ཀྱི་ཆོས་སུ་འདོད་པ་ཡིན་ནོ། །སྦྱོར་བ་བཞི་ལས་རྣམ་ཀུན་མངོན་རྫོགས་ཀྱི་སྦྱོར་བ་ལ་བསྒོམ་པར་བྱ་བའི་དོན་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་གཉིས་དང་བརྒྱ་བདུན་ཅུ་རྩ་གཉིས་ཡོད་ལ། གང་ 4-1-40b བསྒོམ་པ་སྦྱོར་བའི་རང་བཞིན་བཅས་པ་རྣམས་དང་། དེ་ལྟར་བསྒོམ་པའི་ཡོན་ཏན་དང་། སྦྱོར་བ་ཕྱིན་ཅི་ལོག་ཏུ་བསྒོམ་པའི་སྐྱོན་དང་ནི་སྦྱོར་བའི་མཚན་ཉིད་དང་བཅས་པ་རྣམས་བསྟན་ལ། སྦྱོར་བའི་རང་བཞིན་དངོས་ལའང་ངོ་བོ་ནི་བཤད་མ་ཐག་པ་དེ་ཡིན་ཀྱང་། དབྱེ་བ་ནི་འདི་ལྟ་སྟེ། གནས་སྐབས་ཀྱི་ལམ་གྱི་དབང་དུ་བྱས་ནས་ཐར་པ་ཆ་མཐུན་དང་། ངེས་འབྱེད་ཆ་མཐུན་དང་། དེ་གང་གིས་སྒོམ་པར་བྱེད་པའི་གང་ཟག་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་དང་། མཐར་ཐུག་མི་སློབ་ལམ་གྱི་དབང་དུ་བྱས་ཏེ་ཆོས་སྐུའི་རྒྱུ་ སྲིད་དང་ཞི་བ་མཉམ་ཉིད་ཀྱི་སྦྱོར་བ་དང་། གཟུགས་སྐུའི་གནས་དག་པའི་རྒྱུ་ཞིང་དག་པ་བླ་ན་མེད་པའི་སྦྱོར་བ་དང་བཅས་པ་ནི་རྣམ་ཀུན་མངོན་པར་རྟོགས་པའི་སྦྱོར་བའང་ཡིན་ལ། དེ་ལས་གཞན་ཡང་ཡོད་དེ། ཕྲིན་ལས་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་ འདི་ནི་ཐབས་ལ་མཁས་པའི་སྦྱོར་བ་དང་བཅས་པ་རྣམས་དེ་ཡིན་ནོ། །རྩེ་མོའི་སྦྱོར་བ་དེའི་དབང་དུ་བྱས་པ་ལ་སྦྱོར་བའི་ལམ་དྲོད་ཀྱི་སྐབས་སུ་ཕྱིར་མི་ལྡོག་པའི་རྟགས་ཀྱི་རྩེ་སྦྱོར་དང་། རྩེ་མོའི་སྐབས་སུ་རྣམ་འཕེལ་རྩེ་སྦྱོར་དང་། བཟོད་པའི་སྐབས་ སུ་བརྟན་པའི་རྩེ་སྦྱོར་དང་། ཆོས་མཆོག་གི་སྐབས་སུ་སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་དང་། མཐོང་ལམ་ཞེས་བྱ་བའི་ལམ་དང་། སྒོམ་པའི་ལམ་ཞེས་བྱ་བའི་ལམ་ལ་ནི་གཟུང་འཛིན་སོ་སོ་བ་ལ་རྣམ་པར་རྟོག་པར་གྱུར་པ་བཞི་བཞིའི་གཉེན་པོའང་རྣམ་ པ་བཞི་བཞི་དང་ནི་སྟེ་མཐོང་སྒོམ་གྱི་རྩེ་སྦྱོར་རོ། །བར་ཆད་མེད་པའི་རྩེ་སྦྱོར་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྩེ་སྦྱོར་གང་ཡིན་པ་ངོས་བཟུང་བ་དང་། དེའི་སྤང་བྱ་ལོག་པར་བསྒྲུབ་པ་གང་ཡིན་པ་ངོས་བཟུང་བ་དང་བཅས་པ་ནི་རྩེ་མོའི་མངོན་པར་ 4-1-41a རྟོགས་པའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་སོ། ། མཐར་གྱིས་པའི་སྦྱོར་བ་ནི་ཕྱིན་དྲུག་ཉམས་ལེན་གྱིས་མཐར་གྱིས་པ་དྲུག །རྗེས་དྲན་དྲུག་ཉམས་ལེན་གྱི་མཐར་གྱིས་པ་དྲུག །དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པ་སྟེ་ བསྡོམས་ན་རྣམ་པ་བཅུ་དང་རྣམ་པ་གསུམ་དུ་ཡོད་དོ། །སྐད་ཅིག་མའི་སྦྱོར་བ་ལ་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་ལ་ལྡོག་པ་ཐ་དད་པའི་མཚན་ཉིད་ཀྱིས་ནི་དབྱེ་བ་རྣམ་པ་བཞི་ཡོད་དོ། ། འབྲས་བུ་ཆོས་སྐུ་ནི་ངོ་བོ་ཉིད་ ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་སྐུ་མཚན་དཔེར་བཅས་པ་དེ་དང་། དེ་དང་འདྲ་བཞིན་པའི་གཞན་པ་སྤྲུལ་པའི་སྐུ་ནི་ཆོས་སྐུའི་ཕྲིན་ལས་ཀྱི་མཛད་པའི་ནུས་པ་ལ་བརྟེན་ཏེ་སྣང་བ་དང་བཅས་པ་རྣམ་པ་བཞིར་ནི་ཡང་དག་པར་བརྗོད་དོ་ཞེས་བྱ་བ་ཡིན་ནོ། ། ཁོ་ བོས་ནི་འདི་ལྟར་དུ་གོ་སྟེ། ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་གཉིས་ཆོས་ཉིད་ཀྱི་སྐུ་ཡིན་པ་ལ་ཁྱད་པར་མེད་ཀྱང་ཆོས་ཉིད་ཀྱི་སྐུ་ཉིད་ཀྱི་ཆ་དེ་ལ་རང་གི་ངོ་བོ་རང་བཞིན་གྱིས་འོད་གསལ་བའི་ཆ་ཞིག་དང་། རང་གི་ངོ་བོའི་ཚུལ་གང་ཡིན་པ་མི་འདོར་བའི་ཆ་ཞིག་ ཡོད་པ་གཉིས་ལས་སྔ་མའི་ཆ་ཆོས་སྐུ་དང་ཕྱི་མའི་ཆ་ངོ་བོ་ཉིད་སྐུར་བསྟན་ལ། དོན་དེས་ན་ངོ་བོ་ཉིད་སྐུ་གཙོ་ཆེ་བར་བྱས་པའི་བདག་རྐྱེན་གྱིས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་སུ་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བ་བསྐྱེད་པ་དང་། ཆོས་ཀྱི་སྐུ་གཙོ་ཆེ་བའི་བདག་ རྐྱེན་གྱིས་ཆོས་ཀྱི་དབྱིངས་དང་རྒྱུ་མཐུན་པ་དག་པའི་སྣང་བ་དང་ལྡན་པ་རྣམས་ལ་སྤྲུལ་པའི་སྐུ་མཛད་པ་དང་བཅས་པ་སྣང་བར་བསྐྱེད་པ་ཡིན་པར་སེམས་སོ། །གསུམ་པ་འགྲེལ་པ་ལ་གཉིས། མདོར་བསྡུས་ཏེ་བཀྲོལ་བ་དང་། རྒྱས་པར་མ་བཤད་པའི་རྒྱུ་ 4-1-41b མཚན་ནོ། །དང་པོ་ནི། ཚིགས་བཅད་བཅོ་ལྔ་ཡོད་པ་དེ་ལ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་སོགས་པའི་ཚིག་ལེའུར་བྱས་པ་དང་པོ་གཉིས་ཀྱིས་ནི་རྒྱན་གྱི་བརྗོད་བྱ་དངོས་པོ་བརྒྱད་དུ་བསྡུས་ནས་བསྟན་པའི་ཕྱིར་མདོར་བསྟན་པ་ཡིན་ནོ། །སེམས་བསྐྱེད་པ་ དང་ཞེས་སོགས་ཀྱི་ཚིག་ལེའུར་བྱས་པ་བཅུ་གསུམ་གྱིས་ནི་དངོས་པོ་བརྒྱད་དོན་བདུན་ཅུ་རྩ་གཅིག་དང་བཅས་པ་དེ་དག་ཉིད་ཀྱི་དོན་བསྡུས་ནས་བསྟན་བཅོས་ཀྱི་ལུས་ཅུང་ཟད་རྒྱས་པར་བཤད་དེ། བཤད་པ་དེ་ལྟར་ན་ཚིགས་བཅད་དང་པོ་གཉིས་ཀྱིས་བསྡུས་པ་དང་། ཚིགས་བཅད་བཅུ་གསུམ་གྱིས་རྒྱས་པར་བཤད་པའི་ཕྱིར་བསྟན་བཅོས་ཀྱི་བསྡུས་དོན་ལེགས་པར་བཤད་པ་ཡིན་ནོ། །གཉིས་པ་ནི། འགྲེལ་མཛད་འདིས་རྗེ་བཙུན་གྱིས་བསྡུས་པའི་དོན་གྱི་ཚིག་ལེའུར་བྱས་པ་བཅོ་ལྔ་པ་རྣམས་ལ་ནི་བསྟན་བཅོས་མཛད་པ་པོ་རྗེ་ བཙུན་ཉིད་ཀྱིས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་བྱ་བ་ལ་སོགས་པ་འོག་ནས་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གིས་འཆད་པས་ན། དེ་དག་རྣམ་པར་བཤད་པས་བསྡུས་དོན་དེ་བཤད་པར་བསམས་ཏེ། འདིར་ཡན་ལག་རྒྱས་བཤད་དུ་ བྱས་ན་ནི་ཟློས་པའི་ཉེས་པར་གྱུར་དུ་དོགས་ནས་རྣམ་པར་མ་བཀྲོལ་ལོ་ཞེས་གསུངས་སོ། ། བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། ཐུབ་དབང་ཆོས་ཀྱི་སྒོ་ཆེན་ལེགས་ཕྱེས་ནས། ། མ་ཕམ་དགོངས་དོན་ཤིང་རྟར་བླངས་བྱས་ཏེ། ། ཐོགས་མེད་སྐྱོབ་གང་ཁ་ལོ་པ་ དེས་ནི། ། དྲངས་གྱུར་གང་ཡིན་དེ་ནི་དེང་འདིར་སོན། །ཞེས་སོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། ཡུལ་མཁྱེན་གསུམ། ཐབས་སྦྱོར་བཞི། འབྲས་བུ་ཆོས་སྐུ་བཤད་པའོ། །དང་པོ་ལ་གསུམ། ཐོབ་བྱ་རྣམ་མཁྱེན། ལམ་གྱི་གཞི་ 4-1-42a ལམ་ཤེས། ལམ་གྱི་ཡན་ལག་གོལ་ས་དང་བཅས་པའི་གཞི་ཤེས་བཤད་པའོ། །དང་པོ་ལ་གསུམ། འབྲེལ་བ་བཀོད་པས་མཚམས་སྦྱར་བ། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། གོང་དུ་བཤད་པ་དེ་ལྟར་རྒྱལ་བའི་ཡུམ་གྱི་བསྡུས་པའི་དོན་ཀུན་བསྟན་ནས་དེའི་རྗེས་སུ་བྱང་ཆུབ་སེམས་དཔའ་གང་དག་བྱང་ཆུབ་རྗེས་སུ་ཐོབ་པར་འདོད་པས་རྣམ་མཁྱེན་དེ་ཆེད་དུ་གཉེར་བའི་འབྲས་བུ་ཡིན་པའི་ཕྱིར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མཐར་ཐུག་འཐོབ་པར་བྱ་ དགོས་པས། དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་སྡུད་པའི་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ཚིག་ལེའུར་བྱས་པ་རྣམས་རྣམ་པར་བཤད་པའི་སྒོ་ནས་རྗེ་བཙུན་གྱིས་བཤད་པར་བཞེད་དེ་ཞེས་བཟང་པོའི་ཞབས་ཀྱིས་གསུངས་སོ། །གཉིས་ པ་ལ་བདུན། སེམས་བསྐྱེད། གདམས་ངག །ངེས་འབྱེད་སྦྱོར་ལམ། སྒྲུབ་པའི་རྟེན། སྒྲུབ་པའི་དམིགས་པ། སྒྲུབ་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། སེམས་བསྐྱེད་ པའི་མཚན་ཉིད་དེ་གང་ཞེ་ན། ལས་སུ་བྱེད་པ་སེམས་བསྐྱེད་ཀྱི་དོན་དང་། བྱེད་པ་དེས་བྱང་ཆུབ་ལ་དམིགས་པར་བྱ་བའི་སེམས་བསྐྱེད་པ་དེའོ། །དམིགས་པ་དེ་ལ་དོན་དམ་ཆོས་ཉིད་ལ་དམིགས་པ་དང་། ཀུན་རྫོབ་ཆོས་ཅན་ལ་དམིགས་པའི་བྱང་ཆུབ་གཉིས་ཡོད་ པ་ལས། དང་པོའི་དམིགས་པ་གང་ཡིན་པ་དེ་རྒྱུད་ལྡན་གྱི་སེམས་དཔའ་ཡིན་ན། དོན་དམ་སེམས་བསྐྱེད་སྐྱེས་པའི་གང་ཟག་ཡིན་པ་དང་། གཉིས་པའི་དམིགས་པ་གང་ཡིན་པ་རྒྱུད་ལྡན་གྱི་སེམས་དཔའ་ཡིན་ན། ཀུན་རྫོབ་སེམས་བསྐྱེད་སྐྱེས་པའི་གང་ཟག་ཡིན་ནོ། ། 4-1-42b དེ་ལྟ་བུའི་ཀུན་རྫོབ་སེམས་བསྐྱེད་དེ་ལ་མོས་པས་སྤྱོད་པའི་སེམས་བསྐྱེད་དང་འཕགས་པའི་རྗེས་ཐོབ་ཀྱི་སེམས་བསྐྱེད་ཅེས་བྱ་ལ། དོན་དམ་པའི་སེམས་བསྐྱེད་ནི་ལྷག་བསམ་དག་པ་དང་། རྣམ་པར་སྨིན་པ་དང་། སྒྲིབ་པ་སྤངས་པའི་དབྱེ་བ་གསུམ་དུ་བྱས་ ཏེ། དང་པོ་ནི་ས་དང་པོ་ནས་ས་བདུན་པའི་བར་དང་། གཉིས་པ་ནི་དག་ས་གསུམ་དང་། གསུམ་པ་ནི་སངས་རྒྱས་ཀྱི་སར་རྣམ་པར་བཞག་པ་ཡིན་ནོ། །འདིའི་སྐབས་སུ་དོགས་པ་འདི་འདྲ་བ་ཞིག་ཤར་ཏེ། སེམས་བསྐྱེད་པ་ཡིན་ན་འདོད་པ་དང་ མཚུངས་པར་ལྡན་པའི་སེམས་བསྐྱེད་ཡིན་པས་ཁྱབ་པར་སློབ་དཔོན་བཟང་པོའི་ཞབས་བཞེད་མོད། དེ་ལྟར་ན་བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ན་འདོད་པ་དང་མཚུངས་ལྡན་གྱི་སེམས་པ་མེད་པའི་ཕྱིར་ན་སེམས་བསྐྱེད་པ་མེད་སྙམ་དུ་ དོགས་སོ། །དེའི་ཚེ་ཁོ་བོས་འདི་ལྟར་དུ་གོ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བྱང་ཆུབ་དངོས་ཀྱི་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་རྒྱུ་མཐུན་པའི་སེམས་བསྐྱེད་པ་གཉིས་ཡོད་པ་ལས། དང་པོ་ནི་དོན་དམ་སེམས་བསྐྱེད་ཡིན་ཅིང་དེའི་སེམས་བསྐྱེད་དེ་ལ་སེམས་ སེམས་བྱུང་གི་རྒྱུ་བ་ཙམ་ཡང་མེད་མོད། སྐབས་དེར་རང་བཞིན་འོད་གསལ་གྱི་སེམས་དང་མཚུངས་ལྡན་དུ་སྐྱེས་པའི་སེམས་བསྐྱེད་ནི་མེད་པ་མ་ཡིན་ལ། གཉིས་པ་ནི་གཙོ་བོའི་སེམས་བསྐྱེད་པའི་འཁོར་སེམས་བྱུང་དགེ་བ་དང་མཚུངས་ལྡན་དུ་བསྐྱེད་པ་དེ་ཡིན་ ལ། དེའང་འཕགས་སེང་གི་ལུགས་ལྟར་ན་གཙོ་བོའི་རྣམ་རིག་ཅེས་སྦྱར་བར་མཛད་དེ། ཉི་ཁྲི་སྣང་བ་ལས། སེམས་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དེ་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པའི་ནུས་ 4-1-43a པ་དེ་ལ་སྲིད་པའི་ཕྱིར། ཞེས་གསུངས་སོ། །འདི་ལྟ་བུའི་སེམས་སེམས་བྱུང་གི་ངོ་བོར་གྱུར་པའི་སེམས་བསྐྱེད་དེ་སངས་རྒྱས་ཀྱི་ས་དང་། ཆོས་གང་ཟག་གི་བདག་མེད་རྟོགས་པའི་མཉམ་བཞག་ན་མེད་དོ། །འོ་ན་ཡང་བྱང་ཆུབ་དངོས་ ཀྱི་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་རྒྱུ་མཐུན་པའི་སེམས་བསྐྱེད་པ་གཉིས་ཀྱི་རྣམ་གཞག་འདི་གང་ལས་འབྱུང་སྙམ་ན། རྣལ་འབྱོར་སྤྱོད་པའི་ས་རྣམས་ལས་འབྱུང་ལ། དེ་ལྟར་ཇོ་བོའི་མན་ངག་ཐུན་མོང་མིན་པ་རྣམས་ལས་ཀྱང་བཤད་དེ། སྤྱིར་སེམས་ ཡིན་ན་རྣམ་པར་ཤེས་པ་གང་རུང་གི་ངོ་བོར་གྱུར་པའི་གཙོ་སེམས་ཡིན་པར་འདོད་པ་ནི་རྒྱ་བོད་གཉིས་ཀ་ན་མང་མོད་ཀྱི། འདོད་པ་དེ་ལྟར་ན་མདོ་རྒྱུད་ཆེན་པོ་ཐམས་ཅད་ནས་རང་བཞིན་གྱིས་འོད་གསལ་བ་དེ་སེམས་སུ་བཤད་པ་ཞིག་ཡོད་པ་རྣམ་ཤེས་སུ་དེ་ཇི་ ལྟར་བཤད་ཅེས་འདྲི་ན་ལན་སྟོན་པར་དཀའ་བ་ཡིན་ནོ། །དེས་ན་སེམས་བསྐྱེད་པའི་མཚན་ཉིད་དུ་འཕགས་སེང་གི་འགྲེལ་པ་འདིའི་དབང་དུ་བྱས་པ་ནི་ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། ། སྐབས་འདིར་ལ་ལ་ཞིག་སེམས་བསྐྱེད་ཀྱི་མཚན་ ཉིད་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་སྨོན་ལམ་དང་མཚུངས་པར་ལྡན་པའི་གཙོ་བོ་ཡིད་ཀྱི་རྣམ་ཤེས་དང་། འཁོར་སེམས་བྱུང་དགེ་བ་དང་མཚུངས་ལྡན་དུ་འདོད་པ། དེ་ལྟར་ན་བྱང་སེམས་འགོག་པ་ལ་སྙོམས་པར་ཞུགས་པ་ན་སེམས་བསྐྱེད་མེད་པར་འགྱུར་ ཏེ། གཙོ་བོ་ཡིད་ཀྱི་རྣམ་ཤེས་མེད་པའི་ཕྱིར་རོ་ཞེས་སྨྲ་ལ། དེ་ལ་ལན་འདེབས་པར་བྱེད་པ་འགའ་ཞིག་གིས་ནི་སེམས་བསྐྱེད་མངོན་གྱུར་པ་མེད་ཀྱང་སེམས་བསྐྱེད་ཐོབ་ལ་མ་ཉམས་པ་ཡོད་པས་ན་ཉེས་པ་མེད་དོ་ཟེར་རོ། །དེ་ལྟར་རྒོལ་བ་དང་ཕྱིར་རྒོལ་ 4-1-43b བ་གཉིས་ཀའི་ལུགས་དེ་འཐད་པ་མིན་ཏེ། ཁོ་བོ་ལྟར་ན་སེམས་དཔའ་འགོག་སྙོམས་ལ་ཞུགས་པའི་ཚེ། འཕགས་སེང་གིས་འདིར་བསྟན་གྱི་སེམས་བསྐྱེད་ཀྱི་མཚན་ཉིད་དུ་གསུངས་པའི་སེམས་བསྐྱེད་དེ་མེད་པར་འདོད་ལ། དེ་མེད་པས་སྐབས་དེར་ཐེག་ ཆེན་སེམས་བསྐྱེད་མེད་པར་མི་འགྱུར་རོ། །སྐབས་དེར་སེམས་བསྐྱེད་ཐོབ་ལ་མ་ཉམས་པར་ཡོད་ཅེས་པའང་ཡང་དག་པ་མིན་ཏེ། སེམས་བསྐྱེད་ཐོབ་པ་དེ་སྡོམ་པས་བླངས་པའི་སེམས་བསྐྱེད་དེ་ལ་བྱེད་དམ། བྱང་ཆུབ་ཀྱི་སེམས་ཙམ་སྐྱེས་པ་ལ་བྱེད། དང་ པོ་ལྟར་ན་སྡོམ་པས་བླངས་པའི་སེམས་བསྐྱེད་ཤེས་པ་ལས་གཞན་མ་ཡིན་པས་སྐབས་དེར་ཤེས་པ་རྒྱུན་ཆད་ན་སེམས་བསྐྱེད་ཀྱིས་ཐོབ་པའང་སྐབས་དེར་ཡོད་པ་ནི་བཤད་པར་དཀའ་བ་ཡིན་ནོ། ། དེ་ལ་འགའ་ཞིག་དེ་ཡོད་དེ། ཡང་དག་པར་བླངས་པའི་སེམས་ བསྐྱེད་དེ་བྱང་ཆུབ་ཀྱི་བར་གཟུང་བའི་ཕྱིར་རོ་སྙམ་ན། དེ་ལྟར་གཟུང་བ་བདེན་ཀྱང་མི་འགལ་ཏེ། དེ་ལྟར་གཟུང་བ་ནི་རྣམ་པར་ཤེས་པའི་རྒྱུད་ཀྱིས་བསྡུས་ལ། འགོག་པ་ལ་སྙོམས་པར་ཞུགས་པ་ནི་སྤྲོས་པ་དང་བྲལ་བའི་དབྱིངས་སུ་དེ་ཁོ་ན་ཉིད་ལ་སྙོམས་པར་ ཞུགས་པས་དེར་ནི་བླངས་པ་ལ་བརྟེན་པའི་སེམས་བསྐྱེད་ཀྱི་ཐོབ་པ་ཡོད་པ་མིན་ནོ། །གཉིས་པ་ལྟར་ནའང་བྱང་ཆུབ་ཀྱི་སེམས་ཙམ་སྐྱེས་པས་ཐོབ་ལ་མི་ཉམས་པར་མི་འགྱུར་ཏེ། སྨོན་སེམས་ཙམ་སྐྱེས་པས་ནི་ཐོབ་ལ་མི་ཉམས་པ་ཡོད་པ་མིན་ཅིང་། དེ་ལ་ བསོད་ནམས་རྒྱུན་ཆགས་སུ་འབྱུང་བའི་རྟེན་བྱེད་པ་མེད་པར་གསལ་བས་སོ། ། སྤྱིར་ཡང་སེམས་བསྐྱེད་ཙམ་དང་། གཞན་དོན་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་ལྟར་བསྐྱེད་པའི་སེམས་དེ་ལའང་རང་བཞིན་འོད་གསལ་གྱི་སེམས་ཀྱི་སེམས་བསྐྱེད་ 4-1-44a པ་དང་། སེམས་ཡིད་རྣམ་ཤེས་གསུམ་གྱི་ཟླས་ཕྱེ་བའི་སེམས་བསྐྱེད་གཉིས་ཡོད་པ་ལས། དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཞེས་བྱ་ལ། དེ་ དང་རྗེས་སུ་མཐུན་པ་འཕགས་ལམ་གྱི་མཉམ་བཞག་ན་འབྱུང་བ་ལ་དོན་དམ་སེམས་བསྐྱེད་ཀྱི་མིང་ཅན་དུ་བཤད་པས་སོ། །སངས་རྒྱས་ཀྱི་སར་དེ་ལྟ་བུའི་སེམས་བསྐྱེད་ཡོད་ན་གཞན་དོན་དང་རྫོགས་བྱང་ལ་དམིགས་དགོས་པས་གཞན་དོན་ལ་དམིགས་པར་འདྲ་ ཡང་བྱང་ཆུབ་ལ་ཇི་ལྟར་དམིགས་ཤེ་ན། ལ་ལ་ཞིག་ཐོབ་ཟིན་གྱི་བྱང་ཆུབ་ལ་དམིགས་པའི་ཕྱིར་ཞེས་ཟེར་ལ། ཐོབ་ཟིན་གྱི་བྱང་ཆུབ་ལ་དམིགས་པའང་འཐད་པ་མིན་ཏེ། དེས་རང་དོན་དུ་དམིགས་མི་དགོས་ཏེ་གཉེར་བྱ་གྲུབ་པའི་ཕྱིར་དང་། གཞན་དོན་དུ་ནི་ ཐོབ་ཟིན་གྱི་བྱང་ཆུབ་ལ་མ་དམིགས་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་མེད་པ་མིན་ཏེ། སངས་རྒྱས་ཉིད་བྱང་ཆུབ་དངོས་ཡིན་ལ། དེས་ཐུགས་བསྐྱེད་དོ་ཅོག་བྱང་ཆུབ་ཀྱི་ཐུགས་བསྐྱེད་པ་ཁོ་ན་ལས་མ་གཏོགས་པའི་ཐུགས་བསྐྱེད་པ་མི་འབྱུང་བའི་ཕྱིར་བྱང་ཆུབ་ལ་མ་ དམིགས་པར་ཡང་མ་གྲུབ་བོ། །རྣམ་པ་གཅིག་ཏུ་ན་བྱང་ཆུབ་ནི་དམིགས་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེས་ན་སློབ་ལམ་དུ་སེམས་བསྐྱེད་པའི་དགོས་དོན་སངས་རྒྱས་ཀྱི་སར་བྱང་ཆུབ་ཆེན་པོ་བརྙེད་པའི་ཤུགས་ལས་གཞན་དོན་གྱི་ཐུགས་རྗེའམ་ ཐུགས་བསྐྱེད་དེ་ཡོངས་སུ་རྫོགས་ཏེ་དེ་ལ་རྟག་པར་ལྡན་པའི་དོན་གྱིས་སློབ་དཔོན་བཟང་པོའི་ཞབས་ཀྱིས་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་གསུངས་ལ། མདོར་ན་སློབ་ལམ་ནས་མི་སློབ་ལམ་གྱི་བར་དུ་འདས་མ་འོངས་ཀྱི་ཆ་གསུམ་ལས། དང་པོའི་ 4-1-44b སེམས་བསྐྱེད་བསྐྱེད་མ་ཐག་པ་འདས་པ་དང་། ད་ལྟར་བའི་སེམས་བསྐྱེད་སེམས་སྐྱེད་བཞིན་པའི་གནས་སྐབས་དང་། མ་འོངས་པའི་སེམས་བསྐྱེད་དགོས་དོན་གྲུབ་པའི་སེམས་བསྐྱེད་སེམས་བསྐྱེད་ལས་ཉམས་པ་མེད་པའི་སེམས་བསྐྱེད་དེ་གསུམ་ ཡོད་པ་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་སེམས་བསྐྱེད་ཀྱི་མཚན་ཉིད་སློབ་དཔོན་གྱིས་འགྲེལ་པ་དེ་དང་པོའི་དབང་དུ་བྱས་སོ། ། ཡང་ཁོ་བོའི་བློ་ལ་འདི་ལྟར་ཤར་ཏེ། འཕགས་སེང་ གིས་སེམས་བསྐྱེད་ཀྱི་མཚན་ཉིད་ཀྱི་ཟུར་དུ་གཙོ་བོའི་རྣམ་རིག་ཅེས་བྱ་བ་སྦྱར་བ་འདི་ལ་དོན་དམ་སེམས་བསྐྱེད་ཀྱི་སྐབས་སུའང་དེ་ལྟར་སྦྱར་བར་མཛད་ན་ནི་སྤྲོས་བྲལ་གྱི་ཡེ་ཤེས་རྣམ་པར་ཤེས་པར་ཞལ་གྱིས་བཞེས་པར་ཐལ་བས། སློབ་དཔོན་འདི་གཉིས་ཀྱང་ རྣམ་རིག་སྨྲ་བའི་ཕྱོགས་སུ་ཉེ་བར་འགྱུར་རོ། །འོན་ཏེ་ཕྱོགས་དེ་ལ་ཉེ་བ་ནི་འཐད་པ་མིན་ཏེ། སློབ་དཔོན་འདི་གཉིས་ཀྱིས་མདོ་དང་བསྟན་བཅོས་དངོས་བསྟན་གྱི་སེམས་བསྐྱེད་གཅིག་བཟུང་བ་དེ་ལ་དེ་སྦྱར་བ་ཡིན་ལ། དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད་ཀྱི་ ཟུར་དུ་དེ་སྦྱར་བར་ངེས་པ་མིན་ནོ། །འདིར་དངོས་བསྟན་གྱི་སེམས་བསྐྱེད་ཉེར་གཉིས་པོ་དེ་ཡུམ་གྱི་མདོ་དང་བསྟན་བཅོས་སུ་བྱང་ཆུབ་སེམས་དཔའི་ས་ཁོ་ནར་ཡོད་པར་བཤད་ཀྱང་། སློབ་དཔོན་གྱིས་སེམས་བསྐྱེད་ཐ་མ་གསུམ་སངས་རྒྱས་ཀྱི་ས་ན་ཡོད་པར་ གསུངས་ལ། ཕྱི་མ་ནི་དོན་ལ་ཞུགས་པ་ཡིན་ཏེ། སེམས་བསྐྱེད་དེ་གསུམ་བྱང་ཆུབ་སེམས་དཔའ་ཁོ་ན་ལ་ཡོད་པར་རུང་གི། སངས་རྒྱས་ལ་མེད་རུང་གི་སེམས་བསྐྱེད་མ་ཡིན་པར་བསྟན་པ་ཡིན་ནོ། ། སྨོན་འཇུག་གི་དབྱེ་བ་རྗེ་བཙུན་གྱི་གཞུང་ན་མེད་ཀྱང་། 4-1-45a མདོ་ན་ཡོད་པ་ལྟར་སློབ་དཔོན་གྱིས་གསུངས་ལ། རྗེ་བཙུན་གྱིས་ཀྱང་དཔེ་ཉེར་གཉིས་པོ་ནི་མདོ་གཞན་གྱི་རྗེས་སུ་འབྲང་བར་མཛད་ལ། འདུན་ལྡན་སོགས་ཉེར་གཉིས་པོ་ནི་མདོའི་དངོས་བསྟན་ཡིན་ཅིང་། ཆོས་མཐུན་ཉེར་གཉིས་པོ་ནི་ བཟང་པོའི་ཞབས་ཀྱི་འགྲེལ་པ་ཡིན་ནོ། །སྤྱིར་སེམས་བསྐྱེད་ཀྱི་རྒྱུའི་རྐྱེན་ནི་གཞན་དོན་དོན་གཉེར་གྱི་སྙིང་རྗེ་དང་། བྱམས་པ་དང་། རིགས་རྣམ་པ་གཉིས་དང་། ཡིད་ཆེས་པའི་དད་པ་ཡིན་ལ། གྲོགས་ནི་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་འདོད་པ་ སྨོན་ལམ་དེའི་གྲོགས་ཅན་སེམས་བསྐྱེད་དང་ལྡན་པ་ཡིན་ནོ། །དེ་ལྟར་ན་གཞན་དོན་དང་རྫོགས་བྱང་དོན་གཉེར་གྱི་སེམས་བསྐྱེད་ལ་མཉན་པ་ལྟ་བུའི་སེམས་བསྐྱེད་དང་། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་གཉིས་ཡོད་པ་ལས། སློབ་དཔོན་གྱིས་བསྟན་ བཅོས་ཀྱི་དགོངས་པ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དུ་བཀྲལ་བ་ཡིན་ཏེ། རྗེ་བཙུན་ཉིད་ཀྱིས་བྱང་ཆུབ་སྤྱོད་པའི་སྨོན་ལམ་དང་ཚུལ་མཐུན་པར་སྦྱར་བས་འདི་ལེགས་པ་ཡིན་ནོ། ། སྨོན་པ་དང་འཇུག་པའི་ཁྱད་པར་དང་ས་མཚམས་འདི་ལ་འཕགས་པའི་ཡུལ་ དུ་རྣམ་གཞག་ཇི་ལྟར་བྱུང་སྙམ་ན། ཐོགས་མེད་སྐུ་མཆེད་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེའི་སྡོམ་པ་ཞེས་བྱ་བ་གཉིས་ཀྱི་ཐ་སྙད་མཛད་ལ། དང་པོ་ནི། གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་སྨོན་ལམ་དང་། གཉིས་པ་ནི། བྱང་སེམས་ སྡོམ་པ་བླངས་པ་བསྲུང་བའི་སེམས་པ་ས་བོན་དང་བཅས་པའོ། །ལུགས་དེ་ལ་ཐོག་མར་སེམས་བསྐྱེད་ནས་ཕྱིས་སྡོམ་པ་ལེན་པ་ཁོ་ན་ངེས་པར་བཟུང་བར་མཛད་དོ། །འོན་ཏེ་སྨོན་འཇུག་གི་ཐ་སྙད་ནི་མ་མཛད་ལ། དོན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ 4-1-45b སྨོན་པ་སེམས་བསྐྱེད་དང་། དེའི་སྡོམ་པ་ཞེས་བྱ་བ་འཇུག་པ་སེམས་བསྐྱེད་དུ་གྲུབ་བོ། །ལུགས་དེར་ནི་སྨོན་སེམས་ཆོ་གས་ལེན་པ་དང་། དེས་ཐོབ་པའི་སྡོམ་པ་ནི་ཡོད་པར་མི་བཞེད་དོ། །སྨོན་པ་ནི་བྱང་ཆུབ་དོན་གཉེར་གྱི་སྨོན་ལམ་དང་། གཞན་དོན་དོན་ གཉེར་གྱི་སྨོན་ལམ་གཉིས་ཡོད་པ་ལས། དེ་གཉིས་ཀྱི་རིམ་བཞིན་བྱང་ཆུབ་དོན་གཉེར་གྱི་སེམས་བསྐྱེད་དང་། གཞན་དོན་དོན་གཉེར་གྱི་སེམས་བསྐྱེད་གཉིས་མཐར་ཕྱིན་བྱེད་ཡིན་ལ། སྨོན་པ་དང་པོ་ལ་ནི་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཞེས་བྱ་བ་དང་། སྨོན་ལམ་གཉིས་པ་ལ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱ་ལ། ལ་ལ་ཞིག་གིས་སྨོན་ལམ་འདི་གཉིས་སངས་རྒྱས་ཀྱི་སར་ཡོད་པ་མིན་ཏེ་བྱང་ཆུབ་ཐོབ་ཟིན་པའི་ཕྱིར་དང་། གཞན་དོན་མཐར་ཕྱིན་གྱི་སྨོན་ལམ་གྲུབ་ཟིན་པའི་ཕྱིར་ཟེར་རོ། །དེ་ནི་འཐད་པ་མིན་ ཏེ། སྨོན་ལམ་དེ་གཉིས་ལ་དོན་གཉེར་གྱི་ཚིག་དང་བྲལ་བའི་སྨོན་ལམ་གཉིས་པོ་དེ་ནི་སངས་རྒྱས་ཀྱི་སར་ཡོད་པ་ཡིན་ཏེ། བྱང་ཆུབ་ཐོབ་ཟིན་པ་དང་། སྨོན་ལམ་གྲུབ་ཟིན་པའི་ཕྱིར་ན་སྨོན་ལམ་གྱི་ཕར་ཕྱིན་ཡོངས་སུ་རྫོགས་པས་སངས་རྒྱས་ཀྱི་སར་ ཕར་ཕྱིན་བཅུའི་ཡ་གྱལ་གྱི་སྨོན་ལམ་ཡོད་པ་བཞིན་ནོ། །འདིར་ལ་ལ་ཞིག་སྨོན་ལམ་གྱི་ཕར་ཕྱིན་ཡོད་ཀྱང་སྨོན་ལམ་ཡོད་པས་མ་ཁྱབ་ཅེ་ན། འོ་ན་སངས་རྒྱས་ཀྱི་སར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་ཀྱང་ཡེ་ཤེས་ཡོད་པས་མ་ཁྱབ་པར་ཐལ་བ་མཚུངས་ སོ། །ཁྱབ་པ་དེ་འདོད་ན་ཡེ་ཤེས་ཀྱི་ཕར་ཕྱིན་ཡོད་ལ། ཡེ་ཤེས་མེད་པ་དེས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་སུ་ཁས་མི་ལེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕར་ཕྱིན་ཤེས་རབ་ལས་རང་ལྡོག་གཞན་དུ་འདོད་པ་ནི་ལུགས་ལས་མི་འབྱུང་བས་ 4-1-46a འདོད་པ་དེ་ནི་ནོར་བ་ཡིན་ནོ། ། སློབ་དཔོན་སྤྱོད་འཇུག་མཁན་པོའི་ལུགས་ཀྱིས་ན་ཀུན་རྫོབ་སེམས་བསྐྱེད་ལ་དབྱེ་ན་སྨོན་འཇུག་གཉིས་སུ་ངེས་ཤིང་། དེའི་སྨོན་པའི་སེམས་བསྐྱེད་ཀྱི་མཚན་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ འདོད་པ་དང་མཚུངས་པར་ལྡན་ཅིང་གྲོགས་གོ་ཆའི་བརྩོན་འགྲུས་དང་མཚུངས་ལྡན་ནོ། །འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་བྱང་འདོད་པ་དང་མཚུངས་པར་ལྡན་པའི་གྲོགས་སྦྱོར་བའི་བརྩོན་འགྲུས་དང་མཚུངས་ ལྡན་ནོ། །དེ་གཉིས་ཀྱི་ཁྱད་པར་ནི། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཅེས་པ་ལྟར་ཡིན་ནོ། །དེས་ན་འཇུག་པ་སེམས་བསྐྱེད་ནི་ཆོ་གས་མ་བླངས་པར་མི་འབྱུང་སྟེ། འཇུག་སེམས་དེ་སྡོམ་པས་མ་ཟིན་པར་འཇུག་པ་སེམས་བསྐྱེད་དུ་མི་རུང་བའི་ཕྱིར་རོ། ། སྨོན་སེམས་ནི་ཆོ་ག་ལས་ངེས་པར་ལྟོས་པ་མིན། སྟོང་པ་ཉིད་དང་སྙིང་རྗེ་སྟོན་པའི་ཚིག་ལྟ་བུ་ཐོས་པས་ནང་དུ་རིགས་སད་ནས་སྨོན་སེམས་སྐྱེ་རུང་བའི་ཕྱིར་རོ། །འོན་ཀྱང་ལུགས་འདི་ལ་ནི་སྨོན་སེམས་ཆོ་གའི་སྒོ་ནས་ཀྱང་ལེན་པར་གསུངས་ལ། དེ་ལྟར་ལེན་པའི་ ཚེ་ཡང་སྨོན་འཇུག་སྟབས་གཅིག་ཏུ་ལེན་པས་སྡོམ་པའི་ངོ་བོ་རིགས་མི་མཐུན་གཙོ་སེམས་གཅིག་ལ་མཚུངས་ལྡན་གྱི་ཚུལ་དུ་རང་འདྲའི་རྣམ་པ་གཏང་ནས་སྐད་ཅིག་གཉིས་པར་ཤེས་པའི་སྟེང་དུ་སྡོམ་པའི་ངོ་བོ་ཐ་དད་པ་གཉིས་སུ་གྲུབ་པ་ཡིན་ནོ། །སྨོན་སྡོམ་དེའང་ ཇི་སྲིད་བྱང་ཆུབ་པའི་བར་དུ་ཁས་བླངས་པ་ལྟར་བར་མ་ཆད་དུ་ཡོད་པ་ཡིན་ནོ། །བར་མ་ཆད་དུ་ཡོད་པ་དེའང་འཇུག་སེམས་དང་ལྷན་ཅིག་ཏུ་བླངས་པའི་ཕན་ཡོན་གྱིས་ཡིན་ལ། སྨོན་རྐྱང་ཆོ་གའི་སྒོ་ནས་བླངས་ཀྱང་སྡོམ་པར་མི་འགྱུར་རོ། །དེ་སྡོམ་པར་འགྱུར་ན་ 4-1-46b ནི་འཇུག་པ་སེམས་བསྐྱེད་དུ་གྱུར་པ་དེ་ལས་འོས་གཞན་མེད་དོ། །ཇི་སྐད་དུ། བྱང་ཆུབ་སྨོན་པའི་སེམས་ལ་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཅེས་པ་དང་། སེམས་ དེ་ཡང་དག་བླངས་གྱུར་ན། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །འགའ་ཞིག་ནི་དོན་དམ་སེམས་བསྐྱེད་ཀྱང་འཇུག་པ་ སེམས་བསྐྱེད་ཀྱི་ནང་དུ་འདུས་པར་སྨྲའོ། །ལུགས་འདི་ལ་སྔོན་དུ་སྨོན་པའི་སེམས་བསྐྱེད་པ་དང་། དེ་ནས་འཇུག་པའི་སེམས་བསྐྱེད་པ་སྟེ་རིམ་ཅན་དུ་སྐྱེས་པ་དང་། སྨོན་འཇུག་གཉིས་དུས་གཅིག་ཏུ་སྐྱེས་པ་གཉིས་ཡོད་པ་ལས། ལུགས་དང་པོ་ལྟར་ན་འཇུག་སེམས་ སྐྱེས་པ་དང་སྨོན་སེམས་དམན་པས་གཏོང་བར་བཤད་ལ། ལུགས་གཉིས་པ་ལྟར་ན་ནི་གོང་དུ་བཤད་པ་ལྟར་མི་གཏོང་བ་ཡིན་ནོ། །ལུགས་དེ་ལྟར་ན་སྨོན་འཇུག་གཉིས་འགྲོ་བར་འདོད་པ་ཙམ་དང་། འགྲོ་བར་བྱ་བ་དངོས་གཉིས་རྫས་རིགས་འགལ་བར་ ཕན་ཚུན་གནོད་བྱ་གནོད་བྱེད་དུ་བྱས་པས་སྨོན་འཇུག་གང་རུང་ཞིག་གཏོང་བར་མི་ཐལ་ལམ་སྙམ་ན། མི་ཐལ་ཏེ། འགྲོ་བར་བྱ་བ་དངོས་ལ་འགྲོ་བར་འདོད་པས་ཕན་འདོགས་སུ་འཇུག་པ་མ་གཏོགས་གནོད་བྱེད་དུ་མི་འཇུག་པའི་ཕྱིར་རོ། །སྤྱིར་ཡང་སྨོན་ པའི་སེམས་སྐྱེས་པ་དེ་འཇུག་སེམས་སྐྱེས་པ་ན་སྨོན་སེམས་འགག་པར་འདོད་པ་བྱུང་མོད་ཀྱང་། དེ་ནི་བཟང་པོའི་ཞབས་ཀྱི་དགོངས་པར་མ་སོང་སྟེ། ཇི་སྐད་དུ། རྣམ་པ་གཅིག་ཏུ་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། ཞེས་གསུངས་པ། སྨོན་པ་ལ་སྡོམ་ 4-1-47a པ་ཡོད་པ་དང་། སྡོམ་པ་དེ་ལྡན་གྱི་སེམས་བསྐྱེད་དེ་རྒྱུན་མཐའི་བར་དུ་འགྲོ་བ་ནི་སློབ་དཔོན་འདིས་སྤྱོད་འཇུག་མཁན་པོའི་རྗེས་སུ་འབྲངས་ཏེ་བཤད་པ་ཡིན་ལ། ཆོས་བཤེས་སོགས་འགའ་ཞིག་གིས་ནི་སྐབས་འདིར་སྨོན་པ་ལ་སྡོམ་ པ་མེད་པར་ཁས་ལེན་པ་ཡང་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པའི་ལྷད་ཞུགས་པ་ཡིན་ནོ། །ཐོགས་མེད་སྐུ་མཆེད་ཀྱིས་ནི་སེམས་བསྐྱེད་ཟིན་ནས་དེའི་སྡོམ་པ་ལེན་པར་བཤད་པ་ཡིན་ཏེ། སེམས་བསྐྱེད་པ་རང་གི་ངོ་བོའི་སེམས་བསྐྱེད་པ་དེ་ཆོ་གའི་སྒོ་ནས་ ལེན་མི་དགོས་པར་བཤད་པ་ཡིན་ལ། ཕྱིས་དེའི་སྡོམ་པ་ལེན་པའང་དགོས་དོན་བསྒྲུབ་པ་དང་། བྱང་ཆུབ་དང་གཞན་དོན་གྱི་ཁྱད་པར་གོང་དུ་འགྲོ་བའི་ཕྱིར་ལེན་པར་བཞེད་དོ། །མདོར་ན་སྨོན་འཇུག་གཉིས་ཀྱི་ཁྱད་པར་རྒྱ་བོད་དུ་མི་མཐུན་པ་སྨྲ་བ་མང་མོད་ཀྱི། ཁོ་བོ་ནི་སྨོན་འཇུག་གཉིས་ཀྱི་ཁྱད་པར་སྨོན་འཇུག་ཉིད་ཀྱིས་ཕྱེ་སྟེ། དེ་ལྟར་གཞན་དོན་དང་རྫོགས་བྱང་དུ་འགྲོ་བར་འདོད་པ་སྨོན་པའི་སེམས་བསྐྱེད་དང་། འགྲོ་བཞིན་པ་འཇུག་པའི་སེམས་བསྐྱེད་དུ་བཞག་གོ ། བོད་སྔ་ཕྱི་མང་པོ་དག་གིས་ཡུམ་གྱི་མདོ་དང་། རྗེ་བཙུན་ གྱི་རྒྱན་གྱི་སེམས་བསྐྱེད་འཆད་པ་ན་དོན་དམ་པའི་སེམས་བསྐྱེད་བླངས་པའི་སྒོ་ནས་ཀྱང་སྐྱེ་བར་བཤད་དོ། །ཞེས་སྨྲ་བ་དེ་ནི་གང་ལས་བཤད་ཅེ་ན། སྔགས་ཀྱི་ཐེག་པ་ནས་འབྱུང་བའི་ཞེས་འདིར་དྲངས་པ་ནི་སྐབས་སུ་བབ་པ་མིན་ཏེ། བཤད་པ་དེ་འདྲ་ མདོ་དང་བསྟན་བཅོས་ཀྱི་ལུགས་ལ་མེད་ཅིང་། སྔགས་ཀྱི་ཐེག་པ་དེ་ལྟར་གསུངས་པ་དེ་དོན་གཞན་ལ་དགོངས་པ་དང་། དོན་དམ་སེམས་བསྐྱེད་བསྒོམས་སྟོབས་ལས་སྐྱེ་དགོས་པ་ངེས་པ་ཁོ་ནར་གྱུར་པ་གང་ཞིག་བླ་མའི་བྱིན་རླབས་ཀྱིས་སྨིན་བྱེད་ 4-1-47b དབང་གི་སྐབས་དང་འབྲེལ་བར་ཆོ་གའི་སྒོ་ནས་བརྡ་སྤྲད་པའི་རྐྱེན་གྱི་དོན་དམ་པའི་སེམས་སྐྱེས་པ་ལ། སྔོན་དུ་བསྒོམས་པའི་སྦྱོར་བ་ཕུལ་ཆེ་བར་འགྲོ་དགོས་པར་གསུངས་པ་ཡིན་ལ། ཆོ་ག་ཁོ་ནའི་སྒོ་ནས་བླངས་ཏེ་སྐྱེ་བ་ནི་གསུངས་པ་མིན་ཏེ། རིམ་ལྔ་ལས། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོས་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །ཞེས་པས། སྐལ་བཟང་གིས་དོན་གྱིས་རྡོ་རྗེ་ཐེག་པའི་བསྒོམས་སྟོབས་ཀྱི་སྦྱོར་བས་ ཆོས་མཆོག་སྐད་ཅིག་མའི་སེམས་ཐོབ་པའི་དེ་མ་ཐག་པར། བླ་མ་ལས་བླངས་པའི་རྐྱེན་གྱིས་བདེན་པ་མཐོང་བར་བཤད་པ་ཡིན་ལ། དོན་འདི་དང་མཐུན་པར། དཔལ་བརྟག་པ་གཉིས་པ་ལས་ཀྱང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་ རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པས་སོ། །དེ་ལྟར་སེམས་བསྐྱེད་པ་ནི་ཞེས་པའི་སེམས་བསྐྱེད་པ་དེའང་དང་པོར་འཇུག་པའི་དབང་དུ་བྱས་ཏེ་ཀུན་རྫོབ་སེམས་བསྐྱེད་ངེས་བཟུང་དུ་མཛད་པ་ ཡིན་ནོ། །དེ་ལྟར་ན་སེམས་དང་སེམས་བྱུང་མཚུངས་ལྡན་དང་བཅས་པའི་མཚན་གཞི་རྣམ་ཤེས་དང་ཡེ་ཤེས་ཀྱི་ཟླས་དྲངས་པའི་རྣམ་པར་ཤེས་པ་དེ་ཡིན་ལ། དེའང་གཙོ་བོའི་སེམས་ནི་བག་ཆགས་ཀྱི་དབང་གིས་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་ཅིང་ཁྱད་པར་ གཞན་སྟོབས་ཀྱིས་རིག་པའི་སེམས་ཡིན་ལ། སེམས་བྱུང་ནི་སེམས་དེའི་དབང་གིས་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་རིག་ཅིང་ངོ་བོ་གཞན་སྟོབས་ཀྱིས་རིག་པ་ནི་སེམས་ལས་བྱུང་བ་ཡིན་ནོ། །དེ་ལྟར་ཡིན་པའང་། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་ 4-1-48a པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་སོ། །དེས་ན་རྟེན་ཡིད་ཀྱི་ཤེས་པ་གཅིག་ཏུ་མཚུངས་པ་དང་། གཙོ་བོ་རྣམ་པར་ཤེས་པ་གཞན་དོན་དང་རྫོགས་བྱང་དོན་གཉེར་གྱི་ཡུལ་གཅིག་ལ་འཇུག་པས་དམིགས་པ་མཚུངས་ པ་དང་། རྣམ་པ་འདྲ་བར་སྤྱོད་པས་རྣམ་པ་མཚུངས་པ་དང་། དུས་གཅིག་ཏུ་སྐྱེ་བས་དུས་མཚུངས་པ་དང་། གང་ཟག་གཅིག་ལ་དུས་གཅིག་ཏུ་མིག་ཤེས་གཅིག་ལས་མི་སྐྱེ་བ་ལྟར། དེའི་འཁོར་རེག་པ་ལྟ་བུ་གཅིག་ལས་མི་སྐྱེ་བས་རྫས་སུ་མཚུངས་པའི་ཕྱིར་ མཚུངས་ལྡན་རྣམ་པ་ལྔས་མཚུངས་པར་ལྡན་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ། ། རྗེ་ཙོང་ཁ་པ་དཔོན་སློབ་ནི་འཕགས་པའི་མཉམ་གཞག་ན་སེམས་སེམས་བྱུང་གི་རྒྱུ་བ་ཡོད་པའི་ཤེས་བྱེད་དུ་དད་སོགས་དགེ་བ་བཅུ་གཅིག་དང་། བྱང་ཆུབ་ཀྱི་ཡན་ ལག་བདུན་སོགས་ཡོད་པར་གསུངས་པ་ནི་ལེགས་པ་མིན་ཏེ། དེ་དག་ལ་སེམས་ལས་བྱུང་བ་ཡིན་མིན་གཉིས་སུ་འབྱེད་དགོས་པའི་ཕྱིར། དཔེར་ན་ཡིད་ཀྱི་ཤེས་པ་ལ་ཟག་བཅས་ཟག་མེད་གཉིས་སུ་འབྱེད་དགོས་པ་བཞིན་ནོ་ཞེས་རྣམ་དཔྱོད་དང་ལྡན་པ་དག་ གིས་དེ་ལ་རྒོལ་བ་ནི་འཐད་པར་མཐོང་ངོ་། །རྟོག་གེ་བ་ཆེན་པོ་ཆོས་ཀྱི་སེང་གེས་ནི་སངས་རྒྱས་ཀྱི་སར་སེམས་དང་སེམས་བྱུང་ཡོད་པར་གསུངས་པ་དང་། དེའི་ཤེས་བྱེད་དུ་མངོན་པ་གོང་མའི་སངས་རྒྱས་སའི་ཡོན་ཏན་འཆད་པ་ན། སེམས་དང་སེམས་ལས་བྱུང་ བའི་མིང་གིས་བཤད་པ་ཁུངས་སུ་འདྲེན་མོད་ཀྱི། དེ་ནི་ཡང་དག་པ་མིན་ཏེ། སངས་རྒྱས་ཀྱི་ས་ན་ལྟ་ཅི་སྨོས། འཕགས་པའི་མཉམ་གཞག་ནའང་སེམས་སེམས་བྱུང་ཡོད་པ་མིན་ཏེ། མཉམ་གཞག་གི་ཡེ་ཤེས་དང་དངོས་འགལ་ཡིན་པའི་ཕྱིར་རོ། །འོ་ན་ 4-1-48b ཀུན་བཏུས་ལས་དེ་ལྟར་བཤད་པ་ནི་འབྲས་བུ་ལ་རྒྱུའི་མིང་བཏགས་ནས་སྟོན་པས་རྟོགས་པར་སླ་བ་ལ་དགོངས་པའི་ཕྱིར་ཏེ། དཔེར་ན་ཡང་དག་པའི་རྟོག་པ་དང་དྲན་པ་བཞིན་ནོ། །གཞན་ཡང་མི་རྟོག་ཡེ་ཤེས་དང་གོ་ས་གཅིག་ཏུ་སེམས་བྱུང་ཀུན་འགྲོ་ལྔ་ཡོད་ པར་འདོད་པ་ནི། མི་རྟོག་ཡེ་ཤེས་ད་ལྟར་གྱི་སེམས་འདི་ཁོ་ན་ལ་བརྟེན་པར་འདོད་པ་ལུགས་ངན་པ་རྣམས་ཀྱི་ཕྱོགས་ལའོ། །དོན་གྱི་ངོ་ཁྱད་ནི་སྒྲའི་སྟེང་གི་བྱས་པ་ལྟ་བུ་ངོ་བོ་དང་མི་རྟག་པ་ལྟ་བུ་ཁྱད་པར་ཡིན་ལ། རང་སྟོབས་དང་གཞན་སྟོབས་ནི་ཤེས་པ་རང་གི་ངོ་ བོའི་སྔ་ལོགས་སུ་སྐྱེས་པའི་དེ་མ་ཐག་རྐྱེན་གྱིས་བསྐྱེད་པར་བྱས་པའི་ཤེས་པ་རང་སྟོབས་དང་། ད་ལྟར་བའི་ཤེས་པ་རྫོགས་མ་ཐག་པའི་སྟོབས་ལས་སྐྱེས་པའི་ཤེས་པ་གཞན་སྟོབས་སུ་བཞེད་དོ། །འགའ་ཞིག་སེམས་བྱུང་ཤེས་པ་མིན་པར་སྨྲ་བ་ནི་ལུགས་གང་དང་ ཡང་མཐུན་པ་མིན་ནོ། །གཉིས་པ་ཚིག་གི་དོན་ལ། སེམས་བསྐྱེད་ཀྱི་མཚན་ཉིད། དམིགས་ཡུལ། དབྱེ་བའོ། །དང་པོ་ལ་གསུམ། སྤྱིའི་མཚམས་སྦྱར་བ་དང་། རྩ་བ། འགྲེལ་པའོ། །དང་པོ་ནི། རྣམ་མཁྱེན་གྱི་ཆོས་བཅུ་པོའི་ནང་ནས་སེམས་བསྐྱེད་པ་རང་གི་ ངོ་བོ་གང་ཡིན་པ་དང་། དེའི་དམིགས་པ་དང་། དབྱེ་བས་མཚམས་སྟོན་པ་དང་བཅས་ཏེ་བཤད་པར་མཛད་པ་ཡིན་ནོ། །དེ་ལའང་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་རྣམས་ཀྱི་ནང་ནས་སེམས་བསྐྱེད་དང་པོར་སྟོན་པ་ནི། སེམས་བསྐྱེད་དེ་འཕགས་པ་ཐམས་ཅད་ སྐྱེད་བྱེད་ཀྱི་རྒྱུ་ཡིན་པས་དེ་སྐད་དུ་གསུངས་ཏེ། ཇི་སྐད་དུ། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ 4-1-49a ཀྱི་རྒྱུ། །ཞེས་པས་ཉན་རང་གཉིས་སངས་རྒྱས་ཀྱི་ཞལ་ལས་སྐྱེས་པ་དང་། སངས་རྒྱས་ཀྱང་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་དང་། བྱང་ཆུབ་སེམས་དཔའ་ཡང་སྙིང་རྗེའི་སེམས་གཉིས་སུ་མེད་པའི་བློ་སྟེ་བྱང་ཆུབ་ཀྱི་སེམས་ཉིད་ ལས་སྐྱེས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་དང་པོར་སྟོན་པ་ནི་འོས་པ་ཉིད་ཡིན་ནོ། །གཉིས་པ་ནི། ཐེག་པ་ཆེན་པོའི་སེམས་བསྐྱེད་པ་གང་དེ་སེམས་ཅན་གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དང་མཚུངས་པར་ལྡན་ པའི་སེམས་ཁྱད་པར་ཅན་དེ་ཡིན་ནོ། །འདི་ནི་བྱང་སེམས་ཚོགས་ལམ་པའི་དབང་དུ་བྱས་ཏེ། གནད་ཀྱི་ཟླ་འོད་ལས། འདིར་སེམས་དང་། ཡིད་དང་། འདོད་པ་དང་། འདུན་པ་དང་། མོས་པ་དང་། དོན་དུ་གཉེར་བ་རྣམས་རྣམ་གྲངས་སུ་འདོད་དོ། ། ཞེས་བཤད་དོ། །གསུམ་པ་ལ་གཉིས། ཚིག་གི་དོན་དང་། རྩོད་པ་སྤང་བའོ། །དང་པོ་ནི། སེམས་བསྐྱེད་པ་པོ་ཉིད་སངས་རྒྱས་སུ་གྲུབ་ནས་གདུལ་བྱ་གཞན་གྱི་དོན་གྱི་ཕྱིར་རིགས་ཅན་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་བསྐང་བར་ནུས་པའི་ཐབས་ ལ་འབད་པར་བྱའོ་ཞེས་སེམས་བསྐྱེད་པ་སྟེ། གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་འདོད་དང་མཚུངས་ལྡན་དུ་སྐྱེས་པའི་མཚན་ཉིད་ཅན་གྱི་སེམས་བསྐྱེད་ལ་སྨོན་པའི་ངོ་བོ་ཉིད་དང་། འཇུག་པའི་ངོ་བོ་ཉིད་དུ་སྐྱེས་པ་སྟེ་རྣམ་པ་གཉིས་ སོ། ། སྐབས་འདིའི་འབྲུ་འགྲེལ་ལ་རྨོངས་པ་འགའ་ཞིག །སངས་རྒྱས་སུ་གྲུབ་ནས་གཞན་གྱི་དོན་གྱི་ཕྱིར་སྐལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སར་གདུལ་བྱའི་དོན་བསྒྲུབ་པ་ལ་འབད་པར་བྱའོ་ཞེས་སེམས་བསྐྱེད་པ་ཡིན་པར་སྨྲ་བ་ནི་ཅི་ནས་ཀྱང་འཐད་ 4-1-49b ་པ་མིན་ཏེ། སངས་རྒྱས་ནས་གདུལ་བྱའི་དོན་འབད་མེད་དུ་འབྱུང་བས་ན་འབད་པར་སེམས་བསྐྱེད་པ་ནི་དགོས་པའི་དོན་མེད་པ་ཡིན་ནོ། །སྨོན་འཇུག་གི་སེམས་བསྐྱེད་ནི་ཞིབ་པར་སྤྱི་དོན་དུ་བཤད་པ་ལྟར་ཡིན་གྱི། སྐབས་འདིར་སློབ་དཔོན་སངས་རྒྱས་ཡེ་ཤེས་ ཀྱི་འགྲེལ་པར་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་ས་རབ་ཏུ་དགའ་བ་ནས་བརྩམས་ཏེ་ཞེས་གསུངས་པའི་ཕྱིར་འཇུག་པ་སེམས་བསྐྱེད་ཡིན་ན། འཕགས་པའི་ས་པ་ཁོ་ན་ལ་ཡོད་དགོས་པར་ བཤད་པ་ལྟ་བུ་ཞིག་ཡོད་པ་དེ་ཅིས་ཀྱང་ཤེས་དགོས་པ་ཡིན་ནོ། །གཉིས་པ་ལ་གཉིས། རྩོད་པ་དང་། ལན་ནོ། །དང་པོ་ནི། གཞན་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེ་ཉིད་ནི་བྱང་ཆུབ་དེ་དོན་དུ་གཉེར་བ་དགེ་བའི་ཆོས་བྱང་ཆུབ་ལ་འདུན་པ་ ཀུན་འགྲོ་ལྔའི་ནང་ཚན་གྱི་འདུན་པ་སེམས་ལས་བྱུང་བས་སེམས་བྱུང་ཡིན་པར་འགྱུར་ལ། དེ་ལྟར་ན་མི་རུང་གི་ཐེག་ཆེན་སེམས་བསྐྱེད་པ་ནི། གཙོ་བོ་སེམས་སེམས་བྱུང་གི་ཡུལ་ཙམ་ལས་ཡུལ་ཁྱད་པར་དུ་འཕགས་པ་རང་སྟོབས་ཀྱི་སྒོ་ནས་གཞན་དོན་དང་ བྱང་ཆུབ་ཀྱི་བདག་ཉིད་དུ་གྱུར་པའི་སྣང་བ་ཅན་འབྱུང་བ་མ་ཡིན་ནམ། རྒྱུ་མཚན་དེའི་ཕྱིར་འདོད་འདུན་དེ་སེམས་བསྐྱེད་པ་ཡིན་པར་ཇི་ལྟར་ན་འགྱུར་ཏེ་མི་འགྱུར་བར་ཐལ་ལོ་ཞེ་ན་ཞེས་ཕྱོགས་སྔ་བཀོད་པར་མཛད་དོ། །རྩོད་པ་འདི་དག་ནི་སེམས་དང་སེམས་བྱུང་ ད་ལྟར་བའི་སྐད་ཅིག་མར་མཚུངས་ལྡན་དུ་སྐྱེས་པའི་སེམས་བསྐྱེད་ཡོད་པར་མ་ཤེས་པའི་གང་ཟག་ལ་དགོས་པ་འདི་བྱུང་བ་ཡིན་ནོ། །གཉིས་པ་ལན་ལ་གཉིས། རྒོལ་བ་ལ་དོགས་པ་སྐྱེ་བར་བདེན་ལན་བྱིན་པ་དང་། དོགས་པའི་ལན་སོ་སོར་བསྙད་པའོ། ། 4-1-50a དང་པོ་ནི། སེམས་བྱུང་ཙམ་སེམས་བསྐྱེད་མ་ཡིན་པ་ཁྱེད་ཅག་བདེན་མོད་ཀྱི་ཞེས་བསྟན་པར་མཛད་དོ། །གཉིས་པ་ལ་གཉིས། རྒྱུ་མིང་འབྲས་བུ་ལ་བཏགས་པའི་ལན་དང་། གྲོགས་མིང་གྲོགས་ཅན་ལ་བཏགས་པའི་ལན་ནོ། །དང་པོ་ ནི། འོན་ཀྱང་སྐབས་འདིར་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་དགེ་བའི་ཆོས་བྱང་ཆུབ་ལ་འདུན་པ་མ་འོངས་པའི་དམིགས་པའི་མཚན་ཉིད་ཅན་གཞན་དོན་དོན་དུ་གཉེར་བའི་རྒྱུའི་འདོད་པ་ཡོད་ན། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འགྱུར་བས་རྒྱུ་ འདོད་པའི་མིང་གིས་འབྲས་བུ་སེམས་བསྐྱེད་བསྟན་པ་ཡིན་ཏེ། གཞན་དོན་དང་རྫོགས་བྱང་འདོད་པ་དེ་ལྟར་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་དགེ་བའི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་རོ། །ཞེས་ཤེས་པར་བྱ་བའི་ཕྱིར་ཡང་སེམས་བསྐྱེད་ ལ་བྱང་ཆུབ་འདོད་ཅེས་པའི་མིང་གིས་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་པས་ཁྱོད་ཀྱིས་བརྗོད་པའི་ཉེས་པ་དེ་མེད་དོ། །སློབ་དཔོན་བཟང་པོའི་ཞབས་ཀྱིས་རྩོད་སྤོང་འདི་མཛད་པའི་དོན་ནི་རྗེ་བཙུན་གྱིས་མདོ་སྡེ་རྒྱན་དུ་སེམས་བསྐྱེད་རང་གི་ངོ་བོ་འཆད་པ་ན། དོན་ གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་དང་། མངོན་རྟོགས་རྒྱན་འདིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་གཉིས་ནང་འགལ་སྤང་བ་ཡིན་ནོ། །གཉིས་པ་ནི། སྨོན་ལམ་གྱི་མཆོག་སེམས་བསྐྱེད་དུ་གསུངས་པས། ལན་གྱི་རྣམ་པ་ གཅིག་ཏུ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱིས་སྨོན་ལམ་ནི་དོན་དུ་གཉེར་བ་ཁོ་ན་ཡིན་ཏེ། དེ་གཉེར་བ་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཀྱི་ཕྱིར་ཡིན་ལ། དེས་ན་གྲོགས་བྱང་ཆུབ་འདོད་པ་དེ་དང་ལྷན་ཅིག་ཏུ་སྤྱོད་པའི་གྲོགས་ཅན་ 4-1-50b སེམས་བསྐྱེད་པ་དེའི་སྒྲར་བསྟན་པ་དེ་ནི་དེ་ལྟར་དགོས་པ་ཡོད་པ་ཡིན་ན། བྱང་ཆུབ་སེམས་དཔའ་རྣམས་ལ་གྲོགས་སྨོན་ལམ་དང་མཚུངས་པར་ལྡན་པའི་སེམས་དེ་ངེས་པ་ཁོ་ནར་སྐྱེའོ་ཞེས་བྱ་བར་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །གཉིས་པ་དམིགས་ཡུལ་ ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སེམས་བསྐྱེད་ངོ་བོ་ལ་དོགས་པའི་གནས་ཡོད་པ་མ་ཟད། སླར་ཡང་གང་འདོད་པའི་བདག་ཉིད་ཀྱི་དམིགས་ཡུལ་གྱི་བྱང་ཆུབ་དང་། གདུལ་བྱ་གང་གི་དོན་དུ་སེམས་བསྐྱེད་པ་སྟེ་ཞེས་རིམ་པ་ ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན། གཞན་གྱི་དོན་ནི་གང་ཡིན་ཅེས་དྲི་བའི་ཚུལ་གྱིས་མཚམས་སྦྱར་བར་མཛད་པ་ཡིན་ནོ། །གཉིས་པ་ནི། སེམས་བསྐྱེད་ཀྱི་དམིགས་ཡུལ་རྫོགས་བྱང་དེ་དང་། ཆེད་དུ་བྱ་བ་གཞན་དོན་དེ་ནི་ཡུམ་ གྱི་མདོ་བཞིན་དུ་བསྡུས་པ་དང་རྒྱས་པ་གཉིས་ཀྱི་སྒོ་ནས་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེའོ། །གསུམ་པ་ལ་གསུམ། རྩ་བའི་ཚིག་དོན་བཤད་པ། དོན་བསྡུ་བ། གཞན་གྱི་མདོ་མི་འདྲེན་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས། མདོ་ནས་བསྟན་ ཚུལ་དང་། ཚིག་དོན་དངོས་སོ། །དང་པོ་ནི། རྒྱལ་བའི་ཡུམ་རྣམ་པ་གསུམ་ཅར་ལས་ཀྱང་འདི་སྐད་དུ་གསུངས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག ། ཅེས་འཕགས་པ་བརྒྱད་སྟོང་པ་ལས་གསུངས་པ་དང་། སྟོང་ཕྲག་བརྒྱ་པ་དང་། སྟོང་ཕྲག་ཉེར་ལྔ་པ་ལས་ཀྱང་། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ 4-1-51a པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་པ་དང་། རྒྱས་པ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆེན་མི་གནས་པའི་ཚུལ་གྱིས་ཤེར་ཕྱིན་ལ་གནས་ཏེ། སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་ དང་ལེན་པ་པོ་ལ་སོགས་པ་མི་དམིགས་པའི་ཕྱིར་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྒྲུབ་པར་བྱའོ། །ཞེས་ཕྱིན་དྲུག་ཕྱེ་སྟེ་གསུངས་པས་ནི་དམིགས་ཡུལ་བྱང་ཆུབ་ཤེས་པར་བྱེད་པའི་དོན་ཅན་བསྟན་ལ། གཞན་ དོན་བསྟན་པའི་མདོ་ནི། བྱང་ཆེན་ཕྱོགས་བཅུ་རེ་རེའི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་ པས་སྐལ་བ་ཇི་ལྟ་བ་བཞིན་དུ་སྦྱར་ཏེ་མྱ་ངན་ལས་འདས་པའི་ཐབས་བསྟན་པ་དང་། དེས་ནི་གཞན་དོན་མདོར་བསྟན་ལ་གཞན་དོན་བྱ་བའི་ཚུལ་བསྟན་པའི་ཕྱིར་མདོར་སེམས་ཅན་སེར་སྣ་ཅན་ལ་སོགས་པ་རྣམས་སྦྱིན་པ་ལ་སོགས་པ་ལ་དགོད་པར་འདོད་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་དོན་གྱིས་ཆེད་དུ་བྱ་བ་གཞན་དོན་གྱི་མདོར་བསྟན་པ་ཡིན་ནོ། གཉིས་པ་ནི། གཞན་དོན་དང་བྱང་ཆུབ་རབ་ཏུ་སྟོན་པ་ལྷུར་བྱེད་པའི་ལུང་སྦྱོར་གྱི་ངག་གི་ཡུམ་གསུམ་གྱི་ མདོའི་དོན་དང་མི་འགལ་བར་མདོ་ནས་བསྡུས་པར་བསྟན་པ་དང་། རྒྱས་པར་བསྟན་པའི་སྒོ་ནས་བཤད་པ་གཉིས་ཡོད་པ་ལས། དེ་དེ་ལྟར་དུ་སྦྱོར་སྟེ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། དམིགས་ཡུལ་ནི་གཞན་གྱི་དོན་ཉིད་ཀྱིས་བསྟན་པ་ཡིན་ཏེའོ། ། 4-1-51b གཉིས་པ་དོན་བསྡུ་ནི། རྒྱུ་མཚན་དེ་ལྟར་ན་སེམས་བསྐྱེད་པ་ནི་གཞན་གྱི་དོན་གྱི་ཕྱིར་མངོན་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བདག་ཉིད་ཡིན་པར་ཤེས་པར་བྱའོ། །གསུམ་པ་གཞན་གྱི་མདོ་མི་འདྲེན་པའི་རྒྱུ་མཚན་ནི། གཙུག་ལག་གི་ གཞུང་ཡུམ་གསུམ་པོའི་ལུང་འདྲེན་རྣམས་སྐབས་ཀྱི་དོན་སྟོན་པ་བདུན་ཅུ་ཡུམ་ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི། འདིར་ཚིག་མང་དུ་དོགས་ནས་གདམས་ངག་ནས་སྤྲུལ་སྐུའི་བར་ལ་མདོའི་ཁུངས་ཉིད་དུ་སྦྱར་བར་བྱས་ཏེ་མ་བྲིས་སོ། །གསུམ་པ་ དབྱེ་བ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་སེམས་བསྐྱེད་པའི་དམིགས་པ་དང་རང་གི་ངོ་བོ་དང་བཅས་པ་བརྗོད་ནས། ད་ནི་སེམས་བསྐྱེད་དེའི་རབ་ཏུ་དབྱེ་བ་རྣམ་པ་ཉི་ཤུ་རྩ་གཉིས་ཏེ་ལུས་རྣམ་གཞག་གི་བསྡུས་དོན་མིན་པས་བར་ སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་གསུངས་པ་ཡིན་ནོ། །འདིའི་འབྲེལ་ལ་གོང་དུ་བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་པས་བསྡུས་པའི་སྒོ་ནས་བརྗོད་པ་ནི། བྱང་ཆུབ་ཀྱི་མདོར་བསྟན་དུ་བཤད་པའི་ས་ལྟ་བུའི་སེམས་བསྐྱེད་ཀྱི་མདོ་དེ་དང་། གཞན་དོན་མདོར་བསྟན་གྱི་བང་མཛོད་ལྟ་བུའི་མདོ་དེ་བསྡུས་ན་བསྡུས་པའི་སྒོ་ནས་བརྗོད་པ་དང་། རྒྱས་པའི་སྒོ་ནས་བརྗོད་པ་ནི་ཉེར་གཉིས་ཀྱི་སྒོ་ནས་བརྗོད་པ་ཡིན་ཅེས་པ་ཡང་སློབ་དཔོན་སེང་གེ་བཟང་པོའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། སློབ་ དཔོན་གྱིས་དེའི་སྐབས་ཀྱི་འགྲེལ་པར། བྱང་ཆུབ་དང་གཞན་དོན་དོན་གཉེར་གྱི་མདོ་དེའི་མདོར་བསྟན་དང་རྒྱས་བཤད་ཀྱི་སྒོ་ནས་ཁུངས་སུ་དྲང་བར་མཛད་པ་སྟེ་མདོའི་ཚིག་སྣ་བཏུས་པས་གསལ་བར་མཛད་པ་ཡིན་ནོ། །གཉིས་པ་ནི། ཐེག་ཆེན་སེམས་ 4-1-52a བསྐྱེད་དེའང་དབྱེ་ན། ས་ལྟ་བུའི་སེམས་བསྐྱེད་དང་། གསེར་ལྟ་བུའི་སེམས་བསྐྱེད་དང་། ཟླ་བ་ཚེས་པ་ལྟ་བུ་དང་། མེ་ལྟ་བུ་དང་། གཏེར་ལྟ་བུ་དང་། རིན་པོ་ཆེ་འབྱུང་ཁུངས་ཀྱི་གནས་ལྟ་བུ་དང་། རྒྱ་མཚོ་ལྟ་བུ་དང་། རྡོ་རྗེ་ལྟ་ བུ་དང་། རི་ལྟ་བུ་དང་། སྨན་ལྟ་བུ་དང་། དགེ་བའི་བཤེས་གཉེན་ལྟ་བུ་དང་། ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། ཉི་མ་ལྟ་བུ་དང་། གླུ་དབྱངས་ལྟ་བུ་དང་། རྒྱལ་པོ་ལྟ་བུ་དང་། བང་མཛོད་ལྟ་བུ་དང་། ལམ་པོ་ཆེ་ལྟ་བུ་དང་། བཞོན་པ་བཟང་པོ་ ལྟ་བུ་དང་། བཀོད་མའི་ཆུ་ལྟ་བུ་དང་ནི། སྒྲ་སྙན་པ་ལྟ་བུ་དང་། ཆུ་བོའི་རྒྱུན་ལྟ་བུ་དང་། སྤྲིན་ལྟ་བུའི་སེམས་བསྐྱེད་རྣམས་ཀྱིས་བྱེ་བྲག་རྣམ་པ་ཉི་ཤུ་རྩ་གཉིས་སུ་འབྱེད་དོ། །གསུམ་པ་ལ་གསུམ། དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་རྒྱས་པར་བཤད་པ། དེའི་དོན་བསྡུ་བ། ས་མཚམས་སོ། །དང་པོ་ལ། གྲོགས་དང་། དཔེ་དང་། དེ་གཉིས་ཀྱི་ཆོས་མཐུན་བཤད་པ་དང་གསུམ་ཡོད་པ་ལས། དང་པོ་ནི། གྲོགས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པའི་འདུན་པ་དང་། ཕྱིན་དྲུག་རྫོགས་འདོད་ཀྱི་ བསམ་པ་དང་། དགེ་ཆོས་མ་ལུས་པ་བསྒྲུབ་འདོད་ཀྱི་ལྷག་པའི་བསམ་པ་དང་། གཞི་གཉེན་རྣམ་གསུམ་རང་བཞིན་མེད་པར་བསྒོམ་པའི་སྦྱོར་བ་དང་། འགྲོ་བ་ཐམས་ཅད་ལ་ཕན་པའི་དངོས་པོ་སྦྱོར་བའི་སྦྱིན་པ་དང་། ལེགས་ཚོགས་བསྒྲུབ་པའི་རྟེན་ དུ་གྱུར་པའི་ཚུལ་ཁྲིམས་དང་། ཡིད་ཡོངས་སུ་མི་ངལ་བའི་བཟོད་པ་དང་། བརྟུལ་བ་ཆེན་པོའི་བརྩོན་འགྲུས་དང་། གཡོ་བ་མེད་པའི་བསམ་གཏན་དང་། གཡེང་བ་མེད་པའི་ཤེས་རབ་དང་། ཕས་ཀྱིས་བརྫི་བར་མི་ནུས་པའི་ཐབས་མཁས་པ་དང་། 4-1-52b ཆེད་དུ་བྱ་བ་སེམས་ཅན་གྱི་དོན་ཁོ་ནའི་ཕྱིར་སྨོན་ལམ་དང་། སེམས་ཅན་གྱི་སྒྲིབ་པ་འཇོམས་པར་བྱེད་པའི་སྟོབས་དང་། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནུས་པ་ཕུལ་དུ་ཕྱིན་པའི་མངོན་པར་ཤེས་པ་དང་། བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་གྱུར་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་། སྙིང་རྗེ་ཆེན་པོ་ལྷག་མཐོང་གི་ངོ་བོར་གྱུར་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་རང་ཉིད་ཀྱིས་ཟིན་པར་གཟུངས་དང་། དེ་གཞན་ལ་སྟོན་ པར་བྱེད་པའི་སྤོབས་པ་དང་། དཀོན་མཆོག་གསུམ་གྱི་ཚུལ་མཚན་ཉིད་པ་འཆང་བའི་ཆོས་ཀྱི་དགའ་སྟོན་དང་། སངས་རྒྱས་ཐམས་ཅད་བགྲོད་པ་གཅིག་པའི་ལམ་དང་། ཆོས་ཀྱི་སྐུ་ཐོབ་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཡིན་ནོ། ། དེ་ལྟར་ན་ འདུན་སོགས་གསུམ་སྨོན་པའི་སེམས་ཡིན་ལ། ལྷག་མ་བཅུ་དགུ་འཇུག་སེམས་ཡིན་པར་འདོད་པ་དང་། དེ་ལས་གཞན་པ་འགའ་ཞིག་འདུན་སོགས་གསུམ་པོ་དེ་སེམས་བསྐྱེད་དངོས་ཡིན་ལ། སྦྱོར་བ་སོགས་ཕྱི་མ་རྣམས་ནི་སེམས་བསྐྱེད་འཕེལ་བའི་ གྲོགས་ཙམ་ཡིན་ཟེར་རོ། །དེ་ལྟར་འཆད་པ་རྣམས་ལས་དང་པོའང་འཐད་པ་མིན་ཏེ། སེམས་བསྐྱེད་འདོད་ཅེས་འདུན་པ་དང་མཚུངས་པར་ལྡན་པའི་སེམས་འཇུག་སེམས་ཀྱི་མཚན་ཉིད་དུ་མཛད་ན་དེ་སྨོན་སེམས་ཇི་ལྟར་འགྱུར། ལུགས་གཉིས་པའང་ འཐད་པ་མིན་ཏེ། འདིར་སེམས་བསྐྱེད་ཀྱི་དབྱེ་བ་ཐམས་ཅད་མཚུངས་ལྡན་གྲོགས་ཀྱི་ཁྱད་པར་གྱི་སྒོ་ནས་བྱས་པ་ཤ་སྟག་ཡིན་ལ། སེམས་བསྐྱེད་དངོས་ཡིན་མིན་གྱི་ཁྱད་པར་གྱི་སྒོ་ནས་དབྱེ་བ་བྱས་པ་མིན་ནོ། །འོ་ན་འདིའི་དབྱེ་བ་ནི་འཇུག་པ་སེམས་ 4-1-53a བསྐྱེད་གཙོ་ཆེ་བའི་དབང་དུ་བྱས་ནས་དབྱེ་བ་མཛད་དོ། །དེ་ལྟར་གྲོགས་མཚུངས་ལྡན་ཉེར་གཉིས་པོ་འདིས་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་གྱི་སེམས་བསྐྱེད་ཐམས་ཅད་བསྡུས་པ་ཡིན་ཏེ། འགྲེལ་ཆེན་ལས། ཇི་ལྟར་ བཤད་པའི་གོ་རིམ་དང་རབ་ཏུ་དབྱེ་བ་དེ་ཉིད་ཡིན་གྱི། ལྷག་པའང་མ་ཡིན། མ་ཚང་བའང་མ་ཡིན། གོ་རིམ་གཞན་དུ་བསྟན་པར་བྱ་བའང་མ་ཡིན་ཏེ། ཞེས་གསུངས་སོ། །མཚུངས་ལྡན་སྔ་མ་ལས་ཕྱི་མ་མཚུངས་ལྡན་དུ་བྱས་པའི་ཚེ་མཚུངས་ལྡན་སྔ་མ་ གཏོང་བའང་མ་ཡིན་ལ། མཚུངས་ལྡན་ཕྱི་མ་ནི་རིམ་པ་ལྷག་པའི་ཚུལ་གྱིས་མཚུངས་པར་ལྡན་པ་ཡིན་ནོ། །གཉིས་པ་དཔེ་ནི། གྲོགས་དེ་རྣམས་དང་མཚུངས་ལྡན་དུ་སྐྱེས་པའི་སེམས་བསྐྱེད་ཉེར་གཉིས་པོ་ནི་གོ་རིམ་བཞིན་དུ་དཔེ་ཡོད་དེ། ས་ལྟ་བུ་དང་། གསེར་བཟང་པོ་དང་། ཟླ་བ་ཚེས་པ་དང་། མེ་དང་། གཏེར་ཆེན་པོ་དང་། རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་དང་། རྒྱ་མཚོ་ཆེན་པོ་དང་། རྡོ་རྗེ་དང་། རིའི་རྒྱལ་པོ་དང་། སྨན་དང་། དགེ་བའི་བཤེས་གཉེན་དང་། ཡིད་བཞིན་གྱི་ནོར་བུ་དང་། ཉི་ མ་དང་། ཆོས་ཀྱི་སྒྲ་དབྱངས་སྙན་པ་དང་། རྒྱལ་པོ་ཆེན་པོ་དང་། བང་མཛོད་དང་། ལམ་པོ་ཆེ་དང་། བཞོན་པ་དང་། བཀོད་མའི་ཆུ་དང་། སྒྲ་སྙན་པ་དང་། ཆུ་བོའི་རྒྱུན་དང་། སྤྲིན་ལྟ་བུ་སྟེ་རྣམ་པ་ཉི་ཤུ་རྩ་གཉིས་སུ་ཡོད་དོ། །གསུམ་པ་ནི། དེ་ ལྟར་དཔེ་སྨོས་པའི་དགོས་པ་ནི། སེམས་བསྐྱེད་ཉེར་གཉིས་པོ་དེ་དཔེ་ཉེར་གཉིས་པོ་དང་ཆོས་མཐུན་དུ་སྦྱོར་བ་ཡིན་ལ། དེའང་རིམ་པ་ལྟར་སེམས་བསྐྱེད་དང་པོ་དཔེ་དང་བཅས་པ་ནི་ཐོག་མཐའ་བར་གསུམ་གྱི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞི་ 4-1-53b འདུན་ལྡན་དང་མཚུངས་ལྡན་གྱི་སེམས་བསྐྱེད་ནི་བྱང་ཆུབ་བསྒྲུབ་པ་ཐམས་ཅད་ཀྱི་གཞིའི་ཐེག་པ་པའི་དངོས་པོ་ཡིན་པས་ས་ལྟ་བུ་དང་། སེམས་བསྐྱེད་གཉིས་པ་དཔེ་དང་བཅས་པ་ནི་བསམ་པ་དང་ལྡན་པའི་སེམས་བསྐྱེད་དེ་བྱང་ཆུབ་ཀྱི་བར་དུ་མི་འགྱུར་ བས་གསེར་ལྟ་བུ་དང་། སེམས་བསྐྱེད་གསུམ་པ་དཔེ་དང་བཅས་པ་ནི་ལྷག་བསམ་དང་ལྡན་པའི་དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་བས་ཟླ་བ་ཚེས་པ་དང་། སེམས་བསྐྱེད་བཞི་པ་དཔེ་དང་བཅས་པ་ནི་སྦྱོར་བ་དང་མཚུངས་པར་ལྡན་པའི་ སེམས་བསྐྱེད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་ཐམས་ཅད་བསྲེགས་པས་མེ་ལྟ་བུ་དང་། སེམས་བསྐྱེད་ལྔ་པ་དཔེ་དང་བཅས་པ་ནི་སྦྱིན་པའི་ཕར་ཕྱིན་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ པས་གཏེར་ཆེན་པོ་བྱེ་བ་ལྟ་བུ་དང་། སེམས་བསྐྱེད་དྲུག་པ་དཔེ་དང་བཅས་པ་ནི་ཚུལ་ཁྲིམས་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་དེ་ཡོན་ཏན་རིན་པོ་ཆེ་བསྒྲུབ་རུང་བའི་རྟེན་གྱི་དངོས་པོ་རིན་པོ་ཆེའི་འབྱུང་ཁུངས་ལྟ་བུ་དང་། སེམས་བསྐྱེད་བདུན་པ་ དཔེ་དང་བཅས་པ་ནི་བཟོད་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པས་རྒྱུད་མི་འཁྲུགས་པ་རྒྱ་མཚོ་ཆེན་པོ་ལྟ་བུ་དང་། བརྩོན་འགྲུས་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་བྱང་ཆུབ་ལ་ཡིད་ཆེས་པ་བརྟན་ པས་མི་ཕྱེད་པ་རྡོ་རྗེ་ལྟ་བུ་དང་། བསམ་གཏན་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པ་རིའི་རྒྱལ་པོ་ལྟ་བུ་དང་། ཤེས་རབ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་ 4-1-54a ་པའི་ནད་རབ་ཏུ་ཞི་བར་བྱེད་པས་སྨན་ལྟ་བུ་དང་། ཐབས་མཁས་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་དགེ་བའི་བཤེས་གཉེན་ལྟ་བུ་དང་། སྨོན་ལམ་ དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། སྟོབས་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་ཉི་མ་ལྟ་བུ་དང་། ཡེ་ཤེས་ཀྱི་ཕར་ཕྱིན་དང་ མཚུངས་པར་ལྡན་པའི་སེམས་བསྐྱེད་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པས་ཆོས་ཀྱི་སྒྲ་དབྱངས་སྙན་པ་ལྟ་བུ་དང་། མངོན་པར་ཤེས་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པ་རྒྱལ་པོ་ཆེན་པོ་ལྟ་བུ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་དུ་གྱུར་པ་བང་མཛོད་ལྟ་བུ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པས་ལམ་པོ་ཆེ་ལྟ་བུ་དང་། སྙིང་རྗེ་དང་ལྷག་མཐོང་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་མི་ལྟུང་བས་བདེ་བླག་ཏུ་འགྲོ་བ་བཞོན་པ་ལྟ་བུ་དང་། གཟུངས་དང་སྤོབས་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཐོས་པ་སྟེ་ཐུན་མོང་བ་དང་། མ་ཐོས་པ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆོས་འཛིན་པས་མི་ཟད་པ་བཀོད་མའི་ཆུ་ལྟ་བུ་དང་། ཆོས་ཀྱི་དགའ་སྟོན་སྟོན་པར་བྱེད་པ་དང་མཚུངས་པར་ 4-1-54b ལྡན་པའི་སེམས་བསྐྱེད་ཐར་པ་འདོད་པའི་གདུལ་བྱ་ལ་སྙན་པར་སྒྲོགས་པས་སྒྲ་སྙན་ལྟ་བུ་དང་། བགྲོད་པ་གཅིག་པའི་ལམ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་གཞན་གྱི་དོན་བྱ་བ་ལ་ཐ་མི་དད་པས་ཆུ་བོའི་རྒྱུན་ལྟ་བུ་དང་། ཆོས་སྐུ་དང་མཚུངས་ པར་ལྡན་པའི་སེམས་བསྐྱེད་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་ནི་རྣམ་གྲངས་བཞིན་ཆོས་མཐུན་དུ་སྦྱར་རོ། །གཉིས་པ་ནི། མཚུངས་ལྡན་གྱི་གྲོགས་ཆོས་མཐུན་དུ་སྦྱར་བ་དེ་ལྟར་དུ་བཤད་ པས་ན། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་བྱ་བ་ལ་སོགས་པའི་དཔེས་བསྟན་པའི་སྒོ་ནས་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་བཤད་པ་ཡིན་ནོ། །གསུམ་པ་ལ་གཉིས། དེ་དངོས་དང་། དོན་བསྡུ་བའོ། །དང་པོ་ནི། སེམས་བསྐྱེད་ཉེར་གཉིས་པོ་དེ་ལ་ དང་པོ་འདུན་པ། བསམ་པ། ལྷག་བསམ་གསུམ་པོ་ནི། རིམ་པ་ལྟར་ཚོགས་ལམ་ཆུང་ངུ་དང་། ཚོགས་ལམ་འབྲིང་པོ་དང་། ཚོགས་ལམ་ཆེན་པོ་ཉིད་ཀྱིས་བསྡུས་པས་ན་ཐེག་ཆེན་གྱི་ལས་དང་པོ་པའི་སས་བསྡུས་སོ། །དེའི་འོག་ཏུ་སྦྱོར་བ་དང་ལྡན་པ་ཞེས་པའི་ གཅིག་པུ་དེ་ནི་ས་དང་པོ་ལ་འཇུག་པའི་སྦྱོར་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་སྦྱིན་སོགས་ཕར་ཕྱིན་བཅུ་དང་ལྡན་པའི་སེམས་བསྐྱེད་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུས་བསྡུས་ཏེ་ཐེག་པ་ཆེན་པོའི་མཐོང་བ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། ། དེའི་འོག་ཏུ་མངོན་ཤེས་སོགས་ལྔ་ནི་དག་སའི་ཁྱད་པར་གྱི་ལམ་གྱིས་བསྡུས་སོ། །དེའི་འོག་ཏུ་ཆོས་ཀྱི་དགའ་སྟོན་སོགས་སེམས་བསྐྱེད་པ་གསུམ་ནི་རིམ་པ་ལྟར་སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་སངས་རྒྱས་ཀྱི་སས་བསྡུས་པ་སྟེ། སྟེས་ནི་ཚིག་འོག་མ་འདྲེན་ 4-1-55a པར་བྱེད་པའོ། ། དེ་ལྟར་སློབ་དཔོན་གྱིས་སེམས་བསྐྱེད་ཉེར་གཉིས་པོའི་སྦྱོར་ཚུལ་འདི་ལ་འགའ་ཞིག་གིས་མདོ་དང་མཐུན་པར་མ་སྦྱར་བའི་སྐྱོན་ཡོད་ཅེས་པ་དང་། འཕགས་གྲོལ་གྱིས་སེམས་བསྐྱེད་ཉེར་གཉིས་པོ་ལ་ས་མཚམས་མ་ བཅད་པས་འཕགས་གྲོལ་གྱི་དགོངས་པ་དང་མི་མཐུན་ཅེས་བཤད་པ་ལས། དང་པོའི་སྐྱོན་གནས་པ་མིན་ཏེ། མདོ་ལས་སངས་རྒྱས་ཀྱི་སའི་སེམས་བསྐྱེད་དེ་སེམས་བསྐྱེད་བཅུ་པ་ལ་འཆད་པའང་དངོས་བསྟན་དེ་ལྟར་ཡིན་གྱི། ཤུགས་བསྟན་དུ་ནི་སངས་རྒྱས་པའི་ ཞིང་དེར་དཀོན་མཆོག་གསུམ་གྱི་སྒྲ་རྒྱུན་མི་འཆད་དུ་སྒྲོགས་ཏེ་གདུལ་བྱ་ཡང་དག་གི་ལྟ་བ་ལ་དགོད་པ་སྦྱོར་བའི་དང་། གཞན་དོན་འབའ་ཞིག་གྲུབ་པས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་དངོས་གཞི་དང་། དེ་ལྟར་གྲུབ་པས་དེ་བཞིན་གཤེགས་པའི་སྤྱོད་ལམ་མངོན་དུ་གྱུར་པ་ དེ་མཇུག་གིའོ། །དེ་ལྟར་ན་དངོས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྲ་སྦྱར་བ་ནི་སེམས་བསྐྱེད་དེ་གསུམ་གྱི་དངོས་རྒྱུ་ནུས་པ་ཐོགས་མེད་དེ་ས་བཅུ་པ་ཁོ་ནའི་རྒྱུད་ལ་ཡོད་པར་སྟོན་པ་ཡིན་ལ། དེའི་དངོས་འབྲས་ནི་སངས་རྒྱས་ཁོ་ནའི་རྒྱུད་ལ་ཡོད་པ་ཡིན་ནོ། ། སྐྱོན་གཉིས་པས་ཀྱང་མི་གནོད་དེ། འཕགས་པས་སེམས་བསྐྱེད་ཉེར་གཉིས་པོ་ས་མཚམས་སུ་མི་བཅད་པར་དགོངས་པ་མིན་ཏེ། ཉི་སྣང་ལས་གསུངས་པའི་དོན་ཐེག་ཆེན་སེམས་བསྐྱེད་ཙམ་པོ་བ་དེ་སེམས་མ་བསྐྱེད་པ་ལས་ལོག་ཙམ་གྱི་ངོ་བོ་ཡིན་པས་སེམས་བསྐྱེད་ཀྱི་དབྱེ་བྱ་ དུ་མའི་ངོ་བོར་མ་གྲུབ་ཅེས་པའི་དོན་ཡིན་ནོ། །གཉིས་པ་ནི། རྒྱུ་མཚན་བཤད་པ་དེ་ལྟར་ན་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་དེས་ནི་ལས་དང་པོ་པའི་ས་ཚོགས་ལམ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་བསྡུས་པ་ཡིན་ནོ། །གཉིས་པ་གདམས་ངག་ལ་སྤྱིའི་དོན་དང་། ཚིག་ 4-1-55b གི་དོན་གཉིས་ལས། དང་པོ་ལའང་བཤད་བྱའི་མདོ་དགོད་པ་དང་། མདོའི་དོན་བསྟན་བཅོས་སུ་བཀྲལ་བའི་སྐབས་དང་སྦྱར་བའོ། །དང་པོ་ནི། སེམས་བསྐྱེད་ཀྱི་སྐབས་ཀྱི་མདོར། གང་དང་གང་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པའི་དོན་ལ་ འཕྲོས་ཏེ། གདམས་ངག་བཤད་པའི་མདོར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་དྲིས་པའོ། །དེའི་ལན་དུ། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཞེས་གསུངས་པའི་བར་རྣམས་ཀྱིས་བསྒྲུབ་པ་རང་གི་ངོ་བོའི་ཤེས་རབ་ཐེག་དམན་ལས་ཁྱད་པར་དུ་འཕགས་ པར་བསྟན་པ་ཡིན་ལ། འདི་དག་གི་མདོའི་དོན་ལ་མཁས་པ་ཤཱནྟི་པས་རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོ་དང་སྦྱར་ནས་མདོ་འདི་འགྲེལ་བར་མཛད་དོ། །བསྒྲུབ་པ་རང་གི་ངོ་བོ་ཐེག་དམན་ལས་ཐབས་ཀྱིས་ཁྱད་པར་དུ་འཕགས་པའི་ཚུལ་ཡང་། ཤཱ་རིའི་བུ། དེ་ལྟར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཉིན་གཅིག་བསྒོམས་པ་གང་ཡིན་པ་དེས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་བྱེད་དོ། །ཞེས་པ་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་ནི་དེ་ལྟར་མ་ཡིན་ནོ། །ཞེས་པའི་བར་གྱི་ མདོ་རྣམས་ཏེ། དེའི་དོན་འཕགས་པ་རྣམ་པར་གྲོལ་བའི་སྡེས་དཔེ་དྲུག་པོ་དེ་ཉན་ཐོས་ཀྱི་རྟོགས་པའི་ཆོས་དྲུག་གི་ཁྱད་པར་དེ་འདྲ་བ་ལས་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔའི་ཐབས་ཤེས་དེ་ལ་བརྒྱའི་ཆར་དང་། སྟོང་དང་། བརྒྱ་སྟོང་དང་། བྱེ་བ་བརྒྱ་སྟོང་གི་ 4-1-56a ཆར་དང་། གྲངས་དང་ཆར་དང་། བགྲང་བ་དང་། རྒྱུར་དང་། དཔེར་ཡང་མི་འགྲོའོ་ཞེས་ཁྱད་པར་འཕགས་པའི་ཚུལ་བསྟན་ཏོ། ། གདམས་ངག་བཅུ་པོ་རང་རང་གི་ངོ་སྐལ་གྱི་མདོ་ནི་འདི་སྟེ། གཟུགས་སྟོང་པ་ཉིད་ལ་བརྩོན་ན། ཞེས་སོགས་ཀྱིས་ སྡུག་བདེན་ལ་འདོམས་པ་དང་། གཟུགས་སྐྱེ་བ། ཞེས་སོགས་ཀྱིས་ཀུན་འབྱུང་ལ་འདོམས་པ་དང་། ཤཱ་རིའི་བུ། སྟོང་པ་ཉིད་ནི་མི་སྐྱེ་མི་འགག །ཅེས་པ་ནས། དེ་ལྟར་བརྩོན་ན་བརྩོན། ཞེས་པའི་བར་གྱིས་འགོག་བདེན་ལ་འདོམས་པ་དང་། ཤཱ་རིའི་བུ། གཞན་ཡང་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ལ་བརྩོན། ཞེས་བྱ་བའམ། མི་བརྩོན། ཞེས་བྱ་བ་སོགས་ཀྱིས་ལམ་བདེན་ལ་འདོམས་པ་དང་། ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོས་ཡུམ་ལ་སྤྱོད་པའི་ཚེ་གཟུགས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། ཞེས་སོགས་ཀྱིས་སངས་རྒྱས་ལ་ འདོམས་པ་དང་། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར། ཞེས་སོགས་ཀྱིས་ཆོས་ལ་འདོམས་པ་དང་། དེ་སྐད་ཅེས་བཀའ་སྩལ་བ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ ལ་གནས་པ་འདི་གང་ནས་འདིར་སྐྱེས་པ་ལགས། ཞེས་སོགས་ཀྱིས་དགེ་འདུན་དཀོན་མཆོག་ལ་འདོམས་པ་དང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས། ཞེས་པ་ལ་འཕྲོས་ནས་ བརྩོན་འགྲུས་གསུམ་ལ་འདོམས་པ་དང་། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས། ཞེས་སོགས་ཀྱིས་སྤྱན་ལྔ་ལ་འདོམས་པ་དང་། ཤཱ་རིའི་བུ། ཡུམ་འདི་ལ་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ་རྫུ་འཕྲུལ་གྱི་རྣམ་པ། ཞེས་སོགས་ཀྱིས་མངོན་ཤེས་ 4-1-56b དྲུག་ལ་འདོམས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡུམ་ལས་བརྩམས་ཏེ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཡུམ་ལས་ངེས་པར་འབྱུང་བ་དེ་ལྟར་ཁྱོད་སྤོབས་པར་གྱིས་ ཤིག །ཅེས་སོགས་ཀྱིས་མཐོང་ལམ་ལ་འདོམས་པ་དང་། རབ་འབྱོར་འདུས་མ་བྱས་ཀྱི་དབྱིངས་མེད་པར། ཞེས་པ་ནས། མཐུན་པའི་ཆོས་ལ་སྲེད་པ། ཞེས་པའི་བར་གྱིས་སྒོམ་ལམ་ལ་འདོམས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟ་བུའི་མདོར་བསྟན་པའི་གདམས་ངག་དེ་བསྟན་ བཅོས་སུའང་དེ་ལྟར་སྟོན་པ་ཡིན་ཏེ། འདིར་གདམས་ངག་ཉན་པ་པོའི་གང་ཟག་དེ་ཅི་འདྲ་བ་ཞིག་དགོས་ཤེ་ན། མདོ་སྡེ་རྒྱན་ལས། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡི་རྒྱ་མཚོ་བཞིན། །དགེ་ཚོགས་རྣམས་ཀྱི་ཡང་ དག་རྫོགས། །དེ་བཞིན་དུ་ནི་ཚོགས་བསགས་པའི། །རྒྱལ་སྲས་བཟོད་ནས་དག་པ་པོ། །ལེགས་པར་ཤེས་ཤིང་སེམས་དགེ་བ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཡོན་ཏན་རྒྱུད་ལྡན་ལའོ། །ལུང་དེའི་བསྐལ་པ་གྲངས་མེད་ངེས་འབྱུང་ཞེས་པ་ནི་འཁོར་བ་ལས་ངེས་ པར་འབྱུང་བའི་དོན་ཡིན་ལ། མོས་པ་འཕེལ་བར་བྱེད་པ་ནི་ཚོགས་ལམ་ཆེན་པོ་དང་། དག་པ་ནི་སེམས་པའི་སྡོམ་པ་རྣམ་པར་དག་པ་དང་། ལེགས་པར་ཤེས་པ་ནི་ཐོས་པ་མང་བའོ། ། དེ་ལྟར་གདམས་ངག་ཐོས་པའི་རྒྱུ་ནི་ཚོགས་ལམ་ཆེན་པོ་ནོན་པ་དག་གིས་བསམ་གཏན་ གྱི་སེམས་ཐོབ་པ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་སྐྱེས་པའི་སྟོབས་ཀྱིས་སངས་རྒྱས་ལས་མཉན་པ་ཡིན་ཏེ། དེ་ལྟར་ཡིན་པའི་ཚུལ་ཡང་། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ 4-1-57a ངག་རྒྱ་ཆེར་རྙེད་པར་འགྱུར། །ཞེས་པ་ལྟར་རོ། །ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ནི། དེའང་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་མི་བརྗེད་པར་འཛིན་ནུས་ཀྱིས་ཚིག་དོན་ལ་སེམས་རྩེ་གཅིག་ཏུ་གནས་པ་ཅན་ཡིན་ཏེ། འགྲེལ་ཆེན་ལས། ཚོགས་ཀྱིས་ ཉིད་དུ་ཆོས་ཀྱི་ཚིག་དང་དོན་འཛིན་པ་ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ལ། ཞེས་འབྱུང་བས་སོ། །དེ་ལྟར་ན་ཆོས་རྒྱུན་ཞེས་པའི་དོན་ཀྱང་། དེ་ལྟ་བུའི་ཏིང་ངེ་འཛིན་ནི་དེ་རྒྱུན་ཆགས་སུ་ཡོད་པའི་དོན་ཡིན་ཏེ། ས་དེ་སྲིད་ནས་སངས་རྒྱས་སའི་བར་དུ་རྒྱུན་ཆགས་པ་ཡིན་ ནོ། །ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་པའི་ཆོས་ཉན་ཡུལ་ནི་མཆོག་གི་སྤྲུལ་པའི་སྐུ་ལས་ཡིན་ཏེ། མདོ་སྡེ་རྒྱན་ལས། ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་རྟག་མངོན་སུམ་འདོམས་མཛད་ཅིང་། །ཅོ་ནས་འདྲེན་མཛད་ཉེས་པའི་ཚང་ཚིང་ནས། ། ཚན་གྱིས་དྲངས་ནས་བྱང་ཆུབ་ལ་འགོད་དོ། །ཞེས་སོ། །རྒྱུ་མཚན་དེ་ལྟར་ན་གདམས་ངག་མཉན་པར་འོས་པའི་སྐལ་བ་ཅན་དེ་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པར་རྒྱུད་ལ་བསྟེན་ནས་བསོད་ནམས་ཀྱི་ཚོགས་བར་མ་ཆད་པར་བསྒྲུབས་ནས་ཐེག་ཆེན་གྱི་ལམ་ལ་འཇུག་པའི་ རིམ་པ་ཕྱིན་ཅི་མ་ལོག་པའི་དབང་དུ་བྱས་ཏེ། སེམས་བསྐྱེད་མ་ཐག་པ་དེའི་འོག་ཏུ་ཅི་ལྟ་བུར་སེམས་བསྐྱེད་པ་དེ་འཐོབ་བྱེད་ཀྱི་ཐབས་དེ་ལྟ་བུའི་གདམས་ངག་མཉན་པ་ནི་གོ་རིམ་ལ་འཁྲུལ་བ་མེད་པའི་ཕྱིར་རོ། ། འདིར་གདམས་ངག་སྟོན་བྱེད་ཀྱི་ངག་དེ་ཡིན་ན་ངག་གི་རྣམ་རིག་ ཏུ་སྣང་དགོས་པ། དེ་ལྟར་སྣང་བའི་རྒྱུ་ཡང་སྒྲའི་སྐྱེ་མཆེད་པ་ཡིན་དགོས་པ་ལས། གཞན་དག་སྐབས་དེར་བསྟན་གྱི་ངག་ལ་སྒྲས་ཁྱབ་པ་མ་ཡིན་ཞེས་ཟེར་ལ། དེ་ནི་འཐད་པ་མིན་ཏེ། ཚོགས་ལམ་ཆེན་པོ་པ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་དེས་ཆོས་མཉན་པ་ 4-1-57b ན་ཐ་མལ་གྱི་རྣ་བའི་དབང་པོ་དང་། ལྷའི་རྣ་བའི་དབང་པོ་གང་རུང་ལ་བརྟེན་ནས་མཉན་དགོས་ལ། དེ་གཉིས་ལ་བརྟེན་པའི་ཤེས་པའི་ཡུལ་དུ་ནི་སྒྲ་རང་མཚན་པ་ཁོ་ན་དམིགས་དགོས་པའི་ཕྱིར་རོ། །གཉིས་པ་ཚིག་དོན་ལ། གདམས་ངག་བཅུ་སྤྱིར་བསྟན་པ་དང་། དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སེམས་བསྐྱེད་ཀྱི་ངོ་བོ་གཙོ་བོར་སྨོས་ནས་དེའི་དབྱེ་བའང་ཞར་ལ་བརྗོད་པས་བཤད་མ་ཐག་པ་དེ་ལྟར་གྱི་བྱང་ཆུབ་ཀྱི་སེམས་དང་པོ་འདུན་པ་ནས་བཟུང་། ལ་ སོགས་པས་ཕྱི་མ་རྣམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེས་དུས་སུ་བབ་པ་ཇི་ལྟ་བ་བཞིན་དུ་གདམས་ངག་དོན་དུ་གཉེར་བར་བྱེད་པའི་ཕྱིར་ན་གདམས་པ་དང་རྗེས་བསྟན་ནོད་པའི་དགོས་པ་གཉིས་ལས། དང་པོ་ནི། སྔར་ཐོབ་ཟིན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ པ་དེ་དང་། སེམས་བསྐྱེད་དེས་འཕངས་པའི་དྲོད་ཡན་ཆད་ཀྱི་དཀར་པོའི་ཆོས་འགྲུབ་པར་བྱ་བའི་ཕྱིར་སྔར་ཡོད་ཀྱི་ཡོན་ཏན་མི་ཉམས་པར་བསྟན་པ་ཡིན་ལ། གཉིས་པ་ནི། སྔར་ཡོན་ཏན་ཐོབ་ཏུ་ཟིན་པ་མི་ཉམས་པར་ཡོངས་སུ་བསྲུང་བའི་དོན་གྱི་སྒོ་ནས་སྔར་མ་ཐོབ་པའི་ ཡོན་ཏན་ཐོབ་པར་རྟོགས་པའི་རིམ་པ་མངོན་པར་འཕེལ་བར་བྱ་བའི་ཕྱིར་རྗེས་སུ་འདོམས་པ་དང་བཅས་པ་ནི་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སུ་གདམས་པའི་ངག་སྟེ་ཞེས་མཚམས་སྦྱར་བར་མཛད་དོ། །གཉིས་པ་ནི། སྒྲུབ་པ་རང་གི་ངོ་བོ་ནི། ཡུལ་བདེན་པ་གཉིས་ ལས་འདའ་བ་མེད་པར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་གྱིས་མཉམ་པར་བཞག་པ་ཅན་ཡིན་ལ། དེ་རྣལ་འབྱོར་པ་གང་ཞིག་གིས་སློབ་པར་བྱ་སྙམ་ན། བཤད་མ་ཐག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ཐོགས་དེར་མཉམ་པར་བཞག་པ་དེ་ཉམས་སུ་ལོངས་ཤིག་ 4-1-58a པའི་ཚུལ་གྱིས་འདོམས་པ་ཡིན་ནོ། །དེ་ལྟར་ན་བདེན་པ་གཉིས་པོའི་རྣམ་པར་བཞག་པ་ལ། ཀུན་རྫོབ་པའི་མཚན་ཉིད་ནི་རྣམ་པར་རིག་པའི་ངོར་སྣང་བའི་མཐོང་ཤེས་དང་བཅས་པ་ཡིན་ལ། དོན་དམ་པའི་མཚན་ཉིད་ནི་རྣམ་པར་རིག་པའི་རྒྱུ་བ་ཐམས་ ཅད་དང་བྲལ་བའི་མཐོང་ཤེས་ཁྱད་པར་ཅན་ཡིན་ནོ། །དེས་ན་ཀུན་རྫོབ་པའི་བདེན་པ་ཞེས་པའི་དོན་ཀྱང་ཆོས་ཐམས་ཅད་ཀུན་རྫོབ་པའི་བསླུ་བ་སྟེ་མེད་པར་བདེན་པས་བདེན་པ་དང་། ཆོས་ཉིད་ཀྱི་དོན་ནི་དམ་པའམ་ངེས་པའི་དོན་དུ་བདེན་པར་བདེན་པས་ན་དོན་དམ་བདེན་ པ་ཞེས་བྱའོ། ། ལ་ལ་ཞིག་ཀུན་རྫོབ་ཀུན་རྫོབ་ཀྱི་ངོར་བདེན་པས་ཀུན་རྫོབ་བདེན་པར་འཆད་པ་དང་། དོན་དམ་དོན་དམ་གྱི་ངོར་བདེན་པས་དོན་དམ་བདེན་པར་འཆད་པ་ནི་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་བདེན་གཉིས་ཀྱི་འཇོག་མཚམས་ལས་ཕྱིན་ཅི་ལོག་ཏུ་སྨྲས་པ་ཡིན་ནོ། ། དེ་ལྟར་ན་ཀུན་རྫོབ་བདེན་པའི་མཚན་གཞི་ནི་མ་རིག་པའི་འཁྲུལ་རྒྱུས་བསྐྱེད་པའི་ཤེས་པ་དང་དེར་སྣང་གི་ཆ་ཐམས་ཅད་ཡིན་ལ། དོན་དམ་བདེན་པའི་མཚན་གཞི་ནི་མ་རིག་ལྷན་སྐྱེས་ཀྱི་འཁྲུལ་རྒྱུ་དང་བྲལ་བའི་མི་རྟོག་ཡེ་ཤེས་ཀྱི་རྩལ་སྣང་གི་ཆ་དང་བཅས་པ་རྣམས་ སོ། །ཀུན་རྫོབ་ཏུ་དོན་བྱེད་ནུས་པ་དང་མི་ནུས་པ་ལ་བདེན་གཉིས་སུ་འབྱེད་པ་ནི་བྱིས་པའི་དབང་དུ་བྱས་པ་ཡིན་ནོ། ། དེ་ལྟར་ན་གོང་དུ་བདེན་གཉིས་གོ་ཆོད་པོ་བཤད་མ་ཐག་པ་དེ་ལས་གནས་སྐབས་སུ་ཁས་ལེན་རྒྱུའི་བདེན་པ་དེ་གང་ཞེ་ན། ཚོགས་གཉིས་པོ་གང་བསགས་ ཀྱང་བདེན་པ་ནི་དོན་དམ་པའི་བདེན་པ་གཅིག་ཁོ་ནར་ངེས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པའི་ཚེ་ནའང་བྱིས་པས་འདོད་པའི་དོན་དམ་བདེན་པ་ཁས་བླངས་ནས་འཇུག་ལྡོག་བྱེད་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་ནའང་མཉམ་གཞག་གི་ངོར་ཁས་ལེན་ཅིའང་ 4-1-58b ཡོད་པ་མིན་མོད། འོན་ཏེ་རྗེས་ཐོབ་ཀྱི་ཚེ་འཕགས་པ་ལ་གྲགས་པའི་དོན་དམ་བདེན་པ་ཁས་བླངས་ནས་དེ་ལ་མཉམ་པར་བཞག་པ་དང་རྗེས་སུ་མཐུན་པར་ཤེས་བརྗོད་བྱེད་པ་ཡིན་ནོ། ། མདོར་ན་ཀུན་རྫོབ་བདེན་པ་ནི་ཚོགས་གཉིས་པོ་གང་བསགས་པའི་སྐབས་སུའང་བདེན་ པར་ཁས་ལེན་པར་རུང་བ་མིན་ཏེ། དེ་རང་ལུགས་ལ་ཚད་མས་གྲུབ་པ་མ་ཡིན་པའི་ཕྱིར་ནའོ། །དེ་ལྟར་གནས་སྐབས་སུ་དོན་དམ་བདེན་པའི་མཚན་གཞིར་བཤད་པའི་དོན་དམ་བདེན་པ་དེ་ཐམས་ཅད་ཀུན་རྫོབ་བདེན་པ་ལས་མ་འདས་ཏེ། སྒྲ་རྟོག་གི་ཡུལ་ཡིན་པའི་ཕྱིར་རོ། ། དེས་ན་དོན་དམ་བདེན་པའི་མཚན་གཞི་གོ་ཆོད་པ་ན་བློའི་ཡུལ་མིན་པར་བཤད་ཀྱང་། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངོར་དེའི་མཚན་གཞི་མེད་པའང་མ་ཡིན་པ་ནི་རྣལ་འབྱོར་སྤྱོད་པའི་ས་རྒྱ་མཚོ་ལྟ་བུ་ནས་འབྱུང་ལ། འོ་ན་དེ་ལྟར་ཡེ་ཤེས་ཀྱི་ངོར་དོན་དམ་བདེན་པའི་མཚན་གཞི་ཡང་ ན་དེ་ཀུན་རྫོབ་པའི་བདེན་པར་ཐལ་ལོ་སྙམ་པ་ནི། བྱམས་མགོན་དང་ཀླུ་སྒྲུབ་ཀྱི་དབུ་མའི་ལུགས་ལས་རྒྱང་རིང་དུ་སོང་བ་ཡིན་ཏེ། དེ་གཉིས་ཀྱི་ལུགས་ལ་ཀུན་རྫོབ་བདེན་པ་ཡིན་ན་རང་བཞིན་གྱིས་ཡོད་པ་མ་ཡིན་པས་ཁྱབ་པ་དང་། དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པ་སྟེ། མེད་དགོས་པ་མ་ཡིན་པས་ཁྱབ་པར་བཤད་པ་ཤ་སྟག་ཡིན་ལ། དེའང་ཀུན་རྫོབ་པའི་ངོར་ཡོད་མེད་ཀྱི་ཟླས་ཕྱེ་བའི་ཡོད་མེད་གཉིས་པོ་དེ་མེད་མཉམ་དུ་མཚུངས་པར་བཤད་པ་དང་། དོན་དམ་བདེན་པའི་ངོ་བོར་གྱུར་པའི་ཡོད་པ་དེ་ཡོད་པ་ཉིད་ཁོ་ན་ཡིན་ཏེ། དེ་ཡིན་པའང་ དེ་ཁོ་ན་ཉིད་དང་། དེ་བཞིན་ཉིད་དང་། ཆོས་ཉིད་ཅེས་ཡོད་པ་ཉིད་ཁོ་ནར་བཤད་པ་ལས་གཞན་དུ་བཤད་པ་ནི་ཚད་ལྡན་གྱི་ལུགས་ལ་མེད་དོ། །དེས་ན་ལྟ་བས་སྤྲོས་པ་བཅད་ནས་བསྒོམ་པས་ཉམས་སུ་མྱོང་བའི་གནས་སྐབས་སུ་ནི་དོན་དམ་པའི་བདེན་པ་ཞེས་བྱ་བ་དེའང་ཁས་ 4-1-59a ལེན་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཇི་སྐད་དུ། རྩོད་པ་ནི་ཡོད་པ་མ་ཡིན་ཏེ། དོན་དམ་པ་དཔྱད་པའི་སྐབས་ཡིན་པའི་ཕྱིར། ཞེས་སོ། ། དེ་ལྟར་བསྒྲུབ་པ་རང་གི་ངོ་བོ་ལས་འཕྲོས་པའི་དོན་བཤད་ནས། གཉིས་པ་དེའི་ཡུལ་གྱི་དམིགས་པ་བདེན་པ་བཞི་པོ་རྣམས་དང་ཞེས་པ་ལ། བདེན་པ་ བཞི་པོ་སྟོན་པའི་གདམས་ངག་འདི་ལ་འགའ་ཞིག་གིས་མི་རྟག་སོགས་བཅུ་དྲུག་གི་སྒོ་ནས་འདོམས་པས་གང་ཟག་གི་བདག་མེད་ཙམ་སྟོན་པའི་གདམས་ངག་ཁོ་ནའོ་སྙམ་དུ་སེམས་པ་དེ་ལྟ་བུ་ནི་མ་ཡིན་ཏེ། འདིར་དེའི་རང་བཞིན་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་འབྱུང་བའི་སྟོང་པ་ཉིད་ཟབ་མོའི་དོན་དང་བཅས་ཏེ་སྟོན་པས་ན་ཆོས་ཀྱི་བདག་མེད་གསལ་བར་འདོམས་པའི་གདམས་ངག་ཡིན་ནོ། །དེས་ན་སྐབས་འདིར་བསྟན་གྱི་བདེན་པ་བཞིའི་གནས་ཚུལ་ཇི་ལྟ་བར་དོན་མཐུན་དུ་རྟོགས་དགོས་པར་བསྟན་པ་ ནི། ཇི་སྐད་དུ། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པས། དེ་ལྟར་ཤེས་པར་བྱས་ ནས་དེར་གཟུང་ཞིང་འཛིན་པའི་མངོན་ཞེན་སྤང་བར་གདམས་སོ། ། དེ་ལྟར་བདེན་པ་བཞིའི་སྒྲ་དོན་ནི། འཕགས་པས་ཁྱབ་པ་འདུ་བྱེད་ཐམས་ཅད་སྡུག་བསྔལ་དུ་གཟིགས་པ་དང་མཐུན་པར་སྡུག་བསྔལ་གྱི་ངོ་བོར་སྐྱེས་པ་སྡུག་བདེན་དང་། འཕགས་པས་ཁམས་གསུམ་ པའི་སྡུག་བསྔལ་ཀུན་ལས་དང་ཉོན་མོངས་པ་ལས་བྱུང་བར་གཟིགས་པ་དོན་མཐུན་དུ་གནས་ཤིང་གྲུབ་པ་ཀུན་འབྱུང་གི་བདེན་པ་དང་། འཕགས་པས་བདག་མེད་པའི་དོན་ལམ་གྱི་བདེན་པར་གཟིགས་ཤིང་གཟིགས་པ་ལྟར་དོན་ལའང་གནས་པ་ལམ་གྱི་བདེན་པ་དང་། 4-1-59b འཕགས་པས་དོན་དམ་པའི་རང་ངོ་འབྱུང་བ་མེད་པའི་དོན་དུ་གཟིགས་པས་དེ་ཉིད་འགོག་བདེན་གྱི་དོན་ཡིན་ནོ། ། སྤྱིར་བཏང་དེ་ཙམ་དུ་བཤད་ནས་དཀའ་བའི་གནས་འགའ་ཞིག་དཔྱད་པར་བྱ་སྟེ། དེའང་སྡུག་བསྔལ་གྱི་བདེན་པ་འདི་རང་རྒྱུ་ཀུན་འབྱུང་ལས་སྐྱེས་པ་ ཡིན་ཏེ། དེའི་རྒྱུ་འབྲས་ཀྱི་ཚུལ་ཡང་ཀུན་འབྱུང་གི་རྒྱུས་སྡུག་བསྔལ་གྱི་བདེན་པ་རྣམ་པར་སྨིན་པའི་འབྲས་བུའམ། ཀུན་འབྱུང་གི་རྒྱུས་སྡུག་བདེན་བདག་པོའི་འབྲས་བུར་འཇོག་པ་ཡིན་ལ། དེ་ལས་གཞན་དུ་རྒྱུ་ཀུན་འབྱུང་གི་ལས་ཉོན་མཚན་ཉིད་པའི་རྒྱུ་མཐུན་གྱི་ འབྲས་བུར་སྡུག་བདེན་འཇོག་ནུས་པ་མ་ཡིན་ཏེ། མངོན་པ་གོང་མའི་ལུགས་ལྟར་ན། དཔེར་ན་བྱང་ཆུབ་སེམས་དཔའ་སྲིད་པ་སྐྱེ་བ་ལེན་པ་ན་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུར་ཉོན་མོངས་པ་དགོས་ཀྱང་དེས་གྲུབ་པའི་ཕུང་པོ་རྒྱུ་མཐུན་གྱི་འབྲས་བུའི་ཆ་ནས་སྡུག་བསྔལ་གྱི་བདེན་ པར་མི་བཞེད་ལ། དེ་ལྟར་མི་བཞེད་པའི་རྒྱུ་མཚན་ཀྱང་། དེའི་ཕུང་པོ་དེ་ལས་ཉོན་མཚན་ཉིད་པའི་རྒྱུ་མཐུན་གྱི་འབྲས་བུ་མ་ཡིན་པའི་དོན་གྱིས་སོ། །དེ་ལྟར་ན་སྡུག་བདེན་གྱི་མཚན་ཉིད་ཀྱང་རྣམ་པ་བཞི་ཡོད་པ་ལས། དེ་བཞི་ཀའི་ཚོགས་དོན་ལ་སྡུག་བདེན་གྱིས་ཁྱབ་ པ་ངེས་པ་མིན་ཏེ། ལས་དང་། ཉོན་མོངས་དང་། ལམ་ཟག་པ་དང་བཅས་པ་རྣམས་ལ་དེ་བཞི་ཀའི་ཚོགས་དོན་ཚང་ཡང་དེ་སྡུག་བསྔལ་བདེན་པར་མི་འཇོག་པ་བཞིན་ནོ། ། དེས་ན་སྡུག་བསྔལ་བདེན་པའི་མཚན་ཉིད་མི་རྟག་པ་ནི་ཐེག་ཆེན་དབུ་མའི་ལུགས་དང་སྦྱར་ཏེ་བཤད་ ན། རང་གི་སྐྱེ་བ་སྐད་ཅིག་མའི་ངོ་བོར་མ་གྲུབ་པས་འཇིག་རྒྱུ་གཞན་ལ་ལྟོས་མེད་དུ་མི་རྟག་པས་ན་མི་རྟག་པ་དང་། སྡུག་བསྔལ་བ་ནི་ཇི་སྲིད་བདག་མེད་པར་བདག་ཏུ་འཛིན་པའི་བདག་དང་བདག་གི་བར་རྟོག་པར་བྱེད་པའི་གཞི་གང་ཡིན་པ་ཐམས་ཅད་དེ་མདོར་ན་རྒྱུ་ཀུན་ 4-1-60a འབྱུང་ལས་རྣམ་པར་སྨིན་པའོ། །སྟོང་པ་ནི་རང་བཞིན་གྱིས་སྟོང་པ་དང་། བདག་མེད་པ་ནི་བདག་རྣམ་པ་གཉིས་ཀྱིས་དབེན་པའོ། །ཀུན་འབྱུང་གི་བདེན་པས་སྡུག་བསྔལ་གྱི་རྒྱུར་འགྱུར་ཚུལ་ནི། ཀུན་འབྱུང་གི་འཕེན་བྱེད་ཀྱི་ཆ་ནས་རྣམ་སྨིན་གྱི་རྒྱུ་ དང་། འགྲུབ་བྱེད་ཀྱི་ཆ་ནས་སྐལ་མཉམ་གྱི་རྒྱུ་དང་། དེ་གཉིས་ཀ་སྣོད་ཀྱི་འཇིག་རྟེན་གྱི་བྱེད་པའི་རྒྱུ་སྟེ་རྒྱུར་འགྱུར་བའི་ཚུལ་ནི་དེ་ལྟར་ཡིན་གྱི། ཀུན་བདེན་དེ་ལའང་མཚན་ཉིད་བཞི་ཡོད་པ་ལས། དང་པོ་ནི་ཡང་སྲིད་ཀྱི་བག་ཆགས་ལེན་པར་བྱེད་པས་ན་རྒྱུ་དང་། གཉིས་ པ་ནི་བག་ཆགས་བཞག་པ་དང་མཐུན་པར་སྡུག་བསྔལ་བསྐྱེད་པས་ན་ཀུན་འབྱུང་དང་། གསུམ་པ་ནི་སྡུག་བསྔལ་བྱེ་བྲག་ཏུ་ངེས་པར་བྱེད་པས་ན་རབ་སྐྱེ་དང་། བཞི་པ་ནི་སྡུག་བསྔལ་སྔ་མ་འདོར་ཞིང་ཕྱི་མ་ལེན་པར་བྱེད་པས་ན་རྐྱེན་ནོ། །དེ་ལྟར་མཚན་ཉིད་བཞི་པོ་འདི་ འབྲས་བུ་སྡུག་བསྔལ་གཅིག་ལ་བལྟོས་པའི་དེ་བཞི་ཚོགས་པའི་ཚོགས་དོན་ཡང་ཡོད་པ་མ་ཡིན་ནོ། ། མདོར་ན་ཀུན་འབྱུང་གི་བདེན་པ་ཡིན་ན་ཉོན་མོངས་ཅན་དང་དགེ་བ་གང་རུང་ཡིན་དགོས་པ་དང་། སྡུག་བདེན་ཡིན་ན་མ་བསྒྲིབས་ལ་ལུང་མ་བསྟན་ཡིན་དགོས་པ་དང་། སྡུག་ ཀུན་གྱི་བདེན་པ་ཡིན་ན་ཉོན་མོངས་པ་དང་། ལས་དང་། རྣམ་སྨིན་གྱི་སྒྲིབ་པ་གསུམ་ལས་གང་ཡང་རུང་བ་ཞིག་ཡིན་དགོས་པར་བསྟན་པ་ཡིན་ནོ། །འགོག་པའི་བདེན་པ་ལ་ཡང་ལམ་བདེན་གྱི་སྟོབས་ཀྱིས་བྲལ་འབྲས་སུ་གྱུར་པའི་འབྲས་བུ་དེ་འབྲས་བུའི་མཚན་ཉིད་ཚང་ཡང་ དེས་རྒྱུ་གོ་ཆོད་པོ་ནི་ཡོད་པ་མིན་ཏེ། དེ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །དོན་དེའི་འགོག་སོགས་ཀྱི་མཚན་ཉིད་བཞི་པོ་དེ་ལས་གཅིག་རྒྱུད་ལ་ལྡན་ན་གཞན་གསུམ་ཡང་རྒྱུད་ལྡན་དུ་ཁྱབ་པ་ཡིན་ནོ། །དེ་ལྟ་བུའི་འགོག་པ་ནི་ཚོགས་སྦྱོར་དུ་སྤང་བྱའི་ས་བོན་མགོ་ནོན་པའི་ཚུལ་ 4-1-60b གྱིས་འགོག་པ་དང་། མཐོང་བའི་ལམ་དུ་བར་ཆད་མེད་ལམ་གྱིས་སྤང་བྱའི་ས་བོན་དྲུངས་འབྱིན་པའི་འགོག་པ་དང་། དེ་བཞིན་དུ་སྒོམ་པའི་ལམ་དང་མི་སློབ་ལམ་གྱིས་སྤང་བྱའི་ས་བོན་དྲུངས་ཕྱུང་བའི་འགོག་པ་དེའོ། །འགོག་བདེན་དེ་ཡང་དགག་པའི་ཆ་ཙམ་ནས་མ་ཡིན་ལ། སྤང་བྱ་འགགས་ཟིན་པའི་རྗེས་ཀྱིས་འགོག་གཞི་དོན་དམ་བདེན་པའི་ཆ་ནས་འཇོག་པ་ཡིན་ལ། དོན་དམ་བདེན་པ་དེའང་གཉིས་སུ་མེད་པའི་ཤེས་པ་ཁྱད་པར་ཅན་ཡིན་ནོ། །ལམ་གྱི་བདེན་པ་དེའང་འགོག་པ་མངོན་དུ་བྱ་བའི་ཐབས་ཏེ། དེའང་ལམ་བདེན་དུ་འཇོག་པ་ལ་བར་ཆད་ མེད་ལམ་ཐོབ་པས་ཁྱབ་པར་ཁས་ལེན་དགོས་པ་ཡིན་ཏེ། ལམ་བདེན་གོ་ཆོད་པོ་ལ་ལམ་སོགས་མཚན་ཉིད་ཀྱི་ཟུར་བཞི་ཀ་ཚང་དགོས་པ་ལས་ངེས་འབྱིན་གྱི་དོན་ནི་ལམ་འོག་མ་ལས་གོང་མར་ངེས་འབྱིན་གྱི་དོན་ཡིན་ལ། དེ་ཡང་གཉེན་པོ་བར་ཆད་མེད་ལམ་མེད་པར་འབྱིན་ མི་ནུས་པ་ཡིན་ནོ། ། གསུམ་པ་སངས་རྒྱས་ལ་སོགས་པའི་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་ནི། སྐྱབས་གནས་སུ་གྱུར་པའི་རྒྱུ་འབྲས་ཀྱི་དཀོན་མཆོག་དེ་ལ་མངོན་ཞེན་སྤོང་བའི་ཕྱིར་འདོམས་པ་ཡིན་ཏེ། དེ་ཡང་སངས་རྒྱས་དཀོན་མཆོག་ནི། ཀུན་རྫོབ་པར་ གཟུགས་ཀྱི་སྐུ་གཉིས་ཡིན་ལ། དོན་དམ་པ་ནི་འདུས་མ་བྱས་སོགས་ཡོན་ཏན་བརྒྱད་ལྡན་གྱི་ཆོས་སྐུ་དེའོ། །ཆོས་སྐུ་དེ་ལའང་སྤངས་པའི་ཆ་ལ་རང་བཞིན་རྣམ་དག་སྟེ་འདུས་མ་བྱས་དང་། རྟོགས་པའི་ཆ་ལ་གློ་བུར་རྣམ་དག་སྟེ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ མཐར་ཐུག་པ་ནི་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པར་སངས་རྒྱས་རང་ཉིད་ཀྱི་ཡེ་ཤེས་ཁོ་ནས་མཁྱེན་ཅིང་། མཁྱེན་པའི་ཡེ་ཤེས་དེ་ཡང་བརྩེ་བའི་བདག་ཉིད་དུ་གྱུར་པ་དང་། དེ་ལྟ་བུའི་ཡེ་ཤེས་ཀྱི་ནུས་པས་སེམས་ཅན་གྱི་ཁམས་སྦྱོང་བར་བྱེད་པ་སྟེ། འདི་ལྟ་བུའི་སངས་ 4-1-61a རྒྱས་ཀྱི་ཚུལ་ནི་ཆོས་ཀྱི་སྐུ་ཐོབ་པ་ནང་ཕན་ཚུན་གྱི་ཡུལ་ལས་གཞན་གྱི་ཡུལ་ནི་མ་ཡིན་ནོ། ། དེ་བཞིན་དུ་དོན་དམ་བདེན་པའི་ཆོས་དཀོན་མཆོག་ཀྱང་། ཇི་སྐད་དུ། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། ། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་འབྱུང་བ་ལྟར་ཡིན་ལ། དེའང་རིམ་པར་བཤད་ན་སྤྲོས་ཚོགས་ཀྱི་མཐར་ཞུགས་པ་མེད་པའི་དོན་གྱིས་བསམ་དུ་མེད་པ་དང་། རྒྱུ་ཀུན་འབྱུང་སྤངས་པའི་ཡོན་ཏན་དང་ལྡན་པས་གཉིས་སུ་ མེད་པ་དང་། ཁམས་གསུམ་པའི་རྣམ་པར་རྟོག་པ་སྤངས་པས་རྟོག་པ་མེད་པ་དང་། གཟོད་མ་ནས་དག་པས་དག་པ་དང་། དེ་ཁོ་ན་ཉིད་མངོན་སུམ་དང་རང་རིག་པས་གསལ་བ་དང་། དེས་མི་མཐུན་ཕྱོགས་གཅོད་པར་ནུས་པ་སྟེ་གཉེན་པོའི་ཕྱོགས་ཀྱི་ཡོན་ཏན་ནོ། །དེ་ལྟར་ གྱུར་པའི་ཆོས་དཀོན་མཆོག་འགོག་ལམ་གྱི་ངོ་བོར་གྱུར་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་དང་ཐ་མི་དད་པ་སྟེ་ཆོས་དཀོན་མཆོག་ཏུ་བཞག་པ་ཡིན་ནོ། ། དགེ་འདུན་དཀོན་མཆོག་ནི། རིག་གྲོལ་གཉིས་དབྱེ་གཞིར་བྱས་པའི་ཇི་ལྟ་ཇི་སྙེད་དང་། ནང་རིག་པའི་རིག་པ་སྟེ་རིག་པ་ གསུམ་དང་། ཆགས་པ་དང་། ཐོགས་པ་དང་། དམན་པའི་སྒྲིབ་པ་ལས་གྲོལ་བ་སྟེ་ཡོན་ཏན་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་དག་ལ་མ་དག་པའི་གནས་སྐབས་ཀྱི་སྙིང་པོ་ལ་དོན་དམ་པའི་དགེ་འདུན་དཀོན་མཆོག་ཏུ་འཇོག་གོ། དོན་དེས་ན་མཐར་ཐུག་གི་སྐྱབས་ནི་འཐོབ་བྱའི་ བྱང་ཆུབ་སངས་རྒྱས་ཉག་གཅིག་པ་སྟེ། དེ་དག་ནི་དམ་པའི་ཆོས་དང་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་ཚོགས་པ་མཐར་ཐུག་པ་ཡིན་ནོ། ། བཞི་པ་དང་ལྔ་པ་དང་དྲུག་པས་བསྒྲུབ་པའི་མི་མཐུན་ཕྱོགས་སྤོང་བར་བྱེད་པའི་གཉེན་པོ་ལུས་ངག་ཡིད་གསུམ་ལ་མངོན་ 4-1-61b པར་མ་ཞེན་པའི་བརྩོན་འགྲུས་ལ་འདོམས་པས་བྱ་བ་ངན་ཞེན་གྱི་ལེ་ལོ་སེལ་བར་བྱེད་ལ། གཉེན་པོའི་སྟོབས་སྒྲུབ་པར་བྱེད་པ་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ལ་འདོམས་པར་བྱེད་པ་སྟེ། འདིས་ནི་སྒྱིད་ལུག་པའི་ལེ་ལོ་སེལ་བར་བྱེད་ལ། སངས་རྒྱས་ཀྱི་བྱང་ཆུབ་ སྒྲུབ་པའི་ལམ་ནི་ཡོངས་སུ་འཛིན་པའི་བརྩོན་འགྲུས་ལ་འདོམས་པ་སྟེ་བདག་ཉིད་བརྙས་པར་བྱེད་པའི་ལེ་ལོ་སེལ་བ་ཡིན་ནོ། །ངག་དོན་བསྡུ་ན་འདི་ལྟར་ཡིན་ཏེ། ངན་པར་ཞེན་པ་ལས་བཟློག་པས་མ་ཞེན་པ་དང་། སྒྱིད་ལུག་པའམ་དཔའ་ཞུམ་པ་ལས་བཟློག་སྟེ་ཡོངས་སུ་ མི་ངལ་བའི་སྙིང་སྟོབས་དང་། བདག་ཉིད་བརྙས་པ་ལས་བཟློག་སྟེ་ལམ་གྱི་མཆོག་ཡོངས་སུ་འཛིན་པའི་སྐལ་བ་ཅན་དུ་ཤེས་པའི་དོན་ཡིན་ནོ། ། བདུན་པ་གཞན་གྱི་དྲིང་མི་འཇོག་པའི་ཕྱིར་སྤྱན་ལྔ་ལ་འདོམས་པ་སྟེ། དེ་ཡང་ཤའི་སྤྱན་གྱིས་ནི་དཔག་ཚད་བརྒྱ་ཕན་གྱི་དངོས་ པོ་ཇི་ལྟར་གནས་པ་ལྟར་མཐོང་བ་ཡིན་ལ། ལྷའི་སྤྱན་ནི་ཕྱོགས་བཅུའི་གངྒཱའི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་། གང་དུ་སྐྱེ་བ་སྟེ་དེའི་ཚུལ་མངོན་སུམ་དུ་མཐོང་བའི་ལྷའི་མིག་དང་། ཤེས་རབ་ཀྱི་སྤྱན་ནི་ཆོས་ཉིད་ཀྱི་དོན་ཇི་ལྟ་བར་མཐོང་བ་དང་། ཆོས་ ཀྱི་སྤྱན་ནི་གང་ཟག་གཞན་དང་། འཕགས་པ་དག་གིའང་རྒྱུད་ཚོད་ཇི་ལྟ་བར་མངོན་སུམ་དུ་རྟོགས་པ་དེ་ཡིན་ལ། སངས་རྒྱས་ཀྱི་སྤྱན་ནི་ཆོས་ཐམས་ཅད་ཀྱི་གནས་སྣང་ཇི་ལྟ་བར་མངོན་སུམ་དུ་རྟོགས་པ་དེ་ཡིན་ནོ། །དེ་ལྟར་དུ་སྤྱན་ལྔར་དབྱེ་བ་དེ་ཡང་བལྟ་ཡུལ་རྣམ་པ་ལྔར་ངེས་ པའི་དོན་གྱིས་སྤྱན་ལྔར་བཞག་ལ། སྤྱན་ལྔ་པོ་དེའང་སངས་རྒྱས་ཀྱི་སར་ནི་སངས་རྒྱས་ཀྱི་སྤྱན་དེ་ཉིད་ཀྱིས་སྤྱན་དང་པོ་བཞིའི་གོ་ཆོད་དུ་བྱས་ནས་སྤྱན་ལྔ་དང་ལྡན་པ་ཡིན་ལ། དེ་ལས་གཞན་སློབ་པ་རྣམས་ཀྱི་སྤྱན་བཞི་པོས་ཡུལ་ཐ་དད་པར་རྟོགས་ཚེ་ཉེར་ལེན་གྱི་སྦྱོར་བ་ 4-1-62a ཐ་དད་པ་བཞིའི་རྒྱུ་ལས་སྐྱེས་པས་རིགས་ཐ་དད་པ་ཡིན་ལ། འགའ་ཞིག་གིས་ནི་སྤྱན་ལྔའི་སྤྱིའི་རིགས་ཀྱི་ངོ་བོ་ནི་གཅིག་པའོ་ཞེས་སྨྲ་བ་ནི་ལེགས་པ་མིན་ནོ། །དེ་ལྟར་བལྟ་བྱའི་ཡུལ་ལྟ་བྱེད་ཀྱི་སྤྱན་གྱིས་ཇི་ལྟར་བལྟ་སྙམ་ན། བེམ་པོའི་དངོས་པོ་ནི་ ཤའི་སྤྱན་གྱིས་དང་། རིག་པར་གྱུར་པའི་དངོས་པོ་ལའང་ཀུན་ནས་ཉོན་མོངས་རྒྱུད་ལྡན་གྱི་རིག་པ་ནི་ལྷའི་སྤྱན་གྱིས་དང་། ཀུན་ནས་རྣམ་བྱང་རྒྱུད་ལྡན་གྱི་རིག་པ་ནི་ཆོས་ཀྱི་སྤྱན་དང་། བེམ་ཤེས་གཉིས་ལས་འདས་པའི་ཆོས་ཉིད་པའི་ཡུལ་ནི་ཤེས་རབ་ཀྱི་སྤྱན་དང་། ཡུལ་དེ་བཞི་ ཀ་ཅིག་ཅར་དུ་གཟིགས་པར་ནུས་པའི་སྤྱན་དེ་ནི་སངས་རྒྱས་ཀྱི་སྤྱན་ཡིན་ནོ། །སྤྱན་སྒྲུབ་བྱེད་ཀྱི་རྒྱུ་ཡང་། བསམ་གཏན་གྱི་སེམས་རྟེན་ཙམ་གྱི་སྒོ་ནས་བསྒྲུབ་པ་ནི་ཐེག་པ་ཐུན་མོང་བའི་ལུགས་ཡིན་ལ། འདིར་ནི་དེའི་རྒྱུའི་གཙོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ཅིང་། སྤྱན་ལྔ་པོ་ དེ་རིམ་བཞིན་ཐོབ་པའི་འབྲས་བུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་ཡིན་ལ། སྤྱན་ལྔ་པོ་དེ་ལ་དང་པོ་གཉིས་ནི་ཚོགས་སྦྱོར་གྱི་ས་ནའང་ཡོད་ལ། བར་པ་གཉིས་ནི་ས་བཅུའི་མཉམ་གཞག་དང་རྗེས་ཐོབ་ན་ཡོད་ཅིང་། ཐ་མ་གཅིག་ ནི་སངས་རྒྱས་ཀྱི་ས་ཁོ་ནར་ངེས་པ་ཡིན་ནོ། ། བརྒྱད་པ་གཞན་དོན་བསྒྲུབ་པའི་ཆེད་དུ་འདོམས་པའི་གདམས་ངག་ལ་མངོན་ཤེས་ཀྱི་ཡོན་ཏན་རྣམ་པ་དྲུག་ལ་འདོམས་པར་མཛད་དེ། དེའང་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རྫུ་འཕྲུལ་ སྣ་ཚོགས་པ་སྟོན་ཅིང་། དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་གྱིས་རྟོགས་པའི་ཚུལ་གྱིས་སོ། །ལྷའི་རྣ་བ་ནི་ལྷ་མི་ལ་སོགས་པའི་སྒྲ་རྣམས་ཇི་ལྟ་བ་བཞིན་དུ་ཐོས་པ་ཡིན་ལ། གཞན་གྱི་སེམས་ཤེས་པ་ནི་ཕ་རོལ་པོའི་སེམས་ཡང་དག་པར་ཇི་ལྟ་བར་མངོན་སུམ་གྱིས་ 4-1-62b རྟོགས་པ་ཡིན་ཅིང་། སྔོན་གྱི་གནས་རྗེས་སུ་དྲན་པ་ནི་རང་གཞན་གྱི་ཚེ་རབས་སྔ་མ་རྣམས་རྗེས་སུ་དྲན་པའི་སྟོབས་ལས་རྟོགས་པ་དང་། ལྷའི་མིག་ནི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་མཛེས་མི་མཛེས་དང་། ལས་འབྲས་བཟང་ངན་རྣམས་ཇི་ལྟར་ གནས་པ་བཞིན་དུ་མངོན་སུམ་གྱིས་རྟོགས་པ་ཡིན་ནོ། །འོ་ན་ལྷའི་མིག་གི་མངོན་ཤེས་དང་། ལྷའི་སྤྱན་གཉིས་ཀྱི་ཁྱད་པར་གང་ཞེ་ན། སྤྱིར་མངོན་པར་ཤེས་པ་ནི་དམིགས་པའི་རྐྱེན་གྱིས་ཡུལ་སྣང་རུང་དེར་སྣང་དགོས་པ་དང་མི་དགོས་པ་གང་ལའང་རག་མ་ལས་པར་རྒྱུ་ རང་གི་ངོ་བོ་མངོན་པར་ཤེས་པའི་རིགས་སུ་གནས་པ་ཡིན་ལ། སྤྱན་ནི་སྣང་རུང་གི་ཡུལ་ལ་མཐོང་རུང་གི་ཤེས་པ་སྐྱེ་བའི་སྒྲིབ་བྱེད་བསལ་བ་ནི་ཡུལ་གྱི་ཆ་དག་པ་ལས་རག་ལས་པ་ཡིན་ནོ། །ཟག་པ་ཟད་པའི་མངོན་ཤེས་ནི། རང་གཞན་གྱི་ཟག་པ་ཟད་པ་ཇི་ལྟ་བ་དེ་ལྟ་ བར་མངོན་སུམ་གྱིས་རྟོགས་པ་དེ་ཡིན་ནོ། །དེ་ལྟ་བུའི་མངོན་པར་ཤེས་པ་དྲུག་པོ་སྐྱེ་བར་བྱེད་པའི་བྱེད་རྒྱུ་ནི་གནས་སྐབས་སུ་བསམ་གཏན་གྱི་སེམས་རྟེན་དང་ལྡན་པས་ལུས་ཡང་བ་དང་འཇམ་པ་ལ་སོགས་པ་ཡིད་ལ་བྱས་པས་རྫུ་འཕྲུལ་དང་། སྒྲ་སྐད་སྣ་ཚོགས་འདུས་ པ་ལ་ཡིད་དྲག་ཏུ་གཏད་པས་ལྷའི་རྣ་བ་དང་། རང་གི་ལུས་ངག་གི་རྣམ་འགྱུར་འདི་དང་འདི་ལྟ་བུའི་སྔོན་དུ་སེམས་འདི་དང་འདི་ལྟ་བུ་སོང་བ་བཞིན་དུ། གཞན་གྱི་ལུས་ངག་གི་རྣམ་འགྱུར་འདི་དང་འདི་ལྟ་བུའི་སྔོན་དུའང་སེམས་འདི་དང་འདི་ལྟ་བུ་སོང་བ་ཡིན་ནོ་ཞེས་ཡིད་ དྲག་ཏུ་གཏད་པས་གཞན་གྱི་སེམས་ཤེས་པ་དང་། ཚེ་འདི་ལ་སྔར་འགྲེང་བ་དང་འདུག་པ་ལ་སོགས་པའི་བྱ་བ་ཐམས་ཅད་གོ་རིམ་མ་འཁྲུགས་པར་དྲན་པར་བྱས་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། མར་མེ་ལ་སོགས་པའི་མཚན་མ་གསལ་པོ་ཡིད་ལ་བྱས་པས་ 4-1-63a ལྷའི་མིག་དང་། ཡུམ་བསྒོམ་པ་ལ་བརྟེན་ནས་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ཐོབ་པའོ། །ཞེས་པ་ལྟ་བུས་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་སྐྱེ་བའི་རྒྱུ་བྱེད་དོ། །དེ་ལྟར་རྒྱུའི་སྒོ་ནས་བསྐྱེད་པའི་འབྲས་བུ་མངོན་པར་ཤེས་པ་ལ་ཡོན་ཏན་གྱི་ ཁྱད་པར་ནི། མདོ་ལས། མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་པས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་དོ། །ཞེས་འབྱུང་ལ། མངོན་ཤེས་དྲུག་གི་བྱེད་པའི་ཁྱད་པར་གྱི་ཡོན་ཏན་སོགས་རྒྱས་པར་མདོ་སྡེ་རྒྱན་ལས་འབྱུང་ངོ་། །དེ་ ལྟར་མངོན་པར་ཤེས་པ་དྲུག་ལས། དང་པོ་ལྔ་པོ་ནི་སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་བ་ཡིན་ལ། མངོན་པར་ཤེས་པ་ཕྱི་མ་ནི་འཕགས་པའི་ས་ནས་ཐོབ་ཅིང་། འཕགས་པའི་ས་ཐོབ་པས་ཀྱང་མངོན་ཤེས་སྔ་མ་ལྔ་ལ་བརྩོན་པ་འདོར་བ་ནི་མིན་ཏེ། མཐོང་ལམ་པ་ཕྱིར་མི་ ལྡོག་པའི་མདོར། མངོན་པར་ཤེས་པ་ལྔ་མངོན་པར་བསྒྲུབ་བོ། །ཞེས་འབྱུང་བས་སོ། ། དགུ་པ་དང་བཅུ་པ་སྒྲུབ་པ་མཐར་ཐུག་བྱེད་ཀྱི་རྒྱུ་ཐེག་ཆེན་མཐོང་ལམ་དང་། ཐེག་ཆེན་སྒོམ་པའི་ལམ་གྱི་གདམས་ངག་ལ་འདོམས་པ་ཞེས་བྱ་བའི་གདམས་ངག་ནི་བཅུའི་བདག་ཉིད་དུ་ ཤེས་པར་བྱ་དགོས་པ་ལས། མཐོང་བའི་ལམ་ནི། སྐད་ཅིག་མ་བཅུ་དྲུག་རང་བཞིན་གྱིས་མི་དམིགས་པའི་ཚུལ་གྱིས་བསྒོམ་པ་ཡིན་ལ། སྒོམ་པའི་ལམ་ནི། མཐོང་ལམ་གྱིས་སྔར་མཐོང་དེ་ལས་ཕྱིས་ཀྱི་ཁྱད་པར་གཞན་མཐོང་གི་སྒོ་ནས་སྒོམ་པར་བྱེད་པ་ཡིན་ལ། ལ་ལ་དག་གིས་ འདི་སྙམ་སྟེ། སྔར་མཐོང་གི་དོན་ལ་ལྟ་སྒོམ་དུ་བྱེད་ན་མཐོང་སྒོམ་གྱི་ལམ་གཉིས་པོ་ཁྱད་མེད་དུ་ཐལ་ཞེས་ཟེར་རོ། །དེའི་ལན་དུ་གཞན་དག་གིས་འདི་སྐད་དུ་འདོན་ཏེ། ས་བཅུ་པོར་ཆོས་ཉིད་རྟོགས་ཚུལ་ལ་སྔར་མཐོང་ལས་ཕྱི་མ་ཕྱི་མ་ཆོས་ཉིད་མཐོང་བའི་ཚུལ་ཇེ་གསལ་ཇེ་ 4-1-63b གསལ་དུ་རྟོགས་ཤིང་། དེ་ལྟར་བསྒོམས་པས་ལམ་གཉིས་པོ་ཁྱད་མེད་དུ་མི་ཐལ་ཞེས་སྨྲ་ནའང་། དེ་ལ་སྐྱོན་འདི་ལྟར་དུ་ཡོད་དེ། ས་དང་པོའི་ཆོས་ཉིད་ས་གཉིས་པ་ལ་བལྟོས་ནས་མི་གསལ་བར་རྟོགས་པ་ཡིན་ན་ནི་ས་དང་པོའི་རྟོགས་པའི་རིགས་དེ་རྟོག་པར་ཐལ་ཏེ་ཡུལ་ མི་གསལ་བར་རྟོགས་པའི་བློ་ཡིན་པའི་ཕྱིར་རོ། །དེ་ལྟར་འདོད་པ་ན་རྣམ་པར་རྟོག་པ་ནི་ལམ་གྱི་ངོ་བོར་གྱུར་པའི་སྤང་བྱའི་ས་བོན་སྤོང་ནུས་ཀྱི་གཉེན་པོའི་ངོ་བོར་གྲུབ་པ་མ་ཡིན་པས་བསལ་ལོ། ། འོ་ན་རང་གི་ལུགས་ཇི་ལྟར་ཞེ་ན། སྔར་མཐོང་བའི་དོན་ལས་ཆོས་ཉིད་ཀྱི་ཁྱད་པར་ གཞན་པ་རེ་ས་རེ་རེར་གསར་རྟོགས་ཀྱི་ཁྱད་པར་ཡོད་པ་ཡིན་ལ། དེའི་དོན་གྱིས་སྒོམ་ལམ་གྱི་རྟོགས་པའི་ངོ་སྐལ་དེས་སྔ་མ་མཐོང་ཟིན་པའི་ལམ་དེ་ཁོ་ན་ལ་རྟོགས་དགོས་པ་ཡང་མ་ངེས་པ་ཡིན་ནོ། །འོན་ཏེ་སྔར་མཐོང་ཟིན་པའི་ཆོས་ཉིད་དེ་ཕྱིས་མི་མཐོང་བ་ནི་མ་ཡིན་ཏེ། མཐོང་བ་དེ་ཉིད་ཀྱི་དག་པ་གོང་ནས་གོང་དུ་འགྲོ་དགོས་པའི་ཕྱིར་རོ། ། སྐབས་འདིར་འགའ་ཞིག་སྔར་མཐོང་བའི་དོན་ཕྱིས་མཐོང་བ་ན་མཐོང་ཟིན་མཐོང་བའི་ཤེས་པར་འགྱུར་བས་དེ་ལྟ་བུའི་ཤེས་པ་ནི་ཚད་མ་མ་ཡིན་ནོ་ཞེས་སྨྲ་བ་དེའང་ལེགས་པར་མ་མངོན་ཏེ། རང་ཅག་ སོ་སོའི་སྐྱེ་བོ་རྣམས་ལ་མཐོང་ཟིན་མཐོང་བའི་བློ་བཅད་ཤེས་སུ་གྲགས་པ་ཚད་མིན་གྱི་བློར་བཞག་ཀྱང་། འཕགས་པ་རྣམས་ཀྱིས་མཉམ་པར་བཞག་པའི་ཤེས་པ་ནི། རང་ཅག་རྣམས་ཀྱིས་ཚད་མར་བཞག་པའི་བློ་ཐམས་ཅད་དེར་ཚད་མས་མ་གྲུབ་པས་དེར་ནི་རང་ཅག་གི་ཚད་ མིན་གྱི་བློ་དང་དེ་མཚུངས་པ་སྒྲེ་བ་མི་འཐད་པའི་ཕྱིར་རོ། ། ཡང་འགའ་ཞིག་ས་བཅུ་གཅིག་པོ་ཐམས་ཅད་ཀྱི་མཉམ་གཞག་ན་ཆོས་དབྱིངས་ཙམ་མངོན་སུམ་དུ་རྟོགས་པ་ལ་ཁྱད་པར་མེད་ཀྱང་། ཆོས་ཅན་སོ་སོ་བ་རང་རང་གི་ངོ་བོའི་སྒོ་ནས་སྟོང་པར་རྟོགས་པའི་ཁྱད་པར་གྱིས་ཕྱེ་བ་ 4-1-64a ཡིན་ཀྱང་ཟེར་ལ། ཁོ་བོ་ནི་ཆོས་དབྱིངས་ཙམ་མངོན་དུ་མཐོང་བ་ལ་ཁྱད་པར་མེད་ཅེས་སྨྲ་བ་དེ་འཐད་པར་མ་མཐོང་སྟེ། ཆོས་དབྱིངས་རང་གི་ངོ་བོ་ལ་ཙམ་པོ་བ་དང་། ཁྱད་པར་བའི་ཁྱད་ཡོད་པ་མ་ཡིན་པ་དང་། ས་བཅུ་གཅིག་པོའི་མཉམ་གཞག་ཐམས་ཅད་དུ་ ཆོས་དབྱིངས་ཙམ་པོ་བ་མཐོང་བ་ལས་ཁྱད་པར་བ་ཞིག་མཐོང་བྱར་ཡོད་ན་དེ་མ་མཐོང་བར་ཐལ་བའི་སྐྱོན་དང་། གཞན་ཡང་ཆོས་ཅན་སོ་སོ་བ་རང་གི་ངོ་བོའི་ཆ་ནས་སྟོང་པ་དེའི་ཆོས་དབྱིངས་ཁྱད་པར་བ་རྟོགས་པས་ན་དེ་གཉིས་ཀྱི་ཁྱད་པར་ཡོད་དེ་སྙམ་ནའང་འཐད་པ་མིན་ཏེ། ཆོས་ཅན་སོ་སོ་བ་རང་གི་ངོ་བོ་སྟོང་པར་རྟོགས་པའི་དགག་པ་དེ་ཆོས་དབྱིངས་མ་ཡིན་པར་ངེས་དོན་གྱི་མདོ་སྡེ་རྣམས་ལས་འབྱུང་བའི་ཕྱིར་རོ། ། མདོར་ན་མཐོང་སྒོམ་གྱི་ས་བཅུའི་མཉམ་གཞག་དེ་ཐམས་ཅད་པ་ནི་རྣམ་པར་རྟོག་པ་མངོན་གྱུར་མ་ལུས་པ་སྤངས་པའི་ཆོས་ཉིད་ལ་ འཁྲུལ་མེད་དུ་གསར་རྟོགས་རེ་མངོན་དུ་བྱས་པ་ཡིན་ཏེ། སྒྲིབ་བྱེད་ཀྱི་འཁྲུལ་བ་རེ་གསར་དུ་སྤངས་པ་ལ་བརྟེན་པ་ཅན་ཡིན་པའི་ཕྱིར། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་ དག་ནི་ས་ཡིན་ནོ། །ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་སོ། །དེ་ལྟར་བཤད་པས་སྒྲིབ་པ་ཡིན་ན་གཉིས་སུ་གྲངས་ངེས་མཛད་པ་དེ་རྗེ་བཙུན་རང་ཉིད་ཀྱིས་ གཞུང་འགར་སྒྲིབ་པ་ལ་གསུམ་དུ་གྲངས་ངེས་མཛད་པ་དང་འགལ་ལམ་སྙམ་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། དབུས་མཐར་སྒྲིབ་པ་གཉིས་སུ་འདུ་བར་བཤད་པ་དེ། སྙོམས་འཇུག་གི་སྒྲིབ་པ་ཟུར་དུ་བཀར་ནས་སྒྲིབ་པ་གཞན་ཐམས་ཅད་ཀྱི་དབང་དུ་བྱས་ནས་གཉིས་སུ་ 4-1-64b གྲངས་ངེས་པར་མཛད་པ་ཡིན་ལ། སྒྲིབ་པ་གསུམ་དུ་གྲངས་ངེས་པ་ནི་སྙོམས་འཇུག་གི་སྒྲིབ་པ་ཟུར་དུ་མ་བཀར་བའི་དབང་དུ་བྱས་པ་ཡིན་ནོ། །ལ་ལ་ཞིག་སྙོམས་འཇུག་གི་སྒྲིབ་པ་དེ་ཉོན་སྒྲིབ་ཀྱི་ནང་དུ་བསྡུས་པར་ཁས་ལེན་པར་འདོད་པ་ལ་སྐྱོན་འདི་ལྟར་བརྗོད་ དེ། ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཉོན་སྒྲིབ་ཡོད་པར་ཐལ། སྙོམས་འཇུག་གི་སྒྲིབ་པ་དེ་ཉོན་སྒྲིབ་ཀྱི་བྱེ་བྲག་ཏུ་ཁས་བླངས་པ་གང་ཞིག །སྙོམས་འཇུག་གི་སྒྲིབ་པ་དེ་ཁྱོད་ཀྱིས་མ་སྤངས་པའི་ཕྱིར་ཞེས་འཕངས་པ་ལ། དེ་ནི་འདོད་པ་ཁོ་ནའོ་ཞེས་གཞུང་འཛུགས་པར་བྱེད་པ་ནི་ཤིན་ཏུ་ཐ་ཤལ་བ་ཡིན་ཏེ། ཤེར་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་དེས་ཉོན་མོངས་པའི་བདུད་མ་བཅོམ་པར་དགྲ་བཅོམ་ཐོབ་པ་མི་སྲིད་པའི་ཕྱིར་རོ། །གསུམ་པ་འགྲེལ་པ་ལ་གཉིས། སོ་སོར་བཤད་པ་ དང་། དོན་བསྡུ་བའོ། །དང་པོ་ལ་བཞི། སྒྲུབ་པའི་དབང་དུ་བྱས་པ་དང་། སྒྲུབ་པའི་འགལ་རྐྱེན་སྤོང་བའི་དབང་དུ་བྱས་པ་དང་། སྒྲུབ་པའི་ཁྱད་ཆོས་ཀྱི་དབང་དུ་བྱས་པ། སྒྲུབ་པ་མཐར་འབྱིན་བྱེད་ཀྱི་དབང་དུ་བྱས་པའོ། །དང་པོ་ལ་གསུམ། སྒྲུབ་པའི་ངོ་བོ་ལ་འདོམས་པ། སྒྲུབ་ པའི་དམིགས་ཡུལ་ལ་འདོམས་པ། སྒྲུབ་པའི་རྟེན་ལ་འདོམས་པའོ། །དང་པོ་ནི། གོང་དུ་སྨོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དང་རྣམ་པའི་རབ་ཏུ་དབྱེ་བ་ཇི་སྐད་དུ་བཤད་པ་དེ་ལྟར་སྒྲུབ་པ་ལ་འཇུག་པའི་ཕྱིར་དུ། ཐབས་དང་ ཤེས་རབ་རྒྱ་ཆེ་བ་དང་ཟབ་པའི་དོན་ཅན་གྱི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་སོ་སོ་བར་ངེས་པ་ལས་མི་འདའ་བའི་འཇུག་ལྡོག་ཚུལ་བཞིན་དུ་བྱེད་པས་ཚོགས་གསོག་པ་དེ་ནི། ཉན་ཐོས་ལ་སོགས་པ་སྟེ་རང་སངས་རྒྱས་དང་བཅས་པའི་ཡུལ་ཐུན་མོང་མ་ཡིན་པས་ན་ 4-1-65a ཐུན་མོང་མ་ཡིན་པའི་ཐབས་ཤེས་ཀྱི་སྦྱོར་བས་བདེན་པ་གཉིས་མི་དམིགས་པའི་ཚུལ་གྱིས་གྲོལ་བ་ཐོབ་པའི་དོན་དུ་འཇུག་པར་བྱའོ་ཞེས་གདུལ་བྱ་སློབ་པ་རྣམས་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པར་མཛད་པའི་གདམས་ངག་བསྟན་པ་ཡིན་ལ། དང་ཞེས་པ་འོག་མའི་ཚིག་གི་ཕྲད་ཡིན་ནོ། །གཉིས་པ་སྒྲུབ་པའི་དམིགས་ཡུལ་ལ་འདོམས་པ་ལ་བཞི། སྡུག་བདེན་ལ་འདོམས་པ། ཀུན་བདེན་ལ་འདོམས་པ། འགོག་བདེན་ལ་འདོམས་པ། ལམ་བདེན་ལ་འདོམས་པའོ། །དང་པོ་ནི། སྡུག་བསྔལ་བདེན་པ་ལ་འདོམས་པའི་གཟུགས་ཕུང་ལ་ སོགས་པ་ལས་ཉོན་གྱི་འབྲས་བུར་གྱུར་པའི་ཁམས་སྐྱེ་མཆེད་དང་། དེ་དེ་ཉིད་ཀྱིས་སྟོང་པའི་སྟོང་པ་ཉིད་དང་། དེ་ལྟར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་སྟེ། ངག་གི་སྒྲས་གཟུགས་ལ་སོགས་པ་འབྲས་བུར་གྱུར་པའི་སྟོང་པ་ཉིད་དང་། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་གཉིས་ལྷན་ཅིག་ཏུ་སྨོས་ནས་དེ་གཉིས་ཀར་ཡང་དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཆ་ནས་ནི་རང་བཞིན་གཅིག་གོ་ཞེས་བྱ་བར་གདུལ་བྱ་ལ་སྟོན་ཏོ། །དང་ནི་ཚིག་གི་ཕྲད་དོ། །གཉིས་པ་ནི། ཀུན་འབྱུང་བའི་བདེན་པ་ལ་ཀུན་འབྱུང་ བ་དེ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་སྟོང་པ་ཉིད་དང་། སྡུག་བསྔལ་བདེན་པའི་རྣམ་པ་གཟུགས་ལ་སོགས་པ་སྐྱེད་བྱེད་ཀྱི་རྒྱུར་གྱུར་པའི་ཀུན་འབྱུང་བདེན་པ་དག་སྟེ། དེ་གཉིས་ཀ་ཡང་སྟོང་པ་ཉིད་ཀྱི་དབྱིངས་སུ་གྲུབ་པ་མ་ཡིན་པའི་ཚུལ་ལ་ཐ་མི་དད་པ་ཉིད་ཀྱིས་ན་ གཟུགས་ལ་སོགས་པའི་མཚན་གཞི་ནི་ཀུན་ཏུ་འབྱུང་བ་སྟེ་སྐྱེ་བའི་ཆོས་ཅན་དང་། འགོག་པ་སྟེ་འགག་པར་འགྱུར་བ་དང་། ཀུན་ནས་ཉོན་མོངས་པས་འཆིང་བར་འགྱུར་བ་དང་། ཉོན་མོངས་པ་དེ་རྣམ་པར་བྱང་བའི་ཆོས་ཅན་གང་དུའང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ 4-1-65b སྟོན་པར་མཛད་ལ། དང་ཞེས་པ་ཚིག་གི་ཕྲད་དོ། །གསུམ་པ་ནི། འགོག་པའི་བདེན་པ་ལ་རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་དེ། དེ་ལ་ནི་འདུས་བྱས་ཀྱི་དབང་དུ་བྱས་པའི་སྐྱེ་བ་དང་འགག་པ་དང་བྲལ་བ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཉམས་པ་དང་། རྣམ་པར་ བྱང་བའི་ཕྱོགས་འཕེལ་བ་ལ་སོགས་པས་དུས་གསུམ་གྱི་དངོས་པོ་དང་བྲལ་བའི་འགོག་བདེན་དེའི་དབང་དུ་བྱས་པ་ལ་ནི། གཟུགས་མེད་པ་ནས་བཟུང་སྟེ་རྣམ་པར་ཤེས་པའི་བར་དུ་མེད་པ་ནས་མ་རིག་པ་སྐྱེ་བའང་མེད་པས་རྒ་ཤིའི་བར་མེད་དོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་ ཐམས་ཅད་ཀྱིས་སྟོང་པ་དང་མ་རིག་པ་འགགས་པའང་མེད་པས་རྒ་ཤིའི་བར་དུ་འགགས་པའང་མེད་པས་རྣམ་བྱང་གི་རྟེན་འབྲེལ་ཡང་མེད་དེ། དེས་ན་སངས་རྒྱས་ཀྱང་མེད་ལ། དོན་དེས་བྱང་ཆུབ་ཀྱི་བར་དུའང་མེད་དོ་ཞེས་བྱ་བར་འདོམས་པར་མཛད་ལ། དང་ནི་ཚིག་ གི་ཕྲད་དོ། །བཞི་པ་ནི། ལམ་གྱི་བདེན་པའི་དབང་དུ་བྱས་པ་ལ་བརྩོན་པར་བྱ་བའི་ཡུལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བརྩོན་པར་བྱེད་པོ་བྱང་ཆུབ་སེམས་དཔའ་བདག་ཉིད་དམིགས་པར་བྱ་བ་མི་བྱེད་པ་དེ་བཞིན་དུ་སྟེ། དམ་ཞེས་པ་ནི་དེ་ལས་ གཞན་པའང་མི་དམིགས་པར་སྦྱོར་བ་སྟེ་ཚིག་ཕྱི་མ་འདྲེན་བྱེད་དོ། །དེས་ན་ནང་སྟོང་པ་ཉིད་དང་། ལ་སོགས་པས་མཚན་མེད་སྨོན་མེད་ཀྱི་ཏིང་ངེ་འཛིན་དང་བཅས་པ་ནི་ཕྱིའི་ཡུལ་སྟོང་པ་ཉིད་ལ་སོགས་པ་དང་ཐ་དད་པར་ཕན་ཚུན་གཉིས་ཆོས་སུ་ལྡན་པ་དང་། གཉིས་ཆོས་ སུ་མི་ལྡན་པ་གང་ཡང་མ་ཡིན་པ་ཉིད་དུ་སྒྲུབ་པར་བྱེད་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དག་ཐ་དད་པར་ཕན་ཚུན་གཉིས་ཆོས་སུ་ལྡན་པ་དང་། གཉིས་ཆོས་སུ་མི་ལྡན་པ་གང་དུའང་མ་ཡིན་པ་ཉིད་དུ་བསྒྲུབ་པ་ནི། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་ 4-1-66a བཞི་ཀར་མི་དམིགས་པར་ཉམས་སུ་ལོང་ཞིག་པར་བསྒྲུབ་བོ་ཞེས་སྟོན་པར་མཛད་པས་ན་བདེན་པ་བཞི་ལ་འདོམས་པའི་གདམས་ངག་སྟོན་པར་མཛད་ལ། དང་ནི་ཚིག་གི་ཕྲད་དོ། །གསུམ་པ་སྒྲུབ་པའི་རྟེན་ལ་འདོམས་པ་ལ་གསུམ། སངས་ རྒྱས་དཀོན་མཆོག་ལ། ཆོས་དཀོན་མཆོག་ལ། དགེ་འདུན་དཀོན་མཆོག་ལ་འདོམས་པའོ། །དང་པོ་སངས་རྒྱས་དཀོན་མཆོག་ལ་འདོམས་པ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་དག་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ ཚུལ་དང་། ཡོན་ཏན་གྱི་ཚོགས་ལྡན་པའི་ཚུལ་མཚན་ཉིད་གཅིག་པ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཇོག་པར་བྱེད་པའི་བྱེད་ཆོས་ཡིན་ལ། དེ་ཡང་དེ་ལྟར་བྱེད་པའི་ཆོས་ཀྱི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ངོ་བོར་གྱུར་ པའི་དབྱིངས་ལ་དམིགས་རུང་གི་གཟུགས་ལ་སོགས་པས་སྟོང་པའི་དོན་གྱིས་མི་སྦྱོར་བས་འདུས་མ་བྱས་པའི་དོན་དེར་གང་དམིགས་པར་བྱ་བ་དང་། གང་གིས་དམིགས་པར་བྱེད་པ་དག་གདོད་མ་ནས་ཡོད་མ་མྱོང་བར་མཉམ་པ་ཉིད་དུ་ཤེས་པར་བྱོས་ཤིག་ཅེས་བྱ་བའི་ཚུལ་ གྱིས་འདོམས་པར་མཛད་ལ། དང་ཞེས་པ་ཚིག་ཕྲད་དོ། །གཉིས་པ་ཆོས་དཀོན་མཆོག་ལ་འདོམས་པ་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཁོངས་སུ་བསྡུས་པའི་གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་གིས་ཀྱང་བསྡུས་པའི་ཆོས་ཐམས་ཅད་ལ་ངོ་བོ་ཉིད་ མེད་དོ་ཞེས་བྱ་བའི་ཚུལ་གྱིས་འདོམས་པར་མཛད་ལ། དང་ནི་ཚིག་ཕྲད་དོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་འདོམས་པ་ནི། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་ཐེག་ཆེན་དགྲ་བཅོམ་པ་མ་གཏོགས་པ་རྒྱུན་དུ་ཞུགས་པ་དང་། ཕྱིར་འོང་ 4-1-66b དང་། ཕྱིར་མི་འོང་འབྲས་བུ་ལ་གནས་པ་གསུམ་དང་། ཞུགས་པ་བཞིས་དབྱེ་བའི་བྱེ་བྲག་གིས་སྐྱེས་བུ་ཆེན་པོ་བདུན་པོ་དང་། རང་སངས་རྒྱས་དང་ལྷན་ཅིག་བགྲངས་པའི་བརྒྱད་པོ་དག་ལ་དབང་པོ་རྟུལ་པོ་དང་། ལ་སོགས་པས་རྣོན་པོའི་བྱེ་བྲག་གིས་གྲངས་ཉི་ཤུར་ འཆད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་ཐོབ་པའི་སྐྱེས་བུ་ཆེན་པོ་རྣམས་ལ་ཆོས་གང་དག་སྐྱེ་བ་མེད་པ་ཉིད་དུ་འཇུག་པར་བྱའོ་ཞེས་ལུང་འབོགས་པའི་ཚུལ་གྱིས་འདོམས་སོ། །དེས་ནི་དཀོན་མཆོག་གསུམ་ལ་འདོམས་པར་མཛད་ལ། དང་ཞེས་པ་ཚིག་གི་ཕྲད་དོ། །གཉིས་པ་སྒྲུབ་པའི་འགལ་རྐྱེན་སྤོང་བའི་དབང་དུ་བྱས་པ་ལ་གསུམ། མ་ཞེན་པའི་བརྩོན་འགྲུས་ལ། མི་ངལ་བའི་བརྩོན་འགྲུས་ལ། ལམ་ཡོངས་འཛིན་གྱི་བརྩོན་འགྲུས་ལ་འདོམས་པའོ། །དང་པོ་ནི། བརྩོན་འགྲུས་བརྩམས་པ་ ཉིད་ཀྱིས་ཇི་སྐད་དུ་བཤད་པའི་སེམས་བསྐྱེད་ཀྱིས་བསྒྲུབ་པར་བྱ་བའི་དོན་ལ་སྒྲུབ་པ་ནན་ཏན་དུ་བྱེད་པའི་སྐྱེས་བུ་ལ་ནི་ལུས་ལ་སོགས་པ་ལ་ཆགས་པ་མེད་པའི་བློ་སྐྱེ་དགོས་ནའང་། ཕལ་པ་རྣམས་ལུས་ལ་སོགས་པའི་ཕལ་པའི་ལས་ལ་ཆགས་ནས་བསོད་ནམས་ཉམས་པར་ འགྱུར་བ་ཉིད་ཀྱིས་གང་ཟག་ལ་ལ་ནི་བྱ་བ་ངན་པ་ལ་མངོན་པར་ཞེན་པར་འགྱུར་བས་ཚུལ་དེ་ལྟ་བུར་མ་ཞེན་པའི་བརྩོན་འགྲུས་ལ་ནི་ལུས་ལ་སོགས་པ་འབད་པ་ཆེན་པོས་ཤིན་ཏུ་སྦྱངས་ཏེ་དགེ་བ་ལ་བཀོལ་བ་དང་། ལུས་སོགས་ཀྱི་ངོ་བོ་ཉིད་མེད་པར་བསྟན་པའི་ཚུལ་གྱིས་ འདོམས་པར་མཛད་ལ། དང་ནི་ཚིག་གི་ཕྲད་དོ། །གཉིས་པ་ནི། དབང་པོ་བརྟུལ་པོ་ལ་ལ་དུས་ཡུན་རིང་མོ་ཞིག་ཏུ་ཐར་པའི་ཕྱོགས་སུ་གོམས་པར་རྩོལ་བ་བྱས་ཀྱང་འདོད་པའི་དོན་མ་གྲུབ་ནས་སེམས་དངངས་པའི་རང་བཞིན་ཅན་འབད་པ་ལ་ཡོངས་སུ་སྐྱོ་བར་འགྱུར་བས། 4-1-67a དེ་སེལ་བའི་ཕྱིར་དུ་ཡོངས་སུ་ངལ་བ་མེད་པའི་བརྩོན་འགྲུས་འདོམས་པར་མཛད་པ་ལ་ནི་དེ་ལྟ་བུའི་རིགས་ཅན་ཡིད་ཁོང་དུ་ཆུད་པར་བྱ་མི་དགོས་ཏེ། གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་གང་དུའང་རློམ་པ་མེད་ པ་ཉིད་དུ་རྒྱུད་ལ་བསྟན་པའི་གདམས་ངག་འདོམས་པར་མཛད་ལ། དང་ཞེས་པ་ཚིག་ཕྲད་དོ། །གསུམ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་ལ་སོགས་པས་ཡོངས་འཛིན་དམ་པའི་དྲུང་དུ་ཆོས་ཀྱི་ཚིག་དོན་རེ་རེའི་ཕྱིར་ཡང་ཐེག་ཆེན་ལམ་གྱི་ལུང་རྒྱ་ཆེན་ པོ་ནོད་པར་བྱ་དགོས་ན། དེ་འདྲ་ནི་བདག་གིས་མི་ནུས་སོ་སྙམ་དུ་སེམས་ཞུམ་པར་འགྱུར་བས་དེ་འདྲ་བ་བསལ་བའི་ཕྱིར་ལམ་ཡོངས་སུ་བཟུང་བའི་བརྩོན་འགྲུས་འདོམས་པར་མཛད་ལ། དེའང་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་བསླབ་པའི་ཚུལ་གྱིས་གདམས་ པའི་ངག་གོ། དང་ཞེས་པ་ནི་ཚིག་ཕྲད་དོ། །གསུམ་པ་སྒྲུབ་པའི་ཁྱད་ཆོས་འདོམས་པ་ལ་གཉིས། སྤྱན་ལྔ་ལ་འདོམས་པ་དང་། མངོན་ཤེས་དྲུག་ལ་འདོམས་པའོ། །དང་པོ་ནི། ཤའི་སྤྱན་དང་། སྔོན་གྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་སྤྱན་དང་། ཤེས་ རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་གྱི་གྲངས་ཇི་ལྟ་བ་བཞིན་དུ། དང་པོས་ནི་དཔག་ཚད་བརྒྱ་སྟོང་ཚུན་ཆད་ཀྱི་དངོས་པོ་སོ་སོར་ངེས་བྱེད་དུ་གཟིགས་པ་དང་། གཉིས་པས་ནི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་གཟིགས་པའོ། ། འདིར་རྣམ་སྨིན་སྨོས་པ་ནི། ཤའི་སྤྱན་དང་ལྷའི་སྤྱན་ནི་སོ་སོའི་སྐྱེ་བོ་ལའང་ཡོད་ཅིང་། དེ་ཡོད་པའི་ཚུལ་ལ་སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་ཀྱི་སྐྱེས་ཐོབ་ནི་རྣམ་སྨིན་ལས་འབྱུང་བ་སྟེ། དེའང་རྣམ་སྨིན་གྱི་རྒྱུ་ནི་མི་དགེ་བའམ་དགེ་བ་ཟག་བཅས་ཁོ་ན་ཡིན་དགོས་པར་ 4-1-67b བཤད་ལ། དེ་ཉིད་ཀྱི་མཚན་ཉིད་བཞི་ནི། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་། །ཞེས་སོ། །དང་ནི་ཕྲད་དོ། །གསུམ་པས་ནི་ཆོས་ཐམས་ཅད་ལ་རྣམ་པར་རྟོག་བྱ་མ་ཡིན་པའི་དོན་གྱིས་མི་རྟོག་པའི་ངོ་བོར་ གཟིགས་པ་དང་། བཞི་པས་ནི་རང་རང་དང་རྒྱུད་མཉམ་པའི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པ་དང་སྤངས་པ་གཟིགས་པ་དང་། ལྔ་པས་ནི་ཆོས་ཐམས་ཅད་དུས་དང་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ལེགས་པར་བྱང་སྟེ་གསལ་བར་ཆུབ་པའི་ཡུལ་ཅན་ གྱི་གཟིགས་པ་སྟེ། སྤྱན་རྣམ་པ་ལྔ་དེ་ཡང་དེ་བཞིན་ཉིད་དེ་སྟོང་ཉིད་ལས་གཞན་མ་ཡིན་པར་གཅིག་པ་ཉིད་དུ་བསྒྲུབ་བོ་ཞེས་སློབ་པའི་ཚུལ་གྱི་སྤྱན་ལྔ་ལ་འདོམས་པར་མཛད་ལ། དང་ནི་ཚིག་ཕྲད་དོ། །གཉིས་པ་ནི། རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་མིག་དང་། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་སྟེ་དྲུག་གོ། དང་པོས་ནི་ས་གཡོ་བ་དང་ལ་སོགས་པས་རྫུ་འཕྲུལ་སྣ་ཚོགས་པ་སྟོན་པ་རྣམས་དང་། གཉིས་པས་ནི་ འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་རིགས་སུ་གཏོགས་པའི་སྒྲ་ཆུང་ངུ་དང་ཅིག་ཤོས་ཆེན་པོ་ཐོས་པ་དང་། གསུམ་པས་ནི་གང་ཟག་གཞན་གྱི་སེམས་ལུས་ངག་ཙམ་གྱི་རྣམ་འགྱུར་གྱིས་དཔོགས་པ་མ་ཡིན་པར་གང་ཟག་འདིའི་རྒྱུད་ལ་ནི་འདོད་ཆགས་དང་ བཅས་པའོ་ཞེས་དང་ལ་སོགས་པས་འདི་ནི་ཆགས་པ་དང་བྲལ་བར་ཡོངས་སུ་ཤེས་པ་དང་། བཞི་པས་ནི་རང་དང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པ་དང་། ལྔ་པས་ནི་བསྐལ་དོན་དུ་གྱུར་པ་དང་མ་གྱུར་པའི་གཟུགས་མཐའ་དག་མཐོང་བ་དང་། དྲུག་པས་ནི་ཉོན་ 4-1-68a མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཐབས་རྣམས་གཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ་ཞེས་སྟོན་པའི་ཚུལ་གྱིས་མངོན་པར་ཤེས་པ་དྲུག་ལ་འདོམས་པར་མཛད་ལ། དང་ནི་ཚིག་གི་ཕྲད་དོ། །བཞི་པ་སྒྲུབ་པ་མཐར་འབྱིན་བྱེད་ལ་ གཉིས། མཐོང་ལམ་ལ་འདོམས་པ་དང་། སྒོམ་ལམ་ལ་འདོམས་པའོ། །དང་པོ་མཐོང་བའི་ལམ་ནི། བདེན་པ་བཞིས་བསྡུས་པའི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་དེ་འདི་ལྟར་བདེན་པ་རེ་རེ་ལ་ཆོས་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པའི་བཟོད་པ་ དང་། ཆོས་ཤེས་པའི་བདག་ཉིད་དང་། རྗེས་སུ་ཤེས་པའི་བདག་ཉིད་དེ་བཞི་བཞིར་ངེས་པ་ལ། རྣལ་འབྱོར་པས་ཆོས་དེ་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་ཤུགས་ལས་སྒྱུ་མ་མཁན་སྒྱུ་མ་ལ་མི་ཞེན་པ་བཞིན་དུ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ ལུས་ཅན་དེས་སྤང་བར་བྱ་བའི་དངོས་པོ་ཀུན་བཏགས་ཀྱི་གཉེན་པོ་ཉིད་དུ་རྣམ་པར་སྒོམ་པར་བྱེད་དོ་ཞེས་སྟོན་པ་མཐོང་བའི་ལམ་ལ་འདོམས་པར་མཛད་ལ། དང་ནི་ཚིག་ཕྲད་དོ། །དེ་ལྟར་མཐོང་ལམ་སྟོན་པའི་མདོ་འདི་ནི་རབ་འབྱོར་གྱིས་བསྟན་པའི་གདམས་ངག་ ཡིན་ལ། དེ་ལྟར་རབ་འབྱོར་གྱིས་བསྟན་པ་ལ་དགོས་པ་འགའ་ཞིག་ཡོད་དེ། བཅོམ་ལྡན་འདས་ཀྱིས་ཐེག་ཆེན་གྱི་མཐོང་ལམ་སྟོན་ནུས་སུ་བྱིན་གྱིས་བརླབས་ན་ཉན་རང་གིས་ཀྱང་དེ་ཕྱིན་ཅི་མ་ལོག་པར་སྟོན་ནུས་པ་དང་། བསྟན་བྱ་ཐེག་ཆེན་གྱི་མཐོང་ལམ་དང་། སྟོན་པ་པོ་རབ་འབྱོར་གཉིས་ཀ་ཉོན་མོངས་པ་མེད་པར་སྐལ་མཉམ་དུ་སྟོན་པའི་ཚད་དང་། རབ་འབྱོར་ནི་ཉན་ཐོས་ཉོན་མོངས་པ་མེད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་སྟོན་པའི་དོན་ཡིན་ནོ། །གཉིས་པ་སྒོམ་ལམ་ལ་འདོམས་པ་ནི། འདུས་བྱས་ལམ་བདེན་དང་འདུས་ 4-1-68b མ་བྱས་འགོག་བདེན་དག་རང་གི་ངོ་བོ་གཅིག་པ་ཉིད་ཀྱི་བདག་ཉིད་དུ་གྱུར་པའམ། ཕན་ཚུན་ངོ་བོ་ཐ་དད་པར་གདགས་པར་མི་ནུས་པ་བཞིན་དུ་ནི། གོང་དུ་ཇི་སྐད་བཤད་པའི་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་པའི་རྣམ་དག་གི་ དངོས་པོ་ལས་ཐ་མི་དད་པའི་ཆོས་ཉིད་ལ་དམིགས་པའི་ཕྱིར་ན། མཐོང་བ་དང་སྒོམ་པའི་ལམ་དག་ལ་མངོན་སུམ་དུ་བྱ་བར་རང་ཉིད་ནི་ཐ་དད་དུ་གྱུར་པ་མེད་པས་མཐོང་ལམ་གྱི་སྐབས་ཀྱི་ཆོས་ཉིད་ལས་གཞན་པའི་སྒོམ་པའི་ལམ་མཚན་ཉིད་པ་དེ་མ་ཡིན་པ་ཞིག་ཆེད་དུ་ བྱ་བའི་ཕྱིར་རྣམ་པར་གཞག་པ་ནི་མེད་ཀྱི། འོན་ཀྱང་སྒོམ་ལམ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་དེས་སྤང་བར་བྱ་བའི་དངོས་པོ་ལྷན་སྐྱེས་ཀྱི་གཉེན་པོ་ཉིད་དུ་རྣམ་པར་སྒོམ་པར་བྱེད་དོ་ཞེས་སྒོམ་པའི་ལམ་ལ་འདོམས་པར་ མཛད་ལ། སྟེ་ནི་ཚིག་འོག་མ་འདྲེན་བྱེད་ཡིན་ནོ། ། སྐབས་འདིར་མཐོང་བ་དང་སྒོམ་པ་དག་ཐ་དད་དུ་གྱུར་པ་མེད་པས་ཞེས་སོགས་ཀྱི་དོན་ལ་ནི་ལམ་ལྔ་ཀའི་སྒྲུབ་པ་དོན་གཉེར་གྱི་ཐོབ་བྱ་ནི་ཆོས་སྐུ་ཡིན་ཅིང་། ཆོས་སྐུ་ནི་ཆོས་ཉིད་ཀྱི་ངོ་བོར་གྱུར་པ་ཡིན་ལ། ཆོས་ ཉིད་ལ་མངོན་དུ་བྱ་བའི་ཡུལ་ལ་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་ཁྱད་པར་མེད་པ་སྟོན་པ་ཡིན་ལ། ལམ་དེ་གཉིས་ཀྱིས་མངོན་དུ་བྱ་བའི་ཆོས་ཉིད་ཟབ་རྒྱས་དང་སྤངས་པ་བྲལ་མ་བྲལ་ཁྱད་མེད་དུ་སྟོན་པ་མ་ཡིན་ནོ། །འདིར་སྒོམ་པའི་ལམ་མཚན་ཉིད་པ་རྣམ་ པར་གཞག་པ་ནི་མེད་ཀྱི་ཞེས་པས་ནི་མཚོན་པ་ཙམ་སྟེ་ལམ་ལྔ་ཀའང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྣམ་པར་གཞག་པ་ནི་འཐད་པ་མིན་ཀྱང་། ལམ་རྣམས་ནི་རྟེན་འབྲེལ་ཙམ་དང་། རྟེན་འབྲེལ་ཙམ་དུ་ནི་སྤང་བྱ་གཉེན་པོས་སྤོང་བ་སོགས་བདེན་པ་གཉིས་ཀྱི་ 4-1-69a རང་བཞིན་གང་ཡིན་པའི་ཆོས་ཉིད་ཀྱི་སྟོབས་དེས་གྲུབ་པར་བཤད་པ་ཡིན་ནོ། ། འདི་ལ་མི་མཁས་པ་ཁ་ཅིག །རང་བཞིན་རྣམ་དག་གི་ཆོས་དབྱིངས་མཐོང་ལམ་གྱིས་རྟོགས་པ་དེ་དང་། སྒོམ་ལམ་གྱིས་རྟོགས་པ་ལ་ཁྱད་པར་མེད་ཀྱང་། གློ་ བུར་དྲི་བྲལ་གྱི་ཆོས་དབྱིངས་མཐོང་ཚུལ་ལས་དེ་གཉིས་ཀྱི་ཁྱད་པར་འབྱེད་དེ། ཇི་སྐད་དུ། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ཐམས་ཅད་མཐོང་མ་ལགས། །ཞེས་འབྱུང་བས་ ཞེས་ཟེར་རོ། །མཐོང་སྒོམ་སོགས་ལམ་ཐམས་ཅད་ཀྱིས་རྟོགས་བྱ་དང་སྤངས་པའི་ཁྱད་པར་གློ་བུར་དྲི་བྲལ་གྱི་ཆ་ཁོ་ནས་འཇོག་པ་ཡིན་ལ། རང་བཞིན་རྣམ་དག་དག་པའི་ཆའམ་གཟོད་མ་ནས་དག་པ་དེ་ཉིད་ལ་ནི་ལམ་གང་གི་ཡང་རྣམ་པར་གཞག་པ་མེད་དེ། ཇི་སྐད་ དུ། སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་ཀྱང་རུང་། མ་བྱོན་ཀྱང་རུང་། ཞེས་སོགས་ཀྱི་དོན་ལས་ཤེས་དགོས་ལ། སྐབས་དེར་སྤྲིན་མཐོངས་སོགས་ཀྱི་དོན་འདྲེན་པའང་མ་འབྲེལ་བ་ཡིན་ཏེ། ལུང་དོན་དེས་ནི་འཕགས་པ་རྣམས་ཀྱིས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་ མ་མཐོང་བའི་དོན་ཡིན་ལ། འཕགས་པ་རྣམས་ཀྱིས་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་ལ། གློ་བུར་རྣམ་དག་གི་ཆོས་ཉིད་མ་མཐོང་བ་མཐོང་བའི་ཚུལ་ལ་འཇུག་པའི་ལུང་དོན་མ་ཡིན་ནོ། ། གངས་ཅན་པ་དག་ཐེག་ཆེན་སྒོམ་ལམ་དེ་མཐོང་ལམ་གྱི་རྟོགས་རིགས་ཀྱི་ངོ་ བོ་ལས་གཞན་པའི་སྒོམ་ལམ་མཚན་ཉིད་པ་རྣམ་པར་གཞག་པ་ནི་མེད་ཀྱི། འོན་ཀྱང་མཐོང་ཟིན་གོམས་པའི་ཕྱིར་སྒོམ་ལམ་དུ་འཇོག་ཅེས་སྐབས་འདིར་བསྟན་གྱི་གཞུང་གིས་ཐོན་པ་ཡིན་ཅེས་པ་ནི་གཞུང་འདི་ཉིད་ལ་མ་འདྲིས་པའི་སྐྱོན་ཡིན་ཏེ། འདིར་ནི་སྒོམ་པའི་ལམ་ 4-1-69b མཚན་ཉིད་པ་ཡིན་པའི་སྒྲུབ་བྱེད་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་སྒོ་ནས་སྒོམ་ལམ་མཚན་ཉིད་པ་ཡིན་པར་བཤད་ལ། གོང་དུ་མཚན་ཉིད་པ་རྣམ་པར་གཞག་པ་ནི་མེད་ཅེས་པས་སྒོམ་ལམ་མཚན་ཉིད་པ་མེད་པར་སྟོན་པ་ནི་མིན་གྱི། མཐོང་ལམ་གྱི་དོན་དེ་ ཉིད་དྲི་བ་མེད་པའི་དོན་གྱི་སྒོམ་པ་དེ་སྒོམ་ལམ་མཚན་ཉིད་པར་སྟོན་པ་ཡིན་གྱི། ཚིག་འབྲུ་ཉི་ཚེ་བ་ལ་འཁྲུལ་བར་མི་བྱའོ། །གཉིས་པ་གྲངས་ངེས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། བཤད་མ་ཐག་པ་དེ་ལྟར་ན་སྟེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སེམས་བསྐྱེད་དེས་ འཕངས་པའི་རྣམ་པར་བྱང་བའི་ཆོས་ཀྱི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒྲུབ་པའི་རྣམ་པ་གང་ཡིན་པ་འཁོར་གསུམ་གྱི་རྣམ་རྟོག་གི་ངོ་བོར་གྱུར་པ་མི་དམིགས་པ་སྟེ་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ་དང་། སྒྲུབ་པ་དེའི་དམིགས་པ་གང་ཡིན་པ་ནི་འཕགས་ པའི་བདེན་པ་བཞི་ལ་འདོམས་པ་དང་། སྒྲུབ་པ་པོ་དེའི་རྟེན་གང་ཡིན་པ་སྐྱབས་གསུམ་ལ་འདོམས་པ་དང་། སྒྲུབ་པ་ཁྱད་པར་དུ་འགྲོ་བའི་རྒྱུ་གང་ཡིན་པ་མ་ཆགས་པ་སྟེ་མ་ཞེན་པའི་བརྩོན་འགྲུས་ལ་འདོམས་པ་དང་། སྒྲུབ་པ་ཕྱིར་མི་ལྡོག་པར་འགྲོ་བའི་རྒྱུ་གང་ཡིན་པ་ ནི་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ཡིན་པས་དེ་ལ་འདོམས་པ་དང་། སྒྲུབ་པ་དེ་ཐེག་པ་ཆེན་པོ་ལས་གཞན་གྱི་ཐེག་པར་མི་འགྲོ་བའི་རྒྱུ་གང་ཡིན་པ་ནི་ལམ་ཡོངས་འཛིན་གྱི་བརྩོན་འགྲུས་ཡིན་པས་དེ་ལ་འདོམས་པ་དང་། དེ་ལྟར་སྒྲུབ་པ་ལ་གཞན་གྱི་དྲིང་མི་འཇོག་པར་ འགྲོ་བ་ཉིད་ཀྱི་རྒྱུ་གང་ཡིན་པ་ནི་སྤྱན་ལྔ་ཡིན་པས་དེ་ལ་འདོམས་པར་མཛད་པ་དང་། དེ་ལྟར་བསྒྲུབས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུ་གང་ཡིན་པ་ནི་མངོན་པར་ཤེས་པ་དྲུག་ཡིན་པས་དེ་ལ་འདོམས་པ་དང་། བསྒྲུབ་བའི་བྱ་བ་མཐར་ཐུག་ 4-1-70a པའི་རྒྱུ་གང་དག་ཡིན་པ་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་ཡིན་པས་དེ་ལ་འདོམས་པར་མཛད་པའི་གདམས་ངག་དག་སྟེ། བཅུ་པོ་དེ་དག་ཐམས་ཅད་གདམས་ངག་གི་སྐབས་སུ་བསྟན་ཏེ། བཅུ་པོ་འདི་ཙམ་ཁོ་ནས་ཐར་འདོད་ཀྱི་སྐྱེས་བུའི་དོན་ཐམས་ ཅད་ཕུན་སུམ་ཚོགས་པར་འགྱུར་བས་གདམས་ངག་ནི་རྣམ་པ་བཅུའོ་ཞེས་ངེས་བཟུང་མཛད་དོ། ། བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། མ་ཕམ་དགོངས་དོན་བཞུགས་སུ་གསོལ་བའི་གཞི། ། དོན་རབ་གསལ་ཞེས་ནོར་བུའི་ཁྲི་མཐོན་པོ། ། འགྲེལ་བྱེད་སེང་ཆེན་དུ་མས་ ལེགས་བཏེག་པ། ། བདེ་བའི་མལ་དུ་བཀོད་པ་འདི་ཡིན་ནོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ལ། འཐོབ་བྱེད་གང་ཟག་གི་རྣམ་གཞག་དང་། འཐོབ་བྱ་འབྲས་བུའི་རྣམ་གཞག་གོ། དང་པོ་ལ། མཚོན་ བྱེད་དཔེའི་དགེ་འདུན་དང་། མཚོན་བྱ་དོན་གྱི་དགེ་འདུན་གཉིས་ཏེ། དང་པོ་ལ། ཉན་རང་གཉིས་ཡོད་པ་ལས། དེའི་དང་པོ་ལའང་། ཞུགས་གནས་བརྒྱད་ཀྱི་རྣམ་གཞག་སྤྱིར་བསྟན་པ་དང་། དཀའ་གནས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་བཞི། རྒྱུན་ཞུགས་ཞུགས་ གནས། ཕྱིར་འོང་ཞུགས་གནས། ཕྱིར་མི་འོང་ཞུགས་གནས། དགྲ་བཅོམ་ཞུགས་གནས་སོ། །དང་པོ་རྒྱུན་ཞུགས་ཞུགས་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པ་འཐོབ་པའི་ཕྱིར་དུ་སྤང་བྱ་སྤོང་བའི་ཕྱིར་གཉེན་པོ་བསྐྱེད་པ་ལ་བརྩོན་པ་ཉན་ཐོས་བརྒྱད་པའི་སར་ གནས་ཀྱི་རིགས་ཞིག་ལ་འདོད་ཅིང་། དེའང་མངོན་པ་འོག་མར་ཉན་ཐོས་ཀྱི་མཐོང་ལམ་ཐོབ་དགོས་པར་བཞེད་ལ། གོང་མར་ནི་སྦྱོར་ལམ་སྟན་གཅིག་པ་ལ་གནས་པ་དེ་རྒྱུན་ཞུགས་ཞུགས་པར་བཞེད་ཅིང་། ལུགས་དེ་གཉིས་ཀར་ཡང་རྒྱུན་ཞུགས་ཞུགས་པ་ཡིན་ན་ 4-1-70b ལམ་རྗེས་ཤེས་མ་ཐོབ་པ་དགོས་པར་བཞེད་དོ། །དེ་ལྟར་གྱུར་པའི་ཞུགས་པ་དེ་ལ་དབྱེ་ན། དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་སོ། །གཉིས་པ་རྒྱུན་ཞུགས་འབྲས་གནས་ནི། རྒྱུན་ཞུགས་ཞུགས་པའི་ལམ་སྔོན་དུ་སོང་ཞིང་མཐོང་ སྤང་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་སར་གནས་ཀྱི། མིང་གིས་བརྗོད་པ་ཉན་ཐོས་འབྲས་བུ་ལ་གནས་པ་སྟེ། དེའང་སྤང་བྱ་ཀུན་སྦྱོར་གསུམ་ནི་མཐོང་སྤངས་འཇིག་ལྟ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང་། རྩ་ཉོན་ཐེ་ཚོམ་སྟེ་དེ་ གསུམ་སྤངས་པས་ཁྱད་པར་དུ་བྱས་པ་གང་ཞིག །ལམ་རྗེས་ཤེས་ཀྱི་རྟོགས་པ་ཐོབ་པ་དེ་རྒྱུན་ཞུགས་འབྲས་གནས་སུ་འཇོག་ལ། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ལ་ནི་འདོད་ཉོན་དྲུག་པ་མ་སྤངས་པ་ཞིག་དགོས་ཤིང་། དེ་ལའང་རྣམ་པ་གཉིས་ཡོད་དེ། ཕྱིར་ འོང་དང་ཅིག་ཅར་བའི་དགྲ་བཅོམ་གང་རུང་ཐོབ་ཕྱིར་དུ་མི་བརྩོན་པ་རྒྱུན་ཞུགས་འབྲས་གནས་ཙམ་པོ་དང་། དེ་གང་རུང་ཐོབ་ཕྱིར་དུ་བརྩོན་པ་ཁྱད་པར་ཅན་གཉིས་ལས། ཁྱད་པར་ཅན་ལའང་ལྷའི་རིགས་གནས་རིགས་སྐྱེ་དང་། མིའི་རིགས་གནས་རིགས་སྐྱེ་གཉིས་ སོ། །གཉིས་པ་ཕྱིར་འོང་ཞུགས་གནས་ལ་གཉིས་ལས། དང་པོ་ཞུགས་པ་ནི། ཞུགས་པའི་རྟོགས་པ་ཐོབ་ཅིང་འདོད་ཉོན་དྲུག་པ་མ་སྤངས་པར་ཕྱིར་འོང་གི་འབྲས་བུ་མ་ཐོབ་པ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་དེ་ཡིན་ཅིང་། དེ་ལའང་དབང་པོའི་སྒོ་ནས་དད་མོས་ མཐོང་ཐོབ་གཉིས་ཡོད་ཀྱང་སོ་སོར་མི་བགྲང་སྟེ། དབང་པོ་ནི་འཕོ་བ་ཅན་ཡིན་པའི་ཕྱིར་རོ། །འོ་ན་དེ་ལ་ཚུལ་ཇི་ལྟར་དབྱེ་ན། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེར་ཡོད་པ་ཡིན་ཏེ། འདི་ལྟར་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དང་། རིམ་གྱིས་པའི་ཕྱིར་འོང་ 4-1-71a ཞུགས་པ་གཉིས་སོ། །གཉིས་པ་ཕྱིར་འོང་འབྲས་གནས་ནི། ཕྱིར་འོང་ཞུགས་པའི་རྟོགས་པ་སྔོན་དུ་སོང་ཞིང་འདོད་ཉོན་དགུ་པ་ལ་ཆགས་པ་དང་མ་བྲལ་བ་གང་ཞིག །འདོད་ཉོན་དྲུག་པ་ལ་ཆགས་པ་དང་བྲལ་བས་རབ་ཏུ་ཕྱེ་བ་བསྲབས་པའི་སར་ གནས་ཀྱི་རིགས་ཅན་གྱི་ཉན་ཐོས་དེའོ། །དེ་ལ་དབྱེ་ན་ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་མི་བརྩོན་པ་ཕྱིར་འོང་འབྲས་གནས་ཙམ་པོ་དང་། དེ་ཐོབ་ཕྱིར་དུ་བརྩོན་པ་ཁྱད་པར་བ་གཉིས་དང་། དེ་ལས་གཞན་པ་སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། རིམ་གྱིས་པའི་ཕྱིར་འོང་ འབྲས་གནས་དང་། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་གཉིས་ཡོད་པ་ལས། དང་པོ་ནི། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གྱིས་སྒོམ་སྤང་ཉོན་མོངས་རྣམས་རིམ་པས་སྤངས་ཏེ་འདོད་ཉོན་དྲུག་པ་སྤངས་འཕྲལ་ནས་དགུ་པ་སྤོང་བཞིན་པའི་བར་གྱི་ ཕྱིར་འོང་རྣམས་ཡིན་ལ། གཉིས་པ་ནི། ཉན་ཐོས་ཀྱི་མཐོང་ལམ་མ་ཐོབ་པའི་སྔ་རོལ་དུ་འདོད་ཉོན་དྲུག་པ་དང་བདུན་པ་གང་རུང་སྤངས་ཟིན་པའི་ཕྱིར་འོང་དེའོ། །དེ་ལྟ་བུ་དེས་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་བརྒྱད་པ་ནི་ངེས་པར་མ་སྤངས་པ་ཞིག་དགོས་ཏེ། དེ་ སྤངས་ན་དགུ་པ་སྤོང་བ་ལ་ཚེགས་མེད་པས་ཕྱིར་འོང་འབྲས་གནས་མ་ཐོབ་པར་དེས་འབྲས་བུ་གསར་པ་ལྷག་ཐོབ་ཏུ་ཡོད་པར་ཤེས་ནས་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱ་དགོས་པར་འགྱུར་ལ། འོན་ཏེ་དེ་འདྲ་བ་ནི་མི་སྲིད་པའི་ཕྱིར་ཞེས་བོད་སྔ་མ་རྣམས་ཀྱི་གསུང་ངོ་། ། གསུམ་པ་ཕྱིར་མི་འོང་ཞུགས་གནས་ལ་གཉིས་ལས། དང་པོ་ཕྱིར་མི་འོང་ཞུགས་པ་ནི། ཕྱིར་མི་འོང་ཞུགས་པའི་རྟོགས་པ་ཐོབ་ཅིང་འདོད་ཉོན་དགུ་པ་མ་སྤངས་ལ། ཕྱིར་མི་འོང་གི་འབྲས་བུ་མ་ཐོབ་པ་འཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་དེ་དེ་ཡིན་ལ། དེའི་དབྱེ་བ་ནི་ 4-1-71b ཕྱིར་འོང་ཞུགས་པ་དང་འདྲའོ། །གཉིས་པ་ཕྱིར་མི་འོང་འབྲས་གནས་ནི། ཕྱིར་མི་འོང་ཞུགས་པའི་རྟོགས་པ་སྔོན་དུ་སོང་ཞིང་སྲིད་ཉོན་དགུ་པ་ལ་ཆགས་པ་དང་མ་བྲལ་བ་གང་ཞིག །འདོད་ཉོན་དགུ་པ་ལ་ཆགས་པ་དང་བྲལ་བས་རབ་ཏུ་ཕྱེ་བ་འདོད་ཆགས་དང་བྲལ་ བའི་སར་གནས་ཀྱི་རིགས་སུ་གནས་པའི་ཉན་ཐོས་དེའོ། །དེ་ལ་དབྱེ་ན་དགྲ་བཅོམ་པའི་འབྲས་བུ་དོན་དུ་མི་གཉེར་བའི་ཕྱིར་མི་འོང་འབྲས་གནས་ཙམ་པོ་དང་། དེ་དོན་དུ་གཉེར་བའི་ཁྱད་པར་ཅན་གཉིས་སོ། །བཞི་པ་དགྲ་བཅོམ་ཞུགས་གནས་ལ་གཉིས་ལས། དང་པོ་ ཞུགས་པ་ནི། སྲིད་ཉོན་དགུ་པ་མ་སྤངས་ཤིང་འབྲས་བུ་གཞན་ཐོབ་བྱར་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པ་འཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཞུགས་པ་དེའོ། །གཉིས་པ་དགྲ་བཅོམ་འབྲས་གནས་ནི། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཟད་པར་སྤངས་པས་རབ་ཏུ་ ཕྱེ་བ་མི་སློབ་པའི་འབྲས་བུ་ལ་གནས་པ་དེའོ། །གཉིས་པ་དཀའ་གནས་བྱེ་བྲག་ཏུ་བཤད་པ་ལ་གསུམ། སྤང་བྱ་ཅིག་ཅར་བ། ཆགས་བྲལ་སྔོན་དུ་སོང་བ། འབྲས་བུ་རིམ་གྱིས་པ་བཤད་པའོ། །དང་པོ་ནི། ས་དགུའི་སྒོམ་སྤང་ཉོན་མོངས་པ་དགུ་ཚན་དགུ་ཅིག་ ཅར་དུ་དྲིལ་ནས་སྤོང་བར་བྱེད་པ་ཅིག་ཅར་བའི་ཉན་ཐོས་ཀྱི་རིགས་ཅན་དེའོ། །དེ་ལ་དབྱེ་ན་ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ། ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས། ཅིག་ཅར་བའི་དགྲ་བཅོམ་ཞུགས་པ། ཅིག་ཅར་བའི་དགྲ་བཅོམ་འབྲས་གནས་ དང་བཞིར་ངེས་པ་ཡིན་ནོ། །གཉིས་པ་ཆགས་བྲལ་སྔོན་སོང་གི་གོ་དོན་ནི། རང་གི་ཐོབ་བྱའི་འབྲས་བུ་དེ་སྒྲིབ་བྱེད་ཀྱི་སྒྲིབ་པ་གང་ཡིན་པ་དེ་ལ་མཐོང་ལམ་གྱི་སྔ་རོལ་དུ་ཆགས་པ་དང་བྲལ་བའི་རིགས་སུ་གནས་པ་དེ་ནི་ཆགས་བྲལ་སྔོན་སོང་ཞེས་བྱ་ལ། དེས་ན་མཐོང་ 4-1-72a ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་པའི་ཕྱིར་འོང་ངམ། འདོད་ཉོན་དགུ་པ་སྤངས་པའི་ཕྱིར་མི་འོང་བའི་ཉན་ཐོས་དེ་ལ་ཆགས་བྲལ་སྔོན་སོང་གི་རིགས་གནས་ཀྱི་ཉན་ཐོས་ཀྱི་རིགས་སུ་བཞག་ལ། དེའི་དབྱེ་བ་ནི། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་ པ་དང་། སྔོན་སོང་གི་ཕྱིར་འོང་འབྲས་གནས་དང་། སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་དང་། སྔོན་སོང་གི་ཕྱིར་མི་འོང་འབྲས་གནས་དང་བཞི་ལས། དང་པོ་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་ལ་ཆགས་པ་དང་བྲལ་བའི་རིགས་སུ་གནས་པའི་ཕྱིར་འོང་ཞུགས་པ་དེ་དེའོ། ། གཉིས་པ་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་ལ་ཆགས་པ་དང་བྲལ་བའི་ཕྱིར་འོང་འབྲས་གནས་དེའོ། །གསུམ་པ་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་ལ་ཆགས་པ་དང་བྲལ་བའི་ཕྱིར་མི་འོང་ཞུགས་པ་དེའོ། །བཞི་པ་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་ ལ་ཆགས་པ་དང་བྲལ་བའི་ཕྱིར་མི་འོང་འབྲས་གནས་དེའོ། །གསུམ་པ་འབྲས་བུ་རིམ་གྱིས་པའི་གོ་དོན་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ནས་དགྲ་བཅོམ་པའི་འབྲས་བུའི་བར་འབྲས་བུ་བཞི་ཀ་རིམ་གྱིས་ཐོབ་པར་བྱེད་པའི་རིགས་གནས་ཀྱི་ཉན་ཐོས་དེའོ། །དེ་ལ་དབྱེ་ན། ཞུགས་པ་བཞི་དང་ འབྲས་གནས་བཞི་སྟེ་བརྒྱད་དོ། ། དེའི་དང་པོ་རིམ་གྱིས་པའི་རྒྱུན་ཞུགས་ཞུགས་པ་ནི་རྒྱུན་ཞུགས་ཞུགས་པ་གཞིར་བྱས་ལ། ཉན་ཐོས་ཀྱི་འབྲས་བུ་བཞི་པོ་རིམ་གྱིས་མངོན་དུ་བྱེད་པའི་རིགས་ཅན་དེའོ། །དེ་ལ་དབྱེ་ན། དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་ རྗེས་འབྲང་གཉིས་གོང་དུ་བསྟན་པ་ལྟར་རོ། ། གཉིས་པ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ནི། རྒྱུན་ཞུགས་འབྲས་གནས་གཞིར་བྱས་ལ། འབྲས་བུ་ཕྱི་མ་གསུམ་རིམ་གྱིས་མངོན་དུ་བྱེད་པའི་རིགས་ཅན་དེའོ། །དེའི་དབྱེ་བ་ནི། འབྲས་བུ་ལ་གནས་པ་ཙམ་ 4-1-72b པོ་བ་དང་། ཁྱད་པར་བའི་དབྱེ་ཚུལ་ནི་གོང་དུ་བསྟན་པ་ལྟར་ཡིན་ལ། སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་དང་། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གཉིས་སོ། །དང་པོ་ནི། རྒྱུན་ཞུགས་འབྲས་གནས་གཞིར་བྱས་ལ། མཐོང་སྤང་གི་ ཉོན་མོངས་སྤངས་ཤིང་སྒོམ་སྤང་གི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་པ་དེ་འདོད་ཁམས་སུ་སྐྱེ་སྲིད་བདུན་ངེས་པར་བླངས་ནས་འདོད་པའི་རྟེན་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ཏེ། དེ་ལའང་བྱེ་སྨྲའི་ལུགས་ལྟར་ན་འདོད་པར་ལྷ་དང་མིའི་སྐྱེ་སྲིད་ བདུན་བདུན་ཏེ་བཅུ་བཞི་བླངས་ནས་མཐོང་ལམ་དང་པོར་ཐོབ་པའི་རྟེན་ལྷ་མི་གང་ཡིན་པ་དེའི་ལུས་རྟེན་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པར་འདོད་དོ། །དཔེར་ན་མིའི་རྟེན་ལ་མཐོང་ལམ་ཐོབ་པའི་དབང་དུ་བྱས་ནས་མིར་སྐྱེ་སྲིད་དྲུག །དེ་ནས་ལྷར་སྐྱེ་སྲིད་བདུན། དེ་ནས་ སྐྱེ་སྲིད་གཅིག་མིའི་ནང་དུ་ཞུགས་ནས་དགྲ་བཅོམ་ཐོབ་པ་ལྟ་བུའོ། ། དེ་ལྟར་ན་གཞན་དག་ན་རེ། འོ་ན་ལྷའི་སྐྱེ་སྲིད་བདུན་དང་། བར་སྲིད་བདུན་དང་། མིའི་སྐྱེ་སྲིད་བདུན། བར་སྲིད་བདུན་ཏེ་སྲིད་པ་ཉེར་བརྒྱད་ལེན་དགོས་པས་སྲིད་པ་ལན་བདུན་པ་མིན་པར་སྲིད་པ་ཉེར་ བརྒྱད་པར་ཐལ་ལོ་ཞེ་ན། བྱེ་སྨྲས། བདུན་ཚན་དུ་ཆོས་མཚུངས་པས་སྐྱོན་མེད་དེ། གནས་བདུན་ལ་མཁས་པའི་དགེ་སློང་དང་། ཤིང་ལོ་མ་བདུན་པ་བཞིན་ནོ་ཞེས་ཟེར་ལ། མདོ་སྡེ་པས་ནི། འདོད་པར་ལྷ་དང་མིའི་རྟེན་གང་ཡང་རུང་བ་ཞིག་ལས་སྐྱེ་སྲིད་བདུན་བླངས་ཏེ་ མཐོང་ལམ་དང་པོར་ཐོབ་པའི་རྟེན་ལྷ་མི་གང་ཡིན་པ་དེའི་ལུས་རྟེན་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པར་འདོད་དོ། ། གཉིས་པ་རྒྱུན་ཞུགས་རིགས་ནས་རིགས་སྐྱེ་ནི། མཐོང་ལམ་དང་པོར་ཐོབ་པའི་ལུས་རྟེན་མ་དོར་བའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གཞིར་ 4-1-73a བྱས་ལ། འདོད་ཉོན་གསུམ་པ་ས་བོན་དང་བཅས་པ་སྤངས་པའི་ཟག་མེད་ཀྱི་དབང་པོ་ཐོབ་པས་ཁྱད་པར་དུ་བྱས་པ་འདོད་ཉོན་བཞི་པ་སྤངས་མ་སྤངས་ཅི་རིགས་པ་ལྔ་པ་མ་སྤངས་ཤིང་ཚེ་དེར་ཡང་མི་སྤོང་བ། མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ན། མིའི་སྐྱེ་སྲིད་གཉིས་ངེས་པར་ལེན་ཅིང་། གསུམ་ལེན་མི་ལེན་ཅི་རིགས་པ་ལ་བཞི་པ་ངེས་པར་མི་ལེན་པ་ཞིག་ཡིན་ཅིང་། དེ་བཞིན་དུ་ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ན་ལྷའི་སྐྱེ་སྲིད་གཉིས་ལེན་ཅིང་། གསུམ་པ་ལེན་མི་ལེན་ཅི་རིགས་པ་ལ་བཞི་པ་ཕན་ངེས་པར་མི་ ལེན་པ་ཞིག་དགོས་སོ། །དེ་ལ་དབྱེ་ན། ལྷའི་རྒྱུན་ཞུགས་རིགས་ནས་རིགས་སྐྱེ་དང་། མིའི་རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གཉིས་ཏེ། མཚན་ཉིད་རིམ་བཞིན་རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གཞིར་བྱས་ལ། ལྷའི་སྐྱེ་སྲིད་གཉིས་ངེས་པར་ལེན་པ་དང་། མིའི་སྐྱེ་སྲིད་ གཉིས་ངེས་པར་ལེན་པའོ། ། གསུམ་པ་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་ནི། ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་འབྲས་བུ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དེ་ཡིན་ལ། དེ་ལ་དབྱེ་ན། དབང་རྟུལ་དད་མོས་དང་། དབང་རྣོན་མཐོང་ཐོབ་ གཉིས་ཏེ་སྔར་བཤད་པ་ལྟར་རོ། ། བཞི་པ་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ནི། མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བ་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་སོ། །དབྱེ་ན། ཕྱིར་འོང་འབྲས་གནས་ཙམ་པོ་དང་། ཕྱིར་འོང་འབྲས་ གནས་ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པ་གཉིས་ལས། དང་པོ་ནི། རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་མི་བརྩོན་པ་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་རྣམས་ཡིན་ལ། གཉིས་པ་ནི། རིམ་གྱིས་པའི་ཕྱིར་འོང་འབྲས་གནས་གཞིར་བྱས་ལ། 4-1-73b འདོད་པའི་སྒོམ་སྤང་ཉོན་མོངས་བདུན་ནམ་བརྒྱད་སྤངས་པ་ཟག་མེད་ཀྱི་དབང་པོ་ཐོབ་ཅིང་འདོད་པར་ལན་གཅིག་ཕྱིར་འོང་བས་ན་ཚེ་གཅིག་བར་ཆད་གཅིག་པ་ཞེས་ཟེར་རོ། །དེའང་སྐྱེ་བ་རྟིང་མར་འདོད་པའི་ལྷར་སྐྱེས་ཏེ་རྟེན་དེ་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པར་ངེས་པའོ། །ལྔ་ པ་རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པ་ནི། ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ནོ། ། དྲུག་པ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ནི། མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་དགུ་པ་ལ་ཆགས་པ་དང་བྲལ་ཞིང་། སྲིད་ཉོན་དགུ་པ་མ་ སྤངས་པའི་ཉན་ཐོས་སློབ་པ་འབྲས་གནས་སོ། །དེ་ལ་དབྱེ་ན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་དང་། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་དང་། མཐོང་ཆོས་ཞི་བའི་ཕྱིར་མི་འོང་དང་། ལུས་མངོན་བྱེད་ཀྱི་ཕྱིར་མི་འོང་དང་། ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་སྟེ་ལྔ་ ལས། དང་པོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་བསམ་གཏན་བཞི་པའི་ཉོན་མོངས་དགུ་པ་མ་སྤངས་པ་གཟུགས་ཀྱི་བར་སྲིད་གཅིག་ནས་གཟུགས་ཀྱི་བར་སྲིད་དང་། སྐྱེ་སྲིད་སུམ་ཅུ་སོ་བཞིའི་བར་ཅི་རིགས་སུ་ལེན་པ་ནི་སྤྱིར་བཏང་ཡིན་ལ། དམིགས་བསལ་སྲིད་རྩེའི་ མཐར་ཐུག་འགྲོ་ལ་གཟུགས་ཀྱི་སྐྱེ་སྲིད་བཅུ་གཉིས་དང་། གཟུགས་མེད་ཀྱི་སྐྱེ་སྲིད་བཞི་རྣམས་ལེན་པ་ཡོད་དོ། །དེའི་མཚན་ཉིད་ནི། མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བ་འདོད་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག །གཟུགས་ཁམས་སུ་འགྲུབ་བྱེད་ལས་ཉོན་གྱིས་གསོས་བཏབ་ པའི་སྲིད་པ་ངེས་པར་ལེན་པར་བྱེད་པའོ། །དབྱེ་ན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་འདའ་བ་དང་། དེའི་ཕྱིར་མི་འོང་གོང་འཕོ་གཉིས་ལས། དང་པོ་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གཞིར་བྱས་ལ། འདོད་པའི་རྟེན་ཅན་མཐོང་ལམ་ཐོབ་པའི་ལུས་རྟེན་མ་ 4-1-74a དོར་བ་འདོད་ཉོན་དགུ་པ་སྤངས་ཤིང་། བསམ་གཏན་བཞི་པའི་སྒོམ་སྤང་ཉོན་མོངས་དགུ་པ་མ་སྤངས་པ་ལ་དེའི་བར་རྣམས་སྤངས་མ་སྤངས་ཅི་རིགས་པ་གཟུགས་ཀྱིས་མངོན་པར་འགྲུབ་པའི་ལས་ཅན་ཡིན་པས་ན་གཟུགས་ཀྱི་བར་སྲིད་གཅིག་ངེས་པར་ལེན་ ཅིང་། ཁམས་གསུམ་གང་དུའང་ལས་ཉོན་གྱི་སྐྱེ་སྲིད་གཉིས་པ་མི་ལེན་པ་ཞིག་གོ། དེ་ལ་དབྱེ་ན། བར་འདའ་བ་དང་། སྐྱེ་འདའ་བ་གཉིས། དང་པོ་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་འདའ་བ་གཞིར་བྱས་ལ། གཟུགས་ཀྱི་བར་སྲིད་ཀྱི་རྟེན་ལ་དམན་པའི་མྱང་ འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །དབྱེ་ན། བར་དོར་མྱུར་བར་འདའ་བ། མྱུར་བ་མིན་པར་འདའ་བ། དུས་རིང་མོ་ཞིག་ཏུ་འདའ་བ་དང་གསུམ་ཡོད་པ་ལས། དང་པོ་ནི། གཟུགས་ཀྱི་བར་སྲིད་ཀྱི་ཚེ་སྟོད་དང་། གཉིས་པ་ནི་ཚེའི་བར་དང་། གསུམ་པ་ནི་ཚེའི་སྨད་ལ་ མྱང་འདས་མངོན་དུ་བྱེད་པའི་རིགས་སུ་གནས་པའོ། །གཉིས་པ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེ་འདའ་བ་ནི། གཟུགས་སུ་ལས་ཉོན་གྱི་དབང་གིས་སྐྱེ་སྲིད་གཅིག་ངེས་པར་ལེན་ཅིང་། རྟེན་དེ་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པའོ། །དེ་ལ་དབྱེ་ན། གཟུགས་ སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེ་འདའ་བ་གཞིར་བྱས་ལ། གཟུགས་ཀྱི་སྐྱེ་སྲིད་ཀྱི་ཚེ་སྟོད་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པའི་རིགས་གནས་སྐྱེས་ཙམ་ནས་འདའ་བ་དང་། སྐྱེ་སྲིད་དེའི་ཚེ་དཀྱིལ་ལ་ལམ་ལ་འབད་རྩོལ་ཆུང་ངུས་མངོན་པར་འདུ་བྱེད་པ་མེད་པར་འདའ་བ་དང་། སྐྱེ་སྲིད་དེའི་ཚེ་མཐར་ལམ་ལ་འབད་རྩོལ་ཆེན་པོས་མངོན་པར་འདུ་བྱེད་དང་བཅས་ཏེ་དམན་པའི་མྱ་ངན་ལས་འདའ་བའོ། །གཉིས་པ་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་ནི། འདོད་པར་མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་ཞིང་ལས་ཉོན་གྱི་དབང་གིས་གཟུགས་སུ་ 4-1-74b ་སྐྱེ་སྲིད་གཉིས་ཡན་ཆད་ངེས་པར་ལེན་པའི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཞིག་ཏུ་འདོད་ལ། དབྱེ་ན། འོག་མིན་མཐར་ཐུག་འགྲོ་དང་། སྲིད་རྩེའི་མཐར་ཐུག་འགྲོ་གཉིས་ལས། དང་པོ་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་གཞིར་བྱས་ལ། འོག་མིན་གྱི་ རྟེན་དེར་དམན་པའི་མྱང་འདས་མངོན་དུ་བྱེད་པའི་ལས་ཅན་ནོ། །དེ་ལ་དབྱེ་ན། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་ཞིང་འཕར་བ་དང་གསུམ་ལ། སོ་སོའི་ངོ་བོ་དང་། དབྱེ་བ་དང་། སྐྱེ་བ་ལེན་ཚུལ་རྣམས་ལས། དང་པོ་ངོ་བོ་ནི། རིམ་བཞིན་ དུ་བཤད་པར་བྱ་བ་སྟེ། ཕྱིར་མི་འོང་འཕར་བ་ནི་འཕར་གསུམ་གང་རུང་ཡིན་པ་གཞིར་བྱས་ལ། སྐྱེ་བ་ཕྱི་མ་ཚངས་རིས་སུ་ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་ནས་བར་གྱི་གནས་རིས་རྣམས་སུ་སྐྱེ་བ་མི་ལེན་པར་འོག་མིན་དུ་ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་ནས་རྟེན་ དེ་ལ་དམན་པའི་མྱང་འདས་མངོན་སུམ་དུ་བྱེད་པའི་གང་ཟག་གོ། ཕྱེད་དུ་འཕར་བ་ནི་དེ་གཞིར་བྱས་ལ། སྐྱེ་བ་ཕྱི་མ་ཚངས་རིས་སུ་ལས་ཉོན་གྱི་དབང་གིས་སྐྱེ་བ་གཅིག་བླངས་ནས་བར་གྱི་གནས་གཞན་བརྒལ་ཏེ་གཙང་མའི་གནས་འོག་མ་གསུམ་པོ་གང་རུང་དུ་ལས་ ཉོན་གྱི་དབང་གིས་སྐྱེ་བ་གཅིག་བླངས་ཏེ་རྟེན་དེ་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པའི་གང་ཟག་གོ། གནས་ཐམས་ཅད་དུ་འཆི་འཕོ་བ་ནི་དེ་གཞིར་བྱས་ལ། སྐྱེ་བ་ཕྱི་མ་ཕན་ཆད་གཟུགས་ཁམས་གནས་རིས་བཅུ་བདུན་དུ་ལས་ཉོན་གྱི་དབང་གིས་སྐྱེ་བ་རེ་རེ་བླངས་ནས་ འོག་མིན་གྱི་རྟེན་དེ་ལ། དམན་པའི་མྱང་འདས་མངོན་དུ་བྱེད་པའི་རིགས་གནས་ཀྱི་གང་ཟག་གོ། ཕྱི་མ་འདི་ལ་རིགས་གནས་སྨོས་པའི་དགོས་པ་ནི། ཤིན་ཏུ་མཐོ་བའི་རྟེན་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པའི་གནས་ཐམས་ཅད་དུ་འཆི་འཕོ་བའང་ཡོད་བཤད་དོ། ། 4-1-75a གཉིས་པ་དབྱེ་བ་ལ། ཡོངས་སུ་ཉམས་པའི་རིགས་ཅན་གྱི་འཕར་བ་གསུམ་དང་། བདག་གསོད་པའི། རྗེས་སུ་བསྲུང་བའི། གནས་པ་ལས་མི་བསྐྱོད་པའི། རྟོགས་པའི་འོས་སུ་གྱུར་པའི། མི་གཡོ་བའི་རིགས་ཅན་གྱི་འཕར་བ་གསུམ་སྟེ་དྲུག་ཡོད་ དོ། ། གསུམ་པ་སྐྱེ་བ་ལེན་ཚུལ་ལ། གཙང་མའི་གནས་རྣམས་སུ་སྐྱེ་བ་ལེན་པའི་རྒྱུ་བསམ་གཏན་སྤེལ་སྒོམ་གྱི་རྣམ་གཞག་དང་། སྐྱེ་བ་ལེན་ཚུལ་དངོས་གཉིས་ལས། དང་པོ་ལ། ཆུང་ངུ་གསུམ་སྤེལ་དང་། འབྲིང་དྲུག་སྤེལ་དང་། ཆེན་པོ་དགུ་སྤེལ་དང་། ཤིན་ཏུ་ཆེ་ བ་བཅུ་གཉིས་སྤེལ་དང་། ཤིན་ཏུ་ཆེས་ཆེན་པོ་བཅོ་ལྔ་སྤེལ་ཏེ་ལྔ་ཡོད་ལ། སྤེལ་ཚུལ་གྱི་འདོད་པ་བྱེ་སྨྲ་ལྟར་ན། བསམ་གཏན་བཞི་པའི་དངོས་གཞི་སྙོམས་འཇུག་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་སྤེལ་བ་ལ་ཆུང་ངུ་གསུམ་སྤེལ་དང་། དེ་འདྲ་ཚར་གཉིས་ སྤེལ་བ་ལ་འབྲིང་དྲུག་སྤེལ་དང་། ཚར་གསུམ་སྤེལ་བ་ལ་ཆེན་པོ་དགུ་སྤེལ་དང་། བཞི་སྤེལ་བ་ལ་ཤིན་ཏུ་ཆེན་པོ་བཅུ་གཉིས་སྤེལ་དང་། དེ་འདྲ་ཚར་ལྔ་སྤེལ་བ་ལ་ཤིན་ཏུ་ཆེས་ཆེན་པོ་བཅོ་ལྔ་སྤེལ་དུ་བཞེད་ཅིང་། གྲུབ་མཐའ་སྨྲ་བ་གོང་མ་བ་ལ་ལ་ཡང་འདི་ལྟར་ འདོད་དོ། །དེའི་ཚེ་སྤེལ་ཆོས་ཀྱི་དངོས་གཞི་ཟག་མེད་དེ་ཟག་མེད་ཀྱི་སྙོམས་འཇུག་ཡིན་པ་བཞིན་དུ་སྤེལ་ཆོས་ཀྱི་དངོས་གཞི་ཟག་བཅས་དེ་ཡང་དངོས་གཞི་སྙོམས་འཇུག་དག་པ་བ་ལ་བཞག་པ་ནི་རིགས་པ་ཡིན་གྱི། རྗེས་ཐོབ་ཡེ་ཤེས་སོགས་འཕགས་ལམ་གྱི་ཆ་ནས་ ནི་དེར་མི་གཟུང་ལ། དངོས་གཞིའི་སྙོམས་འཇུག་དག་པ་བ་དེ་དང་། གནས་གཙང་གི་སྲིད་པའི་རྟེན་འབྲེལ་ལ་གཞི་མཐུན་ཡོད་པས་སོ། ། འདི་ལ་འགའ་ཞིག་དོགས་པ་འདི་ལྟར་སློང་བར་བྱེད་དེ། འབྲིང་དྲུག་སྤེལ་ལྟ་བུ་ལ་མཚོན་ན། གསུམ་སྤེལ་གཉིས་ 4-1-75b མཐུད་ནས་དྲུག་སྤེལ་བྱེད་པའི་ཚེ་གསུམ་སྤེལ་སྔ་མའི་བསམ་གཏན་ཟག་མེད་དང་། གསུམ་སྤེལ་ཕྱི་མའི་བསམ་གཏན་ཟག་མེད་དང་པོའི་བར་དུ་མཚམས་འཛིན་གང་གིས་བྱེད་ཅེས་ཟེར་རོ། །དེ་ལ་ཁ་ཅིག་འདི་སྐད་དུ་སྨྲ་སྟེ། དེ་གཉིས་ཀྱི་མཚམས་འཛིན་རྗེས་ཐོབ་ཡེ་ཤེས་ ཀྱིས་བྱེད་ཀྱང་ཟེར་ལ། དེ་ལྟར་ན་ནི་དྲུག་སྤེལ་ལས་བདུན་སྤེལ་དུ་ཐལ་ལོ་ཞེས་མཁས་པ་སྔ་མ་དག་ཟེར་རོ། །འོ་ན་འདི་གཉིས་ཀྱི་མཚམས་འཛིན་པ་གང་ཞེ་ན། དེ་གཉིས་ཀྱི་མཚམས་འཛིན་གཞན་པ་བ་ཞིག་དགོས་པ་མིན་ཏེ། ལམ་བདེན་དུ་གྱུར་པའི་ཟག་མེད་ཀྱི་ བསམ་གཏན་ཐ་མ་སྐད་ཅིག་མ་དང་། ཕྱི་མའི་ཟག་མེད་བསམ་གཏན་དང་པོའི་སྐད་ཅིག་མ་སྟེ་དེ་གཉིས་ཀར་དེ་མ་ཐག་པའི་ངོ་བོར་གནས་པས་སྔ་མ་འགགས་ཤུལ་དུ་རྟིང་མ་སྐྱེ་བ་ལ་གེགས་བྱེད་དང་བྲལ་ཙམ་དེ་མཚམས་འཛིན་གྱི་དོན་ཡིན་ལ། དེ་ལས་གཞན་ མཚམས་འཛིན་གྱི་དོན་མཚམས་སྦྱོར་དུ་འདོད་ནས་མཚམས་སྦྱོར་བ་མེད་ན་ཟག་མེད་ཐ་མ་དང་དང་པོ་གཅིག་ཏུ་འདྲེས་པར་ཐལ་སྙམ་པའི་དོགས་པ་ཤར་བ་ནི་བློ་གྲོས་ཀྱི་རྩལ་ཆུང་བ་འགའ་ཞིག་ལ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། ། རང་གར་འཁྱམས་པ་འགའ་ཞིག་ནི་ འདི་སྐད་ཀྱང་སྒྲོགས་པར་བྱེད་དེ། དེ་གཉིས་ཀྱི་མཚམས་འཛིན་ཟག་མེད་ཀྱི་དམིགས་ཡུལ་འཕོ་བ་ལ་བཞག་གི། དེ་ཡང་དཔེར་མཚོན་ན། ཟག་མེད་ཀྱི་ཤེས་པ་སྔ་མ་སྡུག་བདེན་ལ་དམིགས་པའི་ཡུལ་ཅན་དང་། ཕྱི་མ་ལམ་བདེན་ལ་དམིགས་པའི་ཡུལ་ཅན་ལྟ་བུའོ་ ཞེས་ཟེར་རོ། །དེ་ལྟར་སྨྲ་བ་དེ་ལ་སྐྱོན་འདི་ཡོད་པ་ཡིན་ཏེ། དེ་ལྟར་ན་མཚམས་འཛིན་གྱི་གོ་དོན་མཚམས་འཛིན་དུ་མ་སོང་སྟེ། དེ་ལྟར་བཤད་པ་དེས་ནི་ཟག་མེད་སྐད་ཅིག་སྔ་ཕྱིའི་དམིགས་ཡུལ་གྱི་ཁྱད་པར་ཙམ་ཞིག་བསྟན་ལ། དེ་ལྟར་བསྟན་པས་ནི་མཚམས་ 4-1-76a འཛིན་གྱི་དོན་མ་གྲུབ་བོ། །འོ་ན་ཡང་ཁྱེད་ཅག་གིས་དམིགས་ཡུལ་འཕོ་ཞེས་པའི་ཚིག་གི་ནུས་པས་སྔ་མ་ནས་ཕྱི་མར་འཕོ་བའི་འཕོ་ཆ་ནས་དེར་བཞག་སྙམ་ན་ནི་སྔ་མའི་སྐད་ཅིག་དང་པོའི་ངོ་བོའམ། ཁྱད་པར་སྐད་ཅིག་ཕྱི་མར་འཕོ་བའི་ནུས་པ་ཡོད་པ་མ་ཡིན་ ཏེ། ཤེས་པ་ཐམས་ཅད་སྐྱེས་ཙམ་ནས་དེ་མ་ཐག་པར་རྫོགས་ཙམ་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེས་ན་སྤེལ་སྒོམ་གྱི་དགོས་པ་ནི། གཙང་མའི་གནས་ལྔ་པོ་སོ་སོའི་སྲིད་པའི་རྟེན་འབྲེལ་བསྒྲུབ་པའི་ཆེད་ཡིན་ལ། གཙང་མའི་གནས་ཞེས་པའི་གོ་དོན་ནི། གནས་ དེར་ཡོད་པ་ཐམས་ཅད་འཕགས་པའི་གང་ཟག་ཤ་སྟག་ཡིན་པའི་དོན་གྱིས་གཙང་མར་བརྗོད་པ་ཡིན་ནོ། །དེ་ལྟར་སྤེལ་སྒོམ་དགོས་པའང་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཟག་མེད་ཀྱིས་གཙང་མའི་གནས་སུ་སྐྱེ་བ་འགྲུབ་བྱེད་ཀྱི་སྲིད་པའི་རྟེན་འབྲེལ་བྱེད་པ་མི་ སྲིད་པས། སྤེལ་ཆོས་ཟག་བཅས་བསྒོམས་པ་ལ་བརྟེན་ནས་གཙང་མའི་གནས་གང་དུ་སྐྱེ་འགྱུར་གྱི་སྲིད་པའི་རྟེན་འབྲེལ་འགྲུབ་པར་བྱེད་དགོས་པ་ཡིན་ནོ། ། གཉིས་པ་སྐྱེ་བ་ལེན་ཚུལ་དངོས་ནི། ཕྱིར་མི་འོང་འཕར་བ་དེས་སྐྱེ་བ་ཕྱི་མ་ཚངས་རིས་སུ་ལས་ཉོན་གྱི་དབང་གིས་ སྐྱེ་བ་བླངས་ནས་དེར་སྤེལ་སྒོམ་བཅོ་ལྔ་པོ་སོར་ཆུད་པར་སྦྱངས་ཏེ་བར་གྱི་གནས་གཞན་ཐམས་ཅད་བརྒལ་ནས། སྐྱེ་བ་ཕྱི་མ་འོག་མིན་དུ་ལས་ཉོན་གྱིས་སྐྱེ་བ་བླངས་ནས་རྟེན་དེ་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པ་ཡིན་ལ། ཕྱེད་དུ་འཕར་བ་ནི། སྐྱེ་བ་ཕྱི་མ་ཚངས་རིས་སུ་ ལས་ཉོན་གྱིས་སྐྱེ་བ་བླངས་ནས་དེར་སྤེལ་སྒོམ་འོག་མ་གསུམ་གང་ཡང་རུང་བ་ལས་སྦྱངས་ཏེ་སྦྱངས་པ་གང་ཡིན་པ་དེའི་རྒྱུ་ཆོས་དང་མཐུན་པར་གཙང་མའི་གནས་འོག་མ་གསུམ་གང་རུང་དུ་ལས་ཉོན་གྱིས་སྐྱེས་ཏེ་དེར་སྤེལ་སྒོམ་ལྷག་མ་རྣམས་སྦྱངས་ནས་དེའི་ཕྱི་མ་འོག་ 4-1-76b མིན་དུ་ལས་ཉོན་གྱིས་སྐྱེས་ཏེ་རྟེན་དེ་ཉིད་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པ་ཡིན་ནོ། ། གནས་ཐམས་ཅད་དུ་འཆི་འཕོ་བ་ལ། ངེས་མ་ངེས་གཉིས་ལས། དང་པོ་ནི། ཚངས་རིས་ནས་འབྲས་བུ་ཆེ་བའི་བར་གྱི་གནས་བཅུ་གཉིས་སུ་ལས་ཉོན་གྱིས་སྐྱེ་བ་རེ་བླངས་ནས་འབྲས་ བུ་ཆེའི་རྟེན་ལ་སྤེལ་སྒོམ་ཆུང་ངུ་གསུམ་སྤེལ་སྦྱངས་ཏེ། ལས་ཉོན་གྱིས་མི་ཆེ་བར་སྐྱེ་བ་བླངས་ནས་དེར་འབྲིང་དྲུག་སྤེལ་སྦྱངས་ནས་ལས་ཉོན་གྱིས་མི་གདུང་བར་སྐྱེ་བ་བླངས་ཏེ་དེར་ཆེན་པོ་དགུ་སྤེལ་སྦྱངས་ནས་ལས་ཉོན་གྱིས་ཤིན་ཏུ་མཐོང་བར་སྐྱེ་བ་བླངས་ཏེ་དེར་སྤེལ་སྒོམ་ཤིན་ ཏུ་ཆེན་པོ་བཅུ་གཉིས་སྤེལ་སྦྱངས་ནས་ལས་ཉོན་གྱིས་གྱ་ནོམ་སྣང་དུ་སྐྱེ་བ་བླངས་ཏེ་དེར་སྤེལ་སྒོམ་ཤིན་ཏུ་ཆེས་ཆེན་པོ་བཅོ་ལྔ་པོ་སྦྱངས་ནས་འོག་མིན་གྱི་སྲིད་པའི་རྟེན་འབྲེལ་བསྒྲུབས་ཏེ་དེར་སྐྱེས་ནས་རྟེན་དེ་ལ་དམན་པའི་མྱང་འདས་མངོན་དུ་བྱེད་པ་ཡིན་ནོ། །གཉིས་པ་ནི། ཚངས་རིས་ནས་འོད་ཆུང་གི་བར་དུ་སྐྱེ་བ་ངེས་པར་ལེན་པ་ཞིག་དགོས་ཏེ། དེ་ཕྱེད་འཕར་ལས་སྐྱེ་བ་གཅིག་གིས་ལྷག་པ་དགོས་པའི་ཕྱིར་ཡིན་ལ། གནས་ཕྱི་མ་རྣམས་སུ་སྐྱེ་བ་ལེན་མི་ལེན་ཅི་རིགས་སུ་ཡོད་དོ། ། གཉིས་པ་སྲིད་རྩེའི་མཐར་ཐུག་འགྲོ་ནི། ཕྱིར་མི་འོང་གོང་འཕོ་ གཞིར་བྱས་ལ་སྐྱེ་བ་ཕྱི་མ་ཚངས་རིས་ནས་འབྲས་བུ་ཆེའི་བར་དུ་ལས་ཉོན་གྱིས་སྐྱེ་བ་རིམ་བཞིན་བླངས་ནས་གནས་གཙང་མའི་གནས་ལྔ་བོར་བའི་གཟུགས་མེད་བཞིར་ལས་ཉོན་གྱིས་སྐྱེ་བ་རེ་བླངས་ཏེ་སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གང་ཟག་གོ ། གཉིས་པ་གཟུགས་མེད་ཉེར་འགྲོའི་ཕྱིར་ མི་འོང་ནི། བསམ་གཏན་བཞི་པའི་ཉོན་མོངས་དགུ་པ་ལ་ཆགས་པ་དང་བྲལ་བའི་འདོད་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག་གཟུགས་མེད་དུ་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་པའི་གང་ཟག་གོ། དེ་ལ་དབྱེ་ན། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་འདའ་བ་དང་། དེའི་ཕྱིར་མི་འོང་གོང་འཕོ་གཉིས་ལས། དང་ 4-1-77a པོ་ནི། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གཞིར་བྱས་ལ་གཟུགས་མེད་དུ་ལས་ཉོན་གྱིས་སྐྱེ་བ་གཅིག་ཁོ་ན་ལེན་པར་ངེས་པ་དེའོ། །དེ་ནི་སྐྱེ་འདའ་བ་ཡིན་པས་དེ་ཉིད་ལ་དབྱེ་ན། སྐྱེས་ཙམ་ནས་འདའ་བ་དང་། མངོན་པར་འདུ་བྱེད་མེད་པར་འདའ་བ་དང་། མངོན་ པར་འདུ་བྱེད་དང་བཅས་ཏེ་འདའ་བ་གསུམ་མོ། །འདའ་བ་འདི་གསུམ་གྱི་མཚན་ཉིད་གཟུགས་ཀྱི་ཉེར་འགྲོའི་སྐྱེ་འདའ་བ་གསུམ་གྱི་མཚན་ཉིད་གང་ཡིན་པ་དེ་ཡིན་ནོ། །གཟུགས་མེད་ཉེར་འགྲོའི་བར་འདའ་བ་ནི་མེད་དེ། གཟུགས་མེད་དུ་སྐྱེ་བ་ན་བར་སྲིད་ནི་ཡོད་པ་མ་ཡིན་ པས་སོ། །གཉིས་པ་གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་ནི། མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བ་འདོད་ཁམས་ནས་ཤི་འཕོས་མ་ཐག་གཟུགས་མེད་དུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་གཞིར་བྱས་ལ། གཟུགས་མེད་དུ་ལས་ཉོན་གྱི་དབང་གིས་སྐྱེ་བ་ གཉིས་ཡན་ཆད་ལེན་པའི་ལས་ཅན་ནོ། །དེ་ལ་དབྱེ་ན། ནམ་མཁའ་དང་རྣམ་ཤེས་སུ་སྐྱེ་བ་ལེན་ཅིང་དེའི་གོང་མ་གཉིས་སུ་སྐྱེ་བ་མི་ལེན་པ་དང་། འོག་མ་གསུམ་དུ་སྐྱེ་བ་ལེན་ཅིང་སྲིད་རྩེར་སྐྱེ་བ་མི་ལེན་པ་དང་། དེ་བཞི་ཀར་མས་རིམ་གྱིས་སྐྱེ་བ་ལེན་པ་དང་། གཟུགས་ མེད་གོང་མ་གཉིས་སུ་སྐྱེ་བ་ལེན་ཅིང་འོག་མ་གཉིས་སུ་མི་ལེན་པ་དང་། གོང་མ་གསུམ་དུ་སྐྱེ་བ་ལེན་ཅིང་ནམ་མཁའ་མཐའ་ཡས་སུ་སྐྱེ་བ་མི་ལེན་པ་དང་། ཡས་རིམ་གྱིས་སྐྱེ་བ་ལེན་པའི་གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་སྟེ་དྲུག་གོ ། གསུམ་པ་མཐོང་ ཆོས་ཞིའི་ཕྱིར་མི་འོང་ནི། མཐོང་ལམ་ཐོབ་པའི་རྟེན་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་ཕྱིར་མི་འོང་ངོ་། ། བཞི་པ་ལུས་མངོན་བྱེད་ཀྱི་ཕྱིར་མི་འོང་ནི། འདོད་གཟུགས་ཀྱི་རྟེན་ཅན་གང་ཞིག་འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་ངོ་། ། ལྔ་པ་ཚེ་ 4-1-77b ཡོངས་སུ་གྱུར་པའི་ཕྱིར་མི་འོང་ནི། འཕགས་པའི་རྟེན་ལ་ལས་ཉོན་གྱིས་སྐྱེ་བ་རྒྱུན་མར་བླངས་པའི་ཕྱིར་མི་འོང་ངོ་། །དེ་ལ་དབྱེ་ན། འདོད་པའི་ཚེ་ཡོངས་གྱུར། གཟུགས་ཀྱི་ཚེ་ཡོངས་གྱུར། གཟུགས་མེད་ཀྱི་ཚེ་ཡོངས་གྱུར་དང་གསུམ་ཡོད་པ་ལས། མཚན་གཞི་ནི། རིམ་པ་བཞིན་སྲིད་པ་ལན་བདུན་པའམ་རིགས་ནས་རིགས་སྐྱེའི་རྟོགས་པ་སྔོན་སོང་གི་ཕྱིར་མི་འོང་ཚེ་ཡོངས་གྱུར་དང་། འཕར་གསུམ་གྱི་རྟོགས་པ་གང་ཡང་རུང་བ་སྔོན་སོང་གི་ཕྱིར་མི་འོང་ཚེ་ཡོངས་གྱུར་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་བ་བརྒྱུད་ནས་ལེན་པར་ངེས་པའི་ གཟུགས་མེད་ཉེར་འགྲོ་གོང་འཕོའི་རྟོགས་པ་སྔོན་སོང་གི་གཟུགས་མེད་ཐ་མའི་རྟེན་ཅན་གྱི་ཕྱིར་མི་འོང་ཚེ་ཡོངས་སུ་གྱུར་པ་ལྟ་བུའོ། ། བོད་ཀྱི་སློབ་དཔོན་དག་མཛོད་འགྲེལ་གྱི་དགོངས་པ་བླངས་པ་ན། གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་ཁྲི་དང་ཉིས་སྟོང་དགུ་བརྒྱ་དང་ དྲུག་ཅུ་བཤད་དེ། དེ་ཡང་བར་དོར་འདའ་བ་དང་། སྐྱེ་འདའ་བ་དང་། འདུ་བྱེད་དང་བཅས་ཏེ་འདའ་བ་དང་། འདུ་བྱེད་མེད་པར་འདའ་བ་དང་། གོང་འཕོ་སྟེ་ལྔ་པོ་རེ་རེ་ལ་གནས་ཀྱི་དབྱེ་བ་བཅུ་དྲུག་དང་། དེ་རེ་རེ་ལའང་རིགས་ཀྱི་དབྱེ་བ་དྲུག །དེ་རེ་རེ་ལའང་དབང་ པོའི་དབྱེ་བ་གསུམ་རེ། དེ་རེ་རེ་ལའང་ཆགས་བྲལ་གྱི་དབྱེ་བ་འཆིང་བ་མཐའ་དག་དང་ལྡན་པ་ནས་ཉོན་མོངས་པ་བརྒྱད་པ་ལ་ཆགས་པ་དང་བྲལ་བའི་བར་དགུ་དགུ་སྟེ་དེ་ལྟར་དབྱེ་བར་ཡང་མཛད་དོ། ། བདུན་པ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་ནི། རིམ་གྱིས་པའི་དགྲ་བཅོམ་ གྱིས་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ནོ། ། བརྒྱད་པ་རིམ་གྱིས་པའི་དགྲ་བཅོམ་འབྲས་གནས་ནི། ཁམས་གསུམ་གྱི་ཉོན་མོངས་ཟད་པར་སྤངས་པའི་རིམ་གྱིས་པའི་ཉན་ཐོས་མི་སློབ་པའི་འབྲས་གནས་སོ། །དེ་ལ་དབྱེ་ན། ཡོངས་ 4-1-78a སུ་ཉམས་པའི་རིགས་ཅན་གྱི་རིམ་གྱིས་པའི་དགྲ་བཅོམ་དང་། བདག་གསོད་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པའི་ཆོས་ཅན་དང་། རྟོགས་པའི་འོས་སུ་གྱུར་པའི་ཆོས་ཅན་དང་། མི་གཡོ་བའི་ཆོས་ཅན་ ཏེ་དྲུག་ཡོད་དོ། །དེ་ཡང་བྱེ་སྨྲས་ནི་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པར་འགྱུར་བ་སོགས་སུ་ཁས་ལེན་ཀྱང་། མདོ་སྡེ་པ་ཡན་གྱིས་དེ་ལྟར་ན་ཐར་པའི་རང་བཞིན་ཕྱིར་ལྡོག་དང་བཅས་པར་འགྱུར་ན་རྣམ་གྲོལ་ལ་ཡིད་མི་ཆེས་པས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ པ་ལྟ་ག་ལ་ཞིག །ཉམས་པ་ནི་མཐོང་ཆོས་བདེར་གནས་ལས་ཉམས་པར་འགྱུར་བ་ཙམ་དུ་བཞག་གོ། དེས་ན་ཉམས་རྒྱུའི་མཐོང་ཆོས་བདེར་གནས་དེ་ཡང་རང་རྒྱུད་ཀྱི་ཚོར་བ་བདེ་བ་ལ་བཞེད་ལ། དེ་ལས་ཇི་ལྟར་ཉམས་ན་རང་རྒྱུད་ཀྱི་ཚོར་བ་བདེ་བའི་རོ་མྱངས་པས་ཚོར་བ་ སྡུག་བསྔལ་མངོན་དུ་གྱུར་པའི་ཚུལ་གྱིས་ཉམས་པ་ཡིན་ནོ་ཞེས་ཟེར་ལ། འགའ་ཞིག་གིས་ནི་དགྲ་བཅོམ་པ་ཚོར་བ་བདེ་བ་ལ་རོ་མྱོང་བའི་རྒྱུའི་ཀུན་སློང་དང་སྦྱོར་བ་བརྩམ་མི་སྲིད་ལ། དེ་ལྟ་བུ་མཐོང་ཆོས་བདེར་གནས་ལས་ཉམས་པ་ནི་ཚེ་དེ་ཉིད་ཀྱི་ལས་ཀྱི་ལྷག་མ་ རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་སྡུག་བསྔལ་བའི་རྣམ་པ་ཅན་མྱོང་བའི་སྟོབས་ཀྱིས་མཐོང་ཆོས་བདེར་གནས་ལས་ཉམས་པ་ཡིན་ནོ་ཞེས་ཀྱང་ཟེར་རོ། ། དེ་ལྟར་མདོ་སྡེ་པ་ཡན་སྤྱི་ཙམ་ནས་དྲུག་པོ་དེའི་མཚན་ཉིད་རིམ་བཞིན་འཆད་པ་ན། རིམ་གྱིས་པའི་ཉན་ཐོས་ དགྲ་བཅོམ་དབང་རྟུལ་གཞིར་བྱས་ལ། རྐྱེན་གང་གིས་ཀྱང་ལྡོག་པར་མི་ནུས་པར་མཐོང་ཆོས་བདེར་གནས་ལས་ཉམས་པར་འགྱུར་བའི་རིགས་ཅན་དེ་ཉམས་པའི་ཆོས་ཅན་གྱི་མཚན་ཉིད་ཡིན་ནོ། །ཚེའི་འདུ་བྱེད་མྱུར་དུ་བཏང་ན་མཐོང་ཆོས་བདེར་གནས་ལས་ 4-1-78b ཉམས་པར་མི་འགྱུར་ཞིང་། མྱུར་དུ་མ་བཏང་ན་དེ་ལས་ཉམས་པར་འགྱུར་བའི་རིགས་གནས་དེ་བདག་གསོད་པའི་ཆོས་ཅན་གྱི་མཚན་ཉིད་ཡིན་ནོ། །འདོད་ཡོན་ལ་སེམས་བསྲུངས་ན་དེ་ལས་ཉམས་པར་མི་འགྱུར་ཞིང་མ་བསྲུངས་ན་ཉམས་པར་འགྱུར་བའི་རིགས་ གནས་དེ་རྗེས་སུ་བསྲུང་བའི་ཆོས་ཅན་གྱི་མཚན་ཉིད་ཡིན་ནོ། །མཐོང་ཆོས་བདེར་གནས་ལས་ཉམས་མི་སྲིད་ཅིང་། དབང་པོ་རྣོན་པོར་འཕོ་མི་ནུས་པའི་རིགས་གནས་དེ་གནས་པ་ལས་མི་བསྐྱོད་པའི་ཆོས་ཅན་གྱི་མཚན་ཉིད་དོ། །མཐོང་ཆོས་བདེར་གནས་ལས་ཉམས་ མི་སྲིད་ཅིང་དབང་པོ་རྣོན་པོར་འཕོ་ནུས་པའི་རིགས་གནས་དེ་རྟོགས་པའི་འོས་སུ་གྱུར་པའི་ཆོས་ཅན་གྱི་མཚན་ཉིད་དོ། །རིམ་གྱིས་པའི་ཉན་ཐོས་དགྲ་བཅོམ་པ་དང་པོ་ཉིད་ནས་དབང་རྣོན་དུ་ངེས་པ་མཐོང་ཆོས་བདེར་གནས་ལས་ཉམས་པར་མི་འགྱུར་བའི་རིགས་གནས་དེ་མི་ གཡོ་བའི་ཆོས་ཅན་གྱི་མཚན་ཉིད་དོ། །གཉིས་པ་རང་རྒྱལ་གྱི་དགེ་འདུན་ནི། རྒྱས་པར་རང་ས་སོགས་ལས་ཤེས་པར་བྱ་ཞིང་། སྐབས་འདིར་བསྟན་གྱི་བསེ་རུ་དེ་ནི་ཞེས་གསུངས་པ་དེའང་བསེ་རུ་ལྟ་བུའི་རང་རྒྱལ་གྱི་མིང་སྨོས་པའི་བྱང་འཕགས་ལ་བཞེད་པས་འོག་ ནས་ཤེས་པར་བྱའོ། །གཉིས་པ་འདིར་བསྟན་མཚོན་བྱ་དོན་གྱི་དགེ་འདུན་གྱི་མཚན་ཉིད་ནི། མདོ་དང་རྒྱན་སོགས་ཐུན་མོང་མ་ཡིན་པའི་སྡེ་སྣོད་རྣམས་ལས་འབྱུང་བའི་དགེ་འདུན་རྒྱུན་དུ་ཞུགས་པ་ལ་སོགས་པའི་མིང་སྨོས་པའི་ཁྱད་པར་བ་དེའོ། །ཤཱནྟི་པ་སོགས་ འགའ་ཞིག་གིས་ནི་མཚོན་བྱ་དོན་གྱི་དགེ་འདུན་ཞུགས་གནས་ཀྱི་མིང་སྨོས་པ་འདི་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་དང་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གྱི་ཆ་འགའ་ཞིག་འདྲ་བའི་བྱང་འཕགས་དེ་འདིར་བསྟན་གྱི་མཚན་ཉིད་དེ་ལྡན་གྱི་གང་ཟག་ཏུ་འདོད་དོ། ། 4-1-79a དེ་ལྟར་མཚན་ཉིད་བཤད་ནས་དབྱེ་བ་ལ། མདོ་ནས་བཤད་ཚུལ་དང་། རྒྱན་གྱི་དངོས་བསྟན་གྱི་དང་། འགྲེལ་མཛད་འགའི་བཞེད་པ་དང་། མིང་གིས་བཏགས་པའི་ཚུལ་དང་བཞི་ལས། དང་པོ་ནི། མདོ་རྒྱས་འབྲིང་ལས། ཚེ་དང་ལྡན་པ་ཤཱ་རིའི་ བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར་བ་ ལགས། ཞེས་དྲིས་པའི་ལན་ལས་འཕྲོས་ཏེ་བྱང་སེམས་བཞི་བཅུ་ཞེ་ལྔ་གསུངས་ཀྱང་། ཉི་ཁྲི་ལེའུ་བརྒྱད་མའི་དངོས་བསྟན་ཉེར་ལྔ་གསུངས་པ་ནི་རྒྱུན་ཞུགས་ཞུགས་པ་བརྒྱད་པ་དང་། དེ་ལ་དབང་པོ་རྣོ་རྟུལ་གཉིས་གཅིག་ཏུ་བགྲངས་པས་གཅིག་དང་། འབྲས་གནས་ཙམ་ པོ་བ་དང་། སྲིད་པ་ལན་བདུན་པ་དང་། ལྷ་མིའི་རིགས་ནས་རིགས་སྐྱེ་གཉིས་ཏེ། རྒྱུན་ཞུགས་ཀྱི་སྐོར་ལ་དྲུག །ཕྱིར་འོང་ཞུགས་པ་དང་། འབྲས་གནས་ཙམ་པོ་དང་། བར་ཆད་གཅིག་པ་སྟེ་ཕྱིར་འོང་སྐོར་གསུམ། ཕྱིར་མི་འོང་ཞུགས་པ་དང་། འབྲས་གནས་ཙམ་པོ་དང་། འདའ་བ་བཞི་དང་། འཕར་བ་གསུམ་དང་། སྲིད་རྩེར་འགྲོ་དང་། གཟུགས་མེད་ཉེར་འགྲོ་དང་། མཐོང་ཆོས་ཞི་དང་། ལུས་མངོན་བྱེད་དང་། ཚེ་ཡོངས་གྱུར་ཏེ་ཕྱིར་མི་འོང་བཅུ་བཞི་དང་། དགྲ་བཅོམ་ཞུགས་པ་དང་། རང་སངས་རྒྱས་ཏེ་ཉེར་ལྔའོ། །གཉིས་པ་རྒྱན་ གྱི་དངོས་བསྟན་ནི། མདོ་ལས་ཞེ་ལྔ་དང་ཉེར་ལྔ་གསུངས་ཀྱང་། དེ་དག་དགེ་འདུན་ཉི་ཤུར་བསྡུས་ནས་གསུངས་ཏེ། གཞན་རྩ་བའི་དངོས་བསྟན་གྱི་ཚིག་ཟིན་ལ་རྒྱུན་ཞུགས་ཞུགས་པ་དབང་པོ་རྟུལ་པོ་དང་། དབང་པོ་རྣོན་པོ་དག་དང་། དད་མོས་དང་། མཐོང་ཐོབ། རྒྱུན་ 4-1-79b ཞུགས་འབྲས་གནས་ལྷའི་རིགས་ནས་རིགས་སྐྱེ་དང་། དེ་མིའི་རིགས་ནས་རིགས་སྐྱེ་དང་། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་དང་། ཕྱིར་མི་འོང་བར་དོར་འདའ་བ་དང་། སྐྱེས་ནས་འདའ་བ་དང་། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་དང་། མངོན་པར་འདུ་བྱེད་དང་ བཅས་ཏེ་མིན་པར་འདའ་བ་དང་། འོག་མིན་འགྲོ་དང་། འཕར་བ་གསུམ་དང་། སྲིད་རྩེའི་མཐར་ཐུག་འགྲོ་དང་། གཟུགས་ཀྱི་ཆགས་བཅོམ་དང་། མཐོང་བའི་ཆོས་ལ་ཞི་བ་དང་། ལུས་མངོན་བྱེད་དང་། བསེ་རུ་ལྟ་བུའི་བྱང་འཕགས་ཏེ་ཉི་ཤུར་གསུངས་སོ། །གསུམ་པ་ འགྲེལ་མཛད་འགའི་བཞེད་པ་ལ། ཤཱནྟི་པ་དང་བུདྡྷ་ཤྲཱིའི་ལུགས་ནི་རྒྱན་གྱི་དངོས་བསྟན་དང་མཐུན་ལ། གྲོལ་སྡེ་གཉིས་ཀྱི་ལུགས་ནི་རྒྱན་གྱི་དངོས་བསྟན་ནས་བཞི་འཕྲི་སྟེ་བཅུ་དྲུག་པོའི་ཐོག་ཏུ་མདོ་ནས་བཞི་ཁ་བསྐང་སྟེ་དགེ་འདུན་ཉི་ཤུའི་གྲངས་འདྲེན་ལ། འཕྲི་བྱ་བཞི་ནི་འོག་ མིན་འགྲོའི་འཕར་གསུམ། སྲིད་རྩེར་འགྲོ་སྟེ་ལྔའམ་བཞིར་བསྡུས་པ་གང་ཡང་རུང་བ་ལས་གཅིག་ཏུ་བགྲང་སྟེ་གོང་འཕོའི་མིང་དུ་སྨོས་ནས་བཞི་འཕྲི་ལ། མདོ་ནས་ཁ་འགེངས་བྱ་བཞི་ནི་རྒྱུན་ཞུགས་ཞུགས་པ་བརྒྱད་པའི་མིང་ཅན་དང་། ཕྱིར་འོང་འབྲས་གནས་ཙམ་པོ་དང་། ཕྱིར་མི་འོང་འབྲས་གནས་ཙམ་པོ་དང་། དགྲ་བཅོམ་ཞུགས་པའི་མིང་ཅན་ཏེ་བཞིའོ། །བསྣོན་འཕྲི་དེ་ལྟར་དུ་བྱས་པས་རྒྱུན་ཞུགས་སྐོར་ལ་ལྔ། ཕྱིར་འོང་གི་སྐོར་ལ་གསུམ། ཕྱིར་མི་འོང་གི་སྐོར་ལ་བཅུ། དགྲ་བཅོམ་ཞུགས་པའི་མིང་ཅན་དང་། རང་རྒྱལ་གྱི་མིང་ཅན་གཉིས་ ཏེ་ཉི་ཤུར་འདྲེན་ནོ། ། སློབ་དཔོན་སེང་གེ་བཟང་པོའི་འགྲེལ་པ་རྔོག་འགྱུར་གྱི་ལུགས་ལ། རྒྱན་གྱི་དངོས་བསྟན་ཉི་ཤུའི་སྟེང་ནས་གསུམ་འཕྲི། མདོ་ནས་ཁ་བསྐང་སྟེ་ཉི་ཤུར་འདྲེན་ནོ། །དེ་ཡང་དངོས་བསྟན་གྱི་འོག་མིན་འགྲོ་འཕར་གསུམ་གྱི་དབྱེ་གཞིར་བཞེད་པས་གྲངས་ལ་ 4-1-80a ་མི་འདྲེན། སྲིད་རྩེར་འགྲོ་དང་གཟུགས་མེད་ཉེར་འགྲོ་གཉིས་ཀྱང་དོན་ལྡོག་གཅིག་ཡིན་པས་དེ་གཉིས་གཅིག་ཏུ་བགྲངས་པ་དབྱེ་གཞིར་བྱས་ནས་དབྱེ་བ་ནི་མཐོང་ཆོས་ཞི་དང་། ལུས་མངོན་བྱེད་གཉིས་སུ་བཞེད་དོ། །དེས་ན་དབྱེ་གཞི་གསུམ་ པོ་དེ་ཉི་ཤུའི་གྲངས་སུ་མི་འདྲེན་ལ། མདོ་ནས་ཁ་འགེངས་བྱ་གསུམ་ནི་རྒྱུན་ཞུགས་འབྲས་གནས་ཙམ་པོ་དང་། ཕྱིར་འོང་འབྲས་གནས་ཙམ་པོ་དང་། དགྲ་བཅོམ་ཞུགས་པ་སྟེ་གསུམ་མོ། ། ཨ་བྷྱ་ཀ་རས་ནི་རྒྱན་གྱི་དངོས་བསྟན་དེ་ལྟར་བཞག་ནས་འོག་མིན་འགྲོ་ འཕར་གསུམ་གྱི་དབྱེ་གཞིར་བཏང་སྟེ། གཞན་དགུ་པོའི་ཐོག་ཏུ་དགྲ་བཅོམ་ཞུགས་པ་མདོ་ནས་ཁ་བསྐང་སྟེ་དགེ་འདུན་ཉི་ཤུའི་གྲངས་འདྲེན་པར་མཛད་དོ། །བཞི་པ་མིང་གིས་བཏགས་པའི་ཚུལ་ལ། འགའ་ཞིག་གིས་བྱང་ཆུབ་སེམས་དཔའ་རྒྱུན་ཞུགས་ལ་སོགས་པ་ འདི་དག་མཚན་ཉིད་པའམ། འོན་ཏེ་བཏགས་པ་བར་འཆད་ཅེ་ན། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས། བྱང་སེམས་ཀྱི་རྒྱུན་ཞུགས་སོགས་ནི་རྒྱུན་ཞུགས་མཚན་ཉིད་པ་ཡིན་ལ། དེའང་རྒྱལ་བྱེད་ཚལ་ན་ཆུ་མེད་པ་ལ་ཆུ་ཡོད་པར་འཛིན་པའི་འདུ་ཤེས་འཁྲུལ་བ་དཔེར་ བྱས་ནས་ཉན་ཐོས་ཀྱི་རྒྱུན་ཞུགས་སོགས་རྒྱུན་ཞུགས་མཚན་ཉིད་པ་མ་ཡིན་པར་བསྟན་ཏོ། །དེ་ལྟར་བསྟན་པ་དེ་ཉིད་ཉི་ཁྲི་སྣང་བར་ཁུངས་སུ་མཛད་ནས་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་ཤེས་པར་བྱའོ་ཞེས་གསུངས་ལ། སློབ་དཔོན་སེང་གེ་བཟང་པོས་ཀྱང་འགྲེལ་ཆེན་དུ་ འཕགས་གྲོལ་གྱིས་ཇི་ལྟར་བཤད་པ་བཞིན་གྱི་རྗེས་སུ་འབྲང་བར་མཛད་དོ། །དེས་ན་ཐུན་མོང་མིན་པའི་རྒྱུན་ཞུགས་སོགས་ཀྱི་རྣམ་པར་གཞག་པ་འདི་དོན་དམ་པའི་དགེ་འདུན་དཀོན་མཆོག་དངོས་ཡིན་པ་དང་། རྒྱལ་བའི་ཡུམ་དང་རྒྱན་ནས་བཤད་པའི་རྒྱུན་ཞུགས་དེ་དང་། 4-1-80b དེ་འཐོབ་བྱེད་ཀྱི་ལམ་རྣམས་ཐུན་མོང་བར་གྱུར་པའི་མཚན་ཉིད་ཀྱི་གཞུང་ནས་མི་འབྱུང་ལ། དོན་དེས་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་པོ་ནི་ཞུགས་འབྲས་ཀྱི་རྣམ་གཞག་མཚན་ཉིད་པའོ། ། འོན་ཏེ་དེ་ལྟར་བཤད་པའི་ཞུགས་འབྲས་ཀྱི་རྣམ་གཞག་འདི་ཐེག་དམན་གྱི་མཚོན་བྱེད་ དཔེའི་དགེ་འདུན་གྱི་རྒྱུན་ཞུགས་བཏགས་པ་བ་སོགས་ཀྱི་མིང་ཙམ་གྱིས་ནི་མཚོན་བྱ་དོན་གྱི་དགེ་འདུན་རྒྱུན་ཞུགས་སོགས་མཚན་ཉིད་པ་ལ་སྒྲ་ཅི་སྟེ་སྦྱོར། དེ་གཉིས་མིང་མཐུན་པར་སྨོས་པའི་རྒྱུ་མཚན་ཅི། མཐུན་པར་སྨོས་པ་ལ་དགོས་པ་གང་། བཏགས་པའི་རྒྱུན་ཞུགས་ སོགས་མཚན་ཉིད་པའི་རྒྱུན་ཞུགས་སོགས་དངོས་ཡིན་ནམ་ཞེ་ན། མིང་མཐུན་པར་སྨོས་པའི་རྒྱུ་མཚན་ནི་སྤངས་པ་དང་རྟོགས་པའི་ཁྱད་པར་གྱི་བྱ་བ་བྱེད་པོའི་ལུས་རྟེན་ལེན་ཚུལ་གྱི་ཆ་འདྲ་བ་འགའ་ཞིག་ལས་སོ། །མིང་མཐུན་པར་སྨོས་པའི་དགོས་པ་ནི་བྱང་ཆུབ་སེམས་དཔའི་ འཕགས་པ་རྣམས་ཀྱིས་གདུལ་བྱ་དམན་པའི་རིགས་ཅན་རྣམས་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་སའི་བར་འགོད་ནུས་པར་ཤེས་པའི་དོན་དུའོ། །དེ་ལྟར་འགོད་ནུས་པའང་ཡིན་ཏེ། ཉན་རང་གི་སྤངས་རྟོགས་ཀྱི་རིགས་མཐའ་དག་བྱང་སེམས་ཀྱི་མཐོང་ལམ་ནས་རྫོགས་ པའི་ཕྱིར་རོ། །ཞུགས་པ་བཏགས་པ་བ་སོགས་ནི་བྱང་ཆུབ་སེམས་དཔའི་ཞུགས་འབྲས་མཚན་ཉིད་པ་མ་ཡིན་པར་བསྟན་པ་ནི། མངོན་པ་ཀུན་ལས་བཏུས་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱོན་མེད་པ་ལ་ཞུགས་ནས། རྒྱུན་དུ་ཞུགས་པར་མི་འགྱུར་ཞེ་ན། རྒྱུན་ལ་འཇུག་ པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ལན་གཅིག་ཕྱིར་འོང་བར་མི་འགྱུར་ཞེ་ན། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕྱིར་མི་འོང་བར་མི་འགྱུར་ཞེ་ན། བསམ་གཏན་རྣམས་ཀྱིས་གནས་ཤིང་འདོད་པའི་ཁམས་སུ་སྐྱེ་བའི་ 4-1-81a ཕྱིར་རོ། །ཞེས་གསུངས་པས། ཐེག་དམན་གྱི་རྒྱུན་ཞུགས་སོགས་ཀྱི་རྣམ་གཞག་དེ་ཐེག་ཆེན་གྱི་རྒྱུན་ཞུགས་སོགས་དངོས་ཡིན་པ་ལ་གནོད་བྱེད་དུ་བསྟན་ཏོ། །དེས་ན་མཚོན་བྱ་དོན་གྱི་སྐྱེས་བུ་ཆེན་པོ་བདུན། རང་སངས་རྒྱས་ཏེ་རྩ་བའི་དབྱེ་བ་བརྒྱད། ཡན་ལག་གི་དབྱེ་བས་ཉི་ཤུར་བརྗོད་པའི་མཚན་གཞི་རྣམས་ངོས་གཟུང་བ་ནི། མཐོང་ལམ་ཤེས་བཟོད་དང་པོ་བཅོ་ལྔ་པོ་གང་རུང་ལ་གནས་པའི་དབང་པོ་རྣོ་རྟུལ་དེ་རྒྱུན་ཞུགས་ཞུགས་པ་དབང་པོ་རྣོ་རྟུལ་གྱི་མིང་ཅན་དང་། ལམ་རྗེས་ཤེས་ལ་གནས་པའི་བྱང་འཕགས་ནི་རྒྱུན་ ཞུགས་འབྲས་གནས་ཙམ་པོའི་མིང་ཅན་དང་། བསམས་བཞིན་དུ་ལྷའི་སྐྱེ་བ་གཉིས་སམ་མིའི་སྐྱེ་བ་གཉིས་ལེན་པའི་རིགས་ཅན་གྱིས་གཉིས་པའི་བར་ཆད་མེད་ལམ་ལ་གནས་པའི་བྱང་འཕགས་ནི་རིགས་ནས་རིགས་སྐྱེ་གཉིས་ཀྱི་མིང་ཅན་ནོ། །དེ་བཞིན་དུ་འོག་མ་རྣམས་ ལ་ཡང་བྱང་འཕགས་དང་མིང་ཅན་དུ་སྦྱར་རོ། །འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཤེས་སྒྲིབ་དྲུག་པ་སྤོང་བཞིན་པའི་དབང་པོ་རྣོ་རྟུལ་གཉིས་གཅིག་ཏུ་བགྲངས་པ་ནི་ཕྱིར་འོང་ཞུགས་པའི། དེ་སྤངས་མ་ཐག་པ་ནི་ཕྱིར་འོང་འབྲས་གནས་ཙམ་པོའི། འདོད་པར་བསམས་ བཞིན་དུ་སྐྱེ་བ་གཅིག་ལེན་ཅིང་འདོད་པའི་ཤེས་སྒྲིབ་དགུ་པ་སྤོང་བ་ལ་ཞུགས་པ་ནི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པའི། འདོད་པའི་ཤེས་སྒྲིབ་དགུ་པ་སྤོང་བཞིན་པའི་དབང་པོ་རྣོ་རྟུལ་གཉིས་གཅིག་ཏུ་བགྲངས་པ་ནི་ཕྱིར་མི་འོང་ཞུགས་པའི། འདོད་པའི་སྒོམ་སྤང་ཤེས་སྒྲིབ་དགུ་པ་སྤངས་མ་ཐག་པ་གཟུགས་ཀྱི་བར་དོར་སྐྱེ་ཚུལ་དང་དེར་མྱ་ངན་ལས་འདའ་ཚུལ་སྟོན་པ་ནི་བར་འདའ་བའི། དེ་སྤངས་མ་ཐག་པ་གཟུགས་ཀྱི་སྐྱེ་སྲིད་དུ་སྐྱེ་ཚུལ་བསྟན་ནས་ཚེ་སྟོད་ལ་མྱ་ངན་ལས་འདའ་ཚུལ་སྟོན་པ་ནི་སྐྱེས་ཙམ་ནས་འདའ་ 4-1-81b བའི། གཞན་གོང་བཞིན་ལ་ཚེའི་མཇུག་ལ་འབད་རྩོལ་ཆེན་པོས་མྱ་ངན་ལས་འདའ་ཚུལ་སྟོན་པ་ནི་མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བའི། གོང་བཞིན་ལ་ཚེའི་དཀྱིལ་ལ་འབད་རྩོལ་ཆུང་ངུས་མྱ་ངན་ལས་འདའ་ཚུལ་སྟོན་པ་ནི་མངོན་པར་འདུ་བྱེད་མེད་པའི། འདོད་པའི་སྒོམ་ སྤང་ཤེས་སྒྲིབ་དགུ་པ་སྤངས་ཤིང་གཟུགས་ཀྱི་སྒོམ་སྤང་ཤེས་སྒྲིབ་སྤོང་བཞིན་པ་སྐྱེ་བ་ཕྱི་མ་ཚངས་རིས་དང་། དེའི་ཕྱི་མ་འོག་མིན་དུ་སྐྱེ་ཚུལ་བསྟན་ནས་རྟེན་དེ་ལ་འདའ་ཚུལ་སྟོན་པ་ནི་ཕྱིར་མི་འོང་འཕར་བའི། གཞན་གོང་བཞིན་ལ་ཕྱི་མ་ཚངས་རིས་དང་། དེའི་ཕྱི་མར་ གནས་གཙང་འོག་མ་གསུམ་གང་རུང་དང་། དེའི་ཕྱི་མར་འོག་མིན་དུ་སྐྱེ་ཚུལ་དང་འདའ་ཚུལ་སྟོན་པ་ནི་ཕྱེད་དུ་འཕར་བའི། གཞན་གོང་བཞིན་ལ་སྐྱེ་བ་ཕྱི་མ་ཕྱི་མར་གཟུགས་ཁམས་གནས་རིས་བཅུ་བདུན་པོ་དེར་སྐྱེ་བ་རེ་ལེན་པའི་ཚུལ་བསྟན་ནས་འོག་མིན་གྱི་རྟེན་ལ་འདའ་ ཚུལ་སྟོན་པ་ནི་གནས་ཐམས་ཅད་དུ་འཆི་འཕོ་བའི། མཐོང་ལམ་ཐོབ་པའི་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་ཚུལ་སྟོན་པ་ནི་མཐོང་ཆོས་ཞི་བའི། འགོག་པའི་སྙོམས་འཇུག་ཐོབ་པ་ནི་ལུས་མངོན་བྱེད་ཀྱི། སྲིད་རྩེའི་སྒོམ་སྤང་ཤེས་སྒྲིབ་དགུ་པ་སྤོང་བཞིན་པ་ནི་དགྲ་བཅོམ་ ཞུགས་པའི། སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པའི་བྱང་འཕགས་ནི་རང་སངས་རྒྱས་བསེ་རུ་ལྟ་བུའི་མིང་ཅན་གྱི་དགེ་འདུན་ཏེ། དེ་ལྟར་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་པོ་འདི་ནི་རྒྱལ་སྲས་སེང་གེ་བཟང་པོའི་དགོངས་པ་ཐད་སོར་བཞག་ནས་དགེ་འདུན་ཉི་ ཤུ་པོ་རིམ་བཞིན་དུ་མཚན་གཞི་ངོས་བཟུང་བ་ཡིན་ལ། འཇིགས་མེད་འབྱུང་གནས་སྦས་པ་ལྟར་ན་ཐེག་ཆེན་གྱི་མཐོང་ལམ་བཅོ་ལྔ་ལ་གནས་པའི་གང་ཟག་ལ་རྒྱུན་ཞུགས་ཞུགས་པའི་མིང་ཅན་གྱི་བྱང་འཕགས་དང་། དེའི་ལམ་རྗེས་ཤེས་ལ་གནས་པའི་གང་ཟག་ལ་རྒྱུན་ 4-1-82a ཞུགས་འབྲས་གནས་ཙམ་པོའི་མིང་ཅན་དང་། ས་གཉིས་པ་གསུམ་པ་བཞི་པ་རྣམས་ལ་གནས་པའི་གང་ཟག་ལ་རྒྱུན་ཞུགས་རིགས་ནས་རིགས་སྐྱེའི་མིང་ཅན་དུ་བཞེད་ཅིང་། དེ་བཞིན་དུ་ས་ལྔ་པ་ལ་ཕྱིར་འོང་ཞུགས་པ། དྲུག་པར་དེ་འབྲས་གནས་ ཙམ་པོའི་མིང་ཅན། བདུན་པར་དེ་ཁྱད་པར་ཅན་གྱི་མིང་ཅན། ས་བརྒྱད་པ་དགུ་པ་བཅུ་པ་བ་རྣམས་ལ་ཕྱིར་མི་འོང་ཞུགས་གནས་སྐོར་གྱི་མིང་ཅན་དུ་འཇོག་ཅིང་། ས་བཅུ་པ་བ་དེ་ཡང་སྐྱེ་བ་གཅིག་ཐོགས་ཀྱི་ས་བཅུ་པ་བ་ལ་དགྲ་བཅོམ་ཞུགས་གནས་ཀྱི་སྐོར་གྱི་མིང་ཅན་དང་ སྲིད་པ་ཐ་མ་པའི་ས་བཅུ་པ་ལ་རང་རྒྱལ་གྱི་མིང་ཅན་དུ་བཞེད་དོ། །གཉིས་པ་འཐོབ་བྱ་འབྲས་བུའི་རྣམ་གཞག་ལ་བཞི། མཚན་ཉིད། སྒྲ་བཤད། དབྱེ་བ། ཁྱད་ཆོས་སོ། །དང་པོ་ནི། རང་འཐོབ་བྱེད་བར་ཆད་མེད་ལམ་ལ་བརྟེན་ནས་ཐོབ་པའི་རིགས་སུ་གནས་པའི་ ཟག་མེད་ཀྱི་རྣམ་གྲོལ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུའི་མཚན་ཉིད། དེ་དང་ཟག་མེད་ཀྱི་རྣམ་གྲོལ་འབྲས་བུ་རྣམ་དག་རྣམས་དོན་གཅིག་གོ། གཉིས་པ་ནི། བར་ཆད་མེད་ལམ་རྣམས་ལ་དགེ་སྦྱོང་གི་ཚུལ་ཞེས་བྱ་སྟེ། འཆལ་ཚུལ་གྱི་རྒྱུ་ཉོན་མོངས་པ་ཞི་བར་བྱེད་ པའི་སྒོ་ནས་རང་རྒྱུད་ལྡན་གྱི་གང་ཟག་དོན་དམ་པའི་དགེ་སྦྱོང་དུ་འཇོག་པའི་ཆོས་ཡིན་པའི་ཕྱིར། འགོག་བདེན་དང་རྣམ་གྲོལ་ལམ་ལ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཞེས་བྱ་སྟེ། རང་འཐོབ་བྱེད་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པའི་ཟག་མེད་ཀྱི་རྣམ་གྲོལ་ཡིན་ པའི་ཕྱིར་རོ། ། གསུམ་པ་དབྱེ་བ་ལ། ཐེག་ཆེན་གྱི་དགེ་སྦྱོང་ཚུལ་འབྲས། རང་རྒྱལ་གྱི། ཉན་ཐོས་ཀྱི་དགེ་སྦྱོང་ཚུལ་འབྲས་དང་གསུམ་ལས། དང་པོ་ལ། ངོ་བོའི་སྒོ་ནས་དབྱེ་ན། ཐེག་ཆེན་གྱི་འགོག་བདེན་དང་རྣམ་གྲོལ་ལམ་གཉིས། སྤང་བྱའི་སྒོ་ནས་དབྱེ་ 4-1-82b ན། ཉོན་སྒྲིབ་སྤངས་པའི་ཐེག་ཆེན་གྱི་དགེ་སྦྱོང་ཚུལ་འབྲས་བརྒྱད་ཅུ་རྩ་དགུ་ཕྲག་གཉིས། ཤེས་སྒྲིབ་གཟུང་རྟོག་སྤངས་པའི་ཐེག་ཆེན་གྱི་དགེ་སྦྱོང་ཚུལ་འབྲས་བརྒྱད་ཅུ་རྩ་དགུ་ཕྲག་གཉིས། དེ་འཛིན་རྟོག་སྤངས་པའི་ཐེག་ཆེན་གྱི་དེ་བརྒྱད་ཅུ་རྩ་དགུ་ཕྲག་གཉིས་སོ། །དགེ་ སྦྱོང་གི་ཚུལ་འབྲས་བརྒྱད་ཅུ་རྩ་དགུར་འགྱུར་ཚུལ་ཡང་ཤེས་པར་བྱ་དགོས་ཏེ། འདི་ལྟར་མཐོང་སྤང་བརྒྱད་སྤངས་པའི་དང་། ཁམས་གསུམ་ས་དགུའི་སྒོམ་སྤང་གྱ་གཅིག་སྤངས་པའི་རྒྱུ་མཚན་གྱིས་སོ། །རྟེན་གྱི་གང་ཟག་གི་སྒོ་ནས་དབྱེ་ན། ཐེག་ཆེན་མཐོང་ལམ་ པའི་རྒྱུད་ཀྱི་དགེ་སྦྱོང་ཚུལ་འབྲས། ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་དགེ་སྦྱོང་ཚུལ་འབྲས། ཐེག་ཆེན་དགྲ་བཅོམ་པའི་རྒྱུད་ཀྱི་དགེ་སྦྱོང་ཚུལ་འབྲས་སོ། །དེ་རེ་རེ་ལའང་འགོག་བདེན་དང་རྣམ་གྲོལ་ལམ་གཉིས་གཉིས་ཡོད་དོ། །གཉིས་པ་རང་རྒྱལ་གྱི་དགེ་སྦྱོང་ཚུལ་ འབྲས་ལའང་། ངོ་བོའི་སྒོ་ནས་དབྱེ་ན། རང་རྒྱལ་གྱི་འགོག་པ་དང་། དེའི་རྣམ་གྲོལ་ལམ་གཉིས། སྤང་བྱའི་སྒོ་ནས་དབྱེ་ན། ཉོན་སྒྲིབ་སྤངས་པ་ལ་བརྟེན་ནས་ཐོབ་པའི་རང་རྒྱལ་གྱི་དགེ་སྦྱོང་ཚུལ་འབྲས་དང་། གཟུང་བ་ཕྱི་དོན་བདེན་འཛིན་གྱི་ཤེས་སྒྲིབ་གཟུང་རྟོག་ སྤངས་པ་ལ་བརྟེན་ནས་ཐོབ་པའི་དགེ་སྦྱོང་ཚུལ་འབྲས་གཉིས་ལ་ནང་གསེས་ཀྱི་དབྱེ་བ་སྔར་ལྟར་བརྒྱད་ཅུ་རྩ་དགུ་རེ་ཡོད་ལ། རྟེན་གྱི་སྒོ་ནས་དབྱེ་ན། རང་རྒྱལ་མཐོང་སྒོམ་མི་སློབ་པའི་རྒྱུད་གསུམ་གྱི་དགེ་སྦྱོང་གི་ཚུལ་འབྲས་རྣམས་སུ་ཡོད་དོ། །གསུམ་པ་ཉན་ཐོས་ཀྱི་ དགེ་སྦྱོང་ཚུལ་འབྲས་ལ། ངོ་བོའི་སྒོ་ནས་དབྱེ་ན། འགོག་ལམ་གཉིས་དང་། སྤང་བྱའི་སྒོ་ནས་དབྱེ་ན། མཐོང་སྤང་ཉོན་སྒྲིབ་སྤངས་པའི་དགེ་སྦྱོང་ཚུལ་འབྲས་བརྒྱད། སྒོམ་སྤང་ཉོན་སྒྲིབ་སྤངས་པའི་དགེ་སྦྱོང་ཚུལ་འབྲས་བརྒྱད་བཅུ་རྩ་གཅིག །རྟེན་གྱི་སྒོ་ནས་དབྱེ་ན། 4-1-83a ཉན་ཐོས་མཐོང་སྒོམ་མི་སློབ་པའི་རྒྱུད་ཀྱི་དགེ་སྦྱོང་ཚུལ་འབྲས་རྣམས་སུ་ཡོད་དོ། །འབྲས་བུའི་སྒོ་ནས་དབྱེ་ན། རྒྱུན་ཞུགས་ཀྱི་འབྲས་བུ། ཕྱིར་འོང་གི་འབྲས་བུ། ཕྱིར་མི་འོང་གི་འབྲས་བུ། དགྲ་བཅོམ་པའི་འབྲས་བུ་དང་བཞི་ལས། དང་པོའི་མཚན་ ཉིད་ནི། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པའི་རྒྱུན་ཞུགས་ཀྱི་ཟག་མེད་རྣམ་གྲོལ་ལོ། །དབྱེ་ན། གཅིག་ཅར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་དང་། རིམ་གྱིས་པའི་རྒྱུན་ཞུགས་ཀྱི་འབྲས་བུ་གཉིས་སོ། །གཉིས་པ་ཕྱིར་འོང་གི་འབྲས་བུའི་མཚན་ཉིད་ནི། འདོད་ཉོན་དྲུག་པ་ ལ་ཆགས་པ་དང་བྲལ་བའི་ཕྱིར་འོང་གི་ཟག་མེད་རྣམ་གྲོལ་ལོ། །དབྱེ་ན། ཆགས་བྲལ་སྔོན་དུ་སོང་བ་ཅན་གྱི་ཕྱིར་འོང་གི་འབྲས་བུ་དང་། རིམ་གྱིས་པའི་ཕྱིར་འོང་གི་འབྲས་བུ་གཉིས་སོ། །གསུམ་པ་ཕྱིར་མི་འོང་གི་འབྲས་བུའི་མཚན་ཉིད་ནི། འདོད་ཉོན་དགུ་པ་སྤངས་པས་རབ་ ཏུ་ཕྱེ་བའི་ཕྱིར་མི་འོང་གི་ཟག་མེད་ཀྱི་རྣམ་གྲོལ་ལོ། །དབྱེ་ན། ཆགས་བྲལ་སྔོན་སོང་གི་དང་། རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུའོ། །བཞི་པ་དགྲ་བཅོམ་པའི་འབྲས་བུའི་མཚན་ཉིད་ནི། ཁམས་གསུམ་གྱི་ཉོན་མོངས་ཟད་པར་སྤངས་པའི་ཉན་ཐོས་དགྲ་བཅོམ་པའི་ ཟག་མེད་ཀྱི་རྣམ་གྲོལ་ལོ། །དབྱེ་ན། གཅིག་ཅར་བའི་དགྲ་བཅོམ་པའི་འབྲས་བུ་དང་། རིམ་གྱིས་པའི་དགྲ་བཅོམ་པའི་འབྲས་བུའོ། །བཞི་པ་ཁྱད་ཆོས་ལ། ལུས་རྟེན་གྱི་ཁྱད་པར་དང་། སེམས་རྟེན་གྱི་ཁྱད་པར་རོ། །དང་པོ་ལ་སྔར་མེད་གསར་དུ་ཐོབ་པ་ནི། སྤྱིར་ བཏང་དུ་འབྲས་བུ་དང་པོ་གསུམ་འདོད་པའི་རྟེན་ལ་ཐོབ་ཅིང་། དགྲ་བཅོམ་པའི་འབྲས་བུ་ཁམས་གསུམ་གའི་རྟེན་ལ་ཐོབ་པར་མཛོད་ནས་བཤད་ལ། དམིགས་བསལ་དུ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་དེ་ཁམས་གོང་གི་རྟེན་ལའང་ཐོབ་པ་ཡོད་ལ། ཐོབ་ཟིན་གནས་ 4-1-83b པ་འབྲས་བུ་དང་པོ་གཉིས་འདོད་རྟེན་ཁོ་ན་ལ་ཡོད་པ་དང་། འབྲས་བུ་ཕྱི་མ་གཉིས་ཁམས་གསུམ་པོ་ཅི་རིགས་པའི་རྟེན་ལ་གནས་པར་འདོད་དོ། །གཉིས་པ་སེམས་རྟེན་ལ། སྤྱིར་ལམ་གྱི་རྟེན་བྱེད་པའི་སེམས་ཀྱི་རབ་དབྱེ་དང་། འདིར་བསྟན་གྱི་འབྲས་བུ་བཞིའི་སེམས་ རྟེན་གང་ལ་བྱེད་པ་དང་། འབྲས་བུ་བཞི་ལམ་གང་ལ་བརྟེན་པར་བཤད་པ་དང་གསུམ་ལས། དང་པོ་ནི། བསམ་གཏན་ས་དྲུག །ཟག་མེད་ས་དགུ། ལམ་གྱི་རྟེན་བྱེད་པའི་སེམས་བཅུ་གཅིག་རྣམས་ལས། དང་པོ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་མི་ ལྕོགས་མེད་པ་དང་། དང་པོའི་དངོས་གཞི་ཙམ་ཁྱད་གཉིས་དང་། བསམ་གཏན་གཉིས་པ། གསུམ་པ། བཞི་པའི་དངོས་གཞི་དང་དྲུག་ནི་བསམ་གཏན་ས་དྲུག་གོ། དེ་ཐོག་ཏུ་གཟུགས་མེད་དང་པོ་གསུམ་བསྣན་པས་ཟག་མེད་ས་དགུར་འདོད་དོ། །དེའི་ཚེ་བྱེ་སྨྲས་ སྲིད་རྩེ་ལ་ཟག་མེད་མི་བརྟེན་པར་བཤད་ཀྱང་། སྡེ་པ་གཞན་དང་ཐུན་མོང་དུ་ཁས་བླངས་ནས་དགུ་པོ་དེའི་ཐོག་ཏུ་སྲིད་རྩེའི་དངོས་གཞི་དང་། འདོད་སེམས་བསྣན་པས་ལམ་གྱི་རྟེན་བྱེད་པའི་སེམས་བཅུ་གཅིག་ཏུ་བཤད་དོ། །འགོག་པའི་སྙོམས་འཇུག་ཉིད་ནི་ལམ་གྱི་སེམས་ རྟེན་མིན་ལ། འགོག་སྙོམས་ཉིད་འཐོབ་བྱེད་ཀྱང་ལམ་ལ་བརྟེན་དགོས་སུ་ཟིན་ཀྱང་། འོན་ཏེ་དགེ་སྦྱོང་ཚུལ་འབྲས་ཀྱི་སེམས་རྟེན་དུ་མི་རུང་བ་ནི་མ་ངེས་སོ། །གཉིས་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་སྔར་མེད་གསར་དུ་ཐོབ་པ་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་ བརྟེན་དགོས་ཏེ། དེ་སྙོམས་འཇུག་ལ་བརྟེན་དགོས་པ་གང་ཞིག །དངོས་གཞི་ལ་མི་བརྟེན་པས་ན་དང་པོའི་ཉེར་བསྡོགས་ལས་འོས་མེད་ཡིན་ནོ། །ཐོབ་ཟིན་གནས་པའི་རྟེན་ནི་ཉེར་བསྡོགས་དང་འདོད་སེམས་གང་རུང་ལ་བརྟེན་པ་ཡོད་དེ། རྒྱུན་ཞུགས་ཀྱི་མཉམ་བཞག་ 4-1-84a རྣམས་ཉེར་བསྡོགས་མི་ལྕོགས་མེད་པ་ལ་བརྟེན་རྗེས་ཐོབ་རྣམས་འདོད་སེམས་ལ་བརྟེན་པའི་ཕྱིར། དེ་ལྟར་ན་བསམ་གཏན་གྱི་དངོས་གཞི་མ་ཐོབ་པས་ཁྱབ་པའི་ཕྱིར་རོ། །ཕྱིར་འོང་གི་འབྲས་བུ་ལ་ཆགས་བྲལ་སྔོན་སོང་གི་འབྲས་བུའི་སེམས་རྟེན་རྒྱུན་ ཞུགས་དང་འདྲ་ལ། རིམ་གྱིས་པའི་ཕྱིར་འོང་གི་འབྲས་བུའི་སེམས་རྟེན་ནི་མཐོང་ལམ་གྱི་རྗེས་སུ་འདོད་ཉོན་དྲུག་པ་མངོན་གྱུར་པ་སྤངས་པའི་ཉེར་བསྡོགས་དག་པ་བ་ལ་བརྟེན་པ་དང་། འདོད་ཉོན་དྲུག་པ་དེའི་ས་བོན་གྱི་སྤོང་གཉེན་བར་ཆད་མེད་ལམ་དུ་གྱུར་པའི་ཉེར་ བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་ཐོབ་པ་ཅི་རིགས་སུ་ཡོད་ཅིང་། ཐོབ་ཟིན་གནས་པ་རྒྱུན་ཞུགས་དང་འདྲའོ། །ཕྱིར་མི་འོང་གི་འབྲས་བུ་ལའང་ཆགས་བྲལ་སྔོན་སོང་གི་སྔར་མེད་གསར་ཐོབ་ནི་བསམ་གཏན་གྱི་དངོས་གཞི་བཞི་པོ་གང་རུང་ལ་བརྟེན་དགོས་ཏེ། དངོས་ གཞི་ལ་བརྟེན་པ་གང་ཞིག་གཟུགས་མེད་ལ་མི་བརྟེན་པའི་ཕྱིར་རོ། །དེ་ལྟར་དངོས་གཞི་ལ་བརྟེན་དགོས་པ་ནི་ཉེར་བསྡོགས་ལ་མི་བརྟེན་པའི་ཕྱིར་དང་། ལམ་རྗེས་བཟོད་ལ་བརྟེན་དགོས་པའི་ཕྱིར་རོ། །གཟུགས་མེད་ལ་མི་བརྟེན་པའང་འཐད་པ་ཡིན་ཏེ། ཆགས་བྲལ་ སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་ཡིན་ན་བསམ་གཏན་གྱི་དངོས་གཞི་ཐོབ་པས་ཁྱབ་པའི་ཕྱིར་དང་། དངོས་གཞི་ཐོབ་བཞིན་དུ་ཉེར་བསྡོགས་ལ་བརྟེན་པའང་དགོས་པ་མེད་པ་དང་། དེ་གཟུགས་མེད་ལའང་བརྟེན་པ་མིན་ཏེ། དེ་ཉན་ཐོས་ཀྱི་མཐོང་ལམ་ལ་བརྟེན་པ་གང་ ཞིག །ཉན་ཐོས་ཀྱི་མཐོང་ལམ་གཟུགས་མེད་ཀྱི་སེམས་ལ་བརྟེན་པ་སྲིད་པ་མིན་པའི་ཕྱིར། གཟུགས་མེད་ཀྱི་སེམས་རྟེན་ལ་འདོད་ཉོན་སྤོང་བའི་ནུས་པ་ཡོད་པ་མ་ཡིན་ཏེ། གཟུགས་མེད་པའི་སེམས་དེ་འདོད་པ་ལས་གཉེན་པོ་རིང་བ་སོགས་རིང་བ་རྣམ་པ་བཞིའི་སྒོ་ 4-1-84b ནས་རིང་བའི་ཕྱིར་རོ། །རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་སྔར་མེད་གསར་ཐོབ་ནི་མཐོང་ལམ་གྱི་རྗེས་སུ་འདོད་ཉོན་དགུ་པ་སྤངས་པའི་ཉེར་བསྡོགས་དག་པ་བ་དང་། དེའི་ས་བོན་སྤོང་བའི་སྒོམ་ལམ་བར་ཆད་མེད་ལམ་དུ་གྱུར་པའི་ཉེར་བསྡོགས་མི་ལྕོགས་མེད་ལ་ བརྟེན་ནས་ཐོབ་པ་ཅི་རིགས་སུ་ཡོད་དོ། །དེ་གཉིས་ཀ་ཐོབ་ཟིན་གནས་པ་མཐར་གནས་ཀྱི་སྙོམས་འཇུག་དགུ་པོ་གང་རུང་དང་འདོད་སེམས་ཅི་རིགས་པ་ལ་བརྟེན་ནོ། །དགྲ་བཅོམ་པའི་འབྲས་བུ་ལའང་གཅིག་ཅར་བའི་དགྲ་བཅོམ་པའི་འབྲས་བུ་སྔར་མེད་གསར་ཐོབ་ ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་བརྟེན་དགོས་ཏེ། འདོད་ཉོན་དགུ་པའི་སྤོང་གཉེན་བར་ཆད་མེད་ལམ་ལ་བརྟེན་དགོས་པའི་ཕྱིར་རོ། །རིམ་གྱིས་པའི་དགྲ་བཅོམ་པའི་འབྲས་བུ་སྔར་མེད་གསར་ཐོབ་ནི་དངོས་གཞི་བརྒྱད་པོ་གང་རུང་ལ་བརྟེན་ཏེ་དངོས་གཞི་ ཐོབ་པའི་བར་ཆད་མེད་ལམ་ལ་བརྟེན་པའི་ཕྱིར་རོ། །དེ་གཉིས་ཀ་ཐོབ་ཟིན་གནས་པའི་རྟེན་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་པོ་གང་རུང་དང་འདོད་སེམས་ཅི་རིགས་པ་ལ་བརྟེན་པ་ཡོད་དོ། །གསུམ་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་དང་། ཆགས་བྲལ་སྔོན་ སོང་གི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་སྔར་མེད་གསར་ཐོབ་རྣམས་མཐོང་ལམ་ཁོ་ན་ལ་བརྟེན་དགོས་པའི་ཕྱིར་རོ། །ཐོབ་ཟིན་གནས་པ་མཐོང་སྒོམ་ཅི་རིགས་ལ་བརྟེན་པ་ཡོད་དོ། །རིམ་གྱིས་པའི་འབྲས་བུ་བར་པ་གཉིས་གསར་དུ་ཐོབ་པ་སྒོམ་ལམ་ལ་བརྟེན་ནས་ ཐོབ་དགོས་ཏེ། རང་གི་ངོ་སྐལ་གྱི་སྤང་བྱ་སྒོམ་སྤང་ཉོན་མོངས་སྤངས་པ་ལ་བརྟེན་ནས་ཐོབ་དགོས་པའི་ཕྱིར་རོ། །ཐོབ་ཟིན་གནས་པའང་སྒོམ་ལམ་ལ་བརྟེན་པ་ཡིན་ནོ། །དགྲ་བཅོམ་པའི་འབྲས་བུ་སྔར་མེད་གསར་ཐོབ་ནི་སྒོམ་ལམ་ཁོ་ན་ལ་བརྟེན་དགོས་ཏེ། རང་གི་ 4-1-85a ངོ་སྐལ་གྱི་སྲིད་ཉོན་དགུ་པའི་སྤོང་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་ཐོབ་དགོས་པའི་ཕྱིར་ཐོབ་ཟིན་གནས་པ་མཐོང་ལམ་སྒོམ་ལམ་གང་ལའང་མི་བརྟེན་ཏེ། ཉན་ཐོས་ཀྱི་མི་སློབ་ལམ་ལ་བརྟེན་དགོས་པའི་ཕྱིར་རོ། །དེས་སྤྱི་དོན་བཤད་ཟིན་ལ། གཉིས་པ་ཚིག་གི་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དགེ་འདུན་དཀོན་མཆོག་གི་སྐབས་སུ་དབྱེ་བ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་པོ་འདི་དག་རྗེ་བཙུན་གྱིས་བཀོད་པར་མཛད་དོ། །གཉིས་པ་རྩ་བ་ལ། རྒྱུན་ཞུགས་ཞུགས་པ་དབང་པོ་རྟུལ་པོ་དང་། རྣོན་པོ་དེ་གཉིས་ཀྱི་དབྱེ་བ་ནི། མདོ་ལས་འདི་ལྟར་དུ་གསུངས་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ལ་སྙོམས་པར་ཞུགས་པ་དེ་ནི་སངས་རྒྱས་ཀྱི་ཞིང་ འདི་ནས་འཆི་འཕོས་ནས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་རོ། །ཞེས་དང་། ཤཱ་རིའི་བུ་དེ་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེའི་དབང་པོ་རྣམས་རྣོ་བར་འགྱུར་ཞིང་། དེས་མྱུར་དུ་རྣལ་འབྱོར་འདི་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་རོ། ། ཞེས་གསུངས་སོ། །དག་ཅེས་པ་ནི་རྣམ་དབྱེ་དང་པོའི་གཉིས་ཚིག་བྱིན་པས་དག་ཅེས་སྨོས་པ་ཡིན་ནོ། ། ཕྱིར་འོང་དང་ཕྱིར་མི་འོང་གཉིས་ཀའི་འབྲས་བུ་ལ་ཞུགས་པ་དད་པས་མོས་པ་དང་། མཐོང་བས་ཐོབ་པ་ནི་རིམ་བཞིན་མདོ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ 4-1-85b ཆེན་པོ་ཐབས་ལ་མི་མཁས་པ་གང་དག་བསམ་གཏན་བཞི་པོ་རྣམས་སྒྲུབ་པར་བྱེད། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པར་བྱེད་ཅིང་བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོ་རྣམས་སུ་སྐྱེས་ཤིང་། དེ་ནས་ཤི་འཕོས་ནས་དེ་གལ་ཏེ་འདོད་པའི་ཁམས་ཀྱི་ལྷ་དང་ མི་རྣམས་སུ་སྐྱེས་ཤིང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་ན། དེ་དག་གི་དབང་པོ་རྣམས་རྟུལ་པོར་གྱུར་ཅིང་། རྣོན་པོར་མི་འགྱུར་བ་དག་ཀྱང་ཡོད་དོ། །ཞེས་པ་དང་། འོ་ན་སེམས་ཅན་དད་པས་མོས་པ་སྒོམ་ལམ་པ་དེ་ལྷ་ཚེ་རིང་པོར་སྐྱེ་བ་མི་འཐད་དེ། དེ་འཕགས་པ་ཡིན་པའི་ཕྱིར་ཞེ་ན། སྔར་ལྷ་ཚེ་རིང་པོར་སྐྱེས་པའི་ཚེ་འཕགས་པ་མ་ཡིན་ཅིང་། ཕྱིས་དགེ་འདུན་དཀོན་མཆོག་གི་ཁོངས་སུ་བགྲངས་པའི་ཚེ་ལྷ་ཚེ་རིང་པོར་སྐྱེས་པ་ནི་མ་ཡིན་ནོ། །དེ་བཞིན་དུ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་མ་བྲལ་བས་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས། མི་དང་ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་རིམ་བཞིན་མདོ་ལས། ཤཱ་རིའི་ བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། རྒྱལ་རིགས་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བའང་ཡོད་དོ། །ཞེས་དང་། ཡང་ཤཱ་རིའི་ བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་ཞེས་བྱ་བ་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ། ཞེས་གསུངས་སོ། ། ཕྱིར་འོང་ཁྱད་པར་ཅན་ཚེ་ 4-1-86a གཅིག་བར་ཆད་གཅིག་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་ཐོབ་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཐོབ་པ་དང་། ཞེས་བྱ་བ་ནས། འཕགས་པའི་བདེན་པ་བཞི་པོ་རྣམས་ཐོབ་པ་ ཡིན་ཀྱང་དེ་དག་མངོན་སུམ་དུ་མི་བྱེད་པ་དག་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ། །ཞེས་དང་། ཕྱིར་མི་འོང་བར་དོར་མྱ་ངན་ལས་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཞེས་བྱ་བ་ནས། ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་ཞིང་། དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཡོད་དོ། །ཞེས་གསུངས་སོ། ། སྐྱེས་ནས་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་གཞལ་དུ་མེད། གྲངས་མེད་པ་རྣམས་ཀྱི་དོན་བྱས་ནས། ཞེས་གསུངས་སོ། ། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཇིག་རྟེན་གྱི་ཁམས་སུ་འོང་ཞིང་ཞེས་བྱ་བ་ནས། དེ་དག་སེམས་ཅན་རྣམས་ཀྱི་དོན་ལ་རྟག་པར་བརྩོན་པ་ནམ་ཡང་ དོན་མེད་པའི་ཚིག་མི་སྨྲའོ། །ཞེས་དང་། མངོན་པར་འདུ་བྱེད་པ་མིན་པར་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་འདས་ཤིང་ཕྱིར་མི་ལྡོག་པའི་ས་ལ་ཡང་ 4-1-86b ངེས་པར་གནས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་སྐྲུན་པར་བྱེད་པ་ཡོད་དོ། །ཞེས་དང་། འོག་མིན་འགྲོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་ རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ། །ཞེས་གསུངས་སོ། ། འཕར་བ་གསུམ་ལས། དང་པོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་བསམ་གཏན་བཞི་བསྒྲུབས་ཏེ་ཡོངས་སུ་ཉམས་ནས་བསམ་གཏན་དང་ པོ་བསྒྲུབས་ཏེ་ཚངས་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་ཞིང་། དེ་དག་ལའང་བསམ་གཏན་རྣམས་བསྒྲུབས་ནས་འོག་མིན་ཉིད་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་ དོ། །ཞེས་དང་། ཕྱེད་དུ་འཕར་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་གནས་གཙང་མར་སྐྱེས་ཏེ་གནས་གཙང་མའི་གནས་གཅིག་གམ་གཉིས་ལས་བརྒལ་ནས་འོག་མིན་དུ་སྐྱེས་ཏེ་སངས་རྒྱས་ཀྱི་ ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ། །ཞེས་སོ། ། གནས་ཐམས་ཅད་དུ་འཆི་འཕོ་ཞིང་འཕར་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བདག་ཉིད་ལུས་དེ་ བཞིན་གཤེགས་པའི་སྐུ་ལྟ་བུར་སྤྲུལ་ནས་དགའ་ལྡན་གྱི་གནས་ཡོངས་སུ་སྦྱངས་ཏེ་ཚངས་རིས་ཀྱི་ལྷ་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེས་ཏེ་ཐབས་ལ་མཁས་པས་སེམས་ཅན་དམྱལ་བ་པ་རྣམས་ལ་ཆོས་སྟོན་ཅིང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ 4-1-87a ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ། །ཞེས་སོ། ། སྲིད་རྩེའི་མཐར་ཐུག་འགྲོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་དང་གཟུགས་མེད་པ་སྒྲུབ་ པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་ཞིང་། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་བྱེད་དོ། །དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་བ་དག་ཡོད་དོ། །ཞེས་སོ། ། འདིར་ལ་ལ་ཞིག་ འདི་ལྟར་དུ་སེམས་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འགྲོ་བ་དེ་སྲིད་རྩེའི་ལུས་དེ་ཉིད་ཀྱིས་འགྲོའམ། ལུས་གཞན་བླངས་ནས་འགྲོ་ཞེས་དོགས་པ་བྱེད་མོད། དེ་ལྟར་གང་བྱས་ཀྱང་རུང་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་ནི་བསམ་ གྱིས་མི་ཁྱབ་པའི་ཕྱིར་རོ། ། གཟུགས་ཀྱི་ཆགས་བཅོམ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པར་གྱུར་པ་གང་ཡིན་པ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་སྐྱེ་ བར་བྱེད་དེ། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་བ་དག་ཡོད་དོ། །ཞེས་སོ། ། མཐོང་ཆོས་ཞི་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ ཀྱིས་བརྒྱན་ཅིང་དབང་པོ་ཡོངས་སུ་དག་ལ་བླ་ན་མེད་པ་དང་ལྡན་པ་ཞེས་བྱ་བ་ནས། སྐྱེ་བོ་མང་པོས་བྱམས་ཤིང་ཡིད་དུ་འོང་བར་འགྱུར་རོ། །སེམས་ཅན་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དེ་དག་ཀྱང་སེམས་རབ་ཏུ་དྭངས་པ་དེ་ཉིད་ཀྱིས་ 4-1-87b ཐེག་པ་གསུམ་གྱི་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ། །ཞེས་དང་། ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་གང་དག་བསམ་གཏན་བཞི་ཐོབ་པ་ དང་ཞེས་བྱ་བ་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ། ཞེས་ཐོད་རྒལ་བྱེད་པ་དང་བཅས་ཏེ་བཤད་དོ། ། བསེ་རུ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་མི་བཞུགས་ཤིང་། ཉན་ཐོས་རྣམས་ཀྱང་མེད་པའི་འཇིག་རྟེན་གྱི་ཁམས་སུ་རང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ། །ཞེས་སོ། ། དེ་ལྟར་ཡུམ་གྱི་མདོ་དང་སྦྱར་ བ་འདི་ལོ་ཙཱ་བ་ཆེན་པོའི་སློབ་མ་ཕལ་ཆེ་བའི་ལུགས་ལས་འབྱུང་ཞིང་། དེ་ཡང་མདོར་བྱང་སེམས་ཉེར་ལྔ་གསུངས་པའི་ཉི་ཤུ་པོ་འདིར་བསྟན་ལ། ལྔ་འདིར་མི་བསྟན་པ་གང་ཞེ་ན། བརྒྱད་པ་དེ་དབང་པོ་རྣོ་རྟུལ་གཉིས་ཀྱི་དབྱེ་གཞི་ཡིན་ཅིང་། དབྱེ་གཞི་དབྱེ་བའི་ཡ་ གྱལ་ལས་ལོགས་ན་མེད་པས་ན་ལོགས་སུ་མ་བགྲངས། འབྲས་གནས་ཁྱད་པར་ཅན་གསུམ་དངོས་སུ་བཤད་པས་ཙམ་པོ་གསུམ་ཤུགས་ལས་གོ་བའི་ཕྱིར་འདིར་མ་བསྟན། ཕྱིར་མི་འོང་ཁྱད་པར་ཅན་དངོས་སུ་བཤད་པས་དགྲ་བཅོམ་ཞུགས་པ་ཤུགས་ལས་བཤད་དོ་ ཞེས་ཨར་གྱིས་གསུངས་ལ། དེ་ལྟར་བསྟན་པས་ནི་ཉི་ཤུའོ། །དང་ནི་ཞེས་པ་བསེ་རུ་ལྟ་བུའི་ཁ་བསྐང་བའི་དོན་ཏོ་ཞེས་བྱ་བ་གསུངས་སོ་ཞེས་པས་ནི་དེ་ཉིད་ཀྱི་དགོངས་པ་སླར་འགྲེལ་པའི་དོན་ཏོ། །གསུམ་པ་འགྲེལ་པ་ལ་གཉིས། ཉན་ཐོས་ཀྱི་མིང་ཅན་དང་། རང་རྒྱལ་ 4-1-88a གྱི་མིང་ཅན་ནོ། །དང་པོ་ལ་བཞི། རྒྱུན་ཞུགས་ཀྱི་སྐོར། ཕྱིར་འོང་གི་སྐོར། ཕྱིར་མི་འོང་གི་སྐོར། དགྲ་བཅོམ་གྱི་སྐོར་རོ། །དང་པོ་ལ། ཞུགས་གནས་གཉིས་ལས། དང་པོ་ནི། སྐབས་གཉིས་པར་འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པའི་ ཐེག་ཆེན་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ལ་བརྟེན་པ་ཅན་གྱི་སྔ་ལོགས་ཀྱི་སྐད་ཅིག་མ་བཅོ་ལྔ་པོ་གང་རུང་ལ་གནས་པ་སྟེ། དབང་རྟུལ་དད་པའི་རྗེས་སུ་འབྲང་བ་དང་། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གིས་འབྲས་བུ་དང་པོ་རྒྱུན་ཞུགས་ཀྱི་འབྲས་བུ་ ལ་ཞུགས་པའི་མིང་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་སོ། །གཉིས་པ་ལ་གཉིས། རྒྱུན་ཞུགས་ཙམ་པོ་དང་། ཁྱད་པར་ཅན་ནོ། །དང་པོ་ནི། ཞུགས་པ་བཤད་པ་དེའི་འོག་ཏུ་ལམ་རྗེས་ཤེས་ལ་གནས་པའི་རྒྱུན་དུ་ཞུགས་པ་འབྲས་བུ་ལ་གནས་པ་ཙམ་པོ་བ་དེ་ ཡིན་ནོ། །གཉིས་པ་ནི། དེ་ལྟར་བསྟན་པ་དེའི་འོག་ཏུ་འབྲས་གནས་དེ་ཉིད་ཁྱད་པར་ཅན་དུ་བྱེད་པའི་ཆོས་ལྷའི་རིགས་ནས་རིགས་སྐྱེ་དང་། མིའི་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་ཙམ་པོ་ལས་གཞན་ཁྱད་པར་ཅན་རྣམ་པ་གཉིས་ཡིན་ནོ། །གཉིས་པ་ཕྱིར་འོང་གི་སྐོར་ ལ་གསུམ། ཞུགས་པ་དང་། འབྲས་ཙམ་དང་། འབྲས་གནས་ཁྱད་པར་ཅན་ནོ། །དང་པོ་ནི། རྒྱུན་ཞུགས་ཀྱི་སྐོར་བཤད་པ་དེའི་འོག་ཏུ་ཕྱིར་འོང་ཞུགས་པ་དབང་པོ་རྟུལ་པོ་དང་། དབང་པོ་རྣོན་པོ་དག་དད་པས་མོས་པ་དང་། མཐོང་བས་ཐོབ་པ་དག་ཏུ་གྱུར་པའི་ ཕྱིར་འོང་གི་འབྲས་བུ་གཉིས་པ་ལ་ཞུགས་པ་སྟེ་དད་མོས་མཐོང་ཐོབ་གཉིས་ནི་འདིར་གཅིག་ཁོ་ནར་སློབ་དཔོན་གྱིས་སྡུད་པར་མཛད་དོ། ། འགའ་ཞིག་གིས་འདི་གཉིས་གཅིག་ཏུ་བསྡུ་བ་སློབ་དཔོན་འདི་ཉིད་ཀྱི་བློའི་རྣམ་དཔྱོད་རང་ག་བ་ཙམ་ཡིན་གྱི། ཀུན་མཁྱེན་གཉིས་པ་ 4-1-88b དབྱིག་གཉེན་སོགས་ཀྱི་ལུང་ལས་མ་བཤད་པས་མི་འཐད་པ་ཡིན་ཟེར་མོད་ཀྱང་། ཀུན་མཁྱེན་གཉིས་པའི་ལུང་ལས་དངོས་བསྟན་དུ་དེ་ལྟར་མ་བསྡུས་པ་ཡིན་དུ་ཆུག་གི། འོན་ཀྱང་སློབ་དཔོན་འདིས་མདོ་དང་རྒྱན་གྱི་དགོངས་པ་འཆད་པ་ལ་རྗེ་བཙུན་གྱིས་གནང་བ་ཐོབ་ཅིང་། བྱིན་གྱིས་བརླབས་པ་ཡིན་པས་སློབ་དཔོན་གྱིས་རང་བཟོའི་སྒོ་ནས་བརྩམས་པའི་སྐྱོན་མེད་དོ། །གཉིས་པ་ནི། ཞུགས་པ་བཤད་པ་དེའི་འོག་ཏུ་འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་མ་ཐག་པའི་ལན་གཅིག་ཕྱིར་འོང་བ་ཙམ་པོ་ཡིན་ནོ། །གསུམ་པ་ནི། ཙམ་ པོ་བསྟན་པ་དེའི་འོག་ཏུ་ཕྱིར་འོང་དེ་ཉིད་ཙམ་པོ་ལས་གཞན་ཕྱིར་འོང་ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པ་ཅན་ཡིན་ནོ། །གསུམ་པ་ཕྱིར་མི་འོང་གི་སྐོར་ལ། ཞུགས་པ་དང་། འབྲས་གནས་གཉིས་ལས། དང་པོ་ནི། ཕྱིར་མི་འོང་བསྟན་པ་དེའི་འོག་ཏུ་སྔ་མ་ཕྱིར་འོང་ ཞུགས་པ་ལ་བཤད་པ་བཞིན་དུ་དད་པས་མོས་པ་དང་། མཐོང་བས་ཐོབ་པ་གཉིས་གཅིག་ཏུ་བགྲངས་ནས་འབྲས་བུ་གསུམ་པ་ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །གཉིས་པ་ལ་གཉིས། འདའ་བ་དང་། གོང་འཕོའོ། །དང་པོ་ནི། ཞུགས་པ་བསྟན་པ་ དེའི་འོག་ཏུ་འདོད་པའི་སྒོམ་སྤང་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་འཕགས་ཕྱིར་མི་འོང་བ་སྟེ། དེ་ལྟ་བུའི་འདའ་བ་ལ་དབྱེ་ན། བར་མ་དོ་དང་། སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ ངན་ལས་འདའ་བ་ཞེས་བྱ་བ་རྣམ་པ་བཞིར་ཡོད་དོ། །གཉིས་པ་ལ་གཉིས། འོག་མིན་འགྲོ་དང་། སྲིད་རྩེར་འགྲོའོ། །དང་པོ་ནི། འདའ་བ་བསྟན་པ་དེའི་འོག་ཏུ་ཕྱིར་མི་འོང་བ་དེ་ཉིད་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་སྟེ། དེ་ལ་དབྱེ་ན། འཕར་བ་དང་། ཕྱེད་དུ་ 4-1-89a འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་ཉིད་ཀྱིས་གོང་དུ་འཕོ་བ་འདའ་བ་ལས་གཞན་ཁྱད་པར་རྣམ་པ་གསུམ་མོ། །གཉིས་པ་ནི། འོག་མིན་འགྲོ་བཤད་པ་དེའི་འོག་ཏུ་དེ་ཉིད་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི་གཟུགས་ཀྱི་ འདོད་ཆགས་དང་བྲལ་བ་སྟེ། དེ་ལ་དབྱེ་ན། མཐོང་བའི་ཆོས་ལ་ཞི་བ་མངོན་སུམ་དུ་བྱེད་པ་དང་། འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་འོག་མིན་འགྲོ་ལས་གཞན་རྣམ་པ་གཉིས་སོ། །བཞི་པ་དགྲ་བཅོམ་གྱི་སྐོར་ནི། ཕྱིར་མི་འོང་གི་མིང་ཅན་བསྟན་པ་དེའི་འོག་ཏུ་སྲིད་རྩེའི་སྒོམ་ སྤང་དགུ་པ་སྤོང་བ་ལ་བརྩོན་པའི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །གཉིས་པ་རང་རྒྱལ་གྱི་མིང་ཅན་ནི། ཉན་ཐོས་ཀྱི་དགེ་འདུན་གྱི་མིང་ནས་སྨོས་པའི་དགེ་འདུན་བཤད་པ་དེའི་འོག་ཏུ་རང་སངས་རྒྱས་ཀྱི་མིང་གིས་བཏགས་པ་བྱང་ཆུབ་སེམས་ དཔའི་དགེ་འདུན་ཏེ་ཉི་ཤུའོ། ། འདིར་སློབ་དཔོན་གྱིས་དགེ་འདུན་ཉི་ཤུའི་གྲངས་འཛིན་པ་ན། རྒྱན་གྱི་དངོས་བསྟན་གྱི་དད་མོས་མཐོང་ཐོབ་གཅིག་ཏུ་བགྲངས་པ་དང་། འོག་མིན་འགྲོ་དང་། སྲིད་རྩེར་འགྲོ་དང་། གཟུགས་ཀྱི་ཆགས་བཅོམ་གསུམ་རྣམས་མ་ བགྲངས་པས་བཞི་འཕྲི་ལ། འབྲས་བུ་སྔ་མ་ལ་གནས་པའི་ཙམ་པོ་བ་གཉིས་དང་། འབྲས་བུ་ཕྱི་མའི་ཞུགས་པ་བ་གཉིས་ཁ་བསྐང་སྟེ་དགེ་འདུན་ཉི་ཤུར་མཛད་པ་ན་འཕགས་སེང་གིས་བཞེད་ཀྱི། མཚོན་བྱ་དོན་གྱི་བྱང་སེམས་ཀྱི་དགེ་འདུན་ལ་སློབ་འབྲས་ གསུམ་གྱི་མིང་དོན་མཐུན་དུ་འདོགས་དགོས་པའི་ཆེད་ཡིན་པའི་ཕྱིར་དུ་བསྟན་ལ། དེའི་དོན་གྱིས་བོད་སྔ་རབས་པ་རྣམས་ཕྱིར་མི་འོང་གི་སྐབས་སུ་ཕྱིར་མི་འོང་འདའ་བ་ལ་ཕྱིར་མི་འོང་ཙམ་པོ་དང་། ཕྱིར་མི་འོང་གོང་འཕོ་ལ་ཁྱད་པར་ཅན་དུ་བཤད་པས་སོ། །སྲིད་རྩེའི་ 4-1-89b མཐར་ཐུག་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་གཉིས་གཅིག་ཏུ་བགྲང་བ་མི་འཐད་པ་དང་། གཟུགས་ཀྱི་ཆགས་བཅོམ་དབྱེ་གཞིར་བྱས་ནས་མཐོང་ཆོས་ཞི་དང་། ལུས་མངོན་བྱེད་དབྱེ་གྱལ་དུ་བྱེད་པ་མི་འཐད་ཟེར་བ་མང་དུ་བྱུང་མོད་ཀྱི། དེ་དག་ནི་ཐེག་ དམན་གྱི་དགེ་འདུན་ཉི་ཤུ་ཁོ་ནའི་རྣམ་གཞག་ལ་འདྲིས་པར་ཟད་པ་ཡིན་གྱི། མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་ལ་བློ་བྱང་བ་རྣམས་ལ་ནི་སྲིད་རྩེར་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་མི་འགལ་ཏེ། བྱང་ཆུབ་སེམས་དཔའ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བརྒྱད་ ཀ་བསྒོམས་པས་སྲིད་རྩེའི་མཐར་ཐུག་ཏུའང་འགྲོ་ལ། བྱང་ཆུབ་སེམས་དཔའ་ནི་བསམ་གཏན་གྱི་སྙོམས་འཇུག་སྔོན་དུ་མ་སོང་བར་ཡང་གཟུགས་མེད་ཀྱི་སྙོམས་འཇུག་ལ་འཇུག་ནུས་པ་ལ་གེགས་བྱེད་དང་བྲལ་བས་གཟུགས་ཀྱི་ཆགས་བཅོམ་དུ་མི་རུང་བ་མིན་པར་ སློབ་དཔོན་གྱིས་དགོངས་སོ། ། འོ་ན་མདོ་ལས་དེ་གཉིས་སུ་བགྲངས་པ་འདིར་གཅིག་ཏུ་བགྲངས་པས་ནོངས་སོ་སྙམ་ན། དེ་འདྲ་ལ་ནོངས་པར་བརྩི་ན། རྗེ་བཙུན་གྱིས་བརྒྱད་པ་ལ་གནས་པའི་བྱང་སེམས་དེ་རྣོ་རྟུལ་གཉིས་ཀྱི་དབྱེ་གཞི་ལས་ལོགས་སུ་མ་བགྲངས་པ་དེས་ཀྱང་རྗེ་བཙུན་ཉིད་ ནོངས་པར་འགྱུར་བས་ཧ་ཅང་ཐལ་ཆེས་སོ། ། གཞན་ཡང་གཟུགས་མེད་ཀྱི་རྟེན་ལ་མཐོང་ཆོས་ཞི་མི་འཐད་དེ། མཐོང་ཆོས་ཞི་ནི་མཐོང་ལམ་ཐོབ་པའི་རྟེན་གང་ཡིན་པ་ལ་མྱང་འདས་མངོན་དུ་བྱེད་པ་ཡིན་ལ། མཐོང་ལམ་ཐོབ་པའི་ལུས་རྟེན་ཀྱང་འདོད་རྟེན་ཁོ་ན་ལ་ ཡིན་པར་བཤད་པས་གཟུགས་ཀྱི་ཆགས་བཅོམ་དུ་མི་རུང་ཞེས་པ་དང་། འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པའང་འདོད་གཟུགས་ཀྱི་ལུས་ལ་ཡིན་གྱི། གཟུགས་ཀྱི་ཆགས་བཅོམ་སྟེ་གཟུགས་མེད་པ་ལ་ལུས་མེད་པའི་ཕྱིར་དེ་ལྟར་མི་རུང་ངོ་ཞེས་ཟེར་བ་ནི་ 4-1-90a མཚོན་བྱེད་དཔེའི་དགེ་འདུན་བཏགས་པ་བ་རྣམས་ལ་ཡིན་གྱི། མཚོན་བྱ་དོན་གྱི་དགེ་འདུན་མཚན་ཉིད་པ་ལ་ནི་དེ་ལྟར་མིན་ཏེ། སྐྱེ་བ་ལ་དབང་ཐོབ་པའི་སེམས་དཔའ་ཁམས་གསུམ་དུ་ལམ་ཡོངས་སུ་སྦྱོང་བའི་ཚུལ་རྟོག་གེའི་བློས་བརྟག་པར་ དཀའ་བའི་གནས་སོ། ། འགའ་ཞིག་ནི་རྒྱན་དུ་གསུངས་པའི་དགེ་འདུན་ཉི་ཤུ་པོ་འདི་མདོར་གསུངས་པའི་རྒྱལ་སྲས་ཞེ་ལྔ་པོ་མཚན་ཉིད་པ་སྟོན་པའི་གཞུང་མིན་ལ། ཐེག་པ་འོག་མ་གཉིས་ལ་སློབ་པའི་གང་ཟག་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་པར་བྱ་རྒྱུའི་དོན་ གོང་འོག་བར་གསུམ་དུ་བྱུང་བ་རྣམས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ་རྗེ་བཙུན་གྱིས་འདིར་ཕྱོགས་གཅིག་ཏུ་བཏུས་པ་ཡིན་ནོ་ཞེས་ཟེར་ཡང་། དེ་ལྟར་ན་ཉེར་ཞིར་འཁྲིད་རྒྱུའི་སྐབས་ཀྱི་སློབ་པའི་རྣམ་གཞག་རྣམས་རྣམ་མཁྱེན་གྱི་སྐབས་འདིར་སྟོན་པའང་སྐབས་ སུ་མ་བབ་ལ། ཐེག་དམན་གྱི་དགེ་འདུན་ཉི་ཤུ་ཙམ་ཞིག་ཞར་བྱུང་གི་ཚུལ་དུ་རྗེ་བཙུན་གྱིས་བསྟན་པ་ཡིན་ནའང་། རྗེ་བཙུན་གྱིས་སྐབས་སུ་བབ་པའི་མདོའི་དངོས་བསྟན་གྱི་དོན་ཡལ་བར་དོར་ནས་སྐབས་སུ་མ་བབ་པའི་ཞར་བྱུང་ལ་རྒྱས་བཤད་མཛད་པ་ནི་མི་སྲིད་པས་ སོ། །དེས་ན་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་པོ་འདི་དགེ་འདུན་མཚན་ཉིད་པར་རིག་པར་བྱའོ། ། བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། རྣམ་དཔྱོད་དབང་པོ་རྒྱས་པའི་ཆུ་གཏེར་ཆེར། ། འཁྲུངས་པའི་དམ་ཆོས་རྒྱས་པའི་པདྨ་ལས། ། ལེགས་འོངས་ངེས་དོན་རྒྱས་ པའི་ཟིལ་དངར་རྒྱུན། ། སྐལ་ལྡན་བློ་གྲོས་རྒྱས་པའི་བཏུང་བར་གྱིས། །གསུམ་པ་ངེས་འབྱེད་ཡན་ལག་ལ་གསུམ་ལ། སྤྱིའི་མཚམས་སྦྱར་བ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཐེག་པ་ཆེན་པོར་འཇུག་པའི་ལས་དང་པོ་པས་དེ་ལྟར་བསྟན་ 4-1-90b པའི་གདམས་ངག་ཐོབ་པ་ལ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས་ངེས་པར་འབྱེད་པའི་ཡན་ལག་བསྟན་པར་མཛད་དོ། །གཉིས་པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། ཐེག་པ་དམན་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་རིམ་པ་བཞིན་དམིགས་ པའི་ཡུལ་བདེན་པ་བཞི་སྒྱུ་མ་ལྟ་བུར་རྟོགས་པ་དང་ནི་རྣམ་པ་བཅུ་གཉིས་རྟོགས་པ་དང་། ངེས་འབྱེད་ཆ་མཐུན་བཞི་པོ་དེ་ཐེག་པ་གསུམ་གའི་རྟོགས་རིགས་ཚང་བའི་མཐོང་ལམ་གྱི་རྒྱུ་བྱེད་པ་དང་། ཕྱི་ནང་གི་ཡོངས་སུ་འཛིན་པ་གཉིས་དང་ལྡན་པའི་རྟེན་གྱི་གང་ཟག་བྱང་ ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྐྱོབ་པའི་བདག་ཉིད་ཅན་གྱི་རྒྱུད་ལ་དྲོད་དང་སོགས་པས། རྩེ་མོ་དང་། བཟོད་པ་དང་། ཆོས་མཆོག་བཞིའི་བདག་ཉིད་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་སྤང་གཉེན་དུ་ལྡན་པ་ལ་བརྟེན་པ་ཅན་གྱི་སྦྱོར་ལམ་དེ་ནི་ སློབ་དཔོན་འདིས་ཐེག་དམན་ལས་ཁྱད་ཆོས་ལྔའི་སྒོ་ནས་ཁྱད་ཞུགས་པར་བཞེད་ལ། འཕགས་གྲོལ་གྱིས་ནི་ཁྱད་ཆོས་བཞིའམ་དྲུག་གི་སྒོ་ནས་ཁྱད་ཞུགས་པར་བཞེད་དོ། །དེ་ལྟ་བུའི་ངེས་འབྱེད་ཡན་ལག་བཞི་ལ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྣམ་པར་དབྱེ་བ་བཅུ་ གཉིས་པོ་འདི་ནི་ཉན་ཐོས་དང་བསེ་རུ་ལྟ་བུའི་རང་རྒྱལ་དང་བཅས་པའི་སྦྱོར་ལམ་དག་ལས་ཁྱད་པར་འཕགས་ཞེས་བྱ་བ་འདི་ནི་རྗེ་བཙུན་གྱིས་གསུངས་ཏེ་ཞེས་བྱ་བ་བཀོད་པར་མཛད་དོ། ། དེ་དག་གི་འཕྲོས་ཅུང་ཟད་ཅིག་བརྗོད་ན། སྦྱོར་བའི་ལམ་གྱི་མཚན་ཉིད་ནི། ཐར་ པའི་གོ་སྐབས་འབྱེད་པ་གང་ཞིག །དབང་པོའི་ངོ་བོར་གྱུར་ཅིང་བྱང་ཆུབ་ཡན་ལག་གི་ངོ་བོར་མ་གྱུར་པ། མཐོང་ལམ་མ་སྐྱེས་གོང་གི་བདེན་པ་མངོན་སུམ་དུ་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་པའི་ལམ་དེ་དེའི་མཚན་ཉིད་དོ། །དེ་ལྟར་ན་སྦྱོར་བའི་ལམ་དེའི་ངོ་ 4-1-91a བོར་གྱུར་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང་། དེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་དང་སྙིང་རྗེ་ཆེན་པོ་སོགས་ཀྱང་ཐེག་ཆེན་སྦྱོར་ལམ་གྱི་ཁོངས་སུ་བསྡུ་བ་ཡིན་ནོ། །དེ་ལྟར་སྦྱོར་བའི་ལམ་དེའི་ངོ་བོའང་སྒོམ་བྱུང་འཇིག་རྟེན་པའི་ཡེ་ ཤེས་ཡིན་ཏེ། མཛོད་ལས། ངེས་འབྱེད་ཆ་མཐུན་རྣམ་པ་བཞི། །བསྒོམས་བྱུང་མི་ལྕོགས་མེད་པ་དང་། །ཞེས་གསུངས་ལ། ཐེག་པ་ཆེན་པོ་ལྟར་ན་ངེས་འབྱེད་ཆ་མཐུན་སོ་སོའི་ངོས་འཛིན་ནི། རྗེ་བཙུན་གྱིས་རྒྱན་འདིར་དྲོད་སོགས་ཆོས་བཞི་པོ་ལ་གོ་རིམ་བཞིན་དུ་ གཉེན་པོ་བསྐྱེད་པའི་སྟོབས་ལས་ངོ་སྐལ་གྱི་རྣམ་རྟོག་བཞི་པོ་དབང་ལྡན་གྱི་ཚུལ་དུ་བྱས་ཤིང་མངོན་གྱུར་པ་སྤོང་བར་བྱེད་པ་ཅན་གྱི་དྲོད་སོགས་བཞི་པོ་དེ་ཉིད། མདོ་སྡེ་རྒྱན་ནས་རིམ་པ་ལྟར་འདི་སྐད་དུ་གསུངས་ཏེ། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་ མཉམ་གཞག་པས། །ཡིད་ཀྱིས་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་པའི་དོན་ནི་ཚོགས་ལམ་གྱི་རྗེས་དེ་ནས་དྲོད་ཀྱི་ཡེ་ཤེས་དེ་ནི་ཆོས་ཉིད་རྟོགས་པའི་ཤེས་རབ་ཀྱི་གྲོགས་སྣང་བ་ཐོབ་པས་རང་དང་སྤྱིའི་མཚན་ཉིད་དུ་སྣང་བའི་ཡིད་ཀྱིས་ བརྗོད་པ་ལས་མ་གཏོགས་པའི་ཕྱི་དོན་དངོས་སུ་ཡོད་པ་མ་ཡིན་པར་མཐོང་བས་དོན་ཀུན་རབ་ཏུ་མི་མཐོང་ངོ་ཞེས་པའི་དོན་ཏོ། །ཡང་དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་རྩོམ། །ཞེས་རྩེ་མོའི་གནས་སྐབས་ན་སྣང་བ་མཆེད་པའི་ ཚུལ་གྱིས་གཟུང་དོན་ལ་མི་གནས་པར་སྒོམ་པར་བྱེད་དོ། །ཡང་དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་ 4-1-91b བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་པས་བཟོད་པའི་གནས་སྐབས་བསྟན་ཏེ། དེའི་ཚེ་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་ཚུལ་གྱིས་སྣང་ཙམ་སེམས་སུ་རྟོགས་ནས་བསྒོམས་ལ། འོན་ཀྱང་དེ་ལ་འཛིན་པའི་རྣམ་ རྟོག་འབའ་ཞིག་པ་ནི་དེར་ལུས་པའམ་ཡོད་པ་ཡིན་ནོ། །ཡང་དེ་ཉིད་ལས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །དེ་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་། །ཞེས་པས་དེ་ཆོས་མཆོག་གི་སྐབས་དེར་དེ་མ་ཐག་པའི་ ཏིང་ངེ་འཛིན་གྱི་དོན་དུ་སྣང་བ་ཡང་སེམས་ཙམ་གྱི་ངོ་བོར་ཡོད་པ་མིན་པར་རྟོགས་ནས་སྒོམ་པ་ཡིན་ནོ། །མདོར་ན་དྲོད་རྩེ་བཟོད་གསུམ་གྱིས་གཟུང་བའི་རྣམ་གཡེང་སྤོང་བ་ལ་ཕྲ་རགས་གསུམ་དུ་བཤད་ལ། ཆོས་མཆོག་གིས་ནི་འཛིན་པའི་རྣམ་གཡེང་ཁོ་ན་སྤོང་བའི་ལས་ ཅན་ནོ། །དེ་ལ་གཟུང་རྟོག་སྤངས་པའི་རིགས་པ་ནི་མ་ཕམ་པའི་ལུགས་འདིར་གཉིས་ཏེ། ལྷན་ཅིག་དམིགས་པར་ངེས་པའི་རྟགས་ཀྱིས་སྣང་བ་སེམས་ཙམ་དུ་བསྒྲུབས་ནས་ཕྱི་དོན་མེད་པར་རྟོགས་པ་དང་། གསལ་ཞིང་རིག་པའི་རྟགས་ཀྱིས་སྣང་ཙམ་སེམས་སུ་བསྒྲུབས་ ཏེ་ཕྱི་དོན་མེད་པར་རྟོགས་པའོ། །འཛིན་རྟོག་སྤང་བའི་རིགས་པ་ནི་གཅིག་སྟེ། གཟུང་བ་མེད་པའི་རྟགས་ཀྱིས་དེར་འཛིན་གྱི་སེམས་ཀྱང་ཡོད་པ་མ་ཡིན་པར་བསྒྲུབས་ནས་མངོན་སུམ་དུ་རྟོགས་པའོ། །དེ་ལྟར་གཟུང་འཛིན་གྱི་མཚན་མ་ཐམས་ཅད་དང་བྲལ་བར་མངོན་སུམ་ དུ་རྟོགས་པའི་ཚེ་ནི་རྣལ་འབྱོར་མངོན་སུམ་གྱི་བདག་ཉིད་མཐོང་བའི་ལམ་ཡིན་ལ། སྦྱོར་བའི་ལམ་གྱི་མཉམ་བཞག་འདིར་ནི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་མ་ལོག་པ་རང་རིག་པའི་མངོན་སུམ་ཡིན་ཏེ། ཇི་སྐད་དུ། རྗེས་ 4-1-92a སུ་མཐུན་ལ་ཕྱིན་ཅི་ལོག །ཅེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟར་ཡིན་ལ། དེའི་ཚེའང་མཉམ་བཞག་དེ་ནི་རང་རིག་མངོན་སུམ་ལས་གཞན་པ་མ་ཡིན་ཏེ། རིག་བྱ་དང་རིག་བྱེད་གཉིས་ཀ་མྱོང་བ་གསལ་རིག་གཅིག་གི་ངོ་བོར་སྐྱེས་ པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་རང་རྒྱལ་གྱི་ལྟ་བ་ལས་ཁྱད་པར་འཕགས་པའི་ཚུལ་ནི། རང་རྒྱལ་གྱིས་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ཙམ་ཞིག་རྟོགས་ཀྱང་། གཟུང་འཛིན་གཉིས་ཀྱིས་སྟོང་པའི་དེ་ཁོ་ན་ཉིད་མ་རྟོགས་ པར་འཆད་དགོས་པ་ཡིན་ཅེས་བོད་ཀྱི་སློབ་དཔོན་སྔ་མ་རྣམས་ཀྱིས་གསུངས་སོ། ། འགའ་ཞིག་འཕགས་གྲོལ་གྱིས་དྲོད་སོགས་བཞི་པོ་དེ་རྟོག་པ་བཞི་པོ་ཡིན་པར་བཤད་པ་ནི་རྗེ་བཙུན་གྱི་དགོངས་པ་དང་འགལ་བས་མི་འཐད་ཅེས་ཟེར་ཀྱང་། འཕགས་གྲོལ་ གྱིས་རྟོག་པ་བཞི་པོ་དྲོད་སོགས་བཞི་ལ་མཚུངས་ལྡན་དུ་བརྟེན་པར་བཤད་པ་ཡིན་གྱི། མཚུངས་ལྡན་དུ་བརྟེན་པ་ཙམ་གྱིས་དེ་དྲོད་སོགས་བཞི་ཡིན་དགོས་ན་མཐོང་སྤང་ལ་སོགས་པ་རྣམས་ཀྱང་གནས་སྐབས་དེར་དབང་ལྡན་གྱི་ཚུལ་དུ་མཚུངས་པར་བརྟེན་པས་ ཧ་ཅང་ཐལ་ཆེས་པ་ཡིན་ནོ། །འོ་ན་ཡང་། རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཞེས་ཁོ་ན་ངེས་བཟུང་དུ་སྨོས་པ་དགོས་མེད་དུ་འགྱུར་ཏེ། སྤང་བྱ་ཐམས་ཅད་ལྡན་བརྟེན་པ། ཞེས་བྱ་བར་འགྱུར་བ་ཡང་ཅིའི་ཕྱིར་མི་རུང་ཞེ་ན། དེ་ལྟར་འདོན་པ་ནི་སྐབས་སུ་བབ་པ་མིན་ ཏེ། འདིར་སྦྱོར་ལམ་གྱི་སྤང་བྱར་འབྲེལ་བའི་རྣམ་རྟོག་བཞི་པོ་དེ་བཤད་པ་སྐབས་སུ་བབ་པ་ཡིན་ནོ། ། དེ་ལྟར་ན་སྦྱོར་བའི་ལམ་གྱི་སྒྲ་དོན་ནི། ཆོས་ཉིད་མངོན་སུམ་དུ་ངེས་པས་གང་ཟག་གི་རྒྱུད་དང་མཐོང་སྤང་གཉིས་པོ་སོ་སོར་འབྱེད་པས་ན་ངེས་འབྱེད་དང་། དེའི་ཆར་ 4-1-92b གྱུར་པས་ན་ཆ་དང་། མཐོང་ལམ་དེའི་རྒྱུར་མཐུན་པས་ན་མཐུན་ཅེས་བྱའོ། ། དེ་ཡང་ངེས་འབྱེད་བཞི་པོ་སོ་སོར་བཤད་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་སྐྱེ་བའི་སྔ་ལྟས་སུ་གྱུར་པས་ན་དྲོད་དང་། འཇིག་རྟེན་པའི་དགེ་བའི་རྩ་བ་གཡོ་བ་རྣམས་ཀྱི་ནང་ནས་རྩེ་ མོར་གྱུར་པ་ཡིན་པས་ན་རྩེ་མོ་དང་། ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པས་ན་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་ནང་ནས་མཆོག་ཡིན་པས་ཆོས་མཆོག་གོ ། དེ་ལྟ་བུའི་སྦྱོར་ལམ་དེ་སྐྱེ་བའི་ལུས་རྟེན་ནི། མཛོད་ལས། འདོད་རྟེན་ཆོས་མཆོག་བུད་ མེད་ཀྱིས། །ཞེས་པའི་སྐབས་ནས་བསྟན་པའི་འདོད་པའི་ལྷ་མི་ཁོ་ནའི་རྟེན་ལ་སྐྱེ་བར་བཤད་དོ། །སེམས་རྟེན་ནི་བསམ་གཏན་ས་དྲུག་ལ་བརྟེན་པ་ཅན་ཡིན་ཏེ། ཇི་སྐད་དུ། བསྒོམས་བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པའོ། །ཞེས་འབྱུང་བ་ ལྟར་རོ། ། དེ་གཏོང་བའི་རྒྱུ་ནི། མཛོད་ལས། འཕགས་པས་དེ་དག་ས་བོར་ནས། །གཏོང་ངོ་འཕགས་མིན་འཆི་བས་སོ། །དང་པོ་གཉིས་ཡོངས་ཉམས་པས་ཀྱང་། །ཞེས་སོ། །དེས་ནི་སྦྱོར་ལམ་སྐྱེ་བ་དང་གཏོང་བའི་ཚུལ་བཤད་ནས། སྦྱོར་ལམ་རྣམ་པ་བཞིར་ དབྱེ་བའི་རྒྱུ་མཚན་ནི། ཆོས་ཉིད་ཀྱི་དོན་ལ་རྟོགས་པའི་ཁྱད་པར་ཉེ་རིང་མི་འདྲ་བ་རྣམ་པ་བཞིར་ངེས་པས་ན་རྣམ་པ་བཞིར་དབྱེ་བར་མཛད་པ་ཡིན་ནོ། ། གཞན་ཡང་རྣམ་རྟོག་བཞི་པོ་ལྡན་པའི་ཚུལ་ལ། དེ་སྐབས་ཀྱི་རྣམ་རྟོག་དེ་དགག་རྟོག་དང་སྒྲུབ་རྟོག་གང་ཞེ་ན། གཉིས་ཀའི་ཆ་ཡོད་པ་ཡིན་ཏེ། མཉམ་པར་བཞག་པའི་སྔ་རོལ་གྱི་སྦྱོར་བ་དང་མཉམ་པར་བཞག་པ་ན་དབང་ལྡན་གྱི་ཚུལ་དུ་རྟོག་པ་དེ་དག་དགག་པའི་རྣམ་པ་ཅན་དང་། མཉམ་པར་བཞག་པའི་རྗེས་ཐོབ་ན་གཟུང་འཛིན་གྱི་རྟོག་པ་དེ་དག་སྤང་བ་ལ་མི་བརྩོན་པ་ 4-1-93a ཡང་ཡོད་པས་སྒྲུབ་པའི་རྟོག་པར་ཡང་འཇོག་གོ། དེ་ལྟ་བུའི་རྟོག་པ་སྤང་བྱར་བྱེད་པའི་ངེས་འབྱེད་ཆ་མཐུན་དེ་ལ་ཐེག་པ་ཆེན་པོ་པས་ནི་ཤེས་སྒྲིབ་ཀྱི་ངོ་བོར་གྱུར་པའི་རྟོག་པ་སྤང་བྱའི་གཙོ་བོར་བྱེད་པ་དང་། ཐེག་དམན་གྱིས་ནི་ཉོན་སྒྲིབ་ཀྱི་ ངོ་བོར་གྱུར་པའི་རྟོག་པ་སྤང་བྱར་ལྷུར་ལེན་པ་ནི་དེ་གཉིས་ཀྱི་ཁྱད་པར་ཡིན་ནོ། །གཉིས་པ་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དང་པོ་ལ་གཉིས། ཁྱད་གཞི་སྦྱོར་ལམ་གྱི་དབྱེ་བ་དང་། དེ་དམན་པའི་སྦྱོར་ལམ་ལས་ཁྱད་པར་འཕགས་པའི་ཚུལ་ལོ། ། དང་པོ་ནི། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱིས་ཐོས་པ་དང་། ལ་སོགས་པས་བསམ་པ་དང་། སྒོམ་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཐར་པའི་ཆ་དང་མཐུན་པ་དད་པ་ལ་སོགས་པ་དབང་པོ་ལྔའི་མཚན་ཉིད་ཅན་གྱི་དགེ་བའི་རྩ་བ་ཐེག་ཆེན་ཚོགས་ལམ་གྱི་འོག་ཏུ་བདེན་ པ་བཞིའི་དོན་ཇི་ལྟ་བར་རྟོགས་པ་མཐོང་ལམ་དང་རྗེས་སུ་མཐུན་པ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་དེ་ནི་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བ་དྲོ་བར་གྱུར་པ་ཞེས་བྱ་བའི་དགེ་བའི་རྩ་བ་དང་། དེའི་འོག་ཏུ་སྐྱེས་པ་རྩེ་མོར་གྱུར་པ་དང་། དེའི་འོག་ཏུ་སྐྱེས་པ་ བཟོད་པར་གྱུར་པ་དང་། དེའི་འོག་ཏུ་སྐྱེས་པ་ཆོས་ཀྱི་མཆོག་ཅེས་བྱ་བ་བཞི་ཀ་ལའང་ཆུང་ངུ་དང་ལ་སོགས་པས་འབྲིང་དང་ཆེན་པོའི་སྒོ་ནས་རིམ་གྱིས་སྐྱེ་བས་སམ། དེ་ལས་གཞན་དུ་བྱང་ཆུབ་སེམས་དཔའ་གང་གི་རྒྱུ་དང་འབྲེལ་བའི་དབང་པོ་རྟུལ་པོ་བ་དེའི་རྒྱུད་ ཀྱི་སྦྱོར་ལམ་ཆུང་ངུ་དང་། ལ་སོགས་པས་འབྲིང་གི་རྒྱུད་ཀྱི་འབྲིང་དང་། དེ་ལྟ་བུའི་གང་ཟག་དབང་པོ་རྣོ་རྟུལ་འབྲིང་གསུམ་གྱི་བྱེ་བྲག་གི་ཁྱད་པར་ལ། སྦྱོར་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་ནི་ཁྱད་པར་གྱི་གཞིའོ། །གཉིས་པ་ནི། རྒྱས་བཤད་དུ་འཆད་པར་ 4-1-93b འགྱུར་བ་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་བདེན་པ་བཞིའི་དངོས་པོ་ལ་དེ་ཁོ་ན་ཉིད་ཀྱིས་དམིགས་པ་དང་། རྣམ་པའི་ཁྱད་པར་ཆོས་ཀྱི་བདག་ཏུ་ལྟ་བའི་གཉེན་པོར་བྱེད་པ་ཉིད་ཀྱིས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་ པ་དང་། རྒྱུའི་ཁྱད་པར་ཐེག་པ་གསུམ་ཅར་གྱི་རྟོགས་རིགས་ཚང་བའི་ཐེག་ཆེན་མཐོང་ལམ་གྱི་རྒྱུའི་ངོ་བོ་ཡིན་པ་དང་། ཡོངས་འཛིན་གྱི་ཁྱད་པར་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པའི་མཚན་ཉིད་ཅན་གྱིས་ཡོངས་སུ་འཛིན་པ་དང་ལྡན་པ་དང་། སྤང་ བྱ་ལྡན་ཚུལ་གྱི་ཁྱད་པར་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་སྒྲིབ་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་རྒྱས་བཤད་དུ་འཆད་པར་འགྱུར་བའི་ཚུལ་དང་། སྤང་གཉེན་དུ་འབྲེལ་བར་འབྱུང་བའི་ཐེག་ཆེན་གྱི་སྦྱོར་ལམ་ནི། ཉན་ ཐོས་དང་ལ་སོགས་པས་རང་སངས་རྒྱས་ཀྱི་སྦྱོར་ལམ་དྲོ་བ་ལ་སོགས་པ་བཞི་ལས་ཁྱད་པར་དུ་འཕགས་པ་བསྟན་པ་ཡིན་ནོ། ། སྐབས་འདིར་ཁྱད་པར་དུ་འཕགས་པ་མིན་པ་ཉན་རང་དང་། དེ་དག་གི་དྲོ་བར་གྱུར་པ་ལ་སོགས་པའི་དགེ་བའི་རྩ་བ་བཞི་ནི་ཙམ་པོ་ བ་སྟེ་ཐེག་དམན་གྱི་ལུགས་ལས་གཟུགས་སུ་རུང་བ་ལ་སོགས་པའི་ཕུང་པོ་ལྔ་ལ་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོར་འཛིན་པའི་བདག་ཉིད་ཀྱི་གཉེན་པོར་བདེན་བཞི་མི་རྟག་སོགས་བཅུ་དྲུག་ལ་དམིགས་པ་ཁོ་ན་བ་དང་། གང་ཟག་གི་བདག་ཏུ་ལྟ་བའི་གཉེན་ པོ་ཉིད་ཀྱིས་མི་རྟག་པ་ལ་སོགས་བཅུ་དྲུག་གི་རྣམ་པ་ཁོ་ནར་བསྒོམ་པར་ཞུགས་པ་དང་། ཐེག་དམན་རང་གི་ཐེག་པའི་རྟོགས་རིགས་ཉི་ཚེ་བ་ཁོ་ནའི་ཆེད་དུ་དང་། ཐེག་ཆེན་གྱི་ཡོངས་སུ་འཛིན་པ་དང་བྲལ་བ་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་དང་སྤང་ 4-1-94a གཉེན་དུ་མི་ལྡན་པར་འབྱུང་ངོ་ཞེས་འབྱུང་བའི་ཕྱིར་རོ། ། འདིར་རྣམ་པར་རྟོག་པ་རྣམ་པ་བཞི་དང་མི་ལྡན་པར་འབྱུང་ངོ་ཞེས་འབྱུང་བའི་ཕྱིར་རོ། །ཞེས་སློབ་དཔོན་གྱི་དགོངས་པ་ཉན་རང་ལ་ཐེག་ཆེན་གྱི་མཐོང་སྒོམ་སྤང་བྱར་གྱུར་པའི་ཤེས་སྒྲིབ་ དེ་འཛིན་པའི་ལམ་དུ་སྤང་བྱ་མགོ་གནོན་གྱི་ཚུལ་དུ་སྒོམ་པ་ཞིག་ཡོད་པ་དེ་ཐེག་དམན་གྱི་སྦྱོར་ལམ་དུ་མེད་པར་བསྟན་པ་ཡིན་ལ། གངས་ཅན་པ་གཞན་དག་གིས་ནི་འཕགས་སེང་གི་ལུགས་ལ་གཞུང་འདིས་སྦྱོར་ལམ་རྟོག་པར་འཆད་དོ་ཞེས་སྐྱོན་གྱི་དྲི་མས་འགོད་ པར་བྱེད་དོ། །གཉིས་པ་ལ་གསུམ། དམིགས་ཚུལ་མཐའ་ཡས་པར་བསྟན་པ་དང་། རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན། དམན་པའི་ལུང་གིས་མི་གནོད་པར་བསྟན་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ ནི། ཐེག་དམན་གྱི་ཐེག་པ་ལས་དམིགས་ཚུལ་མཐའ་ཡས་ཏེ་ཐབས་མཁས་པའི་སྟོབས་ཀྱིས་བཟོད་པ་འབྲིང་གི་གནས་སྐབས་ཁ་ཅིག་ཏུ་ནི། རྣམ་པར་དག་པའི་རྒྱུ་ཕུང་པོ་ལྔ་སྟོང་ཉིད་དུ་རྟོགས་པའི་སྒོ་ནས་དམིགས་ལ། ཆོས་མཆོག་ཆུང་ངུའི་སྐབས་ཁ་ཅིག་ཏུ་ནི། འབྲས་ བུའི་ཏིང་ངེ་འཛིན་གྱི་སྒོ་ནས་དམིགས་ལ། བཟོད་ཆུང་གི་གནས་སྐབས་ཁ་ཅིག་ཏུ་ནི། བདེན་པ་བའི་དངོས་པོ་ཡོད་པ་མ་ཡིན་པའི་ངོ་བོ་ཉིད་ཀྱི་སྒོ་ནས་དམིགས་ལ། གཞན་དྲོད་ཆུང་ངུ་ལ་སོགས་པ་ལྷག་མ་དགུ་པོ་ཁ་ཅིག་ཏུ་ནི། ཆོས་ཉིད་ངོ་བོ་ཉིད་ཀྱི་རྣམ་པའི་སྒོ་ནས་ བདེན་པ་བཞིའི་མཚན་གཞི་ལ་མཚན་ཉིད་ཇི་ལྟར་ཡོད་དོ་ཅོག་སྲིད་པ་བཞིན་དུ་བདེན་པ་བཞིའི་དངོས་པོ་ཐམས་ཅད་ལ་དམིགས་པ་ཡིན་ལ། དམིགས་པ་དེས་ནི་སྔ་མ་ཐེག་དམན་གྱི་སྐབས་སུ་བཤད་བཞིན་པའི་རྣམ་པ་གཞན་ཉན་ཐོས་ཀྱིས་ཀྱང་བདེན་པ་བཞི་ལ་ 4-1-94b ཀུན་ཏུ་བྱང་ཆུབ་སེམས་དཔས་མི་དམིགས་པ་མ་ཡིན་ཏེ་དམིགས་སོ་ཞེས་བྱ་བར་ཤེས་པར་བྱའོ། ། འདིར་ཁ་ཅིག་ཏུ་ཞེས་ཡང་ཡང་སྒྲ་སྦྱར་བའི་ཁ་ཅིག་ནི་ཡུལ་དུས་གནས་སྐབས་པ་ཁ་ཅིག་ཏུ་ཞེས་པར་འཆད་དགོས་སོ། །བོད་སྔ་རབས་པ་ལ་ལ་ཁ་ཅིག་སྔ་མ་གསུམ་ ནི་ངེས་གཟུང་སྦྱོར་བའི་དོན་དང་། ཁ་ཅིག་ཕྱི་མ་ནི་སོགས་ཁོངས་སྡུད་པའི་དོན་ཡིན་ཅེས་ཟེར་བ་ནི་ལེགས་སྦྱར་གྱི་སྒྲ་དང་བསྟུན་ཏེ་འཆད་པར་ན་དེ་ལྟར་མ་ཡིན་ནོ་ཞེས་གྲག་གོ། སྐབས་འདིར་རྒྱུ་འབྲས་ངོ་བོ་ཉིད་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་ཁྱད་པར་འཕགས་ཚུལ་ལ། གསེར་གླིང་པ་དང་། ཤེར་འབྱུང་བློ་གྲོས་དང་། བུདྡྷ་ཤྲཱི་ལ་སོགས་པ་རྣམས་ཀྱི་ལུགས་ཐ་དད་པར་བྱུང་མོད་ཀྱང་། འདིར་བཤད་པ་ནི་དབུ་མ་ལ་དགའ་བའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་འགྲེལ་པ་དེ་ཁོ་ན་ལྟར་རོ། །གཉིས་པ་ནི། སྐབས་འདིར་རྣམ་པ་གཞན་ གྱི་དམིགས་ཚུལ་ནི་རྒྱས་པར་བཀྲོལ་ཏེ་འཆད་པའི་སྐབས་སུ་བབ་པ་མ་ཡིན་གྱི། མདོར་བསྡུས་ཏེ་རྣམ་པར་བཀྲོལ་བ་ཙམ་དུ་བརྗོད་པར་འདོད་པས་རྒྱས་པར་མ་སྤྲོས་སོ། །གསུམ་པ་ནི། མཛོད་ལས། དྲི་མེད་བཅུ་དྲུག་གཞན་རྣམས་མེད། །ཅེས་པས་ངེས་འབྱེད་ ཡན་ལག་ལ་མི་རྟག་ལ་སོགས་པ་བཅུ་དྲུག་པོའི་རྣམ་པ་ཅན་ཁོ་ནར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་བའི་རྒྱུ་མཚན་གང་གི་ཕྱིར་འདིར་བཤད་པ་འདི་ནི། ཐེག་དམན་གྱི་ལུགས་ལས་རྣམ་པར་གཞག་པ་གཞན་ཐེག་ཆེན་ཁོ་ནའི་ལུགས་ཡིན་ཏེ། དེའི་ཕྱིར་ཐེག་ པ་གཞན་ཐེག་དམན་གྱི་ལུང་ལ་བརྟེན་ནས་ནི་ཐེག་པ་ཆེན་པོའི་ས་དང་ལམ་གང་དུའང་སུན་འབྱིན་པ་བརྗོད་པར་མི་བྱའོ་ཞེས་གསུངས་སོ། །གསུམ་པ་རྒྱས་པར་བཤད་པ་ལ་གསུམ། དམིགས་རྣམ་རྒྱུ་གསུམ་བཤད་པ། ལྡན་ཆོས་གཟུང་འཛིན་གྱི་རྣམ་རྟོག་བཤད་པ། 4-1-95a ཡོངས་སུ་འཛིན་པའི་བདག་རྐྱེན་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ། སྤྱིར་དམིགས་པ་དང་རྣམ་པའི་ཐ་སྙད་འཇོག་མཚམས་ལ། བྱེ་བྲག་ཏུ་སྨྲ་བས། དམིགས་པ་ནི་གཟུགས་ལྟ་བུའི་ཡུལ་གྱི་ སྤྱི་དང་། རྣམ་པ་ནི་སྔོན་པོ་ལྟ་བུའི་ཡུལ་གྱི་ཁྱད་པར་ལ་འདོད་ལ། མདོ་སྡེ་པས་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་དམིགས་པ་དང་། དེར་སྣང་བ་ནི་རྣམ་པར་འདོད་ཅིང་། སེམས་ཙམ་པ་པས་གཟུང་ཆ་ལ་དམིགས་པ་དང་། འཛིན་ཆ་ལ་རྣམ་པར་འདོད་ལ། འདིར་དམིགས་པ་ནི་ ངེས་འབྱེད་ཡན་ལག་བཅུ་གཉིས་ཀྱི་དྲོད་ཆེ་ཆུང་གཉིས་དང་། ཆོས་མཆོག་ཆུང་འབྲིང་གཉིས་ནི་ཀུན་རྫོབ་བདེན་པའི་དམིགས་པར་གསུངས་ལ། གཞན་བརྒྱད་པོ་ནི་དོན་དམ་བདེན་པའི་དམིགས་པར་གསུངས་སོ། །རྣམ་པ་ནི་རྩེ་མོ་ཆེན་པོ་དང་། བཟོད་འབྲིང་དང་། ཆོས་མཆོག་ཆེ་ཆུང་གཉིས་ཏེ་བཞི་པོ་ནི་ཀུན་རྫོབ་བདེན་པའི་རྣམ་པར་གསུངས་ལ། ལྷག་མ་གཞན་བརྒྱད་ནི་དོན་དམ་བདེན་པའི་རྣམ་པར་གསུངས་སོ། །སློབ་དཔོན་གྱི་འགྲེལ་པ་འདིའི་དངོས་བསྟན་ནི་དེ་ལྟར་ཡིན་ལ། དམིགས་པ་དང་རྣམ་པའི་ཁྱད་པར་ཡང་ཆོས་ཅན་ དང་ཆོས་ཀྱི་ཁྱད་པར་དུ་བཤད་དོ། །མདོར་ན་སྐབས་འདིར་བསྟན་གྱི་དམིགས་པ་ནི་དམིགས་བྱའི་ཡུལ་གྱི་གཙོ་བོར་གྱུར་པ་དེ་ལ་བྱ་སྟེ། ཇི་སྐད་དུ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་བྱ་བ་ལ་འཆད་དགོས་ཤིང་། རྣམ་པ་ནི་དམིགས་བྱའི་ཡུལ་གྱི་ འཛིན་སྟངས་ཀྱི་ཁྱད་པར་ལ་འདོད་དགོས་པ་ཡིན་པར་ཡང་། ཇི་སྐད་དུ། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་ཞེས་གསུངས་པ་ལྟར་གྱི་རྣམ་པ་ལ་འཆད་དགོས་པ་ཡིན་ནོ། ། བོད་གཞན་དག་དམིགས་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་དང་། རྣམ་ 4-1-95b པ་ཐམས་ཅད་དོན་དམ་བདེན་པར་འཆད་པ་ནི་སྐབས་འདིའི་བདེན་གཉིས་ཀྱི་དོན་དང་། དམིགས་རྣམ་གྱི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་རྟོག་གེ་ལ་གྲགས་པའི་སྤྱི་བྱེ་བྲག་ཙམ་ལ་འཁྲུལ་ནས་བྱེ་བྲག་གི་དོན་རང་མཚན་པ་དོན་དམ་དང་། ཐ་སྙད་དུ་བཏགས་པའི་སྤྱི་ཀུན་ རྫོབ་པར་བཤད་པ་ཡིན་ལ། དེ་ལྟར་གྱི་ཚེ་ཡང་སྤྱི་མཚན་དང་རང་མཚན་གྱི་ཡུལ་ཐ་དད་པ་གཉིས་ཀར་གཟུང་བའི་ཆ་ལའང་དེ་རེ་རེ་ལ་དམིགས་པ་དང་རྣམ་པའི་ཁྱད་པར་ཡོད་པས། ཁྱེད་ཀྱི་ལྟར་ན་གཞལ་བྱ་གཉིས་དམིགས་རྣམ་གཉིས་སུ་ཕྱེ་བའང་མི་འཐད་པ་དང་། རྣམ་པ་དང་དོན་རང་མཚན་མིང་གི་འབོད་ཕྱོགས་གཅིག་ཏུ་བྱེད་ཅིང་། དེ་ལྟར་ཁས་ལེན་པའང་རྟོག་གེའི་ལུགས་ལས་འབྱུང་བ་མིན་པས་དེར་ཡང་རུང་བ་མིན་ནོ། །དེ་ལྟར་གྱི་ཚེ་དོན་དམ་པའི་དམིགས་པ་དང་རྣམ་པ་གང་ཡིན་ཀྱང་རུང་། མཉམ་པར་བཞག་པའི་དངོས་ གཞིའི་སྐབས་སུ་ཡོད་པ་ཡིན་གྱི། ཀུན་རྫོབ་པའི་དམིགས་པ་དང་རྣམ་པ་ནི། མཉམ་པར་བཞག་པའི་སྦྱོར་བ་ལ་འཇུག་པའི་དུས་སུ་ཡོད་པ་ཡིན་ཅེས་འབུམ་ཕྲག་གསུམ་པའི་གསུང་རྒྱུན་ཨར་གྱིས་བཀོད་པའི་ཟིན་བྲིས་སུ་འབྱུང་ལ། དེ་ལྟར་བཤད་པ་དེའང་དེང་སང་བོད་ ལ་གྲགས་པའི་བཤད་པ་རྣམས་དང་མི་མཐུན་ནོ། ། དེ་ལྟར་བཤད་པའི་དམིགས་པ་དང་རྣམ་པས་ཁྱད་པར་དུ་བྱས་པའི་སྦྱོར་ལམ་མཉམ་བཞག་གི་བློ་དེ་བློ་རིས་གང་ཡིན་པ་ནི། བོད་སྔ་རབས་པ་མང་པོ་རྣལ་འབྱོར་མངོན་སུམ་དུ་འདོད་པ་དང་། དོན་སྤྱིའི་ཚུལ་གྱིས་ རྟོགས་པས་རྗེས་དཔག་དང་། བཅད་ཤེས་དང་། ཡིད་དཔྱོད་ཅི་རིགས་ཡིན་པར་འདོད་ལ། དེ་དག་ནི་འཐད་པ་མ་ཡིན་ནོ་ཞེས་སྐྱེས་བུ་དམ་པ་འགའ་ཞིག་གིས་གསུངས་ཏེ། དེ་ཡང་འདི་སྐད་དུ། རྣལ་འབྱོར་མངོན་སུམ་དུ་ནི་འཕགས་པའི་རྒྱུད་ལ་འབྱུང་གི་སོ་སོའི་ 4-1-96a སྐྱེ་བོ་ལ་མ་ཡིན་པ་དང་། རྗེས་དཔག་ནི་གསར་རྟོགས་ཀྱི་བློ་སྟེ་ཐོས་བསམ་གྱི་ཤེས་པ་ཉིད་ཁོ་ནར་ཐལ་བའི་ཕྱིར་དང་། བཅད་ཤེས་སུ་ཁས་བླངས་ནའང་སྒྲ་དོན་འཛིན་པའི་རྟོག་པར་ཁས་བླངས་པར་ཐལ་ཞིང་། ཡིད་དཔྱོད་དུ་ཁས་བླངས་ནའང་མ་ རྟོགས་པའི་བློ་ལས་གཞན་དུ་མི་འགྱུར་བས་དེ་ལྟ་བུའི་བློ་ནི་ཚད་མ་གཉིས་དང་། ཚད་མིན་གྱི་བློ་གསུམ་པོ་གང་དུའང་འདུ་བ་མ་ཡིན་ལ། དེར་མི་འདུ་བར་མ་ཟད་རྟོག་མེད་ཀྱི་ཤེས་པའང་མ་ཡིན་ནོ། །ཞེས་གསུངས་ལ། དེ་ལྟར་རྟོག་པ་མ་ཡིན་པ་ནི། ཇི་སྐད་དུ། རྣམ་པར་ མངོན་ཞེན་ལ་སོགས་འགོག །ཅེས་དང་། རྣམ་པར་མི་རྟོག་པ་ཞེས་དང་། དེའི་འགྲེལ་པར་རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པ་ཉིད་ཀྱིས་ཞེས་གསུངས་ལ། དེ་ལྟར་བསྟན་པའི་དོན་ཀྱང་། མཐོང་བའི་ལམ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཚན་མས་དབེན་པ་ ཡིན་ལ། དེ་དང་སྦྱོར་བའི་ལམ་དམིགས་པ་དང་རྣམ་པ་རྗེས་སུ་མཐུན་དགོས་པ་གང་ཞིག་རྣམ་པ་རྟོག་པ་དང་བཅས་ན་ནི་དམིགས་པ་དང་རྣམ་པ་རྗེས་སུ་མཐུན་པར་མི་རུང་བའི་ཕྱིར་རོ། །མི་རྟོག་པའི་ཤེས་པ་མིན་པ་ཡང་། ཇི་སྐད་དུ། རྣམ་རྟོག་བཞི་པོ་ལྡན་བསྟེན་པ། ། ཞེས་པའི་འགྲེལ་པར། འཕགས་སེང་གིས་དགག་པའི་རྣམ་པ་ཅན་གྱི་རྟོག་པ་བཞི་དང་མཚུངས་ལྡན་དུ་བཤད་པ་དང་། དེ་ལྟར་དུ་བཤད་པའི་གྲུབ་དོན་ཀྱང་རྟོག་མེད་ཀྱི་ཤེས་པ་ཡིན་ན་རང་གི་མཚན་ཉིད་གསལ་བར་རྟོགས་དགོས་པ་ལས། འདིར་ནི་དེའི་ཚེ་བདག་མེད་ པའི་རང་མཚན་གསལ་བར་རྟོགས་པ་མེད་པ་ཅན་ཡིན་པའི་ཕྱིར་རོ། །དེས་ན་མདོ་སྡེ་རྒྱན་ལས། ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མ་ཡིན་མིན་མི་རྟོག །རྟོག་མིན་མི་རྟོག་མ་ཡིན་པ། །ཤེས་བྱ་ཐམས་ཅད་ཡིན་པར་བརྗོད། །ཡང་དག་པ་མ་ཡིན་པའི་རྟོག་ 4-1-96b པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པ་མ་ཡིན་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ཡང་དག་པ་ཡང་མ་ཡིན་ལ། ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་ནི་དེའི་རྗེས་སུ་མཐུན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བར་གང་ཡིན་པའོ། །མི་རྟོག་པ་ ནི་དེ་བཞིན་ཉིད་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །རྟོག་པ་ཡང་མ་ཡིན་མི་རྟོག་པ་ཡང་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། ཤེས་བྱ་ཐམས་ཅད་ནི་དེ་ཙམ་དུ་ཟད་དོ་ཞེས་གསུངས་པ་ལྟར་ཡིན་ནོ། །འདི་དག་གི་ སྐབས་སུ་བརྒལ་བ་དང་། དེའི་ལན་གྱི་སྤྲོས་པ་དག་ཡི་གེས་འཇིགས་པའི་ཕྱིར་རྒྱས་པར་མ་བཀོད་དོ། ། སྐབས་འདིར་སྦྱོར་ལམ་མཉམ་བཞག་ལ་ཆོས་ཅན་སྣང་མི་སྣང་ནི། བོད་གངས་ཅན་པའི་སློབ་དཔོན་ལ་ལ་སྦྱོར་ལམ་མཉམ་བཞག་ལ་ཆོས་ཅན་དངོས་མེད་མི་ གསལ་བར་སྣང་བ་དང་། སྣང་བ་དེ་ཡང་སྒྲ་དོན་འཛིན་པའི་རྟོག་པའི་དབང་གི་སྣང་བ་ལས་འོས་མེད་དོ་ཞེས་ཟེར་རོ། །དེ་ལྟར་སྨྲ་བ་ནི། སྦྱོར་ལམ་མཉམ་བཞག་རྟོག་པར་འདོད་པ་རྣམས་ཀྱི་ལུགས་ལ་དེ་ལྟར་སྦྱོར་དགོས་པ་བདེན་མོད་ཀྱང་། ཆོས་ཅན་དངོས་ མེད་མི་གསལ་བར་སྣང་བའི་འཛིན་བྱེད་ཀྱི་ཤེས་པ་དང་། སྦྱོར་ལམ་མཉམ་བཞག་གི་ངོ་བོར་གྱུར་པའི་རྟོག་པ་གཉིས་དམིགས་རྣམ་འགལ་བར་གྲུབ་པ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་རྟོག་པ་དང་། ཡང་དག་པ་མ་ཡིན་པའང་མ་ཡིན་པའི་ཚུལ་བཞིན་ཡིད་ བྱེད་ཀྱི་ཤེས་པ་གཉིས་རང་གི་ངོ་བོ་འགལ་བ་ཡིན་པ་གང་ཞིག །ཚུལ་བཞིན་ཡིད་བྱེད་ཀྱི་ངོ་བོར་དངོས་མེད་མི་གསལ་བར་སྣང་བའི་ཚད་མིན་གྱི་བློ་ཐ་ཤལ་ཞིག་ཡུལ་དུ་བྱེད་པ་ལ་དགོས་པ་མེད་པས་དེ་འདྲ་བ་དེ་ཡུལ་དུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ 4-1-97a གཞུང་གི་དོན་ལ་གསུམ། སྤྱིའི་མཚམས་སྦྱར་བ། སོ་སོའི་རང་བཞིན་རྒྱས་པར་བཤད་པ། བརྗོད་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དམིགས་པ་དང་རྣམ་པའི་ཁྱད་པར་ཇི་ལྟ་བུ་ཡིན་ཅེ་ན། དེའི་ལན་འདེབས་པའི་ཕྱིར་དམིགས་པ་དང་ རྣམ་པ་དག་འཆད་པ་ནི། བར་སྐབས་ཀྱི་ཚིགས་སུ་བཅད་པ་བདུན་གྱིས་བཤད་དེ་ཞེས་མཚམས་སྦྱར་བར་མཛད་དོ། །གཉིས་པ་ལ་བཞི། དྲོད་ཀྱི་དམིགས་རྣམ། རྩེ་མོའི་དམིགས་རྣམ། བཟོད་པའི་དམིགས་རྣམ། ཆོས་མཆོག་གི་དམིགས་རྣམ་མོ། །དང་པོ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། དྲོད་ཆུང་ངུའི་དམིགས་པ་སྟེ། བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པ་བཅུ་དྲུག་ཏུ་རྣམ་པར་ཕྱེ་སྟེ། བདེན་པ་བཞི་པོའི་གནས་ལུགས་ཀྱི་དོན་ལ་བརྟེན་པ་ཅན་དེ་ཡིས་ནི་དྲོད་ཆུང་ངུའི་དམིགས་པ་བསྟན་ལ། དེ་དག་ཁྱད་གཞིར་ གཟུང་ནས་ཁྱད་པར་གྱི་ཆོས་ལ་རྣམ་པ་སྣ་ཚོགས་པའི་སྒོ་ནས་མངོན་པར་ཞེན་པར་བྱར་མེད་པ་དང་ལ་སོགས་པས་ལྷག་པར་གནས་པར་བྱར་མེད་པ་དང་། ཀུན་ཤེས་པར་བྱར་མེད་པ་སྟེ་སྤྲོས་མཚན་འགོག་པ་ནི་དྲོད་ཆུང་ངུའི་རྣམ་པ་བཤད་པ་ཡིན་ཅེས་སློབ་དཔོན་ གྱིས་འགྲེལ་པར་མཛད་ལ། བོད་གཞན་དག །དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་ཞེས་དང་། དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་བྱ་བ་འདི་གཉིས་ཀྱིས་ངེས་འབྱེད་ཡན་ལག་བཞི་ཀའི་དམིགས་རྣམ་བསྟན་པ་ ཡིན་པས། དྲོད་ཆུང་ངུའི་དམིགས་རྣམ་ཁོ་ན་དང་སྦྱོར་བ་མི་འཐད་ཅེས་སྨྲ་བ་ནི་རིགས་པ་མིན་ཏེ། སྤྱིར་ཐེག་པ་ཆེ་ཆུང་གཉིས་ཀའི་ངེས་འབྱེད་ཡན་ལག་རྣམ་བཞིའི་སྐབས་སུ་བདེན་པ་བཞི་དམིགས་པར་བཟུང་ནས་མི་རྟག་ལ་སོགས་བཅུ་དྲུག་པོ་ལ་སྒྲོ་འདོགས་ 4-1-97b སེལ་ཚུལ་གྱི་དོན་ལ་རྣམ་པའི་ཐ་སྙད་འཇོག་པ་ཙམ་ཞིག་སྤྱིར་བཏང་དུ་བཤད་པ་དེ་ལས་རྗེ་བཙུན་གྱིས་ཁྱད་ཆོས་སུ་ངེས་འབྱེད་ཡན་ལག་རྣམ་པ་བཞི་པོ་ལ་ཆེ་འབྲིང་ཆུང་གསུམ་གྱིས་བཅུ་གཉིས་སུ་ཕྱེ་བ་ལས། དེ་རེ་རེ་ལའང་དམིགས་པ་དང་རྣམ་པའི་དབྱེ་བ་གཉིས་ གཉིས་སུ་མཛད་ལ། དེ་ལའང་དྲོད་ཆུང་ངུའི་དམིགས་པ་དང་རྣམ་པ་ནི། ཐེག་པ་ཐུན་མོང་བའི་ངེས་འབྱེད་ཡན་ལག་གི་དམིགས་རྣམ་དེ་ཐད་སོར་བཞག་ནས། ངེས་འབྱེད་ཡན་ལག་ཕྱི་མ་རྣམས་ཀྱི་དམིགས་རྣམ་ཐེག་དམན་ལས་ཐུན་མོང་མ་ཡིན་པའི་ཁྱད་པར་དུ་བྱེད་པའི་ ཚུལ་གྱིས་བསྟན་ལ། དེའི་ཚེ་ངེས་འབྱེད་ཡན་ལག་སྔ་མའི་དམིགས་རྣམ་རྣམས་ཕྱི་མ་ལ་མེད་པ་མ་ཡིན་པར་སྟོན་པའི་ཆེད་དུ། སློབ་དཔོན་གྱིས་དམིགས་པ་དང་རྣམ་པ་ཁྱད་པར་ཅན་གྱི་ཆོས་བརྗོད་པས་ཐམས་ཅད་དུ་བརྗོད་པ་ནི་ཞེས་སོགས་ཀྱིས་རྩོད་སྤོང་མཛད་ པའང་དོན་འདི་ཉིད་ལ་དོགས་པ་གཅོད་པའི་ཕྱིར་ཡིན་ནོ། ། འདི་དག་གི་དོན་ཡུམ་དུ་མི་རྟག་པ་ལ་སོགས་ལ་མངོན་པར་ཞེན་པ་དང་། ལ་སོགས་པའི་སྒྲས་བསྡུས་པ་གནས་པ་དང་། ཀུན་ཏུ་ཤེས་པ་སྟེ་རིམ་པ་ལྟར་ལྟ་བ་ཕྱིན་ཅི་ལོག་པ་དང་། སེམས་ ཕྱིན་ཅི་ལོག་པ་དང་། འདུ་ཤེས་ཕྱིན་ཅི་ལོག་གསུམ་པོ་འདི་ཡིན་པས། དེ་གསུམ་འགོག་ཅིང་མེད་པའི་རྣམ་པ་གང་ཡིན་པ་དེ་ཡིན་ནོ། །དེ་ལྟར་ཡིན་པ་ཡང་། ཡུམ་གསུམ་གནོད་འཇོམས་ལས། མངོན་པར་ཞེན་ཅིང་གནས་ཏེ་ཀུན་ཏུ་ཤེས་པར་བྱེད་ ཞེས་བྱ་བ་འདི་ནི་ཆེན་པོར་གྱུར་པའི་གནས་སྐབས་ན། རྣམ་པར་རྟོག་པ་དང་བཅས་པའི་ལྟ་བས་མངོན་པར་ཞེན་པར་བྱེད་དོ། །འབྲིང་གི་གནས་སྐབས་ན་སེམས་ཀྱིས་གནས་པར་བྱེད་དོ། །ཆུང་ངུའི་གནས་སྐབས་ན་འདུ་ཤེས་ཀྱིས་ཀུན་ཏུ་ཤེས་པར་བྱེད་ 4-1-98a དོ། །ཆོས་རྣམ་པ་གསུམ་ནི་ཕྱིན་ཅི་ལོག་དང་མཐུན་པ་སྟེ། ལྟ་བ་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། འདུ་ཤེས་ཕྱིན་ཅི་ལོག་གོ། ཆོས་ལ་སྲེད་པ་ལ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ ལྟ་བའི་ཆོས་ཉིད་དང་། བསྒྲུབ་པའི་ཆོས་ཉིད་དོ། །སྐྱོན་མེད་པ་ཞེས་བྱ་བའི་སྒྲ་ནི་མེད་པའི་དོན་ཏེ་སྐྱོན་གྱི་དངོས་པོ་ཡོད་པ་མ་ཡིན་པ་ལ་སྐྱོན་མེད་པ་ཞེས་བྱའོ། །དོན་དེ་རྣམས་ཀྱིས་དྲོད་ཆུང་ངུའི་དམིགས་རྣམ་བསྟན་པ། ངེས་འབྱེད་ཡན་ལག་གཞན་རྣམས་ཀྱང་ དམིགས་རྣམ་དེ་ལྟ་བུ་དང་ལྡན་དགོས་པར་བཤད་ཅིང་། དེ་ལྟ་བུའི་ཐེག་ཆེན་གྱི་ངེས་འབྱེད་དེའང་ཐེག་པ་གསུམ་ཅར་གྱི་རྟོགས་རིས་ཚང་བའི་ཐེག་ཆེན་གྱི་མཐོང་ལམ་འཐོབ་པའི་རྒྱུ་བྱེད་དེ། མདོ་ལས། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དང་། རང་སངས་ རྒྱས་དང་། བྱང་ཆུབ་སེམས་དཔའི་ས་ལ་བསླབ་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ས་གང་ལ་བསླབ་པར་བྱ་བའི་ཐེག་ པ་གསུམ་པོ་དག་ཤེར་ཕྱིན་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཞེས་འབྱུང་ལ། འདི་དག་ནི་ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་ནོ། །དྲོད་འབྲིང་གི་དམིགས་པ་ནི། གཟུགས་སོགས་ཆོས་རྣམས་ལ་འདུ་བ་སྟེ་འགྲིབ་པ་དང་། འགོད་པ་སྟེ་འཕེལ་བའམ། སྒྲོ་འདོགས་པ་དང་། སྐུར་བ་འདེབས་པ་སྟེ་སྐྱེ་བ་དང་འགག་པས་སྟོང་པ་དེའོ། །རྣམ་པ་ནི་གནས་པ་དང་བྲལ་བ་སྟེ་མིང་ཙམ་ལས་གཞན་པར་མི་གནས་པའི་དོན་ཡིན་ལ། དེ་ལྟར་ཡིན་པའང་། མདོ་ལས། མིང་དེ་མ་མཆིས་པས་དེ་ 4-1-98b ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས་པ་ལགས་སོ། །ཞེས་བྱ་བར་བསྟན་ཏོ། །དྲོད་ཆེན་པོའི་དམིགས་པ་ནི། གཟུགས་ལ་སོགས་པར་གནས་པའི་ཆོས་དེ་དང་། བརྡར་བཏགས་པའི་ཐ་སྙད་ཙམ་དེ་མི་གནས་པ་དང་། གནས་པ་དང་བྲལ་བ་དང་། གནས་པ་དང་མ་བྲལ་བ་དང་། ཆོས་སུ་བཏགས་པ་ཐམས་ཅད་ཀྱང་དོན་དུ་གྲུབ་པ་མེད་པར་བསྟན་ཏོ། །རྣམ་པ་ནི་མིང་དམིགས་སུ་མེད་པའི་ཕྱིར་དགེ་མི་དགེ་ལ་སོགས་སུ་བསྡུ་བར་མེད་པ་ལ། དེ་དང་དེ་ཡིས་བརྗོད་དུ་མེད་ཅེས་བྱ་ལ། ངེས་པའི་དོན་དུ་ནི་བརྗོད་དུ་མ་མཆིས་ པའི་དོན་ཏོ་ཞེས་པའོ་ཞེས་བཀོད་དོ། །གཉིས་པ་ལ་གཉིས། རྒྱས་བཤད་དང་། དོན་བསྡུའོ། །དང་པོ་ལ་བཞི། ཆུང་ངུའི་དམིགས་རྣམ། རྒྱུའི་ཁྱད་པར། འབྲིང་གི་དམིགས་རྣམ། ཆེན་པོའི་དམིགས་རྣམ་མོ། །དང་པོ་ནི། ཚིགས་བཅད་གཅིག་དང་རྐང་ པ་གསུམ་པོ་དེའི་དོན་ལ། དང་པོར་དྲོད་ཆུང་ངུའི་དམིགས་པ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོའི་ཁྱད་ཆོས་ལ་བརྟེན་པ་མི་རྟག་ལ་སོགས་པའི་རྣམ་པ་བཅུ་དྲུག་པོ་དེ་ཡིན་ནོ། །དེའི་དྲོད་ཆུང་ངུའི་རྣམ་པ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ མངོན་པར་ཞེན་པ་དང་། དམིགས་པ་ལ་སོགས་པ་འགོག་པའི་འཛིན་སྟངས་ཅན་ཡིན་ནོ། །གཉིས་པ་རྒྱུ་བྱེད་ཚུལ་གྱི་ཁྱད་པར་ནི། ཐེག་ཆེན་གྱི་དྲོ་བ་ལ་སོགས་པ་བཞི་པོ་ཐམས་ཅད་ཀྱང་ཐེག་པ་གསུམ་ཅར་གྱི་རྟོགས་པ་ཚང་བར་འཐོབ་པའི་རྒྱུའི་བདག་ཉིད་ཀྱི་ངོ་བོར་ གནས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གསུམ་པ་དྲོད་འབྲིང་གི་དམིགས་པ་ནི། མོས་པ་ཡིད་བྱེད་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དག་གིས་ཡུལ་དང་ཡུལ་ཅན་གྲངས་བཞིན་དུ་སྦྱར་ནས་བཤད་ན། གཟུགས་ལ་སོགས་པ་བསྒྲུབ་པ་དང་། དགག་པ་ 4-1-99a དག་མོས་པ་ཡིད་བྱེད་ཀྱི་སྒོ་ནས་ནི་མི་དམིགས་པ་ཙམ་དུ་བྱེད་ཅིང་། དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་སྒོ་ནས་ནི་གཟུགས་སོགས་མ་མཐོང་བའམ། མཐོང་བ་མེད་པའི་ཚུལ་གྱིས་དམིགས་སོ་ཞེས་བྱ་བ་ཡིན་ནོ། །དྲོད་འབྲིང་གི་རྣམ་པ་ནི། མིང་ཐམས་ ཅད་ཀྱང་ཡོད་པ་མ་ཡིན་པས་ན་མེད་པ་ཉིད་ཀྱི་ཕྱིར་སྣང་ཙམ་དུ་རྒྱུན་ཆད་ཅིང་མི་འདྲ་བར་འཇུག་པའི་རྒྱུན་དང་། རྒྱུན་ཆད་ཀྱང་རྒྱུན་དུ་འཁྲུལ་བའི་གཞི་འདྲ་བར་འཇུག་པའི་མཚན་ཉིད་ཅན་དངོས་པོ་དག་མེད་པ་ནི་དེའི་རྣམ་པ་ཞེས་བྱ་བ་ཡིན་ནོ། །བཞི་པ་དྲོད་ཆེན་པོའི་ དམིགས་པ་ནི། གཟུགས་ནས་སངས་རྒྱས་ཞེས་བྱ་བའི་བར་གྱི་ཆོས་ཐམས་ཅད་མིང་ཙམ་དང་། བརྡར་བཏགས་པ་ཙམ་གྱི་ཆོས་ཐ་སྙད་པ་ཀུན་རྫོབ་ཙམ་ཡིན་ཅེས་བྱ་བའི་ཚུལ་གྱིས་གདོད་མ་ནས་སྟོང་པར་དམིགས་པ་ཡིན་ནོ། །དྲོད་ཆེན་པོའི་རྣམ་པ་ནི། དགེ་བ་དང་ལ་ སོགས་པས་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་ཀྱི་ཆོས་གང་དུའང་བརྗོད་དུ་མེད་པར་ཤེས་པར་བྱའོ་ཞེས་པའི་དོན་ཡིན་ནོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེས་མཐོང་སྤང་བསྲེག་པའི་སྔ་ལྟས་ཡིན་པའི་ཕྱིར་དྲོ་བར་ གྱུར་པ་ཆེ་འབྲིང་ཆུང་གསུམ་ལ་དམིགས་པ་དང་རྣམ་པ་དང་ལྡན་པའི་ཚུལ་རྣམ་པ་གསུམ་མོ། །གཉིས་པ་རྩེ་མོའི་དམིགས་རྣམ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། རྩེ་མོ་ཆུང་ངུའི་དམིགས་པ་ནི། གཟུགས་དང་ལ་སོགས་པས་ཕུང་པོ་ལྔ་པོ་སོགས་སྡུག་བསྔལ་ བདེན་པ་རྣམས་དང་། གཞན་ཡང་བདེན་པ་བཞི་པོའི་ཆོས་སུ་གྱུར་པ་ཐམས་ཅད་སྤྲོས་པའི་མཚན་མར་བློའི་ཡུལ་དུ་གནས་སྐབས་དེར་མི་གནས་པ་དེ་དག་ནི་གཟུགས་སོགས་དེའི་ངོ་བོར་གྱུར་པ་རང་བཞིན་གྱིས་གྲུབ་པ་མེད་པ་ཁོ་ནར་གནས་པ་ནི་དེའི་དམིགས་པའོ། །དོན་ 4-1-99b འདི་ཉིད། མདོ་ལས་ཀྱང་། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་གཟུགས ཀྱིས་སྟོང་ཞེས་བྱ་བ་ནས། གཟུགས་ཉིད་སྟོང་པ། སྟོང་པ་ཉིད་གཟུགས་སོ། །ཞེས་པའི་བར་གསུངས་སོ། །རྩེ་མོ་ཆུང་ངུའི་རྣམ་པ་ནི། གཟུགས་སོགས་དེ་དག་གཅིག་གི་ཆོས་ཉིད་གང་ཡིན་པ་དེ་ནི་རང་བཞིན་སྟོང་པ་ཉིད་དུ་གཅིག་པ་ལ་དབྱེ་བ་མེད་པ་ཡིན་ཏེ། དེའི་དོན་ནི་ཆོས་ཉིད་གང་ཡིན་པའི་སྟོབས་ཀྱིས་ཞུགས་པ་ནི་སྟོང་པ་ཉིད་ཡིན་པའི་ཕྱིར་ན་ཡོངས་སུ་གྲུབ་པའི་གཟུགས་ཉིད་ཀྱང་མི་སྟོང་པ་མ་ཡིན་ལ། གང་གི་ཚེ་ཆོས་ཅན་ལ་གནས་པའི་ཆོས་ཉིད་ནི་སྟོང་པ་ཉིད་ཡིན་མོད་ཀྱང་། ཆོས་ཅན་གཟུགས་སོགས་དང་ཆོས་ཉིད་ སྟོང་པ་ཉིད་དེ་འབྲེལ་བ་མེད་ལ། ཆོས་ཉིད་ཆོས་ཅན་ལ་གནས་པ་ཡང་མི་གནས་པའི་ཚུལ་གྱིས་གནས་པ་ཡིན་པ་དང་། དེ་ལྟར་བཤད་པ་དེའི་ཚེ་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་ལ། དེའི་དོན་ཀྱང་ཀུན་ཏུ་བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་ གཟུགས་ཐམས་ཅད་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ལ་དགོངས་པ་ཡིན་ནོ། ། དེང་སང་ངེས་དོན་དུ་སྟོང་པ་ཉིད་གཟུགས་སུ་ཤར་བར་འདོད་པ་དང་། གཟུགས་སྟོང་པར་ཐིམ་པར་འདོད་པ་དང་། སྟོང་ཉིད་མེད་དགག་གི་རྒྱུ་ལས་ལས་དང་འབྲས་བུ་འབྱུང་བར་འདོད་ པ་དང་། ལས་དང་འབྲས་བུ་སྟོང་ཉིད་དུ་བཤིགས་ནས་སྟོང་ཉིད་དུ་འགྲོ་དགོས་པར་འདོད་པ་ནི་དབུ་མའི་ལུགས་ཡིན་པ་ལྟ་ཞོག །སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་གང་གི་ལུགས་ལའང་དེ་ལྟར་ཁས་ལེན་པ་མིན་ཏེ། ལུགས་དེ་ནི་བོད་གངས་ཅན་གྱི་བོན་རྣམས་ཀྱིས་ 4-1-100a ངེས་དོན་དུ་སྨྲ་བ་དེ་དེ་དག་རྣམས་ཡིན་པས་དེ་ནི་རིང་དུ་འདོར་བར་གྱིས་ཤིག ། དེས་ན་རྣམ་བརྟགས་དང་ཀུན་བརྟགས་ཀྱི་གཟུགས་སོགས་དེ་ཐམས་ཅད་མི་རྟག་པ་དང་ལ་སོགས་པས་སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བའི་རྣམ་པར་ གནས་པས་གཟུང་བ་དང་འཛིན་པའི་རྣམ་རྟོག་གི་ངོ་བོར་གྱུར་པ་གྲུབ་ཅིང་གནས་པ་མ་ཡིན་པས་མི་གནས་པར་རྟོགས་པ་ནི་རྩེ་མོ་ཆུང་ངུའི་རྣམ་པའོ། ། རྩེ་མོ་འབྲིང་གི་དམིགས་པ་ནི། རྣམ་བརྟགས་དང་ཀུན་བརྟགས་ཀྱི་གཟུགས་དེ་རྣམས་དེའི་ངོ་བོར་གྲུབ་པའི་རང་བཞིན་ མེད་པས་དེའི་ངོ་བོ་ཉིད་ཀྱིས་སྟོང་ལ། དེ་ལྟར་སྟོང་པའི་ཆའི་སྟོང་པ་དེ་དག་ནི། རང་བཞིན་གྱིས་སྟོང་པ་ཉིད་ལས་གཞན་པ་མ་ཡིན་པས་ཆོས་ཉིད་དང་མི་འགལ་བའི་ངང་ཚུལ་གྱིས་ཐ་དད་པ་བཀག་པའི་གཅིག་པ་ཉིད་ཀྱིས་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་པ་ནི་རྩེ་མོ་འབྲིང་གི་ དམིགས་པའོ། །དེ་ལྟར་བསྟན་པའི་དོན་ནི། གཟུགས་ལས་གུད་ན་སྟོང་པ་ཉིད་མེད་པ་དང་། སྟོང་པ་ཉིད་ལས་གུད་ན་གཟུགས་མེད་པ་དང་། དེ་ལྟར་བཤད་པའི་སྟོང་པ་ཉིད་གཉིས་པོ་དེ་རང་བཞིན་གཅིག་པར་གསུངས་པའི་གོ་བ་ནི་འདི་ཡིན། གཟུགས་ཉིད་རང་ བཞིན་གྱིས་ཡོད་པ་མིན་པས་གཟུགས་ལས་གུད་ནའང་གཟུགས་ལས་གཞན་དུ་སྟོང་པ་ཉིད་འདིའོ་ཞེས་མེད་ཅིང་། གཟུགས་ཡོད་པར་མ་གྲུབ་པའི་སྟོང་པ་ཉིད་དེ་སྟོང་ཉིད་དུ་བསྟན་པ་ཡིན་ལ། སྟོང་པ་ཉིད་ལས་གུད་ནའང་སྟོང་པ་ཉིད་ལས་གཞན་དུ་གཟུགས་མེད་པར་ བཤད་པ་ནི་གཟུགས་ལ་སོགས་པ་ཀུན་རྫོབ་པའི་ཆོས་ཡེ་མེད་དུ་བཤད་པའི་དོན་ཡིན་ལ། མདོར་ན་གཟུགས་ལས་གུད་ན་སྟོང་པ་ཉིད་མེད་པ་དང་། སྟོང་པ་ཉིད་ལས་གུད་ན་གཟུགས་མེད་པ་ནི་རིམ་བཞིན་གཟུགས་ཉིད་རང་སྟོང་དུ་བཤད་པ་དང་། དེ་ལྟར་རང་སྟོང་དུ་བཤད་ 4-1-100b པའི་སྟོང་པ་དེ་ཉིད་ཙམ་ལས་སྤྲོས་མཚན་གྱི་ལྷག་མར་ལུས་པའི་གཟུགས་སོགས་མེད་པར་བཤད་པ་ཡིན་ལ། དེང་སང་ངེས་དོན་གྱི་གནད་མཐའ་དག་ཐུགས་སུ་ཆུད་པར་གྲགས་པ་ཕལ་ཆེ་བའི་སྟོང་ཉིད་དབུ་མའི་ཆོས་སྐད་ཀྱི་སྐབས་མང་པོ་འདི་ལྟར་ཡི་གེར་བྲིས་གདའ་སྟེ། དེའང་གཟུགས་ལས་གུད་ན་སྟོང་པ་ཉིད་མེད་ཅེས་པའི་ཚེ། གཟུགས་དེ་མི་སྟོང་པར་འདོད་པ་དང་། དེ་ལས་གུད་དུ་མེད་རྒྱུའི་སྟོང་པ་དེ་གཟུགས་ཀྱི་ངོ་བོའམ་རང་བཞིན་དུ་གྱུར་པ་ཕལ་གྱིས་ལྟ་རུང་དུ་མེད་པ། གཟུགས་ཀྱི་དངོས་པོ་ལས་རྫས་གཞན་མིན་པར་འདོད་པ་དང་། སྟོང་པ་ཉིད་ལས་གུད་ན་གཟུགས་མེད་པ་ཡང་སྟོང་པ་ཉིད་དེ་ཉིད་ལ་གཟུགས་སུ་རུང་ཞིང་གཟུགས་སུ་ཤར་བ་དང་། གྲུབ་པར་འདོད་པ་དང་། གང་ཟག་གིས་རྟོགས་ན་དེ་ལྟ་བུའི་ཆོས་ཅན་དེ་སྟོང་ཉིད་དུ་འགྱུར་བ་དང་། མ་རྟོགས་ན་གཟུགས་སོགས་སུ་འཁྲུལ་བར་ འདོད་པ་དང་། རྟོགས་མ་རྟོགས་ཀྱི་ཁྱད་པར་ཡང་ངོ་ཤེས་མ་ཤེས་ལ་བྱེད་པ་དང་། ཤེས་མ་ཤེས་དེ་ཡང་སྟོང་ཉིད་དུ་ཤེས་མ་ཤེས་ལ་བྱེད་པ་དང་། དེ་ཤེས་བྱེད་ཀྱི་བློ་དེ་ཡང་རྣམ་རྟོག་ལ་བྱེད་པ་དང་། རྣམ་རྟོག་དེ་ཡང་ཆོས་ཉིད་ཀྱི་སྐུ་སྟོབས་སོགས་ཡོན་ཏན་ཐམས་ ཅད་ཀྱི་བདག་ཉིད་དུ་ཁས་ལེན་པ་རྣམས་ནི་གང་དུ་སུའི་ལུགས་སུ་སྣང་ནའང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བཞེད་པ་དང་མི་མཐུན་པས་དོར་བར་བྱ་རིགས་ལ། བཙན་ཁ་བོ་ཆེ་ནས་བརྒྱུད་པའི་བྱམས་ཆོས་སྒོམ་རིམ་པའི་ལུགས་དང་། རྗེ་ཨ་ཏི་ཤ་ནས་སློབ་ དཔོན་དྭགས་པོ་སྐོར་པའི་བྱམས་ཆོས་ཀྱི་ལམ་རིམ་གང་ནའང་ཀུན་རྫོབ་པའི་ཆོས་སྟོང་པར་རྟོགས་པའི་ངེས་ཤེས་སོ་སོའི་སྐྱེ་བོའི་རྒྱུད་ལ་འབྱུང་བ་ཡོད་ཀྱང་། དེ་སྒྲ་དང་རྣམ་པར་རྟོག་པའི་རང་བཞིན་ཅན་ཡིན་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོང་ཉིད་ 4-1-101a འཇིག་རྟེན་པའི་སྦྱོར་བའི་ལམ་གྱི་མཉམ་གཞག་གི་ཡུལ་ཅན་དུ་མི་འཐད་པར་བཤད་ན། དོན་དམ་པའི་སྟོང་ཉིད་འཇལ་བྱེད་ཀྱི་ཤེས་པ་ཚད་མ་དེ་རྣམ་རྟོག་ལ་འཇོག་པ་སློབ་དཔོན་དྭགས་པོ་ཁུ་དབོན་གྱི་བཞེད་པ་མིན་ལ། དེ་ལྟར་བཞེད་ཅེས་སྒྲོག་ པ་རྣམས་ནི། དུག་སྦྲུལ་ལྟ་བུའི་སྐལ་མེད་ནི། །དེང་སང་སྐྱེ་བོ་དམ་པ་ལ། །སྐྱོན་གྱི་དྲི་མས་དགོད་པའི་ཕྱིར། །མཐོང་བ་ཙམ་གྱིས་འཇིགས་པར་བྱོས། །ཞེས་གདམས་པ་ལྟར། ཁོ་བོ་ནི་དྭགས་པོ་ཁུ་དབོན་གྱི་ཕྱོགས་བཟུང་ནས་དྭགས་པོ་ཁུ་དབོན་ལ་སྐྱོན་དགོད་ པར་བྱེད་པའི་མི་རྣམས་ལ་བག་ཚ་བ་དང་བཅས་པས་འཇིགས་ཤིང་སྐྱི་གཡའ་བའི་གནས་སུ་མཐོང་ངོ་། ། རྩེ་མོ་འབྲིང་དེའི་རྣམ་པ་ནི། ཆོས་རྣམས་ཀྱི་ངོ་བོའི་ཁྱད་པར་གང་ཡང་མི་འཛིན་པ་གང་ཡིན་པ་དེ་ནི་དེའི་རྣམ་པ་ཡིན་ནོ། །རྩེ་མོ་ཆེན་པོའི་དམིགས་པ་ནི། ཀུན་རྫོབ་ པ་དེ་དག་ཐམས་ཅད་མཚན་མར་མི་མཐོང་ཞིང་ཡོངས་གྲུབ་ཀྱི་ངོ་བོར་གསལ་བ་དེའི་ཕྱིར་དམིགས་པའོ། །རྩེ་མོ་ཆེན་པོའི་རྣམ་པ་ནི། ཤེས་རབ་རྣམ་རྟོག་དང་མ་འདྲེས་པས་ནི་དེ་བཞིན་ཉིད་ལ་ཡོངས་སུ་རྟོག་པས་དེ་བཞིན་ཉིད་ནི། རྣམ་པ་ཐམས་ཅད་དུ་དམིགས་སུ་མེད་ པར་རྟོགས་པ་ནི་རྣམ་པའོ། ། འདིར་ཡོངས་སུ་རྟོག་བྱེད་ཀྱི་བརྟག་པ་ནི་རྣམ་པ་བཞིར་གསུངས་ཏེ། ཤེར་ཕྱིན་གྱི་ངོ་བོ་དང་། གང་གི་ཕ་རོལ་ཏུ་ཕྱིན་པ་དང་། ཤེར་ཕྱིན་ཟེར་བའི་རྒྱུ་མཚན་དང་། ཤེར་ཕྱིན་གྱི་བྱེད་པ་ཅི་འདྲ་བའི་ལན་དུ། ཤེར་ཕྱིན་གྱི་ངོ་བོ་ནི་སྟོང་པའོ། །ཆོས་ ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟ་བ་ཉིད་ཀྱི་མཚན་ཉིད་རྟོགས་པའི་ཕྱིར་རོ། །བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འབྱིན་པའི་ཕྱིར་རོ་ཞེས་སོགས་རྒྱས་པར་འབྱུང་ལ། དེ་ལྟར་ན་ཤེས་རབ་ཀྱིས་བརྟག་ཚུལ་འདི་ཡང་རྟོག་བཅས་དང་རྟོག་མེད་གང་གིའང་ཤེས་པ་མ་ 4-1-101b ཡིན་པ། འཁོར་གསུམ་མི་རྟོག་པའི་དམིགས་པ་དང་རྗེས་མཐུན་པར་འདོད་པ་འཐད་ལ། དེའི་དོན་གྱིས་བོད་པ་འགའ་ཞིག །ཤེས་རབ་ཉིད་ལ་ཡོངས་རྟོག་པ། །ཞེས་འདོན་པ་བསྒྱུར་ཏེ་འཆད་དགོས་སོ་ཞེས་ཀྱང་ཟེར་རོ། །གཞུང་གི་ཞེས་བྱ་བ་ལ་ཞེས་བཀོད་པ་ ནི་དེ་ཉིད་ཀྱི་དོན་འགྲེལ་བའི་ཕྱིར་རོ། །གཉིས་པ་འགྲེལ་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ལ་རྩེ་མོ་ཆུང་ངུའི་དམིགས་པ་ནི། གཟུགས་ལ་སོགས་པ་ནི་རང་གི་ངོ་བོ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས། རང་རང་གི་ངོ་བོ་སྟོང་པ་ཉིད་ཀྱི་དངོས་སྟོབས་ཀྱིས་འོངས་པས་ གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་གནས་སུ་མི་རུང་བས་སྟོང་པ་ཉིད་ནི་གང་ལའང་མི་གནས་པ་ཞེས་བྱ་བ་ཡིན་ནོ། །དེའི་རྣམ་པ་ནི། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་སྟོང་པ་ཉིད་དག་ཕན་ཚུན་ངོ་བོ་གཉིས་སུ་མེད་པར་མཚུངས་པར་ གཅིག་པ་ཡིན་པས། ཆོས་ཉིད་སྟོང་པ་ཉིད་ལ་ཆོས་ཅན་མི་རྟག་པ་ལ་སོགས་པ་མཚན་ཉིད་ཀྱི་རྣམ་པར་གཞག་པ་མེད་པ་ཉིད་ཀྱི་འཐད་པ་ནི་རྣམ་པ་ཐམས་ཅད་དུ་དབང་བཙན་པས་དེ་ལྟ་བུའི་ཚུལ་དེ་གཟུགས་ལ་སོགས་པའི་ཆོས་དེ་དག་ལ། རྟག་པའི་རྣམ་པ་དང་མི་རྟག་པའི་རྣམ་ པ་ལ་སོགས་པའི་མཚན་ཉིད་དུ་གྲུབ་པའི་ཚུལ་གྱིས་མི་གནས་པ་ཞེས་བྱ་བ་ཡིན་ནོ། །རྩེ་མོ་འབྲིང་གི་དམིགས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཚུལ་ལ་མི་རྟག་པ་དང་ལ་སོགས་པས་སྡུག་བསྔལ་བ་དང་། སྟོང་པ་ཉིད་རྣམས་ནི་རང་གི་ངོ་བོ་ཉིད་མེད་པ་ཡིན་པས་ མི་རྟག་པ་ཉིད་ལ་སོགས་པ་དག་དང་། སྟོང་པ་ཉིད་དག་ཕན་ཚུན་བདག་མེད་པ་ཉིད་ལ་ཁྱད་པར་མེད་པར་གཅིག་པ་ཞེས་བྱ་བ་ཡིན་ནོ། །དེའི་རྣམ་པ་ནི། ངོ་བོ་ཉིད་དུ་ཡོད་པའམ་ཡིན་པ་བ་བཀག་པས་གཟུགས་ལ་སོགས་པའི་ཆོས་ཡོད་པ་མིན་པ་ལ་རང་གིར་མི་བྱེད་ 4-1-102a པར་འགྱུར་བ་གང་ཡིན་པ་དེ་ནི་དེའི་རྣམ་པ་ཡིན་ནོ། །རྩེ་མོ་ཆེན་པོའི་དམིགས་པ་ནི། ཆོས་ཅན་གྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་རྣམ་པ་དེ་དག་ལ་སྔོན་པོ་ལ་སོགས་པའི་ཁྱད་པར་གྱི་མཚན་མར་མི་མཐོང་བ་ཞེས་བྱ་བ་ཡིན་ ནོ། །དེའི་རྣམ་པ་ནི། ཤེས་རབ་ཀྱིས་ཡང་དག་པར་ཆོས་རབ་ཏུ་རྣམ་པར་འབྱེད་པས་དངོས་པོ་ཐམས་ཅད་ཡོད་ཡིན་དུ་ངེས་པར་ཅི་ཡང་མི་རུང་བས་ཅི་ཡང་མི་དམིགས་པར་ངེས་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ནི། དེ་ལྟར་ན་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ ཕྱིར་རྩེ་མོར་གྱུར་པའི་དམིགས་པ་དང་། རྣམ་པ་དང་ལྡན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དམིགས་པ་རྣམ་པ་གསུམ་མོ། ། དེ་ལྟར་ངེས་འབྱེད་ཀྱི་སྐབས་འདི་རྣམས་སུ་རྩ་བའི་འབྲུ་དོན་རྣམས་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་ལྟར་འགྲེལ་ནས། འགྲེལ་པའི་འབྲུ་ དོན་རྣམས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་འགྲེལ་དགོས་པ་ཡིན་ཏེ། སློབ་དཔོན་སེང་གེ་བཟང་པོས་ཡུམ་གྱི་དགོངས་དོན་འགྲེལ་པ་ན། ལྟ་བས་སྤྲོས་པ་གཅོད་པའི་ཚུལ་མདོ་སྡེ་སྤྱོད་པའི་དབུ་མ་པ་ལྟར་བཞེད་ཀྱང་། སྒོམ་པས་ཉམས་སུ་མྱོང་བ་ན་རྣལ་ འབྱོར་སྤྱོད་པའི་དབུ་མ་པ་ལྟར་ཞལ་གྱིས་བཞེས་ལ། སྐབས་འདིའི་སྦྱོར་ལམ་གྱི་ངོ་བོ་དམིགས་པ་དང་རྣམ་པ་རྣམས་སྒོམ་པས་ཉམས་སུ་མྱོང་བྱ་ཁོ་ན་ཡིན་གྱི། རིགས་ཤེས་ཚད་མས་དཔྱད་དེ་དོན་སྤྱི་ཙམ་ལ་མངོན་པར་ཞེན་ཏེ་བསྒོམ་པ་ནི་མ་ཡིན་ནོ། །འོ་ན་འདི་ལ་ཡང་ ཆོས་ཉིད་དོན་སྤྱིའི་ཚུལ་དུ་སྒོམ་པ་དེ་སྦྱོར་ལམ་གྱི་སྒོམ་པས་ཉམས་སུ་མྱོང་ཚུལ་མིན་ནམ་ཞེ་ན། མིན་ཏེ། དོན་སྤྱིའི་ཚུལ་གྱིས་སྒོམ་པ་སྦྱོར་ལམ་ངེས་འབྱེད་བཅུ་གཉིས་པོའི་དམིགས་པ་དང་། རྣམ་པ་གང་གི་སྐབས་སུའང་དེའི་དོན་སྤྱི་མྱོང་བ་ལ་དེ་སྐབས་ཀྱི་མྱོང་བར་འཆད་པ་ 4-1-102b ནི་རྒྱ་གར་བའི་ལུགས་གང་ལའང་མི་འབྱུང་བས། བོད་འདིར་རླུང་ལྟར་གྲགས་ཀྱང་ཡིད་ཆེས་པར་མི་བྱའོ། །གསུམ་པ་བཟོད་པའི་དམིགས་རྣམ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། བཟོད་པ་ཆུང་ངུའི་དམིགས་པ་ནི། རྣམ་པར་བརྟགས་པའི་གཟུགས་ལ་སོགས་པའི་ ཆོས་རྣམས་ལ་ཡོད་པར་གྱུར་པའི་ངོ་བོ་ཉིད་མེད་པ་ཉིད་ནི་དམིགས་པའོ། །དེའི་རྣམ་པ་ནི། དེ་ལྟར་ངོ་བོ་ཉིད་མེད་པ་དེ་ནི་གཟུགས་སོགས་ཀྱི་ངོ་བོ་ཉིད་ཡིན་ཏེ། གཟུགས་སོགས་ནི་མེད་པ་ལས་གཞན་ཡོད་པའི་ངོ་བོ་ཉིད་དུ་མི་རུང་བའི་ཕྱིར་རོ། །བཟོད་པ་འབྲིང་གི་དམིགས་ པ་ནི། ཤེས་པའི་བདག་ཉིད་དུ་གྱུར་པའི་ཆོས་དེར་སྣང་བ་དང་བཅས་པ་དེ་དག་སྐྱེ་བ་སྲིད་པ་མེད་ཅིང་། རྒྱུ་མཚན་དེའི་ཕྱིར་ངེས་པར་འབྱུང་བ་མེད་པའི་ཕྱིར་རོ། ། གང་སྐྱེ་བ་མེད་ན་ངེས་པར་འབྱུང་བ་མེད་པའི་དོན་འདི་ལ། རྒྱ་བོད་པ་མང་པོས་དོན་དམ་པ་ལ་སྦྱར་ནས་སྐྱེ་མེད་ཀྱི་ ཆོས་དེ་ཡིན་ན། གང་སྐྱེ་བ་ལས་ངེས་པར་འབྱུང་བར་འགྱུར་བ་མཐའ་བྲལ་ཡིན་ནོ་ཞེས་སྨྲ་བ་ནི་རྒྱལ་བ་སྲས་བཅས་རྣམས་ཀྱི་དགོངས་པ་མིན་ཏེ། དོན་དམ་པར་མ་སྐྱེས་པས་སྐྱེ་བའི་གཟུགས་སོགས་ལ་ངེས་འབྱུང་མེད་པའི་ཕྱིར་མཐའ་དང་བྲལ་ལོ་ཞེས་སྟོན་པ་ནི་ཁྱབ་ འབྲེལ་མེད་པ་ཡིན་ལ། དེ་ལྟར་འཆད་པ་དེའི་ཚེ་སྐྱེ་མེད་ངེས་འབྱུང་མེད་ཀྱི་དོན་ཕྱིན་ཅི་ལོག་ཏུ་བཤད་པར་སོང་བ་ཡིན་ཏེ། དེ་ལྟར་ན་སྐྱེ་ཡོད་ངེས་འབྱུང་མེད་ཅེས་པ་ལས་དོན་གཞན་སྟོན་རྒྱུ་མ་བྱུང་བའི་ཕྱིར་རོ། །ཡང་འདི་ལ་འགའ་ཞིག་ཀུན་རྫོབ་པའི་ཆོས་སྐྱེ་བ་མེད་པ་ལ་ ངེས་འབྱུང་མེད་པ་དེ་དོན་དམ་བདེན་པའི་ཆ་ཡིན་པ་དང་། གང་ཀུན་རྫོབ་པ་བདེན་པའི་ཆར་ནི་སྐྱེ་བ་དང་བཅས་ལ། ངེས་པར་འབྱུང་བ་དང་ཡང་བཅས་པ་ཙམ་ཡིན་ཅེས་སྨྲ་བ་དེས་ནི་དབུ་མ་པ་ཆེན་པོ་རྣམས་ཀྱི་ལུགས་མ་ཐོས་པ་ཡིན་ཏེ། དེ་རྣམས་ཀྱི་ལུགས་གང་ཀུན་རྫོབ་ཏུ་སྐྱེ་ 4-1-103a བ་དང་བཅས་པ་ལྟར་སྣང་བ་དེ་དག་མ་སྐྱེས་པའམ་སྐྱེ་མེད་དུ་རྟོགས་པ་དེ་ནི་ཀུན་རྫོབ་བདེན་པའི་གནས་ཚུལ་དོན་མཐུན་ཙམ་ཞིག་ཡིན་གྱི། དོན་དམ་བདེན་པའི་གནས་ཚུལ་ནི་དེ་ལ་དེ་ལྟར་དུ་ཡོད་པར་མི་རུང་བ་ཡིན་ནོ། །དེའང་འདི་ལྟར་ཀུན་རྫོབ་ བདེན་པ་ནི་མ་སྐྱེས་པ་ཉིད་ཡིན་ལ། དེའི་རྒྱུ་མཚན་གྱིས་སྐྱེས་སོ་ཅོག་ཀུན་བརྫུན་པ་དང་རྫོབ་པ་ཡིན་ཅིང་། བརྫུན་ན་མི་བདེན་པས་ཁྱབ་པ་དང་། མི་བདེན་ན་ཡོད་པར་སྒྲོ་བཏགས་པ་ལྟར་མེད་པས་ཁྱབ་པ་དང་། གང་ཡོད་པར་མི་རུང་བའི་ཡོད་པ་ཡིན་ ན་མ་སྐྱེས་པ་ཡིན་པས་ཁྱབ་ལ། དོན་དམ་པའི་བདེན་པ་ནི་སྐྱེས་པ་དང་མ་སྐྱེས་པ་གང་དུའང་ཤེས་པ་དང་རྟོགས་པར་ཚད་མས་ངེས་བྱ་མ་ཡིན་ནོ། ། འདི་ན་དེང་སང་ངེས་དོན་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུར་རློམ་པ་འགའ་ཞིག་ན་རེ། བདེན་གཉིས་མ་ཕྱེ་བའི་ཆོས་ཅན་ཞིག་མཚན་གཞིར་ བཟུང་ནས་དེ་ལ་སྐྱེ་འགག་གི་ཆ་ཡོད་པ་དེ་ཀུན་རྫོབ་ཀྱི་བདེན་པ་དང་། སྐྱེ་འགག་གི་ཆ་རྒྱུན་ཆད་པར་རྟོགས་པའི་ཆ་དེ་དོན་དམ་བདེན་པར་འདོད་ལ། ལུགས་དེ་འདྲ་ནི་དབུ་མ་པའི་བདེན་གཉིས་རྣམ་འབྱེད་ལྟ་ཞོག །བྱེ་བྲག་སྨྲ་བའི་ལུགས་ཀྱི་བདེན་གཉིས་རྣམ་འབྱེད་ ཡན་ལས་མ་འཕགས་ལ། བྱེ་མདོ་རྣམས་ནི། བསལ་ན་དེ་བློ་མི་འཇུག་པ་དེ་ཀུན་རྫོབ་པའི་ཡུལ་ཡུལ་ཅན་དང་། བསལ་ན་དེ་བློ་འཇུག་པ་དེ་དོན་དམ་བདེན་པའི་ཡུལ་ཡུལ་ཅན་དུ་འཇོག་ལ། དེའི་དོན་ཀྱང་སྤྱི་མཚན་གྱི་རིགས་འདྲ་ཐམས་ཅད་ཀུན་རྫོབ་དང་། རང་ མཚན་གྱི་དོན་ཤེས་མ་འདྲེས་པ་རྣམས་དོན་དམ་དུ་བཞག་ལ། དེ་ལྟར་གྱི་ཚེ་ན་ནི་ཁྱོད་ཀྱིས་གང་དུ་བཤད་པའི་བདེན་གཉིས་ཀྱི་རྣམ་གཞག་དེ་འདྲ་བ་དེ་བྱེ་མདོ་གཉིས་ཀྱིས་ཀྱང་ཁས་མི་ལེན་ན། སངས་རྒྱས་པ་གཞན་གྱིས་ཁས་ལེན་པ་མི་སྲིད་པའི་ཕྱིར་རོ། ། འོ་ན་རང་གི་ 4-1-103b ལུགས་ཇི་ལྟར་ཞེ་ན། ཀུན་རྫོབ་ཙམ་གྱི་སྐྱེ་བ་ཀུན་རྫོབ་ཙམ་དུ་སྐྱེ་བ་མེད་པ་དང་། དེ་ལྟར་དུ་སྐྱེས་པ་དེ་སྐྱེས་པ་མིན་པ་དང་། དེ་ལྟར་སྐྱེས་པས་སྐྱེས་པའི་གོ་མི་ཆོད་པ་ནི་དབུ་མ་པ་རང་ལ་གྲགས་པའི་ཀུན་རྫོབ་ཀྱི་རང་བཞིན་དུ་གྱུར་པའི་བདེན་པ་ཞིག་ཡོད་ན་དེ་ལས་གཞན་ པའི་བདེན་པ་མི་རྙེད་ལ། དོན་དམ་པའི་བདེན་པ་ནི་དེ་ལྟར་མ་ཡིན་ཏེ། གང་བརྫུན་པ་ཐམས་ཅད་ལས་ལོག་པའི་བདེན་པ་ནི་དོན་གྱི་བདེན་པ་དང་། དམ་པའི་བདེན་པ་ཞེས་བྱ་བ་བསླུ་བ་མེད་པ། འཇིགས་པ་མེད་པ་དེ་ལྟ་བུ་ཞིག་སྟེ། དེ་ལྟ་བུའི་ཚུལ་དང་གཉིས་སུ་ཡོད་ པ་མིན་པ་ནི། བཅོམ་ལྡན་འདས་ཀྱིས། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་བསྔགས་པར་མཛད་པའི་གནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་མཆོག་དེའམ། དམ་པ་རིགས་བརྒྱའི་བདག་ཉིད་དུ་གྱུར་པའི་དམ་པ་དང་། བཅོམ་ལྡན་འདས་དོན་ཐམས་ཅད་ གྲུབ་པའི་བདག་ཉིད་ཀྱི་དོན་གང་ཡིན་པ་དེ་དག་ནི་རྡོ་རྗེའང་ཡིན་ལ། བདེན་པའི་དོན་ཀྱང་ཡིན་ནོ་ཞེས་བྱ་བ་འདི་ནི་རྗེ་བཙུན་མ་ཕམ་པ་དང་། རྩོད་མེད་ཆེ་བའི་མངའ་བདག་ཀླུ་སྒྲུབ་ཞབས་ཀྱི་ངེས་དོན་དབུ་མའི་བདེན་གཉིས་འབྱེད་ཚུལ་ནི་དེ་ལྟར་ཡིན་ལ། དེ་ལས་གཞན་ པ་ཟབ་མོར་གྲགས་པ་རྣམས་ལ་བག་ཆགས་ངན་པ་བ་རྣམས་འདྲིས་པ་བདེན་ཀྱང་། སྐལ་བ་དང་ལྡན་པ་རྣམས་ཀྱིས་ནི་རྣ་བའང་གཏོད་པར་བྱེད་པ་མ་ཡིན་ནོ། ། བཟོད་པ་འབྲིང་གི་རྣམ་པ་ནི། ཆོས་དང་ཆོས་ཉིད་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་དང་། དེ་ དག་པ་ལ་བརྟེན་ནས་ཡུམ་ལ་སྤྱོད་པའི་བྱང་སེམས་དེ་ལུས་ངག་ཡིད་གསུམ་རང་བཞིན་གློ་བུར་བའི་ཉེས་པ་མཐའ་དག་དང་མི་ལྡན་པས་དག་པ་སྟེ་རང་བཞིན་གསེར་བཟང་པོར་འགྱུར་བ་མེད་པ་ལྟར་ཡིན་ནོ། །བཟོད་པ་ཆེན་པོའི་དམིགས་པ་ནི། དེ་བཞིན་ཉིད་དེ་དག་ 4-1-104a བདེན་པ་གཉིས་ཀྱི་ངོ་བོ་དང་རྣམ་པ་འདི་འདྲའོ་ཞེས་མཚན་མ་མེད་པ་ལ་དེར་སྣང་བའོ། །དེའི་རྣམ་པ་ནི། གཟུགས་སོགས་ལ་རྣམ་པར་རྨོངས་པའི་མཚན་མར་མི་བརྟེན་པས་ཐོག་མ་མེད་པའི་དུས་ཅན་གྱི་ལྟ་བ་ཕྱིན་ཅི་ལོག་གི་ཡུལ་ཀུན་ལ་མོས་པ་མིན་ ཅིང་། གཟུང་འཛིན་གྱིས་བསྡུས་པའི་ཡུལ་ཡུལ་ཅན་ལ་དེ་དེར་འདུ་ཤེས་པ་མེད་པ་ཅན་གྱི་རྣམ་པའོ། །དེ་ལྟར་ན་མཛོད་ལས། རྩེ་མོ་ཐོབ་པ་རྩ་མི་འཆད། །བཟོད་ཐོབ་ངན་སོང་ཡོངས་མི་འགྲོའོ། །ཞེས་པའི་དོན་ཀྱང་དགེ་བའི་རྩ་བ་ཐམས་ཅད་ཀྱི་ནང་ནས་དམིགས་སུ་ མེད་པའི་ཤེས་རབ་ཟབ་མོ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་ལ། དེའི་ཕྱིར་ན་རྗེ་བཙུན་གྱིས་རྩེ་མོའི་སྐབས་འདིར། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་བསྟན་ལ། དེའི་དོན་ཀྱང་། རྩེ་མོ་ཆེན་པོ་ལ་གནས་པ་ནས་ བཟུང་དགེ་བའི་ཚོགས་མཐའ་ཡས་པ་ནི་ཟད་མི་ཤེས་པར་རྒྱུན་ཆགས་སུ་འབྱུང་བ་ལ་རྩོལ་བ་མི་དགོས་པའི་དོན་ཡིན་གྱི། འགའ་ཞིག་རྩེ་མོ་ཐོབ་པའི་རྒྱུད་ལ་ལམ་ཕྱིར་ནུར་བའི་ཚེའང་དགེ་བའི་རྩ་བ་ནི་མི་འཆད་པ་ཙམ་ཞིག་ཡོད་པ་ལ་དེའི་དོན་དུ་འཇོག་ཀྱང་མི་འཐད་དོ། ། བཟོད་པ་ཐོབ་པ་ན་ངན་སོང་དུ་མི་ལྟུང་བའང་རྗེ་བཙུན་གྱིས། དག་དང་ཞེས་པར་བསྟན་ལ། དེས་ཀྱང་ཁ་ན་མ་ཐོ་བ་ཐམས་ཅད་རྣམ་པར་སྤངས་པས་ལས་ཀྱི་དབང་གིས་ངན་སོང་དུ་སྐྱེ་བར་དོགས་པ་རྨི་ལམ་ཙམ་དུའང་འབྱུང་བ་མིན་པ་ཐེག་པ་ཆེན་པོའི་མདོ་སྡེ་དུ་མར་ བཤད་ལ། ལ་ལ་ཞིག་བཟོད་པ་ཐོབ་པ་ན་ངན་སོང་དུ་མི་ལྟུང་བ་ཙམ་ཁོ་ན་ལ་འཆད་པའང་རྒྱ་ཆུང་བ་ཡིན་ནོ། །གཉིས་པ་འགྲེལ་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ནི། ཞེས་བྱ་བ་ལ་ཞེས་ཚིགས་སུ་བཅད་པ་བཀོད་དེ། བཟོད་པ་ཆུང་ངུའི་དམིགས་པ་ནི། 4-1-104b ཀུན་རྫོབ་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་། དོན་དམ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་ཁྱད་པར་དག་སྟོང་པ་ཙམ་ཉིད་དུ་ཚུལ་མཚུངས་པ་ནི་གཅིག་པ་ཉིད་ཀྱིས་གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་ཡིན་ནོ། ། བོད་གང་དག་གཞུང་འདི་ལ་མཚན་ མཚོན་དུ་སྦྱོར་བར་བྱེད་པའང་མི་འཐད་དེ། གཞུང་འདིས་སྟོང་པ་ཉིད་མཚོན་བྱ་དང་མཚོན་བྱེད་ཀྱི་སྒོ་ནས་གཏན་ལ་འབེབས་པར་བསྟན་པ་མིན་ལ། སྐབས་དོན་འདིས་ནི་གཟུགས་སོགས་ཀྱི་རྣམ་པ་ལས་གཞན་པའི་དེའི་ངོ་བོར་གྱུར་པ་ཞིག་བཀག་པ་ཡིན་གྱི། དེ་བཀག་པ་ལའང་དངོས་མཚན་ལྷག་མར་ལུས་ཀྱི་དོགས་ནས་མཚན་ཉིད་ལ་ངོ་བོ་ཉིད་ཀྱིས་སྟོང་པར་བཤད་པ་དང་། སྟོང་པ་དེ་ཙམ་ལ་ངོ་བོ་ཉིད་ཀྱི་སྒྲ་སྦྱར་ནས། དེ་ལའང་མཚན་ཉིད་ཀྱིས་སྟོང་པར་བཤད་ནས་ཆོས་དང་ཆོས་ཅན་གཉིས་ཀ་སྟོང་པར་མགོ་སྙོམས་པའི་ དོན་ཙམ་ལ་དགོངས་པ་སྐབས་སུ་བབ་པས་བཤད་པར་བྱ་བའང་དེ་ཉིད་ཡིན་ནོ། །དེའི་རྣམ་པ་ནི། སྐྱེ་བོ་དམིགས་པ་ཅན་གྱི་ངོར་གཟུགས་ལ་སོགས་པ་དངོས་པོ་མེད་པ་ངོ་བོ་མེད་པ་ཉིད་ཡིན་པ་ལ། དེ་ངོ་བོ་མེད་པ་ལ་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བར་བསྟན་པར་མཛད་པ་ ནི་དགོས་པའི་དབང་ལས་ཡིན་ཏེ། དེའང་ངོ་བོ་ཉིད་མེད་པ་ལ་ངོ་བོ་ཉིད་དུ་སྒྲས་བསྟན་པའི་དགོས་པ་ནི། ངོ་བོ་ཉིད་མེད་པ་དེའི་ངོ་བོ་ཉིད་ཡིན་ནས་དེའི་ངོ་བོ་ཉིད་དུ་བཞག་པ་མིན་ལ། འོན་ཀྱང་ངོ་བོ་ཉིད་མེད་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་ལས་གཞན་པ་མ་ ཡིན་པའི་དོན་ཡིན་ལ། དེའང་སྟོང་པ་ཉིད་སྟོང་པ་ཉིད་ལས་གཞན་མ་ཡིན་པའི་དོན་ཡིན་གྱི། དོན་འདི་ནི་རང་རང་ངོ་བོས་སྟོང་པར་འདོད་པ་པོ་རྣམས་ཀྱི་ལུགས་མཐར་ཐུག་པ་ཡིན་ལ། གཞན་སྟོང་ཇི་བཞིན་དུ་སྨྲ་མི་ཤེས་པའི་གཞན་སྟོང་པ་ལ་ལ་ནི་དངོས་མེད་ཀྱི་དངོས་ 4-1-105a པོར་ཁས་ལེན་པ་དང་། ངོ་བོ་མེད་པ་དེ་ངོ་བོ་མེད་པའི་ངོ་བོར་གྲུབ་སྟེ་ཡོད་པ་ཡིན་པར་འདོད་ལ། དེ་དག་གིས་ནི་རྗེ་བཙུན་མ་ཕམ་པ་དང་མཐུན་པར་མ་སྨྲས་པ་ཡིན་ཏེ། ཀུན་རྫོབ་པའི་ཆོས་རང་རང་ངོ་བོས་སྟོང་པ་ལ་རང་རང་གི་ངོ་བོར་མི་གནས་པ་ ཤ་སྟག་ཏུ་བཤད་ལ། ངོ་བོ་མེད་པའི་ངོ་བོ་ནི་ནམ་ཡང་མེད་པར་དགག་པ་ལས་གཞན་དུ་མི་འགྱུར་བས། དེའི་ཤུལ་ནས་མ་ཡིན་དགག་འདོན་པ་ནི་གཞན་སྟོང་པའི་ལུགས་མ་ཡིན་ཏེ། གཞན་སྟོང་སྨྲ་བ་མཆོག་རྣམས་ཀྱིས་ངོ་བོ་ཉིད་ཡོད་པའི་དོན་དམ་པའི་ཡོངས་གྲུབ་ གང་ཡིན་པ་དེ་ནི་ངོ་བོ་ཉིད་གོ་ཆོད་པོ་དང་། དེ་ལྟར་གྱི་ཚེ་དེའི་ངོ་བོ་ཉིད་དེ་ཡང་མི་སྟོང་པ་མ་ཡིན་པ་དང་། དེ་ལྟར་གྱི་ཚེའི་ངོ་བོ་དེ་ཡོད་པའང་སྤྲོས་མཚན་གྱིས་མ་བསྡུས་པས་དེ་དག་གི་མཐར་ལྷུང་བ་མིན་ཅིང་། དེ་ལྟར་ཡོད་པ་དོན་ལ་གནས་པས་རྟག་པ་དང་ཆད་པའི་ མཐའ་ཐམས་ཅད་ལས་གྲོལ་བ་ཡིན་ལ། དེ་ཡང་ཀུན་རྫོབ་པའི་དངོས་མེད་ངོ་བོར་བསྟན་པ་དང་། དོན་དམ་པའི་དངོས་ཡོད་ངོ་བོར་བསྟན་པ་ནི་དགོངས་པ་དང་དགོངས་པ་ཅན་དུ་ཤེས་པར་བྱ་དགོས་པ་དང་། དངོས་མེད་ངོ་བོ་ཉིད་དུ་བསྟན་པ་ནི་སྐྱེ་བོ་དམིགས་པ་ཅན་གྱི་ངོར་ སྟོང་ཉིད་ལ་སྐྲག་པ་སྐྱེ་དོགས་ནས་བསྟན་ལ། འཕགས་པ་དམིགས་པ་མེད་པ་རྣམས་ཀྱི་ངོར་དངོས་ཡོད་ངོ་བོ་ཉིད་དུ་བཤད་པ་ཡིན་ལ། དེས་ན་དངོས་མེད་ངོ་བོར་བཤད་པ་དྲང་དོན་དང་། དངོས་ཡོད་ངོ་བོར་བཤད་པ་ངེས་དོན་ཡིན་ནོ། ། སྐབས་འདིའི་དངོས་པོ་ཡོད་ པ་ལ། ལ་ལ་ཞིག་དོན་དམ་བདེན་པར་གྱུར་པའི་སྟོང་ཉིད་གོ་ཆོད་པོ་དེ་དངོས་པོར་བཤད་ན་དངོས་སྨྲ་བ་དང་ཅི་སྟེ་ཁྱད་པར་མེད་ཅེས་ཟེར་མོད་ཀྱང་། འདི་སྐབས་ཀྱི་དངོས་པོ་ནི་རྒྱལ་བའི་ཡུམ་གསུམ་གར་དངོས་པོ་མེད་པ་དང་། དངོས་པོ་ངན་པ་དང་། དངོས་པོ་ 4-1-105b ཡོད་པ་ཞེས་གསུམ་གྱི་ཟླས་དྲངས་པའི་དངོས་པོ་ཡོད་པ་དེ་ཡིན་ལ། དེ་ཉིད་དངོས་པོ་ཡིན་པའང་བདེ་བར་གཤེགས་པའི་ངེས་དོན་གྱི་མདོ་རྒྱུད་ཐམས་ཅད་དུ་གསལ་བ་ཡིན་ཏེ། དེ་ལྟ་བུའི་སངས་རྒྱས་ཀྱི་སྙིང་པོ་སྟོང་པ་ཉིད་དེས་སྙིང་པོ་དེ་ཉིད་ཀྱི་ཡོན་ཏན་གྱི་ཁྱད་ པར་གྱི་དོན་བྱེད་པར་བཤད་པའི་ཕྱིར། དེ་ལྟ་བུའི་ཆོས་ཉིད་ནི་དངོས་པོ་ཉིད་དུ་ངེས་ལ། དེང་སང་ནི་དེ་བཞིན་ཉིད་དངོས་པོར་ཁས་བླངས་ན་དབུ་མ་པར་མི་ཆུད་པར་སྨྲ་ཡང་། དེ་ལྟར་ན་རྗེ་བཙུན་བྱམས་པ་དང་སློབ་དཔོན་ཐོགས་མེད་ཀྱང་དབུ་མ་པའི་གྲལ་དུ་མི་ ཆུད་པར་རིགས་ཏེ། དེ་སློབ་དཔོན་གྱིས་རྒྱུད་བླ་རྩ་འགྲེལ་ན་དེ་བཞིན་ཉིད་ཀྱི་རྡོ་རྗེ་དངོས་པོར་བཤད་ནས། དེ་ལྟ་བུའི་དངོས་པོ་དེ་གཙང་རྟག་བདེ་བར་བཤད་ལ། དེ་དངོས་མེད་ཡིན་ན་ནི་གཙང་རྟག་བདེ་བར་ཇི་ལྟར་རུང་། ལོག་པར་རྟོག་པ་འགའ་ཞིག་གཙང་རྟག་ བདེ་བའི་ཕ་རོལ་ཏུ་ཕྱིན་པའི་གཙང་རྟག་བདེ་བ་དེ་ཡིན་ན་གཙང་རྟག་བདེ་བ་ཡིན་པ་བུད་ཟེར་ལ། སྨྲ་བ་པོ་དེ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་དཔོན་སློབ་ལ་རྩོད་པའི་ངག་སྐྱོན་ཅན་གྱི་ཀླན་ཀ་བཀོད་པ་ཡིན་ཏེ། གཙང་རྟག་བདེ་བ་དམ་པའི་ཕ་རོལ་ ཏུ་ཕྱིན་ཅེས་པའི་ཚིག་ལ་དམ་པ་ཕྲལ་ཏེ་ཁྱབ་པ་དེ་ལྟར་དུ་སྦྱོར་བ་ནི་གོ་བ་ཕྱིན་ཅི་ལོག་སྟེ། དེའི་གོ་དོན་ཕྱིན་ཅི་མ་ལོག་པ་ནི་དཔེར་མཚོན་ན། རྟག་པ་དམ་པ་སྟེ་རྟག་པའང་ཡིན་ལ་དམ་པའང་ཡིན་པའམ་མཆོག་ཀྱང་ཡིན་པ་གཞིར་བྱས་ལ། དེ་ཡིན་པ་རྣམས་ཀྱི་ནང་ ནས་དེ་ལས་གོང་དུ་འགྲོ་རྒྱུ་མེད་པའམ། དེ་ལས་ཁྱད་པར་དུ་འགྱུར་རྒྱུ་མེད་པའི་གོ་འཕང་གི་ངོ་བོར་གྱུར་པ་ཐོབ་པར་ལྡན་པ་ལ་དེའི་ཕ་རོལ་ཏུ་ཕྱིན་པར་བཤད་པ་ཡིན་གྱི། ཁྱེད་ལྟར་ན་ཁྱད་གཞིར་བཟུང་བའི་ཆོས་དེས་གོ་འཕང་གི་ཁྱད་པར་ཐོབ་པ་ན། ཐོབ་པ་པོ་སྔ་ 4-1-106a མ་དེ་མིན་དགོས་པའམ་མེད་དགོས་པར་འདོད་པའི་རྒྱུ་མཚན་ནི་ཅི་ལ་ཐུག་ཅེས་འདྲི་ན། ཁྱེད་ལ་ལན་གཞན་སྟོན་རྒྱུ་ཡོད་པ་མིན་ཏེ། ཁྱེད་ཅག་གི་བློ་ལ་ཤིན་ཏུ་བྱང་བའི་ཚིག་འདི་འདོན་པ་ལས་འོས་མེད་དེ། འདི་སྐད་དུ། དཔེར་ན་བདག་དམ་ པའི་ཕ་རོལ་ཏུ་ཕྱིན་པ་དེ་བདག་མ་ཡིན་པ་བཞིན། རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པའི་རྟག་པ་དེ་རྟག་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་སྨྲ་བ་ནི་ངག་ལ་སྐྱོན་ཆགས་པའི་འབེལ་གཏམ་ཡིན་ཏེ། བདག་དམ་པའི་ཕ་རོལ་ཏུ་ཕྱིན་པའི་བདག་དེ་གང་ཟག་དང་ཆོས་ཀྱི་བདག་ མིན་ཀྱང་དེ་དོན་དམ་པའི་བདག་ཏུ་ཁས་ལེན་པར་མི་རུང་བ་མ་ཡིན་ཏེ། དེ་སངས་རྒྱས་དཔོན་སློབ་ཀྱིས་བདག་དམ་པར་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་བཞིན་དུ་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པའི་རྟག་པ་དེའང་ཤེས་བྱའི་ཆོས་སུ་གྱུར་པའི་རྟག་པ་དེ་མིན་པ་བདེན་ཀྱང་། ཤེས་བྱ་མིན་པ་དང་ཆོས་ཉིད་ཀྱི་རྟག་པ་རྣམས་ནི་སངས་རྒྱས་དཔོན་སློབ་ཀྱིས་རྟག་པ་ལས་མི་རྟག་པར་མ་བཤད་དོ། །དེས་ན་སྐྱོན་ཅན་གྱི་ངག་གི་སྒོ་ནས་འབེལ་བའི་གཏམ་གླེང་བར་མི་བྱའོ། ། བཟོད་པ་འབྲིང་གི་དམིགས་པ་ནི། རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིས་གཟུགས་ ལ་སོགས་པ་ལ་ནི། རང་བཞིན་གྱིས་སྐྱེ་བའང་མེད་ན་རྒྱུ་མཚན་དེའི་ཕྱིར་མྱ་ངན་ལས་འདས་པའང་མེད་ཅེས་བྱ་བ་འདི་འཐད་པ་ཡིན་ཏེ། ཅིའི་ཕྱིར་ན་སྐྱེ་བ་ཡོད་ན་ནི་ངེས་འབྱུང་ཡོད་ལ། ངེས་པར་འབྱུང་བ་ཡོད་པ་གང་ལ་ནི་མྱ་ངན་ལས་འདས་པ་ཡོད་པ་དེའང་རིགས་པས་ཐོབ་པ་ ཡིན་ནོ། །འབྲིང་གི་རྣམ་པ་ནི། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཡོད་པ་མིན་པར་རྟོགས་པ་ཁོ་ནས་ལུས་དང་ལ་སོགས་པས་ངག་དང་ཡིད་ཀྱིས་མེད་པ་ལ་ཡོད་པར་འདུ་ཤེས་པའི་སྒོ་ནས་རྣམ་པ་ཐམས་ཅད་དུ་ལས་བསོག་པར་མི་བྱེད་པའི་ཕྱིར་ཁ་ན་མ་ཐོ་བ་རྣམ་པར་དག་པ་ 4-1-106b ཞེས་བྱ་བ་ཡིན་ནོ། ། བཟོད་པ་ཆེན་པོའི་དམིགས་པ་ནི། ཆོས་ཐམས་ཅད་ལ་རང་གི་མཚན་ཉིད་ནི་ཡོད་པ་མ་ཡིན་ཏེ། ཆོས་གང་དང་གང་ཡིན་པ་དེ་ནི་དངོས་པོའམ་དོན་བྱེད་ནུས་པས་སྟོང་པ་ཡིན་པའི་ཕྱིར། དེ་ལྟར་ཡིན་པའང་དོན་བྱེད་ནུས་པ་ལ་གཅིག་ཅར་དང་རིམ་གྱིས་ བྱེད་དགོས་པ་གང་ཞིག །ཅིག་ཅར་བྱེད་ན་ནི་དོན་བྱེད་པ་ལ་སྐད་ཅིག་མ་བརྒྱུད་མི་དགོས་པའི་སྐྱོན་གནས་པ་དང་། རིམ་གྱིས་བྱེད་ནའང་རང་མཚན་སྐད་ཅིག་མ་ལས་གཞན་པ་རྒྱུན་ནམ་སྐད་ཅིག་གིས་འགྱུར་བ་མེད་པའི་ཕྱིར་དང་། སྐད་ཅིག་མ་བརྒྱུད་པ་ལའང་ མཚམས་སྦྱོར་བྱེད་མེད་པས་རིམ་གྱིས་བྱེད་པ་ལ་སྐྱོན་འདི་གནས་པ་ཡིན་ནོ། །སྤྱིའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། སྤྱི་ནི་དངོས་པོ་མེད་པ་ཡིན་པས་དངོས་པོ་མེད་པ་ནི་བློའི་ཡུལ་དུ་སྒྲོ་བཏགས་ཏེ། སྦྱོར་བ་ཙམ་ལས་མ་གཏོགས་པའི་སྤྱིའི་མཚན་ཉིད་འདི་འདྲ་བ་ཞེས་ མཚན་ཉིད་དུ་གྲུབ་པའི་མཚོན་བྱ་གཏན་ལ་འབེབས་ནུས་ཀྱི་དོན་བྱེད་པ་མེད་པའི་ཕྱིར་ན། རང་སྤྱིའི་མཚན་ཉིད་མི་འཐད་པས་ཆོས་ཐམས་ཅད་ལ་མཚན་ཉིད་ཀྱི་མཚན་མ་མེད་པ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །དེའི་རྣམ་པ་ནི། ཆོས་རྣམས་ཀྱི་ རང་བཞིན་ཁོ་ནས་ཆོས་རྣམས་ཀྱི་རང་བཞིན་ལ་དཔྱོད་པའི་ཚེ་གཟུགས་ལ་སོགས་པའི་མཚན་མ་རྣམས་ཀྱི་ཚུལ་ལ་ཕན་ཚུན་བརྟེན་པ་དང་བྲལ་བ་ཉིད་ཀྱི་རིགས་པས་དྲངས་པའི་བློའི་སྟོབས་ཀྱིས་མོས་པ་ཡིད་ལ་བྱེད་པས་མི་མོས་ཤིང་། དེ་ཁོ་ན་ཡིད་ལ་བྱེད་པས་དྲངས་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ མེད་པའི་ཚུལ་གྱིས་རྟོགས་པ་ཞེས་བྱ་བ་ཡིན་ནོ་ཞེས་བཀོད་པར་མཛད་དོ། །གཉིས་པ་ནི། དེ་ལྟར་བཤད་པས་ན་ངན་འགྲོར་འགྲོ་བ་མེད་པས་ཆོས་ཆེན་པོ་བློས་མ་རིག་པ་ལ་བལྟར་མི་ནུས་པ་མ་ཡིན་པར་བཟོད་པའི་ཕྱིར་བཟོད་པར་གྱུར་པའི་དམིགས་པ་དང་རྣམ་པ་དང་ 4-1-107a ལྡན་པ་རྣམ་པ་གསུམ་མོ། །བཞི་པ་ཆོས་མཆོག་གི་དམིགས་རྣམ་ལ། རྩ། འགྲེལ་གཉིས་ལས། དང་པོ་ལ་གཉིས། དངོས་དང་། ཐུན་མོང་གི་དོན་བསྡུ་བའོ། །དང་པོ་ཆོས་མཆོག་ཆུང་ངུའི་དམིགས་པ་ནི། བསྒོམ་བྱ་ཆོས་ཐམས་ཅད་སྐྱེ་བ་མེད་ པའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་དང་ཉེར་གཅིག་གྲངས་ཅན་རྣམས་སོ། །དེའི་རྣམ་པ་ནི། བསྒོམ་པར་བྱ་བ་དེའི་དོན་བསྒོམ་པ་ལ་བརྟེན་ནས་སྒོམ་སྟོབས་ཀྱི་བྱེད་ པ་ཁྱད་པར་ཅན་ཉིད་ཀྱིས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་རྣམ་པའོ། །ཆོས་མཆོག་འབྲིང་གི་དམིགས་པ་ནི། དེ་ལྟར་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་འདས་དང་ད་ལྟར་གྱི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ལུང་སྟོན་ པར་མཛད་པ་ལ་དེའི་རྗེས་སུ་དམིགས་པ་ཅན་ཡིན་ཏེ། དེ་ལྟར་ལུང་བསྟན་པ་ཡང་སེམས་བསྐྱེད་མ་ཐག་པར་ལུང་བསྟན་པ་ཞེས་བྱ་བ་དེ་ཡིན་པར་བྱང་ས་ལས་བཤད་དོ། །དེའི་རྣམ་པ་ནི། དེ་ལྟ་བུའི་བྱང་སེམས་དེ་ལ་སངས་རྒྱས་ཀྱིས་ལུང་སྟོན་པར་རློམ་པའམ་ མཉམ་པར་བཞག་པའི་ཏིང་ངེ་འཛིན་ནི་མྱོང་བའི་རློམ་པ་ཟད་པ་ནི་རྣམ་པའོ། །ཆོས་མཆོག་ཆེན་པོའི་དམིགས་པ་ནི། སྐབས་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་ལ་མཉམ་པར་བཞག་པ་པོ་དང་། མཉམ་པར་བཞག་པ་གསུམ་པོ་ཕན་ཚུན་དུ་མ་དམིགས་པའི་ ཕྱིར་གསུམ་པོ་དེ་གང་ཡང་མ་མཐོང་བ་ཙམ་དུ་ངོ་བོ་གཅིག་པ་དེའོ། །དེའི་རྣམ་པ་ནི། ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ཡིན་པ་ལས་འོས་མེད་དེ། དེ་གསུམ་ག་ཡང་དེ་བཞིན་ཉིད་དུ་བདག་གཅིག་པར་མཐོང་བའི་ཕྱིར་གང་དུའང་མི་རྟོག་གོ། གཉིས་པ་ནི། དེ་ལྟར་ངེ 4-1-107b བཤད་པའི་ངེས་འབྱེད་ཆ་མཐུན་བཞི་པོ་ལ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་གསུམ་གསུམ་སྟེ་བཅུ་གཉིས་སུ་དབྱེ་བར་མཛད་པ་ཡིན་ནོ། །གཉིས་པ་འགྲེལ་པ་ལ། བཤད། བསྡུ་གཉིས་ལས། དང་པོ་ནི། ཚིགས་སུ་བཅད་པ་བསྟན་མ་ཐག་པ་ཞེས་བྱ་བ་ དེ་ལ་འདི་སྐད་དུ་འགྲེལ་བར་མཛད་དེ། ཆོས་མཆོག་ཆུང་ངུའི་དམིགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེའི་རྣམ་པ་ནི། སྦྱོར་ལམ་པ་རང་གི་སྨོན་ལམ་རྣམ་པར་དག་པ་དང་། བསོད་ ནམས་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་འབད་པ་མེད་པར་ལྷུན་གྱིས་གྲུབ་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སྦྱོར་ལམ་པ་རང་ཉིད་སྐལ་བ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱི་སྟོབས་ཀྱི་བྱེད་པ་དེ་སྙེད་གང་མཆིས་པ་དེའི་ འཇིག་རྟེན་གྱི་ཁམས་ཇི་སྙེད་པར་འཇུག་པ་ཞེས་བྱ་བ་ཡིན་ནོ། ། དེ་དག་གི་ངག་དོན་ཚོགས་གཉིས་ཀྱི་སྟོབས་ཀྱི་མཐུ་ལས་རང་ཉིད་ཀྱི་སྐལ་བ་དང་འཚམས་པའི་ཏིང་ངེ་འཛིན་དེའི་བྱེད་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་ཉེ་རིང་དང་ཆགས་སྡང་མེད་པའི་ བཏང་སྙོམས་ཆེན་པོས་འཇུག་པ་ཡིན་ནོ། ། ཆོས་མཆོག་འབྲིང་གི་དམིགས་པ་ནི། དེ་བཞིན་ཉིད་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་ལ་སངས་རྒྱས་རྣམས་ཀྱིས་བསྔགས་ཤིང་ལུང་སྟོན་པར་མཛད་པ་འདི་ནི་ཆོས་ཉིད་ དབང་བཙན་པའི་མཐུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་རྣམ་པ་ནི། གཟུང་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པས་བྱང་ཆུབ་སེམས་དཔའི་སྦྱོར་ལམ་ཆོས་མཆོག་ལ་གནས་པ་དེའི་ཏིང་ངེ་འཛིན་རང་གི་ངོ་བོ་རྟོགས་པ་ལ། བདག་ནི་མཉམ་པར་ 4-1-108a བཞག་པའོ་སྙམ་པ་ལ་སོགས་པའི་ཤེས་པ་ཕྲ་མོ་ཙམ་ཡང་མི་འབྱུང་བ་ཞེས་བྱ་བ་ཡིན་ནོ། །ཆོས་མཆོག་ཆེན་པོའི་དམིགས་པ་ནི། ཆོས་ཉིད་ཀྱི་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དོན་ གསུམ་པོ་ཕན་ཚུན་བདག་མེད་པར་ངོ་བོ་གཅིག་པའོ་ཞེས་བྱ་བ་ཡིན་ནོ། །དེའི་རྣམ་པ་ནི། ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་ཉིད་ཀྱིས་གང་ལ་ཏིང་ངེ་འཛིན་དེའང་ཡོད་པ་མིན་པས་རྣམ་པར་མི་རྟོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའི་ཐབས་དམ་པའོ་ཞེས་བྱ་ བ་ཡིན་ཏེ་ཞེས་བཀོད་པར་མཛད་དོ། །གཉིས་པ་ནི། དེ་ལྟར་ན་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་ཆོས་ཀྱི་མཆོག་ཅེས་བྱ་བ་དམིགས་པ་དང་རྣམ་པར་ལྡན་པ་རྣམ་པ་གསུམ་མོ། །གསུམ་པ་བརྗོད་ཚུལ་ལ་རྩོད་པ་སྤང་བ་ལ་གཉིས། རྩོད་པ་ དང་། ལན་ནོ། །དང་པོ་ནི། ཁ་བསྐང་སྟེ་བཤད་ནས་ཤེས་དགོས་ལ། དེའང་དམིགས་པ་དང་རྣམ་པ་གང་དག་སྔ་མ་དྲོད་ཆུང་ངུ་ལས་གཞན་ངེས་འབྱེད་ཡན་ལག་ཕྱི་མ་རྣམས་ལ། དམིགས་པ་དང་རྣམ་པའི་ཁྱད་པར་འོག་ཏུ་མ་སྦྱར་བ་ལ་བརྟེན་ནས་འོག་མའི་ངེས་ འབྱེད་ཡན་ལག་རྣམས་ལ་དམིགས་རྣམ་སོ་སོར་སྟོན་མི་དགོས་པར་གོ་བའི་ལོག་རྟོག་ཅན་དང་། འོན་ཏེ་དེ་གོ་བའི་གང་ཟག་གིས་ཀྱང་དམིགས་རྣམ་ཕྱི་མ་རྣམས་ལ་བདེན་པ་བཞི་དང་། མི་རྟག་ལ་སོགས་བཅུ་དྲུག་གི་ཁྱད་པར་དུ་བྱས་པ་མ་ཡིན་པར་རྟོགས་ནས་ འདི་སྐད་དུ་སྨྲ་བ་བྱེད་དེ། ངེས་འབྱེད་སྔ་མ་ལས་ཕྱི་མ་བཅུ་གཅིག་པོ་ལ་དམིགས་པ་དང་རྣམ་པའི་ཁྱད་པར་མེད་པར་སྨྲ་བ་དང་། བདེན་པ་བཞི་དང་མི་རྟག་སོགས་བཅུ་དྲུག་གི་ངོ་བོར་མི་ལྡན་པའི་ཚུལ་འདི་འཐད་པའོ་ཞེས་སྨྲ་བར་བྱེད་དོ། །གཉིས་པ་ 4-1-108b ལན་ལ་གསུམ། སྒྲ་གཉིས་བརྗོད་བྱ་ཐ་དད་མེད་པས་དང་། དོན་གྱི་ཤུགས་ཀྱིས་ཆོས་ཅན་གོ་བའི་ལན་དང་། དོན་བསྡུ་བའོ། །དང་པོ་ནི། སློབ་དཔོན་གྱིས་སྨྲ་བ་མཁས་པ་རྣམས་ཀྱིས་རྒྱས་པར་བརྗོད་པའི་ཚུལ་དང་། བསྡུས་ཏེ་བརྗོད་པའི་ཚུལ་ གཉིས་ཡོད་པ་ལས། རྒྱས་པར་བརྗོད་པར་སྤྲོ་བ་རྣམས་ཀྱིས་ནི། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་ཞེས་བྱ་བའི་སྐབས་མ་གཏོགས་པར། གཞུང་ཕྱི་མ་རྣམས་ཀྱི་སྐབས་སུའང་དམིགས་པ་དང་རྣམ་པ་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ ཅན་དང་། ཁྱད་པར་གྱི་ཆོས་བརྗོད་པའི་སྒོ་ནས་རྒྱས་པར་བརྗོད་པར་བྱ་དགོས་པ་ཡིན་ནའང་ཞེས་བྱ་བར་བརྗོད་པའི་སྤྲོས་པ་ཅན་རྣམས་ལ་བདེན་ལན་བྱིན་ནས། རིགས་པའི་རྗེས་སུ་འབྲང་བ་རྣམས་ལ་དམིགས་པ་དང་རྣམ་པ་རྣམས་ཀྱི་ཆོས་ཅན་བཏང་སྙོམས་སུ་བྱས་ནས་ དེ་དག་གི་ཁྱད་ཆོས་ཞིབ་མོ་དག་བརྗོད་པས་གཞུང་འོག་མ་ཐམས་ཅད་དུའང་ཚུལ་དེ་ལྟ་བུའི་སྒོ་ནས་བརྗོད་པ་ནི། ཁྱད་པར་གྱི་ཆོས་བརྗོད་པས་ཆོས་ཅན་ཀྱང་གསལ་བར་གོ་ནུས་པའི་དོན་གྱིས་ཁྱད་པར་གཞན་སྤོང་བ་དང་། མི་སྤོང་བ་ཙམ་མ་གཏོགས་པའི་བརྗོད་ཚུལ་ འདི་དག་ལ་དོན་རང་མཚན་ལ་བརྗོད་བྱའི་དོན་གྱི་ཁྱད་པར་ནི་འགའ་ཡང་མེད་ཅིང་། ཕྱིན་ཅི་མ་ལོག་པར་རྟོགས་པའི་དགོས་པ་ཁྱད་པར་འགའ་ཡང་མེད་དོ་ཞེས་རིགས་པའི་གཞུང་ལུགས་ལས་འབྱུང་བའི་ཕྱིར་རོ། །དེ་ལྟར་ཆོས་ཅན་བདེན་པ་བཞི་དང་། ཁྱད་ པར་གྱི་ཆོས་དམིགས་རྣམ་བརྗོད་པའི་སྒྲ་གཉིས་ལས། དྲོད་ཆུང་ངུའི་སྐབས་སུ་ནི་ཆོས་ཅན་གྱི་ཆོས་དང་། ཁྱད་ཆོས་ཀྱི་ཆོས་ཅན་གཉིས་ཀ་དངོས་སུ་བསྟན་ལ། ལྷག་མ་བཅུ་གཅིག་གི་སྐབས་སུ་ནི་ཁྱད་ཆོས་དམིགས་རྣམ་བརྗོད་པའི་སྒྲས་ཆོས་ཅན་ 4-1-109a བདེན་པ་བཞི་བསྟན་ཅེས་པ་དང་། འགའ་ཞིག་གིས་དྲོད་ཆུང་ངུའི་སྐབས་སུ་དམིགས་པ་དང་རྣམ་པ་ཚིག་ཟིན་དུ་སྨོས་པས་ཆོས་ཅན་དུ་བྱས་པ་དེ་བཞིན་དུ་ཕྱི་མ་རྣམས་ལའང་སྦྱར་དགོས་པ་ལ། མ་སྦྱར་བར་ཕྱི་མ་རྣམས་སུ་དེའི་སྟེང་གི་ཁྱད་ཆོས་ བརྗོད་པས་ཕྱི་མ་རྣམས་ཀྱི་ཆོས་ཅན་ཀྱང་དོན་གྱིས་གོ་བར་བྱས་པ་ཡིན་ནོ་ཞེས་ཟེར་རོ། ། བོད་གངས་ཅན་པ་ལ་ལ་ཞིག་འདི་སྐབས་སུ་ངེས་འབྱེད་ཀྱི་དམིགས་པ་དང་རྣམ་པ་ནི། དམིགས་པ་མི་རྟག་སོགས་ཚིག་རྐང་གསུམ་གྱིས་བསྟན་ལ། གཞུང་ཕྱི་མ་རྣམས་ངེས་ འབྱེད་ཡན་ལག་བཅུ་གཉིས་ཀྱི་གྲངས་སྟོན་པའི་གཞུང་ཡིན་པས་འདིར་སེང་གེ་བཟང་པོས་དེའི་དམིགས་རྣམ་ཆོས་ཅན་དུ་བཟུང་ནས་ངེས་འབྱེད་ཡན་ལག་ཕྱི་མ་རྣམས་ཀྱི་ཡོན་ཏན་ཁྱད་ཆོས་སུ་སྦྱར་ཏེ། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་སྒྲས་བརྗོད་དགོས་ཤེས་ པའི་ཚུལ་འདི་ནི་སེང་གེ་བཟང་པོ་རང་ཉིད་ངལ་བ་ལས་མ་གཏོགས་པའི་དགོས་པ་ནི་འགའ་ཡང་མེད་དོ་ཞེས་ཟེར་རོ། །དེ་ལྟར་སྨྲ་བ་འཐད་མི་འཐད་ནི་སློབ་དཔོན་སེང་གེ་བཟང་པོ་ལ་ཚད་མར་འཛིན་མི་འཛིན་ལ་རག་ལས་སོ། ། ཁྱད་པར་གཞན་སྤོང་བ་དང་མི་སྤོང་ བའི་དོན་ནི། ཇི་སྐད་དུ། ཁྱད་པར་གཞན་ནི་སྤོང་བ་དང་། །མི་སྤོང་བ་དག་དེ་གཉིས་ཀྱི། །བརྡ་ཡི་བྱེ་བྲག་རྟོགས་པ་པོའི། །འདོད་པའི་རྗེས་སུ་བྱེད་པའི་གཞི། །ཀུན་ལ་རྫས་དང་དངོས་བརྗོད་པའི། །སྒྲ་ཡི་ཁྱད་པར་འདི་ཉིད་དེ། །དེ་ཕྱིར་དེ་དག་བརྗོད་བྱ་ལ། ། ཁྱད་པར་འགའ་ཡང་ཡོད་མ་ཡིན། །ཅེས་འབྱུང་ལ། དེའི་དོན་ནི། འདི་སྐབས་ཀྱི་ཆོས་དེ་ཤེས་བྱ་ཐམས་ཅད་ལ་ཆོས་ཀྱི་སྒྲ་སྦྱོར་བ་དེ་འདི་སྐབས་སུ་བཟུང་བ་མ་ཡིན་གྱི། འོ་ན་འདིར་བཟུང་བའི་ཆོས་དེ་རྟོག་པས་རྟེན་ཆོས་སུ་བཟུང་བའི་ཆོས་སུ་བྱེད་པ་དེ་བརྗོད་པའི་སྒྲ་ 4-1-109b དེ་ལ་ཆོས་བརྗོད་པའི་སྒྲ་ཞེས་ཟེར་ལ། དེ་ལའང་ཆོས་རྐྱང་པ་བརྗོད་པའི་སྒྲ་དང་། ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་བརྗོད་པའི་སྒྲ་གཉིས་ལས། ཆོས་རྐྱང་པ་བརྗོད་པའི་སྒྲ་ནི་མི་རྟག་པ་ཞེས་བརྗོད་པ་ལྟ་བུའོ། །ཆོས་ཅན་ཁྱད་པར་དུ་བྱས་པའི་ཆོས་བརྗོད་ཀྱི་ སྒྲ་ནི་སྒྲ་མི་རྟག་ཅེས་བརྗོད་པ་ལྟ་བུའོ། །ཆོས་ཅན་བརྗོད་པ་ལ་དེ་སྐབས་ཀྱི་ཆོས་ཅན་ཀྱང་སྔ་མ་ལྟར་རྣམ་པར་རྟོག་པའི་རྟེན་ཆོས་ཀྱི་གཞིར་བཟུང་བ་ཞིག་ལ་བྱེད་དགོས་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཅན་ལའང་ཆོས་ཅན་རྐྱང་པ་བརྗོད་པའི་སྒྲ་དང་། ཆོས་ཀྱིས་ཁྱད་པར་ དུ་བྱས་པའི་ཆོས་ཅན་བརྗོད་པའི་སྒྲ་གཉིས་ལས། སྔ་མ་ནི་སྒྲ་ཞེས་བརྗོད་པ་ལྟ་བུ་དང་། ཕྱི་མ་ནི་མི་རྟག་པའི་སྒྲ་ཞེས་པ་ལྟ་བུའོ། །ཆོས་དང་ཆོས་ཅན་གྱི་དོན་ནི་དེ་ལྟར་ཡིན་ལ། ཁྱད་པར་གཞན་གྱི་དོན་ཡང་། ཁྱད་པར་ནི་དེའི་ཆོས་ཡིན་ལ། གཞན་ནི་དེ་ལྡན་པའི་གཞི་སྟེ། ཁྱད་ཆོས་ལས་གཞན་པའི་ཆོས་སེལ་ངོར་ཐ་དད་པ་ཞིག་ལ་གཞན་ཟེར་བ་ཡིན་ནོ། །སྤོང་བ་དང་མི་སྤོང་བའི་དོན་ནི་ཆོས་བརྗོད་ཀྱི་སྒྲས་ཆོས་གཞན་རྟེན་པ་སྤོང་བར་བརྗོད་པ་ཡིན་ལ། ཆོས་ཅན་བརྗོད་པའི་སྒྲ་དེས་ཆོས་གཞན་བརྟེན་པ་མི་སྤོང་བར་བརྗོད་པ་ཡིན་པ་ནི་སྤྱི་ཙམ་ ནས་ཡིན་ཀྱང་། ཆོས་བརྗོད་ཀྱི་སྒྲས་ཆོས་གཞན་རྟེན་པ་མི་སྤོང་བའང་ཡོད་དེ། དཔེར་ན་ཁྱད་ཆོས་ཀྱི་ཁྱད་གཞི་མཚོན་ནུས་ཀྱི་བརྗོད་པ་ཡིན་པ་ལྟ་བུའོ། །སྤྱི་ལྡོག་ནས་སྤོང་བ་དང་མི་སྤོང་བར་བརྗོད་ཚུལ་གྱི་ཁྱད་པར་ཡང་དཔེར་མཚོན་ན། མི་རྟག་ཅེས་བརྗོད་ པ་དེས་ཆོས་གཞན་རྟེན་པ་སྤོང་བར་བརྗོད་པ་ཡིན་ཏེ། ཆོས་གཞན་གྱི་གཞི་མར་མ་གྱུར་པ་ཆོས་དངོས་སུ་བརྗོད་པའི་ཕྱིར་རོ། །སྒྲ་ཞེས་བརྗོད་པ་དེས་ཆོས་གཞན་བརྟེན་པ་མི་སྤོང་བར་བརྗོད་པ་ཡིན་ཏེ། ཆོས་གཞན་གྱི་གཞིར་གྱུར་པ་དེ་ཆོས་ཅན་དུ་དངོས་སུ་བརྗོད་པའི་ 4-1-110a ཕྱིར་རོ། །འགའ་ཞིག་གིས་ནི་སློབ་དཔོན་གྱིས་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་ཚུལ་གྱི་སྒོ་ནས་རྩོད་པའི་ལན་འདེབས་པར་མཛད་པ་ལ་ལུང་གི་སྒོ་ནས་ལན་འདེབས་པར་མཛད་པ་ཡིན་ལ། རྣམ་པ་གཅིག་ཏུ་ན་ཞེས་སོགས་ཀྱི་སྒོ་ནས་ནི་ རིགས་པའི་ལན་འདེབས་པར་མཛད་པ་ཡིན་ནོ་ཞེས་ཟེར་བའང་རྣམ་དབྱེ་ལ་མི་མཁས་པའི་སྦྱོར་བ་ཡིན་པས་མི་འཐད་དོ། །གཉིས་པ་ནི། ལན་འདེབས་ཚུལ་གྱི་རྣམ་པ་གཅིག་ཏུ་ན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་བསྡེབས་པའི་ངོར་དམིགས་རྣམ་ ལྷག་མ་སྟོན་པའི་གཞུང་རྣམས་ཀྱི་བདེན་པ་བཞི་པོའི་དྲོད་ཆུང་ངུའི་སྐབས་སུ་གཞན་རྣམས་ལས་ཐ་དད་པར་བརྗོད་ཀྱང་ལྷག་མ་གཞན་རྣམས་ལ་བདེན་བཞི་མི་རྟོགས་པའི་སྐྱོན་མེད་དེ། དྲོད་ཆུང་ངུའི་རྣམ་པ་འཆད་པ་ན་མངོན་པར་ཞེན་པ་ལ་སོགས་པ་བཀག་པའི་ཚིག་ གིས་དྲོད་འབྲིང་གི་དམིགས་པ་དང་སྦྱོར་བར་ལྡན་པ་དག་ལ་འདི་སྐད་དུ་དེ་ཁོ་ནར་བསྒྲུབ་པ་དང་། དགག་པ་དང་བྲལ་བར་འགྱུར་བའི་ཕྱིར་ཞེས་པས་གཟུགས་ལ་སོགས་པའི་བདེན་པ་བཞི་ལ་སྦྱོར་བར་བསྟན་པ་དེ་བཞིན་དུ་དམིགས་རྣམ་ལྷག་མ་རྣམས་ལའང་སྦྱར་ དགོས་པར་ཤེས་པར་བྱ་ཞིང་། དེར་མ་ཟད་སྦྱོར་བའི་ལམ་ནི་སྡུག་བསྔལ་དང་། ལ་སོགས་པས་ཀུན་འབྱུང་དང་། འགོག་པ་དང་། ལམ་སྟེ་བདེན་པ་བཞིར་གཏོགས་པ་ཁོ་ན་ལ་དམིགས་པ་དང་རྣམ་པར་བྱ་བ་ཡིན་ཏེ། ཚུལ་དེ་ནི་དེ་ལྟ་བུའི་རང་བཞིན་ནོ། །གསུམ་པ་ ནི། དམིགས་རྣམ་འོག་མ་དག་ལའང་སྔ་མ་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་མཚུངས་ལྡན་རྟོག་པ་རྒྱས་པར་བཤད་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། མདོའི་འབྲེལ་བཙལ་ན། ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ཞེས་པའི་མདོར། 4-1-110b རབ་འབྱོར་གྱིས་ཤཱ་རིའི་བུ་ལ་རྣམ་པར་རྟོག་པ་མེད་པར་བཤད་པ་ན། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་རྣམས་ཏེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་དེ་ལྟར་བསླབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་གང་དང་གང་ལ་བསླབ་པ་ལགས་ཞེས་དྲིས་པའོ། །དྲིས་པ་དང་ལན་གྱི་སྒོ་ནས་གཏན་ལ་འབེབས་པར་མཛད་པ་དེ་ནི་དེའི་འབྲེལ་ལོ། ། འདི་སྐབས་ཀྱི་རྟོག་པ་ནི་བློས་རང་ཡུལ་ལ་མཚན་མར་འཛིན་ པ་གང་ཞིག །ཐམས་ཅད་མཁྱེན་པ་ལ་གེགས་བྱེད་ཀྱི་འཛིན་རྟོག་གི་རྣམ་པར་གཡེང་བ་དེ་འདི་སྐབས་ཀྱི་རྣམ་རྟོག་དེ་ཡིན་ལ། དེ་ལྟ་བུའི་ཤེས་བྱའི་སྒྲིབ་པ་རྟོག་པའི་ངོ་བོར་གྱུར་པ་དེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྒྱུད་ལ་ཡོད་པས། ཉན་རང་རྣམས་ནི་མྱ་ ངན་ལས་འདས་པ་གོ་ཆོད་པོ་ཐོབ་པ་མ་ཡིན་ཏེ། ཇི་སྐད་དུ། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་སོ། ། སྤྱིར་བཏང་ནས་རྣམ་རྟོག་ངོས་འཛིན་པ་ན། དབུས་མཐའ་ ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་འབྱུང་བས། ཁམས་གསུམ་གྱིས་བསྡུས་པའི་སེམས་དང་སེམས་ལས་བྱུང་བ་དེ་ལ་རྟོག་པར་བཞག་པ་དང་། ཆོས་མངོན་པ་བ་དག །དོན་རགས་པ་ཡུལ་དུ་བྱེད་པ་ལ་རྣམ་ རྟོག་ཏུ་བཞག་སྟེ། ཇི་སྐད་དུ། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་པས་རྩིང་བའི་རྣམ་པས་རྟོག་པ་དེ་ཉིད་རྟོག་པར་བཤད་པ་ནི་དཔལ་ཆོས་ཀྱི་གྲགས་པའི་རིགས་པ་དང་ཡང་མི་འགལ་བ་ཡིན་ཏེ། རྣམ་ངེས་ལས། རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བ་སྣང་ 4-1-111a བའི་ཤེས་པ་དེ་ཞེས་སོ། །དེ་ལྟར་གྱི་ཚེ་བརྗོད་བྱ་ནི་དོན་སྤྱི་ལ་དང་། རྗོད་བྱེད་ནི་སྒྲ་སྤྱི་ཡིན་ནོ། །དེ་ལྟར་ན་ཐམས་ཅད་མཁྱེན་པ་འཐོབ་བྱེད་ཀྱི་གེགས་སུ་གྱུར་པའི་རྣམ་རྟོག་ལ་གཉིས་ཡོད་དེ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་ལ་སྒྲིབ་བྱེད་ ཀྱི་རྟོག་པ་ནི་ཇི་ལྟ་བ་དཔྱོད་པའི་གེགས་སུ་གྱུར་པ་དང་། ལས་འབྲས་ལ་སྒྲིབ་བྱེད་ཀྱི་རྟོག་པ་ནི་ཇི་སྙེད་པ་དཔྱོད་པའི་གེགས་སུ་གྱུར་པ་དེའོ། །དེ་ལའང་དང་པོར་ཇི་ལྟ་བ་དཔྱོད་བྱེད་ཀྱི་གེགས་གྱུར་གྱི་རྟོག་པ་ནི་མཉམ་པར་བཞག་པའི་གནས་སྐབས་ཁོ་ནར་སྤངས་པ་ ཡིན་ལ། ཇི་སྙེད་པ་དཔྱོད་བྱེད་ཀྱི་གེགས་གྱུར་གྱི་རྟོག་པ་ནི་རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །དེ་ལྟར་གྱི་ཚེ་ན་རྫས་འཛིན་གྱི་རྟོག་པ་དང་། བཏགས་འཛིན་གྱི་རྟོག་པ་གཉིས་ལས། དང་པོ་ནི། བདེན་འཛིན་དང་དོན་གཅིག་ལ། དེ་ལའང་གཉིས་ཏེ། གཟུང་བ་ལ་དང་འཛིན་པ་ལའོ། །དང་པོ་ལའང་གཉིས་ཏེ། ཀུན་ནས་ཉོན་མོངས་ཀྱི་ཆོས་དང་། རྣམ་བྱང་གི་ཆོས་ལའོ། །རྣམ་བྱང་གི་ཆོས་ལའང་ཐེག་ཆེན་དང་། ཐེག་དམན་གྱི་རྣམ་པར་བྱང་བ་གཉིས་ལས། གང་ཞིག་གཟུང་བྱའི་ཡུལ་སྐྱོན་ཅན་དུ་མཐོང་ཞིང་ དེར་ཞེན་པའི་བློ་བཟློག་པ་གཟུང་རྟོག་དང་། གང་ཞིག་གཟུང་བྱའི་ཡུལ་ཡོན་ཏན་ཅན་དུ་མཐོང་ཞིང་དེར་ཞེན་པའི་བློ་འཇུག་པ་གཟུང་རྟོག་སྟེ་དེ་ལྟར་དུ་འབྱེད་ལ། འཛིན་པ་ལའང་གཉིས་ཏེ། ཆོས་དང་། གང་ཟག་གོ། དང་པོ་ནི། ཤེས་བྱ་རྣམས་དང་ཤེས་པ་དེའོ། ། གཉིས་པ་ནི། གང་ཟག་ཏུ་གདགས་གཞི་དང་དེར་བཏགས་པའི་ཆའོ། །འདི་སྐབས་ཀྱི་རྫས་འཛིན་གྱི་རྟོག་པ་སྐྱེ་བ་ལ་དེ་ལྟར་རྟོག་པའི་རྒྱུ་རྫས་ཡོད་དུ་འཛིན་པའི་རྟོག་པ་ལ་བརྟེན་ནས་སྐྱེ་བའི་འཛིན་སྟངས་ཀྱི་ཡུལ་དུ་རྫས་རང་རྐྱ་ཐུབ་པ་ཞིག་ལ་བྱེད་པ་ཡིན་ནོ། །གཉིས་ 4-1-111b པ་ནི། དེ་ལ་བདེན་འཛིན་གྱི་སྒྲོ་འདོགས་ཆོད་ཀྱང་དོན་དེ་ལ་ཞེན་པའི་བཏགས་པ་བའི་བློ་ཞིག་གོ། དེ་ལྟར་གྱི་ཚེ་བློ་དེའི་ཡུལ་ལའང་གཟུང་བ་དང་འཛིན་པ་ལ་བཏགས་པ་ཙམ་དུ་ཞེན་པའོ། །དང་པོ་ལའང་ཀུན་ནས་ཉོན་མོངས་དང་། རྣམ་བྱང་གི་ཆ་གཉིས་སོ། ། རྣམ་བྱང་ལའང་ཐེག་པ་ཆེ་ཆུང་གི་རྣམ་པར་དབྱེ་བས་གཉིས་སོ། །གཉིས་པ་ལའང་གང་ཟག་ལ་དང་། ཆོས་ལའོ། །ཆོས་ལའང་གཉིས་ཏེ། སོ་སོ་སྐྱེ་བོའི་གདགས་གཞི་སེམས་སེམས་བྱུང་། འཕགས་པའི་གདགས་གཞི་མཉམ་རྗེས་ཀྱི་ཡེ་ཤེས་སོ། ། དེ་ལྟར་ འཛིན་རྟོག་གཉིས་ལ་དབྱེ་བ་བཤད་མ་ཐག་པ་དེ་ལྟ་བུ་གཟུང་རྟོག་གཉིས་ལའང་སྦྱར་བ་ནི་བཙན་ཁ་བོ་ཆེ་ནས་བརྒྱུད་པའི་བྱམས་ཆོས་ཀྱི་སྒོམ་རིམ་རྣམས་སུ་གསལ་བར་བྲིས་པ་མངོན་དུ་གྱུར་པ་ལས། བྱང་ཕྱོགས་འདིར་ཕྱི་མའི་དུས་ཀྱི་ཆེན་པོ་འགའ་ཞིག་གིས་བློ་ གྲོས་ཀྱི་རྩལ་ཁོ་ནས་རྙེད་པ་ཡིན་ཅེས་པ་དང་། དེ་ལྟར་རྙེད་པ་དེའང་དབུ་མའི་གཞུང་ལུགས་འཆད་པའི་བབས་ལ་དེ་ལྟར་མི་འཆད་ཀ་མེད་ཡིན་ཅེས་དང་། དེ་ལྟའི་རྣམ་པར་དབྱེ་བའང་རྒྱན་རྩ་འགྲེལ་ལས་མ་བཤད་པའི་ཉེས་པ་མེད་དོ་ཞེས་ཟེར་རོ། །དེ་ལྟ་བུའི་དབྱེ་ བ་བཤད་པས་གཟུང་འཛིན་གྱི་རྟོག་པའི་འཛིན་སྟངས་དོན་དང་མཐུན་པ་དང་མི་མཐུན་པར་གནས་མི་གནས་ལ་རྩོད་པ་བྱེད་པ་ནི་དོན་འདི་ཁོང་དུ་མ་ཆུད་པའི་སྐྱོན་ཡིན་ནོ། །དེ་ལྟར་རྩོད་པའི་འཁྲུལ་གཞི་ཡང་། ཉི་ཁྲི་སྣང་བ་ལས། སྔོན་པོ་ལ་རྟོག་པ་གཟུང་རྟོག་ཡིན་ ལ་འཛིན་རྟོག་མ་ཡིན་པའི་མུ་དང་། སྔོ་འཇལ་གྱི་སྐད་ཅིག་མ་ལ་རྟོག་པ་འཛིན་རྟོག་ཡིན་ལ་གཟུང་རྟོག་མ་ཡིན་པའི་མུ། ཞེས་སོགས་མུ་བཞིར་བཤད་ལ། དེ་ལྟར་བཤད་པ་ལ་བོད་པའི་སློབ་དཔོན་ལ་ལས་ནི་ཡུལ་གཅིག་ལ་མི་བལྟོས་པར་ཡུལ་ཐ་དད་པའི་སྒོ་ནས་མུ་དེ་ 4-1-112a ལྟར་བརྩི་ཞིང་། འཇོག་ན་རྗེས་དཔག་ཚད་མ་ཡང་ཕྱི་རོལ་ཡུལ་ལ་རྟོག་པ་དང་། རང་གི་ངོ་བོ་ལ་མངོན་སུམ་ཡིན་པས་ཚད་མ་ཕུང་གསུམ་པ་སྲིད་པ་སོགས་ཧ་ཅང་ཐལ་བའི་ཕྱིར་ཞེས་སྨྲ་ལ། སྐྱོན་དེའང་སློབ་དཔོན་འཕགས་གྲོལ་ལ་འཇུག་པ་ མ་ཡིན་ཏེ། སློབ་དཔོན་གྱིས་དེ་ལྟར་མུ་བཞིར་བཤད་པའང་རིག་པའི་རྗེས་སུ་འབྲང་ནས་ལེགས་པར་དཔྱད་པས་ཧ་ཅང་ཐལ་ཆེས་པར་འགྱུར་མི་འགྱུར་ལ་དགོངས་པ་མ་ཡིན་གྱི། སྤྱི་ཙམ་ནས་ཆོས་མངོན་པར་གཟུང་འཛིན་གྱི་རྟོག་པ་ལ་མུ་བཞིར་བཤད་པ་དེ་འདིར་ དྲངས་པ་ཡིན་པས་སློབ་དཔོན་ལ་ནོངས་པ་མེད་དོ། ། གཞན་ཡང་ཉི་ཁྲི་སྣང་བ་རྩོམ་པ་པོའི་འཕགས་གྲོལ་དེ་འཕགས་པ་གྲོལ་སྡེ་མིན་པར་སྣང་ཞེས་སྨྲ་བ་སོགས་ནི་བློའི་ར་བ་ལས་བརྒལ་བའི་གཏམ་ཡིན་ཏེ། བསམ་ཡས་རྒྱལ་པོའི་དུས་སུ་མཁན་པོ་རྣམ་སྣང་མཛད་ལ་ སོགས་འཕགས་གྲོལ་གྱི་སློབ་བརྒྱུད་བར་མ་ཆད་དུ་བྱོན་ཏེ། དེ་དག་གིས་འཕགས་གྲོལ་གྱིས་མཛད་པའི་ཉི་ཁྲི་སྣང་བ་ཞེས་ཉི་ཟླ་ལྟར་གྲགས་པས་འཁྲུལ་བའི་གཞི་ཡེ་མེད་དོ། ། དེ་ལྟ་བུའི་རྫས་འཛིན་གྱི་རྟོག་པ་ནི་སོ་སོ་སྐྱེ་བོའི་རྒྱུད་དང་ཉན་རང་འཕགས་པའི་རྗེས་ ཐོབ་ན་ཡོད་པ་ཡིན་ལ། སོ་སོའི་སྐྱེ་བོ་ནི་དངོས་པོ་ཐམས་ཅད་ལ་རང་མཚན་གྱིས་བདེན་པ་བ་ཁོ་ནར་རྟོག་ཅིང་། དེ་ལས་གཞན་དུ་རྟོག་པ་མ་ཡིན་པ་དང་། ཉན་རང་འཕགས་པའི་རྗེས་ཐོབ་ནའང་བདེན་འཛིན་གྱི་བློ་མི་ལྡོག་པས་སོ། །ཐེག་ཆེན་འཕགས་པའི་མཉམ་རྗེས་ གཉི་གར་རྫས་འཛིན་རྟོག་པ་ནི་མི་འབྱུང་སྟེ། བདེན་མེད་མངོན་སུམ་དུ་རྟོགས་པ་བར་མ་ཆད་པའི་རྒྱུན་དང་ལྡན་པའི་ཕྱིར་རོ། །བཏགས་འཛིན་རྟོག་པ་ནི་ཐེག་ཆེན་སྦྱོར་ལམ་གྱི་མཉམ་རྗེས་གཉིས་ཀ་ན་མོས་པ་ཡིད་བྱེད་ཀྱི་སྒོ་ནས་མངོན་གྱུར་དུ་ཡོད་ལ། མ་དག་ས་བདུན་ 4-1-112b གྱི་རྗེས་ཐོབ་ཏུ་ནི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་སྒོ་ནས་བཏགས་འཛིན་རྟོག་པ་མངོན་དུ་འགྱུར་བ་སྲིད་ཅིང་། དག་པའི་སར་ནི་རྟོག་པ་མངོན་གྱུར་པ་གང་ཡང་མེད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པའི་ཕྱིར་རོ། །དེ་སྐད་དུའང་། ཡིད་དང་འཛིན་དང་རྣམ་ པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་པ། །ཞེས་འབྱུང་བས་སོ། །ཐེག་པ་ཆེ་ཆུང་གཉིས་ཀའི་འཕགས་པ་ལའང་གང་ཟག་ལ་དམིགས་པའི་བཏགས་འཛིན་རྟོག་པ་མངོན་གྱུར་པ་སྲིད་ལ། དེའི་རྒྱུ་མཚན་ཀྱང་། འཕགས་པའི་རྗེས་ཐོབ་ཏུ་གང་ཟག་འདི་དག་ཐམས་ ཅད་ནི་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བརྡར་བཏགས་པ་ཙམ་ཡིན་ནོ་ཞེས་འཛིན་པ་ཡོད་པ་ཡིན་ནོ། །དེ་ལྟ་བུའི་རྣམ་རྟོག་དེ་ལས་ཐོག་མར་ལྷན་ཅིག་སྐྱེས་པའི་རྟོག་པས་འཛིན་སྟངས་ཀྱི་ཡུལ་དུ་བྱས་པའི་རྫས་འཛིན་གྱི་རྟོག་པ་དེ་འགོག་པར་བྱེད་དགོས་ཤིང་། དེའི་འོག་ཏུ་བཏགས་འཛིན་གྱི་རྟོག་པ་འགོག་བྱེད་ཀྱི་རིགས་པ་བཤད་ནས། རྫས་བཏགས་ཀྱི་གཟུང་བ་དང་འཛིན་པའི་རྟོག་པ་དེ་དག་རིམ་པ་དེ་དག་གིས་བཀག་ནས་སྦྱོར་ལམ་གྱི་གནས་སྐབས་སུ་ཉམས་སུ་ལེན་པ་ན། དྲོད་ཀྱི་མཉམ་བཞག་ཏུ་ཀུན་ནས་ཉོན་མོངས་ཀྱི་ གཟུང་བ་རང་བཞིན་མེད་པ་དང་། རྩེ་མོའི་མཉམ་གཞག་ཏུ་རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་དང་། བཟོད་པའི་གནས་སྐབས་སུ་རྫས་སུ་འཛིན་པ་རང་བཞིན་མེད་པ་དང་། ཆོས་མཆོག་གི་གནས་སྐབས་སུ་བཏགས་པར་འཛིན་པ་རང་བཞིན་གྱིས་མེད་པའི་ཚུལ་ ལ་གསལ་སྣང་གོམས་པ་དང་། མཆེད་པའི་ཚུལ་གྱིས་མཉམ་པར་བཞག་པ་ཡིན་ཏེ། དེ་ལྟར་གྱི་ཚེ་ན་ངེས་འབྱེད་དང་པོ་ལ་རྟོག་པ་གསུམ་དང་། གཉིས་པ་ལ་རྟོག་པ་གཉིས་དང་། གསུམ་པ་ལ་རྟོག་པ་གཅིག །བཞི་པ་ལ་རྟོག་པ་གཅིག་པོ་དེའང་མཉམ་པར་ 4-1-113a བཞག་པ་ན་སྤངས་པའི་ཕྱིར་ན་སྦྱོར་ལམ་གྱི་རྣམ་པར་རྟོག་པ་ལྡན་ཚུལ་དང་། དེ་དག་སྤང་བའི་ཚུལ་དེ་ལྟར་བཤད་པ་ནི་འཕགས་སེང་གི་དགོངས་པ་ཕྱིན་ཅི་མ་ལོག་པ་བཤད་པ་ཡིན་གྱི། དེང་སང་འདི་ན་ལ་ལ་དག་སྒྲུབ་རྟོག་སྤང་བྱར་ལྡན་པ་དང་ དགག་རྟོག་ངོ་བོར་ལྡན་པ་ཞེས་བྱ་བ་ལ་སོགས་པའི་རྣམ་གཞག་ནི། གོང་དུ་བཤད་པའི་དོན་ལ་མཐའ་མ་ཆོད་པར་འཁྲུལ་བའི་གཏམ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡིན་ནོ། །དོན་འདི་ལ་ཤཱནྟི་པ་དང་ཨ་བྷྱས། དྲོད་ཀྱིས་ཀུན་ནས་ཉོན་མོངས་ཀྱི་གཟུང་རྟོག་དགུ་སྲབ་མོར་ བྱས་ཤིང་མ་སྤངས་པ་ན་དེ་དག་དང་ལྡན་པ་ཡིན་ལ། རྩེ་མོས་རྣམ་བྱང་གཟུང་རྟོག་དགུ་སྲབ་མོར་བྱས་ཤིང་མ་སྤངས་པ་ན་དེ་དག་དང་ལྡན་པ་ཡིན་ལ། རྟོག་པ་སྔ་མ་དགུ་སྤོང་ངོ་། །དེ་བཞིན་དུ་བཟོད་པ་དང་ཆོས་མཆོག་གིས་རིམ་པ་བཞིན་འཛིན་རྟོག་གཉིས་སྲབ་མོར་ བྱས་ཤིང་མ་སྤངས་པར་ལྡན། རྣམ་བྱང་གཟུང་རྟོག་སྤང་ཞེས་བཞེད་དོ། །སྐབས་འདིར་བསྟན་གྱི་རྟོག་པ་བཞི་པོ་འདི་ལ་མཐོང་བ་དང་སྒོམ་པ་གཉིས་ཀའི་སྤང་བྱའི་ཆ་ཡོད་པ་ཡིན་ནོ། །འགའ་ཞིག་གིས་ནི་སྦྱོར་བའི་ལམ་གྱི་མཇུག་ཐོག་འདི་ཉིད་དུ་མཐོང་བའི་ལམ་ འབྱུང་བའི་ཕྱིར་མཐོང་བས་སྤང་བྱ་ཁོ་ནའི་རྟོག་པའི་ཆ་ཡིན་གྱི། སྒོམ་ལམ་གྱི་རྟོག་པའི་ཆ་ནི་སྐབས་འདིར་མི་གཟུང་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །གཉིས་པ་གཞུང་གི་དོན་ལ། མཚམས་སྦྱར། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། རྣམ་པར་རྟོག་པ་ བཞི་པོ་དང་ལྡན་པའི་ཚུལ་ཡང་དོན་གསལ་བར་བྱ་བའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྨོས་པར་མཛད་དོ། །གཉིས་པ་ལ་གཉིས། གཟུང་རྟོག་དང་། འཛིན་རྟོག་གོ། དང་པོ་ལ་རྩ། འགྲེལ་གཉིས་ལས། དང་པོ་ནི། གཞི་ཀུན་ནས་ཉོན་མོངས་པ་རྣམ་པར་མ་དག་ 4-1-113b པ་དང་། དེའི་གཉེན་པོ་རྣམ་པར་བྱང་བ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྟེན་ཅན་གྱི་རིམ་པ་ལྟར་ལྡོག་པ་དང་འཇུག་པའི་གཟུང་བར་རྟོག་པ་རྣམ་པ་གཉིས་ལས། དེ་རེ་རེ་ལའང་རྨོངས་པ་སྟེ་མ་རིག་པ་ལ་སོགས་པ་དང་ཕུང་ཁམས་སྐྱེ་མཆེད་ལ་སོགས་ཀྱི་བྱེ་བྲག་གིས་གཉིས་ པོ་དེ་ནི་སོ་སོར་རྣམ་པ་དགུ་དགུར་དབྱེ་བར་རུང་ངོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་ནས་སོ། །གཉིས་པ་དེ་འགྲེལ་བ་ལ་གཟུང་བར་རྣམ་པར་རྟོག་པ་ལ་རྩ་བའི་དབྱེ་བ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་གྱི་གཟུང་རྟོག་དང་། གཉེན་པོའི་རྟེན་ཅན་ཉིད་ ཀྱིས་གཟུང་རྟོག་རྣམ་པ་གཉིས་ཡོད་པ་ལས། ཀུན་ནས་ཉོན་མོངས་པའི་ཡན་ལག་གིས་དབྱེ་ན། ཀུན་ནས་ཉོན་མོངས་པའི་མ་རིག་པ་སོགས་དགུ་དང་། རྣམ་པར་བྱང་བའི་ཕུང་པོ་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པ་དགུའོ། །གཉིས་པ་འཛིན་རྟོག་ལའང་། རྩ། འགྲེལ་ གཉིས་ལས། དང་པོ་ནི། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱིས་འཛིན་པའི་རྣམ་པར་རྟོག་པའང་རྣམ་པ་གཉིས་སུ་འདོད་དེ། གཉིས་པོ་དེ་རེ་རེ་ལའང་རང་དབང་ཅན་གྱི་བདག་ལ་སོགས་ལ་དམིགས་པའི་ངོ་བོ་ཉིད་ དགུ་དང་། ཕུང་པོ་ལ་སོགས་ལ་དམིགས་པའི་རྟེན་ཅན་དགུ་ལས་སྔ་མ་དེ་བཞིན་དུ་དགུ་ཚན་གཉིས་ཡིན་ནོ་ཞེས་བཀོད་པར་མཛད་དོ། ། འགའ་ཞིག་འདི་སྐབས་སུ་རྫས་དང་བཏགས་པའི་རྟེན་ཅན་གྱིས་གཅིག་ཤེས་པའི་ཡུལ་དང་། ཚིག་རྐང་ཕྱི་མས་ནི་ཡུལ་ཅན་དུ་ བཤད་པ་ཡིན་ནོ་ཞེས་ཟེར་བ་དེ་ནི་གློ་བུར་བའི་བཤད་པ་ཡིན་པས་ཡིད་རྟོན་པ་མ་ཡིན་ནོ། །གཞན་ཡང་འགའ་ཞིག་སེམས་ཅན་ཐམས་ཅད་ལ་རྫས་ཡོད་དུ་ཞེན་པའི་རྟོག་པ་དང་། བཏགས་ཡོད་དུ་ཞེན་པའི་རྟོག་པ་ཞེས་སྦྱར་ན་ཚིག་གི་ནུས་པ་ཆེ་བ་ཡིན་གྱི། གང་ཟག་རྫས་ 4-1-114a ཡོད་དང་སྐྱེས་བུ་བཏགས་ཡོད་ཅེས་སྦྱར་བ་ལ་ནི་ཚིག་གི་ནུས་པ་ཆུང་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །གཉིས་པ་ནི། གང་ཟག་རྫས་སུ་ཡོད་པ་ལ་དམིགས་པ་དང་། སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པ་གཉིས་ཡོད་པས། འཛིན་པར་རྣམ་པར་ རྟོག་པ་རྩ་བའི་དབྱེ་བའང་རྣམ་པ་གཉིས་ཡིན་ལ། དེ་ཡན་ལག་གིས་དབྱེ་ན། བདག་རང་དབང་ཅན་སོགས་ལ་དམིགས་པ་དགུ་དང་། ཕུང་པོ་ལ་སོགས་ལ་དམིགས་པ་ཉིད་ཀྱིས་དབྱེ་ན་སོ་སོར་དེ་ལྟར་རྣམ་པ་དགུ་དགུའོ། །གསུམ་པ་རྒྱས་བཤད་ལ་གཉིས། མཚམས་སྦྱར་བ་དང་། དོན་དངོས་སོ། །དང་པོ་ནི། དགུ་ཚན་བཞི་ཡོད་པ་དེ་ལ་གོང་དུ་མདོར་བསྡུས་ནས་བསྟན་པའི་བརྗོད་བྱའི་དོན་ནི་འོག་ཏུ་འཆད་པ་འདི་ཡིན་ཏེ་ཞེས་བཀོད་དོ། །གཉིས་པ་དོན་དངོས་ལ་བཞི། ཀུན་ནས་ཉོན་མོངས་གཟུང་རྟོག །རྣམ་བྱང་གཟུང་རྟོག །རྫས་ འཛིན་རྟོག་པ། བཏགས་འཛིན་རྟོག་པ་རྒྱས་བཤད་དོ། །དང་པོ་ནི། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་དགུ་ནི་མ་རིག་པ་སྟེ། མདོ་ལས། ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པ་མ་ཡིན་ནོ་ཞེས་སོ། ། མ་རིག་པ་དེས་བསྐྱེད་པའི་གཟུགས་ལ་སོགས་པ་ཕུང་པོ་ལྔ་ལའང་གཟུང་བར་རྟོག་པ་སྟེ། མདོར། གཟུགས་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། །ཞེས་སོ། །མིང་གཞིའི་ཕུང་པོ་དང་གཟུགས་ཕུང་ལ་བདག་དང་ བདག་གིར་མངོན་པར་ཞེན་པ་ལ་རྟོག་པ་སྟེ། མདོར། དེ་དག་གིས་ཇི་ལྟ་བ་བཞིན་མེད་པའི་ཆོས་དེ་དག་ལ་བཏགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་པར་གྱུར་ཏོ། །ཞེས་སོ། །རྟག་ཆད་ཀྱི་མཐའ་གཉིས་ལ་ཆགས་པར་རྟོག་པ་དང་སྟེ། མདོར། ཆོས་རྣམས་ལ་ 4-1-114b མངོན་པར་ཞེན་པ་དེ་དག་ནི་མེད་པའི་མཐའ་གཉིས་དག་ཏུ་རྟོག་པར་བྱེད་དོ། །ཞེས་སོ། །ཀུན་ནས་ཉོན་མོངས་པ་ལ་དོར་བྱ་དང་། རྣམ་པར་བྱང་བ་ལ་བླང་བྱར་མི་ཤེས་པར་རྟོག་པ་དང་སྟེ། མདོར། གཟུགས་ཀུན་ནས་ཉོན་མོངས་པའོ་ཞེས་མི་ཤེས་མི་མཐོང་ངོ་། །དེ་བཞིན་དུ་ གཟུགས་རྣམ་པར་བྱང་བའོ་ཞེས་མི་ཤེས་མི་མཐོང་ངོ་། །ཞེས་སོ། །འཕགས་པའི་ལམ་ཟག་མེད་ལ་མི་གནས་པར་རྟོག་པ་དང་སྟེ། མདོར། དེ་དག་ནི་གནས་པ་མ་ཡིན་ནོ། །ཇི་ལྟར་གནས་པ་མ་ཡིན་ནོ་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ནོ་ཞེས་པ་ནས་ ཤེས་རབ་ཀྱི་བར་དུ་བཤད་དོ། །ཕྱིན་ཅི་ལོག་ལ་དམིགས་པ་རྟོག་པ་དང་སྟེ། མདོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་སོ། །བདག་དང་ལ་སོགས་པས་སེམས་ཅན་སྲོག་གསོ་བ་བཞི། སྐྱེས་བུ་གང་ཟག་ཤེད་ ཅན་ཤེད་ལས་སྐྱེས་བཞི། བྱེད་པ་པོ་ཚོར་བ་པོ་ཤེས་པ་པོ་མཐོང་བ་པོ་བཞི་སྟེ། བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་རྟོག་པ་དང་སྟེ། མདོར། ཤིན་ཏུ་རྣམ་པར་དག་པའི་ཕྱིར། བདག་མི་དམིགས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་ ཞེས་སོ། །རྣམ་པར་དག་པའི་ཆོས་བསྐྱེད་པ་དང་ལ་སོགས་པས་མཐོ་རིས་ཐོབ་བྱེད་ཀྱི་ཟག་པ་དང་བཅས་པས་གཟུང་བར་རྣམ་པར་རྟོག་པ་རྣམས་སོ། །དང་ཞེས་པ་ནི་ཚིག་གི་ཕྲད་དོ། ། སྐབས་འདིར་མ་རིག་པ་འཛིན་པ་ཡིན་པས་གཟུང་རྟོག་ཏུ་བཤད་པ་མི་འཐད་དོ་སྙམ་ནའང་། མ་རིག་པ་རང་གི་གཟུང་ཡུལ་ལ་བལྟོས་ན་མ་རིག་པ་འཛིན་པ་ཡིན་པ་བདེན་ཀྱང་། རང་གཟུང་ཡུལ་དུ་བྱེད་པའི་འཛིན་པ་ལ་བལྟོས་ཏེ་མ་རིག་པ་གཟུང་བ་ཡིན་པས། གཟུང་བར་རྟོག་པ་མི་འགལ་བ་ཡིན་ནོ་ཞེས་བོད་སྔ་མའི་སློབ་དཔོན་དག་གསུང་ངོ་། །གཟུང་རྟོག་དང་པོ་འཆད་ 4-1-115a པའི་སྐབས་འདིར། ཉི་སྣང་དུ་དངོས་པོ་ཙམ་ལ་བརྟེན་པ་དང་། ཙམ་སྨོས་པ་ནི་ཁྱད་པར་བསལ་བའི་དོན་དུ་ཡིན་ནོ་ཞེས་བྱ་བ་ལ་བོད་སྔ་མ་རྣམས་དམིགས་པ་ལ་རྟོག་པ་དང་། རྣམ་དག་སྐྱེ་བ་ལ་རྟོག་པ་གཉིས་ཀུན་ནས་ཉོན་མོངས་ཀྱི་གཟུང་རྟོག་ ཡིན་པ་བསལ་བའི་དོན་དུ་ཙམ་སྨོས་པ་ཡིན་ནོ་ཞེས་ཟེར་མོད། ཁོ་བོས་ནི་དེ་ལྟར་འཐད་པར་མ་མཐོང་སྟེ། དེ་གཉིས་པོ་ལ་ཀུན་ནས་ཉོན་མོངས་པས་རྨོངས་པར་བྱས་པའི་གཞིའི་རྟེན་ཅན་དང་འབྲེལ་བ་ཡིན་ཀྱང་། དེའི་ཙམ་སྒྲས་དམིགས་ཡུལ་དག་པ་ལ་དམིགས་པའི་ཆ་དེ་ ནི་ཀུན་ནས་ཉོན་མོངས་གཟུང་རྟོག་མ་ཡིན་པར་བསལ་བ་ཡིན་ནོ། ། འགའ་ཞིག་གིས་སློབ་དཔོན་སེང་གེ་བཟང་པོས་གཟུང་འཛིན་གྱི་རྣམ་པར་རྟོག་པ་དགུ་བཞི་བཞི་དགུ་སུམ་ཅུ་སོ་དྲུག་པོ་འདི་མདོ་དང་མི་འགྲིགས་པས་ཚོད་དཔགས་སུ་འདུག་ཅེས་སྨྲ་བར་བྱེད་ཀྱང་། སློབ་ དཔོན་གྱིས་ཇི་ལྟར་གྲངས་སུ་གཟུང་བ་དེ་བཞིན་དུ་མདོ་དང་མི་འགྲིགས་པའི་སྐྱོན་མེད་དེ། བཤད་མ་ཐག་ཏུ་མདོ་སྦྱར་བྱས་པ་དེ་བཞིན་དུ་འོག་མ་རྣམས་ལའང་མདོ་དང་སྦྱར་བའི་བཤད་པ་ཞིབ་ཏུ་ཡོད་མོད་ཀྱི། ཡི་གེས་འཇིགས་པས་སྤྲོས་པ་ཆོག་གོ། གཉིས་པ་ གཉེན་པོ་རྣམ་པར་བྱང་བའི་རྟེན་ཅན་གྱི་གཟུང་རྟོག་དགུ་ནི། རྣམ་བྱང་གི་ཕུང་པོ་ལྔ་ལ་རྣམ་བྱང་གི་གཟུང་བར་རྟོག་པ་དང་། རྣམ་བྱང་སྐྱེ་བའི་སྒོ་སྐྱེ་མཆེད་དང་། དེའི་རྒྱུ་རིགས་དང་། དེ་སྐྱེ་བའི་རྟེན་འབྲེལ་དང་། སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་དང་། ཕ་རོལ་ཏུ་ཕྱིན་ པ་དྲུག་གི་དོན་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། མི་སློབ་པའི་ལམ་ལ་གཟུང་བར་རྟོག་པ་རྣམས་སོ། །དང་ཞེས་པ་ཚིག་ཕྲད་དོ། །གསུམ་པ་ནི། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་དགུ་ནི། བདག་རང་དབང་ཅན་དུ་འཛིན་པ་དང་། 4-1-115b ཟླ་བོ་མེད་པའི་གཅིག་པུར་འཛིན་པ་དང་། བདག་རྣམ་ཤེས་ཀྱི་རྒྱུར་འཛིན་པ་དང་། བདག་ལྟ་བ་པོ་དང་ལ་སོགས་པས་ཤེས་པ་པོའི་བདག་ཏུ་འཛིན་པ་དང་། བདག་ཀུན་ནས་ཉོན་མོངས་པའི་རྟེན་དུ་འཛིན་པ་དང་། བདག་འདོད་ཆགས་དང་བྲལ་བར་འཛིན་པ་དང་། བདག་མཐོང་ལམ་གྱི་རྟེན་དུ་འཛིན་པ་དང་། བདག་སྒོམ་ལམ་གྱི་རྟེན་དུ་འཛིན་པ་དང་། བདག་རང་གཞན་གྱི་དོན་བྱས་ཟིན་པ་མི་སློབ་པའི་ལམ་གྱི་རྟེན་ལ་འཛིན་པར་གྱུར་པའི་རྣམ་པར་རྟོག་པ་རྣམས་སོ། །དང་ཞེས་པ་ཚིག་ཕྲད་དོ། །བཞི་པ་བཏགས་འཛིན་རྟོག་པ་རྒྱས་བཤད་ནི། སྐྱེས་བུ་བཏགས་པར་ཡོད་ པའི་རྟེན་ཅན་གྱི་འཛིན་རྟོག་དགུ་ནི། ཕུང་པོ་ལྔ་ལ་མི་རྟག་པར་བཏགས་པ་ཙམ་དུ་འཛིན་པ་དང་། སྐྱེ་མཆེད་བཅུ་གཉིས་ཀྱང་བཏགས་པ་བ་ཙམ་དུ་འཛིན་པ་དང་། ཁམས་བཅོ་བརྒྱད་ཀྱང་བཏགས་པ་ཙམ་དུ་འཛིན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱང་བཏགས་པ་ ཙམ་དུ་འཛིན་པ་དང་། དད་སོགས་རྣམ་པར་བྱང་བའི་ཆོས་སུམ་ཅུ་སོ་བདུན་པོ་ཡང་བཏགས་པ་ཙམ་དུ་འཛིན་པ་དང་། མཐོང་བའི་ལམ་གྱི་རྣམ་པར་ཐར་པ་སྒོ་གསུམ་ཡང་བཏགས་པ་ཙམ་དུ་འཛིན་པ་དང་། སྒོམ་པའི་ལམ་གྱི་བསམ་གཏན་ལ་སོགས་པའང་བཏགས་པ་ཙམ་དུ་འཛིན་ པ་དང་། ཁྱད་པར་གྱི་ལམ་དང་སྟོབས་སོགས་མི་སློབ་པའི་ལམ་ཡང་བཏགས་པ་ཙམ་དུ་འཛིན་པ་སྟེ་དེ་ལྟ་བུའི་རྣམ་པར་རྟོག་པ་རྣམ་པ་དགུ་པོ་སྟེའོ། །བཞི་པ་ནི། དེ་ལྟ་བུའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་ བཞིན་དུ་ལྡན་པ་ཡིན་ནོ། །གྲངས་བཞིན་དུ་ལྡན་པའི་གོ་དོན་ཀྱང་མཚུངས་ལྡན་གྱི་གོ་དོན་ཡིན་ལ། དེའི་དོན་ཀྱང་དེང་སང་བོད་རྣམས་ཀྱིས་དགག་རྟོག་གི་ངོ་བོར་ལྡན་ཙམ་ལ་དགོངས་པ་མ་ཡིན་ཏེ། སྐབས་དེར་ངེས་འབྱེད་ཡན་ལག་གི་གཉེན་པོ་གང་ཡིན་པ་དེའི་སྤང་བྱ་གང་ 4-1-116a ཡིན་དེ་དེར་གྲངས་སུ་ལྡན་ཅེས་པའི་དོན་ཡིན་ལ། དེ་གྲངས་སུ་མཚུངས་པར་ལྡན་ཀྱང་དེ་དེར་ཡོད་པ་ཁོ་ནར་ངེས་པའི་མཚུངས་ལྡན་ནི་མ་ཡིན་ནོ། །གསུམ་པ་ཡོངས་འཛིན་དགེ་བཤེས་རྒྱས་པར་བཤད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ ནི། རྒྱན་གྱི་ཚིགས་སུ་བཅད་པའི་བསྟན་བཅོས་ལུས་ཀྱི་སྡེབ་སྦྱོར་དང་མཐུན་པར་ཡོངས་སུ་འཛིན་པ་ནི་མདོར་བསྟན་དུ་སྔར་གསུངས་ན་ཡང་། སྐབས་འདིར་ངེས་འབྱེད་ཀྱི་ཡན་ལག་ལ་ལེགས་པར་མཉམ་པར་བཞག་པ་ན། ཡོངས་འཛིན་དེའི་སྟོབས་ཀྱིས་ཇི་སྐད་བཤད་ པའི་རྣམ་པར་རྟོག་པ་བཞི་པོ་རྒྱུད་ལ་མི་འབྱུང་བར་བྱང་ཆུབ་ཀྱི་ལམ་ཁྱད་པར་དུ་འཕེལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཡང་རྟོག་པ་བཤད་པའི་མཇུག་ཐོག་ཏུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདི་སྨོས་པར་མཛད་དོ། །གཉིས་པ་ནི། མདོར། རབ་འབྱོར་གྱིས་གསོལ་ བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་བསྟན་པ་འདི་ཐོས་ན་ཞུམ་ཞིང་ཀུན་ཏུ་ཞུམ་པ་ལ་འགོད་དེ་དངང་བ་དང་། ཀུན་ཏུ་སྐྲག་པ་དང་། ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་བ་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ ཐབས་མི་མཁས་པ་དང་། མི་དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བར་མ་གྱུར་ན་ནི་དེ་ཞུམ་ཞིང་ཀུན་ཏུ་ཞུམ་པ་ལ་སོགས་པར་མི་འགྱུར་རོ་ཞེས་སོགས་དང་། གསོལ་བ། བཅོམ་ལྡན་འདས་གང་གིས་ཡོངས་སུ་གཟུང་བས་ཞུམ་པ་ལ་སོགས་པར་མི་འགྱུར་བའི་བྱང་ཆུབ་ སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་ལ་གཟུགས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་ཞི་བ་དང་དབེན་པ་ལ་སོགས་པར་ 4-1-116b སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཛུད་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །དེ་ལྟར་ཐབས་ལ་མཁས་པའི་ཡོངས་འཛིན་ནི། སེམས་མི་འགོང་བ་ཉིད་དང་ལ་སོགས་ པའི་སྒྲས་དངང་བར་མི་འགྱུར་བ་སོགས་རིམ་པ་བཞིན་དུ་བསྟན་ལ། དེ་ལྟར་རིམ་པ་གསུམ་བཤད་པ་དེ་ཡུམ་གསུམ་གནོད་འཇོམས་སུ་སྐྲག་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་དུ་བཞག་ཅིང་དེ་ལྟར་སྐྲག་པ་སྐྱེ་བའང་ཡོངས་འཛིན་དགེ་བའི་བཤེས་ལ་མི་འབྱུང་ སྟེ། ཡོངས་འཛིན་དགེ་བའི་བཤེས་གཉེན་དེ་ལྟ་བུ་ལ་ནི་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ཐོས་པ་ན་སེམས་མི་འགོང་བ་ཉིད་ཀྱི་ཕྱིར་ཐབས་ལ་མཁས་པས་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པ་དང་། ལ་སོགས་པའི་སྒྲས་ཕ་རོལ་ཏུ་ཕྱིན་པ་དྲུག་གཞན་ལ་སྟོན་པར་བྱེད་ཅིང་། ཐབས་དང་ཤེས་རབ་ཟབ་མོ་དེའི་མི་མཐུན་པའི་ཕྱོགས་གཞན་གྱི་རྒྱུད་ལ་ཡོད་པ་བོར་བར་འཇུག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་ཀུན་ཏུ་ཡོངས་སུ་འཛིན་པ་ཡིན་ནོ། །ཐེག་པ་གསུམ་གྱི་དགེ་བའི་བཤེས་གཉེན་ནི། ཆོས་ཀྱི་དབྱིངས་རྒྱུ་མཐུན་པ་ལས་བྱུང་བ་ཡིན་ པས་ཟབ་མོ་རྒྱལ་བའི་ཡུམ་ཉིད་ཀྱི་ནུས་པའོ། །གསུམ་པ་ནི། སེམས་མི་འགོང་ཞིང་མི་སྐྲག་པ་ལ་སོགས་མི་དངང་ཞིང་མི་ཞུམ་པའི་ཐབས་ལ་མཁས་པས་བྱང་སེམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མཐའ་དག་བདག་མེད་པ་ལ་སོགས་པས་སྟོང་པ་ཉིད་དུ་སྟོན་ པར་བྱེད་པ་སྟེ། དེ་དང་མི་མཐུན་པའི་ཕྱོགས་ཀྱི་ཆོས་སེར་སྣ་ལ་སོགས་པ་སྒྲིབ་པར་གྱུར་པ་རྣམས་གཞན་རྒྱུད་དང་མི་ལྡན་པར་འདོར་དུ་འཇུག་པ་ནི། དགེ་བའི་བཤེས་གཉེན་མཆོག་ཡིན་པས་མི་ངལ་བར་སེམས་ཅན་རྣམས་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ལྟར་བསྟན་པ་ 4-1-117a དེས་ཀྱང་ཐེག་ཆེན་གྱི་ཡོངས་འཛིན་དེ་གསལ་བར་བསྟན་ལ། སྤྱིར་བཏང་དུ་ཐེག་ཆེན་གྱི་ཡོངས་འཛིན་ལ། བཤེས་གཉེན་དུལ་བ་ཞི་བ་ཞེས་སོགས་ཀྱིས་སྨོས་པའི་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ཕུལ་དུ་བྱུང་བའི་ནང་གི་ཡོངས་འཛིན་ཐབས་ ལ་མཁས་པ་ཞེས་པ་དེ་གཙོ་བོར་བཟུང་ལ། དེའང་གནོད་འཇོམས་སུ། ཐབས་ལ་མཁས་པ་དེའང་རྣམ་པ་བཞིར་བསྟན་ཏེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ། སྡིག་པའི་གྲོགས་པོ་སྤང་བའི་ཐབས་ལ་མཁས་པའོ། །དེ་ལྟར་བསྟན་པའི་ཐབས་མཁས་དེ་ནི་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་ཐབས་མཁས་པའི་ཡོན་ཏན་དེ་རྣམས་དང་ ལྡན་ལ། དེས་མ་ཟིན་པའི་བྱང་སེམས་ལ་ནི་ཡོན་ཏན་དེ་ལྟ་བུ་མེད་པས་སེམས་འགོང་བ་ལ་སོགས་པར་འགྱུར་ཞིང་། དེའི་ཕྱིར་ན། རྗེ་བཙུན་གྱིས་ཀྱང་། སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་ པ་ཀུན་ཏུ་ཡོངས་འཛིན་ཡིན། །ཅེས་པས་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཡོངས་འཛིན་བསྟེན་པའི་ཚད་ནི་དེ་ལྟར་ཡིན་གྱི། ཡོངས་འཛིན་དེ་ལའང་ཡོན་ཏན་དེ་དག་ནི་ལྡན་དགོས་པར་བཤད་པའང་ཡིན་ནོ། །མདོར་ན་མདོ་ལས་ཡོངས་སུ་འཛིན་པ་པོའི་བཤེས་ གཉེན་དང་། འཛིན་བྱའི་བྱང་སེམས་དང་། ཡོངས་སུ་འཛིན་པའི་ཚད་གསུམ་བཤད་པ་ལས། སྐབས་འདིར་བསྟན་གྱི་ཡོངས་འཛིན་གྱི་ཡོན་ཏན་དེ་ལྡན་ལ་ཡོངས་འཛིན་དུ་བསྟན་པས། བསྟེན་བྱའི་བྱང་སེམས་དེ་ལའང་ཡོན་ཏན་དེ་ཉིད་ཀྱིས་ཡོངས་སུ་འཛིན་པར་འགྱུར་ 4-1-117b བ་ཡིན་ལ། དེས་ན་འཛིན་པ་པོ་དང་། འཛིན་བྱ་དང་། འཛིན་པའི་ཚུལ་གསུམ་མ་འདྲེས་པར་ཤེས་པར་བྱ་དགོས་སོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། གཟུང་འཛིན་རྟོག་པའི་རྣམ་དབྱེ་ཞིབ་མོ་དང་། །རྫས་བཏགས་ཞེན་པའི་འཁྲུལ་ཚུལ་ཇི་སྙེད་པ། ། དགག་ དང་སྒྲུབ་པར་ལྡན་ཚུལ་དཀའ་བའི་གནས། ། གང་ཡིན་དེ་ནི་བདེ་བར་བཀྲོལ་ཟིན་ཏོ། །བཞི་པ་སྒྲུབ་པའི་རྟེན་ལ་གཉིས། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། སྤྱིར་རིགས་ཀྱི་དོན་ལ་ཐེག་པ་དམན་པར་བྱང་ཆུབ་ཀྱི་རིགས་ནི་འདོད་པ་ཆུང་ ཞིང་ཆོག་ཤེས་པ་དག་ལ་བཞག་ཀྱང་། དེ་དག་ནི་རིགས་ཀྱི་རྟགས་ལས་རིགས་ཡོད་པར་མཚོན་པ་ཙམ་ཡིན་གྱི། རིགས་མཚན་ཉིད་པ་གསལ་བར་བསྟན་པ་ནི་མ་ཡིན་ནོ། །དེས་ན་འདིར་བསྟན་གྱི་རིགས་ནི། གང་འབྲས་བུ་འབྱུང་རུང་གི་ཉེར་ལེན་གྱི་རྒྱུ་སྟེ་དེ་ནི་རིགས་ ཀྱི་དོན་ཡིན་ནོ། །དེ་ལྟ་བུའི་རྒྱུ་དེ་ལའང་དབྱེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་གཉིས་ལས། འདིར་བསྟན་གྱི་རྒྱུ་ནི་མྱང་འདས་ཀྱི་རྒྱུ་རིགས་དེའོ། །རྒྱུའི་རིགས་དེ་ཉིད་ཐེག་པ་ཆེན་པོ་བ་ལྟར་ན་ཀུན་གཞིའི་སྟེང་དུ་ས་བོན་གྱི་རྣམ་པར་གནས་པར་འདོད་ལ། དེའང་མྱ་ངན་ལས་འདས་པའི་རྒྱུ་རིགས་ནི་ཀུན་གཞིའི་ཡེ་ཤེས་ལ་བརྟེན་ལ། འཁོར་བའི་རྒྱུ་རིགས་ནི་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པ་ཡིན་ནོ། །དེ་ལྟར་རྒྱུ་རིགས་གཉིས་དག་མ་དག་གི་ཀུན་གཞི་གཉིས་ལ་ཐ་དད་དུ་བརྟེན་པ་ཡིན་གྱི། དག་མ་དག་གི་ཀུན་གཞི་གཉིས་ ཕྱེ་བསལ་མེད་པར་ཆོས་ཅན་ཀུན་གཞི་གཅིག་གི་སྟེང་དུ་འཁོར་འདས་གཉིས་ཀའི་རྒྱུའི་རིགས་འཇོག་པར་འདོད་པ་ནི་ཆོས་མངོན་པའི་ལུང་དོན་ལ་གོ་བ་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ཏེ། ཆོས་མངོན་པའི་མདོར། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་ 4-1-118a གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་པས། ཐོག་མ་མེད་པའི་དུས་ཀྱི་དབྱིངས་སུ་གྱུར་པའི་ཀུན་གཞི་དེ་ལ་མཚན་ཉིད་གསུམ་གྱིས་ཆོས་རྣམས་ཀུན་གནས་པས་འཁོར་འདས་གཉིས་འཐད་ པར་གསུངས་ལ། དེ་ལྟར་གྱི་ཚེ་ན་དུས་ཀྱི་ཐོག་མའི་མཐའ་གཏུགས་པ་མེད་པའི་ཀུན་གཞིའི་དབྱིངས་དེ་ལ་ཡེ་ཤེས་དང་རྣམ་ཤེས་ཀྱི་ཆ་གཉིས་དབྱེ་དགོས་པ་ནི་མདོའི་དོན་ཡིན་ལ། དེ་ལྟར་མི་ཤེས་པ་རྣམས་ནི། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་ གནས་ཡིན་ཏེ། །ཞེས་པའི་ཚིག་ལ་འབྲུ་ཉི་ཚེ་བའི་གོ་བ་ལེན་ལུགས་དེ་མ་དག་པ་ཡིན་ནོ། ། དེས་ན་ཐོག་མེད་དུས་ཀྱི་དབྱིངས་དེ་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་འབྱེད་དགོས་པ་ཡང་། མགོན་པོ་མ་ཕམ་པས་ཆོས་ཉིད་རྣམ་འབྱེད་དུ། གནས་ཡོངས་གྱུར་པ་མེད་པ་ ཡི། །ཉེས་དམིགས་བཞི་སྟེ་ཉོན་མོངས་པ། །མི་འཇུག་རྟེན་མེད་ཉེས་པ་དང་། །ལམ་འཇུག་རྟེན་མེད་ཉེས་པ་དང་། །མྱ་ངན་འདས་པའི་གང་ཟག་རྣམས། །གདགས་པའི་གཞི་མེད་ཉེས་པ་དང་། །བྱང་ཆུབ་གསུམ་གྱི་ཁྱད་པར་དག །གདགས་པའི་གཞི་མེད་ཉེས་ པའོ། །བཟློག་ནས་ཕན་ཡོན་འཇུག་པ་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། །ཞེས་དང་། དེའི་འགྲེལ་པར། རེ་ཞིག་སེམས་དེ་ཉིད་ཡིན་པར་མི་འཐད་དེ། མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་གི་སྐྱེ་བ་དང་འགག་པ་དུས་གཅིག་པ་ཡིན་པའི་ཕྱིར་དང་། འགལ་བ་ དག་ནི་རྟེན་པ་གཅིག་པར་མི་འཐད་པའི་ཕྱིར་ཏེ། གྲང་བ་དང་དྲོ་བའི་རེག་པ་བརྟེན་པ་གཅིག་པར་མི་འཐད་པ་བཞིན་ནོ། །ཞེས་འབྱུང་བས་སྤང་བྱ་འཇུག་ཏུ་མི་རུང་བ་དང་། གཉེན་པོ་འཇུག་པ་ལ་སོགས་པའི་རྟེན་གནས་ཡོངས་སུ་གྱུར་པའི་གཞིར་ཀུན་གཞིའི་ཡེ་ཤེས་མེད་ 4-1-118b ན་ཉེས་པ་བཞི་དང་། ཡོད་ན་ཕན་ཡོན་བཞི་འབྱུང་བ་གསལ་བར་གསུངས་པས། ཀུན་གཞི་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་འབྱེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཞེད་པ་ཡིན་ལ། ལ་ལ་ཞིག་གི་ལུགས་ལྟར་འཁོར་འདས་གཉིས་ཀའི་རྒྱུ་རིགས་ཀུན་གཞིའི་ རྣམ་ཤེས་ཁོ་ན་ལ་འཇོག་ན་ནི། ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་ཐམས་ཅད་གོ་རིམ་རྨང་ནས་འཁྲུགས་པར་འགྱུར་ཏེ། དེའང་སངས་རྒྱས་པ་ན་ཀུན་གཞིའི་རྣམ་ཤེས་དེ་ལྡོག་པས་ཀུན་གཞིའི་རྣམ་ཤེས་ནི་ཡོད་པ་མ་ཡིན་ལ། དེ་དང་འགལ་ཟླར་གྱུར་པའི་ཀུན་གཞིའི་ཡེ་ ཤེས་དེ་ལ་ཀུན་གཞིའི་རྣམ་ཤེས་ཀྱི་གནས་པ་གྱུར་པ་ལ་གནས་གྱུར་གྱི་ཡེ་ཤེས་སུ་བཞག་དགོས་པ་ལ། ཁྱེད་ལྟར་ན་ཀུན་གཞིའི་རྣམ་ཤེས་ལྡོག་པ་ན་གནས་གྱུར་གྱི་ཡེ་ཤེས་འབྱུང་དུ་མི་རུང་བར་ཐལ་ཏེ། ཅིའི་ཕྱིར་ན་ཀུན་གཞིའི་རྣམ་ཤེས་ལྡོག་པ་ནི་ལྡོག་པ་ཡིན་གྱི། ཀུན་ གཞིའི་རྣམ་ཤེས་དེ་ཀུན་གཞིའི་རྣམ་ཤེས་བཏང་ནས་གནས་གྱུར་པའི་ཡེ་ཤེས་སུ་འཕོ་བ་ནི་ཤེས་བྱའི་དཀྱིལ་འཁོར་ལ་སྲིད་པ་མ་ཡིན་པ་དང་། ཀུན་གཞིའི་རྣམ་ཤེས་ལྡོག་པའི་ལྡོག་ཆ་ཙམ་ལ་གནས་གྱུར་པའི་ཡེ་ཤེས་ཀྱི་ངོ་བོ་ཡོད་པར་བཞག་པ་ནི་རིགས་པ་དང་འགལ་བ་ ཡིན་ཏེ། ཆོས་གང་མེད་པར་སོང་བ་ནི་ཡོད་པའི་རྒྱུར་རྣམ་པ་ཐམས་ཅད་དུ་རུང་བ་མ་ཡིན་ནོ། ། དེ་ལས་ཀྱང་དེང་སང་ཕྱག་རྒྱ་པ་འཁྲུལ་ཚབ་འབུམ་འགྱུར་གྱིས་ཆེ་བ་དག་འདི་སྐད་དུ་འདོན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་དག་པར་སྦྱངས་པས་འབྲས་བུ་མེ་ལོང་ལྟ་བུའི་ཡེ་ ཤེས་སུ་འགྱུར་རོ་ཞེས་ཟེར་རོ། །དེ་ལྟར་འཐད་པ་མ་ཡིན་ཏེ། ཐེག་པ་ཆེན་པོའི་ཚུལ་ལུགས་མཐའ་དག་ནས་དེ་ལྟར་མི་འབྱུང་བའི་ཕྱིར་དང་། མི་འབྱུང་བ་དེ་ཡང་རིགས་པས་ཐོབ་པའི་དོན་གྱིས་མི་འབྱུང་བ་ཡིན་ལ། དེ་ཡང་ཀུན་གཞིའི་རྣམ་ཤེས་རྒྱུ་དང་། དེའི་འབྲས་བུ་ 4-1-119a མེ་ལོང་ལྟ་བུའི་ཡེ་ཤེས་སུ་འཇོག་པ་ནི་རིགས་པས་ཐོབ་པ་མ་ཡིན་གྱི། རྒྱུ་འབྲས་ཀྱི་ཚུལ་ལ་ཆོས་མངོན་པ་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་གོ་ཆོད་པོའི་དབང་དུ་བྱས་ན་ཀུན་གཞིའི་རྣམ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་གཉིས་ལ་དེ་ལྟ་བུའི་ རྒྱུ་དང་འབྲས་བུ་མཚན་ཉིད་པར་མི་རུང་བའི་ཕྱིར་དང་། ཀུན་གཞིའི་རྣམ་པར་ཤེས་པ་རང་གི་ངོ་བོ་གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར་ན་དེ་ཉིད་མ་དག་པར་ཡང་འཇོག་ལ། དེ་གཞན་པས་ཇི་ལྟར་སྦྱངས་ཀྱང་དག་པར་མི་འགྱུར་ཏེ། མ་དག་པ་དག་པར་འགྱུར་བ་དང་། དག་པ་ མ་དག་པར་འགྱུར་བ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། ། འགའ་ཞིག་གིས། སེམས་གསལ་རིག་གི་ཆ་ཙམ་ཞིག་ཡོད་པ་ལ། འཁོར་བའི་ས་བོན་དང་མྱང་འདས་ཀྱི་ས་བོན་ཐམས་ཅད་པ་དེ་ཡིན་པར་འདོད་པ་ནི་རིགས་པ་མ་ཡིན་ཏེ། འཁོར་འདས་ཐམས་ཅད་ཀྱི་ས་བོན་གྱི་ རྒྱུ་གཅིག་ཁོ་ནས་བྱེད་པ་ནི་ནང་པ་སངས་རྒྱས་པའི་ལུགས་ལ་འབྱུང་བ་མ་ཡིན་ཏེ། དེ་ལྟར་མི་འབྱུང་བའང་འཆིང་གྲོལ་གཉིས་ཀའི་རྒྱུའམ་ས་བོན་ཤེས་རིག་གཅིག་ཁོ་ནས་བྱེད་པ་ཕྱི་རོལ་པའི་འདོད་པར་བཀོད་ནས། སངས་རྒྱས་ཀྱི་བསྟན་སྲུང་ཆེན་པོ་བ་དཔལ་ཕྱོགས་ཀྱི་ གླང་པོ་དང་ཆོས་ཀྱི་གྲགས་པ་རྣམས་ཀྱིས་ཚར་གཅོད་པར་མཛད་པ་ཡིན་ནོ། ། བོད་གངས་ཅན་པ་ཕལ་ཆེ་བ་དག་ཀུན་གཞིའི་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་འབྱེད་པ་ནི་སེམས་ཙམ་པའི་ལུགས་ཡིན་ཅེས་པ་དང་། ཡང་ཀུན་གཞི་ཡེ་ཤེས་དང་རྣམ་ཤེས་གཉིས་སུ་འབྱེད་ པ་ནི་ལུགས་གང་ལའང་མི་འབྱུང་ཞེས་སྨྲ་བ་ནི་རང་ཚིག་འགལ་བ་ཡིན་ཏེ། སེམས་ཙམ་པའི་ལུགས་ལས་འབྱུང་ན་ལུགས་ལས་མི་འབྱུང་བར་འགལ་བའི་ཕྱིར་རོ། ། དེས་ན་རྟེན་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཟག་བཅས་འཁོར་བའི་བག་ཆགས་འཇོག་ཚུལ་ལའང་ 4-1-119b གང་འཁོར། གང་གིས་འཁོར། གང་དུ་འཁོར་བ་ཐམས་ཅད་ནི་ཀུན་གཞིའི་རྣམ་ཤེས་དངོས་དེ་ལས་འདའ་བ་མ་ཡིན་ལ། དེ་ལྟར་ན་རྣམ་པ་དེ་ལྟ་བུ་གཅིག་གིས་གང་འཁོར་བ་ལ་སོགས་པ་རྣམ་པ་གསུམ་དུ་མི་རུང་ངོ་ཞེ་ན། དོན་དེ་ལ་དེ་ལྟར་མི་རུང་བར་འདོད་པ་ཡིན་ ཀྱང་། གཅིག་གིས་གསུམ་དུ་འཇོག་པ་ལ་སོགས་པ་ནི་རིགས་པ་དང་འགལ་ཡང་འཁྲུལ་བའི་ངོར་འབྱུང་བ་ནི་མ་རིག་པའི་དོན་གྱིས་དེ་ལྟར་འབྱུང་བ་ཡིན་ནོ། ། དེ་ལྟ་བུའི་ཀུན་གཞིའི་རྣམ་ཤེས་དེ་ལ་དབྱེ་ན། ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་ཡོད་པ་ལས། ས་བོན་དེ་ནི་ གསར་དུ་རྐྱེན་སྟོབས་ཀྱི་དབང་གིས་བཞག་པ་ཡིན་ལ། ཆོས་ཉིད་ཀྱིས་ཐོབ་པ་སྔར་ཡོད་ནི་མ་ཡིན་ནོ། །ཀུན་གཞིའི་ཡེ་ཤེས་ཀྱི་སྟེང་དུ་ཟག་མེད་ཀྱི་ས་བོན་བཞག་པའི་ཚུལ་ལའང་། ཀུན་གཞིའི་ཡེ་ཤེས་དངོས་ནི་དེ་བཞིན་གཤེགས་པའི་སྙིང་པོ་དང་། སེམས་ཀྱི་རྡོ་རྗེ་དང་། རང་བཞིན་གྱིས་གནས་པའི་རིགས་ཞེས་རྗེ་བཙུན་བྱམས་པས་སྟོང་ཉིད་གོ་ཆོད་པོའི་མིང་གི་རྣམ་གྲངས་དབུས་མཐའ་རྣམ་འབྱེད་དུ་མདོར་བསྡུས་ཏེ་བསྟན་པ་རྣམས་ཡིན་ལ། དེ་ལ་ཟག་མེད་ཀྱི་ས་བོན་ནི་རྐྱེན་གྱི་དབང་གིས་གསར་དུ་བཞག་དགོས་པ་མ་ཡིན་གྱི། ཆོས་ཉིད་ ཀྱིས་ཐོབ་པའི་རྣམ་པ་ཐམས་ཅད་པའི་ས་བོན་ཞེས་སྔགས་ཀྱི་ཐེག་པར་གསུངས་པ་དང་། ཁྱད་པར་དུའང་རྗེ་བཙུན་བྱམས་པའི་གཞུང་ཆེན་རྣམས་ནས་འབྱུང་བའི་ཐོས་པའི་བག་ཆགས་ཞེས་བྱ་བ་དང་། སྐྱེ་མཆེད་དྲུག་གི་ཁྱད་པར་བ་དང་། ཟག་པ་མེད་པའི་ས་བོན་ཞེས་བྱ་ བའི་མིང་ཅན་རྣམས་ཡིན་ལ། ཐོས་པའི་བག་ཆགས་དེ་ཀུན་གཞིའི་ཡེ་ཤེས་ལ་ལྡན་པ་དང་། དེས་བྱེད་པ་ཅི་ལྟ་བུ་ཞིག་བྱེད་ཅེ་ན། དྲང་ངེས་འབྱེད་ནུས་པའི་སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་ཞལ་ནས་འདི་ལྟར་གསུངས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་ 4-1-120a མཐུན་པ་ཐོས་པའི་བག་ཆགས་ས་བོན་ཐམས་ཅད་པ་ལས་དེ་འབྱུང་ངོ་། །ཐོས་པའི་བག་ཆགས་གང་ཡིན་དེ་ཡང་ཅི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ན་ནི་ཇི་ ལྟར་དེའི་གཉེན་པོའི་ས་བོན་དུ་རུང་། ཅི་སྟེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི། དེས་ན་ཐོས་པའི་བག་ཆགས་ཀྱི་ས་བོན་དེའི་གནས་ཅི་ཞིག་ཡིན་པ་ལྟ་ཞེ་ན། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་གང་ཡིན་པ། གནས་གང་ལ་འཇུག་པ། དེ་དང་ལྷན་ཅིག་འདུག་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་སྟེ་འོ་མ་དང་ཆུ་བཞིན་ནོ། །དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བག་ཆགས་ཆུང་ངུ་ལ་བརྟེན་ནས་བག་ཆགས་འབྲིང་པོར་ འགྱུར་རོ། །བག་ཆགས་འབྲིང་པོ་ལ་བརྟེན་ནས་བག་ཆགས་ཆེན་པོར་འགྱུར་ཏེ། ཐོས་པ་དང་། བསམ་པ་དང་། སྒོམ་པ་ལན་མང་དུ་བྱ་བ་དང་ལྡན་པའི་ཕྱིར་རོ། །དེ་ལ་ཐོས་པའི་བག་ཆགས་ཀྱི་ས་བོན་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡང་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞིའི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པ་དང་། འཇིག་རྟེན་པ་ཡིན་ཀྱང་འཇིག་རྟེན་ལས་འདས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་ གྱུར་པའོ། །དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་། ཉོན་མོངས་པས་ཀུན་ནས་དཀྲིས་པའི་གཉེན་པོ་དང་། ངན་སོང་གི་འགྲོ་བའི་གཉེན་པོ་དང་། ཉེས་པར་བྱས་པ་ཐམས་ཅད་དེངས་པར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་ 4-1-120b སེམས་དཔའ་དང་འཕྲད་པའི་རྗེས་སུ་མཐུན་པའོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་འཇིག་རྟེན་པ་ཡིན་ཀྱང་ཆོས་ཀྱི་སྐུར་བསྡུས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་ཡང་བལྟའོ། །དེ་ནི་ཀུན་གཞིའི་ རྣམ་པར་ཤེས་པ་མ་ཡིན་གྱི། ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཇི་ལྟར་ཇི་ལྟ་བུར་རིམ་གྱིས་འབར་བ་དེ་ལྟ་དེ་ལྟ་བུར་རྣམ་པར་སྨིན་པའི་ཤེས་པ་ཡང་འབྲི་ཞིང་གནས་ཀྱང་འགྱུར་རོ། །གནས་རྣམ་པ་ཐམས་ ཅད་དུ་གྱུར་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་མེད་པར་གྱུར་པ་དང་། རྣམ་པ་ཐམས་ཅད་དུ་སྤངས་པའང་ཡིན་ནོ། ། ཡང་ཀུན་གཞིའི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་པ་ཆུ་དང་འོ་མ་བཞིན་དུ་ལྷན་ཅིག་གནས་པ་རྣམ་པ་ཐམས་ཅད་དུ་ འགྲིབ་པར་ཇི་ལྟར་འགྱུར་ཞེ་ན། ངང་པས་ཆུ་ལས་འོ་མ་འཐུང་བ་ལྟ་བུ་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ན་མཉམ་པར་བཞག་པ་མ་ཡིན་པའི་བག་ཆགས་འགྲིབ་སྟེ་མཉམ་པར་བཞག་པའི་བག་ཆགས་འཕེལ་ནས་གནས་གྱུར་པ་བཞིན་ནོ་ཞེས་གསུངས་ པས། ཐོས་པའི་བག་ཆགས་ཞེས་བྱ་བ་དེ་གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་ཐོས་པར་རུང་བ་ནི། ཆོས་ཉིད་ཀྱི་སྟོབས་ཀྱིས་ཞུགས་པའི་ཟག་མེད་ཤེས་པའི་ནུས་པ་ཡིན་ལ། དེ་ལྟ་བུའི་ནུས་པའི་ཆ་དེ་ལ་བྱང་ཆུབ་ལ་བརྟེན་པའི་ཐོས་པའི་བག་ཆགས་ཞེས་པའི་ མིང་ཅན་སེམས་ཅན་གྱི་རྒྱུད་ལ་འདྲེ་བར་མི་རུང་བ་དེ་ཡིན་ལ། འདིར་བག་ཆགས་ནི་སེམས་ཅན་གྱི་རྒྱུད་ལ་བྱང་ཆུབ་ལ་བརྟེན་ནས་ཆོས་སྐུའི་ཕྲིན་ལས་འཇུག་རུང་གི་དབང་དུ་བྱས་ནས་བག་ཆགས་ཞེས་སྨོས་པ་ཡིན་གྱི། ཆོས་སྐུའི་ཕྲིན་ལས་གསུང་རབ་ཡན་ལག་ 4-1-121a བཅུ་གཉིས་ཀྱི་བདག་ཉིད་དུ་གྱུར་པ་འཇིག་རྟེན་ལས་འདས་པའི་ཆོས་དབྱིངས་རྣམ་དག་གི་རྒྱུ་མཐུན་དེ་ལ་ནི་བག་ཆགས་མཚན་ཉིད་པ་ཞིག་ཡོད་པ་མ་ཡིན་ཏེ། བག་ཆགས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་རྒྱུ་མཐུན་དུ་གསུངས་སོ། ། དེ་ལྟར་ བག་ཆགས་ཆུང་ངུ་ལ་བརྟེན་ནས་བག་ཆགས་འབྲིང་པོར་འགྱུར་བ་དང་། བག་ཆགས་འབྲིང་ལས་ཆེན་པོར་འགྱུར་བ་ལ་སོགས་པར་བཤད་པ་དེ་བག་ཆགས་མཚན་ཉིད་པ་ཡོད་པའི་དོན་གྱིས་དེ་ལྟར་འཕེལ་བ་ཡིན་ནོ་སྙམ་ན། མ་ཡིན་ཏེ། ཆོས་དབྱིངས་རྣམ་དག་གི་རྒྱུ་མཐུན་གྱི་ ཐོས་པའི་བག་ཆགས་ཞེས་བྱ་བ་དེ་བག་ཆགས་འཕེལ་བ་མ་ཡིན་གྱི། དེའི་མི་མཐུན་ཕྱོགས་ཀྱི་སྤང་བྱ་དེ་རིམ་པ་ལྟར་ཉམས་པའི་སྟོབས་ལ་ཆོས་དབྱིངས་རྣམ་དག་གི་རྒྱུ་མཐུན་གྱི་ཐོས་པའི་བག་ཆགས་དེ་ཆུང་ངུ་ལས་འབྲིང་སོགས་སུ་འཕེལ་བ་ལྟར་སྣང་བ་ཡིན་ནོ། །འདིར་འཇིག་ རྟེན་པ་ཡིན་ཀྱང་ཞེས་པའི་དོན་འཇིག་རྟེན་པའི་གཉེན་པོ་ཡིན་ཀྱང་། འཇིག་རྟེན་པའི་རྒྱུད་ཀྱིས་མ་བསྡུས་པར་འཇིག་རྟེན་ལས་འདས་པ་ཆོས་ཀྱི་དབྱིངས་དང་རྒྱུ་མཐུན་དུ་གསུངས་ལ། རྒྱུ་མཐུན་གྱི་གོ་དོན་ཀྱང་ཆོས་དབྱིངས་རྣམ་པར་དག་པ་ལས་གཞན་པ་ཆོས་ཅན་རྣམ་པར་མ་དག་ པའི་མཐུན་ཕྱོགས་ལ་ཡོད་པ་ལས་ལོག་པ་ཞིག་ངེས་པར་དགོས་པར་བསྟན་པ་ཡིན་ནོ། ། འོ་ན་དེ་ལྟ་བུའི་རྒྱུ་མཐུན་པ་དེ་རྒྱུད་ལ་ལྡན་པའི་ཆ་ནས་བྱང་ཆུབ་སེམས་དཔར་ཡང་འཇོག་ལ། དེ་ལྟ་བུའི་ཆ་དེ་ནི་ཆོས་ཀྱི་སྐུར་ཡང་འདུ་སྟེ། དེ་ལྟར་གྱི་ཚེ་གཞན་དབང་དུ་སྣང་བའི་རྣལ་འབྱོར་ པའི་ལུས་གཅིག་ལ་རྣམ་ཤེས་ཀྱི་རྒྱུད་འཇུག་པའི་ཚུལ་དང་། ཡེ་ཤེས་ཀྱི་ནུས་པ་འཇུག་པའི་ཚུལ་གཉིས་ཡོད་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་གཅིག་ལ་ནི་གནས་པ་ལས། །ངང་པས་འོ་མ་འཐུང་བྱེད་ཅིང་། །ཆུ་ནི་ 4-1-121b འཐུང་བ་མ་ཡིན་ལྟར། །དེ་བཞིན་རང་གི་ཉོན་མོངས་དང་། །ཡེ་ཤེས་ལུས་ལ་གཅིག་གནས་ཀྱང་། །རྣལ་འབྱོར་པས་ནི་ཡེ་ཤེས་ལེན། །མི་ཤེས་པ་ནི་འདོར་བར་བྱེད། །ཅེས་གསུངས་ལ། དེ་ལྟར་གྱི་ཚེ་རྒྱུ་རིགས་དེ་ཆོས་དབྱིངས་འདུས་མ་བྱས་སུ་བཤད་པས་འདུས་མ་བྱས་ནི་ རིགས་སུ་མི་རུང་སྟེ། རིགས་ནི་རྒྱུའི་དོན་ཡིན་ལ། རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་ནི་འདུས་བྱས་ཀྱི་སྟེང་ནས་འཇོག་པ་ཡིན་པས་རྒྱུ་རིགས་སུ་མི་འཐད་དོ་སྙམ་ན། དེའི་དོགས་པ་གཅོད་པར་འདོད་ནས་འགའ་ཞིག་ན་རེ། འདུས་མ་བྱས་རྒྱུར་མི་རུང་བའི་སྐྱོན་མེད་དེ། འདུས་མ་བྱས་རྒྱུ་རིགས་སུ་འཇོག་པ་ལ་རྒྱུ་མཚན་རྣམ་པ་གཉིས་ཡོད་ལ། རྟེན་གྱི་སྒོ་ནས་དང་། དམིགས་པའི་སྒོ་ནས་རྣམ་པ་གཉིས་སུ་འཇོག་ལ། དང་པོ་ནི། བརྟེན་པའི་ཚུལ་གྱི་འདུས་མ་བྱས་རྒྱུ་རིགས་བྱེད་པར་འཐད་དེ། བྱང་ཆུབ་སེམས་དཔའ་ནི་སྐྱེ་མཆེད་དྲུག་ལས་གདགས། དེ་ཡང་ཡིད་ཀྱི་ཤེས་པ་ལ་བརྟེན། དེ་ཡང་མཐར་ཆོས་དབྱིངས་ལ་བརྟེན་པ་ཡིན་པས་ཆོས་དབྱིངས་འདུས་མ་བྱས་རྟེན་དུ་འཇོག་པའི་ཆ་ནས་རྒྱུ་རིགས་བྱེད་པར་འཐད་དེ། རྒྱུད་བླ་མ་ལས། ཕུང་པོ་སྐྱེ་མཆེད་ཁམས་དབང་རྣམས། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་དེ་ ལྟར་བསྟན་ལ། གཉིས་པ་དམིགས་པའི་སྒོ་ནས་རྒྱུ་རིགས་སུ་འཇོག་པ་ནི། བྱང་ཆུབ་སེམས་དཔའ་སེམས་ཀྱི་རང་བཞིན་ཆོས་དབྱིངས་ལ་དམིགས་ཏེ་བསྒོམས་པས་དྲི་བྲལ་མཐར་ཐུག་པའི་ཚེ་ན་སེམས་ཀྱི་ཆོས་དབྱིངས་དེ་ཉིད་དྲི་བྲལ་གྱི་དེ་བཞིན་ཉིད་དུ་འགྱུར་བའི་ཕྱིར་རོ། ། ཞེས་ཟེར་རོ། །རྒྱུད་བླར། དེ་དེ་ལ་གནས་པའམ་བརྟེན་པར་བཤད་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་དོན་གྱིས་འབྱུང་དུ་རུང་བ་དང་། སྣང་དུ་རུང་བ་དང་། རྟེན་དང་བརྟེན་པའི་རྣམ་གཞག་ཙམ་ཐ་སྙད་ཀྱི་ངོར་མཛད་པ་ཡིན་ལ། སེམས་ཀྱི་རང་བཞིན་ནམ་དྲི་མ་མེད་ 4-1-122a པའི་དབྱིངས་འདུས་མ་བྱས་པ་དེ་ནི་ཆོས་གཞན་ལ་བརྟེན་པ་དང་གནས་པ་ནི་ཡེ་མི་སྲིད་པའི་ཕྱིར་ན་ཆོས་དབྱིངས་ཉིད་ཀྱིས་གཞན་བརྟེན་པ་དང་། ཆོས་ཀྱི་དབྱིངས་ལ་གཞན་གྱིས་ཚུར་བརྟེན་པ་ལ་སོགས་གང་ཡང་འཐད་པ་མ་ཡིན་ནོ། ། གཞན་ཡང་སེམས་ ཀྱི་དག་པ་ལ་བརྟེན་པའམ་རབ་ཏུ་གནས་པ་ཙམ་ཞིག་ཚིག་ཟིན་དུ་བསྟན་ཀྱང་། སེམས་ཀྱི་རང་བཞིན་དྲི་མ་མེད་པའི་དབྱིངས་ལ་བརྟེན་པར་མ་བཤད་པ་དང་། འདི་སྐབས་ཀྱི་སེམས་ཀྱི་དག་པ་ནི་ཆོས་དབྱིངས་ལ་ངོས་འཛིན་པའང་མ་ངེས་པ་ཡིན་ཏེ། ཚུལ་བཞིན་མ་ཡིན་པའི་ ཡིད་ལ་བྱེད་པ་གང་ཡིན་པའི་སེམས་དེ། དེ་ལྟར་ཡོད་མ་མྱོང་བས་དག་པའི་ཚུལ་འབའ་ཞིག་ལས་གཞན་དུ་མི་འགྱུར་བའི་ཕྱིར་ན་རབ་ཏུ་གནས་པའི་དོན་ཡིན་ནོ། །སྤྱིར་ཡང་རྒྱུ་བྱེད་པ་ལ་ཕན་ཚུན་རྟེན་བརྟེན་པར་འབྲེལ་བ་ཞིག་དང་། དེའི་རྟེན་དང་བརྟེན་པ་ལྷན་ཅིག་ཏུ་འདུས་པ་ ཞིག་དགོས་པ་ལས། ཆོས་དབྱིངས་དང་ཡིད་ཀྱི་ཤེས་པ་ནི་ལྷན་ཅིག་ཏུ་འདུ་བའམ་བརྟེན་པ་ནི་སྲིད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་བུའི་འདུས་པ་ཞིག་ཡོད་དུ་ཆུག་ཀྱང་འདུས་མ་བྱས་རིགས་སུ་འཐད་པའི་སྒྲུབ་བྱེད་དུ་མི་འགྱུར། འདུས་བྱས་དང་འདུས་མ་བྱས་ཀྱི་ཚོགས་དོན་ རིགས་སུ་འཐད་པའི་སྒྲུབ་བྱེད་དུ་འགྱུར་རོ། །གཞན་ཡང་ཆོས་དེ་ཁྱོད་ལ་བརྟེན་ན། ཁྱོད་ཆོས་དེའི་རྒྱུ་ཡིན་པའམ། ཁྱོད་རྒྱུ་ཙམ་ཡིན་པའང་སྒྲུབ་པར་དཀའ་བ་ཡིན་ཏེ། དེ་ལྟ་བུའི་ཁྱབ་པ་ནི་མ་ངེས་པ་ཡིན་ནོ། །གཞན་ཡང་ཆོས་ཉིད་ལ་དམིགས་ཏེ་ལམ་བསྒོམས་པས་དྲི་བྲལ་ གྱི་ཚེ་ཆོས་དབྱིངས་དེ། དེ་བཞིན་གཤེགས་པར་འཇོག་པར་འཐད་དུ་ཆུག་ཀྱང་། དེ་ཙམ་གྱིས་འདུས་མ་བྱས་རིགས་སུ་བཞག་པ་ནི་མ་ངེས་པ་ཡིན་ཏེ། དེ་དང་དེ་ལ་དམིགས་ནས་བསྒོམ་པ་དེའི་དོན་གྲུབ་པ་ན་འདུས་མ་བྱས་རིགས་སུ་འཇོག་མི་ནུས་པ་ནི་གནས་སྐབས་ཐམས་ཅད་དུ་ངེས་པ་ 4-1-122b ཡིན་ནོ། །སྤྱིར་ཡང་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་འདུས་མ་བྱས་ནི་སྲིད་པ་མིན་པས། བྱང་ཆུབ་སེམས་དཔས་ཆོས་ཀྱི་དབྱིངས་དངོས་ལ་དམིགས་པ་དང་བརྟེན་པ་གོ་ཆོད་པོ་ཡང་ཡོད་པ་མ་ཡིན་ཏེ། ཆོས་ཉིད་ཀྱི་དབྱིངས་ནི་བརྟེན་པ་དང་དམིགས་སུ་མི་རུང་བའི་ཕྱིར་རོ། ། དེར་མ་ཟད་ཆོས་གང་གི་འབྲས་བུ་གང་ཡིན་པ་དེའི་རྒྱུ་དེ་རང་གི་དངོས་པོའི་བདག་ཉིད་དུ་མ་གྲུབ་ན། རྒྱུ་དེ་ལས་གཞན་པའི་རྒྱུ་ཞིག་ལ་བརྟེན་པའང་དམིགས་ནས་དེའི་རྒྱུར་འགྱུར་བ་ནི་རིགས་པ་དང་འགལ་བས་རྣམ་པ་ཐམས་ཅད་དུ་མ་ཡིན་ནོ། ། འོ་ན་རང་ཉིད་ཀྱི་ལུགས་སུ་ འདུས་མ་བྱས་རྒྱུ་རིགས་སུ་འཇོག་པ་ནི་ཇི་ལྟར་ཞེ་ན། ཆོས་ཀྱི་དབྱིངས་འདུས་མ་བྱས་སངས་རྒྱས་ཀྱི་རྒྱུར་འཇོག་པ་འདི་ལ་ནི་རྒྱུ་འབྲས་ཀྱི་འབྲེལ་བ་མཚན་ཉིད་པ་ཞིག་ཡོད་ནས་དེ་རྒྱུར་བཞག་པ་མ་ཡིན་གྱི། ཆོས་ཀྱི་དབྱིངས་འདུས་མ་བྱས་དེ་ཉིད་རྫོགས་པའི་སངས་རྒྱས་ཉིད་ དང་ཆོས་ཀྱི་དབྱིངས་འདུས་མ་བྱས་དེ་གཉིས་རང་བཞིན་གཅིག་ཅིང་ལྡོག་པ་ཐ་དད་དུ་དབྱེར་ཡོད་པའི་དབང་དུ་བྱས་པ་ཡིན་ནོ། །དེ་ལྟར་གྱི་ཚེ་རྫོགས་པའི་སངས་རྒྱས་ཀྱི་རྒྱུའི་ངོ་བོ་དང་ཆོས་ཀྱི་དབྱིངས་ཀྱི་རྒྱུའི་ངོ་བོ་གཉིས་ཐ་མི་དད་པས། རྫོགས་པའི་སངས་རྒྱས་ཀྱི་ རྒྱུ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུའི་ངོ་བོ་ལས་ཐ་དད་པ་མ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་རྒྱུ་ཞེས་བྱ་ལ། དེ་དྲི་མ་དང་བཅས་པའི་ཚེ་དེ་ལྟ་བུའི་ཆོས་དབྱིངས་དང་རྫོགས་པའི་སངས་རྒྱས་གཉིས་སུ་མེད་པ་དེ་ལ་འབྲས་བུའི་མིང་མི་སྦྱོར་བར་རྒྱུའི་མིང་དུ་བཏགས། དེ་དྲི་མ་དང་ བྲལ་བ་ན་རྫོགས་པའི་སངས་རྒྱས་ལ་འབྲས་བུའི་མིང་དུ་བསྟན་པ་ཡིན་ལ། ངེས་པའི་དོན་དུ་འདིར་བསྟན་གྱི་རྒྱུའི་མིང་དུ་བསྟན་པ་དང་། འབྲས་བུའི་མིང་དུ་བསྟན་པ་གཉིས་ཀ་ཡང་རང་བཞིན་གཅིག་པའི་ཕྱིར་ན་འདི་གཉིས་དངོས་རྒྱུ་ཐ་དད་པའམ་རང་འབྲས་ཐ་དད་པ་ 4-1-123a ཡོད་པ་མ་ཡིན་གྱི། དེ་ལྟ་བུའི་ཚུལ་རྣམས་ནི་དེ་ཁོ་ན་ཉིད་ཀྱི་ཁྱད་པར་ལ་དབྱེ་བ་མེད་པའི་ཕྱིར་རོ། །འོན་ཏེ་དྲང་བའི་དོན་དུ་ན་ཆོས་ཀྱི་དབྱིངས་ལ་རྒྱུའི་རྣམ་པར་གཞག་པ་དང་། རྫོགས་པའི་སངས་རྒྱས་ལ་འབྲས་བུའི་རྣམ་པར་གཞག་པ་འདི་ནི་ རྣམ་པར་མ་དག་པའི་རྒྱུ་ལས་དག་པ་མི་འབྱུང་བར་དག་པ་ཉིད་ལས་དག་པ་འབྱུང་བའམ་གནས་པར་དགོངས་ནས་དགོས་པ་རྒྱུ་འབྲས་ཀྱི་རྣམ་གཞག་ལ་བློ་བྱང་བའི་ངོར་གོ་བ་འཆར་སླ་བའི་དབང་དུ་བྱས་པ་ཡིན་གྱི། དེ་ལྟར་མིན་ན་ཆོས་དབྱིངས་འདུས་མ་བྱས་པའི་རྒྱུ་དེ་ཉིད་ དང་པོའི་སངས་རྒྱས་སུ་སྔགས་ཀྱི་ཐེག་པར་བཤད་པས་རྒྱུ་འབྲས་གཅིག་པར་ཐལ་བའི་སྐྱོན་ཡོད་པས། ཆོས་ཀྱི་དབྱིངས་འདུས་མ་བྱས་པ་ལས་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་སྐྱེད་པར་བྱེད་པ་འདི་ནི་དྲང་བའི་དོན་ནོ། །དེ་ལྟར་དྲང་བའི་དོན་ཡིན་པའང་གདུལ་བྱའི་ བློ་ངོ་དང་བསྟུན་ནས་སྟོན་པ་ཡིན་གྱི། ཆོས་ཀྱི་དབྱིངས་འདུས་མ་བྱས་པའི་དོན་གཅིག་ཉིད་ལ། སྐབས་ལ་ལར་རྒྱུ་ཡིན་པ་དང་། སྐབས་ལ་ལར་འབྲས་བུ་ཡིན་པ་ལ་སོགས་པ་དུ་མར་བསྟན་པས་དྲང་བའི་དོན་དང་ངེས་པའི་དོན་མ་འདྲེས་པར་ཤན་ཕྱེ་དགོས་པ་ཡིན་ནོ། ། གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་དྲུག་གི་ཁྱད་པར་ནི། བོད་གཞན་དག་བྱང་ཆུབ་སེམས་དཔའ་ལམ་པ་པོའི་སྐྱེ་མཆེད་དྲུག་གི་ཁྱད་པར་འགའ་ཞིག་ལ་ཟག་མེད་ཀྱི་ཆོས་བསྐྱེད་པའི་ནུས་པ་ཡོད་པ་ཡིན་ཅེས་ཟེར་ནའང་། ཁོ་བོ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་བ་ ཞེས་བྱང་ཆུབ་སེམས་དཔའི་སྐྱེ་མཆེད་དྲུག་ལས་ཐུན་མོང་མ་ཡིན་པར་གྱུར་པའི་ཤེས་པ་ནི་སྐྱེ་མཆེད་དྲུག་ལས་ཁྱད་པར་དུ་བྱ་བ་གཞན་ཡིན་ནོ་ཞེས་འདོད་ལ། དེ་དག་གི་དོན་གསལ་བར་མགོན་པོ་བྱམས་པས་ཟག་པ་མེད་པའི་ཤེས་པ་ཞེས་བྱ་བ་ཐོག་མ་མེད་པར་ཐོག་མའི་ 4-1-123b མཐས་གཏུགས་པར་འདུས་མ་བྱས་ཀྱི་རང་བཞིན་གནས་རིགས་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་ངེས་པ་དེ་ལུས་ཅན་ཀུན་ལ་ཡོད་པར་བཤད་ལ། དེ་ལྟ་བུའི་རིགས་གཅིག་ལ་རྐྱེན་གྱི་ཁྱད་པར་དང་ཕྲད་པའི་འཇུག་པ་གསུམ་ལས་རིགས་ཅན་གསུམ་དུའང་འགྱུར་རོ། །རྐྱེན་ གྱིས་འཕྲད་པ་དེའང་རྒྱས་འགྱུར་གྱི་རིགས་ཀྱི་ཁྱད་པར་ལས་ཡིན་ཏེ། རྒྱས་འགྱུར་གྱི་རིགས་ཀྱི་གོ་བའང་ཆོས་ཉིད་སྟོབས་ཀྱིས་འདུས་མ་བྱས་པའི་རིགས་དེ་ལ། བྱང་ཆུབ་ཆེན་པོར་འཇོག་པའི་རྐྱེན་དང་། བྱང་ཆུབ་འབྲིང་པོར་འཇོག་པའི་རྐྱེན་དང་། བྱང་ཆུབ་ཆུང་ངུར་འཇོག་ བྱེད་ཀྱི་རྐྱེན་གང་ཡིན་པའི་རིགས་དེ་ལ་རྒྱས་འགྱུར་གྱི་རིགས་ཞེས་བཏགས་ལ། མདོར་ན་རང་བཞིན་གྱི་རིགས་ནི་རྟེན་དང་པོ་ནས་ཡོད་པ་དང་། རྒྱས་འགྱུར་གྱི་རིགས་ནི་བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས་རྣམ་པར་ཕྱེ་བའི་གཞན་དོན་གྱི་སྐུ་འབྱུང་དུ་རུང་བ་དང་མི་རུང་བའི་ བསྒྲུབ་པ་གང་ཡིན་པའི་རིགས་སུ་གནས་པ་དེའོ། །དེ་ལྟར་བཤད་པའི་གྲུབ་དོན་རང་བཞིན་དུ་གནས་པའི་རིགས་ནི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་ཡིན་ལ། དེའི་དྲི་མ་ཐམས་ཅད་རིམ་གྱིས་ཟད་བཞིན་པའི་ཆའམ་སྤངས་ཟིན་པའི་ཆ་དེ་ལ་རྒྱས་པའི་རིགས་སུ་བཞག་ ནས། རིགས་དེ་གཉིས་ཀྱི་འབྲས་བུར་རང་བཞིན་གྱི་སྐུ་གཉིས་སྟོན་པར་ཡང་བཞག་ལ། དེ་ལྟ་བུའི་རང་དོན་ཆོས་སྐུ་དེ་ལ་ནི་སྟོང་མི་སྟོང་གི་ཆ་གཉིས་ཡོད་པ་དང་། འདུས་བྱས་མ་བྱས་གཉིས་སུ་ཡོད་པར་འདོད་པ་རྣམས་ནི་རྗེ་བཙུན་བྱམས་པའི་ལུགས་ཀྱི་བདེན་གཉིས་ ཀྱི་རྣམ་དབྱེ་བློ་བྱང་བར་འདོད་ནས་སྨྲས་སུ་ཟིན་ཀྱང་། ཆོས་ཀྱི་སྐུ་དང་ཆོས་ཀྱི་དབྱིངས་ལ་འདུས་བྱས་དང་། མེད་པར་དགག་པའི་སྟོང་པ་སོགས་སུ་འདོད་པ་ནི་རྗེ་བཙུན་གྱིས་བཞེད་པའི་བདེན་གཉིས་རྣམ་འབྱེད་ལྟ་ཞོག །སྲོལ་འབྱེད་སུའི་ལུགས་ལའང་འདུས་བྱས་ 4-1-124a ཀྱི་ཆོས་སུ་གྱུར་པའི་ཆོས་དབྱིངས་དང་ཆོས་སྐུ་ཁས་མི་ལེན་པ་དང་། ཆོས་དབྱིངས་དང་ཆོས་སྐུ་ཡེ་གདོད་མ་ནས་ཡོད་མ་མྱོང་བའི་སྟོང་པ་མེད་དགག་གི་ཆ་ལ་བཞག་མི་སྲིད་པ་དང་། དེར་མ་ཟད་ཆོས་སྐུ་དང་ཆོས་དབྱིངས་ཀུན་རྫོབ་པའི་བདེན་པ་ནི་ནམ་ དུའང་མི་འཇོག་པའི་ཕྱིར་རོ། ། དེ་ལྟར་བཤད་པའི་ཚུལ་འདི་ནི་ཐེག་པ་ཆེན་པོའི་ཚུལ་ལུགས་ཚད་ལྡན་ཐམས་ཅད་ནས་དེ་ལྟར་བཤད་པ་ཡིན་ལ། འགའ་ཞིག་གིས་མདོ་སྡེ་རྒྱན་དང་། མངོན་པ་ཀུན་བཏུས་སོགས་ནས་བཤད་པའི་རིགས་ཀྱི་རྣམ་གཞག་དེ་སེམས་ ཙམ་པའི་ལུགས་ཡིན་གྱི། དབུ་མ་པའི་ལུགས་མིན་ཅེས་སྒྲོག་པ་དེ་ལྟར་ན་ནི། ཐེག་པ་ཆེན་པོའི་གཞུང་ལུགས་མཐའ་དག་སེམས་ཙམ་པ་ཁོ་ནའི་ཕྱོགས་སུ་འཕུལ་ཆེས་བས་དབུ་མའི་ཕྱོགས་རྣམས་ཉམས་དམས་པར་བྱས་པ་ཡིན་ནོ། །སེམས་ཙམ་པའི་ལུགས་སུའང་རང་ བཞིན་གནས་རིགས་སངས་རྒྱས་ཀྱི་སྙིང་པོར་ཁས་ལེན་པ་དང་། སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའི་ལུས་ཅན་ལའང་བྱང་ཆུབ་ཆེན་པོར་མྱ་ངན་ལས་མི་འདའ་བ་ཞིག་སྲིད་པའི་ཕྱིར་ན་རིགས་ཆད་ཀྱི་རིགས་ཅན་ཡོད་ཅེས་གསུངས་པ་ཡིན་གྱི། སངས་རྒྱས་ཀྱི་སྙིང་པོ་མེད་ པའི་སེམས་ཅན་འགའ་ཡང་ཡོད་པ་མ་ཡིན་པར་གསུངས་སོ། །འོ་ན་སྐབས་འདིའི་རང་བཞིན་གནས་རིགས་ལ་སེམས་ཙམ་པས་མྱོང་བ་གསལ་རིག་ཏུ་འདོད་པ་དང་། དབུ་མ་པས་དེར་མི་འདོད་པ་དང་། སེམས་ཙམ་པས་རྫོགས་བྱང་གཏན་ནས་མི་ཐོབ་པའི་སེམས་ཅན་ ཡོད་པར་འདོད་པ་དང་། ཅིག་ཤོས་དེར་མི་འདོད་པ་དང་། སེམས་ཙམ་པས་ཐེག་དམན་དགྲ་བཅོམ་གྱི་རྒྱུད་ལ་བྱང་ཆུབ་ཆེན་པོའི་རིགས་མེད་པར་འདོད་པ་དང་། ཅིག་ཤོས་ཀྱིས་ཡོད་པར་འདོད་པ་དང་། སེམས་ཙམ་པས་ཐེག་དམན་དགྲ་བཅོམ་པ་སྲིད་པར་སྐྱེ་བའི་རྒྱུ་ 4-1-124b མེད་པར་འདོད་པ་དང་། ཅིག་ཤོས་ཀྱིས་དེ་ཡོད་པར་འདོད་པ་ནི་མ་འདྲེས་པར་ཤེས་པར་བྱའོ། ། སྐབས་འདིར་ཐེག་པ་མཆོག་གི་ཚུལ་གང་ཡིན་པ་དེ་ཉིད་ཤེས་པར་བྱེད་པ་ལ་ནི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ཤེས་དགོས་ལ། དེ་ནི་སྔགས་ཀྱི་ཐེག་པར་ རིགས་ཐམས་ཅད་ཀྱི་དབྱེ་བསྡུའི་གཙོ་བོ་དང་། དོན་དམ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་དང་། དུག་གསུམ་སྤངས་པའི་གཞི་ལམ་འབྲས་བུ་རྣམ་པ་ཐམས་ཅད་པའི་རྒྱུན་མི་འདོར་བ་ཆགས་པ་རང་གི་ངོ་བོ་མི་རྟག་པ་མ་ཡིན་པ་དེ་ལྟ་བུ་ཞིག་ལ་བཤད་ ཅིང་། དེ་ལྟ་བུའི་གནས་ཚུལ་དེ་ནི་རྗེ་བཙུན་བྱམས་པས་དེ་བཞིན་གཤེགས་པའི་སྙིང་པོར་གསུངས་ལ། སྙིང་པོ་དེ་ནི་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཡིན་ཅིང་། ཚོགས་པའི་མིང་ཡ་གྱལ་ལ་བཏགས་ནས་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་དག་པ་གཉིས་ལྡན་དེའི་ ཕྱོགས་གཅིག་སྟེ་རང་བཞིན་རྣམ་དག་ཡོད་པ་ལ་དགོངས་ནས་སངས་རྒྱས་ཀྱི་རིགས་ཡོད་པའི་སེམས་ཅན་ཞེས་གསུངས་སོ། །མདོར་ན་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་བསྒྲུབ་པ་ལ་གཏན་ཚིགས་གང་འགོད་ཀྱང་རྟགས་ཆོས་གཉིས་ལ་དངོས་འབྲེལ་ གྲུབ་པ་མི་སྲིད། གཞན་གྱིས་སྙིང་པོ་སེམས་ཅན་ལ་ལྡན་པར་འདོད་པ་ཡང་སྤང་བྱར་ལྡན་པར་འདོད་ན་རུང་གི། དེ་ལྟར་ན་སྤང་བྱ་དེ་དང་པོ་ནས་ཡོད་མ་མྱོང་བའི་འཁྲུལ་པ་འབའ་ཞིག་པ་ཡིན་ལ། སྙིང་པོ་དང་སེམས་ཅན་ལ་བདག་གཅིག་དང་དེ་བྱུང་འབྲེལ་བ་གང་ དུའང་གྲུབ་པར་འདོད་པ་དང་། རྟེན་དང་བརྟེན་པ་གོ་ཆོད་པོར་འདོད་པ་རྣམས་ནི་སངས་རྒྱས་དང་། དེའི་གདན་ས་པ་བྱམས་མགོན་སོགས་དང་མི་མཐུན་པས་དོར་བར་བྱའོ། །གཞུང་ལུགས་གཞན་རྣམས་ནས་རིགས་ཀྱི་རྣམ་གཞག་མི་འདྲ་བ་མང་དུ་གསུངས་པ་རྣམས་ཀྱང་ 4-1-125a རིགས་འདི་ཉིད་ཀྱི་ཕྱོགས་རེ་ཙམ་མཚོན་པར་འདུག་གོ ། དེ་ལྟ་བུའི་སྙིང་པོ་དེ་གང་ཞེ་ན། བླ་ན་མེད་པའི་ཆོས་གང་ཡིན་པ་དང་འབྲལ་མི་ཤེས་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་ཉིད་དོ། །འདི་རང་གི་ངོ་བོ་ནས་དག་པ་གཉིས་ལྡན་ཡིན་ཀྱང་ གནས་སྐབས་སུ་རྟོག་གེ་བའི་ངོར་སྙིང་པོ་གོ་ཆོད་པོ་དེ་གློ་བུར་དྲི་བྲལ་དུ་འཇོག་པ་དང་། དྲི་བྲལ་གང་ཡིན་པ་དེ་འབྲས་དུས་ཀྱི་རྫོགས་པའི་སངས་རྒྱས་སུ་འདོད་ལ། སྙིང་པོ་བཏགས་པ་བ་གང་ལ་ཡོད་པ་ནི་ཤུན་པ་དང་བཅས་པའི་ཁམས་ལའང་ཡོད་དོ་ཞེས་ གསུངས་ལ། དེ་ལྟར་གྱི་ཚེ་ཤུན་པ་དང་བཅས་པའི་ཁམས་ལ་ཡོད་པས་ཁམས་ཉིད་ལ་ཡོད་པས་མ་ཁྱབ་བོ། །སྙིང་པོ་བཏགས་པ་བ་ནི་དབྱིངས་ཀྱི་རང་བཞིན་རྣམ་དག་གང་ཡིན་པ་ལ་ཆོས་ཉིད་ཡོད་པ་དེ་ལ་དེར་ངོས་འཛིན་པ་ཡིན་ནོ། །སྙིང་པོ་མཚན་ཉིད་པ་དེ་ཡང་ ཆོས་ཉིད་ཀྱི་སྐུ་ཡིན་པའི་ཕྱིར་དེ་ཉིད་ཀྱང་ངོ་སྐལ་གྱི་དྲི་མའི་ཆ་རེ་བྲལ་བའི་གནས་སྐབས་ན་ཐེག་པ་ཆེན་པོའི་ས་རེ་ནོན་པར་འགྱུར་ལ། དེ་ལྟ་བུའི་ཆ་རེ་མཐོང་བ་ལ་ནི་དོན་དམ་པའི་དགེ་འདུན་དཀོན་མཆོག་ཏུ་བཞག་ཅིང་། དེའི་མཐོང་བའང་བྱང་ཆུབ་སེམས་དཔའི་ཤེས་རྒྱུད་ ཀྱིས་སྙིང་པོ་དེ་མཐོང་བ་མ་ཡིན་ལ། སྙིང་པོ་དེ་ཉིད་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཆ་དུ་མ་ཡོད་པ་གང་ཡིན་པ་ལས། དེའི་སྒྲིབ་བྱེད་ཀྱི་རྣམ་པར་ཤེས་པའི་ཚོགས་གང་དང་གང་ཡིན་པ་དེ་དག་དེ་དང་དེར་འགགས་པ་ལ་མཐོང་བའི་མིང་བཏགས་པ་ཡིན་ནོ། །དེ་ལྟ་བུའི་ སྙིང་པོ་དེ་ནི་སེམས་ཅན་དུ་གྱུར་པ་གང་གི་རྒྱུད་ཀྱིས་ཀྱང་མ་བསྡུས་པ་དང་། རྒྱུད་དང་འདྲེ་བ་མེད་པ་དང་། སེམས་ཅན་གྱི་རྒྱུད་ཀྱི་སྙིང་པོ་ལ་དམིགས་ནས་སྒྲིབ་པ་སྦྱང་ཞིང་། ཐར་པ་བསྒྲུབ་པ་ནའང་སྙིང་པོ་དང་འབྲེལ་བ་མེད་པ་ཡིན་ལ། དེ་ལྟར་གྱི་ཚེ་སེམས་ཅན་གྱིས་ལམ་ 4-1-125b བསྒྲུབས་ཏེ་ཆོས་ཀྱི་སྐུ་ཐོབ་བོ་ཞེས་པ་འདི་ཡང་ཐ་སྙད་ཟོར་ཡང་བའི་དབང་དུ་བྱས་པ་ཡིན་གྱི། དེས་དེ་ཐོབ་པ་དང་ལྡན་པའི་རྣམ་གཞག་མཚན་ཉིད་པ་ཆོས་མངོན་པ་ནས་གསུངས་པ་ལྟ་བུ་ཡང་དེ་ལ་སྦྱོར་དུ་མི་བཏུབ་པའི་ཕྱིར་རོ། ། བླུན་པོ་ལ་ལ་ཞིག་སེམས་ཅན་གྱི་སེམས་ཀྱི་ ཆོས་དབྱིངས་ལ་བདེ་གཤེགས་སྙིང་པོ་དེ་དབྱེར་མི་ཕྱེད་པའི་ཚུལ་གྱིས་ཡོད་པ་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པར་ཐམས་ཅད་མཁྱེན་པ་ཀརྨ་པ་དཔལ་རང་བྱུང་གིས་བཞེད་པ་ཡིན་ནོ་ཞེས་ཟེར་རོ། །དམ་པ་དེ་ཉིད་ནི་དེ་ལྟར་བཞེད་པ་མ་ཡིན་ཏེ། ཟབ་མོ་ནང་དོན་གྱི་ རང་འགྲེལ་དུ་དག་པ་ལ་སེམས་སུ་བརྗོད་པ་དང་། མ་དག་པ་ལ་སེམས་སུ་བརྗོད་པ་ཞེས་རྣམ་པ་གཉིས་སུ་དབྱེ་བར་མཛད་དེ། མ་དག་པའི་སེམས་པ་ཅན་དེ་ལ་སེམས་ཅན་དུ་བཤད་ནས་དེ་ལྟ་བུའི་སེམས་ཅན་ལ་ཆོས་ཀྱི་དབྱིངས་མེད་པར་བཤད་པ་དང་། སེམས་ཅན་དེ་ཉིད་ ཆོས་དབྱིངས་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་བསྐྱེད་པ་གློ་བུར་བའི་དྲི་མར་བཞག་གོ། དག་པའི་སེམས་དེ་ནི་ཐ་མལ་གྱི་ཤེས་པ་དང་། དང་པོའི་མགོན་པོ་དང་། དང་པོའི་སངས་རྒྱས་སོགས་སུ་མཚན་གསོལ་ནས་དེ་ཉིད་ལ་སངས་ རྒྱས་ཀྱི་ཡོན་ཏན་རྣམས་དང་དབྱེར་མི་ཕྱེད་པའི་ཚུལ་ཅན་ཡིན་པར་གསུངས་པ་དང་། དེ་ལྟ་བུ་ནི་སྙིང་པོ་གོ་ཆོད་པོ་ཡང་ཡིན་ལ། དེ་ལྟར་གྱི་ཚེ་དག་པའི་སེམས་དེ་གང་ལ་བྱ་ཞེ་ན། སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་པ་དེ་ཡིན་ལ། འོད་གསལ་བའི་དོན་ཡང་ཕྱིན་ཅི་ ལོག་གི་སེམས་དེ་རང་བཞིན་གྱིས་དག་པའི་དོན་ཡིན་ནོ། །རང་བཞིན་གྱིས་དག་པའི་སྙིང་པོ་དེ་ལྟ་བུ་སེམས་ཅན་ལ་ཡོད་པར་གསུངས་པ་ཡང་སྒྲ་ཇི་བཞིན་པ་མ་ཡིན་གྱི། རང་བཞིན་འོད་གསལ་གྱི་སྙིང་པོ་གཞིར་བཟུང་ནས་དེ་ལ་མ་དག་པའི་སེམས་ཅན་སྦྱང་བྱར་ཡོད་པ་ 4-1-126a ལ་སེམས་ཅན་ལ་སངས་རྒྱས་ཡོད་དོ་ཞེས་གསུངས་པ་ཡིན་ལ། སེམས་ཅན་སྦྱང་བྱར་ཡོད་པ་ཡང་གཞན་དབང་འཁྲུལ་བའི་དབང་གིས་ཡིན་གྱི། ངེས་པའི་དོན་དུ་ནི་སྦྱང་བྱ་གློ་བུར་གྱི་དྲི་མ་ཡང་གདོད་མ་ནས་ཡོད་པ་མ་ཡིན་ནོ། །གློ་བུར་གྱི་དྲི་ མའི་དོན་ཡང་སྔར་མེད་གསར་བྱུང་དུ་འདོད་པ་དང་། སྔར་ཡོད་ཕྱིས་འབྲལ་རུང་དུ་འདོད་པ་ལ་གློ་བུར་བའི་དོན་དུ་བཤད་པ་ནི་རྣམ་པ་ཐམས་ཅད་དུ་མི་རུང་སྟེ། གློ་བུར་བའི་དོན་ནི་སྔ་ནས་ཀྱང་མ་འོངས། ཕྱི་ནས་ཀྱང་མི་འགག །གསར་བྱུང་དུའང་མི་སྐྱེ། འོན་ཀྱང་ འཁྲུལ་རྒྱུ་སྣ་ཚོགས་ཀྱིས་མཚམས་སྦྱར་བ་ལས་རེས་འགའ་བ་ཡིན་པའི་དོན་གྱིས་གློ་བུར་བ་སྟེ་མི་བདེན་པ་དང་། བརྫུན་པ་དང་། མེད་པའི་རང་བཞིན་ཅན་གྱི་གསོག་ཡིན་ནོ། །སྦྱང་བྱར་ཡོད་པའི་ཡོད་པའང་ཡོད་མེད་གཉིས་ཀྱི་ཟླས་ཕྱེ་བའི་ཡོད་པ་དེ་ལྟ་བུར་ཡོད་ པ་ནི་མ་ཡིན་གྱི། འདིར་བསྟན་གྱི་ཡོད་པ་ནི་དོན་བྱེད་ནུས་པར་ཡོད་མེད་ཀྱི་དོན་ཡིན་ལ། སེམས་ཅན་འདི་དག་ཐམས་ཅད་ནི་དངོས་པོ་ཡིན་ཏེ་དོན་བྱེད་ནུས་པའི་ཕྱིར་དང་། ཡོད་ན་མི་རྟག་པས་ཁྱབ་པ་དང་། མི་རྟག་ན་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་ལས་འཇིག་བྱེད་ཀྱི་རྒྱུ་ གཞན་མི་དགོས་པས་འཇིག་ངེས་སུ་གནས་པ་དང་། དེ་ལྟར་འཇིག་ངེས་སུ་གནས་པས་མཐར་སེམས་ཅན་རང་གི་ངོ་སྐལ་གྱི་འཁོར་བ་ཟད་པ་ན་མྱང་འདས་སུ་འགྱུར་བ་དང་། དེའི་དོན་གྱིས་མཐར་ཐུག་སེམས་ཅན་གྱི་ཁམས་ཆེན་པོ་འདི་ན་ནི་གཏན་ཡོངས་སུ་མྱ་ངན་ལས་ མི་འདའ་བའི་སེམས་ཅན་ནི་གཅིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ངེས་པའི་དོན་ཡིན་ལ། གང་མི་རྟག་པའི་དངོས་པོ་ཡིན་ན་རྒྱུ་རྐྱེན་ལས་སྐྱེ་བ་ཡིན་པར་ཁྱབ་པ་དང་། གང་རྒྱུ་རྐྱེན་ལས་སྐྱེ་བ་དེ་རང་བཞིན་གྱིས་སྐྱེ་བ་མ་ཡིན་པ་དང་། རང་བཞིན་གྱིས་མ་སྐྱེས་ན་ 4-1-126b རྟག་པར་ཡོད་པ་མ་ཡིན་པ་དང་། རྟག་པར་ཡོད་པ་མ་ཡིན་པ་ཡང་དེ་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་དེ་དག་རྟག་པས་བྱས་པ་མ་ཡིན་པ་དང་། རྒྱུ་མཚན་དེས་ན་མི་རྟག་པས་བྱས་པའི་འབྲས་བུ་དེ་ཡང་མི་རྟག་པའི་རྒྱུ་དེ་ཉིད་ལས་འདྲ་བར་རིགས་མཐུན་པ་དང་། རིགས་མཐུན་གྱི་ ཆོས་དེ་ཐམས་ཅད་པ་རང་གི་ངོ་བོ་ནས་རང་བཞིན་གྱིས་གྲུབ་པར་ཡོད་པའི་ཆོས་གོ་ཆོད་པོ་དེ་མིན་པས། དེ་དག་ཐམས་ཅད་ནི་རང་བཞིན་གྱིས་མེད་པ་ལ་ཡོད་པར་འཁྲུལ་བའི་ཕྱིར་ན་ཀུན་རྫོབ་ཅེས་བྱ་སྟེ། དེ་ལྟ་བུའི་ཚུལ་དེས་ནི་རང་བཞིན་སྟོང་པ་ཉིད་ཀྱི་གནས་ཚུལ་ལ་ སྒྲིབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསམ་བཞིན་དུ་མིའི་སྐྱེ་བ་བཞེས་པ་ཀརྨ་པ་རིམ་པར་བྱོན་པ་རྣམས་ཀྱི་དགོངས་པ་ཡིན་ནོ། ། དེང་སང་གང་དག་སྟོབས་སོགས་ཡོན་ཏན་གྱིས་མི་སྟོང་པའི་དེ་བཞིན་གཤེགས་སྙིང་སེམས་ ཅན་ལ་ཡོད་པ་ནི་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་དགོངས་པ་ཡིན་པ་དང་། དེ་ཉིད་རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོས་གསལ་བར་བཤད་དོ་ཞེས་སྨྲ་བ་ནི་གཞན་ཟེར་དབྱངས་སུ་བླངས་པའི་གཏམ་ཡིན་གྱི་རང་ལུགས་མ་ཡིན་ལ། དེ་ལྟ་བུའི་ལུགས་དེ་ཆེན་ པོ་གཞན་ཅི་འདྲ་བ་ཞིག་གིས་བཞེད་ཅེ་ན། དེ་ལྟར་འདོད་པ་བོད་གངས་ཅན་ན་གཞན་ཡང་མང་མོད་ཀྱི། ལྷག་པར་རྩལ་དུ་བཏོན་ཏེ་འཆད་པ་པོ་ནི་དོལ་པོ་བ་ཤེས་རབ་རྒྱལ་མཚན་ཉིད་ཡིན་ནོ། །དེས་ནི་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་ལྡན་དེ་ལྟ་བུའི་སྙིང་པོ་དེ་སེམས་ཅན་ ལ་ཡོད་ལ། སེམས་ཅན་ལ་དེ་ཡོད་པས་སེམས་ཅན་དེ་དེ་ཡིན་མི་དགོས་ཤིང་། དེའི་ཕྱིར་ཡོད་ཡིན་གྱི་ཁྱད་པར་མ་འདྲེས་པར་ཕྱེ་དགོས་སོ་ཞེས་གསུངས་སོ། །དེ་ལ་ཁོ་བོ་ནི་སེམས་ཅན་ལ་སངས་རྒྱས་ཡོད་ཅེས་པ་འདི་ནི་སྐྱོན་ཅན་ཡིན་ལ། སྤྱིར་ཆོས་ཅན་གཅིག་གི་ 4-1-127a སྟེང་དུ་ཁྱད་པར་གྱི་ཆོས་ཡོད་པ་དང་། ཆོས་དེ་ཉིད་ཡིན་པར་བསྒྲུབ་པ་ལ་བསྒྲུབ་བྱའི་ཆོས་དེ་དང་རྟགས་གཉིས་རང་གི་ངོ་བོ་དབྱེར་མེད་པའི་ཚུལ་གྱིས་འབྲེལ་བ་གྲུབ་པ་རང་བཞིན་གྱི་རྟགས་སམ། འོན་ཏེ་ཆོས་ཅན་གྱི་གཞི་དེར་དེ་ཡོད་པར་བསྒྲུབ་པ་ ལ་བསྒྲུབ་བྱའི་ཆོས་དེ་དང་རྟགས་གཉིས་དེ་བྱུང་གི་འབྲེལ་བ་གྲུབ་པ་ཞིག་དགོས་པ་ལས། དེ་ཡང་དང་པོར་སེམས་ཅན་ཆོས་ཅན་དུ་བཟུང་། སངས་རྒྱས་ཡིན་པ་བསྒྲུབ་བྱའི་ཆོས་སུ་བཟུང་སྟེ་རྟགས་ཡོད་དགོད་དུ་སྦྱར་བ་སྤྱིར་ཚད་མས་བསལ་བ་དང་། ཁྱད་པར་དུ་ཁྱོད་ རང་གི་ལུགས་ལའང་འཐད་པ་མ་ཡིན་ཏེ། ཁྱོད་ལྟར་ན་སངས་རྒྱས་སེམས་ཅན་ཡིན་པ་དང་། སེམས་ཅན་སངས་རྒྱས་ཡིན་པའང་མི་འདོད་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་ཆོས་ཅན་དུ་བཟུང་། སངས་རྒྱས་བསྒྲུབ་བྱའི་ཆོས་སུ་བཟུང་ནས་རྟགས་ཡོད་དགོད་དུ་ སྦྱར་བའང་ལུགས་ལ་མི་བཏུབ་སྟེ། དེར་དེ་ཡིན་ཡོད་དུ་སྦྱོར་བ་ལ་སྤྱིར་འགལ་ནས་འགོག་པ་མ་ཡིན་པ་ཞིག་དགོས་པ་ལས། ཁྱེད་ཀྱི་ལུགས་ལ་སེམས་ཅན་དང་སངས་རྒྱས་གཉིས་སྣང་མུན་བཞིན་ལྷན་ཅིག་མི་གནས་འགལ་དུ་ཁས་བླངས་པས་ཀྱང་རྟགས་ཡོད་ དགོད་དུ་སྦྱར་དུ་མི་བཏུབ་བོ། །དེ་ལྟར་སྦྱར་དུ་མི་བཏུབ་པ་དེའང་དེ་ལྟ་བུའི་ཕྱོགས་ཆོས་སུ་འགྱུར་བའི་རྟགས་མི་རྙེད་པ་ལ་ཐུག་པའི་ཕྱིར་རོ། །མདོར་ན་བསྒྲུབ་བྱ་ཡིན་པ་དང་དེ་ལ་ཡོད་པ་ཉིད་ནི་འབྲེལ་བ་གྲུབ་པ་ལ་རག་ལས་ཀྱི། འབྲེལ་བ་གྲུབ་པ་ལའང་རྗེས་སུ་འགྲོ་ ལྡོག་མི་འཁྲུལ་བ་ཞིག་གྲུབ་དགོས་པས། དེ་དེ་ལྟར་གྱི་ཚེ་སེམས་ཅན་ལ་སངས་རྒྱས་ཡོད་པ་འདི་ནི་རྗེས་སུ་འགྲོ་ལྡོག་གང་ལའང་ཚད་མས་འཁྲུལ་མེད་དུ་མི་གནས་པའི་ཕྱིར་མ་ངེས་པ་དང་། སངས་རྒྱས་དང་ལྡན་པའི་སེམས་ཅན་ལ་ཆོས་ཅན་སངས་རྒྱས་ཡོད་ཅེས་པ་ 4-1-127b འདི་ཡང་ཆོས་ཅན་གྱི་ངོ་བོ་མ་གྲུབ་པ་ཡིན་ཏེ། སངས་རྒྱས་སམ་སྙིང་པོ་གང་ཡིན་པ་དེ་ནི་འདུས་མ་བྱས་ཡིན་ལ། སྙིང་པོ་འདུས་མ་བྱས་པ་དེ་ནི་སེམས་ཅན་འདུས་བྱས་ལ་ལྡན་པ་མི་སྲིད་དོ། །ཅི་སྟེ་དེ་ལྡན་ན་འགལ་བར་ལྡན་ནམ། འབྲེལ་བར་ལྡན། འགལ་བར་ ལྡན་པ་ནི་ཁྱེད་མི་འདོད་ལ། འབྲེལ་བར་ལྡན་ན་ནི་སྙིང་པོ་དང་དེ་ལ་སྒྲིབ་བྱེད་ཀྱི་སེམས་ཅན་གཉིས་བདག་གཅིག་པ་དང་། དེ་བྱུང་གི་འབྲེལ་བ་གང་རུང་ལས་མ་འདས་ཤིང་། དེ་གཉིས་གཅིག་དང་ཐ་དད་པ་གཉིས་ཀར་བརྗོད་དུ་མི་ནུས་པ་བཅོམ་ལྡན་འདས་ཀྱིས་ངེས་པའི་ དོན་གྱི་མདོ་སྡེར་གསུངས་པས་ཕྱོགས་སྔ་མའི་ནི་མི་འཐད་པའོ་ཞེས་སྨྲའོ། ། དེ་ལྟར་གྲུབ་དོན་རྒྱལ་བ་སྲས་བཅས་ཀྱིས་སེམས་ཅན་ལ་སངས་རྒྱས་ཡོད་ཅེས་གསུངས་པའི་དོན། སེམས་ཅན་ལ་སངས་རྒྱས་དེ་མ་འབྲེལ་བར་སྙིང་པོའི་ཚུལ་གྱིས་ཐོག་མ་མེད་པའི་ཉོན་ མོངས་པའི་སྒྲིབ་པའི་སྦུབས་སུ་སྙིང་པོ་དེ་རང་གི་ངོ་བོ་མེད་པ་མ་ཡིན་པའི་ཚུལ་གྱིས་ཡོད་དོ་ཞེས་གསུངས་ལ། དེའི་དོན་ཀྱང་སྙིང་པོ་སྙིང་པོར་ཡོད་པ་ལ་དགོངས་པ་ཡིན་ནོ་ཞེས་པ་འདི་འཐད་དོ། །ཕྱིས་ཀྱི་ཆེན་པོ་ལ་ལས་ནི་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་ པའི་དོན་སེམས་ཅན་ཐ་དད་པ་རེ་རེ་ལ་སྙིང་པོར་གྱུར་པའི་སངས་རྒྱས་རེ་རེ་ཡོད་ཅེས་བྱ་བ་ལ་དགོངས་ནས་སེམས་ཅན་ལ་སངས་རྒྱས་ཡོད་དོ་ཞེས་གསུངས་ཟེར། དེ་ལྟར་དུ་བཤད་པས་འགའ་ཞིག་གི་བློ་གྲོས་ལ་འཐད་པར་འབབ་མོད་ཀྱང་། སེམས་ཅན་རེ་རེའི་སྙིང་ པོར་སངས་རྒྱས་རེ་རེ་ཡོད་པའང་ངེས་པའི་དོན་དུ་བརྟག་དཀའ་བ་ཡིན་ཏེ། སྙིང་པོར་གྱུར་པའི་སངས་རྒྱས་ནི་གཅིག་པ་དང་ཐ་དད་པའི་རེ་རེ་བ་དུ་མར་ཡོད་པའང་བརྗོད་དུ་མི་ནུས་ཏེ། སྙིང་པོའི་དེ་བཞིན་ཉིད་ནི་སངས་རྒྱས་དང་སེམས་ཅན་གྱི་རྟེན་གྱི་ཁྱད་པར་གྱིས་ 4-1-128a བཟང་ངན་དུ་དབྱེར་མི་ནུས་པ་དང་། དབྱེར་མི་ནུས་པའི་སྙིང་པོ་དེའང་གཅིག་དང་དུ་མ་ལས་གྲོལ་བའི་ཕྱིར་རོ། །དེས་ན་འགའ་ཞིག་སེམས་ཅན་ལ་སྙིང་པོ་གོ་ཆོད་པོ་ཡོད་པའི་སྒྲུབ་བྱེད་དུ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་ དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པས་སངས་རྒྱས་ཀྱི་སྙིང་པོ་དངོས་ཡོད་པ་དེ་རྟགས་གསུམ་པོ་དེས་རིམ་བཞིན་གྲུབ་ལ། དེ་ལྟར་གྱི་ཚེ་ན། ལུས་ཅན་ཀུན་ཆོས་ཅན། སངས་རྒྱས་ཀྱི་ སྙིང་པོ་ཡོད་དེ། དེའི་ཚེ་རིགས་ཡོད་པའི་ཕྱིར་ཞེས་བཀོད་པས། རིགས་ཡོད་ན་སྙིང་པོ་ཡོད་པའི་རྗེས་འགྲོའི་ཚུལ་གྲུབ་པ་མ་ཡིན་ཏེ། རིགས་ནི་ཐོས་པའི་བག་ཆགས་ཙམ་ལ་ཡང་བཞག་ན། སྙིང་པོ་ནི་སངས་རྒྱས་དངོས་ཡིན་ལ། ཐོས་པའི་བག་ཆགས་ནི་ དད་པའི་སར་ཡང་འབྱུང་སྟེ། ཆོས་ཀྱི་སྐུ་དང་སངས་རྒྱས་ཀྱི་སྙིང་པོ་ནི་དེར་ཡོད་པས་མ་ཁྱབ་པའི་ཕྱིར་རོ། །གཞན་ཡང་དེ་ཆོས་ཅན། དེ་ཡོད་དེ། སེམས་ཅན་གྱི་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་སྙིང་པོ་དབྱེར་མེད་པའི་ཕྱིར་ཞེ་ན། རྟགས་ཀྱི་ཕྱོགས་གཅིག་ཆོས་ ཅན་ལ་མ་གྲུབ་པ་ཡིན་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མའི་ལུགས་འདིར་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་སྙིང་པོ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལས་སེམས་ཅན་ལ་དེ་བཞིན་ཉིད་ནི་མེད་པར་གསུངས་པས་སོ། །ཆོས་ཅན་དང་བསྒྲུབ་བྱས་ཆོས་སྔར་བཞིན་ལ་རྫོགས་ སངས་སྐུ་འཕྲོ་བའི་ཕྱིར་ཞེས་བཀོད་ནའང་མ་གྲུབ་པའི་གཏན་ཚིགས་ལས་མི་འདའ་བ་ཡིན་ཏེ། སེམས་ཅན་གྱི་རྒྱུད་ལས་རྫོགས་སངས་ཀྱི་སྐུ་འཕྲོ་བ་མི་སྲིད་པའི་ཕྱིར་རོ། །དེས་ན་དེ་ལྟར་གྱི་རྟགས་ཀྱིས་དེ་ལ་དེའི་སྙིང་པོ་ཅན་དུ་གསུངས་པ་ནི་དགོངས་པ་དང་དགོས་པ་དངོས་ 4-1-128b ལ་གནོད་བྱེད་གསུམ་གྱི་སྒོ་ནས་ཤེས་དགོས་པ་གཞུང་འདི་ཉིད་དུ་གསལ་བར་གསུངས་སོ། ། ཆེན་པོ་འགའ་ཞིག་གིས་སེམས་ཅན་དེའི་རྒྱུད་ལ་སངས་རྒྱས་འབྱུང་རུང་དུ་ཡོད་པ་ལ་དེར་དགོངས་པ་ཡིན་གྱི། དཔེར་ན་འོ་མ་ལ་མར་འབྱུང་རུང་དུ་ཡོད་པ་བཞིན་ཡིན་ནོ། ། ཞེས་ཟེར་རོ། །དེ་ལྟར་སྨྲ་བ་པོའི་དཔེ་དེ་ཡང་འཐད་པ་མ་ཡིན་ཏེ། འོ་མ་ལས་མར་འབྱུང་བ་ལ་ནི་མངོན་སུམ་གྱི་རིགས་པས་ཀྱང་གནོད་ལ། དཔེ་དེ་ཡི་འགྲུབ་པ་བཞིན་དུ་དོན་དེ་ཡང་མི་འགྲུབ་པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་དབྱིངས་ལ་རིགས་སུ་བཤད་པ་དང་། དེ་ཉིད་ལ་ བརྟེན་ནས་ཐེག་གསུམ་གྱི་འབྲས་བུ་འབྱིན་པའང་ངེས་པའི་དོན་དུ་གནས་ཏེ། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་དང་། སངས་རྒྱས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར། ཞེས་གསུངས་པས། ཆོས་ཀྱི་ དབྱིངས་དེ་ཉིད་ལ་ཐེག་པར་ཞུགས་པའི་ཁྱད་པར་གསུམ་གྱིས་རྟོགས་པ་ཡོངས་སུ་རྫོགས་པ་དང་། ཡོངས་སུ་མ་རྫོགས་པའི་ཁྱད་པར་གསུམ་བྱུང་ཡང་། གང་རྟོགས་པར་རང་གི་ངོ་བོ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་ལས་གཞན་དུ་མ་གསུངས་ལ། དེ་ལྟར་གྱི་ཚེ་གང་ཟག་གི་ བདག་མེད་རྟོགས་པའི་རྟོགས་པ་དེའང་ཆོས་ཀྱི་དབྱིངས་ཀྱི་རྒྱུ་ལས་གཞན་དུ་མ་འདས་པར་ཐལ་ལོ་ཞེ་ན། ཡོངས་སུ་གྲགས་པའི་ལན་དང་། ཤེས་འདོད་ཀྱི་ལན་གཉིས་ལས། དང་པོ་ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པར་ཁས་བླངས་ན་དེ་ཁོ་ བོ་ཅག་ཅིའི་ཕྱིར་མི་འདོད་དེ་འདོད་དོ། །གཉིས་པ་ནི། ཆོས་ཀྱི་དབྱིངས་ལ་གང་ཟག་གི་བདག་མེད་ཀྱི་ཆ་ཡོད་པ་དེ་ལ་དེར་ཐལ་ཅེ་ན། འདོད་ལ། ཉན་ཐོས་ཀྱི་རྒྱུད་དང་འབྲེལ་བའི་གང་ཟག་གི་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རྟོགས་ཆ་ནས་དེར་ཐལ་ལོ་ཞེ་ན་ 4-1-129a ཁྱབ་པ་མེད་དོ། ། བོད་གང་དག་ཆོས་དབྱིངས་ཀྱི་ངོ་བོ་གསལ་ཞིང་རིག་པའི་ཤེས་པ་ལ་བཞག་སྟེ། དེ་ཙམ་ལ་དམིགས་ནས་ཐེག་གསུམ་གྱི་རྟོགས་རིགས་ཀྱི་རྟེན་བྱེད་པར་འདོད་པ་རྣལ་འབྱོར་སྤྱོད་པའི་ལུགས་སུ་བཤད་ནས། ཆོས་དབྱིངས་རྟོགས་ ན་ཆོས་ཀྱི་བདག་མེད་རྟོགས་པས་མ་ཁྱབ་ཅེས་དང་། ཆོས་དབྱིངས་ལ་བརྟེན་ནས་ཐེག་པ་གང་ཡིན་པའི་འབྲས་བུ་དེ་འབྱིན་པ་ན་ཆོས་ཀྱི་དབྱིངས་དེ་རྟོགས་དགོས་པར་མ་ངེས་པ་ཡིན་ནོ་ཞེས་སྨྲ་བའང་ཡོད་མོད་ཀྱི། དེ་དག་ནི་བརྟག་པའི་གཞིར་བཞག་གོ ། དེ་ལྟར་བཤད་ པས་གྲུབ་པའི་དོན་རིགས་གོ་ཆོད་པོ་སྙིང་པོར་བཞག་པས་དེའི་ཚེ་རིགས་ཅན་གསུམ་ཡོད་པའི་ཕྱིར་སྙིང་པོ་དེ་ཉིད་རིགས་ཅན་གསུམ་དུ་གཞག་གམ་ཞེ་ན། མ་ཡིན་ཏེ། སྙིང་པོ་དེ་ཉིད་ནི་དེ་བཞིན་གཤེགས་པའི་རིགས་གཅིག་ཁོ་ན་ལས་མ་འདས་ཀྱང་། འཕགས་ པའི་གང་ཟག་གསུམ་ཐ་དད་པར་ཡོད་པ་ལས་རིགས་ཅན་གསུམ་དུ་དབྱེ་བ་ཡིན་གྱི། དེ་བཞིན་གཤེགས་པ་ཉིད་ཀྱི་རིགས་ལ་ནི་དབྱེར་ཡོད་པ་མ་ཡིན་ནོ། །དེ་ལྟར་གྱི་ཚེ་འཕགས་པའི་གང་ཟག་གཞན་མི་སྲིད་དོ་སྙམ་ན། འཕགས་པ་རྣམས་ཀྱི་རིག་གྲོལ་གྱི་ ཡོན་ཏན་གང་ཡིན་པ་ལ་འཕགས་པའི་གང་ཟག་གི་གདགས་གཞིར་བྱས་པ་དེའོ། །མདོར་ན་དེང་སང་ངེས་དོན་དུ་སྨྲ་བར་རློམས་ནས་སངས་རྒྱས་ཀྱི་རིགས་གང་ཡིན་པ་དེས། རིགས་ཅན་གསུམ་གྱི་གདུལ་བྱ་སོ་སོ་ལ་རང་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་པས་སངས་ རྒྱས་ཀྱི་རིགས་དེའི་ཕྱོགས་རེའམ་ཕྱོགས་ཡོངས་སུ་རྫོགས་པའི་རྟོགས་པ་ཐོབ་པས་རིགས་ཅན་གསུམ་དུ་འཐད་པ་དང་། དེ་ལྟ་བུའི་བྱང་ཆུབ་རྣམ་པ་གསུམ་ཐོབ་པ་དེ་ཡང་སངས་རྒྱས་ཀྱི་རིགས་དེའི་ནུས་པ་སྟེར་བ་ལས་བྱུང་ངོ་ཞེས་ཟེར་རོ། །དེ་ལྟར་བཤད་པ་དེའི་ 4-1-129b དང་པོ་རྣམས་ལ་མི་འཐད་པ་ཆེར་མེད་ཀྱང་། སྙིང་པོའི་ནུས་པ་སྟེར་བ་ཞེས་བྱ་བ་འདི་ལྟ་བུ་ནི་རྒྱ་བོད་གང་དུའང་སྔར་མ་བྱུང་བ་དང་། ཚིག་དང་དོན་གཉིས་ཀ་ལ་བརྟགས་ནའང་སྙིང་པོ་ཡོད་པ་མ་ཡིན་ཏེ། སྙིང་པོ་དེ་འདུས་མ་བྱས་ཡིན་པས་དེའི་ནུས་པ་སྟེར་བའི་འདུ་བྱ་ བ་ནི་སྲིད་པ་མ་ཡིན་ལ། འགའ་ཞིག་འདི་སྙམ་དུ་སངས་རྒྱས་ཀྱི་སྙིང་པོ་དེ་ཉིད་ལས་ཆོས་སྐུའི་ཕྲིན་ལས་འཕྲོ་བ་ཐམས་ཅད་ཀྱང་བྱ་བ་བསྒྲུབ་པའི་ཕྱིར་སྔ་མ་དེ་མི་འཐད་པ་མ་ཡིན་པས་འཐད་དོ་ཞེ་ན། དེ་ནི་ཁྱོད་ཀྱིས་མ་བསླབ་པའི་སྐྱོན་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ ཀྱི་སྐུའི་མཛད་པའི་རང་ངོ་འདུ་བྱ་བ་མ་ཡིན་པ་དང་། དེ་ལྟར་གྱི་མཛད་པ་དེ་སེམས་ཅན་ལ་རྗེས་སུ་ཞུགས་པ་ན་བྱ་བ་བསྒྲུབ་པ་དེ་ནི་སེམས་ཅན་ལས་དག་པ་བ་རྣམས་ཀྱི་རྒྱུད་ལ་དེ་འབྱུང་བ་ནི་དངོས་སྟོབས་ཀྱིས་འོངས་པའོ། །དེ་ལྟར་གྱི་ཚེ་དེའི་རྒྱུད་ལ་བྱ་བ་བསྒྲུབས་ པས་ཆོས་སྐུའི་ཕྲིན་ལས་དངོས་ལ་ནི་འབད་པ་དང་འདུ་བྱ་བ་ཡོད་དགོས་པ་མ་ཡིན་ནོ། །འདིར་བསྟན་གྱི་སྒྲུབ་པ་བཅུ་གསུམ་གྱི་སྒྲུབ་པ་བྱས་པ་དེ་ཐམས་ཅད་ངལ་བ་འབྲས་བུ་མེད་པ་མ་ཡིན་པར་འབྲས་བུ་དོན་དང་ལྡན་པ་ཡིན་ཏེ། སངས་རྒྱས་ཀྱི་སྙིང་པོ་ལ་གློ་བུར་གྱི་དྲི་ མ་སྦྱང་བར་བསྒྲུབ་པའི་བྱ་བ་བྱས་པས་ནམ་ཞིག་དྲི་མ་དག་པ་ན། སངས་རྒྱས་ཀྱི་འབྲས་བུ་ཐོབ་ཅེས་པའི་འབྲས་བུ་དེ་ནི་སྒྲུབ་པའི་སྐབས་སུ་རིགས་སམ་རྟེན་ནམ་རྒྱུའི་མིང་ཅན་དེ་ཡིན་ལ། དེ་ལྟར་གྱི་ཚེ་དེ་ལ་རྒྱུ་འབྲས་མཚན་ཉིད་པ་ཡོད་པ་མ་ཡིན་པ་ནི་གོང་དུ་བཤད་ཟིན་ལ། ངེས་པའི་དོན་དུ་ནི་སྙིང་པོའི་རིགས་དེ་ཉིད་སངས་རྒྱས་དངོས་ཡིན་ཅིང་། དེ་ཉིད་སྒྲིབ་བྱེད་ཀྱི་སེམས་ཅན་དང་། གདུལ་བྱ་གཞན་སྣང་དུ་སངས་རྒྱ་བ་ལྟར་སྣང་བ་ནི་སངས་རྒྱས་ལྟར་སྣང་ཡིན་ཏེ། གནས་སྐབས་དེར་གློ་བུར་གྱི་དྲི་མ་དག་པ་ན་སངས་རྒྱས་དེ་ཉིད་རྣམ་པ་ 4-1-130a ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པར་འཚང་སླར་རྒྱ་དགོས་པ་ལྟར་སྣང་བ་ཡིན་གྱི། ངེས་པའི་དོན་དུ་ནི་སངས་རྒྱས་ཀྱི་སྙིང་པོ་ཉིད་གྲུབ་ཙམ་ནས་དེ་སངས་རྒྱས་ཡིན་པས་དེ་འཚང་སླར་རྒྱ་མི་དགོས་པ་དང་། དེ་གཞན་གང་གིས་ཀྱང་ འཚང་རྒྱ་བར་བྱེད་མི་ནུས་པས་བརྟགས་ཤིང་དཔྱད་པ་ན། སངས་རྒྱས་དེ་སངས་རྒྱས་ཡིན་པ་ལས་མ་གཏོགས་པར་དེ་ལས་གཞན་དུ་ན་འཕགས་པའི་གང་ཟག་ཅིག་དུས་གསུམ་གང་ཡང་རུང་བར་འཚང་རྒྱ་བར་སྲིད་པ་མ་ཡིན་ནོ། །དོན་དེ་ཉིད་དྭགས་པོ་བཀའ་བརྒྱུད་ཀྱི་ བླ་མ་གོང་མ་རྣམས་ཀྱི་ཐུགས་ལ་ཤར་ནས་དབྱངས་སུ་ལེན་པར་མཛད་དེ། འདི་སྐད་དུ། རྗེ་དུས་གསུམ་མཁྱེན་པས། སངས་རྒྱས་ལ་འགྱུར་བ་མི་གདའ་ན། །འབྲས་བུ་ཀུན་ཐོབ་ལ་ཡིད་སྨོན་མེད། །ཅེས་གསུངས་སོ། །ཕྱིས་ཀྱི་གངས་ཅན་པ་ལ་ལས་སྒྲུབ་པ་ལ་ བཅུ་གསུམ་པོ་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་སྐྱེས་པ་ལ་བཞག་ནས་ཚུལ་དེ་ལྟར་བརྟེན་པ་ཡིན་ཏེ། དཔེར་ན་བསམ་གཏན་ས་དྲུག་པོ་དེ་ཟག་མེད་ལམ་གྱི་སེམས་རྟེན་དུ་བཞག་པ་བཞིན་ཡིན་ནོ་ཞེས་ཟེར་རོ། ། འདིར་སྨྲས་པ། ཡོད་ཡིན་ཇི་ལྟར་ཕྱེ་ན་ཡང་། ། འགྲོ་བའི་རྒྱུད་ལ་སངས་རྒྱས་ཀྱི། ། སྙིང་པོའི་འབྲེལ་བ་ལྡན་པ་མེད། །སེམས་ཅན་ཇི་ལྟར་མཆོག་གྱུར་ཀྱང་། ། འོད་གསལ་ཆུབ་པའི་བྱང་བྱ་ཡིན། །སྒྲིབ་པས་ཇི་ལྟར་གཡོགས་གྱུར་ཀྱང་། །སྙིང་པོ་སངས་རྒྱས་ཉིད་ལས་ནི། །གཞན་དུ་གཡོ་བ་མ་ཡིན་ནོ། །ཞེས་ བྱ་བ་འདི་ངེས་སོ། །གཉིས་པ་ཚིག་གི་དོན་ལ་གཉིས། དངོས་དང་། དོགས་པ་བཅད་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྒྲུབ་པའི་རྟེན་རིགས་དང་ལྡན་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གོང་དུ་ཇི་སྐད་བཤད་པ་ 4-1-130b དེ་དང་། ཐེག་ཆེན་གྱི་མཐོང་བའི་ལམ་དང་ལ་སོགས་པས་སྒོམ་པའི་ལམ་དང་བཅས་པ། གཞན་ཡང་འཕགས་པའི་རྒྱུད་ལ་འབྱུང་བས་སྒྲུབ་པ་ཁྱད་པར་བ་དེའི་རྟེན་དུ་གྱུར་པའི་རིགས་འཆད་པར་མཛད་དོ། །གཉིས་པ་ནི། མདོའི་འགྲེལ་དུ། གོང་དུ་བྱང་ཆུབ་སེམས་དཔའ་ཞེས་ ལན་དུ་གསུངས་པ་ལས་འཕྲོས་པའོ། །འདིར་བསྟན་གྱི་བཤད་བྱའི་མདོ་ནི། རྟོགས་པའི་ཆོས་དྲུག་གི་སྐབས་སུ་མདོ་ལས་རིམ་བཞིན་འདི་ལྟར་སྦྱར་ཏེ་གསུངས་ལ། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་ བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །ཞེས་དང་། ཡང་རབ་འབྱོར་འདི་ལྟ་སྟེ། དཔེར་ན་ཡང་དག་པའི་མཐའ་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་ སོ། །ཞེས་པ་དང་། གཞན་ཡང་རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུའི་གཟུགས་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་ སོ། །གཞན་ཡང་རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུའི་ནང་སྟོང་པ་ཉིད་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཞེས་དང་། གཞན་ཡང་རབ་འབྱོར་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཞེས་དང་། གཞན་ཡང་རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྐྱེ་བ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་ 4-1-131a དུ། ཞེས་བསྟན་པ་དེ་རྣམས་ཀྱི་མདོ་ཚིག་གིས་ངེས་འབྱེད་བཞི་དང་། མཐོང་སྒོམ་གྱི་སྒྲུབ་པ་པོའི་རྟེན་གསལ་བར་གསུངས་པ་ཡིན་ནོ། །གཉེན་པོ་བསྐྱེད་པ་དང་ནི་དེའི་མི་མཐུན་ཕྱོགས་སུ་གྱུར་པའི་སྤང་བྱ་སྤོང་བའི་རྟེན་ནི་རིམ་བཞིན་དུ། མདོ་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་འོད་ཀྱི་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཞེས་དང་། གཞན་ཡང་རབ་འབྱོར་འདི་ལྟ་སྟེ། དཔེར་ན་བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཀྱི་གནས་མེད་ཅིང་མི་ དམིགས་སོ། །རབ་འབྱོར་ཞེས་དང་། སྤང་བྱ་དེ་དག་ཡོངས་སུ་གཏུགས་པའི་རྣམ་གྲོལ་ལམ་སྒྲུབ་པའི་རྟེན་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ངན་པའི་ གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཞེས་དང་། ཤེས་རབ་སྙིང་བརྩེར་བཅས་པ་སྒྲུབ་པའི་རྟེན་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ཉི་མ་དང་ཟླ་བའི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཞེས་དང་། སློབ་མ་ཉན་ཐོས་དང་ཐུན་མོང་མིན་པ་ རྫོགས་བྱང་དོན་གཉེར་ཉིད་ཀྱི་སྒྲུབ་པའི་རྟེན་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ཉན་ཐོས་དང་རང་སངས་རྒྱས་དང་གཟའ་དང་སྐར་མ་དང་ནོར་བུ་རིན་པོ་ཆེ་དང་གློག་གི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་ཞེས་དང་། གཞན་གྱི་དོན་སྒྲུབ་པར་བྱེད་ པའི་གོ་རིམ་གང་ཡིན་པའི་རྟེན་ནི། རབ་འབྱོར་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནས། རབ་འབྱོར་ཞེས་དང་། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པའི་རྟེན་ནི། རབ་འབྱོར་ 4-1-131b འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར། ཞེས་སོགས་བསྟན་པ་རྣམས་ཀྱིས་ནི་བྱང་ཆུབ་སེམས་དཔའ་སྒྲུབ་པ་ལ་འཇུག་པའི་རྟེན་ཆོས་དབྱིངས་ལ་རིགས་ ཞེས་བྱའོ་ཞེས་རྗེ་བཙུན་གྱིས་གསུངས་སོ། ། སྐབས་འདིར་ཉི་ཁྲི་སྣང་བ་ལས་ནི་སྒྲུབ་པའི་རྟེན་བརྗོད་པར་བྱ་སྟེ། རིགས་ཞེས་བྱ་བའི་དོན་ཏོ། །དེ་ནི་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པའི་དབྱེ་བས་རྣམ་པ་བཅུ་གསུམ་དུ་འགྱུར་རོ་ཞེས་རྟེན་བཅུ་གསུམ་གྱི་ རྣམ་གཞག་མཛད་ལ། སློབ་དཔོན་འདི་ཉིད་ཀྱིས་ཀྱང་དེ་དང་མཐུན་པར་འགྲེལ་བ་ཡིན་ཏེ། དེ་ལྟར་གྱི་ཚེ་རྟོགས་པའི་ཆོས་དྲུག་དང་། ས་བརྒྱད་པར་ནི་གཉེན་པོ་བར་ཆད་མེད་ལམ་དང་། སྒྲིབ་གཉིས་སྤངས་པའི་རྣམ་གྲོལ་ལམ་དང་། སྐབས་དེའི་ཁྱད་པར་ གྱི་ཡོན་ཏན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་དང་། ས་དགུ་པར་སློབ་མ་ལས་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་ཚོགས་སྒྲུབ་པར་བྱེད་ཅིང་རྫོགས་པར་བྱེད་པ་དང་། ས་བཅུ་པར་གཞན་གྱི་དོན་གོ་རིམ་མི་འཁྲུགས་པར་བྱེད་པ་དང་། རྒྱུན་མཐའི་ཡེ་ཤེས་སུ་ནི་ཡེ་ཤེས་ ཀྱི་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པའི་རྟེན་དུ་བཤད་པ་འདི་ལ་ནི་མདོ་དང་སྦྱོར་ཚུལ་དང་། སྒྲུབ་པ་བཅུ་གསུམ་པོ་གང་ཡིན་པ་ངོས་འཛིན་པའི་ཚུལ་འདི་ནི་སློབ་དཔོན་གཉལ་པ་འཇམ་པའི་རྡོ་རྗེ་དང་། རྒྱལ་བའི་སྲས་པོ་ཆུ་མིག་པ་སོགས་ཀྱིས་ཇི་སྐད་བཤད་ པ་ལྟར་ཡིན་པས་འཁྲུལ་བ་མེད་དོ། །གསུམ་པ་འགྲེལ་པ་ལ་གཉིས། རྩ་བའི་ཚིག་དོན་སོ་སོར་བཤད་པ་དང་། ཐུན་མོང་གི་དོན་བསྟན་པའོ། །དང་པོ་ལ་བཞི། རྟོགས་པའི་ཆོས་ཀྱི་སྒྲུབ་པ། སྤང་གཉེན་སྐྱེ་འགག་གི་སྒྲུབ་པ། རྣམ་གྲོལ་གྱི་སྒྲུབ་པ། ཡོན་ཏན་ 4-1-132a ཁྱད་པར་ཅན་གྱི་སྒྲུབ་པ་བཤད་པའོ། །དང་པོ་ནི། རིམ་པར་སྟོན་པའི་ཕྱིར་རེ་ཞིག་ན་སྒོམ་བྱུང་གི་སྒྲུབ་པ་རྣམས་ཀྱི་དང་པོར་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞི་པོ་དག་འབྱུང་བས་སོ། །དེའི་འོག་ཏུ་འཇིག་རྟེན་ ལས་འདས་པ་འཕགས་པའི་རྒྱུད་ཀྱི་མཐོང་བའི་ལམ་དང་། སྒོམ་པའི་ལམ་དག་གོ། གཉིས་པ་ལ་གསུམ། གཉེན་པོ་སྐྱེ་ཚུལ། སྤང་བྱ་འགག་ཚུལ། ཞར་ལ་སྤང་གཉེན་སྐྱེ་འགག་བྱེད་ཚུལ་ལོ། །དང་པོ་ནི། དེའི་འོག་ཏུ་ས་བརྒྱད་པའི་བར་ཆད་མེད་ ལམ་དེ་དག་དངོས་སུ་སྐྱེས་པའི་སྟོབས་ཀྱིས་སྤང་བྱ་མི་མཐུན་པའི་ཕྱོགས་རྐུན་པོ་ཕྱིར་བྱུང་བ་ལྟར་སོང་བའི་དཔེས་བསྟན་ལ། གཉིས་པ་ནི། དེ་ལྟར་གྱི་ཚེ་སྤང་བྱ་དེ་འགགས་པ་ཡིན་པ་ཡང་སྒོ་འཕར་བཅད་པས་རྐུན་པོ་ནང་དུ་མེད་པ་ལྟར་རོ། །གསུམ་པ་ ནི། དེ་དང་དུས་མཉམ་དུ་གཉེན་པོ་རྫོགས་པར་སྐྱེས་པ་དང་། སྤང་བྱ་མི་མཐུན་པའི་ཕྱོགས་ཀྱང་རིམ་གྱིས་འགག་པར་འགྱུར་བའི་ཕྱིར་ན་གཉེན་པོ་སྐྱེ་བ་དང་སྤང་བྱ་འགག་པ་དག་གི་ཚུལ་ནི་དེ་ལྟ་བུའོ། ། སྐབས་འདིར་གཉེན་པོ་དང་སྤང་བྱ་འདི་ས་བརྒྱད་ པའི་སྤོང་བ་གཉེན་པོ་དང་རྟེན་གཉེན་པོ་དང་སྦྱོར་བ་ནི་སྒྲུབ་པའི་གོ་རིམ་མི་འཁྲུགས་པའི་ཕྱིར་ཡིན་ལ། གཉེན་པོ་སྐྱེ་ཚུལ་དང་། སྤང་བྱ་སྤོང་ཚུལ་གྱི་རྣམ་གཞག་གཞན་ཀུན་ལའང་འདི་ལྟར་སྦྱར་བར་བྱའོ། །དེ་ལྟར་གྱི་ཚེ་སྤོང་བྱེད་ཀྱི་གཉེན་པོ་གཞིར་བཞག་ པ་ལས་གཉེན་པོའི་ནུས་པ་ཐོགས་མེད་དུ་སྐྱེས་ནས་སྤང་བྱ་མི་མཐུན་ཕྱོགས་དབང་མེད་དུ་འགགས་བྱེད་ཀྱི་གཉེན་པོ་དེ་ནི་སྤོང་བ་གཉེན་པོའི་མིང་ཅན་དེ་ཡིན་ལ། དེ་གཞིར་བྱས་ཀྱི་སྤང་བྱ་སྤོང་ཚུལ་ལ་འགའ་ཞིག་གིས་བར་ཆད་མེད་ལམ་དངོས་སུ་སྐྱེས་པའི་དེ་ 4-1-132b དང་མི་མཐུན་པའི་ཕྱོགས་ཀྱི་སྤང་བྱ་ནི་དེ་མ་ཐག་པ་གཅིག་ཏུ་འགགས་པས་དུས་མཉམ་པ་ཡིན་ནོ་ཞེས་ཟེར་རོ། །འདི་ལྟར་བཤད་ན་མི་འཐད་པ་ཆེར་མེད་ཀྱང་མི་མཁས་པ་ཁ་ཅིག་གིས་གཉེན་པོ་མ་འོངས་པ་དེས་སྤང་བྱའི་ས་བོན་སྐྱེ་འགྱུར་ལ་གནོད་པ་བསྐྱལ་པའི་ སྒོ་ནས་སྤོང་བར་བྱེད་ཅེས་ཚིག་གི་སྣོན་པ་བྱེད་ཀྱང་། དེ་ལ་ནི་དགོས་པ་ཡོད་པ་མ་ཡིན་ཏེ། གཉེན་པོ་མ་འོངས་པ་དེ་རང་དུས་དེར་ནི་ད་ལྟ་བ་ཡིན་པས། དེར་སྤང་བྱའི་ས་བོན་མི་སྐྱེ་བར་བྱས་པའི་སྒོ་ནས་སྤངས་པས་སྤོང་བ་གཉེན་པོ་སྐྱེས་པའི་རང་དུས་ད་ལྟ་བ་ཁོ་ ན་ལ་སྤང་བར་བཤད་པ་འདི་ནི་རིགས་པས་ཀྱང་ཐོབ་ལ། ལུང་གིས་ཀྱང་འགྲུབ་པ་ཡིན་ཏེ། ཇི་སྐད་དུ། མ་སྐྱེས་པས་མ་ཡིན་ནོ། །སྐྱེས་ནས་ཀྱང་དུས་ཕྱིས་མ་ཡིན་ནོ། །ཞེས་སོ། ། སློབ་དཔོན་བཟང་པོ་ཞབས་ཀྱི་བཞེད་པ་འདིར་ནི་སྤང་བྱ་ལ་ས་བོན་དང་མངོན་ གྱུར་གཉིས་ལས། སྤང་བྱའི་ས་བོན་གྱི་ནུས་པ་ཟད་དེ། དེ་འགག་མ་ཐག་པའི་སྔ་ལོགས་དེར་དེ་དང་མི་མཐུན་ཕྱོགས་ཀྱི་གཉེན་པོ་དེ་དངོས་སུ་སྐྱེས་པས་སྤང་བྱའི་ས་བོན་གྱི་ནུས་པ་ཟད་མ་ཐག་པ་དང་། གཉེན་པོ་ཡོངས་རྫོགས་སྐྱེས་མ་ཐག་དུས་མཉམ་པ་ཡིན་ པས། དཔེར་ན་གྲང་རེག་ནུས་མེད་ཀྱི་གཞིར་ཚ་རེག་སྟོབས་ཆེན་པོ་དམིགས་པ་བཞིན་ནོ། །སྤང་བྱ་མངོན་གྱུར་པ་ནི་དངོས་སུ་གནོད་བྱ་གནོད་བྱེད་ཀྱི་སྒོ་ནས་སྤོང་བ་ཡོད་པ་མ་ཡིན་ཏེ། གཅིག་དབང་བཙན་པས་དེ་ཉིད་ཀྱི་རྗེས་ཐོག་དེ་མ་ཐག་ཏུ་ཅིག་ཤོས་མི་ལྡང་ པས་སོ། །དེའི་དོན་ནི། འདོད་ཆགས་ལྟ་བུའི་སྤང་བྱ་མངོན་གྱུར་པ་ཞིག་མ་ཞིའི་བར་དུ་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྒྱུད་ལ་འབྱུང་དུ་མི་རུང་བ་བཞིན་ནོ། །དེའི་དོན་ཀྱང་གཙོ་སེམས་གཅིག་གི་འཁོར་དུ་མཚུངས་ལྡན་རྣམ་པ་ལྔས་ 4-1-133a ་མཚུངས་པས་སྐད་ཅིག་གཅིག་གི་ངོར་སྤང་གཉེན་གཉིས་འབྱུང་དུ་མི་རུང་བ་དང་། སྤང་གཉེན་གང་ཡང་རུང་བའི་གཙོ་སེམས་ལས་སྔ་མ་དེའི་རིགས་འདྲའི་རྒྱུན་མ་འགག་པར་ཕྱི་མ་ཅིག་ཤོས་སྐྱེ་བ་མ་ཡིན་ནོ། །དེ་ལྟར་ས་བོན་ལ་དངོས་སུ་གནོད་པ་ བསྐྱལ་ཅེས་པ་འདི་ཡང་ཐ་སྙད་སྦྱར་སླ་ཞིང་དོན་སྤྱི་འཆར་བདེ་བའི་དབང་དུ་བྱས་པ་ཡིན་ལ། ངེས་པའི་དོན་དུ་ནི་སྤང་བྱའི་ས་བོན་བདེན་པ་བ་ཞིག་གཉེན་པོས་གནོད་པ་བསྐྱལ་ཏེ་སྤང་བ་ནི་ཡོད་པ་མ་ཡིན་ཏེ། སྤང་བྱ་ཉིད་གློ་བུར་གྱི་འཁྲུལ་བ་ཡིན་པའི་ཕྱིར་སྤང་བྱ་ དེ་རང་བཞིན་གྱིས་མེད་པར་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་གྲུབ་པ་ན་སྤང་བྱ་རང་བཞིན་གྱིས་དག་པར་བཞག་པ་ཡིན་ལ། གནོད་པ་མ་བྱས་པར་སྤང་བྱ་སྤང་མི་རུང་ཞེས་པ་དང་། གཉེན་པོ་སྐྱེས་ཟིན་པའི་སྟོབས་ཀྱིས་སྤང་བྱའི་འཕྲོ་གཅོད་པའི་ཕྱིར། དཔེར་ན་ ནད་དང་སྨན་བཞིན་འདོད་པ་རྣམས་ནི་དྲང་བའི་དོན་ཡིན་ནོ། །གསུམ་པ་ནི། བཤད་མ་ཐག་པ་དེའི་འོག་ཏུ་སྤང་གཉེན་དེ་དག་མི་དམིགས་པར་རྟོགས་པས་དེ་དག་སྐྱེ་བ་དང་འགག་པ་དང་ལྡན་པའི་རྣམ་པར་རྟོག་པ་སྤངས་པའོ་ཞེས་བྱ་བས་སྤང་གཉེན་གྱི་མཚན་མར་འཛིན་ པའི་རྣམ་རྟོག་སྐྱེ་བའི་གོ་སྐབས་མེད་པའི་སྒྲུབ་པ་བསྟན་པ་ཡིན་ནོ། །བཞི་པ་ལ་བཞི། ས་བརྒྱད་པའི་ཡོན་ཏན་ཁྱད་པར་ཅན་གྱི། དགུ་པའི་ཡོན་ཏན། བཅུ་པའི་ཡོན་ཏན། རྒྱུན་མཐའི་ཡོན་ཏན་ཁྱད་པར་ཅན་གྱི་སྒྲུབ་པའོ། །དང་པོ་ནི། དེའི་འོག་ཏུ་སྔོན་གྱི་སྨོན་ལམ་ གྱི་སྟོབས་སྨིན་པས་གནས་སྐབས་དེར་སྦྱིན་པ་ལ་སོགས་པ་ཐབས་ལ་མཁས་པའི་སྟོབས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལ་མི་གནས་པའི་མཚན་ཉིད་ཅན་གྱི་ཤེས་རབ་དང་ཐབས་ཀྱི་ཁྱད་པར་རོ། །གཉིས་པ་ནི། དེའི་འོག་ཏུ་སྒྲུབ་པ་དེ་དག་སྐྱེས་ 4-1-133b པའི་སྟོབས་ཀྱིས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་ཐེག་ཆེན་གྱི་སྒྲུབ་པ་ཁོ་ན་ལ་དབང་བསྒྱུར་བར་བྱེད་པས་སོ། །གསུམ་པ་ནི། དེའི་འོག་ཏུ་གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་གཞུག་པ་ལ་སོགས་པ་ལ་ལྡེམ་པོར་དགོངས་པ་ལ་སོགས་ བརྒྱད་ཀྱི་སྒོ་ནས་གདུལ་བྱ་ཐེག་པ་གསུམ་གྱི་ལམ་ལ་དགོད་པའི་མཚན་ཉིད་ཀྱིས་གཞན་གྱི་དོན་གྱི་གོ་རིམ་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་དོ། ། འདིར་བསྟན་གྱི་དགོངས་ལྡེམ་དགོངས་ནི་མདོ་སྡེ་རྒྱན་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། མཉམ་པ་ ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཞེས་བྱ། །ཞེས་འབྱུང་བས། དང་པོ་མཉམ་ཉིད་ལ་དགོངས་པ་ནི། ཆོས་སྐུ་མཉམ་པ་ཉིད་ཡིན་པ་རྒྱུ་མཚན་དུ་མཛད་ནས། དེ་བཞིན་ གཤེགས་པས་ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པ་ལྟ་བུའོ། ། གཉིས་པ་དོན་གཞན་ལ་དགོངས་པ་ནི། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྒྱུ་མཚན་དུ་མཛད་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པ་ལྟ་བུ་སྟེ། ཀུན་བཏགས་ ལ་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་དེ། དོན་རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་དང་། གཞན་དབང་ལ་སྐྱེ་བའི་ངོ་བོ་ཉིད་མེད་དེ། རང་ལས་སྐྱེས་པ་མེད་པའི་ཕྱིར་དང་། ཡོངས་གྲུབ་ནི་དོན་དམ་པའི་ངོ་བོ་ཉིད་མེད་དེ། དོན་དམ་པ་ཡིན་ཅིང་བདག་གཉིས་ཀྱི་ངོ་བོར་ མེད་པའི་ཕྱིར་རོ། །ངོ་བོ་ཉིད་མེད་པ་གསུམ་པོ་འདི་དོན་གཞན་ལ་དགོངས་པའི་མཐུན་དཔེར་བཞག་པ་ནི་སེམས་ཙམ་རྣམ་བཅས་པའི་ལུགས་ལ་ཡིན་གྱི། རྣམ་མེད་ཡན་གྱི་གྲུབ་མཐའ་སྨྲ་བའི་ལུགས་ལ་མ་ཡིན་ནོ། ། གསུམ་པ་དུས་གཞན་ལ་དགོངས་པ་ནི། དེ་ 4-1-134a བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བ་སྔོན་དུ་སོང་བའི་སྒོ་ནས་ཚོགས་མང་དུ་བསགས་པ་ལ་བརྟེན་ཏེ། ནམ་ཞིག་བྱང་ཆུབ་ཐོབ་པ་རྒྱུ་མཚན་དུ་མཛད་ནས་དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བ་ཙམ་གྱིས་བླ་ན་མེད་ པའི་བྱང་ཆུབ་ཐོབ་བོ་ཞེས་གསུངས་པ་ལྟ་བུའོ། ། བཞི་པ་གང་ཟག་གི་བསམ་པ་ལ་དགོངས་པ་ནི། ཁ་ཅིག་ཚུལ་ཁྲིམས་འབའ་ཞིག་གིས་ཆོག་པར་འཛིན་པ་ལ་དེ་སྦྱིན་པ་ལ་གཞུག་པའི་ཆེད་དུ་དགོངས་ནས་ཚུལ་ཁྲིམས་ལ་སྨད་པ་ལྟར་མཛད་ཅིང་སྦྱིན་པ་ལ་བསྟོད་པ་ལྟ་བུའོ། ། གཉིས་པ་ལྡེམ་དགོངས་ངོས་བཟུང་བ་ལ་བཞི། རྒྱན་ལས། གཞུག་པར་ལྡེམ་པོར་དགོངས་པ་དང་། །མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་འབྱུང་བས། དང་པོར་གཞུག་པ་ལྡེམ་པོར་དགོངས་པ་ནི། འཆད་པ་པོས་མ་བརྟགས་ཤིང་མ་དཔྱད་པའི་ངོར་འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་གཟུགས་ཡོད་ཅེས་ རྒྱུ་མཚན་དུ་མཛད་ནས་གཟུགས་ཡོད་དོ་ཞེས་གསུངས་པས། གདུལ་བྱ་ཉན་པ་པོ་ཉན་ཐོས་ཀྱི་རིགས་ཅན་ཁ་ཅིག་གཟུགས་དོན་དམ་དུ་ཡོད་པར་གོ་ནས་བསྟན་པ་ལ་འཇུག་པ་ཡིན་ནོ། ། གཉིས་པ་མཚན་ཉིད་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་མེད་པ་གསུམ་གྱི་རང་ མཚན་སྒྲིབ་མེད་དུ་གསལ་བར་སྟོན་པར་བཞེད་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པ་ལྟ་བུའོ། ། གསུམ་པ་གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། གདུལ་བྱ་ལ་ལ་ཞིག་བདག་ཅག་གི་སྟོན་པ་སངས་རྒྱས་འདི་སྟོན་པ་སངས་རྒྱས་གཞན་ལས་ཡོན་ 4-1-134b ཏན་དམན་པ་ཞིག་ཡིན་ནམ་སྙམ་དུ་བརྙས་པ་དེ་བཟློག་པ་རྒྱུ་མཚན་དུ་མཛད་ནས། ང་དེའི་ཚེ་རྣམ་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུའོ། །དེ་ཡང་གསུང་བ་པོས་ཆོས་སྐུ་ལ་མཉམ་ཉིད་དུ་དགོངས་ནས་གསུངས་ཀྱང་། ཉན་པ་པོས་གཟུགས་སྐུ་མཉམ་ཉིད་ལ་ གོ་ནས་སངས་རྒྱས་ལ་བརྙས་པ་སྤོང་བར་བྱེད་དོ། ། བཞི་པ་བསྒྱུར་བ་ལྡེམ་པོར་དགོངས་པ་ནི། ལ་ལ་ཞིག་དམ་པའི་ཆོས་འདི་དངོས་བསྟན་ཧ་ཅང་གོ་སླ་བའི་ཕྱིར་ན་འདི་ལྟ་བུ་ནི་དམ་པའི་ཆོས་ཟབ་མོ་ཞིག་མ་ཡིན་ནམ་སྙམ་དུ་བརྙས་པའི་བརྙས་པ་དེ་བཟློག་པ་རྒྱུ་མཚན་ དུ་མཛད་ནས། ཇི་སྐད་དུ། ཕ་དང་མ་ནི་བསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་དཀོར་དང་བཅས་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལྟ་བུ་ཡིན་ལ། དེ་ལྟར་གྱི་ཚེ་སྲེད་ལེན་གཉིས་ལ་ཕ་མའི་མིང་གིས་བཏགས་པ་དང་། ཀུན་གཞི་ལ་རྒྱལ་པོའི་མིང་ གིས་བཏགས་པ་དང་། ལྟ་བ་ཐ་མ་གཉིས་ལ་གཙང་སྦྲ་ཅན་གཉིས་ཀྱི་མིང་གིས་བཏགས་པ་དང་། སྐྱེ་མཆེད་དྲུག་ཡུལ་དང་བཅས་པ་ཡུལ་འཁོར་དཀོར་དང་བཅས་པའི་མིང་གིས་བཏགས་པ་ཡིན་ནོ། ། དགོངས་ལྡེམ་དགོངས་ཀྱི་ཁྱད་པར་ནི། དགོངས་ཏེ་གསུངས་པ་ཡིན་ན་ ལྡེམ་པོར་དགོངས་ཏེ་གསུངས་པས་མ་ཁྱབ་ལ། ལྡེམ་པོར་དགོངས་ཏེ་གསུངས་པ་ཡིན་ན་དགོངས་ཏེ་གསུངས་པ་ཡིན་པས་ཁྱབ་སྟེ། དེའི་དོན་ཡང་དགོངས་ཏེ་གསུངས་པ་ནི་གསུང་བ་པོའི་ཐུགས་ལ་རྣམ་པར་གཞག་པ་ཙམ་ཡིན་གྱི། ལྡེམ་པོར་དགོངས་ཏེ་གསུངས་ པ་ནི་གསུང་དེ་ལ་བརྟེན་ནས་གདུལ་བྱ་ཕ་རོལ་པོས་དོན་དེ་ཉིད་ཀྱི་དགོངས་པ་གོ་བར་བྱེད་པ་ནི་ལྡེམ་དགོངས་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་བཀར་གྱུར་པའི་དགོངས་ལྡེམ་དགོངས་ཀྱི་ཚིགས་བཅད་གཅིག་གམ་གཉིས་རང་གིས་བཟུང་བ་དང་། གཞན་གྱིས་གོ་ 4-1-135a བར་བྱས་ན་ཕན་ཡོན་བཅུ་ཐོབ་པར་འགྱུར་བ་མདོ་སྡེ་རྒྱན་ལས་གསུངས་སོ། །བཞི་པ་ནི། དེའི་འོག་ཏུ་འཁོར་བ་ཇི་སྲིད་པར་འབད་རྩོལ་གྱི་མཚན་མ་མེད་ཅིང་རྩོལ་མེད་ལྷུན་གྱིས་གྲུབ་པའི་སྒོ་ནས་གདུལ་བྱ་གཞན་གྱི་དོན་དང་། རང་དོན་གྱི་ཡེ་ ཤེས་འབྱུང་བའི་ཕྱིར་ཏེ་བསྒྲུབ་པར་མཛད་དོ། །གཉིས་པ་ཐུན་མོང་གི་དོན་ལ་གསུམ། གོ་རིམ་ངེས་པ། གྲངས་ངེས་པ། རྟེན་ངོས་བཟུང་བའོ། །དང་པོ་ནི། སྒྲུབ་པ་བཅུ་གསུམ་གྱི་གོ་རིམ་འདི་ནི་མངོན་པར་རྟོགས་པའི་གོ་རིམ་དུ་ལུགས་ལས་འབྱུང་བ་ཡིན་ ལ། དེ་ལྟར་ཡིན་པའང་། འགྲེལ་ཆེན་ལས། འདིས་ཀྱང་རྟོགས་པའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་འདི་དག་ཁོ་ན་བསྟན་གྱི་མ་ཚང་བ་དང་ལྷག་པ་མིན་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། སྒྲུབ་པ་བཅུ་གསུམ་པོ་འདིས་ཀྱང་རྫོགས་སངས་དོན་ གཉེར་གྱི་སྐྱེས་བུའི་དགོས་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྲུབ་པའི་ཕྱིར་བཅུ་གསུམ་དུ་གྲངས་ངེས་པ་ཡིན་ནོ། །གསུམ་པ་ནི། སྒྲུབ་པའི་ཆོས་ཀྱི་གནས་སྐབས་མི་འདྲ་བ་ཐ་དད་པའི་བྱེ་བྲག་གིས་སྒྲུབ་པ་དེ་སྒྲུབ་བྱེད་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་ པོ་དེ་ནི་གོང་དུ་ཇི་སྐད་བཤད་པའི་འཕགས་པའི་ཆོས་ཀྱི་སྒྲུབ་གཞིར་གྱུར་པའི་ཆོས་དབྱིངས་ཀྱི་ངོ་བོ་ཉིད་དེ། དེ་བཞིན་གཤེགས་པའི་སྙིང་པོ་གང་ཡིན་པ་ཁོ་ན་ལ་སྒྲུབ་པའི་རྟེན་རིགས་སུ་བཞེད་པ་ཡིན་ནོ་ཞེས་བསྟན་པར་མཛད་དོ། ། འདིར་ཁོ་ནའི་སྒྲ་ནི་དེ་བཞིན་ གཤེགས་སྙིང་ལ་ངོས་འཛིན་པར་འཐད་པ་ཡིན་ཏེ། ཉི་སྣང་དུ་སེམས་ཙམ་པ་སོགས་ཀྱི་རིགས་ཀྱི་འདོད་ཚུལ་བཀག་ནས་རང་ལུགས་ཆོས་དབྱིངས་ཁོ་ན་ལ་རིགས་སུ་བསྟན་པ་དེ་ཉིད་འདིར་ཡང་བསྟན་པ་ཡིན་ནོ། །དེའི་ཚེ་ཆོས་དབྱིངས་དང་སྙིང་པོ་ལ་ཁྱད་མེད་དུ་སྟོན་ 4-1-135b པ་ནི་བྱམས་ཆོས་ཕྱི་མ་གསུམ་གྱི་དགོངས་དོན་མཐར་ཐུག་ཏུ་གནས་སོ། །རོང་སྟོན་ཆོས་རྗེའི་ཞལ་སྔ་ནས། ཁོ་ནའི་སྒྲས་རིགས་ཀྱི་འདོད་ཚུལ་དུ་མ་ལས་འདི་ཁོ་ནའོ་ཞེས་པའི་དོན་ནོ་ཞེས་ཀྱང་གསུངས་སོ། །གཉིས་པ་དོགས་གཅོད་ལ་གཉིས། དོགས་པ་དགོད་པ་ དང་། ལན་གདབ་པའོ། །དང་པོ་ལ། ཕྱོགས་སྔ་མས་བྱམས་པ་དཔོན་སློབ་ཀྱི་བཞེད་པ་བསྐྱར་བ་དང་། ཐལ་བ་དགོད་པ་གཉིས་ལས། དང་པོ་ལའང་། འཕྲོས་དོན་བཤད་པ་དང་། ཚིག་དོན་བཤད་པ་གཉིས་ཀྱི། དང་པོ་ནི། རྩོད་ལན་འདི་གཉིས་ཡུམ་གྱི་མདོར ་དངོས་སུ་མ་གསུངས་ཀྱང་། ཉི་ཁྲི་སྣང་བར་དཀོན་མཆོག་ཟ་མ་ཏོག་བཀོད་པའི་མདོ་དྲངས་ནས་སྦྱར་བར་མཛད་དེ། དེ་ཡང་འདི་ལྟར་རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱང་གཅིག །དེ་བཞིན་ཉིད་ཀྱང་གཅིག །ཡང་དག་པའི་ མཐའ་ཡང་གཅིག་ཡིན་ན་སྣོད་དང་སྣོད་མ་ཡིན་པ་དེ་ཇི་ལྟར་མངོན་ཞེས་རྩོད་པ་ན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར་འདི་ལྟ་སྟེ། དཔེར་ན་རྫ་མཁན་གྱིས་འཇིམ་པའི་གོང་བུ་ཞིག་ལ་སྣོད་རྣམ་པ་སྣ་ཚོགས་བྱས་ཏེ་སྣོད་ཐམས་ཅད་སོ་ གཅིག་ཏུ་བཏང་ན་དེ་ལ་ཁ་ཅིག་ནི་འབྲུ་མར་དང་མར་གྱི་སྣོད་དུ་འགྱུར། ཁ་ཅིག་ནི་སྦྲང་རྩི་དང་ལི་ཁ་རའི་སྣོད་དུ་འགྱུར། ཁ་ཅིག་ནི་ངན་པ་མི་གཙང་བའི་སྣོད་དུ་འགྱུར་ཏེ། འཇིམ་པའི་གོང་བུ་དེ་སོ་བཏང་བ་ལ་ཐ་དད་པ་ཅུང་ཟད་ཀྱང་མེད་དོ། །རབ་འབྱོར་དེ་ བཞིན་དུ་ཆོས་ཀྱི་དབྱིངས་གཅིག །དེ་བཞིན་ཉིད་གཅིག །ཡང་དག་པའི་མཐའ་གཅིག་ཡིན་མོད་ཀྱི། ཇི་ལྟར་ལས་མངོན་པར་འདུ་བྱས་པ་བཞིན་དུ་སྣོད་ཀྱི་ཁྱད་པར་དུ་འགྱུར་རོ། །དེ་ལ་ཇི་ལྟར་སྦྲང་རྩི་དང་ལི་ཁ་རའི་སྣོད་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་ 4-1-136a དཔའི་རྣམས་ལ་བལྟའོ། །འབྲུ་མར་དང་མར་གྱི་སྣོད་ཇི་ལྟ་བ་བཞིན་རང་སངས་རྒྱས་རྣམས་ལ་བལྟའོ། །ངན་པ་མི་གཙང་བའི་སྣོད་ཇི་ལྟ་བ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་བལྟའོ་ཞེས་པའི་ལན་ནོ་ཞེས་མདོ་སྦྱར་ཁ་བསྐང་སྟེ་དྲང་བར་མཛད་ལ། སློབ་དཔོན་གྱི་ཊཱི་ཀ་ཆུང་གི་འཕྲོས་དོན་ནི། གལ་ཏེ་ཆོས་དབྱིངས་ཁོ་ན་འཕགས་པའི་རྒྱུ་རིགས་སུ་བསྟན་པ་ལ། གཞན་དག་འོ་ན་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ཡོད་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་ཤ་སྟག་ཏུ་ཐལ་ལམ་སྙམ་པའི་དོན་ འགྱུར་ཐེ་ཚོམ་རྒྱུད་ལྡན་གྱི་ཕྱིར་རྒོལ་བས་ཐལ་འགྱུར་ལྟར་སྣང་བ་བཀོད་པར་བྱས་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། ཕྱིར་རྒོལ་བ་ན་རེ། གལ་ཏེ་ཆོས་ཀྱི་དབྱིངས་ཁོ་ན་འཕགས་པ་རྣམས་ཀྱི་ཆོས་མཐོང་སྒོམ་སོགས་དེ་ལ་བརྟེན་ནས་རྟོགས་པར་འགྱུར་བའི་རྒྱུ་ཡིན་ པའི་ཕྱིར། ཆོས་དབྱིངས་ལ་མཉམ་པར་བཞག་པ་དེའི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་གང་དག་ལ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་སྟོབས་སོགས་རྣམས་ཀྱི་རང་བཞིན་དུ་གཟོད་མ་ནས་གནས་པའི་རིགས་ཅན་ཡིན་པར་འདོད་ན་ཞེས་བཞེད་པ་བསྐྱར་བར་བྱས་ སོ། །གཉིས་པ་ལ་གསུམ། སྔ་འགྲེལ། མཚམས་སྦྱར་བ། རྩ་བའོ། །དང་པོ་ནི། འོ་ན་བཞེད་པ་དེ་ལྟར་གྱི་དབང་དུ་བྱས་ན་ནི། དེའི་ཚེ་འདིར་འགྱུར་ཏེ། ཆོས་ཀྱི་དབྱིངས་དེ་ནི་ཐེག་པ་གསུམ་གྱི་སྤྱིར་གནས་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཁོ་ན་ལ་ སངས་རྒྱས་ཀྱི་རིགས་ཡོད་པ་མ་ཡིན་ཏེ། གཞན་ལའང་ཡོད་པར་མཐོང་བའི་ཕྱིར། ཉན་རང་དག་ཀྱང་སངས་རྒྱས་ཀྱི་རིགས་ཅན་ཡིན་ནོ་སྙམ་པའི་སྐྱེ་བོ་བློ་གྲོས་དམན་པའི་ངོར་དོགས་པ་བསུས་ནས་ཞེས་བྱ་བ་འདི་ནི་ཕྱིར་རྒོལ་བ་དངོས་སུ་མ་བྱུང་ཡང་དོགས་པ་བསུས་ 4-1-136b པའི་ཐལ་ངག་འདྲེན་པར་མཛད་དོ། །སློབ་དཔོན་གྱི་སྔ་འགྲེལ་འདིའི་ངག་དོན་བསྡུ་ན། ཆོས་ཀྱི་དབྱིངས་སངས་རྒྱས་ཀྱི་རིགས་ཡིན་ན་བྱང་ཆུབ་སེམས་དཔའ་ཁོ་ན་སངས་རྒྱས་ཀྱི་རིགས་ཅན་ཡིན་པས་མ་ཁྱབ་སྟེ། ཆོས་ཀྱི་དབྱིངས་དེ་ནི་ཐེག་པ་གསུམ་གྱི་སྤྱིར་གནས་པ་ གང་ཞིག །དེ་ལྟར་གྱི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་འདོད་ན་རིགས་ཅན་གསུམ་མི་སྲིད་པར་ཐལ། ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་ཉིད་ཡིན་པའི་ཕྱིར་ཞེ་ན། དེ་དག་གི་ཐལ་བ་ནི་ཐལ་བ་ལྟར་ སྣང་བ་ཡིན་ཏེ། རྗེ་བཙུན་གྱི་བཞེད་པར་ཉན་རང་ལའང་སངས་རྒྱས་ཀྱི་རིགས་མེད་ན། སྡུག་ལ་སྐྱོ་བར་མི་འགྱུར་བ་དང་། མྱང་འདས་ལ་སྨོན་པའང་མེད་པར་འགྱུར་བར་གསུངས་པ་དང་། བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་དུ་སེམས་ཅན་ཐམས་ཅད་ལ་བདེ་ གཤེགས་སྙིང་པོས་ཁྱབ་པར་གསུངས་པ་དང་། དེའི་རྒྱུ་མཚན་གྱིས་མཐར་ཐུག་ཐེག་པ་གཅིག་ཏུའང་བཞག་གོ། དེས་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་དང་། མཐར་ཐུག་ཐེག་པ་གཅིག་ཡིན་ནའང་གནས་སྐབས་རིགས་ཅན་གསུམ་དང་ཐེག་ པ་གསུམ་དུ་བཞག་པ་མི་འགལ་བའི་ཚུལ་གོང་དུའང་བཤད་ཟིན་ལ། འོག་ནས་ཀྱང་འཆད་པར་འགྱུར་རོ། །གཉིས་པ་ནི། དེ་ལྟ་བུའི་དོགས་པ་དང་ལྡན་པའི་ངོར་དོགས་པ་བླང་ཞིང་དོགས་པ་གཅོད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་འདི་གསུངས་པར་མཛད་ དོ། །གསུམ་པ་ནི། རིགས་ལ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ན་ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པའི་ཕྱིར། རིགས་ནི་ཐ་དད་པ་གསུམ་དུ་རུང་བ་མ་ཡིན་པར་ཐལ་ལོ་ཞེས་བྱ་བ་གསུངས་སོ། །གཉིས་པ་ལན་ལ་གཉིས། སློབ་དཔོན་གྱིས་རྗེ་བཙུན་གྱི་དགོངས་པ་བླངས་ 4-1-137a ཏེ་ལན་བཏབ་པ་དང་། རྗེ་བཙུན་གྱི་དངོས་ལན་གཉིས་ལས། དང་པོ་ནི། རྒྱུ་མཚན་ཇི་ལྟར་ན་ཉན་ཐོས་ཀྱི་ཐེག་པའི་རིགས་ཅན་གང་ཟག་གི་བདག་མེད་ཙམ་མངོན་དུ་བྱེད་པ་དང་། ལ་སོགས་པས་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ཆོས་ཀྱི་དབང་དུ་བྱས་པའི་གཟུང་བ་དང་འཛིན་པ་ལ་བདག་མེད་པར་རྟོགས་པའི་ཐེག་པ་རིམ་པའི་བློ་ཁྱད་ཀྱིས་དམིགས་པ་དང་མཐུན་པ་དེ་བཞིན་དུ། རྒྱལ་བའི་ཡུམ་མམ་ཆོས་ཀྱི་དབྱིངས་ཞེས་དོན་གཅིག་མིང་གི་རྣམ་གྲངས་དེས་རང་སྲས་འཕགས་པ་གསུམ་གྱི་ རྒྱུད་ལ་ཡོན་ཏན་གྱི་ཆོས་མངོན་པར་རྟོགས་པར་བྱ་བ་ཆོས་དབྱིངས་ཀྱིས་བྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་བྱང་ཆུབ་གསུམ་གྱི་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་པ་ན། ཆོས་ཀྱི་དབྱིངས་དེ་ཉིད་ལ་དམིགས་ཚུལ་ཉེ་རིང་བར་པ་གསུམ་གྱི་ཁྱད་པར་ ལས་རྟོགས་ཚུལ་ཐ་དད་པ་གསུམ་གྱི་དབང་གིས་རིགས་ཐ་དད་པ་གསུམ་གྱི་ཐ་སྙད་འདོགས་ལ། དེ་ལྟར་གྱི་ཚེ་ན་ཆོས་དབྱིངས་རང་གི་ངོ་བོ་ལ་ནི་སངས་རྒྱས་ཀྱི་རིགས་ལས་རིགས་གཞན་གྱི་ཐ་སྙད་འདོགས་པར་མི་ནུས་སོ། །དོན་འདི་ཉིད་ལ་དགོངས་ནས་ཐོགས་མེད་ ཞབས་ཀྱིས། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་གསུངས་པའང་འདི་ལ་དགོངས་སོ། ། བོད་ལ་ལས་འདིར་བསྟན་གྱི་དོན་ཐེག་པ་གསུམ་ལ་ཞུགས་པའི་གང་ཟག་གིས་ཆོས་དབྱིངས་ལ་དམིགས་ པ་ཡོད་པ་དང་། དེ་ལ་དམིགས་ན་དེ་རྟོགས་དགོས་པ་དང་། དེ་རྟོགས་ན་ཆོས་ཀྱི་བདག་མེད་མངོན་དུ་བྱས་དགོས་པས་ཁྱབ་པ་སྐབས་འདིར་བསྟན་གྱི་དོན་ཡིན་ཅེས་ཟེར་བ་ནི་ཁྱབ་པ་མ་ངེས་པར་མ་ཟད། གཞུང་འདི་ཉིད་ཀྱི་དོན་དཔྱིས་ཕྱིན་པ་མ་ལྷོངས་པའི་གཏམ་ 4-1-137b ཡིན་ཏེ། འདིར་བསྟན་གྱི་དོན་ཉན་ཐོས་ལ་སོགས་པའི་རྟོགས་རིམ་གྱི་དམིགས་པ་ནི་རང་གི་ངོ་སྐལ་གྱི་དོན་དམ་བདེན་པ་ལ་འཇུག་པ་ན། སོ་སོ་སྐྱེ་བོའི་ས་ལས་འཕགས་པའི་ཡོན་ཏན་གྱི་ཆོས་སྐྱེ་བ་ནི་ཆོས་ཀྱི་དབྱིངས་འདུས་མ་བྱས་པའི་རྒྱུའི་རྐྱེན་ལས་འབྱུང་བས་རིགས་ སུ་བཞག་ལ། དེ་ལྟར་བཞག་པ་ཙམ་གྱིས་དེས་དེ་རྟོགས་དགོས་པ་དང་། དེས་དེ་དངོས་སུ་དམིགས་དགོས་པས་མ་ཁྱབ་སྟེ། དཔེར་ན་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཐུགས་རྗེའི་རྒྱུ་ལས་བྱུང་བའི་ཕྱིར་དང་། སངས་རྒྱས་ཀྱི་ཐུགས་རྗེའང་ཆོས་ དབྱིངས་འདུས་མ་བྱས་ལས་བྱུང་ཡང་སེམས་ཅན་རྣམས་ཀྱིས་དེ་དང་དེ་ལ་དམིགས་པ་དང་རྟོགས་དགོས་པ་མ་ཡིན་པ་བཞིན་ནོ། །གཉིས་པ་རྗེ་བཙུན་གྱིས་བཏབ་པའི་ལན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཞེས་བྱ་བ་ནི་སྔ་མ་དང་མཚམས་སྦྱར་བའི་ཚིག་སྟེ། སྔ་མའི་ལན་བཏབ་པ་ལྟ་བུ་ཞིག་ཀྱང་རྗེ་བཙུན་གྱིས་གཟིགས་མོད་ཀྱི། འོན་ཀྱང་རྟོགས་སླ་ཆོས་ཉིད་དུ་མཛད་ནས་འཇིག་རྟེན་པའི་དངགས་ཀྱིས་ལན་གྱི་རྣམ་པ་གཞན་དུ་འདི་ལྟར་གསུངས་ལ། འཇིག་རྟེན་པའི་དངགས་ཀྱིས་ཞེས་གསུངས་པའི་དོན་ནི་འཇིག་རྟེན་པ་ རྣམས་ཀྱི་བློ་ལ་དཔེའི་སྒོ་ནས་བསྟན་པས་གོ་བ་འཆར་སླ་བའི་དབང་དུ་བྱས་སོ། །གཉིས་པ་ནི། བརྟེན་པའི་ཆོས་སྒྲུབ་པ་བཅུ་གསུམ་ཡོད་པ་ཉིད་ཀྱི་བྱེ་བྲག་གིས་རྟེན་རིགས་དེ་ཡང་བཅུ་གསུམ་མམ། ཡང་ན་བརྟེན་པའི་ཆོས་ཐེག་པ་གསུམ་གྱི་བྱེ་བྲག་གིས་རྟེན་རིགས་ དེའི་དབྱེ་བའང་ཡོངས་སུ་བརྗོད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། དཔེར་ན་ཉེར་ལེན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་ལྷན་ཅིག་བྱེད་རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་རྫའི་བུམ་པ་ལ་སོགས་པས་ལྷུང་བཟེད་དང་ཁམ་ 4-1-138a ཕོར་རྣམས་ཀྱི་ནང་དུ་བརྟེན་པ་བཅུད་སྦྲང་རྩི་དང་ལི་ཁ་ར་ལ་སོགས་པས་འབྲུ་མར་བླུགས་པའི་སྣོད་ཉིད་ཀྱི་བྱེ་བྲག་ཐ་དད་པ་གསུམ་དུ་འཇོག་པ་དེ་བཞིན་དུ། བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པའི་སྒྲུབ་པ་དེ་རྟོགས་ཤིང་ཐོབ་པར་བྱ་བ་ཐ་དད་ པ་གསུམ་ཡོད་པ་ཉིད་ཀྱིས། རྟེན་རིགས་ཐ་དད་པ་གསུམ་ཡོད་པ་ཉིད་དོ་ཞེས་ཐ་སྙད་ཀྱི་ངོར་བྱས་ཏེ་བསྟན་ཏོ། ། དཔེ་འདིས་ཐེག་གསུམ་གྱི་འབྲས་བུའི་མྱང་འདས་གསུམ་པོ་དེ་ཡང་བརྟེན་པ་བཅུད་གསུམ་གྱི་དཔེ་དང་། ཆོས་དབྱིངས་སྣོད་ཀྱི་དཔེས་རྟེན་བྱེད་ཚུལ་དུ་ བཤད་ནས། བྱང་ཆེན་གྱི་མྱང་འདས་དང་ཆོས་དབྱིངས་གཉིས་གཅིག་པ་བཀག་པའི་ཐད་དུ་བཤད་པ་ངེས་དོན་དུ་འདོད་པའང་གངས་ཅན་གྱི་ཁྲོད་འདིར་མང་བར་སྣང་ངོ་། ། ཆོས་དབྱིངས་ཁོ་ནར་རིགས་གཅིག་པས། །དྲི་མ་ཡོངས་སུ་སྤང་བ་དང་། ། ཕྱོགས་རེ་སྤང་བའི་ ཁྱད་པར་ལ། །ཐེག་པ་གསུམ་གྱི་རིགས་སུ་བཞག ། དེས་ན་ཆོས་ཀྱི་དབྱིངས་ཉིད་ནི། །རིགས་ཡིན་པ་དང་རྒྱུ་ཡང་ཡིན། ། དེ་ཕྱིར་ཁམས་ཡོད་ལས་བྱས་པས། །འབད་པ་དོན་མེད་མིན་ཅེས་གསུངས། ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཡིན་ནོ། ། (ལྔ་པ་)སྒྲུབ་བའི་དམིགས་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། བསྟན་བཅོས་ཀྱི་འབྲེལ་དུ། སྒྲུབ་པའི་རྟེན་བྱང་ཆུབ་སེམས་དཔའ་དེ་རྟེན་ཆོས་དབྱིངས་ལ་བརྟེན་པ་ལྟར་དམིགས་པའང་། ཆོས་དབྱིངས་ཁོ་ན་ལ་དམིགས་སམ། འོན་ཏེ་ གཞན་ཞིག་ལ་དམིགས་ཞེས་དོགས་ཏེ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་གསུངས་པར་མཛད་ལ། དེ་དག་གི་བཤད་བྱའི་མདོ་ནི། ཁྲི་བརྒྱད་སྟོང་པ་ལས། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་འཇིག་ 4-1-138b རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་འདུས་བྱས་དང་འདུས་མ་བྱས་པ་དང་ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་གོ། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོས་དེ་དག་གི་མེད་པ་ཉིད་ ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའང་དེ་དག་ཡིན་ནོ། །ཞེས་གསུངས་སོ། ། དེ་ལྟར་གྱི་སྒྲུབ་པའི་དམིགས་པ་འདི་ལ་སེམས་ཙམ་རྣམ་བརྫུན་པ་དང་། དབུ་མ་པ་འགའ་ཞིག་གི་ལུགས་ལས། དང་པོ་ནི། སྒྲུབ་ པའི་དམིགས་པ་གཉིས་མེད་ཀྱི་ཡེ་ཤེས་ཀྱི་མིང་ཅན་ཆོས་དབྱིངས་ཁོ་ན་ལ་དམིགས་ལ། མ་རིག་བག་ཆགས་ཀྱིས་བཞག་པའི་འཁྲུལ་སྣང་ལ་དམིགས་པ་ནི་གནས་སྐབས་འགར་ཡང་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །སྨྲ་བ་དེ་འཐད་པ་མིན་པ་ནི། བསྟན་བཅོས་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །ཅེས་གསུངས་པའི་ཕྱིར་དང་། དེ་ལྟར་གྱི་ཚེ་ཆོས་ཀྱི་དབྱིངས་ལ་གཟུང་འཛིན་གྱི་དམིགས་པ་དག་པའི་རིམ་པ་གོང་ནས་གོང་དུ་འགྲོར་མེད་པར་འགྱུར་ཏེ། དང་པོ་ཉིད་ནས་གཉིས་སྟོང་ གི་ཆོས་ཉིད་ལ་དམིགས་པའི་ཕྱིར་ཞེས་པའི་སྐྱོན་དང་། དེ་ལས་གཞན་ཡང་ཁྱེད་ལྟར་ན། ཆོས་དབྱིངས་དེ་བདེན་གྲུབ་ཏུ་འདོད་པས་དེ་ལ་བདེན་ཞེན་གྱི་དྲི་མའང་མི་གཅོད་པའི་ཕྱིར་ན་ཆོས་ཀྱི་དབྱིངས་བདེན་པ་བ་ཁོ་ན་ཞིག་ལ་དང་པོ་ཉིད་ནས་དམིགས་པར་ བཤད་པ་འདིས་ནི་བདེན་པར་འཛིན་པའི་སྤྲོས་པ་ཙམ་ཡང་མི་བཟློག་ན་བདེན་མེད་དུ་འཛིན་པའི་སྤྲོས་པ་བཟློག་པ་ལྟ་བུ་སྨོས་པ་མ་ཡིན་ནོ། །དེའི་ཕྱིར་ན་འཕགས་སེང་གིས། དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རྟེན་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་ 4-1-139a དམིགས་པ་ཡིན་ཅིང་། གཉིས་ཀའང་གཉིས་ཀས་མ་བཀག་པ་དེ་བས་ན་རྟེན་དང་དམིགས་པ་དག་གི་མཚན་ཉིད་དང་དབྱེ་བ་ཐ་དད་པ་དང་དམིགས་པ་དག་པ་གོང་ནས་གོང་དུ་འགྲོ་བ་ཡང་འཐད་པར་འགྱུར་རོ་ཞེས་གསུངས་སོ། ། དེ་ལ་འདི་སྐད་ དུ། དང་པོ་ཉིད་ནས་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ལ་དམིགས་ན་དམིགས་པ་དག་པ་གོང་དུ་འགྲོ་རྒྱུ་མེད་པ་དེ་ལྟར་ན་ནི་ཁྱེད་ཀྱི་ལུགས་ལས་ཀྱང་། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་དངོས་མེད་ལ་དམིགས་པར་བཤད་པས། དངོས་མེད་ལ་ནི་དག་མ་ དག་གི་ཁྱད་པར་ཙམ་ཡང་མི་རུང་བའི་ཕྱིར་ན་དམིགས་པ་དག་པ་གོང་ནས་གོང་དུ་འགྲོ་བ་ནི་ལྟ་ཅི་སྨོས་ཤེ་ན། ལུང་དེའི་དོན་ཁྱེད་ཀྱི་བསམ་པ་དེ་ལྟར་མིན་ཏེ། ཀུན་རྫོབ་པའི་ཆོས་ཐམས་ཅད་བདེན་པའི་དངོས་པོར་མངོན་པར་ཞེན་པའི་སྒྲོ་འདོགས་བསལ་བའི་ཚུལ་ གྱིས་དམིགས་པར་བསྟན་པ་ཡིན་གྱི། དངོས་པོ་མེད་ཙམ་གྱི་མེད་དགག་ཅིག་དམིགས་པར་བསྟན་པ་ནི་མ་ཡིན་ནོ། །མདོར་ན་རིགས་ཀྱི་སྐབས་སུ་ནི་ཆོས་དབྱིངས་ཁོ་ན་གཙོ་ཆེ་བ་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་འཕགས་པ་ཐམས་ཅད་སྐྱེད་པའི་ཡུམ་ཡིན་པའི་ཕྱིར་དང་། ཐེག་པ་ཆེན་པོའི་དམིགས་པའི་སྐབས་འདིར་ནི་ཆོས་ཀྱི་དབྱིངས་སམ། ཆོས་ཉིད་དེ་དང་དེའི་རང་བཞིན་ལ་སྒྲིབ་པའི་ཆོས་ཅན་གྱི་ཆོས་གཉིས་ཀ་ལ་དམིགས་དགོས་པ་ཡིན་ཏེ། ཆོས་ཉིད་ཀྱི་མཐས་གཏུགས་པར་ཁྱབ་པའི་ཆོས་ཅན་གློ་བུར་གྱི་དྲི་མ་ཐམས་ཅད་རྣམ་པ་ ཀུན་ཏུ་སེལ་དགོས་པའི་ཕྱིར་དང་། དེ་ལྟར་སེལ་དགོས་པ་ན་དེ་ལ་དམིགས་དགོས་པའང་ཡིན་ཏེ། ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་མེད་པས་ཆོས་ཆོས་ཉིད་དང་། ཀུན་རྫོབ་དོན་དམ་དག་ལ་ཡོད་པ་ལ་ཡོད་པར་མངོན་སུམ་དུ་མཐོང་ཞིང་རྟོགས་པ་དང་། མེད་པ་ལ་ 4-1-139b མེད་པར་མངོན་སུམ་དུ་མཐོང་ཞིང་རྟོགས་དགོས་པའི་ཕྱིར་རོ། །དེ་ལྟར་རྟོགས་པ་ན་བདེན་པ་གཉིས་ཀྱི་ཚུལ་ལ་མི་རྨོངས་པས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་དབང་འབྱོར་བས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་ཡིན་ནོ། ། འགའ་ ཞིག་འདིར་བསྟན་གྱི་དམིགས་པ་ཆོས་དབྱིངས་ཁོ་ནར་འདོད་པ་དེ་ནི་ཐེག་པ་ཆེན་པོ་པའི་རྣལ་འབྱོར་པས་རྫོགས་བྱང་སྒྲུབ་པའི་མཉམ་པར་བཞག་པ་ན། ཀུན་རྫོབ་པའི་ཡུལ་ཡུལ་ཅན་སྣང་མེད་དུ་འདོད་པའི་སེམས་ཙམ་པ་དང་དབུ་མ་པའི་བྱེ་བྲག་འགའ་ཞིག་དེ་ལྟར་ བསམ་ཞིང་རྗོད་པར་བྱེད་དོ། །བརྗོད་པ་དེ་ནི་དཔྱིས་ཕྱིན་པར་མ་རྟོགས་པའི་གཏམ་ཡིན་ཏེ། ཐེག་ཆེན་འཕགས་པར་མ་ཟད་ཐེག་དམན་འཕགས་པ་རྣམས་ཀྱིས་ཀྱང་མཉམ་པར་བཞག་པའི་སྦྱོར་བའི་སྐབས་སུ་བདེན་པ་བཞིའི་སྤྱིའི་མཚན་ཉིད་ལ་དམིགས་ནས་རྟག་པ་ ལ་སོགས་པའི་ཕྱིན་ཅི་ལོག་གི་སྒྲོ་འདོགས་སྤོང་བར་བྱེད་ན། ཐེག་ཆེན་འཕགས་པ་ནི་ཆོས་ཐམས་ཅད་ཀྱི་གནས་སྣང་རང་མཚན་མ་འདྲེས་པ་ལ་དམིགས་ཏེ་སྒྲོ་འདོགས་གཅོད་པ་ནི་ཁྱད་པར་ཡིན་ལ། དེ་ལས་གཞན་དུ་ན་མཉམ་པར་བཞག་པའི་ཡུལ་ནི་སྣང་མེད་ ཁོ་ནར་འདོད་ན་སྐྱོན་འདི་ལྟར་གནས་པ་ཡིན་ཏེ། ཡུལ་མེད་པའི་མེད་དགག་གི་ཆ་སྣང་ཡུལ་དུ་བྱེད་པའི་བློ་ནི་རྟོག་པ་ཡིན་པས་ཡུལ་མེད་པའི་གཞན་སེལ་གྱི་སྤྱི་ཞིག་འཛིན་པ་ལས་འོས་མེད་པས་དེར་ཡང་མི་རུང་བའི་ཕྱིར་རོ། །གཞན་དུ་ན་སྣང་མེད་ཉིད་མངོན་སུམ་ དུ་མཐོང་ངོ་སྙམ་ན་ནི་རིགས་པའི་ལམ་ལས་འགལ་བ་སྟེ་སྣང་བ་མེད་པ་ནི་མེད་པ་ཙམ་ཡིན་གྱི། མེད་པ་ནི་མངོན་སུམ་དུ་མཐོང་དུ་རུང་བ་མ་ཡིན་ནོ། །ཡང་ན་ནི་སྣང་མེད་དུ་གྱུར་པའི་སྟོང་ཉིད་དེ་མངོན་སུམ་གྱིས་གཞལ་ན་དེ་ཉིད་འདུས་བྱས་སམ་རང་མཚན་གྱི་ཁྱབ་ 4-1-140a པར་འགྱུར་ཏེ། དེ་ལ་མངོན་སུམ་ཡིན་པའི་ཕྱིར་རོ། ། དེས་ན་མཉམ་བཞག་སྣང་མེད་དུ་འདོད་པ་ལ་སྐྱོན་དེ་ལྟར་དུ་གནས་ན། སྒྲུབ་པའི་དམིགས་པ་ལ་མཉམ་པར་བཞག་པའི་ཚེ་སྣང་བ་དང་བཅས་པ་ཡིན་ནམ། འོན་ཏེ་སྣང་བ་མེད་པ་ཡིན་ཅེ་ན། སྐབས་ འདིར་རྒྱན་རྩ་འགྲེལ་གྱི་དགོངས་པ་ནི་གཞན་དབང་གི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ཙམ་དུ་སྣང་ཡང་གཟུང་བ་དང་འཛིན་པའི་ཀུན་ཏུ་རྟོག་པ་མེད་ལ། ཁ་ནང་ལྟས་ཀྱི་ཆར་ནི་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ལ་དམིགས་པར་བཤད་པ་དང་། དེའི་ཚེ་ཡུལ་ཆོས་ཉིད་ཀྱི་སྣང་བ་ མེད་པར་དགག་པ་མ་ཡིན་པ་ལ་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་དང་རོ་གཅིག་པའི་ཚུལ་གྱིས་རང་ཉིད་ལ་རང་རིག་པའི་མངོན་སུམ་དུ་སོང་བ་ཡིན་ནོ། །དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཅན་དེའི་ངོར་ཡང་དག་པའི་ཀུན་རྫོབ་ཀྱི་དངོས་པོ་དམིགས་པ་ དེའང་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་དོན་གྱིས་ཤེས་པའི་རྣམ་པ་ལས་གཞན་མ་ཡིན་པས། དེའི་ཚེ་དེ་ཉིད་ཀྱི་གནས་སྣང་མ་འདྲེས་པར་སོ་སོར་རྟོགས་ཏེ་ཉམས་སུ་ལེན་པ་ཡིན་ནོ། ། འོ་ན་ཤེས་པའི་རྣམ་པ་དེ་ཉིད་ཀྱང་རྟོག་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། སོ་ སོ་སྐྱེ་བོའི་སར་ནི་ཤེས་པའི་རྣམ་པ་ལ་དེར་དམིགས་པ་ནི་ཞེན་རྟོག་དང་མཚུངས་པར་ལྡན་པ་ཡིན་ཀྱང་། འཕགས་པའི་མཉམ་བཞག་ཏུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེས་དང་པོར་གཞན་དབང་སྒྱུ་མ་ལྟ་བུ་ལ་དམིགས་ནས་མཐར་དེའི་ཚེ་ཆོས་དབྱིངས་ཆུ་རྙོག་མ་དང་བྲལ་ བ་ལྟ་བུ་དང་དབྱེར་མེད་དུ་འདྲེས་པ་ལ་ཤེས་རྣམ་གྱི་མིང་གིས་བཏགས་པ་ཡིན་ནོ། །འོན་ཏེ་ཤེས་པའི་རྣམ་པ་དེ་ཡང་རྣམ་ཤེས་ཀྱི་ངོར་ནི་ཤེས་པའི་རྣམ་པ་ཤར་བ་ཞེས་པ་དེ་འཐད་དུ་ཆུག་ཀྱང་། མི་རྟོག་ཡེ་ཤེས་ཀྱི་ངོར་དེ་ལྟ་བུ་མ་ཡིན་ནོ་སྙམ་ན། རང་རྒྱུད་པའི་དབུ་མ་པ་ 4-1-140b རྣམས་དང་། འཕགས་སེང་གི་བཞེད་པ་ལ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཀུན་རྫོབ་ཐམས་ཅད་གཟིགས་པར་བཞེད་ན། ཕྱི་དོན་དུ་གྲུབ་པའི་ཀུན་རྫོབ་ནི་ཡོད་པ་མ་ཡིན་གྱི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟབ་མོའི་སྣང་ཆ་ལས་འོས་མེད་པས། ཡེ་ཤེས་ཤིན་ ཏུ་གསལ་བ་ལ་ཤེས་བྱའི་རྣམ་པ་འཆར་རུང་བས་ཤེས་རྣམ་འཐད་པ་ཡིན་ནོ། །དེ་ལྟར་མཉམ་བཞག་གི་ཚེ་ཆོས་ཅན་ཀུན་རྫོབ་པའི་དོན་སྤྱི་དང་། དོན་དམ་སྟོང་ཉིད་ཀྱི་དོན་སྤྱི་ཤར་ནས་འཛིན་པ་ནི་མ་ཡིན་གྱི། དངོས་པོའི་དེ་བཞིན་ཉིད་གསལ་བར་མཐོང་ནས་མི་ བསླུ་བ་ལ་སྒྲོ་འདོགས་གཅོད་པར་བྱེད་པ་ཡིན་ནོ། །དེའི་ཚེ་སོ་སོ་སྐྱེ་བོའི་དབང་ཡིད་ཀྱི་ཚད་མ་རྣམས་དང་མཐུན་ནམ་མི་མཐུན་སྙམ་ནས་མི་མཐུན་ན་དོར་བར་རིགས་སོ་ཞེས་དོགས་པར་མི་བྱ་སྟེ། ཇི་སྐད་དུ། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ ཡིད་ཀྱང་ཚད་མ་མིན། །གལ་ཏེ་མིག་སོགས་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་གསུངས་པས། འཕགས་པའི་རྣལ་འབྱོར་པ་རྣམས་ཀྱི་རྟོགས་པ་ནི་བསམ་གྱིས་མི་ཁྱབ་བོ། །གཉིས་པ་ཚིག་གི་དོན་ལ། སྦྱར། རྩ། འགྲེལ་གསུམ་ ལས། དང་པོ་ནི། ཇི་སྐད་བཤད་པའི་སྒྲུབ་པའི་རྟེན་གྱི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔས་དམིགས་པར་བྱ་བ་གང་ཡིན་ཅེ་ན། དམིགས་པ་ནི་འདི་ལྟ་སྟེ་ཞེས་བཀོད་དོ། །གཉིས་པ་ལ། བསྟན་པ། བཤད་པའོ། །དང་པོ་ནི། ཐེག་ཆེན་སྒྲུབ་པའི་དམིགས་ པ་ནི་ཆོས་རྣམས་ཐམས་ཅད་ཡིན་ཏེ། དེ་དག་ལ་བླང་བྱ་དང་དོར་བྱའི་གནས་རྣམས་ངེས་པར་བྱས་ནས་སྒྲོ་འདོགས་གཅོད་དགོས་པའི་ཕྱིར་རོ། །གཉིས་པ་ནི། དམིགས་པ་དེ་ཡང་དབྱེ་ན་བཅུ་གཅིག་ཡོད་དེ། དགེ་བ་དང་ལ་སོགས་པས་མི་དགེ་བ་དང་ལུང་མ་ 4-1-141a བསྟན་གསུམ་ཡིན་པ་དང་། འཇིག་རྟེན་པའི་རྟོགས་པ་དང་། གང་དག་འཇིག་རྟེན་ལས་འདས་པར་འདོད་པའི་ཡོན་ཏན་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་དང་། གང་དག་རྒྱུ་རྐྱེན་གྱིས་འདུས་བྱས་པ་དང་། དེས་ འདུས་མ་བྱས་པ་དང་། སློབ་མ་ཉན་ཐོས་དང་། ཐུན་མོང་བའི་ཆོས་རྣམས་དང་། གང་དག་ཐུབ་པའི་ཐུན་མོང་མ་ཡིན་པའི་ཆོས་རྣམས་དང་བཅུ་གཅིག་གོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་འགྲེལ་པ་ལ་བཞི། སྤྱིར་བསྟན་པ། སོ་སོར་བཤད་པ། ཇི་ལྟར་དམིགས་པའི་ཚུལ། གྲངས་ངེས་སོ། །དང་པོ་ནི། དམིགས་པ་བཅུ་གཅིག་ཡོད་པ་ལས། རེ་ཞིག་དང་པོར་སྤྱིར་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་སྟེ། དེ་དག་ཀྱང་གོ་རིམ་བཞིན་དུ་ངོས་བཟུང་ན་དགེ་སྦྱོང་གི་ཚུལ་གཞན་ལ་མི་འཚེ་བ་ ཉིད་དང་། སྲོག་གཅོད་པའི་ལས་འཚེ་བ་དང་ལ་སོགས་པས་རིགས་ཅན་གཞན་ཡང་མཚོན་པར་བསྟན་པ་དང་། ལུང་དུ་མ་བསྟན་པའི་ལུས་ཀྱི་ལས་བཟོ་བྱེད་པ་ལ་སོགས་པའི་ལུང་མ་བསྟན་དང་། རྣམ་པར་སྨིན་པ་ལས་སྐྱེས་པའི་སེམས་བཏང་སྙོམས་པ་དང་། སྤྱོད་ ལམ་གྱི་སེམས་དང་། སྤྲུལ་པའི་སེམས་ཏེ་བཞིའོ། །དགེ་བ་ནི་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་འབྱིན་པར་ནུས་པ་དེ་ལས་དེ་ཡིན་ལ། དེ་ལའང་ངོ་བོ་ཉིད་ཀྱི་དགེ་བ་ནི་དད་སོགས་དགེ་བ་བཅུ་གཅིག་གོ། དེ་དང་མཚུངས་པར་ལྡན་པའི་དགེ་བ་ནི་དེ་དག་ དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་ངོ་། །ཀུན་ནས་བླངས་པའི་དགེ་བ་ནི་དགེ་སེམས་ཀྱིས་ཀུན་ནས་བླངས་པའི་ལུས་ངག་གི་ལས་ལ་སོགས་པའོ། །མི་དགེ་བའི་ངོ་བོ་ནི་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་སྡུག་བསྔལ་བསྐྱེད་པར་བྱེད་པ་སྟེ། 4-1-141b དེའང་ངོ་བོ་ཉིད་ཀྱི་མི་དགེ་བ་ནི་འདོད་ཁམས་ཀྱི་རྩ་ཉོན་རྣམས་དང་ཉེ་ཉོན་རྣམས་སོ། །མཚུངས་པར་ལྡན་པའི་མི་དགེ་བ་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་ངོ་། །ཀུན་ནས་བླངས་པའི་མི་དགེ་བ་ནི་མི་དགེ་བའི་སེམས་ཀྱིས་ཀུན་ནས་བླངས་པའི་ ལུས་ངག་གི་ལས་སོ། །ལུང་མ་བསྟན་ནི། འབྲས་བུ་བདེ་སྡུག་གང་ཡང་འབྱིན་པར་མི་ནུས་པའི་ས་བོན་རུལ་པ་དང་འདྲ་བའོ། །དེ་ལ་ངོ་བོ་ཉིད་ཀྱི་ལུང་མ་བསྟན་ནི་མིག་སོགས་དབང་དོན་གཟུགས་ཅན་ལྟ་བུའོ། །མཚུངས་པར་ལྡན་པའི་ལུང་མ་བསྟན་ནི་འཇིག་མཐའ་ དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་སོ། །ཀུན་ནས་བླངས་པའི་ལུང་མ་བསྟན་ནི་ཀུན་སློང་ལུང་དུ་མ་བསྟན་པའི་ལུས་ངག་གི་ལས་ལ་སོགས་པའོ། །གཉིས་པ་ལ། བསྟན། བཤད་གཉིས་ལས། དང་པོ་ནི། བཤད་པ་དེའི་འོག་ཏུ་དགེ་སོགས་གསུམ་པོ་དེ་ དག་ཉིད་ལ་འཇིག་རྟེན་པ་དང་ལ་སོགས་པས་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་པོའི་དབྱེ་བ་གཞིར་བྱས་པ་ཉིད་ཀྱིས་ལྷག་མ་རྣམས་བསྡུས་ཏེ་གྲངས་བཞིན་དུ་གོ་རིམ་སྦྱར་ཏེ་འོག་ནས་འཆད་དོ། །དེ་ལྟར་བཤད་པའི་དོན་གཞུང་རྩ་བར་སྤྱིའི་དབྱེ་བ་གསུམ་དང་བྱེ་བྲག་ གི་དབྱེ་བ་བརྒྱད་དུ་གསུངས་པ་ལས་སྤྱི་བྱེ་བྲག་གི་དམིགས་པ་གཉིས་ཀ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀྱིས་དབྱེ་དགོས་པར་གསུངས་པ་ལས། བྱེ་བྲག་ལྷག་མ་བརྒྱད་བཞིར་བསྡུ་བའི་ཚུལ་ནི། ལམ་དང་། སྤང་གཉེན་དང་། བདེན་གཉིས་ དང་། འབྲས་བུའི་དབང་དུ་བྱས་ཏེ་ཟུང་བཞི་ཡ་བརྒྱད་དུ་དབྱེ་བར་བྱས་པ་ཡིན་ནོ། །དེ་ལྟར་གྱི་ཚེ་དེ་དག་ཉིད་ལ་ཞེས་པའི་དོན་དགེ་སོགས་གསུམ་པོ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བའི་གཞི་ཡིན་པ་དང་། ལྷག་མ་རྣམས་ནི་དེ་དག་གི་དབྱེ་བ་སོ་སོ་ 4-1-142a བའི་དོན་ཡིན་ནོ། །གཉིས་པ་ལ་རྩ་བ་ལྟར་བཞི་ལས། དང་པོ་ལམ་གྱི་དབང་དུ་བྱས་པ་གཉིས་ནི། བྱིས་པའི་སྐྱེ་བོ་བླང་དོར་གྱི་བརྡ་ལ་ཤེད་མ་ཕྱེ་བ་ཐམས་ཅད་དང་འབྲེལ་བའི་ཟག་བཅས་ཀྱི་ཕུང་པོ་ལྔ་དང་། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ བསྡུས་པའི་ཟག་མེད་ཀྱི་བསམ་གཏན་བཞི་དང་ཞེས་པས་དང་ནི་ཚིག་ཕྲད་དུ་སྦྱར་རོ། །དེ་ལྟར་བྱིས་པ་དང་འཕགས་པའི་དབྱེ་བ་བྱས་པས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་གྱི་ཆོས་བསྟན་པ་ཡིན་ནོ། །གཉིས་པ་སྤང་གཉེན་གྱི་དབང་དུ་བྱས་པ་ གཉིས་ནི། བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་ནི་ཕུང་པོ་ལྔ་དང་། དེའི་གཉེན་པོར་ལྟ་བའི་ཟག་མེད་དྲན་པ་ཉེ་བར་བཞག་པ་བཞི་དང་ཞེས་པའི་དང་ནི་ཚིག་ཕྲད་དོ། ། དེ་ཡང་ཟག་བཅས་དང་ཟག་མེད་ཀྱི་ཁྱད་པར་ནི། བྱེ་བྲག་སྨྲ་བ་ལྟར་ན་ ལམ་མ་གཏོགས་པའི་འདུས་བྱས་ཐམས་ཅད་ཟག་བཅས་ཡིན་ཏེ། ཇི་སྐད་དུ། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་སོ། །དེ་ལྟར་གྱི་ཚེ་སངས་རྒྱས་གཟུགས་ཀྱི་སྐུ་ཡང་འདུ་བྱས་ པའི་ཕྱིར་ཟག་བཅས་སུ་ཐལ་ཅེ་ན། དེ་ནི་འདོད་པ་ཡིན་ཏེ། གནས་ངན་ལེན་གྱི་གཉེན་པོ་མ་ཡིན་པའི་ཕྱིར་ཞེས་གཏན་ལ་དབབ་པ་བསྡུ་བ་ལས་གསུངས་པའི་ཕྱིར་རོ། །ཟག་མེད་ནི་ལམ་དང་འདུས་མ་བྱས་ཐམས་ཅད་ཡིན་ཏེ། ཇི་སྐད་དུ། ཟག་མེད་ལམ་གྱི་བདེན་ པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་བསྟན་པ་ལྟར་རོ། ། ཐེག་པ་ཆེན་པོ་ལྟར་ན་ནི་ཉེས་པ་རྣམ་པ་བཞི་བསྐྱེད་པར་ནུས་པ་དེ་ནི་ཟག་བཅས་ཏེ། ཉེས་པ་རྣམ་པ་བཞི་ནི། ཀུན་ཏུ་སྤྱོད་པ་མ་ཞི་བ་དང་། ཕྱི་ནང་འགྱུར་ 4-1-142b བའི་དང་། ཉེས་སྤྱོད་ཀུན་ནས་སློང་བར་བྱེད་པའི་དང་། སྲིད་པའི་རྒྱུ་བྱེད་པའི་ཉེས་པ་སྟེ་བཞིའོ། །དེ་ལ་གསུམ་ནི་གོ་སླ་ལ། ཕྱི་ནང་འགྱུར་བའི་ཉེས་པ་ནི། ཡུལ་ཡིད་དུ་འོང་བ་མི་འོང་བར་འགྱུར་བ་དང་། དབང་པོ་བདེ་བ་མི་བདེ་བར་འགྱུར་བའོ། །དེ་ལྟར་གྱི་ཉེས་པ་ རྣམ་བཞི་མི་བསྐྱེད་པ་ནི་ཟག་མེད་ཡིན་པ་དང་། གཟུགས་ཀྱི་སྐུ་ཡང་ཟག་མེད་དུ་འདོད་པའོ། ། མདོར་ན་ཟག་བཅས་ནི་ལམ་གྱི་སྤང་བྱར་གྱུར་པའི་སྡུག་ཀུན་གྱི་ངོ་བོར་གནས་པ་ཟག་བཅས་ཡིན་ལ། སྤང་བྱར་མ་གྱུར་ཅིང་སྡུག་ཀུན་གྱི་ངོ་བོར་མི་གནས་པ་དེ་ཟག་པ་མེད་པ་ ཡིན་ནོ། །དེ་ལྟར་ཟག་བཅས་ཀྱི་ཟག་པའི་སྒོ་ཡང་མཛོད་ལྟར་ན་གཉིས་ཏེ། དམིགས་པ་ཡུལ་གྱི་སྒོ་ནས་དང་། མཚུངས་ལྡན་གྲོགས་ཀྱི་སྒོ་ནས་ཟག་པ་འཕེལ་ཞིང་རྒྱས་པར་འགྱུར་བར་གསུངས་པ་དང་། ཀུན་ལས་བཏུས་སུ་ནི་ཟག་པའི་སྒོ་དྲུག་གསུངས་ཏེ། དེ་ཡང་སྒོ་དྲུག་ ནི་འདི་ཡིན་ལ། རྩ་ཉོན་དང་ཉེ་ཉོན་ལྟ་བུ་ཟག་པའི་བདག་ཉིད་དོ། །དེ་དང་མཚུངས་པར་ལྡན་པའི་སེམས་བྱུང་རྣམས་ནི་ཟག་པ་དང་འབྲེལ་བའོ། །ས་གཞན་གྱི་ཀུན་གཞི་ལས་གཞན་གྱི་ཉོན་མོངས་ཀྱི་བག་ཆགས་ཡོད་པ་ལྟ་བུ་ཟག་པ་དང་རྗེས་སུ་འབྲེལ་བའོ། །རྒྱུད་ཟག་ པ་ལས་མ་གྲོལ་དུས་ཀྱི་དགེ་བ་བསམ་གཏན་ལ་སོགས་པ་ནི་ཟག་པས་བཅིངས་པའོ། །ཟག་པ་དང་དམིགས་རྣམ་རྗེས་སུ་མཐུན་པ་ཚོགས་ལམ་ལྟ་བུ་ནི་ཟག་པ་དང་རྗེས་སུ་མཐུན་པའོ། །དགྲ་བཅོམ་པ་ལྟ་བུའི་ཟག་བཅས་ཀྱི་ཕུང་པོ་ལྔ་ནི་ཟག་པའི་རྒྱུ་ལས་བྱུང་བ་ཞེས་གསུངས་ པས་ཟག་པའི་སྒོ་དྲུག་དང་འབྲེལ་བ་ནི་ཟག་བཅས་དང་། དེ་དང་མ་འབྲེལ་བ་ནི་ཟག་མེད་དུ་བསྟན་ཏོ། །གསུམ་པ་བདེན་གཉིས་ཀྱི་དབང་དུ་བྱས་པ་ནི། ཀུན་རྫོབ་པའི་རྒྱུ་དང་རྐྱེན་ལ་རག་ལས་པ་འདོད་པའི་ཁམས་དང་ལ་སོགས་པས་ཁམས་གོང་མ་གཉིས་ཏེ་འདུ་བྱས་པ་དང་། 4-1-143a དོན་དམ་པར་རྒྱུ་རྐྱེན་ལ་མི་བལྟོས་པའི་དེ་བཞིན་ཉིད་ནི་འདུས་མ་བྱས་སུ་གསུངས་སོ། །བཞི་པ་འབྲས་བུའི་དབང་དུ་བྱས་པ་ནི། སློབ་པ་ཐུན་མོང་གི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་དུ་རུང་བའི་བསམ་གཏན་བཞི་དང་། བྱང་ཆུབ་ཀྱི་ཆོས་ སུམ་ཅུ་སོ་བདུན་ལ་སོགས་པ་རྣམས་སོ། །ཐུན་མོང་མ་ཡིན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ཁོ་ན་ལ་འབྱུང་བའི་ཆོས་ཅན་སྟོབས་བཅུ་དང་། གཞན་ཡང་མ་འདྲེས་པའི་ཆོས་ལ་སོགས་པ་རྣམས་སོ། །སྟེ་ཞེས་པས་ནི་འོག་མའི་ཚིག་འདྲེན་པར་བྱེད་དོ། ། གསུམ་པ་ནི། གོང་དུ་བསྟན་པ་དེ་ལྟ་བུ་ལ་སོགས་པའི་ཆོས་བཅུ་གཅིག་པོ་ཐམས་ཅད་ལ་བླང་དོར་གྱི་གནས་ཇི་ལྟ་བ་བཞིན་དུ་འབྱེད་པ་ནི། མངོན་པར་རྟོགས་པའི་རིམ་གྱིས་དམིགས་པར་བྱེད་པས་ན་དེ་དག་རིམ་ཅན་དུ་ཤེས་པར་བྱའོ། །བཞི་པ་ནི། ཐེག་ཆེན་སྒྲུབ་པའི་ དམིགས་པ་རྣམ་པ་བཅུ་གཅིག་གོ་སྟེ་དེ་ལས་མང་མི་དགོས་ཤིང་། ཉུང་ན་མི་འདུ་བའི་ཕྱིར་རོ། ། བྱིས་པ་དང་ནི་འཕགས་པ་རྣམ་གཉིས་ཀྱི། ། རྫོགས་སངས་བསྒྲུབ་ཕྱིར་དམིགས་བྱའི་ཡུལ་རྣམས་ལ། ། དྲང་ངེས་བཅུ་གཅིག་དག་ཏུ་བསྡུ་མཛད་དེ། ། དེ་ཚུལ་དམིགས་པའི་ ཁྱད་པར་བཤད་ཟིན་ཏོ། །དྲུག་པ་ཆེད་དུ་བྱ་བ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། འདིར་བསྟན་གྱི་བསྟན་བཅོས་ཀྱི་འབྲེལ་ནི། ཐེག་ཆེན་སྒྲུབ་པའི་དམིགས་པ་གོང་དུ་བཤད་པ་དེ་ལྟར་སྒྲུབ་པའི་ཆེད་དུ་བྱ་བ་ཡང་སྔ་མ་ཉིད་ཡིན་ནམ། འོན་ཏེ་གཞན་ ཞིག་ཡིན་ཅེ་ན། དམིགས་ཡུལ་ལས་ཆེད་དུ་བྱ་བའི་ཡུལ་ནི་གཞན་ཡོད་དེ། ཆེད་དུ་བྱ་བའི་ཡུལ་ནི་ཡུལ་མ་འོངས་པ་ལ་དམིགས་པ་སྟེ། དཔེར་ན་མདའ་འབེན་ལ་ཕོག་པ་ལྟ་བུ་ཡིན་ནོ། །དམིགས་པ་ནི་ཡུལ་ད་ལྟ་བ་སྟེ་མདའ་ལྟོང་ལ་སྦྱར་བ་ལྟ་བུ་ཡིན་ནོ། ། དེ་ལྟར་བསྟན་ 4-1-143b བཅོས་ཀྱི་འབྲེལ་བཤད་ནས། སེམས་དཔའ་ཆེན་པོའི་བཤད་བྱའི་མདོ་ནི། རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བགྱི། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་གྱུར་པའི་ཕྱིར། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་། སྡེ་ ཆེན་པོ་གང་ཡིན་དྲིས་པའི་ལན་དུ་འདི་ལྟ་སྟེ། རིགས་དང་། བརྒྱད་པ་དང་ཞེས་པ་ནས། བྱང་ཆུབ་ཀྱི་སེམས་དང་། རླབས་པོ་ཆེའི་སེམས་དང་། མི་འགུལ་བའི་སེམས་དང་། ཕན་བདེའི་སེམས་བསྐྱེད་པར་བྱ་ཞིང་ཆོས་ལ་དགའ་བ་དང་། ཀུན་དགའ་བའི་རྣལ་འབྱོར་ ལ་བརྩོན་པས་སེམས་ཅན་གྱི་ཕུང་པོ་དང་། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་གྱུར་པར་བྱའོ། །ཞེས་པས་སེམས་ཆེན་པོ་གསུངས་པ་དང་། བརྒྱད་སྟོང་པ་ལས། དེ་བྱང་ཆུབ་ཀྱི་སེམས། ཐམས་ཅད་མཁྱེན་པའི་སེམས། ཟག་པ་མེད་པའི་སེམས། མཉམ་པ་མེད་པའི་ སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་གང་ལགས་པ་དེ་ལའང་མ་ཆགས་ཤིང་ཡོངས་སུ་མ་ཟིན་ཏོ། །ཞེས་སོ། ། དེ་ལའང་མདོ་སྔ་མའི་དོན་སེམས་ཅན་གྱི་ཕུང་པོ་ནི་སེམས་ཅན་ཕལ་ པ་རྣམས་དང་། སེམས་ཅན་གྱི་སྡེ་ཆེན་པོ་ནི་ཞུགས་གནས་ཀྱི་གང་ཟག་རྣམས་དང་། དེ་རྣམས་ཀྱི་མཆོག་ཏུ་བྱེད་པའི་བྱེད་ཆོས་ཀྱི་སེམས་ནི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་སོགས་ཏེ། མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི་ཕྱེད་པས་རྡོ་རྗེ་ལྟ་བུའི་སེམས་དང་། ཉི་ཚེ་ བའི་སེམས་མི་བསྐྱེད་པས་རླབས་པོ་ཆེའི་སེམས་དང་། རླབས་པོ་ཆེའི་སེམས་ལ་རློམ་སེམས་སུ་མི་བྱེད་པས་མི་འགུལ་བའི་སེམས་དང་། གདུལ་བྱའི་སྡུག་བསྔལ་སྐྱོབ་ཅིང་སེམས་ཅན་བློས་གཏོང་བར་མི་བྱེད་པ་ནི་ཕན་བདེའི་སེམས་དང་། དེ་ལྟ་བུའི་ཆོས་ལ་ཡིད་མངོན་ 4-1-144a པར་འདུན་པས་དགའ་བ་དང་། དེ་དག་ལ་བསྒོམ་པར་བརྩོན་པས་ཀུན་དགའ་བའི་དོན་ཏོ་ཞེས་གསུངས་པས། སློབ་པའི་ལམ་དུ་འདི་ལྟར་སེམས་བསྐྱེད་ནས་མི་སློབ་ལམ་དུ་འདི་དག་ཡོངས་སུ་རྫོགས་པར་བཤད་དོ། །མདོ་ཕྱི་མའི་དོན་ནི་འགྲེལ་ ཆེན་ལས། སློབ་པའི་ལམ་དུ་སེམས་དང་པོ་གཉིས་ནི་སྨོན་འཇུག་གཉིས་དང་། ལྷག་མ་བཞི་ནི་མོས་པ་ལས་བྱུང་བའི་སེམས་བསྐྱེད་པ་ལ་སོགས་པ་བཞིའོ། །ཡང་མི་སློབ་ལམ་གྱི་དབང་དུ་བྱས་ན་སེམས་དང་པོ་གཉིས་ནི་ངོ་བོ་ཉིད་ཀྱི་སྐུ་དང་། ལྷག་མ་བཞི་ནི་ཡེ་ ཤེས་བཞིར་བཞག་གོ ། སྤོང་བ་ཆེན་པོ་ནི། མདོར། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་བདག་དང་སེམས་ཅན་དང་སྲོག་དང་གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཡིད་ལས་སྐྱེས་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་ དང་། ཤེས་པ་པོ་དང་། མཐོང་བ་པོ་དང་། ཞེས་པ་ནས། ལྟ་བ་འདི་དག་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པར་བགྱིད་དེ། ཞེས་གསུངས་ནས། བཅུ་གཉིས་པོ་དེའི་སྟེང་དུ། དེའི་འོག་ནས་རྟག་པ་དང་ཆད་པ་དང་ཡོད་པ་ དང་མེད་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང་ཕར་ཕྱིན་དང་བྱང་ཕྱོགས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། སེམས་ཅན་སྨིན་པ་དང་ཞིང་ཡོངས་སུ་སྦྱོང་བ་དང་དཀོན་མཆོག་གསུམ་དང་ཆོས་འཁོར་བསྐོར་བ་དང་། ཡོངས་ སུ་མྱ་ངན་ལས་འདའ་བ་སྟེ་བཅོ་བརྒྱད་པོ་འདི་དང་བཅས་པའི་ལྟ་བ་སུམ་ཅུ་སྤང་བའི་ཕྱིར་དུ་མི་དམིགས་པའི་ཚུལ་གྱིས་སྟོན་པ་ནི་སྤོང་བ་ཆེན་པོར་གསུངས་ལ། དེའང་དང་པོ་བྱེད་པའི་སྐྱེས་བུ་བཅུ་གཉིས་སྤང་བ་ནི་གང་ཟག་གི་བདག་ཏུ་འཇིག་ཚོགས་ལ་ལྟ་བ་སྤང་ 4-1-144b བའི་ཕྱིར་དང་། དེའི་འོག་ཏུ་ལྟ་བ་གསུམ་ནི། སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་དུ་གྱུར་པའི་ལྟ་བ་དང་། ཕུང་ཁམས་སྐྱེ་མཆེད་སོགས་སུ་ལྟ་བ་ནི་ཉན་རང་དང་ཐུན་མོང་བའི་ལྟ་བ་དང་། སེམས་ཅན་སྨིན་པ་ནས་བཟུང་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ལྟ་བ་ནི་བྱང་ སེམས་རྣམས་ཐུན་མོང་བའི་ལྟ་བ་སྟེ། འདི་དག་ཐམས་ཅད་ཀྱང་རིམ་བཞིན་དུ་སྤང་དགོས་པར་བསྟན་པ་ཡིན་ནོ། ། རྟོགས་པ་ཆེན་པོ་ནི། མདོར། དེ་ནས་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་དོན་དེ་ ལ་བདག་ཀྱང་སྤོབས་སོ། །བཀའ་སྩལ་པ། སྤོབས་པ་སྐྱེད་ཅིག །གསོལ་བ། བྱང་ཆུབ་ཀྱི་སེམས་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ལགས་པའི་སེམས་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པའི་སེམས་གང་ལགས་པ་དེའང་རང་བཞིན་གྱིས་ སྟོང་པའི་སླད་དུ་ཆགས་པ་མ་མཆིས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་གྲངས་སུ་མཆིའོ། །ཞེས་རྟོགས་པ་ཆེན་པོ་གསུངས་ལ། བརྒྱད་སྟོང་པར། བྱང་ཆུབ་ཀྱི་སེམས་དང་། ཞེས་གསུངས་པའི་རྣམ་གྲངས་རྣམས་རྟོགས་པ་ཆེན་པོའི་མདོ་སྦྱོར་དུ་གྲགས་ ནའང་། སེམས་དཔའ་ཆེན་པོའི་མདོ་སྦྱོར་དུ་འབྱོར་བ་ཡིན་ཅེས་འབུམ་ཕྲག་གསུམ་པས་གསུངས་ལ། དེའི་རྒྱུ་མཚན་ཡང་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པའི་སེམས་རྣམས་ལ་འདིར་བསྟན་གྱི་རིམ་པའི་སེམས་ཤིན་ཏུ་འབྱོར་བར་དགོངས་སོ། ། དེ་ལྟར་ཆེད་དུ་བྱ་ བ་ནི་ཐེག་པ་ཆེན་པོའི་སྒྲུབ་པ་པོ་རྣམས་ཀྱིས་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པ་ལ་ཆེད་དུ་བྱ་བ་རྣམ་པ་གསུམ་པོ་འདི་ནི་དོན་དུ་གཉེར་བྱ་ཤིན་ཏུ་གལ་ཆེ་བ་ཡིན་ལ། དེ་ལྟར་སེམས་པ་དང་སྤངས་པ་དང་རྟོགས་པ་གསུམ་པོ་ནི་སྒྲུབ་པར་བྱེད་པ་ལའང་གསུམ་པོ་དེ་ཉིད་ཀྱིས་ཆོག་ 4-1-145a གམ། ཆེན་པོ་སྟེ་ཆེན་པོ་གསུམ་ཉིད་ཀྱི་སྒོ་ནས་སྒྲུབ་པར་བྱེད་དགོས་ཀྱི། སྟོབས་ཆུང་ངུས་ནི་མ་ཡིན་ནོ། །འདིར་བསྟན་གྱི་ཆེད་དུ་བྱ་བའི་སེམས་ཆེན་པོ་ནི་སློབ་ལམ་དུ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་། མགོན་དང་མཆོག་ཉིད་དུ་བྱེད་པའི་ བྱང་ཆུབ་ཀྱི་སེམས་རིམ་བཞིན་དུ་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་སེམས་དེ་ཡིན་ལ། མི་སློབ་ལམ་དུ་ནི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་སྤྱོད་ཡུལ་ལས་རྣམ་པར་འདས་པའི་ཐུགས་གཉིས་མེད་ཀྱི་ཡེ་ཤེས་ལ་སེམས་ཅན་མཆོག་ཏུ་བྱེད་པའི་སེམས་ཞེས་མིང་ གིས་བཏགས་པ་ཡིན་ནོ། །ཆེད་དུ་བྱ་བའི་སྤངས་རྟོགས་ནི་སློབ་ལམ་དུ་ས་རང་རང་གི་སྤངས་པ་དང་རྟོགས་པ་རྣམས་ཡིན་ལ། མི་སློབ་པའི་སར་ནི་ཐམས་ཅད་མཁྱེན་པའི་སྤངས་པ་དང་རྟོགས་པ་མཐའ་ཡས་པ་རྣམས་སོ། །དེ་ལྟར་གནས་སྐབས་སློབ་ལམ་གྱི་ཆེད་དུ་བྱ་བ་དང་ མཐར་ཐུག་མི་སློབ་ལམ་གྱི་ཆེད་དུ་བྱ་བ་གཉིས་ཀར་སྒྲུབ་པར་བྱེད་པ་ནི་ཆེན་པོ་གསུམ་གྱི་བློ་གྲོས་ཟབ་མོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པ་ཡིན་ནོ། །གཉིས་པ་ཚིག་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བཤད་མ་ཐག་པའི་སྒྲུབ་པའི་ དམིགས་པ་དེ་ལྟ་བུ་ལས་གཞན་སྒྲུབ་པའི་ཆེད་དུ་བྱ་བ་གང་ཡིན་ཅེ་ན། ཆེད་དུ་བྱ་བ་འདི་ལྟ་སྟེ་ཞེས་མཚམས་སྦྱར་ནས། གཉིས་པ་ནི། སེམས་ཅན་ལམ་ལ་མ་ཞུགས་པ་ནས་ཇི་སྲིད་ས་བཅུ་རྒྱུན་གྱི་ཐ་མར་གནས་པའི་བར་ཀུན་གྱི་མཆོག་ཉིད་དུ་སྒྲུབ་པར་བྱེད་པའི་སེམས་ཆེན་པོ་ དང་། སེམས་དེ་ལྟར་བསྐྱེད་པ་ལ་བརྟེན་ནས་སྤང་བྱ་སྤོང་བ་དང་། རྟོགས་བྱ་རྟོགས་པར་བྱ་བ་དང་བཅས་པའི་གསུམ་པོ་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆེད་དུ་བྱ་བ་ཡིན་པས། དེ་ཆེད་དུ་བྱ་བ་ལའང་དེ་གསུམ་པོའི་སྟོབས་རྒྱ་ཆེན་པོར་བསྐྱེད་པ་གསུམ་གྱི་སྒོ་ནས་ 4-1-145b ལྷག་མ་མཐར་ཐུག་རང་བྱུང་གི་ངོ་བོར་གནས་པའི་གཉིས་མེད་ཀྱི་ཡེ་ཤེས་ལ་སེམས་དཔའ་ཆེན་པོ་དང་། དེ་གདོད་ནས་དྲི་མ་ཐམས་ཅད་ཀྱིས་གོས་མ་མྱོང་བས་སྤངས་པ་ཆེན་པོ་དང་། དེ་གདོད་མ་ནས་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་ངོར་རྟོགས་ཤིང་ཁོང་དུ་ཆུད་པས་རྟོགས་པ་ཆེན་པོ་ སྟེ་ཆེན་པོ་གསུམ་གྱི་སྒོ་ནས་སྒྲུབ་པའི་ཆེད་དུ་བྱ་བ་འདི་ཤེས་པར་བྱ་ཞེས་གསུངས་སོ། ། སེམས་ཅན་གྱི་མཆོག་ཏུ་བྱེད་པའི་སེམས་ཆེན་པོ་འདི་ལ་འགའ་ཞིག་གིས་ངོས་འཛིན་པ་ན། སངས་རྒྱས་སའི་སེམས་བསྐྱེད་ལྟ་བུའོ་ཞེས་ཟེར་བ་ནི་ཕྱོགས་རེ་བ་ཙམ་ཡིན་གྱི། ངེས་པའི་ དོན་དུ་ནི། སྔགས་ཀྱི་ཐེག་པར། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་དང་། སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་པ་རྣམས་ནི་སངས་རྒྱས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སེམས་ཀྱི་མིང་གིས་བསྟན་པ་ལྟར་ཡིན་ནོ། ། མདོ་སྡེ་ས་བཅུ་པར་སངས་རྒྱས་ཀྱི་སའི་སེམས་བསྐྱེད་ཅེས་གསུངས་པའི་སེམས་བསྐྱེད་དེ་སེམས་རང་རྒྱུད་པ་ཞིག་གི་སེམས་བསྐྱེད་ཡོད་པར་བསྟན་པ་མ་ཡིན་གྱི། སློབ་པའི་ལམ་རྣམས་སུ་སེམས་བསྐྱེད་པ་དེ་ཉིད་ཀྱིས་དགོས་པའི་དོན་ཐམས་ཅད་ཚང་བར་གྲུབ་པས་དེ་ ཉིད་ལ་སེམས་བསྐྱེད་པའི་མིང་གིས་བསྟན་པ་ཡིན་ནོ། །གསུམ་པ་ནི། སྒྲུབ་པའི་དུས་དང་། རྣམ་པ་ཐམས་ཅད་དུ་རྟེན་གྱི་གང་ཟག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕན་ཡོན་ཡོངས་སུ་ཤེས་པའི་སྒོ་ནས་མཐར་ཐུག་གི་འཐོབ་བྱའི་འབྲས་བུ་འབྱུང་བར་འགྱུར་བ་ སངས་རྒྱས་དང་། གནས་སྐབས་ཀྱི་འབྲས་བུ་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་རྒྱུ་ཚོགས་ད་ལྟར་སྒྲུབ་པར་བྱེད་པ་ལ་ནི་འདི་ཆེད་དུ་གཉེར་དགོས་ཏེ། ཡུལ་སེམས་ཅན་ཐམས་ཅད་པ་སེམས་ཅན་ཀུན་གྱི་མཆོག་སངས་རྒྱས་སུ་འགྱུར་བྱེད་ཉིད་ཀྱི་ 4-1-146a སེམས་ཆེན་པོ་ཉིད་དང་། སྤོང་བ་ཆེན་པོ་ཉིད་ཐོབ་པར་ལྡན་པ་དང་། རྟོགས་པ་ཆེན་པོ་ཉིད་རྟོགས་པ་ལ་འགོད་པའི་དབང་དུ་བྱས་ཏེ། དེ་ལྟར་དུ་འགོད་པ་ལ་ཡང་སྒྲུབ་པ་པོ་རང་ཉིད་ཀྱིས་ཆེད་དུ་བྱ་བ་དེ་ལ་འཇུག་པར་བྱ་བ་དེའི་ཕྱིར་ནི་ཆེན་པོ་ཉིད་གསུམ་ དང་ལྡན་པའི་སྒོ་ནས་ཆེད་དུ་བྱ་བ་ཡང་གསུམ་དུ་ཤེས་པར་བྱའོ། ། གཞན་ཡང་འདི་ལྟར་ཤེས་དགོས་ཏེ། ཆེན་པོ་གསུམ་པོ་དེ་གང་གི་རྒྱུད་ལ་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོར་མིང་གིས་འདོགས་པ་ཡིན་ཏེ། ཇི་སྐད་དུ། ཅི་ཕྱིར་འདི་ནི་ སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང་། །སེམས་ཅན་ཁམས་ཀྱི་ལྟ་རྣམ་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང་། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་ མཆོག་ལ་ཞུགས་པ་དང་། །གོ་ཆ་ཆེན་པོ་བསྒོས་ཤིང་བདུད་ཀྱི་རྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད། །ཅེས་གསུངས་ལ། དེའི་དོན་ནི། བྱང་ཞེས་པས་སྤོང་བ་ཆེན་པོ་དང་། ཆུབ་ཅེས་པས་རྟོགས་པ་ཆེན་པོ་དང་། སེམས་ཞེས་པས་སེམས་ཆེན་པོ་ བསྟན་པ་ཡིན་ཅེས་མཁས་པ་ཆེན་པོ་གྲོ་ལུང་པས་གསུངས་སོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི། སློབ་དང་མི་སློབ་ཆེད་དུ་བྱ་ཚུལ་ལ། །ཆེན་པོ་གསུམ་དང་ལྡན་པས་ཉམས་བླངས་པས། ། རིམ་བཞིན་དགོས་པའི་དོན་རྣམས་ཆ་ཚང་བ། །བདེ་བླག་ཉིད་དུ་འགྲུབ་པར་ འགྱུར་བ་ཡིན། །ཅེས་སོ།། །།བདུན་པ་སྒྲུབ་པ་རང་གི་ངོ་བོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས། དང་པོ་ནི། ཐེག་པ་ཆེན་པོའི་སྒྲུབ་པ་བྱེ་བྲག་སོ་སོར་མ་ཕྱེ་བའི་སྒྲུབ་པ་ཙམ་པོ་དེ་ཅི་འདྲ་བ་ཞིག་ལ་ངོས་འཛིན་ཅེ་ན། ཐེག་ཆེན་སེམས་བསྐྱེད་ལ་གནས་ནས་རང་ 4-1-146b གཞན་གྱི་དོན་རྩོམ་པ་རྒྱ་ཆེ་ཞིང་། འབྲས་བུ་བྱང་ཆུབ་ཆེན་པོ་ངེས་པར་འབྱིན་པའི་བྱ་བ་བྱེད་པ་ཅན་དེ་བསྒྲུབ་པར་བཤད་པ་ཡིན་ཏེ། ཇི་སྐད་དུ། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་བསྔགས། །ཞེས་བྱ་བའི་དོན་ཡང་དེ་ཉིད་ལས། རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ། །དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད། །ཅེས་གསུངས་པས་སོ། ། དེ་ལྟ་བུའི་སྒྲུབ་པ་དེ་ལའང་གོ་ཆའི་སྒྲུབ་པ་ནི། རྒྱུ་ཐེག་པ་ཆེན་པོའི་ཀུན་སློང་གི་བསམ་པས་གཞན་གྱི་དོན་དུ་བརྩོན་འགྲུས་གཙོ་བོར་གྱུར་པའི་གོ་ཆ་ཆེན་པོ་བགོ་བའི་ སྒྲུབ་པ་དང་། རྒྱུ་དེ་སྔོན་དུ་སོང་བའི་སྒོ་ནས་དེ་ལྟར་སྦྱོར་བའི་བརྩོན་འགྲུས་གཙོ་བོར་འཇུག་པའི་འཇུག་སྒྲུབ་དང་། བྱང་ཆུབ་ཆེན་པོའི་འབྲས་བུ་འཐོབ་བྱེད་དུ་གྱུར་པའི་བྱ་བ་འཛིན་པ་ལ་མི་ལྷོད་པ་ཚོགས་ཀྱི་སྒྲུབ་པ་དང་། ཐབས་ཤེས་ཟུང་འབྲེལ་གྱི་ངོ་བོར་གྱུར་པའི་ས་ནས་ སར་ངེས་པར་འབྱུང་བྱེད་ཀྱི་སྒྲུབ་པ་སྟེ་སྒྲུབ་པ་བཞི་ཡོད་པ་ལས། གོ་ཆའི་སྒྲུབ་པ་ནི། ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་མན་ཆད་ན་ཡོད་ཅིང་། འཇུག་སྒྲུབ་ནི། སྦྱོར་ལམ་ནས་རྒྱུན་མཐའ་མན་དུ་ཡོད་ལ། ཚོགས་སྒྲུབ་ནི། ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའ་མན་ དུ་ཡོད་ཅིང་། ངེས་འབྱུང་སྒྲུབ་པ་ནི། སྒོམ་ལམ་གྱི་ཁྱད་པར་ལམ་ནས་རྒྱུན་མཐའ་མན་དུ་ཡོད་དོ་ཞེས་ལོ་ཙཱ་བ་ཆེན་པོས་གསུངས་སོ། །འགྲེལ་པ་འདིའི་དངོས་བསྟན་ལ་ནི་སྒྲུབ་པ་བཞི་པོ་སྦྱོར་བ་དང་། མཐོང་བ་དང་། སྒོམ་པ་དང་། ཁྱད་པར་གྱི་ལམ་བཞིའི་སྐབས་ ནས་རིམ་པ་ལྟར་རྒྱུད་ལ་འབྱུང་བར་བཤད་ལ། བརྒྱད་སྟོང་འགྲེལ་ཆེན་དུ་ནི། གོ་ཆ་དང་འཇུག་པའི་སྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་། དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པ་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི། 4-1-147a བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་གྱི་མངོན་སུམ་དུ་སྦྱོར་བའི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། ས་གཉིས་ པ་ལ་སོགས་པའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཅིང་། གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་སྒྲུབ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ། །ཞེས་གསུངས་ པའི་དགོངས་པ་ནི་གོ་ཆའི་སྒྲུབ་པ་དང་འཇུག་པའི་སྒྲུབ་པ་གཉིས་ནི་བརྒྱུད་པ་དང་དངོས་སུ་སྦྱོར་བའི་སྒོ་ནས་ཚོགས་ལམ་དང་སྦྱོར་ལམ་གཉིས་ནས་ཡོད་པར་བསྟན་ལ། ཚོགས་ཀྱི་སྒྲུབ་པ་སྤྱིར་བཏང་བ་དེ་ནི་སྦྱོར་ལམ་ཆོས་མཆོག་ནས་ཡོད་པར་བསྟན་ལ། ཚོགས་ཀྱི་སྒྲུབ་པ་དེ་ལ་ དབྱེ་ན། མཐོང་ལམ་གྱི་ངོ་བོར་གྱུར་པའི་ཚོགས་སྒྲུབ་དང་། སྒོམ་ལམ་གྱི་ངོ་བོར་གྱུར་པའི་ཚོགས་སྒྲུབ་དང་། གཉེན་པོ་ཡེ་ཤེས་ཀྱི་ཚོགས་ཁྱད་པར་དུ་བྱས་པའི་སྒྲུབ་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་དུ་བཤད་པ་དང་། ངེས་ འབྱུང་སྒྲུབ་པ་ནི་སྒོམ་པའི་ལམ་ཐ་མ་རྒྱུན་མཐའི་སྔ་ལོགས་ཀྱི་ཡེ་ཤེས་ལ་དེར་བཞག་པ་རྣམས་ནི་འགྲེལ་ཆེན་གྱི་དགོངས་པ་ཡིན་ཅེས་མཁས་པ་ཆེན་པོ་གྲོ་ལུང་པས་གསུངས་སོ། །དེ་ལྟར་གྱི་སྒྲུབ་པ་རྣམ་པ་བཞི་པོ་རྗེ་བཙུན་གྱི་གཞུང་དུ་གསལ་བར་གསུངས་ཀྱང་། མཁྱེན་ གསུམ་ཡུལ་གྱི་སྒྲུབ་པ་དང་། སྦྱོར་བཞི་ཡུལ་ཅན་གྱི་སྒྲུབ་པ་ཞེས་པའི་རྣམ་གཞག་འདི་ནི་སློབ་དཔོན་གྱིས་མཛད་པ་ཡིན་ཏེ། དེ་ཡང་འབྲས་བུ་གཞན་དོན་དུ་རྫོགས་བྱང་སྒྲུབ་པའི་སྒྲུབ་པ་ནི། མདོ་དང་བསྟན་བཅོས་འདིའི་ལུགས་ཀྱི་ཉམས་ལེན་སྦྱོར་བཞི་ལ་རག་པས་ 4-1-147b སྦྱོར་བ་བཞི་པོ་དེ་ལའང་ཡུལ་ལྟ་བའི་ཆར་གྱུར་པ་སྐྱེ་མེད་གསུམ་ཁོང་དུ་ཆུད་པའི་ཕྱིར་བསྒོམ་པ་ནི་སྤྱིའི་སྒྲུབ་པ་དང་། སྤྱོད་པའི་ཆར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོང་དུ་ཆུད་པའི་ཕྱིར་བསྒོམ་པ་ནི་རིམ་པ་ལྟར་མཁྱེན་གསུམ་སྤྱིའི་སྒྲུབ་པ་དང་། སྦྱོར་བཞི་བྱེ་བྲག་ གི་སྒྲུབ་པ་ཞེས་པར་བཤད་པ་ཡིན་ནོ། །དེ་ལྟར་བཤད་པས་རྫོགས་སངས་སྒྲུབ་བྱེད་ཀྱི་སྒྲུབ་པ་ཡིན་ན་མཁྱེན་གསུམ་ཡུལ་དུ་བྱེད་པའི་སྒོ་ནས་སྦྱོར་བ་བཞི་ཕར་ཕྱིན་དྲུག་གི་སྒོ་ནས་ཉམས་སུ་ལེན་དགོས་པ་ལས། གོ་ཆའི་སྒྲུབ་པ་ནི་སྤྱི་དང་བྱེ་བྲག་གི་སྒྲུབ་པ་གཉིས་ཀ་ ཡིན་ཅིང་། ལྷག་མ་གསུམ་པོ་ནི་སྤྱིའི་སྒྲུབ་པ་གཙོ་ཆེ་བ་ཡིན་ཅེས་བོད་སྔ་རབས་པ་རྣམས་ལ་གྲགས་སོ། །དེ་ལྟར་གྱི་ཚེ་དངོས་པོ་བདུན་དང་འབྲེལ་བའི་སྒྲུབ་པ་བསྟན་ནས། ཆོས་སྐུ་དང་འབྲེལ་བའི་སྒྲུབ་པ་མི་སྟོན་པ་ཅི་ཞེ་ན། འགྲེལ་ཆེན་ལས། ཆོས་ཀྱི་སྐུའི་ མངོན་པར་རྟོགས་པ་ལ་ནི་མ་ཡིན་ཏེ། འབྲས་བུ་ཉིད་ཡིན་པས་དེ་ལ་བྱ་བ་ཡོད་པ་མི་སྲིད་པའི་ཕྱིར་ཞེས་གསུངས་པའི་རྒྱུ་མཚན་གྱིས་སོ། །འགའ་ཞིག་གིས་ནི་སྐབས་དང་པོ་གསུམ་གྱི་སྒྲུབ་པ་ཞིག་ལ་སྤྱི་སྒྲུབ་དང་། སྐབས་ལྷག་མ་བཞིའི་སྒྲུབ་པ་ལ་བྱེ་བྲག་གི་ སྒྲུབ་པ་ཞེས་བཤད་ན་འཐད་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ཚིག་གི་དོན་ལ། མཚམས་སྦྱར། ངོ་བོ་ངོས་བཟུང་བ། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི། དེ་ལྟར་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་དང་ལ་སོགས་པ་དམིགས་པ་དང་ཆེད་དུ་བྱ་བ་དག་བརྗོད་ ནས། དེ་དག་བརྗོད་པའི་དགོས་དོན་གྱི་སྒྲུབ་པ་རང་གི་ངོ་བོ་གང་ཡིན་ཅེ་ན་ཞེས་དོགས་པ་སློང་བར་མཛད་དོ། །གཉིས་པ་ངོ་བོ་ངོས་བཟུང་བ་ལ་གཉིས། མཁྱེན་གསུམ་ཡུལ་གྱི་སྒྲུབ་པ་དང་། སྦྱོར་བཞི་ཡུལ་ཅན་གྱི་སྒྲུབ་པའོ། །དང་པོ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ 4-1-148a བདག་ཉིད་དུ་གྱུར་པའི་ཡུལ་བདེན་པ་བཞི་སྤྱིར་གནས་པ་ལ་ཐེག་ཆེན་གྱི་དགེ་བའི་ཆོས་ཀྱི་བརྟེན་པ་ཅན་ནམ་གནས་པའི་སྒོ་ནས་སྒྲུབ་པར་བྱེད་པ་ནི་མཁྱེན་པ་གསུམ་ལ་བལྟོས་པའི་སྒྲུབ་པར་བཤད་དོ། །གཉིས་པ་ནི། རྣམ་པ་ཀུན་མངོན་པར་ རྫོགས་པར་རྟོགས་པའི་སྦྱོར་བ་དང་། ལ་སོགས་པས་རྩེ་མོའི་སྦྱོར་བ་དང་། མཐར་གྱིས་པའི་སྦྱོར་བ་དང་། སྐད་ཅིག་མའི་སྦྱོར་བ་སྟེ་མངོན་པར་རྟོགས་པ་རྣམ་པ་བཞི་པོ་ལ་མངོན་པར་རྟོགས་པ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གི་རྟེན་ཅན་གྱི་སྒོ་ནས་ཉམས་སུ་ལེན་པའི་ བྱ་བ་ནི་སྦྱོར་བཞི་ཡུལ་ཅན་གྱི་སྒྲུབ་པ་སྟེའོ། །དེ་ལྟར་གྱི་སྒྲུབ་པ་འདི་ལ་ཕྱིས་ཀྱི་མཁས་པ་ཆེན་པོ་ལ་ལའི་གསུང་གིས་ཕྱིན་དྲུག་ལ་གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པའི་སྒྲུབ་པ་ལ་ནི་གོ་སྒྲུབ་ཅེས་ཀྱང་བྱ། ཕྱིན་དྲུག་གི་རྟེན་ཅན་གྱི་རྣམ་རྫོགས་སྦྱོར་བ་ཞེས་ཀྱང་བྱ་ཞེས་ བསྒྲེས་ནས་སྒྲུབ་པ་ལྷག་མ་གསུམ་དང་སྦྱོར་བ་ལྷག་མ་གསུམ་གྱིས་ཕྱིན་དྲུག་ལ་འཇུག་པ་དང་། ཚོགས་སྤེལ་བ་དང་། ངེས་པར་འབྱུང་ས་མཐར་ཐུག་ལ་དངོས་སུ་འབྱིན་པར་བཤད་དོ། །གསུམ་པ་ལ་བཞི། གོ་ཆ་བརྩོན་འགྲུས་ཀྱི་སྒྲུབ་པ། འཇུག་པ་རྣམ་པ་དགུའི་ སྒྲུབ་པ། ཚོགས་བཅུ་བདུན་གྱི་སྒྲུབ་པ། ངེས་འབྱུང་སྒྲུབ་པ་བརྒྱད་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས་ལས། དང་པོ་ནི། མདོའི་འབྲེལ་ལ་གོང་དུ་བཅོམ་ལྡན་འདས་དང་། རབ་འབྱོར་དང་། ཤཱ་རིའི་བུ་གསུམ་གྱིས་བྱང་ཆུབ་སེམས་དཔའི་ དོན་བཤད་པ་ན། བྱམས་མའི་བུ་གང་པོས་གསོལ་བ། བཅོམ་ལྡན་འདས་བདག་ཀྱང་དོན་དེ་ལ་སྤོབས་པ་སྐྱེས་སོ། །བཀའ་སྩལ་པ། སྤོབས་པར་གྱིས་ཤིག །གསོལ་བ། དེ་ནི་གོ་ཆ་ཆེན་པོ་བསྒོས་པ་ལགས་ཏེ། ཞེས་པས་སྒྲུབ་པ་དང་པོ་གསུམ་སྤྱིར་བསྟན་ཅིང་། 4-1-148b བསྟན་བཅོས་ཀྱི་འབྲེལ་ནི་སྒྲུབ་པ་བཞི་པོ་དེ་ལམ་བཞི་དང་རིམ་ཅན་དུ་སྦྱར་ནས་བཤད་པའི་སྐབས་སུ་གོ་སྒྲུབ་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱིས་ཤེས་སོགས་ཀྱིས་སྦྲེལ་ལོ། །གོ་སྒྲུབ་ཀྱི་དབང་དུ་བྱས་པའི་བཤད་བྱའི་མདོ་ལ། ཤཱ་རིའི་བུས་སྨྲས་པ། གང་པོ་ཅི་ཙམ་གྱིས་གོ་ ཆ་ཆེན་པོ་བསྒོས་པ་ཞེས་བྱ། ཞེས་དྲིས་པའི་ལན་གྱིས་སྟོན་ཏོ། ། དེ་ལྟ་བུའི་གོ་སྒྲུབ་ཀྱི་ཡུལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ལ་སྤྱིར་ཕ་རོལ་ཏུ་ཕྱིན་པ་ཙམ་གྱི་མཚན་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་མ་ནས་ཡོད་མ་མྱོང་བར་རྟོགས་པའི་བཅོས་མིན་གྱི་ཤེས་རབ་ ཁྱད་པར་ཅན་ཡིན་ལ། ཕྱིན་དྲུག་སོ་སོ་བའི་མཚན་ཉིད་ནི་གོ་རིམ་བཞིན་དུ་འདི་ལྟ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་པར་རྟོགས་ཤིང་། བདག་ཕྱོགས་ལ་བདོག་པ་ཐམས་ཅད་ཕ་རོལ་ལ་གཏོང་བར་བྱེད་པ་དང་། སྔ་མ་དེ་བཞིན་དུ་ཉེས་སྤྱོད་བརྟེན་པར་མི་ བྱེད་པའི་ས་བོན་རྒྱུན་ཆགས་པ་དང་། སེམས་ནང་དུ་ཞི་བ་དང་། དགེ་བའི་བྱ་བ་ལ་སྤྲོ་བ་ཚད་མེད་པ་དང་། དམིགས་པ་ལས་གཞན་དུ་མི་གཡོ་བར་རྩེ་གཅིག་པ་དང་། ཤེས་བྱ་ལ་མིང་དོན་རབ་ཏུ་འབྱེད་པའོ། ། དེ་ལྟ་བུའི་ཤེར་ཕྱིན་དེ་ལ་རྣམ་པར་དབྱེ་ན་ངོ་བོ་དྲུག་ཏུ་གནས་ ལ། དེ་ལྟར་དབྱེ་དགོས་པའི་རྒྱུ་མཚན་ཀྱང་། སྤང་བྱ་དྲུག་ཡོད་པའི་དབང་ལས་གཉེན་པོ་དྲུག་ཏུ་ཕྱེ་བ་ཡིན་ཏེ། མདོ་ལས། སྦྱིན་པ་ནི་ཡོངས་སུ་འཛིན་པ་ལ་བརྟེན་ནས་གདགས་སོ། །ཚུལ་ཁྲིམས་ནི་ཚུལ་ཁྲིམས་འཆལ་བ་ལ་བརྟེན་ནས་གདགས་སོ། །བཟོད་པ་ནི་ མི་བཟོད་པ་ལ་བརྟེན་ནས་གདགས་སོ། །བརྩོན་འགྲུས་ནི་ལེ་ལོ་ལ་བརྟེན་ནས་གདགས་སོ། །བསམ་གཏན་ནི་མཉམ་པར་མ་བཞག་པ་ལ་བརྟེན་ནས་གདགས་སོ། །ཤེས་རབ་ནི་ཤེས་རབ་འཆལ་བ་ལ་བརྟེན་ནས་གདགས་སོ། །ཞེས་འབྱུང་བས། མི་མཐུན་ཕྱོགས་རྣམ་པ་ 4-1-149a དྲུག་པོ་སྤང་བྱར་བྱས་པའི་སྒོ་ནས་ཉམས་ལེན་སྦྱིན་སོགས་དྲུག་རྒྱུད་ལ་སྔ་ཕྱིར་རྒྱུ་འབྲས་ཀྱི་དབང་གིས་རྒྱུད་ལ་བརྟེན་པ་དེ་ནི་དབྱེ་དོན་སོ་སོ་བའི་དགོས་པ་ཡིན་ལ། ཕར་ཕྱིན་དྲུག་ཀར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པ་འདི་ནི་དངོས་པོའི་སྟོབས་ ཀྱིས་ཞུགས་པ་ཡིན་ཏེ། གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པའི་ཤེས་རབ་ཁྱད་པར་ཅན་གྱིས་མ་ཟིན་པའི་སྦྱིན་སོགས་ལ་ཕ་རོལ་ཏུ་ཕྱིན་པར་མི་འཇོག་པས་སྦྱིན་སོགས་ཀྱི་ཤེར་ཕྱིན་ནི་བདེན་པ་མ་མཐོང་བ་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ངེས་སོ། །དོན་འདི་ལ་དགོངས་ ནས་སྔོན་གྱི་མཁས་པ་ཆེན་པོ་ལ་ལའི་གསུང་ལས་ཐེག་ཆེན་གྱི་དབང་དུ་བྱས་པའི་ཉོན་སྒྲིབ་སྤངས་ཟིན་ནས་ཤེས་སྒྲིབ་སྤངས་ལ་ཞུགས་པ་ཡན་གྱི་བྱང་སེམས་ཀྱི་རྒྱུད་ལ་སྦྱིན་སོགས་ཕྱིན་དྲུག་ཡོད་ཀྱི། དེ་ལས་གཞན་དུ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ཕྱིན་དྲུག་ གི་གྲངས་ངེས་ལའང་མངོན་མཐོ་སྒྲུབ་པ་དང་། ཉོན་མོངས་པ་སྤོང་བ་ལ་བལྟོས་ཏེ་ཕྱིན་དྲུག་གི་གྲངས་ངེས་ནི། རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང་། །བྱ་ བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་པས་ཕར་ཕྱིན་དང་པོ་བཞིས་མངོན་མཐོའི་ཡོན་ཏན་ལོངས་སྤྱོད་དང་། ལུས་འཁོར་ལས་ཀྱི་མཐའ་ཐམས་ཅད་ཕུན་སུམ་ཚོགས་པར་སྒྲུབ་པ་དང་། ཕྱི་མ་གཉིས་ཀྱིས་ཉོན་མོངས་པའི་སྟོབས་བཙན་པར་མི་བྱེད་པ་དང་། སངས་ རྒྱས་སའི་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་དོ། །དེ་ལས་གཞན་པའི་གྲངས་ངེས་ནི། གཞན་དོན་བྱས་པས་རང་དོན་གྲུབ་པ་ལ་བལྟོས་ཏེ་དེར་གྲངས་ངེས་པ་ནི། དེ་ཉིད་ལས། མི་ཕོངས་པ་དང་རྣམ་པར་མི་འཚེ་དང་། །རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང་། །དགའ་ 4-1-149b བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་པས་ཕ་རོལ་པོ་ལ་ཡོ་བྱད་ཀྱིས་མི་ཕོངས་པར་སྦྱིན་པ་དང་། མི་འཚེ་བ་དང་། ཕ་རོལ་པོའི་འཚེ་བ་བཟོད་པ་དང་། དགོས་པའི་གྲོགས་བྱས་པས་མི་སྐྱོ་བ་དང་། བསམ་གཏན་གྱི་སེམས་ ཐོབ་པས་རྫུ་འཕྲུལ་སྣ་ཚོགས་སྟོན་པའི་སྒོ་ནས་གཞན་དགའ་བར་བྱེད་པ་དང་། ཐེ་ཚོམ་གཅོད་པའི་ཤེས་རབ་ཀྱིས་ལེགས་པར་བརྗོད་པའི་སྒོ་ནས་གཞན་གྱི་དོན་བྱེད་པས་དབྱེ་བ་དྲུག་ཏུ་བཞག་ལ། གཞན་ཡང་བསླབ་པ་གསུམ་ལ་བལྟོས་ནས་དྲུག་ཏུ་གྲངས་ངེས་པ་ནི། དེ་ཉིད་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་པས་དང་པོ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས་ ལ། དེ་ཡང་སྦྱིན་པ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་རྒྱུ་ཡིན་ཅིང་། ཚུལ་ཁྲིམས་དང་བཟོད་པ་གཉིས་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ངོ་བོ་ཡིན་ལ། བསམ་གཏན་གྱིས་སེམས་ཀྱི་བསླབ་པ་བསྡུས་ཤིང་། ཤེས་རབ་ནི་ཤེས་རབ་ཀྱི་བསླབ་པས་བསྡུས་ལ། བརྩོན་འགྲུས་ནི་ཐམས་ཅད་ལ་གཏོགས་པའོ། །སངས་རྒྱས་པའི་བསླབ་པ་གསུམ་པོ་འདི་ཕྱི་རོལ་པ་ལ་མེད་པས་ན་ལྷག་པ་ཞེས་ཉན་ཐོས་ཀྱི་ས་ལས་བཤད་དོ། ། དེ་ལྟར་དབྱེ་བ་བྱས་པའི་སྦྱིན་སོགས་སོ་སོའི་རང་བཞིན་ལ་དྲུག་ལས། དང་པོ་ནི། མདོ་སྡེ་རྒྱན་ལས། དོན་རྣམས་གཏོང་བར་བྱེད་པ་དང་། །རྩ་བ་སེམས་པ་ལ་བརྟེན་དང་། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང་། །གཉིས་རྗེས་འཛིན་དང་རྫོགས་བྱེད་དང་། །དེ་ཡང་སེར་སྣ་མེད་ལྡན་དང་། །ཆོས་དང་ཟང་ཟིང་མི་འཇིགས་གཏོང་། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། ། 4-1-150a མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པའི་དོན་སྦྱིན་པའི་ངོ་བོ་ནི་ལེན་པ་པོ་རྣམས་ལ་དོན་གཏོང་བ་དང་། དེའི་རྒྱུ་གཏོང་བའི་སེམས་པ་ཆགས་པ་མེད་པའི་དགེ་བའི་རྩ་བ་དང་། འབྲས་བུ་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱེད་པ་དང་། བྱེད་པའི་ལས་ནི་རང་གཞན་གཉིས་ཀ་རྗེས་སུ་འཛིན་པར་བྱེད་ཅིང་། བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་དང་། སྦྱིན་གཏོང་གི་ཡོན་ཏན་གྱི་ཁྱད་པར་ཡང་སེར་སྣ་མེད་པ་དང་། རབ་དབྱེ་ནི་ཆོས་དང་ཟང་ཟིང་སོགས་རྣམ་པ་གསུམ་ཡོད་པ་ལས་མཁས་པ་རྣམས་ཀྱིས་ཚུལ་ དེ་ལྟར་སྒྲུབ་པར་བྱེད་དོ། ། གཉིས་པ་ཚུལ་ཁྲིམས་ནི། ཡན་ལག་དྲུག་ཞི་བསམ་པས་ཟིན། །བདེ་འགྲོར་གནས་པ་སྦྱིན་བྱེད་དང་། །རྟེན་དང་ཞི་དང་འཇིགས་པ་མེད། །བསོད་ནམས་ཚོགས་དང་ལྡན་པ་དང་། །བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་ལ་གནས་པ་རྣམས་ལ་ ཡོད། །ཚུལ་ཁྲིམས་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པས་ངོ་བོ་ནི་ཡན་ལག་དྲུག་པོ་དེ་ཡིན་ལ། ཡན་ལག་དྲུག་པོ་ནི་ཚུལ་ཁྲིམས་དང་ལྡན་པར་གནས་པ། སོ་སོར་ཐར་པའི་སྡོམ་པས་བསྡམས་པ། ཆོ་ག་ཕུན་སུམ་ཚོགས་པ། སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལའང་འཇིགས་པར་ལྟ་བ། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་བོ་ཞེས་ཉན་ས་ལས་བཤད་དོ། །དེ་ལྟ་བུའི་ངོ་བོ་ཁྱད་པར་ཅན་གྱི་རྒྱུ་ནི་ཞི་བ་མྱང་འདས་ཐོབ་འདོད་ཀྱི་བསམ་པས་ཟིན་པའོ། །འབྲས་ བུ་ནི་བདེ་འགྲོར་སྐྱེ་བར་བྱེད་པ་དང་། བྱེད་ལས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པ་དང་། ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་དང་། རང་གཞན་ཐམས་ཅད་ལ་ཁ་ན་མ་ཐོ་བའི་འཇིགས་པ་མེད་པར་བྱེད་པའོ། །ལྡན་པའི་ཡོན་ཏན་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་ 4-1-150b པའོ། །དབྱེ་ན། ཡང་དག་པར་བླངས་པ་སོ་སོར་ཐར་པའི་སྡོམ་པ་དང་། ཆོས་ཉིད་ཀྱིས་ཐོབ་པ་བསམ་གཏན་གྱི་སྡོམ་པ་དང་། ཟག་མེད་ཀྱི་སྡོམ་པའོ། །ཕྱི་མ་གཉིས་ལ་སྡོམ་པར་བཞག་པ་ནི། བསམ་གཏན་གྱིས་སེམས་ཐོབ་པ་དང་། བདེན་པ་མཐོང་བ་ན་མི་དགེ་བའི་ ལས་ཐམས་ཅད་རང་འགགས་སུ་འགྲོ་བ་ལ་དགོངས་ནས་དེར་བཞག་པ་ཡིན་ནོ། ། གསུམ་པ་བཟོད་པ་ནི། མི་མཇེད་ཇི་མི་སྙམ་ཤེས་དང་། །སྙིང་རྗེས་ཆོས་ལ་བརྟེན་པའི་ཕྱིར། །ཕན་ཡོན་ལྔར་ནི་ཡང་དག་བཤད། །དེ་ནི་གཉིས་ཀྱི་དོན་བྱེད་དེ། །དཀའ་ཐུབ་གཙོ་དང་ཀུན་ ཏུ་ལྡན། །དེ་ལ་དེ་ནི་རྣམ་གསུམ་འདོད། །བཟོད་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པས། བཟོད་པའི་ངོ་བོ་ནི། གཞན་གྱི་གནོད་པ་ཐམས་ཅད་དང་དུ་བླངས་པའི་སྒོ་ནས་ཞེ་སྡང་མི་མཆེད་པར་བྱེད་པ་དང་། སྡུག་བསྔལ་ལ་ཇི་ མི་སྙམ་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པས་ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྟེ་གསུམ་མོ། །དེ་གསུམ་གྱི་རྒྱུ་ནི་སྙིང་རྗེ་ཆེན་པོ་ཡིན་ལ། འབྲས་བུ་ནི། ཇི་སྐད་དུ། འཁོན་མི་མང་བ་ཡིན། དབྱེན་མི་མང་བ་ཡིན། བདེ་བ་དང་ཡིད་བདེ་བ་ མང་བ་ཡིན། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་སོ། །བཟོད་པ་དེའི་བྱེད་ལས་ནི་རང་གཞན་གཉིས་ཀའི་དོན་བྱེད་པ་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། གང་ཞིག་ཕ་ རོལ་འཁྲུགས་ཤེས་ནས། །དེ་ལ་བདག་ནི་ཉེར་ཞི་བ། །དེ་ནི་བདག་དང་ཕ་རོལ་དང་། །གཉིས་པོ་དག་ནི་དོན་བྱེད་དོ། །ཞེས་སོ། །བཟོད་པ་དང་ལྡན་པའི་ཡོན་ཏན་ནི་དཀའ་ཐུབ་ཀྱི་མཆོག་དང་ལྡན་པས་ལྡན་པ་ཡིན་ནོ། །རབ་དབྱེ་ནི་སྔར་བཤད་པ་ལྟར་བཟོད་པ་དེ་ནི་རྣམ་པ་ 4-1-151a གསུམ་མོ། ། བཞི་པ་བརྩོན་འགྲུས་ནི། དགེ་ལ་ཡང་དག་སྤྲོ་བ་དང་། །དད་དང་འདུན་ལ་བརྟེན་པ་དང་། །དྲན་སོགས་ཡོན་ཏན་འཕེལ་བྱེད་དང་། །ཀུན་ནས་ཉོན་མོངས་གཉེན་པོ་དང་། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །དེ་དག་ལ་ནི་དེ་རྣམ་ བདུན། །བརྩོན་འགྲུས་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པས་བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་ཡང་དག་པར་སྤྲོ་བ་དང་། དེའི་རྒྱུ་ནི་དད་པ་དང་། འདུན་པ་ལ་བརྟེན་པ་དང་། དེའི་འབྲས་བུ་ནི་དྲན་པ་དང་ཏིང་ངེ་འཛིན་ལ་ སོགས་པ་རྣམས་འཕེལ་ཞིང་སྐྱེད་པར་བྱེད་པ་དང་། བྱེད་ལས་ནི་ཀུན་ནས་ཉོན་མོངས་པ་སོགས་ཀྱི་གཉེན་པོར་བརྩོན་འགྲུས་རྩོམ་པ་དང་ལྡན་པའི་ཡོན་ཏན་ནི་མ་ཆགས་པ་ལ་སོགས་པ་དང་རབ་ཏུ་ལྡན་པས་སོ། །དབྱེ་བ་ནི་བསླབ་པ་གསུམ་པོ་རེ་རེ་ལ་ལུས་ཀྱིས་རྟག་ཏུ་བྱེད་གུས་པར་ བྱེད་པ་དང་། སེམས་ཀྱིས་རྟག་ཏུ་བྱེད་གུས་པར་བྱེད་པའི་ལུས་སེམས་ཀྱི་བརྩོན་འགྲུས་རྩོམ་པའི་ཁྱད་པར་གཉིས་གཉིས་ཏེ་དྲུག་དང་། ཐུན་མོང་མ་ཡིན་པའི་སེམས་ཅན་གྱི་དོན་དུ་བསྒོས་པའི་གོ་ཆ་ཆེན་པོ་དང་བདུན་ནོ། ། ལྔ་པ་བསམ་གཏན་ནི། སེམས་ནི་ནང་དུ་ གནས་པ་དང་། །དྲན་དང་བརྩོན་འགྲུས་ལ་བརྟེན་པ། །བདེ་བ་སྐྱེད་པར་བྱེད་པ་དང་། །མངོན་ཤེས་གནས་ལ་དབང་བསྒྱུར་དང་། །ཆོས་རྣམས་ཀྱི་ནི་གཙོ་བོ་སྟེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །བསམ་གཏན་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་ དག་སྒྲུབ་པར་བྱེད། །ཅེས་པས་བསམ་གཏན་གྱི་ངོ་བོ་ནི་སེམས་ནང་དུ་གནས་པ་སྟེ། སེམས་ནང་དུ་གནས་པའི་དོན་ཀྱང་། ཤེས་པ་རང་ཉིད་རང་རིག་ལ་མངོན་སུམ་དུ་སོང་བའི་ཆ་དེ་ཉིད་ལ་གནས་པ་ལས་མ་གཏོགས་པའི་གཞན་ཡུལ་དང་ཡུལ་ཅན་གྱི་རྣམ་པ་ 4-1-151b གང་ལའང་རྣམ་གཅོད་དང་ཡོངས་གཅོད་མི་བྱེད་པ་དེའོ། །དེའི་རྒྱུ་ནི་དྲན་པ་དང་བརྩོན་འགྲུས་ཡིན་ལ། འབྲས་བུ་ནི་བདེ་བ་ཁྱད་པར་ཅན་བསྐྱེད་ཅིང་། བྱེད་ལས་ནི་མངོན་ཤེས་ལ་སོགས་པའི་གནས་ལ་དབང་སྒྱུར་བར་བྱེད་པ་དང་ལྡན་པའི་ཡོན་ཏན་ནི་ཆོས་ཐམས་ཅད་ཀྱི་གཙོ་བོ་ བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་བའི་སེམས་ཀྱི་རྟེན་བྱེད་པར་ལྡན་པ་དང་། དབྱེ་བ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ། རྟོག་པ་མེད་ལ་དཔྱོད་པ་ཙམ། རྟོག་དཔྱོད་མེད་པ་གསུམ་དུ་འཇུག་པ་ལས། དང་པོ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ དང་དངོས་གཞི་ཙམ་པོའོ། །གཉིས་པ་ནི། དང་པོའི་དངོས་གཞི་ཁྱད་པར་ཅན་ནོ། །གསུམ་པ་ནི། ལྷག་མ་གསུམ་གྱི་དངོས་གཞིའོ། །བྱང་ས་ལས་དབྱེ་བ་འདི་ལྟར་དུའང་གསུངས་ཏེ། མཐོང་བའི་ཆོས་ལ་བདེར་གནས་ཀྱི་དང་། ཡོན་ཏན་ཐམས་ཅད་སྒྲུབ་པའི་དང་། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་དང་གསུམ་མོ། ། དྲུག་པ་ཤེས་རབ་ནི། ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཏིང་ངེ་འཛིན་ལ་བརྟེན་པ་དང་། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཤེས་རབ་འཚོ་བ་ལེགས་བཤད་དང་། །ཆོས་རྣམས་ཀྱི་ནི་མཆོག་ཡིན་ཏེ། །དེ་དག་ ལ་ཡོད་དེ་རྣམ་གསུམ། །ཤེས་རབ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པས་ཤེས་རབ་ཀྱི་ངོ་བོ་ནི་ཤེས་བྱ་ཡང་དག་པར་རབ་ཏུ་འབྱེད་པ་དང་། དེའི་རྒྱུ་ནི་འཇིག་རྟེན་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ལ་ བརྟེན་པ་དང་། འབྲས་བུ་ནི་ཉོན་མོངས་པ་ལས་སེམས་ཤིན་ཏུ་གྲོལ་བ་དང་། བྱེད་ལས་ནི་ཤེས་རབ་ཀྱིས་བླ་ན་མེད་པར་འཚོ་བ་དང་། ཆོས་ལེགས་པར་བཤད་པའི་སྒོ་ནས་ཐེ་ཚོམ་གཅོད་པར་བྱེད་པ་དང་། ལྡན་པའི་ཡོན་ཏན་ནི་ཤེས་རབ་དེ་ཆོས་རྣམས་ཀྱི་མཆོག་ཡིན་པས་དེ་དང་ 4-1-152a ལྡན་པ་དང་། དབྱེ་བ་ནི་གསུམ་ལས། འཇིག་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་དམན་པའི་དང་། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་བོ། །ཡང་ན་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཏེ་གསུམ་མོ། ། དེ་དག་སོ་སོའི་སྒྲ་བཤད་ནི། རྒྱ་གར་གྱི་སྒྲ་ལས་དཱ་ན་དང་། ཤཱི་ལ་དང་། ཀྵ་མ་ཀྵནྟི་དང་། བཱིཪྻ་དང་། དྷྱཱ་ན་དང་། པྲཛྙཱ་ཞེས་པའི་དོན་འགྱུར་གྱི་སྒྲ་དོན། བོད་སྐད་དུ། མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་འཐོབ་དང་ཁྲོ་བཟོད་དང་། །མཆོག་ སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་སོ། ། གོ་རིམ་ཀྱང་། དེ་ཉིད་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཅེས་པས་སྔ་མ་སྔ་མ་ལ་བརྟེན་ནས་ ཕྱི་མ་ཕྱི་མ་སྐྱེ་བའི་གོ་རིམ་དང་། སྔ་མ་དམན་པ་དང་ཕྱི་མ་མཆོག་ཡིན་པའི་གོ་རིམ་དང་། སྔ་མ་སྔ་མ་འཇུག་པར་སླ་བས་རགས་པ་དང་། ཕྱི་མ་ཕྱི་མ་འཇུག་པར་དཀའ་བས་རགས་པ་དང་ཕྲ་བའི་གོ་རིམ་དུའང་གནས་པ་ཡིན་ནོ། ། དེ་ལྟར་ཕྱིན་དྲུག་གི་ཡོན་ཏན་མི་འདྲ་བའི་ཁྱད་ པར་ནི། མདོ་སྡེའི་རྒྱན་ལས། རྒྱལ་བའི་སྲས་རྣམས་སློང་དང་ཕྲད་ན་རང་གི་སྲོག་ཀྱང་རྟག་ཏུ་གཏོང་། །སྙིང་རྗེས་གཞན་ལ་ལན་ཡང་མི་རེ་འདོད་པའི་འབྲས་བུ་དོན་མི་གཉེར། །སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །སྦྱིན་པ་ཡེ་ཤེས་ཀྱིས་ ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །ཅེས་སྦྱིན་ཡོན་གྱི་ཁྱད་པར་དང་། ཡང་། རྒྱལ་བའི་སྲས་རྣམས་སྡོམ་དང་བརྩོན་པའི་རང་བཞིན་ཚུལ་ཁྲིམས་གསུམ་རྟག་བླངས། །མཐོ་རིས་མངོན་པར་མི་འདོད་ཡང་དག་ཐོབ་ཀྱང་དེ་ལ་ཆགས་མི་སྐྱེད། ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་ 4-1-152b སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཚུལ་ཁྲིམས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག །ཅེས་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་ཁྱད་པར་ལ་བསྔགས་པ་དང་། རྒྱལ་བའི་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་ཀུན་བཟོད། །མཐོ་རིས་ གཉེར་དང་མི་ནུས་པས་མིན་འཇིགས་ལྟས་མ་ཡིན་ཕན་ལྟས་མིན། །བཟོད་པ་དེ་ཉིད་མན་ཆད་འདོན་པ་བསྒྱུར་རོ། །ཞེས་བཟོད་པའི་ཡོན་ཏན་གྱི་ཁྱད་པར་ལ་བསྔགས་པ་དང་། རྒྱལ་བའི་སྲས་རྣམས་གོ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །རང་དང་གཞན་ གྱི་ཉོན་མོངས་ཚོགས་འཇོམས་བྱང་ཆུབ་དམ་པ་འཐོབ་པར་བྱེད། །བརྩོན་འགྲུས་དེ་ཉིད་ཀྱིས། ཞེས་སོགས་ཀྱིས་བརྩོན་ཡོན་ཏན་གྱི་ཁྱད་པར་ལ་བསྔགས་པ་དང་། རྒྱལ་བའི་སྲས་རྣམས་ཏིང་འཛིན་མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས། །བསམ་གཏན་བདེ་བ་ཕུལ་ གྱིས་གནས་ཤིང་སྙིང་རྗེས་སྐྱེ་བ་དམན་ལ་རྟེན། །བསམ་གཏན་དེ་ཉིད། ཅེས་སོགས་ཀྱིས་བསམ་གཏན་གྱི་ཡོན་ཏན་གྱི་ཁྱད་པར་ལ་བསྔགས་པ་དང་། རྒྱལ་བའི་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཐའ་དག་རྣམ་ཀུན་ཤེས། །མྱ་ངན་འདས་ལའང་བློ་ཡི་ཆགས་རབ་མི་སྐྱེད་ འཁོར་བར་སྨོས་ཅི་དགོས། །ཤེས་རབ་དེ་ཉིད་ཀྱིས། ཞེས་སོགས་ཀྱིས་ཤེས་རབ་ཀྱི་ཡོན་ཏན་གྱི་ཁྱད་པར་ལ་བསྔགས་པ་སྟེ། དེ་ལྟར་བཤད་པའི་གྲུབ་དོན་སྦྱིན་སོགས་ཀྱི་ཕར་ཕྱིན་རེ་རེ་ལའང་ཚིག་རྐང་དང་པོས་རྒྱ་ཆེ་བ་དང་། གཉིས་པས་ཟང་ཟིང་མེད་པ་དང་། གསུམ་ པས་དོན་ཆེ་བའི་དང་། བཞི་པས་མི་ཟད་པའི་ཁྱད་པར་བཞི་བཞི་བཤད་པ་ཡིན་ཏེ། དེ་ཉིད་ལས། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །ཞེས་སོ། ། དེ་ལྟ་བུ་ཡུལ་དུ་བྱེད་པའི་ 4-1-153a ཡུལ་ཅན་གོ་ཆའི་སྒྲུབ་པ་ནི། སྦྱིན་སོགས་རེ་རེ་ལའང་ཕྱིན་དྲུག་ཚང་བར་ཉམས་སུ་ལེན་པར་བྱེད་པ་ཡིན་ཏེ། ཡ་བྲལ་བ་རྐྱང་པ་རེ་རེའི་སྒོ་ནས་ཉམས་སུ་ལེན་པར་མི་བྱེད་པའི་ཕྱིར་དང་། དེ་མི་བྱེད་ནའང་བསྡུ་བྱ་དྲུག་པོ་དེ་སྡུད་བྱེད་དྲུག་པོ་དེའི་རྗེས་སུ་ འགྲོ་ལྡོག་ཏུ་ངེས་དགོས་པས། རང་གི་ངོ་བོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ནར་གནས་པ་ཡིན་ཅེས་སྔོན་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་གསུངས་སོ། །གཉིས་པ་ཚིག་གི་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྒྲུབ་པའི་ངོ་བོ་སྤྱིར་བསྟན་པ་དེ་ལྟར་སྒྲུབ་པའི་བྱེ་ བྲག་གི་དབྱེ་བ་ཇི་ལྟ་བ་བཞིན་དུ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། སྦྱོར་བ་དང་། མཐོང་བ་དང་། སྒོམ་པ་དང་། ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་སྐབས་སུ་སྒྲུབ་པའི་མཚན་ཉིད་ཀྱང་རྣམ་པ་བཞིར་འཇུག་པ་འདི་ལྟ་སྟེ། གོ་ཆ་དང་། འཇུག་པ་དང་། ཚོགས་དང་། ངེས་པར་འབྱུང་བའི་སྒྲུབ་པ་རྣམས་ཀྱི་ནང་ནས་དང་པོར་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱི་གྱུར་པའི་གོ་ཆའི་སྒྲུབ་པ་གསུངས་པ་ཞེས་མཚམས་སྦྱར་རོ། །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་རེ་རེ་ཞིང་སོ་སོར་སྦྱིན་པའི་སྦྱིན་པ་དང་ལ་སོགས་པས་ལྷག་མ་ལྔ་པོ་ ལ་ཡང་རྣམ་པ་དྲུག་དྲུག་ཏུ་བསྡུས་པའི་སྒོ་ནས་གོ་ཆའི་སྒྲུབ་པ་གང་ཡིན་པ་དེ་ནི་དྲུག་ཚན་དྲུག་གིས་ཇི་ལྟ་བ་བཞིན་དུ་བཤད་དོ་ཞེས་བྱ་བ་འདི་ཡིན་ཏེ་ཞེས་བཀོད་ནས། གསུམ་པ་ལ་གསུམ། སྦྱིན་པ་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཚུལ། དེས་ཕར་ཕྱིན་ ལྷག་མ་ལྔ་ལ་རིགས་བསྒྲེ་བ། རྩ་བའི་ཚིག་དོན་བསྡུས་ཏེ་བཤད་པའོ། །དང་པོ་ནི། གོ་ཆའི་སྒྲུབ་པ་འདི་ནི་བསམ་པ་དང་སྒྲུབ་པ་རྒྱ་ཆེ་བ་གཉིས་སུ་བསྟན་ཏེ། གནོད་འཇོམས་ལས། དེ་ལ་གོ་ཆ་བགོས་པ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། སེམས་ཅན་ཐམས་ཅད་ 4-1-153b ཀྱི་དོན་ལ་བརྩོན་པའི་ཕྱིར་བསམ་པ་རྒྱ་ཆེ་བ་དང་། སྒྲུབ་པ་གཅིག་གིས་བསྒྲུབས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་སྒྲུབ་པ་རྒྱ་ཆེ་བ། ཞེས་གསུངས་པས། བསམ་པ་རྒྱ་ཆེ་བ་ནི་གཞན་གྱི་དོན་ཁོ་ནར་དམིགས་པ་དང་། སྒྲུབ་པ་རྒྱ་ཆེ་བ་ནི་ཕྱིན་དྲུག་རེ་རེ་ལའང་ཡན་ ལག་གཞན་རྣམས་མ་ཚང་བ་མེད་པར་ཉམས་སུ་ལེན་པའི་དོན་ཡིན་གྱི། དེ་ལའང་སྦྱིན་པ་ལྟ་བུ་ཞིག་ལ་དཔེར་མཚོན་ན། ཆོས་ཀྱི་སྦྱིན་པ་དང་ལ་སོགས་པས་ཟང་ཟིང་དང་སྐྱབས་ཀྱི་སྦྱིན་པ་སྦྱིན་པར་བྱེད་པ་ནི་སྦྱིན་པའི་སྦྱིན་པ་དང་། ཉན་ཐོས་ཀྱི་བསམ་པ་རང་དོན་ཡིད་ ལ་བྱེད་པ་ལ་སོགས་པ་མྱང་འདས་ཀྱི་མཐར་ལྟུང་བའི་རྒྱུ་རྣམས་སྤོང་བ་ལ་སེམས་པ་རྒྱུན་ལྡན་དུ་གནས་པ་དེ་སྦྱིན་པའི་ཚུལ་ཁྲིམས་དང་། སློང་བ་པོ་སོགས་སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་ཉིད་ལ་བཟོད་པ་ནི་སྦྱིན་པའི་བཟོད་པ་དང་། དགེ་བ་ལ་སྤྲོ་བའི་འདུན་པ་ སྐྱེད་པ་སྦྱིན་པའི་བརྩོན་འགྲུས་དང་། ཐེག་པ་གཞན་ཐེག་དམན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ཉིད་ཀྱི་བསམ་པ་བརྟན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་ནི་སྦྱིན་པའི་བསམ་གཏན་དང་། སྦྱིན་པའི་བསམ་ གཏན་དང་། སྦྱིན་པའི་ཤེས་རབ་ཀྱི་སྐབས་ཀྱི་འགྲེལ་ཆུང་གི་འགྱུར་འདི་ཅུང་ཟད་ཉེས་པ་ཡིན་ཏེ། ཉི་སྣང་དང་འགྲེལ་ཆེན་གཉིས་ཀ་ལས་སྐབས་འདིར་འདི་ལྟར་འབྱུང་སྟེ། རྩེ་གཅིག་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང་། སྦྱིན་ 4-1-154a པར་བྱ་བ་ལ་སོགས་པ་མི་དམིགས་པ་རྣམས་གོ་རིམ་བཞིན་དུ་སྦྱིན་པའི་གོ་ཆ་ནས་ཤེས་རབ་ཀྱི་གོ་ཆའི་བར་རོ་ཞེས་འབྱུང་བས་སོ། །གཉིས་པ་ནི། སྦྱིན་པ་དེ་བཞིན་དུ་ཚུལ་ཁྲིམས་ཀྱང་དྲུག་ལྡན་དུ་སྲུང་བར་བྱེད། བཟོད་པ་དྲུག་ལྡན་དུ་རྫོགས་པར་བྱེད། བརྩོན་འགྲུས་དྲུག་ལྡན་དུ་རྩོམ་པར་བྱེད། བསམ་གཏན་དྲུག་ལྡན་དུ་སྒྲུབ་པར་བྱེད། ཤེས་རབ་དྲུག་ལྡན་དུ་སྒོམ་པར་བྱེད་དོ། །གསུམ་པ་ནི། བཤད་པ་དེ་ལྟར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོས་སོ་སོར་སྦྱིན་པ་དང་ལ་སོགས་པས་ཚུལ་ཁྲིམས་ དང་། ལྷག་མ་གཞན་རྣམས་བསྡུས་པས་ན་དྲུག་ཚན་དྲུག་གིས་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་མོད་ཀྱི། སྦྱིན་པ་ལ་སོགས་པ་དྲུག་སྦྱིན་པར་ཆོས་མཐུན་ཅིང་ལྷག་མ་དང་ཆོས་མཐུན་པའི་ཕྱིར་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་གོ། དེ་ལྟར་འགྲེལ་ཆེན་ལས་ཀྱང་། དྲུག་ཚན་ དྲུག་ཏུ་འགྱུར་མོད་ཀྱི། གོ་ཆ་དྲུག་ཆོས་མཐུན་པ་དང་། སྦྱིན་པ་སོགས་ཆོས་མཐུན་པའི་ཕྱིར་རྣམ་པ་དྲུག་གོ། ཞེས་གསུངས་སོ། ། སེམས་དཔའ་ཆེ་རྣམས་གོ་ཆ་བགོ་བ་ནི། ། རང་དོན་ལ་སོགས་གཡུལ་ལས་རྒྱལ་བའི་ཕྱིར། ། མ་ཕམ་དཔའ་བོའི་ཚུལ་ནི་དེ་ ཡིན་ཏེ། ། རིམ་བཞིན་ཕྱོགས་ལས་རྣམ་པར་རྒྱལ་བར་འགྱུར། ། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་འཇུག་སྒྲུབ་ལ། སྤྱིའི་དོན་དང་། ཚིག་གི་དོན་གཉིས། སྤྱིའི་དོན་ལ། མདོ་སྦྱར་དང་། རྟོགས་པར་དཀའ་བའི་བསམ་གཏན་ གཟུགས་མེད་དང་། ཚད་མེད་བཞིའི་སྤྱི་དོན་ཟུར་དུ་བཤད་པའོ། །དང་པོ་ནི། མདོའི་འབྲེལ་གང་དུ་བསྙེགས་ཤེ་ན། གོང་དུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས། ཞེས་པ་ལས་འཕྲོས་ནས། ཤཱ་རིའི་བུས་སྨྲས་པ། གང་པོ་ཅི་ཙམ་གྱིས་ན། 4-1-154b ཐེག་པ་ཆེན་པོ་ལ་འཇུག་པ་དང་། འཛེག་པར་འགྱུར་བ་ཡིན་ཅེས་དྲིས་པ་ལས་འཕྲོས་སོ། །དེ་ལྟར་འཕྲོས་པའི་བཤད་བྱའི་མདོ་ལ་བསམ་གཟུགས་ཀྱི་འཇུག་སྒྲུབ་ནི་འདི་ལྟ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་ཅིང་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན། རྟོག་པ་དང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ། ཞེས་བྱ་བ་ནས་སྲིད་རྩེའི་བར་དུ་བཤད་དོ། ། སྦྱིན་སོགས་དྲུག་ གི་འཇུག་སྒྲུབ་ཀྱི་མདོ་ནི། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱ་བས། སེམས་ཅན་ཐམས་ཅད་ཉོན་མོངས་པ་རབ་ཏུ་སྤང་བའི་ཕྱིར་ཆོས་བསྟན་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་སོ། །ལམ་འཇུག་གི་སྒྲུབ་པ་ནི། མདོར། རྣམ་པ་ཐམས་ཅད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་དང་། ཞེས་པ་ནས། ཆོས་མ་འདྲེས་པའི་བར་དུ་བཤད་དོ། །བྱམས་སོགས་ ཀྱི་འཇུག་སྒྲུབ་ནི། མདོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱམས་པ་དང་ལྡན་པའི་སེམས་ཡངས་པ་རྒྱ་ཆེན་པོར་གྱུར་པ་ཞེས་བྱ་བ་ནས། སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཡངས་པ་རྒྱ་ཆེན་པོར་གྱུར་པ། ཞེས་སོ། །དམིགས་མེད་དང་ལྡན་པའི་འཇུག་སྒྲུབ་ནི། མདོར། ནང་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་ནོ་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བཤད་དོ། །འཁོར་གསུམ་དག་པའི་འཇུག་སྒྲུབ་ནི། མདོར། སྦྱིན་པ་ 4-1-155a པོ་དང་། ལེན་པ་པོ་དང་། སྦྱིན་པ་རྣམས་ནི་མི་དམིགས་པའི་ཚུལ་གྱིས་དམིགས་སུ་མེད་ཅེས་སོ། །ཆེད་དུ་བྱ་བའི་འཇུག་སྒྲུབ་ནི། མདོར། སྒོམ་པ་རྣམ་པར་གཞིག་པའི་དོན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་དམིགས་པའི་ཚུལ་གྱིས་ སྒོམ་པར་བྱེད་དོ། །ཞེས་སོ། །མངོན་ཤེས་དྲུག་གི་འཇུག་སྒྲུབ་ནི། མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ན་ སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་སོ། །རྣམ་ཀུན་མཁྱེན་པའི་འཇུག་སྒྲུབ་ནི། མདོ་ལས། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཞེས་བྱ་བ་ནས། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་ འཇིག་རྟེན་གྱིས་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ། །ཞེས་སོ། །གཉིས་པ་རྟོགས་པར་དཀའ་བ་བསམ་གཏན་གཟུགས་མེད་ཀྱི་མཐའ་དཔྱད་པ་ལ། འཐོབ་བྱེད་ཀྱི་རྒྱུ། འཐོབ་བྱའི་ངོ་བོ། ཐོབ་པའི་འབྲས་བུ་དང་གསུམ་ལས། དང་པོ་ལ། ལུས་ རྟེན། སེམས་རྟེན། འཐོབ་བྱེད་ཀྱི་རྒྱུའི་རབ་དབྱེ་དང་གསུམ། དང་པོ་ལའང་། འགྲོ་བ་གང་གིས་ཐོབ་པ་དང་། ཁམས་གང་དུ་ཐོབ་པ་དང་། གང་ཟག་གང་གི་རྒྱུད་ལ་མཐར་གནས་ཀྱི་སྙོམས་འཇུག་གང་ལྡན་དཔྱད་པ་དང་གསུམ། དང་པོ་ནི། ངན་སོང་གསུམ། སྒྲ་མི་ སྙན། ཟ་མ་མ་ནིང་རྣམས་མ་གཏོགས་པའི་འགྲོ་བ་རྣམས་ལུས་རྟེན་དུ་རུང་སྟེ། དེ་རྣམས་སྡོམ་པའི་ལུས་རྟེན་དུ་རུང་བ་གང་ཞིག་དངོས་གཞིའི་སྙོམས་འཇུག་ཡིན་ན་སྡོམ་པ་ཡིན་དགོས་པའི་ཕྱིར་དང་། དེའང་ངན་སོང་གསུམ་དང་སྒྲ་མི་སྙན་པ་ལ་མི་སྐྱེ་སྟེ། རྣམ་སྨིན་གྱི་ 4-1-155b སྒྲིབ་པས་བསྒྲིབས་པའི་ཕྱིར་དང་། ཟ་མ་དང་མ་ནིང་ལའང་མི་སྐྱེ་སྟེ་ལས་ཀྱི་སྒྲིབ་པས་བསྒྲིབས་པའི་ཕྱིར་རོ། །གཉིས་པ་ཁམས་གང་དུ་ཐོབ་པ་ནི། སྤྱི་ལྡོག་ནས་དངོས་པོའི་སྙོམས་འཇུག་སྔར་མེད་གསར་དུ་ཐོབ་པ་འདོད་པའི་རྟེན་ལ་ཐོབ་དགོས་ཏེ། ཁམས་གོང་དུ་ སྐྱེ་བ་ལ་དེ་ཐོབ་ལ་མ་ཉམས་པ་ཞིག་དགོས་པའི་ཕྱིར། བསམ་གཏན་དང་པོ་ནས་སྲིད་རྩེའི་བར་བརྒྱད་ལས། དང་པོའི་ཉེར་བསྡོགས་དང་དངོས་གཞི་སྔར་མེད་གསར་དུ་སྐྱེ་བ་འདོད་རྟེན་ཁོ་ན་ལས་སྐྱེ་སྟེ། ཁམས་གོང་དུ་སྐྱེ་བ་ལ་དེ་ཐོབ་ལ་མ་ཉམས་པ་ཞིག་དགོས་པའི་ཕྱིར། དེ་ཡང་སོ་སོར་ཞིབ་ཏུ་བཤད་ན། འདོད་པ་དང་། གཟུགས་ཁམས་གནས་རིས་བཅུ་བདུན་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་འཁོར་བའི་གནས་ཉི་ཤུ་རྩ་གཉིས་ལས་ཚངས་རིས་ཡན་གྱི་གནས་ཉེར་གཅིག་པོ་རེ་རེ་ལའང་རང་རང་གི་ཉེར་བསྡོགས་དང་། དངོས་ གཞི་གཉིས་གཉིས་ཀྱི་ཐ་སྙད་བྱེད་ལ། དེ་ཡང་མཛོད་རང་འགྲེལ་དུ་ཕྱིར་མི་འོང་ཁྲི་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་འཆད་པའི་སྐབས་སུ་གནས་གཅིག་ན་རིགས་དྲུག་གོ། རིགས་རེ་རེའང་གནས་ཀྱི་འཆིང་བ་མཐའ་དག་དང་ལྡན་པ་ནས་རང་གི་གནས་ཀྱི་རྣམ་པ་བརྒྱད་ལ་འདོད་ ཆགས་དང་བྲལ་བའི་བར་དགུ་དགུ་སྟེ། དེ་དག་ནི་དགུ་དྲུག་གོ། དགུ་དྲུག་ནི་ལྔ་བཅུ་རྩ་བཞིའོ། །ལྔ་བཅུ་རྩ་བཞི་ཕྲག་བཅུ་དྲུག་ནི་བརྒྱད་བརྒྱ་དྲུག་ཅུ་རྩ་བཞིའོ། །དེའང་དབང་པོའི་བྱེ་བྲག་གིས་གསུམ་དུ་འགྱུར་ཏེ་ཞེས་གསུངས་པས། འདོད་ཉོན་དགུ་དང་། ཚངས་ རིས་ཀྱི་ཉོན་མོངས་དགུ་དང་། ཚངས་མདུན་གྱི་དེ་དགུ་དང་། ཚངས་ཆེན་གྱི་དེ་དགུ་རྣམས་རིམ་གྱིས་སྤངས་པའི་གང་ཟག་ཡོད་པར་བསྟན་པས་ཉོན་མོངས་དེ་དགུ་ཚན་རྣམས་རིམ་གྱིས་སྤོང་བའི་ཉེར་བསྡོགས་དང་། རིམ་གྱིས་སྤངས་པའི་དངོས་གཞིའི་སྙོམས་འཇུག་ཡོད་ 4-1-156a པར་བཞེད་པའི་ཕྱིར་ན་ཚངས་རིས་ཀྱི་ཉེར་བསྡོགས་ཡིད་བྱེད་དྲུག་དང་། དེའི་དངོས་གཞིའི་སྙོམས་འཇུག་ཆུང་འབྲིང་ཆེན་པོ་གསུམ་ཡོད་པར་བཞེད་དགོས་ལ། དེས་མཚོན་ནས་འོག་མིན་གྱི་བར་ལའང་རིགས་འགྲེ་བས་ཚངས་རིས་ཀྱི་རྟེན་ལ་ཚངས་ མདུན་གྱི་ཉེར་བསྡོགས་སྔར་མེད་གསར་དུ་སྒྲུབ་པ་ཡོད་ཅིང་། ཚངས་མདུན་གྱི་ཉེར་བསྡོགས་དེ་བསམ་གཏན་དང་པོའི་ཉེར་བསྡོགས་ཡིན་པས། བསམ་གཏན་དང་པོའི་རྟེན་ལའང་བསམ་གཏན་དང་པོའི་ཉེར་བསྡོགས་སྒྲུབ་པ་ཡོད་དོ། །དེས་ན་བསམ་གཏན་དང་པོའི་ནང་ ཚན་གྱི་ཚངས་རིས་ཀྱི་ཉེར་བསྡོགས་དང་དངོས་གཞི་སྔར་མེད་གསར་དུ་སྒྲུབ་པ་འདོད་རྟེན་ལ་ཡོད་ཅིང་། ཚངས་མདུན་གྱི་དེ་དང་དེ་ཚངས་རིས་དང་འདོད་རྟེན་ལ་སྒྲུབ། ཚངས་ཆེན་གྱི་དེ་དང་དེ་ཚངས་མདུན་གྱི་དེ་མན་ལ་སྒྲུབ། བསམ་གཏན་གཉིས་པའི་ནང་ཚན་འོད་ཆུང་གི་ དེ་དང་དེ་ཚངས་ཆེན་མན་གྱི་རྟེན་ལ་སྒྲུབ། གཉིས་པའི་ནང་ཚན་ཚད་མེད་འོད་ཀྱི་དེ་དང་དེ་འོད་ཆུང་དང་། དེ་མན་གྱི་རྟེན་ལ་སྒྲུབ་པ་སོགས་གནས་རིས་བཅུ་བདུན་པོ་ཐམས་ཅད་ལ་རིགས་བསྒྲེས་པས་འོག་མིན་གྱི་ཉེར་བསྡོགས་དང་། དངོས་གཞིའི་སྙོམས་འཇུག་གྱ་ནོམ་ སྣང་མན། འདོད་པ་ཡན་གྱི་གནས་བཅུ་བདུན་པོ་ཅི་རིགས་པའི་རྟེན་ལ་སྒྲུབ་ཅིང་། གཟུགས་མེད་བཞི་ཡང་དེ་དང་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །ཐོབ་ཟིན་གནས་པའི་ལུས་རྟེན་ནི་འདོད་པ་ནས་སྲིད་རྩེའི་བར་གྱི་གནས་ཉེར་གཉིས་པོ་ཐམས་ཅད་ཀྱི་རྟེན་ལ་ མངོན་དུ་འགྱུར་བ་ཡོད་དེ། དེ་རྣམས་ཀྱི་རྟེན་ལ་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གང་རུང་ཅི་རིགས་པའི་སྲིད་པའི་རྟེན་འབྲེལ་མངོན་དུ་འགྱུར་བ་ཡོད་པའི་ཕྱིར་རོ། །གསུམ་པ་གང་ཟག་གང་གི་རྒྱུད་ལ་མཐར་གནས་ཀྱི་སྙོམས་འཇུག་གང་ལྡན་དཔྱད་པ་ནི། མཐར་ 4-1-156b གནས་ཀྱི་སྙོམས་འཇུག་དང་པོ་བརྒྱད་གང་རུང་རྒྱུད་ལྡན་གྱི་ལམ་མ་ཞུགས་ཀྱི་གང་ཟག་ཡོད་དེ། དེའི་རྒྱུད་ལ་བསམ་གཏན་གཟུགས་མེད་བརྒྱད་པོ་གང་རུང་གི་ཉེར་བསྡོགས་མངོན་དུ་འགྱུར་བ་ཡོད་པའི་ཕྱིར་དང་། དེ་ཡོད་ན་དེ་བརྒྱད་པོ་གང་རུང་གི་དངོས་གཞི་མངོན་དུ་ འགྱུར་བ་ཡོད་པའི་ཕྱིར་ཏེ། དེ་གང་རུང་གི་འདུ་བྱེད་ཀྱི་རྟེན་འབྲེལ་མངོན་དུ་འགྱུར་བ་ཡོད་པའི་ཕྱིར་དང་། དེ་གང་རུང་གི་སྲིད་པའི་རྟེན་འབྲེལ་མངོན་དུ་འགྱུར་བ་ཡོད་པའི་ཕྱིར་རོ། །ལམ་ཞུགས་ཀྱི་དབང་དུ་བྱས་ན་ཐེག་གསུམ་གྱི་ལམ་ཞུགས་གསུམ་ལས། ཉན་ཐོས་ལ་ གཅིག་ཅར་བ། ཆགས་བྲལ་སྔོན་སོང་། རིམ་གྱིས་པ་སྟེ་གསུམ་གྱི་དང་པོ་ལ། ཅིག་ཅར་བའི་ཉན་ཐོས་སློབ་པའི་རྒྱུད་ལ་མཐར་གནས་ཀྱི་སྙོམས་འཇུག་རྣམས་ཀྱི་ནང་ནས་ཚངས་རིས་ཀྱི་ཉེར་བསྡོགས་ཁོ་ན་ལྡན་གྱི། ཚངས་རིས་ཡན་གྱི་དངོས་གཞི་ལྡན་པ་ནི་མ་ཡིན་ཏེ། གཅིག་ཅར་བའི་སློབ་པའི་འཕགས་ལམ་མཉམ་བཞག་ཡིན་ན་སྙོམས་འཇུག་ཡིན་དགོས་ཤིང་། དེ་ཡིན་ན་ཚངས་རིས་ཀྱི་དངོས་གཞི་མ་ཐོབ་པས་ཁྱབ་པའི་ཕྱིར། དེ་ཡང་ཚངས་རིས་ཀྱི་དངོས་གཞི་ཐོབ་པ་ལ་འདོད་ཉོན་དགུ་པ་སྤང་དགོས་ཤིང་། དེ་ལྟ་བུའི་ཅིག་ཅར་ བའི་རིགས་ཀྱི་ཉན་ཐོས་དེས་འདོད་ཉོན་དགུ་པ་སྤང་བའི་ཚེ་སྲིད་ཉོན་དགུ་པ་ཡང་སྤང་དགོས་ལ། སྲིད་ཉོན་དགུ་པ་སྤངས་བའི་ཉན་ཐོས་ཡིན་ན་མི་སློབ་པ་ཡིན་དགོས་པས་ཤེས་སོ། །ཅིག་ཅར་བའི་དགྲ་བཅོམ་ཐོབ་མ་ཐག་པ་ནི་ཤེས་རབ་རྐྱང་གྲོལ་ཡིན་པས་ཚངས་རིས་ཀྱི་ དངོས་གཞི་ཐོབ་པའི་གེགས་གྱུར་གྱི་སྙོམས་འཇུག་གི་སྒྲིབ་པ་མ་སྤངས་པས་དེའི་དངོས་གཞི་མི་ཐོབ་ལ། དེ་མ་ཐོབ་པའི་སྙོམས་འཇུག་ཡིན་ན་ཚངས་རིས་ཀྱི་ཉེར་བསྡོགས་ཡིན་པས་ཁྱབ་པའི་ཕྱིར། དངོས་གཞི་མི་ལྡན་པའི་ཚུལ་སློབ་པ་དང་འདྲའོ། །ཅིག་ཅར་བའི་ 4-1-157a དགྲ་བཅོམ་པ་ཐོབ་ནས་བསམ་གཏན་གྱི་དངོས་གཞི་བསྒྲུབས་ཏེ། དགྲ་བཅོམ་པ་རྒྱན་ཅན་དུ་གྱུར་པའང་ཡོད་ལ། དེ་ཡན་ནི་དངོས་གཞི་ཐོབ་མ་ཐོབ་ཅི་རིགས་པར་ཡོད་དོ། །ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་། ཕྱིར་མི་འོང་གཉིས་ལས། དང་པོ་ལ། ཆགས་བྲལ་སྔོན་སོང་གི་རིགས་ཅན་གྱི་ཉན་ཐོས་ཀྱི་སྦྱོར་ལམ་ཐ་མ་མན་ཆད་དུ་ཚངས་རིས་ཀྱི་ཉེར་བསྡོགས་དང་པོ་བཞི་ངེས་པར་ཐོབ་དགོས་ཏེ། དེ་མན་དུ་འདོད་ཉོན་དྲུག་པ་སྤངས་པའི་ཉེར་བསྡོགས་ཐོབ་དགོས་པའི་ཕྱིར། དེ་ཡང་ལམ་མ་ཞུགས་དང་ཚོགས་ སྦྱོར་ཅི་རིགས་སུ་གྱུར་པས་ཐོབ་པ་ཡོད་དོ། །ཚངས་རིས་ཀྱི་ཉེར་བསྡོགས་དཔྱོད་པ་ཡིད་བྱེད་དང་། སྦྱོར་མཐའ་ཡིད་བྱེད་ཐོབ་མ་ཐོབ་ཅི་རིགས་པ་ཡོད་དེ། དེའི་གནས་སྐབས་སུ་འདོད་ཉོན་བདུན་པ་དང་བརྒྱད་པ་སྤངས་མ་སྤངས་ཅི་རིགས་ཡོད་པས་སོ། །ཆགས་བྲལ་ སྔོན་སོང་གི་རིགས་ཅན་གྱིས་སྡུག་བསྔལ་ཆོས་བཟོད་ནས་ཕྱིར་འོང་གི་འབྲས་བུ་ལ་གནས་གནས་ཀྱི་བར་དུ་དེའི་ཉེར་བསྡོགས་དགའ་བ་སྡུད་པ་ཡིད་བྱེད་དང་། དཔྱོད་པ་ཡིད་བྱེད་དང་། སྦྱོར་མཐའ་ཡིད་བྱེད་རྣམས་རྒྱུད་ལ་ལྡན་མི་ལྡན་ཅི་རིགས་པ་ཡོད་དོ། ། གཉིས་པ་ ཆགས་བྲལ་སྔོན་སོང་གི་རིགས་ཅན་གྱི་ཕྱིར་མི་འོང་ལ་ཉན་ཐོས་ཀྱི་སྦྱོར་ལམ་ཐ་མ་མན་ཆད་དུ་ཚངས་རིས་ཀྱི་དངོས་གཞི་ཐོབ་དགོས་ཏེ། དེ་མན་དུ་འདོད་ཉོན་དགུ་པ་སྤངས་དགོས་པས་སོ། །དེ་ཡང་ལམ་མ་ཞུགས་དང་ཚོགས་སྦྱོར་གྱི་གནས་སྐབས་ཅི་རིགས་སུ་ཐོབ་ བོ། །ཚངས་མདུན་ནས་སྲིད་རྩེའི་བར་གྱི་ཉེར་བསྡོགས་དང་དངོས་གཞི་རྣམས་ཐོབ་མ་ཐོབ་ཅི་རིགས་སུ་ཡོད་དེ། ཚངས་མདུན་གྱི་ཉོན་མོངས་སྤང་བའི་སྦྱོར་བ་ལ་ཞུགས་པ་ནས་ཅི་ཡང་མེད་ཀྱི་ཉོན་མོངས་དགུ་པ་སྤངས་པའི་བར་ཅི་རིགས་པ་ཡོད་པའི་ཕྱིར་དང་། 4-1-157b དེའི་ཕྱིར་མི་འོང་གི་རིགས་ཅན་གྱིས་སྡུག་བསྔལ་ཆོས་བཟོད་ནས་སྒོམ་ལམ་རྡོར་ཏིང་ལ་གནས་གནས་ཀྱི་བར་དུ་ཚངས་མདུན་གྱི་དངོས་གཞི་ནས་སྲིད་རྩེའི་དངོས་གཞིའི་བར་ཉེར་བསྡོགས་དང་དངོས་གཞི་ཐོབ་མ་ཐོབ་ཅི་རིགས་པ་ཡོད་དེ། དེའི་བར་དུ། རང་རང་གི་ཉེར་ བསྡོགས་ལ་བརྟེན་ནས་རང་རང་གི་དངོས་གཞི་སྒྲུབ་པའི་སྦྱོར་བ་བྱས་པའི་ཚེ་ཐོབ་པ་གང་ཞིག །དེ་མ་བྱས་པར་ཚངས་རིས་ཀྱི་དངོས་གཞི་ཟག་མེད་ཙམ་ལ་བརྟེན་ནས་ཉོན་མོངས་ལྷག་མ་གཞན་སྤངས་ཏེ་དགྲ་བཅོམ་པ་ཐོབ་པ་ཡོད་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། ཚངས་རིས་ཀྱི་ཉེར་བསྡོགས་ཟག་མེད་ལ་བརྟེན་ནས་དགྲ་བཅོམ་ཐོབ་པ་ཡོད་པས་སོ། ། གསུམ་པ་རིམ་གྱིས་པའི་ཉན་ཐོས་ལ་འབྲས་བུ་བཞིའི་རིགས་ཅན་བཞི་ལས། རིམ་གྱིས་པའི་རྒྱུན་ཞུགས་ཀྱིས་སྦྱོར་ལམ་ཐ་མ་མན་དུ་ཚངས་རིས་ཀྱི་ཉེར་བསྡོགས་མཚན་ཉིད་རབ་ ཏུ་རིག་པ་ཡིད་ལ་བྱེད་པ་ཐོབ་དགོས་ཏེ། དེར་སྙོམས་འཇུག་ཐོབ་དགོས་པས་སོ། །མོས་པ་ཡིད་བྱེད་དང་། རབ་ཏུ་དབེན་པ་ཡིད་བྱེད་དང་། དགའ་བ་སྡུད་པ་ཡིད་བྱེད་རྣམས་ཐོབ་མ་ཐོབ་ཅི་རིགས་པ་ཡོད་དེ། འདོད་ཉོན་དང་པོ་གསུམ་ཙམ་སྤངས་པའི་སྐབས་སུ་ མོས་པ་ཡིད་བྱེད་དང་། རབ་ཏུ་དབེན་པ་ཡིད་བྱེད་ཡོད་ཅིང་། བཞི་པ་དང་ལྔ་པ་ཙམ་སྤངས་པ་དེའི་ཚེ་ན་དགའ་སྡུད་ཐོབ་པ་ཡོད་པས་སོ། །དེའི་གནས་སྐབས་སུ་དཔྱོད་པ་ཡིད་བྱེད་དང་། སྦྱོར་མཐའ་ཡིད་བྱེད་མ་ཐོབ་པ་ཞིག་དགོས་ཏེ། དེར་འདོད་ཉོན་དྲུག་པ་མ་སྤངས་ པ་ཞིག་དགོས་པའི་ཕྱིར། དེ་དགོས་པའང་དེར་དྲུག་པ་སྤངས་ན་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དུ་འགྱུར་བས་སོ། །རིམ་གྱིས་པའི་རྒྱུན་ཞུགས་ཀྱི་རིགས་ཅན་གྱིས་སྡུག་བསྔལ་ཆོས་བཟོད་ནས་ཕྱིར་འོང་གི་འབྲས་བུ་མ་ཐོབ་ཀྱི་བར་ཡང་དེ་དང་འདྲའོ། །རིམ་གྱིས་པའི་ 4-1-158a ཕྱིར་འོང་འབྲས་གནས་ཀྱི་སྐབས་སུ་ཉེར་བསྡོགས་ཐ་མ་གཉིས་པོ་ཐོབ་མ་ཐོབ་ཅི་རིགས་པ་ཡོད་དེ། འདོད་ཉོན་བདུན་པ་དང་བརྒྱད་པ་སྤངས་པའི་ཚེ་ཐོབ་ལ། དེ་མ་སྤངས་ཤིང་བདུན་པ་སྤང་བའི་སྦྱོར་བ་ལ་མ་ཞུགས་པའི་གནས་སྐབས་སུ་མ་ཐོབ་ པས་སོ། །དེས་ན་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ལ་ཉེར་བསྡོགས་དང་པོ་བཞི་ཐོབ་ཅིང་། དངོས་གཞི་སྦྱོར་མཐའི་འབྲས་བུ་ཡིད་བྱེད་ནི་མ་ཐོབ་པ་ཞིག་ངེས་པར་དགོས་ཏེ་དེ་ཕྱིར་འོང་ཡིན་པས་སོ། །རིམ་གྱིས་པའི་ཕྱིར་མི་འོང་ལ་མཐར་གནས་ཀྱི་སྙོམས་ འཇུག་དང་ལྡན་པ་ནི་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ལ་ཇི་ལྟར་བཤད་པ་བཞིན་ནོ། ། གཉིས་པ་རང་རྒྱལ་ལ། སྐྱེ་བའི་སྒོ་ནས་དང་། ལམ་གྱི་སྒོ་ནས་ཏེ་གཉིས་ལས། དང་པོ་ལ་རང་རྒྱལ་གྱིས་སྐྱེ་བ་གཅིག་ཐོགས་མན་དུ་ཚངས་རིས་ཀྱི་ཉེར་བསྡོགས་ཐོབ་པ་ཡོད་ ཀྱང་། དེའི་དངོས་གཞི་ཐོབ་པ་ནི་ཡོད་པ་མ་ཡིན་ཏེ། གནས་སྐབས་རང་རྒྱལ་དུ་རིགས་ངེས་པའི་སྐྱེ་བ་གཅིག་ཐོགས་གྱི་རང་རྒྱལ་ཡིན་ན། སྐྱེ་བ་ཕྱི་མར་ལས་ཉོན་གྱི་དབང་གིས་མི་ལུས་ངེས་པར་ལེན་པས་ཁྱབ་པའི་ཕྱིར་དང་། རང་རྒྱལ་དགྲ་བཅོམ་ཡིན་ན་མིའི་ རྟེན་ཅན་ཡིན་དགོས་པའི་ཕྱིར་ཏེ། ཁམས་དང་ས་གཞན་དུ་རང་རྒྱལ་དགྲ་བཅོམ་བརྟེན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་གྱི་ཚེ་དེ་རང་བྱུང་གིས་བསྙེན་པར་རྫོགས་པའང་ཡིན་ནོ། །རང་རྒྱལ་སྲིད་པ་ཐ་མ་པ་ཡན་དུ་དངོས་གཞི་ཐོབ་མ་ཐོབ་ཅི་རིགས་པ་ཡོད་དེ། ཉན་ཐོས་ ཀྱི་ལམ་བཞིའི་རྟོགས་པ་སྔོན་དུ་སོང་མ་སོང་ཅི་རིགས་པ་ཅན་གྱི་སྲིད་པ་ཐ་མ་པའི་རང་རྒྱལ་ཀྱང་ཡོད་པའི་ཕྱིར་རོ། ། གཉིས་པ་ལམ་གྱི་སྒོ་ནས་བརྩི་བ་ལ། བསེ་རུ་ལྟ་བུའི་རང་རྒྱལ་གྱིས་སྦྱོར་ལམ་ནས་བསམ་གཏན་གྱི་དངོས་གཞི་ངེས་པར་ཐོབ་པ་ཡིན་ཏེ། བསེ་རུ་ལྟ་ 4-1-158b བུ་དེ། དྲོད་ནས་ཟད་མི་སྐྱེ་ཤེས་པའི་བར་ཐམས་ཅད་བཞི་པའི་རབ་མཐའ་ལ་བརྟེན་ནས་སྟན་ཐོག་གཅིག་ཏུ་བགྲོད་པར་བཤད་པས་སོ། །ཚོགས་སྤྱོད་ཀྱི་རང་རྒྱལ་གྱིས་ཚོགས་ལམ་ནས་བཟུང་སྟེ་རང་གི་མི་སློབ་ལམ་གྱི་བར་ལ་དངོས་གཞི་ཐོབ་མ་ཐོབ་ཅི་རིགས་པ་ཡོད་དེ། ཤེས་རབ་ རྐྱང་གྲོལ་གྱི་རང་རྒྱལ་དགྲ་བཅོམ་ཀྱང་ཡོད་པའི་ཕྱིར་རོ། ། གསུམ་པ་ཐེག་ཆེན་ལ་ཉེར་བསྡོགས་དང་དངོས་གཞི་གང་ཡང་མ་ཐོབ་པའི་བྱང་སེམས་ཚོགས་ལམ་པ་ཡོད་དེ། སྙོམས་འཇུག་གི་སེམས་ལ་མ་བརྟེན་པར་སེམས་བསྐྱེད་ཀྱི་ཆོ་ག་ཙམ་ལ་བརྟེན་ནས་བྱང་སྡོམ་ ཐོབ་པའི་བྱང་སེམས་ཚོགས་ལམ་པ་ཡོད་པའི་ཕྱིར་རོ། །ཐེག་ཆེན་གྱི་ཚོགས་ལམ་འབྲིང་གི་སྐབས་སུའང་ཐོབ་མ་ཐོབ་ཅི་རིགས་ཡོད་ལ། ཐེག་ཆེན་ཚོགས་ཆེན་གྱི་སྐབས་སུ། བསམ་གཏན་དང་པོའི་དངོས་གཞི་ངེས་པར་ཐོབ་དགོས་ཏེ། དེར་རྫུ་འཕྲུལ་སོགས་ཐོབ་པའི་ ཕྱིར། ཁྱབ་སྟེ། རྫུ་འཕྲུལ་སོགས་རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་མ་བརྟེན་པར་ཡོད་པ་མ་ཡིན་པ་དེས་ནའོ། །རྩ་རྟགས་གྲུབ་སྟེ། དེར་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་ཕྱིར་རོ། །ཐེག་ཆེན་གྱི་སྦྱོར་ལམ་ཐ་མའི་སྐབས་སུ། སྲིད་རྩེའི་དངོས་གཞིས་ཐོབ་ དགོས་ཏེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་རྗེས་ཤེས་ཀྱི་སྐབས་སུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ཐོབ་དགོས་པ་གང་ཞིག །ཐེག་ཆེན་གྱི་སྡུག་བསྔལ་ཆོས་བཟོད། ཆོས་ཤེས། རྗེས་བཟོད་གསུམ་གྱི་སྐབས་སུ་མཐར་གནས་ཀྱི་སྙོམས་འཇུག་གསར་དུ་ སྒྲུབ་པའི་སྦྱོར་བ་བྱེད་མི་སྲིད་པའི་ཕྱིར། དང་པོ་གྲུབ་སྟེ། ཇི་སྐད་དུ། བསམ་གཏན་ལ་སོགས་པའི་ཡན་ལག་ཡོངས་སུ་ཟད་པ་དང་། ཞེས་པའི་གཞུང་འདིས་ཐེག་ཆེན་གྱི་སྡུག་བསྔལ་རྗེས་ཤེས་ལ་གནས་པའི་བྱང་སེམས་མཐར་གནས་ཀྱི་སྙོམས་འཇུག་དགུ་ཐོབ་ཀྱང་ 4-1-159a དེའི་རོ་མྱོང་བའི་རྣམ་སྨིན་ཁམས་གོང་དུ་མི་སྐྱེ་བས་རྟོགས་པ་ཁྱད་པར་ཅན་ཐོབ་པར་བཤད་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། ཐེག་ཆེན་སྡུག་བསྔལ་ཆོས་བཟོད་ལ་གནས་པའི་བྱང་སེམས་ཀྱིས་མཐར་གནས་ཀྱི་དངོས་གཞི་ཐོབ་པའི་གེགས་གྱུར་ གྱི་སྙོམས་འཇུག་གི་སྒྲིབ་པ་རྣམས་དང་། ཉོན་སྒྲིབ་ཟད་པར་སྤངས་པ་གང་ཞིག །དེ་གསུམ་གྱི་སྐབས་སུ་བསམ་གཏན་གཉིས་པ་ཡན་གྱི་ཉེར་བསྡོགས་མི་སྲིད་ཅིང་། ཐེག་ཆེན་གྱི་སྡུག་བསྔལ་ཆོས་བཟོད་ཡིན་ན་བསམ་གཏན་དང་པོའི་དངོས་གཞི་ཐོབ་པས་ཁྱབ་ པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་ཆེན་གྱི་སྡུག་བསྔལ་ཆོས་བཟོད་དེ་ལ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་ཉན་ཐོས་དགྲ་བཅོམ་པའི་སྤངས་རྟོགས་ཀྱི་རིགས་ཚང་བར་རྫོགས་པའི་ཕྱིར། གཉིས་པ་གྲུབ་སྟེ། བསམ་གཏན་གཉིས་པ་ཡན་གྱི་ཉེར་བསྡོགས་དེ་ཡིན་ནོ། ། སྐབས་དེའི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་གང་རུང་མིན་དགོས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཐེག་ཆེན་གྱི་སྡུག་བསྔལ་ལ་ཆོས་བཟོད་པའི་བཟོད་པ་ཡིན་ན། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་ནུས་པ་སོགས་ཀྱི་རྫུ་འཕྲུལ་དང་ལྡན་ན་དེའི་རྟེན་བསམ་ གཏན་གྱི་སེམས་ཐོབ་པས་ཁྱབ་པའི་ཕྱིར་རོ། །བྱེ་བྲག་བྱང་འཕགས་ལ་ལྡན་ཚུལ་ནི། ཐེག་ཆེན་གྱི་མཐོང་ལམ་དང་། རྒྱུན་མཐའི་ཡེ་ཤེས་རྒྱུད་ལྡན་ཡིན་ན། དེའི་རྒྱུད་ལ་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་དང་ལྡན་དགོས་ཏེ། ཐེག་ཆེན་ཆོས་ མཆོག་ཐ་མའི་སྐབས་སུ་བསམ་གཏན་བཞི་པའི་སེམས་ཐོབ་པའི་ཕྱིར་དང་། དང་པོར་སངས་རྒྱས་ཀྱི་ཆོས་སྐུ་ཐོབ་པ་དེའང་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་ཐོབ་དགོས་པའི་ཕྱིར་དང་། བསམ་གཏན་བཞི་པའི་དངོས་གཞི་དེ་ལམ་སླ་བ་རྣམས་ཀྱི་ 4-1-159b ནང་ནས་མཆོག་ཡིན་པའི་ཕྱིར་རོ། །སངས་རྒྱས་འཕགས་པའི་རྒྱུད་ལ་མཐར་གནས་ཀྱི་སྙོམས་འཇུག་དགུ་པོ་གང་ཡང་རུང་བ་ལས་གཅིག་ལྡན་པ་དང་། ཅིག་ཤོས་མི་ལྡན་པའི་དབྱེ་བ་མེད་པར་སྙོམས་འཇུག་དེ་དག་ཐམས་ཅད་ལ་སྒྲིབ་བྱེད་དང་བྲལ་ནས་མཉམ་ པར་བཞག་པ་འབའ་ཞིག་ལ་གནས་པ་ཡིན་ནོ། ། གསུམ་པ་འཐོབ་བྱེད་རྒྱུའི་རབ་དབྱེ་ལ། རྒྱུའི་སྟོབས་ཀྱིས་ཐོབ་པ་དང་། རིགས་ཀྱིས་དང་། ཐོས་པས་དང་། མན་ངག་གིས་དང་། ཆོས་ཉིད་ཀྱི་སྟོབས་ཀྱིས་ཐོབ་པ་དང་ལྔའོ། །དང་པོ་ནི། རྒྱུ་སྙོམས་འཇུག་གི་ དགེ་རྩ་རྒྱ་ཆེན་བསགས་པ་ལ་བརྟེན་ནས་ཐོབ་པའོ། །གཉིས་པ་ནི། རྒྱུ་སྙོམས་འཇུག་གི་རིགས་སད་པ་ལ་བརྟེན་ནས་ཐོབ་པའོ། །གསུམ་པ་ནི། སྙོམས་འཇུག་སྟོན་པར་བྱེད་པའི་གསུང་རབ་ལ་ཐོས་བསམ་བྱས་སྟོབས་ཀྱིས་ཐོབ་པའོ། །བཞི་པ་ནི། སློབ་དཔོན་ གྱི་མན་ངག་གོམས་པ་ལ་བརྟེན་ནས་ཐོབ་པའོ། །ལྔ་པ་ནི། བསྐལ་པ་འཇིག་པའི་ཚེ་འདོད་པའི་ལྷ་མིའི་རྟེན་ལ་སྙོམས་འཇུག་རང་དབང་མེད་པར་སྐྱེས་ནས་ཁམས་གོང་དུ་འཕོ་བའོ། །གཉིས་པ་འཐོབ་བྱའི་ངོ་བོ་ལ། ཉེར་བསྡོགས་དང་། དངོས་གཞི་གཉིས་ལས། དང་ པོའི་མཚན་ཉིད་ནི། རང་གི་འཐོབ་བྱ་དངོས་གཞིའི་སྙོམས་འཇུག་སྒྲུབ་པའི་སྦྱོར་བས་བསྡུས་པའི་རིགས་གནས་གང་ཞིག་དངོས་གཞི་ལས་གཞན་པའི་སྙོམས་འཇུག་གོ། དེ་ལ་དབྱེ་ན། བསམ་གཟུགས་ཀྱི་ཉེར་བསྡོགས་གཉིས་ལས། དང་པོ་ནི། ཉེར་བསྡོགས་ གཞིར་བཞག་ལ་རང་གི་འཐོབ་བྱ་བསམ་གཏན་གྱི་དངོས་གཞི་སྒྲུབ་པའི་སྦྱོར་བས་བསྡུས་པའི་གཟུགས་ཀྱི་སྙོམས་འཇུག་གོ། དེ་ལ་དབྱེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་ནས་བཞི་པའི་ཉེར་བསྡོགས་ཀྱི་བར་བཞི་ལས། དང་པོ་ནི། བསམ་གཏན་གྱི་ཉེར་ 4-1-160a བསྡོགས་གཞིར་བྱས་ལ་རང་གི་འཐོབ་བྱ་བསམ་གཏན་དང་པོའི་དངོས་གཞི་སྒྲུབ་པའི་སྦྱོར་བས་བསྡུས་པའི་བསམ་གཏན་དང་པོའི་སྙོམས་འཇུག་གོ། དེ་ལ་དབྱེ་ན། ཡིད་བྱེད་དང་། གནས་དང་། ངོ་བོའི་སྒོ་ནས་དབྱེ་བ་གསུམ་ལས། དང་པོ་ ནི། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་རབ་རིག་ཡིད་བྱེད་དང་། མོས་བྱུང་ཡིད་བྱེད་དང་། དབེན་པ་ཡིད་བྱེད་དང་། དགའ་སྡུད་ཡིད་བྱེད་དང་། དཔྱོད་པ་ཡིད་བྱེད་དང་། སྦྱོར་མཐའ་ཡིད་བྱེད་དང་དྲུག་ལས། དང་པོ་ནི། བསམ་གཏན་དང་པོའི་ ཉེར་བསྡོགས་དྲུག་གི་ནང་ཚན་ལས། འདོད་པ་ལ་རགས་པ་དང་། བསམ་གཏན་དང་པོ་ལ་ཞི་བར་ཤེས་པའི་ཤེས་པ་ཐོས་བསམ་གྱི་སྟོབས་ལ་བརྟེན་ནས་དེར་ངེས་པ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་རབ་རིག་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་གནས་ ཀྱི་སྒོ་ནས་དབྱེ་ན། ཚངས་རིས། ཚངས་འདུན་མདུན་ཚངས་ཆེན་གསུམ་གྱི་ཉེར་བསྡོགས་མཚན་ཉིད་རབ་རིག་ཡིད་བྱེད་ཀྱང་གསུམ་དུ་ཡོད་དོ། །ངོ་བོའི་སྒོ་ནས་དབྱེ་ན། དང་པོའི་ཉེར་བསྡོགས་རབ་རིག་ཡིད་བྱེད་ལ། ཟག་མེད་དང་དག་པ་བ་གཉིས་སོ། །ལམ་གྱི་སྒོ་ ནས་དབྱེ་ན། ཐེག་དམན་གྱི་ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དུ་གྱུར་པའི་ཉེར་བསྡོགས་རབ་ཏུ་རིག་པའི་ཡིད་བྱེད་དེ་དང་། ཐེག་ཆེན་གྱི་ཚོགས་ལམ་དུ་གྱུར་པའི་ཉེར་བསྡོགས་དེ་ལྟ་བུ་དང་བཞིའོ། །བྱེད་ལས་ཀྱི་སྒོ་ནས་དབྱེ་ན། བསམ་གཏན་ དང་པོའི་འདུ་བྱེད་ཀྱི་རྟེན་འབྲེལ་དུ་གྱུར་པ་དེའི་ཉེར་བསྡོགས་དང་། ཐར་ལམ་དུ་གྱུར་པའི་དེའི་ཉེར་བསྡོགས་མཚན་ཉིད་རབ་རིག་གཉིས་གཉིས་ཡོད་དོ། ། གཉིས་པ་བསམ་གཏན་དང་པོའི་ཉེར་བསྡོགས་མོས་པ་ཡིད་བྱེད་ནི། དང་པོའི་ཉེར་བསྡོགས་ཡིད་བྱེད་དྲུག་ 4-1-160b གི་ནང་ཚན་ལས། རང་འཐོབ་བྱེད་བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་རབ་རིག་རྫོགས་རྗེས་སུ་བྱུང་ཞིང་། རང་གི་འཐོབ་བྱ་བསམ་གཏན་དང་པོའི་ཉེར་བསྡོགས་དབེན་པ་ཡིད་བྱེད་ཐོབ་པའི་གེགས་གྱུར་གྱི་སྒྲིབ་པ་སྤངས་པའི་རིགས་གནས་དེ། དང་པོའི་ཉེར་ བསྡོགས་མོས་པ་ཡིད་བྱེད་རྒྱུད་ལྡན་གྱི་རྒྱུད་ཀྱི་སྙོམས་འཇུག་གོ། དེ་ལ་དབྱེ་ན། གནས་དང་། ངོ་བོ་དང་། བྱེད་ལས་དང་། ལམ་གྱི་སྒོ་ནས་དབྱེ་བ་བཞི་སྔ་མ་དང་འདྲའོ། ། གསུམ་པ་བསམ་གཏན་དང་པོའི་ཉེར་བསྡོགས་རབ་དབེན་ཡིད་བྱེད་ནི། དང་པོའི་ ཉེར་བསྡོགས་དྲུག་པོ་གང་རུང་ལས། རང་གི་འཐོབ་བྱ་དང་པོའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་སྒྲིབ་པ་ཆེན་པོ་སྤོང་བཞིན་པའི་རིགས་གནས་གང་ཞིག །དང་པོའི་ཉེར་བསྡོགས་རབ་དབེན་ཡིད་བྱེད་རྒྱུད་ལྡན་གྱི་རྒྱུད་ཀྱི་སྙོམས་འཇུག་གོ། དབྱེ་སྒོ་སྔ་མ་དང་ འདྲའོ། ། བཞི་པ་དང་པོའི་ཉེར་བསྡོགས་དགའ་སྡུད་ནི། དང་པོའི་ཉེར་བསྡོགས་དྲུག་པོ་གང་རུང་ལས་འདོད་ཉོན་ཆེན་པོ་སྤངས་པའི་དགའ་བདེ་ཅུང་ཟད་དང་ལྡན་ཅིང་། རང་གི་འཐོབ་བྱ་དང་པོའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་སྒྲིབ་པ་འབྲིང་སྤོང་བཞིན་པའི་རིགས་གནས་ གང་ཞིག །དང་པོའི་ཉེར་བསྡོགས་དགའ་སྡུད་ཡིད་བྱེད་རྒྱུད་ལྡན་གྱི་རྒྱུད་ཀྱི་སྙོམས་འཇུག་གོ། དབྱེ་བ་སྔར་བཞིན། ལྔ་པ་དང་པོའི་ཉེར་བསྡོགས་དཔྱོད་པ་ཡིད་བྱེད་ནི། དང་པོའི་ཡིད་བྱེད་དྲུག་གང་རུང་ལས། སྐྱོན་ལྷག་མ་མ་ལུས་པ་ལ་དཔྱོད་བྱེད་ཀྱི་རིགས་ གནས་གང་ཞིག །ཤེས་བཞིན་མཚུངས་ལྡན་དང་བཅས་པའི་དང་པོའི་ཉེར་བསྡོགས་དཔྱོད་པ་ཡིད་བྱེད་རྒྱུད་ལྡན་གྱི་རྒྱུད་ཀྱི་སྙོམས་འཇུག་གོ། དབྱེ་བ་སྔར་བཞིན། དྲུག་པ་དང་པོའི་ཉེར་བསྡོགས་སྦྱོར་མཐའ་ཡིད་བྱེད་ནི། དང་པོའི་ཉེར་བསྡོགས་ཡིད་བྱེད་དྲུག་ 4-1-161a གང་རུང་ལས་རང་གི་འཐོབ་བྱ་དང་པོའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་སྒྲིབ་པ་ཆུང་ངུ་སྤོང་བཞིན་པའི་རིགས་གནས་གང་ཞིག །དང་པོའི་ཉེར་བསྡོགས་སྦྱོར་མཐའ་ཡིད་བྱེད་རྒྱུད་ལྡན་གྱི་རྒྱུད་ཀྱི་སྙོམས་འཇུག་གོ། དབྱེ་བ་སྔར་བཞིན། གཉིས་ པ་བསམ་གཏན་དང་པོའི་ཉེར་བསྡོགས་ལ་ངོ་བོའི་སྒོ་ནས་དབྱེ་ན། ཆུང་འབྲིང་ཆེན་པོ་གསུམ་དུ་ཡོད་དེ། རང་གི་འཐོབ་བྱ་བསམ་གཏན་དང་པོའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་སྒྲིབ་པ་ཆེན་པོ་སྐོར་གསུམ། འབྲིང་སྐོར་གསུམ། ཆུང་ངུ་སྐོར་གསུམ་ཡོད་པ་ སྤངས་པའི་ཉེར་བསྡོགས་ཆུང་འབྲིང་ཆེ་གསུམ་ཡོད་པ་ལ་དེ་དང་དེར་འཇོག་པ་ཡིན་ནོ། །གསུམ་པ་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བྱེད་ལས་ཀྱི་སྒོ་ནས་དབྱེ་ན། དངོས་གཞི་དངོས་ཀྱི་སྦྱོར་བར་གྱུར་པའི་དེ་དང་། བརྒྱུད་པའི་སྦྱོར་བར་གྱུར་པའི་དེ་གཉིས་ལ་ ཉེར་བསྡོགས་ཡིད་བྱེད་སྔ་མ་ལྔ་ནི་བརྒྱུད་པའི་སྦྱོར་བ་ཡིན་ལ། དྲུག་པ་ནི་དངོས་ཀྱི་སྦྱོར་བའོ། ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་དོགས་དཔྱོད་ལ། དངོས་གཞི་སྒྲུབ་ཚུལ་ལ་དཔྱད། མི་ལྕོགས་མེད་ལ་དཔྱད། ཉོན་མོངས་ཅན་ཡོད་མེད་ལ་དཔྱད། གྲོགས་ བརྩོན་འགྲུས་ལ་དཔྱད། ཚོར་བ་གང་ལྡན་ལ་དཔྱད་པ་དང་ལྔ་ལས། དང་པོ་ལ། མདོར་བསྟན། རྒྱས་བཤད་གཉིས་ཀྱི་དང་པོ་ནི། བསམ་གཏན་དང་པོའི་དངོས་གཞི་ཡིན་ན། དེའི་ཉེར་བསྡོགས་ཡིད་བྱེད་དྲུག་སྔོན་སོང་གིས་ཁྱབ་སྟེ། དེ་ཡིན་ན་བསམ་གཏན་དང་པོའི་ དངོས་གཞི་ཐོབ་པའི་གེགས་གྱུར་གྱི་ཉོན་སྒྲིབ་དགུ་པ་སྤོང་བྱེད་ཀྱི་ཉེར་བསྡོགས་ཡིད་བྱེད་དྲུག་པ་སྔོན་སོང་ཡིན་དགོས་ཤིང་། དེ་ཡིན་ན་དེ་ཐོབ་པའི་གེགས་གྱུར་གྱི་སྙོམས་འཇུག་གི་སྒྲིབ་པ་དགུ་པ་སྤང་བར་བྱས་ཟིན་པའི་ཉེར་བསྡོགས་ཡིད་བྱེད་དྲུག་པ་དེ་སྔོན་སོང་ཡིན་དགོས་ 4-1-161b པའི་ཕྱིར་རོ། །དང་པོ་གྲུབ་སྟེ། དེ་ཡིན་ན་དེ་ཐོབ་པའི་གེགས་གྱུར་གྱི་ཉོན་མོངས་དགུ་པ་སྤང་བར་བྱས་པའི་ཉེར་བསྡོགས་སྔོན་སོང་ཡིན་དགོས་པ་གང་ཞིག །དང་པོའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་ཉོན་སྒྲིབ་ཆེན་པོ་སྐོར་གསུམ་རང་གི་ངོ་སྐལ་གྱི་སྤང་བྱར་བྱས་ནས་ སྤོང་བའི་ཉེར་བསྡོགས་ལ་རབ་དབེན་དང་། འབྲིང་སྐོར་གསུམ་དེར་བྱས་ནས་སྤོང་བའི་ཉེར་བསྡོགས་ལ་དེའི་ཉེར་བསྡོགས་དགའ་སྡུད་དང་། ཆུང་ངུ་སྐོར་གསུམ་དེར་བྱས་ནས་སྤོང་བའི་ཉེར་བསྡོགས་ལ་དེའི་ཉེར་བསྡོགས་སྦྱོར་མཐའ་ཡིད་བྱེད་ཀྱིས་ཁྱབ་པའི་ཕྱིར་རོ། །རྩ་ རྟགས་མ་གྲུབ་ན། དེར་ཐལ། བསམ་གཏན་དང་པོའི་དངོས་གཞི་ཡིན་ན། དེ་ཐོབ་པའི་གེགས་གྱུར་གྱི་ཉོན་སྒྲིབ་སྤངས་པས་ཁྱབ་ཅིང་། དེ་འདྲའི་སྒྲིབ་པ་དེ་སྤོང་བའི་སྦྱོར་བ་མ་བྱས་པར་ནི་དེའི་དངོས་གཞི་ཐོབ་པ་མེད་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། དེ་ཡིན་ན་དེ་ཐོབ་པའི་གེགས་ གྱུར་གྱི་སྙོམས་འཇུག་གི་སྒྲིབ་པ་དགུ་པ་སྤོང་བར་བྱེད་པའི་ཉེར་བསྡོགས་ཡིད་བྱེད་དྲུག་སྔོན་སོང་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་དེ་ཐོབ་པའི་གེགས་གྱུར་གྱི་སྙོམས་འཇུག་གི་སྒྲིབ་པ་དགུ་པོ་སྤངས་པས་ཁྱབ་པའི་ཕྱིར་རོ། ། གཉིས་པ་ལ། ལམ་མ་ཞུགས་ཀྱི་སྐབས་དང་། ལམ་ཞུགས་ཀྱི་སྐབས་གཉིས་ལས། དང་པོ་ནི། ལམ་མ་ཞུགས་ཀྱི་མཐར་གནས་ཀྱི་སྙོམས་འཇུག་བརྒྱད་སྒྲུབ་པའི་ཚེ། དེ་དང་དེ་ཐོབ་པའི་གེགས་གྱུར་གྱི་འོག་སའི་ཉོན་མོངས་དགུ་དང་། སྙོམས་འཇུག་དེར་གྱུར་གྱི་སྒྲིབ་པ་དགུ་སྤངས་ནས་བསྒྲུབ་དགོས་ཏེ། ལམ་མ་ ཞུགས་ཀྱི་བསམ་གཏན་དང་པོའི་དངོས་གཞི་ཡིན་ན། དེའི་ཉེར་བསྡོགས་ལ་བརྟེན་ནས་དེའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་ཉོན་སྒྲིབ་དང་། སྙོམས་འཇུག་གི་སྒྲིབ་པ་དགུ་པ་གཉིས་སྤང་བར་བྱས་པ་ལས་ཐོབ་དགོས་པའི་ཕྱིར་རོ། ། གཉིས་པ་ལམ་ཞུགས་ལ། ཉན་ 4-1-162a ཐོས་དང་། ཐེག་ཆེན་གྱི་ལམ་གཉིས་ལས། དང་པོ་ལ། ཅིག་ཅར་བ་དང་། རིམ་གྱིས་པ་གཉིས་ཀྱི་དང་པོ་ནི། ཅིག་ཅར་བའི་ཉན་ཐོས་སློབ་པའི་རང་ལམ་ན་རང་གི་སྤང་བྱ་འདོད་ཉོན་དགུ་སྤོང་བའི་ཚངས་རིས་ཀྱི་ཉེར་བསྡོགས་ཡིད་བྱེད་དྲུག་ ཡོད་ཀྱི། དེའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་སྙོམས་འཇུག་གི་སྒྲིབ་པ་དགུ་སྤོང་བྱེད་ཀྱི་ཉེར་བསྡོགས་ཡིད་བྱེད་དྲུག་དང་། དེ་ལ་བརྟེན་ནས་དངོས་གཞི་སྒྲུབ་པ་མེད་དེ། ཅིག་ཅར་བའི་ཉན་ཐོས་སློབ་པ་ཡིན་ན་ཚངས་རིས་ཀྱི་དངོས་གཞི་མ་ཐོབ་པས་ཁྱབ་པའི་ ཕྱིར། ཅིག་ཅར་བའི་ཉན་ཐོས་དགྲ་བཅོམ་ཐོབ་མ་ཐག་པའི་སྐབས་སུ་ཤེས་རབ་རྐྱང་གྲོལ་ཡིན་པས་ཅིག་ཅར་བའི་ཉན་ཐོས་སློབ་པ་དང་འདྲ་ལ། དགྲ་བཅོམ་ཐོབ་རྗེས་སུ་བསམ་གཏན་གྱི་དངོས་གཞི་གདོད་བསྒྲུབས་ནས་ཐོབ་པ་ཡོད་དོ། ། གཉིས་པ་རིམ་གྱིས་པ་ ལ། བསམ་གཏན་དང་པོ་དང་། གཉིས་པའི་དངོས་གཞི་གཉིས་ལས། དང་པོ་ལམ་མ་ཞུགས་ལ་ཇི་ལྟ་བ་དེ་ལྟའོ། །གཉིས་པ་ལ། དང་པོར་བསམ་གཏན་དང་པོའི་དངོས་གཞི་ཟག་མེད་ལ་བརྟེན་ནས་རང་སའི་ཉོན་མོངས་དགུ་སྤངས་རྗེས་སུ། གཉིས་པའི་ཉེར་བསྡོགས་ ཡིད་བྱེད་དྲུག་ལ་བརྟེན་ནས། གཉིས་པའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་སྙོམས་འཇུག་གི་སྒྲིབ་པ་དགུ་པ་སྤངས་པ་ལ་བརྟེན་ནས། གཉིས་པའི་དངོས་གཞི་ཐོབ་པའི་རིམ་གྱིས་པའི་ཕྱིར་མི་འོང་ཞིག་དང་། དང་པོར་བསམ་གཏན་དང་པོའི་ཉོན་མོངས་དགུ་དང་། བསམ་ གཏན་གཉིས་པའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་སྙོམས་འཇུག་གི་སྒྲིབ་པ་དགུ་པོ་སྦྲགས་ཏེ་སྤང་བར་བྱས་པ་ལ་བརྟེན་ནས། གཉིས་པའི་དངོས་གཞི་ཐོབ་རྗེས་དངོས་གཞི་ཟག་མེད་བཞི་པོ་གང་རུང་ལ་བརྟེན་ནས་དེ་གཉིས་ཀྱི་ས་བོན་སྤོང་བར་བྱེད་པའི་རིམ་གྱིས་པའི་ཕྱིར་ 4-1-162b མི་འོང་ཞིག་དང་། བསམ་གཏན་དང་པོའི་ཉོན་མོངས་དགུ་ཚན་ནས་སྲིད་ཉོན་དགུ་པའི་བར་རིམ་ཅན་དུ་སྤངས་ཏེ། བསམ་གཏན་གཉིས་པའི་དངོས་གཞི་མངོན་དུ་མ་བྱས་པར་ཡང་དགྲ་བཅོམ་མངོན་དུ་བྱེད་པའི་ཕྱིར་མི་འོང་ཞིག་དང་གསུམ་ཡོད་དོ། ། གཉིས་པ་ཐེག་ ཆེན་ལམ་དུ་ནི་དམན་ལམ་སྔོན་དུ་མ་སོང་བའི་དང་། དེ་སྔོན་དུ་སོང་བའི་ལམ་དུ་བསམ་གཟུགས་སྒྲུབ་ཚུལ་ལ་གཉིས། དང་པོ་ནི། ལམ་མ་ཞུགས་དང་མཐུན། གཉིས་པ་ལ། ཅིག་ཅར་བ་དང་། རིམ་གྱིས་པའི་རྟོགས་པ་སྔོན་སོང་གི་ཁྱད་པར་ལས་ཐེག་ཆེན་གྱི་ ལམ་དུ་སྒྲུབ་ཚུལ་གཉིས་ཀྱི་དང་པོ་ནི། ཅིག་ཅར་བའི་དགྲ་བཅོམ་ཤེས་རབ་རྐྱང་གྲོལ་གྱི་རྟོགས་པ་སྔོན་སོང་གི་ཐེག་ཆེན་ལམ་པ་དེ། བསམ་གཏན་དང་པོའི་དངོས་གཞི་ཐོབ་པའི་གེགས་གྱུར་གྱི་སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་པའི་ཉེར་བསྡོགས་ཡིད་བྱེད་དྲུག་ སྒྲུབ་པ་ཡིན་གྱི། འདོད་ཉོན་དགུ་སྤོང་བྱེད་ཀྱི་དང་པོའི་ཉེར་བསྡོགས་ཡིད་བྱེད་དྲུག་སྒྲུབ་པ་མེད་དེ། དེའི་སྔ་ནས་འདོད་ཉོན་དགུ་སྤངས་ཟིན་པའི་ཕྱིར། གཉིས་པ་ནི། གཉི་གའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་པའི་རྟོགས་པ་སྔོན་སོང་གི་ཐེག་ཆེན་ལམ་པ། བསམ་ གཏན་དང་པོ་སོགས་ཀྱི་དངོས་གཞི་སྒྲུབ་པ་མེད་དེ། དེའི་སྔ་རོལ་དུ་ཐོབ་ཟིན་པའི་ཕྱིར། ཕྱིར་མི་འོང་གི་རྟོགས་པ་སྔོན་སོང་གི་ཐེག་ཆེན་ལམ་པས་ནི། བསམ་གཏན་གཉིས་པའི་དངོས་གཞི་སྒྲུབ་པ་ཡོད་ཀྱི། ཚངས་རིས་ཀྱི་དངོས་གཞི་སྒྲུབ་པ་ནི་མེད་དེ། དེའི་སྔ་རོལ་དུ་ ཐོབ་ཟིན་པས་སོ། །ཕྱིར་འོང་དང་རྒྱུན་ཞུགས་ཙམ་གྱི་རྟོགས་པ་སྔོན་སོང་གི་ཐེག་ཆེན་ལམ་པས་ནི། སྔར་མ་སྤངས་པའི་རང་ས་ལས་འབྲལ་བྱེད་དང་། གོང་ས་འཐོབ་བྱེད་ལ་སྒྲིབ་པའི་སྒྲིབ་པ་ལྷག་མ་རྣམས་སྤོང་བར་བྱེད་པའི་ཉེར་བསྡོགས་སྒྲུབ་པ་ཡོད་དོ། ། གཉིས་པ་མི་ 4-1-163a ལྕོགས་མེད་ལ་དཔྱད་པ་ལ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ནང་ཚན་ཚངས་རིས་ཀྱི་ཉེར་བསྡོགས་དང་། ཉེར་བསྡོགས་མི་ལྕོགས་མེད་གཉིས་དོན་གཅིག་སྟེ། མཛོད་རང་འགྲེལ་ལས། ཉེར་བསྡོགས་རྣམས་ཀྱི་དང་པོ་ནི་མི་ལྕོགས་པ་མེད་པ་ སྟེ། དེ་ནི་དག་པའང་ཡིན་ལ་ཟག་མེད་ཀྱང་ཡིན་ནོ་ཞེས་གསུངས་པས། ལམ་མ་ཞུགས་ལ་ནི་ཉེར་བསྡོགས་དེ་དག་པ་བར་འཇོག་ལ། ཅིག་ཅར་དགྲ་བཅོམ་པའི་རིགས་ཅན་ལ་ནི། ཉེར་བསྡོགས་དེ་ཁམས་གསུམ་ས་དགུའི་ཉོན་མོངས་རྣམས་ཅིག་ཅར་དུ་སྤོང་བའི་ སེམས་རྟེན་བྱེད་པས་ཉེར་བསྡོགས་ཟག་མེད་དུའང་འཇོག་གོ ། གསུམ་པ་ཉེར་བསྡོགས་ཉོན་མོངས་ཅན་ཡོད་མེད་དཔྱད་པ་ནི། དང་པོའི་ཉེར་བསྡོགས་ལ། ཉོན་མོངས་ཅན་མེད་དེ། དང་པོའི་གནས་གསུམ་པོ་གང་གི་ཡང་ཉོན་མོངས་པ་དེར་མེད་པའི་ཕྱིར། དེའི་རྒྱུ་ མཚན་དེ་དང་དེའི་དངོས་གཞི་མ་ཐོབ་པར་དེ་དང་དེའི་ཉོན་མོངས་མངོན་དུ་འགྱུར་བ་མེད་པས་སོ། ། བཞི་པ་གྲོགས་བརྩོན་འགྲུས་ལ་དཔྱད་པ་ལ། དང་པོའི་ཉེར་བསྡོགས་ཀྱི་གྲོགས་ནི། གུས་སྦྱོར་རྐྱང་ལྡན། རྟག་སྦྱོར་རྐྱང་ལྡན། མི་ཟློག་རྐྱང་ལྡན། གུས་རྟག་ གཉིས་ལྡན། གུས་སྦྱོར་མི་ཟློག་པ་གཉིས་ལྡན། རྟག་སྦྱོར་མི་ཟློག་པ་གཉིས་ལྡན། གསུམ་ག་དང་ལྡན་པ་སྟེ་ལྡན་ཚུལ་བདུན་གྱི་སྒོ་ནས་ཡོད་དོ། ། ལྔ་པ་ཚོར་བ་ལ་དཔྱད་པ་ནི། དང་པོའི་ཉེར་བསྡོགས་དེ་ལ། ཚོར་བ་བདེ་བ། ཡིད་བདེ། བཏང་སྙོམས་དང་ གསུམ་ཡོད་དོ། །དེ་ལྟར་ན། མཛོད་ལས། དག་པ་བདེ་མིན་སྡུག་བསྔལ་མིན། །ཅེས་བཏང་སྙོམས་ཁོ་ནར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་བྱེ་སྨྲའི་ལུགས་ཡིན་གྱི། དེའི་ཉེར་བསྡོགས་སིམ་པར་ཉམས་སུ་མྱོང་བ་ཡོད་པས་ཚོར་བ་བདེ་བ་དང་ཡིད་བདེ་ཡོད་དོ། ། 4-1-163b གཉིས་པ་བསམ་གཏན་གཉིས་པའི་ཉེར་བསྡོགས་ནི། བསམ་གཏན་གྱི་ཉེར་བསྡོགས་གཞིར་བྱས་ལ། རང་གི་འཐོབ་བྱ་བསམ་གཏན་གཉིས་པའི་དངོས་གཞི་ལ་ཉེ་བར་སྦྱོར་བའི་བསམ་གཏན་གཉིས་པའི་ཁོངས་སུ་སྡུད་པའི་སྙོམས་འཇུག་གོ། དབྱེ་བ་ལ། གནས་ཀྱི་སྒོ་ནས་ འོད་ཆུང་། ཚད་མེད་འོད། འོད་གསལ་གྱི་ཉེར་བསྡོགས་དང་གསུམ་ལས། དེ་རེ་རེ་ལའང་རང་སའི་སྙོམས་འཇུག་གི་སྒྲིབ་པ་སྤོང་བྱེད་དང་། འོག་སའི་ཉོན་མོངས་དགུ་སྤོང་བྱེད་ཀྱི་ཉེར་བསྡོགས་ཡིད་བྱེད་དྲུག་ཚན་གཉིས་རེ་ཡོད་དོ། །གཉིས་པ་ན་ཉེར་བསྡོགས་མི་ ལྕོགས་མེད་ཡོད་པ་མ་ཡིན་ཏེ། གཉིས་པ་ཡན་གྱི་ཉེར་བསྡོགས་ཡིན་ན་ཐར་ལམ་མ་ཡིན་དགོས་པ་དང་། རྒྱུ་མཚན་དེས་ན་ཚངས་མདུན་དང་། ཚངས་ཆེན་གྱི་ཉེར་བསྡོགས་ལའང་མི་ལྕོགས་མེད་པ་ཡོད་པ་མ་ཡིན་ནོ། །བསམ་གཏན་གསུམ་པའི་ཉེར་བསྡོགས་ནི། བསམ་གཏན་གྱི་ཉེར་བསྡོགས་གཞིར་བྱས་ལ། རང་གི་འཐོབ་བྱ་གསུམ་པའི་དངོས་གཞི་ལ་ཉེར་སྦྱོར་གྱི་སྦྱོར་བ་གང་ཞིག །བསམ་གཏན་གསུམ་པའི་ཁོངས་སུ་གཏོགས་པའི་སྙོམས་འཇུག་གོ། དབྱེ་ན། དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་ཀྱི་ཉེར་བསྡོགས་ཏེ་རེ་རེ་ ཞིང་འོག་སའི་ཉོན་མོངས་དང་། གོང་སའི་སྙོམས་འཇུག་གི་སྒྲིབ་པ་དགུ་ཚན་གཉིས་སྤངས་པའི་ཉེར་བསྡོགས་ཡིད་བྱེད་དྲུག་ཚན་གཉིས་རེ་ཡོད་དོ། །བསམ་གཏན་བཞི་པའི་ཉེར་བསྡོགས་ཀྱི་ངོ་བོ་ནི། སྔ་མ་རྣམས་ལ་དཔགས་ཏེ་ཤེས་པར་ནུས་ལ། གནས་ཀྱི་སྒོ་ནས་དབྱེ་ ན། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ། མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་། གྱ་ནོམ་སྣང་། འོག་མིན་ཏེ་དེ་རྣམས་ཀྱི་ཉེར་བསྡོགས་བརྒྱད་ལ་སོ་སོར་ཡིད་བྱེད་དྲུག་ཚན་གཉིས་སོགས་སྔར་ལྟར་རོ། །གཉིས་པ་གཟུགས་མེད་ཀྱི་ཉེར་བསྡོགས་ནམ་ 4-1-164a མཁའ། རྣམ་ཤེས། ཅི་ཡང་མེད་རྣམས་ཀྱང་སྔ་མས་ཤེས་ནུས་སོ། །སྲིད་རྩེའི་ཉེར་བསྡོགས་ནི་གཟུགས་མེད་ཀྱི་ཉེར་བསྡོགས་གཞིར་བྱས་ལ་རང་གི་འཐོབ་བྱ་སྲིད་རྩེའི་དངོས་གཞིའི་ཉེར་སྦྱོར་གྱི་སྦྱོར་བས་བསྡུས་ཤིང་། དངོས་གཞི་ལས་གཞན་པའི་སྲིད་ རྩེའི་སྙོམས་འཇུག་གོ། དབྱེ་ན། འོག་ས་དང་གོང་སའི་ཉོན་མོངས་དང་སྙོམས་འཇུག་གི་སྒྲིབ་པ་དགུ་ཚན་སྤོང་བ་ལ་བལྟོས་པའི་དེའི་ཉེར་བསྡོགས་རབ་དབེན། དགའ་སྡུད། སྦྱོར་མཐའ་རྣམས་ཡོད་ཅིང་། ཉེར་བསྡོགས་སྔ་མ་རྣམས་ཡོད་མེད་དཔྱད་དགོས་སོ། ། ཚོར་བའི་ཁྱད་པར་ནི་བཞི་པའི་ཉེར་བསྡོགས་ནས་སྲིད་རྩེའི་ཉེར་བསྡོགས་ཀྱི་བར་ཐམས་ཅད་བཏང་སྙོམས་ཁོ་ནའོ། །གཉིས་པ་མཐར་གནས་ཀྱི་དངོས་གཞིའི་སྙོམས་འཇུག་གི་ངོ་བོ་ནི། རང་འཐོབ་བྱེད་རང་རང་གི་ཉེར་བསྡོགས་ལ་བརྟེན་ནས་སྦྱོར་མཐའི་འབྲས་བུ་ཡིད་ བྱེད་དུ་གྱུར་པའི་སྙོམས་འཇུག་གོ། དེ་ལ་དབྱེ་ན། བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་གཉིས། དང་པོ་ནི། དངོས་གཞིའི་སྙོམས་འཇུག་གཞིར་བྱས་ལ་གཙོ་བོར་ཡན་ལག་གི་སྒོ་ནས་འོག་ས་ལ་ཆགས་བྲལ་གྱི་རིགས་གནས་སྦྱོར་མཐའི་འབྲས་བུ་ གང་ཞིག །ཉེར་བསྡོགས་ལས་གཞན་གཟུགས་ཀྱི་སྙོམས་འཇུག་གོ། དེ་ལ་དབྱེ་ན། དང་པོའི་དངོས་གཞི་ནས་བཞི་པའི་དངོས་གཞིའི་བར་བཞི་ལས། དང་པོ་ནི། མདོར། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན། རྟོག་པ་དང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་བདེ་བ་དང་དགའ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་པས། དང་པོའི་དངོས་གཞི་གཞིར་བྱས་ལ་རྟོག་དཔྱོད་གཉེན་ 4-1-164b པོའི་ཡན་ལག་གིས་རང་འཐོབ་བྱའི་གེགས་གྱུར་གྱི་ཉོན་མོངས་དང་སྙོམས་འཇུག་གི་སྒྲིབ་པ་ལ་ཆགས་བྲལ་བྱས་ཤིང་། དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའི་རིགས་གནས་རྩེ་གཅིག་པ་དེ་དངོས་གཞིའི་སྙོམས་འཇུག་གོ ། དེ་ལ་ཡན་ལག་གི་སྒོ་ནས་དབྱེ་ ན། དང་པོའི་དངོས་གཞི་ཙམ་ཁྱད་གཉིས། དང་པོ་ནི། དང་པོའི་དངོས་གཞི་ཙམ་ཁྱད་གང་རུང་ཡང་ཡིན། རྟོག་དཔྱོད་གཉིས་ཀ་གཉེན་པོའི་ཡན་ལག་ཏུ་ལྡན་པའི་རིགས་གནས་ཀྱང་ཡིན་པ་དེ་ཙམ་པོ་བའི་དངོས་གཞིའོ། །གཉིས་པ་ནི། དེ་གང་རུང་ཡང་ཡིན། རྟོག་པ་དང་མི་ལྡན་ཅིང་དཔྱོད་པ་གཉེན་པོའི་ཡན་ལག་ཏུ་ལྡན་པའི་རིགས་གནས་ཀྱང་ཡིན་པ་ཁྱད་པར་ཅན་གྱི་དངོས་གཞིའོ། ། ཡང་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། དང་པོའི་དངོས་གཞི་དག་པ་བ། ཟག་མེད། ཉོན་མོངས་ཅན་དང་གསུམ་མོ། །དང་པོ་ནི། ཞི་ རགས་ཀྱི་རྣམ་པ་ཅན་འཇིག་རྟེན་པའི་དགེ་བར་གྱུར་པའི་གཟུགས་ཀྱི་སས་བསྡུས་ཀྱི་དང་པོའི་དངོས་གཞི་དེའོ། །དེའི་མིང་གི་ཁྱད་པར་ནི། དངོས་གཞི་ཟག་བཅས་དང་། འཇིག་རྟེན་པའི་བསམ་གཏན་དང་པོའི་དངོས་གཞི་དང་། ཞི་རགས་ཀྱི་རྣམ་པ་ཅན་གྱི་དང་ པོའི་དངོས་གཞི་རྣམས་སོ། ། དེ་ལའང་ངོ་བོའི་སྒོ་ནས་དབྱེ་ན། ཉམས་པ་ཆ་མཐུན། གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་དང་བཞི་ལས། དང་པོ་ནི། དང་པོའི་དངོས་གཞི་དག་པ་བ་དེ་རང་སའི་ཉོན་མོངས་ཀྱིས་གཟིར་ནས་ཉམས་པ་ དང་རྗེས་སུ་མཐུན་པའོ། །གཉིས་པ་ནི། དེའི་རྗེས་སུ་རིགས་འདྲར་གྱུར་པའི་དངོས་གཞི་དག་པ་བ་སྐྱེ་བའི་རྗེས་སུ་མཐུན་པའོ། །གསུམ་པ་ནི། རང་གི་རྗེས་སུ་དག་པ་བའི་གཉིས་པ་ཡན་གྱི་དངོས་གཞི་སྐྱེ་བའི་རྗེས་སུ་མཐུན་པའོ། །བཞི་པ་ནི། རང་གི་རྗེས་སུ་ 4-1-165a དང་པོའི་དངོས་གཞི་ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། ། གཉིས་པ་བསམ་གཏན་དང་པོའི་དངོས་གཞི་ཟག་མེད་ནི། བདེན་པའི་རྣམ་པ་ཅན་གྱིས་འདས་ལམ་གྱི་ངོ་བོར་གྱུར་པའི་སྙོམས་འཇུག་གོ། དེ་ལ་ཡན་ལག་གིས་དབྱེ་ན། ཙམ་ ཁྱད་གཉིས། ཐེག་པས་དབྱེ་ན། འཕགས་པ་གསུམ་གྱི་དེ་གསུམ་མོ། ། གསུམ་པ་དང་པོའི་དངོས་གཞི་ཉོན་མོངས་ཅན་ནི། དང་པོའི་དངོས་གཞི་དག་པ་བ། ཟག་མེད། ཉོན་མོངས་ཅན་གསུམ་གའི་ཏིང་ངེ་འཛིན་ཉོན་མོངས་པ་ཅན་དང་མཚུངས་པར་ལྡན་པའོ། ། དེ་ལ་དབྱེ་ན། རྩ་ཉོན་ཤས་ཆེ་བའི་དང་། ཉེ་ཉོན་ཤས་ཆེ་བའི་དེ་གཉིས་སོ། ། དེ་ལྟར་གོང་དུ་བཤད་པའི་དང་པོའི་དངོས་གཞིའི་སྙོམས་འཇུག་ཡན་ལག་ལྔ་ལྡན་དུ་བཤད་པ་ལས། དང་པོ་ནི། དང་པོའི་ཡན་ལག་ལྔའི་ནང་ཚན་དུ་གྱུར་པའི་ཞི་རགས་ཀྱི་རྣམ་པ་ ཅན་གྱི་རྟོག་པའམ། སེམས་རྩིང་བས་འཇུག་པའི་རྟོག་པའམ། གཞན་འགྱུར་བཞིའི་ཟླས་ཕྱེ་བའི་རྟོག་པའོ། །གཉིས་པ་ནི། དང་པོའི་ཡན་ལག་ལྔའི་ནང་ཚན་གང་ཞིག་དེའི་ཡན་ལག་ཏུ་གྱུར་པའི་ཞིབ་མོའི་རྣམ་པས་འཇུག་པའི་དཔྱོད་པའོ། །གསུམ་པ་ ནི། སྔ་མ་ལྟར་གང་ཞིག་སིམ་པར་ཉམས་སུ་མྱོང་བའི་ཡིད་བདེའོ། །བཞི་པ་ནི། སྔ་མ་ལྟར་གང་ཞིག་ཚོར་བ་བདེ་བའི་ཁྱད་པར་གྱི་ཆོས་ལུས་ལ་ཕན་འདོགས་པས་ན་བདེ་བ་དང་། སེམས་ལ་ཕན་འདོགས་ཀྱི་ཆོས་དགའ་བར་འདོད་དོ། །ལྔ་པ་ནི། གང་ ཞིག་དམིགས་པ་ལ་རྩེ་གཅིག་པའོ། །ལྔ་པོ་དེ་ཡན་ལག་ཡིན་པ་ནི་དེའི་ངོ་བོ་ཡིན་པའི་ཆ་ནས་ཡན་ལག་ཏུ་བཞག་པ་ཡིན་ཏེ། དཔེར་ན་དང་པོའི་དངོས་གཞི་དག་པ་བའི་ངོར་གྱུར་གྱི་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་རྟོག་དཔྱོད་སོགས་ལྔ་པོ་དེ་དེའི་ངོ་བོ་དང་ཡན་ལག་ 4-1-165b གི་གཞི་མཐུན་ཡིན་པའི་ཕྱིར། དེ་གྲུབ་སྟེ། དེའི་ངོ་བོ་གང་ཞིག །ཡན་ལག་ཀྱང་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྟོག་དཔྱོད་གཉེན་པོ་དང་། དགའ་བདེ་ཕན་ཡོན་དང་། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་ཡིན་པ་དང་། དེ་ལྔས་དང་པོའི་དངོས་གཞི་མ་ཐོབ་ པ་ཐོབ་པར་བྱེད་པ་དང་། ཐོབ་ཟིན་རྒྱུན་ལྡན་དུ་གནས་པར་བྱེད་པའི་ཕྱིར་རོ། །འོ་ན་དང་པོའི་དངོས་གཞི་ཟག་བཅས་དང་ཟག་མེད་གཉིས་ཀ་ཡན་ལག་ལྔ་ལྡན་ཡིན་ནམ་ཞེ་ན། དང་པོའི་ཟག་བཅས་ཙམ་པོ་བ་ལ་ལྔ་ཀ་ལྡན་ཅིང་། ཁྱད་པར་ཅན་ལ་རྟོག་པ་མ་གཏོགས་གཞན་ བཞི་པོ་ལྡན་ལ། ཟག་མེད་ལ་རྟོག་དཔྱོད་མ་གཏོགས་གཞན་གསུམ་པོ་ལྡན་ནོ། །གཉིས་པ་བསམ་གཏན་གཉིས་པའི་དངོས་གཞི་ནི། མདོར། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དྭངས་ཏེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་ མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་གསུངས་པས། དེ་ནི་གཟུགས་ཀྱི་དངོས་གཞིའི་སྙོམས་འཇུག་གཞིར་བྱས་ལ་ནང་རབ་དྭངས་སོགས་ཡན་ལག་བཞི་ལྡན་ཅིང་ དང་པོའི་ཉོན་མོངས་དགུ་པ་ལ་ཆགས་བྲལ་གྱི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་དེ་གཉིས་པའི་སྙོམས་འཇུག་གོ། དེ་ལ་གནས་ཀྱི་སྒོ་ནས་དབྱེ་ན། འོད་ཆུང་བ་སོགས་གསུམ་མོ། །ངོ་བོའི་སྒོ་ནས་དབྱེ་ན། དག་པ་བ། ཟག་ མེད། ཉོན་མོངས་ཅན་དང་གསུམ་སྟེ། དང་པོའི་སྐབས་སུ་བཤད་པ་བཞིན་ཤེས་པར་བྱའོ། །བསམ་གཏན་གཉིས་པའི་དངོས་གཞིའི་ཡན་ལག་བཞི་ནི། ནང་རབ་དྭངས་གཉེན་པོའི་ཡན་ལག་དང་། དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་དང་། ཏིང་ངེ་འཛིན་ 4-1-166a གནས་ཀྱི་ཡན་ལག་དང་བཞི་ལས། དང་པོའི་ངོ་བོ་ནི། དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་བསམ་གཏན་གྱི་སྐྱོན་རྟོག་དཔྱོད་ལས་འདས་པའི་སྒོ་ནས་སེམས་རྒྱུད་ནང་རབ་ཏུ་ཞི་ཞིང་དྭངས་པའི་ཆ་ནས་བསམ་གཏན་གཉིས་པའི་ཡན་ལག་ཏུ་ བཞག་པའོ། །གཉིས་པ་ནི། ཚོར་བ་ཡིད་བདེའི་ངོ་བོར་གྱུར་པའི་དགའ་བའོ། །གསུམ་པ་ནི། ཚོར་བ་སེམས་བདེའི་ངོ་བོར་གྱུར་པའི་བདེ་བའོ། །བཞི་པ་ནི། དགེ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །གསུམ་པ་བསམ་གཏན་གསུམ་པའི་དངོས་གཞི་ནི། མདོ་ ལས། དེ་དགའ་བ་ལ་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཅིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ་བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པས་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་སོ། །ཞེས་བརྗོད་པ་སྟེ། དགའ་ བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པས། དེ་ནི་བསམ་གཏན་གྱི་དངོས་གཞི་གཞིར་བྱས་ལ་གཉེན་པོའི་ཡན་ལག་དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་གཉིས་པའི་སས་བསྡུས་ཀྱི་ཉོན་མོངས་ལ་ཆགས་བྲལ་གྱི་ཏིང་ངེ་ འཛིན་ལས་སྐྱེས་པའི་བསམ་གཏན་གསུམ་པའི་ཚོར་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའི་སྙོམས་འཇུག་གོ། དེ་ལ་གནས་ཀྱིས་དབྱེ་ན། དགེ་ཆུང་སོགས་གསུམ་མོ། །ངོ་བོས་དབྱེ་ན། དག་པ་བ་སོགས་གསུམ་མོ། །གསུམ་པའི་དངོས་གཞིའི་ཡན་ལག་ལྔ་ནི། དྲན་ཤེས་བཞིན་བཏང་སྙོམས་གསུམ་གཉེན་པོའི་ཡན་ལག །བདེ་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་གོ། དེ་དག་གི་ངོ་བོ་རིམ་བཞིན་འདི་ལྟ་སྟེ། བསམ་གཏན་གྱི་དམིགས་རྣམ་མི་བརྗེད་པར་འཛིན་པའི་དྲན་པ་དང་། བསམ་གཏན་ལ་སྐྱོན་ 4-1-166b བྱུང་མ་བྱུང་དཔྱོད་པའི་ཤེས་བཞིན་དང་། བདེ་སྡུག་ཉེ་རིང་ཆགས་སྡང་སོགས་འདུ་བྱེད་དང་བྲལ་བའི་འདུ་བྱེད་བཏང་སྙོམས་ཀྱི་ངོ་བོ་དང་། ཚོར་བ་སེམས་བདེའི་ངོ་བོར་གྱུར་པ་དང་། དགེ་སེམས་རྩེ་གཅིག་པའི་ངོ་བོར་གྱུར་པ་རྣམས་སོ། །བཞི་པ་བསམ་གཏན་བཞི་པའི་ དངོས་གཞི་ནི། མདོ་ལས། དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མེད། སྡུག་བསྔལ་ཡང་མེད། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་ གནས་སོ། །ཞེས་གསུངས་པས། དེའི་ངོ་བོ་ནི། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གཞིར་བྱས་ལ། གཉེན་པོའི་ཡན་ལག་དྲན་པ་དང་བཏང་སྙོམས་ཡོངས་དག་གིས་གསུམ་པའི་ཉོན་མོངས་དགུ་པ་ལ་ཆགས་བྲལ་གྱི་བསམ་གཏན་བཞི་པའི་ཚོར་བ་བཏང་སྙོམས་ ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའི་བཞི་པའི་སྙོམས་འཇུག་གོ། དེ་ལ་གནས་ཀྱིས་དབྱེ་ན། སྤྲིན་མེད་ནས་འོག་མིན་གྱི་བར་བརྒྱད་ཡོད་དོ། །ངོ་བོས་དབྱེ་ན། དག་པ་བ་སོགས་གསུམ་མོ། །བཞི་པའི་ཡན་ལག་ལ་བཞི་སྟེ། དྲན་པ། བཏང་སྙོམས་གཉེན་པོའི་ཡན་ ལག །ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་སྟེ། དང་པོ་ནི། བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བའི་དྲན་པ། གཉིས་པ་ནི། དེ་ལས་གྲོལ་བའི་འདུ་བྱེད་བཏང་སྙོམས། གསུམ་པ་ནི། སིམ་གདུང་བར་མ་མྱོང་བའི་ ཚོར་བ། བཞི་པ་ནི། དགེ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །བསམ་གཏན་གྱི་སྐྱོན་བརྒྱད་ནི། བདེ་སྡུག །ཡིད་བདེ་མི་བདེ། དབུགས་དབྱུང་རྔུབ། རྟོག་དཔྱོད་རྣམས་སོ། །གཉིས་པ་གཟུགས་མེད་ཀྱི་དངོས་གཞི་ནི། དེའི་དངོས་གཞི་གཞིར་བྱས་ལ་གཙོ་ 4-1-167a བོར་འདུ་ཤེས་ཀྱི་སྒོ་ནས་འོག་ས་ལས་འདས་པའི་རིགས་གནས་གོང་སའི་དངོས་གཞིའི་སྙོམས་འཇུག་གོ། དེ་ལ་དབྱེ་ན། ནམ་མཁའི། རྣམ་ཤེས་ཀྱི། ཅི་ཡང་མེད་ཀྱི། འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག་དང་ བཞི་ལས། དང་པོའི་ངོ་བོ་ནི། གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གཞིར་བྱས་ལ། སྦྱོར་བའི་དུས་སུ་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་དུ་བསྒོམས་པས་དངོས་གཞིའི་དུས་དེ་མངོན་དུ་གྱུར་པའི་དངོས་གཞིའི་སྙོམས་འཇུག་གོ། དེ་ལ་དབྱེ་ ན། དངོས་གཞི་དག་པ་བ་ལ་སོགས་གསུམ་སྔ་མ་ལྟར་རོ། ། སྙོམས་འཇུག་དེའི་མི་མཐུན་ཕྱོགས་ནི། དེ་ཐོབ་པའི་གེགས་གྱུར་གྱི་ཉོན་སྒྲིབ་དང་། སྙོམས་འཇུག་གི་སྒྲིབ་པ་གཉིས་ལས། དང་པོ་ནི། བསམ་གཏན་བཞི་པའི་སས་བསྡུས་ཀྱི་སྒོམ་སྤང་འཇུག་ཤེས་སུ་ གྱུར་པའི་ཉོན་མོངས་དགུ་ཚན་རྣམས་སོ། །གཉིས་པ་ནི། བཞི་པའི་སས་བསྡུས་ཀྱི་སྙོམས་འཇུག་གི་སྒྲིབ་པ་གཞིར་བྱས་ལ། ཁ་དོག་དང་། གཟུགས་ཀྱི་འདུ་ཤེས་ཐོགས་བཅས་དང་། དབྱིབས་ཀྱི་འདུ་ཤེས་བཟང་ངན་སྣ་ཚོགས་པའི་འདུ་ཤེས་ཏེ། བཞི་པའི་འདུ་ཤེས་ རགས་པ་རྣམས་ལས་ངེས་པར་འབྱུང་བའི་ཡིད་ལ་བྱེད་པ་མེད་པ་ནི་ནམ་མཁའི་དངོས་གཞི་ཡིན་ནོ། ། གཉིས་པ་རྣམ་ཤེས་མཐའ་ཡས་ཀྱི་དངོས་གཞིའི་སྙོམས་འཇུག་གི་ངོ་བོ་ནི། སྦྱོར་བའི་དུས་ཆོས་ཐམས་ཅད་རྣམ་ཤེས་ལྟར་མཐའ་ཡས་སོ་སྙམ་དུ་བསྒོམས་པས་དངོས་ གཞིའི་དུས་སུ་དེ་མངོན་དུ་གྱུར་པའི་དངོས་གཞིའི་སྙོམས་འཇུག་གོ། དབྱེ་བ་སྔར་ལྟར་རོ། ། གསུམ་པ་ཅི་ཡང་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གི་ངོ་བོ་ནི། སྦྱོར་བའི་དུས་གཟུང་བྱ་རགས་པ་རྣམས་ཅི་ཡང་མེད་དོ་སྙམ་དུ་བསྒོམས་པས་དངོས་གཞིའི་དུས་དེ་མངོན་དུ་ 4-1-167b གྱུར་པའི་དངོས་གཞིའི་སྙོམས་འཇུག་གོ། དབྱེ་བ་སྔར་བཞིན་ནོ། ། བཞི་པ་སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་གི་ངོ་བོ་ནི། སྦྱོར་བའི་དུས་གཟུང་བྱ་རགས་པ་ཡོད་པའང་མ་ཡིན། ཕྲ་བ་མེད་པའང་མ་ཡིན་སྙམ་དུ་བསྒོམས་པས་དངོས་གཞིའི་དུས་དེ་མངོན་དུ་གྱུར་ པའི་དངོས་གཞིའི་སྙོམས་འཇུག་གོ། དབྱེ་བ་ལ། དབུ་མ་པས་སྔ་མ་ལྟར་གསུམ་དུ་བཞེད་ཀྱང་། བྱེ་སྨྲས་སྲིད་རྩེར་ཟག་མེད་མི་འདོད་དོ། །མཐར་གནས་ཀྱི་སྙོམས་འཇུག་དགུའི་གོ་རིམ་ནི་རྒྱུ་འབྲས་དོན་གྱི་གོ་རིམ་ཡིན་ནོ། །གསུམ་པ་ཐོབ་འབྲས་ལ་གཉིས། འབྲས་ བུ་སྐྱེ་བའི་བསམ་གཏན་དང་། འབྲས་བུ་གསུམ་གྱི་རྣམ་གཞག་གོ། དང་པོ་ནི། འབྲས་བུ་སྐྱེ་བའི་བསམ་གཏན་དང་གཟུགས་ཀྱི་རྟེན་ཅན་གྱི་གང་ཟག་དོན་གཅིག །རྒྱུ་བསམ་གཏན་གྱི་སྙོམས་འཇུག་དང་གཟུགས་ཀྱི་སྙོམས་འཇུག་དོན་གཅིག །གཟུགས་མེད་ ཀྱང་དེས་མཚོན་ནོ། །གཉིས་པ་ནི། བསམ་གཏན་གྱི་གནས་སྐབས་ཀྱི་འབྲས་བུ་ལ། བདག་པོའི་འབྲས་བུ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ་དང་གསུམ་ལས། དང་པོ་ནི། གཟུགས་ཀྱི་སྣོད་ཞིང་དག་པ་དང་། སྤྱན་ལྔ་མངོན་ཤེས་དྲུག་སོགས་ཡོན་ ཏན་ཁྱད་པར་ཅན་ཐོབ་པ་དང་། གཉིས་པ་ནི། གཟུགས་ཀྱི་སྐྱེ་བ་ཕུན་སུམ་ཚོགས་པ་ཐོབ་པ་དང་། གསུམ་པ་ནི། གཟུགས་ཀྱི་བྱང་ཕྱོགས་ཀྱི་ཆོས་སོགས་ཐོབ་པའོ། །གཟུགས་མེད་ལའང་དེ་ཉིད་ཀྱིས་མཚོན་ཏེ་ཤེས་པར་བྱའོ། །གསུམ་པ་ཚད་མེད་པ་བཞིའི་སྤྱི་ དོན་ལ་དགུ་ཡོད་པ་ལས། དང་པོ་དམིགས་པའི་ཡུལ་ནི། རྒྱན་ལས། བརྟན་པ་རྣམས་ཀྱི་དེ་དག་བདེ་འདོད་དང་། །སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང་། །རྣམ་པ་ནི། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་ 4-1-168a བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་གསུངས་པས། བདེ་བ་དང་མི་ལྡན་པ་ཐམས་ཅད་བདེ་བ་དང་ཕྲད་འདོད་དང་། སྡུག་བསྔལ་གྱིས་ཉམ་ཐག་པ་ཐམས་ཅད་སྡུག་བསྔལ་དང་ བྲལ་འདོད། བདེ་བ་དང་ལྡན་པ་ཐམས་ཅད་དེ་དང་མི་འབྲལ་བར་འདོད་པ་དང་། ཚོར་བ་གསུམ་གྱི་ཉོན་མོངས་པ་སེམས་ཅན་ཐམས་ཅད་ལ་བྲལ་འདོད་ཀྱི་ཁྱད་པར་ལ་ཚད་མེད་པ་བཞིར་བཞག་གོ། གཉིས་པ་ངོ་བོ་ནི། གོ་རིམ་བཞིན་དུ་གནོད་སེམས་དང་། རྣམ་ འཚེ་དང་། མི་དགའ་བ་དང་། ཆགས་སྡང་མེད་པའི་དགེ་བའི་རྩ་བ་རྣམས་ཡིན་ནོ། །གསུམ་པ་རྒྱུ་ནི། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་གསུངས་པས་ ཚད་མེད་བཞི་དེ་རྐྱེན་བཞི་ལས་སྐྱེ་སྟེ། རྒྱུའི་རྐྱེན་རང་བཞིན་གནས་རིགས་དང་། བདག་པོའི་རྐྱེན་ཚད་མེད་བཞི་སྟོན་བྱེད་གྱི་ལུང་དང་དགེ་བའི་བཤེས་གཉེན་ནོ། །དམིགས་རྐྱེན་ནི། ཚད་མེད་བཞི་པོའི་གོ་རིམ་བཞིན་འདི་ལྟ་སྟེ། བདེ་བ་མི་ལྡན་པའི་སེམས་ཅན་དང་། སྡུག་བསྔལ་གྱིས་ཉམ་ཐག་པའི་དང་། བདེ་བ་དང་ལྡན་པའི་དང་། ཆགས་སྡང་ཅན་གྱི་སེམས་ཅན་ནོ། །དེ་མ་ཐག་རྐྱེན་ནི། ཚད་མེད་བཞི་བསྒོམས་པའི་ཕན་ཡོན་དང་། མ་བསྒོམས་པའི་ཉེས་དམིགས་ལ་བརྟགས་ནས་གོམས་པ་སྔ་མ་ལ་བརྟེན་ཏེ་སྐྱེ་བའོ། ། གཞན་རྣམས་ནི་གོ་སླའོ། །བཞི་པ་འབྲས་བུ་ལ་གཉིས། གནས་སྐབས་དང་། མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་གཉིས། རང་གཞན་གཉིས་ཀའི་དོན་སྒྲུབ་པ་དང་། གཞན་དོན་བྱེད་པའི་རྟེན་དུ་གྱུར་པའོ། །དང་པོ་ནི། ཇི་སྐད་དུ། ཚངས་པའི་གནས་པས་ 4-1-168b གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེར་ནི་ཚོགས་རྣམས་རྫོགས་བྱེད་ཅིང་། །སེམས་ཅན་དག་ཀྱང་རྣམ་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་འགྱུར་རོ། ། ཞེས་སོ། །གཉིས་པ་ནི། ཇི་སྐད་དུ། སྙིང་རྗེ་དང་ནི་བཟོད་དང་སེམས་པ་དང་། །སྨོན་ལམ་སྐྱེ་བ་སེམས་ཅན་ཡོངས་སྨིན་བྱེད། །དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན། །ཅེས་སོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། ཇི་སྐད་དུ། འཚེ་སྤངས་བྱང་ཆུབ་མཆོག་གི་ས་བོན་དང་། །བདེ་བ་བསྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྦྱིན་ཆོས་ལ་བརྟེན་པ་ཡི། །རྒྱལ་སྲས་རྣམས་ལ་བྱང་ཆུབ་ཐག་མི་རིང་། །ཞེས་སོ། །ལྔ་པ་བྱེད་ལས་ལ་བཞི་སྟེ། མ་ཆགས་པའི་དང་། རང་བདེ་ མི་འདོད་པའི་དང་། གཞན་བདེ་ཟིལ་གྱིས་གནོན་པའི་དང་། འཁོར་བ་ལ་མི་སྐྱོ་བའི་བྱེད་ལས་སོ། །དང་པོ་ནི། སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་ དགོས། །ཞེས་སོ། །གཉིས་པ་ནི། སྙིང་རྗེས་སྡུག་བསྔལ་དག་གིས་སྡུག་བསྔལ་བ། །བདེ་མ་བསྐྱེད་པར་གང་གིས་བདེ་བར་འགྱུར། །དེ་ཕྱིར་བརྩེ་དང་ལྡན་པས་གཞན་བདེ་བ། །བསྐྱེད་ནས་བདག་ཉིད་བདེ་བར་བྱེད་པ་ཡིན། །ཅེས་སོ། །གསུམ་པ་ནི། བརྩེ་བས་བསྐྱེད་པའི་སྡུག་བསྔལ་འཇིག་རྟེན་གྱི། །བདེ་བ་ཐམས་ཅད་ཟིལ་གྱིས་གནོན་འགྱུར་ཞིང་། །དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་གང་། །དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད། །ཅེས་སོ། །བཞི་པ་ནི། སྙིང་རྗེ་བློ་མཆོག་འཁོར་བར་གཏོགས་པ་ཡི། ། 4-1-169a སྡུག་བསྔལ་བདག་ཉིད་ཀུན་དང་བདག་མེད་པའང་། །རྣམ་པར་ཤེས་ནས་སྐྱོ་བར་མི་འགྱུར་ཞིང་། །ཉེས་པར་རབ་གནོད་པར་ཡང་མི་འགྱུར་རོ། །ཞེས་སོ། །དྲུག་པ་ལྡན་པའི་ཡོན་ཏན་ལ་གསུམ་ལས། ཡོན་ཏན་དང་པོ་བཞི་པོ་དེ་ལ་རྣམ་པར་ མི་རྟོག་པའི་ཡེ་ཤེས་འབྲས་བུར་ལྡན་པ་ཡིན་ཏེ། རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཅེས་སོ། །ཡོན་ཏན་གཉིས་པ་དང་གསུམ་པ་ནི། ཇི་སྐད་དུ། ཆགས་པ་གང་ཚེ་ཁ་ན་མ་ཐོ་བ། །མེད་དང་འཇིག་རྟེན་འདས་པ་ཡོད་མ་ཡིན། །བློ་ལྡན་རྣམས་ཀྱི་བརྩེ་བས་བྱམས་པ་ནི། ། ཁ་ན་མ་ཐོ་མེད་ཅིང་འཇིག་རྟེན་འདས། །ཞེས་སོ། །བདུན་པ་རབ་དབྱེ་ལ་གསུམ་སྟེ། ཡུལ་གྱི་སྒོ་ནས་དབྱེ་ན་གསུམ་དང་། དྲུག་དང་། བཅུར་དབྱེ་བའོ། །དང་པོ་ནི། དམིགས་པ་རྣམ་པ་གསུམ་ལ་འཇུག །ཅེས་སོ། །གཉིས་པ་ནི། བཀྲེན་ལ་བརྩེ་དང་མ་རུངས་པ་ ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་དང་། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེའོ། །ཞེས་སོ། །གསུམ་པ་ནི། རབ་འབར་དགྲ་ཡི་དབང་དུ་སོང་། །སྡུག་བསྔལ་གྱིས་ནོན་མུན་པས་བསྒྲིབས། །བགྲོད་དཀའི་ལམ་ལ་ ཀུན་ཏུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེའོ། །ཞེས་པས་ཡུལ་དེ་ལྟ་བུ་ལ་བརྟེན་ནས་སྐྱེས་པའི་ཚད་མེད་པ་བཞི་ཡང་དེ་ ལྟར་དུ་དབྱེའོ། །བརྒྱད་པ་མ་བསྒོམས་པའི་ཉེས་དམིགས་ནི། བྱང་ཆུབ་སེམས་དཔའ་གནོད་སེམས་དང་། །རྣམ་འཚེ་མི་དགའ་གནོད་སེམས་དང་། །འདོད་པའི་འདོད་ཆགས་དང་ལྡན་པ། །ཉེས་དམིགས་རྣམ་པ་མང་ལ་རེག །ཅེས་སོ། །དགུ་པ་བསྒོམ་པའི་ཕན་ཡོན་ 4-1-169b ནི། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་གྱི་སེམས་ཅན་གྱི། །དོན་དུ་འཁོར་བའང་ཡོངས་མི་གཏོང་། །ཞེས་གསུངས་སོ། །དེ་ལྟར་དྲངས་པའི་རྒྱན་གྱི་ལུང་དངོས་བསྟན་རྣམས་གོ་སླ་བས་འདིར་འབྲུ་མ་བཀྲོལ་ཀྱང་འགལ་ བ་མེད་དོ། །གཉིས་པ་གཞུང་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་སེམས་ཅན་གྱི་དོན་དུ་བསམ་པས་གོ་བགོས་པ་ལ་བརྟེན་ནས་སྦྱོར་བ་དེའི་བྱ་བ་ལ་འཇུག་པ་འབྱུང་བར་འགྱུར་བས་དེའི་ཕྱིར། གཉིས་པ་འཇུག་པའི་སྒྲུབ་པ་འདི་བསྟན་པར་མཛད་ པ་ཡིན་ནོ། །གཉིས་པ་ནི། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། སྦྱིན་སོགས་ཕྱིན་དྲུག་གི་འཇུག་སྒྲུབ་དང་། མཐོང་སྒོམ་མི་སློབ་ཁྱད་པར་གྱི་ལམ་རྣམས་ཀྱི་འཇུག་སྒྲུབ་དང་། བྱམས་སོགས་ཚད་མེད་པ་བཞིའི་འཇུག་སྒྲུབ་དང་། དངོས་པོའམ་ དངོས་མེད་དུ་དམིགས་པ་མེད་པར་ལྡན་པའི་འཇུག་སྒྲུབ་དང་། འཁོར་གསུམ་རྣམ་པར་དག་པའི་འཇུག་སྒྲུབ་དང་། ཆེན་པོ་གསུམ་ལ་ཆེད་དུ་བྱ་བའི་འཇུག་སྒྲུབ་དང་། མངོན་ཤེས་དྲུག་གི་འཇུག་སྒྲུབ་དང་། རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ནི་འཇུག་པའི་སྒྲུབ་པ་སྟེ་ དགུ་པོ་འདི་དག་ནི་ཐེག་པ་ཆེན་པོའི་ལམ་ལ་འཛེགས་པའི་སྒྲུབ་པ་ཡིན་པར་ཤེས་པར་བྱ་ཞེས་བྱ་བ་གསུངས་པ་ནི་འདིར་བཀོད་པར་མཛད་པ་སྟེའོ། །འཇུག་སྒྲུབ་དགུ་ལས་དང་པོ་བརྒྱད་ནི། རྒྱུའི་ཐེག་ཆེན་དང་ཐ་མ་གཅིག་འབྲས་བུའི་ཐེག་ཆེན་དུ་བཤད་ལ། དང་ པོ་གསུམ་རང་དོན་དང་། བར་པ་གསུམ་གཞན་དོན་དང་། ཐ་མ་གསུམ་གཉིས་དོན་དུའང་བཤད་དོ། །དགུ་པོ་འདིའི་གོ་རིམ་ཡང་འདི་ཁོ་ན་ལྟར་འཐད་ཚུལ་སློབ་དཔོན་གྱི་བཞེད་པ་ནི། དང་པོར་སེམས་བརྟན་པར་བྱེད། དེ་ནས་ཚོགས་གསོག་པར་བྱེད། དེ་ནས་ 4-1-170a ལམ་ལ་འཇུག་པར་བྱེད། དེ་ཡང་གཞན་གྱི་ཕྱིར་བྱམས་སོགས་བསྒོམ། དེའི་འོག་ཏུ་གཞན་གྱི་འཆིང་བ་དམིགས་པ་གཅོད་པར་བྱེད། དེ་ལ་བརྟེན་ནས་འཁོར་གསུམ་ཡོངས་སུ་དག་པར་འགྱུར་ཞིང་། གཞན་གྱི་སྤྱོད་པ་རྣམ་པར་དག་པ་དེའང་ རང་གི་དོན་ཆེན་པོ་གསུམ་ལ་འཇུག་པར་བྱེད། དེ་ལའང་གཞན་གྱི་སེམས་ཤེས་པ་སོགས་ལ་བརྩོན་པར་བྱེད་དགོས་ཤིང་། དེ་བྱས་ནས་འཚང་རྒྱ་བ་ལ་སྤྲོ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ལ་འཇུག་ཅིང་། རྟོགས་པའི་རིམ་པ་འདིས་ཐེག་པ་ཆེན་པོ་མཐའ་དག་ རྣམ་པར་གནོན་པའི་ཕྱིར་དགུ་པོ་ཉིད་དུ་གྲངས་ངེས་པར་བཤད་དོ། །གསུམ་པ་ནི། ཚོར་བས་ངེས་པར་འབྱུང་བ་བསམ་གཏན་དང་། འདུ་ཤེས་ཀྱིས་ངེས་པར་འབྱུང་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་གཉིས་པོ་འདི་ནི་ཐེག་ཆེན་གྱི་སྦྱོར་བའི་ལམ་ནས་ ལྡན་པ་ཡིན་ལ། དེ་དང་ལྡན་པའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ས་དང་པོར་མཐོང་བའི་ལམ་དང་། ས་བདུན་པ་མན་ཆད་ཀྱི་སྒོམ་པའི་ལམ་དང་། འབད་རྩོལ་གྱི་མཚན་མ་ཞི་བས་མི་སློབ་པའི་ས་བརྒྱད་པ་དང་། ཁྱད་པར་གྱི་ལམ་ས་དགུ་པ་ དང་བཅུ་པར་བཞག་པའོ། །སློབ་དཔོན་བཟང་པོའི་ཞབས་ཀྱིས་མི་སློབ་ལམ་ཞེས་སྦྱོར་བ་ནི་མི་འཐད་ཅེས། སློབ་དཔོན་ཨ་བྷྱས། མི་སློབ་པ་ནི་རྫོགས་པའི་སངས་རྒྱས་ཏེ་བགྲོད་པར་བྱ་བས་ལམ་མོ། །སེང་གེ་བཟང་པོས་མི་སློབ་པའི་ལམ་གྱི་ངོ་བོ་ཞེས་རྣམ་པར་ གཞག་པ་ནི་ངན་པ་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའི་གནས་སྐབས་སུ་མི་སློབ་པ་ཉིད་མི་སྲིད་པའི་ཕྱིར་ཞེས་གསུངས་ནས་དྲན་པ་ཉེར་གཞག་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་དག་སྒོམ་པ་ནི་ལམ་ལ་འཇུག་པའི་སྒྲུབ་པར་གསུངས་སོ། །དེ་ནས་ཚད་མེད་པ་བཞི་ 4-1-170b དང་། ནང་སྟོང་པ་ཉིད་སོགས་མི་དམིགས་པ་དང་ལྡན་པ་དང་། དངོས་པོ་ཐམས་ཅད་ལ་འཁོར་གསུམ་གྱི་རྟོག་པ་དག་པ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ལ་ཡང་དག་པར་གནས་པའི་ ཐབས་ཀྱི་མཚན་ཉིད་ཀྱི་སྒྲུབ་པ་ནི་ཐེག་པ་ཆེན་པོའི་སྒྲུབ་པ་ཡིན་པས་སྒྲུབ་པའི་གནས་སྐབས་རྣམས་སུ་ནི། ཐེག་པ་གསུམ་གྱི་ཆོས་ཚུལ་མཐའ་དག་གོམས་པས་གནོན་པའི་ངོ་བོ་ཉིད་ཡིན་པས་འཇུག་པའི་སྒྲུབ་པ་ནི་རྣམ་པ་དགུའོ། །འགྲེལ་པ་འདིར་གནོན་ཞེས་པ་དང་། གཞུང་རྩ་བར་འཛེག་ཅེས་པ་དང་། ཁྲི་བརྒྱད་སྟོང་པར། དེ་ཐེག་ཆེན་ལ་ཞོན་ཏེ་ཞེས་གསུངས་པ་རྣམས་དོན་གཅིག་པས། གཉིས་མེད་ཀྱི་ཡེ་ཤེས་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དེ་ལ་ཐེག་པའི་མིང་དང་། དེ་དག་ལ་འཇུག་སྟེ་འགྲོ་བ་ནི་ཞོན་པ་ དང་འཛེག་པ་ཡིན་པར་ཤེས་པར་བྱའོ། །གསུམ་པ་ཚོགས་བཅུ་བདུན་གྱི་སྒྲུབ་པ་ལ། སྔ་མའི་འབྲེལ་དང་། བཤད་བྱའི་མདོ་དགོད་པ། གཞུང་དོན་ནོ། །དང་པོ་ནི། གོ་སྒྲུབ་ཀྱི་སྐབས་སུ་གང་པོ་དང་། ཤཱ་རིའི་བུའི་དྲིས་ལན་ལས་འཕྲོས་པ་དང་། འཇུག་སྒྲུབ་ཏུ་ ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་སོགས་ལས་འཕྲོས་པའོ། །བསྟན་བཅོས་ཀྱི་འབྲེལ་ནི། ལམ་ལ་ཞུགས་མ་ཐག་པ་ནས་འཇུག་པའི་སྟོབས་གོང་ནས་གོང་དུ་འཕེལ་བར་འགྱུར་བས་ཚོགས་གཉིས་ཀྱི་སྒྲུབ་པ་གོང་ནས་གོང་དུ་འགྲོ་བར་དགོངས་ཏེ་དེ་མ་ ཐག་ཏུ་ཚོགས་སྒྲུབ་གསུང་བར་མཛད་དོ། །གཉིས་པ་འདིར་ཚོགས་བཅུ་བདུན་སོ་སོའི་མདོ་ནི། རིམ་པ་བཞིན་དུ་མདོ་ལས་འདི་ལྟ་སྟེ། དང་པོ་ནི། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་པ་གོ་ཆ་ཆེན་པོ་ 4-1-171a བགོས། ཞེས་བརྗོད་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ། ཞེས་བགྱི་བ་ལགས། ཞེས་དྲིས་པའི་ལན་དུ། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་གོ་ཆ་ནི་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང་། ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཆ་བགོས། སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས། དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་རྒྱས་པར་བཀང་སྟེ། ཞེས་སོགས་ཀུན་ལ་སྦྱར་ཏེ་གསུངས་སོ། ། གཉིས་པ་ནས་བདུན་པའི་བར་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོང་གསུམ་གྱི། ཞེས་སོགས་ལྷག་མ་ལྔ་པའི་ལའང་། རྒྱས་པར་གསུངས་སོ། ། བརྒྱད་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སོང་ཞིང་ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྦྱོར་ཞིང་འཇོག་གོ། འགོད་དོ། ། དགུ་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ སླད་དུ་གོ་ཆ་མ་མཆིས་པའི་གོ་ཆ་བགོ་བར་རིག་པར་བྱའོ། །ཞེས་སོ། ། བཅུ་པ་ནི། གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། ཞེས་པ་རྣམས་སོ། ། བཅུ་གཅིག་པ་ནི། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ 4-1-171b ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ལགས། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བགྱི་བ་ལགས། ཐེག་པ་དེས་གང་ནས་ངེས་པར་འབྱུང་བ་ ལགས། ཐེག་པ་དེས་གང་དུ་ངེས་པར་འབྱུང་བར་འགྱུར་བ་ལགས། ཞེས་དྲིས་པའི་ལན་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། ཞེས་སོ། ། བཅུ་གཉིས་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཞེས་བྱ་བ་ནས། གཞན་གྱི་ངོ་བོས་སྟོང་པ་ཉིད་དོ། །ཞེས་སོ། ། བཅུ་གསུམ་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དཔའ་བར་འགྲོ་བ་ཞེས་བྱ་བའི་ ཏིང་ངེ་འཛིན་དང་། ཞེས་པ་རྣམས་སོ། ། བཅུ་བཞི་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་དང་། ཞེས་སོགས་སོ། ། བཅོ་ལྔ་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཏེ། ཞེས་གསུངས་སོ། ། བཅུ་དྲུག་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ས་ནས་ས་འཕར་ཏེ། ཞེས་སོ། ། བཅུ་བདུན་པའི་མདོ་ནི། འོག་ཏུ་གཉེན་པོ་ ཚོགས་སྒྲུབ་ཀྱི་སྐབས་སུ་བཤད་དོ། །གཞུང་གི་དོན་ལ་གསུམ། མཚམས་སྦྱར་བ། ཚོགས་སྒྲུབ་བཅུ་བདུན་སྤྱིར་བསྟན་ལ། རྟོགས་དཀའ་བ་ཁྱད་པར་དུ་བཤད་པའོ། །དང་པོ་ནི། བཤད་པ་དེ་ལྟར་ཐེག་ཆེན་ལ་འཇུག་པར་བྱས་པ་ལས་ཚོགས་སྐྱེ་བས་གསུམ་པ་ 4-1-172a ཚོགས་ཀྱི་སྒྲུབ་པ་གསུང་བར་མཛད་དོ། །གཉིས་པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། སེམས་ཅན་གྱི་དོན་དུ་གོ་བགོས་པ་རྣམས་ཀྱི་ནང་ནས་རྣམ་སྨིན་ལས་བྱུང་བའི་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་ངན་འགྲོ་ཞི་བའི་ཕྱིར་འབྲེལ་བ་མེད་ཀྱང་ བརྩེ་བ་ཆེན་པོ་དང་། ཆོས་ཐམས་ཅད་སྣང་བ་ཙམ་ལས་ཡོད་པ་མིན་པ་སྒྱུ་མ་ལྟ་བུར་དངོས་སྟོབས་ཀྱིས་འོང་བ་ལ་བདག་ཉིད་གནས་ཏེ། དེ་བཞིན་གྱི་སྒོ་ནས་གཞན་དག་ལའང་སྒྱུ་མ་ལྟ་བུའི་སྦྱིན་པ་ལ་སོགས་པ་དྲུག་ལ་འགོད་པར་བྱེད་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་དང་ལྡན་པའི་སེམས་རྩེ་གཅིག་པ་ལ་གནས་ནས་སེམས་ཅན་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་སྦྱིན་སོགས་དྲུག་ལ་འགོད་པའི་ཞི་གནས་ཏེ། དེའི་ངོ་བོ་ནི་དམིགས་པ་ལ་སེམས་རྒྱུན་དུ་འཇོག་པར་བྱེད་པ་དེའོ། །དེར་འཇོག་བྱེད་ཀྱི་ཐབས་ནི་དགུ་སྟེ། དམིགས་ པ་ལ་སེམས་དང་པོར་འཇོག་པ་དང་། ཡུན་བསྲིངས་ཏེ་རྒྱུན་དུ་འཇོག་པ་དང་། འཕྲོ་ན་བླན་ཏེ་འཇོག་པ་དང་། མི་འཕྲོ་བའི་ཕྱིར་དྲན་པ་དང་བཅས་ཏེ་ཉེ་བར་འཇོག་པ་དང་། འདོད་པའི་ཡོན་ཏན་ལ་ཡོན་ཏན་དུ་མི་ལྟ་བའི་སྒོ་ནས་སེམས་འདུལ་བར་བྱེད་པ་དང་། རྣམ་ པར་གཡེང་བ་ལ་ཉེས་དམིགས་སུ་ལྟ་བས་སེམས་ཞི་བར་བྱེད་པ་དང་། རྣམ་རྟོག་མངོན་གྱུར་འབྱུང་ཡང་དང་དུ་མི་ལེན་པ་དང་། བྱིང་རྒོད་ཀྱི་སྒོ་བཀག་པས་སེམས་རྩེ་གཅིག་ཏུ་བྱེད་པ་དང་། གོམས་པ་ན་འབད་མེད་དུ་སེམས་མཉམ་པར་འཇོག་པའོ། ། དེའི་སྒྲ་ དོན་ནི། རྣམ་གཡེང་ཞི་ནས་དམིགས་པ་གང་ཡིན་པ་ལ་སེམས་འཇོག་ཏེ་གནས་པའོ། །དམིགས་པ་ལ་ཡང་མཚན་མ་ལ་དམིགས་པ་དང་། མཚན་མེད་ལ་དམིགས་པ་གཉིས་སོ། །ཞི་གནས་རང་གི་ངོ་བོ་ལ་ཡང་འཇིག་རྟེན་པས་བསྡུས་པ་དང་། འདས་ལམ་གྱིས་ 4-1-172b བསྡུས་པ་གཉིས་སོ། །དེས་ལས་སུ་བྱ་བ་ཅི་རྩོམ་པའི་རྟེན་བྱེད་ཅེ་ན། ཡང་དག་པའི་ཤེས་རབ་སྐྱེ་བའི་རྟེན་བྱེད་དོ། །ཡེ་ཤེས་ཡོངས་གྲུབ་ཀྱི་གཟུགས་སོགས་རྣམ་དག་གི་དམིགས་པ་གང་ཡིན་པ་ལ་ཀུན་བཏགས་པའི་ངོ་བོ་དངོས་པོའི་གཟུགས་སོགས་ཀྱིས་སྟོང་པའི་ཡེ་ཤེས་ ནི་སྐྱོན་མེད་པའི་སར་ཞུགས་པ་རྣམས་ཀྱི་ལྷག་མཐོང་ཡིན་ལ། གཞན་དུ་ན་ལྷག་མཐོང་གི་སྤྱི་ཙམ་ནས་ངོས་འཛིན་ན། རིག་པ་དྲི་མ་མེད་པའི་སྟོབས་ཀྱིས་དྲངས་པའི་གནས་ཚུལ་ཇི་ལྟ་བ་ལ་སྒྲོ་འདོགས་ཆོད་པའི་ཤེས་རབ་བོ། ། དེ་ལའང་དབྱེ་ན། ཡུལ་དང ་ཡུལ་ཅན་གྱི་ཆ་གཉིས་ཀར་དམིགས་པའི་གང་ཟག་དང་། ཆོས་ཀྱི་བདག་ལ་ལྟ་བ་སྤངས་པའི་བདག་མེད་རྣམ་པ་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་ཤེས་རབ་བམ། ལྷག་མཐོང་ཡང་གཉིས་སུ་ཡོད་དོ། །དེའི་སྒྲ་དོན་ནི། ཇི་ལྟར་དོན་ལ་གནས་པ་དེ་ལ་ དཔྱད་ནས་ཞུགས་པས་དེ་མི་བསླུ་བར་ལྷག་གིས་མཐོང་བའམ་ཐོབ་པའོ། །དཔྱད་པ་དང་ཞུགས་པའི་ལྷག་མཐོང་ནི་མོས་པས་སྤྱོད་པ་ན་ཡང་ཡོད་ཅིང་། ཐོབ་པའི་ལྷག་མཐོང་ནི་འདས་ལམ་ཁོ་ན་ལའོ། །དེ་ལྟ་བུའི་ལྷག་མཐོང་གིས་ནི་མ་རྟོགས་པའི་བློ་སྟེ་ ལོག་རྟོག་དང་ཐེ་ཚོམ་གསུམ་ག་དྲུངས་འབྱིན་པར་བྱེད་པ་ཡིན་ནོ། །དེ་ལྟར་གོ་བགོས་པའི་སེམས་དཔའི་རྣམ་མཁྱེན་དེའི་ཡོངས་གྲུབ་ཀྱི་ཆོས་ཉིད་རྣམ་པ་ཐམས་ཅད་པའི་གཟུགས་སོགས་གཞོམ་དུ་མེད་པ་གང་ཡིན་པ་ནི་མ་བཅིངས་པ་དང་མ་གྲོལ་བའི་ཡེ་ཤེས་ ཡིན་པས། དེ་ཉིད་ལ་ཐབས་རྒྱ་ཆེ་བ་དང་ཤེས་རབ་ཟབ་པ་གཉིས་ཀ་ཚང་བས་དེ་ཚང་བ་ལྟར་ཟུང་དུ་འབྲེལ་བའི་ལམ་གང་ཡིན་པ་དེའོ། །དེ་ལྟ་བུའི་བཅུ་པོ་དེ་ནི་ཐེག་པ་ལ་གནས་ནས་གོ་ཆ་ཆེན་པོ་སྒོམ་པར་འཇོག་བྱེད་ཡིན་ལ། བརྩེ་བ་ནི་བསམ་པ་རྣམ་དག་གི་ 4-1-173a ཆོས་དང་། སྦྱིན་སོགས་ནི་སྦྱོར་བ་ཁྱད་པར་ཅན་གྱི་ཆོས་དང་། ཞི་གནས་དང་ལྷག་མཐོང་ཐབས་ཤེས་ཟུང་འབྲེལ་གྱི་ལམ་གསུམ་ནི་སྲིད་ཞི་གཉིས་སུ་མི་ལྟུང་བར་འཛིན་པའི་ཆོས་སོ། །དེའི་ལྷག་མ་བདུན་གྱིས་ནི་ཐེག་པ་རང་གི་ངོ་བོ་བསྟན་ལ་ དེའང་བགྲོད་བྱེད་ལམ་གྱི་ངོ་བོ་དང་། མཐར་ཕྱིན་པའི་རྒྱུ་གཉིས་ལས། དང་པོས་ནི་ཐབས་མཁས་ཀྱི་ཁྱད་པར་དང་། ཡེ་ཤེས་ཀྱི་རྒྱུ་དང་། བསོད་ནམས་ཀྱི་ངོ་བོ་དང་། གཟུངས་ཀྱི་བྱེད་ལས་ཏེ་བཞི་བསྟན་ཏོ། །གཉིས་པ་ནི་ས་དང་གཉེན་པོའོ། །དེ་དག་གིས་ནི་ལམ་ གྱི་འགྲོས་བཤད་ནས། འཕྲོས་ཀྱི་འབྲུ་མུ་ནས་གཉེར་བ་ནི། ཆོས་ཐམས་ཅད་ལ་དམིགས་པ་མེད་པར་ཕྱིན་དྲུག་གི་ཐབས་ལ་མཁས་པ་གང་ཡིན་པ་དེས་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པ་དང་། ཡེ་ཤེས་དང་ནི་ཞེས་པའི་ཡེ་ཤེས་དེ་གློ་བུར་བའི་ཆོས་ཐམས་ཅད་ ཀྱིས་སྟོང་པའི་ཆོས་ཉིད་དེ་ཆོས་ཀྱི་དབྱིངས་ཡིན་པ་དང་། དེ་རང་ཉིད་ལ་རང་རིག་པ་ཡང་ཡིན་པས་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་པའི་ཡུལ་ཅན་རྣམ་དག་དེ་ཉིད་ཡིན་ནོ། །དེ་ལྟ་བུའི་སྟོང་ཉིད་དང་ཡེ་ཤེས་དེ་ལ་ནི་མ་སྐྱེས་པའི་སྟོང་ཉིད་དང་ཡེ་ཤེས་སུ་བརྗོད་དེ། ཇི་སྐད་ དུ། མ་སྐྱེས་པ་ཡི་སྟོང་ཉིད་མཆོག །སྐྱེས་པའི་སྟོང་པ་འཇིག་པ་ཡིན། །ཅེས་གསུངས་པ་དང་། རྒྱལ་བ་བྱམས་པས། མེད་པ་དང་། ཡོད་པ་དང་། རང་བཞིན་གྱི་སྟོང་ཉིད་གསུམ་ཡོད་པ་ལས། ཡོངས་གྲུབ་རང་བཞིན་གྱི་སྟོང་ཉིད་དང་། ཡེ་ཤེས་མ་ཤེས་པར་ དེའི་སྟོང་ཉིད་དང་། ཡེ་ཤེས་མི་ཤེས་པ་ཁོ་ནར་གསུངས་ལ། ཡང་གལ་ཏེ་འགའ་ཞིག་རྗེ་བཙུན་གྱིས་དེ་ལྟར་གསུངས་པ་དང་། ཡུམ་གྱི་མདོར་ཡང་ཡོངས་གྲུབ་ཀྱི་ཆོས་ཉིད་སྟོང་ཉིད་དུ་གསུངས་པ་ཤིན་ཏུ་ཡང་བདེན་པ་འཐད་དེ། དེ་ལྟར་གྱི་ཚེ་དེ་རང་སྟོང་དུ་གསུངས་ 4-1-173b ཀྱི། གཞན་སྟོང་དུ་མ་གསུངས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། མདོར། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་བསྟན་པས། གློ་བུར་བའི་སེམས་རང་སྟོང་ཡིན་པས་མ་མཆིས་པ་དང་། རང་བཞིན་འོད་གསལ་གཞན་སྟོང་ ཡིན་པས་འོད་གསལ་བའོ་ཞེས་མི་སྟོང་པར་བསྟན་པ་དང་། རྗེ་བཙུན་གྱིས། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཅེས་ཆོས་ཉིད་བླ་ན་མེད་པ་གང་ཡིན་པའི་ཆོས་དེ་རང་གི་ངོ་བོ་མི་སྟོང་པར་གསུངས་ལ། དོན་དེ་གསལ་བར། འཕགས་པ་འཇམ་པའི་དཔལ་གྱིས། ཕུང་པོ་ རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཅེས་ཕུང་པོ་སོགས་ཀུན་བཏགས་པ་དང་། གཞན་དབང་གི་ཆོས་ཐམས་ཅད་རང་གི་ངོ་བོ་ལ་རྣམ་པར་དཔྱད་པ་ན། རང་གི་ངོ་བོ་སྟོང་པ་ཉིད་ དེ། དཔེར་ན་ཆུ་ཤིང་སྙིང་པོ་མེད་པ་བཞིན་ཡིན་ལ། ཡོངས་གྲུབ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་དེ་ནི་སྤྱིར་དཔྱད་མི་ནུས་པ་དང་། ཇི་ལྟར་དཔྱད་ཀྱང་རང་གི་ངོ་བོས་སྟོང་པ་དེ་ལྟར་འགྱུར་བ་མ་ཡིན་ཏེ། དེ་ལྟ་བུའི་ཡེ་ཤེས་མཆོག་དེ་ཉིད་ལས་གཞན་དུ་མི་ འགྱུར་བའི་ཕྱིར་ཞེས་གསུང་ངོ་། ། འགའ་ཞིག་གིས་གཞན་སྟོང་གི་སྟོང་པ་ཉིད་ཀྱིས་སྟོང་ཉིད་ཀྱི་གོ་མི་ཆོད་དེ། དེའི་རང་ངོ་སྟོང་ཉིད་མ་ཡིན་པས་སོ་ཞེས་ཟེར་རོ། །དེ་ནི་འཐད་པ་མ་ཡིན་ཏེ། སྟོང་ཉིད་ཡིན་པ་ལ་སྟོང་གཞི་དང་སྟོང་བྱ་དང་གང་གིས་གང་སྟོང་པའི་རྣམ་ གཞག་མེད་པའི་སྟོང་ཉིད་དེ་སྟོང་ཉིད་གོ་ཆོད་པོ་མ་ཡིན་པར་ཐེག་ཆེན་གྱི་ཆོས་མངོན་པ་ལས་བཤད་པ་དང་། སྟོང་ཉིད་གོ་ཆོད་པོ་དེ་སྟོང་བྱ་གང་གིས་སྟོང་གཞི་གང་ཡིན་པ་སྟོང་པའི་སྟོང་ཉིད་དེ་སྟོང་པ་གོ་ཆོད་དུ་གསུངས་ཀྱི། རང་གི་ངོ་བོས་སྟོང་པའི་སྟོང་པས་སྟོང་ཉིད་ 4-1-174a གོ་ཆོད་པོར་བརྩི་ན། རང་གི་ངོ་བོ་རང་ལ་མི་གནས་པ་ཞིག་ལ་རང་སྟོང་དུ་བཤད་པས། དེ་ལྟར་ན་མོ་གཤམ་གྱི་བུ་སོགས་ཆད་སྟོང་ཐམས་ཅད་ཀྱང་སྟོང་ཉིད་གོ་ཆོད་པོར་ཐལ་བས་མི་རུང་ངོ་། །གཞན་ཡང་གཞན་སྟོང་གི་རང་ངོ་མི་སྟོང་པའི་ཉེས་པ་ ཡང་ཡོད་པ་མ་ཡིན་ཏེ། གཞི་དེ་ལ་ཁྱད་པར་གཞན་རྣམས་རང་རང་ངོ་བོས་སྟོང་པའི་སྟོང་པ་ཉིད་ལ་གཞན་སྟོང་གི་མིང་སྦྱར་བ་ཡིན་པས། གཞན་སྟོང་གི་རང་ངོ་མི་སྟོང་པར་མི་འགྱུར་རོ། །དེའི་རྒྱུ་མཚན་གཞི་དེ་དང་དེས་སྟོང་པའི་ཚོགས་དོན་དེ་ལ་གཞན་སྟོང་གི་ མིང་སྦྱར་བ་ཡིན་གྱི། ཆོས་ཉིད་ཀྱི་གཞི་དེ་ནི་རང་གི་ངོ་བོས་སྟོང་པར་ནི་མི་འདོད་དེ། དེ་གཞན་སྟོང་ཡང་མ་ཡིན་པས་གཞན་སྟོང་མ་ཡིན་ན་རང་སྟོང་ཡིན་པ་ནི་ལྟ་ཡང་སྨོས་པ་མ་ཡིན་ནོ། །འོན་ཏེ་འདིས་གཞན་སྟོང་གི་སྟོང་གཞི་བྱེད་ཀྱི། རང་སྟོང་གི་སྟོང་གཞིར་ནི་ མི་རུང་ངོ་། །དེའི་རྒྱུ་མཚན་ཆོས་ཅན་གཞན་གྱི་སྟོང་བྱ་ཟིན་པའི་སྟོང་ཉིད་དང་རིས་མཐུན་དེ་དེའི་སྟོང་གཞིར་རུང་ལ། ཅིག་ཤོས་ལ་དེར་མི་རུང་བས་སོ། །རིས་མཐུན་པའི་དོན་ནི། གཞན་དྲི་མ་གློ་བུར་བ་རྣམས་ཟད་པ་དང་། མི་སྐྱེ་བར་ཤེས་པའི་ཤེས་རབ་ སྟོང་ཉིད་དེ་དང་། སྙིང་པོའི་ཆོས་ཉིད་ཀྱི་གཞི་དེ་དམིགས་རྣམ་མཐུན་པ་ཡིན་ནོ། །ཅིག་ཤོས་ནི་དེ་དང་དམིགས་རྣམ་མི་མཐུན་པའི་རྒྱུ་མཚན་གློ་བུར་བའི་ཆོས་ཐམས་ཅད་རང་གྲུབ་ཙམ་ནས་མི་རྟག་པར་རང་གི་ངོ་བོ་འགག་པའི་ཚུལ་གྱིས་སྟོང་པ་ཡིན་པས། དེ་ དང་ནི་དམ་པའི་ཆོས་ཉིད་ཀྱི་གཞི་དམིགས་རྣམ་མཐུན་པ་མ་ཡིན་ཏེ། ཆོས་ཉིད་ཀྱི་གཞི་དེ་ནི་མི་རྟག་པ་དང་རང་གི་ངོ་བོ་གྲུབ་ཙམ་ནས་འཇིག་པ་དང་། འགག་པ་དང་སྐྱེ་བ་གང་ཡང་ཡོད་པ་མ་ཡིན་པའི་ཕྱིར་ན་དེ་དང་དམིགས་རྣམ་མཐུན་པ་མིན་ནོ། །གཞན་དྲི་ 4-1-174b མ་ཟད་མི་སྐྱེ་ཤེས་པའི་ཤེས་རབ་ནི། རྟག་པ་མི་འགྱུར་བའི་ཆོས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཉིད་ལ་དམིགས་པའི་ཚེ་ན་དམིགས་རྣམ་མཐུན་པས་སོ། །གཞན་སྟོང་གི་རང་ངོ་རང་སྟོང་ཡིན་པའི་རྒྱུ་མཚན་གཞན་ཡང་ཡོད་དེ། ཆོས་ཅན་གློ་བུར་བ་ གཞན་གྱིས་སྟོང་བཞིན་པའི་གཞན་སྟོང་དེ་ཆོས་ཅན། གཞི་ལས་གཞན་པ་གློ་བུར་དྲི་མ་དེ་རང་གི་ངོ་བོ་སྐད་ཅིག་ཏུ་མི་སྡོད་པར་སྟོང་བཞིན་པ་ཅན་ཡིན་ཏེ། ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། རྒྱུ་མཚན་དེས་ན་གཞན་སྟོང་ཡིན་པ་ལ་རང་སྟོང་ཡིན་ པས་ཁྱབ་པ་ཞིག་ངེས་པར་ཁས་ལེན་དགོས་ལ། རང་སྟོང་དུ་ཁས་ལེན་པའི་སྟོང་ཉིད་དེ་སྟོང་ཉིད་གོ་ཆོད་དུ་ཁས་ལེན་ན་ནི་རང་སྟོང་ལས་གཞན་པའི་གཞན་སྟོང་ཁས་ལེན་པར་མི་རུང་ངོ་། ། འོ་ན་ཆོས་ཉིད་ཀྱི་གཞི་དེ་གཞན་སྟོང་དང་རང་སྟོང་གཉིས་ཀ་མ་ཡིན་ པའི་རྒྱུ་མཚན་ནི། དེ་རང་དང་གཞན་གྱིས་སྟོང་མི་སྟོང་གི་ཁྱད་པར་དུ་མ་བྱས་པའི་སྟོང་ཉིད་ཙམ་དུ་ཡང་མི་རུང་སྟེ། སྟོང་པ་དང་མི་སྟོང་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། དེས་ན་སྤྲོས་པ་དང་བྲལ་བའི་ངོར་ཆོས་ཉིད་ཀྱི་གཞི་དེ་ལ་ རང་གཞན་གྱིས་སྟོང་པའི་མཚན་མ་གང་ཡང་མི་འབྱུང་བ་ཡིན་ནོ། །སྤྲོས་པ་དང་བཅས་པའི་ངོར་ནི་རང་དང་གཞན་གྱིས་སྟོང་པའི་སྟོང་ཉིད་གཉིས་པོ་ལ་གཞན་སྟོང་མཆོག་ཡིན་ཅིང་རང་སྟོང་དམན་པ་ཡིན་ལ། དེའི་རྒྱུ་མཚན་རང་སྟོང་གི་གནས་ཚུལ་ཇི་ལྟ་བར་མ་རྟོགས་ ན། གཞན་སྟོང་གི་གནས་ཚུལ་མི་རྟོགས་པའམ་མི་དཔོགས་པ་ཡིན་ནོ། །རང་སྟོང་གོ་ཞིང་དཔོགས་པ་ལ་ནི་གཞན་སྟོང་གི་གནས་ཚུལ་མ་གོ་ཡང་རང་སྟོང་གི་གོ་བ་དཔོགས་པ་ནི་བདེ་བླག་ཏུ་འགྲུབ་བོ། །དེ་ནི་མྱོང་བས་ངེས་པའི་ཚད་མ་ཡིན་པས་སྐལ་བ་ 4-1-175a དང་ལྡན་པ་དག་འདི་ལ་ཡིད་རྟོན་ཅིག ། འདིར་སྨྲས་པ། གཞན་མཆོག་སྟོང་ཉིད་སེང་གེའི་སྒྲ་སྒྲོགས་པ། ། གང་དེས་རང་སྟོང་ཝ་སྐད་སྒྲོག་ཤེས་ཀྱང་། ། རང་སྟོང་ངན་པའི་ཝ་སྐད་འབྱིན་པ་དེས། ། གཞན་སྟོང་ཟབ་མོའི་སེང་སྐད་ཅི་སྟེ་ ཐོས། ། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་བཞག་ནས་བསོད་ནམས་ཀྱི་ཚོགས་གསོག་པར་བྱེད་པ་དང་ཞེས་གསུངས་པས། སྐབས་འདིར་ཡང་ཏིང་ངེ་འཛིན་གསུངས་པ་དང་། གོང་དུ་ཆོས་མཆོག་སྐབས་སུ་ཏིང་ངེ་ འཛིན་རྣམས་བསྟན་པའི་ཁྱད་པར་ནི། གོང་དུ་བཤད་པའི་མཐར་ཐུག་གི་བྱེད་པས་མྱུར་དུ་འཚང་རྒྱ་བར་བཤད་པ་ལས། འདིར་ཟུར་དུ་བཀོལ་ནས་གནས་སྐབས་ཏིང་ངེ་འཛིན་གྱི་བྱེད་པ་བྱེ་བྲག་ཏུ་བཤད་པའི་དགོས་པ་ནི། སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཟག་མེད་ འདས་ལམ་གྱིས་སེམས་རྣམ་གཡེང་གི་རྟོག་པའི་བྱ་བ་མི་བྱེད་པ་གཙོར་བྱེད་པའི་ཏིང་ངེ་འཛིན་འདིར་བསྟན་པ་ཡིན་ནོ། །དེས་ན་འདིར་བསྟན་གྱི་ཏིང་ངེ་འཛིན་དེ་ཁམས་གསུམ་པའི་བསམ་གཏན་དང་མ་འདྲེས་པ་ཡིན་ནོ། ། ལམ་དང་ཞེས་པ་ལ་མདོ་དང་སྦྱོར་ན། འདིར་ལམ་ གྱི་རྣམ་པར་གཞག་པ་རྒྱས་པར་བཤད་ལ། འདིར་གྲངས་རགས་རིམ་ཙམ་འདྲེན་ན་འདི་ལྟ་སྟེ། བྱང་ཕྱོགས་སོ་བདུན་ལས་རིམ་བཞིན་དྲན་པ་ཉེར་གཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་དོ། །མཚན་ཉིད་གསུམ་གྱི་ཆོས་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མེད་སྨོན་གསུམ་སྟེ་རྣམ་ཐར་སྒོ་གསུམ་མོ། ། ཤེས་པ་བཅུ་གཅིག་ནི། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། 4-1-175b ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ཡོངས་སུ་འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་པ་ཤེས་པའོ། ། དབང་པོ་གསུམ་ནི། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་ པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་ལྡན་པའི་དབང་པོ་སྟེ་གསུམ་མོ། ། ཏིང་ངེ་འཛིན་གསུམ་ནི། རྟོག་དཔྱོད་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། མི་དཔྱོད་མི་རྟོག་པའི་ཏིང་ངེ་འཛིན་ཏེ་གསུམ་མོ། ། རྗེས་དྲན་བཅུ་ནི། དཀོན་མཆོག་གསུམ་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་དང་། སྐྱེ་བ་དང་། འཆི་བ་དང་། ལུས་སུ་རྟོག་པ་དང་། དབུགས་དབྱུང་རྔུབ་དྲན་པ་སྟེ་བཅུའོ། ། ཚད་མེད་བཞི་ནི། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞིའོ། ། དེ་ ལྟ་བུའི་ཡོན་ཏན་དང་ལྡན་པའི་བྱང་སེམས་ལ་ཡོན་ཏན་གསུམ་གསུམ་དང་ལྡན་པ་ཡིན་ཏེ། བསམ་པའི་དང་། འཕེལ་བའི་དང་། དམིགས་པའི་སྟེ་ཆེ་བའི་ཡོན་ཏན་གསུམ་དང་། གཅིག་པ་ཉིད་ཀྱི་ཡོན་ཏན་དང་། གནོད་པ་མེད་པའི་ཡོན་ཏན་ལ་ཡང་ཕྱི་རོལ་ དང་། ནང་གི་དང་། ཕྱི་རོལ་སེམས་ཅན་གྱིས་བྱས་པའི་དང་། ཕྱི་རོལ་གྱི་འདུ་བྱེད་ལས་གྱུར་པའི་གནོད་པ་མེད་པ་གསུམ་མོ། ། གཞན་ཡང་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དང་། རྣམ་ཤེས་ དང་། ཅི་ཡང་མེད་དང་། འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །རྣམ་ཐར་བརྒྱད་ལ། གཟུགས་མེད་ཀྱི་རྣམ་ཐར་བཞི་དང་། གཟུགས་ཅན་གཟུགས་ལ་ལྟ་བ་དང་། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བ་དང་། ཁྱད་པར་སྡུག་པ་དང་མི་སྡུག་པ་སྟེ་ 4-1-176a བརྒྱད་དོ། ། མཐར་གྱིས་སྙོམས་པར་འཇུག་པ་དགུ་ནི། བསམ་གཟུགས་བརྒྱད། འགོག་པའི་སྙོམས་འཇུག་དང་དགུའོ། ། གཞན་ཡང་སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། དེ་བཞིན་གཤེགས་པའི་མ་འདྲེས་ པའི་ཆོས་བཅོ་བརྒྱད་དེ་དྲན་ཉེ་ནས་མ་འདྲེས་པའི་བར་གྱི་ཆོས་ཚན་ཉེར་གཅིག་བསྟན་པ་ནི་འདིར་བསྟན་གྱི་ལམ་མོ། །གཟུངས་དང་ཞེས་པ་ནི། རང་དང་གཞན་གྱི་རྒྱུད་ལ་ལེགས་པའི་ལམ་གཟུང་བ་སྟེ། དེའི་སྐད་དོད་དུ་དྷཱ་ར་ཞེས་འབྱུང་ལ། དེ་ཡང་འཛིན་པར་བྱེད་ པ་ལ་འཇུག་པས་འཛིན་པ་དེ་གཟུང་བར་བྱེད་པས་ན་གཟུངས་སོ། །དེ་ཡང་མདོར། ཡི་གེའི་ཚུལ་མཉམ་པ་ཉིད་དང་། བརྗོད་པ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེས་རབ་ཏུ་འཇུག་པའོ། །ཞེས་བསྟན་པའི་དོན་ཨ་ཞེས་པ་ནས། ཧ་ཞེས་བྱ་བའི་བར་གྱིས་ ཡི་གེའི་ངོ་བོ་དང་། རྣམ་པ་ཐམས་ཅད་སྐྱེ་མེད་དུ་མཉམ་པ་ཉིད་དང་། དེ་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཀྱང་མ་སྐྱེས་པར་མཉམ་པ་དང་། ཡི་གེ་ལྟ་བུའི་སྒོ་ནས་འཇུག་པ་ལ་བརྟེན་ནས་ཚིག་དང་དོན་གྱི་གཟུངས་རྣམས་བདེ་བླག་ཏུ་རྟོགས་ནུས་པ་དང་། ཡི་གེ་དང་དེ་ལ་ བརྟེན་ནས་ཆོས་ཉིད་རྟོགས་པ་ལ་རབ་ཏུ་འཇུག་པས་ཡི་གེ་རབ་འཇུག་ཅེས་བྱའོ། །དེས་ན་ཡི་གེ་ཨ་ལྟ་བུ་ཞིག་གི་སྒྲ་དོན་ལ་བརྟགས་ནས་སྐྱེ་བ་མེད་པར་རྟོགས་པ་ན། ཆོས་ཐམས་ཅད་ལ་ཚུལ་དེས་རྒྱས་བཏབ་སྟེ་བསྒོམས་པས་རྨོངས་པ་སེལ་ཐུབ་པའི་གཟུངས་ཀྱི་སྒོ་ རྣམས་མངོན་དུ་བྱེད་ནུས་པས། དེ་བཞིན་དུ་ར་པ་ཙ་ན་སོགས་ཡི་གེ་འབྲུ་ཞེ་གཉིས་ཙམ་འབྱུང་བ་ཐམས་ཅད་ཀྱི་སྒྲ་དོན་རྡུལ་དང་བྲལ་བ་སོགས་ལ་འཇུག་པར་མཐོང་ནས་གཟུངས་ཐོབ་པའི་རྒྱུར་འགྱུར་རོ། ། དེ་ཉིད་གྲུབ་པ་འགའ་ཞིག་གི་གསུང་གིས། གཟུངས་ཀྱི་ 4-1-176b ཡི་གེ་གཞོམ་མེད་ཡིན་པའི་ཕྱིར། །དེ་ལ་དམིགས་ནས་མཉམ་པར་བཞག་པ་ན། །དམིགས་པོའི་རིག་རྒྱུན་འགགས་ནས་ཆོས་ཀྱི་དབྱིངས། །ཨ་ར་པ་སོགས་རྡོ་རྗེའི་དབྱངས་གསལ་རྣམས། །མཁའ་ལ་འཆར་ཚེ་འཕགས་པས་གཟུངས་ཐོབ་འགྱུར། །ཞེས་ཀྱང་ གསུང་ངོ་། །དེས་ན་ཨ་ལྟ་བུའི་གཟུངས་ཀྱི་སྒོ་གཅིག་གིས་ཆོས་ཐམས་ཅད་ལ་རྒྱས་གདབ་སྟེ་སྒོམ་པའི་རྒྱས་འདེབས་ཀྱི་ཚུལ་འདི་ལ་མདོར། དེ་བཞིན་གཤེགས་པའི་ཕྱག་རྒྱའི་རྒྱས་འདེབས་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱས་འདེབས་སུ་གསུངས་ལ། སྔགས་ཀྱི་ཐེག་ པར་ནི། ལས། ཆོས། དམ་ཚིག །ཆེན་པོ་སྟེ་བཞིས་རྒྱས་འདེབས་པར་གསུངས་པས། ཟབ་མོའི་དོན་མཐར་ཐུག་པ་བསྒོམ་པའི་ཐབས་ནི་འདི་ཉིད་ཡིན་པ་ལ། དེང་སང་ལ་ལ་ཞིག་སྟོང་ཉིད་རྒྱས་འདེབས་སུ་བསྒོམས་པའི་སྒོམ་པས་སྟོང་ཉིད་བསྒོམས་པའི་གོ་མི་ཆོད་ པར་སྨྲ་མཁན་ཤིན་ཏུ་མང་ཡང་། དེ་ལྟར་ན་མདོ་རྒྱུད་ཐམས་ཅད་དུ་ཕྱག་རྒྱའི་རྒྱས་འདེབས་ཀྱི་སྒོམ་རིམ་རྣམས་ལ་སྐུར་བ་བཏབ་པར་འགྱུར་བས་དེ་ལྟར་མི་སྨྲ་བར་བྱོས་ཤིག། དེས་ན་རྒྱས་འདེབས་ཀྱི་དོན་ནི་འདི་ཡིན་ཏེ། དབུ་མ་ལྟ་བུའི་སྒོམ་རིམ་འགའ་ཞིག་ལ་ནི་ཆོས་ ཅན་གཅིག་རིག་པས་དཔྱད་ནས་མ་རྙེད་པའི་རིག་པ་དེས་ཆོས་ཅན་གཞན་ཐམས་ཅད་ལ་དེ་ལྟར་རྒྱས་བཏབ་ནས་བསྒོམ་པར་གསུངས་པ་དང་། སྔགས་ཀྱི་ཐེག་པར་མཚོན་ན། ཐ་མལ་གྱི་ཆོས་ཅན་ཅིག་མི་སྣང་བར་བདེ་བ་ཆེན་པོའི་སྟོང་ཉིད་དུ་བཅུག་པའི་རིམ་པ་དེས་ཐ་ མལ་གྱི་སྣང་བ་ཐམས་ཅད་ལ་དེ་ལྟར་རྒྱས་བཏབ་ནས་བསྒོམ་པ་ཡིན་ལ། དེ་ནི་ཞར་ལ་འོངས་པའོ། ། གཟུངས་ཀྱི་སྐབས་འདིར། ཉི་སྣང་ལས། ཡི་གེའི་མཚན་མར་བྱེད་པ་དེ་དང་དེས་བསྐལ་པ་མང་པོར་ཆོས་སྟོན་པའི་རྒྱུའི་དྲན་པ་གཏུགས་པ་མེད་པར་འགྱུར་བའི་ཕྱིར་དང་། 4-1-177a དྲན་པའང་ཡི་གེ་དང་དོན་འཛིན་པ་ཉིད་ཀྱིས་གཟུངས་ཡིན་པས་སོ། །ཞེས་གསུངས་སོ། །དེ་ལྟ་བུའི་གཟུངས་ལ་དབྱེ་ན་བཞི་ཡོད་པ་ལས། དང་པོ་ཚིག་གི་གཟུངས་ནི། སར་ཞུགས་པའི་སེམས་དཔའ་རྣམས་ལ་ཆོས་ཉན་པ་ན། སྔར་མི་ཤེས་ཤིང་མ་ཐོས་ པའི་མིང་ཚིག་ཡི་གེར་གཏོགས་པའི་ཆོས་རྒྱ་ཆེན་པོ་རྣམས་ཐོས་པའི་རིམ་པ་དེ་ཉིད་ཀྱིས་མི་བརྗེད་པར་འཛིན་ནུས་པའོ། ། གཉིས་པ་དོན་གྱི་གཟུངས་ནི། ཆོས་དེ་རྣམས་ཀྱི་དོན་ཚད་མེད་པ་དེ་དུས་དཔག་པ་མེད་ཅིང་ཚད་མེད་པར་འཛིན་པའི་དྲན་ཤེས་སོ། །དེ་ལ་དོན་ཚད་མེད་ པ་ནི། དེ་ཡུལ་ཅན་དུ་བྱེད་པའི་བློས་ཇི་སྲིད་བར་གཞལ་ཡང་མཐའ་མི་མངོན་པ་ལ་བྱའོ། །དུས་ཚད་མེད་པ་ནི་ཚེ་རབས་ཚད་མེད་པ་ལ་བྱའོ། །འདི་ལྟ་བུའི་གཟུངས་ལ། ས་དང་པོ་ནས་གཟུངས་དང་སར་གཟུངས་ཚད་མེད་པ་དང་གྲངས་མེད་པ་དུ་མ་ཐོབ་པར་གསུངས་ སོ། ། གསུམ་པ་འཕགས་པ་འཐོབ་བྱེད་ཀྱི་གཟུངས་ནི། ཨ་སོགས་ཀྱི་ཡི་གེ་ལ་བརྟེན་ནས་བཟོད་པ་ཆེན་པོ་ཐོབ་ཅིང་། བཟོད་པ་དེ་ལ་བརྟེན་ནས་འདས་ལམ་གྱི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ཏེ། བྱང་ས་ལས། མོས་པས་སྤྱོད་པའི་ས་བཟོད་པ་ཆེན་པོ་ལ་གནས་ པར་འགྱུར་ཏེ། འདིས་ནི་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། ། བཞི་པ་གསང་སྔགས་ཀྱི་གཟུངས་ནི། སར་ཞུགས་པའི་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་མཐུས་སྔགས་འབྲས་བྱིན་གྱིས་ བརླབས་ནས་སྔགས་དེས་འགོ་བའི་རིམས་ནད་སོགས་ཞི་བར་བྱེད་པའོ། །དེ་ལྟར་གྱི་ཚེ་གསང་སྔགས་དངོས་ནི་ཆོས་ཉིད་དང་དེའི་མཐུ་ཡིན་ལ། སྔགས་ཚིག་ནི་དེས་ཁྱད་པར་དུ་བྱས་པའི་ངག་གོ། འདི་བཞི་ཀ་ལ་གཟུངས་ཞེས་སྦྱར་བའི་དོན་ནི། སྔ་མ་གཉིས་གཟུངས་ 4-1-177b དངོས་ཡིན་པས་གཟུངས་ཞེས་སྦྱར་ལ། ཕྱི་མ་གཉིས་ལའང་ཟད་མི་སྐྱེ་ཤེས་པའི་བཟོད་པ་རྒྱུད་ལ་འཛིན་པས་ན་གཟུངས་དང་སྔགས་རྟེན་གྱི་ཚིག་འབྲུ་རྣམས་ཀྱིས་སྔགས་འབྲས་བྱིན་རླབས་འཛིན་པར་བྱེད་པས་ན་གཟུངས་ཞེས་སྦྱར་ལ། དེ་ལྟར་དེ་དང་དེས་འཛིན་པའི་ རྒྱུ་མཚན་ཅི་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ལས་གཞན་ཁོ་བོ་ལ་རྒྱུ་མཚན་བསྙད་རྒྱུ་ཅི་ཡང་མེད་དོ། །དེ་ལྟར་བཞིར་དབྱེ་བའི་རྒྱུ་མཚན་ཅི་ཞེ་ན། དང་པོ་ལ་གཉིས་སུ་འབྱེད་པ་ནི་ཡུལ་ཚིག་དོན་གཉིས་ཡོད་པ་ལས། དེ་ཡུལ་ཅན་དུ་བྱེད་པའི་གཟུངས་གཉིས་ སུ་འབྱེད་དོ། །ཐ་མ་ལ་གཉིས་སུ་འབྱེད་པ་ནི། རང་དོན་གྱི་བྱེད་པ་དང་གཞན་དོན་གྱི་བྱེད་པ་གཉིས་སུ་ཡོད་པས་གཉིས་སུ་འབྱེད་དོ། །གཟུངས་དེའི་རྒྱུ་ནི་རྣམ་པ་གསུམ་སྟེ། རྣམ་པར་སྨིན་པ་དང་། ཐོས་པ་དང་གོམས་པ་དང་། ཏིང་ངེ་འཛིན་ལས་བྱུང་བའི་གཟུངས་ དང་གསུམ་མོ། །དང་པོ་ནི་རྣམ་སྨིན་གྱི་འབྲས་བུ་དང་། ཕྱི་མ་གཉིས་ནི་མཐོང་ཆོས་ཀྱི་འབྲས་བུའོ། །ཏིང་ངེ་འཛིན་ལས་བྱུང་བའི་གཟུངས་ལ་ཆེ་འབྲིང་ཆུང་གསུམ་ཡོད་དེ། ཆེ་བ་ནི་དག་ས་དང་། འབྲིང་ནི་མ་དག་ས་དང་། ཆུང་ངུ་ནི་སར་མ་ཞུགས་པའི་རྒྱུད་ལ་ ཡོད་པའོ། །ཚིག་དང་དོན་འཕགས་པ་འཐོབ་བྱེད་ཀྱི་གཟུངས་གསུམ་པོ་ནི་སྦྱོར་ལམ་བཟོད་པ་ཡན་ནས་སངས་རྒྱས་སའི་བར་དུ་ཡོད་དོ། །གསང་སྔགས་ཀྱི་གཟུངས་ནི། ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་རོ། །དེ་ལྟའི་གཟུངས་ལ་ཚོགས་སྦྱོར་བའི་གཟུངས་ནི་བརྟན་ཅིང་རྒྱ་ཆེ་བ་མ་ཡིན་ལ། ས་ཐོབ་ནས་བརྟན་ ཅིང་རྒྱ་ཆེ་བའི་གཟུངས་སུ་བྱང་ས་ལས་གསུངས་སོ། །དེ་ལྟར་གཟུངས་ཀྱི་རྗེས་ཐོག་ཏུ་ས་བཅུའི་ཚོགས་སྒྲུབ་དང་། གཉེན་པོའི་ཚོགས་ཀྱི་སྒྲུབ་པའི་རིམ་པ་ཡིན་པར་མཁས་པས་ཤེས་པར་བྱའོ་ཞེས་བྱ་བ་གསུངས་ཏེ་ཞེས་ 4-1-178a བཀོད་དོ། །གཉིས་པ་ནི། བརྩེ་བ་སྙིང་རྗེ་ཆེན་པོའི་ཚོགས་སྒྲུབ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཞི་གནས་དང་། ལྷག་མཐོང་དང་། ཟུང་དུ་འབྲེལ་བའི་ ལམ་དང་། ཐབས་མཁས་པ་དང་། ཡེ་ཤེས་དང་། བསོད་ནམས་དང་། མཐོང་བ་དང་ལ་སོགས་པས་ལམ་ལྷག་མ་གཞན་དང་། ཚིག་དང་ལ་སོགས་པས་གཟུངས་ལྷག་མ་རྣམས་དང་། ས་དང་གཉེན་པོའི་ཚོགས་ཏེ་བཅུ་བདུན་པོ་འདི་རྣམས་རང་གི་ངོ་བོས་གྲུབ་ པའི་རང་བཞིན་དུ་མི་དམིགས་པས་ལྟ་བ་ལས་མ་གཡོས་བཞིན་དུ། ཀུན་རྫོབ་ཏུ་ས་དང་ལམ་གྱི་རྣམ་པར་གཞག་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་གྱི་དབང་དུ་བྱས་ནས་དེ་ཉིད་ཀྱི་བདེན་པ་ལས་མི་འདའ་བར་ཐེག་པ་ཆེན་པོའི་དོན་མཐའ་དག་སྒྲུབ་པར་བྱེད་པ་ཡིན་ལ། དེའི་ཕྱིར་སྙིང་རྗེ་ལ་སོགས་པའི་སྒྲུབ་པ་བཅུ་བདུན་པོ་འདི་དག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་པའི་ངོ་བོའི་ཐབས་ཡིན་པས། ཐབས་དེ་ལ་ནི་ལམ་གྱི་ཡན་ལག་མ་ཚང་བ་མེད་པར་ཚང་བའི་ཚོགས་དགོས་ཤིང་། རྒྱུའི་ཚོགས་པ་དེས་ ནི་འབྲས་བུ་བྱང་ཆུབ་ཆེན་པོ་འབྱིན་པར་བྱེད་པའི་ཕྱིར་ན། སྙིང་རྗེ་ཆེན་པོ་ལ་སོགས་པའི་སྒྲུབ་པ་བཅུ་བདུན་པོ་འདི་ནི་ཚོགས་ཡིན་པས། རྒྱུ་མཚན་དེས་ན་ཚོགས་ཀྱི་སྒྲུབ་པ་ཉིད་ལའང་རྣམ་པ་བཅུ་བདུན་དུ་གྲངས་ངེས་པ་ཡིན་ནོ། ། སྨྲས་པ། ཐེག་ཆེན་ལམ་ལ་ འཇུག་པའི་སྒྲུབ་པ་དང་། ། ཞུགས་ནས་གཞན་གྱི་དོན་ལ་གོ་བགོས་ཏེ། ། རང་གཞན་དོན་སྒྲུབ་ཚོགས་པ་བསགས་པ་ལ། ། མི་ངལ་བྱ་བ་བརྩམ་ཚུལ་བཤད་ཟིན་ཏོ། །གསུམ་པ་རྟོགས་དཀའ་བ་ཁྱད་པར་དུ་བཤད་པ་ལ་གསུམ། ཡེ་ཤེས་ཀྱི་ཚོགས་ཁྱད་པར་དུ་བཤད་ 4-1-178b པ། སའི་ཚོགས་ཁྱད་པར་དུ་བཤད་པ། གཉེན་པོའི་ཚོགས་ཁྱད་པར་དུ་བཤད་པའི་དང་པོ་ལ། སྤྱི་དོན་དང་། ཚིག་དོན་གཉིས་ལས། དང་པོ་ལ་ཡང་། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་ཀྱིས་ཇི་ལྟར་དམིགས་པའི་ཚུལ་བཤད་པ་དང་། སྟོང་ཉིད་ཀྱི་རྣམ་གྲངས་དེ་ལ་འདོད་ ཚུལ་མི་གཅིག་པ་བརྗོད་པ་དང་གཉིས་ལས། དང་པོ་ལའང་། ཐོག་མར་ཡུལ་སྟོང་པ་ཉིད་གང་ལ་ངོས་འཛིན་པའི་འཛིན་ལུགས་མི་འདྲ་བ་དུ་མ་ཡོད་པ་ལས། གཞན་སྟོང་སྨྲ་བའི་སེམས་ཙམ་པ་དང་ཐུན་མོང་བའི་ལུགས་ལ་ནི། སྟོང་གཞི་གཞན་དབང་གི་ སྟོབས་ཀྱིས་གཉིས་སུ་སྣང་བའི་ཤེས་པ་དང་། ཤེས་པ་དེས་བཞག་པའི་བག་ཆགས་སོ། །དེའི་སྟེང་གི་དགག་བྱ་ནི་ཀུན་ཏུ་བཏགས་པ་སྟེ། དེ་ལའང་གཉིས་སྣང་གི་ཆ་དང་། ཆ་རེ་རེ་ལའང་གང་ཟག་དང་ཆོས་ཀྱིས་སྒྲོ་བཏགས་པའི་ཆ་གཉིས་གཉིས་སོ། །དེས་ དེ་སྟོང་པའི་སྟོང་ཉིད་ནི་གཉིས་སྟོང་གི་དངོས་པོའོ། །དེ་ལའང་གང་ཟག་གི་བདག་མེད་རྟོགས་པ་ལྟ་བུ་ཉི་ཚེ་བ་དང་། ཆོས་ཀྱི་བདག་མེད་རྟོགས་པ་ལྟ་བུ་ཁྱབ་པའི་སྟོང་ཉིད་དོ། །དེ་ལྟར་གྱི་ཚེ་ཉི་ཚེ་བའི་སྟོང་ཉིད་དང་ཆོས་ཉིད་དང་དེ་བཞིན་ཉིད་རྣམས་ལ་ནི་ཉན་ རང་འཕགས་པས་ཀྱང་དམིགས་པ་ཡིན་ཏེ། ཊཱི་ཀ་ཆུང་དུ། ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པ་དེ་བཞིན་དུ་ཞེས་གསུངས་སོ། །འོན་ཏེ་ཉན་རང་འཕགས་པས་ཉི་ཚེ་བའི་སྟོང་ཉིད་སོགས་བཤད་མ་ཐག་པ་དེ་ལ་དམིགས་ ཤིང་། རང་གི་ངོ་སྐལ་གྱིས་རྙེད་པའི་འཕགས་པའི་ཆོས་ཀྱི་རྒྱུ་ཞིག་རྟོགས་ཀྱང་། ཆོས་ཀྱི་བདག་མེད་རྟོགས་པ་ནི་ལུགས་འདིར་མི་འདོད་དོ། །ལུགས་འདིར་རྒྱུ་མཚན་དེས་འཕགས་པ་འོག་མའི་དབང་དུ་བྱས་ན། མིག་སོགས་ནང་གི་ངོ་བོར་ནང་གི་ 4-1-179a བྱེད་པོས་སྟོང་པ་ལ་ནང་སྟོང་པ་ཉིད་ཀྱི་དོན་དུ་འཆད་པ་ནི་གང་ཟག་གི་གདགས་གཞི་ཕུང་ཁམས་སྐྱེ་མཆེད་རྣམས་ཡིན་པ་ལ། དེ་དང་དེ་རང་གི་ངོ་བོས་སྟོང་པར་བཤད་ན་ཆོས་ཀྱི་བདག་མེད་ཀྱི་དོན་དུ་ཐལ་བས། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ པར་མཐོང་བའི་མིག་ནི་འཕགས་པ་འོག་མ་ལ་མེད་དོ། །རང་སྟོང་སྨྲ་བའི་དབུ་མ་པ་དང་ཐུན་མོང་བའི་ལུགས་ལ་ནི། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་སྟོང་གཞིར་བཞག་ནས། དེའི་སྟེང་གི་དགག་བྱ་ནི་ཆོས་རྣམས་ལ་རང་རང་གི་ངོ་བོས་གྲུབ་པར་ཡོད་པའི་ཞེན་བློ་དེའོ། ། དེ་ལའང་ཆོས་རྣམས་ཀྱི་རང་གི་ངོ་བོ་ཞེས་པའི་ངོ་བོ་འདི་ལ་བདེན་པ་གཉིས་སུ་འབྱེད་དགོས་ཀྱི། དེ་ལྟར་གྱི་དོན་དམ་པའི་དབང་དུ་བྱས་ན། ཆོས་ཐམས་ཅད་ལ་ངོ་བོ་མེད་པས་ངོ་བོས་སྟོང་པ་དེ་དེའི་རང་བཞིན་ནམ་ངོ་བོ་ཡིན་ཅེས་ཐ་སྙད་ཟོར་ཡང་བའི་དབང་དུ་བྱས་པ་ཡིན་གྱི། དེ་ ཙམ་ལ་ཡང་བརྒལ་ཞིང་བརྟག་པའི་གནས་ནི་དུ་མ་ཞིག་ཡོད་དོ། །ཀུན་རྫོབ་ཀྱི་དབང་དུ་བྱས་ན་ནི། ཀ་བ་ལྟ་བུ་ཞིག་ལ་དཔེར་མཚོན་ན། ཀ་བའི་རྣམ་པ་དེ་ཉིད་ཀྱིས་གདུང་འདེགས་པ་སོགས་བྱེད་ལས་དང་ལྡན་པ་དེ་དེའི་ངོ་བོར་འཇོག་ལ། དེང་སང་མི་ཤེས་པ་མང་པོས་ནི་ ཀུན་རྫོབ་པའི་ཀ་བའི་རྣམ་པ་དང་ངོ་བོ་དང་རང་བཞིན་གསུམ་རྫས་ཐ་དད་དུ་ཁས་བླངས་ནས། རིགས་པ་དེས་ཆོས་ཐམས་ཅད་ལ་སྦྱར་ཏེ་བསམ་གཏན་པའི་ཁྲིད་ཡིག་མང་པོར་ཟབ་དོན་དུ་བྲིས་གདའ་བ་ལ་ནི་སྙིང་པོ་ཅུང་ཟད་ཀྱང་མེད་དེ། ཀ་བུམ་སོགས་ཀྱི་ངོ་བོ་དོན་བྱེད་ནུས་ སོགས་མངོན་སུམ་གྱིས་དམིགས་པ་ལས། དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པའམ་མ་དམིགས་པ་ཀ་བུམ་སོགས་ཀྱི་ངོ་བོ་རྫས་སུ་ཡོད་པ་ནི་སྣང་དུ་མི་རུང་བའི་ཕྱིར་ཡོད་མེད་འདྲེ་ཤ་ཟའི་བུམ་པ་དང་འདྲའོ། ། འོ་ན་ཡང་གོང་དུ་བཤད་པའི་བུམ་སོགས་ཀུན་རྫོབ་པའི་ངོ་བོ་མེད་ 4-1-179b པའམ་སྟོང་པ་དེ་དོན་དམ་བདེན་པའི་རང་བཞིན་དུ་འདོད་པ་ནི་དོན་དམ་བདེན་པའི་རྣམ་གཞག་ཁས་ལེན་པ་དེའི་ཚེ་ཡིན་གྱི། རྣམ་གཞག་དེ་ཡང་ཁས་མི་ལེན་པའི་ཚེ་ནི་ཀུན་རྫོབ་ཀྱི་ངོ་བོས་སྟོང་པའི་དོན་དམ་པའི་རང་བཞིན་དེ་ཉིད་རང་བཞིན་དེ་ཉིད་ཀྱིས་སྟོང་ངོ་ཞེས་བརྗོད་ དགོས་ལ། དེ་ལྟར་མ་བརྗོད་ན་ནི་སྟོང་པ་ཉིད་ལ་དེར་ལྟ་བའི་ལྟ་བ་ནི་ཆེས་ཆེར་ཕུང་བར་བྱེད་པའི་ལྟ་བ་ཡིན་ཅེས་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་ཡང་ནས་ཡང་དུ་གསུངས་ལ། དེས་ན་དེ་དང་དེའི་སྟོང་པ་ཉིད་གང་ཡིན་པ་དེ་དེའི་རང་བཞིན་དུ་མེད་དེ། དངོས་པོ་རྣམས་ བདེན་པ་གཉིས་ཆར་གྱི་ངོ་བོས་སྟོང་པར་འདོད་པའི་ཕྱིར་དང་། ཀ་བུམ་སོགས་རང་བཞིན་གྱིས་མེད་པར་འདོད་པ་དེའི་ཚེ་ན་ནི། དེའི་རང་བཞིན་དང་སྙིང་པོར་གྱུར་པའི་དོན་དམ་བདེན་པ་དང་གནས་ལུགས་ཀྱང་མི་འདོད་པའི་ཕྱིར་རོ། ། དེས་དེ་སྟོང་པའི་སྟོང་ཉིད་ལ་ ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། གྲགས་སྡེ་སྤྱོད་པའི་དབུ་མ་པ་གཉིས་ལ་འདོད་ཚུལ་སོ་སོར་ཡོད་པས། དང་པོ་ནི། ཇི་སྲིད་སྟོང་པ་ཉིད་ཀྱི་རྣམ་གཞག་མ་བཀླགས་པ་དེའི་ཚེ་ནི་དེའི་ངོ་བོ་ཤེས་པར་འདོད་དེ། སྟོང་ཉིད་བཞི་པའི་སྟོང་གཞི་དེ་ཤེས་པར་འདོད་པ་དེའི་ ཕྱིར་རོ། །དེར་འདོད་པ་ཡང་། ཇི་སྐད་དུ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་སྟོང་པ་ཉིད་དེས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པ་ནི་འདིར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ལ། དེས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་དེ་དེར་འཛིན་པའི་ རྣམ་པར་རྟོག་པ་སྤངས་པའི་ཕྱིར་རོ། །ཞེས་གསུངས་སོ། ། གཉིས་པ་ནི། དེ་དང་དེས་སྟོང་པའི་ངོ་བོ་མེད་དགག་ནམ་མཁའ་ལྟར་འདོད་དོ། །ཡུལ་ཅན་ཡེ་ཤེས་ཀྱི་དམིགས་པ་ནི་སྟོང་པ་ཉིད་ཡིན་པར། ཉི་སྣང་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་དེ་ཅི་ 4-1-180a ཞིག་ཡིན་ཅེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་བརྗོད་དོ། །ཞེས་གསུངས་ལ། དེ་ལ་ཐེག་པ་འོག་མ་པ་དག་ན་རེ། དམིགས་བྱ་སྟོང་ཉིད་ཆོས་ཅན། ཡོད་པ་མ་ཡིན་པར་ཐལ། རང་བཞིན་གྱིས་མ་དམིགས་ནས་མེད་པའི་ཕྱིར། དཔེར་ན་མོ་ གཤམ་གྱི་བུ་བཞིན་ནོ། །དེས་ན་རང་བཞིན་མ་དམིགས་ན་ཡོད་པ་མ་ཡིན་པས་ཁྱབ། དཔེར་ན་བུམ་དག་གི་ཕྱོགས་ལ་བུམ་པ་མི་དམིགས་པ་བཞིན་དམིགས་བྱ་སྟོང་ཉིད་ཀྱང་སྟོང་ཉིད་དུ་ཡོད་པ་མ་ཡིན་ནོ། །དེས་ན་དགག་པ་གཉིས་རྣལ་མར་གོ་བའི་ཕྱིར། ཆོས་ ཐམས་ཅད་ཡོད་པར་ཐལ་ཅེས་དང་། ཡང་སྟོང་ཉིད་དེ་ཆོས་ཅན། སྟོང་ཉིད་དུ་ཡོད་པ་མ་ཡིན་པར་ཐལ། ཡེ་ཤེས་ཀྱི་དམིགས་བྱ་ཡིན་པའི་ཕྱིར། དམིགས་བྱ་ཡིན་ན་སྟོང་ཉིད་དུ་འགལ་ལ། ཅི་སྟེ་སྟོང་པ་སོགས་མེད་པའི་དངོས་པོ་དམིགས་རུང་ན། ཡོད་པའི་དངོས་ པོ་ཕུང་སོགས་དམིགས་བྱར་ཅིས་མི་རུང་བས་ཆོས་ཐམས་ཅད་མི་སྟོང་པར་ཡོད་པར་ཐལ། ཅེས་ཟེར་རོ། ། དེ་ལ་ལན་འདེབས་པར་འདོད་ནས་རྣམ་བརྫུན་སྨྲ་བའི་སེམས་ཙམ་པ་ན་རེ། གཉིས་མེད་ཀྱི་ཡེ་ཤེས་ལ་ནི། དེའི་ངོར་དམིགས་བྱ་སྟོང་ཉིད་དང་། དམིགས་བྱེད་ ཡེ་ཤེས་གཉིས་ཐ་དད་པ་གཉིས་མེད་ཀྱི། ཡེ་ཤེས་དེ་ཉིད་ཀྱང་སྟོང་ཉིད་ཡིན་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་ཀྱིས་དེ་ཉིད་དམིགས་པ་ལ་སྟོང་ཉིད་དམིགས་ཞེས་པའི་ཐ་སྙད་བྱས་པ་ཡིན་གྱི། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ལས་གཞན་པའི་སྟོང་པ་ཉིད་ ནི་མི་འདོད་པས་ཉེས་པ་དེས་མི་གནོད་དོ་ཞེས་ཟེར་ཏེ། ཇི་སྐད་དུ། དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར། འདི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཡིན་ཏེ། སྟོང་པ་ཉིད་ཅེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །ཞེས་གསུངས་སོ། ། རྣམ་ 4-1-180b བདེན་པས་ནི་ལན་འདི་སྐད་དུ་འདེབས་ཏེ། གཟུང་བ་དང་འཛིན་པའི་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་མེད་དགག་དེ་མེད་དགག་ཉིད་དུ་དམིགས་པ་དང་། དེ་འཇལ་བྱེད་ཀྱི་འཛིན་རྣམ་ལ་ནི་མི་རྟོག་ཡེ་ཤེས་སུ་འཇོག་ལ། དེ་ལྟར་བཞག་པས་མངོན་སུམ་ཡུལ་མེད་ དུ་མི་འགྱུར་རོ་ཞེས། ཇི་སྐད་དུ། ཁ་ཅིག་ཏུ་ནི་གཟུང་བ་དང་འཛིན་པའི་ཆ་གཉིས་ལ་གནས་པ་གཉིས་ཀྱིས་ན། ཆ་གཅིག་ལ་དམིགས་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །ཞེས་གསུངས་སོ། ། ལན་དེ་གཉིས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གིས་མི་འཐད་པར་བསྟན་ པས། དེ་ཡང་ལན་དང་པོ་མི་འཐད་པ་ལ། དག་པ་གོང་ནས་གོང་དུ་འགྲོ་བ་མེད་པར་ཐལ་བ་དང་། ཡེ་ཤེས་ཡུལ་མེད་དུ་ཐལ་བ་གཉིས་ལས། དང་པོ་ནི། མི་རྟོག་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་སྔར་གློ་བུར་གྱི་དྲི་མ་མཐའ་དག་དང་བཅས་པའི་དེ་བཞིན་ཉིད་ལ་ དམིགས་ནས། ཕྱིས་དྲི་མ་རིམ་གྱིས་དག་པའི་དེ་བཞིན་ཉིད་ལ་དམིགས་པའི་སྒོ་ནས་དག་པ་གོང་འཕེལ་དུ་འགྲོ་རྒྱུ་མེད་པར་ཐལ། དང་པོ་ཉིད་ནས་གཟུང་འཛིན་གྱི་དྲི་མ་མཐའ་དག་གིས་དག་པའི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། དེ་ལ་ཉེས་པ་སྤོང་བར་འདོད་ ནས། གལ་ཏེ་དང་པོ་ཉིད་ནས་རང་བཞིན་གྱིས་དག་ཀྱང་གློ་བུར་གྱི་དྲི་མ་རིམ་གྱིས་སྤོང་བ་ཡིན་ནོ་ཞེ་ན། རྣམ་བརྫུན་པ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་གཉིས་མེད་ཀྱི་ཡེ་ཤེས་ལ་བདེན་འཛིན་སྤོང་དུ་མི་རུང་བར་ཐལ། ཁྱོད་ཀྱི་ལུགས་ལ་དེ་རང་བཞིན་གྱིས་མ་གྲུབ་ པར་འཇལ་བའི་མངོན་སུམ་དང་རིགས་པ་གཉིས་ཀ་མེད་པའི་ཕྱིར། འདོད་ན་དག་པ་ཕྱོགས་གཅིག་པ་ཉིད་དུ་འགྱུར་ཏེ། དེ་ལ་གཉིས་འཛིན་གྱི་དྲི་མ་དག་ཏུ་རུང་ཡང་། རང་ལ་བདེན་འཛིན་གྱི་དྲི་མ་མི་སྤོང་བའི་ཕྱིར། གཉིས་པ་ཡེ་ཤེས་ཡུལ་མེད་དུ་ཐལ་བ་ནི། ཇི་ 4-1-181a སྐད་དུ། སྔ་མའི་ཕྱོགས་དག་ལ་ནི། ཡེ་ཤེས་དངོས་པོ་མེད་པའི་སྤྱོད་ཡུལ་དུ་འགྱུར་ཞིང་། ཞེས་འབྱུང་བས། དེའི་དོན་ནི། གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། ཡུལ་མེད་དུ་ཐལ། ཁྱོད་ཀྱིས་ཀུན་རྫོབ་ལ་ནི་མི་དམིགས་ལ། རང་ཉིད་རང་གི་ཡུལ་ དུ་མི་རུང་བའི་ཕྱིར། ལན་གཉིས་པ་མི་འཐད་པ་ནི། ཇི་སྐད་དུ། སྟོང་པ་ཉིད་ཀྱང་འདུས་བྱས་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་དོན། སྟོང་ཉིད་ཆོས་ཅན། འདུས་བྱས་སུ་ཐལ། མངོན་སུམ་གྱིས་དམིགས་པ་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་སུམ་གྱི་ དམིགས་པ་ནི་འདུས་མ་བྱས་ལ་མེད་པ་ཉིད་དུ་ངེས་ཤིང་། འདུས་བྱས་ལ་ཡོད་པ་ཉིད་དུ་ངེས་པས་དེ་གཉིས་མེད་ན་མི་འབྱུང་བའི་འབྲེལ་བ་ངེས་པའི་ཕྱིར་རོ། །ཡང་ན་དེ་ལ་ཉེས་པ་སྤོང་བར་འདོད་ནས་སྟོང་ཉིད་དེ་དངོས་མེད་ནམ་མཁའ་ལྟ་བུ་ལ་མི་འདོད་ཀྱི། སྟོང་ཉིད་ དེའི་རྣམ་པ་ཅན་གྱི་གཟུང་རྣམ་ལ་འཇོག་གོ་ཞེ་ན་ནི། དེ་ཆོས་ཅན། དེ་ལས་ཀྱང་སྟོང་ཉིད་འདུས་བྱས་སུ་ཐལ་བར་འགྱུར་ཏེ། གཟུང་རྣམ་ཡིན་པའི་ཕྱིར་དང་། གཟུང་རྣམ་ཡིན་པ་དེས་ན་དེ་ལྟ་བུའི་སྟོང་ཉིད་མ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར་ཏེ། དེར་ འཛིན་པའི་ཤེས་པ་ཡིན་པའི་ཕྱིར། གྲུབ་སྟེ། དེའི་རྣམ་པ་ཅན་གྱི་གཟུང་རྣམ་དེ་ལ་སྟོང་ཉིད་དུ་ངེས་པ་འདྲེན་བྱེད་མངོན་སུམ་ལ་མི་སྲིད་པའི་ཕྱིར། ཁྱབ་སྟེ། ངེས་པ་འདྲེན་བྱེད་མངོན་སུམ་ལ་ཡོད་པ་མ་ཡིན་པས་ན་རྟོག་པ་ལས་གཞན་མི་སྲིད་པས་སོ། །ངེས་པ་མ་ དྲངས་པར་ནི་དེ་ལྟ་བུའི་གཟུང་རྣམ་སྟོང་ཉིད་ཡིན་ཀྱང་སྟོང་ཉིད་དུ་ངེས་པ་མི་སྲིད་པའི་ཕྱིར། དེར་མ་ངེས་པའི་སྟོང་ཉིད་ཀྱིས་ནི་ཉེ་བར་མཁོ་བའི་དོན་མི་སྒྲུབ་བོ། །དེས་ན་འདུས་བྱས་དང་རྣམ་རྟོག་ནི་སྟོང་ཉིད་དང་འགྱུར་མེད་ཡོངས་གྲུབ་སོགས་སུ་འགལ་ལོ། ། ད་ནི་ 4-1-181b རྣལ་འབྱོར་སྤྱོད་པ་པའི་དབུ་མའི་སྲོལ་གཞིར་མཛད་པའི་འཕགས་སེང་རང་ལུགས་ལ་ཇི་ལྟར་བཞེད་སྙམ་ན། འདི་ལྟ་སྟེ། སྐབས་འདིའི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའི་དོན། ཀུན་རྫོབ་ཀྱི་སྣང་བ་མེད་པ་ལ་མི་བྱ་བར་རང་བཞིན་གྱིས་སྟོང་པས་ཁྱད་པར་དུ་བྱས་པའི་ ཀུན་རྫོབ་ཀྱི་སྣང་བ་སྒྱུ་མ་ལྟར་གཟིགས་པའོ། །ཞེས་དེ་ལྟར་དམ་བཅས་ནས་སྒྲུབ་བྱེད་ཀྱི་ངག་དགོད་པ་ནི། གང་སྐབས་འདིའི་དམིགས་པ་ལ་འཇུག་པའི་ཤེས་པ་ཡིན་ན་སྒྱུ་མ་ལྟ་བུའི་སྣང་བ་ལ་དམིགས་པས་ཁྱབ། དཔེར་ན་རྨི་ལམ་གྱི་ཤེས་པ་བཞིན། ཇི་སྐད་བཤད་ པའི་ཡེ་ཤེས་རྣམས་ཀྱང་དམིགས་པ་ལ་འཇུག་པའི་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ། །ཕྱོགས་ཆོས་ནི་མངོན་སུམ་གྱིས་གྲུབ་ལ། རྗེས་འགྲོ་ཡང་དཔེའི་སྟེང་དུ་མངོན་སུམ་གྱིས་གྲུབ་ཅིང་། རྟགས་མི་མཐུན་ཕྱོགས་ལ་འགོག་བྱེད་ཀྱི་རིགས་པ་ནི། གོང་དུ་སེམས་ཙམ་པ་འགོག་པའི་རིག་པ་དེ་ཉིད་ཀྱིས་གྲུབ་བོ། །དེས་ན་སྒྱུ་མ་ལྟ་བུའི་སྣང་བ་ལ་བདེན་ཡོད་འགོག་ཀྱང་བདེན་མེད་མི་བསྒྲུབ་པའི་ཕྱིར་ན། སྣང་ཙམ་པའི་བདེན་སྟོང་ཡོད་པ་མ་ཡིན་པ་ཙམ་གྱིས་བདེན་པར་གྲུབ་པར་མི་འགྱུར་ཏེ། ཇི་སྐད་དུ། ཉེས་པ་ཡོད་ པ་མ་ཡིན་ཏེ། གང་གི་ཕྱིར་གསོད་པ་པོས་བསད་ན་ལྷ་སྦྱིན་སླར་འབྱུང་བར་འགྱུར་བ་ནི་མ་ཡིན་ནོ། །ཞེས་གསུངས་སོ། ། འོ་ན་ཡུམ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ་ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། དེའི་དོན་ནི་ དངོས་པོར་མེད་པའི་མེད་དགག་ཡུལ་དུ་བྱེད་པ་ལ་དགོངས་པ་མ་ཡིན་གྱི། དེ་ལ་དགོངས་ན་དེ་ལྟ་བུ་ཡུལ་དུ་བྱེད་པའི་ཡུལ་ཅན་དེ་ལྡོག་པ་གཞན་སེལ་བའི་སྒོ་ནས་འཇུག་པའི་བློར་ཐལ་བས་མི་རིགས་སོ། །འོ་ན་ཅི་ཞེ་ན། བདེན་དངོས་བཀག་པས་ཁྱད་པར་དུ་ 4-1-182a བྱས་པའི་ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དེའོ། །དེ་ལྟར་གྱི་ཚེ་འཇིག་རྟེན་པའི་ཐོས་བསམ་སྒོམ་གསུམ་གྱིས་སྣང་ཙམ་ལ་དམིགས་ཏེ་སྒྲོ་འདོགས་གཅོད་ལ། དེས་བཅད་ཟིན་པ་ན་དེ་བཞིན་ཉིད་འབའ་ཞིག་པ་ཁོ་ནར་ངེས་པས་གང་ གིས་གང་ལ་གང་དུ་དམིགས་པ་ཐམས་ཅད་དེ་དང་དེས་སྟོང་པ་ཉིད་འབའ་ཞིག་ཡིན་ལ། འདི་ཡང་སློབ་པའི་དབང་དུ་མཛད་ནས། ཇི་སྐད་དུ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བས་ནི་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི། ཡེ་ཤེས་ཀྱི་ཚོགས་ རྣམ་པར་གཞག་པ་འདི་ནི་ཕྱོགས་ཙམ་མོ། །ཞེས་གསུངས་པས། ཐེག་ཆེན་མི་སློབ་པའི་ཡེ་ཤེས་ནི་དེ་ལྟར་མ་ཡིན་པར་བསྟན་ཏོ། །འོ་ན་དེར་ཇི་ལྟ་བུ་ཞིག་སྙམ་ན། དེར་གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་བའི་ཚེ་ཀུན་རྫོབ་པའི་སྣང་བ་སྐབས་ཕྱེ་བ་མ་ཡིན་ནོ། ། གཉིས་པ་སྟོང་ཉིད་ཀྱི་གྲངས་ངེས་ལ་འདོད་ཚུལ་མི་གཅིག་པ་བརྗོད་པ་ནི། བོད་གངས་ཅན་པའི་ཆེན་པོ་འགས། རྒྱལ་བའི་ཡུམ་དུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་ དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། བཅོ་བརྒྱད་ལས་མ་གསུངས་ཤིང་། དེ་དག་གི་གྲངས་རྣམས་རྗེ་བཙུན་བྱམས་པས་ 4-1-182b དབུས་མཐའ་རྣམ་འབྱེད་དུ་བཅུ་བཞིར་བསྡུས་ཏེ་གསུངས་ལ། བསྡུ་ཚུལ་ནི། བཟའ་བ་སོགས་བཞི་ནི་ཡུལ་གྱི་སྒོ་ནས་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་གཉིས་ནི་ཡུལ་ཅན་གྱི་སྒོ་ནས་ཏེ་དྲུག །དེའི་ཁར་འདུས་བྱས་ནས། ཆོས་ཐམས་ ཅད་སྟོང་པ་ཉིད་ཀྱི་བར་བྱང་ཆུབ་སེམས་དཔའི་སྒྲུབ་པ་བརྒྱད་བསྣན་པས་བཅུ་བཞི་ཡོད་པ་ལ། མི་དམིགས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་གཉིས་ནི་འདི་དག་གི་ཁོངས་སུ་འདུ་ལ། བཅུ་བདུན་པ་དང་བཅོ་བརྒྱད་པ་སྟེ་དངོས་པོ་མེད་པ་དང་། དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་གཉིས་པོ་ནི་བཅུ་བཞིའི་ཐ་མར་སྟོང་པ་ཉིད་ལ་སྒྲོ་བཏགས་པ་དང་། སྐུར་བ་བསལ་བའི་ཕྱིར་ཐ་མར་བཞག་ལ། དེ་ལ་སྔ་མ་ནི་རང་སྟོང་དང་། ཕྱི་མ་ནི་གཞན་སྟོང་གི་དོན་ཡིན་པས་དེ་གཉིས་ལོགས་སུ་སྨོས་མི་དགོས་ལ། མདོར་ན་ སྟོང་ཉིད་བཅུ་བཞི་དང་། བཅུ་དྲུག་དང་། བཅོ་བརྒྱད་ཀྱི་རྣམ་པར་གཞག་པ་ནི་མདོ་རྒྱུད་ཐམས་ཅད་མཐུན་ལ། འཕགས་སེང་གི་ལུགས་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཅིག་པུ་ལ་བཞིར་དབྱེ་བ་སོགས་མི་རིགས་ཞེས་སྨྲ་བར་བྱེད་དོ། །འཕགས་ སེང་གི་བཞེད་པ་ལ་ནི་སྟོང་ཉིད་ཉི་ཤུར་དབྱེ་བ་མཛད་ལ། དེ་ལྟར་དབྱེ་བ་ཡང་ཡུམ་གྱི་དགོངས་པ་ཡིན་ཏེ། འདིའི་ཐད་ཀྱི་ཡུམ་རྒྱས་པར། སྟོང་ཉིད་བཅོ་བརྒྱད་མདོར་བསྟན་ནས་དེའི་རྒྱས་བཤད་དུ་སྟོང་གཞི་དང་སྦྱར་ནས་གསུངས་པའི་སྐབས་སུ་སྟོང་པ་ཉིད་ ལྷག་མ་བཞིའི་སྟོང་གཞི་བཞི་གསལ་བར་བཤད་པའི་དང་པོར་དངོས་པོ་དང་། དངོས་པོ་མེད་པ་དང་། ངོ་བོ་ཉིད་དང་། གཞན་གྱི་དངོས་པོ་སྟོང་པ་ཉིད་བཞིར་མིང་གིས་གསལ་བར་ཐོན་པས། འཕགས་པ་རྣམ་པར་གྲོལ་བ་དང་། རྒྱལ་བའི་སྲས་པོ་སེང་ 4-1-183a གེ་བཟང་པོ་སོགས་ལ་ཁ་ན་མ་ཐོ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། ། དེ་ལྟར་ཡུམ་དུ་གསལ་བར་བཤད་པས། འཕགས་སེང་གི་རང་སྟོབས་ཀྱིས་གསར་དུ་བཞག་པ་མ་ཡིན་པའི་རྒྱུ་མཚན་ནི་འདི་ལྟ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ དང་ཡིད་ལ་མི་རྟག་མི་འཇིག་པའི་ཕྱིར། སྟོང་པ་ནི་དེའི་རང་བཞིན་ཡིན་པས་ནང་སྟོང་པ་ཉིད་དུ་བཞག་པ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་དེ་དང་དེས་སྟོང་པ་ལ་ཕྱི་སྟོང་པ་ཉིད་དུ་འཇོག་པ་དང་། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་སྟོང་ ཉིད་དུ་གསུངས་པ་ལ་ཕྱི་ནང་སྟོང་པ་ཉིད་དུ་འཇོག་པ་དང་། ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་དེ་ཉིད་ཀྱིས་སྟོང་པ་ལ་སྟོང་པ་ཉིད་སྟོང་པ་ཉིད་དུ་འཇོག་ལ། ཕྱོགས་བཅུ་ལ་སོགས་པ་ཐམས་ཅད་དེ་དང་དེས་སྟོང་པ་ལ་ཆེན་པོ་སྟོང་པ་ཉིད་དུ་འཇོག །མྱ་ངན་ལས་འདས་པ་ སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དུ་འཇོག་གོ། ཁམས་གསུམ་པོ་ནི་དེ་དང་དེས་སྟོང་པ་ལ་འདུས་བྱས་སྟོང་པ་ཉིད་དུ་འཇོག་ལ། སྐྱེ་འགག་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་སྟོང་ཉིད་ནི་འདུས་མ་བྱས་སྟོང་ཉིད་དུ་འཇོག་གོ། མཐའ་མི་ དམིགས་པའི་སྟོང་ཉིད་ནི་མཐའ་ལས་འདས་པའི་སྟོང་ཉིད་དུ་འཇོག་གོ། ཐོག་མ་དང་ཐ་མ་མེད་པ་འགྲོ་བ་དང་འོང་བ་མེད་པའི་སྟོང་ཉིད་ལ་ཐོག་མ་དང་ཐ་མ་མེད་པའི་སྟོང་ཉིད་དུ་འཇོག་གོ། གང་ལ་གང་དོར་བ་མེད་པའི་སྟོང་ཉིད་ལ་ནི་དོར་བ་མེད་པའི་སྟོང་ཉིད་དུ་འཇོག་ གོ། འདུས་བྱས་དང་འདུས་མ་བྱས་གང་ཡིན་ཀྱང་རུང་བའི་ཆོས་ཐམས་ཅད་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་མ་བྱས་པའི་སྟོང་ཉིད་ལ་ནི་རང་བཞིན་སྟོང་པ་ཉིད་དུ་འཇོག་གོ། ཕུང་པོ་ལྔ་དང་། ཕྱི་ནང་ 4-1-183b གི་སྐྱེ་མཆེད་བཅུ་གཉིས་དང་། རྣམ་པར་ཤེས་པ་དྲུག་དང་། རེག་པ་དྲུག་དང་། ཚོར་བ་དྲུག་དང་། གཟུགས་ཡོད་པའི་ཆོས་དང་། གཟུགས་མེད་པའི་ཆོས་དང་། འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་དེ་དང་དེས་སྟོང་པ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཇོག་གོ ། ཕུང་ཁམས་སྐྱེ་མཆེད་རྣམས་དང་། ཕྱིན་དྲུག་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དང་། བྱང་ཕྱོགས་སོ་བདུན་དང་། རྣམ་པར་ཐར་པ་རྣམས་དང་། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་དང་། གཞན་འདུས་བྱས་དང་འདུས་མ་བྱས་ རྣམས་ཀྱི་ཆོས་ཉིད་གང་ཡིན་པས་སྟོང་པ་ལ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་འཇོག་གོ། དུས་གསུམ་མི་དམིགས་པའི་སྟོང་ཉིད་ལ་ནི་མི་དམིགས་པ་སྟོང་པ་ཉིད་དུ་འཇོག་གོ། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དང་དེས་སྟོང་པ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་དུ་འཇོག་གོ། ཕུང་པོ་ལ་སོགས་པའི་དངོས་པོ་སྟོང་པ་ཉིད་ལ་ནི་དངོས་པོ་སྟོང་པ་ཉིད་དུ་འཇོག་གོ། འདུས་མ་བྱས་སོགས་དངོས་པོ་མེད་པ་སྟོང་པ་ཉིད་ལ་ནི་དངོས་པོ་མེད་པའི་སྟོང་པ་ཉིད་དུ་བཞག་གོ། རང་བཞིན་དང་ངོ་བོ་ཉིད་ནི་ཤེས་མཐོང་གིས་མ་བྱས་པའི་སྟོང་ཉིད་དེ་ དེ་ནི་རང་བཞིན་སྟོང་པ་ཉིད་དུ་འཇོག་གོ། ཆོས་ཀྱི་གནས་པ་ཉིད་ནས་ཡང་དག་མཐའི་བར་གྱི་གནས་ལུགས་སྟོང་པ་ཉིད་རྣམས་ལ་ནི་གཞན་སྟོང་དུ་འཇོག་པས། ཡུམ་གྱི་མདོར་སྟོང་ཉིད་ཉི་ཤུ་གསལ་བར་གསུངས་ཤིང་། དེ་ལ་ཁོ་བོའི་རྣམ་པར་རྟོག་པ་ལ་ནི་ངོ་བོ་ཉིད་སྟོང་པ་ ཉིད་ལ་ཀུན་རྫོབ་པའི་ངོ་བོ་དང་དོན་དམ་པའི་ངོ་བོ་གཉིས་ཡོད་པས། དེའི་དབྱེ་བར་དངོས་པོ་དང་དངོས་མེད་ཀྱི་སྟོང་ཉིད་གཉིས་སུ་འབྱེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་གཅིག་པུ་ལ་རང་ལྡོག་དང་གཞི་ལྡོག་གི་སྟོང་ཉིད་གཉིས་ཡོད་པ་ལས། རང་སྟོང་གཞན་སྟོང་གཉིས་ 4-1-184a སུ་འབྱེད་པས་སྟོང་ཉིད་གཉིས་ཏེ་བཞིར་བྱུང་བས་དེ་ཁ་བསྐངས་ནས་ཉི་ཤུ་ཐམ་པ་ནི་ཡང་དག་པའོ་ཞེས་བསམས་ལ། དེ་ལྟར་གྱི་ཚེ་གོང་དུ་བཤད་པའི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ཉིད་དུ་བཤད་པ་དེ་དངོས་པོ་མེད་པའི་ངོ་བོས་སྟོང་ཉིད་དུ་བཤད་དགོས་ལ་ འདིར་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་ཉིད་སྦྱར་བ་འདི་ནི་དུས་ཀྱི་དབང་གིས་ཚིག་འབྲུ་ཉམས་པ་དང་ལྷག་པ་དུ་མ་འབྱུང་བས་ཉིད་འདི་ལྷག་པར་སེམས་སོ། ། བོད་གཞན་གྱིས། འཕགས་སེང་གིས་དངོས་པོ་མེད་པའི་ངོ་བོ་ཉིད་གཅིག་པུ་ལ་བཞིར་དབྱེ་བར་མཛད་པ་ཡིན་ཟེར་བ་ ལ་ཁུངས་མེད་ཅིང་། དེ་ལས་ཀྱང་སྟོང་ཉིད་ལྷག་མ་བཞིར་དབྱེ་ན། སངས་རྒྱས་དང་འགལ་ཅེས་པ་ནི་མ་བརྟགས་པ་ཆེན་པོ་སྟེ། སངས་རྒྱས་རང་ཉིད་ཀྱིས་དེའི་ཐད་ཀྱི་མདོར། དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་ རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །ཞེས་གསལ་བར་གསུངས་པས། སངས་རྒྱས་ཀྱིས་གསུངས་པ་བསྙོན་མེད་ལ་སངས་རྒྱས་ཀྱི་གསུང་དང་འགལ་བར་སྨྲ་བ་ནི་ཅི་ལྟ་བུ་ཞིག་ཡིན་རྔོ་མི་ཐོགས་སོ། ། སྟོང་ཉིད་ཉི་ཤུར་དབྱེ་ བའི་སྐབས་འདིར་གོང་དུ་འདུས་བྱས་འདུས་མ་བྱས་གཉིས་སུ་གསུངས་པ། འོག་ཏུ་དངོས་པོ་དང་དངོས་པོ་མེད་པར་བསྟན་པ་གཉིས་སུ་ཟློས་སོ་ཞེ་ན། གོང་དུ་མཚན་ཉིད་ཀྱི་ཆ་ནས་བསྟན་པ་དང་། འོག་ཏུ་མཚན་གཞིའི་ཆ་ནས་བསྟན་པས་ཁྱད་པར་ཡོད་དོ། །ཉི་ཤུ་པོའི་ དབྱེ་བ་སྟོང་གཞི་ཆོས་ཅན་ཡང་སྟོང་པ་ཉིད་ཁོ་ན་ཡིན་མོད་ཀྱི། རང་བཞིན་བདེན་པར་སྒྲོ་འདོགས་དང་། སྟོང་ཉིད་འཕགས་པའི་ཤེས་མཐོང་གིས་གསར་དུ་བྱས་སྙམ་པ་དང་། གཞན་གྱིས་ཀུན་བཏགས་པའི་བྱེད་པོ་དགག་པའི་ཆེད་དུ་སྟོང་གཞི་གསུམ་གྱི་དབྱེ་བ་མཛད་པ་ 4-1-184b ཡིན་ནོ། ། སྟོང་ཉིད་ཉི་ཤུ་པོ་འདིའི་ས་མཚམས་ནི། འགྲེལ་ཆེན་ལས། དང་པོ་གསུམ་ནི་མོས་སྤྱོད་ལ་སྤྱིར་བཞག །བཞི་པ་ནི་ཆོས་མཆོག་ན། དེ་ནས་བདུན་ནི་མ་དག་ས་བདུན་ན། དེ་ནས་གཉིས་དང་གཉིས་དང་། ཡང་གཉིས་དང་། གསུམ་ནི་དག་པ་ས་གསུམ་ དང་། སངས་རྒྱས་ཀྱི་སར་བཞག་གོ། ས་མཚམས་དེ་ལྟར་འཇོག་པ་ན། མོས་སྤྱོད་དུ་ནི་རིག་ཤེས་ཚད་མས་རྟོགས་པའམ། རྣལ་འབྱོར་མངོན་སུམ་རྗེས་མཐུན་པས་རྟོགས་པ་ཡིན་གྱི། ས་དང་ས་རྣམས་སུ་ནི་མངོན་སུམ་གྱིས་དམིགས་ཤིང་རྟོགས་པ་ཡིན་ལ། སངས་རྒྱས་ ཀྱི་སར་ནི། སྟོང་བྱའི་ཆོས་ཅན་ཉི་ཤུ་པོ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་འགར་ཡང་དམིགས་པ་མེད་ལ། འོན་ཏེ་དེས་དེ་སྟོང་པའི་སྟོང་གཞིའི་གནས་ལུགས་ཟབ་མོ་དེ་ཉིད་ཁོང་དུ་ཆུད་པའི་སྒོ་ནས་རྟོགས་པར་འཇོག་གོ། གཉིས་པ་གཞུང་གི་དོན་ལ། ཡུལ་ཅན་ ཡེ་ཤེས་དང་། ཡུལ་སྟོང་པ་ཉིད་བསྟན་པའོ། །དང་པོ་ནི། གོང་དུ་བཤད་པའི་ཚོགས་བཅུ་བདུན་པོ་དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་འདིར་གསལ་བར་བྱ་སྟེ། དེ་ཡང་ནང་གི་ཆོས་རྣམས་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པར་རྟོགས་པའི་ཡེ་ཤེས་ནི་ནང་སྟོང་པ་ཉིད་ རྟོགས་པའི་ཡེ་ཤེས་ལ་བྱ་ལ། ལྷག་མ་བཅུ་དགུ་པོ་ལའང་འདི་བཞིན་དུ་སྦྱར་རོ། །ཕྱིའི་ཆོས་རྣམས་ཀྱང་ཚོགས་པར་གནས་པ་མེད་པས་དེར་རྟོགས་པའི་ཡེ་ཤེས་ནི༉ ཕྱི་ནང་གི་དབང་རྟེན་གྱིས་བསྡུས་པ་གང་ཡིན་པ་སྟེ། སེམས་ཀྱིས་ཟིན་པ་ནང་དང་། དབང་པོས་མ་ བསྡུས་པ་ཕྱི་དང་། དེ་གཉིས་ཀ་རང་བཞིན་སྟོང་ཉིད་དུ་རྟོགས་པའི་ཡེ་ཤེས་ལ་ནི༉ ཆོས་ཐམས་ཅད་སྟོང་ཉིད་དུ་ཤེས་པའི་ཤེས་པ་དེའང་སྟོང་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ནི༉ དབྱིབས་ཤིན་ཏུ་ཆེ་བ་སོགས་ཀྱི་ཆེན་པོ་སྟེ། ཕྱོགས་བཅུ་སྟོང་ཉིད་དུ་རྟོགས་པའི་ཡེ་ཤེས་ནི༉ དམ་པའི་དོན་གྱི 4-1-185a རང་བཞིན་དེར་རྟོགས་པའི་ཡེ་ཤེས་ནི༉ འདུས་བྱས་ཁམས་གསུམ་དེར་རྟོགས་པའི་ཡེ་ཤེས་ནི༉ འདུས་མ་བྱས་སྐྱེ་འགག་གནས་གསུམ་དང་བྲལ་བ་ལ་དེར་རྟོགས་པའི་ཡེ་ཤེས་ནི༉ མཐའ་ནི་ཆ་སྟེ་གང་གིའང་ཆར་རྣམ་པར་གཅོད་པ་ལས་འདས་ནས་མཐའ་དང་ དབུས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་ལ་དེར་རྟོགས་པའི་ཡེ་ཤེས་ནི༉ ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་རྩ་བ་ཅན་ལ་སོགས་པ་དེར་རྟོགས་པའི་ཡེ་ཤེས་ནི༉ སྒྲུབ་པ་དོན་དམ་པ་དེར་དོར་བ་མེད་པ་དེར་རྟོགས་པའི་ཡེ་ཤེས་ནི༉ འཕགས་པ་ཐམས་ཅད་ཀྱིས་མ་བྱས་པའི་ རང་བཞིན་ལ་དེར་རྟོགས་པའི་ཡེ་ཤེས་ནི༉ ཕན་ཚུན་བལྟོས་པ་ཅན་གྱི་གདོད་མ་ནས་ཡོངས་སུ་གྲུབ་པ་མ་ཡིན་པའི་ཆོས་ཐམས་ཅད་དེར་རྟོགས་པའི༉ གཟུགས་སོགས་ཀྱི་མཚན་ཉིད་གཟུགས་རུང་སོགས་དེར་རྟོགས་པའི༉ དུས་ལ་སོགས་པ་ནི་བཏགས་པ་ཙམ་ཡིན་པས་མི་དམིགས་པ་དེར་ རྟོགས་པའི༉ ཚོགས་པ་ཙམ་གྱི་ངོར་གྲུབ་ཅིང་སྦྱོར་བ་ལས་བྱུང་བའི་ཆོས་རྣམས་ལ་རྟག་པའི་དངོས་པོ་དང་དོན་བྱེད་ནུས་དང་ཡོད་པ་མེད་པའི་ངོ་བོ་ཉིད་ནི་དེར་རྟོགས་པའི༉ ཉེར་ལེན་གྱི་ཕུང་སོགས་བརྟགས་ན་དངོས་པོར་གྲུབ་པ་འཇིག་པའི་ཆོས་ལ་དེར་རྟོགས་པའི་ བཏགས་ཙམ་ལས་ཡོད་དུ་མི་རུང་བའི་དངོས་པོ་མེད་པ་མཁའ་སོགས་དེར་རྟོགས་པའི༉ འཕགས་པ་རྣམས་ཀྱི་མཐོང་ཤེས་ཀྱིས་དོན་སྔ་མ་ཉིད་ནས་ཇི་ལྟར་གནས་པ་དེ་ལས་གཞན་མཐོང་གིས་མ་བྱས་པ་རང་གི་ངོ་བོ་དེ་དེར་རྟོགས་པའི༉ ཆོས་ཉིད་ཀྱི་གནས་པ་སོགས་སྟོང་ཉིད་ གདོད་མ་ནས་ཡིན་ལ། དེ་སྟོང་ཉིད་དུ་བྱེད་པ་པོ་གཞན་གྱི་ངོ་བོས་བསྐྱེད་ཅིང་གྲུབ་པ་མ་ཡིན་པ་དེ་སྟོང་ཉིད་དེར་རྟོགས་པའི་ཡེ་ཤེས་ལ་ནི་གཞན་སྟོང་རྟོགས་པའི་ཡེ་ཤེས་སོ། །དེ་ལྟར་བཤད་པའི་སྟོང་པ་ཉིད་ཀྱི་བྱེ་བྲག་གིས་རྣམ་པ་ཉི་ཤུའོ། །གཉིས་པ་ལ་གཉིས། སྟོང་གཞི་དང་། 4-1-185b སྟོང་ཚུལ་ལོ། །དང་པོ་ནི། བདག་ཉིད་ཆེན་པོས་སྐབས་འདིར་ཡེ་ཤེས་དེའི་ཡུལ་སྟོང་ཉིད་ཉི་ཤུ་པོ་ཚིགས་སུ་བཅད་དེ་སྨྲས་པ། མིག་སོགས་ནང་དང་གཟུགས་སོགས་ཕྱི་རོལ་དང་ནི། དེ་གཉིས་ཀའི་རྟེན་དང་། ཡུལ་ཅན་ཡེ་ཤེས་ཏེ་སྟོང་པའི་དངོས་པོ་དང་། ཕྱོགས་བཅུ་ དང་། མྱ་ངན་ལས་འདས་པའི་ལམ་འབྲས་བུ་དང་བཅས་པ་སྟེ་འགོག་ལམ་མོ། །རྐྱེན་ལས་སྐྱེས་པ་ཁམས་གསུམ་དང་། ཅིག་ཤོས་རྐྱེན་ལས་མ་སྐྱེས་པ་ནམ་མཁའ་སོགས་དང་། མཐའ་འདས་རྟག་ཆད་དང་བྲལ་བ་དང་། འཁོར་བ་ཐོག་མཐའ་མེད་པ་དང་། བྱང་ཕྱོགས་ སོགས་དོར་བ་མེད་པ་དང་། གནས་ལུགས་ཀྱི་རང་བཞིན་དང་ནི་འདུས་བྱས་མ་བྱས་ཀྱི་ཆོས་ཀུན་དང་། ཆོས་རྣམས་ཀྱི་སྐྱེ་བ་དང་སོགས་པས་རང་རང་གི་མཚན་ཉིད་རྣམས་དང་། འདས་པ་དང་སོགས་པས་མ་འོངས་པ་དང་། ད་ལྟར་བ་སོགས་གཅིག་རང་དུས་སུ་ཡོད་པའི་ཚེ་ ཅིག་ཤོས་མི་འབྱུང་བ་རྣམས་སོ། །རྒྱུ་རྐྱེན་དང་ལྡན་པའི་འདུས་པ་རྣམས་དང་། དངོས་མེད་ལས་ཅིག་ཤོས་སུ་གྱུར་པའི་ཕུང་སོགས་ཀྱི་དངོས་པོའི་ངོ་བོ་དང་། ནམ་མཁའ་སྟེ་དངོས་མེད་རྣམས་དང་། ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་ཅེས་བྱ་བ་དང་། ཚུལ་ མཐོང་གི་རྒྱུད་ཀྱི་ཆོས་ལས་གཞན་པ་འཕགས་པའི་སྤྱོད་ཡུལ་གྱི་ངོ་བོ་ཉིད་དེ་ཉི་ཤུའོ། ། འདིར་སྟོང་གཞི་ཞེས་པའི་སྟོང་གཞི་ནི་ཆོས་ཅན། སྟོང་བྱ་རྣམས་ལ་སྟོང་གཞིའི་མིང་གིས་བཏགས་པ་ཡིན་གྱི། སྟོང་གཞི་གོ་ཆོད་པོ་འགྱུར་མེད་ཡོངས་གྲུབ་ལྟ་བུ་ལ་སྐབས་འདིར་ ངོས་འཛིན་པ་མ་ཡིན་ནོ། །དེ་ལྟ་བུ་ལ་འདིར་སྟོང་གཞིར་ངོས་མི་འཛིན་པའི་རྒྱུ་མཚན་ནི། འཁོར་ལོ་བར་པར་སྟོང་གཞི་དེ་ལྟ་བུ་ཞིག་དངོས་སུ་བསྟན་ན་དེ་ལ་བདེན་ཞེན་གྱི་དྲི་མ་སྤང་མི་ནུས་ཏེ། སྟོང་གཞི་ཟབ་མོ་དེ་མ་ཡིན་པའི་གཟུགས་སོགས་ལྟ་བུ་ལ་ཡང་སྐབས་དེར་དེའི་ 4-1-186a བདེན་འཛིན་གྱི་དྲི་མ་མ་སེལ་ན་དེ་ལ་ནི་བདེན་འཛིན་གྱི་དྲི་མ་སེལ་བ་ལྟ་ཅི་སྨོས་པས་དེར་མ་བསྟན་ཅིང་། འཁོར་ལོ་ཐ་མར་ནི་སྤྲོས་པ་ཐམས་ཅད་པ་བསལ་རྗེས་ཀྱི་རྡོ་རྗེའི་སྙིང་པོ་དེ་ལྟ་བུ་སྟོང་གཞིར་བསྟན་པ་ལ་མི་བཟོད་པ་མ་ཡིན་ཏེ། སྐབས་དེར་ནི་ཆོས་དང་ ཆོས་ཉིད་ཐམས་ཅད་ལ་སྤྲོས་མཚན་ཆོད་ཟིན་པའི་ཕྱིར་རོ། ། གཞན་དག་སྐབས་འདིར། གང་སྟོང་པའི་སྟོང་བྱ་ལ་སྟོང་གཞིར་མིང་བཏགས་པ་མ་ཡིན་ཏེ། འདིར་གཞན་སྟོང་འཆད་པའི་སྐབས་སུ་ཆོས་ཀྱི་གནས་པ་ཉིད་སོགས་ཁྱེད་འདོད་པའི་སྟོང་གཞི་བཏགས་པ་བ་ མ་ཡིན་པའི་སྟོང་གཞི་གོ་ཆོད་པོ་དངོས་དེ་བསྟན་པས། སྟོང་གཞི་བཏགས་པ་བ་མ་ཡིན་ནོ་ཞེ་ན། དེ་ཙམ་ཞིག་འདིར་སྨོས་ཀྱང་སྐབས་འདིར་དེ་རྣམས་སྟོང་གཞི་གོ་ཆོད་པོ་དངོས་དེར་མ་བཀྲལ་བར་སྨོས་པ་དེ་ཡང་སྟོང་པར་བྱ་རྒྱུའི་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་སྨོས་པ་ཡིན་ ཏེ། འཕགས་པ་རྣམ་པར་གྲོལ་བའི་སྡེས། བྱེད་པ་པོ་གཞན་གྱིས་སྟོང་པའི་ཕྱིར་གཞན་གྱི་དངོས་པོ་སྟོང་པ་ཉིད་དེ། སྟོང་པ་ཉིད་ལ་བརྟེན་པའི་སྐྱེས་བུའི་བྱེད་པ་ནི་ཕོངས་པ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་པས། བྱེད་པ་པོ་གཞན་པའི་ངོ་བོ་སྟོང་པ་ཙམ་ཞིག་འདིར་ བཀོད་པར་མཛད་ལ། གཞན་སྟོང་ཟབ་མོའི་ཡུམ་དོན་མཐར་ཐུག་གང་ཡིན་པ་དེ་དང་། འཁོར་ལོ་ཐ་མ་ནས་ཇི་ལྟར་འབྱུང་བ་བཞིན་གྱི་སྟོང་གཞི་གོ་ཆོད་པོ་དེ་འདིར་མ་བཀོད་ལ། དེའི་རྒྱུ་མཚན། སྐབས་འདིར་ནི་རང་བཞིན་གྱིས་གྲུབ་པར་ཡོད་པ་དང་། རང་གི་མཚན་ ཉིད་ཀྱིས་སྐྱེ་བ་ཡོད་པར་འདོད་པ་དང་། ངོ་བོ་ཉིད་ཀྱི་གནས་པ་ཡོད་པ་དེ་འགོག་པ་སྐབས་སུ་བབ་པ་ཡིན་པས། ཆོས་ཅན་སོ་སོ་བ་རྣམས་མི་སྟོང་པར་ཡོད་པ་དེ་འགོག་པ་གཙོར་མཛད་ཀྱི། དེས་ན་ཀུན་རྫོབ་པའི་ཆོས་བློ་ངོར་གྲུབ་བོ་ཅོག་དེར་གཏན་ལ་མ་ཕབ་པར་སྟོང་ 4-1-186b གཞི་གཞན་སྟོང་ཟབ་མོ་མི་གསུང་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཆོས་གསུང་བའི་རིམ་པ་ལ་མཁས་པའི་དོན་གྱིས་སོ། །གཉིས་པ་ནི། ཆོས་ཅན་གྱི་སྟོང་གཞི་ཉི་ཤུ་པོ་དེ་ཆོས་ཅན། སྟོང་གཞི་གང་ཡིན་པ་དེའི་རང་དང་རང་གི་ངོ་བོས་སྟོང་པ་ཡིན་ཏེ། དེ་དང་དེའི་རང་ངོ་མ་སྟོང་ན་གཞན་སྟོང་ཡང་དེས་སྟོང་པའི་གོ་མི་ཆོད་པའི་ཕྱིར་སྟོང་པ་ཉིད་ནི་ཉི་ཤུར་འདོད་ལ། སྟོང་པ་ཉིད་ཡིན་པའི་ཆ་ནས་ནི་དབྱེ་བ་མེད་དོ། །ལ་ལ་ཞིག་སྟོང་གཞི་མིག་སོགས་སྟོང་པར་ཁས་མི་ལེན་པར་དེ་ལས་སྟོང་བྱ་ཞིག་ལོགས་ནས་བཙལ་བ་ནི། རང་སྟོང་རྣམ་པར་དག་པ་སྨྲ་བའི་ལུགས་ཐམས་ཅད་དང་འགལ་ལོ། །འཕགས་སེང་གིས་ཆོས་ཅན་སྟོང་ཉིད་ཉི་ཤུ་པོ་ཐམས་ཅད་རང་སྟོང་དུ་བཀྲལ་བས་ནི་གཞན་སྟོང་ཟབ་མོ་མི་སྟོན་པའམ་མི་བཞེད་པ་མ་ཡིན་གྱི། བདག་ཟློག་པའི་སྐབས་ཡིན་པ་དང་། སྟོང་ཉིད་ཉི་ཤུ་ པོ་ཐམས་ཅད་བློ་ལ་འཆར་རུང་གི་ཀུན་རྫོབ་པ་ཁོ་ན་ལ་དགོངས་ནས་རང་སྟོང་དུ་གསུངས་ཀྱི། དོན་དམ་བློ་འདས་ཀྱི་དབང་དུ་མཛད་ནས་རང་སྟོང་དུ་མ་གསུངས་པས་སོ། །འདི་ཀུན་རྫོབ་ཀྱི་དབང་དུ་མཛད་པ་ཡིན་པར་ཅིས་ཤེས་ཤེ་ན། གྲངས་ཉི་ཤུ་དང་། སྟོང་གཞི་ ཆོས་ཅན་ཉི་ཤུ་པོ་ཐམས་ཅད་ཀྱང་བློ་ཡུལ་དུ་དམིགས་རུང་ཤ་སྟག་ཡིན་པས། དེ་ཉིད་ཀུན་རྫོབ་ལས་གཞན་དོན་དམ་པ་ལ་ཡིན་ན་ནི་མི་རུང་སྟེ། དོན་དམ་གཞན་སྟོང་ལ་གྲངས་མི་འཐད་པ་དང་། སྟོང་པའི་གཞི་དེ་ཡོད་དུ་ཆུག་ཀྱང་དམིགས་རུང་ཙམ་མ་ཡིན་ན་ བློ་ཡུལ་དུ་འཆར་བར་ག་ལ་རུང་སྟེ། རྣམ་གཞག་འདི་ནི་ཀུན་རྫོབ་པའི་ཆོས་ཁོ་ན་ལ་བརྟེན་པའོ། །ལ་ལ་ཞིག་དེས་ན་ཆོས་སྐྱོན་མེད་པ་སོགས་ཕ་རོལ་གཟིགས་པའི་སྤྱོད་ཡུལ་གཞན་སྟོང་ཟབ་མོ་དེའང་ཀུན་རྫོབ་ཏུ་ཐལ་ཏེ། འདིའི་སྟོང་གཞི་ཉི་ཤུ་པོ་དེ་ཡིན་ 4-1-187a པའི་ཕྱིར་ཞེ་ན། ཆོས་སྐྱོན་མེད་པ་སོགས་ལའང་རང་སྟོང་གཞན་སྟོང་གི་ཆ་གཉིས་སུ་འབྱེད་དེ། ཚུར་མཐོང་གིས་རྟོག་ཡུལ་དུ་བཞག་པའི་ཆོས་སྐྱོན་མེད་སོགས་ཀྱི་གཞན་སྟོང་བཏགས་པ་བ་དེ་རང་སྟོང་དང་། ཕ་རོལ་གཟིགས་པའི་ཆོས་སྐྱོན་ མེད་སོགས་མི་རྟོག་ཡེ་ཤེས་ལ་གསལ་བ་ནི་གཞན་སྟོང་གོ་ཆོད་པོ་དེ་གཞན་སྟོང་འབའ་ཞིག་ཡིན་པའི་ཕྱིར། ལུགས་འདིར་ནི་སྔ་མའི་དབང་དུ་མཛད་དོ། ། ཁོ་བོས་ལེགས་པར་བསམས་བྱས་ནས། །ཧ་ཅང་ཐལ་ཆེས་མ་ཡིན་པར། ། སྐབས་འདིའི་འཕགས་སེང་དགོངས་ པ་ནི། །རྣལ་འབྱོར་སྤྱོད་ལ་གནས་བཞིན་བཤད། །གཉིས་པ་སའི་ཚོགས་ཁྱད་པར་དུ་བཤད་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། སྐབས་འདིའི་འབྲེལ་དང་། འབྲེལ་བ་ཅན་བཤད་བྱའི་མདོ་དངོས་འགོད་པའོ། །དང་པོ་མདོའི་འབྲེལ་ནི་གོང་དུ་བཤད་ ཟིན་ལ། བསྟན་བཅོས་ཀྱི་འབྲེལ་ནི། ས་བཅུ་དང་ཞེས་པ་དེ་གང་ཞེ་ན། ཞེས་པ་ལ་དེ་ཉིད་ཡོངས་སྦྱོང་གི་སྒོ་ནས་བཤད་དགོས་པ་ལས། དེ་བསྟན་པའི་སླད་དུ་སའི་ཚོགས་ཞེས་སོ། །གཉིས་པ་བཤད་བྱའི་མདོ་ནི། རབ་འབྱོར་ས་དང་པོ་ལ་གནས་པས་ཡོངས་སུ་སྦྱོང་བ་བཅུ་པོ་ འདི་དག་བྱ་སྟེ། གང་ཞེ་ན། ཞེས་སོགས་དང་། ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་ནན་ཏན་དུ་བྱའོ། །ཞེས་སོགས་དང་། ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་སྟེ། ཞེས་སོགས་དང་། གཞན་ཡང་ས་བཞི་པ་ལ་ གནས་པས་ཆོས་བཅུ་པོ། ཞེས་སོགས་དང་། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས། ཞེས་སོགས་དང་། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས་ཆོས་དྲུག །ཅེས་སོགས་དང་། རབ་འབྱོར་གཞན་ཡང་ 4-1-187b བྱང་ཆུབ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མི་བྱ་སྟེ། ཞེས་སོགས་དང་། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། ཞེས་གོང་འོག་གཉིས་གསུངས་པ་དང་། རབ་འབྱོར་ བྱང་ཆུབ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་རྫོགས་པར་བྱའོ། །ཞེས་གསུངས་པ་རྣམས་སོ། །དེ་ལྟར་གསུངས་པའི་དོན་ལ། གཉེན་པོ་སའི་རང་བཞིན་གང་ཡིན་པ་དང་། མཉམ་པར་བཞག་ཡུལ་གྱི་རང་བཞིན་གང་ཡིན་པ་དང་། སྤང་བྱ་གེགས་ཀྱི་རང་ བཞིན་གང་ཡིན་པའོ། །དང་པོ་ལ་བདུན། ངོ་བོ་དང་། དབྱེ་བ། སྒྲ་དོན། སྤངས་རྟོགས་ཀྱི་ཁྱད་པར། ཡོན་ཏན་མངོན་དུ་བྱེད་ཚུལ། རྟགས་ཀྱི་ཁྱད་པར། ལུས་འཛིན་ཚུལ་མི་འདྲ་བ་རྣམས་བསྟན་པའོ། །དང་པོ་ས་ཙམ་གྱི་ངོ་བོ་ནི། ཡོན་ཏན་གྱི་རྟེན་བྱེད་པ་སྟེ། འགྲེལ་ ཆེན་ལས། ཡོན་ཏན་གྱི་གཞི་ཡིན་པའི་ཚུལ་ནི་ས་ཡིན་ནོ། །ཞེས་སོ། །ཉན་རང་སའི་ངོ་བོ་ཡང་དེ་དང་དེའི་ཡོན་ཏན་གྱི་རྟེན་བྱེད་པའོ། །བྱང་སའི་ངོ་བོ་ཡང་སེམས་དཔའི་ཡོན་ཏན་གྱི་རྟེན་བྱེད་པ་ཡིན་ལ། སངས་རྒྱས་སའི་ངོ་བོ་ཡང་སངས་རྒྱས་ཀྱི་ཡོན་ཏན་གྱི་རྟེན་བྱེད་པ་ ཡིན་ནོ། །སངས་རྒྱས་ཀྱི་སར་སའི་རྣམ་པར་གཞག་པ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཞེས་འགྲེལ་ཆེན་ལས་བཤད་དོ། །འདིར་བསྟན་གྱི་གཙོ་བོའི་ས་ནི་བྱང་སའི་ས་དེ་ཡིན་ལ། དེའི་ངོ་བོ་ཡོན་ཏན་གྱི་རྟེན་བྱེད་རུང་དེ་ཐབས་ཤེས་ཟུང་འཇུག་གི་རྟོགས་པ་བདག་གཉིས་ཀྱིས་དབེན་ པ་དེ་ཡིན་ནོ། །གཉིས་པ་དབྱེ་བ་ལ་མཉམ་བཞག་ཏུ་སྒྲིབ་པ་སེལ་བའི་ས་དང་། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་བསགས་པའི་སའི་ཚོགས་གཉིས་སུ་འབྱེད་དགོས་ལ། དེའང་སྦྱང་བྱ་དྲི་མ་བཅུ་དང་། སྦྱོང་བྱེད་ཀྱི་ཆོས་བཅུ་ཡོད་པས། སའི་ཚོགས་ལ་བཅུར་ཡང་དབྱེ་ 4-1-188a སྟེ། ཇི་སྐད་དུ། མཐོང་བ་དང་སྒོམ་པའི་ལམ་ལ་ཡོངས་སུ་སྦྱོང་བའི་དབྱེ་བས་རབ་ཏུ་དགའ་བའི་ས་ལ་སོགས་པ་བཅུར་བཞག་གོ། ཞེས་གསུངས་སོ། ། དེ་ལྟར་རྩ་བའི་དབྱེ་བ་གཉིས་དང་། དེ་རེ་རེ་ལའང་སའི་དབང་གིས་བཅུ་བཅུ་སྟེ་དབྱེ་བ་ཉི་ ཤུ་ཡོད་དོ། །རྩ་བའི་དབྱེ་བ་གཉིས་ལས་དབྱེ་སྒོ་འདིར་ཡང་འགྱུར་ཏེ། དང་པོ་ནི། ཡེ་ཤེས་ཀྱི་ཚོགས་དང་གཉེན་པོའི་ཚོགས་སུ་བསྡུས་ལ། དེའི་བྱེད་པས་ནི་ཇི་ལྟ་བ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཁོ་ན་སེལ་བས། དེ་སྐབས་ཀྱི་ཇི་ལྟ་བ་ལ་ཡང་གཉིས་ཏེ། གང་ ཟག་དང་ཆོས་ཀྱི་བདག་མེད་དོ། །དང་པོ་ལ། སྒྲིབ་བྱེད་ཀྱི་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་ཏེ། དེ་ལའང་དངོས་དང་། དེས་བཞག་པའི་བག་ཆགས་གཉིས་ལས། དང་པོ་ནི། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་དེ་ཡིན་པས་ས་དང་པོ་ནས་སྤོང་ངོ་། །གཉིས་པ་ ནི། དེས་བཞག་པའི་གནས་ངན་ལེན་ཡིན་པས་དེས་སྲིད་པར་སྐྱེ་བའི་རྒྱུ་བྱེད་པར་འདྲ་བས་དེའི་མིང་གིས་བཏགས་སོ། །དེ་ལྟ་བུའི་ཉོན་སྒྲིབ་ཕྲ་མོ་དེ་ས་བཅུའི་རིམ་པས་སྒོམ་སྤང་ཤེས་སྒྲིབ་དང་མཉམ་དུ་སྤོང་ངོ་། ། གཉིས་པ་ཆོས་ཀྱི་བདག་མེད་ལ་སྒྲིབ་བྱེད་ནི། ཉོན་མོངས་ པ་ཅན་མ་ཡིན་པའི་མ་རིག་པ་སྟེ། དེ་ལའང་རང་བཞིན་རྣམ་དག་གི་ཆོས་ཉིད་དང་། གློ་བུར་རྣམ་དག་གི་ཆོས་ཉིད་ལ་སྒྲིབ་བྱེད་དོ། །དང་པོ་ནི་ས་དང་པོ་ན་སྤོང་ལ། གཉིས་པ་ནི་ས་བཅུ་པོ་རེ་རེ་ཞིང་ངོ་སྐལ་གྱི་སྒྲིབ་པ་རྣམས་མཉམ་བཞག་ཏུ་རིམ་གྱིས་སྤོང་བ་དེ་ཡིན་ནོ། ། རྩ་བའི་དབྱེ་བ་གཉིས་པ་ནི། ཇི་སྙེད་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སེལ་བར་བྱེད་པ་སྟེ། དེ་ནི་ས་བཅུའི་རྗེས་ཐོབ་ཏུ་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་མི་འདྲ་བ་བཅུ་འབྱུང་ལ། དེ་ལྟར་འབྱུང་བའི་སྤྱོད་པས་ཕྱིན་དྲུག་ལ་སློབ་ཅིང་སྦྱོང་བ་ནི་བསོད་ནམས་ཚོགས་བསག་ཏུ་གྱུར་པའི་ 4-1-188b སའི་ཚོགས་ཡིན་ལ། འདིར་དེ་སྤྱོད་དགོས་པའི་རྒྱུ་མཚན་ནི། རྗེས་ཐོབ་ཏུ་ཚུལ་འདིས་མ་སྦྱངས་པར་ས་བཅུའི་མཉམ་བཞག་བར་མ་ཆད་དུ་བསྒོམས་ན་ཆད་པའི་མྱང་འདས་ཀྱི་མཐར་ལྷུང་བས་སོ། ། སའི་ཡོངས་སྦྱོང་དེ་ལྟ་བུ་ལ་མཚོན་ན་གཉིས་ཏེ། ཐོབ་བཞིན་པ་སྦྱང་བ་ དང་། ཐོབ་ཟིན་པ་སྦྱང་བ་གཉིས། དང་པོ་ནི། ས་དང་པོ་ཉིད་ཀྱི་སྐབས་སུ་ཡིན་ཏེ། ཇི་སྐད་དུ། ས་གང་གི་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་ཡིན་པ་རྣམས་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ་ས་ཡིན་ལ། རྫོགས་ནས་ནི་ས་གཞན་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་ པ་ལྟ་བུའོ། །གཉིས་པ་ནི། ས་གཉིས་པའི་ཡང་ཡོངས་སྦྱོང་ཡིན་ཏེ། དེས་མཚོན་ནས་ས་གཉིས་པའི་ཡོངས་སྦྱོང་དེ་ཉིད་ཀྱིས་ས་གསུམ་པའི་དྲི་མའང་སྦྱོང་དགོས་ཤིང་། དེའི་རིགས་འགྲེ་ནི་ས་བཅུ་པའི་བར་དུ་འགྲོ་ལ། ས་བཅུ་པའི་ཡོངས་སྦྱོང་གིས་སངས་རྒྱས་སའི་ དྲི་མ་ནི་སྦྱང་མི་དགོས་ཏེ། སངས་རྒྱས་ཀྱི་སར་དྲི་མ་མེད་པའི་ཕྱིར། དེས་ན་སངས་རྒྱས་ཀྱི་སར་ནི་ཐོབ་བཞིན་སྦྱོང་བ་དང་། ཐོབ་ཟིན་སྦྱོང་བ་གཉིས་ཀ་མེད་དོ། །སུ་ག་ཏ་ཤྲཱིས་ནི། ཆུ་འདྲེན་པ་ན་ཡུར་བ་སེལ་བ་ལྟར། ས་དང་པོའི་ཡོངས་སྦྱོང་ཆོས་མཆོག་ཏུ་སྦྱོང་བར་བྱེད་ པ་ཞིག་ཀྱང་ཡོད་པར་འདོད་དོ། །གསུམ་པ་ལ་གཉིས་ཏེ། སྤྱི་དང་། བྱེ་བྲག་གི་དོན་ནོ། །དང་པོ་ནི། གོང་ནས་གོང་དུ་བགྲོད་པར་བྱེད་པའི་གཞི་ཡིན་པས་ས་ཞེས་བྱ་སྟེ། ཇི་སྐད་དུ། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་ གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ལས་སར་འདོད་དོ། །ཞེས་གསུངས་པས། འབྱུང་པོ་ནི་སེམས་ཅན་ཏེ་དཔག་ཏུ་མེད་པ་དག་ལ་འཇིགས་པ་མེད་པར་བྱ་བའི་ཕྱིར་དུ་སྔ་མ་ལས་ཕྱི་ཕྱིར་གོང་དུ་འགྲོ་བ་དང་ལྡན་པའི་སར་ནི་དེ་དག་ཉིད་ལས་སར་འདོད་དོ་ཞེས་གསུངས་ 4-1-189a སོ། །གཉིས་པ་བྱེ་བྲག་གི་སྒྲ་དོན་ནི། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ཡང་ཉེ་བ་དང་། །ཞེས་སོགས་ས་བཅུ་པོ་སོ་སོའི་སྒྲ་དོན་གསུངས་སོ། །བཞི་པ་སྤངས་རྟོགས་ཀྱི་ཁྱད་པར་ལ་གཉིས་ཏེ། སྤངས་པ་དང་། རྟོགས་པའི་ཁྱད་པར་རོ། །དང་པོ་ནི། ས་ བཅུ་པོ་རེ་རེ་ལ་སྒྲིབ་པ་རེ་སྤོང་བ་ཡིན་ཏེ། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་གསུངས་པས། དེ་ཡང་སྤོང་ཚུལ་ཇི་ལྟར་ཞེ་ན། དབུས་མཐའི་ཊཱི་ཀ་ལས། དང་ པོས་མཐོང་སྤང་སྤངས་པའི་ཚུལ་བཤད་ནས། སྒོམ་པས་སྤང་བར་བྱ་བ་རྣམས་ནི་ལྷག་མ་རྣམས་ཀྱིས་སྤོང་ངོ་། །ཞེས་སོ། །གཞན་ཡང་ཕར་ཕྱིན་བཅུའི་འབྲས་བུ་བཅུ་ལ་སྒྲིབ་པས་ན། སྒྲིབ་པ་བཅུ་སྟེ། འབྲས་བུ་བཅུ་ནི། ཇི་སྐད་དུ། ཕྱུག་པོ་དང་ནི་བདེ་འགྲོ་དང་། ། སེམས་ཅན་མི་གཏོང་སྒྲིབ་པ་དང་། །ཉེས་པ་དག་དང་ཡོན་ཏན་རྣམས། །འབྲི་དང་འཕེལ་དང་འཛུད་པ་དང་། །གྲོལ་བར་བྱེད་དང་མི་ཟད་དང་། །དགེ་བ་རྒྱུན་མི་འཆད་པ་དང་། །ངེས་པར་བྱེད་དང་ཆོས་རྣམས་ལ། །ལོངས་པར་སྤྱོད་དང་ཡོངས་སྨིན་བྱེད། །ཅེས་འདི་ དག་གི་མི་མཐུན་པའི་ཕྱོགས་རྣམས་སྤང་བར་བྱ་བ་ཡིན་ནོ། །གཉིས་པ་རྟོགས་པའི་ཁྱད་པར་ནི། དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་དོན་དང་། །ཉོན་མོངས་ རྣམ་དག་མིན་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །བྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་སོ། །དེ་ལ་དབང་བཞི་ནི། ཇི་སྐད་དུ། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་པ། །ཞིང་དང་ཡེ་ཤེས་ལས་ 4-1-189b དག་ལ། །དབང་ནི་རྣམ་པ་བཞི་ཡིན་ཏེ། །དབང་ནི་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལས་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། །ཅེས་སོ། །ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་དེ་ས་བརྒྱད་པ་ལ་གནས་གྱུར་པས་མི་ རྟོག་ཡེ་ཤེས་ཤིན་ཏུ་དག་པ་ལ་དབང་། དེར་འཛིན་པ་ནི་སྒོ་ལྔའི་དབང་ཤེས་ཡུལ་དང་བཅས་པ་སྟེ། དེ་དེར་གནས་གྱུར་པས་ནི་ཞིང་དག་པ་ལ་དབང་། རྣམ་པར་རྟོག་པ་ནི་ཡིད་ཀྱི་ཤེས་པ་སྟེ། དེས་དགུ་པ་དང་བཅུ་པ་ལ་གནས་གྱུར་པས་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ ལ་དབང་བ་དང་། ཇི་ལྟར་བཞེད་པ་བཞིན་གྱི་སེམས་ཅན་གྱི་དོན་མཛད་པས་ཕྲིན་ལས་ལ་དབང་བ་ཡིན་ནོ། ། འོ་ན་ས་བཅུ་པ་ལ་ཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་ན་སངས་རྒྱས་ཀྱི་ཕྲིན་ལས་དང་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། དེའང་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ ལས་ལ་ས་བཅུ་པ་དང་སངས་རྒྱས་གཉིས་ཁྱད་པར་མེད་ལ། བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་ལ་ཁྱད་པར་ཡོད་དོ། །བྱ་བ་ཡུལ་གྱི་ཕྲིན་ལས་ལ་ཁྱད་མེད་དུ་བཤད་པ་འདིས་ནི་སངས་རྒྱས་དང་ས་བཅུ་པའི་བྱང་སེམས་གཉིས་ལ་སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པའི་ཡོན་ ཏན་གྱི་སྟོབས་ཆེ་ཆུང་ཁྱད་མེད་དུ་བསམ་པར་མི་བྱ་སྟེ། རྒྱ་མཚོ་བ་ལང་གི་རྨིག་རྗེས་ཀྱི་ཆུའི་ཁྱད་པར་དུ་བཤད་དོ། །འོན་ཏེ་བྱ་བ་ཡུལ་གྱི་ཕྲིན་ལས་ཁྱད་མེད་དུ་བཤད་པའི་དགོངས་པ་ཡང་། ཕྲིན་ལས་ཀྱི་ཡུལ་འཇིག་རྟེན་པ་དག་གི་ངོར་སངས་རྒྱས་དང་ས་བཅུའི་སེམས་ དཔའ་གཉིས་ཕྲིན་ལས་ཁྱད་མེད་དུ་རྟོགས་པའི་དོན་གྱིས། ཇི་སྐད་དུ། འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་གསུངས་པས་སོ། །དེ་ལྟར་གསུངས་པའི་གྲུབ་དོན་འཇིག་རྟེན་ན་མཉམ་པར་སྣང་བ་ཙམ་གྱིས་མཉམ་པའི་གོ་མི་ཆོད་པ་ཡིན་ནོ། །དེ་ལྟར་བཤད་པས་ས་བརྒྱད་ 4-1-190a པ་ཡན་གྱི་རྟོགས་པའི་ཁྱད་པར་སྔར་བཤད་ནས། ས་དང་པོ་ནས་བདུན་པའི་ཁྱད་པར་གྱི་རྟོགས་པ་ཡང་ཞིབ་ཏུ་བཤད་དེ། དེ་ཡང་ས་དང་པོར་ཆོས་ཉིད་བདག་གཞན་ཐམས་ཅད་ལ་ཀུན་ཏུ་འགྲོ་བའི་ཚུལ་གྱིས་རྟོགས་པ་སྟེ། བདག་གཞན་ཐམས་ཅད་ ལ་ཀུན་ཏུ་འགྲོ་བའི་དོན་འདི་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བ་དང་ལྡན་པའི་བདག་དང་། བདག་དེ་དང་འདྲ་བའི་གཞན་པ་འཆིང་བ་མཐའ་དག་གིས་བསྒོས་པ་རྣམས་ཀྱི་སྤྱི་ཁྱབ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་འགལ་བ་ཁོ་ནར་ཀུན་ཏུ་འགྲོ་བ་ཡིན་ལ། འགལ་བ་དེ་ ནི་ལོག་པར་ཞུགས་པ་འབའ་ཞིག་ཡིན་ནོ། །དེས་ན་བདག་དང་གཞན་གཉིས་ཀའང་དེ་དང་དེས་སྟོང་པས་བདག་མེད་པ་ཆོས་ཀྱི་དབྱིངས་འབའ་ཞིག་ཡིན་པས། དེའི་སྤྱི་ལ་ཁྱད་མེད་པས་ཀུན་ཏུ་ཁྱབ་པར་འགྲོ་བ་ནི་ཡང་དག་པ་ཁོ་ནའོ། །དོན་འདི་ལ་བསམས་ནས་ཀུན་ རྫོབ་ཏུ་བདག་དང་གཞན་པ་གཉིས་ཀའང་འཁྲུལ་ངོར་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པས། དེ་གཉིས་ཀའང་འཁྲུལ་པ་དང་སྡུག་བསྔལ་བར་འདྲ་བས་བདག་བདེ་ཞིང་གཞན་རྣམས་ཅི་མ་རུང་བའི་སེམས་མ་ཡིན་པར་བདག་ཉིད་བདེ་བར་འདོད་པ་དེ་བཞིན་དུ། གཞན་ལའང་བདེ་ བར་འདོད་པ་ལ་སེམས་མཉམ་པ་སྟེ། འདི་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དོན་དམ་དུ་བདག་དང་གཞན་གཉིས་རང་བཞིན་གྱིས་སྟོང་སྟེ་བདག་མེད་པར་མཉམ་པའི་དོན་ཁོང་དུ་ཆུབ་པ་འདི་ནི་དོན་དམ་བྱང་ཆུབ་ཀྱི་སེམས་སོ། །འདི་གཉིས་ལ་སྔ་མ་སོ་སོའི་སྐྱེ་བོ་ལའང་ ཡོད་ལ། ཕྱི་མ་ནི་མཐོང་བའི་ལམ་ནས་སོ། །ས་གཉིས་པར་ཆོས་ཉིད་སྒྲིབ་པ་ཐམས་ཅད་ཀྱིས་མ་གོས་པ་སྤང་དུ་རུང་ལ། དེ་སྤངས་པ་དེ་རྟོགས་བྱ་རྣམས་ཀྱི་མཆོག་ཡིན་ལ། རྟོགས་པ་དེ་མངོན་དུ་བྱ་བ་དང་། དྲི་མ་དེ་སེལ་བར་བྱེད་པའི་དོན་དུ་རྩོམ་པ་ཆེན་པོ་མྱུར་དུ་བྱེད་པ་ཡིན་ 4-1-190b ནོ། །ས་གསུམ་པར་ཐེག་ཆེན་གྱི་སྡེ་སྣོད་ཐོས་པ་དེ་ཆོས་ཀྱི་དབྱིངས་དང་རྒྱུ་མཐུན་པའི་འབྲས་བུ་སྟེ། རྒྱུ་མཐུན་གྱི་དོན་འདི་ལྟར་ཤེས་པ་ན་སྟོང་གསུམ་མེ་ལྕེ་གཅིག་ཏུ་གྱུར་པ་བརྒལ་ནས་ཀྱང་དམ་པའི་ཆོས་ཉན་པར་བྱེད་དོ། །ས་བཞི་པར་ཆོས་ཀྱི་དབྱིངས་དེ་ལ་བདག་གི་བའི་སྲེད་ པ་ཡོངས་སུ་འཛིན་པ་མེད་པས་ཆོས་གང་ལ་ཡང་ཆགས་པར་མི་བྱེད་དོ། །ས་ལྔ་པར་སེམས་དཔའ་ནང་ཕན་ཚུན་དང་། སངས་རྒྱས་ནང་ཕན་ཚུན་གྱི་ཆོས་དབྱིངས་མཉམ་པ་ཉིད་བཅུས་མཉམ་པ་ཉིད་དུ་རྟོགས་པས་རྒྱུད་ཐ་དད་པར་མི་མཐོང་ངོ་། །ས་དྲུག་པར་ཆོས་ཀྱི་དབྱིངས་དེ་རང་བཞིན་གྱིས་ ཉོན་མོངས་པ་ཅན་མ་ཡིན་ལ། ཉོན་མོངས་པ་ནི་གློ་བུར་བར་རྟོག་པའོ། །ས་བདུན་པར་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་དུ་མི་འབྱུང་བས་དེའི་རྒྱུ་མཚན་གྱིས་མཚན་འཛིན་ཐམས་ཅད་སྤངས་པ་ཡིན་ནོ། །ལྷག་མ་གསུམ་ནི་གོང་དུ་རྒྱས་པར་བཀྲལ་ཟིན་ཏོ། ། ལྔ་པ་ཡོན་ཏན་མངོན་དུ་བྱེད་པའི་ཁྱད་པར་ནི། ས་དང་པོས་ཆོས་ཉིད་མངོན་སུམ་གྱིས་རྟོགས་པར་བྱེད་དོ། །ས་གཉིས་པ་ལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྫོགས་པར་མངོན་དུ་བྱེད་དོ། །ས་གསུམ་པ་ལ་ལྷག་པ་སེམས་ཀྱི་བསླབ་པ་རྫོགས་པར་མངོན་དུ་བྱེད་དོ། ། ས་བཞི་པ་དང་ལྔ་པ་དྲུག་པ་གསུམ་ལ་ལྷག་པ་ཤེས་རབ་ཀྱི་བསླབ་པ་རྫོགས་པར་མངོན་དུ་བྱེད་དོ། །དེའང་ས་བཞི་པ་ལ་ཆོས་སུམ་ཅུ་སོ་བདུན་ལ་མཁས་པའི་ཤེས་རབ་དང་། ས་ལྔ་པ་ལ་བདེན་པ་བཞི་ལ་མཁས་པའི་ཤེས་རབ་དང་། དྲུག་པ་ལ་རྟེན་འབྲེལ་བཅུ་གཉིས་ལ་ མཁས་པའི་ཤེས་རབ་སྟེ་ཤེས་རབ་ཀྱི་ཁྱད་པར་གསུམ་བཤད་པའོ། །ས་དྲུག་པ་མན་ཆད་དུ་བསླབ་པ་གསུམ་རྫོགས་ཤིང་ཆོས་ཉིད་བསྒོམ་པ་ལ་བརྟེན་ནས་འབྲས་བུ་བཞི་ཐོབ་པ་ཡིན་ནོ། །བཞི་གང་ཞེ་ན། ས་བདུན་པར་མཚན་མ་མེད་ཅིང་རྩོལ་བ་དང་བཅས་པའི་སྒོ་ 4-1-191a ནས་ཡོན་ཏན་མངོན་དུ་བྱེད། ས་བརྒྱད་པར་མཚན་མ་དང་རྩོལ་བ་གཉིས་ཀ་མེད་པར་ཡོན་ཏན་མངོན་དུ་བྱེད། དགུ་པ་ལ་སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་ལ་བརྟེན་ནས་སེམས་ཅན་སྨིན་པར་བྱེད། བཅུ་པ་ལ་ཏིང་ངེ་འཛིན་དང་གཟུངས་དཔག་ ཏུ་མེད་པ་མངོན་དུ་བྱེད་དོ། ། གཞན་ཡང་ས་དང་པོ་ལ་གནས་པའི་བྱང་སེམས་དེས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་སྟེ། རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །ཞེས་སོ། །དེ་ ཡང་ས་དང་པོ་ཐོབ་པའི་སྐད་ཅིག་རེར་བྱེད་པ་བརྒྱ་ཕྲག་བཅུ་གཉིས་འབྱུང་བ་མི་འགལ་ཏེ། དབང་ཤེས་རེ་རེས་ཀྱང་དོན་ལྔ་ཀ་ལ་འཇུག་པར་བྱེད་པ་མི་འགལ་བའི་ཕྱིར་ན་ནི་སྔ་མ་ཡང་འགལ་བ་མེད་པར་གྲུབ་པའི་ཕྱིར། བཅུ་གཉིས་པོ་གང་ཞེ་ན། དུས་སྐད་ཅིག་མ་གཅིག་ལ་སངས་ རྒྱས་བརྒྱའི་ཞལ་ལྟ་བ་དང་། དེས་བྱིན་གྱིས་རློབ་པ་དང་། སྤྲུལ་པ་བརྒྱ་འགྱེད་པ་དང་། དུས་བསྐལ་པ་བརྒྱར་སྟོན་པ་དང་། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་འཇུག་པ་དང་། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ་དང་། སེམས་ཅན་བརྒྱ་སྨིན་པར་ བྱེད་པ་དང་། ཞིང་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱ་འོད་ཀྱིས་གསལ་བར་བྱེད་པ་དང་། ཆོས་ཀྱི་སྒོ་མོ་བརྒྱ་འབྱེད་པ་དང་། རང་གི་ལུས་བརྒྱར་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བ་སྟོན་པའོ། །ས་གཉིས་པ་ལ་དེ་ལྟ་བུ་ སྟོང་ཕྲག་གི་འགྱུར། གསུམ་པ་ལ་བརྒྱ་སྟོང་། བཞི་པ་ལ་ཁྲག་ཁྲིག །ལྔ་པ་ལ་ཁྲག་ཁྲིག་ཕྲག་སྟོང་། དྲུག་པ་ལ་ཁྲག་ཁྲིག་བརྒྱ་སྟོང་། བདུན་པ་ལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་། བརྒྱད་པ་ལ་སྟོང་གསུམ་བརྒྱ་ཕྲག་བཅུ་གཉིས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་ 4-1-191b པའི། དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་ཀྱི། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཕྲག་བཅུའི་རྡུལ་སྙེད་ཀྱི་འགྱུར་རོ། ། གཞན་ཡང་བ་སྤུའི་ཁུང་བུ་རེ་རེ་ནས་སྐད་ཅིག་རེར་སངས་རྒྱས་གྲངས་མེད་པ་རེ་རེ་ཞིང་འཁོར་བྱང་ སེམས་གྲངས་མེད་པས་བསྐོར་བ་དང་། བརྒྱ་བྱིན་སོགས་འགྲོ་བ་རིགས་ལྔ་སྟོན་པ་སོགས་དང་། གཞན་ཡང་ས་བརྒྱད་པར་མངོན་སུམ་དུ་ལུང་བསྟན་པ་ཐོབ་པ་དང་། དགུ་པར་ཆོས་ཀྱི་འཁོར་ལོ་དྲི་མ་མེད་པ་བསྐོར་བ་དང་། བཅུ་པར་ཕྱོགས་བཅུའི་སངས་རྒྱས་ལས་འོད་ ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་ཡིན་ལ། དབང་དེ་ཇི་ལྟར་བསྐུར་ཞེ་ན། ས་དེར་གནས་པའི་སེམས་དཔའ་དེས་ཕྱོགས་བཅུའི་སངས་རྒྱས་ལ་མཆོད་པར་བྱེད་ཅིང་། དེ་བྱས་མ་ཐག་སངས་རྒྱས་དེ་དག་གིས་དབང་བསྐུར་བའི་དུས་ལ་བབ་པར་མཁྱེན་ནས། སངས་རྒྱས་ དེ་དག་གི་མཛོད་སྤུ་ནས་འོད་ཟེར་ཆེན་པོ་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ལ་བསྐོར་བ་ལན་བཅུ་བྱས་ཏེ་སེམས་དཔའ་དེའི་སྤྱི་བོའི་གཙུག་ཏུ་ནུབ་བོ། །ནུབ་མ་ཐག་ཏུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སོགས་སྔར་མ་ཐོབ་པའི་སྟོང་ཕྲག་བཅུ་ཐོབ་བོ་ཞེས་ས་བཅུ་པའི་མདོ་ ལས་གསུངས་སོ། །དྲུག་པ་རྟགས་ཀྱི་ཁྱད་པར་ནི། གསེར་འོད་དམ་པར། ས་དང་པོ་སོགས་ཐོབ་པའི་སྔ་ལྟས་ཀྱི་རྟགས་དང་། རྨི་ལམ་ངེས་བསྟན་ལས། ས་ཐོབ་པ་ན་རྨི་ལམ་འདི་ལྟར་འབྱུང་། ཞེས་སོགས་གསུངས་པ་ལ། ཆོས་རྗེ་ས་སྐྱ་པཎྜི་ཏའི་བཞེད་ཀྱིས། རྨི་ལྟས་ ཀྱི་ཁྱད་པར་དེ་རྣམས་མོས་སྤྱོད་ཀྱི་སར་རྣམ་གཞག་བྱས་པ་ཡིན་གསུངས་ལ། དཔལ་རང་བྱུང་ཞབས་ཀྱིས་ནི། ནང་དོན་དུ། འཁྲུལ་པའི་རྨི་ལམ་འཁོར་བ་སྟེ། །མ་འཁྲུལ་རྨི་ལམ་གཉེན་པོ་ཡིན། །དེ་ཕྱིར་རྒྱལ་སྲས་ས་བཅུ་ལ། །རྨི་ལམ་བསྟན་པ་མདོ་ལས་གསུངས། ། 4-1-192a ཞེས་པས་མོས་སྤྱོད་ཀྱི་སར་རྣམ་གཞག་བྱས་པ་མ་ཡིན་པར་གསུངས་སོ། །འདི་ལ་ལ་ལ་ཞིག་རྨི་ལམ་རྨི་བ་ནི་གཉིད་མེད་ན་མི་འབྱུང་ཞིང་། གཉིད་ནི་མོས་སྤྱོད་ཀྱི་ས་ནས་སྤངས་པར་བཤད་པས། ས་ཐོབ་པ་ལ་རྨི་ལམ་ཡོད་པ་ནི་དཀའ་བའི་གནས་སོ་ཞེས་ ཟེར་ཡང་། སོ་སོའི་སྐྱེ་བོ་རྣམས་ལ་དེ་ལྟར་ཡིན་ཀྱང་ཐེག་ཆེན་འཕགས་པའི་སར་ནི་རྨི་ལམ་འབྱུང་བ་ལ་གཉིད་དགོས་པའི་ཁྱབ་པ་ངེས་པ་མ་ཡིན་ནོ། །འོ་ན་གཉིད་མེད་པའི་རྨི་ལམ་དེ་འདྲ་ཞིག་ཡོད་ན་རྨི་ལམ་གོ་ཆོད་པོ་དངོས་དེ་མ་ཡིན་ནོ་ཞེ་ན། རྨི་ལམ་ཡིན་ན་རྨི་ལམ་ རང་མཚན་ཡིན་པས་ཁྱབ་པར་ཁོ་བོ་ཅག་མི་འདོད་པའི་ཕྱིར་ན། རྨི་ལམ་རང་མཚན་པ་མ་ཡིན་ཀྱང་རྨི་ལམ་ཙམ་དུ་ཡིན་པ་མི་འགལ་ལོ། །དེ་ལྟར་གྱི་ཚེ་གཞན་དག་འོ་ན་མངོན་སུམ་གྱི་དུས་ཀྱང་རྨི་ལམ་ཙམ་དུ་ཡིན་པར་ཐལ། གཉིད་མི་དགོས་པར་འདྲ་བའི་ཕྱིར་ཞེ་ན། ཁོ་ བོ་ཅག་དེ་ལ་ནི་འདོད་པ་ཡིན་ཏེ། ལུགས་འདིའི་མན་ངག་མཐར་ཐུག་ཏུ་ཆོས་ཐམས་ཅད་རྨི་ལམ་གསུམ་རྒྱུད་དུ་གཏན་ལ་ཕབ་པའི་ཕྱིར། འོ་ན་གཞན་དག་དེ་ལྟར་ན་འཕགས་པ་ལ་རྨི་ལམ་འབྱུང་བར་ཟུར་དུ་བསྟན་པ་ཡང་དགོས་པ་མེད་དེ། མངོན་སུམ་ཐམས་ཅད་རྨི་ལམ་ དུ་བཤད་པའི་ཕྱིར་སྙམ་ན། དོན་དམ་པར་སེམས་ཅན་ལ་མངོན་སུམ་ལྟར་སྣང་བའི་ཆོས་ཅན་ཀུན་རྫོབ་པ་ཐམས་ཅད་ཀྱིས་མངོན་སུམ་གྱི་གོ་མི་ཆོད་པས་རྨི་ལམ་དང་ཁྱད་པར་མེད་ཅིང་། འོན་ཏེ་འཕགས་པའི་སར་ཡང་མངོན་སུམ་དང་རྨི་ལམ་ཙམ་ཞིག་འབྱུང་བའི་ཕྱིར་ཁྱད་ པར་ཡོད་པ་ནི་ཕན་ཚུན་བལྟོས་པའི་དབང་ལས་གྲུབ་པས་འགལ་བ་ཡོད་པ་མ་ཡིན་ནོ། །རྨི་ལམ་འདི་ལྟ་བུ་ཡང་ཐེག་པ་ཆེན་པོ་ལ་ཞུགས་ནས་ལམ་བསྒོམ་པའི་དབང་དུ་བྱས་པ་ཡིན་གྱི། སྐབས་མིན་དུ་བྱུང་ན་སྔགས་སམ། སྨན་ནམ། ཡང་ན་བར་དུ་གཅོད་པའི་མཚན་ 4-1-192b མ་གཞན་དུ་ཤེས་པར་བྱའོ། །བདུན་པ་ལུས་འཛིན་པའི་ཁྱད་པར་ནི། ས་དང་པོར་འཛམ་བུའི་གླིང་ལ་དབང་བའི་འཁོར་ལོས་སྒྱུར་རྒྱལ་དང་། གཉིས་པ་ལ་གླིང་བཞི་པའིའོ། །གསུམ་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིའོ། །བཞི་པ་ལ་མཚེ་མ། ལྔ་པ་ལ་དགའ་ལྡན། དྲུག་ པ་ལ་འཕྲུལ་དགའ། བདུན་པ་ལ་གཞན་འཕྲུལ་དབང་བྱེད། བརྒྱད་པ་ལ་སྟོང་གི་བདག་པོ་ཚངས་པ། དགུ་པ་ལ་སྟོང་གཉིས་ཀ་བར་མའི་བདག་པོ་ཚངས་ཆེན། བཅུ་པ་ལ་ཁམས་གསུམ་གྱི་བདག་པོ་ལྷའི་བུ་དབང་ཕྱུག་ཆེན་པོའི་སྐྱེ་བ་འཛིན་པ་ཡིན། དེ་ལྟ་བུའི་སྐྱེ་བ་ ལེན་ཚུལ་ནི་རྣམ་སྨིན་གྱི་ཡོན་ཏན་ཡིན་ནོ། །དེ་ལྟ་བུའི་ལུས་འཛིན་པ་ལ་སེམས་དཔའ་དག་སྐྱེ་བ་ལེན་ཚུལ་བཞི་ཡོད་དེ། མདོ་སྡེ་རྒྱན་ལས། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དབང་དག་དང་། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གི་སྐྱེ་ བར་འདོད་པ་ཡིན། །ཅེས་པས་མོས་སྤྱོད་ཀྱི་སེམས་དཔའ་འདོད་པར་སྐྱེ་བ་ལས་དང་། ས་ཐོབ་པས་དུད་འགྲོ་སོགས་སུ་སྐྱེ་བ་སྨོན་ལམ་གྱི་མཐུ་དང་། བསམ་གཏན་རྣམས་བཟློག་ནས་འདོད་ཁམས་སུ་སྐྱེ་བ་ཏིང་ངེ་འཛིན་གྱི་མཐུ་དང་། སྤྲུལ་པས་དགའ་ལྡན་གྱི་གནས་ ནས་འཛམ་བུའི་གླིང་དུ་འཕོ་བ་སོགས་དབང་འབྱོར་བའི་མཐུ་ལས་སྐྱེ་བ་ལེན་པ་སྟེ་བཞིའོ། །མདོར་ན་ས་ཐོབ་པའི་སེམས་དཔའ་རྣམས་སེམས་ཅན་གྱི་སྡུག་བསྔལ་ལ་རྗེས་སུ་ཆགས་པའི་སྙིང་རྗེ་ཆེན་པོའི་མཐུ་ལས་འཁོར་བ་ན་སྐྱེ་འཆི་ན་རྒ་སོགས་སུ་སྟོན་པ་ཡིན་གྱི། སྐྱེ་བ་ སོགས་རང་མཚན་པ་མ་ཡིན་ནོ། །གཉིས་པ་མཉམ་པར་བཞག་ཡུལ་གྱི་རང་བཞིན་གང་ཡིན་པ་ལ། མཐོང་ལམ་གྱིས་མ་མཐོང་བའི་ཆོས་ཉིད་སྒོམ་ལམ་དུ་གསར་མཐོང་ཡོད་མེད་དཔྱད་པ། ཐེག་ཆེན་འཕགས་པའི་མཉམ་པར་བཞག་པ་ན་སྣང་བ་ཡོད་མེད་ལ་དཔྱད་པའོ། །དང་པོ་ལ། 4-1-193a འཕགས་སེང་གི་བཞེད་དོན་ཐུན་མོང་མིན་པ་དགོད་པ་དང་། འཕགས་སེང་གི་བཞེད་དོན་མིན་ཀྱང་ཡིན་པར་ཁས་འཆེ་བ་འགོག་པ་གཉིས་ལས། དང་པོ་ནི། ཉི་སྣང་དུ། ཇི་ལྟར་མཐོང་བའི་དངོས་པོ་ལ་མངོན་དུ་ཕྱོགས་པར་བྱེད་པ་དངོས་པོ་ཐ་དད་པ་ མེད་པའི་ཕྱིར་རོ། །ཞེས་དང་། འགྲེལ་ཆེན་ལས། གང་གི་ཚེ་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར། ཆོས་ཀྱི་དབྱིངས་བདག་ཉིད་ཐམས་ཅད་ཀྱིས་རྟོགས་ན་ཡང་ངེས་པ་བསྐྱེད་པ་ལ་བལྟོས་ནས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་ལས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མངོན་སུམ་དུ་བྱེད་ པའི་ཤེས་པ་ཤིན་ཏུ་གསལ་བ་སྐྱེས་པ་དེའི་ཚེ། ཞེས་སོགས་གསུངས་པའི། ལུང་དོན་དང་པོ་ནི། མཐོང་ལམ་དུ་ཇི་ལྟར་མཐོང་བའི་ཆོས་དབྱིངས་ཀྱི་དངོས་པོ་དེ་ལ་སྒོམ་ལམ་གྱིས་མངོན་སུམ་དུ་བྱེད་ཅིང་། དེ་བྱེད་པར་མ་ཟད་སྒོམ་ལམ་དང་པོར་མཐོང་བའི་ཆོས་དབྱིངས་དེ་ལའང་ སྒོམ་ལམ་གཉིས་པས་མངོན་སུམ་དུ་བྱེད་ཅིང་། མདོར་ན་ས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལ་ཆོས་ཀྱི་དབྱིངས་ལ་གློ་བུར་གྱི་དྲི་མ་རིམ་གྱིས་དག་སྟོབས་ཀྱིས། སྔར་མཐོང་གིས་མ་མཐོང་བའི་ཆོས་དབྱིངས་གསར་མཐོང་རེ་ཡོད་པས་བལྟ་བྱའི་ཆོས་དབྱིངས་ལ་རྒྱ་ཆེ་ཆུང་དང་གསལ་ མི་གསལ་སོགས་ཡོད་པར་གྲུབ་ཅིང་། ས་སྔ་མ་སྔ་མར་རྟོགས་པའི་ཆོས་དབྱིངས་དེ་ཡང་ས་ཕྱི་མ་རྣམས་སུ་མངོན་སུམ་དུ་རྟོགས་པར་འདོད་པ་ལ་རྟོགས་ཟིན་རྟོགས་པའི་བློར་ཡང་མི་འགྱུར་ཏེ། དེ་དག་གི་རྣམ་པར་གཞག་པ་ནི་སོ་སོའི་སྐྱེ་བོ་ལ་ཡིན་གྱི། འཕགས་པ་ རྣམས་ཀྱི་རྣལ་འབྱོར་གྱི་ཤེས་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། ། ལུང་དོན་གཉིས་པ་ནི། གལ་ཏེ་གཞན་དག་གིས་ཆོས་དབྱིངས་ལ་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར། མཐོང་ལམ་གྱི་ཆོས་དབྱིངས་དེ་ལས་རང་བཞིན་རྣམ་དག་གིས་ལྷག་པ་སྒོམ་ལམ་དུ་ཆོས་དབྱིངས་ 4-1-193b གསར་མཐོང་མེད་དོ་ཞེས་པའི་ཀླན་ཀ་ལ། སློབ་དཔོན་སེང་བཟང་ཉིད་ཀྱིས་ཀླན་ཀ་དེ་ལ་ཞིབ་ཏུ་ཕྱེ་ནས་ལན་བཏབ་པ་ལ། རང་བཞིན་རྣམ་དག་གི་ཆ་ཆོས་དབྱིངས་ལ་ནི་མཐོང་ལམ་ལས་མ་གཏོགས་པའི་ས་ལྷག་མར་གསར་མཐོང་མེད་པ་ཐུགས་ལ་བཞེད་ནས། ཆོས་ དབྱིངས་སའི་བདག་ཉིད་ཐམས་ཅད་ཀྱིས་རྟོགས་ན་ཡང་ཞེས་གསུངས་ལ། ཆོས་དབྱིངས་རང་བཞིན་རྣམ་དག་ཡིན་པའི་ཆ་ལ་ས་དང་པོར་མཐོང་བའི་ཆོས་དབྱིངས་དེ་དང་གཉིས་པར་མཐོང་བའི་ཆོས་དབྱིངས་ལ་ཁྱད་མེད་དེ། དཔེར་ན་ཚེས་གཅིག་གི་ཟླ་ཚེས་དང་གཉིས་ པའི་ཟླ་ཚེས་ཟླ་བ་ཡིན་པའི་ཆ་ནས་ཁྱད་པར་མེད་པ་བཞིན་ནོ། ། གཞན་ཡང་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར་ན་མཐོང་ལམ་གྱི་ཆོས་དབྱིངས་ལས་ཆོས་དབྱིངས་གཞན་གསར་མཐོང་མེད་པས་ཁྱབ་པ་ལ། རང་བཞིན་རྣམ་དག་གི་དབང་དུ་བྱས་ཀྱང་ཁྱབ་པ་འཁྲུལ། གློ་བུར་དྲི་བྲལ་ གྱི་དབང་དུ་བྱས་ཀྱང་ཁྱབ་པ་འཁྲུལ་པར་བསྟན་པ་ལས། དང་པོ་ནི། རང་བཞིན་རྣམ་དག་གི་ཆོས་ཉིད་ཆ་ཤས་མེད་པ་མཐོང་བ་ལ་ཁྱད་པར་མེད་ཀྱང་། སྒྲོ་འདོགས་ཆོད་མ་ཆོད་ཀྱི་དབང་གིས་གསར་མཐོང་ངམ་གསར་རྟོགས་ཡོད་མེད་ཀྱི་བྱེ་བྲག་ཡོད་དེ། ཆ་གང་ལ་ གོམས་པ་གསལ་བ་དེ་ལ་སྒྲོ་འདོགས་ཆོད་ལ། ཅིག་ཤོས་ལ་མིན་པའི་ཕྱིར། དཔེར་ན་མངོན་སུམ་གྱི་སྔོན་པོའི་མི་རྟག་པ་དང་། སྔོན་པོ་མཐོང་བའི་ཆ་ལ་ཆ་ཤས་ཀྱི་ཁྱད་པར་མེད་ཀྱང་སྔོན་པོའོ་སྙམ་དུ་ངེས་པའི་ངེས་ཤེས་འདྲེན་གྱི། མི་རྟག་པའོ་སྙམ་པའི་ངེས་ཤེས་ མི་སྐྱེ་བ་བཞིན་ནོ། །དོན་དེ་ལ་དགོངས་ནས་སློབ་དཔོན་གྱིས། ངེས་པ་བསྐྱེད་པ་ལ་བལྟོས་ནས་ཤེས་སོ་གསུངས་སོ། ། དེ་ལ་གཞན་དག །བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་པ་དང་འགལ་ལོ་ཞེ་ན། ཉེས་པ་དེ་མེད་དེ། 4-1-194a གཞུང་འདིའི་སྐབས་ཀྱི་བློ་གྲོས་ཆེན་པོ་ནི་འཕགས་པ་རྣམས་ལ་བྱའི། དེར་ངེས་པར་བྱེད་ཅེས་པའི་ངེས་པ་དེ་མཐོང་དོན་ལ་ངེས་ཤེས་སྐྱེ་བས་ཁྱབ་པར་བསྟན་པ་མ་ཡིན་གྱི། ཡུལ་དེའི་གནས་ཚུལ་མཐོང་ན་དེ་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་སྒྲོ་འདོགས་སྐྱེ་ བ་མི་སྲིད་པ་ལ་དགོངས་ནས་རྣམ་པ་ཐམས་ཅད་ངེས་པར་བྱེད་ཅེས་པའི་དོན་དེའོ། །གཞན་དག་སྒྲོ་འདོགས་མི་སྐྱེ་བའི་ཆོས་ཅན་དུ་བྱས་ན་ཤེས་པ་དེ་ངེས་ཤེས་ཡིན་པས་ཁྱབ་ཅེ་ན། དེ་ནི་མིན་ཏེ། དཔེར་ན་ཐེག་ཆེན་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་བདེན་ པ་གཞན་གསུམ་གྱི་ཆོས་ཉིད་མངོན་སུམ་དུ་མཐོང་བས་ཀུན་འབྱུང་དང་། འགོག་པ་དང་། ལམ་ལ་ལོག་ཞུགས་ཀྱི་སྒྲོ་འདོགས་མི་སྐྱེ་ཡང་དེ་དག་ལ་ངེས་ཤེས་དངོས་སུ་འདྲེན་པས་མ་ཁྱབ་སྟེ། ངེས་ཤེས་ནི་ཕྱིས་སྒོམ་ལམ་གྱི་སྐབས་སུ་སྐྱེ་བ་བཞིན་ནོ། ། གཉིས་པ་ ནི། བསྒྲིབ་བྱ་ཆོས་དབྱིངས་ལ་ཆ་ཤས་མེད་ཀྱང་། སྒྲིབ་བྱེད་ཆོས་ཅན་གློ་བུར་བ་ལ་ཆ་དང་བཅས་པའི་བདག་ཉིད་ཡིན་པའི་ཕྱིར། ཆོས་ཅན་གློ་བུར་གྱི་ཆ་དེ་དག་རྣམས་རེ་རེ་ནས་དག་བཞིན་དུ་བསྒྲིབ་བྱ་ཆོས་ཉིད་ཆ་མེད་དེ་རིམ་བཞིན་གསལ་བ་ཡིན་ལ། བྱེ་བྲག་མ་ཕྱེད་ པ་རྣམས་ཀྱིས་ནི་ཆོས་དབྱིངས་ལ་ཆ་བཅས་སུ་གོ་བ་ཡིན་ནོ། །འདི་ལ་རྣམ་གསལ་གྱི་དཔེ་ཡང་ཡོད་དེ། ནམ་མཁའ་ཆ་མེད་པ་ལ་སྤྲིན་ཚོགས་ཀྱིས་བསྒྲིབས་པ་ན་ནམ་མཁའ་མཐོང་བར་འདོད་པས་དབང་ཤེས་ཀྱིས་བལྟས་པ་ན་སྤྲིན་ཚོགས་ཀྱི་ཆ་རྣམས་རིམ་བཞིན་དག་ སྟེ། ཆ་མེད་པའི་ནམ་མཁའ་ཡང་རིམ་བཞིན་མཐོང་བ་ཡིན་ལ། དེ་ལྟར་མཐོང་བའི་ཚེ་ཡང་ནམ་མཁའ་ལ་ནི་ཆ་ཤས་ཡོད་པ་མ་ཡིན་ནོ། །གཉིས་པ་ལ། ཕྱོགས་སྔ་དགོད་པ་དང་། དེ་འགོག་པའོ། །དང་པོ་ནི། ཆོས་ཉིད་ལ་ཆ་མེད་པའི་ཕྱིར་ཆོས་ཉིད་ཡོངས་ 4-1-194b རྫོགས་མཐོང་ལམ་དུ་མཐོང་ལ། དེ་ལས་ལྷག་པ་སྒོམ་ལམ་དུ་མཐོང་བྱར་མེད་ཅེས་པ་དང་། སྔ་མའི་ཆོས་ཉིད་ཀྱི་དོན་མཐོང་བ་ལས་ཕྱི་མའི་ཆོས་ཉིད་ཀྱི་དོན་མཐོང་བ་གསར་དུ་འགྲོ་བ་མེད་ཅེས་ཟེར་རོ། །གཉིས་པ་ལ། ལུང་གིས་དགག །རིགས་པས་དགག་པའོ། ། དང་པོ་ནི། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལའང་། །སངས་རྒྱས་སྐུ་ནི་ཅུང་ཟད་མཐོང་། །ཇི་ལྟར་ཚེས་པའི་ཟླ་བ་ནི། །སྐད་ཅིག་སྐད་ཅིག་འཕེལ་བར་མཐོང་། །དེ་བཞིན་ས་ལ་ཞུགས་རྣམས་ ཀྱང་། །རིམ་གྱིས་རིམ་གྱིས་འཕེལ་བ་མཐོང་། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་པ། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་དང་། མྱང་འདས་ཆེན་པོར། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ རྣམས་ཀྱིས་ཀྱང་བདེ་གཤེགས་སྙིང་པོ་མཚན་མོའི་གཟུགས་ལ་བལྟ་བ་ལྟ་བུར་མཐོང་ལ། དེ་བཞིན་གཤེགས་པས་ཉིན་པར་གྱི་གཟུགས་བཞིན་དུ་གཟིགས། ཞེས་གསུངས་པས། ཟླ་བ་ལ་ཡར་ངོ་དང་མར་ངོའི་ཆ་མེད་པ་ཞིག་ཡིན་ཀྱང་། ཉི་མའི་འོད་དང་ཉེ་བ་ ན་རང་གི་གྲིབ་མས་ཆ་དང་བཅས་པར་གྱུར་པ་ལ་གྲིབ་མ་དག་སྟོབས་ཀྱིས་ཆ་འགགས་པ་དང་བཅས་ནས་ཟླ་བ་རྫོགས་པར་མཐོང་བ་དེ་བཞིན་དུ་ཆོས་དབྱིངས་ལའང་རིམ་བཞིན་མཐོང་བྱའི་ཁྱད་པར་ཡོད་པ་དང་། ཁྱད་པར་དེ་ལའང་སྔ་མས་མཐོང་བའི་ཆོས་ཉིད་ལས་ ཕྱི་མ་ཕྱི་མ་ཟབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྔ་མའི་ཆོས་ཉིད་ལ་སྒྲིབ་བྱེད་རགས་ཤིང་ཕྱི་མའི་ཆོས་ཉིད་ལ་སྒྲིབ་བྱེད་ཕྲ་བས། སྒྲིབ་བྱེད་ཕྲ་བ་དེ་ཙམ་གྱིས་བསྒྲིབ་བྱ་ཆོས་ཉིད་ཀྱང་ཕྲ་བ་ཡིན་ཅིང་། ཕྲ་བ་ནི་རྟོགས་པར་དཀའ་བ་སྟེ་གཏིང་ཟབ་པས་མི་དཔོགས་ 4-1-195a པ་ཡིན་ནོ། །གཉིས་པ་ནི། ཆ་མེད་པའི་ཆོས་དེ་མཐོང་ན་དེ་ཡོངས་རྫོགས་མཐོང་བས་ཁྱབ་པར་འདོད་ན། ནམ་མཁའ་ཆ་མེད་ཆོས་ཅན། ཁྱོད་ཀྱི་ཕྱོགས་གཅིག་མཐོང་བའི་ཚེ་ནམ་མཁའ་ཡོངས་རྫོགས་མཐོང་བར་ཐལ། དེ་ཆ་མེད་ཀྱི་ཆོས་ཡིན་པའི་ ཕྱིར་རོ། །འདི་ནི་མགོ་མཚུངས་སོ། །གཉིས་པ་ཐེག་ཆེན་འཕགས་པའི་མཉམ་བཞག་ན་སྣང་བ་ཡོད་མེད་དཔྱད་པ་ལ། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ལ། ཕྱོགས་སྔ་འགོད་པ་དང་། དེ་དགག་པའོ། །དང་པོ་ནི། འགའ་ཞིག་མཉམ་བཞག་ ན་ཀུན་རྫོབ་ཀྱི་སྣང་བ་ཡོད་དེ། ལྟ་བས་ཀྱང་སྣང་བའི་སྟེང་དུ་སྤྲོས་པའི་སྒྲོ་འདོགས་གཅོད་ལ། སྒོམ་པས་ཀྱང་སྣང་བ་ལ་དམིགས་ནས་རང་བཞིན་མེད་པར་གོམས་པའི་ཕྱིར་ན་ཀ་བུམ་ལ་སོགས་པ་ཐམས་ཅད་མ་འདྲེས་པར་ཟ་འོག་གི་རི་མོ་ལྟར་མཐོང་ཞིང་། འདི་ཉིད་ འཕགས་སེང་གི་དགོངས་པའང་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ནི། དེ་ལྟར་ན་ཐེག་ཆེན་འཕགས་པའི་མཉམ་བཞག་ཆོས་ཅན། སྤྲོས་པར་ཐལ། ཀུན་རྫོབ་སྣང་བའི་སྟེང་དུ་སྒྲོ་འདོགས་གཅོད་བྱེད་ཀྱི་བློ་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། བསལ་བ་ཚད་མས་བསལ། དེ་བཞིན་དུ་ཆོས་ཅན། སྤྲོས་པར་ཐལ། ཀུན་རྫོབ་སྣང་བ་ལ་དམིགས་ནས་རང་བཞིན་མེད་པར་གོམས་བྱེད་ཀྱི་བློ་ཡིན་པའི་ཕྱིར། རྟགས་ཁྱབ་བསལ་བ་རྣམས་སྔ་མ་ལྟར་རོ། །གཉིས་པ་རང་ལུགས་ལ། འཕགས་སེང་གིས་འཕགས་པའི་ མཉམ་བཞག་སྣང་བཅས་སུ་བཤད་པ་ལ་ཟབ་གནད་ཡོད་པར་བསྟན། འཕགས་པའི་མཉམ་བཞག་ཐམས་ཅད་སྣང་མེད་ཤས་ཆེ་བ་དོན་ལ་ཞུགས་པར་བསྟན་པའོ། །དང་པོ་ནི། ཉི་སྣང་དུ། འདི་ཉིད་ནི་རིགས་ཏེ། གང་ཞིག་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་ 4-1-195b དམིགས་པ་ནི་དེར་འགྱུར་བ་ཡིན་ཏེ། དཔེར་ན་རྨི་ལམ་དུ་ཤེས་པ་རྟ་ལ་སོགས་པ་རང་བཞིན་གྱིས་སྟོང་པ་ལ་དམིགས་པར་འགྱུར་བ་བཞིན་ནོ། །ཞེས་སོགས་གསུངས་པ་འདི་ནི། འཕགས་པ་ནང་གི་རྣལ་འབྱོར་ལ་དབང་ཆེར་ཐོབ་པ་རྣམས་ནི་བསམ་གྱིས་མི་ཁྱབ་པའི་སྤྱོད ་ཡུལ་ཅན་ཡིན་པའི་ཕྱིར་མཉམ་པར་བཞག་པ་དང་། རྗེས་ཐོབ་ཀྱི་གནས་སྐབས་མི་འགལ་ཞིང་། རྗེས་ཐོབ་ཉིད་དུའང་མཉམ་བཞག་གི་རྟོགས་པ་འཁྱེར་ཐུབ་པ་ནི་རྟོགས་པའི་ཁྱད་པར་ལ་དབང་ཐོབ་པ་ཡིན་ཏེ། སྐབས་དེར་མཉམ་བཞག་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་ སྒྱུ་མ་ལྟ་བུ་གཉིས་ཀ་གཅིག་གོ། གཅིག་གིས་ཅིག་ཤོས་མི་དགག་པ་ཡིན་ཏེ། ཇི་སྐད་དུ། བྱ་བ་བསྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་སྙོམས་པར་ཞུགས་པ་ཡིན། །ཅེས་ཕྱིར་སེམས་ཅན་གྱི་བྱ་ བ་བསྒྲུབ་པ་དང་། ནང་དུ་མཉམ་པར་བཞག་པ་གཉིས་མི་འགལ་བར་གསུངས་སོ། ། འདིའི་སྐབས་སུ་རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་གསུང་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་བཞག་གི་བྱེད་པ་རྗེས་ཐོབ་ཏུ་འགྲོ་བ་དང་། རྗེས་ཐོབ་ཀྱི་བྱེད་པ་ མཉམ་བཞག་ཏུ་འོང་བ་གཉིས་འཕགས་པ་དཀོན་མཆོག་བརྩེགས་པ་ལས་བཤད་ཅིང་། དེའི་དབང་དུ་མཛད་ནས་སློབ་དཔོན་འཕགས་སེང་གིས་དེ་ལྟར་གསུངས་པས། འདི་ནི་འཕགས་ཆེན་ཡང་དག་པའི་སྤྱོད་ཡུལ་ཡིན་ནོ། །འཕགས་པ་མ་ཡིན་པ་ལ་ནི་ཀུན་རྫོབ་ པའི་སྣང་བ་སྣང་བ་ལྟར་ཡོད་མིན་གྱི་ཤེས་རབ་དེས་དེའི་སྟོང་ཉིད་ལ་དམིགས་ནས་དེ་སྣང་གི་རྣམ་པ་དེ་མེད་སྣང་ཟླ་གཉིས་ལྟ་བུར་ཤེས་པ་ཞིག་ཡོད་ཀྱང་། དེ་དག་ལ་ནི་གཟུང་འཛིན་གྱི་ཆ་དང་བཅས་པ་ཡིན་པས། དོན་དམ་ཆོས་ཉིད་ཀྱི་ཡེ་ཤེས་གོ་ཆོད་ལ་སྦྱར་བར་མི་བྱའོ། ། 4-1-196a མདོར་ན་འཕགས་སེང་གིས་མཉམ་བཞག་སྣང་བཅས་སུ་བཞེད་ཅེས་གྲགས་ཤིང་། ཉི་སྣང་དང་འགྲེལ་ཆེན་སོགས་ལས་འབྱུང་བ་དེ་དག་གོང་དུ་ལུང་རིགས་ཀྱིས་བསྒྲུབ་པར་བྱས་ཀྱང་། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་དུ་ཀུན་རྫོབ་པའི་ སྣང་བ་དང་བཅས་པ་འདི་ནི། རྗེ་བཙུན་བྱམས་པ་དང་། རྒྱལ་སྲས་ཐོགས་མེད། འཕགས་མཆོག་ཀླུ་སྒྲུབ། དབྱིག་གཉེན། ཟླ་གྲགས་སོགས་ཀྱི་ངེས་དོན་མཐར་ཐུག་གི་གཞུང་གང་ན་ཡང་འདི་མི་གསལ་བས། ཁོ་བོ་ཅག་གིས་བསམས་ན། འདིའི་སྣང་བཅས་དེ་ ཀུན་རྫོབ་པའི་སྣང་བ་མ་ཡིན་པར་དོན་དམ་པའི་སྣང་བ་ལ་ངེས་པར་འཆད་དགོས་ལ། འགའ་ཞིག་དོན་དམ་ཆོས་སྐུ་སོགས་ཀྱི་སྣང་བ་མི་སྲིད་དོ་ཞེས་སྨྲ་ཡང་། དོན་དམ་བདེན་པའི་མཐར་ཐུག་ཆོས་སྐུ་སོགས་ལ་དེས་བསྡུས་ཀྱི་སྣང་བ་མེད་པར་འདོད་པ་ནི་རྒྱ་བོད་ཀྱི་སྲོལ་ ཆེན་གང་ལས་ཀྱང་མི་འབྱུང་བས་མི་སྲིད་པ་མ་ཡིན་ནོ། ། གལ་ཏེ་གཞན་དག་འཕགས་སེང་གིས་དེ་དོན་དམ་བདེན་པའི་སྣང་བ་ལ་འཆད་པ་མ་ཡིན་ཏེ། དོན་དམ་བདེན་པའི་སྣང་བ་ཡིན་པའི་དཔེར་བརྗོད་དུ་དེ་དང་ཆོས་མཐུན་པ་ཅན་གྱི་ཡོད་སྣང་ཞིག་དཔེར་བཀོད་དགོས་ པ་ལས། དེར་མེད་སྣང་སྒྱུ་མ་ལྟ་བུ་ཀུན་རྫོབ་པའི་ཆོས་དང་མཐུན་པ་ཅན་དཔེར་བཀོད་པས་ཀྱང་སྐབས་འདིར་དོན་དམ་བདེན་པའི་སྣང་བ་ལ་འཆད་པ་མ་ཡིན་ནོ་ཞེས་ཟེར་རོ། །སྨྲ་བ་དེ་ནི་རྟོག་གེའི་གཞུང་ལུགས་མ་ཤེས་པའི་སྐྱོན་ཡིན་ཏེ། བསྒྲུབ་བྱ་ལ་རྟོགས་པ་བསྐྱེད་ པའི་ཆེད་དུ་ཕྱོགས་ཆོས་གྲུབ་ཅིང་རྗེས་འགྲོ་མཐུན་དཔེའི་སྟེང་དུ་སྟོན་པ་དང་། ལྡོག་པ་མི་མཐུན་དཔེའི་སྟེང་དུ་སྟོན་པའི་ངག་གཉིས་ཡོད་པ་ལས། གང་རུང་ཞིག་བརྗོད་པས་ཅིག་ཤོས་ལ་དྲན་པ་སྐྱེ་བར་གསུངས་པས། འདིར་ནི་ཕྱི་མའི་དབང་དུ་བྱས་པའི་སྦྱོར་བ་ཡིན་ 4-1-196b ལ། སྦྱོར་བ་འགོད་ཚུལ་ཉི་སྣང་དང་འགྲེལ་ཆེན་སོགས་ལས་དངོས་སུ་མ་གསུངས་ཀྱང་སློབ་དཔོན་གྱི་ངག་ལས་ཤེས་པར་བྱ་ཞིང་། འདིར་ཅུང་ཟད་ཅིག་བཀོད་ན། དབུ་མ་སྣང་མེད་པ་འགའ་ཞིག་འཕགས་པའི་མཉམ་བཞག་ཡེ་ཤེས་ལ་དོན་དམ་གྱི་ཡུལ་སྣང་མེད་དུ་ཁས་ ལེན་པ་ལ་སུན་འབྱིན་མཁས་པས་དེར་ཡེ་ཤེས་ཡུལ་མེད་དུ་ཁས་ལེན་པ་དེའི་ལོག་རྟོག་བསལ་བའི་སྒོ་ནས་ཡུལ་ཡོད་ལ་ཐེ་ཚོམ་ཟ་ཞིང་། སྦྱོར་བ་འདིའི་ཁྱབ་འབྲེལ་ཤེས་པར་བྱས་པའི་ངོར། སྒྲུབ་པ་སྐབས་སུ་བབ་པའི་རང་རྒྱུད་ཀྱི་ངག་འགོད་པ་ནི་འདི་སྟེ། འཕགས་ པའི་མཉམ་བཞག་ཡིན་ན་རང་བཞིན་གྱིས་ཡོད་པའི་སྣང་བ་ཡུལ་དུ་བྱེད་པས་ཁྱབ། དཔེར་ན་རྡོ་རྗེ་སོར་སྤང་གི་མཉམ་བཞག་སྣང་བ་བཞིན། དབང་ཐོབ་པའི་འཕགས་པའི་མཉམ་བཞག་གིས་ཀྱང་རང་བཞིན་གྱིས་ཡོད་པའི་སྣང་བ་ཡུལ་དུ་བྱེད་དོ་ཞེས་བཀོད་ལ། ཡང་ སེམས་ཙམ་རྣམ་བརྫུན་པར་སྨྲ་བའི་ནང་གསེས་འགའ་ཞིག །འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་དུ་ཀུན་རྫོབ་ཀྱི་སྣང་བ་ཡོད་པར་ཁས་ལེན་པ་ལ་སུན་འབྱིན་མཁས་པས་དེར་ཀུན་རྫོབ་ཀྱི་སྣང་བ་ཡོད་པའི་ལོག་རྟོག་བསལ་བའི་སྒོ་ནས་མེད་ངེས་ལ་ཐེ་ཚོམ་ཟ་ ཞིང་། སྦྱོར་བ་འདིའི་ཁྱབ་འབྲེལ་ཤེས་པར་བྱས་པའི་ངོར་འགོག་པ་སྐབས་སུ་བབ་པའི་ཐལ་ངག་འདི་ལྟ་བུ་འགོད་དེ། གང་རང་བཞིན་གྱི་མེད་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་ན་འཕགས་པའི་མཉམ་བཞག་གི་ངོ་བོ་མ་ཡིན་པས་ཁྱབ། དཔེར་ན་སྒྱུ་སྣང་གི་ཤེས་པ་ བཞིན། འཕགས་པའི་མཉམ་བཞག་ཀྱང་མེད་སྣང་དུ་རྒོལ་བས་ཁས་བླངས་སོ། ། དེ་ལྟར་བཤད་པས་འཕགས་སེང་གི་དགོངས་པས་དབུ་མ་སྣང་མེད་པའི་ངོར་ཡེ་ཤེས་ཡུལ་ཡོད་དུ་བསྒྲུབ་པ་དང་། རྣམ་བརྫུན་སྨྲ་བའི་སེམས་ཙམ་ངོར་འཕགས་པའི་མཉམ་བཞག་ཡེ་ 4-1-197a ཤེས་ཀྱི་ཡུལ་ཅན་སོ་སྐྱེའི་ཤེས་མཐོང་དུ་ཐལ་བ་འཕངས་པའི་ངག་གི་བཟློག་དོན་དེའི་སྣང་ཡུལ་དོན་དམ་པའི་སྣང་བ་ཡིན་པར་བསྒྲུབ་པར་མཛད་པ་ལ། སྦྱོར་བ་གཅིག་པུ་འདི་ཉིད་ཀྱི་རྗེས་སུ་འགྲོ་ལྡོག་གིས་དབུ་སེམས་ཀྱི་གྲུབ་མཐའ་ངན་པ་གཉིས་སུན་ ཕྱུང་བ་ཡིན་ནོ། །ཕྱུང་བ་པོ་ནི་རྣམ་བརྫུན་སྨྲ་བའི་དབུ་མ་པ་འཕགས་སེང་གིས་སོ། །དོན་དམ་པའི་ཡེ་ཤེས་ལ་དོན་དམ་པའི་སྣང་བ་འཆར་ཚུལ་སོགས་སྔགས་ཀྱི་གཞུང་བླ་ན་མེད་པ་རྣམས་དང་། རྗེ་བཙུན་བྱམས་པའི་ཆོས་སྡེ་ཉི་ཤུ་རྣམས་ལས་གསལ་བས། དེ་དག་ནི་ ཐེག་ཆེན་བླ་ན་མེད་པའི་སྤྱོད་ཡུལ་ཡིན་ནོ། །གཉིས་པ་ནི། ཆོས་ཉིད་ལ་ཁ་ནང་དུ་བཞག་པའི་འཕགས་པའི་རྣལ་འབྱོར་པས་གཟུང་བ་དང་འཛིན་པས་བསྡུས་པའི་ཀུན་རྫོབ་པའི་རྣམ་པ་ཐམས་ཅད་པའི་ཤེས་པ་ཡུལ་སྣང་དང་བཅས་པ་ངང་གིས་ནུབ་སྟེ། གཉིས་སྤོང་དོན་དམ་ པས་བསྡུས་པའི་རྣམ་པ་ཐམས་ཅད་པའི་ཤེས་པ་ཡུལ་སྣང་དང་བཅས་པ་ངང་གིས་འཆར་བ་ཡིན་ཏེ། ཇི་སྐད་དུ། སྣང་བ་མེད་ལ་གཉིས་དང་ནི། །ཇི་ལྟར་མངོན་པར་བརྗོད་པ་དང་། །དབང་པོའི་ཡུལ་དང་རྣམ་རིག་དང་། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །ཞེས་པས། ཀུན་རྫོབ་པའི་ཡུལ་ཡུལ་ཅན་འགག་པར་བཞེད་པ་དང་། ཡང་ཇི་སྐད་དུ། མཉམ་པར་བཞག་པ་ལ་ནི་ཏིང་ངེ་འཛིན་དེའི་སྤྱོད་ཡུལ་གྱི་གཟུགས་བརྙན་སྣང་བའི་ཕྱིར་རོ། །ཞེས་པས། དོན་དམ་པའི་ཡུལ་དང་ཡུལ་ཅན་དེར་དམིགས་པར་བཤད་དོ། ། ཡང་འགའ་ཞིག་ ཀུན་རྫོབ་པའི་ཡུལ་ཡུལ་ཅན་མ་འགག་པར་ཡང་ཅིག་ཤོས་ཀྱི་ཡུལ་ཡུལ་ཅན་འཆར་རུང་དུ་ཡོད་པ་མི་འགལ་ལོ་ཞེ་ན། དེ་ནི་འགལ་བར་རྗེ་བཙུན་གྱིས་ཆོས་ཉིད་རྣམ་འབྱེད་དུ་གསལ་བར་འདི་ལྟར། དེ་སྣང་བ་ལས་ནི་ཆོས་ཉིད་མི་སྣང་ཞིང་། དེ་མི་སྣང་བ་ལས་ནི་ 4-1-197b ཆོས་ཉིད་སྣང་བ་ཡིན་ནོ་ཞེས་གསུངས་པ་འདི་ཁོ་ན་ནི་ངེས་པའི་དོན་ནོ། །གསུམ་པ་སྤང་བྱ་གེགས་ཀྱི་རང་བཞིན་ལ་གཉིས་ཏེ། མཐོང་སྤང་། སྒོམ་སྤང་ངོ་། །དང་པོ་ལ་བཞི་སྟེ། མཐོང་སྤང་གི་མཚན་ཉིད་དང་། མཚན་གཞི་དང་། དབྱེ་བ་དང་། མཐོང་སྤང་ཇི་ལྟར་ སྤོང་བའི་ཚུལ་ལོ། །དང་པོ་མཐོང་སྤང་ཙམ་གྱི་མཚན་ཉིད་ནི། མཐོང་ལམ་གྱིས་གཞོམ་བྱར་གྱུར་པའི་སྒྲིབ་པ་ཀུན་བཏགས་སོ། །མཐོང་སྤང་ཉོན་སྒྲིབ་ཀྱི་མཚན་ཉིད་ནི། ཉོན་མོངས་པ་ཅན་གྱི་མི་ཤེས་པ་གང་ཞིག །མཐོང་ལམ་གྱིས་གཞོམ་བྱར་གྱུར་པའོ། །མཐོང་སྤང་ ཤེས་སྒྲིབ་ཀྱི་མཚན་ཉིད་ནི། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གང་ཞིག །མཐོང་ལམ་གྱིས་གཞོམ་བྱར་གྱུར་པ་སྟེ། རྟོག་གེ་འབར་བ་ལས། ཉོན་མོངས་པ་ཅན་གྱི་མི་ཤེས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ། ཞེས་དང་། དབུས་མཐའི་ཊཱི་ཀ་ལས། དེ་ལ་ཤེས་བྱའི་སྒྲིབ་པ་ནི་བྱང་ཆུབ་སེམས་དཔའི་སྒྲིབ་པར་བཤད་དེ། དེ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། །ཞེས་གསུངས་ལ། མཛོད་དུ་ནི། ཉོན་མོངས་ཅན་མིན་མཐོང་སྤང་མིན། །ཅེས་བཤད་པ་དང་འགལ་ལོ་ཞེ་ན། ལུགས་དེར་ཉན་ཐོས་པས་ཤེས་སྒྲིབ་ ཁས་མི་ལེན་པའི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ནི། ཀུན་ཏུ་བཏགས་པ་བཅུ་པོ་དེ་ཡིན་ཏེ། ལྷག་པར་ཡང་ལྟ་བ་ཐ་མ་གསུམ་དང་། ཐེ་ཚོམ་སྟེ་བཞི་པོ་དེ་ཀུན་བཏགས་ཁོ་ན་ཡིན་པ་དང་མཐོང་སྤང་ཁོ་ནར་བཤད་དོ། །སྤང་བྱ་ཀུན་བཏགས་ཀྱི་དོན་ནི། མི་ཤེས་པ་ གང་ཞིག་གྲུབ་མཐའ་ངན་པ་ཐོས་པ་ལས་བྱུང་བ་དེ་ཡིན་ཏེ། གཏན་ལ་དབབ་པ་བསྡུ་བ་ལས། ཀུན་ཏུ་བཏགས་པ་ནི་གཞན་མུ་སྟེགས་ཅན་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ། །ཞེས་སོ། །འདི་ནི་དུད་འགྲོ་སོགས་ལའང་སྔོན་གྲུབ་མཐའ་ངན་པ་ཐོས་པ་ལས་བྱུང་ 4-1-198a བའི་མི་ཤེས་པ་ཡོད་དོ། །འདོད་ཁམས་པའི་མཐོང་སྤང་ཀུན་བཏགས་ཐམས་ཅད་ཀྱི་ངོ་བོ་མི་དགེ་བ་ཡིན་ཏེ། དེ་ཉིད་ལས། རྟོག་པས་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་མི་དགེ་བ་ཡིན་ནོ། །ཞེས་སོ། །ཁམས་གོང་མ་གཉིས་ཀྱི་ཀུན་བཏགས་ཀྱི་ ངོ་བོ་ནི་ལུང་མ་བསྟན་ཡིན་ནོ། །ཡང་ན་མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། །འདོད་ན་འཇིག་ཚོགས་ལྟ་བ་དང་། །མཐར་འཛིན་ལྷན་ཅིག་མ་རིག་པའང་། །ལྷག་མ་རྣམས་འདིར་མི་དགེ་བའོ། །ཞེས་པས། ཁམས་གོང་འོག་གི་ཀུན་བཏགས་ལུང་མ་ བསྟན་ཡིན་པ་གོང་དུ་བསྟན་པ་དང་མཐུན་ལ། འདོད་ཁམས་ན་ལྟ་བ་དང་པོ་གཉིས་དང་། ལྷན་ཅིག་མ་རིག་པའང་ཞེས་པས། ལྟ་བ་དེ་གཉིས་དང་མཚུངས་པར་ལྡན་པའི་མ་རིག་པའི་ཆ་ནི་ལུང་མ་བསྟན་ཡིན་པར་ངང་གིས་བསྡུས་སོ། །གཞན་ལྷག་མ་བརྒྱད་ནི་མི་དགེ་ བའོ། །གསུམ་པ་ལ་གཉིས་ཏེ། ཐེག་པ་ཆེན་པོའི་འདོད་ལུགས་དང་། དམན་པའི་འདོད་ལུགས་སོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དངོས་དང་། དབྱེ་བ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། ངོ་བོའི་སྒོ་ནས་དབྱེ་བ་དང་། དམིགས་པ་དང་ཁམས་དང་ལོག་ པར་འཇུག་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། མཐོང་སྤང་ལ་ངོ་བོའི་སྒོ་ནས་དབྱེ་ན་དྲུག་ཡོད་དེ། མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང་། །འདོད་ཆགས་ དབྱེ་བས་བདུན་དུ་བཤད། །ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཞེས་པས་འདོད་པའི་འདོད་ཆགས་དང་། སྲིད་པའི་འདོད་ཆགས་གཉིས་སུ་དབྱེའོ། །ཡང་ན་ལྟ་མིན་ལྔ། ལྟ་བ་ལྔ་སྟེ་བཅུའོ། །ལྟ་མིན་ལྔ་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་ 4-1-198b པ། ཐེ་ཚོམ་མོ། །ལྟ་བ་ལྔ་ནི། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་ལ་མཆོག་ཏུ་འཛིན་པའི་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བའོ། །གཉིས་པ་ནི། དམིགས་པ་བདེན་བཞི་དང་། ཁམས་གསུམ་ལ་ལོག་པར་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། མཐོང་སྤང་བརྒྱ་རྩ་བཅུ་གཉིས་ཡོད་དོ། །དེ་དག་གང་ཞེ་ན། འདོད་པ་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ནས་བཅུ་ལོག་པར་འཇུག་པ་ཡིན་ནོ། །བཅུ་གང་ཞེ་ན། དངོས་སུ་ལོག་པར་འཇུག་ པ་ལྔ། ལོག་པར་ཞུགས་པ་ལ་ལོག་པར་འཇུག་པ་ལྔའོ། །དེ་ལ་དང་པོ་ལྔ་ནི། འཇིག་ཚོགས་ལ་ལྟ་བས་སྡུག་བསྔལ་གྱི་བདེན་པ་ལ་བདག་དང་བདག་གིར་འཛིན། མཐར་འཛིན་གྱི་ལྟ་བས་སྡུག་བསྔལ་གྱི་བདེན་པ་ལ་ཡོད་མེད་རྟག་ཆད་དུ་འཛིན། ལོག་པར་ལྟ་བས་ སྡུག་བསྔལ་གྱི་བདེན་པ་མེད་པར་འཛིན། མ་རིག་པས་སྡུག་བསྔལ་བདེན་པའི་མཚན་ཉིད་མི་ཤེས་བཞིན་དུ་འཇུག །ཐེ་ཚོམ་གྱིས་ཕུང་པོ་ལྔ་པོ་དེ་སྡུག་བསྔལ་གྱི་བདེན་པ་ཡིན་མིན་ཐེ་ཚོམ་ཟ་བཞིན་དུ་འཇུག་གོ ། གཉིས་པ་ལྔ་ནི། འདོད་ཆགས་ཀྱིས་ལྟ་བ་ལྔ་ལ་ ཆགས་ཤིང་ཞེན་པར་བྱེད། ང་རྒྱལ་ལྟ་བ་ལྔས་རློམ་ཞིང་ཁེངས་པར་བྱེད། ལྟ་བ་ལ་མཆོག་འཛིན་གྱི་ལྟ་བས་ལྟ་ལོག་དྲུག་ཅུ་གྱ་གཉིས་པོ་དེ་རེ་རེ་ལ་དམིགས་ནས་དེ་མཆོག་གཙོ་བོར་གྱ་ནོམ་པ་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བས་ ཚུལ་ཁྲིམས་དང་བརྟུལ་ཞུགས་གཉིས་པོ་དེ་དག་པ་གྱ་ནོམ་པ་ངེས་པར་འབྱིན་པའི་ལམ་དུ་འཛིན། དེ་ཡང་ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་དང་། ཕུང་པོ་སྤོང་བས་ན་དག་པ་ལ་སོགས་པའོ། །དེ་ལའང་ཀུན་དཀྲིས་ནི་མངོན་གྱུར་རོ། །ཁོང་ཁྲོས་ནི་ལྟ་བ་ 4-1-199a ལྔ་དང་མི་མཐུན་པར་གྱུར་པས་བདག་མེད་པའི་ལྟ་བ་ལ་སོགས་པ་ཐོས་པའི་ཚེ་ཁོང་ཁྲོ་བར་བྱེད་དོ། །དེས་ན་ལྟ་བ་ལ་དམིགས་པའི་ཁོང་ཁྲོ་ལྔ་ཞེས་བཤད་དོ། །དེ་བཞིན་དུ་འདོད་པ་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་ལ་དམིགས་ནས་ཀྱང་བཅུ་ལོག་ པར་འཇུག་པ་ཡིན་ཏེ། འཇུག་ཚུལ་སྔ་མའི་སྡུག་བདེན་གྱི་བདེན་པ་ཀུན་བདེན་ལ་སྤོས་པས་ཤེས་སོ། ། དེ་བཞིན་དུ་འདོད་ཁམས་ཀྱི་འགོག་བདེན་ལ་དམིགས་ནས་ཀྱང་བཅུ་ལོག་པར་འཇུག་པ་ཡིན་ལ། དེ་ལའང་དངོས་ཀྱི་ལོག་ཞུགས་ལྔ་དང་། ལོག་པའི་ལོག་ ཞུགས་ལྔ་སྟེ་བཅུའོ། །དེ་ལ་དང་པོ་ལྔ་ནི། འཇིག་ཚོགས་ལ་ལྟ་བས་འགོག་བདེན་ལ་བདག་དང་བདག་གི་བར་འཛིན། མཐར་འཛིན་གྱི་ལྟ་བས་འགོག་བདེན་ལ་ཡོད་མེད་རྟག་ཆད་དུ་འཛིན། ལོག་པར་ལྟ་བས་འགོག་བདེན་མེད་པར་འཛིན། མ་རིག་པས་ འགོག་བདེན་གྱི་མཚན་ཉིད་མི་ཤེས་བཞིན་དུ་འཇུག །ཐེ་ཚོམ་གྱིས་འགོག་བདེན་ཡོད་མེད་ཐེ་ཚོམ་ཟ་བཞིན་དུ་འཇུག །དེ་ཡང་ལྔ་པོ་དེས་འགོག་བདེན་དང་ལམ་བདེན་གཉིས་ཀྱི་མིང་ལ་དམིགས་པ་ཡིན་གྱི། དོན་ལ་དམིགས་པར་མ་བཤད་དེ། དམིགས་སུ་མི་རུང་ བའི་རྒྱུ་མཚན་གྱིས་སོ། །གཉིས་པ་ལྔ་ནི། འདོད་ཆགས་ཀྱིས་ལྟ་བ་ལྔ་ལ་ཆགས་ཤིང་ཞེན་པར་བྱེད་ཅེས་བྱ་བ་ལ་སོགས་སྔ་མ་བཞིན་དུ་བསྙད་དོ། །དེ་ལ་གཞན་དག་ཐབས་དང་བཅས་པས་འཇིག་ཚོགས་འགོག་པ་ནི། ཁམས་དང་ས་གང་དུའང་མ་གཏོགས་ཞེས་ འགོག་བདེན་དེ་ཁམས་གསུམ་ལས་འདས་པར་བཤད་པ་མ་ཡིན་ནམ། རྒྱུ་མཚན་དེས་ན་འདོད་ཁམས་ཀྱི་འགོག་བདེན་ཞེས་བརྗོད་པ་མི་འཐད་དོ་ཞེ་ན། འགོག་བདེན་ཁམས་གསུམ་ལས་འདས་པ་ཡིན་ཀྱང་བྲལ་བྱ་དྲི་མ་འདོད་ཁམས་པར་འདུག་པ་མངོན་སུམ་དུ་མཐོང་ 4-1-199b བས། དེ་དང་བྲལ་བའི་འགོག་བདེན་ལ་ཡང་འདོད་པ་ཁམས་ཀྱི་འགོག་བདེན་ཅེས་བྲལ་བྱ་དྲི་མའི་མིང་གིས་བཏགས་པ་ཡིན་ནོ། །དེ་བཞིན་དུ་འདོད་པ་ཁམས་ཀྱི་ལམ་བདེན་ལ་དམིགས་ནས་ཀྱང་བཅུ་ལོག་པར་འཇུག་སྟེ། འཇུག་ཚུལ་འགོག་བདེན་ གྱི་བདེན་པ་ལམ་བདེན་ལ་སྤོས་པས་ཤེས་སོ། །རྣམ་པར་གཞག་པ་འདི་ནི་གཏན་ལ་དབབ་པ་བསྡུ་བ་ལས་ཇི་ལྟར་བྱུང་བ་བཞིན་བཀོད་པ་ཡིན་ལ། འདི་ལྟར་གྱི་ཚེ་འདོད་ཁམས་ན་མཐོང་སྤང་བཞི་བཅུ་ཡོད། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མངོན་གྱུར་པ་དང་ས་བོན་གཉི་ ག་མེད་དེ། དེར་རྒྱུད་ཞི་གནས་ཀྱིས་བརླན་པར་བྱས་ཤིང་། ཀུན་ནས་མནར་སེམས་པའི་གཞི་དགུ་མེད་པའི་ཕྱིར། དགུ་ནི་འདིས་བདག་ལ་སྔར་གནོད་པ་བྱས་སོ། །ད་ལྟ་ཡང་བྱེད་དོ། །མ་འོངས་པ་ནའང་བྱེད་པར་འགྱུར་རོ་སྙམ་པ་གསུམ་དང་། འདིས་བདག་གི་ གཉེན་ལ་སྔར་གནོད་པ་བྱས་སོ་སྙམ་པ་ལ་སོགས་པ་གསུམ་དང་། འདིས་བདག་གི་དགྲ་ལ་སྔར་ཕན་བཏགས་སོ་སྙམ་པ་སོགས་གསུམ་སྟེ་དགུའོ་ཞེས་དཀོན་བརྩེགས་ལས་འབྱུང་ངོ་། །དེས་ན་གཟུགས་ཁམས་སུ་བདེན་པ་བཞི་པོ་རེ་རེ་ལ་དགུ་དགུ་སྟེ་སུམ་ཅུ་རྩ་དྲུག་ ལོག་པར་འཇུག་པ་ཡིན་ནོ། །གཟུགས་མེད་ལོག་ཞུགས་ཀྱི་ཚུལ་ཡང་གཟུགས་ཁམས་ཀྱི་དེ་དང་འདྲ་བས་དེ་ལྟར་དྲིལ་ན་ཁམས་གསུམ་གའི་ལོག་ཞུགས་ལ་བརྒྱ་དང་བཅུ་གཉིས་ཏེ་མཐོང་སྤང་བརྒྱ་དང་བཅུ་གཉིས་སོ། །ལོག་ཞུགས་དེ་དག་ཐམས་ཅད་མཐོང་ལམ་ གྱིས་དུས་གཅིག་ཏུ་སྤོང་ངོ་། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། ལ་ལ་ཞིག་དེ་ལྟར་འདོད་པའི་ཚེ་ན་ཤེས་སྒྲིབ་དེ། མཐོང་སྤང་མ་ཡིན་པར་ཐལ། རྩ་བའི་ཉོན་མོངས་དྲུག་ཀ་མ་ཡིན་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། མ་རིག་པའི་ནང་དུ་འདུས་པ་ཡིན་ནོ། །ཡང་ན་ལན་གྱི་རྣམ་ 4-1-200a པ་གཅིག་ཏུ་ན་དྲུག་ཀ་ལ་སྒྲིབ་པ་གཉིས་གཉིས་སུ་ཡོད་དོ། ། ཡང་ཁ་ཅིག །ཉེ་བའི་ཉོན་མོངས་པ་དེ་དག །མཐོང་སྤང་མ་ཡིན་པར་ཐལ། རྩ་བའི་ཉོན་མོངས་པ་དྲུག་ཀ་མ་ཡིན་པའི་ཕྱིར་རོ་ཞེ་ན། མ་གྲུབ་སྟེ། ཉེ་ཉོན་ཐམས་ཅད་རྩ་ཉོན་གྱི་ཆ་ལ་ བཏགས་པར་བཤད་དོ། ། འོ་ན་མཛོད་ལས། ཉོན་མོངས་ལས་གཞན་ཉོན་མོངས་ཅན། །སེམས་བྱུང་འདུ་བྱེད་ཕུང་ཞེས་པ། །གང་དེའང་ཉེ་བའི་ཉོན་མོངས་ཏེ། །དེ་དག་ཉོན་མོངས་ཞེས་མི་བྱ། །ཞེས་ཉེ་བའི་ཉོན་མོངས་པ་དེ་དག་རྩ་བའི་ཉོན་མོངས་པ་མ་ཡིན་པར་བཤད་ པ་དང་འགལ་ལོ་ཞེ་ན། དེ་ནི་ཉེ་བའི་ཉོན་མོངས་པ་དེ་དག་རྩ་བའི་ཉོན་མོངས་ཀྱི་ལྡོག་པ་མ་ཡིན་པ་ལ་དགོངས་པ་ཡིན་ནོ། །གཉིས་པ་ཉན་ཐོས་པའི་འདོད་ལུགས་ལ་གཉིས་ཏེ། མཐོང་སྤང་གི་དབྱེ་བ་དང་། དབྱེ་བ་མི་འཐད་པར་བསྟན་པའོ། །དང་པོ་ནི། མཛོད་ལས། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །ཞེས་འདོད་ཁམས་ན་སྡུག་བདེན་ལ་བཅུ་ལོག་པར་འཇུག་ལ། དེ་འོག་བདེན་པ་ལྷག་མ་གཉིས་ལ་ལྟ་བ་དང་པོ་གཉིས། ཐ་མ་གཅིག་སྟེ་གསུམ་གསུམ་འཕྲི་བའི་བདུན་པ་གཉིས་ལོག་པར་ འཇུག་ཅིང་། བདེན་པ་ཐ་མ་ལ་ལྟ་བ་དང་པོ་གཉིས་འཕྲི་བའི་བརྒྱད་པ་ཞིག་ལོག་པར་འཇུག་པས་ཀུན་དྲིལ་དབྲི་བྱ་ལྔ་དེའི་ལྷག་མ་སྟེ། འདོད་ཁམས་ན་བརྒྱད་བཞི་སུམ་ཅུ་རྩ་གཉིས་ཡོད་པར་བཤད་དོ། །གཟུགས་དང་གཟུགས་མེད་པའི་ཁམས་ལའང་དེ་བཞིན་དུ། དེ་དག་དགུ་དང་དྲུག་དྲུག་བདུན། །ཞེས་སྦྱར་རིགས་ཏེ། ཁོང་ཁྲོ་འཕྲི་བས་ཁམས་གོང་རེ་རེར་བདུན་བཞི་ཉེར་བརྒྱད་རེ་ཡོད་ལ། སྤྱིར་ཁམས་གསུམ་གར་དྲིལ་ན་བརྒྱད་ཅུ་རྩ་བརྒྱད་ཡོད་དོ། །མདོ་སྡེ་པ་ལྟར་ན། འདོད་པའི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ 4-1-200b ནས་བཅུ་དང་། བདེན་པ་ལྷག་མ་གསུམ་ལ་དམིགས་ནས་བརྒྱད་བརྒྱད་དེ་སུམ་ཅུ་རྩ་བཞི་ལོག་པར་འཇུག་སྟེ། གཏན་ལ་དབབ་པ་བསྡུ་བ་ལས། ཀུན་འབྱུང་ལ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་མ་གཏོགས་པ་ཉོན་མོངས་པ་བརྒྱད་ལོག་པར་འཇུག་ པ་ཡིན་ཏེ། འགོག་པ་དང་ལམ་ལའང་དེ་བཞིན་ནོ། །ཞེས་སོ། །ཁམས་གོང་མ་གཉིས་ལ་སྡུག་བདེན་ལ་དགུ་དང་། ལྷག་མ་གསུམ་ལ་བདུན་བདུན་ཏེ་རེ་རེ་ལ་སུམ་ཅུ་སུམ་ཅུས་མཐོང་སྤང་དགུ་བཅུ་རྩ་བཞིར་འདོད་དོ། །གཉིས་པ་ནི། ཁ་ཅིག་བདེན་པ་ལྷག་མ་གསུམ་ལ་དམིགས་ པའི་ལྟ་ལོག་དྲུག་ཅུ་རྩ་གཉིས་ཡོད་ཅེ་ན། དེ་ལྟར་ན་བདེན་པ་ལྷག་མ་གསུམ་ལ་དམིགས་པའི་འཇིག་ལྟར་གྱུར་པའི་མཐོང་སྤང་ཉོན་སྒྲིབ་ཡོད་པར་ཐལ། བདེན་པ་ལྷག་མ་གསུམ་ལ་དམིགས་པའི་ལྟ་ལོག་དྲུག་ཅུ་རྩ་གཉིས་ཡོད་པ་གང་ཞིག །དེ་ཡོད་ན་དེ་འཇིག་ལྟ་ ཡིན་པར་ལུང་གིས་བཤད་པའི་ཕྱིར། དང་པོ་ཁས་བླངས་ཀྱིས་གྲུབ། གཉིས་པ་གྲུབ་སྟེ། སྡུད་པར། འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་མཐོང་སྤང་ཇི་ལྟར་སྤོང་བའི་ཚུལ་ལ། ཐེག་པ་ཆེན་པོའི་དང་། ཉན་ཐོས་ པའི་འདོད་ལུགས་སོ། །དང་པོ་ལ་གཉིས་ཏེ། བསྟན་པ་གནས་པ་རྒྱས་པ་སྤྲོས་པ་དང་བཅས་པའི་རྣམ་གཞག་དང་། དོན་དམ་པ་སོ་སོ་རང་གིས་རིག་པ་སྤྲོས་པ་མེད་པའི་རྣམ་གཞག་གོ། དང་པོ་ནི། རྣམ་གཞག་སྔ་མའི་དབང་དུ་བྱས་ན་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ གིས་མཐོང་སྤང་ལན་བཞིར་སྤོང་བ་ཡིན་ནོ། །ཇི་ལྟར་སྤོང་ཞེ་ན། དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ཁམས་གསུམ་གྱི་སྡུག་བདེན་གྱི་ལོག་ཞུགས་ཉེར་བརྒྱད་པོ་དེ་དངོས་སུ་སྤོང་བ་ཡིན་ཏེ། ཀུན་བཏུས་ཀྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་འཆད་པའི་ 4-1-201a འགྲེལ་པ་ལས། དེས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁམས་གསུམ་པའི་བག་ལ་ཉལ་ཉི་ཤུ་བརྒྱད་རབ་ཏུ་སྤོང་ངོ་། །ཞེས་སོ། །དེ་ཡང་སྐྱེ་འགྱུར་གྱི་ལམ་གྱིས་སྤོང་བ་ཡིན་ནོ། །ཇི་ལྟར་སྤོང་ཞེ་ན། དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་ པའི་ཉེ་རྒྱུ་དང་། དེའི་ངོ་སྐལ་གྱི་སྤང་བྱ་ནུས་ཅན་གཉིས་པོ་དེ་འཕྲད། དུས་གཉིས་པ་ལ་སྡུག་བསྔལ་ཆོས་ཤེས་པའི་བཟོད་པའི་དངོས་རྒྱུ་དང་། དེའི་ངོ་སྐལ་གྱི་སྤང་བྱ་ནུས་མེད་གཉིས་པོ་དེ་འཕྲད། དུས་གསུམ་པ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་དང་། དེའི་ངོ་སྐལ་གྱི་སྤང་བྱ་ནུས་མེད་འགག་པ་དུས་མཉམ་དུ་བྱས་པའི་ཚུལ་གྱིས་སྤོང་བ་ཡིན་ཏེ། ཇི་སྐད་དུ། ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་སོ། །སྡུག་བསྔལ་ལ་ཆོས་ཤེས་དང་། རྗེས་བཟོད། རྗེས་ཤེས་གསུམ་གྱིས་ཉི་ཤུ་རྩ་བརྒྱད་བརྒྱད་པོ་དེ་རྣམས་ཀྱིས་ ཐག་བསྲིང་བའི་ཚུལ་གྱིས་སྤོང་བ་ཡིན་ནོ། །བདེན་པ་ལྷག་མ་གསུམ་གྱིས་མཐོང་སྤང་སྤོང་བའི་ཚུལ་ཡང་དེ་བཞིན་དུ་ཤེས་པར་བྱ་བ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། ། མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །ཞེས་སོ། །སེམས་དཔས་མཐོང་སྤང་རིམ་གྱིས་སྤོང་བར་བཤད་པའི་རྣམ་གཞག་ཐམས་ཅད་དགོངས་པ་ཅན་ཡིན་ནོ། །གཉིས་པ་ནི། རྣམ་གཞག་ཕྱི་མའི་དབང་དུ་བྱས་ན། བདེན་བཞིའི་མཐོང་སྤང་ཐམས་ཅད་དུས་མཐའི་ སྐད་ཅིག་མ་གཅིག་ལ་སྤོང་བ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྡུག་བསྔལ་ལ་སོགས་པ་ལ་ལོག་པར་ཞུགས་པ་ཐམས་ཅད་ཅིག་ཅར་དུ་སྤང་བར་འགྱུར་བའི་ཕྱིར་རོ། །སྒོམ་པས་སྤང་བར་བྱ་བ་རྣམས་ནི་ 4-1-201b རིམ་གྱིས་སྤོང་བར་རིག་པར་བྱ་སྟེ། ལམ་གོམས་པས་སྤང་བར་བྱ་བའི་ཕྱིར། ཞེས་སོ། །དེས་ན་མཐོང་སྤང་ཐམས་ཅད་དུས་གཅིག་ཏུ་སྤོང་བར་བཤད་པའི་རྣམ་གཞག་དེ་དེ་ལ་དགོངས་པ་ཡིན་ནོ། །གཉིས་པ་ཉན་ཐོས་པའི་འདོད་ལུགས་ལ་གཉིས་ལས། ལམ་རིམ་གྱིས་ པས་ནི་མཐོང་ལམ་སྐད་ཅིག་མ་བཅོ་ལྔས་མཐོང་སྤང་ལན་བརྒྱད་དུ་སྤོང་བ་ཡིན་ནོ། །ཇི་ལྟར་སྤོང་ཞེ་ན། དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་འདོད་པ་ཁམས་ཀྱི་སྡུག་བསྔལ་བདེན་པའི་ལོག་ཞུགས་བཅུ་པོ་དེ་དངོས་སུ་སྤོང་བ་ཡིན་ནོ། །དེ་ཡང་སྐྱེ་འགྱུར་ གྱི་ལམ་གྱིས་སྤོང་བ་ཡིན་ཏེ་སྔར་དང་འདྲའོ། །སྡུག་བསྔལ་ལ་ཆོས་ཤེས་པས་བཅུ་པོ་དེ་ཐག་སྲིང་བའི་ཚུལ་གྱིས་སྤོང་བ་ཡིན་ནོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པས་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་བདེན་པའི་ལོག་ཞུགས་དགུ་གཉིས་བཅོ་བརྒྱད་པོ་དེ་དངོས་ སུ་སྤོང་བ་ཡིན་ལ། སྡུག་བསྔལ་ལ་རྗེས་སུ་ཤེས་པས་བཅོ་བརྒྱད་པོ་དེ་ཐག་སྲིང་བའི་ཚུལ་གྱིས་སྤོང་བ་ཡིན་ནོ། །ཁམས་གོང་མ་གཉིས་ཀྱི་བདེན་པ་རིས་མཐུན་ལ་ལོག་ཞུགས་ཀྱི་མཐོང་སྤང་དྲིལ་ནས་སྤོང་བར་མཛོད་ཀྱི་འགྲེལ་པ་ལས་བཤད་དོ། །དེའི་རྒྱུ་མཚན་ནི། ཁམས་གོང་མ་གཉིས་ཀྱི་བདེན་པ་རེ་རེའི་མཐོང་སྤང་དྲིལ་ནས་སྤོང་བ་ཡིན་ཏེ། དེ་ལ་དམིགས་པའི་གཉེན་པོ་རྗེས་སུ་ཤེས་པའི་བཟོད་པ་ཡང་དུས་གཅིག་ལ་སྐྱེ་བའི་ཕྱིར། བདེན་པ་ལྷག་མ་གསུམ་གྱིས་མཐོང་སྤང་སྤོང་ཚུལ་ཡང་དེ་བཞིན་དུ་ཤེས་པར་བྱ་བ་ཡིན་ཏེ། དེ་ དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་སོ། ། དེ་དག་གི་ངག་དོན་བསྡུ་ན། བདེན་པ་རེ་རེ་ལ་དམིགས་པའི་འདོད་པའི་མཐོང་སྤང་ཆོས་ཤེས་ཆོས་བཟོད་ 4-1-202a ཀྱིས་སྤོང་། ཁམས་གོང་གི་དེ་རྗེས་ཤེས་རྗེས་བཟོད་ཀྱིས་སྤོང་བས། དེ་ལྟར་བསྒྲེས་པས་བཞི་ལ་གཉིས་ཀྱིས་བསྒྱུར་བས་བརྒྱད་དོ། །གཉིས་པ་ལམ་ཅིག་ཅར་བའི་དབང་དུ་བྱས་ན། མཐོང་ལམ་སྐད་ཅིག་མ་བཅོ་ལྔས་མཐོང་སྤང་ལན་བཞིར་སྤོང་བ་ ཡིན་ནོ། །སྐབས་འདིའི་ཉན་ཐོས་པ་འདོད་པའི་མཐོང་སྤང་ལན་བཞིར་སྤོང་བའི་རྣམ་གཞག་དང་། གོང་དུ་ཐེག་ཆེན་ལུགས་ཀྱི་མཐོང་སྤང་ལན་བཞིར་སྤོང་བའི་རྣམ་གཞག་མ་འདྲེས་པར་བྱའོ། །གཉིས་པ་སྒོམ་སྤང་ལ་བཞི་སྟེ། མཚན་ཉིད། མཚན་གཞི། དབྱེ་བ། སྒོམ་སྤང་ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་སྒོམ་སྤང་གི་མཚན་ཉིད་ལ། སྒོམ་སྤང་ཙམ་གྱི་མཚན་ཉིད་ནི། སྒོམ་ལམ་གྱིས་གཞོམ་བྱར་གྱུར་པའོ། །སྒོམ་སྤང་ཉོན་སྒྲིབ་ཀྱི་མཚན་ཉིད་ནི། ཉོན་མོངས་པ་ཅན་གྱི་མི་ཤེས་པ་གང་ཞིག །སྒོམ་ལམ་གྱིས་གཞོམ་བྱར་ གྱུར་པའོ། །སྒོམ་སྤང་ཤེས་སྒྲིབ་ཀྱི་མཚན་ཉིད་ནི། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གང་ཞིག །སྒོམ་ལམ་གྱིས་གཞོམ་བྱར་གྱུར་པའོ། །གཉིས་པ་ནི། ལྷན་ཅིག་སྐྱེས་པ་དྲུག་པོ་དེ་ཡིན་ཏེ། ཀུན་བཏུས་ཀྱི་འགྲེལ་པ་ལས། ལྷན་ཅིག་སྐྱེས་པ་ནི་སྒོམ་པས་སྤང་ བར་བྱ་བ་ཡིན་ཏེ། ཞེས་སོ། །སྤང་བྱ་ལྷན་སྐྱེས་ཀྱི་དོན་ནི། མི་ཤེས་པ་གང་ཞིག་གྲུབ་མཐའ་ཐོས་པ་ལས་མ་བྱུང་བ་དེ་ཡིན་ཏེ། གཏན་ལ་དབབ་པ་བསྡུ་བ་ལས། ལྷན་ཅིག་སྐྱེས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་། ཐ་ན་རི་དྭགས་དང་བྱ་རྣམས་ཀྱིས་ཀྱང་ཡིན་ ནོ། །ཞེས་དང་། སྒོམ་པས་སྤང་བར་བྱ་བའི་གཞི་ནི་ཡེ་ཡོད་པས། དེའི་ཕྱིར་དབྲལ་དཀའ་ཞེས་སོ། །ངོ་བོ་ནི་སྒོམ་སྤང་གི་ལྟ་བ་གཉིས་ཀ་ལུང་མ་བསྟན་ཡིན་ཏེ། དེ་ཉིད་ལས། འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ་ཡིན་ཏེ། 4-1-202b ཞེས་མཐར་འཛིན་པའི་ལྟ་བ་ལ་ཡང་དེ་དང་མཚུངས་པར་བཤད་དོ། །འདོད་པའི་སྒོམ་སྤང་ལྟ་བ་མ་ཡིན་པ་ཕལ་ཆེ་བ་ནི་མི་དགེ་བ་ཡིན་ཏེ། དེ་ཉིད་ལས། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ནི། ཉེས་པ་སྤྱོད་པའི་གཞིའི་གནས་སུ་གྱུར་པའི་ཕྱིར་མི་དགེ་བ་ཡིན་པར་ བལྟ་བར་བྱའོ། །ཞེས་སོ། །ཁམས་གོང་མའི་ཉོན་མོངས་པ་ཐམས་ཅད་ལུང་མ་བསྟན་ཡིན་ནོ། །གསུམ་པ་ལ་གཉིས། ཁམས་ཀྱི་དང་། ཉོན་མོངས་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། སྒོམ་སྤང་བཅོ་བརྒྱད་ཡོད་པ་ཡིན་ཏེ། ཇི་སྐད་དུ། བཅུ་ནི་སྒོམ་པས་སྤང་ བྱ་ཡིན། །ལྔ་ཡང་ཐ་མ་གསུམ་རྣམ་གསུམ། །ཞེས་པས། གཟུགས་ཅན་བཅུ་སྤང་བྱ་ཡིན་པ་དང་། ལྔ་ཡང་ནི་རྣམ་ཤེས་ཀྱི་ཁམས་ལྔ། ཁམས་ཐ་མ་གསུམ་ལ་སྒོམ་སྤང་ཡིན་པ་དང་། མིན་པ་དང་། གཉིས་ཀ་མ་ཡིན་པ་གསུམ་ལས། ཡིན་པ་གསུམ་བགྲང་བས་ ཁམས་བཅོ་བརྒྱད་པོ་དེ་ལ་སྒོམ་སྤང་གི་ཆ་ཡོད་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཐེག་པ་ཆེན་པོའི་དང་། ཉན་ཐོས་པའི་འདོད་ལུགས་སོ། ། དང་པོ་ལ་བཞི་སྟེ། ངོ་བོ་དང་། ཁམས་ཀྱི་དང་། སའི་དང་། ས་དང་ཆེ་འབྲིང་གི་སྒོ་ནས་དབྱེ་བའོ། །དང་པོ་ནི། པཉྐན་ལས། ལྟ་བ་ཐ་མ་གསུམ་དང་། ཐེ་ཚོམ་ནི་ཀུན་ཏུ་བཏགས་པ་ཁོ་ན་ཡིན་ལ། ལྷག་མ་རྣམས་ནི་ཀུན་ཏུ་བཏགས་པ་དང་ལྷན་ཅིག་སྐྱེས་པ་གཉིས་ཀ་ཡིན་ནོ། །ཞེས་ལྟ་བ་ཐ་མ་གསུམ་ཐེ་ཚོམ་སྟེ། བཞི་པོ་དེ་མཐོང་སྤང་ཁོ་ན་ཡིན་པར་བཤད་དོ། །དེས་ན་སྒོམ་ སྤང་ཉོན་མོངས་པ་ལ་ངོ་བོའི་སྒོ་ནས་དབྱེ་ན། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པའི་ལྟ་བ་སྟེ་དྲུག་ཡོད་དེ། ཀུན་བཏུས་ལས། སྒོམ་པས་སྤང་བར་བྱ་བ་དྲུག་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་ 4-1-203a འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་དང་། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པའོ། །ཞེས་སོ། །དེ་ལ་ཉོན་མོངས་པ་ཅན་ཐམས་ཅད་ཀྱི་ངོ་བོ་དང་ས་བོན་སྤང་བྱ་ཡིན་ལ། ཉོན་མོངས་ཅན་མིན་པ་ཐམས་ཅད་ཀྱི་ངོ་བོ་དང་ས་ བོན་སྤང་བྱ་མིན་ཀྱང་། དེ་ལ་དམིགས་པའི་ཉོན་མོངས་ནི་སྤང་བར་བཤད་དེ། ཇི་སྐད་དུ། དགེ་སློང་དག་ཁྱེད་ཀྱིས་མིག་ལ་འདུན་པའི་འདོད་ཆགས་སྤོངས་ཤིག་དང་། དེ་སྤངས་ན་མིག་དེ་ཡང་སྤང་བར་འགྱུར། ཞེས་གསུངས་སོ། ། གཉིས་པ་ཁམས་ཀྱི་སྒོ་ནས་དབྱེ་ ན། འདོད་ཁམས་ན་དྲུག་གི། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔ་སྟེ་བཅུ་དྲུག་ཡོད་དོ། ། གསུམ་པ་སའི་སྒོ་ནས་དབྱེ་ན། འདོད་ཁམས་ན་དྲུག །བསམ་གཏན་བཞི་ན་ལྔ་ལྔ་སྟེ་ལྔ་བཞི་ཉི་ཤུ། གཟུགས་མེད་བཞི་ན་ལྔ་བཞི་ཉི་ཤུ་སྟེ་བཞི་བཅུ་རྩ་དྲུག་ ཡོད་དོ། ། བཞི་པ་ས་དང་ཆེ་འབྲིང་གི་སྒོ་ནས་དབྱེ་ན། འདོད་ཁམས་ན་འདོད་ཆགས་ཆེ་འབྲིང་ཆུང་ངུ་སྐོར་དགུ། བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པ་སྟེ་གནས་བཞི་ན་དགུ་དགུ་སྟེ་དགུ་བཞི་བཞི་དགུ་སུམ་ཅུ་རྩ་དྲུག །གཟུགས་མེད་གནས་བཞི་ ལ་ཡང་བཞི་དགུ་སོ་དྲུག་ཏུ་སྦྱར་བས་དགུ་དགུ་བརྒྱད་ཅུ་རྩ་གཅིག །དེ་བཞིན་དུ་ང་རྒྱལ་བརྒྱད་ཅུ་རྩ་གཅིག །མ་རིག་པ་བརྒྱད་ཅུ་རྩ་གཅིག །འཇིག་ལྟ་བརྒྱད་ཅུ་རྩ་གཅིག །མཐར་འཛིན་བརྒྱད་ཅུ་རྩ་གཅིག་སྟེ་བཞི་བརྒྱ་དང་ལྔ་ལ་འདོད་ཁམས་ཀྱི་ཁོང་ཁྲོ་ཆེ་འབྲིང་ ཆུང་ངུ་དགུ་བསྣན་པས་བཞི་བརྒྱ་དང་བཅུ་བཞི་ཡོད་དོ། །ཞེས་མངོན་པ་གོང་མ་ལས་འབྱུང་བ་ཡིན་ནོ། །གཉིས་པ་ཉན་ཐོས་པའི་འདོད་ལུགས་ལ་བཞི་ལས། དང་པོ་ངོ་བོའི་སྒོ་ནས་དབྱེ་ན། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་བཞི་ཡོད་པ་ཡིན་ཏེ། མཛོད་ལས། 4-1-203b བཞི་ནི་སྒོམ་པས་སྤང་བྱ་ཡིན། །ཅེས་སོ། །གཉིས་པ་ཁམས་ཀྱི་སྒོ་ནས་དབྱེ་ན། འདོད་ཁམས་ན་བཞི། ཁམས་གོང་མ་ན་གསུམ་གསུམ་སྟེ་བཅུ་ཡོད་དོ། །གསུམ་པ་སའི་སྒོ་ནས་དབྱེ་ན་ཉེར་བརྒྱད་དོ། །བཞི་པ་ས་དང་ཆེ་འབྲིང་གི་སྒོ་ནས་དབྱེ་ན་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་ཡོད་པ་ཡིན་ཏེ། བཞི་ནི་ སྒོམ་པས་སྤང་བྱ་ཡིན། །ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། །ཞེས་སོ། ། བཞི་པ་སྒོམ་སྤང་ཇི་ལྟར་སྤོང་བའི་ཚུལ་ལ་གཉིས་ཏེ། ཐེག་ཆེན་གྱི་དང་། ཉན་ཐོས་ཀྱི་འདོད་ལུགས་སོ། །དང་པོ་ཐེག་ཆེན་པ་ལྟར་ན། ཁམས་ གསུམ་གྱི་སྒོམ་སྤང་དུས་གཅིག་ཏུ་སྤོང་བ་ཡིན་ནོ། །ཇི་ལྟར་སྤོང་ཞེ་ན། འདོད་ཁམས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོ་སྤངས་པའི་ཚེ་ཁམས་གོང་མ་གཉིས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོ་ཡང་སྤངས་པ་ལ་སོགས་པ་ཡིན་ནོ། །དེ་ལྟར་ཡིན་ཀྱང་སྒོམ་སྤང་དགུ་ནི་རིམ་གྱིས་སྤོང་ བར་བྱེད་དོ། །དེའང་འགག་འགྱུར་གྱི་ལམ་གྱིས་སྤོང་བ་ཡིན་ཏེ། ཇི་སྐད་དུ། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། །ཞེས་དང་། ཐེག་པ་ཆེན་པོའི་རང་གཞུང་དུའང་། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ས་ལྔ་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་སྤང་བར་བྱ་སྟེ། ཞེས་པས་ས་ལྔ་པ་དང་། ས་ལྔ་པའི་སྤང་བྱ་གཉིས་མཉམ་དུ་འགྲོགས་ནས་འགག་པ་དུས་མཉམ་དུ་བྱས་པའི་ཚུལ་གྱིས་སྤོང་བར་བཤད་དོ། ། ཇི་ལྟར་སྤོང་ཞེ་ན། སྒོམ་ལམ་ཆུང་ངུའི་ཆུང་ངུ་འགགས་པ་དང་། སྒོམ་སྤང་ཆེན་པོའི་ཆེན་པོ་ནུས་མེད་འགགས་པ་དུས་མཉམ་དུ་བྱས་པའི་ཚུལ་གྱིས་སྤོང་ངོ་། །དེ་བཞིན་དུ་སྒོམ་ལམ་ཆེན་པོའི་ཆེན་པོ་འགགས་པ་དང་། སྒོམ་སྤང་ཆུང་ངུའི་ཆུང་ངུ་ནུས་མེད་འགགས་པ་དུས་ 4-1-204a མཉམ་དུ་བྱས་པའི་ཚུལ་གྱིས་སྤོང་བ་ཡིན་ནོ། ། གཉིས་པ་ལ་གཉིས་ལས། ལམ་རིམ་གྱིས་པའི་དབང་དུ་ན། ས་དགུ་ན་སྒོམ་སྤང་དགུ་དགུ་ཡོད་པ་དེ་དག་རིམ་གྱིས་སྤོང་བ་ཡིན་ནོ། །གཉིས་པ་ལམ་ཅིག་ཅར་བའི་དབང་དུ་ན། སྒོམ་སྤང་སྤོང་ཚུལ་སེམས་ དཔའ་དང་མཐུན་ནོ། །གཉིས་པ་གཞུང་དོན་ལ། སྤྱིའི་མཚམས་སྦྱར་བ་དང་། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི། སའི་ཚོགས་ཁྱད་པར་དུ་བཤད་པ་ལས། ས་བཅུ་པོར་གཉེན་པོ་གང་གིས་ཉེས་པ་རྣམས་ཡོངས་སུ་སྦྱོང་བར་འགྱུར་བའི་ཡོན་ཏན་བསྐྱེད་པའི་ཆོས་ གང་དག་ཡིན་པ་དེ་དག་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་པ་ལ་ཞེས་མཚམས་སྦྱོར་བར་མཛད་དོ། །གཉིས་པ་ལ་གཉིས་ལས། རྒྱུའི་ས་དགུ་ཡོངས་སྦྱོང་གི་སྒོ་ནས་བཤད་པ་དང་། ས་བཅུ་པ་མཚན་ཉིད་ཀྱི་སྒོ་ནས་བཤད་པའོ། །དང་ པོ་ལ་ཡོངས་སྦྱོང་དགུ་ཡོད་པའི་ས་དང་པོའི་ཡོངས་སྦྱོང་བཅུ་འཆད་པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། འོག་ནས་འཆད་པའི་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ཡིས་ས་ནི་དང་པོ་འཐོབ་པར་འགྱུར་ཏེ། དེ་ལ་བཅུ་ནི་འདི་ལྟ་སྟེ། རྣམ་མཁྱེན་དང་ལྡན་པའི་ཡིད་བྱེད་ཀྱིས་དགེ་ བ་ཐམས་ཅད་སྒྲུབ་པའི་ལྷག་བསམ་གྱ་གྱུ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོ་ཉིད་སྒྲུབ་པ་དང་། སེམས་ཅན་རྣམས་ལ་སེམས་མཉམ་པ་ཡོངས་སུ་སྦྱོར་བ་ཉིད་དང་། རྣམ་རྟོག་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། རྣམ་མཁྱེན་ལ་ བསྐུལ་ཞིང་འཇོག་བྱེད་ཀྱི་བཤེས་གཉེན་ལ་བསྟེན་པ་སྟེ། ཇི་ལྟར་བསྟེན་ཞེ་ན། དེས་ལུང་ཕོག་པ་བཞིན་དུ་སྒྲུབ་པའི་ཚུལ་གྱིས་བསྟེན་པ་ཡིན་ནོ། །གདུལ་བྱ་གང་དང་གང་གི་བློ་དང་འཚམས་པར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དུ་ཐེག་པ་གསུམ་གྱི་དམ་པའི་ཆོས་ལ་ 4-1-204b དམིགས་པར་བྱས་ནས། དེའི་དོན་འཚོལ་བར་བྱེད་པ་དང་། རྟག་ཏུ་ཁྱིམ་གྱི་ཉེས་དམིགས་མཐོང་སྟེ་ངེས་པར་འབྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་སེམས་ཉིད་ལ་བར་ཆད་མེད་པར་མཐར་འདོན་པ་དང་། གནས་སྐབས་སུ་སངས་རྒྱས་གཟུགས་ཀྱི་སྐུ་ མཐོང་བར་འདོད་པའི་དགའ་བ་དང་། མཐར་ཐུག་སངས་རྒྱས་ཆོས་ཀྱི་སྐུར་གནས་པ་ལ་འདོད་པའི་དགའ་བས་ཡོངས་སུ་སྦྱང་བ་དང་། ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱི་དབང་དུ་བྱས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དམ་པའི་ཆོས་སྟོན་པ་དང་། ཇི་ལྟར་སྨྲ་བ་དེ་ལྟར་ དོན་ལ་གནས་པར་སྤྱོད་པས་བདེན་པའི་ཚིག་གིས་ཡོངས་སུ་སྦྱོང་བ་ནི་ས་དང་པོའི་ཡོངས་སྦྱོང་བཅུ་པ་ཡིན་པར་འདོད་དོ། །བཅུ་པོ་འདི་དག་ཀྱང་ལྟ་བའི་ཆ་ནས་རང་བཞིན་མི་དམིགས་པས་སྦྱོང་བ་དང་། སྤྱོད་པའི་ཆ་ནས་ཀྱང་དེ་ལྟར་ཤེས་བཞིན་དུ་ལུས་ངག་གིས་ ཡོངས་སུ་སྦྱོང་བར་བྱེད་པ་ནི་ཤེས་པར་བྱའོ། །མདོར་ན་ས་འདིར་གསུངས་ཀྱི་ཆོས་དེ་དག་ལ་སྤྱོད་པས་ས་དེ་ཡང་ཡོངས་སུ་སྦྱོང་བ་ཡིན་ལ། དེ་སྦྱངས་པས་ས་དེ་ཉིད་སྲིལ་པོ་འགོམ་པ་ལ་རྩལ་ཐོབ་པ་དང་། གོང་མར་འཕར་བ་ལ་འཇུག་པའི་ཕན་ཡོན་གཉིས་ཐོབ་པ་ ཡིན་ནོ། །རྗེ་བཙུན་གྱིས་དེ་ལྟར་གསུངས་པ་དེ་འདིར་འགྲེལ་པར་བཞེད་ནས་ཞེས་བྱ་བ་ནི་ཞེས་བཀོད་དོ། །གཉིས་པ་ནི། གཞུང་རྩ་བའི་རིམ་པ་ཇི་ལྟ་བ་བཞིན་བཤད་ན་བྱང་ཆུབ་ཀྱི་གཞིའི་དགེ་རྩ་ཐམས་ཅད་ལ་རང་དོན་ཡིད་བྱེད་ཀྱི་གྱ་གྱུ་མེད་པའི་བསམ་པ་དང་། རང་དང་གཞན་གྱི་བྱང་ཆུབ་སྒྲུབ་པའི་དགོས་པ་ལ་ཉེ་བར་ཕན་འདོགས་པར་བྱེད་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་གྱི་སེམས་མཉམ་པར་གཅིག་པ་ཉིད་དང་། བདག་ཉིད་དང་རྗེས་སུ་འབྲེལ་བའི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། དགེ་ 4-1-205a བའི་བཤེས་གཉེན་མགུ་བར་བྱེད་པའི་སྒོ་གསུམ་གྱི་ལྟ་སྤྱོད་དང་། ཐེག་པ་གསུམ་དུ་གཏོགས་པའི་དམ་པའི་ཆོས་ཀྱི་དམིགས་པའི་རྣམ་གྲངས་མཐའ་ཡས་པ་ལ་དམིགས་པར་བྱེད་འདོད་པ་དང་། ཁམས་དང་སའི་ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་བ་ དང་། བླ་ན་མེད་པའི་སངས་རྒྱས་ཀྱི་སྐུ་ཐོབ་པར་འདོད་པ་དང་། དམ་པའི་ཆོས་རབ་ཏུ་སྟོན་པ་དང་། བརྫུན་ལས་བཟློག་པ་སྟེ་བདེན་པར་སྨྲ་བ་ཉིད་ཅེས་བྱ་བ་དེ་ལྟ་བུའི་རྣམ་གྲངས་ཀྱི་མཚན་ཉིད་ཀྱི་ཆོས་བཅུས་ས་དང་པོའི་ཡོན་ཏན་རྣམ་པ་ཐམས་ཅད་དུ་རྫོགས་པར་བསྐྱེད་པ་སྟེ་ ཐོབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་དག་ཀྱང་ཚུལ་ཇི་ལྟ་བུར་སྦྱང་ཞེ་ན། ས་འདི་རྣམས་ཀྱི་ཡོངས་སུ་སྦྱོང་བའི་རྒྱུའི་ཁྱད་པར་ནི་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱི་ཡོངས་སུ་སྦྱོང་བ་དག་ཁོ་ནས་ས་དང་པོ་རབ་ཏུ་དགའ་བ་འཐོབ་པ་ཡིན་ནོ། །རབ་ ཏུ་དགའ་བའི་དོན་ནི། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་སོ། །གཉིས་པ་ས་གཉིས་པའི་ཡོངས་སྦྱོང་ལ། སྤྱིའི་དོན་དང་། གཞུང་གི་དོན་ནོ། ། དང་པོ་ལ་གཉིས་ཏེ། ཚུལ་ཁྲིམས་ཀྱི་རང་བཞིན་ངོ་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བར་བྱ་བའོ། །དང་པོ་ལ་གསུམ་སྟེ། ངོ་བོ། རྒྱུ། འབྲས་བུའོ། །དང་པོ་ལ་གསུམ་སྟེ། ཚུལ་ཁྲིམས་ཀྱི་མཚན་ཉིད་དང་། མཚན་གཞི་དང་། དབྱེ་བའོ། །དང་པོ་བྱང་ ཆུབ་སེམས་དཔའི་ཚུལ་ཁྲིམས་ཙམ་གྱི་མཚན་ཉིད་ནི། སྨོན་པ་སེམས་བསྐྱེད་དང་དེ་ལས་གཞན་བརྡ་སྤྲོད་ཀྱི་ཆོ་ག་ལ་བརྟེན་ནས་སེམས་དཔའི་བྱ་བ་མཐའ་དག་ལ་དངོས་སུ་འཇུག་ལྡོག་བྱ་བར་སེམས་པའི་ས་བོན་རྒྱུན་ཆགས་པའོ། །གཉིས་པ་ནི། ཇོ་བོས། འཇུག་སེམས་ 4-1-205b བདག་ཉིད་སྡོམ་པ་མ་གཏོགས་པར། །ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྡོམ་པ་སྤེལ་འདོད་པས། །དེ་ཕྱིར་འདི་ནི་འབད་པས་ངེས་པར་བླང་། །ཞེས་པས། འཇུག་པ་དང་ངོ་བོ་གཅིག་པའི་སྨོན་པ་དེ་སྡོམ་པ་ཡིན་ལ། དེ་དང་ངོ་བོ་ གཅིག་པ་མ་ཡིན་པའི་སྨོན་པ་རྐྱང་པ་ནི་སྡོམ་པ་མ་ཡིན་ནོ། ། དེ་ལྟར་འདོད་པ་ལ་གཞན་དག་སྨོན་པ་སེམས་བསྐྱེད་དེ་ཆོས་ཅན། སྡོམ་པ་མ་ཡིན་པར་ཐལ། བསོད་ནམས་རྒྱུན་ཆགས་སུ་མི་འབྱུང་བའི་ཕྱིར། མ་གྲུབ་ན། སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མེད། །ཅེས་བཤད་དོ་ཞེ་ན། སྨོན་རྐྱང་ལ་བསོད་ནམས་རྒྱུན་ཆགས་སུ་མི་འབྱུང་བའི་ཕྱིར་དེར་ཐལ་ཟེར་ན། འདོད་ལ། འཇུག་པ་དང་ངོ་བོ་ གཅིག་པའི་སྨོན་པ་དེ་ལ་བསོད་ནམས་རྒྱུན་ཆགས་སུ་མི་འབྱུང་བའི་ཕྱིར་དེར་ཐལ་ཟེར་ན་མ་གྲུབ་བོ། །གསུམ་པ་ལ་དབྱེ་གཞི་ནི་སེམས་དཔའི་ཚུལ་ཁྲིམས་ཙམ་མོ། །དབྱེ་ངོ་ནི་གསུམ་སྟེ། སྡོམ་པའི་དང་། དགེ་བ་ཆོས་སྡུད་ཀྱི་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ ཁྲིམས་སོ། །འབྱེད་པའི་རྒྱུ་མཚན་ནི། བྱ་བ་ཡུལ་གསུམ་ཡོད་པས་བྱེད་པ་པོ་ཚུལ་ཁྲིམས་གསུམ་དུ་དབྱེ་བ་ཡིན་ནོ། །ཡུལ་གསུམ་པོ་དེ་གང་ཞེ་ན། རང་རྒྱུད་ལ་མི་དགེ་བ་སྤོང་བ་དང་། དགེ་བ་སྒྲུབ་པ་དང་། གཞན་རྒྱུད་ལའང་མི་དགེ་བ་སྤོང་ཞིང་དགེ་བ་སྒྲུབ་ པའོ། །དང་པོའི་བྱེད་པ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །གཉིས་པའི་བྱེད་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོ། །གསུམ་པའི་བྱེད་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །བྱེད་པོའི་ཚུལ་ཁྲིམས་གསུམ་པོ་དེའང་དོན་གྱི་ངོ་བོ་ལ་དབྱེ་བ་བྱས་པ་ནི་མ་ཡིན་ 4-1-206a ནོ། །གཉིས་པ་རྒྱུ་ལ་གཉིས་ཏེ། མི་འདོད་པའི་མཐའ་དགག་པ་དང་། འདོད་པའི་དོན་ངོས་བཟུང་བའོ། །དང་པོ་ནི། ཁ་ཅིག་སེམས་དཔའི་ཚུལ་ཁྲིམས་ལ་སོ་སོར་ཐར་པའི་སྡོམ་པ་རྟེན་དུ་དགོས་པ་ཡིན་ཏེ། ཕུགས་གཞན་ཕན་སྒྲུབ་པ་ལ་འཕྲལ་ གཞན་གནོད་སྤོང་བས་ཁྱབ་པའི་ཕྱིར་དང་། ཇོ་བོས། སོ་སོར་ཐར་པའི་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱིས་གཞན་དུ་མིན། །ཅེས་བཤད་པའི་ཕྱིར་ཞེ་ན། དེ་མི་འཐད་པ་ལ་གཉིས་ཏེ། སྒྲུབ་ བྱེད་མེད་པ་དང་། གནོད་བྱེད་ཡོད་པའོ། །དང་པོ་ལ་གཉིས་ལས། སྒྲུབ་བྱེད་ཀྱི་རིགས་པ་མེད་པ་ནི། ཕུགས་གཞན་ཕན་སྒྲུབ་པ་ལ་འཕྲལ་གཞན་གནོད་སྤོང་བས་མ་ཁྱབ་སྟེ། དེད་དཔོན་ཐབས་ལ་མཁས་པས་མི་ནག་མདུང་ཐུང་ཅན་ལ་བྱ་བ་བཞིན་ནོ། །གཉིས་ པ་སྒྲུབ་བྱེད་ཀྱི་ལུང་མེད་པ་ནི། དེ་སྐད་གསུངས་པ་དེ་འདྲ་ཞིག་ཡོད་ནའང་ཉན་ཐོས་ཀྱི་རིགས་ཅན་འགའ་ཞིག་ཐེག་པ་གསུམ་ལ་རིམ་གྱིས་གཞུག་པར་བྱ་བའི་ཆེད་དུ་གཞུག་པ་ལ་ལྡེམ་པོར་དགོངས་ཏེ་གསུངས་པ་ཡིན་ནོ། ། གཉིས་པ་གནོད་བྱེད་ཡོད་པ་ནི། སེམས་ དཔའི་སྡོམ་པ་ལ་སོ་སོར་ཐར་པའི་སྡོམ་པ་རྟེན་དུ་དགོས་པ་ཡིན་ན། མ་ཐོབ་པ་འཐོབ་བྱེད་ཀྱི་རྟེན་དུ་དགོས་སམ། ཐོབ་པ་གནས་བྱེད་ཀྱི་རྟེན་དུ་དགོས། དང་པོ་ལྟར་ན་ལྷ་ཀླུ་གཉིས་ལ་སེམས་དཔའི་སྡོམ་པ་མི་སྐྱེ་བར་ཐལ། སོ་སོར་ཐར་པའི་སྡོམ་པ་མེད་པའི་ཕྱིར། འདོད་ན། ལྷ་ཀླུ་གཉིས་ལ་སེམས་བསྐྱེད་སྐྱེ་བར་བཤད་པ་དང་འགལ་ལོ། །ཡང་ན་མ་གྲུབ་སྟེ། མདོ་སྡེ་མཛངས་བླུན་ལས། ཀླུ་དང་། མདོ་ཁ་ཅིག་ལས། ལྷ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་བཤད་དོ་ཞེ་ན། མཛོད་ཀྱི་འགྲེལ་པ་ལས། ལེགས་པར་སྤྱད་པ་ 4-1-206b ཙམ་ཡིན་གྱི་སྡོམ་པ་ནི་མ་ཡིན་ནོ། །ཞེས་གསུངས་པས། དེ་རྣམས་ལ་སྡོམ་པ་མི་སྐྱེ་བར་བཤད་དོ། །གཉིས་པ་ལྟར་ན་ཤི་འཕོས་པའི་ཚེ་སེམས་དཔའི་སྡོམ་པ་གཏོང་བར་ཐལ། སོ་སོར་ཐར་པའི་སྡོམ་པ་དེ་དེར་གཏོང་བའི་ཕྱིར། མ་གྲུབ་ན། མཛོད་ལས། བསླབ་པ་ ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང་། །ཁ་ཅིག་ལྟུང་བར་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་ སུ་འདོད། །ཅེས་སོ། །བྱུང་བ་ནི་རྩ་ལྟུང་ངོ་། །གཏོང་བའི་རྒྱུ་བདུན་བཤད་དོ། །དེའང་ལྔ་ཡིན་ཏེ། བསླབ་པ་ཕུལ་ནས་མཚན་འདས་ཀྱི་བར་ལྔ་ནི་གཏོང་རྒྱུ་མཚན་ཉིད་པ་དེ་ཡིན་པའི་ཕྱིར་རོ། །ཁ་ཅིག་ནི་མདོ་སྡེ་པ་དང་། གཞན་ནི་གོས་དམར་བའི་ལུགས་ཏེ། ལུགས་དེ་གཉིས་ཀྱིས་གཏོང་རྒྱུར་འདོད་པ་དེ་ནི་འདིར་གཏོང་རྒྱུར་མི་བཞག་གོ། གཉིས་པ་འདོད་དོན་ངོས་བཟུང་བ་ལ་གཉིས་ལས། སྐྱེ་བའི་རྒྱུ་ནི་རྟེན་སྨོན་པ་བརྟན་པ་དང་། ཡིད་ཆེས་པའི་དད་པས་ལེན་པར་འདོད་པ་དང་། བརྡ་སྤྲོད་པའི་ཆོ་ག་སྟེ་གསུམ་ལ་བརྟེན་ ནས་སྐྱེ་བ་ཡིན་ནོ། །གཉིས་པ་ཉམས་པའི་རྒྱུ་ནི། རྟེན་སྨོན་པ་ཤོར་བ་དང་། འགལ་རྐྱེན་རྩ་ལྟུང་བྱུང་བ་དང་། སྒྲུབ་མ་ནུས་ཏེ་ཕུལ་བའོ། །གསུམ་པ་འབྲས་བུ་ལ་གཉིས་ལས། ཐོབ་པའི་ཕན་ཡོན་གྱི་འབྲས་བུ་ནི། དགེ་བའི་བཤེས་གཉེན་མཐུན་པའི་དྲུང་དུ་སྐྱེ་བ་ དང་། སངས་རྒྱས་ཐམས་ཅད་ཀྱིས་བུ་གཅིག་པ་ལྟར་དགོངས་པ་དང་བྱང་ཆུབ་མྱུར་དུ་འཐོབ་པའོ། །གཉིས་པ་ཉམས་པའི་ཉེས་དམིགས་ཀྱི་འབྲས་བུ་ནི། རྩ་ལྟུང་ལྕི་བས་ཕྱི་མ་ངན་སོང་དུ་འགྲོ་བ་དང་། ཐེག་ཆེན་གྱི་དགེ་བ་ལས་ཉམས་པར་འགྱུར་བ་དང་། ཁས་ 4-1-207a བླངས་ཀྱི་དམ་བཅའ་ཉམས་པས་དམ་པས་སྨད་པའོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བར་བྱ་བ་ནི། སེམས་དཔའི་སྡོམ་པ་དང་། དགེ་བ་ཆོས་སྡུད་ཀྱི་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དེས་སངས་རྒྱས་སའི་སྤངས་པ་དང་། རྟོགས་པ་ དང་། ཕྲིན་ལས་ཕུན་སུམ་ཚོགས་པ་འཐོབ་པར་བྱ་བའི་ཆེད་དུ་མི་དགེ་བ་མ་ལུས་པ་སྤང་བ་དང་། དགེ་བ་མ་ལུས་པ་བསྒྲུབ་པ་དང་། སེམས་ཅན་མཐའ་དག་གི་དོན་བྱའོ་སྙམ་དུ་བསམ་པས་ཁྱབ་པར་བྱ་བ་དང་། སྦྱོར་བས་ཀྱང་ཅི་ནུས་ཀྱིས་སྤང་བ་དང་། སྒྲུབ་པ་དང་། བྱེད་ པ་ཡིན་ནོ། །གཉིས་པ་གཞུང་དོན་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། དམན་པ་ཡིད་བྱེད་ཀྱི་སེམས་སོགས་ཀྱིས་ཐེག་པ་ཆེན་པོའི་ཚུལ་ཁྲིམས་ལ་བར་ཆད་མི་བྱེད་པར་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། གཞན་གྱི་བྱས་པ་ཆུང་ངུ་ལ་ཡང་ཆུད་མི་གསན་པར་བྱས་པ་ གཟོ་བ་དང་། འཁོན་གྱི་གཞི་མི་འཛིན་པའི་ཕྱིར་བཟོད་པ་དང་། རང་ཉིད་དགེ་ཆོས་སྒྲུབ་ཅིང་གཞན་དག་ཐེག་པ་གསུམ་དུ་སེམས་ཅན་རྣམས་སྨིན་པར་རང་བཞིན་གྱིས་བྱེད་པའི་བྱེད་པ་ལ་རབ་ཏུ་དགའ་བ་དང་། སེམས་ཅན་རེ་རེ་ལ་ཕན་པའི་ཕྱིར་ཡང་ངན་འགྲོའི་དུཿཁ་མྱོང་ བ་ལ་སྤྲོ་བ་དང་བཅས་པའི་སྙིང་བརྩེ་ཆེ་བ་དང་། མཁན་པོ་སོགས་བླ་མ་ལ་བཀུར་སྟི་ཕུ་དུད་བྱ་བ་དང་། མཁན་པོ་སོགས་བླ་མ་ལ་གུས་པས་སྟོན་པའི་འདུ་ཤེས་བསྐྱེད་དེ། དེས་ཇི་ལྟར་བསྟན་པ་བཞིན་ཉན་ནས་སྒྲུབ་པ་དང་། སྦྱིན་སོགས་བྱང་ཆུབ་ཀྱི་ཆོས་ལྷག་མ་རྣམས་ ཡོངས་སུ་སྦྱོང་བའི་ཚུལ་གྱིས་བརྒྱད་པ་སྦྱིན་པ་ལ་སོགས་པ་ལ་བརྩོན་པ་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པར་བཞེད་ནས་བཀོད་དོ། །འགའ་ཞིག་བཀུར་སྟི་དང་བླ་མ་ལ་གུས་ཉན་གཉིས་སུ་མི་འབྱེད་པར་སེམས་ཅན་མི་གཏོང་བ་གཅིག་ཏུ་འདྲེན་པ་ཡིན་ལ། དེ་མདོ་དང་སྦྱར་ནའང་ 4-1-207b འགྲིགས་པ་ཡིན་ཟེར་རོ། །གཉིས་པ་ནི། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ནི་དགེ་བ་ཆོས་སྡུད་པའི་དང་། སེམས་ཅན་གྱི་དོན་བྱ་བ་དང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། གཞན་གྱིས་ཕན་བཏགས་བྱས་པ་དྲན་པའི་བསམ་པ་དང་། གཞན་གྱིས་གནོད་པ་ བྱས་པ་དང་ལ་སོགས་པས་འབྱུང་བ་འཁྲུགས་པའི་གནོད་པ་བཟོད་པའི་བསམ་པ་དང་དགེ་བའི་ཆོས་སྒྲུབ་པ་ལ་མི་འགྱོད་པས་འགྱོད་པ་མེད་པའི་བསམ་པ་དང་། སྐྱེ་བོ་ཐམས་ཅད་ལ་བྱམས་ཤིང་བརྩེ་བའི་བསམ་པ་དང་། སྦྱོར་བྱེད་མཁན་པོ་དང་ལ་སོགས་པའི་སོགས་ ཁོངས་ནས་སློབ་སོགས་ལ་འདུད་པ་དང་། སྦྱོར་བའི་ངོ་བོ་དགེ་བའི་བཤེས་གཉེན་བསྟེན་ཅིང་བསྟན་པའི་ཆོས་ཇི་ལྟ་བ་བཞིན་དུ་སྒྲུབ་པ་དང་། སྦྱོར་བའི་བྱེ་བྲག་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྲོ་བ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་བརྒྱད་ཀྱིས་ཡོངས་སུ་ སྦྱངས་པས་ས་དང་པོའི་ཡོངས་སྦྱོང་སྔ་མ་བཞིན་དུ་གཉིས་པ་ལ་ཡང་ཡོངས་སུ་སྦྱང་བར་བྱས་པའི་ཁྱད་པར་རྣམ་པ་བརྒྱད་ཀྱིས་ས་གཉིས་པ་དྲི་མ་མེད་པ་འཐོབ་པ་ཡིན་ནོ། །ཅིའི་ཕྱིར་དྲི་མ་མེད་པ་ཞེ་ན། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། ། ཞེས་སོ། །གསུམ་པའི་ཡོངས་སྦྱོང་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་འཁོར་ཐམས་ཅད་བཟུང་བ་ལ་ཆོག་མི་ཤེས་པར་ཐོས་པས་མི་ངོམས་པ་ཉིད་དང་ནི། ཆོས་སྟོན་པ་ན་ཐ་ན་བྱང་ཆུབ་ལའང་རེ་བ་མེད་ན་རྙེད་པ་སོགས་ ལ་ལྟ་ཅི་སྨོས་པའི་ཕྱིར་ཟང་ཟིང་མེད་པར་ཆོས་སྦྱིན་པ་དང་། བདག་དང་གཞན་དག་ད་གཟོད་སངས་རྒྱས་པ་ན་དེ་དག་གི་ཞིང་ཀུན་ཡོངས་སུ་སྦྱོང་བ་དང་། འཁོར་བ་ན་མི་ཤེས་པའི་སྐྱེ་བོས་དྲིན་ལན་ལོག་འཇལ་བྱས་ན་ཡང་སེམས་དཔའ་དེ་ཡོངས་སུ་མི་སྐྱོ་བར་སྦྱང་བ་ 4-1-208a དང་། ཉན་རང་གི་སེམས་ལ་ཡོན་ཏན་དུ་ལྟ་བ་ནི་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཡིན་པ་དེའི་ཕྱིར། དེ་ལས་བཟློག་པ་ངོ་ཚ་དང་ཁྲེལ་ཡོད་དུ་གནས་པ་ཞེས་བྱ་བའི་ཡོངས་སྦྱོང་དེ་དག་ལ་རློམ་སེམས་མེད་པའི་བདག་ཉིད་དུ་གྱུར་པ་ཁོ་ནས་སྦྱོང་དགོས་ ཤིང་། དེ་ལྟར་སྦྱངས་པའི་ཡོངས་སྦྱོང་ནི་རྣམ་པ་ལྔའོ་ཞེས་བྱ་བ་སྟེ་དོན་འགྲེལ་པར་བཞེད་ནས་བཀོད་དོ། །གཉིས་པ་ནི། རང་སྨིན་པར་བྱེད་པའི་ཕྱིར་དམ་པའི་ཆོས་མཉན་པས་ངོམས་མི་ཤེས་པ་དང་། གཞན་ཚིམ་པར་བྱ་བའི་ཕྱིར་རྙེད་པ་དང་ལ་སོགས་པས་བཀུར་སྟི་ རིམ་གྲོ་སོགས་ལ་མི་ལྟ་བའི་སེམས་ཀྱིས་དམ་པའི་ཆོས་རབ་ཏུ་སྟོན་པ་དང་། ཞིང་ཁམས་དག་པར་བྱེད་པའི་ཕྱིར་རང་གི་སངས་རྒྱས་ཀྱི་ཞིང་རྟེན་སྣོད་དང་། བརྟེན་པ་སེམས་ཅན་ཀུན་ཏུ་དག་པར་སྦྱོང་བ་དང་། ཕན་བཏགས་པའི་སེམས་ཅན་མི་སྲུན་པས་མི་མཐུན་པ་ལ་སོགས་ པ་མཐོང་བས་སྙིང་རྗེའི་ཡུལ་དུ་གཟིགས་ནས་ཡོངས་སུ་མི་སྐྱོ་བ་དང་། སྤྱི་དང་བྱེ་བྲག་གི་སྐྱོན་བསལ་བའི་ཕྱིར་རང་ལ་བལྟོས་ནས་ངོ་ཚ་དང་ལྡན་ཅིང་། གཞན་ལ་བལྟོས་ནས་ཁྲེལ་ཡོད་དང་ལྡན་པས་མི་དགེ་བའི་ཆོས་མི་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་ ལྔ་པོས་སྔ་མའི་ཡོངས་སྦྱོང་བཞིན་དུ། ངོ་བོ་དང་རང་བཞིན་ཉིད་དུ་གྲུབ་པར་མི་རྟོག་པས་ཡོངས་སུ་སྦྱང་བར་བྱས་པས་ས་གསུམ་པ་འོད་བྱེད་པ་རྟོགས་པ་ཡིན་ནོ། །ཅིའི་ཕྱིར་འོད་བྱེད་པ་ཞེ་ན། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་སོ། །བཞི་པའི་ ཡོངས་སྦྱོང་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། ཉན་རང་གི་ས་ལས་འདས་པ་ནི་ནགས་སུ་གནས་པ་དང་། བླ་མེད་ཀྱི་བྱང་ཆུབ་རང་དོན་དུའང་མི་འདོད་པ་ནི་འདོད་པ་ཆུང་བ་དང་། རྫོགས་བྱང་ཐོབ་ཀྱང་དེ་ལ་རློམ་པར་མི་བྱེད་པའི་ཆོག་ཤེས་དང་། ཟབ་མོའི་དོན་ལ་བཟོད་པ་ནི་ 4-1-208b སྦྱངས་པ་ཡང་དག་གི་སྡོམ་པ་ལ་རྟེན་པ་དང་། བསླབ་པ་ཐམས་ཅད་ཀྱི་སྤྲོས་མཚན་དང་བྲལ་བས་ན་བསླབ་པ་ཡོངས་སུ་མི་གཏོང་བ་དང་། འདོད་པའི་ཡུལ་ཙམ་ཡང་སྣང་བ་མེད་པས་ན་འདོད་པ་རྣམ་ལྔའི་ཡོན་ཏན་ལ་དམོད་པ་དང་། ཆོས་རྣམས་ལ་འདུ་བྱེད་པའི་རྩོལ་བ་མེད་ པས་ན་མྱ་ངན་ལས་འདས་པ་དང་། ནང་དང་ཕྱི་རོལ་གྱི་དངོས་པོ་ལ་དངོས་པོར་མི་མཐོང་བས་ན་བདོག་པ་ཀུན་གཏོང་བ་དང་། རྣམ་པར་ཤེས་པ་དང་ལྡན་པའི་རྒྱུད་དང་འདྲེ་བ་མེད་པར་གནས་པས་ན་མི་ཞུམ་པ་དང་། གང་ལའང་འདི་ལྟར་རོ་ཞེས་པའི་ཤེས་བརྗོད་ཀྱི་རྒྱུ་བ་ཆད་ པས་ན་ལྟ་བ་མེད་པ་སྟེ་བཅུའོ། །ཞེས་བྱ་བ་ནི་དེ་འགྲེལ་པར་བཞེད་ནས་བཀོད་དོ། །གཉིས་པ་ནི། ཐར་པ་དམ་པའི་དགོན་པར་གནས་པ་དང་། རྙེད་པ་རང་གི་དུས་གསུམ་གང་ཡང་རུང་བར་མ་ཐོབ་པ་དང་། ཐོབ་མ་ཟིན་པ་དང་། ཐོབ་པར་མི་འགྱུར་བའི་རྙེད་པ་ལ་ སེམས་ཀྱི་རྒྱུ་བ་ཙམ་ཡང་མེད་པ་དེའི་ཕྱིར་ན་མངོན་པར་འདོད་པ་ཡོད་པ་ལྟ་ཅི་སྨོས་པས་མེད་པ་དང་། བྱ་བ་ཡུལ་གྱི་རྙེད་པ་ཐོབ་པ་ལ་ལྷག་པར་སྟེ་དེ་བོར་བ་དོན་དུ་གཉེར་བ་མེད་པ་དང་། བསོད་སྙོམས་པ་ཉིད་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱིས་སྒོ་གསུམ་ ཡང་དག་པར་སྡོམ་པ་སྟེ། དང་ཞེས་པ་འོག་མ་འདྲེན་པའི་ཚིག་ཡིན་ལ། བཅུ་གཉིས་པོ་གང་ཞེ་ན། ཟས་ཀྱི་དབང་དུ་བྱས་པ་གསུམ་དང་། གོས་ཀྱི་དབང་དུ་བྱས་པ་གསུམ་དང་། གནས་མལ་གྱི་དབང་དུ་བྱས་པ་ལྔ་དང་། སྤྱོད་ལམ་གྱི་དབང་དུ་བྱས་པ་གཅིག་གོ ། དང་པོ་ནི། ཟས་བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཕྱིས་མི་ལེན་པའོ། །དང་པོ་ལ་གཉིས་ཏེ། སྒོ་ཐར་ཆགས་པ་དང་། ཅི་ཐོབ་ལེན་པའོ། །གཉིས་པ་ལ་གསུམ། ཟས་ཀྱི་དང་། ཆུའི་དང་། སྟན་གྱི་མཐའ་པའོ། །གསུམ་པ་ལ་གཉིས་ཏེ། ལེན་པའི་དང་། 4-1-209a ཟོས་པའི་མཐའ་པའོ། །གཉིས་པ་གོས་ལ་ཕྱགས་དར་ཁྲོད་པ་དང་། ཕྱིང་པ་བ་དང་། ཆོས་གོས་གསུམ་པའོ། །དང་པོ་ལ་གཉིས་ཏེ། དམན་པའི་དང་། བོར་བའི་ཕྱགས་དར་ཁྲོད་པའོ། །གཉིས་པ་ལ་གཉིས་ཏེ། བལ་གོས་འབའ་ཞིག་པས་འཚོ་ བ་དང་། ཕྱིང་པ་རླིངས་པས་འཚོ་བའོ། །གསུམ་པ་གནས་མལ་ལ་དུར་ཁྲོད་པ་དང་། དགོན་པ་བ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། གཞི་ཇི་བཞིན་པ་སྟེ་ལྔའོ། །བཞི་པ་སྤྱོད་ལམ་ནི་ཙོག་པུ་བ་སྟེ་བཅོ་བརྒྱད་ཡོད་དོ། ། བསླབ་པར་ཁས་བླངས་པ་སྲོག་ དང་ལ་སོགས་པས་བྱ་བ་གཞན་གང་གི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་དང་། འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་ལྟ་བས་སྨོད་པ་དང་། གདུལ་བྱའི་བློ་དང་འཚམས་པར་གདུལ་བྱ་མྱ་ངན་ལས་འདས་པ་ལ་གཞོལ་ཞིང་འགོད་པར་བྱེད་པ་དང་། བདོག་པ་ཐམས་ཅད་ ཡོངས་སུ་གཏོང་བ་དང་། སྐྱེ་བ་མེད་པའི་དགེ་བ་སྒྲུབ་པ་ལ་སེམས་མི་ཞུམ་པ་དང་། ཀུན་བཏགས་དང་གཞན་དབང་གི་ངོ་བོར་གྱུར་པའི་དངོས་པོར་སྣང་བ་ཐམས་ཅད་ལ་དེར་མི་ལྟ་བ་ཞེས་བྱ་བས་ལྟ་བ་མེད་པ་སྟེ། དེ་ལྟ་བུའི་ཡོངས་སུ་སྦྱོང་བ་སྔ་མ་ལྟ་བུའི་རྣམ་པ་བཅུས་ ས་བཞི་པ་འོད་འཕྲོ་བ་ཅན་གནོན་པ་ཡིན་ནོ། །ཅིའི་ཕྱིར་འོད་འཕྲོ་བ་ཞེ་ན། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །ཞེས་སོ། །ལྔ་པ་ས་ལྔ་པའི་ཡོངས་སྦྱོང་བཤད་ པ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། བརྫུས་ཏེ་སྐྱེ་བ་དང་། སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ནི་ཁྱིམ་པ་དང་འདྲིས་པ་སྤོང་བ་ཡིན་ལ། དགེ་སློང་མ་ལ་སོགས་དང་ཡུད་ཙམ་ཡང་གནས་གཅིག་པར་མི་གནས་ཤིང་། དེ་དག་མེད་ནའང་སྐྱོ་བར་མི་འགྱུར་བ་ནི་ 4-1-209b རབ་ཏུ་བྱུང་བ་དང་འདྲིས་པ་སྤང་བ་ཡིན་ནོ། །འདྲིས་པ་སྤངས་པའི་གོ་དོན་ཡང་། གྲོགས་དང་འདྲིས་པ་ལ་བརྟེན་ནས་ལམ་སྒྲུབ་པ་ལ་བར་དུ་གཅོད་པ་འབྱུང་བས་དེ་སྤང་བའི་ཕྱིར་བསྟན་པ་ཡིན་ནོ། །སེམས་དཔའ་བདག་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོའི་ གཞིར་བསྒྲུབ་དགོས་ན། གཞན་གྱིས་གཞན་ལ་བསོད་སྙོམས་འབུལ་བ་ནི་རྗེས་སུ་ཡི་རང་བའི་གནས་ཡིན་པས། བདག་ཉིད་ལ་དད་པའི་ཁྱིམ་གྱི་ཡོ་བྱད་དང་རྙེད་པ་དགེ་སློང་སོགས་གཞན་གྱིས་སློང་བ་དང་ལོངས་སྤྱད་པ་ན་དེ་ལ་སེར་སྣ་དང་འཁྲེན་པ་མི་འབྱུང་བའི་ ཕྱིར་དེ་སྤོང་བ་དང་། གྲོང་སོགས་ཕལ་པའི་འདུ་འཛི་དང་། ཐེག་པ་མཆོག་གི་དབང་དུ་ན་ཉན་རང་གི་སེམས་ནི་འདུ་འཛིར་གྱུར་པའི་གནས་ཏེ། འདུ་འཛིའི་གནས་དེ་ལྟ་བུ་ལ་མི་དགའ་བས་སྤོང་བ་དང་། ནང་གི་ཆོས་ཡང་དག་པར་རྗེས་སུ་མཐོང་བ་མེད་པས་བདག་ ཕྱོགས་སུ་བཅད་དེ་བསྟོད་པ་སྤོང་བ་དང་། ཕྱིའི་ཆོས་ཡང་དག་པར་རྗེས་སུ་མཐོང་བ་མེད་པས་གཞན་ཕྱོགས་སུ་བཅད་ནས་བརྙས་པ་མི་བྱེད་པས་དེ་སྤོང་བ་དང་། སྲོག་གཅོད་སོགས་ཀྱིས་ནི་བདེ་འགྲོ་ལའང་བར་དུ་གཅོད་ན། འཕགས་ལམ་དང་བྱང་ཆུབ་ལ་གེགས་ བྱེད་ཡིན་པར་ངེས་པས་མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བ་དང་། རློམ་སེམས་དང་ཁེངས་པ་སྐྱེ་བའི་ཆོས་ཅི་ཡང་མཐོང་བ་མེད་པས་ན་རློམ་པས་ཁེངས་པ་སྤོང་བ་དང་། དངོས་པོ་དང་དེའི་ཟློག་ཕྱོགས་གང་ཡང་དམིགས་པ་མེད་པས་ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་ སྤོང་བ་དང་། ཡང་དག་པའི་དོན་ལ་ཡིད་གཉིས་པར་གྱུར་པ་སྟེ་བློ་ངན་པ་སྤོང་བ་དང་། ནི་ཞེས་པས་གཞན་ཡང་དུག་གསུམ་གྱི་དངོས་པོ་ལས་འདས་པས་ནི་ལས་དང་ཉོན་མོངས་པ་ལས་གྲོལ་བའི་ཕྱིར། དེས་བསྐྱེད་པའི་སྡུག་བསྔལ་རྒྱུར་བཅས་ལ་བཟོད་པ་སྤོང་བ་སྟེ་བཅུ་པོ 4-1-210a འདི་ནི་རྣམ་པར་སྤངས་ན་ས་ལྔ་པ་ནི་ཡང་དག་པར་འཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དེ་འགྲེལ་པར་བཞེད་ནས་བཀོད་དོ། །གཉིས་པ་ནི། ཉེ་ཉོན་གྱི་ཆར་གྱུར་པའི་རྙེད་པ་དང་ལ་སོགས་པས་བཀུར་སྟིའི་དོན་དུ་རབ་ཏུ་བྱུང་བ་དང་། ལ་སོགས་པས་བྲམ་ཟེ་དང་ ཁྱིམ་བདག་སོགས་ལ་འགྲོགས་པ་དང་འདྲིས་པར་བྱེད་པ་སྤང་བ་དང་། ཉེ་ཉོན་གྱི་ཆར་བསྡུ་བའི་དད་པ་ཅན་གྱི་ཁྱིམ་དགེ་སློང་སོགས་ཡོན་གནས་ལ་ཉེ་བར་མི་སྟོན་པར་སེར་སྣ་བྱེད་པ་སྤོང་བ་དང་། ཉེ་ཉོན་གྱི་ཆར་བསྡུ་བའི་སྐྱེ་བོ་མང་པོའི་གྲོང་དང་། ལ་སོགས་པས་ས་གཉིས་ཡིད་ ལ་བྱེད་པ་སྟེ་དེ་སྤོང་བ་དང་། སྡིག་ཏོ་མི་དགེ་བའི་ཆས་བསྡུས་ཀྱི་བདག་ལ་བསྔགས་པ་སྤོང་བ་དང་། གཞན་ལ་སྨོད་པ་སྤོང་བ་དང་། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བར་བྱེད་པ་སྟེ། དེ་དག་གི་འཕྲོས་དོན་ཅུང་ཟད་བརྗོད་ན། མི་དགེ་བའི་རང་བཞིན་ལ་དབྱེ་ན་བཅུ་ལས། དང་པོ་ལུས་ཀྱི་ལས་གསུམ་ནི། སྲོག་གཅོད་པ་ནི་བསམས་བཞིན་དུ། །མ་ནོར་བར་ནི་གཞན་བསད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བགྲོད་མིན་བགྲོད་པར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །ཞེས་ འབྱུང་བས་གཞན་རྣམས་གོ་སླ་ལ། འདོད་ལོག་བཞི་ནི། གཞན་གྱིས་བདག་ཏུ་བཟུང་བ་དང་། རང་གི་ཉེ་དུ་ཡིན་པ་དང་། དབང་པོའི་སྒོ་གཞན་ཡིན་པ་དང་། ཡུལ་དང་དུས་སུ་མི་རུང་བའོ། །ཞེས་མཛོད་ལས་བཤད་ཅིང་། བསླབ་བཏུས་སུ་ནི་འགྲོ་བ་གཞན་ཡིན་པ་ལ་ བཤད་དོ། །དེ་ནས་ངག་གི་ལས་བཞི་ནི། བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཞེས་དང་། ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱིས་ཚིག །ཚིག་རྩུབ་པོ་ནི་མི་སྙན་པ། །ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། ། 4-1-210b ཅེས་སོ། །དེ་ནས་ཡིད་ཀྱི་གསུམ་ནི། བསྟན་བཅོས་ངན་བཞིན་བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་སོ། ། མི་དགེ་བ་དེ་དག་སྤྱད་པའི་འབྲས་བུ ་ནི་གསུམ་ཡོད་པ་ལས། དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། མི་དགེ་བཅུ་པོ་དེ་ཆེ་འབྲིང་ཆུང་ངུར་སྤྱད་པ་ལ་བརྟེན་ནས་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་ཡིན་ནོ། ། གཉིས་པ་རྒྱུ་མཐུན་གྱི་ལས་ལ་གཉིས་ལས། བྱེད་པ་རྒྱུ་མཐུན་ནི། མི་དགེ་བ་བྱས་པ་ལ་ བརྟེན་ནས་མི་དགེ་བ་བྱེད་པ་ལ་དགའ་བར་འགྱུར་རོ། །མྱོང་བ་རྒྱུ་མཐུན་ནི། ཕྱི་མ་མཐོ་རིས་སུ་སྐྱེས་པའི་ཚེ་ན་ཡང་ཚེ་ཐུང་བ་ལ་སོགས་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། སྲོག་གཅོད་པས་ནི་ཚེ་ཐུང་འགྱུར། །མ་བྱིན་ལེན་པས་ནོར་དང་བྲལ། །བྱི་བོ་བྱས་པས་དགྲ་དང་ བཅས། །བརྫུན་དུ་སྨྲས་པས་སྐུར་པ་མང་། །ཕྲ་མ་ཡིས་ནི་བཤེས་དང་བྲལ། །ཚིག་རྩུབ་པས་ནི་མི་སྙན་ཐོས། །ཀྱལ་པ་ཡིས་ནི་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བ་ལྟ་ངན་ཉིད། །ཅེས་པ་ ལྟ་བུ་སྔར་རང་ཉིད་ཀྱིས་ལུས་ངག་ཡིད་གསུམ་གྱིས་ཇི་ལྟར་སྤྱད་པའི་ཉེས་བྱས་ཀྱི་ཉེས་པ་དེ་དག་མྱོང་དགོས་པ་ཡིན་ནོ། ། གསུམ་པ་དབང་གི་འབྲས་བུ་ནི། སྲོག་བཅད་པས་བཟའ་བ་དང་བཏུང་བ་འཇུ་དཀའ་བ་དང་ནད་བསྐྱེད་པ་ལ་སོགས་འབྱུང་ངོ་། །མ་བྱིན་པར་བླངས་པས་ཞིང་སད་དང་ སེར་བས་ཁྱེར་བ་འབྱུང་ངོ་ཞེས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བཤད་དོ། །དེས་ན་དབང་གི་འབྲས་བུ་ནི་བདག་འབྲས་ཡུལ་ལ་སྨིན་པ་ཞེས་ཕྱི་རོལ་ཁོ་ན་ལ་སྨིན་པར་གཞུང་ལུགས་ཤས་ཆེར་ནས་བཤད་དོ། ། དེ་ལྟར་བཤད་པས་འཕྲོས་དོན་གྲུབ་ནས། འགྲེལ་པའི་འབྲུ་རིམ་ 4-1-211a བཞིན་འདི་ལྟ་སྟེ། རྩ་བའི་ཉོན་མོངས་པའི་ཆས་བསྡུས་པའི་ཐོས་པ་དང་ལ་སོགས་པས་ཚུལ་ཁྲིམས་སོགས་ཀྱི་རློམ་པས་སེམས་ཁེངས་པའི་ང་རྒྱལ་གྱིས་གཞན་ལ་མི་འདུད་པ་སྤང་བ་དང་། ལྟ་བ་དང་པོ་གཉིས་ཀྱི་བདག་ཉིད་དུ་གྱུར་པ་དགེ་བ་དང་ མི་དགེ་བ་ལས་བཟློག་སྟེ་མངོན་པར་ཞེན་ནས་ཕྱིན་ཅི་ལོག་ཏུ་གྱུར་པ་སྤང་བ་དང་། ལོག་པར་ལྟ་བ་དང་ལ་སོགས་པས་ཐེ་ཚོམ་སྟེ་བློ་གྲོས་ངན་པ་སྤོང་བའོ། །འདིར་བསྟན་གྱི་ཐེ་ཚོམ་འདི་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་སུ་འབྱེད་ལ། དེ་ལྟར་གྱི་ཚེ་ཤེས་སྒྲིབ་ཏུ་གྱུར་པའི་ ཐེ་ཚོམ་དེ་ཐེ་ཚོམ་དངོས་མ་ཡིན་པར་དེས་བཞག་པའི་གནས་ངན་ལེན་ལ་འདོད་དོ། ། དེ་ལ་གཞན་དག་འོ་ན་སྒོམ་སྤང་ཉོན་མོངས་པ་ལ་ལྟ་བ་ཐ་མ་གསུམ་དང་ཐེ་ཚོམ་དང་བཅས་པའི་བཞི་པོ་དེ་བསལ་བ་མ་ཡིན་ནམ་ཞེ་ན། ཡིན་མོད། དེ་ལྟར་བསལ་བའི་དོན་གྱིས་གོང་དུ་ཐེ་ཚོམ་ དངོས་མ་ཡིན་ནོ་ཞེས་བཀོད་པ་ཡིན་ནོ། །བཤད་མ་ཐག་པ་དེ་ལྟ་བུའི་བློ་ངན་སྤོང་བ་དང་། འདོད་ཆགས་དང་ལ་སོགས་པས་རྩ་ཉོན་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལ་ཕྱོགས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུ་རྣམ་པར་སྤོང་ཞིང་། དེ་ལས་བཟློག་པའི་བསྒྲུབ་ བྱའི་ཆོས་དོན་གྱིས་འཕངས་པ་ཡོངས་སུ་སྦྱོང་བ་རྣམ་པ་བཅུས་སྔ་མ་རྣམས་ཇི་ལྟར་སྦྱོང་བ་བཞིན་དུ་སྦྱངས་པས་ས་ལྔ་པ་སྦྱང་དཀའ་བ་འཐོབ་པ་ཡིན་ནོ། །ཇི་ལྟར་སྦྱང་དཀའ་བ་ཞེ་ན། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་སོ། །དྲུག་པ་ས་དྲུག་པའི་ཡོངས་སྦྱོང་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡོངས་སུ་རྫོགས་པས་སློབ་མ་ 4-1-211b ཉན་ཐོས་དང་། བསེ་རུ་སྟེ་རང་སངས་རྒྱས་ཀྱི་གོ་འཕང་ལ་དགའ་བ་སྤོང་བ་དང་། གཞན་དོན་རླབས་ཆེན་དང་། ངེས་པའི་དོན་ལ་སྐྲག་པའི་སེམས་སྤངས་པ་དང་། སློང་བ་པོས་བསླངས་ན་སེམས་མི་ཞུམ་པ་དང་། བདོག་པ་ཀུན་བཏང་ཡང་མི་དགའ་བ་མེད་པ་དང་། རང་ཉིད་དབུལ་ ཡང་སློང་བ་པོ་མི་སྤོང་བར་འཛིན་པས་ས་ནི་དྲུག་པ་ཡང་དག་པ་འཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་དོན་འདི་འགྲེལ་པར་བཞེད་ནས་བཀོད་དོ། །གཉིས་པ་ནི། འཁོར་གསུམ་རྣམ་པར་མི་རྟོག་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་དམན་པའི་བྱང་ཆུབ་ཉན་ཐོས་ དང་། རང་སངས་རྒྱས་ལ་མཆོག་གི་གོ་འཕང་གི་གནས་སུ་མཐོང་བའི་སྒོ་ནས་འདོད་པ་མེད་པར་སྦྱང་བ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མི་དམིགས་པ་ལ་སྐྲག་པ་དང་བྲལ་བར་སྦྱང་བ་དང་། སྦྱིན་པ་དང་པོ་འཇུག་པའི་གེགས་ནི་སློང་བ་པོའི་སྐྱེ་བོས་ཇི་ལྟར་བསླངས་བཞིན་སེམས་ ཞུམ་པ་དེ་ཡིན་པས་དེ་མེད་པར་སྦྱང་བ་དང་། བར་དུ་འཇུག་པའི་གེགས་བདོག་པ་ཐམས་ཅད་རང་གིས་ངང་ངམ་ཤུགས་ཀྱིས་གཏོང་བར་ཞུགས་པ་ལ་མི་དགའ་བ་དེ་ཡིན་ལ་དེ་མེད་པར་སྦྱང་བ་དང་། ཐ་མར་མཐར་ཕྱིན་པའི་གེགས་བཀྲེན་ཡང་སློང་བའི་སྐྱེ་བོ་སྤོང་བའི་སེམས་དེ་ཡིན་ པས་དེ་སྤོང་བར་སྦྱང་བ་སྟེ། མདོར་ན་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་བཅུ་གཉིས་ཀྱིས་ཡོངས་སྦྱོང་སྔ་མ་བཞིན་དུ་ས་དྲུག་པ་མངོན་དུ་གྱུར་པ་ཀུན་ནས་ཤེས་པར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་མངོན་དུ་གྱུར་པ་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་བསྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། ། གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་སོ། །བདུན་པ་ས་བདུན་པའི་ཡོངས་སྦྱོང་བཤད་པ་ལ། སྤང་བྱ་ཉི་ཤུ་དང་། བླང་བྱ་ཉི་ཤུའོ། །དང་པོ་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། བདག་དང་སེམས་ཅན་དུ་འཛིན་པ་དང་། སྲོག་དང་ 4-1-212a གང་ཟག་ཏུ་འཛིན་པ་དང་། ཆད་པ་དང་རྟག་པར་འཛིན་པ་དང་། མཚན་མར་འཛིན་པ་དང་། རྒྱུར་འཛིན་པ་དང་། ཕུང་པོར་འཛིན་པ་དང་། ཁམས་གསུམ་འཛིན་པ་དང་། སྐྱེ་མཆེད་དག་ཏུ་འཛིན་པ་དང་ནི་ཁམས་གསུམ་པོ་ལ་གནས་པར་འཛིན་པ་དང་། ཆགས་ པར་འཛིན་པ་དང་། སྟོང་པ་ཉིད་ཀྱི་དོན་ཟབ་མོ་ལ་སེམས་ནི་ཀུན་ཏུ་ཞུམ་པར་འཛིན་པ་དང་། དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ་དངོས་དང་དངོས་མེད་གང་རུང་དེར་བལྟ་བའི་མངོན་ཞེན་དུ་འཛིན་པ་དང་། བློ་གྲོས་ཉམ་ཆུང་བ་རྣམས་སྟོང་པ་ཉིད་ཀྱི་མཚན་ཉིད་མི་སྟོང་པར་གསུངས་པ་དེ་ དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་པ་འདི་གཉིས་འགལ་ལོ་སྙམ་སྟེ་སྟོང་པ་ཉིད་ལ་རྩོད་པ་ཞུགས་པར་འཛིན་པ་དང་། ཡོངས་གྲུབ་དོན་དམ་པའི་དེ་ཉིད་རང་ངོ་མི་སྟོང་པར་བཤད་པ་དང་། ཀུན་བཏགས་དང་གཞན་དབང་གི་ཆོས་ཐམས་ཅད་རང་ངོ་སྟོང་པར་བཤད་པ་འདི་གཉིས་ལ་ ཁྱད་པར་ཞུགས་ལུགས་འདི་ལྟ་བུའི་རྒྱུ་མཚན་ཁོང་དུ་མ་ཆུབ་པས། སྟོང་ཉིད་གཞན་དེ་དག་དང་ཡོངས་གྲུབ་ཀྱི་སྟོང་ཉིད་འགལ་བར་འཛིན་པའི་ཉེས་པ་ནི་རྣམ་གྲངས་ཉི་ཤུ་པོ་འདི་སེམས་གང་གི་རྒྱུད་ལ་རྣམ་པར་ཆད་ཆད་དུ་སྦྱངས་པ་དེ་ཡིས་ས་ནི་བདུན་པ་འཐོབ་བོ་ཞེས་བྱ་བ་ནི་དོན་དེ་འགྲེལ་ བའི་ཕྱིར་བཀོད་དོ། །གཉིས་པ་ནི། ཉོན་མོངས་པའི་སྒྲིབ་པར་གྱུར་པ་བརྒྱད་དང་པོར་བསྟན་ཏེ། རིམ་བཞིན་བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། ཆད་པ་དང་། རྟག་པ་དང་། མཚན་མ་ཉོན་མོངས་པ་དང་། ཉོན་མོངས་པའི་རྒྱུ་ལྟ་བ་དང་བརྒྱད་ནི་ཉོན་སྒྲིབ་བོ། །ཤེས་སྒྲིབ་ཏུ་ གྱུར་པ་བཅུ་གཉིས་ལས། གཞི་ལ་མཚན་མར་འཛིན་པ་དྲུག་ནི་རིམ་བཞིན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཁམས་གསུམ་ལ་གནས་པ་དང་། གནས་པ་ལས་ཀྱང་དེ་ལ་ཆགས་པ་དང་། འཁོར་བ་སྤང་མི་ནུས་སོ་ཞེས་སེམས་ཀུན་ཏུ་ཞུམ་པ་དང་དྲུག་གོ། ལ་ལ་མཚན་ 4-1-212b མར་འཛིན་པ་བཞི་ནི། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་སུ་བལྟ་བ་སྟེ་བཞི་ལ་མངོན་པར་ཞེན་པ་དང་བཞིའོ། །རྣམ་པ་ལ་མཚན་མར་འཛིན་པ་ནི་གཉིས་ཏེ། སྟོང་པ་ཉིད་ལ་རྩོད་པ་དང་། སྟོང་པ་ཉིད་ལ་འགལ་བ་བརྗོད་པའི་འཛིན་པ་གཉིས་པོ་ཡོངས་སུ་སྤངས་པ་སྟེ་ ཉེས་པ་དེ་ལྟ་བུ་ཉི་ཤུ་དང་བྲལ་ནས་ཉེས་པ་ཉི་ཤུ་པོ་དེའི་བཟློག་པའི་ཆོས་དོན་གྱིས་འཕངས་པ་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུས་ས་སྔ་མ་རྣམས་ཀྱི་ཡོངས་སྦྱོང་བཞིན་དུ་ས་བདུན་པ་རིང་དུ་སོང་བ་ཀུན་ཤེས་པར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་རིང་དུ་སོང་བ་ཞེ་ན། བགྲོད་གཅིག་ལམ་དང་འབྲེལ་བའི་ ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་སོ། །གཉིས་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། གོང་དུ་བསྟན་པའི་ཟློག་པའི་ཆོས་དོན་གྱིས་འཕངས་པའི་གཉེན་པོའི་ཆོས་ཉིད་ས་བདུན་པའི་ཡོངས་སྦྱོང་ཉི་ཤུ་པོ་བསྟན་པའི་ཕྱིར་འདི་སྐད་གསུངས་སོ། །གཉིས་པ་ནི། དོན་དམ་པའི་ མཆོག་གང་ཡིན་པའི་སྟོང་པ་ཉིད་དེ་ལ་སླར་སྟོང་པ་ཉིད་གཉིས་པའི་བསྣོན་པས་སྟོང་ཉིད་དུ་འགྱུར་བ་མ་ཡིན་པ། སྟོང་ཉིད་ཀྱིས་མི་སྟོང་པའི་སྟོང་པ་ཉིད་དང་། ཀུན་རྫོབ་པའི་མཚན་མ་ཐམས་ཅད་དང་བྲལ་བའི་མཚན་མ་མེད་པ་དང་། སྲིད་པ་དང་ཞི་བར་སྨོན་པ་མེད་པ་ནི་སྨོན་པ་མེད་པ་ སྟེ། དེ་ལྟ་བུའི་རྣམ་ཐར་སྒོ་གསུམ་ཤེས་པ་དང་། ཇི་ལྟར་སྦྱོར་བའི་སྦྱོར་བ་ལ་འཁོར་གསུམ་དུ་རྟོག་པ་རྣམ་པར་དག་པ་ཉིད་དང་། སྙིང་རྗེ་ཆེན་པོ་ཉིད་དང་ནི། གང་དང་གང་ལའང་དེ་དང་དེར་རློམ་པ་མེད་པ་དང་། ཀུན་རྫོབ་པའི་ཆོས་ཐམས་ཅད་རང་ངོ་སྟོང་པར་མཉམ་པ་ཉིད་དང་ དོན་དམ་པའི་ཆོས་ཉིད་རང་ངོ་མི་འགྱུར་བར་ཚུལ་གཅིག་ཏུ་ཤེས་པ་དང་། ཆོས་ཐམས་ཅད་གདོད་མ་ནས་གྲུབ་པ་དང་ཡོད་པ་གོ་ཆོད་པོར་མེད་པའི་ཕྱིར་ཆོས་ཐམས་ཅད་མི་སྐྱེ་བ་ཉིད་ཡིན་པ་དེ་ལ་ངེས་པར་བཟོད་པ་དང་། དེ་ཤེས་པ་དང་། ཆོས་སྟོན་པ་རྣམས་ཟབ་མོ་ཕྱག་རྒྱ་ཆེན་པོའི་རྣམ་པ་ 4-1-213a གཅིག་ཏུ་སྟོན་པ་དང་། རྣམ་པར་རྟོག་པ་ཀུན་འཇོམས་པ་དང་། འདུ་ཤེས་པ་ཐམས་ཅད་དང་། ལྟ་བ་དོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། ཞི་གནས་ལ་ངེས་པར་སེམས་གཞོལ་བ་དང་། ལྷག་མཐོང་གི་ཤེས་རབ་སྒོམ་པ་ལ་ནི་མཁས་པ་དང་། ཁ་ ཕྱིར་ཕྱོགས་པ་མ་ཡིན་པར་ནང་དུ་སེམས་ཉེ་བར་ཞི་ནས་དུལ་བར་གནས་པ་དང་། ཆོས་དང་ཆོས་ཉིད་ཐམས་ཅད་ལ་རྨོངས་པའི་ཐོགས་པ་ལས་འདས་ཏེ་ཐོགས་པ་མེད་པའི་ཡེ་ཤེས་དང་། སྐྱེ་མཆེད་དྲུག་གི་སྒོ་ནས་ཡུལ་ལ་འཇུག་པར་མི་མཛད་དེ། ཡང་དག་པར་བསྡམས་པ་ནི་ཆགས་པའི་ ས་ལ་གནས་པ་མ་ཡིན་པ་དང་། གར་འདོད་པར་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་ནི་སངས་རྒྱས་དང་མཉམ་དུ་འགྲོ་བ་དང་། འཁོར་གྱི་དཀྱིལ་འཁོར་ཐ་དད་པ་རྣམས་སུ་དུས་ཀུན་ཏུ་སེམས་དཔའ་བདག་ཉིད་ཀྱི་ལུས་ཀྱི་ངོ་བོ་སྟོན་པ་ཉིད་དང་ཉི་ཤུའོ་ཞེས་གསུངས་ཏེ་ཞེས་བཀོད་དོ། ། གསུམ་པ་འགྲེལ་པ་ལ། ཉོན་སྒྲིབ་ཀྱི་གཉེན་པོ་བརྒྱད་དང་། ཤེས་སྒྲིབ་ཀྱི་གཉེན་པོ་བཅུ་གཉིས་ལས། དང་པོ་བརྒྱད་རིམ་བཞིན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་དག་པར་ཤེས་པ་དང་གསུམ་གྱིས་ནི་བདག་སེམས་ཅན་སྲོག་ཏུ་འཛིན་པ་སྤོང་ངོ་། ། དགེ་བ་བཅུའི་ཡང་དག་པའི་ལས་ཀྱི་ལམ་ལ་འཁོར་གསུམ་འཛིན་པ་སྤོང་དགོས་ཏེ། འཁོར་གསུམ་ནི་སྲོག་གཅོད་པ་ལྟ་བུ་ཞིག་ལ་མཚོན་ན། བསད་པར་བྱ་བ་དང་། གསོད་པ་པོ་དང་། བསད་པ་མི་དམིགས་པ་དང་ལ་སོགས་པས་ཡང་དག་པའི་ལས་ཐམས་ཅད་ལ་འཁོར་གསུམ་ དུ་རྟོག་པའི་རྟོག་པ་སྤང་དགོས་པར་བསྟན་པའི་དོན་ཡིན་ལ། འདིས་ནི་གང་ཟག་ཏུ་འཛིན་པ་སྤོང་བ་ཡིན་ནོ། །སྐྱེ་བོ་ཐམས་ཅད་ལ་དམིགས་པའི་སྙིང་བརྩེ་བས་ཆད་ལྟ་སྤོང་བར་བྱེད་པ་དང་། དངོས་པོར་དམིགས་པ་མེད་པས་རྟག་འཛིན་སྤོང་བར་བྱེད་པ་དང་། ཆོས་ཐམས་ཅད་མཉམ་ 4-1-213b པ་ཉིད་དུ་རྟོགས་པས་ནི་མཚན་འཛིན་སྤོང་བར་བྱེད་པ་དང་། ཐེག་པ་ཆེན་པོ་གཅིག་ཏུ་རྟོགས་པས་ལྟ་བ་ཐ་དད་དུ་འཛིན་པའི་རྒྱུ་སྤོང་བར་བྱེད་པ་དང་བརྒྱད་ཀྱིས་ནི་ཉོན་སྒྲིབ་རྣམས་སྤོང་བར་བྱེད་དོ། ། ཐེག་པ་ཆེན་པོ་གཅིག་ཏུ་རྟོགས་ཤེས་པའི་འཕྲོས་དོན་ཅུང་ཟད་ཅིག་བརྗོད་ན། ཐེག་པ་ཐམས་ ཅད་ཐེག་པ་ཆེན་པོར་གཅིག་པའི་འཐད་པ་ལ། རྒྱུ་དང་འབྲས་བུའི་ཐེག་པ་གཅིག་ཏུ་བསྒྲུབ་པའོ། །དང་པོ་ནི། འགྲོ་བ་འདི་དག་ཆོས་ཅན། རྒྱུའི་ཐེག་པ་གཅིག་ཡིན་ཏེ། སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར། མ་གྲུབ་ན། ལུས་ཅན་ཀུན། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་ པས་གྲུབ་བོ། །གཉིས་པ་ནི། ཐེག་པ་གསུམ་པོ་འདིའི་མཐར་ཐུག །འབྲས་བུའི་ཐེག་པ་གཅིག་པ་ཡིན་ཏེ། ཐེག་པ་གསུམ་གའི་མཐར་ཐུག་གི་འབྲས་བུ་སངས་རྒྱས་སུ་གཅིག་པའི་ཕྱིར། གྲུབ་སྟེ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་ པས་སོ། ། གཉིས་པ་ཤེས་སྒྲིབ་ཀྱི་གཉེན་པོ་ལ་བཅུ་གཉིས་ཡོད་པའི་གཞི་ལ་མཚན་འཛིན་གྱི་སྒྲིབ་པ་དྲུག་གི་གཉེན་པོ་ནི། རིམ་བཞིན་མི་སྐྱེ་བ་ཡོངས་སུ་ཤེས་པ་དང་། ཆོས་ཟབ་མོ་ལ་ངེས་པར་རྟོགས་པའི་བཟོད་པ་ཁོང་དུ་ཆུད་པ་དང་། ཤེས་བྱ་ཐམས་ཅད་ཐེག་པ་ཆེན་པོའི་ཐབས་ཀྱི་སྒོ་ནས་རབ་ཏུ་སྟོན་པ་ དང་གསུམ་གྱིས་ཕུང་སོགས་གསུམ་པོ་དེ་སྤོང་བར་བྱེད་པ་དང་། རྟོག་པ་ཐམས་ཅད་གཅོད་པས་ནི་ཁམས་གསུམ་དང་པོར་གནས་པར་བྱེད་པ་དེ་སྤོང་བ་དང་། མཚན་མར་འཛིན་པའི་རྟོག་པ་མེད་པ་དང་། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བ་ལྔ་འདོར་བ་དང་། འདོད་ ཆགས་ལ་སོགས་པ་ཉོན་མོངས་སྤོང་བས་ཁམས་གསུམ་ལ་ཆགས་པའི་སྒྲིབ་པ་དེ་སྤོང་བར་བྱེད་པ་དང་། ཞི་གནས་བསྒོམས་པས་སེམས་ཞུམ་པ་སྤོང་བར་བྱེད་པ་དང་དྲུག་གོ། ལམ་ལ་མཚན་འཛིན་གྱི་སྒྲིབ་པ་བཞི་སྤོང་བྱེད་ཀྱི་གཉེན་པོ་ནི། རིམ་བཞིན་དུ་ཤེས་རབ་དང་ཐབས་ 4-1-214a ལ་མཁས་པར་བྱེད་པ་དང་། སེམས་ཉེ་བར་ཞི་བ་དང་། གཟུགས་ལ་སོགས་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། མངོན་པར་ཞེན་པའི་གནས་པ་མ་ཡིན་པས་རིམ་བཞིན་དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ་དེར་ལྟ་བའི་སྒྲིབ་པ་སྤོང་བར་བྱེད་པ་དང་ བཞིའོ། །རྣམ་པ་ལ་མཚན་འཛིན་གྱི་སྒྲིབ་པ་གཉིས་སྤོང་བྱེད་ནི། ཇི་ལྟར་འདོད་པ་བཞིན་དུ་དུས་མཉམ་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་དང་། གདུལ་བྱ་དང་མཐུན་པར་ཐམས་ཅད་དུ་བདག་གི་ལུས་རབ་ཏུ་སྟོན་པས་སྟོང་ཉིད་ལ་རྩོད་པ་དང་འགལ་བར་འཛིན་པ་སྤོང་བར་ བྱེད་དོ། །བྱེད་ཚུལ་ཡང་སྟོང་ཉིད་ལ་རྩོད་པ་ཞུགས་པའི་ཐེ་ཚོམ་གྱི་གནས་གང་ཡིན་པས། སངས་རྒྱས་ལ་ཞུས་ནས་སྒྲོ་འདོགས་བཅད་དེ་སྟོང་ཉིད་ལ་ནང་འགལ་དུ་རྟོག་པའི་གདུལ་བྱ་རྣམས་ལ་མི་འགལ་བའི་འཐད་པ་སྟོན་པ་ཡིན་ནོ། །བསྟན་མ་ཐག་པའི་རྣམ་གྲངས་ཤེས་བྱ་བ་ཡོངས་སུ་ སྦྱོང་བ་རྣམ་པ་ཉི་ཤུ་པོ་འདིས་ཀྱང་ས་སྔ་མ་བཞིན་དུ་ས་བདུན་པ་རྟོགས་པར་འགྱུར་བ་ཡིན་ནོ། །བརྒྱད་པ་ས་བརྒྱད་པའི་ཡོངས་སྦྱོང་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། སེམས་ཅན་ཀུན་གྱི་སེམས་ཡིད་རྣམ་པར་ཤེས་པ་ཐམས་ཅད་ཤེས་པའི་ལས་དང་། དག་པ་དང་མ་དག་ པའི་འཇིག་རྟེན་གྱི་ཁམས་རྣམས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་བརྩེ་ཞིང་། འགྲོ་བའི་ལས་དང་སྟོང་གསུམ་གྱི་འཇིག་རྟེན་གྱི་བདག་པོར་གྱུར་ཏེ་འཁོར་ལོས་སྒྱུར་བ་ན་རྒྱལ་སྲིད་ས་ཆེན་པོ་དང་བཅས་པ་གཞན་དོན་དུ་བཏང་ནས་སངས་རྒྱས་ཀྱི་ཞིང་བཟང་པོ་བསྒྲུབ་པའི་ལས་དང་། གནས་སྣང་གི་ཆོས་རྣམས་ལ་ཡོངས་སུ་བརྟག་དཔྱད་མཐར་རྫོགས་པའི་ཕྱིར་སངས་རྒྱས་བསྟེན་པའི་ལས་དང་། སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་ལས་དང་། རྒྱལ་བའི་ཞིང་རྣམས་དག་པར་ཡོངས་སུ་སྦྱོང་བའི་ལས་དང་། བྱ་བྱེད་ལས་གསུམ་གྱི་ 4-1-214b སྦྱོར་བ་ཐམས་ཅད་སྒྱུ་མ་ལྟར་གནས་པའི་ལས་དང་། སེམས་ཅན་གྱི་དོན་དུ་བསམས་བཞིན་སྲིད་པར་སྐྱེ་བ་ལེན་པའི་ལས་དང་། ལས་ནི་རྣམ་པ་འདི་བརྒྱད་དོ་ཞེས་བྱ་བ་ནི་འགྲེལ་པའི་ཕྱིར་བཀོད་དོ། །གཉིས་པ་ནི། སེམས་ཅན་སྨིན་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ སེམས་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་བརྩེ་ཞིང་རྒྱུ་སྟེ་སེམས་ཅན་སྨིན་པར་བྱེད་པ་དང་། ཞིང་སྦྱོང་བའི་ཕྱིར་དགེ་བའི་རྩ་བ་རྣམས་སངས་རྒྱས་ཀྱི་ཞིང་། རྟེན་གསེར་དང་ལ་སོགས་པས་བཻ་དཱུརྻའི་ངོ་བོར་ ཡོངས་སུ་བསྔོ་སྤྲུལ་བསྒྱུར་བ་དང་། སངས་རྒྱས་ལ་ལོག་པར་མི་འཇུག་པའི་ཕྱིར་རྣམ་པ་ཐམས་ཅད་དུ་ཆོས་དང་ཆོས་མིན་ཡོངས་སུ་བརྟགས་པས་སངས་རྒྱས་བསླུ་མེད་དུ་རྟོགས་ནས་དེ་མཉེས་པར་བྱེད་པ་དང་། ལྷའི་མིག་བསྐྱེད་པ་དང་། སངས་རྒྱས་ཀྱི་ཞིང་དུ་འབྱུང་བའི་བརྟེན་ པ་སེམས་ཅན་གྱི་རྒྱུད་ཀྱི་དྲི་མ་ཡོངས་སུ་སྦྱོང་བ་དང་། སྣང་དམིགས་ཀྱིས་བསྡུས་སོ་ཅོག་ཐམས་ཅད་དུ་སྒྱུ་མ་ལྟ་བུར་གནས་པའི་རྟོགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་བར་མཐོང་ནས་དྲན་ཤེས་བཞིན་ལས་མ་ཉམས་པའི་བློ་སྔོན་དུ་བཏང་བའི་སྐྱེ་བ་ཡོངས་སུ་ འཛིན་པ་ཞེས་བྱ་བ་ཡོངས་སུ་སྦྱོང་བའི་ཆོས་དེ་ལྟ་བུ་རྣམ་པ་བརྒྱད་ཀྱིས་ཡོངས་སྦྱོང་སྔ་མ་རྣམས་བཞིན་དུ་ས་བརྒྱད་པ་མི་གཡོ་བ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་མི་གཡོ་བ་ཞེ་ན། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་མངོན་པར་བརྗོད། །ཅེས་ སོ། །དགུ་པ་ས་དགུ་པའི་ཡོངས་སྦྱོང་ལ། རྩ། འགྲེལ་གཉིས་ལས། དང་པོ་ནི། སྨོན་པ་རྒྱ་ཆེན་པོ་ཐམས་ཅད་ཇི་ལྟར་སྨོན་བཞིན་དུ་འགྲུབ་པ་ནི། སྨོན་ལམ་དག་ནི་མཐའ་ཡས་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ལྷ་དང་ལ་སོགས་པའི་འགྲོ་བ་ཐམས་ཅད་ 4-1-215a ཀྱི་སྐད་ཤེས་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པས་སྤོབས་པ་ཆུ་བོ་ལྟ་བུ་གཏུགས་པ་མེད་པ་དང་། སེམས་ཅན་ལ་ལ་དེས་འདུལ་བར་འགྱུར་བའི་ཆེད་དུ་མངལ་ཉིད་དུ་ཉིང་མཚམས་སྦྱོར་བ་ལས་གཞན་དུ་ཤས་ཆེ་བར་བརྫུས་ཏེ་སྐྱེ་བ་ཁོ་ནར་མཛད་པས་ མངལ་དུ་འཇུག་པའི་མཆོག་དང་ནི། གཞན་ཡང་བྱང་ཆུབ་ཆེན་པོའི་རིགས་དང་ནི་གང་སྔོན་སེམས་དཔའ་ཆེན་པོ་རྣམས་བྱུང་བར་གྱུར་པའི་རྒྱུད་ལ་སྐྱེ་བ་འཛིན་པ་ནི་རུས་དང་། རྒྱལ་རིགས་དང་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེ་བ་འཛིན་པ་ནི་ཆོ་འབྲང་དང་། སེམས་ དཔའི་འཁོར་ཉིད་དང་ལྡན་པས་འཁོར་དང་། སྐྱེས་མ་ཐག་འཇིག་རྟེན་གྱི་ཁམས་སྣང་བས་འགེངས་པ་དང་། ས་རྣམ་པ་དྲུག་ཏུ་གཡོ་བའི་ལྟས་དང་བཅས་ཏེ་སྐྱེ་བ་དག་དང་ནི། སེམས་ཅན་དཔག་ཏུ་མེད་པ་དང་བཅས་ཏེ་ངེས་པར་འབྱུང་བ་དང་། རིན་པོ་ཆེ་སྣ་བདུན་སོགས་ནོར་ བུའི་བྱེ་བྲག་ལས་གྲུབ་པའི་བྱང་ཆུབ་ཀྱི་ཤིང་རྣམས་དང་བཅས་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་སྒོ་ནས་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པའི་ཕྱིར་བཀོད་དོ། །གཉིས་པ་ནི། ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པའི་རྒྱུའི་ཕྱིར་སྨོན་ལམ་མཐའ་ཡས་པ་འདེབས་ པར་བྱེད་པ་དང་། ཆོས་སྟོན་པའི་རྒྱུའི་ཕྱིར་ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང་། སྤོབས་པ་ཆུ་བོ་ལྟར་མི་ཟད་པ་དང་། ཁ་ན་མ་ཐོ་བ་མེད་པའི་ལུས་འཛིན་པའི་ཕྱིར་སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་བུད་མེད་རིན་པོ་ཆེ་ལྟ་བུའི་མངལ་དུ་འཇུག་པ་དང་། རྒྱལ་པོ་དང་ལ་སོགས་པས་བྲམ་ཟེའི་རིགས་གང་ཡང་རུང་བར་གནས་པ་དང་། ཉི་མའི་གཉེན་གྱི་རིགས་ལ་སོགས་པར་སྐྱེ་བ་སྟེ་རུས་དང་། མ་རྒྱུད་ཕའི་ཡན་ལག་དང་བཅས་པ་བདུན་བརྒྱུད་དང་། ལ་སོགས་པས་ཕ་རྒྱུད་མའི་ཡན་ལག་དང་བཅས་པ་བདུན་བརྒྱུད་ཀྱི་བར་དུ་ 4-1-215b ཆོས་ལ་སྤྱོད་པ་དང་ལེགས་པར་འབྲེལ་བའི་གཉེན་དང་། རང་གིས་བྱང་ཆུབ་ཏུ་སྦྱོར་བ་ལ་དབང་བའི་འཁོར་དང་། བརྒྱ་བྱིན་དང་ལ་སོགས་པས་ཚངས་པ་སོགས་ཀྱི་མངོན་པར་བསྟོད་པ་དང་། བཀུར་སྟི་དང་། རིམ་གྲོ་བྱེད་བཞིན་དུ་སྐྱེ་བ་དང་། གཞན་ཡང་རབ་ཏུ་བྱུང་ བའི་ཕྱོགས་ཡོངས་སུ་འཛིན་པའི་ཕྱིར་སངས་རྒྱས་ལ་སོགས་པས་བསྐུལ་ཏེ་ངེས་པར་འབྱུང་བ་ནི་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་བླ་ན་མེད་པ་སྟེ། ཇི་སྐད་དུ། དེ་ལྟར་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཞེས་སོ། །དེ་ལྟ་བུའི་ སེམས་དཔའི་རབ་བྱུང་ལ་སྡོམ་པ་བླངས་པས་ཐོབ་པ་དང་ཆོས་ཉིད་ཀྱིས་ཐོབ་པ་གཉིས་ཡོད་པས་གཉིས་ཀ་ཡང་རབ་བྱུང་གོ་ཆོད་པོ་ཡིན་ནོ། །བཅོམ་ལྡན་འདས་རྣམས་ཀྱི་མཆོག་གི་སྤྲུལ་སྐུས་རབ་ཏུ་བྱུང་བ་ནི་ཚུལ་སྟོན་པ་ཡིན་ནོ། །ཆོས་སྟོན་པའི་གནས་ཕུན་སུམ་ཚོགས་པའི་ཕྱིར་ཡིད་ བཞིན་གྱི་ནོར་བུ་དང་འདྲ་བའི་ཤིང་ཨ་ཤྭཏྠ་སྟེ་མྱ་ངན་མེད་པ་དང་། ལ་སོགས་པས་ནྱ་གྲོ་དྷ་དང་། ཀླུ་ཤིང་གི་མེ་ཏོག་སྟེ་བསམ་གྱིས་མི་ཁྱབ་པའི་དྲི་དང་འོད་ཀྱི་ཕུང་པོར་སྣང་བའོ། །དེ་ལྟར་ཆོས་སྟོན་པའི་འབྲས་བུ་ཕུན་སུམ་ཚོགས་པ་ནི། རྟེན་སངས་རྒྱས་དང་བརྟེན་པ་སངས་རྒྱས་ཀྱི་ ཆོས་སྟོབས་བཅུ་སོགས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་སེམས་དཔའ་བདག་ཉིད་དང་། གདུལ་བྱའི་རྒྱུད་ལ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱིས་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་གཉིས་པོས་ས་སྔ་མ་བཞིན་དུ་ཡོངས་སུ་སྦྱོང་ བ་བྱས་པའི་ཁྱད་པར་དག་གིས་ས་དགུ་པ་ལེགས་པའི་བློ་གྲོས་མངོན་དུ་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ལེགས་པའི་བློ་གྲོས་ཤེ་ན། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཅེས་སོ། །གཉིས་པ་ས་བཅུ་པ་མཚན་ཉིད་ཀྱི་སྒོ་ནས་བཤད་པ་ལ། སྤྱིའི་དོན་ 4-1-216a དང་། ཚིག་གི་དོན་ནོ། །དང་པོ་ལ། སྔ་ཕྱིའི་འབྲེལ་བཙལ་ཞིང་མདོ་དགོད་པ། རྟོགས་དཀའ་བའི་གནས་ལ་དོགས་པ་གཅོད་པའོ། །དང་པོ་ནི། རྒྱུའི་ཡོངས་སྦྱོང་རྣམས་བསྟན་ཟིན་མ་ཐག་ཏུ་འབྲས་བུའི་ཡོངས་སྦྱོང་ཐ་མ་འཆད་པར་མཛད་པས་ནི་འབྲེལ་བ་ གྲུབ་བོ། །བཤད་བྱའི་མདོ་ནི། དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོའི་ས་བཅུ་པ་གང་ཞེ་ན། བྱང་སེམས་ཆེན་པོ་གང་གིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་ རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། བག་ཆགས་ཀྱིས་མཚམས་སྦྱར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བ་ དག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་དེ་ནི་དེ་བཞིན་གཤེགས་པའོ། །ཞེས་གསུངས་སོ། །གཉིས་པ་ནི། བོད་ཀྱི་མཁས་པ་འགས་རྗེ་བཙུན་གྱིས་ས་བཅུ་པ་སངས་རྒྱས་ཀྱི་སར་བཞག་པ་འདི། གང་སྲིད་པ་ཐ་མ་ལ་དགའ་ལྡན་གནས་ ནས་འཕོ་བ་དང་། ལྷུམས་སུ་ཞུགས་པ་དང་། འཚང་རྒྱ་ཚུལ་སྟོན་པའི་བྱང་ཆུབ་སེམས་དཔའ་དེ་ཆོས་སྐུ་མངོན་དུ་མཛད་པའི་དེ་བཞིན་གཤེགས་པ་ཡིན་ལ། འོན་ཏེ་ཇི་སྐད་དུ། སངས་རྒྱས་ཁོ་ནར་བརྗོད་པར་བྱའི། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། ། ཞེས་འབྱུང་བའི་དོན། ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མིན་པ་ལ་དགོངས་ཏེ། ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། །ཞེས་པ་ལྟར་ཞེས་འདོད་དོ། ། ཁ་ཅིག་གིས་ནི། ཡུམ་གྱི་མདོར་ས་བཅུ་པ་ལ་ 4-1-216b ཡོངས་སྦྱོང་མ་བཤད་པར། དེ་བཞིན་གཤེགས་པའི་སར་འཇོག་པའི་དོན་ལ་འདི་སྐད་དུ་སྨྲ་སྟེ། ས་འདིར་ཚོགས་གཉིས་ཡོངས་སུ་མ་རྫོགས་པས་ཆོས་སྐུར་དངོས་སུ་འཚང་རྒྱ་མི་ནུས་ཀྱང་སྨོན་ལམ་གྱི་མཐུས་གཟུགས་སྐུར་འཚང་རྒྱ་ནུས་ཤིང་། མཛད་པ་བཅུ་གཉིས་ཀྱིས་སེམས་ ཅན་གྱི་དོན་བྱེད་པས་དོན་བྱས་པ་དེ་ཉིད་ཀྱིས་ས་བཅུ་པའི་དོན་གྱི་ཡོངས་སྦྱོང་བླ་ན་མེད་པར་གྲུབ་པ་ཡིན་ལ། དེ་བཞིན་གཤེགས་པའི་སར་འཇོག་པ་ནི་དེ་བཞིན་གཤེགས་པའི་གཟུགས་སྐུར་སྤྲུལ་ཞིང་སྟོན་ནུས་པའི་ཆ་ནས་དང་། དེས་སེམས་ཅན་གྱི་དོན་བྱེད་པ་ལ་སངས་རྒྱས་དང་ མཉམ་པའི་དོན་གྱིས་ཡིན་ཏེ། ཇི་སྐད་དུ། ཡུམ་བར་མ་ལས། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་མངོན་པར་སྤྲུལ་ནས་ཤར་ཕྱོགས་ཀྱི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འདོང་ ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། ཞེས་དང་། རྗེ་བཙུན་གྱིས། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་པས་སོ་ཞེས་ཟེར་རོ། །ལོ་ཙཱ་བ་ཆེན་ པོས། སྤྱིར་ཡོངས་སྦྱོང་ནི། ས་འོག་མ་ལས་ཐ་དད་དུ་བསྟན་པར་བྱ་བའི་དོན་དུ་ཡིན་ལ། ས་བཅུ་པས་འོག་མའི་འབྲས་བུར་བསྟན་པས་ས་འོག་མ་ལས་ཐ་དད་དུ་གྲུབ་པའི་ཕྱིར། བཅུ་པར་ཡོངས་སྦྱོང་མ་བཤད་ཀྱང་། དོན་གྱི་གཙོ་བོ་ཆད་པའི་སྐྱོན་མེད་ཅེས་གསུངས་སོ། ། གཉིས་པ་གཞུང་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། རྒྱུའི་ས་དགུ་པོ་རྣམས་ཀྱི་ཡོངས་སུ་སྦྱོང་བ་དེ་ལྟར་ངེས་པར་བསྟན་ནས་འབྲས་བུའི་ས་ཉིད་དུ་ཡོངས་སྦྱོང་དེ་དག་མ་བཤད་པར་ཐེག་པ་ཆེ་ཆུང་གི་ས་ཐམས་ཅད་ཡོན་ཏན་ཡར་ལྡན་དུ་བསྡུ་བའི་སྒོ་ནས་ས་བཅུ་པའི་ 4-1-217a མཚན་ཉིད་དུ་གསུངས་པ་ཡིན་ནོ། །གཉིས་པ་ནི། ཉན་ཐོས་ཀྱི་ས་བདུན་དང་། རང་རྒྱལ་གྱི་གཅིག་སྟེ་བརྒྱད་དང་། བྱང་སེམས་ཀྱི་ས་དགུ་གཅིག་ཏུ་བྱས་པའི་དགུའི་སྤངས་རྟོགས་ཡོངས་སུ་རྫོགས་པས་འོག་མ་འོག་མའི་ས་ལ་ཆགས་པར་གྱུར་པ་ལས་ འདས་ནས། ས་དེ་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པའི་སེམས་དཔའི་ཡེ་ཤེས་ཀྱི་བྱེད་པས་རྗེས་ཐོབ་ཏུ་སེམས་ཅན་གྱི་དོན་བྱེད་པ་ལ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་གང་གིས་སངས་རྒྱས་ཀྱི་ས་ཆོས་ཀྱི་སྐུར་གནས་བཞིན་པས་གཟུགས་སྐུའི་སྣང་བ་སྟོན་པ་བཞིན། སེམས་ དཔའ་དེས་ཀྱང་ནི་སངས་རྒྱས་གཟུགས་ཀྱི་སྐུར་སྟོན་ཏེ་སེམས་ཅན་གྱི་དོན་བྱེད་དོ། །དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་དགོས་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ནི་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ ལ་གཉིས། འདས་ས་ས་དགུ་བཤད་པ་དང་། རྩ་བའི་ཚིག་དོན་དངོས་སོ། །དང་པོ་ནི། ཉན་ཐོས་ལ་སོགས་པའི་རིགས་གསུམ་པོ་སོ་སོར་ངེས་པའི་ཕྱིར་སྦྱོར་ལམ་དང་། འབྲས་བུ་དང་པོ་རྒྱུན་ཞུགས་ལ་ཞུགས་པ་དང་། རྒྱུན་དུ་ཞུགས་པ་འབྲས་གནས་དང་། ལན་ གཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་གནས་པ་ཉིད་ཅེས་བྱ་བ་དྲུག་དང་། ཐེག་པ་གསུམ་གྱི་ཚུལ་གསུམ་དུ་རྣམ་པར་གཞག་པའི་དགོངས་པ་ལས་ཉན་ཐོས་ཀྱི་ཐེག་པ་ལོགས་སུ་ སྨོས་པར་མཛད་དེ། དེ་ཡང་རྒྱུན་ཞུགས་ཞུགས་པ་དངོས་སུ་བསྟན་ནས། འབྲས་བུ་ལྷག་མའི་ཞུགས་པ་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྟན་པར་བཞེད་ནས་ལྷག་མ་ཞུགས་པ་གསུམ་དང་། རང་སངས་རྒྱས་རྣམས་ལ་མདོ་ཚིག་དང་གོ་རིམ་བཞིན་སྦྱར་ན་འདི་ལྟ་སྟེ། རིགས་ཀྱི 4-1-217b ས་ནི་སྦྱོར་བའི་ལམ་སྟེ་དེར་སོ་སོར་རིགས་ངེས་པ་ཡིན་ནོ། །བརྒྱད་པའི་ས་ནི་ཞུགས་པ་དང་པོ་སྟེ། དགྲ་བཅོམ་ནས་ཡས་བགྲངས་པའི་བརྒྱད་པ་ཡིན་ནོ། །མཐོང་བའི་ས་ནི་རྒྱུན་ཞུགས་འབྲས་གནས་ཏེ་དགེ་སྦྱོང་གི་འབྲས་བུ་དང་པོར་མཐོང་བའི་སའོ། །བསྲབས་པའི་ས་ནི་ཕྱིར་འོང་ བ་སྟེ། འདོད་ཁམས་ཀྱི་སྤང་བྱ་ཕལ་ཆེར་བསྲབས་པས་སོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་འབྲས་གནས་ཏེ། འདོད་ཁམས་ཀྱི་ཆགས་པ་དང་བྲལ་བས་སོ། །བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པའི་ས་སྟེ། དེར་བྱ་བ་བྱས། བྱེད་པ་བྱས། ཁུར་བོར་བའི་དོན་ གྱིས་སོ། །ཉན་ཐོས་ཀྱི་ཞེས་པ་ནི་ཞུགས་པ་ལྷག་མ་གསུམ་བསྟན་པ་ཡིན་ནོ། །བཙུན་གྲོལ་གྱིས་ཉན་ཐོས་ཀྱི་ས་དོར་ནས་དཀར་པོ་རྣམ་པར་མཐོང་བའི་ས་འདྲེན་པར་མཛད་ལ། འབུམ་ཊཱིཀ་མཁན་པོས་ཀྱང་དེ་བཞིན་ནོ། །དེ་ལྟར་ཉན་ཐོས་ཀྱི་ཐེག་པའི་ས་ལས་འདས་ཏེ་རང་སངས་ རྒྱས་ཀྱི་ས་རྣམས་དང་། ཡོངས་སྦྱོང་གི་སྐབས་སུ་ཇི་སྐད་བཤད་པའི་བྱང་ཆུབ་སེམས་དཔའི་ས་རྣམ་པ་དགུ་པོ་གྲངས་གཅིག་ཁོ་ནར་བགྲངས་ཏེ་ས་དགུའོ། །གཉིས་པ་ནི། དེ་ལྟར་འདས་ས་ས་དགུ་ལས་འདས་ནས་ས་བཅུ་པ་ལ་ནི་ངོ་བོ་བྱང་ཆུབ་སེམས་དཔའ་ཡིན་ཀྱང་། རྣམ་པ་ རྗེས་ཐོབ་ཏུ་གཞན་དོན་སྟོན་པར་འདྲ་བས་སངས་རྒྱས་ཀྱི་ས་ཞེས་ཁོ་ནར་བརྡར་བཏགས་བརྗོད་པར་བྱའི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་ནི་མ་ཡིན་ནོ་ཞེས་མདོ་ལས་འབྱུང་བའི་ཕྱིར། སངས་རྒྱས་ཀྱི་སའི་མིང་ཅན་དེ་ལ་སྨོན་ལམ་ཤེས་པ་སློབ་ལམ་གྱི་སྤངས་ རྟོགས་མཐར་ཐུག་པ་གང་གིས་གནས་པའི་བྱང་སེམས་ཀྱི་ཡེ་ཤེས་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱའོ། ། སའི་ཡོངས་སྦྱོང་གི་སྐབས་ལ་སོགས་པ་ཅི་རིགས་པར་གཞུང་རྩ་བའི་འབྲུ་རང་གི་བློས་འཐད་པ་ལྟར་གཉེར་ཡོད་པས་འགྲེལ་ཆུང་དང་ཅི་མཐུན་ལ་ 4-1-218a རྩིས་སུ་མ་བྱས་པ་ཡིན་ནོ། ། ཡིད་ལ་གསུང་རབ་དགོངས་དོན་རོ་གཞིབ་ཅིང་། ། ངག་གིས་ཆོས་ཚུལ་སྙན་པར་སྒྲོགས་པ་ཡིས། ། དམ་པའི་ལང་ཚོ་སྨིན་པར་གྱུར་པ་རྣམས། ། བསྟན་བཅོས་འདི་ཕྱིར་གེགས་མེད་རྒྱུ་བར་བྱོས།། །།གསུམ་པ་གཉེན་ པོའི་ཚོགས་ཁྱད་པར་དུ་བཤད་པ་ལ། སྔ་ཕྱིའི་འབྲེལ་དང་མདོ་དགོད་ཅིང་མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། མདོའི་འབྲེལ་འཇུག་སྒྲུབ་ལས་འཕྲོས་ཀྱང་། བསྟན་བཅོས་ཀྱི་འབྲེལ་གཉེན་པོ་ཚོགས་སྒྲུབ་ལས་འཕྲོས་པའི་རྒྱས་བཤད་དོ། །བཤད་ བྱའི་མདོ་ལ་མཐོང་སྤང་རྟོག་པ་བཞིའི་གཉེན་པོའི་མདོ་རིམ་བཞིན་འདི་ལྟ་སྟེ། རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་དེས་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་སྨྲ་བ་ནི། དེ་མི་དམིགས་པའི་ཚུལ་གྱིས་ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་རོ། །ཞེས་དང་ གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །ཞེས་དང་། གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་དགྲ་བཅོམ་པ་ཉིད་ངེས་པར་འབྱུང་བ་ཉིད་འདོད་དུ་ཟད་དོ། ། ཞེས་དང་། གང་མཚན་ཉིད་མེད་པའི་ཆོས་རྣམས་ངེས་པར་འབྱུང་བར་འདོད་པ་དེ་ནི་མིང་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །ཞེས་སོ། ། སྒོམ་སྤང་རྟོག་པ་བཞི་པོ་དེའི་གཉེན་པོའི་མདོ་ཡང་རིམ་བཞིན་འདི་ལྟ་སྟེ། རབ་འབྱོར་ཁྱོད་ཀྱིས་གང་འདི་སྐད་དུ། ཐེག་པ་དེས་གང་དུ་ ངེས་པར་འབྱུང་བར་འགྱུར་ཞེས་སྨྲ་བ་ནི། ཐེག་པ་དེས་གང་དུའང་ངེས་པར་འབྱུང་བ་མེད་དོ། །ཞེས་དང་། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ། ཐེག་པ་དེས་གང་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་སྨྲ་བ་ནི། ཐེག་པ་དེས་གང་ཡང་ངེས་པར་འབྱུང་བ་མེད་དོ། །ཞེས་དང་། 4-1-218b རྒྱུན་དུ་ཞུགས་པ་དམིགས་སུ་མེད་དོ་ཞེས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དམིགས་སུ་མེད་དོ། །ཞེས་སོ། །གཉེན་པོའི་ཚོགས་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་སྦྱར་རོ། །གཉིས་པ་ནི། མཐོང་བའི་ལམ་དང་། མཐོང་ཟིན་གོམས་པའི་ལམ་གཉིས་པོ་དག་ལ་ནི་ གཟུང་རྟོག་གཉིས་དང་འཛིན་པའི་རྣམ་རྟོག་གཉིས་དང་བཅས་པའི་རྣམ་པ་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་དུ། མཐོང་སྒོམ་གྱི་སྤང་བྱའི་རྟོག་པ་བཞི་བཞིའི་གཉེན་པོ་རྣམ་པ་བརྒྱད་ཅེས་བྱའོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། བདག་ལས་གཞན་པའི་དངོས་པོ་ ཡོངས་གཅོད་དུ་བླང་བྱར་གཟུང་བའི་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པའི་དངོས་པོ་ཙམ་གྱི་རྟེན་ཅན་དང་། གཉེན་པོ་རྣམ་པར་བྱང་བའི་རྟེན་ཅན་གྱི་གཟུང་རྟོག་གཉིས་པོ་དང་། བདག་ལས་གཞན་མ་ཡིན་པ་ཡོངས་གཅོད་དུ་བླང་བྱར་འཛིན་པའི་རྣམ་པར་རྟོག་པ་གང་ཟག་རྫས་ སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གཉིས་ཏེ་བཞི་པོ་དེ་སོ་སོར་མཐོང་བའི་བར་ཆད་མེད་ལམ་དང་། སྒོམ་པའི་བར་ཆད་མེད་ལམ་གྱིས་སྤོང་བས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར། ཀུན་རྫོབ་དང་དོན་དམ་པའི་བདེན་ པ་གཉིས་ཀའི་རྣམ་པ་ལ། རིམ་བཞིན་མཐོང་སྒོམ་གྱི་ལམ་གཉིས་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱ་བའི་མི་མཐུན་པའི་ཕྱོགས་རྟོག་པས་རབ་ཏུ་དབྱེ་བར་བྱས་པའི་དབྱེ་བྱ་དེ་སྙེད་མཐོང་སྒོམ་ལམ་གཉིས་པོ་ཁོ་ནའི་བར་ཆད་མེད་ལམ་གྱི་གནས་སྐབས་ཀྱི་ཁྱད་པར་དེར་གཉེན་པོ་རྣམ་པ་ བརྒྱད་དུ་དབྱེ་བར་མཛད་དོ། །བཞི་པ་ངེས་འབྱུང་སྒྲུབ་པ་ལ། འབྲེལ་དང་མདོ་དགོད། སྦྱར། རྩ། འགྲེལ་བཞིའོ། །དང་པོ་མདོ་འབྲེལ་ནི། སྔར་ཐེག་པ་ཆེན་པོ་བཤད་པ་རབ་འབྱོར་གྱིས་ཁོང་དུ་ཆུད་པ་ན། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་རང་གིས་རྟོགས་པ་ལྟར་ཞུས་པའོ། ། 4-1-219a བསྟན་བཅོས་ཀྱི་འབྲེལ་ནི། ངེས་པར་འབྱུང་བཅས་རྣམས། །ཞེས་པའི་དོན་རྒྱས་པར་བཤད་པ་ལས་སོ། །མདོ་འབྲེལ་དངོས་ནི། རབ་འབྱོར་གྱི་ཞུ་བ་ལྔ་བར་མ་ཆད་དུ་འབྱུང་བ་ནི། ཐེག་པ་ཆེན་པོ་འདིས་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བས་ དེའི་ཆེད་དུ། ཞེས་པའི་ལན་དང་བཅས་པས་ཆེད་དུ་བྱ་བ་དང་། ཐེག་པ་འདི་ནམ་མཁའ་དང་བཅས་པ་དང་། ཞེས་སོགས་ཀྱིས་དྲིས་པ་དང་ལན་གྱིས་མཉམ་ཉིད་དང་། ཐེག་པ་འདི་སེམས་ཅན་དཔག་ཏུ་མེད་པའི་གོ་འབྱེད་པ་དང་། ཞེས་སོགས་ཀྱི་དྲིས་ལན་གྱིས་སེམས་ཅན་དོན་བྱེད་དང་། ཐེག་པ་ཆེན་པོ་འདི་ལ་འགྲོ་འོང་གནས་གསུམ་མེད་པ་འདི་དང་། ཞེས་སོགས་ཀྱི་དྲིས་ལན་གྱིས་འབད་མེད་དང་། ཐེག་ཆེན་འདི་ལ་སྔོན་དང་ཕྱི་མའི་མཐའ་དང་དབུས་མི་ཤེས། སོགས་ཀྱི་དྲིས་ལན་གྱིས་མཐའ་ལས་འདས་པར་ངེས་འབྱུང་དང་། དྲིས་ལན་བར་མ་ཆད་པར་ལྔ་པ་རྫོགས་ པ་དེ་ནས་ཡང་། དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་ཆེན་འདི་ལ་བསླབ་ན་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་མཁྱེན་ཐོབ་བོ། །ཞེས་པའི་དྲིས་ལན་གྱིས་ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། དེ་ནས་ཤཱ་རིའི་བུའི་དྲིས་ལན་དུ། རབ་འབྱོར་གྱིས་བྱང་ཆུབ་དེས་ཀྱང་ཆོས་ ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཞེས་སོགས་ཀྱིས་རྣམ་མཁྱེན་དང་། ཡང་ཤཱ་རིའི་བུས། ཇི་ལྟར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བར་བྱེད། དྲིས་པའི་ལན་དུ། རབ་འབྱོར་གྱིས་ལན་བསྟན་པས་ལམ་གྱི་ངེས་འབྱུང་དང་བཅས་པའི་མདོ་དེ་ལྟར་སྦྱར་རོ། །གཉིས་པ་ནི། ཇི་སྐད་བཤད་པ་ དེ་ལྟར་གྱིས་ཚོགས་བསགས་པའི་རྒྱུ་ཚོགས་གྲངས་ཚང་ལས་འབྲས་བུ་མཆོག་ཏུ་ངེས་པར་འབྱུང་བར་འགྱུར་བས། རྒྱུ་མཚན་དེའི་ཕྱིར་བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་ནི་ཞེས་བཀོད་དོ། །གསུམ་པ་ནི། ཆེད་དུ་བྱ་བའི་ངེས་འབྱུང་སྒྲུབ་པས་ནི་ཆོས་ཐམས་ཅད་མི་དམིགས་པར་ 4-1-219b ་བསྒོམས་པས་ཆེན་པོ་གསུམ་སྐྱེད་པར་བྱེད་པ་སྟེ། ཉི་སྣང་ལས། དེ་ལ་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་ནི་གསུམ་སྟེ། མཆོག་ཉིད་ཀྱིས་ངེས་པར་འབྱུང་བ་དང་། སྤངས་པའི་ངེས་པར་འབྱུང་བ་དང་། རྟོགས་པའི་ངེས་པར་འབྱུང་བའོ། །ཞེས་གསུངས་སོ། ། བོད་ཀྱི་མཁས་པ་ཁ་ཅིག ། སྐབས་དང་པོར་ཆེད་དུ་བྱ་བ་མི་གཅིག་པ་གསུམ་བསྟན་པ་ལས། དང་པོས་ནི་ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་ཡིན་ལ། གཉིས་པས་ནི་འཇུག་སྒྲུབ་ཀྱི་སྐབས་སུ་སྒོམ་པ་རྣམ་པར་གཞིག་པའི་ཆེད་དུ་ཡིན་ལ། གསུམ་པ་འདིར་ནི་ཟིལ་གྱིས་གནོན་པ་སོགས་ཀྱི་ཆེད་དུ་ཡིན་པས། ཆེད་དུ་ བྱ་བའི་ཁྱད་པར་མ་ཕྱེ་ན་མདོ་དང་འགལ་བས་འཕགས་སེང་ལ་ཉེས་པ་ཡོད་དོ་ཞེས་སྨྲའོ། །མཉམ་ཉིད་དུ་ངེས་པར་འབྱུང་བའི་སྒྲུབ་པས་ནི་མཉམ་ཉིད་ཀྱི་རྟོག་པ་མཐར་ཐུག་སྐྱེད་པར་བྱེད་པ་དང་། སེམས་ཅན་གྱི་དོན་ངེས་པར་འབྱུང་བའི་སྒྲུབ་པས་ནི་སེམས་ཅན་གྱི་དོན་སྒྲུབ་ པའི་སྒྲུབ་པ་མཐར་ཐུག་སྐྱེད་པར་བྱེད་པ་དང་། འབད་པ་མེད་པར་ངེས་པར་འབྱུང་བའི་སྒྲུབ་པས་ནི་མཚན་མ་མེད་པར་ལྷུན་གྱིས་གྲུབ་པའི་ཡོན་ཏན་མངོན་པར་སྐྱེད་པར་བྱེད་པ་དང་། རྟག་ཆད་ཀྱི་མཐའ་ལས་འདས་པར་ངེས་པར་འབྱུང་བའི་སྒྲུབ་པས་ནི་མི་གནས་པའི་མྱང་འདས་སྐྱེད་པར་ བྱེད་པ་དང་། ཐེག་གསུམ་ལམ་གྱིས་འཐོབ་བྱ་ཐམས་ཅད་ཐོབ་པའི་མཚན་ཉིད་ཀྱི་ངེས་པར་འབྱུང་བའི་སྒྲུབ་པས་ནི་ཐོབ་པ་མཐར་ཐུག་སྐྱེད་པར་བྱེད་པ་དང་། ཇི་སྐད་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངེས་པར་འབྱུང་བའི་སྒྲུབ་པས་ནི་རྣམ་མཁྱེན་མཐར་ཐུག་སྐྱེད་པར་བྱེད་ པ་དང་། འཁོར་གསུམ་དུ་མི་རྟོག་པའི་ཡེ་ཤེས་ལམ་གྱི་ཡུལ་ཅན་གྱི་ངེས་པར་འབྱུང་བའི་སྒྲུབ་པ་སྟེ། དེའི་བྱེད་པས་ནི་ལམ་ཤེས་མཐར་ཐུག་སྐྱེད་པར་བྱེད་དོ། །ངེས་པར་འབྱུང་བ་རྣམ་པ་བརྒྱད་པོའི་བདག་ཉིད་འདི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་པར་ཤེས་པར་བྱ་སྟེ། ཚུལ་ 4-1-220a འདི་ལ་བསླབས་པས་དེ་དག་རྣམས་ངེས་པར་འབྱུང་བ་ལ་གདོན་མེད་པའོ། ། དེ་ལྟར་བསྟན་པ་བརྒྱད་ལས། སློབ་ལམ་མཐར་ཐུག་གི་དབང་དུ་བྱས་པ་ལམ་གྱི་ཡུལ་ཅན་དང་། མི་སློབ་ལམ་མཐར་ཐུག་གི་དབང་དུ་བྱས་པ་རྣམ་མཁྱེན་དང་གཉིས་ནི་གང་དུ་ངེས་ པར་འབྱུང་བའི་ས་ཡིན་ལ། ཇི་ལྟར་ངེས་པར་འབྱུང་བའི་ས་ནི། རྣམ་བྱང་གི་རྟེན་འབྲེལ་ཆ་ཚང་བ་ལ་བརྟེན་པ་སྟེ། དེའང་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པའི་ཆེད་དུ་བྱ་བ་ནི་བྱ་བའི་གཙོ་བོ་ཡིན་པས་དང་པོར་བསྟན་ལ། དེའང་མཉམ་ཉིད་རྟོགས་པ་ལ་རག་ལས་པའི་ཚུལ་གྱིས་ དང་། དེའང་སེམས་ཅན་གྱི་དོན་ལ་སོགས་པའི་བསོད་ནམས་བསགས་པ་ལ་རག་ལས་པའི་ཚུལ་གྱིས་དང་། བསགས་པ་ཕུལ་དུ་བྱུང་བའི་སྟོབས་ཀྱིས་འབད་མི་དགོས་པར་གྲུབ་པའི་ཚུལ་གྱིས་དང་། ཕུལ་དུ་བྱུང་བའི་སྟོབས་གྲུབ་པ་དེའང་མཐའ་བྲལ་གྱི་རྟོགས་པ་ལ་རག་ལས་པའི་ ཚུལ་གྱིས་དང་། མཐའ་བྲལ་གྱི་རྟོགས་པ་ཡོངས་རྫོགས་ཐེག་གསུམ་གྱི་ཡོན་ཏན་མཐའ་དག་མ་རྫོགས་པར་མི་འབྱུང་བའི་ཕྱིར་དེ་ཐོབ་པའི་ཚུལ་གྱིས་དང་། དེ་ཐོབ་པ་ལའང་རྣམ་མཁྱེན་གྱི་མཁྱེན་པ་མེད་པར་མི་འབྱུང་བའི་ཕྱིར་རྣམ་མཁྱེན་གྱི་ཚུལ་གྱིས་དང་། རྣམ་མཁྱེན་ཐོབ་ པའང་ལམ་ཤེས་མཐར་ཐུག་རྒྱུན་མཐར་ཡོད་པ་ལ་རག་པའི་ཕྱིར། ལམ་གྱི་ཡུལ་ཅན་གྱིས་ངེས་པར་འབྱུང་བའི་ཚུལ་གྱིས་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་སྒྲུབ་པའི་དང་པོ་ནི་དྲོད་ཀྱི་གནས་སྐབས་ནས་ཡིན་ཅེས་སློབ་དཔོན་གཉལ་ཞིག་གིས་གསུངས་སོ། །ཞེས་བྱ་བ་གསུངས་ཏེ། ཞེས་ བཀོད་དོ། །བཞི་པ་ནི། གོང་དུ་ཆེད་དུ་བྱ་བ་ཆེན་པོ་གསུམ་ཇི་སྐད་བཤད་པ་དང་། ཆོས་ཐམས་ཅད་ནམ་མཁའ་ལྟར་མཉམ་པ་ཉིད་དང་། སེམས་ཅན་གཞལ་དུ་མེད་པའི་དོན་གོ་ཕྱེད་པར་བྱེད་པ་དང་། བྱེད་པ་དེའང་མཚན་མ་མེད་པར་བྱེད་པ་ཐམས་ཅད་ངང་གིས་འབྱུང་བ་ 4-1-220b བཅོས་མིན་གྱི་བྱེད་པ་ཉིད་ཀྱི་ལྷུན་གྱིས་གྲུབ་པ་དང་། བྱེད་པ་དེ་ལྟ་བུ་རྟག་པ་དང་ཆད་པ་དང་བྲལ་བའི་ངོ་བོའི་གནས་སྐབས་གཞན་དུ་མི་འགྱུར་བར་རྟོགས་པ་ལ་རག་ལས་པས་དེ་ཉིད་ཀྱི་ཁྱད་པར་དང་། དེ་ལྟ་བུའི་རྟོགས་པ་དང་ལྡན་པ་ལས་ཐེག་པ་གསུམ་གྱི་དོན་ཐམས་ཅད་ འཐོབ་པ་དང་། དེ་ཐོབ་པ་ལས་ཇི་སྐད་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་བ་དང་། དེ་འབྱུང་བའང་དེ་ཡི་ཁྱད་པར་ལམ་གྱི་ཡུལ་ཅན་གྱི་རྒྱུན་ཐ་མ་ལ་རག་ལས་པ་སྟེ། ངེས་པར་ཐོབ་པ་འདི་རྣམས་འབྱུང་བར་བྱ་བའི་གཞི་བཤད་མ་ཐག་པ་འདི་ལྟ་བུ་དག་ལས་ ངེས་པར་འབྱུང་བྱེད་ལ་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར། ངེས་པར་འབྱུང་བ་བརྒྱད་པོ་འདི་ཐམས་ཅད་མི་དམིགས་པའི་ཚུལ་ཉིད་ཀྱིས་ངེས་པར་འབྱུང་བ་རྣམ་པ་བརྒྱད་ཡིན་པས་ངེས་པར་འབྱུང་བའི་སྒྲུབ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །རྣམ་རིག་བྱེད་དང་ རྣམ་རིག་བྱེད་མིན་པའི། །སོ་སོར་ཐར་པའི་སྡོམ་པ་ཡིད་འོང་གཟུགས། །ཆ་ཤས་རྫོགས་པའི་ལང་ཚོ་སྨིན་པ་དང་། །ཆོས་རྣམས་ཀུན་གྱི་རང་སྤྱིའི་མཚན་ཉིད་རྣམས། །ལེགས་ཤེས་གང་ཡིན་བློ་གྲོས་ནུ་མའི་བུམ། །བསྟན་དང་མཐུན་པར་ཟླུམ་པོར་རྒྱས་པ་གཉིས། །ཕན་ཚུན་ འགྲན་པ་བཞིན་དུ་སྟོབས་རྫོགས་ནས། །ཚོགས་གཉིས་ཡ་བྲལ་མིན་པའི་འགྲོས་སྟབས་ཀྱིས། །མཐའ་གཉིས་ལམ་ལ་འགོམ་པར་མ་བྱས་ཏེ། །ཡང་དག་དབུ་མའི་ལམ་དུ་ཉེར་འོང་ཕྱིར། །དངོས་སྨྲའི་ཚང་ཚིང་ཁྲོད་ནས་མ་ཡིན་པར། །རིགས་པར་འཐད་པའི་ལམ་བཟང་ གཞུང་བསྲངས་ནས། །བསྟན་འཛིན་བཞིན་བཟང་མ་ཁྱོད་འདིར་གཤེགས་དང་། །སེམས་བསྐྱེད་གསེར་བཟང་ལས་གྲུབ་གདམས་ངག་གི། མུ་ཏིག་གིས་བརྒྱན་རྩེ་བྲན་འདི་ལོང་ཞིག །ངེས་འབྱེད་དང་ནི་ཆོས་དབྱིངས་སྒྲུབ་པའི་རྟེན། །ཟུང་གྱུར་དེ་དག་ཨུཏྤལ་པུཎྜྻ་ཀ ། 4-1-221a དྲི་བསུང་ལྡན་པའི་འདབ་མ་རངས་པ་དེ། །སྙན་ཤལ་རྩེ་མོར་འཛིན་པའི་དགའ་སྟོན་གྱིས། །དམིགས་པ་དག་དང་ཆེད་དུ་བྱ་བ་ཡི། །ཀུ་མུ་ད་དང་ཨཏྤ་ལ་ཡི་ཕྲེང་། །རབ་རྒྱས་ནུ་མའི་ངོས་ལ་དོ་ཤལ་མཛོད། །སྒྲུབ་པ་བཞི་ཡི་ནོར་བུའི་འོད་དཔག་ལས། ། རྣམ་ཀུན་མཁྱེན་པའི་གཡེར་ཀའི་སྒྲ་དང་བཅས། །རྒྱན་གྱི་ཁྱད་པར་བཟང་མོ་ལ་འོས་པའི། །རྣམ་གཞན་ཕུན་སུམ་ཚོགས་པའི་བྱེ་བྲག་གང་། །རྗེ་བཙུན་གཞུང་གི་ཡུལ་བཟང་འདིར་ཡོད་ཀྱི། །འཕགས་སེང་ས་ཡི་བདག་པོ་ལ་ཞུས་ནས། །ཉི་སྣང་འགྲེལ་ཆེན་མཛོད་སོགས་ ཁ་ཕྱེ་སྟེ། །དོན་བཟང་འདོད་དགུའི་གཅལ་འདི་གཟིགས་མཛོད་ལ། །པདྨའི་རྩ་ལྟར་མཉེན་པའི་ཕྱག་སོར་གྱིས། །བླངས་ཏེ་ཉིད་ལུས་ཡོངས་རྫོགས་ལ་འགོད་དེ། །ཐུབ་བསྟན་སྐྱེད་མོས་ཚལ་དུ་སྤྲོ་དགའ་ཡི། །སྔོན་རབས་ཟློས་གར་བསྒྱུར་ཞིང་ད་ཁྱོད་སོང་། །གསུམ་ པ་སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བ་ནི། དེ་ལྟར་སྒོ་གསུམ་ལས་ཤེར་ཕྱིན་འབྲིང་དུ་བསྟན་པའི་སྒོ་ནས་རང་རྣམ་གྲངས་བཅུ་གཅིག་ལས་གཉིས་པ་རབ་འབྱོར་གྱིས་བཤད་པ་དང་། དངོས་པོ་བརྒྱད་ལས་རྣམ་མཁྱེན་གྱི་དངོས་པོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐབས་དང་པོའི་འགྲེལ་པའོ། ། སྐལ་ལྡན་རྡོ་རྗེའི་རྣ་བར་བདེ་ཆེན་གླུ། ། འབར་སྲེག་ཞུ་བའི་འབྲུག་སྒྲ་ལྷོང་བོ་ནི། ། མཐའ་བྲལ་སྤྲིན་སྔོན་དབུས་ནས་སྒྲོགས་བྱེད་པ། ། འགྲོ་མགོན་དྭགས་ པོའི་བཀའ་བརྒྱུད་རྒྱལ་གྱུར་ཅིག ། པཱུ་ཛ་ལ་སོགས་དབྱངས་གསལ་ཞུ་བ་ལས། ། ཟག་མེད་གཞོན་ནུས་བཞད་པའི་ཡིད་འཛིན་གྱིས། ། འབར་བ་འབེབས་པའི་ཕྱག་རྒྱ་འཕྲུལ་བཞིན་དུ། ། རྡོ་རྗེའི་སྲོལ་ནས་འདིར་གཤེགས་སྲིམ་སྲིམ་ཕེམ། ། ༈ གཉིས་པ་ལམ་གྱི་གཞི་ལམ་ཤེས་ 4-1-221b ལ་གསུམ། འབྲེལ་བཀོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་གྲངས་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། མདོའི་འབྲེལ་ལ། མདོ་ལས། སེམས་བསྐྱེད་སོགས་ཆོས་བཅུས་བསྟན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟོགས་པ་ ནི། མདོ་ལས། ཆོས་བཅུ་གཅིག་གིས་མཚོན་ནས་སྟོན་པའི་ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་རྣམ་མཁྱེན་རྟོགས་པ་མེད་པས་ལམ་ཤེས་པ་ཉིད་བསྟན་ཏོ། །ཞེས་མཚམས་སྦྱར་རོ། ། མཚམས་སྦྱར་འདིའི་དོན་ནི། འགའ་ཞིག །རྣམ་མཁྱེན་གྱི་ཆོས་བཅུ་ལས་ལོགས་ཤིག་གི་ ལམ་ཤེས་བསྟན་པ་དོན་མེད་དོ་སྙམ་པ་བཟློག་པའི་ཕྱིར་ཏེ། དེའང་འབྲས་བུའི་རྣམ་མཁྱེན་གྱི་ཆོས་བཅུ་པོ་དེའི་རྒྱུ་ལམ་ཤེས་པ་ཉིད་གསར་དུ་ལྷགས་པའི་འཁོར་གྱི་དོན་དུ་གསུངས་པ་ཡིན་ལ། དེའང་དེ་བཞིན་གཤེགས་པ་ཁོ་ནས་རྟོགས་ཀྱི། གཞན་གྱིས་མི་རྟོགས་སོ་སྙམ་ པ་དགག་པའི་ཕྱིར་ཡིན་ཅེས་འཆད་ལ། སྐབས་གཉིས་པ་འདི་རྒྱུའི་ལྡོག་པ་ནས་བཤད་པ་ཙམ་མ་གཏོགས་སྐབས་དང་པོར་མ་བཤད་པ་ཞིག་བཤད་པ་མ་ཡིན་ཏེ། འགྲེལ་ཆེན་ལས། རབ་ཏུ་དགའ་བའི་ས་ལ་སོགས་པ་ས་རྣམས་དེར་སྨོས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ ལམ་བསྟན་པའི་ཕྱིར་ཡང་ཇི་ལྟར་བསྟན་ཅེ་ན། རྒྱུ་དང་འབྲས་བུ་མ་ལུས་པ་ཐུགས་སུ་ཆུད་པ་ལ་བལྟོས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད་པས། རྒྱལ་བའི་སྲས་རྣམས་ཀྱི་ལམ་ནི་དེ་ལས་མ་གསུངས་པ་ཡིན་ནོ་ཞེས་དོགས་པ་བསལ་བའི་ ཕྱིར། དེ་ཉིད་ལ་རྒྱུ་ཙམ་ཞིག་དྲངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བ་ལ་སོགས་པའི་ལམ་གྱི་བདག་ཉིད་ཅན་ལམ་ཤེས་པ་ཉིད་ལས་ལོགས་ཤིག་ཏུ་རྣམ་པར་གཞག་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་གྱི་ཚེ་ཟློས་པར་ཡང་མི་འགྱུར་ཏེ། གསར་དུ་ལྷགས་པའི་ 4-1-222a འཁོར་ལ་བསྟན་ཚུལ་ལམ་མི་འདྲ་བ་སོགས་ཀྱི་དགོས་པའི་སྒོ་ནས་ཡིན་པར་གོང་དུ་བསྟན་ཟིན་ལ། མདོར་ན་དོན་སྔ་མ་ལས་གདུལ་བྱ་ལ་དཔག་བྱའི་དོན་གཞན་ཡོད་ན་ཟློས་པར་མི་འགྱུར་གྱི། དེ་མེད་པར་ཚིག་རིམ་མ་ཟློས་ཀྱང་དོན་སྔ་མ་ཉིད་ལས་གཞན་མ་ ཡིན་པ་ངག་ཏུ་སྨྲ་བ་ནི་ཟློས་པར་མཁས་པ་རྣམས་ཀྱིས་བཞག་པ་ཡིན་ནོ། །བསྟན་བཅོས་ཀྱི་འབྲེལ་ནི། མོག་མོག་པོར་བྱེད་པ་སོགས་དང་ཞེས་པའོ། །གཉིས་པ་ལ། ལོ་ཆེན་ལྟར་ན། ལམ་ཤེས་སྐྱེ་བའི་ཡན་ལག་དང་། ལམ་ཤེས་དངོས་སོ། །དང་པོ་ལ། ལམ་ཤེས་སྐྱེ་བའི་ ཡན་ལག་གི་མདོ་སྦྱར་རྣམས་ནི་འདི་ཉིད་ཀྱི་འགྲེལ་པ་འཆད་པའི་དུས་སུ་སྦྱོར་བའི་དབང་དུ་བྱས་ནས། རྩ། འགྲེལ་གཉིས་ལས། དང་པོ་ནི། སྐབས་འདིར་ལམ་ཤེས་སྟོན་པའི་ལྟས་སུ་འཁོར་འདུས་པ་དང་འོད་སྟོན་པར་མཛད་པ་ལས། ལྷ་རྣམས་ཀྱི་རྒྱུད་ལ་ལམ་ཤེས་སྐྱེ་བའི་ སྣོད་དུ་རུང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷའི་འོད་མོག་མོག་པོར་མཛད་པས་གདུལ་བྱ་དེ་རྣམས་ཀྱི་རྒྱུད་ལ་གང་ལས་སྐྱེ་བ་རྟེན་གྱི་ཡན་ལག་དང་། ལམ་ཤེས་སྐྱེ་བའི་ཡུལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོ་སོར་ངེས་པའི་སེམས་རྟེན་གྱི་ཡན་ ལག་དང་། སེམས་ཅན་ཐམས་ཅད་ལ་ལམ་ཤེས་སྐྱེ་བའི་རྟེན་རིགས་ཀྱིས་ཁྱབ་པའི་ཡན་ལག་དང་། བྱང་ཆུབ་ཆེན་པོ་བསྒྲུབ་པའི་ཕྱིར་ཁམས་གསུམ་དུ་སྐྱེ་བའི་རྒྱུ་མི་སྤོང་བའི་རང་བཞིན་གྱི་ཡན་ལག་དང་། གདུལ་བྱའི་དོན་རྒྱུན་མི་འཆད་པར་བྱ་བ་ནི། ལམ་ཤེས་དེའི་བྱེད་ ལས་ཀྱི་ཡན་ལག་སྟེ་ལྔའོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གཉིས་པ་ལ་ལྔ་ལས། གང་ལ་སྐྱེ་བ་རྟེན་གྱི་ཡན་ལག་ནི། མདོ་ལས། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་བཞིའི་རིགས་ཀྱི་ལྷ་ཇི་སྙེད་ཡོད་པ་དེ་དག་ཐམས་ 4-1-222b ཅད་ཀྱང་ལྷའི་བུ་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་ཞེས་པ་ནས། གཙང་མ་རིས་ཀྱི་བར་གྱི་ལྷའི་བུ་རྣམས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དེ་དག་གིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ ཉེ་བར་མི་འགྲོའོ། །ཞེས་སོ། ། དེ་ལ་ལམ་ཤེས་པ་ཉིད་སྐྱེ་བར་རུང་བ་ཉིད་དུ་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་ཆོས་ཀྱི་སྐུའི་འོད། བཅོས་མིན་རྟག་པ་དག་གིས་ལྷ་ལ་སོགས་པ་དེར་འདུས་པའི་ཀླུ་སོགས་དེར་གཏོགས་ཀྱི་རང་བཞིན་མ་ཡིན་པ། འདུས་བྱས་ རྣམ་སྨིན་གྱི་འོད་མི་རྟག་པ་བཅོས་མ་དེ་དེ་བཞིན་གཤེགས་པའི་འོད་ཀྱི་དྲུང་དུ་ཕྱིན་པ་ན་དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་མཐུས་མོག་མོག་པོར་མཛད་པའི་མཛད་པས་ནི། འཁོར་དུ་འདུས་པའི་གདུལ་བྱའི་ང་རྒྱལ་མངོན་གྱུར་པ་བཅོམ་པའི་རྒྱུད་ཁོ་ན་ལ་ལམ་ཤེས་ཀྱི་རྟོགས་པ་ སྐྱེའོ་ཞེས་བྱ་བར་གདུལ་བྱ་རྣམས་ཀྱིས་ཤེས་པར་བྱ་བའི་ཕྱིར་གསུང་བར་མཛད་དེ། རྒྱུ་མཚན་དེའི་ཕྱིར། མདོར། དེ་བཞིན་གཤེགས་པའི་འོད་ཀྱིས་ལྷ་རྣམས་ཀྱི་འོད་མོག་མོག་པོར་མཛད་པ་ལ་བརྟེན་ནས། སྔོན་བྱུང་གི་གདུལ་བྱའི་རྟེན་ང་རྒྱལ་དང་བྲལ་བའི་རྒྱུད་ལ་ལམ་ ཤེས་སྐྱེ་དགོས་པའི་ཚིག་ཟུར་གྱིས་ཕྱིས་འབྱུང་གི་གདུལ་བྱའི་རྒྱུད་ལའང་ང་རྒྱལ་དང་བྲལ་དགོས་པར་བརྗོད་པ་ཡིན་ནོ། །འདིར་ང་རྒྱལ་དངོས་སུ་སྨོས་ནས་ཆགས་སྡང་སོགས་མི་སྨོས་པ་ཅི། དེ་ཐམས་ཅད་ལམ་ཤེས་སྐྱེ་བའི་གེགས་ཡིན་པར་མཚུངས་ཤེ་ན། ང་རྒྱལ་ དངོས་སུ་སྨོས་པའི་ཤུགས་ལས་ལམ་ཤེས་སྐྱེ་བའི་གེགས་གཞན་ཡང་ངང་གིས་ནུབ་པར་བསྟན་པ་ཡིན་ནོ། ། འགའ་ཞིག་གིས། འོད་ཀྱིས་མོག་མོག་སོགས་ཀྱིས་ལམ་ཤེས་སྐྱེ་བའི་ལུས་རྟེན་བསྟན་པ་ཡིན་ཅེས་པར་འདོད་ཀྱང་། ཁོ་བོའི་སློབ་དཔོན་གྱི་ཞལ་སྔ་ནས། 4-1-223a འདིས་ལུས་རྟེན་བསྟན་ཅེས་པ་ཚིག་དོན་གཉིས་ཀ་དོན་ལ་མ་ཞུགས་ཏེ། ཚིག་ལ་མ་ཞུགས་པའི་རྒྱུ་མཚན་ནི། སེམས་ང་རྒྱལ་དང་བྲལ་བ་དེ་ལམ་ཤེས་སྐྱེ་བའི་རྟེན་དུ་འཇོག་པ་དེའི་ཚེ། དེའི་སེམས་རྟེན་གྱི་བྱེ་བྲག་ཏུ་འཇོག་པ་ལས་མ་གཏོགས་ལུས་རྟེན་གྱི་བྱེ་ བྲག་ཏུ་འཇོག་དགོས་པའི་དོན་མ་ཚང་བས་སོ། །དོན་ལ་མ་ཞུགས་པའི་རྒྱུ་མཚན་ནི། དེར་འདུས་པའི་གདུལ་བྱ་སེམས་བསྐྱེད་སྐྱེ་རུང་གི་ལུས་རྟེན་ཐམས་ཅད་ལ་ལམ་ཤེས་སྐྱེ་བ་ཡིན་གྱི། ལྷའི་འགྲོ་བ་པ་འོད་མོག་པོར་གྱུར་པ་ཁོ་ན་ལ་ལམ་ཤེས་སྐྱེ་བར་བསྟན་པ་མ་ཡིན་ནོ། ། དེས་ན་འདི་སྐབས་སུ་ལམ་ཤེས་རྒྱུད་གང་ལ་སྐྱེ་བའི་རྟེན་ཞེས་པ་ཉིད་སྦྱར་དགོས་སོ་ཞེས་གསུང་ཡང་། གསུང་འདི་ཡང་ལེགས་པ་མ་ཡིན་ནོ། །གཉིས་པ་སེམས་རྟེན་ལ། ང་རྒྱལ་དང་བྲལ་བ་ཙམ་གྱིས་ལམ་ཤེས་དངོས་སུ་སྐྱེ་ན། ཉན་རང་སོགས་ལ་ཧ་ཅང་ཐལ་གྱིས་ དོགས་ནས་སེམས་རྟེན་གྱི་ཁྱད་པར་སེམས་བསྐྱེད་བསྟན་པ་ཡིན་ནོ། །དེ་ལ་མདོ་ནི། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། ། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པར་གྱུར་པ་དེ་དག་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུན་གྱི་མཚམས་གཅོད་པའི་ཕྱིར། ཞེས་སོ། །སྐབས་འདིའི་སྐྱོན་མེད་པ་ལ་ ཞུགས་པ་ནི་ཉན་རང་དགྲ་བཅོམ་པའོ། །མཐུ་མེད་ཅེས་པའི་དོན་ནི། བྱང་ཆུབ་ཆེན་པོ་འཐོབ་བྱེད་རྒྱུ་ལ་ལྷན་ཅིག་བྱེད་རྐྱེན་དང་ཉེར་ལེན་གྱི་རྒྱུ་གཉིས་ཡོད་པ་ལས། ཕྱི་མ་དེ་རྒྱུད་ལ་ཡོད་ཀྱང་སྔ་མ་ལྷན་ཅིག་བྱེད་པའི་མཐུན་རྐྱེན་བྱང་ཆུབ་ཏུ་སེམས་བསྐྱེད་པ་མེད་པ་ལ་བལྟོས་ནས་ 4-1-223b དམན་པའི་མྱང་འདས་སུ་སེམས་བསྐྱེད་དེ། དེར་བརྩོན་པས་འབྲས་བུ་ཐོབ་པ་ན་འཁོར་བར་མི་སྐྱེ་བ་ལ་དགོངས་ཞེས་འགྲེལ་ཆེན་ལས་གསུངས་ལ། དེ་ཉིད་འཐད་པའང་ཡིན་ཏེ། ཉན་རང་དགྲ་བཅོམ་པ་དེ་ལྷན་ཅིག་བྱེད་རྐྱེན་བྱང་ཆེན་གྱི་སེམས་བསྐྱེད་པ་ལ་སོགས་པ་བྱེད་པ་ཡོད་ པས་དེ་བྱས་པས་དེ་བཞིན་གཤེགས་པའི་གོ་འཕང་ཡང་ཐོབ་སྟེ། དོན་དེར་དགོངས་ནས། གལ་ཏེ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་རྗེས་སུ་ཡི་རང་བར་བྱའོ་ཞེས་གསུངས་སོ། །མཐུ་མེད་དོ་ཞེས་པ་སོགས་ཀྱི་དོན་སྒྲ་ཇི་བཞིན་པར་འཆད་པ་ནི་རྣམ་རིག་པའི་ ལུགས་ཡིན་གྱི། གཞན་ལ་ནི་མ་ཡིན་ནོ། །ལམ་ཤེས་པའི་ཤེས་པ་དེའང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ནའི་རྒྱུད་ལ་འབྱུང་བ་ཡིན་པས་ཡུལ་ཐ་དད་པ་སོ་སོར་ངེས་པ་ཡིན་ནོ། །གསུམ་པ་སྐྱེ་རུང་གི་རྟེན་རིགས་བཤད་པ་ནི། མདོ་ལས། འོན་ཀྱང་དེ་དག་གི་བླ་ན་མེད་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བར་ཆད་མི་བྱ་སྟེ། གང་གི་ཕྱིར་ཁྱད་པར་དུ་འཕགས་པ་དགེ་བའི་བཤེས་སོགས་ལས་ཆེས་ཁྱད་པར་དུ་འཕགས་པ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཆོས་རྣམས་ལ་དམིགས་པར་བྱ་ཞིང་རེ་བར་བྱའོ། །ཞེས་སོགས་ཀྱིས་བསྟན་ཏོ། །ཐེག་ པ་གསུམ་དུ་རྣམ་པར་གཞག་པ་ནི་དྲང་དོན་དགོངས་པ་ཅན་ཡིན་གྱི། ངེས་དོན་མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་ཐེག་པ་ཆེན་པོའི་ལུགས་ལས་ངེས་པར་འབྱུང་བས། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པར་འགྲོ་བ་ཅན་ཡིན་ཏེ། རྒྱུ་ མཚན་དེའི་ཕྱིར་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་ཉན་རང་དགྲ་བཅོམ་པ་དང་། ཅིག་ཤོས་ཁམས་དང་ས་ལ་ཆགས་པ་དང་མ་བྲལ་བའི་ཉན་རང་སློབ་པའི་རྣལ་འབྱོར་པའམ། འོན་ཏེ་ཅིག་ཤོས་ཕྱི་རོལ་གྱི་རྣལ་འབྱོར་པས་ཀྱང་མཐར་ཐུག་སངས་རྒྱས་ཉིད་ 4-1-224a འཐོབ་པར་བྱ་བའི་ཕྱིར་དུ་ལམ་ཤེས་པ་ཉིད་བསྒོམ་པར་བྱ་བ་ཡིན་པས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པ་ཡིན་ནོ། ། དེའི་འཕྲོས་དོན་ཅུང་ཟད་ཅིག་བརྗོད་ན། འཕགས་པའི་ཡུལ་དང་བོད་ཀྱི་ཡུལ་དུ་བྱུང་བའི་མཁས་པ་ འགའ་ཞིག་འདི་སྐད་དུ་ཟེར་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་གསལ་རིག་ཙམ་པོ་བ་འདི་ཆོས་ཅན། ཡང་དག་པར་ན་མི་སྐྱེས་མི་འགག་སྟེ། འགགས་མ་འགག་གཉིས་ཀ་ལ་མ་སྐྱེས་པའི་ཕྱིར། རྟགས་དེས་དེ་ལྟར་གྲུབ་པས་སེམས་སྐྱེ་མེད་དུ་གྲུབ། སྐྱེ་མེད་དུ་ གྲུབ་པས་སེམས་ཅན་ཐམས་ཅད་ལ་སྐྱེ་བ་མེད་པ་དེ་རང་བཞིན་དུ་གནས་པར་གྲུབ། དེ་གྲུབ་པས་སྐྱེ་མེད་ཀྱི་རང་བཞིན་ཆོས་དབྱིངས་ཡིན་པས་ཆོས་དབྱིངས་ཀྱིས་ཐམས་ཅད་ལ་ཁྱབ་པར་གྲུབ། དེ་ཁྱབ་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པར་ གྲུབ་སྟེ། ཆོས་ཀྱི་དབྱིངས་དེ་ལ་སངས་རྒྱས་ཀྱི་རིགས་སུ་རྣམ་གཞག་མཛད་པའི་ཕྱིར་ཞེས་བཀོད་ནས། གལ་ཏེ་གོང་གི་རྩ་རྟགས་མ་གྲུབ་ཅེ་ན། འོ་ན་ཁྱོད་ལྟར་ན་རྒྱུ་འགགས་པ་ལས་སྐྱེའམ་མ་འགགས་པ་ལས་སྐྱེ། དང་པོ་ལྟར་ན་སེམས་རྒྱུ་མེད་དུ་ཐལ། འགགས་ པ་དངོས་མེད་ལས་སྐྱེ་བའི་ཕྱིར། གཉིས་པ་ལྟར་ན། རྒྱུ་རྟག་པར་ཐལ། འབྲས་བུ་སྐྱེས་ཀྱང་རྒྱུ་མ་འགགས་པའི་ཕྱིར་རོ། །ཞེས་རིགས་པ་དང་བཅས་ཏེ་སྒྲུབ་པར་བྱེད་པ་མང་ཞིག་བྱུང་ཡང་། འདི་ནི་འཐད་པ་མ་ཡིན་ཏེ། ཁྱོད་འདོད་པའི་རིགས་དེས་བྱ་བ་བྱས་ནས་ རིགས་སུ་བཞག་གམ། བྱ་བ་བྱེད་པ་མེད་ཀྱང་རིགས་སུ་བཞག །དང་པོ་ལྟར་ན་སྐྱེ་བ་མེད་པའི་དངོས་པོ་དང་བྲལ་བ་མེད་པར་འགག་པ་དེས་བྱ་བ་ཇི་ལྟར་བྱེད་དེ། བྱེད་པ་པོ་རང་དོན་བྱེད་ནུས་ཀྱིས་སྟོང་པའི་ཕྱིར། གྲུབ་སྟེ། སྐྱེ་མེད་ལ་དོན་བྱེད་ནུས་ཀྱིས་བསལ་བས་ 4-1-224b སོ། །ཁྱབ་སྟེ། བྱེད་པོ་མེད་པའི་བྱ་བ་ཡང་བསལ་ལོ། །གཉིས་པ་ལྟར་ན། བྱ་བས་སྟོང་ཡང་རིགས་སུ་འཇོག་ན་མོ་གཤམ་གྱི་བུའང་རིགས་སུ་འགྱུར་ཏེ། བྱ་བ་མེད་ཀྱང་རིགས་སུ་འཇོག་པར་མཚུངས་པའི་ཕྱིར། གལ་ཏེ་ཡང་བྱ་བ་བྱེད་མི་བྱེད་གཉིས་ཀ་ལ་མ་བལྟོས་ པར་འདུས་མ་བྱས་པ་ཉིད་རང་བཞིན་གྱིས་རིགས་སུ་གྲུབ་པའོ་ཞེ་ན། འདུས་མ་བྱས་པ་ཉིད་རིགས་སུ་རང་བཞིན་གྱིས་གྲུབ་པར་འདོད་ན་ནི། ཐལ་རང་གི་དབུ་མའི་ཁྲོད་དུ་ཆེན་པོར་ཁས་ལེན་པ་ཡང་སྐྱོན་དང་བཅས་པ་ཁོ་ན་སྟེ། རིགས་ཤེས་བྱ་བའི་ཆོས་འདུས་མ་བྱས་ རང་བཞིན་གྱིས་གྲུབ་པ་དེ་འདྲ་ནི་ཐལ་རང་གི་དབུ་མའི་ལུགས་ལ་མི་འབྱུང་སྟེ། ལུགས་དེ་ནི་རང་བཞིན་གྱིས་མ་གྲུབ་ལ། འདུས་མ་བྱས་པ་ཉིད་རང་བཞིན་གྱིས་མ་གྲུབ་པ་དང་། འདུས་མ་བྱས་པ་དེའི་རང་བཞིན་ཏེ་རང་བཞིན་དུ་གྲུབ་པའི་ཆོས་དང་ཆོས་ཅན་ཞིག་རྣམ་པ་ ཐམས་ཅད་དུ་ཞལ་གྱིས་མི་བཞེས་པར་རང་བཞིན་མེད་པ་ཁོ་ནར་བཞེད་པས། ཁྱོད་ཀྱི་འདུས་མ་བྱས་ཀྱི་རིགས་རང་བཞིན་གྱིས་གྲུབ་པར་འདོད་ནས་རིགས་ཁས་ལེན་པ་འདི་ལུགས་ཡང་དག་པ་ཡིན་པ་བསལ་བ་ཡིན་ནོ། ། འོ་ན་རང་ལུགས་ཀྱི་རིགས་ཀྱི་འཇོག་མཚམས་ གང་ཞེ་ན། ཕལ་ཆེར་སྐབས་དང་པོ་ཉིད་དུ་ཡང་བརྗོད་ཟིན་ལ། འོན་ཏེ་འདིར་ཡང་ཅུང་ཟད་སྤྲོ་ན། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོས་རིགས་ཀྱི་རྣམ་གཞག་མཛད་པ་ལས་འདི་ལྟར་འབྱུང་སྟེ། དེ་ཡང་དེང་སང་ལང་གཤེགས་སོགས་མདོ་དང་། མདོ་རྒྱན་ སོགས་བསྟན་བཅོས་རྣམས་སུ་སེམས་ཅན་ཐམས་ཅད་རིགས་གསུམ་དུ་བསྟན་པ་ཡིན་ཅེས་སྨྲ་ཡང་། མདོ་དང་བསྟན་བཅོས་དེ་རྣམས་ཀྱི་རང་ལུགས་ཐུན་མོང་མིན་པ་དེར་ནི་རིགས་གསུམ་དུ་འཇོག་པ་སོགས་མ་ཡིན་ཏེ། དཔེར་ན་ལང་གཤེགས་ལས་རིགས་གསུམ་དུ་ 4-1-225a བསྟན་པ་དྲང་དོན་ཡིན་པར། དེ་ཉིད་ལས། སེམས་ཉིད་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་འོང་མེད། །བྱིས་པ་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་དང་། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་དེ་ཐམས་ཅད་ལ། ། ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་སོ། །མདོ་དང་བསྟན་བཅོས་འདི་རྣམས་ཀྱི་དགོངས་པའང་མཐར་ཐུག་དབུ་མ་ཉིད་དུ་གནས་པ་ཡིན་པ་ལ། རྒྱ་བོད་དུ་མདོ་བསྟན་བཅོས་འདི་རྣམ་རིག་ མདོ་བསྟན་བཅོས་སུ་འདོད་པ་ནི་བཟང་པོ་མ་ཡིན་ནོ། །འོ་ན་གལ་ཏེ་གཞན་དག །རྒྱན་གྱི། དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་པའི་འགྲེལ་པར། གང་ཡོངས་སུ་མྱ་ངན་ལས་འདས་པའི་རིགས་ཉིད་མེད་པའོ། །ཞེས་དང་། དགོངས་འགྲེལ་ལས། ཉན་ཐོས་ ཀྱི་རིགས་ཀྱི་གང་ཟག་ཞི་བ་བགྲོད་པ་གཅིག་པུ་པ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་དགོངས་ པ་ཅན་ཡིན་ཏེ། དགོངས་གཞི་སངས་རྒྱས་ཀྱི་རིགས་ཡོད་ཀྱང་གནས་སྐབས་དེ་སད་བྱེད་ཀྱི་རྐྱེན་དང་ཕྲད་པ་མེད་པས་ཉན་རང་གི་རིགས་སོ་སོར་ངེས་པ་ལ་དགོངས་སོ། །དགོས་པ་ནི། ཐེག་ཆེན་གྱི་རིགས་སད་པར་བྱེད་པ་ལ་དང་པོ་ཉིད་ནས་དེར་རིགས་སད་པར་མི་རུང་བའི་ གང་ཟག་གཅིག་ལ་དང་པོར་དམན་པའི་མྱང་འདས་སུ་རིགས་སད་དུ་གཞུག་ནས། གཟོད་ཐེག་ཆེན་གྱི་ལམ་དུ་བསྟན་པ་ཡིན་ཏེ། དམ་ཆོས་པད་དཀར་ལས། དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་ 4-1-225b སྟེ་གཉིས་སུ་ཡོད་མ་ཡིན། །དཀྲི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་སོ། །དངོས་ལ་གནོད་བྱེད་ནི། དམན་པའི་ལྷག་མེད་ཀྱི་མྱང་འདས་དེ་ཆོས་ཅན། མྱང་འདས་གོ་ཆོད་པོ་མ་ཡིན་ཏེ། ཤེས་སྒྲིབ་མ་སྤངས་པའི་ཕྱིར་དང་། དེས་ན་ཐམས་ཅད་མཁྱེན་པ་མ་ ཡིན་པའི་ཕྱིར་དང་། མྱང་འདས་གོ་ཆོད་པོ་ཡིན་ན་སྲིད་པ་དང་ཞི་བའི་མཐར་མི་ལྟུང་དགོས་པ་ལས། འདི་ཞི་བའི་མཐར་གནས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་གནོད་པ་བསྟན་ནས་དམན་པའི་མྱང་འདས་ལ་གནས་པ་དེ་ཆོས་ཅན། འཚང་རྒྱ་བ་ཡིན་ཏེ། རྟེན་དམན་ པའི་མྱང་འདས་ཀྱི་རྒྱུན་དེ་ཉིད་སངས་པར་ངེས་ཤིང་། རྟེན་དེ་ལ་ལྗོན་པ་ལ་སྙིང་པོའམ་ས་ལ་གཏེར་ལྟར་ལྡན་པའི་དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་སངས་རྒྱས་རྒྱས་པ་དེ། དེར་རྟེན་དེ་རྒྱུན་ཆད་སྟོབས་ཀྱིས་རྒྱས་པ་ལྟར་ངེས་པའི་ཕྱིར་རོ། ། འགའ་ཞིག་ དེར་མ་ངེས་ཏེ། དེ་ཆོས་ཅན། དེ་ལ་རིགས་ཡོད་དུ་ཆུག་ཀྱང་། ཐེག་ཆེན་དུ་འཇུག་པ་མི་འཐད་དེ། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་མེད་པའི་ཕྱིར་དང་། ལུས་རྟེན་སྔ་མ་བོར་ཟིན་པའི་ཕྱིར་སྙམ་ན། ཁྱོད་ཀྱིས་བཀོད་པའི་རྟགས་མ་གྲུབ་སྟེ། རྒྱུད་བླ་འགྲེལ་ཆེན་ ལས། དཔལ་ཕྲེང་ཁུངས་སུ་མཛད་དེ། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་ བཅོམ་པ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། ཞེས་གསུངས་པས་སོ། ། འོ་ན་དམན་པའི་མྱང་འདས་དེ་ཐེག་ཆེན་གྱི་ལམ་གང་ནས་འཇུག་ཅེ་ན། ཐེག་ཆེན་གྱི་ཚོགས་ 4-1-226a ལམ་ཉིད་ནས་འཇུག་དགོས་པ་ཡིན་ཏེ། བྱང་ཆུབ་ཆེན་པོའི་མྱང་འདས་མངོན་དུ་བྱེད་པ་ལ་ཡུན་ཇི་ལྟར་ཐུང་ཡང་གྲངས་མེད་གསུམ་དུ་ཚོགས་བསགས་དགོས་པའི་ཕྱིར་དང་། དེ་བསགས་པ་ན་གྲངས་མེད་ཅིག་མོས་སྤྱོད་ཀྱི་སར་བསགས་དགོས་པ་དང་། གཞན་ ཡང་ཐེག་ཆེན་གྱི་ལམ་ལྔ་རིམ་གྱིས་མ་བགྲོད་པས་དེར་མི་འགྲུབ་པའི་ཕྱིར། ཚོགས་ལམ་ཉིད་ནས་འཇུག་པར་རིགས་སོ། ། འོ་ན་དེ་འདྲ་དེ་སྐྱེ་འཕགས་གཉིས་ལས་གང་ཡིན་ཅེ་ན། འཕགས་པ་ཁོ་ནར་ངེས་ཏེ། དམན་པའི་འཕགས་པའི་ཆོས་ཐོབ་ལ་མ་ཉམས་པའི་དགྲ་བཅོམ་ པ་ཡིན་པའི་ཕྱིར། འོན་ཏེ་ཐེག་ཆེན་འཕགས་པ་མ་ཡིན་ཏེ། ཐེག་ཆེན་གྱི་མཐོང་བའི་ལམ་མངོན་དུ་མ་བྱས་པའི་ཕྱིར་རོ། །དེ་ལྟར་བཤད་པས་གནས་སྐབས་ཐེག་པ་གསུམ་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་ལ། དེ་ལས་ཀྱང་སླད་དུ་སེམས་ཅན་ཐམས་ཅད་འཚང་རྒྱ་བར་ བསྒྲུབ་པར་བྱ་སྟེ། གཞན་གྱིས་གཏན་ནས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཉིད་ཅན་དུ་ཁས་ལེན་པའི་ལོག་སྲེད་ཅན་གྱི་སེམས་ཅན་དེ་ཆོས་ཅན། སེམས་ཅན་དེ་རྒྱུན་ཆད་ཅིང་དེའི་ངོ་སྐལ་གྱི་སངས་རྒྱས་ཀྱི་ཡེ་ཤེས་དེར་སྣང་དུ་རུང་བར་ངེས་ཏེ། སེམས་ཅན་དེ་རྒྱུན་ཆད་ པ་དང་། སངས་རྒྱས་ཀྱི་ཡེ་ཤེས་དེར་སྣང་བ་གཉིས་ཀའི་རྒྱུ་ཚོགས་གྲངས་ཚང་ཞིང་དེ་ལ་གེགས་མེད་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། སེམས་ཅན་ནི་གློ་བུར་གྱི་དྲི་མ་ལས་གཞན་མ་ཡིན་པའི་ཕྱིར་ན། གློ་བུར་གྱི་དྲི་མ་ནི་ཡང་དག་པར་ན་བདེན་པའི་དངོས་པོ་མ་ཡིན་ཏེ། འདུས་ བྱས་པའི་ཕྱིར་དང་། དེ་འདུས་བྱས་པ་ཡིན་ན་གྲུབ་ཙམ་ནས་འཇིག་པའི་ཕྱིར། གྲུབ་ཙམ་ནས་འཇིག་ན་རྒྱུན་ཆད་པ་མ་ཡིན་པ་རྟག་པར་ཡོད་པས་མ་ཁྱབ་སྟེ། དེ་མ་ཁྱབ་པས་དེ་ལྟ་བུའི་སེམས་ཅན་དེ་ཡང་རྒྱུན་ཆད་དུ་རུང་སྟེ། འདུས་བྱས་གཞན་རྣམས་བཞིན་རྣམ་པ་དེ་ལྟ་བུ་ལ་རྒྱུན་ 4-1-226b གཏན་དུ་བ་ཡོད་པ་མ་ཡིན་ནོ། །དེ་ལྟ་བུ་ལ་རྒྱུན་གཏན་དུ་བར་འཁྲུལ་བ་ནི་མ་རིག་པའི་གཉིད་ཀྱི་དབང་ལས་ཡིན་ཏེ། དེའི་གཞན་དབང་ནི་བརྫུན་པའི་ཕྱིར་གློ་བུར་གྱི་དྲི་མ་བརྫུན་པ་ནི་བྲལ་ངེས་པ་དང་། སེམས་ཅན་གྱི་ཚོགས་པ་ཆེན་པོ་འཁྲུལ་བའི་རྒྱུན་མ་འདི་ནི་འཆད་ངེས་ཡིན་ ཏེ། དཔེར་ན་སྐྱེས་བུ་བརྡ་ལ་མ་བྱང་བའི་ངོར་རི་བོང་རྭ་ལ་བདེན་ཡོད་ཀྱིས་ཞེན་ཀྱང་། དེ་མེད་ངེས་ཡིན་པ་ལ་མི་བསླུ་བ་བཞིན་ནོ། །དེའི་ཕྱིར། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པས། རྡོ་རྗེའི་སེམས་སངས་རྒྱས་ཀྱི་སྙིང་པོ་རང་བཞིན་ གྱིས་འོད་གསལ་བ་དེ་ལས་གཞན་སེམས་ཅན་དང་། དྲི་མ་དང་། ཀུན་རྫོབ་དང་། འཁྲུལ་བ་དང་མ་རིག་པ་སྟེ་དབྱེར་ཡོད་པ་རྣམས་ནི་གློ་བུར་བ་སྟེ། དང་པོ་ནས་གཞི་མ་གྲུབ་པའི་ཕྱིར། གནས་སྐབས་སུ་རྒྱུན་ཆད་དུ་རུང་བ་དང་སྤང་དུ་རུང་བ་ཡིན་ནོ། །དེ་དང་པོ་ནས་གཞི་གྲུབ་ ན་རྒྱུན་ཆད་དུ་མི་རུང་བ་དང་། སྤོང་དུ་མི་རུང་སྟེ་གདོད་ནས་གྲུབ་པའི་ཕྱིར། སུ་ཞིག་གིས་སྤོང་བར་ནུས་པ་དང་། སུ་ཞིག་གིས་རྒྱུན་གཅོད་པར་ནུས། དེ་བས་ན་སེམས་ཅན་གྱི་རྒྱུན་ཆད་པའི་ཕྱིར། རྒྱུན་དུ་འཁྲུལ་བའི་འཁྲུལ་བ་སྤང་དུ་རུང་བས་སྤོང་བྱེད་ཀྱི་གཉེན་པོ་བརྩམས་ པ་ཡང་དོན་དང་ལྡན་པར་མངོན་སུམ་གྱིས་གྲུབ་བོ། ། དེ་ལྟ་བུའི་སེམས་ཅན་དེ་རང་གི་ངོ་སྐལ་གྱི་རྒྱུན་ཆད་པ་དང་། དྲི་མ་སྤོང་དུ་རུང་ཡང་སླར་རྒྱུན་སྐྱེ་བ་དང་སྤོང་བ་བཟློག་གོ་སྙམ་ན་མ་ཡིན་ཏེ། རྒྱུན་ཆད་པའི་རྒྱུན་དེ་སླར་སྐྱེ་བ་མེད་དེ། འཇིག་པ་སླར་ཡང་སྐྱེ་བ་མེད་པའི་ཕྱིར་ རོ། །སྤངས་པ་བཟློག་པ་མ་ཡིན་ཏེ། ཇི་སྐད་དུ། བདག་ལྟའི་ས་བོན་སྤངས་བའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་པ་ལྟར་འཁྲུལ་གཞི་དང་བརྫུན་གཞི་གང་ཡིན་པའི་རྟེན་དང་། ས་བོན་ལྡོག་པ་ན་སླར་དེ་མི་འབྱུང་སྟེ། རྒྱུ་ལྡོག་པ་ན་འབྲས་བུའང་ལྡོག་པ་བཞིན་ 4-1-227a ནོ། །གཉིས་པ་གྲུབ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པའི་ངོ་བོར་གྱུར་པའི་སེམས་ཅན་གློ་བུར་གྱི་དྲི་མ་ཡོངས་རྫོགས་ཀྱི་རྣམ་ཤེས་ཆས་བསྡུས་ཀྱི་གསལ་རིག་དང་བཅས་པ་བྲལ་བ་ན། སངས་རྒྱས་ཀྱི་སྙིང་པོའི་ཡེ་ཤེས་དེར་སྣང་དུ་རུང་བ་ཡིན་ཏེ། སྒྲིབ་བྱེད་དེ་རྣམས་དང་བྲལ་བ་ན་བསྒྲིབ་བྱ་དེ་དེར་གསལ་བའི་ཕྱིར། དཔེར་ན་ཁུག་རྣ་དང་བྲལ་བའི་ནམ་མཁའ་བཞིན་ནོ། ། འགའ་ཞིག་གིས། འོ་ན་རྣམ་ཤེས་ཆས་བསྡུས་ཀྱི་སེམས་གསལ་རིག་འགག་པ་དེས་ཡེ་ཤེས་སྣང་རུང་ལ་ཕན་འདོགས་ན། ལུགས་ཆེན་པོ་རྣམས་ནས་སེམས་ཅན་ སངས་རྒྱས་ངེས་སུ་སྒྲུབ་པ་ལ་རྒྱུ་ཚོགས་གྲངས་ཚང་རྟགས་སུ་བཀོད་པའི་ཚེའི་རྒྱུའི་ཚོགས་གྲངས་ཚང་གི་གཙོ་བོ་དེ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་སྒྲུབ་པ་ལ་རག་པ་དང་། དེར་སྒྲུབ་པ་ལ་སེམས་འོད་གསལ་བ་ཡོད་པའི་རྟགས་ཀྱིས་སྒྲུབ་པ་དང་། དེར་སྒྲུབ་པ་ལ་རང་རིག་རང་ གསལ་གྱི་སེམས་ཀྱིས་འགྲུབ་པས་སེམས་ཅན་ཐམས་ཅད་ལ་དེས་ཁྱབ་པས་འཚང་རྒྱ་བར་བཤད་པ་དེ་དང་ཁྱོད་ཀྱི་ལུགས་འདི་འགལ་ལོ་ཞེ་ན། སྨྲ་བ་པོ་དེས་ལུགས་ཆེན་པོའི་གནད་ཇི་བཞིན་པ་མ་ཤེས་པའི་སྐྱོན་ཡིན་ཏེ། སེམས་ཅན་འཚང་རྒྱ་བར་སྒྲུབ་པ་ལ་རྒྱུ་ཚོགས་གྲངས་ཚང་ རྟགས་སུ་བཀོད་པའི་ཚེ་ན། རྒྱུའི་གཙོ་བོ་སངས་རྒྱས་ཀྱི་སྙིང་པོ་ཡོད་པའི་ཕྱིར་ཞེས་བྱ་བ་འདིའི་དོན་ནི། སེམས་ཅན་ལ་རྒྱུའི་མིང་གིས་བཏགས་པའི་སངས་རྒྱས་ཀྱི་སྙིང་པོ་དེ་ཉིད་དྲི་མ་དང་བཅས་པ་ལ་སེམས་ཅན་གྱི་ཁམས་བདེ་གཤེགས་སྙིང་པོ་ཞེས་བྱ་ལ། གློ་བུར་གྱི་དྲི་མ་སངས་པ་ ན་འབྲས་བུའི་མིང་གིས་བཏགས་པའི་སངས་རྒྱས་ཀྱི་སྙིང་པོ་དྲི་མ་དང་མི་ལྡན་པ་ལ་སངས་རྒྱས་ཀྱི་བྱང་ཆུབ་དང་མི་གནས་པའི་ཡེ་ཤེས་ཞེས་བྱ་ལ། རྒྱུར་བཏགས་པའི་སྙིང་པོ་དེ་དང་པོ་དྲི་མ་དང་བཅས་དུས་ནས་ཡོད་པའི་རྟགས་ཀྱིས་ཕྱིས་དྲི་མ་དང་བྲལ་བ་ན། སངས་རྒྱས་ཀྱི་སྙིང་ 4-1-227b པོ་དེ་ཉིད་འགྱུར་མེད་དུ་ཡོད་པར་གྲུབ་ལ། དེར་སྒྲུབ་པའི་གཏན་ཚིགས་འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། ཇི་སྐད་དུ། རྒྱུ་ལས་འབྲས་བུ་བསྒྲུབས་པ་ན། །འདི་ནི་རང་བཞིན་ནང་འདུས་ཕྱིར། །ཞེས་སོ། །དེ་ལྟར་གྲུབ་པས་སེམས་ཅན་ཐམས་ཅད་སངས་རྒྱ་བར་གྲུབ་སྟེ། སེམས་ཅན་དང་གློ་བུར་གྱི་དྲི་མ་ངོ་བོ་ཐ་མི་དད་པ་དེ་སངས་པ་ན་གདོད་མའི་སངས་རྒྱས་ཀྱི་ཡེ་ཤེས་དེར་རྒྱས་པའི་ཕྱིར། དེས་ན་སེམས་ཅན་དང་གློ་བུར་གྱི་དྲི་མ་ནི་གཞི་མེད་རྩ་བྲལ་ཡིན་པས། མི་སངས་པར་རྟག་པར་གནས་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། དེས་ན་སེམས་ཅན་ ཐམས་ཅད་འཚང་རྒྱ་བར་ངེས་པ་ཡིན་ནོ། ། ངག་དོན། སེམས་ཅན་ཡོངས་རྫོགས་སངས་པ་ལ་སངས་རྒྱས་སུ་བཏགས་པ་ཡིན་གྱི། དེ་ལས་གཞན་སངས་རྒྱས་སུ་འཇོག་བྱེད་ཀྱི་ཆོས་མེད་པའི་ཕྱིར། ཇི་སྐད་དུ། འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་གཞན་ ཡོད་མིན། །ཅེས་པ་ལྟར་རོ། །དེ་ལྟར་བསྟན་པས་སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་པར་བསྟན་པ་ནི་འགལ་བའི་ཚུལ་གྱིས་ཡོད་པར་བསྟན་པ་ཡིན་ནོ། །ཁྱོད་འདོད་པའི་ལུགས་ཆེན་པོ་ནས་འབྱུང་བའི་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་རྡོ་རྗེའི་འོད་གསལ་ཡོད་པའི་རྟགས་ཀྱི་ སྒྲུབ་ཅེས་སྨྲ་བ་དེས་སྒྲུབ་མི་ནུས་ཏེ། དེ་གཉིས་ངེས་དཀའ་སླ་མེད་པའི་ཕྱིར་རོ། །དེ་བཞིན་རྡོ་རྗེའི་སེམས་འོད་གསལ་བར་སྒྲུབ་པ་ལ། སེམས་ཙམ་གྱིས་རང་རིག་རང་གསལ་གྱིས་སྒྲུབ་ཅེས་པ་དེ་ཡང་མི་འགྲུབ་སྟེ། སེམས་ཙམ་ལ་རྣམ་ཤེས་དང་འབྲེལ་བའི་གསལ་རིག་ གིས་དེར་མ་ངེས་པའི་ཕྱིར། དེས་ན་ཁྱོད་ཀྱི་ལུགས་ལས་འབྱུང་བའི་ལུགས་གང་ཡིན་པ་དེ་ལ་ནི་ཁོ་བོ་ཁུངས་སུ་མི་བྱེད་དོ། །དེས་ན་གོང་དུ་བཤད་པའི་རྣམ་ཤེས་ཆས་བསྡུས་ཀྱི་སེམས་གསལ་རིག་འགགས་པ་དེ་ཡེ་ཤེས་དེར་སྣང་རུང་གི་རྒྱུར་འགྲོ་བའི་ཚུལ་ནི། དེ་དེར་སྣང་ 4-1-228a བའི་ཚེ་ན་བསྒྲིབ་བྱ་དྲི་མ་དེ་དག་དག་དགོས་པའི་རྒྱུ་ལས་ཡིན་ཏེ། དེ་དག་པའི་རྒྱུ་ལས་ཡེ་ཤེས་དེར་སྣང་བ་ནི་བྲལ་བའི་འབྲས་བུའོ། །རྣམ་ཤེས་ཆས་བསྡུས་ཀྱི་སེམས་གསལ་རིག་རྒྱུན་ཆད་ཀྱང་། ཡེ་ཤེས་ཆས་བསྡུས་ཀྱི་གསལ་རིག་རྒྱ་ཆེས་ཆེར་འགྲོ་བ་ ནི་པི་ཝང་རྒྱུད་མང་ལས་རྒྱུད་ཕལ་པའི་སྒྲ་ཇི་ལྟར་ཆུང་བ་བཞིན། རྒྱུད་གཙོ་བོའི་སྒྲ་ཆེར་འགྲོ་བ་བཞིན་ཞེས་པའི་དཔེ་དང་བཅས་ཏེ་ཐེག་བསྡུས་ཀྱི་འགྲེལ་བཤད་ལས་སོ། ། འོ་ན་ཡང་རྣམ་རིག་པས་སེམས་ཅན་ལ་སངས་རྒྱས་ཀྱི་རྒྱུད་འབྱུང་རུང་དུ་ཡོད་པ་དང་། དྲི་མ་འབྲལ་ རུང་དུ་ཡོད་ཀྱང་འབྲལ་བྱེད་ཀྱི་གཉེན་པོ་མ་ཚང་བ་སྲིད་པས། དཔེར་ན་ལོག་སྲེད་ཅན་དང་། ལྷག་མེད་ཀྱི་མྱང་འདས་བཞིན་ནོ་ཞེས་ཟེར་རོ། །གཉེན་པོ་མ་ཚང་བ་སྲིད་ཅེས་སྨྲ་བ་ཡང་བདེན་པ་མ་ཡིན་ཏེ། དེའི་རྒྱུད་ལ་གཉེན་པོ་སྐྱེད་པར་བྱེད་པའི་ནུས་པ་དེ་དེ་བཞིན་གཤེགས་ པའི་ཕྲིན་ལས་ཀྱི་སྟོབས་ཀྱིས་སྐྱེད་པར་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཕྲིན་ལས་ལ་དབང་ཐོབ་པ་གང་ཞིག །འཁོར་བ་ཇི་སྲིད་པར་གཞན་དོན་དུ་བཞུགས་པའི་ཕྱིར་དོན་ཡོད་པ་ཉིད་དོ། །དེ་ལྟར་གྱི་ཚེ་ལྷག་མེད་མྱ་ངན་ལས་འདས་པ་སྐྱེ་བ་ལེན་པའི་རྒྱུ་ཅི་ཞེ་ན། ཉོན་མོངས་ཅན་མ་ ཡིན་པའི་མ་རིག་པའི་བག་ཆགས་ཡོད་དེས་སོ། །དེས་ཇི་ལྟར་སྐྱེ་བར་བྱེད་ཅེ་ན། ཟག་མེད་ཀྱི་ལས་གསོག་པར་ནུས་ཏེ། ཟག་བཅས་ཀྱི་ལས་གསོག་པ་བཞིན་ནོ། །ཟག་མེད་ཀྱི་ལས་དེས་སྐྱེ་བ་ལེན་པའི་རྒྱུ་བྱེད་ནུས་པ་ཡང་ཡིན་ཏེ། ཡེ་ཤེས་འབའ་ཞིག་གིས་སྤྲུལ་པའི་སྐུར་སྐྱེ་ ཚུལ་སྟོན་ནུས་པ་བཞིན་ནོ། །འོན་ཏེ་ཡིད་ལུས་སུ་བཤད་པ་དེ་གཟུགས་ཕུང་དང་བྲལ་བ་ཞིག་དགོས་སམ་ཞེ་ན། གཟུགས་ཀྱི་ཆོས་ལས་འདས་ཀྱང་གཞན་སྣང་དུ་གཟུགས་ཀྱི་སྐྱེ་མཆེད་དང་བྲལ་བར་སྣང་བ་མ་ཡིན་ཏེ། གཞན་དོན་བྱེད་པའི་ལུས་ཅན་ཡིན་པའི་ཕྱིར་མཆོག་གི་ 4-1-228b སྤྲུལ་པའི་སྐུ་བཞིན་ནོ། །སེམས་ཅན་ཐམས་ཅད་འཚང་རྒྱ་རུང་ཡིན་པ་དང་། འཚང་རྒྱ་ངེས་ཡིན་པ་དེ་ལྟར་ནའང་། འཁོར་བ་ཙམ་ལྡོག་ནས་མཐའ་ཡོད་པ་མ་ཡིན་ཏེ། འཁོར་བ་སྟོང་པའི་དུས་མི་སྲིད་པའི་ཕྱིར། དེ་སྲིད་ན་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་དུ་ཐལ་ལོ་ཞེས་པའི་ཉེས་པ་ ཡོད་ཅེས་སྔོན་ནས་གྲགས་པ་ཉིད་དོ། ། ཁོ་བོས་བསམས་ན། འཁོར་བ་ལ་ཐོག་མ་ཡོད་པ་མ་ཡིན་ཏེ། གལ་ཏེ་དོན་དམ་པར་ཐོག་མཐའ་ཡོད་པ་ཞིག་ཡིན་ན། དེ་བདེན་པ་བ་ཡིན་དགོས་པ་ལས། དེ་བདེན་པར་མེད་པའི་ཕྱིར་ན། འཁོར་བའི་ཐོག་མ་ནི་བློས་བཏགས་པ་ཙམ་ ཡིན་གྱི། ངོ་བོ་ཉིད་ཀྱིས་གྲུབ་པའི་འཁོར་བ་ལ་ཐོག་མ་མེད་དོ། །དེའང་ཐོག་མ་མེད་པའི་རྒྱུ་མཚན། ཐོག་མ་ཡོད་མེད་ཀྱི་གཞི་རྟེན་འཁོར་བ་ཉིད་ཡོད་པ་མ་ཡིན་ནོ། །འཁོར་བའི་ཐ་མ་ལའང་དེས་མཚུངས་ཏེ་ཤེས་པར་བྱའོ། །འདི་ནི་ངེས་པའི་དོན་ཡིན་གྱི། དྲང་བའི་དོན་དུ་ནི་ གདུལ་བྱའི་བག་ལ་ཉལ་མི་འདྲ་བའི་རྟོག་ངོར་འཁོར་བ་ལ་ཕྱི་མཐའ་ཡོད་པ་ཡང་ཡིན། མེད་པ་ཡང་ཡིན་ཏེ། ཡོད་པ་ལ་བལྟོས་ནས་མེད་པ་དང་། མེད་པ་ལ་བལྟོས་ནས་ཡོད་པར་བཞག་པའི་དོན་སྤྱི་འཆར་རུང་ཡིན་པའི་ཕྱིར་དང་། ངོ་བོ་ཉིད་ཀྱིས་གྲུབ་པའི་ཡོད་མེད་མཐའ་ གཅིག་ཏུ་འཇོག་མི་ནུས་པའི་ཕྱིར་རོ། །མཐའ་གཅིག་ཏུ་འཇོག་མི་ནུས་པ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་། འཁོར་བའི་འཁོར་ལོ་འདི་རྟེན་ཅིང་འབྲེལ་འབྱུང་ཙམ་ཡིན་པའི་ཕྱིར་ན། བལྟོས་ས་དང་བལྟོས་ཆོས་ཀྱང་ཕྱོགས་གཅིག་ཏུ་མ་ངེས་ལ། རྟེན་ཅིང་འབྲེལ་བར་ འབྱུང་བ་འདི་ནི་ཚུ་རོལ་མཐོང་བ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས། འཁོར་འདས་ཐམས་ཅད་རྟེན་འབྲེལ་དུ་གསུངས་པའི་རིགས་པ་འདིས་འཁོར་བ་ལ་ཐོག་མཐའ་ཡོད་མེད་སྟོང་མ་སྟོང་སོགས་ཀྱི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ཏེ། དོན་འདི་ལ་ 4-1-229a དགོངས་ནས་རྟེན་འབྲེལ་ཟད་མེད་འཕེལ་བ་མེད་པ་དེ་བཞིན་དུ་འཁོར་བ་ལའང་བསྣོན་འབྲིད་མེད་པར་གསུངས་སོ། ། གྲུབ་པའི་དབང་པོ་ཀརྨ་པཀྴིའི་ཞལ་ནས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱང་འཁོར་བ་མི་སྟོང་པ་ནི་འཁོར་བ་འདུས་བྱས་ཡིན་པའི་ཕྱིར་ན་ སེམས་ཅན་གསར་སྐྱེ་ཡོད་དོ། །ཞེས་སོགས་གསུངས་པའི་དོན་ནི། ཤིན་ཏུ་ཕྲ་བའི་གནས་ཏེ་རྟོགས་པར་དཀའ་བ་ཡིན་ནོ། །བཞི་པ་རང་བཞིན་གྱི་ཡན་ལག་ལ། མདོ་ལས། ཁོ་བོ་ནི་དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དོ། །ཞེས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ འཕགས་པ་ནི། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱི་ཕྱིར་དུ་ཉོན་མོངས་པའི་མིང་ཅན་གྱི་བག་ཆགས་རྣམ་པ་ཐམས་ཅད་དུ་སྤངས་པ་མ་ཡིན་པ་ཞེས་བྱ་བ་ནི་རྫོགས་སངས་དོན་གཉེར་གྱི་སེམས་དཔའ་རྣམས་ཀྱི་རང་བཞིན་ཡིན་ནོ། ། འདིར་སེམས་དཔའི་རྒྱུ་ལམ་ ཤེས་ཀྱིས་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བར་བྱ་བའི་ཉོན་མོངས་དེ་གང་ཞེ་ན། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་འཕྲད་པ་དོན་དུ་གཉེར་བ་དང་ཞེས་སོགས་རྒྱས་བཤད་ལ། གཙུག་ན་རིན་ཆེན་གྱིས་ཞུས་པ་ལས། ཉོན་མོངས་པ་ལ་གཉེན་པོ་སྐྱེ་བའི་གེགས་དང་། སྡུག་བསྔལ་ལེན་པ་དང་། སྐྱེ་བ་ལེན་པ་དང་། རིགས་ འདྲ་བསྐྱེད་པའི་ནུས་པ་བཞི་ལས། མི་སྤོང་རྒྱུ་ནི་ཕྱི་མ་གཉིས་པོ་ཡིན་པར་གསུངས་པས། མདོར་ན་མི་སྤོང་རྒྱུའི་ཉོན་མོངས་ནི་འདོད་ཆགས་ཉིད་ཡིན་ཏེ། མ་རིག་པ་དང་ལྟ་བའི་བག་ལ་ཉལ་ནི་ལམ་ཤེས་ཀྱིས་ཆེད་དུ་གཉེར་ནས་སྤོང་བར་བཤད་ཅིང་། ཁོང་ཁྲོ་དང་ང་རྒྱལ་ནི་སེམས་དཔའི་ 4-1-229b ལམ་གྱི་མི་མཐུན་ཕྱོགས་ཡིན་པས་སྤང་བྱ་ཁོ་ནར་ངེས་སོ། །འདོད་ཆགས་ལའང་རྒྱུད་རབ་ཏུ་མ་ཞི་བར་བྱེད་ནུས་ནི་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་མ་བསྒོམ་ཡང་། བདག་མེད་གཉིས་རྟོགས་པའི་ཤེས་རབ་ཤེས་སྒྲིབ་ཀྱི་གཉེན་པོར་ཆེད་དུ་གཉེར་ནས་བསྒོམས་པས་རྒྱུད་རབ་ཏུ་མ་ ཞི་བར་བྱེད་ནུས་ཀྱི་ཉོན་མོངས་དེ་ཡང་ཞར་ལ་སྤོང་ནུས་པ་ཡིན་ཏེ། ཤེས་རབ་དེས་རྒྱུད་མ་རུངས་པར་བྱེད་པའི་ཉོན་མོངས་ཀྱི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སེལ་བའི་ཕྱིར་རོ། །འོན་ཀྱང་སྲིད་པར་སྐྱེ་བ་ལེན་ནུས་ཀྱི་ཉོན་མོངས་པའི་རྒྱུ་ནི་མི་སྤོང་སྟེ། སྟོང་ཉིད་རྟོགས་པའི་ཤེས་ རབ་དང་སྙིང་རྗེ་ཆེན་པོ་གཉིས་མཚུངས་ལྡན་དུ་འབྱུང་ལ། དེ་དང་སྐྱེ་བ་ལེན་ནུས་ཀྱི་འདོད་ཆགས་ཀྱི་བག་ལ་ཉལ་མཚུངས་ལྡན་དུ་འབྱུང་བའི་ཕྱིར། དེས་ན་སངས་རྒྱས་ཀྱི་སའམ། ཡང་ན་ས་བརྒྱད་པ་མ་ཐོབ་ཀྱི་བར་དུ་སེམས་དཔས་འདོད་ཆགས་ཀྱི་བག་ལ་ཉལ་མ་སྤངས་ པར་རང་རྒྱུད་ལ་ལྡན་ནོ། །ཉན་རང་འཕགས་པ་ལ་འདི་མི་མཚུངས་ཏེ། དམན་པའི་འཕགས་པས་ནི་ཉོན་མོངས་པའི་བག་ལ་ཉལ་ཕྱི་མ་འདི་ཆེད་དུ་གཉེར་ནས་སྤོང་ལ། དེའི་རྒྱུན་ཡང་སྲིད་པར་སྐྱེ་བ་ལེན་པ་དེ་ཆེད་གཉེར་དུ་བྱས་ནས་སྤང་དགོས་པ་ལས། དེ་སྤོང་བའང་དེའི་རྒྱུ་ སྤོང་བ་ལ་རག་ལས་པའི་དོན་གྱིས་སོ། །དེས་ན་ཐེག་པ་ཆེ་ཆུང་གི་ཁྱད་པར་གྱིས་གཅིག་གི་ལམ་གྱི་སྤང་བྱའི་གཙོ་བོ་དེ་ཅིག་ཤོས་ཀྱིས་ལམ་གྱི་གྲོགས་སུ་འཇོག་པ་ཡིན་ནོ། ། འོ་ན་འདི་ཉོན་མོངས་མཚན་ཉིད་པ་ཡིན་ན་ལམ་ཤེས་ཀྱིས་སྤོང་བར་བཤད་དེ། རྒྱན་ལས། མཐོང་ བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤོང་བའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པས། མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཞེས་མང་ཚིག་གི་སྒྲས་སྔ་མར་བསྟན་ནས། ཡང་དེ་མ་ཐག་ཏུ་ཉོན་མོངས་ 4-1-230a ཐམས་ཅད་ཟད་པར་ཡང་དག་པར་བྱས་ཞེས་པས་སྤོང་བར་བཤད་པ་དང་། ཁྱོད་ཀྱིས་སེམས་དཔའི་རྒྱུད་ལ་ཉོན་མོངས་མཚན་ཉིད་པ་ཡོད་པར་བཤད་པ་འགལ་ལོ་ཞེ་ན། ཁོ་བོ་དེ་ལྟར་དུ་སྨྲ་ན་ཁྱོད་བདེན་ཀྱང་། འདིར་ནི་དེ་ཉོན་མོངས་མཚན་ཉིད་པར་ཁས་མི་ བླངས་ཏེ། འདོགས་པའི་ཆོས་གསུམ་ཚང་བའི་ཕྱིར་དང་། དེས་བཞག་པའི་བག་ལ་ཉལ་ཀུན་ལྡང་དྲག་པོ་དང་བྲལ་བ་དེ་ཡིན་པའི་ཕྱིར་དང་། དེ་དང་བྱེད་ལས་འདྲ་བས་སོ། །དགོས་པ་ནི། ཐེག་ཆེན་འཕགས་པ་རྣམས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཡོད་དོ་ཞེས་ཤེས་པའི་ཆེད་ཡིན་ ནོ། །དངོས་ལ་གནོད་བྱེད་ནི། དེ་འདྲ་དེས་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་མ་ཡིན་པའི་ཕྱིར་ན། འབྲས་བུ་ངན་སོང་སོགས་ཁམས་གསུམ་དུ་དབང་མེད་པར་འཁོར་བའི་རྒྱུ་གཏན་བྱེད་པ་མ་ཡིན་ནོ། ། འོ་ན་དེ་ཉོན་སྒྲིབ་ཏུ་བཞག་ནས་ཅི་བྱ། ཤེས་སྒྲིབ་ཀྱི་རྣམ་གཞག་ཏུ་བྱེད་མོད་ ཅེ་ན། མ་ཡིན་ཏེ། འདོད་སྲེད་ཀྱི་བག་ལ་ཉལ་དེ་འདྲ་དེ་སྤོང་བ་དང་། སྤོང་བའི་ལམ་གཉིས་ཀ་དམན་ལམ་ནས་ཡོད་ལ། དེ་ཡོད་པའི་དོན་གྱིས་སྒྲིབ་པ་འདི་ལ་བག་ལ་ཉལ་གྱི་ཉོན་སྒྲིབ་ཅེས་བྱའོ་ཞེས་འཕགས་གྲོལ་གྱིས་བཞེད་ལ། རྣལ་འབྱོར་སྤྱོད་པ་བས་ནི་འདོད་སྲིད་ཀྱི་བག་ ལ་ཉལ་ལ་ཉོན་མོངས་དང་ཉོན་སྒྲིབ་མཚན་ཉིད་པར་ཁས་ལེན་ཅིང་། དེ་འདྲའི་སྒྲིབ་པ་དེའང་ཉན་ཐོས་ཀྱིས་དགྲ་བཅོམ་པ་དང་། སེམས་དཔས་རྒྱུན་མཐར་སྤོང་བར་འདོད་དོ། ། འོ་ན་ས་དང་པོར་ཉན་རང་གི་སྤངས་པ་མ་རྫོགས་པར་ཡང་མི་འགྱུར་ཏེ། དཔེར་ན་ས་དང་པོར་སྡུག་བསྔལ་གྱི་ ཕུང་པོ་དང་མ་བྲལ་ཡང་། དེ་ཙམ་གྱིས་དེར་དེའི་སྤངས་པ་མ་རྫོགས་པར་འཇོག་མི་ནུས་པ་བཞིན་ནོ། །འཕགས་པ་ལྟར་ན་དེར་མ་ཟད་བག་ལ་ཉལ་གྱི་ཉོན་མོངས་གང་ཡིན་ཐམས་ཅད་དམན་པའི་དགྲ་བཅོམ་པས་སྤངས་ཟིན་པ་ཡིན་ལ། དེའི་གནས་ངན་ལེན་ནི་མ་ཡིན་ཏེ། མ་རིག་ 4-1-230b པའི་བག་ཆགས་བཞིན་སེམས་དཔའ་ལའང་དེ་དང་མཚུངས་པས་འདོད་སྲིད་ཀྱི་བག་ལ་ཉལ་ཉོན་མོངས་དང་ཉོན་སྒྲིབ་ཏུ་མི་བཞག་གོ། དེས་སྲིད་པར་ཇི་ལྟར་སྐྱེ་བ་ལེན་པའི་རྒྱུ་བྱེད་ཅེ་ན། འདོད་ཆགས་ཀྱི་བག་ལ་ཉལ་དང་། མ་རིག་པའི་བག་ཆགས་སོ། །དང་པོས་ནི་སེམས་དཔའ་ དེ་འཁོར་བར་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུ་རྗེས་མཐུན་པ་བྱེད་ལ། འབྲས་བུར་གྱུར་པའི་ཕུང་པོ་ནི་ཟག་བཅས་རྗེས་མཐུན་པ་ཡིན་ནོ། །གཉིས་པས་ནི་སེམས་དཔའ་དེ་འཁོར་བར་སྐྱེ་བ་འཕེན་བྱེད་ཀྱི་ལས་རྒྱུ་མཐུན་པར་བྱེད་ལ། འབྲས་བུ་ནི་ཟག་མེད་རྒྱུ་མཐུན་པའོ། །རྒྱུ་གཉིས་པོ་དེ་ སེམས་དཔའ་ཅི་དང་ཅི་འདྲ་བ་ཞིག་གི་རྒྱུད་ལ་ལྡན་ཅེ་ན། དམན་ལམ་སྔོན་དུ་མ་སོང་བའི་མ་དག་སའི་བྱང་འཕགས་ལ་ནི་རྒྱུ་དང་པོ་ཡོད་ཅིང་། རྒྱུ་དེ་ལ་འཕགས་སེང་ལུགས་ཀྱིས་ལམ་ཤེས་ཀྱི་རང་བཞིན་དུ་བཞག་གོ། དག་སའི་སེམས་དཔའ་དང་དམན་པའི་དགྲ་བཅོམ་གྱི་ རྟོགས་པ་སྔོན་སོང་ལ་ནི་རྒྱུ་གཉིས་པ་ཁོ་ནས་འཁོར་བར་སྐྱེ་བའི་རྒྱུ་བྱེད་དོ། ། ཆེན་པོ་ཁ་ཅིག་འདི་སྐད་དུ་ཟེར་ཏེ། ལམ་ཤེས་དེའི་ངོ་བོའམ་རང་བཞིན་ནི། ཉོན་མོངས་རྟགས་དང་མཚན་མ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དང་། །དབེན་དང་ཞེས་སོགས་ཀྱིས་ངོ་བོ་ཉིད་ཀྱི་ མཚན་ཉིད་དུ་བསྟན་པ་གང་ཡིན་པ་དེ། སྐབས་འདིར་ཡང་མོས་སྤྱོད་ཀྱི་ས་ནས་བཟུང་སྟེ་མི་སློབ་ཏུ་ཐུག་པའི་བར་ནི་འདི་དག་ཡིན་ལ། གཞན་དག་ཉོན་མོངས་མི་སྤོང་བའི་རང་བཞིན་ཞེས་སྦྱར་བ་ནི་རྗེ་བཙུན་གྱི་དགོངས་པ་མ་ཡིན་ཏེ། མདོ་དང་འགལ་བའི་ཕྱིར་ཞེས་ཟེར་རོ། །སྨྲ་ བ་དེ་ཡང་ཕྱོགས་སུ་ལྷུང་བའི་གཏམ་ཡིན་ཏེ། ལམ་ཤེས་ཀྱི་རང་བཞིན་དེ་ཐབས་ཤེས་ཟུང་འཇུག་གི་མཁྱེན་པ་ཡིན་པ་ལས། ཤེས་རབ་ཀྱི་ཆ་ནས་ཁྱོད་འདོད་པའི་ངོ་བོ་ཉིད་མཚན་དང་གཅིག་པ་བདེན་ཀྱང་། ཐབས་ཀྱི་ཆ་ནས་ཁྱོད་ཀྱིས་མི་འདོད་པའི་ཉོན་མོངས་པའི་རང་བཞིན་གྱི་ 4-1-231a མིང་ཅན་འཁོར་བ་ཇི་སྲིད་པར་གཞན་དོན་བྱེད་པར་སྨོན་ཅིང་། དེའི་སྦྱོར་བ་ལ་ཞུགས་པ་ནི་སེམས་དཔའ་རྣམས་ཀྱི་རང་བཞིན་ཡིན་པས་དེར་གསུངས་པས་ནི་སློབ་དཔོན་སེང་བཟང་ལ་འཁྲུལ་བ་མ་འཚལ་ཏོ། །ལྔ་པ་བྱེད་ལས་ཀྱི་ཡན་ལག་ནི། མདོར། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་མཆོག་ཏུ་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཐོབ་པར་བྱའོ། །ཞེས་སོ། །ལམ་ཤེས་ཀྱི་རང་བཞིན་བསྟན་པ་དེའི་འོག་ཏུ་རང་བཞིན་བཤད་མ་ཐག་པ་དེ་ལྟ་བུའི་རང་བཞིན་ཅན་གྱི་སེམས་དཔའི་བྱེད་ལས་ནི་རྫོགས་སྨིན་སྦྱངས་གསུམ་ མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པས་ནི་རྫོགས་སྨིན་སྦྱངས་གསུམ་དེའི་ཕྱིར། ཤེས་རབ་དང་ཐབས་ལ་མཁས་པས་སེམས་ཅན་འཁོར་དུ་ཡོངས་སུ་མ་བསྡུས་པ་ཡོངས་སུ་སྡུད་པ་དང་། ལ་སོགས་པས་བསྡུས་པ་སྨིན། སྨིན་པ་གྲོལ། གྲོལ་བ་མཐར་ཕྱིན་ པར་བྱེད་པའི་ལམ་ལ་འགོད་པར་བྱེད་པ་ཡིན་ནོ། །དེ་ལྟར་རང་བཞིན་དང་བྱེད་ལས་བསྟན་པ་འདིས་ཉན་ཐོས་ཀྱི་ལམ་གྱི་རང་བཞིན་དང་འབྲས་བུ་ལས། བྱང་ཆུབ་སེམས་དཔའི་ལམ་གྱི་རང་བཞིན་དང་འབྲས་བུ་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ནོ། ། འགའ་ཞིག་ གིས་སྐབས་འདིར་ལམ་ཤེས་ཀྱི་བྱེད་ལས་ནི། ཕན་དང་བདེ་དང་སྐྱོབ་པ་དང་། །ཞེས་སོགས་བྱེད་པའི་མཚན་ཉིད་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་དེ་ལ་ངོས་འཛིན་དགོས་ཀྱི། རྫོགས་སྨིན་སྦྱངས་གསུམ་ལ་འདིའི་བྱེད་ལས་སུ་ངོས་འཛིན་པ་ནོར་ཞེས་ བརྗོད་ཀྱང་། ནོར་བ་མ་ཡིན་ཏེ། འཇིག་རྟེན་གྱི་དོན་འབྲས་དུས་སུ་སྒྲུབ་པའི་རྒྱུའི་གཙོ་བོ་ལམ་དུས་ཀྱི་རྫོགས་སྨིན་སྦྱངས་གསུམ་གྱི་བྱེད་པ་ལ་རག་པ་དང་། ལམ་དུས་སུའང་འཇིག་རྟེན་གྱི་དོན་སྒྲུབ་པའི་བྱེད་པ་དེ་རྫོགས་སྨིན་སྦྱངས་གསུམ་ལས་ལྷག་པའི་བྱེད་པ་མེད་པས་ 4-1-231b བྱེད་པ་འདི་འཐད་དོ། །ཁྱེད་ལྟར་རྫོགས་སྨིན་སྦྱངས་གསུམ་སྐབས་འདིའི་བྱེད་པར་མི་འཐད་ལ། འཇིག་རྟེན་གྱི་དོན་སྒྲུབ་བྱེད་པ་སྐབས་འདིའི་བྱེད་པར་འཐད་ཅེས་སྨྲ་བ་ནི་རང་ཚིག་འགལ་བར་དོན་གྱིས་སོང་མི་འདུག་གམ་རྟོགས་ཤིག ། གཉིས་པ་ལམ་ཤེས་དངོས་ལ་གསུམ། ཉན་ཐོས་ཀྱི། རང་རྒྱལ་གྱི། བྱང་ཆུབ་སེམས་དཔའི་ལམ་ཤེས་པའི་ལམ་ཤེས་སོ། །དང་པོ་ལ་གཉིས། ལམ་གྱི་རང་བཞིན་ལམ་ཤེས་དངོས་དང་། དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ། སྤྱི་དོན་དང་། ཚིག་དོན་གཉིས་ལས། དང་པོ་ལ། འབྲེལ་དང་མདོ་བཀོད་ པ། སྤྱི་དོན་དངོས་སོ། ། མདོའི་འབྲེལ་ལ་གསར་དུ་ལྷགས་པའི་འཁོར་གྱི་གཙོ་བོ་བརྒྱ་བྱིན་གྱིས་རབ་འབྱོར་ལེའུར་གསུངས་པའི་ཤེར་ཕྱིན་དེ་གང་ཡིན་དྲིས་པའོ། །བསྟན་བཅོས་ཀྱི་འབྲེལ་ནི། སློབ་མ་བསེ་རུའི་ལམ་གང་དང་། །ཞེས་པའོ། །བཤད་བྱའི་མདོ་ནི། དེའི་དྲིས་ ལན། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་མི་དམིགས་པའི་ཚུལ་གྱིས་གཟུགས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བར་ཡིད་ལ་བྱའོ། །ཞེས་སོགས་ཉི་ཤུ་རྩ་དྲུག་གསུངས་སོ། ། གཉིས་པ་སྤྱི་དོན་དངོས་ལ། ཤེས་པར་བྱ་བ་ཉན་ཐོས་ཀྱི་ལམ་གྱི་རང་བཞིན་དང་། དེ་ཐེག་ཆེན་ལམ་གྱི་གནས་སྐབས་གང་དུ་བསྐྱེད་པ། ལམ་དང་ལམ་ཤེས་གང་བསྟན་པའོ། །དང་པོ་ནི། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པས། སོ་སོར་ཐར་པའི་སྡོམ་པ་རིས་བདུན་པོ་ལས་གང་ཡང་རུང་བ་རྒྱུད་ལ་ལྡན་པར་བྱས་ནས། དེའི་རྗེས་ལ་ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས་པའི་སྒོ་ནས་མཁས་པར་བྱ་བའི་དངོས་པོ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་བཅུ་གཉིས་དང་། གནས་དང་གནས་ 4-1-232a མ་ཡིན་པ་དང་། དབང་པོ་སྟེ་དྲུག་ལ་མཁས་པར་བྱའོ། །དེའི་རྗེས་ལ་ལམ་སྒོམ་པར་བྱེད་དེ། དེའང་ཚོགས་ལམ་ཆུང་འབྲིང་ཆེན་པོ་གསུམ་དང་། དེ་ནས་དྲོད་ཆུང་འབྲིང་ཆེ་གསུམ་དང་། དེ་ནས་རྩེ་མོ་ཆུང་འབྲིང་ཆེ་གསུམ་དང་། དེ་ནས་བཟོད་པ་ཆུང་ འབྲིང་ཆེ་གསུམ་རིམ་པ་བཞིན་དུ་བསྒོམས་ལ། དེ་ནས་ཆོས་མཆོག་སྐད་ཅིག་གཅིག་ལ་སྐྱེ་བ་ཡིན་ཏེ། མཛོད་ལས། ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། །དེ་ནི་སྐད་ཅིག་གཅིག་དེ་བཞིན། །ཆོས་མཆོག་དེ་བཞིན། ཅེས་སོ། །དེའི་དོན་བཟོད་ཆེན་དེ་ནི་འདོད་པར་གཏོགས་པའི་སྡུག་ བདེན་གྱི་ཡུལ་ལ་དམིགས་པའི་རྒྱུན་མེད་པར་སྐད་ཅིག་གཅིག་ཁོ་ནར་སྐྱེ་བ་དེ་བཞིན་དུ་ཆོས་མཆོག་ཀྱང་དེ་ལྟར་རོ། །བཟོད་པ་འབྲིང་ཕྱིན་གྱི་ལམ་ཇི་ལྟར་སྐྱེ་བའི་ཚུལ་ནི། ཇི་སྐད་དུ། དེ་ལས་དྲོ་བར་གྱུར་པ་འབྱུང་། །དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །རྣམ་པ་བཅུ་ དྲུག་དྲོ་བ་ལས། །རྩེ་མོ་དེ་ཡང་དེ་དང་འདྲ། །གཉིས་ཀ་ཆོས་ཀྱིས་རྣམ་པ་གཏོད། །གཞན་དག་གིས་ཀྱང་འཕེལ་བར་བྱེད། །དེ་ལས་བཟོད་པ་སྐྱེ་བས་ཏེ། །རྣམ་གཉིས་དེ་བཞིན་བརྗོད་པ་ནི། །ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད། །ཅེས་པས། དྲན་ཉེ་བསྒོམ་པ་དེ་ ལས་སྦྱོར་ལམ་དྲོ་བ་ཆུང་ངུ་འབྱུང་ཞིང་། དྲོ་བ་ཆུང་འབྲིང་ཆེ་གསུམ་དེ་ནི་བདེན་པ་བཞི་སྤྱིའི་ཡུལ་ཅན་རྣམ་པ་མི་རྟག་སོགས་བཅུ་དྲུག་གི་རྣམ་པར་བསྒོམ་པ་ལ་བརྟེན་ནས་དྲོ་བ་ཡོངས་སུ་རྫོགས་ཤིང་། དྲོ་བ་ལ་བརྟེན་པའི་རྩེ་མོ་འབྱུང་བ་དེ་ཡང་དམིགས་རྣམ་དྲོ་བ་དེ་དང་འདྲ་ལ། དྲོད་རྩེ་གཉིས་ཀ་ཡང་ཆོས་དྲན་ཉེའི་ངོ་བོར་རྣམ་པ་གཏོད་ཅིང་། ལུས་དྲན་ཉེ་སོགས་གཞན་གསུམ་པོ་དག་གིས་ཀྱང་ལམ་འཕེལ་ཞིང་རྫོགས་པར་བྱེད་དོ། །བཟོད་པ་ཆུང་འབྲིང་གཉིས་ཡང་རྩེ་མོ་དེ་ལས་འབྱུང་ཞིང་དམིགས་རྣམ་སྔ་མ་བཞིན་ནོ། ། དེ་དག་གི་ངག་དོན་བསྡུ་ 4-1-232b ན། དྲོ་བ་ཆུང་ངུའི་གནས་སྐབས་སུ་འདོད་པའི་སྡུག་བསྔལ་གྱི་རྣམ་པ་བཞི། ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་གྱི་རྣམ་པ་བཞི་སྟེ་བརྒྱད་དོ། །བདེན་པ་གཞན་གསུམ་ལ་ཡང་དེ་ལྟར་བསྒྲེས་པས་རྣམ་པ་སུམ་ཅུ་རྩ་གཉིས་བསྒོམ་མོ། །དེ་བཞིན་བཟོད་པ་ཆུང་ངུ་མན་ཆད་དུ་ རྣམ་པ་སུམ་ཅུ་རྩ་གཉིས་གཉིས་བསྒོམས་པས་རྣམ་པ་ཉིས་བརྒྱ་ཉི་ཤུ་རྩ་བཞི་ཡོད་དོ། །བཟོད་འབྲིང་གི་སྐབས་སུ་ཁམས་གོང་གི་ལམ་གྱི་རྣམ་པ་བཞི་བོར་ནས་རྣམ་པ་ཉེར་བརྒྱད་བསྒོམ། དེ་ནས་འདོད་ཁམས་ཀྱི་ལམ་གྱི་རྣམ་པ་བཞི་བོར་ནས་རྣམ་པ་ཉེར་བཞི་བསྒོམ་པ་དེ་ དང་། སྔ་མའི་ཉེར་བརྒྱད་པ་དང་བསྲེས་པས་ལྔ་བཅུ་ང་གཉིས་འབྱུང་ལ། དེ་ནས་ཁམས་གོང་གི་འགོག་པའི་རྣམ་པ་བཞི་བོར་ནས་རྣམ་པ་ཉི་ཤུ་བསྒོམ་པ་དེ་སྔ་མའི་ང་གཉིས་པོ་དང་བསྲེས་པས་བདུན་ཅུ་དོན་གཉིས་འབྱུང་ལ། དེ་ནས་འདོད་ཁམས་ཀྱི་འགོག་པའི་རྣམ་པ་བཞི་བོར་ ནས་རྣམ་པ་བཅུ་དྲུག་བསྒོམ་པ་དེ་སྔ་མའི་དོན་གཉིས་དང་བསྲེས་པས་བརྒྱད་ཅུ་གྱ་བརྒྱད་འབྱུང་ལ། དེ་ནས་ཁམས་གོང་གི་ཀུན་འབྱུང་གི་རྣམ་པ་བཞི་བོར་ནས་རྣམ་པ་བཅུ་གཉིས་བསྒོམ་པ་དེ་སྔ་མའི་གྱ་བརྒྱད་པ་དང་བསྲེས་པས་བརྒྱ་ཐམ་པ་འབྱུང་ལ། དེ་ནས་འདོད་ཁམས་ཀྱི་ཀུན་ འབྱུང་གི་རྣམ་པ་བཞི་བོར་ནས་རྣམ་པ་བརྒྱད་བསྒོམ་པ་དེ་སྔ་མའི་བརྒྱ་ཐམ་པ་དང་བསྲེས་པས་བརྒྱ་དང་བརྒྱད་འབྱུང་བས། དེའི་ཁར་སྲེད་པ་སྤྱོད་པའི་གང་ཟག་གི་དབང་དུ་བྱས་ན་སྡུག་བསྔལ་གྱི་རྣམ་པ་བཞི་ཡོད་པ་ལས། ཐ་མ་གཉིས་གང་རུང་ཞིག་བོར་ནས་རྣམ་པ་ གཞན་གསུམ་བསྒོམ་དགོས་པ་ལས། རྣམ་པ་གཞན་གསུམ་པོ་ལའང་ཁམས་གོང་འོག་གི་དབྱེ་བས་དྲུག་ཏུ་འགྱུར་བ་དེ་དང་སྔ་མའི་བརྒྱ་དང་བརྒྱད་བསྲེས་པས་བརྒྱ་དང་བཅུ་བཞི་འབྱུང་ལ། དེ་ནས་སྡུག་བདེན་གྱི་རྣམ་པ་ཐ་མ་གཉིས་ཀ་བོར་ནས་དང་པོ་གཉིས་བསྒོམ་ 4-1-233a པ་ལ་ཁམས་གོང་འོག་གི་དབྱེ་བས་བཞིར་གྱུར་པ་དེ་སྔ་མའི་བརྒྱ་བཅུ་བཞི་པོ་དང་བསྲེས་པས་བརྒྱ་དང་བཅོ་བརྒྱད་འབྱུང་ལ། སྡུག་བསྔལ་གྱི་རྣམ་པ་ནི་ངའོ་སྙམ་པ་ནི་ང་རྒྱལ་གྱི་གཉེན་པོ་ཡིན་ཅིང་། མི་རྟག་པའི་རྣམ་པ་ནི་ལེ་ལོའི་གཉེན་པོ་ཡིན་ལ། མི་རྟག་པའི་རྣམ་པ་དེ་གནས་སྐབས་དེར་ལན་གཉིས་བསྒོམ་དགོས་པས། དེ་ལྟར་བགྲངས་པས་རྣམ་པ་བརྒྱ་བཅུ་དགུས་བཟོད་པ་འབྲིང་རྫོགས་པ་ཡིན་ཏེ། གདགས་པ་ལས། སྐད་ཅིག་མ་བརྒྱ་རྩ་བཅུ་དགུ། །ཞེས་སོ། །ལྟ་བ་སྤྱོད་པའི་གང་ཟག་གི་དབང་དུ་བྱས་ པ་ལ་ནི་སྲེད་པ་སྤྱོད་པའི་གཉེན་པོར་བསྒོམ་པའི་དམིགས་རྣམ་དེ་དག་གོ་བཟློག་པའི་ཚུལ་གྱིས་ཤེས་པར་བྱའོ། །སྲེད་པ་དང་ལྟ་བ་འདི་གཉིས་ཉེར་ལེན་གྱི་རྩ་བ་ཡིན་པས་དེའི་ཆེད་དུ་གཉེན་པོ་ཆེར་བསྐྱེད་དགོས་པ་ཡིན་ནོ། །བཟོད་ཆེན་དང་ཆོས་མཆོག་སྐྱེ་ཚུལ་ནི་གོང་དུ་ བཤད་ཟིན་ཏོ། །སྦྱོར་ལམ་རྫོགས་པའི་རྗེས་དེ་ནས་བདེན་པ་མངོན་རྟོགས་ཀྱི་སྐད་ཅིག་མ་བཅུ་དྲུག་རིམ་བཞིན་དུ་སྐྱེ་བ་ཡིན་ནོ། །དེའི་དང་པོ་བཅོ་ལྔ་ནི་མཐོང་ལམ་ཡིན་ཏེ། ཇི་སྐད་དུ། དེ་ལས་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་སོ། ། བཅུ་དྲུག་པ་ནི་མཐོང་སྤང་ཐག་སྲིང་བྱེད་ཀྱི་གཉེན་པོ་ཡིན་གྱི། སྒོམ་སྤང་གི་གཉེན་པོ་ནི་མ་ཡིན་ནོ། །དེའི་རྗེས་ལ་སྒོམ་སྤང་གི་གཉེན་པོ་སྒོམ་ལམ་སྐྱེ་བ་ཡིན་ནོ། །ཇི་ལྟར་སྐྱེ་ན། ལམ་རིམ་གྱིས་པས་ནི་ས་དགུ་ན་སྒོམ་སྤང་དགུ་དགུ་ཡོད་པ་དེ་དག་སྤོང་བྱེད་ཀྱི་གཉེན་པོ་ སྒོམ་ལམ་དགུ་དགུ་རིམ་གྱིས་སྐྱེ་བ་ཡིན་ཏེ། ཇི་སྐད་དུ། ས་དང་ས་ན་ཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཞེས་སོ། །ཅིག་ཅར་བས་ནི་སྒོམ་སྤང་གི་གཉེན་པོ་སྒོམ་ལམ་སྐྱེ་བའི་ཚུལ་ 4-1-233b སེམས་དཔའ་དང་མཐུན་ནོ། །སྒོམ་ལམ་རྫོགས་པའི་རྗེས་སུ་འབྲས་བུ་ཟད་པ་ཤེས་པ་དང་། མི་སྐྱེ་ཤེས་པའི་ཡེ་ཤེས་གཉིས་མངོན་དུ་བྱེད་དེ། ཇི་སྐད་དུ། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ། ཅེས་སོ། །དེ་ལྟར་བསྟན་པའི་ཡེ་ཤེས་གཉིས་དེ་གང་ཞེ་ན། སྡུག་བསྔལ་ ཤེས་པར་བྱ་ཞེས་སོགས་ཀྱིས་བྱ་བ་བྱས་པའི་རྣམ་པ་ཅན་དུ་ཤེས་པ་ནི་ཟད་པ་ཤེས་པའི་ཡེ་ཤེས་ཡིན་ཏེ། ཇི་སྐད་དུ། ཟད་པ་ཤེས་པ་བདེན་རྣམས་ལ། །ཡོངས་ཤེས་ལ་སོགས་ངེས་པའོ། །ཞེས་སོ། །སྡུག་བསྔལ་ཤེས་པར་བྱས་ཟིན། ཤེས་པར་བྱ་བ་གཞན་མེད། ཅེས་སོགས་ བྱ་བ་བྱར་མེད་ཀྱི་རྣམ་པ་ཅན་དུ་ཤེས་པ་ནི་མི་སྐྱེ་བའི་ཡེ་ཤེས་ཡིན་ཏེ། ཇི་སྐད་དུ། ཡོངས་ཤེས་བྱ་མེད་ཅེས་ལ་སོགས། །མི་སྐྱེ་བ་ཡི་བློ་འདོད་དོ། །ཞེས་སོ། །གཉིས་པ་དེ་ཐེག་ཆེན་ལམ་གྱི་གནས་སྐབས་གང་དུ་བསྐྱེད་པ་ལ་གཉིས། དམ་བཅའ་དང་། དེ་ལ་རྩོད་ སྤང་ངོ་། །དང་པོ་ནི། ཉན་ཐོས་ཀྱི་རྟོགས་རིས་དང་སྤངས་པ་ཐམས་ཅད་སེམས་དཔའི་ས་དང་པོར་འདུ་བ་ཡིན་ཏེ། ཡུམ་འབྲིང་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤངས་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་པའི་འགྲེལ་པར། སློབ་དཔོན་འཕགས་གྲོལ་གྱིས། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོགས་གསུངས་པའི་ཕྱིར་ རོ། །གཉིས་པ་ནི། ས་དང་པོ་ན་སྒོམ་སྤང་སྤངས་པ་ཡོད་པར་ཐལ། ཉན་རང་ལ་སྒོམ་སྤང་སྤངས་པ་ཡོད་པའི་ཕྱིར་ཞེ་ན། ས་དང་པོ་ན་ཉན་རང་གི་ལུགས་ལ་བལྟོས་པའི་སྒོམ་སྤང་སྤངས་པ་ཡོད་པར་འདོད་དེ། ཐེག་ཆེན་གྱི་མཐོང་སྤང་སྤངས་པ་དེ་ཐེག་དམན་གྱི་སྒོམ་སྤང་ 4-1-234a སྤངས་པས་རྒྱ་ཆེ་བའི་ཕྱིར་སྤངས་པ་རྒྱ་ཆེ་ཤོས་ཀྱི་ནང་དུ་སྤངས་པ་རྒྱ་ཆུང་ཤོས་ཀྱི་རིགས་འདུས་པས་ཁྱབ་བོ། །ས་དང་པོ་ན་ཐེག་ཆེན་རང་ལུགས་ཀྱི་སྒོམ་སྤང་སྤངས་པ་ཡོད་པར་ཐལ། ཉན་རང་གི་སྒོམ་སྤང་སྤངས་པ་ཡོད་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དོ། ། ཡང་ཁ་ཅིག་ས་དང་པོ་ན་ཉོན་སྒྲིབ་མ་ལུས་པ་སྤངས་པ་ཡོད་པར་ཐལ། ཉན་རང་དགྲ་བཅོམ་པ་ལ་ཉོན་སྒྲིབ་མ་ལུས་པ་སྤངས་པ་ཡོད་པའི་ཕྱིར་ཞེ་ན། ཐེག་ཆེན་པས་ཡས་གཞལ་ན། ཉན་རང་དགྲ་བཅོམ་པ་ལ་ཉོན་སྒྲིབ་མ་ལུས་པ་སྤངས་པ་ཡོད་པ་རྟགས་མ་གྲུབ་པ་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་མ་རིག་པའི་བག་ཆགས་ཀྱི་ས་མ་སྤངས་པས་ཉོན་མོངས་པའི་དྲི་མ་དྲི་ང་བ་ཐམས་ ཅད་དང་ལྡན་པའི་ཕྱིར། གཙང་བའི་ཕ་རོལ་ཏུ་ཕྱིན་པ་མི་འཐོབ་བོ། །ཞེས་སོ། །གསུམ་པ་ལམ་དང་ལམ་ཤེས་གང་བསྟན་པ་ཡིན་ཞེ་ན། སྐབས་གཉིས་པ་འདིར་ལམ་དང་ལམ་ཤེས་གཉིས་ཀ་བསྟན་པ་ཡིན་ཏེ། སློབ་མ་བསེ་རུའི་ལམ་གང་དང་། །འདི་དང་གཞན་ པའི་ཡོན་ཏན་གྱི། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །ཞེས་དང་། ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་སོ། །གཉིས་པ་ཚིག་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་ལམ་ཤེས་སྐྱེ་བ་རྟེན་དང་ལ་སོགས་པས་ཡན་ལག་ལྔ་བརྗོད་ནས། སེམས་དཔའི་ལམ་ཤེས་ པ་ཉིད་འཆད་པའི་སྐབས་སུ་བྱང་ཆུབ་གསུམ་གྱི་ལམ་ཐམས་ཅད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཡར་ལྡན་དུ་རྫོགས་པར་བྱ་དགོས་པས། དེ་ལ་དང་པོར་ཉན་ཐོས་ཀྱི་ལམ་བསྟན་པར་མཛད་དོ། །གཉིས་པ་ནི། སེམས་དཔའ་ལམ་ཤེས་པ་ཉིད་ཀྱི་ངང་ཚུལ་ལ་ནི་རྣམ་མཁྱེན་ 4-1-234b ཡིད་བྱེད་དང་ལྡན་པས་རང་རྒྱུད་ཀྱི་འཕགས་པའི་བདེན་པ་བཞི་པོ་དག་གི་རྣམ་པ་སུམ་ཅུ་རྩ་གཉིས་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་ལྟ་བ་དང་། སྒོམ་པའི་སྒོ་ནས་ནི་ཉན་ཐོས་གཞན་རྒྱུད་ཀྱི་ལམ་དུ་ཡོད་པའི་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་ཀྱང་ཤེས་པར་བྱ་ དགོས་ཏེ། སྤངས་རྟོགས་ཡར་ལྡན་དུ་སྡུད་དགོས་པའི་ཕྱིར་དང་། གདུལ་བྱ་ཉན་ཐོས་ཀྱི་རིགས་གནས་རྗེས་སུ་གཟུང་དགོས་པའི་ཕྱིར་རོ། །དེ་སྐད་དུའང་འགྲེལ་ཆེན་ལས། མི་དམིགས་པར་སྒོམ་པ་ལ་སོགས་པའི་རིམ་གྱིས་ཉན་ཐོས་ལ་སོགས་པའི་ལམ་བྱང་ཆུབ་སེམས་ དཔའ་བསྒོམ་པར་བྱའོ་ཞེས་སོ། །ཞེས་བྱ་བ་གསུངས་ཏེ་ཞེས་འགྲེལ་བར་བཞེད་ནས་བཀོད་དོ། ། དེ་རྣམས་ཀྱི་དོན་ཅུང་ཟད་སྤྲོ་ན། ཉན་ཐོས་ཀྱི་ལམ་དེ་ཤེས་པར་བྱེད་མཁན་སེམས་དཔའ་རང་ཉིད་ཀྱི་རྒྱུད་ལ་ཡོད་པ་རྣམས་ནི་ཤེས་པར་བྱ་རྒྱུའི་ལམ་གྱི་གཙོ་བོ་ཡིན་ནོ། །དེའི་རྒྱུ་ མཚན་ཡང་དེའི་ལམ་ཤེས་ཚུལ་རང་རིག་པའི་ཚུལ་གྱིས་ཤེས་པ་ལས་ཡིན་ནོ། །གཞན་རྒྱུད་ལ་ཡོད་པ་རྣམས་ནི་ཤེས་བྱའི་ལམ་ཕལ་པར་འཇོག་གོ། དེའི་རྒྱུ་མཚན་ཡང་བྱང་འཕགས་ཀྱི་རྒྱུད་ཀྱི་ལམ་ཤེས་དེས་ཉན་རང་སོགས་ཀྱི་རྒྱུད་ལ་ཡོད་པ་དེ་མ་དཔྱད་ན་གཞན་རིག་ གི་ཚུལ་གྱིས་དང་། དཔྱད་ན་རང་རིག་གི་ཚུལ་གྱིས་རིག་པ་ལས་སོ། །འདིར་ཤེས་པར་བྱ་བ་ཉན་རང་གི་ལམ་དེ་ཉན་རང་གི་ལམ་མཚན་ཉིད་པ་མ་ཡིན་ཏེ། སེམས་དཔའི་ལམ་ལ་དེར་བཏགས་པ་ཡིན་ནོ། །འདོགས་པའི་རྒྱུ་མཚན་ཡང་འདུས་པ་ལ་འདུས་ཆོས་ཀྱི་མིང་གིས་ བཏགས་པ་ཡིན་ནོ། །མདོར་ན་ཤེས་བྱའི་ལམ་ནི་བྱང་སེམས་རང་རྒྱུད་ལ་ཤེས་བསྐྱེད་རྫོགས་པར་བྱ་བ་ཡིན་ནོ། །དེ་ལ་ཤེས་པའི་དོན་ནི། བདག་མེད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་རྟོག་པ་གསུམ་དང་བྲལ་བ་སྟེ། མ་འཁྲུལ་བའི་རིག་པར་གྱུར་པའོ། །བསྐྱེད་ 4-1-235a པའི་དོན་ནི། རྟོགས་རིས་གསུམ་ག་རང་རྒྱུད་ལ་བསྐྱེད་དགོས་པ་ཡིན་ཏེ། དེ་མ་བསྐྱེད་ན་གཞན་ལ་བསྟན་པར་མི་ནུས་པའི་ཕྱིར་རོ། །རྫོགས་པའི་དོན་ནི་རྟོགས་པ་རྫོགས་པས་ཆོག་པ་ཡིན་གྱི། མཐའ་གཅིག་ཏུ་སྤངས་པ་རྫོགས་མི་དགོས་སོ། །དེའི་ རྒྱུ་མཚན་ཡང་ཉན་རང་གི་སར་རྟོགས་པ་ལ་གེགས་བྱེད་ཀྱི་ཁྱད་པར་དེ་བྱང་སར་རྟོགས་པ་ལ་གེགས་བྱེད་མི་ནུས་པར་ཐབས་ཀྱིས་ཟིན་ནས་གཞན་དོན་དུ་ཉེ་བར་མཁོ་ནས་མི་སྤོང་བའམ། མི་མཁོ་ཡང་ཐེག་ཆེན་གྱི་རྟོགས་པ་ལ་གེགས་མི་བྱེད་པ་ཡོད་སྲིད་པས། དེར་སྤངས་པ་ རྫོགས་དགོས་པ་མ་ཡིན་ནོ། །སྤངས་པ་མ་རྫོགས་པས་རྫོགས་པ་མ་ཚང་བའི་སྐྱོན་དུའང་མི་འགྱུར་ཏེ། བྱང་ཆེན་གྱིས་ཆེད་དུ་གཉེར་བྱ་དེ་གཞན་དོན་དུ་རྟོགས་པ་རྫོགས་པ་དེ་ཆེད་གཉེར་གྱི་གཙོ་བོ་ཡིན་ལ། རང་དོན་དུ་སྤངས་པ་རྫོགས་པར་བྱེད་པ་ནི་ཆེད་གཉེར་གྱི་གཙོ་བོ་ མིན་པ་ལ་ཐུག་གོ། ལམ་གསུམ་ཤེས་པ་ཙམ་གྱིས་ལམ་ཤེས་སུ་འཇོག་པ་མ་ཡིན་ཏེ། དེ་ལྟར་ཡིན་ན་ཉན་རང་གི་རྒྱུད་ཀྱི་ལམ་ཤེས་པ་དེས་ཀྱང་རང་རྒྱུད་ཀྱི་ལམ་ཤེས་པའི་ཕྱིར་ལམ་ཤེས་སུ་འཇོག་རིགས་པ་ལས་མི་འཇོག་པ་བཞིན་ནོ། །འོ་ན་འཇོག་བྱེད་དེ་གང་ཞེ་ན། ལམ་གསུམ་པོ་རང་བཞིན་མེད་པར་རྟོགས་པའི་ཆ་ནས་ལམ་ཤེས་སུ་འཇོག་པ་ཡིན་ནོ། །འོ་ན་ལམ་ཤེས་སུ་འཇོག་པ་ལ་དེ་ཁོ་ནས་ཆོག་གམ་ཞེ་ན། མ་ཡིན་ཏེ། ལམ་ཤེས་ཀྱི་འཇོག་མཚམས་ནི། རྫོགས་སྨིན་སྦྱངས་གསུམ་མཐར་མ་ཕྱིན་པར་ཡང་དག་པའི་མཐའ་མངོན་ དུ་མི་བྱེད་པའི་ཆ་ནས་འཇོག་པ་གཙོ་ཆེ་བའི་ཕྱིར། ལམ་ཤེས་ཀྱི་མཚན་ཉིད་ཡོངས་རྫོགས་ནི་ཐེག་ཆེན་གྱི་ཐབས་རྒྱ་ཆེན་པོ་ལ་སྤྱོད་བཞིན་པ་ནས། ཐེག་ཆེན་གྱི་ཤེས་རབ་ཟབ་མོར་མཉམ་པར་བཞག་པ་ལ་འཇོག་གོ། གསུམ་པ་ལ། ཤེར་མདོར་འབྱུང་བའི་ལམ་གྱི་རྣམ་པ་དེ་ 4-1-235b མངོན་པ་ནས་འབྱུང་བའི་ལམ་གྱི་རྣམ་པ་དང་སྦྱར་དགོས་པའི་རྒྱུ་མཚན་དང་། སྦྱོར་བ་དངོས་སོ། །དང་པོ་ནི། དེ་གཉིས་སྦྱར་དགོས་ཏེ། མ་སྦྱར་ན་ལ་ལ་ཞིག་བྱང་འཕགས་ཀྱིས་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་འཛིན་མི་ནུས་ཏེ། མདོ་ལས་ཇི་ལྟར་བཤད་པའི་མིང་དང་གྲངས་ ལ་སོགས་པ་མི་མཐུན་པའི་ཕྱིར་སྙམ་པའི་དོགས་པ་དགག་དགོས་པའི་ཕྱིར་ཡིན་ཏེ། འགྲེལ་ཆེན་ལས། དེ་ལྟར་རིམ་པ་འདིས་ཐེག་པ་ཆེན་པོར་རྣམ་པ་ལ་ལ་ནི་རྣམ་གྲངས་ཀྱི་དང་། ལ་ལ་ནི་རང་གི་ངོ་བོ་ཉིད་དུ་བསྟན་པ་ཡིན་པས་ཉན་ཐོས་ཀྱི་ལམ་མ་ཡིན་པ་ཉིད་དུ་ཐལ་ བར་མི་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ལ། ཤེས་བྱ་ལམ་གྱི་རྣམ་པར་བཤད་པ་དང་། ཤེས་བྱེད་ལམ་གྱིས་ཇི་ལྟར་ཤེས་པའི་ཚུལ་ལོ། །དང་པོ་ལ་གཉིས། དོར་བྱ་སྡུག་ཀུན་གྱི་རྣམ་པ་དང་། བླང་བྱ་འགོག་ལམ་གྱི་རྣམ་པའོ། །དང་པོ་ལ་གཉིས། སྡུག་ ཀུན་སོ་སོའི་རྣམ་པ་དང་། ཐུན་མོང་གི་རྣམ་པའོ། །དང་པོ་ལ་གཉིས། སྡུག་བདེན་གྱི་རྣམ་པ་དང་། ཀུན་བདེན་གྱི་རྣམ་པའོ། །དང་པོ་ནི། བདེན་པ་བཞི་ཡོད་པ་དེ་ལ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་པོ་ཤེར་མདོ་དང་མངོན་པའི་མདོ་གོ་རིམ་བཞིན་དུ་སྦྱར་ཏེ་བཤད་ ན། མངོན་པར། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་སྟེ་བཞིར། གསུངས་ལ། ཤེར་མདོར་སྡུག་བདེན་གྱི་རྣམ་པ་དེ་དག་གི་མཚན་ཉིད་ནི། མི་རྟག་སྡུག་བསྔལ་གཉིས་སྔ་མ་དང་འདྲ་བ་ལས། བདེ་དང་ཞི་བའི་རྣམ་པ་སྟེ་བཞི་པོ་ དག་གོ། ཤེར་མདོར་སྟོང་པ་ལ་བདག་མེད་ཀྱི་མིང་གིས་སྨོས་པ་ནི། སྟོང་ཉིད་ཡིན་པ་ཡང་བདག་མེད་པའི་དོན་ལ་ཐུག་པ་ཡིན་པ་ལ་དགོངས་སོ། །བདག་མེད་ལ་ཞི་བར་བསྟན་པ་ཡང་སྔར་ཡོད་ཀྱི་བདག་ཡོད་པ་འགགས་པ་མ་ཡིན་གྱི། ཡེ་ནས་བདག་གི་རྣམ་ 4-1-236a པ་ཞི་བ་ལ་དགོངས་སོ། །གཉིས་པ་ནི། ཀུན་ཏུ་འབྱུང་བའི་བདེན་པའི་རྣམ་པ་བཞི་ལ། ཆོས་མངོན་པར། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་ངོ་བོ་ཉིད། གསུངས་པ་དང་བཞི་ལ། ཤེར་མདོར། ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པའི་རྣམ་པར་གསུངས་པ་རྣམས་དང་བཞིའོ། །རྒྱུ་ལ་ནད་ཀྱིས་སྨོས་པ་ནི་རྐྱེན་དུ་མས་གསོ་དགོས་པ་དང་སྒོ་གསུམ་གྱི་ཐོག་ཏུ་སྡུག་བསྔལ་ཐམས་ཅད་སྐྱེད་བྱེད་ཀྱི་ནུས་པའི་གཙོ་བོ་ཡིན་པས་ནད་དང་། ཀུན་འབྱུང་ལ་འབྲས་ཞེས་བཏགས་པ་ནི། ལས་ཉོན་གྱི་ཟག་པ་དང་སྐྱེ་རྒ་འཇིག་གསུམ་རིམ་བཞིན་འབྱུང་བས་སྐྲངས་སྨིན་པ་བརྡོལ་བ་ལྟར་གྱུར་པས་འབྲས་དང་། རབ་སྐྱེ་ལ་ཟུག་རྔུར་བཏགས་པ་ནི་ཕྱི་ནང་གི་གནོད་པས་ཟུག་རྔུ་སྐྱེད་པར་བྱེད་པས་ཟུག་རྔུ་དང་། རྐྱེན་ལ་སྡིག་པར་འདོགས་པ་ནི་སྨད་པར་བྱ་བ་དང་ གནོད་པར་འགྱུར་ཕྱིར་སྡིག་ཏོ་དང་འདྲའོ། །དེ་བཞི་པོ་ནི་ཆོས་མཐུན་གྱི་དཔེ་དང་སྦྱར་ནས་གསུངས་སོ། །གཉིས་པ་སྡུག་ཀུན་ཐུན་མོང་བའི་རྣམ་པ་ནི། ཆོས་མངོན་པའི་བསྟན་བཅོས་རྣམ་གྲངས་བསྡུ་བ་ལས། སྡུག་ཀུན་གཉིས་རེ་རེའི་མཐར་ཡིད་དང་པོར་དེ་ལས་འབྱུང་བ་ དང་། བར་དུ་འདོད་ཆགས་དང་བྲལ་བར་བྱ་བ་དང་། ཐ་མར་མི་སློབ་ལམ་དུ་འགོག་པའི་ཕྱིར་ཞུགས་པ་ཡིན་ནོ། །ཞེས་མངོན་པའི་ལུགས་ལས་འབྱུང་བའི་ཕྱིར། དེ་གསུམ་ཀར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་སྔ་མ་བརྒྱད་རེ་རེའི་མཐར་དེ་དག་ཉིད་སྦྱར་དགོས་སོ་ཞེས་ ཤེར་བློས་བཤད་ལ། འབུམ་ཕྲག་གསུམ་པས་ནི། བདེ་དང་ཞི་བ་ལ་དེ་གསུམ་སྦྱར་བ་མི་འཐད། ཅེས་གསུངས་སོ། །ཤེར་མདོར། སྡུག་ཀུན་གྱི་ཉེས་པའི་གྲངས་སུ་ཕ་རོལ་དང་། འཇིག་པའི་ཆོས་ཅན་དང་། གཡོ་བ་ཉིད་དང་། རབ་ཏུ་འཇིག་པའི་རྣམ་པ་དང་། འཇིགས་ 4-1-236b པ་དང་། ནད་འགོ་བ་དང་། འཚེ་བའི་རྣམ་པ་སྟེ། བདུན་དུ་གསུངས་པ་དེ་མངོན་པར་བཤད་པའི་འདི་གསུམ་དང་སྦྱོར་ན། སྡུག་ཀུན་སོ་སོ་ལ་ཡོད་པའི་ཉེས་པ་དེ་དག་མཐོང་ལམ་དུ་ཡིད་འབྱུང་བའི་མཚན་ཉིད་དག་གིས་ཕྱིར་རྒོལ་དུ་གྱུར་པའི་ཕ་རོལ་པོ་དང་། རྒྱུན་གྱི་རྣམ་པར་སྣང་ ཡང་སྐད་ཅིག་ཏུ་སྡོད་མི་ནུས་པ་འཇིག་པའི་ཆོས་ཅན་གྱི་རྣམ་པའི་ངོ་བོ་ཉིད་དག་ཏུ་གོམས་པར་བྱ་བ་དང་། སྒོམ་ལམ་ཐ་མར་འདོད་ཆགས་དང་བྲལ་བར་བྱ་བ་དག་ལམ་གྱི་ངོ་བོ་ཡིན་པའི་ཕྱིར་འདི་ལྟར་དུ་གོམས་པར་བྱ་སྟེ། ཡོད་པ་མ་ཡིན་པའི་དོན་གྱིས་རང་ངོ་ཚོ་མ་ཐུབ་པས་ གཡོ་བ་དང་། སྐྱེ་མ་ཁོམས་པར་ཞིག་ཟིན་པའི་བདག་ཉིད་དུ་མྱུར་བར་གྲུབ་པས་རབ་ཏུ་འཇིག་པའི་རྣམ་པ་དག་ཏུ་གོམས་པར་བྱ་བ་དང་། སློབ་ལམ་རྫོགས་པའི་མཐར་ལྷག་མེད་དུ་འགོག་པར་བྱ་བའི་རང་གི་ངོ་བོ་ནི་འདི་དང་ཕྱི་མར་གནོད་པའི་སྡུག་ཀུན་ལ་འཇིགས་པ་དང་། གཞན་ དབང་ལྷག་བཅས་ཀྱི་ལུས་ལ་མི་མ་ཡིན་སོགས་ཀྱིས་གླགས་ཐོབ་པས་ནད་འགོ་བ་དང་། འབྱུང་བ་འཁྲུགས་པ་སོགས་འཚེ་བ་མང་བའི་རྣམ་པ་རྣམས་སུ་སྒོམ་པས་འགོག་པ་ལ་ཞུགས་པར་བྱའོ། །གཉིས་པ་བླང་བྱ་འགོག་ལམ་གྱི་རྣམ་པ་ལ་གཉིས། འགོག་བདེན་གྱི་རྣམ་པ་ དང་། ལམ་བདེན་གྱི་རྣམ་པའོ། །དང་པོ་ནི། འགོག་བདེན་གྱི་ཁྱད་ཆོས་ལ་ཤེར་མདོར། འགོག་པ་རང་གི་ངོ་བོ་བདག་མེད་པ་དང་ཞི་བ་དང་དབེན་པ་དང་སྟོང་པ་ཉིད་བཞི། གསུངས་ལ། ཆོས་མངོན་པར། འགོག་པ་ཞི་བ་གྱ་ནོམ་པའི་བདག་ཉིད་དབེན་པ་དང་ངེས་པར་འབྱུང་བའི་ མཚན་ཉིད་ཅན་དུ་གསུངས་སོ། །དེའང་བདག་མེད་ལ་འགོག་པར་སྨོས་པ་ནི། བདག་མེད་པའི་གནས་ལུགས་འགོག་པ་གཉིས་ཀྱིས་ཁྱད་པར་དུ་བྱས་པ་ལ་དགོངས་ཤིང་། དབེན་པ་ལ་གྱ་ནོམ་དུ་འདོགས་པ་ནི། དབེན་པ་ཉིད་མཐོང་ཆོས་ལ་བདེར་གནས་ཡིན་པས་གྱ་ནོམ་པའོ་ཞེས་ 4-1-237a དགོངས་སོ། །སྟོང་པ་ཉིད་ལ་ངེས་འབྱུང་གིས་སྨོས་པ་ནི་ངེས་པར་འབྱུང་ས་སྟོང་ཉིད་ཀྱི་ཡེ་ཤེས་ཡིན་པ་ལ་དགོངས་སོ། །ཤེར་མདོར། འགོག་པའི་རྣམ་པ་བཞིའི་མཐར་རྣམ་པ་གསུམ་གསུངས་ཏེ། འདི་སྐད་དུ། མཚན་མ་མེད་པ་དང་། སྨོན་པ་མེད་པ་ དང་། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་དག་ཏུ་སྒོམ་པར་བྱེད་པ་དང་ངོ་། །གཉིས་པ་ནི། ལམ་གྱི་བདེན་པའི་ཁྱད་ཆོས་ལ་ཐར་པའི་གོ་སྐབས་འབྱེད་པའི་ཕྱིར་ན་ལམ་དང་། ཆོས་ཐམས་ཅད་མི་དམིགས་པར་རྟོགས་པའི་ཕྱིར་རིགས་པ་དང་། སེམས་ཕྱིན་ཅི་ལོག་གི་གནས་ ནས་ཕྱིན་ཅི་མ་ལོག་པའི་གནས་སུ་བསྒྲུབས་པས་སྒྲུབ་པ་དང་། འཁོར་བའི་གནས་ནས་མྱ་ངན་ལས་འདས་པའི་གནས་སུ་ངེས་པར་འབྱིན་པའི་རྣམ་པ་རྣམས་སོ། །གཉིས་པ་ཤེས་བྱེད་ལམ་ཤེས་ཀྱིས་ཇི་ལྟར་ཤེས་ཚུལ་ནི། ཉན་རང་གི་ལམ་གྱི་རྣམ་པ་དེ་དག་ལ་སེམས་དད་པས་རྣམ་ མཁྱེན་ཡིད་བྱེད་དང་ལྡན་པས་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ཐེག་ཆེན་གྱི་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ཉན་ཐོས་རྣམས་ཀྱི་ལམ་དང་འབྲས་བུའི་ཚུལ་གང་དང་གང་ཡིན་པ་དེ་དང་དེར་བྱང་ཆུབ་སེམས་དཔས་ཀྱང་དེ་ལྟར་དུ་ཡོངས་སུ་ཤེས་པར་བྱའོ། །གཉིས་པ་རྒྱུ་ངེས་འབྱེད་ ཆ་མཐུན་ལ། འབྲེལ་བཀོད་ཅིང་མདོ་དང་སྦྱར་བ། རྩ་བའི་ཚིག་དོན་བཤད་པའོ། །དང་པོ་ནི། ཉན་རང་གི་རྟོགས་རིས་ཐེག་ཆེན་གྱི་སྒོམ་ལམ་དུ་གོམས་པར་བྱེད་པ་ནི་སྲིད་པ་མ་ཡིན་ལ། ཐེག་ཆེན་གྱི་མཐོང་ལམ་དུ་ཉན་རང་གི་ལམ་གྱི་རྟོགས་རིས་དེར་མཐོང་བ་ཡིན་པས་ཉན་ རང་གི་རྟོགས་རིས་དེ་དང་རྗེས་མཐུན་གྱི་ངེས་འབྱེད་དེ་བསྟན་པར་བཞེད་ནས། གཙོ་བོར་ཉན་རང་གི་ངེས་འབྱེད་འདིར་བཟུང་བ་ཡིན་ཏེ། འགྲེལ་ཆེན་དུ། ཐེག་ཆེན་གྱི་ངེས་འབྱེད་ནི་སྐབས་དང་པོར་ཁ་འཕང་བར་མཛད་དོ། །འོ་ན་འགའ་ཞིག་སྐབས་འདིའི་ངེས་ཆ་ལ། 4-1-237b གཟུགས་ལ་སོགས་པ་སྟོང་པའི་ཕྱིར། ཞེས་པས་ཐེག་ཆེན་གྱི་ངེས་འབྱེད་རང་བཞིན་སྟོང་ཉིད་གོ་ཆོད་པོ་བཤད་པ་མིན་ནམ་ཞེ་ན། གཟུགས་སོགས་ལ་གང་ཟག་གི་བདག་གིས་སྟོང་པའི་ཆ་ནས་བཤད་པའམ། ལན་གྱི་རྣམ་པ་གཅིག་ཏུ་ན། གཙོ་བོར་ཁྱད་པར་ཉན་རང་གི་ ངེས་འབྱེད་དངོས་སུ་སྨོས་ནས། ཤུགས་ལས་ཁྱད་པར་ཅན་ཐེག་ཆེན་ངེས་འབྱེད་ཀྱིས་ཟིན་དགོས་པའི་ཕྱིར། ཐེག་ཆེན་གྱི་ངེས་འབྱེད་ཀྱང་དགོས་དོན་གྱི་མཆོག་ཏུ་བསྟན་པ་ཡིན་ནོ། །བཤད་བྱའི་མདོ་ནི། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ལེགས་པར་ཉོན་ལ་ཡིད་ལ་ ཟུངས་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་གནས་པར་བྱ་བ་དང་དམིགས་པ་བདག་གིས་བཤད་དོ། །ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཞེས་པ་ནས། ས་བཅུ་པ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་བའི་བར་རོ། །གཉིས་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། འཕགས་པ་ཉན་ཐོས་ཀྱི་བདེན་པ་བཞི་མངོན་སུམ་དུ་སེམས་དཔས་མི་དམིགས་པར་ཡོངས་སུ་ཤེས་པའི་ལམ་ཤེས་ནི་དེའི་རང་རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་འཕགས་པའི་ལམ་ཤེས་པ་ བརྗོད་ནས། དེའི་འོག་ཏུ་དེའི་རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཆད་པར་མཛད་དོ། །གཉིས་པ་ནི། འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་སྐྱེ་བའི་རྒྱུ་ངེས་འབྱེད་ལ་ནི། གཟུགས་དང་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའི་བར་གྱི་ཆོས་ཐམས་ཅད་ལ་དེ་དང་དེས་སྟོང་པའི་ ཕྱིར་ན། སྟོང་པའི་སྟོང་པ་ཉིད་རྣམས་ཕན་ཚུན་དབྱེ་བ་མེད་པར་རྟོགས་པ་ནི་ངེས་པར་འབྱེད་པ་དྲོ་བའོ། །སྟོང་ཉིད་དབྱེར་མི་ནུས་པའི་དོན་སྟོང་ཉིད་མེད་པར་དགག་པ་ལ་ཆ་ཤས་མེད་པའི་ཕྱིར། བུམ་པ་རང་ངོ་སྟོང་པའི་སྟོང་ཆ་དེ་འདི་ཡིན་ཅེས་མངོན་སུམ་གྱི་རྟོགས་ཡུལ་དུ་མ་ 4-1-238a འདྲེས་པར་དམིགས་རུང་དུ་ཡོད་པ་མ་ཡིན་པ་ལ་དགོངས་སོ། །བདེན་པ་བཞི་ལ་དམིགས་ནས་གཟུགས་སོགས་དེ་དག་གི་རྣམ་པ་ཙམ་ཡང་དབང་པོའི་སྤྱོད་ཡུལ་ལ་མི་དམིགས་པར་གྱུར་པས་མཉམ་པར་བཞག་པ་ནི་རྩེ་མོར་གྱུར་པའི་ངེས་འབྱེད་དག་ཏུ་འདོད་དོ། ། བདེན་བཞི་ལ་དམིགས་ནས་གཟུགས་སོགས་དེ་ལ་རྟག་མི་རྟག་ལ་སོགས་པའི་ཚུལ་གྱིས་བདེན་བཞི་ལ་སྤྲོས་མཚན་གྱི་གནས་པ་བཀག་པས། བཟོད་པ་ཆུང་འབྲིང་ཆེན་པོ་རྣམས་ཏེ་བཟོད་པའི་ངེས་འབྱེད་དོ། །མདོ་ལས། ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ ནས། ས་བཅུ་དང་། ཕྱིན་དྲུག་དང་། བྱང་ཕྱོགས་སོ་བདུན་སོགས་རྣམས་ལ་གནས་པར་མི་བྱའོ། །ཞེས་ས་བཅུ་དག་ལས་བརྩམས་ནས་ནི། ལམ་དང་གཉེན་པོ་དང་སྤོང་བ་སོགས་ལ་རང་བཞིན་གྲུབ་བདེན་དང་། དེར་ཡོད་ཀྱིས་མི་གནས་པར་མདོ་ལས་རྒྱས་པར་བསྟན་པའི་ དོན་ལ་མཉམ་པར་བཞག་ཅིང་། དེའི་རྟོགས་རིས་རྒྱུད་ལ་ལྡན་པ་ནི་ཆོས་ཀྱི་མཆོག་ཏུ་གྱུར་པའི་ངེས་འབྱེད་དུ་བཤད་དེ། ཅིའི་ཕྱིར་ཞེ་ན། རྫོགས་སངས་རྒྱས་ཀྱིས་ཆོས་དང་ཆོས་ཉིད་ཡོད་མེད་སོ་སོར་མཁྱེན་ནས། མཁྱེན་པ་དེ་ཡང་མཉམ་པར་བཞག་པའི་གཟིགས་ངོ་ནས་ ཀུན་རྫོབ་པའི་ཆོས་ཀྱི་གནས་པ་ཐམས་ཅད་མ་གཟིགས་པའི་ཕྱིར། འཇིག་རྟེན་ཆོས་མཆོག་ཏུའང་ཀུན་རྫོབ་པའི་ཆོས་ཀྱི་གནས་པ་ཐམས་ཅད་མི་གནས་པ་དང་། ཡོད་པ་མིན་པ་ནི་ངེས་པའི་དོན་ཅན་ཉིད་དོ། །ཞེས་བྱ་བ་གསུངས་ཏེ་ཞེས་པ་ནི་འགྲེལ་པར་བཞེད་དེ་བཀོད་དོ། ། གསུམ་པ་འགྲེལ་པ་ལ་གཉིས། དྲོད་སོགས་བཞི་སོ་སོར་བཤད་པ་དང་། ཐུན་མོང་གི་བསྡུ་བའོ། །དང་པོ་ནི། བདེན་བཞིར་དམིགས་པའི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། སྟོང་པ་ཉིད་རྣམས་ཀྱི་རང་བཞིན་ཕན་ཚུན་ཐ་དད་པ་མེད་པའི་ 4-1-238b རྣམ་པ་ཅན་ནི་ངེས་པར་འབྱེད་པ་དྲོད་དང་། དེར་དམིགས་པའི་གཟུགས་ལ་སོགས་པ་སྔ་མ་དྲོད་བཞིན་རང་ངོ་སྟོང་པར་རྟོགས་པ་ལས་ཁྱད་པར་དུ་བྱས་པ་རྣམ་པ་མི་དམིགས་པ་ནི་ངེས་པར་འབྱེད་པ་རྩེ་མོ་དང་། རྩེ་མོ་དེ་བཞིན་དུ་མི་དམིགས་པར་རྟོགས་པ་དང་ལྡན་བཞིན་ པ་ལས་ཁྱད་པར་དུ་བྱས་པ་གཟུགས་ལ་སོགས་པ་ལ་རྟག་པའང་མ་ཡིན་ནོ། །མི་རྟག་པའང་མ་ཡིན་ནོ་ཞེས་དམིགས་པའི་ཚུལ་གྱིས་སྤང་གཉེན་ལ་གནས་པ་བཀག་པ་ནི་ངེས་པར་འབྱེད་པ་བཟོད་པ་དང་། ཆོས་མཆོག་ནི་སྔ་མ་བཟོད་པའི་རྟོགས་པ་དང་ལྡན་བཞིན་པ་ལས་ ཁྱད་པར་དུ་བྱེད་པ་ཀུན་རྫོབ་པའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཡོད་པ་དང་། རང་ངོ་གྲུབ་ཙམ་དུ་གནས་པ་བཀག་པའི་རྟོགས་པ་ནི་ངེས་པར་འབྱེད་པ་ཆོས་མཆོག་སྟེ། ཆོས་མཆོག་དེར་རྟོགས་པའི་རང་རིག་རང་གསལ་གྱི་ཤེས་པས་ཀུན་རྫོབ་པའི་ཆོས་མེད་པར་གཞལ་བྱེད་ཀྱི་མྱོང་ བ་དེ་ཚད་མ་ཡིན་ནམ་ཞེ་ན། དེ་གནས་སྐབས་སུ་ཚད་མ་དང་བསླུ་མེད་དུ་སྟོན་པའི་གཏན་ཚིགས་འགོད་པའི་ཕྱིར་འདི་སྐད་དུ་གསུངས་ཏེ། རྒྱུ་མཚན་གང་གི་ཕྱིར་ན། དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་པ་ནས་ཀུན་རྫོབ་པའི་ཆོས་རྣམས་ ཡོད་ན་གཟིགས་དགོས་པ་ལས། མ་གཟིགས་པའི་ཕྱིར་ཞེས་བྱ་བས་ཚད་མའི་སྐྱེས་བུ་སངས་རྒྱས་ཀྱིས་མ་དམིགས་པའི་གཏན་ཚིགས་ཀྱི་འཐད་པས་ཆོས་མཆོག་ཏུ་ཀུན་རྫོབ་མི་གནས་པ་དང་། མེད་པར་རྟོགས་པས་ཀྱང་མ་འཁྲུལ་བའི་ཤེས་རབ་ཁྱད་པར་ཅན་དེ་བསླུ་བ་མེད་ པའི་ཚད་མའོ་ཞེས་གསུངས་པས། སློབ་དཔོན་སེང་གེ་བཟང་པོས་ཀུན་རྫོབ་བདེན་པ་མེད་པ་འདིར་དངོས་སུ་གསལ་བར་བསྟན་པ་དང་། གོང་དུ་མཉམ་གཞག་སྣང་མེད་དུ་བཞེད་པའི་བཞེད་པ་བསྟན་པ་དག་ནི་མཐར་ཐུག་གི་བཞེད་པ་ཐུན་མོང་མ་ཡིན་པ་ཡིན་ལ། གཞན་དག་ 4-1-239a གིས་ཟེར་བ་ལྟར་སློབ་དཔོན་སེང་བཟང་གིས་ཀུན་རྫོབ་ཡོད་པ་དང་། མཉམ་གཞག་སྣང་བཅས་སུ་བཞེད་ཅེས་པ་ནི་ཕུགས་ཀྱི་ངེས་དོན་གྱི་དགོངས་པ་གང་ཡིན་ཧ་མ་གོ་བ་ཡིན་ནོ། །དེས་ན་མདོ་ལས། ས་རབ་ཏུ་དགའ་བ་ལ་སོགས་ལ་རང་བཞིན་གྱིས་ གྲུབ་ཡོད་དུ་མི་གནས་པ་རྒྱས་པར་ཇི་སྐད་དུ་བསྟན་པ་ཞེས་བྱ་བའི་རྣམ་པ་དེ་རྣམས་ཀྱིས་ངེས་འབྱེད་བསྟན་ཏོ། །མདོར་ན་ལམ་དང་འབྲས་བུའི་རྣམ་གཞག་སོགས་བློ་ཆོས་ཐམས་ཅད་འཁྲུལ་བ་བསླུ་བ་ཀུན་རྫོབ་པ་སྟེ། དེ་དག་ནི་ཀུན་བཏགས་པ་ཙམ་ལས་ཡོད་པ་མ་ཡིན་ཏེ། ངེས་པར་ནམ་མཁའི་པདྨ་དང་འདྲའོ། །དེ་ལ་དགོངས་ནས་མཆོག་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་མགུར་ལས། འཁོར་བ་མེད་ཅིང་མྱང་འདས་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །བདག་ཀྱང་མེད་ཅིང་གཞན་ཡང་མེད། །ཐམས་ཅད་བློ་ཡི་ཆོས་སུ་གདའ། ། བློ་ཆོས་རི་བོང་རྭ་ལྟར་གདའ། །གནས་ཚོད་ཇི་ལྟར་ཞུགས་ཤེ་ན། །མི་རོས་ནམ་མཁའ་མཐོང་མེད་བཞིན། །ཅེས་དང་། ལྟ་བ་ཉིད་ཀྱང་མ་མཐོང་བས། །ལྟ་བ་མིན་པ་ཅི་སྟེ་མཐོང་། །སྒོམ་པ་ཉིད་ཀྱང་མ་མཐོང་བས། །སྒོམ་པ་མིན་ཀྱང་ཅི་སྟེ་མྱོང་། །ཞེས་དང་། མ་འཁྲུལ་འདི་ཞེས་ཡོད་མིན་ ན། །འཁྲུལ་བ་སུ་ཞིག་ཡོད་ཅེས་སྨྲ། །ཞེས་དང་། དོན་དམ་མཆོག་ཀྱང་རང་སྟོང་ན། །ཀུན་རྫོབ་ངན་པའི་རང་ངོ་ནི། །མི་སྟོང་ཡོད་ཅེས་རྟོག་གེ་སྨྲ། །ཞེས་རྗེ་སྒམ་པོ་པ། བླ་མ་མཚུར་ཕུ་བ། སྐྱེ་མེད་ཞང་སྒོམ། རྗེ་འབའ་རོམ་པ་སོགས་དེ་སྙེད་ཀྱིས་ཀྱང་ཕྱག་ཆེན་གྱི་རྟོགས་པ་འཁྲུངས་པ་ན་ ཀུན་རྫོབ་མེད་པའི་གདེང་ཚད་ཞལ་དུ་བཏོན་ལ། དེང་སང་དྭགས་བརྒྱུད་ཀྱི་གྲུབ་ཐོབ་ཆེན་པོ་རྣམས་རྟོགས་པ་འཁྲུངས་པར་རློམས་ནས་མགུར་འཐེན་པ་ན། ཀུན་རྫོབ་བདེན་པ་ཡོད་པའི་ཝ་སྐད་ཀྱིས་ཕྱག་རྒྱ་ཆེན་པོའི་སེང་སྐད་དུ་བརྫུས་ནས་རྟག་ཏུ་གྲོང་མཐར་བརྒྱལ་ཞིང་འབོགས་ 4-1-239b པའི་སྐད་ངན་འདོན་པར་བྱེད་པ་ལ་དཔྱོད་ལྡན་སུ་ཞིག་སེང་གེའི་སྐད་དུ་འཁྲུལ་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ཐུན་མོང་གི་བསྡུ་བ་ནི། དྲོད་སོགས་བཞི་པོ་གོ་རིམ་བཞིན་དུ་བདེན་པ་བཞི་ལ་དམིགས་པ་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་སྐྱེའོ་ཞེས་བྱ་བ་ ཡིན་ནོ། །འཕགས་པ་ནགས་ཀྱི་ཁུ་བྱུག་གིས། ། ངེས་འབྱེད་སྐྱོ་དབྱངས་ལེན་པ་ན། ། བདེན་བཞིའི་ཆར་རྒྱུན་ཞིམ་པོ་ལ། །སྒོམ་པའི་འཐུང་ཚུལ་བཤད་ཟིན་ཏོ། །ཞི་བ་ཞི་བའི་ནང་ནས་ཤིན་ཏུ་ཞི། །སངས་རྒྱས་སངས་རྒྱས་རྣམས་ལས་རང་སངས་རྒྱས། །རྫུ་འཕྲུལ་ རྫུ་འཕྲུལ་སྟོན་མཛད་བདེར་གཤེགས་བསྙེགས། ། གཅིག་པུ་གཅིག་པུར་གནས་དེའི་ཚུལ་ལུགས་བརྗོད། །དེའང་གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། འབྲེལ་དང་མདོ་བཀོད་པ། སྤྱི་དོན་དངོས་སོ། །དང་པོ་ ནི། ཤེས་བྱ་ཉན་ཐོས་ཀྱི་ལམ་དང་། ཤེས་བྱ་རང་རྒྱལ་གྱི་ལམ་གཉིས་ཁྱད་པར་མེད་དོ་སྙམ་པའི་དོགས་པ་སེལ་བའི་ཕྱིར་ཉན་ཐོས་ལས་རང་རྒྱལ་གྱི་ལམ་སོ་སོར་སྨོས་ཏེ་སྟོན་པ་ནི། ཇི་སྐད་དུ། ཉན་ཐོས་ཀྱི་ལམ་གྱི་མཇུག་ཐོགས་སུ་ཞེས་སོ། །བཤད་པའི་མདོ་ནི། དེ་ནས་ འཁོར་དེ་རྣམས་ལས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་གནོད་སྦྱིན་རྣམས་ཀྱིས་གནོད་སྦྱིན་གྱི་སྐད་དང་། ཚིག་དང་། སྨྲས་པ་དང་། རབ་ཏུ་བསྙད་པ་གང་ཡིན་པ་དེ་དག་ནི་སྨྲས་པར་གྱུར་ན་ཤེས་པར་རུང་གི། གང་འཕགས་པ་རབ་འབྱོར་ཡུམ་ འཆད་པ་དང་། རབ་ཏུ་བརྗོད་པ་དང་། སྟོན་པ་དང་ཉེ་བར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ་། །རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་དེ། གང་མ་བརྗོད་པ་དེ་ནི་ཐོས་པར་མི་ 4-1-240a རུང་། གང་མ་ཐོས་པ་དེ་ཤེས་པར་མི་རུང་ངོ་། །ཞེས་གསུངས་པས། ཉན་ཐོས་ལས་ཁྱད་པར་དུ་བྱེད་ཆོས་རང་བྱུང་གི་བདག་ཉིད་དུ་རྟོགས་པའི་ཚུལ་གྱིས་ལམ་བགྲོད་པའི་ཁྱད་པར་དང་། ཆོས་སྟོན་ཚུལ་གྱི་ཁྱད་པར་གཉིས་བསྟན་ནོ། །རང་རྒྱལ་གྱི་ཡེ་ ཤེས་ནི་ཉན་ཐོས་ཀྱི་ཤེས་པ་ལས་ཟབ་པར་བསྟན་པའི་མདོ་ནི། དེ་ནས་ལྷའི་བུ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཡུམ་གསལ་བར་བྱེད་པ་སྟེ། ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན་པར་བྱེད། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་སྟོན་པར་བྱེད་ཅེས་ པའི་དོན་ནོ། །མདོར་ན་རབ་འབྱོར་གྱིས་ཡི་གེ་གཅིག་ཀྱང་མ་བརྗོད་ཅེས་པས་ནི་ཆོས་སྟོན་ཚུལ་གྱི་ཁྱད་པར་ཡིན་ལ། མ་བརྗོད་ཀྱང་ལྷའི་བུ་རྣམས་ལ་རྟོགས་པ་སྐྱེས་པ་ནི་ལམ་བགྲོད་ཚུལ་གྱི་ཁྱད་པར་དུ་ཤུགས་ལས་བསྟན་པས། མདོར་ཆོས་སྟོན་ཚུལ་གྱི་ཁྱད་པར་དངོས་བསྟན་ དང་། ཅིག་ཤོས་དོན་གྱིས་བསྟན། བསྟན་བཅོས་སུ་ནི་དེའི་དངོས་ཤུགས་གོ་བཟློག་པར་མཛད་ལ། ཁྱད་པར་གཉིས་ལྡན་གྱི་ཚུལ་འདི་སློབ་དཔོན་གྱིས་རྩལ་དུ་བཏོན་ནས་བཤད་ཅིང་། འཕགས་པས་ནི་ཆོས་ཕྱི་མ་ཉིད་ངེས་གཟུང་དུ་མཛད་པ་ཡིན་ནོ། །གཉིས་པ་ནི། ཤེས་ བྱ་རང་རྒྱལ་གྱི་ལམ་གྱི་ཁྱད་པར་ལ། ས་སྡེ་ལས། རིགས་དང་། ལམ་དང་། ཡང་དག་པར་འགྲུབ་པ་དང་། ཚོགས་དང་། གནས་པ་དང་། རྒྱུ་བ་དང་། སྒྲ་བཤད་པ་དང་བདུན་གྱི་སྒོ་ནས་བཤད་པ་ལས། གཙོ་བོར་གྱུར་པ་ལམ་ལ་གསུམ་ལས། དང་པོ་ནི། ཚེ་སྔ་མ་ཕན་ ཆད་དུ་བསྐལ་པ་བརྒྱར་ཚོགས་གསོག་པ་དང་། དངོས་པོ་དྲུག་ལ་མཁས་པར་སྦྱངས་ནས་རང་རྒྱལ་དུ་རྒྱུད་སྨིན་པར་བྱས་ཏེ་སྲིད་པ་ཐ་མ་ལ་བཞི་པའི་དངོས་གཞི་ལ་བརྟེན་ནས། དྲོད་ནས་ཟད་ཤེས་ཀྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད་པའོ། ། ལམ་གཉིས་པ་ནི། ཚེ་སྔ་མ་ཕན་ཆད་ 4-1-240b སྔ་མ་ལྟར་བྱས་ཤིང་། ངེས་འབྱེད་ཆ་མཐུན་དང་པོ་གཉིས་དང་། བཟོད་འབྲིང་མན་ཆད་སྔོན་དུ་བཏང་ནས། བཟོད་མཆོག་ནས་ཟད་ཤེས་ཀྱི་བར་སྔོན་དུ་བྱེད་པའོ། ། ལམ་གསུམ་པ་ནི། ཚོགས་བསགས་ཚུལ་སྔ་མ་བཞིན་ལ། རྒྱུན་དུ་ཞུགས་པ་དང་། ཕྱིར་འོང་ཙམ་ཚེ་སྔ་མ་ལ་བསྐྱེད་ནས་ སྲིད་པ་ཐ་མ་ལ་ལམ་ལྷག་མ་རྣམས་མངོན་དུ་བྱེད་པའོ། །ཕྱི་མ་འདི་གཉིས་ལ་སྟན་གཅིག་པའི་ངེས་པ་མེད་ཅིང་། ལམ་སྔ་མ་ནི་བསེ་རུ་ལྟ་བུ་དང་། ཕྱི་མ་གཉིས་ནི་ཚོགས་སྤྱོད་ཆེ་ཆུང་གཉིས་སུ་བཤད་དོ། །ལམ་ཕྱི་མ་འཕགས་ལམ་སྔོན་སོང་གི་སྲིད་པ་ཐ་མ་པའི་རང་རྒྱལ་ཡོད་པ་ནི། རྒྱལ་པོའི་སྲས་ཀྱིས་སྲིད་པ་ཐ་མ་པའི་སྔོན་རོལ་དུ་ཉན་ཐོས་ཀྱི་རྒྱུན་ཞུགས་དང་ཕྱིར་འོང་གི་འབྲས་བུ་བསྐྱེད་ནས་སངས་རྒྱས་ཀྱི་བསྟན་པ་དང་མ་ཕྲད་དེ་རང་གི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་འཆད་དོ། །ཕྱིར་མི་འོང་སྐྱེ་བ་སྔོན་མར་བསྐྱེད་པའི་རང་རྒྱལ་མེད་པ་ཅི་ཞེ་ན། རང་རྒྱལ་གྱི་ བྱང་ཆུབ་མངོན་དུ་བྱེད་པའི་རྟེན་འདོད་རྟེན་ཁོ་ན་ལ་ངེས་པ་ཡིན་ཏེ། ཁམས་གོང་གི་རྟེན་ལ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པ་མི་སྲིད་པའི་ཕྱིར། མི་སྲིད་པའི་ཚུལ་ཡང་ཁམས་གོང་གི་རྟེན་ལ་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལུགས་འབྱུང་དང་། ལུགས་ལྡོག་ལ་ཡོངས་སུ་ རྟོག་པ་མེད་པས་སོ། །ཉན་ཐོས་ཀྱི་རིགས་གསུམ་གར་ཚོགས་བསགས་པའི་ཡུན་ཚད་མཚུངས་པ་འདི་ཡང་ས་སྡེ་ལས་འབྱུང་ལ། ལུགས་གཞན་དང་མཐུན་པ་མ་ཡིན་ནོ། ། འགའ་ཞིག་ཚོགས་ཉུང་ངུ་ལས་མ་བསགས་པ་དེས་སྲིད་པ་ཐ་མ་པའི་སྔ་རོལ་དུ་སྦྱོར་མཐོང་ཐོབ་ནུས་ལ། ཚོགས་མང་དུ་བསགས་པ་དེས་ཐོབ་མི་ནུས་པ་ཅིས་ཤེས་ཤེ་ན། དེས་དེ་ཐོབ་ནུས་ཀྱང་རང་རྒྱལ་དབང་རྣོན་གྱིས་ཚོགས་བསགས་པ་སྟོབས་ཆེ་བས། རང་རྒྱལ་ཚོགས་སྤྱོད་ལས་ཁྱད་པར་དུ་ཕྱེ་བའི་འབྲས་བུའི་ཆོས་བསྒྲུབས་ནས་སྲིད་པ་ཐ་མར་ལམ་བཞི་སྟན་ཐོག་གཅིག་ཏུ་བསྐྱེད་པ་ནི་ 4-1-241a བསེ་རུ་ལྟ་བུའི་རང་རྒྱལ་དེ་རང་རྒྱལ་གཞན་ལས་ལྷག་པར་བསྟན་པའི་ཆེད་ཡིན་ནོ། །སྤངས་པའི་ཁྱད་པར་ནི། བསེ་རུ་ལྟ་བུའི་རྒྱུད་ལ་མཐོང་སྤང་ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་སྤངས་ལ། དེའང་ཁམས་གསུམ་གྱི་ཤེས་སྒྲིབ་གཟུང་རྟོག་དང་། ཁམས་ གོང་གི་ཉོན་སྒྲིབ་དགུ་དྲིལ་ཏེ་སྤངས་པ་ཡིན་ནོ། །འདོད་ཁམས་ཀྱི་ཉོན་མོངས་ནི་འཇིག་རྟེན་པའི་སྒོམ་ལམ་གྱིས་མཐོང་ལམ་གྱི་སྔར་སྤངས་ཟིན་ཏེ། བསམ་གཏན་བཞི་པ་ཐོབ་ལ་མ་ཉམས་པའི་ཕྱིར། དེས་ན་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་སྤང་མི་དགོས་སོ། །གཞན་ འབྲས་བུ་སྔ་མ་རྒྱུན་ཞུགས་ལྟ་བུ་སྔོན་སོང་གི་སྲིད་པ་ཐ་མ་པ་དེ་མཐོང་སྤང་ཉོན་སྒྲིབ་སྔར་སྤངས་པའི་དུས་འདས་ལམ་གྱིས་སྤོང་བར་བྱེད་པའང་ཡོད་པར་སེམས་སོ། །རྟོགས་པའི་ཁྱད་པར་ནི། གང་ཟག་གི་བདག་མེད་རྟོགས་པའི་ཁྱད་པར་ཉན་ཐོས་དང་འདྲ་བ་ལས། གཟུང་བ་ ཆོས་ཀྱི་བདག་མེད་རྟོགས་པ་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བས་སྟོང་པའི་དེ་ཁོ་ན་ཉིད་རྟོགས་པ་སྟེ། དེ་ལའང་མངོན་སུམ་གྱིས་རྟོགས་པའི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་གྱི་དབྱེ་བས་གཉིས་དང་། དང་པོ་ལ་མཐོང་སྒོམ་གྱི་དབྱེ་བས་གཉིས་དང་། གཉིས་པ་ལ་ མཐོང་སྒོམ་མི་སློབ་པའི་ལམ་དང་གསུམ་མོ། །དེ་ལྟར་ནའང་འཛིན་རྟོག་ནི་མི་སྤོང་བ་ཡིན་ཏེ། དེའི་དོན་ཡང་ཡང་དག་མིན་རྟོག་གི་མིང་ཅན་གཟུང་བའི་རྣམ་པ་བདེན་མེད་དུ་མ་རྟོགས་པས་འཛིན་རྟོག་མ་སྤངས་སོ་ཞེས་རྣམ་བརྫུན་པས་སྨྲ་བ་དང་། ཡང་ན་གཉིས་མེད་ཀྱི་ཡེ་ཤེས་ བདེན་མེད་དུ་མ་རྟོགས་པས་འཛིན་རྟོག་མ་སྤངས་སོ་ཞེས་དབུ་མ་པ་དག་ཟེར་རོ། ། ཡང་འགའ་ཞིག་འདི་སྐད་དུ་ཟེར་ཏེ། རང་རྒྱལ་གྱིས་ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས་པར་ཁྱད་མེད་ཀྱང་འཛིན་རྟོག་མི་སྤོང་ལ། གཟུང་རྟོག་སྤངས་པ་འདི་མི་རིགས་སོ་ཞེས་སྨྲ་ན། ཆོས་ 4-1-241b བཤེས་ཀྱིས་སྣོད་བཅུད་ཀྱི་ལུས་འདི་སྐྱེ་འཇིག་མངོན་དུ་གྱུར་པས་བདེན་མེད་དུ་རྟོགས་སླ་ལ། ནང་ཤེས་པ་ནི་རྒྱུན་བརྟན་པས་རྟོགས་དཀའ་བར་བཤད་དོ། །ཁ་ཅིག་ན་རེ། དེ་མི་འཐད་དེ། སྣོད་ཀྱི་རི་སོགས་རྒྱུན་བརྟན་པས་རྟོགས་དཀའ་ལ། ནང་ཤེས་པ་ནི་དམིགས་རྣམ་གཞན་ དང་གཞན་དུ་འགྱུར་བ་མྱོང་བས་གྲུབ་པས་རྟོགས་སླ་སྟེ། དེའི་ཕྱིར་གནས་མ་བུ་པས་ཀྱང་སེམས་སྐད་ཅིག་མར་འདོད་ཀྱི། གཟུགས་སྐད་ཅིག་མར་མི་འདོད་པས་སོ་ཞེས་ཟེར་རོ། །དེས་ནི་མ་ཤེས་པ་ཡིན་ཏེ། ནང་གི་ཤེས་པ་ནི་ཤེས་པ་ཉིད་ལས་གཞན་མ་ཡིན་པའི་ཚུལ་གྱིས་འཇུག་པ་མྱུར་ བའི་ཕྱིར། དེ་མ་ངེས་ནས་ངོ་མ་འཕྲོད་པས་ནང་གི་བློ་གྲོས་ཞན་པའི་སོ་སོའི་སྐྱེ་བོ་དང་། ཉན་རང་འཕགས་པས་དེ་དག་བདེན་མེད་དུ་རྟོགས་པར་དཀའ་ལ། ཕྱིའི་ཆུ་བོ་དང་མར་མེ་འབར་བ་སོགས་ཀྱི་རྒྱུན་སྐད་ཅིག་ཏུ་མི་གནས་པ་ནི་གཞན་རིག་གི་ཚུལ་གྱིས་བློ་གྲོས་ཞན་པ་སོ་སྐྱེའི་ དབང་པོའི་མངོན་སུམ་གྱིས་ཀྱང་དམིགས་རུང་ཞིང་ངོ་འཕྲོད་པའི་ཕྱིར་གཟུང་རྟོག་སྤང་སླ་བ་ཡིན་ནོ། །གནས་མ་བུ་པ་ལྟར་རི་སོགས་རྒྱུན་བརྟན་པ་དང་། ཤེས་པ་རྒྱུན་བརྟན་པ་མ་ཡིན་ཅེས་བྱ་བ་འདི་ནི་ལུགས་ངན་པ་ཡིན་ཏེ། དེ་གཉིས་ཀ་སྐད་ཅིག་མ་ཡིན་པར་མཚུངས་པ་ལས། དེས་དེ་གཉིས་ལ་རྒྱུན་བརྟན་མི་བརྟན་ཡོད་པར་ཁས་བླངས་པའི་ཕྱིར་རོ། ། འོ་ན་ཉེས་པ་དེ་ཁྱོད་ཀྱི་སློབ་དཔོན་ཆོས་བཤེས་ལའང་འཇུག་སྟེ། དེ་གཉིས་སྐད་ཅིག་ཏུ་མཚུངས་པ་ལས་ཕྱིའི་སྣོད་བཅུད་མི་བརྟན་པ་དང་། ནང་གི་ཤེས་རྒྱུན་བརྟན་པར་ཁས་བླངས་པའི་ཕྱིར་ཞེ་ན། མ་ བླངས་ཏེ། ཕྱིའི་འགྱུར་བ་རགས་པའི་ཆ་ནས་རྟོགས་སླ་ཞིང་། ནང་གི་འགྱུར་བ་ཕྲ་མོའི་ཆ་ནས་བརྟན་པ་ལྟར་བྱིས་པ་རྣམས་ལ་སྣང་བའི་ཕྱིར་རྟོགས་དཀའ་ཞེས་པ་ཙམ་ཞིག་གསུངས་ཀྱི། ཕྱི་ནང་གི་དངོས་པོའི་ཆ་ལ་རྒྱུན་བརྟན་མི་བརྟན་གྱི་ཁྱད་པར་ཡོད་པ་ཞལ་གྱིས་མ་བཞེས་སོ། ། 4-1-242a གཞན་ཡང་རང་རྒྱལ་གྱི་སྐུ་གསུང་ཐུགས་ཀྱི་གནས་པ་ཅི་ལྟ་བུ་ཞེ་ན། བསེ་རུ་ལྟ་བུ་ནི་གཅིག་པུར་གནས་ལ། གཞན་གཉིས་ནི་ཚོགས་དང་ལྷན་ཅིག་ཏུ་རྒྱུ་བ་སྐུའི་གནས་པའོ། །ཐམས་ཅད་ཀྱང་སྨྲ་བ་རྣམ་པར་བཅད་པ་ནི་གསུང་གི་གནས་པ་ཡིན་ལ། དེའང་ གདུལ་བྱའི་དབང་གིས་གཙོ་ཆེ་བ་ཙམ་ཡིན་གྱི། མདོ་ལས་འདིས་གསུང་གླེང་བྱེད་པ་དང་། ཆོས་གསུངས་པ་ལ་སོགས་གསུངས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་མ་ཡིན་ནོ། །རྣམ་ཐར་སྒོ་གསུམ་དུ་གནས་པ་ནི་ཐུགས་ཀྱི་དང་། ཆོས་སྟོན་པ་སོགས་ལུས་ཀྱི་འགྱུར་བ་དང་། རྫུ་འཕྲུལ་སྟོན་ པ་ནི་ཕྲིན་ལས་ཀྱི་གནས་པའོ། །མདོར་ན་འདི་ལ་ཉན་ཐོས་ལས་ཐུན་མོང་མ་ཡིན་པའི་ཁྱད་པར་ཕྱེ་བའི་ཡོན་ཏན་ཅི་ཡོད་ཅེ་ན། དབུ་མ་སྙིང་པོ་ལས། དེས་ན་དེ་ནི་འདུ་འཛི་དང་། །སེམས་ཅན་དོན་གྱི་བྱ་བ་ལ། །ཡིད་མི་འཇུག་སྟེ་དེ་ཕྱིར་འདི། །སློབ་དཔོན་མེད་པར་འདོད་ པ་ཡིན། །དང་པོ་གཅིག་པུར་གནས་པ་དེ། །ཟབ་མོ་ལ་ནི་རྟོགས་པ་ཡི། །མོས་པ་དང་ལྡན་ལྷག་མ་གཉིས། །ཚོགས་དང་ལྷན་ཅིག་གནས་པ་ཡིན། །ལུས་ལ་སོགས་པ་ལེགས་བསྡམས་ནས། །དེ་ནི་བསོད་སྙོམས་དག་ལ་འཇུག །དམན་པ་རྗེས་སུ་བཟུང་བའི་ཕྱིར། །དེ་ནི་ གཅིག་པུར་རབ་ཞི་ལྡན། །ཅེས་སོ། །རང་རྒྱལ་གྱི་གང་ཟག་འདི་གྲུབ་མཐའ་གང་སྨྲ་བ་ཡིན་ཅེ་ན། སེམས་ཙམ་རྣམ་བདེན་པའི་རིས་སུ་འདུ་བ་ཡིན་ཏེ། གཟུང་རྟོག་སྤངས་ནས་རིག་པ་གཅིག་ཉིད་ཡུལ་ཡུལ་ཅན་གཉིས་མེད་དུ་བདེན་པར་ཁས་ལེན་པའི་ཕྱིར་རོ། །གཉིས་པ་ནི། ཉན་ཐོས་ལས་ཁྱད་པར། སྒྲ་མེད་པར་ཆོས་སྟོན་ཚུལ་དང་། ཁྱད་གཞི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དངོས། དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཉན་ཐོས་ཀྱི་ལམ་གྱི་རྣམ་གཞག་བསྟན་པའི་མཇུག་ཐོགས་སུ་རང་སངས་ 4-1-242b རྒྱས་ཀྱི་ལམ་གྱི་རྣམ་གཞག་བརྗོད་པར་རིགས་མོད་ཀྱི། རིགས་པའི་ཚུལ་གང་ཞེ་ན། ཉན་ཐོས་རྣམས་ལས་རང་རྒྱལ་དེ་དག་ཇི་ལྟར་ཁྱད་པར་དུ་འཕགས་སྙམ་ན། རྒྱུ་མཚན་གང་གི་ཕྱིར་ན་རང་རྒྱལ་གྱི་ལམ་དེ་དག་ཉན་ཐོས་ཀྱི་ལམ་ལས་ལམ་གཞན་ཡིན་ནོ་སྙམ་པའི་རྟོག་པ་ སྐྱེ་བར་མཛད་པའི་ཕྱིར་དོགས་པ་བསུ་བར་མཛད་དེ། ཉན་ཐོས་ཀྱི་ལམ་ལས་རེ་ཞིག་རང་རྒྱལ་གྱི་ལམ་ཁྱད་པར་དུ་འཕགས་པར་རྗེས་སུ་ཞུགས་པ་ཉིད་སྒྲུབ་པའོ་ཞེས་མཚམས་སྦྱར་རོ། །གཉིས་པ་ནི། བསེ་རུ་ལྟ་བུའི་རང་རྒྱལ་སོགས་རང་རྒྱལ་སྲིད་པ་ཐ་མ་བ་ཚེ་རབས་སྔ་མར་ སྨོན་ལམ་གྱི་མཐུས་རང་རྒྱལ་གྱི་ཟད་མི་སྐྱེ་ཤེས་པ་རང་བྱུང་གི་བདག་ཉིད་ཀྱི་ཚུལ་དུ་རྟོགས་པའི་ཕྱིར་དང་། དེ་རྐྱེན་གཞན་དགེ་བའི་བཤེས་གཉེན་གྱིས་བསྟན་ཡང་མི་དགོས་ལ། རང་བྱང་ཆུབ་པ་བསེ་རུ་ལྟ་བུའི་ཡེ་ཤེས་ནི། ཉན་ཐོས་ལས་ཟབ་པ་ཉིད་དུ་མངོན་པར་བརྗོད་དོ། ། ཡང་ཞེས་པ་མདོ་ལ་བསྙེག་གོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཉན་ཐོས་པ་རང་གི་ལུང་ལས། ཉན་ཐོས་རྣམས་ནི་སྲིད་པ་ཐ་མ་པའི་དུས་སུ་སློབ་དཔོན་གཞན་གྱིས་བསྟན་པ་ལ་བལྟོས་ནས་རང་གི་བྱང་ཆུབ་རྟོགས་ཏེ་མངོན་དུ་འགྱུར་ལ། རང་རྒྱལ་ལས་གཞན་ ཉན་ཐོས་དག་ཀྱང་ཆོས་སྟོན་པ་ན་སྒྲར་བརྗོད་པ་དང་བཅས་པའི་ཆོས་བསྟན་པས་གདུལ་བྱ་དགེ་བ་ལ་འཇུག་པར་བྱེད་ཅེས་འབྱུང་ངོ་། །རང་སངས་རྒྱས་རྣམས་ནི་དེ་ལྟར་མ་ཡིན་ཏེ། སྔོན་ཐོས་པ་དང་ལ་སོགས་པས་སྲིད་པ་ཐ་མའི་ཚེ་སློབ་དཔོན་མེད་པར་ཡེ་ཤེས་ཁོང་ཆུད་ཀྱི་སྨོན་ལམ་ མངོན་པར་འདུ་བྱས་པས་སྲིད་པ་ཐ་མ་དེར་གཞན་གྱིས་ཆོས་བསྟན་པ་ལ་མི་བལྟོས་པར་རང་རྒྱལ་བདག་ཉིད་ཀྱིས་རང་གི་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་ཏེ། དེའི་ཕྱིར་རང་རྒྱལ་དེ་དག་ལ་སངས་རྒྱས་ལ་སོགས་པས་ཆོས་བསྟན་མི་དགོས་སོ་ཞེས་བྱ་བ་ནི། རང་རྒྱལ་ཉན་ཐོས་ལས་ 4-1-243a ཁྱད་ཞུགས་ཚུལ་གྱི་བྱེ་བྲག་ཉིད་ལས་དང་པོའམ་གཅིག་པ་ཉིད་ཡིན་ནོ། །སྒྲར་བརྗོད་པའི་ཆོས་བསྟན་པའི་སྒོ་ནས་ཉན་པ་པོ་རྣམས་ཀྱིས། འཆད་པ་པོ་རྣམས་ཀྱི་ཤེས་པའི་རྩལ་རྟོགས་པར་བྱེད་དགོས་ནའང་། རང་རྒྱལ་དེ་དག་ནི་རང་གིས་ཐོབ་པའི་གཟུང་མེད་ རྟོགས་པའི་ཡེ་ཤེས་དང་ལ་སོགས་པའི་སྨོན་ལམ་བཏབ་པའི་མཐུས་སྒྲ་མེད་པར་ཆོས་བསྟན་པས་གདུལ་བྱ་གཞན་དག་དགེ་བ་བཅུ་ལ་སོགས་པ་ལ་འཇུག་པར་བྱེད་དེ། རྒྱུ་མཚན་དེའི་ཕྱིར་རང་རྒྱལ་དེ་དག་གི་ཡེ་ཤེས་ནི་སྒྲས་བརྗོད་པའི་ཐབས་ཀྱིས་གདུལ་བྱས་མི་རྟོགས་པ་ཉིད་ནི་ཉན་ ཐོས་ལས་ཁྱད་ཞུགས་པ་གཉིས་པ་ཡིན་ནོ། །གཉིས་པ་སྒྲ་མེད་པར་ཆོས་སྟོན་ཚུལ་ལ་ལྔ། འབྲེལ་བཀོད་པ། མཚམས་སྦྱར་བ། རྩ་བ། འགྲེལ་པ། སྐབས་འདིར་གཞན་ལུགས་ཀྱི་ན་ཡམས་འགོད་པའོ། །དང་པོ་ནི། མདོར། རབ་འབྱོར་གྱིས་ཡུམ་འཆད་པ་ དང་། ཡི་གེ་གཅིག་ཀྱང་མ་བརྗོད་ཅེས་པ་འགལ་ལོ་སྙམ་ན། མ་ཡིན་ཏེ། སྒྲ་མེད་པར་ཆོས་སྟོན་པས་སོ། །ཞེས་པའི་ཚུལ་གྱིས་འབྲེལ་ལོ། །བསྟན་བཅོས་ཀྱི་འབྲེལ་ནི་ཡང་ཞེས་པའི་ནུས་པ་ལ་རྩོད་པའམ། ཆོས་སྟོན་ཚུལ་གྱི་ཁྱད་པར་བསྟན་པ་ལ་རྩོད་དོ། །འབྲེལ་བ་ཅན་གྱི་ མདོ་ནི། ཡུམ་གསུམ་ག་ལ་མི་སྣང་བའི་ཕྱིར་མདོའི་ཡེ་གེ་ཉམས་སོ་ཞེས་སློབ་དཔོན་ཆོས་བཤེས་གསུངས་སོ། །གཉིས་པ་ནི། ཡང་ཇི་ལྟར་རང་རྒྱལ་གང་དག་སྒྲ་མེད་པར་ཆོས་སྟོན་ཚུལ་ཡོད་དོ་སྙམ་པའི་དོགས་པ་བསུ་བར་མཛད་པའི་ཕྱིར་གཞུང་འདི་གསུངས་སོ། །གསུམ་ པ་ནི། གདུལ་བྱ་གང་གང་དག་བརྗོད་བྱའི་དོན་ནི་གང་དང་གང་ལ་ཆོས་ཀྱི་རྣམ་གྲངས་ཇི་ལྟ་ཇི་ལྟར་ཉན་འདོད་པའི་གདུལ་བྱ་དེ་དང་དེའི་རྣམ་པར་ཤེས་པ་ལ་བརྗོད་བྱའི་དོན་དེ་དང་དེར་སྣང་བར་གྱུར་པ་ནས་སྒྲ་མེད་ཀྱང་ཆོས་སྟོན་པ་དེ་དེ་ཁོ་ན་ལྟར་སྣང་བར་གྱུར་ཏོ་ཞེས་བྱ་བ་གསུངས་ 4-1-243b ཏེ་ཞེས་བཀོད་དོ། །བཞི་པ་འགྲེལ་པ་ལ། དཔེ་དོན་བཀོད་པ་དང་། རྩ་བའི་ཚིག་དོན་གཉིས་ལས། དང་པོ་ནི། རྟོག་པས་རྣམ་པར་མ་བརྟགས་དཔྱོད་པས་རྣམ་པར་མ་དཔྱད་པར་ནི་ངག་གི་ལམ་ནས་ཚིག་ཏུ་མི་སྨྲ་བས་ན། གང་ཚིག་ཏུ་བརྗོད་པ་ཐམས་ཅད་ནི་རྣམ་པར་གཡེང་བའི་རྒྱུ་ཡིན་ ལ། རྣམ་གཡེང་དེས་ཀྱང་རྒྱུད་འཁྲུགས་པར་བྱེད་པ་ཡིན་པས། སེམས་དཔས་ཆོས་སྟོན་ཚུལ་དེ་དག་མཆོག་ཏུ་མ་གཟིགས་པར་བྱང་ཆུབ་སེམས་དཔས་འདི་ལྟར་སློབ་ལམ་དུ་བདག་སངས་རྒྱས་སུ་གྱུར་ནས་བརྗོད་པ་མེད་པར་ཆོས་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། ། སྨོན་ལམ་དེའི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་མཐོང་བ་ཙམ་གྱིས་གདུལ་བྱའི་རྒྱུད་ལ་དམ་པའི་ཆོས་ལུང་རྟོགས་ཀྱིས་བསྡུས་པའི་ཡོན་ཏན་འཆར་ནུས་སུ་སྒྲུབ་པ་དེ་བཞིན་དུ་དེ་བས་ན། རང་རྒྱལ་དེ་རྫོགས་པའི་སངས་རྒྱས་དང་དཔེ་འདྲ་བའི་ཕྱིར་རོ། །གཉིས་པ་ནི། རང་ སངས་རྒྱས་ཉིད་ཀྱི་གནས་སྐབས་ན་ཡང་སྨོན་ལམ་དང་སྙིང་རྗེ་ལ་སོགས་པའི་མཐུས་ཆོས་སྟོན་པའི་སྒྲ་མེད་ཀྱང་། གདུལ་བྱ་གང་ཞིག་བརྗོད་བྱའི་དོན་གང་ལ་རྣམ་པ་ཇི་ལྟར་ཉན་པར་འདོད་པ་དེའི་རྣམ་པར་ཤེས་པ་ལ་བརྗོད་བྱའི་དོན་དེ་རྣམ་པ་དེ་ཁོ་ན་ལྟར་སྣང་བར་འགྱུར་བས་སྒྲ་ མེད་པར་ཆོས་སྟོན་པ་ཞེས་བྱ་སྟེ། ཆོས་སྟོན་པའི་སྒྲའི་དོན་ནི་འདི་ལྟར་བརྗོད་པར་བྱ་བའི་ཆོས་དེ་ཉིད་ཉན་པ་པོའི་རྣམ་པར་ཤེས་པ་ལ་ཕྱིན་ཅི་མ་ལོག་པར་ཤིན་ཏུ་བསྐྲུན་ཅིང་རྟོགས་པ་བསྐྱེད་པ་ཞེས་བྱ་བ་འདི་ཡིན་ནོ་ཞེས་འགྲེལ་པར་མཛད་དོ། །ལྔ་པ་ནི། གང་གང་ཞེས་པའི་ ཤླཽ་ཀ་འདི་རང་རྒྱལ་གྱིས་གདུལ་བྱ་ལ་ཕར་ཆོས་སྟོན་པ་དང་སྦྱར་བར་མི་རིགས་ཏེ། དེའི་རྒྱུ་མཚན་ནི། བསེ་རུ་ལྟ་བུའི་ཡེ་ཤེས་སློབ་དཔོན་གཞན་ལ་བལྟོས་མི་དགོས་པར་རང་ཉིད་རང་བྱུང་གིས་སྟོན་པར་ཤར་བའི་ཚུལ་ཅི་ཞེ་ན། མདོར། དེ་ནས་ལྷའི་བུ་དག་འདི་སྙམ་དུ་གནས་ 4-1-244a བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟར་དུ་འདོད་པར་བྱ་སྙམ་མོ། །དེ་ནས་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་བདག་ལ་ཆོས་ཉན་པ་ནི་རྨི་ལམ་གྱི་སྐྱེས་བུ་ལྟ་བུར་འདོད་པར་བྱའོ། །སྤྲུལ་པ་ལྟ་བུར་འདོད་པར་བྱ་སྟེ། སུས་ཀྱང་ཉན་པ་དང་ཀུན་ཆུབ་པར་ བྱེད་པ་དང་མངོན་སུམ་དུ་བྱེད་པ་མེད་དོ། །ཞེས་སོགས་གསུངས་པའི་དོན་གྱི་འགྲེལ་པར་གང་གང་སོགས་ཀྱི་ཤླཽ་ཀ་འདི་སྟེ། དེའི་འབྲས་བུ་ནི། དྲན་ཉེ་སོགས་གང་དང་གང་ཡིན་པའི་ཆོས་ཀྱི་དོན་རྨི་ལམ་ལྟར་སྟོན་པ་པོར་སྣང་བའི་གང་ཟག་གང་དང་གང་ལ། དཔེ་ཇི་ལྟ་ཇི་ ལྟར། ཉན་པ་པོའི་གང་ཟག་ཏུ་འདོད་པར་བྱ་བ་ནི་སྟོན་པ་པོར་སྣང་བའི་གང་ཟག་དེ་དང་དེ་ལ་ཆོས་ཀྱི་དོན་དེ་དང་དེས་སྟོན་པའི་སྒྲའི་དངོས་པོར་མེད་ཀྱང་། སྟོན་པ་དང་ཉན་པར་སྣང་བ་དེ་དང་དེ་སྒྱུ་མའི་སྐྱེས་བུ་དང་སྤྲུལ་པ་ལྟ་བུར་བསེ་རུ་ལྟ་བུའི་ཡེ་ཤེས་ལ་སྣང་བའི་ཚུལ་གྱིས་ རྟོགས་སོ་ཞེས་ངེས་དོན་དུ་སྟོན་པོ་ཉན་པོ་སོགས་དངོས་ཐ་དད་མེད་ཀྱང་། སྒྱུ་མ་ལྟར་སྟོན་པོ་སོགས་སྣང་བའི་ཡེ་ཤེས་ལ་འབྱུང་བས་རང་རྒྱལ་གྱི་འབྲས་བུ་མངོན་དུ་བྱེད་དོ། །མདོར། སུས་ཀྱང་ཉན་པ་དང་རྟོགས་པ་མེད་ཅེས་པས་ཀུན་རྫོབ་ཀྱི་སྒྲས་བརྗོད་པའི་ཚུལ་གྱིས་ཉན་རྟོགས་ མེད་ཀྱང་། དོན་དམ་ཡེ་ཤེས་ལ་སྣང་བའི་ཉན་རྟོགས་རྣམ་པར་མི་རྟོག་པའི་བདག་ཉིད་ཡོད། སྒྲ་མེད་ཀྱང་དེ་དེ་ལྟར་སྣང་ཞེས་པའི་དོན་ཡང་དེ་ལྟར་ཡིན་པ་སོགས་ཀྱི་བཤད་ཚུལ་འདི་ལ་འཁྲུལ་བ་མེད་དོ། །ཞེས་ཟེར་ན་ཡང་མཁས་པ་དག་དཔྱད་པར་གྱིས་ཤིག །གསུམ་པ་ཁྱད་ གཞི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དངོས་ལ། འབྲེལ་བཀོད་ཅིང་མཚམས་སྦྱར། རྩ་བའི་དོན་དང་མདོ་བཀོད། འབྲུ་འགྲེལ་པའོ། །དང་པོ་ནི། གོང་དུ་རབ་འབྱོར་ནི་ཟབ་པ་བས་ཀྱང་ཆེས་ཟབ་པ་ལ་འཇུག་ཅེས་པ་ལས་འཕྲོས་སོ། །བསྟན་བཅོས་ཀྱི་འབྲེལ་ནི། ཁྱད་ཆོས་ 4-1-244b དེ་ལྡན་གྱི་བསེ་རུའི་ལམ་གང་ཞེ་ན། དེ་ལྟར་རང་རྒྱལ་ཉན་ཐོས་ལས་ཁྱད་ཞུགས་པར་བརྗོད་ནས། ཁྱད་ཞུགས་པའི་རང་རྒྱལ་རྣམས་ཀྱི་ལམ་ནི་ཉན་ཐོས་ལས་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པས། རྣལ་མ་རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དེ་འཆད་དོ། །གཉིས་པ་ནི། གཟུང་དོན་རང་བཞིན་མེད་པར་མངོན་དུ་རྟོགས་པས་གཟུང་དོན་གྱི་རྟོག་པ་སྤོང་བའི་ཕྱིར་ཏེ། མདོ་ལས། རབ་འབྱོར་གྱིས་སྨྲས་པ། གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ཟབ་པ་མིན་ལ་ཕྲ་བ་མིན་པའི་ཕྱིར་ཞེས་པ་ནས། རྣམ་ མཁྱེན་གྱི་བར་ལ་སྦྱར་ཏེ་གསུངས་པ་ནི་རང་རྒྱལ་གྱིས་གཟུང་མེད་རྟོགས་པའི་མདོ་ཡིན་ནོ། །གཟུགས་ཟབ་པ་མ་ཡིན། ཅེས་སོགས་ཀྱི་དོན་ཡང་གཞན་དབང་བདེན་གྲུབ་ཀྱི་རང་བཞིན་དུ་གྱུར་པའི་གཟུགས་མེད་དེ། གཟུགས་སོགས་ཐོགས་མེད་ཀྱི་བག་ཆགས་གོམས་པས་བཏགས་ པ་ཙམ་ཡིན་ནོ་ཞེས་དགོངས་པའི་ཕྱིར་དང་། ནང་འཁོར་བའི་རང་བཞིན་དང་གཅིག་པར་གྱུར་པའི་སེམས་ཉིད་ཐོག་མ་ནས་ཡོད་མ་མྱོང་བའི་གློ་བུར་གྱི་ཤེས་པ་འཁྲུལ་ངོར་རྒྱུན་གྱི་རྣམ་པར་སྣང་བ་བག་ཆགས་སྣ་ཚོགས་འཛིན་པའི་ཕྱིར། རྐྱེན་སྟོབས་ཀྱིས་སྣ་ཚོགས་སུ་སྣང་བ་དེ་མེད་ པར་མ་རྟོགས་པས་འཛིན་པའི་རྟོག་པ་མི་སྤོང་བའི་ཕྱིར་ཏེ། མདོར། རབ་འབྱོར་གྱིས་ལྷའི་བུ་རྣམས་ལ་བོས་ནས་ལྷའི་བུ་དག་བདག་ལ་ཆོས་ཉན་པ་ནི་སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། དེས་ན་ཅི་ཡང་མཉན་པ་མེད་ཅིང་ཅི་ཡང་མངོན་དུ་བྱས་པ་མེད་དོ། །ཞེས་སོགས་ཀྱིས་གཟུང་ རྟོག་སྤངས་ལ་འཛིན་རྟོག་མི་སྤོང་བར་བསྟན་པའི་མདོ་སྟེ། ཡུལ་སྒྱུ་མའི་རྟ་གླང་སོགས་ལ་བདེན་འཛིན་གྱི་སྒྲོ་འདོགས་ཆོད་ཀྱང་། ཡུལ་ཅན་ཤེས་པ་ལ་བདེན་འཛིན་གྱི་སྒྲོ་འདོགས་མི་ཆོད་པའི་ཕྱིར་ཞེས་དཔེར་བྱས་པའོ། ། འདི་ལ་འགའ་ཞིག་གཟུང་རྟོག་སྤངས་ན་འཛིན་ 4-1-245a རྟོག་སྤངས་པས་ཁྱབ་སྟེ། དབུས་མཐར། སུམ་ཅུ་པ། གཟུང་བ་མེད་ན་དེར་འཛིན་མེད། །ཅེས་པས་སོ་ཞེས་ཟེར་རོ། །དེ་ལ་ལུང་དེའི་དོན་བཤད་པ་དང་། དེའི་འཐད་པ་སྒྲུབ་པའོ། །དང་པོ་ནི། ཟུང་དོན་དེ་མེད་ན་དེ་འཛིན་གྱི་འཛིན་པ་བྱེ་བྲག་མེད་པར་བསྟན་པ་ ཡིན་ཀྱང་། དེ་ཙམ་གྱིས་འཛིན་པ་ཙམ་པོ་བ་མེད་པར་མི་འགྲུབ་པ་དང་། གཞན་ཡང་གཟུང་བ་མེད་ན་དེར་འཛིན་པ་མེད་པར་བསྟན་པ་ཡིན་ཀྱང་གཟུང་མེད་རྟོགས་པས་འཛིན་མེད་རྟོགས་དགོས་པར་མ་ངེས་སོ། ། གཉིས་པ་ནི། ཐེག་ཆེན་མཉམ་གཞག་ཏུ་གཟུང་འཛིན་གྱི་གཉིས་ སྣང་གཉིས་ཀ་ནུབ་ཀྱང་། ད་དུང་ཡིད་དང་འཛིན་པ་ས་བརྒྱད་པ་མ་ཐོབ་པར་ཡོད་པ་དང་། གཟུང་རྣམ་རང་བཞིན་མེད་པར་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་ཐོབ་ཀྱང་འཛིན་རྣམ་གྱི་རང་བཞིན་མེད་པར་དེར་མ་རྟོགས་པ་དང་། གཞན་གཟུང་བའི་རྟོག་པ་སྤངས་མ་ཐག་འཛིན་རྟོག་སྤང་བར་ མ་ངེས་པའི་ལུང་ཡང་། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་པས། གཟུང་རྟོག་སྔར་སྤངས་ཤིང་འཛིན་རྟོག་ཕྱིས་སྤང་དགོས་པར་བཤད་པ་ཡིན་ནོ། །དང་ནི་ཞེས་པས་འོག་མ་འདྲེན་པའི་ཚིག་གོ། རྟེན་ལམ་ པ་དང་ཆོས་ཉིད་ཀྱི་རིགས་ཀྱིས་རྟེན་བསེ་རུ་ལྟ་བུའི་ལམ་སྟེ། མདོར། ཡུམ་འདི་ལེན་པར་བྱེད་པ་སུ་དག་འབྱུང་བར་འགྱུར། ཞེས་པའི་དྲིས་ལན་དུ། ལམ་པ་གང་ཟག་གི་རྟེན་ནི། ཇི་སྐད་དུ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་སམ། བདེན་པ་མཐོང་བའི་གང་ ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ་བསམ་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དག་གམ། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་དག་གམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དག་ལེན་པར་འགྱུར་ཏེ། ཞེས་པས། ཕྱིར་ 4-1-245b མི་ལྡོག་སྦྱོར་ལམ་པ་དང་། བདེན་མཐོང་ནི་མཐོང་ལམ་པ་གསུམ་དང་། དགྲ་བཅོམ་ནི་ཉན་ཐོས་དང་། ལྷག་མ་གཉིས་ནི་ཚོགས་ལམ་པའོ། །ཆོས་ཉིད་ཀྱི་རིགས་རྟེན་ནི། ཇི་སྐད་དུ། ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་བདག་གིས་སྔོན་ཆད་ལྷ་རྣམས་ཀྱི་གནས་ཐམས་ཅད་ནའང་ ཡོད་པར་མ་མཐོང་སྟེ། མེ་ཏོག་འདི་དག་ནི་སྤྲུལ་པའོ་ཞེས་བྱ་བ་ནས། མེ་ཏོག་འདི་དག་ཁོ་ན་མ་བྱུང་བ་མ་ཡིན་གྱི། ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས་རྣམ་ཤེས་ཀྱི་བར་དུ་བཤད་པས། ཕུང་པོ་ལྔའི་རྒྱུ་ལས་མ་བྱུང་བའི་རང་བཞིན་གྱི་ རིགས་བསྟན་ཏོ། །དེས་ན་ཤེས་བྱ་རང་རྒྱལ་གྱི་ལམ་ལ་གཟུང་རྟོག་སྤངས་ཤིང་འཛིན་རྟོག་མི་སྤང་བ་དང་། རྟེན་རིགས་ཀྱི་ཁྱད་པར་ཏེ་ཁྱད་པར་གསུམ་གྱིས་ཡང་དག་པར་བསྡུས་པར་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱིས་ཤེས་པར་བྱའོ། །དེ་སྐད་དུ་འགྲེལ་ཆེན་ལས། ཇི་སྐད་བཤད་པའི་ཉན་ ཐོས་ཀྱི་བདེན་པ་བཞིའི་རྣམ་པ་མི་དམིགས་པར་བསྒོམས་པས་དངོས་པོ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྗེས་སུ་མཐུན་པར་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་བྱ་ཡིན་ནོ་ཞེས་སོ། །ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། རང་སངས་རྒྱས་ཀྱི་ལམ་ལ་ཇི་སྐད་བཤད་པའི་བདེན་ བཞི་བསྒོམ་པ་ཁོ་ན་དང་། དངོས་པོ་ཐམས་ཅད་ལ་གནས་ཚུལ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་གཟུང་བ་དང་འཛིན་པའི་དོན་གྱི་རྣམ་པར་རྟོག་པ་དག་གོ་རིམ་བཞིན་དུ་གཟུང་རྟོག་སྤངས་པ་དང་། འཛིན་རྟོག་མ་སྤངས་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་བསྡུས་པའི་རྟེན་ པའི་ཆོས་ཀྱི་གཞི་རང་རྒྱལ་གྱི་རིགས་ལ་བརྟེན་པའི་ཁྱད་པར་གྱི་ཆོས་གསུམ་གྱིས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཆོས་ཀྱི་རྟོགས་རིགས་རང་རྒྱལ་གྱི་ལམ་དེ། བྱང་ཆུབ་སེམས་དཔས་ཤེས་པར་བྱ་བ་ཡིན་གྱི། རང་རྒྱལ་གྱི་ལམ་གྱི་རྫས་རིས་ཀྱི་རྣམ་པ་ཐམས་ཅད་སེམས་དཔས་རང་དོན་དུ་ཤེས་དགོས་པ་མ་ 4-1-246a ཡིན་ནོ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་ལམ་མོ། །བཞི་པ་རྒྱུ་ངེས་འབྱེད་ཆ་མཐུན་ལ། འབྲེལ་བཀོད་ཅིང་མཚམས་སྦྱར་བ། རྩ་བའི་དོན་བཤད་ཅིང་མདོ་བཀོད། འགྲེལ་བའི་འབྲུ་གཉེར་བའོ། །དང་པོ་ནི། བསྟན་མ་ཐག་པའི་རང་རྒྱལ་གྱི་ལམ་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ ངེས་འབྱེད་ཆ་མཐུན་ཡོད་དམ་མེད་ཅེ་ན། ཡོད་དེ། ལམ་དེའི་རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་ཐོབ་ན། གོང་དུ་ཇི་སྐད་བཤད་པའི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་སྐྱེ་བས་དེའི་རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུང་བར་མཛད་དོ། །མདོར་ན་ཐེག་ཆེན་གྱི་སྦྱོར་ལམ་ལ་ཐེག་གསུམ་ གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་རྒྱུའི་ངེས་འབྱེད་ཆ་མཐུན་གསུམ་ཡོད་པ་ལས། འདིར་ནི་རང་རྒྱལ་གྱི་རྟོགས་རིགས་མངོན་དུ་མཐོང་བའི་རྒྱུ་བྱེད་པའི་ཆ་ནས་བཤད་པ་ཡིན་ལ། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ནི་སྐབས་གཉིས་པ་འདིར་བསྟན་པ་མ་ཡིན་ཏེ། འགྲེལ་ཆེན་ལས། མཐོང་ལམ་དེའི་ངེས་ པར་འབྱེད་པའི་ཆ་དང་མཐུན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པར་བཤད་ཟིན་ཏོ། །ཞེས་སོ། །འོ་ན་མཐོང་སྒོམ་ཡང་སྐབས་གཉིས་པ་འདིར་བསྟན་མི་དགོས་པར་མཚུངས་སྙམ་ན། མིན་ཏེ། གསར་དུ་ལྷགས་པའི་འཁོར་རྣམས་ལ་སྔར་བཤད་པའི་རྣམ་མཁྱེན་གྱི་རྒྱུས་འབྲས་བུ་མཚོན་པའི་དགོས་པ་ཡོད་དོ། ། གཉིས་པ་ནི། བཏགས་པ་ཀུན་རྫོབ་པ་དང་། ཇི་ལྟར་དུ་མིང་བཏགས་ཤིང་གང་ལྟར་དུ་བསམ་ཡང་དུས་མིང་སྐད་ཅིག་ཏུའང་འདུ་བར་མི་རུང་བའི་དོན་དམ་པའི་ཆོས་ཉིད་གཉིས་མི་འགལ་བར་རྟོགས་ཤིང་། རབ་འབྱོར་གྱིས་སྟོན་པའི་རྣམ་པ་ནི་དྲོ་བར་གྱུར་པ་གསུམ་སྟེ། མདོར། ཀཽ་ཤི་ཀ་གཟུགས་ནི་བཏགས་པ་ ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ནོ། །ཞེས་པ་ནས་རྣམ་ཤེས་ཀྱི་བར་དུ་བཤད་པས། དེའི་དོན་བཏགས་པ་ཙམ་པའི་ཀུན་རྫོབ་དང་། དེ་དེར་མ་གྲུབ་པའི་ཀུན་རྫོབ་པའི་ཆོས་ཉིད་གཉིས་སྟོང་ཉིད་ཡིན་པར་མི་འགལ་བའམ། ཡང་ན་དོན་ 4-1-246b དམ་བདེན་པ་ཡོད་པ་ལ་སྐུར་བ་དང་བྲལ་ཞིང་། ཀུན་རྫོབ་བདེན་པ་མེད་པ་ལ་སྒྲོ་འདོགས་དང་བྲལ་བའི་ཡེ་ཤེས་ལ་ཕྱོགས་གཉིས་ཀའི་འཁྲུལ་བ་མེད་པའི་ཕྱིར། ཟབ་མོའི་དེ་བཞིན་ཉིད་ལས་དེ་འགལ་བ་མ་ཡིན་པར་སྟོན་པ་ཡིན་ནོ། ། འདི་ན་ཆོས་ཀྱིས་ཕོངས་པ་འགའ་ཞིག །ཀུན་རྫོབ་བདེན་པ་ཡོད་པ་ཡིན་ཏེ། རྗེ་བཙུན་ གྱིས། ངེས་ཆའི་དྲོད་འཆད་པའི་རྟོགས་རིགས་ལས། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཀྱེ་མ་ཀྱི་ཧུད། ཀུན་རྫོབ་བདེན་པ་ཡོད་པར་མཐོང་བའི་རྟོགས་རིགས་དེ་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཡིན་པ་ན་ལམ་བསྒོམས་ ནས་ཅི་བྱ་སྟེ། ལམ་བསྒོམ་པ་ནི་བསླུ་བའི་འབྲས་བུ་ཅན་ཡིན་པའི་ཕྱིར་ཏེ། ཀུན་རྫོབ་པ་ཡོད་པར་མཐོང་བའི་རྟོགས་རིགས་ཡིན་པའི་ཕྱིར། ཀུན་ཅེས་པ་མང་ཚིག་དང་། རྫོབ་ཅེས་པ་བརྫུན་པའི་དོན་ཡིན་ལ། བརྫུན་པ་ནི་མེད་ཀྱང་ཡོད་པ་ལྟར་སྣང་བ་དང་། མི་བདེན་ཀྱང་བདེན་ པ་ལྟར་སྣང་བ་ལ་བྱའི། དེ་ཚེ་ཀུན་རྫོབ་ཡོད་མཐོང་གི་སྣང་བ་དེ་ཡིན་ན་མེད་པས་ཁྱབ། དཔེར་ན་སྐྲ་ཤད་བཞིན་ཀུན་རྫོབ་ཡོད་སྣང་ཡང་མེད་དོ། །དེ་མེད་པས་ཡོད་པ་ལ་བསླུ་བས་ཁྱབ། དཔེ་སྔ་མ་ལྟར་རོ། །འོ་ན་སྣང་བ་ཅི་ཞེ་ན། བློ་འཁྲུལ་བའི་ངོ་ནས་མེད་ཀྱང་ཞེན་པའི་སྟོབས་ གོམས་པ་ལས་སྣང་བར་རུང་སྟེ། རགས་པ་རྫས་གྲུབ་ཏུ་བློ་ངོར་སྣང་བ་བཞིན་ནོ། །དེས་ན་ཀུན་རྫོབ་བསླུ་བ་དང་ཡོད་པ་མིན་པ་ནི་བྱེ་བྲག་ཏུ་སྨྲ་བས་ཀྱང་འདོད་དེ། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཞེས་སྨྲ་ན་ ཐེག་ཆེན་པར་ཁས་ལེན་པ་ཁྱོད་ལ་གདོན་ཅི་ཞིག་ཐེབས་པར་གྱུར། རྩེ་མོར་གྱུར་པས་ནི་གཟུགས་ལ་སོགས་ཀྱི་ཆོས་ལ་དང་པོ་ཉིད་ནས་དེ་དག་ཡོད་མ་མྱོང་བའི་ཕྱིར། སྐྱོན་འགྲིབ་པ་མེད་པ་དང་ལ་སོགས་པས་ཡོན་ཏན་འཕེལ་བ་མེད་པས་ཕྱེ་བའི་རྟོགས་རིགས་ནི་རྩེ་མོའི་ངེས་ཆ་ 4-1-247a གསུམ་སྟེ། མདོར། གཟུགས་འཕེལ་བར་བྱ་བའི་ཕྱིར་མི་སློབ། ཅེས་སོགས་ཀྱི་དོན་ནོ། །གཟུགས་སོགས་ནང་སྟོང་པ་ཉིད་དང་ལ་སོགས་པས་ཕྱི་སྟོང་པ་ཉིད་སོགས་ཏེ་མདོར་ན་གཟུགས་ལ་སོགས་ལ་མི་འཛིན་པའི་ཕྱིར་བཟོད་པ་གསུམ་སྟེ། མདོར། གཟུགས་ ཡོངས་སུ་གཟུང་བར་བྱ་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན། ཚོར་བ་དང་། ཞེས་སོ། །གཟུགས་སོགས་ཀྱི་ཆོས་སྐྱེ་བ་མེད་པ་དང་། སོགས་ཀྱིས་བླང་དོར་མེད་པའི་རྣམ་པ་ཅན་ནི་ཆོས་ཀྱི་མཆོག་གསུམ་སྟེ། མདོར། གཟུགས་ཀྱི་སྐྱེ་བ་མི་མཐོང་ཞེས་བྱ་བ་ནས་འགྲིབ་པ་དང་ འཕེལ་བ་མི་མཐོང་ཞེས་སོ། །ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། གཟུགས་ལ་སོགས་པའི་ཆོས་ཀྱི་བརྡ་ལས་བྱུང་བའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་གསུམ་གྱི་དབང་དུ་བྱས་ན། ཀུན་བཏགས་པའི་ཆོས་ཉིད་ཀྱི་ངོ་བོ་ལས་གཞན་མ་ཡིན་པའི་ཕྱིར། དེ་དང་མི་འགལ་བར་ རབ་ཏུ་སྟོན་པ་ནི། དྲོད་རབ་འབྲིང་ཐ་གསུམ་གྱིས་ཡེ་ཤེས་དང་ཀུན་བཏགས་པའི་གཟུགས་སོགས་ཀྱི་ཆོས་ལ་དམིགས་ནས། ཆོས་འདི་དག་ནི་འཕེལ་འགྲིབ་ལྟར་སྣང་ཡང་། ཡོངས་གྲུབ་ཀྱི་གཟུགས་སོགས་དོན་དམ་པར་ན་གསར་དུ་འགྲིབ་པ་དང་གསར་དུ་འཕེལ་བ་མེད་པ་ལ་ སོགས་པའི་དོན་གནས་ཚུལ་དུ་ཞུགས་པ་ཉིད་ལ་བཟོད་པར་སློབ་པ་ནི་རྩེ་མོ་གསུམ་གྱི་ཡེ་ཤེས་དང་། གཟུགས་སོགས་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ན་གཟུགས་ལ་སོགས་པ་ལ་གདོད་ནང་དང་ཕྱི་ལ་སོགས་པས་ཕྱི་ནང་སྟོང་པ་ཉིད་དུ་གྱུར་པའམ་སྒོམ་པའི་སྟོབས་ཀྱིས་འགྲུབ་པར་ ཡོངས་སུ་མི་འཛིན་པ་ནི་བཟོད་པ་གསུམ་གྱི་ཡེ་ཤེས་དང་། གཟུགས་ལ་སོགས་པའི་ཆོས་ཀྱི་ཁྱད་གཞི་མེད་པ་ལ་ཁྱད་ཆོས་སྐྱེ་བ་དང་འགག་པ་དང་ལ་སོགས་པ་མཚན་ཉིད་གཞན་མེད་པར་རྟོགས་པ་ཞེས་བྱ་བའི་རྣམ་པ་ཅན་གྱི་ཆོས་མཆོག་གི་ཡེ་ཤེས་གསུམ་སྟེ་དེ་རྣམས་ཀྱིས་སོ། ། 4-1-247b དེ་ལྟར་དྲོད་སོགས་བཞི་གོ་རིམ་བཞིན་དུ་བདེན་པ་བཞིའི་དམིགས་པ་ལ་དམིགས་ནས། སོ་སོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་སྐྱེ་བ་ཡིན་ནོ། ། ཉན་ཐོས་འཕགས་ལས་ཁྱད་པར་བྱེད་ཆོས་དང་། ། དེ་ལ་རྩོད་པ་སྤང་ཞིང་རང་རྒྱལ་ལམ། ། གང་ཡིན་དེ་ནི་བདེ་ བར་ངོས་བཟུང་ནས། ། དེ་ཡི་རྒྱུ་ཚོགས་དང་བཅས་བཤད་ཟིན་ཏོ། །གསུམ་པ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། འབྲེལ་བཀོད་ཅིང་མདོ་དང་སྦྱར་བ་དང་། སྤྱི་དོན་དངོས་སོ། །དང་པོ་མདོའི་འབྲེལ་ནི། བརྒྱ་བྱིན་གྱིས་སྨྲས་པ། ཡུམ་གང་ལས་བཙལ་བར་བྱ་ཞེས་པ་སྟེ། གསར་དུ་འོངས་པའི་འཁོར་རྣམས་ལ་རྣམ་མཁྱེན་གྱི་རྟོགས་པ་བསྐྱེད་དགོས་པའི་དོན་དུ་བསྟན་ཏོ། བསྟན་བཅོས་ཀྱི་འབྲེལ་ནི། ལུས་རྣམ་གཞག་ཏུ། འདི་དང་གཞན་པའི་ཡོན་ཏན་གྱི། །ཕན་ཡོན་ཆེ་བ་ མཐོང་བའི་ལམ། །ཞེས་པ་དེ་ཉིད་འདིར་རྒྱས་པར་བཤད་པ་ཡིན་ནོ། །དེ་ལྟར་འབྲེལ་བ་ཅན་གྱི་མདོ་ནི། ཤཱ་རིའི་བུས་སྨྲས་པ། ཡུམ་འདི་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ། །དེ་ནས་བརྒྱ་བྱིན་གྱིས་སྨྲས་པ། རབ་འབྱོར། ཤཱ་རིའི་བུ་འདི་སྐད་དུ་ཡུམ་ནི་རབ་འབྱོར་ གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་ཟེར་ན། དེ་ཁྱོད་ཀྱི་མཐུའམ་བྱིན་གྱིས་བརླབས་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། འདི་ནི་བདག་གི་མཐུ་དང་བྱིན་ཀྱིས་བརླབས་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་མཐུ་དང་བྱིན་རླབས་སོ་ཞེས་པ་ནས། གང་ལས་བཙལ་བར་ བྱ་ཞེས་དྲིས་པ་ན། གཟུགས་ལ་བཙལ་བར་ཡང་མི་བྱ་ཞེས་སོགས་ནས། གཟུགས་ཀྱི་དེ་བཞིན་ཉིད་ལའང་དེ་བཞིན་གཤེགས་པ་མི་དམིགས། དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཞེས་སོགས་ཀྱི་མདོ་རྣམས་སོ། །གཉིས་པ་སྤྱི་དོན་དངོས་ལ། གང་ལ་སྐྱེ་ 4-1-248a བའི་རྟེན་དང་། བསྐྱེད་པར་བྱ་བ་མཐོང་ལམ། དང་པོ་ལ། ལུས་རྟེན་གང་ལས་སྐྱེ་བ་དང་། ས་གང་གི་སེམས་ལས་སྐྱེ་བ་དང་། རྒྱུ་གང་ལས་སྐྱེ་བའོ། །དང་པོ་ནི། ངན་སོང་གསུམ་དང་། སྒྲ་མི་སྙན་པ་དང་། མཚམས་མེད་བྱས་པ་ལ་མི་སྐྱེ་སྟེ། ཉོན་ མོངས་པ་དང་། རྣམ་པར་སྨིན་པ་དང་། ལས་ཀྱི་སྒྲིབ་པས་བསྒྲིབས་པའི་ཕྱིར་རོ། །ཁམས་གོང་མའི་ལུས་རྟེན་ལ་ཡང་མི་སྐྱེ་སྟེ། སྡུག་བསྔལ་གྱི་ཚོར་བ་མེད་པས་སྐྱོ་བ་ནུབ་པའི་ཕྱིར་རོ། །འོ་ན་གང་ལས་སྐྱེ་ཞེ་ན། གླིང་གསུམ་གྱི་སྐྱེས་པ་དང་། བུད་མེད་དང་། འདོད་པའི་ ལྷ་དང་བཅས་པ་རྣམས་ལ་སྐྱེ་བ་ཡིན་ཏེ། མདོར། ཡུམ་གྱི་བསྟན་པ་འདི་བཤད་པའི་ཚེ། ལྷ་དང་མིའི་སྐྱེ་རྒུ་རྣམས་ལས་བྱེ་བ་ཁྲག་ཁྲིག་བཅུ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །ཞེས་དང་། དགེ་སློང་མ་ལྔ་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ བ་རྣམ་པར་དག་གོ། ཞེས་སོ། །གཉིས་པ་ནི། བསམ་གཏན་ས་དྲུག་ལ་བརྟེན་པ་ཡིན་ཏེ། མཐོང་དམིགས་བྱ་བ་ཞེས་བྱའོ། །དེ་ནི་ཆོས་མཆོག་དང་ས་གཅིག །ཅེས་པས། ཆོས་མཆོག་གི་རྟེན་ནི། བསམ་གཏན་ས་དྲུག་ལས་གང་ཡང་རུང་བ་ཞིག་ལ་བཤད་དགོས་པའི་ཕྱིར། ཡང་མཐོང་ལམ་ནི་དེ་དྲུག་གང་རུང་ལ་བརྟེན་པ་ཡིན་ཏེ། གཟུགས་མེད་དང་བསམ་གཏན་གོང་མའི་ཉེར་བསྡོགས་ལ་བརྟེན་ནས་མི་སྐྱེ་བའི་ཕྱིར། དེའི་རྒྱུ་མཚན་ཡང་མཐོང་ལམ་དང་། དེའི་བརྟེན་པ་རྗེས་འབྲངས་དང་བཅས་པས་ཁམས་གསུམ་གྱི་གཉེན་པོ་བྱེད་པ་གང་ཞིག ། གཟུགས་མེད་ཀྱིས་ནི་འདོད་པ་ལ་མི་དམིགས་པའི་ཕྱིར་དང་། ལྷག་མཐོང་ཤས་ཆུང་བའི་ཕྱིར་གོང་མའི་ཉེར་བསྡོགས་ལ་མི་བརྟེན་ཏེ། གོང་མའི་དངོས་གཞི་ཐོབ་ན་གོང་མའི་ཉེར་བསྡོགས་འཐོབ་ལ། གོང་མའི་དངོས་གཞི་ཐོབ་ན་གོང་མའི་ཉེར་བསྡོགས་ལམ་དཀའ་བ་ལ་མི་ 4-1-248b བརྟན་པའི་ཕྱིར་རོ། །ཡང་ན་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང་། །ཞེས་སོ། །གསུམ་པ་ནི། མཐོང་ལམ་རྐྱེན་བཞི་ལས་སྐྱེ་བ་ཡིན་ནོ། །རྒྱུའི་ རྐྱེན་སྦྱོར་ལམ་ཆ་བཞི་པོ་དེ་ཡིན་ཏེ། ཐེག་པ་གསུམ་ཅར་འཐོབ་པའི་རྒྱུ། །ཞེས་སོ། །བདག་པོའི་རྐྱེན་ནི་ཏིང་ངེ་འཛིན་ཡིན་ཏེ། ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཏིང་ངེ་འཛིན་ལ་བརྟེན་པ་དང་། །ཞེས་སོ། །དམིགས་རྐྱེན་ནི་བདེན་བཞི་སྒྱུ་མ་ལྟ་བུར་སྣང་བ་དེ་ཡིན་ཏེ། བདེན་དང་བདེན་ ལ་བཟོད་པ་དང་། །ཞེས་སོ། །དེ་མ་ཐག་རྐྱེན་ནི་ཆོས་མཆོག་ཡིན་ཏེ། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་གཡེང་བ་རྣམ་པར་སྤོང་། །གཉིས་པ་ལ་ལྔ། མཚན་ཉིད། མཚན་གཞིའི་ རབ་དབྱེ། མཚོན་བྱའི་སྒྲ་བཤད། དེས་སྤང་བྱ་ཇི་ལྟར་སྤོང་ཚུལ། མཐོང་ལམ་དུ་གྱུར་པའི་རྗེས་ཐོབ་ཡོད་མེད་བསམ་པའོ། །དང་པོ་ལ། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། དེའི་མཚན་ཉིད་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་སྔར་མ་མཐོང་བ་ དེ་གསར་མཐོང་གིས་མངོན་སུམ་དུ་གྱུར་པ་དེའོ་ཞེས་ཟེར་རོ། །དེ་ལྟར་ན་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་ཁས་བླངས་པའི་ལུགས་ལྟར་ན། གནོད་བྱེད་འདི་ལྟར་དུ་འབབ་སྟེ། ཉན་ཐོས་ཀྱི་མཐོང་ལམ་སྐད་ཅིག་མ་གཉིས་པ་ཡན་ཆད་དེ་ཆོས་ཅན། མཐོང་ལམ་མ་ཡིན་ པར་ཐལ། ཁྱེད་འདོད་པའི་མཚན་ཉིད་དེ་རྗེས་སུ་མ་ཞུགས་པའི་ཕྱིར། གཞན་ཡང་ཉན་ཐོས་མཐོང་ལམ་པ་ཐེག་ཆེན་གྱི་ལམ་དུ་ཞུགས་པའི་མཐོང་ལམ་དེ་ཆོས་ཅན། མཐོང་ལམ་མ་ཡིན་པར་ཐལ། ཆོས་ཐམས་ཅད་རང་བཞིན་མེད་པར་སྔར་མ་མཐོང་བ་མངོན་སུམ་གྱིས་མཐོང་བ་ 4-1-249a མེད་པའི་ཕྱིར། དེ་ལ་གཞན་དག་ཉན་ཐོས་འཕགས་པས་ཀྱང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ལ། ཉན་ཐོས་མཐོང་ལམ་སྔོན་སོང་གི་དགྲ་བཅོམ་ཐེག་ཆེན་དེར་ཞུགས་པ་ལ་སྔར་ཉན་ཐོས་ཀྱི་མཐོང་ལམ་ལས། སླར་ཐེག་ཆེན་གྱི་མཐོང་ལམ་ཞིག་ སྐྱེ་མི་དགོས་སོ་ཞེ་ན། དེ་དེར་ཞུགས་པ་དེ་སངས་རྒྱ་བ་མི་སྲིད་པར་ཐལ། སེམས་བསྐྱེད་དང་པོ་ཐོབ་པ་མི་སྲིད་པའི་ཕྱིར། མ་གྲུབ་ན། དེ་ལ་འཇིག་རྟེན་པའི་སེམས་བསྐྱེད་དང་པོ་སྐྱེའམ། འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་དང་པོ་སྐྱེ། དང་པོ་ལྟར་ན་ཉན་ཐོས་འཕགས་ པ་དེ་སོ་སྐྱེར་ལྟུང་སྲིད་པར་ཐལ། ཉན་ཐོས་འཕགས་པ་དེ་ལ་འཇིག་རྟེན་པའི་སེམས་བསྐྱེད་དང་པོ་སྐྱེ་བ་ཡོད་པའི་ཕྱིར། འདོད་ན། ཉམས་གྱུར་དང་པོ་ལས་མ་ཡིན། །ཅེས་རྒྱུན་ཞུགས་ཀྱི་འབྲས་བུ་ལས་ཉམས་པ་མི་སྲིད་པར་བཤད་དོ། །འོ་ན་ཁྱོད་ཀྱང་ཉན་ཐོས་ འཕགས་པ་ཐེག་ཆེན་ཚོགས་ལམ་ནས་འཇུག་པར་ཁས་བླངས་པས། ཐེག་ཆེན་ཚོགས་ལམ་དེར། དེས་ཐེག་ཆེན་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གང་རུང་གི་སེམས་བསྐྱེད་པ་གང་ཞིག །དང་པོ་དེ་བསྐྱེད་དགོས་ཏེ། ཐེག་ཆེན་གྱི་ལམ་ལ་རིམ་འཇུག་བྱེད་དགོས་ པའི་ཕྱིར། དེ་དགོས་ན་ཉན་ཐོས་འཕགས་པ་སོ་སྐྱེར་ལྟུང་བར་ཐལ་བ་མཚུངས་ཤེ་ན། མི་ཐལ་ཏེ། འཇིག་རྟེན་ལས་འདས་མ་འདས་གང་གིའང་དབྱེ་འབྱེད་མ་བྱས་པའི་ཐེག་ཆེན་ཚོགས་ལམ་ནས་འཇུག་པ་ཙམ་ཞིག་ཁས་བླངས་པས་ཉན་ཐོས་འཕགས་པ་སོ་སྐྱེར་འགྱུར་མི་དགོས་ ཏེ། ལམ་གྱི་ཁྱད་པར་གྱི་འགྱུར་བ་ཇེ་བཟང་དུ་སོང་བས་རྟེན་གང་ཟག་གི་ཁྱད་པར་ཇེ་ངན་དུ་འགྱུར་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཉན་ཐོས་འཕགས་པ་ཐེག་ཆེན་གྱི་ལམ་ལ་ཞུགས་པ་དེ་ལ་ཐེག་ཆེན་གྱི་མཐོང་ལམ་མི་སྐྱེ་བ་ཉམས་སོ། །ཐེག་དམན་འཕགས་པ་ཐེག་ 4-1-249b ཆེན་གྱི་ལམ་དུ་འཇུག་པ་ན། ཐེག་ཆེན་གྱི་མཐོང་ལམ་སྐྱེ་མི་དགོས་པ་ད་དུང་འདོད་ན། ཉེས་པ་གཞན་ཡང་ཡོད་དེ། སྔར་ཐེག་པ་གཞན་ལ་མ་ཞུགས་པའི་ཉན་ཐོས་མཐོང་ལམ་པ་ཐེག་ཆེན་གྱི་ལམ་ལ་ཞུགས་པ་དེ་ཆོས་ཅན། མཐོང་སྤང་ཤེས་བྱའི་སྒྲིབ་པ་སྤོང་མི་སྲིད་པར་ཐལ། གཉེན་པོ་ཐེག་ཆེན་གྱི་མཐོང་ལམ་མི་སྐྱེ་བའི་ཕྱིར། ལོག་སྲེད་ཅན་བཞིན་ནོ། །འདོད་ན། འཚང་རྒྱ་བ་མི་སྲིད་པར་ཐལ་ལོ། ། ཉེས་པ་འདི་རྣམས་སྤོང་བར་འདོད་ནས་མཐོང་ལམ་གྱི་རྣམ་པ་ཐམས་ཅད་སྐད་ཅིག་མ་གཅིག་ཏུ་ཁས་ལེན་པར་བྱེད་ལ། དེ་ལྟར་ན་བཅུ་དྲུག་ཏུ་ ཕྱེ་བ་དོན་མེད་པར་ཐལ་བ་དང་། ཐལ་བ་དེའི་ཉེས་པ་སྤོང་བར་འདོད་ནས་བཅུ་དྲུག་པོ་ངོ་བོ་གཅིག་ཏུ་ཁས་ལེན་ན་ཡང་མཐོང་སྤང་ལས་གྲོལ་བའི་རྣམ་གྲོལ་གྱི་ལམ་མི་སྲིད་པར་ཐལ་བ་ལས། ཡང་དེ་སྒོམ་ལམ་དུ་འདོད་ན་མཐོང་སྒོམ་གཉིས་ཀྱི་བར་དུ་རྗེས་ཐོབ་ཀྱིས་མ་ཆོད་ པར་ཐལ་བ་ལས། དེ་འདོད་ན། བྱང་སེམས་མཐོང་ལམ་པ་དབང་འབྲིང་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་འབྲས་བུའི་གཏན་ཚིགས་ཡང་དག་མི་སྲིད་པར་ཐལ་བ་དང་། དེ་འདོད་ན་སེམས་དཔའི་ཞུགས་གནས་ཀྱི་རྣམ་གཞག་མཛད་པ་རྣམས་མི་རིགས་པར་ཐལ་ལོ། །གཉིས་ པ་མཐོང་ལམ་ཙམ་གྱི་མཚན་ཉིད་ནི། ཐར་པའི་གོ་སྐབས་འབྱེད་པ་གང་ཞིག །བྱང་ཆུབ་ཡན་ལག་གི་ངོ་བོར་གྱུར་ཅིང་སྒོམ་ལམ་གྱི་ངོ་བོར་མ་གྱུར་པའོ། །བྱང་ཆུབ་སེམས་དཔའི་མཐོང་ལམ་གྱི་མཚན་ཉིད་ནི། བྱང་ཆུབ་ཀྱི་ཡན་ལག་གི་ངོ་བོར་གྱུར་ཅིང་སྒོམ་ལམ་གྱི་ངོ་བོར་མ་ གྱུར་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེའི་མཚན་ཉིད་དོ། །དེ་ལ་གཞན་དག་མཚན་ཉིད་དེ་དང་ལྡན་པའི་མཐོང་ལམ་དེ་ལ་སྐད་ཅིག་གཉིས་པ་ཡན་དུ་ཁྱེད་གསར་མཐོང་མི་འདོད་ན། དེ་ཡན་ཆད་ཀྱི་སྐད་ཅིག་རྣམས་མཐོང་ལམ་ཉིད་དུ་ཁས་ལེན་ནུས་སམ་ཞེ་ན། ཤིན་ཏུ་ནས་ 4-1-250a ནུས་པ་ཡིན་ཏེ། དེ་མཐོང་ལམ་མིན་ན་སྒོམ་ལམ་དུ་འཇོག་དགོས་པ་ལས། དེ་སྒོམ་ལམ་དུ་འཇོག་བྱེད་ཀྱི་ཆོས་གང་ཡང་མ་ཚང་བའི་ཕྱིར། གྲུབ་སྟེ། སྒོམ་ལམ་ཡིན་པ་ལ་རྗེས་ལ་མངོན་རྟོགས་ངེས་པར་ཡིན་དགོས་པ་ལས། འདི་བདེན་པ་མངོན་རྟོགས་ ཡིན་པའི་ཕྱིར་རོ། །ཡང་རྗེས་ལ་མངོན་རྟོགས་ཡིན་ནོ་ཞེ་ན། མིན་ཏེ། དེ་ཡིན་པ་ལ་ཆོས་ཉིད་གསར་མཐོང་གི་དུས་ཀྱི་མཉམ་གཞག་ཐུན་གཅིག་པོ་དེ་ལས་ལངས་པའི་རྗེས་སུ་འབྱུང་བའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བློ་ཞིག་ཡིན་དགོས་པ་ལས། མཐོང་ལམ་སྐད་ཅིག་ གཉིས་པ་ཡན་ཆད་བཅུ་དྲུག་པ་ཕྱིན་ཆད་དེ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཐེག་ཆེན་པའི་ལུགས་དང་། ཐེག་དམན་པའི་ལུགས་སོ། །དང་པོ་ལ། དགག་བཞག་སྤོང་གསུམ་མོ། །དང་པོ་ལ། ངོ་བོ་གཅིག་ཁོ་ན་དང་། ཐ་དད་རིམ་ཅན་ཁོ་ནར་སྐྱེ་བར་འདོད་པ་ དགག་པའོ། །དང་པོ་ལ་གཉིས་ལས། དང་པོ་ཁས་བླངས་བརྗོད་པ་ནི། ཁ་ཅིག་མཐོང་ལམ་ངོ་བོ་གཅིག་ལ་ལྡོག་པ་བཅུ་དྲུག་གི་བདག་ཉིད་དུ་སྐྱེ་ཞེས་མཐའ་གཅིག་ཏུ་ཟེར་ལ། ལྡོག་པ་བཅུ་དྲུག་གི་གྲངས་ཀྱང་འདི་ལྟར་འདྲེན་ཏེ། བདེན་བཞིའི་ཆོས་ཉིད་མངོན་སུམ་གྱིས་མཐོང་ བ་ལ་མི་སྐྲག་པ་དེ་ཆོས་ཤེས་པའི་བཟོད་པ་དང་། ངོ་བོ་གཅིག་ལ་དེ་ཡང་བདེན་པ་སོ་སོ་ལ་བལྟོས་ཏེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་ལྡོག་པ་ཐ་དད་པས་ཕྱེ་བ་ཡིན་ནོ། །ཆོས་ཤེས་ཀྱི་བཟོད་པ་དེ་ཉིད་སེམས་དཔའ་སྔ་མ་ཞིག་གི་ཆོས་ཤེས་ཀྱི་བཟོད་པ་དང་འདྲ་བར་ སྐྱེས་པའི་ཆ་ནས་རྗེས་སུ་ཤེས་པའི་བཟོད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་གཞན་དང་འདྲ་བ་ཉིད། །ཅེས་སོ། །དེ་ཡང་བདེན་པ་སོ་སོ་ལ་བལྟོས་ཏེ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་བཞིའོ། །རྟོགས་བྱའི་མཐར་ཐུག་བདེན་པ་བཞིའི་ཆོས་ཉིད་ 4-1-250b རྟོགས་བྱེད་མཐར་ཐུག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མངོན་སུམ་གྱིས་མཐོང་བ་དེ་ཆོས་ཤེས་པའི་ངོ་བོ་དང་གཅིག་ལ། དེའང་བདེན་པ་སོ་སོ་ལ་བལྟོས་ཏེ་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པས་སོ། །ཆོས་ཤེས་དེ་ཉིད་སེམས་དཔའི་སྔ་མ་ཞིག་གི་ཆོས་ཤེས་དང་འདྲ་བར་སྐྱེས་ པའི་ཆ་ནས་རྗེས་སུ་ཤེས་པ་ཡིན་ནོ། །དེའང་བདེན་པ་སོ་སོ་ལ་བལྟོས་ཏེ་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ལ་སོགས་པ་བཞི་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་དེ་དགག་པ་ནི། འོ་ན་དེ་ལྟ་བུའི་སེམས་དཔའ་ཆོས་ཅན། མཐོང་ལམ་སྐད་ཅིག་མ་དགུ་པར་འགོག་པར་ལྟུང་བ་དགག་ པའི་དོན་དུ་སྐད་ཅིག་མ་བརྒྱད་པ་ལ་ཚད་མེད་བཞི་བསྒོམ་མི་དགོས་པར་ཐལ། འགོག་པར་མ་ལྟུང་བའི་སྐད་ཅིག་མ་བརྒྱད་པ་སྐྱེས་དུས་སུ་འགོག་པར་མ་ལྟུང་བའི་དགུ་པ་སྐྱེས་ཟིན་པའི་ཕྱིར། མ་གྲུབ་ན་མཐོང་ལམ་དུས་གཅིག་ཏུ་སྐྱེ་བ་ཉམས་སོ། །ཁྱབ་པ་མེད་ན། འགོག་ པར་མ་ལྟུང་བའི་དགུ་པ་སྐྱེ་ཟིན་པ་དེ་ལ། དགུ་པ་ལ་འགོག་པར་ལྟུང་བ་དགག་པའི་དོན་དུ་བརྒྱད་པར་ཚད་མེད་བཞི་བསྒོམ་མི་དགོས་པས་ཁྱབ་སྟེ། འགོག་པར་མ་ལྟུང་བའི་དགུ་པ་སྐྱེས་པའི་དུས་ཉིད་བཞིན་ནོ། །འདོད་ན། ཉི་སྣང་ལས། མཐོང་ལམ་སྐད་ཅིག་མ་བརྒྱད་པ་ ལ་བྱང་ཆུབ་སེམས་དཔའ་རྣམས་ཚད་མེད་པ་རྣམས་བསྒོམ་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་བལྟོས་པ་མེད་པར་འགོག་པར་ལྟུང་བར་འགྱུར་རོ། །ཞེས་བསྒོམ་དགོས་པར་བཤད་པ་དང་འགལ་ཅིང་། གཞན་ཡང་སེང་གེ་རྣམ་བསྒྱིངས་ བསྒོམ་པའི་མཐོང་ལམ་རྩེ་མོ་དང་། རྟེན་འབྲེལ་བཅུ་གཉིས་བསྒོམ་པའི་མཐོང་ལམ་རྩེ་མོ་གཉིས་པོ་དེ། དུས་སྔ་ཕྱིར་སྒོམ་པ་མ་ཡིན་པར་ཐལ། དུས་གཅིག་ཏུ་སྐྱེས་པའི་ཕྱིར། འདོད་ན། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་ 4-1-251a འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་སོ། ། གཞན་ཡང་། སེམས་དཔའ་ཆོས་ཅན། མཐོང་སྤང་ཐམས་ཅད་དུས་གཅིག་སྤོང་བར་ཐལ། མཐོང་ལམ་དུས་གཅིག་ཏུ་སྐྱེ་བའི་ཕྱིར། འདོད་ན། འཕགས་པའི་རྒྱུད་ལ་མཐོང་སྤང་སྐྱེས་བུ་བཏགས་འཛིན་གྱི་རྟོག་པ་མེད་པར་ཐལ། མཐོང་སྤང་གང་ཟག་རྫས་འཛིན་གྱི་རྟོག་པ་མེད་པའི་ཕྱིར། རྟགས་ནི་སོ་སྐྱེ་ཁོ་ན་ལ་ཡོད་པར་བཤད་པས་གྲུབ་བོ། །མ་ཁྱབ་ན། མཐོང་སྤང་ཐམས་ཅད་དུས་གཅིག་ཏུ་སྤོང་བའི་ཁས་ ལེན་ཉམས་སོ། །འདོད་ན། སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་མཐོང་བས་སྤང་བྱའི་སྐྱེས་བུ་བཏགས་འཛིན་གྱི་རྟོག་པ་དེ་འཕགས་རྒྱུད་ལ་ཡོད་པར་བཤད་པ་དང་འགལ་ལོ། ། ཡང་འཕགས་རྒྱུད་ལ་ཡོད་པར་བཤད་པའི་སྐྱེས་བུ་བཏགས་འཛིན་རྟོག་པ་དེ་སྒོམ་སྤང་ཡིན་ནོ་ཞེ་ན། འདིར་བཤད་ཀྱི་སྐྱེས་བུའི་བཏགས་འཛིན་རྟོག་པ་དེ་སྒོམ་སྤང་མིན་ཏེ། མཐོང་སྤང་ཁོ་ན་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་ཐ་དད་རིམ་ཅན་དུ་སྐྱེ་བར་འདོད་ པ་དགག་པ་ལ་གཉིས་ལས། དང་པོ་ཁས་བླངས་བརྗོད་པ་ནི། ཁ་ཅིག་ཆོས་ཉིད་མཐོང་བའི་མཐོང་ལམ་གཉིས་ཡེ་ཤེས་མཐོང་བའི་མཐོང་ལམ་གཉིས་ཏེ་ངོ་བོ་བཞིར་སྐྱེ་བ་ཡིན་པས། དེའང་ཤེས་པའི་བཟོད་པ་དང་ཆོས་ཤེས་པ་གཉིས་པོ་དེས་ཆོས་ཉིད་མཐོང་བ་ཡིན་ལ། རྗེས་ བཟོད་རྗེས་ཤེས་གཉིས་པོ་དེས་ཡེ་ཤེས་མཐོང་བ་ཡིན་ནོ། །ཡང་ཁ་ཅིག་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་རིམ་གྱིས་སྐྱེ་བ་ཡིན་ཅེས་མཐའ་གཅིག་ཏུ་སྨྲའོ། །གཉིས་པ་དེ་དགག་པ་ནི། སེམས་དཔའ་ཆོས་ཅན། མཐོང་སྤང་རིམ་གྱིས་སྤོང་བར་ཐལ། མཐོང་ལམ་རིམ་ 4-1-251b གྱིས་སྐྱེ་བའི་ཕྱིར། དེ་ལ་དེས་ཁྱབ་སྟེ། ཉན་ཐོས་ཀྱི་མཐོང་ལམ་བཞིན་ནོ། །འདོད་ན། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྡུག་བསྔལ་ལ་སོགས་པ་ལ་ལོག་པར་ཞུགས་པ་ཐམས་ཅད་ཅིག་ཅར་སྤོང་བར་འགྱུར་བའི་ ཕྱིར་རོ། །སྒོམ་པས་སྤང་བར་བྱ་བ་རྣམས་ནི་རིམ་གྱིས་སྤོང་བར་རིག་པར་བྱ་སྟེ། ལམ་གོམས་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །གཞན་ཡང་མདོ་ལས། ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག །ཐེ་ ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །ཞེས་སོ། །གཉིས་པ་རང་ལུགས་བཞག་པ་ལ། སྤྱིར་བསྟན་མཐོང་ལམ་གྱི་རྣམ་གཞག་དང་། བྱེ་བྲག་ཏུ་རྒྱན་རྩ་འགྲེལ་གྱི་དགོངས་པ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། གཏན་ལ་དབབ་པ་བསྡུ་བ་ལས། མཐོང་ལམ་གྱི་རྣམ་པར་གཞག་པ་ནི་རྣམ་པ་གཉིས་ཏེ། བསྟན་པ་གནས་པ་རྒྱས་པར་སྤྲོས་པ་དང་བཅས་པའི་རྣམ་པར་གཞག་པ་དང་། དོན་དམ་པ་སོ་སོ་རང་གི་རིག་པ་སྤྲོས་པ་མེད་པའི་རྣམ་པར་གཞག་པའོ། །ཞེས་བཤད་པས། སེམས་ དཔའི་མཐོང་ལམ་ལ་གཉིས་ཏེ། བསྟན་པ་གནས་པ་རྒྱས་པར་སྤྲོས་པ་དང་བཅས་པའི་རྣམ་གཞག་དང་། དོན་དམ་སོ་སོ་རང་གི་རིག་པ་སྤྲོས་པ་མེད་པའི་རྣམ་པར་གཞག་པའོ། །དེའང་སྔ་མ་ནི་བཤད་ཚོད་དང་། ཕྱི་མ་ནི་རྒྱུད་ལ་སྐྱེས་ཚོད་དེ། འགྲེལ་ཆེན་ལས། རིག་པའི་སྟོབས་ཀྱིས་མཐོང་བའི་ལམ་གྱི་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཡིན་ཀྱང་། མངོན་པར་རྟོགས་པ་སྐད་ཅིག་མ་བཅུ་དྲུག་ཉིད་བཤད་དོ། །ཞེས་པའི་དང་པོ་ལ། དམ་བཅའ་བ་དང་། དེའི་སྒྲུབ་བྱེད་བཀོད་པའོ། ། དང་པོ་ནི། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ 4-1-252a རིམ་གྱིས་སྐྱེ་བ་ཡིན་ལ། དེའི་སྐད་ཅིག་ནི་བྱ་རྫོགས་ལ་བྱེད་དགོས་པ་ཡིན་ཏེ། ཀུན་བཏུས་ལས། སེམས་ཀྱི་སྐད་ཅིག་ནི་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །ཞེས་འབྱུང་ལ། བཅུ་དྲུག་པོ་དེ་རིམ་ཅན་དུ་ཇི་ལྟར་འབྱུང་ཞེ་ ན། ཁམས་གསུམ་གྱི་སྡུག་བདེན་གྱི་ཆོས་ཉིད་མ་དག་པ་མངོན་སུམ་གྱིས་མཐོང་བ་ལ་མི་སྐྲག་པ་དེ་སྡུག་བསྔལ་ལ་ཆོས་ཤེས་ཀྱི་བཟོད་པ་བར་ཆད་མེད་པའི་ལམ་ཡིན་ལ། བར་ཆད་མེད་ལམ་ནི། སྤང་བྱ་དངོས་སུ་སྤོང་བྱེད་ཀྱི་གཉེན་པོ་དེ་ལ་ཟེར་བ་ཡིན་ནོ། །ཁམས་གསུམ་གྱི་ སྡུག་བདེན་གྱི་ཆོས་ཉིད་དག་པ་མངོན་སུམ་གྱིས་མཐོང་བའི་སྡུག་བསྔལ་ཆོས་ཤེས་རྣམ་གྲོལ་གྱི་ལམ་ཡིན་ལ། རྣམ་གྲོལ་གྱི་ལམ་ནི། སྤང་བྱ་ཐག་སྲིང་བྱེད་ཀྱི་གཉེན་པོ་ལ་ཟེར་བ་ཡིན་ནོ། །དག་པ་དང་མ་དག་པའི་རྣམ་གཞག་ནི་འོག་ཏུ་ཉན་ཐོས་ཀྱི་སའི་ལུགས་བརྗོད་པའི་ སྐབས་སུ་ཤེས་སོ། །ཡེ་ཤེས་དང་པོ་གཉིས་པོ་དེ་འཕགས་པའི་ཡོན་ཏན་གྱི་ཆོས་ཀྱི་རྒྱུ་ཡིན་པར་མངོན་སུམ་གྱིས་མཐོང་བ་ལ་མི་སྐྲག་པ་དེ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །སྡུག་བསྔལ་རྗེས་སུ་ཤེས་པའི་བཟོད་པ་དེ་ཉིད་ཡུལ་དུ་བྱེད་པའི་ཡེ་ཤེས་དེ་ལ་སྡུག་ བསྔལ་ལ་རྗེས་སུ་ཤེས་པ་ཡིན་ནོ། །དེ་གཉིས་ཀའང་རྣམ་གྲོལ་གྱི་ལམ་ཡིན་ནོ། །སྡུག་བསྔལ་དེ་བཞིན་དུ་བདེན་པ་ལྷག་མ་གསུམ་ལ་དེ་ལྟར་དུ་སྦྱར་རོ། ། ཡེ་ཤེས་དེ་གཉིས་ཀྱི་ཡུལ་གང་ཞེ་ན། ཀུན་བཏུས་ཀྱི་འགྲེལ་པར། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་ནི་ རྣམ་པ་གཉིས་ཏེ། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་སོ། །ཞེས་སོ། །རིམ་གྱིས་སྐྱེ་བ་འདི་ནི། ཀུན་བཏུས་ཉིད་དུ། བཟོད་པའི་མཇུག་ཐོགས་སུ་ཞེས་པ་དང་། ཤེས་པའི་མཇུག་ཐོགས་སུ། ཞེས་བཤད་པས་ཤེས་ལ། དེ་ལྟར་བཀོད་པ་ནི་ཀུན་བཏུས་གཞིར་བྱས་ནས་ 4-1-252b བཀོད་པ་ཡིན་ཅིང་། ཡང་ན་ཁམས་གསུམ་གྱི་སྡུག་བསྔལ་བདེན་པའི་རྣམ་པ་ཆོས་ཅན་དུ་བཟུང་ནས་དེའི་ཆོས་ཉིད་རྟོགས་པའི་ཆ་ནས་རིམ་བཞིན་སྦྱར་ན། མི་རྟག་པ་ལ་ཆོས་བཟོད་དང་། སྡུག་བསྔལ་ལ་ཆོས་ཤེས་དང་། བདག་མེད་ལ་རྗེས་བཟོད་དང་། སྟོང་པ་ལ་རྗེས་ཤེས་ ཏེ་དེ་ལྟར་སྦྱར་བའི་འགྲོས་ཀྱིས་བདེན་པ་ལྷག་མ་གསུམ་ལ་ཡང་སྦྱར་རོ། ། གཉིས་པ་ནི། ཇི་སྐད་དུ། ཆོས་ཤེས་པའི་སེམས་བཞི་དང་། རྗེས་སུ་ཤེས་པའི་སེམས་བཞི་དང་། དེའི་མཇུག་ཐོགས་སུ་ཞི་གནས་འབའ་ཞིག་པའི་སེམས་ཤིག་ཀྱང་འབྱུང་བར་འགྱུར་ཏེ། སེམས་ དགུ་པོ་དེ་དག་གིས་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་ཏེ་ཞེས་སོ། །དེ་ལྟར་གྱི་ཚེ་སྔ་མ་བརྒྱད་ལ་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་གཉིས་སུ་ཕྱེ་བས་བཅུ་དྲུག་དང་། དགུ་པ་ནི་མཐོང་ལམ་བཏགས་པ་བ་ཡིན་ནོ། །དེར་མ་ཟད་ཀུན་བཏུས་ལས། སེམས་ཅན་ གྱི་བརྡ་བསལ་བ་དང་། ཆོས་ཀྱི་བརྡ་བསལ་བ་དང་། ཐམས་ཅད་དུ་གཉིས་ཀའི་བརྡ་བསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཡང་དེ་བཞིན་ནོ། །ཞེས་བརྡ་བསལ་བ་གསུམ་གྱིས་མཐོང་ལམ་རིམ་གྱིས་སྐྱེ་བར་བཤད་དེ། སེམས་ཅན་ནི་གང་ཟག་གི་བདག་གོ། ཆོས་ནི་ཆོས་ཀྱི་ བདག་གོ། བརྡ་ནི་བརྡའི་རྗེས་སུ་བྱེད་པའི་རྟོག་པའོ། །བསལ་བ་ནི་སྤངས་པའོ། །ཐམས་ཅད་དུ་ཞེས་པ་ནི་སེམས་ཅན་དང་ཆོས་སོ། །འདིར་གསུམ་ག་ཆོས་ཤེས་སུ་བཤད་ལ། གཏན་ལ་དབབ་པ་བསྡུ་བ་ལས་ནི། དང་པོ་གཉིས་ནི་ཆོས་ཤེས་པ་ཡིན་ལ། གསུམ་པ་ནི་ རྗེས་སུ་ཤེས་པ་ཡིན་ནོ། །ཞེས་ཀྱང་འབྱུང་ངོ་། །མཐོང་ལམ་རིམ་བཞིན་སྐྱེ་བ་འདི། རྒྱུད་བླར་ཡང་གསུངས་ཏེ། ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །ཞེས་དང་། ཉི་ 4-1-253a སྣང་ལས། མཐོང་བའི་ལམ་སྐད་ཅིག་མ་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཚད་མེད་པ་རྣམས་བསྒོམ་དགོས་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་བལྟོས་པ་མེད་པར་འགོག་པར་ལྟུང་བར་འགྱུར་རོ། །ཞེས་སོ། ། དེས་ན་ལུང་དེ་རྣམས་ཀྱི་དགོངས་པ་དང་བསྟུན་ནས་དང་པོ་རིལ་པོ་མཐོང་ལམ་དུ་ངེས་སོ། ། གཉིས་པ་ལ། དམ་བཅའ་དང་། སྒྲུབ་བྱེད་དོ། །དང་པོ་ནི། མཐོང་ལམ་ངོ་བོ་གཅིག་དུས་གཅིག་ཏུ་སྐྱེ་བ་ཡིན་ཏེ། དེ་ལ་ལྡོག་པའི་དབྱེ་བ་མེད་དོ། །དེ་ལྟར་གྱི་ཚེ་ས་དང་པོའི་སྐད་ཅིག་མ་ དང་པོ་ནི་མཐོང་ལམ་དང་། སྐད་ཅིག་མ་གཉིས་པ་ཡན་ཆད་སྒོམ་ལམ་ཡིན་ལ། དེའི་ཚེ་མཐོང་ལམ་དེ་བར་ཆད་མེད་ལམ་ཁོ་ན་ཡིན་ཏེ། སྤང་བྱ་དངོས་སུ་སྤོང་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། ། ཁ་ཅིག་དེར་མ་ངེས་ཏེ། ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་རྣམ་གྲོལ་ ལམ་མཐོང་ལམ་དུ་བཤད་པའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་མཐོང་ལམ་སྐད་ཅིག་མ་དང་པོ་དེ་ཆོས་ཅན། རྣམ་གྲོལ་གྱི་ལམ་ཡིན་པར་ཐལ། རང་གི་ངོ་སྐལ་གྱི་སྤང་བྱ་ལས་གྲོལ་བའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་ན། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་བར་ཆད་ མེད་ལམ་ཡིན་པར་བཤད་དོ། ། གཉིས་པ་ནི། གཏན་ལ་དབབ་པ་བསྡུ་བ་ལས། རྣམ་པར་གཞག་པ་གཉིས་པའི་དབང་དུ་བྱས་ནས་དེ་བཞིན་ཉིད་ཤེས་པ་དང་མཚུངས་པར་ལྡན་པ་གཅིག་ཁོ་ནས་སེམས་ཀྱི་རང་བཞིན་ལས་བརྩམས་ཏེ། མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་ཞི་གནས་ཀྱི་སེམས་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །ཞེས་སོ། །གཞན་ཡང་རིགས་པ་དྲུག་ཅུ་པ་ལས། ཆོས་ཤེས་བྱ་བའི་འོག་ཏུ་ནི། །གལ་ཏེ་རྣམ་པ་དབྱེར་ཡོད་ན། །རྣམ་པ་མི་མཁས་དེ་ཡིས་ནི། །རྐྱེན་ལས་ 4-1-253b བྱུང་བའི་དོན་མ་མཐོང་། །ཞེས་ཆོས་བཟོད་ཀྱི་འོག་ཏུ་མཐོང་ལམ་ལ་དབྱེ་བ་མེད་པར་བཤད་ལ། དེ་དང་མཐུན་པར། རྩ་ཤེར་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །མཐོང་བ་དེས་ནི་སྡུག་བསྔལ་དང་། །ཀུན་འབྱུང་བ་དང་འགོག་པ་དང་། །ལམ་ཉིད་དེ་དག་མཐོང་ བ་ཡིན། །ཅེས་པས། བདེན་པ་བཞིའི་གནས་ལུགས་དུས་གཅིག་ལ་སྐྱེ་བར་གསུངས་པ་དང་། འགྲེལ་ཆེན་ལས། ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ལ། དེ་ལས་གཞན་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་ བརྗོད་པའི་བར་ནི་སྒོམ་པའི་ལམ་ཡིན་ནོ། །ཞེས་དང་། གཞན་ཡང་སྔགས་ཀྱི་ཐེག་པར་མཚོན་བྱེད་དཔེ་དང་མཚོན་བྱ་དོན་གྱི་ཡེ་ཤེས་སོགས་སྐད་ཅིག་མ་གཅིག་ཁོ་ནར་ངེས་པའི་ལུང་སོགས་དཔག་ཏུ་མེད་པ་ཡོད་ཀྱང་ཡི་གེས་འཇིགས་ནས་མ་བཀོད་ལ། མདོར་ན་ གཉེན་པོ་སྐྱེས་པའི་སྐད་ཅིག་དེར་སྤང་བྱ་འགགས་ཟིན་པ་དང་། ཡང་གཉེན་པོའི་སྐད་ཅིག་འགགས་ཟིན་པ་དང་། ཡེ་ཤེས་སྐད་ཅིག་དེ་མ་ཐག་འཆར་བ་ཡིན་ཏེ། དོན་དེ་ལ་དགོངས་ནས་ཡེ་ཤེས་སྐད་ཅིག་ཏུ་སྐྱེའོ་ཞེས་བཏགས་པ་ཡིན་གྱི། ཡེ་ཤེས་ནི་སྐད་ཅིག་མའི་ བདག་ཉིད་དུ་ཡོད་པ་མ་ཡིན་ཏེ། དེ་སྐྱེ་འགག་གིས་སྟོང་པའི་གནས་ལུགས་ཡིན་པའི་ཕྱིར་རོ། ། བོད་གཞན་དག་ཡེ་ཤེས་སྐད་ཅིག་མར་འདོད་པ་དང་། ཆོས་ཉིད་ཆོས་ཅན་ལ་འདོད་པ་དང་། ཆོས་སྐུ་ཐ་མལ་པའི་རྟོག་པ་ལ་འདོད་པ་ནི་གསོར་མི་རུང་བའི་འཁྲུལ་པ་སྟེ། རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་དུག་ཅན་གྱི་ཁ་ཟས་ལྟ་བུར་སྤང་བར་བྱའོ། །གཉིས་པ་བྱེ་བྲག་ཏུ་ཕྱེ་བའི་རྒྱན་རྩ་འགྲེལ་གྱི་དགོངས་པ་ཉིད་གང་དུ་གནས་པ་ནི། བཟོད་པ་བརྒྱད་དང་ཤེས་པ་བརྒྱད་བཅུ་དྲུག་གོ། དེ་དག་ཀྱང་འཕགས་སེང་གིས་བཞེད་ཀྱི་རིམ་ཅན་ཁོ་ 4-1-254a ནར་འབྱུང་སྟེ། དེའང་ཆོས་བཟོད་བཞི་མཐོང་སྤང་ལ་བལྟོས་པའི་བར་ཆད་མེད་ལམ་དང་། ཆོས་ཤེས་བཞི་རྣམ་གྲོལ་གྱི་ལམ་དང་། རྗེས་སུ་ཤེས་པའི་བཟོད་ཤེས་བརྒྱད་ཁྱད་པར་གྱི་ལམ་དུ་བཞག་ནས། བཅོ་ལྔ་པར་གནས་པ་ལ་སེམས་དཔའ་ ཞུགས་པ་དང་། བཅུ་དྲུག་པར་གནས་པ་ལ་སེམས་དཔའ་འབྲས་གནས་ཀྱི་རྣམ་གཞག་མཛད་པའི་ཕྱིར་རོ། །དེ་ཡང་སྐབས་དང་པོ་དང་བཞི་པར་རྗེས་ཐོབ་ཀྱི་ཆ་ནས་བསྟན་ཅིང་། སྐབས་གཉིས་པ་དང་གསུམ་པ་དང་ལྔ་པར་མཉམ་གཞག་གི་ཆ་ནས་བསྟན་ལ། འདིར་ནི་ སྐབས་གཉིས་པའི་དེ་འཆད་པ་སྐབས་སུ་བབས་པ་ཡིན་ཅིང་། དེའང་རང་བཞིན་དག་པའི་ཆོས་ཉིད་མངོན་དུ་གྱུར་པའི་མཉམ་གཞག་ཐུན་གཅིག་ལ་བཅུ་དྲུག་གི་ཆར་དབྱེ་བ་ཡིན་ཏེ། བཅུ་དྲུག་པོ་དེ་ལ་གཞན་གྱིས་བར་མ་ཆོད་པར་བཤད་པའི་ཕྱིར་དང་། བཅུ་དྲུག་ཏུ་འབྱེད་ པའི་དགོས་དོན་ནི། ཆོས་ཉིད་དེ་མཐོང་ཚུལ་ཙམ་གྱིས་འབྱེད་པ་མ་ཡིན་ཏེ། ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་གྱི་སྒོ་ནས་དེར་འབྱེད་པའི་ཕྱིར། དེ་ལྟར་ན་ཡང་མཐོང་བ་ལ་སྐད་ཅིག་མ་གཅིག་དང་རྟོགས་པ་ལ་བཅུ་དྲུག་གོ། དེ་གཉིས་ཀྱི་ཁྱད་ པར་ཅི་ཞེ་ན། མཐོང་བ་ནི་སྣང་ཡུལ་གྱི་དབང་དུ་བྱས་པ་སྟེ། ཆོས་ཉིད་ཀྱི་ཡེ་ཤེས་ལ་སྣང་བའི་རྣམ་པའོ། །རྟོགས་པ་ནི་ཡུལ་གང་ལ་ངེས་པ་དྲངས་ནས་སྒྲོ་འདོགས་ཆོད་པའི་འཇུག་ཡུལ་གྱི་དབང་དུ་བྱས་པ་སྟེ། ཆོས་ཅན་སོ་སོ་བ་དང་འབྲེལ་བའི་ཡུལ་སྟོང་པ་ཉིད་དོ། །དེ་ ཡང་དཔེར་ན་བཅུ་དྲུག་པོ་ཐམས་ཅད་ཀྱིས་རང་བཞིན་དག་པའི་ཆོས་ཉིད་ཙམ་མཐོང་བ་ལ་ཁྱད་པར་མེད་ཀྱང་། མཐོང་བའི་ཚུལ་སྐད་ཅིག་དང་པོས་ཆོས་ཉིད་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པས་རང་ལས་ངེས་ཀྱི་མངོན་སུམ་དང་། སྐད་ཅིག་གཉིས་པ་ཕན་ཆད་སྔ་མས་སྒྲོ་འདོགས་ 4-1-254b བཅད་ཟིན་གྱི་ཞེན་ཡུལ་མེད་དགག་གི་ཆ་ལ་ནི་བསྣན་ནས་འཛིན་ན་བཅད་ཤེས་ཡིན་ཀྱང་། དེ་ལྟ་བུའི་སེམས་དཔའ་ལ་སོ་སྐྱེ་ལྟར་ཞེན་ཡུལ་མེད་དགག་གི་ཆ་ལ་བསྣན་ནས་སྐབས་དེར་འཛིན་པ་མེད་པའི་ཕྱིར་དང་། སྣང་ཡུལ་ལ་ནི་མངོན་སུམ་ཡིན་པའི་ཕྱིར་བཅད་ཤེས་མ་ཡིན་ ལ། འཇུག་ཡུལ་རང་མཚན་ལ་ཡང་བཅད་ཤེས་མ་ཡིན་ཏེ། བླང་དོར་བྱ་བའི་ཆེད་དུ་ཞུགས་པ་ན་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། གཞན་ཡང་ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་དེ་ཡེ་ཤེས་སྔ་མས་སྒྲོ་འདོགས་བཅད་མ་ཟིན་པ་ངེས་པ་རང་སྟོབས་ཀྱིས་འདྲེན་དགོས་པ་ རྣམས་ལའང་བཅད་ཤེས་མ་ཡིན་ཏེ། རང་ལས་ངེས་ཀྱི་མངོན་སུམ་གྱི་ཚད་མ་ཁོ་ནར་ངེས་པའི་ཕྱིར་ཏེ། ཇི་སྐད་དུ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་སོ། །ཆོས་ཅན་ཐ་དད་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་ནི། ཆོས་ཅན་སྡུག་བདེན་གྱི་ཆོས་ཉིད་ལ་དེ་འདྲེན་ ཚུལ་དཔེར་མཚོན་ན། ཡུལ་དེ་བཞིན་ཉིད་དང་ཡུལ་ཅན་སངས་རྒྱས་དབྱེར་མེད་པའི་ཆོས་ཉིད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ནི་ཆོས་ཅན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ཏེ། སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་སྤོང་བའི་བར་ཆད་མེད་ལམ་མོ། ། དོན་དམ་ཆོས་དབྱིངས་ཀྱི་གཟུགས་སོགས་ཆེན་པོར་གྱུར་པའི་ཆོས་ཉིད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ནི། ཆོས་ཅན་སྡུག་བསྔལ་ལ་ཆོས་ཤེས་པའི་ཤེས་པ་ཡིན་ཏེ། སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་ལས་དངོས་སུ་རྣམ་པར་གྲོལ་བའི་ལམ་ཡིན་པའི་ཕྱིར་ དང་། ཀུན་རྫོབ་པའི་གཟུགས་སོགས་དངོས་སུ་འཇལ་བྱེད་ཀྱི་ཚད་མས་སྟོང་པའི་ཆོས་ཉིད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ནི། ཆོས་ཅན་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ཏེ། སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་སྤོང་བའི་ཁྱད་པར་གྱི་ལམ་ཡིན་པའི་ 4-1-255a ཕྱིར་དང་། ཀུན་རྫོབ་པའི་གཟུགས་ཚད་མས་གཞལ་བར་མི་རུང་བ་དེ་བཞིན་དུ་ཀུན་རྫོབ་པའི་གཟུགས་སོགས་ཚད་མར་མེད་པའི་ཆོས་ཉིད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ནི། ཆོས་ཅན་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཡིན་ཏེ། དེའང་སྡུག་བསྔལ་ མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་སྤོང་བའི་ཁྱད་པར་གྱི་ལམ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བདེན་པ་ལྷག་མ་གསུམ་ལ་སྦྱར་བས་བཅུ་དྲུག་གོ། གསུམ་པ་རྩོད་པ་སྤོང་བ་ལ། ཐེག་ཆེན་མཐོང་ལམ་གྱི་རྣམ་གཞག་སྤྱི་དང་། རྒྱན་རྩ་འགྲེལ་གྱི་དགོངས་པ་བྱེ་བྲག་ལ་ རྩོད་པ་སྤོང་བའོ། །དང་པོ་ནི། གཞན་དག་སྐད་ཅིག་མ་དགུ་པ་ལ་འགོག་པར་ལྟུང་བ་དགག་པའི་དོན་དུ་བརྒྱད་པ་ལ་ཚད་མེད་སྒོམ་མི་དགོས་པར་ཐལ། འགོག་པར་མ་ལྟུང་བའི་བརྒྱད་པ་སྐྱེས་དུས་སུ་འགོག་པར་མ་ལྟུང་བའི་དགུ་པ་སྐྱེས་ཟིན་པའི་ཕྱིར་ཞེ་ན། རྣམ་ གཞག་སྔ་མའི་དབང་དུ་བྱས་ནས་དེར་ཐལ། དེ་ལྟར་ཡིན་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་ལ། རྣམ་གཞག་ཕྱི་མའི་དབང་དུ་བྱས་ནས་དེར་ཐལ། དེ་ལྟར་ཡིན་པའི་ཕྱིར་ཟེར་ན་འདོད་པའོ། །གཉིས་པ་ནི། ཁ་ཅིག་སྐད་ཅིག་མ་བརྒྱད་པའི་ཚེ་རྗེས་ཐོབ་ཏུ་ལྡང་དགོས་ཏེ། ཇི་སྐད་དུ། ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ནི་མ་ཡིན་ཏེ། ངོ་བོ་ཉིད་མེད་པར་མངོན་སུམ་དུ་རྟོགས་པའི་བྱམས་སོགས་ཡིན་ན་སྟོང་པ་ཉིད་རྟོགས་པའི་མཉམ་གཞག་གི་ཡེ་ཤེས་ཡིན་པས་ཁྱབ། དཔེར་ན་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་ བཞིན་ཞེས་པ་འདི་ངེས་སོ། །གཉིས་པ་ཐེག་པ་དམན་པའི་ལུགས་ཀྱིས་དང་པོ་འདོད་པའི་སྡུག་བདེན་གྱི་ཆོས་ཉིད་མ་དག་པ་མངོན་སུམ་གྱིས་མཐོང་བ་ལ་མི་སྐྲག་པ་སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་བར་ཆད་མེད་ལམ་དེ་སྐྱེའོ། །མ་དག་པ་ནི་དམིགས་རྐྱེན་སྡུག་བསྔལ་ 4-1-255b གྱི་བདེན་པ་དེ་ལོག་ཞུགས་བཅུས་མ་དག་པ་ཡིན་ནོ། །དེའི་རྗེས་ལ་འདོད་ཁམས་ཀྱི་སྡུག་བདེན་གྱི་ཆོས་ཉིད་དག་པ་མངོན་སུམ་གྱིས་མཐོང་བས་སྡུག་བསྔལ་ལ་ཆོས་ཤེས་པ་རྣམ་གྲོལ་གྱི་ལམ་སྐྱེའོ། །དག་པ་ནི་དམིགས་རྐྱེན་སྡུག་བདེན་དེ་ལོག་ཞུགས་བཅུས་དག་པ་ཡིན་ནོ། ། དེའི་རྗེས་ལ་ཁམས་གོང་གཉིས་ཀྱི་སྡུག་བདེན་གྱི་ཆོས་ཉིད་མ་དག་པ་མངོན་སུམ་གྱིས་མཐོང་བ་ལ་མི་སྐྲག་པ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་བར་ཆད་མེད་ལམ་དེ་སྐྱེའོ། །མ་དག་པ་ནི་དམིགས་རྐྱེན་སྡུག་བདེན་དེ་ལོག་ཞུགས་བཅོ་བརྒྱད་ཀྱིས་མ་དག་པ་ཡིན་ནོ། ། དེའི་རྗེས་ལ་ཁམས་གོང་གཉིས་ཀྱི་སྡུག་བདེན་གྱི་ཆོས་ཉིད་དག་པ་མངོན་སུམ་གྱིས་མཐོང་བ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་རྣམ་གྲོལ་གྱི་ལམ་སྐྱེའོ། །དག་པ་ནི་དམིགས་རྐྱེན་སྡུག་བདེན་དེ་ལ་ལོག་ཞུགས་བཅོ་བརྒྱད་ཀྱིས་དག་པ་ཡིན་ནོ། །དེའི་རྗེས་ལ་ཀུན་བདེན་གྱི་ཡེ་ ཤེས་བཞི་རིམ་བཞིན་སྐྱེ་ལ། དེའི་རྗེས་ལ་འགོག་བདེན་གྱི་བཞི། དེའི་རྗེས་ལ་ལམ་བདེན་གྱི་བཞི་སྐྱེ་བ་ཡིན་ཏེ། མཛོད་ལས། ཆོས་ཤེས་བྱ་བའི་སྤྱོད་ཡུལ་ནི། །འདོད་སྡུག་བསྔལ་སོགས་རྗེས་ཤེས་པའི། །སྤྱོད་ཡུལ་གོང་མའི་སྡུག་བསྔལ་སོགས། །ཞེས་དང་། བཟོད་དང་ཤེས་པ་གོ་རིམས་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་སོགས་ཀྱིས་ཉན་ཐོས་ལྟར་ན། སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་དེར་ཟམ་པ་ལ་བསྒྲེང་བ་ལྟར་ཡིན་ཟེར་རོ། །གསུམ་པ་མཚོན་བྱའི་སྒྲ་བཤད་པ་ལ་གཉིས། སྤྱི་དང་། བྱེ་བྲག་གི་སྒྲ་དོན་ནོ། ། དང་པོ་ནི། ཆོས་ཐམས་ཅད་རང་བཞིན་མེད་པར་མངོན་སུམ་གྱིས་མཐོང་བས་ན་མཐོང་། དེར་ཕྱིན་པའི་ས་ཡིན་པས་ན་ལམ་སྟེ། ཇི་སྐད་དུ། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་སོ། །གཉིས་པ་ནི། བདེན་བཞིའི་ཆོས་མི་རྟག་སོགས་མངོན་སུམ་དུ་ཤེས་པས་ 4-1-256a ཆོས་ཤེས། དེ་ལ་མི་སྐྲག་པས་བཟོད་པ། བདེན་བཞིའི་མཚན་ཉིད་རྟགས་ཀྱིས་རྗེས་སུ་ཤེས་པས་རྗེས་ཤེས། དེ་ལ་མི་སྐྲག་པས་བཟོད་པ་སྟེ། བསྡུ་བ་ལས། ཆོས་ཤེས་པ་དང་རྗེས་སུ་རྟོགས་པའི་ཤེས་པ་གཉིས་ཀྱིས་མངོན་སུམ་དང་ལྐོག་ཏུ་གྱུར་པའི་ འདུ་བྱེད་ཐམས་ཅད་མངོན་པར་རྟོགས། ཞེས་སོ། །དེའི་དོན་འདུ་བྱེད་ཐམས་ཅད་ནི་བདེན་པ་བཞི་ཡིན་ལ། འདོད་པའི་དེ་བཞི་ནི་མངོན་སུམ་དང་། ཁམས་གོང་གི་དེ་བཞི་ནི་འདོད་པའི་བཞི་དང་འདྲ་ཞེས་རྗེས་དཔག་གིས་རྟོགས་སོ། །བཞི་པ་ལམ་དེས་སྤང་བྱ་ཇི་ལྟར་སྤོང་ཚུལ་ལ་ དངོས་དང་། ཞར་ལ་སྒོམ་སྤང་ཉོན་སྒྲིབ་སྤོང་ཚུལ་ལོ། །དང་པོ་ནི། དམན་ལམ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན་ཆོས་བཟོད་དང་པོས་ནི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་མཐའ་དག་དང་། དེའི་སྟེང་གི་ཡང་སྲིད་འཕེན་བྱེད་ཀྱི་ནུས་པ་མ་ལུས་པ་དང་། སྡུག་བདེན་གྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་ཤེས་སྒྲིབ་མཐའ་དག་དྲུངས་འབྱིན་ནུས་པ་ཡིན་ཏེ། ཆོས་བཟོད་དང་པོ་དེས་ཆོས་ཉིད་མངོན་སུམ་དུ་གསར་མཐོང་གི་སྒོ་ནས་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར་དང་། ཆོས་བཟོད་དང་པོ་དེས་ ཉོན་མོངས་པའི་བག་ལ་ཉལ་མ་ལུས་པ་འཇོམས་པའི་ནུས་པ་ཡོད་ཀྱང་འཇོམས་པ་ནི་མ་ཡིན་ཏེ། ཉོན་མོངས་ཀྱི་བག་ལ་ཉལ་མ་ལུས་པའི་གཉེན་པོ་ཆེད་དུ་གཉེར་ནས་མི་བསྒོམ་པའི་ཕྱིར་རོ། ། དེའི་གཉེན་པོ་ཆེད་གཉེར་དུ་བྱས་ནས་སྒོམ་རྒྱུ་དེ་གང་ཞེ་ན། གང་ཟག་གི་ བདག་མེད་དང་ཞི་རགས་ཀྱི་རྣམ་པ་ཅན་གང་རུང་དུ་ངེས་ཏེ། དེ་གཉིས་ནི་སྲིད་པར་འཕེན་འགྲུབ་ཀྱི་རྒྱུའི་གཉེན་པོ་ཡིན་པའི་ཕྱིར་ན། འཕགས་པ་ཉན་ཐོས་པ་དག་གཉེན་པོ་དེས་སྐབས་དེར་སྲིད་པ་འཕེན་འགྲུབ་ཀྱི་རྒྱུ་སྤོང་བ་ཡིན་ལ། སེམས་དཔས་ནི་སྟོང་ཉིད་རྟོགས་པའི་ 4-1-256b ཤེས་རབ་དེ་སེམས་ཅན་ལ་ཆགས་པའི་སྙིང་རྗེ་དང་ངེས་པར་ལྷན་ཅིག་ཏུ་འཇུག་པས་ཉོན་མོངས་ཀྱི་བག་ལ་ཉལ་མ་ལུས་པ་སྐབས་དེར་སྤོང་བ་ནི་མ་ཡིན་ནོ། །དེ་བས་ན་འདི་གཟུང་བར་བྱ་སྟེ། དམན་ལམ་སྔོན་དུ་མ་སོང་བའི་སེམས་དཔའ་ནི། མཐོང་སྤང་དུ་གྱུར་པའི་ཉོན་མོངས་ པའི་བག་ལ་ཉལ་ཐེག་ཆེན་གྱི་མཐོང་ལམ་ཁོ་ནས་སྤོང་བར་ངེས་ལ། དེའི་སྟེང་གི་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་སྒོམ་སྤང་དུ་གྱུར་པ་རྣམས་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤོང་བར་ནུས་ཤིང་། ཉན་ཐོས་ཀྱི་འཕགས་པས་ནི་འཇིག་རྟེན་པའི་ལམ་གྱིས་སྲིད་པར་སྐྱེ་བ་ལེན་ པའི་རྒྱུ་སྤོང་བ་མེད་ལ། བྱང་འཕགས་ཀྱིས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་སྒོམ་སྤང་དུ་གྱུར་པ་འཇིག་རྟེན་པའི་ལམ་གྱིས་སྤོང་བ་ཡོད་དེ། དཔེར་ན་འདོད་པའི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་ཟག་མེད་མ་ཐོབ་པའི་བྱང་སེམས། འཇིག་རྟེན་ པའི་ལམ་གྱིས་འདོད་སྲིད་ལེན་པ་སྤངས་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་པའི་ཚེ་བཞིན་ནོ། །སྡུག་བསྔལ་རྗེས་བཟོད་ནི་ཆོས་བཟོད་ཤེས་ཀྱི་ཡེ་ཤེས་སྔ་མ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་མིན་དུ་སྒྲོ་འདོགས་བསལ་ནས་དེ་ལ་ངེས་པ་འདྲེན་ནུས་པ་ཞིག་གོ ། འོན་ཀྱང་རྗེས་བཟོད་དེ་མཐོང་སྤང་ལ་བལྟོས་པའི་བར་ཆད་མེད་ལམ་དུ་མི་བཞག་སྟེ། དེས་སྤང་བྱར་གྱུར་པའི་སྒྲོ་འདོགས་དེ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་མ་ཡིན་པའི་ཕྱིར་རོ། །སྤྱིར་ཡང་མཐོང་ལམ་པ་དང་སྒོམ་ལམ་པས་རང་གི་ངོ་སྐལ་གྱི་སྤང་ བྱ་གཉིས་པོ་གང་རུང་མིན་པའི་སྤང་བྱ་སྤོང་བ་ནི་ཤིན་ཏུ་མང་སྟེ། ཤེས་བྱ་ཇི་སྙེད་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དང་། སྙོམས་འཇུག་གི་སྒྲིབ་པ་དང་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་སྒྲིབ་པ་དང་། དབང་པོ་འཕོ་དུས་ཀྱི་སྒྲིབ་པ་སྤོང་ཚུལ་བཞིན་ནོ། །གཉིས་པ་ནི། 4-1-257a སེམས་དཔའ་རྣམས་ནི་ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོ་ཆེད་དུ་གཉེར་ནས་མི་བསྒོམ་སྟེ། དེ་སྤངས་པའི་ཞི་བ་དོན་དུ་མི་གཉེར་བའི་ཕྱིར་རོ། །འོ་ན་གང་སྤོང་ན། ཤེས་སྒྲིབ་ཏུ་གྱུར་པའི་རྣམ་རྟོག་འབའ་ཞིག་སྤོང་ལ། རྒྱུ་མཚན་དེས་ ན་སེམས་དཔའི་འདུལ་བ་ནི་རྣམ་རྟོག་འབའ་ཞིག་འདུལ་བྱེད་དུ་གསུངས་པའི་ཕྱིར་རོ། །འོ་ན་ཉོན་མོངས་པའི་བག་ལ་ཉལ་དེ་གཏན་མི་སྤོང་ངམ་ཞེ་ན། མ་ཡིན་ཏེ། སེམས་དཔའི་ལམ་གྱི་མི་མཐུན་ཕྱོགས་ཤེས་སྒྲིབ་ཀྱི་རྟོག་པ་བརྒྱ་རྩ་བརྒྱད་ཆེད་དུ་སྤོང་བ་ན། དེ་དང་ དུས་མཉམ་དུ་ཉོན་མོངས་ཀྱི་བག་ཉལ་བརྒྱ་རྩ་བརྒྱད་སྤོང་བའི་ཕྱིར། དེ་ལྟར་ན་དེའི་ཚེ་ཉོན་མོངས་ཀྱི་བག་ཉལ་གྱི་གཉེན་པོ་ཟག་མེད་ལོགས་སུ་སྒོམ་དགོས་པ་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་སྤྱི་ལྡོག་ནས་ཤེས་སྒྲིབ་ཡིན་གྱི། དེ་ནི་སེམས་དཔའ་རྣམས་ཀྱི་ཉོན་མོངས་ པའི་སྒྲིབ་པ་ཡང་ཡིན་པས། གཙོ་བོར་རྣམ་པར་རྟོག་པ་སྤོང་བའི་ཞོར་ལ་ཉོན་མོངས་པའི་སྒྲིབ་པ་ཡང་སྤོང་བར་འགྱུར་བའི་ཕྱིར། དེ་ལ་དགོངས་ནས། དབྱིག་གཉེན་ཞབས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་གསུངས་ སོ། །དེ་ལྟར་དུ་བཤད་ན། སློབ་དཔོན་བཟང་པོའི་ཞབས་ཀྱིས་ཆགས་བྲལ་སྔོན་དུ་མ་སོང་བ་ལ་ཞུགས་གནས་ཀྱི་རྣམ་གཞག་འཇོག་ཚུལ་ལ་ནོངས་པ་མ་ཡིན་ལ། དེ་ལྟར་ན་སེམས་དཔའི་དགྲ་བཅོམ་ཞུགས་པ་ཡང་རྡོར་ཏིང་གིས་སྒྲིབ་གཉིས་ཀྱི་གནས་ངན་ལེན་སྤོང་ བ་ལ་བརྩོན་པ་དེས་ན་དེར་བཞག་ལ། སྲིད་རྩེར་སྐྱེ་བ་ལེན་པའི་རྒྱུར་གྱུར་གྱི་བག་ཉལ་སྤོང་བར་བརྩོན་པ་ནས་འཇོག་མི་རུང་སྟེ། བྱང་སེམས་འཕགས་པས་ནི་འདོད་སྲིད་ཀྱི་བག་ཉལ་དགུ་ཅིག་ཅར་དུ་སྤོང་བའི་ཕྱིར་རོ། ། མདོར་ན་ཉོན་མོངས་པའི་བག་ལ་ཉལ་ལ་ 4-1-257b གཉིས་ཡོད་དེ། དེའི་བག་ཆགས་ཀྱི་མིང་ཅན་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་གྱི་བག་ཉལ་ཉོན་སྒྲིབ་ཅེས་པ་ཞིག་དང་། དེའི་བག་ཆགས་ཀྱི་མིང་ཅན་ཤེས་བྱའི་སྒྲིབ་པར་གྱུར་པ་ཞིག་དང་གཉིས་ཡོད་པ་ལས། དང་པོ་ནི། གཞན་དོན་དུ་འཁོར་བར་སྐྱེ་བ་བཞེས་ པའི་རྒྱུར་མི་སྤོང་བ་དང་། གཉིས་པ་ནི། ཤེས་སྒྲིབ་རྟོག་པ་དང་དུས་མཉམ་དུ་སྤོང་རྒྱུ་དེའོ། །ལྔ་པ་མཐོང་ལམ་དུ་གྱུར་པའི་རྗེས་ཐོབ་ཡོད་མེད་བསམ་པ་ལ། ཆོས་མངོན་པར། རྗེས་ཐོབ་དང་མཐོང་ལམ་གྱི་གཞི་མཐུན་བཤད་པ་མེད་ཅིང་། དེའི་དོན་ཡང་ སྐབས་དེར་ཀུན་རྫོབ་པའི་ཤེས་པ་རྣམས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པར་བཤད་པ་ལ་མངོན་པ་གོང་འོག་མཐུན་པ་ཡིན་ནོ། །ཨར་བྱང་ཡེ་སོགས་ཀྱིས། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་དང་། རྗེས་ཐོབ་རྟེན་འབྲེལ་རྟོགས་ཚུལ་ལ་བསམས་ནས་དེ་ འདྲའི་གཞི་མཐུན་ཡོད་ཟེར་ཀྱང་དེ། མི་འཐད་དེ། འདིར་བསྟན་མཐོང་ལམ་ཤེས་བཟོད་བཅུ་དྲུག་ལས་ལྷག་པ་མ་བཤད་ལ། དེའི་མིང་ཅན་གྱི་རྗེས་ཐོབ་རྣམས་ཀྱི་ཤེས་བཟོད་བཏགས་པ་བ་ཡིན་ཅིང་། ཤེས་བཟོད་དངོས་ཡིན་ན་མཉམ་གཞག་ཡིན་པས་ ཁྱབ་སྟེ། ཇི་སྐད་དུ། དེ་ལྟར་མ་ཡིན་ན་རྣལ་འབྱོར་པའི་སོ་སོ་རང་གི་རིག་པའི་སྐད་ཅིག་མ་རྣམས་ལ་ཇི་ལྟར་གཞན་ཡིད་ཆེས་པའི་མཚན་ཉིད་དག་ཡིན། ཅེས་པས་སོ། །འོན་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་པའི་རྗེས་ཀྱི་སྤྱོད་པ་ཁྱད་པར་ཅན་གང་ 4-1-258a ལ་ཡོད་པ་ནི་ཐེག་ཆེན་སྒོམ་ལམ་པ་ཡིན་ལ། འབྲས་བུའི་རྟགས་དེ་ལྟ་བུ་ལ་དཔགས་ནས་རྒྱུ་མཐོང་ལམ་སྔོན་སོང་དུ་རྟོགས་པའམ། ཡང་ན་རྟགས་དེས་རང་གི་རྒྱུ་ཐབས་ཤེས་ཁྱད་པར་ཅན་རྗེས་སུ་དཔགས་ནས། རྒྱུ་དེ་ལ་གནས་པའི་ སེམས་དཔའ་མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པར་བྱེད་པ་རང་བཞིན་གྱི་གཏན་ཚིགས་ཀྱི་དབང་དུ་བྱས་པའི་ཕྱིར་དང་། རྗེས་ཐོབ་ཀྱི་རྟེན་འབྲེལ་རྟོགས་ཚུལ་ཡང་མཐོང་ལམ་གྱི་རྣམ་གྲོལ་ལམ་རྫོགས་ཤིང་། སྒོམ་སྤང་རྟོག་པའི་གཉེན་པོར་གྱུར་པའི་ཉེར་ བསྡོགས་མ་སྐྱེས་པའི་བར་དེར་འབྱུང་བ་ཊཱི་ཀ་ཆུང་མཁན་པོས་འདོད་པའོ། །མཐོང་ལམ་གྱི་སྤྱི་དོན་འདི་ནི་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་མཐོང་ལམ་ཟུར་བཀོལ་ཇི་ལྟ་བ་བཞིན་གྱི་དགོངས་པ་བླངས་ཏེ་བྲིས་པའི་ཕྱིར་ན། བསྟན་པའི་ཐེག་པ་ཆེན་པོ་རྔོག་ལོ་ཙཱ་བའི་ དགོངས་པར་ཡང་འགྲུབ་བོ། ། བདེན་པ་མངོན་རྟོགས་རིམ་པ་ནི། །འཆད་ཚུལ་འདི་ལྟར་མ་ཤེས་ན། ། ལ་ལ་མང་ཐོས་སྒྲོག་པ་དང་། །འགའ་ཡིས་མངོན་དུ་གྱུར་སྐད་པས། ། ལན་བརྒྱར་དག་དག་འདྲ་བ་ཡི། །བདེན་པས་སྟོང་པའི་མཆིད་མང་པོས། ། གླེངས་ཀྱང་སླུ་བྱེད་ཉིད་ཡིན་པས། །དེར་ཡིད་རྟོན་པར་མ་བྱེད་ལ། ། བདག་གིས་འདིར་བཤད་ཡིད་ཆེས་གྱིས། །གཉིས་པ་ཚིག་གི་དོན་ལ་གསུམ། ཐུན་མོང་གི་མཚམས་སྦྱར་བ། ཐེག་ཆེན་གྱི་མཐོང་ལམ་ཁྱད་པར་ཅན་བཤད་པ། ཐེག་ཆེན་གྱི་སྒོམ་ལམ་བཤད་པའོ། །དང་པོ་ནི། རང་སངས་རྒྱས་ཀྱི་ལམ་གྱི་མཇུག་ཐོགས་སུ་བྱང་ཆུབ་སེམས་དཔའི་ལམ་ཤེས་འཆད་དོ། །གཉིས་པ་ལ། བསྟན་བཤད་གཉིས་ལས། དང་པོ་ལ་རྩ། འགྲེལ་གཉིས་ཀྱི། དང་པོ་ནི། སྡུག་ཀུན་གྱི་བདེན་པ་ 4-1-258b དང་། འགོག་ལམ་གྱི་བདེན་པ་ལ་སོ་སོར་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པའི་སྐད་ཅིག་སྟེ་རྣམ་པ་བཞིའི་སྒོ་ནས་ལམ་ཤེས་པའི་བདག་ཉིད་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་པོ་གང་གི་རྒྱུད་ལ་ལྡན་ པའི་གང་ཟག་ལ་ཚེ་འདི་དང་ཕྱི་མའི་ཡོན་ཏན་གྱི་ཕན་ཡོན་ཆེན་པོ་ཐོབ་པ་དང་བཅས་པར་འགྱུར་བ་འདི་བཤད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གཉིས་པ་ནི། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་བྱང་ཆུབ་སེམས་དཔས་ལམ་ཤེས་ཚུལ་ནི། ཐེག་ཆེན་གྱི་མཐོང་བའི་ལམ་ དུ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་ཞེས་བྱ་བ་བཞི་ཡོད་དེ། དེ་ལྟར་བཞི་ཡོད་པ་ལས་ཡུལ་ཅན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཞི་པོ་སོ་སོར་སྡུག་བསྔལ་དང་། ལ་སོགས་པས་ཀུན་འབྱུང་འགོག་ ལམ་དང་བཅས་པའི་བདེན་བཞིའི་ཡུལ་དང་འབྲེལ་བ་དག་དང་ལྡན་པས་ན་ཚེ་འདི་དང་ཚེ་རབས་གཞན་པའི་དུས་སུའང་ཡོན་ཏན་ཆེན་པོ་དག་དང་ལྡན་པའི་མངོན་རྟོགས་ཁྱད་པར་ཅན་ཡིན་པའི་ཕྱིར། མངོན་རྟོགས་བཅུ་དྲུག་པོ་འདི་བྱང་སེམས་ཀྱིས་བསྒོམ་པར་བྱ་བ་ནི་ ལས་སུ་བྱ་བའི་གཙོ་བོ་ཡིན་ཏེ། མཐོང་བའི་ལམ་ཕན་ཡོན་དང་བཅས་པ་དེ་ཡིན་པའི་ཕྱིར་ཞེས་བརྗོད་པར་མཛད་དོ། །གཉིས་པ་རྒྱས་བཤད་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བདེན་བཞིའི་ཆོས་ཉིད་ལ་སྒྲོ་འདོགས་སེལ་ནུས་ཀྱི་ཚད་མ་བཅུ་དྲུག་གི་རྣམ་པ་ མཉམ་གཞག་ཏུ་རིམ་ཅན་དུ་ཐོབ་པས་དེ་ཇི་ལྟ་བུར་བསྒོམ་པར་བྱ་ཞེ་ན། དེའི་ལན་དུ་གཞུང་འདི་གསུངས་སོ། །གཉིས་པ་ནི། སྡུག་བདེན་ལ་དམིགས་པའི་ཆོས་ཉིད་ལ་སྒྲོ་འདོགས་སེལ་ཚུལ་གྱི་ཚད་མ་སྐད་ཅིག་མ་བཞིའི་རྣམ་པ་ནི་ཆོས་རྣམས་ཀྱི་གནས་ལུགས་དེ་ 4-1-259a བཞིན་ཉིད་དང་། དེ་དྲི་མས་རྣམ་པ་ཐམས་ཅད་དུ་གོས་མ་མྱོང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་དག་རང་ངོ་དབྱེ་བར་མི་ནུས་པའི་ཕྱིར། དེ་གཉིས་རྫས་རིས་མི་གཅིག་པའི་ཕན་ཚུན་མིན་པ་དང་། སྔ་མ་བརྟེན་པ་དང་། ཕྱི་མ་རྟེན་ཡིན་པ་དང་། ཡང་ན་སྔ་མ་རྟེན་དང་། ཕྱི་མ་བརྟེན་པ་མ་ཡིན་ཏེ། དེ་གཉིས་ལ་སྔ་ཕྱིའི་བྱེ་བྲག་དང་ལྡན་པ་དང་། ལྡན་ཆོས་ཐ་དད་པ་ཡོད་པ་མིན་པའི་ཕྱིར་དང་། དེ་གཉིས་ངོ་བོ་ཐ་དད་པའི་རྣམ་གྲངས་པ་ནི་ལྟ་ཅི་སྨོས་ལ། ངོ་བོ་ཐ་མི་དད་པའི་མིང་གི་རྣམ་གྲངས་པར་ཡང་ཁས་མི་ལེན་པར་ རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་སྡུག་བསྔལ་ཆོས་བཟོད་དོ། །ཡང་ན་འདི་ལྟར་དུ་འཆད་ནའང་ངེས་དོན་དུ་བདེ་བ་ཡིན་ཏེ། དེ་བཞིན་ཉིད་གཞན་སྟོང་ཟབ་མོ་མཐར་ཐུག་དེ་དང་། གཞི་འབྲས་ལམ་གསུམ་གྱི་ཟླས་ཕྱེ་བའི་འབྲས་དུས་ཀྱི་སངས་རྒྱས་གཟུགས་ཀྱི་སྐུ་ས་ བཅུ་པ་ཕྱིན་དང་མོས་སྤྱོད་པ་ཡན་ལ་སྣང་བའི་སྐུ་དེ་གཉིས་རང་ངོ་གཅིག་མིན་ཏེ། དེ་གཉིས་ལ་ཕན་ཚུན་འབྲེལ་བ་མེད་པའི་ཕྱིར། གྲུབ་སྟེ། བདག་གཅིག་འབྲེལ་མེད་དེ། གཞན་སྟོང་དེ་བཞིན་ཉིད་དོན་དམ་པ་དང་ཀུན་རྫོབ་པའི་སངས་རྒྱས་གཉིས་བདག་ཉིད་ དམ་རང་བཞིན་གཅིག་པ་མ་ཡིན་པའི་ཕྱིར་རོ། །དེར་བལྟོས་ཀྱི་འབྲེལ་བ་ཡང་མེད་དེ། དེ་གཉིས་བརྟེན་པ་དང་རྟེན་དུ་བལྟོས་འབྲེལ་མི་རུང་བའི་ཕྱིར། གྲུབ་སྟེ། གཞན་སྟོང་གི་དེ་ཉིད་ཟབ་མོ་དོན་དམ་པར་ཡོད་པ་དང་། ཀུན་རྫོབ་པའི་སངས་རྒྱས་ཀུན་རྫོབ་ཙམ་དུའང་ མེད་པ་གཉིས་གཅིག་གིས་ཅིག་ཤོས་དང་། ཅིག་ཤོས་ཀྱིས་གཅིག་ལའང་བལྟོས་ནས་རྟེན་བརྟེན་པར་གྲུབ་པའི་འབྲེལ་བར་མི་རུང་བའི་ཕྱིར་ཏེ། ཡོད་མེད་གཉིས་གཞི་གཅིག་ལ་བལྟོས་ནས་རྟེན་དང་བརྟེན་པར་འདུ་བ་མི་སྲིད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་གཞན་ 4-1-259b འདོད་པ་ལྟར་གཞན་སྟོང་གི་དེ་ཉིད་དང་། བློ་ངོར་སྣང་བའི་སངས་རྒྱས་བཟང་བཟང་པོ་གཉིས་ངོ་བོ་གཅིག་ཡིན་ལ། མིང་གི་རྣམ་གྲངས་ཐ་དད་པའོ་ཞེས་ངོ་བོ་གཅིག་ཡིན་པ་དང་། དེ་གཉིས་མིང་གི་རྣམ་གྲངས་ཀྱང་ཐ་དད་པ་ཙམ་དུ་ཁས་མི་ལེན་ཏེ། གཅིག་དང་ཐ་དད་ཀྱི་ མཐའ་སྤངས་པའི་ཕྱིར་ན། གཅིག་དང་ཐ་དད་ཀྱི་མཐའ་ལ་མི་གནས་པའི་རྟོགས་པ་སྐད་ཅིག་མ་ལ་དེའི་ཆོས་བཟོད་དུ་བཞེད་པ་ནི་མཆོག་གི་ལུགས་སོ། །ཆོས་ཉིད་ཀྱི་གཟུགས་སོགས་ཆེན་པོ་དེ་ཡེ་ཤེས་ཀྱི་ཡུལ་དུ་རྒྱ་ཐམས་ཅད་ལས་འདས་པའམ། ཡང་ན་རྒྱ་ཐམས་ཅད་ ཆེན་པོ་ཉིད་ལས་གཞན་མིན་པ་སྟེ། ཟབ་མོ་ཕྱག་རྒྱ་ཆེན་པོ་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་སྡུག་བསྔལ་ཆོས་ཤེས་སོ། །ཀུན་བཏགས་དང་རྣམ་བཏགས་ཀྱི་གཟུགས་སོགས་འཕགས་པའི་ཚད་མས་གཟིགས་པ་མེད་པར་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་སྡུག་བསྔལ་རྗེས་བཟོད་ དོ། །འབུམ་ཕྲག་གསུམ་པ་སོགས་ཀྱིས། ཚད་མེད་པ་དང་མཐའ་མེད་པ། །ཞེས་འདོན་པ་ནི་ནོར་བ་ཡིན་གྱི། དཔག་མེད་པ་དང་མཐའ་མེད་དང་། །ཞེས་འདོན་དགོས་ཏེ། དཔག་མེད་ཁྲི་བརྒྱད་སྟོང་པའི་འདྲེས་རྐང་ན་ཡོད་པའི་ཕྱིར་རོ་ཟེར་རོ། །དེ་ལྟར་ན་གཞན་སྟོང་ ཟབ་མོའི་གཟུགས་སོགས་རྡུལ་ཕྲ་རབ་ཀྱི་གཟུགས་སོགས་ཀྱི་མཚན་ཉིད་ལས་འདས་ཀྱང་། འོད་གསལ་ཕྱག་ཆེན་གྱི་གཟུགས་ཆེན་པོ་སེམས་ཅན་ལ་དམིགས་སུ་མི་རུང་བས་དཔག་དཀའ་བར་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་སྡུག་བསྔལ་རྗེས་ཤེས་སོ། །ཀུན་བདེན་ལ་སྔ་མ་ ལྟར་སྐད་ཅིག་བཞིའི་རྣམ་པ་ནི་ཆོས་ཀྱི་དབྱིངས་ལ་བློ་གྲོས་ངན་པས་བཏགས་པའི་མཐས་སྟོང་པར་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་ཀུན་འབྱུང་ཆོས་བཟོད་དོ། །ལམ་པ་དེར་གནས་ཀྱི་གཟུགས་ལ་སོགས་པའི་སྒྲིབ་བྱེད་དྲི་མའི་ཕ་རོལ་ན་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་ཉིད་དུ་ངེས་ 4-1-260a པར་འཛིན་པའི་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་ཀུན་འབྱུང་ཆོས་ཤེས་སོ། །ཀུན་རྫོབ་པའི་གཟུགས་སོགས་ལ་ཆགས་པས་བླང་བ་མེད་པ་དང་། སྡང་བས་དོར་བ་མེད་པ་དང་ལ་སོགས་པས་ཉེ་རིང་གི་སྤྲོས་པ་དང་བྲལ་བར་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་ ཀུན་འབྱུང་རྗེས་བཟོད་དོ། །དོན་དམ་པའི་བྱམས་སོགས་ཚད་མེད་པ་བཞི་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་ཀུན་འབྱུང་རྗེས་ཤེས་སོ། །འགོག་བདེན་ལ་སྔ་མ་ལྟར་སྐད་ཅིག་བཞིའི་རྣམ་པ་ནི་ཡོད་མེད་དང་། དངོས་དངོས་མེད་ཐམས་ཅད་སྟོང་ཉིད་དུ་རྟོགས་པའི་རྣམ་པ་སྐད་ ཅིག་མ་ནི་འགོག་པ་ཆོས་བཟོད་དོ། །རྟོགས་པའི་རིམ་པ་འདིས་མྱུར་དུ་སངས་རྒྱས་ཉིད་ནི་ཐོབ་པར་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་འགོག་པ་ཆོས་ཤེས་སོ། །དོན་དམ་པའི་རྣམ་པར་བྱང་བ་ཀུན་གྱི་ཡོན་ཏན་འདུས་མ་བྱས་པས་ཡོངས་སུ་བསྡུས་པར་རྟོགས་པའི་རྣམ་པ་སྐད་ ཅིག་མ་ནི་འགོག་པ་རྗེས་བཟོད་དོ། །དེ་ལྟར་རྟོགས་པ་ན་གནས་མིན་གྱིས་བརྫི་བ་མེད་པའི་ཕྱིར་ཉམ་ང་བ་མེད་པ་དང་། ནད་ཀྱི་རྒྱུ་མ་དམིགས་པའི་ཕྱིར་འབྲས་བུ་ནད་ཀུན་སེལ་བར་རྟོགས་པའི་རྣམ་པ་ནི་འགོག་པ་རྗེས་ཤེས་སོ། །ལམ་བདེན་ལ་སྔ་མ་ལྟར་སྐད་ཅིག་མ་བཞིའི་ རྣམ་པ་ནི་གདོད་མ་ནས་མྱ་ངན་ལས་འདས་པའི་རང་བཞིན་ཉིད་ཡིན་པས་གཟོད་མྱ་ངན་ལས་འདས་པའི་ངོ་བོར་འཛིན་པ་ཞི་བ་ཉིད་དུ་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་ལམ་ཆོས་བཟོད་དོ། །དེ་ལྟ་བུའི་ཡེ་ཤེས་ཐོབ་པ་ལ་སངས་རྒྱས་རྣམས་ཀྱིས་སྲུང་བ་དང་ལ་སོགས་པས་བསྐྱབ་པ་ དང་སྦ་བར་མཛད་པར་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་ལམ་ཆོས་ཤེས་སོ། །སྲོག་མི་གཅོད་པ་ལ་སོགས་པའི་དགེ་བ་སྤྱད་པས་རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ནི་བདག་ཉིད་གནས་ཏེ། སེམས་ཅན་གཞན་དག་རྣམ་ཀུན་མཁྱེན་པའི་དགེ་བ་ལ་འགོད་ནུས་པའི་རྟོགས་པ་རྣམ་ 4-1-260b པ་སྐད་ཅིག་མ་ནི་ལམ་རྗེས་བཟོད་དོ། །སྦྱིན་པ་དང་ལ་སོགས་པས་དགེ་བའི་རྩ་བ་ཅི་བྱེད་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་མི་དམིགས་པའི་ཚུལ་གྱིས་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པའི་རྟོགས་པའི་རྣམ་པ་སྐད་ཅིག་མ་ནི་ལམ་རྗེས་ཤེས་སོ། །དེ་ལྟར་ སེམས་དཔའི་མཐོང་ལམ་དུ་གྱུར་པའི་ལམ་ཤེས་པ་ཉིད་ཀྱི་སྐད་ཅིག་མ་བཅུ་དྲུག་གོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ། རྩ་བའི་ཚིག་དོན་བཤད་པ་དང་། དོགས་པ་བཅད་པ་གཉིས་ལས། དང་པོ་ལ། བདེན་བཞིའི་ཡུལ་ཅན་སོ་སོར་བཤད་པ་དང་། ཐུན་མོང་ གི་དོན་བསྡུ་བ་གཉིས། དང་པོ་ལ་བཞི་ལས། དང་པོ་སྡུག་བསྔལ་བདེན་པའི་ཡུལ་ཅན་བཞི་པོ་སོ་སོར་བཤད་པ་དང་། དོན་བསྡུ་བ་གཉིས་ལས། དང་པོ་ནི། དོན་དམ་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ན། ཡུལ་དེ་བཞིན་ཉིད་གནས་ཚུལ་སྟོང་པ་ཉིད་དང་། ཡུལ་ ཅན་སངས་རྒྱས་ཀྱི་ཡེ་ཤེས་གཉིས་པོ་དག་ལ་ཕན་ཚུན་དུ་རྟེན་དང་བརྟེན་པའི་དངོས་པོར་མེད་དེ། དེ་གཉིས་ཀར་ཡང་རང་བཞིན་གྱིས་སྟོང་པས་དེའི་ཕྱིར་དེ་བཞིན་ཉིད་དང་སངས་རྒྱས་དེ་དག་ཕན་ཚུན་དུ་གྲུབ་པའི་རྣམ་གྲངས་ཐ་དད་ཀྱི་ངོ་བོར་གནས་པར་ཁས་མི་ལེན་པ་ནི་ སྡུག་བསྔལ་ཆོས་བཟོད་ཀྱི་རྣམ་པ་དང་། གཟུགས་ལ་སོགས་པའི་གནས་ལུགས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་ཆ་ཤས་སུ་མེད་པས། དེ་ཉིད་ཀྱི་ཆེན་པོ་ཉིད་དུ་རྟོགས་པ་ནི་སྡུག་བསྔལ་རྗེས་སུ་ཤེས་པའི་རྣམ་པ་དང་། ཆོས་དབྱིངས་ངོ་བོ་ཉིད་ཀྱི་ཆེན་པོ་ཡིན་པ་དེ་བཞིན་ དུ་ཆོས་ཉིད་གཟུགས་སོགས་དེ་དག་ཆེན་པོ་དང་རབ་ཀྱི་མཐར་ཕྱིན་པས་ན། དེ་ཡུལ་དུ་འཇལ་བྱེད་ཀུན་རྫོབ་པའི་ཤེས་པ་ཚད་མ་མེད་པ་ཉིད་དུ་རྟོགས་པ་ནི་སྡུག་བསྔལ་རྗེས་སུ་བཟོད་པའི་རྣམ་པ་དང་། ཆོས་དབྱིངས་ཀྱི་གཟུགས་སོགས་གཞལ་མེད་ཀྱི་ཆེན་པོ་སྔ་མ་དེ་ 4-1-261a བཞིན་དུ་དཔེར་ན་ནམ་མཁའ་ཚད་མེད་པ་དང་འདྲ་བ་ཉིད་ཀྱིས་དོན་དམ་ཆོས་ཉིད་ཀྱི་གཟུགས་སོགས་དེ་དག་འབྱམས་ཀླས་ཤིང་ཚད་མེད་པ་ཞེས་བྱ་བའམ། དཔེ་དེ་ཉིད་ལས་ཡང་ན་ཀུན་རྫོབ་ཆོས་ཅན་པའི་གཟུགས་ཇི་སྙེད་པ་ལ་ཚད་མེད་པ་ཞེས་བྱ་བའི་རྟོགས་པ་ ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་རྣམ་པའོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟ་བུའི་རྣམ་གྲངས་བཞི་ནི་སྡུག་བསྔལ་བདེན་པའི་བཟོད་ཤེས་བཞིའི་རྣམ་པ་དག་ཡིན་ནོ། །གཉིས་པ་ཀུན་བདེན་གྱི་ཡུལ་ཅན་ལའང་སྔ་མ་ལྟར་གཉིས་ལས། དང་པོ་སོ་སོར་བཤད་པ་ནི། གཟུགས་ལ་སོགས་པ་ལ་དེ་ཉིད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རྟག་པའི་དངོས་པོར་མི་རུང་བ་དང་། ངོ་བོ་ཉིད་མེད་པ་ཡང་རང་བཞིན་གྱིས་ཡིན་གྱི། བཅོས་མས་མིན་པས་ཕྱིས་ཆད་པའི་མཐའ་ཉིད་མེད་པ་དང་། ལ་སོགས་པས་ལྟ་བ་ངན་པའི་དྲི་མ་གཞན་དག་ཀྱང་ མེད་པར་རྟོགས་པ་ནི་ཀུན་འབྱུང་ཆོས་བཟོད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་སེམས་ལ་ནི་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་སྟེ། དབང་པོའི་སྤྱོད་ཡུལ་ལས་ཡོངས་སུ་འདས་པའི་རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཉིད་ཀྱི་ཆོས་ མུ་མེད་པ་དང་བཅས་པའི་སྣང་བ་པྲ་ཕབ་པ་ལྟ་བུའི་ཡེ་ཤེས་ཀྱི་ཡོན་ཏན་གསལ་བ་རབ་ཀྱི་མཐར་གྱུར་པ་ལ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱི་སྐུར་ངེས་པར་ཡེ་ཤེས་ཀྱི་འཛིན་རྣམ་དུ་གྱུར་པའི་རྟོག་པ་ནི་ཀུན་འབྱུང་ཆོས་ཤེས་དང་། སྔ་མ་དེ་བཞིན་དུ་ཤེར་ཕྱིན་དེ་ལ་གནས་ པས་ནི་ཆོས་ཐམས་ཅད་བླང་བ་དང་དོར་བ་མེད་པར་བསྒོམ་པ་དང་། ལ་སོགས་པས་སྤྲོས་མཚན་གང་ཡང་སྒོམ་པའི་སྤྲོས་པ་ལས་གྲོལ་བའི་རྟོགས་པ་ནི་ཀུན་འབྱུང་རྗེས་བཟོད་དང་། ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་མོས་པའི་རྟོགས་པ་མངོན་སུམ་པ་སྔོན་དུ་འགྲོ་ 4-1-261b བའི་སྒོ་ནས་ཚད་མེད་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བའི་རྟོགས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །གཉིས་པ་བསྡུ་བ་ནི། དེ་ལྟ་བུའི་རྣམ་གྲངས་བཞི་པོ་ནི་ཀུན་འབྱུང་བའི་བདེན་པའི་རྣམ་པ་དག་ཡིན་ནོ། །གསུམ་པ་འགོག་བདེན་གྱི་ཡུལ་ཅན་ལའང་གཉིས་ལས། དང་པོ་སོ་སོར་བཤད་པ་ནི། ཀུན་རྫོབ་པའི་གཟུགས་ལ་སོགས་པའི་ཆོས་ལ་ཕྱག་རྒྱ་ཆེན་པོའི་ངོ་བོ་གཞན་སྟོང་ཟབ་མོ་གཉུག་མའི་རང་བཞིན་ཁོ་ནས་སྟོང་པ་ཉིད་དུ་རྟོགས་པ་ནི་འགོག་པ་ཆོས་བཟོད་དོ། །དེའི་དོན་ཀུན་རྫོབ་པའི་གཟུགས་ལ་དོན་དམ་པའི་ཆོས་ཉིད་མི་གནས་ པ་འདི་ནི་མདོ་སྔགས་ཀྱི་ངེས་དོན་ཡོད་དགུ་ཅོག་གི་སྙིང་པོ་ཡིན་ནོ། །འདུས་མ་བྱས་ཆོས་ཀྱི་དབྱིངས་དང་མཉམ་པའི་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱི་འབྲས་བུའི་མཐས་གཏུགས་པ་དེ་བཞིན་གཤེགས་པ་ངོ་བོ་ཉིད་སྐུ་ཐོབ་པའི་རྟོགས་པ་ནི་ཀུན་འབྱུང་ཆོས་ཤེས་སོ། ། འདིའི་དོན་མདོར་བསྡུ་ན། ཡེ་ཤེས་ཚོགས་བསགས་ཀྱི་དགེ་བ་དམིགས་མེད་ཀྱི་རྒྱུ་ལས་འབྲས་བུ་ཆོས་སྐུའི་ཡོན་ཏན་ཐོབ་པར་གསུངས་པའི་དོན་དེ་ཉིད་ཡིན་ཏེ། རྒྱུ་དེ་ཉིད་ཀྱང་ཆོས་མངོན་པ་ལྟར་ན། སྐལ་མཉམ་གྱི་རྒྱུ་དང་བྱེད་པའི་རྒྱུར་ཡང་གྲུབ་ལ། དོན་དམ་པར་ དཔྱད་ན་དེ་གཉིས་རང་ངོ་དབྱེར་མི་ནུས་པས་རྒྱུ་དང་འབྲས་བུར་བཞག་མི་ནུས་སོ་ཞེས་བྱ་བ་འདི་ངེས་སོ། །རང་ཉིད་ཀྱི་ཉམས་ལེན་གྱི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར། ཐེག་གསུམ་གྱི་ལམ་གྱི་འགལ་ཕྱོགས་འཇོམས་པའི་གཉེན་པོ་རྣམས་རྣམ་པ་ཐམས་ཅད་དུ་རྒྱུད་ ལ་ཡར་ལྡན་དུ་བསྡུས་པའི་རྟོགས་པ་ནི་འགོག་པ་རྗེས་བཟོད་དང་། ཤེར་ཕྱིན་ཉམས་སུ་བླངས་པ་དེ་ཉིད་ཀྱི་བྱིན་རླབས་ཀྱིས་ཕྱི་ནང་གི་འཚེ་བའི་རྒྱུ་རབ་ཏུ་ཞི་བ་ཞེས་བྱ་བའི་རྟོགས་པ་ནི་འགོག་པ་རྗེས་ཤེས་སོ། །གཉིས་པ་བསྡུ་བ་ནི། བཞི་པོ་དེ་ལྟ་བུ་ནི་འགོག་པའི་བདེན་ 4-1-262a པའི་རྣམ་པ་དག་ཡིན་ནོ། །བཞི་པ་ལམ་བདེན་གྱི་ཡུལ་ཅན་ལའང་གཉིས་ལས། དང་པོ་སོ་སོར་བཤད་པ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་པས་ངོ་བོ་ཉིད་མེད་པར་བསྒོམ་པ་གོམས་པ་ཁོ་ན་གཟུགས་ནས་ལ་སོགས་རྣམ་མཁྱེན་གྱི་བར་དང་། ཡང་དག་པར་ན་མྱ་ངན་ལས་འདས་པ་ལ་ཡང་གྲུབ་བདེན་དུ་མངོན་པར་ཞེན་པའི་རྒྱུ་བ་ཙམ་ཡང་ཞི་བར་རྟོགས་པ་ནི་ལམ་ཆོས་བཟོད་དོ། །ཤེས་རབ་དང་ཐབས་ལ་མཁས་པ་ལ་ཞུགས་པའི་བྱང་སེམས་ལ་སངས་རྒྱས་རྣམས་ཀྱིས་ལྷས་བྱས་པའི་གནོད་པ་ལས་བསྲུང་ བ་དང་། འབྱུང་བ་ལས་བྱུང་བའི་གནོད་པ་ལས་སྐྱོབ་པ་དང་། ལུས་ངན་གྱི་གནོད་པ་ལས་སྦ་བ་དག་མཛད་པར་ཚད་མས་རྟོགས་པ་ནི་ལམ་ཆོས་ཤེས་སོ། །སངས་རྒྱས་ཉིད་མངོན་པར་འདོད་པས་སེམས་དཔའ་བདག་ཉིད་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྔོན་དུ་འགྲོ་ བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ལ་གནས་ཏེ་རྣམ་མཁྱེན་དེ་ཉིད་ལ་གདུལ་བྱ་གཞན་དག་འགོད་པར་བྱེད་པའི་རྟོགས་པ་ནི་ལམ་རྗེས་བཟོད་དོ། །སྦྱིན་པ་དང་ལ་སོགས་པས་ཕྱིན་དྲུག་གི་འབྲས་བུ་མི་ཟད་པར་བྱེད་འདོད་པས། བྱེད་པའི་དགེ་རྩ་དེ་ཉིད་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པའི་རྟོགས་པ་ནི་ལམ་རྗེས་ཤེས་ཀྱི་རྣམ་པ་ཞེས་བྱའོ། །གཉིས་པ་བསྡུ་བ་ནི། བཞི་པོ་དེ་ལྟ་བུ་ནི་ལམ་གྱི་བདེན་པའི་རྣམ་པ་དག་ཡིན་ཏེ། སྐད་ཅིག་མ་བཞི་པོ་དེར་ངེས་པའི་ཕྱིར། གཉིས་པ་ཐུན་མོང་གི་བསྡུ་བ་ནི། གོང་དུ་བཤད་པ་དེ་ ལྟ་བུ་ནི་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་བཤད་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་དག་ཡིན་ནོ། ། རྩ་འགྲེལ་འདི་རྣམས་ཐད་ཀ་ཐད་ཀའི་འབྲུ་རང་གི་ཡིད་ལ་ཇི་ལྟར་འབབ་པའི་ངེས་དོན་གྱི་གོ་བ་མཐར་ཐུག་བྲིས་པ་ཡིན་པས་འགལ་བར་སེམས་པར་མི་བྱའོ། །འདི་སྐབས་ 4-1-262b ཀྱི་འབྲུ་སྣོན་ལ་ལར་བོད་པ་དག་གིས་མ་ཤེས་པ་ཤིན་ཏུ་མང་སྟེ། དཔེར་མཚོན་ན། བྱང་སེམས་ཀྱི་མཐོང་ལམ་འགོག་པ་ལ་ཆོས་བཟོད་ཆོས་ཅན། གཟུགས་ལ་སོགས་པའི་ངོ་བོ་གཉུག་མ་རང་བཞིན་ཁོ་ནས་སྟོང་པ་ཉིད་དུ་རྟོགས་པ་ཡིན་ཏེ། གཟུགས་སོགས་དོན་དམ་ པར་ཆོས་དབྱིངས་སུ་རྟོགས་པའི་ཕྱིར་ཞེས་སོགས་མི་འཐད་པ་མང་དུ་སྨྲ་བར་བྱེད་དོ། །དེ་ལ་རེ་ཞིག་སྨྲ་བ་དེ་ཙམ་ལ་དཔྱད་པར་བྱ་སྟེ། ཁྱོད་ཀྱི་ཞེན་དོན་གྱི་རྟགས་ཀུན་རྫོབ་པའི་གཟུགས་སོགས་དོན་དམ་པར་ཆོས་དབྱིངས་སུ་རྟོགས་པ་ཞེས་བྱ་བ་འདི་དབུ་མ་རང་སྟོང་གཞན་ སྟོང་དུ་སྨྲ་བ་གཉིས་ཀའི་ལུགས་དང་མི་མཐུན་ཏེ། རང་སྟོང་པ་དག་གཟུགས་སོགས་དེ་ལྟ་བུ་ནི་ཆོས་དབྱིངས་འཕགས་པའི་རྒྱུ་སྟེ་མྱ་ངན་ལས་འདས་པ་བདེན་པ་གཅིག་པུར་རྒྱལ་བ་རྣམས་ཀྱིས་གསུངས་པ་དེར་རྟོགས་སུ་ག་ལ་རུང་སྟེ། དེ་གཉིས་མཚན་ཉིད་མི་མཐུན་ པའི་ཕྱིར་དང་། ཀུན་རྫོབ་པའི་གཟུགས་རང་གི་ངོ་བོས་སྟོང་པའི་ཕྱིར་དང་། དེས་དོན་བྱེད་ནུས་པ་ལྟར་སྣང་བ་ནི་བསླུ་བའི་ཕྱིར་རོ། །གཞན་སྟོང་པ་དག་ཀུན་རྫོབ་པའི་གཟུགས་སོགས་ལོག་པ་དང་། དོན་དམ་པའི་ཆོས་དབྱིངས་ཡང་དག་པ་གཉིས་རྟེན་འབྲེལ་གྱི་དབང་ གིས་རང་རང་གི་རང་བཞིན་མི་འདོར་བ་ལས་ལོག་པ་ཡང་དག་ཏུ་ཚད་མས་རྟོགས་པ་མི་སྲིད་པ་དང་། ཡང་དག་ལོག་པར་ཚད་མས་རྟོག་པ་སྲིད་པ་མིན་ནོ། །དེ་སྲིད་ན་ཚད་མ་དང་ཚད་མིན་གྱི་རྣམ་གཞག་བརླག་པར་འགྱུར་བ་དང་། རྟེན་འབྲེལ་གྱི་ཆོས་ཉིད་ཀྱང་དངོས་སྟོབས་ ལ་མ་ཞུགས་པར་ཐལ་བ་སོགས་སྐྱོན་མཐའ་ཡས་པ་གནས་པས། འདིར་དེ་ཙམ་ཞིག་བརྗོད་ཀྱིས་སྤྲོས་པ་ཆོག་གོ། གཉིས་པ་དོགས་གཅོད་ལ། དོགས་པ་འགོད་པ་དང་། དེ་བཅད་པ་གཉིས་ལས། དང་པོ་ནི། རྒྱན་གྱི་འགྲེལ་བྱེད་ཁ་ཅིག་ནི། སྐབས་གཉིས་པ་འདིར་ 4-1-263a མདོར་བསྟན་གྱི། བདེན་དང་བདེན་ལ་བཟོད་པ་དང་། །ཞེས་སོགས་ཀྱི་ཚིག་ལེའུར་བྱས་པའི་བརྗོད་བྱའི་དོན་རྒྱས་བཤད་དུ་ཉེ་བར་མཚོན་ནས་གསལ་བར་བཤད་པ་ལྷུར་ལེན་པའི་གཞུང་། དེ་བཞིན་ཉིད་སོགས་ཀྱིས་མཐོང་ལམ་རྣམ་པའི་དོན་མ་བཤད་པར་ མཐོང་བའི་ལམ་གྱི་ངོ་བོའམ། ཡང་ན་དབྱེ་བ་སྐད་ཅིག་མ་བཅུ་དྲུག་ཁོ་ན་ཉེ་བར་མཚོན་པའི་ཉི་ཚེ་བ་ཙམ་མཛད་པར་ཟད་དེ། སྔར་བཤད་པའི་སྐབས་དང་པོ་གཉིས་དང་། མ་བཤད་པའི་གསུམ་པ་སོགས་སུ་འབྱུང་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་། ལ་སོགས་ པས་མཐོང་ལམ་འཆད་པའི་དོན་གྱི་ཕྱིར་གསུངས་པའི་གཞུང་། ཚིག་ལེའུར་བྱས་པ་རྣམས་སུའང་རྣམ་པ་མ་བཤད་པར་ངོ་བོའམ་དབྱེ་བ་ཙམ་ཞིག་བསྟན་པ་ཡིན་པ་དེ་བཞིན་དུ་བལྟའོ་ཞེས་ཟེར་རོ། །གཉིས་པ་ལ། རིགས་པས་དགག །ལུང་གིས་དགག་པའོ། །དང་པོ་ནི། རྣམ་པ་མ་བསྟན་པར་འདོད་པའི་ཕྱོགས་དེ་ལ་གཟུར་གནས་གཞན་དག་ན་རེ། རྣམ་པ་མ་བསྟན་པར་འདོད་པ་དེ་དག་གིས་ནི་མཉམ་གཞག་ཏུ་སྒོམ་པའི་རིམ་པ་དང་། ལ་སོགས་པས་རྗེས་ཐོབ་ཏུ་ཡིད་ལ་བྱ་བའི་རིམ་པ་དང་། འབྲས་བུ་རབ་ཀྱི་མཐར་ཕྱིན་པ་མ་བསྟན་པར་ ཐལ། དེས་མཉམ་པར་བཞག་པ་དང་རྗེས་ཀྱི་རྣམ་པ་གང་ཡང་མ་བསྟན་པའི་ཕྱིར། འདོད་ན། རྒྱན་འདིར་མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པར་ཐལ་ལོ་ཞེས་གསུངས་སོ། །གཉིས་པ་ནི། རིགས་པ་ལས་གཞན་པའི་ལུང་དང་འགལ་བ་ཡང་། རྒྱན་ འདིར་རྣམ་པ་མ་གསུངས་པ་ག་ལ་ཡིན་ཏེ། ཇི་སྐད་དུ། དམིགས་པ་དང་ནི་རྣམ་པ་དང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ཀྱང་། ཁྱོད་ལྟར་ན་ཇི་ལྟར་འགྲེལ་གྲང་ཞེས་ཟེར་རོ། །དེ་ལྟར་ན་ཕྱོགས་སྔ་མ་ལ་མི་འདོད་པ་དེ་ཐམས་ཅད་ཐོག་ཏུ་བབ་པས་ 4-1-263b ལུགས་ངན་པ་དེ་དོར་བར་བྱའོ། །འདི་ན་ལ་ལས་བསྟན་བཅོས་ཆེན་པོ་ཡི། །འགྲེལ་པ་བྱེད་རློམ་མང་པོས་རྩོམ་པའི་ཚུལ། །སྐྱོན་བཅས་སྦྱོར་བར་དྲིལ་བའི་ཚིག་ཕྲེང་ལ། །སྐབས་དོན་བོར་བའི་རྣམ་བཤད་ན་ཡམས་སྦྱོར། །ཀྱེ་མ་རྩོམ་པར་བྱེད་པའི་ཚུལ་འདི་འདྲ། །སྒྲ་ དང་སྙན་ངག་སྡེབ་སྦྱོར་ལ་སོགས་ཀྱི། ། བརྡ་སྤྲོད་གཞུང་ལུགས་གང་ལའང་འདི་མེད་པས། ། རྩོམ་པའི་ཉམས་ངན་འདི་དག་སྤོང་བར་གྱིས། །(གསུམ་)པ་སྒོམ་ལམ་ལ་གཉིས། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ལ། འབྲེལ་ བཀོད་ཅིང་མདོ་དང་སྦྱར་བ། གཞུང་དོན་དངོས་སོ། །དང་པོ་ནི། མདོ་བསྟན་བཅོས་ཀྱི་འབྲེལ་ནི། མཐོང་བའི་ལམ་བསྟན་མ་ཐག་པ་དེ་གོམས་པར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །བཤད་བྱའི་མདོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ། །ཞེས་སོགས་ཀྱི་མདོ་ཚན་རྣམས་སོ། །གཉིས་པ་གཞུང་དོན་དངོས་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ཐེག་ཆེན་མཐོང་བའི་ལམ་བཤད་པའི་མཇུག་ཐོགས་སུ་བྱེད་པ་ཅན་གྱི་ སྒོམ་ལམ་བརྗོད་པར་བྱ་བ་ཡིན་པ་ལས། དེའི་དང་པོར་སྒོམ་ལམ་གྱི་བྱེད་པ་བརྗོད་པར་བྱ་བའི་གཞུང་ཚིག་ཉུང་ངུ་བ་ཉིད་གསུང་བར་མཛད་པ་ཡིན་ཏེ། ཇི་སྐད་དུ། སྔོན་དུ་གཉིས་ཏེ་མཆོད་འོས་སམ། །ཡང་ན་ཡི་གེ་རབ་ཉུང་བའོ། །ཞེས་པས། སྔོན་དུ་བརྗོད་དོན་ཉུང་ངུ་རྗོད་ བྱེད་ཉུང་ངུས་མཚོན་པ་དེ་སྔར་བསྟན་པར་མཛད་པ་དང་། རྒྱུ་སྒོམ་ལམ་བསྒོམ་པ་ན་འབྲས་བུ་སྒོམ་ལམ་གྱི་བྱེད་པ་ཁྱད་པར་ཅན་མངོན་དུ་གྱུར་པ་ལ་གདུལ་བྱ་བྲོད་པ་སྐྱེ་བའི་ཕྱིར་ན་སྔོན་དུ་འདི་ཉིད་གསུངས་པས་ཀྱང་གདུལ་བྱ་རྣམས་འདི་ལྟ་བུའི་འབྲས་བུ་སྒྲུབ་པ་ཡིད་ལ་གཞོལ་ 4-1-264a བ་ཉིད་དུ་གཞུག་པའི་ཕྱིར་རེ་ཞིག་སྒོམ་ལམ་དེའི་བྱེད་པ་གསུངས་སོ། །གཉིས་པ་ནི། རྒྱུ་འཁོར་གསུམ་དུ་རྟོག་པའི་ཤེས་སྒྲིབ་ཀུན་ནས་ཞི་ཞིང་དུལ་བ་དང་། རྒྱུ་ཉོན་སྒྲིབ་ཀྱི་བྱེ་བྲག་ང་རྒྱལ་སྤོང་བའི་སྒོ་ནས་ཐམས་ཅད་ལ་ཐམས་ཅད་ནས་ཐམས་ཅད་དུ་ འདུད་ཅིང་། ང་རྒྱལ་དང་རློམ་སེམས་མེད་པ་དང་། རྒྱུ་ཉོན་སྒྲིབ་ཀྱི་སྤྱི་ཆགས་སོགས་ཀྱི་བག་ལ་ཉལ་དང་བཅས་པའི་ཉོན་མོངས་ཀྱི་སྒྲིབ་པ་ལས་རྒྱལ་བ་དང་། གནས་སྐབས་ཀྱི་འབྲས་བུ་དུག་དང་མཚོན་སོགས་ཕ་རོལ་པོས་བྱས་པའི་གནོད་པས་བརྫི་བ་མེད་པ་ཉིད་དང་། མཐར་ཐུག་གི་འབྲས་བུ་བླ་མེད་ཀྱི་བྱང་ཆུབ་ཐོབ་པ་དང་ནི་སྒོམ་ལམ་བྱེད་པ་དེ་དང་ལྡན་པའི་བྱང་སེམས་དེ་གང་དུ་གནས་པའི་ས་གཞི་དེ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སྤེལ་བའི་རྟེན་བྱང་ཆུབ་ཀྱི་སྙིང་པོར་འགྱུར་བས་མེ་ཏོག་ལ་སོགས་པས་མཆོད་པ་ཉིད་དུ་འགྱུར་བ་སྟེ། དྲུག་པོ་འདི་ནི་སྒོམ་ལམ་བྱེད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ཡང་དག་མིན་པའི་རྟོག་པ་སྤང་བའི་ཕྱིར་རྣམ་པ་ཐམས་ཅད་དུ་སེམས་ལ་རང་དབང་ཉིད་དུ་བྱེད་པ་དང་། འདུད་འོས་དགེ་བའི་བཤེས་གཉེན་དང་ལ་སོགས་པས་སྐྱེ་བོ་འདུད་འོས་ ཐམས་ཅད་ལ་འདུད་པ་དང་། ཡང་ན་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་འདུད་པ་དང་། འདོད་ཆགས་ལ་སོགས་པའི་སྒྲིབ་པར་གྱུར་པ་ཐམས་ཅད་རང་བཞིན་གྱིས་མི་མཐུན་པར་བྱས་པས་ཟིལ་གྱིས་གནོན་པ་དང་། ཕ་རོལ་གྱིས་བྱས་པའི་གནོད་པས་ཇི་ ལྟར་གནོད་པར་བྱས་ན་ཡང་དེ་ལྟ་བུའི་སེམས་དཔའ་ལ་ཆོས་ཉིད་ཀྱི་སྟོབས་ཀྱིས་གནོད་པས་རྗེས་སུ་བསྒྲུབ་པའི་ཡུལ་དུ་རུང་བ་མ་ཡིན་པ་ཉིད་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་བསྒྲུབས་ནས་མྱུར་དུ་འགྲུབ་པ་དང་། དེ་ལྟ་བུའི་སེམས་དཔའ་གནས་པའི་གཞི་ 4-1-264b ཡང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་བསགས་རྟེན་གྱི་ཡུལ་མཆོད་པར་བྱ་བ་ཉིད་དུ་བྱེད་པ་ཞེས་བྱ་བའི་བྱེད་པ་རྣམ་པ་དྲུག་ཡིན་ནོ། ། བཟང་པོའི་ཞབས་ཀྱིས་སྒོམ་ལམ་ཟག་བཅས་ཟག་མེད་གཉིས་ཀའི་བྱེད་པར་གསུངས་ལ། རིན་ཆེན་འབྱུང་གནས་ཞི་བ་སོགས་ཀྱིས་ ཟག་མེད་སྒོམ་ལམ་ཁོ་ནའི་བྱེད་པར་བཞེད། ལོ་ཆེན་གྱིས་ནི་བྱེད་པ་དྲུག་ཡོད་པ་ལས། བྱེད་པ་ཕྱི་མ་གསུམ་ནི་སྒོམ་ལམ་ཟག་བཅས་ཟག་མེད་གཉིས་ཀའི་ཐུན་མོང་བ་ཡིན་ལ། སྔ་མ་གསུམ་ནི་རིམ་བཞིན་ཟག་བཅས་སྒོམ་ལམ་དང་། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་ སྒོམ་ལམ་གསུམ་གྱི་བྱེད་པར་རིམ་བཞིན་བཤད། བོད་སྔ་རབས་པ་རྣམས་ཀྱིས་མཐོང་ལམ་ཕན་ཡོན་དང་བཅས་ཏེ་བཤད་པས་བྱེད་པ་ཤུགས་ལས་གྲུབ་ཅིང་། སྒོམ་ལམ་བྱེད་པ་དང་བཅས་ཏེ་བཤད་པས་ཕན་ཡོན་ཤུགས་ལས་གྲུབ་ཅེས་གསུངས་སོ། །གཉིས་པ་བྱེད་ པ་ཅན་གྱི་སྒོམ་ལམ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། ། དང་པོ་ལ། མཚན་ཉིད་དང་། མཚན་གཞིའི་རབ་དབྱེ་དང་། ས་གང་གི་ལུས་སེམས་ལ་བརྟེན་པ་དང་། སྐབས་འདིའི་སྒོམ་ལམ་ཟག་བཅས་ཟག་མེད་ཀྱི་ཁྱད་པར་རོ། །དང་པོ་སྒོམ་ལམ་གྱི་མཚན་ཉིད་ནི། ཐར་པའི་གོ་སྐབས་འབྱེད་པ་གང་ཞིག །སློབ་པའི་འཕགས་ལམ་གྱི་ངོ་བོར་གྱུར་ཅིང་མཐོང་ལམ་གྱི་ངོ་བོར་མ་གྱུར་པ་དེའོ། ། གཉིས་པ་ལ། འཇིག་རྟེན་པའི་དང་། འཇིག་རྟེན་ལས་འདས་པའི་སྒོམ་ལམ་གཉིས་ཏེ། མཛོད་ལས། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། ། ཞེས་པས། ཟག་བཅས་འཇིག་རྟེན་པའི་སྒོམ་ལམ་དང་། ཟག་མེད་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གཉིས་སུ་བཤད་པ་དང་། མངོན་པ་གོང་མར་ཡང་མཐོང་བའི་ལམ་ལས་གོང་དུ་གྱུར་པའི་འཇིག་རྟེན་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་ཞེས་སོ། ། 4-1-265a གོང་དུ་གྱུར་པ་ཞེས་བྱ་བ་ནི། མཐོང་བའི་ལམ་གྱི་སྔ་རོལ་དུ་འཇིག་རྟེན་པའི་སྒོམ་ལམ་ཡོད་པ་ལ་དགོངས་སོ། །དེ་ལྟར་བཤད་པའི་སྒོམ་ལམ་ལས། དང་པོ་ནི་བཏགས་པ་བ་དང་། གཉིས་པ་ནི་མཚན་ཉིད་པ་ཡིན་ལ། དེའི་དང་པོ་ལ་གཉིས་ཏེ། དབྱེ་བ་དང་། བྱེད་ལས་སོ། །དང་པོ་ནི། མངོན་པ་གོང་མར། འཇིག་རྟེན་པའི་ལམ་གང་ཞེ་ན། འཇིག་རྟེན་པའི་བསམ་གཏན་དང་པོ་དང་། ཞེས་པ་ནས་སྲིད་རྩེའི་བར་དུ་བཤད་དོ། །དེས་ན་བསམ་གཏན་བཞི་གཟུགས་མེད་བཞིའི་དངོས་གཞི་བཞི་བཞི་དང་། ཉེར་ བསྡོགས་བཞི་བཞི་སྟེ་བཅུ་དྲུག་དང་། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ཏེ་བཅུ་བདུན་ཡོད་དོ། ། གཉིས་པ་ནི། འཕགས་པ་ཐོགས་མེད་ལྟར་ན། འཇིག་རྟེན་པའི་སྒོམ་ལམ་གྱིས་སྒོམ་སྤང་ཁོ་ན་སྤོང་བ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ་དེའི་འདོད་པའི་འདོད་ཆགས་དང་། གནོད་སེམས་དང་། དེ་དང་མཐུན་པའི་ཆོས་དང་འབྲེལ་བའི་ང་རྒྱལ་དང་། དེ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི་ཀུན་ཏུ་མི་འབྱུང་བའི་ཚུལ་གྱིས་སྤངས་པ་ཡིན་གྱི། འཇིག་ཚོགས་ལ་ལྟ་ བ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དག་ནི་དེ་ལྟར་མ་ཡིན་ནོ། །ཞེས་པས། འཇིག་རྟེན་པའི་སྒོམ་ལམ་གྱིས་སྒོམ་སྤང་ཁོ་ན་སྤང་བར་བཤད་ཅིང་། སྤོང་ཚུལ་ཡང་མངོན་པ་གོང་མར། འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པས་འགོག་པ་གང་ཡིན་པ་སྟེ་ཞེས་ པས། འཇིག་རྟེན་པའི་སྒོམ་ལམ་གྱིས་སྒོམ་སྤང་གི་ཉོན་མོངས་པའི་ས་བོན་ཉམ་ཆུང་ངུར་བྱེད་པ་ཡིན་ནོ། ། འོ་ན་མཛོད་ལས། འཇིག་རྟེན་པའི་སྒོམ་ལམ་གྱིས་མཐོང་སྤང་དང་སྒོམ་སྤང་གི་ཆ་གཉིས་ཀ་སྤོང་བར་བཤད་དེ། ཇི་སྐད་དུ། སྲིད་རྩེ་ལས་སྐྱེས་བཟོད་པ་ 4-1-265b ་ཡིས། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །ཞེས་གསུངས་པའི་ཕྱིར། སྲིད་རྩེ་ལས་སྐྱེས་པའི་རྗེས་བཟོད་ཀྱིས་གཞོམ་བྱ་མཐོང་སྤང་ནི་མཐོང་བས་སྤང་བྱ་ཉིད་དུ་ངེས་ཀྱང་། ས་ལྷག་མ་བརྒྱད་ལས་སྐྱེས་པའི་འཇིག་རྟེན་པའི་སྒོམ་ལམ་ གྱིས་མཐོང་སྤང་གི་ཆ་དང་སྒོམ་སྤང་གི་ཆ་གཉིས་ཀ་སྤོང་བར་བཤད་པ་དང་འགལ་ལོ་ཞེ་ན། འགལ་བ་བདེན་ཀྱང་། དེས་སྐྱོན་མེད་དེ། ཐེག་པ་གོང་མ་འོག་མ་དང་འགལ་བས་གནོད་མི་ནུས་པའི་ཕྱིར་རོ། ། གཉིས་པ་འཇིག་རྟེན་ལས་འདས་པའི་སྒོམ་ལམ་ལ། དབྱེ་བ་དང་། བྱེད་ལས་སོ། །དང་པོ་ནི། གཉེན་པོ་སྒོམ་ལམ་ལ་དབྱེ་ན། ཆུང་འབྲིང་ཆེ་གསུམ་ལས། དང་པོ་ལའང་ཆུང་འབྲིང་ཆེ་གསུམ། དེ་བཞིན་དུ་འབྲིང་ལ་གསུམ་དང་། ཆེན་པོ་ལ་གསུམ་སྟེ་དགུ་ཡོད་དོ། ། གཉིས་པ་ནི། ས་དང་པོའི་ལྷག་མ་དགུར་སྒོམ་པ་ཡིན་ཏེ། ཉི་སྣང་ ལས། ས་གཉིས་པར་ལམ་ཆུང་ངུའི་ཆུང་ངུས་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སྤོང་བ་ཡིན་པས་ན་ཞེས་པ་ནས། ས་དགུ་པོ་རེ་རེ་ལ་སྤང་བྱ་རེ་རེ་སྤོང་བར་བཤད་དོ། ། གསུམ་པ་ས་གང་གི་ལུས་སེམས་ལ་བརྟེན་པ་ལ་སྔར་མེད་གསར་སྐྱེའི་ལུས་རྟེན་ནི་འདོད་པ་ཁོ་ནར་ངེས་ཏེ་ མཐོང་ལམ་གང་དུ་སྐྱེས་པའི་རྟེན་དེ་ལ་སྐྱེ་དགོས་པའི་ཕྱིར། སྐྱེས་ཟིན་གནས་པའི་སྒོམ་ལམ་གྱི་ལུས་རྟེན་ཀྱང་ཉན་ཐོས་ཀྱི་དེ་ཁམས་གསུམ་ག་ལ་བརྟེན་དུ་རུང་ལ། རང་རྒྱལ་གྱི་དེ་འདོད་པ་ཁོ་ན་ལ་བརྟེན་དགོས་ཤིང་། བྱང་སེམས་ཀྱི་དེ་སྤྱིར་བཏང་དུ་ཁམས་གསུམ་གར་ བརྟེན་རུང་དུ་བཤད་ཀྱང་། ཞིབ་ཅར་ཕྱེ་ན། གཟུགས་མེད་ལ་བརྟེན་པ་མ་ཡིན་ཏེ། དེ་གཞན་དོན་གྱི་གནས་མ་ཡིན་པའི་ཕྱིར་རོ། ། འོ་ན་གཟུགས་མེད་ཉེར་འགྲོའི་བྱང་སེམས་ཡོད་པ་དེ་ཅི་ལ་དགོངས་ཤེ་ན། དེ་འདྲ་དེ་ཡང་གཟུགས་ཁམས་སུ་སྐྱེ་བའི་རྒྱུ་སྤངས་ཟིན་པའི་ཆ་ནས་དེར་ 4-1-266a བཞག་པའམ། ཡང་ན་གཟུགས་མེད་དུ་སྐྱེ་བའི་ནུས་པ་ཡོད་པ་ལ་དགོངས་ཀྱི། སྐྱེ་བའི་ནུས་པ་ཡོད་ཀྱང་དེར་སྐྱེ་དགོས་པ་ནི་མིན་ཏེ། གཟུགས་མེད་ཉེར་འགྲོའི་ཐད་ཀྱི། མདོར། སྤྲུལ་པས་ཞིང་སྣ་ཚོགས་སུ་འཚང་རྒྱ་བར་བཤད་ཀྱི། གཟུགས་མེད་ཉིད་ དུ་སྐྱེ་དགོས་པར་མ་བཤད་པས་སོ། །ཡང་ཀུན་བཏུས་ཀྱི་འགྲེལ་པར་ནི། མཐུའི་ཁྱད་པར་མ་ཐོབ་པའི་སེམས་དཔའ་དག་གཟུགས་མེད་དུ་སྐྱེ་བར་བཤད་པ་དང་། གཟུགས་མེད་དུ་སྐྱེས་པའི་སེམས་དཔའ་གཟུགས་མེད་དངོས་གཞིའི་སེམས་ལས་མ་ལངས་པར་འདོད་ གཟུགས་སུ་སྐྱེ་བའི་མཐུ་མེད་པ་ཡིན་ཏེ། འདོད་གཟུགས་དེར་སྐྱེ་བའི་རྒྱུ་སྤངས་པའི་ཕྱིར་ཏེ། དེ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར། ཞེས་ཟེར་རོ། །མཐུའི་ཁྱད་པར་མ་ཐོབ་པའི་སེམས་དཔའ་དེ་ལྟ་བུ་ཞིག་ལ་ཁྱད་པར་དེ་འདྲ་བ་དེ་ཡོད་པ་སྲིད་ནའང་། སྤྱིར་བཏང་ནས། དེ་ནི་ རིགས་པ་མིན་ཏེ། རྒྱན་ལས། ཅིག་ཤོས་ཕྱིར་མི་འོང་བ་དང་། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་བསྒྲུབ། །ཅེས་ཁམས་དང་ས་གོང་འོག་ཏུ་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་སྤངས་ཀྱང་། སེམས་དཔས་རང་ཉིད་ཀྱི་ལུས་རྟེན་དངོས་གང་ལ་ཡོད་པའི་ལུས་རྟེན་དེ་འདོར་བར་ སྤྲུལ་པས་འདོད་པ་སོགས་སུ་སྐྱེ་ཚུལ་བསྟན་ཏེ་ཚོགས་གསོག་པར་བཤད་པ་ཡིན་ནོ། ། སེམས་རྟེན་ལ་ཡང་འཇིག་རྟེན་པའི་སྒོམ་ལམ་ནི། ས་བཅུ་བདུན་པོ་གང་ཡང་རུང་བའི་སེམས་རྟེན་ལ་བརྟེན་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་སྒོམ་ལམ་དེ་འདོད་ཁམས་དང་སྲིད་ རྩེ་གཉིས་ལ་མི་བརྟེན་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་དང་ནི་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །ཞེས་པས་སྲིད་རྩེའི་སེམས་ནི་མི་གསལ་བའི་ཕྱིར་དེའི་སེམས་རྟེན་དུ་མི་རུང་བ་དང་། འདོད་པ་ནི་མཉམ་པར་མ་བཞག་པའི་ཕྱིར། དེའི་སེམས་ 4-1-266b རྟེན་དུ་མི་རུང་བས་སོ། །འོ་ན་དེ་གང་ལ་བརྟེན་ཅེ་ན། བསམ་གཏན་ས་དྲུག་དང་། གཟུགས་མེད་དང་པོ་གསུམ་ལ་བརྟེན་པ་ཡིན་ཏེ། འདི་ལ་ཟག་མེད་ས་དགུ་ཞེས་མིང་དུ་བཏགས་པ་ཡིན་པའི་ཕྱིར་རོ། ། འདིའི་ལུགས་ལ་གཞན་ དག །བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ཅིང་ལྷག་མ་གསུམ་གྱི་ཉེར་བསྡོགས་ལ་མི་བརྟེན་པ་ཅི་ཞེ་ན། བསམ་གཏན་གྱི་དངོས་གཞིའི་སེམས་མ་ཐོབ་པའི་རྒྱུད་ལ་ཡོད་པའི་སྒོམ་ལམ་དེ་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་དགོས་པ་ཡིན་ཏེ། བསམ་གཏན་གྱི་སེམས་རྟེན་ཤིན་སྦྱངས་དངོས་གཞིའི་སེམས་མ་ཐོབ་པའི་ཕྱིར་རོ། །བསམ་གཏན་དང་པོ་ལས་གཞན་པའི་ལྷག་མ་གསུམ་གྱི་ཉེར་བསྡོགས་ལ་ནི་བརྟེན་དགོས་པ་མིན་ཏེ། དངོས་གཞི་ཉིད་ལ་བརྟེན་ཆོག་པའི་ཕྱིར་རོ། །དེ་ལྟར་ན་ཡང་རྒྱན་འདིར། ཟག་མེད་སྒོམ་ ལམ་འདོད་ཁམས་དང་། སྲིད་རྩེར་བརྟེན་པར་བཤད་པ་འདི་ནི་ཡུམ་གྱི་དགོངས་པར་མི་གནས་པ་མིན་ཏེ། དེ་འདྲ་དེ་བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཞེས་སློབ་དཔོན་གྱིས་གསུངས་ལ། དེའི་ཐབས་ལ་མཁས་པའི་དོན་ཡང་འདོད་སྲེད་ཀྱི་ བག་ལ་ཉལ་ཞེས་པའི་མིང་ཅན་འདོད་པར་སྐྱེ་རྒྱུ་དེ་དང་། སྟོང་ཉིད་ཀྱི་མངོན་རྟོགས་ཀྱི་ཤེས་རབ་གཉིས་རྒྱུད་གཅིག་ལ་གནོད་བྱ་གནོད་བྱེད་མིན་པས་ལྷན་ཅིག་ཏུ་འབྱུང་རུང་ལ། དེ་ལྟར་གྱི་ཚེ་ཐབས་མཁས་པའི་སེམས་དཔའ་དེ་དེར་སྐྱེ་བའི་རྒྱུ་ཆེད་གཉེར་གྱིས་མ་སྤངས། དེ་ལ་ བརྟེན་ནས་འདོད་པ་དང་སྲིད་རྩེར་སྐྱེ་བར་བྱེད་པ་ཡིན་ནོ། །འདི་ལྟར་བཤད་པ་འཐད་དེ། དངོས་གཞི་ཐོད་རྒལ་གྱི་སྙོམས་འཇུག་དགུ་དང་། སྒོམ་སྤང་རྟོག་པ་སྤང་གཉེན་དུ་བཤད་པ་དང་མཐུན་པའི་ཕྱིར་རོ། ། བཞི་པ་སྐབས་འདིའི་སྒོམ་ལམ་ཟག་བཅས་དང་ཟག་མེད་ཀྱི་ཁྱད་ 4-1-267a པར་ནི། ཡང་དག་མིན་པའི་ཀུན་རྟོག་དང་བཅས་པ་ནི་ཟག་བཅས་སྒོམ་ལམ་དང་། ཀུན་རྟོག་དེ་དང་བྲལ་བ་ནི་སྒོམ་ལམ་ཟག་མེད་དོ། །འདིར་བསྟན་གྱི་ཀུན་རྟོག་ལ་འགའ་ཞིག་སྒྲ་དོན་འདྲེས་འཛིན་གྱི་རྟོག་པར་བྱེད་ཀྱང་མི་རིགས་ཏེ། ཐེག་ཆེན་གྱི་སྒོམ་ལམ་ དང་སྒྲ་དོན་འཛིན་པའི་རྟོག་པ་གཞི་མཐུན་མེད་པའི་ཕྱིར་དང་། དེ་གཉིས་མཚུངས་ལྡན་རྣམ་པ་ལྔས་མཚུངས་པ་ཡང་མི་སྲིད་པའི་ཕྱིར་དང་། དག་སའི་སེམས་དཔའ་ལ་རྗེས་ཐོབ་ན་རྟོག་པ་དེ་འདྲ་བ་མེད་པའི་ཕྱིར་དང་། རྒྱུ་མཚན་དེས་ན་ཁྱོད་འདོད་པའི་དག་སའི་ཟག་ བཅས་སྒོམ་ལམ་དེ་གང་ལ་ངོས་འཛིན་པའི་འཛིན་ཡུལ་གཏོར་བར་འགྱུར་རོ། ། ཅི་སྟེ་ཤེས་རྒྱུད་གཅིག་ལ་ཅིག་ཅར་དུ་འབྱུང་སྲིད་པས་སྒོམ་ལམ་ཟས་སུ་འཇོག་བྱེད་ཀྱི་རྟོག་པ་དེ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་པ་ལ་ཅིས་ཀྱང་འཇོག་ཅེ་ན། འོ་ན་མ་དག་སའི་ཟག་ མེད་སྒོམ་ལམ་རྣམས་ཀྱང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པར་ཐལ་བར་འགྱུར་ཏེ། ཡང་དག་མིན་རྟོག་དང་ཤེས་རྒྱུད་གཅིག་ལ་འཇུག་པའི་ཕྱིར་ན་ཕྱོགས་སྔ་མ་འདི་མི་འཐད་དོ། ། འོ་ན་རང་ལུགས་ནི། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སྣང་གི་ཤེས་པ་ཐམས་ ཅད་ནི་ཡང་དག་མིན་རྟོག་ཡིན་ལ། འདི་ཉིད་སྐབས་འདིའི་རྟོག་པའང་ཡིན་ནོ། །དེ་དང་བྲལ་མ་བྲལ་གྱི་དོན་ནི། རྟོག་པ་དེ་དང་ཤེས་རྒྱུད་གཅིག་ལ་ཅིག་ཅར་དུ་འཇུག་པ་ནི་ཟག་པ་དང་བཅས་པས་མ་བྲལ་བའོ། །དེ་དང་ཅིག་ཅར་དུ་མི་འཇུག་པ་ནི་ཟག་པ་དང་མ་བཅས་ པས་བྲལ་བའོ། །དེས་ན་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ནི་ཟག་པ་དང་བཅས་པ་ཞེས་བྱ་སྟེ། རྗེས་ཐོབ་ཡེ་ཤེས་རྒྱུད་ལྡན་གྱི་སེམས་དཔར་དེའི་སྒོ་ལྔའི་ཤེས་པ་ལ་མ་རིག་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བཞིན་པའི་སྐབས་ཀྱི་ཤེས་པ་ཡིན་པའི་ཕྱིར། དེ་ 4-1-267b ལྟར་ན་ཡང་དེ་སྒོམ་པའི་ལམ་དུ་འཇོག་སྟེ། སྣང་བ་དེ་རྨི་ལམ་ལྟར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་སྒོམ་ལམ་པའི་མཁྱེན་པ་ཡིན་པའི་ཕྱིར། དེའི་ཚེ་སྣང་བའི་ཆ་ནས་སྒོམ་ལམ་དུ་མི་འཇོག་སྟེ། སྣང་ཆ་ནས་ཡང་དག་མིན་རྟོག་ཏུ་སོང་བས་སྤང་བྱ་ཁོ་ནར་ངེས་པའི་ ཕྱིར། འོ་ན་ལམ་དུ་འཇོག་རྒྱུ་དེ་གང་ཞེ་ན། གོང་དུ་བཤད་པའི་རྨི་ལམ་ལྟར་མངོན་སུམ་དུ་རྟོགས་པའི་རྟོགས་པ་དེའོ། །དེས་ན་རྗེས་ཐོབ་ཡེ་ཤེས་ཀྱི་རང་ལྡོག་གི་ཆ་ནས་གཟུང་འཛིན་གཉིས་སུ་སྣང་བར་མི་འདོད་དེ། གཉིས་སུ་སྣང་མཁན་གྱི་ཤེས་པ་དེ་ཡིན་ན། ཡེ་ཤེས་ སུ་འགལ་བའི་ཕྱིར། དེ་འགལ་བར་གྲུབ་སྟེ། སྤྱིར་བག་ཆགས་ཀྱི་དབང་གིས་གཉིས་སུ་སྣང་བའི་ཤེས་པ་ཡིན་ན་རྣམ་ཤེས་ཡིན་དགོས་ལ། དེ་ཡིན་ན་ཡེ་ཤེས་སུ་འགལ་བའི་ཕྱིར། གནད་འདི་ནི་ཤིན་ཏུ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ཡིན་པ་ལ། གཞན་དག །འཕགས་ སེང་གིས་མཉམ་གཞག་ཀྱང་སྣང་བཅས་སུ་བཞེད་པས་ཟག་བཅས་སུ་ཐལ་བ་མ་ཡིན་ནམ། དེ་ལྟར་ཐལ་ན་མཉམ་གཞག་ཡེ་ཤེས་ཀྱི་རང་ལྡོག་ཀྱང་ཟག་པ་དང་བཅས་པར་འགྱུར་ན། རྗེས་ཐོབ་ཡེ་ཤེས་ཀྱི་རང་ལྡོག་ཟག་བཅས་སུ་འགྱུར་མི་འགྱུར་དཔྱོད་དོན་མེད་ཅེས་ཟེར་ རོ། །སྨྲ་བ་པོ་འདིས་ནི་འཕགས་སེང་གིས་མཉམ་གཞག་སྣང་བཅས་སུ་བཞེད་ཅེས་པའི་རྒྱུ་མཚན་ཧ་མ་གོ་བ་ཡིན་ཏེ། སྒྲུབ་པའི་དམིགས་པ་ངོས་འཛིན་ཚུལ་ལ་དང་པོར་གཟུང་འཛིན་གཉིས་སྣང་གི་ཤེས་པ་རྟེན་འབྲེལ་སྣ་ཚོགས་སུ་ཤར་བ་དེ་སྦྱོར་བའི་དུས་སུ་དཔྱད་གཞིར་ གཟུང་བ་ལ་མཉམ་གཞག་སྣང་བཅས་ཞེས་འདོགས་པར་མཛད་པ་ཡིན་གྱི། དངོས་གཞི་མཉམ་གཞག་ལ་སྣང་བ་དང་བཅས་པར་འཆད་པ་མིན་ཏེ། དེའི་དུས་ཡེ་ཤེས་དེ་དང་རྒྱུད་གཅིག་པའི་ཤེས་པ་ལ་གཟུང་འཛིན་གཉིས་སུ་སྣང་བ་འཆར་མི་སྲིད་པའི་ཕྱིར། གྲུབ་སྟེ། 4-1-268a ཡང་དག་ཉིད་ལ་ཡང་དག་བལྟ། །ཞེས་པས་ཡེ་ཤེས་ཁོ་ན་སྣང་གི། གཞན་མི་སྣང་བར་བཤད་པ་དང་། ཡང་ཇི་སྐད་དུ། སྒོམ་པའི་སྟོབས་གྲུབ་པ་ན་འཁྲུལ་བའི་མཚན་མ་མཐའ་དག་སྤངས་པ། ཞེས་པས་འཁྲུལ་སྣང་མི་འཆར་བ་ཁོ་ནར་བཤད་དོ། ། འོ་ན་གཞན་དག་མཉམ་གཞག་སྣང་མེད་ལས་ཁྱད་པར་དུ་ཕྱེ་བའི་དགོས་པ་དེ་གང་ཞེ་ན། གོང་དུ་བསྟན་པའི་སྦྱོར་བ་ལ་དང་པོར་གཉིས་སྣང་གི་ཤེས་པ་དཔྱད་གཞིར་གཟུང་བ་དེ་ཡིན་ལ། མཉམ་གཞག་སྣང་མེད་དུ་འདོད་པས་ནི། སྦྱོར་བ་ལ་དང་པོ་ཉིད་ནས་གཉིས་མེད་ ཀྱི་ཡེ་ཤེས་དཔྱད་གཞིར་འཛིན་པས་ཁྱད་པར་ནི་དེའོ། ། འགའ་ཞིག །འཕགས་སེང་གིས་སྦྱོར་བའི་དུས་སུ་གཉིས་སྣང་གི་ཤེས་པ་དཔྱད་གཞིར་བཟུང་ནས་དཔྱོད་པ་དེ་བཞིན་དུ་མཉམ་གཞག་དངོས་གཞིའི་དུས་སུའང་དེ་ལྟར་དཔྱོད་དོ་ཞེས་ཟེར་རོ། །དེ་ལྟ་བུ་མ་ཡིན་ཏེ། མཉམ་གཞག་གི་དུས་དེར་སོར་རྟོག་གི་ཤེས་རབ་ཉིད་ཀྱང་ཡེ་ཤེས་ཀྱི་མེས་བསྲེགས་པའི་ཕྱིར་རོ། །རྒྱུ་མཚན་འདི་ལྟར་བཤད་པས་མཉམ་གཞག་ཡེ་ཤེས་ཀྱི་རང་ལྡོག་ཟག་བཅས་སུ་འགྱུར་མི་འགྱུར་གྱི་རྩོད་པ་སྙིང་པོ་མེད་པ་རྣམས་ལས་གྲོལ་བར་འགྱུར་རོ། །གཉིས་པ་ཚིག་གི་ དོན་ལ་གསུམ། མཚམས་སྦྱར་བའི་སྒོ་ནས་དབྱེ་བ་བསྟན། ཟག་བཅས་སྒོམ་ལམ་བཤད་པ། ཟག་མེད་སྒོམ་ལམ་བཤད་པའོ། །དང་པོ་ནི། སྒོམ་ལམ་གྱི་བྱེད་པ་བཤད་པ་དེའི་འོག་ཏུ་སྒོམ་པའི་ལམ་དངོས་འཆད་དེ། དེ་ལྟ་བུའི་སྒོམ་ལམ་དངོས་དེ་ལ། རྗེས་ཐོབ་ཟག་ པ་དང་བཅས་པ་དང་། མཉམ་གཞག་ཟག་པ་མེད་པའི་བྱེ་བྲག་གི་དབང་ལས་རྣམ་པ་གཉིས་སོ་ཞེས་བཀོད་དོ། ། འདིར་འཕགས་སེང་གིས་སྒོམ་ལམ་ཟག་བཅས་དང་ཟག་མེད་ཅེས་སྦྱར་བ་དང་། གཞན་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་ཞེས་དང་། 4-1-268b སྣང་བཅས་སྒོམ་ལམ་དང་སྣང་མེད་སྒོམ་ལམ་ཞེས་དང་། རྗེས་ཐོབ་དག་པ་འཇིག་རྟེན་པའི་སྒོམ་ལམ་དང་། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་གསུངས་པ་རྣམས་དོན་མི་མཐུན་པ་མིན་ནོ། །དེས་ན་སྒོམ་ལམ་མཉམ་གཞག་མཐའ་དག་ལ་ཟག་མེད་དང་། རྗེས་ ཐོབ་མཐའ་དག་ལ་ཟག་བཅས་ཞེས་མཐའ་གཅིག་ཏུ་བཞག་སྟེ། མཉམ་གཞག་ལ་གཉིས་སྣང་ཐ་དད་པ་ཅན་གྱི་ཟག་པ་དང་བྲལ་བའི་ཕྱིར་དང་། རྗེས་ཐོབ་ཏུ་གཟུང་འཛིན་ཐ་དད་པ་ཅན་གྱི་ཤེས་སྒྲིབ་དང་བཅས་པའི་ཕྱིར་ཞེས་འགའ་ཞིག་ཟེར་ལ། འགའ་ཞིག་ཟག་བཅས་སྒོམ་ ལམ་མ་དག་སར་འཇོག་པ་དང་། ཟག་མེད་སྒོམ་ལམ་དག་སར་འཇོག་པ་ཡིན་ཅེས་ཀྱང་ཟེར་རོ། །གཉིས་པ་ལ་བཞི། མོས་པ་སྒོམ་ལམ། དེ་ལ་བསྟོད་བཀུར་བསྔགས་པ། བསྔོ་བ་སྒོམ་ལམ་དང་། རྗེས་སུ་ཡི་རང་སྒོམ་ལམ་མོ། །དང་པོ་ལ། སྤྱི་དོན་དང་། གཞུང་ དོན་གཉིས་ལས། དང་པོ་ནི། མདོར། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཡུམ་འདི་བྲིས་ཤིང་གླེགས་བམ་དུ་ཆུད་པར་བྱས་ཏེ་བཅངས་ལ་དེ་ལ་ལྷའི་མེ་ཏོག་དང་། ཞེས་པ་ནས། གང་ལ་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སྐུ་གདུང་ལ་མཆོད་རྟེན་དུ་ བསྩལ་ཏེ། དེ་ལ་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ན་བསོད་ནམས་ཀྱི་ཕུང་པོ་གང་འཕེལ་ཞུས་པའི་ལན་དུ། སྔ་མ་འཕེལ་བར་གསུངས་པའི་མདོ་རྣམས་སོ། །དེ་ལྟ་བུའི་མདོའི་དོན། མོས་པ་ལ་མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་པོ་ནི། རྗེས་ལ་མངོན་རྟོགས་ གང་ཞིག །ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་དད་པའོ། །འདི་ལ་གཉིས་སྣང་དང་བཅས་པའི་ཆ་ནས་རྟོག་བཅས་སུ་འཇོག་ཀྱང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་པའི་ཆ་ནས་མི་འཇོག་སྟེ། དེ་ལྟ་བུའི་སྒོམ་ལམ་དེ་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ 4-1-269a རྒྱུ་མཚན་གྱི་ཕྱིར་ནའོ། །མོས་པའི་ངོ་བོ་དད་པར་འཇོག་པ་འདི་ཡང་། རིན་ཆེན་འབྱུང་གནས་ཞི་བས། མོས་པ་ནི་དད་པ་དང་དང་བ་དང་འདུན་པ་སྟེ། ཡིད་ཆེས་པ་དང་འདོད་པའི་མཚན་ཉིད་ཅེས་གསུངས་པས། ཤེར་ཕྱིན་ལ་ཡིད་ཆེས་ནས་མི་སླུ་བར་ རྟོགས་ཏེ་གོ་འཕང་དེ་འདོད་པ་ཡིན་ལ། ཡུལ་གོ་འཕང་དེ་གཙང་བའི་ཕྱིར་ཡུལ་ཅན་དད་པ་ཡང་དང་བའི་རྣམ་པ་ཅན་དུ་སྐྱེ་ལ། ཡུལ་གོ་འཕང་དེ་གཉེར་བྱ་ཡིན་པས་ཡུལ་ཅན་དང་བ་ཡང་འདུན་པའི་རྣམ་པ་ཅན་དུ་སྐྱེ་བས་དངོས་སྟོབས་ལ་ཞུགས་པའི་དེ་ཁོ་ནར་མོས་པ་ཡིན་ ཏེ། ཆོས་བཤེས་ཀྱིས། ངོ་བོ་ནི་ངེས་པར་བྱས་ནས་དངོས་པོ་ལ་དེ་ཁོ་ནར་འཛིན་པའོ། །ཞེས་གསུངས་པའི་ཕྱིར་རོ། ། གཉིས་པ་ནི། རང་དོན་མཐར་ཐུག་གི་ངོ་བོ་ཉིད་སྐུ་ཐོབ་ཕྱིར་དུ་མོས་པ་དང་། གཉིས་དོན་ཆོས་སྐུ་ཐོབ་ཕྱིར་དུ་མོས་པ་དང་། གཞན་དོན་གཟུགས་སྐུ་ཐོབ་ཕྱིར་དུ་ མོས་པ་སྟེ་གསུམ་མོ། །གསུམ་དུ་འབྱེད་པའི་རྒྱུ་མཚན་ནི། ཡུམ་རང་དོན་གྱི་འབྱུང་གནས་སུ་མོས་པའི་སྒོམ་ལམ་གྱིས་ཤེས་སྒྲིབ་སྤོང་བའི་ཡེ་ཤེས་ཀྱི་ཚོགས་ལྷུར་བྱེད་པ་དང་། ཡུམ་གཉིས་དོན་གྱི་འབྱུང་གནས་སུ་མོས་པའི་སྒོམ་ལམ་གྱིས་ཚོགས་གཉིས་ཟུང་འཇུག་ཏུ་ལྷུར་ བྱེད་པ་དང་། ཡུམ་གཞན་དོན་གྱི་འབྱུང་གནས་མོས་པའི་སྒོམ་ལམ་གྱིས་གཙོ་བོར་བསོད་ནམས་ཀྱི་ཚོགས་ལྷུར་བྱེད་པའི་རྒྱུ་མཚན་གྱིས་ཡིན་ལ། ཕྱི་མ་གཉིས་ལའང་ཤེས་སྒྲིབ་སྤོང་བའི་ཞེས་སྦྱར་རོ། །གསུམ་དུ་གྲངས་ངེས་མཛད་པ་འདི་ལ་ནི་དགོས་པ་གཞན་ཡང་ཡོད་དེ། ཡུམ་ཆོས་སྐུ་རྐྱང་པའི་འབྱུང་གནས་སུ་མོས་ནས་ཡང་དག་མཐའ་མངོན་དུ་བྱེད་དགོས་པ་ལ་དེ་དགག་པའི་ཕྱིར་ཡིན་ནོ། ། དེ་ལྟ་བུ་ཡིད་ཀྱི་མོས་པ་གསུམ་གྱི་སྐབས་སུ་ལུས་ངག་གི་རྣམ་རིག་གིས་ཀྱང་བསྟོད་བཀུར་བསྔགས་པ་བྱེད་པ་ཡིན་ལ། འགའ་ཞིག་མོས་པ་གསུམ་པོ་དེ་ལྡན་ 4-1-269b གྱི་བྱང་སེམས་ལ་དེ་བཞིན་གཤེགས་པས་བསྟོད་བཀུར་བསྔགས་པར་མཛད་པ་ཡིན་ནོ་ཞེས་ཟེར་རོ། །མདོར་ན་མོས་བསྔོ་སོགས་ཤེར་ཕྱིན་གྱི་ཡོན་ཏན་ལ་གཉིས་སྣང་གི་ཆ་ནས་ཡིད་ལ་བྱེད་པ་ཡིན་ལ། དེ་དང་ལྷན་ཅིག་པར་འཇུག་པའི་དམིགས་མེད་ཀྱི་ཡེ་ཤེས་ནི་སྒོམ་པའི་ལམ་ སྟེ། ཡིད་ལ་བྱེད་པ་སྔ་མའི་ཆ་ནས་ཀུན་རྫོབ་པའི་སྤྱོད་པ་གཞན་དོན་ཐབས་ཀྱི་ཆ་དང་། དམིགས་མེད་ཡེ་ཤེས་ཕྱི་མའི་ཆ་ནས་དོན་དམ་པའི་ལྟ་བས་རང་དོན་ཤེས་རབ་ཀྱི་ཆར་འཇོག་པའི་ཕྱིར་ན། ཐབས་ཤེས་དེ་གཉིས་ཡ་མ་བྲལ་བས་ཚོགས་གཉིས་བསགས་ནས་སྐུ་གཉིས་མངོན་དུ་ བྱེད་པ་ཡིན་ནོ། ། གསུམ་པ་ནི། ཐར་འབྱུང་སྦས་པ་སོགས་འགའ་ཞིག་གི་ལུགས་ལ་མོས་པའི་འཇོག་མཚམས་མོས་སྤྱོད་ནས་འཇོག་པ་ཡོད་ཀྱང་། འདིར་བསྟན་གྱི་མོས་པའི་ས་མཚམས་དང་པོ་དེར་འཇོག་ཏུ་མི་རུང་སྟེ། འདིར་སྒོམ་ལམ་ཉིད་ཀྱི་མོས་པ་བཤད་པའི་སྐབས་ ཡིན་པས་ས་མཚམས་དང་པོ་མཐོང་ལམ་རྫོགས་མ་ཐག་པའི་སྒོམ་ལམ་ནས་འཇོག་དགོས་པའི་ཕྱིར་རོ། །དེས་ན་རང་དོན་མོས་པ་ནི་མ་དག་སའི་རྗེས་ཐོབ་ཀྱིས་བསྡུས་ཏེ། ཉོན་ཡིད་མ་སྤངས་པས་རང་ལ་དམིགས་པའི་ང་རྒྱལ་ཕྲ་མོ་འབྱུང་བའི་ཕྱིར་རོ། །གཉིས་དོན་མོས་པ་དག་ ས་དང་པོ་གཉིས་ཀྱིས་བསྡུས་ཏེ། ཉོན་ཡིད་གནས་གྱུར་པས་བདག་གཞན་མཉམ་ཉིད་དུ་རྟོགས་པའི་ཕྱིར་རོ། །འགའ་ཞིག་ས་བརྒྱད་པར་ཉོན་ཡིད་གནས་གྱུར་ཅེས་པ་མི་རིགས་ཏེ། དེའི་གནས་ཀུན་གཞི་ཡིན་ལ་དེའི་གནས་གྱུར་མ་ཐོབ་པའི་ཕྱིར་ཞེས་ཟེར་རོ། །ཀུན་གཞི་ གནས་མ་གྱུར་པར་ཉོན་ཡིད་གནས་གྱུར་དུ་མི་རུང་བ་ཁྱབ་པ་འཁྲུལ་བ་ཡིན་ཏེ། ཀུན་གཞི་གནས་མ་གྱུར་ཀྱང་ས་བརྒྱད་པར་ཉོན་ཡིད་གྱུར་པ་ལ་དཔྱད་གསུམ་གྱིས་དག་སྟེ་རྗེ་བཙུན་གྱིས་གསུངས་པའི་ཕྱིར་དང་། སྤྱིར་ཡང་གནས་གྱུར་གྱི་གནས་གྱུར་ལུགས་ལ་གོ་དོན་ 4-1-270a ལེན་ལུགས་མི་འདྲ་བ་འགའ་ཞིག་ཡོད་ནའང་། སྐབས་འདི་ལྟ་བུའི་གནས་གྱུར་ལ་བརྟེན་པ་གནས་གྱུར་པ་དང་། རྟེན་གནས་གྱུར་པ་གཉིས་ཡོད་པ་ལས། ཁྱོད་ཀྱི་རྟེན་གནས་མ་གྱུར་ན་བརྟེན་པ་གནས་གྱུར་ཀྱང་གནས་གྱུར་གྱི་གོ་མི་ཆོད་སྙམ་པ་འདི་ ནི་གནས་གྱུར་གྱི་རྣམ་གཞག་ཧ་མ་གོ་བ་ཡིན་ཏེ། རྟེན་ཀུན་གཞི་གནས་གྱུར་པ་དང་། བརྟེན་པ་ཉོན་ཡིད་གནས་གྱུར་པ་གཉིས་ཀ་ལ་གནས་གྱུར་ཅེས་མིང་དུ་གྲགས་ཏེ། དེ་གཉིས་ཀ་ལ་གནས་གྱུར་གྱི་སྒྲ་བཤད་དོན་མཐུན་དུ་འཇུག་ཏུ་རུང་ཞིང་བསྟན་བཅོས་ནས་དེ་ལྟར་དུ་ གྲགས་པའི་ཕྱིར་རོ། །དེས་ན་བརྟེན་པ་ཉོན་ཡིད་ཀྱི་གནས་པ་རྟེན་ཀུན་གཞིའི་གནས་ལ་བལྟོས་ན་རྟེན་གནས་གྱུར་མིན་ཀྱང་། དེར་མ་བལྟོས་པར་བརྟེན་པ་ཉོན་ཡིད་ཀྱི་གནས་པའི་རང་ལྡོག་ནས་གྱུར་པ་ལ་གནས་གྱུར་གྱི་ཐ་སྙད་དུ་བཞག་སྟེ། སྐབས་དེར་ཉོན་ཡིད་དེ་འདས་ པའམ་གྱུར་པ་དང་བྲལ་བའི་ཕྱིར་རོ། །དེའི་རྟགས་ཁྱབ་གྲུབ་པ་ཡང་། རྒྱན་དུ། ཡིད་དང་འཛིན་པ་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞེས་པའི་འགྲེལ་པར། ཀུན་མཁྱེན་གཉིས་པ་དབྱིག་གིས། གྱུར་པ་ནི་བྲལ་བའོ་ཞེས་པས་གྲུབ་བོ། །གཞན་དོན་མོས་ པ་ནི་དག་ས་ཕྱི་མས་བསྡུས་ཏེ། གཞན་དོན་གྱི་ཚུལ་སངས་རྒྱས་དང་མཉམ་པའི་ཕྱིར་རོ། །དེ་སྐད་དུའང་འགྲེལ་ཆེན་ལས། བདག་ཏུ་ང་རྒྱལ་བའི་ས་བོན་མ་ཟད་པ་ཉིད་ཀྱིས་དང་པོ་ཁོ་ན་རང་གི་དོན་གྱི་མོས་པ་ཞེས་དང་། རང་དང་གཞན་མཉམ་པ་ཉིད་ཀྱིས་རང་དང་གཞན་ གྱི་དོན་གྱི་མོས་པ་ཞེས་དང་། འདིར་ནི་གཞན་དོན་ལྷུར་ལེན་པའོ། །ཞེས་པའི་དོན་རྣམས་སོ། །གཉིས་པ་གཞུང་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྒོམ་ལམ་ཟག་བཅས་ཟག་མེད་གཉིས་ཡོད་པ་དེའི་ཕྱིར་སྒོམ་པའི་ལམ་ཟག་པ་དང་བཅས་པ་ལ་མོས་པ་དང་ 4-1-270b བསྔོ་བ་དང་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་སྒོམ་ལམ་ཞེས་བྱ་བ་རྣམས་ཀྱི་ནང་ནས་སྒོམ་པའི་ལམ་དང་པོ་མོས་པ་ཡིད་ལ་བྱེད་པ་ཞེས་བྱ་བ་བཀོད་དོ། །གཉིས་པ་ནི། མོས་པ་སྒོམ་ལམ་ལ་རང་གི་དོན་སྒྲུབ་པའི་ཆེད་དུ་དང་། ཡང་ན་རང་གཞན་གཉིས་ཀྱི་དོན་སྒྲུབ་པའི་ ཆེད་དང་། གཞན་གྱི་དོན་སྒྲུབ་པའི་ཆེད་དང་རྣམ་པ་གསུམ་དུ་དབྱེར་ཡོད་པར་ཤེས་པར་བྱ་ལ། གསུམ་པོ་དེ་ལ་ཡང་ནི་ནད་སེལ་གྱི་དབྱེ་བས་མོས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ་སོ་སོར་རྣམ་པ་གསུམ་གསུམ་དུ་དབྱེ་བར་འདོད་ཅིང་། དེ་ལྟར་དབྱེ་བ་བྱས་པ་ལ་ཡང་ ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བ་ཡིས། རྩ་བའི་ཆུང་འབྲིང་དགུ་པོ་དེ་ལ་ཡང་རྣམ་པ་གསུམ་གསུམ་དུ་ཕྱེ་བས་དགུ་ཚན་གསུམ་དུ་འགྱུར་བ་དེ་ལྟར་ན་མོས་པ་སྒོམ་ལམ་རྣམ་པ་ཉི་ཤུ་རྩ་བདུན་དུ་འདོད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། མོས་པ་ སྒོམ་ལམ་གྱི་ངོ་བོ་ལ་རང་དོན་དང་། གཉིས་ཀའི་དོན་དང་། གཞན་གྱི་དོན་ལ་དམིགས་པའི་འཐོབ་བྱའི་འབྲས་ཡུམ་ལ་མོས་པ་ཉིད་ནི་མཐར་ཐུག་འབྲས་ཡུམ་ལ་ཇི་ལྟར་མོས་པ་བཞིན་དུ་ཐོབ་ཅིང་། མཐོང་བའི་དགེ་བའི་ཆོས་ཀྱི་དོན་གསུམ་པོ་རྟོགས་པའི་རྟེན་ཡིན་ནའང་ གནས་སྐབས་སུ་དེ་ལྟ་བུའི་མོས་པ་དེ་སྒོམ་པའི་ལམ་གྱི་དབང་དུ་བྱས་པ་ལས་ནི་རྫོགས་སྨིན་སྦྱངས་གསུམ་མཐར་མ་ཕྱིན་པར་མོས་པ་སྒོམ་ལམ་དང་པོར་སྒོམ་མ་ཐག་པ་ཉིད་ནས་རང་དོན་ཁོ་ནའི་མྱང་འདས་མངོན་དུ་མི་བྱེད་པའི་ངོ་བོའི་མོས་པ་ཡང་རྣམ་པ་གསུམ་མོ། །རྩ་བའི་ དབྱེ་བ་གསུམ་པོ་དེ་དག་ཀྱང་ཡན་ལག་གི་དབྱེ་བས་རེ་རེ་ཞིང་ཆུང་ངུ་དང་ལ་སོགས་པས་འབྲིང་དང་ཆེན་པོའི་བྱེ་བྲག་གིས་རྣམ་པ་གསུམ་ཡིན་ལ། དེ་ལྟར་ན་དགུ་དང་། དགུ་པོ་དེ་ཡང་ཉིང་ལག་གི་དབྱེ་བས་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་ 4-1-271a ཡིན་ཏེ། དེ་ལྟར་དབྱེ་བ་ན་དགུ་ཚན་གསུམ་གྱིས་མོས་པ་རྣམ་པ་ཉི་ཤུ་རྩ་བདུན་ནོ། །གཉིས་པ་དེ་ལ་བསྟོད་བཀུར་བསྔགས་པ་བཤད་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། མོས་པ་བཤད་པའི་རྗེས་ཐོག་ཏུ་དེ་བཞིན་གཤེགས་པས་དེ་ལ་བསྟོད་ སོགས་མཛད་པ་འཆད་རིགས་ཏེ། འབྲས་བུ་དེ་བཞིན་གཤེགས་པས་མཆོད་བསྟོད་མཛད་པའི་ཡུལ་དུ་གྱུར་ན། རྒྱུ་མོས་པ་དེ་སྒོམ་པའི་ཆེད་དུ་ནན་ཏན་བྱེད་པའི་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་རིགས་པའི་ཕྱིར་ན། གོང་དུ་བསྟན་པ་དེ་ལྟར་ཡུམ་ལ་མོས་པའི་སེམས་དཔའ་ ལ་སངས་རྒྱས་དང་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པས་བསྟོད་པ་དང་ལ་སོགས་པས་བཀུར་བ་དང་བསྔགས་པར་མཛད་དོ་ཞེས་བསྟོད་པ་དང་བཀུར་བ་དང་བསྔགས་པར་བསྟན་ཏོ། །གཉིས་པ་ནི། མདོར། ལ་ལས་ཡུམ་འདི་གླེགས་བམ་དུ་བགྱིས་ཏེ་མཆོད་པ་ལ་སོགས ་པའི་དོན་ཏེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སེམས་དཔའ་དེའི་རྒྱུད་ཀྱི་མོས་པའི་གནས་སྐབས་གསུམ་པོ་རྣམས་ལ་ནི་དེ་བཞིན་གཤེགས་པས་དགུ་ཚན་གསུམ་གྱིས་བསྟོད་པ་དགུ་དང་། བཀུར་བ་དགུ་དང་ནི་བསྔགས་པ་དགུ་མཛད་པར་འདོད་དོ། །ཞེས་བྱ་བ་གསུངས་ ཏེ་ཞེས་བཀོད་དོ། །གསུམ་པ་ལ། རྩ་བའི་ཚིག་དོན་དང་། རང་བཞིན་ངོས་བཟུང་བའོ། །དང་པོ་ནི། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཇི་ལྟར་མོས་པ་བཞིན་དུ་དོན་གསུམ་པོ་མཐོང་ཞིང་ཐོབ་པའི་ཆོས་ཀྱི་མཚན་ཉིད་ཅན་གྱི་སེམས་དཔས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་ཡིད་ཆེས་པས་ཞུགས་པའི་མོས་པ་ཡིད་ལ་བྱེད་པ་དང་པོ་རང་དོན་དང་། གཉིས་པ་གཉིས་དོན་དང་། གསུམ་པ་གཞན་དོན་ཏེ་དེ་རེ་རེ་ཞིང་ཆེ་འབྲིང་ཆུང་ངུའི་གནས་སྐབས་དགུ་དག་ཏུ་བྱེ་བྲག་གི་དབྱེ་བས་སོ་སོར་རྣམ་པ་དགུ་དགུས་ཉེར་བདུན་ཡོད་པ་ལས། གོ་རིམ་བཞིན་ 4-1-271b དུ་རྒྱལ་བ་སྲས་བཅས་ཀྱི་ཐུགས་གོང་ནས་གོང་དུ་མངོན་པར་དགྱེས་པས་དགའ་བར་བྱེད་པའམ། ཡང་ན་སེམས་དཔའ་རང་ཉིད་ཀྱི་རྒྱུད་ཀྱི་མོས་པ་ལ་སེམས་དཔའ་རང་ཉིད་ཀྱིས་བསྟོད་སོགས་བྱས་པས་ཚོགས་བསགས་སྒྲིབ་སྦྱོང་དུ་གྱུར་ནས་སེམས་དཔའ་དེའི་སེམས་གོང་ ནས་གོང་དུ་དགའ་བར་བྱེད་ཅིང་རིམ་བཞིན་ཟག་མེད་ཀྱི་དགེ་བ་འཕེལ་བའི་ཕྱིར་ན། ཡོན་ཏན་བརྗོད་པ་ཆུང་ངུའི་སྒོ་ནས་བསྟོད་པ་དགུ་དང་། འབྲིང་དུ་བརྗོད་པའི་སྒོ་ནས་བཀུར་བ་དགུ་དང་། ཆེན་པོར་བརྗོད་པའི་སྒོ་ནས་བསྔགས་པ་དགུར་མཛད་དོ། །འདིའི་བསྟོད་བཀུར་ བསྔགས་པ་ནི་ངག་གི་རང་བཞིན་གཙོ་ཆེ་བ་ཡིན་ཏེ། སེམས་དཔའ་མོས་པ་རྒྱུད་ལྡན་གྱི་མོས་པའི་ཕན་ཡོན་བསྟོད་སོགས་གདུལ་བྱ་གཞན་ལ་བསྔགས་ནས་ལམ་དུ་འཛུད་པའི་སྐབས་ཡིན་པའི་ཕྱིར་ཞེས་འཕགས་གྲོལ་དང་ཤཱནྟི་པས་བཞེད་དོ། །གཉིས་པ་ནི། རྒྱུ་མཚན་ བསྟན་པ་དེས་ན་བསྟོད་པ་དང་ལ་སོགས་པས་བཀུར་བསྔགས་འདི་དག་ནི་མོས་པ་སྟེ་ལམ་དང་། དེ་རྒྱུད་ལྡན་གྱི་གང་ཟག་གཉིས་ཀ་ལ་ཇི་ལྟར་རྗོད་བྱེད་བསྟོད་སོགས་ཀྱིས་བསྟོད་པ་དེ་ལྟ་བུའི་བརྗོད་བྱའི་ཡོན་ཏན་ཡང་དག་པར་གནས་ཚུལ་ལ་ཇི་ལྟ་བ་བཞིན་དུ་ཞུགས་ པར་རྟོགས་པའི་མཚན་ཉིད་ཅན་གྱི་སྒོ་ནས་བསྟོད་པར་བྱས་པ་ཡིན་གྱི། གཅམ་བུའི་ངག་གི་ངོ་བོས་ནི་མ་ཡིན་ནོ། །གསུམ་པ་བསྔོ་བ་སྒོམ་ལམ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། བཤད་བྱའི་མདོ་དང་། སྤྱི་དོན་དངོས་བཀོད་པའོ། །དང་པོ་ནི། དེ་ ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་སྨྲས་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དེའང་མི་དམིགས་པའི་ཚུལ་གྱིས་བླ་མེད་ 4-1-272a བྱང་ཆུབ་ཏུ་བསྔོ་བ་གང་ཡིན་པ་དང་ཞེས་པ་ནས། བསྔོ་བ་འདི་རི་རབ་དང་དམ་པ་ཕུལ་གཙོ་བོ་དང་མཆོག་ཅེས་སོགས་སོ། །གཉིས་པ་ལ། དམ་པ་གསུམ་གྱིས་བསྔོ་བྱའི་བསོད་ནམས་བསགས་ཚུལ། དེ་རྒྱ་ཆེར་བསྔོ་བའི་ཐབས་ཀྱིས་རྒྱ་ཆེར་སྤེལ་ཚུལ། བསྔོ་བ་དེ་ཤེས་རབ་ཀྱིས་ཟིན་དགོས་ཚུལ། དེས་ན་ཟུང་འཇུག་བསྔོ་བའི་རྒྱས་བཏབ་ཚུལ་ལོ། །དང་པོ་ནི། སྦྱིན་པ་ལྟ་བུའི་དགེ་རྩའི་དངོས་པོ་བྱང་ཆུབ་ཏུ་བསྔོ་བ་ལྟ་བུ་ལ་དཔེར་མཚོན་ན། སྦྱིན་ཡུལ་དམ་པ་ནི་དཀོན་མཆོག་གསུམ་དང་། ཆོས་སྨྲ་བ་དང་། ནད་པ་དང་ ཕ་མ་སྟེ་ལྔ་དང་། གཞན་ཡང་མགྲོན་པོ་དང་། ནད་གཡོག་པ་དང་། རྒྱལ་སྲིད་ལས་ཉམས་པ་རྒྱལ་པོས་མནར་བ་དང་། མགོན་མེད་པ་རྣམས་སོ་ཞེས་མདོ་ལས་སོ། །ཡུལ་དེ་དག་གི་མཆོག་དམན་ཀྱང་། འཇམ་དཔལ་རྩ་རྒྱུད་ལས། སྐྱེ་བོ་ཕལ་པ་སྟོང་ཕྲག་ བརྒྱ། །བྲམ་ཟེ་གཙང་མ་གཅིག་ལ་སྦྱར། །བྲམ་ཟེ་གཙང་མ་སྟོང་ཕྲག་བརྒྱ། །ཚུལ་ཁྲིམས་ལྡན་པ་གཅིག་ལ་སྦྱར། །ཚུལ་ཁྲིམས་ལྡན་པ་སྟོང་ཕྲག་བརྒྱ། །ཡེ་ཤེས་ཐོབ་པ་གཅིག་ལ་སྦྱར། །ཅེས་སོགས་མང་དུ་གསུངས་སོ། །དངོས་པོ་དམ་པ་ནི་སྦྱིན་སོགས་ཀྱི་ དགེ་རྩ་ཁ་ན་མ་ཐོ་བ་དང་མ་འདྲེས་པ་ཡང་དག་པའི་ལས་རྣམས་སོ། །དགེ་བའི་དངོས་པོ་དེ་དག་གི་མཆོག་དམན་ཀྱང་། ཡུམ་ལས། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་ཆེན་སྣ་བདུན་གྱི་མཆོད་རྟེན་དཔངས་སུ་དཔག་ཚད་གཅིག་དང་། རྒྱར་ཕྱེད་པ་ ཅན་གྱིས་གང་བར་བྱས་ལ་དེ་ལ་བསྐལ་པར་མཆོད་པ་པས། ཤེར་ཕྱིན་བྲིས་ནས་བསྒོམ་པའི་བར་ལྷག་པར་གསུངས་པས། སྦྱིན་པ་གཏོང་བ་དང་། མཆོད་རྟེན་བཞེངས་པ་དང་། ཐེག་ཆེན་གྱི་མདོ་ཐོས་བསམ་སྒོམ་པའི་དགེ་བའི་དངོས་པོ་ལ་མཆོག་དམན་གྱི་ཁྱད་ 4-1-272b ་ཞུགས་པར་བསྟན་ཏོ། །བསམ་པ་དམ་པ་ནི། གཞན་དོན་དུ་སངས་རྒྱས་ཐོབ་ཕྱིར་དུ་དགེ་བའི་རྩ་བ་བསག་ཅིང་དེར་བསྔོ་བ་ཡིན་ནོ། །གཉིས་པ་ནི། རང་གཞན་གྱི་དགེ་རྩ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ ཅད་ཀྱི་དོན་དུ་བསྔོ་བ་རང་ཉིད་ཀྱིས་བྱེད་པ་དང་། གཞན་གྱིས་བསྔོ་བ་ལ་རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བའི་དགེ་རྩ་དེ་ཡང་རྫོགས་བྱང་དུ་བསྔོ་བའོ། །གསུམ་པ་ནི། བསྔོ་བ་དེ་ལྟ་བུ་ཡང་ཀུན་རྫོབ་པར་རྟེན་ཅིང་འབྲེལ་འབྱུང་ཙམ་ཡིན་གྱི། དོན་དུ་ན་བསྔོ་ བ་ཉིད་བསྔོ་བས་སྟོང་པར་ཤེས་པའོ། །བཞི་པ་དེས་ན་ཟུང་འཇུག་བསྔོ་བའི་རྒྱས་བཏབ་ཚུལ་ལ། བསྔོ་རྒྱུ། བསྔོ་ས། བསྔོ་བའི་ཆེད་དུ་བྱ་བ། བསྔོ་བའི་རྣམ་པ། བསྔོ་བའི་མཚན་ཉིད་དང་། བསྔོ་བ་འགྲུབ་ཚུལ་ལོ། །དང་པོ་ནི། ཚོགས་གཉིས་སམ། ཡང་ན་དབུས་མཐར། དགེ་གཉིས་ཐོབ་པར་བྱ་བའི་ ཕྱིར། །ཅེས་པའི་འགྲེལ་པར། དགེ་བ་ནི་འདུས་བྱས་དང་འདུས་མ་བྱས་སོ། །ཞེས་གསུངས་སོ། །དེ་ལྟར་གྱི་འདུས་བྱས་ཀྱི་དགེ་བ་ནི་དུས་གསུམ་དུ་བསགས་པའི་དགེ་རྩ་སྟེ། ཇི་སྐད་དུ། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་ པ་དག །ཅེས་གསུངས་པའི་ཕྱིར། སེམས་པ་དང་བསམ་པའི་ལས་དགེ་བ་རྣམས་སོ། །འདུས་མ་བྱས་ཀྱི་དགེ་བ་ནི། ཐེག་པ་ཆེན་པོའི་ཆོས་མངོན་པར། འདུས་མ་བྱས་པའི་དགེ་བ་ནི་དེ་བཞིན་ཉིད་དོ། །ཞེས་བཤད་པས་འདུས་མ་བྱས་ཀྱི་དགེ་རྩ་ཡོད་པ་ཡིན་ནོ། ། དེ་ ལ་འགའ་ཞིག །དེ་བཞིན་ཉིད་ཆོས་ཅན། ལས་སུ་ཐལ། དེ་བསྔོ་རྒྱུའི་དགེ་བ་ཡིན་པའི་ཕྱིར་ཞེས་ཟེར་རོ། །སྨྲ་བ་པོ་དེས་དགེ་བ་ཡིན་ན་ལས་ཡིན་པས་ཁྱབ་པར་ཞེན་ནས་ཐལ་བ་དེ་ལྟར་དུ་བཀོད་པ་ཡིན་ཀྱང་། དགེ་བ་ཡིན་ཚད་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ 4-1-273a གྱི་ལས་ཡིན་མི་དགོས་ཏེ། ལས་ཡིན་ཚད་དགེ་བ་ཡིན་མི་དགོས་པར་མཚུངས་པ་དང་འདྲ་བའི་ཕྱིར་དང་། སྤྱིར་དགེ་བར་འཇོག་པ་ཡང་རྒྱུ་ཁ་ན་མ་ཐོ་བ་དང་བྲལ་བའི་རང་བཞིན་སྔོན་དུ་སོང་བ་ལ་འབྲས་བུ་སྡུག་བསྔལ་འགོག་པའི་གོ་འཕང་གི་བདག་ ཉིད་དུ་གྱུར་པ་ལ་བཞག་གི། དེ་ལྟ་བུའི་རྣམ་པར་གཞག་འཇོག་གི་རྒྱུ་འབྲས་ཀྱང་ཆོས་ཉིད་དེ་བཞིན་ཉིད་འདུས་མ་བྱས་ལ་བློ་ངོར་འཇོག་རུང་བས་སོ། །མདོར་ན་སེམས་ཅན་གྱི་ལུས་ངག་ཡིད་གསུམ་གྱི་ལས་ལས་འདུས་བྱས་ཀྱི་དགེ་རྩ་བསྐྱེད་ལ། སངས་རྒྱས་ཀྱི་སྐུ་ གསུང་ཐུགས་རྡོ་རྗེའི་ཕྲིན་ལས་ལས་འདུས་མ་བྱས་ཀྱི་དགེ་རྩ་སྐྱེད་པར་བྱེད་པ་ཡིན་ནོ། ། འདི་ལ་འགའ་ཞིག་དེ་ལྟར་ན་སངས་རྒྱས་ཀྱིས་ལས་བསགས་པ་དང་འདུས་མ་བྱས་ཀྱི་དགེ་བའི་འབྲས་བུ་ཐོབ་པར་བཤད་དགོས་པར་ཐལ་བས་ན། ཁྱོད་ཀྱི་རང་བཟོ་འབའ་ཞིག་ཡིན་ ནོ་ཞེ་ན། སངས་རྒྱས་ཀྱི་རྡོ་རྗེ་གསུམ་གྱི་ལས་དེས་ལས་སླར་བསག་མི་དགོས་ཏེ། སངས་རྒྱས་རང་ཉིད་གྲུབ་ཙམ་ནས་ལས་དེ་ལྟ་བུའི་ངོ་བོར་གྲུབ་པ་ཡང་ཡིན་ཏེ། དེ་གྲུབ་ཚུལ་ནི་དཔེར་ན་ཕྲིན་ལས་ཀྱི་ལས་ཀྱི་ཆ་ནས་དོན་ཡོད་གྲུབ་པ་དང་། ངོ་བོའི་ཆ་ནས་སངས་རྒྱས་ཡིན་ པ་བཞིན་ནོ། །སངས་རྒྱས་ཀྱིས་འདུས་མ་བྱས་ཀྱི་དགེ་འབྲས་སླར་ཐོབ་དགོས་པ་མིན་ཏེ། སངས་རྒྱས་སུ་གྲུབ་ཙམ་ནས་དེར་དེ་ཐོབ་པ་ཡིན་ཅིང་། དེ་གཉིས་དབྱེར་མེད་པའི་ཕྱིར། དཔེར་ན་བུམ་པར་གྲུབ་ཙམ་ནས་མི་རྟག་པར་ཐོབ་པ་བཞིན་ཡིན་ནོ། ། ཡང་འདི་ལ་འགའ་ ཞིག་རྡོ་རྗེ་གསུམ་གྱི་ལས་སུ་བསྐྱེད་པའི་འདུས་མ་བྱས་ཀྱི་དགེ་བ་ནི་འགལ་ཏེ། དགེ་བ་དེ་འདུས་མ་བྱས་ཡིན་པ་དང་། རྡོ་རྗེ་གསུམ་གྱི་ལས་སུ་བྱར་རུང་བ་གཉིས་འགལ་བའི་ཕྱིར་ཞེ་ན། རྡོ་རྗེ་གསུམ་གྱི་ལས་ཞེས་པའི་ལས་དེ་ཡིན་ན་སྐྱེས་བུས་བྱས་པ་དང་། རྒྱུ་རྐྱེན་གྱིས་ 4-1-273b བསྐྱེད་པ་དང་། འདུ་བ་འཕྲོད་པ་ལ་རག་དགོས་པ་མིན་པའི་ཕྱིར་ན་རྡོ་རྗེ་གསུམ་གྱི་ལས་ཉིད་ཀྱང་འདུས་མ་བྱས་པའོ། །དེའི་ཕྱིར་ན། ཁྱོད་ཀྱིས་བརྗོད་པའི་འགལ་བ་ནི་ཡོད་པ་མིན་ནོ། ། ཡང་འགའ་ཞིག་འདུས་མ་བྱས་རང་གི་ངོ་བོ་ནི་འདུས་མ་བྱས་ཙམ་ཡིན་གྱི། རང་འདུས་ མ་བྱས་ཙམ་དེས་རང་ལས་གཞན་པའི་འདུས་མ་བྱས་ཀྱི་དགེ་རྩ་བསྐྱེད་དུ་མི་རུང་སྟེ། རང་གཞན་གྱི་འདུས་མ་བྱས་དེ་གཉིས་ལ་འབྲེལ་བ་མེད་པའི་ཕྱིར་དང་། འདུས་མ་བྱས་ཀྱིས་འདུས་བྱས་ཀྱི་དགེ་རྩ་བསྐྱེད་པ་ནི་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ་ཞེ་ན། འདུས་མ་བྱས་ཀྱིས་འདུས་ བྱས་ཀྱི་དགེ་རྩ་མི་བསྐྱེད་པ་དང་། རང་འདུས་མ་བྱས་ཙམ་དེས་གཞན་འདུས་མ་བྱས་ཀྱི་དགེ་རྩ་བསྐྱེད་མི་རུང་བ་ཁྱོད་དང་མཐུན་ཀྱང་། ངེད་ཀྱིས་ནི་སངས་རྒྱས་དང་ཆོས་ཀྱི་དབྱིངས་ཀྱི་དགེ་བ་དེ་འདུས་མ་བྱས་པ་ཙམ་ཉིད་ལ་འཇོག་པ་ཡིན་གྱི། ཁྱོད་ལྟར་ན་འདུས་མ་བྱས་ཡིན་ པའི་ཕྱིར་དགེ་སོགས་སུ་མི་རུང་བར་འདོད་པ་དང་མཐུན་པ་མིན་ནོ། །མདོར་ན་ངེད་ཀྱི་ལུགས་ལ་ཆོས་དབྱིངས་དགེ་བ་ཐམས་ཅད་ཀྱི་མཆོག་ཏུ་བཞག་པ་ནི་དེ་ཆོས་ཅན། སེམས་ཅན་གྱིས་འདུས་བྱས་པ་མིན་པས་འདུས་མ་བྱས་ཀྱི་དགེ་བ་ཡིན་པ་དང་། མ་བཅོས་པའི་དགེ་བ་ཡིན་ པ་དང་། རང་བཞིན་གྱི་དགེ་བ་ཡིན་པ་དང་། གཤིས་ཀྱི་དགེ་བ་ཡིན་པ་ལ་ཐུག་གོ ། དེ་དག་དོན་དུ་དྲིལ་ན། ཆོས་དབྱིངས་ལ་ཆོས་ཅན། རྒྱུ་དོན་དམ་པའི་དགེ་བ་ཡོད་དེ། དེས་བསྐྱེད་པའི་འབྲས་བུ་ཆོས་སྐུ་འདུས་མ་བྱས་ཡོད་པའི་ཕྱིར། ཡང་ན་ཆོས་དབྱིངས་ཆོས་ཅན། དོན་དམ་པའི་དགེ་བ་ཡིན་ཏེ། དེ་དེའི་རང་བཞིན་ནམ་གཤིས་ཡིན་པའི་ཕྱིར། རྩ་སྦྱོར་བཀོད་པའི་འོག་ཏུ། ཆོས་དབྱིངས་ཆོས་ཅན། དོན་དམ་དགེ་བའི་རང་བཞིན་ཡིན་ཏེ། དོན་དམ་གྱི་དབང་དུ་བྱས་པའི་འདུས་མ་བྱས་ཡིན་པའི་ཕྱིར་རོ། །དེས་ན་སྦྱོར་བ་ཕྱི་མའི་ཕྱོགས་ཆོས་ 4-1-274a འདུས་མ་བྱས་ནི་ཆོས་དབྱིངས་ཀྱི་སྟེང་དུ་གྲུབ། དོན་དམ་གྱི་དབང་དུ་བྱས་པའི་འདུས་མ་བྱས་ཡིན་ན་དོན་དམ་དགེ་བའི་རང་བཞིན་ཡིན་པས་ཁྱབ། སྙིང་པོ་བཞིན་ཆོས་དབྱིངས་ཀྱི་རང་བཞིན་ཀྱང་ཡང་དག་པར་ན་དགེ་བ་ཡིན་ནོ་ཞེས་རྗེས་འགྲོ་དང་། གང་ དོན་དམ་དགེ་བའི་རང་བཞིན་མ་ཡིན་ན་དོན་དམ་གྱི་དབང་དུ་བྱས་པའི་འདུས་མ་བྱས་མ་ཡིན་པས་ཁྱབ། དཔེར་ན་ཆོས་དབྱིངས་དེ་ལས་གཞན་པའི་ཆོས་བཞིན། གཞན་གྱིས་ཆོས་དབྱིངས་ཀྱི་རང་བཞིན་དགེ་བ་མིན་པར་ཁས་བླངས་སོ་ཞེས་པས་ལྡོག་པ་གྲུབ་བོ། །དེས་ན་དེས་ དོན་དུ་དོན་དམ་དགེ་བ་དང་འདུས་མ་བྱས་པ་གཉིས་རང་བཞིན་ཅིག་ཡིན་ནོ། །སྦྱོར་བ་འདི་དག་གི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་དགོས་པས་སྒྲུབ་ཚུལ་ངག་རྒྱུན་ལས་ཤེས་སོ། ། ཡང་འགའ་ཞིག །ཆོས་དབྱིངས་འདུས་མ་བྱས་ཆོས་ཅན། བསྔོས་ཀྱང་གོང་ནས་གོང་དུ་མི་ འགྱུར་བར་ཐལ། ཆོས་དབྱིངས་ཡིན་པའི་ཕྱིར་ཞེས་ཟེར་རོ། །ཁྱོད་ཀྱིས་ཆོས་དབྱིངས་ཀྱི་རང་ངོ་བསྔོས་ཀྱང་འགྱུར་བ་མེད་པ་ལ་བསམས་ནས་ཐལ་བ་དེ་ལྟར་འཕངས་པ་ཡིན་ན། ཁོ་བོའི་ལུགས་ལ་འདོད་ལ། ལར་ཡང་ཆོས་དབྱིངས་འདུས་མ་བྱས་པའི་དགེ་བ་དངོས་སུ་སེམས་ ཅན་གྱིས་བསྔོ་རྒྱུར་མི་བཏུབ་ཀྱང་། བསྔོ་རྒྱུར་རློམས་ནས་བསྔོས་པས་རྫོགས་བྱང་ཐོབ་པའི་རྒྱུར་འགྱུར་ལ། རྒྱུར་འགྱུར་བ་དེ་ཡང་ཡིད་ཀྱི་ལས་དགེ་བར་གཏོགས་པས་ཆོས་དབྱིངས་བསྔོ་རྒྱུར་གཟུང་བ་ལ་འབྲས་བུ་མི་འབྱུང་བ་མ་ཡིན་ནོ། །སྤྱིར་གྱིས་བསྔོ་རྒྱུར་གཟུང་བ་ལ་ བསྔོ་རྒྱུར་གཟུང་བྱ་དངོས་དེ་འབྱུང་དགོས་པ་དང་མི་དགོས་པ་གཉིས་ཡོད་པ་ལས། ཆོས་ཅན་འདུས་བྱས་ཟག་མེད་དང་ཟག་བཅས་ཀྱི་དགེ་བ་ནི་ཆོས་དབྱིངས་འདུས་མ་བྱས་ལས་གཞན་ཡིན་པའི་ཕྱིར། དགེ་བ་དེའི་དངོས་ནི་བྱང་ཆུབ་དངོས་མིན་པས། དགེ་བ་དེ་གོང་ནས་ 4-1-274b གོང་དུ་འགྱུར་བའམ་རྒྱུད་ནས་བྱང་ཆུབ་མངོན་དུ་བྱེད་དགོས་པ་ཡིན་ལ། ཆོས་དབྱིངས་འདུས་མ་བྱས་ཀྱི་དགེ་བ་ནི་བྱང་ཆུབ་ལས་གཞན་མ་ཡིན་པས། བསྔོ་རྒྱུའི་དགེ་བ་འགྱུར་ནས་བྱང་ཆུབ་ཀྱི་རྒྱུ་བྱེད་དགོས་པ་མིན་ནོ། །བསྔོ་རྒྱུའི་དགེ་བ་དངོས་སུ་སེམས་ཅན་གྱིས་བསྔོ་ རྒྱུར་བཏུབ་མི་བཏུབ་གཉིས་ཡོད་ནའང་བློའི་སྟེང་ནས་གཉིས་ཀ་བསྔོ་རྒྱུར་བཏུབ་སྟེ། འདུས་མ་བྱས་གཉིས་ཀའི་དགེ་བ་ཡིད་ཡུལ་དུ་འཆར་བ་ལ་གཞན་སེལ་བའི་ཚུལ་གྱིས་བསྔོ་བ་ལ་ཁྱད་པར་མེད་པའི་ཕྱིར་རོ། ། འདི་ལ་འོ་ན་ཆོས་དབྱིངས་དེ་བྱང་ཆུབ་ཀྱང་ཡིན། དགེ་བ་ཡང་ ཡིན་ན་བྱང་ཆུབ་ཏུ་བསྔོ་མི་དགོས་སོ་ཞེ་ན། ངེས་པའི་དོན་དུ་མི་དགོས་མོད་ཀྱི། སེམས་ཅན་གྱི་དྲི་མ་གློ་བུར་བས་ཆོས་དབྱིངས་ལ་མི་མཐུན་པར་བྱས་པ་དེའི་ཚེ་མི་མཐུན་པའི་དྲི་མ་དེ་ཆོས་དབྱིངས་རྣམ་དག་གི་དགེ་བས་འཇོམས་པའི་ཆེད་དུ་སེམས་ཅན་དེས་བློའི་རློམ་ཚོད་ཀྱིས་བསྔོ་ བ་ཡིན་ནོ། །རློམ་ཚོད་ཀྱིས་བསྔོས་པ་ལ་འབྲས་བུ་མི་འབྱུང་ངམ་སྙམ་ན། མ་ཡིན་ཏེ། རང་གིས་དངོས་སུ་དགེ་བའི་ལས་བྱས་པ་མིན་ཀྱང་སེམས་ཅན་གཞན་གྱིས་བྱས་པའི་དགེ་བ་ལ་རློམ་ཚོད་ཀྱིས་རང་གིས་དགེ་བའི་ལས་བྱས་པ་དང་ཁྱད་མེད་དུ་བསྡུས་ཏེ་བསྡོམས་ནས་ བསྔོས་པ་ལ་འབྲས་བུ་འབྱུང་བ་བཞིན་ནོ། །དེ་ལྟར་བཤད་པས་འདུས་མ་བྱས་ཀྱི་དགེ་བ་བྱང་ཆུབ་ཏུ་དངོས་སུ་བསྔོ་ཞིང་། བསྒྱུར་ནུས་པ་ནི་སངས་རྒྱས་ཁོ་ན་ལ་ཡོད་ཀྱི། སེམས་ཅན་ལ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་འདུས་མ་བྱས་ཀྱི་དགེ་བ་ཐུགས་རྗེ་ཆེན་པོ་དེས་ནི་དངོས་སུ་ སེམས་ཅན་དང་གློ་བུར་གྱི་དྲི་མ་དེ་ལེགས་པར་སྦྱང་བའི་ཕྱིར་བསྔོ་བ་དང་། སེམས་ཅན་དེ་རྒྱུད་ཀྱི་སྙིང་པོ་དག་པ་གཉིས་ལྡན་གནས་སྐབས་སུ་བྱང་ཆུབ་ཏུ་བསྒྱུར་བ་ལྟར་སྟོན་པ་ཡིན་ནོ། །འོན་ཏེ་སེམས་ཅན་གྱིས་ཀྱང་འདུས་མ་བྱས་ཀྱི་དགེ་བ་མི་བསྔོ་བ་ནི་མ་ཡིན་ཏེ། བསྔོ་དགོས་ 4-1-275a པའི་ཚུལ་གོང་དུ་བཤད་ཟིན་ཏོ། ། སྨྲས་པ། ཆོས་དབྱིངས་དགེ་བ་བྱང་ཆུབ་པ། །ཡིན་ཕྱིར་དེ་ཉིད་བྱང་ཆུབ་ཏུ། ། འགྱུར་ཕྱིར་བསྔོ་བ་མ་ཡིན་ཀྱང་། །དེ་ལ་སྒྲིབ་པའི་སྒྲིབ་པ་རྣམས། ། སྦྱང་བའི་ནུས་པ་མ་བྱས་ཀྱི། །དགེ་ལ་ཡོད་ཕྱིར་དེ་སྤྱོད་པའི། ། ཆེད་དུ་མ་བྱས་དག་པ་ནི། །བསྔོ་རྒྱུར་རྗེ་བཙུན་གསུངས་པ་ཡིན། ། ཅེས་སོ། ། ཡང་ལ་ལ་ཞིག །ཆོས་དབྱིངས་ལ་དགེ་བ་ཡོད་པའམ་དགེ་བ་ཡིན་པ་དེ་བཞིན་དུ་ཆོས་དབྱིངས་ལ་མི་དགེ་བ་ཡོད་པའམ། མི་དགེ་བ་ཡིན་པ་སྲིད་པར་མཚུངས་ཤེ་ན། དེ་སྲིད་པ་མི་ མཚུངས་ཏེ། ཆོས་དབྱིངས་ངོ་བོ་ཉིད་ཀྱི་དགེ་བར་གྲུབ་ལ། ངོ་བོ་ཉིད་ཀྱིས་གྲུབ་པ་ནི་གནས་སྐབས་ཐམས་ཅད་དུ་མི་འདོར་བས་མི་དགེ་བ་ཡིན་པའི་གོ་སྐབས་མེད་དེ། དཔེར་ན་སྲོག་གཅོད་སྤངས་པའི་ལས་དགེ་བའི་རང་བཞིན་ལས་གཞན་མིན་པ་བཞིན་ནོ། ། ཡང་འགའ་ཞིག་ འདུས་མ་བྱས་ཀྱི་ལས་དེ་སེམས་ཅན་གྱིས་དངོས་སུ་བསག་མི་ནུས་པས། སེམས་ཅན་གྱི་བློས་དེ་བསྔོས་པ་ལ་འབྲས་བུ་མི་འབྱུང་སྙམ་ན། མིན་ཏེ། དཔེར་ན་སོ་སྐྱེས་ཡེ་ཤེས་ཀྱི་ཚོགས་དངོས་སུ་བསག་མི་ནུས་ཀྱང་། སེམས་ཅན་གྱི་བློས་ཡེ་ཤེས་ཀྱི་ཚོགས་བསྔོས་པ་ལས་ འབྲས་བུ་འབྱུང་བ་བཞིན་ནོ། ། ཡང་ཁ་ཅིག །དགེ་རྩ་ཆད་པའི་རྒྱུད་ལ་ཆོས་ཅན། བསྔོ་རྒྱུའི་དགེ་རྩ་དང་ལྡན་པར་ཐལ། ཆོས་དབྱིངས་བསྔོ་རྒྱུ་ཡིན་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་འདུས་བྱས་ཀྱི་དགེ་རྩ་ལྡན་པར་ཐལ། དེའི་ཕྱིར་ཞེ་ན། ཁྱབ་པ་མ་ངེས་པ་ཡིན་ལ། འདུས་མ་བྱས་ཀྱི་དེ་དང་ལྡན་པར་ཐལ། དེའི་ཕྱིར་ཞེ་ན། འདོད་པ་ཡིན་ཏེ། དགེ་རྩ་ཆད་པའི་རྒྱུད་ཅེས་པ་གནས་སྐབས་འདུས་བྱས་ཀྱི་དགེ་རྩ་ཆད་པ་ལ་དགོངས་པ་ཡིན་གྱི། འདུས་མ་བྱས་ཀྱི་དགེ་རྩ་ཆད་པའི་རྒྱུད་མི་སྲིད་པས་སོ། ། ཡང་འགའ་ཞིག །དགེ་བའི་ལས་ཆོས་ 4-1-275b ཅན། དུས་གསུམ་གང་རུང་དུ་བྱེད་པས་བྱས་པའི་དགེ་སོགས་མི་དགོས་པར་ཐལ། ཆོས་ཉིད་བསྔོ་རྒྱུ་ཡིན་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་ཁྱབ་པ་འགལ་བ་དང་མ་ངེས་པ་གང་རུང་ལས་མ་འདས་ཏེ། དེ་ཡང་འགལ་བ་ལས་མ་འདས་པའི་ཚུལ་ནི། ཁྱོད་ཀྱིས་ཆོས་དབྱིངས་ དུས་གསུམ་དུ་བྱེད་པས་བྱར་མི་རུང་བའི་རྒྱུ་མཚན་ལ་བསམས་ནས་དེ་ལྟར་བཀོད་པ་ཡིན་ན་ནི། ཆོས་དབྱིངས་དོན་དམ་པས་དུས་ཐམས་ཅད་དུ་བྱེད་པས་བྱས་པའི་དགེ་རྩ་བསགས་པའི་ཕྱིར་ན་དེས་བྱེད་པས་བྱས་པའི་དགེ་རྩ་བསག་ཏུ་མི་རུང་བ་ཚད་མས་བསལ་བ་ཡིན་པས། ཆོས་ དབྱིངས་དགེ་བ་ཆོས་ཅན་དུ་བཟུང་ནས་དེ་ལྟར་འཕགས་ན་གནས་ཚོད་དུ་འགལ་རྟགས་སུ་སོང་ལ། ཁྱེད་རང་གི་ཞེན་དོན་ལྟར་ན་ནི་མ་ངེས་པར་སོང་། ཡང་འདུས་བྱས་ཀྱི་དགེ་ལས་ཆོས་ཅན་དུ་བཟུང་ནས་དེ་ལྟར་འཕེན་ན་ནི་རྟགས་བསྒྲུབ་བྱའི་ཆོས་ལ་རྗེས་འགྲོ་མེད་དེ། འདུས་ མ་བྱས་ཆོས་དབྱིངས་བསྔོ་རྒྱུ་ཡིན་ན་འདུས་བྱས་ཀྱི་དགེ་ལས་བསྔོ་རྒྱུ་བསྔོ་མི་དགོས་པ་མ་ཡིན་པས། ཁྱོད་རང་གི་ཞེན་ཚོད་དང་གནས་ཚོད་གཉིས་ཀ་ལ་མ་ངེས་པར་སོང་ངོ་། །གཉིས་པ་བསྔོ་ས་ནི། བྱས་མ་བྱས་ཀྱི་དགེ་བ་ཐམས་ཅད་སྦྱང་གཞི་སྙིང་པོའི་སྟེང་དུ་སྦྱང་བྱ་གློ་བུར་ གྱི་དྲི་མ་སེལ་བ་དང་། སྦྱངས་འབྲས་སྦྱང་གཞི་དེ་མངོན་དུ་གསལ་བའི་ཕྱིར་བསྔོ་བ་ཡིན་ནོ། །གསུམ་པ་བསྔོ་དགོས་པ་དེ་སུའི་ཆེད་དུ་ཡིན་ན། རང་གི་དོན་དུ་མ་ཡིན་པར་གཞན་དོན་ཁོ་ནའི་ཆེད་དུ་ཡིན་ཏེ། ཇི་སྐད་དུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཅེས་གསུངས་ པའི་ཕྱིར་རོ། །བཞི་པ་བསྔོ་བའི་རྣམ་པ་ནི། ཀུན་རྫོབ་ཏུ་དགེ་བ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གཞན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་པའི་འདུན་པ་དྲག་པོ་གལ་ཆེ་སྟེ། འདུན་པའི་བསྔགས་པ་ཡང་། འཇམ་དཔལ་ཞིང་བཀོད་ལས། 4-1-276a ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །འབྲས་བུ་དེ་འདྲ་ཁོ་ནར་འགྱུར། །ཞེས་སོ། །དོན་དམ་པར་གང་དུ་བསྔོ། གང་གིས་བསྔོ། གང་བསྔོ་བ་ཐམས་ཅད་ཡོད་མ་མྱོང་བའི་ངེས་ པས་ཟིན་པར་བྱ་སྟེ། ཇི་སྐད་དུ། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །ཞེས་སོགས་དང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་སོགས་གསུངས་པའི་དོན་ཏེ། ཐེག་ཆེན་འཕགས་པ་རྣམས་ལ་ནི་བསྔོ་བ་བྱེད་ཙམ་ཉིད་ནས་དམིགས་མེད་ ཀྱི་བསྔོ་བའི་ངོ་བོར་གྲུབ་ལ། སོ་སོའི་སྐྱེ་བོ་ལ་ནི་དང་པོར་ཀུན་རྫོབ་པའི་བསྔོ་བ་འདུན་པ་དྲག་པོ་དང་། རྗེས་དེ་དམིགས་མེད་དོན་དམ་གྱི་ངོ་བོར་མོས་པ་གཉིས་བློས་རེས་འཇོག་ཏུ་བྱ་བ་ཡིན་ནོ། །ལྔ་པ་བསྔོ་བའི་མཚན་ཉིད་ནི། དགེ་བ་དེ་དག་གཞན་དོན་དུ་བྱང་ཆུབ་ཐོབ་ཕྱིར་དུ་ བསྔོས་པར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཆུད་མི་ཟ་ཞིང་། བྱང་ཆུབ་ཐོབ་ནས་ཀྱང་འབྲས་བུ་ཟད་པ་མེད་པ་ཅན་ཡིན་ནོ། །མཚོན་བྱའི་སྒྲ་བཤད་ནི། པ་རི་ཎ་ཏ་ནི་ཞེས་འབྱུང་བས། དེ་ཡོངས་སུ་བསྒྱུར་བ་ལ་འཇུག་ལ། དེའི་དོན་དགེ་བ་ཐམས་ཅད་རྫོགས་བྱང་གི་རྒྱུར་བསྒྱུར་བས་ན་ བསྔོ་བའོ། །དེ་སྐད་དུའང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེར་ལྷུང་བ། །རྒྱ་མཚོ་མ་སྐམས་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་རྒྱུར་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་སོ། །དྲུག་པ་བསྔོ་ བ་འགྲུབ་ཚུལ་ནི། བསམ་པ་ཐག་པས་བསྔོས་ན་འགྲུབ་པ་དང་། དེ་ཡང་སྡོམ་ལྡན་དང་། ཡང་དག་རིག་པའི་ངག་གིས་བདེན་པ་བརྗོད་པའི་བསྔོ་བ་བཙན་པར་གསུངས་སོ། །བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ཡང་བྱས་མ་བྱས་ཀྱི་དགེ་རྩ་གང་རུང་ཞིག་མཚོན་བྱེད་དུ་བྱས་ 4-1-276b ནས། དེ་དང་སེམས་ཅན་ཐམས་ཅད་ཀྱི་དགེ་རྩ་ཐུན་མོང་དུ་བྱས་པའི་དགེ་བ་དེ་རང་དང་གཞན་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུར་བསྔོ་བ་ཡིན་ལ། སྨོན་ལམ་ནི་དགེ་རྩ་མཚོན་བྱེད་དུ་མ་བཟུང་བར་སེམས་ཅན་ཐམས་ཅད་འཚང་རྒྱ་བར་ཞེ་ཐག་པ་ནས་སྨོན་ཅིང་། ངག་ཏུའང་བདེན་ པའི་སྟོབས་བརྗོད་ཅིང་སྨོན་ལམ་དེ་ལྟར་དུ་འདེབས་པ་ཡིན་ནོ། །གཉིས་པ་ཚིག་གི་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་མོས་པ་ལ་སོགས་པས་བསགས་པའི་དགེ་བ་ཡང་བསྔོ་བའི་བྱེད་པ་ལ་རག་ལས་པས་ན། མོས་པ་དེའི་འོག་ཏུ་བསྔོ་བ་འབྱུང་བས་ གཉིས་པ་བསྔོ་བ་ཡིད་ལ་བྱེད་པའི་སྒོམ་ལམ་ཞེས་བྱ་བ་འདི་གསུངས་སོ། །གཉིས་པ་ནི། སེམས་དཔའ་དེ་ལྟ་བུས་ཡོངས་སུ་བསྔོ་བའི་ངོ་བོ་ནི། ཉན་རང་གི་བསྔོ་བ་ལྟར་རང་གཅིག་པུ་མྱ་ངན་ལས་འདའ་བའི་ཆེད་དང་། དམིགས་པའི་ཚུལ་དང་། དམན་པའི་བྱང་ཆུབ་ཏུ་ བསྔོ་བ་ལས་ཁྱད་པར་དུ་འཕགས་པ་ཅན་ཡིན་ཏེ། འདིར་སེམས་དཔས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་ཕྱིར་དང་། མི་དམིགས་པའི་ཚུལ་གྱིས་དང་། བླ་མེད་བྱང་ཆུབ་ཏུ་བསྔོ་བ་སོགས་ཀྱིས་ཁྱད་པར་དུ་འཕགས་སོ། །བསྔོ་བ་དེའི་བྱེད་པ་ནི་མཆོག་གི་གོ་འཕང་ རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ཡིན་ནོ། །བསྔོ་བའི་བློའི་རྣམ་པ་དེ་ནི་ཡུལ་དུས་གང་ཅིར་ཡང་དམིགས་པ་མེད་པ་ཅན་གྱི་ཤེས་པའི་རྣམ་པའོ། །བསྔོ་བ་དེའི་མཚན་ཉིད་ནི་ཡང་དག་པར་བསྔོ་བ་སྟེ། འདུ་ཤེས་དང་། སེམས་དང་། ལྟ་བ་ཕྱིན་ཅི་མ་ལོག་པ་སྟེ་འདིའི་མཚན་ ཉིད་ཡིན་པའི་ཕྱིར་རོ། །བསྔོ་བའི་དུག་སྤང་ཞིང་བདུད་རྩིའི་མཆོག་ཏུ་འགྱུར་བའི་བསྔོ་ཚུལ་ནི། བསྔོ་བྱའི་བསོད་ནམས་དེ་དངོས་པོ་ཐམས་ཅད་ཀྱིས་དབེན་པར་ཤེས་པའི་ཚུལ་གྱིས་དང་། རྫོགས་པའི་སངས་རྒྱས་ཀྱི་འདུས་མ་བྱས་ཀྱི་བསོད་ནམས་ཀྱི་ཚོགས་ཆེན་པོའི་དགེ་བ་དེ་ 4-1-277a སེམས་དཔས་སྐབས་དེར་འདུས་མ་བྱས་ཀྱི་དགེ་བ་དེ་ལྟ་བུ་རང་བཞིན་སྟོང་ཉིད་དུ་དྲན་པའི་སྤྱོད་ཡུལ་གྱི་ཚུལ་ཅན་གྱི་སྒོ་ནས་བསྔོ་བ་དང་། སྤྲོས་པའི་མཚན་མ་མེད་པའི་ཚུལ་གྱིས་དང་། དམིགས་མེད་ཀྱི་བསྔོ་བ་དེ་ཡང་ཐབས་དང་བཅས་པའི་ཚུལ་གྱིས་དང་ རྫོགས་པའི་སངས་རྒྱས་ཀྱིས་སེམས་དཔའ་ལ་རྗེས་སུ་ཡི་རང་བར་མཛད་ཡུལ་གྱི་སེམས་དཔའི་ཡོན་ཏན་གྱི་ཁྱད་པར་བའི་དགེ་བ་དེ་བསྔོ་བའི་ཚུལ་གྱིས་སོ། །དེ་ལྟ་བུའི་བསྔོ་བ་ཡང་ཁམས་གསུམ་ལས་འདས་པའམ་གཏོགས་པའི་ཡུལ་མ་ཡིན་པར་བསྔོའོ། །བསྔོ་བ་ཆུང་ ངུའི་རྒྱུའི་དགེ་བ་ནི་འཇིག་རྟེན་པའི་དགེ་བ་རྣམས་དང་། བསྔོ་བ་འབྲིང་གི་དགེ་བ་ནི་དམན་པའི་འདས་ལམ་གྱི་དགེ་བ་ཐམས་ཅད་དང་། བསྔོ་བ་ཆེན་པོ་ནི་ཐེག་ཆེན་གྱི་མྱང་འདས་སུ་འགྱུར་བའི་དགེ་བ་སྟེ། སྔ་མའི་ངོ་བོ་རྣམ་པ་སོགས་ཀྱི་བསྔོ་བ་དགུ་པོ་ལས། གཞན་བསྔོ་བ་ཕྱི་མ་རྣམ་ པ་གསུམ་པོ་འདི་ནི་བསོད་ནམས་ཆེན་པོ་འབྱུང་ཚུལ་གྱི་བདག་ཉིད་ཀྱིས་ཕྱེ་བས་གྲངས་བཅུ་གཉིས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ་གཉིས། དབྱེ་བའི་སྒོ་ནས་སོ་སོར་བཤད་པ། བསྔོ་ཚུལ་གྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། གོང་དུ་ཇི་སྐད་བཤད་ པའི་ཐེག་ཆེན་གྱི་མོས་པ་དགེ་བ་དེ་ཉན་རང་ལས་ཁྱད་པར་ཅན་དུ་འཕགས་པའི་ངོ་བོ་དང་། བསྔོ་བ་དེའི་རང་བཞིན་མི་དམིགས་པ་དང་། བསྔོ་བའི་ཡུལ་དུས་བསམ་སྦྱོར་ཕྱིན་ཅི་མ་ལོག་པ་དང་། བསྔོ་བ་དེ་ལ་གཟུང་འཛིན་གྱི་རྣམ་པས་དབེན་པ་དང་། དེ་བཞིན་གཤེགས་པའི་ཟག་ མེད་ཀྱི་དགེ་བའི་རྩ་བའི་ཚོགས་ཀྱི་རང་བཞིན་འབྲས་བུ་ཟད་པ་མེད་པ་དྲན་པར་བྱས་ནས་བསྔོ་བ་དང་། ཐབས་ཟབ་མོ་ལ་མཁས་པ་དང་བཅས་པའི་བསྔོ་བ་དང་། བསྔོ་བ་དེ་མཚན་མར་མེད་པ་དང་། བསྔོ་བ་དེ་ལ་སངས་རྒྱས་ཀྱིས་བསྔགས་པར་རྗེས་སུ་གནང་བས་ན་བསྔོ་བ་ལ་ནན་ཏན་ 4-1-277b དུ་བྱེད་པའི་སྒོ་ནས་བསྔོ་བ་དང་། དགེ་རྩ་རྣམས་ཁམས་གསུམ་པར་མ་གཏོགས་པར་བསྔོ་བ་དང་། གཞན་བསྔོ་ཚུལ་གྱི་བསྔོ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ་བསོད་ནམས་ཆེན་པོ་འབྱུང་བ་ཞེས་བྱ་བ་དེ་ལྟར་མདོར་མིང་དུ་བཏགས་པའི་ཡིད་ལ་བྱེད་པ་བཅུ་གཉིས་པོའི་གོ་རིམ་ བཞིན་དུ་དེའི་དོན་བསྟན་བཅོས་འདིར་བཤད་པ་ནི། བླ་ན་མེད་པའི་བྱང་ཆུབ་ཁྱད་པར་ཅན་ཡིད་ལ་བྱེད་པས་བསྔོ་བ་དང་། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་མི་དམིགས་པས་བསྔོ་བ་དང་། སྔོ་བར་བྱེད་པའི་སེམས་ཕྱིན་ཅི་ལོག་མེད་པ་དང་། བདག་དང་ལ་སོགས་པས་སེམས་ ཅན་ཐམས་ཅད་དང་ལྡན་པའི་དགེ་བའི་དངོས་པོ་བསྔོ་བ་ལ་སྤྲོས་པས་དབེན་པ་དང་། འདས་མ་འོངས་ད་ལྟར་བ་དུས་གསུམ་གྱི་སངས་རྒྱས་ཀྱི་ཚོགས་གཉིས་ཀྱི་དགེ་བའོ། །སྦྱིན་པ་ལ་སོགས་པའི་ཐབས་དང་། མཚན་ཉིད་མེད་པ་དང་། ཐེག་གསུམ་གྱི་ལམ་ཐམས་ཅད་ལ་སངས་ རྒྱས་ཀྱིས་བསྔགས་པའི་ལས་དགེ་བ་ཡིན་པས་དེ་བསྔོ་བ་དང་། དགེ་བ་དེ་འདོད་པ་ལ་སོགས་པའི་ཁམས་གསུམ་གྱི་འཁོར་བར་མི་བསྔོ་བ་དང་། དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་རྫོགས་བྱང་ལ་བསྔོ་བ་བསྔོ་བ་ཆུང་ངུ་དང་། རྒྱུན་དུ་ཞུགས་པ་དང་ལ་སོགས་པས་དམན་པའི་འཕགས་རྒྱུད་ ཀྱི་དགེ་བ་རྫོགས་བྱང་དུ་བསྔོ་བ་བསྔོ་བ་འབྲིང་དང་། བླ་ན་མེད་པའི་བྱང་ཆུབ་ལ་གནས་པར་འདོད་ནས་དགེ་བ་བྱས་པ་རྣམས་རྫོགས་བྱང་དུ་བསྔོ་བ་ནི་བསྔོ་བ་ཆེན་པོ་སྟེ། བསྔོ་བ་དེ་དག་ཐམས་ཅད་ཀྱང་མི་དམིགས་པ་ལ་དམིགས་པའི་ཚུལ་གྱིས་སོ། །དེའང་མི་དམིགས་པའི་བསྔོ་བ་ཉིད་ མཆོག་ཏུ་བསྔགས་པར་བཞེད་པའི་ཕྱིར་མི་དམིགས་པ་ལ་དམིགས་ཞེས་གསུངས་པ་ཡིན་གྱི། དམིགས་མེད་དམིགས་པར་སྟོན་པ་ནི་ནམ་དུའང་མ་ཡིན་ལ། འདིར་བསྔོ་བ་བཅུ་གཉིས་པོ་ལ་མདོའི་དངོས་བསྟན་གྱི་གྲངས་འདྲེན་པ་ཞིག་དང་། བསྟན་བཅོས་ཀྱིས་ཁ་བསྐངས་ནས་ 4-1-278a གྲངས་འདྲེན་པ་གཉིས་གསུངས་པ་འདི་ཆོས་བཤེས་ཀྱིས་སྔ་མ་མིང་དང་ཕྱི་མ་མངོན་དུ་བཤད་དོ། །ཤེར་འབྱུང་བློ་གྲོས་ནི་སྔ་མ་བཅུ་གཉིས་པོ་རྣམ་པ་དང་། ཕྱི་མ་བཅུ་གཉིས་དམིགས་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། ཐེག་པ་གསུམ་གྱིས་ འདུལ་བར་བྱ་བའི་གདུལ་བྱ་སེམས་ཅན་རྣམས་ལ་རང་རང་གི་སྐལ་བ་དང་འཚམས་པའི་ལམ་ཉེ་བར་སྟོན་པའི་ཆོས་ཀྱི་རྒྱལ་པོའི་གོ་འཕང་མངོན་དུ་བྱེད་པའི་རྒྱུའི་ངོ་བོ་གང་ལ་ལྡན་ན་སྒོམ་ལམ་བྱེད་པ་དང་ལྡན་པའི་སེམས་དཔའ་ལ་སྟེ། སེམས་དཔའ་དེ་རྣམས་ཀྱིས་ཡུལ་སེམས་ཅན་ ཐམས་ཅད་ཀྱི་དོན་དུ་འབྲས་བུ་མི་ཟད་པར་བྱ་བའི་ཕྱིར་དུ་དགེ་བའི་རྩ་བ་རྣམས་བསྔོ་ས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདིར་བསྟན་གྱི་བསྔོ་བ་རྣམ་པ་བཅུ་གཉིས་པོ་འདིས་སྔོ་བར་བྱེད་དོ། །བཞི་པ་རྗེས་སུ་ཡི་རང་སྒོམ་ལམ་ལ། སྤྱི་དོན་དང་། ཚིག་གི་དོན་ནོ། །དང་ པོ་ནི། མདོར། དེ་ནས་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་རྗེས་སུ་ཡི་རང་བ་དང་ལྡན་པའི་རྗེས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་གཞལ་ནས་རྗེས་སུ་ཡི་རངས་ པའི་རབ་ཀྱིས་རྗེས་སུ་ཡི་རང་ན། ཞེས་སོགས་སོ། ། འགའ་ཞིག་མོས་པ་ཡི་རང་བསྔོ་བ་གསུམ་པོ་འདི་སྦྱོར་དངོས་རྗེས་གསུམ་ཡིན་པས་བསྔོ་བའི་རྗེས་ལ་རྗེས་སུ་ཡི་རང་བསྟན་པ་ནི་མདོ་དང་འགལ་ཟེར་རོ། །དེ་ལ་གཞན་གྱིས་འདི་ལྟར་དྲི་སྟེ། འོ་ན་མི་འཛིན་མི་འདོར་ལ་ཞེས་ སོགས་ཀྱིས་ཡི་རང་སྒོམ་པའི་མདོ་བསྔོ་བའི་རྗེས་སུ་འབྱུང་བ་ཅི་ཡིན་ཅེས་པའི་ལན་དུ། དེ་ནི་བསྔོ་བའི་གོང་དུ་བསྒོམ་པར་གསུངས་པས་དེའི་སྒོམ་ཚུལ་འདིར་གསུངས་པ་ཡིན་གྱི། བསྔོ་བའི་རྗེས་སུ་སྒོམ་དགོས་ནས་གསུངས་པ་མིན་ནོ་ཞེས་ཟེར་བའི་ཀྱོག་པོར་བཤད་པའང་སྣང་ 4-1-278b ལ། འགའ་ཞིག་མོས་པ་ལ་བསྟོད་བཀུར་བསྔགས་པ་བཞིན། བསྔོ་བ་དང་ཡི་རང་ལ་བསྟོད་བསྔགས་སོགས་སྦྱོར་བ་སྣང་ངོ་། ། དེ་ལྟར་རྗེས་སུ་ཡི་རང་བའི་ངོ་བོ་ནི་རང་གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བའི་སྒོ་ནས་དགའ་བ་ཐུན་མོང་མིན་པར་བསྒོམ་པ་ཡིན་ནོ། ། དགེ་རྩ་གཞན་ལ་རྗེས་སུ་ཡི་རང་གི་བསོད་ནམས་ཀྱིས་རང་གིས་དགེ་རྩ་བསགས་པ་དང་འབྲས་བུ་མཉམ་པར་ཐོབ་པར་བཤད་པ་འདིའི་དོན་ཀྱང་། སེམས་པའི་ལས་དང་བསམ་པའི་ལས་ལ། སེམས་པའི་ལས་སྟོབས་ཆེ་བའི་རྒྱུ་མཚན་གྱིས་ཡིན་ཅེས་འབུམ་ཕྲག་གསུམ་ པས་གསུངས་སོ། །གཉིས་པ་ཚིག་གི་དོན་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། བཤད་པ་དེ་ལྟར་གྱིས་ལེགས་པར་བསྔོས་པའི་བསྔོ་བ་རྣམ་དཀར་གྱི་དངོས་པོ་གོང་ནས་གོང་དུ་མངོན་པར་སྤེལ་བར་བྱ་བ་ཡིན་པས། བསྔོ་བའི་རྗེས་སུ་གསུམ་པ་རྗེས་སུ་ཡི་རང་བ་ཡིད་ ལ་བྱེད་པ་ཞེས་བྱ་བ་འདི་གསུངས་པ་ཡིན་ནོ། །གཉིས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་མེད་པས་ལས་ལས་འབྲས་བུ་འབྱུང་བ་མེད་པ་དང་། ཡང་རྗེས་སུ་ཡི་རང་སོགས་ལས་འབྲས་བུ་འབྱུང་བ་གཉིས་མི་འགལ་བར་སྟོན་པས་ཐབས་དང་ལས་ལས་འབྲས་བུ་ འབྱུང་མི་འབྱུང་གཉིས་ཀར་ཡང་མི་དམིགས་པའི་ཤེས་རབ་སྟེ། ཐབས་ཤེས་ཟུང་དུ་འཇུག་པ་དག་གི་སྒོ་ནས་རང་གཞན་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་ལམ་ཞེས་པ་དེ་བསྒོམ་པ་ཡིན་པར་བསྟན་བཅོས་འདིར་ བརྗོད་དོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ་གཉིས། རྩ་བའི་ཚིག་དོན་བཤད་པ་དང་། ཐུན་མོང་གི་དོན་བསྡུ་བའོ། །དང་པོ་ནི། རང་གཞན་གྱི་དགེ་རྩ་ལ་ཡིད་རབ་ཏུ་དགའ་བའི་སེམས་ཀྱིས་རྗེས་སུ་ཡི་རང་བ་ནི་ཀུན་རྫོབ་ཏུ་ཐབས་ཀྱི་ཆའི་དགེ་བའི་རྩ་ 4-1-279a བ་རྣམས་ཏེ། དེ་དག་ལ་དམིགས་ནས་དོན་དམ་པར་མི་དམིགས་པའི་མཉམ་པར་བཞག་པ་ཉིད་ཀྱིས་དོན་འདུས་མ་བྱས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའི་རྟོགས་པ་བསྐྱེད་པར་བྱ་བ་དག་ཡིན་ནོ། །གཉིས་པ་ནི། ཟག་བཅས་སྒོམ་ལམ་གསུམ་པོ་དེ་ལ་མདོར་ བསྡུས་པའི་དོན་ནི། མོས་པ་ཡིད་ལ་བྱེད་པས་ནི་གསེར་གྱི་འབྱུང་ཁུངས་དག་ནས་གསེར་གྱི་གར་བུའམ་ཐིག་པོ་འབྱུང་བ་བཞིན་དུ་ཡུམ་ལ་མོས་པ་ནི་བསོད་ནམས་ཚད་མེད་པ་མངོན་པར་འབྱུང་བའི་གནས་སམ་གཏེར་ཆེན་པོར་འདུ་བྱེད་དོ། །བསྔོ་བ་ཡིད་ལ་བྱེད་པས་ནི་གསེར་གྱི་གར་བུ་དེ་ གསེར་མགར་མཁན་གྱིས་གསེར་གྱི་རྒྱན་བྱེད་པ་བཞིན་དུ་མོས་པའི་དགེ་བ་བསོད་ནམས་ཚད་མེད་པའི་བདག་ཉིད་ཅན་གྱི་རྒྱུ་དེ་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་ལ་རྒྱུ་མེད་མི་རུང་གི་ཡན་ལག་ཏུ་བྱེད་དོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་ནི་རང་དང་ གཞན་གྱིས་བསོད་ནམས་བྱས་པ་དག་འབྲས་བུ་མཉམ་པ་ཉིད་དུ་འཐོབ་བོ་སྟེ། དཔེར་ན་ཞིང་ས་གཅིག་ལ་སྐྱེས་པའི་སྟོན་ཐོག་རྒྱལ་པོ་དང་ཞིང་ལས་པ་གཉིས་འབྲས་བུ་མཉམ་དུ་འཐོབ་པ་བཞིན་ཅེས་བྱ་བ་འདི་ངེས་པ་ཡིན་ནོ། ། སྨྲས་པ། རང་གི་མོས་པའི་དགེ་བ་དང་། །གཞན་ གྱི་མོས་དགེར་ཡི་རང་བ། ། བཅས་པའི་དགེ་བ་བྱང་ཆུབ་རྒྱུར། །བསྒྱུར་ཞིང་བསྐྱེད་ཚུལ་བཤད་ཟིན་ཏོ། །གསུམ་པ་ཟག་མེད་སྒོམ་ལམ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། སྤྱིར་ཟག་མེད་སྒོམ་ལམ་རང་དེ་གང་ལ་འཇོག་ཅེ་ན། ཐེག་ཆེན་གྱི་ རྗེས་ལ་མངོན་རྟོགས་གཞིར་བྱས་ལ་ཡང་དག་མིན་པའི་རྟོག་པ་དང་བྲལ་བ་སྟེ། ཟག་མེད་སྒོམ་ལམ་འདིས་མ་ཟིན་པར་ཟག་བཅས་སྒོམ་ལམ་ཁོ་ནས་རྫོགས་བྱང་ཐོབ་པར་མི་བྱེད་དེ། དཔེར་ན་རང་བཞིན་མེད་རྟོགས་ཀྱི་ཤེར་ཕྱིན་གྱིས་མ་ཟིན་པར་སྦྱིན་སོགས་སྤྱད་པས་རྫོགས་ 4-1-279b བྱང་མི་འཐོབ་པ་བཞིན་ནོ། །དེ་ལྟ་བུའི་སྒོམ་ལམ་ལ་གཉིས་ཏེ། ཆོས་ཀྱི་སྐུའི་ཡོན་ཏན་མངོན་པར་བསྒྲུབ་པའི་སྒྲུབ་པ་སྒོམ་ལམ་དང་། མི་མཐུན་ཕྱོགས་ལས་རྣམ་པར་གྲོལ་བའི་ཆེད་དུ་སྒྲིབ་པ་རྣམ་པར་དག་བྱེད་ཀྱི་རྣམ་དག་སྒོམ་ལམ་མོ། །དེས་ན་སྒོམ་ལམ་དེ་གཉིས་ཀྱི་ ལག་རྗེས་སུ་ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་སྐུ་གཉིས་ཏེ། དེ་གཉིས་ཀ་ཡང་གཙོ་བོར་མཉམ་རྗེས་གཉིས་ཀའི་བྱེད་པ་ལ་རག་ཅིང་། ཁྱད་པར་རྣམ་གྲོལ་གྱི་སྐུ་ནི་སྤངས་པ་རྐྱང་པས་ཕྱེ་བས་མཉམ་གཞག་བར་ཆད་མེད་ལམ་སྔོན་སོང་གི་བྱེད་པ་ལ་རག་ལས་པའི་འབྲས ་བུ་ཅན་ཡིན་པ་དང་། ཡང་ཆོས་ཀྱི་སྐུ་ཡང་སྤངས་པ་སྤངས་ཟིན་ནས་རྟོགས་པ་ཐོབ་པ་ཁོ་ནས་ཕྱེ་བས་རྣམ་གྲོལ་ལམ་སྔོན་སོང་གི་འབྲས་བུ་ཅན་ཡིན་ཏེ། སྤངས་པ་སྤངས་ཟིན། རྟོགས་པ་རྟོགས་པ་ཉིད་ལ་ཡིད་ཡུལ་དུ་རྣམ་པར་གཞག་འཇོག་གི་བྱེད་པའི་ཆ་ནས་རྟོགས་པ་ ཕན་ཚུན་བརྟེན་པ་ཡིན་པའི་ཕྱིར་དང་། ཡང་དག་པར་ན་དེ་གཉིས་ལ་སྔ་ཕྱི་ཡོད་པ་མ་ཡིན་ཏེ། འདི་སྐབས་ཀྱི་སྤངས་པ་ཐམས་ཅད་སྤངས་ཟིན་པ་ན་རྟོགས་པ་ཐམས་ཅད་རྟོགས་ཟིན་པ་ཉིད་དང་། རྟོགས་པ་ཐམས་ཅད་རྟོགས་ཟིན་པ་ན། སྤངས་པ་ཐམས་ཅད་སྤངས་ཟིན་པ་ ཉིད་ཀྱི་ཕྱིར། ཕ་རོལ་པོ་བཅོམ་ཟིན་པ་དང་གཡུལ་རྒྱལ་བ་གཉིས་དུས་གཅིག་པ་ཉིད་བཞིན་ནོ། ། དོན་འདི་ཁོང་དུ་མ་ཆུད་པའི་བོད་སྔ་རབས་པ་ལ་ལས་ནི་སྒྲུབ་པ་སྒོམ་ལམ་བར་ཆད་མེད་ལམ་དང་། རྣམ་དག་སྒོམ་ལམ་རྣམ་གྲོལ་མ་ཡིན་ཟེར་བ་དང་། ལ་ལས་དེ་ལས་གོ་ བཟློག་སྟེ་སྨྲ་ཞིང་རྩོད་པར་བྱེད་དོ། །གཉིས་པ་ལ། དགེ་བའི་སྒོ་ནས་མཚམས་སྦྱར། ཕྱེ་བ་སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི། ཟག་པ་དང་བཅས་པའི་འོག་ཏུ་ཟག་པ་མེད་པའི་སྒོམ་ལམ་གསུངས་ཏེ། དམན་མཆོག་གི་གོ་རིམ་གྱི་དབང་དུ་བྱས་པའི་ཕྱིར་དང་། 4-1-280a ཟག་མེད་སྒོམ་ལམ་དེ་ཡང་རྣམ་པ་གཉིས་ཡིན་ཏེ། སྒྲུབ་པའི་རྩོལ་བ་དང་བཅས་པ་དང་། དེས་དག་པའི་གནས་སྐབས་གཉིས་ཡོད་པའི་ཕྱིར་རོ། །འདི་གཉིས་གནས་སྐབས་བལྟོས་ས་དུས་གཅིག་ལ་བལྟོས་པའི་གཞི་མཐུན་མི་སྲིད་ཀྱང་། བལྟོས་པ་ ཐ་དད་པར་ངོ་བོ་མི་འགལ་བའི་ཚུལ་གྱི་གཞི་མཐུན་སྲིད་དེ། དཔེར་ན་ཡོན་ཏན་སྒྲུབ་པའི་སྒོམ་ལམ་དེ་ཉིད་ཀྱི་རྒྱུན་དུས་གཞན་དུ་རྣམ་དག་སྒོམ་ལམ་གྱི་ངོ་བོར་གྱུར་པ་ལྟ་བུ་དང་། རྣམ་དག་སྒོམ་ལམ་ཉིད་ཀྱང་བདེ་བར་གཤེགས་པའི་ཡོན་ཏན་སྤངས་པ་སྒྲུབ་པའི་སྒྲུབ་པ་ཡིན་ པས་དེ་གཉིས་གཞི་མཐུན་ཡོད་པ་ལ་འགལ་བ་མེད་དོ། །གཉིས་པ་ལ་གསུམ། སྒྲུབ་པ་སྒོམ་ལམ་དངོས་དང་། དག་པ་སྒོམ་ལམ་དུ་མོས་མི་མོས་ཀྱི་ལྷན་ཅིག་བྱེད་རྐྱེན་ཚང་མ་ཚང་། ཤིན་ཏུ་རྣམ་པར་དག་པའི་སྒོམ་ལམ་དངོས་བཤད་པའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ ལས། དང་པོ་ནི། གཉིས་ཡོད་པ་དེའི་ཕྱིར་དང་པོ་ཡོན་ཏན་མངོན་པར་སྒྲུབ་པའི་མཚན་ཉིད་ཅན་གྱི་སྒོམ་པའི་ལམ་འཆད་དོ། །གཉིས་པ་ནི། མདོར། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་ཡུམ་འདི་ནི་སྣང་བར་བགྱིད་པའོ། །ཡུམ་འདི་ནི་ཕྱག་བགྱི་བར་འོས་པ་སྟེ། ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་སོ། །ཆོས་སྐུ་སྒྲུབ་བྱེད་དེའི་ངོ་བོ་ཉིད་ཀྱི་སྒོམ་ལམ་ནི་སྐྱོན་དང་མུན་པ་སེལ་ཞིང་ཡོན་ཏན་དང་སྣང་བ་སྐྱེད་པར་བྱེད་པ་ཡིན་ནོ། །ལམ་འདི་བྱང་ཆུབ་ཀྱི་ལམ་རྣམས་ཀྱི་ནང་ནས་མཆོག་ཉིད་ཡིན་ཏེ། འདིས་དེ་སྒྲུབ་ནུས་པ་ལ་ནུས་པ་གཞན་ ལས་ཁྱད་པར་དུ་འཕགས་པ་ཅན་ཡིན་པའི་ཕྱིར་རོ། །སྒོམ་པའི་ཚུལ་ནི། གཟུགས་སོགས་ཆོས་ཀུན་ལ་སྣང་དུ་རུང་བར་མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས་དང་། དེ་ལྟར་བསྒོམས་པས་གནས་སྐབས་སུ་རྒྱུ་མཐུན་གྱི་འབྲས་བུ་ཆོས་རྣམས་དམིགས་སུ་མེད་པར་རྟོགས་པའི་ 4-1-280b རྟོགས་པ་རྒྱུད་ལ་གཏོད་ཅིང་ཐོབ་པར་བྱེད་པ་ཉིད་ཡིན་ནོ། །དོན་ཆེན་པོ་ཉིད་ནི་བསྒྲུབ་བྱའི་ཆོས་ཀྱི་སྐུའོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། དོན་དམ་པའི་གཟུགས་ལ་སོགས་པ་གཞན་དེ་བཞིན་ཉིད་ཀྱི་སྣང་བ་ཕྱིན་ཅི་མ་ལོག་པར་ཆོས་ཀྱི་སྤྱན་གྱིས་མཐོང་བ་ནི་ ངོ་བོ་ཉིད་དོ་སྟེ། ཆོས་ཀྱི་སྤྱན་གྱིས་མཐོང་བྱ་དེ་དེ་ཡིན་པ་ངོ་བོ་ཉིད་ཀྱི་གནས་ཚུལ་ཡིན་པས་སོ། །སྒྲུབ་པ་སྒོམ་ལམ་འདི་མིན་པ་གཞན་གྱི་ལམ་གྱིས་སངས་རྒྱས་ཉིད་མི་ཐོབ་ཅིང་། ལམ་འདིས་ཐོབ་པར་བྱེད་པ་ནི་མཆོག་ཉིད་དོ་སྟེ། འབྲས་བུ་འགྲུབ་པའི་རྒྱུའི་མཆོག་ ཡིན་པའི་ཕྱིར། ཀུན་རྫོབ་པའི་ཆོས་ཐམས་ཅད་ཀྱི་ཁྱད་པར་རམ་བྱེ་བྲག་རྣམས་སྐྱེ་བ་མེད་པར་སྦྱོར་བ་དེས་ནི་དངོས་གཞིའི་སྐབས་སུ་འདུ་བྱེད་ཐམས་ཅད་དང་བྲལ་བས་ཆོས་ཀུན་ལ་མངོན་པར་འདུ་མི་བྱེད་པ་ཡིན་ནོ། །ཀུན་རྫོབ་པའི་ཆོས་སྐྱེ་མེད་དུ་རྟོགས་པ་དེ་ལྟ་བུའི་ངོ་ བོ་ཉིད་མེད་པ་ལ་སོགས་པའི་རྟོགས་པ་དང་ལྡན་པའི་སྒོམ་ལམ་གྱིས་བདེན་པ་གཉིས་ཀྱི་ཆོས་རྣམས་སྤྲོས་པར་མི་དམིགས་པ་ཉིད་དུ་རྣལ་འབྱོར་པའི་རྒྱུད་ལ་རིམ་བཞིན་བསྐྱེད་པར་བྱས་ནས་ཡོངས་སུ་རྫོགས་པར་གཏོད་པར་བྱེད་པའོ། །རང་གཞན་ཀྱི་དོན་ཆེན་པོའི་ བདག་ཉིད་སངས་རྒྱས་ཉིད་དུ་འགྱུར་བར་བྱེད་པའི་ཕྱིར་ན་དོན་ཆེན་པོ་ཉིད་དོ། །གཉིས་པ་མོས་མི་མོས་ལྷན་ཅིག་བྱེད་རྐྱེན་ཚང་མ་ཚང་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྒྲུབ་པ་སྒོམ་ལམ་བསྟན་པ་དེའི་འོག་ཏུ་རྣམ་དག་སྒོམ་ལམ་སྐྱེ་བའི་མཐུན་རྐྱེན་གང་ ཞིག་ཡོངས་སུ་བཟུང་བ་དང་། འགལ་རྐྱེན་གང་ཞིག་ཡོངས་སུ་བོར་བ་སྟེ་སྤངས་པས་དག་པ་སྒོམ་ལམ་ཐོབ་པར་འགྱུར་བ་འདིའི་ཕྱིར། དག་པ་སྒོམ་ལམ་སྐྱེ་བའི་མཐུན་ཕྱོགས་དང་། སྐྱེ་བའི་མི་མཐུན་ཕྱོགས་མི་སྐྱེ་བའི་རྒྱུ་གང་ཞིག་ཡིན་སྙམ་པའི་ཐེ་ཚོམ་བསལ་ 4-1-281a བའི་སྒོ་ནས་ཟག་མེད་སྒོམ་ལམ་གཉིས་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཅན་བཤད་པ་ལ་དགོས་པ་ཡོད་དེ། དེའི་རྒྱུ་ངོས་འཛིན་པར་བྱ་བའི་ཆེད་ཀྱི་ཕྱིར་རོ། ། འོ་ན་ཡང་རྒྱུ་རྒྱུ་མིན་གྱི་རབ་དབྱེ་འདི་སྒྲུབ་པ་སྒོམ་ལམ་ལ་ཡང་དགོས་པ་མིན་ནམ་ཞེ་ན། དགོས་མོད། འདིར་རྣམ་དག་ཁོ་ན་ལ་སྦྱར་བ་ནི་ཟག་མེད་སྒོམ་ལམ་གྱི་གཙོ་བོ་དག་པ་སྒོམ་ལམ་ཡིན་ཅིང་། དེའི་ཉེ་རྒྱུ་ནི་སྒྲུབ་པ་སྒོམ་ལམ་གྱི་བར་ཆད་མེད་ལམ་དེ་ཉིད་ཡིན་ལ། ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་གང་ཡིན་སྙམ་པའི་དོགས་པ་དེ་སེལ་བའི་ཕྱིར་མོས་མི་མོས་ཀྱི་ རྒྱུ་སྐབས་འདིར་བསྟན་པ་ཡིན་ནོ། །ཡང་འདི་ལྟར་བཤད་ནའང་རུང་སྟེ། སྒྲུབ་པ་སྒོམ་ལམ་གྱི་ལྷན་ཅིག་བྱེད་རྒྱུ་མཐུན་རྐྱེན་ཚང་བ་དང་། རྣམ་དག་སྒོམ་ལམ་གྱི་ལྷན་ཅིག་བྱེད་རྒྱུ་འགལ་རྐྱེན་བོར་བ་ཡིན་ནོ། །ཞེས་སྟོན་པའི་ཕྱིར་གསུངས་པ་ཡིན་ཅེས་འཆད་ནའང་བདེ་བ་ཡིན་ ནོ། །གཉིས་པ་ནི། མདོར། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཡུམ་འདི་ལ་མོས་པར་འགྱུར་བ་འདི་གང་ནས་ཤི་འཕོས་ནས་འདིར་མཆིས་པ་ལགས། ཞེས་སོགས་སོ། །དེ་དག་གི་དོན་ནི་དགེ་བའི་བཤེས་གཉེན་སངས་རྒྱས་ གྲངས་མེད་པ་བསྟེན་པར་བྱས་པ་དང་། སྦྱིན་སོགས་མི་དམིགས་པའི་ཚུལ་གྱིས་གྲངས་མེད་དུ་མར་ཚོགས་བསགས་པ་སྟེ་ཐབས་ལ་མཁས་པ་གང་ཡིན་པ་དེ་ནི་རྣམ་དག་སྒོམ་ལམ་འདི་ལ་མོས་ཤིང་རྒྱུད་ལ་བསྐྱེད་པའི་རྒྱུ་དག་ཡིན་ནོ། །རྣམ་དག་སྒོམ་ལམ་གྱི་མི་མཐུན་པའི་ ཕྱོགས་ཆོས་ཀྱིས་ཕོངས་པའི་ལས་ཀྱི་ངོ་བོ་ནི་ཡུམ་སྤངས་པ་དེ་ཡིན་ཏེ། མདོ་ལས། དེ་དག་ཤེས་རབ་འཆལ་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ་སྤང་བར་འགྱུར་ཏེ། ཞེས་སོགས་གསུངས་པ་དེའོ། ། དེ་ལྟར་ཆོས་ 4-1-281b སྤངས་པའི་འབྲས་བུ་ལས་ཅིར་འགྱུར་ཞེ་ན། དཀར་ཕྱོགས་ཐམས་ཅད་སྤོང་བ་དང་། སྡུག་བསྔལ་ཆེན་པོ་འཐོབ་པའོ། །དང་པོ་ནི། མདོར། དེས་འདི་སྤངས་པས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་སྤངས་པར་འགྱུར་རོ། །ཞེས་སོ། །གཉིས་པ་ནི། མདོར། སེམས་ཅན་དམྱལ་བ་ཆེན་པོ་ནས་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནས། མཚམས་མ་མཆིས་པ་ལྔས་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བགྱིས་པ་དང་བསགས་པའི་གཟུགས་བརྙན་ཙམ་ དུའང་མི་སྤྱོད་དོ། །ཞེས་པ་དང་། རྒྱུད་བླ་མར། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམ་པས་མྱུར་དུ་དེ་ལས་ཐར་ འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་འབྲས་བུ་ཤིན་ཏུ་ཡིད་མི་འོང་མཐར་ཐུག་སྐྱེད་པར་བྱེད་པར་གསུངས་སོ། །དེ་ལྟར་ཆོས་ཀྱིས་ཕོངས་པའི་ལས་ལམ་དེ་སྐྱེ་བའི་རྒྱུ་དག་ནི། བདུད་སྡིག་ཏོ་ཅན་གཞན་འཕྲུལ་དབང་བྱེད་དུ་གནས་པ་ཆུང་ མ་པདྨའི་ཕྲེང་བ་ཅན་དང་བཅས་པ་དག་གིས་འདོད་པ་ལས་ས་ཡར་འཕགས་སུ་མི་སྟེར་བར་དྲེགས་པ་དང་། རྨོངས་པ་དང་། ཀུན་ཏུ་རྨོངས་པ་དང་། བརྒྱལ་བ་དང་། སེམས་མེད་པར་བྱེད་པའི་མདའ་ལྔ་འཕངས་ནས་ཐིབས་ཀྱིས་ནོན་པར་བྱེད་པ་དང་། ཟབ་མོའི་ཆོས་གཞན་ སྟོང་ལ་མི་མོས་པ་དང་། ཕུང་པོ་ལ་སོགས་པའི་ཀུན་རྫོབ་ཡོད་དོ་ཞེས་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་བཞིའོ། །དེ་ལྟར་བཞི་ཀའི་སྐབས་སུ་རང་ཉིད་ཀྱི་ཆོས་མིན་ལ་མངོན་ཞེན་གྱིས་བདག་བསྟོད་གཞན་སྨོད་ནི་ཞར་ལ་འབྱུང་བས་ངག་ 4-1-282a གི་ཐུན་མོང་མིན་པའི་ཆོས་སྤོང་གི་ལས་སོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། ལྟ་སྤྱོད་རྣམ་པར་དག་པས་སངས་རྒྱས་མཉེས་པར་བྱེད་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པ་དང་། དེ་ལྟར་རྫོགས་ པར་བྱེད་ཀྱང་རྩོལ་བ་ལ་མི་བལྟོས་པར་ཐབས་ཞི་གནས་ལ་མཉམ་པར་བཞག་པས་དེ་དག་གི་བྱ་བ་འགྲུབ་པའི་མཁས་པ་ཞེས་བྱ་བའི་ཚུལ་གྱིས་རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་དག་བསྟན་པ་ཡིན་ནོ། །བདུད་ཀྱིས་གནོད་པ་བྱས་པ་དང་། ཆོས་ཟབ་མོ་ལ་མི་མོས་པ་དང་། དངོས་པོར་འཛིན་པ་དང་། མི་དགེ་བའི་གྲོགས་པོ་དང་འགྲོགས་པ་ཞེས་བྱ་བས་ནི་རྣམ་དག་སྒོམ་ལམ་མི་སྐྱེ་བའི་རྒྱུ་དག་བསྟན་པ་ཡིན་ནོ། །གསུམ་པ་ཤིན་ཏུ་རྣམ་པར་དག་པའི་སྒོམ་ལམ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། མདོར། རབ་འབྱོར་གཟུགས་ རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཡུམ་རྣམ་པར་དག་པ། ཡུམ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་དང་། ཡུམ་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་གང་ ཡིན་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་སོགས་ཀྱི་དོན་ཏེ། རྣམ་པར་དག་པའི་ངོ་བོར་གྱུར་པ་དེ་གང་ཡིན་ཅེ་ན། ཕྱག་རྒྱ་ཆེན་པོ་མི་འགྱུར་ཡོངས་སུ་གྲུབ་པའི་དོན་དམ་གྱི་དངོས་པོ་དེ་ཡིན་ཏེ། བརྟག་གཉིས་ལས། ངེས་པར་ དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་བསྟན་པའི་ཕྱིར་རོ། །དོན་འདི་དག་གསལ་བར་ཀུན་མཁྱེན་དབྱིག་གཉེན་གྱིས། ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་བྱང་གི་ཆོས་རྣམས་ཀྱི་འབྲས་བུར་གྱུར་པའི་རྣམ་པར་དག་པ་ཞེས་བྱ་ 4-1-282b བ་གུད་ན་གང་ཡང་མེད་ཀྱི། ཆོས་ཉིད་ཀྱི་གཟུགས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་གྱུར་པ་རྟག་ཏུ་གནས་པ་རྣམ་པར་དག་པ་ཉིད་འབྲས་བུར་གྱུར་པའི་རྣམ་པར་དག་པའོ། །ཞེས་བྱ་བའི་ཐ་ཚིག་གོ། ཞེས་དང་། དེ་ལ་གཟུགས་ཀྱི་ཆོས་ཉིད་ཀྱི་གནས་སྐབས་ན་ནི་གཟུགས་ རྣམ་པར་དག་པ། ཞེས་བྱའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་མཐའི་གནས་སྐབས་ལ་ནི་འབྲས་བུ་རྣམ་པར་དག་པ། ཞེས་བྱའོ། །ཆོས་ཀྱི་སྐུའི་གནས་སྐབས་ལ་ཤེར་ཕྱིན་རྣམ་པར་དག་པ། ཞེས་བྱའོ། །དེ་ལ་གཟུགས་རྣམ་པར་དག་པའི་དེ་བཞིན་ཉིད་གང་ཡིན་ པ་དེ་འབྲས་བུ་རྣམ་པར་དག་པ་སྟེ་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི་ཤེར་ཕྱིན་རྣམ་པར་དག་པ་སྟེ་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉིད་གཟུགས་རྣམ་པར་དག་པ་སྟེ་དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། དེ་བས་ན་དེ་བཞིན་ཉིད་རྣམ་པར་ གྲོལ་བ་དང་། ཆོས་ཀྱི་སྐུ་དོན་དམ་པར་ཐ་དད་མེད་དེ་གཅིག་གོ། ཞེས་གསུངས་སོ། ། དེ་དག་གི་དོན་ནི། ལམ་བགྲོད་པའི་སྟོབས་ལས་སྐྱེས་པའི་འབྲས་བུ་སྟེ། ཉན་ཐོས་ཀྱི་རྒྱུན་ཞུགས་སོགས་འབྲས་བུ་བཞི་དང་། རང་རྒྱལ་གྱི་སློབ་མི་སློབ་གཉིས་ཀྱི་འབྲས་བུ་དང་ བྱང་སེམས་ཀྱི་ས་བཅུ་དང་། སངས་རྒྱས་ཀྱི་ས་སྟེ་འབྲས་བུ་བཅུ་བདུན་པོ་ཐམས་ཅད་ལ་རང་རང་གི་བསྒྲིབ་བྱ་སྦྱངས་པའི་དག་ས་རེ་ཡོད་མོད་ཀྱི། འདིར་བསྟན་གྱི་དག་ས་ནི་སངས་རྒྱས་ཀྱི་ས་ཁོ་ནའི་འབྲས་བུ་དང་། རྗེས་སུ་མཐུན་པ་བྱང་སེམས་ཀྱི་ས་བཅུའི་འབྲས་བུ་ རྣམ་པར་གྲོལ་བ་དེ་ཉིད་ལས་གཞན་པའི་ཡོངས་གྲུབ་དང་། སྙིང་པོ་དང་། རྟག་ཏུ་གནས་པའི་དོན་ཡོད་པ་མ་ཡིན་ལ། དེའང་དོན་དམ་གྱི་གཟུགས་སོགས་ཀྱི་ཆོས་ཉིད་དག་པ་དང་། དོན་དམ་པའི་མགོན་པོ་ཡང་དག་པར་ན་མྱ་ངན་ལས་འདས་པའི་ངོ་བོ་སྟེ་དེ་ཡང་དག་ 4-1-283a པ་དང་། དེ་ཡང་དག་པའི་མཐའ་ཡིན་པའི་ཕྱིར་དག་པ་དང་། དེའང་ཆོས་ཀྱི་སྐུ་དང་། ཤེར་ཕྱིན་དང་། རྣམ་པར་གྲོལ་བ་དང་། དེ་བཞིན་ཉིད་སོགས་ཐམས་ཅད་དག་པ་ཉིད་དེ་རྣམ་པར་དག་པའི་རང་བཞིན་ལ་དབྱེ་བ་མེད་དོ། །དེས་ན་སྙིང་པོ་ནི་གཞི་ལམ་འབྲས་བུའི་གནས་སྐབས་ཀྱི་དབྱེ་བ་བྱས་པ་དག་དྲང་བའི་དོན་ཡིན་ལ། ངེས་པའི་དོན་དུ་སྙིང་པོ་དེ་གཞི་དུས་ཀྱི་གནས་སྐབས་དང་བྲལ་བའི་དོན་གྱིས་ཡེ་གདོད་མ་ནས་རྣམ་པར་དག་པ་དང་། ལམ་དུས་ཀྱི་གནས་སྐབས་དང་བྲལ་བའི་ དོན་གྱིས་ཡོངས་སུ་དག་པ་དང་། འབྲས་དུས་ཀྱི་གནས་སྐབས་དང་བྲལ་བས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་སྟེ། གཞི་ལམ་འབྲས་བུའི་ཆོས་ནི་བློ་ངོ་ནས་བཞག་པ་ཡིན་གྱི། སྙིང་པོ་འགྱུར་མེད་ཀྱི་དག་པ་ནི་རང་ངོར་རེས་གཞི་བྱེད་པ་དང་། རེས་ལམ་ བྱེད་པ་དང་། རེས་འབྲས་བུ་བྱེད་པ་མི་སྲིད་པའི་ཕྱིར་ཏེ། མི་འགྱུར་བའི་མཚན་ཉིད་ཅན་གཅིག་པ་དང་ཐ་དད་པ་བཀག་པའི་རང་བཞིན་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། ། ཅེས་སོ། ། དེ་ལྟར་བཤད་པ་ན་སྤང་བྱ་དྲི་མ་གློ་བུར་གྱི་སྒྲིབ་པ་དང་། ཀུན་རྫོབ་པའི་ཆོས་ཐམས་ཅད་ཡེ་མེད་མོ་གཤམ་གྱི་བུ་ལྟར་མེད་པར་དགག་པའི་དག་པ་དང་། གནས་ཚུལ་དུ་ཞུགས་པ་སྙིང་པོ་དོན་དམ་པའི་བདེན་པ་ཡེ་ཡོད་རྟག་དངོས་ལྟར་མ་ཡིན་པར་དགག་ པའི་དག་པ་སྟེ་དག་པ་ལ་ཁྱད་པར་མེད་ཀྱང་། དག་བྱ་དང་དག་ཚུལ་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ནོ་ཞེས་བྱ་བ་ནི་ངེས་དོན་མཐར་ཐུག་ལྟར་བཤད་ལ། དྲང་དོན་དང་མཐུན་པར་བཤད་ན། དྷརྨ་ཤྲཱིའི་འབུམ་ཊཱི་ཀ་ཏུ། གཟུགས་ལ་སོགས་པ་ནི་དག་པར་ 4-1-283b བྱ་བའོ། །ཡུམ་ནི་དག་པར་བྱེད་པའོ། །འབྲས་བུ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུའོ། །གཉིས་སུ་མེད་པ་ནི་ངོ་བོའོ། །གཉིས་སུ་བྱར་མེད་པ་ནི་བློ་ཡིས་སོ། །སོ་སོ་མིན་པ་ནི་སྤྱིའི་མཚན་ཉིད་དོ། །མདོར་ན་ཆོས་ཐམས་ཅད་ཀྱི་དང་། རང་རང་གི་མཚན་ཉིད་ལས་ གྲོལ་བ་ནི་རྣམ་པར་དག་པའོ། །རྣམ་བཅད་ནི་དགག་ཏུ་མེད། ཡོངས་གཅོད་དུ་བསྒྲུབ་ཏུ་མེད་པ་ནི་ཆོས་ཉིད་ཀྱི་དོན་ལ་དགག་ཏུ་མེད་པའོ། །ཞེས་གསུངས་སོ། །མདོར་ན་སྐབས་འདིར་བསྟན་གྱི་དགག་པའི་དོན་ནི། དཔེར་ན་ས་གཉིས་པའི་མཉམ་གཞག་རྣམ་གྲོལ་ལམ་ལྟ་བུ་ ལ་མཚོན་ན། འབྲས་བུ་རྣམ་གྲོལ་ལམ་གྱི་རང་རྒྱུ་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་དྲི་མ་དག་པ་ན། དྲི་མར་གྱུར་པ་ཀུན་བཏགས་དང་རྣམ་བཏགས་ཀྱི་རྣམ་ཤེས་གཟུགས་སོགས་ཡུལ་དང་བཅས་པ་ཐམས་ཅད་དག་པ་ཡིན་ཏེ། འབྲས་བུ་དག་པར་བཞག་པ་ཡང་སྤང་བྱ་ གཟུགས་སོགས་དག་པ་ལ་བལྟོས་པ་དང་། སྤང་བྱ་གཟུགས་སོགས་དག་པས་ཀྱང་འབྲས་བུ་རྣམ་གྲོལ་ལམ་དག་པར་འཇོག་པའི་ཕྱིར་ཏེ། འབྲས་བུ་དང་གཟུགས་གཉིས་ཀ་ལ་བལྟོས་པའི་དག་པ་ཡང་གཅིག་པའི་ཕྱིར། ཕ་མ་གཉིས་ལ་བལྟོས་པའི་བུ་གཅིག་ཤི་བ་བཞིན་ནོ། ། ཡང་ན་འདི་ལྟར་བཤད་ཀྱང་རུང་སྟེ། དོན་དམ་རང་མཚན་བདེན་པ་ཡིན་པ་དང་། ཀུན་རྫོབ་སྤྱི་མཚན་མི་བདེན་པ་གྲུབ་མཐའ་སྨྲ་བ་བཞི་ཀའི་རང་རང་གི་བདེན་གཉིས་ཀྱི་འཇོག་མཚམས་ལ་འདི་ཙམ་ཞིག་མཐུན་པར་ཁས་ལེན་པའི་ཕྱིར་ན། དོན་དམ་སྙིང་པོ་ཆོས་ཀྱི་སྐུའི་ འབྲས་བུ་ཡེ་གདོད་མ་ནས་དག་པ་གཉིས་ལྡན་གྱི་རང་བཞིན་ལས་མི་གཡོ་བ་དེ་ཉིད་དོན་དམ་བདེན་པའི་དག་པ་ཡིན་ལ། ཀུན་རྫོབ་དང་ཤུན་པ་རྣམ་རྟོག་གི་རང་གཟུགས་བག་ཆགས་དང་བཅས་པ་ཡེ་གདོད་མ་ནས་ཡོད་པ་མིན་པའི་རང་ངོ་དག་པ་གཉིས་དང་ལྡན་པར་མིན་པ་རང་ 4-1-284a བཞིན་མེད་པའི་ཕྱིར། གཡོ་བ་དེ་ཀུན་རྫོབ་བདེན་པའི་དག་པ་ཡིན་ལ། དག་པའི་དོན་ནི་སྟོང་པ་དང་བྲལ་བ་དང་དབེན་པ་ལ་འཇུག་པས་ན་བདེན་པ་གཉིས་ཀྱི་དག་པ་ཐ་དད་པའི་སྟོང་ཉིད་ལ་ནི་ཐ་དད་དུ་དབྱེ་མི་ནུས་པར་གསུངས་པ་ཡིན་ནོ། །དེ་ལྟར་བཤད་ པ་ཐམས་ཅད་ཀྱི་གྲུབ་དོན་ནི་ཀུན་རྫོབ་པའི་གཟུགས་སོགས་དྲི་མ་རྣམས་གནས་ཚུལ་དུ་མ་ཞུགས་པ་ཉིད་ཀྱིས་དག་པར་འཇོག་ནུས་ཀྱི། ཀུན་རྫོབ་པའི་གཟུགས་སོགས་གནས་ཚུལ་དུ་ཞུགས་ན་དག་པར་གང་གིས་ཀྱང་འཇོག་ཏུ་མི་ནུས་པ་ཡིན་ནོ། །གཉིས་པ་ལ་བཞི། རྣམ་ དག་སྤྱིར་བསྟན་པ་དང་། ཁྱད་པར་དུ་བསྟན་པ། དག་པ་གཉིས་ཀྱི་ཁྱད་པར། དེ་ལ་ཀླན་ཀ་སྤང་བའོ། །དང་པོ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། དེ་ལྟར་ཟག་མེད་སྒོམ་ལམ་ཐོབ་པ་དང་མི་ཐོབ་པའི་རྒྱུ་དག་བཤད་ནས་སྐབས་སུ་བབ་པའི་རྣམ་དག་སྤྱིར་ བསྟན་པ་འཆད་དོ། །གཉིས་པ་ནི། བྲལ་བྱ་གློ་བུར་གྱི་དྲི་མས་དག་པའི་ཆོས་ཉིད་འབྲས་བུའི་མིང་གིས་བཏགས་པའི་རང་ངོ་དག་པར་སོང་བའི་ཆ་དེ་དང་། བྲལ་བྱ་གློ་བུར་གྱི་དྲི་མའི་རང་ལྡོག་གཟུགས་ལ་སོགས་པ་ངོ་བོས་དག་པའི་ཆ་ཉིད་རྒྱུ་མཚན་གང་གི་ཕྱིར་ན་དག་ཆ་ དེ་གཉིས་ཐ་དད་པ་མ་ཡིན་ཅིང་། མ་ཡིན་པའི་ཚུལ་ཡང་དག་པའི་དག་ཆ་དེ་ཉིད་རྫས་ཐ་དད་པ་ཡིན་ནམ། ལྡོག་པ་ཐ་དད་པ་ཡིན་ཏེ། གཉིས་ཀར་མི་རུང་སྟེ། དང་པོ་ལྟར་ན་དག་པ་དངོས་པོ་སྟོང་པ་དང་། བདེན་གྲུབ་མིན་པའི་ཕྱིར་རྫས་སུ་མི་རུང་། དེས་ན་རྫས་ཐ་དད་པར་ ཡང་འཇོག་མི་ནུས་ལ། གཉིས་པ་ལྟར་ན་དག་པ་བློའི་ཆོས་མིན་པས་ལྡོག་པར་ཡང་མི་རུང་། དེས་ན་ལྡོག་པ་ཐ་དད་པར་ཡང་འཇོག་མི་ནུས་པ་ཡིན་ནོ། །མདོར་ན་དག་ཆ་དེ་གཉིས་གཅིག་མ་ཡིན་ཏེ། ཆ་ཤས་གཉིས་ཀྱི་སྟོང་ཆའམ་དག་ཆ་གཅིག་ཏུ་མི་རུང་ལ། དེ་གཉིས་ 4-1-284b གཞན་ཡང་མ་ཡིན་ཏེ། དག་ཆ་གཅིག་ཉིད་ལ་ཡུལ་ཡུལ་ཅན་གྱི་ཆ་གཉིས་ལ་བལྟོས་ནས་དག་ཆ་སོ་སོར་བློས་བཞག་པ་མ་གཏོགས་དག་བྱ་དྲི་མ་གཅིག་ཡིན་པར་མཚུངས་པའི་ཕྱིར། དེ་ཉིད་དང་གཞན་དུ་བཅད་དུ་མེད་པས་རང་བཞིན་གྱིས་དག་པར་བརྗོད་པ་ཡིན་ནོ་ཞེས་ བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། འཕགས་པའི་གང་ཟག་བཞིའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གང་ཡིན་པ་དེ་རྣམ་པར་དག་པ་ཡིན་ཏེ། དེའི་བསྒྲིབ་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བ་དེ་ལྟར་བཤད་པ་ཉིད་ཀྱི་རྣམ་པར་དག་པ་གང་ཡིན་པ་དེ་ ཉིད་ནི་བསྒྲིབ་བྱ་མི་མཐུན་ཕྱོགས་གཟུགས་ལ་སོགས་པ་ཡང་རྣམ་པར་དག་པར་བྱས་པ་ཡིན་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་དག་པ་དེ་དང་། ཡུལ་གཟུགས་ལ་སོགས་པ་རྣམ་པར་དག་པ་གཉིས་ཀར་ཡང་ནི་ཡུལ་གཟུགས་ལ་སོགས་པ་ལ་བདག་ཏུ་མངོན་པར་ཞེན་པ་དང་། ལ་སོགས་པས་དམིགས་པ་དང་བྲལ་བས་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་གཟུགས་སོགས་ཀྱང་རྣམ་པར་དག་པ་ཡིན་ནོ། །དེས་ན་གང་གི་ཕྱིར་དག་ཆ་གཉིས་པོ་དེ་དག་གི་རྣམ་པར་དག་པ་ཐ་མི་དད་པས་རིས་དབྱེར་བཅད་དུ་མེད་པ་ཉིད་དེ། དག་ཆ་དེ་དག་ལ་རང་མཚན་གྱིས་གྲུབ་ པའི་མཚན་ཉིད་ཐ་དད་པའང་མ་ཡིན་ལ། སྤྱིའི་མཚན་ཉིད་དུ་གྱུར་པའི་ལྡོག་པ་ཐ་དད་པ་ཉིད་ཀྱང་མ་ཡིན་པ་དེའི་ཕྱིར་ན་རྒྱུ་མཚན་དེ་ལྟར་རྣམ་པར་དག་པར་བརྗོད་དོ། ། སྨྲས་པ། དག་བྱའི་དྲི་མ་གཅིག་ཉིད་ལ། །ཡུལ་དང་ཡུལ་ཅན་ཆ་གཉིས་ནས། ། དག་ཚུལ་ གྱི་ནི་དབྱེ་བ་ལ། །རང་བཞིན་དང་ནི་གློ་བུར་གྱིས། ། དག་པ་གཉིས་ཞེས་བཏགས་མོད་ཀྱི། །དོན་ལ་ཐ་དད་བཅད་དུ་མེད། ། གཟུགས་སོགས་རྣམ་མཁྱེན་བར་གྱི་ཆོས། །དག་བྱ་ཤེར་ཕྱིན་སྒོམ་པའི་ལམ། ། དག་བྱེད་དགེ་སྦྱོང་ཚུལ་འབྲས་རྣམས། ། དག་འབྲས་ 4-1-285a ཡིན་པར་ཤེས་པར་བྱ། །གཉིས་པ་རྣམ་དག་ཁྱད་པར་དུ་བསྟན་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྒོམ་པའི་ལམ་རྣམ་པར་དག་པ་སྤྱིར་བསྟན་པ་བརྗོད་ནས། དེའི་འོག་ཏུ་གང་རྣམ་པར་དག་བྱའི་ཁྱད་པར་དུ་བྱས་པའི་ཆོས་ གང་གིས་དག་པའི་ཚུལ་འཆད་དོ། །གཉིས་པ་ནི། མདོར། བདག་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་བདག་རྣམ་པར་དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང་། ཞེས་སོགས་ཀྱི་དོན་ཏེ། ཉོན་མོངས་ པ་དང་ཤེས་བྱ་གཟུང་རྟོག་དང་ཤེས་བྱེད་འཛིན་རྟོག་སྟེ་དག་བྱ་གསུམ་པོ་དག་བྱེད་ཐེག་པ་གསུམ་གྱི་ལམ་གསུམ་གྱིས་ས་བོན་ཉམས་པར་བྱས་པའི་ཕྱིར་ན་རིམ་བཞིན་རང་རང་གི་ངོ་སྐལ་གྱི་དག་པའི་འབྲས་བུ་སློབ་མ་ཉན་ཐོས་ཀྱི་ལམ་གྱི་དག་འབྲས་དང་། བསེ་རུ་རང་རྒྱལ་གྱི་ལམ་གྱི་ དག་འབྲས་དང་། རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ལམ་གྱི་དག་པའི་འབྲས་བུ་སྟེ་རྣམ་པ་གསུམ་དང་། འཕགས་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དག་འབྲས་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པའི་རྣམ་པ་ཀུན་ཤིན་ཏུ་གདོད་མ་ནས་དག་པ་ཡིན་ནོ་ཞེས་བྱ་བ་ གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ་གཉིས། འཕགས་པ་འོག་མ་གསུམ་གྱི་དག་པ་བཤད་པ་དང་། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་བསྟན་པའོ། །དང་པོ་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང་། ཉོན་སྒྲིབ་དེ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་ གཅིག་པོ་གཟུང་བའི་དོན་གྱི་རྣམ་པར་རྟོག་པའི་སྒྲིབ་པ་དང་། ཤེས་སྒྲིབ་ཀྱི་ཕྱོགས་གཅིག་པོ་འཛིན་པའི་རྣམ་རྟོག་གི་སྒྲིབ་པ་དང་གསུམ་པོ་ཐེག་པ་གསུམ་གྱི་ལམ་གྱིས་སྒྲིབ་པ་དེ་གསུམ་སྤོང་བའི་ཕྱིར་ན། གོ་རིམ་བཞིན་དུ་ཉན་ཐོས་ཀྱི་དག་པ་དང་། རང་སངས་རྒྱས་ཀྱི་དག་པ་དང་། 4-1-285b བྱང་ཆུབ་སེམས་དཔའ་རྣམས་ཀྱི་དག་པ་ཡིན་ནོ། །གཉིས་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ལས་བྱུང་བའམ། ཆོས་ཀྱི་དབྱིངས་དང་ཐ་མི་དད་པ་ཉིད་ནི་བླ་ན་མེད་པ་ སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་ཡིན་པར་འདོད་དོ། །གསུམ་པ་དག་པ་གཉིས་ཀྱི་ཁྱད་པར་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་རྣམ་པར་དག་པའི་སྒོམ་ལམ་སྨོས་པའི་ཞར་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་ བ་དང་། ཉན་ཐོས་དང་ལ་སོགས་པས་རང་རྒྱལ་དང་བྱང་སེམས་ཀྱི་རྣམ་པར་དག་པ་གོ་རིམ་བཞིན་དུ་སངས་རྒྱས་འཕགས་པའི་རྣམ་དག་ཤིན་ཏུ་བ་དང་། དེ་ལས་གཞན་པ་ཅིག་ཤོས་སུ་བཤད་པ་འཕགས་པ་གསུམ་གྱི་དག་པའི་ཁྱད་པར་དེ་ཇི་ལྟ་བུ་ཡིན་ཅེ་ན་ཞེས་སོ། ། གཉིས་པ་ནི། མདོར། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཞེས་ སོགས་ཀྱིས་གཉེན་པོ་དགུ་དང་། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །ཞེས་སོགས་ཀྱིས་སྤང་བྱ་མི་མཐུན་ཕྱོགས་ཀྱི་དྲི་མ་རྣམས་བསྟན་ཏེ། དེ་དག་གི་དོན་ནི་འདོད་པ་ སོགས་འཁོར་བའི་ས་དགུ་ལ་ཉན་ཐོས་ཀྱི་ཉོན་སྒྲིབ་ཆེན་པོའི་ཆེན་པོ་ལ་སོགས་པ་དྲི་མ་དགུའི་གཉེན་པོར་ཐེག་དམན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་སྒོམ་པས་ལམ་ནི་དག་པ་ཡིན་ལ། རྫོགས་པའི་སངས་རྒྱས་ཀྱིས་ནི་ས་དགུ་ལ་ཤེས་སྒྲིབ་ཆེན་པོའི་ཆེན་པོ་ 4-1-286a སོགས་སྤོང་བ་གཉེན་པོའི་ལམ་སྔོན་དུ་སོང་བས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། ། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་སྒོམ་སྤང་སྤངས་པའི་ཚུལ་གྱིས་དག་པར་བཤད་པ་འདི་ལ། འཇིགས་མེད་འབྱུང་གནས་སྦས་པས། འདོད་ཁམས་ཀྱི་སྒོམ་སྤང་དགུ་ པོ་དེས་གཉིས་པ་ནས་བཅུ་པའི་བར་གྱིས་སྤོང་ཞིང་། སྒོམ་སྤང་དུ་གྱུར་པའི་གཟུགས་དང་གཟུགས་མེད་པའི་སྤང་བྱ་བདུན་ཅུ་རྩ་གཉིས་ཡོད་ལ། བདུན་ཅུ་རྩ་གཅིག་ནི་ས་བཅུ་པའི་ཁྱད་པར་གྱི་ལམ་གྱིས་སྤོང་། ལྷག་མ་གཅིག་པོ་དེ་སངས་རྒྱས་ཀྱི་སས་སྤོང་ཞེས་གསུངས། དཔལ་རང་བྱུང་གི་ཞལ་སྔ་ནས། ས་དགུ་ལ་ཞེས་པའི་ཤླཽ་ཀ་འདིས་ཉན་ཐོས་ཀྱི་དག་པ་བཤད་པ་ཡིན་ལ། ཇི་ལྟར་ཤིན་ཏུ་ཞེས་པའི་ཤླཽ་ཀས་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་བསྟན་པ་ཡིན་པས། སེང་གེ་བཟང་པོས་སྐབས་འདིའི་བཤད་པ་ལ་ནོར་བ་ཡོད་ཅེས་གསུངས་སོ་ཞེས་ བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ནི། སྤང་བྱའི་རྟེན་འཁོར་བའི་ས་འདོད་པའི་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་སྟེ་དགུ་ཡོད་དོ། །ས་དགུ་པོ་དེ་ལ་མི་མཐུན་པའི་ཕྱོགས་ཀྱི་ཤེས་བྱའི་སྒྲིབ་པ་ཆེན་པོའི་ཆེན་པོ་ལ་ སོགས་པ་རྣམ་པ་དགུའི་གཉེན་པོ་ལམ་གྱི་སེམས་རྟེན་ནི། བསམ་གཏན་བཞི་དང་གཟུགས་མེད་བཞི་དང་འགོག་པའི་སྙོམས་འཇུག་སྟེ་དགུ་ཡོད་པའི་གོ་རིམ་བཞིན་དུ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་དགུས་རྣམ་པ་ཐམས་ཅད་དུ་དག་པར་བྱེད་པ་ནི་སངས་རྒྱས་ཀྱི་རྣམ་དག་དང་། སྤང་རྟེན་ས་དགུར་གཉེན་པོ་ས་དགུས་ཉོན་སྒྲིབ་ཆེན་པོའི་ཆེན་པོ་སོགས་དགུ་སྤོང་བར་བྱེད་པ་ནི་ཅིག་ཤོས་ཉན་ཐོས་ཀྱི་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་ན་སངས་རྒྱས་ཀྱི་རྣམ་པར་དག་པ་ཤིན་ཏུ་བ་དང་། ཅིག་ཤོས་ཐེག་དམན་གྱི་དག་པའོ་ཞེས་བྱའོ། །བཞི་པ་ཐེག་ཆེན་གྱི་ 4-1-286b ཤིན་ཏུ་དག་པ་ལ། སྦྱར། རྩ། འགྲེལ་གསུམ་ལས། དང་པོ་ནི། སྒྲིབ་གཉིས་ཀྱིས་དག་པའི་སློབ་ལམ་མཐར་ཐུག་པའི་བཤད་མ་ཐག་པ་སངས་རྒྱས་ཀྱི་དག་པ་དེ་ཇི་ལྟར་རྣམ་དག་ཤིན་ཏུ་བ་ཡིན་ཅེ་ན་ཞེས་བཀོད་དོ། །གཉིས་པ་ནི། མདོར། བཅོམ་ལྡན་འདས་རྣམ་པར་དག་པ་ ནི་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ་ཞེས་བྱ་བ་ནས། གཟུགས་མེད་པའི། བར་དུ་བཤད་པའི་དོན་ནི། ཐེག་ཆེན་སྒོམ་པའི་ལམ་འདིར་གཉེན་པོ་ཆུང་ངུས་སྤང་བྱ་ཆེན་པོ་སོགས་སྤོང་བ་དང་། ཁམས་གཅིག་ན་ཡོད་པའི་གཉེན་པོས་ཁམས་གསུམ་ཆར་གྱི་སྒྲིབ་པ་སེལ་ བ་མི་འཐད་དོ་ཞེས་པའི་རྒོལ་བ་གཉིས་པོ་དེ་ལ། ཀླན་ཀ་དང་པོ་དེ་སྤང་བའི་ཕྱིར། ཐེག་ཆེན་སྒོམ་ལམ་གྱི་རིམ་པ་དཔེ་དང་བཅས་ཏེ་བཤད་པ་ནི་སྣང་བ་ཆུང་ངུས་མུན་པ་ཆེན་པོ་བསལ་བ་བཞིན་གྱིས་མི་རིགས་པ་མ་ཡིན་ནོ། །ཀླན་ཀ་གཉིས་པ་སྤོང་བ་ནི། འཇལ་བྱེད་ཡེ་ ཤེས་ཀྱི་ཡུལ་ཅན་དང་། གཞལ་བྱ་ཆོས་དབྱིངས་ཀྱི་ཡུལ་དག་ཕན་ཚུན་མཉམ་པ་ཉིད་དུ་རྟོགས་པ་ཉིད་ཀྱིས་ཁམས་གསུམ་གའི་སྒྲིབ་པ་མཐའ་དག་གི་གཉེན་པོ་བར་ཆད་མེད་ལམ་ཉིད་དུ་འདོད་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཞེས་བཀོད་དོ། །གསུམ་པ་ལ་གཉིས། སྤྱིའི་ དོན་དང་། ཚིག་གི་དོན་ནོ། །དང་པོ་ནི། སྒོམ་པའི་ལམ་འདིར་སྤང་བྱ་སྤོང་བའི་ཚུལ་དཀའ་བའི་གནས་སུ་དགོངས་ཏེ། སློབ་དཔོན་གྱིས་བཙོ་བླག་མཁན་གྱི་དཔེ་དང་བཅས་ཏེ་གསུངས་པའི་དོན་འདི་ལ། མངོན་གྱུར་དང་། ས་བོན་གང་ལ་གནོད་པ་བྱེད་པའི་ཚུལ་དང་། སྤང་གཉེན་དུ་སྦྱར་བའོ། །དང་པོ་ནི། སྤང་བྱ་མངོན་གྱུར་པ་ལ་གཉེན་པོས་དངོས་སུ་གནོད་པ་བྱེད་པ་མིན་ཏེ། དེ་གཉིས་ཤེས་རྒྱུད་གཅིག་ལ་ལྷན་ཅིག་ཏུ་གནས་མི་རུང་བའི་ཕྱིར། འོ་ན་གང་ལ་དངོས་སུ་གནོད་པར་བྱེད་ཅེ་ན། གནས་ངན་ལེན་ནམ་ས་བོན་དེ་ལ་དངོས་ 4-1-287a སུ་འཕྲད་ནས་གནོད་པར་བྱེད་པ་ཡིན་ཏེ། དེ་གཉིས་རྒྱུད་གཅིག་ལ་ཅིག་ཅར་དུ་འཇུག་ཏུ་རུང་བའི་ཕྱིར། དེ་ལྟར་གྱི་ཚེ་སྤང་བྱའི་ས་བོན་ནི་ཀུན་གཞིའི་སྟེང་ན་གནས་པ་ཡིན་པས། གང་ཟག་གཅིག་གི་རྒྱུད་ལ་ལྷན་དུ་གནས་རུང་བ་ཡིན་ལ། མངོན་ གྱུར་པ་ལ་ནི་སྤང་བྱ་གང་ཡིན་ཡིད་ཤེས་ཀྱི་ངོ་བོར་སྐྱེ་བས་ཡིད་ཤེས་དེའི་ངོ་བོར་སྐྱེ་བཞིན་པ་དང་། གཉེན་པོའི་ཡེ་ཤེས་ཅིག་ཅར་འབྱུང་མི་རུང་བ་ཡིན་ནོ། ། གཞན་ཡང་ཇི་སྐད་དུ། གཉེན་པོའི་རྣམ་པ་དེ་འབྱུང་བ་དང་། གནས་ངན་ལེན་གྱི་རྣམ་པ་གང་ཡིན་པ་དེ་འགགས་ པ་ནི་མཉམ་པས་མཉམ་སྟེ། སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། །ཞེས་བཤད་པའི་དོན་ཇི་ལྟར་འགྲེལ་ཅེ་ན། དེའི་དོན་གཉེན་པོ་ད་ལྟ་བ་སྐྱེས་པ་དང་། སྤང་བྱ་མ་འོངས་པ་འགགས་པ་དུས་མཉམ་པ་ལ་དགོངས་པ་ཡིན་ཏེ། གཉེན་པོ་ད་ལྟར་བས་སྤང་བྱ་མ་ འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ཞེས་བྱ་བའི་དོན་གྱིས་སྤང་བར་བྱས་པ་ཡིན་པའི་ཕྱིར། དོན་འདིའི་དཔེ་ཡང་འདི་ཁོ་ན་ལྟར་ཏེ། སྣང་བ་ད་ལྟ་བས་ནི་མུན་པ་མ་འོངས་པ་བསལ་དགོས་པ་ཡིན་གྱི། འདས་པའི་མུན་པ་ནི་བསལ་དགོས་པ་མིན་ཏེ། བསལ་ཟིན་སླར་ བསལ་དགོས་ན་ཐུག་མེད་དུ་ཐལ་བའི་ཕྱིར་དང་། སྤྱིར་ཡང་གནོད་བྱ་འགགས་པ་ནི་གནོད་མེད་ཀྱི་འབྲས་བུར་ཁས་ལེན་དགོས་པ་རྟོག་གེའི་ལུགས་ནས་ཀྱང་དེ་ལྟར་འབྱུང་བས་མུན་པ་འགགས་པ་དང་སྣང་བ་དུས་མཉམ་པ་མ་ཡིན་གྱི། སྣང་བ་སྐྱེས་པ་དང་མུན་པ་མ་འོངས་ པ་མ་སྐྱེས་ཏེ། འགག་པའི་ཚེ་དུས་མཉམ་པ་ལ་དགོངས་པའི་ཕྱིར་སྤོང་གཉེན་ཀྱང་དེ་ལྟར་དུ་སྦྱར་དགོས་པ་ཡིན་ལ། མདོར་ན་གནོད་བྱེད་དེས་གནོད་བྱ་མ་འོངས་པ་དེའི་རྒྱུ་དང་ལྷན་དུ་འགྲོགས་ནས་གནོད་བྱ་དེ་སྐྱེ་བ་ལ་གེགས་བྱེད་པའི་སྒོ་ནས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ 4-1-287b པ་ཡིན་ནོ། ། གཉིས་པ་ནི། ས་གཉིས་པ་ནས་བདུན་པའི་བར་སྒོམ་ལམ་ཆུང་ངུ་སྐོར་གསུམ་དང་། འབྲིང་སྐོར་གསུམ་དང་། དྲུག་གིས་ཤེས་སྒྲིབ་ཆེན་པོ་སྐོར་གསུམ་དང་། འབྲིང་སྐོར་གསུམ་རིམ་གྱིས་སྤོང་བ་ཡིན་ལ། དེ་དང་དུས་མཉམ་པར་བག་ཉལ་གྱི་ཉོན་སྒྲིབ་ ཆེན་པོ་སྐོར་གསུམ་དང་། འབྲིང་སྐོར་གསུམ་ཡང་སྤོང་བ་ཡིན་ཏེ། དེ་མ་སྤངས་ན་མ་དག་སའི་རྗེས་ཐོབ་ཏུ་དེ་མངོན་གྱུར་དུ་འབྱུང་བའི་ཕྱིར་རོ། །དག་ས་གསུམ་དུ་གཉེན་པོ་ཆེན་པོ་སྐོར་གསུམ་གྱིས་སྤང་བྱ་མ་རིག་པའི་བག་ཆགས་ཆུང་ངུ་སྐོར་གསུམ་སྤོང་བར་བྱེད་དོ། ། མ་རིག་པ་འདི་ལའང་ཉོན་མོངས་པ་ཅན་གྱི་དང་། ཉོན་མོངས་པ་ཅན་མིན་པའི་མ་རིག་པའི་བག་ཆགས་ཀྱི་དབྱེ་བ་གཉིས་ཡོད་པའི་གཉིས་ཀས་དག་སའི་བྱང་སེམས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་བྱེད་ལ། རྒྱུན་མཐར་ནི་གནས་ངན་ལེན་གྱི་རྒྱུ་ཕྲ་ཤོས་གཉིས་ཀ་སྤང་དགོས་པ་ ཡིན་ཏེ། དེ་མ་སྤངས་ན་ཆོས་སྐུ་མངོན་དུ་བྱེད་མི་ནུས་པའི་ཕྱིར་རོ། ། སྐབས་འདིར་འགའ་ཞིག་གིས་གནས་ངན་ལེན་གྱི་དྲི་མ་ཕྲ་ཤོས་དེ་སྒོམ་ལམ་ཆེན་པོའི་ཆེན་པོས་མི་སྤོང་བར་སངས་རྒྱས་ཀྱི་སས་སྤོང་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ལ་ཤེས་བྱའི་སྒྲིབ་པའི་ ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། པགས་ཤུན་ལ་ཡོད་པ་ལྟ་བུ་དང་། སྤྲི་ལ་ཡོད་པ་ལྟ་བུ་དང་། སྙིང་པོ་ལ་ཡོད་པ་ལྟ་བུའོ། །དང་པོ་ནི། རབ་ཏུ་དགའ་བའི་གནས་པ་ལ་སྤོང་ངོ་། །གཉིས་པ་ནི། མཚན་མ་མེད་པ་ལྷུན་གྱིས་ གྲུབ་པའི་གནས་པ་ལ་སྤོང་ངོ་། །གསུམ་པ་ནི། དེ་བཞིན་གཤེགས་པའི་གནས་པ་ལ་སྤོང་ངོ་ཞེས་བཤད་དོ་ཞེ་ན། མ་ཡིན་ཏེ། ལུང་དོན་དེ་ནི་སྤངས་པ་ལ་སྤོང་བ་གཉེན་པོའི་མིང་བཏགས་པ་ཡིན་ལ། དེ་བཞིན་གཤེགས་པའི་སར་ནི་དྲི་མ་ཡོད་པ་མིན་ཏེ། གནས་ 4-1-288a ངན་ལེན་གྱི་དྲི་མ་ཕྲ་ཤོས་དེ་དག་ས་ཁོ་ན་དང་འབྲེལ་བའི་སྤང་བྱ་ཡིན་པས་སོ། །གཉིས་པ་ལ། བསལ་བྱ་ཀླན་ཀ་བཀོད་པ་དང་། དེ་སེལ་བྱེད་དོ། །དང་པོ་ནི། སྤང་གཉེན་གྱི་རིམ་པ་དེ་ལྟར་སྦྱར་བ་ལ། ཁ་ཅིག་གཉེན་པོ་ནི་ཆེན་པོའི་ཆེན་པོ་ལ་སོགས་ པའི་རིམ་པ་སྐྱེ་བ་དང་། སྤང་བྱ་མི་མཐུན་པའི་ཕྱོགས་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པ་འགག་པར་རིགས་སོ་ཞེས་ཀླན་ཀའོ། །གཉིས་པ་ནི། དེའི་ལན་དུ། དཔེར་ན་གོས་ལ་ཆགས་པའི་དྲི་མ་རགས་པ་སེལ་བ་ལ་འབད་ཆེར་མི་དགོས་ཤིང་། ཕྲ་མོ་སེལ་བ་ལ་བཙོ་བླག་ མཁན་འབད་པ་ཆེན་པོས་ཐང་ཆད་ཆད་དུ་འབད་དགོས་པའི་དཔེས་ཀླན་ཀ་དེ་སྤངས་པའི་སྒོ་ནས་ཐེག་ཆེན་གྱི་སྒོམ་པའི་ལམ་ཤིན་ཏུ་བ་དག་བྱེད་ཀྱི་གཉེན་པོ་ཡིན་པར་ཇི་སྐད་དུ་བསྟན་པ་དེ་ཁམས་གསུམ་པོའི་རྣམ་པ་ཅན་གྱི་སྤང་བྱ་སྤོང་བའི་ལམ་འཇལ་བྱེད་ཤེས་པ་དང་། གཞལ་བྱ་ཤེས་བྱ་དག་མི་དམིགས་པར་རྟོགས་པ་ཉིད་ཀྱིས་མཉམ་པ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ཉིད་སྒྲིབ་པ་མཐའ་དག་གི་གཉེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་ན་སངས་རྒྱས་ཀྱི་རྣམ་པར་དག་པ་དེ་ཤིན་ཏུ་བའི་རྣམ་པར་དག་པ་ཡིན་པར་རྣམ་པར་གཞག་གོ ། འདིར་ སྨྲས་པ། ལམ་ཤེས་སྐྱེ་བའི་རྟེན་གང་ངོས་བཟུང་ནས། །ལམ་གསུམ་རྟོགས་རིགས་ཡར་ལྡན་སྐྱེད་ཐབས་དང་། །ལྷག་པར་ཐེག་ཆེན་མཐོང་སྒོམ་ལམ་རྣམས་ལ། །ཇི་ལྟར་ཤེས་པའི་ཚུལ་གང་བཤད་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་ བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐའ་གཉིས་རྣམ་དག་གི་སྐབས་ཏེ་སྐབས་དང་པོ་ལ་བལྟོས་པའི་གཉིས་པའམ་ཡང་ན་སྔར་རབ་འབྱོར་གྱི་ལེའུར་རྣམ་མཁྱེན་བཤད་པ་དེ་ཉིད་ཀྱི་རྒྱུ་སླར་ཡང་རབ་འབྱོར་གྱི་ལེའུ་གཉིས་པར་བཤད་པ་དེའི་འགྲེལ་པའི་བཤད་པའོ། ། 4-1-288b empty page