མཚུངས་མེད་མི་བསྐྱོད་རྡོ་རྗེའི་གསུང་འབུམ། The Collected Works of Mikyod Dorje 第八世噶瑪巴全集བྷིཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་རྒྱས་པར་སྤྲོས་པ་གྲུབ་བདེའི་དཔྱིད་འཇོ་ཞེས་བྱ་བ་ལས་གླེགས་བམ་གཉིས་པ། 3-1-1a ༄༅། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་རྒྱས་པར་སྤྲོས་པ་གྲུབ་བདེའི་དཔྱིད་འཇོ་ཞེས་བྱ་བ་ལས་གླེགས་བམ་གཉིས་པ་བཞུགས་སོ། ། 3-1-1b ༄༅། །སྭ་སྟི། བདག་གི་སྐྱབས་མཆོག་སྟོན་པ་བཅོམ་ལྡན་འདས། །ཁྱེད་ཅག་མི་ཡི་སློབ་དཔོན་ཚུལ་བཟུང་ནས། །ཚུ་རོལ་མཐོང་བའི་མིག་ལའང་ སྟོན་མཛད་པའི། །བཀའ་དྲིན་དྲན་ནོ་སྙིང་ནས་དད་པ་ཐོབ། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །ཐུབ་མཆོག་ཁྱོད་ཀྱི་བསྟན་པའི་སྙིང་པོ་མཆོག །དཔལ་ ལྡན་དྭགས་པོའི་བཀའ་བརྒྱུད་ཅེས་གྲགས་པའི། །སྟོན་དང་བསྟན་པས་འགྲོ་འདི་དགེ་བའི་ཕྱིར། །བདག་གིས་ཤེས་བྱ་གནས་ལུགས་རབ་འབྱམས་ལ། །མི་འཕྲོག་ བློ་གྲོས་རྒྱས་པའི་ངང་ཚུལ་གྱིས། །ཀརྨ་པ་ཡི་བསྟན་པའི་བགྱི་བ་ལ། །ཆེད་དུ་བྱས་པའི་རྣམ་དཀར་འདི་ལྟར་རོ། །ཞེས་བརྗོད་ནས། བཞི་པ་ལས་ 3-1-2a བསྟན་པའི་གནས་ཀྱི་དོན་ལ། གནས་ཀྱི་གཞུང་བཤད་པ་དང་། གནས་ཀྱི་མཚན་བསྟན་པའོ། །དང་པོ་ལ། ཐམས་ཅད་ལས་ལས་བྱུང་བ། ལས་ཉིད་གཏན་ལ་ཕབ་པ། ཆོས་ཀྱི་རྣམ་གྲངས་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་པ་འདི་སུས་བྱས་ཤེ་ན། དབང་ཕྱུག་སོགས་ཀྱི་བློ་སྔོན་དུ་བཏང་སྟེ་བྱས་པ་ནི་མ་ཡིན་གྱི། ལས་དགེ་མི་ དགེ་སྣ་ཚོགས་ལ་འཇིག་རྟེན་སྣ་ཚོགས་སྐྱེས་པའོ། །དེའང་སྣོད་གུར་གུམ་སོགས་སྐྱེ་བའི་ཡུལ་ལེགས་པོ་ལ། ལུས་དམན་པ་མཛེ་ཅན་ལྟ་བུ་དང་། ཡང་ལུས་བཟང་པོ་ལ་སྣོད་དུག་དང་ཚེར་མས་གང་བ་ལྟ་ བུ་ནི་འདྲེས་མའི་ལས་བསགས་པ་དང་། སྣོད་བཅུད་ཐམས་ཅད་དགའ་དགའ་ལྟར་འདུག་པ་གཟུགས་ན་སྤྱོད་པ་རྣམས་ནི་མ་འདྲེས་པར་དགེ་བ་ཁོ་ནའི་འབྲས་བུ་དང་། ངན་སོང་གི་ལུས་དང་ཡུལ་གཉིས་ཀ་མ་འདྲེས་ 3-1-2b པར་མི་དགེ་བའི་འབྲས་བུའོ། །གཉིས་པ་ལ། ལས་ངོས་བཟུང་བ་དང་། ལས་ཀྱི་རྣམ་གཞག །མདོ་ལས་འབྱུང་བའི་ལས་ཀྱི་དོན་ཏོ། །དང་པོ་ལ། ལས་ལ་གཉིས་སུ་དབྱེ་བ། དེ་སོ་སོའི་ངོ་བོ། རྣམ་རིག་ཡིན་མིན་ནོ། །དང་པོ་ནི། དེ་ནི་སེམས་པ་དང་དེས་བྱས། །ལས་ཇི་ལྟ་བུ་ཞེ་ན། དེ་ནི་དབྱེ་ན། སེམས་པའི་ལས་དང་། སེམས་པ་དེས་བྱས་པ་བསམ་པའི་ལས་ཡིན་ཏེ། མདོ་ལས། ལས་ནི་གཉིས་ཏེ། སེམས་པ་དང་བསམ་པའི་ལས་སོ། །ཞེས་པའོ། །བསམ་པ་ལ་གཉིས་སུ་ཕྱེ་བས་ལས་གསུམ་མོ། །ཅི་འདི་དག་རྟེན་དང་། ངོ་བོ་དང་། ཀུན་སློང་གང་ལ་བཞག །གལ་ཏེ་ལུས་ལ་བརྟེན་པའི་ཕྱིར་ཡིན་ན། གཞན་གཉིས་ཀྱང་ལུས་ཀྱི་ལས་སུ་ཐལ་བར་འགྱུར་ལ། ངོ་བོ་ལས་ཡིན་ན། ངག་གི་ལས་མ་ཡིན་པ་ལུས་དང་ཡིད་ལས་ཀྱི་ངོ་བོ་མ་ཡིན་པའི་ཕྱིར་དང་། ཀུན་སློང་ལས་ཡིན་ན། ལུས་ངག་གི་ ལས་ཀྱང་ཡིད་ཀྱི་ཀུན་ནས་བསླངས་པའི་ཕྱིར། དེར་ཐལ་བར་འགྱུར་ཞེ་ན། བྱེ་སྨྲ་ན་རེ། རྒྱུ་གསུམ་ལས་རིམ་པ་ལྟར་བཞག་པའི་ཕྱིར་སྐྱོན་མེད་དོ་ཟེར་རོ། །གཉིས་པ་ནི། གསུམ་པོ་དེ་ལ་སེམས་བྱུང་སེམས་པ་ཡིད་ཀྱི་ལས་ཡིན་ནོ། །སེམས་པ་དེས་ བསྐྱེད་པའི་བསམ་པའི་ལས་དེ་ནི་ལུས་དང་ངག་གི་ལས་སོ། །གསུམ་པ་ནི། དེ་དག་རྣམ་རིག་རྣམ་རིག་མིན། །ལུས་ངག་གི་ལས་དེ་དག་ནི་ལུས་ཀྱི་རྣམ་པར་རིག་བྱེད་དང་། ལུས་ཀྱི་རྣམ་པར་རིག་བྱེད་མིན་པ་དང་། ངག་གི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མིན་པའི་ངག་གི་ ལས་སོ། །དངོས་བསྟན་ལུས་ངག་གི་འབྱུང་བ་རྒྱུར་བྱས་ནས་ལུས་ངག་གི་རིག་བྱེད་མིན་པས་འབྱུང་ཟེར་ཡང་། ལུས་ངག་ལ་རྒྱང་ཆད་པ་རིག་བྱེད་མིན་པའི་སྡོམ་དང་སྡོམ་མིན་ཞིག་གོ། མཆན། གཉིས་པ་ལས་ཀྱི་རྣམ་གཞག་ལ། ལས་ལ་གསུམ་དུ་དབྱེ་བ། ལས་གསུམ་སྤྱིའི་ 3-1-3a ཆོས་ཀྱི་རྣམ་གཞག །རིག་བྱེད་མིན་པའི་རྣམ་གཞག་གོ། དང་པོ་ལ། རིག་བྱེད་དང་། རིག་བྱེད་མིན་པའོ། །དང་པོ་ལ། ལུས་ཀྱི་རིག་བྱེད་དང་། ངག་གི་རིག་བྱེད་བཤད་པའོ། །དང་པོ་ལ། བྱེ་སྨྲའི་ལུགས་ཀྱི་ངོ་བོ་ངོས་བཟུང་བ་དང་། གནས་མ་བུ་ པའི་ལུགས་ལ་དོགས་པ་བཅད་པ། མདོ་སྡེ་པའི་ལུགས་སོ། །དང་པོ་ནི། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། །སེམས་ཀྱི་དབང་གིས་ལུས་ཕྱག་འཚལ་བར་བྱ་སྙམ་ནས་ཕྱག་འཚལ་བ་དང་ཐལ་མོ་སྦྱར་བ་ལྟ་བུ་ལུས་ཀྱི་རྣམ་པར་རིག་བྱེད་དབྱིབས་སུ་འདོད་དོ། །གཉིས་པ་ནི། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་མ་ཡིན་འཇིག་ཕྱིར་རོ། །རྒྱུ་མེད་པ་ལས་འགའ་མི་འབྱུང་། །རྒྱུ་ཡང་འཇིག་པ་པོར་འགྱུར་རོ། །ཀུན་ཏུ་གནས་པ་བྱ་བ་ཕྱི་རོལ་མུ་སྟེགས་པ་ཞིག་ ཕྱིས་རབ་ཏུ་བྱུང་། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཞིག་གིས། བསྟན་པ་ལ་ཞུགས་ཀྱང་སྔར་གྱི་ལྟ་བ་ངན་པའི་དབྲེ་ཡོད་པ་ཞིག །མཁན་བུ་ཀུན། མཁན་པོ་གནས་པ་བྱ་བ་དེ་མ་བཞིན་དུ་འཛིན་པས་མཁན་བུ་ཀུན་ལ་གནས་མ་བུ་པའི་སྡེ་པ་ཟེར་བས། དེ་པ་ན་རེ། འདུས་བྱས་ ཆུ་ཀླུང་དང་། སྒྲ་དང་། མེ་ལྕེ་དང་། སེམས་སེམས་བྱུང་སོགས་ཁ་ཅིག་སྐད་ཅིག་མར་འདོད་ཀྱང་། ཕལ་ཆེ་བ་སྐད་ཅིག་གིས་མི་རྟག་པར་ཁས་མི་ལེན་ལ། དེས་ན་ལུས་ཀྱི་རིག་བྱེད་ཆོས་ཅན། མི་རྟག་པ་མ་ཡིན་པར་ཡུལ་གཞན་དང་གཞན་དུ་མ་ཉམས་པར་འགྲོ་བ་ཡིན་ཏེ། ལུས་ བསྐྱོད་པའི་ལས་ཡིན་གྱི། མི་བསྐྱོད་པའི་ལས་མ་ཡིན་པའི་ཕྱིར་ཟེར་བ་ལ། ཡང་ལུས་བསྐྱོད་པའི་དབྱིབས་ཆོས་ཅན། ལུས་ཀྱི་རིག་བྱེད་ཀྱི་ལས་མ་ཡིན་ཏེ། བསྐྱོད་པ་ཙམ་ལས་ཡིན་ཀྱང་ཀུན་སློང་རིག་བྱེད་ཙམ་ཡིན་པས། ཀུན་སློང་རིག་བྱེད་ཁོ་ན་དེའི་རིག་བྱེད་དུ་འཇོག་པའི་ཕྱིར་རོ། །མཆན། གཞན་དུ་བསྐྱོད་པ་ རིགས་པ་བདེན་ཀྱང་དེ་ཉིད་གཞན་དུ་འགྲོ་བ་མི་བདེན་པས་ཁྱབ་པ་མེད་ལ། རྟག་པར་གཞན་འགྲོ་དགག་པ་ནི། ལུས་ཀྱི་རིག་བྱེད་དེ་མི་འགག་པར་ཡུལ་གཞན་དུ་འགྲོ་བ་ཆོས་ཅན། ལུས་ཀྱི་ལས་རིག་བྱེད་མིན་ཏེ་གང་གི་ཕྱིར་ན་འདུས་བྱས་ཡིན་པའི་ཕྱིར། སེམས་སོགས་ 3-1-3b བཞིན་ནོ། །དེའི་ཁྱབ་སྒྲུབ་ནི། འདུས་བྱས་རྣམས་ཆོས་ཅན། དེ་མ་ཐག་འཇིག་པའི་སྐད་ཅིག་མར་ཡོད་པ་ཡིན་ཏེ། གདོན་མི་ཟ་བར་རྒྱུ་རྐྱེན་དོན་གཞན་ལ་བལྟོས་མེད་དུ་འཇིག་པའི་ཕྱིར་རོ། །སྐད་ཅིག་གི་སྒྲ་ནི། སྟོང་པ་དང་། བྱ་བ་མེད་པ་དང་། དུས་ཀྱི་མཐའ་སྟེ་དོན་དུ་མ་ལ་བརྗོད་དེ། སྣོད་སྟོང་པ་ལ་སྣོད་སྐད་ཅིག་བྱ་བ་དང་། ལྷས་བྱིན་བྱ་བ་མེད་པ་ལ་ལྷས་བྱིན་སྐད་ཅིག་པ་དང་། སྐད་ཅིག་ཏུ་བྱས་སོ་ཞེས་པ་སོགས་སུ་མཐོང་བའི་ཕྱིར། སྐད་ཅིག་དེ་འདུས་བྱས་འདི་ལ་ཡོད་པས་དབྱུག་པ་ཡོད་པ་ལ་དབྱུག་པ་བཞིན་ནོ། །ད་དུང་སྤྲོས་ཏེ་བརྗོད་ན། འདུས་བྱས་ཐམས་ ཅད་ཆོས་ཅན། གང་དུ་སྐྱེས་པ་དེ་ཉིད་དུ་འཇིག་པ་ཡིན་ཏེ། བདག་ཉིད་དུ་ཐོབ་པ་ལས་ཕན་ཆད་དུ་མེད་པའི་ཕྱིར། ཡང་ཁོ་ན་རེ། འདུས་བྱས་རྣམས་ངེས་པར་འཇིག་ཀྱང་། དེ་འདུས་བྱས་ཀྱི་ཐ་མ་ལ་བསམ་པ་ཡིན་པས་དེའི་གོང་གི་འདུས་བྱས་རྣམས་སྐད་ཅིག་མ་མིན་ན་ཅི་སྟོ། །དེའི་ཕྱིར་ ཕྱི་རྒྱུ་ལས་འཇིག་སྙམ་པའམ། ནང་གཏན་ཚིགས་རྒྱུ་མེད་དུ་འཇིག་པ་འདི་ལ་གཏན་ཚིགས་ཀྱི་ངོ་བོ་འཇིག་པ་གྲུབ་ཀྱང་། གཏན་ཚིགས་ཀྱི་ཁྱད་པར་རྒྱུ་མེད་མ་གྲུབ་སྙམ་པ་དེ་དག་འགོག་པ་ནི། དངོས་པོ་རྣམས་འཇིག་པ་ནི་ཆོས་ཅན། རྒྱུས་བསྐྱེད་པ་ལས་འབྱུང་སྟེ། དངོས་པོ་མེད་ པའི་ངོ་བོ་ཡིན་པའི་ཕྱིར། གཏན་མེད་བཞིན་ནོ། །འཇིག་པའི་རྒྱུ་བྱ་བ་ཆོས་ཅན། འཇིག་པ་དང་མེད་པ་ལ་རྒྱུར་མི་འཐད་དེ། རྒྱུའི་བྱ་བ་ནི་འབྲས་བུར་བྱ་བ་གང་ཞིག །འབྲས་བུ་མེད་པར་ཡོད་པ་ནི་གང་གིས་ཀྱང་བྱར་མེད་པའི་ཕྱིར། ཡང་དངོས་པོ་སྐྱེས་ཙམ་ན་འཇིག་པ་མ་ཡིན་གྱི། ཕྱིས་ དངོས་པོ་དོན་གཞན་གྱིས་འཇིག་པའི་རྒྱུ་ཞིག་ཡོད་སྙམ་ན། འོ་ན་དངོས་པོ་ཆོས་ཅན། ཕྱིས་ཀྱང་མི་འཇིག་པར་ཐལ། དངོས་པོ་དང་པོའི་དུས་སུ་མི་འཇིག་པར་མཚུངས་པའི་ཕྱིར། གཞན་ཡང་འཇིག་རྒྱུ་དངོས་པོ་བ་དོན་གཞན་གྱིས་བྱེད་ན་ཆོས་ཅན། འཇིག་པར་བྱ་རྒྱུའི་དངོས་པོ་དེ་མི་འཇིག་ 3-1-4a པར་ཐལ། འཇིག་བྱེད་ཀྱི་དངོས་པོ་དེ་ཉིད་འཇིག་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དངོས་པོ་གཞན་གྱི་འཇིག་རྒྱུ་བྱས་པས་དངོས་པོ་གཞན་འཇིག་པ་བྱས་པར་མི་འགྲོ་བའི་ཕྱིར། དངོས་པོ་དེ་ཉིད་ཀྱིས་ཀྱང་དེ་ཉིད་འཇིག་རྒྱུ་མི་བྱེད་དེ། དངོས་པོར་གྲུབ་ ཟིན་པའི་ཕྱིར་བུམ་པ་ཉིད་བཞིན་དེས་ན་འཇིག་པ་ནི་དངོས་པོ་དེའི་ངོ་བོ་ཡིན་པས་རྒྱུ་མེད་དུ་ངང་གིས་འཇིག་གོ། ད་དུང་ཡང་གསལ་བར་བརྗོད་ན་སྤྱིར་འཇིག་པའི་རྒྱུ་དེས་ཆོས་ཅན། མེད་པ་མི་བྱེད་དེ། མེད་པ་དེ་རྒྱུའི་བྱ་བའི་ཡུལ་དུ་འགལ་བའི་ཕྱིར། འཇིག་པའི་རྒྱུ་དོན་གཞན་དེས་ གལ་ཏེ་བྱ་བ་བྱེད་པ་ཞིག་ཡོད་ན་དངོས་པོ་བྱེད་པ་ལས་འོས་མེད། དངོས་པོ་བྱེད་པ་ཡང་གཞན་གཅིག་བྱས་པས་འཇིག་པ་མེད་པར་བྱས་པར་མི་འགྲོ། འཇིག་པ་མེད་པ་དེ་ཉིད་བྱེད་ཙམ་ན་འཇིག་པ་དེ་ཉིད་དུ་གྲུབ་ཟིན་པ་ལ། འཇིག་རྒྱུ་བྱ་ཅི་དགོས། འཇིག་རྒྱུ་དོན་གཞན་དེས་བྱེད་ན་ འཇིག་བྱེད་གྲུབ་པའི་རང་དུས་སྐད་ཅིག་མར་འཇིག་བྱ་དེ་ཡང་གྲུབ་དགོས་ན། དེའི་ཚེ་འཇིག་བྱ་སྐད་ཅིག་མ་དེའི་དུས་སུ་མ་གྲུབ་ན་འཇིག་བྱེད་དངོས་པོ་དོན་གཞན་གྲུབ་པ་དང་། གཅིག་ཤོས་ངོ་བོ་མ་གྲུབ་པས་ཕན་ཚུན་ངོ་བོ་གཅིག་པའི་འཇིག་བྱེད་དུ་འགལ་ལོ། །ཡང་འཇིག་རྒྱུ་དོན་ གཞན་དེས་འཇིག་བྱ་དེ་ཉིད་གཞན་དུ་འགྱུར་བར་བྱེད་སྙམ་ན། དེ་ཉིད་དང་གཞན་དུ་འགལ་ཙམ་ན་རྒྱུ་ཅི་ལྟར་སྟོབས་ཆེ་ཡང་འགལ་བ་བསྐྱེད་དུ་མི་འདོད་དོ། །དེར་མ་ཟད་དེ་ཉིད་གཞན་དུ་མི་འགྱུར་ཏེ། དེ་ཉིད་ཡིན་ན་གཞན་ཡིན་པར་མི་རུང་བའི་ཕྱིར་ཏེ། དེ་གཉིས་མཚན་ཉིད་མི་མཐུན་ པའི་ཕྱིར། འཇིག་རྒྱུ་དོན་གཞན་དང་། དེ་ཉིད་ཀྱིས་ཀྱང་མི་བྱེད་པར་བསྟན་ནས། ད་ནི་མཐོང་བ་དང་མི་འགལ་བར་བསྟན་པ་ནི། ཁོ་ན་རེ། མར་མེའི་རྩེ་མོ་སོགས་འཇིག་པ་རྒྱུ་མེད་ལས་བྱུང་ཡང་། དངོས་པོའི་འཇིག་པ་ཐམས་ཅད་རྒྱུ་མེད་ལས་བྱུང་བ་མ་ཡིན་ཏེ། བུམ་པ་དང་ 3-1-4b ཤིང་གི་འཇིག་པ་ནི་ཐོ་བ་དང་མེ་ལས་བལྟོས་པར་མངོན་སུམ་དུ་མཐོང་བའི་ཕྱིར། མངོན་སུམ་ལས་བརླིང་བའི་ཚད་མ་ཡང་མེད་པས་འཇིག་རྒྱུ་དོན་གཞན་གྲུབ་བོ་ཞེ་ན། སློབ་དཔོན་གྱིས་ལན་བཏབ་པ་ནི། ཕ་རོལ་པོ་དག་གི་ཤིང་གི་འཇིག་རྒྱུ་དོན་གཞན་མངོན་སུམ་ཡིན་པར་མངོན་པའི་ ང་རྒྱལ་གྱི་དོན་ལ་མི་གནས་པར་བསྟན་པའི་ཕྱིར། ཕྱིར་དྲིས་པ་ནི། ཤིང་གི་མེ་དང་འབྲེལ་བར་མཐོང་བ་ཙམ་ལས་ཤིང་འཇིག་བྱེད་མེ་ཡིན་པའི་མངོན་སུམ་ཡིན་པར་མ་ངེས་པ་ལས། ངེས་བྱེད་ཅི་ཡོད་བྱས་པས། ཁོ་ན་རེ། ཤིང་མངོན་སུམ་དུ་དམིགས་པ་བཞིན་དེའི་འཇིག་པ་མངོན་སུམ་ དུ་མ་དམིགས་ཀྱང་འཇིག་རྒྱུ་དོན་གཞན་རྗེས་དཔག་གིས་གྲུབ་སྟེ། གང་ཞིག་གང་ཡོད་ན་འབྱུང་བ་དེ་ནི་དེའི་རྒྱུ་ཅན་ཡིན་ཏེ། དཔེར་ན་ས་བོན་ཡོད་ན་འབྱུང་བའི་མྱུ་གུ་ལྟ་བུའོ། །དེ་བཞིན་དུ་ཤིང་སོགས་འཇིག་པ་ཡང་མེ་ཡོད་ན་ཤིང་མི་སྣང་བ་འབྱུང་བའི་ཕྱིར་ཞེས་ཟེར་རོ། །སློབ་དཔོན་ གྱིས་དཔྱད་པ་འདི་ལྟར་མཛད་དེ། གང་ཞིག་གང་ཡོད་ན་འབྱུང་བ་དེ་ལ་དེའི་རྒྱུ་ཅན་ཡིན་པས་མ་ཁྱབ་པའི་ཕྱིར། རླུང་དང་འབྲེལ་བས་མར་མེ་འཇིག་མོད་ཀྱི། འཇིག་པ་དེ་ནི་རླུང་དང་འབྲེལ་པས་བྱས་པ་མིན་ཏེ། མར་མེ་སྐད་ཅིག་མ་ཉིད་དུ་ཁས་བླང་བའི་ཕྱིར་འཇིག་པ་རྒྱུ་མེད་ཅན་ དུ་འདོད་པ་ཡིན་པས། མར་མེ་དེ་ནི་སྐྱེས་ནས་འཇིག་པའི་ཕྱིར། རང་ཞིག་པ་ཡིན་ལ། རླུང་དང་འབྲེལ་བའི་ཕྱིར་སྐད་ཅིག་ཕྱི་མ་གཞན་མ་སྐྱེས་ན་མི་སྣང་བ་ཡིན་གྱི། དེས་བཤིག་པའི་ཕྱིར་ནི་མ་ཡིན་ནོ། །དེ་བཞིན་དུ་དྲིལ་བུའི་སྒྲ་སྐད་ཅིག་མར་འདོད་པ་ཡང་ལག་པ་དང་འབྲེལ་བར་ ཡོད་ན་དྲིལ་བུའི་སྒྲ་འཇིག་མོད་ཀྱི། དེ་ནི་དེས་བྱས་པ་མ་ཡིན་གྱི། སྐད་ཅིག་མ་ཡིན་པའི་ཕྱིར། དྲིལ་བུའི་སྒྲ་ནི་རང་ཞིག་ལ། དེས་གེགས་བྱས་པའི་ཕྱིར་གཞན་མ་སྐྱེས་ནས་མི་སྣང་བ་ཡིན་གྱི། དེས་ཤིག་པའི་ཕྱིར་ནི་མ་ཡིན་ནོ། །དེས་ན་འཇིག་རྒྱུ་དོན་གཞན་མེད་པ་ནི་རྗེས་སུ་དཔག་ 3-1-5a པའི་ཚད་མས་ཤེས་པར་བྱ་སྟེ། འདི་ལྟར་འཇིག་པ་ཆོས་ཅན། རྒྱུ་མེད་ཅན་ཡིན་ཏེ། བྱ་བ་མ་ཡིན་པའི་ཕྱིར། ནམ་མཁའ་བཞིན། འཇིག་པ་འདི་ཡང་བྱ་བ་མ་ཡིན་ཏེ། དངོས་པོ་མེད་པའི་ངོ་བོ་ཡིན་པའི་ཕྱིར། གཏན་མེད་བཞིན་ནོ་ཞེས་སོགས་སྔར་བཤད་ཟིན་པ་ རྣམས་ཀྱིས་བསྒྲུབ་པར་བྱའོ། །ཡང་འདུས་བྱས་འགའ་ཞིག་གི་འཇིག་པ་ཆོས་ཅན། རྒྱུ་དོན་གཞན་མེད་པ་ལས་འབྱུང་བར་མི་འགྱུར་བར་ཐལ། རྒྱུ་དོན་གཞན་དང་ལྡན་པའི་དངོས་པོ་ཡིན་པའི་ཕྱིར་སྐྱེ་བ་བཞིན། འདོད་མི་ནུས་ཏེ། བློ་དང་སྒྲ་དང་མེ་ལྕེ་འཇིག་པ་རྒྱུ་མེད་ལས་འབྱུང་བ་ མཐོང་བས་སོ། །བྱེ་བྲག་པས། བློ་ཡང་བློ་གཞན་གྱིས་འཇིག་ལ། སྒྲ་ཡང་སྒྲ་གཞན་གྱིས་འཇིག་སྙམ་ན། དེ་ནི་རིགས་པ་མིན་ཏེ། བློ་གཉིས་གཅིག་ཅར་འཕྲད་ཅིང་འབྱུང་བ་མེད་པའི་ཕྱིར། ཐེ་ཚོམ་དང་ངེས་ཤེས་བཞིན་ནོ། །དེ་ཡང་ཇི་ལྟར་འགལ་བ་མི་འཕྲད་པ་བཞིན་དུ་རིགས་ གཅིག་པའི་མི་འགལ་བ་དག་ཀྱང་འཕྲད་པ་མེད་དོ། །བློ་དང་སྒྲ་གསལ་བ་བྱུང་བའི་རྗེས་ཐོགས་སུ་བློ་དང་སྒྲ་མི་གསལ་བ་འབྱུང་བ་དེའི་ཚེ་ཆོས་ཅན། སྔ་མའི་གསལ་བ་དེ་འཇིག་བྱེད་མ་ཡིན་ཏེ། སྟོབས་ཆུང་ཞིང་རིགས་མཐུན་པའི་ཕྱིར། རིས་མི་མཐུན་ན་ཉམ་ཆུང་ངུས་ཀྱང་འཇིག་སྟེ་ཆུ་ མེ་བཞིན་ནོ། །སློབ་དཔོན་དབྱིག་བཤེས་ན་རེ། གནས་པའི་རྒྱུ་མེད་པས་འཇིག་པར་འདོད་པ་དང་། བྱེ་བྲག་པས། མར་མེ་བདག་ལ་ཕན་ན་ཆོས་སྐྱེ་བའི་རྒྱུ་ཡིན། མར་མེ་བདག་ལ་གནོད་ན་མར་མེ་སྐྱེ་བའི་རྒྱུ་ཆོས་མ་ཡིན། དེས་ན་མར་མེ་དེ་བདག་ལ་གནོད་ན་མར་མེ་དེ་ཆོས་ཀྱི་ མཐུས་འཇིག །མར་མེ་དེ་བདག་ལ་ཕན་ན་ཆོས་མ་ཡིན་པའི་མཐུས་འཇིག་ཟེར་རོ། །དེ་ལ་དབྱིག་བཤེས་ཀྱི་དེ་མི་རིགས་ཏེ། གནས་པའི་རྒྱུ་མེད་པ་ནི་རྒྱུ་མ་ཡིན་པའི་ཕྱིར། བྱེ་བྲག་པའི་ལུགས་དེ་མི་རིགས་ཏེ། འཇིག་པའི་སྐད་ཅིག་གཅིག་ལ་ཆོས་ཅན། ཆོས་ཀྱི་འཇུག་པ་ཐོབ་ 3-1-5b པ་དང་། ཆོས་མིན་གྱི་གེགས་བྱེད་པ་སྟོབས་ཆེ་ཆུང་དུ་འཇུག་མི་ནུས་པར་ཐལ། ཆོས་དང་ཆོས་མིན་གྱི་སྐྱེ་འཇིག་གཉིས་འགལ་བ་གང་ཞིག །ཁོ་རང་གཉིས་རིས་མ་མཐུན་པས་གང་ཟག་གཅིག་གི་རྒྱུད་ལ་འཚོགས་མ་བཏུབ་པའི་ཕྱིར། དེ་ལ་ཁྱབ་པ་གྲུབ་པས་འཇིག་རྒྱུ་གཉིས་ཀྱི་ འཇིག་དགོས་པ་ལས། འཇིག་རྒྱུ་གཉིས་དུས་གཅིག་ཏུ་མ་གྲུབ་པས་འཇིག་བྱ་མི་འཇིག་པར་ཤོར་སོང་ངོ་། །རྫ་བུམ་སོགས་ཚོས་བྱ་ཚོས་བྱེད་ཀྱི་རྫས་འཕྲད་པ་ལས། ཚོས་པ་དང་། ཆེར་ཚོས་པ་དང་། ཆེས་ཆེར་ཚོས་པ་སོགས་སྔ་མ་འགགས་པ་དང་། ཕྱི་མ་ཕྱི་མ་སྐྱེ་བར་མཐོང་ བས་རྫ་བུམ་སྔོན་པོ་དང་། དམར་པོ་དང་། ཆེས་དམར་པོ་ཚོས་པར་སྐྱེད་བྱེད་ཀྱི་རྒྱུ་སྐྱེ་བ་འབྱུང་བའང་ཆོས་ཅན། ཚོས་པ་དང་། ཆེར་ཚོས་པ་དང་། ཆེས་ཆེར་ཚོས་པ་སྔ་མ་དེ་དག་གི་འཇིག་པ་པོར་འགྱུར་ཏེ། མེ་དང་དེ་འབྲེལ་བ་ལས་སྔ་མ་སྔ་མ་མི་སྣང་བ་འབྱུང་བའི་ཕྱིར་རོ། །གལ་ ཏེ་འདོད་དོ་ཞེ་ན་ནི་མི་རིགས་ཏེ། རྒྱུ་སྔ་ཕྱི་འདྲ་བ་གཉིས་ཀྱིས་འབྲས་བུ་ཡང་འདྲ་བར་བསྐྱེད་པར་རིགས་ཀྱི། རྒྱུ་འདྲ་བ་ལས་འབྲས་བུ་མི་འདྲ་བ་གཅིག་གིས་བསྐྱེད། གཅིག་གིས་བཤིགས་ནས་མེད་པར་བྱེད་མི་རིགས་པའི་ཕྱིར་རོ། །ཡང་ཁོང་མེ་སྐད་ཅིག་སྔ་མ་ཡང་གཞན་ཡིན་པས་ ཚོས་པ་བསྐྱེད། མེ་ཕྱི་མ་དེས་སྔ་མ་ལས་གཞན་ཡིན་པས་ཚོས་པ་དེ་འཇིག་པར་བྱེད་དོ། །དེ་ལྟར་ནའང་ཁྱེད་རང་བྱ་བར་རག་མོད། མི་འགྲུབ་སྟེ། དེ་ལྟ་བུ་དེ་མེ་སྐད་ཅིག་མ་དང་སེམས་བྱུང་སོགས་ལ་བལྟ་བྱར་རུང་ཡང་། ཚྭ་སྐད་ཅིག་མ་མན་ཙམ་ན་མངར་བ་བསྐྱེད་ པ་དེ་ཉིད་ཁ་བ་བསྐྱེད་པ་ཡིན། ཁ་བ་བསྐྱེད་པ་དེ་ཉིད་སྐྱུར་བ་བསྐྱེད་པ་ཡིན་ཙམ་ན་རྒྱུ་གཅིག་པོ་དེས་མངར་བ་བསྐྱེད་ཀྱང་སྐྱེད། ཁ་བ་བསྐྱེད་པས་མངར་བ་དེ་བཤིག་ཀྱང་བཤིག །དེ་བཞིན་ཐལ་བ་དེ་ལུད་དང་། ཉི་མ་དང་ཆུ་དང་ས་དེ་ཚོ་སྐད་ཅིག་མ་ཡིན་པའི་སྔ་ཕྱི་གཅིག་ཡིན་ཙམ་ 3-1-6a ན་གཅིག་པོ་དེས་མྱུ་གུ་བསྐྱེད་ཀྱང་བསྐྱེད། སྡོང་བུ་བསྐྱེད་པས་མྱུ་གུ་དེ་བཤིག་ཀྱང་བཤིག་པས་རྒྱུ་ཡང་འཇིག་པར་འགྱུར་བས་སྐད་ཅིག་མ་མིན་པའི་འདུས་བྱས་དེ་ལ་ནི་སྐྱེད་བྱེད་དང་འཇིག་བྱེད་ཀྱི་ཆ་དབྱེ་མི་ནུས་པའི་ཕྱིར་རོ། །རིགས་པ་དེ་དག་གིས་ནི་གནས་ མ་བུ་པའི་འདོད་པ་བཀག་ནས། རང་གི་ཕྱོགས་ལ་ཉེས་པ་མེད་པར་བསྟན་པ་ནི། ཁོང་གི་ལྟར་མེས་ཆུ་འཇིག་པར་བྱེད་པ་ཡིན་ཏེ། ཆུ་བསྐོལ་བས་ཟད་པའི་ཕྱིར་རོ་སྙམ་ན། དེ་ནི་ཁྱབ་པ་མ་ངེས་པ་ཡིན་ཏེ། མེས་ཆུ་བསྐོལ་བ་ན། མེས་ཁམས་འཕེལ་ནས་ཆུ་ཉམས་ཆུང་ཆུང་གི་ བར་བྱས་ནས། མཐར་ཆུའི་རྒྱུན་ཆགས་པར་མི་བྱེད་ཀྱང་ཆུའི་ངོ་བོ་མེད་པ་ནི་བྱེད་པ་མ་ཡིན་པའི་ཕྱིར། དེས་ན་འཇིག་པ་རྒྱུ་མེད་དུ་ངང་གིས་འཇིག་པའི་ཕྱིར་སྐད་ཅིག་མར་ཡང་གྲུབ་བོ། །དེས་ན་ལུས་ཀྱི་རིགས་བྱེད་མ་ཉམས་པར་ཡུལ་གཞན་དུ་འགྲོ་བ་མེད་དེ། འགྲོ་མ་ཐུབ་པའི་ སྐད་ཅིག་ལ་འཇིག་པའི་ཕྱིར། དཔེར་ན་རྩྭའི་མེ་སྐད་ཅིག་མ་ཡིན་ཀྱང་། ཡུལ་གཞན་དུ་བར་ཆད་མེད་པར་རྩྭ་སྲེག་བྱེད་ཀྱི་མེ་འགྲོ་ཞེས་མངོན་པའི་ང་རྒྱལ་བྱེད་པ་དང་འདྲའོ། །འགྲོ་བ་མེད་པའི་ཕྱིར་ལུས་ཀྱི་རིགས་བྱེད་དབྱིབས་ཡིན་པ་བྱེ་སྨྲའི་ལུགས་འདི་གྲུབ་བོ། །གསུམ་པ་ནི། གཉིས་གཟུང་འགྱུར་ཏེ་རྡུལ་ལ་མེད། ། མདོ་སྡེ་པ་ན་རེ། དབྱིབས་ནི་རྫས་སུ་མེད་དེ། དེ་བཅོམ་ན་དེའི་བློ་མེད་པའི་ཕྱིར། བུམ་པ་བཞིན་ཞེའོ། །འོན་ཀྱང་ཕྱོགས་གཅིག་གི་སྒོར་ཕལ་ཆེ་བ་མང་པོ་བྱུང་བ་ལ་གཟུགས་རིང་པོ་ཞེས་འདོགས། དེ་ཉིད་ལ་བལྟོས་ཏེ་ཉུང་ངུར་བྱུང་བ་ལ་ཐུང་ངུར་འདོགས། ཕྱོགས་བཞིར་བྱུང་ བ་ལ་གྲུ་བཞི་ཞེས་འདོགས། ཐམས་ཅད་དུ་མཉམ་པ་ན་ལྷམ་པ་ཞེས་འདོགས། ཕྱོགས་ཀྱི་སྒོ་གྱེན་དུ་ཕལ་ཆེ་བ་ན་མཐོན་པོ་ཞེས་འདོགས། མཐུར་དུ་ཕལ་ཆེ་བ་ན་དམའ་བ་ཞེས་འདོགས་ཏེ། མགལ་མེ་ཕྱོགས་གཞན་དུ་མྱུར་དུ་འདབ་ཆགས་པར་སྣང་བ་ན་རིང་པོ་སྙམ་དུ་དབྱུག་པའི་ 3-1-6b རྣམ་པར་ཤེས་ལ། ཐམས་ཅད་དུ་སྣང་ལ་ཟླུམ་པོ་སྙམ་དུ་ཤེས་ཀྱི་དབྱིབས་རྫས་གཞན་མེད་པ་བཞིན་ནོ། །དབྱིབས་ནི་རྫས་སུ་མེད་དེ། དེ་འཛིན་པ་ཁ་དོག་འཛིན་པ་ལ་བལྟོས་པའི་ཕྱིར་རམ། གཟུགས་འཛིན་པ་ལ་བལྟོས་པའི་ཕྱིར། མགལ་མེའི་འཁོར་ལོ་དང་འབྲུའི་ཕུང་པོ་བཞིན་ ནོ། །སྔོན་པོ་ལ་སྔོན་པོའི་བློ་འབྱུང་བས་སེར་པོ་ལས་ལོགས་ན་ཡོད་པ་བཞིན་དུ་དབྱིབས་ཀྱི་བློ་འབྱུང་བས་ཁ་དོག་གཞན་པའི་རྫས་སུ་གྲུབ་པ་ཞིག་ཡོད་སྙམ་ན། དབྱིབས་གཟུགས་རྫས་གྲུབ་ཡིན་ན་ཆོས་ཅན། མིག་དང་ལུས་ཀྱི་དབང་པོ་གཉིས་ཀྱིས་བཟུང་བར་འགྱུར་བར་ཐལ། མིག་ གི་མངོན་སུམ་དུ་མཐོང་ནས་ཤེས་ཤིང་། ལུས་དབང་གིས་རེག་པ་ན་ཡང་ཤེས་པའི་ཕྱིར། འདོད་མི་ནུས་ཏེ། དབང་པོ་དུ་མ་དོན་མེད་དང་། སྐྱེ་མཆེད་ཀྱི་རྫས་མཚུངས་ཉམས་པར་འགྱུར་རོ། །དེ་ལ་བྱེ་སྨྲས་རིང་པོ་ཉིད་ལ་སོགས་པ་ལུས་ཀྱིས་འཛིན་ན། དབང་པོ་དོན་མེད་དུ་འགྲོ་ བས་མི་འཛིན། འོ་ན་ཅི་ཞེ་ན། རེག་བྱའི་ཡན་ལག་ཁོ་ན་དེ་ལྟར་གནས་པ་ལ་རིང་པོ་ལ་སོགས་པར་འཛིན་པར་འགྱུར་ཏེ། དེ་བས་ན་གཉིས་ཀྱིས་འཛིན་པར་མི་འགྱུར་རོ་ཞེ་ན། འོ་ན་རེག་བྱ་ལ་རིང་སོགས་འཛིན་ཀྱང་། དབྱིབས་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་པ་མ་ཡིན་པ་ལྟར་ཁ་ དོག་ལ་རིང་སོགས་སུ་འཛིན་ཀྱང་དེ་དང་འདྲ་བར་ཡིད་ཆེས་པར་བྱ་སྟེ། གཟུགས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་དོན་གཞན་དུ་གྱུར་པ་མེད་པའི་ཕྱིར་རོ། །དེས་ན་བྱེ་སྨྲས། དབྱིབས་དེ་མངོན་སུམ་གྱིས་འཛིན་པ་མིན་ཏེ། རེག་བྱ་འཇམ་པ་སོགས་དང་ལྷན་ཅིག་སྤྱོད་པས་དྲན་པའི་ཕྱིར། དཔེར་ན་མེའི་ཚ་བ་དང་། མེ་ཏོག་གི་དྲི་ལས་ཁ་དོག་དྲན་པ་བཞིན་ནོ་ཞེས་ཟེར་རོ། །སློབ་དཔོན་གྱིས། དཔེ་དོན་མི་མཚུངས་ཏེ། མེ་ཚ་བ་ལ་མི་འཁྲུལ་བ་སོགས་གཟུགས་ལས་རེག་བྱ་དཔག་པ་ལྟ་བུ་གཞན་དྲན་པར་རིགས་ཀྱང་། རེག་བྱ་འཇམ་རྩུབ་སོགས་ལས་དབྱིབས་དཔག་ 3-1-7a མི་ནུས་པའི་ཕྱིར། ཁྱབ་པ་ཡོད་དེ། རེག་བྱ་དང་དབྱིབས་གཉིས་ལྷན་ཅིག་སྤྱོད་པའི་འབྲེལ་པ་མེད་པའི་ཕྱིར། ལྷན་ཅིག་སྤྱོད་པའི་འབྲེལ་བ་མེད་བཞིན་དུ་རེག་བྱས་དབྱིབས་དྲན་པར་འགྱུར་ན་ཁ་དོག་ཀྱང་དྲན་པར་མཚུངས་པར་ཐལ་ལོ། །རེག་བྱ་ལས་ ཁ་དོག་མི་ངེས་ན། རེག་བྱ་ལས་དབྱིབས་ངེས་པའང་མི་རིགས་ཏེ་མཚུངས་པའི་ཕྱིར་རོ། །གཞན་ཡང་དབྱིབས་རྫས་སུ་ཡོད་ན་ཆོས་ཅན། ཟ་འོག་ལྟ་བུའི་དབྱིབས་རིང་པོའི་གཞི་གཅིག་ཏུ་གྲུ་བཞི་ཟླུམ་པོ་སོགས་དབྱིབས་བྲན་དུ་མ་འོང་བར་མི་རིགས་པར་ཐལ། ཁ་དོག་རྫས་སུ་ཡོད་ པས་སེར་པོའི་གོ་རང་དུ་དཀར་པོ་སོགས་མི་འོང་བ་བཞིན་མཚུངས་པའི་ཕྱིར། འདོད་མི་ནུས་པས་དབྱིབས་རྫས་སུ་མེད་དོ། །གང་ཐོགས་བཅས་ཀྱི་གཟུགས་ཅི་ཡོད་པ་ནི། འདུས་པའི་རྡུལ་ཕྲ་རབ་ལ་ཡོད་པ་ཡིན་ན། རིང་པོ་ལ་སོགས་པའི་དབྱིབས་དེ་ཆོས་ཅན། ཐོགས་བཅས་ཀྱི་ གཟུགས་རྫས་ཡོད་མ་ཡིན་ཏེ། དེ་རྡུལ་ཕྲ་རབ་ལ་མེད་པའི་ཕྱིར་ཏེ། རྡུལ་ཕྲ་རབ་ནི་ཆ་ཤས་མེད་པའི་ཕྱིར། དེས་ན་མང་པོ་ཕྱོགས་ཀྱི་སྒོར་གནས་པ་ཁོ་ན་ལ་རིང་པོ་ཞེས་འདོགས་ཏེ་བུམ་པ་དང་སྣམ་བུ་བཞིན་ནོ། །འོན་ཏེ་ཕྱོགས་ཀྱི་སྒོར་གནས་པ་ལ་རིང་པོར་འདོགས་པ་དེ་ནི་དབྱིབས་ ཀྱི་རྡུལ་ཕྲ་རབ་བོ་ཞེ་ན། མི་འཐད་དེ། དབྱིབས་ཀྱི་རྡུལ་ཕྲ་རབ་མ་གྲུབ་པའི་ཕྱིར། ཕྱོགས་འཛིན་ཙམ་མོ། །ཡང་ན་དབྱིབས་ཀྱི་རྡུལ་ཕྲ་རབ་ཡོད་ན་ཆོས་ཅན། བསགས་རུང་བར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། ཁ་དོག་གི་རྡུལ་ཕྲ་རབ་བསགས་པ་བཞིན་འདོད་ན་ནི་ ལྟ་ག་ལ་ཞིག་པས་བསལ་ལོ། །འོ་ན་ཁ་དོག་ལས་དབྱིབས་རྫས་གཞན་མེད་ན་ཁམ་པའི་སྣོད་ཁ་དོག་འདྲ་བར་འདུག་བཞིན་དུ་སྣོད་བུམ་པ་དང་། ཕྲུ་བ་དང་། ཁམ་གཞོང་སོགས་དབྱིབས་ཐ་དད་པ་སྣང་བས། དབྱིབས་རྫས་ལོག་པ་ཡིན་ནོ་སྙམ་ན། ཁ་དོག་རིགས་གཅིག་ཀྱང་ 3-1-7b ཁ་དོག་གི་རྫས་ཐ་དད་ཡིན་པས། ཁ་དོག་གི་རྫས་ཐ་དད་ལ་དབྱིབས་ཐ་དད་དུ་བརྟགས་པ་ཡིན་ཏེ། ཁ་དོག་གི་རྫས་རང་གཅིག་ལ་དབྱིབས་ཐ་དད་བྱུང་ན་རྟ་ཁ་དོག་གཅིག་ཀྱང་། དབྱིབས་ཐ་དད་པས་དབྱིབས་རྫས་སུ་ཡོད་པ་བྱར་རུང་བ་ལ་ཁ་དོག་གི་རྫས་རང་ཐ་དད་པའི་ཕྱིར། དེས་ན་སྣོད་བུམ་པ་དང་ཕྲུ་བ་སོགས་ཕྱོགས་གཅིག་གི་སྒོར་བྱུང་བ་སོགས་ལ་རིང་པོའི་དབྱིབས་སུ་བྱུང་ཞེས་སོགས་གོང་དུ་བཤད་པ་ཡིན་གྱི། དཔེར་ན་གྲོག་མོར་རིས་གཅིག་པ་མ་བསྐོར་བ་ལ་རིང་པོ་དང་། བསྐོར་བ་ལ་ཟླུམ་པོར་འདོགས་པ་ལྟར་དབྱིབས་ཀྱང་དེ་བཞིན་ནོ། །འོ་ན་མུན་ཁུང་ དང་ཐག་རིང་བ་ན་སྡོང་དུམ་ལ་སོགས་པ་ཡོད་པ་ཆོས་ཅན། ཁ་དོག་མ་མཐོང་བར་དབྱིབས་མི་མཐོང་བར་ཐལ། ཁ་དོག་ལས་དབྱིབས་རྫས་ལོགས་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། དངོས་སུ་བསལ་ལོ་ཞེས་པ་ནི་རང་ཉིད་བློ་གྲོས་རྩིང་བ་ཡིན་ཏེ། ཕྱོགས་འདི་ལ་ནི་འདོད་ པའི་ཕྱིར། དབྱིབས་མི་གསལ་བ་མཐོང་ཚོད་དུ་ཁ་དོག་གདགས་གཞི་ཡང་མི་གསལ་བར་མཐོང་སྟེ། གདགས་གཞི་ཁ་དོག་མི་གསལ་བར་མཐོང་ཚོད་དུ་བཏགས་པ་དབྱིབས་ཀྱང་མི་གསལ་བར་མཐོང་བའི་ཕྱིར། བྱའམ་གྲོག་མོ་མི་གསལ་བ་དུ་མ་སྦྲེངས་པ་ལ་ཕྲེང་བར་རྟོག་པ་ དང་། གླང་པོ་ཆེ་ལ་སོགས་དང་དཔུང་བུ་ཆུང་མི་གསལ་བར་མཐོང་བ་ལ་དམག་བསྐྱིལ་བར་རྟོག་པ་དང་འདྲའོ། །དབྱིབས་ངེས་པར་མ་ཟིན་ན་ནི་ཁ་དོག་ཀྱང་ངེས་པར་མི་ཟིན་ཏེ། སྔོན་པོ་སོགས་ཁ་དོག་གི་ཚོགས་ཙམ་དང་མི་གསལ་བར་སྣང་བའི་ཕྱིར། བྱེ་སྨྲས། ཁྱེད་མདོ་སྡེ་པ་ རྣམས་ཀྱིས་གནས་མ་བུ་པའི་ལུས་ཀྱི་འགྲོ་བ་དང་བྱེ་བྲག་ཏུ་སྨྲ་བའི་དབྱིབས་ཀྱང་ཁས་མི་ལེན་ན། དབྱིབས་བཏགས་པ་ཙམ་དུ་ཟད་པའི་ཕྱིར། ལུས་ཀྱི་རྣམ་རིག་གི་ལས་སུ་ཇི་ལྟར་འདོགས་ཞེ་ན། མདོ་སྡེ་པའི་ལན་ནི། དབྱིབས་ལ་རིག་བྱེད་དུ་འདོགས་ལ། དབྱིབས་ཀྱང་ཁ་དོག་ 3-1-8a ལ་བརྟགས་པས། ཉིད་བརྟགས་གཅིག་རིག་བྱེད་དུ་བརྗོད་པས་རྫས་སུ་ནི་མ་ཡིན་ནོ། །དབྱིབས་རྫས་ལོག་པ་ཞིག་རིག་བྱེད་མིན་ན། འོ་ན་ཁ་དོག་ནི་ཅོག་གེ་སྡོད་པ་ལ་ཡང་ཡོད་ཙམ་ན་དེ་ཡང་རིག་བྱེད་མ་ཡིན་པས། དབྱིབས་རྫས་གྲུབ་ཅིག་ཡོད་དམ་སྙམ་ ན། ཁ་དོག་མི་འགྲོ་བ་ལས་འགྲོ་བའི་གནས་སྐབས་དེ་རིག་བྱེད་ཡིན་པས། །ལུས་ལ་བརྟེན་པ་ནི་ལུས་ལ་དམིགས་པའི་སེམས་དཔའ་ཡིན་ཏེ། སེམས་པ་གང་ཞིག་གིས་ལུས་འཇུག་པར་འགྱུར་བའི་སེམས་པ་དེ་ལུས་ལ་བརྟེན་པའི་ལས་ཡིན་ཏེ་དངོས་སུ་སེམས་པ་ ཡིན། ངག་གི་ངོ་བོ་ཡིན་པས་ངག་གི་ལས་མི་ཟེར། གང་ལ་བརྟེན་པའི་ལས་ནི་ངག་གི་ལས་ཏེ། ངག་ལ་དམིགས་པའི་སེམས་པ་དེས་ངག་འཇུག་པར་བྱེད་པ་སྟེ་དངོས་སུ་སེམས་པ་ཡིན། དངོས་སུ་སེམས་པ་ཡིན་ཀྱང་ཡིད་དང་མཚུངས་པར་ལྡན་པའི་ལས་ལ་ཡིད་ཀྱི་ལས་སོ། །བྱེ་བྲག་ཏུ་སྨྲ་བས་ནི། ལུས་ལ་བརྟེན་པ་ལུས་ཀྱི་ལས། ངག་གི་ངོ་བོ་ཡིན་པ་ངག་གི་ལས། ཡིད་ཀྱི་ཀུན་ནས་སློང་བས་ཡིད་ཀྱི་ལས་བྱ་བར་འདོད། དེའང་ལུས་ངག་གི་ལས་དགེ་མི་དགེར་དངོས་སུ་འདོད། མདོ་སེམས་ཀྱིས་ནི། རྒྱུ་མིང་འབྲས་བུ་ལ་བཏགས་པར་འདོད་དོ། །ད་དུང་མདོ་སྡེ་པའི་རང་ ལུགས་ལ་རྩོད་པ་སྤོང་བ་ནི། ཐམས་ཅད་སེམས་པའི་ལས་ཡིན་ན། ཆེད་དུ་བྱ་བའི་མདོ་ལས། ལས་གང་ཞེ་ན། སེམས་པ་དང་བསམ་པའོ། །ཞེས་གསུངས་པ་དང་འགལ་སྙམ་ན། མི་འགལ་ཏེ། དང་པོ་རྒྱུའི་ཀུན་སློང་ལ་སེམས་པའི་ལས་འཇོག །གཉིས་པ་དུས་ཀྱི་ཀུན་སློང་ ལ་བསམ་པའི་ལས་སུ་བཞག་པའི་ཕྱིར་རོ། །དེ་ལ་བྱེ་སྨྲས་རྒོལ་བ་ནི། འདོད་པ་ན་སྤྱོད་པའི་སྡོམ་པ་དང་སྡོམ་མིན་རྫས་ལས་བྱུང་བའི་བསོད་ནམས་འཕེལ་བར་བྱེད་པའི་རིག་བྱེད་མིན་པ་རྣམས་ཆོས་ཅན། མེད་པར་ཐལ། དེའི་རྒྱུའམ་ཁྱབ་བྱེད་རྣམ་པར་རིག་བྱེད་མེད་པའི་ཕྱིར་ཞེས་ཟེར་རོ། ། 3-1-8b ཆོས་ཅན་འདོད་པ་ན་སྤྱོད་པ་སྨོས་པ་ནི། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་རིག་བྱེད་ལ་མ་རག་པ་ལ་བསམ་པའོ། །དེ་ལ་མདོ་སྡེ་པས་ལན་བཏབ་པ་ནི། དབྱིབས་ཀྱི་རིག་བྱེད་རྫས་སུ་མ་གྲུབ་པ་བཞིན་དུ་ཁྱོད་འདོད་པའི་རིག་བྱེད་མིན་པ་དེ་ལྟ་བུའང་མེད་པར་འདོད་ལ། ཡང་ན་ནི་ རྟགས་ཁྱབ་མ་གྲུབ་སྟེ། ང་འདོད་པའི་རིག་བྱེད་ནི། ལུས་ངག་ལ་དམིགས་པའི་སེམས་པའི་ཁྱད་པར་གྱི་རྒྱུད་ལ་སེམས་པ་ས་བོན་དང་བཅས་པའི་ནུས་པ་བཞག་ནས་སེམས་པ་ས་བོན་དང་བཅས་པའི་རིག་བྱེད་མ་ཡིན་པ་འབྱུང་ངོ་། །འོ་ན་འདོད་པའི་རིག་བྱེད་མིན་པ་ཡང་སེམས་ཀྱི་རྗེས་སུ་ འབྲང་བར་ཐལ། ཁམས་གོང་འོག་གི་རིག་བྱེད་མ་ཡིན་པ་དེ་རིག་བྱེད་མ་ཡིན་པར་འདྲ་བས་གོང་མའི་རིག་བྱེད་མ་ཡིན་པ་སེམས་ཀྱི་རྗེས་སུ་འབྲང་བ་བཞིན་འདིར་ཡང་འཐད་པའི་ཕྱིར། འདོད་མི་ནུས་ཏེ། གཡེངས་དང་སེམས་པ་མེད་པ་ཡིས་ཀྱང་ཟེར་བས་གནོད་སྙམ་ན། མ་ཁྱབ་སྟེ། མཉམ་ པར་མ་བཞག་པའི་རིག་བྱེད་ཀྱིས་མཉམ་པར་མ་བཞག་པའི་རིག་བྱེད་མིན་པ་འཕངས་པས་སེམས་ཀྱི་རྗེས་སུ་མི་འཇུག་པའི་ཕྱིར་ལུང་འགལ་མེད་དོ། །དེ་ཡང་འདོད་པའི་ལུས་ངག་ལ་དམིགས་པའི་སེམས་པ་རིག་བྱེད་དེ་སྟོབས་ཆེ་བས། དེས་འཕངས་པའི་རིག་བྱེད་མ་ཡིན་པ་གཡེང་བ་ ལ་སོགས་པའི་དུས་སུ་འབྱུང་བ་མི་སྟོ་སྟེ། སེམས་མེད་པའི་རྗེས་སུ་བྱེད་དོ། །མཉམ་གཞག་གི་རིག་བྱེད་སེམས་པ་སྟོབས་ཆུང་བས་མཉམ་གཞག་གི་རིག་བྱེད་མ་ཡིན་པ་སེམས་ཀྱི་རྗེས་སུ་འབྲང་ངོ་། །བྱེ་བྲག་ཏུ་སྨྲ་བ་ཁྱོད་བཞིན་དུ་རྣམ་པར་རིག་བྱེད་ཀྱི་བེམས་པོ་ཡོད་ནའང་ཆོས་ཅན། སེམས་པའི་སྟོབས་མེད་པར་དེ་ཁོ་ནས་རིག་བྱེད་མིན་པ་བསྐྱེད་མི་ནུས་ཏེ། ཡང་དག་པར་ལེན་པའི་སེམས་པ་མེད་ན། རིག་བྱེད་མིན་པ་རྣམ་པ་མི་གསལ་བ་བླུན་པའི་ཕྱིར་རོ། །གནས་ཚུལ་དེ་ལྟར་ཡིན་ཀྱང་མཇུག་སྡུད་ནི་བྱེ་སྨྲའི་ལུགས་ལྟར་དབྱིབས་རྫས་སུ་བརྗོད་དོ། །གཉིས་པ་ངག་གི་རིག་ 3-1-9a བྱེད་ནི། ངག་རྣམས་རིག་བྱེད་ནི་ངག་སྒྲ། །ངག་གི་རྣམ་པར་རིག་བྱེད་ནི་ཆོས་ཅན། ངག་གི་རང་བཞིན་ཡི་གེའི་སྒྲ་ཡིན་ཏེ། ཁྱུ་མཆོག་གམ་མེ་སྒྲ་སོགས་མ་ཡིན་པའི་ཕྱིར། རིག་བྱེད་མིན་པ་ནི། རྣམ་པར་གཡེངས་སེམས་མེད་པའི་ཡང་ཞེས་པར་བཤད་དོ། །མདོ་སྡེ་པ་ནི། རིག་བྱེད་མིན་པ་ རྫས་སུ་མེད་དེ། དུས་འདི་ནས་བཟུང་ནས་འདི་སྲིད་དུ་སྤོང་ཞེས་ཁས་བླངས་ནས་ཕྱིན་ཆད་མི་བྱེད་པ་ཙམ་ལ་རིག་བྱེད་མ་ཡིན་པར་བརྟགས་པ་ཙམ་གྱི་ཕྱིར་དང་། འདས་པའི་འབྱུང་བ་ལ་བརྟེན་ནས་འདོགས་ཀྱང་། འདས་པའི་འབྱུང་བ་ངོ་བོ་མེད་པའི་ཕྱིར་དང་། འདས་པའི་འབྱུང་བ་ ད་ལྟར་བྱུང་བ་ལྟ་བུའི་རང་གི་ངོ་བོ་མེད་པ་འདི་ནི་མཛོད་ཀྱི་གནས་ལྔ་པ་ལས་ཀྱང་བསྟན་ཏོ། །གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་ཡིན་པ་ལ་རིག་བྱེད་མིན་པ་ནི་ཐོགས་པ་མེད་པས་འདི་ལ་མེད་པའི་ཕྱིར་རོ། །ནི་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་བྱ་བ་ཡིན་ཏེ། ཇི་ལྟར་ལུས་ཀྱི་རྣམ་པར་ རིག་བྱེད། དབྱིབས་ཀྱི་བདག་ཉིད་ཡིན་པ་ལྟར་ངག་གི་རྣམ་པར་རིག་བྱེད་ནི་དེ་ལྟར་མ་ཡིན་ནོ། །འོ་ན་ཇི་ལྟ་བུའོ་ཞེས་འདྲི་ནས། ངེས་པར་བཟུང་བའི་དོན་ཏོ། །གཉིས་པ་རིག་བྱེད་མིན་པ་ལ། རྫས་སུ་ཡོད་པའི་སྒྲུབ་བྱེད། ཁྱད་ཆོས་རྣམ་པར་བཞག་པའོ། །དང་པོ་ནི། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །བྱེ་བྲག་ཏུ་ སྨྲ་བས། རིག་བྱེད་མིན་པའི་གཟུགས་ནི་རྫས་སུ་ཡོད་དོ་ཞེས་ཟེར་ལ། དེའི་སྒྲུབ་བྱེད་ཀྱང་། མདོར། གནས་གསུམ་གྱི་གཟུགས་ཀྱིས་རིག་བྱེད་མིན་པའི་གཟུགས་སོ། །གཟུགས་དང་རྣམ་ཤེས་ཀྱི་བར་འདས་མ་འོངས་ད་ལྟར་བྱུང་བ་གང་ལ་རྗེས་ཆགས་དང་ཁོང་ཁྲོ་མི་སྐྱེ་བ་འདི་དག་ ནི་ཟག་མེད་ཀྱི་ཆོས་རྣམས་ཞེས་བྱའོ། །ཞེས་གཟུགས་ཟག་མེད་དམ་དྲི་མེད་གསུངས་པའི་ཕྱིར་དང་། དེ་ཡང་ཟག་མེད་ཀྱི་ཕུང་ལྔ་གསུངས་པས། རིག་བྱེད་མིན་པའི་ཕྱོགས་གཅིག་ཟག་མེད་ཀྱི་སྡོམ་པ་གཟུགས་ཅན་པ་ཡོད་དེ། བརྒྱ་ལ་དེ་མེད་ན་ཟག་པ་མེད་པའི་གཟུགས་ཀྱིས་ཅི་བྱེད་ 3-1-9b དེ། ལམ་གྱི་བདེན་པ་ལ་སྙོམས་པར་ཞུགས་པའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ཡིན་པར་ནི་རིགས་པ་མ་ཡིན་པའི་ཕྱིར། ཡང་མདོ་ལས། སངས་རྒྱས་ཡུལ་ཀཽ་ཤམ་བི་ན། དབྱངས་ལེན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་སྐུལ་བྱེད་ཀྱི་སངས་རྒྱས་ ཀྱི་དྲུང་ག་ལ་བ་དེར་སོང་ནས་མགོ་བོས་ཕྱག་འཚལ་ཏེ། སངས་རྒྱས་ལ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། རྫས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་འབྲས་བུ་ཕན་ཡོན་ཆེ་བ། གཟི་བརྗིད་ཆེ་བ། གདགས་པ་མཆིས་ལགས་སམ། སངས་རྒྱས་ ཀྱིས་སྐུལ་བྱེད་ལ་ཡོད་དོ། །སྐུལ་བྱེད་བདུན་པོ་འདི་དག་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ནས་རྒྱ་ཆེ་བའི་བར་དག་ཡིན་ཏེ། དེ་དག་དང་ལྡན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྒྱུ་ཡང་རུང་། ཉལ་ཀྱང་རུང་། འདུག་ཀྱང་རུང་། འགྲོ་ཡང་རུང་ སྟེ་རྒྱུན་མི་འཆད་པར་བསོད་ནམས་འཕེལ་བར་འགྱུར་རོ། །བདུན་གང་ཞེ་ན། སྐུལ་བྱེད་འདི་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བར་བྱེད་དེ། དེ་ལྟར་བྱས་ན་ཉལ་ཀྱང་རུང་མི་ཉལ་ཀྱང་རུང་། གྲོང་དུ་རྒྱུ་ཡང་རུང་མི་རྒྱུ་ཡང་རུང་། འདི་ནི་རྫས་ལས་བྱུང་བ་དང་པོའོ། །དེ་ག་བཞིན་གཙུག་ལག་ཁང་བཞེངས་པ། སྟན་ནང་ཚངས་ཅན་དང་། ལྭ་བའི་སྔས་སྟན་གོར་འབུལ་བ། ནར་མར་ཆོས་སྟོན་འདྲེན་པ། འགྲོན་པོ་གློ་བུར་དུ་འོངས་བ་ལ་སྦྱིན་པ། ནད་པ་དང་ནད་གཡོག་ལ་ཟས་དང་སྨན་སྦྱིན་པ། ལྷགས་པ་དང་ ཆར་སྐྱོབ་པ་སྟེ། ལྷགས་པས་ཉེན་པ་དང་། ཆར་གྱི་གཤེར་བར་བཞུགས་ཤིག་ཟེར་ནས་ཆར་སྐྱོབ་ན་བསོད་ནམས་འདི་ལ་འདི་ཙམ་བྱ་བ་ཚད་བཟུང་དུ་མེད་དེ། ཞེས་སོགས་གསུངས་པས། རྫས་ལས་བྱུང་བའི་དངོས་པོ་བདུན་དང་ལྡན་པ་ཡིད་གཞན་དང་ལྡན་ཀྱང་བསོད་ནམས་འཕེལ་བར་གསུངས་པ་དང་། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་ 3-1-10a བྱ་བའི་དངོས་པོ་བདུན་ཀྱང་དེ་འདྲ་བར་བསོད་ནམས་འཕེལ་བར་གསུངས་པ་ནི། སྐུལ་བྱེད་ཀྱིས་སངས་རྒྱས་ལ། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་ཡོད་དམ་ཞེས་ཞུས་པ་ལས། ཡོད་དོ་གསུངས། སྐུལ་བྱེད་བདུན་པོ་འདི་དག་ནི། རྫས་ལས་ བྱུང་བ་མ་ཡིན་པའི་བསོད་ནམས་ཏེ། སངས་རྒྱས་གྲོང་ཁྱེར་ཆེ་གེ་མོ་ཞིག་ན་བཞུགས་པ་ཐོས་ནས་དད་པ་དང་དགའ་བ་རྒྱ་ཆེ་བས་ངེས་པར་འབྱུང་བ་དང་གཅིག །བདག་གི་དྲུང་དུ་གཤེགས་པ་རྩོམ་པ་ཐོས་པ་དང་། ལམ་དུ་ཞུགས་པ་ཐོས་པ། གྲོང་དུ་འབྱོན་པ་ཐོས་པ། སངས་རྒྱས་ མཐོང་བ། ཆོས་ཐོས་པ། དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གནས་འཛིན་པར་བྱེད་པ་སྟེ་བདུན་ནོ། །དད་པ་དང་། དགའ་བ་དང་། རབ་ཏུ་དགའ་བ་མཆོག་ཏུ་འབྱུང་བ་དང་། རྒྱུ་ཡང་རུང་། གཉིད་ལོག་གམ་ཉལ་བ་སོགས་ནི་རེ་རེ་ལའང་སྦྱར་རོ། །དེ་ལྟར་ གསུངས་པ་ནི་རྣམ་རིག་མེད་པའི་གཟུགས་མེད་ན་ཆོས་ཅན། མི་དགེ་བ་དང་ལུང་མ་བསྟན་ནམ་གཡེང་བ་དང་གཉིད་ལོག་པའི་དུས་སུའང་མི་འཕེལ་བར་ཐལ། རྣམ་རིག་མིན་པའི་གཟུགས་མེད་པའི་ཕྱིར་ཞེས་སོ། །འདོད་མི་ནུས་པས་ཡོད་རིགས་སོ། །ཡང་རང་གིས་མ་བྱས་ལ་ གཞན་བྱེད་དུ་བཅུག་པའི་ལས་ལམ་འགྲུབ་པ་མི་འགྱུར་ཏེ། རིག་བྱེད་མིན་པའི་གཟུགས་མེད་པའི་ཕྱིར་རོ། །མ་བྱས་པའི་ལས་ལམ་རིག་བྱེད་མིན་གཟུགས་ཡོད་པའི་དབང་ལས་འཇོག་གི། དེ་ལྟར་མིན་ན་བསྒོ་བ་ཙམ་ནི་ལས་ལམ་དུ་མི་རུང་སྟེ། སྲོག་གཅོད་སོགས་ལས་དེ་མ་ བྱས་པའི་ཕྱིར། བསྒོ་བྱ་དེས་བྱས་ཀྱང་སྒོ་བྱེད་ཀྱི་རང་ངོས་ནས་བསྒོ་བྱས་སྔར་ལས་ལམ་མ་བྱས་དུས་དང་། རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་བསྒོ་བྱས་བསྒོས་ནས་སྒོ་བྱེད་ཀྱི་སྦྱོར་བ་མཐར་ཐུག་པ་ན། བསྒོ་བྱས་ལས་ལམ་དུ་གྱུར་པའི་རིག་བྱེད་མིན་གཟུགས་སྐྱེས་ 3-1-10b པའོ། །སོགས་ཕྱིར་ཞེས་པ་ནི། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡོད་དེ། མེད་ན་བཅོམ་ལྡན་འདས་ཀྱིས་ཆོས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པའི་གཟུགས་ཅན་མ་ཡིན་པའོ་ཞེས་གསུང་འོས་པ་ལས། མ་གསུངས་པར་བཅོམ་ལྡན་འདས་ ཀྱིས། དགེ་སློང་ཆོས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་མེད་ཐོགས་པ་མེད་པའོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་རིག་བྱེད་མེད་པའི་གཟུགས་མེད་ན་ཆོས་ཅན། འཕགས་པའི་ལམ་དུ་ཡན་ལག་བརྒྱད་པར་ཡང་མི་འགྱུར་ཏེ། སྙོམས་པར་ཞུགས་པ་ལ་རྫུན་ལ་སོགས་པ་སྤོང་བའི་ངག་དང་། སྲོག་གཅོད་ལ་སོགས་པ་སྤོང་བའི་ལས་ཀྱི་མཐའ་དང་། ངག་དང་ལས་ཀྱི་མཐའ་དང་། མཚུངས་ལྡན་གྱིས་མ་ཆགས་པའི་འཚོ་བ་རྣམས་མི་རུང་བའི་ཕྱིར། དེ་ལ་གཞན་དག་འཕགས་ལམ་ན་རིག་བྱེད་མིན་ པའི་གཟུགས་དག་སོགས་གསུམ་པོ་དེ་ཡོད་པ་མིན་ཏེ། ལུང་ལས། དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེའི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་ རྫོགས་པར་འགྱུར་རོ། །ཞེས་པས། འདིར་ལྔ་གསུངས་པ་བཞིན་གསུམ་གསུང་བར་རིགས་པ་ལས་མ་གསུངས་པའི་ཕྱིར་ཤེས་ཤིང་མཐོང་བའི་སྐབས་ན་རིག་མིན་གྱི་གཟུགས་མེད་དོ། །འདིའི་དག་ལས་འཚོ་བ་གསུམ་ནི། ལམ་ལ་སྙོམས་པར་འཇུག་པའི་དུས་ཀྱི་སྔོན་ རོལ་ཏུ་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བ་ཡིན་ནོ་ཞེས་གསུངས་པས་ཀྱང་འཕགས་ལམ་ན་དེར་གྱུར་གྱི་རིག་བྱེད་མིན་པའི་གཟུགས་མེད་དོ་ཟེར་རོ། །ལུང་སྔ་མ་དྲངས་པ་དེའི་དུས་སུ་གསུམ་པོ་དེ་མ་གསུངས་པ་ནི། དེའི་དུས་སུ་མེད་ནས་མ་གསུངས་པ་མིན། དེའི་དུས་སུ་ 3-1-11a ཡོད་ཀྱང་སྔར་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བར་བྱ་བའི་དུས་སུ་ཡོད་པ་ལ་དགོངས་ནས་ཕྱིས་མ་གསུངས་པ་ཡིན་ལ། ལུང་ཕྱི་མ་ནི། འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བའི་གནས་སྐབས་ཀྱི་ངག་ལ་སོགས་པའི་ངོ་བོ་ ཉིད་ཀྱི་རིག་བྱེད་ཀྱིས་གཟུགས་ལ་དགོངས་ནས་གསུངས་པ་ཡིན་གྱི། ལམ་གྱི་ཚེ་ན་ལམ་དེས་བསྡུས་པའི་ངག་ལ་སོགས་པའི་རྣམ་པར་རིག་བྱེད་མིན་པའི་གཟུགས་མེད་པའི་ཕྱིར་ནི་མ་ཡིན་ནོ། །རྣམ་པར་རིག་བྱེད་མིན་པའི་གཟུགས་མེད་ན་ཆོས་ཅན། ཡང་དག་པར་བླངས་པའི་ འོག་ཏུ་སོ་སོར་ཐར་པའི་སྡོམ་པ་དང་། དགེ་སློང་ཕ་མ་ལ་སོགས་པ་ལ་ཡང་མེད་པར་ཐལ། སྡོམ་པ་རིག་བྱེད་མིན་པ་ནི་སེམས་པ་ཡིན་པ་གང་ཞིག །སེམས་པ་གཡེངས་པ་དང་གཉིད་ལོག་པ་ལྟ་བུ་ཡིད་གཞན་དང་ལྡན་པའི་དུས་སུ་མེད་པའི་ཕྱིར། ཞེས་རིགས་པར་བསྒྲུབས་ ནས། ལུང་གི་སྒྲུབ་པ་ནི། སོ་ཐར་གྱི་སྡོམ་པ་ཆུ་ལོན་དུ་གསུངས་པ་ཆོས་ཅན། རིག་བྱེད་མིན་པའི་གཟུགས་ཡོད་ན་དེ་ལ་འཐད་ཀྱི། དེ་མེད་ན་གསུངས་པ་མི་འཐད་དེ། ཇི་སྐད་དུ། སྤོང་བ་ལ་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་གེགས་བྱེད་པའི་ཆུ་ལོན་ནོ། །ཞེས་གསུངས་པའི་ ཕྱིར་གྲུབ་བོ་ཟེར་རོ། །ལུང་གི་རིག་མིན་གྱི་གཟུགས་སྒྲུབ་པ་འདི་ལ། མདོ་སྡེ་པ་ན་རེ། ལུང་འདི་རིག་བྱེད་མིན་པའི་གཟུགས་ལ་དགོངས་པ་མིན་ཏེ། ལུང་གི་དོན་ནི་སྤྱིར་དོན་སྣ་ཚོགས་པ་མང་པོ་ལ་འཇུག་པའི་ཕྱིར། ཞེས་ཟེར་རོ། །ལུང་དོན་སྣ་ཚོགས་པར་ཇི་ལྟར་འགྱུར་ན། གཟུགས་ གསུམ་གསུང་བའི་གསུམ་པ་བསྟན་མེད་ཐོགས་མེད་ཀྱི་གཟུགས་ལ། རྣལ་འབྱོར་སྤྱོད་པ་པ་ནི། བསྟན་མེད་ཐོགས་མེད་ཀྱི་གཟུགས་གསུངས་པ་ཆོས་ཅན། རྣམ་རིག་མིན་པའི་གཟུགས་ལ་དགོངས་པ་མིན་ཏེ། མི་སྡུག་པའི་ཏིང་ངེ་འཛིན་གྱི་མཐུས། དེའི་ཡུལ་ཀེང་རུས་ཀྱི་གཟུགས་སུ་སྐྱེས་ 3-1-11b པ་ལྟ་བུ་ཡིན་པའི་ཕྱིར། དེ་བསྟན་མེད་ཡིན་ཏེ་དབང་པོའི་ཡུལ་མ་ཡིན་པའི་ཕྱིར། ཐོགས་མེད་ཡིན་ཏེ་ཡུལ་ལ་མི་སྒྲིབ་པའི་ཕྱིར། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་དེ་ཆོས་ཅན། དེ་བསྟན་མེད་ཐོགས་མེད་ཡིན་ཀྱང་གཟུགས་སུ་འཇོག་པ་སྟེ། ཆ་དང་བཅས་ཤིང་ཕྱོགས་དང་བཅས་ པ་ཡིན་པའི་ཕྱིར། ཏིང་ངེ་འཛིན་གྱི་ཡུལ་གྱི་གཟུགས་དེ་གཟུགས་མ་ཡིན་ན་ནི་རིག་བྱེད་མིན་པའི་གཟུགས་ཀྱང་གཟུགས་མ་ཡིན་པར་མཚུངས་སོ། །ཡང་ཟག་མེད་ཀྱི་གཟུགས་གསུངས་པ་ཡང་ཟག་མེད་ཀྱི་སྡོམ་པ་རིག་བྱེད་མིན་པ་ལ་མ་དགོངས། འཕགས་པ་རྣལ་འབྱོར་ལ་སྤྱོད་པའི་ལམ་ མངོན་དུ་བྱེད་པ་ན་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་མཐུ་ལས་སྐྱེས་པའི་ཟག་པ་མེད་པའི་གཟུགས་སུ་འདོད་དེ། ཡང་དག་པའི་ལྟ་བ་ལ་མཉམ་པར་བཞག་པས་ཟག་མེད་ཀྱི་ཚུལ་ཁྲིམས་ཐོབ་པའི་ཕྱིར། ཞེས་ལུང་དོན་གཞན་དུ་འདྲེན་ནོ། །དེ་ལ་མདོ་སྡེ་བ་དཔེ་སྟོན་པ་ན་རེ། ཟག་མེད་ ཀྱི་གཟུགས་གསུང་བའི་དགོངས་པ་ནི་ཆོས་ཅན། དེ་ལྟར་མ་ཡིན་ཏེ། དགྲ་བཅོམ་པའི་ནང་མིག་གི་སྐྱེ་མཆེད་ཀྱི་གཟུགས་དང་། ཕྱི་རྩིག་པ་སོགས་ཟག་པའི་རྟེན་མ་ཡིན་པའི་ཕྱིར། ཟག་མེད་ཀྱི་གཟུགས་ནི་དེ་ལ་དགོངས་སོ་ཞེས་ཟེར་རོ། །འོ་ན་ནི་དཔེ་སྟོན་པའི་ལུགས་དེ་ཆོས་ཅན། མདོ་དང་འགལ་ཏེ། མདོ་ལས། ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། མིག་ཇི་སྙེད་པ་དང་། གཟུགས་ཇི་སྙེད་པ་དག་ཡིན་ནོ་ཞེས་ཁྱད་མེད་པར་བསྟན་པའི་ཕྱིར། དཔེ་སྟོན་པའི་ལན་ནི། དེ་ཐམས་ཅད་ཁྱད་མེད་དུ་ཟག་བཅས་སུ་གསུངས་པ་ཆོས་ཅན། དགོངས་པ་གཞན་ ཡིན་ཏེ། ཟག་པའི་གཉེན་པོ་མ་ཡིན་པ་ལ་དགོངས་པའི་ཕྱིར་དང་། ཟག་པའི་གཉེན་པོ་ནི་སེམས་དང་སེམས་བྱུང་གི་ཁྱད་པར་ཡིན་པའི་ཕྱིར། ཞེས་ཟེར་རོ། །འོ་ན་དགྲ་བཅོམ་པའི་གཟུགས་སོགས་ཆོས་ཅན། ཟག་བཅས་ཟག་མེད་གཉིས་ཀ་ཡིན་པར་ཐལ། ཟག་པའི་གཉེན་པོ་མ་ 3-1-12a ཡིན་པར་ཟག་བཅས་དང་། ཟག་པའི་རྟེན་མ་ཡིན་པས་ཟག་མེད་ཡིན་པའི་ཕྱིར། འདོད་ན། གཟུགས་ཀྱི་མཚན་གཞི་གཅིག་ལ་ཆོས་ཅན། མི་མཐུན་པའི་མཚན་ཉིད་གཉིས་ཕན་ཚུན་འཆོལ་བར་མཚན་ཉིད་དུ་སོང་བར་ཐལ། གཞི་གཅིག་པོ་དེ་ལ་མཚན་ཉིད་ གཉིས་ཀ་ཡོད་པའི་ཕྱིར་རོ། །ཞེས་བརྗོད་དོ། །དེ་ལ་དཔེ་སྟོན་པའི་ལན་ནི། མཚན་ཉིད་འཆོལ་བར་མི་འགྱུར་ཏེ། ཟག་པའི་གཉེན་པོ་མ་ཡིན་པའི་ལྡོག་པ་ནས་ཟག་བཅས་ཁོ་ན་དང་། ཟག་པའི་རྟེན་མ་ཡིན་པའི་ལྡོག་པ་ནས་ཟག་མེད་ཁོ་ན་ཡིན་པའི་ཕྱིར། ཡང་གཟུགས་སོགས་ཆོས་ཅན། མཐའ་གཅིག་ཏུ་ཟག་བཅས་མ་ཡིན་ཏེ། ཡིན་ན་ཁྱད་པར་དུ་འབྱེད་མི་དགོས་པར་གཟུགས་ནི་སེམས་ཀྱི་ཐ་བ་དང་སྦགས་པའི་གཞི་ཡིན་ཅེས་བརྗོད་རིགས་པར་ཐལ་བ་ལས། དེ་སྐད་དུ་མ་གསུངས་པའི་ཕྱིར་ཏེ། མདོ་ལས། གཟུགས་ཟག་པ་དང་བཅས་པ་ཉེ་བར་ལེན་པར་འགྱུར་བ་གང་དག་ ཡིན་པ་དེ་དག་ནི་སེམས་ཀྱི་ཐ་བ་དང་སྦགས་པའི་གཞི་ཡིན་ནོ། །ཞེས་ཁྱད་ཕྱེས་ཏེ་གསུངས་པའི་ཕྱིར་རོ། ། བསོད་ནམས་མངོན་པར་འཕེལ་བར་གསུངས་པའི་དགོངས་པ་ཡང་། སྔོན་གྱི་སློབ་དཔོན་དག་ན་རེ། རྫས་ལས་བྱུང་བའི་བསོད་ནམས་གསུངས་པ་དེ་ཡང་རིག་བྱེད་མ་ཡིན་པའི་གཟུགས་ ལ་དགོངས་པ་མིན། སྦྱིན་པར་བྱ་བའི་ཡུལ་ཁྱད་པར་ཅན་དང་། ཕན་བཏགས་པའི་ཁྱད་པར་དང་། རང་གི་སེམས་དད་པ་ཁྱད་པར་ཅན་གྱི་བག་ཆགས་བཞག་པའི་སྟོབས་བསྐྱེད་པས། བསོད་ནམས་ཚད་མེད་རྒྱུན་ཆགས་སུ་འབྱུང་བ་ལ་དགོངས་ཏེ། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པ་ལེན་པ་ པོ་རྣམས་ཀྱིས་སྤྱད་པ་ན། ལེན་པ་པོ་ལ་བསམ་གཏན་དང་ཚད་མེད་སོགས་ཡོན་ཏན་གྱི་ཁྱད་པར་དང་། ལུས་དང་ཁ་དོག་དང་སྟོབས་སོགས་ཀྱི་ཕན་བཏགས་པའི་ཁྱད་པར་གྱིས། སྦྱིན་པ་པོ་གཡེང་བ་དང་མི་དགེ་བ་དང་ལུང་མ་བསྟན་གྱི་ཡིད་གཞན་དང་ལྡན་པ་ནའང་། ཚེ་ཕྱི་མ་ལ་འབྲས་ 3-1-12b བུ་ཆེས་མང་བ་འགྲུབ་ནུས་པ་ནི། ལེན་པ་པོ་ཁྱད་པར་ཅན་ལ་དམིགས་པའི་སྦྱིན་པའི་སེམས་པས་བསྒོས་པའི་རྒྱུད་ཀྱི་འགྱུར་བ་འབྲས་བུ་རྒྱ་ཆེན་པོ་འགྲུབ་ཀྱང་། རྟོགས་དཀའ་བའི་ཁྱད་པར་ཕྲ་མོ་ཐོབ་པ་འདི་ནི་མི་གསལ་བས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཐུགས་སུ་ཆུད་དེ། འདི་ནི་འདིའི་ ཆོས་ཉིད་དུ་གསུངས་པས། བསོད་ནམས་འཕེལ་ཞེས་བྱ་བ་ནི་འདི་ལ་དགོངས་ཏེ་གསུངས་སྲིད་དོ་ཞེས་སྟོན་པར་བྱེད་དོ། །དེ་ལ་ཞིང་ས་ཁྱད་པར་ཅན་གྱི་རྒྱུད་གཞན་གྱི་ཁྱད་པར་གྱིས། གཡེང་སོགས་ཀྱི་ཡིད་གཞན་དང་ལྡན་པའི་སྦྱིན་པོ་ལ་འབྲས་བུ་མང་པོ་འགྲུབ་པའི་རྒྱུད་གཞན་ཡོངས་ སུ་འགྱུར་བ་མི་འཐད་པར་ཐལ། རྒྱུད་གཞན་གྱི་ཁྱད་པར་གྱིས་རྒྱུད་གཞན་ཁྱད་པར་དུ་མི་འགྱུར་བའི་ཕྱིར་སྙམ་ན། མ་གྲུབ་སྟེ། འདི་གྲུབ་ན་རྒྱུད་གཞན་གྱི་ཁྱད་པར་གྱིས་རྒྱུད་གཞན་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཁྱད་པར་ཡང་མི་འགྲུབ་པར་མཚུངས་པའི་ཕྱིར་རོ། །ཡང་རྫས་ལས་ བྱུང་བ་ལ་ལྟ་གཞན་ལ་ཕན་བཏགས་ཡོད་པས་རྒྱུད་འགྱུར་བའི་ཁྱད་པར་འབྱུང་སྲིད་དུ་ཆུག་ཀྱང་། རྫས་ལས་བྱུང་བ་མ་ཡིན་པའི་བུདྡྷ་བཞུགས་པ་ལ། དང་བ་སོགས་ལས་ཕྱི་མ་ལ་འབྲས་བུ་མང་པོ་འགྲུབ་པར་མི་འགྱུར་སྙམ་ན། ཕན་བཏགས་པ་མེད་ཀྱང་དེ་པ་དང་ཉན་ཐོས་ལ་རྨི་ལམ་ན་ ཡང་དང་བ་གོམས་པས་འབྲས་བུ་རྒྱ་ཆེན་པོ་འབྱུང་ན་མངོན་སུམ་དུ་སངས་རྒྱས་ལ་དང་བ་གོམས་པས་འབྲས་བུ་རྒྱ་ཆེན་པོ་འབྱུང་བ་ཡིན་ནོ། །རྣམ་པར་རིག་མིན་གྱི་གཟུགས་ཁས་ལེན་པའི་བྱེ་སྨྲས་ནི། བུདྡྷ་ལ་དང་བ་སོགས་རྫས་ལས་བྱུང་བ་མ་ཡིན་པ་ལ་རྣམ་རིག་མིན་པའི་གཟུགས་བསྐྱེད་ པ་མི་འཐད་དེ། རིག་མིན་རྒྱུ་ལ་རག་ཙམ་ན། རྒྱུ་རིག་བྱེད་མེད་པས་འབྲས་བུ་རིག་མིན་མི་འོང་བའི་ཕྱིར་སྙམ་པ་ལ། རིག་བྱེད་མིན་པ་རྫས་སུ་སྨྲ་བ་གཞན་དག་ན་རེ། རྫས་ལས་བྱུང་བ་དང་རྫས་ལས་བྱུང་བ་མ་ཡིན་པ་གཉིས་ཀ་ལ་སེམས་པ་ཡང་ཡང་གོམས་པས་འབྲས་བུ་མང་པོ་འཕེལ། 3-1-13a གཉིས་ཀ་འབྲས་བུ་མང་པོ་འཕེལ་བའི་རྒྱུ་མཚན་ནི་སེམས་པ་གོམས་པ་དེ་ཐུན་མོང་གི་ཆོས་ཡིན་པའི་ཕྱིར་ནའོ་ཞེས་ཟེར་རོ། །རྩོད་ལན་འདིའི་འབྲེལ་ལ་དཔྱད་ན། རིག་མིན་གྱི་གཟུགས་རིག་བྱེད་ལ་རག་མི་དགོས་པའི་ཁྱབ་པ་འཆའ་བའམ། ཡང་ན་རིག་མིན་རྫས་སུ་ སྨྲའང་གཟུགས་སུ་མི་སྨྲ་བ་ཞིག་ཡིན། བརྟགས་དགོས་སོ། །འོ་ན་ཞིང་བཟང་ངན་མེད། ཕན་བཏགས་མ་བཏགས་མེད་པར་རང་གི་དད་པའི་སེམས་གོམས་པ་ཁོ་ནས་འབྲས་བུ་དཔག་མེད་འབྱུང་ན་མདོ་དང་འགལ་ཏེ། དཀོན་བརྩེགས་ཀྱི་རིན་པོ་ཆེའི་ཕུང་པོའི་མདོ་ལས། དྲག་ཤུལ་ཅན། དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་དང་ལྡན་པས་གང་གི་བསོད་སྙོམས་ཡོངས་སུ་ཟོས་ནས་སེམས་ཀྱི་ཏིང་ངེ་འཛིན་ལུས་ཀྱིས་མངོན་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་ན། དེའི་གཞི་ལས་སྦྱིན་བདག་གི་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་ བའི་གཞི་ཚད་མེད་པ་རེ་བར་བྱའོ། །ཞེས་གསུངས་པའི་ཕྱིར། ལེན་པོས་ཆོས་སྤྱོད་མང་པོ་མ་བྱས་པར་ཉལ་ནས་བསྡད་པ་དང་། ལེན་པོས་ཆོས་སྤྱོད་མང་པོ་བྱེད་པ་ལ་སྦྱིན་པ་གཉིས་འབྲས་བུ་མཉམ་པར་ཐལ་བ་ལ། འདོད་ན། མདོ་འདིས་བཀག་འདུག་གོ། དེས་ན་མདོ་འདི་ལྟར་ནའང་། བསོད་ནམས་འཕེལ་བ་ལ་རིག་མིན་གྱི་གཟུགས་མེད་ཅིང་། སྦྱིན་པ་པོའི་སེམས་དད་པ་ཆེ་ཆུང་ལ་མ་བལྟོས་པར་གཏོང་པའི་ཡོན་གནས་མཆོག་དམན་གྱིས་གཏོང་པོ་ལའང་བསོད་ནམས་ཀྱི་འབྲས་བུ་ཆེ་ཆུང་འབྱུང་བར་བཤད་པའི་ཕྱིར། གཏོང་ཡུལ་གྱི་རྒྱུད་ཀྱི་འགྱུར་བས་གཏོང་པོའི་རྒྱུད་ཡོངས་ སུ་འགྱུར་བའི་ཁྱད་པར་ནི་རིགས་པས་གྲུབ་བོ། །ཡང་བསྐུལ་བའི་དུས་ན་སྐུལ་མཁན་ལ་སེམས་པ་ཡོད་ཀྱང་བསད་པ་མེད། ཕྱིས་བསད་པའི་དུས་ན་བདག་ལ་སེམས་པ་མེད་པས། རིག་བྱེད་མིན་པའི་གཟུགས་མེད་ན་ལས་ཀྱི་ལམ་མེད་པར་ཐལ་བ་ལས། ཡོད་དགོས་པས་དེ་ནི་རིག 3-1-13b བྱེད་མ་ཡིན་པའི་གཟུགས་སོ་ཞེས་སྨྲ་བ་ལ་ཡང་སྙིང་པོ་མ་མཐོང་སྟེ། སྐུལ་མཁན་དེས་བསྐུལ་ནས་སྐུལ་པོས་གཞན་ལ་གནོད་པའི་བྱེ་བྲག་གིས་སྐུལ་མཁན་གྱི་རྒྱུད་ཡོངས་འགྱུར་གྱིས་འབྲས་བུ་རྒྱ་ཆེན་པོ་འབྱུང་ཡང་རྟོགས་དཀའ་བའི་ཁྱད་པར་ཕྲ་མོ་འགྲུབ་ནུས་པའི་རྒྱུད་སྐྱེ་བ་ཡིན་ནོ། ། རང་གི་གསོད་པ་རང་ལ་ཡང་དངོས་གཞི་མ་གྲུབ་ན་སྦྱོར་པའི་སྡིག་པ་ལས་མེད། དངོས་གཞི་ཡོངས་སུ་རྫོགས་ན་དངོས་གཞིའི་སྡིག་པ་ཡོད་ལ། སྐུལ་མཁན་གྱི་སོང་བས་སྐུལ་པོས་གནོད་པ་བྱས་པའི་ཁྱད་པར་ལས། སྐུལ་མཁན་གྱི་འདོད་པའི་འབྲས་བུ་མང་པོ་འགྲུབ་པའི་ནུས་པ་རྒྱུད་ ཡོངས་སུ་འགྱུར་བའི་འབྲས་བུ་འདི་ནི། རྒྱུ་ལས་ཀྱི་ལམ་ཞེས་བྱ་སྟེ། འབྲས་བུ་མང་པོ་སྒྲུབ་པའི་ནུས་པ་ལ་རྒྱུ་ལས་ལམ་དུ་བཏགས་པའི་ཕྱིར་རོ། །ལུས་ངག་ལས་ཀྱི་ལམ་དུ་འཇོག་པ་དེ་ཡང་རྒྱུ་སེམས་པ་ལས་ཀྱི་ལམ་ཡིན་ཙམ་ན། རྒྱུ་མིང་འབྲས་བུ་ལ་འདོགས་པའོ། །དཔེར་ན། བྱེ་བྲག་སྨྲ་བས། རྣམ་པར་རིག་བྱེད་མ་ཡིན་པ་ནི་ལས་ཀྱི་ལམ་ཞེས་བྱ་སྟེ། འབྲས་བུ་རྒྱུར་བཏགས་པའི་ཕྱིར། ཞེས་བརྗོད་པ་བཞིན་ནོ། །གནས་བརྟན་བཙུན་པ་ན་རེ། རིག་མིན་གྱི་གཟུགས་མེད་ཀྱང་མ་བྱས་པའི་ལས་ནི་ཡོད་དེ། ཟིན་པའི་ཕུང་པོ་ངག་ལ་མ་འོངས་པའི་དུས་སུ་གསད་ པར་བྱའོ། །ད་ལྟར་གསོད་དོ། །འདས་པའི་དུས་སུ་བསད་དོ་ཞེས་དུས་གསུམ་དུ་སེམས་པས་གསོད་པོ་ལ་སྲོག་གཅོད་པའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་ཟེར་རོ། །སློབ་དཔོན་གྱིས། བཙུན་པའི་ལུགས་འདི་ལ་མི་རིགས་པ་དང་རིགས་པའི་ཆ་གཉིས་ཡོད་པ་ལས། དང་པོ་ནི། བདག་ གི་མ་སོད་ཅིག་པར་བསྐུལ་ནས་མ་གསོད་པ་ན། དེ་མ་འོངས་པའི་དུས་སུ་བསད་པར་བྱའོ་སྙམ་ནས། མི་དེས་སྲོག་ཆགས་གཞན་ཞིག་གསོད་པའི་དུས་སུ་ང་ད་ལྟར་མ་གསོད་དོ་སྙམ། མི་དེས་སྲོག་ཆགས་གཞན་ཞིག་བསད་ཟིན་ཙམ་ན་ངས་མ་གསོད་སྙམ་པའི་སེམས་པ་གསུམ་ 3-1-14a སྐྱེས་ཀྱང་དོན་ལ་མ་མ་བསད་པས་མཚམས་མེད་ཀྱི་ལས་ལམ་མི་འབྱུང་བ་ཡིན་ནོ། །གཉིས་པ་ནི། ལས་ཀྱི་ལམ་དུ་འགྱུར་བ་ལ་བདག་ཉིད་ཀྱིས་སྐུལ་བ་བཞིན་དུ་མི་དེས་མ་བསད་པ་ནི་སེམས་པ་གསུམ་ཚང་དགོས་པ་འདི་རིགས་ཏེ། སྦྱོར་དངོས་རྗེས་ གསུམ་གྱི་ལས་ལམ་རྫོགས་དགོས་པའི་ཕྱིར་རོ། །དེ་ནི་རིག་བྱེད་མ་ཡིན་པའི་གཟུགས་རྟོགས་དཀའ་བ་བཞིན་མི་མངོན་པར་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཀྱང་རྟོགས་དཀའ་ན། རྟོགས་དཀའ་བ་ལ་ཁྱད་མེད་བཞིན་དུ་རྣམ་རིག་མིན་གཟུགས་ཀྱི་ཕྱོགས་ལ་ཞེ་སྡང་བའི་རྒྱུ་ མཚན་གང་ཞེ་ན། རྒྱུད་ཡོངས་འགྱུར་གྱི་ཕྱོགས་བཟུང་ནས་རིག་མིན་གྱི་གཟུགས་ལ་སྡང་བ་མེད་མོད། འོན་ཀྱང་སེམས་སྔོན་དུ་འགྲོ་བའི་ལུས་ཀྱི་སྦྱོར་བས་ལས་ལམ་དངོས་གཞི་གྲུབ་ནས། ད་དུང་དེས་མ་ཚིམ་པར་ལུས་སེམས་ཀྱི་སྦྱོར་བ་དེ་ལས་ཐ་དད་པའི་རིགས་བྱེད་མིན་ གཟུགས་སྐྱེའོ་ཞེས་པ་ལ་ནི་དགའ་བ་ཅི་ཡང་མ་སྐྱེས་སོ། །ལུས་ངག་གི་ལས་བྱས་པའི་སྦྱོར་བ་ལས་དངོས་གཞི་གྲུབ་པ་ཁོ་ན་ལ་སྦྱོར་བ་དེའི་རྒྱུ་ཅན་གྱི་འབྲས་བུའི་རྒྱུད་ཡོངས་སུ་འགྱུར་བ་འབྱུང་ངོ་། །ཞེས་འདི་ལ་ནི་ཁོ་བོ་ཅག་དགའ་བར་འགྱུར་ཏེ། སེམས་དང་སེམས་ལས་བྱུང་ བའི་རྒྱུད་ལས་ཚེ་ཕྱི་མ་ལ་འབྲས་བུ་འབྱུང་བའི་ཕྱིར་དང་། རིག་མིན་གྱི་གཟུགས་ལས་འབྲས་བུ་འབྱུང་ན་ཤི་འཕོས་པས་བཏང་ཙ་ན་རྒྱུ་མེད་པས་འབྲས་བུ་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །འདི་ནི་གོང་དུའང་བཤད་ཟིན་ཏོ། །ཆོས་ཀྱི་སྐྱེ་མཆེད་གཟུགས་ཅན་མ་ཡིན་པར་མ་གསུངས་པས་རིག་ མིན་གྱི་གཟུགས་སུ་ཡོད་དམ་སྙམ་པ་ནི་མིན་ཏེ། བསམ་གཏན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཐུས་ཏིང་ངེ་འཛིན་གྱི་གཟུགས་འབྱུང་བ་དེ་བསྟན་མེད་ཐོགས་མེད་ཀྱི་གཟུགས་ཡིན། དེ་ཆོས་ཀྱི་སྐྱེ་མཆེད་དུ་ཡང་གཏོགས་པའོ། །རིག་མིན་གྱི་གཟུགས་མེད་ན་འཕགས་ལམ་ཡན་ 3-1-14b ལག་བརྒྱད་པར་མི་འགྱུར་ཞེས་སྨྲ་བ་ནི། དེ་ལྟར་ན་སྙོམས་པར་ཞུགས་པ་ན་ཡང་དག་པའི་ངག་སོགས་ཡོད་པར་ཁྱོད་སྨྲོས་ཤིག །ཁོ་ན་རེ། དེའི་དུས་ངག་སྨྲ་བ་དང་། ཆོས་ཀྱི་ལས་སོགས་བྱེད་པར་སྨྲ་བ་ནི་མ་ཡིན། འོ་ན་ཇི་ལྟར་ཞེ་ན། སྲོག་གཅོད་སོགས་དང་འགལ་བ་སྤོང་ བ་ལ་ཆུ་ལོན་ལྟ་བུའི་རྣམ་རིག་མིན་པ་ཟག་མེད་ཐོབ་པའི་ཕྱིར། སྙོམས་འཇུག་ལས་ལངས་ན་ཡང་ལོག་པའི་ངག་སོགས་ལ་མི་འཇུག་ཅིང་། ཡང་དག་པའི་ངག་སོགས་ལ་འཇུག་པར་འགྱུར་བ་དེའི་ཕྱིར་རྒྱུ་མཚན་རིག་བྱེད་མིན་པ་ལ་རྒྱུ་མཚན་ཡང་དག་པའི་ངག་སོགས་ཉེ་བར་བཏགས་ནས་ རིག་བྱེད་མིན་པ་ལ་ཡང་དག་པའི་ངག་སོགས་སུ་བཤད་དོ། །དེ་ལྟར་ན་གོ། རིག་མིན་མེད་བཞིན་དུ་སྲོག་གཅོད་སོགས་སྤོང་བའི་བསམ་པ་དང་། བསམ་པ་དང་མཐུན་པའི་ལུས་རྟེན་ཐོབ་པའི་ཕྱིར། །སྙོམས་འཇུག་ལས་ལངས་ན་ཡང་ལོག་པའི་ངག་སོགས་ལ་མི་འཇུག་ཅིང་། ཡང་ དག་པའི་ངག་སོགས་ལ་འཇུག་པར་འགྱུར་བ་དེའི་ཕྱིར། རྒྱུ་མཚན་བསམ་པའམ་ལུས་ལ་རྒྱུ་མཚན་ཅན་ཡང་དག་པའི་ངག་སོགས་བཏགས་ནས་ལམ་གྱི་ཡན་ལག་བརྒྱད་བཞག་པར་ཅིས་མི་བཟུང་། གཞན་དག་ན་རེ། ལོག་པའི་ངག་སོགས་མི་བྱེད་ཙམ་ཆོས་ཅན། འཕགས་ ལམ་གྱི་ཡན་ལག་ཡིན་ཏེ། འཕགས་ལམ་གྱི་མཐུས་ངེས་པར་མི་བྱེད་པ་ཐོབ་པའི་ཕྱིར། ལམ་གྱི་ཡན་ལག་ཏུ་གྱུར་པའི་ལོག་པའི་ངག་སོགས་མི་བྱེད་པ་ཙམ་ཆོས་ཅན། ཟག་པ་མེད་པ་ཡིན་ཏེ། ཟག་མེད་ལམ་ལ་བརྟེན་ནས་ཐོབ་པའི་ཕྱིར། ལོག་པའི་ངག་སོགས་མི་བྱེད་པ་ཙམ་ རྫས་ཡོད་མིན་པ་ཆོས་ཅན། ལམ་གྱི་ཡན་ལག་ཏུ་མི་འཇོག་པ་མིན་ཏེ། འཇིག་རྟེན་ཆོས་བརྒྱད་ཀྱི་ཡན་ལག་མ་རྙེད་པའང་རྫས་སུ་མེད་བཞིན་དེའི་ཡན་ལག་འཇོག་པ་དང་འདིར་ཡང་མཚུངས་པའི་ཕྱིར་ཞེས་ཟེར་རོ། །རིག་བྱེད་མིན་གཟུགས་མེད་ན་སོ་ཐར་གྱི་སྡོམ་པ་མེད་པའི་ཁྱབ་པ་ 3-1-15a མ་གྲུབ་པར་བསྟན་པ་ནི། དགེ་སློང་ལྟ་བུའི་རྒྱུད་ལ་ཆོས་ཅན་རིག་མིན་མེད་ཀྱང་། སོ་ཐར་གྱི་སྡོམ་པ་ཡོད་དེ། སེམས་པ་གང་གིས་ཚུལ་ཁྲིམས་ནོད་པའི་ཆོ་ག་སྔོན་དུ་བཏང་ནས་ཁས་བླངས་ཏེ་ལུས་དང་ངག་སྡོམ་པར་བྱེད་པའི་ཕྱིར་རོ། །འོ་ན་སེམས་གཞན་ དང་ལྡན་པ་ན་ཆོས་ཅན། སྡོམ་པ་མེད་པར་ཐལ། སེམས་པ་སྡོམ་པ་ཡིན་པ་གང་ཞིག །སེམས་པ་མེད་པའི་ཕྱིར་ཞེ་ན། རྟགས་ཕྱི་མ་མ་གྲུབ་སྟེ། སེམས་དང་སེམས་བྱུང་གི་རྒྱུན་གོམས་པས་ཉེས་པ་སྤྱོད་ཉེ་བ་ན་བདག་སྲོག་གཅོད་སྤོང་བ་ཡིན་ནོ་སྙམ་པའི་སེམས་གང་གིས་ལུས་ངག་ སྡོམ་བྱེད་མངོན་དུ་འགྱུར་བའི་ཕྱིར་རོ། །རིག་བྱེད་མིན་པ་མེད་ཀྱང་སྡོམ་པ་ཆུ་ལོན་གྱི་ངོ་བོ་ཡིན་ཏེ། ངོ་ཚ་ཤེས་པས་མི་བྱ་བར་དམ་བཅས་པ་ཡང་དག་པར་དྲན་ནས་འཆལ་བའི་ཚུལ་ཁྲིམས་མི་བྱེད་པའི་ཕྱིར། ཁྱབ་སྟེ། དམ་བཅས་པའི་སྡོམ་པ་ནི། འཆལ་ཚུལ་འགོག་པའི་ཆུ་ལོན་ཁོ་ནའི་ ཆེད་དུ་བླང་བའི་ཕྱིར་རོ། །རིག་བྱེད་མིན་གཟུགས་ཁོ་ནས་འཆལ་ཚུལ་གྱི་ཆུ་ལོན་བྱེད་ན་ཆོས་ཅན། བརྗེད་ངས་འགས་ཀྱང་ཚུལ་ཁྲིམས་མི་འདྲལ་བར་ཐལ། བརྗེད་ངས་དེ་རིག་མིན་གྱི་གཟུགས་ཉམས་བྱེད་མ་ཡིན་ཅིང་། རིག་མིན་གྱི་གཟུགས་ནི་དེའི་དུས་སུ་ཆུ་ལོན་དུ་ཡོད་པའི་ཕྱིར་ རོ། །མདོ་སྡེ་པའི་རིགས་པའི་མཇུག་བསྡུ་བ་ནི། རྒྱས་པར་ནི་བརྗོད་མི་དགོས་སོ་ཞེས་བསྟན་ཏོ། །གོང་དུ་བྱེ་སྨྲའི་ལུགས་མི་འཐད་པར་བསྟན་ཀྱང་ཁོའི་ལུགས་སུ་བཤད་པ་ཡིན་པས། འཐད་པར་བྱས་ནས་མཇུག་བསྡུ་བ་ནི། བསྟན་མེད་ཐོགས་མེད་ཀྱི་གཟུགས་ཡོད་དོ་ཞེས་གསུངས་ པ་ནི་དངོས་པོའི་ཆོས་ཉིད་ལ་ཞུགས་པ་སྟེ། དེ་བས་གསུངས་པའི་ཕྱིར། ཆོས་ཐམས་ཅད་བདག་མེད་པར་གསུངས་པ་བཞིན་རུས་གོང་ལ་སོགས་པར་གཟུགས་བརྙན་གྱི་གཟུགས་སམ་རྒྱུད་འགྱུར་བའི་ཁྱད་པར་ནི། དགེ་སློང་ལ་སོགས་པར་རྣམ་པར་བཞག་པའི་རྒྱུ་མ་ཡིན་ཏེ། 3-1-15b འཁྲུལ་པའི་ཕྱིར། རིག་བྱེད་མིན་གཟུགས་རྫས་གཞན་ཁོ་ནར་ཡོད་དོ་ཞེས་ཟེར་རོ། །དེའི་རྒྱུ་འབྱུང་ཆེན་བཞི་ཡིན་ནོ་ཞེས་བཤད་ན། དེས་རིག་བྱེད་མིན་གཟུགས་ཁོ་ན་བསྐྱེད་དམ། གཞན་རིག་བྱེད་ཀྱང་བསྐྱེད་ཅེ་ན། སྲོག་གཅོད་སྤོང་བའི་འབྱུང་བ་བཞི་ཚན་དེས་མ་བྱིན་པར་ལེན་ པའི་སྤོང་བ་མི་བསྐྱེད་དེ། སྤོང་བ་བདུན་སྤོང་བའི་འབྱུང་བ་གཞན་དང་གཞན་པ་བཞི་ཚན་བདུན་གྱིས་སོ་སོར་བསྐྱེད་དགོས་པའི་ཕྱིར་ན། འབྱུང་བ་བཞི་ཚན་གཅིག་གིས་རིག་བྱེད་དང་རིག་བྱེད་མིན་པ་གཉིས་མི་བསྐྱེད་དེ། འབྱུང་བའི་ཚོགས་པ་གཅིག་གིས་རིག་མིན་ཕྲ་བ་དང་རིག་ བྱེད་རགས་པའི་འབྲས་བུ་འགལ་བ་གཉིས་མི་བསྐྱེད་པའི་ཕྱིར། ཡང་རིག་བྱེད་མིན་པ་ཡོད་པའི་འབྱུང་ཆེན་རྒྱུར་བྱས་ནས་འབྱུང་ངམ་ཞེ་ན། རྒྱུར་བྱས་པའི་གཟུགས་རིག་བྱེད་དང་། རིག་བྱེད་མིན་པ་དང་། བསམ་གཏན་དང་ཟག་མེད་ཀྱིས་བསྡུས་པ་དང་། མིག་རྣ་གཟུགས་སྒྲ་ སོགས་ཐམས་ཅད་དེ་ལྟ་བུ་ཡིན་ཏེ། དུས་མཉམ་གྱི་འབྱུང་བ་ཆེན་པོ་ཁོ་ན་རྒྱུར་བྱས་ནས་འབྱུང་བའི་ཕྱིར། ཕལ་ཆེར་སྨོས་པས་འདོད་པའི་རིག་མིན་ཅུང་ཟད་ཅིག་བསལ་ཏོ། །སྨྲས་པ། སྔོན་ཚེ་བསྐལ་མང་གོང་ནས་ཐུབ་མཆོག་གི། བསྟན་པ་བདུད་རྩིའི་རོ་བཅུད་ཟབ་མོ་ གང་། །ལེགས་པར་མྱོང་ནས་སྙིགས་མའི་དུས་འདིར་ཡང་། །བདེ་གཤེགས་གསུང་རབ་རྒྱ་མཚོའི་དགོངས་པ་ལ། །གནས་ཚུལ་ཇི་བཞིན་འགྲེལ་ལ་དབང་ཐོབ་པ། །འདི་ཡང་མཉམ་མེད་ཀརྨ་ཀཾ་ཚང་གི། རྟོགས་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་ཡིན། །མཚུངས་མེད་ རྣམ་དཔྱོད་བཟང་པོའི་ལེགས་བྱས་འདི། །སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པར་འབུལ། །ཀརྨ་བཀའ་བརྒྱུད་རྣམས་ལ་མཆོད་པར་འབུལ། །འདི་དོན་ལེགས་པར་ཤེས་ནས་འཆད་བྱེད་པའི། །བསྟན་འཛིན་ཀུན་གྱི་རྒྱུད་ལ་བདག་ཉིད་ཀྱི། །བྱང་ཆུབ་སེམས་མཆོག་ནུས་པ་ 3-1-16a བླ་མེད་པས། །བདག་གཞན་བརྗེ་བའི་ལྷག་བསམ་འཁྲུང་བར་ཤོག །གཉིས་པ་ཁྱད་ཆོས་རྣམ་པར་བཞག་པ་ལ། རྒྱུའི་ཁྱད་པར། སའི། ངོ་བོའི། རྒྱུའི་ཁྱད་པར་གཞན་བསྟན་པའོ། །དང་པོ་ལ། སྐད་ཅིག་དང་པོ་དང་། དེ་ཕྱིན་ཆད་ཀྱི་རྒྱུ་ ཡི་ཁྱད་པར་རོ། །དང་པོ་ནི། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །རྒྱུར་བྱས་པའི་གཟུགས་ད་ལྟར་དང་མ་འོངས་པ་ཅུང་ཟད་ཅིག་འདས་པའི་འབྱུང་བ་ལས་སྐྱེས་ཏེ། འདོད་པར་གཏོགས་པའི་རྣམ་རིག་མིན་པ་སྐད་ཅིག་དང་པོ་སྡོམ་པ་ནོད་སོགས་ཀྱི་ཚེ། གཞིའི་འབྱུང་བ་དང་རྟེན་གྱི་འབྱུང་བ་གཉིས་ཀ་ལྷན་ཅིག་སྐྱེ་ བའི་འབྱུང་བ་ད་ལྟ་བ་ཡིན་ལ། གཉིས་པ་ནི། ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ། །ཕྱིན་ཆད་གཞིའི་འབྱུང་བ་འདས་པའི་འབྱུང་བ་དང་རྟེན་གྱི་འབྱུང་བ་ད་ལྟ་བ་ལས་སྐྱེའོ། །འདས་པའི་འབྱུང་བ་མེད་པོ་དག་ནི་ཆོས་ཅན། གཞིའི་དོན་དུ་འགྱུར་ཏེ། འཇུག་པའི་རྒྱུ་ཡིན་ཅིང་འཕེན་པའི་རྒྱུ་ཡིན་པའི་ཕྱིར། ད་ལྟར་ གྱི་འབྱུང་ཆེན་དག་ནི་ཆོས་ཅན། རྟེན་གྱི་དོན་དུ་འགྱུར་ཏེ། འཇུག་པའི་རྒྱུ་ཡིན་ཅིང་། རྟེན་པར་བྱེད་པ་ཡིན་པའི་ཕྱིར། དཔེར་ན་འཁོར་ལོ་ས་ལ་འདྲིལ་བ་ལ་ལག་པས་འཕུལ་བ་ལྟ་བུ་ནི་འཇུག་པའི་རྒྱུ་ཡིན་ཅིང་། སའི་ཕྱོགས་གཟར་པོ་ལྟ་བུ་ནི་རྗེས་སུ་འཇུག་པའི་རྒྱུ་ཡིན་ནོ། །གཉིས་པ་ སའི་ཁྱད་པར་ལ། ཟག་བཅས་དང་། ཟག་མེད་ཀྱི་སའི་ཁྱད་པར་རོ། །དང་པོ་ནི། ཟག་བཅས་ལུས་དང་ངག་གི་ལས། །རང་གི་འབྱུང་བ་དག་རྒྱུར་བྱས། །ས་གང་གི་འབྱུང་བ་རྒྱུར་བྱས་ཞེ་ན། འདོད་པའི་ཁམས་ནས་བསམ་གཏན་བཞི་པའི་སའི་བར་གྱི་ཟག་བཅས་ལུས་དང་ངག་གི་ལས་ཀྱི་རིག་རིག་མིན་གྱི་གཟུགས་ནི་རང་གི་འབྱུང་བ་དག་རྒྱུར་ བྱས་པ་ཡིན་ནོ། །དེ་ཡང་འདོད་གཏོགས་ཀྱི་རྣམ་རིག་མིན་པའི་སྡོམ་པ་སོགས་ནི་འདོད་པའི་སས་བསྡུས་ཀྱིས་བསྐྱེད་ཀྱང་། ཁྱད་པར་འདི་ཤེས་དགོས་ཏེ། འདོད་པའི་རྟེན་ཅན་ཞིག་གིས་བསམ་གཏན་དང་པོའི་ཏིང་ངེ་འཛིན་བསྐྱེད་ན། ཏིང་ངེ་འཛིན་དེས་བསམ་གཏན་དང་པོའི་འབྱུང་ 3-1-16b བ་བསྐྱེད་ལ། འབྱུང་བ་དེས་ལུས་ངག་གི་ལས་བསྐྱེད་དོ། །རྟེན་འདོད་པ་དེས་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་ཐོབ་ན་ཡང་དེ་དང་འདྲ་སྟེ། བཞི་པ་མན་ཆད་དེ་བཞིན་དུ་སྦྱར་རོ། །འབྱུང་བ་དང་ལུས་ངག་ས་ལྔ་པ་ཡིན་པའི་ཕྱིར། བཞི་པ་ཡན་ཆད་ན་འབྱུང་བ་དང་འབྱུང་ འགྱུར་ལུས་ངག་གི་ལས་དང་བཅས་པ་མེད་དོ། །རྗེ་བླ་མ་ཀརྨ་ཕྲིན་ལས་པ་ཆེན་པོའི་ཊཱི་ཀར། གཟུགས་མེད་ན་ལུས་ངག་གི་ལས་མེད་ཅིང་རང་སའི་འབྱུང་བ་ལས་སྐྱེ་བའི་འབྲས་གཟུགས་ཡིན་པས་སོ་ཞེས་སྤར་དུ་བརྐོས་པ་ནི། སྤྱིར་གཟུགས་མེད་ཀྱི་འཇིག་རྟེན་གྱི་ཁམས་ན་ གཟུགས་ཡོད་ཀྱང་། གཟུགས་མེད་པའི་སེམས་ཅན་ལ་ལུས་སེམས་ཀྱི་ཟླས་ཕྱེ་བའི་ལུས་གཟུགས་སུ་མེད་ཀྱང་དེའི་རིག་མིན་གྱི་གཟུགས་ཡོད་པར་ཞལ་གྱིས་བཞེས་པ་ཡིན་ནམ་སྙམ་དུ་སེམས་སོ། །འདོད་པའི་རྟེན་ལ་བསམ་གཏན་དང་པོ་ཐོབ་ན་བསམ་གཏན་དང་པོའི་ནུས་པས་ གཟུགས་ཀྱི་ས་པའི་འབྱུང་བ་འདོད་པས་སྤྱོད་པའི་ཁམས་ན་འདྲེན་པ་ན། འདོད་པས་སྤྱོད་པའི་འབྱུང་བའི་གོ་ས་ན་ནི་འདྲེན་པར་མི་རུང་སྟེ། གཅིག་གོ་གཅིག་གིས་འགེགས་པའི་ཕྱིར། འོན་ཀྱང་བར་སྟོངས་ཀྱི་ནམ་མཁའ་ཡོད་པས་འདྲེན་མི་ཐུབ་པ་ནི་མ་ཡིན་ནོ། །གཉིས་པ་ནི། ཟག་མེད་གང་དུ་སྐྱེས་པའི་ཡིན། ། རྟེན་གང་དུ་སྐྱེས་པ་དེའི་འབྱུང་བ་ཡང་དེའི་རྒྱུར་བྱས་པ་ཡིན་ཏེ། རྟེན་འདོད་པའི་ཁམས་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་ཞིག་ཡིན་ན་འབྱུང་བ་ཆེན་པོ་ཡང་འདོད་ཁམས་ཀྱི་འབྱུང་བ་ལས་སྐྱེས་པ་ཡིན་ནོ། །རྟེན་བསམ་གཏན་དང་པོའི་ཟག་མེད་ཀྱི་སྡོམ་པ་ཡིན་ན་འབྱུང་བ་ཆེན་པོ་ ཡང་བསམ་གཏན་དང་པོ་པས་སོ། །ཟག་པ་མེད་པ་ལ་འབྱུང་བ་མེད་པས་དང་། ཟག་མེད་ཀྱི་ལུས་ངག་གི་ལས་ནི་ཁམས་སུ་མ་གཏོགས་པའི་ཕྱིར། ཟག་པ་མེད་པའི་འབྱུང་བ་རྒྱུར་བྱེད་པ་ནི་མ་ཡིན་ལ། འོ་ན་སེམས་ཀྱི་སྟོབས་ཀྱིས་ཅིའི་ཕྱིར་མི་སྐྱེ་སྙམ་ན། རྒྱུར་བྱས་པའི་ 3-1-17a གཟུགས་མ་ཡིན་པར་ཐལ་བར་འགྱུར་བས། ཟག་མེད་ཀྱི་གཟུགས་གང་ལ་བརྟེན་པའི་ས་པའི་འབྱུང་བའི་སྟོབས་ལས་སྐྱེ་བའི་ཕྱིར་རོ། །གསུམ་པ་ངོ་བོའི་ཁྱད་པར་ནི། རྣམ་རིག་བྱེད་མིན་མ་ཟིན་དང་། །རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། །རྣམ་རིག་བྱེད་མིན་པ་ནི་ལུས་ཅན་མ་ཡིན་པས་སེམས་དང་སེམས་ལས་བྱུང་ བའི་བདེ་སྡུག་སྐྱེ་བའི་རྟེན་གྱི་དངོས་པོར་མི་རུང་བའི་ཕྱིར། མ་ཟིན་པ་དང་དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་ཏེ། རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་འབྱུང་བའི་ཕྱིར། རྣམ་པར་སྨིན་པ་ཡང་། །རྣམ་སྨིན་ལུང་དུ་མ་བསྟན་ ཆོས། །ཞེས་འབྱུང་བས། ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར། བསགས་པ་མེད་པའི་ཕྱིར། ཁ་ཟས་ལ་སོགས་པ་རྒྱས་པ་ལས་བྱུང་བ་མ་ཡིན་པས། ཤུགས་ཀྱི་རྒྱུ་མཐུན་ལས་བྱུང་ངོ་། །དེ་ལས་ཀྱང་སྡོམ་པ་མ་ཡིན་པ་དང་། བར་མ་མི་དགེ་བ་ནི་ཉོན་མོངས་ཅན་ཡིན་པས། ཀུན་འགྲོའི་རྒྱུ་མཐུན་ལས་སྡོམ་པ་དང་བར་མའི་དགེ་བ་ནི་སྐལ་མཉམ་གྱི་རྒྱུ་མཐུན་ལས་བྱུང་ངོ་། །སེམས་ཅན་དུ་སྟོན་པ་སྟེ། སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ལ་བྱའི། །སེམས་ཅན་དུ་མཚོན་པའི་མཚོན་བྱེད་མ་ཡིན་ལ། ཡིན་ན་རྣམ་པར་རིག་བྱེད་མ་ཡིན་པར་མི་བཏུབ་པའི་ཕྱིར། བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པས། འདིའི་ཐད་ཀྱི་འགྲེལ་པར་རྣམ་རིག་མིན་པ་གཟུགས་རྡུལ་གསར་པ་མིན་པས་རྣམ་སྨིན་སྐྱེས་དང་རྒྱས་བྱུང་མིན་ཅེས་བཤད་སྣང་བ་འབྲེལ་ཅིའང་མི་འཇུག་པའི་ཕྱིར་ཡི་གེ་མ་དག་པ་ཡིན་ནམ་སྙམ་མོ། །བཞི་པ་རྒྱུའི་ཁྱད་པར་གཞན་བསྟན་པ་ལ། འདོད་པའི་རིག་བྱེད་མིན་གཟུགས་ཀྱི་ཁྱད་པར་དང་། བསམ་གཏན་ཟག་མེད་ཀྱི་རྒྱུའི་ཁྱད་པར་རོ། །དང་པོ་ནི། རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། །མཉམ་པར་མ་བཞག་པའི་ས་པའི་རིག་མིན་ནི། སྤྱིར་ཟག་མེད་སྐད་ཅིག་དང་པོ་མ་གཏོགས་པ་ཐམས་ཅད་སྐལ་མཉམ་གྱི་རྒྱུ་ཡོད་པར་བཤད་ཙམ་ན། འབྱུང་ཆེན་ཐམས་ 3-1-17b ཅད་ལ་ཡང་རྒྱུ་མཐུན་གྱི་རྒྱུ་ཡོད་པའི་ཕྱིར། རྒྱུ་མཐུན་པའི་འབྱུང་བ་ལས་སྐྱེ་ཞིང་། ད་ལྟ་ལུས་ཀྱི་ཚོགས་པ་ན་ཡོད་པའི་ཕྱིར་རྒྱུད་ཀྱིས་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་སྐྱེ་བའོ། །གཉིད་དང་ཏིང་ངེ་འཛིན་གྱིས་རྒྱས་པར་བྱས་པའི་འབྱུང་ཆེན་ལས་སྐྱེ་བ་མ་ཡིན་ཏེ། རིག་མིན་ཀུན་ སློང་སེམས་ལ་བལྟོས་པའི་ཕྱིར་དང་། མཉམ་གཞག་མ་ཡིན་པའི་སེམས་ཀྱི་སྐབས་ཡིན་པའི་ཕྱིར། རྣམ་སྨིན་སྐྱེས་ཀྱི་འབྱུང་བ་ལས་སྐྱེ་བ་མ་ཡིན་ཏེ། འདི་ནི་གཟུགས་ཅན་ཆད་ནས་མཚམས་སྦྱོར་བའི་ཕྱིར། རྒྱུ་མཐུན་ལས་བྱུང་བ་དེ་ཉིད་ཀྱི་ཕྱིར་རོ། །དབང་པོའི་ཚོགས་པ་ན་ཡོད་ན་ རྣམ་སྨིན་སྐྱེས་ཀྱི་དབང་པོ་ལས་སྐྱེས་པའི་འབྱུང་བ་མིན་པས་མ་ཁྱབ་བོ། །འདིར་ནི་སྤོང་བ་བདུན་ཀྱང་སེམས་ཀྱི་རྗེས་འབྲང་ཡིན་པས་རེ་རེ་ཞིང་འབྱུང་བ་བཞི་ཚན་ཐ་དད་པ་ལས་སྐྱེ་བ་ཡིན་ནོ། །གཉིས་པ་ནི། ཏིང་འཛིན་སྐྱེས་འབྱུང་མ་ཟིན་དང་། །རྒྱས་བྱུང་ཐ་དད་མིན་ལས་སྐྱེས། །ཟག་བཅས་ཀྱི་ཏིང་ངེ་འཛིན་བསམ་གཏན་དང་། ཟག་མེད་ཀྱི་ཏིང་ངེ་འཛིན་ ལས་སྐྱེས་པའི་རིག་བྱེད་མིན་པའི་སྡོམ་པ་ནི། ཏིང་ངེ་འཛིན་གྱི་རྒྱས་པའི་ཕྱིར་རྒྱས་པ་ལས་བྱུང་བའི་འབྱུང་བ་དང་། ཏིང་ངེ་འཛིན་གྱི་ཟིལ་གྱིས་ནོན་པས་འབྱུང་བ་དེ་བདེ་སྡུག་སྐྱེ་བའི་རྟེན་དུ་མ་གྱུར་པའི་ཕྱིར་མ་ཟིན་པའི་འབྱུང་བ་ལས་སྐྱེ་སྟེ། དེའི་འབྱུང་བ་དབང་པོ་དང་ཐ་དད་པའི་ ཕྱིར་སེམས་ལ་རག་ལས་པའི་ཕྱིར། ཟིན་པའི་འབྱུང་བ་རྣམས་ནི་སེམས་ལ་བལྟོས་པ་མེད་པར་འབྱུང་སྟེ། འགོག་པའི་སྙོམས་འཇུག་ལ་སོགས་པའི་གནས་སྐབས་དག་ན་སེམས་མེད་པར་ཡང་འཇུག་པའི་ཕྱིར། དེར་སྤོང་བདུན་སྤོང་བའི་འབྱུང་བ་བཞི་ཚན་ཐ་དད་ལ་སྐྱེ་བ་མ་ཡིན་ པར་འབྱུང་བ་བཞི་ཚན་ཐ་མི་དད་པ་ཞིག་ལས་སྐྱེ་བ་ཡིན་ཏེ། དེ་སྐྱེད་པར་བྱེད་པའི་སེམས་ཐ་དད་པ་བཞིན། དེ་སྐྱེད་པར་བྱེད་པའི་འབྱུང་བ་ཐ་མི་དད་ཀྱིས་ཀྱང་བསྐྱེད་རིགས་པའི་ཕྱིར། ཡང་ན་དེར་འབྱུང་བ་ཆེན་པོ་དག་ནི་རྟེན་གྱི་དོན་གྱིས་རྣམ་པར་རིག་བྱེད་མིན་པའི་གཞིར་གྱུར་པ་ 3-1-18a མ་ཡིན། འཇུག་པར་བྱེད་པ་མིན་པས་འབྱུང་བ་ཐ་མི་དད་ལས་སྐྱེ་བའི་ཕྱིར། སོ་ཐར་སྡོམ་པ་ནི་ཆོས་ཅན། རིག་བྱེད་མིན་པ་བདུན་འབྱུང་བ་བཞི་ཚན་སོ་སོ་བས་བསྐྱེད་དེ། སེམས་ཀྱི་རྗེས་འཇུག་མ་ཡིན་པའི་ཕྱིར། རྣམ་པར་རིག་བྱེད་ནི་རྒྱུ་མཐུན་ལས་བྱུང་ བ་སྟེ། འཕེན་པའི་དབང་གིས་རྗེས་སུ་འཇུག་པའི་ཕྱིར། ལུས་ཀྱི་རིག་བྱེད་ནི་ཟིན་པ་སྟེ། ལུས་ཀྱི་འབྱུང་བ་ཆེན་པོ་དང་ཐ་མི་དད་པར་འཇུག་པའི་ཕྱིར། ཐ་དད་པར་འཇུག་པའི་ཕྱིར་ནི་ངག་གིས་མ་ཟིན་པའོ། །གདགས་པའི་བསྟན་བཅོས་ལས། དགེ་བསྙེན་གྱི་བསླབ་པའི་གཞི་ཐམས་ ཅད་མ་ཟིན་པར་བཤད་པ་ནི་རིག་བྱེད་མ་ཡིན་པའི་རང་བཞིན་ལ་དགོངས་པའམ། ཕལ་ཆེ་བ་བསྟན་པས་ཉེས་པ་མེད་དོ། །ཅིང་ནི་འདི་དཔྱད་པར་བྱ་སྟེ། རྣམ་པར་རིག་བྱེད་འདི་སྐྱེ་བ་ན་དབྱིབས་སྔ་མའི་རྒྱུད་བཤིགས་ནས་སྐྱེའམ། མ་བཤིག་པར་སྐྱེ། དང་པོ་ལྟར་ན། བྱེ་བྲག་ ཏུ་སྨྲ་བ་ཁྱོད་རང་གི་ལུགས་ཀྱིས་རྣམ་སྨིན་རྒྱུད་ཆད་ནས་མཚམས་སྦྱོར་བ་མིན་པར་འདོད་པ་དེ་མི་འཐད་པར་ཐལ། རྣམ་པར་སྨིན་པའི་གཟུགས་ཆད་པ་ཡང་རྒྱུན་ཆགས་པའི་ཕྱིར། རྟགས་ཁས། ཁྱབ་པ་ཚད། འདོད་ན། བྱེ་སྨྲ་ཡིན་པ་བུད། གཉིས་པ་ལྟར་ན། འབྱུང་བའི་ ཚོགས་གཅིག་ལ་ཆོས་ཅན། དབྱིབས་གཉིས་འགྲུབ་པར་འགྱུར་ཏེ། རྣམ་སྨིན་གྱི་དབྱིབས་གཅིག་དང་། རྒྱུ་མཐུན་གྱི་དབྱིབས་གཉིས་འགྲུབ་པའི་ཕྱིར་རོ། །འདོད་དོ་ཞེ་ན་མི་སྲིད། ཕན་ཚུན་གོ་སྐབས་མི་འབྱེད་པའི་ཕྱིར། ཡང་ཁོང་ན་རེ། སྔར་གྱི་དབྱིབས་བཤིགས་ནས་སྐྱེ་ བ་མིན། ཡིན་ན་རྣམ་སྨིན་རྒྱུད་ཆད་ནས་མཚམས་སྦྱོར་བར་འགྲོ། འོ་ན་རྒྱུ་མཐུན་པ་ལས་བྱུང་བའི་འབྱུང་བའི་དབྱིབས་འདི་ག་འདྲ་བ་གཞན་ཞིག་བསྐྱེད་དེ་ལས་གཞན་དེ་སྐྱེའོ་ཟེར་རོ། །འོ་ན་ཡན་ལག་གང་དང་གང་ལ་བརྟེན་ནས་རྣམ་པར་རིག་བྱེད་སྐྱེ་བར་གྱུར་པའི་ཚེ་ན་ཆོས་ཅན། 3-1-18b ཡན་ལག་འདི་བས་ལོག་པོར་ཆེ་བར་ཐལ། ཡན་ལག་གང་ཡིན་པ་དེ་ལ་དབྱིབས་གསར་པའི་འབྱུང་ཆེན་དག་གིས་མངོན་པར་ཁྱབ་པའི་ཕྱིར། འཁོར་གསུམ། ཡང་ན་རྟགས་འདོན་པ་པོ་སྟེ། རྒྱུ་མཐུན་གྱི་དབྱིབས་གསར་པ་སྐྱེས་པར་མ་ཟད། རྣམ་པར་རིག་བྱེད་ཀྱི་རྟེན་གྱི་ འབྱུང་བ་ཆེན་པོ་སྔ་མའི་རྒྱུད་དག་གིས་ལུས་མངོན་པར་ཁྱབ་པའི་ཕྱིར། མ་གྲུབ་ན་གྲུབ་པར་ཐལ། རྒྱུ་མཐུན་གྱི་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱིས་རྣམ་པར་རིག་བྱེད་ཀྱི་རྟེན་གྱི་འབྱུང་བ་ཆེན་པོ་བྱེད་པའི་ཕྱིར། །དེ་ཡང་མ་གྲུབ་བོ་ཞེ་ན། འོ་ན་ཡན་ལག་གི་ཕྱོགས་ཐེབ་ནོན་ཙམ་གྱིས་ རྣམ་པར་རིག་བྱད་ཀྱི་རྟེན་བྱེད་པར་ཐལ། དེས་དེའི་རྟེན་བྱེད་པ་ནི་གང་ཞིག །ཡན་ལག་ཐམས་ཅད་ཀྱིས་མི་བྱེད་པའི་ཕྱིར། འཁོར་གསུམ། ཡང་ཁོང་ན་རེ། དབྱིབས་གསར་པས་མངོན་པར་ཁྱབ་ཏུ་ཟིན་ཀྱང་ཆོས་ཅན། ཡན་ལག་ལོག་པོས་ཆེ་བར་མི་འགྱུར་ཏེ། ལུས་ལ་གསེབ་ ཡོད་པས་གསེབ་ཏུ་ཞུགས་པའི་ཕྱིར། འོ་ན་སྔར་བས་ལུས་མཁྲེགས་པར་འགྱུར་སྙམ་ན། མི་འགྱུར་ཏེ་ཕྲ་བའི་ཕྱིར་ཞེས་ཟེར་རོ། །མདོར་ན། བྱེ་སྨྲས་ནི། རིག་བྱེད་ཀྱི་རིག་པར་བྱེད་པའི་འབྱུང་བ་ནི། ལུས་འདི་ཉིད་མིན། འདི་ག་འདྲ་བ་གསར་སྐྱེས་ཞིག་གིས་རིག་པར་ འདོད། མདོ་སྡེ་པས་ནི། ཁ་དོག་རང་གི་ཁྱད་པར་གནས་སྐབས་གཞན་དུ་འབྱུང་བ་ཞིག་གིས་རིག་པར་འདོད། འོ་ན་རྣམ་པར་རིག་བྱེད་ནི་དགེ་མི་དགེ་ཡིན། སྔོན་གྱི་ལས་ཀྱིས་གྲུབ་པའི་ཁ་དོག་ནི་རྣམ་སྨིན་ཡིན་པས། དགེ་མི་དགེར་མི་འཐད་དོ་སྙམ་ན། འདི་དགེ་མི་དགེར་ བཏགས་པ་ཡིན་ནོ། །སེམས་ཙམ་པ་ནི་གཟུགས་དྲི་སོགས་རིག་བྱེད་ཐུན་མོང་དུ་གཅིག་ལ་གཅིག་སྤྱོད་པ་འདི། གཅིག་ལ་གཅིག་གི་བདག་པོའི་འབྲས་བུ་ཡིན། རྣམ་སྨིན་གྱི་འབྲས་བུ་ནི་ཀུན་གཞི་དབང་པོ་ལྔར་སྣང་བ་ཐུན་མོང་མ་ཡིན་པ་འདི་ཡིན་ཟེར་རོ། །ཡང་ལས་ནི། 3-1-19a སེམས་དཔའ་དང་དེས་བྱས་པའི་གཉིས་དང་། དེའི་ཁར་དེས་སྐྱེད་ལུས་དང་ངག་གི་ལས་ཞེས་གསུམ་དང་། ལུས་ངག་གཉིས་ལ་རིག་བྱེད་དང་རིག་བྱེད་མིན་པ་གཉིས་གཉིས་ཏེ་བཞི། ཡིད་དང་ལྔར་བཤད་པ་ལས། རིག་བྱེད་མིན་པ་ནི་དགེ་མི་དགེ་གཉིས་ སོ་ཞེས་བྱེ་སྨྲའི་འདོད་པ་བཞག་པས་མཇུག་བསྡུ་བའོ། །སྨྲས་པ། སྙིགས་མ་ལྔ་བདོའི་རོ་མཆོག་སྨིན་པ་ལས། །བློ་གྲོས་བླུན་པའི་མྱོང་བ་ཚིམ་མེད་ལ། །ལྷག་པར་དམིགས་ནས་རིག་སྔགས་གྲུབ་པ་ཡི། །ཡེ་ཤེས་ཟབ་མོའི་ནུས་པ་སྔོན་སོང་ལས། །སྐྱེས་པའི་ཤེས་རབ་རྣོན་ པོའི་བ་མོ་དེས། །སྐྱེད་ཚལ་དང་བཅས་སད་པར་མ་བྱས་སམ། །གཉིས་པ་ལས་སྤྱིའི་ཆོས་ཀྱི་རྣམ་གཞག་ལ། དངོས་ཀྱི་དོན་རྣམ་པར་བཞག་པ་དང་། ཀུན་སློང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། དགེ་སོགས་ཀྱི་ཁྱད་པར། ཁམས་གང་ན་གང་ཡོད་པ། ཆོས་གསུམ་སོ་ སོའི་དབྱེ་བའོ། །དང་པོ་ནི། རྣམ་རིག་མིན་ལུང་བསྟན་མིན་མེད། །གཞན་ནི་རྣམ་གསུམ། རྣམ་རིག་མིན་པ་ཆོས་ཅན། ལུང་བསྟན་མིན་མེད་དེ། ལུང་མ་བསྟན་པའི་སེམས་ནི་སྟོབས་ཆུང་བས་རིག་བྱེད་མིན་པའི་དགེ་མི་དགེའི་ལས་ནི་དགེ་མི་དགེའི་སེམས་སྟོབས་ལྡན་པས་འཕེན་དགོས་པའི་ཕྱིར། གཞན་རྣམ་པར་རིག་བྱེད་དང་སེམས་ པ་ནི་རྣམ་པ་གསུམ་སྟེ། དཔེར་ན་རིག་བྱེད་དགེ་བ་ཐལ་མོ་སྦྱོར་བ་དང་། མི་དགེ་བ་སྲོག་གཅོད་པ་དང་། ལུང་མ་བསྟན་བཟོ་དང་སྤྱོད་ལམ་པ་སོགས་སུ་ཡོད་པའི་ཕྱིར། གཉིས་པ་ལ། མི་དགེ་བ་གང་ན་ཡོད། རིག་བྱེད་མིན་པ་གང་ན་ཡོད། རིག་བྱེད་ཙམ་གང་ན་ཡོད། སྒྲིབ་པའི་རིག་བྱེད་གང་ན་ཡོད་པའོ། །དང་པོ་ནི། མི་དགེ་ནི། །འདོད་ནའོ། །མི་དགེ་བའི་ལས་ནི་འདོད་ཁམས་ཁོ་ན་ན་ཡོད་དོ། །གཞན་ན་མེད་དོ། །དེ་དག་གིས་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དག་སྤངས་པའི་ཕྱིར། དགེ་བ་དང་ལུང་མ་བསྟན་ནི་ཐམས་ཅད་དུ་ཡོད་དེ། མ་བཀག་པའི་ཕྱིར། གཉིས་པ་ 3-1-19b ནི། གཟུགས་ནའང་རྣམ་རིག་མིན། །གཟུགས་ནའང་བསམ་གཏན་ཟག་མེད་ཀྱི་སྡོམ་པའི་རྣམ་རིག་མིན་པ་ཡོད་ལ། འང་གི་སྒྲས་ནི་འདོད་པ་ན་ཡོད་དོ། །གཟུགས་མེད་པ་དག་ན་ནི་རིག་བྱེད་མ་ཡིན་པ་བསྐྱེད་པའི་འབྱུང་བ་མེད་པར་དེའི་འབྲས་བུ་རིག་བྱེད་མིན་པ་མི་འོང་བ་དང་། དེ་ན་ལུས་ངག་གི་འཇུག་པ་མེད་ པས་ལུས་དང་ངག་གི་སྡོམ་པ་མེད་དོ། །འོ་ན་ཁམས་འོག་མ་གཉིས་སུ་གཟུགས་མེད་ལ་སྙོམས་པར་ཞུགས་ཙམ་ན་གཟུགས་མེད་ཀྱི་སའི་འབྱུང་བ་མེད་ཀྱང་འོག་མ་གཉིས་ཀྱི་རྟེན་གྱི་འབྱུང་བ་ཡོད་པས། དེ་རྒྱུར་བྱས་ནས་གཟུགས་མེད་དུ་རིག་བྱེད་མིན་པ་ཅིས་མི་འོང་། དེ་བཞིན་ ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཟག་པ་མེད་པའི་འབྱུང་བ་མེད་མོད་ཀྱི། འོན་ཀྱང་དེ་ནི་ས་གང་དུ་སྐྱེས་པ་དེའི་སྐྱེད་པར་བྱེད་པའི་ས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་སྐྱེ་བ་དེ་བཞིན་དུ། རེ་ཞིག་གཟུགས་མེད་པ་ན་སྤྱོད་པའི་འབྱུང་བ་ཆེན་པོ་དག་ཀྱང་མེད་མོད་ཀྱི། ས་གང་དུ་སྐྱེས་ཏེ་གཟུགས་མེད་བསྐྱེད་པར་བྱེད་པའི་སའི་འབྱུང་བ་རྒྱུར་བྱས་ནས། གཟུགས་མེད་པ་ན་སྤྱོད་པའི་རྣམ་རིག་བྱེད་མིན་སྐྱེ་བར་འགྱུར་རོ་ཞེ་ན། མི་འདྲ་བའི་ཕྱིར་དཔེ་མ་ཡིན་ཏེ། ཟག་མེད་ཀྱི་རྣམ་རིག་བྱེད་མིན་ནི། ཁམས་གསུམ་གྱི་སྲེད་པས་བདག་གིར་མ་བྱས་པས་དེ་ ལ་ནི་འབྱུང་བ་ཆེན་པོ་སྐལ་མཉམ་དང་སྐལ་བ་མི་མཉམ་པ་མེད་དོ། །དེའི་ཕྱིར་གང་དུ་སྐྱེས་པའི་འབྱུང་བ་རྒྱུར་བྱས་ནས་སྐྱེའོ། །དེས་ན་ཟག་མེད་ནི་སྲེད་པས་བདག་གིར་མ་བྱས། ལྟ་བས་རིས་སུ་མ་བཅད་ཀྱང་གང་དུ་སྐྱེས་པའི་འབྱུང་བ་བསྐྱེད་པ་ཡིན་པ་ལ། གཟུགས་མེད་ཀྱི་རིག་ བྱེད་མིན་པ་ནི་ལྟ་བས་རིས་སུ་བཅད་པས་འབྱུང་བ་ལས་སྐྱེ་ཙམ་ན་སྐལ་བ་མི་མཉམ་པའི་འབྱུང་བ་ལས་སྐྱེ་བར་མི་འདོད་དོ། །རིག་པ་གཞན་ཡང་གཟུགས་ཀྱི་ས་པའི་ཟག་པ་མེད་པའི་སྙོམས་པར་འཇུག་པ་ནི་གཟུགས་བསྐྱེད་པར་ནུས་ཀྱི། གཟུགས་མེད་ཀྱི་མི་ནུས་ཏེ། གཟུགས་ 3-1-20a ཐམས་ཅད་ལས་རྒྱབ་ཀྱིས་ཕྱོགས་པའི་ཕྱིར། གྲུབ་སྟེ། གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ཕྱིར། བྱེ་སྨྲ་ནི། འདོད་པ་ན་སྤྱོད་པའི་འཆལ་བའི་ཚུལ་ཁྲིམས་ནི་མི་དགེ་བས་ཀུན་ནས་སློང་བའི་ཕྱིར། དེའི་གཉེན་པོ་གཟུགས་ཀྱི་ས་པའི་རིག་བྱེད་མ་ཡིན་པ་ རུང་བ་དེ་བཞིན་དུ་གཟུགས་མེད་ན་སྤྱོད་པ་ཡང་དེ་དང་འདྲའམ་སྙམ་ན། མི་འདྲ་སྟེ། ཚུལ་ཁྲིམས་ནི་འཆལ་ཚུལ་གྱི་གཉེན་པོ་ཡིན་ལ། འཆལ་ཚུལ་ནི་འདོད་པ་ཁོ་ན་ན་ཡོད་ལ། གཟུགས་མེད་ནི་བསམ་གཏན་བཞི་པ་ལ་དམིགས་ཀྱི། བསམ་གཏན་གསུམ་པ་མན་ཆོད་ལ་མི་ དམིགས་ན་འདོད་ཁམས་ལ་ལྟ་སྨོས་ཀྱང་ཅི་དགོས་པས། དམིགས་པ་རིང་བ་དང་། དམིགས་པ་དེ་ལྟར་རིང་ཙམ་ན་རྣམ་པ་ཡིད་ལ་མི་བྱེད་པས་རྣམ་པ་རིང་བ་དང་རྟེན་རིང་སྟེ་གོང་མ་ལ་འོག་མའི་ཆོས་མི་བརྟེན། གཉེན་པོ་རིང་སྟེ་སུན་འབྱིན་པ་དང་སྤོང་ བའི་གཉེན་པོ་མེད། ཐག་བསྲིང་བའི་གཉེན་པོ་ཙམ་བྱེད་པས་གཉེན་པོའི་སྒོ་ནས་རིང་བའི་ཕྱིར། དེས་ན་འཆལ་ཚུལ་འགོག་བྱེད་ཀྱི་གཟུགས་མེད་པའི་རིག་མིན་ནི་མེད་དོ། །ཞེས་ཟེར་རོ། །བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པའི་ཊཱི་ཀར། ཟག་བཅས་ལུས་དང་ངག་གི་ལས། །རང་གི་འབྱུང་བ་རྣམ་རྒྱུར་བྱས། ། ཞེས་པའི་འགྲེལ་པར། གཟུགས་མེད་ན་ལུས་ངག་གི་ལས་མེད་ཅིང་། དེ་རང་སའི་འབྱུང་བ་ལས་སྐྱེས་པའི་འབྲས་གཟུགས་ཡིན་པས་སོ། །ཞེས་དང་། གཞུང་འདིའི་འགྲེལ་པར། གཟུགས་མེད་ན་ལུས་ངག་གི་སྡོམ་པའི་ངོ་བོ་མེད་ཅིང་ཐོབ་པ་ཡོད་དོ་བྱ་བ་སོགས་ཆོས་འདི་པའི་ དྲི་ཙམ་ཡང་མི་བྲོ་བ་མང་དུ་སྣང་བ་ནི་ཡི་གེ་མ་དག་པའི་སྐྱོན་དུ་ཤེས་པར་བྱའོ། །གསུམ་པ་ནི། རྣམ་རིག་དཔྱོད་དང་བཅས་དག་ན། །རྣམ་པར་རིག་བྱེད་ནི་དཔྱོད་པ་དང་བཅས་པ་འདོད་ཁམས་དང་བསམ་གཏན་དང་པོ་དག་ཁོ་ན་ན་ཡོད་ཀྱི། ལུས་ངག་གི་ལས་ནི་རྟོག་དཔྱོད་སྔོན་འགྲོ་ཅན་ཡིན་པས། རྟོག་དཔྱོད་ཀུན་ 3-1-20b སློང་མེད་པས། གཉིས་པ་ཡན་ཆད་ཀྱི་ལུས་ངག་གི་ལས་ཀྱི་དང་པོའི་རྟོག་དཔྱོད་ཀྱི་ཀུན་སློང་གིས་བསླང་ངོ་། །འདིར་རྟོག་དང་བཅས་དག་ན་བྱས་ན། བསམ་གཏན་དང་པོ་ཁྱད་པར་ཅན་ལ་མ་ཁྱབ་པར་འགྲོ་སྟེ། རྟོག་པ་མེད་པས་སོ། །བཞི་པ་ནི། འདོད་པ་ན་ཡང་བསྒྲིབས་པ་མེད། །གང་ཕྱིར་ཀུན་སློང་མེད། དཔྱོད་པ་མེད་པའི་ས་དག་ ན་མེད་པར་མ་ཟད་ཀྱི། འདོད་པ་ན་ཡང་བསྒྲིབས་ལ་ལུང་མ་བསྟན་གྱི་རིག་བྱེད་མེད་ཀྱི་ཚངས་པའི་འཇིག་རྟེན་ཁོ་ན་ན་ཡོད་དེ། རྒྱུ་མཚན་གང་གི་ཕྱིར་ཚངས་པའི་འཇིག་རྟེན་ཡན་ཆད་དུ་རྟོག་དཔྱོད་མེད་ལ་འདོད་ན་དུས་ཀྱི་ཀུན་སློང་བསྒྲིབས་ལ་ལུང་མ་བསྟན་གྱི་ཡིད་སྒོམ་སྤང་མེད་ལ། འདོད་ཁམས་ན་བསྒྲིབས་ལ་ལུང་མ་བསྟན་མཐོང་ཡང་འཇིག་ལྟ་མཐར་ལྟ་མཚུངས་ལྡན་ཁོ་ན་ཡོད་པར་འདོད་ལ། དེ་ཡང་ཁ་ནང་དུ་བལྟས་པས་དུས་ཀྱི་ཀུན་སློང་དུ་མེད་པའི་ཕྱིར། དཔེར་ན་ཚངས་པ་ཆེན་པོས་བདག་ཉིད་བསྔགས་པའི་གཏམ་རླུང་བསྐུར་དེ་གཡོས་ཀུན་ནས་བསླང་ བའི་ངག་གི་ལས་དེ་བསྒྲིབས་ལ་ལུང་མ་བསྟན་གྱི་ཀུན་ནས་སློང་བའི་རིག་བྱེད་ཡིན་ཏེ། དེ་ཉོན་མོངས་ཅན་ཡིན་པས་དགེ་བ་དང་མ་སྒྲིབ་ལུང་མ་བསྟན་པ་མ་ཡིན། བསམ་གཏན་དང་པོ་ཡན་ཆད་ན་མི་དགེ་བ་མེད་པས་མི་དགེ་བ་མ་ཡིན་པའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་ཡན་ཆད་ན་ ངག་གི་རིག་བྱེད་མེད་ན་སྒྲའི་སྐྱེ་མཆེད་ཇི་ལྟར་ཡོད་ཅེ་ན། རླུང་སྒྲ་སོགས་ཕྱིའི་འབྱུང་བ་རྒྱུར་བྱས་པ་ཡོད་དོ། །འདི་ལྟར་སྨོས་པས་རྣམ་པར་རིག་བྱེད་ཀྱི་སྒྲ་དགག་པའི་ཆེད་དུ་ཡིན་གྱི། ཕྱིའི་འབྱུང་བ་ཆེན་པོ་གཅིག་པུ་རྒྱུར་བྱས་ལས་མེད་པར་བཤད་ན་ཡང་མི་རུང་སྟེ། བསམ་གཏན་ གཉིས་པ་ལ་སོགས་པ་ན་ལག་པ་ལ་སོགས་པའི་སྒྲ་ཡང་སྲིད་དོ། །དེ་ལྟར་མ་ཡིན་ན་བསྟན་བཅོས་དང་འགལ་བར་འགྱུར་ཏེ། འདི་ལྟར་བསྟན་བཅོས་ལས་ནི། གང་ཞིག་སྒྲའི་ཁམས་དང་ལྡན་ཅེ་ན། སྨྲས་པ། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའོ། །གང་ཞིག་མི་ལྡན་ 3-1-21a ཅེ་ན། སྨྲས་པ། གཟུགས་མེད་པ་ན་སྤྱོད་པའོ་ཞེས་བཤད་དེ། ཐོབ་དང་མ་ཐོབ་རང་རྒྱུད་དུ། གཏོགས་པ་རྣམས་ཀྱི་ཞེས་འབྱུང་བའི་ཕྱིར། སེམས་ཅན་དུ་མི་བགྲང་བ་ཕྱི་རོལ་གྱི་དང་ལྡན་པ་ནི་མ་ཡིན་ནོ། །གཞན་དག་ན་རེ། འདིའི་གཞན་དག་ཀྱང་བྱེ་སྨྲའི་འདོད་པ་ནང་ཚན་པ་ཞིག་གོ། མཆན། བཅོམ་ལྡན་འདས་གནས་གཙང་ མ་ན་བཞུགས་པ་ལ་ཕྱག་དང་བསྟོད་པ་བཀུར་སྟི་བྱེད་པས། བསམ་གཏན་གཉིས་པ་སོགས་ན་གནས་པ་རྣམས་ཕན་ཚུན་སྨྲ་བར་བྱེད་པ་སོགས་མ་སྒྲིབ་ལུང་མ་བསྟན་གྱི་རིག་བྱེད་ནི་ཡོད་དོ། །དེ་སློང་བྱེད་ནི་འོག་མའི་སེམས་ཀྱིས་དགོས་ ཏེ། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །དེ་ལུང་མ་བསྟན་ཉོན་མོངས་མིན། །ཅེས་འབྱུང་བས། ས་འོག་མའི་དགེ་བ་ནི་དམན་པ་དང་། ས་འོག་མའི་ཉོན་མོངས་ནི་སྤངས་ཟིན་པའི་ཕྱིར། གོང་མའི་རིག་ བྱེད་འོག་མའི་སེམས་ཀྱིས་སློང་ངོ་ཞེས་ཟེར་རོ། །བྱེ་སྨྲས། སློང་སེམས་བཞིན་དུ་རིག་བྱེད་ཀྱང་བསམ་གཏན་དང་པོའི་ས་པར་འདོད་པའི་ལུགས་སྔ་མ་ལེགས་སོ། །གསུམ་པ་ཆོས་གསུམ་སོ་སོའི་དབྱེ་བ་ལ། དགེ་བའི། མི་དགེ་བའི། ལུང་མ་བསྟན་གྱི་དབྱེ་བའོ། །དང་པོ་ལ། དོན་དམ་དགེ་བ་བཤད། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི། ཀུན་སློང་གི་དགེ་བ་བཤད་པའོ། །དང་པོ་ནི། ཐར་པ། །དམ་པའི་དོན་དུ་དགེ། ཐར་པ་ཆོས་ཅན། དོན་དམ་པར་དགེ་སྟེ། མྱ་ངན་ལས་འདས་པས་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཏེ། མི་བདེ་བ་དང་འབྲེལ་བ་བག་ཙམ་ཡང་མེད་པའི་ཕྱིར་ རོ། །དཔེར་ན་ནད་མེད་པ་བཞིན་ནོ། །ངོ་བོ་ཉིད་དང་། མཚུངས་ལྡན་དང་། ཀུན་ནས་སློང་བས་དགེ་བ་དེ་ནི་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་གྱི་མཆོག་ཏུ་བདེ་བ་མ་ཡིན་ནོ། །གཉིས་པ་ནི། རྩ་བ། །ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །ཆགས་སྡང་རྨོངས་གསུམ་མེད་པའི་དགེ་བའི་རྩ་བ་གསུམ་དང་། ཡོན་ཏན་དང་ 3-1-21b ཡོན་ཏན་ཅན་ལ་གུས་པའི་ངོ་ཚ་ཤེས་པ་དང་། ཁ་ན་མ་ཐོ་བ་ལ་འཛེམ་པའི་ཁྲེལ་ཡོད་པའི་བདག་ཉིད་ཀྱིས་དགེ་བ་ནི་ངོ་བོ་ཉིད་ཀྱི་དགེ་བ་ཡིན་ཏེ། ཀུན་སློང་དང་མཚུངས་ལྡན་ལ་མི་བལྟོས་པའི་ཕྱིར། འཕྲོད་པའི་སྨན་བཞིན་ནོ། །འོ་ན་དད་པ་དང་བརྩོན་འགྲུས་སོགས་ངོ་བོ་ཉིད་ཀྱི་དགེ་བ་ཡིན་ ནམ་སྙམ་ན། ངོ་བོ་ཉིད་ཀྱི་མི་དགེ་བ་འཆད་ཙམ་ན་ལྔ་པོ་དེ་ལས་བཟློག་པ་ངོ་བོ་ཉིད་ཀྱིས་མི་དགེ་བ་ཡིན་ཀྱང་། མ་དད་པ་དང་ལེ་ལོ་ཀུན་དད་པ་དང་བརྩོན་འགྲུས་ལས་བཟློག་སྟེ། ངོ་བོ་ཉིད་ཀྱིས་མི་དགེ་བ་མིན། དེས་ན་ངོ་བོ་ཉིད་ཀྱི་མི་དགེ་བ་བཟློག་པར་བཤད་པའི་ཆེད་དུ། ངོ་བོ་ཉིད་ ཀྱི་དགེ་བ་དེ་ལྔར་བཞག་གོ། གསུམ་པ་ནི། དེ་དག་དང་ལྡན་མཚུངས་ལྡན་གྱིས། །ངོ་བོ་ཉིད་ཀྱིས་དགེ་བ་དེ་དག་དང་མཚུངས་ལྡན་གྱི་ཆོས་རྣམས་ནི། མཚུངས་ལྡན་གྱི་དགེ་བ་དག་ཡིན་ཏེ། དགེ་བའི་རྩ་བ་དང་མཚུངས་པར་མི་ལྡན་པའི་སེམས་ལ་དགེ་བ་ཉིད་མེད་པའི་ཕྱིར། སྨན་དང་སྦྱར་བའི་བཏུང་བ་བཞིན་ ནོ། །བཞི་པ་ནི། བྱ་བ་ལ་སོགས་ཀུན་སློང་པས། །དགེ་བའི་རྩ་བ་ལ་སོགས་པ་དང་མཚུངས་ལྡན་གྱི་ཆོས་དེ་དག་གིས་ཀུན་ནས་བསླང་བའི་བྱ་བ་ལུས་དང་ངག་གི་ལས་དང་། ལ་སོགས་པས་སྐྱེ་བ་ལ་སོགས་པ་དང་། ཐོབ་པ་དང་། འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་རྣམས་ནི་ཀུན་ནས་སློང་ བས་དགེ་བ་སྟེ། བུད་མེད་འགའ་ཞིག་གིས་སྨན་དང་སྦྱར་བའི་བཏུང་བ་འཐུངས་པའི་ནུ་ཞོས་བུ་ལ་ནད་མེད་པ་སོགས་འོང་སྟེ་བརྒྱུད་པས་ཕན་པ་ལྟ་བུའོ། །ཡང་དག་པའི་ལྟ་བས་སྟེ། དགེ་བ་མཚམས་སྦྱར་བའི་ཐོབ་པ་དེ་དགེ་བས་ཀུན་ནས་སློང་བ་ཡིན་པ་ལ། ཐེ་ཚོམ་གྱིས་དགེ་བ་ མཚམས་སྦྱར་བའི་དེའི་ཐོབ་པ་དེ་ཀུན་ནས་སློང་བས་དགེ་བ་ཡིན་ནམ་མིན་དཔྱོད་ན། ཐོབ་པ་དེ་མ་ཆགས་པ་ལ་སོགས་པ་བཞིན་ངོ་བོ་ཉིད་ཀྱིས་མ་ཡིན། ཚོར་སོགས་བཞིན་དུ་མཚུངས་ལྡན་གྱིས་ཀྱང་མ་ཡིན། ཀུན་ནས་བསླང་བས་ཀྱང་མ་ཡིན་ཏེ། དེའི་ཀུན་སློང་ཐེ་ཚོམ་ནི་ཉོན་མོངས་ 3-1-22a ཡིན་པའི་ཕྱིར། དེའི་ཐོབ་པ་ནི་ཇི་ལྟར་དགེ་བ་ཡིན་བརྗོད་དགོས་སོ། །དེ་བཞིན་དུ་སྲིད་པ་ཉིང་མཚམས་སྦྱོར་བའི་ཚེའི་སྐྱེས་ནས་ཐོབ་པའི་དགེ་བ་ཡང་ཇི་ལྟར་དགེ་བ་ཡིན་པ་བརྗོད་པར་བྱ་སྟེ། ཉིང་མཚམས་སྦྱོར་བའི་སེམས་ཉོན་མོངས་ཅན་དེས་སྐྱེས་ནས་ཐོབ་པའི་དགེ་བ་ ཐོབ་པ་དེ་ཡང་ཇི་ལྟར་དགེ་བ་ཡིན་པར་བརྗོད་དགོས་སོ་ཞེས་སློབ་དཔོན་ཐུགས་མ་རངས་ནས་ཐེ་ཚོམ་བསླང་བའོ། །འདི་ལ་ལན་ནི། དེ་ལྟ་བུའི་ཐོབ་པ་དེ་དག་སྐལ་བ་མི་མཉམ་པའི་སེམས་ལས་རྐྱེན་དུ་ལྟོས་པ་ཡིན་གྱི། དགེ་སོགས་ཀྱི་ངོ་བོར་ནི་མ་ཡིན་པ་བདེན་དུ་ཆུག ། གལ་ཏེ་མི་བདེན་པ་སྲིད་པ་ན་ནི། ཀུན་སློང་དང་མཚུངས་ལྡན་གྱི་དགེ་བར་ནི་མི་འོངས་པས། དོན་དམ་དང་ངོ་བོ་ཉིད་ཀྱི་དགེ་བ་གང་རུང་དུ་ཁས་མི་ལེན་ཀ་མེད་པའམ། ཡང་ན་དགེ་རྩས་ཀུན་ནས་བསླང་བྱ་ཡིན་པའི་ཕྱིར། དེ་དག་མ་འོངས་པའི་གནས་སྐབས་ན་དགེ་བ་ཡིན་ལ། ཉོན་མོངས་ཅན་གྱི་སེམས་ཀྱིས་དེ་དག་གི་ཐོབ་པའི་གེགས་སེལ་གྱིས། དེ་དག་དགེ་བ་ཉིད་དུ་བྱེད་པ་མ་ཡིན་ནོ་ཞེས་ལན་གདབ་བོ་ཟེར་རོ། །གཉིས་པ་མི་དགེ་བའི་དབྱེ་བ་ནི། བཟློག་པ་མི་དགེ། དགེ་བ་བཞི་ལས་བཟློག་པའི་མི་དགེ་བ་ཡང་བཞིར་ཡོད་དེ། ཡུལ་ཅན་དམ་པའི་ཡུལ་དུ་ཆོས་ཅན། འཁོར་བ་ཐམས་ཅད་དོན་དམ་པའི་མི་དགེ་བ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཀྱིས་མཆོག་ཏུ་མི་བདེ་བའི་ཕྱིར། མི་དགེ་བའི་རྩ་བ་གསུམ་དང་། ངོ་ཚ་དང་ཁྲེལ་མེད་རྣམས་ནི་ངོ་བོ་ཉིད་ཀྱི་མི་དགེ་བའོ། །དེ་དག་དང་མཚུངས་ལྡན་གྱི་ཆོས་ནི་མཚུངས་ལྡན་གྱི་མི་ དགེ་བའོ། །དེ་དག་གིས་ཀུན་ནས་བསླངས་པའི་ལུས་དང་ངག་གི་ལས་དང་། སྐྱེ་བ་ལ་སོགས་པ་དང་མི་དགེ་བའི་ཐོབ་པ་རྣམས་ནི་ཀུན་ནས་བསླངས་པའི་མི་དགེ་བའོ། །འཁོར་བའི་དཔེ་ནི་ནད་ཀྱིས་བྱས་ཏེ། འཁོར་བ་ནད་དང་འདྲའོ། །ཆགས་པ་ལ་སོགས་པའི་དཔེ་ནི། སྨན་ཟེར་རུང་ 3-1-22b དུག་ཡིན། མི་འཕྲོད་པའི་སྨན་གྱིས་བྱས་ཏེ། གཞན་དང་མཚུངས་ལྡན་དང་ཀུན་ནས་སློང་བ་ལ་མི་བལྟོས་པས་སོ། །མཚུངས་ལྡན་གྱི་དཔེ་ནི། མི་འཕྲོད་པའི་སྨན་དང་སྦྱར་བའི་བཏུང་བས་བྱས་སོ། །ལུས་དང་ངག་གི་ལས་སྐྱེ་སོགས་ཀྱི་དཔེ་ནི། མི་འཕྲོད་པའི་སྨན་དང་སྦྱར་བའི་ བཏུང་བ་ལས་བྱུང་བའི་འོ་མས་བྱས་སོ། །འོ་ན་ཟག་པ་དང་བཅས་པ་ཅུང་ཟད་ཀྱང་ཆོས་ཅན། ལུང་མ་བསྟན་དང་དགེ་བར་མི་འགྱུར་བར་ཐལ། ཟག་བཅས་ཐམས་ཅད་འཁོར་བའི་ཁོངས་སུ་གཏོགས་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཡུལ་ཅན་དོན་དམ་རིགས་ཤེས་ཀྱི་ཡུལ་དུ་སྡུག་ བསྔལ་གྱི་བདག་ཉིད་ཀྱི་ལྡོག་པ་དེ་ནས་དོན་དམ་པའི་མི་དགེ་བ་ཞེས་བྱ་ལ། འཁོར་བའི་ཁོངས་སུ་གཏོགས་པ་ཁ་ཅིག་དགེ་མི་དགེར་ལུང་བསྟན་དུ་མེད་པ་རྣམ་སྨིན་དུ་འདུག་པའི་ལྡོག་པ་ནས་ལུང་མ་བསྟན་ཅེས་བྱ། རྣམ་སྨིན་ཡིད་དུ་འོང་བ་བསྐྱེད་པའི་ལྡོག་པ་ན་དགེ་བ་ཞེས་སུ་ བརྗོད་པའི་ཕྱིར་རོ། །གསུམ་པ་ལུང་མ་བསྟན་གྱི་དབྱེ་བ་ནི། དོན་དམ་པར། །ལུང་མ་བསྟན་པ་བསྟན་པ་དག །ལུང་མ་བསྟན་པ་དེ་ལ་འདུས་མ་བྱས་བརྟན་ཅིང་རྟག་པ་ནམ་མཁའ་དང་བརྟགས་མིན་གྱི་འགོག་པ་དག་མཚུངས་ལྡན་ནམ་སློང་བ་ལ་སོགས་པའི་རྣམ་གྲངས་མེད་པར་དོན་དམ་པར་ལུང་མ་བསྟན་དག་ཡིན་ཏེ། དགེ་བ་ དང་མི་དགེ་བའི་མཚན་ཉིད་བཞི་དང་བྲལ་བའི་ཕྱིར། ངོ་བོ་ཉིད་ཀྱི་ལུང་མ་བསྟན་ནི། བུམ་པ་ལྟ་བུ་བེམས་པོ་རྣམས་དང་། འདོད་ཁམས་སུ་སྒྲིབ་པ་ལ་འཇིག་ཚོགས་མཐར་འཛིན་དང་གོང་མ་ན་ཉོན་མོངས་པ་ཐམས་ཅད་དོ། །མཚུངས་ལྡན་ནི་བཟོ་སེམས་ལ་སོགས་པ་དང་ མཚུངས་པར་ལྡན་པའོ། །ཀུན་སློང་གིས་ནི་བཟོ་དང་། སྤྱོད་ལམ་དང་། སྤྲུལ་པ་དང་། རྣམ་སྨིན་སྐྱེས་ཀྱི་ལུས་ངག་གི་རིག་བྱེད་དང་། སྐྱེ་སོགས་དང་ཐོབ་པའོ། །ད་ནི་འདི་དཔྱད་པར་བྱ་སྟེ། ཀུན་སློང་གིས་འབྱུང་བ་བསླང་བ་ན་ཆོས་ཅན། འབྱུང་བ་ཡང་ཀུན་སློང་གི་ 3-1-23a དབང་གིས་དགེ་མི་དགེར་ཐལ། ཀུན་སློང་གི་དབང་གིས་ལུས་ངག་གི་ལས་དགེ་མི་དགེར་འགྱུར་བའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སྤྱིར་འབྱུང་བ་ཙམ་ཀུན་སློང་གིས་བསླང་བ་ཡོད་རུང་། ཀུན་སློང་གིས་ལུས་ངག་གི་ལས་ལ་དམིགས་པ་དེ་དགེ་མི་དགེར་ འགྱུར་གྱི། ཀུན་སློང་དེས་འབྱུང་བ་དེ་ལ་མ་དམིགས་པས་འབྱུང་བ་དགེ་མི་དགེར་མི་འགྱུར་བའི་ཕྱིར། དེ་ལྟར་ན་དོགས་པ་འདི་འདྲ་ཤར་ཏེ། ཀུན་སློང་གིས་བསྐྱེད་པར་འདྲ་བ་ལས། དེ་ལ་མ་དམིགས་ན་ཀུན་ནས་བསླང་ཙམ་གྱིས་དགེ་མི་དགེར་མི་འགྱུར་བ་དང་། དམིགས་ ན་འགྱུར་ན། འོ་ན་མཉམ་གཞག་གི་རིག་བྱེད་མིན་པ་ཆོས་ཅན། ཀུན་ནས་སློང་བའི་དབང་གིས་དགེ་བ་མ་ཡིན་པར་ཐལ། མཉམ་པར་བཞག་པ་ལ་རིག་བྱེད་མིན་པ་འདི་ལྟ་བུ་ཞིག་ཁས་བླངས་སྙམ་ཞིང་། དེ་ལ་དམིགས་པ་མེད་པའི་ཕྱིར། ཅི་མཉམ་གཞག་གི་རིག་བྱེད་ མིན་པ་ཆོས་ཅན། མཉམ་པར་མ་བཞག་པའི་སེམས་ཀྱིས་ཀུན་ནས་སློང་བ་ནི་མི་རིགས་པར་ཐལ། སྐལ་བ་མི་འདྲ་བའི་ཕྱིར། དེས་ན་མཉམ་གཞག་གི་རིག་མིན་དེ་ཇི་ལྟར་དགེ་བར་འཇོག་ཅེས་ཐེ་ཚོམ་པའོ། །ཡང་ན། ཡང་དེ་ལ་མཉམ་གཞག་གི་དམིགས་པའི་སེམས་ པ་མེད་ཀྱང་མཉམ་གཞག་གི་བསྐྱེད་པ་ཙམ་གྱིས་དགེ་བ་ཡིན་པའམ། ཡང་ན་མཉམ་གཞག་གི་སྔར་མཉམ་པར་མ་བཞག་གོང་གི་སེམས་པས་དམིགས་པའི་ཕྱིར་དགེ་བར་བསྐྱེད་དོ་ཞེ་ན། འོ་ན་ལྷའི་མིག་དང་རྣ་བ་དག་ཀྱང་དགེ་བ་ཉིད་དུ་ཐལ། མཉམ་གཞག་གི་ཏིང་ངེ་འཛིན་ ཙམ་གྱིས་བསྐྱེད་པ་གང་ཞིག །ཡང་ན་མཉམ་པར་མ་བཞག་པའི་སེམས་པས་མིག་དང་རྣ་བ་འདི་ལྟ་བུ་ཞིག་བསྐྱེད་དོ་སྙམ་དུ་སེམས་པས་དམིགས་པའི་ཕྱིར། འདོད་མི་ནུས་ཏེ། རྣ་མིག་མངོན་ཤེས་ལུང་མ་བསྟན་བྱ་བ་དང་འགལ་བས། སློབ་དཔོན་གྱིས། འདི་ལ་དཔྱད་ 3-1-23b དཀའ་བས་ལན་ལ་འབད་པར་བྱའོ། །ཞེས་གསུངས་ནས་ལན་མ་བཏབ་འདུག་ཅིང་། གནའ་མཆན་རྙིང་པ་གཅིག་ཏུ་མཉམ་པར་མ་བཞག་པའི་དགེ་མི་དགེའི་རིག་བྱེད་མ་ཡིན་པ་ལ་སེམས་པས་དམིགས་བྱེད་དགོས། མཉམ་གཞག་གི་རིག་མིན་དགེ་བ་ལ་དམིགས་བྱེད་ཀྱི་སེམས་པ་ མེད་ཀྱང་ཆོས་ཉིད་ཀྱི་དབང་གིས་དགེ་བར་འཇོག་ལ། ལྷའི་མིག་དང་རྣ་བ་ནི་དགེ་བ་མིན་ཏེ། རྣམ་གྲོལ་གྱི་ལམ་དང་ལྷན་ཅིག་སྐྱེ་བའི་ཕྱིར་དང་། དེ་དག་གི་སྦྱོར་བ་ཡང་སྒྲ་དང་སྣང་བ་དང་ཡིད་ལ་བྱེད་པ་ཡིན་པས་སྦྱོར་བའི་དབང་གི་དགེ་བ་མ་ཡིན་པར་སྨྲའོ་ཞེས་བྲིས་གདའོ། ། གཉིས་པ་ཀུན་སློང་བྱེ་བྲག་ཏུ་བཤད་པ་ལ། ཀུན་སློང་གི་དབྱེ་བ། དབྱེ་བ་སོ་སོའི་རང་བཞིན། མཚན་གཞི་ལ་མུ་བཞི་དཔྱད་པའོ། །དང་པོ་ནི། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །འདོད་པ་ན་འཇིག་མཐར་གྱིས་བསྒྲིབས་ལ་ལུང་མ་བསྟན་ནི་ཁ་ནང་དུ་བལྟས་པ་མཐོང་སྤང་ཡིན་ཙམ་ན། ཕྱིར་ལྟས་ཀྱི་ལུས་ངག་གི་ རིག་བྱེད་མི་སློང་བར་གོང་དུ་བཤད་པ་དང་། བུདྡྷས་ལོག་ལྟ་ལས་ལོག་རྟོག་དང་ལོག་པའི་ངག་སོགས་འབྱུང་བར་བཤད་པ་འགལ་སྙམ་ན། མི་འགལ་ཏེ། སྤྱིར་ཀུན་སློང་ལ་རྣམ་པ་གཉིས་ཏེ། རྒྱུའི་ཀུན་སློང་དང་ནི། བྱ་བ་དེའི་དུས་ན་ཡོད་པའི་ཀུན་སློང་ཞེས་བྱ་བ་གཉིས་སུ་ཡོད་པ་ ལས། ལོག་ལྟ་དེ་ནི་ལོག་པའི་ངག་སོགས་འབྱུང་བའི་གྲོགས་ཙམ་ཡིན་གྱི་གཙོ་བོའི་ཀུན་སློང་མིན། གྲོགས་ཡོད་ཀྱང་གཙོ་བོའི་རྒྱུ་མེད་ན་འབྲས་བུ་མི་འབྱུང་སྟེ། མིག་གི་དབང་པོ་མེད་ན་གཟུགས་ཡོད་ཀྱང་མིག་གི་རྣམ་ཤེས་མི་འབྱུང་བ་དང་འདྲ། འོ་ན་གཙོ་བོའི་རྒྱུ་གང་ཡིན་ན། རྒྱུའི་ཀུན་སློང་གཉིས་པ་དང་དུས་ཀྱི་ཀུན་སློང་ཡིན། ལོག་ལྟ་དེ་རྒྱུ་དུས་ཀྱི་ཀུན་སློང་གཉིས་ཀྱི་དང་པོ་གཙོ་བོ་དེ་མིན། གྲོགས་ཙམ་ཡིན་པས་དེ་ལ་བརྟེན་ནས་ལོག་རྟོག་སོགས་འབྱུང་བར་གསུངས་པ་ཡིན་ནོ། །ལོག་ལྟས་ལོག་རྟོག་སོགས་དངོས་ཀྱི་ཀུན་ནས་སློང་བའི་ལུང་མ་ཡིན་ 3-1-24a ཏེ། ཡིན་ན་བཟློག་པའི་ཚེ་ཡང་དག་པའི་ལྟ་བས་ཡང་དག་པའི་ངག་སོགས་ཀུན་ནས་སློང་དགོས་པ་ལས་དེ་ལྟར་ཡང་མི་རུང་བའི་ཕྱིར། གཉིས་པ་ནི། གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །ཀུན་སློང་གཉིས་ལས་དང་པོ་རབ་ཏུ་འཇུག་བྱེད་ཡིན་ཏེ། རྒྱུ་ཡང་ཡིན་ཀུན་ནས་སློང་བ་ཡང་ཡིན་ཅིང་ འཕེན་པར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་ནི་དེའི་རྗེས་སུ་འཇུག་བྱེད་ཡིན་ཏེ། བྱ་བའི་དུས་སུ་མཐུན་པར་འཇུག་པའི་ཕྱིར། དུས་ཀྱི་ཀུན་སློང་མེད་ན་རྒྱུའི་ཀུན་སློང་གིས་འཕངས་སུ་ཟིན་ཀྱང་། བྱ་བ་མཐར་ཐུག་རྣམ་པར་རིག་བྱེད་དུ་མི་འགྱུར་ཏེ། དཔེར་ན་འགའ་ཞིག་གྲོང་དུ་ འགྲོ་སྙམ་ནས་འཕངས་ཀྱང་བར་མ་དོར་ཤི་ན་གྲོང་དུ་མི་ཕྱིན་པ་དང་འདྲའོ། །དུས་ཀྱི་ཀུན་སློང་མེད་ན་ཤི་བ་བཞིན་དུ་ལས་ལམ་གྱི་རིག་བྱེད་མཐར་མི་ཕྱིན་ན། དགེ་ཚུལ་ཕྱིར་མི་འོང་གཅིག་གིས་དགེ་འདུན་ལ་དགེ་སློང་གི་དངོས་པོར་གསོལ་བ་བཏབ་ནས་འགོག་སྙོམས་ལ་ཞུགས་ནས། ལས་བརྗོད་པའི་མཇུག་ཏུ་སོ་ཐར་གྱི་སྡོམ་པ་མི་སྐྱེ་བར་ཐལ་བ་ལས། དེ་ཡང་འདོད་མི་ནུས་པས་སོ་སྙམ་ན། དེ་ནི་ཚུལ་ལུགས་གཞན་ཡིན་ཏེ། སེམས་མེད་པ་ལ་དུས་ཀྱི་ཀུན་སློང་མེད་ཀྱང་ཐོབ་པ་ཡིན་པ་ལ། སེམས་དང་བཅས་པ་ལ་དུས་ཀྱི་ཀུན་སློང་མེད་པར་མི་ཐོབ་པས། སེམས་བཅས་ལ་དུས་ཀྱི་ཀུན་སློང་གི་རིག་བྱེད་ཆེས་གསལ་བས་ནི་དགེ་སློང་གི་དངོས་པོ་འབྱུང་བར་བྱེད་པའི་ནུས་པ་ནི་དེ་ཡིན་ནོ། །འདི་ལ་ནི་ཐ་སྙད་འདི་འདྲ་ཞིག་ཡོད་དེ། ངེས་འབྱུང་ཆུང་ངུ་དང་ལྷན་ཅིག་པའི་རྒྱུའི་ཀུན་སློང་བྱས། ངེས་འབྱུང་ཆེན་པོ་དང་ལྷན་ཅིག་པའི་སེམས་ པས་དུས་ཀྱི་ཀུན་སློང་བྱས་ན་སྡོམ་པ་དངོས་ཀྱི་ལས་ལམ་དངོས་གཞི་གྲུབ་པ་ན་སྡོམ་པ་སྐྱེས་པའི་ཚེ་སྡོམ་པ་ནི་ཆུང་ངུ་དང་། རིག་བྱེད་ནི་ཆེན་པོ་དང་། ཡང་རྒྱུའི་ཀུན་སློང་ངེས་འབྱུང་ཆེན་པོ་དང་། དུས་ཀྱི་ཀུན་སློང་ལུང་མ་བསྟན་དང་ཉོན་མོངས་པས་བསླངས་ནས་སྐྱེས་པའི་ 3-1-24b སྡོམ་པ་ལ་ནི་སྡོམ་པ་ཆེན་པོ་དང་། རིག་བྱེད་ཆུང་ངུ་ཞེས་བྱ་ལ། དེ་ལྟར་ཆེ་འབྲིང་ཆུང་གསུམ་དུ་བཞག་དགོས་ལ། སྡོམ་མིན་ལ་ཡང་འདིས་མཚོན་ཅིང་། དེའི་ཚེ་དགྲ་བཅོམ་པ་ལ་སོ་ཐར་གྱི་སྡོམ་པ་ཆུང་ངུ་ལས་མེད་པ་དང་། རིག་བྱེད་ཀྱི་དུས་འགོག་སྙོམས་ལ་ཞུགས་ན་རིག་བྱེད་ ཆེ་ཆུང་གང་ཡང་མེད་པ་སྲིད་དོ། །གསུམ་པ་མཚན་གཞི་ལ་མུ་བཞི་དཔྱད་པ་ལ། རབ་ཏུ་འཇུག་བྱེད་ཁོ་ན་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། རྗེས་སུ་འཇུག་བྱེད་ཁོ་ན་ཡིན་པའི་མུ། ཕན་ཚུན་འཇུག་ཚུལ་ལ་དཔྱད་པའི་མུ། གཉིས་ཀ་མིན་པའི་མུའོ། །དང་པོ་ནི། མཐོང་བས་སྤང་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན། མཐོང་བས་སྤང་བྱའི་རྣམ་ཤེས་ནི་ཆོས་ཅན། རྣམ་པར་རིག་བྱེད་རབ་ཏུ་འཇུག་བྱེད་ཁོ་ན་ཡིན་ཏེ། རྒྱུའི་ཀུན་སློང་རྟོག་དཔྱོད་དག་གི་ཡང་གཞིར་གྱུར་པའི་ཀུན་སློང་ཡིན་པའི་ཕྱིར། རྗེས་སུ་འཇུག་བྱེད་ཁ་ཕྱིར་ལྟའི་དུས་ན་ཚོགས་དྲུག་ཉག་ཕྲེང་དུ་སྐྱེ་བས། ཁ་ནང་ལྟའི་སྔར་གྱི་དེ་མེད་པའི་ཕྱིར། རྗེས་སུ་འཇུག་བྱེད་ནི་མ་ཡིན་ ནོ། །ཡིན་ན་ཉེས་པ་གཞན་ཡང་ཡོད་དེ། མཐོང་བས་སྤང་བར་བྱ་བ་དེ་ཡང་རྗེས་སུ་འཇུག་བྱེད་ཡིན་ན་ཆོས་ཅན། མཐོང་སྤང་གི་སེམས་དེས་ཀུན་ནས་སློང་བའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ཀྱང་མཐོང་སྤང་དུ་ཐལ། ཇི་ལྟར་སྒོམ་སྤང་གི་སེམས་ཀྱིས་ཀུན་ནས་སློང་ བའི་ལུས་ངག་གི་ལས་སྒོམ་སྤང་ཡིན་པ་དང་མཚུངས་པའི་ཕྱིར། དེ་ལ་འདོད་དོ་སྙམ་ན། ཆོས་མངོན་པ་ལ་གནོད་པར་འགྱུར་ཏེ། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་ཅེས་གསུངས་པ་དང་འགལ་བའི་ཕྱིར། གཟུགས་ནི་ཆོས་ཅན། མཐོང་སྤང་མ་ཡིན་ཏེ། འཇིག་ལྟ་བཞིན་རིག་པ་མཐོང་ལམ་དང་མི་འགལ་བའི་ཕྱིར། བདེན་པ་མཐོང་བ་ལ་ཡང་གཟུགས་ཡོད་པས་སོ། །གཟུགས་ནི་ཆོས་ཅན། མཐོང་ལམ་མ་ཡིན་ཏེ། མཐོང་ལམ་མ་རིག་པ་དང་འགལ་བ་བཞིན། གཟུགས་ནི་མ་རིག་པ་དང་མི་འགལ་བའི་ཕྱིར། མ་རིག་པ་ཡོད་པ་ 3-1-25a ལའང་གཟུགས་ཡོད་པས་སོ། །མཐོང་བས་སྤང་བྱ་མ་ཡིན་པའི་ཤུགས་ཀྱིས་སྒོམ་སྤང་དུ་གྲུབ་བོ། །གཟུགས་མཐོང་སྤང་དུ་འདོད་པའི་ཕྱོགས་ལ་ནི། གཟུགས་རིག་པ་དང་མི་འགལ་བ་འདི་མི་འགྲུབ་པས་ད་དུང་ཁྱོད་རང་གི་སྒྲུབ་བྱེད་ཀྱིས་བསྒྲུབ་པར་ བྱ་དགོས་སོ། །ཡང་མཐོང་སྤང་གི་སེམས་ཀྱིས་གཟུགས་སློང་བ་ན་དེའི་རྟེན་གྱི་འབྱུང་བ་ཡང་སློང་བས་འབྱུང་བ་དེ་ཆོས་ཅན། མཐོང་སྤང་ཡིན་པར་ཐལ། སེམས་ཀྱིས་བསླང་བར་མཚུངས་པའི་ཕྱིར། འདི་ལ་གཟུགས་མཐོང་སྤང་ཡིན་ལ། དེའི་རྟེན་གྱི་འབྱུང་བ་མཐོང་ སྤང་མིན་པའི་ཕྱོགས་ཀྱི་ལན་དང་། གཉིས་ཀ་དེ་མ་ཡིན་པའི་ཕྱོགས་ཀྱི་ལན་འདེབས་ཚུལ་གཉིས་ལས། དང་པོས་ནི་འབྱུང་བ་དེ་ཆོས་ཅན། མཐོང་སྤང་མ་ཡིན་ཏེ། མཐོང་སྤང་ནི་སྒྲིབ་ལུང་མ་བསྟན་ཡིན་པ་གང་ཞིག །འབྱུང་བ་ནི་མ་སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར་རོ། ། གཉིས་པས་ནི་སྤྱིར་ཆོས་ཅན་དེའི་ཕྱོགས་སྔ་མ་མ་གྲུབ་ལ། སྤྱིར་གཟུགས་དང་འབྱུང་བ་སེམས་ཀྱིས་བསླང་བར་མཚུངས་པས། འབྱུང་བ་དགེ་མི་དགེར་འགྱུར་བའི་ཁྱབ་པ་མ་གྲུབ་སྟེ། ཇི་ལྟར་དགེ་བ་དང་མི་དགེ་བའི་སེམས་གང་གིས་དགེ་བ་དང་མི་དགེ་བའི་གཟུགས་ལ་དམིགས་ ནས་ཀུན་སློང་བའི་སྟོབས་ཀྱིས་དེའི་རྟེན་འབྱུང་བ་རྣམས་ཀྱང་བསླང་བ་ཡིན་ལ། དེའི་ལུས་ངག་གི་ལས་ངོ་བོ་ཉིད་ཀྱི་གཟུགས་དེ་དགེ་མི་དགེར་འགྱུར་ལ། དེའི་རྟེན་གྱི་འབྱུང་བ་ལ་ནི་མ་དམིགས་པའི་ཕྱིར་འབྱུང་བ་དེ་དགེ་མི་དགེར་མི་འགྱུར་རོ། །སླར་བཟློག་སྟེ། འབྱུང་བ་དེ་ མཐོང་སྤང་དུ་གྱུར་དུ་ཟད་མོད། ཉེས་པ་ཅི་ཡོད་བྱས་པ་ལ། བྱེ་སྨྲས་དེ་སྐད་དུ་བརྗོད་མི་ནུས་ཏེ། ཉོན་མོངས་པ་ཅན་མིན་པའི་མ་སྒྲིབ་ལུང་མ་བསྟན་དང་། དགེ་བ་ཟག་བཅས་ནི་ཆོས་ཅན། མཐོང་སྤང་མ་ཡིན་ཏེ། མ་སྒྲིབ་ལུང་མ་བསྟན་དང་དགེ་བ་ཟག་བཅས་ནི་ཉོན་མོངས་ཅན་ 3-1-25b གྱི་ཆོས་ཐོབ་པ་ཆད་པས་འགལ་བ་ལྟར་རིག་པ་ཟག་མེད་ཀྱི་ལམ་དང་འགལ་བ་མེད་པའི་ཕྱིར་རོ། །མ་སྒྲིབ་ལུང་མ་བསྟན་དང་དགེ་བ་ཟག་བཅས་ཆོས་ཅན། སྤང་བྱ་མ་ཡིན་པའང་མ་ཡིན་ཏེ། མ་རིག་པ་དང་། ཐོབ་པ་ཆད་པ་དང་། དེ་དེ་ལ་དམིགས་པའི་ཉོན་མོངས་པ་སྤོང་ བའི་ཚུལ་གྱིས་སྤང་བྱ་མ་ཡིན་པར་ཡང་མི་འགལ་བའི་ཕྱིར། ཡང་ན་གྱུར་དུ་ཟད་མོད་ཅེས་པ་ནི་མི་འཐད་པར་སྒྲུབ་པ་ནི། ཉོན་མོངས་ཅན་གྱི་གཟུགས་ཀྱི་རྟེན་འབྱུང་བ་རྣམས་ཆོས་ཅན། མཐོང་སྤང་མིན་ཏེ། ཉོན་མོངས་ཅན་མ་ཡིན་པའི་ ཕྱིར། ཉོན་མོངས་ཅན་མིན་པའི་སེམས་དང་སེམས་བྱུང་བཞིན་ནོ། །དེས་ན་མཐོང་སྤང་ནི་རྒྱུའི་ཀུན་སློང་ཡིན་པས་ལོག་ལྟ་ལས་ལོག་རྟོག་འབྱུང་བར་གསུངས་པའི་ལུང་དང་མི་འགལ་ཞིང་། འདི་ལ་བྱེ་སྨྲས་ཀླན་ཀ་མང་དུ་བསུས་ནས་སོ་སོར་ལན་བཏབ་པ་ཡིན་ནོ། །སྨྲས་ པ། ཀྱེ་མ། བསྟན་པ་རིན་ཆེན་འདི་ནི་འགྲོ་བའི་མགོན། །ནུབ་པར་འཕངས་ནས་དབེན་པའི་རི་སུལ་དུ། །རྣམ་གཡེང་སྤངས་ནས་བློ་གྲོས་ནུས་པ་མཆོག །དད་པས་གསོས་ནས་མངོན་པའི་གཞུང་འདིར་དཔྱད། །ཇི་བཞིན་གོ་བའི་དགའ་སྤྲོ་རྒྱས་ཆེས་པས། །རྩ་བརྒྱུད་བླ་ མ་དཀོན་མཆོག་བཅས་པ་ལ། །བཟོད་དུ་མེད་པའི་མོས་གུས་མཁའ་དང་མཉམ། །མ་རྒན་མཐའ་མེད་ཚོགས་ཀྱིས་ཤེས་བྱའི་གནས། །གསལ་པོ་འདི་ལ་རྨོངས་ཕྱིར་མི་བཟོད་པའི། །སྙིང་རྗེ་དྲག་པོ་དེ་ཡང་མཁའ་དང་མཉམ། །ཞེས་སོ། །གཉིས་པ་ནི། ཡིད་ནི། །སྒོམ་པས་སྤང་བྱ་གཉིས་ཀ་ཡིན། །ཡིད་ཀྱི་རྣམ་ པར་ཤེས་པ་སྒོམ་པས་སྤང་བྱ་ནི། རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀ་ཡིན་ཏེ། ཁ་ནང་དང་ཕྱི་རོལ་དུ་བལྟས་ནས་འཇུག་པའི་ཕྱིར། གསུམ་པ་ནི། ལྔ་ནི་རྗེས་སུ་འཇུག་བྱེད་ཡིན། །སྒོ་ལྔའི་རྣམ་པར་ཤེས་པ་ནི་རྗེས་སུ་འཇུག་བྱེད་ཁོ་ན་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར། ཟག་པ་མེད་ 3-1-26a པའི་ཡིད་ཀྱི་རྣམ་ཤེས་ནི་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀ་མ་ཡིན་ཏེ། མཉམ་པར་བཞག་པའི་ཕྱིར་དང་། ཁ་ནང་དུ་བལྟས་པའི་ཕྱིར་དང་། འཇུག་པ་འགལ་བའི་ཕྱིར། བཞི་པ་ལ། སྤྱིར་བཏང་དང་། དམིགས་བསལ་ལོ། །དང་པོ་ ནི། རབ་ཏུ་འཇུག་བྱེད་དགེ་སོགས་ལས། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་འདྲ་བའི་ངེས་པ་མེད་དེ། རབ་ཏུ་འཇུག་བྱེད་དགེ་བ་ལས་རྗེས་སུ་འཇུག་བྱེད་དགེ་བ་དང་སོགས་པས་མི་དགེ་བ་དང་། ལུང་མ་བསྟན་དུའང་འགྱུར་ལ། རབ་ཏུ་འཇུག་བྱེད་མི་དགེ་བ་དང་ལུང་མ་བསྟན་ལས་ཀྱང་རྗེས་སུ་འཇུག་བྱེད་དགེ་ བ་དང་མི་དགེ་བ་དང་ལུང་མ་བསྟན་རྣམ་པ་གསུམ་དུ་འགྱུར་རོ། །ཕལ་ཆེར་ནི་རབ་ཏུ་འཇུག་བྱེད་དགེ་བ་ཡིན་ན་རྗེས་སུ་འཇུག་བྱེད་དགེ་བ་ཡིན་ཏེ། ལ་ལ་ནི་དང་པོར་དགེ་སློང་གི་སྡོམ་པ་བླང་སྙམ་པའི་དགེ་བ་དེས་གསོལ་བ་དང་བཞིའི་ལས་སོགས་སྐུལ་བ་དེ་ཡང་དགེ་བ་ལ་གང་ཟག་ རྒྱུད་ངན་ཁ་ཅིག་ནི་དང་པོ་དེ་དགེ་ཡང་བར་དུ་ཁོང་ཁྲོ་ལྟ་བུ་མི་དགེ་བ་དང་། མོས་པ་ཉམས་ནས་ལུང་མ་བསྟན་དུ་ཡང་འགྱུར་སྲིད་པས་སོ། །གཉིས་པ་ནི། ཐུབ་པའི་འདྲ་བའམ་དེ་དགེ་བ། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ནི་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་འདྲ་བ་སྟེ། དགེ་བ་ལས་དགེ་བ་དང་། ལུང་མ་བསྟན་ལས་ལུང་མ་བསྟན་འཇུག་པའི་ཕྱིར། །འམ་ནི་རྣམ་གྲངས་པའི་སྒྲའོ། །ཡང་ན་ལུང་མ་བསྟན་གྱི་རབ་ཏུ་འཇུག་བྱེད་ཀྱི་རྗེས་སུ་འཇུག་བྱེད་དེ་དགེ་བར་འགྱུར་གྱི། རབ་ཏུ་འཇུག་བྱེད་དགེ་བའི་རྗེས་འཇུག་དགེ་བ་ཁོ་ན་ལས་ལུང་མ་བསྟན་དུ་མི་འགྱུར་ཏེ། སངས་རྒྱས་ རྣམས་ཀྱི་སྟོབས་ནི་དམན་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །སྡེ་པ་གཞན་དག་ན་རེ། སངས་རྒྱས་རྣམས་ལུང་དུ་མ་བསྟན་པའི་སེམས་མེད་དེ། སངས་རྒྱས་རྣམས་ཀྱི་རྒྱུད་ནི་རྟག་ཏུ་མཉམ་པར་བཞག་པའི་ཕྱིར། དགེ་བ་རྒྱུད་གཅིག་པ་ཡིན་ནོ། །མདོ་ལས། གླང་ཆེན་གཤེགས་ 3-1-26b ནའང་མཉམ་པར་བཞག །གླང་ཆེན་བཞེངས་ནའང་མཉམ་པར་བཞག །གླང་ཆེན་མནལ་ནའང་མཉམ་པར་བཞག །བཞུགས་ནའང་མཉམ་པར་བཞག་པ་ཡིན། །ཅེས་ཟེར་རོ། །སངས་རྒྱས་སྐུ་གསུང་ཐུགས་ཀྱིས་ངན་པ་མི་མཛད་པ་ནི་གླང་ཆེན་ཉེས་པ་མི་བྱེད་པ་དང་མཚུངས་ པའི་དཔེ་ཡིན་གྱི། གླང་ཆེན་རང་དང་མཚུངས་པའི་དཔེ་མིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། རྟག་ཏུ་མཉམ་པར་བཞག་བྱ་བ་དེ། སྤྱོད་ལམ་བཞི་ཅར་གྱི་གནས་སྐབས་སུ་མཁྱེན་སོགས་ཀྱི་དགོངས་པ་ཉེ་བར་གནས་པ་ཙམ་ལ་དགོངས་པ་ཡིན་ཏེ། ཐུགས་མི་བཞེད་བཞིན་སྤྱོད་ལམ་ ལུང་མ་བསྟན་དུ་མི་འགྲོ་བའི་ཕྱིར། གཞན་དུ་སངས་རྒྱས་རྣམས་ལ་ལུང་མ་བསྟན་རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་དང་སྤྲུལ་པའི་སེམས་མི་མངའ་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །སྒོམ་སྤང་གི་ཡིད་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀར་དུ་བཤད་པ་དེ་ནི་དགེ་བ་དང་ མི་དགེ་བ་དང་ལུང་མ་བསྟན་དུ་རིག་པར་བྱའོ། །ལྔ་པ་ནི། རྣམ་སྨིན་ལས་སྐྱེས་གཉིས་ཀ་མིན། །རྣམ་སྨིན་ལས་སྐྱེས་པའི་སེམས་ནི་ཆོས་ཅན། རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཉིས་ཀ་མིན་ཏེ། མངོན་པར་འདུ་བྱ་བ་མེད་པར་ངང་གིས་འབྱུང་བའི་ངོ་བོ་ཉིད་ཀྱི་ཕྱིར། ད་ནི་སློབ་དཔོན་གྱིས་ཁོ་ལ་ཕར་དྲིས་པ་ནི་ རབ་ཏུ་འཇུག་བྱེད་དགེ་བ་ཡིན་ན་དེའི་རྣམ་པར་རིག་བྱེད་ཀྱང་དགེ་བ་དང་། རབ་ཏུ་འཇུག་བྱེད་མི་དགེ་བ་ཡིན་ན་དེའི་རིག་བྱེད་ཀྱང་མི་དགེ་བ་ཡིན། དེ་བཞིན་ལུང་མ་བསྟན་ལ་ཡང་སྦྱར་བས་དེ་ལྟ་བུ་ཞིག་ཡིན་ནམ། འོན་ཏེ་རྗེས་སུ་འཇུག་བྱེད་དགེ་བ་ཡིན་ན་རིག་བྱེད་ཀྱང་དགེ་བ་དང་། དེ་བཞིན་མི་དགེ་བ་དང་ལུང་མ་བསྟན་སོགས་ལའང་སྦྱར་ནས་གང་ཡིན་དྲིས་པ་ལ། དང་པོ་ལྟར་རོ་ཞེ་ན། འདོད་པ་ན་མཐོང་བས་སྤོང་བའི་སྒྲིབ་ལ་ལུང་མ་བསྟན་གྱི་རིག་བྱེད་ཡོད་པར་ཐལ། རབ་ཏུ་འཇུག་བྱེད་ཀྱིས་ཀུན་ནས་སློང་བའི་རིག་བྱེད་དགེ་སོགས་ཡོད་པའི་ཕྱིར། འདོད་ན། 3-1-27a འདོད་པ་ན་སྒྲིབ་ལུང་མ་བསྟན་གྱི་རིག་བྱེད་མེད་པར་བཤད་པ་དང་འགལ། ཡང་མཐོང་སྤང་དུ་གྱུར་པའི་འཇིག་ལྟས་རིག་བྱེད་མི་བསླངས་ཀྱང་། ལོག་ལྟས་བསླང་ངོ་ཞེས་སྙམ་ན་ནི། ཡང་དམིགས་ཀྱིས་བསལ་ཏེ་བརྗོད་དགོས་སོ། །གཉིས་པ་ལྟར་ རོ་ཞེ་ན། འོ་ན་བསྙེན་རྫོགས་བྱ་བར་བརྩམས་ནས། བར་སྐབས་སུ་མི་དགེ་བའམ་ལུང་མ་བསྟན་གྱི་དུས་ཀྱི་ཀུན་སློང་བྱུང་ན། དེའི་དུས་ཀྱི་ཐལ་མོ་སྦྱོར་བ་སོགས་ཀྱི་རིག་བྱེད་དགེ་བར་མི་འགྱུར་བར་ཐལ། དུས་ཀྱི་ཀུན་སློང་མི་དགེ་བ་དང་ལུང་མ་བསྟན་དུ་འཇུག་པའི་ཕྱིར། འདིའི་ལན་དུ་ནི། རབ་ཏུ་འཇུག་བྱེད་འདི་ལ་མཐོང་སྤོང་གི་རབ་ཏུ་འཇུག་བྱེད་བྱས་ཤིང་། རྗེས་སུ་འཇུག་བྱེད་ཀྱང་མཐོང་སྤང་གིས་བྱས་པ་ཞིག་ཡོད་ན། རབ་ཏུ་འཇུག་བྱེད་དགེ་མི་དགེའི་དབང་གིས་རིག་བྱེད་ཀྱང་དེར་འགྱུར་བ་ཞིག་སྲིད་ལ། དེ་བཞིན་རབ་ཏུ་འཇུག་བྱེད་ སྒོམ་སྤང་གིས་བྱས་ནས། རྗེས་སུ་འཇུག་བྱེད་སྒོམ་སྤང་གིས་བྱས་པའི་དུས་ཀྱི་རིག་བྱེད་ཀྱང་རབ་ཏུ་འཇུག་བྱེད་དགེ་མི་དགེ་སོགས་ཀྱི་དབང་གིས་རིག་བྱེད་ཀྱང་དེར་འགྱུར་བ་ཡིན་པ་ལས། དང་པོ་རབ་ཏུ་འཇུག་བྱེད་མཐོང་སྤང་གིས་བྱས་པ་ཡོད་ཀྱང་། རྗེས་སུ་འཇུག་བྱེད་ མཐོང་སྤང་གིས་བྱས་པ་མེད་པས། འདོད་ན་སྒྲིབ་པའི་རིག་བྱེད་མེད་ལ། གཉིས་པའི་ཕྱོགས་ལྟར་ན། བདག་བསྙེན་པར་རྫོགས་འདོད་ཀྱི་དགེ་བ་བདག་ལ་ཁ་ནང་དུ་ལྟ་བའི་རབ་ཏུ་འཇུག་བྱེད་དེ་ཆོས་ཅན། ཁྱོད་ཀྱིས་འདོད་པའི་རིག་བྱེད་མི་སློང་སྟེ། འདོད་པའི་རིག་བྱེད་ དང་དེའི་བར་དུ་སྒོམ་སྤང་གི་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་ཀྱིས་བར་དུ་ཆོད་པའི་ཕྱིར། བར་ཆོད་ཚུལ་ནི་དང་པོར་བདག་བསྙེན་པར་རྫོགས་པར་བྱའོ་ཞེས་བདག་ལ་ཁ་ནང་དུ་ཕྱོགས་པའི་དམིགས་རྣམ་འཛིན་པའི་ཤེས་པ་ནི་རབ་ཏུ་འཇུག་བྱེད་མཐོང་སྤང་ཡིན་ཀྱང་། 3-1-27b དེའི་འོག་ཏུ་དེའི་ཕྱིར་ཕྱག་འབུལ་བར་བྱ་གསོལ་བ་གདབ་པར་བྱ་སྙམ་པ་ལྟ་བུ་ཁ་ཕྱིར་ལྟ་བ་དེ་ནི་སྒོམ་སྤང་ཡིན་ལ། སྒོམ་སྤང་དེའི་རབ་ཏུ་འཇུག་བྱེད་དེ་དགེ་བ་ཡིན་ན། དེ་ནས་དེའི་རྗེས་སུ་འཇུག་བྱེད་ཐལ་མོ་སྦྱར་བ་དང་གསོལ་བ་གདབ་པ་ལྟ་བུ་ནི་མི་དགེ་བ་དང་ལུང་མ་ བསྟན་གྱི་ཀུན་ནས་སློང་ཡང་དེ་དུས་ཀྱི་རིག་བྱེད་དེ་ནི་དགེ་བར་འགྱུར་རོ། །མི་དགེ་བ་སོགས་ལ་ཡང་དེས་མཚོན་ཏོ། །དེས་ན་རྗེས་སུ་འཇུག་བྱེད་དང་དུས་ཀྱི་ཀུན་སློང་དབང་མི་བཙན་པས། མདོ་ལས་རྒྱུའི་ཀུན་སློང་དབང་བཙན་པར་གསུངས་པའི་ཕྱིར། འདོད་པ་ན་སྒྲིབ་ལུང་ མ་བསྟན་གྱི་རིག་བྱེད་མེད་དོ་ཞེས་ཁྱབ་པ་འཆའ་བ་ནི་མ་ཡིན་ནོ། །འོ་ན་མཐོང་སྤང་སྒྲིབ་ལ་ལུང་མ་བསྟན་ལས་གཞན་པའི་སྒོམ་སྤང་ཁ་ཕྱིར་ལྟ་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་གཞན་གྱིས་བར་ཆོད་པའི་སྔ་རོལ་མཐོང་སྤང་གི་རྒྱུའི་ཀུན་སློང་དེ་སྒོམ་སྤང་གི་རབ་ཏུ་འཇུག་ བྱེད་དེའི་རྐྱེན་བྱེད་པ་ཙམ་ལ་དགོངས་ནས། རྒྱུའི་ཀུན་སློང་དབང་བཙན་ན། འདོད་པ་ན་སྒྲིབ་ལུང་མ་བསྟན་གྱི་རིག་བྱེད་མེད་པས་ཁྱབ་པ་བཅས་ན་མཐོང་སྤོང་གི་རྒྱུའི་ཀུན་སློང་གོ་ཆོད་པའི་དབང་དུ་བྱས་ན་ནི། ཁྱབ་པ་ཡོང་བས་རྒྱུའི་ཀུན་ནས་སློང་བ་གཙོ་བོར་གསུང་བའི་རྒྱུ་འདི་ཁྱབ་ཆེ་བས། རྣམ་པ་གཅིག་ཏུ་ན་ཁྱབ་པ་མི་འོང་བའི་གནད་ ཤེས་པར་བྱའོ། །མཆན། རྒྱུའི་ཀུན་སློང་གཙོ་བོར་གསུངས་པ་ཡིན་པས། ཁྱབ་པ་གར་བཅས་ཀྱི་གནད་རིག་པར་བྱའོ། །གཞུང་འདིའི་རང་འགྲེལ་གྱི་ཐད་དུ་ནི་བདག་གི་རྣམ་པར་དཔྱོད་པས་གཏིང་ལྷོངས་པར་བཤད་པ་འདི་ལྟ་བུ་ནི་བོད་གངས་ཅན་ན་སྔོན་མ་བྱོན་པར་སྣང་སྟེ། རྣམ་དཔྱོད་ཀྱི་དབང་པོ་མི་དམན་པ་བློ་གྲོས་མཚུངས་ པ་མེད་པ་ལྟ་བུས་ཀྱང་། འདིའི་སྐབས་སུ་ཇི་བཞིན་འགྲེལ་མ་ནུས་པར་ཚིགས་བཅད་གཅིག་བརྩམས་ནས་ཟོལ་གྱིས་འཇོག་དགོས་པར་བྱུང་སྣང་ངོ་། །ཚིགས་བཅད་དེ་ནི་འདི་ཡིན་ཏེ། དངོས་དང་བརྒྱུད་པས་རྒྱུ་ཡི་ནི། །སློང་བྱེད་རྣམ་པ་གཉིས་སུ་འདོད། །མཐོང་སྤང་བརྒྱུད་པའི་སྒོ་ནས་ཏེ། །གཞན་གྱི་དངོས་སུའང་ཡིན་པར་འདོད། །ཅེས་ 3-1-28a བྲིས་སྣང་ངོ་། །ཡང་ན་ཚིགས་བཅད་འདི་རྒྱ་འགྲེལ་གྱི་ཚིག་ལྟ་བུ་ཞིག་ཡིན་པའང་སྲིད་དེ་ཁོ་བོ་མཐོང་རྒྱ་ཆུང་བའི་ཕྱིར། མཆན། གསུམ་པ་རིག་བྱེད་མིན་པའི་རྣམ་གཞག་ལ། དབྱེ་བ་མདོར་བསྟན་དང་། རྣམ་གཞག་རྒྱས་བཤད་དོ། །དང་པོ་ནི། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །རྣམ་རིག་མིན་པ་རྣམས་ཆོས་ ཅན། རྣམ་གསུམ་ཞེས་བྱ་སྟེ། ཆོ་གས་ཕོག་ཅིང་བླངས་ནས་འཆལ་བ་དང་ཡི་མ་བླངས་པར་འཆལ་བའི་འཆལ་ཚུལ་སྡོམ་ཞིང་འགོག་པའི་སྡོམ་དང་སྡོམ་པ་མིན་དང་། བར་མས་བསྡུས་པའི་དགེ་མི་དགེ་གཞན་དུ་ཡོད་པའི་ཕྱིར། གཉིས་པ་ལ། སྡོམ་པ་ཁྱད་པར་དུ་བཤད་པ་དང་། ཐམས་ ཅད་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་བསྟན་བཤད་གཉིས་ཀྱི་དང་པོ་ནི། སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །འདི་པ་རྣམས་ཀྱི་འདོད་པ་ན་སྤྱོད་པ་སྤོང་བ་གཙོ་བོར་གྱུར་པའི་ལྷག་པའི་ཚུལ་ཁྲིམས་འདི་ལ་ནི་སྡོམ་པ་སོ་སོ་ཐར་ཅེས་བྱའོ། །འདི་ལ་ནི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་དོ། །འདོད་པ་ན་ཡོད་པ་ དེ་བཞིན་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ནི། ཏིང་ངེ་འཛིན་གཙོ་བོར་གྱུར་པའི་ལྷག་པའི་སེམས་ཀྱིས་ཀུན་ནས་སློང་བ་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་སོ། །འདི་ལ་ནི་རིག་བྱེད་མ་ཡིན་པ་གཅིག་པུར་ཟད་དོ། །ལྷག་པའི་ཤེས་རབ་གཙོ་བོར་གྱུར་པས་ཀུན་ནས་སློང་བ་ཟག་པ་མེད་ པའི་ཚུལ་ཁྲིམས་སོ། །འདི་ལ་ནི་རིག་བྱེད་ཡིན་མིན་གཉིས་ཀ་ཡོད་དོ། །སྤྱིར་འཇིགས་པ་སྲུང་བའི་ཚུལ་ཁྲིམས། ལེགས་སུ་སྨོན་པའི་ཚུལ་ཁྲིམས། བྱང་ཆུབ་དང་མཐུན་པའི་ཚུལ་ཁྲིམས། རྣམ་པར་དག་པའི་ཚུལ་ཁྲིམས་བཞི་ཡང་ཟེར་བའི་གསུམ་པ་ནི་སོ་ཐར་གྱི་སྡོམ་པ། བཞི་པ་ནི་ ཟག་པ་མེད་པའི་སྡོམ་པའོ། །གཉིས་པ་ལ། སོ་ཐར་རྒྱས་བཤད། བསམ་གཏན་ཟག་མེད་རྒྱས་བཤད། ཞར་ལས་བྱུང་བའི་དོན་ཏོ། །དང་པོ་ལ། བསྡུས་ཏེ་བསྟན་པ་དང་། ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ལ། མིང་གི་སྒོ་ནས་བརྒྱད་དུ་དབྱེ་བ། རྫས་ཀྱི་སྒོ་ནས་བཞིར་བསྡུ་བ། གནས་ 3-1-28b པའི་ཚུལ་ལོ། །དང་པོ་ནི། སོ་སོར་ཐར་ཞེས་བྱ་རྣམ་བརྒྱད། །སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་བ་དགེ་སློང་གི་སྡོམ་པ་དང་། དགེ་སློང་མའི་སྡོམ་པ་དང་། དགེ་ཚུལ་གྱི་དང་། དགེ་སློབ་མའི་དང་། དགེ་ཚུལ་མའི་དང་། དགེ་བསྙེན་གྱི་དང་། དགེ་བསྙེན་མའི། བསྙེན་ གནས་ཀྱི་སྡོམ་པ་སྟེ་རྣམ་པ་བརྒྱད་དོ། །བསྙེན་གནས་ནི་ཟ་མ་དང་མ་ནིང་ལ་ཡང་སྐྱེ་བས། ཕོ་མོ་གཉིས་སུ་ངེས་པ་མེད་པས། ཕོ་མོ་སོ་སོར་མ་བགྲང་ངོ་། །འོ་ན་དགེ་བསྙེན་ཀྱང་ཟ་མ་དང་མ་ནིང་ལ་སྐྱེ་བས་དབྱེར་མི་རིགས་ཞེ་ན། དགེ་བསྙེན་གྱི་སྡོམ་པ་ནི། ཟ་མ་དང་མ་ནིང་ལ་སྐྱེ་བ་ཐེག་ཆེན་གྱི་ལུགས་ཡིན་ལ། བྱེ་སྨྲ་ནི་དེ་ལྟར་དུ་ མི་འདོད་དོ། །གཉིས་པ་ནི། རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །བརྒྱད་པོ་དེའང་དགེ་སློང་གི་སྡོམ་པ་དང་། དགེ་ཚུལ་གྱི་སྡོམ་པ་དང་། དགེ་བསྙེན་གྱི་སྡོམ་པ་དང་། བསྙེན་གནས་ཀྱི་སྡོམ་པ་སྟེ། རྫས་སུ་རྣམ་པ་བཞི་ཡིན་ནོ། །འོ་ན་དགེ་ཚུལ། དགེ་སློབ་མ། དགེ་ཚུལ་མ་གསུམ་གྱི་སྡོམ་པ་རྫས་གཅིག་པར་ འདོད་པ་ལ། དགེ་ཚུལ་དང་དགེ་ཚུལ་མའི་སྡོམ་པ་རྫས་གཅིག་པ་ཡིན་ཀྱང་། དགེ་སློབ་མའི་སྡོམ་པ་དེ་དེ་གཉིས་དང་གཅིག་པ་མི་འཐད་དེ། དགེ་ཚུལ་མཚན་གྱུར་པས་དགེ་ཚུལ་མར་འགྲོ་བ་བཞིན། དགེ་ཚུལ་མཚན་གྱུར་པས་དགེ་སློབ་མར་མི་འགྱུར་བའི་ཕྱིར་ཏེ། ཆོས་དྲུག་ དང་རྗེས་མཐུན་གྱི་ཆོས་དྲུག་མ་བླངས་པའི་ཕྱིར། དེ་ལྟར་ན་དགེ་སློབ་མ་དང་། དེ་གཉིས་གཅིག་ཏུ་འདོད་དོ་སྙམ་ན། དགེ་ཚུལ་མཚན་གྱུར་པས་དགེ་སློབ་མར་མི་འགྲོ་ཡང་། དགེ་སློབ་མ་མཚན་གྱུར་པས་དགེ་ཚུལ་དུ་འགྲོ་བས་དེ་གསུམ་གཅིག་ཡིན། དགེ་སློབ་མ་མཚན་ གྱུར་པས་དགེ་ཚུལ་དུ་འགྲོ་བ་དེ་ཆོས་དྲུག་དང་རྗེས་ཀྱི་ཆོས་དྲུག་བཏང་སྟེ། སྐྱེས་པའི་རྟེན་ལ་ཉེ་བར་མི་མཁོ་བས་སོ། །ཡང་ན་ཆོས་དྲུག་དང་རྗེས་ཀྱི་ཆོས་དྲུག་མཚན་གྱུར་པའི་དུས་སུ་མ་བཏང་བར་ཡོད་ཀྱང་། སྐྱེས་པའི་རྟེན་ལ་ཉེ་བར་མི་མཁོ་བས་དོན་བྱེད་ནུས་པར་ལྡན་པ་མེད། 3-1-29a གཞན་ཚོ་དོན་བྱེད་ནུས་པར་ཡོད་པས་དགེ་ཚུལ་ཡིན། ཡང་ན་ཆོས་དྲུག་དང་ཉེ་བའི་ཆོས་དྲུག་བཅས་པའི་ཁ་ན་མ་ཐོ་བ་དེ་རིག་བྱེད་མ་ཡིན་པ་མིན། ད་རེས་རིག་བྱེད་མིན་པའི་རྩིས་འདིངས་ཙམ་ན་རིག་བྱེད་མ་ཡིན་པ་ཕན་ཚུན་མཚན་གྱུར་པའི་དུས་སུ་ལྡན་གྱི། བཅས་པའི་ཁ་ན་མ་ཐོ་བ་ཆོས་དྲུག་དང་ཉེ་བའི་ཆོས་དྲུག་པོ་དེ་དགེ་ཚུལ་གྱུར་པས་བཅུ་གཉིས་དེ་དང་ལྡན་པ་མིན། བར་སློབ་མ་མཚན་གྱུར་པས་དགེ་ཚུལ་ལ་ཆོས་དྲུག་དང་། ཉེ་བའི་ཆོས་དྲུག་ལྡན་པ་མིན་ཅེས་ཟེར་རོ། །དགེ་སློབ་མའི་བསླབ་པའི་ཆོས་དྲུག་ནི། སྐྱེས་པ་ལ་རེག་པ་དང་། སྐྱེས་པ་དང་ལྷན་ཅིག་འདུག་པ་དང་། གཅིག་པུར་ལམ་དུ་འགྲོ་བ་དང་། རྐྱལ་བྱེད་པ་དང་། སྨྱན་བྱེད་པ་དང་། ཟླ་མོའི་ཉེས་པ་འཆབ་པ་ཞེས་བྱ་བའི་ཆོས་དྲུག་དང་། གསེར་ལ་རེག་པ་དང་། མདོམས་ཀྱི་སྤུ་བྲེགས་པ་དང་། བྱིན་ལེན་མ་བྱས་པར་ཟ་བ་དང་། རྩྭ་གཅོད་པ་དང་། བསོག་འཇོག་བྱས་པ་ཟ་བ་དང་། ས་རྐོ་བ་ཞེས་བྱ་བ་ཉེ་བའི་ཆོས་དྲུག་གོ། སྡོམ་པ་ལ་རྫས་སུ་བཞིར་ངེས་ཏེ། དགེ་སློང་གི་མཚན་ནམ་རྟགས་འགྱུར་བ་ན་མིང་ནི་དགེ་སློང་མ་ཞེས་བྱ་བར་འཕོ་བ་འདིའི་ཕྱིར། འདིར་དགེ་སློང་ནི་ལོ་ཉི་ཤུ་མ་ལོན་པ་ལ་བྱར་མི་རུང་། དགེ་སློང་མ་ནི་ལོ་བཅུ་ གཉིས་ལོན་ནས་བྱར་རུང་བ་ཡིན་ཙམ་ན། ལོ་བཅུ་གཉིས་ལ་དགེ་སློང་མ་བྱས་པ་དེ་ལོ་བཅུ་གསུམ་བཅུ་བཞི་ལ་མཚན་འགྱུར་ན་དགེ་སློང་དུ་འགྱུར་ཏེ་སྙམ་ན། དེ་འགྱུར་ཏེ། ཡེ་ནས་སྐྱེས་པ་ཡིན་པ་དེ་ལོ་ཉི་ཤུ་མ་ལོན་བར་དུ་བྱར་མི་རུང་བ་ཡིན། སྔར་བུད་མེད་ཡིན་པ་དེ་མཚན་འགྱུར་བ་ དེ་ལོ་བཅུ་གསུམ་བཅུ་བཞི་ལ་དགེ་སློང་དུ་འགྱུར་རོ། །མཚན་གྱུར་པས་ནི་སྡོམ་པ་གཏོང་ཐོབ་གཉིས་ཀར་མེད་དོ། །དེས་ན་དགེ་སློབ་མ་དགེ་སློང་མ་དགེ་ཚུལ་མ་དགེ་བསྙེན་མ་བཞི་པོ་དེ་དག་ནི། དགེ་སློང་དགེ་ཚུལ་དགེ་བསྙེན་གསུམ་པོ་ལས་རང་བཞིན་ཐ་མི་དད་དོ། །གསུམ་པ་ནི། ཐ་དད་དེ་དག་འགལ་བ་མེད། ། 3-1-29b གང་གིས་དགེ་བསྙེན་ནས་དགེ་ཚུལ་དགེ་སློང་གི་བར་གྱི་སྡོམ་པ་བླངས་པ་ན། སྡོམ་པ་དེ་དག་ལྔ་དང་། ལྔ་ལ་ལྔ་བསྣན་པས་བཅུ་དང་། དེ་ལ་བཅུ་བསྣན་པས་ཉི་ཤུར་འགྱུར་བ་བཞིན་སྤོང་བའི་འཕེལ་བ་དགེ་བསྙེན་གྱི་སྲོག་གཅོད་སྤོང་བ་ལས་དགེ་ཚུལ་གྱི་སྲོག་གཅོད་སྤངས་པ་ལྟ་ བུ་ཐ་དད་པ་ཞིག་ཡིན་ནམ། ཡང་ན་སྡོམ་པ་ཐ་དད་པ་དག་གི་སྤོང་བ་རིས་མཐུན་རྣམས་གཅིག་ཅར་སྐྱེའམ་ཞེ་ན། སྡོམ་པ་གསུམ་ལ་སྲོག་གཅོད་སྤང་བ་གསུམ་ནས་མྱོས་འགྱུར་བཏུང་བའི་སྤང་བ་གསུམ་གྱི་བར་མཚན་ཉིད་ཐ་དད་པར་སྐྱེ་སྟེ། ལྷག་མ་གར་དང་གླུ་སོགས་ཀྱང་དེ་ དང་འདྲའོ། །སྡོམ་པ་སྔ་མའི་རྫས་ལས་སྡོམ་པ་ཕྱི་མའི་རྫས་བླངས་པ་དེ་རྒྱགས་པ་དང་། བག་མེད་པ་དང་། སྲོག་གཅོད་སོགས་གཞི་ཆེས་མང་པོ་དག་ལྡོག་པར་འགྱུར་ཞིང་། སྤོང་བའི་གཞི་རྣམས་ལ་ཡང་འཇུག་པར་འགྱུར་བས་གཞིའི་དབང་གིས་ཀྱང་སྤོང་བ་སྔ་ཕྱི་རྣམས་ཐ་ དད་དེ། དཔེར་ན་དུས་མིན་པའི་ཟས་སྲོག་གཅོད་པའི་གཞིར་གྱུར་དེ་ལས་ནི་དགེ་ཚུལ་ལྡོག་གི་དགེ་བསྙེན་ནི་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུའམ། ས་བརྐོ་བ་རྩྭ་སྔོན་གཅོད་པ་སྲོག་གཅོད་པའི་གཞིར་གྱུར་པ་དེ་ལ་དགེ་སློང་གིས་ལྡོག །དགེ་ཚུལ་གྱིས་མི་ལྡོག་པ་བཞིན་ནོ། །དེ་ལྟར་ མིན་ན་དགེ་སློང་གི་བསླབ་པ་ཕུལ་ནས། དགེ་ཚུལ་དུ་ན་སྨད་པའི་དུས་སུ་སྲོག་གཅོད་སྤང་བའི་རྫས་གཅིག་ན་དགེ་ཚུལ་གྱི་སྡོམ་པ་ཡང་ཤོར་ན་གསུམ་ཀ་མེད་པར་འགྲོ་བ་ལས། སྔ་མ་གཉིས་མེད་པར་མི་འགྲོ་བའི་ཕྱིར། སྲོག་གཅོད་པ་སྤང་བའི་སྡོམ་པ་དུ་མ་ཡིན་ནོ། །སྡོམ་པ་གསུམ་ པོ་དེ་དག་གི་རྫས་སོ་སོ་བ་ཆོས་ཅན། ལྷན་ཅིག་ཏུ་འབྱུང་བ་ཡོད་དེ། སྤོང་བ་སོ་སོ་བ་དེ་འགལ་བ་མེད་པའི་ཕྱིར། ཕྱི་མ་བླངས་པས་སྔ་མ་མི་གཏོང་བས། །དགེ་སློང་གི་སྡོམ་པ་གཏོང་བས་དགེ་བསྙེན་མ་ཡིན་པར་ཡང་མི་འགྱུར་བ་བཞིན་ནོ། །གཉིས་པ་ཕྱེ་སྟེ་བཤད་པ་ལ། སོ་ 3-1-30a སོའི་ངོ་བོ། མིང་གི་རྣམ་གྲངས། སྒྲ་དོན། ལྡན་པའི་གང་ཟག་གོ། དང་པོ་ནི། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་ཡང་སྦྱར་བ་ཡིན་མོད་ཀྱི་མ་རེག་པ་དང་། རྙིངས་ ནས་མྱོས་མི་ནུས་པ་བསལ་བའི་ཕྱིར། འབྲུའི་ཆང་ཞེས་དམིགས་ཀྱིས་བཀར། སྦྱར་བའི་ཆང་ཞེས་པ་ནི་འབྲུ་དང་མ་སྦྱར་བའི་ཞོ་དང་། དར་བ་རྒུན་འབྲུམ་ལྟ་བུ་ལ་ཡང་མྱོས་པའི་ནུས་པ་ཡོད་པས། དམིགས་ཀྱིས་བཀར་ནས་སྦྱོར་བའི་ཆང་སྟེ་སྤང་བྱ་ལྔ་སྤོང་བ་ཡང་དག་པར་བླང་བ་ནི་དགེ་ བསྙེན་དང་ལོག་གཡེམ་དང་མི་ཚངས་སྤྱོད་བརྗེས་པའི་ལྔའི་སྟེང་དུ་སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། གར་དང་། གླུ་དང་། རོལ་མོ་རྣམས་ཡན་ལག་གཅིག་ཏུ་བྱས། དེའི་ཁར་ཁྲི་སྟན་ཆེ་མཐོ་གཅིག་ཏུ་བྱས། དུས་མ་ཡིན་པའི་ཟས་ཏེ་བརྒྱད་སྤོང་བ་བླང་བ་ནི་བསྙེན་ གནས་དང་བརྒྱད་པོ་དེ་ལ་གར་དང་གླུ་དང་རོལ་མོ་གསུམ་གཅིག་དང་། མེ་ཏོག་གི་ཕྲེང་བ་དང་། སྤོས་དང་བྱུག་པ་དང་། རྒྱན་དང་ཁ་དོག་འཆང་བ་གསུམ་གཅིག་ཏུ་བྱས་ནས་དགུ་དང་། གསེར་དངུལ་ལེན་ཅིང་འཛིན་པ་བཅུ་སྤོང་བ་ཡང་དག་པར་བླང་བ་ནི་དགེ་ཚུལ་དང་ལུས་ངག་གི་སྤོང་ བར་བྱ་བ་ཐམས་ཅད་སྤོང་བར་མནོས་པ་ལས་དགེ་སློང་ཉིད་དོ། །གཉིས་པ་ནི། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །སྡིག་པའི་ལས་དག་ནི་སེམས་ཅན་རྣམས་ལ་མི་མཉམ་པར་འཇུག་པས་འགྲོ་བ་དམན་པ་དམྱལ་བ་ལ་སོགས་པར་འཇུག་པར་བྱེད་པ་དེ་ལས་བཟློག་སྟེ། ཡང་དག་པར་འཇོག་པར་བྱེད་པས་ན། ཚུལ་ཁྲིམས་ དང་ངེས་པའི་ཚིག་ཏུ་གདུང་བ་མེད་པ་བསིལ་བས་ན་སྟེ། བསིལ་བ་ཐོབ་བྱེད་ཡིན་པས་འབྲས་མིང་རྒྱུ་ལ་བཏགས་པའོ། །མཁས་པས་བསྔགས་པའི་ཕྱིར་ལེགས་སྤྱད་དང་། བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལས་དང་། ངོ་ཚ་ཤེས་པ་རྣམས་ཡང་དག་པར་བླངས་པ་དེའི་སྡིག་པ་མི་བྱེད་པ་ 3-1-30b དེས་ན་བྱ་བ་མ་ཡིན་པར་ཡང་བརྗོད་དོ། །སོ་སོ་ཐར་པས་བསྡུས་པའི་རིག་བྱེད་མིན་པ་རིག་བྱེད་ཀྱིས་དང་། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པས་བསྡུས་པ་རིག་བྱེད་མིན་པ་ནི་ཏིང་ངེ་འཛིན་གྱི་སེམས་དག་གི་བྱེད་པས་བྱ་བ་ཡིན་པར་ཡང་བརྗོད་དོ། །གཞན་ན་རེ། སྡོམ་པ་ལ་གནས་པ་ སྡོམ་པ་བསྲུང་བའི་ཕྱིར་རིག་བྱེད་ཀྱི་རང་བཞིན་བྱ་བ་རྩོམ་པས་བྱ་བའི་རྒྱུ་ཡིན་པ་དང་། རྣམ་པར་རིག་བྱེད་ཀྱི་མཚན་ཉིད་ཀྱི་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ཡང་བྱ་བར་བརྗོད་དོ། །ཡང་ན་ཏིང་ངེ་འཛིན་ལས་སྐྱེས་པའི་རིག་བྱེད་མ་ཡིན་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་སེམས་པའི་འབྲས་བུ་ ཡིན་ནོ། །ལུས་དང་ངག་སྡོམ་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་ཞེས་བྱའོ། །ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པས་རྩ་བ་ཞེས་ཀྱང་བྱ། བསིལ་བར་བྱེད་པས་བྱུག་པ་ཞེས་ཀྱང་བྱ། ཕྱོགས་སུ་གྲགས་པས་དྲི་ཞེས་ཀྱང་བྱ། རྩ་བ་བརྟན་པར་བྱེད་པ་དང་། ཞི་བའི་སེམས་ལ་དགའ་བ་དང་། འཕགས་པའི་ལྟ་བ་དང་སྡིག་པའི་ལྟ་བ་ལེན་ཅིང་སྤོང་བར་བྱེད་པས་མཛེས་པར་བྱེད་པའི་རྒྱན་ཅེས་བྱའོ། །གསུམ་པ་ནི། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །སྡོམ་པ་ཡང་དག་པར་བླངས་པའི་དང་པོའི་རྣམ་རིག་དང་རྣམ་རིག་མིན་པ་ཆོས་ཅན། སོ་སོར་ཐར་པ་ཞེས་བྱ་སྟེ། སྡིག་པ་ལྷག་པའི་ཚུལ་ཁྲིམས། ལྷག་པའི་སེམས། ལས་སོ་སོར་ ལྷག་པའི་ཤེས་རབ། ཐར་བའི་ཕྱིར། དང་པོའི་རྣམ་རིག་དང་རྣམ་རིག་མིན་པ་ཆོས་ཅན། སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་སྟེ། ལུས་དང་ངག་སྡོམ་པའི་ཕྱིར། དང་པོའི་རྣམ་རིག་དང་རྣམ་རིག་མིན་པ་ཆོས་ཅན། བྱ་བ་ལས་ཀྱི་ལམ་དངོས་ཞེས་ཀྱང་བྱ་སྟེ། མཇུག་མ་ཡིན་པའི་དངོས་ཀྱིས་ བསྡུས་པའི་ཕྱིར་རོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་ཆོས་ཅན། སོ་སོར་ཐར་པ་དང་འདྲ་བའམ་སོ་སོར་ཐར་པ་ལས་སྐྱེས་པའི་སྡོམ་པ་ནི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་ཡིན་ཏེ། སྐད་ཅིག་མ་དང་པོ་ཁོ་ནས་ཐར་ཟིན་པའི་ཕྱིར། སྐད་ཅིག་མ་གཉིས་པ་ལ་སོགས་པ་དེས་སྡིག་པ་ 3-1-31a ལས་སོ་སོར་ཐར་བར་མི་བྱེད་པས་སོ། །བཞི་པ་ནི། སོ་སོར་ཐར་དང་ལྡན་པ་བརྒྱད། །སོ་སོར་ཐར་པའི་སྡོམ་པ་དང་ལྡན་པ་ནི་དགེ་སློང་ནས་བསྙེན་གནས་པའི་བར་གྱི་གང་ཟག་བརྒྱད་དོ། །ཡང་དག་པར་བླངས་པ་ཞེས་སྨོས་པས། ཚུལ་ཁྲིམས་ལ་གཉིས་ཡོད་པ་ཡིན་ཏེ། ཡང་དག་པར་ བླངས་པ་དང་། ཆོས་ཉིད་ཀྱིས་ཐོབ་པའོ། །ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི། འདི་དང་འདི་མི་བྱའོ་ཞེས་མནོས་པ་གང་ཡིན་པའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའོ། །ཟག་བཅས་ཟག་མེད་ཀྱི་ཏིང་ངེ་འཛིན་སྐྱེས་པས་སྲོག་གཅོད་སོགས་ ཀྱི་རྒྱུ་ངོ་ཚ་མེད་སོགས་སྤངས་ཙམ་ན་རྒྱུད་ལ་སྲོག་གཅོད་སོགས་སྤངས་པ་ཆོས་ཉིད་ཀྱིས་འབྱུང་བ་ཡིན་ནོ། །ཕྱི་རོལ་བ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཡོད་པ་ཆོས་ཅན། སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ཏེ། སྲིད་པའི་ཁྱད་པར་ཁོ་ན་ལ་ཐར་པར་སེམས་པས་དེ་ནི་སྲིད་པ་ལ་ བརྟེན་པའི་ཚུལ་ཁྲིམས་ཁོ་ན་ཡིན་པའི་ཕྱིར་དང་། སྡིག་པ་ལས་གཏན་དུ་སོ་སོར་ཐར་བྱེད་ནི་མ་ཡིན་པའི་ཕྱིར་རོ། །གཉིས་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་རྒྱས་བཤད་ལ། གང་ལ་ལྡན་པ། སེམས་ཀྱི་རྗེས་འབྲང་དུ་བསྟན་པ། སྤོང་བའི་སྡོམ་པར་བསྟན་པའོ། །དང་པོ་ནི། བསམ་གཏན་སྐྱེས་ཏེ་བསམ་གཏན་དང་ལྡན་པ་དེ་ངེས་པར་བསམ་གཏན་གྱི་སྡོམ་པ་དང་ལྡན་ནོ། །ཉེར་བསྡོགས་ནའང་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡོད་པས། ཉེར་བསྡོགས་ཀྱང་བསམ་གཏན་དུ་བརྗོད་ནས་བསྟན་ཏེ། གྲོང་འདི་ན་སཱ་ལུའི་ཞིང་ཡོད་ཅེས་གྲོང་གི་ཉེན་ཀོར་ལའང་ གྲོང་ཞེས་བྱ་བ་བཞིན་ནོ། །ཟག་མེད་ཀྱི་སྡོམ་པ་ནི་འཕགས་པའི་སེམས་ཅན་ཏེ་གང་ཟག་སློབ་པ་དང་མི་སློབ་པ་རྣམས་དང་ལྡན་ནོ། །གཉིས་པ་ནི། ཐ་མ་གཉིས་ནི་སེམས་རྗེས་འབྲང་། །ལྷན་ཅིག་འབྱུང་རྒྱུའི་སྐབས་སུ་སེམས་ཀྱི་རྗེས་འབྲང་གི་སྡོམ་པ་གཉིས་བཤད་པས་ནི་སྡོམ་པ་གསུམ་པོ་འདི་དག་ཉིད་ལས་ཐ་མ་བསམ་གཏན་ 3-1-31b གྱི་སྡོམ་པ་དང་ཟག་མེད་ཀྱི་སྡོམ་པ་གཉིས་ནི་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་གྱི། སོ་ཐར་ནི་སེམས་ཀྱི་རྗེས་འབྲང་མ་ཡིན་ཏེ། རང་ཀུན་སློང་གི་སེམས་ལས་སེམས་གཞན་དང་ལྡན་པ་དང་། འགོག་པའི་སྙོམས་འཇུག་སོགས་སེམས་མེད་པ་ལའང་རྗེས་སུ་འཇུག་པའི་ཕྱིར། གསུམ་ པ་ནི། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དེ་གཉིས་ཉེར་བསྡོགས་མི་ལྕོགས་མེད་པ་འདོད་པའི་འཆལ་ཚུལ་ལས་དང་པོར་ཐར་པའི་བར་ཆད་མེད་ལམ་དགུ་དག་ཏུ་སྐྱེས་པ་ནི་ཆོས་ཅན། འདོད་པའི་ཉོན་མོངས་རྣམ་པ་དགུ་སྤོང་བའི་ལམ་ཡིན་པས་སྤོང་བའི་སྡོམ་པ་ཞེས་བྱ་བའི་མིང་ ཐོབ་སྟེ། དེ་གཉིས་ཀྱིས་འཆལ་ཚུལ་དང་། དེ་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །བསམ་གཏན་གྱི་སྡོམ་པ་ཡིན་ལ་སྤོང་བའི་སྡོམ་པ་ཡིན་མིན་ལ་མུ་བཞི་ལས། བསམ་གཏན་གྱི་སྡོམ་པ་ཡིན་ལ་སྤོང་བའི་སྡོམ་པ་མིན་པ་ནི། མི་ལྕོགས་མེད་པའི་ བར་ཆད་མེད་ལམ་ལས། དེའི་ས་པའི་རྣམ་གྲོལ་དང་སྦྱོར་བ་དང་ཁྱད་པར་གྱི་ལམ་དག་ལ་ཡོད་པ་དང་། བསམ་གཏན་དང་པོ་ནས་བཞི་པའི་བར་གྱི་དངོས་གཞི་བར་ཆད་མེད་པ་དང་། རྣམ་པར་གྲོལ་བ་དང་སྦྱོར་བ་དང་ཁྱད་པར་གྱི་ལམ་དག་ལ་བསམ་གཏན་གྱི་སྡོམ་པ་ཡོད་པ་ནི་ བསམ་གཏན་གྱི་སྡོམ་པ་ཡིན་གྱི། སྤོང་བའི་སྡོམ་པ་མ་ཡིན་ཏེ། དེས་འདོད་པའི་འཆལ་ཚུལ་དང་། ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་མི་སྤོང་བའི་ཕྱིར། སྤོང་བའི་སྡོམ་པ་ཡིན་ལ་བསམ་གཏན་གྱི་སྡོམ་པ་མིན་པ་ནི། མི་ལྕོགས་མེད་པའི་བར་ཆད་མེད་པའི་ལམ་དགུ་དག་ ཏུ་ཡོད་པའི་ཟག་མེད་ཀྱི་སྡོམ་པ་ནི་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་སྤོང་བའི་ཕྱིར་སྤོང་བའི་སྡོམ་པ་ཡིན་གྱི། བསམ་གཏན་གྱི་སྡོམ་པ་ནི་མ་ཡིན་ཏེ། ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །སྤོང་བའི་སྡོམ་པ་ཡང་ཡིན། བསམ་གཏན་གྱི་སྡོམ་པའང་ཡིན་པ་ནི། མི་ལྕོགས་མེད་ 3-1-32a པའི་བར་ཆད་མེད་པའི་ལམ་དགུ་དག་ཏུ་ཡོད་པའི་ཟག་བཅས་ཀྱི་སྡོམ་པ་ནི་འཆལ་བའི་ཚུལ་ཁྲིམས་སོགས་སྤོང་བའི་ཕྱིར་སྤོང་བའི་སྡོམ་པ་ཡིན་གྱི། བསམ་གཏན་གྱི་སྡོམ་པའང་ཡིན་ཏེ། ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་ཕྱིར། གཉིས་ ཀ་མིན་པའི་མུ་ནི། མི་ལྕོགས་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པའི་ཟག་པ་མེད་པའི་སྡོམ་པ་ནི་ཟག་པ་མེད་པའི་ཕྱིར་བསམ་གཏན་གྱི་སྡོམ་པའང་མ་ཡིན་ལ། སྤོང་བའི་སྡོམ་པའང་མ་ཡིན་ཏེ། དེས་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་མི་སྤོང་བའི་ཕྱིར། ཟག་མེད་ ཀྱི་སྡོམ་པ་ཡིན་ལ་སྤོང་བའི་སྡོམ་པ་ཡིན་མིན་ལ་མུ་བཞི་ལས། མུ་དང་པོ་ནི་མི་ལྕོགས་མེད་པའི་བར་ཆད་མེད་པའི་ལམ་མ་གཏོགས་པ་ཟག་པ་མེད་པའི་སྡོམ་པའོ། །མུ་གཉིས་པ་ནི་ཟག་བཅས་མི་ལྕོགས་མེད་པས་སོ། །མུ་གསུམ་པ་ནི་ཟག་མེད་མི་ལྕོགས་མེད་པས་སོ། །མུ་ བཞི་པ་ནི་བསམ་གཏན་བཞི་པ་ལྟ་བུའོ། །གསུམ་པ་ཞར་ལ་བྱུང་བའི་དོན་ནི། སོ་སོར་ཐར་པའི་སྡོམ་པ་མ་ཡིན་ཀྱང་སྡོམ་པའི་རྣམ་གྲངས་གཞན་ནི། བཅོམ་ལྡན་འདས་ཀྱིས། ལུས་ཀྱི་སྡོམ་པའང་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་གང་གསུངས་པ་དང་། གང་ཡང་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ། གནས་སོ་ཞེས་གསུངས་པས། ཡིད་དང་དབང་པོའི་སྡོམ་པ་འདི་གཉིས་ཀྱི་རང་བཞིན་ཅི་ཞེ་ན། འདི་གཉིས་རིག་བྱེད་མིན་པའི་རང་བཞིན་ནི་མ་ཡིན་ནོ། །འོ་ ན་ཅི་ཞེ་ན། ཤེས་བཞིན་དང་ནི་དྲན་དག་གཉིས་ཀྱི་བདག་ཉིད་ཀྱི་ཡིད་ཀྱི་སྡོམ་པ་ཡིན་ལ། གང་ན་སྡོམ་ན། གཟུགས་ལ་སོགས་པའི་ཡུལ་ལ། གང་གིས་སྡོམ་ན་དྲན་ཤེས་བཞིན། ཇི་ལྟར་སྡོམ་ན། དང་པོར་མཚན་མར་མ་ཞེན་པ་མཚན་མར་མི་འཛིན་པ་ཡིན། ཕྱིས་མ་ཞེན་པ་མངོན་རྟགས་ 3-1-32b སུ་མི་འཛིན་པ་ཡིན་ནོ། །ཡང་ལྟུང་བ་དང་དེའི་གཉེན་པོ་ཤེས་པའི་ཤེས་བཞིན་དང་། སྤོང་བའི་སེམས་མ་བརྗེད་ངན་པ་དག་གཉིས་ཀྱི་བདག་ཉིད་ཀྱིས་ཡིད་ཀྱི་སྡོམ་པ་དང་སྟེ། ཟླས་དབྱེ་བའི་ཚིག་གོ། དག་སྒྲས་གཉིས་ཚིག་གྲུབ་པ་ལས། སླར་གཉིས་ཚིག་སྨོས་པ་ནི། ཤེས་བཞིན་ཡིད་ ཀྱི་སྡོམ་པ་དང་། དྲན་པ་དབང་པོའི་སྡོམ་པར་དོགས་པ་སེལ་བྱེད་ཡིན་ནོ། །ཡིད་དང་དབང་པོའི་སྡོམ་པ་སྔ་ཕྱི་འདི་གཉིས་ལས། གོང་མ་ནི་ཁྱབ་ཆུང་སྟེ་ཡིད་ཀྱི་དབང་པོ་ཁོ་ན་ཡིན་ལ། ཕྱི་མ་ནི་དབང་པོ་དྲུག་གར་གྱི་ཡིན་ནོ། །འདི་ནི་ལུང་ལས། ནང་མ་དག་པར་ཕྱི་རོལ་བཙུན་བཙུན་ལྟར་ བྱེད་པ་ཞིག་གིས་མཚོ་ཞིག་ཏུ་ཁྲུས་བྱས་པས། མཚོའི་ལྷ་ན་རེ། ངེད་ཀྱི་མཚོ་ཡེ་མི་གཙང་བར་བྱས་པས་ཁྱོད་འདིར་ད་ཚུན་ཆོད་མ་འོང་ཞིག་ཟེར། དགེ་ཚུལ་ཚུལ་ཁྲིམས་བཙུན་པོ་ཞིག་གིས་ཕྱགས་དར་བྱས་ནས། མི་གཙང་བ་མཚོ་དེར་བཀྲུས་པ་ལ། ཁྱོད་མི་ཚུལ་ཁྲིམས་དག་པས་བདག་ ཀྱང་དག་པར་བྱེད་དོ། །ཞེས་ཁོའི་དྲི་མས་རྒྱ་མཚོའི་ལྷ་ཡང་བཀྲུས་སོ། །གཞན་ཡང་དགེ་སློང་ཞིག་ཡུལ་དག་ཏུ་རྒྱུ་བ་ཞིག་ལ། ལྷ་ཞིག་གིས་དགེ་སློང་ལ་བོས་ནས། དགེ་སློང་རྨ་འབྱིན་པར་མ་བྱེད་ཅིག །དགེ་སློང་གིས་སྨྲས་པ། ལྷ་དགག་པར་བྱའོ་ཞེས་སྨྲས་པ་དང་། དགེ་སློང་རྨ་རྫ་མ་ ཙམ་ཞིག་བྱུང་ན་ཅི་ཞིག་གིས་དགག་པར་བྱེད། དགེ་སློང་གིས་སྨྲས་པ། ལྷ་དྲན་པ་དང་ཤེས་བཞིན་དག་གིས་དགག་པར་བྱའོ་ཞེས་གྲགས་སོ། །གཉིས་པ་ཐུན་མོང་དུ་བསྟན་པ་ལ། དུས་ཇི་སྲིད་བསྟན་པ། ཚུལ་ཇི་ལྟར་ཐོབ་པ། རྒྱུ་གང་གིས་གཏོང་བ། རྟེན་གང་དང་ལྡན་པའོ། ། དང་པོ་ལ། རིག་བྱེད་མིན་པའི་ལྡན་ཚུལ། རིག་བྱེད་ཀྱི་ལྡན་ཚུལ། སྡོམ་མིན་གྱི་མིང་གི་རྣམ་གྲངས། དེ་དག་གི་མུ་བཞི་བཤད་པའོ། །དང་པོ་ལ་གསུམ། མཉམ་པར་མ་བཞག་པའི་དང་། མཉམ་པར་བཞག་པའི་དང་། བར་མའི་ལྡན་ཚུལ་ལོ། །དང་པོ་ལ་གཉིས། སྡོམ་པ་དང་། 3-1-33a སྡོམ་མིན་ནོ། །དང་པོ་ནི། སོ་སོར་ཐར་པའི་སྡོམ་པ་ལ་གནས་པར་བཤད་པའི་གང་ཟག་དེ་ནི་ཇི་སྲིད་དུ་བསླབ་པ་ཕུལ་བ་ལ་སོགས་པས་རྣམ་པར་རིག་བྱེད་མིན་པ་མ་བཏང་བ་དེ་སྲིད་དུ་རྟག་ཏུ་ད་ལྟར་གྱི་དེ་དང་ལྡན་ཏེ། མིག་གི་དབང་པོའི་རྒྱུན་རྗེས་སུ་འཇུག་པ་དང་ འདྲའོ། །སྐད་ཅིག་མ་དང་པོ་ནི་ད་ལྟར་གྱི་ཁོ་ན་དང་ལྡན་པ་ཡིན་ལ། སྐད་ཅིག་མ་དང་པོ་ཕྱིན་ཆད་ཇི་སྲིད་མ་བཏང་གི་བར་དུ་འདས་པ་དང་ཡང་ལྡན་པ་ནི། སྐད་ཅིག་གཉིས་པའི་དུས་སུ་དང་པོ་དང་ཡང་ལྡན། གསུམ་པའི་དུས་སུ་གཉིས་པ་དང་དང་པོ་དང་ཡང་ལྡན་པས་རིགས་མཚོན་ནོ། ། གཉིས་པ་ནི། སྡོམ་མིན་གནས་པའང་དེ་དང་འདྲ། །སྡོམ་མིན་གནས་པའང་མི་གཏོང་བ་དེ་སྲིད་དུ་ད་ལྟ་བ་དང་འདས་པའི་ལྡན་ཚུལ་ནི་ཇི་སྐད་བཤད་པ་སོ་ཐར་གྱི་དེ་དང་འདྲའོ། །གཉིས་པ་མཉམ་པར་བཞག་པའི་ལྡན་ཚུལ་ནི། བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང་། །འཕགས་ནི་དང་པོ་འདས་དང་མིན། །མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན། བསམ་གཏན་སྡོམ་དང་ལྡན་པ་ནི། ཇི་སྲིད་མ་བཏང་གི་བར་རྟག་ཏུ་འདས་དང་མ་འོངས་པའི་རྣམ་ པར་རིག་བྱེད་མ་ཡིན་པ་དང་ལྡན་ཏེ། དེ་ནི་སྐད་ཅིག་མ་དང་པོ་ལ་ཡང་སྔོན་ཚེ་རབས་དཔག་ཏུ་མེད་པ་ནས་བསམ་གཏན་དང་པོའི་སྡོམ་པ་ཐོབ་པ་བཏང་བའི་འདས་པ་དང་ལྡན། ཚེ་འདི་ལ་སྔར་བཏང་བ་དང་ཡང་ལྡན་པའི་ཕྱིར། འདིས་ནི་བསམ་གཏན་གྱི་སྡོམ་ལྡན་གྱི་སྐྱེ་འཕགས་གཉིས་ཀ་ བཟུང་ངོ་། །འཕགས་པའི་གང་ཟག་ནི་སྐད་ཅིག་མ་དང་པོ་འདས་པ་དང་ལྡན་པ་མིན་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྔར་སྐྱེ་མ་མྱོང་བས་འདས་པ་དང་མི་ལྡན་པའི་ཕྱིར་རོ། །དེ་ཡང་རྒྱལ་པོའི་སྲས་ནི། སྡུག་བསྔལ་ལས་ཆོས་ཤེས་སྔར་སྐྱེ་མ་མྱོང་བས་འདས་པ་དང་མི་ལྡན་པར་ མ་ཟད། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་སྐད་ཅིག་མ་དང་པོ་དེ་ཡང་འདས་པ་དང་མི་ལྡན་ཏེ་སྔར་བསྐྱེད་མ་མྱོང་བས། རྒྱུ་ལ་འཇུག་པ་ནི་འབྲས་བུའི་དུས་ན་བཏང་། དབང་པོ་རྣོན་པོར་འཕོས་པའི་དུས་སུ་ཡང་སྔར་རྣོན་པོ་བསྐྱེད་མ་མྱོང་བས་འདས་པ་དང་མི་ལྡན། རྟུལ་པོ་ནི་རྣོན་པོར་གྱུར་ 3-1-33b པས་བཏང་ཙ་ན། འབྲས་བུ་དང་རྣོན་པོ་གཉིས་པོ་དེ་འདས་པ་དང་མི་ལྡན་ནོ་གསུངས། དབྱིག་བཤེས་ནི་ཟག་མེད་ཀྱི་སྡོམ་པའི་སྐབས་ཡིན་ཙམ་ན། འབྲས་བུ་ཐོབ་པ་དང་། རྣོན་པོའི་དུས་སུ་ཟག་མེད་འདས་པ་དང་ལྡན་ཏེ། གོང་དུའམ་ལམ་གཞན་ཐོབ་པ་དེ་ལ་ཟག་མེད་ཕྱི་མ་དང་འདྲ་བར་ ཡོད་པའི་ཕྱིར། འདས་པ་དང་ལྡན་པར་བརྗོད་ཟེར་རོ། །རྒྱལ་སྲས་ན་རེ། དེ་འདྲ་བ་དེ་ཟག་བཅས་བསམ་གཏན་གྱི་སྡོམ་པ་འདྲ་བས་ཟེར་ན། བསམ་གཏན་གྱི་སྡོམ་པ་དེ་སྡུག་བསྔལ་ལ་ཆོས་ཤེས་པ་ལ་ཡང་སྔར་སྐྱེས་ནས་ཡོད་པས་འདས་པ་དང་མི་ལྡན་བྱ་བར་དགག་མི་རིགས། འདྲ་ བྱ་བ་དེ་འབྲས་བུའི་ལམ་སྐད་ཅིག་བཅོ་ལྔ་ལྟ་བུ་སྔར་བསྐྱེད་པས་དེ་དང་ལྡན་ཟེར་ན། འབྲས་བུ་ཐོབ་པའི་ཚེ་ལམ་སྔ་མ་བོར་ནས་ཡོད་པར་བརྗོད་པ་ཅི་ལ་ནུས་ཏེ་མི་ནུས། དེས་ན་འབྲས་བུ་ཐོབ་པ་དང་། དབང་པོ་འཕོ་བ་ཡང་འདས་པ་དང་མི་ལྡན་ནོ། །འཇིག་རྟེན་པའི་ལམ་ལ་མཉམ་པར་ བཞག་པ་བསམ་གཏན་གྱི་སྡོམ་པ་དང་ལྡན་པ་དང་། མཉམ་གཞག་འཕགས་ལམ་ལ་གནས་ཤིང་སྙོམས་པར་ཞུགས་པ་ཟག་མེད་ཀྱི་སྡོམ་པ་དང་ལྡན་པ་དེ་གཉིས་ཆོས་ཅན། གོ་རིམ་བཞིན་ད་ལྟར་གྱི་རིག་བྱེད་མིན་པ་དང་ལྡན་པ་ཡིན་ཏེ། སྙོམས་འཇུག་ལས་ལངས་པ་ལ་ནི་ལྡན་པ་མ་ཡིན་ པའི་ཕྱིར། གྲུབ་སྟེ། སྡོམ་པ་ཐ་མ་གཉིས་སེམས་རྗེས་འབྲང་བའི་ཕྱིར། རྒྱལ་པོའི་སྲས་ནི། གྲུར་ཞུགས་བྱས་པ་རང་གིས་གྲུ་ལ་གནས་པ་བཞིན་དུ་འཕགས་པའི་ལམ་ལ་ཞུགས་ཤིང་སྙོམས་པར་ཞུགས་པ་དེ་འཕགས་པའི་ལམ་ལ་གནས་པ་ཡིན་ཏེ། སྤྱིར་ཐོབ་པ་ཙམ་མིན། ད་ལྟར་ མངོན་དུ་བྱེད་པ་ཡིན། ད་ལྟར་མ་ཡིན་ཏེ། འཕགས་པའི་ལམ་ལ་ཞུགས་ཤིང་སྙོམས་པར་ཞུགས་ཀྱང་སྤྱིར་ཐོབ་པ་ཙམ་ཡིན་གྱི། མངོན་དུ་བྱེད་པ་མིན་ན་ཐ་མལ་པར་འདུག་པའི་འཕགས་པ་ཡང་ད་ལྟར་གྱི་ཟག་པ་མེད་པའི་སྡོམ་པ་དང་ལྡན་པར་ཐལ་བར་འགྱུར་བྱས་པ་ལ། འདུས་ 3-1-34a བཟང་ན་རེ། དེས་ན་འཕགས་པའི་ལམ་ལ་གནས་བྱ་བ་དེ་ལ་ཡང་མཉམ་གཞག་འཕགས་པའི་ལམ་ལ་གནས་པ་ཞེས། །མཉམ་གཞག་གདགས་དགོས་ཟེར་བ་ལ། མ་ཡིན་ཏེ། བསམ་གཏན་གྱི་སྐབས་ཡིན་པའི་ཕྱིར། ཕལ་པ་དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་ པའི་ཕྱིར་ཏེ། མངོན་དུ་མི་བྱེད་པ་དེ་ལ་ད་ལྟའི་རིག་བྱེད་མིན་པ་མེད་པའི་ཕྱིར། དེ་ལ་ཐལ་བར་མི་འགྱུར་རོ། །གསུམ་པ་བར་མ་ལྡན་ཚུལ་ལ་གཉིས། དངོས་དོན་དང་། འཕྲོས་དོན་སྡོམ་སྡོམ་མིན་ཅན་ལ་ལྡན་ཚུལ་ལོ། །དང་པོ་ནི། སྡོམ་པ་དང་སྡོམ་མིན་གཉིས་ཀྱི་བར་མ་ལ་ གནས་པ་ནི། དགེ་སློང་སོགས་ཀྱང་མ་ཡིན་ལ་ཉ་པ་སོགས་ཀྱང་མ་ཡིན་པ་སྟེ། དེ་ལ་རིག་བྱེད་མ་ཡིན་པ་ངེས་པར་ཡོད་པ་མ་ཡིན་གྱི། གང་ལ་སྲོག་གཅོད་སོགས་འཆལ་བའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་ཡན་ལག་སྲོག་གཅོད་སྤོང་བ་ལ་སོགས་པ་དང་། སྡོམ་པ་སྡོམ་མིན་ གྱིས་མ་བསྡུས་པ་སོགས་པའི་སྒྲས་མཆོད་རྟེན་ལ་ཕྱག་འཚལ་བ་དང་ལྕགས་དབྱུག་དང་ཐལ་ལྕག་བསྣུན་པ་སོགས་བར་མའི་རིག་བྱེད་མིན་པ་ཡོད་ན་སྐད་ཅིག་མ་དང་པོ་ལ་འདས་མ་འོངས་ཀྱི་བར་ད་ལྟར་གྱི་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་མ་བཏང་གི་བར་དུ་ དུས་ནི་འདས་ད་ལྟར་གཉིས་ཀྱི་དང་ལྡན་ནོ། །གཉིས་པ་ནི། རེས་སྡོམ་མིན་ལ་གནས་པ་དགེ་བའི་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་ལ། སྡོམ་པ་ལ་གནས་པ་མི་དགེ་བའི་རིག་བྱེད་མ་ཡིན་པ་ལ་གནས་པར་འགྱུར་ཏེ། དེ་ཡང་སྡོམ་མིན་ལ་གནས་པ་རབ་ཏུ་དང་བ་དྲག་པོས་ མཆོད་རྟེན་ལ་ཕྱག་བྱེད་པའི་ཚེ་བར་མ་དགེ་བའི་རིག་བྱེད་མ་ཡིན་པ་སྐྱེ་བ་དང་། སྡོམ་པ་ལ་གནས་པ་ཉོན་མོངས་པའི་ཤུགས་ཀྱིས་གསོད་འཆིང་རྡེག་པར་བྱེད་པའི་ཚེའི་བར་མ་མི་དགེ་བའི་རྣམ་པར་རིག་བྱེད་མིན་པ་དང་ལྡན་ཏེ། དེའང་དུས་ཇི་སྲིད་རབ་ཏུ་དང་བ་དྲག་པོ་དང་ཉོན་མོངས་པའི་ 3-1-34b ཤུགས་དང་ལྡན་པའི་བར་དུ་རིག་བྱེད་མིན་པ་རྗེས་སུ་འབྲང་བ་ཡིན་ནོ། །སྐད་ཅིག་མ་དང་པོ་ནི་ད་ལྟར་གྱི་རིག་བྱེད་མ་ཡིན་པ་ཁོ་ན་དང་ལྡན་ལ། གཞན་སྐད་ཅིག་མ་གཉིས་པ་སོགས་སུ་འདས་པ་དང་ཡང་ལྡན་ནོ། །གཉིས་པ་རིག་བྱེད་ཀྱི་ལྡན་ཚུལ་ནི། ལུས་ངག་གི་རྣམ་པར་རིག་ བྱེད་ནི་སྡོམ་པ་དང་སྡོམ་མིན་དང་བར་མ་ལ་གནས་པ་ཐམས་ཅད་ལ་རིག་བྱེད་དངོས་སུ་བྱེད་པ་དག་ལ་ད་ལྟ་བ་དང་ལྡན་ལ། གཏོང་བའི་རྒྱུ་དག་གིས་མ་བཏང་གི་བར་དུ་སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན་ནོ། །སྡོམ་པའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་ནི། ཇི་ སྲིད་དུ་བསླབ་པ་ཕུལ་སོགས་ཀྱིས་མ་བཏང་གི་བར་དེ་སྲིད་དུ་འདས་པའི་རིག་བྱེད་དང་ལྡན། སྡོམ་པ་མ་ཡིན་པའི་མཚན་ཉིད་ཀྱི་རྣམ་པར་རིག་བྱེད་ནི་སྡོམ་པ་ཡང་དག་པར་ལེན་པ་སོགས་ཀྱིས་མ་བཏང་བ་དེ་སྲིད་དུ་འདས་པ་དང་ལྡན། བར་མས་བསྡུས་པའི་མཚན་ཉིད་ཀྱི་རིག་བྱེད་ནི། ཇི་སྲིད་རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་ཆད་པས་མ་བཏང་བ་དེ་སྲིད་དུ་འདས་པ་དང་ལྡན་ཏེ། གང་ཞིག་སྡོམ་པ་ལ་སོགས་ཀྱི་རྣམ་པར་རིག་བྱེད་དང་ལྡན་པ་དེ་ནི་ཐེ་ཚོམ་མེད་པར་སྐད་ཅིག་མ་ཕྱིན་ཆད་འདས་པའི་རྣམ་པར་རིག་བྱེད་ཀྱི་ལས་ལམ་དངོས་ཀྱི་ངོ་བོ་ཉིད་ཀྱིས་ཐོབ་ པ་དང་ལྡན་ནོ། །མ་འོངས་པའི་རིག་བྱེད་ནི་སུ་ལ་ཡང་ལྡན་པ་མེད་དེ། རིག་བྱེད་ནི་སེམས་ཀྱི་རྗེས་འབྲང་མ་ཡིན་པའི་བེམས་པོ་ཡིན་པའི་ཕྱིར། དེ་ལྟ་བུའི་ནུས་པ་མེད་དོ། །ཚངས་ཆེན་གྱི་གཡོ་སྒྱུའི་ངག་ལྟ་བུ་སྒྲིབ་པ་དང་ནི་བཟོ་དང་སྤྱོད་ལམ་པ་ལྟ་བུ་མ་སྒྲིབ་ལ་ལུང་དུ་མ་བསྟན་པའི་ རིག་བྱེད་ནི་ཆོས་ཅན། མ་འོངས་པ་དང་མི་ལྡན་པར་མ་ཟད། འདས་པ་དང་ཡང་མི་ལྡན་ཏེ། ཆོས་ཉམ་ཆུང་བའི་ཕྱིར་ཐོབ་པ་སྔ་ཕྱིར་འདྲེན་མི་ནུས་པའི་ཕྱིར། གྲུབ་སྟེ། ལུང་མ་བསྟན་གྱི་རིག་བྱེད་ཉམ་ཆུང་བ་ནི་ལུང་མ་བསྟན་གྱི་སེམས་ཆུང་བའི་ཕྱིར། འོ་ན་སྒྲིབ་ལ་ལུང་དུ་མ་བསྟན་ 3-1-35a པའི་སེམས་ཀྱི་ཐོབ་པ་ཡང་རྗེས་སུ་མི་འབྲང་བར་ཐལ། སྒྲིབ་ལ་ལུང་མ་བསྟན་གྱི་སེམས་ཉམ་ཆུང་བའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སེམས་ནི་བླུན་པ་དང་གཞན་ལ་རགས་ལས་པའང་མ་ཡིན་ལ། རིག་བྱེད་ནི་དམིགས་པ་མེད་པས་བེམས་པོ་བླུན་པོ་ཡིན་པའི་ཕྱིར་ དང་། སེམས་གཞན་ལ་མ་རགས་པའི་ཕྱིར་ཁྱད་པར་འཐད་དོ། །གསུམ་པ་སྡོམ་མིན་གྱི་མིང་གི་རྣམ་གྲངས་ནི། ལུས་ངག་མི་སྡོམ་པས་སྡོམ་མིན་དང་། དམ་པས་སྨད་ཅིང་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པས་ཉེས་སྤྱད་དང་། ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར། འཆལ་བའི་ཚུལ་ཁྲིམས་དང་ལུས་ངག་གི་ལས་ཡིན་པས། ལས་དང་སྲོག་གཅོད་པ་སོགས་དངོས་གཞི་ནམ་གྲུབ་ཙམ་ན་དངོས་ཀྱིས་བསྡུས་པ་དེའི་ཕྱིར་དེའི་ལམ་མོ། །བཞི་པ་དེ་དག་གི་མུ་བཞི་བཤད་པ་ལས། མུ་དང་པོ་ནི། སྡོམ་པ་དང་སྡོམ་མིན་གྱི་བར་མ་དོར་གནས་པ་ཞིག་ སེམས་ཞན་པས་དགེ་བའམ་མི་དགེ་བ་ཞིག་བྱེད་ན་ཆོས་ཅན། རྣམ་པར་རིག་བྱེད་ཉིད་ཁོ་ན་དང་ལྡན་པ་ཡིན་ཏེ། རིག་བྱེད་མ་ཡིན་པ་དང་ལྡན་པ་མ་ཡིན་ན། སེམས་ཞན་པས་ལུང་མ་བསྟན་བྱེད་ན་ལྟ་ཅི་སྨོས་པའི་ཕྱིར། ངག་དོན་རྟེན་དགེ་སློང་སོགས་ཀྱང་མིན། ཉ་པ་སོགས་ ཀྱང་མིན་པའི་བར་མ་བ་ཞིག་གི་དགེ་མི་དགེའི་སེམས་དྲག་པོ་མིན་པས་ཀུན་སློང་གི་རིག་བྱེད་ནི་རིག་བྱེད་ཁོ་ན་ཡིན་གྱི། རིག་མིན་མེད་དོ། །དྲག་པོས་བླང་བ་ན་ནི་རིག་མིན་ཀྱང་ཡོད་དོ། །ཞན་པ་ཡིན་ཀྱང་དམིགས་ཀྱིས་བསལ་བ་ཡོད་དེ། ཞིང་ཁྱད་པར་ཅན་ལ་སེམས་ཞན་པས་ བྱས་ཀྱང་རིག་བྱེད་མིན་པ་ལྡན་པར་འགྱུར་བའི་ཕྱིར། རྫས་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་བཞིན། མདོ་ལས། རྒྱུ་ཡང་རུང་འདུག་ཀྱང་རུང་རྒྱུན་མི་འཆད་པར་ཞེས་བྱ་བ་ནས། བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞེས་བྱ་བའི་བར་དུ་འབྱུང་ངོ་། །སྲོག་གཅོད་པ་ལ་ 3-1-35b སོགས་པའི་ལས་ཀྱི་ལམ་ཡང་སེམས་ཞན་པས་བྱེད་ནའང་རྣམ་རིག་མིན་པ་དང་ལྡན་པར་འགྱུར་ཏེ། ཕ་རོལ་པོ་ཤི་བ་ན་བདག་ལ་རིག་མིན་གྱི་ལས་ལམ་གྲུབ་པའི་ཕྱིར་རོ། །མུ་གཉིས་པ་ནི། འཕགས་པའི་གང་ཟག་རྒྱུན་ཞུགས་སྲིད་པ་ལན་བདུན་པ་ལྟ་བུ་ཞིག་མའི་མངལ་ན་ གནས་པ་དེ་སྐྱེ་བ་སྔ་མའི་རྣམ་རིག་ནི་བཏང་། ཚེ་འདིའི་རྣམ་རིག་ནི་མ་སྐྱེས་ན། རྣམ་པར་རིག་བྱེད་དང་མི་ལྡན་པ་ལ་རིག་བྱེད་མིན་པ་ཟག་མེད་ཀྱི་སྡོམ་པ་དང་ལྡན་ནོ། །གཟུགས་མེད་ཁམས་སུ་སྐྱེས་པའི་འཕགས་པ་ལ་ཡང་རིག་བྱེད་མེད་ལ་རིག་བྱེད་མིན་པའི་ཟག་མེད་ ཀྱི་སྡོམ་པ་ཡོད་དོ། །རྫས་ལས་བྱུང་བའི་བསོད་ནམས་གསོག་པ་པོ་འདོད་པ་ནས་ཚེ་འཕོས་ན་འདིའི་རིག་བྱེད་བཏང་ཀྱང་རིག་མིན་མ་བཏང་བ་ལྟ་བུ་ཡོད་དོ། །འོ་ན་འདིར་དཔྱད་དགོས་ཏེ། སོ་སོ་སྐྱེ་བོ་རྟེན་འདོད་ཁམས་པ་བསམ་གཏན་གྱི་སེམས་ཐོབ་པ་ཚེ་བརྗེས་ནས་ གཟུགས་ཁམས་སུ་སྐྱེས་པ་རྣམ་པར་རིག་བྱེད་མ་བྱས་པའམ། བྱས་ན་ཡང་རྣམ་རིག་བཏང་བ་དེ་རིག་བྱེད་མ་ཡིན་པ་དང་ལྡན་ལ། རིག་བྱེད་དང་མི་ལྡན་པ་དེ་ལྟ་བུའི་སོ་སོ་སྐྱེ་བོ་མི་སྨོས་པ་ཅི་ཞེ་ན། སོ་སོ་སྐྱེ་བོ་ནི་ངེས་པ་མ་ཡིན་པས་མ་བཤད་དེ། འདི་ལྟར་སོ་སོ་སྐྱེ་བོ་ལ་ རིག་བྱེད་མེད་ལ། རིག་བྱེད་མ་ཡིན་པ་དེ་འདྲ་བ་ཡོད་ཀྱང་དེ་ག་བཞིན་མ་ངེས་ཏེ། གཟུགས་ཁམས་ནས་འདོད་པར་སྐྱེས་པ་ལྟ་བུ་ལ་གཉིས་ཀ་མེད་པ་ཡང་ཡོད་པས་མ་ངེས་པའི་ཕྱིར་དང་། འཕགས་པ་ནི་ངེས་ཏེ། འདོད་ཁམས་ནས་འདོད་པར་སྐྱེ་བ་དང་། འདོད་པ་ ནས་གཟུགས་ཁམས་སུ་སྐྱེ་བ་དང་། གཟུགས་མེད་དུ་སྐྱེ་བ་དང་། གཟུགས་ཁམས་ནས་གཟུགས་མེད་དུ་སྐྱེ་བ་གང་ཡིན་ཀྱང་རིག་བྱེད་མེད་ལ་རིག་བྱེད་མིན་པ་ཟག་མེད་ཀྱི་སྡོམ་པ་ཡོད་པར་ངེས་སོ། །ཡང་ན་འདོད་ཁམས་པ་མུ་བཞི་པ་ཞིག་ཡོད་པ་དེ་མུ་གསུམ་ 3-1-36a པར་འགྱུར་བ་བཟློག་པའི་ཆེད་དེ། དཔེར་ན་འཕགས་པ་མ་ཡིན་པ་སོ་སོ་སྐྱེ་བོ་འདི་ལྟ་བུ་སྲིད་དེ། བསམ་གཏན་དང་པོ་མི་ལྕོགས་མེད་པ་ལ་བརྟེན་ནས་འདོད་ཉོན་བརྒྱད་པ་སྤངས་པ་གཅིག་ཤི་ན། མའི་མངལ་ནུར་ནུར་སོགས་འདུག་པ་དེ་རིག་བྱེད་མེད་ ལ། བསམ་གཏན་དང་པོའི་མི་ལྕོགས་པ་མེད་པའི་བསམ་གཏན་གྱི་སྡོམ་པ་བཏང་བས་གཉིས་ཀ་མེད་པར་འགྲོའི་རིག་བྱེད་མིན་པ་ཡོད་པ་མ་ཡིན་ནོ། །ཡང་ན་འཕགས་པ་དེ་ལྟ་བུས་རྣམ་རིག་མེད་ལ་རིག་བྱེད་མ་ཡིན་པ་ཡོད་པ་ཐམས་ཅད་ལ་མཚོན་ནོ། །མུ་གསུམ་པ་ནི། སྡོམ་ པ་དང་སྡོམ་མིན་ལ་གནས་པ་དང་། བར་མ་དོར་གནས་པ་སེམས་དྲག་པོས་དགེ་མི་དགེ་བྱེད་པ་ནི་གཉིས་ཀ་དང་ལྡན་ནོ། །མུ་བཞི་པ་ནི། སོ་སོ་སྐྱེ་བོ་ཞིག་ཚེ་གཞན་པ་བརྗེ་ནས་ད་དུང་རྣམ་པར་རིག་བྱེད་མ་བྱུང་བའམ་རྣམ་རིག་ཉམས་པའོ། །འདིར་སྨྲས་པ། ཟབ་མོའི་དོན་འདིར་ ཞུགས་པའི་བགྲོད་པ་ཅན། །དེ་ལ་ཉེ་བར་མཁོ་དགུའི་ལེགས་སྤྱད་མིག །འཁྲུལ་པ་བྲལ་བ་དེ་ནི་འདིར་བྱིན་པས། །སྔོན་རབས་རྒན་པོའི་ཟེར་སྒྲོས་མྱ་ངམ་གྱི། །ཐང་ལ་འཁྱམས་པས་ཕྱོགས་བསླད་ངལ་བ་ཡིས། །ཁུར་གྱི་དུབ་རྣམས་བདེ་བར་ཡིད་སོས་སམ། །གཉིས་པ་ཚུལ་ ཇི་ལྟར་ཐོབ་པའི་ཚུལ་ལ། སྡོམ་པའི་ཐོབ་ཚུལ་དང་། སྡོམ་མིན་གྱི་དང་། བར་མའི་ཐོབ་ཚུལ་ལོ། །དང་པོ་ལ། དངོས་དང་། གང་ལས་ཐོབ་པའོ། །དང་པོ་ལ། བསམ་གཏན་གྱི་དང་། ཟག་མེད་ཀྱི་དང་། སོ་ཐར་སྡོམ་པའི་ཐོབ་ཚུལ་ལོ། །དང་པོ་ནི། བསམ་གཏན་ལས་སྐྱེས་པའི་ སྡོམ་པ་ནི་ཆོས་ཅན། བསམ་གཏན་གྱི་ས་པའི་སེམས་ཟག་བཅས་དངོས་གཞིའམ། ཉེར་བསྡོགས་ཐོབ་པ་ཉིད་ཀྱིས་ཐོབ་སྟེ། བསམ་གཏན་གྱི་སེམས་དང་ལྷན་ཅིག་འབྱུང་བའི་ཕྱིར། དེའང་མི་ལྕོགས་མེད་པ་ནི་སྦྱོར་བས་ཐོབ་ལ། དངོས་གཞི་ནི་འདོད་ཆགས་དང་བྲལ་བས་ཐོབ། 3-1-36b གོང་མ་གཉིས་པ་ནས་དང་པོར་སྐྱེ་ན་ཉེར་བསྡོགས་དང་དངོས་གཞི་གཉིས་ཀ་སྐྱེ་བས་ཐོབ་བོ། །གཉིས་པ་ནི། ཟག་མེད་ཀྱི་སྡོམ་པ་ནི་འཕགས་པའི་བསམ་གཏན་བཞི། མི་ལྕོགས་མེད་པ་དང་ཁྱད་པར་ཅན་ཏེ། ས་དྲུག་པོ་གང་རུང་ཐོབ་པ་དེས་ན་ཐོབ་སྟེ། དེ་དང་ལྷན་ཅིག་འབྱུང་བའི་ ཕྱིར་དང་། འོག་ནས་ཀྱང་དེ་ནི་ཆོས་མཆོག་དང་ས་གཅིག་ཅེས་པར་ཡང་བཤད་དོ། །འཕགས་པའི་དབང་དུ་ན་ཉེར་བསྡོགས་ནི་སྦྱོར་བས་ཐོབ། དངོས་གཞི་འདོད་ཆགས་དང་བྲལ་བས་ཐོབ་ཀྱི། འོག་མར་གོང་མ་ནས་སྐྱེ་བ་མེད་པས་སྐྱེ་བས་ཐོབ་པ་མེད་དོ། །གསུམ་པ་སོ་ཐར་ཐོབ་ ཚུལ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སོ་སོར་ཐར་པའི་སྡོམ་པ་ཞེས་པ་ནི་ཆོས་ཅན། གོ་བྱེད་གཞན་གྱི་རྣམ་པར་རིག་བྱེད་ལས་ཐོབ་སྟེ། དེའི་རྒྱུད་ལ་སྡོམ་པ་ཐོབ་པ་མཁན་སློབ་གཞན་གྱིས་ཀྱང་རྣམ་པར་རིག་པར་བྱེད་ལ། སྡོམ་པ་རྒྱུད་ལ་སྐྱེས་པ་དེས་ཀྱང་ རང་ལ་སྐྱེས་པ་གཞན་ལ་རྣམ་པར་རིག་པར་བྱེད་པའི་ཕྱིར་རོ། །སོགས་ཀྱིས་ནི་ལེན་འདོད་དེ། ཐོབ་ཤེས་ངེས་འབྱུང་གི་བསམ་པ་རྣམས་འདྲེན་ནོ། །དེ་ཡང་དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མའི་སྡོམ་པ་རྣམས་ནི་དགེ་འདུན་ལས་ཐོབ་ལ། དགེ་ཚུལ་ཕ་མ་དང་དགེ་བསྙེན་ཕ་མ་ ནི་གང་ཟག་ལས་ཐོབ་བོ། །བྱེ་སྨྲའི་འདུལ་བ་པ་རྣམས་རྣམ་པ་བཅུས་བསྙེན་པར་རྫོགས་སོ་ཞེས་ཟེར་བ་བསྡུ་བའི་ཕྱིར། སོགས་སྒྲ་སྨོས་ཏེ། རང་བྱུང་གི་ཡེ་ཤེས་བརྙེས་པ་ནི་སངས་རྒྱས་དང་རང་སངས་རྒྱས་རྣམས་སོ། །སྨོན་ལམ་གྱི་དབང་ངམ་སངས་རྒྱས་ཀྱི་མཐུས་ཡང་དག་པར་ངེས་ པ་མཐོང་ལམ་སྐྱེས་པ་ལྔ་སྡེ་ཀུན་ཤེས་ཀོའུ་དི་ནྱ་ལ་སོགས་པ་དང་། བདེ་བར་གཤེགས་པས་ཚུར་ཤོག་ཅེས་གསུངས་པས། །མགོ་ཡང་བྱི་ཞིང་ཆོས་གོས་གྱོན་པར་གྱུར། །ཅེས་འབྱུང་བ་ལྟར། དགེ་སློང་ཚུར་ཤོག་སྤྱད་པ་སྤྱོད་ཅིག །ཆོས་ནི་ལེགས་པར་གསུངས་པའོ་ཞེས་བཀའ་ 3-1-37a སྩལ་པས་གྲགས་པ་ལ་སོགས་ཉེ་བའི་ལྔ་སྡེ་རྣམས་སོ། །འོད་སྲུངས་ཆེན་པོ་ནི་མཐུ་ཆེ་བའི་ཕྱིར་ལྷའི་གཟུགས་གང་ལ་ཕྱག་བྱས་པ་དེ་འགས་པས་བཅོམ་ལྡན་འདས་ལ་ཕྱག་མ་བྱས་པས། དེ་བ་ལ་ཕྱག་འཚོལ་ཅེས་གླེངས་པས་འཚལ་བས་གཟུགས་མ་གྱུར་ པར་མཐོང་ནས་བཅོམ་ལྡན་འདས་བདག་གི་སྟོན་པ་ཡིན་ཅེས་སྟོན་པར་ཁས་བླངས་པས་བསྙེན་པར་རྫོགས་པ་དང་། ལེགས་བྱིན་གྱིས་དྲིས་པའི་ལན་བཏབ་པས། བཅོམ་ལྡན་འདས་མཉེས་ཏེ་བསྙེན་པར་རྫོགས་པ་དང་། འདིའི་གཏམ་རྒྱུད་སྙིགས་མ་ལྔའི་མདོ་ལས་བཤད་ཅེས་ཞི་གནས་ ལྷའི་མཛོད་ཊཱི་ཀ་ལས་བཤད་དོ། །བླ་མའི་ཆོས་བརྒྱད་པོ་དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའང་དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་ལ་ཕྱག་བྱ་བ་དང་། ལྕི་བའི་ཆོས་ཀྱི་ལྟུང་བ་བྱུང་བ་གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པ་དང་། དགེ་སློང་གི་ལྟུང་བ་མི་གླེང་བ་ དང་། དགེ་སློང་ལྟུང་བ་བྱུང་བ་ལ་གཤེ་ཁྲོ་སྤྱོ་བར་མི་བྱ་བ་དང་། དབྱར་ཁས་བླངས་པས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་བ་དང་། དབྱར་དགེ་སློང་མེད་པའི་གནས་སུ་མི་འགྲོ་བ་དང་། ཟླ་བ་ཕྱེད་ཅིང་དགེ་སློང་ལས་གདམས་ངག་ནོད་པ་དང་། དགེ་སློང་ལས་བསྙེན་ པར་རྫོགས་པ་སྟེ་བརྒྱད་ཁས་བླངས་པས་སྐྱེ་རྒུའི་བདག་མོ་བསྙེན་པར་རྫོགས་པ་དང་། རྒྱལ་རིགས་ཆོས་སྦྱིན་བྱ་བ་བཙུན་མོའི་འཁོར་གྱི་ནང་ན་འདུག་པ་ལས་ནེ་ཙོ་བཞིན་རྒྱས་སྟོན་པའི་དྲུང་དུ་རབ་ཏུ་བྱུང་བས་གསོལ་བའི་ཕྲིན་གྱིས་སོ། །ཡང་ན་ས་གའི་ཆུང་མ་ཆོས་སྦྱིན་མ་ཨུཏྤ་ལའི་ མདོག་ལ་ཕྲིན་གྱིས་བསྙེན་པར་རྫོགས་པ་ལྟ་བུའོ། །འདུལ་བ་འཛིན་པ་གསོལ་བ་དང་ལས་བརྗོད་པ་སློབ་དཔོན་གཏོགས་པ་ལྔས་མཐའ་འཁོབ་ཀྱི་མི་རྣམས་བསྙེན་པར་རྫོགས་པ་དང་། བཅུ་ཚོགས་ཀྱིས་ཡུལ་དབུས་ཀྱི་མི་རྣམས་སོ། །སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་ 3-1-37b པ་ནི་རིགས་ཀྱི་བུ་སྡེ་བཟང་དྲུག་ཅུའི་ཚོགས་བསྙེན་རྫོགས་བྱས་ཏེ། བསྙེན་པར་རྫོགས་ཚུལ་བཅུ་པོ་དེ་ལ་ཤས་ཆེར་རིག་བྱེད་མེད་པ་ཡང་ཡོད་པས། སོ་ཐར་གྱི་སྡོམ་པ་ནི། གདོན་མི་ཟ་བར་རིག་བྱེད་ལ་རགས་མ་ལས་པ་ཡིན་ནོ། །སྐབས་འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། སྤྱིར་ རང་བྱུང་ཞེས་པའི་མིང་ནི་གཉིས་ཏེ། ཁྱིམ་ནས་རང་བྱུང་བ་དང་། རང་བྱུང་གི་ཡེ་ཤེས་མངོན་དུ་བྱས་པའོ། །ཕྱི་མ་ལ་ཡང་གཉིས་ཏེ། ཟག་མེད་ཀྱི་ཡེ་ཤེས་མངོན་དུ་བྱས་པ་དང་། བྱང་ཆུབ་མངོན་དུ་བྱས་པའོ། །དེ་ལའང་གཉིས་ཏེ། རྫོགས་པའི་བྱང་ཆུབ་དང་། རང་བྱང་ ཆུབ་བོ། །དེ་ལྟར་གསུམ་ལས་རྫོགས་པའི་བྱང་ཆུབ་ནི་སོ་ཐར་སྡོམ་པ་ཐོབ་པའི་ཐོབ་རྒྱུར་མི་རིགས་ཏེ། དེའི་ཚེ་སྒོམ་སྤང་མ་ལུས་པ་སྤངས་ཟིན་པས་རྒྱུའི་ཀུན་སློང་མེད་པའི་ཕྱིར། རང་བྱང་ཆུབ་ཀྱང་མ་ཡིན་ཏེ། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་ཟིན་པའི་ཕྱིར། ངེས་ འབྱུང་གི་ཕྱིར་དུ་ལེན་པ་མེད་པས་ངེས་འབྱུང་གི་ཚུལ་ཁྲིམས་མེད་ལ། ལེགས་སྨོན་སོགས་སུ་སྐྱེ་བར་ཡང་མི་རིགས་པའི་ཕྱིར། མཐོང་ལམ་གྱི་དུས་སུ་སྐྱེ་བ་ཡང་མ་ཡིན་ཏེ། ཇི་སྐད་དུ། སྟོན་དང་བསེ་རུ་བྱང་ཆུབ་པ། །ཞེས་དང་། དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་ རྩ་བཞིས་ཐོབ་ཕྱིར་རོ། །ཞེས་བཤད་པ་ན་བར་དེར་སོ་ཐར་གྱི་སྡོམ་པ་སྐྱེས་པ་ཡིན་ན། མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱས་པར་ཐལ་བའི་ཕྱིར་དང་། ཟག་མེད་ཀྱི་སེམས་ནི་སོ་ཐར་གྱི་རྒྱུའི་ཀུན་སློང་དུ་མི་རུང་བའི་ཕྱིར་དང་། རྒྱུའི་ཀུན་སློང་སྔོན་དུ་མ་སོང་ན་ཀུན་ནས་སློང་བའི་དགེ་བ་ མི་རིགས་པའི་ཕྱིར་རོ། །དེས་ན་སངས་རྒྱས་གཉིས་ཀ་ཡང་ཁྱིམ་ནས་རང་བྱུང་གིས་བསྙེན་པར་རྫོགས་སོ། །འོ་ན་དེ་ཉིད་ཀྱི་ཚེའམ་དེའི་རྗེས་སུ་རྫོགས་པ་གང་ཡིན་ཅེ་ན། སྤྱིར་རབ་བྱུང་དང་བསྙེན་རྫོགས་ཀྱི་སྐྱེ་ཚུལ་ལ་གཉིས། གཅིག་ཅར་སྐྱེ་བ་དང་རིམ་ཅན་དུ་སྐྱེས་པའོ། །ཕྱི་མ་ལ་ 3-1-38a གཉིས་ཏེ། རབ་བྱུང་གིས་ཕྱིས་བསྙེན་པར་རྫོགས་པ་དང་། སྔར་བསྙེན་པར་རྫོགས་པའོ། །དང་པོ་ནི། གསོལ་གཞིའི་ཆོ་ག་འོག་ཏུ་བཤད་པ་དེས་བསྙེན་པར་རྫོགས་པའི་ཚེའོ། །གཉིས་པ་ནི། །ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པའི་ཚེའོ། །སྔ་མ་ནི་ བསྙེན་རྫོགས་ཀྱི་ཐོབ་རྒྱུར་བཤད་པ་ཕལ་ཆེ་བ་དག་གིས་ཡིན་པ་ལ། རང་བྱུང་གཉིས་པོ་ཡང་དགོས་པ་ངེས་འབྱུང་གི་ཕྱིར་དུ་ལས་སུ་བྱ་བ་ཁྱིམ་ནས་རང་བྱུང་ཟིན་པ་ཙམ་གྱིས་བསྙེན་པར་རྫོགས་ཟིན་པ་ཡིན་ཏེ། དེའི་ཚེ་བཅས་པ་ནི་མེད་ལ། མི་དགེ་བ་བདུན་སྤོང་བའི་ཚུལ་ཁྲིམས་མཉམ་ པར་མ་བཞག་པའི་སས་བསྡུས་པ་ཞིག་འཐོབ་པའི་ཕྱིར། དེའི་འོག་ཏུ་བྱུང་ནས་དཀའ་བ་སྤྱད་པའི་ཚེ་བསམ་གཏན་གྱི་སྡོམ་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཟག་མེད་ཀྱི་སྡོམ་པ་མངོན་དུ་མཛད་ལ། རང་སངས་རྒྱས་ལའང་གོ་རིམ་དེ་བཞིན་ནོ། །སྔར་བསྙེན་པར་རྫོགས་ནས་ཕྱིས་ རབ་ཏུ་བྱུང་བའི་གོ་རིམ་འདི་ནི་མི་སྲིད་པའོ་ཞེ་ན། མ་ཡིན་ཏེ། ངེས་འཇུག་དང་ཚུར་ཤོག་སོགས་ཕལ་ཆེ་བ་ལ་གོ་རིམ་དེ་ལྟར་ངེས་པའི་ཕྱིར། དཔེར་ན་ལྔ་སྡེ་ལ་མཐོང་ལམ་སྐྱེས་ཟིན་པའི་འོག་དེ་མ་ཐག་ཏུ་སྐྲ་དང་ཁ་སྤུ་རང་བྱི་དང་། སྣམ་སྦྱར་བགོས་ཤིང་ལྷུང་བཟེད་ལག་ཏུ་ཐོགས་ པར་གྱུར་ཏེ། བསྙེན་པར་རྫོགས་པའི་དགེ་སློང་ལོ་བརྒྱ་ལོན་པ་བཞིན་དུ་གྱུར་པར་བཤད་ལ། དེ་ལྟར་བཤད་པ་ན་མཉམ་གཞག་ཏུ་བསྙེན་པར་རྫོགས་ཤིང་། རྗེས་ཐོབ་ཏུ་རབ་ཏུ་བྱུང་བར་ཁས་ལེན་དགོས་པ་བཞིན་ནོ། །ཞེས་བྲིས་པ་དང་། ཡང་སངས་རྒྱས་གཉིས་པོ་དེ་བསྙེན་པར་ རྫོགས་པ་ན་ཁྱིམ་པའི་རྒྱལ་མཚན་ཅན་ལ་བསྙེན་པར་རྫོགས་པ་སྐྱེ་བར་གྲུབ་ལ། །ཕྱིས་དབུ་སྐྲ་བཅད་པ་དང་། ལྷས་ཆོས་གོས་ཕུལ་བ་དེའི་ཚེ་ནི་རབ་ཏུ་བྱུང་བ་ཡིན་ཅེས་པ་རྣམས་ནི། ཟི་ལུང་ཤཱཀྱ་བའི་བཞེད་པ་མཐར་ཐུག་པའོ། །ལུགས་འདི་ནི་རྟོག་བརྟགས་ཀྱི་གཏམ་གསར་ཞིག་ཏུ་ 3-1-38b སྣང་བས། དཔྱད་བཟོད་པ་མ་ཡིན་ཏེ། སྤྱིར་སངས་རྒྱས་གཉིས་སངས་རྒྱས་པ་ན་སོ་ཐར་གྱི་སྡོམ་པ་ཐོབ་པ་འདི་རྒྱ་བོད་དུ་མཁས་རྨོངས་ཐམས་ཅད་ལ་རླུང་ལྟར་གྲགས་པ་དེ་མ་ཡིན་པར་དེ་ཁས་བླང་མ་འདོད་ནས་བརྫུན་སྐྱོབས་སུ་ཐ་སྙད་གསར་འཇོག་ཅིག་རང་གི་བློས་བཟོས་ནས། དེ་ སྔོན་གྱི་གསུང་རབ་ཀྱི་བརྡ་ལས་བྱུང་ཁ་མོར་བཅོས་པ་འདི་ཉེས་པ་ཆེ་སྟེ། ཁོ་རང་གི་དེར་སྤྱིར་རང་བྱུང་ཞེས་པའི་མིང་ནི་གཉིས་ཏེ། །ཁྱིམ་ནས་རང་བྱུང་དང་རང་བྱུང་གི་ཡེ་ཤེས་མངོན་དུ་བྱས་པའི་རྣམ་གཞག་གཉིས་ཡོད་ཟེར་བའི་རྣམ་གཞག་འདི་གསུང་རབ་ཇི་ལྟ་བུ་ཞིག་ན་ཡོད་ ཁུངས་སྟོན་དགོས་ལ། ཁུངས་མེད་པའི་གསར་རྩོམ་འདིས་མི་ཡོང་སྟེ། གསུང་རབ་ལས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་གྲགས་ཀྱི། ཁྱིམ་ནས་ཁྱིམ་མེད་པར་རང་བྱུང་བྱས་ཞེས་ཟེར་བ་སྔོན་ཆད་མ་གྲགས་ལ། ཁྱེད་ལྟར་ན་རབ་བྱུང་གི་ནང་གི་དབྱེ་བར་རང་བྱུང་ཡང་འདྲེན་ན། རང་བྱུང་གི་ཡེ་ཤེས་ཞེས་བརྗོད་མི་རིགས་པར་ཐལ། རབ་བྱུང་གི་ཡེ་ཤེས་བརྗོད་རིགས་པའི་ཕྱིར། དེར་ཐལ། རབ་བྱུང་གི་དབྱེ་བ་བརྗོད་པའི་སྐབས་ཡིན་པའི་ཕྱིར། འཁོར་གསུམ། ཆོས་ཀྱི་ནང་ན་རྫུན་མི་ཤོང་། མིག་གི་ནང་དུ་རྡུལ་མི་ཚུད་ཟེར་བ་དེ་ བདེན་པར་འདུག་གམ་ལྟོས་ཤིག །སངས་རྒྱས་དུས་སྒོམ་སྤང་གི་ཀུན་སློང་མེད་པས་སངས་རྒྱས་དུས་སོ་ཐར་གྱི་སྡོམ་པ་མི་སྐྱེ་བ་དང་། རང་སངས་རྒྱས་དུས་དགྲ་བཅོམ་ཟིན་པས་ངེས་འབྱུང་གི་བསམ་པ་མེད་པས་དེ་དུས་སོ་ཐར་གྱི་སྡོམ་པ་མི་སྐྱེ་བ་ལ་ཁྱབ་པ་ག་ལ་ཡོད་དེ། སོ་སྐྱེའི་ སོ་ཐར་གྱི་སྡོམ་པ་ཐོབ་རྒྱུར་དེ་དག་དགོས་ཀྱང་། སྤྱིར་འཕགས་པ་ལ་མིན་པ་དང་། ལྷག་པར་སངས་རྒྱས་གཉིས་ལ་དེ་ལྟར་མ་ཡིན་པས། རྫོགས་ཚུལ་བཅུ་ལ་སོགས་པ་ཟུར་དུ་རྣམ་གྲངས་དུ་མར་དམིགས་ཀྱིས་བཀར་འདུག་པའི་ཕྱིར། དེར་མ་ཟད་རང་སངས་རྒྱས་ཟིན་ནས་ངེས་ 3-1-39a འབྱུང་མེད་པའི་རྟགས་མ་གྲུབ་སྟེ། འོ་ན་ཉན་ཐོས་དགྲ་བཅོམ་ནས་ཀྱང་ངེས་འབྱུང་མེད་པར་ཐལ། རང་རྒྱལ་དགྲ་བཅོམ་ནས་ཀྱང་ངེས་འབྱུང་མེད་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཡོད་དེ། རང་སངས་རྒྱས་ཀྱང་འཁོར་བ་ལས་ཐར་བའི་ཕྱིར་ངེས་ འབྱུང་མེད་དགོས་ན་ཉན་ཐོས་དགྲ་བཅོམ་ལ་ཡང་མཚུངས་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་ལྷག་བཅས་རང་གི་ཕུང་པོ་ལ་ངེས་པར་འབྱུང་ནས་ལྷག་མེད་དུ་འདའ་བ་མེད་པར་ཐལ། དེའི་རྒྱུ་ལ་ངེས་འབྱུང་མེད་པའི་ཕྱིར། འཁོར་གསུམ། རང་སངས་རྒྱས་རང་ཉིད་འཁོར་ བ་ལས་ངེས་པར་དུ་འབྱུང་འདོད་མེད་ཀྱང་སྤྱིར་རང་རྒྱལ་ལ་ངེས་འབྱུང་མེད་བྱས་ན་ཉེས་པ་ཆེན་པོར་འགྱུར་ཏེ། འོ་ན་རང་རྒྱལ་ཆོས་ཅན། ཁྱོད་ཀྱི་སྡུག་བསྔལ་གྱི་བདེན་པ་མངོན་དུ་མ་བྱས་པའམ་མ་གཟིགས་པར་ཐལ། འཁོར་བ་སྡུག་བསྔལ་དུ་བདེན་པར་གཟིགས་པའི་བློ་དེ་ངེས་ འབྱུང་གི་བློ་ཡིན་པ་གང་ཞིག་དེ་དེ་ལ་མེད་པའི་ཕྱིར། རྟགས་དང་པོ་མ་གྲུབ་པོ་ཞེ་ན། འཁོར་བ་ལ་བདེ་བ་ཡོད་པར་ཐལ། རང་རྒྱལ་བ་དེ་འཁོར་བ་སྡུག་བསྔལ་བདེན་པར་མ་གཟིགས་པའི་ཕྱིར། ཁྱབ་པ་ཡོད་དོ། །འཕགས་པས་སྡུག་བསྔལ་དུ་མ་གཟིགས་ན་འཁོར་བ་བཏང་ སྙོམས་སུ་ནི་སུས་ཀྱང་མི་འདོད་པས་བདེ་བ་ལས་འོས་མེད་ཅིང་། འཕགས་པའི་མཁྱེན་པ་ཚད་མ་ཡིན་པའི་ཕྱིར། འདི་ལ་འཁོར་བ་བཏང་སྙོམས་སུ་མི་འདོད་པ་རྟགས་མ་གྲུབ་པའི་ལན་འདེབས་པར་བྱེད་དམ། འཁོར་བ་ལ་བདེ་བ་ཡོད་པར་ཐལ་བ་ལ་འདོད་ལན་བྱེད། ལན་གང་ ཡང་འདེབས་མ་ནུས་ན་སྨྲ་བ་ལ་ལན་མེད་པས་ཁྱེད་ཅག་དང་རྩོད་པའི་སྐབས་བོར་རོ། །འོ་ན་ལན་དང་པོ་ལྟར་འདེབས་སོ་ཞེ་ན། དོན་ལ་འཕགས་པའི་བདེན་པ་བཞི་མ་ཚང་བར་ཐལ། འཁོར་བ་མཐའ་དག་སྡུག་བསྔལ་མིན་པར་བཏང་སྙོམས་ཡིན་པའི་ཕྱིར། ཡང་ལན་གཉིས་པ་ 3-1-39b ལྟར་འདེབས་སོ་ཞེ་ན། ཁྱེད་ཅག་མུ་སྟེགས་རྒྱང་འཕེན་པའི་རྗེས་འཇུག་ཏུ་ཐལ། འཁོར་བ་ལ་བདེ་བ་ཡོད་པར་ཁས་ལེན་པའི་ཕྱིར། རྩ་བའི་རྟགས་ཁྱབ་གྲུབ། རྩ་བར་འདོད་ན། རང་རྒྱལ་ཆོས་ཅན། ཁྱོད་འཕགས་པ་མ་ཡིན་པར་ཐལ། འཕགས་པའི་བདེན་པ་མངོན་དུ་མ་བྱས་ པའི་ཕྱིར། དེར་ཐལ། སྡུག་བསྔལ་བདེན་པ་མངོན་དུ་མ་བྱས་པའི་ཕྱིར། ཡང་ཁྱེད་ཀྱིས་མཐོང་ལམ་གྱི་དུས་སུ་སོ་ཐར་གྱི་སྡོམ་པ་སྐྱེ་ན། མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་དགོས་ཟེར་བ་ལ་ཁྱབ་པ་མེད་དེ། སོ་སྐྱེ་རྫོགས་ཚུལ་ལ་དེ་ལྟར་ཡིན་ཀྱང་འཕགས་པ་ལ་ དེ་ལྟར་ཡིན་མི་དགོས་པའི་ཕྱིར་རོ། །ཁྱེད་རང་མཐོང་ལམ་གྱི་དུས་སུ་སོ་ཐར་གྱི་སྡོམ་པ་སྐྱེ་བ་དང་ཐོབ་པ་མེད་པར་ཁས་ལེན་ན། ལྔ་སྡེ་བཟང་པོ་རྣམས་ཆོས་ཅན། ཁྱོད་ངེས་པས་འཇུག་པའི་དུས་སུ་སོ་ཐར་གྱི་སྡོམ་པ་སྐྱེ་བ་དང་ཐོབ་པ་མེད་པར་ཐལ། ངེས་པས་འཇུག་པ་དེ་བདེན་པ་ མཐོང་བ་ལ་བརྗོད་པ་གང་ཞིག །མཐོང་ལམ་གྱི་དུས་སུ་སོ་ཐར་གྱི་སྡོམ་པ་སྐྱེ་མི་སྲིད་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན། མཛོད་འགྲེལ་ལས། ངེས་པར་འཇུག་པས་ནི་རྟེན་ལྔ་པོ་རྣམས་སོ། །ཞེས་ལྔ་སྡེ་མཐོང་ལམ་ཐོབ་པའི་དུས་དེར་སོ་ཐར་གྱི་སྡོམ་པ་སྐྱེ་བར་བཤད་ འདུག་པའི་ཕྱིར། ངེད་དེ་མི་འདོད་དོ་ཟེར་ན། འོ་ན་ཁྱེད་མཁས་མཆོག་དབྱིག་གཉེན་གྱི་མཛོད་རྩ་འགྲེལ་གྱི་དགོངས་པ་འགྲེལ་པ་ན། དབྱིག་གཉེན་ལས་ཁྱེད་རང་དབང་ཆེ་བར་མཛད་ན་ནི་ངོ་ཚ་དང་བྲལ་བ་ཡིན་པས་བྱར་མེད་དོ། །ཡང་མཐོང་ལམ་ཐོབ་དུས་སུ་སོ་ཐར་གྱི་སྡོམ་པ་སྐྱེ་བ་དང་ ཐོབ་ཏུ་མི་རུང་བྱ་བ་འདི་ལ་ནི་ནང་འགལ་བྱུང་འདུག་པ་ཁྱེད་རང་གིས་མ་མཐོང་ན་བདག་གིས་བསྟན་པར་བྱ་སྟེ། ཁྱེད་རང་གིས་དེ་མ་ཐག་པར་བསྙེན་རྫོགས་སྔར་བྱས་ནས་རབ་བྱུང་ཕྱིས་བྱས་པ་ཞིག་སྲིད་པའི་སྒྲུབ་བྱེད་ཀྱི་སྐབས་སུ་ངེས་འབྱུང་དང་ཚུར་ཤོག་སོགས་ཕལ་ཆེ་བ་ལ་གོ་རིམ་དེ་ 3-1-40a ལྟར་ངེས་པའི་ཕྱིར། དཔེར་ན་ལྔ་སྡེ་ལ་མཐོང་ལམ་སྐྱེས་ཟིན་པའི་འོག་དེ་མ་ཐག་ཏུ་སྐྲ་དང་ཁ་སྤུ་བྱི་ཟེར་བ་བཀོད་འདུག་པའི་ཕྱིར་ན་བདེན་པ་མཐོང་དུས་སོ་ཐར་གྱི་སྡོམ་པ་སྐྱེ་བ་དང་ཐོབ་པ་མེད་ན། ལྔ་སྡེ་བདེན་པ་མཐོང་དུས་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་ཐོབ་ཡོད་པར་ བཤད་པ་འདི་འགལ་ཁྱབ་ཏུ་འགྲོ་བ་འདི་ལ་འགལ་སྤོང་ཅི་ལྟར་བྱེད། ཡང་སོ་ཐར་གྱི་སྡོམ་པ་དང་བསྙེན་རྫོགས་ཀྱི་སྡོམ་པ་མི་གཅིག་པས་མི་འགལ་ལོ་ཞེ་ན། ད་ནི་རང་གི་དེ་ཉིད་ཐམས་ཅད་བསྟན་བྱུང་བས་དེ་ཙམ་གྱིས་ཆོག་གི། ཆེས་མངོན་པར་ངོ་མཚར་རོ། །ཡང་སངས་རྒྱས་གཉིས་ ལ་སོ་ཐར་གྱི་སྡོམ་པ་སངས་རྒྱས་དུས་མི་སྐྱེ་བའི་སྒྲུབ་བྱེད་ལ་ཟག་མེད་ཀྱི་སེམས་ནི་སོ་ཐར་གྱི་རྒྱུའི་ཀུན་སློང་དུ་མི་རུང་། རྒྱུའི་ཀུན་སློང་སྔོན་དུ་མ་སོང་ན་ནི་སོ་ཐར་གྱི་སྡོམ་པ་དགེ་བར་ཡང་མི་རིགས་ཞེས་པ་ལ། ཟག་མེད་ཀྱི་སེམས་སོ་ཐར་གྱི་ཀུན་སློང་དུ་སྤྱིར་མི་འཐད་ཀྱང་། སངས་རྒྱས་ གཉིས་ལ་དམིགས་བསལ་བྱས་པའི་ཕྱིར་དང་། སངས་རྒྱས་གཉིས་ལ་སོ་ཐར་གྱི་སྡོམ་པ་སྐྱེས་པའི་རྒྱུའི་ཀུན་སློང་སྔོན་དུ་མ་སོང་བ་ཡང་མ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་བརྙེས་པ་ན་སོ་ཐར་གྱི་སྡོམ་པ་དེ་ལེན་འདོད་ཀྱི་ཀུན་སློང་སྔར་སོ་སྐྱེའི་སྐབས་ནས་སྔོན་དུ་སོང་བའི་ཕྱིར། ཡང་ཁྱེད་ ཀྱི་བསམ་པ་ལ་སངས་རྒྱས་ནས་འདོད་པ་ན་སྤྱོད་པའི་སྡོམ་པ་དགེ་བ་ཞིག་མི་དགོས་ཤིང་མི་སྲིད་དོ་ཞེ་ན། སངས་རྒྱས་ནས་མི་དགོས་པ་བདེན་ཀྱང་། འཚང་རྒྱ་བཞིན་པ་ན་འདོད་པ་ན་སྤྱོད་པའི་སྡོམ་པ་དགེ་བ་ཞིག་སྐྱེས་ནས། སངས་རྒྱས་ཟིན་པ་ནའང་དེ་ཡོད་པ་ལ་སུ་ཞིག་གིས་འགོག ། བསྙེན་རྫོགས་ཀྱི་སྡོམ་པའི་ངོ་བོ་ངོས་འཛིན་པ་ན། སྤོང་བདུན་འཁོར་བཅས་སྤོང་བ་ཞེས་འདོན་འདུག་པ་ལ། ཁྱེད་ལྟར་ན། སངས་རྒྱས་གཉིས་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཡོངས་རྫོགས་མེད་པར་ཐལ། དེ་གཉིས་བསྙེན་པར་རྫོགས་དུས་བཅས་པ་ནི་མེད་ལ། མི་དགེ་བ་བདུན་སྤོང་བའི་ 3-1-40b ཚུལ་ཁྲིམས་མཉམ་པར་མ་བཞག་པའི་སས་བསྡུས་པ་ཞིག་ཐོབ་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་རྒྱ་བོད་གཉིས་ན་རླུང་ལྟར་གྲགས། འདོད་ན། སངས་རྒྱས་གཉིས་བསྙེན་རྫོགས་ཀྱི་སྡོམ་པ་ཕྱེད་གཤག་རེ་བསྣམས་ལ་བཞུགས་ཤིག །ཡང་སངས་རྒྱས་གཉིས་རབ་བྱུང་གི་ དུས་ནས་བསྙེན་པར་རྫོགས་པ་ཡིན་ཟེར་བ་དང་། སངས་རྒྱས་གཉིས་དང་། ངེས་འབྱུང་ཚུར་ཤོག་སོགས་ཕལ་ཆེ་བ་སྔར་བསྙེན་པར་རྫོགས་ནས་ཕྱིས་རབ་ཏུ་བྱུང་བ་ཡིན་ཅེས་པ་ལ་ནང་འགལ་བྱུང་འདུག་པ་ཁྱེད་རང་གིས་མ་མཐོང་བ་དེ་བདག་གིས་ངོ་སྤྲད་པར་བྱའོ། །མཆོད་རྟེན་རྣམ་ དག་གི་དྲུང་དུ་རང་རྟགས་བླངས་ནས་རབ་བྱུང་མཚན་ཉིད་པ་མཛད་པའི་ཚེ་ན་ཆོས་ཅན། རབ་ཏུ་བྱུང་བ་ན་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་པ་མིན་པར་ཐལ། བསྙེན་རྫོགས་དེ་དུས་མི་སྐྱེ་བ་ནི་ཁྱེད་རང་གི་འདོད་པ་ཡིན་པ་གང་ཞིག །དེ་ལས་གཞན་དུ་རབ་བྱུང་མཚན་ཉིད་པ་མ་མཛད་པའི་ ཕྱིར། ཡང་རྟགས་ཕྱི་མ་མ་གྲུབ་སྟེ། ཁྱིམ་ནས་ནམ་མཁའ་ལ་གཤེགས་པ་དེའི་ཚེ་རབ་བྱུང་མཚན་ཉིད་པ་མཛད་པའི་ཕྱིར་ཟེར་ན། འོ་ན་སངས་རྒྱས་ཆོས་ཅན། སྔར་བསྙེན་པར་རྫོགས་ནས་ཕྱིས་རབ་ཏུ་བྱུང་བ་མ་ཡིན་པར་ཐལ། སྔར་རབ་བྱུང་དང་བསྙེན་རྫོགས་གཅིག་ཅར་དུ་གྲུབ་ ཟིན་པའི་ཕྱིར། འཁོར་གསུམ། ཡང་སངས་རྒྱས་ཆོས་ཅན། སྔར་རབ་བྱུང་གི་དུས་བསྙེན་རྫོགས་ཀྱི་སྡོམ་པ་མ་སྐྱེས་པར་ཐལ། བསྙེན་རྫོགས་ཟིན་ནས་ཕྱིས་རབ་ཏུ་བྱུང་དགོས་པའི་ཕྱིར། རྟགས་ཁྱབ་ཁས་བླངས། ཐལ་བ་སྔ་ཕྱི་འདོད་ན་དམ་བཅའ་ཞིག །ཡང་ཁྱེད་རང་གི་ཐ་ སྙད་གསར་བཞག་གི་ཁྱིམ་ནས་རང་བྱུང་དེ་ཆོས་ཅན། རང་བྱུང་གིས་གོ་མི་ཆོད་པར་ཐལ། ཁྱིམ་པའི་རྒྱལ་མཚན་ཅན་བསྙེན་པར་རྫོགས་ཟིན་པ་དེ་ཡིན་པའི་ཕྱིར། །རྟགས་ཁས་བླངས། ཁྱབ་སྟེ། ཁྱེད་རང་གི་ཁྱིམ་པའི་རྒྱལ་མཚན་ཅན་བར་མ་རབ་བྱུང་གི་བར་ཆད་ཡིན་གྱི། དགེ་ 3-1-41a ཚུལ་སོགས་ཀྱི་ནི་མ་ཡིན་ནོ། །ཞེས་བྲིས་འདུག་པའི་ཕྱིར། ཁྱབ་པ་ཁྱེད་རང་ལ་སོང་། འདོད་ན་དམ་བཅས་པ་དེ་བུད་དོ། །བདག་ནི་སྔ་རབས་པ་ཐམས་ཅད་ལ་གྲགས་པ་ལྟར་འདྲེན་པ་རང་རྒྱལ་རང་བྱུང་གིའོ། །ཞེས་རྫོགས་པའི་སངས་རྒྱས་འདྲེན་པ་དམ་ པ་དེ་དང་རང་སངས་རྒྱས་ནི་སྲིད་པ་ཐ་མར་མཁན་སློབ་སོགས་ལ་མ་བལྟོས་པར་རང་བྱུང་གི་ཡེ་ཤེས་བརྙེས་པ་དེའི་ཚེ་དེའི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བར་གསུངས་པ་ནི་ལུགས་འདི་པའི་དགོངས་པ་མཐར་ཐུག་གོ་སྙམ་པའི་ངེས་ཤེས་གཏིང་ཚུགས་པ་སྐྱེས་སོ། །གཞན་ཡང་ དཀའ་བ་སྤྱད་པའི་ཚེ་བསམ་གཏན་གྱི་སྡོམ་པ་ཐོབ་བྱ་བ་དེ་ནི་བདག་ཉིད་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་རྣམ་ཐར་ཙམ་ཡང་མ་ཐོས་སོ་ཞེས་གཞན་ལ་གསལ་བར་སྟོན་པའི་གཏམ་སྟེ། རེངས་བྱེད་བུ་ལྷག་སྤྱོད་ལས་བསམ་གཏན་གྱི་སེམས་ཐོབ་པར་བཤད་པ་དང་། སྒྱུ་རྩལ་ཤེས་ ཀྱི་བུ་རིང་འཕུར་ལས་སྲིད་རྩེའི་སེམས་ཐོབ་པར་བཤད་པས་དུས་དེ་དང་དེ་རྣམས་སུ་བསམ་གཏན་གྱི་སྡོམ་པ་ཐོབ་པ་ཡིན་ལ། བསམ་གཏན་དེ་ལ་ལོ་དྲུག་ཏུ་མཉམ་པར་བཞག་པར་མཛད་པ་ལ་སྙིང་པོར་མ་གཟིགས་ནས་གདོད་དཀའ་སྤྱད་དེ་བཀྲོལ་བའི་ཕྱིར་རོ། །ཡང་མཉམ་གཞག་ལ་ བསྙེན་རྫོགས་དང་རྗེས་ཐོབ་ཀྱི་རབ་བྱུང་ཟེར་བ་འདི་ནི་སྟོན་པའི་གསུང་རབ་ཀྱི་དགོངས་པ་ག་ལ་ཡིན་ཏེ། ཚུར་ཤོག་ཅེས་བརྗོད་པའི་སྐད་ཅིག་ལ་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་པ་དང་། ལུས་ལ་རྫོགས་པའི་རྟགས་གཅིག་ཅར་བྱུང་བ་དེ་ལ་ཁྱེད་ལྟར་ན། དེ་སྐད་གཅིག་གིས་བར་ ཆོད་པའི་ཕྱིར། ཚུར་ཤོག་གི་དགེ་སློང་དེ་མ་ཡིན་པ་དང་། ཡང་གསོལ་བཞིའི་ལས་ཀྱི་དུས་སྐད་ཅིག་གཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་པ་ལྟ་བུ་དེའང་འཐད་པ་མ་ཡིན་པར་འགྱུར་ལ། དེ་འདོད་ན་སྔོན་གྱི་རྫོགས་ཚུལ་གྱི་ཆོ་གའི་མཚོན་གཞིར་སློབ་དཔོན་ 3-1-41b ཡོན་ཏན་འོད་ཀྱིས་དེ་འདྲ་བཀོད་པ་དེའང་མི་འཐད་པར་འགྱུར་རོ། །དེས་ན་ཁྱེད་ཀྱིས་གཞན་ལ་མ་གྲགས་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་བཞག་པར་འདོད་ནས་རྣམ་རྟོག་ངན་པ་ལ་ཤར་བ་དེ་དག་རིགས་པའི་ལམ་བཟང་པོ་ནས་དྲངས་པའི་ཚེ་རང་ཉིད་ཀྱི་ཚིག་གིས་རང་གི་དམ་བཅའ་འཇོམས་ ཤིང་སྒྲུབ་བྱེད་དང་བསྒྲུབ་བྱ་འགལ་ཁྱབ་ཏུ་འགྲོ་བ་འགའ་ཞིག་འདུག་པ་ལ། བློ་གྲོས་དམན་པ་དག་གིས་གནད་འདི་ལྟ་བུའི་ཕྲ་གསང་ནི་ཁོ་བོ་ཅག་ཟི་ལུང་པ་མ་གཏོགས་སུས་ཀྱང་སྔར་མ་ཤེས། ད་ལྟའང་ཤེས་པ་མེད་ཅིང་མ་འོངས་པར་ཡང་ཤེས་པ་མི་འབྱུང་ངོ་ཞེས་མོས་པ་བྱེད་པ་ ནི་གཏི་མུག་གི་ནོར་མུ་མཐའ་མེད་པས་ཕྱུག་པའི་བདག་ཉིད་དུ་རིག་པར་བྱའོ། །སྨྲས་པ། རང་བློས་བརྟགས་ནས་གྲུབ་པའི་ཁྱད་ཆོས་མཆོག །སྔོན་ཆད་གཞན་གྱིས་ཤེས་པ་མ་ཡིན་ཅེས། །སྨྲ་བ་འདི་ལ་འགལ་བ་མི་བཟོད་པ། །དཔག་མེད་མཐོང་བཞིན་ད་དུང་ཁས་ལེན་པའི། ། རྒོལ་བ་དེ་དག་གྲགས་པའི་ཕྱིར་ཡིན་གྱི། །དམ་པའི་ཆོས་ལ་སྤྱོད་པ་ག་ལ་ཡིན། །ཅེས་སོ། །གཉིས་པ་ལ། ལེན་པའི་དུས། སྡོམ་མིན་གྱི་དུས་ངེས་པ། བསྙེན་གནས་ཀྱི་ཁྱད་པར། དགེ་བསྙེན་གྱི་ཁྱད་པར་རོ། །དང་པོ་ནི། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །རིས་བདུན་གྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་ སྲིད་འཚོའི་བར་དུ་ཡང་དག་བླང་བར་བྱ་བ་ཡིན་པ་དང་། བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་གཅིག་ཏུ་ཡང་དག་པར་བླང་བར་བྱ་བ་ཡིན་ནོ། །སོ་ཐར་སྡོམ་པར་གྱུར་པའི་དུས་ཀྱི་མཐའ་ནི་སྲོག་གི་མཐའ་པ་དང་། ཉིན་ཞག་གི་མཐའ་པའོ། །འདིར་རང་འགྲེལ་དུ། ཟླ་བ་ཕྱེད་ལ་སོགས་ པ་ནི་ཉིན་ཞག་བཟླས་པས་སོ། །བྱ་བ་འདི་བོད་དུ་གོ་བ་ཉུང་ཤས་ལས་མ་བྱུང་བར་སྣང་སྟེ། བདག་གིས་བཀྲོལ་ན། མདོ་སྡེ་པའི་ཕྱོགས་ལ་བསྙེན་གནས་ཞག་བཅོ་ལྔར་སྐྱེ་བ་ཞིག་ཡོད་པ་དེའི་ཚེ་ན། བསྙེན་གནས་དེ་ལྟ་བུ་དེའི་དུས་ནི་ཞག་བཅོ་ལྔ་པའི་མཐའ་པའོ་སྙམ་དུ་དོགས་པ་ལ། 3-1-42a དེ་མ་ཡིན་པར་སྟོན་པ་ནི། བསྙེན་གནས་ཞག་བཅོ་ལྔར་སྐྱེ་ཡང་སྦྲེལ་ནས་གཅིག་ཏུ་སྐྱེ་བ་མ་ཡིན་ཏེ། ཉིན་ཞག་རེ་རེ་ཞིང་སྐྱེ་ནས་གཏོང་བས་ཉིན་ཞག་བཟླས་པ་སྟེ། ཉིན་ཞག་རེ་རེ་ཞིང་བསྐྱར་མར་སྐྱེ་ཞིང་ཡང་གཏོང་ཞིང་འབྱུང་བའི་དོན་ནོ། །སྤྱིར་དུས་ཞེས་ བྱ་བའི་ཆོས་དེ་ཅི་ཞིག་ཅེ་ན། འདི་ལ་མུ་སྟེགས་སོགས་ཁ་ཅིག །རྟག་པའི་དངོས་པོ་ཞིག་ཡོད་དོ་སྙམ་པ་ལྟར་ནི་མ་ཡིན། དུས་གསུམ་གྱི་འདུ་བྱེད་ཡོངས་སུ་འགྱུར་བ་སྟོན་པ་དེ་ཚེའི་མིང་ངམ་བླ་དྭགས་ཡིན་པའི་ཕྱིར། དཔེར་ན་སྣང་བའི་གནས་སྐབས་སུ་ནི་གླིང་དག་ན་ཉིན་བར་གྱི་ དུས་ཞེས་བྱ། མུན་པའི་གནས་སྐབས་ན་ནི་མཚན་མོའི་དུས་ཞེས་བྱའོ། །མདོ་སྡེ་པས་ཚེ་རབས་ཕྱི་མ་ཕན་ཆད་དུ་དགེ་སློང་སོགས་ཀྱི་སྡོམ་པ་ཇི་སྲིད་འཚོའི་བར་དུ་བླངས་པ་ཡོད་ཀྱང་ཆོས་ཅན། ཚེ་གཞན་དུ་སྡོམ་པ་མི་སྐྱེ་སྟེ། འདི་ཕྱི་ལུས་རིས་མི་མཐུན་པའི་ཕྱིར་དང་། ཚེ་འདིར་ བླངས་པའི་སྦྱོར་བ་བྱས་ཀྱི་ཕྱི་མར་བླངས་པའི་སྦྱོར་བ་མ་བྱས་པའི་ཕྱིར་དང་། ཚེ་སྔ་མར་བླངས་པ་ཕྱི་མར་བླངས་པ་མི་དྲན་པའི་ཕྱིར་རིགས་ནའང་། བསྙེན་གནས་ཀྱི་སྡོམ་པ་ནི། ཞག་གཅིག་གི་འོག་ཞག་ལྔའམ་བཅུ་ལ་སོགས་པར་ཡང་སྐྱེ་བ་ཡིན་ཏེ། དེ་སྐྱེ་བ་ལ་གེགས་བྱེད་སུ་ཡང་ མེད་པའི་ཕྱིར་བྱས་པ་ལ། བྱེ་སྨྲ་ན་རེ། ཞག་མང་པོར་སྐྱེ་བ་ལ་གེགས་བྱེད་ཡོད་དེ། སངས་རྒྱས་ཀྱིས་ཉིན་ཞག་གི་བསྙེན་གནས་ཁོ་ནར་བསྟན་པའི་ཕྱིར་ཟེར་བ་ལ། མདོ་སྡེ་པས་དྲིས་པ་ནི། ཅི་ཞག་གཅིག་གི་འོག་ཏུ་བསྙེན་གནས་ཀྱི་སྡོམ་པ་མི་སྐྱེ་བར་སངས་རྒྱས་ཀྱིས་གཟིགས་ནས་ བསྟན་པ་དེ་ཁྱེད་བྱེ་སྨྲ་ལྟར་ཉིན་ཞག་གཅིག་ཁོ་ན་ལས་སྐྱེ་མི་རུང་བར་གཟིགས་སམ། ངེད་མདོ་སྡེ་པ་ལྟར་དབང་པོ་གདུལ་དཀའ་བ་དཔེར་ན་ཟླ་གཅིག་ལས་བསླབ་པ་བསླབ་མི་ནུས་ཟེར་བ་ལྟ་བུ་ཞིག་ཉིན་ཞག་པའི་སྡོམ་པ་ལ་སྦྱོར་བའི་ཆེད་ཡིན་དྲིས་པ་ལ། བྱེ་སྨྲས། དྲི་བ་དེ་ལྟར་ 3-1-42b བརྟགས་མི་ནུས་ཏེ། འདུལ་བའི་དོན་དག་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་རྟོག་གེས་ཁོང་དུ་མི་ཆུད་པའི་ཕྱིར་ཏེ། གང་སྡོམ་པ་དེ་དག་ལས་ཁ་ཅིག་ནི་ཚོགས་ཀྱི་ནང་དུ་གསོལ་བ་ཙམ་གྱིས་ཐོབ་ལ། ཁ་ཅིག་ནི་གང་ཟག་གཅིག་ལ་གསོལ་བ་ཙམ་གྱིས་ཐོབ་པ་འདི་ལ་རྒྱུ་ཅི་ཞིག་ ཡོད། དེས་ན་འདི་ལ་རྒྱུ་མཚན་བཙལ་བར་མི་བྱའོ། །དབང་པོ་གདུལ་དཀའ་བ་ལ་བལྟོས་ནས་བསྙེན་གནས་ཞག་གཅིག་པའི་མཐའ་བར་བཞག་པའང་མ་ཡིན་ཏེ། །ཡིན་ན་ཆེས་གདུལ་དཀའ་བ་ལ་ཡུད་ཙམ་དང་ཉིན་མོ་ཙམ་དང་མཚན་མོ་ཙམ་གྱི་བསྙེན་གནས་ཀྱང་འཇོག་ རིགས་པ་ལས་མ་བཞག་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་ནི། དགེ་སློང་སོགས་ཀྱི་སྡོམ་པ་ཤི་ནས་མི་སྐྱེ་ཡང་བསྙེན་གནས་ནི་ཞག་གཅིག་པའི་འོག་ཏུ་སྐྱེ་བ་ལ་རིགས་པས་མི་གནོད་དོ་ཞེས་བཞེད། བྱེ་སྨྲ་ནི། བསྙེན་གནས་ཞག་ལས་ཐལ་ནས་བཏུད་མར་མི་སྐྱེ་བར་ འདོད་དོ། །ཡང་སྐབས་འདིར། དཔལ་ཤཱཀྱ་མཆོག་ལྡན་ན་རེ། མདོ་སྡེ་པའི་ཕྱོགས་ཉིད་གྲུབ་པ་ཡིན་ཏེ། ཡན་ལག་བརྒྱད་པོ་ཞག་བཅུ་ལ་སོགས་པར་བླངས་པས་མི་སྐྱེ་ན། ཚེ་ཇི་སྲིད་འཚོའི་བར་དུ་བླངས་པས་ཀྱང་མ་སྐྱེ་བར་ཐལ་བའི་ཕྱིར་དང་། དེ་ཡང་འདོད་ན། དེ་འདྲ་དེ་ལ་གོ་མིའི་དགེ་བསྙེན་ཅེས་མིང་བཏགས་ནས་དགེ་བསྙེན་བརྒྱད་ཀྱི་དབྱེ་བ་ཚད་ལྡན་དག་གིས་བཤད་པ་ཡང་མི་རིགས་པར་ཐལ་བའི་ཕྱིར་རོ། །བོད་ཀྱི་སློབ་དཔོན་གཞན་དག་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལ་བསྙེན་གནས་སྲུང་བར་ཁས་བླངས་ནས། ལེན་པའི་ཆོ་ག་ བྱེད་པ་དེ་མདོ་སྡེ་པའི་ལུགས་སུ་དྲངས་མ་ཐག་པའི་ལུང་དེས་བསྟན་པ་ཡིན་ནོ་ཟེར་བ་ནི་མི་རིགས་ཏེ། ལུང་དེ་ནི་བར་མ་ཆོད་པར་ཉིན་ཞག་མང་པོ་སྦྲེལ་བའི་བསྙེན་གནས་ཤིག་བསྟན་པ་ཡིན་གྱི། སྡོམ་པ་མེད་པའི་ཞག་རིས་མི་མཐུན་གྱི་བར་ཆོད་པའི་བསྙེན་གནས་སྔོན་གྱི་འཕེན་ 3-1-43a པའི་དབང་གིས་སྐྱེ་བར་བསྟན་པ་མ་ཡིན་པའི་ཕྱིར་ཞེས་པ་དང་། ཡང་དེ་ལྟར་ན་ཡང་གོ་མིའི་དགེ་བསྙེན་བསྙེན་གནས་ཁས་མི་ལེན་པས། བསྙེན་གནས་ཇི་སྲིད་འཚོའི་བར་དུ་ལེན་པ་ནི་མེད་ལ། ཞག་དུ་མའི་བར་དུ་ལེན་པ་ཉིད་ཡོད་དོ་ཞེས་པ་ནི་མདོ་སྡེ་ པའི་གྲུབ་མཐའ་སྐྱོན་མེད་པ་ཉིད་ཡིན་པ་དེའི་ཕྱིར། བསྙེན་གནས་ཀྱི་དུས་ཀྱི་མཐའ་ནི་ཞག་གཅིག་ལས་ལྷག་པ་སྲིད་ལ། སོ་ཐར་གྱི་སྡོམ་པ་གཞན་ནི་སྲོག་གི་མཐའ་ལས་ལྷག་པ་མི་སྲིད་དོ་ཞེས་པ་ནི་གྲུབ་པའི་དོན་ཏོ་ཞེས་བྲིས་སྣང་ངོ་། །འདི་ལའང་དཔྱད་བཟོད་པར་མ་མཐོང་ སྟེ། བསྙེན་གནས་ཀྱི་སྡོམ་པའི་དུས་ཀྱི་མཐའ་ཞག་གཅིག་པ་ཡིན་མིན་ལ་བྱེ་སྨྲ་དང་མདོ་སྡེ་པ་མ་མཐུན་པ་མ་ཡིན་གྱི། སྡོམ་མེད་ཀྱི་ཞག་རིས་མི་མཐུན་པའི་བར་དུ་ཆོད་དམ། མ་ཆོད་ཀྱང་ཉིན་ཞག་མང་པོར་སྦྲེལ་ནས་བསྙེན་གནས་ཀྱི་སྡོམ་པ་སྟབས་སུ་དགེ་སློང་ལས་ ནོད་པ་ན། མ་འོངས་པ་ན་སྔར་ནོད་པ་ལྟར་ཉིན་ཞག་སོ་སོར་སྐྱེ་ཞིང་ཉིན་ཞག་རྫོགས་པ་ན་གཏོང་བའི་བསྙེན་གནས་ཞག་བཏུད་མར་སྐྱེ་བ་ཞིག་ཡོད་པ་མདོ་སྡེ་པའི་འདོད་པ་དང་། དགེ་སློང་ལ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལྟ་བུར་བསྙེན་གནས་སྟབས་སུ་ལེན་པ་ན། གང་བླངས་ པའི་ཉིན་ཞག་གཅིག་པོ་དེར་ནི་ཐོབ་ལ། མ་འོངས་པ་སྟབས་སུ་བླངས་པ་དེ་ནི་མི་ཐོབ་བོ་ཞེས་བྱེ་སྨྲས་འདོད་པས་འདོད་པ་མ་མཐུན་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་བསྙེན་གནས་ཞག་གཅིག་ལས་ལྷག་པར་ལེན་ན་མི་སྐྱེ་བར་བྱེ་སྨྲས་འདོད་པ་ཡིན་ན། ཁྱིམ་པ་ཕལ་པ་དང་དགེ་ བསྙེན་ལྟ་བུའི་གསོ་སྦྱོང་དུ་ཡང་ནས་ཡང་དུ་ལེན་མི་རུང་བར་ཐལ། བསྙེན་གནས་ཞག་གཅིག་ལས་ལྷག་པ་སྐྱེ་མི་རུང་བའི་ཕྱིར། ཡང་ཁྱིམ་པ་ལྟ་བུའི་ཚེ་གང་གཅིག་ལ་ཆོས་ཅན། བསྙེན་གནས་ལན་གཅིག་ལས་མི་སྐྱེ་བར་ཐལ། བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གཅིག་ཕན་ 3-1-43b ཏུ་སྐྱེ་མི་སྲིད་པའི་ཕྱིར། བྱ་བའི་གནོད་པ་མི་བཟོད་པས་བྱེ་སྨྲའི་འདོད་པའང་དེ་ལྟར་མ་ཡིན་པའི་ཕྱིར། མདོ་སྡེ་པའི་ལུགས་འདི་བོད་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་དར་བར་མཛད་པས། བོད་ན་སྐྱབས་འགྲོ་དང་བསྙེན་གནས་འདི་གཅིག་པུ་ལ་བསམས་ནའང་། དཔལ་ལྡན་མར་ བྱེད་པ་བཀའ་དྲིན་ཆེ་བར་གྲགས་པ་ཡིན། དེ་དང་རྗེས་སུ་མཐུན་པར་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པས་སེང་གེའི་སྒྲ་དེ་ལྟར་བསྒྲགས་པ་ལ། ཆོས་རྗེ་ས་པཎ་པས། བསྙེན་གནས་ཞག་མང་པོ་སྟབས་གཅིག་ཏུ་ལེན་མི་རུང་སྟེ་ནངས་པར་གཞན་ལ་ནོད་པར་བྱ་ཞེས་པའི་ལུང་ ཙམ་ལ་བརྟེན་ནས་དགག་པ་མཛད་ཀྱང་། དེ་ནི་སྡེ་པ་གཞན་གྱིས་འདོད་པས་སྡེ་པ་གཞན་སུན་འབྱིན་མི་ནུས་ལ། ཆོས་རྗེ་པའི་ཕྱག་ལེན་དེས་ནི་རྒྱལ་ཁམས་ཀྱི་སེམས་ཅན་སྤྱི་ལ་ཕན་པར་མ་མཐོང་སྟེ། བསྙེན་གནས་མང་པོ་ལེན་འདོད་ཀྱི་གང་ཟག་ལ། ལེན་ཡུལ་དགེ་སློང་ཞག་ རེ་རེ་ཞིང་མ་འབྱོར་ཡང་སྟབས་སུ་བླངས་ནས་སྐྱེ་ཞིང་སྲུང་ན་དགེ་བ་རྒྱ་ཆེན་པོར་འགྱུར་བའི་མདོ་སྡེ་པའི་ལུགས་དེ་བསྣུབས་པར་མཛད་པ་ཡིན་པས་ལེགས་སོ་ཞེས་ཡི་རང་བའི་སྐབས་གར་ཡོད། ས་སྐྱ་པའི་ཕྱོགས་འཛིན་པར་འདོད་ནས་ཟི་ལུང་པ་ཆེན་པོས་བོད་ཀྱི་སློབ་དཔོན་ཞེས་ཟུར་ ཟ་བར་མཛད་པ་ནི་སྡང་བས་འགྲོ་བ་མ་གཏོགས་རང་གཞན་གྱི་རྒྱུད་ལ་ལེགས་པའི་ཆ་ཤས་འཕེལ་བ་ལྟ་ག་ལ་ཞིག །དེའི་ཕྱིར་བརྗོད་ན། བསྙེན་གནས་ཆོས་ཅན། ཇི་སྲིད་འཚོའི་བར་དུ་ལེན་པ་ཡོད་པར་ཐལ། གོང་དུ་ཁྱེད་རང་གི་མདོ་སྡེ་པའི་ལུགས་སུ་ཡན་ལག་བརྒྱད་ཇི་སྲིད་ འཚོའི་བར་བླངས་པ་དེ་ལ་གོ་མིའི་དགེ་བསྙེན་དུ་བཏགས་ནས་དགེ་བསྙེན་གྱི་དབྱེ་བར་བཞག་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན། དེས་དེ་ཁས་བླངས་པར་ཐལ། དེ་ཁས་བླངས་པ་དེ་ལ་དེར་འཇོག་པའི་ཕྱིར། འཁོར་གསུམ། མདོ་སྡེ་པའི་རང་ལུགས་ལའང་བསྙེན་གནས་ཀྱི་སྡོམ་པའི་དུས་ཀྱི་མཐའ་ 3-1-44a ནི་ཉིན་ཞག་གཅིག་ལས་ལྷག་པ་མ་ཡིན་པར་ཐལ། མཛོད་འགྲེལ་དུ་ཟླ་ཕྱེད་ལ་སོགས་པས་ནི་ཉིན་ཞག་བཟླས་པས་སོ་ཞེས་གསུངས་པས། དགེ་བསྙེན་གྱི་སྡོམ་པའི་དུས་ཀྱི་མཐའ་ལ་ཞག་བཅོ་ལྔ་པ་སོགས་བཀག་འདུག་པའི་ཕྱིར། ལུང་དོན་དེ་གྱོང་བས་བཀག་པ་ཆེར་མ་གོ་ནས་ ཁྱབ་པ་མེད་སྙམ་ན། བདེན་མོད། ཁོ་བོས་ཊཱི་ཀ་འདིར་རྒྱ་ཆེར་བཀྲོལ་ཟིན་ཏོ། །དེས་ན་ཕྲེང་རེའི་ནང་དུའང་འགལ་འདུའི་རྒྱ་མདུད་བཅུ་ཕྲག་མང་པོས་ཆོས་འདི་པའི་ལུགས་ལ་མ་རུངས་པར་བྱས་འདུག་ནའང་རེ་རེ་ཞིང་བརྒལ་བརྟགས་བྱས་ན་ཧ་ཅང་འབྱམས་ཀླས་པས་སྐབས་དོན་བོར་བའི་ཕྱིར་སྤྲོས་པ་ཆོག་གོ ། སྨྲས་པ། པཎ་ཆེན་ཆེན་པོར་གྱུར་པ་ཤཱཀྱ་མཆོག །བགྲེས་པོར་གྱུར་པ་དེས་ཀྱང་བསྟན་བཅོས་འདིའི། །ཕྱོགས་ལ་ངལ་ཞིང་དུབ་པའི་ལས་མཛད་ཀྱང་། །ཇི་བཞིན་ཕྱེད་པའི་སྤྱན་ནི་བཏང་སྙོམས་གྱུར། །བདག་བློ་གཟུ་བོས་ཅུང་ཟད་བརྡ་སྤྲད་ན། །མཁྱེན་ཅན་དེ་ཡི་ཐུགས་ལ་འཆར་བར་འགྱུར། །གཞན་དག་རྣམས་ ཀྱིས་རྩ་འགྲེལ་ཀློག་ཙམ་ལས། །དོན་ལ་དཔྱོད་པའི་ངལ་བ་བསྟེན་ན་ཡང་། །དེ་ལ་སྒྲིབ་པའི་མུན་པ་སྟུག་པའི་ཕྱིར། །ཆོས་མངོན་མཛོད་ཅེས་མིང་གི་ལྷག་མར་གྱུར། །གཉིས་པ་ནི། ཇི་སྲིད་འཚོའི་བར་དུ་སྡིག་པའི་ཆོས་ཁས་བླངས་པ་ལས་སྡོམ་མིན་སྐྱེའི། བསྙེན་གནས་བཞིན་ཉིན་ཞག་པའི་སྡོམ་མིན་མེད་ དེ། སྡོམ་མིན་དེ་བསྙེན་གནས་ད་ལྟར་ཉིན་ཞག་གཅིག་ཏུ་སྡོམ་མིན་ལ་གནས་པར་གྱུར་ཅིག་ཅེས་ལེན་ཅིང་ནོད་པ་སུ་ཡང་མེད་པའི་ཕྱིར་ཏེ། ལས་སྨད་པ་ཡིན་པའི་ཕྱིར་ཞེས་གྲག་གོ། གྲག་ཅེས་པས་ནི་མ་རངས་པར་བསྟན་ཏོ། །དེ་ལྟར་ན་ཇི་སྲིད་འཚོ་བའང་མི་ཐོབ་པར་འགྱུར་ ཏེ། ཇི་སྲིད་འཚོའི་བར་དུ་དེ་ལ་གནས་པར་གྱུར་ཅིག་ཅེས་སུ་ཡང་ལེན་པ་མེད་པའི་ཕྱིར། དེ་ལ་བྱེ་སྨྲ་ན་རེ། དུས་རྟག་ཏུ་སྲོག་གཅོད་པ་ལ་གནས་པར་གྱུར་ཅིག་ཅེས་མི་ལེན་མོད་ཀྱི། དེ་དང་ཆ་འདྲ་བ་གཏན་དུ་སྲོག་གཅོད་དགོས་ཀྱི་བསམ་པས་སྲོག་གཅོད་སོགས་བྱས་ན་ཇི་ 3-1-44b སྲིད་འཚོ་བའི་སྡོམ་མིན་ཐོབ་པར་འགྱུར་གྱི། དུས་རྟག་ཏུ་ལོག་པར་ཞུགས་པ་བླངས་པ་ཁོ་ན་ལས་སྡོམ་མིན་ཐོབ་མི་དགོས་སོ། །བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གཅིག་ཏུ་སྐྱེ་བ་ཡོད་དེ། གཏན་དུ་བ་མིན་པ་དེའི་ཆེད་དུ་ལེན་འདོད་ཀྱིས་བསྐྱེད་ནས་ཐོབ་པ་ཡོད་པའི་ཕྱིར་ རོ། །ཡང་འགའ་ཞིག་གིས་ཇི་སྲིད་འཚོ་བར་ཡང་དག་པར་བླངས་ན་ཡང་སྡོམ་མིན་གདོན་མི་ཟ་བར་ཐོབ་པར་འགྱུར་རོ། །དེ་ལྟར་ནའང་ཉིན་ཞག་གཅིག་པའི་སྡོམ་མིན་ནོད་པ་ནི་མ་མཐོང་བས་རྣམ་པར་མ་བཞག་གོ་ཞེས་ཟེར་ཏེ། འདི་མི་འཐད་པ་དེང་སང་མངོན་སུམ་གྱིས་ གྲུབ་སྟེ། སྡོམ་ལྡན་གྱི་གང་ཟག་དེ་འདྲ་རྒྱལ་པོ་ལྟ་བུའི་བྱ་དགའི་ཕྱིར། ཞག་གཅིག་པ་དང་ཞག་གཉིས་སོགས་དེ་བཞིན་དུ་ཟླ་གཅིག་ཙམ་ལོ་གཅིག་ཙམ་ལ་སྡོམ་མིན་བྱེད་པར་ཁས་འཆེ་བ་མང་དུ་མཐོང་བའི་ཕྱིར། དཔེར་ན་ཁྲ་པའི་མི་ངོ་རྣམས་ནར་མ་སོན་གྱི་བར་ཁྲ་པ་ཆོས་ མཛད་པས་ཁུར་ཁུར་པ་བཞིན་ནོ། །མདོ་སྡེ་པས་ནི། སྡོམ་པ་ཡང་རིག་མིན་གྱི་རྫས་སུ་མེད་པ་བཞིན། སྡོམ་མིན་ཀྱང་རིག་མིན་གྱི་རྫས་སུ་མེད་དེ། སྡིག་པ་བྱེད་འདོད་ཀྱི་བསམ་པ་བག་ཆགས་དང་བཅས་པ་དེ་ཉིད་སྡོམ་མིན་ཡིན་པའི་ཕྱིར་རོ། །སེམས་དགེ་བ་ལའང་ མི་དགེ་བའི་སེམས་པའི་ས་བོན་མ་བཅོམ་ན་སྡོམ་མིན་དང་ལྡན་པ་ཞེས་བྱའོ། །རང་འགྲེལ་གྱི་མདོ་སྡེ་པའི་འདོད་པ་འཆད་པ་ན། དེས་ན་སེམས་དགེ་བ་ལ་ཡང་དེ་མ་སྤངས་པའི་ཕྱིར་དེ་དང་ལྡན་པ་ཞེས་བྱའོ་ཞེས་གསུངས་པས། སེམས་དགེ་བ་ལ་ཡང་ཞེས་དགེ་བ་མངོན་གྱུར་ བཞིན་དུ་མི་དགེ་བའི་བག་ཆགས་ས་བོན་གྱི་ཚུལ་དུ་ལྡན་པ་ཡིན་གྱི། རྣམ་རིག་པ་ལྟར་ཀུན་གཞིའི་སེམས་ཁས་ལེན་པ་ནི་མ་ཡིན་ནོ། །གསུམ་པ་བསྙེན་གནས་ཀྱི་ཁྱད་པར་ལ། རྣམ་གཞག་སྤྱིར་བསྟན་པ། ཡན་ལག་བརྒྱད་ཀྱི་གྲངས་ངེས། སྐྱབས་འགྲོ་རྩོམ་བྱེད་དུ་དགོས་ 3-1-45a པའོ། །དང་པོ་ནི། བསྙེན་གནས་ཉིན་ཞག་ཏུ་ཇི་ལྟར་ནོད་ན། འབོགས་པོ་ལས་ལེན་པོ་དམའ་བར་འདུག །ཙོག་ཙོག་པོའམ་ཡང་ན་པུས་མོ་བཙུགས་ནས་ཐལ་མོ་བསྣོལ་བ་ནི། གཡས་པའི་མཐེ་བོ་མ་གཏོགས་པ་སོར་མོ་བཞི་གཡོན་པའི་མཐེ་བོ་ དང་མཛུབ་མོའི་བར་དུ་བཀོད་པའམ། ཐལ་མོ་སྦྱར་བ་སྟེ་ནད་པས་ནི་དེ་ལྟར་བྱས་ཀྱང་ཐོབ་བོ། །མ་གུས་པ་ལ་ནི་སྡོམ་པ་མི་སྐྱེའོ། །འབོགས་པ་པོས་ཚིག་སྔར་སྨྲས་པའི་རྗེས་སུ་བཟླས་པ་ཡིས་རྗེས་ཟློས་བྱེད་དགོས་ཀྱི། མཐོན་པོར་འདུག་པ་དང་། དུས་མཉམ་དུ་སྨྲ་བའམ། སྔར་སྨྲ་བ་ལས་ནོད་པ་མི་འགྲུབ་བོ། །མི་བརྒྱན་པ་ནི་ནར་མ་ལས་མཚར་བསྐྱེད་ཕྱིར་མི་བརྒྱན་ནོ། །དུས་ནི་ཕྱིར་ནམ་ནི་ནངས་ཀྱི་བར་དུའོ། །དེ་ལྟ་བུའི་བསྙེན་གནས་ཡན་ལག་བརྒྱད་ཚང་བ་ནི་ནངས་པར་ཉི་མ་འཆར་བའི་ཚེ་གཞན་ལ་ནོད་པར་བྱ་སྟེ། ཉིན་ཞག་པའི་སྡོམ་པ་ཡིན་ པའི་ཕྱིར་རོ། །གང་གི་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ་ཞེས་སྔོན་ཡང་དག་པར་བླངས་པ་དེས་ནི་ཟན་ཟོས་ནས་ཀྱང་མནོས་པར་བྱའོ་ཞེས་པ་འདི་ལ་བྱེ་སྨྲ་རང་ལུགས་ཀྱི་འགྲེལ་ཚུལ་ཞིག་དང་། མཆིམས་ཆེན་པོ་ནམ་མཁའ་གྲགས་དང་། མཁས་པའི་དབང་ པོ་འཇམ་སྒེག་སོགས་ཀྱི་མདོ་སྡེ་པའི་ལུགས་སུ་སྦྱོར་བ་དང་གཉིས་ལས། དང་པོ་ནི། ངེས་པར་ལེན་ཡུལ་ཀྱང་རང་ལ་འབོགས་ལེན་མེད་པའམ། ཡོད་ཀྱང་ཉམས་ན་ངོ་ཚ་བས་མི་ཉམས་པའི་རྐྱེན་གྱི་ཕྱིར་ཡུལ་དགེ་སློང་གཞན་ལ་མནོད་དགོས་ཀྱི་མ་མནོད་པར་རང་གི་མནོད་པས་ནི་ལེགས་ སྤྱད་ཙམ་དུ་འགྱུར་གྱི། བསྙེན་གནས་ཀྱི་སྡོམ་པ་ནི་མེད་དོ། །ལེགས་སྤྱད་ལའང་འབྲས་བུ་ནི་ཡོད་པར་རུང་སྟེ། ཤན་པས་མཚན་མོ་སྲོག་མི་གཅོད་པའི་སྡོམ་པ་མནོས་པས་ཕྱི་མ་ལ་ལྷ་མོ་ལྔའི་བཀུར་སྟི་བྱུང་། ཉིན་མོ་སྲོག་བཅད་པས་སྤྱང་ཀིས་ཉིན་མོ་ཟ། དེ་ག་བཞིན་ཉིན་ 3-1-45b མོ་ལོག་གཡེམ་སྤངས་པས་ཕྱི་མ་ལ་ཉིན་མོ་བདེ། མཚན་མོ་ལོག་པར་གཡེམ་པས་ཕྱི་མ་ལ་མཚན་མོ་སྡུག་བསྔལ་བ་བཞིན་ནོ། །དེའི་ཕྱིར་ལར་ནི་རྟག་ཏུ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལ་སློབ་དཔོན་ལས་བསྙེན་གནས་ལེན་པ་ན། སློབ་དཔོན་དེ་ལ་སྔར་ལེན་ཡེ་མ་མྱོང་ན་ ཟན་མ་ཟོས་པར་མནོད། སྔར་བླངས་ན་ཕྱིས་ལེན་པ་ན་ཟོས་ལ་མནོད་དེ། སྔར་གྱི་མཇུག་ཡོད་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ནི། མཆིམས་གོང་མའི་ཊཱི་ཀར། བོད་ན་གཅིག་ཅར་ལེན་པ་ནི། ཡུལ་དཀོན་པས་རུང་མཐུན་དུ་བྱས་པའོ་ཞེས་བླ་མ་གསུང་སྟེ། འགྲེལ་པར། ཚེས་བརྒྱད་ལ་རྟག་ཏུ་གནས་པར་བྱའོ། །ཞེས་བླངས་པ་དེས་ནི་ཟན་ཟོས་ནས་ཀྱང་མནོད་དེ། ཞེས་པས་རྒྱ་གར་ན་ཡང་ཡོད་པར་མངོན་ལ། ལེན་པར་ངེས་པའི་སེམས་ཀྱིས་ཐོབ་པས་ནངས་པར་སྐྱེ་ཡང་། ཟན་ཟོས་ནས་ལེན་པ་ནི་གསལ་བར་བྱས་པའི་ཕྱིར། ཞེས་དྷྭ་ཛས་འཆད་དོ་ ཞེས་བྲིས་གདའ་བ་སློབ་དཔོན་ཞིག་ལ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལ་བསྙེན་གནས་ཀྱི་སྡོམ་པ་མང་པོ་སྟབས་གཅིག་ཏུ་བླངས་པ་ན། བསམ་པའི་སྟོབས་ཀྱིས་ཉི་མ་འཆར་ཀ་ན་སྡོམ་པ་སྐྱེས་སུ་ཟིན་ཀྱང་བརྗེད་ནས་ཟན་ཟོས་ཟིན་པའི་འོག་ཏུ་རང་གིས་དྲན་ནས་བླངས་ཆོག་པའི་དོན་ཏོ། ། དེས་ན་ལུགས་འདི་ལ་བསྙེན་གནས་ཀྱི་སྡོམ་པ་ནི་སྔར་སྐྱེས་ལ་ཆོ་ག་ཕྱིས་ལེན་པ་ཞིག་ཡོད་ཀྱང་། སྔར་སྐྱེས་པའི་སྡོམ་པ་ཡང་དེའི་སྔོན་དུ་ནི་ཆོ་གས་མ་བསྐྱེད་པ་མ་ཡིན་ནོ། །འོ་ན་ཕྱིས་ཀྱི་ཆོ་ག་དགོས་པ་མེད་པར་ཐལ་སྙམ་ན། ཕྱིས་ཀྱི་དེ་ནི་དྲན་པ་གསོ་བའི་ཐབས་ཤེས་ནུས་ ལྡན་གྱི་དགོས་པ་ཡོད་པས་སོ། །ཡང་ཊཱི་ཀ་དེ་ཉིད་ལས། གནས་འཇོག་གི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་བླང་བར་འདོད་པས་ནངས་པར་ལངས་ལ་དགེ་སྦྱོང་ངམ་བྲམ་ཟེའམ་གཞན་གང་ 3-1-46a ཡང་རུང་བ་ཤེས་པ་ཞིག་གི་དྲུང་དུ་སོང་སྟེ། ཞེས་པས་དགེ་སློང་ལས་གཞན་ལའང་རུང་ཞིང་། བསྡུ་བར། བསྟན་པ་མི་བརྟན་པར་འགྱུར་བ་དང་། གཞན་ལ་རགས་ལས་པར་བསྟན་པའི་ཕྱིར། རབ་ཏུ་བྱུང་བའི་གཞན་ལས་བླང་གི། ཁྱིམ་ པའི་ནི་རང་གིས་ཀྱང་བླང་ངོ་ཞེས་པས། བསྙེན་གནས་ཀྱི་སྡོམ་པ་རང་གིས་བླངས་པས་ཀྱང་སྐྱེ་བར་བཤད་དོ། །ཞེས་གསུངས་པས། དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་འཛིན་དཔལ་འབྲི་གུང་པའི་བཞེད་པའི་བསྙེན་གནས་མང་པོ་སྟབས་གཅིག་ཏུ་སློབ་དཔོན་ལ་ མནོད་པས་གྲུབ་པར་གསུངས་པ་འདི་ཡང་ལེགས་པར་གྲུབ་པ་ཡིན་ནོ། །བསྙེན་གནས་ཞེས་སྒྲ་བརྗོད་པའི་དོན་ཆོས་ཅན། འདིས་དགྲ་བཅོམ་པ་ལ་ཉེ་བར་གནས་པར་བྱེད་པ་ཡིན་ཏེ། དགྲ་བཅོམ་པའི་རྗེས་སུ་སློབ་པའི་ཕྱིར། གཞན་དག་ན་རེ། རིས་བདུན་གྱི་སྡོམ་པ་དང་ ཉེ་བར་གནས་བྱེད་ཡིན་པས་བསྙེན་གནས་ཞེས་ཟེར་རོ། །ཡང་ན་ཡིད་ཀྱི་དགེ་བའི་རྩ་བ་ཆུང་ངུ་རྣམས་འདིས་གསོས་འདེབས་པར་བྱེད་པས་ན། གསོ་སྦྱོང་ཞེས་ཀྱང་བྱ་བ་ཡིན་ནོ། །གཉིས་པ་ལ། དངོས་དང་། དོགས་གཅོད་དོ། །དང་པོ་ནི། ཡན་ལག་བརྒྱད་ནོད་ པའི་རྒྱུ་མཚན་རེ་ཞིག་བརྫུན་དུ་སྨྲ་བ་སྤང་བའི་བར་བཞི་ནི་རང་བཞིན་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་སྟེ། ཚུལ་ཁྲིམས་ནི་ཕམ་ལྷག་སོགས་མེད་པའོ། །མྱོས་འགྱུར་གྱི་བཏུང་བ་སྤོང་བ་གཅིག་པུ་བག་ཡོད་པའི་ཡན་ལག་སྟེ། མྱོས་འགྱུར་འཐུང་ བས་ནི་ཚུལ་ཁྲིམས་རྫོགས་ཀྱང་བག་མེད་པར་འགྱུར་རོ། །དེ་བཞིན་དུ་དུས་མ་ཡིན་པའི་ཟས་སྤོང་བའི་བར་གསུམ་ནི་སྐྱོ་བ་དང་རྗེས་སུ་མཐུན་པའི་ཕྱིར་བརྟུལ་ཞུགས་ཀྱི་ཡན་ལག་ཡིན་ནོ། །སྤྱིར་སྲོག་གཅོད་སོགས་བརྟུལ་ནས་དེ་རྣམས་སྤོང་བ་ལ་ཞུགས་པ་གཅིག་ལ་བརྟུལ་ 3-1-46b ཞུགས་ཟེར་ཀྱང་ད་རེས་སྤྱོད་ཚུལ་གཞན་ལས་ཁྱད་པར་དུ་བྱེད་པ་ཞིག་ལ་བརྟུལ་ཞུགས་ཟེར་རོ། །རིམ་བཞིན་བྱ་བ་ནི་གཞུང་གི་སྦྱོར་ཚུལ་ལོ། །གཉིས་པ་ནི། བག་ཡོད་དང་བརྟུལ་ཞུགས་ཀྱི་ཡན་ལག་འདི་དག་མ་མནོད་ན་མྱོས་འགྱུར་འཐུངས་པ་དེ་ཡིས་བྱ་བ་དང་བྱ་མིན་གྱི་ དྲན་པ་ཉམས་པ་ཉིད་དུ་འགྱུར་རོ། །ཁྲི་སྟན་ཆེ་མཐོ་དང་གླུ་གར་སོགས་བསྟེན་པས་ནི་དྲན་པ་ཉམས་པའི་ཁར་དྲེགས་པར་འགྱུར་ལ། དྲེགས་པས་འཆལ་ཚུལ་ཐམས་ཅད་ཉེ་བར་བྱེད་དོ། །ཉིན་ཕྱེད་ཡན་བཟའ་ཞིང་དགོང་མོའི་བཟའ་བ་སྤངས་པ་ལས་ནི་བསྙེན་གནས་པར་དྲན་པ་ དང་། ལུས་ཉམ་རྨྱ་བས་དྲེགས་པ་ཉམས་པར་འགྱུར་ཏེ། །དུས་མིན་པའི་ཟས་སྤོང་བ་མེད་ན་དྲན་པ་དང་སྐྱོ་བ་ཡང་མི་འབྱུང་བའི་ཕྱིར་རོ། །ཡང་ཁ་ཅིག་ནི་ཡན་ལག་བརྒྱད་པར་འཇོག་པ་ལ་ཡན་ལག་ཅན་དགོས་པས། དུས་མིན་པའི་ཟས་སྤོང་བ་ནི་ཡན་ལག་ཅན་བསྙེན་གནས་ ཡིན་ལ། ལྷག་མ་ཡན་ལག་བརྒྱད་འཇོག་ཚུལ་ནི། དགེ་ཚུལ་གྱི་སྐབས་བཞིན་སྒྲ་ལ་བརྟེན་པའི་གླུ་གར་རོལ་མོ་ཡན་ལག་གཅིག་དང་། ཡིད་འོང་ལ་བརྟེན་པའི་སྤོས་མེ་ཏོག་ཕྲེང་བ། བྱུག་པ་སོགས་ཡན་ལག་གཅིག་ཏུ་བྱས་པས་ཡན་ལག་བརྒྱད་དོ་ཟེར་རོ། །སློབ་དཔོན་ གྱིས། འོ་ན་མདོ་ཚིག་དང་འགལ་ཏེ། མདོ་ལས། དུས་མིན་གྱི་ཟས་བགྲངས་ནས་ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་རྗེས་སུ་སློབ་བོ། །ཞེས་སྨོས་ན། དེ་ལྟར་ན་ཡན་ལག་ཅན་དང་བཅས་པ་ཞེས་དགུར་སྨོས་དགོས་པའི་ཕྱིར་རོ། །འོ་ན་ཡན་ལག་ བརྒྱད་ལྡན་གྱི་བསྙེན་གནས་ཡན་ལག་ཅན་ཇི་ལྟར་འཇོག་ཅེ་ན། བྱེ་སྨྲ་ནི། ཡན་ལག་ཅན་ནི་ཡན་ལག་ལས་གཞན་དུ་བཞག་ཏུ་མེད་དེ། ཤིང་རྟའི་ཡན་ལག་ལ་ཤིང་རྟའི་ཡན་ལག་ཅན་ཟུར་དུ་མེད་པ་བཞིན་སྲོག་གཅོད་སྤོང་བ་སོགས་སྤོང་བ་བརྒྱད་ལས་བསྙེན་གནས་ཟུར་དུ་བཞག་ 3-1-47a ཏུ་མེད་དོ། །ཡང་ན་དུས་མིན་གྱི་ཟས་སྤོང་བ་ཁོ་ན་བསྙེན་གནས་ཡིན། གཞན་བདུན་པོ་བསྙེན་གནས་དངོས་མིན། དེའི་ཡན་ལག་ཡིན་ནོ། །ཞེས་ནན་གྱིས་འདོད་པ་ལྟར་ན་ཡང་། དུས་མིན་གྱི་ཟས་སྤོང་བ་ནི་བསྙེན་གནས་ཀྱང་ཡིན། དེའི་ཡན་ལག་ ཀྱང་ཡིན་ཏེ། དཔེར་ན་འཕགས་ལམ་ཡན་ལག་བརྒྱད་ཀྱི་སྐབས་སུ་གཙོ་བོ་ཡང་དག་པའི་ལྟ་བ་ལམ་ཡང་ཡིན་ལ། ལམ་གྱི་ཡན་ལག་ཀྱང་ཡིན་པ་དང་། བྱང་ཆུབ་ཡན་ལག་གི་སྐབས་སུ་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བྱང་ཆུབ་ཀྱང་ཡིན་ལ། བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན་པ་དང་། བསམ་གཏན་གྱི་སྐབས་སུ་གཙོ་བོ་ཏིང་ངེ་འཛིན་རྩེ་གཅིག་པ་བསམ་གཏན་ཡང་ཡིན། བསམ་གཏན་གྱི་ཡན་ལག་ཀྱང་ཡིན་པ་བཞིན་ཟེར་རོ། །དེ་ལ་མདོ་སྡེ་པས། དཔེ་མ་གྲུབ་པར་བསྟན་ཏེ། ཡང་དག་པའི་ལྟ་བ་སོགས་སྨོས་པ་རྣམས་ ཁོ་རང་གི་ཡན་ལག་ཁོ་རང་ཅི་ལ་ཡིན། གལ་ཏེ་ཡང་དག་པའི་ལྟ་བ་དེ་ཁོ་རང་ཁོ་རང་གི་ཡན་ལག་མིན་ཀྱང་། ཡང་དག་པའི་ལྟ་བ་སྔ་མ་ཡང་དག་པའི་ལྟ་བ་ཕྱི་མའི་ཡན་ལག་ཡིན་ནམ་སྙམ་ན། འོ་ན་སྐད་ཅིག་དང་པོའི་ཡང་དག་པའི་ལྟ་བ་དེ་ལ་ཡན་ལག་སྔར་སྐྱེས་པ་མེད་པས། དེ་ལ་ཡན་ལག་མི་ལྡན་པའི་ཕྱིར། དེ་ལམ་གྱི་ཡན་ལག་ཏུ་མ་སོང་བས་ལམ་གྱི་ཡན་ལག་བདུན་པར་ཐལ་བ་དང་། ཡང་ན་མྱ་ངན་ལས་འདའ་ཀ་མའི་ཆོས་རྣམ་འབྱེད་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་པར་ཐལ། དེའི་རྗེས་ལ་ཡན་ལག་ཅན་མ་སྐྱེས་པའི་ཕྱིར། དེ་ག་བཞིན་ཏིང་ངེ་ འཛིན་སོགས་ལའང་སྦྱར་བར་བྱའོ་ཞེས་ཟེར་རོ། །གསུམ་པ་ནི། ཅི་བསྙེན་གནས་འདི་དགེ་བསྙེན་ཁོ་ན་ལས་གཞན་ལ་སྐྱེ་རུང་ངམ་ཞེ་ན། དགེ་བསྙེན་ལས་གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། ཉིན་ཞག་དེར་གསུམ་ལ་སྐྱབས་སུ་མ་སོང་བ་དེ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་ 3-1-47b བ་མེད་དོ། །མ་ཤེས་པ་ནི་མ་གཏོགས་སོ་ཞེས་འབྱུང་བའི་མ་གཏོགས་པའི་དོན། སློབ་དཔོན་རྒྱལ་པོའི་སྲས་སྐྱབས་འགྲོ་བརྗེད་པ་དང་མ་བྱང་བ་སོགས་ལ་འཆད་མོད་ཀྱི། སློབ་དཔོན་གང་སྤེལ། གང་ཞིག་དཀོན་མཆོག་གསུམ་ལ་ཐེ་ཚོམ་ཟ་བ་དང་། ལོག་པར་ཞུགས་པའི་བསམ་ པས་སྐྱབས་སུ་མི་འགྲོ་བ་ཅན་ལ་ནི་སྡོམ་པ་མི་སྐྱེ་ལ། གང་ཞིག་འབོགས་པ་པོ་དང་ལེན་པ་པོ་སྐྱབས་སུ་འགྲོ་དགོས་པར་མ་ཤེས་པས་སྐྱབས་སུ་མི་འགྲོ་བ་ཡིན་གྱི། ལོག་པར་ཞུགས་པའམ་ཐེ་ཚོམ་ཟ་བས་སྐྱབས་སུ་མི་འགྲོ་བ་མ་ཡིན་པ་དེ་ལ་ནི་སྐྱབས་སུ་མ་སོང་ཡང་བསྙེན་གནས་ཀྱི་ སྡོམ་པ་སྐྱེའོ་ཞེས་འཆད་ལ། དེའི་ལུགས་ཕྱི་མ་ལེགས་ཞེས་འཇམ་སྒེག་ཟེར་རོ། །སྡོམ་པ་མེད་པར་དགེ་བསྙེན་མེད་ན། མདོར། མིང་ཅན་འདི་ལྟར་ཁྱིམ་པ་གོས་དཀར་པོ་བགོས་པ། སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ཆོས་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་། བདག་ལ་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་ཏུ་སྨྲ་ན། འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ། །ཞེས་སྐྱབས་འགྲོ་ཁོ་ནས་དགེ་བསྙེན་དུ་འགྱུར་བར་མ་བཤད་དམ་ཞེ་ན། ཉི་འོག་པའི་བྱེ་སྨྲ་རྣམས་སྡོམ་པ་མེད་ཀྱང་སྐྱབས་སུ་སོང་བ་ཙམ་གྱི་དགེ་བསྙེན་ཡོད་པར་ཁས་ལེན་ཏོ། །འདིར་ ཐམས་ཅད་མཁྱེན་པ་ནི་ཟློས་བུ་མི་གསུང་བས། ཁྱིམ་པ་གོས་དཀར་ཞེས་པ་བསྟན་བཤད་དམ། སྐྱེས་པ་ཕོའི་དབང་པོ་ཞེས་པ་བསྟན་བཤད་དམ། གཟུགས་ཁམས་པ་དགག་པའི་ཆེད་དོ། །བཞི་པ་ལ་ལྔ། ལུང་གི་དོན་བཤད་པ། མདོ་དང་འགལ་བ་སྤང་བ། སྡོམ་པ་ཆེ་ཆུང་གི་ ཁྱད་པར། སྐྱབས་གནས་བཤད་པ། ཡན་ལག་གི་ཁྱད་པར་རོ། །དང་པོ་ནི། ཁ་ཆེ་བ་ན་རེ། སྡོམ་པ་མེད་པ་དགེ་བསྙེན་དུ་མི་འགྱུར་རོ་ཞེས་ཟེར་རོ། །འོ་ན་མདོ་ལས་སྡོམ་པ་མེད་པར་སྐྱབས་འགྲོ་ཙམ་གྱིས་དགེ་བསྙེན་དུ་གསུངས་པ་ཇི་ཞེ་ན། མིང་ཅན་གྱི་མདོ་དང་མི་འགལ་ཏེ། 3-1-48a བདེན་པ་མཐོང་བའི་མདོར། གང་གི་ཚེ་བདག་ལ་དགེ་བསྙེན་དུ་བཟུང་དུ་གསོལ། དེང་སླན་ཆད་ནས་འཚོའི་བར་དུ་སྲོག་སྤོང་ངོ་། །ཞེས་དགེ་བསྙེན་ཉིད་དུ་ཁས་བླངས་པས་དགེ་བསྙེན་གྱི་སྡོམ་པ་སྐྱེ་བར་འགྱུར་བའི་ཕྱིར། སྲོག་སྤོང་ཞེས་པས་ནི་སྲོག་གཅོད་པ་ སྤོང་བའི་ཐ་ཚིག་སྟེ། བར་གྱི་ཚིག་མི་མངོན་པར་བྱ་བའི་ཕྱིར། བ་ལང་གིས་འདྲེན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་པ་ལྟ་བུའོ། །སྡོམ་པ་ཐོབ་ཀྱང་བསླབ་པའི་གཞི་རྣམས་ཤེས་པའི་ཕྱིར། དགེ་སློང་དགེ་ཚུལ་སྡོམ་པ་ཐོབ་ཟིན་ཀྱང་བསླབ་གཞི་ཤེས་པར་བྱ་བའི་ཕྱིར། ཁྱོད་ཀྱི་ འདི་དང་འདི་ལྟ་བུ་བསྡམ་མོ་ཞེས་བསླབ་གཞི་རྣམས་འཛིན་དུ་འཇུག་པ་བཞིན་བསླབ་གཞི་རྣམས་བསྟན་པ་དགེ་བསྙེན་ལའང་དེ་དང་འདྲ་ཞིང་། སྡོམ་པ་མེད་པའི་དགེ་བསྙེན་ནི་མེད་དོ། །གཉིས་པ་ནི། གལ་ཏེ་དགེ་བསྙེན་ཐམས་ཅད་གཞི་ལྔ་ཀས་བསྡམས་པ་ཡིན་ན། བཅོམ་ ལྡན་འདས་ཀྱི་བསླབ་གཞི་སྲོག་གཅོད་སྤོང་བ་ཙམ་སྣ་གཅིག་སྤྱོད་པ་དང་སོགས་པས་མ་བྱིན་པར་ལེན་པ་དང་ཆང་སྤོང་བ་ལྟ་བུ་ཕྱོགས་གཅིག་སྤྱོད་པ། དེའི་ཁར་འདོད་ལོག་དང་ཆང་སྤོང་བ་ཕལ་ཆེར་སྤྱོད་པ་དང་། དེའི་ཁར་རྫུན་དང་ཆང་སྤོང་བའི་ཡོངས་རྫོགས་དགེ་བསྙེན་བཞིར་ གསུངས་པ་ཇི་ལྟ་བུ་ཞེ་ན་ཞེས་དྲི་བ་བཀོད་པའོ། །དེའི་ལན་ལ་ཁ་ཆེ་བྱེ་སྨྲས། དང་པོར་བསླབ་གཞི་ལྔ་ཀར་བླངས་ཀྱང་ཕྱིས་ཉམས་པ་ན། གང་སྲུང་ཐུབ་པ་སྣ་མང་ཉུང་གང་ཡིན་པ་དེ་བསྲུང་བ་ལས་སྣ་གཅིག་སྤྱོད་པ་ལ་སོགས་པར་གསུང་ཞེས་གྲགས། རང་འགྲེལ་དུ། གང་ཞིག་ བསླབ་པའི་གཞི་གང་སྲུང་བར་བྱེད་པ་དེ་ནི་དེའི་སྤྱོད་པ་ཞེས་གསུང་བར་ཟད་ཀྱི། ཐམས་ཅད་ཀྱང་སྡོམ་པ་ལ་གནས་པར་འདྲའོ། །ཞེས་པ་འདི་ལ་མཆིམས་གོང་འོག་འཇམ་སྒེག་ལ་སོགས་པས་ཀྱང་ཇི་ལྟ་བར་འདི་པའི་འདོད་པ་མ་གོ་བར་འདུག་པས་བཤད་ན། བོད་ཆོས་རྒྱལ་དུས་ཀྱི་ 3-1-48b གནའ་མཆན་ཞིག་ལ་འདི་ལྟར་སྣང་སྟེ། དང་པོར་ཡོངས་རྫོགས་སྤྱོད་པའི་དགེ་བསྙེན་ཡིན་པ་དེས་སྲུང་མ་ནུས་ནས་འདོད་ལོག་སྤྱོད་པ་ན། དེ་ལ་སྣ་གཅིག་སྤྱོད་པ་དང་། ཕལ་ཆེར་སྤྱོད་པའང་མི་ཟེར་ཏེ། ད་དུང་རྫུན་སྤོང་བ་མ་ཉམས་པས་ཡོངས་རྫོགས་ཀྱི་དགེ་བསྙེན་དུ་འཇོག་བྱེད་གཅིག་ཚང་ལ། ཡོངས་རྫོགས་དགེ་བསྙེན་ཅེས་བརྗོད་ཀྱང་མི་རིགས་ཏེ། ཡོངས་རྫོགས་དགེ་བསྙེན་དུ་འཇོག་བྱེད་ཡན་ལག་ལྔ་ཀར་མ་ཚང་བའི་ཕྱིར། འོ་ན་དེ་ཕལ་ཆེར་སྤྱོད་པའི་དགེ་བསྙེན་ཀྱང་ཟེར་མི་རིགས་ཏེ། དེར་འཇོག་བྱེད་ཀྱི་འདོད་ལོག་མ་སྤང་བའི་ཕྱིར་ཞེ་ན། དེ་འདྲ་དེ་ལ་ཕལ་ཆེར་སྤྱོད་ པའི་དགེ་བསྙེན་ཅེས་བྱ་བར་འཇོག་སྟེ། དགེ་བསྙེན་གང་ཞིག་གིས་མཆོད་སྦྱིན་གྱི་ཆུང་མ་ལ་ལོག་པར་གཡེམ་ན་བུད་མེད་དེ་ལ་སྡོམ་པ་ཞིག་པས་ཚུལ་ཁྲིམས་འཆལ་ཀྱང་། ལྷ་སྦྱིན་གྱི་ཆུང་མ་ལ་ལོག་པར་མ་གཡེམ་པས་སྡོམ་པ་མ་ཞིག་པས་བསླབ་པའི་གཞི་འདོད་ལོག་གང་སྲུང་ བར་བྱེད་པ་དེ་ནི་ཕལ་ཆེ་བ་དེ་སྤྱོད་པའི་དགེ་བསྙེན་ནོ་ཞེས་གསུངས་པར་ཟད་ཀྱི། དེའི་ཚེའང་ལུས་ངག་གི་མི་དགེ་བ་བཞི་པོ་ཐམས་ཅད་ཀྱང་སྤོང་བའི་གདམས་པ་མ་ཞིག་པར་ཡན་ལག་ལྔ་པའི་དགེ་བསྙེན་གྱི་སྡོམ་པ་ལ་གནས་པར་ནི་འདྲའོ་ཞེས་དགོངས་པར་སྣང་ལ། ཡོངས་རྫོགས་ དགེ་བསྙེན་ཞིག་ལ་རྩ་བ་བཞི་ཀ་ཆང་དང་བཅས་པ་ཉམས་ཀྱང་། སྔར་གྱི་རྩ་བ་བཞི་ཀ་ཉམས་ཡུལ་དེར་ཚུལ་ཁྲིམས་ཞིག་པས་འཆལ་ཀྱང་ད་དུང་རྗེས་ནས་སམ། དེའི་དུས་ཀྱི་ཡུལ་མིན་པ་ལ་མ་ཉམས་པས་ཚུལ་ཁྲིམས་དང་ལྡན་པའི་ཕྱིར། ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ གཏན་མེད་པའང་མིན་པས། དེ་ལྟ་བུ་ལ་ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་གྱི་ཆ་ཞིག་ཀྱང་ཡོད། ཉམས་པའི་ཆ་ཞིག་ཀྱང་ཡོད་པ་ལས། དགེ་བསྙེན་དུ་འཇོག་བྱེད་ནི་མ་ཉམས་པའི་ཆ་དེ་ནས་སོ། །དེས་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན་ཅེས་པ་དེ་ལའང་སྤོང་བའི་ཡན་ 3-1-49a ལག་ལྔ་ཚང་བའི་དགེ་བསྙེན་ཞིག་གིས་མཆོད་སྦྱིན་བསད་པ་ན། རྩ་བ་གསུམ་ཆང་དང་བཞི་མ་ཉམས་ལ། སྲོག་གཅོད་པར་གྱུར་པའི་མཆོད་སྦྱིན་བསད་པས་ཉམས་ཀྱང་། སྲོག་གཅོད་པར་གྱུར་པའི་ལྷ་སྦྱིན་མ་བསད་པའི་ཆ་ནས་སྣ་གཅིག་སྤྱོད་པའི་ དགེ་བསྙེན་དུ་འཇོག་པ་ནི་འདི་པའི་ལུགས་སུ་གདའ་བས་ཕྱོགས་གཅིག་སྤྱོད་པ་སོགས་ལའང་རིགས་བསྒྲེ་བར་བྱའོ། །དེས་ན་རང་འགྲེལ་དྲངས་ནས་འབྲུ་གནོན་ཞིབ་ཏུ་བྱས་པ་འདི་ནི་བོད་སྔ་རབས་པ་དག་གིས་དེ་སྲུང་བ་ལ་གསུངས་ཞེས་གྲགས་ཀྱི། འབྲུ་གནོན་ལུགས་དང་ གཏན་མི་འདྲ་བས་ཁྱད་ཞིབ་མོ་ཡོད་པས་བློ་གྲོས་ཀྱི་འཇུག་པ་རབ་ཏུ་བསྒྲིམས་ལ་རྟོགས་པར་གྱིས་ཤིག །ལུགས་འདི་དང་ནི་ཉི་འོག་བྱེ་སྨྲ་བ་དང་ཡང་མི་མཐུན་ལ། ཉི་འོག་པ་དང་མདོ་སེམས་པས་ནི། སྐྱབས་སུ་སོང་བ་ཙམ་གྱིས་དགེ་བསྙེན་དུའང་འདོད། སྣ་གཅིག་སྤྱོད་པ་སོགས་ ཀྱང་དགེ་བསྙེན་རང་རྐྱ་བ་ཚོ་ཐུབ་ཏུ་འདོད། དགེ་བསྙེན་ཡིན་ན་ཡན་ལག་ལྔ་པའི་དགེ་བསྙེན་ཡིན་པས་ཁྱབ་པར་མི་འདོད་པའི་ཕྱིར། ལུགས་འདི་མདོ་སྡེ་དང་སེམས་ཙམ་པས་སུན་འདོན་པར་འདོད་ནས་གྲག་ཅེས་མ་རངས་པའི་ཚིག་གིས་ཁྱོད་ཀྱིས་ལུང་དྲངས་པའི་སྲོག་ སྤོང་ངོ་ཞེས་དགེ་བསྙེན་དུ་ཁས་བླངས་པས་སྡོམ་པ་ཐོབ་པར་གསུངས་སོ་ཟེར་བ་དེ་ཆོས་ཅན། མདོ་ལས་འདས་པ་ཡིན་ཏེ། མིང་ཅན་གྱི་མདོར་སྲོག་སྤོང་ངོ་ཞེས་པའི་ཚིག་མི་འབྱུང་བའི་ཕྱིར། འོ་ན་མིང་ཅན་གྱི་མདོར་ཚིག་ཅི་ལྟ་བུ་བྱུང་སྙམ་ན། ཁྱིམ་པ་ཞེས་བྱ་བ་ནས་ དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་པའི་བར་གྱི་སྔགས་ཀྱིས་བསྒྲུབ་བྱའི་རྒྱུད་ལ་དགེ་བསྙེན་གྱི་དངོས་པོའམ་མཚན་ཉིད་འགྲུབ་པར་བསྟན་གྱི། གཞན་དུ་སྐྱབས་འགྲོའི་སྔགས་ཚིག་ཙམ་གྱིས་ནི་མ་ཡིན་པར་བསྟན་ཏོ། །ཁྱོད་ཀྱི་ལུང་གཉིས་པ་དྲངས་པ་ཡང་མ་དག་སྟེ། དེར་ནི་ 3-1-49b ནམ་འཚོའི་བར་དུ་སྲོག་དང་བསྡོ་བར་སྐྱབས་སུ་སོང་བ་མངོན་པར་རབ་ཏུ་དང་བ་ཞེས་འབྱུང་བས། བདེན་པ་མཐོང་བའི་གང་ཟག་བདག་ཅག་གི་སྲོག་ལ་ཐུག་ཀྱང་སྐྱབས་འགྲོ་གཏོང་དུ་མི་རུང་ངོ་ཞེས་དད་པའི་རྒྱུད་སྲོག་ལ་བབ་ཀྱང་མི་གཏོང་བར་ཆོས་ལ་རྟེན་པ་ཡིན་གྱི། དེས་སྡོམ་ པའི་མཚན་ཉིད་སྟོན་པ་ནི་མ་ཡིན་ནོ། །སྲོག་སྤངས་པའི་ལུང་ནི་མིང་ཆེན་གྱི་མདོ་དང་། བདེན་པ་མཐོང་བའི་མདོ་གཉིས་ཀ་ནས་མི་འབྱུང་ལ། སྲོག་སྤང་བྱ་བ་འདི་དོན་ཇི་འདྲ་བ་ཞིག་བརྗོད་པར་འདོད་མ་གོ་སྟེ། སྲོག་དག་གིས་བོར་བ་ལ་ཟེར་རམ། སྲོག་དག་གིས་སྤོང་བ་ ཞིག་ལ་ཟེར་རམ་གང་ལ་ཟེར་ཡོངས་སུ་མི་གསལ་བའི་ལུང་འདི་སྒྲུབ་བྱེད་དུ་ཇི་ལྟར་འདོན་པར་བྱེད། ཚུལ་ཁྲིམས་ཉམས་པ་ལ་ཇི་ལྟར་མིང་འདོགས་ཞེས་ཞུ་བ་རང་ཡང་མི་འཐད་ན། དེ་ལ་ལན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཚུལ་ཁྲིམས་འཆལ་པ་དེ་སྲོག་གཅོད་སྤོང་བ་ཙམ་ ལ་སྤྱོད་ཅིང་འདུག་པ། གཉིས་སྤོང་བ་ཙམ་ལ་སྤྱོད་ཅིང་འདུག་བྱ་བར་རང་གིས་ཤེས་ན་གཞན་ལ་འདྲི་མི་དགོས་པའི་ཕྱིར། དགེ་བསྙེན་གྱི་སྡོམ་པ་ཤེས་པའི་གང་ཟག་སུ་ཞིག་གིས་སྲོག་གཅོད་སོགས་བསླབ་གཞི་གང་ཉམས་པར་མི་བྱེད་པ་དེ་ནི་བསླབ་གཞི་དེ་སྤྱོད་པར་བྱ་བ་ ཡིན་ནོ་ཞེས་མི་ཤེས་མི་སྲིད་པས་ཞུས་ལན་མི་འཐད་དོ། །འོ་ན་མདོ་སྡེ་པ་རང་ལུགས་ལ་དགེ་བསྙེན་གྱི་དབྱེ་བའི་ཞུས་ལན་ཇི་ལྟར་འཐད་ཅེ་ན། ཡན་ལག་འདི་རྣམས་སྲུང་ན་དགེ་བསྙེན་འདི་དང་འདིར་འགྱུར་བྱ་བའི་ཚད་མི་ཤེས་པའི་གང་ཟག་ལ་བསླབ་གཞི་གཅིག་གམ་གཉིས་ སོགས་དེ་ཙམ་དུ་བཟོད་པའམ་མནོད་པ་ལ་ནི། བཙུན་པ་ཇི་ཙམ་གྱིས་ན། སྣ་གཅིག་སྤྱོད་པའི་དགེ་བསྙེན་དུ་འགྱུར་བ་ལགས་ཞེས་བྱ་བ་ནས་ཡོངས་སུ་རྫོགས་པར་སྤྱོད་པ་ལགས་ཞེས་བྱ་བའི་བར་ཞུ་བ་འདི་རུང་ངོ་། །དེ་ལ་བྱེ་སྨྲས་རྒོལ་བ་ནི། འོ་ན་བསླབ་གཞི་ཐམས་ཅད་མ་ 3-1-50a ནོད་པའི་དགེ་སློང་དགེ་སྦྱོང་དག་ཀྱང་ཡོད་པར་ཐལ། སྐྱབས་འགྲོ་ཙམ་གྱིས་དགེ་བསྙེན་དུ་འགྱུར་ཞིང་། སྡོམ་པ་མེད་པ་དང་ཡན་ལག་མ་ཚང་ཡང་དགེ་བསྙེན་དུ་འགྱུར་བའི་ཕྱིར་ཟེར་རོ། །དེ་ལ་མདོ་སྡེ་པས་ལན་བཏབ་པ་ནི་མི་མཚུངས་ཏེ། སྣ་གཅིག་ སྤྱོད་པའི་དགེ་བསྙེན་སོགས་བུདྡྷས་བཏགས་པའི་དབང་གིས་སོ་སོར་ངེས་པ་ཡིན་ཏེ། མདོ་ལས། ཁྱིམ་པ་བྱ་བ་ནས་འདི་ཙམ་གྱི་དགེ་བསྙེན་དུ་འགྱུར་རོ། །བྱ་བ་དེས་སྐྱབས་སུ་སོང་བ་ཙམ་གྱིས་དགེ་བསྙེན་དུ་བཏགས་ཤིང་བཞག །སྣ་གཅིག་སྤྱོད་པ་སོགས་ཀྱང་དེ་ལྟར་བཏགས་ ཤིང་བཞག་པས་ཡན་ལག་མ་ཚང་ཡང་དགེ་བསྙེན་གྱི་སྡོམ་པར་བཏགས་ལ། སངས་རྒྱས་ཀྱིས་དགེ་སློང་དང་དགེ་སྦྱོང་ལ་ནི་ཡན་ལག་མ་ཚང་བའི་དགེ་སློང་ལ་སོགས་པར་མ་བཏགས་པའི་ཕྱིར། ཁ་ཆེ་བས་ནི་ཡན་ལག་མ་ཚང་བའི་དགེ་བསྙེན་ཀྱང་འདོད་དོ། །གཞན་ཡང་ ལུང་རྣམ་འབྱེད་ལས། བཞིན་བཟང་ཇི་སྲིད་འཚོའི་བར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྔ་པ་ཚངས་པར་སྤྱོད་པའི་བསླབ་པའི་གཞི་དག་ལོངས་ཤིག་ཅེས་མི་ཚངས་སྤྱོད་སྤོང་བའི་དགེ་བསྙེན་ཀྱང་གསུངས་ལ། གཞན་ཡང་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་དང་། ཚེ་དང་ལྡན་པ་བེའུས་ཞུས་པའི་མདོ་དང་ལས་བརྒྱ་པ་ལས་ཀྱང་འབྱུང་ངོ་། །གསུམ་པ་ནི། སྡོམ་པ་ཐམས་ཅད་ཀྱང་ཆུང་ངུ་དང་ལ་སོགས་པས་འབྲིང་དང་ཆེན་པོ་ཉིད་ནི་ལེན་པར་བྱེད་པའི་ཀུན་སློང་གི་ཡིད་ཆེ་བ་ལ་སོགས་པ་ཇི་ལྟ་བ་བཞིན་གྱི་དབང་གིས་ཏེ། དེ་ལྟར་ན་ཀུན་སློང་ གི་སེམས་ཆུང་ངུར་གྱུར་ན་དགྲ་བཅོམ་ལ་སོ་ཐར་གྱི་སྡོམ་པ་ཆུང་ངུ་ཡོད་ལ། ཀུན་སློང་གི་སེམས་ཆེན་པོ་ཡོད་ན་སོ་སྐྱེ་ལའང་སོ་ཐར་གྱི་སྡོམ་པ་ཆེན་པོ་ཡོད་པར་འགྱུར་རོ། །བཞི་པ་ནི། ཅི་སྐྱབས་འགྲོ་མེད་པར་སྡོམ་པ་ནོད་པ་ཁོ་ནས་དགེ་བསྙེན་དུ་མི་འགྱུར་ལ། སྐྱབས་ 3-1-50b འགྲོ་ཡོད་ཀྱང་འབོགས་བྱེད་དང་གནོད་བྱེད་མ་གུས་པ་དང་། མི་ཤེས་པ་དང་སྡིག་པའི་བསམ་པ་ཡོད་པ་ལས་དགེ་བསྙེན་དུ་མི་འགྱུར་རོ། །དེས་ན་གསུམ་ལ་སྐྱབས་སུ་འགྲོ་བར་ཤེས་ཀྱང་། གསུམ་པོ་རང་དེ་ཇི་ལྟ་བུ་ཞེ་ན། གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ དེ་ལས་སངས་རྒྱས་སུ་བྱེད་པའི་ཆོས་ནི་རྒྱུ་མི་སློབ་ལམ་ཡིན་ལ། དེ་ལ་སྐྱབས་སུ་འགྲོ་བ་འོ། །དེས་ན་ཟད་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཆོས་ཅན། གང་གིས་བརྙེས་པའི་ཆོས་སྐུ་དེ་ལ་སངས་རྒྱས་ཞེས་བརྗོད་དེ། སངས་རྒྱས་སུ་འཇོག་བྱེད་ལ་དེ་ཉིད་གཙོ་བའི་ཕྱིར། ཡང་ན་ཟད་ མི་སྐྱེ་ཤེས་པ་འཁོར་བཅས་ཟག་མེད་ཀྱི་ཕུང་ལྔ་དང་བཅས་པ་ཆོས་ཅན། ཁྱོད་ལ་སངས་རྒྱས་སུ་བརྗོད་པ་ཡིན་ཏེ། དེ་ཐམས་ཅད་ཐུགས་སུ་ཆུད་པར་སྤྱོད་པའི་ཕྱིར། གཟུགས་ཀྱི་སྐུ་ལ་ནི་སྐྱབས་སུ་མི་འགྲོ་སྟེ། རྣམ་སྨིན་གྱི་རང་བཞིན་འདོད་པ་ན་སྤྱོད་པ་བྱང་སེམས་དོན་གྲུབ་ ཀྱི་གཟུགས་དང་། སྟོན་པ་སངས་རྒྱས་ཀྱི་གཟུགས་ལ་བཟང་ངན་བྱེ་བྲག་མེད་པའི་ཕྱིར། ཐེག་ཆེན་པོ་ནི་གཟུགས་སྐུ་དེ་ལའང་སྐྱབས་སུ་འགྲོ་སྟེ། དེ་བྱ་གྲུབ་ཡེ་ཤེས་ཀྱི་སྣང་བར་འདོད་པའི་ཕྱིར། འོ་ན་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་བ་ཡིན་ནམ། གཅིག་ལ་ སྐྱབས་སུ་འགྲོ་བ་ཡིན་བྱས་པས། མདོའི་དངོས་བསྟན་ལ། ཐམས་ཅད་ལ་སྐྱབས་སུ་འགྲོ་བ་ཞལ་མི་གསལ་ཡང་། བསྟན་བཅོས་ལས་དཔྱད་པ་ན། སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། སངས་རྒྱས་རྣམས་ནི་འཇིག་རྟེན་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་ཀྱི་མཚན་ཉིད་དང་། འཇིག་རྟེན་ལས་འདས་པ་ཟད་པ་མཁྱེན་པ་ལ་སོགས་པའི་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར། དེས་ན་སྐུ་ཚེ་དང་རིགས་ལ་སོགས་པ་མི་འདྲ་ཡང་། སངས་རྒྱས་ཤཱཀ་ཐུབ་ཀྱི་མི་སློབ་ལམ་ལ་སྐྱབས་སུ་སོང་བ་ན་སངས་རྒྱས་ཐམས་ཅད་ཀྱི་དེ་ལ་སྐྱབས་ 3-1-51a སུ་སོང་བ་ཡིན་ནོ། །སློབ་པ་དང་མི་སློབ་པའི་ལམ་གཉིས་ཀ་ཆོས་ཅན། ཁྱོད་ལ་སྐྱབས་སུ་འགྲོ་དགོས་ཏེ། དགེ་འདུན་དུ་འཇོག་བྱེད་ཀྱི་ཆོས་ཡིན་པའི་ཕྱིར། སངྒྷ་ཞེས་པ་སྲ་བ་དང་མི་ཕྱེད་པའི་དོན་ཡིན་པས་ལམ་དེ་དག་ཐོབ་པ་འཕགས་པའི་གང་ ཟག་བརྒྱད་པོ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ལམ་ལས་ཟློག་ཀྱང་མི་ཕྱེད་པས་མྱ་ངན་ལས་འདས་པའི་ཆེད་དུ་འཚོགས་པའི་ངོ་བོར་གྱུར་པའི་ཕྱིར་དགེ་འདུན་ཅེས་པའོ། །དགེ་འདུན་ཐམས་ཅད་དམ་གཅིག་ལ་སྐྱབས་སུ་འགྲོ་བ་གང་ཡིན་ན། སྔ་མ་ལྟར་མཚན་ཉིད་འདྲ་བས་ ཐམས་ཅད་ལ་ཡིན་ནོ། །དགེ་འདུན་ཐམས་ཅད་ལ་སྐྱབས་སུ་འགྲོ་ན་མདོ་འདི་དང་འགལ་ཏེ། བུདྡྷས་ག་གོན་དང་བཟང་པོ་ལ་བཀའ་སྩལ་པ། ཁྱེད་གཉིས་ཚུར་ཤོག་སངས་རྒྱས་དང་ཆོས་ལ་སྐྱབས་སུ་སོང་ཞིག །གང་ཡང་མ་འོངས་པའི་དུས་ན་དགེ་འདུན་ཅེས་བྱ་བ་འབྱུང་བར་འགྱུར་ བ་དེ་ལ་སྐྱབས་སུ་སོང་ཞིག་ཅེས་ད་ལྟ་བའི་དགེ་འདུན་དམིགས་ཀྱིས་བཀར་བའི་ཕྱིར་སྙམ་ན། དེ་ནི་འདས་ད་ལྟར་གྱི་དགེ་འདུན་ལ་སྐྱབས་སུ་མི་འགྲོ་བའི་ཕྱིར་བཀའ་སྩལ་པ་མ་ཡིན་གྱི། ག་གོན་ལ་སོགས་པ་དེ་དག་གིས་སྟོན་པས་ཆོས་འཁོར་ཕྱིས་བསྐོར་བ་ན། ལྔ་སྡེ་ལ་སོགས་ མངོན་སུམ་དུ་གྱུར་པ་ན་ཡོན་ཏན་ལ་དད་པ་བསྐྱེད་པའི་ཆེད་དུ་མ་འོངས་པའི་དགེ་འདུན་ལ་སྐྱབས་སུ་སོང་ཞིག་ཅེས་བཀའ་སྩལ་པ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པར་གྱུར་པའི་མྱང་འདས་ཐམས་ཅད་ལ་ཆོས་ཅན། སྐྱབས་སུ་སོང་བ་ན་ཆོས་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། རང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་འགོག་པ་ལྷག་བཅས་ཀྱི་མྱང་འདས་ཞི་བ་དང་། སྡུག་བསྔལ་འགོག་པ་ལྷག་མེད་ཀྱི་མྱང་འདས་ཞི་བ་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཐེག་ཆེན་པས་བསྟན་པ་ལུང་གི་ཆོས་གསུང་རབ་ཀྱང་ཆོས་དཀོན་མཆོག་ཏུ་འདོད་དེ། ཆོས་ཀྱི་དབྱིངས་ 3-1-51b ཀྱི་རྒྱུ་མཐུན་དུ་འདོད་པའི་ཕྱིར། རྟོགས་པའི་ཆོས་ཀྱང་ཆོས་དཀོན་མཆོག་ཏུ་འདོད་དེ། གཉེན་པོ་ལམ་གྱི་བདེན་པ་ཡིན་པའི་ཕྱིར་ཞེས་བཞེད་ཀྱང་། བྱེ་སྨྲས། སྟོན་པའི་ཆོས་མིང་ཚིག་ཡི་གེས་བསྡུས་པ་ནི་ཆོས་དཀོན་མཆོག་མ་ཡིན་ཏེ། སྡུག་བསྔལ་དང་ཀུན་འབྱུང་གི་རང་ བཞིན་ཡིན་པའི་ཕྱིར། རྟོགས་པའི་ཆོས་ནི་ཆོས་དཀོན་མཆོག་ཏུ་མ་བཞག་སྟེ། སངས་རྒྱས་དང་དགེ་འདུན་གྱི་ཁོངས་སུ་བསྡུས་ཟིན་པའི་ཕྱིར། འདི་ལ་དོགས་པ་འདི་འདྲ་ཞིག་གཅོད་དགོས་ཏེ། འོ་ན་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་ཆོས་ཅན། མཚམས་མེད་ཀྱི་ལས་སུ་མི་འགྱུར་བར་ཐལ། མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ཅིང་། དེའི་གཟུགས་ཕུང་ནི་སངས་རྒྱས་མ་ཡིན་ཅིང་། མི་སློབ་པའི་ཆོས་ལ་ནི་གནོད་པ་མ་བྱས་པའི་ཕྱིར་ཞེས་པ་ལ། བྱེ་སྨྲས། རྟགས་ཕྱི་མ་མ་གྲུབ་སྟེ། མི་སློབ་པའི་རྟེན་གཟུགས་ ཕུང་ལ་གནོད་པས་ཉམས་པར་བྱས་པས་རྟེན་ཅན་སངས་རྒྱས་སུ་བྱེད་པའི་ཆོས་ལའང་གནོད་པར་བྱས་པའི་ཕྱིར་ཞེས་ཟེར་རོ། །མདོ་སྡེ་པས་ཆོས་མངོན་པའི་བསྟན་བཅོས་ལས། མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ནོ་ཞེས་མི་འབྱུང་གི། ཇི་ལྟར་འབྱུང་ན། སངས་རྒྱས་ སུ་གདགས་པའི་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ངོས་བཟུང་བ་ཙམ་གྱིས་འཇིག་རྟེན་པའི་ཕུང་པོ་ལྔའི་མཚན་ཉིད་གྱི་རྟེན་སངས་རྒྱས་མིན་པར་མ་བཀག་པའི་ཕྱིར། རྟེན་ལ་གནོད་པ་བྱས་པ་མཚམས་མེད་དུ་མི་ཐལ་བའི་ཀླན་ཀ་མི་རུང་ངོ་། །དཔེར་ ན་བྲམ་ཟེར་བྱེད་པའི་ཆོས་ཕ་མ་བྲམ་ཟེ་ལ་སྐྱེས་པ་ཡིན་པས། ཕ་མ་བྲམ་ཟེ་ལས་སྐྱེས་པས་བྲམ་ཟེ་ཡིན་ན། དེའི་མིག་ནི་བྲམ་ཟེ་མིན་པར་འགྱུར་ཞེས་མི་འདོད་པ་བཞིན་སངས་རྒྱས་སུ་བྱེད་ཆོས་ཁོ་ན་སངས་རྒྱས་ཡིན་ཀྱང་སངས་རྒྱས་ཀྱི་ཕུང་ལྔ་སངས་རྒྱས་མིན་པར་མི་ 3-1-52a འགྲོ་སྟེ། ཕ་མ་བྲམ་ཟེ་ལས་སྐྱེས་པས་བྲམ་ཟེ་ཡིན་པས་དེའི་མིག་བྲམ་ཟེ་མིན་པར་མི་འགྲོ་བ་བཞིན་ནོ། །དེ་ལྟར་མིན་ན་འཇིག་རྟེན་པའི་སེམས་ལ་གནས་པའི་སངས་རྒྱས་དང་དགྲ་བཅོམ་ཆོས་ཅན། སངས་རྒྱས་དང་དགྲ་བཅོམ་མ་ཡིན་པར་ཐལ། མི་སློབ་པའི་ཆོས་དང་སློབ་མི་སློབ་ཀྱི་ཆོས་འཇིག་རྟེན་པའི་སེམས་ལ་མེད་པའི་ཕྱིར། དགེ་སློང་དུ་བྱེད་ཆོས་རྒྱུད་ལྡན་གྱི་དགེ་སློང་ཆོས་ཅན། དགེ་སློང་མ་ཡིན་པར་ཐལ། དགེ་སློང་དེ་དགེ་སློང་བྱེད་ཆོས་ཁོ་ན་ཡིན་པའི་ཕྱིར་ཞེས་རིགས་པ་བརྗོད་པ་ལ། བྱེ་སྨྲས། རྟེན་ སངས་རྒྱས་ཡིན་ན་བསྟན་བཅོས་ལས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བར་བཤད་ཅེས་ངེས་བཟུང་གིས་ཅི་བྱ་སྙམ་ན། ངེས་བཟུང་དོན་མེད་པ་མིན་ཏེ། དགེ་སློང་གི་ལུས་ངག་དགེ་སློང་ཡིན་པ་ལ་མཆོད་པ་བྱེད་པ་ ན། དགེ་སློང་གི་བྱེད་ཆོས་ལའང་མཆོད་པར་བྱས་པའི་ངེས་བཟུང་སྨོས་པ་བཞིན། སངས་རྒྱས་ཀྱི་སྐུ་སངས་རྒྱས་ཡིན་པ་ལ་སྐྱབས་སུ་འགྲོ་བ་ན། སངས་རྒྱས་སུ་འཇོག་བྱེད་ཀྱི་ཆོས་ལའང་སྐྱབས་སུ་སོང་བ་ཡིན་ཅེས་ངེས་པར་བཟུང་བའི་ཕྱིར་རོ། །གཞན་དག་སངས་རྒྱས་ནི་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་སྟོབས་བཅུ་སོགས་ཡིན་པས་དེ་ལ་སྐྱབས་སུ་འགྲོ་བ་ཡིན་ནོ་ཟེར་རོ། །སྐབས་འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། མངོན་གྱུར་བཅུ་འཆད་པའི་སྐབས་ཀྱི་དགེ་འདུན་གྱིས་ནི་སྐྱབས་འགྲོའི་ཡུལ་གྱི་དགེ་འདུན་དཀོན་མཆོག་གི་གོ་ཆོད་ པ་མ་ཡིན་ཏེ། དེའི་ཚེ་ན་སངས་རྒྱས་ཀྱི་སྐུ་གཟུགས་དང་ལུང་གི་ཆོས་སུ་གྱུར་པའི་ལས་ཀྱི་ཆོ་གས་ཀྱང་སངས་རྒྱས་དང་ཆོས་མངོན་གྱུར་གྱི་གོ་ཆོད་པར་བཤད་པའི་ཕྱིར་ཞེས་འཆད་མོད། འདི་ཡང་མགོ་བཅད་ནས་མཇུག་མའི་རྒྱན་དུ་བྱེད་པ་ལྟར་ཤིན་ཏུ་ཡང་སྟེ། འོ་ན་མངོན་གྱུར་བཅུའི་ 3-1-52b སྐབས་ཀྱི་དགེ་འདུན་ཆོས་ཅན། དགེ་འདུན་དཀོན་མཆོག་མ་ཡིན་པར་ཐལ། སྐྱབས་འགྲོའི་ཡུལ་གྱི་དགེ་འདུན་དཀོན་མཆོག་མ་ཡིན་པའི་ཕྱིར། ཁྱབ་པ་མེད་སྙམ་ན། ཁྱབ་པར་ཐལ། སྐྱབས་འགྲོའི་ཡུལ་གྱི་དགེ་འདུན་དཀོན་མཆོག་དེ་ཚལ་བུ་འཛིན་པ་སྟེ། རྟགས་ཙམ་ འཛིན་པའི་དགེ་འདུན་ལའང་བྱེད་རིགས་ན་མངོན་གྱུར་བཅུའི་དགེ་འདུན་མངོན་གྱུར་ནི་དགེ་སློང་རྣམ་དག་ལས་ཀྱི་ཁ་བསྐང་དུ་འོས་པའི་དགེ་སློང་གི་དགེ་འདུན་ཡིན་པས་སྐྱབས་འགྲོའི་ཡུལ་གྱི་དགེ་འདུན་ལས་འོས་མེད་པའི་ཕྱིར། རྟགས་དང་པོ་གྲུབ་ན་ཕྱི་མ་གྲུབ་ཏུ་ཆུག་ཀྱང་རྟགས་ དང་པོ་མ་གྲུབ་བོ་ཞེ་ན། གྲུབ་པར་ཐལ། ཚལ་བུ་འཛིན་པ་སྟེ་རྟགས་ཙམ་འཛིན་པའི་དགེ་སློང་གི་དགེ་འདུན་ཇི་སྲིད་འཇིག་རྟེན་དུ་ཡོད་པ་དེ་སྲིད་དུ་སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་བསྟན་པ་ཡོད་པར་བཞག་པའི་ཕྱིར་ན་རྩ་ཁྱབ་རྫོགས་པའི་སངས་རྒྱས་ཀྱིས་བཅས། རྩ་ བར། འདོད་ན། དེ་དགེ་འདུན་དཀོན་མཆོག་ཡིན་པར་ཐལ། དེ་སོ་ཐར་གྱི་སྡོམ་པ་རྒྱུད་ལྡན་ལས་ཀྱི་ཕྱིར་ལས་བྱེད་པ་དང་བཅས་པའི་གང་ཟག་བཞིར་ལོངས་པ་ཡན་གྱི་སྡེ་འཆགས་པའི་ཕྱིར། འཁོར་གསུམ། ཡང་མངོན་གྱུར་བཅུའི་སྐབས་ཀྱི་དགེ་འདུན་དཀོན་མཆོག་དེ་ཆོས་ ཅན། སྐྱབས་ཡུལ་གྱི་དགེ་འདུན་དཀོན་མཆོག་ཡིན་པར་ཐལ། མིན་ན་སྐྱབས་འགྲོ་ལེན་པའི་སྔགས་ཚིག་ཏུ་འཕགས་པའི་དགེ་འདུན་ཅེས་དམིགས་བསལ་དགོས་པ་ལས། མ་བསལ་བར་ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆི་ཞེས་འབྱུང་བའི་ཕྱིར། རྟགས་ཁྱབ་ གྲུབ། འདོད་ན་དངོས་འགལ། ཡང་མངོན་གྱུར་བཅུའི་སྐབས་ཀྱི་དགེ་འདུན་དཀོན་མཆོག་ཆོས་ཅན། སྐྱབས་ཡུལ་གྱི་དགེ་འདུན་དཀོན་མཆོག་ཡིན་པར་ཐལ། དགེ་འདུན་ཐམས་ཅད་སྐྱབས་ཡུལ་གྱི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། མ་གྲུབ་བོ་ཞེ་ན། གྲུབ་པར་ཐལ། 3-1-53a འདིའི་རང་འགྲེལ་དུ། དགེ་འདུན་ཐམས་ཅད་ལའམ། འོན་ཏེ་གཅིག་ལ་ཡིན་ཅེ་ན། མཚན་ཉིད་ཀྱི་སྒོ་ནས་ཐམས་ཅད་ལ་སྟེ། ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར། ཞེས་འབྱུང་བའི་ཕྱིར། རྟགས་ཁྱབ་སོང་། འདོད་ན་དངོས་འགལ། ཡང་ མངོན་གྱུར་བཅུའི་སྐབས་ཀྱི་སངས་རྒྱས་དང་ཆོས་མངོན་གྱུར་དེ་ཆོས་ཅན། མངོན་གྱུར་མ་ཡིན་པར་ཐལ། སྤྱིར་སངས་རྒྱས་དང་ཆོས་ཙམ་ཡང་དེ་སྐབས་མངོན་གྱུར་མ་ཡིན་ཅིང་། ལྷག་པར་སྐྱབས་ཡུལ་གྱི་སངས་རྒྱས་དང་ཆོས་དཀོན་མཆོག་ནི་ནམ་དུ་ཡང་མངོན་དུ་མ་གྱུར་པའི་ ཕྱིར། རྟགས་དང་པོ་ཁྱེད་རང་གི་ཞེན་དོན་ལ་ཁས་བླངས་པ་ཡིན་ཏེ། ཁྱེད་རང་སྟོན་པའི་སྐུ་གཟུགས་མི་སློབ་ལམ་མིན་པས། སྐུ་གཟུགས་སངས་རྒྱས་སུ་འོང་དོན་མེད་པ་དང་། ལས་ཆོག་བརྟགས་འགོག་གི་མྱང་འདས་མིན་པས་ལས་ཆོག་ཆོས་སུ་འོང་བ་མེད་པར་ཁས་བླངས་ པའི་ཕྱིར། ཅི་ལྟར་མངོན་དུ་འགྱུར། རྟགས་གཉིས་པ་དངོས་སུ་ཁས་བླངས་ཏེ། མངོན་གྱུར་བཅུའི་སྐབས་ཀྱི་དགེ་འདུན་དཀོན་མཆོག་སྐྱབས་ཡུལ་གྱི་དགེ་འདུན་དཀོན་མཆོག་མིན་པའི་མཐུན་དཔེར། མངོན་གྱུར་བཅུའི་དཀོན་མཆོག་དང་པོ་གཉིས་སྐྱབས་ཡུལ་གྱི་དཀོན་མཆོག་ དང་པོ་གཉིས་མིན་པ་མཐུན་དཔེར་དྲངས་པའི་ཕྱིར་རོ། །རྩ་ཁྱབ་གྲུབ་སྟེ། སངས་རྒྱས་དང་ཆོས་ཙམ་མངོན་དུ་མ་གྱུར་ན་སངས་རྒྱས་དང་ཆོས་མངོན་དུ་གྱུར་པ་བུད། རྩ་བར་འདོད་ན། བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་རྒྱུར་མངོན་གྱུར་བཅུ་བཤད་པ་དེ་མི་འཐད་པར་ཐལ། མངོན་ གྱུར་བརྒྱད་ལས་མེད་པའི་ཕྱིར་ཏེ། སངས་རྒྱས་དང་ཆོས་གཉིས་མངོན་དུ་མ་གྱུར་པའི་ཕྱིར། ཡང་མངོན་གྱུར་བཅུའི་སྐབས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དང་ལས་ཆོག་ཆོས་ཅན། དཀོན་མཆོག་གཉིས་མངོན་དུ་གྱུར་པའི་གོ་མི་ཆོད་པར་ཐལ། དེ་གཉིས་དཀོན་མཆོག་ 3-1-53b མཚན་ཉིད་པ་དང་པོ་གཉིས་མིན་པའི་ཕྱིར། རྟགས་ཁས། ཁྱབ་པ་ཚད། འདོད་ན། དངོས་འགལ། ཁོ་བོ་ཅག་གི་ལུགས་ལ་མངོན་གྱུར་དང་པོ་གསུམ་འདི་ལ་དགེ་འདུན་ལ་དངོས་སུ་དམིགས་པ་ཙམ་བྱུང་ཞིང་། དཀོན་མཆོག་དང་པོ་གཉིས་ལའང་མཚན་མ་ཙམ་གྱི་ རྟེན་ཡིད་ལ་བྱས་ན། སྐྱབས་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་དད་པ་རྣམ་པར་དགེ་བ་གསུམ་བསྙེན་པར་རྫོགས་པའི་རྒྱུད་ལ་མངོན་དུ་འགྱུར་བ་དེ་བསྙེན་རྫོགས་ཐོབ་པའི་རྒྱུ་གཙོ་བོ་ཡིན་ཏེ། བསྙེན་གནས་དགེ་བསྙེན་དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ལ་རྒྱུའི་གཙོ་ བོ་སྐྱབས་འགྲོ་རྩོམ་བྱེད་དུ་དགོས་པར་ཚུལ་མཚུངས་པའི་ཕྱིར། ཁྱེད་ལྟར་བསྙེན་པར་རྫོགས་དུས་ཀྱི་དཀོན་མཆོག་གསུམ་མངོན་གྱུར་གྱི་སྐབས་སུ་སྐྱབས་གནས་སུ་རུང་བ་མིན་པའི་དཀོན་མཆོག་གཞན་པ་གསུམ་མངོན་དུ་གྱུར་དགོས་ཞེས་གཏམ་ངན་པ་འདི་ཐར་འདོད་ སུ་ཞིག་གི་ཡིད་ལ་འཇེབས། ཡང་སྟོན་པའི་སྐུ་གཟུགས་སྐྱབས་ཡུལ་མིན་ན་ཆོས་ཅན། ཁྱེད་ཅག་སྟོན་པའི་སྐུའི་གཟུགས་བརྙན་ལ་ལུས་ཀྱིས་ཕྱག་འཚལ་ཞིང་། ངག་གིས་སྐྱབས་སུ་འགྲོ་བར་བགྱིའོ་ཞེས་དང་། ཡིད་ཀྱིས་དད་པ་བྱ་བ་ཐམས་ཅད་ལ་བསོད་ནམས་ ཀྱི་འབྲས་བུ་མི་ཐོབ་པར་ཐལ། སྟོན་པའི་སྐུའི་གཟུགས་བརྙན་དེ་ཕྱག་མཆོད་ལ་སོགས་པའི་སྒོ་ནས་སྐྱབས་ཡུལ་གྱི་དཀོན་མཆོག་རིན་པོ་ཆེ་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་ཚད། མི་འདོད་ཀ་མེད། འོ་ན་ནི་ཁྱེད་ཅག་རྒྱ་ནག་ཧྭ་ཤང་གི་སྤྱོད་པ་ལས་དམན་པའི་ སྤྱོད་པ་སྤྱད་པར་བགྱི་བ་སྟེ། ཧྭ་ཤང་ཆེན་པོས་ནི་སྐུ་གཟུགས་སོགས་ལ་བསྟོད་ཕྱག་གི་སྒོ་ནས་སྐྱབས་སུ་འགྲོ་ན་བསོད་ནམས་ཀྱི་འབྲས་བུ་ཐོབ་ཀྱང་བསོད་ནམས་བསགས་པ་འཁོར་བའི་རྒྱུར་འདོད་ནས་མི་གསོག་པ་ཡིན་ལ། བླ་མ་ཁྱེད་ལྟར་ན། དེ་ལ་བསོད་ 3-1-54a ནམས་བསགས་ཀྱང་བསགས་པའི་འབྲས་བུ་བདེ་བ་མི་ཐོབ་པར་བཞེད་པ་ལས་ལྡོག་ཏུ་མེད་ན་བདག་གིས་ཅི་ཡང་བྱར་མེད་དེ། སེམས་ཅན་གཅིག་བསོད་ནམས་ཟད་ན་སངས་རྒྱས་ཐམས་ཅད་མཐུ་རྡུགས་པའི་ཕྱིར་རོ། །སྨྲས་པ། གང་གིས་ ཆེན་པོར་བསྙེན་པ་ཡིས། །རྣམ་པར་དཔྱོད་པ་ཕལ་ཆེར་ཡང་། །དྲི་མ་མེད་པའི་རིགས་ཚུལ་ལས། །འདའ་བར་མཐོང་ནས་འབད་པས་བཀག །ཅེས་སོ། །ནོད་པའི་ལུས་ཀྱི་དབང་དུ་བྱས་ན་སྐྱབས་སུ་འགྲོ་བའི་ཏིང་ངེ་འཛིན་ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཡིན་ནོ། །སེམས་ དང་བཅས་ན་འཁོར་བཅས་ཕུང་པོ་ལྔ་ཅན་ནོ། །ཇི་ལྟར་སྐྱབས་ན། དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་བའི་ཕྱིར་རོ། །དེས་ན་དཀོན་མཆོག་གསུམ་པོ་མ་གཏོགས་སྡུག་བསྔལ་ལས་སྐྱོབ་ཐུབ་པའི་སྐྱབས་མེད་པ་ཉིད་ཀྱི་ཕྱིར་སྐྱབས་སུ་འགྲོ་བ་ནི་ བསྙེན་གནས་སོགས་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལ་རྟེན་ནམ་ཐབས་སམ་གཞིའམ་སྒོར་གྱུར་པ་ཡིན་ནོ། །ལྔ་པ་ལ། ལོག་གཡེམ་ཡན་ལག་ཏུ་དང་། རྫུན་ཡན་ལག་ཏུ་དང་། མྱོས་འགྱུར་ཡན་ལག་ཏུ་འཇོག་པའི་དོན་ཏོ། །དང་པོ་ལ་དངོས་དང་། དོགས་ གཅོད་དོ། །དང་པོ་ནི། སྡོམ་པ་གཞན་ལ་མི་ཚངས་སྤྱོད་སྤོང་བ་བསླབ་གཞིར་བཞག་ལ། དགེ་བསྙེན་ལ་ལོག་གཡེམ་སྤང་བ་ཅིའི་ཕྱིར་བསླབ་གཞིར་བཞག་ཅེ་ན། འདོད་པས་ལོག་གཡེམ་ནི་གཞན་གྱི་ཆུང་མ་སུན་འབྱིན་པའི་ཕྱིར་དང་། གཅིག་ཏུ་ངན་སོང་གི་རྒྱུ་ ཡིན་པའི་ཕྱིར། འཇིག་རྟེན་ན་ཤིན་ཏུ་སྨད་པའི་ཕྱིར་དང་། མི་ཚངས་སྤྱོད་དེ་ལྟར་མིན་པ་དང་། ཁྱིམ་ན་གནས་པས་འདོད་ལོག་སྡོམ་སླ་བའི་ཕྱིར་ཐོགས་མེད་ནས་གོམས་པས་མི་ཚངས་སྤྱོད་སྤང་བ་ནི་དཀའ་བའི་ཕྱིར། དེ་སྤོང་བར་ཡང་མི་སྤྲོ་ལ། ལྷའི་དབང་པོ་བརྒྱ་བྱིན་ 3-1-54b དང་། གཟུགས་ཅན་སྙིང་པོ་ཀུན་འཕགས་པ་ཡིན་ཀྱང་མི་ཚངས་པ་སྤྱོད་པར་བྱེད་ཀྱི། ལོག་གཡེམ་ནི་མ་ཡིན་པ་བཞིན་འཕགས་པ་རྣམས་ཚེ་རབས་གཞན་དུའང་ལོག་གཡེམ་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་ལོག་གཡེམ་སྤོང་བ་བསླབ་གཞིར་བཞག་གི། མི་ཚངས་ སྤྱོད་སྤོང་བ་བསླབ་གཞིར་མ་བཞག་གོ། བཞག་ན་ཉེས་པ་ཅི་ཡོད་ན། འཕགས་པ་སློབ་པ་ཚེ་རབས་གཞན་དུ་ཆོས་ཅན། དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་མ་ཡིན་པར་འགྱུར་ཏེ། དེས་མི་ཚངས་པར་སྤྱོད་པའི་ཕྱིར། ཞེས་ཉེས་པ་ལ་ཟོན་བྱེད་མོད། དེ་ལྟར་ན་འཆི་འཕོས་ པས་སོ་ཐར་གྱི་སྡོམ་པ་མི་གཏོང་བར་འགྱུར་གྱི་དོགས་ནས། འཕགས་པ་ལ་ཚེ་བརྗེས་ནས་མི་གཏོང་བར་གནས་པའི་དགེ་བསྙེན་གྱི་སྡོམ་པ་དེ་ནི་ཡང་དག་པར་བླངས་པ་ལས་བྱུང་བའི་སྡོམ་པ་ནི་མ་ཡིན་པས། ཚེ་ཕྱི་མར་འཕགས་པས་ལོག་གཡེམ་མི་བྱེད་པར་ངེས་པ་ནི་ལོག་ གཡེམ་མི་བྱེད་པའི་དགེ་བསྙེན་གྱི་སྡོམ་པའོ། །མི་བྱེད་པའི་སྡོམ་པ་དེའང་མདོ་སྡེ་པས་ནི། ལོག་གཡེམ་སྤོང་བའི་ལུས་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་ཁོ་ན་ལ་འདོད། བྱེ་བྲག་ཏུ་སྨྲ་བས་ནི། ཚུལ་ཁྲིམས་ཀྱི་ཡན་ལག་རྣམ་པར་རིག་བྱེད་མིན་པ་ཞིག་ལ་འདོད། འདིར་ ཁོ་བོས་བསམས་ན། སྐྱོབ་པ་འབྲི་གུང་འཇིག་རྟེན་གསུམ་གྱི་མགོན་པོའི་ཞལ་སྔ་ནས། སོ་སོར་ཐར་པའི་སྡོམ་པ་འཆི་འཕོས་པས་མི་གཏོང་ཞེས་སེང་གེའི་སྒྲ་ཆེན་པོ་བསྒྲགས་པ་ལས། བདག་ཉིད་ཆེན་པོ་ས་སྐྱ་པཎྜྻི་ཏས་བཀག་པ་རྒྱ་ཆེར་མཛད་མོད་ཀྱང་། དོན་ལ་བྱེ་སྨྲས་ རྟོགས་བཏགས་ཀྱི་སྡོམ་པ་རྣམ་རིག་མིན་པའི་གཟུགས་སུ་ཡོད་བྱ་བ་ནི་དོན་ལ་མི་གནས། སྤོང་བདུན་སྤོང་བའི་སེམས་པ་རྒྱུན་ཆགས་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྤོང་བ་ཚེ་རབས་བརྗེས་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མ་ཉམས་པར་ཡོད་ན། དེ་ལ་སོ་ཐར་གྱི་སྡོམ་ 3-1-55a པའི་མིང་བཏགས་ཀྱང་རུང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་མིང་བཏགས་ཀྱང་རུང་། མ་བཏགས་ཀྱང་རུང་། བདེ་འགྲོ་ལྷ་མིའི་ལུས་རྟེན་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བ་ཐོབ་པའི་རྒྱུ་ནུས་ཐོགས་མེད་དུ་གྲུབ་པ་འདི་ནི་མི་ ཉམས་ཤིང་མི་གཏོང་བར་གྲུབ་སྟེ། འདིའི་རང་འགྲེལ་དུ། མི་ཚངས་པར་སྤྱོད་པ་ནི་མ་ཡིན་པས་སློབ་པ་ཚེ་རབས་གཞན་དུ་གྱུར་པ་དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་མ་ཡིན་པར་འགྱུར་དུ་འོངས་པས། ཞེས་བྱ་བ་འདིས་ལེགས་པར་གྲུབ་པའོ་སྙམ་དུ་སེམས་ཏེ། འཕགས་པ་ལ་ འཆི་འཕོས་པས་དགེ་བསྙེན་གྱི་སྡོམ་པ་མི་གཏོང་བ་ཞིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ཡིན་པ་དེ་མཁས་མཆོག་དབྱིག་གི་གཉེན་གྱིས་ཟུར་ཙམ་འགྲེལ་པར་མཛད་ཀྱང་། ཡང་ཉན་ཐོས་སྡེ་གཉིས་ཀྱི་བློར་མ་ཤོང་དོགས་ནས། དེའི་སྡོམ་པ་ནི་ཡང་དག་པར་ བླངས་པ་ལས་བྱུང་བའི་སྡོམ་པ་ནི་མ་ཡིན་ནོ། །ཞེས་འཆད་དགོས་བྱུང་བ་ཡིན་ནོ། །དེས་ན་འཕགས་པ་ལ་ཚེ་རབས་བརྗེས་ནས་ཀྱང་སོ་ཐར་སྡོམ་པ་མི་གཏོང་བར་གྲུབ་ན་སོ་སྐྱེ་ལའང་འཆི་འཕོས་པས་སོ་ཐར་གྱི་སྡོམ་པ་མི་གཏོང་བར་གྲུབ་པ་འདི་ནི་སྟོན་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དང་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་པར་འཕྲུལ་པ་སྐྱོབ་པ་འབྲི་གུང་འཇིག་རྟེན་གསུམ་གྱི་མགོན་པོའི་དགོངས་པ་ཡིན་ནོ། །གཉིས་པ་ནི། བསླབ་པའི་གནས་ལྔ་མནོས་པ་ཡིན་བཞིན་དུ་ཆུང་མ་ལེན་པ་དེའི་ཚེ་དགེ་བསྙེན་དེས་ཆུང་མར་གྱུར་པའི་བུད་མེད་ལས་ཀྱང་སྡོམ་པ་ ཐོབ་པ་ཡོད་དམ་མེད་ཅེ་ན། བགྲོད་པར་བྱ་བའི་གནས་མ་ཡིན་པ་ཐམས་ཅད་སྤང་བའི་ཕྱིར། །དེ་ལས་ཉི་ཚེ་བའི་སྡོམ་པ་ཐོབ་པ་ཡོད་དོ། །འོ་ན་རང་གི་བུད་མེད་ལ་སྤྱད་ན་སྡོམ་པ་ཉམས་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། སྡོམ་པ་འདི་བདག་ལ་འདོད་པས་ལོག་པར་གཡེམ་ 3-1-55b པ་སྤོང་ངོ་ཞེས་ཁས་ལེན་གྱི། བདག་གིས་ཆུང་མར་བླངས་པའི་རྒྱུད་འདི་ལས་མི་ཚངས་པར་སྤྱད་པར་མི་བྱའོ་ཞེས་ཁས་བླངས་པ་མ་ཡིན་པས་རང་གི་ཆུང་མའི་གཞི་དེ་ལས་ལོག་གཡེམ་གྱི་ཡན་ལག་ཁོ་ན་སྡོམ་པ་ཇི་ལྟར་ཁས་བླངས་པ་བཞིན་འཐོབ་ཀྱི། མི་ཚངས་སྤྱོད་སྤོང་བ་མ་ ཡིན་པས་ཆུང་མར་བླངས་པ་ལ་མི་ཚངས་པར་སྤྱོད་པས་སྡོམ་པ་ཉམས་པ་མེད་དོ། །གཉིས་པ་རྫུན་ཡན་ལག་ཏུ་འཇོག་པའི་དོན་ནི། གང་གི་ཁ་ན་མ་ཐོ་བ་ལ་ཕྲ་མ་ལ་སོགས་སྤོང་བ་བསླབ་གཞིར་མ་བཞག་ནས། རྫུན་སྤོང་བ་དགེ་བསྙེན་གྱི་སྡོམ་པའི་བསླབ་གཞིར་བཞག་ཅེ་ ན། རྫུན་སྨྲ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །ཞེས་པ་ལྟར་ཡིན་ལ། གཞན་ཡང་བསླབ་པ་ཐམས་ཅད་འདས་པར་གྱུར་ན་དྲིས་པ་ན། བདག་གིས་དེ་ལྟ་བུ་མ་བྱས་སོ་ཞེས་སྔར་གྱི་མི་སྦྱོང་གི་སྟེང་དུ་ཉེས་པ་བརྩེགས་མ་རྫུན་དུ་སྨྲ་བ་ཐལ་བར་འགྱུར་སྲིད་ པའི་ཕྱིར། དེ་བཟློག་པའི་དོན་དུ་རྫུན་སྤོང་བ་དགེ་བསྙེན་གྱི་བསླབ་གཞིར་བཞག་གོ། གསུམ་པ་ནི། བཅས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ནས་མྱོས་འགྱུར་གྱི་བཏུང་བ་འཐུང་བ་སྤོང་བ་ཁོ་ན་ལས། གཞན་མ་བཞག་པ་ཅི་ཞེ་ན། མྱོས་འགྱུར་གྱི་བཏུང་བ་འཐུང་བ་སྤོང་ན་ ཡན་ལག་གཞན་དང་གཞན་བསྲུང་བར་འགྱུར་བའི་ཕྱིར་རོ། །བཅས་པའམ་བཅད་པ་ཁ་ན་མ་ཐོ་བ་ཇི་ལྟར་འགྱུར་ན། སངས་རྒྱས་ཀྱིས་བཀག་པའི་ལས་སྤྱོད་པ་ནི་སྡིག་པར་འགྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་མ་གུས་པའི་ལས་ཡིན་པའི་ཕྱིར་ཏེ། མ་གུས་པ་ནི་ངོ་བོ་ཉིད་ཀྱི་མི་ དགེ་བ་ངོ་ཚ་མེད་པ་ཡིན་པའི་ཕྱིར་རོ། །མྱོས་འགྱུར་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སེམས་ཉོན་མོངས་ཅན་ཁོ་ནས་སྤྱོད་པ་ཡིན་པའི་ཕྱིར། ཆང་ནི་ནད་ལ་ཕན་པའི་ཕྱིར་མྱོས་པར་ 3-1-56a མི་འགྱུར་བ་ཉོན་མོངས་ཀྱི་སེམས་ཀྱི་སྤྱོད་པ་མིན་པར་གཉེན་པོའི་བློ་ཁོ་ནས་བཏུང་བར་ནུས་སོ། །མྱོས་པར་འགྱུར་བ་ཡིན་པར་ཤེས་ནས་ངོ་ཚ་མེད་པར་རམ་ཉེས་པ་ཡོད་པ་ལ་མེད་པར་ཤེས་ནས་འཐུང་བའི་སེམས་དེ་ཉིད་ཉོན་མོངས་ཅན་ཡིན་ནོ། །མྱོས་ པར་མི་འགྱུར་བའི་དྲོད་རིག་ནས་ནད་བསལ་བའི་ཕྱིར་འཐུང་བ་དེ་ལ་ཉོན་མོངས་པ་ཅན་ཡོད་པ་མ་ཡིན་ནོ། །འདི་ལ་འདུལ་འཛིན་རྣམས་ན་རེ། ཆང་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས། ནད་པ་གསོ་བའི་ཕྱིར་ཡང་མ་གནང་ལ། བཅས་པ་ནི་ནད་པ་གསོ་བའི་ཕྱིར་གནང་ བ་ཡིན་ཏེ། བཙུན་པ་ཇི་ལྟར་བྲོ་གཡོག་བགྱི། ཉེ་བ་འཁོར་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས། ཞེས་དང་། ཤཱཀྱ་ནད་པ་རྣམས་ལ་ཡང་མྱོས་པར་འགྱུར་བ་འཐུང་བ་མ་གནང་ངོ་ཞེས་འབྱུང་བའི་ཕྱིར། ཆང་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་སངས་རྒྱས་ ཀྱིས་བཀག་པ་ཡིན་ལ། མྱོས་པར་འགྱུར་རོ་སྙམ་དུ་དགོངས་ནས་བཀག་པ་མ་ཡིན་ཏེ། ཡིན་ན་རྩྭ་མཆོག་ཙམ་གྱིས་བླངས་པས་མྱོས་པར་མི་འགྱུར་བས་དེ་ཙམ་བཀག་མི་རིགས་ཀྱང་བཀག་འདུག་པའི་ཕྱིར། གྲུབ་སྟེ། འདི་སྐད་དུ། དགེ་སློང་དག་སྟོན་པ་ཡིན་པར་སྨྲ་བ་ རྣམས་ཀྱིས་མྱོས་པར་འགྱུར་བ་རྩྭ་ཡི་རྩེ་མོས་ཀྱང་བཏུང་བར་མི་བྱའོ། །ཞེས་གསུངས་སོ། །གཞན་ཡང་ཆང་འཐུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། ལུས་ཀྱི་ཉེས་སྤྱོད་ཡིན་པའི་ཕྱིར། སྲོག་གཅོད་བཞིན་འཕགས་པ་རྣམས་ཚེ་འཕོས་ཤཱཀ་ཐུབ་ལ་སྟོན་པར་འཛིན་པ་རྣམས། ནས་ཀྱང་མི་སྤྱོད་པ་ཡིན་ནོ། །ཆང་འཐུང་བ་ལུས་ཀྱི་ཉེས་སྤྱོད་ཡིན་པར་གང་ལས་ཤེས་ཞེ་ན། དགའ་བྱེད་སོགས་ཀྱི་མདོ་ལས། ལུས་ཀྱི་ཉེས་སྤྱོད་ལོག་གཡེམ་མ་བྱིན་ལེན་འབྲུའི་དང་སྦྱར་བའི་ཆང་བག་མེད་པའི་གནས་དང་བཞིར་བཤད་པས་ཤེས་སོ། །ཆོས་མངོན་པ་བ་ 3-1-56b ན་རེ། ནད་པ་ལ་བཅས་པའི་ཁ་ན་མ་ཐོ་བས་སྤྱིར་བསྐྱངས་པར་གསུང་ཡང་། ཆང་དམིགས་ཀྱིས་བསལ་ནས་བཀག་པ་ནི་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ནས་བཀག་པ་མིན་ཏེ། སངས་རྒྱས་ཀྱིས་རྨུགས་གཉིད་ཆང་མི་ཚངས་སྤྱོད་རྣམས་ནི་ངོམས་པའམ་ཆོག་པའམ་ ཚིམ་པ་མེད་པས་མྱོས་པར་མི་འགྱུར་བའི་ཚོད་འཛིན་མི་ཐུབ་པས་དེའི་ཆེད་དུ་བཀག་པའི་ཕྱིར་རོ། །རྩྭའི་རྩེ་མོས་འཐུང་བའང་བཀག་པ་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཆ་ནས་བཀག་པ་མིན་ཏེ། ཚོད་མ་ཟིན་པར་ཐལ་གྱིས་དོགས་ནས་ལ་དོར་བའི་ཚུལ་གྱིས་བཀག་ པའི་ཕྱིར། ཆང་ཚེ་བརྗེས་ཀྱང་འཕགས་པས་མི་སྤྱོད་པ་ནི་ཆོས་ཅན། རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཆ་ནས་མིན་ཏེ། འཕགས་པ་སློབ་པས་དད་པ་དང་། བརྩོན་འགྲུས་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་རབ་ཀྱི་སྟོབས་ཀྱིས་མི་འཐུང་བ་ཡིན་ པའི་ཕྱིར། ངོ་ཚ་དང་ལྡན་པའི་ཕྱིར་མི་འཐུང་ན། ངོ་ཚ་བསྒྲིབ་ཕྱིར་ཆུ་ལྟར་བྱས་ནས་གཞན་གྱིས་མི་ཤེས་པར་བྱས་ཏེ་འཐུང་བས་ཆོག་མོད་སྙམ་ན། མ་ཡིན་ཏེ། ཆུ་ལྟར་བྱས་པ་དེས་ཀྱང་དྲན་པ་ཉམས་པར་བྱེད་པའི་ཕྱིར། ཡང་དྲན་པ་མི་ཉམས་པའི་ཅུང་ཟད་ཙམ་འཐུང་ བས་ཆོག་མོད་སྙམ་ན། ཅུང་ཟད་ཀྱང་མི་གསོལ་ཏེ། དུག་ཆུང་ངུས་ཀྱང་འཆི་བ་བཞིན་དུ་མྱོས་འགྱུར་ཅུང་ཟད་ཀྱིས་ཀྱང་དྲན་པ་ཉམས་པར་བྱེད་པའི་ཕྱིར། ཆང་ཉེས་པར་སྤྱོད་པ་བག་མེད་ཀྱི་གནས་སུ་གསུངས་པ་ཆོས་ཅན། སྲོག་གཅོད་བཞིན་རང་བཞིན་གྱི་ཁ་ན་མ་ཐོ་བ་ ཡིན་པའི་ཆ་ནས་དེར་གསུང་བ་མིན་ཏེ། ཆང་གི་ཉེས་སྤྱོད་བག་མེད་ནི་མྱོས་པས་མི་དགེ་བ་མི་སྤོང་དགེ་བ་མི་བྱེད་པས་དེར་བཤད་པ་ཡིན་པའི་ཕྱིར། དཔེར་ན་སྲོག་གཅོད་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། སྤོང་བའི་སྔགས་ཚིག་ཏུ་སྲོག་གཅོད་པ་བག་མེད་པའི་གནས་ 3-1-57a སྤངས་ཏེ་དེ་དག་ལས་ལྡོག་ཅེས་མི་འབྱུང་བའི་ཕྱིར། ཆང་བཏུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་མིན་ཏེ། དེ་ལས་ལྡོག་པའི་སྔགས་ཚིག་ཏུ། འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤངས་ཏེ་དེ་དག་ལས་ལྡོག་ཅེས་འབྱུང་བའི་ཕྱིར། དགའ་བྱེད་ཀྱི་མདོ་ལས། འབྲུའི་ཆང་སྦྱར་བའི་ཆང་བག་མེད་པའི་གནས་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པས་ལུས་ཞིག་ནས་དམྱལ་བ་དག་ཏུ་སྐྱེའོ། །ཞེས་འབྱུང་བ་ནི། ཆང་འཐུང་བའི་ཞར་ལ་མི་དགེ་བའི་རྒྱུན་འཇུག་པས་ངན་སོང་གི་འབྲས་བུ་ཅན་ གྱི་ལས་སྔོན་མེད་འཕེན་པའམ། འཆི་བའི་གནས་སྐབས་ན་སྔོན་བསགས་པའི་ལས་ཀྱི་འབྲས་བུ་འབྱིན་པར་བྱ་བའི་འཇུག་པ་ཐོབ་པ་ལ་དགོངས་པ་ཡིན་ནོ། །འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ཞེས་བྱ་བའི་དོན་ཅི་ཞེ་ན། འབྲུའི་ཆང་ནི་ཟས་ ལ་སྦྱར་བ་འབྲས་འཐུག་པོ་ཆེ་ལས་བྱུང་བའི་བཏུང་བའོ། །སྦྱར་བའི་ཆང་ནི་བུ་རམ་ཤིང་གི་ཁུ་བ་སོགས་ཀྱི་རྫས་ལ་བཏུང་བའོ། །གཞོན་ནུ་སྟེ་མ་ལོངས་པ་དང་རྙིངས་ཏེ་ཡལ་བ་ལྟ་བུ་མ་ཡིན་པ་ལ་ནི་མྱོས་པར་འགྱུར་བ་ཞེས་སྨོས་སོ། །གླ་གོར་ཞོ་ཤ་དང་ཁྲེ་རྒོད་དང་ནི་པ་ ལ་སོགས་ཀྱིས་མྱོས་ཀྱང་མྱོས་ཚབ་ཆུང་བས། འབྲུའི་ཆང་དང་སྦྱར་བའི་ཆང་ཞེས་སྨོས་སོ། །སྤྱད་ན་བཅས་འདས་ལས་མེད་ཀྱང་བག་མེད་ཀྱི་གནས་ཡིན་པས་བསྒྲིམས་ནས་སྤོང་བར་ཤེས་དགོས་པའི་ཕྱིར་བག་མེད་ཀྱི་གནས་ཞེས་སྨོས་སོ། །སྐབས་འདིར་དཔལ་ཤཱཀྱ་ མཆོག་ལྡན་ན་རེ། བྱེ་སྨྲའི་འདུལ་འཛིན་ཚད་ལྡན་སུས་ཀྱང་ཆང་བཏུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བར་འཇོག་མཁན་སུ་ཡང་མེད། ཡོད་ན་དེ་ཉིད་རྩ་ལྟུང་དུ་ཁས་ལེན་དགོས་པར་འགྱུར། འདོད་ན་རྩ་ལྟུང་མི་མཐུན་པ་དུ་མ་སོ་སོར་འདོད་པས་གྱེས་པ་བཅོ་བརྒྱད་པོ་ཐམས་ 3-1-57b ཅད་ཀྱི་བཀར་སྒྲུབ་མི་ནུས་སོ་ཞེས་པ་ལ། ལུགས་འདིར་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཀྱང་རྩ་ལྟུང་དུ་འཇོག་དགོས་པས་མ་ཁྱབ་པ་ནི་ཡིད་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བ་གསུམ་པོ་ལྟ་བུའང་ཡོད་ལ། དེའི་ཕྱིར་གྱེས་པ་བཅོ་བརྒྱད་སངས་རྒྱས་ཀྱི་བསྟན་པར་མ་ དོགས་པའི་བློ་ནི་དཔྱོད་ལྡན་སུ་ཞིག་ལ་འཆར། རྒྱ་གར་ན་བྱེ་སྨྲ་སོགས་ཆང་འཐུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བར་འདོད་པ་ཚད་ལྡན་སུ་ཡང་མེད་ན། མཁས་མཆོག་ནོར་གྱི་རྩ་ལག་གིས་མཛོད་རྩ་འགྲེལ་དུ། དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་མིན་ལ་རྩོད་ ལན་དེ་ཙམ་དུ་མཛད་པ་ཐམས་ཅད་རྫུན་ཚིག་ཁོ་ནར་སོང་སྟེ། དེ་འདྲའི་རྒོལ་ཕྱིར་རྒོལ་མེད་བཞིན་དུ་ཡོད་པར་བཏགས་ནས་དགག་སྒྲུབ་བྱུང་ངོ་ཞེས་སྨྲས་པར་སོང་བའི་ཕྱིར། དེས་ན་འདི་ལྟ་བུའི་དོགས་གཅོད་ཀྱང་དོགས་གཅོད་བྱེད་རྒྱུ་ཟད་པའི་ཕོངས་རྟགས་ བླ་ན་མེད་པའོ། །གཉིས་པ་གང་ལས་ཐོབ་པ་ལ། སོ་སོར་བཤད་པ། བསྡོམས་ནས་བཤད་པའོ། །དང་པོ་ལ། སོ་ཐར་གང་ལས་ཐོབ་པ། བསམ་གཏན་དང་ཟག་མེད་གང་ལས་ཐོབ་པའོ། །དང་པོ་ནི། སོ་ཐར་སོགས་གསུམ་པོ་འདི་ལ་གཅིག་ཐོབ་ པས་ལྷག་མ་ཀུན་ཐོབ་པ་མ་ཡིན་པས། འདོད་པར་གཏོགས་པའི་སོ་སོར་ཐར་པའི་སྡོམ་པ་ནི་མི་དགེ་བའི་ལས་ཀྱི་སྦྱོར་དངོས་མཇུག་ཐམས་ཅད་དག་ལས་ཅི་རིགས་པར་དེ་དག་གི་གཉེན་པོར་གྱུར་པ་རིག་བྱེད་དང་རིག་བྱེད་མ་ཡིན་པ་སྦྱོར་དངོས་མཇུག་གི་ངོ་བོ་ཉིད་གསུམ་ཐོབ་པ་ དང་། སེམས་ཅན་གྱི་གཞི་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྲོག་གཅོད་པ་ལྟ་བུ། བཅས་པའི་ཁ་ན་མ་ཐོ་བ་གག་ཚིལ་བྱེད་པ་ལྟ་བུ་དང་། སེམས་ཅན་དུ་མ་ཡིན་པའི་གཞི་ལ་གསེར་དངུལ་ལྟ་བུ་རྐུ་ན་རང་བཞིན་གྱི་ཁ་ན་མ་ཐོ་བ། རྩྭ་གཅོད་པ་ལྟ་བུ་བཅས་པའི་ཁ་ན་མ་ཐོ་གཉིས་ཀ་ 3-1-58a ལས་དང་། དེའང་ད་ལྟར་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་དག་ཁོ་ན་ལས་ཐོབ་པར་འགྱུར་ཏེ། སེམས་ཅན་གྱི་རྟེན་ལ་འཇུག་པའི་ཕྱིར་ཏེ། འདས་མ་འོངས་ནི་མ་ཟིན་པས་མེད་པ་དང་འདྲ་བས་སེམས་ཅན་དུ་མ་བགྲང་བའི་ཕྱིར། སེམས་ཅན་མིན་ པར་སྟོན་པ་ལས་ཐོབ་ཀྱང་ད་ལྟར་གྱི་རྟེན་ཅན་ཁོ་ན་ལས་ཡིན་ནོ། །གཉིས་པ་ནི། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་དངོས་གཞི་ཁོ་ནས་འཐོབ་ཀྱི། མཉམ་པར་མ་བཞག་པ་ན། སྡོམ་པ་མེད་པས་སྦྱོར་བ་དང་། རྗེས་ཀྱི་མ་ཡིན་ན་འོ་ན་སྲོག་གཅོད་པའི་ སྦྱོར་བ་ཡོད་དམ། རྗེས་ཡོད་དམ་སྙམ་ན། སྦྱོར་བ་ཡང་མེད། སྲོག་གཅོད་དངོས་མེད་ཙམ་ན་དེའི་རྗེས་ཀྱང་ཅི་ལ་ཡོད་དེ་མེད། མེད་ན་དངོས་གཞི་ཁོ་ནས་ཐོབ་བྱ་བ་ཇི་ལྟར་ཡིན་སྙམ་ན། མཉམ་གཞག་གི་གནས་སྐབས་ཁོ་ནར་གཉེན་པོ་དངོས་གཞི་ཁོ་ན་ཡིན་ཙམ་ན། དེའི་མི་མཐུན་པ་དངོས་གཞི་ཡིན་གྱི། སྲོག་གཅོད་པའི་སྦྱོར་བ་དང་རྗེས་ཡོད་པ་མིན་ནོ། །ཁས་བླངས་མེད་པས་ས་རྐོ་བ་ལྟ་བུ་བཅས་པའི་ཁ་ན་མ་ཐོ་བ་ལྟ་བུ་ལས་ཐོབ་པ་ལྟ་ཅི་སྨོས། ངོ་ཚ་ཁྲེལ་ཡོད་དང་ལྡན་པས་ཉོན་མོངས་ཅན་ཁོ་ནས་བསླངས་པ་སྤོང་བ་ལས་ཐོབ་བོ། ། དུས་ནི་འདས་མ་འོངས་ཐམས་ཅད་ཀྱི་ཕུང་ཁམས་སྐྱེ་མཆེད་ལས་ཐོབ་བོ། །དེ་ན་སོ་ཐར་གྱི་སྡོམ་པ་ཐོབ་ལ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་མ་ཐོབ་པའི་ཕུང་ཁམས་སྐྱེ་མཆེད་ནི། འདོད་གཏོགས་ཐམས་ཅད་གཉིས་ཀ་དང་ཞེས་འབྱུང་བས། ད་ལྟར་བྱུང་བའི་ཉེར་ བསྡོགས་དང་། མཇུག་དང་བཅས་པའི་ཁ་ན་མ་ཐོ་བ་ལས་སོ། །བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཐོབ་ལ་སོ་ཐར་གྱི་སྡོམ་པ་མི་ཐོབ་པའི་ཕུང་ཁམས་སྐྱེ་མཆེད་ནི། དངོས་དང་དུས་ནི་ཐམས་ཅད་ལས་ཞེས་འབྱུང་བས། སོ་ཐར་དང་བསམ་གཏན་དང་ཟག་མེད་ཀྱི་ 3-1-58b སྡོམ་པ་གཉིས་ཀ་ཐོབ་པའི་ཕུང་ཁམས་སྐྱེ་མཆེད་ནི། ད་ལྟར་བྱུང་བའི་ལས་ཀྱི་ལམ་དངོས་དག་ལས་སོ། །སོ་ཐར་དང་བསམ་ཟག་གཉིས་ཀ་མ་ཐོབ་པའི་ཕུང་ཁམས་སྐྱེ་མཆེད་ནི། འདས་པ་དང་མ་འོངས་པའི་ཉེར་བསྡོགས་ཀྱི་དུས་དེའི་སོ་ཐར་གྱི་སྡོམ་པ་མ་ཐོབ་ལ། ཉེར་བསྡོགས་དང་མཇུག་ཡིན་པའི་ཕྱིར་བསམ་ཟག་གི་སྡོམ་པ་མ་ཐོབ་བོ། །སློབ་དཔོན་གྱིས། མུ་གསུམ་པ་འདི་ནི་སྲིད་པ་མིན་ཏེ། རང་གི་རྒྱུད་ལ་ད་ལྟར་གྱི་ལས་ལམ་དག་ལ་སྡོམ་པ་ཐོབ་པར་རུང་བ་མ་ཡིན་པའི་ཕྱིར། གྲུབ་སྟེ། ད་ལྟར་གྱི་ལས་ལམ་གྱི་བྱ་བ་ཡོངས་སུ་ རྫོགས་པ་མེད་པའི་ཕྱིར། ད་ལྟར་སྲོག་མི་གཅོད་པ་ཙམ་གྱི་གཞི་ཅན་ལས་བཏགས་ནས་སྲོག་གཅོད་སྤོང་བ་ད་ལྟར་ལྡན་ཅེས་བརྗོད་ཀྱི། སྲོག་མི་གཅོད་པ་ལས་ལྡོག་ཙམ་སྲོག་གཅོད་སྤོང་བ་དངོས་འཐོབ་པ་ག་ལ་ཡིན། དེ་ལྟར་ན་སྡོམ་པ་ཐམས་ཅད་མ་འོངས་པ་སྡོམ་པ་ ཡིན་པ་ནི་མདོ་སྡེ་པའི་ལུགས་ཡིན་ལ། དེའང་ད་ལྟར་མི་བྱེད་དོ་སྙམ་ནས་སྲོག་གཅོད་ལས་ལྡོག་པ་ན་མ་འོངས་པ་ན་སྲོག་གཅོད་པའི་ལས་ལམ་དངོས་གཞིའི་དུས་སུ་སྲོག་གཅོད་པ་སྤངས་པའི་སྡོམ་པར་རུང་བའི་ཕྱིར། འདས་པ་ནི་བྱུང་ཟིན་པའི་ཕྱིར་སྡོམ་པར་རུང་བ་མ་ཡིན་ པ་དང་། ད་ལྟར་གྲུབ་ཟིན་པ་དེ་མི་སྐྱེ་བར་མི་ནུས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བས་ནི། སྲོག་གཅོད་པའི་སྦྱོར་དངོས་མཇུག་གསུམ། སྲོག་གཅོད་སྤོང་བའི་སྦྱོར་དངོས་རྗེས་གསུམ་གྱི་ཐད་སོར་སེལ་བ་དེ་ད་ལྟར་གྱི་སོ་སོར་ཐར་པའི་སྡོམ་པ་ཐོབ་ཟེར་བ་དེ་སྐད་དུ་མི་བརྗོད་དོ། ། གཉིས་པ་བསྡོམས་ནས་བཤད་པ་ནི། ཅི་སྡོམ་པ་དང་སྡོམ་པ་མིན་པ་དག་སེམས་ཅན་ཐམས་ཅད་དང་། ཡན་ལག་ཐམས་ཅད་དང་། རྒྱུ་ཐམས་ཅད་ཀྱིས་ཐོབ་བམ་ཐོབ་པ་མ་ཡིན་ཅེ་ན། སྡོམ་པ་སེམས་ཅན་ཐམས་ཅད་ལས་ཐོབ་ཀྱི། སེམས་ཅན་འགའ་ལས་ནི་མ་ཡིན་ནོ། ། 3-1-59a ཡན་ལག་ལ་དབྱེ་བ་ཡོད་དེ། བྱེ་བྲག་ཏུ་སྨྲ་བ་ནི་སྤོང་བ་བདུན་དང་། ཡང་ན་བཞིའི་ཡན་ལག་ཅན་ཡིན་པས། ཡན་ལག་དེ་མིན་གསུམ་དང་གཉིས་གཅིག་པ་སོགས་ཀྱི་སྡོམ་པ་མི་འདོད་པས། དགེ་སློང་གི་སྡོམ་པ་ནི་ལས་ལམ་ཐམས་ཅད་ལས་ ཐོབ་ཅིང་། སྡོམ་པ་གཞན་གསུམ་ཡན་ལག་བཞི་ལས་ཏེ། ལུས་ཀྱི་གསུམ་དང་ངག་གི་བཞི་ལས་ཐོབ་བོ། །ལས་ལམ་རྣམས་ནི་སྡོམ་པའི་ཡན་ལག་གོ། རྒྱུ་ལའང་དབྱེ་བ་ཡོད་དེ། དགེ་བའི་རྩ་བ་གསུམ་རྒྱུར་འདོད་པའི་རྣམ་གྲངས་ལྟར་ན་སྡོམ་པ་ཐམས་ཅད་ལ་ གསུམ་ཆར་གྱི་རྒྱུ་ཡོད་དེ། ཀུན་སློང་གི་སེམས་དགེ་བ་ལ་འདི་གསུམ་གཅིག་ཅར་འབྱུང་བའི་དགེ་བའི་ས་མང་པོ་བ་ཡིན་པའི་ཕྱིར། སེམས་པ་ཆུང་འབྲིང་ཆེན་པོ་རྒྱུར་འདོད་པའི་རྣམ་གྲངས་ལྟར་ན་གང་རུང་ཞིག་གིས་ཐོབ་སྟེ། སྡོམ་པ་ཐམས་ཅད་ལ་གསུམ་པོ་གཅིག་ ཅར་རྒྱུར་ཡོད་པའི་ངེས་པ་མེད་པའི་ཕྱིར། རྣམ་གྲངས་གཉིས་པའི་དབང་དུ་བྱས་ན། སྡོམ་པ་སེམས་ཅན་ཐམས་ཅད་ལས་བསྡམས་པ་ཡིན་ལ། ཡན་ལག་ཐམས་ཅད་དང་རྒྱུ་ཐམས་ཅད་ཀྱི་མ་ཡིན་པ་ནི། སེམས་པ་གསུམ་པོ་གང་རུང་རེས་དགེ་བསྙེན་བསྙེན་གནས་དགེ་ ཚུལ་གྱི་སྡོམ་པ་ལེན་པ་ལྟ་བུའོ། །སེམས་ཅན་ཐམས་ཅད་དང་ཡན་ལག་ཐམས་ཅད་ཀྱིས་བསྡམས་ལ་རྒྱུ་ཐམས་ཅད་ཀྱིས་མ་ཡིན་པ་ནི། སེམས་པ་གང་རུང་རེས་དགེ་སློང་གི་སྡོམ་པ་ལེན་པའོ། །སེམས་ཅན་དང་ཡན་ལག་དང་རྒྱུ་ཐམས་ཅད་ལས་བསྡམས་པ་ཡང་ཡོད་ དེ། སེམས་པ་ཆུང་འབྲིང་ཆེན་པོ་གསུམ་གྱིས་རིམ་བཞིན་དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་གསུམ་ལེན་པའོ། །སེམས་ཅན་ཐམས་ཅད་དང་རྒྱུ་ཐམས་ཅད་ཀྱིས་བསྡམས་ལ་ཡན་ལག་ཐམས་ཅད་ལས་མ་ཡིན་པ་ནི། སེམས་པ་གསུམ་པོ་རིམ་ཅན་གྱིས་དགེ་བསྙེན་ 3-1-59b དང་བསྙེན་གནས་དང་དགེ་ཚུལ་གྱི་སྡོམ་པ་ལེན་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ལས་མ་བསྡམས་པའི་སྡོམ་པ་ནི་མེད་དེ། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་རྗེས་སུ་སོང་བ་དགེ་བ་ལ་གནས་པས་ཐོབ་ཀྱི། གནོད་པའི་སེམས་སྡིག་པ་དང་མ་བྲལ་ན་ནི་མི་ཐོབ་ པའི་ཕྱིར། ངེས་པ་ལྔ་དང་མ་བྲལ་ན་སོ་ཐར་གྱི་སྡོམ་པ་མི་ཐོབ་སྟེ། ངེས་བཟུང་བྱས་པའི་ཕྱིར་ལེགས་སྤྱད་ཙམ་དུ་འགྱུར་རོ། །ངེས་བཟུང་ལྔ་ནི། སེམས་ཅན་མི་ལྟ་བུ་ཞིག་ལས་སྤོང་ཞེས་སེམས་ཅན་ངེས་པ་དང་། ཡན་ལག་སྲོག་གཅོད་པ་སྤངས་པ་ལྟ་བུ་ཡན་ལག་ངེས་པ་ དང་། ཡུལ་བྱེས་ལྟ་བུར་སྤངས་པ་ཡུལ་ངེས་པ་དང་། དུས་ཟླ་བའི་བར་དུ་སྤངས་པ་དུས་ངེས་པ་དང་། འཐབ་མོའི་ཚེ་མ་གཏོགས་ཞིས་སྐབས་ཚེ་ངེས་བཟུང་དུ་བྱས་པ་རྣམས་སོ། །ཅི་སྡོམ་པ་སེམས་ཅན་ཐམས་ཅད་ལས་འཐོབ་ན་ཆོས་ཅན། ལྷའི་དབང་པོ་བརྒྱ་བྱིན་སོགས་ ལ་སྲོག་གཅོད་སྤོང་བའི་སྡོམ་པ་ཐོབ་མི་རིགས་པར་ཐལ། དེ་དག་གསད་པར་མི་ནུས་པའི་ཕྱིར་སྙམ་ན། སློབ་དཔོན་གྱིས། ཁྱབ་པ་མེད་དེ། སྡོམ་པ་བསམ་པའི་ཁྱད་པར་ཡིན་པས་བསད་མི་ནུས་ཀྱང་། དེའི་སྲོག་ལ་ངས་མི་གནོད་པའི་ལྷག་བསམ་གྱི་སྤོང་སེམས་ཁས་ བླངས་པའི་སྒོ་ནས་ཐོབ་པའི་ཕྱིར་རོ། །བྱེ་སྨྲ་ནི། བསམ་པའི་ཁྱད་པར་གྱིས་སེམས་ཅན་ཐམས་ཅད་ལས་སྡོམ་པ་ཐོབ་པ་ནི་མི་འདོད་ལ། འོ་ན་ཚད་མ་གཞན་གྱི་སྒོ་ནས་ལན་འདེབས་པར་བྱེད་དེ། གལ་ཏེ་གསོད་ནུས་པ་ཁོ་ན་ལས་ཐོབ་ཅིང་། མི་ནུས་པ་ལས་མི་ཐོབ་ན་ཆོས་ ཅན། ལྷ་བསད་པར་མི་ནུས་པ་མང་པོ་འཆི་འཕོས་ནས་དབྱར་དུད་འགྲོ་ལྟ་བུའི་སེམས་ཅན་གསོད་ནུས་མང་པོར་སྐྱེས་ཏེ་འཕེལ་ཙམ་ན་སྡོམ་པ་ཐོབ་པའི་རྒྱུ་རྣམ་པར་རིག་བྱེད་སོགས་མེད་པར་ཡང་མང་དུ་འཐོབ་པར་འགྱུར་ལ། དགུན་བསད་ནུས་ཀྱི་སེམས་ཅན་འགྲིབ་ 3-1-60a ཙམ་ན། བསླབ་པ་ཕུལ་བ་སོགས་སྡོམ་པ་གཏོང་རྒྱུ་མེད་པར་ཡང་གཏོང་བར་ཐལ། སྡོམ་པ་གསོད་ནུས་ཁོ་ན་ལས་ཐོབ་ཅིང་། མ་ནུས་པ་ལས་མི་ཐོབ་པའི་ཕྱིར་ཞེས་འཕངས་པ་ན། ཁྱབ་པ་གྲུབ་ཅིང་འདོད་མི་ནུས་པ་དེའི་ཕྱིར། གསོད་ནུས་མི་ ནུས་ཀྱི་སེམས་ཅན་ཐམས་ཅད་ལས་སྡོམ་པ་ཐོབ་པར་གྲུབ་བོ། །ཞེས་ཟེར་རོ། །མདོ་སྡེ་པ་ན་རེ། རྟགས་དེས་ཁྱབ་པ་དེ་མི་འགྲུབ་ལ། འགྲུབ་པར་འདོད་ན། རྩྭ་སྔོན་གཅོད་པ་སྤང་བའི་སྡོམ་པ་དེ་ཆོས་ཅན། དབྱར་རྩྭ་སྐྱེས་ཙམ་ན་སྡོམ་པ་ཐོབ་པའི་རྒྱུ་མེད་པར་ཡང་ ཐོབ་ཅིང་། དགུན་རྩྭ་མེད་ཙ་ན་གཏོང་བའི་རྒྱུ་མེད་པར་ཡང་གཏོང་བར་ཐལ། སྲོག་གཅོད་ཀྱི་སྡོམ་པ་དེ་བསད་ནུས་ལས་གསོད་མི་ནུས་སུ་འཕོས་པས་གཏོང་བ་དང་། གསོད་མི་ནུས་ལས་བསད་ནུས་སུ་འཕོས་པས་ཐོབ་པའི་ཕྱིར། འདོད་མི་ནུས་པས་གསོད་ནུས་པ་མི་ ནུས་པར་འཕོས་པས་ཀྱང་སྡོམ་པ་གཏོང་བ་དང་མི་ནུས་པ་ནུས་པར་འཕོས་པས་ཀྱང་སྡོམ་པ་ཐོབ་པར་མི་འགྱུར་རོ་ཞེས་པ་ལ། བྱེ་སྨྲས། ཁྱེད་ཀྱི་དེ་ལའང་ཁྱབ་པ་མེད་དེ། སེམས་ཅན་ནི་སྔ་ཕྱི་ཐམས་ཅད་དུ་ཡོད་ལ། རྩྭ་དང་འགེལ་བ་སོགས་ནི་སྔ་ཕྱི་གཉིས་ཀར་མེད་ པའི་ཕྱིར། རྩ་འགེལ་འཕེལ་འགྲིབ་བྱུང་ཡང་རྩྭ་སྔོན་གཅོད་པའི་སྡོམ་པ་ལ་ཐོབ་གཏོང་མི་འབྱུང་ལ། གསོད་ནུས་མི་ནུས་འཕེལ་འགྲིབ་འབྱུང་བས་ནི་སྲོག་གཅོད་ཀྱི་སྡོམ་པའི་ཐོབ་གཏོང་དུ་འགྱུར་རོ་ཞེས་ཟེར་རོ། །མདོ་སྡེ་པས། རྩྭའི་འཕེལ་འགྲིབ་དང་གསོད་ནུས་མི་ ནུས་ཀྱི་འཕེལ་འགྲིབ་ལས་སྡོམ་པ་ཐོབ་གཏོང་མི་འབྱུང་བ་དང་། འབྱུང་བའི་ཁྱད་པར་གྱི་ཁྱབ་པ་སོ་སོར་འབྱེད་མི་རིགས་པར་ཐལ། རྩྭ་སྐམ་ན་གཅོད་པར་མི་ནུས་པ་དང་། སེམས་ཅན་འགྲིབ་ན་གསོད་པར་མི་ནུས་པར་མཚུངས་པའི་ཕྱིར། ཁྱབ་པ་ཡང་མེད་ལ། 3-1-60b སེམས་ཅན་ཕྱིས་ཡོད་པའི་རྟགས་ཀྱང་མ་གྲུབ་པར་ཐལ། སེམས་ཅན་མྱ་ངན་ལས་འདའ་བ་ཡོད་པའི་ཕྱིར། ཡང་སེམས་ཅན་ཕྱིས་མེད་ན་སྲོག་གཅོད་སྡོམ་པ་གཏོང་བར་དམ་བཅས་པ་དེ་མི་འཐད་པར་ཐལ། སེམས་ཅན་ཕྱིས་མེད་པར་མྱ་ངན་ལས་འདས་ཀྱང་། སྲོག་ གཅོད་སྤོང་བའི་སྡོམ་པ་མི་གཏོང་པའི་ཕྱིར། འཁོར་གསུམ། དེས་ན་བྱེ་སྨྲའི་ལན་འདི་ནི་མི་འཐད་ལ། དེ་ལྟ་བས་ན་མདོ་སྡེ་པས་སེམས་པའི་ཁྱད་པར་གྱིས་ཐམས་ཅད་ལས་ཐོབ་པའི་གཏན་ཚིགས་བཟང་ངོ་། །སྔོན་སངས་རྒྱས་སུ་གྱུར་ནས་མྱ་ངན་ལས་འདས་པ་ རྣམས་ལས་སངས་རྒྱས་ཕྱི་མས་སོ་ཐར་གྱི་སྡོམ་པ་མ་ཐོབ་པའི་ཕྱིར། དེའི་རྒྱུད་ཀྱི་ཚུལ་ཁྲིམས་ཉུང་བར་ཐལ་ཅེ་ན། སངས་རྒྱས་ཕྱི་མའི་ཚུལ་ཁྲིམས་ཉུང་བར་མི་འགྱུར་ཏེ། སངས་རྒྱས་ཕྱི་མས་ཀྱང་སེམས་ཅན་ཐམས་ཅད་ལས་སྡོམ་པ་ཐོབ་ན། སྔར་སངས་རྒྱས་ ཟིན་པ་དེ་དག་སེམས་ཅན་དུ་ཡོད་ན་ནི་དེ་དག་ལས་ཀྱང་ཐོབ་དགོས་པའི་ཕྱིར། སྨྲས་པ། གངས་ཅན་འདི་ན་སངས་རྒྱས་བསྟན་འདི་ལ། །ཞེ་ནས་དང་བ་བསྐྱེད་པ་འགའ་མ་མཐོང་། །དེ་ཕྱིར་ཐེག་པའི་ལམ་གྱི་རྣམ་དབྱེ་ལ། །དྲི་ཙམ་བྲོ་ལའང་སྡང་བའི་རྣམ་འགྱུར་གྱིས། ། ཅུང་ཟད་ཡིད་ཕྱོགས་རྣམས་ཀྱང་སུན་ཅི་ཕྱིན། །རྒོལ་བྱེད་རབ་ཏུ་འབྱམས་ཀླས་གྱུར་པ་ལས། །མ་བཟོད་བདག་གིས་སྟོན་དང་བསྟན་པ་ལ། །མི་བཟོད་མོས་པ་སྐྱེས་ནས་ཕྱོགས་འདིར་འབད། །ཅེས་སོ། །གཉིས་པ་སྡོམ་མིན་ཐོབ་ཚུལ་ལ། གང་ལས་ཐོབ་པ་དང་། ཇི་ལྟར་ཐོབ་པའོ། །དང་པོ་ནི། སྡོམ་པ་མིན་པ་ཐམས་ཅད་དང་། །ཡན་ལག་ལས་ཀྱི་ལམ་ཐམས་ཅད་ཀུན་ནས་ཐོབ་བོ། །ལས་ལམ་ཀུན་ནས་ཐོབ་པ་འདི་ནི་བྱེ་སྨྲས་ལས་ཀྱི་ལམ་སྲོག་གཅོད་ནས་ངག་ཀྱལ་གྱི་བར་ཐམས་ཅད་ལས་ཐོབ་པར་འདོད་ཟེར་བ་ 3-1-61a ལ་མ་རངས་ནས་མདོ་སྡེ་པས་དྲིས་པ། སེམས་ཅན་ལྐུགས་པ་ལྟ་བུ་ཞིག་ཡིན་ན་སྲོག་གཅོད་སོགས་གསུམ་གྱི་སྡོམ་མིན་ཡོད་ཀྱང་བརྫུན་སོགས་བཞིའི་ཅི་ལ་ཡོད་བྱས་པ་ལ། དེ་ལ་ཡང་ལག་བརྡ་སོགས་ཀྱིས་ཀྱང་རྫུན་སོགས་བྱེད་པ་ཐམས་ ཅད་ཡོད་ཟེར་བ་ལ། མདོ་སྡེ་པས་འོ་ན་ངས་སྲོག་གཅོད་ཀྱི་གཞན་སྡོམ་མིན་མི་བྱེད་ཟེར་བ་ལ་ལས་ལམ་ཐམས་ཅད་ཀྱིས་ཐོབ་པ་ཇི་ལྟར་ཡོད་དེ། བྱེ་སྨྲའི་འདོད་པ་ནི་གྲགས་པ་ཙམ་དུ་བས་སོ། །རྒྱུ་སེམས་པ་གསུམ་པོ་ཐམས་ཅད་ཀྱིས་མིན་ཏེ། གཅིག་ཅར་དུ་མི་འབྱུང་བའི་ ཕྱིར། སེམས་ཆུང་ངུས་སྡོམ་མིན་ཐོབ་པ་དེ་ཀུན་དཀྲིས་ཆེན་པོས་སྲོག་གཅོད་པ་ན། སྡོམ་མིན་ནི་ཆུང་ངུ་ཁོ་ན་དང་ལྡན་ལ། སྲོག་གཅོད་པའི་རིག་བྱེད་ནི་ཆེན་པོ་དང་ལྡན་ནོ། །སེམས་འབྲིང་གི་སྡོམ་མིན་ཐོབ་པ་དེ་སེམས་དྲག་པོས་སྲོག་གཅོད་ཀྱང་སྡོམ་མིན་འབྲིང་དང་ ལྡན་ལ། སེམས་ཆེན་པོས་སྡོམ་མིན་ཐོབ་པ་དེ་ཡང་སེམས་དྲག་པོས་སྲོག་གཅོད་པ་དེ་སྡོམ་མིན་ཆེན་པོ་དང་ལྡན་པ་ཨ་ཅང་ཡང་ཆེ། སེམས་ཆེན་པོས་སྡོམ་མིན་ཐོབ་པ་དེ་ཀུན་དཀྲིས་ཆུང་ངུས་སྲོག་གཅོད་ཀྱང་སྡོམ་མིན་ཆེན་པོ་དང་ལྡན་ལ། སྲོག་གཅོད་པའི་རིག་བྱེད་ ཆུང་ངུ་དང་ལྡན་ནོ། །སྡོམ་མིན་ཅན་ནི། ཤན་པ་རྣམས་དང་། བྱ་གག་གསོད་པ་རྣམས་དང་། ཕག་གསོད་པ་རྣམས་དང་། བྱ་པ་རྣམས་དང་། ཉ་པ་རྣམས་དང་། རི་དྭགས་བཤོར་བ་རྣམས་དང་། གཤེད་མ་རྣམས་དང་། ཆོམ་རྐུན་པ་རྣམས་དང་། གླང་པོ་ཆེ་འཚོ་བ་ནི་ འཁྲུགས་པ་ཆེན་པོའི་ཕྱིར་དམག་གི་གླང་པོ་ཆེའོ། །ཁྱི་བཤོར་བ་རྣམས་དང་། བ་གུ་རི་སྟེ་སྲོག་ཆགས་ཀྱི་རིགས་སམ་བ་བཤོར་བ་རྣམས་སོ། །རྒྱལ་པོ་དང་བློན་པོ་དག་ཀྱང་གཞན་ལ་ཆད་པ་གཅོད་དུ་འཇུག་པས་སྡོམ་མིན་ཅན་ཡིན་ལ། ཤགས་ཟིན་པ་སྟེ་ཁ་ཕྱོགས་བྱེད་པ་རྣམས་ 3-1-61b ཀྱིས་རྒྱལ་བར་བྱས་ནས་གཞན་གསོད་དུ་འཇུག་པ་ཡང་སྡོམ་མིན་ཅན་ནོ། །ཀུན་ལས་བཏུས་ལས་ནི། བང་རྒྱས་འཆོར་བ་དང་། སྦྲུལ་བཟུང་ནས་རྩེ་བས་སྦྲུལ་གྱིས་འཚོ་བ་དང་། གཞན་ལ་ཕྲ་མ་བྱས་ནས་འཚོ་བའི་ཉན་བླ་བྱེད་པ་ཡང་བསྣན་ནས་གསུངས་ལ། ཨ་བྷྱས་ནི། ཡུལ་འཆོས་པ་རྣམས་ཀྱང་སྡོམ་མིན་ཅན་དུ་བཤད་ལ། དྲིན་ལན་བསབས་པ་ལས་ནི། དར་གྱི་སྲིན་བུ་གསོ་བའང་སྡོམ་མིན་ཅན་དུ་བཤད་དོ། །བྱ་བ་དེ་དག་ལ་གནས་པ་ལ་སྡོམ་མིན་ཡོད་པའམ། འདིས་སྡོམ་པ་མིན་པ་བྱེད་པའི་ཕྱིར་སྡོམ་མིན་ཅན་རྣམས་སོ། །ལུག་གསོད་ པོ་ལ་ཤན་པ་སྦྱོར་བ་བཞིན་བྱ་གག་གསོད་པོ་སོགས་ཀྱང་ཤན་པའོ། །ད་ནི་བྱེ་སྨྲ་ལ་མདོ་སྡེ་པས་དྲིས་པ། སྡོམ་པ་ནི་སེམས་ཅན་ཐམས་ཅད་ལས་ཐོབ་པར་རིགས་ཏེ། སྡོམ་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པས་ཞེས་སྨོས་པའི་ཕྱིར། འོན་ཀྱང་ཤན་པ་སོགས་ ཀྱི་འཚོ་བའི་ཕྱིར་ཡང་ཕ་མ་བུ་བྲན་སོགས་ལ་གསོད་འདོད་ཀྱི་ལོག་པར་མ་ཞུགས་ན་དེ་ལ་སྡོམ་མིན་ཇི་ལྟར་ཐོབ་པར་རུང་། བྱེ་བྲག་ཏུ་སྨྲ་བས། ཤན་པས་ད་ལྟ་མ་གསོད་པའི་བསམ་པས་མ་ལ་སྡོམ་མིན་མི་ཐོབ་ཀྱང་། མ་འོངས་པ་ན་མ་ལུག་ཏུ་གྱུར་པ་དེའི་ཚེ་གསོད་ན། དེའི་ ཆ་ནས་མ་སོགས་ལའང་སྡོམ་མིན་ཐོབ་པར་འདོད་དོ། །སློབ་དཔོན་གྱིས་དེའི་ལན་དུ་ཤན་པ་དེས་ལུག་དེ་མ་ཡིན་པར་ཤེས་ན་ནི་མི་གསོད་པས་དེ་ལས་སྡོམ་མིན་ཇི་ལྟར་ཐོབ། ཡང་མ་འཕགས་མ་ཡིན་པ་དེ་ཕྱུགས་སུ་མི་འགྱུར་བས། དེ་ལས་སྡོམ་མིན་ཇི་ལྟར་ཐོབ། ཕ་མ་ མ་འོངས་པ་ན་ལུག་ལྟ་བུར་གྱུར་པ་ལ་བལྟོས་ནས། ད་ལྟ་ཕ་མའི་རྟེན་ལས་སྡོམ་མིན་ཐོབ་ཅེས་སྨྲ་བ་ཆོས་ཅན། ཐོབ་མི་རིགས་པར་ཐལ། མ་འོངས་པ་ན་ལུག་དེ་ཕ་མ་ཡིན་པར་ཤེས་ན་གཏན་མི་གསོད་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བས། མ་འོངས་པ་ན་ཕ་མ་ལུག་ཏུ་སྐྱེས་པ་ 3-1-62a ན་ཆོས་ཅན། སྡོམ་མིན་འཐོབ་པར་ཅིས་མི་འགྱུར་ཏེ། འགྱུར་བར་ཐལ། ལུག་ཏུ་སྐྱེས་པ་ན་དེ་ལ་གསོད་ཅིང་གནོད་པར་འདོད་པའི་ཕྱིར་ཞེས་སྨྲས་པ་ལ། འོ་ན་མདོ་སྡེ་པས། ད་ལྟར་གྱི་ཕ་མ་ལས་སྡོམ་མིན་ཐོབ་པར་ཐལ། དེ་ལའང་གསོད་འདོད་ ཀྱི་གནོད་སེམས་སྐྱེ་བར་མཚུངས་པའི་ཕྱིར། ཁྱབ་པ་འདི་བྱེ་སྨྲ་ལ་སོང་ཡང་མདོ་སྡེ་པ་རང་གིས་ཁས་མི་ལེན་ནོ། །ཡང་མདོ་སྡེ་པས་དྲིས་པ། ཤན་པས་ཚེ་གང་ལ་མ་བྱིན་པར་མི་ལེན། རང་གི་ཆུང་མས་ཆོག་ཤེས། ལྐུགས་པ་ཡང་ཡིན་ན་དེ་ལ་ཡན་ལག་ཐམས་ཅད་ ལས་སྡོམ་མིན་ཐོབ་པར་ཇི་ལྟར་རུང་། བྱེ་སྨྲས། ལྐུགས་པ་ནི་ལག་བརྡ་སོགས་ཀྱི་རྫུན་བྱེད་པས་ལས་ལམ་ཐམས་ཅད་ལ་སྡོམ་མིན་འཐོབ་སྟེ་བསམ་པས་ལོག་པར་ཞུགས་པའི་ཕྱིར་རོ། །ཡང་མདོ་སྡེ་པས་དྲིས་པ། འོ་ན་བསླབ་པའི་གཞི་གཉིས་སམ་གསུམ་བླང་བ་དེ་ ལ་སྡོམ་མིན་ཐམས་ཅད་ཡན་ལག་ཚང་བར་མ་ཐོབ་པར་འདུག་པས་དེ་སྡོམ་མིན་ཅན་དུ་འགྱུར་རམ་མི་འགྱུར། དེ་ལ་བྱེ་སྨྲས། ཡན་ལག་མ་ཚང་བ་དང་ཉི་ཚེ་བའི་སྡོམ་མིན་མེད་པས། དེ་སྡོམ་མིན་ཅན་དུ་མི་འགྱུར་ཟེར་རོ། །དེ་ལ་མདོ་སྡེ་པས། བསླབ་གཞི་གཉིས་ གསུམ་བླང་བ་དེ་ཆོས་ཅན། སྡོམ་མིན་ཅན་ཡིན་པར་ཐལ། སྡོམ་མིན་སྡོམ་པས་གཏོང་དགོས་པ་ནི་གང་ཞིག །སྡོམ་པ་ནི་བསླབ་གཞི་བཞི་དང་བདུན་གང་རུང་གི་སྡོམ་པ་ཡིན་ན། བསླབ་གཞི་གཉིས་པ་དང་གསུམ་པ་བླང་བ་སྡོམ་པ་མ་ཡིན་པའི་ཕྱིར། འཁོར་གསུམ། མདོ་སྡེ་པས། སྣ་འགར་བསྲུང་བ་ལྟ་བུ་སྡོམ་མིན་དང་ལྡན་པའང་ཡོད་ལ། སོ་ཐར་གྱི་སྡོམ་པ་བརྒྱད་མ་གཏོགས་ཡན་ལག་མ་ཚང་བ་ཡང་ཡོད་ལ། ངེས་བཟུང་གི་ཉི་ཚེ་བ་ཡང་ཡོད་པས་དེའི་ཕྱིར་སྡོམ་མིན་གྱིས་ཚུལ་ཁྲིམས་ལ་གེགས་བྱེད་པ་དང་སྡོམ་པས་ཚུལ་འཆལ་ལ་ 3-1-62b གེགས་བྱེད་པའང་ཡོད་པའི་ཕྱིར་རོ། །གཉིས་པ་ནི། སྡོམ་པ་མིན་པ་ནི། རིགས་སུ་སྐྱེས་པ་གསོད་སྦྱོར་གྱི་བྱ་བ་བརྩམས་པའམ། གཞན་རིས་སུ་སྐྱེས་ན་བདག་ཀྱང་འཚོ་བ་འདིས་འཚོའོ་ཞེས་ཁས་ལེན་པ་ལས་ཐོབ་པར་འགྱུར་རོ། །(གསུམ་)པ་བར་མའི་ཐོབ་ཚུལ་ནི། སྡོམ་པ་ སྡོམ་མིན་གྱི་ལྷག་མ་བར་མ་དགེ་མི་དགེའི་རྣམ་པར་རིག་བྱེད་མིན་པ་ནི་ཀུན་ར་ཕུལ་བ་ལ་སོགས་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལྟ་བུ་ཞིང་ལ་སྐྱེས་པ་དང་། སངས་རྒྱས་ལ་ཕྱག་མ་འཚལ་བར་དུ་མི་བཟའ་བ་དང་། ཚེས་སམ་ཟླ་གཅིག་གམ་ཟླ་ཕྱེད་ཅིང་རྟག་ཏུ་ཟས་ དག་སྦྱིན་པར་བྱ་ཞེས་པ་དང་། མཎྜལ་བྱེད་པ་ལྟ་བུ་ཡིད་དམ་བཅས་ཏེ་ལེན་པ་དང་། དགེ་བའམ་མི་དགེ་བའམ། ཉོན་མོངས་དྲག་པོས་གུས་པར་བྱེད་པས་རིག་བྱེད་མ་ཡིན་པ་འཐོབ་བོ། །གསུམ་པ་རྒྱུ་གང་གིས་གཏོང་བ་ལ། སྡོམ་པའི་གཏོང་རྒྱུ། སྡོམ་མིན་གྱི་གཏོང་རྒྱུ། བར་མ་གཏོང་བའི་རྒྱུ། ཆོས་གཞན་གྱི་གཏོང་རྒྱུའོ། །དང་པོ་ལ། སོ་ཐར་དང་། བསམ་གཏན་དང་། ཟག་མེད་ཀྱི་གཏོང་རྒྱུའོ། །དང་པོ་ལ། སྤྱིར་བསྟན་པ་དང་། འདོད་པ་མི་འདྲ་བའི་ཁྱད་པར་རོ། །དང་པོ་ནི། བསྙེན་གནས་མ་གཏོགས་པའི་སོ་ཐར་གྱི་སྡོམ་པ་ནི། མི་བརྡ་ཕྲད་པའི་དྲུང་དུ་བསླབ་ གཞི་རྣམས་བསམ་པ་ཐག་པ་ནས་སླར་ཕུལ་བས་གཏོང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ངོ་ཞེས་ཡང་དག་པར་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་བསྐྱེད་པའི་ཕྱིར་དང་། ཤི་འཕོས་པ་རིས་མཐུན་པ་བཏང་བས་གཏོང་སྟེ། རྟེན་གང་གིས་སྡོམ་པ་བླང་པའི་ རྟེན་དེ་ཤི་བས་བོར་བའི་ཕྱིར་དང་། སྐྱེས་པ་དང་བུད་མེད་ཀྱི་མཚན་གཉིས་དག་ནི་གཅིག་ཅར་དུ་བྱུང་བས་གཏོང་སྟེ། སྐྱེས་པའམ་བུད་མེད་ཀྱི་རྟེན་གང་གིས་སྡོམ་པ་བླང་བའི་ལུས་ཀྱི་རྟེན་སྐྱེས་པའམ་བུད་མེད་དེ་ཉམས་པའི་ཕྱིར་དང་། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ལས་གཏོང་སྟེ། 3-1-63a སྡོམ་པའི་གཞིའམ་དགེ་རྩ་གསུམ་འཆད་པའི་ཕྱིར་དང་། བསྙེན་གནས་ཀྱི་སྡོམ་པ་ནི་རྒྱུ་དེ་དག་དང་མཚན་མོ་འདས་པ་ལས་གཏོང་སྟེ། ཉིན་མཚན་གཅིག་པུ་དེ་སྲིད་དུ་འཕངས་པའི་ཕྱིར། སོ་སོར་ཐར་པའི་སྡོམ་པ་ཆོས་ཅན། ཁྱོད་ལ་འདུལ་བ་ཞེས་བརྗོད་ དེ། ཁྱོད་ཀྱིས་དབང་པོ་འདུལ་བར་བྱེད་པའི་ཕྱིར་རོ། །གཞན་ཡང་འདུལ་བ་ནས་མཚན་ལན་གསུམ་དུ་གྱུར་པ་དང་། བསྙེན་རྫོགས་ཀྱི་སྡོམ་པ་ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པར་ཤེས་པའང་གཏོང་རྒྱུར་བཤད་དོ། །གཉིས་པ་ལ། རྩ་ལྟུང་གཏོང་རྒྱུར་འདོད་པ། དམ་ཆོས་ ནུབ་པ་དེར་འདོད་པ། ཁ་ཆེ་བས་རྩ་ལྟུང་གཏོང་རྒྱུར་མི་འདོད་པའོ། །དང་པོ་ནི། ཁ་ཅིག་འདིས་ལྟུང་བ་བྱེད་པས་ན་ལྟུང་བར་འགྱུར་བ་བཞི་པོའི་གཞི་གང་ལས་གང་ཡང་རུང་བ་ཞིག་གི་དགེ་སློང་དང་དགེ་སྦྱོང་གི་སྡོམ་པ་གཏོང་ངོ་ཞེས་སྨྲའོ། །གཉིས་པ་ནི། གཞན་དག་ དམ་ཆོས་ནུབ་པ་ལས་སྡོམ་པ་གཏོང་སྟེ། བསླབ་མཚམས་ཐམས་ཅད་དང་གསོ་སྦྱོང་སོགས་ལས་ཀྱི་མཐའ་མེད་པར་འགྱུར་བའི་ཕྱིར་ཞེས་ཟེར་རོ། །གསུམ་པ་ནི། ཁ་ཆེ་བྱེ་སྨྲ་རྣམས་ནི་རྩ་བའི་ལྟུང་བ་བྱུང་བ་ལ་སྟེ་ཚུལ་ཁྲིམས་ཉམས་པའི་རྒྱུད་ལ་སྡོམ་པ་གཏོང་བ་མེད་དོ། ། འདུལ་བ་ལས། གལ་ཏེ་དགེ་སློང་ཚུལ་ཁྲིམས་འཆལ་བ་ཞིག་དགེ་སློང་མ་ལ་རྗེས་སུ་སྟོན་ན་དགེ་འདུན་གྱི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པས། འཆལ་ཚུལ་ནི་ཕས་ཕམ་བྱུང་བ་ལ་བརྗོད་དེ། ཕས་ཕམ་མ་བྱུང་བ་ལ་ནི་བཟློག་སྟེ་རང་བཞིན་དུ་གནས་པའི་ཚུལ་ ཁྲིམས་དང་ལྡན་པ་ཞེས་གསུངས་པའི་ཕྱིར། ཚུལ་འཆལ་ལ་དགེ་སློང་གི་དངོས་པོ་ཡོད་པས་དེ་ལ་ལྟུང་བྱེད་དུ་བཞག་གི། མེད་ན་དེ་ལ་མི་འཇོག་པའི་ཕྱིར། ཡང་ལུང་ལས། ཕས་ཕམ་པ་ཞིག་བྱུང་ཟེར་བས་གཅིག་ཉམས་ཀྱང་གཞན་ཡོད་པར་མངོན་ཏེ། མེད་ན་སྔར་གྱི་ 3-1-63b དེས་སྡོམ་མེད་དུ་སོང་ཙམ་ན་ཕྱི་མ་ཀུན་ལ་ཕམ་པ་མི་འོང་བའི་ཕྱིར་དང་། འོ་ན་དེའི་ཕྱིར་ཁྱིམ་པས་བརྐུས་པ་ལའང་ཕམ་པ་འོང་བར་འགྱུར་རོ། །ཡང་དགེ་སློང་གཅིག་ལ་རྩ་བ་གཅིག་ཉམས་པ་ལ། རྩ་བ་གཅིག་ཉམས་པ་དེ་གཞི་བྱས་ནས་རྩ་བ་གཞན་ལ་སྒྲོ་བཏགས་ནས་ ཚུལ་ཁྲིམས་འཆལ་བ་དེ་ལ་ལྟུང་བྱེད་དུ་འགྱུར་ཟེར་བས་ཚུལ་ཁྲིམས་ཡོད་པར་མངོན་ཏེ། མེད་ན་དེ་ལ་ལྟུང་བྱེད་མི་འོང་བའི་ཕྱིར་དང་། འོང་ན་དེའི་ཕྱིར་ཁྱིམ་པ་གཅིག་གིས་རྩ་བ་གཅིག་ཉམས་པ་དེ་རྩ་བ་གཞན་ལའང་སྒྲོ་བཏགས་ནས་ལྟུང་བྱེད་འབྱུང་བར་ཐལ་ལོ། །རིགས་ པ་ནི་རྩ་བ་གཅིག་ཉམས་པ་ཆོས་ཅན། སྡོམ་པ་ཐམས་ཅད་གཏོང་བ་མིན་ཏེ། ཕྱོགས་གཅིག་ཉམས་པའི་ཕྱིར། འོན་ཀྱང་གྲོགས་མེད་པས་དུམ་གཅིག་གིས་དམན་པར་འགྱུར་ལ། ཡང་ན་ཕྱོགས་གཅིག་ཉམས་པས་ཕྱོགས་གཞན་མི་གཏོང་བར་མ་ཟད། སྲོག་གཅོད་ སྤོང་བ་རང་ལ་ཡང་མཐའ་དག་མ་ཉམས་ཏེ། ལྷ་སྦྱིན་ལ་བལྟོས་པའི་ཤོར་ཀྱང་གཞན་ལ་བལྟོས་ཏེ་མ་ཤོར་བའི་ཕྱིར། དེས་ན་ཕམ་པ་མ་གཏོགས་དགེ་འདུན་ལྷག་མ་སོགས་བྱུང་བ་ལ་ནི་ཚུལ་འཆལ་དུ་མི་བརྗོད་དོ། །འོ་ན་རྩ་ལྟུང་བྱུང་བ་ལ་ཚུལ་ཁྲིམས་དང་འཆལ་བའི་ ཚུལ་ཁྲིམས་གཉིས་སུ་ཡོད་པར་འདོད་དེ། །མི་འགའ་ལ་བུ་ལོན་ཀྱང་ཡོད། ནོར་ཡང་ཡོད་པ་བཞིན་ལྟུང་བྱེད་དེ་བཤགས་པར་བྱས་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་གྱི། འཆལ་བ་མ་ཡིན་ཏེ། བུ་ལོན་གཅལ་ན་ནོར་ཡོད་པ་ཡིན་གྱི། བུ་ལོན་ཆགས་པ་མ་ཡིན་པ་བཞིན་ནོ། ། ཞེས་ཟེར་རོ། །ཕམ་པ་ལ་ནི་བཤགས་པས་ལྡང་བ་མེད་པ་མ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཡིན། དགེ་སྦྱོང་མ་ཡིན། ཤཱཀྱའི་བུ་མ་ཡིན། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར། དེའི་དགེ་སྦྱོང་གི་ཚུལ་ཁྲིམས་ཞིག་པར་འགྱུར། ཉམས་ 3-1-64a པ་དང་། བཅོམ་པ་དང་། ལྟུང་བ་དང་། ཕམ་པར་འགྱུར་ཞེས་གང་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ནི་ཉོན་མོངས་པ་སྤོང་བའི་དགེ་སློང་མ་ཐོབ་པ་ལས་ཉམས་པ་ཡིན་ཏེ། ལྟུང་བར་འགྱུར་བ་འབྱུང་བ་དེ་ནི་བདེན་པ་མཐོང་བའི་སྐལ་བ་མེད་པ་ཉིད་ཀྱིས་ དོན་དམ་པའི་དགེ་སློང་དུ་མ་གྱུར་པའི་ཕྱིར། དེ་སྐད་དུ་གསུངས་སོ་ཞེ་ན། མདོ་སྡེ་པས། ཁྱེད་ཀྱི་ལུགས་འདི་ནི་མི་འཐད་དེ། སྔར་ཁྱེད་ཀྱིས་དྲང་བའི་ཕམ་པ་བཞི་ག་བྱུང་བྱ་བའི་ལུང་དེའང་རེས་འཇོག་ཏུ་ཕྱིས་ཀྱང་ཕམ་པ་འོང་ན་སྟེ་ཚུལ་ཁྲིམས་ཡོད་དུ་རུང་བ་ལ་དུས་ གཅིག་ཏུ་བྱུང་བ་ཡིན་ཏེ། རང་གི་བུད་མེད་ལ་བགྲོད་པའི་དུས་དེ་གར་སྲོག་གཅོད་དུ་ཡང་བཅུག །མ་བྱིན་པར་ལེན་དུ་ཡང་བཅུག །རྫུན་ཀྱང་སྨྲར་བཅུག་པས་དུས་གཅིག་ཏུ་བྱུང་བ་ཡིན། སྒྲོ་བཏགས་པ་དང་དགེ་སློང་མ་ལ་སྟོན་པ་དེ་ཀུན་གང་ཟག་གཞན་ཞིག་གིས་ དགེ་སློང་མིན་པའི་ཚུལ་འཆལ་དེ་ལ་དགེ་སློང་དུ་གོ་ནས་ལྟུང་བྱེད་དུ་གོ་བའམ། ཡང་ན་དེ་ལྟ་བུ་དེ་ཡང་ཚུལ་ཁྲིམས་དང་ལྡན་པ་སྐད་དུ་བསྟན་པ་ནི། གཞན་མ་ཉམས་པ་ལ་ཕན་ཡོན་དུམ་རེའང་ཡོད་པར་སྟོན་པ་ལ་དགོངས་སོ། །ཁྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་དགེ་ སློང་མིན་དགེ་སྦྱོང་མིན་ཅེས་གསུངས་པའི་འབྲུ་གནོན་ནི་ཐུག་ཐུབ་ཏུ་སྨྲ་བ་ཡིན་ཏེ། སྒྲ་ཐད་སོ་དེ་ངེས་དོན་ཡིན་པ་གང་ཞིག །དེ་དོན་དམ་པའི་དགེ་སློང་མིན་པར་དྲངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་ལྟར་མ་ཡིན་ན་རྩ་བའི་ལྟུང་བས་ཀྱང་དགེ་སློང་ཉིད་ཉམས་ པར་མི་འགྱུར་སྙམ་དུ་ལྟུང་བ་དེ་དག་བྱེད་པའི་ངན་མིག་བསྐྱེད་པའི་ཕྱིར་རོ། །དེས་ན་ལུང་འདི་སྒྲ་ཇི་བཞིན་པའི་ངེས་དོན་ཡིན་ཏེ། གསོལ་བཞིའི་ལས་ཀྱི་དགེ་སློང་ཚུལ་ལྡན་གྱི་སྡོམ་པ་གཏོང་བའི་སྐབས་དོན་ཡིན་པའི་ཕྱིར་དང་། དེ་ལས་གཞན་པ་བསྙེན་པར་མ་རྫོགས་ 3-1-64b ཀྱང་མིང་དགེ་སློང་དུ་བཏགས་པ་དང་། མི་ཚངས་པར་སྤྱོད་པ་ཚུལ་འཆལ་སོགས་ཁས་འཆེ་བའི་དགེ་སློང་དང་། ཟས་འཚོ་བའི་ཕྱིར་རབ་ཏུ་བྱུང་ནས་སྤྲང་བའི་ཕྱིར་སློང་བའི་དགེ་སློང་དང་། ཉོན་མོངས་བཅོམ་པའི་དགེ་སློང་གཏོང་བ་བཞི་ལ་དགོངས་པ་མ་ཡིན་པའི་ཕྱིར་ རོ། །ལུང་དེ་དོན་དམ་པའི་དགེ་སློང་གཏོང་བ་ལ་གསུངས་པ་མིན་ཏེ། ཚུལ་འཆལ་དེ་སྔོན་དོན་དམ་པའི་དགེ་སློང་དུ་མ་གྱུར་པའི་ཕྱིར། ཕྱོགས་གཅིག་ཉམས་པས་ཀུན་གཏོང་བ་རིགས་པར་ཐལ། སྟོན་པ་ཉིད་ཀྱིས་ཤིང་ཏ་ལའི་མགོ་བཅད་ན་འཕེལ་དུ་མི་རུང་བའི་དཔེ་ དང་བཅས་ནས་གཅིག་བཏང་བས་ཀུན་གཏོང་བར་གསུངས་པའི་ཕྱིར་རོ། །མདོར་ན་དགེ་སློང་གི་དངོས་པོའི་མཚམས་འཇིག་བྱེད་རྩ་ལྟུང་ལྕི་བ་བྱུང་ན་ཆོས་ཅན། སྡོམ་པ་ཟད་པ་གཏོང་བར་རིགས་ཏེ། ཁྲེལ་མེད་པ་ཤས་ཆེན་པོ་དང་ལྡན་པས་སྡོམ་པའི་རྩ་བ་ཆད་པའི་ཕྱིར། ཚུལ་འཆལ་ལ་དགེ་སློང་གི་དངོས་པོ་ཅི་འདྲ་ཞིག་ཡོད་དུ་རུང་སྟེ་མི་རུང་བར་ཐལ། སྟོན་པས་གང་ལ་དགེ་འདུན་གྱི་ཞལ་ཟས་དང་། གཙུག་ལག་ཁང་དག་ལ་ཁམ་གཅིག་དང་། གོམ་པ་གཅིག་དོར་བའི་ཕྱོགས་ལོངས་སྤྱོད་པར་ཡང་མ་གནང་བས་དགེ་སློང་རྣམ་ དག་ལས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐམས་ཅད་ལས་བཀར་བའི་ཕྱིར་དང་། དགེ་སློང་མིན་ལ་དགེ་སློང་དུ། །སྨྲ་བ་པྲེ་ད་བསལ་བར་གྱིས། །ཤིང་རུལ་དག་ནི་སྤང་བར་གྱིས། །སྙིང་པོ་མེད་པར་དོར་བར་གྱིས། །ཞེས་གསུངས་པའི་ཕྱིར། པྲེ་ད་ནི། ནས་ འདྲ་བ་ཞིག་གིས་ནས་མ་རུང་བར་བྱེད་པ་དེ་བཞིན་དུ་དགེ་སློང་མ་ཡིན་པ་དགེ་སློང་གི་ཤ་ཚུགས་ཅན་དེ་དོར་དགོས་པར་བསྟན་ཏོ། །བྱེ་སྨྲས། ཚུལ་འཆལ་ལ་དགེ་སློང་གི་སྡོམ་པ་ཅི་འདྲ་ཞིག་ཡོད་ཀྱང་རུང་ཆོས་ཅན། དགེ་སློང་གི་དངོས་པོ་ནི་ཡོད་དེ། བཅོམ་ལྡན་ 3-1-65a འདས་ཀྱིས། དགེ་སྦྱོང་བཞི་སྟེ་ལྔ་པ་མེད། །ལམ་གྱིས་རྒྱལ་དང་ལམ་སྟོན་དང་། །ལམ་གྱིས་འཚོ་དང་ལམ་སུན་འབྱིན། །ཅེས་གསུངས་པའི་ཕྱིར། ཁྱབ་པ་ཡོད་དེ། ལམ་སུན་འབྱིན་པའི་དགེ་སློང་ཚུལ་འཆལ་ལ་བཤད་པའི་ཕྱིར་དང་། ལམ་ གྱིས་འཚོ་བ་ཚུལ་ལྡན་དང་། ལམ་སྟོན་སངས་རྒྱས་དང་། ལམ་གྱིས་རྒྱལ་བ་སློབ་པ་དང་། མི་སློབ་པ་ལ་བཤད་པའི་ཕྱིར་རོ་ཞེ་ན། ཚུལ་འཆལ་ལ་དགེ་སློང་དུ་གསུངས་པ་ཆོས་ཅན། དགེ་སློང་ཡིན་ནས་དེར་བསྟན་པ་མ་ཡིན་ཏེ། དགེ་སློང་གི་ཤ་ཚུགས་ཙམ་ལ་དགོངས་ ཏེ་དེར་བསྟན་པའི་ཕྱིར། ཤིང་ཚིག་པ་ལ་ཤིང་དང་། མཚེའུ་སྐམ་པ་ལ་མཚེའུ་དང་། ནེ་ཙོའི་གཟུགས་ཀྱི་མཆུ་ལ་ནེ་ཙོའི་མཆུ་དང་། ས་བོན་རུལ་བ་ལ་ས་བོན་དང་། མགལ་མེ་འཁོར་བ་ལ་འཁོར་ལོ་དང་། སེམས་ཅན་ཤི་བའི་རོ་ལ་སེམས་ཅན་ཞིག་འདུག་གོ་ཞེས་ བརྗོད་པ་བཞིན་ནོ། །བྱེ་སྨྲས། འཆལ་བའི་ཚུལ་ཁྲིམས་ཀྱིས་དགེ་སློང་མ་ཡིན་པ་ཁོ་ནར་འགྱུར་ན་ནི་ཆོས་ཅན། བསླབ་བྱིན་དགེ་སློང་མེད་པར་ཐལ། དེ་བསྙེན་པར་རྫོགས་པ་ཡང་མི་བྱེད་ལ། དེ་དགེ་སློང་ཡང་མ་ཡིན་པའི་ཕྱིར་ཞེས་ཟེར་རོ། ། དེ་ལ་ཁོ་བོ་ཅག་མདོ་སྡེ་པས། བསླབ་བྱིན་དགེ་སློང་མ་ཡིན་པའི་རྟགས་ཕྱི་མ་ཆོས་ཅན། འཆལ་ཚུལ་གྱིས་དགེ་སློང་མིན་པར་བྱས་པའི་སྟེང་དུ་མ་གྲུབ་སྟེ། མི་ཚངས་པར་སྤྱོད་པའི་ལྟུང་བ་བྱུང་བའི་མོད་ཁོ་ན་ལ་ཕས་ཕམ་པར་མི་འཇོག་པའི་ཕྱིར། བཅབ་སེམས་ཡོད་ན་ཕས་ཕམ་པར་འགྱུར་བའི་ཕྱིར་ཚུལ་ཁྲིམས་ འཆལ་པ་ཅན་ཡིན་ལ། དེ་མེད་ན་ནི་དེའི་ཕྱིར། དེ་ཚུལ་འཆལ་མིན་པས་བསླབ་སྦྱིན་དགེ་སློང་དུ་འཐད་པ་འདི་ནི་ཆོས་ཀྱི་རྗེ་རིན་པོ་ཆེ་ཤཱཀྱ་ཐུབ་པས་རྣམ་པར་བཞག་གོ། འོ་ན་ཕས་ཕམ་གྱི་དགེ་སློང་གཏོང་བ་ན་ཆོས་ཅན། དེ་ལྟ་བུ་དེ་རབ་ཏུ་དབྱུང་རིགས་པར་ཐལ། དེ་ལ་འཆལ་ 3-1-65b ཚུལ་གྱི་སྡོམ་པ་སྔ་མས་སྡོམ་པ་ཕྱི་མ་སྐྱེ་བའི་གོ་བཀག་པ་མེད་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། དེ་རབ་ཏུ་མི་འབྱུང་བ་འཆལ་ཚུལ་གྱི་གོ་བཀག་པའི་ཆ་ནས་རབ་ཏུ་མི་འབྱིན་པ་མ་ཡིན་ལ། དེ་རྒྱུད་ཁྲེལ་མེད་ཤས་ཆེན་པོས་ཉམས་པར་བྱས་པས་སྡོམ་པའི་སྐལ་བ་མེད་པས་ ན་རབ་ཏུ་དབྱུང་བ་མ་ཡིན་པའི་ཕྱིར། དེས་ན་ཕས་ཕམ་ཅན་ནི་ཆོས་ཅན། བསླབ་པ་མ་ཕུལ་ན་རབ་ཏུ་མི་འབྱིན་པ་ཨ་ཅང་ཆེ་བར་མ་ཟད། སྡོམ་པ་ཕུལ་ཡང་རུང་། རབ་ཏུ་དབྱུང་མི་རིགས་ཏེ། རྒྱུད་ཁྲེལ་མེད་ཆེན་པོས་ཉམས་ནས་སྡོམ་པའི་སྐལ་བ་མེད་པའི་ཕྱིར། མདོར་ ན་ཕས་ཕམ་ཅན་དགེ་སློང་ཡིན་པར་སྒྲུབ་པ་འདི་ལ་ནི་འབད་པས་སྒྲུབ་མི་རིགས་ཏེ། དེ་དགེ་སློང་མིན་པའི་ཕྱིར། ནན་གྱིས་ཡིན་ནོ་ཞེ་ན། ཁྱེད་འདོད་པའི་དགེ་སློང་དེ་འདྲ་ལ་ང་ཕྱག་འཚལ་ལོ་སྟེ་མི་འཚལ་བའོ། །དམ་ཆོས་ནུབ་པ་ན། སྔོན་མེད་པའི་སྡོམ་པ་ཐོབ་པ་ནི་མེད་ དེ། འདུལ་བའི་ལས་ནུབ་པའི་ཕྱིར། ཐོབ་ཟིན་གཏོང་བ་ནི་མེད་དེ། གཏོང་རྒྱུས་གཏོང་བར་མ་བྱས་པའི་ཕྱིར། སྨྲས་པ། བདག་གིས་འཁོར་བའི་མནག་པ་མ་བཟོད་ནས། །གཅིག་ཏུ་ཞི་བའི་གནས་ལ་ཕྱོགས་གྱུར་ཀྱང་། །ཐོག་མེད་དུས་ཀྱི་མ་རྒན་ཚན་པོ་ཆེ། །སྡུག་ བསྔལ་དང་དྲག་མྱོང་འདིར་མ་བཟོད་ནས། །བླ་མེད་རྫོགས་སངས་ཀྱི་གོ་འཕང་འདོད། །དེ་ཕྱིར་བདག་གིས་བསྟན་བཅོས་ཆེ་འདིར་འབད། །གཉིས་པ་བསམ་གཏན་གྱི་གཏོང་རྒྱུ་ལ། དངོས་དང་། ཞར་བྱུང་ངོ་། །དང་པོ་ནི། བསམ་གཏན་དུ་གཏོགས་པའི་དགེ་བ་ ཐམས་ཅད་ནི་འོག་ས་ནས་གོང་སར་སྐྱེས་པ་དང་། གོང་ས་ནས་འོག་སར་སྐྱེས་པ་ན་རིམ་པ་ལྟར་འོག་ས་དང་གོང་སས་བསྡུས་པ་གཏོང་བས་ན་ས་འཕོས་པ་དང་། སྙོམས་པར་འཇུག་པ་དེ་ཐོབ་ན་ཡང་ཉམས་ཏེ་རྒྱུ་གཉིས་པོ་དག་གིས་གཏོང་ངོ་། །འདི་ལ་ཡང་རྟེན་འདོད་ 3-1-66a ཁམས་པའི་རྟེན་དེ་ལ་དང་པོའི་སེམས་ཐོབ་པ་ཤི་ནས་དང་པོར་སྐྱེ་བ་དེ་ནི་རང་སར་སོང་བ་ཡིན་གྱི། ས་འཕོས་པ་མ་ཡིན། འོ་ན་དང་པོའི་སེམས་ཐོབ་པ་དང་པོ་ལས་འདོད་ཆགས་དང་བྲལ་ནས་ཤི་ནས་གཉིས་པ་ལྟ་བུར་སྐྱེས་ན་ས་འཕོས་པ་ཡིན། དང་པོར་སྐྱེས་པ་དེ་ཤི་འཕོས་ནས་གཉིས་པར་སྐྱེས་པ་ནི་ས་འཕོས་པ་ཡིན་ནོ། །ཡང་དཔལ་ཤཱཀྱ་མཆོག་ལྡན་ན་རེ། འདོད་པའི་རྟེན་ལ་དངོས་གཞིའི་སྙོམས་འཇུག་བརྒྱད་ཀ་མངོན་དུ་བྱས་པ་ཞིག་གི་འོག་ས་འོག་སའི་ཆགས་བྲལ་ལས་ཉམས་ནས། འོག་སའི་དངོས་གཞི་ ཕན་ཡོན་གྱི་ཡན་ལག་དང་དམིགས་རྣམ་མངོན་དུ་བྱས་པ་དེའི་ཚེ་འོག་སར་འཕོས་པར་ཡིན་ཏེ། གོང་མའི་དགེ་བ་དག་པ་བ་གཏོང་ཞིང་། འོག་མའི་དངོས་གཞི་རྒྱུད་ལ་སྐྱེས་པའི་ཕྱིར་ཞེས་སྨྲ་མོད། སྐབས་དོན་མིན་པས་འཐད་པ་མིན་ཏེ། ཁྱེད་ཀྱི་ས་འཕོས་པའི་འཇོག་ མཚམས་དེ་ནི་རྒྱུ་སྙོམས་འཇུག་གི་བསམ་གཏན་གཏོང་མཚམས་ལ་ཡིན་ན་འཐད་དུ་ཆུག་ཀྱང་། འདིར་ནི་འབྲས་བུ་སྐྱེ་བའི་བསམ་གཏན་གཏོང་བའི་སྐབས་ཡིན་པས་མི་འཐད་པའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱིས་ བསམ་གཏན་དང་པོ་པའི་ས་པ་གཉིས་པར་ས་འཕོས་པ་དེ་བསམ་གཏན་གཉིས་པར་སྐྱེ་བ་མ་བླངས་གོང་དུ་ས་འཕོ་དགོས་ཏེ། འོག་སའི་རྟེན་ལ་གོང་མའི་དངོས་གཞི་མངོན་དུ་བྱེད་དགོས་པའི་ཕྱིར། ཞེས་ཟེར་བ་ཡང་སྙིང་པོ་མེད་པ་སྟེ། འོ་ན་འདོད་པའི་རྟེན་ཅན་ལ་སྙོམས་ འཇུག་བརྒྱད་ཀ་མངོན་དུ་བྱས་པ་དེ་གོང་མ་གོང་མ་ལས་ཉམས་ནས་འོག་མ་འོག་མར་ལྟུང་བ་དེའི་ཚེ་ཆོས་ཅན། བསམ་གཏན་གཉིས་པའི་ས་མ་འཕོས་བཞིན་དུ་བསམ་གཏན་དང་པོའི་ས་པར་འཕོས་པར་ཐལ། བསམ་གཏན་དང་པོའི་ས་པ་མ་འཕོས་པར་བསམ་གཏན་ 3-1-66b གཉིས་པའི་ས་ཡང་འཕོས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན་ས་འཕོས་པ་ལ་གོང་འོག་ཏུ་སྐྱེ་བ་ལེན་དགོས་པར་བཤད་པ་དང་འགལ། འཁོར་གསུམ། མདོར་ན་ས་འཕོས་པས་གཏོང་བ་ནི། གོང་འོག་ཏུ་སྐྱེ་བ་བླངས་པས་གཏོང་བ་དང་། འཆི་འཕོ་བས་གཏོང་ བ་གཉིས་གནད་མི་གཅིག་པ་ལ། ཁྱེད་ཅག་དེ་གཉིས་གནད་གཅིག་པར་འགྲོ་ཡིས་དོགས་ནས་བརྒལ་བརྟགས་མང་དུ་བྱས་པ་ཐམས་ཅད་ཕྱོགས་འདི་ཉིད་མ་མཐོང་བའི་རྣམ་འགྱུར་ཁོ་ནར་བས་སོ། །ཤི་འཕོས་པས་ཅུང་ཟད་གཏོང་བར་འགྱུར་བའི་ཅུང་ཟད་ནི་འདོད་པའི་རྟེན་ ལས་གོང་མའི་ཉེར་བསྡོགས་མངོན་དུ་བྱས་པ་དང་། འཕགས་རྒྱུད་ལ་བསམ་གཏན་བཞི་པའི་དངོས་གཞི་ལྟ་བུ་ལ་བརྟེན་པའི་ངེས་འབྱེད་ཆ་མཐུན་ནི་ས་མ་འཕོས་པས་མི་གཏོང་ཡང་། སོ་སོ་སྐྱེ་བོའི་ངེས་འབྱེད་བཟོད་པའི་བར་བསྐྱེད་པ་དེ་ནི་ས་འཕོ་བ་མེད་ཀྱང་། འདོད་པའི་ ཁམས་སུ་ཤི་ནས་དེ་ཉིད་དུ་སྐྱེ་བ་ན་གཏོང་ངོ་། །དེས་ན། འཕགས་པས་དེ་དག་ས་བོར་བས། །གཏོང་ངོ་འཕགས་མིན་འཆི་བས་སོ། །ཞེས་བཤད་པའི་ཕྱིར། འོན་ཀྱང་དམིགས་ཕྱེད་དགོས་ཏེ། སོ་སྐྱེའི་སྦྱོར་ལམ་བཟོད་ཆེན་དང་ཆོས་མཆོག་ལ་གནས་བཞིན་དུ། འཆི་བ་ནི་མེད་དེ། དེ་ནི་ སྐད་ཅིག་གཅིག་དེ་ལས་མེད་པས་དེའི་སྐད་ཅིག་གི་གོ་སར་འཆི་སྲིད་ཀྱི་སྐད་ཅིག་མི་ཤོང་བའི་ཕྱིར། བཟོད་འབྲིང་མན་ཆད་ནི་ཉེར་བསྡོགས་ལ་གནས་པ་ལྟ་ཅི་སྨོས། དངོས་གཞི་ལ་བརྟེན་པ་ཡིན་ཀྱང་ངེས་ཆ་ནི་གཏོང་ལ། དངོས་གཞི་ནི་མི་གཏོང་སྟེ། རང་ས་ནས་རང་སར་ སྐྱེ་བ་གཏོང་རྒྱུ་མ་ཡིན་པའི་ཕྱིར། ངེས་ཆ་ནི་འཆི་འཕོ་བ་ཉིད་ཀྱིས་གཏོང་སྟེ། དངོས་གཞི་ཅན་ཤི་འཕོས་ནས་གོང་མར་སྐྱེ་བ་ལས་འོས་མེད་ལ། གོང་མའི་རྟེན་ལ་ངེས་འབྱེད་ཆ་མཐུན་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་གཏོགས་ཀྱི་དགེ་བ་ས་འཕོས་པ་དང་། 3-1-67a ཉམས་པས་གཏོང་བ་དེ་བཞིན་དུ་གཟུགས་མེད་དུ་གཏོགས་པའང་དེ་དག་གིས་གཏོང་ངོ་། །འདིར་གཟུགས་མེད་ཉེར་བསྡོགས་ཤི་འཕོས་ནས་གཏོང་བའི་རྣམ་གཞག་མ་བྱས་པ་ནི་ཡོངས་སུ་ཉམས་པའི་ནང་དུ་བསྡུས་པ་ཡིན་ལ། སྦྱོར་ལམ་ནི་གཟུགས་ མེད་ལ་བརྟེན་མི་སྲིད་པས་ངེས་འབྱེད་ཀྱང་འདིར་འཆི་འཕོ་བས་གཏོང་བར་འཆད་མི་དགོས་པའི་ཕྱིར་རོ། །གསུམ་པ་ཟག་མེད་ཀྱི་གཏོང་རྒྱུ་ནི། འཕགས་པའི་དགེ་བ་ཟག་མེད་ནི། །དཔེར་ན། ཕྱིར་འོང་གི་འབྲས་བུ་ཐོབ་པ་ན་རྒྱུན་དུ་ཞུགས་པའི་སྦྱོར་བ་དང་། བར་ཆད་མེད་ པ་དང་རྣམ་པར་གྲོལ་བའི་ལམ་སྔ་མ་གཏོང་བར་འགྱུར་རོ། །དབང་པོ་སྦྱངས་པ་ལས་ནི་དབང་པོ་རྟུལ་པོའི་ལམ་གཏོང་བར་འགྱུར་རོ། །ཕྱིར་མི་འོང་གི་འབྲས་བུ་ལས་ཡོངས་སུ་ཉམས་པ་ལས། ཕྱིར་མི་འོང་གི་འབྲས་བུ་གཏོང་བ་སྟེ། དེ་ཡང་ཕྱིར་མི་འོང་ཙམ་ནི་འདོད་ པའི་དགུ་པ་མན་ཆད་སྤངས་པ་ཙམ་ཡིན་གྱི། དེའང་ཉམས་ནས་འདོད་པའི་ཉོན་མོངས་ཀྱིས་གོས་པ་དེ་ནི་ཕྱིར་མི་འོང་ཙམ་ལས་ཉམས་པ་ཡིན་གྱི། ཕྱིར་མི་འོང་ཁྱད་ཅན་ལས་ཉམས་པ་མིན་ཏེ། ཕྱིར་མི་འོང་ཁྱད་ཅན་མ་ཐོབ་པས་དེ་ལས་ཉམས་རྒྱུ་མེད་པའི་ཕྱིར། ཕྱིར་ མི་འོང་ཁྱད་ཅན་ནི། ཅི་ཡང་མེད་མན་ཆད་ལ་འདོད་ཆགས་དང་བྲལ་བ་ཡིན་པ་ལ་དེ་ལས་ཉམས་ཏེ་བསམ་གཏན་བཞི་པ་ལྟ་བུའི་ཉོན་མོངས་རྒྱུད་ལ་སྐྱེས་པ་དེ་ཕྱིར་མི་འོང་ཁྱད་ཅན་ལས་ཉམས་པ་ཡིན་གྱི། ཕྱིར་མི་འོང་ཙམ་པོ་ལས་ཉམས་པ་མིན་ཏེ། འདོད་པའི་དགུ་པ་ སྤངས་པ་ལས་མ་ཉམས་པའི་ཕྱིར་རོ། །ཅི་ཡང་མེད་མན་ཆད་ཀྱི་འདོད་ཆགས་དང་བྲལ་བ་དེ་འདོད་པའི་ཉོན་མོངས་ཀྱིས་གོས་ན་ཕྱིར་མི་འོང་ཙམ་པོ་དང་ཁྱད་ཅན་གཉིས་ཀ་ལས་ཉམས་པའོ། །ཕྱིར་མི་འོང་གི་འབྲས་བུ་ཙམ་པོ་ནི་དྲུག་པ་སྤངས་པ་ཡིན་ལ། ཁྱད་ཅན་ 3-1-67b ནི་བདུན་པ་དང་བརྒྱད་པ་སྤངས་བ་ཡིན་ནོ། །གཉིས་པ་སྡོམ་མིན་གྱི་གཏོང་རྒྱུ་ནི། སྡོམ་མིན་ནི་སྡོམ་པ་ཐོབ་པས་གཏོང་བ་དང་སྟེ། དེ་ཡང་བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་ཐོབ་པས་སྡོམ་མིན་གཏོང་གི། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཐོབ་པས་མི་གཏོང་སྟེ། སྔར་གྱི་གཉིས་པོས་བཏང་ཟིན་པའི་ཕྱིར། འདི་ཡང་ཚིགས་གསུམ་རིམ་ནོད་ཀྱི་དབང་དུ་བྱས་པ་ལ་ཡིན་ལ། དེ་ལྟར་མིན་ན་ཕྱི་མ་གཉིས་ཀྱི་ཡང་སྡོམ་མིན་གཏོང་ངོ་། །སྡོམ་མིན་དེ་སོ་ཐར་གྱི་སྡོམ་པ་མ་ཐོབ་ཀྱང་བསམ་གཏན་གྱི་སྡོམ་པ་ཐོབ་ནས་གཏོང་བ་ཡོད་དེ། གང་ཟག་ ཁ་ཅིག་ལ་སྔོན་གྱི་སྐལ་མཉམ་གྱི་རྒྱུས་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་ན་དེས་སྡོམ་པ་མ་ཡིན་པ་གཏོང་། གང་ཟག་ཕྱི་རོལ་མུ་སྟེགས་པ་ཁ་ཅིག་ལ་སོ་ཐར་གྱི་སྡོམ་པ་མེད་ཀྱང་གཞན་གྱིས་ཐོབ་པ་ལ་བརྟེན་ནས་བསམ་གཏན་གྱི་ཏིང་ངེ་འཛིན་བསྐྱེད་ནས་བསམ་གཏན་གྱི་སྡོམ་ པ་ཐོབ་ན་སྡོམ་མིན་གཏོང་ངོ་། །ཤི་དང་མཚན་གཉིས་བྱུང་བ་ལས་སྡོམ་མིན་གཏོང་སྟེ། ལུས་བོར་བ་དང་རྟེན་ཉམས་པའི་ཕྱིར་རོ། །མཚོན་དང་རྒྱ་མི་བྱ་བར་བསམ་པ་ཐག་པ་ནས་བོར་བ་ཆོས་ཅན། སྡོམ་མིན་ཆད་པ་མེད་དེ། སྡོམ་པ་ཐོབ་པ་མེད་པའི་ཕྱིར། དཔེར་ན། ནད་ཀྱི་གཞི་ཟས་མི་འཕྲོད་པ་ཡོངས་སུ་སྤངས་ཀྱང་། སྨན་མེད་བར་ནད་རྙིང་མི་བཟློག་པ་བཞིན་ནོ། །ཡང་སྡོམ་མིན་ཅན་ཞིག་གིས་བསྙེན་གནས་ཞག་གཅིག་སྲུངས་ནས། ཞག་གཉིས་ཕན་ཆད་དུ་དེ་སྡོམ་མིན་ཅན་ནམ། སྡོམ་ལྡན་ཅན་གང་ཡིན་ཅེ་ན། ཁ་ཅིག་ན་རེ། དེ་སྡོམ་མིན་ཅན་ཡིན་ཏེ། ཉ་སྟོང་ཚེས་བརྒྱད་འདས་མ་ཐག་རི་དྭགས་བསད་མནོ་བའི་ཕྱིར། ལྕགས་ཀྱི་ཐོ་ལུམ་འབར་བ་ཡང་གྲང་མ་ཐག་སྔོན་པོར་འགྱུར་བ་བཞིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ། བསྙེན་གནས་པ་དེ་ཞག་གཉིས་པ་ཕན་དུ་སྡོམ་མིན་ཐོབ་པ་ལ་ 3-1-68a བོང་རྒྱ་འཆོར་བ་སོགས་སྦྱོར་བ་བྱེད་ན་སྡོམ་མིན་གྱི་རིག་མིན་ཐོབ་སྟེ། སྡོམ་མིན་ནི་རིག་བྱེད་ལ་རགས་ལུས་པའི་ཕྱིར་རོ་ཞེས་ཟེར་རོ། །གསུམ་པ་བར་མའི་གཏོང་རྒྱུ་ནི། སྡོམ་པ་དང་སྡོམ་མིན་གྱི་བར་པ་རིག་མིན་ཇི་ལྟར་གཏོང་ཞེས་འདྲི་བ་ཡིན་ལ། འདི་ལ་རིག་མིན་སྨོས་པས་གཞན་རིག་བྱེད་སྨོས་པ་ཡིན་ཟེར། ཡང་ཁ་ཅིག་བར་མའི་རིག་མིན་ནི། རང་ཀུན་ནས་སློང་བའི་རིག་བྱེད་འདས་པའི་ཐོབ་པས་གཏོང་ལ། འདིར་མ་སྨོས་པས་རིག་མིན་ཁོ་ན་སྨོས་པ་ཡིན་ནོ། །དེ་ཡང་འདོད་ལོག་མ་གཏོགས་རིག་མིན་དང་། དེ་ལ་གཉིས་ཀ་ཡོད་པར་བསྟན་པ་ལྟ་བུ་སྟེ། མི་དགེ་དྲུག་རྣམ་རིག་བྱེད་མིན། །གཅིག་ནི་རྣམ་གཉིས་ཞེས་པ་ལྟ་བུའོ། །བར་མ་རིག་མིན་ནི། རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་གང་གིས་རིག་བྱེད་མིན་པ་འཕངས་པ་དེ་ཆད་པས་གཏོང་སྟེ། རྫ་མཁན་ གྱི་འཁོར་ལོ་དང་མདའི་འགྲོས་བཞིན་ནོ། །བླངས་པ་འདིས་ཆོག་གོ་ཞེས་ཡང་དག་པར་བླངས་པ་བཏང་བ་ལས་ཀྱང་གཏོང་ལ། ཇི་ལྟར་བླངས་པ་བཞིན་མི་བྱེད་དེ་བྱ་བ་འཆད་པ་ལས་ཀྱང་གཏོང་བ་དང་། དོན་མཆོད་རྟེན་དང་། ཀུན་ར་དང་། གཙུག་ལག་ཁང་ དང་། མལ་ཆ་དང་། སྟན་དང་། གདོས་དང་། རྒྱ་དང་། མཚོན་དང་། དུག་ཆད་པས་ཀྱང་གཏོང་ངོ་། །ཚེ་ཆད་པས་ཀྱང་གཏོང་ངོ་། །དགེ་བའི་རྩ་བ་ཆད་པ་ལས་བར་མ་དགེ་བ་གཏོང་ངོ་། །འདོད་པའི་འདོད་ཆགས་དང་བྲལ་བ་ན་མི་དགེ་བའི་རྩ་བ་ཆད་པའི་ཕྱིར་ བར་མ་མི་དགེ་བ་གཏོང་ངོ་། །བཞི་པ་ཆོས་གཞན་གྱི་གཏོང་རྒྱུ་ལ། གཟུགས་མིན་དགེ་བ་གཏོང་རྒྱུ། གཟུགས་མིན་ཉོན་མོངས་ཅན་གཏོང་རྒྱུའོ། །དང་པོ་ནི། འདོད་གཏོགས་ཀྱི་དགེ་བ་གཟུགས་ཅན་མིན་པ་ནི་དགེ་རྩ་ཆད་པ་དང་། གཟུགས་དང་གཟུགས་མེད་ 3-1-68b པའི་ཁམས་གོང་དུ་སྐྱེས་པ་ལས་གཏོང་ངོ་། །རྒྱལ་པོའི་སྲས་ཀྱིས། ཡིད་མི་བདེའི་དབང་པོ་དགེ་བར་གྱུར་པ་ནི་འདོད་ཆགས་དང་བྲལ་ཀྱང་ཅུང་ཟད་གཏོང་བར་གསུང་ངོ་། །གཉིས་པ་ནི། ཁམས་གསུམ་པའི་ཉོན་མོངས་པ་ཅན་གཟུགས་ཅན་མིན་པ་ནི། འཇིག་ རྟེན་དང་འཇིག་རྟེན་ལས་འདས་པ་སྤོང་བའི་ལམ་མཐོང་བ་དང་སྒོམ་པའི་ལམ་གྱིས་གཉེན་པོ་སྐྱེས་པས་ཉེ་བའི་ཉོན་མོངས་པ་འདི་དང་ལྷན་ཅིག་འབྱུང་བའི་ཐོབ་པ་སོགས་རྗེས་འབྲངས་དང་བཅས་པ་རྣམ་པར་ཉམས་པར་འགྱུར་རོ། །འདིར་ཉོན་མོངས་དང་ཉེ་ཉོན་ཐམས་ ཅད་བསྡུ་བར་འདོད་ནས་ཉེ་ཉོན་སྨོས་ཏེ། བསྟན་བཅོས་ལས། རེ་ཞིག་ཉོན་མོངས་པ་གང་ཡིན་དེ་དག་ཐམས་ཅད་ནི་ཉེ་བའི་ཉོན་མོངས་པའང་ཡིན་ཏེ། །ཉེ་བའི་ཉོན་མོངས་པ་ཡིན་ལ་ཉོན་མོངས་པ་མ་ཡིན་པའང་ཡོད་དོ། །ཞེས་བཤད་པའི་ཕྱིར་རོ། །བཞི་པ་གང་ཟག་གང་ ལ་ལྡན་ཚུལ་ལ། སྡོམ་མིན་ལྡན་ཚུལ་དང་། སྡོམ་པ་ལྡན་ཚུལ་ལོ། །དང་པོ་ནི། སྡོམ་མིན་ནི། ཟ་མ་མ་ནིང་སྒྲ་མི་སྙན་མཚན་གཉིས་མ་གཏོགས་པའི་མི་རྣམས་ལ་ཡོད་དོ། །གཉིས་པ་ལ། སྤྱིར་བསྟན་པ་དང་། རྟེན་གང་ལ་སྡོམ་པ་གང་ཡོད་པའོ། །དང་པོ་ནི། སྡོམ་ པའང་ཇི་སྐད་བཤད་པ་མ་གཏོགས་པའི་མི་ལའང་ཡོད་ལ་ཡོད་པ་དེ་བཞིན་ལྷ་ལའང་ཡོད་དོ། །འང་སྔ་མ་ནི་མི་ལ་སྡོམ་མིན་ཡོད་པར་མ་ཟད་སྡོམ་པའང་ཡོད་པའི་དོན་ཏོ། །ཟ་མ་སོགས་ལ་སྡོམ་པ་མེད་པ་ནི། མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་ གྱོན་པ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ན་བདག་དགེ་བསྙེན་དུ་བཟུང་དུ་གསོལ། ཅེས་ཚིག་ཏུ་སྨྲ་ན་དགེ་བསྙེན་དུ་འགྱུར་རོ་ཞེས་གསུངས་པ་དང་། འདུལ་བ་ལས་ཀྱང་། ཟ་མ་ལ་སོགས་པ་དེ་ལྟ་བུ་བསལ་བར་བྱའོ། །ཞེས་ 3-1-69a གསུངས་སོ། །དེ་དག་ལ་སྡོམ་པ་མེད་པའི་རིགས་པ་ནི། སྐྱེས་པ་དང་ཡང་སྦྱོར་འདོད་ལ་བུད་མེད་དང་ཡང་སྦྱོར་འདོད་པས། སྐྱེས་པ་དང་བུད་མེད་གཉིས་ཀའི་རྟེན་ཅན་གྱི་ཉོན་མོངས་ཤས་ཆེ་བའི་ཕྱིར་དང་། སྐྱེས་པ་དང་བུད་མེད་སོ་སོའི་ རྟེན་ལ་གཉེན་པོའི་མཚན་ཉིད་སོ་སོར་རྟོག་མི་བཟོད་པའི་ཕྱིར། ངོ་ཚ་དང་ཁྲེལ་ཡོད་ཤས་ཆེན་པོ་མེད་པའི་ཕྱིར་རོ། །དེ་དག་ལ་སྡོམ་མིན་ཅི་སྟེ་མེད་ཅེ་ན། མེད་དེ། སྡིག་པ་ལ་ཡང་བསམ་པ་མི་བརྟན་པའི་ཕྱིར་དང་། གང་ལ་སྡོམ་པ་མ་ཡིན་པ་ཡོད་པ་ལ་སྡོམ་པ་ཡོད་ དགོས་པའི་ཕྱིར་ཏེ། དེ་དེའི་གཉེན་པོ་ཡིན་པའི་ཕྱིར། དཔེར་ན་ཞིང་གང་ན་ལོ་ཏོག་ཡོད་པ་ན་རྩྭ་ཡང་ཡོད་དགོས་པ་བཞིན་ནོ། །བྱང་སྒྲ་མི་སྙན་པ་རྣམས་ལ་ནི་སྡོམ་པ་མེད་དེ། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་ལེན་པ་མེད་པའི་ཕྱིར་དང་། ཆགས་བྲལ་གྱིས་མ་བསྡུས་ པས་བསམ་གཏན་གྱི་སྡོམ་པ་མེད་པའི་ཕྱིར་དང་། སྡོམ་མིན་མེད་དེ། སྡིག་པ་བྱས་པའི་བསམ་པ་མེད་པའི་ཕྱིར་རོ། །ངན་སོང་རྣམས་ལ་ངོ་ཚ་ཁྲེལ་ཡོད་དང་ལྡན་པའི་སྡོམ་པ་དང་། ངོ་ཚ་མེད་པ་དང་ཁྲེལ་མེད་པའི་སྡོམ་པ་མ་ཡིན་པ་དག་མེད་དེ། ངོ་ཚ་ཁྲེལ་ཡོད་ཤས་ཆེན་པོ་ མེད་པའི་ཕྱིར་རོ། །འདིའི་ཁྱབ་པ་ནི་ངོ་ཚ་ཁྲེལ་ཡོད་ཤས་ཆེན་པོ་ཡོད་ན་ངོ་ཚ་ཁྲེལ་མེད་ཆེན་པོའི་སྡོམ་མིན་འགོག་ནུས་པས། གང་ལ་སྡོམ་པ་མིན་པའང་ཡོད་པར་གྲུབ་ཅིང་། སྡོམ་པའང་ཡོད་པར་གྲུབ་པ་ཡིན་ནོ། །གཞན་ཡང་ཟ་མ། མ་ནིང་། མཚན་གཉིས་པ་དང་། ངན་སོང་བ་དག་གི་ལུས་ལ་ཆོས་ཅན། སྡོམ་པ་དང་སྡོམ་མིན་གཉིས་ཀ་མི་སྐྱེ་སྟེ། ཞིང་ཚྭ་སྒོ་ཅན་ལྟ་བུར་གྱུར་པའི་ཕྱིར། དཔེར་ན་ཚྭ་སྒོ་ཅན་ལས། འབྲུ་ཚར་གཅིག་ཀྱང་མི་སྐྱེ་ལ། རྩྭ་ཚར་གཅིག་ཀྱང་མི་སྐྱེ་བ་བཞིན་ནོ། །འོ་ན་མདོར་སྒོང་སྐྱེས་ཀྱི་ཀླུ་རྣམས་ཟླ་བ་ཕྱེད་ཀྱི་ 3-1-69b ཚེས་བརྒྱད་ལ་གནས་ནས་བྱུང་སྟེ། ཡན་ལག་བརྒྱད་པའི་བསྙེན་གནས་ལ་གནས་པར་བཤད་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་བསྙེན་གནས་ཀྱི་སྡོམ་པ་མིན་གྱི་ལེགས་པར་སྤྱད་པ་ཙམ་ཡིན་ནོ། །གཉིས་པ་ལ། མི་དང་། ལྷ་ལ་གང་ལྡན་པའོ། །དང་པོ་ནི། མི་རྣམས་ལ་གསུམ་མོ། །མི་རྣམས་ལ་སོ་སོར་ཐར་ པ་དང་། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གསུམ་ག་ཡོད་དོ། །དེའང་ལྷ་རྣམས་ནི་མི་དག་གི་གནས་གསུམ་གྱི་ཟིལ་གྱིས་གནོན་ཏེ། དཔའ་བ་དང་དྲན་པ་དང་ལྡན་པ་དང་། འདིར་ཚངས་པར་སྤྱོད་པ་ལ་གནས་པའོ་ཞེས་གསུངས་པས། ཚངས་སྤྱོད་ནི། རབ་ཏུ་ དབྱུང་བ་དང་བསྙེན་རྫོགས་ཀྱི་དངོས་པོ་ཁྱད་པར་དུ་འཕགས་པར་བཤད་པའོ། །འོ་ན་འདོད་ལྷའི་དྲང་སྲོང་རྣམས་འདོད་ཡོན་ལ་ཆགས་པ་དང་བྲལ་ནས་འདོད་ལྷའི་ཁྱིམ་ནས་རབ་ཏུ་བྱུང་བར་བཤད་འདུག་པ་སྙམ་ན། འདོད་པའི་ཁྱིམ་ནས་རབ་ཏུ་བྱུང་བ་ཡོད་ཀྱང་སངས་ རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཡང་དག་པར་བླངས་པའི་རབ་ཏུ་བྱུང་བ་ནི་ཡོད་པ་མ་ཡིན་ནོ། །དོན་དེའི་ཕྱིར་བོད་སྔ་རབས་པ་ཁ་ཅིག །གང་སྤེལ་དུ། སྐྱེ་བ་མེད་པའི་ཕྱིར་འདོད་པ་སྤྱོད་པའི་ལྷ་ཤེས་རབ་ཅན་རྣམས་ལ་ཡང་མེད་ན་གོང་དུ་སྐྱེས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་ དགོས་པའི་ཕྱིར། ཞེས་པ་ནི་ཐལ་ཆེས་སོ་ཞེས་ཟེར་རོ། །གཉིས་པ་ལ། བསམ་གཏན་དང་། ཟག་མེད་ལྷ་གང་ལ་ལྡན་པའོ། །དང་པོ་ནི། འདོད་ལྷ་དང་གཟུགས་ཀྱི་ལྷ་རྣམས་ལ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད་དོ། །དེ་ཡང་འདོད་ལྷ་ལ་བསམ་གཏན་ གྱི་སྡོམ་པ་ཡོད་རུང་གཟུགས་ཁམས་ཀྱི་ལྷ་ལ་བསམ་གཏན་གྱི་སྡོམ་པ་ཅིས་ཀྱང་ཡོད་ལ། དེ་ཡང་བསམ་གཏན་དང་པོ་པ་ལ་རང་སའི་སྡོམ་པ་ཡོད། གོང་མ་གསུམ་ཡོད་དུ་རུང་། གཉིས་པ་ལ་རང་ས་དང་། གོང་མ་གཉིས་ཀྱི་སྡོམ་པ་ཡོད་དུ་རུང་། གསུམ་པ་ལ་རང་ 3-1-70a ས་དང་། གོང་མ་བཞི་པའི་སྡོམ་པ་ཡོད་དུ་རུང་། བཞི་པ་ལ་བཞི་པ་ཁོ་ན་ཡོད་པའོ། །གཟུགས་མེད་ན་ནི་བསམ་གཏན་གྱི་སྡོམ་པ་མེད་དེ། རང་ས་ན་གཟུགས་མེད་པའི་ཕྱིར་འོག་མར་ཐོབ་པ་དག་ཀྱང་ས་འཕོས་པས་གཏོང་བའི་ཕྱིར་རོ། །གཉིས་ པ་ནི། ཟག་མེད་ཀྱི་སྡོམ་པ་ནི་འདོད་པར་ཡང་ཡོད་ལ། བསམ་གཏན་ཁྱད་པར་ཅན་གྱི་སེམས་ཅན་ཚངས་པ་ཆེན་པོ་དང་། འདུ་ཤེས་མེད་པར་སྐྱེ་བའི་སེམས་ཅན་མ་གཏོགས་པ་འདོད་གཟུགས་སུ་སྐྱེས་པའི་ལྷ་རྣམས་དང་གཟུགས་མེད་པ་ནའང་ཡོད་དོ། །དེའང་རྟེན་འདོད་ ཁམས་པ་གཅིག་ལ་ཟག་མེད་ཀྱི་སྡོམ་པ་ཡོད་པ་དེ་འདོད་པའི་འབྱུང་བ་ཆེན་པོ་ལ་བརྟེན་ནས་ཡོད་པ་དེ་ཤི་ནས་བསམ་གཏན་དང་པོར་སྐྱེས་ཙམ་ན་འདོད་པའི་འབྱུང་བ་དང་། དང་པོའི་འབྱུང་བ་ཆེན་པོ་གཉིས་ལ་བརྟེན་ནས་ཡོད། གཉིས་པར་སྐྱེས་ཙམ་ན་དང་པོའི་འབྱུང་བ་དང་ གཉིས་པའི་འབྱུང་བ་གསུམ་ལ་བརྟེན་ནས་ཡོད། དེ་ག་བཞིན་བཞི་པར་སྐྱེས་ཙམ་ན་ལྔ་ལ་བརྟེན་ནས་ཡོད་དོ། །ནམ་མཁའ་ལ་སོགས་པར་སྐྱེས་པ་ནའང་འབྱུང་བ་ལ་བརྟེན་ནས་ཡོད་དོ། །དེ་ལྟར་ནའང་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་གྱུར་ལས་ནི་མ་ཡིན་ཏེ། དེར་གཟུགས་ མེད་པའི་ཕྱིར། ཚངས་ཆེན་ནི་ལྟ་བའི་གནས་པ་ཡིན་པས་གཙོ་བོ་གཅིག་ཁོ་ནར་ཟད་ལ། འཕགས་པ་དེར་མི་སྐྱེ། སྐྱེ་ན་གཙོ་བོར་འོང་དགོས་པ་ལས་གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར། ཐེག་པ་ཆེན་པོ་པ་ནི་ལས་ཀྱི་དབང་གིས་སྐྱེས་པའི་ཚངས་པ་ཆེན་པོ་ལ་ཟག་མེད་མེད་ ཀྱང་བྱང་ཆུབ་སེམས་དཔའ་ནི་སྨོན་ལམ་གྱི་དབང་གིས་ཚངས་པ་ཆེན་པོར་ཡང་སྐྱེ་བས་དེ་ལ་ནི་ཟག་མེད་ཀྱི་སྡོམ་པ་ཡོད་དོ་ཞེས་འདོད་དོ། །སྲིད་རྩེ་ལ་ནི་འཕགས་པ་མི་བརྟེན་པའི་ཕྱིར་ཟག་མེད་ཀྱི་སྡོམ་པ་མེད་དོ། །གསུམ་པ་མདོ་ལས་བྱུང་བའི་ལས་ཀྱི་དོན་ལ། ཐུན་ 3-1-70b མོང་དུ་བསྟན་པ། སོ་སོར་བཤད་པའོ། །དང་པོ་ལ། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ་དང་། ལས་ཀྱི་རྣམ་པ་དུ་མ་བསྟན་པ། ལས་གང་འབྲས་བུ་གང་དང་བཅས་པ་ལས་ཀྱི་རྣམ་གཞག་བསྟན་པའོ། །དང་པོ་ལ། འབྲས་བུའི་སྒོ་ནས་དབྱེ་བ། རྒྱུའི་སྒོ་ནས། གཉིས་ཀའི་སྒོ་ ནས་དབྱེ་བའོ། །དང་པོ་ལ། དགེ་སོགས་གསུམ་དང་། བསོད་ནམས་སོགས་གསུམ་དང་། མྱོང་འགྱུར་གསུམ་དུ་དབྱེ་བ། །ཕྱི་མ་གཉིས་ཀྱི་རྒྱས་བཤད་དོ། །དང་པོ་ནི། རེ་ཞིག་ལས་ཀྱི་རྣམ་སྨིན་ཡིད་དུ་འོང་བ་བདེ་བ་མྱོང་བ་དང་གཏན་སྡུག་བསྔལ་ལས་སྐྱོབ་པ་ མྱང་འདས་ཐོབ་བྱེད་ནི་དགེ་བ་དང་། རྣམ་སྨིན་ཡིད་དུ་མི་འོང་བ་མི་བདེ་བ་མྱོང་བ་ནི་མི་དགེ་བ་དང་། ཡིད་དུ་འོང་མི་འོང་བསྐྱེད་པ་དེ་གཉིས་ལས་གཞན་པའི་ལས་ནི་དགེ་མི་དགེ་ལས་གཞན་ལུང་མ་བསྟན་ཡིན་ནོ། །འོ་ན་བསམ་གཏན་བཞི་པ་ཡན་ཆད་ཀྱི་དགེ་བའང་ལུང་མ་ བསྟན་དུ་འགྱུར་ཏེ། བདེ་མི་བདེ་གཉིས་ཀ་མི་མྱོང་བའི་ལས་ཡིན་པའི་ཕྱིར་ཞེ་ན། མ་ཡིན་ཏེ། ས་དེ་དག་གི་དགེ་བ་ནི་ཉེ་བར་ཞི་བའི་བདེ་བ་མྱོང་བའི་ལས་ཡིན་པའི་ཕྱིར་རམ། ཡང་ན་བདེ་བ་མྱོང་འགྱུར་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་ཕལ་ཆེ་བའི་དབང་དུ་བྱས་སོ་ཞེས་ཤེས་པར་ བྱའོ། །གཉིས་པ་ནི། །ཡང་བསོད་ནམས་དང་བསོད་ནམས་མིན་པ་དང་། མི་གཡོ་བའི་ལས་སོ། །ཅིའི་ཕྱིར་བསོད་ནམས་ཀྱི་ལས་ཤེས་བྱ་ན། སྲུང་བའི་དོན་གྱི་བསོད་ནམས་དང་། སྐྱོང་བའི་དོན་གྱི་བསོད་ནམས་དང་། ངན་སོང་ལས་སྐྱོབ་ཅིང་དགེ་བ་འཕེལ་པར་བྱེད་ པས་བསོད་ནམས་ཀྱི་ལས་སོ། །དེའི་ཕྱིར་ལས་རང་ལའང་བསོད་ནམས་ཀྱི་ལས་སུ་བཞག་པའོ། །ཡང་ན་འབྲས་བུ་བསོད་ནམས་ཡིན་ཙམ་ན་དེ་སྒྲུབ་པའི་ལས་དེ་ལ་བསོད་ནམས་ཀྱི་ལས་སོ། །གསུམ་པ་ནི། བདེ་བ་མྱོང་འགྱུར་དང་ལ་སོགས་པས་སྡུག་བསྔལ་མྱོང་འགྱུར་ 3-1-71a དང་བཏང་སྙོམས་མྱོང་འགྱུར་གསུམ་དུ་ཡོད་དོ། །བཞི་པ་ཕྱི་མ་གཉིས་ཀྱི་རྒྱས་བཤད་ལ། བསོད་ནམས་སོགས་རྒྱས་པར་བཤད། མྱོང་འགྱུར་གསུམ་ཞར་བྱུང་དང་བཅས་པའོ། །དང་པོ་ལ། བསོད་ནམས་ཀྱི་ལས། མི་གཡོ་བའི་ལས་སོ། ། དང་པོ་ནི། འདོད་ཁམས་ཀྱི་དགེ་བའི་ལས་བསོད་ནམས་མ་ཡིན་པའི་གཉེན་པོར་འགྱུར་བའི་ཕྱིར་བསོད་ནམས་ཞེས་བྱ་སྟེ། སྲུང་བའམ་ཚིམ་པར་བྱེད་པས་བསོད་ནམས་སོ། །གཉིས་པ་ནི། ཁམས་གོང་མ་གཟུགས་དང་གཟུགས་མེད་ལས་སྐྱེས་པའི་ལས་ནི་མི་གཡོ་ བའི་ལས་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས། བསམ་གཏན་དང་པོ་འདི་ལ་བརྟགས་ཤིང་དཔྱད་པས་འཕགས་པ་རྣམས་ཀྱིས་གཡོ་བའོ། །ཞེས་དང་། བསམ་གཏན་གཉིས་པ་འདི་ལ་དགའ་བ་དང་མ་བྲལ་བ་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱིས་གཡོ་བའོ་ ཞེས་གསུངས་པ་དང་། གསུམ་པ་ཡང་འདི་ལ་བདེ་བའོ་སྙམ་དུ་སེམས་ཀྱི་གཏོད་པ་གང་ཡིན་པ་འདི་ནི་འཕགས་པ་རྣམས་ཀྱིས་གཡོ་བའོ། ཞེས་གསུངས་པ་མིན་ནམ་ཞེ་ན། བསམ་གཏན་གསུམ་པོ་དེ་དག་གི་ཏིང་ངེ་འཛིན་སྐྱོན་དང་བཅས་པའི་དབང་དུ་མཛད་ནས་གསུངས་ པ་ཡིན་གྱི། མི་གཡོ་བའི་ལས་ཀྱི་དབང་དུ་བྱས་ནས་གསུངས་པ་མིན་ཏེ། མི་གཡོ་བའི་མདོ་ལས། རྣམ་སྨིན་མི་གཡོ་བ་དང་མཐུན་པར་འགྲོ་བའི་ལས་ལས་བརྩམས་ཏེ་མི་གཡོ་བར་གསུངས་སོ། །ཏིང་ངེ་འཛིན་གྱི་སྐྱོན་དང་བཅས་པ་ཉིད་ཀྱིས་གཡོ་བ་དང་བཅས་ ཀྱང་། གནས་གཞན་གྱི་རྣམ་པར་སྨིན་པ་ནི་གནས་གཞན་ལ་རྣམ་པར་མ་སྨིན་པས་མི་གཡོ་བར་ཅིས་གསུངས་ཤེ་ན། གཟུགས་དང་གཟུགས་མེད་པའི་རྫོགས་བྱེད་ཀྱི་ལས་ནི་ཆོས་ཅན། ས་གཞན་དུ་རྣམ་པར་སྨིན་པར་མི་འགྱུར་ཏེ། གང་ཕྱིར་ས་ནི་དེ་དག་ཏུ་ལས་ 3-1-71b རྣམས་རྣམ་པར་སྨིན་པའི་ཕྱིར་རོ། །ཁྱབ་སྟེ། རྐྱེན་དབང་གིས་གཞན་དུ་མི་གཡོ་བའི་ཕྱིར་རོ། །འོ་ན་འདོད་པར་ཡང་རྣམ་སྨིན་གཞན་དུ་མི་གཡོ་བར་ཐལ། དེར་ས་ཐ་དད་པ་མེད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། དེར་ས་ཐ་དད་པ་མེད་ཀྱང་འགྲོ་བ་ཐ་དད་པ་ཡོད་ལ། ཁམས་གོང་ལ་ནི་འགྲོ་བ་གཅིག་ཏུ་ངེས་པས་མི་མཚུངས་པའི་ཕྱིར། འདོད་པར་ནི་རྒྱལ་ཆེན་རིས་བཞིའི་ལྷ་རིས་ལ་སྨིན་རྒྱུ་ཞིག་སུམ་ཅུ་རྩ་གསུམ་པའི་ལྷ་རིས་ལ་སྨིན་པར་འགྱུར་བ་ཞིག་ཡོད་ལ། གོང་མར་ནི་བསམ་གཏན་དང་པོ་པ་ལ་སྨིན་རྒྱུ་གཉིས་པ་པ་ལ་མི་སྨིན་ པ་དང་། གཉིས་པ་པ་ལ་སྨིན་རྒྱུ་དང་པོ་པ་ལ་སྨིན་མི་སྲིད་པའི་ཕྱིར་རོ། །འདི་ཡང་ཟག་བཅས་ཀྱི་མི་གཡོ་བའི་ལས་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཟག་མེད་ཀྱི་ལས་དང་སྤེལ་ནས་བསགས་ན་མ་ངེས་པའི་ཕྱིར། དཔེར་ན་བདེན་པ་མཐོང་བའི་འཕགས་པ་ནི། བདེན་ པ་མཐོང་ལ་འཕེན་པ་མེད་པ་ཡིན་པས། འཕེན་བྱེད་ཀྱི་ལས་ནི་མི་སོག །འོན་ཀྱང་འབྲས་བུ་ཆེར་སྐྱེས་པའི་ལས་དེ་ལ་སྤེལ་བར་བསྒོམས་པས་གནས་གཙང་མར་སྐྱེ་བ་ལྟ་བུའི་ཁམས་གོང་ནའང་ལས་ཀྱི་རྣམ་སྨིན་མི་གཡོ་བ་མི་སྲིད་པར་ནི་མི་བཟུང་ངོ་། །ལུས་དང་ལོངས་ སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པ་འབྱུང་རྒྱུའི་སྦྱིན་པ་བཏང་བ་སོགས་ཀྱི་འབྲས་བུ་ལྷ་དག་གི་ནང་དུ་སྨིན་རྒྱུ་དེ་ཚུལ་ཁྲིམས་འཆལ་བ་སོགས་ཀྱི་རྐྱེན་དབང་དང་ལྷན་དུ་བསགས་པས་མི་དང་དུད་འགྲོའི་རྟེན་ལ་སྨིན་པ་ལྟ་བུ་སྟེ། སྲོག་བཅད་པའི་སྦྱིན་བཏང་གི་འབྲས་བུ་ གླང་པོ་ཆེར་སྐྱེས་པ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པའི་རྣམ་པར་སྨིན་པ་ལ་ལོངས་སྤྱོད་པ་ལྟ་བུའོ། །བསོད་ནམས་མིན་པའི་ལས་ལ་ནི་འབད་པས་བཤད་མི་དགོས་ཏེ། འཇིག་རྟེན་དུ་མི་དགེ་བ་ཉིད་ལ་གྲགས་པའི་ཕྱིར་རོ། །གཉིས་པ་མྱོང་འགྱུར་ཞར་ 3-1-72a བྱུང་དང་བཅས་པ་བཤད་པ་ལ། མྱོང་འགྱུར་གསུམ་བཤད་པ་དངོས། ཞར་ལ་མྱོང་འགྱུར་ལྔ་བསྟན་པ། མྱོང་འགྱུར་གྱི་ཁྱད་པར་གཏན་ལ་དབབ་པའོ། །དང་པོ་ལ། སོ་སོའི་ངོ་བོ་དང་། གཞན་འདོད་འགོད་པའོ། །དང་པོ་ལ། བདེ་བ་མྱོང་ འགྱུར། བཏང་སྙོམས་མྱོང་འགྱུར། སྡུག་བསྔལ་མྱོང་འགྱུར་རོ། །དང་པོ་ནི། འདོད་པའི་ཁམས་དང་བསམ་གཏན་གསུམ་པའི་བར་བསམ་གཏན་གསུམ་གྱི་ལས་དགེ་བ་ནི། བདེ་བ་མྱོང་འགྱུར་ཡིན་པས་ལུས་སེམས་ཀྱི་བདེ་བ་ཚོར་བའི་ས་ཡིན་ནོ། །འདོད་ཁམས་ དང་བསམ་གཏན་དང་པོ་དག་ནི་བདེ་བའི་ཚོར་བ་ལུས་ཀྱི་བདེ་བ་དང་། སེམས་ཀྱི་ཡིད་བདེ་བ་ཡིན་ནོ། །གཉིས་པ་ན་ནི་བདེ་བའི་ཚོར་བ་ཡིད་བདེ་བ་ཡིན་ནོ། །གསུམ་པ་ན་སེམས་ཀྱི་བདེ་བ་ཡིན་ནོ། །གཉིས་པ་ནི། བསམ་གཏན་གསུམ་པ་དེ་ཡན་ཆད་ཀྱི་ལས་དགེ་བ་ནི་ སྡུག་བསྔལ་ཡང་མིན་བདེ་བའང་མིན་པ་མྱོང་བར་འགྱུར་བ་ཡིན་ཏེ། དེ་ནི་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར། གསུམ་པ་ནི། སྡུག་བསྔལ་མྱོང་འགྱུར་འདིའི་མི་དགེ། སྡུག་བསྔལ་མྱོང་འགྱུར་གྱི་ལས་ནི་འདོད་ཁམས་འདི་ཡི་མི་དགེ་བ་སྟེ། འདི་ཡི་ཞེས་སྨོས་པ་ནི་སྡུག་བསྔལ་དེ་འདོད་ཁམས་ཁོ་ན་ ན་ཡོད་པར་བསྟན་པའི་ཕྱིར་རོ། །ཚོར་བ་འབའ་ཞིག་མི་དགེ་བའི་འབྲས་བུར་མ་ཟད་ཀྱི། སྐྱེ་མཆེད་དེའི་ཚོགས་པ་ན་ཡོད་པའི་དབང་ཡུལ་རྟེན་གྱི་མཚན་ཉིད་དང་བཅས་པའང་དེའི་འབྲས་བུ་ཡིན་ནོ། །གཉིས་པ་གཞན་འདོད་འགོད་པ་ནི། འོག་བསམ་གཏན་བཞི་པ་མན་ ཆོད་ནའང་བདེ་སྡུག་གི་བར་མ་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ། ཏེ་ནི་གང་གི་ཕྱིར་འདྲེན་པའོ། །སྒྲུབ་བྱེད་ནི་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་སྨིན་མེད་པར་ཐལ། གང་གི་ཕྱིར་ན་དེའི་རྣམ་སྨིན་གྱི་འབྲས་བུའི་ཚོར་བ་བདེ་སྡུག་མེད་པ་ 3-1-72b གང་ཞིག །བཏང་སྙོམས་ཀྱང་མེད་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་ཐལ་བ་ལས་འདོད་མི་ནུས་པས། བསམ་གཏན་ཁྱད་ཅན་གྱི་ལས་དགེ་བའི་རྣམ་སྨིན་ཚོར་བ་བཏང་སྙོམས་ཡོད་པ་ལས་ཤེས་པར་ནུས་སོ་ཞེས་དགོངས་སོ། །ཡང་ཁོ་ན་རེ། རྩ་བར་མ་ཁྱབ་སྟེ། བསམ་གཏན་ཁྱད་ཅན་གྱི་རྣམ་སྨིན་དེ་དང་པོའི་དངོས་གཞི་ཙམ་གྱི་ས་པའི་ལས་ཀྱིས་བྱེད་པའི་ཕྱིར་ཞེ་ན། དེ་ནི་དེ་ལས་ཀྱང་མ་ཁྱབ་སྟེ། བསམ་གཏན་དང་པོའི་དངོས་གཞི་རྟོག་པ་དང་བཅས་པ་དམན་པས་ཁྱད་པར་ཅན་གྱི་རྣམ་སྨིན་བསྐྱེད་མི་ནུས་པའི་ཕྱིར། ཁྱེད་ལྟར་ན་ ལས་གང་གིས་ཀྱང་བསམ་གཏན་ཁྱད་ཅན་གྱི་རྣམ་སྨིན་མི་བསྐྱེད་པར་ཐལ། རྣམ་སྨིན་ཚོར་བ་བཏང་སྙོམས་མེད་པ་གང་ཞིག །ཁྱད་ཅན་གྱི་དངོས་གཞི་རྒྱུའི་དུས་ན་བཏང་སྙོམས་ལ་འབྲས་བུ་རྣམ་སྨིན་ཚོར་བ་བདེ་བ་མི་འབྱུང་ཞིང་། སྡུག་བསྔལ་གྱི་ས་ལས་འདས་ པས་རྣམ་སྨིན་ཚོར་བ་སྡུག་བསྔལ་ཡང་མི་འབྱུང་བའི་ཕྱིར། ཅུང་ཟད་བཤད་ན། བསམ་གཏན་ཁྱད་པར་ཅན་ནི་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། ཚོར་བ་བཏང་སྙོམས་དང་། ཚངས་པ་ཆེན་པོར་སྐྱེས་པ་དེ་གསུམ་གྱིས་ཕྱེས་པ་ཡིན་ཙམ་ན། བསམ་གཏན་ཁྱད་པར་ ཅན་གྱི་ལས་ཀྱི་རྣམ་སྨིན་གྱི་ཚོར་བ་ནི། བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་ན་ཡོད་པར་བྱ་དགོས་ལ། དེ་ན་ཡང་བདེ་སྡུག་མེད་པའི་བཏང་སྙོམས་ཡོད་ཙམ་ན་དེ་སྒྲུབ་པའི་ལས་དགེ་བ་ཡོད་དོ། །དེ་ཡང་སྡུག་བསྔལ་མེད་པ་ནི་སྡུག་བསྔལ་གྱིས་ས་ལས་འདས་པ་ཡིན་པས་ དེ་ལས་ཡིད་བདེ་མེད་པའི་རྒྱུ་མཚན་ནི། དངོས་གཞིའི་རྒྱུའི་དུས་ན་བཏང་སྙོམས་ཡོད་ཙམ་ན་རྒྱུ་བཏང་སྙོམས་དེའི་འབྲས་བུ་ཡིད་མི་བདེ་བ་འགལ་བས་སོ། །ཉེར་བསྡོགས་ཀྱི་དུས་ཀྱི་བཏང་སྙོམས་ལ་འབྲས་བུ་ཡིད་བདེ་བ་མི་འགལ་བ་ལ་དངོས་གཞིའི་དུས་ཀྱི་རྒྱུ་བཏང་ 3-1-73a སྙོམས་ལ་འབྲས་བུ་ཡིད་མི་བདེ་བ་འགལ་བས། འབྲས་བུ་བཏང་སྙོམས་ཡོད་པས་དེའི་རྒྱུ་དགེ་བ་ཡོད། སྒོ་ལྔའི་བདེ་བ་མེད་པའི་རྒྱུ་མཚན་ནི། སྒོ་ལྔ་སྐྱེ་རྒུ་ཅོག་རྟོག་དཔྱོད་དང་བཅས་པ་ཡིན་ཏེ། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ ཤེས་པའི་ཁམས་ལྔ་ཡིན། །ཟེར་བས་སོ། །དེ་ལྟར་ན་སྒོ་ལྔ་ཡིན་ནོ་ཅོག་ལ་རྟོག་དཔྱོད་ཀྱིས་ཁྱབ་ཙམ་ན་བསམ་གཏན་ཁྱད་པར་ཅན་གྱི་རྒྱུ་རྟོག་མེད་དཔྱོད་ཙམ་ལ་འབྲས་བུ་རྟོག་དཔྱོད་དང་བཅས་པ་བྱུང་ན། འབྲས་བུ་སླར་ལ་ལད་པས་ས་དེར་སྒོ་ལྔ་མེད་པས་བདེ་བ་ མེད་དོ། །ས་དེའི་སྒོ་ལྔ་མེད་ཀྱང་རྟེན་དེ་ལ་མིག་གི་རྣམ་ཤེས་དང་རྣ་བའི་རྣམ་ཤེས་དང་ལུས་ཀྱི་རྣམ་ཤེས་ཡོད་དེ་གཉིས་པ་ན་ཡར་ལ་འདྲེན་པར་བྱེད་དོ། །ཡང་ཁ་ཅིག་ན་རེ། ཡང་རྒྱུ་བཏང་སྙོམས་ལ་འབྲས་བུ་བཏང་སྙོམས་ཡོད་པའི་ཕྱིར་གྱི་གཏན་ཚིགས་མ་གྲུབ་སྟེ། བསམ་གཏན་དང་པོའི་ཁྱད་ཅན་གྱི་རྣམ་སྨིན་ནི་དགེ་བའི་ལས་ཀྱིས་བདེ་བའི་དབང་པོ་རྣམ་སྨིན་དུ་བསྐྱེད་ཅེས་ཟེར་རོ། །ཡང་གཞན་དག་ན་རེ། རྣམ་སྨིན་གྱི་ཚོར་བ་དེར་ཡོད་པ་མ་གྲུབ་སྟེ། རྣམ་སྨིན་གྱི་ཚོར་བ་ལས་གཞན་པའི་ཕུང་པོ་བཞི་པོ་ཡིན་ལ། ཚོར་བ་ནི་རྒྱུ་མཐུན་ པ་ལས་བྱུང་བ་ཡིན་ཅེས་ཟེར་རོ། །སློབ་དཔོན་གྱིས། ལུགས་དེ་གཉིས་ནི་བསྟན་བཅོས་དང་འགལ་ཏེ། བསྟན་བཅོས་ཡེ་ཤེས་ལ་འཇུག་པར། ལས་ཀྱི་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་ཁོ་ན་རྣམ་པར་སྨིན་པར་འགྱུར་བ་ཡོད་དམ་ཞེ་ན། རྟོག་པ་མེད་པའི་ལས་དགེ་བ་ ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ལུང་དེ་དང་ཇི་ལྟར་འགལ་ན། རྟོག་པ་མེད་པ་ཟེར་བ་ནི་བསམ་གཏན་དང་པོ་ཁྱད་ཅན་གྱི་དགེ་བའི་ལས་ཡིན་ལ། བསམ་གཏན་དང་པོ་ཙམ་གྱི་དགེ་བའི་ལས་ཡིན་ན་རྟོག་པ་མེད་པ་ཞེས་མི་སྨོས་ལ། གཉིས་པ་ཡན་ཆད་ཀྱི་ལས་ཡིན་ན་ 3-1-73b རྟོག་དཔྱོད་གཉིས་ཀ་མེད་བྱ་བར་རིགས་སོ། །དེས་ན་བསམ་གཏན་ཁྱད་པར་ཅན་ལ་ཚོར་བར་མ་སྒྲུབ་པའི་ལས་དགེ་བ་ཡོད་པར་བཤད་དོ། །སེམས་ཀྱི་ཚོར་བ་ཟེར་བས་རྣམ་སྨིན་གྱི་ཚོར་བ་མེད་པ་ལ་ཡང་གནོད་ན། སེམས་ཀྱི་ཟེར་བས་བདེ་བའི་དབང་པོ་ཡོད་པ་ལ་ཡང་གནོད་ དོ། །གཞན་ཡང་བསྟན་བཅོས་ལས་འདི་ལྟར་ལས་གསུམ་པོ་རྣམས་ཀྱི་རྣམ་སྨིན་ནམ་སྔ་ཕྱི་མེད་པར་སྨིན་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། བདེ་བ་མྱོང་བར་འགྱུར་བ་ནི་གཟུགས་སོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་ རྣམས་སོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ནི་སེམས་དང་ལྡན་པ་མ་ཡིན་པ་འདུ་བྱེད་རྣམས་སོ། །ཞེས་དང་། འདིའི་ཕྱིར་ཡང་འོག་ན་བདེ་མིན་གྱི་མྱོང་འགྱུར་གྱི་ལས་ཡོད་དེ། ཞེས་གསུངས་པས་ཀྱང་འདོད་ཁམས་ལས་གཞན་ན་ལས་ གསུམ་གྱི་རྣམ་སྨིན་དང་གཅིག་ཅར་ལྡན་པ་མེད་དེ། ཁམས་གཞན་ན་སྡུག་བསྔལ་མྱོང་འགྱུར་གྱི་ལས་མེད་པའི་ཕྱིར་རོ། །དེ་ཡང་བདེ་བ་མྱོང་འགྱུར་གྱི་ལས་ཀྱི་འབྲས་བུ་ནི་རྣམ་སྨིན་ཚོར་བ་གཅིག་པུར་མ་ཟད། ལས་བཟང་པོས་འཕངས་པའི་མཐོ་རིས་ཀྱི་རྟེན་དབང་སོགས་ ཀྱང་ཡིན་ནོ། །སྡུག་བསྔལ་མྱོང་འགྱུར་གྱི་ལས་འབྲས་ངན་སོང་གི་རྣམ་ཤེས་སྒོ་ལྔའི་ཚོགས་པ་ན་ཡོད་པའི་སེམས་སེམས་བྱུང་རྣམ་པར་སྨིན་པའི་ངོ་བོར་གྱུར་པ་སྟེ། ཡིད་མི་བདེ་ནི་རྣམ་སྨིན་མ་ཡིན་པའི་ཕྱིར་རོ། །བདེ་སྡུག་མིན་པའི་མྱོང་འགྱུར་གྱི་ལས་འབྲས་ཀྱི་ཚོར་བ་ བཏང་སྙོམས་ལ་ལྡན་མིན་འདུ་བྱེད་ཀྱི་སྲོག་དབང་བཟུང་བ་ནི། མིག་ལ་སོགས་པ་ནི་བདེ་སྡུག་གི་རྟེན་དུ་གསལ་བ་ཡིན་པས་བདེ་སྡུག་གི་ཚོར་བར་བཞག །སྲོག་གི་དབང་པོ་དེ་ཚོད་ཀྱི་རྟེན་དུ་མི་གསལ་བས་བཏང་སྙོམས་དང་མཐུན་པར་བཞག་ཟེར་ཏེ། རིས་མཐུན་བཟུང་ན་ 3-1-74a བདེ། སྲོག་གི་དབང་པོ་ནི་མཐོ་རིས་ཀྱི་མིག་ལ་སོགས་པ་བཞིན་དགེ་བའི་རྣམ་སྨིན་ཡིན། ངན་སོང་གི་སྲོག་གི་དབང་པོ་ནི་མི་དགེ་བའི་རྣམ་སྨིན་ཡིན་ནོ། །ཡང་ཅི་བཏང་སྙོམས་མྱོང་འགྱུར་གྱི་ལས་དེ་དགེ་མི་དགེ་གང་ཡིན་ཅེ་ན། དགེ་བ་ནི་ཡིན་ ལ་དེའང་སྟོབས་ཆུང་ངུ་ཞིག་ཡིན་ནོ། །དེ་ལྟར་ན་བསམ་གཏན་གསུམ་པའི་བར་གྱི་དགེ་བས་བདེ་བ་མྱོང་འགྱུར་དང་། རྣམ་སྨིན་ཡིད་འོང་ནི་དགེ་བའི་འབྲས་བུར་བཤད་པས། དགེ་བའི་ལས་འབྲས་བཏང་སྙོམས་སུ་འབྱུང་བ་དང་འགལ་ཞེ་ན། འདི་ལྟར་བཤད་པས་ དགེ་བས་རྣམ་སྨིན་ཡིད་འོང་སྒྲུབ་པ་ཕལ་ཆེ་ལ། བཏང་སྙོམས་སྒྲུབ་པ་ཕལ་ཆུང་བའི་དབང་དུ་བྱས་པ་ཡིན་ནོ། །འོ་ན་བདེ་བ་མྱོང་བ་མིན་པ་ལ་བདེ་བ་མྱོང་འགྱུར་གྱི་ལས་ཟེར་བ་ཅི་ཡིན་སྙམ་ན། ལས་དེས་བདེ་བའི་ཚོར་བ་སྐྱེ་བ་དང་མཐུན་པས་དེའི་འབྲས་མིང་རྒྱུ་ལ་ བཏགས་པའོ། །ལས་འདིའི་རྣམ་སྨིན་བདེ་བ་མྱོང་བྱའི་ལས་ཡིན་པས། བདེ་བ་མྱོང་འགྱུར་གྱི་ལས་ཞེས་བྱ་སྟེ། དཔེར་ན་རྒྱལ་པོས་དབང་བའི་མི་ལ་རྒྱལ་པོའི་མི་ཟེར་བ་ལྟ་བུའོ། །ཡང་ན་འདིས་བདེ་བ་མྱོང་བར་བྱེད་པས། བདེ་བ་མྱོང་འགྱུར་གྱི་ལས་སུ་བརྗོད་དེ། གང་གིས་འཁྲུ་བར་བྱེད་པ་འདག་ཆལ་ཡིན་པ་བཞིན་ནོ། །མདོར་ན་དགེ་བ་སྟོབས་ཆེ་བ་ལ་ཚོར་བ་བདེ་བ་མྱོང་བའི་ནུས་པ་ཡོད་པ་བཞིན་དགེ་བ་སྟོབས་ཆུང་ལའང་ཡོད་དེ། དགེ་བའི་ལས་ཡིན་པ་ལ་བསམས་ན། ལས་སུ་བྱ་བ་དང་། བྱེད་པའི་སྒོ་ནས་བདེ་བ་བསྐྱེད་པ་ དང་མཚུངས་པར་སྒྲུབ་པ་ཡིན་ནོ། །སྡུག་བསྔལ་དང་བདེ་བ་མྱོང་འགྱུར་གྱི་ལས་ལའང་བྱ་བ་དང་བྱེད་པའི་སྒོ་ནས་དེ་བཞིན་དུ་ཤེས་དགོས་སོ། །གཉིས་པ་ཞར་ལ་མྱོང་འགྱུར་ལྔ་བསྟན་པ་ནི། ངོ་བོ་ཉིད་ཀྱི་ཉམས་སུ་མྱོང་བར་འགྱུར་བའི་ཚོར་བ་རྣམས་དང་། མཚུངས་ 3-1-74b པར་ལྡན་པས་བདེ་བ་མྱོང་འགྱུར་ནི་རེག་པ་སྟེ། བདེ་བའི་ཚོར་བ་དང་མཐུན་པའི་རེག་པ་འདི་ལ་བདེ་བ་མྱོང་འགྱུར་ཡོད་པ་དང་། དམིགས་པ་དང་ནི་ཞེས་དམིགས་བྱའི་ཡུལ་མྱོང་བ་སྟེ། ཇི་སྐད་དུ། མིག་གིས་གཟུགས་རྣམ་པར་མཐོང་ནས་གཟུགས་སོ་སོར་ཡང་དག་ པར་མྱོང་བར་འགྱུར་གྱི། གཟུགས་ལ་འདོད་ཆགས་སོ་སོར་ཡང་དག་པར་མྱོང་བ་ནི་མ་ཡིན་ནོ་ཞེས་གསུངས་པས། དམིགས་པ་ན་ཚོར་བས་དེ་དག་སོ་སོ་ཡང་དག་པར་མྱོང་བར་བྱེད་དོ། །དེ་ཡང་གཟུགས་ལ་འདོད་ཆགས་མི་མྱོང་བའི་དོན་མིག་གི་རྣམ་ཤེས་ཀྱིས་ གཟུགས་མྱོང་གི། འདོད་ཆགས་ཀྱིས་གཟུགས་མ་མྱོང་ཟེར་ཏེ། དེ་འཐད་ན་དམིགས་མཚུངས་ཉམས་པའི་ཕྱིར་མི་རུང་ངོ་། །འོ་ན་མིག་གི་རྣམ་ཤེས་ཀྱིས་གཟུགས་མྱོང་གི། མཚུངས་ལྡན་འདོད་ཆགས་མ་མྱོང་བའི་དོན་ཏོ། །རྣམ་སྨིན་མྱོང་འགྱུར་ནི་མཐོང་ཆོས་མྱོང་ འགྱུར་གྱི་ལས་དང་། མངོན་སུམ་དུ་ནི་གྱུར་པ་ལས་མྱོང་འགྱུར་ནི། ཇི་སྐད་དུ། གང་གི་ཚེ་བདེ་བའི་ཚོར་བ་མྱོང་བར་བྱེད་པ་དེའི་ཚེ་དེའི་ཚོར་བ་གཉིས་འགག་པར་འགྱུར་རོ། །ཞེས་གསུངས་ལ། དེའི་དོན་ནི་ཚོར་བ་རང་གིས་བདེ་བ་མྱོང་གི། མྱོང་བྱེད་གཉིས་པ་ལ་མི་ བལྟོས། བལྟོས་ན་རང་གི་རིགས་ཀྱང་དེའི་དུས་སུ་འགག་ལ། ཆོར་བ་གཉིས་པོ་ཡང་དེའི་དུས་སུ་འགགས་པས་མྱོང་བྱེད་གཉིས་པ་མེད། འོ་ན་རང་གིས་མྱོང་བྱེད་གཉིས་པ་ལ་མི་བལྟོས་པར་རང་གིས་མྱོང་ན་བྱེ་སྨྲས་གཞན་རིག་ཁོ་ན་ཡིན། རང་རིག་མེད་བྱ་བ་ དེ་མི་འཇིག་གམ་ཞེ་ན། དེ་མི་འཇིག་སྟེ། དཔེར་ན་རལ་གྲིས་ཁོ་རང་མི་གཅོད་ཅིང་། ཤིང་གཅོད་པའི་ཤིང་གཅོད་པ་དེ་རལ་གྲི་གཉིས་པ་དང་། བུམ་སོགས་གཞན་གང་ལའང་མི་བལྟོས་པར་ཤིང་གཅོད་པ་དེ་བཞིན་དུ་གཟུགས་རིག་པའི་མིག་གི་རྣམ་ཤེས་དེ་ 3-1-75a ཡང་རང་རིག་མེད་ཀྱང་། གཟུགས་རིག་པ་དེ་རིག་བྱེད་གཉིས་པ་གང་ལ་ཡང་མི་བལྟོས་པར་རིག་ཅེའོ། །དེས་ན་རང་རིག་མེད་པར་ཁས་ལེན་པ་འཇིག་པ་མེད་དོ། །དེ་ལྟ་བུའི་མྱོང་འགྱུར་གྱི་ལས་ལའང་བདེ་སྡུག་བཏང་སྙོམས་མྱོང་འགྱུར་གྱི་ ལས་སུ་ཡོད་པས་རྣམ་པ་ལྔ་ཡིན་ནོ། །གསུམ་པ་མྱོང་འགྱུར་གྱི་ཁྱད་པར་གཏན་ལ་དབབ་པ་ལ། བསྟན། བཤད། དང་པོ་ནི། དེ་ཡང་ངེས་དང་མ་ངེས་དང་། །མྱོང་འགྱུར་གསུམ་པོ་དེ་ཡང་མྱོང་བར་ངེས་པ་དང་མ་ངེས་པ་ཡིན་ཏེ། །གདོན་མི་ཟ་བར་མྱོང་ངེས་ཁོ་ན་ནི་མིན་ནོ། །གཉིས་པ་ལ། དབྱེ་བ་ སྤྱིར་བསྟན་པ་དང་། སོ་སོའི་ཁྱད་པར། མྱོང་ངེས་ཀྱི་ལས་བསྟན་པའོ། །དང་པོ་ལ། རང་ལུགས་དང་། གཞན་ལུགས་སོ། །དང་པོ་ནི། མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་། སོགས་པས་སྐྱེ་གནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་ མྱོང་འགྱུར་ཕྱིར་ན་ལས་རྣམ་པ་འདི་གསུམ་ནི་མྱོང་བར་ངེས་པའོ། །མྱོང་བར་མ་ངེས་པ་དང་བཅས་ཏེ་ལས་རྣམ་པ་བཞི་ཡིན་ནོ། །གཉིས་པ་ལ། ལྔར་འདོད་པའི་ལུགས། མུ་བཞི་བརྩི་བའི་ལུགས་སོ། །དང་པོ་ནི། ཁ་ཅིག་ལས་རྣམ་ལྔ་ཞེས་ཟེར། །སྔོན་གྱི་སློབ་དཔོན་ཁ་ཅིག་ནི་མ་ངེས་པ་ ལའང་རྣམ་སྨིན་དང་གནས་སྐབས་མ་ངེས་པ་གཉིས་སུ་ཕྱེ་ནས་ལས་རྣམ་པ་ལྔ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་ཡང་བརྩི་ལུགས་ནི། རྣམ་སྨིན་ངེས་ལ་དུས་མ་ངེས་པ་གཅིག །གཉིས་ཀ་མ་ངེས་པ་སྟེ་མ་ངེས་པ་གཉིས། མཐོང་ཆོས་སོགས་ངེས་པ་གསུམ་སྟེ་ལྔར་ བཞག་པ་དང་། ཡང་ན་མཐོང་ཆོས་མྱོང་འགྱུར་སོགས་གནས་སྐབས་ངེས་པ་གསུམ། རང་གི་ངོ་བོ་ཅིས་ཀྱང་མྱོང་བར་ངེས་པ་དང་བཞི། གཉིས་ཀ་མ་ངེས་པ་དང་ལྔ་ཟེར་རོ། །དེ་ལ་མཐོང་ཆོས་མྱོང་འགྱུར་ནི་སྐྱེས་གང་དུ་བྱ་བ་པ་དེ་ཉིད་དུ་སྨིན་པར་འགྱུར་བའོ། ། 3-1-75b སྐྱེས་ནས་མྱོང་འགྱུར་ནི་སྐྱེ་བ་གཉིས་པ་ལའོ། །ལན་གྲངས་གཞན་ལ་མྱོང་འགྱུར་ནི་དེ་ཕན་དུའོ། །གཞན་དག་ན་རེ། མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་ཚེ་རབས་གཞན་དག་ནའང་ཡོད་དེ། མེད་ན་ཆོས་སྟོབས་དང་ལྡན་པའི་ལས་དེའི་རྣམ་སྨིན་ཆུང་ཆེས་པར་འགྱུར་དུ་ འོང་བའི་ཕྱིར། ཁྱབ་སྟེ། སྐྱེ་བ་འདི་ཁོ་ན་ལ་སྨིན་ནས་ལས་འབྲས་ཟད་ནུས་པའི་ཕྱིར། དེས་ན་མཐོང་ཆོས་ལ་རྣམ་སྨིན་མགོ་རྩོམ་པའི་དབང་གིས་མིང་དེ་རྣམ་པར་བཞག་གོ་ཞེས་ཟེར་རོ། །བྱེ་སྨྲས་ནི་དེ་མི་འདོད་པས། འབྲས་བུ་ཉེ་ལ་འབྲས་བུ་རིང་བ་མ་ཡིན་པའི་ལས་ ཀྱང་ཡོད་དེ། དཔེར་ན་ལྕམ་པ་ལ་སོགས་པ་ཟླ་བ་ཕྱེད་དང་གཉིས་ཀྱིས་འབྲས་བུ་སྨིན་པ་བཞིན་ནོ། །འབྲས་བུ་རིང་ལ་འབྲས་བུ་ཉེ་བ་མ་ཡིན་པའི་ལས་ཀྱང་ཡོད་དེ། ནས་དང་གྲོ་ལ་སོགས་པ་ཟླ་བ་དྲུག་གིས་འབྲས་བུ་སྨིན་པ་བཞིན་ནོ། །གཉིས་པ་ནི། གཞན་དག་མུ་ནི་བཞི་ཞེས་ཟེར། །གཞན་ དཔེས་སྟོན་པ་རྟོག་གེའི་ཐ་སྙད་བྱེད་པ་དག་གནས་སྐབས་དང་རྣམ་སྨིན་ངེས་པ་ལ་མུ་བཞི་ཞེས་ཟེར་ཏེ། དེའང་གནས་སྐབས་ངེས་ལ་རྣམ་སྨིན་མ་ངེས་པའི་ལས་ཡོད་དེ། མཐོང་ཆོས་སོགས་ལ་མྱོང་བར་འགྱུར་ལ། རྣམ་པར་སྨིན་པ་ནི་མ་ངེས་པའི་ལས་དེ་དེ་ཡིན་ པའི་ཕྱིར། དཔེར་ན་ཐག་རིང་ཞིག་གི་བུ་ལོན་དེ་གཅལ་དགོས་ན། སང་ལ་མ་གཞོལ་ན་ཡེ་འཇོལ་ནས་གཅལ་མི་དགོས་པ་སྲིད་པ་ལྟ་བུའོ། །རྣམ་པར་སྨིན་པ་ངེས་ལ་གནས་སྐབས་དག་ཏུ་མ་ངེས་པའི་ལས་ཀྱང་ཡོད་དེ། རྣམ་པར་སྨིན་པ་ནི་ངེས་ལ་གནས་གང་དུ་མྱོང་ འགྱུར་མ་ངེས་པའི་ལས་དེ་དེ་ཡིན་པའི་ཕྱིར། དཔེར་ན་གཞན་གྱི་བུ་ལོན་དེ་ཅིས་ཀྱང་གཅལ་དགོས་པ་ལ། དུས་ནམ་གཅལ་ཀྱང་གལ་མེད་པ་ལྟ་བུའོ། །ཁ་ཅིག་ན་རེ། རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ་ནི། ལྷའི་ལུས་ཁོ་ན་ལ་སྨིན་དགོས་བྱ་བའམ། མིའི་ལུས་ 3-1-76a ཁོ་ན་ལ་སྨིན་དགོས་བྱ་བའམ། དུད་འགྲོའི་ལུས་ཁོ་ན་ལ་སྨིན་དགོས་བྱ་བ་དེ་རྣམ་སྨིན་ངེས་པ་ཡིན་ལ། གནས་སྐབས་མ་ངེས་ཏེ་དེང་སང་ན་མཐོང་ཆོས་སམ། དེང་སང་ན་སྐྱེས་ནས་སམ། དེང་སང་ན་ལན་གྲངས་གཞན་ལ་ངེས་པ་མེད་པའོ། །དཔེར་ ན་བུ་ལོན་དེ་གསེར་ཁོ་ན་གཅལ་དགོས་པ་ལ། དུས་ནམ་གཅལ་ཀྱང་གལ་མེད་པ་ལྟ་བུའོ། །ཁ་ཅིག་ན་རེ། རྣམ་སྨིན་དེ་མྱོང་བར་ངེས་པ་ལ་གནས་སྐབས་མིའི་ལུས་ལ་སྨིན་ནམ། དུད་འགྲོའི་ལུས་ལ་སྨིན་མ་ངེས་པ་དེ་ལྟ་བུ་ཡིན་ཟེར་རོ། །གཉིས་ཀ་ངེས་པའི་ལས་ཀྱང་ ཡོད་དེ། མཐོང་ཆོས་སོགས་མྱོང་འགྱུར་གྱི་གནས་སྐབས་ངེས་པ་དང་། རྣམ་པར་སྨིན་པ་ཡང་ངེས་པའི་ལས་དེ་དེ་ཡིན་པའི་ཕྱིར་རོ། །དཔེར་ན་ཁ་དྲག་པོ་གཅིག་གི་བུ་ལོན་དེ་གནངས་ཁོ་ན་ལ་གཅལ་དགོས་པ་ལྟ་བུའོ། །གཉིས་ཀ་མ་ངེས་པའི་ལས་ཀྱང་ཡོད་དེ། མྱོང་བར་ འགྱུར་བ་ཡང་མ་ངེས་ལ། རྣམ་པར་སྨིན་པ་ཡང་མ་ངེས་པའི་ལས་དེ་དེ་ཡིན་པའི་ཕྱིར། དཔེར་ན་ཁ་ཞན་པོ་གཅིག་གི་བུ་ལོན་དེ་དུས་དང་གཅལ་དགོས་པ་གཉིས་ཀ་མ་ངེས་པ་ལྟ་བུའོ། །དཔེ་སྟོན་པ་དེ་དག་གི་ལུགས་ལས། ལས་རྣམ་པ་བརྒྱད་དེ། རྣམ་སྨིན་མཐོང་ཆོས་ ལ་མྱོང་འགྱུར་ངེས་པ་དང་། མ་ངེས་པ་དང་། རྣམ་སྨིན་སྐྱེས་ནས་མྱོང་འགྱུར་དུ་ངེས་མ་ངེས་གཉིས་དང་། རྣམ་སྨིན་ལན་གྲངས་གཞན་ལ་མྱོང་འགྱུར་དུ་ངེས་མ་ངེས་གཉིས་དང་། མྱོང་བར་མ་ངེས་པ་ལའང་རྣམ་སྨིན་མྱོང་བར་ངེས་ཀྱང་གནས་སྐབས་མྱོང་བར་མ་ངེས་པ་ གཉིས་ཏེ་བརྒྱད་ལས། སྔ་མ་དྲུག་སྤྱི་ལྡོག་ནས་ངེས་ལ། ཕྱི་མ་གཉིས་མ་ངེས་པར་ཡང་བརྗོད་ལ། སྔ་མ་གསུམ་གྱི་ཕྱེད་གོང་མ་གསུམ་ངེས་ལ། ཕྱེད་འོག་མ་གསུམ་དང་ཕྱི་མའི་གཉིས་བསྡོམ་པས་ལྔ་ནི་མ་ངེས་པར་ཡང་འཇོག་གོ། གཉིས་པ་སོ་སོའི་ཁྱད་པར་ལ། 3-1-76b ལས་གང་གིས་རིས་མཐུན་འཕེན་པ། ཁམས་དང་འགྲོ་བ་གང་ན་ལས་འཕེན་དུ་ཡོད་པའོ། །དང་པོ་ནི། གསུམ་གྱིས་རིགས་ནི་འཕེན་པར་བྱེད། །སྐད་ཅིག་མ་གཅིག་ལ་མཐོང་ཆོས་ལ་མྱོང་འགྱུར་སོགས་ལས་རྣམ་པ་བཞི་འཕེན་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། ཕ་རོལ་པོ་སྲོག་གཅོད་མ་བྱིན་ལེན་རྫུན་ལ་ སྦྱར་ནས། རང་འདོད་ལོག་ལ་ཞུགས་ནས་ལས་བཞི་པོ་དེ་དག་གཅིག་ཅར་མཐར་ཕྱིན་པར་གྱུར་ན། སྲོག་གཅོད་ལྟ་བུ་ནི་མཐོང་ཆོས་ལ་མྱོང་འགྱུར་དང་། མ་བྱིན་ལེན་གྱིས་ནི་སྐྱེས་ནས་མྱོང་འགྱུར་དང་། མི་ཚངས་སྤྱོད་ནི་ལན་གྲངས་གཞན་ལ་མྱོང་འགྱུར་དང་། རྫུན་ སྨྲ་ནི་མྱོང་བར་མ་ངེས་པ་ལྟ་བུ་སྐད་ཅིག་གཅིག་ལ་རྫོགས་པའི་ཕྱིར་རོ། །ལས་བཞི་པོ་དེ་དག་ལས་མཐོང་ཆོས་ལ་མྱོང་འགྱུར་གྱིས་རིས་མཐུན་མི་འཕེན་གྱི་སྐྱེས་ནས་མྱོང་འགྱུར་ལ་སོགས་པ་གསུམ་གྱིས་རིས་མཐུན་ནི་འཕེན་པར་བྱེད་དེ། སྔ་མས་མི་འཕེན་པ་ཡང་ལས་གཞན་ གྱིས་འཕངས་པའི་རིས་མཐུན་པ་ལ་དེ་འབྱུང་བའི་ཕྱིར། དེ་ཉིད་དུ་འབྲས་བུ་དེ་འབྱིན་པའི་ཕྱིར་རོ། །གཉིས་པ་ལ། སྤྱིར་བཏང་བ་དང་། དམིགས་ཀྱིས་བསལ་བའོ། །དང་པོ་ནི། ཐམས་ཅད་ན་ནི་འཕེན་པ་བཞི། །ཁམས་དང་འགྲོ་བ་གང་ན་འཕེན་པ་དུ་ཡོད་པ་ནི། ཁམས་གསུམ་པོ་དང་འགྲོ་བ་ཐམས་ཅད་ ན་ནི་དགེ་བ་དང་མི་དགེ་བའི་འཕེན་པ་བཞི་བཞིར་ཡོད་དོ། །ཅི་རིགས་པར་ཞེས་པ་ནི། མི་དགེ་བ་འདོད་ཁམས་ཁོ་ན་ལ་ཡོད་པ་ལ་དགོངས་སོ། །གཉིས་པ་ལ། སྐྱེ་སྲིད་ལ་དང་། བར་སྲིད་ལ་ལས་འཕེན་དུ་ཡོད་པའོ། །དང་པོ་ལ། དམྱལ་བའི་སྐྱེ་སྲིད་ལ་དུ་ཡོད་པ་དང་། སོ་སྐྱེ་ཁྱད་པར་པའི་སྐྱེ་སྲིད་ལ། འཕགས་པའི་སྐྱེ་སྲིད་ལ་དུ་ཡོད་པའོ། །དང་པོ་ནི། དམྱལ་བ་ན་ནི་དགེ་བའི་གསུམ། །འགྲོ་བ་ཐམས་ཅད་ན་ཞེས་སྤྱིར་བསྟན་པའི་དམིགས་བསལ་ནི། དམྱལ་བ་ན་ནི་མི་དགེ་བ་བཞི་ཅར་གྱི་འཕེན་པ་སྲིད་དེ། དམྱལ་བའི་ཚེ་སྟོད་ལ་ལས་ངན་བྱས་པས་ཚེ་སྨད་ལ་ཤིན་ཏུ་ཡིད་ 3-1-77a འོང་བསྐྱེད་པ་སྲིད་པའི་ཕྱིར་རོ། །ལས་དགེ་བའི་གསུམ་གྱི་འཕེན་པ་ཡོད་ཀྱི། མཐོང་ཆོས་ལ་མྱོང་འགྱུར་གྱི་འཕེན་པ་ནི་མེད་དེ། ཚེ་སྟོད་ལ་དགེ་བ་བྱས་པས་ཚེ་སྨད་ལ་བདེ་བ་མྱོང་བ་མེད་ལ། སྤྱིར་དམྱལ་བ་ན་རྣམ་སྨིན་ཡིད་འོང་མེད་པའི་ཕྱིར། དཔེར་ ན་སྟོན་པ་ཤཱཀ་ཐུབ་དམྱལ་བར་སྐྱེས་པའི་དུས་སུ་གྲོགས་པོ་གཅིག་ལ་སྙིང་རྗེ་སྐྱེས་ནས་གྲོགས་པོ་ངལ་བསོར་བཅུག་ནས། རང་གི་ཤིང་རྟ་དྲངས་པའི་ལས་ཀྱིས་སྐྱེས་ནས་མྱོང་འགྱུར་གྱི་ལས་དེས་རྫ་མཁན་སྨྲང་བྱེད་དུ་སྐྱེས། དེ་བཞིན་ལན་གྲངས་གཞན་པ་དང་མ་ངེས་པའི་ལས་ གསུམ་འཕེན་པ་ལྟ་བུའོ། །གཉིས་པ་ནི། ས་གང་ལས་འདོད་ཆགས་དང་བྲལ་བའི་བྱིས་པ་ཆོས་ཅན། དེར་སྐྱེས་ནས་མྱོང་བའི་ལས་མི་བྱེད་དེ། དེའང་ཡོངས་སུ་མི་ཉམས་པ་བརྟན་པའི་དབང་དུ་བྱས་པའི་ཕྱིར། མཐོང་ཆོས། ལན་གྲངས་གཞན་ལ་མྱོང་བ་དང་མ་ངེས་ པ་གསུམ་འཕེན་པར་ནི་བྱེད་ལ། འཕགས་པ་ལ་དེར་སྐྱེས་ནས་མྱོང་འགྱུར་མི་སྲིད་དེ། ཕྱིར་མི་འོང་ཡིན་པའི་ཕྱིར། གཞན་རྣམ་པ་གསུམ་བྱེད་པ་དེ་ཡང་འདོད་ཁམས་སུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་འཕེན་པ་བྱེད་པའི་མ་རིག་པ་དེས་གོང་མ་བསྡུས་པ་ཡིན་ཏེ། འོག་མ་ལས་ འདོད་ཆགས་དང་བྲལ་བ་ཡིན་པས་སོ། །ཡང་ན་འོག་མར་ལན་གྲངས་གཞན་ལས་སྐྱེ་བ་དེ་ཡང་ལས་རྙིང་གིས་སྐྱེ་ཙ་ན་ལས་རྙིང་དེའི་སྐུལ་བྱེད་མ་རིག་པ་འོག་མར་གཏོགས་སོ། །ཡང་ན་འཕེན་བྱེད་ཀྱི་ལས་མི་སོག་ཀྱང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་རྫོགས་བྱེད་ཀྱི་ལས་ སོག་པ་ཡིན་ནོ། །གསུམ་པ་ནི། འཕགས་པའི་གང་ཟག་མི་ཉམས་པའི་ཆོས་ཅན་ཡིན་ན། ས་གང་ལས་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱང་མི་བྱེད་དེ། འཕགས་པ་མི་ཉམས་པ་འདི་ནི་ས་འོག་མར་འོང་བ་ 3-1-77b རུང་བ་མ་ཡིན་པའི་ཕྱིར། ཉམས་པའི་ཆོས་ཅན་ལ་ནི་རུང་སྟེ། འཕགས་པ་སྲིད་རྩེ་ཐོབ་པ་ཉམས་པའི་ཆོས་ཅན་ཉམས་ནས་གཟུགས་ཁམས་སུ་སྐྱེ་བ་དེ་ལ་སྐྱེས་ནས་མྱོང་བ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྲིད་དེ། འཆར་བྱེད་ཀྱི་མདོ་ལས་འབྱུང་བ་བཞིན་ནོ། ། ཞེས་སོ། །འཕགས་པ་མི་ཉམས་པ་དེས་མྱོང་བར་མ་ངེས་པ་དང་མཐོང་ཆོས་ལ་མྱོང་འགྱུར་གཉིས་ནི་བྱེད་དོ། །འདོད་པ་ལས་ཆགས་བྲལ་གྱི་ཕྱིར་མི་འོང་དང་སྲིད་རྩེ་ལས་ཆགས་བྲལ་གྱི་དགྲ་བཅོམ་མི་བརྟན་པ་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ཀྱང་། འདོད་པ་དང་སྲིད་རྩེར་སྐྱེས་ ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བྱེད་པར་རུང་བ་མིན་ཏེ། དེ་ནི་འབྲས་བུ་ལས་ཉམས་པ་ཡིན་ལ། འབྲས་བུ་ལས་ཉམས་པ་ལ་ནི་འབྲས་བུ་དེ་མ་ཐོབ་ཀྱི་བར་དུ་འཆི་བ་མེད་པའི་ཕྱིར་རོ། །འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། བདེན་པ་མཐོང་ལ་ འཕེན་པ་མེད། །ཅེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་ལུགས་ཡིན་ལ། ལུགས་འདི་ལ་ནི་དེ་ལྟར་མ་ཡིན་ཏེ། གང་ལ་འདོད་ཆགས་བྲལ་བརྟན་པའི། །ཞེས་པ་ས་གང་ལ་ཆགས་བྲལ་མ་ཡིན་པ་དང་། བྱས་ཀྱང་མི་རྟག་པའི་འཕགས་པས་སྐྱེས་ནས་དང་ལན་གྲངས་གཞན་ལ་ མྱོང་འགྱུར་འཕེན་པར་བྱེད་དེ། རྒྱུན་ཞུགས་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སྐྱེ་དང་། ཚེ་གཅིག་བར་ཆད་གཅིག་པ་དང་། ཁམས་གོང་མར་ཉེ་བར་འགྲོ་བ་དག་ཡིན་ནོ། །གཅིག་ལ་མཚོན་ན། ཕྱིར་མི་འོང་སྐྱེ་འདའ་བ་དང་། གོང་འཕོ་དེ་ཁམས་གོང་མ་ དག་ཏུ་སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དུ་བཤད་པ་དང་། ལས་དེ་དག་ནི་འཕེན་བྱེད་ཀྱི་ལས་ཡིན་ཏེ། གསུམ་གྱིས་རིས་ནི་འཕེན་པར་བྱེད། །ཅེས་བཤད་པས། ལས་དེ་ཡང་འཕགས་པས་བྱས་པ་ཡིན་ཏེ། དཔེར་ན་བསམ་གཏན་ 3-1-78a གྱི་སྤེལ་མ་གོམས་ལམ་ཉམས་པའི་ཚེ་གནས་གཙང་མ་དག་ཏུ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་དང་། དེ་བསམ་གཏན་རོ་མྱོང་བའི་ཚེ་ན་གནས་གཙང་མ་དག་ཏུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བྱས་པར་འཇོག་པའི་ཕྱིར། ཞེས་བཀོད་པ་དེ་ ནི་ཆོས་འདིའི་ལུགས་རྒྱུས་མེད་པ་དག་གི་ངོར་དཔེར་བཀོད་པ་རྣམས་ཀྱང་རྣམ་པ་གསལ་གསལ་ལྟར་འཆར་མོད། མི་བརྟན་པའི་འཕགས་པས་སྔ་ས་ནས་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་འབྲས་བསགས་པ་ཡོད་ཀྱང་། དེ་འཕེན་བྱེད་སྲིད་རྩེའི་མ་རིག་པ་ཡིན་པར་ མ་ངེས་པ་དང་། གསུམ་གྱི་རིས་ནི་འཕེན་པར་བྱེད་ཅེས་པས་ཀྱང་འཕགས་པ་འཁོར་བར་སྐྱེ་བའི་འཕེན་བྱེད་ཀྱི་སྲིད་རྩེ་བསྟན་པའི་སྐབས་མ་ཡིན་པའི་ཕྱིར་རོ། །དེས་ན་འཕགས་པ་ལ་མཐོང་སྤང་དུ་གྱུར་པའི་སྲིད་རྩེས་འཁོར་བ་ན་འཕེན་བྱེད་ཀྱི་ལས་སོག་པ་མེད་པ་ནི་མངོན་པ་ གོང་འོག་གང་ནའང་ཁྱད་པར་མེད་པ་ལ་འདིར་ཡོད་པར་བཤད་པ་ནི་རང་གི་སློབ་མའི་ཚོགས་ཀྱི་དབུས་ན་བདག་ཉིད་སྔ་ན་མེད་པའི་སྟོན་པ་ཟླ་མེད་པར་ཞལ་འཆེ་བའི་ཁྱུ་མཆོག་གི་སྒྲའོ། །གཉིས་པ་བར་སྲིད་ལ་ལས་འཕེན་དུ་ཡོད་པ་ལ། དབྱེ་བ། ངེས་པ་བཅུ་གཅིག་མཐོང་ ཆོས་སུ་སྒྲུབ་པའོ། །དང་པོ་ནི། འདོད་པའི་ཁམས་སུ་སྲིད་པ་བར་མར་ནི་མངལ་གྱི་གནས་སྐབས་ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། རྐང་ལག་འགྱུས་པའི་གནས་སྐབས་ཏེ་ལྔ་དང་། བྱིས་པ་དང་། གཞོན་ནུ་དང་། དར་བབ་དང་། དར་ཡོལ་དང་། རྒན་པོའི་གནས་སྐབས་ཏེ་སྐྱེས་པའི་གནས་སྐབས་ལྔ་སྟེ་བཅུ། བར་སྲིད་ཀྱི་གནས་སྐབས་གཅིག་སྟེ་དེ་རྣམས་ལ་མྱོང་བར་འགྱུར་བར་ངེས་མ་ངེས་གཉིས་གཉིས་ཏེ། འཕེན་པ་རྣམ་པ་ཉི་ཤུ་རྩ་གཉིས་ཀྱི་བར་དུ་འཕེན་པར་བྱེད་དོ། །གཟུགས་ན་ནི་མངལ་ 3-1-78b སོགས་ཀྱི་གནས་སྐབས་དེ་རྣམས་མེད་དོ། །གཉིས་པ་ནི། དེ་ནི་མཐོང་ཆོས་འབྲས་བུ་ཡིན། །དེ་ནི་རིགས་གཅིག་ཁོ་ན་ཡིན། །སྲིད་པ་བར་མའི་ལས་ནུར་ནུར་པོ་མྱོང་བར་འགྱུར་བ་སོགས་ལས་ངེས་པ་བཅུ་གཅིག་བཤད་པ་དེ་ནི་འབྲས་བུ་མཐོང་ཆོས་ལ་མྱོང་བར་འགྱུར་བ་ཡིན་ནོ། །དེའི་རྒྱུ་མཚན་ཡང་བར་སྲིད་དང་དེའི་རྒྱུ་ལས་བྱུང་བ་གནས་ སྐབས་བཅུ་པོ་དེ་ནི་རིས་མཐུན་པ་གཅིག་ཁོ་ན་ཡིན་ཏེ། ལས་གཅིག་གིས་འཕངས་པ་ཡིན་ནོ། །དེའི་ཕྱིར་སྲིད་པ་བར་མ་མཐོང་ཆོས་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་དང་། མྱོང་བར་མ་ངེས་པའོ་ཞེས་བྱ་བ་དེར་མ་བཤད་དེ། བར་སྲིད་དེ་ནི་སྐྱེས་ནས་མྱོང་ འགྱུར་ཁོ་ནས་འཕངས་པའི་ཕྱིར། གསུམ་པ་མྱོང་ངེས་ཀྱི་ལས་བསྟན་པ་ལ། སྤྱིར་བཤད་པ། མཐོང་ཆོས་བྱེ་བྲག་ཏུ་བཤད་པ། ལས་འབྲས་མྱོང་ཚུལ་གཞན་བསྟན་པའོ། །དང་པོ་ནི། ཉོན་མོངས་རབ་དང་དྲག་པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། །ཕ་མ་གསོད་གང་དེ་ངེས་སོ། །ཉོན་མོངས་དྲག་པོ་དང་། རབ་ཏུ་དང་བ་དྲག་པོས་བྱས་པ་གང་ཡིན་ པ་དང་། ཞེས་དགེ་བ་ལ་དང་བའི་ལས་ནི་དགེ་བ་ལ་དད་ཅིང་འདུན་པའི་ལས་གང་ཡིན་པའོ། །ཡོན་ཏན་གྱི་ཞིང་དང་ཞེས་པ་ནི་དཀོན་མཆོག་གསུམ་དང་། མཐོང་ལམ་དང་དགྲ་བཅོམ་པའི་འབྲས་བུ་དང་། འགོག་པ་དང་ཉོན་མོངས་མེད་པ་དང་། བྱམས་པའི་སྙོམས་ འཇུག་ཐོབ་པ་དང་། འཇིག་རྟེན་པའི་སྙོམས་འཇུག་གཞན་ལས་ཁྱད་པར་ཟག་མེད་ལམ་གྱི་འབྲས་བུ་ཐོབ་པའི་ཞིང་ཁྱད་ཅན་རྣམས་སོ། །དེ་དག་ལ་ནི་ཉོན་མོངས་དང་དང་བ་དྲག་པོ་མེད་ཅིང་རྒྱུན་དུ་བྱེད་པ་མེད་པར་ཡང་དགེ་མི་དགེའི་ལས་གང་བསགས་པ་མཐོང་ཆོས་ལ་ མྱོང་བར་ངེས་སོ། །ཕ་མ་གསོད་གང་དེ་ངེས་སོ། །ཞེས་པས་ནི་དགེ་མི་དགེའི་བློ་ཅི་རིགས་པས་བསད་ཀྱང་རུང་སྟེ། འབྲས་བུ་ཡིད་མི་འོང་ནི་མཐོང་ཆོས་མྱོང་འགྱུར་མ་ངེས་པའི་ཕྱིར་རོ། །སོག་པོ་པར་སིག་པས་ཕ་མ་གསོད་པ་དེ། ཕ་མ་ལྷར་སྐྱེ་བའི་ཕྱིར་གསོད་པ་ 3-1-79a ནི། བྱང་སེམས་བཞིན་དུ་དག་པར་ཅིས་མི་འགྱུར་ཞེ་ན། བྱང་སེམས་ནི་གང་ཟག་དེ་ཉེས་པར་སྤྱོད་པ་ཆེ་བས་དམྱལ་བར་སྐྱེ་བ་ལ་སྙིང་རྗེས་མ་བཟོད་པ་དང་། དེ་བསད་པས་རང་ལ་རྣམ་སྨིན་བསྐལ་པ་སྟོང་ཕྲག་ཏུ་ཡིད་དུ་མི་འོང་བ་བཟོད་པ་ཡིན་ པ་ལ། སོག་པོ་པར་སིག་པ་ཕ་མ་གསོད་པའི་རྣམ་སྨིན་རང་ལ་ཇི་ཙམ་འོང་ཡང་བཟོད་པ་མེད། ཕ་མ་དེ་སླར་ལ་སྡུག་བསྔལ་བར་སྐྱེ་བ་མཐོང་བ་ཡང་མེད། དེ་བས་བདེ་བར་སྐྱེ་བ་ཡང་མཐོང་བ་མེད་པས་བྱང་སེམས་ཀྱི་གཞན་དོན་དུ་སྲོག་བཅད་པ་དང་ཅི་ལ་མཚུངས་སོ། ། ཕ་མ་གསོད་པའི་མཚམས་མེད་འདི་ལའང་རྣམ་སྨིན་ནི་ངེས་པས་ཁྱབ་ལ། གནས་སྐབས་ནི་ངེས་པས་མ་ཁྱབ་སྟེ། ལས་དེའི་འབྲས་བུ་མཐོང་ཆོས་སུ་བསྒྱུར་ནས་ཁམས་གསུམ་ལ་ཆགས་བྲལ་བྱེད་པ་དག་ཀྱང་སྲིད་དོ་ཞེས་ཁ་ཅིག་ཟེར་རོ། །ཉོན་མོངས་པ་དང་རབ་ དང་ཆུང་ངུས་བྱས་པ་ནི་མྱོང་བར་མ་ངེས་སོ། །གཉིས་པ་ལ། ལས་ཀྱི་ནུས་པ་དང་། གཉེན་པོའི་ནུས་པས་མཐོང་ཆོས་སུ་ངེས་པ་དང་། ཞིང་གི་ཁྱད་པར་རོ། །དང་པོ་ནི། མཐོང་ཆོས་ལ་འབྲས་བུ་མྱོང་བ་ཅན་གྱི་ལས་ཞིང་གི་ཁྱད་པར་ལས་འགྱུར་པ་དགེ་སློང་ཤགས་ཀྱིས་ཕམ་པ་ ཞིག་གིས་དགེ་འདུན་ལ་བུད་མེད་ཅེས་འཐབ་མོ་བརྒལ་བས་ཚེ་དེ་ལ་བུད་མེད་དུ་གྱུར་པར་གྲགས་པ་དང་། བསམ་པའི་ཁྱད་པར་ལས་རྒྱལ་པོ་ཀ་ན་ཀའི་ཉུག་རུམ་ལོང་བ་ཞིག་གིས་བརྔན་པ་བྱིན་ནས་གླང་ལྔ་བརྒྱ་དག་རླིག་པ་དབྱུང་བ་ལས་ཐར་བར་བྱས་པས་སྐྱེས་པའི་དབང་པོར་གྱུར་པ་ལྟ་ བུའོ། །སྐབས་འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། ལས་དགེ་བའམ་མི་དགེ་བའི་རྣམ་སྨིན་འཕེན་པའི་ཆ་ནས་ནི་མཐོང་ཆོས་ལ་མྱོང་འགྱུར་དུ་མི་འཇོག་སྟེ། དེའི་ཆ་ནས་མྱོང་འགྱུར་གཞན་གཉིས་པོ་གང་རུང་དུ་འཇོག་པའི་ཕྱིར། རྒྱུ་མཐུན་གྱི་འབྲས་བུ་མྱོང་བའི་ཆ་ནས་དེར་འཇོག་པ་ 3-1-79b ཡིན་ཏེ། སྔོན་དགེ་སློང་གིས་དགེ་འདུན་ལ་བུད་མེད་ཅེས་བརྗོད་པས་བུད་མེད་དུ་མཚན་གྱུར་པ་དང་། ཉུག་རུམ་པས་གླང་རླིག་འབྱིན་པ་ལས་ཐར་བར་བྱས་པས་རང་འབྲས་སོར་ཆུད་པར་བཤད་པ་ལྟ་བུའོ་ཞེས་ཟེར་རོ། །འདི་ཡང་སྔོན་མ་གྲགས་པའི་ཆོས་སྐད་ངོ་མཚར་བ་ཞིག་ ཟུར་ཁྱད་ཐོན་པར་རློམ་པ་ཡིན་མོད། གསུང་རབ་ཀྱི་དགོངས་པ་ནི་མ་ཡིན་ཏེ། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་འཆད་པའི་སྐབས་སུ་ངེས་པ་གསུམ་དང་མ་ངེས་པ་གཅིག་གི་རྣམ་སྨིན་ཏེ་རྣམ་སྨིན་བཞི་འཆད་པའི་སྐབས་ཡིན་ལ། རྒྱུ་མཐུན་གྱི་འབྲས་བུ་ནམ་སྨིན་འཆད་པའི་སྐབས་མ་ཡིན་ པའི་ཕྱིར་དང་། དགེ་མི་དགེའི་རྣམ་སྨིན་མཐོང་ཆོས་སུ་སྨིན་རྒྱུ་དེ་སྐྱེ་གནས་གཞན་དང་ལན་གྲངས་གཞན་ལ་མྱོང་བའམ་སྨིན་པར་ཁས་བླངས་པས་རང་ཚིག་བླ་ན་མེད་པར་འགལ་བའི་ཕྱིར་དང་། མཐོང་ཆོས་མྱོང་འགྱུར་གྱི་ལས་འབྲས་ཡིན་ན་རྒྱུ་མཐུན་གྱི་འབྲས་བུ་ཡིན་དགོས་ན་ མྱོང་འགྱུར་ཕྱི་མ་གཉིས་ཀྱི་ལས་འབྲས་ཡིན་ནའང་རྒྱུ་མཐུན་གྱི་ལས་འབྲས་ཁོ་ན་ཡིན་དགོས་པ་དང་། དེ་མི་དགོས་ན་སྔ་མའང་མི་དགོས་པ་དང་། དེ་ལྟར་སྒྲུབ་པ་ལ་ལུང་དང་འཐད་པ་གང་ཡང་མེད་པའི་ཕྱིར་དང་། མཐོང་བའི་ཆོས་ལ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའང་མི་ འཐད་པར་འགྱུར་བ་དང་། ཁྱེད་ཀྱིས་བཤད་པའི་མཐོང་ཆོས་རྣམ་སྨིན་གྱི་དཔེ་གཉིས་པོའང་རྒྱུ་མཐུན་གྱི་ལས་འབྲས་མྱོང་བའི་དཔེ་མ་ཡིན་ཏེ། མཐོ་རིས་ཀྱི་ལུས་རྟེན་མཆོག་དམན་ཀྱང་དགེ་མི་དགེའི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར་དང་། ཁྱབ་པ་ཡོད་དེ། མཐོ་རིས་ན་ཡོད་པའི་ མི་ཁོམ་པའི་ལུས་རྟེན་རྣམས་མི་དགེ་བའི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར་དང་། གསུང་རབ་ཀྱི་ཚིག་ཟིན་ཐམས་ཅད་དང་ཡང་འགལ་ཏེ། ལས་ཀྱི་རྣམ་པར་སྨིན་པ་ཚེ་དེ་ཉིད་ལ་སྨིན་པར་འགྱུར་ཏེ། ཞེས་རྒྱས་པར་འབྱུང་བ་ཐམས་ཅད་དང་། འགྲེལ་པ་འདི་ཉིད་དུའང་། མཐོང་ 3-1-80a བའི་ཆོས་ལ་མྱོང་བར་འགྱུར་བ་ནི་སྐྱེ་བ་གང་དུ་བྱས་པ་དེ་ཉིད་དུ་རྣམ་པར་སྨིན་པར་འགྱུར་བའོ་ཞེས་པ་དང་མངོན་སུམ་དུ་འགལ་བའི་ཕྱིར་རོ། །ཐེག་པ་ཆེན་པོ་ལྟར་ན། སོར་མོའི་ཕྲེང་བ་ཅན་མི་དུ་མ་བསད་པའི་ལས་བཤགས་པས་དག་ཀྱང་། དེའི་རྣམ་ སྨིན་གྱི་འབྲས་བུ་མི་བསླུ་བར་མཐོང་ཆོས་མྱོང་འགྱུར་ལ་དམྱལ་བའི་རྣམ་སྨིན་མྱོང་བར་བཤད་པ་དང་། འཆད་མ་ཐག་པའི་གཞུང་རྣམ་སྨིན་གྱི་འབྲས་བུར་ནི་ངེས་ལ། གནས་སྐབས་མ་ངེས་པ་དེ་མཐོང་ཆོས་ལ་རྣམ་སྨིན་གྱི་འབྲས་བུ་མྱོང་བར་གསུངས་པ་སོགས་ཕྱོགས་འདི་ལྟ་བུ་ ལ་གཞོགས་གཅིག་གཡང་བསྐྱུར་མཛད་པ་ནི། ཨེ་མ་ཧོ་སྐྱེས་བུ་ཆེན་པོ་ཤིན་ཏུ་དཔའ་ཞིང་བརྟུལ་ཕོད་པའོ། །གཉིས་པ་ནི། ཡང་ན་འདོད་པ་ལ་སོགས་པའི་ས་དེའི་དགེ་མི་དགེ་ལས་འདོད་ཆགས་དང་གཏན་དུ་བྲལ་བའི་ཕྱིར། ཕྱིན་ཆད་དེར་མི་སྐྱེ་བས་ཡུལ་འཕོ་བ་ན་བུ་ལོན་ལྡང་ བ་ལྟར་ས་དེར་མྱོང་བར་ངེས་པའི་ལས་གང་ཡིན་པ་དེའི་འབྲས་བུ་ནི་མཐོང་ཆོས་དེ་ཁོ་ན་ལ་མྱོང་བར་འགྱུར་རོ། །ལས་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ནི་གནས་སྐབས་མ་ངེས་ཀྱང་རྣམ་སྨིན་མྱོང་བར་ངེས་པ་གང་ཡིན་པའོ། །མཐོང་ཆོས་སོགས་གནས་སྐབས་གཞན་དུ་ངེས་པ་དེ་ནི་དེ་ དང་ལྡན་བཞིན་དུ་གཏན་དུ་འདོད་ཆགས་དང་བྲལ་མི་སྲིད་པས་དེ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ། །མ་ངེས་པ་ནི་ཆགས་བྲལ་གྱི་གེགས་མི་ནུས་ལ། ས་དེ་ལས་གཏན་དུ་འདོད་ཆགས་དང་བྲལ་བའི་ཕྱིར་མ་ངེས་པ་དེ་རྣམ་པར་མི་སྨིན་པ་ཉིད་དོ། །ཐེག་པ་ཆེན་པོ་པའི་ལུགས་ ལ་ནི། མྱོང་འགྱུར་གཞན་གཉིས་ཀྱང་མཐོང་ཆོས་སུ་བསྒྱུར་བ་དང་། རྣམ་སྨིན་ངེས་པའི་ལས་ཀྱང་མི་མྱོང་བར་བསྒྱུར་ནུས་པར་བཞེད་ལ། ལུགས་འདིར་ནི་དེ་མི་འདོད་དོ། །འདི་དང་མཐུན་པར་སྔགས་བླ་ན་མེད་པའི་རྫོགས་རིམ་གྱི་སྐབས་སུ་འགྲོ་བ་དྲུག་ཏུ་སྨིན་རྒྱུའི་ 3-1-80b ལས་འབྲས་ཐམས་ཅད་མཐོང་ཆོས་མྱོང་འགྱུར་དུ་བྱས་ཏེ། འགྲོ་བ་དྲུག་གི་གནས་སྦྱོང་ཉམས་སྣང་ལ་རྨི་ལམ་གྱི་ཚོད་ཙམ་དུ་མྱོང་ནས། འགྲོ་དྲུག་གི་སྐྱེ་བ་ལེན་པའི་ལས་ཐམས་ཅད་ཟད་པར་བྱེད་པའི་སྔགས་ཀྱི་ཐབས་ཁྱད་པར་ཅན་ཡང་ཡོད་དོ། །གསུམ་པ་ནི། ངེས་པར་མཐོང་ཆོས་ལ་མྱོང་བར་འགྱུར་བའི་ལས་སུ་འགྱུར་བའི་ཞིང་ནི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་། གང་ཟག་ལྔ་པོ་གང་དག་འགོག་པའི་སྙོམས་འཇུག་ལངས་པ་ནི་སྙོམས་འཇུག་དེ་སེམས་དང་སེམས་བྱུང་འཇུག་པ་མེད་པས་མྱང་འདས་ དང་འདྲ་བའི་ཕྱིར་སེམས་མཆོག་ཏུ་ཞི་བ་འཐོབ་སྟེ། དེ་ནི་མྱ་ངན་ལས་འདས་པར་སོང་བ་ལས་སླར་ལོག་པ་དང་འདྲ་བ་ཡིན་པས་སེམས་མཆོག་ཏུ་དང་བའི་གཞིར་གྱུར་པ་ཡིན་ནོ། །ཉོན་མོངས་མེད་པ་ལས་ལངས་པའི་རྒྱུད་ནི་སེམས་ཅན་ཚད་མེད་པ་ལ་ཉོན་མོངས་ པ་མེད་པ་དང་ལྡན་པའི་ལྷག་པའི་བསམ་པ་དང་རྗེས་སུ་འབྲེལ་བ་དང་། ཤིན་ཏུ་གསལ་ཞིང་རྣོ་བའི་བསོད་ནམས་ཚད་མེད་པ་ཡོངས་སུ་བསྒོས་པ་དང་རྗེས་སུ་འབྲེལ་བ་ཡིན་ནོ། །བྱམས་པ་ལས་ལངས་པའི་རྒྱུད་ནི་སེམས་ཅན་ཚད་མེད་པ་ལ་ཕན་པའི་ལྷག་བསམ་ དང་རྗེས་སུ་འབྲེལ་བ་དང་ཤིན་ཏུ་གསལ་བའི་བསོད་ནམས་ཚད་མེད་པས་ཡོངས་སུ་བསྒོས་པ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །མཐོང་ལམ་ལས་ལངས་པའི་རྒྱུད་ནི་མཐོང་སྤངས་མ་ལུས་པར་སྤངས་པའི་ཕྱིར་གནས་ཡོངས་སུ་གྱུར་པ་སར་པ་ཡིན་པས་དྲི་མ་མེད་པ་སྟེ། ལངས་ ནས་ཡུན་རིང་མ་ལོན་པ་བཟུང་བའི་ཕྱིར། དགྲ་བཅོམ་གྱི་འབྲས་བུ་ལས་ལངས་པའི་རྒྱུད་ནི་སྒོམ་སྤངས་མ་ལུས་པར་སྤངས་པའི་ཕྱིར་གནས་ཡོངས་སུ་གྱུར་པ་དྲི་མ་མེད་པ་ཡིན་ནོ། །དེའི་ཕྱིར་དེ་དག་ལ་ཕན་གནོད་བྱས་པའི་འབྲས་བུ་འཕྲལ་དུ་མཐོང་ཆོས་ལ་མྱོང་བར་འགྱུར་རོ། ། 3-1-81a ལྷག་མ་སྒོམ་ལམ་ལན་གཅིག་ཕྱིར་འོང་དང་ཕྱིར་མི་འོང་ཐོབ་པར་བྱེད་པ་ནི་ལམ་གྱི་རང་བཞིན་དང་། འབྲས་བུ་ཉོན་མོངས་སྤངས་པ་མ་རྫོགས་པ་ཅན་ཉིད་ཀྱི་ཕྱིར་དེ་ལས་ལངས་པ་རྣམས་ཀྱི་རྒྱུད་དེ་ལྟར་གནས་ཡོངས་སུ་གྱུར་པ་སར་པ་དང་། དག་པ་མ་ ཡིན་པས་དེ་དག་ནི་དགྲ་བཅོམ་ལས་ལངས་པ་དེ་ལྟར་བསོད་ནམས་ཀྱི་ཞིང་མ་ཡིན་ནོ། །གསུམ་པ་ལས་འབྲས་མྱོང་ཚུལ་གཞན་བསྟན་པ་ལ། ཚོར་བ་མྱོང་ཚུལ། གཡེངས་པའི་སེམས་གང་ལ་གནས་པ། དེ་རྒྱུ་ཅི་ལས་གྱུར་པ། དེ་འགྲོ་བ་གང་ལ་ཡོད་པའོ། །དང་པོ་ནི། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །མི་དགེ་བའི་ནི་ལུས་ཀྱི་ཡིན། །རྣམ་སྨིན་གྱི་གཙོ་བོ་ཚོར་བ་ཡིན་པས་སེམས་ཚོར་ཁོ་ན་ཡིན་ལ། ལུས་ཚོར་མ་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ། རྣམ་པར་རྟོག་པ་མེད་པའི་དགེ་བའི་ལས་ནི་བསམ་གཏན་ཁྱད་པར་ཅན་ནས་སྲིད་རྩེའི་བར་ན་ཡོད་དེ། ལས་དེ་ཉིད་ཀྱི་རྣམ་སྨིན་ནི་སེམས་ཀྱི་ཚོར་བ་ཁོ་ནར་འདོད་ཀྱི། ལུས་ཀྱི་ནི་མ་ཡིན་ཏེ། ལུས་ཀྱི་ཚོར་བ་ནི་རྟོག་དཔྱོད་དང་བཅས་པ་ཡིན་ལ། བསམ་གཏན་ཁྱད་ཅན་ལ་སོགས་པ་ན་རྟོག་དཔྱོད་མེད་པའི་ཕྱིར། རྟོག་པ་མེད་པའི་ལས་ཀྱི་རྣམ་སྨིན་ས་འོག་མ་རྟོག་དཔྱོད་དང་བཅས་པ་ཡིན་པར་མི་རུང་ངོ་། །འོ་ན་སྒོ་ལྔའི་ལུས་ཚོར་རྟོག་མེད་དུ་བཤད་པ་དང་ འགལ་སྙམ་ན། རང་བཞིན་དང་རྗེས་སུ་དྲན་པའི་རྟོག་པ་མེད་པར་རྟོག་མེད་ཡིན། ཚོར་བ་དང་སོ་སོར་ངེས་པའི་རྟོག་དཔྱོད་ཅི་སྟེ་མེད་དེ་ཡོད་པའི་ཕྱིར། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ལུས་ཀྱི་ཚོར་བ་སྡུག་བསྔལ་ཁོ་ན་ཡིན་གྱི། སེམས་ཀྱི་མ་ཡིན་ཏེ། སེམས་ཀྱི་སྡུག་བསྔལ་ནི་ ཡིད་མི་བདེ་ཡིན་ལ། དེ་རྣམ་སྨིན་མ་ཡིན་པ་ནི། །དབང་པོ་བསྟན་པར། སྲོག་ནི་རྣམ་སྨིན་བཅུ་གཉིས་གཉིས། །ཐ་མ་བརྒྱད་དང་ཡིད་མི་བདེ། །མ་གཏོགས་པ་སྟེ་ཞེས་པར་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ནི། གཡེངས་པའི་སེམས་ནི་ཡིད་སེམས་ལ། །ཡིད་མི་བདེ་བ་རྣམ་སྨིན་མ་ཡིན་ན་ཞེས་པ་འདི་བློ་ལ་མ་བདེ་ནས། 3-1-81b འོ་ན་སྨྱོ་བའི་སེམས་དེ་སྒོ་ལྔའི་རྣམ་ཤེས་ཀྱི་ཚོགས་ལ་གནས་པ་ནི་མ་ཡིན་ཏེ། རྣམ་རྟོག་མེད་པའི་ཕྱིར་དེས་ན་རྟོག་པ་དང་བཅས་པའི་སེམས་གཡེངས་པའི་ཡིད་མི་བདེ་བ་ནི་ཆོས་ཅན། རྣམ་པར་སྨིན་པ་ཡིན་པར་ཐལ། དེ་མི་དགེ་བའི་རྒྱུ་ཅན་གྱི་ཡིད་དུ་མི་འོང་བའི་ཕྱིར་སྙམ་ནས་ གཡེངས་པའི་སེམས་དེ་གང་ལ་གནས་པ་ཡིན་ཅེས་དྲིས་པའོ། །གཡེང་བ་སྟེ་སྨྱོས་པའི་སེམས་ནི་ཡིད་སེམས་ལ་བརྟེན་པ་སྟེ་ཡིད་ཀྱི་རྣམ་ཤེས་ལ་བརྟེན་པ་ཡིན་ཏེ། རྣམ་ཤེས་ཚོགས་ལྔ་ལ་གནས་པ་ལ་ནི་གཡེངས་པ་མེད་དེ། ངེས་པར་རྟོག་པ་དང་རྗེས་སུ་དྲན་པ་དག་གིས་རྣམ་པར་ མི་རྟོག་པའི་ཕྱིར་དང་། སེམས་གཡེངས་པ་ནི་རྣམ་རྟོག་ངན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་ནི། གཡེང་སེམས་དེ་ནི་སེམས་ཅན་རྣམས་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་ཡིན་ཏེ། དེའི་རྒྱུ་ནི་རྫས་སྔགས་ཀྱི་སྦྱོར་བས་ཕ་རོལ་གྱི་སེམས་གཡེང་བར་སྐྱེད་པ་དང་། དྲག་ ཤུལ་ཅན་གྱིས་ཞུས་པའི་མདོ་ལས། བྱང་སེམས་རང་ཆང་མི་འཐུང་ཡང་སེམས་ཅན་སྐོམ་གྱིས་གདུངས་པ་ལ་ཆང་སྦྱིན་པར་བཤད་ཀྱང་། མི་འདོད་བཞིན་དུ་བླུད་པ་དང་། རླུང་སེལ་བའི་ཆེད་དུ་དུག་སྦྱིན་པ་ལས། མི་འདོད་བཞིན་དུ་དུག་བླུད་པ་དང་། རི་དྭགས་སོགས་སྐྲག་ པར་བྱེད་པའམ། ནགས་ལ་མེ་གཏོང་བའམ། གཡང་དུ་འདོར་བར་བྱེད་པའམ། མི་འདོད་པ་ན་ཚར་འགྱུར་བ་གཞན་གྱི་སེམས་ཉམས་པར་བྱེད་པ་དེ་དག་ལས་རྣམས་ཀྱི་རྣམ་སྨིན་ལས་སྐྱེས་པ་དེས་ནི་སེམས་གཡེང་བར་བྱེད་པའི་ཕྱིར། སེམས་གཡེང་བ་ཡང་མི་མ་ཡིན་པའི་ གཟུགས་མི་སྡུག་པ་བསྟན་པ་ལ་སོགས་པས་སྐྲག་པར་བྱས་པ་དང་། མི་མ་ཡིན་ཁྲོས་ཏེ་གནད་དུ་བསྣུན་པས་གནོད་པ་བྱས་པ་དང་། རླུང་མཁྲིས་བད་ཀན་འཁྲུགས་པས་འབྱུང་བ་ཆ་མ་མཉམ་པ་དང་། སྔོན་གནས་བྱེད་ཀྱི་བུ་དང་རུས་མཐུན་པའི་བྲམ་ཟེ་མོ་ཁྱོ་ཤུགས་གཉིས་ལ་ 3-1-82a བུ་བདུན་ཡོད་པ་ལས། བུ་དྲུག་ཤི་བས་མྱ་ངན་གྱིས་སྨྱོ་བར་གྱུར་ཏེ་གཅེར་བུ་ཁོ་ནར་བཅོམ་ལྡན་འདས་མི་ཐི་ལའི་ཨ་མྲའི་ཚལ་ན་བཞུགས་པའི་དྲུང་དུ་ཕྱིན་པ་ན། སངས་རྒྱས་ཀྱི་མཐུས་དྲན་པ་རྙེད་ནས་ངོ་ཚ་བར་གྱུར་པ་ལ་སྟོན་པའི་བཀས་ཀུན་དགའ་བོས་ གོས་བྱིན་ཏེ། དེ་ལ་སྟོན་པས་ཆོས་བསྟན་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་སླར་རང་གི་ཁྱིམ་དུ་ཕྱིན་པ་ན། བུ་བདུན་པ་ཤི་བ་དང་དེ་ལ་མྱ་ངན་མི་བྱེད་པ་ལ། རང་གི་ཁྱོ་ན་རེ། ཁྱོད་སྔར་བུ་དྲུག་ཤི་བ་ལ་མྱ་ངན་བྱེད་ལ། ད་བུ་བདུན་པ་ ཤི་བ་ལ་མྱ་ངན་མི་བྱེད་པས། བུ་དེ་དག་ཁྱོད་རང་གིས་ཟོས་སོ་ཞེས་ཟེར་བ་ལ། བྲམ་ཟེ་མོས། བྲམ་ཟེ་ངས་ནི་ཡུན་རིང་ནས། །བུ་དང་ཚ་བོ་སྟོང་ཕྲག་དང་། །གཉེན་མང་བརྒྱ་ཕྲག་དག་ཟོས་ཏེ། །ཁྱོད་ཀྱིས་ཀྱང་ནི་དེ་དང་འདྲ། །སྐྱེ་བ་དེ་དང་དེ་དག་ཏུ། །བུ་དང་ཚ་བོ་སྟོང་ཕྲག་དག ། གཅིག་ལ་གཅིག་ནི་ཟ་རྣམས་ཀྱིས། །ཚད་ནི་ཡོད་པ་མ་ཡིན་ནོ། །འཇིག་རྟེན་ན་ནི་སྐྱེ་བ་དང་། །འཆི་ལས་ངེས་འབྱུང་ཤེས་ནས་ནི། །སུ་ཞིག་མྱ་ངན་ཡོངས་གདུང་བའམ། །སྨྲེ་སྔགས་འདོན་པར་བྱེད་པར་འགྱུར། །བདག་གིས་སངས་རྒྱས་བསྟེན་བྱས་ཏེ། །སྐྱེ་བ་དང་ནི་འཆི་བ་ལས། །ངེས་ པར་འབྱུང་བ་ཤེས་པས་ན། །མྱ་ངན་མི་བྱེད་གདུང་བ་མེད། །ཅེས་པ་ལྟ་བུ་ནི་མྱ་ངན་གྱི་རྐྱེན་གྱིས་འབྱུང་བར་འགྱུར་རོ། །དེ་དག་ནི་རིམ་པ་ལྟར་བསགས་སྦྱངས་དང་། སྐྱེས་བུ་དམ་པའི་མན་ངག་དང་། རིག་སྔགས་འཆང་བ་ལ་སོགས་པའི་བྱིན་རླབས་དང་། གསོ་བ་རིག་པ་དང་། མྱ་ ངན་བསལ་བའི་ཐབས་དང་སྤྱོད་ལམ་གྱིས་བཅོས་སུ་ཡོད་པའོ། །ཅི་སེམས་ཀྱི་ཚོར་བ་དགེ་བ་དང་མི་དགེ་བའི་རྣམ་སྨིན་ཡིན་པར་ཐལ། གཡེང་བའི་ཚོར་བ་ཡིད་མི་བདེ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ། གཡེང་བ་ཡང་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་ཡིན་པའི་ཕྱིར་སྙམ་ན། མ་ཁྱབ་ 3-1-82b སྟེ། གཡེང་བའི་སེམས་ཚོར་ཡིད་མི་བདེ་བ་ནི་ཆོས་ཅན། རྣམ་སྨིན་མ་ཡིན་པར་ཐལ། གཡེང་བ་དེའི་རྒྱུ་འབྱུང་ཆེན་འཁྲུགས་པ་ནི་ལས་ཀྱི་རྣམ་སྨིན་ཡིན་པའི་ཕྱིར། །ཁྱབ་སྟེ། རྣམ་སྨིན་ལས་སྐྱེས་པ་ནི་རྣམ་སྨིན་མ་ཡིན་པ་ཡིན་པའི་ཕྱིར་ཏེ། ལས་ལས་སྐྱེས་པ་མ་ཡིན་པའི་ ཕྱིར། དེས་ན་ལས་ལས་སྐྱེས་པའི་ཁམས་འཁྲུགས་པའི་རྣམ་སྨིན་ལས་ནི། སེམས་འཁྲུགས་པ་དང་། དབང་མེད་པ་དང་། དྲན་པ་ཉམས་པར་འགྱུར་བས་ན་སེམས་གཡེང་བ་ཞེས་བྱའོ། །དེས་ན་སེམས་གཡེང་བ་དང་། རྣམ་པར་གཡེང་བ་ལ་མུ་བཞི་ཡོད་དེ། རང་བཞིན་ དུ་མི་གནས་པས་གཡེང་ལ་ཉོན་མོངས་ཅན་གྱི་རྣམ་པར་མ་གཡེང་བ་ནི། སྨྱོན་པས་དགེ་བ་དང་ལུང་མ་བསྟན་གྱི་ལས་བྱས་པའོ། །རྣམ་པར་གཡེང་ལ་མ་གཡེང་བ་ནི། རང་བཞིན་དུ་གནས་པའི་རྒྱུད་ལ་ཆགས་སོགས་སྐྱེས་པའོ། །གཉིས་ཀ་ནི་སྨྱོན་པའི་རྒྱུད་ལ་ཆགས་སོགས་སྐྱེས་པ་ལྟ་བུའོ། ། སེམས་ཉོན་མོངས་པ་ཅན་ནི་རྣམ་པར་སྨིན་པ་ཡིན་པར་མི་རུང་སྟེ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་འབྱུང་བའི་ཕྱིར་རོ། །གཉིས་ཀ་མིན་པ་ནི་རྣལ་དུ་འདུག་པའི་ཉོན་མོངས་ཅན་མིན་པའོ། །སྨྱོ་བའི་དུས་སུ་སྒོ་ལྔའི་རྣམ་ཤེས་ལ་འཁྲུལ་སྣང་འཆར་མོད། དེ་ཡིད་ཀྱི་རྟོགས་པ་ན་གཡེང་བའི་སེམས་ སུ་འགྱུར་ལ། དེར་མ་རྟོགས་པ་ན་གཡེང་བའི་སེམས་སུ་མི་འཇོག་གོ། བཞི་པ་ནི། སྒྲ་མི་སྙན་མིན་པའི་འདོད་པ་དང་ལྡན་པའི་སེམས་ཅན་རྣམས་ལ་ནི་སྨྱོ་བ་ཡོད་དེ། ལྷ་སྨྱོན་པའང་ཡོད་ན་མི་དང་དུད་འགྲོ་དང་ཡི་དྭགས་ནི་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། དམྱལ་བ་པ་ནི་རྟག་ཏུ་སེམས་གཡེང་བ་ཁོ་ ན་ཡིན་ཏེ། གནོད་པ་སྣ་ཚོགས་པས་གནད་གཅད་པའི་ཚོར་བས་ཉེན་པ་རེ་ཞིག་བདག་ཉིད་ཀྱང་མི་དྲན་ན་བྱ་བ་དང་བྱ་བ་མ་ཡིན་པ་དྲན་པ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །རྐུན་པོའི་སྡེ་དཔོན་ཞིག་གིས་རང་སངས་རྒྱས་ལྔ་བརྒྱ་གསོད་དུ་བཅུག་པ་ཀྱི་ཧུད་སེམས་ཞེས་སྨྲེ་སྔགས་ 3-1-83a འདོན་པའི་དམྱལ་བར་སྐྱེ་བ་དཔེར་བྱས་པའོ། །སངས་རྒྱས་བསོད་ནམས་ཀྱི་ཚོགས་ཆེ་བས་འབྱུང་བ་མ་སྙོམས་པས་ཀྱང་ཐུགས་གཡེང་བ་དང་རིམ་གྱིས་འགྲོངས་པ་དང་། གསུང་འཛེར་བ་དང་། དབུ་སྐྱ་བ་མི་མངའ་སྟེ། ལས་ཤིན་ཏུ་དང་བའི་རྣམ་སྨིན་གྱི་ སྙིང་པོ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་མ་གཏོགས་འཕགས་པ་རྣམས་ལ་འབྱུང་བ་མ་མཉམ་པའི་སེམས་གཡེང་བ་ཡོད་དོ། །འཕགས་པ་རྣམས་ལས་ཀྱིས་སེམས་གཡེང་བ་ནི་མ་ཡིན་ཏེ། ངེས་པ་ནི་སྔོན་སོ་སྐྱེའི་གནས་སྐབས་ཁོ་ནར་སྨིན་ཟིན་ལ། མ་ངེས་པ་ནི་འཕགས་ པའི་གནས་སྐབས་ན་མི་སྨིན་པའི་ཕྱིར། འོ་ན་སྤྱོད་འཇུག་ལས། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཅེས་བཤད་པ་དང་འགལ་སྙམ་ན། མིན་ཏེ། དེ་ནི་རང་བཞིན་དུ་གནས་པའི་སྐབས་ཀྱི་ལས་འབྲས་མྱོང་ཚུལ་གྱི་སྐབས་ཡིན་ལ། འདིར་བཤད་ པ་ནི་རང་བཞིན་དུ་མི་གནས་པའི་སྐབས་ཡིན་པའི་ཕྱིར་རོ། །འཕགས་པ་ལ་འཚེ་བ་མེད་པ་དང་། གྲགས་པ་མེད་པ་དང་། འཁོར་གྱི་ནང་དུ་བག་ཚ་བ་དང་། འཆི་བ་དང་། ངན་འགྲོའི་འཇིགས་པས་སེམས་གཡེང་བ་མེད་དེ། འཇིགས་པ་ལྔ་པོ་ནི་འཇིག་ཚོགས་ཀུན་བཏགས་ལས་ བྱུང་ན་འཕགས་པས་ཀུན་བཏགས་དེ་སྤངས་ཟིན་པའི་ཕྱིར་རོ། །འཕགས་པ་ལ་གནོད་པས་ཀྱང་སེམས་གཡེང་བ་མེད་དེ། མི་མིན་འཁྲུགས་པའི་རྒྱུ་འཕགས་པས་མི་མིན་ལ་གནོད་པ་མི་མཛེས་པ་ནི་མི་བྱེད་པའི་ཕྱིར། གལ་སྲིད་བྱེད་ན་ཁོང་ལ་གནོད་པ་འོང་ཡང་ཁོང་གིས་གནོད་པ་དེ་ ཀུན་ཟིལ་གྱིས་གནོན་ནུས་པའི་ཕྱིར། འཕགས་པ་མྱ་ངན་གྱིས་ཀྱང་སེམས་མི་གཡེང་སྟེ། ཆོས་ཀྱི་ངོ་བོ་ཉིད་འདུ་བྱེད་མི་རྟག་ཟག་བཅས་སྡུག་བསྔལ། ཆོས་བདག་མེད་པ་མངོན་པར་ཤེས་པའི་ཕྱིར་རོ། །གཉིས་པ་རྒྱུའི་སྒོ་ནས་དབྱེ་བ་ནི། མདོ་ལས། ལུས་ངག་ཡིད་ཀྱི་ལས་ཡོན་ 3-1-83b པོ་གསུམ་ནི་གྱ་གྱུ་སྡིག་པ་ཅན་གྱི་ལྟ་བ་ལས་བརྒྱུད་ནས་བྱུང་བའི་ཕྱིར་གཡོ་ལས་སྐྱེས་པ་དང་། སྐྱོན་ནམ་ཉེས་པ་གསུམ་ནི་ཞེ་སྡང་གི་རྒྱུ་ལས་སྐྱེས་པ་དང་། སྙིགས་མ་གསུམ་ནི་ཆགས་པའི་རྒྱུ་ལས་སྐྱེས་པའི་ཕྱིར། འདོད་ཆགས་ལས་སྐྱེས་པར་གསུངས་པ་ནི་ཀུན་སློང་ གི་དབང་དུ་བྱས་པའོ། །གསུམ་པ་རྒྱུ་འབྲས་གཉིས་ཀའི་སྒོ་ནས་དབྱེ་བ་ལ། བསྟན་པ་དང་། བཤད་པའོ། །དང་པོ་ནི། མདོ་ལས། ལས་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་དང་། ལས་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་དང་། སོགས་ པས་ལས་དཀར་ནག་འདྲེས་མ་ལ་རྣམ་སྨིན་དཀར་ནག་འདྲེས་མ་དང་། ལས་མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་ལ་ཟད་པར་བྱེད་པའི་བློ་བྱེ་བྲག་གི་ལས་ནི་རྣམ་པ་བཞི་ཡིན་ནོ། །གཉིས་པ་ལ། སྤྱིར་བསྟན་པ་དང་། ཟད་བྱེད་བྱེ་བྲག་ཏུ་བཤད་པ། གཞན་ ལུགས་འགོད་པའོ། །དང་པོ་ནི། དེ་ལ་ལས་མི་དགེ་བ་ཉོན་མོངས་ཅན་ཡིན་པས། རྣམ་སྨིན་ཀྱང་ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར་གནག་པའི་ལས་དང་། གཟུགས་སུ་གཏོགས་པའི་དགེ་བ་ཉིད་ནི་མི་དགེ་བ་དང་མ་འདྲེས་ཤིང་། རྣམ་སྨིན་ཡིད་དུ་འོང་བ་ འབྱིན་པའི་ཕྱིར། དཀར་བའི་ལས་དང་ངོ་། །གཟུགས་མེད་པར་དཀར་བའི་ལས་ཅིས་མ་བཤད་ཅེ་ན། བྱེ་སྨྲས། ལས་སུ་འཇོག་པ་ནི་འབྲས་བུའི་དུས་ན་འཕངས་རྒྱུ་སྲིད་པ་བར་མ་དང་སྐྱེ་བའི་སྲིད་པ་གཉིས་ཡོད་ལ། རྒྱུའི་དུས་ན་ལུས་ངག་ཡིད་གསུམ་ཡོད་པ་ གཅིག་ལས་ཡིན་པ་ལ། གཟུགས་མེད་ན་འབྲས་བུའི་ཡ་གཅིག་སྲིད་པ་བར་མ་མེད། རྒྱུའི་ཡ་གཅིག་ལུས་ངག་གི་ལས་མེད་པས་ལས་སུ་མ་བཞག་ཅེའོ། །སློབ་དཔོན་དེ། ཐུགས་ལ་མ་རངས་ནས་གྲག་ཅེས་བཀོད་དེ། མདོ་ལས། གཟུགས་མེད་པར་གཏོགས་པ་ 3-1-84a དེ་ཡང་ལས་དཀར་ལ་རྣམ་སྨིན་དཀར་བའང་ཡོད་དེ། བསམ་གཏན་དང་པོ་དང་དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་ཡིན་ནོ། །ཞེས་བཤད་དོ། །འདོད་པར་གཏོགས་པའི་དགེ་བ་ཉིད་ནི་རྒྱུད་གཅིག་ལ་མི་དགེ་བ་དང་འདྲེས་པའི་ཕྱིར་ གཉིས་ཀའི་ལས་སོ། །རིམ་བཞིན་དུ་ཞེས་པ་ནི་གཞུང་གི་སྦྱོར་ཚུལ་ལོ། །འདྲེས་མའི་ལས་འདི་རྒྱུད་གཅིག་ལ་དགེ་མི་དགེ་ཀུན་ཏུ་འབྱུང་བས་བཞག་གི། ངོ་བོ་ཉིད་ཀྱི་སྒོ་ནས་འདྲེས་པ་ནི་མ་ཡིན་ཏེ། ལས་སམ་རྣམ་སྨིན་གྱི་རྫས་སམ་སྐད་ཅིག་ལ་དཀར་པོ་ཡང་ཡིན་ལ་ནག་ པོ་ཡང་ཡིན་པ་མེད་པའི་ཕྱིར་ཏེ། དགེ་མི་དགེ་དང་དཀར་ནག་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། འདོད་པའི་མི་དགེ་བ་དང་དགེ་བ་འདྲེས་པའི་ཕྱིར་དཀར་ནག་ཏུ་གྱུར་པ་མ་ཡིན་ནམ་ཞེ་ན། འདོད་པ་ཁམས་ཀྱི་མི་དགེ་བ་ནི་དགེ་བ་དང་འདྲེས་པ་མ་ཡིན་ཏེ། འདོད་ཁམས་ ཀྱི་མི་དགེ་བ་ནི་འདོད་ཁམས་ཀྱི་དགེ་བ་ལས་སྟོབས་ཆེ་བའི་ཕྱིར་དང་། འདོད་པའི་མི་དགེ་བ་དེ་གཉེན་པོ་ཏིང་ངེ་འཛིན་མེད་པས་སྟོབས་དང་ལྡན་པའི་ཕྱིར། དཔེར་ན་འདོད་ཁམས་ཀྱི་དགེ་བའི་འབྲས་བུ་ཁྱད་ཅན་ནི་གཞན་འཕྲུལ་དབང་བྱེད་ཡིན་ཏེ། ཇི་ལྟར་ཚེ་རིང་ཡང་རང་ལོ་ ཁྲི་དྲུག་སྟོང་ཡིན། འདོད་པའི་མི་དགེ་བའི་རྣམ་སྨིན་ནི་མནར་མེད་ཡིན་ཏེ་བར་གྱི་བསྐལ་པ་ཡིན་ནོ། །འདོད་པའི་ཁམས་ན་དགེ་བ་ནི་སྟོབས་ཆུང་བས་ལོག་ལྟས་དགེ་རྩ་ཀུན་ཏུ་བཅད་པའི་ཕྱིར་འདྲེ་རུང་ལ། ཡང་དག་པའི་ལྟ་བས་ནི་ལོག་ལྟ་ཀུན་ཏུ་འཆད་པར་མི་འགྱུར་རོ། །འོ་ ན་དེ་ཆད་པའི་ཡང་དག་པའི་ལྟ་བ་གང་ཡིན་སྙམ་ན། ས་གོང་མའམ་ཟག་མེད་ཀྱིས་འཆད་དེ། འདོད་ཁམས་སུ་མ་གཏོགས་གཞན་ར་མདར་སྦྲན་པ་ཡིན་ནོ། །ལས་གསུམ་པོ་དེ་དག་ཟད་པར་བྱེད་ཅིང་སྤོང་བར་བྱེད་པ་ནི་ཟག་མེད་ཀྱི་ལས་ཡིན་ནོ། །དེ་ནི་ཉོན་མོངས་ཅན་མིན་ 3-1-84b པས་མི་གནག་པའོ། །རྣམ་སྨིན་དཀར་པོ་མིན་པའི་ཕྱིར་མི་དཀར་བའོ། །རང་བཞིན་གྱི་དཀར་པོ་མ་ཡིན་པ་ནི་མ་ཡིན་པས་མི་དཀར་བ་ཞེས་བྱ་བའི་སྒྲ་འདི་ནི་དགོངས་པ་ཅན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྟོང་པ་ཆེན་པོའི་མདོ་ལས། མི་སློབ་པའི་ཆོས་ལས་བརྩམས་ཏེ། ཀུན་དགའ་བོ་ཆོས་འདི་དག་ནི་གཅིག་ཏུ་དཀར་བ། གཅིག་ཏུ་དགེ་བ། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཞེས་གསུངས་སོ། །བསྟན་བཅོས་ལས་ཀྱང་། ཆོས་དཀར་པོ་རྣམས་གང་ཞེ་ན། དགེ་བའི་ཆོས་རྣམས་དང་། མ་སྒྲིབ་ལ་ལུང་དུ་མ་བསྟན་པ་རྣམས་ཡིན་ནོ། ། ཞེས་འབྱུང་བས་ཉོན་མོངས་ཅན་མིན་པའི་ཕྱིར་དཀར་པོ་ཡིན་ནོ། །ཟག་པ་མེད་པའི་ལས་ནི་ཁམས་སུ་གཏོགས་པའི་ཆོས་རྣམས་ཀྱི་འཇུག་པ་འགོག་པར་བྱེད་པ་ཡིན་གྱི་སྐྱེད་པར་བྱེད་པ་མ་ཡིན་པས་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །ཟག་པ་མེད་པའི་ཆོས་རྣམས་ནི་ཁམས་ སུ་མ་གཏོགས་པ་ཡིན་ལ། རྣམ་པར་སྨིན་པ་ནི་ཁམས་སུ་གཏོགས་པ་ཡིན་ཏེ་དེའི་ཕྱིར་ཟག་པ་མེད་པའི་ཆོས་རྣམས་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །གཉིས་པ་ལ་གསུམ། ནག་པོ་ཟད་བྱེད་དང་། དཀར་ནག་གཉིས་ཀ་དང་། དཀར་པོ་ཟད་བྱེད་དོ། །དང་པོ་ནི། གལ་ ཏེ་ཟག་མེད་ཀྱི་ལས་དང་ལམ་ཐམས་ཅད་ཀྱང་ལས་གསུམ་པོ་ཐམས་ཅད་ཟད་བྱེད་མ་ཡིན་གྱི། འོན་ཀྱང་མཐོང་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞི་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ཟག་པ་མེད་པའི་སྒོམ་ལམ་གྱི་བར་ཆད་མེད་ པའི་ལམ་བརྒྱད་ཀྱི་སེམས་པ་སྟེ། དེ་ལྟར་སེམས་པ་རྣམ་པ་བཅུ་གཉིས་པོ་གང་དག་ཡིན་པ་དེ་དག་ནི་ནག་པོའི་ལས་ཟད་པར་བྱེད་པའི་ལས་ཡིན་ཏེ། འདོད་པའི་སྡིག་པ་མི་དགེ་བའི་ཆོས་སྤོང་བར་བྱེད་པའི་ཕྱིར། ཆོས་ཤེས་བཞི་དང་འདོད་པ་ལས་འདོད་ཆགས་དང་བྲལ་ 3-1-85a བའི་རྣམ་གྲོལ་གྱི་ལམ་བརྒྱད་དེ་བཅུ་གཉིས་ནི་མ་ཡིན་ཏེ། བར་ཆད་མེད་པའི་ལམ་གྱིས་ཟད་པར་བྱས་ཟིན་པའི་ཕྱིར་རོ། །རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པ་བརྒྱད་ཀྱང་ནག་པོའི་གཉེན་པོ་མ་ཡིན་ཏེ། དེ་དག་ནི་ཁམས་གོང་མ་ཁོ་ནའི་གཉེན་པོ་ཡིན་ བའི་ཕྱིར། གཉིས་པ་ནི། འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་སྒོམ་ལམ་བར་ཆད་མེད་པའི་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་དཀར་ནག་འདྲེས་པའི་ལས་ཟད་བྱེད་ཡིན་ཏེ། དེས་ཡུལ་ཅན་འདོད་པའི་ཉོན་མོངས་ཆུང་ངུའི་ཆུང་ངུ་སྤངས་པ་དང་། དམིགས་ ཡུལ་དགེ་བའང་སྤོང་བའི་ཕྱིར་རོ། །འདིར་བཀོད་པའི་དཀར་ནག་འདྲེས་པའི་ལས་དགུ་པའི་བར་ཆད་མེད་པའི་ལམ་གྱིས་སྤོང་ངོ་ཞེས་བྱ་བའང་ལས་དེའི་རང་གི་ངོ་བོ་ཐོབ་བ་ཆད་པའི་ཚུལ་གྱིས་སྤོང་བ་ནི་མ་ཡིན་ཏེ། ལན་གཅིག་སྤངས་ཀྱང་ཡང་འདོད་པའི་དགེ་བ་མངོན་དུ་བྱེད་ པའི་ཕྱིར། འོན་ཀྱང་དེ་ལ་དམིགས་པའི་ཡུལ་ཅན་གྱི་ཉོན་མོངས་སྤངས་པ་ལ་དེ་སྐད་བརྗོད་དེ། མདོ་ལས། དགེ་སློང་དག་མིག་ལ་འདུན་པའི་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག་དང་། དེ་ལྟར་ན་མིག་དེ་སྤང་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དགུ་ པའི་བར་ཆད་མེད་པའི་ལམ་གཏོགས་པ་སྔ་མ་དག་ནི་དེའི་གཉེན་པོར་མ་བཤད་དེ། དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་འབྱུང་བས་འདོད་པའི་དགེ་བ་ལ་ཡུལ་ཅན་ཉོན་མོངས་ཆུང་ངུའི་ཆུང་སོགས་ཡོད་པའི་ཕྱིར། ནག་པོ་ནི་ཐོབ་པ་ཆད་ པའི་ཚུལ་གྱིས་སྤོང་བའི་ཕྱིར་སྔ་མ་དག་གིས་སྤོང་ངོ་། །དེ་བཞིན་དུ་དཀར་པོ་ཟད་པར་བྱེད་པའང་དེའི་ཡུལ་ཅན་སྤངས་པས་ཡིན་གྱི་ངོ་བོ་སྤོང་བ་ནི་མ་ཡིན་པར་ཤེས་པར་བྱའོ། །གསུམ་པ་ནི། ལས་དཀར་ལ་རྣམ་སྨིན་དཀར་པོ་ཟད་བྱེད་ནི། བསམ་གཏན་བཞི་པོ་དེ་ 3-1-85b ལས་ཆགས་པ་དང་བྲལ་བའི་བར་ཆད་མེད་ལམ་སྐྱེས་པ་ཐ་མས་དེ་དགུ་པ་སྤོང་བའི་སེམས་པ་བཞི་པོ་དེའོ། །དེའང་ཉོན་མོངས་ཆེ་ཚར་གསུམ་གྱི་དགེ་བ་ཆེ་ཚར་ལ་དམིགས། ཉོན་མོངས་འབྲིང་ཚར་གསུམ་གྱི་དགེ་བ་འབྲིང་ཚར་ལ་དམིགས། ཉོན་མོངས་ཆུང་ཚར་གསུམ་ གྱི་དགེ་བ་ཆུང་ཚར་གསུམ་ལ་དམིགས་ན་བསམ་གཏན་བཞི་གའི་བརྒྱད་པ་དང་བདུན་པ་མན་ཆད་སྤོང་བའི་ཡེ་ཤེས་ཀྱང་བཟུང་ཐད་ལ། དེ་ལྟར་མི་དམིགས། ཉོན་མོངས་ཆུང་ངུའི་ཆུང་ངུས་ཀྱང་དགེ་བ་ཆེ་འབྲིང་ཀུན་ལ་དམིགས་ཙ་ན་དགུ་པའི་ཡེ་ཤེས་ལ་བཞག་གོ། བར་ ཆད་མེད་ལམ་ཐ་མས་སྤང་གི། གཞན་གྱིས་མིན་པ་ཅིའི་ཕྱིར་ཞེ་ན། གཞན་གྱིས་དེའི་རང་གི་ངོ་བོ་སྤོང་བའམ་ཐོབ་པ་བཅད་པ་མ་ཡིན་ཏེ། ཉོན་མོངས་སྤངས་ཀྱང་ཏིང་ངེ་འཛིན་ལས་ལངས་དུས་སུ་མངོན་དུ་བྱེད་པའི་ཕྱིར། མདོར་ན་བསམ་གཏན་བཞི་པའི་དགེ་བ་བརྒྱད་པ་ སྤངས་ཀྱང་དགུ་པ་མ་སྤངས་ན་དེ་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་སྒོ་ནས་མ་སྤངས་པས་བརྒྱད་པ་ཕན་ཆོད་སྤོང་བའི་ཡེ་ཤེས་ལ་མ་བཞག །དགུ་པ་སྤོང་ཙམ་ན་དེ་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་སྒོ་ནས་སྤངས་པར་བཞག་གོ། དགེ་བ་ཆུང་ངུའི་ཆུང་ངུ་དེ་ ལ་དམིགས་པའི་ཉོན་མོངས་སྤངས་པས་དགེ་བ་དེ་ཡང་སྤོང་བ་ཡིན་ནོ། །ཇི་སྲིད་དུ་དགེ་བ་དེ་ལ་དམིགས་པའི་ཉོན་མོངས་ཀྱི་རྣམ་པ་གཅིག་ཡོད་པ་དེ་སྲིད་དེའི་དགེ་བའི་ལས་སྤོང་བར་མི་འཐད་ལ། ཉོན་མོངས་པའི་རྣམ་པ་ས་དགུ་པའི་ཐོབ་པ་ཆད་ན་བྲལ་བའི་ཐོབ་པ་སྐྱེ་ ཞིང་། ཟག་བཅས་ཀྱི་ལས་གཞན་ལ་སྒྲིབ་ལུང་མ་བསྟན་གྱི་བྲལ་ཐོབ་སྐྱེའོ། །གསུམ་པ་ནི། སློབ་དཔོན་གཞན་ནི་དམྱལ་བ་མྱོང་བར་འགྱུར་བ་དང་། དམྱལ་བ་ལས་གཞན་འདོད་ཁམས་མྱོང་འགྱུར་གྱི་ལས་ནི་ནག་པོ་དང་དཀར་ནག་གི་ལས་ 3-1-86a གཉིས་སུ་རིག་པར་བྱ་སྟེ། དམྱལ་བ་ན་མི་དགེ་ཁོ་ནའི་རྣམ་སྨིན་ཡོད་པས་དེ་མྱོང་འགྱུར་ནི་ནག་པོ་དང་། གཞན་མི་ལ་སོགས་པའི་འདོད་ཁམས་ན་དགེ་བ་དང་མི་དགེ་བའི་རྣམ་སྨིན་ཡོད་པའི་ཕྱིར་རོ། །དམྱལ་བ་མྱོང་འགྱུར་ལའང་དམྱལ་བ་ཆེན་ པོ་ཞེས་སྨོས་དགོས་ཏེ། ཉི་ཚེ་བ་མྱོང་འགྱུར་ནི་དགེ་བ་དང་འདྲེ་བའི་ཕྱིར། གཞན་དག་ནི་མཐོང་བས་སྤང་བྱའི་ལས་ནི་དགེ་བ་དང་མ་འདྲེས་པས་ནག་པོ་ཡིན་ནོ་ཞེས་ཟེར་ཏེ། །ཉོན་མོངས་ཅན་མིན་མཐོང་སྤང་མིན། །ཅེས་མཐོང་སྤང་ལ་དགེ་བ་མེད་པར་འདོད་དོ། །འདིར་ འདོད་པའི་མཐོང་སྤང་ནག་པོ་ཡིན་ཅེས་འདོད་པས་ཁྱད་པར་དུ་བྱ་དགོས། འདོད་པས་ཁྱད་པར་དུ་མི་བྱེད་པར་སྤྱིར་མཐོང་སྤང་ཙམ་ལས་གནག་ལ་རྣམ་སྨིན་ནག་པ་ཡིན་བྱས་ན། གོང་མ་གཉིས་ཀྱི་མཐོང་སྤང་ཡང་ནག་པོར་འགྲོ་བ་ལས་གོང་མ་གཉིས་ཀྱི་མཐོང་སྤང་ གཉིས་ཀ་ནག་པོ་མ་ཡིན་པས། འདོད་པའི་མཐོང་སྤང་ནག་པོ་ཡིན་ཅེས་བརྗོད་དགོས་སྙམ་ན། མི་དགོས་ཏེ། འདོད་ལས་སྐྱེས་པའི་གཞན་དཀར་ནག་ཅེས་སྨོས་ཙམ་ན། འདོད་སྐྱེས་གཞན་དཀར་ནག་གཉིས་ཀ་བྱས་པས། འདོད་པའི་མཐོང་སྤང་དོན་གྱིས་ནག་པོ་ཡིན་ པར་འགྲོ་བས་འདོད་པ་སྨོས་མི་དགོས་ཟེར། ལ་ལ་ན་རེ། འདོད་པའི་མཐོང་སྤང་གཉིས་ཀ་ནག་པ་ཡིན་ཅེས་སྨོས་མི་དགོས། མཐོང་སྤང་ཙམ་གཉིས་ཀ་གནག་བྱས་པས་གཉིས་ཀ་གནག་པ་འདོད་པའི་མཐོང་སྤང་གི་ཐོག་ཏུ་འབབ། དེ་ཅི་སྟེ་སྙམ་ན། ཁམས་གོང་ མ་གཉིས་ཀྱི་མཐོང་སྤང་ལུང་མ་བསྟན་རྣམ་སྨིན་མེད་པ་དེ་ལ་གཉིས་ཀ་གནག་པ་ཅི་ལ་འོང་ཟེར། འོ་ན་འདོད་པའི་མཐོང་སྤང་འཇིག་ཚོགས་དང་མཐར་འཛིན་ལུང་མ་བསྟན་ཡིན་པས་རྣམ་སྨིན་མེད་པས་དེ་ལ་གཉིས་གནག་པ་ཅི་ལ་འོང་། འོ་ན་འདོད་པའི་ 3-1-86b མཐོང་སྤང་གི་ཡང་བྱེ་བྲག་གཅིག་གནག་པས་གཉིས་ཀ་གནག་པ་ཅི་སྟེ་ཡིན་སྙམ་ན། རྣམ་སྨིན་བསྐྱེད་པའི་ལས་ཀྱི་སྐབས་ཡིན་པས་སོ། །རྣམ་སྨིན་བསྐྱེད་པའི་སྐབས་ཡིན་པ་དེས་ན་མཐོང་སྤང་གནག་བྱས་པས་འབྲས་བུ་ནག་པོ་བསྐྱེད་པའི་མཐོང་སྤང་གི་བྱེ་ བྲག་དེའི་ཐོག་ཏུ་འབབ། གོང་མའི་མཐོང་སྤང་རིལ་པོ་དང་འདོད་པའི་མཐོང་སྤང་གི་བྱེ་བྲག་གཅིག་གིས་རྣམ་སྨིན་མི་བསྐྱེད་པས་སོ། །འདོད་པ་ལས་སྐྱེས་པའི་གཞན་སྒོམ་སྤང་ནི་དཀར་ནག་ཡིན་ནོ། །དེ་ནི་དགེ་བའང་སྲིད། མི་དགེ་བའང་སྲིད་པའི་ཕྱིར། (གཉིས་)པ་ལས་ ཀྱི་རྣམ་པ་དུ་མ་བསྟན་པ་ལ། བྱེད་ལས་ཀྱི་སྒོ་ནས་དབྱེ་བ། ལས་ལམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ཐུབ་པའི་གསུམ་བཤད། གཙང་བྱེད་གསུམ་བཤད། ཉེས་སྤྱད་གསུམ། ཡིད་ཀྱི་ཉེས་སྤྱད་གསུམ། ལེགས་སྤྱད་གསུམ་བཤད་པའོ། །དང་པོ་ནི། མི་སློབ་ པའི་ལུས་ངག་གི་ལས་ནི་ཐུབ་པའི་ལུས་ངག་གི་ལས་ཡིན་ཏེ། དེའང་བྱེ་སྨྲས། མི་སློབ་པའི་ལུས་ངག་ཀུན་འབྱུང་དང་སྡུག་བསྔལ་དུ་འདོད་པས་ལུས་ངག་མཐའ་དག་ཐུབ་པ་མིན། འོ་ན་ལུས་ཀྱི་གསུམ་དང་ངག་གི་བཞི་སྤོང་བའི་རིག་བྱེད་མ་ཡིན་པ་ཐུབ་པ་ཡིན་ཅེའོ། ། ཡིད་ཀྱི་ཡང་གསུམ་པོ་སྤོང་བའི་རིག་བྱེད་མ་ཡིན་པའོ། །ཅིའི་ཕྱིར་རིག་བྱེད་མ་ཡིན་པ་བཟུང་ཞེ་ན། རྣམ་པར་རིག་བྱེད་ནི་ཟག་པ་དང་བཅས་པ་མི་སློབ་པར་མི་སྲིད་དོ། །མི་སློབ་པའི་ཡིད་ཉིད་དམ་ཡིད་ཁོ་ན་ཐུབ་པ་ཡིན་ཏེ། རང་གི་དོན་དུ་རྒྱས་པར་བྱས་པའི་ཕྱིར་རོ། །དེའང་ ཐུབ་པ་ཞེས་པའི་སྒྲ་འདིར་ལྷག་པར་སྨོས་པ་ནི་རང་ཉིད་ལ་བྱའི། དོན་གཞན་ལ་བྱས་པ་མེད་དོ། །ཡང་ན་ཡིད་ཀྱི་ལས་ནི་ཡིད་ཀྱི་ཐུབ་པ་ཞེས་མི་སྦྱར་གྱི། ཡིད་ཉིད་ཐུབ་པ་ཡིན་པས་ཡིད་ཀྱི་ཐུབ་པ་ཞེས་བྱའོ། །ཡིད་ཀྱི་ལས་སེམས་པ་ནི་ཐུབ་པ་མ་ཡིན་པར་ཡིད་རང་ཐུབ་ 3-1-87a པ་ཡིན་ཏེ། ཡིད་ནི་དོན་དམ་པར་ཐུབ་པ་ཡིན་པའི་ཕྱིར་དང་། ཡིད་མི་སློབ་པའི་ཐུབ་པ་ཡིན་པ་ལུས་ངག་གི་ལས་དག་གི་སྒོ་ནས་རྗེས་སུ་དཔག་བྱ་ཡིན་པའི་ཕྱིར་དང་། ཇི་ལྟར་དཔག་ན་སྐུའི་ལས་རབ་ཏུ་ཞི་བ་དང་། གསུང་གི་ཕྲིན་ལས་ཞི་བ་ཞེས་ འབྱུང་བའི་ཕྱིར་རོ། །གྲག་གོ་ཞེས་པ་ནི་སྒྲུབ་བྱེད་འདི་ལ་མ་རངས་བ་སྟེ། ལུས་ངག་གིས་ཀུན་སློང་སེམས་པ་དཔོག་པ་ཡིན་གྱི། ཡིད་མཉམ་པར་བཞག་པ་དེ་དཔག་མི་ནུས་སོ། །ཐུབ་པའི་གསུམ་སྟེ་གོ་རིམ་བཞིན། ཅེས་པ་ནི་གོ་སླའོ། །སློབ་དཔོན་གྱི་རང་ལུགས་ནི། ལུས་ངག་གི་ལས་དག་ནི་སྤོང་བའི་སེམས་པ་ཅན་ཡིན་པའི་ཐུབ་པའི་ཡིད་ཀྱི་ལས་སྤོང་བའི་སེམས་པ་མ་ཡིན་ཏེ། སེམས་ལ་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར། ཡིད་ལ་ཐུབ་པར་བཞག་པ་ཡང་མི་དགེ་བ་ཐམས་ཅད་སྤང་བའི་དོན་གྱིས་ཐུབ་པ་ཡིན་ཏེ། ཡིད་ཉིད་མི་དགེ་བ་ཐམས་ཅད་ སྤོང་བ་ལ་ཐུབ་པ་ཞེས་བརྗོད་པའི་ཕྱིར། ཅི་ཐུབ་པ་དེ་མི་སློབ་པ་ཁོ་ན་ཡིན་གྱི་གཞན་མིན་ཅེ་ན། མི་སློབ་པ་སྟེ་དགྲ་བཅོམ་པ་ཁོ་ན་ལ་དེ་འཇོག་དགོས་ཏེ། ཉོན་མོངས་པ་ནི་ལོག་པའི་དམིགས་པ་ལ་བརྗོད་པའི་ཕྱིར། ཉོན་མོངས་ཀྱི་བརྗོད་པ་ཐམས་ཅད་མེད་པས་དགྲ་བཅོམ་ པ་དེ་ནི་དོན་དམ་པར་ཐུབ་པ་ཡིན་པའི་ཕྱིར། གཉིས་པ་ནི། མདོ་ལས་ལུས་ངག་ཡིད་གཙང་བྱེད་གསུམ་གསུངས་པ་ནི། ལུས་དང་ངག་དང་ཡིད་ཀྱི་ལེགས་སྤྱད་གསུམ་པོ་ཐམས་ཅད་ནི་ལུས་ངག་ཡིད་གཙང་བྱེད་རྣམ་པ་གསུམ་ཡིན་ཏེ། ལེགས་སྤྱད་ཟག་བཅས་ དང་ཟག་མེད་ཀྱི་དུས་རེ་ཞིག་དང་། གཏན་དུ་ཉེས་སྤྱད་ཀྱི་ཉོན་མོངས་པའི་དྲི་མ་སྤོང་བའི་ཕྱིར། མདོ་ལས། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱི་སྤང་བ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར། དེ་ལྟར་བསྟན་པ་འདི་ནི་ལོག་པའི་ཐུབ་པ་མི་སྨྲ་བ་ 3-1-87b བར་འདུག་པ་ཙམ་གྱིས་འདག་པར་བལྟ་བ་དང་། ལོག་པའི་གཙང་སྦྲ་ལུས་ཀྱི་དྲི་མ་མེད་པར་བྱེད་པ་ལ་མོས་པ་རྣམས་ལྟ་བ་དེ་དང་བཀར་ཏེ་དབྲལ་བའི་ཕྱིར་རོ། །གསུམ་པ་ནི། མདོ་ལས་ཉེས་སྤྱད་རྣམ་གསུམ་གསུངས་པས། ལུས་ཀྱི་ལས་དང་སོགས་པས་མི་དགེ་ བ་གསུམ་ནི་ལུས་ངག་ཡིད་ཀྱི་ཉེས་པར་སྤྱད་པ་གསུམ་དུ་འདོད། བཞི་པ་ནི། བརྣབ་སེམས་ལ་སོགས་ལས་ཀྱི་རང་བཞིན་མིན་ཀྱང་ཡིད་ཀྱི་ཉེས་སྤྱད་རྣམ་པ་གསུམ་ཡོད་དེ། སེམས་པ་ནི་ཀུན་འགྲོ་ལྔའི་སེམས་པ་ཡིན་པ་དེ་ལས་དོན་གཞན་བརྣབ་སེམས་གནོད་ སེམས་ལོག་ལྟ་ནི་ཆགས་སྡང་རྨོངས་གསུམ་ཡིན་པས་རྩ་ཉོན་དྲུག་གི་ནང་ན་ཡོད་པའི་ཉོན་མོངས་ཡིན་ནོ། །མདོ་སྡེ་པའི་བྱེ་བྲག་དཔེ་སྟོན་པ་ན་རེ། ཆེད་དུ་བསམ་པར་བྱ་བའི་མདོ་ལས། དགེ་སློང་དག་ཆེད་དུ་བསམས་པའི་ལས་བྱས་ཤིང་བསགས་པས་དམྱལ་བ་དག་ ཏུ་སྐྱེ་བར་འགྱུར་རོ། །ཇི་ལྟར་ཆེད་དུ་བསམ་པར་བྱ་བའི་ལས་བྱས་ཤིང་བསགས་པ་ཡིན་ཅེ་ན། དགེ་སློང་དག་ལ་ལ་འདི་ན་ཆེད་དུ་བསམས་ནས་ལུས་ཀྱི་རྣམ་པ་གསུམ་བྱེད་ཅིང་སོག་པ་ཡིན་ལ། ངག་གི་རྣམ་པ་བཞི་དང་། ཡིད་ཀྱི་རྣམ་པ་གསུམ་ཞེས་བྱ་བ་རྒྱས་པར་ གསུངས་ནས་བཀའ་སྩལ་པ། དགེ་སློང་དག་ཡིད་ཀྱི་ཆེད་དུ་བསམ་པར་བྱ་བའི་ལས་གསུམ་བྱས་ཤིང་བསགས་པ་ཡིན་ཅེ་ན། འདི་ལྟ་སྟེ། དགེ་སློང་བརྣབ་སེམས་དང་ལྡན་པ་ཡིན། གནོད་སེམས་ཅན་གྱི་སེམས་སུ་གྱུར་བ་ཡིན། ལོག་པར་ལྟ་བ་ཡིན། དགེ་སློང་ དག་ཕྱིན་ཅི་ལོག་ཏུ་ལྟ་བ་ཡིན། ཅེས་པས་བརྣབ་སེམས་སོགས་མ་གཏོགས་པར་ཡིད་ཀྱི་ལས་གཞན་མ་བཤད་པས། བརྣབ་སེམས་སོགས་ཁོ་ན་ཡིད་ཀྱི་ལས་ཡིན་ནོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། ལས་སེམས་པ་དང་། བརྣབ་སེམས་འདོད་ཆགས་སོགས་ 3-1-88a ཉོན་མོངས་པ་དག་གཅིག་ཏུ་འགྱུར་རོ། །གལ་ཏེ་ཉོན་མོངས་འགའ་ཞིག་ལས་སུ་གྱུར་ན་སྐྱོན་ཅི་ཡོད་ཅེ་ན། བྱེ་སྨྲ་ན་རེ། ལས་ཉོན་གཅིག་པ་མེད་དེ། ཡོད་ན་མདོ་ལས། སེམས་པའི་ལས་དང་བསམ་པའི་ལས་ཞེས་སོ་སོར་གསུངས་པ་ དང་འགལ་བའི་ཕྱིར། འོ་ན་ཆེད་དུ་བསམ་པར་བྱ་བའི་མདོ་ཇི་ལྟར་དྲང་སྙམ་ན། བརྣབ་སེམས་ལ་སོགས་པ་དེའི་སྒོ་ནས་སེམས་པ་བཞག་པའི་ཕྱིར་བརྣབ་སེམས་ལ་སོགས་པ་དེ་དག་གིས་བརྣབ་སེམས་དང་ལྡན་པ་ཡིན་སོགས་ཀྱི་སེམས་པ་དེ་སྟོན་པར་བྱེད་དོ། །ཞེས་ ཟེར་རོ། །སྒོ་གསུམ་གྱི་སྤྱོད་པ་ལ་སྨད་པ་ནི་ཆོས་ཅན། །ཉེས་སྤྱོད་ཡིན་ཏེ། འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་རོ། །ལྔ་པ་ནི། བཟློག་པ་ལེགས་པར་སྤྱད་པ་ཡིན། །ཉེས་སྤྱད་ལས་ཟློག་པ་ནི། ལེགས་པར་སྤྱད་པ་ཡིན་ཏེ། སྒོ་གསུམ་གྱི་ལས་དགེ་བ་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་ལྟ་བ་རྣམས་སོ། །ཕ་རོལ་ལ་ཕན་གནོད་བྱ་བའི་བསམ་པ་མེད་པར་ཡང་དག་པའི་ལྟ་བ་དང་། ལོག་ལྟ་དག་དགེ་མི་དགེ་ཇི་ལྟར་ཡིན་ཅེ་ན། ཡང་དག་པའི་ལྟ་བ་དང་ལོག་པའི་ལྟ་བ་ཆོས་ཅན། དགེ་མི་དགེར་འཇོག་སྟེ། ཕན་ གནོད་ཀྱི་བསམ་པ་དེའི་རྩ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལས་ལམ་བྱེ་བྲག་ཏུ་བཤད་པ་ལ། བསྟན་བཤད་གཉིས་ཀྱི། དང་པོ་ནི། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ལེགས་སྤྱད་དང་ཉེས་སྤྱད་དེ་ལས་ཆེ་ལོང་བསྡུ་ནས་ནི། མདོ་ལས་ལེགས་ སྤྱད་ལས་ཅི་རིགས་པར་ཆེ་ལོང་བསྡུས་ནས་ནི་དགེ་བ་དང་ཉེས་ སྤྱོད་ལས་ཅི་རིགས་པར་ཆེ་ལོང་བསྡུས་ནས་ནི་དགེ་བའི་ལས་ཀྱི་ལམ་ནི་བཅུར་གསུངས་སོ། །དགེ་བ་དང་མི་དགེ་བ་བཅུའི་རྣམ་གཞག་ལ། མདོ་སྡེ་ས་བཅུ་པའི་འགྲེལ་པ་ནས། གཞན་ལ་གནོད་པའི་དབང་དུ་བྱས་པ་ནི་བདུན། གཞན་ལ་ཟང་ཟིང་སྦྱིན་སོགས་ཀྱི་ཕན་ 3-1-88b འདོགས་པའི་གནས་གསུམ་གྱི་མི་དགེ་བ་བཅུ་ཡིན་ཏེ། གནོད་པ་བདུན་ནི། གཞན་གྱི་སྲོག་ལ་གནོད། ལོངས་སྤྱོད་ལ་གནོད། ཁྱིམ་ལ་གནོད། བདེན་པ་ལ་གནོད། མཛའ་བ་ལ་གནོད། སྙན་པ་ལ་གནོད། དོན་དང་ལྡན་པ་ལ་གནོད་པའོ། །ཟང་ཟིང་གི་སྦྱིན་པ་དང་ འགལ་བ་བརྣབ་སེམས། མི་འཇིགས་པའི་སྦྱིན་པ་དང་འགལ་བ་གནོད་སེམས། ཆོས་ཀྱི་སྦྱིན་པ་དང་འགལ་བ་ལོག་ལྟ། དེ་ལྟར། དགེ་བ་བཅུར་ངེས་པས་དེ་སྤོང་བ་ལ་དགེ་བ་བཅུར་བཞག་གོ། མི་དགེ་བ་བཅུ་ནི་ཉེས་སྤྱོད་ཀྱི་ལས་ཏེ། དེས་ཉེས་སྤྱད་དང་། ལེགས་སྤྱད་ ཅི་ཞིག་མ་བསྡུས་ཞེ་ན། མི་དགེ་བ་བཅུས་ནི་མི་དགེ་བ་གཙོ་ཆེ་བ་བསྡུས་ཀྱི། ཉེས་སྤྱད་ཀྱི་སྦྱོར་འཇུག་ཉོན་མོངས་ཅན་བརྡེག་འཆིང་སོགས་ཀྱང་མ་བསྡུས་ཏེ། དེ་རྣམས་གཞན་ལ་གནོད་པའི་རྒྱུའི་གཙོ་བོ་རགས་པ་མ་ཡིན་པའི་ཕྱིར་དང་། ལུས་ཀྱི་ཉེས་སྤྱོད། གཞན་སྲོག་ དང་འཚོ་བ་དང་། ཆུང་མ་རྣམས་དང་དབྲལ་བར་བྱེད་པ་གསུམ་ནི་ཆོས་ཅན། ལས་ལམ་དུ་བཤད་དེ། དེ་རྣམས་དང་དབྲལ་བར་བྱ་བའི་ཕྱིར། ངག་གི་ཉེས་སྤྱད་ཚབ་པོ་ཆེ་བཞིའང་ཆོས་ཅན། ལས་ལམ་དུ་བཤད་དེ། སྔ་མ་དེ་ཁོ་ན་བཞིན་གྱིས་ཕྱིར་རོ། །ཡིད་ཀྱི་ཉེས་སྤྱད་ ཉོན་མོངས་པ་གསུམ་དུ་སེམས་པ་ཡང་མ་བསྡུས་སོ། །དགེ་བ་ལའང་ལུས་ཀྱི་དགེ་བའི་སྦྱོར་འཇུག་དང་མྱོས་འགྱུར་དང་བརྡེག་འཆིང་སོགས་སྤོང་བ་དང་། སྦྱིན་པ་དང་། མཆོད་སྦྱིན་དང་། ཁྲུས་བྱེད་པ། ཉམ་ང་བ་ནས་འདྲེན་པ། ལུས་སྐུད་པ་དང་། མངོན་དུ་ལྡང་བ་ སོགས་མ་བསྡུས་སོ། །ངག་གི་ལེགས་སྤྱད་ཀྱིའང་སྙན་སྨྲ་སོགས་མ་བསྡུས་སོ། །ཡིད་ཀྱི་ལེགས་སྤྱད་ཀྱིའང་སེམས་པ་མ་བསྡུས་སོ། །གཉིས་པ་ལ། རིག་བྱེད་ཡིན་མིན་གྱི་དབྱེ་བ། རྩ་བ་གསུམ་གསུམ་བསྟན་པ། རྫོགས་བྱེད་གསུམ་བསྟན་པ། ལས་སོ་སོར་བསྟན་ 3-1-89a པའོ། །དང་པོ་ལ། དངོས་དང་། ཞར་ལ་སྦྱོར་མཇུག་གང་དུའང་ངེས་པའོ། །དང་པོ་ལ། མི་དགེ་བ་དང་། དགེ་བ་གང་དུ་ངེས་པའོ། །དང་པོ་ནི། མི་དགེ་བའི་ལས་ཀྱི་ལམ་དྲུག་པོ་སྲོག་གཅོད་མ་བྱིན་ལེན་ངག་གི་བཞི་རྣམས་ནི་གཞན་བྱེད་དུ་ འཇུག་པ་ཆོས་ཅན། རྣམ་རིག་མིན་པ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་དངོས་ཀྱི་ལས་ཀྱི་ལམ་གྱིས་བསྡུས་པའི་རིག་བྱེད་ནི་མེད་པའི་ཕྱིར་རོ། །སྦྱོར་བས་བསྡུས་པ་ནི་ཡོད་དོ། །གཅིག་ལོག་གཡེམ་ནི་ཆོས་ཅན། རྟག་ཏུ་རིག་བྱེད་རིག་བྱེད་མིན་པ་རྣམ་པ་གཉིས་ཡོད་དེ། རང་གི་མཐར་ཕྱིན་པར་བྱེད་པའི་ཕྱིར་དང་། ལོག་གཡེམ་གཞན་ལ་བྱེད་བཅུག་པ་ནི། རང་གི་བྱེད་པ་དེ་དང་འདྲ་བར་དགའ་བ་མ་ཡིན་པའི་ཕྱིར་རོ། །ལས་ལམ་དྲུག་པོ་དེ་དག་ཀྱང་རང་གིས་བྱེད་ན་རིག་བྱེད་དང་རིག་བྱེད་མིན་པ་གཉིས་སུ་འགྱུར་ཏེ། དེའང་རིག་བྱེད་ཀྱི་དུས་དེའི་ཚེ་ ཤི་བའི་དབང་དུ་བྱས་པའི་ཕྱིར། དུས་ཕྱིས་ཞིག་ཤི་ན་ནི་རིག་བྱེད་མིན་པ་ཁོ་ནའོ། །གཉིས་པ་ནི། དགེ་བའི་ལས་ལམ་གཟུགས་ཅན་བདུན་ནི་ཆོས་ཅན། རིག་བྱེད་དང་རིག་བྱེད་མིན་པ་རྣམ་པ་གཉིས་ཡོད་དེ། ཡང་དག་པར་བླངས་པའི་སོ་ཐར་གྱི་སྡོམ་པ་ནི་རིག་བྱེད་ལ་རག་ ལུས་པའི་ཕྱིར། ཆོས་ཉིད་ཀྱི་ཚུལ་ཁྲིམས་ནི་རིག་བྱེད་ལ་རགས་མ་ལས་ཏེ། སེམས་ཙམ་ལ་རགས་ལས་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པའི་བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི་ཆོས་ཅན། རྣམ་རིག་བྱེད་མིན་ཁོ་ན་ཡིན་ཏེ། སེམས་ཙམ་ལ་རགས་ལས་པའི་ཕྱིར་རོ། ། འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། སོ་ཐར་གྱི་སྡོམ་པ་རྣམ་རིག་མིན་པའི་གཟུགས་ཀྱིས་ཁྱབ་པ་འདོད་ནས། ལུང་འདི་རྩ་འགྲེལ་གྱིས་སོ་ཐར་གྱི་སྡོམ་པ་ལ་རྣམ་པར་རིག་བྱེད་ཀྱི་གཟུགས་ཡིན་པ་མེད་པར་བསྟན་ཅེས་རྩལ་བཤད་དུ་བྱེད་པས་དེའི་ཕྱིར། ཁོང་རང་གི་ཊཱི་ཀར། གལ་ཏེ་ 3-1-89b ལུང་དེས་ཡང་དག་པར་བླངས་པའི་ཚུལ་ཁྲིམས་གཉིས་ཀ་ཡིན་པར་བསྟན་པས་རིག་བྱེད་ཡོད་པར་ཡང་གྲུབ་བོ་ཞེ་ན། ཚུལ་ཁྲིམས་སུ་གྲུབ་པས་སྡོམ་པར་མི་འགྲུབ་སྟེ། སྡོམ་པ་ཡང་དག་པར་ལེན་པའི་སྦྱོར་བའི་སྐབས་ཀྱི་རིག་བྱེད་དང་རིག་བྱེད་མ་ཡིན་པ་བཞིན་ནོ། །ཞེས་པ་ དང་། ཡང་ལུས་ངག་གི་དགེ་བ་བདུན་པོའི་དངོས་གཞིའི་དུས་སུ་རྣམ་པར་རིག་བྱེད་ཡོད་པར་བསྟན་པ་ཡིན་གྱི། རྣམ་པར་རིག་བྱེད་སྡོམ་པར་མི་སྟོན་པའི་ཕྱིར། །དངོས་གཞི་དང་དུས་མཉམ་པའི་རྣམ་པར་རིག་བྱེད་དེ་ཡང་ལས་ལམ་གྱི་མཇུག་ཏུ་སྟོན་པ་ཡིན་གྱི། དངོས་གཞིར་ མི་འཆད་པའི་ཕྱིར། སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་དེ་རིག་བྱེད་ལས་སྐྱེ་བར་བཤད་ཀྱི། རིག་བྱེད་དངོས་སུ་མ་བཤད་པའི་ཕྱིར་ཞེས་བྲིས་གདའོ། །འདི་ལ་སྤྱིར་ཚུལ་ཁྲིམས་སུ་གྲུབ་པས་སྡོམ་པར་མི་འགྲུབ་ཏུ་ཆུག་ཀྱང་འདི་སྐབས་ཀྱི་ཡང་དག་པར་བླངས་པའི་ ཚུལ་ཁྲིམས་ནི་སྡོམ་པ་ཁོ་ན་ལ་འཆད་དགོས་ཏེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རགས་ལས་པའི་ཕྱིར། ཞེས་པའི་འགྲེལ་བཤད་དུ། རྒྱལ་པོའི་སྲས་ཀྱིས། ཚུལ་ཁྲིམས་ནི་རྣམ་པ་གཉིས་ཏེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ ནི་སོ་སོར་ཐར་པའི་སྡོམ་པའོ། །ཞེས་གསུངས་པས་སོ་སོར་ཐར་པའི་སྡོམ་པར་གྱུར་པའི་ཚུལ་ཁྲིམས་ལ་གདོན་མི་ཟ་བར་རིག་བྱེད་ཀྱི་གཟུགས་ཡོད་པར་བསྟན་ཏོ། །གཞན་ཡང་ལུས་ངག་གི་དགེ་བ་བདུན་པོའི་དངོས་གཞིའི་དུས་སུ་རྣམ་པར་རིག་བྱེད་ཡོད་པར་ བསྟན་གྱི། རིག་བྱེད་སྡོམ་པར་བསྟན་པ་མིན། །ཅེས་པ་ནི་ཚིག་གིས་ཕོངས་པའི་ཞིབ་ཆ་ཡིན་ལ། དངོས་གཞི་དང་དུས་མཉམ་པའི་རྣམ་པར་རིག་བྱེད་ལས་ལམ་གྱི་མཇུག་ཏུ་སྟོན་པ་ཡིན་ཅེས་པ་ནི་རང་ཚིག་བླ་ན་མེད་པར་འགལ་བ་ཡིན་ཏེ། ཁྱོད་ཀྱི་དངོས་གཞི་ 3-1-90a དང་དུས་མཉམ་ན་ཁྱོད་ཀྱི་རྗེས་ཡིན་པ་བུད་པའི་ཕྱིར་དང་། གོང་དུ་ཚུལ་ཁྲིམས་ལ་རིག་བྱེད་ཡིན་མིན་གཉིས་ཡོད་ཀྱི། སྡོམ་པ་ལ་མེད་ཅེས་སྨྲས་པ་དེ། དེ་མ་ཐག་ཏུ་བརྗོད་ནས་ཚུལ་ཁྲིམས་ལ་རིག་བྱེད་དངོས་སུ་མ་བཤད་ཅིང་། ཚུལ་ཁྲིམས་ དེ་རིག་བྱེད་ལས་སྐྱེ་བར་བཤད་ཅེས་པ་ལ་སོགས་པ་ནི་སྐྱེ་བོ་ཕལ་པ་དྷ་དུ་རས་མྱོས་པའི་ཅལ་ཅོལ་ལྟར་འདུག་པས། དམ་པ་ཁྱེད་ལྟ་བུས་གསུངས་པར་ག་ལ་འོས་སོ། །གཉིས་པ་ཞར་ལ་སྦྱོར་མཇུག་ཏུ་ངེས་པ་ནི། འདོད་པའི་ལས་ལམ་གྱི་སྦྱོར་བ་ཉེར་བསྡོགས་ རྣམས་ནི་ངེས་པར་རྣམ་པར་རིག་བྱེད་ཀྱི་རང་བཞིན་ཡིན་ནོ། །ངོ་ཚ་མེད་པ་སོགས་ཀུན་དཀྲིས་དྲག་པོའམ་རབ་ཏུ་དང་བ་ལྷུར་ལེན་པ་ཤུགས་དྲག་པོ་ཆེན་པོས་སྦྱོར་བ་རྩོམ་པ་ན་རྣམ་པར་རིག་བྱེད་མིན་པ་སློང་བར་འགྱུར་བའམ་གཞན་སེམས་ཞན་པས་བྱེད་པ་ན་ནི་མ་ཡིན་ ནོ། །ཉེར་བསྡོགས་སྦྱོར་བ་ལས་བཟློག་པ་ནི་ལས་ལམ་རྣམས་ཀྱི་མཇུག་ཡིན་ནོ་སྟེ། དེ་ངེས་པར་རིག་བྱེད་མ་ཡིན་པའི་རང་བཞིན་མིན་ནོ། །ཡང་མཇུག་ཏུ་རིག་བྱེད་དུ་འགྱུར་གྱི། གཞན་རིག་བྱེད་མིན་པ་མ་ཡིན་པ་ཡོད་དེ། ལས་ཀྱི་ལམ་བྱས་ནས་ལས་ལམ་དེ་དང་འདྲ་ བའི་ལས་སམ་ཆོས་ཤི་ནས་ཀྱང་སྣུན་པར་བྱེད། པགས་པ་བཤུ་བས་ངན་བྱེད། ཤ་གཅོད་པ་སོགས་སྤྱོད་ན་ནི་དེར་འགྱུར་བའི་ཕྱིར། ཁ་ཅིག་ལ་ནི་སྦྱོར་བ་རིག་བྱེད་དུ་ངེས་རིག་བྱེད་མ་ཡིན་པར་མ་ངེས། མཇུག་རིག་བྱེད་མ་ཡིན་པར་ངེས་རིག་བྱེད་དུ་མ་ངེས། ཁ་ཅིག་དངོས་ གཞི་ལ་རྣམ་པར་རིག་བྱེད། ཁ་ཅིག་དངོས་གཞི་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་ཟེར་བའི་སྦྱོར་དངོས་མཇུག་རང་ཇི་ཙམ་ཡིན་སྙམ་ན། ཕྱུགས་གསོད་པར་འདོད་ལ་ཁྲི་སོགས་ལས་ལྡང་། རིན་ལེན། འགྲོ་བར་བྱེད། ཚོ་མི་ཚོ་བལྟ་བའི་ཕྱིར་ནོམ་པར་བྱེད། 3-1-90b ཕྱུགས་ཉོ་བར་བྱེད། ཁྲིད་པར་བྱེད། ལྕག་གིས་བྲབས་པར་བྱེད། ཁྱིམ་དུ་འཇུག་པར་བྱེད། གནོན་པར་བྱེད། མཚོན་ལེན། མཚོན་ལན་གཅིག་གམ་གཉིས་འདེབས་པ་ནས་སྲོག་མི་གཅོད་པའི་བར་དུ་སྦྱར་བའོ། །བསྣུན་པས་སྲོག་གཅོད་པ་དེའི་ཚེའི་རིག་ བྱེད་དང་དེའི་སྐད་ཅིག་མའི་རིག་བྱེད་མ་ཡིན་པ་ནི་ལས་ལམ་དངོས་ཡིན་ནོ། །བསད་པའི་སྦྱོར་བ་མཚོན་བརྒྱབ་ཀྱང་མ་ཤི་བ་ལ་ལས་ཀྱི་ལམ་དངོས་མེད་གསོད་སེམས་ཀྱི་སྦྱར་བ་མ་བྱས་པར་གསོད་སེམས་ཙམ་གྱིས་ཤི་ཡང་ལས་ཀྱི་ལམ་དངོས་མེད། འོ་ན་ སྦྱོར་བ་དང་འབྲས་བུ་ཡོངས་སུ་རྫོགས་པའི་རྒྱུ་གཉིས་ཀྱིས་ཆོས་ཅན། སྲོག་གཅོད་ཀྱི་ཁ་ན་མ་ཐོ་བས་རེག་སྟེ། སྦྱོར་བ་བྱས་པའང་དེའི་འབྲས་བུ་རྫོགས་ནས་སྲོག་ཆད་པའི་ཕྱིར་རོ། །དེ་ཕྱིན་གྱི་རིག་མིན་གྱི་སྐད་ཅིག་མ་རྣམས་ཀྱང་མཇུག་ཡིན་ལ། ཕྱུགས་དེའི་ པགས་པ་བཤུ་བའམ་བཀྲུ་བཤལ་བྱེད། འཚོང་། འཚོད། ཟ། ཚོན་པོ་ཞིག་བྱུང་། རྫུད་པ་ཞིག་བྱུང་ཟེར་ནས་རྗེས་སུ་སྒྲོག་པ་དེ་སྲིད་ཀྱི་རིག་བྱེད་ཀྱི་སྐད་ཅིག་ཀྱང་མཇུག་ཡིན་ནོ། །དེ་བཞིན་གཞན་དྲུག་ལ་སྦྱར་བ་ནི། དཔེར་ན་ཁ་ཅིག་གཞན་གྱི་ནོར་ རྐུ་བར་འདོད་ལ། ཁྲི་ལས་ལྡང་བར་བྱེད། མཚོན་ཆ་ལེན་པར་བྱེད། གཞན་གྱི་ཁྱིམ་དུ་འགྲོ་བར་བྱེད། གཉིད་ལོག་གམ་འོན་ཏེ་མ་ལོག་ཅེས་ཉན་པར་བྱེད། གཞན་གྱི་ནོར་ལ་ནོམ་པར་བྱེད་པ་ནས་ཇི་སྲིད་དུ་གནས་ནས་མ་དཔགས་པ་དེ་སྲིད་དུ་སྦྱོར་བ་ཡིན་ ནོ། །སྐད་ཅིག་མ་གང་ལ་གནས་ནས་སྤོག་པར་བྱེད་པ་དེའི་ཚེ་རིག་བྱེད་དང་དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །རྒྱུ་གཉིས་ཀྱིས་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བ་ལ་རེག་པར་འགྱུར་ཏེ། སྦྱོར་བ་དང་། འབྲས་ 3-1-91a བུ་ཡོངས་སུ་རྫོགས་པས་སོ། །དེ་ཕྱིན་ཅད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་རྣམས་ཀྱང་མཇུག་ཡིན་ནོ། །ཇི་སྲིད་དུ་གཞན་གྱི་ནོར་འགོད་པའམ། འཚོང་བའམ། སྦེད་པའམ། རྗེས་སུ་སྒྲོག་པ་དེ་སྲིད་དུ་ནི་རྣམ་པར་རིག་བྱེད་ ཀྱི་སྐད་ཅིག་མ་དག་ཀྱང་མཇུག་ཡིན་ནོ། །དེ་བཞིན་དུ་གཞན་ལྔ་ལའང་ཅི་རིགས་སུ་སྦྱར་རོ། །སྲོག་གཅོད་སོགས་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་དུས་ཐུང་ངུ་གཅིག་ལ་ལས་ཀྱི་ལམ་དངོས་ཡིན་ལ། བརྣབ་སེམས་སོགས་ནི་ཞག་གཅིག་ཏུ་སྐྱེས་ནས་ཡུན་རིང་ པོར་ཡང་ལས་ལམ་འབྱུང་བའང་ཡོད་ལ། །ཡང་ན་མངོན་དུ་གྱུར་པ་ཙམ་གྱིས་ལས་ལམ་དུ་གྱུར་པའི་ཕྱིར་སྦྱོར་བ་ཡང་མེད་ལ་མཇུག་ཀྱང་མེད་དོ། །བྱེ་བྲག་ཏུ་སྨྲ་བའི་འདོད་པ་དེ་ལ་སློབ་དཔོན་གྱིས་བརྟགས་པ་བྱས་ནས་ཁོ་ལ་སློབ་པ་ནི། སྲོག་ཆགས་དེ་འཆི་སྲིད་ ལ་གནས་པའི་ཚེའི་རིག་བྱེད་དང་རིག་བྱེད་མིན་པ་དེ་དག་ལས་ལམ་ཡིན་ནམ། ཤི་ཟིན་པའི་སྲིད་པ་ལ་གནས་པའི་དེའི་ཚེ་ལས་ལམ་འབྱུང་བ་གང་ཡིན་བརྗོད་པར་བྱ་དགོས། བྱེ་སྨྲས། དེ་བརྗོད་པ་ལས་ཅིར་འགྱུར། སློབ་དཔོན་གྱིས། དེ་བརྗོད་ན་འདིར་འགྱུར་ཏེ། དང་པོ་ལྟར་ན་ཆོས་ཅན། རང་གིས་གསོད་པའམ་གཞན་ལ་གསོད་དུ་འཇུག་པ་དེ་དང་གསད་བྱ་ལྷན་ཅིག་ཤི་བ་ཡང་སྲོག་གཅོད་ཀྱི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་ཏེ། གདོད་འཆི་བའི་སྲིད་པ་ལ་གནས་པའི་དུས་སུ་ལས་ལམ་དངོས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་ པ་གྲུབ། འདོད་ན། གྲུབ་མཐའ་བུད་དེ། སྔ་དང་མཉམ་དུ་ཤི་བ་ལའང་། །དངོས་མེད་ལུས་གཞན་སྐྱེ་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར། གཉིས་པ་ལྟར་ན་ཆོས་ཅན། ད་གདོད་གསོད་པའི་ཆེད་དུ་བསྣུན་པ་གང་གིས་སྲོག་གཅོད་པར་བྱེད་པ་དེའི་ཚེའི་རིག་བྱེད་དང་རིག་བྱེད་ 3-1-91b མིན་པ་གང་ཡིན་ལས་ཀྱི་ལམ་དངོས་ཡིན་ཅེས་བརྗོད་པར་བྱར་མི་རིགས་པར་ཐལ། ཤི་ཟིན་ནས་ཀྱི་དུས་སུ་ལས་ལམ་དངོས་ཡིན་པའི་ཕྱིར། འདོད་ན། སྲོག་ཆགས་ཤི་བའི་ཚེ་རིག་བྱེད་དང་དེའི་རིག་བྱེད་མ་ཡིན་པ་ལས་ལམ་ཡིན་ནོ་ཞེས་བརྗོད་དགོས་པར་ཐལ། འདོད་ པའི་ཕྱིར། འདོད་ན། དེར་ཡང་མ་བརྗོད་པར་འགལ། གཞན་ཡང་ཤི་ཟིན་པ་ལ་ལས་ལམ་དངོས་འབྱུང་བ་ཡིན་ན་ཆོས་ཅན། སྲོག་གཅོད་པར་བྱེད་པ་དེའི་ཚེ་ཞེས་བྱ་བ་སྨོས་མི་དགོས་པར་ཐལ། སྲོག་གཅོད་བྱེད་ཀྱི་གནས་སྐབས་དང་མི་འབྱོར་བར་སྲོག་བཅད་ ཟིན་པའི་ཕྱིར་རོ། །འཁོར་གསུམ། ཡང་བསྟན་བཅོས་ཡེ་ཤེས་ལས་འཇུག་པ་ལ། སྲོག་ཆགས་གསོད་ལ་སྲོག་གཅོད་པ་མ་འགག་པ་ཡོད་དམ་ཞེ་ན། ཡོད་དེ། སྲོག་ཆགས་ཀྱི་སྲོག་བཅད་ལ་སྦྱོར་བ་མེད་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་ལ་བྱེ་སྨྲ་ན་རེ། འདིར་ཤི་བའི་དངོས་ཀྱི་མཇུག་ཡིན་ཀྱང་ཆོས་ཅན། སྦྱོར་བའི་སྒྲར་གསུངས་པ་ཡིན་ཏེ། ད་དུང་བསྣུན་པ་སོགས་སྦྱོར་བ་ལུས་ངག་གི་རྩོམ་པ་དང་འདྲ་བར་ལས་བྱེད་པའི་ཕྱིར། འོ་ན་ཤི་ཟིན་པ་བསྣུན་པ་དེའི་ཚེ་ན་མཇུག་དང་སྦྱོར་བའི་སྒྲར་གསུངས་པ་ཆོས་ཅན། བྱེ་སྨྲ་ རང་གི་ཁས་བླངས་པའི་དོན་དང་འགལ་བར་ཐལ། ཤི་བའི་ཚེ་ལས་ལམ་གྱི་དངོས་གཞི་བྱུང་བ་དེ་མ་འགག་པའི་ཕྱིར། ཁྱབ་པ་མེད་སྙམ་ན། །འོ་ན་སྦྱོར་དངོས་རྗེས་གསུམ་སྐད་ཅིག་སོ་སོ་བ་མ་ཡིན་པར་ཐལ། ཁྱབ་པ་མེད་པ་དེའི་ཕྱིར། ཡང་བྱེ་སྨྲས། འཆི་བའི་ཚེ་ ལས་ལམ་དུ་བཞག་པ་དང་། ཤི་བའི་ཚེ་ལས་ལམ་གང་དུ་བཞག་ཀྱང་ཤི་བའི་མཇུག་གི་སྲོག་གཅོད་པའི་ལས་ནི་སྦྱོར་བར་བཞག་པ་ལ་ཉེས་པ་མེད་པ་དེ་ལྟར་ཡིན་ནོ། །སློབ་དཔོན་གྱིས། དེ་ལ་ཉེས་པ་ཇི་ལྟར་མེད་དྲིས་པས། བྱེ་སྨྲས། སྲོག་ཆགས་བསད་ལ་སྲོག་ 3-1-92a གཅོད་པ་མ་འགག་པ་ཡོད་དམ། ཞེས་འདྲི་བའི་སྐབས་གང་དེར་སྦྱོར་དངོས་མི་འགལ་བར་གསུངས་པས་ཉེས་པ་མེད་དོ། །འོ་ན་དངོས་ཡིན་པས་མཇུག་མིན་ཟེར་ན། འོ་ན་མཇུག་སྦྱོར་བའི་སྦྲ་གསུངས་ཞེས་བྱ་བའི་ཕྱོགས་འདིར་འབོར་རམ་ཞེ་ ན། དེ་ཡང་མི་འབོར་བས་དངོས་སྦྱོར་ཡིན་པ་དང་། དངོས་མཇུག་ཡིན་པ་གཉིས་ཀ་སྲིད་དེ། འཆི་སྲིད་ཀྱི་མཇུག་ཐོགས་ཀྱི་སྐད་ཅིག་ལ་སྲོག་ཆགས་ཤི་བར་གྱུར་ན་ནི། དེར་དངོས་གཞི་ཡིན་ཀྱང་སྦྱོར་བའི་སྒྲར་གསུངས་སོ་ཞེས་འདོད་པའི་ཕྱིར་དང་། དེ་ཕན་ ཆད་ཤི་ན་སྦྱོར་བ་བྱས་ཀྱང་མཇུག་ཏུ་གཏོགས་པར་འདོད་པའི་ཕྱིར་རོ། །སློབ་དཔོན་གྱིས། འོ་ན་ཤི་ཟིན་པ་ལ་རྣམ་པར་རིག་བྱེད་ཀྱི་ལས་ལམ་དངོས་སུ་ཇི་ལྟར་འགྱུར་རིགས་ཏེ་མི་རིགས་པར་ཐལ། ཤི་ཟིན་པ་ལ་གསོད་པ་ནི་མེད་པས་བསྣུན་པས་སྲོག་ཆད་པའི་རིག་ བྱེད་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་སྙམ་ནས་འདྲི་བའོ། །ཅི་རྣམ་རིག་མིན་པ་མི་འདྲི་བ་ཅི་ཞེ་ན། དེ་ནི་བསྟན་ཐོགས་མེད་པ་ཡིན་པའི་ཕྱིར། བསྣུན་པའི་ལས་སུ་མི་རུང་བས་མ་དྲིས་པའོ། །བྱེ་སྨྲས། ཤི་ཟིན་པ་ལ་རིག་བྱེད་ཀྱི་ལས་ལམ་དངོས་སུ་ཇི་ལྟར་མི་ འགྱུར་ཞེས་སྨྲས་པ་ལ། སློབ་དཔོན་གྱིས། དེར་མི་འགྱུར་བའི་དགོངས་པ་བསྟན་པ་ནི། ཤི་ཟིན་པ་ལ་རིག་བྱེད་ཀྱི་ལས་ལམ་དངོས་གཞིར་མི་འགྱུར་ཏེ། ཤི་ཟིན་པ་ལ་རིག་བྱེད་ཀྱི་ནུས་པ་ཅི་ཡང་མ་མཐོང་བའི་ཕྱིར། བྱེ་སྨྲས། འོ་ན་རིག་བྱེད་མིན་པ་ཡང་ལས་ ལམ་དངོས་གཞིར་མི་འགྱུར་བར་ཐལ། རིག་བྱེད་མིན་པས་བསྣུན་པའི་ནུས་པ་མེད་པའི་ཕྱིར་ཞེས་ཟེར་བ་ལ། འདིས་ནི་སྔ་མའི་ཁྱབ་རྐང་མ་ཆོག་སྟེ། རིག་བྱེད་ལ་བསྣུན་པའི་བྱ་བ་ཡོད་པ་དང་། རིག་མིན་ལ་བསྣུན་པའི་བྱ་བ་མེད་པ་གཉིས་ཀ་ལ་མཚུངས་པའི་ 3-1-92b ཕྱིར་རོ། །ད་ནི་སློབ་དཔོན་གྱིས་བྱེ་སྨྲ་ལ་བསླབ་ནས། ཤི་བའི་དུས་སུ་ལས་ལམ་དངོས་རྫོགས་པར་བསྟན་པ་ནི་རིག་བྱེད་མིན་པ་ནུས་པ་མེད་དུ་ཟིན་ཀྱང་ལས་ལམ་དངོས་ཡིན་པ་དེའི་ཕྱིར། སྦྱོར་བའི་འབྲས་བུ་སྲོག་ཆགས་ཤི་བའི་གནས་སྐབས་རྫོགས་པ་ན་རིག་བྱེད་ དང་རིག་བྱེད་མིན་པ་གཉིས་ཀ་ལས་ལམ་དུ་རུང་ངོ་། །མི་དགེ་བ་བཅུ་ཕན་ཚུན་གྱི་སྦྱོར་བར་འགྱུར་བའི་ཚུལ་ནི། ལས་ཀྱི་ལམ་གཞན་གྱི་སྦྱོར་བའམ། མཇུག་ལས་ཀྱི་ལམ་གཞན་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ། སྲོག་གཅོད་པའི་སྦྱོར་བས་ལས་ལམ་བཅུར་ ཡང་ཡིན་ཏེ། དགྲ་གསོད་པའི་ཕྱིར་གཤེད་བྱད་རྦད་པར་གཞན་གྱི་ནོར་འཕྲོགས་ནས་ཕྱུགས་ཀྱིས་གཏོར་མ་བྱེད་པ་དང་། དེས་དེ་གསོད་དུ་བཞུག་པའི་ཕྱིར་དེའི་ཆུང་མ་ལ་ཉལ་པོ་བྱེད་པ་དང་། དགྲ་དེ་སྐྱོབ་པའི་མཛའ་བོ་ལ་རྫུན། ཕྲ་མ། ཚིག་རྩུབ། ཀྱལ་པས་ དབྱེན་བྱེད་པ་དང་། དེའི་ནོར་ལ་བརྣབ་སེམས་དང་། ནོར་བདག་ལ་གནོད་སེམས་བྱེད་པ་དང་། ལོག་ལྟ་འཕེལ་བར་བྱེད་པ་ལྟ་བུའོ། །དེ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བ་ནི། དགྲའི་ནོར་བརྐུ་བར་འདོད་ནས་དོན་འགྲུབ་པར་བྱ་བའི་ཕྱིར། གཞན་གྱི་ནོར་ འཕྲོགས་ནས་ཕྱུགས་དེས་གཏོར་མ་བྱེད། དེ་ཉིད་ཀྱིས་དགྲས་ནོར་འཕྲོག་པའི་ཆེད་དུ་ཆུང་མ་ལ་ཉལ་པོ་བྱེད་པ་དང་། དགྲ་སྐྱོབ་པའི་གང་ཟག་དེ་ལ་རྫུན་སོགས་བཞི་ཟེར། དེའི་ནོར་ལ་བརྣབ་སེམས། བདག་པོ་ལ་གནོད་སེམས། ལོག་ལྟ་འཕེལ་བར་བྱེད། དེ་བཞིན་ འདོད་ལོག་ལ་སོགས་ལའང་ཅི་རིགས་སུ་སྦྱར་རོ། །བྱེ་སྨྲས། མི་དགེ་བ་གཞན་ཚོ་ཡོ་སྲོག་གཅོད་ཀྱི་སྦྱོར་བར་འགྲོ་བ་དེ་མ་རངས་ནས་བརྣབ་སེམས་སོགས་ཡིད་ཀྱི་གསུམ་པོ་སྲོག་གཅོད་སོགས་ཀྱི་སྦྱོར་བ་ཡིན་པར་མི་རུང་སྟེ། བྱ་བ་མ་བརྩམས་པའི་ཕྱིར་དང་། 3-1-93a སེམས་བསྐྱེད་པ་ཙམ་གྱིས་ནི་སྦྱོར་བ་བྱས་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་རྩ་བ་གསུམ་གསུམ་བསྟན་པ་ལ། མི་དགེ་བ་དང་། དགེ་བའོ། །དང་པོ་ལ། ལུས་ངག་གི་དང་། ཡིད་ཀྱི་མི་དགེ་བའི་རྩ་བའོ། །དང་པོ་ནི། སྦྱོར་བ་རྩ་བ་གསུམ་ལས་སྐྱེས། །མདོ་ལས། དགེ་ སློང་དག་སྲོག་གཅོད་པ་ནི་གསུམ་སྟེ། ཆགས་པ་དང་། ཞེ་སྡང་དང་གཏི་མུག་ལས་སྐྱེས་པའོ། །ཞེས་པ་ནས་ལོག་ལྟའི་བར་གསུངས་པ་དེ་ལ་ཆགས་སོགས་ཀྱི་སྲོག་གཅོད་པ་སོགས་བརྗོད་པར་བྱ་སྟེ། འདོད་ལོག་སོགས་ཁ་ཅིག་མིན་པ་ལས་ལམ་ཐམས་ཅད་ ཆགས་སོགས་མཐར་ཕྱིན་པ་མ་ཡིན། ལ་ལ་གང་གིས་འབྱིན། ལུང་གང་གིས་འབྱིན་མ་ངེས་སོ། །དེ་དག་གི་སྦྱོར་བ་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་པས་ན་དང་པོའི་ཀུན་ནས་སློང་བ་ཡིན་པའི་ཚིག་ལས་དེ་སྐད་བཤད་དོ། །སྲོག་གཅོད་ཆགས་པ་ ལས་སྐྱེས་པ་ནི་དེའི་རྔ་མ་དང་སོ་དང་པགས་པ་སོགས་ལུས་ཀྱི་ཡན་ལག་གི་ཕྱིར་རམ། རྩེད་མོའི་ཕྱིར་རམ། རིན་གྱི་ནོར་བདག་གིར་བྱ་བའི་ཕྱིར་དང་། བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་གསོད་པའོ། །ཞེ་སྡང་ལས་སྐྱེས་པ་དགྲ་སོད་ཙམ་ན་ སྙིང་ཚིམ་བྱ་ཞིང་། དགྲ་མེད་ཙམ་ན་མཁོན་མི་འོང་བའི་ཕྱིར་གཅོད་པ་དང་། གཏི་མུག་ལས་སྐྱེས་པ་ནི་མཆོད་སྦྱིན་བྱེད་པ་སྟེ། དེ་ཡང་། རྒྱལ་བའི་ཆོས་ལུགས་ཚད་མར་བྱས་ནས་ཆོས་ཀྱི་བློས་གསོད་པ་དང་། མི་བགྲུངས་པ་རྣམས་ཆད་པས་བཅད་ན། རྒྱལ་པོ་བསོད་ནམས་ ཀྱི་སྣོད་དུ་འགྱུར་རོ་ཞེས་གྲགས་པ་ལྟ་བུ་དང་། པར་སིག་པ་རྣམས་ཀྱིས་ཕ་མ་རྒས་སམ་ནད་ཚབ་ཆེན་པོས་ཐེབས་ན་གསོད་ཅེས་ཟེར་བ་དང་། འདི་སྐད་དུ། སྦྲུལ་དང་། སྡིག་པ་དང་། སྦྲང་བུ་ཏྲྱཻ་མ་བུ་ག་སོགས་པས་སྟག་ལ་སོགས་ནི་མི་རྣམས་ལ་གདུང་བྱེད་ཡིན་ 3-1-93b པས་གསད་པར་བྱའོ། །ཞེས་དང་། རི་དྭགས་དང་། ཕྱུགས་དང་། བྱ་དང་། མ་ཧེ་ལ་སོགས་པ་ནི་ལོངས་སྤྱད་པར་བྱ་བའི་ཕྱིར་གསད་པར་བྱའོ་ཞེས་ཟེར་བ་དང་། འཇིག་རྟེན་ཕ་རོལ་མེད་དོ་སྙམ་ནས་གསོད་པའོ། །མ་བྱིན་ལེན་ཆགས་པ་ལས་སྐྱེས་པའང་གང་དོན་དུ་ གཉེར་བ་དེས་འཕྲོག་པའམ། གཞན་གྱི་རྙེད་པའམ། བཀུར་སྟིའམ། གྲགས་པའི་ཕྱིར་རམ། བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་འཕྲོག་པའོ། །ཞེ་སྡང་ལས་སྐྱེས་པ་མཁོན་ལས་འབྱུང་བའི་ཕྱིར་འཕྲོག་པའོ། །གཏི་མུག་ལས་སྐྱེས་པ་ནི། རྒྱལ་པོའི་ ཆོས་ལུགས་ངན་པ་འདོན་པ་ཚད་མར་བྱས་ནས་མི་བགྲུངས་པོ་ཆད་པ་གཅོད་པའི་ཕྱིར་འཕྲོག་པ་དང་། བྲམ་ཟེ་རྣམས་ན་རེ། འཇིག་རྟེན་གྱི་ལོངས་སྤྱོད་ཐམས་ཅད་ཚངས་པའི་སྤྱི་བོ་ནས་སྐྱེས་པའི་བྲམ་ཟེ་ལ་ཚངས་པས་བྱིན་པ་ཡིན་པས། བྲམ་ཟེ་རྣམས་ཉམས་དམས་ པས་དམངས་རིགས་རྣམས་ཀྱིས་སྤྱོད་པར་ཟད་དོ། །དེས་ན་བྲམ་ཟེས་འཕྲོག་པ་ན་མ་བྱིན་ལེན་གྱི་ཉེས་པ་མེད་དེ། བདག་ཉིད་ཀྱིས་ལེན་པ་དང་། ཟ་བ་དང་། གྱོན་པ་དང་། སྦྱིན་པ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །དབྲོག་བྱའི་སེམས་ཅན་དེ་དག་ལ་ང་ཡི་ཡིན་བྱ་བ་ཡོད་པས། དེ་ལས་འཕྲོག་ན་མ་བྱིན་པར་ལེན་པར་འགྲོའོ། །ཡང་འཇིག་རྟེན་ཕ་རོལ་མེད་སྙམ་ནས་འཛེམ་པ་མེད་པར་མ་བྱིན་པར་ལེན་པའོ། །འདོད་ལོག་ཆགས་པ་ལས་སྐྱེས་པ་ནི། གཞན་གྱི་ཆུང་མ་སོགས་ལ་དེ་ཆགས་པའམ། རྙེད་བཀུར་གྱི་ཕྱིར་རམ། རང་ངམ་མཛའ་བོ་བསྐྱབ་ པའི་ཕྱིར་མི་ཚངས་པར་སྤྱོད་པའོ། །ཞེ་སྡང་ལས་སྐྱེས་པ་ནི། མཁོན་ལས་བྱུང་བའི་ཕྱིར་སྤྱོད་པའོ། །གཏི་མུག་ལས་སྐྱེས་པ་ནི། པར་སིག་སོགས་མ་ལ་ཉལ་བ་དང་། བ་ལང་འབྲང་གི་མཆོད་སྦྱིན་ལ་སྔགས་བཏབ་པ་ཅན་གྱི་ཆུ་བཏུང་ངོ་། །རྩྭ་བཅད་དོ། །མ་སྲིང་ 3-1-94a དང་རུས་གཅིག་གི་གནས་སུ་འགྲོའོ། །དེ་དག་རྙེད་པ་དེར་འགྲོ་བར་བྱ་སྟེ། དེ་ནི་འཇིག་རྟེན་ལས་རྒྱལ་བར་འགྱུར་ཞེས་བྱ་བ་དང་། གང་བུད་མེད་ནི་ཐུན་མོང་དུ་ལོངས་སྤྱོད་བྱ་སྟེ། གཏུན་དང་། མེ་ཏོག་དང་། འབྲས་བུ་དང་། ཟས་སྨིན་པ་དང་། ངོགས་དང་ལམ་དང་འདྲ་བས་བགྲོད་པ་ལ་ཉེས་པ་མེད་ཟེར་རོ། །རྫུན་ཕྲ་མ་ཚིག་རྩུབ་ངག་ཀྱལ། ཆགས་པ་དང་ཞེ་སྡང་ལས་སྐྱེས་པ་ནི། རྙེད་བཀུར་གྱི་ཕྱིར་རམ། རང་ངམ་མཛའ་བོ་བསྐྱབ་པའི་ཕྱིར་བྱེད་པ་དང་། མཁོན་ཚར་ཕྱིན་པའི་ཕྱིར་བྱེད་པའོ། །རྫུན་དུ་སྨྲ་བ་ གཏི་མུག་ལས་སྐྱེས་པ་ནི། དྲང་སྲོང་རྒྱས་པས། རྒྱལ་པོ་བཞད་གད་ལྡན་དང་བུད་མེད་དང་། །བག་མ་ལེན་པའི་ཚེ་དང་གསོད་པ་དང་། །ནོར་ཀུན་འཕྲོག་ཚེ་བརྫུན་བྱས་གནོད་མེད་དེ། །རྫུན་ལྔ་ལྟུང་བར་འགྱུར་བ་མིན་ཅེས་བཤད། །ཅེས་པ་ལྟ་བུ་དང་། ལོག་ལྟས་ བཅུག་པའི་རྫུན་དང་། རིག་བྱེད་སོགས་དང་། གྲངས་ཅན་དང་བྱེ་བྲག་པའི་བསྟན་བཅོས་ངན་པ་བརྡོལ་བའི་ཚིག་ཀྱལ་པ་ཡིན་ནོ། །གཉིས་པ་ནི། དུག་གསུམ་པོ་དེའི་མཇུག་ཐོགས་ལས་བྱུང་བའི་ཕྱིར་བརྣབ་སེམས་ལ་སོགས་པའང་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ ཡིན་ནོ། །གཉིས་པ་དགེ་བའི་རྩ་བ་བསྟན་པ་ནི། དགེ་བའི་ལས་ལམ་སྦྱོར་བ་དང་མཇུག་དང་བཅས་པ་རྣམས་ནི་ཆོས་ཅན། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ལས་སྐྱེས་པ་ཡིན་ཏེ། དགེ་བའི་སེམས་ཀྱིས་ཀུན་ནས་སློང་བའི་ཕྱིར་དང་། དགེ་སེམས་དེ་ ཡང་མ་ཆགས་པ་སོགས་དང་མཚུངས་པར་ལྡན་པའི་ཕྱིར། མི་དགེ་བའི་ལས་ལམ་གྱི་སྦྱོར་བ་ནི། དགེ་བའི་ལས་ལམ་གྱི་སྦྱོར་བ་དང་། དངོས་སྤོང་བ་དངོས་དང་། མཇུག་སྤོང་བ་ནི་མཇུག་ཡིན་ཏེ། དགེ་ཚུལ་བསྙེན་པར་རྫོགས་པར་བྱེད་པ་ན་ལས་ཀྱི་དཀྱིལ་ 3-1-94b འཁོར་དུ་འཇུག་པ་དེའི་ཚེ་མཚམས་ཆེན་པོ་ན་གནས་སྣ་ཚོགས་ཡོད་པས་དེར་འཇུག་པར་བྱེད། དགེ་འདུན་རྣམས་ལ་ཕྱག་འཚལ་བར་བྱེད། མཁན་པོ་ལ་གསོལ་བ་འདེབས་པ་ནས། ལས་གཅིག་དང་གཉིས་བརྗོད་པའི་བར་ནི་སྦྱོར་བས་སྤོང་བའི་ཕྱིར་དང་། ལས་གསུམ་ པ་བརྗོད་པའི་མཇུག་གི་རིག་བྱེད་དང་། དེའི་སྐད་ཅིག་གི་རིག་མིན་གྱི་ལས་ལམ་དངོས་ཀྱིས་སྤོང་བའི་ཕྱིར་རོ། །འདིར་དཔལ་ཤཱཀྱ་མཆོག་ལྡན་པས་ནི། བརྗོད་པ་གསུམ་པའི་མཇུག་གི་རིག་བྱེད་དེ། ལས་ལམ་དངོས་གཞིའི་རིག་བྱེད་ཡིན་པར་བཤད་པ་དེ་མ་གོ་ ནས། བརྗོད་པ་གསུམ་པའི་མཇུག་གི་རིག་བྱེད། ལས་ལམ་དངོས་ཀྱི་མཇུག་གི་རིག་བྱེད་ཡིན་པར་གོ་བ་ནི་བཏབ་པའི་ཚྭ་མ་བྲོ་བར་མ་བཏབ་པའི་སྤོད་བྲོ་བ་ཡིན་ནོ། །དངོས་ཀྱི་ལས་ལམ་གྱི་འོག་ཏུ་གནས་བཞི། ཆོས་གོས། བསོད་སྙོམས། གནས་མལ། ན་ བའི་རྐྱེན་སྨན་གྱི་ཡོ་བྱད་ཀྱི་ཇི་སྐད་བཤད་པའི་ཆོ་གས་བསྙེན་པར་རྫོགས་པ་དེ་ལ་བསྒོ་བ་དང་། གནས་ཀྱི་རྟེན་རིག་བྱེད་ཚིག་གིས་བརྗོད་པ་དང་། ཇི་སྲིད་སྡོམ་པ་མ་བཏང་གི་བར་རིག་མིན་རྗེས་སུ་འབྲང་བ་དེ་ནི་མཇུག་གི་སྤོང་བའི་ཕྱིར་རོ། །གསུམ་པ་རྫོགས་བྱེད་ གསུམ་བསྟན་པ་ལ། དངོས་དང་། གཞི་གང་ཡིན་པ། དངོས་གཞིར་འགྱུར་བའི་ཚད་དོ། །དང་པོ་ལ། ཞེ་སྡང་གིས་རྫོགས་པ་གསུམ། འདོད་ཆགས་ཀྱིས་རྫོགས་པ་གསུམ། གཏི་མུག་གིས་རྫོགས་པ་གཅིག །གསུམ་གས་རྫོགས་པ་གསུམ་མོ། །དང་པོ་ནི། གསོད་དང་གནོད་སེམས་ཚིག་རྩུབ་མོ་ནི་ཆོས་ཅན། ཞེ་སྡང་གིས་ནི་མཐར་ཕྱིན་པར་བྱེད་དེ། དང་པོ་ལ་སྲོག་ཡོངས་སུ་འདོར་བ་དང་། ཕྱི་མ་གཉིས་ལ་རྩུབ་པའི་སེམས་མངོན་དུ་གྱུར་པའི་ཕྱིར། གཉིས་པ་ནི། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན་ནི་ཆགས་ 3-1-95a པ་ཡིས་ནི་རྫོགས་པར་བྱེད་དོ། །གསུམ་པ་ནི། ལོག་པར་ལྟ་བ་གཏི་མུག་གིས། །ལོག་པར་ལྟ་བ་ནི་ཆོས་ཅན། ཆེས་རྨོངས་པར་གྱུར་པ་ཡིན་ཏེ། གཏི་མུག་གིས་མཐར་ཕྱིན་པར་བྱེད་པའི་ཕྱིར། བཞི་པ་ནི། ལྷག་མ་རྫུན་དུ་སྨྲ་བ་དང་། ཕྲ་མ། ཚིག་ཀྱལ་པ་གསུམ་ནི་ཆགས་ སྡང་གཏི་མུག་གསུམ་གྱིས་མཐར་ཕྱིན་ཅིང་རྫོགས་པར་འདོད་དོ། །གཉིས་པ་གཞི་གང་ཡིན་པ་ནི། སྲོག་གཅོད་པའི་གཞི་ཡུལ་ནི་སེམས་ཅན་དང་། གཞན་གྱི་བུད་མེད་ལ་བགྲོད་པ་ལ་སོགས་པའི་གཞི་ནི་ལོངས་སྤྱོད་དང་། ལོག་ལྟའི་གཞི་མིང་ཚོར་སོགས་ཀྱི་ ཕུང་པོ་བཞི་དང་། གཟུགས་ཀྱི་ཕུང་པོ་ཡིན་ནོ། །རྫུན་སྨྲ་སོགས་བཞི་ནི་མིང་གི་ཚོགས་ཡིན་ནོ་སྟེ། ངག་ནི་མིང་ལ་འཇུག་པའི་ཕྱིར་རོ། །གསུམ་པ་དངོས་གཞིར་འགྱུར་བའི་ཚད་ལ། འགྱུར་བ་ལྟ་བུའི་མི་འགྱུར་བ་དང་། མི་འགྱུར་བ་ལྟ་བུའི་འགྱུར་བའོ། །དང་པོ་ནི། གང་གིས་ཕ་རོལ་པོ་འཆི་ངེས་སུ་བྱས་ནས་དེ་དང་སྔ་བ་དང་། དེ་དང་མགོ་མཉམ་དུ་གསོད་བྱེད་ཤི་བ་ན་ཆོས་ཅན། ལས་ལམ་དངོས་མེད་དེ། སྦྱོར་བ་ཡང་བྱས་ལ་འབྲས་བུ་ཡང་ཡོངས་སུ་རྫོགས་ཀྱང་སྲོག་གཅོད་ཀྱི་ཁ་ན་མ་ཐོ་བས་རེག་པར་མི་འགྱུར་བ་ལྟ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གསོད་པོ་སྔར་རམ། མཉམ་དུ་ཤི་བ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །དངོས་མེད་བྱས་པས་མཇུག་ཀྱང་མེད་པར་ཤུགས་ཀྱིས་འགྲོ་སྟེ། མཇུག་ནི་དངོས་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར། བསད་བྱ་གསོན་བཞིན་དུ་གསོད་པ་པོ་ལ་ཁ་ན་མ་ ཐོ་བ་དང་ལྡན་པ་མེད་དེ། བསད་བྱ་བསད་པར་མ་བྱས་པའི་ཕྱིར་རོ། །བསད་བྱ་མ་ཤི་བར་གསོད་པོ་ཤི་བ་ལ་ཡང་ཁ་ན་མ་ཐོ་བ་ལྡན་པ་མ་ཡིན་ཏེ། ལུས་གང་གིས་སྦྱོར་བ་བྱས་པ་དེའི་རྒྱུན་ནི་ཆད་ལ། ཤི་འཕོས་པའི་ལུས་དེ་ནི་སྦྱོར་བ་པོ་མ་ཡིན་པའི་སྐལ་བ་མི་མཉམ་པ་ 3-1-95b རིས་མི་འདྲ་བའི་ལུས་གཞན་ཞིག་སྐྱེས་པའི་ཕྱིར་རོ། །འདི་ལ་ཡང་ལེགས་པར་དཔྱད་ན། དགེ་མི་དགེའི་ལས་བསགས་པ་པོ་གང་ཟག་གི་རྒྱུན་ལ་འཇོག་ན། སྔ་དང་མཉམ་དུ་ཤིའང་བསད་བྱ་རྗེས་ནས་ཤི་བ་ན་སྦྱོར་བ་བྱེད་པོ་ལ་ལས་ལམ་འབྱུང་བར་རིགས་ཏེ། གང་ཟག་ གི་རྒྱུན་མ་འགག་པའི་ཕྱིར་སྙམ་མོ། །འོ་ན་གང་ཟག་ནི་ཕུང་པོ་ལ་བཏགས་པའི་བཏགས་ཡོད་ཙམ་ཡིན་ལ། གདགས་གཞི་གཟུགས་ཕུང་དེའི་ལུས་དང་འབྲེལ་བའི་ལས་ལམ་དངོས་མ་བྱུང་སྟེ། སྔ་དང་མཉམ་དུ་ཤི་བའི་ཚེ་ན་ནི། བསད་བྱ་ཤི་བ་དངོས་མ་བྱུང་བའི་ཕྱིར་ དང་། གསོད་བྱེད་ཤི་བའི་འོག་གི་ལུས་ལ་ནི་ལས་ལམ་དངོས་མ་བྱུང་སྟེ། དེས་སྔ་དང་མཉམ་དུ་ཤི་བའི་བསད་བྱ་ལ་སྦྱོར་བ་མ་བྱས་པའི་ཕྱིར། དེ་ལྟར་དཔྱད་ན་ལུས་ཀྱི་ཁ་ན་མ་ཐོ་བའི་ལས་ལམ་དངོས་མི་འབྱུང་བ་ཙམ་སྲིད་ཆུག་ཀྱང་། ཐེག་པ་ཆེན་པོ་ལྟར་ན། ལས་ ཐམས་ཅད་ལ་ཡིད་གཙོ་བས། དེ་སྐབས་ཀྱི་བྱ་བ་དངོས་གཞི་ལ་བརྟེན་པའི་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པར་ངེས་སོ། །གཉིས་པ་ནི། དམག་གིས་གདབ་བ་དང་། ལ་སོགས་པས་ལིང་འདེབས་པ་དང་། མ་ཕྲིགས་པར་གདབ་པ་དག་ཏུ་ཕ་རོལ་པོ་བསད་ པའི་སླད་དུ་མང་པོའི་ཚོགས་པས་བཏབ་སྟེ། གཅིག་གཅིག་གིས་སྲོག་གཅོད་པར་བྱེད་པ་ན་ཆོས་ཅན། གསོད་པའི་ཕྱིར་འདུས་པའི་མང་པོ་དེ་ཐམས་ཅད་ལ་བྱེད་པ་པོ་བཞིན་ལས་ལམ་ལྡན་པར་འགྱུར་ཏེ། ཚིག་གིས་ཕན་ཚུན་སྦྱོར་བ་ཙམ་མིན་པར་དོན་གྱིས་ན་ ཕན་ཚུན་བསྒྲུབ་བྱའི་དོན་གཅིག་ཁས་བླངས་པའི་ཕྱིར་རོ། །འོ་ན་དེའི་ཕྱིར་ནན་གྱིས་ཁྲིད་ན། དེ་ཚོད་གཅིག་ཏུ་ཕྱིན་ན་ཆོས་ཅན། ཁ་ན་མ་ཐོ་བ་དང་ལྡན་པ་ཡོད་དེ། དེ་ལ་བསམ་པ་བཟང་པོ་མེད་པའི་དབང་དུ་བྱས་པའི་ཕྱིར། དེའི་ངོ་ཙམ་དུ་འགྲོའང་ཆོས་ཅན། ཁ་ 3-1-96a ན་མ་ཐོ་བ་དང་མི་ལྡན་པའང་ཡོད་དེ། བདག་རང་གི་སྲོག་གི་ཆེད་དུའང་མི་བསད་སྙམ་བཞིན་དུ་འགྲོ་བ་དེའི་ཚེ་ནའི་ཕྱིར། བཞི་པ་ལས་སོ་སོར་བསྟན་པ་ལ། ལས་སོ་སོའི་མཚན་ཉིད། སེམས་པ་གང་དང་ལྷན་ཅིག་འཇུག་པ། འགྲོ་བ་གང་ན་ ལས་ལམ་དུ་ཡོད་པ། ལས་ལམ་གྱི་འབྲས་བུ་བསྟན་པའོ། །དང་པོ་ལ། སོ་སོར་ངོས་བཟུང་བ་དང་། ལོག་ལྟ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ལུས་ཀྱི་ལས། ངག་གི་ལས། ཡིད་ཀྱི་ལས། ལས་དང་ལས་ལམ་གྱི་བྱེ་བྲག་གོ། དང་པོ་ལ་གསུམ་ལས། དང་པོ་སྲོག་གཅོད་ནི། སྲོག་གཅོད་པའི་བསམ་པ་ནི། འདི་བསོད་སྙམས་པས་བསམས་བཞིན་དུ་འདུ་ཤེས་གཞན་དང་། མ་ནོར་བར་ནི་གསོད་པའི་གཞི། རང་ལས་རྒྱུད་གཞན་བསད་པའོ། །འོ་ན་སྲོག་ཆགས་ཡིན་མིན་དང་། བསད་བྱ་དེའམ་དེ་མིན་ཐེ་ཚོམ་ ཟོས་ནས་བསད་ན་ཅི་ལྟ་བུ་ཞེ་ན། ཐེ་ཚོམ་གྱིས་མ་ཡིན་པར་སྲོག་ཆགས་སམ་བསད་བྱ་འདིའི་ངེས་པ་རྙེད་ནས་དེ་ལ་བསྣུན་པའི་སྦྱོར་བ་བྱེད་ཅིང་། སྦྱོར་བ་དེས་དེ་སྲོག་འདོར་འདོད་ཀྱི་འདུ་ཤེས་ཡོད་ན་ལས་ཀྱི་ལམ་འོང་སྟེ། སེམས་ཅན་དང་བསད་བྱ་གང་ཡིན་པ་ གདོན་མི་ཟ་བར་ངེས་བཟུང་དུ་བྱས་པའི་ཕྱིར། ཕུང་པོ་སྐད་ཅིག་མ་རྣམས་རང་གི་དང་ཁོ་ནས་འཇིག་པ་ལ། འདི་གཞན་གྱིས་ཇི་ལྟར་སྲོག་གཅོད་པའི་དགག་པར་བྱེད་ཅེས་འདྲི་བའོ། །དེའི་ལན་ནི། འཇིག་རྟེན་ན་གྲགས་པའི་སྲོག་ནི་ཆོས་ཅན། ལུས་དང་སེམས་ལ་ བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། དེ་བཅད་པས་ཁ་ན་མ་ཐོ་བ་འབྱུང་བའི་ཕྱིར། རླུང་སེམས་ལ་རགས་ལས་ཤིང་འཇུག་པ་ཡིན་ཏེ། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཞུགས་པ་དང་ཤི་བ་ལ་མི་འབྱུང་བའི་ཕྱིར། སྐྱེས་པ་ནི་རང་གི་ངང་གིས་ 3-1-96b འགག་པ་ཡིན་ཀྱང་། མ་འོངས་པའི་སྐྱེ་བ་ལ་གེགས་བྱེད་པ་ནི་འགག་བྱེད་ཡིན་པས་དེའི་དཔེ་ནི་རྟེན་ལ་གནོད་པས་གནོད་པ་མར་མེའམ་དྲིལ་བུའི་སྐད་འགག་པར་བྱེད་པ་དང་འདྲའོ། །ཡང་ན་བསྟན་བཅོས་ལས་བཤད་པའི་སྲོག་གཅོད་པའི་ཁ་ན་མ་ཐོ་བ་བསྐྱེད་པ་ ཡོད་དེ། སྲོག་གི་དབང་པོ་འགག་པར་བྱེད་ན་དེར་འགྱུར་བའི་ཕྱིར། ཁྱབ་པ་ཡོད་དེ། སྲོག་གི་དབང་པོ་སྐད་ཅིག་མ་གཅིག་བཅད་ཀྱང་ཕྱིས་མཚམས་མི་སྦྱོར་བའི་དབུགས་ནི་ཡུན་རིང་རབ་ཆད་ཀྱང་ཕྱིས་མཚམས་སྦྱོར་བའི་ཕྱིར་རོ། །སངས་རྒྱས་པས། བདག་མེད་ པར་ཁས་ལེན་པས་སྲོག་ཀྱང་མེད་པར་ཁས་ལེན་རིགས་ན། སྲོག་ཆགས་གང་ཞིག་འཆི་བར་འགྱུར་བའི་སྲོག་དེ་གང་ཡིན་འདྲི་བའོ། །དེ་ལ་གང་གི་ཞེས་དྲུག་སྒྲ་འདི་ནི་གང་ཟག་དགག་པའི་སྐབས་སུ་དཔྱད་པར་བྱའོ། །སྲོག་དེའང་དབང་པོ་དང་བཅས་པའི་ལུས་ཁོ་ན་ ལ་ཡིན་གྱི། བདག་ལ་མ་ཡིན་ཏེ། དབང་པོ་དང་བཅས་པའི་ལུས་ནི་གསོན་པ་ཞེས་བྱ་ལ། དབང་པོ་མེད་པའི་ལུས་ལ་ནི་ཤི་བའི་རོ་ཞེས་བརྗོད་པའི་ཕྱིར། དེ་སྐད་དུའང་། གང་ཚེ་ཚེ་དང་དྲོད་རྣམ་ཤེས། །འདི་དག་གིས་ནི་ལུས་འདོར་ཞིང་། །བོར་ནས་དེ་ཚེ་འདུག་པ་ནི། ། ཇི་ལྟར་ཤིང་ལ་སེམས་མེད་བཞིན། །ཞེས་སོ། །གཅེར་བུ་པ་རྣམས་ན་རེ། ཆེད་དུ་མ་བསམ་པར་སྲོག་གཅོད་ཀྱང་བྱེད་པ་པོ་སྲོག་གཅོད་པའི་དངོས་གཞིའི་ལྟུང་བ་དང་ལྡན་ཏེ། མེ་འདི་ལ་རེག་པར་བྱ་སྙམ་པས་འཚིག །མི་བྱ་སྙམ་པས་རེག་ཀྱང་མི་འཚིག་པ་མ་ཡིན། རེག་ན་རེག་ པར་མི་བྱ་སྙམ་ཀྱང་འཚིག་པ་དང་འདྲ་བར་ཆོས་ཉིད་དབང་ཆེ་བའི་ཕྱིར། ཞེས་ཟེར་རོ། །དེ་ལྟར་ན་ཉོན་མོངས་ཀྱི་ཆེད་དུ་གཏད་པ་མེད་པའི་གཞན་གྱི་ཆུང་མ་མཐོང་རེག་ལའང་ཆོས་ཅན། འདོད་ལོག་གི་ཉེས་པ་བསྐྱེད་པར་ཐལ། མ་བསམ་པར་སྲོག་བཅད་ཀྱང་ལྟུང་བ་དངོས་ 3-1-97a གཞིས་འགོས་པའི་ཕྱིར། དེ་ལྟར་ཐལ་བས་གཅེར་བུ་པ། དེ་ཡང་མི་འདོད་དོ། །གཅེར་བུ་པ་སྐྲ་འབལ་བ་དང་། ཡང་ན་གཅེར་བུ་པ་སྐྲ་འབལ་བ་ན་ཆོས་ཅན། ཆོས་མ་ཡིན་པ་དང་ལྡན་པའི་སྐབས་སྲིད་པར་འགྱུར་ཏེ། སྐྲ་འབལ་བ་ལ་སྡང་བ་བསྐྱེད་ན་བསོད་ནམས་འདོད་པ་ཡང་སྡིག་པ་ དང་ལྡན་པར་འགྱུར་བའི་ཕྱིར། རྟགས་འདི་ནི་གཅེར་བུ་པ་རང་ལ་ལོག་སོང་བ་ཡིན་ལ། སངས་རྒྱས་པ་ལ་སྤྱིར་སྡང་བ་ཆོས་མ་ཡིན་པ་ཡིན་ཀྱང་། སྐྲ་འབལ་བས་ཁྱད་པར་དུ་བྱས་པའི་སྡང་བ་ཆོས་མིན་ལྷག་པར་ཡིན་མི་དགོས་སོ། །ཡང་དཀའ་ཐུབ་དྲག་པོའི་ལུང་སློབ་མ་ལ་དཔོགས་པ་ན། སློབ་དཔོན་ལ་ཆོས་མིན་དང་ལྡན་པར་ཐལ། སློབ་མ་ལ་གནོད་འདོད་ཀྱི་བློ་སྔོན་དུ་མ་སོང་ཡང་སྡུག་བསྔལ་བསྐྱེད་པའི་ཕྱིར། མཆན། དཀའ་ཐུབ་དྲག་པོའི་ལུང་སློབ་མ་ལ་དབོག་པ་ན་དཔོན་སློབ་ཐམས་ཅད་ཆོས་མ་ཡིན་པ་དང་ལྡན་པར་འགྱུར་ཏེ། སྡུག་བསྔལ་བསྐྱེད་པའི་ཕྱིར། གཅེར་བུ་པ་རྣམས་གསུད་དེ་མ་ཞུ་བས་ ཤི་ན་ཡང་ཆོས་ཅན། ཟས་སྦྱིན་པ་ལ་སྲོག་གཅོད་ཀྱི་ལྟུང་བ་དངོས་འབྱུང་བར་ཐལ། གསོད་པའི་བློ་སྔོན་དུ་མ་སོང་ཡང་འཆི་བར་བྱ་བ་ཆོས་མིན་གྱི་རྒྱུ་ཡིན་པའི་ཕྱིར། མ་དང་བུ་ལྟོ་ན་ཡོད་པ་དག་ཀྱང་ཆོས་ཅན། ཆོས་མ་ཡིན་པ་དང་ལྡན་པར་འགྱུར་ཏེ། ཕན་ཚུན་ སྡུག་བསྔལ་གྱི་རྒྱུ་མཚན་དུ་གྱུར་པའི་ཕྱིར། མེའི་དཔེ་དེས་ནའོ། །བསད་བྱ་དེ་ལ་ཡང་ཆོས་ཅན། བསད་པའི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་ཏེ། གསོད་པ་དེའི་བྱ་བ་དང་འབྲེལ་བའི་ཕྱིར། མེས་རང་གི་རྟེན་བསྲེག་པ་བཞིན་ནོ། །གཞན་ཅིག་སྲོག་གཅོད་དུ་བཅུག་ པས་གཞན་པ་དེ་ལ་སྲོག་གཅོད་པའི་ཁ་ན་མ་ཐོ་བ་འོང་ཡང་། སྐུལ་མཁན་ལ་ཆོས་ཅན། སྲོག་གཅོད་པའི་ཁ་ན་མ་ཐོ་བ་མི་འབྱུང་བར་ཐལ། བདག་གི་མེ་གཅིག་མེར་ཕུལ་བས་ཕ་རོལ་ཚིག་ཀྱང་རང་མི་ཚིག་པ་དང་མཚུངས་པའི་ཕྱིར། ཤིང་དང་སོ་ཕག་དང་སྨྱིག་ 3-1-97b མ་སོགས་ཀྱང་སྡིག་པ་དང་ལྡན་པར་ཐལ། ཁྱིམ་བརྡིབ་པ་ན་དེ་དག་གིས་སྲོག་ཆགས་འཆི་བར་བྱེད་པའི་ཕྱིར། སྨན་དཔྱད་བྱས་པས་ནད་པ་ལ་གནོད་པའམ་ཤི་བ་ན་ཆོས་ཅན། སྨན་པ་ལ་ཡང་སྡིག་ལྡན་དུ་ཐལ། གནོད་པ་དང་གསོད་སེམས་མེད་པར་ཡང་དེར་འགྱུར་ བའི་ཕྱིར། དེ་ཡི་དཔེ་དེ་ཆོས་ཅན། དོན་མི་འགྲུབ་པར་ཐལ། རྟགས་མེད་པའི་ཕྱིར། གཉིས་པ་མ་བྱིན་ལེན་ནི། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །མ་བྱིན་ལེན་པ་ནི་གཞན་གྱིས་བདག་གིར་བྱས་པའི་ནོར་ཆེད་དུ་བསམས་ནས་མ་ནོར་བར་དངོས་སུ་མཐུའམ། ལྐོག་ཏུ་འཇབ་བུས་ལྷ་སྦྱིན་ལ་རྐུའོ་སྙམ་ ནས་མཆོད་སྦྱིན་ལ་རྐུ་བ་ལྟ་བུ་མ་ཡིན་པ་འདུ་ཤེས་མ་འཁྲུལ་བ་བདག་གིར་བྱེད་ཅིང་ལེན་ནའོ། །མཆོད་རྟེན་ལ་འཕྲོག་པ་ནི་ཆོས་ཅན། སངས་རྒྱས་ལ་མ་བྱིན་པར་བླངས་པ་ཡིན་ཏེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། དེ་དག་ཐམས་ཅད་ཡོངས་སུ་ བཟུང་བའི་ཕྱིར། གྲུབ་སྟེ། སྦྱིན་པ་པོའི་སྐྱེ་བོ་ལ་ཕན་གདགས་པའི་སླད་དུ་ཡོངས་སུ་མ་བཟུང་ན་ལེན་པ་མེད་པའི་ཕྱིར་མཆོད་རྟེན་ལ་ཕུལ་བ་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ། །གཞན་དག་ན་རེ། མཆོད་རྟེན་ལས་འཕྲོག་པ་ནི། ཆོས་སྐྱོང་སྲུང་མས་དབང་དུ་བྱས་ པ་ལས་བླངས་པར་འགྱུར་རོ་ཞེས་ཟེར་རོ། །བདག་པོ་མེད་པའི་གཏེར་བྲུས་ན་ནི་ཡུལ་གྱི་བདག་པོ་ལ་བླངས་པའོ། །དགེ་སློང་ཤི་བའི་ནོར་འཕྲོག་ན་གསོལ་བའི་ལས་བྱས་པ་ཡིན་ན་ཆོས་ཅན། མཚམས་ཀྱི་ནང་དུ་གཏོགས་པའི་དགེ་འདུན་ལས་འཕྲོག་པ་ཡིན་ཏེ། མཚམས་ ནང་དུ་གཏོགས་པའི་དགེ་འདུན་གྱིས་དབང་བར་སྟོན་པས་བཅས་པའི་ཕྱིར། ཡང་མཚམས་གཉིས་ཀྱི་བར་དུ་ཤི་ན། གང་ཉེ་བ་དེ་དབང་བ་ཡིན། ཉེ་རིང་མཉམ་ན་མགོ་ནང་དུ་བསྟན་པ་དེ་དབང་བ་ཡིན་ནོ། །གསོལ་བ་མ་བྱས་པ་ཞིག་ཡིན་ན་ནི་སངས་རྒྱས་ཀྱི་སློབ་མ་ 3-1-98a ཐམས་ཅད་ལས་མ་བྱིན་པར་བླང་བ་ཡིན་ནོ། །གསུམ་པ་ལོག་གཡེམ་ནི། བགྲོད་མིན་འགྲོ་བར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །བགྲོད་བྱ་མིན་པ་ལ་ཉལ་པོ་བྱ་བར་འགྲོ་བར་འདོད་པ་ཡིས་འདོད་པས་ལོག་པར་གཡེམ་པ་ལ་རྣམ་པ་བཞི་སྟེ། གཞན་གྱི་ཁྱིམ་ཐབ་ གཅིག །མ་དང་བུ་མོ་གཅིག །ཕ་མ་དང་འབྲེལ་བའི་བདུན་བརྒྱུད་ཚུན་ཕྱོགས་གཅིག །རང་གི་ཆུང་མ་ལ་ཡང་སྤྱོད་ཡུལ་མ་ཡིན་པ་ལ་སོགས་པ་གཅིག་དེ་བཞི་པོ་དེ་ལོག་གཡེམ་བཞི་ཡིན་ནོ། །ཡང་ན་གཞན་དབང་བའི་ཆུང་མ་དང་། མ་དང་། བུ་མོ་དང་། ཕ་མའི་འབྲེལ་པ་ཚོ་ལ་གཅིག ། རང་གི་ཁྱིམ་ཐབ་ལ་ཡུལ་མིན་པ་གཉིས་པ། དུས་མིན་པ་གསུམ་པ། ཡན་ལག་མིན་པ་བཞི་སྟེ་ལོག་གཡེམ་བཞི་ནི་དེའོ། །བགྲོད་བྱར་གྱུར་པ་རང་གི་ཆུང་མ་ཡིན་ཀྱང་ཡན་ལག་མ་ཡིན་པར་འགྲོ་བ་ཁའམ་རྐུབ་ཏུ་འཇུག་པའམ། ཡུལ་མིན་པར་འགྲོ་བ་སྣང་བའམ། མཆོད་རྟེན་ནམ། གཙུག་ལག་ཁང་ངམ། དུས་མིན་པར་འགྲོ་བ་སྦྲུམ་མའམ། བུ་ནུ་ཞོ་འཐུང་བའི་གནས་སྐབས་ཀྱི་བུད་མེད་ལ་མི་ཚངས་པར་སྤྱད་ན། དེའི་ནུ་ཞོ་སྐམ་པའམ། དེའི་ནུ་ཞོ་བུ་ལ་མི་གསོད་པས་དང་། བསྙེན་གནས་སྲུང་བའི་གན་དུ་འགྲོ་བའོ། །ཁ་ཅིག་ གལ་ཏེ་ཁྱོས་ཆུང་མ་བསྙེན་གནས་སྲུང་བར་གནང་ན་ངེས་པ་དང་བཅས་པ་ཡིན་ནོ་ཞེས་ཟེར་རོ། །མ་ནོར་བ་ཞེས་སྦྱར་ཏེ། རང་གི་ཆུང་མའི་འདུ་ཤེས་ཀྱིས་གཞན་གྱི་ཆུང་མའི་གན་དུ་སོང་ན་ལས་ལམ་དུ་མི་འགྱུར་རོ། །གལ་ཏེ་གཞན་ལྷ་སྦྱིན་གྱི་ཆུང་མ་ཡིན་པའི་འདུ་ཤེས་ཀྱིས་ མཆོད་སྦྱིན་གྱི་ཆུང་མའི་གན་དུ་སོང་ན། ཁ་ཅིག་ནི་ལས་ཀྱི་ལམ་དུ་འགྱུར་ཏེ། གཞན་གྱི་ཆུང་མ་ལ་སྦྱོར་བ་བྱས་པའི་ཕྱིར་དང་། དངོས་པོ་ལ་ཡང་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ཟེར་རོ། །གཞན་དག་ན་རེ། སྔོ་བསངས་མ་ལ་སྤྱད་པར་འདོད་པ་ལ་སྐྱ་བསངས་མ་ལ་ 3-1-98b ལོངས་སྤྱོད་པ་འདོད་ལོག་ཏུ་མི་འགྱུར་ཏེ། སྦྱོར་བ་གཞན་དུ་བྱས་པའི་ཕྱིར། ལྷ་སྦྱིན་གསོད་པར་སེམས་པས་མཆོད་སྦྱིན་བསད་ཀྱང་སྲོག་བཅད་པའི་ལས་ལམ་འབྱུང་བ་མ་ཡིན་པ་བཞིན་ནོ། །དགེ་སློང་མའི་གན་དུ་འགྲོ་ན། སུ་ལས་འདོད་པས་ལོག་པར་གཡེམ་ ཡིན་ཅེ་ན། དགེ་སློང་མ་དེ་ཉིད་ཡུལ་དུ་བྱས་ནས་བདག་པོར་གྱུར་པ་ལས་ལོག་གཡེམ་དུ་འགྲོ་སྟེ། ཡུལ་དེས་ནི་སྤྱོད་པ་དེ་མི་བཟོད་པར་བྱ་བ་ཡིན་པའི་ཕྱིར། དེ་ནི་རང་གི་ཆུང་མ་ངེས་པ་དང་བཅས་པ་བཞིན་དུ་བགྲོད་བྱ་མ་ཡིན་པ་ཡང་ཡིན་ནོ། །གཞོན་ནུ་མའི་གན་དུ་འགྲོ་བ་ནི། བག་མར་མ་བླངས་ཀྱང་གང་ལ་བྱིན་པ་སྟེ་གཉེན་གང་ལ་བྱས་པ་ལས་སོ། །གལ་ཏེ་བྱིན་པ་མེད་ན་བསྲུང་བ་གང་ཡིན་པ་དང་། ཐ་ན་རྒྱལ་པོ་ལས་ཏེ་དེས་ནི་དེ་མི་བཟོད་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ངག་གི་ལས་ལ་བཞི་ལས། དང་པོ་རྫུན་ལ། དངོས་དང་། མཐོང་ ཐོས་སོགས་ཀྱི་དོན་ཏོ། །དང་པོ་ནི། རྫུན་གྱི་ཚིག་ནི་དོན་སྨྲ་བ་དེ་ལ་འདུ་ཤེས་གཞན་དུ་བསྒྱུར་བའི་སྒོ་ནས་སྨྲ་བའི་ཚིག་དེའི་དོན་མངོན་པར་གོ་བ་ན་ཡིན་ཏེ། མ་གོ་ན་ཚིག་ཀྱལ་པར་འགྱུར་བའི་ཕྱིར་རོ། །རྒྱ་གར་ལྟ་བུ་བོད་ཀྱི་བརྡ་ལ་མ་འདྲིས་པ་ལ་བོད་ཀྱིས་རྫུན་བྱས་ཀྱང་རྫུན་དུ་ མི་འགྱུར་བས། གོ་བ་ཞིག་དགོས་སོ། །མུ་སྟེགས་ཁ་ཅིག །རང་གི་བསམ་པ་ལ་བདག་ཡོད་པར་ཤེས་པ་དེ་འདུ་ཤེས་གཞན་དུ་བསྒྱུར་ནས་བདག་མེད་སྨྲས་པ་དེ་དངོས་པོ་ལ་བདེན་ཀྱང་། འདུ་ཤེས་གཞན་དུ་བསྒྱུར་བ་དེ་རྫུན་དུ་འགྲོ་ཟེར། ལ་ལ་ན་རེ། འདུ་ཤེས་གཞན་ དུ་བསྒྱུར་ཀྱང་དངོས་པོ་ལ་བདག་མེད་བདེན་པར་ཡོད་པས་རྫུན་དུ་མི་འགྲོ། རྫུན་དུ་འགྲོ་བ་ལ་དངོས་པོ་ལ་མི་བདེན་པ་གཅིག་དགོས་ཟེར་རོ། །ཡི་གེ་མང་པོ་ལས་ཚིག་ཏུ་འགྱུར་ན་ཚིག་སྔ་ཕྱི་གང་ལས་ལས་ལམ་དུ་བཞག་ཅེ་ན། ངག་ཐ་མ་རིག་བྱེད་དང་རིག་བྱེད་མིན་པ་ 3-1-99a དང་བཅས་པ་དངོས་ལས་ལམ་དུ་བཞག་སྟེ། ཚིག་དང་ཡི་གེ་སྔ་མ་རྣམས་སྦྱོར་བ་ཡིན་པའི་ཕྱིར། ཡང་ན་དོན་གང་ལས་གོ་བའི་ངག་ལས་ལམ་དུ་འགྱུར་ཏེ། ཉན་པ་པོས་རྟོགས་པ་ལ་བལྟོས་ནས་ལ་ས་ལམ་དུ་འཇོག་པའི་ཕྱིར། ཡི་གེ་སྔ་མ་སྦྱོར་བ་དང་། ཕྱི་མ་རིག་བྱེད་མིན་པ་དང་བཅས་པ་མཇུག་ཡིན་ནོ། །དོན་མངོན་པར་གོ་བ་ནི། ཅི་ཉན་པ་པོས་དོན་གོ་ཟིན་པ་ཡིན་ནམ། གོ་ནུས་ཡིན། དང་པོ་གོ་ཟིན་པ་ལས་ལམ་དུ་འགྱུར་བ་ཡིན་ན་ཆོས་ཅན། རྣམ་པར་རིག་བྱེད་མ་གཏོགས་པ་རིག་མིན་ཁོ་ན་ལས་ལམ་དུ་འགྱུར་ཏེ། ཚིག་གི་ དོན་མིང་ལ་སོགས་པ་ཡིད་ཤེས་རྟོག་པའི་ཡུལ་ཡིན་པའི་ཕྱིར་དང་། རག་གི་རིག་བྱེད་ཀྱི་སྒྲ་ཉན་ཤེས་ཀྱི་ཡུལ་ནི་རྣམ་ཤེས་དང་ལྡན་ཅིག་འགགས་ནས་དུས་དེར་རིག་བྱེད་མེད་པའི་ཕྱིར། གཉིས་པ་མངོན་པར་གོ་ནུས་ཀྱི་དབང་དུ་བྱས་ན་ཆོས་ཅན། རིག་བྱེད་ཀྱི་ལས་ལམ་ མེད་པའི་ཉེས་པར་མི་བགྱུར་ཏེ། སྐད་བྱང་བ་དང་རྣ་བའི་རྣམ་ཤེས་སྐྱེ་བའི་སྐབས་ཀྱི་རིག་བྱེད་ལས་ལམ་དུ་འཇོག་པའི་ཕྱིར། སྲོག་གཅོད་པ་ནི་ཤི་བའི་དུས་ན་རིག་བྱེད་ཡོད། རྫུན་དུ་སྨྲ་བ་ནི་གོ་ཟིན་ཙམ་ན་རིག་བྱེད་མེད་པས་གོ་ཟིན་པ་ལས་ལམ་དུ་འགྱུར་བ་མ་ཡིན་ཏེ། ལས་ལམ་ ནི་རིག་བྱེད་དང་བཅས་པ་ཡིན་པའི་ཕྱིར་རོ། །མདོ་ལས་ཐ་སྙད་བཅུ་དྲུག་གསུངས་པས། མ་མཐོང་། མཐོས། མ་རྟོགས། རྣམ་པར་མ་ཤེས་པ་ལ། མཐོང་། ཐོས། རྟོགས། རྣམ་པར་ཤེས་ཞེས་སྨྲ་བ་དང་། མཐོང་པོས་རྟོགས་རྣམ་པར་ཤེས་པ་ལ་མ་མཐོང་མ་ཐོས་མ་རྟོགས་ མ་ཤེས་ཞེས་སྨྲ་བ་འདི་ནི་འཕགས་པ་མ་ཡིན་པའི་ཐ་སྙད་ཡིན་ནོ། །འོན་ཀྱང་སོ་སོའི་སྐྱེ་བོ་ནི་འཕགས་པམ་ཡིན་པའི་ཐ་སྙད་ཉི་ཚེ་སྨྲ་བ་མ་ཡིན་ཀྱང་། འཕགས་པ་མ་ཡིན་པའི་ཐ་སྙད་ནི། །སོའི་སྐྱེ་བོ་ཁོ་ནས་སྨྲའི། འཕགས་པས་མི་སྨྲ་པའི་ཕྱིར། འཕགས་མིན་གྱི་ཐ་སྙད་ཅེས། 3-1-99b སྦྱར་བ་ཡིན་ནོ། །མཐོང་བ་ནས་རྣམ་པར་ཤེས་པའི་བར་ལ་མཐོང་བ་ནས་རྣམ་པར་ཤེས་སོ་ཞེས་སྨྲ་བའི་བར་དང་། མ་མཐོང་བ་ནས་མ་ཤེས་ཞེས་སྨྲ་བའི་བར་བརྒྱད་པོ་འདི་ནི་འཕགས་པའི་ཐ་སྙད་དག་ཡིན་ནོ། །གཉིས་པ་ནི། མཐོང་ཐོས་རྟོགས་རྣམ་པར་ཤེས་པ་ཞེས་པ་དེ་ཇི་ལྟ་བུ་ ཞེ་ན། མིག་རྣ་ཡིད་ཀྱི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་ནི། མཐོང་ཐོས་རྣམ་པར་ཤེས་པ་དང་། །ཞེས་པའི་སྒྲ་སྦྱར་རོ། །སྣ་ལྕེ་ལུས་གསུམ་གྱིས་ཉམས་སུ་མྱོང་བ་དེ་རྟོགས་པ་ཡིན་ཏེ་གོ་རིམ་བཤད་པ་བཞིན་སྦྱར་རོ། །བྱེ་སྨྲ་ན་རེ། དྲི་རོ་རེག་བྱ་ནི་ནུས་པ་ཆུང་སྟེ་ཐ་ན་ཀུན་སློང་ གིས་ཀྱང་དགེ་མི་དགེར་མི་འགྱུར་བའི་ཕྱིར་ཤི་བ་དང་འདྲ་སྟེ། འདིར་དྲི་རོ་རེག །སློང་གི་དགེ་མི་དགེར་མི་འཇོག་པ་ནི་སྡོམ་དང་སྡོམ་མིན་གྱི་གཟུགས་ལ་འབྱུང་འགྱུར་གཟུགས་སྒྲ་གཉིས་སོད་ཀྱི། ལྷག་མ་གསུམ་མེད་པར་སྟོན་པའོ། །མཆན། ལུང་མ་བསྟན་ཡིན་པའི་ཕྱིར། ཤི་བར་ཡང་འཇུག ། རྟོག་པར་ཡང་འཇུག་པའི་ངེས་ཚིག་ཞིག་ལ་རྟོགས་པ་ཞེས་ཟེར་བའི་སྒྲ་ལ་ཤི་བ་ཞེས་པའི་སྒྲ་བཤད་དུ་ཡོད་པས། རྟོགས་པ་ཞེས་བྱའོ་ཞེས་ཟེར་ལ། སློབ་དཔོན་འདུས་བཟང་ནི། རང་གི་དབང་པོ་དག་དང་འཕྲད་པས་རྟོགས་པའོ། །དྲི་རོ་རེག་པ་དབང་རྟེན་དང་འཕྲད་པ་བདེན་ཀྱང་ དབང་པོ་དང་འཕྲད་པ་ནི་བདེན་ཤས་ཆུང་སྟེ། དབང་རྟེན་ཁོག་པས་བར་དུ་ཆོད་པའི་ཕྱིར། བར་དུ་ཆོད་ཀྱང་མི་ཐོགས་པར་འཕྲད་པ་ཞིག་ཁས་ལེན་ན་སྔགས་བླ་མེད་ཀྱི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་སྒོ་ནས་འཚང་རྒྱ་བ་ལ་རགས་ལུས་འདི་ཕྱག་རྒྱའི་རེག་པ་དང་དངོས་སུ་འཕྲད་པས་དེའི་རང་བཞིན་ལ་ཁྱབ་པའི་ཕྲ་ལུས་མི་གསལ་ བར་ཡོད་པ་དེ་དང་ཡང་མི་ཐོགས་པར་འཕྲད་པའི་བདེ་བས་རགས་ལུས་ཕྲ་ལུས་ལ་ཐིམ་ནས་འཚང་རྒྱ་བར་བཤད་པ་དང་གནད་ཆ་འདྲར་སྣང་ངོ་། །མཆན། ཞེས་ཟེར་རོ། །བྱེ་སྨྲའི་ལུགས་འདི་ལ་ལུང་ནི། མཆོད་བྱེད་ཀྱི་མ་ཅན་ཅི་སྙམ་དུ་སེམས། བྲམ་ཟེའི་ཕྲུ་གུ་གཅིག་ལ་ལམ་ལ་མཆོད་བྱེད་ཡོད་པས་མཆོད་ 3-1-100a བྱེད་ཀྱི་མ་ཅན་ཞེས་བོས་སོ། །གཟུགས་གང་དག་ཁྱོད་ཀྱིས་སྤྱིར་མིག་གིས་མཐོང་ཡང་ཆགས་པ་སྐྱེ་བའི་ཡུལ་དུ་མ་མཐོང་སྟེ། མཚན་མ་དང་མངོན་རྟགས་སུ་མི་འཛིན་པས་སྔོན་འདས་པའི་དུས་སུ་མ་མཐོང་ཞིང་ད་ལྟར་མི་ལྟ་ལ་མ་འོངས་པའི་དུས་སུ་ཁྱོད་འདི་སྙམ་དུ་བལྟ་བར་བྱའོ་སྙམ་དུའང་མི་སེམས་ན་གཞི་ དེ་ལ་ཁྱོད་འདུན་པའམ། འདོད་ཆགས་སམ། འདོད་པའམ། དགའ་བའམ། ཆགས་པའམ། ཆུམས་པའམ། ལྷག་པར་ཆགས་པ་སྐྱེའམ། བཙུན་པ་མ་ལགས་སོ། །སྒྲ་གང་དག་ཁྱོད་ཀྱི་རྣ་བས་མ་ཐོས་ཏེ། སྔོན་མ་ཐོས་ཞེས་བྱ་བ་ནས་དྲི་གང་དག་ཁྱོད་ཀྱིས་མ་བསྣམས་ཏེ་རོ་གང་དག་ཁྱོད་ཀྱིས་མ་མྱངས་ཏེ། རེག་བྱ་གང་དག་ལུས་ཀྱིས་མ་རེག་སྟེ་རྒྱས་པར་ཡིད་ཀྱིས་ཆོས་རྣམས་མ་ཤེས་ཏེ་ཞེས་བྱ་བ་ནས་རྒྱས་པར་བཙུན་པ་མ་ལགས་སོ་ཞེས་བྱ་བའི་བར་དུའོ། །བྱེ་བྲག་ཏུ་ཡུལ་དྲུག་ལ་རེ་རེ་བཞིན་བཤད་ནས། ད་ནི་དོན་བསྡུས་ནས་སྟོན་པ་ནི་མཆོད་བྱེད་ཀྱི་མ་ཅན་ཁྱོད་འདི་ལ་མཐོང་ན་ཡང་མཐོང་བ་ཙམ་དུ་འགྱུར་གྱི། ཉོན་མོངས་ སྐྱེ་བའི་ཡུལ་དུ་མ་མཐོང་ལ་ལྷག་མའི་ཙམ་རྣམ་ཡང་དེ་ལྟར་མི་སྦྱར་རོ། །ཐོས་པ་དང་དྲི་རོ་རེག་གསུམ་ལ་རྟོགས་པ་དང་། རྣམ་པར་ཤེས་ན་ཡང་རྣམ་པར་ཤེས་པ་ཙམ་དུ་འགྱུར་རོ། །ཞེས་གསུངས་པས། དྲི་སོགས་གསུམ་ལ་རྟོགས་ཞེས་ཐ་སྙད་སྦྱར་དགོས་པར་དོན་གྱིས་གོ་སྟེ། གཟུགས་སྒྲ་དང་ཆོས་ལ་མཐོང་ ཐོས་རྣམ་པར་ཤེས་པའི་སྒྲས་བསྟན་པའི་ཕྱིར། རིགས་པ་ནི་དྲི་སོགས་གསུམ་ལ་ཆོས་ཅན། མཐོང་བ་ཞེས་པ་ནས་རྣམ་པར་ཤེས་བྱ་བའི་བར་གྱིས་ཐ་སྙད་གང་ཡང་འདོགས་པར་མི་འགྱུར་བར་ཐལ། དྲི་སོགས་རྟོགས་པ་ཞེས་བྱ་བ་ནི་མི་འདོད་པ་གང་ཞིག །གཟུགས་ཀྱི་མཚན་ཉིད་མ་ཡིན་པ་ཉིད་ཀྱིས་ མཐོང་བའི་དངོས་པོའི་ནང་དུའང་མ་གཏོགས་པའི་ཕྱིར། སྒྲ་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་མ་ཡིན་པ་ཉིད་ཀྱིས་ཐོས་པ་དང་རྣམ་པར་ཤེས་པའི་དངོས་པོའི་ནང་དུའང་མ་གཏོགས་པའི་ཕྱིར། དེ་ལ་འདོད་མི་ནུས་པས་དྲི་སོགས་གསུམ་ལ་རྟོགས་པ་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ནོ། །སློབ་དཔོན་ 3-1-100b གྱིས། མདོ་འདི་ནི་ཆོས་ཅན། རྟོགས་པ་གསུམ་པོ་ལ་བྱ་བའི་ཁུངས་མ་ཡིན་ཏེ། ཤེས་རབ་ཅན་ཡུལ་ལ་ཉོན་མོངས་མི་སྐྱེ་བར་སྟོན་པའི་མདོ་ཁུངས་ཡིན་པའི་ཕྱིར་དང་། སྟོན་པས་མདོ་འདི་ལ་ཐ་སྙད་རྣམས་ཀྱི་མཚན་ཉིད་བསྟན་པ་མ་ཡིན་པའི་ཕྱིར། འོ་ན་མདོ་འདིའི་དོན་ ཇི་ལྟ་བུ་ཞེ་ན། ཡུལ་དྲུག་པོ་མཐོང་བ་དང་ཐོས་པ་དང་རྟོགས་པ་དང་མངོན་པར་ཤེས་པ་ཙམ་གྱིས་ཡུལ་དེ་ལ་བརྟེན་པའི་སྡུག་དང་མི་སྡུག་པའི་ཉོན་མོངས་སྐྱེ་བར་འགྱུར་བའི་མཚན་རྟགས་སུ་སྒྲོ་མ་འདོགས་ཤིག་བྱ་བ་ནི་མདོ་དེ་ཡི་དོན་ཡིན་པར་སྣང་ངོ་། །འོ་ན་གཟུགས་ལ་མ་ མཐོང་བ་ཞེས་ཁོ་ན་དང་། སྒྲ་ལ་མ་ཐོས་པ་བྱ་བ་ཁོ་ན་དང་། ཆོས་ལ་རྣམ་པར་མ་ཤེས་པ་ཁོ་ན་གསུངས་ཀྱི། དེ་དག་ལ་མ་བསྣམས་པ་དང་མ་མྱོང་བ་དང་མ་རེག་པ་དང་མ་རྟོགས་པའི་ཐ་སྙད་མ་སྦྱར་བས། ཡུལ་གསུམ་ལ་རྟོགས་པའི་ཐ་སྙད་བྱེད་དོ་ཞེ་ན། དེ་ནི་སྟོན་པས་ དཔེར་བརྗོད་ཙམ་ཡིན་པས། གཟུགས་ལ་མ་མཐོང་ཞེས་བཤད་པ་དེ་བཞིན་མ་ཐོས་སོགས་ཀྱང་སྦྱར་དགོས་པས། གཟུགས་ལ་མ་མཐོང་བ་ཞེས་ཁོ་ནའི་སྒྲ་སྦྱར་བ་ངེད་ལ་མ་གྲུབ་བོ། །མཐོང་བ་ནས་རྣམ་པར་ཤེས་པའི་བར་ཅི་ཞིག་ཡིན་ཅེ་ན། མདོ་སྡེ་པ་ན་རེ། དབང་པོ་ ལྔས་མངོན་དུ་བྱས་པ་དེ་ནི་མཐོང་བའོ། །དོན་གཞན་ཕ་རོལ་ལས་ཐོས་པ་དེ་ནི་ཐོས་པ་དང་། བདག་ཉིད་ཀྱི་རིགས་པས་བསམ་པའི་སྒོ་ནས་རྗེས་སུ་དཔག་པ་གང་ཡིན་པའི་བསམ་པ་ནི་རྟོགས་པའོ། །ཡུལ་དྲུག་ཅར་གྱི་དོན་སྒོམ་བྱུང་གི་ཤེས་རབ་ཡིད་ཀྱི་མངོན་སུམ་གྱི་སྒོ་ནས་ རྟོགས་པ་སོ་སོ་རང་གིས་རིག་བྱ་དེ་ནི་རྣམ་པར་ཤེས་པའོ། །ལུགས་འདི་ལའང་ཡུལ་ལྔ་པོ་འདི་དག་ནི་རེ་རེ་ལའང་ཆོས་ཅན། མཐོང་བའམ་གཟུགས་སོགས་ལྔ་གཞན་གྱི་སྒྲ་ལས་ཐོས་པའམ། ལྔ་ཀ་བསམ་བྱུང་གིས་རྟོགས་པའམ། ལྔ་ཀ་སྒོམ་བྱུང་གིས་རྣམ་པར་ཤེས་ 3-1-101a ཞེས་ཐ་སྙད་འདོགས་ཏེ། དྲུག་པ་ཡུལ་ཆོས་ལ་ནི་མཐོང་བ་མ་གཏོགས་པར་ཐོས་རྟོགས་རྣམ་པར་ཤེས་པ་གསུམ་གྱི་ཐ་སྙད་འདོགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་བྱེ་སྨྲས། དྲི་སོགས་གསུམ་ཁོ་ན་ལ་རྟོགས་པ་མི་ཟེར་ན། དྲི་སོགས་ལ་ཐ་སྙད་མི་ འདོགས་པར་ཐལ་བའི་ཁྱབ་པ་མ་གྲུབ་སྟེ། དྲི་སོགས་ཁོ་ན་ལ་རྟོགས་པའི་ཐ་སྙད་དེ་མི་འདོད་ཀྱང་། དྲི་སོགས་ལ་ཐ་སྙད་དེ་འདོགས་པར་གྲུབ་པའི་ཕྱིར། ཡང་ན་དྲི་སོགས་ལ་རྟོགས་པ་མི་ཟེར་བའི་ཕྱིར་དྲི་སོགས་ལ་ཐ་སྙད་མི་འདོགས་པར་ཐལ་བའི་རྟགས་མ་གྲུབ་སྟེ། དྲི་སོགས་ལ་རྟོགས་པ་ཟེར་ཡང་དྲི་སོགས་ཁོ་ན་ལ་རྟོགས་པར་འདོད་དགོས་པ་ངེད་ལ་མ་གྲུབ་པའི་ཕྱིར་རོ། །དེས་ན་བྱེ་སྨྲའི་རིགས་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །སྔོན་གྱི་སློབ་དཔོན་རྣམས་འདི་སྐད་དུ་ཟེར་ཏེ། ཞེས་པ་ལ་གང་སྤེལ་དུ་ནི། སྔོན་གྱི་སློབ་དཔོན་ ཞེས་བྱ་བ་ནི་མདོ་སྡེ་པ་སྔ་རབས་རྣམས་སོ། །ཞེས་བྱ་བ་བྲིས་འདུག་ཀྱང་། རྒྱལ་པོའི་སྲས་ནི་རྣལ་འབྱོར་སྤྱོད་པའི་ལུགས་ཀྱི་ཞེས་བྲིས་གདའ་བ་དང་། རང་འགྲེལ་གྱི་གནའ་མཆན་ལ་སློབ་དཔོན་ཐོགས་མེད་ཅེས་བྲིས་འདུག་པས་སྔོན་གྱི་སློབ་དཔོན་ནི་ཐོགས་མེད་དེ། དེས་ནི་མིག་གིས་མངོན་སུམ་དུ་བྱས་པའི་གཟུགས་གཅིག་པུ་དེ་ནི་མཐོང་བའོ། །ཡུལ་དྲུག་ཀའམ་ཡང་ན་གོང་མ་ལྔ་རྣ་བས་ཐོས་པ་དང་། ཕ་རོལ་ལས་འོངས་པ་དེ་ནི་ཐོས་པའོ། །ཡུལ་དྲུག་ཀ་ལ་བདག་ཉིད་ཀྱི་ལུང་དང་རིགས་པས་བསམ་པ་ནི་རྟོགས་པའོ། །མཉམ་ གཞག་མ་ཡིན་པའི་ཡུལ་དྲུག་སེམས་ཀྱིས་སོ་སོར་རིག་པ་དང་། མཉམ་པར་བཞག་པ་འཇིག་རྟེན་པའི་ལམ་གྱིས་རྟོགས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ། །དེའི་ཕྱིར་དྲི་སོགས་གསུམ་ལ་ཐ་སྙད་འདོགས་པ་མེད་པར་ཐལ་བའི་ཉེས་པའང་མེད་དོ། །ཞེས་ཟེར་རོ། ། 3-1-101b ཞར་ལ་འོང་བའོ། །ལུས་ཀྱི་བརྡས་དོན་གཞན་གོ་བར་བྱེད་ནའང་བརྫུན་དུ་སྨྲས་པར་འགྱུར་རོ། །འདི་ལའང་རིག་བྱེད་ལུས་ཡིན་ཀྱང་རིག་བྱེད་མིན་པ་ངག་གིའོ། །ངག་གིས་གཞན་གསོད་པར་བྱེད་ན་ལུས་ཀྱིས་མ་བྱས་ཀྱང་སྲོག་གཅོད་ཀྱི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། ། འདི་ལ་ནི་སྲོག་གཅོད་པ་ལུས་ཀྱི་ཡིན་པའི་ཕྱིར་དངོས་ཀྱིས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལུས་ཁོ་ན་ཡིན་གྱི་ངག་གིས་ནི་མ་ཡིན་ནོ། །ལུས་ཀྱིས་ཀྱང་མི་བྱེད་ངག་གིས་ཀྱང་མི་བྱེད་ན་ལུས་དང་ངག་གི་ཁ་ན་མ་ཐོ་བ་གཉིས་ཀས་རེག་པར་འགྱུར་བ་ཡོད་དམ་ཞེ་ན་ ཡོད་དེ། དྲང་སྲོང་རྣམས་ཀྱིས་གཞན་གསོད་པར་འདོད་པའི་ཞེ་སྡང་གིས་ཁྲོ་ནས་གཞན་ཤི་བ་ན་དྲང་སྲོང་རྣམས་ལ་སྲོག་གཅོད་པའི་ལུས་ཀྱི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་བའི་ཕྱིར་དང་། དགེ་སློང་གི་གསོ་སྦྱོང་ལ་འདུལ་བ་འཛིན་པས། ཅི་ཡོངས་སུ་དག་གམ་ཞེས་ བསྒྲགས་པ་ལས། གལ་ཏེ་དགེ་སློང་འགའ་ཞིག་ལྟུང་བ་བྱུང་བ་ཡིན་བཞིན་དུ་འཆགས་པར་མི་བྱེད་ཀྱི། ཅང་མི་ཟེར་བར་འདུག་ན་ལྟུང་བ་བྱུང་བ་ལ་མ་བྱུང་བར་རྫུན་དུ་སྨྲ་བ་ངག་གི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་བའི་ཕྱིར་དཔེར་བྱས་སོ། །ཞེས་དཔེ་གཉིས་སྟོན་པས་གསུངས་ སོ་ཞེས་བྱེ་སྨྲ་ཟེར་རོ། །སློབ་དཔོན་གྱིས་དེ་མི་རིགས་པར་བསྟན་པ་ནི། དྲང་སྲོང་དང་དགེ་སློང་ལུས་དང་ངག་དག་གིས་མི་བྱེད་པ་དེ་གཉིས་ཀྱི་སྲོག་གཅོད་པ་དང་རྫུན་དུ་སྨྲ་བ་ཆོས་ཅན། གོ་རིམ་བཞིན་ལས་ཀྱི་ལམ་དུ་མི་འགྱུར་བར་ཐལ། འདོད་པའི་རིག་བྱེད་མ་ཡིན་པའི་ ལས་ལམ་རིག་བྱེད་ལ་རགས་ལས་པ་གང་ཞིག །རགས་ལས་པ་ལུས་ངག་གཉིས་ཀའི་རིག་བྱེད་མེད་ན་རགས་ལས་པའི་ཆོས་རིག་བྱེད་མིན་པ་མི་འོང་བའི་ཕྱིར། རྟགས་ཁྱབ་གྲུབ། འདོད་མི་ནུས་པས། བྱེ་སྨྲ་རྣམས་འདི་ལ་ལན་འདེབས་པར་བྱེད་པ་ལ་འབད་བར་བྱའོ། ། 3-1-102a དེ་ལ་འདུས་བཟང་གིས་ལན་བཏབ་པ་ནི། དྲང་སྲོང་རྣམས་ལུས་ཀྱིས་གཞན་གྱི་སྲོག་མ་བཅད་ཀྱང་དོན་གྱིས་སྲོག་གཅོད་པའི་རིག་བྱེད་བྱེད་པ་ཡིན་ཏེ། མི་མ་ཡིན་རྣམས་ཀྱིས་དྲང་སྲོང་དེ་དག་གི་སྡིག་པའི་བསམ་པས་སེམས་ཅན་གྱི་སྲོག་འདོར་འཇུག་པར་ རྟོགས་ནས་དྲང་སྲོང་ལ་དད་པའི་མི་མ་ཡིན་པས་སེམས་ཅན་དེ་དག་གི་སྲོག་གཅོད་པའི་ལུས་ཀྱི་རིག་བྱེད་ཀྱིས་དྲང་སྲོང་ལ་རིག་བྱེད་ཀྱི་ལས་ལམ་སྐྱེ་བར་བྱེད་པའི་ཕྱིར་རོ། །མི་མ་ཡིན་གྱི་རྣམ་པར་རིག་བྱེད་ཀྱིས་དྲང་སྲོང་ལ་རིག་བྱེད་དུ་འགྱུར་བ་གྲུབ་སྟེ། དེའི་ཚེ་དྲང་སྲོང་རང་ ལ་ཡང་གདོན་མི་ཟ་བར་ལུས་ངག་འགྱུར་པའི་རིག་བྱེད་འབྱུང་བའི་ཕྱིར། དྲང་སྲོང་དེ་དག་གི་དམོད་པ་ཡང་འདོར་ལ་འདིའི་དམོད་པ་འདི་ཡིད་ཀྱིས་ཅི་ལྟར་བསམས་བཞིན་དམོད་པའི་དམོད་པ་ཡིན་ནམ། མོད་དམའ་བའི་གནས་སུ་དམོད་པ་གང་ཡིན་གྱི་སྒྲ་བཤད་ཤེས་མ་བྱུང་བས་ས་སྐྲྀ་ཏའི་སྐད་ཀྱི་སྟེང་ནས་ དོན་འཚོལ་བར་གྱིས་ཤིག །ཕྱིས་ཀྱི་ལོ་ཙཱ་བ་ཁ་ཅིག་གིས་དམོད་པ་ནི་ངན་འདོར་གྱི་དོན་ཡིན་པས་རྒྱ་སྐད་ཤ་པའོ་ཞེས་ཟེར་རོ། །མཆན། ལུས་ངག་གཡོ་བའི་རིག་བྱེད་ཕྲ་བ་ཡོད་ཀྱང་མ་མངོན་པའི་ཕྱིར་ཞེས་ཟེར་རོ། །ཡང་འདོད་ཁམས་ཀྱི་རིག་བྱེད་མིན་པ་ཐམས་ཅད་རྣམ་པར་རིག་བྱེད་ལ་རགས་ ལས་པར་ངེས་པ་ཡང་མ་ཡིན་ཏེ། ལྔ་སྡེ་ལ་སོགས་པ་འབྲས་བུ་ཐོབ་པའི་མོད་ལ་སོ་སོར་ཐར་པའི་སྡོམ་པ་སྐྱེ་བ་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་འདོད་པའི་མི་དགེ་བའི་རིག་བྱེད་མིན་པའང་རིག་བྱེད་ལ་རགས་ལས་པར་ངེས་པ་མ་ཡིན་ནོ། །ཡང་ལྔ་སྡེའི་འབྲས་བུ་ཐོབ་པ་ན་སོ་ ཐར་གྱི་རིག་མིན་སྐྱེས་པའི་ཚེ་རིག་བྱེད་ལ་མ་རགས་པའི་རྟགས་ལྔ་སྡེ་ལ་རིག་མིན་སྐྱེ་བའི་རིག་བྱེད་མེད་པ་མ་གྲུབ་སྟེ། ལྔ་སྡེ་དེ་དག་གིས་འབྲས་བུ་ཐོབ་པའི་མོད་ཀྱི་སྔོན་རོལ་དུ་རྣམ་པར་རིག་བྱེད་བྱས་པའི་ཕྱིར་ཞེ་ན། འོ་ན་དྲང་སྲོང་ཁྲོས་པའི་ཚེ་ལུས་ངག་གི་རྣམ་རིག་མ་བྱས་ 3-1-102b ཀྱང་རིག་མིན་གྱི་ལས་ལམ་གྲུབ་པ་ཡིན་ཏེ། དྲང་སྲོང་ཁྲོས་པའི་སྔ་རོལ་དུ་རིག་བྱེད་བྱས་པའི་ཕྱིར་ཞེས་ཟེར་རོ། །གསོ་སྦྱོང་གི་བརྫུན་དུ་སྨྲ་བ་ལ་ཡང་གལ་ཏེ་ཡོངས་སུ་མ་དག་པ་ཞིག་དགེ་འདུན་གྱི་ནང་དུ་འཇུག་པར་བྱེད་ཅིང་རང་གི་སྤྱོད་ལམ་སྟོན་པར་བྱེད་ལ། དེ་དང་འབྲེལ་བ་ ཅུང་ཞིག་ཀྱང་སྨྲ་བར་བྱེད་ན་ནི། འདིའི་སྔོན་གྱི་རྣམ་རིག་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ཕྲ་མ་ནི། ཕ་རོལ་མཛའ་བ་དབྱེ་བའི་ཕྱིར་དོན་གོ་བར་ནུས་ཤིང་མ་ནོར་བར་སྨྲས་པའི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བསླང་བའི་ཚིག་སྟེ། དེ་ལ་ཕན་པའི་ཕྱིར་མ་ཡིན་ པའོ། །མི་སྙན་པ་སྙན་པར་སྨྲ་བ་ནི། གཞན་ལ་ཕྱེ་འཛུད་པའོ། །སྙན་ལ་མི་སྙན་པར་སྨྲ་བ་ནི། མཁན་སློབ་བམ་ཕ་མ་སློབ་བུའམ། བུ་ཚ་ལ་ཉེས་ཀྱིས་དོགས་ནས་ཨག་ཙར་ཟེར་བ་ཡིན། སྙན་ལ་སྙན་པར་སྨྲ་བ་ནི། ཕ་མའམ་མཁན་སློབ་བུ་ཚའམ་སློབ་མ་ལ་ཚིག་འཇམ་པོར་ཕན་སེམས་ཀྱིས་སྨྲ་བ་ཡིན། མི་སྙན་ལ་མི་སྙན་པར་ སྨྲ་བ་ནི། ཞེ་སྡང་གི་དྲག་ཤུལ་གྱིས་གནད་དུ་ཕོག་པར་སྨྲ་བ་ཡིན། ད་རེས་མི་སྙན་ལ་མི་སྙན་པར་སྨྲ་བ་དེ་བཟུང་ངོ་། །ཕན་པར་འདོད་པ་ཁྲོ་ཡང་ནི། །དེ་ལ་རབ་ཏུ་དགྱེས་པར་མཛོད། །མི་ཕན་འདོད་པ་བསྟོད་ཀྱང་ནི། །དེ་ལ་དགྱེས་པར་མ་མཛད་ཅིག །ཅེས་པའོ། །མཆན། གསུམ་པ་ཚིག་རྩུབ་ནི། ཚིག་རྩུབ་པོ་ནི་མི་སྙན་པ། །ཚིག་རྩུབ་པོ་ནི་ སེམས་ཉོན་མོངས་པ་ཅན་གྱིས་ཚིག་མི་སྙན་པ་དོན་གོ་ཞིང་མ་ནོར་བར་གང་ལ་སྨྲ་འདོད་ཀྱི་ཕ་རོལ་ལ་སྨྲས་པའོ། །བཞི་པ་ངག་ཀྱལ་ལ། དངོས་དང་། གཞན་འདོད་དོ། །དང་པོ་ནི། ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །ཉོན་མོངས་ཅན་གྱིས་བསླང་བའི་ཚིག་ཀུན་ཀྱལ་པ་ཉིད་དོ། །རྫུན་སོགས་གསུམ་གའང་ཀྱལ་ པ་ཡིན་ཀྱང་ཉེས་པ་ཆེ་བས་ལོགས་སུ་ཕྱེ་བ་ཡིན་ནོ། །གཉིས་པ་ནི། གཞན་དག་ནི་རྫུན་སོགས་གསུམ་པོ་དེ་ལས་གཞན་ཉོན་མོངས་ཅན་གྱིས་བསླང་བའི་ཚིག་ཀྱལ་ལོ་ཞེས་ཟེར་ཏེ། དཔེར་ན་དགེ་སློང་ལོག་པར་འཚོ་བ་ཅན་གྱིས་རྙེད་བཀུར་དང་གྲགས་པའི་ཆེད་དུ་རང་གི་ཡོན་ཏན་ 3-1-103a དང་ཡོན་ཏན་ཅན་གྱི་ཡོན་ཏན་བརྗོད་པའི་ཁ་གསགས་དང་། ཆགས་པས་གླུ་ལེན་པ་དང་། ཟློས་གར་མཁན་རྣམས་ཟློས་གར་གྱི་ཚེ་གཞན་མགུ་བའི་ཕྱིར་འཁྱལ་པ་སྨྲ་བ་བཞིན་དང་། དེའི་ལྟ་བར་གྱུར་ནས་བསྟན་བཅོས་ངན་པ་འདོན་པ་བཞིན་དང་། སྨྲེ་སྔགས་ དང་འདུ་འཛིའི་གཏམ་སོགས་དང་། དེ་ལས་གཞན་པའི་ཉོན་མོངས་ཅན་གྱི་སེམས་ཀྱིས་གང་ཅུང་ཟད་སྨྲ་བ་ནི་ཀྱལ་པའོ། །འཁོར་ལོས་སྒྱུར་བའི་ཚེ་གླུ་ཡོད་པ་དེ་ཚིག་ཀྱལ་པ་མིན་ནམ་ཞེས་འདྲི་ལ། དྲི་བ་འདི་ནི་དེའི་ཚེ་གླུ་དེའི་ཚིག་ཀྱལ་མིན་པར་དམ་བཅས་ནས་དྲིས་པ་མིན་གྱི། གཞན་མི་དགེ་བ་བཅུ་སྤོང་དུ་བཅུག་ནས། མི་དགེ་བ་མེད་པ་ལ་གླུ་ཡོད་པ་དེ་ཚིག་ཀྱལ་མ་ཡིན་ནམ་སྙམ་སྟེ་དྲིས་པའོ། །གླུ་དེ་ནི་བུདྡྷ་ལ་བསྟོད་པ་དང་། འཁོར་བ་ལས་ངེས་པར་འབྱུང་བའི་གླུ་ཡིན་ཀྱང་ཀྱལ་པ་མ་ཡིན་ཏེ། སྟེགས་སྔགས་དང་ལྡན་པ་དག་ནི་མ་ཡིན་པའི་ཕྱིར། གཞན་དག་ནི་ཁ་འདུས་པའམ་བུ་མོ་བག་མ་ཁྱེའུའི་ཁྱིམ་དུ་ལེན་པ་དང་། ཆོ་ག་བྱས་ཏེ་བག་མར་བཏང་བའམ་ཁྱེའུ་བུ་མོའི་ཁྱིམ་དུ་འགྲོ་བ་ནི། སེམས་ཆགས་པ་དང་ལྡན་པས་གླུ་བྱེད་པའི་ཚིག་ཀྱལ་ཡོད་ཆགས་པས་ཐུན་ནས་སློང་བའི་རྒོད་བག་འབེལ་བའི་སྟེགས་སུ་གྱུར་པའི་སྔ་ནས་སམ་ དབྱངས་མ་ཡིན་པའོ། ། མཆན། ཀྱང་ལས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་ཟེར་རོ། །བི་དི་ར་ཞེས་པ་ཆོ་ག་ལ་འཇུག་པ་ནི་བྱ་བའི་རིམ་པ་ཞེས་པ་ལ་འཇུག་པའི་དབང་དུ་བྱས་པའོ། །མཆན། གསུམ་པ་ཡིད་ཀྱི་ལས་ལ་གསུམ་ལས། དང་པོ་ནི། བརྣབ་སེམས་ནི་ལོག་པ་མི་རིག་པར་ཆགས་པས་གཞན་གྱི་ ནོར་བདག་གིར་གྱུར་ཀྱང་ཅི་མ་རུང་སྙམ་ནས་མཐུའམ་འཇབ་བུའང་རུང་བདག་གིར་བྱེད་འདོད་དེ་ནི་བརྣབ་སེམས་ཀྱི་ལས་ལམ་ཡིན་ནོ། །གཞན་དག་ན་རེ། འདོད་པ་ན་སྤྱོད་པའི་སྲེད་པ་ཐམས་ཅད་བརྣབ་སེམས་ཡིན་ཏེ། འདི་ལྟར་སྒྲིབ་པ་ལྔའི་སྐབས་སུ་འདོད་པ་ལ་འདུན་ 3-1-103b བའི་དབང་དུ་མཛད་ནས། མདོ་ལས། འཇིག་རྟེན་ན་བརྣབ་སེམས་སྤངས་ཏེ་བརྣབ་སེམས་དང་བྲལ་བའི་སེམས་ཀྱིས་ལན་མང་དུ་བྱས་ཤིང་། འཇིག་རྟེན་ན་གནོད་སེམས་དང་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་སྤངས་ཏེ་དོགས་པ་ལས་བརྒལ་ཅིང་། ཆོས་ དགེ་བ་རྣམས་ལ་ནེམ་ནུར་མེད་པར་གྱུར་པ་ཡིན་ཏེ། སྒྲིབ་ལྔ་སྤངས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེའི་ཕྱིར། །ཞེས་ཟེར་རོ། །གཞན་དག་ན་རེ། འོ་ན་འཁོར་ལོས་སྒྱུར་བ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ཡང་ཆོས་ཅན། བརྣབ་སེམས་ཀྱི་ལས་ལམ་ཡོད་པར་ ཐལ། འདོད་སྤྱོད་ཀྱི་སྲེད་པ་ཐམས་ཅད་བརྣབ་སེམས་ཡིན་པའི་ཕྱིར། འདོད་མི་ནུས་པས། འདོད་སྲེད་ཐམས་ཅད་བརྣབ་སེམས་མ་ཡིན། བརྣབ་སེམས་ཡིན་ཀྱང་ལས་ཀྱི་ལམ་མ་ཡིན་ནོ། །མདོར་ན་མི་དགེ་བའི་ལས་ལམ་དག་ཏུ་མི་དགེ་བ་ཐམས་ཅད་མ་བསྡུས་པའི་ཕྱིར། བརྣབ་ སེམས་ཐམས་ཅད་ལས་ལམ་མ་ཡིན་ལ། གཞན་གྱི་ནོར་ལ་ཆགས་པ་ལས་ལམ་དུ་བཞག་གོ། གཉིས་པ་གནོད་སེམས་ནི། གནོད་སེམས་སེམས་ཅན་ལ་ཞེ་སྡང་བ་ཕ་རོལ་ལ་གནོད་པའི་རྣམ་པར་ཞུགས་པའོ། །གསུམ་པ་ལོག་ལྟ་ནི། ལས་དགེ་བ་དང་མི་དགེ་བ་མེད་པར་ ལྟ་བ་ནི་རྒྱུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ཡིན་ཏེ། དེ་ཡང་མདོ་ལས། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་ཉེས་སྤྱད་པའི་ལས་དག་གི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། ། འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ། །ཕ་མེད་དོ། །སེམས་ཅན་བརྫུས་ཏེ་སྐྱེ་བ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་བྱ་བས་རྒྱུ་ལས་དང་། འབྲས་བུ་དང་འཕགས་པ་ལ་སྐུར་བ་འདེབས་པ། གསུམ་གསུངས་ཏེ། དེ་ལ་སྦྱིན་པ་མེད་དོ་ཞེས་ 3-1-104a པ་ནས་ཉེས་པར་སྤྱད་པ་མེད་དོ་ཞེས་པའི་བར་དང་། མ་མེད་དོ་ཕ་མེད་དོ་ཞེས་པ་རྣམས་ནི་རྒྱུ་ལ་སྐུར་པ་འདེབས་པ་ཡིན་ཅིང་། ལེགས་ཉེས་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་སྨིན་མེད་དོ་ཞེས་པ་ནས་སེམས་ཅན་བརྫུས་ཏེ་སྐྱེ་བ་མེད་དོ་ཞེས་པའི་བར་ནི་འབྲས་བུ་ ལ་སྐུར་པ་འདེབས་པ་ཡིན་ལ། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་པ་ནི་འཕགས་པ་ལ་སྐུར་པ་འདེབས་པ་ཡིན་པས་གསུམ་ཆར་ལོག་ལྟ་ཡིན་མོད་ཀྱི། ཚིགས་སུ་བཅད་པར་ནི་མཚོན་པའི་དོན་དུ་དང་པོ་ཙམ་ཞིག་བསྟན་པར་ཟད་དོ། །བཞི་པ་ལས་དང་ལས་ལམ་གི་བྱེ་བྲག་ ནི། མི་དགེ་བ་བཅུ་པོ་འདི་ལ་བརྣབ་སེམས་སོགས་གསུམ་པོ་ནི་སེམས་པ་ཞེས་བྱ་བ་ལས་ཀྱི་ལམ་ཡིན་པས་ལས་ཀྱི་ལམ་ཡིན་ཏེ། ཆགས་པ་དང་མི་མཐུན་པ་དང་ལོག་པར་ལྟ་བའི་མཚུངས་ལྡན་གྱི་སེམས་པ་ནི་བརྣབ་སེམས་སོགས་ཀྱི་རྒྱུ་བས་སེམས་པ་རྒྱུ་སྟེ། བརྣབ་ སེམས་སོགས་ཀྱི་དབང་ལས་སེམས་པའང་དེ་བཞིན་མངོན་པར་འདུ་བྱེད་ཅིང་། བརྣབ་སེམས་སོགས་ཀྱི་མཚུངས་ལྡན་གྱི་ཚུལ་ལམ་འགྲོས་ཀྱིས་འགྲོ་བའི་ཕྱིར་རོ། །སྲོག་གཅོད་སོགས་བདུན་ནི་ལས་ཀྱང་ཡིན་ཏེ། ལུས་དང་ངག་གིས་བསམས་པའི་ལས་ཡིན་པའི་ ཕྱིར། ལས་ཀྱི་ལམ་ཡང་ཡིན་ཏེ། ལུས་ངག་གི་ལས་ཀུན་ནས་སློང་བའི་སེམས་པ་འཇུག་པའི་གཞིའམ་དམིགས་པའམ་ལམ་མམ་རྟེན་ནི་ལུས་དང་ངག་གི་ལས་ཡིན་པའི་ཕྱིར། དེ་ལྟར་ན་ཡིད་ཀྱི་གསུམ་ལ་ལས་ཀྱི་ལམ་ཡིན་པས་ལས་ལམ་མོ། །ཞེས་པ་དང་། ལུས་ ངག་གི་བདུན་ལ་ལས་དང་ལས་ལམ་ཡིན་པས་ན་ལས་ཀྱི་ལམ་མོ་ཞེས་པ་ལ། ལས་ཀྱང་ཡིན་ལས་ཀྱི་ལམ་ཀྱང་ཡིན་པས་ལས་ལམ་མོ། །ཞེས་གཅིག་གིས་གཅིག་བསྡུས་པ་ཞིག་ཡིན་ནམ་མིན། ཡིན་ན་ཡིད་ཀྱི་གསུམ་པོ་ལས་ལམ་ཡིན་ལ། ལས་མ་ཡིན་པར་བཤད་ 3-1-104b པ་དང་འགལ་ལ། ཁྱད་པར་ལུས་ངག་གི་བདུན་པོ་ལས་ཀྱང་ཡིན་ལ་ལས་ལམ་ཀྱང་ཡིན་པས། ལས་ཀྱི་ལམ་མོ་ཞེས་གཅིག་གིས་གཅིག་བསྡུས་པར་འདོད་པ་དེ་མི་རིགས་པར་ཐལ། གཅིག་གིས་གཅིག་བསྡུས་པ་ནི། ཤིང་དང་ཤིང་ནི་ཤིང་དག་གོ། ཞེས་དང་། ཡོན་པོ་ དང་འཁྱོག་པོ་དག་ནི་འཁྱོག་པའོ་ཞེས་ཚིག་དང་དོན་འདྲ་བ་གཅིག་གིས་གཅིག་བསྡུ་དགོས་པ་གང་ཞིག །ལས་ཞེས་བྱ་བའི་སྒྲ་དང་། ལས་ཀྱི་ལམ་ཞེས་བྱ་བའི་སྒྲ་ཡང་མི་འདྲ་བ་དང་། ལས་ཀྱི་དོན་དང་ལས་ལམ་གྱི་དོན་ཐ་དད་ཅིང་མི་འདྲ་བས་གཅིག་གིས་གཅིག་བསྡུས་ པར་མི་རིགས་པའི་ཕྱིར། ཡང་ལས་ཀྱང་ཡིན་ལས་ཀྱི་ལམ་ཡང་ཡིན་པས་ལས་ལམ་མོ་ཞེས་གཅིག་གིས་གཅིག་བསྡུས་པ་མ་ཡིན་ན་ནི་ལས་ཀྱང་ཡིན་ལ། ལས་ཀྱི་ལམ་ཡང་ཡིན་པ་ཉམས་སོ་ཞེ་ན། གཅིག་གིས་གཅིག་བསྡུས་པ་ལ་འདྲ་བ་ཁོ་ནས་བསྡུ་དགོས་པ་དང་། མི་འདྲ་བ་ལ་གཅིག་གིས་གཅིག་བསྡུས་པ་མི་རིགས་པར་རྟགས་མ་གྲུབ་སྟེ། རིལ་གྱིས་མི་འདྲའང་ཕྱོགས་གཅིག་གིས་འདྲ་བ་རྣམས་ལའང་གཅིག་གིས་གཅིག་བསྡུས་པར་རིགས་པའི་ཕྱིར། གྲུབ་སྟེ། དཔེར་ན་གང་དང་གང་མི་མངོན་པ་དག་ནི་ཡོན་ཏན་ཡིན་ནོ་ཞེས་བརྗོད་པའི་ ཚེ་དག་ནི་གཉིས་ཚིག་བརྗོད་པ་ཡིན་ལ། དེའི་ཚེ་ཡོན་ཏན་གྱི་ཁྱད་པར་མི་འདྲ་བའི་གང་ཚིག་གཅིག་བརྗོད་ནས། ཡོན་ཏན་དུ་འདྲ་བའི་གང་ཚིག་གཉིས་པ་མ་བརྗོད་ཀྱང་གང་མི་མངོན་པ་དག་ནི་ཡོན་ཏན་ཡིན་ནོ་ཞེས་བརྗོད་པས། ཡོན་ཏན་གྱི་ཁྱད་པར་མི་འདྲ་བ་རྣམས་ལའང་ ཡོན་ཏན་གྱི་ཆ་ཤས་གཅིག་གིས་ཡོན་ཏན་གྱི་ཆ་ཤས་གཅིག་ཤོས་བསྡུས་ནས་བརྗོད་པའི་ཚེ། གྲུབ་སྟེ། ཡོན་ཏན་གྱི་ཁྱད་པར་མི་འདྲ་བའི་ཡོན་ཏན་གང་ཚིག་གཅིག་བརྗོད་པའི་དག་སྒྲའི་ནང་ན་ཡོན་ཏན་གྱི་གང་ཚིག་གཉིས་པའང་བསྡུས་པའི་ཕྱིར། དེ་ལྟར་མི་འདྲ་བ་ 3-1-105a རྣམས་ལའང་གཅིག་གིས་གཅིག་བསྡུས་པར་གྲུབ་པ་ན། ལས་དང་ལས་ཀྱི་ལམ་མི་འདྲ་བ་དག་ཀྱང་ལས་ཀྱི་ལམ་མོ་ཞེས་གཅིག་ཏུ་བསྡུས་པར་གྲུབ་ལ། དེ་ལྟར་གྲུབ་པ་ན་བརྣབ་སེམས་སོགས་ཀྱང་ལས་ལམ་ཡིན་ལ། སྲོག་གཅོད་སོགས་ཀྱང་ལས་ལམ་ཡིན་ནོ་ཞེས་ ལས་ལམ་ཙམ་གྱི་ཕྱོགས་གཅིག་ཏུ་བསྡུས་སོ། །ཡང་ན་ནི་ཚིག་དོན་འདྲ་བས་ཕྱོགས་གཅིག་ཏུ་བསྡུས་པར་ཡང་བཞག་ཆོག་སྟེ། བརྣབ་སེམས་སོགས་ལས་ཀྱི་ལམ་ཡིན་པས་ལས་ལམ་དུ་བསྡུས་ལ། སྲོག་གཅོད་སོགས་ནི་ལས་ཀྱང་ཡིན། ལས་ ལམ་ཀྱང་ཡིན་པས་ལས་དང་ལས་ཀྱི་ལམ་དག་གོ་ཞེས་བསྡུས་སོ། །བརྣབ་སེམས་མེད་པ་སོགས་གསུམ་ལའང་ལམ་ཁོ་ན་དང་། སྲོག་གཅོད་སྤོང་བ་སོགས་བདུན་པོའང་ལས་དང་ལམ་གཉིས་ཀ་ཡིན་པར་ཤེས་པར་བྱའོ། །ཅི་སྦྱོར་བ་དང་མཇུག་ནི་ཆོས་ཅན། ལས་ཀྱི་ལམ་ མ་ཡིན་ཏེ། སྦྱོར་བ་ནི་ལས་ལམ་གྱི་ཆེད་དུ་བྱས་པ་ཡིན་ལ། མཇུག་ནི་ལས་ལམ་དེའི་རྩ་བའམ་རྗེས་འཇུག་ཡིན་པའི་ཕྱིར། སྔར་ཡང་ཆེ་ལོང་བསྡུས་ནས་དགེ་བ་དང་མི་དགེ་བ་ཅི་རིགས་པར་ལས་ཀྱི་ལམ་བཅུར་བཤད་པའི་ཕྱིར་ཡང་སྦྱོར་བ་དང་མཇུག་མ་བསྡུས་སོ། །ཐམས་ ཅད་བདག་པོར་རྒྱུ་མཐུན་ཀྱང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཅེས་པ་ལྟར་གང་དག་གི་སྲོག་གཅོད་སྤོང་བ་སོགས་ཀྱི་ལས་ལམ་གྱིས་ཕྱི་ནང་དངོས་པོ་འབྲས་བུ་འདོད་པའི་འབྲས་བུ་རྣམས་འཕེལ་བ་དང་། མི་འདོད་པ་རྣམས་འགྲིབ་པ་ཡིན་ལ། སྲོག་གཅོད་སོགས་ ཀྱི་ལས་ལམ་གྱིས་ཕྱི་ནང་གི་དངོས་པོ་མི་འདོད་པའི་འབྲས་བུ་རྣམས་འཕེལ་བ་དང་། འདོད་པའི་འབྲས་བུ་རྣམས་འགྲིབ་པ་ཡིན་ནོ། །སྦྱོར་མཇུག་གིས་འདོད་པ་དང་མི་འདོད་པའི་འབྲས་བུ་འཕེལ་འགྲིབ་མི་བྱེད་པས་ཀྱང་ལས་ལམ་མ་ཡིན་ནོ། །མདོ་སྡེ་པས། བརྣབ་སེམས་ 3-1-105b སོགས་ཁོ་ན་ཡིད་ཀྱི་ལས་སུ་འཇོག་པ་དེ་དག་གི་ལྟར་ན། དེ་དག་ཇི་ལྟར་ལས་ཀྱི་ལམ་དུ་འཇོག་ཅེས་བརྗོད་དགོས་ཏེ། སེམས་པ་འཇུག་པ་མེད་པས་གང་ལ་བལྟོས་པའི་ལམ་ཡིན་པའི་ཕྱིར་སྙམ་ན། དེ་ལྟར་སེམས་པ་ཁོ་ནས་ལན་གདབ་དགོས་པས་མདོ་སྡེ་པ་ཉིད་ལ་དྲིས་ཤིག ། སློབ་དཔོན་གྱིས་ནི་བརྗོད་པར་ནུས་ཏེ། སྤྱིར་དགེ་བ་བཅུ་ནི་བདེ་འགྲོའི་ལམ་དང་། མི་དགེ་བ་བཅུ་ནི་ངན་འགྲོའི་ལམ་ཡིན། དགེ་བ་དང་མི་དགེ་བ་བཅུ་ནི་ལུས་ངག་ཡིད་གསུམ་གྱི་ལས་ཡིན་པ་གང་ཞིག །ཡིད་ཀྱི་གསུམ་པོ་དེའང་ངན་འགྲོའི་ལམ་ཡིན་ལ། ཡིད་ཀྱི་ལས་ཀྱང་ ཡིན་པའི་ཕྱིར། ཡང་ན་བརྣབ་སེམས་ཀྱིས་གནོད་སེམས་འདྲེན་པ་ན། གནོད་སེམས་ཀྱི་ལམ་བརྣབ་སེམས་ཡིན་པས་དེ་གཞན་ལའང་སྦྱར་བའི་སྒོ་ནས་ལས་ལམ་དུ་བཞག་གོ། གཉིས་པ་ལོག་ལྟ་བྱེ་བྲག་ཏུ་བཤད་པ་ལ། དགེ་རྩ་གཅོད་ཚུལ་དང་། མཚམས་སྦྱོར་ཚུལ་ལོ། ། དང་པོ་ལ། གང་གིས་གཅོད་པ། གང་གཅོད་པ། གང་ལ་དམིགས་པས་གཅོད་པ། ཇི་ལྟར་གཅོད་པ། རྟེན་གང་ལ་གཅོད་པ། དེའི་ངོ་བོའོ། །དང་པོ་ནི། མེད་པར་ལྟ་བས་རྩ་བ་གཅོད། །མི་དགེ་བའི་ལས་ལམ་བཅུ་པོ་ཐམས་ཅད་ཀྱང་དགེ་བའི་ཆོས་རྣམས་ཀུན་ཏུ་སྤྱོད་པ་དང་འགལ་ལ། ལས་དང་རྒྱུ་ འབྲས་མེད་པར་ལྟ་བའི་ལོག་ལྟ་ཆེན་པོ་ཡོངས་སུ་རྫོགས་པས་དགེ་བའི་རྩ་བ་གཅོད་པའོ། །འོ་ན་བསྟན་བཅོས་ལས། མི་དགེ་བའི་རྩ་བ་ཆེན་པོ་རྣམས་གང་དག་ཡིན་ཅེ་ན། མི་དགེ་བའི་རྩ་བ་གང་དག་གིས་དགེ་བའི་རྩ་བ་གཅོད་པར་བྱས་པ་དང་། འདོད་པ་ལས་འདོད་ཆགས་ དང་བྲལ་བ་ཐོབ་པར་བྱེད་པ་ན། དང་པོ་ཉིད་དུ་སྤོང་བ་གང་དག་ཡིན་པའོ། །ཞེས་བཤད་ཅེ་ན། དེ་ལྟར་གསུངས་པ་ཆོས་ཅན། མི་དགེ་བའི་རྩ་བ་ཆགས་སོགས་ཆེན་པོས་ལོག་ལྟ་དྲངས་ཤིང་བསྐྱེད་པ་ལ་དགོངས་པ་ཡིན་ཏེ། མི་དགེ་བའི་རྩ་བས་ལོག་ལྟ་དྲངས་ནས་དགེ་རྩ་ 3-1-106a གཅོད་པར་བྱེད་པའི་ཕྱིར། དཔེར་ན་དངོས་སུ་མེས་བསྲེགས་ཀྱང་མེ་འདྲེན་མཁན་རྐུན་པོ་ཡིན་པས་རྐུན་པོས་བསྲེགས་ཟེར་བ་དང་འདྲའོ། །གཉིས་པ་ནི། འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས། །དགེ་བའི་རྩ་བ་འདོད་པར་གཏོགས་པ་སྐྱེས་ནས་ཐོབ་པ་རྣམས་ཀུན་ཏུ་འཆད་པར་འགྱུར་ཏེ། གཟུགས་དང་གཟུགས་མེད་ན་སྤྱོད་པའི་དགེ་རྩ་དང་མི་ལྡན་པའི་ཕྱིར། འོ་ན་བཏགས་པ་ལས། འདི་ཙམ་གྱིས་ན་གང་ཟག་འདིས་ཁམས་གསུམ་པའི་དགེ་བའི་རྩ་བ་རྣམས་ཀུན་ཏུ་བཅད་པ་ཡིན་ནོ། །ཞེས་བཤད་པ་ཇི་ལྟར་དྲངས་ཞེ་ན། གང་ཟག་དེའི་གོང་མའི་དགེ་རྩའི་ཐོབ་པ་ཐག་ སྲིང་བར་བྱེད་པ་ལ་དགོངས་ཏེ། རྒྱུད་དེར་སྔོན་ཐོབ་པའི་སྣོད་དུ་གྱུར་པ་ལས་དགེ་རྩ་ཆད་ནས་དེའི་ཚེ་ཐོབ་པའི་སྣོད་མ་ཡིན་པ་ཉིད་དུ་གྱུར་པའི་ཕྱིར། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་འདོད་པའི་སོ་སོའི་སྐྱེ་བོ་སྤངས་ཙམ་ན་ཁམས་གོང་མ་གཉིས་ཀྱི་སོ་སོའི་སྐྱེ་བོ་ ཤིན་ཏུ་ཡང་ཐག་བསྲིངས་པ་དང་འདྲའོ། །དེའང་སྐྱེས་ཐོབ་ཁོ་ན་འཆད་དེ། སྦྱོར་བྱུང་ཐོས་བསམ་སྒོམ་པ་ལས་བྱུང་བ་ནི་སྔར་ཆུང་ངུའི་ཆུང་ངུའི་གནས་སྐབས་ནས་ཐོབ་པ་ཆད་ཟིན་པའི་ཕྱིར། གསུམ་པ་ནི། དེའི་དམིགས་པ་ནི། ལེགས་སྤྱད་ཉེས་སྤྱད་མེད་ཅེས་རྒྱུ་དང་དེའི་ འབྲས་བུ་མེད་ཅེས་འབྲས་བུ་ལ་སྐུར་པ་འདེབས་པས་གཅོད་པའོ། །ཁ་ཅིག་རྒྱུ་བར་ཆད་མེད་ལམ་དང་། འབྲས་བུ་རྣམ་གྲོལ་ལམ་མེད་ཟེར་བ་ཡང་རྒྱུ་འབྲས་ཀྱི་སྐུར་འདེབས་སུ་འདོད་དོ། །ཁ་ཅིག་ཟག་བཅས་སྡུག་ཀུན་ལ་དམིགས་པ་ཁོ་ན་ཡིན་གྱི། ཟག་མེད་འགོག་ལམ་ལ་ དམིགས་པས་གཅོད་པ་མ་ཡིན་པ་དང་། སྐལ་བ་མཉམ་པར་འདོད་པའི་རྒྱུ་འབྲས་ཁོ་ན་ལ་དམིགས་པས་ཡིན་གྱི། སྐལ་བ་མི་མཉམ་པ་ཁམས་གོང་གི་རྒྱུ་འབྲས་ལ་དམིགས་པས་གཅོད་པ་མ་ཡིན་ཏེ། ལོག་ལྟས་ཟག་མེད་ལ་དམིགས་པ་དང་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་ 3-1-106b པ་གང་ཡིན་པ་དེ་ནི་མཚུངས་པར་ལྡན་པ་ཙམ་གྱི་སྒོ་ནས་མཚུངས་ལྡན་གྱི་ཆོས་ལ་རྒྱས་པར་འགྱུར་གྱི། ལྕགས་སྲེག་ལ་རྐང་མཐིལ་བཞག་པའི་གླགས་མེད་པ་ལྟར་དམིགས་པའི་སྒོ་ནས་མ་ཡིན་པས་སྟོབས་ཆུང་བའི་ཕྱིར་ཀུན་ཏུ་གཅོད་པར་མི་འགྱུར་རོ་ཞེས་ཟེར་རོ། །བྱེ་སྨྲས། རྒྱུ་དང་ འབྲས་བུ་ལ་སྐུར་པ་འདེབས་པ་དང་། སྐལ་པ་མཉམ་མི་མཉམ་དང་། ཟག་བཅས་ཟག་མེད་ལ་དམིགས་པ་ཀུན་གྱིས་གཅོད་པར་འགྱུར་ཏེ། ཟག་བཅས་ཟག་མེད་ཀྱི་ཉོན་མོངས་ཀུན་ལ་དམིགས་པས་ཕྲ་རྒྱས་སུ་འགྱུར་བ་བཞིན་ཟག་མེད་འགོག་ལམ་ལ་སྐུར་པ་བཏབ་པ་དེ་ནི་ཤིན་ ཏུ་ཡང་སྡིག་ཆེ་སྟེ། སྐལ་པ་མི་མཉམ་ཡང་སླར་ལ་གོང་མའི་དགེ་བ་བཟང་བས། དེ་ལ་སྐུར་པ་བཏབ་པ་སླར་ལ་སྡིག་ཆེ་བའི་ཕྱིར་ཀུན་གྱིས་གཅོད་པར་གྲུབ་བོ། །ཁ་ཅིག་དགེ་རྩ་དགུ་ཅར་ཡང་གཅིག་ཅར་ཀུན་ཏུ་འཆད་པ་ཡོད་དེ། བདེན་པ་བཞི་མཐོང་བས་མཐོང་སྤང་དགུ་ གཅིག་ཅར་སྤོང་བ་བཞིན་ཅེས་ཟེར་རོ། །ཁ་ཅིག་མཐོང་སྤང་ལ་ཆེ་འབྲིང་དགུ་ཡོད་པའི་ཁུངས་ཀྱང་འདི་ཡིན་ཟེར་རོ། །བཞི་པ་ནི། རིམ་གྱིས། །སྒོམ་སྤང་གི་ཉོན་མོངས་བཞིན་དུ་ལོག་ལྟ་ཆུང་འབྲིང་ཆེན་པོ་དགུས་དགེ་རྩ་དགུ་རིམ་གྱིས་ལོག་ལྟ་ཆེན་པོའི་ཆེན་པོས་དགེ་རྩ་ཆུང་ངུའི་ཆུང་ངུ་ གཅོད་པའི་བར་གཅོད་པར་བྱེད་དོ། །སློབ་དཔོན་གྱིས། རིམ་གྱིས་སྤོང་བར་དམ་བཅས་པ་ལ་སྐྱབས་བྱེད་དམ། སྒྲུབ་བྱེད་ཀྱི་གཞུང་ཡོད་དམ་ཞེ་ན། ཡོད་དེ། ཡེ་ཤེས་ལ་འཇུག་པ་ལས། ཕྲ་མོ་དང་ལྷན་ཅིག་ཏུ་གྱུར་པའི་དགེ་བའི་རྩ་བ་རྣམས་གང་ཞེ་ན། དགེ་བའི་རྩ་བ་རྣམས་ཀུན་ཏུ་གཅོད་ པར་བྱེད་པ་ན། ཐམས་ཅད་ཀྱི་ཐ་མར་འདོར་བ་གང་དག་ཡིན་པ་སྟེ། གང་དག་མེད་པས་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། ཞེས་བྱ་བ་འདིས་འགྲུབ་པའི་ཕྱིར། ཇི་ལྟར་འགྲུབ་ན། ཕྲ་མོ་དང་ལྷན་ཅིག་པ་ནི་ཐོབ་པ་ཆུང་ངུ་དང་ལྷན་ཅིག་པའི་ 3-1-107a དགེ་རྩ་ཡིན་ལ། དགེ་རྩ་ཐམས་ཅད་ཀྱི་ཐ་མར་འདོར་རྒྱུའི་དགེ་རྩ་ནི་ཆུང་ངུའི་ཆུང་ངུ་ཡིན་ལ། ཆུང་ངུའི་ཆུང་ངུ་གང་དག་སྤངས་ན་དགེ་བའི་རྩ་བ་ཀུན་ཏུ་ཆད་པའི་གྲངས་སུ་འགྲོ་སྟེ། ཆུང་ངུའི་ཆུང་ངུའང་སྤངས་ན་གཞན་མི་སྐྱེ་བའི་ཕྱིར། འདི་གྲུབ་ བོ། །འོ་ན་རིམ་གྱིས་སྤངས་ན། བསྟན་བཅོས་ལས། མི་དགེ་བའི་རྩ་བ་ཆེན་པོ་གང་དགེ་ཡིན་ཅེ་ན། མི་དགེ་བའི་རྩ་བ་གང་དག་གིས་དགེ་བའི་རྩ་བ་རྣམས་ཀུན་ཏུ་གཅོད་པར་བྱེད་པའོ། །ཞེས་གསུངས་པ་འདི་ཇི་ལྟར་འདྲེན་ཅེ་ན། མི་དགེ་བ་དེ་དག་གིས་དགེ་བ་མ་ལུས་པ་ ཡོངས་སུ་རྫོགས་པར་གཅོད་པ་ལ་དགོངས་ཏེ་གསུངས་པ་ཡིན་གྱི། རྣམས་ཟེར་བས་གཅིག་ཅར་གཅོད་པའི་དོན་མ་ཡིན་ཏེ། དགེ་རྩ་དེ་དག་ལས་ཆུང་ངུའི་ཆུང་ངུ་ལྟ་བུ་ཞིག་མ་ཆད་ཀྱང་རྣམ་པ་དགུ་པོ་ཐམས་ཅད་སྐྱེ་བ་འགྱུར་འགྱུར་བའི་ཕྱིར། དེས་ན་རྣམས་སྒྲས་གཅིག་ཅར་མི་ གཅོད་ཀྱང་རེ་མོས་གཅོད་པས་གཞུང་དེས་འགལ་བར་འགྲོ་བ་མ་ཡིན་ནོ། །ཁ་ཅིག་མཐོང་ལམ་གྱི་མཉམ་གཞག་གིས་སྡུག་བསྔལ་མཐོང་སྤང་སྤངས། དེ་ནས་མཉམ་གཞག་ལས་ལངས། དེ་ནས་མཉམ་གཞག་གིས་ཀུན་འབྱུང་གི་མཐོང་སྤང་སྤོང་བ་དེ་ལྟ་བུ་ལངས་པ་ དང་མཉམ་གཞག་འདྲེས་པ་མེད་པར་མཉམ་གཞག་རྒྱུན་ཆགས་ཀྱིས་སྤོང་བ་བཞིན་དུ་ལོག་ལྟ་ཆེ་འབྲིང་དགུ་པོ་དེ་ཡང་བར་མ་ཆོད་པས་དགེ་རྩ་གཅོད་ཟེར་རོ། །བྱེ་སྨྲས་དེ་མི་འཐད་དེ། སྔོན་ལ་ལོག་ལྟ་ལྟ་བུ་ཆུང་ཚར་སྐྱེས། དགེ་རྩ་ཆེ་ཚར་སྤོང་། དེ་ནས་དགེ་བ་དང་ལུང་ མ་བསྟན་བྱུང་བ་དེ། ལོག་ལྟ་འབྲིང་ཚར་གྱིས་དགེ་རྩ་འབྲིང་ཚར་གཅོད་དེ། དེ་བཞིན་དུ་བར་ཆད་དང་བཅས་ཀྱང་སྲིད། ལོག་ལྟ་ཆེ་འབྲིང་དགུ་བར་ཆད་མེད་པར་སྐྱེས་ནས་གཅོད་ཀྱང་སྲིད་པའི་ཕྱིར་གཉིས་ཀར་བརྗོད་དོ། །ཁ་ཅིག །སྡོམ་ལྡན་གྱི་དགེ་རྩ་གཅོད་ན་སྦྱོར་བྱུང་གི་ 3-1-107b སེམས་ཀྱི་འབྲས་བུ་ཡིན་པས་སྔར་སྡོམ་པ་སྤངས་ལ་ཕྱིས་དགེ་རྩ་སྐྱེས་ཐོབ་ཁོ་ན་ཀུན་ཏུ་གཅོད་དོ་ཟེར་རོ། །བྱེ་སྨྲས་ལོག་ལྟས་སྡོམ་པ་གཏང་བ་ན། དེའི་ཀུན་སློང་གི་དགེ་རྩ་གཅིག་ཅར་གཅོད་པ་ཡིན་ཏེ། དང་བ་དང་གུས་པའི་སེམས་ཆུང་ངུས་སྡོམ་པ་བླངས་ན་སྡོམ་པ་ཆུང་ བ་དེ། ལོག་ལྟས་དང་བ་གུས་པ་ཆུང་བ་སྤངས་ན་སྡོམ་པ་ཆུང་ངུ་བ་ཡང་སྤངས་ལ། དེའི་དགེ་བའང་སྤོང་བར་འགྱུར་ཞིང་། འབྲིང་གིས་བླང་བ་སོགས་ཀྱང་དེ་དང་འདྲ་བའི་ཕྱིར། ཡང་འདི་ཡི་དགོངས་པ་ལེན་ལུགས་ལ་དང་བ་དང་གུས་པ་དྲག་པོས་བླངས་པ་དེ་སྡོམ་པ་ ཆེན་པོའི་ཆེན་པོ་ཡིན་ཏེ། ལོག་ལྟ་ཆུང་ངུའི་ཆུང་ངུས་གཅོད་དེ། གཅད་བྱ་ཆེ་ཚར་ནས་མར་གཅོད་བྱེད་ཆུང་ཚར་ནས་ཡར་འབྱུང་བར་འདོད་ཀྱང་། དེ་ལྟར་ན་བཅད་དཀའ་བ་དེ་སྔོན་ལ་བཅད། བཅད་སླ་བ་དེ་ཕྱིས་གཅོད་པར་འགྲོ་བས་རིགས་པར་མི་སེམས་སོ། །ལྔ་པ་ནི། མི་ཁོ་ནའི་ནང་དུ་ གཅོད་ཀྱི་ངན་སོང་དག་ཏུ་ནི་མ་ཡིན་ཏེ། ཤེས་རབ་ཉོན་མོངས་ཅན་ལོག་ལྟ་དང་། ཉོན་མོངས་ཅན་མིན་པ་དག་མི་བརྟན་པའི་ཕྱིར། ལྷ་དག་གི་ནང་ན་ཡང་མེད་དེ། གང་ནས་ཤི་འཕོས་ནས་སྐྱེས་པ། སྔོན་གྱི་ལས་ཅི་ལས་སྐྱེས་པ། གང་དུ་སྐྱེས་པ་གསུམ་ཤེས་པས་ལས་འབྲས་ མངོན་སུམ་དུ་གྱུར་པའི་ཕྱིར། གླིང་གསུམ་དག་ན་ཡོད་ཀྱི་བྱང་སྒྲ་མི་སྙན་ན་མེད་དེ། སྡིག་པའི་བསམ་པ་ཅན་མ་ཡིན་པའི་ཕྱིར། གཞན་དག་འཛམ་བུའི་གླིང་ཁོ་ན་ལ་ཡོད་དེ། ཁྱད་པར་དུ་དེར་རྟོག་གེ་པ་ཉིད་ཡོད་པའི་ཕྱིར་ཞེས་ཟེར་རོ། །དེ་མི་འཐད་དེ། ཡེ་ཤེས་ལ་འཇུག་ པ་ལས། འཛམ་བུའི་གླིང་པ་ཐམས་ཅད་པས་ཉུང་ན་དབང་པོ་བརྒྱད་དང་ལྡན་པ་ཡིན་གྱི། ཤར་གྱི་ལུས་འཕགས་པོ་དང་། ནུབ་ཀྱི་བ་ལང་སྤྱོད་པ་ཡང་དེ་དང་འདྲའོ། །ཞེས་བྱ་བའི་གཞུང་འདི་དང་འགལ་བར་འགྱུར་བའི་ཕྱིར། ཇི་ལྟར་འགལ་ན། དད་སོགས་ཀྱི་དབང་ 3-1-108a པོའི་དགེ་རྩ་ནི་ཀུན་ཏུ་འཆད་རྒྱུ་ཡིན་ལ། ཀུན་ཤེས་ཀྱི་དབང་སོགས་གསུམ་ནི་སོ་སྐྱེ་ཡིན་པས་མེད་ལ། མིག་སོགས་ཀྱང་མ་ཚང་བའི་ཚུལ་ལམ་རིམ་གྱིས་འཆི་བའི་གནས་སྐབས་ན་མེད་ལ། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ཁོ་ན་ཚོར་བའི་དབང་པོ་ལྔ་དང་། ལུས་སྲོག་ཡིད་ཀྱི་དབང་པོ་དང་ལྡན་པ་ཡིན་གྱི། འཛམ་གླིང་པ་ལ་བརྒྱད་དང་ལྡན་པས་དགེ་རྩ་གཅོད་པ་བཞིན་དུ་གླིང་གཞན་གཉིས་ནའང་དེ་བརྒྱད་དང་ལྡན་པའི་ཕྱིར་དགེ་རྩ་གཅོད་པར་གསུངས་པ་དང་འགལ་ལོ། །དགེ་རྩ་དེའང་གླིང་གསུམ་གྱི་སྐྱེས་པ་དང་། བུད་མེད་ཀྱིས་ གཅོད་དོ། །གཞན་དག་བུད་མེད་ཀྱིས་ནི་མ་ཡིན་ཏེ། འདུན་པ་དང་བརྩོན་འགྲུས་ཞན་པའི་ཕྱིར་ཞེས་ཟེར་རོ། །མི་འཐད་དེ། གཞུང་ལས། གང་མོའི་དབང་པོ་དང་ལྡན་པ་དེ་གདོན་མི་ཟ་བར་དབང་པོ་བརྒྱད་དང་ལྡན་ནོ། །ཞེས་བཤད་པ་དང་འགལ་བའི་ཕྱིར། གྲུབ་སྟེ། དབང་པོ་བརྒྱད་དང་ལྡན་པ་དེ་དགེ་རྩ་གཅོད་པར་བྱེད་པ་དེར་གསུངས་པའི་ཕྱིར། བུད་མེད་ཀྱི་དབང་པོ་བརྒྱད་ལྡན་ཚུལ་ནི། ཡིད་མི་བདེ་བ་མེད་པའི་ཚོར་བའི་དབང་པོ་བཞི། ལུས་སྲོག་ཡིད་མོའི་དབང་པོ་བཞི་སྟེ་བརྒྱད་དོ། །སྲེད་པ་སྤྱོད་པས་ནི་ཀུན་ཏུ་གཅོད་པར་མི་བྱེད་དེ། བསམ་ པ་གཡོ་བ་ཅན་ཡིན་པའི་ཕྱིར། འོ་ན་ལྟ་བ་སྤྱོད་པས་གཅོད་དེ། སྡིག་པའི་བསམ་པ་བརྟན་པ་དང་། སྡིག་པ་མི་དགེ་བས་འཁྱུད་པ་ཅན་ཡིན་པའི་ཕྱིར། དེ་གཅོད་པ་ལ་བསམ་པ་བརྟན་པ་གཅིག་དགོས་ཏེ། དཔྱོད་པ་པ་དང་གྲངས་ཅན་གྱིས་མཆོད་བཞིན་ཆུའི་ཚ་བ་བཞིན་ཟེར་ནས་ ཕྱིན་ཅི་ལོག་གི་རྒྱུ་མཚན་གྱི་བསམ་པ་བརྟན་པོ་དེ་ལྟ་བ་སྤྱོད་པ་ལ་ཡོད་པས་ལྟ་སྤྱོད་ཀྱིས་གཅོད་པར་གྲུབ་པའི་ཕྱིར། མ་ནིང་སོགས་ཀྱིས་མི་གཅོད་དེ། སྲེད་པ་སྤྱད་པའི་ཕྱོགས་དང་མཐུན་པར་བསམ་པ་གཡོ་བ་ཅན་ཡིན་པའི་ཕྱིར། ངན་སོང་བས་དགེ་རྩ་མི་གཅོད་པ་བཞིན་ནོ། ། 3-1-108b དྲུག་པ་ནི། དེ་ནི་མི་ལྡན་པའོ། །དགེ་རྩ་ཆད་པ་དེ་ནི་དགེ་རྩ་རྣམས་ཀྱི་ཐོབ་པ་ཡང་མི་སྐྱེ་ལ་མ་ཐོབ་པ་སྐྱེ་བ་སྟེ། མི་ལྡན་པ་དེ་སྐྱེས་ན་དགེ་རྩ་ཆད་པ་ཞེས་བྱའོ། །གཉིས་པ་མཚམས་སྦྱོར་བའི་ཚུལ་ལ། དངོས་དང་། མཚམས་མེད་བྱེད་པའི་སྦྱོར་ཚུལ་ལོ། །དང་པོ་ནི། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ཆད་པ་དེ་ཡང་ཉིང་ མཚམས་སྦྱོར་བ་ནི་ནམ་ཞིག་འདི་ལ་རྒྱུ་འབྲས་ལ་ཐེ་ཚོམ་སྐྱེས་པའམ་ཡོད་པར་ཡིད་ཆེས་པའི་ཡང་དག་པའི་ལྟ་བ་སྐྱེས་པའི་ཚེ་དེའི་ཐོབ་པ་ཀུན་ཏུ་སྐྱེས་པའི་ཕྱིར་ཉིང་མཚམས་སྦྱོར་བ་ཞེས་བྱའོ། །དེའང་དགེ་བ་ཆེ་འབྲིང་དགུའི་ཐོབ་པའི་ཉིང་མཚམས་ནི་གཅིག་ཅར་དུ་སྦྱོར་ལ། མངོན་སུམ་དུ་ནི་རེས་མོས་འགྱུར་ཏེ། ནད་མེད་ན་སྟོབས་རྙེད་ཀྱང་ནད་དང་བྲལ་མ་ཐག་སྟོབས་མི་རྙེད་པ་བཞིན་ནོ། །གཉིས་པ་ནི། མཚམས་མེད་བྱེད་པའི་འདི་ལ་མིན། །མཚམས་མེད་བྱེད་པ་མ་ཡིན་པ་ནི། ཚེ་འདི་ཉིད་ལ་ཉིང་མཚམས་སྦྱོར་བར་འགྱུར་གྱི། མཚམས་མེད་བྱེད་པའི་གང་ཟག་ཚེ་འདི་ལ་ཉིང་ མཚམས་སྦྱོར་བ་མིན་ཏེ། དེ་ལ་དགོངས་ནས། གང་ཟག་འདི་ནི་མཐོང་བའི་ཆོས་ཁོ་ན་ལ་དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱོར་བའི་སྐལ་པ་དང་ལྡན་པ་མ་ཡིན་གྱི། འདི་ནི་ངེས་པར་དམྱལ་བ་དག་ནས་འཆི་འཕོ་བའམ་སྐྱེ་བ་ན་དགེ་བའི་རྩ་བ་རྣམས་ཉིང་མཚམས་ སྦྱོར་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། སྐྱེ་བ་ནི་དམྱལ་བར་གདོད་སྐྱེ་བའི་སྲིད་པ་བར་མ་ལ་གནས་པའོ། །འཆི་འཕོ་བ་ནི། དམྱལ་བ་ནས་འཆི་འཕོ་བ་མངོན་དུ་ཕྱོགས་པའོ། །དེ་ལ་གང་ཞིག་སྐལ་མཉམ་གྱི་རྒྱུ་སྔོན་གྱི་ལོག་ལྟས་གཅོད་པ་དེ་ནི་ དམྱལ་བ་ནས་འགྲོ་བ་གཞན་དུ་འཆི་འཕོ་གར་ཉིང་མཚམས་སྦྱར་བར་འགྱུར་རོ། །གཞན་གྱི་སྒྲའི་སྟོབས་ཀྱིས་ལོག་པར་ལྟ་བས་ཀུན་ཏུ་གཅོད་པ་དེ་ནི་དམྱལ་བར་སྐྱེ་ཀའི་བར་དོའི་གནས་སྐབས་ན་ཉིང་མཚམས་སྦྱོར་བར་འགྱུར་རོ། །རང་གི་རྟོག་གེའི་སྟོབས་ཀྱིས་ 3-1-109a གཅོད་པ་གང་ཡིན་པ་ནི་འཆི་འཕོ་བ་ན་ཉིང་མཚམས་སྦྱོར་ལ། གཞན་ལ་ཐོས་པའི་སྟོབས་ཀྱིས་གཅོད་པ་ནི་སྐྱེ་བ་ན་ཉིང་མཚམས་སྦྱོར་རོ། །བསམ་པ་ཉམས་པས་ཀུན་ཏུ་གཅོད་པ་ནི། ཚེ་འདི་ཉིད་ལ་དགེ་བའི་རྩ་བ་ཉིད་མཚམས་སྦྱོར་བར་འགྱུར་རོ། ། ལོག་པའི་བསམ་པ་མངོན་དུ་གྱུར་པ་དང་། མཚམས་མེད་ཀྱི་ལས་སྦྱོར་བས་གཅོད་པར་བྱེད་པ་དེ་ནི་ལུས་ཞིག་ནས་ཉིང་མཚམས་སྦྱོར་བར་འགྱུར་རོ། །ལྟ་བ་ཙམ་གྱིས་དགེ་རྩ་བཅད་པ་དེ་དམྱལ་བར་སྐྱེ་ཀ་ཉིང་མཚམས་སྦྱོར་རོ། །ལྟ་བ་དང་ཚུལ་ཁྲིམས་འཆལ་པས་དགེ་རྩ་བཅད་ པ་དེ་དམྱལ་བར་སྐྱེས་ནས་དེ་ནས་འགྲོ་བ་གཞན་དུ་འཆི་འཕོ་གར་ཉིང་མཚམས་སྦྱོར་རོ། །ཡང་མེད་པར་ལྟ་བའི་ཕྱིར་དགེ་རྩ་ཀུན་ཏུ་ཆད་ལ། མཚམས་མེད་མི་བྱེད་པས་ལོག་པ་ཉིད་དུ་ངེས་པའི་མུ་དང་པོ་ནི་འོད་སྲུང་རྫོགས་བྱེད་ལ་སོགས་པའོ། །མཚམས་མེད་བྱེད་པ་ཡིན་པའི་ ཕྱིར་ལོག་པ་ཉིད་དུ་ངེས་པ་ཡིན་ལ། ཡང་དག་པའི་ལྟ་བ་ཅན་ཡིན་པའི་ཕྱིར་དགེ་རྩ་ཀུན་ཏུ་ཆད་པ་མ་ཡིན་པའི་མུ་ནི་མ་སྐྱེས་དགྲའོ། །དགེ་འདུན་གྱི་དབྱེན་དང་། བུདྡྷ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། དགེ་སློང་མ་ཨུཏྤ་ལ་ཡང་བསད་པས་དགེ་རྩ་ཀུན་ཏུ་ཆད་པ་ཡང་ཡིན། ལོག་པ་ཉིད་དུ་ངེས་པའི་མུ་ཡང་ཡིན་པ་ནི་ལྷས་བྱིན་ནོ། །གཉིས་ཀ་མ་ཡིན་པའི་མུ་ནི་དེ་དག་མ་གཏོགས་པའོ། །དགེ་རྩ་གཅོད་བའི་ལོག་ལྟའི་རྣམ་སྨིན་ནི་མནར་མེད་པ་ཡིན་ནོ། །མཚམས་མེད་བྱེད་པ་རྣམས་ཀྱི་ནི་མནར་མེད་དེར་རམ་གཞན་དུ་སྨིན་པའོ། །སྨྲས་པ། འདི་ན་དེང་ སང་རྒྱལ་བ་མཆོག་དེ་ཡི། །བསྟན་པའི་སྙིང་པོ་དེ་ལ་ངམ་ཟ་ནས། །ཐོག་མེད་དུས་ཀྱི་ལྟ་སྤྱོད་སྙིགས་མ་ལ། །ཡིད་དུ་འཐད་པའི་དགའ་མགུར་གྱུར་པ་དེར། །བདག་གིས་ཐུབ་དབང་གསུང་གི་བརྡ་སྦྱར་ཡང་། །དེ་ཡི་སྙིང་ལ་ལེགས་པར་ག་ལ་གཤིན། །འོན་ཀྱང་ 3-1-109b རང་རེའི་སྟོན་པ་ཟླ་བྲལ་དེར། །ལྡོག་མེད་མོས་པ་ཕུལ་དུ་བྱུང་རྣམས་ལ། །བདེ་ཆེན་འཇིགས་མེད་ཐོབ་པའི་རྒྱུར་རིག་ནས། །ཟབ་མོའི་གཏམ་འདི་བདག་གིས་ཅི་ཙམ་ངལ། །དེ་ཙམ་བཟོད་པའི་གོ་ཆ་བཅིངས་བྱས་ནས། །ཐར་འདོད་ཡིད་རྣར་སྙན་ཕྱིར་རྒྱུན་དུ་དངགས། ། ཞེས་སོ། །གཉིས་པ་སེམས་པ་གང་དང་ལྷན་ཅིག་ཏུ་འཇུག་པ་ལ། མི་དགེ་བའི་སེམས་པ་གང་དང་ལྷན་ཅིག་འཇུག་པ། དགེ་བ་གང་དང་ལྷན་ཅིག་ཏུ་འཇུག་པའོ། །དང་པོ་ནི། མི་དགེ་བ་ནི་མང་ན་བརྒྱད་ཀྱི་བར་དག་དང་སེམས་པ་གཅིག་ཅར་ལྷན་ཅིག་འབྱུང་གི ། དེ་བས་མང་བ་མ་ཡིན་ཏེ། ཡིད་ཀྱི་གསུམ་དང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །དེ་ཡང་སེམས་པ་གཅིག་དང་ལྷན་ཅིག་འབྱུང་བ་ནི་སྲོག་གཅོད་ལ་སོགས་པའི་ལས་ལམ་གཞན་མེད་པར་བརྣབ་སེམས་གཅིག་པུའམ། གནོད་སེམས་གཅིག་པུའམ། ལོག་ལྟ་གཅིག་པུ་དང་སེམས་པ་ལྷན་ཅིག་ མངོན་འགྱུར་རམ་མཚུངས་པར་ལྡན་པ་ཡོད་ཀྱང་དེ་ནི་གཅིག་དང་ལྷན་ཅིག་འབྱུང་བའམ། ཡང་ན་སེམས་པ་ཉོན་མོངས་ཅན་མིན་པ་དགེ་བ་དང་ལུང་མ་བསྟན་གང་རུང་གི་སེམས་པ་གཅིག་ཏུ་འདུག་པ་ལ། ལོག་གཡེམ་མ་གཏོགས་པ་གཟུགས་ཅན་དྲུག་པོ་གང་རུང་ཞིག ། མཐར་ཕྱིན་པར་བྱེད་ན་སེམས་པ་དེ་གཅིག་དང་ལྷན་ཅིག་འབྱུང་ངོ་། །ལོག་གཡེམ་མཐར་ཕྱིན་བྱེད་ནི། ངེས་པར་ཉོན་མོངས་ཅན་གྱི་སེམས་པ་དང་བཅས་པའི་མི་དགེ་བས་མཐར་ཕྱིན་པར་བྱེད་དགོས་སོ། །སེམས་པ་གཉིས་དང་ལྷན་ཅིག་འབྱུང་བ་ནི། སེམས་པ་དེ་ གནོད་སེམས་སུ་གྱུར་པ་དེས་དང་སྲོག་གཅོད་གཉིས་དང་ལྷན་ཅིག་འབྱུང་ངོ་། །སེམས་པ་དེ་བརྣབ་སེམས་དང་ལྡན་པར་གཉིས་དང་ལྷན་ཅིག་འབྱུང་བའམ། སེམས་པ་དེས་བརྣབ་སེམས་དང་ལྡན་པས་ལོག་པར་གཡེམ་པའམ། སེམས་པ་དེ་བརྣབ་སེམས་དང་ 3-1-110a ལྡན་པས་ཚིག་ཀྱལ་སྨྲ་ན་གཉིས་དང་ལྷན་ཅིག་འབྱུང་ངོ་། །འདི་ལ་ཁ་ཅིག །གནོད་སེམས་སུ་གྱུར་པ་སྲོག་གཅོད་པ་ན་ཞེས་བྱ་བ་དང་། བརྣབ་སེམས་དང་ལྡན་བས་མ་བྱིན་པར་ལེན་པ་ཞེས་བྱ་བ་འདི་ཅི། རང་བྱེད་པའམ། འོན་ཏེ་གཞན་བྱེད་དུ་ བཅུག་པ་ཞིག་ཡིན། རང་བྱེད་པ་ཡིན་ན་ནི་སྲོག་གཅོད་པ་ལ་གནོད་སེམས་དང་། མ་བྱིན་པར་ལེན་པ་ཡང་བརྣབ་སེམས་གདོན་མི་ཟ་བར་ཡོད་པའི་ཕྱིར། གནོད་སེམས་སུ་གྱུར་པ་ཞེས་བྱ་བ་དང་། བརྣབ་སེམས་དང་ལྡན་པ་ཞེས་བྱ་བའི་ཁྱད་པར་དུ་བྱ་རུང་བ་མ་ཡིན་ཏེ། འཁྲུལ་པ་ལ་ནི་ཁྱད་པར་དང་ལྡན་པའི་ཚིག་སྦྱོར་དགོས་ལ། འཁྲུལ་གཞི་མེད་པ་ལ་ཁྱད་ཚིག་སྦྱོར་མི་དགོས་པའི་ཕྱིར་དང་། འོན་ཏེ་གཞན་བྱེད་དུ་བཅུག་པ་ཞིག་ཡིན་ན། བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་གཅིག་ལས་གང་ཡང་རུང་བ་གཅིག་དང་ལྡན་པ་སྲོག་ གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་ལོག་ཚིག་ཀྱལ་སྨྲ་ནའོ་ཞེས་བརྗོད་དགོས་སོ་ཞེ་ན། རང་གི་བྱེད་པ་ལ་ཁྱད་ཚིག་སྦྱར་མི་དགོས་པ་བདེན་ཀྱང་དེའི་ཆེད་དུ་སྦྱར་བ་མ་ཡིན་པས་ཉེས་པ་མེད་དེ། འདིར་སྦྱར་བ་ནི། དེ་ལ་གཉིས་པར་གྱུར་པ་གནོད་སེམས་དང་བརྣབ་ སེམས་དང་ལྷན་ཅིག་པ་ཉིད་དུ་བསྟན་པའི་ཆེད་དུ་སྦྱར་བའི་ཕྱིར་རོ། །དེ་ལྟར་ན་ཡང་བརྣབ་སེམས་ལ་སོགས་པའི་ནང་ནས་སེམས་གང་ཡང་རུང་བ་ཞིག་དང་ལྡན་པས་སྲོག་གཅོད་སོགས་དེ་དག་བྱེད་དུ་བཅུག་པའི་སེམས་པ་གཉིས་དང་ལྷན་ཅིག་འབྱུང་བ་སྲིད་པས་དེ་ ཡང་བརྗོད་དགོས་པར་འགྱུར་རམ་ཞེ་ན། མ་བརྗོད་ཀྱང་རུང་སྟེ་དཔེར་བརྗོད་ཙམ་དུ་ཟད་པས་དོན་གོ་བར་འགྱུར་བའི་ཕྱིར་ཉེས་པ་མེད་དོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི་བསད་པ་ཁོ་ནས་དབྲོག་པ་འགྲུབ་པ་གང་ཡིན་པ་སྟེ། གང་ལ་གནོད་སེམས་དང་སྲོག་གཅོད་པ་ 3-1-110b དང་མ་བྱིན་པར་ལེན་པའི་ལས་ཀྱི་ལམ་གཅིག་ཅར་འབྱུང་བའོ། །གཞན་ནས་ཨུཏྤ་ལའི་འདབ་མ་འབིགས་པ་ལྟ་བུ་མྱུར་ཆེས་པ་ལ་བཤད་ན། འདི་རུ་གསུམ་ག་དུས་གཅིག་ཏུ་ཚང་བར་འདོད་དོ། །འོ་ན་གཞན་གྱི་ནོར་འཕྲོག་པའི་ཚེ་གནོད་སེམས་ཡོད་ན། འོ་ན་མ་བྱིན་ པར་ལེན་པ་ཆགས་པ་ཁོ་ནས་མཐར་ཕྱིན་པར་བྱེད་དོ་ཞེས་བྱ་བ་འགྲུབ་པར་མི་འགྱུར་ཏེ། ཆགས་པ་དང་ཞེ་སྡང་གཅིག་ཅར་མི་འབྱུང་བའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན་ཆགས་པས་ངེས་པར་རྫོགས་པར་བྱེད་པ་དེ་ནི་གསོད་པའི་སེམས་ གཞན་དང་མ་འདོམས་པའི་རྐུ་བ་ལ་ཆགས་པས་རྫོགས་པར་བྱེད་ཀྱི། གསོད་པ་དང་འདོམས་པ་ལ་གནོད་སེམས་ཀྱང་ཡོད་པའི་ཕྱིར། བརྣབ་སེམས་མངོན་དུ་གྱུར་པ་དེའི་ལོག་གཡེམ་དང་། རྐུ་བ་གཉིས་མཐར་ཕྱིན་པར་བྱེད་ན་ཡང་གསུམ་ཁོ་ན་དང་ལྷན་ཅིག་འབྱུང་ངོ་། ། བཞི་དང་ལྷན་ཅིག་འབྱུང་བ་ནི། དབྱེན་བྱ་བའི་གནོད་སེམས་དང་ལྡན་པས་བརྫུན་སྨྲ་ན་རྫུན་དང་། རྫུན་དེ་ག་ཕྲ་མ་ཡང་ཡིན། ཉོན་མོངས་ཅན་ཀུན་ཡིན་པས་ཀྱལ་པའང་ཡིན་ནོ། །ཡང་གནོད་སེམས་དང་ལྡན་པས་ཚིག་རྩུབ་སྨྲས་པ་ན། ཚིག་རྩུབ་དེ་ཀ་ཕྲ་མའང་ཡིན། ཉོན་མོངས་ཅན་གྱི་ཀྱལ་པ་ཡང་ཡིན་ནོ། །འདི་ལ་ནི་ཡིད་ཀྱི་གཅིག་དང་ངག་གི་གསུམ་ཡིན་ནོ། །ཁ་ཅིག་ན་རེ། མིང་གི་སྒོ་ནས་ངག་གསུམ་ཡིན་གྱི། ངོ་བོ་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ཏེ། རྫུན་སྨྲ་དེ་ཉིད་ལ་ཕྲ་མ་དང་། ཚིག་ཀྱལ་པའི་ངོ་བོ་ཉིད་གསུམ་མེད་དེ། དེ་བཞིན་ དུ་ཚིག་རྩུབ་ཀྱང་མིང་གསུམ་ཟེར་རོ། །ཁ་ཅིག་ན་རེ། རྫུན་ཕྲ་མ་ཀྱལ་པའི་རིག་བྱེད་མིན་པ་ཐ་དད་ཀྱང་ཡོད་ཟེར་རོ། །དེ་བཞིན་དུ་རྩུབ་ཕྲ་ཀྱལ་པ་གསུམ་ཡང་ཐ་དད་ཟེར་རོ། །ཡང་ན་བརྣབ་སེམས་དང་ལྡན་པས་གཞན་ལ་སྲོག་རྐུ་རྫུན་གསུམ་བཅོལ་བས་རྫོགས་ན་ 3-1-111a བཞིའོ། །བདག་ཉིད་བརྣབ་སེམས་དང་ལྡན་པ་ལ་གཞན་སྲོག་གཅོད་ལ་སོགས་བཞི་བཅོལ་ན་ལྔ་དང་། བདག་ཉིད་བརྣབ་སེམས་ལྟ་བུ་དང་ལྡན་པ་ལ། གཞན་ལ་ལྔ་བཅོལ་ན་དྲུག་དང་། བདག་ལ་གཅིག་ལྡན་པ་ལ་གཞན་ལ་དྲུག་བཅོལ་ ན་བདུན་དང་ལྷན་ཅིག་འབྱུང་བའོ། །ཡང་ན་བདག་ཉིད་བརྣབ་སེམས་དང་ལོག་ལྟ་གཉིས་དང་ལྡན་པ་ལ་གཞན་ལ་བཞི་བཅོལ་བའི་སྦྱོར་བ་རྫོགས་ན་དྲུག །བདག་ཉིད་གནོད་སེམས་དང་ལྡན་པ་ལ་གཞན་ལ་དྲུག་བཅོལ་བ་རྫོགས་ན་བདུན། ཡང་བདག་ཉིད་བརྣབ་ སེམས་དང་རྐུ་བ་ལ་གཞན་ལ་བཞི་བཅོལ་ན་དྲུག །བདག་ཉིད་དེ་གཉིས་དང་ལྡན་པ་ལ་གཞན་ལ་ལྔ་བཅོལ་ན་བདུན་དང་ལྷན་ཅིག་འབྱུང་བའོ། །བརྒྱད་དང་ལྷན་ཅིག་འབྱུང་བ་ནི། རང་ཉིད་བརྣབ་སེམས་སོགས་ཡིད་ཀྱི་གང་རུང་མངོན་དུ་གྱུར་ནས་གཞན་ལ་དྲུག་ བཅོལ་བའི་སྦྱོར་བ་བྱས་ཤིང་དེ་དང་མཉམ་དུ་བདག་ཉིད་ཀྱི་འདོད་པས་ལོག་གཡེམ་མཐར་ཕྱིན་པར་བྱེད་ནའོ། །གཉིས་པ་ནི། །དགེ་བའི་ལས་ལམ་དག་ནི་བཅུའི་བར་དག་དང་སེམས་པ་ལྷན་ཅིག་འབྱུང་ངོ་ཞེས་སྤྱིར་བསྟན་ནས། དམིགས་ཀྱིས་བསལ་བ་ནི། ལས་ ཀྱི་ལམ་གཅིག་ཁོ་ན་དང་སེམས་པ་ལྡན་པ་ཡོད་པ་མ་ཡིན་ཏེ། སེམས་པ་དགེ་བ་ལ་བརྣབ་སེམས་མེད་པ་ལ་གནོད་སེམས་མེད་པ་གཉིས་ཀ་འོང་བའི་ཕྱིར་དང་། སྤོང་བ་གཅིག་པའི་རང་བཞིན་གྱི་སྡོམ་པ་མེད་པའི་ཕྱིར། བརྒྱད་ཁོ་ན་དང་ལྷན་ཅིག་འབྱུང་བ་མེད་དེ། དགེ་སློང་གི་སྤོང་བ་བདུན་པོ་དུས་ཀྱི་ཀུན་སློང་ཉོན་མོངས་ཅན་དང་ལུང་དུ་མི་སྟོན་པའི་དུས་ན་བདུན་ཡོད་ལ། དགེ་བའི་སེམས་ཀྱི་གནས་སྐབས་ན་ནི། ཚོགས་ལྔ་ཡིན་ན་མ་ཆགས་པ་དང་། ཞེ་སྡང་མེད་པ་གཉིས་ཅིས་ཀྱང་འབྱུང་བས་དགུར་འགྲོ། ཡིད་ཡིན་ན་ 3-1-111b ཡང་དག་པའི་ལྟ་བ་དང་བཅུར་འགྱུར་བའི་ཕྱིར། ལྔ་ཁོ་ན་དང་ལྷན་ཅིག་འབྱུང་བ་མིན་ཏེ། དགེ་ཚུལ་ལམ་དགེ་བསྙེན་ཡིན་ན་སྤོང་བ་བཞིའི་ཐོག་ཏུ་ཡིད་ཀྱི་གཅིག་ལྟ་བུ་མི་སྲིད་ཀྱི། ཚོགས་ལྔ་ལྟ་བུ་ཡིན་ན་སྤོང་བ་བཞིའི་ཐོག་ཏུ་ཡིད་ཀྱི་མ་ཆགས་པ་དང་། ཞེ་སྡང་ མེད་པ་གཉིས་ཅིས་ཀྱང་འབྱུང་བས་དྲུག་ཏུ་འགྲོ། ཡིད་ཡིན་ན་དེའི་ཐོག་ཏུ་ཡང་དག་པའི་ལྟ་བ་འབྱུང་བས་བདུན་དུ་འགྱུར་བའི་ཕྱིར། དེ་ལ་མ་ཆགས་པ་དང་ཞེ་སྡང་མེད་པ་གཉིས་ལྷན་ཅིག་འབྱུང་བ་ནི། དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་ན་ཡིན་ཏེ། ཚོགས་ ལྔ་ན་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་དག་ཡོད་ཀྱི། ཡང་དག་པའི་ལྟ་བ་དང་ལྷན་ཅིག་འབྱུང་བ་མ་ཡིན་པའི་ཕྱིར་ཏེ། གྲུབ་མཐའ་ལས། རྣམ་ཤེས་ལྔ་དང་མཚུངས་སྐྱེ་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཅེས་འབྱུང་བས་སོ། །གཟུགས་མེད་ཀྱི་ སྙོམས་འཇུག་གིས་བསྡུས་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ལ་གནས་པ་ཡང་ཆོས་ཅན། དེ་གཉིས་དང་ལྷན་ཅིག་འབྱུང་སྟེ། ཡང་དག་པའི་ལྟ་བ་དང་ལྷན་ཅིག་འབྱུང་བ་མིན་པའི་ཕྱིར་ཏེ། གྲུབ་མཐའ་ལས། ཟད་དང་མི་སྐྱེ་བློ་ལྟ་མིན། །ཅེས་འབྱུང་བས་སོ། ། གཟུགས་མེད་སྨོས་པ་ནི། བསམ་གཏན་ལ་བརྟེན་པ་ཡིན་ན་ཟག་མེད་ཀྱི་སྡོམ་པ་ཡོད་པས་སྤོང་བ་བདུན་དང་སྔ་མ་གཉིས་དང་དགུར་ཡང་འགྱུར་བས་འོག་ན་འཆད་དོ། །སྡོམ་པ་བླངས་པར་མ་གྱུར་པ་ཡང་དག་པར་ལྟ་བ་དང་མཚུངས་ལྡན་གྱི་ཡིད་ཤེས་ལ་གནས་ པ་ན་ཆོས་ཅན། གསུམ་དང་ལྷན་ཅིག་འབྱུང་བ་ཡིན་ཏེ། ཡང་དག་པའི་ལྟ་བ་ཡོད་ན་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པའང་ལྷན་ཅིག་འབྱུང་བའི་ཕྱིར། དུས་ཀྱི་ཀུན་སློང་མི་དགེ་བའམ་ལུང་དུ་མ་བསྟན་པའི་སེམས་ཀྱིས་དགེ་ཚུལ་ལས་དགེ་བསྙེན་གྱི་ 3-1-112a སྡོམ་པ་ལེན་པ་ན་ཆོས་ཅན། བཞི་དང་ལྷན་ཅིག་འབྱུང་བ་ཡིན་ཏེ། སྤོང་བ་བཞིའི་ལས་ལམ་དང་ལྷན་ཅིག་འབྱུང་བའི་ཕྱིར། ཆང་སྤོང་བ་ནི་ལས་ལམ་བཅུའི་ནང་དུ་མ་གཏོགས་ལ། ཚིག་རྩུབ་སྤོང་བ་ལ་སོགས་པ་ཡང་དགེ་བསྙེན་དང་དགེ་ ཚུལ་གྱི་སྡོམ་པས་མ་བསྡུས་ལ། དགེ་བསྙེན་གྱི་ལོག་གཡེམ་སྤོང་བའང་དགེ་ཚུལ་གྱི་མི་ཚངས་སྤྱོད་སྤོང་བ་སྡོམ་པར་བཞག་པ་བཞིན་སྡོམ་པར་བཞག་པ་ཡིན་ནོ། །དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ལེན་པ་ན་ཆོས་ཅན། དྲུག་དང་ལྷན་ཅིག་འབྱུང་བ་ཡིན་ཏེ། ཆགས་པ་དང་སྡང་བ་མེད་པ་དང་སྲོག་གཅོད་སྤོང་བ་ནས་རྫུན་སྤོང་བའི་བར་དྲུག་དང་ལྷན་ཅིག་འབྱུང་བའི་ཕྱིར། དགེ་བའི་ཡིད་ཤེས་ལ་གནས་ཏེ་དགེ་བསྙེན་དགེ་ཚུལ་གྱི་སྡོམ་པ་ལེན་པ་ན་ཆོས་ཅན། བདུན་དང་ལྷན་ཅིག་འབྱུང་སྟེ། ཡིད་ཀྱི་གསུམ་དང་སྤོང་བ་བཞི་ལྷན་ཅིག་འབྱུང་བའི་ཕྱིར། ཡང་དུས་ཀྱི་ཀུན་སློང་མི་དགེ་བ་དང་ལུང་མ་བསྟན་གྱི་སེམས་ཀྱིས་དགེ་སློང་གི་སྡོམ་པ་ལེན་པ་ན་ཆོས་ཅན། བདུན་དང་ལྷན་ཅིག་འབྱུང་སྟེ། སྤོང་བདུན་ལྷན་ཅིག་ཏུ་འབྱུང་བའི་ཕྱིར། དགེ་བའི་རྣམ་ཤེས་ལྔ་ ལ་གནས་པས་དགེ་སློང་གི་སྡོམ་པ་ལེན་པ་ན་ཆོས་ཅན། དགུ་དང་ལྷན་ཅིག་འབྱུང་བ་ཡིན་ཏེ། ཆགས་སྡང་མེད་པའི་སེམས་པ་གཉིས་དང་སྤོང་བདུན་ལྷན་ཅིག་ཏུ་འབྱུང་བའི་ཕྱིར། ཡང་ཟད་མི་སྐྱེ་ཤེས་པ་དང་མཚུངས་ལྡན་གྱི་ཡིད་ཀྱི་རྣམ་ཤེས་ལ་གནས་པས་དགེ་སློང་ གི་སྡོམ་པ་ལེན་པ་ན་ཆོས་ཅན། བདུན་དང་ལྷན་ཅིག་འབྱུང་སྟེ། རྟགས་སྔ་མ་དང་འདྲ་བའི་ཕྱིར། ཟད་མི་སྐྱེ་ཤེས་པ་དེ་ཉིད་བསམ་གཏན་གྱིས་བསྡུས་པ་ན་ཆོས་ཅན། དགུ་དང་ལྷན་ཅིག་འབྱུང་བ་ཡིན་ཏེ། སེམས་པ་གཉིས་དང་ཟག་མེད་ཀྱི་སྤོང་བདུན་ལྷན་ཅིག་ 3-1-112b འབྱུང་བའི་ཕྱིར། ཟད་མི་སྐྱེ་པའི་ཤེས་པ་དེ་ལས་གཞན་པའི་ཡིད་ཀྱི་རྣམ་ཤེས་ལ་གནས་པས་དགེ་སློང་གི་སྡོམ་པ་ལེན་པ་ན་ཆོས་ཅན། བཅུ་དང་ལྷན་ཅིག་འབྱུང་སྟེ། ཡིད་ཀྱི་སེམས་པ་གསུམ་དང་། སྤོང་བདུན་ལྷན་ཅིག་ཏུ་འབྱུང་བའི་ཕྱིར། ཡང་ཟད་མི་སྐྱེ་ ཤེས་པ་དག་མ་གཏོགས་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དང་ལྷན་ཅིག་པའི་སེམས་པ་ཐམས་ཅད་ཀྱི་སྐབས་སུ་ཆོས་ཅན། བཅུ་དང་ལྷན་ཅིག་འབྱུང་སྟེ། རྒྱུ་མཚན་སྔ་མ་ཉིད་ཀྱི་ཕྱིར་རོ། །སྡོམ་པ་བརྒྱད་མ་གཏོགས་པར་ནི་གཅིག་དང་ལྷན་ཅིག་འབྱུང་བ་ཡོད་ དེ། ཉོན་མོངས་ཅན་ནམ་ལུང་མ་བསྟན་གྱི་སེམས་པས་སྤོང་བའི་ཡན་ལག་གཅིག་ལེན་པར་བྱེད་པ་ན་གཅིག་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ། །དེ་བཞིན་ལྔ་དང་བརྒྱད་ལྷན་ཅིག་འབྱུང་བ་ཡོད་དེ། དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པས། སྤོང་བའི་ ཡན་ལག་གཉིས་དང་ལྔ་ལེན་པ་ན་ལྔ་དང་བརྒྱད་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ། །གསུམ་པ་འགྲོ་བ་གང་ན་ལས་ལམ་དུ་ཡོད་པ་ལ། མི་དགེ་བ་དང་། དགེ་བ་གང་ན་ཡོད་པའོ། །དང་པོ་ལ། དམྱལ་བ་ན་གང་ཡོད་པ། སྒྲ་མི་སྙན་ན་གང་ཡོད་པ། དེ་ གཉིས་ལས་གཞན་པའི་འདོད་ཁམས་ན་གང་ཡོད་པའོ། །དང་པོ་ནི། དམྱལ་བ་ན་ནི་མངོན་སུམ་དུ་གྱུར་པ་ནི་གསུམ་ཡིན་ཏེ། སྨྲེ་སྔགས་འདོན་པས་ཚིག་ཀྱལ་པ་དང་། དམྱལ་བ་དང་དམྱལ་སྲུང་ཕན་ཚུན་སྤྱོ་ཞིང་པ་རི་བྷཱ་ཥ་སྟེ་ཡོངས་སུ་སྨྲ་བ་ལའང་འཇུག་པས་ཕན་ཚུན་སྨྲ་བའོ། །མཆན། བརྒྱད་བཀག་བྱེད་པའི་ཚིག་རྩུབ་དང་། གཅིག་ ལ་གཅིག་སེམས་རྒྱུད་རྩུབ་པོས་ཞེ་སྡང་བས་གནོད་སེམས་དང་གསུམ་དུ་ཡོད་པའི་ཕྱིར་རོ། །ལྡན་པའི་སྒོ་ནས་ནི་རྣམ་པ་གཉིས་དང་ལྡན་པ་ཡིན་ཏེ། ཆགས་བྱའི་དངོས་པོ་མེད་པས་བརྣབ་སེམས་མངོན་གྱུར་མེད་ཀྱི། 3-1-113a ལྡན་པའི་སྒོ་ནས་ཡོད་པ་དང་། ལས་འབྲས་མངོན་དུ་གྱུར་པའི་ཕྱིར་མངོན་གྱུར་གྱི་སྒོ་ནས་ལོག་ལྟ་མེད་ཀྱི། ལྡན་པའི་སྒོ་ནས་ཡོད་པའི་ཕྱིར་རོ། །འདི་གཉིས་ནི་གཉེན་པོ་མ་སྐྱེས་པས་ལྡན་པའི་སྒོ་ནས་ཡོད་པར་བཞག་གི། སྲོག་ གཅོད་སོགས་ཀྱང་དེ་དང་མི་འདྲའམ་སྙམ་ན་མི་འདྲ་སྟེ། གཉེན་པོ་མ་སྐྱེས་ཀྱང་སྐྱེ་བ་གཞན་ནས་ཤི་འཕོས་པས་གཏོང་བ་དང་། སྐྱེ་བ་འདིའི་སྲོག་གཅོད་སོགས་ནི་སྦྱོར་བ་ལ་རག་པ་ཡིན་པས་སྦྱོར་བ་མ་བྱས་པའི་ཕྱིར། དེར་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་ གཡེམ་པ་དག་མེད་དེ། ལས་ཟད་ནས་འཆི་བའི་ཕྱིར་དང་། རྫས་དང་བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར། རྫུན་དུ་སྨྲ་བ་ནི་མེད་དེ། རྫུན་དུ་སྨྲ་བའི་དགོས་པ་མེད་པའི་ཕྱིར་དང་། ཕྲ་མ་ནི་མེད་དེ། སྙིང་དུ་སྡུག་པ་མེད་པས་བྱེ་ཟིན་པའི་ཕྱིར། གཉིས་པ་ནི། སྒྲ་མི་ སྙན་ན་ཡིད་ཀྱི་གསུམ་ལྡན་པའི་སྒོ་ནས་ཡོད་ཀྱི། མངོན་གྱུར་གྱི་སྒོ་ནས་མེད་དེ། ང་ཡིར་འཛིན་པ་མེད་པའི་ཕྱིར་དང་། རྒྱུད་འཇམ་པའི་ཕྱིར་དང་། ཀུན་ནས་མནར་སེམས་ཀྱི་དངོས་པོ་མེད་པའི་ཕྱིར་དང་། སྡིག་པའི་བསམ་པ་ཅན་མ་ཡིན་པའི་ཕྱིར་རོ། །སྒྲ་མི་སྙན་དེ་ན་ བདུན་པ་ངག་ཀྱལ་ཆགས་པས་གླུ་ལེན་པ་ཡང་དངོས་སུ་མངོན་གྱུར་ཡོད་ལ། སྲོག་གཅོད་སོགས་དྲུག་ཅར་ཡང་མངོན་སུམ་དུ་གྱུར་པའི་སྒོ་ནས་མེད་དེ། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་དང་། ཚེ་ངེས་པའི་ཕྱིར་དང་། རྫས་དང་བུད་མེད་ཡོངས་སུ་བཟུང་ བ་མེད་པའི་ཕྱིར་དང་། འདི་དག་མི་ཚངས་པར་སྤྱོད་པ་ཡང་བུད་མེད་གང་དག་ལྷན་ཅིག་དགའ་བར་འགྱུར་བ་དེའི་ལག་ནས་བཟུང་ནས་ཤིང་དྲུང་དུ་འགྲོ་སྟེ། བགྲོད་བྱ་ཞིག་ཡིན་ན་ཤིང་གིས་བསྒྲིབས་པས་དེ་ལ་ཉལ་པོ་བྱེད་ལ། བགྲོད་བྱ་མིན་ན་མི་བསྒྲིབས་པས་ཉལ་ 3-1-113b པོ་མི་བྱེད་དོ། །གསུམ་པ་ནི། འདོད་པ་གཞན་ན་མི་དགེ་བཅུ། །དམྱལ་བ་དང་སྒྲ་མི་སྙན་ལས་གཞན་པའི་འདོད་པའི་ཁམས་ན་མི་དགེ་བའི་ལས་ལམ་བཅུ་མངོན་གྱུར་གྱི་སྒོ་ནས་ཀྱང་ཡོད་དེ། དུད་འགྲོ་དང་ཡི་དྭགས་དང་ལྷའི་ནང་དུ་སྡོམ་མིན་དུ་མ་གཏོགས་པར་བར་མའི་མི་དགེ་བས་བསྡུས་ པ་ཡོད་ལ། མིའི་ནང་དུ་སྡོམ་མིན་གྱིས་བསྡུས་པའང་ཡོད་དོ། །ལྷས་ལྷ་མི་གསོད་ཀྱང་ཡི་དྭགས་ལ་སོགས་པའི་འགྲོ་བ་གཞན་ན་གནས་པ་ནི་གསོད་དོ། །གཞན་ན་རེ། ལྷ་རྣམས་ཀྱང་ལྷས་གསོད་དེ། ལྷ་དང་ལྷ་མ་ཡིན་འཐབ་པའི་ཚེ། ཡན་ལག་དང་ཉིང་ལག་བཅད་ ན་སྐྱེ་ལ། མགོ་བོ་དང་རྐེད་པ་བཅད་ན་སླར་འབྱར་བ་མེད་པས་འཆི་ཞེས་ཟེར་རོ། །གཉིས་པ་དགེ་བ་གང་ན་ཡོད་པ་ལ། ཡིད་ཀྱི་གསུམ་གང་ན་ཡོད་པ་དང་། ལུས་ངག་གི་བདུན་གང་ན་ཡོད་པའོ། །དང་པོ་ནི། དགེ་བ་གསུམ་ནི་ཐམས་ཅད་ན། །རྙེད་དང་མངོན་དུ་གྱུར་སྒོ་ནས། །ཡིད་ཀྱི་དགེ་བ་གསུམ་ནི་ཁམས་གསུམ་ཐམས་ཅད་དང་ འགྲོ་བ་ལྔ་ཅར་ན་རྙེད་པ་སྟེ་ལྡན་པ་དང་མངོན་དུ་གྱུར་པའི་སྒོ་ནས་ཡོད་དོ། །གཉིས་པ་ལ། གཟུགས་མེད་དང་འདུ་ཤེས་མེད་པ་ན་གང་ཡོད་པ་དང་། དེ་གཉིས་ལས་གཞན་པའི་འགྲོ་བ་ན་གང་ཡོད་པའོ། །དང་པོ་ནི། གཟུགས་མེད་པ་དང་འདུ་ཤེས་མེད་པའི་སེམས་ཅན་ དག་ནི་ལུས་ངག་གི་དགེ་བའི་ལས་ལམ་བདུན་རྙེད་པ་སྟེ་ལྡན་པའི་སྒོ་ནས་ཡོད་དེ། གཟུགས་མེད་དུ་སྐྱེས་པའི་འཕགས་པ་ལ་ཟག་མེད་ཀྱི་སྡོམ་པ་འདས་མ་འོངས་དང་ལྡན་པའི་ཕྱིར་དང་། འདུ་ཤེས་མེད་པའི་སེམས་ཅན་ཡང་བསམ་གཏན་གྱི་སྡོམ་པ་དང་ལྡན་པའི་ ཕྱིར། གཟུགས་མེད་པ་དག་ན་འཕགས་པས་འདོད་པར་སྐྱེས་པའི་འབྱུང་ཆེན་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་ད་ལྟར་ཕྱིན་པར་བྱས་ཤིང་དེ་བསྐྱེད་ནས་འདས་པའི་དུས་སུ་ཕྱིན་པར་བྱས་པའི་འགགས་པ་ནི་འདས་པ་དང་ལྡན་ལ། དེ་བཞིན་བསམ་གཏན་དང་པོ་ནས་ 3-1-114a བཞི་པའི་བར་ལ་བརྟེན་པ་ཅན་གྱི་ཟག་མེད་ཀྱི་སྡོམ་པ་འདས་པ་དེ་དང་གཟུགས་མེད་པ་ལྡན་ཏེ། སྐྱེ་བ་སྔ་མ་ལ་རྟེན་གང་དུ་སྐྱེས་པའི་འབྱུང་ཆེན་ལ་བརྟེན་པའི་ཟག་མེད་ཀྱི་སྡོམ་པ་འདས་པ་དེ་དང་ལྡན་པའི་ཕྱིར་རོ། །འདོད་པ་ནས་བསམ་གཏན་བཞི་པའི་ བར་ས་ལྔ་ཅར་ལ་བརྟེན་པ་ཅན་ནི་དེར་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་མ་འོངས་པ་དང་ལྡན་ཏེ། ཕྱིས་གར་སྐྱེས་ཀྱང་འགྲུབ་པའི་ནུས་པ་དང་ལྡན་པའི་ཕྱིར། གང་སྤེལ་དུ། དེའི་ཕྱིར་གང་དུ་བསྐྱེད་པ་དེ་འགགས་པ་དེ་ནི་སྐྱེས་ཟིན་པའི་ཕྱིར་ས་ཁོ་ནས་བསྙད་ལ། གང་མ་ སྐྱེས་པ་དེ་ནི་ངེས་པ་མེད་པའི་ཕྱིར་ས་ལྔ་ཅར་ལ་རྣམ་པར་བཞག་གོ། གཉིས་པ་ལ། སྤྱིར་བཏང་བ་དང་། དམིགས་བསལ་ལོ། །དང་པོ་ནི། གཟུགས་མེད་པ་དང་འདུ་ཤེས་མེད་པ་དེ་དག་གི་ལྷག་མར་བྱས་པ་ཁམས་དང་འགྲོ་བ་གཞན་ན་དགེ་བའི་ལས་ལམ་བདུན་ པོ་འདི་མངོན་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། དུད་འགྲོ་དང་ཡི་དྭགས་ཀྱི་ནང་ན་ནི་སྡོམ་པས་བསྡུས་པ་མ་གཏོགས་པ་ཡོད་ལ། གཟུགས་ཁམས་ན་བསམ་གཏན་གྱིས་བསྡུས་པའི་སྡོམ་པ་རྣམས་ཡོད་ཅིང་། ལྷ་དང་བྱང་གི་སྒྲ་མི་སྙན་མ་གཏོགས་པ་དག་ན་སྡོམ་པ་དང་། བར་མས་བསྡུས་པ་གཉིས་ཡོད་ལ། སྡོམ་པ་ཡང་གསུམ་ཀ་ཅི་རིགས་པར་ཡོད་པའི་ཕྱིར། འདིར་འཇམ་སྒེག་ན་རེ། དམྱལ་བ་དང་སྒྲ་མི་སྙན་མ་གཏོགས་པ་ཞེས་བྱ་བ་ནི། དེ་ན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་པའི་ཕྱིར་རོ། །ཊཱི་ཀ་བྱེད་པ་འཆད་མོད་ཀྱི། དེ་ལྟར་ན་ཡི་དྭགས་དང་དུད་ འགྲོ་མ་གཏོགས་པའི་ནང་དུ་ཐལ་བའི་ཕྱིར། དེས་ན་དམྱལ་བ་ན་ནི་སྡུག་བསྔལ་གྱི་རྣམ་པར་གཡེང་བས་སྲོག་གཅོད་སྤོང་བ་ལ་སོགས་པ་སེམས་པ་སྐབས་མེད་པའི་ཕྱིར་དང་། སྒྲ་མི་སྙན་ནི་ཤིན་ཏུ་བླུན་པའི་ཕྱིར་དེ་དག་སྤོང་བའི་སེམས་པ་མེད་དོ། །སེམས་པ་མེད་པའི་སྲོག་གཅོད་པ་མེད་པ་ཙམ་གྱིས་ནི་ 3-1-114b དགེ་བར་མི་འགྱུར་ཏེ། རྡོའི་དུམ་བུ་ལ་སོགས་པའང་དགེ་བར་ཐལ་བའི་ཕྱིར། འོ་ན་དུད་འགྲོའང་ཤིན་ཏུ་བླུན་པའི་ཕྱིར་སྲོག་གཅོད་སྤོང་བ་ལ་སོགས་མེད་པར་འགྱུར་རོ་ཞེ་ན། དུད་འགྲོ་ཁ་ཅིག་ནི་བློ་གསལ་བའི་ཕྱིར་ཞེས་ཟེར་རོ། །མཆན། གཉིས་པ་ནི། འོན་ཀྱང་དམྱལ་བ་དང་བཅས་པ་བྱང་གི་ སྒྲ་མི་སྙན་པ་མ་གཏོགས་ཏེ། དེ་ན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་པའི་ཕྱིར། བཞི་པ་ལས་ལམ་གྱི་འབྲས་བུ་ལ། དངོས་དང་། ཞར་བྱུང་ངོ་། །དང་པོ་ལ། དམ་བཅའ་དང་། རྒྱུ་མཚན་ནོ། །དང་པོ་ནི། དགེ་མི་དགེའི་ལས་ལམ་བཅུ་པོ་ཐམས་ཅད་བདག་ པོའི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་དང་རྣམ་སྨིན་གྱི་འབྲས་བུ་འབྱིན་པར་འདོད་དེ། མི་དགེ་བ་སྦྱོར་དངོས་མཇུག་གི་སྐབས་སུ་བསྟེན་གོམས་ལན་མང་དུ་བྱས་པ་ཐམས་ཅད་ཀྱིས་དམྱལ་སོགས་ངན་སོང་གི་ནང་དུ་སྐྱེ་བར་འགྱུར་བ་ནི་རྣམ་སྨིན་གྱི་འབྲས་བུ་ཡིན་ནོ། ། བརྒྱ་ལ་དགེ་བའི་ལས་གཞན་གྱིས་མི་དང་སྐལ་མཉམ་དུ་སྐྱེས་ནའང་། སྲོག་གཅོད་པས་ནི་ཚེ་ཐུང་འགྱུར། །མ་བྱིན་ལེན་པས་ལོངས་སྤྱོད་ཕོངས། །ལོག་གཡེམ་དགྲར་བཅས་ཆུང་མ་ཅན། །རྫུན་སྨྲས་སྐུར་པ་མང་བར་འགྱུར། །རྩུབ་པོས་ཡིད་མི་འོང་སྒྲ་ཐོས། །ཀྱལ་པས་ ཚིག་བཟུང་མི་འོས་འགྱུར། །གསུམ་གྱིས་དུག་གསུམ་ཤས་ཆེར་འགྱུར། །ལོག་ལྟས་ལྷག་པར་གཏི་མུག་མང་། །འདི་ནི་མི་དགེ་དེ་དག་གི། རྒྱུ་མཐུན་པ་ཡི་འབྲས་བུ་ཡིན། །སྒྲ་མི་སྙན་པས་སྟོང་ཐུབ་རུང་། །ལུས་འཕགས་པོས་ཕྱེད་དང་སུམ་བརྒྱ་ཐུབ་རུང་། བ་ ལང་སྤྱོད་ཀྱིས་ལྔ་བརྒྱ་ཐུབ་རུང་། འཛམ་བུ་གླིང་པས་དང་པོ་ལོ་དཔག་མེད་ནས་ཐ་མ་ལོ་བཅུ་པ་ཡིན་རུང་དེ་ཐམས་ཅད་དགེ་བའི་རྣམ་སྨིན་ཡིན་ན། དེ་སྲོག་གཅོད་པའི་རྒྱུ་མཐུན་པའི་འབྲས་བུ་ཇི་ལྟར་ཡིན་ཅེ་ན། མི་རྣམས་ཀྱི་ཚེ་དེ་ཉིད་མི་དགེ་བ་དེའི་འབྲས་བུ་ཡིན་ཅེས་ནི་མི་ཟེར་ 3-1-115a རོ། །སྲོག་གཅོད་མི་དགེ་བའི་ལས་དེའི་འབྲས་བུ་ཚེ་ཐུང་བས་ཚེ་རིང་བ་དེའི་བར་ཆད་བྱེད་པའི་རྒྱུ་ཡིན་པར་རིག་པར་བྱའོ། །སྲོག་གཅོད་པ་ཧ་ཅང་ཀུན་ཏུ་བསྟེན་པ་ནི་ཕྱིའི་དངོས་པོ་སྨན་དང་ས་ལ་སོགས་པ་རྣམས་གཟི་མདངས་མཐུ་ཆུང་བར་འགྱུར་ རོ། །མ་བྱིན་པ་ལེན་པས་ནི། སེར་བ་དང་། ཆར་མང་བ་དང་། རྡུལ་འབབ་པ་དང་། བཙའ་འབྱུང་བ་ལ་སོགས་པས་འབྲུ་མ་རུང་བར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་རྡུལ་གྱིས་ཁེབས་པར་འགྱུར་རོ། །རྫུན་དུ་སྨྲ་བས་ནི་དྲི་ང་བར་འགྱུར་རོ། །ཕྲ་ མས་ནི་ས་ཕྱོགས་ཐུག་ཐུག་ཅན་དུ་འགྱུར་རོ། །ཚིག་རྩུབ་པོས་ནི་ས་བ་ཚྭའི་སྒོ་ཅན་ནི་འབྲུ་མི་སྐྱེ་བའི་ཕྱོགས་སོ། །དགོན་དུང་ཅན་ནི་ཆུ་མེད་པ་མྱ་ངམ་གྱི་ཕྱོགས་དང་། ཐ་ཆད་ནི་ཀླ་ཀློའི་ཡུལ་དང་། སྡིག་པ་ཅན་གྱིས་ནི་རི་དྭགས་དང་ཕག་གིས་ཉེ་བར་སྤྱོད་པའི་ ཞིང་དག་གོ། ཚིག་ཀྱལ་པས་ན་དུས་གོ་ལྡོག་པ་སྟེ། གང་དུ་ཆར་འབབ་པའི་དུས་མི་འབབ། གྲང་བའི་དུས་དེར་མི་གྲང་། དྲོ་བའི་དུས་དེར་མི་དྲོ་བའོ། །བརྣབ་སེམས་ཀྱིས་ནི་འབྲས་བུ་ཕྲ་མོར་འགྱུར་རོ། །གནོད་སེམས་ཀྱིས་ནི་འབྲས་བུ་ཁ་བ་སྟེ་སྨིན་པ་མ་ སྙོམས་པར་འགྱུར་རོ། །ལོག་པར་ལྟ་བས་ནི་འབྲས་བུ་ཆུང་ངུའམ་འབྲས་བུ་མེད་པར་འགྱུར་རོ། །འདི་ནི་དེ་དག་གི་བདག་འབྲས་སོ། །ཅི་སྦྱོར་བའི་ལས་དེ་ཁོ་ནས་འདིར་ཚེ་ཐུང་བར་འགྱུར་རམ། འོན་ཏེ་སྦྱོར་བའི་ལས་ལས་གཞན་པ་ཞིག་གིས་ཚེ་ཐུང་བར་འགྱུར་རམ་ཞེ་ ན། ཁ་ཅིག་སྦྱོར་བའི་ལས་ཁོ་ནས་ཚེ་ཐུང་བར་འགྱུར་བའི་འབྲས་བུ་བསྐྱེད་པ་ཡིན་ཏེ། ཚེ་ཐུང་བ་ནི་སེམས་ཅན་གྱི་རྒྱུད་ལ་ཡོད་པ་གང་ཞིག །དེའི་ཚེ་ནི་རྣམ་སྨིན་གྱི་འབྲས་བུ་ཡིན་ལ། གཟི་བརྗིད་ཆུང་བ་སོགས་ཕྱི་རོལ་ན་ཡོད་པ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར་ 3-1-115b ཞེས་ཟེར་རོ། །གཞན་དག་ནི་སྲོག་གཅོད་པའི་སྦྱོར་བས་བསད་པར་བྱ་བའི་སེམས་ཅན་ཤིན་ཏུ་སྡུག་བསྔལ་བར་བྱས་པས་དམྱལ་སོགས་སུ་སྐྱེས་ནས་སྡུག་བསྔལ་མི་བཟད་པ་མྱོང་བ་ཡིན་ལ། །བསད་བྱ་དེའི་སྲོག་སྤངས་པ་དངོས་ཀྱིས་ཁོའི་ཚེ་ཐུང་བར་བྱས་པས་གསོད་བྱེད་ ཚེ་ཐུང་ངུར་བསྐྱེད་པའོ། །དེ་ལྟར་ན་སྦྱོར་བའི་འབྲས་བུ་དམྱལ་བ། དངོས་ཀྱི་འབྲས་བུ་ཚེ་ཐུང་བ་ཡིན་ན། ལུང་ལས། སྲོག་གཅོད་པ་ཀུན་ཏུ་བསྟེན་པ་དང་། གོམས་པར་བྱས་པ་དང་། ལན་མང་དུ་བྱས་པ་དག་གིས་དམྱལ་བར་སྐྱེ། ཟེར་བས་དངོས་གཞི་དང་མཇུག་གིས་ ཀྱང་དམྱལ་བར་སྐྱེ་བར་གསུངས་པ་དང་འགལ་སྙམ་ན། མི་སྐྱོན་ཏེ། སྲོག་གཅོད་པ་ནི་དངོས་དང་སྦྱོར་བ་ནི་འཁོར་ཡིན་པས་འཁོར་བཅས་སྨོས་པའི་ཚིག་གིས་དེར་འགྲུབ་པའི་ཕྱིར་ཞེས་ཟེར་རོ། །རྒྱུ་མཐུན་པའི་འབྲས་བུ་བཤད་པ་གང་ཡིན་པ་དེ་ཡང་རང་རྒྱུད་ལ་ཡོད་པ་རྣམ་ སྨིན་གྱི་འབྲས་བུ་དང་། གཞན་ལ་ཡོད་པ་བདག་པོའི་འབྲས་བུ་སྟེ་གཉིས་པོ་འདི་ལས་ནི་མི་འདྲའོ། །སྲོག་ཡིད་དུ་འོང་བ་ཆད་པ་དང་། ལོངས་སྤྱོད་ཀྱིས་ཕོངས་པ་ལ་སོགས་པའི་འདྲ་བའི་ཁྱད་པར་ལས། དེ་སྐད་དུ། བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་འོང་ ན་ཚེ་ཐུང་བར་འགྱུར་ལ། ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །གཉིས་པ་ནི། སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང་། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །ལས་ལམ་འདི་དག་གིས་འབྲས་བུ་རྣམ་པ་གསུམ་སྐྱེད་པར་བྱེད་དེ། སྲོག་གཅོད་པ་ལྟ་བུ་ལ་མཚོན་ན། ཕ་རོལ་པོ་སྡུག་བསྔལ་བར་བྱས་པའི་ཕྱིར། རྣམ་སྨིན་ གྱི་འབྲས་བུ་དམྱལ་བར་སྡུག་བསྔལ་བར་འགྱུར་བ་དང་། བསད་པའི་ཕྱིར་རྒྱུ་མཐུན་གྱི་འབྲས་བུས་ཚེ་ཐུང་བར་འགྱུར་བ་དང་། སྙིང་གའི་ཕྱོགས་ན་ཡོད་པའི་གཟི་བྱིན་མེད་པར་བྱས་པའི་ཕྱིར་བདག་འབྲས་ཕྱིའི་སྨན་རྣམས་གཟི་མཐུ་ཆུང་བར་བྱེད་དོ། །གཞན་ལ་སྦྱར་ 3-1-116a བ་ནི་རྫས་ཀྱི་བདག་པོ་སྡུག་བསྔལ་བསྐྱེད་པ་དང་། ལོངས་སྤྱོད་ཀྱིས་ཕོངས་པར་བྱས་པ་དང་། རྫས་ཀྱི་དབང་གིས་གཟི་བྱིན་ཅན་དུ་འགྱུར་བའི་རྒྱུ་ལོངས་སྤྱོད་མེད་པས་གཟི་བྱིན་མེད་པར་བྱས་པའི་ཕྱིར་འབྲས་བུ་རྣམ་པ་གསུམ་དུ་འགྱུར་རོ། ། ཇི་ལྟར་གཟི་བྱིན་མེད་པར་བྱས་སྙམ་ན། ཁོའི་ཡོ་བྱད་མེད་པས་ལུས་བརྟས་པར་བྱེད་པ་མེད་པར་བྱས་པའོ། །དེའི་བདག་འབྲས་ནི་སེར་བ་དང་ཆར་ཆེས་པར་འགྱུར་རོ། །གཞན་གྱི་ཆུང་མ་ལ་ཉལ་པོ་བྱས་པས་གཞན་སྡུག་བསྔལ་བསྐྱེད་པ་དང་། ཆུང་མ་དགྲ་དང་ བཅས་པར་བྱས་པ་དང་། འཇིག་རྟེན་གཟི་བྱིན་གང་གི་གཟི་དང་བཅས་པ་ཞེས་པའི་གཟི་བརྗིད་མེད་པར་བྱས་པའི་འདོད་ལོག་གིས་བདག་འབྲས་ཡུལ་རྡུལ་གྱིས་འཁྲིགས་པ་སོགས་གཟི་མདངས་སྣུམ་པ་མེད་པར་བྱེད་དོ། །དེ་ལྟར་གཞན་ལའང་སྦྱར་རོ། །དགེ་ བའི་ལས་ལམ་ལའང་དེ་ལྟར་སྦྱར་བ་ནི་སྲོག་གཅོད་སྤོང་བ་བསྟེན་གོམས་ལན་མང་དུ་བྱས་པས་ལྷའི་ནང་དུ་སྐྱེ་ལ། བརྒྱ་ལ་མི་དང་སྐལ་མཉམ་དུ་འོང་ན་ཚེ་རིང་བར་འགྱུར་ཏེ་ཞེས་སོགས་མི་དགེ་བ་ལས་བཟློག་ནས་དེ་ལྟར་སྦྱར་བར་བྱའོ། །གཉིས་པ་ཞར་བྱུང་ལ། ངག་གི་ལོག་འཚོ་ངོས་བཟུང་བ། དེ་ལོགས་སུ་འཇོག་པའི་རྒྱུ་མཚན། གཞན་ལུགས་འགོག་པའོ། །དང་པོ་ནི། ལུས་དང་ངག་ལས་ཆགས་ལས་སྐྱེས། །ལོག་འཚོ། བཅོམ་ལྡན་འདས་ཀྱིས་ལོག་པའི་ངག་དང་ལོག་པའི་ལས་ཀྱི་མཐའ་དང་ལོག་པའི་འཚོ་བ་ཞེས་གང་གསུངས་པ་དེ་གཉིས་ལས་གཞན་པའི་ལོག་འཚོ་ གང་ཡིན་ཅེ་ན། གཞན་ནི་མེད་ཀྱི། ལུས་ངག་གི་ལས་ཀྱི་མཐའ་ཞེ་སྡང་ལས་སྐྱེས་པ་དང་གཏི་མུག་ལས་སྐྱེས་པ་ནི་ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་ཁོ་ན་ཡིན་ལ། ལུས་དང་ངག་གི་ལས་ཆགས་པ་ལས་སྐྱེས་པ་ནི་ལོག་པའི་ངག་དང་ལས་ཀྱི་ 3-1-116b མཐའ་ཡང་ཡིན་ལ་ལོག་པའི་འཚོ་བ་ཡང་ཡིན་ནོ། །གཉིས་པ་ནི། སྦྱང་དཀའི་ཕྱིར་ལོགས་ཤིག །བསྟན་ཏོ། །ཆགས་པའི་ཆོས་ནི་ཕྲ་མོ་ཡིན་ཀྱང་ཡིད་འཕྲོག་བྱེད་ཡིན་པས། དེས་བསླང་བའི་ལས་ལས་ཤིན་ཏུ་མཁས་པ་རྣམས་ཀྱིས་ཀྱང་སེམས་སྲུང་བ་སླ་བ་མ་ཡིན་པའི་ཕྱིར། དེ་ནི་ཇི་སྲིད་འཚོའི་བར་དུ་ སྦྱང་དཀའ་བའི་ཕྱིར་བསྒྲིམ་པར་བྱ་བ་ཡིན་པས་ལོག་པའི་ངག་དང་ལས་ཀྱི་མཐའ་གཉིས་ལས་ལོགས་ཤིག་ཏུ་བསྟན་ཏོ། །འདིར་གསུངས་པ། ངོ་མཚར་དང་བཀྲ་ཤིས་དང་ཚེས་གྲངས་དང་རྒྱུ་སྐར་ལ་སོགས་པའི་མ་ཤིས་པའམ་ཉེས་པས་ཚེ་འདིར་མི་འདོད་པ་ བྱུང་བར་འདོད་དེ། སྔོན་གྱི་ལས་ཀྱི་ཉེས་པར་མི་ཤེས་པའི་རྟག་ཏུ་ལྟ་བ་སྣ་ཚོགས་པ་ཅན་གྱི་ཁྱིམ་པས་ལྟ་བ་སྦྱངས་དཀའ་ལ། རབ་བྱུང་ལ་དེ་མེད་ཀྱང་འཚོ་བ་གཞན་ལ་རགས་ལས་པས། ཚུལ་འཆོས་དང་། ཁ་གསགས་དང་། གཞོགས་སློང་དང་། ཐོབ་ འཇལ་དང་། རྙེད་པས་རྙེད་པ་འཚོལ་འདོད་བྲལ་བའི་དགེ་སློང་གིས་འཚོ་བ་ནི་རྙེད་དཀའ་ལ། རྙེད་དཀའ་བས་དེའི་ཕྱིར་ལོག་འཚོ་སྤང་དཀའ་བར་བསྟན་པ་ཡིན་ནོ། །གསུམ་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། གལ་ཏེ་ཡོ་བྱད་ལ། །ཆགས་བསླང་། གལ་ཏེ་འཚོ་ བའི་ཡོ་བྱད་ལ་ཆགས་པས་བསླང་བའི་ལུས་དང་ངག་གི་ལས་ཁོ་ན་ལོག་འཚོ་ཡིན་གྱི། གཞན་ནི་མ་ཡིན་ཏེ། བདག་དགའ་བའི་གླུ་གར་བྱེད་པ་སོགས་ལོག་འཚོར་མི་རིགས་སོ་སྙམ་མོ། །གཉིས་པ་ནི། མདོ་དང་འགལ་ཕྱིར་མིན། །སེམས་པ་དེ་ནི་འཐད་པ་མིན་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོའི་ མདོ་ལས་གླང་པོ་དང་རྟ་དང་ཤིང་རྟ་དང་རྐང་ཐང་དབྱུག་པ་ཁུ་ཚུར་གྱིས་འཐབ་པ་ལ་སོགས་ལ་ལྟ་བ་དང་སྒྲ་སྒྲོག་པ་ལ་ཉན་པ་ཡང་ལོག་པའི་འཚོ་བར་བཞག་པ་དང་འགལ་བའི་ཕྱིར། ཁྱབ་སྟེ། མ་གནང་བའི་ཡུལ་ཡང་དག་པ་མིན་པ་ལ་ལོངས་སྤྱོད་པར་བྱས་པའི་ 3-1-117a ཕྱིར། གསུམ་པ་ལས་གང་འབྲས་བུ་གང་དང་བཅས་པ་ལ། ཟག་བཅས། ཟག་མེད། དགེ་སོགས། དུས་གསུམ། རང་ས་དང་གཞན་ས། སློབ་མི་སློབ་སོགས། མཐོང་སྤང་སོགས་ཕན་ཚུན་འབྲས་བུ་དུ་དང་བཅས་པའོ། །དང་པོ་ལ། སྤོང་ལམ་ཟག་བཅས་འབྲས་བུ་དུ་དང་བཅས་པ། སྤོང་ལམ་ཟག་མེད། སྤོང་ལམ་མ་ཡིན་པའི་ ཟག་བཅས། སྤོང་ལམ་མིན་པའི་ཟག་མེད་དང་། ལུང་མ་བསྟན་འབྲས་བུ་དུ་དང་བཅས་པའོ། །དང་པོ་ནི། དྲིར་བཅས་སྤོང་བའི་ལམ་དག་གི། ལས་ནི་ལྔ་ཡི་འབྲས་བུར་བཅས། །གོང་དུ་འབྲས་བུ་ལྔ། བདག་པོ་སྐྱེས་བུ་བྱེད་པ་དང་། །རྒྱུ་མཐུན་རྣམ་ སྨིན་བྲལ་བའོ། །ཞེས་བཤད་པ་དེ་ལས། ལས་གང་འབྲས་བུ་དུ་དང་བཅས་ཞེ་ན། དྲི་མ་ཟག་པ་དང་བཅས་པ་ཉོན་མོངས་པ་སྤོང་བར་བྱེད་པའི་སྤོང་བའི་ལམ་བར་ཆད་མེད་པའི་ལམ་དག་གི་ནི་ལས་གང་ཡིན་པ་དེ་ནི་འབྲས་བུ་ལྔ་ཡིས་འབྲས་བུར་བཅས་པ་ཡིན་ཏེ། དེའི་ རྣམ་སྨིན་གྱི་འབྲས་བུ་ནི་རང་སར་གཏོགས་པའི་རྣམ་སྨིན་ཡིད་དུ་འོང་བ་ཡིན་ཏེ། དཔེར་ན་བསམ་གཏན་དང་པོའི་མི་ལྕོགས་མེད་པའི་སྤོང་བའི་ལམ་དེའི་རྣམ་སྨིན་བསམ་གཏན་དང་པོར་སྐྱེས་པ་ལྟ་བུའོ། །རྒྱུ་མཐུན་གྱི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་ འདྲ་བ་ཕྱི་མ་རྣམས་སོ། །བྲལ་འབྲས་ནི་བྲལ་བ་རང་སྤངས་པ་གང་ཡིན་པ་དེ་ཡིན་ནོ། །སྐྱེས་བུ་བྱེད་འབྲས་ནི་དེས་དྲངས་པའི་ཆོས་རྣམ་གྲོལ་གྱི་ལམ་དང་། དེ་དང་ལྷན་ཅིག་འབྱུང་བ་ཚོར་སོགས་དང་། མ་འོངས་པའི་ཆོས་ཐོབ་པ་དང་སྤངས་པ་བྲལ་འབྲས་དེའང་ཡིན་ ནོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་རྣམས་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་འདུ་བྱེད་ཐམས་ཅད་དེ། ཇི་སྐད་དུ། སྔར་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་འབྱུང་ངོ་། །གཉིས་པ་ནི། དྲི་མེད་བཞི་ཡི། སྤོང་བའི་ལམ་དྲི་མ་མེད་པའི་ 3-1-117b ལས་གང་ཡིན་པ་དེ་ནི་འབྲས་བུ་བཞི་ཡིས་འབྲས་བུ་དང་བཅས་པ་སྟེ། ཟག་མེད་ལ་རྣམ་སྨིན་མེད་པས་རྣམ་སྨིན་གྱི་འབྲས་བུ་མ་གཏོགས་སོ། །ལྷག་མ་སྔ་མ་བཞིན་ནོ། །གསུམ་པ་ནི། ཟག་བཅས་གཞན། །དགེ་དང་མི་དགེ་གང་ཡིན་པའང་། །སྤོང་ལམ་ལས་གཞན་པའི་ལས་དགེ་བ་ཟག་བཅས་དང་མི་དགེ་བ་གང་ཡིན་ པ་དེ་ཡང་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་སྟེ། སྤོང་ལམ་མིན་པས་བྲལ་འབྲས་མ་གཏོགས་སོ། །བཞི་པ་ནི། ཟག་པ་མེད་པ་ལྷག་མ་དང་། །ལུང་བསྟན་མིན་གང་གསུམ་གྱིས་སོ། །སྤོང་ལམ་གྱི་ལྷག་མ་སྤོང་ལམ་ལས་གཞན་པ་སྦྱོར་བ་དང་རྣམ་གྲོལ་དང་ཁྱད་པར་གྱི་ལམ་དག་ལ་ཡོད་པའི་ལས་ཟག་པ་མེད་པ་དང་། སྒྲིབ་དང་མ་སྒྲིབ་པའི་ ལུང་བསྟན་མིན་པའི་ལས་གང་ཡིན་ནི་རྣམ་སྨིན་དང་བྲལ་བ་མ་གཏོགས་པ་འབྲས་བུ་གསུམ་གྱིས་འབྲས་བུ་དང་བཅས་ཏེ་སྔ་མ་ཟག་མེད་ཡིན་པའི་ཕྱིར་དང་། སྤོང་ལམ་མ་ཡིན་པའི་ཕྱིར་རོ། །ཕྱི་མ་ནི་སྤོང་ལམ་མིན་ཅིང་ལུང་མ་བསྟན་གྱི་ལས་ཡིན་པའི་ཕྱིར། གཉིས་པ་དགེ་སོགས་ཀྱི་འབྲས་བུ་ དང་བཅས་པ་ལ། དགེ་བའི། མི་དགེ་བའི། ལུང་མ་བསྟན་གྱི་འབྲས་བུ་དུའོ། །དང་པོ་ནི། དགེ་བའི་དགེ་ལ་སོགས་པ་ནི། །བཞི་དང་གཉིས་དང་དེ་བཞིན་གསུམ། །དགེ་བའི་འབྲས་བུ་ཆོས་དགེ་བ་ཡིན་ན་འབྲས་བུ་བཞི་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུ་མ་གཏོགས་ཏེ་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །དགེ་བའི་འབྲས་བུ་སོགས་པས་ནི། མི་དགེ་ བ་ཡིན་ན་སྐྱེ་བདག་གཉིས་ཡིན་ཏེ། རྒྱུ་མཐུན་གྱི་འབྲས་བུ་མེད་དེ། སྐལ་མཉམ་གྱི་རྒྱུ་དགེ་བ་ཡིན་པ་ལས་མི་དགེ་བ་མ་ཡིན་པའི་ཕྱིར། རྣམ་སྨིན་གྱི་འབྲས་བུ་ཡང་མེད་དེ། རྣམ་སྨིན་ལུང་མ་བསྟན་ཡིན་གྱི་མི་དགེ་བ་མ་ཡིན་པའི་ཕྱིར། བྲལ་བའི་འབྲས་བུ་མེད་དེ་མི་དགེ་ བ་ཡིན་པའི་ཕྱིར། དེ་བཞིན་དུ་དགེ་བའི་འབྲས་བུ་ལུང་མ་བསྟན་ཡིན་ན་གསུམ་ཡིན་ཏེ། རྒྱུ་མཐུན་དང་བྲལ་བ་མ་གཏོགས་པའི་ཕྱིར། གཉིས་པ་ནི། མི་དགེའི་དགེ་སོགས་གཉིས་དང་ནི། །གསུམ་དང་བཞི་སྟེ་རིམ་པ་བཞིན། །མི་དགེ་བའི་འབྲས་བུ་དགེ་བ་ཡིན་ན་རིམ་པ་བཞིན་དུ་སྐྱེ་བདག་གཉིས་ཡིན་ཏེ། བར་མ་ཆད་པར་སྐྱེད་པར་བྱེད་པ་དང་། 3-1-118a གེགས་མི་བྱེད་པ་ཙམ་དུ་བསྐྱེད་པའི་ཕྱིར། སོགས་པས་མི་དགེ་བ་ཡིན་ན་གསུམ་ཡིན་ཏེ། རྣམ་སྨིན་མེད་དེ། མི་དགེ་བ་རྣམ་སྨིན་མ་ཡིན་པའི་ཕྱིར་དང་། བྲལ་བ་མེད་དེ། མི་དགེ་བ་དང་བཅས་པ་ཡིན་པའི་ཕྱིར། ལུང་མ་བསྟན་ཡིན་ན་བཞི་ཡིན་ཏེ། བྲལ་ བ་མ་གཏོགས་པའི་ཕྱིར། འདིར་མི་དགེ་བ་རྣམ་སྨིན་དང་བཅས་པ་དང་། ལུང་མ་བསྟན་རྣམ་སྨིན་མེད་པ་མི་འདྲ་བ་ལ་རྒྱུ་མཐུན་པ་འབྲས་བུ་ཇི་ལྟར་འཇོག་སྙམ་ན། ཉེས་པ་མེད་དེ། མི་དགེ་བ་དང་། སྒྲིབ་ལུང་མ་བསྟན་དེ་ཉོན་མོངས་ཅན་དུ་འདྲ་བའི་ཕྱིར། སྐལ་མཉམ་གྱི་རྒྱུར་ རུང་སྟེ། མི་དགེ་བ་ཡང་སྒྲིབ་ལ་ལུང་མ་བསྟན་གྱི་རྒྱུ་མཐུན་གྱི་འབྲས་བུར་རུང་ལ། སྒྲིབ་ལ་ལུང་མ་བསྟན་འཇིག་ལྟ་དང་མཐར་ལྟ་ནི། མི་དགེ་བ་ཀུན་འགྲོ་སྡུག་ཀུན་མཐོང་བས་སྤང་བྱ་ཆགས་སོགས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར། གསུམ་པ་ནི། ལུང་བསྟན་མིན་གྱི་དགེ་ལ་སོགས། །དེ་དག་གཉིས་དང་གསུམ་དང་གསུམ། །ལས་ལུང་བསྟན་ མིན་པ་ཉིད་ཀྱི་འབྲས་བུ་དགེ་བ་ཡིན་ན་དེ་མ་ཐག་ཏུ་སྐྱེ་བས་སྐྱེས་བུ་བྱེད་འབྲས་དང་བདག་འབྲས་དེ་དག་གཉིས་དང་ངོ་། །མི་འདྲ་བས་རྒྱུ་མཐུན་མེད། དགེ་བ་བསྐྱེད་པས་བྲལ་བ་མེད། འབྲས་བུ་དགེ་བར་འདུག་པས་རྣམ་སྨིན་མེད་ལ། ལུང་མ་བསྟན་དང་རྣམ་སྨིན་བསྐྱེད་ པ་ལ་ས་བོན་རུལ་པ་ལྟ་བུ་ཡིན། ལ་སོགས་པས་མི་དགེ་བ་ནི། མི་དགེ་བ་བསྐྱེད་པས་བྲལ་བ་དང་། མི་དགེ་བ་རྣམ་སྨིན་མིན་པས་རྣམ་སྨིན་མ་གཏོགས་པ་གསུམ་དང་བཅས་པ་ཡིན་ཏེ། དངོས་སུ་བསྐྱེད་པས་སྐྱེས་བུ་བྱེད་པ་ཡོད། བདག་པོ་ནམ་ཡང་ཡོད། ལུང་མ་བསྟན་ གྱིས་མི་དགེ་བ་བསྐྱེད་པ་ལ་ཉོན་མོངས་ཅན་དུ་འདྲ་བས་རྒྱུ་མཐུན་ཡོད་པ་ནི། སྡུག་བསྔལ་མཐོང་སྤང་ནས་སྒོམ་སྤང་གི་བར་མི་དགེ་བའི་རིས་ལྔ་རྣམས་ནི་ལུང་མ་བསྟན་འཇིག་ལྟ་མཐར་ལྟ་གཉིས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ཡོད་པའི་ཕྱིར། འབྲས་བུ་ལུང་མ་བསྟན་ནི་རྣམ་སྨིན་དང་ 3-1-118b བྲལ་བ་མ་གཏོགས་པ་གསུམ་པོ་དེ་དག་ཁོ་ན་ཡིན་ནོ། །གསུམ་པ་དུས་གསུམ་གྱི་འབྲས་བུ་ལ། འདས་པའི། ད་ལྟ་བའི། མ་འོངས་པའི་འབྲས་བུའོ། །དང་པོ་ནི། འདས་པའི་ཐམས་ཅད་བཞི་ཡིན་ནོ། །འདས་པའི་ལས་ཀྱི་འབྲས་བུ་དུས་གསུམ་པ་ཐམས་ཅད་ཀྱི་ཆོས་ནི་དུས་སུ་མ་ གཏོགས་པའི་བྲལ་འབྲས་མ་གཏོགས་པ་བཞིའོ། །དེའང་འདས་པས་འདས་པ་བསྐྱེད་པ་ལ་བཞི། འདས་པས་ད་ལྟར་བསྐྱེད་པ་ལ་བཞི། འདས་པས་མ་འོངས་པ་བསྐྱེད་པ་ལ་བཞི་སྟེ། འདི་ལྟར་འདས་པས་འདས་པ་བསྐྱེད་པ་བཞི་ནི། འདས་པའི་ལས་ཀྱི་རྣམ་སྨིན་འདས་པ་ཕྱི་མ། སྐྱེས་བུ་བྱེད་པ་ནི་དེས་ དྲངས་བའི་འདས་པ་ལྷན་ཅིག་སྐྱེས་པའམ། ཕྱིས་མཇུག་ཐོགས་སུ་འདས་པ། བདག་པོའི་འབྲས་བུ་ནི། འདས་པ་དེ་དང་ལྷན་ཅིག་འབྱུང་བ་རང་གི་ངོ་བོ་མ་གཏོགས་པ་རྣམས་དང་ཕྱིས་འབྱུང་བའི་ཆོས་རྣམས་སོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཕྱིས་འབྱུང་བའི་འདྲ་བའོ། ། འདས་པས་མ་འོངས་པ་བསྐྱེད་པ་བཞི་ནི། འདས་པའི་རྣམ་སྨིན་འབྲས་བུ་མ་འོངས་པ་དེ་འདས་པའི་རྣམ་སྨིན་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་གི་སྟོབས་ཀྱིས་ཆོས་མ་འོངས་པ་ཐོབ་པའོ། །བདག་པོའི་འབྲས་བུ་ནི་མ་འོངས་པ་གང་ཡིན་པའོ། །རྒྱུ་མཐུན་གྱི་འབྲས་ བུ་ནི་དེ་དང་འདྲ་བའི་མ་འོངས་པའོ། །འདས་པས་ད་ལྟར་བསྐྱེད་པ་ཡང་དེ་དང་འདྲའོ། །གཉིས་པ་ནི། བར་མ་ཡི་ནི་མ་འོངས་པའང་། །བར་མ་གཉིས་སོ། །ལས་འདས་མ་འོངས་གཉིས་ཀྱི་བར་མ་ད་ལྟ་བའི་ནི་ཆོས་མ་འོངས་པའང་བྲལ་འབྲས་མ་གཏོགས་སྔ་མ་བཞིན་ནོ། །བར་མ་ད་ལྟར་བྱུང་བའི་ལས་ཀྱི་འབྲས་བུ་ད་ལྟར་བྱུང་ བའི་ཆོས་ནི་སྐྱེས་པ་དག་གཉིས་ཡིན་གྱི། བྲལ་བའི་རང་བཞིན་མ་ཡིན་པས་བྲལ་བ་མེད། སྔ་ཕྱི་མེད་པས་རྒྱུ་མཐུན་མེད། རྣམ་སྨིན་རྒྱུན་ལ་བལྟོས་པ་ཡིན་པ་ལ་ད་ལྟར་གྱི་རྣམ་སྨིན་ད་ལྟར་མ་ཡིན་ནོ། །གསུམ་པ་ནི། མ་སྐྱེས་པའི། །འབྲས་བུ་མ་འོངས་གསུམ་ཡིན་ནོ། །མ་སྐྱེས་པ་སྟེ་ལས་མ་འོངས་པ་ལ་འབྲས་བུ་མ་འོངས་པའི་ཆོས་ནི་རྒྱུ་མཐུན་དང་བྲལ་བ་དོར་ 3-1-119a བས་གསུམ་ཡིན་ནོ། །མ་འོངས་པའི་རྒྱུ་མཐུན་གྱི་འབྲས་བུ་མ་འོངས་པ་མེད་དེ། མ་འོངས་པ་ལ་སྐལ་མཉམ་ཀུན་འགྲོའི་རྒྱུ་དག་མེད་པའི་ཕྱིར་ཏེ། དེ་ནི་འཆོལ་བར་འདུག་པ་དང་འདྲ་བས། འདི་འབྲས་བུའོ། །འདི་ནི་རྒྱུའོ་ཞེས་བྱ་བར་བཅད་མི་ནུས་པའི་ཕྱིར། བྲལ་འབྲས་ཀྱང་མེད་དེ། བྲལ་བ་མ་འོངས་པ་མ་ཡིན་པའི་ཕྱིར་རོ། །མ་འོངས་པ་ཕྱིས་སྐྱེ་འགྱུར་ཞིག་རྣམ་སྨིན་གྱི་འབྲས་བུར་འགྱུར་རོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་མ་འོངས་པ་ལྷན་ཅིག་སྐྱེས་པ་དང་མ་འོངས་པ་མཇུག་ཐོགས་སུ་འབྱུང་བའོ། །བདག་པོའི་འབྲས་བུ་ནི་རྟོགས་སླ་ བས་སོ། །བཞི་པ་རང་ས་དང་གཞན་སའི་འབྲས་བུ་དུ་དང་བཅས་པ་ནི། རང་གི་ས་པ་བཞི་ཡིན་ནོ། །གཞན་གྱི་ས་པ་གསུམ་དང་གཉིས། །རང་གི་ས་པའི་ལས་ཀྱིས་འབྲས་བུ་ནི་རང་གི་ས་པའི་ཆོས་བཞི་བསྐྱེད་པ་ཡིན་ཏེ། བྲལ་འབྲས་མ་གཏོགས་པའི་ཕྱིར་ཏེ། དེ་སས་མ་བསྡུས་པའི་ཕྱིར་རོ། །རང་སའི་ལས་ཀྱིས་རང་སའི་རྣམ་སྨིན་གྱི་འབྲས་བུ་བསྐྱེད་ ལ། འདོད་ཁམས་པའི་འདོད་ཆགས་མཐོང་སྤང་གིས་འདོད་ཆགས་མཐོང་སྤང་འདོད་ཁམས་པ་བསྐྱེད་དེ། རྒྱུ་མཐུན་ཡིན། དངོས་སུ་བསྐྱེད་ན་སྐྱེས་བུ་བྱེད་པ་ཡིན། སྔར་བསྐྱེད་པ་མ་ཡིན་པས་བདག་པོ་ཡིན། གཞན་གྱི་ས་པའི་ཆོས་ཟག་མེད་བཞི་ཡིན་ན་རྣམ་སྨིན་དང་བྲལ་བ་ མ་གཏོགས་པ་འབྲས་བུ་གསུམ་སྟེ། རྣམ་སྨིན་དང་བྲལ་བ་དག་མ་གཏོགས་པའི་ཕྱིར། དེའང་ས་དགུ་ལ་ནི་ཕན་ཚུན་དུ་ཟེར་བས་རྒྱུ་མཐུན་གྱི་འབྲས་བུ་སྲིད། བར་མ་ཆད་པས་སྐྱེས་བུ་བྱེད་པ་ཡོད། བདག་པོ་ནི་ནམ་ཡང་ཡོད་པའི་ཕྱིར། ཟག་བཅས་ཞིག་ཡིན་ན་སྐྱེ་བདག་གཉིས་ཏེ། ས་མི་མཐུན་པས་རྒྱུ་མཐུན་ཀྱང་མེད་པའི་ཕྱིར། ལྔ་པ་སློབ་མི་སློབ་ཀྱི་འབྲས་བུ་དུ་དང་བཅས་པ་ལ། སློབ་པའི། མི་སློབ་པའི། དེ་གཉིས་ལས་གཞན་པའི་འབྲས་བུའོ། །དང་པོ་ནི། སློབ་པའི་སློབ་ལ་སོགས་པ་གསུམ། །སློབ་པའི་ལས་ཀྱི་འབྲས་བུ་སློབ་པ་ནི་རྣམ་སྨིན་དང་བྲལ་བ་སློབ་པར་མི་རུང་བས་དེ་གཉིས་མ་གཏོགས་ 3-1-119b པ་གསུམ་མོ། །ལ་སོགས་པས་སློབ་པས་མི་སློབ་པ་བསྐྱེད་པ་ཡང་དེ་དང་འདྲའོ། །སློབ་པའི་ལས་ཀྱི་འབྲས་བུ་སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པ་ཡང་གསུམ་སྟེ། སློབ་པ་ལ་རྣམ་སྨིན་མེད་པ་དང་། མི་འདྲ་བས་རྒྱུ་མཐུན་གྱི་འབྲས་བུ་དག་མ་གཏོགས་པའི་ཕྱིར། བྲལ་ བའི་འབྲས་བུར་འགྱུར་ཏེ། བྲལ་བ་གཉིས་ཀ་མ་ཡིན་པའི་ཕྱིར། སྐྱེས་བུའི་འབྲས་བུའང་ཡོད་དེ། གཉིས་ཀ་མིན་པ་ཐོབ་སྲིད་པའི་ཕྱིར། བདག་པོའི་འབྲས་བུ་ཡང་ཡོད་དེ། བདག་ལས་གཞན་པ་གཉིས་ཀ་མ་ཡིན་པ་སྐྱེ་བའི་ཕྱིར། གཉིས་པ་ནི། མི་སློབ་ལས་ཀྱི་འབྲས་བུ་ནི། །སློབ་པ་ཡི་ནི་ཆོས་ལ་སོགས། །གཅིག་དང་གསུམ་དང་གཉིས་ཡིན་ནོ། །མི་སློབ་པའི་ལས་ཀྱི་འབྲས་བུ་ ནི་སློབ་པ་ཡི་ནི་ཆོས་ཡིན་ན་གཅིག་སྟེ། བདག་པོའི་འབྲས་བུའོ། །རྒྱུ་མཐུན་གྱི་འབྲས་བུའང་མིན་ཏེ། དམན་པའི་ཕྱིར་ཏེ། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཅེས་སོ། །ལྷན་ཅིག་དང་མཇུག་ཐོགས་སུ་སྐྱེ་བ་མེད་པའི་ཕྱིར་སྐྱེས་བུ་བྱེད་འབྲས་ཀྱང་མེད་དོ། །མི་སློབ་པའི་མཇུག་ ཐོགས་སུ་སློབ་པ་མི་འབྱུང་སྟེ། ཉམས་པའི་ཚེ་ཡང་ཉོན་མོངས་འབྱུང་བས་བར་ཆོད་པའི་ཕྱིར། རྣམ་སྨིན་དང་བྲལ་བའི་འབྲས་བུ་ཡང་མིན་ཏེ། སློབ་པ་དེར་མི་རུང་བའི་ཕྱིར། མི་སློབ་པའི་ལས་ཀྱི་འབྲས་བུ་མི་སློབ་པ་ནི་སྐྱེ་བདག་རྒྱུ་མཐུན་རུང་གི། རྣམ་སྨིན་དང་བྲལ་བ་མ་གཏོགས་ པས་གསུམ་ཡིན་ཏེ། དེ་གཉིས་མི་སློབ་པ་ཡང་མ་ཡིན་པའི་ཕྱིར། མི་སློབ་པའི་ལས་ཀྱི་འབྲས་བུ་ནི་སློབ་པ་ཡང་མིན། མི་སློབ་པ་ཡང་མིན་ན་གཉིས་ཏེ། མི་སློབ་པ་དེས་དྲངས་པའི་སྤྱོད་ལམ་སོགས་སྐྱེས་བུ་བྱེད་འབྲས་དང་། བདག་འབྲས་ནི་རང་ལས་གཞན་པ་ཡོད་པའི་ཕྱིར། དེས་ན་མི་སློབ་པས་རྣམ་སྨིན་མི་བསྐྱེད། བྲལ་བ་ནི་སློབ་པའི་འབྲས་བུ་ཡིན། མི་སློབ་པའི་འབྲས་བུ་མིན། མི་སློབ་པ་དང་གཉིས་ཀ་མིན་པས་འདྲ་བ་མེད་དོ། །གསུམ་པ་ནི། དེ་ལས་གཞན་པའི་འབྲས་བུ་ནི། །སློབ་སོགས་གཉིས་དང་གཉིས་དང་ལྔ། །སློབ་པ་དང་མི་སློབ་པ་དེ་དག་ལས་གཞན་པ་སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པའི་ལས་ 3-1-120a ཀྱི་འབྲས་བུ་སློབ་པའི་ཆོས་ནི་གཉིས་ཏེ། ཆོས་མཆོག་གིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་བསྐྱེད་པ་ལྟ་བུ་བར་མ་ཆོད་པས་སྐྱེས་བུ་བྱེད་པ་དང་། རང་ལས་གཞན་པའི་བདག་པོའི་འབྲས་བུ་དང་བཅས་པའི་ཕྱིར་རོ། །སོགས་པས་དེའི་འབྲས་བུ་མི་སློབ་པ་ ཡང་དེ་དང་འདྲ་བར་སྐྱེ་བ་དག་གཉིས་དང་། དེའི་འབྲས་བུ་སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པ་ནི་འབྲས་བུ་ལྔ་ཅར་ཡིན་ཏེ། འཇིག་རྟེན་པའི་ལམ་གཉིས་ཀ་མིན་པ་དེས་འོག་མའི་ཉོན་མོངས་དང་བྲལ་བའི་བྲལ་འབྲས་བསྐྱེད་པའི་ཕྱིར། གཞན་ནི་རྟོགས་སླའོ། །དྲུག་པ་ མཐོང་སྤང་སོགས་ཕན་ཚུན་འབྲས་བུ་དུ་དང་བཅས་པ་ལ། མཐོང་སྤང་འབྲས་བུ་དུ་དང་བཅས་པ། སྒོམ་སྤང་། སྤང་བྱ་མིན་པ་འབྲས་བུ་དུའོ། །དང་པོ་ནི། མཐོང་བས་སྤང་བྱའི་དེ་ལ་སོགས། །གསུམ་དང་བཞི་དང་གཅིག་ཡིན་ནོ། །མཐོང་བས་སྤང་བྱའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བྱའི་ཆོས་དེ་ཡིན་ན་གསུམ་སྟེ། མཐོང་སྤང་རྣམ་སྨིན་མ་ཡིན་ཅིང་ བྲལ་བ་ཡང་མ་ཡིན་པའི་ཕྱིར་དང་། འདྲ་བ་རྒྱུ་མཐུན་གྱི་འབྲས་བུ་དང་། བར་མ་ཆད་པ་སྐྱེས་བུ་བྱེད་པ་དང་། བདག་འབྲས་ནི་ནམ་ཡང་ཡོད་པའི་ཕྱིར། ལ་སོགས་པས་མཐོང་སྤང་གི་འབྲས་བུ་བསྒོམས་པས་སྤང་བར་བྱ་བ་ནི་བཞི་སྟེ། སྒོམ་སྤང་བྲལ་བ་མ་ཡིན་པའི་ཕྱིར་དང་། སྒོམ་ སྤང་རྣམ་སྨིན་ཡིན་པས་རྣམ་སྨིན་གྱི་འབྲས་བུ་ཡོད། བར་མ་ཆད་པར་བསྐྱེད་པས་སྐྱེས་བུ་བྱེད་པ་ཡོད། མཐོང་སྤང་ཀུན་འགྲོའི་རྒྱུ་ལས་ཀུན་འགྲོའི་རྒྱུ་མཐུན་འབྱུང་བས་རྒྱུ་མཐུན་གྱི་འབྲས་བུ་ཡོད། བདག་པོ་ནི་ཨ་ཅང་ཆེ་བའི་ཕྱིར་རོ། །མཐོང་སྤང་གི་འབྲས་བུ་སྤང་བྱ་མིན་པ་ནི་གཅིག་ སྟེ། བདག་འབྲས་ལས་གཞན་པའི་སྤང་བྱ་མ་ཡིན་པ་རྣམ་སྨིན་མེད་པས་རྣམ་སྨིན་གྱི་འབྲས་བུ་མེད་ལ། མཐོང་སྤང་དང་སྤང་བྱ་མ་ཡིན་པས་རིས་མི་འདྲ་བས་རྒྱུ་མཐུན་མེད་ཅིང་། མཐོང་སྤང་གིས་སྤང་བྱ་མ་ཡིན་པ་དངོས་སུ་བསྐྱེད་པ་མེད་པས་སྐྱེས་བུ་བྱེད་འབྲས་མེད་ལ། མཐོང་ 3-1-120b སྤང་སྤོང་བྱེད་མིན་པས་དེ་ལ་བྲལ་བའི་འབྲས་བུ་མེད་པའི་ཕྱིར་རོ། །གཉིས་པ་ནི། བསྒོམ་པས་སྤང་བར་བྱ་ལས་ཀྱི། །དེ་དག་གཉིས་དང་བཞི་དང་གསུམ། །སྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བྱ་ནི་གཉིས་ཏེ། སྐྱེས་བདག་གཉིས་ལས་གཞན་པ་སྒོམ་སྤང་རིས་ཀུན་ལ་དམིགས་པའི་ཀུན་འགྲོ་མེད་ཅིང་། དེས་ན་ཀུན་འགྲོའི་ འདྲ་བ་མེད་པས་རྒྱུ་མཐུན་གྱི་འབྲས་བུ་མེད་ལ། མཐོང་སྤང་རྣམ་སྨིན་མེད་པས་རྣམ་སྨིན་གྱི་འབྲས་བུ་མེད་ལ། མཐོང་སྤང་བྲལ་བ་མ་ཡིན་པའི་ཕྱིར། དེ་དག་ཅེས་པ་ནི་རིམ་པའི་གསལ་བྱེད་དུ་སྦྱར་བའོ། །སྒོམ་པས་སྤང་བྱའི་འབྲས་བུ་སྒོམ་སྤང་ནི་བཞི་སྟེ། སྒོམ་སྤང་བྲལ་བ་ མ་ཡིན་པས་དེ་ལས་གཞན་པའི་སྒོམ་སྤང་རྣམ་སྨིན་ཡིན་པས་རྣམ་སྨིན་གྱི་འབྲས་བུ་ཡོད་ལ། བདག་པོ་ནམ་ཡང་ཡོད་ཅིང་འདྲ་བས་རྒྱུ་མཐུན་པའང་ཡོད་ལ། བར་མ་ཆད་པར་བསྐྱེད་པས་སྐྱེས་བུ་བྱེད་པའང་ཡོད་པའི་ཕྱིར། སྒོམ་སྤང་གི་འབྲས་བུ་སྤང་བྱ་མིན་པ་ནི་གསུམ་ ཡིན་ཏེ། སྤང་བྱ་མ་ཡིན་པས་རྣམ་སྨིན་མ་ཡིན་ཅིང་། སྒོམ་སྤང་དང་སྤང་བྱ་མ་ཡིན་པས་རྒྱུ་མཐུན་གྱི་འབྲས་བུ་མ་གཏོགས་ལ། སྐྱེས་བུ་བྱེད་པ་བར་མ་ཆད་པ་ཡོད་ལ་བདག་པོ་ཡོད་ཅིང་། འཇིག་རྟེན་པའི་སྒོམ་ལམ་དེ་སྒོམ་སྤང་ཡིན། དེས་བྲལ་བའི་འབྲས་བུ་བསྐྱེད་པ་ཡོད་པའི་ ཕྱིར། གསུམ་པ་ནི། སྤང་བྱ་མིན་པའི་དེ་དག་གཅིག །གཉིས་དང་བཞི་སྟེ་གོ་རིམས་བཞིན། །སྤང་བྱ་མིན་པའི་ལས་ཀྱི་འབྲས་བུ་ནི་མཐོང་བས་སྤང་བྱ་ཡིན་ན་བདག་འབྲས་གཅིག་པུ་པ་ཡིན་ཏེ། མི་འདྲ་བས་རྒྱུ་མཐུན་མེད། མཐོང་སྤང་ལ་རྣམ་སྨིན་མེད་པས་རྣམ་སྨིན་མེད། བར་མ་ཆད་དུ་བསྐྱེད་པ་མེད་པས་སྐྱེས་བུ་བྱེད་པ་མེད། མཐོང་སྤང་བྲལ་བ་ མིན་པས་བྲལ་བ་མེད་པའི་ཕྱིར། སྒོམ་པས་སྤང་བྱ་ཡིན་ན་གཉིས་དང་བཅས་པ་ཡིན་ཏེ། ཟག་མེད་ལས་ལངས་པའི་ཚེ་དགེ་བ་སྒོམ་སྤང་སྐྱེས་བདག་གཉིས་དང་ལྡན་པའི་ཕྱིར་སྤང་བྱ་མ་ཡིན་པ་ལ་རྣམ་སྨིན་མེད་པས་རྣམ་སྨིན་དང་མི་འདྲ་བ་ལ་རྒྱུ་མཐུན་མེད་ཅིང་། སྒོམ་སྤང་དངོས་པོ་ 3-1-121a ཡིན་པས་བྲལ་བ་མ་ཡིན་པའི་ཕྱིར། སྤང་བྱ་མ་ཡིན་པའི་ལས་ལས་སྤང་བྱ་མིན་པའི་འབྲས་བུ་ནི་བཞི་དང་བཅས་པ་ཡིན་ཏེ། སྤང་བྱ་མ་ཡིན་པ་ལ་རྣམ་སྨིན་གྱི་འབྲས་བུ་མ་གཏོགས་པའི་ཕྱིར། སྤང་བྱ་མ་ཡིན་པ་ལ་བྲལ་བའང་ཡོད་ཅིང་། བདག་པོ་ ནམ་ཡང་ཡོད་ལ་འདྲ་བས་རྒྱུ་མཐུན་ཀྱང་ཡོད་ཅིང་། བར་མ་ཆད་པར་སྐྱེ་བས་སྐྱེས་བུ་བྱེད་པའང་ཡོད་པའི་ཕྱིར། དེ་དག་དང་གོ་རིམ་བཞིན་ཅེས་སྦྲེལ་བས་ཐོག་མཐའི་གོ་རིམ་གྱིས་བར་མའི་ཆོས་ལ་མཚུངས་པ་སྦྱར་བའི་དོན་ཡིན་ནོ། །འདིར་དབྱེ་སྒོ་འདི་ལྟར་དུ་ཤེས་པར་བྱ་སྟེ། ཟག་བཅས་ཟག་མེད་དང་གཅིག །དགེ་སོགས་གསུམ་ལ་གཅིག་ཏུ་བྱས་པ་དང་གཉིས། འདས་སོགས་གསུམ་གཅིག་ཏུ་བྱས་པ་དང་གསུམ། རང་ས་སོགས་གཅིག་ཏུ་བྱས་པ་དང་བཞི། སློབ་སོགས་གཅིག་ཏུ་བྱས་པ་དང་ལྔ། མཐོང་སྤང་སོགས་གཅིག་ཏུ་བྱས་པ་དང་ དྲུག་ནི་དབྱེ་སྒོ་གཅིག་གོ། ཡང་ན་ཟག་བཅས་ཟག་མེད་གཉིས། དགེ་སོགས་གསུམ་སྟེ་ལྔ། འདས་པ་ལ་སོགས་པ་གསུམ་སྟེ་བརྒྱད། རང་ས་གཞན་ས་གཉིས་ཏེ་བཅུ། སློབ་སོགས་གསུམ་སྟེ་བཅུ་གསུམ། མཐོང་སྤོང་ལ་སོགས་པ་གསུམ་སྟེ་བཅུ་དྲུག་ཏུ་དབྱེ་བ་ནི་ དབྱེ་སྒོ་གཉིས་པའོ། །ཡང་ན་ཟག་བཅས་ཟག་མེད་ལ་འབྲས་བུ་ལྔས་འབྲས་བུ་དང་བཅས་པ་གཅིག །འབྲས་བུ་བཞིས་འབྲས་བུ་དང་བཅས་པ་གཉིས། གསུམ་གྱིས་འབྲས་བུ་དང་བཅས་པ་གསུམ། དགེ་བས་དགེ་མི་དགེ་ལུང་མ་བསྟན་བསྐྱེད་པ་གསུམ་སྟེ་དྲུག །མི་ དགེ་བས་དགེ་མི་དགེ་ལུང་མ་བསྟན་བསྐྱེད་པ་གསུམ་སྟེ་དགུ། ལུང་མ་བསྟན་གྱིས་དགེ་མི་དགེ་ལུང་མ་བསྟན་བསྐྱེད་པ་གསུམ་སྟེ་བཅུ་གཉིས། འདས་པས་འདས་མ་འོངས་ད་ལྟར་བསྐྱེད་པ་གསུམ་སྟེ་བཅོ་ལྔ། ད་ལྟར་གྱིས་ད་ལྟར་མ་འོངས་པ་བསྐྱེད་པ་གཉིས་ཏེ་བཅུ་བདུན། 3-1-121b མ་འོངས་པས་མ་འོངས་པ་བསྐྱེད་པ་གཅིག་དང་བཅོ་བརྒྱད། རང་སས་རང་ས་བསྐྱེད་པ་དང་བཅུ་དགུ། གཞན་སས་གཞན་ས་བསྐྱེད་པ་དང་ཉི་ཤུ། སློབ་པས་སློབ་མི་སློབ་གཉིས་ཀ་མ་ཡིན་པ་བསྐྱེད་པ་གསུམ་སྟེ་རྩ་གསུམ། མི་སློབ་པས་སློབ་མི་སློབ་གཉིས་ཀ་བསྐྱེད་པ་གསུམ་ སྟེ་རྩ་དྲུག །གཉིས་ཀ་མིན་པས་སློབ་མི་སློབ་གཉིས་ཀ་མིན་པ་གསུམ་སྟེ་རྩ་དགུ། མཐོང་སྤང་གིས་མཐོང་སྤང་སྒོམ་སྤང་སྤང་བྱ་མ་ཡིན་པ་བསྐྱེད་པ་གསུམ་སྟེ་སོ་གཉིས། སྒོམ་སྤང་གིས་མཐོང་སྤང་སྒོམ་སྤང་སྤང་བྱ་མ་ཡིན་པ་བསྐྱེད་པ་གསུམ་སྟེ་སོ་ལྔ། སྤང་བྱ་མ་ ཡིན་པས་མཐོང་སྤང་སྒོམ་སྤང་སྤང་བྱ་མ་ཡིན་པ་བསྐྱེད་པ་གསུམ་སྟེ་སོ་བརྒྱད་ཀྱི་དབྱེ་སྒོ་གསུམ་མོ། །སྨྲས་པ། སེམས་ནི་རྒྱ་ཆེན་ཤེས་བྱའི་གནས་པ་བཟུང་། །ཡིད་ནི་གཅིག་ཏུ་བྱང་ཆུབ་ཆེ་ལ་ཕྱོགས། །རྣམ་ཤེས་ཀུན་གྱིས་དག་པའི་དམིགས་པ་འཛིན། །བློ་གྲོས་ ཐམས་ཅད་ངེས་ལེགས་ངོ་བོར་སྐྱེས། །དེ་ལྟར་ཡ་མཚན་བཟང་པོས་རྒྱུད་འགྱུར་ནས། །ཆོས་མངོན་མཛོད་འདིར་ལེགས་བཤད་སྤོབས་པ་ཐོབ། །ཅེས་སོ། །བཞི་པ་ལས་ཀྱི་རྣམ་གཞག་བསྟན་པ་ལ། ལས་གང་རྒྱུ་གང་གིས་བྱེད་པ་དང་། འཕེན་རྫོགས་གཉིས་ ཀྱི་ཁྱད་པར་རོ། །དང་པོ་ལ། རང་ལུགས་དང་། གཞན་ལུགས་སོ། །དང་པོ་ནི། རིགས་མིན་བསྐྱེད་པ་ཉོན་མོངས་ཅན། །ལས་ཀྱི་སྐབས་སུ་འདི་འདྲི་བར་བྱ་སྟེ། བསྟན་བཅོས་དག་ལས་ཀྱང་། རིགས་པ་མ་ཡིན་པས་བསྐྱེད་པ་དང་། རིགས་པས་བསྐྱེད་པ་དང་། རིགས་པ་མ་ཡིན་པས་བསྐྱེད་པ་ཡང་མ་ཡིན་པའི་ལས་ཤེས་ གསུངས་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཁ་ཅིག་ན་རེ། རིགས་པ་མ་ཡིན་པས་བསྐྱེད་པའི་ལས་ནི་ཉོན་མོངས་ཅན་ཡིན་ཏེ། ཡིད་ལ་བྱེད་པ་གང་ཞིག་ཚུལ་བཞིན་མ་ཡིན་ཅིང་། རིགས་པ་མ་ཡིན་ལ་ཉོན་མོངས་པ་དང་ལྡན་པར་ཞུགས་པ་གང་ཡིན་པ་དེ་ལས་འབྱུང་བའི་ཕྱིར། ཞེས་ཟེར་རོ། ། 3-1-122a གཉིས་པ་ནི། ཁ་ཅིག་ཆོ་ག་ཉམས་པའང་ཞེའོ། །ཁ་ཅིག་ཆོ་ག་སོགས་སྤྱོད་ཡུལ་མ་ཡིན་པ་ལྔ་སྤོང་བ་ལས་ཉམས་པའི་ལས་ཀྱང་ནི་མི་རིགས་པའི་ལས་ཡིན་ཏེ། འགྲོ་བྱ་དང་། གནས་བྱ་དང་། བཟའ་བྱ་དང་། བགོ་བྱ་དང་། འགྲོ་སོགས་སུ་མི་འགྲོ་བ་ནི་མི་རིགས་པའམ་ཚུལ་དང་མི་ མཐུན་པར་བྱེད་པའི་ཕྱིར། རིགས་མིན་གྱིས་བསྐྱེད་པ་ཞེས་བྱའོ། །འདིའི་དབང་དུ་བྱས་ནས་ལུས་ངག་གི་ཚུལ་ཤེས་བཞིན་གྱིས་མ་ཟིན་ན་དགྲ་བཅོམ་པས་མ་ཟིན་ཀྱང་ཆོ་ག་ཉམས་པ་ཡིན། ཤེས་བཞིན་གྱིས་ཟིན་ན། སོ་སོ་སྐྱེ་བོས་ཟིན་ཀྱང་ཆོ་ག་མ་ཉམས་པར་འདོད་དོ། །རིགས་ པ་དང་རིགས་མིན་ནམ། ཆོ་ག་ཉམས་པ་དང་ཆོ་ག་ཉམས་པ་མ་ཡིན་པ་དག་ལས་གཞན་པ་ནི་ལུང་དུ་མ་བསྟན་པའོ། །གཉིས་པ་འཕེན་རྫོགས་གཉིས་ཀྱི་ཁྱད་པར་ལ། འཕེན་བྱེད་ཀྱི་ཁྱད་པར། རྫོགས་བྱེད་ཀྱི་ཁྱད་པར། འཕེན་བྱེད་ལ་དོགས་པ་བཅད་པའོ། །དང་པོ་ནི། གཅིག་གིས་སྐྱེ་བ་གཅིག་འཕེན་ཏོ། །ཅི་ ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ནམ། འོན་ཏེ་དུ་མའང་འཕེན། དེ་བཞིན་དུ་ལས་དུ་མས་ཀྱང་སྐྱེ་བ་དུ་མ་འཕེན་ནམ། འོན་ཏེ་གཅིག་ཀྱང་འཕེན་ཅེ་ན། གྲུབ་མཐའི་དབང་དུ་ན་ཆོས་ཅན། ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་པར་བྱེད་པ་ཡིན་ཏེ། ལས་དུ་མས་ ནི་སྐྱེ་བ་གཅིག་འཕེན་པར་བྱེད་པ་མ་ཡིན་པའི་ཕྱིར། སྐྱེ་བ་ཞེས་བྱ་བ་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རིས་མཐུན་པ་ལ་བྱ་ཡི། མཚན་ཉིད་ཀྱིས་སྐྱེ་བ་ནི་མ་ཡིན་ཏེ། འགྲོ་བ་གང་གི་གནས་དེར་ཕྱིན་ནས་སྐྱེས་པ་ལ་དེར་བརྗོད་པའི་ཕྱིར། འོ་ན་རྒྱལ་པོ་དང་ཡང་དག་པར་ལྡན་ པའི་མདོ་ལས། གནས་བརྟན་མ་འགགས་པས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཝཱ་ར་ཎ་སིར་སྐྱེས་བུ་དབུལ་པོ་རྩྭ་ཐུ་བ་ཞིག་ཏུ་གྱུར་པ་ན། རང་སངས་རྒྱས་སྟེང་གནས་ཞེས་བྱ་བ་སྤྱི་གཙུག་མེ་ཏོག་ཏ་ར་ཀ་ཞེས་བྱ་བ་ལ་བསོད་སྙོམས་ཕུལ་ཏེ། བདག་ནི་ 3-1-122b བསོད་སྙོམས་གཅིག་པོ་དེའི་རྣམ་པར་སྨིན་པས་ལན་བདུན་གྱི་བར་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཤིང་ལན་བདུན་གྱི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་ད་ལྟར་ཤཱཀྱ་ཕྱུག་པོའི་རིགས་སུ་སྐྱེས་པའི་བར་དུ་ཡིན་ནོ། །ཞེས་སྨྲས་པ་དེ་དང་ཅི་ལྟར་མི་ འགལ་ལམ་ཞེ་ན། འགལ་བ་མ་ཡིན་པ་ནི། ལུང་གི་དོན་འདིས་གང་ཟག་དེས་ལྷའི་ནང་དུ་འབྱོར་པ་རྙེད་ནས་གང་ནས་ཚེ་འཕོས་པ་དང་ལས་ཅི་ལས་གྲུབ་པའི་ཚེ་རབས་དྲན་པ་དང་། ལས་དེ་ལ་བྲོད་ནས་བསོད་ནམས་གཞན་བྱས་པས་བསོད་ནམས་དེ་དག་གི་ཆེད་ཀྱི་ཀུན་ནས་ སློང་བྱེད་ཀྱི་ལས་ནི་སྔ་མའི་ལས་གཅིག་པོ་དེ་ཡིན་པར་བསྟན་པ་ཡིན་ཏེ། ལས་གཅིག་གི་རྒྱུ་ལས་ལས་མང་པོ་སྤྱད་པས་སྐྱེ་བ་མང་པོར་སྨིན་པ་ཡིན་གྱི། ལས་གཅིག་རང་གིས་སྐྱེ་བ་དུ་མ་སྒྲུབ་པ་མ་ཡིན་པའི་ཕྱིར། དཔེར་ན་མི་ཞིག་གིས་དོང་རྩེ་གཅིག་གིས་སྟོང་དུ་བསྒྱུར་ཏེ། བདག་ནི་དོང་རྩེ་གཅིག་གིས་དོང་རྩེ་སྟོང་གི་དབང་ཕྱུག་འདི་ཐོབ་པར་གྱུར་ཏོ་ཞེས་སྨྲས་པ་ལྟ་བུའོ། །ཡང་ན་བསོད་སྙོམས་གཅིག་ཕུལ་བ་ལ་བརྟེན་ནས་དེ་ལ་དགའ་བ་དང་ཡི་རང་བ་སོགས་སེམས་པ་མང་པོ་བྱུང་བའི་ལས་འགའ་ཞིག་པ་དེ་དུ་མ་ཡིན་པ་དེའི་ཕྱིར་སྐྱེ་བའི་འབྲས་བུ་དུ་མ་ ཡང་ཡོངས་སུ་བཟུང་བ་ཡིན་ནོ། །གཉིས་པ་ནི། ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ལས་དུ་མས་ཀྱང་སྐྱེ་བ་གཅིག་འཕེན་པ་ཡིན་ན་རིས་མཐུན་དུམ་བུར་འཕེན་པར་འགྱུར་བས་དེ་ལྟར་ཡང་རིགས་པ་མ་ཡིན་གྱི། ལས་གཅིག་གིས་འཕངས་པའི་རིས་མཐུན་པ་ལ། ལས་ཡོངས་སུ་རྫོགས་པར་བྱེད་པ་ནི་དུ་མ་ཡིན་ པར་འདོད་དེ། འཕེན་བྱེད་ལས་གཅིག་གིས་མིར་སྐྱེ་བ་མཚུངས་ཀྱང་། ཁ་ཅིག་ནི་རྫོགས་བྱེད་དགེ་བས་གཟུགས་བཟང་བ་དང་། དབང་པོ་ཚང་བ་དང་། ལོངས་སྤྱོད་ཆེ་བ་དང་། ནད་མེད་པ་དང་། དབང་ཐང་ཕུན་སུམ་ཚོགས་པ་ཡིན་ལ། ཁ་ཅིག་ནི་རྫོགས་བྱེད་མི་དགེ་བས་གཟུགས་ 3-1-123a ངན་པ་ལ་སོགས་པར་འགྱུར་བའི་ཕྱིར། དཔེར་ན་རི་མོ་མཁན་གྱིས་སྐྱ་རིས་ཀྱི་རིལ་བུ་གཅིག་གིས་གཟུགས་ཀྱི་ས་བཅད་འདྲ་བར་བྱས་ནས་ཚོན་དམར་སེར་ལ་སོགས་པ་མཛེས་མི་མཛེས་དུ་མས་ཡོངས་སུ་རྫོགས་པ་མི་མཚུངས་པ་བཞིན་དུ་རྫོགས་བྱེད་ ཀྱི་ལས་ཀྱིས་དུ་མ་འགྲུབ་ཀྱི། རྫོགས་བྱེད་ཀྱི་ལས་ཀྱིས་དུ་མ་མི་འགྲུབ་ན་འཕེན་པས་འཕངས་པ་ལ་འགའ་ཡང་དབང་པོ་མ་ཚང་བ་སོགས་སུ་མི་འགྱུར་བ་ཡང་ཐལ་ལོ། །རྫོགས་བྱེད་སྣ་ཚོགས་པར་ཇི་ལྟར་འགྱུར་ཞེ་ན། རྒྱལ་པོའི་བུ་མོ་ཞིག་གིས་སངས་རྒྱས་ལ་སྔོན་ལ་མེ་ཏོག་ཕུལ། དེ་ནས་མེ་ཏོག་སླར་བླངས། དེ་ནས་མེ་ཏོག་ཕུལ་བས་ཚེ་ཕྱི་མའི་ཚེ་གཅིག་གི་ རྒྱུན་ལ། ཚེ་སྟོད་ལ་གསེར་གྱི་དོང་རྩེ་མང་པོ་འབྱུང་བ། ཚེ་སྐེད་དུ་རྒྱུན་ཆད་པ། ཚེ་སྨད་ལ་གསེར་གྱི་དོང་རྩེ་མང་པོ་བྱུང་བ་ལྟ་བུའོ། །ལས་འབའ་ཞིག་ཚེ་འཕེན་བྱེད་ཀྱང་མ་ཡིན་ཏེ། རྣམ་སྨིན་དང་བཅས་པའི་ཚོར་སོགས་ཀྱང་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། སེམས་མེད་སྙོམས་པར་འཇུག་པ་དག །འཕེན་བྱེད་མ་ཡིན་ཐོབ་པའང་མིན། །རྣམ་ སྨིན་དང་བཅས་ཀྱང་སེམས་མེད་པའི་སྙོམས་པར་འཇུག་པ་དག་གིས་ཀྱང་རིས་མཐུན་འཕེན་པར་བྱེད་པ་མ་ཡིན་ཏེ། སེམས་པའི་ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར། སེམས་མེད་པའི་ཕྱིར་ཏེ་དེ་ནི་ལུས་ངག་གི་ལས་དང་ཡང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །དེས་ན་ སྙོམས་འཇུག་གཉིས་ཀྱི་རྣམ་སྨིན་ནི། ལྷ་ཚེ་རིང་པོ་དང་སྲིད་རྩེ་བ་ཡིན་ནོ་ཞེས་བྱ་བ་ནི་རྫོགས་བྱེད་ཀྱི་དབང་དུ་བྱས་པ་ཡིན་གྱི། འཕེན་བྱེད་ནི་བསམ་གཏན་བཞི་པ་དང་། སྲིད་པའི་རྩེ་མོའི་སྙོམས་འཇུག་ཡིན་པའི་ཕྱིར། རྣམ་སྨིན་དང་བཅས་པའི་ཐོབ་པ་རྣམས་ཀྱིས་ཀྱང་འཕེན་ བྱེད་ཀྱི་ལས་དང་ལྷན་ཅིག་པ་ཡིན་མོད་ཀྱི། རིས་མཐུན་འཕེན་པར་བྱེད་པའང་མིན་ཏེ། ལས་དང་ཐོབ་པ་འབྲས་བུ་མི་གཅིག་པའི་ཕྱིར་དང་། ཐོབ་པ་ལ་སེམས་པ་མེད་པར་ཞར་ལས་བྱུང་བས་སྟོབས་ཤིན་ཏུ་ཆུང་བའི་ཕྱིར་དང་། ལས་པས་འབྲས་བུ་མང་བའི་ཕྱིར་ཏེ་ཤིང་གི་ཕྱི་ 3-1-123b ཤུན་ལྟར་ཐོབ་པ་ནི་ལས་ལས་ཕྱི་རོལ་ཏུ་གནས་པའི་ཕྱིར་རོ། །གཉིས་པ་ལས་སོ་སོར་བཤད་པ་ལ། སྤང་བྱ་སྒྲིབ་པ་གསུམ། བརྟེན་བྱ་བསོད་ནམས་བྱ་བའི་གཞི་གསུམ། ཆ་མཐུན་དགེ་བ་གསུམ་བཤད་པའོ། །དང་པོ་ལ། སྒྲིབ་པ་གསུམ་གྱི་ངོ་བོ། གང་ན་སྒྲིབ་པ་གང་ཡོད་པ། ལས་སྒྲིབ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མཚམས་མེད་པ་ཡི་ལས་རྣམས་དང་། །ཉོན་མོངས་ཤས་ཆེན་ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །བཅོམ་ལྡན་འདས་ཀྱིས་ལས་ཉིད་སྒྲིབ་པ། རྣམ་སྨིན་ཉིད་སྒྲིབ་པ། ཉོན་མོངས་པ་ཉིད་སྒྲིབ་པ་ཞེས་གསུམ་གསུངས་པའི་རང་བཞིན་དེ་གང་ཞེ་ན། མ་དང་ཕ་དང་དགྲ་བཅོམ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུངས་པ་སྟེ། མཚམས་མེད་པའི་ལས་རྣམས་ནི་ལས་ཀྱི་སྒྲིབ་པ་དང་ཉོན་མོངས་རྒྱུན་དུ་འབྱུང་བའི་ཤས་ཆེ་བ་དང་། རྣོ་བ་ནི་ཉོན་མོངས་ཆེན་པོ་སྟེ། ཤས་ཆེན་པོ་ནི་ཉོན་མོངས་པའི་སྒྲིབ་པ་སྟེ་རྒྱུན་དུ་འབྱུང་བ་ལ་ནི་ངེས་པར་ གཞོམ་པའི་གཉེན་པོ་རྙེད་དཀའ་བའི་ཕྱིར། དཔེར་ན་ཟ་མ་སོགས་ཀྱི་རྒྱུད་ལ་ཉོན་མོངས་རྒྱུན་དུ་འབྱུང་བ་བཞིན། རྒྱུན་དུ་འབྱུང་བ་ལ་ནི་ཆུང་ངུ་ལས་འབྲིང་དང་། འབྲིང་ལས་ཆེན་པོར་འགྱུར་བ་ཉིད་ཀྱིས་སྒྲིབ་པའོ། །ཉོན་མོངས་པ་རེས་འགའ་འབྱུང་བ་ནི་སྒྲིབ་པ་ཡིན་ཀྱང་དེ་སྦྱང་སླ་ བས་འཕགས་ལམ་ལ་མི་སྒྲིབ་སྟེ། ཤུགས་དྲག་ཀྱང་གཞོམ་པར་ནུས་པའི་ཕྱིར། དཔེར་ན་སོར་ཕྲེང་ཅན་དང་དགའ་བའི་རྒྱུད་ཀྱི་ཉོན་མོངས་བཞིན་ནོ། །ངན་འགྲོ་གསུམ་དང་བདེ་འགྲོའི་བྱང་སྒྲ་མི་སྙན་པ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་རྣམ་པར་སྨིན་པའི་སྒྲིབ་ པ་སྟེ་སྒྲིབ་པ་གསུམ་དུ་འདོད་དེ། འཕགས་ལམ་དང་། འཕགས་ལམ་ལ་སྦྱོར་བར་བྱེད་པའི་དགེ་རྩ་མི་སྡུག་པ་སོགས་དང་དྲོད་སོགས་རྣམས་ལ་སྒྲིབ་པའི་ཕྱིར། ངན་སོང་གསུམ་དུ་ངེས་པར་འགྱུར་བའི་ལས་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། ཚངས་ཆེན་དུ་ 3-1-124a ངེས་པའི་ལས་དང་། ཟ་མ་མ་ནིང་མཚན་གཉིས་པར་འགྱུར་བའི་ལས་དང་། སྒོ་ང་དང་དྲོད་གཤེར་ལས་སྐྱེ་བར་འགྱུར་བ་དང་། བུད་མེད་དུ་འགྱུར་བ་དང་། སྲིད་པ་ལན་བརྒྱད་པ་འགྲུབ་པའི་ལས་གཞན་དག་ཀྱང་དེར་བརྗོད་པར་རིགས་ཏེ། འཕགས་ པའི་ལམ་དང་། ལམ་ལ་སྦྱོར་བའི་དགེ་རྩ་ལ་མཚམས་མེད་དང་སྒྲིབ་པར་འདྲ་བའི་ཕྱིར་ཞེ་ན། མི་འདྲ་སྟེ། མཚམས་མེད་ཀྱི་ལས་ལམ་ལྔའི་གཞི་སྲོག་གཅོད་པའི་ལས་ལམ་གསུམ་དང་། རྫུན་དུ་སྨྲ་བའི་ལས་ལམ་དང་། སྲོག་གཅོད་པའི་སྦྱོར་བ་སྟེ་གཞི་དང་། དམྱལ་ བ་དང་ཐམས་ཅད་ཀྱི་འབྲས་བུ་ཡིད་དུ་མི་འོང་བ་ཅན་དང་། བྱེད་པ་པོ་མིའི་འགྲོ་བ་དང་། དེས་དམྱལ་བའི་འགྲོ་བ་ཐོབ་པ་དང་། སྐྱེས་ནས་མྱོང་འགྱུར་གྱི་སྐྱེ་བ་དང་། ཟ་མ་དང་མ་ནིང་གི་མ་ཡིན་པར་སྐྱེས་པ་དང་བུད་མེད་ཀྱི་ཡིན་པ་དང་། ཉོན་མོངས་ཆེན་པོ་ཀུན་ཏུ་སྤྱོད་ པས་ཕ་སོགས་གསོད་པའི་གང་ཟག །གཞན་ལ་བསྟན་པ་དང་རང་གིས་ཤེས་པར་སླ་ཚོད་དུ་དེ་དག་ཁོ་ནར་བཤད་ཀྱི། ངན་སོང་སོགས་སུ་ངེས་འགྱུར་དང་། སྒོ་ང་དང་དྲོད་གཤེར་ལས་སྐྱེ་འགྱུར་དང་། བུད་མེད་དང་སྲིད་པ་བརྒྱད་པར་ངེས་འགྱུར་དུ་སྐྱེ་བའི་ལས་ཀྱི་གཞི་ དང་། འབྲས་བུ་དང་འགྲོ་བ་དང་སྐྱེ་བ་དང་། གང་ཟག །རང་གིས་ཤེས་པ་དང་། གཞན་ལ་བསྟན་པར་དཀའ་བའི་ཕྱིར་ཏེ། དེ་ཚོར་སྐྱེ་བའི་ལས་ཀྱི་གཞི་འདི་ཚོ་ཡིན་བྱ་བའམ། འབྲས་བུ་འདི་ཚོ་ཡིན་བྱ་བའམ། འགྲོ་བ་འདི་ཚོ་ཡིན་བྱ་བའམ། སྐྱེ་བ་འདི་ཚོ་ཡིན་བྱ་བའམ། གང་ཟག་འདི་ཡིན་བྱ་བ་ཤེས་དཀའ་བའི་ཕྱིར་བཞག་པ་མ་ཡིན་ནོ། །དེ་དག་ལས་ཉོན་སྒྲིབ་ནི་སྐྱེ་བ་མང་པོ་གསོར་མི་རུང་བས་ཐམས་ཅད་ཀྱི་ཐ་ཤལ་ཡིན་ལ། དེ་ནས་ལས་སྒྲིབ་ཐ་ཤལ་ཡིན་ཏེ། དེ་ནི་ཚེ་ཕྱི་མ་ལའང་གསོར་མི་རུང་བའི་ཕྱིར། རྣམ་སྨིན་གྱི་སྒྲིབ་པ་ནི་ 3-1-124b མཐོང་ཆོས་ཁོ་ན་ལ་སྒྲིབ་པས་ཉེས་པ་ཆུང་སྟེ། ཚེ་རབས་ཕྱི་མ་ལ་གསོར་རུང་བའི་ཕྱིར། བྱང་གི་སྒྲ་མི་སྙན་པ་ཡང་སུམ་ཅུ་རྩ་གསུམ་དུ་ལྷའི་བུར་གྱུར་ནས་མཐོང་ལམ་སྐྱེས་པ་ལྟ་བུའོ། །བྱེ་སྨྲ་ན་རེ། ཉོན་སྒྲིབ་ཀྱིས་ལས་སྒྲིབ་འདྲེན་ལ། ལས་སྒྲིབ་ཀྱིས་རྣམ་སྨིན་གྱི་སྒྲིབ་ པ་འདྲེན་པས་ཉོན་སྒྲིབ་ནི་ཐམས་ཅད་པས་སྡིག་ཆེའོ། །ལས་སྒྲིབ་ནི་དེ་ལས་ཡང་ཞིང་། རྣམ་སྨིན་གྱི་སྒྲིབ་པ་ནི་དེ་ལས་ཡང་ངོ་། །མཚམས་མེད་པའི་ལས་ཀྱི་དོན་ནི། རྣམ་སྨིན་གཞན་མྱོང་བའི་ལས་གཅིག་གིས་བར་དུ་བཅད་ནས། སྐྱེས་ནས་མྱོང་བའི་རྣམ་པར་སྨིན་པ་ ལ་བར་བཅད་མི་ནུས་པས་མཚམས་མེད་ཅེས་བྱ་སྟེ། ལས་གཞན་གྱི་ཟིལ་གྱིས་གནོན་མི་ནུས་པའི་ཕྱིར། ཡང་ན་ལས་དེ་བྱེད་པའི་གང་ཟག་འདི་ནས་ཤི་འཕོས་པ་དང་། དམྱལ་བར་སྐྱེ་བར་འགྱུར་བ་ལ་མཚམས་མེད་པ་ཡིན་ཏེ། འགྲོ་བ་གཞན་གྱི་ཚེ་གཞན་གྱི་བར་ཆད་ མེད་པའི་ཕྱིར། དེ་དེར་སྐྱེ་བའི་དངོས་པོ་ནི་ཆོས་ཅན། བར་ཆད་མེད་པ་ཡིན་ཏེ། བར་ཆད་མེད་པའི་ལས་ཉིད་ཀྱི་ཆོས་དང་ལྡན་པའི་ཕྱིར། དཔེར་ན་ཟག་པ་མེད་པའི་ལས་གང་དང་ལྡན་པ་ལ་དགེ་སྦྱོང་ཞེས་བརྗོད་པར་བྱ་བ་ལ། དགེ་སྦྱོང་ཉིད་ནི་དྲི་མེད་ལམ་ཞེས་ངོ་བོའི་ རྐྱེན་ཡིན་པ་བཞིན་ནོ། །གཉིས་པ་ལ། མཚམས་མེད་སྤྱིར་བཏང་བ། ཕ་མ་གསོད་པའི་མཚམས་མེད་ལ་དམིགས་བསལ། སྒྲིབ་པ་གཞན་གཉིས་གང་ན་ཡོད་པའོ། །དང་པོ་ནི། མཚམས་མེད་གླིང་གསུམ་དག་ན་ཡོད། །ཟ་མ་སོགས་ལ་མི་འདོད་དོ། །རེ་ཞིག་གཅིག་ཏུ་མཚམས་མེད་ནི་གླིང་གསུམ་དག་ན་ཡོད་ཀྱི། བྱང་གི་སྒྲ་མི་ སྙན་དང་འགྲོ་བ་གཞན་ན་ཡང་མེད་པའི་ཕྱིར་ཁམས་གཞན་ན་ལྟ་ཅི་སྨོས། དེ་གསུམ་ནའང་སྐྱེས་པ་དང་བུད་མེད་ཁོ་ན་ལ་ཡོད་ཀྱི། སྡོམ་པ་མེད་པའི་གང་ཟག་ལ་སྡོམ་མིན་ཀྱང་མེད་པ་དེའི་ཕྱིར། དེས་ན་ཟ་མ་དང་སོགས་པས་མ་ནིང་དང་མཚན་གཉིས་པ་ལ་མི་འདོད་དོ། ། 3-1-125a གཉིས་པ་ནི། ཕན་དང་ངོ་ཚ་ཆུང་བའི་ཕྱིར། །ཟ་མ་སོགས་ཀྱིས་ཕ་མ་གསོད་ན་མཚམས་མེད་དུ་མི་འགྱུར་ཏེ། དེའི་ཕ་མས་ནི་དེའི་ལུས་མ་ཚང་བ་བསྐྱེད་ཅིང་བུ་ཚ་དེས་ཕན་མི་ཐོགས་པར་མནོས་ཏེ་བྱམས་པ་ཆུང་བས་ཕན་པ་འདོགས་པའང་ཤས་ཆུང་བའི་ཕྱིར། བུ་ཚས་ཀྱང་ཕ་མ་ལ་ ངོ་ཚ་དང་ཁྲེལ་ཡོད་ཀྱི་བློ་ཡོད་ན་བསད་སོགས་ལ་མཚམས་མེད་ཀྱི་ཁ་ན་མ་ཐོ་བར་འགྱུར་བ་ལས། ངོ་ཚ་དང་ཁྲེལ་ཡོད་ཆུང་བའི་ཕྱིར་རོ། །འོ་ན་སྐྱེས་པ་དང་བུད་མེད་དམུས་ལོང་དང་གཏན་འོན་སོགས་ཀྱིས་ཕ་མ་གསོད་ཀྱང་དེར་མི་འགྱུར་བར་ཐལ། ཕ་མས་དབང་པོ་མ་ ཚང་བར་བསྐྱེད་པས་ཕན་པ་ཆུང་བའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། འདིར་དབང་པོ་དང་བཅས་པའི་ལུས་མ་ཚང་བ་ནི་མངོན་པར་རྟོགས་པ་སྐྱེ་བའི་ལུས་མ་ཚང་བ་ཟ་མ་སོགས་ལ་བརྗོད་ཀྱི་ལོང་བ་སོགས་ལ་མངོན་རྟོགས་སྐྱེ་བའི་སྐལ་བ་ཅན་ཡིན་པས་ལུས་ཚང་བར་བསྐྱེད་པའི་སྒོ་ ནས་ཕ་མ་དྲིན་ཆེ་བའི་ཕྱིར། ཡི་དྭགས་དང་དུད་འགྲོས་ཕ་མ་གསོད་ཀྱང་མཚམས་མེད་དུ་མི་འགྱུར་ཏེ། ཕན་པ་དང་ངོ་ཚ་ཆུང་བའི་ཕྱིར་ཞེས་འདོད་པར་གྲགས་པ་ལ། བཙུན་པ་ན་རེ། ཡི་དྭགས་དང་དུད་འགྲོ་བློ་གསལ་བས་ཕ་མ་གསོད་ན་མཚམས་མེད་དུ་འགྱུར་ཏེ། ངོ་ཚ་དང་ཁྲེལ་ ཡོད་ཤས་ཆེན་པོ་དང་ལྡན་པའི་ཕྱིར། དཔེར་ན་རྟ་ཅང་ཤེས་དེ་མ་ལ་མི་བརྒལ་བ་ལ་གདོང་གོས་ཀྱིས་གཡོགས་ཏེ་མ་ལ་བརྒལ་དུ་བཅུག་པ་དང་། དེས་ཕྱིས་ཤེས་ནས་རང་གི་ཕོ་མཚན་བཅད་པར་གྲགས་པ་ལྟ་བུ་བློ་གསལ་འདོད་ལོག་སྤོང་བ་བཞིན་ནོ། །མིའི་ཕ་མ་མི་མ་ ཡིན་བསད་ནའང་མཚམས་མེད་དུ་མི་འགྱུར་ཏེ། མི་མིན་དེས་ཀྱང་མི་དང་འཚམས་པའི་ཕན་པ་མི་ནུས་པ་དང་། བུས་ཀྱང་ཕ་མ་དང་རིས་མི་མཐུན་པས་ངོ་ཚ་ཆུང་བའི་ཕྱིར་རོ། །གསུམ་པ་ནི། ལྷག་མ་འགྲོ་བ་ལྔ་དག་ན། །ལྷག་མ་ཉོན་སྒྲིབ་དང་རྣམ་སྨིན་གྱི་སྒྲིབ་པ་ནི་འགྲོ་བ་ལྔ་པོ་དག་ན་ཡོད་དེ། མིའི་ 3-1-125b ནང་ན་རྣམ་སྨིན་གྱི་སྒྲིབ་པ་བདེན་པ་མཐོང་མི་ནུས་པ་སྒྲ་མི་སྙན་པ་ཡོད་ལ། ལྷའི་ནང་དུ་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཡོད་པའི་ཕྱིར། མཚམས་མེད་པ་བཞི་ནི་ལུས་ཀྱི་ལས་དང་། གཅིག་ནི་ངག་གི་ལས་ཡིན་ཏེ། གསུམ་ནི་སྲོག་གཅོད་པ་དང་། གཅིག་ནི་རྫུན་དུ་ སྨྲ་བ་དང་། གཅིག་ནི་སྲོག་གཅོད་པའི་སྦྱོར་བ་ཡིན་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ནི་རང་འགྲོངས་ཀྱི་གཞན་ལྷ་སྦྱིན་སོགས་ཀྱིས་གླང་པོ་ནོར་སྐྱོང་སོགས་རྦད་ནས་འགྲོངས་སུ་འཇུག་མ་ནུས་པའི་ཕྱིར། མི་བརྫི་བའི་ཆོས་ཅན་ཡིན་ནོ། །གསུམ་པ་ལས་སྒྲིབ་བྱེ་བྲག་ཏུ་ བཤད་པ་ལ། མཚམས་མེད་དང་། དེ་དང་ཉེ་བའོ། །དང་པོ་ལ། མཚམས་མེད་དངོས། དེའི་ལས་འབྲས། ལས་འབྲས་ཀྱི་ཞར་བྱུང་ངོ་། །དང་པོ་ལ། དབྱེན་གྱི་མཚམས་མེད་རྒྱས་པར་བཤད་པ་དང་། ལྔ་ཀ་བསྡོམས་ཏེ་བཤད་པའོ། །དང་པོ་ལ། ངོ་བོ་དང་། འབྲས་བུ་དང་། རྣམ་པའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ལ། འདི་དབྱེ་བའི་དབྱེན་དང་། འདིས་འབྱེད་པའི་དབྱེན་ནོ། །དང་པོ་ལ། ངོ་བོ་དང་། གང་ལ་ལྡན་པའོ། །དང་པོ་ནི། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དགེ་འདུན་གྱི་དབྱེན་ལྡན་མིན་འདུ་བྱེད་ཀྱི་རྒྱུ་ནི་རྫུན་ཡིན་པས། རྒྱུ་ལ་འབྲས་ བུའི་མིང་གིས་བཏགས་པའམ། རྫུན་གྱི་རྒྱུ་འདིས་དགེ་འདུན་འབྱེད་པར་བྱེད་པས་ན། དགེ་འདུན་གྱི་དབྱེན་ལ་མཚམས་མེད་ཅེས་བརྗོད་པ་ནི་བྱེད་ལས་ཀྱི་མིང་གིས་འབྲས་བུ་ལ་བཏགས་པ་ཡིན་གྱི། བྱེ་བའི་དབྱེན་གྱི་ངོ་བོ་མཚམས་མེད་དུ་བསྒྲུབ་པ་མ་ཡིན་ནོ། །བྱེ་སྨྲ་ ལྟར་ན། དགེ་འདུན་གྱི་དབྱེན་ནི་མི་འཕྲོད་པ་མི་མཐུན་པའི་རང་བཞིན་རྫས་ཡོད་སེམས་དང་ལྡན་པ་མ་ཡིན་པའི་ཆོས་འདུ་བྱེད་དེ། ཉོན་མོངས་སྤངས་པ་དང་དགེ་རྩ་ཆད་པ་དག་ལའང་ལྡན་པས་ངོ་བོ་ཉོན་མོངས་པ་ཅན་ཡང་མིན། མི་དགེ་བར་ལུང་བསྟན་པའང་མིན་པའི་ 3-1-126a ཕྱིར་ན་མ་སྒྲིབ་ལུང་མ་བསྟན་ཡིན་པ་ཉིད་ཀྱིས་མཚམས་མེད་པ་ནི་མ་ཡིན་པས། ལྡན་མིན་གྱི་ཆོས་འདི་ནི་འབྱེད་པ་པོ་དང་ལྡན་པ་མ་ཡིན་ནོ། །གཉིས་པ་ནི། དེ་དང་དགེ་འདུན་ཡང་དག་ལྡན། །དབྱེན་དེ་དང་དབྱེ་བའི་དགེ་འདུན་ཡང་དག་པར་ལྡན་གྱི། དེ་འབྱེད་པ་པོ་ལྷ་སྦྱིན་ལ་ནི་ ལྡན་པ་མ་ཡིན་པ་ཁོ་ནའོ། །གཉིས་པ་འདིས་འབྱེད་པའི་དབྱེན་ལ། ངོ་བོ་དང་། གང་ལ་ལྡན་པ། དང་པོ་ནི། དེ་ཡི་ཁ་ན་མ་ཐོ་རྫུན། །དགེ་འདུན་གྱི་དབྱེན་ལྡན་མིན་གྱི་ཆོས་དེ་དང་ལྷན་ཅིག་སྐྱེས་པའི་དེའི་ངག་གི་རིག་བྱེད་དང་རིག་བྱེད་མིན་པ་ཁ་ན་མ་ཐོ་བ་དེ་ནི་རྫུན་ནོ། །གཉིས་པ་ནི། དེ་དང་འབྱེད་པོ་ཡང་དག་ལྡན། །དེ་དང་ འབྱེད་པོ་ཡང་དག་ལྡན་ཅེས་སོ། །གཉིས་པ་དེའི་འབྲས་བུ་ལ། དངོས་དང་། དོགས་པ་བཅད་པའོ། །དང་པོ་ནི། བསྐལ་པར་མནར་མེད་པར་སྨིན་འགྱུར། །འབྱེད་པོ་དེ་བར་གྱི་བསྐལ་པར་མནར་མེད་པར་སྨིན་འགྱུར་ཏེ། འདོད་ཁམས་ན་དེ་བས་ཚེ་རིང་བ་མེད་པའི་ཕྱིར། མཚམས་མེད་གཞན་ནི་མནར་མེད་དུ་ མ་ངེས་སོ། །གཉིས་པ་ནི། ལྷག་པས་གནོད་པ་ལྷག་པར་འགྱུར། །མཚམས་མེད་མང་པོ་བྱས་ལ་དེ་ལན་གྲངས་གཞན་ལ་ནི་མི་མྱོང་། སྐྱེ་གནས་གཅིག་པུར་ནི་མཚམས་མེད་ཀྱི་ལས་འབྲས་མང་པོ་ཇི་ལྟར་རྫོགས་པར་སྨིན་རུང་ངམ་སྙམ་ན། མཚམས་མེད་ལྷག་པ་མང་པོས་མནར་མེད་དུ་གཉིས་དང་གསུམ་ དང་བཞི་དང་ལྔ་འགྱུར་གྱི་ཚོར་བ་སྡུག་བསྔལ་གྱི་གཞི་ཡུས་ཆེན་པོ་དང་། ཤིན་ཏུ་གཞོན་ཤ་ཅན་གྱི་ལུས་ཐོབ་ཅིང་། གནོད་པ་ལྷག་པར་རབ་ཏུ་མང་བ་དང་ཤིན་ཏུ་མི་བཟད་པར་འགྱུར་རོ། །གསུམ་པ་རྣམ་པའི་སྒོ་ནས་རྒྱས་པར་བཤད་པ་ལ། འཁོར་ལོའི་དབྱེན་གྱི་རྣམ་ པ་དང་། ལས་ཀྱི་དབྱེན་བཤད་པ། འཁོར་ལོའི་དབྱེན་མི་འབྱུང་བའི་དུས་ངོས་བཟུང་བའོ། །དང་པོ་ལ། སུ་ཞིག་གིས་འབྱེད་པ། གང་དུ་འབྱེད་པ། སུ་དག་འབྱེད་པ། ཇི་ཙམ་གྱིས་བྱེ་བ། དུས་ཇི་སྲིད་དུ་འཇུག་པ། སྒྲ་དོན། གླིང་གང་ལ་ཡོད་པ། དགེ་སློང་གི་ 3-1-126b གྲངས་སོ། །དང་པོ་ནི། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ། །འབྱེད་བྱེད་དེ་ཡང་དགེ་སློང་གིས་འབྱེད་ཀྱི། ཡུལ་མི་གཉན་པས་ཁྱིམ་པ་ཡང་མ་ཡིན་ལ་དགེ་སློང་མ་སོགས་ཀྱིས་མ་ཡིན་ཏེ། དགེ་སློང་ལ་མི་སྤོབས་པའི་ཕྱིར། དགེ་སློང་དེ་ཡང་འཇིག་ལྟ་སོགས་ལྟ་བ་ལྔ་སྤྱད་ཅིང་ཞུགས་པ་ཁོ་ནས་བརྟག་ཅིང་ སེལ་ནུས་པས་སྟོན་པ་གཞན་དང་ལམ་གཞན་བཟུང་ནུས་དེས་འབྱེད་དེ། སྡིག་པའི་བསམ་པ་བརྟན་པ་དང་འཁྱུད་པ་ཅན་ཡིན་པའི་ཕྱིར། སྲེད་པ་སྤྱོད་པས་ནི་མ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཕྱོགས་ལ་བསམ་པ་མི་བརྟན་པའི་ཕྱིར་རོ། །ཚུལ་དང་ལྡན་ པས་འབྱེད་ཀྱི་ཚུལ་ཉམས་པས་ནི་མ་ཡིན་ཏེ། དེའི་ཚིག་མི་བཙན་པའི་ཕྱིར། གཉིས་པ་ནི། གཞན་དུའོ། །བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་དེ་ལས་གཞན་དུ་འབྱེད་པའོ། །དེ་བཞིན་གཤེགས་པ་རྣམས་ནི་བཟོད་དཀའ་བ་སྟེ། ཟིལ་གྱིས་མནན་དཀའ་བའི་ཕྱིར་དང་། བཀའ་ བཙན་པའི་ཕྱིར་སྟོན་པ་མངོན་སུམ་དུ་བཞུགས་པ་ཉིད་དུ་དབྱེ་མི་ནུས་སོ། །གསུམ་པ་ནི། བྱིས་པ་རྣམས། །བྱིས་པ་རྣམས་ཁོ་ན་འབྱེད་ཀྱི་འཕགས་པ་རྣམས་ནི་མ་ཡིན་ཏེ། ལུང་དང་རྟོགས་པའི་ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་དང་། དད་པ་མི་ཕྱེད་པ་དང་ལྡན་པའི་ཕྱིར་རོ། །ཁ་ཅིག་ན་ རེ། དྲོད་དང་རྩེ་མོ་ལ་གནས་པ་མན་ཆད་འབྱེད་དེ་ཉམས་སྲིད་པའི་ཕྱིར། ངེས་འབྱེད་ཆེན་པོ་བཟོད་པ་ཆེན་པོ་ཐོབ་པ་རྣམས་ནི་མ་ཡིན་ཏེ། བདེན་པ་མཐོང་བ་དང་འདྲ་བའི་ཕྱིར་རམ། མཐོང་ལམ་དང་ཉེ་ཞིང་ངེས་པ་ལ་མངོན་སུམ་དུ་ཕྱོགས་པའི་ཕྱིར་ཞེས་ཟེར་རོ། །བཞི་པ་ ནི། སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ། །དེ་བཞིན་གཤེགས་པ་ལས་གཞན་པའི་སྟོན་པ་དང་དེས་བསྟན་པའི་ལམ་ལས་གཞན་པའི་ལམ་གཞི་ལྔ་པོ་འོ་མ་མི་སྤྱད་པ་དང་། ཤ་སྤོང་བ་དང་། ལན་ཚ་ལོངས་མི་སྤྱད་པ་དང་། གོས་མ་དྲས་པ་བགོ་བ་དང་། གྲོང་གི་ནང་གི་གཙུག་ལག་ཁང་དུ་འདུག་པ་ཞེས་ 3-1-127a པ་ལ་བཟོད་ན་དེ་ཙམ་གྱིས་དགེ་འདུན་བྱེ་བ་ཞེས་བརྗོད་དོ། །ལྔ་པ་ནི། དེ་ནི་མི་གནས་སོ། །བྱེ་ནས་དེ་ཉིད་ཀྱི་ནི་ནུབ་རངས་པ་གཅིག་ཏུ་མི་གནས་སོ། །ནམ་མ་ལངས་པ་ཉིད་དུ་ངེས་པར་དགེ་འདུན་སླར་འདུམ་པར་འགྱུར་རོ། །དྲུག་པ་ནི། དེ་ནི་འཁོར་ལོའི་དབྱེན་དུ་འདོད། །དགེ་འདུན་གྱི་དབྱེན་དེ་ནི་ འཁོར་ལོའི་དབྱེན་དུ་འདོད་དེ། མཐོང་ལམ་ནི་འཁོར་ལོ་དང་འདྲ་བས་འཁོར་ལོ་མྱུར་དུ་འཇུག་པ་བཞིན་མཐོང་ལམ་ཀྱང་མྱུར་དུ་འཇུག །འཁོར་ལོ་ས་གཅིག་ཏུ་མི་གནས་པ་བཞིན་དུ་མཐོང་ལམ་ཀྱང་ཤེས་བཟོད་པ་གཅིག་ཏུ་མི་གནས། འཁོར་ལོ་མ་རྒྱལ་བ་རྒྱལ་བར་ བྱེད་པ་བཞིན་མཐོང་ལམ་གྱིས་ཀྱང་བྱེད། འཁོར་ལོ་ཡར་འཕར་མར་འཕར་བྱེད་པ་བཞིན་མཐོང་ལམ་ཀྱང་ཁམས་གོང་འོག་ཏུ་ཡར་འཕར་མར་གཞོལ་བྱེད་པའི་འཁོར་ལོ་དང་འདྲ་བ་དེ་ལ། ཇི་སྲིད་དུ་དགེ་འདུན་འདུམ་པར་མ་གྱུར་པ་དེ་སྲིད་དུ་ལམ་འཇུག་པའི་གེགས་ སུ་གྱུར་ནས་འགའི་རྒྱུད་ལ་ཡང་འཕགས་པའི་ལམ་མངོན་དུ་མི་འགྱུར་བའི་ཕྱིར། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཆོས་འཁོར་ཕྱེ་བའི་ཕྱིར། འཁོར་ལོའི་དབྱེན་དང་དེའི་རྒྱུ་མཚན་དུ་དགེ་འདུན་གྱི་དབྱེན་ཅེས་ཀྱང་བྱའོ། །བདུན་པ་ནི། འཛམ་བུའི་གླིང་ནའོ། །འཛམ་བུ་གླིང་ནའོ་སྟེ། གླིང་ གཞན་ན་མེད་དེ། གཞན་ན་སྟོན་པ་མེད་པས་སྟོན་པ་དང་མཉམ་དུ་རེ་བའི་ཁ་ལོག་ཏུ་འཇུག་པ་ལྷ་སྦྱིན་ལྟ་བུ་མེད་པའི་ཕྱིར་རོ། །བརྒྱད་པ་ནི། དགུ་སོགས་ཀྱི། །དབྱེ་བྱ་དགེ་འདུན་དགེ་སློང་བརྒྱད་དང་དགུ་པ་ནི་འབྱེད་པོ་ལས། དགུ་སོགས་ཀྱིས་ཏེ། དེ་ཡན་ཆད་གྲངས་མ་ངེས་པས་འབྱེད་དེ། ངེས་ པར་སངས་རྒྱས་དང་ལྷ་སྦྱིན་གྱི་ཕྱོགས་ལ་དགེ་འདུན་གཉིས་སུ་གནས་པར་གྱུར་ནས་བྱེ་དགོས་པའི་ཕྱིར། དགེ་འདུན་གྱི་དབྱེན་གཞན་ནི་ལས་ཀྱི་དབྱེན་ལས་འགྱུར་ཏེ། མཚམས་གཅིག་གི་ནང་དུ་བློ་མི་མཐུན་པས་དགེ་འདུན་གྱི་ལས་གསོ་སྦྱོང་སོགས་བྱས་ན་དེར་འགྱུར་བའི་ཕྱིར། 3-1-127b གཉིས་པ་ལས་ཀྱི་དབྱེན་ནི། ལས་ཀྱི་དབྱེན་ནི་གླིང་གསུམ་ན། །དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །ལས་ཀྱི་དབྱེན་ནི་བསྟན་པ་ཡོད་ན་གླིང་གསུམ་ཁོ་ན་ན་ཡོད་དོ། །ལས་ཀྱི་དབྱེན་དེ་ནི་དགེ་སློང་བརྒྱད་དག་ཡན་ཆད་ཀྱིས་ཀྱང་འབྱེད་དེ། འབྱེད་པ་པོ་སྟོན་པར་ང་རྒྱལ་བྱེད་པ་མེད་ཅིང་། འབྱེད་པ་པོའང་མི་དགོས་པར་དགེ་འདུན་བཞི་སོ་སོར་བྱེ་ནས་ མཚམས་གཅིག་གི་ནང་ན་ལས་སོ་སོར་བྱེ་བས་འགྲུབ་པའི་ཕྱིར་རོ། །གསུམ་པ་འཁོར་ལོའི་དབྱེན་མི་འབྱུང་བའི་དུས་ངོས་བཟུང་བ་ནི། དང་པོ་མཐའ་སྐྱོན་ཟུང་གཅིག་གི། སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །འཁོར་ལོའི་དབྱེན་ནི་དུས་དྲུག་དག་ཏུ་མི་འབྱུང་སྟེ། དང་པོ་ཆོས་འཁོར་བསྐོར་ནས་རིང་པོར་མ་ལོན་པ་ན། སྔར་མེད་ཀྱི་ཆོས་བྱུང་བ་ལ་ དགའ་བ་དང་། རབ་ཏུ་དགའ་བ་སྐྱེ་བས་བསམ་པ་དགེ་བ་ཤ་གཅིག་པ་དང་། མཐའ་མ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་ཚེ་སྟོན་པ་དང་བྲལ་བའམ་མི་རྟག་པར་ཡིད་ལ་བྱེད་པས་སྐྱོ་བ་སྐྱེ་བས་དགེ་འདུན་ཤ་གཅིག་པ་བློ་གཅིག་ཅིང་མི་མཐུན་པ་མེད་པ་ཡིན་ནོ། །བར་དུ་ ཡང་བསྟན་པ་ལ་ལྟ་བའི་སྐྱོན་འཆི་ལྟས་ཀྱིས། བདག་གིས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་འཚལ་བ་ལྟར་ན། བཅོམ་ལྡན་འདས་ཀྱིས་གང་ཞིག་གིས་བར་དུ་གཅོད་པའི་ཆོས་སུ་བཀའ་སྩལ་པ་དེ་དག་ནི་བསྟེན་ན་བར་དུ་གཅོད་པར་བགྱིད་པར་མི་འགྱུར་བ་ལགས་སོ། །ཞེས་ པ་དང་། སེམས་དེ་ཉིད་ཀུན་ཏུ་རྒྱུག་ཅིང་འཁོར་བར་འགྱུར་བ་ལགས་སོ། །ཞེས་བཤད་པ་ལྟ་བུ་མ་བྱུང་གི་བར་དུ་དང་། ཚུལ་ཁྲིམས་ཀྱི་སྐྱོན་བཟང་སྦྱིན་གྱིས་འཆལ་པའི་ཚུལ་ཁྲིམས་མ་བྱུང་གི་བར་དུ་དང་། ཇི་སྲིད་དུ་ཉན་ཐོས་རྫུ་འཕྲུལ་ཅན་དང་ཤེས་རབ་ཅན་གྱི་མཆོག་ ཟུང་གཅིག་མ་བྱུང་གི་སྔ་རོལ་ཏུ་འབྱེ་བར་མི་འགྱུར་ཏེ། བྱེ་བ་ནུབ་རངས་སུ་མི་གནས་པར་ཉན་ཐོས་ཟུང་དེས་ཕྱིར་བཟླུམ་པར་འགྱུར་བའི་ཕྱིར། ཐུབ་པ་ནོངས་པ་ན་ཡང་མི་འབྱུང་སྟེ། སྟོན་པ་མྱ་ངན་ལས་འདས་ན་འབྱེད་པ་པོའི་འགྲན་ཟླ་མེད་པའི་ཕྱིར། དཀྱིལ་འཁོར་གྱི་མཚམས་ 3-1-128a གཅིག་གི་ནང་དུ་ལས་ཐ་དད་བྱེད་པས་དགེ་འདུན་ཕྱོགས་གཉིས་སུ་གནས་པ་ན་བྱེ་བ་ཡིན་ལ། ཇི་སྲིད་དུ་མཚམས་མ་བཅད་པ་དག་ཏུ་འབྱུང་བ་མ་ཡིན་པའི་ཕྱིར། གང་གིས་སློབ་མ་དགེ་འདུན་དབྱེ་བར་འགྱུར་བའི་ལས་བྱས་པ་ལ་རག་པས། སྟོན་ པ་འདིས་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་དྲང་སྲོང་མངོན་ཤེས་ལྔ་ཅན་གྱི་འཁོར་གྱི་དབྱེན་བྱས་པས་འདིའི་དགེ་འདུན་ལྷ་སྦྱིན་གྱིས་ཕྱེའོ་ཞེས་གྲགས་ལ། སངས་རྒྱས་ཐམས་ཅད་ཀྱི་འཁོར་ལོ་ལ་ནི་དབྱེན་འབྱུང་བ་མ་ཡིན་ནོ། །གཉིས་པ་ལྔ་ཀ་བསྡོམས་ཏེ་བཤད་པ་ལ། མཚམས་མེད་ལྔའི་གྲངས་ངེས་དང་། འཕྲོས་དོན་དོགས་པ་གཅོད་པའོ། །དང་པོ་ནི། ཕན་འདོགས་པ་དང་ཡོན་ཏན་ཞིང་། །སྤངས་དང་མེད་པར་བྱས་ཕྱིར་རོ། །མ་བསད་པ་སོགས་མཚམས་མེད་ཡིན་ལ། གཞན་དག་མ་ཡིན་པ་ཅི་ཞེ་ན། ཕན་འདོགས་པ་དང་ཡོན་ཏན་གྱི་ཞིང་བསམ་པས་སྤངས་པ་དང་སྦྱོར་བས་མེད་པའམ་ཉམས་པར་བྱས་པ་ལས་ དེར་བཞག་པའི་ཕྱིར་རོ། །དེ་ལ་ཕ་མ་ནི་ལུས་ཐར་པ་དང་མཐུན་པར་བསྐྱེད་པས་ཕན་འདོགས་པའི་ཞིང་ཡིན་ལ། གཞན་གསུམ་ནི་ཡོན་ཏན་གྱི་རྟེན་ཡིན་པའམ། །བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པས་ན་ཡོན་ཏན་གྱི་ཞིང་། ཞིང་ས་གཤིན་པ་ལ་ས་བོན་བཏབ་ན་འབྲས་བུ་ མང་དུ་འབྱུང་བ་བཞིན་ནོ། །དེ་རྣམས་ནི་བསམ་པས་སྤངས་ཤིང་དང་པོ་གསུམ་སྦྱོར་བས་དངོས་སུ་མེད་པར་བྱས་ལ། ཕྱི་མ་གཉིས་ཀྱང་སྦྱོར་བས་ཉམས་པར་བྱས་པའོ། །གཉིས་པ་ལ། མ་གསོད་པའི་དོགས་གཅོད། ངན་སེམས་ཀྱིས་ཁྲག་ཕྱུང་བའི་དོགས་གཅོད། དགྲ་བཅོམ་ གསོད་པའི་དོགས་གཅོད་དོ། །དང་པོ་ལ། མཚན་གྱུར་པ་ལ་དཔྱད་པ། ཟླ་མཚན་མངལ་གཞན་དུ་བསྐྱེད་པའི་དོགས་གཅོད་དོ། །དང་པོ་ནི། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །ཕ་མ་མཚན་ནི་གཞན་དུ་གྱུར་ཀྱང་ལུས་གཅིག་པ་དེ་ལ་ཕའམ་མ་བསད་པའི་མཚམས་མེད་དུ་འགྱུར་ཏེ། ཕ་ཡང་མ་ཡིན། དགྲ་བཅོམ་ 3-1-128b ཡང་མ་ཡིན་པའི་སྐྱེས་པ་ཞིག་བསད་ན་མཚམས་མེད་ཀྱི་ཁ་ན་མ་ཐོ་བས་རེག་པ་ཡོད་དམ་ཞེ་ན། ཡོད་དེ། མ་མཚན་གྱུར་པ་བསད་ནའོ། །མ་ཡང་མ་ཡིན། དགྲ་བཅོམ་ཡང་མ་ཡིན་པའི་བུད་མེད་གཅིག་བསད་ན་མཚམས་མེད་ཀྱི་ཁ་ན་མ་ཐོ་བས་རེག་སྟེ། ཕ་མཚན་གྱུར་པ་བསད་ ན་དེར་འགྱུར་བའི་ཕྱིར། སྐྱེ་བ་འདིའི་ཕ་དེ་ཚེ་འཕོས་ནས་ལུག་ལྟ་བུར་སྐྱེས་པ་དེ་བསད་ཀྱང་ལུས་ཐ་དད་དུ་འཕོས་པའི་ཕྱིར་མཚམས་མེད་མི་འབྱུང་ངོ་། །གཉིས་པ་ནི། གང་གི་ཟླ་མཚན་ལས་བྱུང་མ། །བུད་མེད་གཞན་ལས་ནུར་ནུར་པོ་ཟག་ནས་བུད་མེད་གཞན་གྱི་མངལ་དུ་བླུགས་ནས་བསྐྱེད་པ་དེ་བསད་ན་མཚམས་མེད་དུ་ འགྱུར་བའི་མ་ནི་སེམས་ཅན་དེ་གང་གི་ཟླ་མཚན་ལས་བྱུང་བ་དེ་ནི་དེའི་མ་ཡིན་ནོ། །གཉིས་པ་ལའང་མ་ལ་ཞུ་དགོས་པའི་བྱ་བ་ཐམས་ཅད་ཞུ་དགོས་པ་ཡིན་ཏེ། ལུས་བཟུང་ནུ་ཞོ་ལྡུད་པ་དང་། ཟས་རགས་པ་གོམས་པ་དང་། ཁྲུས་དང་ལུས་མཉེ་བ་དང་། ཡ་ང་བ་སྤོང་དུ་འཇུག་ པ་སོགས་ཕན་འདོགས་པ་ལ་མ་དང་འདྲ་བ་ཡིན་པའི་ཕྱིར། མ་གསོད་པའི་སྦྱོར་བ་བྱས་ནས་མ་ལས་གཞན་བསད་པ་དང་། མ་མ་ཡིན་པ་ལ་སྦྱོར་བ་བྱས་ནས་མ་བསད་ནའང་མཚམས་མེད་དུ་མི་འགྱུར་ཏེ། ཁྲིའུའི་སྟེང་ན་གོས་ཡོད་པ་དང་སྦྱར་ན། འདི་ན་དགྲ་ཉལ་ལོ་སྙམ་དུ་བསམ་ ནས་དེར་མཚོན་གྱིས་བཏབ་པ་དང་། མཚོན་བཏབ་པ་དེས་མ་ཁྲི་འོག་ཏུ་འདུག་པ་བསད་པ་དང་། བཙོ་བླག་མཁན་གྱིས་ཕའི་མགོ་ལ་སྦྲང་བུ་འདུག་ནས་སྦྲང་བུ་ལ་བརྒྱབས་པས་ཕ་ཤི་བ་ནི་མཚམས་མེད་པ་མ་ཡིན་པ་ལྟ་བུའི་ཕྱིར་རོ། །མཚོན་ཐབས་གཅིག་གིས་མ་དང་གཞན་ཞིག་ གཉིས་བསད་ན་རིག་བྱེད་མ་ཡིན་པ་ནི་གཉིས་ཡིན་ལ། རིག་བྱེད་ནི་མཚམས་མེད་ཁོ་ན་ཡིན་ཏེ། ལས་དེ་སྟོབས་ཆེ་བའི་ཕྱིར། བཙུན་པ་དབྱངས་སྒྲོག་ནི། རིག་བྱེད་ཁ་ཅིག་ནི་མཚམས་མེད་ཀྱིས་བསྡུས་ལ། རིག་བྱེད་ཁ་ཅིག་ནི་སྲོག་གཅོད་གཅིག་ཤོས་ཀྱིས་ 3-1-129a བསྡུས་པ་རྣམ་པ་གཉིས་ཏེ། རྡུལ་ཕྲ་རབ་བསགས་པ་མང་བ་ཡིན་པའི་ཕྱིར་ཞེས་ཟེར་རོ། །དགྲ་བཅོམ་མ་ཡིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་པ་བསད་ནའང་མཚམས་མེད་དུ་འགྱུར་ཏེ། འདི་བསད་དོ་ཞེས་རྟེན་ངེས་བཟུང་དུ་བྱས་པའི་ཕྱིར། ཁྱབ་སྟེ། དངོས་ པོ་ལ་དགྲ་བཅོམ་པ་ཡིན་པ་ལ་དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་བསད་ཀྱང་མཚམས་མེད་དུ་འགྱུར་ཏེ། དགྲ་བཅོམ་པ་དང་དགྲ་བཅོམ་མིན་པ་ལ་སྤུ་རིས་ཀྱི་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ལྟར་ན་ལྷ་སྦྱིན་བསད་སྙམ་ནས་དགྲ་བཅོམ་པ་མཆོད་སྦྱིན་བསད་པས་མཚམས་མེད་མི་ འོང་བར་འདོད་པ་ཉམས་ཞེ་ན། གནད་མི་མཚུངས་ཏེ། ལྷ་སྦྱིན་བསད་མནོ་བས་དགྲ་བཅོམ་པ་མཆོད་སྦྱིན་བསད་པ་དེ་གཉིས་ལ་སྤུ་རིས་མི་འདྲ་བ་ཡོད་པས། མཚམས་མེད་དང་སྲོག་གཅོད་པའི་ལས་ལམ་མི་འོང་བར་འདོད་པའི་ཕྱིར་རོ། །ཕ་དང་དགྲ་བཅོམ་ཐུན་མོང་བ་བསད་ ན། ཁ་ཅིག །དགྲ་བཅོམ་པ་ཡང་གཞན་གཅིག་བསད་པ་དང་། ཕ་ཡང་གཞན་གཅིག་བསད་པ་བས་སྡིག་ཆུང་ཟེར། ལ་ལ་ན་རེ་མཉམ་པོར་སྡིག་པ་འོང་ཟེར། འདིར་ནི་ཕ་དགྲ་བཅོམ་བསད་ནའང་མཚམས་མེད་ནི་དགྲ་བཅོམ་བསད་པའི་གཅིག་ཏུ་འགྱུར་ཏེ། རྟེན་གཅིག་པའི་ ཕྱིར་རོ། །འོ་ན་རྒྱལ་པོ་སྒྲ་ཅན་གྱིས་གྲོང་ཁྱེར་རོ་ཀུ་ཀ་དང་ཉེ་བ་ཞིག་ཏུ་ཕ་ཨུ་ཏྲ་ཡ་ན་འོངས་པ་ལ་གཤེད་མ་བཏང་སྟེ་བསད་པ་ལ། ཕ་དགྲ་བཅོམ་དེས་གཤེད་མའི་མི་ལ་སོང་ལ། སྐྲ་ཅན་ལ་ཁྱོད་ཀྱིས་ནི་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པ་གང་ཡིན་པ་དང་། དགྲ་བཅོམ་ པ་བསད་པའོ། །ཞེས་རྟོགས་པ་བརྗོད་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། དེར་བརྗོད་པ་ནི། ང་དགྲ་བཅོམ་པ་མིན་ཀྱང་ཕ་ཡིན་པས་ཁྱོད་ཀྱིས་ཕ་བསད། ཕ་མིན་ཀྱང་དགྲ་བཅོམ་པ་ཡིན་པས་དགྲ་བཅོམ་པ་བསད། དེར་སོང་ལ་སྐྲ་ཅན་ཁྱོད་ཀྱིས་མཚམས་ 3-1-129b མེད་པའི་རྒྱུ་གཉིས་ཀྱིས་མཚམས་མེད་པ་བྱས་སོ་ཞེས་སྨྲོས་ཤིག་པའམ། ཡང་ན་མཚམས་མེད་པའི་སྒོ་གཉིས་ནས་སྤྱོས་པས་མཚམས་མེད་པར་བྱས་པས་མཚམས་མེད་ཀྱི་སྡིག་ཤིན་ཏུ་ལྕི་བར་བསྟན་ནས་འགྱོད་དུ་གཞུག་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ངན་སེམས་ ཀྱིས་ཁྲག་ཕྱུང་བའི་དོགས་གཅོད་ནི། སངས་རྒྱས་བརྡེག་པར་སེམས་ལ་མིན། །སངས་རྒྱས་བཀྲོང་བའི་སེམས་ཀྱིས་མཚམས་མེད་དུ་འགྱུར་གྱི། སངས་རྒྱས་ལ་བརྡེག་པར་སེམས་པས་ཁྲག་ཕྱུང་བ་ལ་མཚམས་མེད་དུ་འགྱུར་བ་མིན་ཏེ། དེས་བཀྲོངས་པར་སེམས་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། བསྣུན་འོག་དགྲ་བཅོམ་པ་ལ་མིན། །དགྲ་མ་བཅོམ་ པའི་ཚེ་མཚོན་བསྣུན་ལ། བསྣུན་པའི་འོག་ཏུ་དགྲ་བཅོམ་དུ་གྱུར་པ་ལ་མཚམས་མེད་དུ་འགྱུར་བ་མིན་ཏེ། དེས་ནི་དགྲ་བཅོམ་དེ་ལ་སྦྱོར་བ་མ་བྱས་པའི་ཕྱིར་རོ། །གཉིས་པ་དེའི་ལས་འབྲས་བཤད་པ་ལ། སྤྱིར་བསྟན་པ་དང་། ཁྱད་པར་བཤད་པའོ། །དང་པོ་ནི། མཚམས་མེད་སྦྱོར་བ་བྱས་པ་ལ། །འདོད་ཆགས་བྲལ་འབྲས་མི་སྲིད་དོ། །མཚམས་ མེད་པའི་སྦྱོར་བ་བྱས་ཏེ། སེམས་དེ་ཡང་མ་བཟློག་པས་འདོད་ཆགས་དང་བྲལ་བ་མི་སྲིད་དོ། །བསམ་པ་ཤིན་ཏུ་འགལ་བའི་ཕྱིར། ལས་ཀྱི་ལམ་གཞན་སྲོག་གཅོད་ཀྱི་སྦྱོར་བ་བྱས་ནས་འཕགས་ལམ་སྐྱེས་པ་ལ་ནི་ཆོས་ཅན། ལས་ལམ་གྱི་ཁ་ན་མ་ཐོ་བ་མི་སྐྱེ་སྟེ། འཕགས་ ལམ་སྐྱེས་པའི་རྟེན་དེ་དང་ལས་ལམ་ཤིན་ཏུ་འགལ་བའི་ཕྱིར། སྔོན་འཕགས་སྐྱེས་པོ་སྐྲག་ནས་ཤཱཀྱའི་མི་རྩེན་མ་གངས་ཁྲོད་ཀྱི་ནགས་ཚལ་ཞིག་ན་འཁྲས་ཤིང་འཚོ་བ་རྔོན་གྱིས་འཚོ་བ་ལས། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ནས་བབས་ཏེ་འཁོར་བཅས་ལ་ཆོས་ བསྟན་པས་བུ་རྣམས་ཀྱིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སྟེ། སྔར་རི་དྭགས་ཀྱི་གདོས་དང་རྒྱ་བཤམས་པ་ལ། སྦྱོར་བ་དེས་རི་དྭགས་བསད་ཀྱང་འབྲས་བུ་ཐོབ་པས་མི་དགེ་བའི་ལས་ལམ་གྱིས་མ་རེག་གོ། གང་སྤེལ་དུ། བྱེ་བྲག་ཏུ་སྨྲ་བ་ནི་མཚམས་མེད་པའི་སྦྱོར་བ་ལའང་ 3-1-130a ལྡོག་སྟེ། སོར་ཕྲེང་ཅན་བཞིན་ནོ་ཞེས་ཟེར་རོ། །འཇམ་སྒེག་ན་རེ། འདི་ཡང་ཐེག་པ་ཐུན་མོང་བའི་དབང་དུ་བྱས་ཀྱི། ཐེག་ཆེན་ལྟར་ན། མཚམས་མེད་བྱས་པས་ཀྱང་འབྲས་བུ་ཐོབ་སྟེ། མ་སྐྱེས་དགྲའི་འགྱོད་བསལ་གྱི་མདོ་ལས། མ་བསད་པའི་ མཚམས་མེད་བྱས་པས་ཀྱང་དགྲ་བཅོམ་ཐོབ་པར་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །གཉིས་པ་ནི། དགེ་འདུན་དབྱེ་ཕྱིར་རྫུན་སྨྲ་བ། །ཁ་ན་མ་ཐོ་རབ་ཆེར་འདོད། །དེ་བཞིན་གཤེགས་པའི་ཆོས་དང་། མུ་སྟེགས་པའི་ནི་ཆོས་མིན་དུ་ཤེས་པས་དགེ་འདུན་དབྱེ་བའི་ཕྱིར་རྫུན་སྨྲ་བ་ལེགས་བཤད་ལ་ཉེས་བཤད་དང་། ཉེས་བཤད་ལ་ ལེགས་བཤད་དུ་ལོག་པས་ཉེས་སྤྱད་ཐམས་ཅད་ཀྱི་ནང་ན་ཁ་ན་མ་ཐོ་བ་དང་བཅས་པ་རབ་ཏུ་ཆེ་བར་འདོད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཟག་མེད་ཀྱི་ལམ་སྐྱེ་བ་ལ་གེགས་བྱས་པའི་སྒོ་ནས་བསྣུན་པའི་ཕྱིར། འཇིག་རྟེན་རྣམས་ཀྱི་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་བར་དུ་ གཅོད་པར་བྱེད་པའི་ཕྱིར་ཏེ། དགེ་འདུན་བྱེ་ནས་སླར་མ་འདུམ་བར་དུ་འཇིག་རྟེན་ངེས་པ་ལ་འཇུག་པ་དང་། འབྲས་བུ་ཐོབ་པ་དང་། འདོད་ཆགས་དང་བྲལ་བ་དང་། ཟག་པ་ཟད་པ་ལ་གེགས་སུ་གྱུར་ཅིང་བསམ་གཏན་དང་། ཀློག་པ་དང་། ཁ་ཏོན་དང་། སེམས་ པའི་ལས་རྣམས་ཀྱང་མི་འཇུག་ཅིང་། ལྷ་དང་ཀླུ་དང་མིར་བཅས་པའི་འགྲོ་བ་ཡང་འཁྲུགས་པ་དང་། ཡིད་མི་བདེ་བ་དང་། རང་དབང་མེད་པ་དང་། དྲན་པ་ཉམས་པར་འགྱུར་ལ། འདིའི་རྣམ་སྨིན་ཀྱང་བསྐལ་པ་གཅིག་ཏུ་མནར་མེད་པར་སྐྱེ་བའི་ཕྱིར་རོ། །མཚམས་ མེད་ལྷག་མ་རྣམས་ལས་ལྔ་པ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལྕི་ལ། སྔ་མ་དག་ལས་གསུམ་པ་དགྲ་བཅོམ་པ་བསད་པ་ལྕི་ཞིང་། གཉིས་པ་ལས་དང་པོ་མ་གསོད་པ་ལྕི་བ་ཡིན་ཏེ། གཉིས་པ་ཕ་གསོད་པ་ནི། ཐམས་ཅད་ཀྱི་ནང་ནས་ཡང་བའོ། །འོ་ན་དབྱེན་ཁ་ན་མ་ 3-1-130b ཐོ་བ་ལྕི་བ་མ་ཡིན་པར་ཐལ། དེ་བས་ཉེས་པ་གསུམ་གྱི་ནང་ནས་ཡིད་ཀྱི་ཉེས་པ་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོར་གསུངས་པ་དང་། ལོག་ལྟ་ནི་ཁ་ན་མ་ཐོ་བ་དམ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཞེ་ན། གནས་སྐབས་མི་གཅིག་པས་ཁྱབ་པ་མེད་དེ། དབྱེན་དེར་ གསུངས་པ་ནི་མཚམས་མེད་ཀྱི་ནང་ནས་དང་། ཡིད་དེར་གསུངས་པ་ནི་ལས་གསུམ་གྱི་ནང་ནས་དང་། ལོག་ལྟ་དེར་གསུངས་པ་ནི་ལྟ་བའི་ནང་ནས་ངེས་བཟུང་མཛད་པའི་ཕྱིར་དང་། ཡང་ན་དགེ་འདུན་གྱི་དབྱེན་ནི་ཁ་ན་མ་ཐོ་བ་ལྕི་བ་ཡིན་ཏེ། བར་བསྐལ་དུ་རྣམ་སྨིན་ འབྱིན་པ་རྒྱ་ཆེ་བའི་ཕྱིར། ཡིད་ཉེས་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ཏེ། ཡིད་ཉེས་ཀྱིས་དནྟ་ཀའི་དགོན་ལ་སོགས་ན་ཡོད་པའི་སྐྱེ་བོ་ཕལ་པོ་ཆེ་འཆི་བའི་རྒྱུ་བྱེད་ལ། ལུས་ངག་གིས་དེ་ཙམ་བྱེད་མི་ནུས་པའི་ཕྱིར། ལོག་ལྟ་ཁ་ན་མ་ཐོ་བ་དམ་པ་ཡིན་ཏེ། དགེ་བའི་རྩ་བ་གཅོད་ བྱེད་ཡིན་པའི་ཕྱིར་གོ་རིམ་བཞིན་དུ་གསུངས་པ་ཡིན་ནོ། །གསུམ་པ་ལས་འབྲས་ཀྱི་ཞར་བྱུང་ནི། འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་རྩེའི་སེམས་པ་འབྲས་རབ་ཆེ། །འཇིག་རྟེན་པའི་ལས་དགེ་བ་ལ་ནི་ཐམས་ཅད་ཀྱི་ནང་ན་སྲིད་པའི་རྩེ་མོའི་སེམས་པ་འབྲས་བུ་རབ་ཏུ་ཆེ་སྟེ། དེ་རྣམ་པར་སྨིན་པ་བསྐལ་པ་བརྒྱད་ཁྲིར་རབ་ཏུ་ཞི་བ་ཡིན་ པའི་ཕྱིར། རྣམ་སྨིན་གྱི་དབང་དུ་བྱས་ནས་དེ་སྐད་བཤད་ཀྱི། བྲལ་བའི་དབང་དུ་བྱས་ན་ནི་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་བར་ཆད་མེད་ལམ་དང་། མཚུངས་ལྡན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སེམས་པ་འབྲས་བུ་ཆེ་སྟེ། ཀུན་ཏུ་སྦྱོར་བ་ཐམས་ཅད་ གཏན་དུ་གཏུགས་པ་འབྲས་བུ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་དང་ཉེ་བ་བཤད་པ་ལ། ངོ་བོ་དང་། ཞར་ལ་ལམ་གསུམ་གྱི་གེགས་བཤད་པ། ངེས་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མ་དགྲ་བཅོམ་མ་སུན་བྱས་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཅི་མཚམས་མེད་པ་ཁོ་ན་ལས་གཞན་པའི་ལས་ཀྱིས་དམྱལ་བར་སྐྱེ་ 3-1-131a བ་ཡོད་དམ་ཞེ་ན། ཡོད་དེ། དེ་དང་ཆ་འདྲ་བའི་ལས་རྣམས་ཀྱིས་དམྱལ་བར་སྐྱེ་བ་ཡོད་དོ། །དེ་ལ་ཁ་ཅིག་ན་རེ། བར་ཆད་མེད་པ་ཁོ་ནར་སྐྱེ་བ་ནི་མ་ཡིན་ཏེ། མཚམས་མེད་པ་ཉིད་མ་ཡིན་པའི་ཕྱིར་ཞེས་ཟེར་རོ། །སྔ་མ་དག་གིས་མ་ཁྱབ་སྟེ། བར་ཆད་མེད་པར་སྐྱེ་ན་མཚམས་མེད་ཀྱི་ལས་འབྲས་ཡིན་མི་དགོས་པས་དུས་དང་རྣམ་པར་སྨིན་པ་མི་འདྲ་བའི་ཕྱིར། ཞེས་སྨྲའོ། །དེས་ན་མཚམས་མེད་པ་ལྔ་དང་ཆ་འདྲ་སྟེ། མ་དགྲ་བཅོམ་མ་སུན་ཕྱུང་བྱས་པ་ནི་མ་གསོད་པ་དང་ཆ་འདྲ་བ་དང་། བྱང་ཆུབ་སེམས་ དཔའ་ངེས་གནས་གསོད་པ་ནི་ཕ་གསོད་པ་དང་ཆ་འདྲ་བ་དང་། སློབ་པ་གསོད་པ་ནི་དགྲ་བཅོམ་བསད་པ་དང་ཆ་འདྲ་བ་དང་། དགེ་འདུན་འདུ་བའི་སྒོ་འཕྲོག་པ་དག་ནི་འཁོར་ལོའི་དབྱེན་དང་ཆ་འདྲ་བས་འདི་ལའང་ཉིན་གཅིག་དགེ་འདུན་གྱི་ཆོས་སྟོན་མེད་པར་བྱས་པ་ ཡིན་ཀྱང་ཟེར། དབྱིག་བཤེས་ན་རེ། མི་ཚེ་གཅིག་ཏུ་དགེ་འདུན་འདུ་བའི་རྫས་མེད་པར་བྱས་པ་ཡིན་ཀྱང་ཟེར་རོ། །ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ཆ་འདྲ་བ་ནི། ལྔ་པ་མཆོད་རྟེན་འཇིག་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། དཀར་པོའི་ཆོས་རྣམས་བསགས་ པ་དང་། །སྡིག་པ་མ་ལུས་སྤངས་པའི་ཕྱིར། །སངས་རྒྱས་བཅོམ་ལྡན་འདས་ལ་ནི། །མཆོད་རྟེན་ཅེས་ནི་ངེས་པར་བརྗོད། །ཅེས་པས། དོན་དེའི་དཔེ་བང་རིམ་དང་སྲོག་ཤིང་ལ་སོགས་པ་ཡོད་པ་འདི་བྱུང་བ་ཡིན། དེ་ལ་སངས་རྒྱས་ཀྱི་མཆོད་རྟེན་ནི་བང་རིམ་བཅུ་ གསུམ་པ། རང་རྒྱལ་གྱི་བཅུ་གཅིག་པ། ཉན་ཐོས་ཀྱི་བཞི་པ། འཁོར་ལོས་སྒྱུར་བ་ལ་བང་རིམ་མེད་པ་ཟེར་རོ། །གཉིས་པ་ནི། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །འཐོབ་ལ་ལས་གེགས་ཤིན་ཏུ་བྱེད། །བཟོད་པ་ཐོབ་པ་ལ་ནི་ངན་སོང་གི་ལས་གེགས་བྱེད་དུ་ཤིན་ཏུ་ཉེ་བར་གནས་པ་ཡིན་ཏེ། བཟོད་པ་ནི་ངན་སོང་གི་ལས་ཀྱི་རྣམ་སྨིན་གྱི་ས་ལས་ 3-1-131b འདའ་བའི་ཕྱིར། མི་ཞིག་ཡུལ་འདོར་བ་ལ་བུ་ལོན་པ་དག་ལྡང་བ་བཞིན་ནོ། །ལར་ཉོན་མོངས་མང་དུ་སྤངས་ཟིན་པ་འབྲས་བུ་ཐོབ་ལ་ཉེ་ཡང་ལས་ཀྱི་ནུས་པ་སྟོབས་ཆེན་ཉོན་མོངས་ཉུང་ངུ་ལས་སྤང་དུ་མེད་ཀྱང་ཤིན་ཏུ་སྤོང་བ་བུལ་ལ་ལས་ཀྱི་ནུས་པ་སྟོབས་ཆུང་ན་ཉོན་མོངས་ དུ་མ་སྤང་དུ་ཡོད་ཀྱང་སྤོང་བ་མྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་ལ་ནི་འདོད་པར་སྐྱེ་བའི་ལས་གེགས་བྱེད་དུ་ཤིན་ཏུ་ཉེ་བར་གནས་ཏེ། ཕྱིར་མི་འོང་གི་འབྲས་བུ་ནི། འདོད་པའི་ལས་ཀྱི་རྣམ་སྨིན་གྱི་ས་ལས་འདའ་བའི་ཕྱིར་རོ། །མཐོང་ཆོས་ལ་མྱོང་འགྱུར་གྱི་ ལས་ནི་མ་གཏོགས་སོ། །གོང་མ་དེ་རུ་མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་མ་གཏོགས་བྱ་བ་མ་སྨོས་པ་ཅི་སྙམ་ན། བདེ་འགྲོའི་རྟེན་ལ་ངན་སོང་གི་རྣམ་སྨིན་མཐོང་ཆོས་ལ་སྨིན་དུ་མི་འདོད་པས་གོང་མ་ལ་དེ་སྐད་མ་སྨོས་སོ། །དགྲ་བཅོམ་ཐོབ་པ་ལ་གཟུགས་དང་གཟུགས་ མེད་ཀྱི་ལས་ལས་འདི་གསུམ་ཀྱང་སྐྱེས་ནས་མྱོང་འགྱུར་ལ་དགོངས་ཀྱི་གཞན་འཁོར་བ་ཐོག་མེད་ནས་བསགས་པའི་ལས་མཐའ་ཡས་པའི་རྣམ་སྨིན་ཟད་ཕྱུངས་ཅི་ལ་ཟིན་པས་སོ། །མཆན། གེགས་བྱེད་དུ་ཤིན་ཏུ་ཉེ་བར་གནས་ཏེ། དེའི་རྣམ་སྨིན་གྱི་ས་ལས་འདས་པའི་ཕྱིར། གསུམ་པ་ལ། སྤྱིར་བསྟན་པ། བྱེ་བྲག་ཏུ་སྟོན་པས་མཛད་ཚུལ་ལོ། །དང་པོ་ལ། ས་མཚམས་དང་། ཡོན་ཏན་གྱི་ཆོས། རྣམ་པ་རྒྱས་བཤད་དོ། །དང་པོ་ནི། གང་ནས་ བྱང་ཆུབ་སེམས་དཔའ་ཡིན། །གང་ནས་མཚན་གྱི་ལས་བྱེད་པ། །གང་ནས་བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་ཡིན་ཅེ་ན། གང་ནས་བཟུང་སྟེ་མཚན་སོ་གཉིས་རྣམ་པར་སྨིན་པ་ཅན་གྱི་ལས་སོག་ པར་བྱེད་པ་དེ་ནས་བསྐལ་པ་བརྒྱ་ན་སངས་རྒྱས་ཐོབ་པར་འགྱུར་བ་དེའོ། །གཉིས་པ་ནི། བདེ་འགྲོ་རིགས་མཐོར་སྐྱེ་དབང་ཚང་། །ཕོར་འགྱུར་ཚེ་རབས་དྲན་མི་ལྡོག །དེ་ཕན་ཆད་སྐྱོན་བཞི་དང་བྲལ་བས་བདེ་འགྲོ་ལྷ་དང་མིར་སྐྱེ་བ་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པ་རིགས་མཐོན་པོར་སྐྱེ་བ་དང་། དབང་པོ་ཚང་བ་དང་། 3-1-132a ཕོ་ཁོ་ནར་འགྱུར་བ་དང་། ཡོན་ཏན་གཉིས་དང་ལྡན་པ་ནི་ཚེ་རབས་དྲན་པ་དང་། སངས་རྒྱས་པའི་དུས་ལས་ཕྱིར་མི་ནུར་བས་མི་ལྡོག་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་དང་ལོག་སྒྲུབ་ཐམས་ཅད་ཀྱིས་ སྐྱོ་བ་མེད་པའི་ཕྱིར། འཇིག་རྟེན་ན་ནི་ཟོང་གིས་མ་ཉོས་པའི་བྲན་ཅེས་བརྗོད་པ་དེ་ནི་བྱང་སེམས་དེ་དག་ཡིན་ཏེ། བདག་ཉིད་ཆེན་པོ་དེ་དག་ནི་འབྱོར་པའི་མཆོག་ཁྱད་པར་ཅན་མཐའ་དག་བརྙེས་ཀྱང་ཐུགས་རྗེའི་གཞན་དབང་དུ་གྱུར་པས་རང་ཉིད་སེམས་ཅན་ཐམས་ཅད་ཀྱི་ དྲུང་དུ་ཁྱི་དང་འདྲ་བར་ང་རྒྱལ་མེད་པར་གནས་ཤིང་། སེམས་ཅན་ཐམས་ཅད་ཀྱི་བརྙས་གནོད་ཐམས་ཅད་བཟོད་ཅིང་། ངལ་བ་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་གཟིགས་ནས་དེ་བསལ་བའི་བརྣག་པ་ཉམས་སུ་བཞེས་པ་ལ་ཇི་མི་སྙམ་པའི་ཕྱིར། དཔེར་ ན་འབྲོག་སྟོང་གི་ནགས་མེས་ཚིག་པའི་རེག་པ་ལ་རྩིས་མེད་པ་དང་འདྲའོ། །གསུམ་པ་ནི། དེ་ནི་འཛམ་གླིང་ཕོ་གྱུར་ཉིད། །མངོན་སུམ་སངས་རྒྱས་ལ་སེམས་པ། །བསམས་པ་ལས་བྱུང་བསྐལ་པ་བརྒྱ། །ལུས་པ་དག་ཏུ་འཕེན་པར་བྱེད། །རེ་རེའང་བསོད་ནམས་བརྒྱ་ལས་སྐྱེ། །མཚན་གྱི་རྣམ་པར་སྨིན་པའི་ལས་དེ་ནི་རྟེན་སེམས་དཔའ་འཛམ་གླིང་པའི་ཕོར་གྱུར་ཉིད་ཀྱིས་འཕེན་གྱི། གླིང་གཞན་དུ་མོས་ནི་མ་ཡིན་ཏེ། འཛམ་གླིང་པ་རྣམས་བློ་རྣོ་བའི་ ཕྱིར། གོང་དུ་ཕོར་བཤད་པ་དེ་ནི་མཚན་གྱི་ལས་རྩོམ་པ་ནས་མོར་མི་སྐྱེ་ཟེར་བ་ཡིན། འདིར་ཕོར་བཤད་པ་ནི་མཚན་གྱི་ལས་རྩོམ་པ་དེ་ཐོག་མར་ཕོས་རྩོམ་གྱི་མོས་མི་རྩོམ་ཟེར་བ་ཡིན་ནོ། །ལས་བསགས་པའི་ཡུལ་ནི་སྟོན་པ་མངོན་སུམ་དུ་གྱུར་པ་དང་། བདག་ཀྱང་ འདི་ལྟ་བུར་སངས་རྒྱས་སུ་གྱུར་ཅིག་ཅེས་མངོན་སུམ་མམ་ལྐོག་ཏུ་གྱུར་ཀྱང་སླ། སངས་རྒྱས་ལ་དམིགས་པའི་སེམས་པ་ཁོ་ན་དང་། དུས་བསྐལ་པ་བརྒྱ་ལུས་པའི་ཚེ་དག་ཏུ་འཕེན་པར་བྱེད་ཀྱི། མང་པོ་ལུས་པའི་ཚེ་ནི་མ་ཡིན་ནོ། །ལས་ཀྱི་ངོ་བོ་ནི་ཐོས་བྱུང་དང་སྟོབས་ 3-1-132b ཆུང་བས་མི་འཕེན་ལ། བསམ་པ་ལས་བྱུང་བས་འཕེན་པ་ཡིན་གྱི། བསམ་བྱུང་ལས་སྒོམ་བྱུང་བཟང་ཡང་འདིའི་འཕེན་བྱེད་ནི་མ་ཡིན་ཏེ། སྒོམ་བྱུང་ནི་མི་གཡོ་བའི་ལས་ཡིན་ཅིང་། ཁམས་གོང་མར་སྐྱེད་བྱེད་ཡིན་པས་འཛམ་གླིང་གི་ཕོར་སྐྱེད་བྱེད་མ་ཡིན་ལ། འདིས་ནི་འཛམ་གླིང་གི་ཕོར་སྐྱེད་བྱེད་ཡིན་པའི་ཕྱིར། སྟོན་པ་འདིས་ནི་སྐར་རྒྱལ་བསྟོད་པའི་བརྩོན་འགྲུས་ཀྱིས་བསྐལ་པ་དགུ་བཟླུམས་པས་བསྐལ་པ་དགུ་བཅུ་རྩ་གཅིག་ལུས་པའི་ཚེ་འཕངས་ཏེ། མདོ་ལས། གཅེར་བུ་པའི་སྦྱིན་བདག་དྲང་སྲོང་རལ་གྲི་ཐོགས་པ་ཞིག་ གིས། གོའུ་ཏ་མ་ཁྱོད་ལོ་ཉེས་འདི་ལྟ་བུ་ལ་དགེ་སློང་གི་འཁོར་འདི་སྙེད་ཅིག་དང་ཐབས་གཅིག་ཏུ་སེར་བ་བཞིན་མ་རུང་བར་བྱེད་ཅིང་། སློང་མོ་ལ་རྒྱུ་བ་ཁྱིམ་རྣམས་ཕུང་བར་བྱ་བའི་ཕྱིར་ཞུགས། ཞེས་སྨྲས་པ་དང་། སངས་རྒྱས་ཀྱིས། གྲོང་དཔོན་ངས་འདི་ནས་བཟུང་སྟེ། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་རྗེས་སུ་དྲན་ཏེ་ཟས་སྨིན་པ་སྟེར་བར་བྱ་བའི་ཁྱིམ་པ་འགའ་ལ་ཡང་གནོད་པར་འགྱུར་བ་འགའ་ཡང་མ་མཁྱེན་ཏོ། །ཞེས་གསུངས་པ་དེ་ཚུན་ཆད་རང་བཞིན་གྱིས་ཚེ་རབས་དྲན་པའི་ཕྱིར། དེ་ཕན་ཆད་དུའང་མི་དྲན་པ་ནི་མ་ཡིན་ནོ། །སྔོན་ གྱི་སློབ་དཔོན་རྣམས་ན་རེ། བསྐལ་པ་གྲངས་མེད་དང་པོ་ཚར་ཕྱིན་པའི་བྱང་སེམས་ཁོ་ན་སྐྱོན་བཞི་ཟློག་པར་བྱེད་ལ། ཡོན་ཏན་གཉིས་ནི་ཐོབ་བོ་ཞེས་ཟེར་རོ། །མཚན་དེ་དག་རེ་རེའང་བསོད་ནམས་ཏེ་སེམས་པ་བརྒྱ་བརྒྱ་རེ་ལས་སྐྱེས་པ་སྟེ། དེའང་འཕེན་བྱེད་ལྔ་བཅུ་དང་རྫོགས་བྱེད་ ལྔ་བཅུ་སྟེ་ལས་ལམ་བཅུ་ལ། སྲོག་གཅོད་སྤོང་བའི་སེམས་པ་དང་། དེ་ལ་འགོད་པའི་སེམས་པ་དང་། དེའི་བསྔགས་པ་བརྗོད་པའི་སེམས་པ་དང་། དེའི་རྗེས་སུ་ཡི་རང་བའི་སེམས་པ་དང་། སངས་རྒྱས་ཉིད་དུ་བསྔོས་པའི་སེམས་པ་སྟེ། དང་པོ་ལ་མཇུག་ཏུ་ལན་ 3-1-133a གཉིས་མངོན་དུ་གྱུར་པས་སེམས་པ་བརྒྱའོ། །ཞེས་ཟེར་རོ། །གཞན་ན་རེ། སངས་རྒྱས་ནི་རྒྱུ་ལྔས་སྲོག་གཅོད་སྤོང་བ་དང་ལྡན་ཏེ། ལས་ལམ་དངོས། དག་པ་ཉེར་བསྡོགས། དག་པ་རྣམ་རྟོག་གིས་མ་སྨས་པ། དྲན་པས་ཡོངས་སུ་ཟིན་པ། མྱང་ འདས་སུ་ཡོངས་སུ་བསྔོས་པ་སྟེ། དེ་ལ་དམིགས་པའི་སེམས་པ་ལྔ། ལས་ལམ་བཅུ་ལ་ལྔ་བཅུ་སྟེ། བཅོམ་ལྡན་འདས་དགེ་བའི་ལས་ལམ་མ་འདྲེས་པ་བཅུ་ལས་ངེས་པར་སྐྱེ་བ་ལྟར་བདག་ཀྱང་དེ་འདྲར་ཤོག་ཅིག་སྙམ་དུ་ལན་གཉིས་མངོན་དུ་འགྱུར་བས་སེམས་པ་བརྒྱའོ། ། ཞེས་ཟེར་རོ། །ཁ་ཅིག་ནི་སངས་རྒྱས་ཀྱི་སྐྱེ་བའི་སྐུ་སྐྱེས་བུ་ཆེན་པོའི་མཚན་སོ་གཉིས་ཀྱི་མཚན་ཉིད་དང་། ཆོས་ཀྱི་སྐུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ་སངས་རྒྱས་ཡིད་ལ་བྱེད་པ་ལས། སེམས་པ་ལྔ་བཅུ་འབྱུང་ལ། བདག་ཀྱང་འདི་འདྲ་བར་གྱུར་ཅིག་སྙམ་པ་ལྔ་བཅུ་སྟེ། བསོད་ནམས་བརྒྱ་ཡིན་ནོ་ཞེས་ཟེར་རོ། །གཞན་ན་རེ། འདོད་ཁམས་གནས་རིགས་ཉི་ཤུ། གཟུགས་ཁམས་བཅུ་དྲུག །གཟུགས་མེད་བཞི། གྲང་དམྱལ་བརྒྱད་དེ། ཁམས་གསུམ་ནི་ཁྱད་པར་བཞི་བཅུ་རྩ་བརྒྱད་ཡིན་ལ། དེ་ལ་དམིགས་པའི་བྱང་སེམས་ལ་སྙིང་རྗེ་དང་། མཚུངས་ལྡན་གྱི་སེམས་པ་བཞི་བཅུ་རྩ་བརྒྱད་དང་། དེའི་རྗེས་ལ་འདིས་ཁམས་གསུམ་ལས་སེམས་ཅན་ཇི་ལྟར་བཀྲོལ་སྙམ་དུ་སངས་རྒྱས་ལ་དམིགས་པའི་སེམས་པ་དང་། བདག་ཀྱང་དེ་འདྲ་བར་གྲོལ་བར་བྱེད་པར་གྱུར་ཅིག་སྙམ་པའི་སེམས་པ་སྟེ་ལྔ་བཅུ་དང་། དེ་དག་ལན་ གཉིས་སུ་མངོན་དུ་གྱུར་པས་བརྒྱའོ་ཟེར་རོ། །ཁ་ཅིག་ན་རེ། བསོད་ནམས་དེའི་ཚད་ནི་བྱང་ཆུབ་སེམས་དཔའ་ཉེ་བ་སྟེ་ངེས་གནས་མ་གཏོགས་སེམས་ཅན་ཐམས་ཅད་ཀྱིས་ལོངས་སྤྱོད་འཐོབ་པར་འགྱུར་བའི་བསོད་ནམས་ཀྱི་ཚད་དེ་མཚན་གཅིག་འགྲུབ་པའི་ཚད་དོ་ཟེར། གཞན་ 3-1-133b དག་ན་རེ། དགེ་བའི་སྒོ་ནས་དཔེར་བྱས་པ་མིན། སེམས་ཅན་ཐམས་ཅད་ཀྱི་ལས་ཀྱིས་སྟོང་གསུམ་འགྲུབ་པའི་ལས་ཀྱི་ཚད་དེ་ཀ་ཙམ་གྱི་ཚད་གཅིག་གིས་མཚན་གཅིག་འགྲུབ་ཟེར། གཞན་དག་ན་རེ། དེའི་ཚད་ནི་འོ་ཅག་གིས་མི་ཤེས། སངས་རྒྱས་ཁོ་ནས་མཁྱེན་པར་ཟད་ དོ། །ད་ལྟར་ན་འོ་ཅག་གིས་ཀྱང་བརྒྱ་ཡི་ཚད་བཟུང་ན་ཅི་ལྟོ་ཞེ་ན། མཚན་རེ་རེ་བརྒྱ་བརྒྱ་ལས་སྐྱེ་བར་བཟུང་ནུས་ཀྱང་བརྒྱ་ཡི་ནང་ན་གཅིག་ཡོད་པའི་ཚད་འདི་ཡིན་ཅེས་བཟུང་མི་ནུས་པའི་ཕྱིར། དེའི་རྣམ་སྨིན་འདི་ཙམ་བྱ་བའི་ཚད་ཀྱང་བཟུང་མི་ནུས་སོ་ཟེར་རོ། །གཉིས་པ་ བྱེ་བྲག་ཏུ་སྟོན་པས་མཛད་ཚུལ་ལ། ཚོགས་བསགས་ཚུལ་དང་། ཕར་ཕྱིན་རྫོགས་ཚུལ་ལོ། །དང་པོ་ནི། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །སྟོན་པ་འདི་བྱང་སེམས་སུ་གྱུར་པ་ན་བསྐལ་པ་གྲངས་མེད་དང་པོ་ལ། སངས་རྒྱས་བདུན་ ཁྲི་ལྔ་སྟོང་། གཉིས་པ་ལ་བདུན་ཁྲི་དྲུག་སྟོང་། གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་སོ། །བསྐལ་པ་གྲངས་མེད་དང་པོ་དང་གཉིས་པ་དང་གསུམ་པ་གསུམ་གྱི་ཐ་མར་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དང་། མར་མེ་མཛད་དང་། རྣམ་པར་གཟིགས་རིམ་པ་བཞིན་བྱུང་སྟེ། དེ་རྣམས་ཀྱི་ཚེ་བསྐལ་པ་གྲངས་མེད་གསུམ་ རྫོགས་པའི་ཕྱིར་རོ། །རྣམ་གཟིགས་ནི་བསྐལ་པ་དགུ་བཅུ་རྩ་གཅིག་འདས་པའི་སྔོན་དུ་བྱུང་ཞིང་། དེའི་ཚེ་གསུམ་པ་རྫོགས་ན་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་རྣམས་ཀྱིས་བར་བཅད་ཀྱི། དེའི་མོད་ལ་ ཅིའི་ཕྱིར་སངས་མ་རྒྱས་ཞེ་ན། སློབ་དཔོན་གང་སྤེལ་ནི། རྫོགས་ཀྱང་ཐམས་ཅད་དུ་རྫོགས་པ་མ་ཡིན་པས་འོད་སྲུང་གི་ཚེ་ཚངས་སྤྱོད་སྤྱད་ནས་དགའ་ལྡན་དུ་འཁྲུངས་ཞེས་བཤད་ལ། སློབ་དཔོན་སངས་རྒྱས་ཡོན་ཏན་ནི། མཚན་རྣམ་སྨིན་ཅན་གྱི་ལས་བྱེད་ 3-1-134a པ་ཕན་ཆོད་དུ་སངས་རྒྱས་བསྟེན་པའི་ཐ་མར་བྱུང་བ་ལ་དགོངས་ལ། དེ་ནས་མ་ཙན་རྣམ་པར་སྨིན་པའི་ལས་བསགས་ཤིང་གྲངས་མེད་གསུམ་པ་ལ་བསྟེན་པ་ཐམས་ཅད་ཀྱི་ཐ་མ་ནི་སངས་རྒྱས་འོད་སྲུང་སྟེ། སངས་རྒྱས་འོད་སྲུང་བར་དག་ ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །ཅེས་འབྱུང་བས་སོ་ཞེས་གསུངས་ཏེ། དེས་ནི་སློབ་དཔོན་གང་སྤེལ་གྱི་གཞུང་དང་ཡང་མཐུན་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱི་སྔོན་དང་པོ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་སངས་རྒྱས་ལ་སྟོན་པ་འདི་བྱང་སེམས་སུ་གྱུར་ པའི་ཚེ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པས། ཆུ་འཇམ་པོ་དང་། བསྐུ་མཉེ་དང་། ཞབས་འབྲིང་ལ་སོགས་པས་རིམ་གྲོ་བྱས་ནས་འདི་འདྲ་བའི་རྣམ་པ་ཁོ་ནར་སངས་རྒྱས་པར་ཤོག་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས་སྟོན་པ་དེ་ཡང་འདི་བཞིན་དུ་རྩོད་ དུས་སུ་འབྱུང་ལ། དེའི་བསྟན་པ་ཡང་ལོ་སྟོང་གི་མཐའི་བར་དུ་གནས་པར་གྱུར་ཏོ། །ལོ་སྟོང་པོ་དེ་ཡང་རྟོགས་པའི་དུས་ཡིན་གྱི། སྒྲུབ་པ་དང་ལུང་གི་དུས་སོགས་ཡོ་ལོག་ན་ནི་ལྔ་སྟོང་དུ་རིག་པར་བྱའོ། །ཐེག་ཆེན་པ་ནི་གྲངས་མེད་པ་རེ་རེ་ལ་ཡང་སངས་རྒྱས་ དཔག་ཏུ་མེད་པ་བསྙེན་བཀུར་བ་འདོད་དོ། །གཉིས་པ་ལ། སྦྱིན་པའི་ཕར་ཕྱིན་རྫོགས་ཚུལ། བཟོད་པ་དང་ཚུལ་ཁྲིམས་ཀྱི། བརྩོན་འགྲུས་ཀྱི། བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་ཚུལ་ལོ། །དང་པོ་ནི། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །གང་གི་ཚེ་ཡུལ་ཀུན་ལ་ མིག་གི་བར་དང་རྐང་གི་བར་ཐམས་ཅད་མངོན་མཐོའི་ཁྱད་པར་ལ་མི་རེ་བར་སྙིང་རྗེ་ཡིས་སྦྱིན་པར་བྱེད་ན་དེ་ཙམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་སོ། །གཉིས་པ་ནི། ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི། །གང་གི་ཚེ་འདོད་ཆགས་དང་བཅས་ཤིང་མ་བྲལ་བཞིན་དུ་ཡན་ལག་ 3-1-134b བཅད་ཀྱང་སེམས་མི་འཁྲུགས་པ་དེའི་ཚེ་ལུས་ངག་གི་ཉེས་སྤྱོད་མི་བྱེད་པའི་ཕྱིར། འདིའི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་། སེམས་མ་འཁྲུགས་པའི་ཕྱིར། དེའི་ཚེ་འདིའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །གསུམ་པ་ནི། སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །སངས་རྒྱས་ སྐར་རྒྱལ་གྱིས། བྲམ་ཟེའི་ཁྱེའུ་ལས་བྱམས་པ་སྔོན་ལ་སངས་རྒྱས་པར་གཟིགས། བྲམ་ཟེའི་ཁྱེའུ་ཤཱཀྱ་ཐུབ་ཕྱིས་འཚང་རྒྱ་བར་གཟིགས། ཤཱཀྱ་ཐུབ་ཀྱི་གདུལ་བྱ་སྔར་འོང་བར་གཟིགས་ནས་སྟོན་པ་དང་གདུལ་བྱ་ཐེ་ནེ་བསྣོལ་དུ་སོང་བ་དེ་གཟིགས་པ་དེ་ལ། གདུལ་བྱ་དང་སྟོན་པ་དུས་གཅིག་ཏུ་སྒྲུབ་པའི་ཆེད་དུ་སྟོན་པ་སྐར་རྒྱལ་མེའི་ཁམས་ལ་སྙོམས་པར་ཞུགས་ལ། བྲམ་ཟེའི་ཁྱེའུ་ཤཱཀྱ་ཐུབ་བརྩོན་འགྲུས་དྲག་པོར་རྩོམ་དུ་གཞུག །དེས་དྲག་པར་བརྩམས་པས་སྔོན་ལ་བྱང་ཆུབ་ཙམ་ན་གདུལ་བྱ་དང་མི་བསྣོལ་བར་ ཐུགས་ལ་དགོངས་ནས་རིན་པོ་ཆེའི་བྲག་ཕུག་ཏུ་མེ་ཁམས་ལ་སྙོམས་པར་ཞུགས་པ་དེ་བྲམ་ཟེའི་ཁྱེའུས་མཐོང་ནས། རྐང་པ་གཅིག་གིས་འགྲེང་ནས་ཞག་བདུན་གྱི་བར་དུ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། ། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་པ་མིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་ཉུལ་ནའང་ག་ལ་ཡོད། །ཅེས་ པའི་ཚིགས་བཅད་གཅིག་གིས་བསྟོད་པས་དེའི་ཚེ་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་ལ། བརྩོན་འགྲུས་བརྩམས་པ་དེས་བསྐལ་པ་དགུ་ཡང་བཟླུམས་སོ་ཞེས་གྲགས་ཏེ། བསྐལ་པ་དགུ་བཅུ་རྩ་གཅིག་གིས་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པའི་ཕྱིར། དེ་ཉིད་ 3-1-135a ཀྱི་ཕྱིར་གོང་དུ་བསྐལ་པ་དགུ་བཅུ་རྩ་གཅིག་ལུས་པའི་ཚེ་འཕངས་སོ་ཞེས་བྱ་བ་དང་ཡང་ཤིན་ཏུ་འགྲིགས་པ་ཡིན་ནོ། །བཞི་པ་ནི། དེ་མ་ཐག་ལ་ཏིང་འཛིན་བློའི། །ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་བྱང་ཆུབ་པའི་སྔ་རོལ་གྱི་དེ་མ་ཐག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་ ལ་ཏིང་ངེ་འཛིན་བསམ་གཏན་གྱི་ཕར་ཕྱིན་དང་ཤེས་རབ་བམ་བློའི་ཕར་ཕྱིན་དག་རྫོགས་ཏེ། དེའི་ཚེ་བསམ་གཏན་དང་ཤེས་རབ་ཀྱི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །འདིར་སྨྲས་པ། ལེགས་པ་རབ་མཆོག་དངོས་པོའི་ཚོགས་རྣམས་ཀྱིས། །ཕ་རོལ་ སོན་པར་སྒྲུབ་པའི་རྒྱལ་བ་མཆོག །སྐྱོན་བྲལ་ཡོན་ཏན་མ་ལུས་རྫོགས་པ་ཡི། །ཀུན་མཁྱེན་སྟོན་པའི་ཡོན་ཏན་དེ་རིང་དྲན། །དེ་ལ་དང་བ་རྒྱ་ཆེན་བཟོད་མེད་ཀྱི། །དད་པ་སྐྱེས་པའི་དགེ་བ་གང་མཆིས་དེ། །མཁའ་མཉམ་འགྲོ་བའི་བྱང་ཆེན་རིགས་དམ་པ། །ལེགས་ པར་སྦྱངས་པའི་རྐྱེན་དུ་འགྲོ་གྱུར་ཅིག །གཉིས་པ་བསོད་ནམས་བྱ་བའི་གཞི་གསུམ་ལ། ཐུན་མོང་གི་ངེས་ཚིག །དབྱེ་བ་སོ་སོའི་རང་བཞིན། ཆོས་སྦྱིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གསུམ་པོ་བསོད་ནམས་བྱ་བ་དང་། །དེའི་གཞི་དཔེར་ན་ལས་ལམ་བཞིན། །མདོ་ལས་སྦྱིན་པ་དང་ཚུལ་ཁྲིམས་དང་སྒོམ་པ་ལས་བྱུང་བའི་བསོད་ ནམས་བྱ་བའི་གཞི་གསུམ་ཞེས་འབྱུང་བའི། གསུམ་པོ་དེ་ནི་བསོད་ནམས་དང་བྱ་བ་དང་དེའི་གཞི་ཞེས་བརྗོད་དོ། །རྣམ་སྨིན་ཡིད་དུ་འོང་བའི་ཕྱིར་དང་། ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། ཀུན་སློང་གི་སེམས་པ་འཇུག་པའི་གཞི་ཡིན་པའི་ཕྱིར། དཔེར་ན་སྲོག་ གཅོད་པ་ལ་སོགས་པ་བདུན་པོ་དེ་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། སེམས་པའི་ལམ་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལམ་ཡང་ཡིན་ལ། བརྣབ་སེམས་གསུམ་ལ་སེམས་པ་ཞེས་བྱ་བའི་ལས་ཀྱི་ལམ་ཁོ་ན་ཡིན་པ་བཅུ་ཀ་ལ་ལས་ལམ་དུ་བརྗོད་པ་བཞིན་ནོ། ། 3-1-135b འགྲེལ་པར་ཅི་རིགས་པ་ཞེས་པས། ལ་ལ་ནི་བསོད་ནམས་དང་། བྱ་བ་དང་། གཞི་ཡང་ཡིན། ལ་ལ་ནི་བསོད་ནམས་དང་། བྱ་བ་ཡང་ཡིན། ལ་ལ་ནི་བསོད་ནམས་ཁོ་ན་ཡིན་པའང་ཡོད་པ་ལ་དགོངས་སོ། །དེ་ལ་སྦྱིན་བྱུང་གི་བསོད་ནམས་བྱ་ བའི་གཞི་ལ་ལུས་ངག་གི་ལས་ནི་རྣམ་པ་གསུམ་ཆར་ཡིན་ཏེ། རྣམ་སྨིན་ཡིད་དུ་འོང་བའི་ཕྱིར་བསོད་ནམས་ཀྱང་ཡིན་ལ། ལུས་ངག་གི་ངོ་བོ་ཉིད་ཡིན་པའི་ཕྱིར། བྱ་བ་ཡང་ཡིན། དེ་དག་ཀུན་སློང་བའི་སེམས་པ་ནི་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་གཞི་ཡང་ ཡིན་པའི་ཕྱིར། ལུས་ངག་གི་ལས་དེ་ཀུན་སློང་བྱེད་ཀྱི་སེམས་ནི་བསོད་ནམས་དང་བྱ་བ་གཉིས་ཀ་ཡིན་ཏེ། རྣམ་སྨིན་ཡིད་དུ་འོང་བས་བསོད་ནམས་དང་། ཡིད་ཀྱི་ལས་ཡིན་པས་བྱ་བ་ཡང་ཡིན་པའི་ཕྱིར། དེ་གཞི་ནི་མ་ཡིན་ཏེ་བྱ་བའི་རྟེན་མ་ཡིན་པའི་ཕྱིར་ཏེ། སེམས་ པ་ལ་བརྟེན་ནས་སེམས་པ་གཉིས་མི་འཇུག་པའི་ཕྱིར། དེ་དང་ལྷན་ཅིག་འབྱུང་བའི་ཆོས་ཚོར་སོགས་ནི་བསོད་ནམས་ཁོ་ན་ཡིན་ཏེ། དེ་རྣམ་སྨིན་ཡིད་འོང་ཡིན་པའི་ཕྱིར། ཚོར་སོགས་དེ་བྱ་བའི་གཞི་ནི་མ་ཡིན། ཚོར་སོགས་དེ་དང་མཚུངས་པར་ལྡན་ཀྱང་ཚོར་སོགས་དེ་ ལ་དམིགས་ཏེ་སེམས་མི་འཇུག་པའི་ཕྱིར་བྱ་བ་མ་ཡིན་ཏེ། ལུས་ངག་གི་བྱ་བ་མ་ཡིན་པའི་ཕྱིར། ཚུལ་ཁྲིམས་ལས་བྱུང་བ་ནི་ལུས་ངག་གི་ལས་ཡིན་པས་རྣམ་པ་གསུམ་ཅར་ཡིན་ཏེ། དགེ་བ་ཡིན་པ་དང་། ལས་ཀྱི་རང་བཞིན་ཡིན་པ་དང་། དེ་ཀུན་ནས་སློང་བའི་ སེམས་རྟེན་ཡིན་པའི་ཕྱིར། སྒོམ་བྱུང་གི་བྱམས་པ་ནི་བསོད་ནམས་ཀྱང་ཡིན་ལ། བསོད་ནམས་བྱ་བའི་གཞི་ཡང་ཡིན་ཏེ། རྣམ་སྨིན་ཡིད་དུ་འོང་བས་བསོད་ནམས་དང་། བྱམས་པའི་དབང་གིས་བྱམས་པ་དང་མཚུངས་ལྡན་གྱི་སེམས་མངོན་པར་འདུ་བྱེད་པའམ་ 3-1-136a ་འཇུག་པའི་གཞི་ཡིན་པའི་ཕྱིར། བྱམས་པ་དང་ལྷན་ཅིག་འབྱུང་བའི་སེམས་པ་དང་། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་བསོད་ནམས་ཀྱང་ཡིན་ལ་བྱ་བའང་ཡིན་ཏེ། འབྲས་བུ་ཡིད་འོང་ཙམ་བསྐྱེད་པས་བསོད་ནམས་ཡིན། ཡིད་ཀྱི་བྱ་ བར་འདུག་པས་བྱ་བ་ཡིན་པའི་ཕྱིར། དེ་གཞི་མིན་ཏེ། སྡོམ་པ་དང་དུས་མཉམ་དུ་འཇུག་གི། དུས་མཉམ་པ་དེ་དང་སེམས་པ་ལའང་བརྟེན་ནས་སེམས་པ་གཉིས་པ་མི་འཇུག་པའི་ཕྱིར་རོ། །བྱམས་པ་དང་ལྷན་ཅིག་པའི་ཚོར་སོགས་ནི་བསོད་ནམས་ཁོ་ན་ཡིན་ནོ། །ཡང་ བསོད་ནམས་བྱེད་པ་ནི་ཆོས་ཅན། བསོད་ནམས་ཀྱི་བྱ་བ་ལ་འཇུག་པ་ཡིན་ཏེ། དེའི་སྦྱོར་བ་ཡིན་པའི་ཕྱིར། སྦྱིན་སོགས་གསུམ་པོ་འདི་དག་ནི་ཆོས་ཅན། བསོད་ནམས་བྱ་བ་དེའི་གཞི་ཡིན་ཏེ། སྦྱིན་སོགས་འདི་དག་སྒྲུབ་ཅིང་བསྐྱེད་པའི་ཆེད་དུ་བསོད་ནམས་ཀྱི་སྦྱོར་བ་ རྩོམ་པའི་ཕྱིར། གཞན་དག་ན་རེ། བསོད་ནམས་བྱ་བ་ནི་དོན་དམ་པར་སེམས་པ་དགེ་བ་ཡིན་ལ། སྦྱིན་སོགས་ནི་སེམས་པ་དགེ་བ་དེའི་གཞི་ཡིན་ནོ་ཟེར་རོ། །གཉིས་པ་ལ། སྦྱིན་པ་ལས་བྱུང་བ་བཤད་པ་དང་། གཞན་གཉིས་བཤད་པའོ། །དང་པོ་ལ། སྦྱིན་པའི་ ངོ་བོ། དབྱེ་བ། ཁྱད་པར་རོ། །དང་པོ་ལ། དངོས་དང་། དེའི་འབྲས་བུའོ། །དང་པོ་ནི། གང་གིས་སྦྱིན་བྱེད་དེ་སྦྱིན་པ། །མཆོད་དང་ཕན་གདགས་འདོད་པ་ཡིས། །ལུས་དང་ངག་ལས་སློང་དང་བཅས། །གང་སྦྱིན་བྱ་གོས་སོགས་ཀྱང་སྦྱིན་པ་ཡིན་མོད་ཀྱི་ལུང་མ་བསྟན་ཡིན་པའི་ཕྱིར་དང་། སྦྱིན་པ་པོའི་རྒྱུད་ལས་ཐ་དད་པའི་ཕྱིར། འདིར་ནི་ཀུན་སློང་བཟང་པོ་གང་གིས་སྦྱིན་པར་བྱེད་པ་ དེ་སྦྱིན་པ་ཡིན་གྱི། འཇིགས་པ་དང་། ལན་ལ་རེ་བ་དང་། འདོད་ཆགས་དང་། ཁྲོ་བ་དང་། ཕྲག་དོག་གིས་ཀྱང་སྦྱིན་མོད་ཀྱི། དེ་འདིར་མི་འདོད་པས་ཁྱད་པར་དུ་བྱ་བའི་ཕྱིར་ཀུན་སློང་བཟང་པོ་ཡང་མྱ་ངན་ལས་འདས་པ་ལ་མཆོད་པར་འདོད་པ་དང་། མ་འདས་པ་རྣམས་ 3-1-136b ལ་ནི་འབྱུང་བ་ཆེན་པོ་རྣམས་ལ་ཕན་གདགས་པར་འདོད་པ་ཡིས་སྦྱིན་པར་བྱེད་པའོ། །གང་གིས་སྦྱིན་བྱེད་དེ་ཡང་ལུས་ཀྱིས་ལག་བརྐྱང་བ་དང་ངག་གི་ལས་ཁྱེར་ཅིག་ཅེས་སོགས་དང་། སེམས་དང་སེམས་བྱུང་གི་ཚོགས་གང་གིས་དེ་སློང་བར་བྱེད་པ་དང་བཅས་པའོ། ། གང་ཚེ་སྐྱེས་བུ་དགེ་ཡིད་ཀྱིས། །རང་གི་རྫས་དག་སྦྱིན་བྱེད་པ། །དེ་ཚེ་དགེ་བའི་ཕུང་པོ་རྣམས། །སྦྱིན་པ་ཞེས་ནི་བརྗོད་པ་ཡིན། །དེའི་ཕུང་པོ་རྣམས་ཞེས་པ་ནི་ཕུང་པོ་ལྔ་རྣམས་སོ། །ཡང་ན་ལུས་ངག་གི་རིག་བྱེད་ཀྱང་གཟུགས་ཕུང་དུ་བལྟའོ། །གཉིས་པ་ནི། དེ་འབྲས་ལོངས་སྤྱོད་ཆེན་པོ་ཅན། །སྦྱིན་ པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དེ་ནི་འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་ཡིན་ཏེ། བྱུང་བ་འདི་ལས་དེ་འབྱུང་བ་ནི་རང་བཞིན་ཡིན་པའི་ཕྱིར། རྩྭ་དང་ལོ་མའི་རང་བཞིན་གྱི་ཁྱིམ་དང་སྣོད་ལ་རྩྭ་དང་ལོ་མ་ལས་བྱུང་བའི་ཁྱིམ་དང་སྣོད་ཅེས་བྱ་བ་བཞིན་ནོ། །གཉིས་པ་ དབྱེ་བ་ནི། བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །གཉིས་ཀའི་དོན་དུ་མིན་ཕྱིར་སྦྱིན། །ཡང་སྦྱིན་པ་འཕགས་པ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའམ། སོ་སྐྱེ་འདོད་ཆགས་དང་བྲལ་བས་མཆོད་རྟེན་ལ་སྦྱིན་པ་དེ་ནི་ཆོས་ཅན། བདག་ཉིད་ཁོ་ནའི་དོན་གྱི་ཕྱིར་སྦྱིན་པ་ཡིན་ཏེ། དེས་ཕ་རོལ་ལ་ཕན་འདོགས་པ་མེད་པའི་ཕྱིར། འཕགས་པ་འདོད་ ཆགས་དང་བྲལ་བས་སེམས་ཅན་ཕ་རོལ་ལ་སྦྱིན་པ་དེ་ནི་ཆོས་ཅན། མཐོང་ཆོས་ལ་མྱོང་འགྱུར་ནི་གཉིས་ཀའི་དོན་ཡིན་པས་དེ་མ་གཏོགས་པར་གཞན་དོན་གྱི་ཕྱིར་སྦྱིན་པ་སྟེ། དེས་ལེན་པ་པོ་གཞན་གྱི་འབྱུང་བ་ལ་ཕན་བཏགས་པའི་ཕྱིར། རང་དོན་གྱི་ཕྱིར་མ་ཡིན་ཏེ། སྦྱིན་པའི་ རྣམ་སྨིན་གྱི་ས་འདོད་ཁམས་ཡིན་ན། དེ་ལས་ཤིན་ཏུ་ཡང་དག་པར་འདས་པའི་ཕྱིར། ཆགས་པ་དང་མ་བྲལ་བའམ་སོ་སྐྱེ་ཆགས་བྲལ་གྱིས་སེམས་ཅན་ཕ་རོལ་ལ་སྦྱིན་པ་དེ་ནི་གཉིས་ཀའི་དོན་མཐོང་བའི་ཕྱིར་སྦྱིན་པ་སྟེ། རང་གི་དགེ་བའི་ལས་བསགས་པའི་ཕྱིར་དང་། 3-1-137a གཞན་ལ་ཕན་པར་བྱ་བའི་ཕྱིར་རོ། །འཕགས་པ་ཆགས་བྲལ་གྱིས་མཆོད་རྟེན་ལ་འབུལ་བ་དེ་ནི་མཐོང་ཆོས་མྱོང་འགྱུར་མ་གཏོགས་པར་གཉི་གའི་དོན་དུ་མིན་པའི་ཕྱིར་ཏེ། བཀུར་སྟི་དང་བྱས་པ་གཟོ་བ་འབའ་ཞིག་གིས་འབུལ་བར་ཟད་པའི་ཕྱིར་རོ། །གསུམ་པ་ཁྱད་པར་ལ། བསྟན་ བཤད་གཉིས་ལས། དང་པོ་ནི། དེ་ཡི་ཁྱད་པར་སྦྱིན་བདག་དང་། །དངོས་དང་ཞིང་གི་ཁྱད་པར་ལས། །སྦྱིན་པ་འབྲས་བུ་ལོངས་སྤྱོད་ཆེན་པོ་ཅན་ཅེས་སྤྱིར་བསྟན་ནས། དེ་ཁྱད་པར་སྦྱིན་བདག་དང་དངོས་པོ་དང་ཞིང་གི་ཁྱད་པར་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ལ། སྦྱིན་བདག་གི་ཁྱད་པར། སྦྱིན་བྱའི་ཁྱད་པར། ཞིང་གི་ཁྱད་པར། སྦྱིན་པ་ཁྱད་པར་ཅན་ ངོས་བཟུང་བ། འཕྲོས་པའི་དོན། དང་པོ་ལ། དངོས་དང་། སྦྱིན་ཚུལ་གྱི་ཁྱད་པར། དེའི་འབྲས་བུ། དང་པོ་ནི། སྦྱིན་བདག་ཁྱད་འཕགས་དད་སོགས་ཀྱིས། །དེ་ལ་རེ་ཞིག་དད་པ་དང་སོགས་པས་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། འདོད་ཆེན་ཆུང་བ་དང་། ཆོག་ཤེས་པ་ལ་སོགས་ཀྱི་ཡོན་ཏན་དང་ལྡན་པའི་སྦྱིན་བདག་ནི་འབྲས་བུ་ འབྱིན་པ་ལ་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ནི། གུས་ལ་སོགས་པས་སྦྱིན་པར་བྱེད། །སྦྱིན་བདག་དེའི་སྦྱིན་པ་དེ་སྦྱིན་བདག་གི་ཁྱད་པར་གྱིས་འབྲས་བུ་འབྱིན་པ་ལ་ཁྱད་པར་དུ་འཕགས་པར་འགྱུར་ཏེ། སྦྱིན་བདག་དེ་ལྟ་བུ་དེ་ནི་གུས་པས་སྦྱིན་པར་བྱེད་པ་དང་ལ་སོགས་པས་རང་གི་ལག་ནས་སྦྱིན་པ་དང་། དུས་སུ་སྦྱིན་པ་ དང་། གཞན་ལ་མི་གནོད་པར་སྦྱིན་པས་ཁྱད་འཕགས་སུ་འགྱུར་བའི་ཕྱིར། གསུམ་པ་ནི། དེ་ཕྱིར་བཀུར་སྟི་རྒྱ་ཆེན་དང་། །དུས་དང་བར་ཆད་མེད་པར་རྙེད། །སྦྱིན་པའི་རྒྱུ་བཞི་པོ་དེའི་ཕྱིར་རིམ་པ་བཞིན་དེ་དག་གིས་ཁྱད་པར་བཞིར་འགྱུར་ཏེ། དང་པོས་བཀུར་སྟི་རྙེད་པར་འགྱུར། གཉིས་པས་ལོངས་སྤྱོད་རྒྱ་ཆེན་པོ་ལ་དད་པ་རྙེད་པར་འགྱུར། གསུམ་པས་ལོངས་སྤྱོད་ནུས་ པའི་དུས་ལས་མི་ཡོལ་བར་རྙེད་པར་འགྱུར། བཞི་པས་འདིའི་ལོངས་སྤྱོད་བར་ཆད་མེད་པར་རྙེད་པར་འགྱུར་བའི་ཕྱིར། གཉིས་པ་སྦྱིན་བྱའི་ཁྱད་པར་ལ། དངོས་དང་། དེའི་འབྲས་བུའོ། །དང་པོ་ནི། ཁ་དོག་ལ་སོགས་ཕུན་སུམ་དངོས། །དངོས་པོ་ན་ཁ་དོག་དང་ལ་སོགས་པས་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ནི་སྦྱིན་བྱ་ཁྱད་འཕགས་ཡིན་ནོ། །གཉིས་ 3-1-137b པ་ནི། དེ་ལས་གཟུགས་བཟང་གྲགས་ལྡན་དང་། །དགའ་དང་ཤིན་ཏུ་གཞོན་ཤ་དང་། །དུས་སུ་རེག་ན་བདེ་ལུས་འགྱུར། །དེ་ལྟ་བུ་བྱིན་པ་ལས་རིམ་པ་བཞིན་གཟུགས་བཟང་པོར་འགྱུར་བ་དང་། དྲི་བཞིན་དུ་གྲགས་པས་ཕྱོགས་སུ་རྒྱས་པར་འགྱུར་བ་དང་ལྡན་པ་དང་། རོ་ཞིམ་པོ་བཞིན་དུ་དགའ་བར་འགྱུར་བ་དང་། ལུས་ཤིན་ཏུ་གཞོན་ཤ་ཅན་དང་། བུད་མེད་རིན་པོ་ཆེ་བཞིན་དུ་འདི་ ཡི་ལུས་དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་ཏེ། དེའང་གྲང་བའི་ཚེ་དྲོ་ལ། དྲོ་བའི་ཚེ་གྲང་བ་དང་། ཐ་མལ་བའི་ཚེ་ཐ་མལ་དུ་འདུག་པའོ། །གསུམ་པ་ཞིང་གི་ཁྱད་པར་ནི། འགྲོ་དང་སྡུག་བསྔལ་ཕན་འདོགས་དང་། །ཡོན་ཏན་རྣམས་ཀྱིས་ཞིང་ཁྱད་འཕགས། །ཡང་ཞིང་གི་སྒོ་ནས་འགྲོ་བའི་ཁྱད་པར་དུ་བྱས་པའི་ཞིང་ནི། བཅོམ་ལྡན་འདས་ཀྱིས། དུད་ འགྲོའི་སྐྱེ་གནས་སུ་སོང་བ་ལ་སྦྱིན་པ་བྱིན་ན་རྣམ་སྨིན་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་བའི་མི་ལ་སྟོང་འགྱུར་དུ་རེ་བར་བྱའོ། །ཞེས་གསུངས་པས། སྡུག་བསྔལ་དང་ཕན་འདོགས་ཡོན་ཏན་མཉམ་པ་ལ་དུད་འགྲོ་བས་མི་ལ་བསོད་ནམས་ཆེ། མིས་ཕན་ མ་བཏགས་དུད་འགྲོས་ཕན་བཏགས་ན་མི་བས་དུད་འགྲོ་ལ་བྱིན་པ་བསོད་ནམས་ཆེ། དེ་ཀ་བཞིན་མི་ལ་སྡུག་བསྔལ་མེད། དུད་འགྲོ་ཤིན་ཏུ་སྡུག་བསྔལ་ན། མི་བས་དུད་འགྲོ་ལ་བྱིན་པ་བསོད་ནམས་ཆེའོ། །སྡུག་བསྔལ་གྱིས་ཁྱད་པར་དུ་བྱས་པའི་ཞིང་ནི། རྫས་ལས་བྱུང་ བའི་བསོད་ནམས་བྱ་བའི་དངོས་པོ་དག་ཏུ་ནད་པ་དང་ནད་གཡོག་དང་གྲང་བ་དང་ཡུལ་ངན་པ་དང་ཆར་འབབ་པ་ལ་སྦྱིན་པར་གསུངས་ནས། འདི་བདུན་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའི་བསོད་ནམས་ཀྱི་ཚད་བཟུང་བར་མི་ནུས་སོ་ཞེས་གསུངས་ པ་ལྟ་བུ་ལེན་པ་པོ་སྡུག་བསྔལ་གྱི་ཟིལ་གྱིས་མནན་པས་རྟག་ཏུ་སྐྱོ་བ་ཉིད་ཀྱིས་དགེ་བའི་ཆོས་ཀྱི་སྣོད་ཡིན་པའི་ཕྱིར་དང་། ཕན་འདོགས་པས་ཁྱད་པར་དུ་བྱས་པའི་ཞིང་ནི། ཕ་མ་དང་ཕན་འདོགས་པ་གཞན་རྣམས་ལ་སྦྱིན་པར་བྱེད་པ་སྟེ། དོམ་དང་རི་དྭགས་དང་སྤྲེའུར་ 3-1-138a སྐྱེས་པའི་རབས་ལས་ཕུགས་སུ་བཅུག་ནས་ལུས་ཀྱི་དྲོད་ཀྱིས་བསྲོས་པ་དང་། ཆུས་ཁྱེར་བ་ལས་བསྒལ་བས་ཕན་འདོགས་པ་ལ་གནོད་པ་བྱས་པས་འཕྲལ་ལ་ལག་པ་ཆད་པ་དཔེར་བྱའོ། །ཡོན་ཏན་གྱི་ཁྱད་པར་རྣམས་ཀྱི་ཞིང་ཁྱད་པར་དུ་ འཕགས་པ་ནི་ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་རྣམ་པར་སྨིན་པ་འབུམ་དུ་འགྱུར་བ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ལ་བྱིན་ན་རྣམ་སྨིན་ཚད་མེད་དོ། །དེ་བས་ཀྱང་རྒྱུན་དུ་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ། །ཞེས་སོ། །བཞི་པ་སྦྱིན་པ་ཁྱད་པར་ ཅན་ངོས་བཟུང་བ་ལ། མཆོག་སྦྱིན་པ་དང་། གཞལ་དུ་མེད་པའི་སྦྱིན་པའོ། །དང་པོ་ལ། དངོས་དང་། སྦྱིན་པ་བརྒྱད་ཀྱི་ནང་ནས་མཆོག་ངོས་བཟུང་བའོ། །དང་པོ་ནི། མཆོག་ནི་གྲོལ་བས་གྲོལ་བའམ། །བྱང་ཆུབ་སེམས་དཔའ་ཡིས། བཅོམ་ལྡན་འདས་ཀྱིས་ཟང་ཟིང་གི་སྦྱིན་པ་རྣམས་ཀྱི་ནང་ནས་མཆོག་ནི་གྲོལ་བ་འདོད་ཆགས་དང་བྲལ་ བས། གྲོལ་བ་འདོད་ཆགས་དང་བྲལ་བ་ལ་བྱིན་པའི་སྦྱིན་པ་མཆོག་ཏུ་གསུངས་ཏེ། སྦྱིན་པོ་དང་ལེན་པོ་གཉིས་ཀ་མཆོག་ཏུ་གྱུར་པའི་ཕྱིར་དང་། སྲེད་པས་བདག་གིར་མ་བྱས་པའི་ཕྱིར། ཡང་ན་བྱང་ཆུབ་སེམས་དཔའ་ཡིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ ཆེད་དུ་སྦྱིན་པ་བྱིན་པ་ནི། མ་གྲོལ་བས་མ་གྲོལ་བ་ལ་བྱིན་པ་ཡང་མཆོག་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ཡིན་ཅིང་། སྙིང་རྗེས་རབ་ཏུ་བཅུག་པ་དང་། སྲེད་པས་ཡོངས་སུ་མ་ཟིན་པའི་ཕྱིར། གཉིས་པ་ནི། བརྒྱད་པ། །བཤད་མ་ཐག་པ་དེ་མ་གཏོགས་པར་དྲུང་དུ་འོང་བའི་ ཉེ་བ་ལ་སྦྱིན་པ་དང་། ཆད་སོགས་ཀྱིས་འཇིགས་ནས་སྦྱིན་པ་དང་། བདག་ལ་སྔར་བྱིན་པས་དེའི་ཁ་ལན་དུ་བྱིན་པ་དང་། བདག་ལ་མ་འོངས་པར་གདོད་ཆེ་བ་སྟེར་དུ་རེ་ནས་སྦྱིན་པ་དང་། སྔོན་ཕ་མེས་གཏོང་ཕོད་ཅན་གྱི་རྗེས་སུ་སྙོགས་འདོད་ཀྱིས་སྦྱིན་པ་དང་། 3-1-138b མཐོ་རིས་ཀྱི་དོན་དུ་སྦྱིན་པ་དང་། གྲགས་པ་འདོད་ཕྱིར་སྦྱིན་པ་དང་། སེམས་ཀྱི་རྒྱན། སེམས་ཀྱི་ཡོ་བྱད། རྣལ་འབྱོར་གྱི་ཚོགས། དོན་གྱི་མཆོག་ཐོབ་པའི་ཕྱིར་སྦྱིན་པ་བརྒྱད་གསུངས་པ་དག་གི་ནང་ནས། བརྒྱད་པ་སེམས་ཀྱི་རྒྱན་ལ་སོགས་པའི་ཆེད་དུ་སྦྱིན་པ་ མཆོག་ཡིན་ནོ། །དེ་ཡང་སེམས་ཀྱི་རྒྱན་ནི་རྫུ་འཕྲུལ་དང་། ཡོ་བྱད་ནི་འཕགས་ལམ་ཡན་ལག་བརྒྱད་དང་། རྣལ་འབྱོར་གྱི་ཚོགས་ནི་ཞི་ལྷག་དང་། དོན་གྱི་མཆོག་ནི་དགྲ་བཅོམ་པ་དང་། མྱ་ངན་ལས་འདས་པའོ། །གང་བ་སྤེལ་ནི། དད་པ་ལ་སོགས་པ་ནི་ནོར་ འདྲེན་པས་རྒྱན་དང་། སེར་སྣའི་དྲི་མ་འཁྲུད་པས་ཡོ་བྱད་དང་། སྙོམས་འཇུག་གི་བདེ་བ་བསྐྱེད་པས་རྣལ་འབྱོར་གྱི་ཚོགས་དང་། མྱ་ངན་ལས་འདས་པའི་བདེ་བ་འདྲེན་པས་ན་དོན་གྱི་མཆོག་གོ་ཞེས་ཟེར་རོ། །ས་སྡེ་ལས། བདེ་འགྲོའི་རྒྱུ་ཡིན་པས་ན་སེམས་ ཀྱི་རྒྱན། ལོངས་སྤྱོད་མང་པོ་འབྱུང་བས་ན་ཡོ་བྱད། ཐར་པའི་རྒྱུ་ཚོགས་ཡིན་པས་ན་རྣལ་འབྱོར་གྱི་ཚོགས། བྱང་ཆུབ་ཆེན་པོར་བསྔོས་པའི་དོན་གྱི་མཆོག་ཅེས་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །ཉེ་བའི་སྦྱིན་པ་ནི་དྲུང་དུ་འོང་ཞིང་རང་ཉིད་ཀྱི་ང་རྒྱལ་དང་མཐུན་ པར་བསྟོད་པ་ལ་དགའ་ནས་སྦྱིན་པའོ་ཞེས་ཟེར་རོ། །འཇིགས་པས་སྦྱིན་པ་ནི། བདག་གི་སྲོག་དང་ཡོ་བྱད་བྲལ་གྱི་དོགས་ནས་དེ་བསླུ་བའི་ཆེད་དུ་རང་གི་བདོག་པ་དམ་པ་གཏོང་བའོ། །གཉིས་པ་གཞལ་དུ་མེད་པའི་སྦྱིན་པ་ནི། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །མདོ་ལས་རྒྱུན་ཞུགས་སོགས་ འཕགས་པ་ལ་བྱིན་ན་བསོད་ནམས་ཆེས་གཞལ་མེད་དུ་གསུངས་མོད་ཀྱི། གཞན་ཡང་འཕགས་པ་མིན་པ་སོ་སོ་སྐྱེ་བོ་ཡིན་ཀྱང་ཕ་མ་དང་། ནད་པ་དང་ནི་ཆོས་སྨྲ་དང་། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་སྟེ། བྱང་སེམས་སྲིད་པ་ཐ་མ་པ་ལ་སྦྱིན་པ་བྱིན་པ་ནི་འབྲས་ 3-1-139a བུའི་སྒོ་ནས་ཡོན་ནི་གཞལ་དུ་མེད་པ་ཡིན་ནོ། །ཆོས་སྨྲ་བ་ནི། འགྲོ་བ། སྡུག་བསྔལ་བ། ཕན་འདོགས་པ། ཡོན་ཏན་གྱི་ཞིང་གང་དུ་གཏོགས་ཞེ་ན། མི་ཡིན་པས་མིའི་འགྲོ་བར་བསྡུས་པ་ཡང་ཡིན། ཡོན་ཏན་ཅན་ཡིན་ཀྱང་ཕན་འདོགས་ པའི་ཕྱོགས་སུ་གཏོགས་ཏེ། དེ་ནི་སྐྱེ་རྒུ་མ་རིག་པས་ལྡོངས་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ་དང་། ཆོས་དགེ་བ་དང་ཆོས་མིན་མི་དགེ་བའི་ལས་ལམ་རབ་ཏུ་སྟོན་པ་དང་། ལམ་སྐྱེ་བའི་སྔོན་དུ་ལུང་འབོགས་པ་སྔོན་དུ་འགྲོ་བས་ཆོས་ཀྱི་སྐུ་ཟག་པ་མེད་ པ་སྒྲུབ་པར་བྱེད་པ་དང་། མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་པའི་ཕྱིར། དགེ་བའི་བཤེས་གཉེན་ཆེན་པོ་ཡིན་ནོ། །ལྔ་པ་འཕྲོས་དོན་ལ། ཆེ་ཆུང་གི་ཁྱད་པར། བསགས་མ་བསགས་ཀྱི་ཁྱད་པར། དོགས་གཅོད་དོ། །དང་པོ་ནི། མཇུག་དང་ཞིང་དང་གཞི་དང་ནི། །སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད། ། མདོར་ན་ལས་ལྕི་ཡང་རྒྱུ་དྲུག་གིས་ཤེས་པར་བྱ་སྟེ། བྱས་པའི་རྗེས་ལ་ད་དུང་བྱེད་པ་སྟོབས་ཆེ་བས་མཇུག་དང་། གང་དུ་ཕ་མ་ལྟ་བུ་ལ་ཕན་གནོད་གང་བྱས་སྟོབས་ཆེ་བས་ཞིང་དང་། སྲོག་གཅོད་སོགས་ལས་ལམ་གྱི་གཞི་དང་། དེའི་དོན་དུ་ལུས་ངག་གི་ལས་བྱེད་ པའི་སྦྱོར་བ་དང་། གང་གིས་ལས་ལམ་མཐར་ཕྱིན་བྱེད་སེམས་པ་དང་། འདི་དང་འདི་ལྟ་བུ་ཞིག་ད་ལྟ་དང་ཕྱིས་བྱའོ་སྙམ་པའི་བསམ་པ་སྟེ་དྲུག་གོ། དེ་ཡང་ལ་ལ་ནི་མཇུག་བསམ་པ་ཤིན་ཏུ་དྲག་པས་ལས་ལྕི་བར་འགྱུར་རོ། །རོ་མྱང་དྲག་པོའི་སྟོབས་ཀྱིས་རྣམ་སྨིན་ འབྱིན་པ་ངེས་པར་གནས་པའི་ཕྱིར། ལ་ལ་ནི་ཕལ་པ་བསད་པ་ལས་ཕ་མ་བསད་པ་ལྟ་བུ་ཞིང་གི་དབང་གིས་ལྕིའོ། །ཕ་མ་ལྟ་བུའི་ཞིང་ལ་སྲོག་གཅོད་ཀྱི་མཚམས་མེད་ཀྱིས་ལྕི་བར་འགྱུར་བ་ལྟར་ཕ་མ་ལ་མ་བྱིན་པར་བླང་བ་དང་རྫུན་སོགས་དེ་ལྟར་ལྕི་བ་མ་ཡིན་ 3-1-139b ནོ། །མི་ཕལ་པ་ལས་རྫས་བརྐུས་པ་ལས་ནི་ཕ་མའི་རྫས་བརྐུས་པ་ལྕིའོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱ་སྟེ། ལ་ལ་སྦྱོར་བའི་ཁྱད་པར་གྱིས་ལྕི། ལ་ལ་བསམ་པའི་ཁྱད་པར་གྱིས་ལྕི་བ་སོགས་སུ་ཡོད་པའི་ཕྱིར། ལས་གང་གི་དྲུག་པོ་དེ་ དག་ཐམས་ཅད་ཆེ་བ་ཡིན་པ་དེ་ཡིས་ནི་ལས་ཀྱང་ཤིན་ཏུ་ཆེས་ལྕི་བ་ཉིད་ཡིན་པར་རིག་པར་བྱའོ། །གང་གི་ཆུང་ངུ་ཡིན་པ་དེ་དག་ལས་དེ་ནི་ཤིན་ཏུ་ཆུང་བར་རིག་པར་བྱའོ། །གཉིས་པ་ནི། བསམས་བཞིན་པ་དང་རྫོགས་པ་དང་། །མི་འགྱོད་གཉེན་པོ་མེད་པ་དང་། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཤེས་བྱ་བ་ཡིན། །བྱས་ལ་བསགས་པའི་ལས་ནི། བསམ་བཞིན་པར་འདི་བྱའོ་ཞེས་ཆེད་དུ་བློ་སྔོན་ དུ་བཏང་ནས་བྱས་པ་ཞིག་དགོས་ཏེ། བློ་སྔོན་དུ་མ་བཏང་བ་དང་། བཏང་ཡང་བབ་ཅོལ་བྱུང་རྒྱལ་དུ་ཁ་ལང་དུ་ཤོར་བས་རྫུན་སྨྲ་སོགས་ཀྱི་མི་དགེ་བ་གང་ཡིན་པ་དེ་བྱས་པ་ཡིན་ཀྱང་བསགས་པ་མ་ཡིན་པའི་ཕྱིར། བདག་ཉིད་ཀྱིས་བྱ་བ་མི་འདོད་ཀྱང་གཞན་གྱིས་ནན་གྱིས་བརྣན་ ནས་དགེ་མི་དགེ་སྤྱད་པ་ལ་བདག་ཉིད་དེ་ལ་འགྱོད་དེ། ལས་བྱས་པ་ནི་ཡིན་གྱི། བསགས་པ་ནི་མ་ཡིན་པའི་ཕྱིར་རོ། །སློབ་དཔོན་ཐོགས་མེད་ནི། བསད་པ་ལྟ་བུའི་བསམ་པ་དྲག་པོ་བྱས་ཀྱང་མི་དེ་མ་སོད་ན་ལས་བསགས་པ་ཡིན་གྱི་བྱས་པ་མིན། བསད་པ་ལྟ་བུའི་ བསམ་སྦྱོར་དྲག་པོ་ཡང་བྱས་ཏེ་སོད་ཀྱང་སོད་ན་བསད་པ་དང་བྱས་པ་གཉིས་ཀ་ཡིན། བསམ་པ་དྲག་པོ་ཡང་མ་བྱས། སྦྱོར་བ་དྲག་པོ་ཡང་མ་བྱས་ཀྱང་དེ་སོད་བ་གཅིག་ནི་གཉིས་ཀ་མ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ནི་སྒོ་གསུམ་གྱི་ཉེས་སྤྱད་གཅིག་གིས་ངན་སོང་དུ་འགྲོ་ལ། ཁ་ཅིག་ནི་སྒོ་གསུམ་གྱི་བར་གྱིས་འགྲོ་བ་དང་། གཅིག་ལས་ལམ་གཅིག་གིས་ངན་སོང་དུ་འགྲོ་ལ། ཁ་ཅིག་བཅུའི་བར་གྱིས་འགྲོ་བ་དེ་ལ་ཇི་ཙམ་གྱིས་དེར་འགྲོ་བར་འགྱུར་བ་རྫོགས་པར་བྱས་ན་བསགས་པ་ཡིན་གྱི། རྫོགས་པར་མ་བྱས་ན་ལས་དེ་བྱས་པ་མིན་གྱི་བསགས་པ་ 3-1-140a མ་ཡིན་ནོ། །ཡིད་ལ་གཅགས་པ་མེད་པས་མི་འགྱོད་པ་དང་། ཆགས་པ་ལ་སོགས་པ་ལ་གཉེན་པོ་མེད་པ་དང་། གང་བྱས་ནས་ཀྱང་རྗེས་སུ་ཡི་རང་བར་བྱེད་པ་མི་དགེ་བ་ལ་འཁོར་ཡང་མི་དགེ་བ་མ་བྱིན་པར་བླངས་ནས་གཞན་གྱི་ཆུང་མ་ལ་ཉལ་པོ་ བྱེད་པ་དང་། རྣམ་པར་སྨིན་པ་འབྱིན་པར་ངེས་པ་མི་དགེ་བའི་མཚན་ཉིད་རྒྱས་པར་བསྐྱེད་པ་ལས་བྱས་ལ་བསགས་པའི་ལས་ཞེས་བྱ་བ་ཡིན་ལ། དེ་ལས་གཞན་ནི་བྱས་ལ་མ་བསགས་པའོ། །གསུམ་པ་དོགས་གཅོད་ནི། མཆོད་རྟེན་ལ་བཏང་རྒྱུས་བྱུང་བའི། །བསོད་ནམས་ལེན་མེད་བྱམས་སོགས་བཞིན། །རྒྱུ་ལས་འབྲས་བུ་མི་འཁྲུལ་ཕྱིར། །ངན་པའི་ཞིང་ལའང་འབྲས་ཡིད་འོང་། །འདོད་ཆགས་དང་བཅས་པས་མཆོད་རྟེན་ལ་ སྦྱིན་པ་བྱིན་པ་ནི་བདག་དོན་དུ་བསོད་ནམས་སུ་འགྱུར་རོ་ཞེས་བཤད་པ་དེ་ཆོས་ཅན། བདག་དོན་དུ་བསོད་ནམས་སུ་མི་འགྱུར་བར་ཐལ། དེ་ལ་ལོངས་སྤྱོད་བྱེད་པ་པོ་མེད་པའི་ཕྱིར་ཞེ་ན། མཆོད་རྟེན་ལ་བཏང་བ་ཆོས་ཅན། བདག་དོན་དུ་བསོད་ནམས་སུ་འགྱུར་བ་ཡིན་ཏེ། ཡོངས་སུ་ལོངས་སྤྱོད་པའི་རྒྱུ་ལས་བྱུང་བའི་བསོད་ནམས་མེད་ཀྱང་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་འབྱུང་བའི་ཕྱིར་རོ། །ལེན་པོ་མེད་ཀྱང་བསོད་ནམས་འབྱུང་བ་འདི་ལ་འཐད་པ་དཔྱད་པ་ནི། ལེན་པ་ཡོད་ན་བསོད་ནམས་སུ་འགྱུར་ལ། མེད་ན་མི་འབྱུང་བ་ལ་ རྒྱུ་ཅི་ཡོད་དྲིས་པས། ཁོ་ན་རེ། ལེན་བྱེད་ཡོད་ན་ཆོས་ཅན། གཏོང་རྒྱུ་ལས་བྱུང་བའི་བསོད་ནམས་སུ་འགྱུར་ཏེ། དེ་ལ་ནི་དགའ་བ་དང་ཕན་བཏགས་པ་ཡིན་པས་བླངས་སོ་ཞེས་བྱ་བར་རུང་བའི་ཕྱིར་དང་། ལེན་པོ་མེད་ན་ཆོས་ཅན། གཏོང་རྒྱུ་ལས་བྱུང་བའི་བསོད་ནམས་ སུ་མི་འགྱུར་ཏེ། དེ་ལ་ནི་དགའ་བ་དང་ཕན་བཏགས་པ་མེད་པས་བླངས་སོ་ཞེས་བྱ་བར་མི་རུང་བའི་ཕྱིར་ཞེས་ཟེར་རོ། །དེ་ལ་ཁྱབ་པ་ཡོད་ན། འོ་ན་བྱམས་སོགས་དང་ཡང་དག་པའི་ལྟ་བ་བསྒོམ་པ་ཆོས་ཅན། བསོད་ནམས་སུ་མི་འགྱུར་བར་ཐལ། གཞན་ལ་ཕན་བཏགས་ 3-1-140b པ་ཁོ་ནས་བསོད་ནམས་སུ་འགྱུར་བ་ལས་དེ་ལྟར་མ་བཏགས་པའི་ཕྱིར། དེ་འདོད་མི་ནུས་པས་མཆོད་རྟེན་ལ་བྱིན་པ་ལའང་བསོད་ནམས་འབྱུང་བ་འདོད་པར་རིགས་སོ། །མདོར་ན་ཡོན་གནས་སངས་རྒྱས་སོགས་འདས་ཀྱང་དེའི་མཆོད་རྟེན་ལ་དད་པས་ཕུལ་བ་བསོད་ ནམས་སུ་འགྱུར་ཏེ། ལེན་པ་དང་ཕན་འདོགས་པ་མེད་ཀྱང་རང་གི་སེམས་ཀྱི་མཐུས་བསོད་ནམས་སུ་འགྱུར་བའི་ཕྱིར། དཔེར་ན་བྱམས་སོགས་བཞིན་ནོ། །འོ་ན་རང་གི་སེམས་ལས་བསོད་ནམས་སུ་འགྱུར་ན། སེམས་འབའ་ཞིག་གི་སྦྱིན་མཆོད་ལས་གཞན་ལུས་ངག་གི་ སྦྱིན་མཆོད་དོན་མེད་པར་ཐལ། དེ་ཁོ་ན་ལས་བསོད་ནམས་ཐོབ་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སྟོན་པ་ལ་སེམས་ཙམ་གྱིས་སྦྱིན་པ་དང་མཆོད་པ་དག་སེམས་པར་བྱེད་པའི་དད་པ་གང་ཡིན་པ་དེ་བས་ནི་སྦྱིན་པ་དང་མཆོད་པ་དག་དངོས་སུ་བྱེད་པའི་དད་པ་ཆེས་མཆོག་ཡིན་པའི་ ཕྱིར་ཏེ། ལུས་ངག་གི་ལས་དག་འཇུག་པར་བྱེད་པའི་ཕྱིར། དཔེར་ན་དགྲ་བསད་པའི་བསམ་པ་ཅན་དེས་ལུས་ངག་གི་ལས་དེ་ཤི་བཞིན་དུ་ད་དུང་མ་ཤི་བའི་འདུ་ཤེས་ཀྱིས་བྱེད་ན་སེམས་པ་རྒྱུན་ཆགས་པས་བསོད་ནམས་མིན་པ་ཆེས་མང་དུ་སྐྱེ་བར་འགྱུར་གྱི། བྱ་བ་མེད་པའི་བསམ་ པ་ཙམ་གྱིས་མ་ཡིན་པ་བཞིན་དུ་སྟོན་པ་འདས་ཀྱང་དེ་ལ་དད་པས་ཀུན་ནས་བསླངས་པའི་སྦྱིན་པ་དང་མཆོད་པའི་བྱ་བ་བྱེད་ན་བསོད་ནམས་ཆེས་མང་དུ་སྐྱེ་བར་འགྱུར་གྱི་བྱ་བ་མེད་པའི་དད་པ་ཙམ་ནི་དེ་ལྟར་མ་ཡིན་ནོ། །གཅེར་བུ་པ་ཞིང་བཟང་པོ་ལ་སྦྱིན་པའི་ས་བོན་ལས་འབྲས་བུ་ཡིད་ འོང་ཅན་ཡིན་ན། ཆོམ་རྐུན་སོགས་ཞིང་ངན་པ་ལ་བྱིན་པས་འབྲས་བུ་ཡིད་མི་འོང་བར་འགྱུར་རོ་ཞེ་ན། ཞིང་གི་ཁྱད་པར་ལས་སྦྱིན་པའི་འབྲས་བུ་ཡིད་འོང་མི་འོང་དུ་འགྱུར་བ་མིན་གྱི། སྦྱིན་པའི་འབྲས་བུ་ཡིད་འོང་གཞིར་བྱས་ལ། མཆོག་དམན་དུ་གྱུར་པར་ནི་འདོད་དེ། ཞིང་ངན་ 3-1-141a པ་ལ་ཡང་རྒྱུ་ས་བོན་བཟང་པོ་བཏབ་པ་ལས་འབྲས་བུ་ཡིད་འོང་དམན་པ་མི་འཁྲུལ་བར་འབྱུང་ལ། ཡིད་མི་འོང་མི་འབྱུང་བར་མཐོང་བའི་ཕྱིར། རྒུན་གྱི་ས་བོན་ལས་རྒུན་གྱི་འབྲས་བུ་མངར་བོ་ཁོ་ནར་སྐྱེ་ལ། ནིམ་པའི་ས་བོན་ལས་ནི་ནིམ་པའི་འབྲས་བུ་ ཁོ་ན་སྐྱེའོ། །དེ་བཞིན་དུ་ངན་པའི་ཞིང་ལ་ཡང་གཞན་ལ་ཕན་པའི་བཏགས་པའི་བསམ་པ་ལ་ཞུགས་པའི་སྦྱིན་པའི་ས་བོན་གྱི་འབྲས་བུའང་ཡིད་དུ་འོང་བ་ཁོ་ནར་འགྲུབ་ཀྱི། ཡིད་དུ་མི་འོང་བ་ནི་མ་ཡིན་ནོ། །ཞིང་གི་སྐྱོན་གྱིས་ནི་ས་བོན་དེའི་འབྲས་བུ་ཞན་པའམ་འབྲས་བུ་མི་ འདོན་པ་སྲིད་ཀྱི། རང་གི་འབྲས་བུ་ལས་གཞན་པའི་འབྲས་བུ་འདོན་པ་མི་སྲིད་པས། དགེ་བས་ཡིད་དུ་མི་འོང་བ་འབྱིན་པ་ནི་མ་སྲིད་དོ། །གཉིས་པ་གཞན་གཉིས་བཤད་པ་ལ། སོ་སོའི་རང་བཞིན་དང་། གཉིས་ཀའི་འབྲས་བུ། ཞར་བྱུང་ཚངས་པའི་བསོད་ནམས་བཞི་བཤད་ པའོ། །དང་པོ་ལ། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའོ། །དང་པོ་ལ། སྤང་བྱ་ངོས་བཟུང་བ། དེའི་གཉེན་པོ་ཚུལ་ཁྲིམས། དེ་དག་པའི་ཡོན་ཏན་ནོ། །དང་པོ་ནི། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །འཆལ་བའི་ཚུལ་ཁྲིམས་ནི་སྲོག་གཅོད་ནས་ངག་འཁྱལ་གྱི་བར་རང་བཞིན་གྱིས་མི་དགེ་བ་ ཁ་ན་མ་ཐོ་བའི་གཟུགས་ཡིན་ནོ། །མི་དགེ་བའི་གཟུགས་དེ་སྤོང་བ་བཞིའམ་བདུན་ནི་ཚུལ་ཁྲིམས་སོ། །སྤོང་བ་དེ་ཡང་རིག་བྱེད་གང་གིས་སྤོང་བ་དང་རིག་བྱེད་མིན་པ་སྤོང་བ་རྣམ་པ་གཉིས་སོ། །གཉིས་པ་ནི། སངས་རྒྱས་ཀྱིས་ནི་བཅད་པ་ཡང་། །ཚུལ་ཁྲིམས་ལ་འཆལ་ཚུལ་གྱི་གཉེན་པོས་མ་ཁྱབ་སྟེ། དུས་ དང་གནས་སྐབས་འགའ་ཞིག་ཏུ་གནང་བ་ཡོད་ཀྱང་། དུས་དང་གནས་སྐབས་འགའ་ཞིག་ཏུ་རང་བཞིན་གྱི་ཁ་ན་མ་ཐོ་བའི་རྒྱུར་འགྱུར་ལ། རང་བཞིན་གྱི་འཆལ་བའི་ཚུལ་ཁྲིམས་མ་ཡིན་པ། སངས་རྒྱས་ཀྱིས་ནི་བཀའ་ཡིས་བཅད་པ་དུས་མིན་གྱི་ཁ་ཟས་སྤོང་བར་མནོས་པ་ལྟ་བུ་ལ་ 3-1-141b ་རིག་བྱེད་ཡིན་མིན་གཉིས་ཡོད་པའང་ཚུལ་ཁྲིམས་ཡིན་པའི་ཕྱིར། དེ་དག་སྤོང་བའི་བསླབ་པ་མནོས་པས་དེ་དག་སྤྱད་ན་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ལ་མ་གུས་པའི་ཕྱིར། ཤུགས་ཀྱིས་ན་ཚུལ་ཁྲིམས་མ་མནོས་པ་འཆལ་བའི་ཚུལ་ཁྲིམས་མ་ ཡིན་ནོ། །ཞེས་བསྟན་ཏོ། །གསུམ་པ་ནི། རྣམ་དག་ཡོན་ཏན་བཞི་ལྡན་ནོ། །འཆལ་ཁྲིམས་དེའི་རྒྱུས་འཕན་མ་བྱུང་། །དེ་གཉེན་པོ་དང་ཞི་ལ་རྟེན། །ཚུལ་ཁྲིམས་རྣམ་དག་ནི་ཡོན་ཏན་བཞི་ལྡན་ནོ་སྟེ། དེ་ལས་བཟློག་པ་ནི་མ་དག་པ་ཡིན་པའི་ཕྱིར། བཞི་གང་ཞེ་ན། འཆལ་ཁྲིམས་མི་དགེ་བའི་གཟུགས་ཀྱིས་འཕན་ཏེ་སྐྱོན་མ་བྱུང་བ་དང་། དེའི་རྒྱུ་རྩ་བ་དང་ཉེ་ཉོན་གྱིས་འཕན་མ་བྱུང་བ་ དང་། འཆལ་ཚུལ་དེའི་གཉེན་པོ་དྲན་པ་ཉེར་བཞག་ལ་བསྟེན་པ་དང་། ཐར་པར་བསྔོས་པས་ཞི་བ་བརྟེན་པའོ། །གཞན་ན་རེ། རྒྱུ་ལྔ་སྟེ། སྲོག་གཅོད་སོགས་ལས་ཀྱི་ལམ་དངོས་ཀྱིས་ཉམས་པར་མ་བྱས་པས་རྣམ་པར་དག་པ་དང་། སྲོག་གཅོད་སོགས་ཀྱི་ཉེར་བསྡོགས་ཏེ་སྦྱོར་ བས་སུན་མ་ཕྱུང་ཞིང་དག་པ་དང་། འདོད་པའི་རྣམ་རྟོག་ལ་སོགས་པ་མི་དགེ་བ་རྣམས་ཀྱིས་དྲི་མ་ཅན་དུ་བྱེད་པའི་འཕན་པ་མ་བྱུང་བ་དང་། ལུས་ལ་སོགས་པའི་དྲན་པ་ཉེར་བཞག་བཞིས་བརྟེན་པར་བྱས་པའམ། ཚུལ་ཁྲིམས་དྲན་པས་ཡོངས་སུ་བཟུང་བ་དང་། མྱ་ངན་ལས་ འདས་པར་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་ན་རེ། ཚུལ་ཁྲིམས་ནི་བཞི་སྟེ། འཇིགས་པའི་ཚུལ་ཁྲིམས་ནི་འཚོ་བ་མེད་པ་དང་། ཚིགས་སུ་བཅད་པ་མེད་པ་དང་། ཆད་པ་དང་། ངན་འགྲོའི་འཇིགས་པས་སྲུང་བ་གང་ཡིན་པའོ། །ལེགས་སུ་སྨོན་པའི་ཚུལ་ ཁྲིམས་ནི། སྨོན་པ་ནི་དོན་དུ་གཉེར་བ་སྟེ། སྲིད་པ་དང་ལོངས་སྤྱོད་དང་བཀུར་སྟི་ལ་ཆགས་ནས་སྲེད་པ་དེས་བླངས་ཏེ་སྲུང་བའོ། །བྱང་ཆུབ་ཀྱི་ཡན་ལག་གི་རྗེས་སུ་མཐུན་པའི་ཚུལ་ཁྲིམས་ནི་ཞི་ལྷག་གི་རྟེན་ཅན་གྱི་དོན་ཅན་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཡང་ 3-1-142a དག་པའི་ལྟ་བ་ཅན་རྣམས་ཐར་པའི་དོན་དུ་སྲུང་བ་གང་ཡིན་པ་སྟེ། མུ་སྟེགས་ཅན་རྣམས་ནི་ཡང་དག་པའི་ལྟ་བ་ཅན་མ་ཡིན་པའི་ཕྱིར་དང་། སྲིད་པ་ལ་བརྟེན་པའི་ཕྱིར་རོ། །ཡོངས་སུ་དག་པའི་ཚུལ་ཁྲིམས་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ཏེ། དྲི་མ་ མེད་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་སྒོམ་པ་ལས་བྱུང་བ་ནི། མཉམ་པར་བཞག་པའི་དགེ་བ་ནི། །བསྒོམ་པའོ་སེམས་ལ་སྒོ་ཕྱིར་རོ། །མཉམ་པར་བཞག་པ་རོ་མྱོང་བ་དང་མཚུངས་ལྡན་གྱི་ཉོན་མོངས་ཅན་མ་ཡིན་པའི་དགེ་བ་ནི། ཏིང་ངེ་འཛིན་དེ་དང་ལྷན་ཅིག་འབྱུང་བ་གང་ཡིན་པ་དེ་ནི་སྒོམ་པ་ཞེས་བྱ་སྟེ། རྒྱུད་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ཀྱིས་ དེའི་བདག་ཉིད་དུ་བྱེད་པས་སེམས་ལ་ཤིན་ཏུ་བསྒོ་བར་བྱེད་པའི་ཕྱིར་རོ། །དཔེར་ན་མེ་ཏོག་རྣམས་ཀྱིས་མེ་ཏོག་གི་དྲིའི་བདག་ཉིད་དུ་བྱེད་པའི་ཆེད་དུ་ཏིལ་ལ་མེ་ཏོག་གི་དྲིས་བསྒོས་པ་བཞིན་ནོ། །གཉིས་པ་གཉིས་ཀའི་འབྲས་བུ་བཤད་པ་ནི། མཐོ་རིས་དོན་དུ་ཚུལ་ཁྲིམས་དང་། །འབྲལ་བའི་དོན་དུ་བསྒོམ་གཙོའི་ཕྱིར། །སྦྱིན་པ་ནི་ལོངས་སྤྱོད་ཆེན་པོར་ འགྱུར་རོ་ཞེས་བཤད་ནས། ཚུལ་ཁྲིམས་དང་སྒོམ་པས་ཅིར་འགྱུར་ཞེ་ན། སྦྱིན་པ་ཡང་མཐོ་རིས་ཀྱི་དོན་དུ་འགྱུར་མོད་ཀྱི། མཐོ་རིས་ཀྱི་དོན་དུ་ཚུལ་ཁྲིམས་ནི་གཙོ་བོ་ཡིན་པ་དང་། ཞི་ལྷག་གཉིས་དེ་ལ་བརྟེན་པས་ཚུལ་ཁྲིམས་ཀྱིས་ཀྱང་འབྲལ་བར་འགྱུར་མོད་ཀྱི། དངོས་ སུ་བྲལ་བ་ཐོབ་པར་བྱེད་པས་སམ། སྤོང་ལམ་གྱིས་བསྡུས་པས་ན་འབྲལ་བའི་དོན་དུ་སྒོམ་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །གསུམ་པ་ཞར་བྱུང་ཚངས་པའི་བསོད་ནམས་བཞི་བཤད་པ་ནི། བསྐལ་པར་མཐོ་རིས་དགའ་གནས་ཕྱིར། །བཞི་ཡི་ཚངས་པའི་བསོད་ནམས་ཡིན། །བསོད་ནམས་བྱ་བའི་དངོས་པོ་ཞར་བྱུང་། མདོ་ལས་གང་ཟག་བཞི་ཡིས་ནི་ཚངས་པའི་ བསོད་ནམས་བསྐྱེད་དེ། མ་བྱས་པའི་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེད་པ་དང་། ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའི་ར་བ་འབུལ་ཞིང་དེར་གཙུག་ལག་ཁང་བརྩིགས་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་བྱེ་བ་བཟླུམས་པ་དང་། བྱམས་པའི་སེམས་ཚད་མེད་ 3-1-142b པ་བསྒོམ་པ་ཡིན་ཅེས་གསུངས་པའི་ཚངས་པའི་བསོད་ནམས་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། བྱང་སེམས་ཉེ་བ་མ་གཏོགས་པ་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་ཞེས་མཚན་རྣམ་སྨིན་ཅན་གྱི་ལས་ཀྱི་ཚད་ཤེས་པར་བྱ་བའི་ཕྱིར་བཤད་པ་གང་ཡིན་པའོ་ཟེར་ རོ། །སྔོན་གྱི་སློབ་དཔོན་རྣམས་ན་རེ། བསོད་ནམས་ཇི་ཙམ་གྱིས་ན་བསྐལ་པར་མཐོ་རིས་འདོད་པའི་ལྷའི་སྐྱེ་བ་དག་ཏུ་དགའ་བར་གནས་པར་འགྱུར་བ་དེ་ནི་ཚངས་པའི་བསོད་ནམས་ཡིན་ཏེ། །ཚངས་པའི་མདུན་འདོན་རྣམས་ཀྱི་ཚེ་བསྐལ་པར་ཐུབ་པ་དང་འདྲ་བར་དེས་བསྐལ་ པར་མཐོ་རིས་སུ་དགའ་བར་གནས་པའི་ཕྱིར་རོ། །མཐོ་རིས་ནི་འདོད་པ་ན་སྤྱོད་པའི་དབང་དུ་བྱས་པ་ཡིན་ན། དེ་ལྟར་ན་ཚངས་པ་མདུན་ན་འདོན་གྱི་ཚེ་ཚད་ནི་བར་བསྐལ་བཞི་བཅུ་ཡིན་ལ། མཆོད་རྟེན་རྩིག་སོགས་ཀྱི་འབྲས་བུ་ཇི་ལྟར་ཡུན་རིང་ཡང་གཞན་འཕྲུལ་དབང་ བྱེད་ཀྱི་ཚེ་ཡིན་ཙམ་ན། ཚངས་པ་དང་བསོད་ནམས་འདྲ་བ་ཡོད་དམ་སྙམ་ན། སྐྱེ་བ་གཅིག་ཏུ་ཚངས་པ་དང་མི་མཉམ་ཡང་སྐྱེ་བ་དུ་མ་ལོངས་པས་ཚངས་པ་དང་མཉམ། འོ་ན་ལས་གཅིག་གིས་སྐྱེ་བ་དུ་མའི་ལུས་ལེན་པས་ལས་གཅིག་གིས་ལུས་དུ་མ་འཕེན་པར་མི་ འགྲོ་འམ་སྙམ་ན། ལས་གཅིག་གིས་ལུས་དུ་མ་ལེན་པ་ཡིན། འོ་ན་གོང་དུ་ལས་གཅིག་གིས་ལུས་གཅིག་ཁོ་ན་འཕེན་ཟེར་བ་ནི་བྱེ་སྨྲའི་ལུགས་ཡིན། སྡེ་པ་གཞན་གྱི་ལུང་ལས། ཚངས་པའི་བསོད་ནམས་བསྐྱེད་པ་ནི། །བསྐལ་པར་མཐོ་རིས་དགའ་བར་གནས། ། ཞེས་ཚིགས་སུ་བཅད་དེ་འབྱུང་ངོ་། །གསུམ་པ་ཆོས་སྦྱིན་བྱེ་བྲག་ཏུ་བཤད་པ་ནི། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཆོས་ཀྱི་སྦྱིན་པ་ནི་སེམས་ཉོན་མོངས་ཅན། རྙེད་བཀུར་དང་གྲགས་འདོད་མིན་པས་བཤད་བྱ་མདོ་སོགས་ཡན་ལག་བཅུ་གཉིས་ལོག་པར་མི་སྟོན་པར་ཡང་དག་ཇི་བཞིན་སྟོན་པའོ། ། 3-1-143a སྨྲས་པ། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་ཕབ་པའི་སྡེ། །བསྟན་པ་ཡན་ལག་བཅུ་གཉིས་སོ། །དེས་ ཆོས་ལོག་པར་འཆད་པའམ། །རྙེད་བཀུར་འདོད་པ་སོགས་སེམས་ཉོན་མོངས་ཅན་གྱིས་འཆད་པ་དེ་དག་ནི་རང་གི་བསོད་ནམས་ཆེན་པོ་ཉམས་པར་བྱེད་པའོ། །གསུམ་པ་ཆ་མཐུན་དགེ་བ་གསུམ་བཤད་པ་ནི། བསོད་ནམས་མྱ་ངན་འདས་པ་དང་། །ངེས་འབྱེད་ཆ་མཐུན་དགེ་རྣམ་གསུམ། །བསོད་ནམས་ཀྱི་ཆ་ནི་བསོད་ནམས་ཀྱི་འབྲས་བུ་སྟེ་རྣམ་སྨིན་ཡིད་ དུ་འོང་བ་ཐོབ་པས་བསོད་ནམས་ཀྱི་ཆ་དང་མཐུན་པ་དང་། ཐར་པ་མྱ་ངན་ལས་འདས་པའི་ཚེ་ནི་ཐར་པ་ཐོབ་པ་སྟེ་དེ་དང་མཐུན་པ་ནི་གང་དུ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་བ་སྟེ། ཡོད་པའི་རྟགས་ནི། གང་ལ་འཁོར་བའི་ཉེས་དམིགས་དང་། བདག་ མེད་པ་དང་། མྱང་འདས་ཀྱི་ཡོན་ཏན་བརྗོད་པའི་གཏམ་ཐོས་ན་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་འཁྲུག་ཅེས་བྱེད་པ་དེ་ལ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་རྩ་ཡོད་པར་ཤེས་པར་བྱ་སྟེ། དབྱར་མྱུ་གུ་སྐྱེ་བ་ལས་གཡུལ་གྱི་གསེབ་ན་ས་བོན་ཡོད་པར་ཤེས་པ་བཞིན་ནོ། །ངེས་པར་ འབྱེད་པ་ནི། འཕགས་ལམ་སྟེ། དེ་དང་ཆ་མཐུན་པ་ནི་ངེས་འབྱེད་ཆ་མཐུན་ཡིན་ལ། དེའང་དྲོ་སོགས་བཞི་སྟེ་འོག་གནས་དྲུག་པ་ལས་འཆད་དོ། །དེ་ལྟར་ཆ་མཐུན་གྱི་དགེ་བ་རྣམ་པ་གསུམ་མོ། །གསུམ་པ་ཆོས་ཀྱི་རྣམ་གྲངས་བསྟན་པས་མཇུག་བསྡུ་བ་ལ། འཇིག་རྟེན་ པའི་ལས་གསུམ་གྱི་རྣམ་གྲངས། ཉོན་མོངས་ཅན་གྱི་རྣམ་གྲངས། དགེ་བའི་རྣམ་གྲངས་སོ། །དང་པོ་ནི། རིགས་པས་རབ་ཏུ་བཅུག་པའི་ལས། །རྣམ་གསུམ་ཀུན་སློང་བཅས་པ་ནི། །ཡིག་འབྲུ་བརྒྱ་དང་བགྲང་བཅས་པའི། །སྙན་ངག་གྲངས་ཏེ་གོ་རིམས་བཞིན། །རིགས་པ་སྟེ་ཐབས་ཀྱི་བྱེ་བྲག་གིས་རབ་ཏུ་བཅུག་པའི་ལུས་དང་ངག་གི་ཡིད་ཀྱི་ལས་རྣམ་པ་གསུམ་ཀུན་ནས་སློང་བ་དང་བཅས་པ་ནི་ཡིན་ནོ། །དེའང་གོ་རིམ་བཞིན་ 3-1-143b དུ་ཡིག་འབྲུ་ལས་གང་གིས་འབྲི་བ་དང་། ལས་གང་གིས་ནོར་བུ་དང་རྭ་སོགས་ལ་ཡི་གེ་ཡིན་མིན་གྱི་མཚན་མ་རྒྱ་རྐོ་བར་བྱེད་པ་གཟུགས་ཀྱི་ཕུང་པོ་ལུས་ཀྱི་ལས་ཏེ། རྒྱུ་ལས་འབྲས་བུ་བཏགས་པའི་ཕྱིར། འཇིག་རྟེན་ན་ཡིག་འབྲུ་ནི་གླེགས་བམ་སོགས་ལ་ཡོད་པའི་ཡི་གེའི་ མཚན་མ་ཡིན་ལ། རྒྱ་ནི་ཡི་གེ་དང་ཡི་གེ་མ་ཡིན་པའི་མཚན་མར་འདོད་ཅིང་གྲགས་སོ། །བགྲང་བ་དང་བཅས་པའི་སྙན་ངག་ནི་གཟུགས་ཀྱི་ཕུང་པོ་དག་གི་ལས་ཏེ། གཉིས་ཀ་ལའང་ཀུན་སློང་ཚོར་སོགས་ཕུང་པོ་བཞི་ཡོད་པས་ཀུན་སློང་དང་བཅས་པ་ཕུང་པོ་ལྔའི་རང་བཞིན་ནི་ཡིན་ ནོ། །གཉིས་པ་ནི། བསྒྲིབས་ངན་ཁ་ན་མ་ཐོ་བཅས། །ཉོན་མོངས་ཅན་ཆོས། ཉོན་མོངས་པས་བཀབ་པས་ན་སྒྲིབ་པ་དང་། ཉོན་མོངས་དང་བཅས་པས་གནག་ཅིང་འཕགས་པ་རྣམས་ཀྱིས་བོར་བ་ན་ངན་པ་དང་། ཉོན་མོངས་པ་དང་ལྷན་ཅིག་འདུག་པས་ན་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་ནི་ཉོན་མོངས་ཅན་གྱི་ཆོས་ཀྱི་མིང་གི་རྣམ་གྲངས་སོ། །གསུམ་ པ་ནི། དྲི་མེད་དགེ། གྱ་ནོམ་འདུས་བྱས་དགེ་བསྟེན་བྱ། །ཐར་པ་བླ་ན་མེད་པ་ཡིན། །དྲི་མའམ་ཟག་པ་མེད་པའི་དགེ་བའི་རྣམ་གྲངས་གྱ་ནོམ་པ་ཞེས་བྱའོ། །ངན་པ་དང་གྱ་ནོམ་པ་གཞན་པ་ནི་བར་མའོ། །བསྟེན་བྱ་ཞེས་པ་ནི་འདུས་བྱས་ཀྱི་ཆོས་དགེ་བ་རྣམ་གྲངས་དག་སྟེ། ལྷག་མ་འདུས་མ་བྱས་དང་མི་དགེ་བ་དང་། ཉོན་མོངས་ཅན་དང་ལུང་མ་བསྟན་རྣམས་ ནི་བརྟེན་བྱ་མ་ཡིན་པའི་ཕྱིར་དང་། འདུས་མ་བྱས་ནི་ཡང་ཡང་དུ་ཁྱད་པར་དུ་འགྱུར་བར་གོམས་པར་བྱར་མི་རུང་བའི་ཕྱིར། འབྲས་བུའི་དོན་དུ་བསྟེན་པ་ཡིན་ན་འབྲས་བུ་ཡང་མེད་པའི་ཕྱིར་རོ། །མི་དགེ་བ་ནི་སྒྲིབ་ལ་ལུང་མ་བསྟན་རྣམས་ཀྱིས་བླ་མ་དང་བཅས་པ་ཡིན་ཏེ། སྒྲིབ་ ལ་ལུང་མ་བསྟན་ལ་རྣམ་སྨིན་ཡིད་དུ་མི་འོང་མེད་པའི་ཕྱིར་དང་། སྒྲིབ་ལ་ལུང་མ་བསྟན་ནི་འདུས་བྱས་མ་སྒྲིབ་ལ་ལུང་མ་བསྟན་རྣམས་ཀྱིས་བླ་མ་དང་བཅས་པ་ཡིན་ཏེ། ཉོན་མོངས་ཅན་མ་ཡིན་པའི་ཕྱིར་དང་། དེ་རྣམས་ཀྱང་དགེ་བ་ཟག་པ་དང་བཅས་པས་བླ་མ་དང་བཅས་པ་ 3-1-144a ཡིན་ཏེ། དགེ་བ་ཟག་བཅས་ཀྱི་འབྲས་བུ་ཡིད་དུ་འོང་བའི་ཕྱིར་རོ། །དེ་རྣམས་ཀྱང་ཟག་པ་མེད་པ་རྣམས་ཀྱིས་བླ་མ་དང་བཅས་པ་ཡིན་ཏེ། ཉོན་མོངས་མེད་པའི་ཕྱིར་རོ། །ཟག་པ་མེད་པ་འདུས་བྱས་རྣམས་ཀྱང་འདུས་མ་བྱས་རྣམས་ཀྱིས་བླ་མ་དང་ བཅས་པ་ཡིན་ཏེ། འདུས་མ་བྱས་རྣམས་ནི་རྟག་པའི་ཕྱིར་རོ། །འདུས་མ་བྱས་ནམ་མཁའ་དང་བརྟགས་མིན་གྱི་འགོག་པ་ཡང་བརྟགས་པའི་འགོག་པས་བླ་མ་དང་བཅས་ཏེ། བརྟགས་འགོག་ནི་དགེ་བ་རྟག་པའི་ཕྱིར། དེས་ན་ཐར་པ་མྱ་ངན་ལས་འདས་པ་ནི་དེའི་བླ་ན་ཆེས་ཁྱད་ པར་དུ་འཕགས་པ་གཞན་མེད་པ་ཡིན་ཏེ། དགེ་བ་རྟག་པ་ཡིན་པའི་ཕྱིར། ཆོས་གཞན་པ་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་ཆོས་ཐམས་ཅད་ཀྱི་མཆོག་ཡིན་ནོ། །གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ལས་བསྟན་ པ་ཞེས་བྱ་བ་སྟེ་གནས་བཞི་པའོ། །འདིར་སྨྲས་པ། དཔག་མེད་སྐྱེ་བར་རྒྱ་ཆེན་སྙིང་རྗེ་ཆེ། །ནམ་མཁའི་མཐའ་དང་མཉམ་པར་བསྒོམ་པའི་མཐུས། །དེང་སང་འདི་ན་མ་རྒན་མཐའ་མེད་ལ། །མ་བཟོད་བྱང་ཆེན་ཕན་པ་བཏགས་སྙིང་འདོད། །བརྣག་པ་ མཆོག་དེ་མཐར་ཕྱིན་ཡན་ལག་ཏུ། །རྒྱ་ཆེན་ཐེག་པ་གསུམ་གྱི་རིང་ལུགས་ལ། །གཅིག་ཏུ་གོམས་པའི་བློ་གྲོས་དགའ་བ་དེས། །གསུང་རབ་མ་ལུས་དཔྱོད་ལ་དུབ་པ་ཅི། །དེ་ཕྱིར་ཐར་འདོད་ཡི་གར་འབབ་བྱེད་པའི། །ལེགས་པར་བཤད་པའི་སྤྲོས་པ་རྒྱས་པ་འདི། ། གངས་དཀར་ཤ་མེད་བསྟེན་པའི་གངས་རི་མཆོག །དབེན་པའི་གནས་སུ་བསམ་གཏན་བྱེད་པའི་ཚེ། །ཐུན་མཚམས་བྱིང་རྨུགས་སེལ་བའི་ཉམས་མྱོང་ཕྱིར། །དཔལ་ལྡན་མི་བསྐྱོད་བཟང་པོས་ལེགས་པར་སྦྱར། །དེ་ལས་བྱུང་བའི་རྣམ་པར་དཀར་བ་དེས། །ཀརྨ་པ་དེའི་ 3-1-144b ཕྲིན་ལས་ཀུན་ཁྱབ་གྱུར། །ཅེས་སྨྲས་སོ། །༈ སེམས་ལ་གནས་པའི་ཉེས་ཚོགས་མ་ལུས་དྲུངས་ནས་ཕྱུང་མཛད་ཅིང་། །ཡེ་ཤེས་རབ་ཏུ་གསལ་བའི་མཁྱེན་པ་མཁའ་དང་མཉམ་གྱུར་ནས། །སྙིང་རྗེས་མ་བཟོད་གཅིག་ཏུ་མ་རྒན་རྣམས་ལ་ དགོངས་པ་ཅན། །དཔལ་ལྡན་ཀརྨ་བཀའ་བརྒྱུད་མཆོག་གིས་བདག་བློ་རྗེས་འཛིན་གྱུར། །སྔོན་རབ་མཁས་པའི་གཞུང་ལུགས་བཟང་པོ་ལ། །ཇི་བཞིན་འབྱེད་པའི་རྣམ་དཔྱོད་འཁྲུལ་མེད་པ། སྙིགས་མའི་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པས། །བདག་གིས་ལེགས་པར་བཤད་ ལ་སྤྲོ་བ་ནི། །རྒྱ་ཆེན་སྐྱེས་ནས་བརྩོན་པ་མ་བརྟུལ་ཏེ། །བླ་མའི་ལས་འདིར་སྒྲུབ་པ་ནན་ཏན་བྱས། །དེའང་། ལྔ་པ་ཕྲ་རྒྱས་བསྟན་པའི་གནས་ཀྱི་དོན་ལ། གནས་ཀྱི་གཞུང་དང་། གནས་ཀྱི་མཚན་ནོ། །དང་པོ་ལ། ཕྲ་རྒྱས་ཀྱི་རང་བཞིན། གང་གིས་སྤོང་བ། སྤངས་པའི་འབྲས་བུའོ། །དང་པོ་ལ། སྲིད་པའི་རྩ་བ་ཕྲ་རྒྱས་སུ་བསྟན་པ། དེ་གཏན་ལ་དབབ་པའོ། །དང་པོ་ནི། སྲིད་པའི་རྩ་བ་ཕྲ་རྒྱས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བཤད་པའི་ལས་ཀྱི་རབ་ཏུ་དབྱེ་བ་ཆོས་ཅན། ཕྲ་རྒྱས་ཀྱི་དབང་གིས་བསགས་པས་དེར་འགྱུར་བ་ཡིན་ ཏེ། དེས་རྣམ་པར་སྨིན་པ་ངེས་པར་གནས་ནས་རྣམ་སྨིན་ངེས་པར་འབྱིན་པའི་ཕྱིར་རོ། །མ་ངེས་པའི་ལས་དགེ་མི་དགེ་ཡན་གར་བ་ཆོས་ཅན། སྲིད་པ་སྟེ་སྐྱེ་བ་མངོན་པར་འགྲུབ་ནུས་པ་མ་ཡིན་ཏེ། ཕྲ་རྒྱས་སམ་ཉོན་མོངས་པ་དེ་དག་ནི་མེད་པའི་ཕྱིར། དཔེར་ན་དགྲ་ བཅོམ་པ་ཡང་སྲིད་ཀྱི་ལས་མ་ངེས་པ་བསགས་པ་ཡོད་ཀྱང་། ཕྲ་རྒྱས་མེད་པས་སྲིད་པ་མངོན་པར་མི་འགྲུབ་པ་བཞིན་ནོ། །ནི་ཞེས་ངེས་བཟུང་སྨོས་པ་ཆོས་ཅན། ཕྲ་རྒྱས་ཀྱི་དབང་གིས་སྲིད་པར་སྐྱེ་བའི་ལས་བསགས་པ་ཡིན་ཏེ། ཕྲ་རྒྱས་མེད་ན་སྲིད་པ་མངོན་པར་ 3-1-145a འགྲུབ་མི་ནུས་པའི་ཕྱིར། ཞེས་དགོངས་པའི་སླད་དུ་བཀོད་པའོ། །ཞེས་པ་ནི་རྒྱལ་པོའི་སྲས་ཀྱི་བཞེད་པའོ། །གཞན་དག་ནི་ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་གྱི། ཞེས་པའི་དོན་ནི་སྔར་ལས་མ་བྱས་པ་གདོད་བྱེད་པའང་ ཕྲ་རྒྱས་ཀྱི་དབང་གིས་ཡང་སྲིད་ཀྱི་ལས་མ་གྲུབ་པ་སྒྲུབ་པར་བྱེད་ལ། དགྲ་བཅོམ་ནི་ཡང་སྲིད་མངོན་པར་འགྲུབ་བྱེད་ཀྱི་ལས་སོག་པར་མི་བྱེད་དོ། །ཕྲ་རྒྱས་མེད་པར་ནི་སྲིད་པ་མངོན་པར་འགྲུབ་པར་མི་ནུས་པའི་དོན་ནི། ལས་བྱས་པ་གང་ཡིན་པ་དེ་དག་ཀྱང་ལས་འགྲུབ་ པ་གསོས་འདེབས་བྱེད་ཀྱི་ཕྲ་རྒྱས་མེད་པར་སྲིད་པ་མངོན་པར་འགྲུབ་མི་ནུས་ཏེ། དགྲ་བཅོམ་དག་ལ་སོ་སོ་སྐྱེ་བོའི་སྐབས་ན་བྱས་པའི་དགེ་མི་དགེའི་ལས་ཡོད་ཀྱང་། ཕྲ་རྒྱས་མེད་པས་སྲིད་པ་མངོན་པར་མི་འགྲུབ་པ་ལྟ་བུའི་ཕྱིར་རོ། །ནི་སྒྲ་ནི་དོན་ཐ་དད་དུ་བརྗོད་པ་བསྡུས་ པའི་ཕྱིར་ཡིན་ནོ། །ཞེས་ཟེར་རོ། །ངག་དོན་བསྡུ་ན་བཤད་ཚུལ་འདི་གཉིས་ལ་ཚིག་སྔ་མའི་བཤད་ཚུལ་དང་པོས་ནི། ཕྲ་རྒྱས་ཀྱི་དབང་གིས་ལས་བསགས་པས་འཇིག་རྟེན་འགྲུབ་པར་བསྟན་ལ། བཤད་ཚུལ་གཉིས་པས་ནི་ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་ ནས་ཡང་སྲིད་འགྲུབ་པར་བསྟན་ཏོ། །ཚིག་ཕྱི་མ་ལ་བཤད་ཚུལ་དང་པོས་ནི། མ་ངེས་པའི་ལས་ཀྱི་ཕྲ་རྒྱས་མེད་པར་སྐྱེ་བ་མི་འགྲུབ་པར་བསྟན་ལ། བཤད་ཚུལ་གཉིས་པས་ནི་ལས་གསོས་འདེབས་བྱེད་ཀྱི་ཕྲ་རྒྱས་མེད་ན་མ་ངེས་པའི་ལས་ཀྱིས་སྲིད་པ་མི་འགྲུབ་པར་བསྟན་ཏོ། ། སྐྱེ་བའམ་ལས་ཀྱི་སྲིད་པ་ཆོས་ཅན། ཕྲ་རྒྱས་རྣམས་དེའི་རྩ་བ་ཅན་ཡིན་ཏེ། ཕྲ་རྒྱས་རྣམས་དེ་སོགས་པ་དང་ཀུན་སློང་བའི་རྒྱུ་ཡིན་པའི་ཕྱིར། སློབ་དཔོན་གང་བ་སྤེལ་ནི། སྐྱེ་བའི་ཤིང་རྟ་ཆེན་པོ་བྱིས་པ་ཡིས། །ཞོན་ཅིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །འདིར་ནི་ཉོན་ 3-1-145b མོངས་འཕང་ལོ་གཅིག་ཉམས་པས། །ལས་ཀྱི་འཕང་ལོ་གཅིག་པུས་འཁོར་མ་ཡིན། །ཅེས་ལས་ཀྱིས་ཡང་སྲིད་འཕེན་པར་བྱེད་པ་དང་། མངོན་པར་འགྲུབ་བྱེད་ཀྱི་རྩ་བ་ཕྲ་རྒྱས་ཡིན་ནོ། །ཞེས་སྲིད་པ་ནི་ཡང་སྲིད་ཉིད་ལ་འདོད་ཅིང་དེའི་རྩ་བ་ནི་ཕྲ་རྒྱས་ཡིན་ནོ་ཞེས་འཆད་ལ། རྒྱལ་པོའི་སྲས་ནི། སྲིད་པ་ནི་འདིར་ཡང་སྲིད་ཕྱི་མ་དང་དེའི་རྒྱུ་བ་ལས་ཀྱི་སྲིད་པ་གཉིས་ཀ་ཡིན་པར་འདོད་ལ། དེའི་རྩ་བ་ནི་ཕྲ་རྒྱས་ཡིན་ཏེ། ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་པའི་ཕྱིར་རོ་ཞེས་འཆད་དོ། །དེ་ལ་བྱ་བ་བཅུ་ནི། རྩ་བ་ཐོབ་པ་ཡིན་པས་རྒྱུན་མི་བཅད་པ་ བརྟན་པར་བྱེད་པའོ། །མདོ་སྡེ་པས་རྩ་བ་ས་བོན་ཡིན་པས་དེ་བརྟན་པར་བྱེད་པའོ། །ཉོན་མོངས་པའི་རྒྱུན་བརྒྱུད་པས་མངོན་འགྱུར་བརྟེན་པར་བྱེད་དོ། །ལུས་ཀྱི་བདག་ཉིད་སྐྱེ་བ་དང་མཐུན་པར་ཞིང་དུ་སྒྲུབ་པར་བྱེད། རང་རང་གི་ཉེ་བའི་ཉོན་མོངས་རྒྱུ་མཐུན་འདོད་ཆགས་ ཀྱིས་ངོ་ཚ་མེད་པ་དང་རྒོད་པ་དང་སེར་སྣ་བསྐྱེད། ཞེ་སྡང་གིས་ཁྲོ་བ་དང་ཕྲག་དོག་བསྐྱེད་པའོ། །ཉོན་མོངས་ཡོད་ན་ལས་ཉིད་སྲིད་པ་ཡིན་པས་ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར་བྱེད་དོ། །རང་གི་ཚོགས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་འཛིན་ཅིང་། དེ་མ་འོངས་པ་ སྐྱེ་བ་དང་མཐུན་པར་གནས་པར་བྱེད་དོ། །དམིགས་པ་ལ་ཀུན་ཏུ་རྨོངས་པར་བྱེད་དེ། ཡང་དག་པར་ཇི་ལྟ་བ་བཞིན་དུ་མི་འཛིན་པའི་ཕྱིར་དང་། བློ་ཉམས་པར་བྱེད་པའི་ཕྱིར། རྣམ་ཤེས་རྒྱུན་དམིགས་པའམ་ཕྱི་མ་ཡང་སྲིད་དུ་འཁྲིད་པར་བྱེད་དོ། །དགེ་བའི་ཕྱོགས་ ལས་ཉམས་པར་བྱེད་དོ། །ཉོན་མོངས་གང་ཞིག་ཁམས་གང་དུ་གཏོགས་པ་དེས་ནི་ཁམས་དེ་ལས་མི་འདའ་བར་བྱེད་ཅིང་། འཆིང་བའི་ཆེད་དུ་ཁྱབ་པར་བྱེད་ཅིང་མཆེད་པར་བྱེད་པའོ། །གཉིས་པ་ལ། དབྱེ་བ། སྐྱེ་ཚུལ། རྣམ་གྲངས་སོ། །དང་པོ་ལ། ངོ་བོའི་དབྱེ་བ། 3-1-146a ཕྲ་རྒྱས་དང་བཅས་པའི་དབྱེ་བའོ། །དང་པོ་ལ། སྤྱིར་དབྱེ་བ་དང་། ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ལ། དྲུག་ཏུ་དབྱེ་བ། བདུན་དུ་དབྱེ་བ། བཅུར་དབྱེ་བ། དགུ་བཅུ་རྩ་བརྒྱད་དུ་དབྱེ་བའོ། །དང་པོ་ནི། དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ། ཕྲ་རྒྱས་དེ་དག་ཀྱང་ མདོར་བསྡུ་ན་དྲུག་སྟེ། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་ཡིན་ཏེ། དེ་བཞིན་ཞེས་པས་ནི། དམིགས་པ་གང་ལ་འདོད་ཆགས་ཡོད་པ་དེ་ལ་དེ་བཞིན་དུ་ཁོང་ཁྲོ་སོགས་གཞན་དག་ཀྱང་རྒྱས་པར་འགྱུར་བའི་ཕྱིར། རས་ཡུག་གཤེར་བ་ལ་རྡུལ་ཆགས་པ་ལྟ་བུའོ་ཞེས་འོག་ནས་འཆད་དོ། །གཉིས་པ་ལ། དབྱེ་བ་དངོས་དང་། སྲིད་པའི་འདོད་ཆགས་ངོས་བཟུང་བའོ། །དང་པོ་ནི། དེ་དྲུག་ཀྱང་། །འདོད་ཆགས་དབྱེ་བས་བདུན་དུ་བཤད། །ཕྲ་རྒྱས་དེ་དྲུག་ཀྱང་འདོད་ཆགས་ལ་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་གཉིས་སུ་དབྱེ་བས་ ཕྲ་རྒྱས་བདུན་བཤད་དེ། འདོད་པའི་འདོད་ཆགས་ཁོང་ཁྲོ། སྲིད་པའི་འདོད་ཆགས་ང་རྒྱལ། མ་རིག་པ། ལྟ་བ། ཐེ་ཚོམ་སྟེ་ཕྲ་རྒྱས་སོ། །ཅི་འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་པས་གཞི་མཐུན་པའི་ཕྱིར་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་ནམ། འོན་ཏེ་འདོད་ པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན། ཐ་དད་པའི་ཕྱིར་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་ཅེས་དོགས་པ་ལ། བྱེ་སྨྲས། ཕྲ་རྒྱས་ཀུན་དཀྲིས་ཡིན་ལ། གནས་མ་བུའི་སྡེ་པ་ལྟར་ན་ཐོབ་པ་དང་། མདོ་སྡེ་པའི་ལུགས་ཀྱི་ས་བོན་ཡིན་ནོ་ཞེས་འདོད་པ་ལ། ཕྱོགས་ དང་པོ་ལྟར་རོ་ཞེ་ན། ཆོས་ཅན། འོ་ན་མདོ་ལས། འདི་ན་ལ་ལ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཀྱིས་ལན་མང་དུ་མི་གནས་ལ། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་བྱུང་ནའང་ཕྱིས་ངེས་པར་འབྱུང་བ་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་ 3-1-146b ཤེས་ཤིང་། དེའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དེ་མཐུས་ཡང་དག་པར་ཤིན་ཏུ་ཀུན་ནས་འཇོམས་ཤིང་ཕྲ་རྒྱས་དང་བཅས་པ་སྤོང་བར་བྱེད་དོ་ཞེས་གསུངས་པའི་མདོ་དང་འགལ་ཏེ། རང་ཉིད་རང་དང་བཅས་པ་མ་ཡིན་པའི་ཕྱིར། ལྷ་སྦྱིན་བུ་དང་བཅས་པ་ཞེས་བརྗོད་པ་ ནི། ལྷ་སྦྱིན་ལས་གཞན་པ་བརྗོད་པ་ལྟ་བུའོ། །ཕྱོགས་གཉིས་པ་ལྟར་ཁས་ལེན་ན་ཆོས་ཅན། ཆོས་མངོན་པར་འདོད་ཆགས་ཀྱི་ཕྲ་རྒྱས་ནི་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་གསུམ་དང་མཚུངས་ལྡན་དུ་མངོན་པར་བཤད་པ་དང་འགལ་བར་ ཐལ། ཕྲ་རྒྱས་ནི་ཐོབ་པའི་མཚན་ཉིད་ཀྱི་མི་ལྡན་པའི་འདུ་བྱེད་ཡིན་པའི་ཕྱིར། དཔེར་ན་གཟུགས་ཀྱི་སྐྱེ་བ་གཟུགས་ཡིན་པ་བུད་པ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། འདོད་པའི་འདོད་ཆགས་ཉིད་ཕྲ་རྒྱས་ཡིན་ཏེ། ཐེ་ཚོམ་ཉིད་ཕྲ་རྒྱས་ཡིན་པའི་བར་དུའང་དེ་དང་ འདྲའོ་ཞེས་ཟེར་རོ། །དེ་ལྟར་ནའང་བཅས་ཞེས་པའི་མདོ་ཚིག་དང་འགལ་བ་མ་ཡིན་ཏེ། འདོད་པའི་འདོད་ཆགས་ཕྲ་རྒྱས་དང་བཅས་པའི་དོན་ནི། དེ་ཉོན་མོངས་གཞན་སྐྱེ་བ་དང་མཐུན་པར་གནས་པའི་འདོད་ཆགས་ཀྱི་རྣམ་པ་དགུ་ཕྱི་མ་ཕྱི་མ་སྔ་མའི་རྗེས་སུ་འབྲེལ་བ་ དང་བཅས་པའི་སྒྲ་དོན་ཡིན་པའི་ཕྱིར། ཡང་ན་མདོ་ལས་ཐོབ་པ་ལ་ཕྲ་རྒྱས་ཀྱི་སྒྲས་བསྟན་པ་ཆོས་ཅན། ཕྲ་རྒྱས་ཀྱི་རྒྱུའི་ཐོབ་པ་ལ་འབྲས་བུ་ཕྲ་རྒྱས་ཀུན་དཀྲིས་ཀྱིས་ཉེ་བར་བཏགས་པ་ཡིན་ཏེ། འབྲས་མིང་རྒྱུ་ལ་བཏགས་པའི་ཕྱིར། དཔེར་ན་མེ་སྡུག་བསྔལ་གྱི་ཚོར་ བའི་རྒྱུ་ཡིན་པ་ལ་བསམས་ནས་མེ་སྡུག་བསྔལ་ལོ་ཞེས་བརྗོད་པ་བཞིན་ནོ། །ཆོས་མངོན་པ་ལས་ཕྲ་རྒྱས་ཞེས་པའི་སྒྲ་འབྱུང་བ་ནི་ཆོས་ཅན། ཉོན་མོངས་པའི་ཀུན་དཀྲིས་ཁོ་ན་ལ་མཚན་ཉིད་པར་འཇུག་པ་ཡིན་ཏེ། དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་ 3-1-147a པར་འགྱུར་བའི་ཕྱིར། ནོག་ལྐོག་ཤལ་དང་ལྡན་པ་དེ་ལ་བ་ལང་གི་སྒྲ་དངོས་མིང་དུ་འཇུག་པ་ལྟ་བུའོ། །གང་བ་སྤེལ་གྱིས། མང་བཀུར་བ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་པའམ། སློབ་དཔོན་རྒྱལ་པོའི་སྲས་ལྟར་ན། གནས་མ་བུ་བའི་སྡེ་པས་ ཕྲ་རྒྱས་མཚུངས་ལྡན་ཡིན་པ་ལ་ཤེས་བྱེད་ཅི་ཡོད་ཅེས་བྱེ་སྨྲ་ལ་དྲིས་བས། བྱེ་སྨྲ་ན་རེ། ཕྲ་རྒྱས་རྣམས་ནི་ཆོས་ཅན། མཚུངས་ལྡན་མ་ཡིན་པ་མ་ཡིན་ཏེ། ཕྲ་རྒྱས་ཀྱིས་སེམས་ནི་ཉོན་མོངས་པ་ཅན་དུ་འགྱུར་བར་བྱེད་པའི་ཕྱིར་དང་། སྔོན་མེད་པའི་དགེ་བ་མི་སྐྱེ་བས་སྒྲིབ་པའི་ཕྱིར། སྐྱེས་ཀྱང་ཡོངས་སུ་ཉམས་པ་དགེ་བ་དང་འགལ་བའི་ཕྱིར། དེ་ལ་ཁོ་ན་རེ། ཁྱབ་པ་མེད་དེ། ལྡན་པ་མིན་པ་རྣམས་ཀྱིས་ཀྱང་སེམས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་། སྔོན་མེད་པའི་དགེ་བ་མི་སྐྱེ་བ་དང་། སྐྱེས་པ་ལས་ཡོངས་སུ་ཉམས་པར་བྱེད་པ་དེ་འདྲར་འགྱུར་བའི་ ཕྱིར་ཞེས་ཟེར་རོ། །བྱེ་སྨྲས། འོ་ན་མཚུངས་ལྡན་མིན་པས་ཉོན་མོངས་པ་སོགས་གསུམ་བྱེད་ན་ཆོས་ཅན། དགེ་བ་ནམ་ཡང་དམིགས་པར་མི་འགྱུར་བར་ཐལ། དགེ་བའི་དུས་ན་ཡང་ཐོབ་པ་རྟག་ཏུ་ཉེ་བར་གནས་པ་གང་ཞིག །ལྡན་པ་མིན་པའི་ཐོབ་པ་དེས་ཀྱང་སེམས་ཉོན་ མོངས་ཅན་དུ་འགྱུར་བ་སོགས་གསུམ་པོ་དེ་བྱེད་པའི་ཕྱིར། འདོད་མི་ནུས་ཏེ། དགེ་བའི་དམིགས་པ་ཡོད་པའི་ཕྱིར། ཕྲ་རྒྱས་ནི་མཚུངས་ལྡན་མ་ཡིན་པ་མ་ཡིན་པས་ཡིན་པར་གྲུབ་བོ། །ཕྱོགས་སྔ་ཕྱིའི་རྩོད་པ་འདི་ལ་སློབ་དཔོན་གྱིས་གཟུ་བོར་དཔྱད་པ་ན། ཕྲ་རྒྱས་ལྡན་པ་ ཡིན་པ་ལ་བྱེ་སྨྲ་རྣམས་ཀྱིས། སེམས་ནི་ཉོན་མོངས་བྱེད་ཕྱིར་སོགས་བཀོད་པ་འདི་གཏན་ཚིགས་སུ་མི་རུང་བ་སྟེ། ཕྲ་རྒྱས་མཚུངས་ལྡན་དུ་མི་འདོད་པའི་གནས་མ་བུ་པ་དེས་ཀྱང་སེམས་ཉོན་མོངས་ཅན་དུ་བྱེད་པ་སོགས་ཕྲ་རྒྱས་ཀྱིས་བྱས་པར་མི་འདོད་ཀྱི། ཉོན་མོངས་པའི་ 3-1-147b ཀུན་དཀྲིས་ཁོ་ནས་བྱས་པར་འདོད་པའི་ཕྱིར། དེ་ལྟར་ན་དགེ་བ་མི་དམིགས་པར་ཡང་མི་ཐལ་ཏེ། ཀུན་དཀྲིས་ནི་རྟག་ཏུ་ཉེ་བ་མ་ཡིན་པའི་ཕྱིར། གཏན་ཚིགས་སུ་མི་རུང་བའི་ཚུལ་ཞིབ་ཏུ་བརྗོད་ན། ཐོབ་པ་ཆོས་ཅན། ཕྲ་རྒྱས་མ་ཡིན་པར་ཐལ། སེམས་ཉོན་མོངས་པ་ སོགས་མི་བྱེད་པའི་ཕྱིར་ཞེས་སྦྱར་ན་གཏན་ཚིགས་མ་གྲུབ། འདོད་ཆགས་སོགས་ཆོས་ཅན། མཚུངས་ལྡན་ཡིན་པར་ཐལ། སེམས་ཉོན་མོངས་པར་བྱེད་པ་སོགས་ཀྱི་ཕྱིར། ཞེས་སྦྱར་ན་གྲུབ་ཟིན་བསྒྲུབ་པར་འགྱུར། ཉོན་མོངས་པ་ཅན་ཙམ་ཆོས་ཅན། མཚུངས་ལྡན་དུ་ ཐལ། སེམས་ཉོན་མོངས་པར་བྱེད་པ་སོགས་ཀྱི་ཕྱིར་ཞེ་ན། མ་ངེས་ཏེ། ལྡན་པ་མ་ཡིན་པའི་མི་མཐུན་ཕྱོགས་ཐོབ་སོགས་ལའང་གཏན་ཚིགས་དེ་ཞུགས་པའི་ཕྱིར་རོ་ཞེས་རྟོགས་པར་བྱའོ། །མདོ་སྡེ་པས་འདོད་པའི་ཕྲ་རྒྱས་ཀྱི་ལུགས་དེ་ནི་ལེགས་པ་ཡིན་ནོ། །དེའི་ལུགས་ ཇི་ལྟ་བུ་ཞེ་ན། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་ཅེས་པའི་ཕྱོགས་བཟུང་ནས་ཕྲ་རྒྱས་དང་བཅས་པ་སྤོང་བར་བྱེད་དོ་ཞེས་འཆད་ནའང་མདོ་དང་མི་འགལ་མོད་ཀྱི། འོན་ཀྱང་ཕྲ་རྒྱས་ལྡན་པ་མ་ཡིན་པར་དོགས་པ་ཡོད་པ་མི་ ལྡོག་པས་འདི་ལྟར་ཤེས་པར་བྱ་སྟེ། ཕྲ་རྒྱས་ནི་མཚུངས་ལྡན་མངོན་གྱུར་པའང་མ་ཡིན་ལ། གནས་མ་བུའི་སྡེ་པའི་འདོད་པ་ལྟར་ཐོབ་པའི་རྫས་ལོག་པ་ལྡན་པ་མིན་པའང་མ་ཡིན་ཏེ། ནུས་པའི་ངོ་བོའི་ས་བོན་ཕྲ་རྒྱས་ནི་ཆགས་སོགས་ལས་རྫས་གཞན་མ་ཡིན་པའི་ཕྱིར། ཉོན་མོངས་པ་ཉལ་བ་ནི་ཆོས་ཅན། ཕྲ་རྒྱས་ཞེས་བྱ་སྟེ། མངོན་དུ་མ་གྱུར་པར་ས་བོན་གྱི་དངོས་པོ་རྗེས་སུ་འབྲེལ་བར་གནས་པ་དེའི་ཕྱིར། སད་པ་ནི་མངོན་གྱུར་ཡིན་ཏེ། རང་གི་འབྲས་བུ་སེམས་ཀུན་ནས་ཉོན་མོངས་པ་ལ་སོགས་པར་བྱེད་ནུས་པའི་ཕྱིར། ཡང་སད་པ་ 3-1-148a ལ་ཀུན་དཀྲིས་ཞེས་ཀྱང་བྱ་སྟེ། སེམས་རང་དབང་མེད་པར་བྱེད་པའི་ཕྱིར། ས་བོན་གྱི་དངོས་པོ་དེ་ཅི་ཞེ་ན། ཉོན་མོངས་སྔར་བྱུང་གིས་བསྐྱེད་པའི་རྒྱུའི་ནུས་པ་མཐུ་ཅན་དེ་ཡིན་ཏེ། རྟེན་ལས་དེ་ཉིད་ལས་གཞན་དུ་བརྗོད་དུ་མེད་པའི་ཕྱིར། དཔེར་ན་ གཟུགས་ཉམས་སུ་མྱོང་བའི་ཤེས་པ་ལས་དྲན་པ་བསྐྱེད་པའི་མཐུ་རྫས་གཞན་མ་ཡིན་པ་བཞིན་ནོ། །ཡང་ལ་ལའི་ངོར་དྲན་པ་བསྐྱེད་པའི་རྒྱུ་ལྡན་མིན་གྱི་རྫས་གཞན་ཡིན་པར་འདོད་པ་ཡོད་པས་དཔེ་མ་གྲུབ་དོགས་ན། དེའི་དཔེ་གཞན་ཡང་ཡོད་དེ། སཱ་ལུ་ལྟ་བུ་རྒྱུ་སྔར་སོང་གི་འབྲས་བུ་ ད་ལྟ་བ་ལས་འབྲས་བུ་ཕྱི་མ་འབྱུང་བའི་རྒྱུ་ནུས་ཀྱི་མཐུ་ནི་དེ་ལས་རྫས་གཞན་མིན་པ་ལྟ་བུའོ། །ཡང་གནས་མ་བུ་པའི་འདོད་པ་ལྟར་ན་ཆོས་ཅན། ཉམས་མྱོང་གི་ཤེས་པ་ལས་དྲན་པ་བསྐྱེད་པའི་ནུས་པ་གཞན་དུ་ཐལ། ཉོན་མོངས་པ་རྣམས་ཀྱི་ས་བོན་གྱི་ཕྲ་རྒྱས་རྣམས་ཉོན་མོངས་ལས་ གཞན་པ་ལྡན་པ་མ་ཡིན་པར་རྟོགས་པའི་ཕྱིར་ཞེས་འཕེན་ནོ། །གལ་ཏེ་ཉོན་མོངས་པའི་ཕྲ་རྒྱས་ཞེས་བྱ་བར་འདོད་ན། འོ་ན་མདོ་ལས། ཉོན་མོངས་པ་ཉིད་ཕྲ་རྒྱས་སུ་གསུངས་ཏེ། དྲུག་ཚན་དྲུག་པའི་མདོ་ལས། འདིའི་འདོད་པའི་འདོད་ཆགས་དེ་བདེ་བའི་ཚོར་བ་ལས་རྒྱས་ པར་འགྱུར་རོ་ཞེས་གསུངས་པས། འདོད་ཆགས་ཁོ་ན་ཕྲ་རྒྱས་ཡིན་ཏེ། བདེ་བའི་ཚོར་བའི་གནས་སྐབས་ན་འདོད་ཆགས་ཀུན་ཏུ་འབྱུང་བས་དེ་སྐད་དུ་གསུངས་ཀྱི། ས་བོན་ནི་མ་ཡིན་ནོ་སྙམ་དུ་བསམ་པའི་ཕྱིར། ཁྱེད་ཀྱི་ལུང་དོན་དེ་ཅི་ལྟ་བུར་འདོན་ཅེ་ན། མདོ་སྡེ་པས། ལུང་དེ་ཁོ་ན་ཉིད་ཀྱིས་ཆོས་ཅན། འདོད་ཆགས་རང་ཕྲ་རྒྱས་སུ་བསྟན་པ་མ་ཡིན་གྱི། འགྱུར་རོ་ཞེས་པས་འདོད་ཆགས་ཀྱི་ས་བོན་ཁོ་ན་ཕྲ་རྒྱས་ཡིན་པས། གནས་སྐབས་དེ་ན་འདོད་ཆགས་དེའི་ཕྲ་རྒྱས་སྐྱེ་བར་འགྱུར་བས་ས་བོན་སྐྱེ་བར་འགྱུར་བ་ཡིན་གྱི། སྐྱེས་པ་མ་ཡིན་པས་ 3-1-148b དེར་ནི་ས་བོན་འབྱུང་འགྱུར་གྱི་གནས་སྐབས་བརྗོད་པ་ཡིན་པའི་ཕྱིར་རོ། །འོ་ན་ཕྲ་རྒྱས་དེ་ནི་རྒྱས་པར་འགྱུར་ན། མངོན་གྱུར་ཞིག་པའི་ཚེ་ན་རྒྱས་པར་འགྱུར་རོ། །ཡང་ན་རྒྱུ་འདོད་ཆགས་ལ་ཕྲ་རྒྱས་སུ་ཉེ་བར་བཏགས་པ་ཡིན་ཏེ། འདོད་ཆགས་ནི་འདོད་ཆགས་ཀྱི་ས་ བོན་ཕྲ་རྒྱས་ཀྱི་རྒྱུ་ཡིན་པས། འདོད་ཆགས་བསྐྱེད་པའི་ནུས་པ་འདོད་ཆགས་ལས་སྐྱེས་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་ཞེས་བཤད་པ་ཡིན་པའི་ཕྱིར། མདོ་སྡེ་པས་ནི་ནུས་པ་ཕྲ་རྒྱས་ཡིན། མངོན་གྱུར་ནི་ནུས་པ་དེའི་རྒྱུ་ཡིན་པས་ཕྲ་རྒྱས་སུ་བཏགས་ཟེར། བྱེ་སྨྲས་ནི། མངོན་གྱུར་ ཕྲ་རྒྱས་ཡིན་ལ། ས་བོན་ནི་མངོན་གྱུར་ཕྲ་རྒྱས་དེའི་རྒྱུ་ཡིན་པས་ས་བོན་ལ་ཕྲ་རྒྱས་སུ་བཏགས་ཟེར་རོ། །གཉིས་པ་ནི། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཁ་ནི་ནང་དུ་བལྟས་ཕྱིར་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །གཟུགས་ཁམས་གཟུགས་མེད་ཁམས་གཉིས་ལས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཞེས་བཤད་དོ། །དེ་དག་ནི་གཞལ་མེད་ཁང་སོགས་ལ་ཆགས་ པ་ཡོད། ཕལ་ཆེར་རོ་མྱོང་དང་མཚུངས་ལྡན་གྱི་བསམ་གཏན་ལ་གཙོ་བོར་འདོད་ཆགས་པ་ཡིན་ལ། དེའང་ཁ་ནི་ནང་དུ་བལྟས་པའི་ཕྱིར་ཆུ་ཀླུང་འོད་སྲུང་སོགས་ཁ་ཅིག་ཁམས་གཉིས་པོ་དེར་་ཐར་པ་ཡིན་ནོ་སྙམ་པའི་འདུ་ཤེས་བཟློག་པའི་ཕྱིར་སྲིད་པའི་འདོད་ཆགས་ཞེས་ བཤད་དོ་ཞེས་གྲགས་སོ། །སློབ་དཔོན་གྱི་ལུགས་ཀྱིས་ཡོ་བྱད་དང་ལོངས་སྤྱོད་གཅིག །ལུས་དང་སྲིད་པ་གཅིག་པ་ཡིན་ཙམ་ན། འདོད་ཁམས་པ་ནི་ལུས་དང་ལོངས་སྤྱོད་གཉིས་ཀ་ལ་ཞེན་པ་ཡིན་པས་འདོད་པའི་འདོད་ཆགས་ཡིན། ལུས་ཕུང་པོ་ལྔའམ་གཞིའི་མཚན་ ཉིད་ཁོ་ན་སྲིད་པ་ཡིན་ལ། སེམས་ཅན་དེ་དག་ཀྱང་སྙོམས་འཇུག་གི་རྟེན་ལུས་དང་བཅས་པ་ཁོ་ན་ལ་རོ་མྱོང་བར་བྱེད་པས་སྲིད་པའི་འདོད་ཆགས་ཞེས་བྱ་སྟེ། འདོད་པའི་འདོད་ཆགས་དང་བྲལ་བས་འདོད་པའི་ཡོན་ཏན་གྱི་རོ་མྱོང་བ་མ་ཡིན་པས། འདོད་པའི་འདོད་ཆགས་ 3-1-149a མ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ལྟ་བ་ལྔ་སྟེ་འཇིག་ཚོགས་དང་། །ལོག་དང་མཐར་འཛིན་ལྟ་བ་དང་། །ལྟ་བ་དང་ནི་ཚུལ་ཁྲིམས་དང་། །བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ། །ཡང་ཆོས་མངོན་པ་ལས་ཕྲ་རྒྱས་དྲུག་པོ་དེ་ལས་བཅུར་འཆད་དེ། ལྟ་བ་ལ་ལྔར་ཕྱེ་བས་ཏེ། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ནི་ཚུལ་ ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། དེ་ལྟར་ལྟ་བ་ལྔ། ལྟ་མིན་ལྔ་སྟེ་བཅུའོ། །བཞི་པ་དགུ་བཅུ་རྩ་བརྒྱད་དུ་དབྱེ་བ་ལ། དངོས་དང་། ཞར་བྱུང་ངོ་། །དང་པོ་ལ། འདོད་པའི་སས་བསྡུས་སོ་དྲུག་བཤད་པ། ཁམས་གོང་མས་སས་བསྡུས་རེ་གཉིས་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ། མཐོང་སྤོང་སོ་གཉིས་དང་། སྒོམ་སྤོང་བཞི་བཤད་པ་ལས། དང་པོ་ནི། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཡང་ཆོས་མངོན་པ་ལས། ཕྲ་རྒྱས་བཅུ་པོ་དེ་དག་ལས་འདོད་པ་ན་སུམ་ཅུ་རྩ་དྲུག་དང་། གཟུགས་ན་སུམ་ཅུ་རྩ་གཅིག་དང་། གཟུགས་མེད་ན་སུམ་ཅུ་རྩ་གཅིག་སྟེ་ དགུ་བཅུ་གོ་བརྒྱད་དོ། །དེ་དག་མདོར་བསྡུ་ན་ཁམས་གསུམ་པའི་མཐོང་སྤང་སྒོམ་སྤང་དག་ཡིན་ཏོ། །དེ་ལ་འདོད་ཁམས་ཀྱི་མཐོང་སྤོང་ནི་སོ་གཉིས་ཏེ། བཅུ་པོ་དེ་དག་ལས་བཅུ་པོ་ཐམས་ཅད་དང་། བདུན་དང་བདུན་དང་བརྒྱད་རྣམས་འདོད་པའི་ཁམས་ན་སྡུག་བསྔལ་ དང་ལ་སོགས་པ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་ལ་མཐོང་བའི་ལམ་གྱིས་རིམ་བཞིན་སྤོང་བར་བྱེད་དེ། ཀུན་འགོག་ལ་འཇིག་ལྟ་མཐར་ལྟ་ཚུལ་ཞུགས་མཆོག་འཛིན་ཏེ་ལྟ་བ་གསུམ་དང་། ལམ་ལ་དང་པོ་གཉིས་མ་གཏོགས་པའི་ཕྱིར་ཏེ། བདེན་པ་ལ་ དངོས་སམ་བརྒྱུད་ནས་ལོག་པར་ཞུགས་པ་གཅིག་སྤང་བྱར་བྱེད་དགོས་པས་དེ་དག་ལ་ལོག་ཞུགས་མེད་པའི་ཕྱིར། ཀུན་འགོག་གཉིས་ལ་དེ་གསུམ་མ་གཏོགས་པ་ནི། འཇིགས་ཚོགས་ལ་ལྟ་བ་ནི་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་པར་ 3-1-149b བྱེད་པ་ཡིན་པས། སྡུག་བསྔལ་མཐོང་བས་སྤོང་བར་བྱེད་པ་ཁོ་ན་ཡིན་ནོ། །མཐར་འཛིན་པར་ལྟ་བ་ཡང་ཕུང་པོ་ལྔ་པོ་དེ་དག་ཉིད་རྟག་ཆད་ཀྱི་མཐར་འཛིན་པའི་ཕྱིར་ཡིན་ལ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཀྱང་ཕུང་པོ་དེ་ཉིད་ལ་འདག་གྲོལ་དུ་དམིགས་ པས་འདིར་བསལ་ཞིང་། ལམ་ལའང་འཇིག །མཐར་གཉིས་མ་གཏོགས་ཚུལ་འདྲ་ལ། ལམ་ལ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་འདགས་པར་ཡིད་ཆེས་པས་ལོག་པར་ཞུགས་པས་མ་བསལ་ལོ། །ཉོན་མོངས་པས་ཕྲ་རྒྱས་སོ་གཉིས་བདེན་ པ་ལ་སྐུར་པ་འདེབས་པ་དེ་ནི་ཆོས་ཅན། བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བར་འགྱུར་ཏེ། གོམས་པས་སྤོང་བ་མ་ཡིན་པའི་ཕྱིར། ཐག་པ་མཐོང་བས་སྦྲུལ་དུ་འཁྲུལ་བ་སྤོང་བ་བཞིན་ནོ། །ད་ནི་ཞིབ་ཏུ་ཅུང་ཟད་བཤད་པར་བྱ་སྟེ། འདོད་ན། སྡུག་བསྔལ་མཐོང་ སྤང་བཅུ་སྟེ། མཆོག་འཛིན་གཉིས་ཀྱང་ཀུན་འགྲོ་ཡིན་པས་དངོས་སུ་ལོག་ཞུགས་ཡིན་ལ། དེ་ཡང་སྡུག་བསྔལ་ཉེར་ལེན་ཕུང་པོ་ལྔ་ལ་འཇིག་ཚོགས་ཀྱིས་བདག་ཏུ་དངོས་སུ་ལོག་པར་ཞུགས། མཐར་འཛིན་གྱིས་ཉེར་ལེན་གྱི་ཕུང་པོ་ལ་བཏགས་པའི་བདག་དེ་ལ་ རྟག་ཆད་དུ་ལོག་པར་ཞུགས། ལོག་ལྟས་སྡུག་བསྔལ་དེ་ལ་སྐུར་བ་འདེབས། ལྟ་བ་མཆོག་འཛིན་གྱིས་ལྟ་བའི་གནས་ཉེར་ལེན་ཕུང་པོ་དམན་པ་དེ་ལ་མཆོག་ཏུ་འཛིན། ཚུལ་ཁྲིམས་ལ་བརྟུལ་ཞུགས་མཆོག་འཛིན་གྱིས་དམན་པ་དེ་ལ་རྒྱུར་འཛིན། ཐེ་ཚོམ་ གྱིས་དེ་ལ་བློ་འཚོམ་པས་སྡུག་བསྔལ་ལ་དངོས་སུ་ལོག་ཞུགས་དྲུག་གོ། དྲུག་པོ་དེ་ཡུལ་དུ་བཞག་ནས་འདོད་ཆགས་ཀྱིས་དེ་ལ་ཞེ་ན། ཁོང་ཁྲོས་སྡང་། ང་རྒྱལ་གྱིས་ཁེངས་ཏེ་དེ་གསུམ་ལོག་པར་ཞུགས་པ་ལས་ལོག་ཞུགས་སོ། །མ་རིག་པ་ལ་འདྲེས་ 3-1-150a པའི་མ་རིག་པ་ནི་དྲུག་དང་མཚུངས་ལྡན་དངོས་སུ་ལོག་ཞུགས། གསུམ་དང་མཚུངས་ལྡན་ལོག་པར་ཞུགས་པ་ལ་ལོག་ཞུགས་སོ། །མ་འདྲེས་པའི་མ་རིག་པ་ནི་སྡུག་བསྔལ་ལ་རྨོངས་པ་ཡིན་ཏེ། དེ་ནི་དངོས་སུ་ལོག་པར་ཞུགས་སོ། ། ཀུན་འབྱུང་ལ་ལོག་ཞུགས་བདུན་ནི། ལོག་ལྟས་ཀུན་འབྱུང་ལ་སྐུར་བ་འདེབས། ལྟ་བ་མཆོག་འཛིན་གྱིས་དེ་བཟང་པོར་འཛིན། ཐེ་ཚོམ་གྱིས་དེ་ལ་བློ་འཚོམ་སྟེ་དེ་གསུམ་ཀུན་འབྱུང་ལ་དངོས་སུ་ལོག་པར་ཞུགས། དེ་གསུམ་ཡུལ་དུ་བཞག་ནས། འདོད་ཆགས་ ཀྱིས་ཆགས། ཞེ་སྡང་གིས་སྡང་། ང་རྒྱལ་གྱིས་ཁེངས་ཏེ་དེ་གསུམ་ནི་ཀུན་འབྱུང་གི་ལོག་ཞུགས་ཀྱི་ལོག་ཞུགས་སོ། །འདྲེས་པའི་མ་རིག་པས་ནི། ལོག་ལྟ། ལྟ་བ་མཆོག་འཛིན། ཐེ་ཚོམ་དང་མཚུངས་པ་དེ་དངོས་སུ་ཀུན་འབྱུང་ལ་ལོག་པར་ཞུགས། མ་འདྲེས་ པའི་མ་རིག་པ་ནི་ཀུན་འབྱུང་ལ་རྨོངས་པ་ཡིན་ཏེ། ཀུན་འབྱུང་ལ་དངོས་སུ་ལོག་པར་ཞུགས་སོ། །འགོག་པའི་ལོག་ཞུགས་བདུན་ནི། ལོག་ལྟས་འགོག་པ་ལ་སྐུར་བ་འདེབས། ཐེ་ཚོམ་གྱིས་འགོག་པ་ལ་འཚོམ་སྟེ། དེ་གཉིས་འགོག་པ་ལ་དངོས་སུ་ལོག་པར་ ཞུགས་སོ། །དེ་གཉིས་ཡུལ་དུ་བཞག་ནས་འདོད། ཁོང་། ང་རྒྱལ་གསུམ་གྱིས་ཆགས་སྡང་ཁེངས་ཏེ་ལོག་པར་ཞུགས་པ་ལ་ལོག་པར་ཞུགས། ལྟ་བ་མཆོག་འཛིན་ནི། གང་གིས་དངོས་ཀྱི་ལོག་ལྟ་དང་ཐེ་ཚོམ་གཉིས་ལ་མཆོག་ཏུ་འཛིན་པས་ལོག་པར་ཞུགས་པས་ ལོག་ཞུགས་ཡིན་ཏེ། ཟག་བཅས་མ་དམིགས་པར་ཟག་མེད་འགོག་པ་རང་ལ་དམིགས་མི་ནུས་པའི་ཕྱིར། འདྲེས་པའི་མ་རིག་པས་ནི། ལོག་ལྟ་ཐེ་ཚོམ་གཉིས་དང་མཚུངས་ལྡན་དངོས་སུ་ལོག་པར་ཞུགས། འདོད། ཁོང་། ང་རྒྱལ། ལྟ་བ་མཆོག་འཛིན་བཞི་དང་མཚུངས་ 3-1-150b ལྡན་ནི་ལོག་པར་ཞུགས་པ་ལ་ལོག་པར་ཞུགས། མ་འདྲེས་པའི་མ་རིག་པ་ནི། འགོག་པ་ལ་དངོས་སུ་རྨོངས་པས་དངོས་སུ་ལོག་པར་ཞུགས་སོ། །ལམ་གྱི་ལོག་ཞུགས་བརྒྱད་ནི། ལོག་ལྟས་ལམ་ལ་སྐུར་པ་འདེབས། ཐེ་ཚོམ་གྱིས་ལམ་ལ་འཚོམ་སྟེ། དེ་གཉིས་ དངོས་སུའོ། །དེ་གཉིས་ཡུལ་དུ་བཞག་ནས་འདོད་ཆགས་ཀྱིས་ཆགས། ཁོང་ཁྲོས་སྡང་། ང་རྒྱལ་གྱིས་ཁེངས། ལྟ་བ་མཆོག་འཛིན་གྱིས་བཟང་པོར་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་འདག་པར་འཛིན་པས་དེ་ལྔ་ལོག་པར་ཞུགས། འདྲེས་པའི་ མ་རིག་པ་ནི་གཉིས་དང་མཚུངས་ལྡན་དངོས་སུའོ། །ལྔ་དང་མཚུངས་ལྡན་ལོག་ཞུགས་ལ་ལོག་ཞུགས་སོ། །མ་འདྲེས་པའི་མ་རིག་པ་ནི་ལམ་ལ་དངོས་སུ་རྨོངས་ཏེ་དངོས་སུ་ལོག་པར་ཞུགས་སོ། །གཉིས་པ་ནི། བཞི་ནི་བསྒོམ་པས་སྤང་བྱ་ཡིན། །འདོད་ཆགས་དང་ཁོང་ཁྲོ་དང་མ་རིག་པ་དང་ང་རྒྱལ་ བཞི་ནི་ཟག་མེད་ཀྱི་ལམ་སྒོམ་པས་སྤང་བྱ་ཡིན་ཏེ། བདེན་པ་མཐོང་བ་ཕྱིས་བདེན་པ་གང་རུང་ལ་དམིགས་ཏེ་ལམ་ཟག་མེད་ཡང་ཡང་དུ་བསྐྱེད་ཅིང་གོམས་པར་བྱས་པས་སྤོང་བའི་ཕྱིར། འཇིག་མཐའི་ལྟ་བ་གཉིས་ནི། སྡུག་བསྔལ་གྱི་རྣམ་པ་གཅིག་ཁོ་ན་སྟེ། སྡུག་བསྔལ་ལ་ བདག་དང་བདག་གིར་དང་། བདག་ཏུ་འདོད་པའི་སྡུག་བསྔལ་ལ་རྟག་ཆད་ཀྱི་མཐར་འཛིན་པའི་ཕྱིར་སྡུག་བསྔལ་ཁོ་ན་ལ་ལོག་པར་ཞུགས་པའི་ཕྱིར། ལོག་ལྟ་ནི་སྡུག་བསྔལ་སོགས་མཐོང་སྤང་རིས་བཞི་ཀ་ལ་ལོག་པར་ཞུགས་ཏེ། སྡུག་བསྔལ་སོགས་བདེན་པ་བཞིའི་ མཚན་ཉིད་ལ་མེད་ཅེས་སྐུར་བ་འདེབས་པའི་ཕྱིར། ལྟ་བ་མཆོག་འཛིན་དང་ཐེ་ཚོམ་ཡང་བདེན་པ་བཞི་ཀ་ལ་ལོག་པར་ཞུགས་ཏེ། དམན་པ་ལ་མཆོག་ཏུ་བལྟ་བའི་ཕྱིར་དང་། བདེན་པ་ཐམས་ཅད་ལ་ཐེ་ཚོམ་ཟ་བའི་རྣམ་པ་ཅན་ཡིན་པའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ 3-1-151a ཞུགས་མཆོག་འཛིན་སྡུག་བསྔལ་དང་ལམ་གཉིས་ལ་ལོག་ཞུགས་ཡིན་ཏེ། དབང་ཕྱུག་སོགས་རྒྱུ་མིན་ལ་རྒྱུར་འཛིན་ཅིང་རྟག་བདག་སོགས་ཕྱིན་ཅི་ལོག་ལ་འཇུག་པའི་ཕྱིར་དང་། ལམ་མ་ཡིན་ལ་ལམ་དུ་འཛིན་པའི་ཕྱིར་རོ། །འདོད་ཆགས་དང་། ཁོང་ ཁྲོ་དང་། ང་རྒྱལ་དང་། མ་རིག་པ་རྣམས་ནི་སྤང་བྱའི་རིས་ལྔ་པ་ཡིན་ཏེ། བདེན་པ་བཞི་མཐོང་བས་སྤང་བྱ་དང་། སྒོམ་པས་སྤང་བྱ་ཡིན་པའི་ཕྱིར། འོ་ན་ཆགས་སོགས་བཞི་པོ་དེ་རིས་ལྔ་པ་ཅན་ཡིན་ན་སྡུག་བསྔལ་སོགས་མཐོང་སྤང་གི་ཆ་གང་། སྒོམ་སྤོང་གི་ཆ་གང་ཞེ་ ཞེ་ན། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་། ལམ་མཐོང་བས་སྤང་བར་བྱ་བའི་འཇིག་ལྟ་སོགས་ལ་དམིགས་པའི་ཆགས་སོགས་ཉོན་མོངས་པ་གང་དག་ཆོས་ཅན། དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ཏེ། བདེན་པ་བཞི་ལ་འཇིག་ལྟ་སོགས་ཀྱིས་དངོས་སུ་ལོག་ པར་ཞུགས། དེ་ལ་ཆགས་སོགས་ཀྱིས་ལོག་ཞུགས་ལ་ལོག་པར་ཞུགས་པས་བདེན་པ་ལ་ལོག་པར་ཞུགས་པ་ཡིན་པའི་ཕྱིར་ཏེ། དམིགས་པ་ཡོངས་སུ་ཤེས་པ་དང་། དེ་ལ་དམིགས་པ་ཡོངས་སུ་ཟད་པ་དང་ཞེས་འབྱུང་བའི་ཕྱིར། འདི་ལ་དཀའ་བའི་གནས་འདི་འདྲ་ཞིག་ཡོད་ དེ། མ་རིག་པའི་ཕྲ་རྒྱས་ནི། བདེན་པ་བཞི་ཆར་ལ་དངོས་སུ་དམིགས་པ་ཅན་ཡང་ཡིན་པས་བདེན་པ་གང་ཞིག་ལ་དངོས་སུ་དམིགས་པ་ཅན་ཡང་ཡིན་ལ། གང་ཞིག་མཐོང་བས་སྤང་བྱའི་འཇིག་སོགས་ཀྱི་ཉོན་མོངས་ལ་རྗེས་ནས་དམིགས་པ་ཅན་ཡང་ཡིན་པས། བདེན་པ་ལ་ དམིགས་པ་དང་། དེ་ལ་བརྟེན་པའི་ཉོན་མོངས་ལ་དམིགས་པ་གཉིས་ཀ་བརྗོད་དགོས་སམ་ཞེ་ན། མི་དགོས་ཏེ། གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན། །ཅེས་ཉོན་མོངས་ལ་དམིགས་པ་ཅན་ཅེས་སྨོས་པ་ཉིད་ཀྱིས་བདེན་པ་ལ་དམིགས་པ་དང་། གཅིག་ཏུ་ 3-1-151b བསྡུས་པའི་ཚུལ་གྱིས་བརྗོད་པ་གྲུབ་པའི་ཕྱིར་ཏེ། གང་ཞིག་གི་སྒྲས་དམིགས་པ་གཉིས་ཀ་བཟུང་བའི་ཕྱིར། ཡང་མ་རིག་པ་ཕྲ་རྒྱས་ཀུན་ཏུ་འགྲོ་བ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རིས་ལྔ་ཀ་ལ་དམིགས་པ་ཡིན་པ་ཆོས་ཅན། སྡུག་བསྔལ་དང་འགོག་པ་ལ་སོགས་པའི་ བདེན་པ་མཐོང་བས་སྤང་བྱ་ཉིད་དུ་ཐལ། སྡུག་བསྔལ་དང་འགོག་པ་ལ་སོགས་པ་བདེན་པ་མཐོང་བས་སྤང་བར་བྱ་བ་ལ་སོགས་པ་ལའང་དེས་དམིགས་པའི་ཕྱིར་ཞེ་ན། ཁྱབ་པ་མེད་པས་ཉེས་པ་མེད་དེ། དེ་ནི་རིས་ལྔ་ཅར་ལ་དམིགས་པ་ཡིན་མོད་ཀྱི། རིས་དེ་རྣམས་ལས་ཀུན་ འབྱུང་གི་ངོ་བོ་ལ་མ་རིག་པས་དམིགས་པར་བྱེད་པ་དེ་ནི་ཀུན་འབྱུང་མཐོང་བས་སྤང་བྱ་དང་། གཞན་ལའང་དེ་ལྟར་སྦྱར་བར་བྱ་ཞིང་། གཟུགས་སོགས་ལ་མ་རིག་པས་དམིགས་པར་བྱེད་པ་དེ་ནི་སྒོམ་པའི་ལམ་གྱི་སྤང་བར་བྱ་བ་ཡིན་པའི་ཕྱིར། ལྷག་མ་འདོད་ཆགས་ཁོང་ཁྲོ་ ང་རྒྱལ་མ་རིག་པ་གང་དག་ཆོས་ཅན། བདེན་པ་ལ་ལོག་པར་མི་ཞུགས་པའི་འཇིག་ལྟ་སོགས་ལ་མི་དམིགས་པ་དེ་དག་ནི་སྒོམ་པས་སྤང་བྱ་དག་ཡིན་ཏེ། ཤེས་བྱ་གཟུགས་ལ་དམིགས་པའི་ཡུལ་ཅན་གྱི་ལོག་ཞུགས་ཡིན་པའི་ཕྱིར། དེ་དག་ནི་ལྟ་བ་བཅུ་གཉིས། ཐེ་ཚོམ་བཞི། འདོད་ཆགས་ལྔ། ཁོང་ཁྲོ་ལྔ། ང་རྒྱལ་ལྔ། མ་རིག་པ་ལྔ་སྟེ་ཕྲ་རྒྱས་སོ་དྲུག་པོ་དེ་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །གཉིས་པ་ཁམས་གོང་གིས་སས་བསྡུས་རེ་གཉིས་བཤད་པ་ནི། ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། །རྒྱུད་ཞི་གནས་ཀྱིས་བརླན་པ་དང་། རྟེན་དང་། རྒྱས་པའི་གཞི་ཚོར་བ་སྡུག་བསྔལ་ གཟུགས་ཁམས་ན་མེད་པས་ཁོང་ཁྲོ་ལྔ་མ་གཏོགས་པ་ཕྲ་རྒྱས་སུམ་ཅུ་རྩ་གཅིག་པོ་དེ་དག་ཉིད་གཟུགས་ཁམས་ན་སྤྱོད་པ་ཡིན་ནོ། །གཟུགས་མེད་ཀྱང་གཟུགས་ཀྱི་ཁམས་དེ་དང་འདྲ་བར་ཕྲ་རྒྱས་སུམ་ཅུ་རྩ་གཅིག་གོ། དེ་ལྟར་འདོན་པར་བྱ་སྟེ། དེ་དག་དགུ་དང་དྲུག་དྲུག་ 3-1-152a བདུན། ཁོང་ཁྲོ་ལྟ་བ་གསུམ་གཉིས་དག །མ་གཏོགས་གཟུགས་ན་སྡུག་བསྔལ་སོགས། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །གསུམ་ནི་སྒོམ་པས་སྤང་བྱ་ཡིན། །ཅེས་ཁམས་གོང་གཉིས་ལ་སྦྱར་རོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །དེ་ལྟར་ ན་ཆོས་མངོན་པ་དག་ནི་ཕྲ་རྒྱས་དྲུག་པོ་དེ་དག་རྣམ་པ་བཅུར་དབྱེ་བ་བདག་དང་བདག་གི་རྟག་ཆད་སོགས་ཞེས་རྣམ་པའི་དབྱེ་བ་དང་། སྤང་བྱའི་རིས་ལྔའི་བྱེ་བྲག་གི་དང་། ཁམས་གསུམ་ན་སྤྱོད་པའི་དབྱེ་བས་འདོད་ཆགས་བྱེ་བྲག་དང་། ཁམས་ཀྱི་བཅོ་ལྔ། ཁོང་ཁྲོའི་བྱེ་བྲག་ གི་དབྱེ་བས་ལྔ། ང་རྒྱལ་ཡང་བྱེ་བྲག་དང་ཁམས་ཀྱི་དབྱེ་བས་བཅོ་ལྔ། མ་རིག་པའང་དེ་ཁམས་བཅོ་ལྔ། དེས་ན་ཐེ་ཚོམ་བཅུ་གཉིས། ལྟ་བ་ནི་རྣམ་པ་བྱེ་བྲག་ཁམས་ཀྱི་དབྱེ་བས་སུམ་ཅུ་རྩ་དྲུག་སྟེ་དགུ་བཅུ་བརྒྱད་དུ་འདོད་དོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ཐེ་ ཚོམ་ནི་ཐམས་ཅད་ལ་རྣམ་པའི་དབྱེ་བ་མེད་དེ། ཆགས་པ་དང་། རྩུབ་པ་དང་། ཁེངས་པ་དང་། མི་གསལ་བ་དང་། ཐེ་ཚོམ་ཟ་བའི་རྣམ་པར་གཅིག་པའི་ཕྱིར། ཁོང་ཁྲོ་ལ་ཁམས་ཀྱི་དབྱེ་བ་མེད་ལ། བྱེ་བྲག་གི་དབྱེ་བ་ཡོད་ཅིང་ལྟ་བ་གསུམ་ཆར་གྱི་དབྱེ་བ་ཡོད་དོ། །དེས་ན་ བྱེ་སྨྲས། མཐོང་སྒོམ་གྱི་སྤང་བྱ་ལ་ཞིབ་ཏུ་བྱས་ན་ཁམས་དང་ས་དང་རྣམ་པའི་སྒོ་ནས་དབྱེ་ན། རགས་པར་ཉིས་བརྒྱ་དང་བདུན་ཅུ་ཐམ་པའི་ལུགས་དང་། ཞིབ་པར་ཉིས་བརྒྱ་ལྔ་བཅུ་ང་བཞིའི་ལུགས་སོ། །དང་པོ་ལྟར་ན། ལོག་ཞུགས་བཅུ་པོ་ས་དགུས་བསྒྱུར་བས་དགུ་བཅུ་ ཐམ་པ། དེ་ཆེ་འབྲིང་ཆུང་གསུམ་གྱིས་བསྒྱུར་བས་ཉིས་བརྒྱ་དང་བདུན་ཅུ་ཐམ་པའོ། །གཉིས་པ་ལྟར་ན་བཤད་མ་ཐག་པའི་ཉིས་བརྒྱ་དང་བདུན་ཅུ་པོའི་སྟེང་ནས་འདོད་པའི་ཀུན་འབྱུང་ལ། འཇིག་ལྟ་མཐར་ལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཏེ་གསུམ། འགོག་པ་ 3-1-152b ལ་དེ་གསུམ་སྟེ་དྲུག །ལམ་བདེན་ལ་འཇིག་མཐའ་གཉིས་ཏེ་བརྒྱད་འཕྲི། ཁམས་གོང་ས་བརྒྱད་ནས་ཁོང་ཁྲོ་བརྒྱད་འཕྲི་བས་ཉིས་བརྒྱ་དང་ལྔ་བཅུ་ང་བཞིའོ། །རྣམ་པར་གཏན་ལ་དབབ་པའི་བསྡུ་བ་ལས་ནི། འདོད་པའི་སྡུག་བསྔལ་ལ་ནི་བཅུ་པོ་ཐམས་ཅད་ལོག་པར་འཇུག་གོ་ བདེན་པ་ཕྱི་མ་གསུམ་ལ་ནི། ལྟ་བ་དང་པོ་གཉིས་མ་གཏོགས་པ་བརྒྱད་བརྒྱད་ལོག་པར་འཇུག་གོ། ཁམས་གོང་མ་གཉིས་ཀྱི་བདེན་པ་ལ་ནི་ཁོང་ཁྲོ་མ་གཏོགས་སྔ་མ་བཞིན་དུ་དགུ་དང་བདུན་བདུན་ལོག་པར་འཇུག་གོ། ཞེས་གསུངས་པས། མཐོང་སྤང་འདོད་པ་ན་སོ་ བཞི། གོང་མ་གཉིས་ན་སུམ་ཅུ་སུམ་ཅུ་སྟེ། དྲིལ་བས་དགུ་བཅུ་གོ་བཞི། སྒོམ་སྤོང་ནི་འདི་དང་མཐུན་པར་བཤད་པས། ལུགས་འདི་ནི་མདོ་སྡེ་པའི་འདོད་པའོ་ཞེས་བྲང་ཏི་འཆད་ཀྱང་། ཕྱིས་ཀྱི་མཁས་པ་དག་དེ་ནས་བཤད་པ་དེ་མདོ་སྡེ་པའི་ལུགས་ཡིན་པ་ལ་སྒྲུབ་བྱེད་ མེད་པས་གྱི་ནའོ་ཟེར་རོ། །ཆོས་མངོན་པ་གོང་མ་པ་དག་གིས་ནི་ཉོན་མོངས་པ་དེ་དག་ལས་ལྟ་བ་འོག་མ་གསུམ་དང་། ཐེ་ཚོམ་ནི་ཀུན་བརྟགས་པའོ། །ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའོ། །ཞེས་འབྱུང་བས་འདོད་ཆགས་ལ་སོགས་པ་བཞི་དང་། ལྟ་བ་དང་པོ་གཉིས་ཏེ་དྲུག་ནི་ལྷན་སྐྱེས་སྒོམ་སྤོང་དང་། ཀུན་བརྟགས་མཐོང་སྤོང་ཡིན་པས་གཉིས་ཀ་དང་། ལྟ་བ་ཕྱི་མ་གསུམ་དང་། ཐེ་ཚོམ་ནི་ཀུན་བརྟགས་ཁོ་ན་ཡིན་པས་མཐོང་སྤོང་ཉིད་དུ་ངེས་སོ། །ལུགས་འདིར་ནི། འཕགས་པའི་རྒྱུད་ལ་ཡོད་པའི་འཇིག་ལྟ་ ལྷན་སྐྱེས་དང་། དེ་དང་མཚུངས་ལྡན་གྱི་མ་རིག་པའང་རྟེན་འབྲེལ་གྱི་ཡན་ལག་ཏུ་འཇོག་པའི་མ་རིག་པའི་ཡན་ལག་ནི་མ་ཡིན་པར་ཁས་ལེན་དགོས་ཏེ། དེས་ཀུན་ནས་སློང་བའི་ཟག་བཅས་ཀྱི་ལས་ནི་འཁོར་བར་འཕེན་བྱེད་མ་ཡིན་པའི་ཕྱིར་ཏེ། བདེན་པ་མཐོང་ལ་འཕེན་པ་ 3-1-153a མེད་པའི་ཕྱིར། འཇིག་ལྟ་ལྷན་སྐྱེས་དང་མཚུངས་ལྡན་གྱི་མ་རིག་པས་ཀུན་ནས་སློང་སྟེ་ཆགས་པས་མི་ཚངས་སྤྱོད་ཀྱི་ལས་བསགས་པས། རྒྱུ་མཚན་དེའི་ཕྱིར་ངན་སོང་དུ་སྐྱེ་བའི་འདུ་བྱེད་ཀྱི་རྟེན་འབྲེལ་གྱི་ཡན་ལག་ཏུ་མི་འགྱུར་རོ། །དེས་ན་རྟེན་ འབྲེལ་གྱི་ཡན་ལག་དང་པོར་འགྱུར་རྒྱུའི་མ་རིག་པ་ནི་འཇིག་ལྟ་ཀུན་བརྟགས་དང་། མཚུངས་ལྡན་གྱི་མ་རིག་པ་ཁོ་ན་ལ་བྱ་བ་དང་། དེས་ཀུན་ནས་སློང་བའི་ཟག་བཅས་དགེ་མི་དགེའི་ལས་གང་ཞིག་འདུ་བྱེད་ཀྱི་རྟེན་འབྲེལ་གྱི་ཡན་ལག་ཏུ་འཇོག་པ་འདི་གྲུབ་བོ། །དེ་ལྟར་ ན་འཕགས་པ་ལ་འཁོར་བར་སྐྱེ་བ་འཕེན་བྱེད་ཀྱི་ཉོན་མོངས་སུ་གྱུར་པའི་བདག་ལྟ་མེད་ཀྱང་། སྤྱིར་འཕགས་པ་ཡིན་ན་བདག་ལྟ་སྤངས་པས་མ་ཁྱབ་པ་ཞིག་སྐབས་འདིར་ཁས་ལེན་དགོས་པ་ཡིན་ནོ། །ཉོན་མོངས་པ་བཅུ་པོ་དེ་དག་ཀྱང་བདེན་པ་བཞི་ལ་ཁྱད་པར་མེད་པར་ ལོག་པར་འཇུག་པའི་ཕྱིར་འདོད་པ་ན་མཐོང་སྤོང་བཞི་བཅུ་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་སུམ་ཅུ་རྩ་དྲུག་དྲུག་སྟེ་བརྒྱ་དང་བཅུ་གཉིས། སྒོམ་སྤང་ནི་འདོད་པ་ན་དྲུག་དང་། ཁམས་གོང་མ་གཉིས་ལྔ་ལྔ་སྟེ་བཅུ་དྲུག་ཡིན་ལ། སྒོམ་སྤོང་དེ་དག་ཀྱང་ཁམས་ དང་ས་དང་རྣམ་པའི་སྒོ་ནས་ཕྱེ་ན་བཞི་བརྒྱ་དང་བཅུ་བཞིར་འགྱུར་ཏེ། འཇིག་ལྟ། མཐར་ལྟ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་སྟེ་ལོག་ཞུགས་དྲུག །དེ་ཆེ་འབྲིང་ཆུང་ངུའི་ནང་ཚན་དང་བཅས་པ་དགུས་བསྒྱུར་བས་སུམ་བརྒྱ་དྲུག་ཅུ་རྣམས་བསྡོམས་པས་ སྒོམ་སྤོང་གི་ལོག་ཞུགས་བཞི་བརྒྱ་དང་བཅུ་བཞིའོ། །འདིར་སྨྲས་པ། ཐར་པ་འདོད་པ་དག་གིས་འཁོར་བ་ན། །བཅིངས་བྱེད་འཁྲུལ་པ་མེད་པར་ངོས་ཟིན་ཚེ། །འཆིང་བ་རྣམས་ལ་གདོས་དང་རྒྱ་ལྟ་བུའི། །ཉེས་པར་མཐོང་ནས་འཆིང་བ་མི་སྤོང་ངམ། །དེ་ཕྱིར་བདག་གིས་ 3-1-153b སྟོན་པས་གསུངས་པ་ཡི། །འཆིང་བ་དེ་དག་འདི་ན་བརྡ་སྤྲོད་བྱས། །གཉིས་པ་ཞར་བྱུང་ནི། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །བཟོད་པས་གཞོམ་མིན་སྒོམ་ཁོ་ནས། །འོ་ན་མཐོང་སྤོང་ཡིན་ན་མཐོང་ལམ་གྱིས་སྤོང་བས་ཁྱབ་བམ་མ་ཁྱབ་ཞེ་ན། བྱེ་སྨྲས་ནི་མ་ཁྱབ་སྟེ། སྤང་བྱ་ལ་བཟོད་པས་དང་ཤེས་པས་གཞོམ་བྱ་གཉིས་སུ་ངེས་ལ། བཟོད་ པའི་གཞོམ་བྱ་གང་ཞིག་སྲིད་རྩེ་ལས་སྐྱེས་པ་ནི་མཐོང་བས་སྤང་བྱ་ཉིད་དུ་ངེས་ལ། ས་ལྷག་མ་ལས་སྐྱེས་པ་ནི་མཐོང་ལམ་དང་སྒོམ་ལམ་གཉིས་ཀ་ཉིད་ཀྱིས་དང་། བཟོད་པས་གཞོམ་བྱ་མིན་པ་ཤེས་པས་སྤང་བྱ་ནི་སྒོམ་ལམ་ཁོ་ནས་སྤོང་བའི་ཕྱིར། དང་པོ་གྲུབ་སྟེ། སྲིད་རྩེ་ ལ་འཇིག་རྟེན་པའི་སྤོང་ལམ་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། འཕགས་པས་མཐོང་ལམ་དང་། སོ་སྐྱེའི་སྒོམ་ལམ་གྱིས་སྤོང་བའི་ཕྱིར། གསུམ་པ་གྲུབ་སྟེ། སྒོམ་སྤོང་དུ་ངེས་པ་དེ་མཐོང་ལམ་གྱིས་སྤང་མི་སྲིད་པའི་ཕྱིར། སྒོམ་སྤོང་ཁོ་ནར་ངེས་པ་དེའང་ འཕགས་པ་དང་སོ་སྐྱེ་གཉིས་ཀས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བ་ཡིན། མདོར་ན་ས་གོང་མ་གོང་མ་ཐོབ་པའི་དུས་སུ་ས་འོག་མ་འོག་མའི་སྒོམ་སྤོང་སྟེ་ཨ་ཅང་ཆེས་སྤོང་པར་མ་ཟད། མཐོང་སྤོང་ཡང་སྤོང་བར་འདོད་པ་འདི་ལ་ཆོས་མངོན་པ་ འདི་ལྟར་འཆད་པ་ལས་གཞན་པའི་སློབ་དཔོན་ཐོགས་མེད་ན་རེ། ཕྱི་རོལ་པ་རྣམས་ཀྱིས་ཆོས་ཅན། མཐོང་བས་སྤང་བྱ་རྣམས་མི་སྤོང་བ་ཁོ་ན་ཡིན་ཏེ། སྒོམ་སྤང་ཁོ་ན་རྣམ་པར་གནོན་པར་བྱེད་ཀྱི། མཐོང་སྤོང་ནི་ས་ཐམས་ཅད་ན་འདས་ལམ་ཁོ་ནས་སྤོང་བར་བྱེད་ དགོས་པའི་ཕྱིར། རྟགས་ལུང་གིས་གྲུབ་སྟེ། ལས་རྣམ་འབྱེད་ཆེན་པོའི་མདོ་ལས། འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་ཏུ་འབྱུང་བར་གསུངས་ཏེ། འདི་སྐད་དུ། ཀུན་དགའ་བོ་འདི་ན་སྲོག་གཅོད་པ་སྤོང་བ་ནས་ 3-1-154a ལོག་པར་ལྟ་བ་སྤོང་བའི་བར་དུ་ཡིན་ལ། འདི་ལའང་མི་དགའ་ཞིང་སོ་སོར་མི་དགའ་ལ་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ཕྱི་རོལ་མུ་སྟེགས་པ་དགེ་སྦྱོང་ངམ་བྲམ་ཟེ་ ཡང་རུང་། རྫུ་འཕྲུལ་དང་ལྡན་པ་ལྷའི་མིག་དང་ལྡན་པ་གཞན་གྱི་སེམས་ཤེས་པ་གང་ཞིག་གིས་མཐོང་ན་དེ་འདི་སྙམ་དུ་ལུས་ཀྱིས་ལེགས་པར་སྤྱད་པ་ཡང་མེད། ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡང་ མེད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ་སྙམ་དུ་སེམས་སོ་ཞེས་རྒྱས་པར་འགྱུར་བས་ལོག་ལྟ་འདི་ནི་འདོད་པའི་ཁམས་ལ་དམིགས་པ་ཅན་ཡིན་ཏེ། ལས་དེ་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་དང་། དམྱལ་བ་ཡང་དེ་ཁོ་ན་ན་སྲིད་པའི་ཕྱིར་ རོ། །ཡིད་ཀྱི་ཉེས་པ་ཆེན་པོས་དམྱལ་བར་སྐྱེས་པ་ཡིན་པ་ལ་མུ་སྟེགས་ངན་པའི་མངོན་ཤེས་ཀྱིས་མ་མཐོང་ཡང་། ལུས་ངག་གི་ཉེས་པ་མ་སྤྱད་པའི་སྐྱེ་བ་ཕྱི་མར་ངན་སོང་དུ་སྐྱེས་པ་མངོན་ཤེས་ཀྱིས་མཐོང་བ་ཙམ་རྒྱུ་མཚན་དུ་བྱས་ནས་རྒྱུ་འབྲས་ལ་སྐུར་བ་འདེབས་པ་བྱུང་ ངོ་། །དེས་ན་བསམ་གཏན་གྱི་སེམས་ཐོབ་པ་དེས་ཁམས་གོང་མའི་ཉོན་མོངས་ནི་འོག་མ་ལ་འདོད་ཆགས་དང་བྲལ་བས་མི་དམིགས། འདོད་པའི་ལེགས་སྤྱད་ཀྱི་རྒྱུ་འབྲས་ལ་ལོག་པར་ལྟ་བས། འདོད་པའི་སྣོད་ངན་སོང་སོགས་དམིགས་ཙམ་ན། འདོད་པའི་ཁམས་ཀྱི་ མཐོང་སྤོང་ཀུན་བརྟགས་ཀྱི་དམིགས་པ་ལས་འོས་མེད་པས་དེས་མཐོང་སྤོང་ཀུན་བརྟགས་མ་སྤངས་བར་བཞེད་པ་ལ། འོ་ན་འདོད་ཆགས་དང་བྲལ་བ་དེ་ཀུན་གྱིས་གོང་མའི་སེམས་མི་ཐོབ་པར་ཐལ། འདོད་པའི་མཐོང་སྤོང་མ་སྤང་ན་དེས་གེགས་བྱེད་པའི་ཕྱིར། དཔེར་ན། 3-1-154b འདོད་པའི་མཐོང་སྤང་དགུ་པ་མ་སྤངས་ན་དེས་གེགས་བྱས་ནས་ཕྱིར་མི་འོང་ཐོབ་ཏུ་མི་སྟེར་བ་དང་འདྲའམ་སྙམ་ན། རྟགས་ཁྱབ་མ་གྲུབ་སྟེ། སྒོམ་སྤང་ནི་ངོ་བོ་ཉིད་ཀྱིས་གོང་མ་ཐོབ་པའི་གེགས་བྱེད་པ་ཡིན་ལ། མཐོང་སྤོང་ངོ་བོ་ཉིད་ཀྱིས་གོང་མ་ཐོབ་པ་ལ་གེགས་མི་བྱེད་པའི་ཕྱིར། འདོད་ ཆགས་དང་བྲལ་བ་འདོད་ཁམས་ལ་དམིགས་པའི་ལྟ་བ་ཅན་སྔོན་མཐའ་ལས་རྟོགས་ཏེ་སྨྲ་བ་ལ། རྟག་པར་སྨྲ་བ་རྣམས་དང་། ལ་ལ་རྟག་ཅིང་ལ་ལ་མི་རྟག་པར་སྨྲ་བ་རྣམས་དང་། རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་བར་སྨྲ་བ་བྱུང་བ་ཉིད་ཀྱིས་ཤེས་ཏེ། ཚངས་པ་དྲྭ་བའི་མདོ་ལས། འདི་ན་དགེ་ སྦྱོང་ངམ་བྲམ་ཟེ་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་། ཀུན་ཏུ་སྦྱངས་པའི་རྒྱུ་སོགས་ཀྱིས་མཉམ་པར་བཞག་པ་ལས་མང་བ་ན། བར་གྱི་བསྐལ་པ་ཉི་ཤུར་དྲན་པའི་ཏིང་ངེ་འཛིན་ཞི་བ་ལ་རེག་ཅིང་བདག་དང་འཇིག་རྟེན་འདི་ནི་རྟག་པའོ་སྙམ་ དུ་སེམས་པར་བྱེད་དོ་ཞེས་པ་དེའང་འདོད་ཁམས་ལ་དམིགས་པའི་ལྟ་བ་ཀུན་ཏུ་འབྱུང་བ་ཡིན་ནོ། །ཡང་མདོ་དེར། ཚངས་པའི་གཞལ་ཡས་ཁང་མན་ཆད་ཞིག་པ་ལས། སེམས་ཅན་ཕལ་ཆེར། འོད་གསལ་གྱི་ནང་དུ་གཟུགས་བཟང་བ། ཡིད་ལས་བྱུང་བ། དབང་པོ་ཚང་བ། དམན་པ་མ་ཡིན་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཁ་དོག་བཟང་པོ་ལ་གནས་པ། རང་འོད་དང་ལྡན་ཅིང་མཁའ་ལ་འགྲོ་བ་དགའ་བ་ཟ་བ་ཚེ་རིང་བ་དེ་ཚེ་ཟད་ནས་སླར་ཚངས་ཆེན་དུ་སྐྱེས་པ་དེ་སྐྱོ་ནས་ཟླ་བོ་འདོད་པ་ལས། ཡང་འོད་གསལ་བའི་ལྷ་ཚེ་ཟད་པ་དེར་སྐྱེས་ པ་ན། ཁོང་གཉིས་བསམ་པ་མཐུན་པར། ཚངས་ཆེན་གྱིས་ངས་འདི་བྱས་སྙམ་པ་དང་། དེའི་ཟླ་གཡོག་གིས་འདིས་བདག་བྱས་སྙམ་པའི་བློ་སྐྱེས་པར་གྱུར་པའི་འཁོར་གང་རུང་གཅིག་ཤི་ནས་འཛམ་གླིང་གི་མིར་སྐྱེས། རབ་ཏུ་བྱུང་། སེམས་མཉམ་པར་ཇི་ལྟ་བུས་སྔོན་ 3-1-155a གྱི་གནས་རྗེས་སུ་དྲན་ནས་ཚངས་པ་མ་ཤི་བར་མཐོང་བས། ཚངས་ཆེན་ནི་རྟག་བརྟན་ཐེར་ཟུག་མི་འགྱུར་ལ། བདག་ཅག་ཚངས་པ་དེས་སྤྲུལ་པས་མི་རྟག་པར་ལ་སོགས་པར་སེམས་སོ་ཞེས་གསུངས་པ་དེའང་། ལ་ལ་རྟག་ཅེས་ ཚངས་ཆེན་ལ་དམིགས་པ་ནི་འདོད་པ་ལ་དམིགས་པ་མ་ཡིན་ཀྱང་། ཚངས་པས་སྤྲུལ་པ་འདོད་ཁམས་སུ་སྐྱེས་པ་ལ་ལ་མི་རྟག་ཅེས་མཐར་འཛིན་ལྟ་བས་འདོད་ཁམས་ལ་དམིགས་པ་ཡིན་ཏེ། བདག་འདོད་ཁམས་སུ་སྐྱེས་པ་མི་རྟག་པར་ཞེན་པའི་ ཕྱིར། དེ་བཞིན་དུ་གཟུགས་ཁམས་ན་འདུ་ཤེས་མེད་པ་ཞེས་བྱ་བའི་ལྷ་ཡོད་དེ། སེམས་ཅན་དེ་དག་འདུ་ཤེས་བསྐྱེད་པས་གནས་དེ་དག་ནས་ཤི་བར་འགྱུར་རོ། །ཤི་འཕོས་ནས་མི་དང་སྐལ་པ་མཉམ་པར་འོངས་པ་ན། སྔོན་གྱི་ལུས་ རྗེས་སུ་དྲན་ནས་འཇིག་རྟེན་འདི་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ་སྙམ་དུ་སེམས་སོ་ཞེས་གསུངས་པས་ཀྱང་། ལོག་ལྟས་འདོད་ཁམས་ལ་དམིགས་པ་ཡིན་ཏེ། བདག་དང་འཇིག་རྟེན་གྱི་རྒྱུ་སྔོན་བྱས་པའི་དགེ་བ་ཟག་བཅས་སམ་མི་དགེ་བ་མ་ཡིན་ནོ་ སྙམ་དུ་ཡིད་ཀྱིས་རྒྱུ་ལ་སྐུར་པ་འདེབས་པའི་ཕྱིར་དང་། འདོད་ཁམས་ཀྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ལ་སྐུར་པ་འདེབས་པའི་ཕྱིར། ཁ་ཅིག་ནི་དེ་དག་འདོད་པ་སྤྱོད་པའི་ལྟ་བ་མ་ཡིན་ཏེ། དེ་དག་ནི་ལོག་པའི་ཤེས་པ་ཡིན་པའི་ཕྱིར་ཞེས་ ལན་འདེབས་པར་བྱེད་ཀྱང་མི་རིགས་ཏེ། དེ་དག་ནི་ལྟ་བའི་ངོ་བོ་ཡིན་པའི་ཕྱིར། དེས་ན་ཕྱི་རོལ་པའི་ཆགས་བྲལ་གྱི་འདོད་པའི་མཐོང་སྤང་གི་ལྟ་བ་མ་སྤངས་པར་བཞེད་དོ། །བྱེ་བྲག་ཏུ་སྨྲ་བས་ནི། ཕྱི་རོལ་པའི་ཆགས་བྲལ་ནི་སྲིད་རྩེའི་བར་དུ་འགྲོ་ན་ཆོས་ཅན། འདོད་པའི་ 3-1-155b ཉོན་མོངས་ཡོད་ན་ནི་སྲིད་རྩེའི་བར་དུ་དེ་མི་རིགས་ཏེ། རྒྱུན་ཞུགས་བཞིན་འདོད་པའི་མཐོང་སྒོམ་གྱི་སྤང་བྱ་གང་རུང་ཞིག་གིས་ཀྱང་འདོད་པར་ཉིང་མཚམས་སྦྱོར་བའི་ཕྱིར་ལུང་དེ་དག་གི་དོན་ཆོས་ཅན། སྒོམ་ལམ་གྱིས་མཐོང་སྤང་མི་སྤང་བའི་དོན་མ་ཡིན་ཏེ། ལུང་དོན་ དེར་དེ་ལྟ་བ་དེ་དག་བསྐྱེད་པ་དང་བསམ་གཏན་གྱི་དངོས་གཞི་ལས་ཉམས་པ་དུས་མཉམ་དུ་བསྟན་པ་ཡིན་པའི་ཕྱིར། དཔེར་ན། ལུང་དབྱེན་གྱི་གཞི་ལས་ལྷ་སྦྱིན་བསྙེན་བཀུར་གྱིས་ཟིལ་གྱིས་ནོན་ཏེ། དགེ་སློང་གི་དགེ་འདུན་འཁོར་དུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ ཐུགས་ལས་ཆུང་ངུར་བཞུགས་པར་གསོལ་ལོ་སྙམ་དུ་སྡིག་པའི་བསམ་པ་སྐྱེས་པ་དང་། རྫུ་འཕྲུལ་ལས་ཉམས་པ་དང་། དུས་མཉམ་དུ་བྱུང་བར་བཤད་པ་ལྟར་རོ། །འོ་ན་འདོད་པའི་སྒོམ་སྤོང་སྤང་བས། འདོད་པའི་མཐོང་སྤོང་སྤང་ན་སླར་འདོད་པའི་མཐོང་སྤོང་ཇི་ལྟར་ སྐྱེ་སྙམ་ན། སྡེ་པས། ཉོན་མོངས་པའི་ས་བོན་ནི་ཐོབ་པ་ལ་འདོད་པ་ལྟར་ན་འཇིག་རྟེན་པའི་ལས་ལམ་གྱིས་ཀྱང་ཕྱིས་ཉོན་མོངས་པ་སྐྱེ་བ་དང་འདོད་པར་སྐྱེ་བ་ནི་འདས་པའི་ཉོན་མོངས་རྫས་སུ་ཡོད་པ་ལས་སྐྱེ་བར་འདོད་དོ། །གཉིས་པ་ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་དབྱེ་བ་ལ། ལྟ་བའི་དབྱེ་བ་དང་། ང་རྒྱལ་གྱི་དབྱེ་བའོ། །དང་པོ་ལ། ལྟ་བ་ལྔ་པོ་སོ་སོའི་རང་བཞིན། ལྔ་པ་ཀུན་འབྱུང་། མཐོང་སྤོང་མིན་པའི་རྒྱུ་མཚན། ཕྱིན་ཅི་ལོག་བཞིར་དབྱེ་བའོ། །དང་པོ་ནི། བདག་དང་བདག་གི་རྟག་ཆད་དང་། །མེད་དང་དམན་ལ་མཆོག་ལྟ་དང་། །རྒྱུ་མིན་ལམ་མིན་དེར་ལྟ་བ། །དེ་དག་ལྟ་བ་ལྔ་ཡིན་ནོ། །བདག་གམ་བདག་གིར་ལྟ་བའི་ཡུལ་ནི་འཇིག་ཚོགས་ལ་བལྟ་བའོ། །འཇིག་ཚོགས་སུ་ གྱུར་པའི་ཉེར་ལེན་གྱི་ཕུང་ལྔ་དེ་ནི་ཆོས་ཅན། ཁྱོད་ལ་འཇིག་ཚོགས་ཞེས་པའི་སྒྲ་དོན་མཐུན་དུ་འཇུག་པར་རིགས་ཏེ། འཇིག་པ་དང་བསགས་པའི་ཕྱིར། དེ་ལ་ཆོས་ཅན། ཕུང་པོ་ཞེས་པའི་སྒྲའང་དོན་མཐུན་དུ་འཇུག་རིགས་ཏེ། མང་པོ་དང་ཕུང་པོ་ཡིན་པའི་ཕྱིར། ཉེར་ལེན་ 3-1-156a གྱི་ཕུང་ལྔ་ལ་འཇིག་ཚོགས་ཀྱི་སྒྲ་སྦྱར་ནས་བརྗོད་པ་ཆོས་ཅན། བདག་ཏུ་འཛིན་པ་སེལ་བའི་སླད་དུ་ཡིན་ཏེ། ཕུང་པོ་ལྔ་ལ་བདག་ཏུ་འཛིན་པའི་སྔོན་དུ་ཕུང་པོ་ལ་རྟག་པ་དང་རིལ་པོར་འདུ་ཤེས་པ་འབྱུང་བས། འཇིག་ཚོགས་སུ་བརྗོད་ན་རྟག་རིལ་གྱི་ འདུ་ཤེས་བཟློག་ནུས་པས་དེར་བརྗོད་པའི་ཕྱིར་སྙམ་པའོ། །སྤྱིར་ཟག་བཅས་ལ་དམིགས་པ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ཡིན་མོད་ཀྱི། བྱེ་བྲག་ཕུང་ལྔ་ལ་འཇིག་ཚོགས་སུ་ལྟ་བ་ཞེས་སྒྲ་ལྷག་པར་སྦྱར་བ་ཆོས་ཅན། དངོས་པོ་ལ་བདག་ཡོད་པ་སེལ་བའི་སླད་དུ་ཡིན་ཏེ། བདག་ཏུ་འཛིན་པ་ནི་འཇིག་ཚོགས་ལ་བལྟས་ནས་དེ་ལ་བདག་ཏུ་རློམ་པ་ཙམ་དུ་ཟད་པའི་ཕྱིར། ཇི་སྐད་དུ། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་ན། ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་ པོ་འདི་དག་ལ་ལྟ་བ་ཁོ་ནར་ཟད་དོ། །བདག་ཏུ་བཟུང་བ་དེ་ཉིད་ལ་ཆོས་ཅན། རྟག་པའམ་ཆད་པར་ལྟ་བ་ནི་མཐར་འཛིན་པའི་ལྟ་བ་སྟེ། རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར། སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ཡོད་བཞིན་དུ་མེད་ཅེས་ལྟ་བ་ནི་ལོག་ལྟ་དང་ འཇིག་ལྟ་སོགས་ལོག་པར་ཞུགས་པའི་ལྟ་བ་ཐམས་ཅད་ལོག་ལྟ་ཡིན་ཏེ། ལོག་པར་ངེས་པར་སེམས་ཤིང་རྟོག་པའི་ཕྱིར། འཇིག་ལྟ་སོགས་ཀྱང་ལོག་ལྟ་ཡིན་པ་ལས། མེད་ཅེས་ལྟ་བ་ཁོ་ན་ཆོས་ཅན། ལོག་ལྟར་འཇོག་རིགས་ཏེ། ཧ་ཅང་ལོག་ཚབ་ཆེས་པའི་ཕྱིར། དཔེར་ ན་མར་ཐམས་ཅད་དྲི་ང་བ་ཡིན་ཀྱང་། ཁྱད་པར་དུ་དྲི་ང་བ་ཚབ་ཆེ་བ་ལ་དྲི་ང་བ་ཞེས་བརྗོད་པ་བཞིན། གྲུབ་སྟེ། དགེ་བའི་རྩ་བ་གཅོད་པ་ལ་འགལ་ཚབ་ཆེན་པོར་གྱུར་པའི་ཕྱིར། ཁྱབ་སྟེ། འདིས་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོད་བཞིན་དུ་མེད་དོ་སྙམ་དུ་སྐུར་བ་ 3-1-156b འདེབས་པའི་ལྟ་བ་ཡིན་ལ། འཇིག་ལྟ་སོགས་གཞན་ནི་བདག་ལ་སོགས་པར་སྒྲོ་འདོགས་པའི་ལྟ་བ་ཡིན་པའི་ཕྱིར། ལྟ་བ་སོགས་ཟག་བཅས་ཐམས་ཅད་དམན་པ་སྟེ། འཕགས་པ་རྣམས་ཀྱིས་སྤངས་པའི་ཕྱིར། དེས་ན་ལྟ་བ་ལ་སོགས་པ་ཉེར་ལེན་གྱི་ཕུང་པོ་རྣམས་ལ་ མཆོག་དང་། གཙོ་བོ་ཉིད་དུ་འཛིན་པར་ལྟ་བ་ནི་ལྟ་བ་མཆོག་འཛིན་དང་། དབང་ཕྱུག་ཆེན་པོའམ་སྐྱེ་རྒུའི་བདག་པོའམ་གཞན་ཡང་རུང་སྟེ། འཇིག་རྟེན་གྱི་རྒྱུ་མིན་པ་ལ་རྒྱུར་ལྟ་བ་དང་། མེ་དང་ཆུར་འཇུག་པ་དང་། ཟས་གཅོད་པ་དང་། འཇུག་ངོགས་དང་། གཡངས་ སར་མཆོང་བ་དང་། གདུང་བ་དང་། སྐྲ་འབལ་བ་སོགས་མཐོ་རིས་ཀྱི་རྒྱུ་མིན་པ་ལ་རྒྱུར་ལྟ་བ་དང་། སངས་རྒྱས་པ་རྣམས་ཀྱི་ལྟར་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་ཁོ་ནས་ནི་ཐར་པ་མི་ཐོབ་པས་དེ་ཙམ་དང་། གྲངས་ཅན་གྱི་རྣལ་འབྱོར་གྱིས་རང་བཞིན་དང་སྐྱེས་བུའི་ ཁྱད་པར་ཤེས་པ་དང་། སོགས་པས་ཚིག་དོན་དྲུག་ཤེས་པ་སོགས་ཐར་པའི་ལམ་མིན་པ་ལ་ཐར་ལམ་དེར་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི་གཟུགས་ཕུང་གིས་བསྡུས་ལ། སོགས་པའི་ སྒྲས་ནི་མི་མངོན་པར་བྱས་ཏེ། ཕུང་པོ་གཞན་བཞིའང་བསྡུས་ནས་ཉེར་ལེན་གྱི་ཕུང་པོ་ལྔ་ལ་འདག་གྲོལ་དུ་ལྟ་བའོ། །གྲག་ཅེས་པས་མདོ་ལས་དེ་གཉིས་ཙམ་བཟུང་བས་སོགས་པའི་སྒྲ་མི་འཐད་པར་བསྟན་པ་ཡིན་ནོ། །དེ་དག་ནི་ལྟ་བ་ལྔ་ཡིན་ནོ། །གཉིས་པ་ནི། དབང་ཕྱུག་སོགས་རྒྱུར་མངོན་ཞེན་པ། །རྟག་བདག་ཕྱིན་ཅི་ལོག་པ་ཡིས། །རབ་ཏུ་འཇུག་པས་དེ་ཕྱིར་དེ། །སྡུག་བསྔལ་མཐོང་བས་སྤང་བྱ་ཉིད། །རྒྱུ་མིན་ ལ་རྒྱུར་འཛིན་གྱི་ལྟ་བ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་ཡིན་ན་ཆོས་ཅན། ཀུན་འབྱུང་མཐོང་སྤོང་དུ་ཐལ། རྒྱུ་ལ་ལོག་པར་ཞུགས་པའི་ཕྱིར་ཞེ་ན། དབང་ཕྱུག་སོགས་རྒྱུར་མངོན་པར་ཞེན་པ་དེ་ཆོས་ཅན། སྡུག་བསྔལ་མཐོང་བས་སྤང་བྱ་ཉིད་ཡིན་ཏེ། 3-1-157a རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པ་ཡི་སྒོ་ནས་རབ་ཏུ་འཇུག་པ་དེ་སྡུག་བསྔལ་མཐོང་སྤོང་ཡིན་པ་གང་ཞིག །རྩ་བ་དེ་ལས་བྱུང་བའི་དེ་རྒྱུར་འཛིན་པ་ཡང་སྡུག་བསྔལ་མཐོང་བས་སྤོང་བ་དེ་ཡི་ཕྱིར། འདི་ལ་སེམས་ཙམ་པས་བྱེ་སྨྲ་ལ་དྲིས་པ། མེ་ཆུར་ འཇུག་པ་སོགས་མཐོ་རིས་སུ་སྐྱེ་བར་འགྱུར་བའམ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་འདག་པའི་རྒྱུར་མངོན་པར་ཞེན་ཅིང་ལྟ་བ་འདི་ནི། དབང་ཕྱུག་ལ་བདག་དང་རྟག་པར་འཛིན་པ་དེས་བྱས་པ་མ་ཡིན་ན། ཀུན་འབྱུང་མཐོང་བས་སྤང་བྱ་ཁོ་ནར་འགྱུར་གྱི། སྡུག་ བསྔལ་མཐོང་སྤོང་དུ་ཅི་ལ་འགྱུར་ཞེས་དྲིས་པ་ལ། བྱེ་སྨྲས། དེ་ནི་སྡུག་བསྔལ་མཐོང་སྤོང་དུ་རིགས་ཏེ། བསྟན་བཅོས་ལས། གང་དག་སྐྱེས་བུ་གང་ཟག་གང་ཞིག །བ་ལང་གི་ཚུལ་ཁྲིམས་དང་། རི་དྭགས་ཀྱི་ཚུལ་ཁྲིམས་དང་། བྱ་གག་གི་ཚུལ་ཁྲིམས་ཡང་དག་པར་ བླངས་ཏེ་གནས་པ་དེ་ནི་དེས་དག་པར་འགྱུར། གྲོལ་བར་འགྱུར། ངེས་པར་འབྱུང་བར་འགྱུར། བདེ་བ་དང་སྡུག་བསྔལ་ལས་རྣམ་པར་འདའ་བར་འགྱུར་ཞིང་། བདེ་བ་དང་སྡུག་བསྔལ་ལས་རྣམ་པར་འདས་པ་ཡང་རྗེས་སུ་ཐོབ་པར་འགྱུར་རོ། །ཞེས་དེ་ལྟར་བལྟ་ཞིང་དེ་སྐད་དུ་ སྨྲ་བ་ནི། རྒྱུ་མིན་ལ་རྒྱུར་མངོན་པར་ཡིད་ཆེས་པས། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན། །ཅེས་རྒྱས་པར་འབྱུང་བའི་ཕྱིར་རོ། །སློབ་དཔོན་གྱིས། ལུང་དེས་མཆོག་འཛིན་ཕྱི་མ་སྡུག་བསྔལ་མཐོང་སྤོང་དུ་ཅིའི་ ཕྱིར་བསྟན་ཅེས་སླར་དྲིས་པ་ལ། བྱེ་སྨྲས། དེ་སྡུག་བསྔལ་མཐོང་སྤོང་ཡིན་ཏེ། དེ་མཐོ་རིས་སུ་འགྲོ་བའམ། འདག་པར་ལྟ་བས་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་རོ། །ཞེས་ཟེར་བ་ལ། སློབ་དཔོན་གྱིས། འོ་ན་ཟག་བཅས་ལ་དམིགས་པ་ཐམས་ཅད་ཆོས་ཅན། སྡུག་ 3-1-157b བསྔལ་མཐོང་སྤོང་དུ་ཐལ། ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར། འདོད་ན་ཧ་ཅང་ཐལ་བར་འགྱུར་ཏེ། ཀུན་འབྱུང་ལ་སོགས་པའི་མཐོང་བས་སྤང་བྱའང་མེད་པར་འགྱུར་བའི་ཕྱིར་རོ། །ཡང་སློབ་དཔོན་གྱིས། ཚུལ་ ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཆོས་ཅན། ལམ་མཐོང་བས་སྤང་བྱ་མ་ཡིན་པར་ཐལ། མཆོག་འཛིན་དེ་རྒྱུ་མིན་ལ་རྒྱུར་ཡིད་ཆེས་པའི་སྡུག་བསྔལ་མཐོང་སྤོང་ཡིན་པའི་ཕྱིར་ཞེས་པ་ལ། བྱེ་སྨྲས། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དེ་སྡུག་བསྔལ་ལ་ལོག་ ཞུགས་ཡིན་པ་བཞིན་དུ་ལམ་ལའང་ལོག་ཞུགས་ཡིན་ཏེ། དེས་ལམ་མཐོང་བས་སྤང་བྱ་བརྒྱད་ལ་དམིགས་པར་བྱེད་པའི་ཕྱིར་རམ། ཡང་ན་ལམ་ལ་དངོས་སུ་ལོག་ཞུགས་མིན་ཀྱང་། ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པས་ལམ་ལ་ལོག་ཞུགས་སུ་འཇོག་པའི་ཕྱིར་རོ། ། ཞེས་པ་ལ། སློབ་དཔོན་གྱིས། འོ་ན་ལམ་མཐོང་སྤང་དུ་གྱུར་པའི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དེ་ཆོས་ཅན། སྡུག་བསྔལ་མཐོང་སྤོང་དུ་ཐལ། ལམ་མཐོང་བས་སྤང་བྱའི་ལོག་ལྟ་སོགས་བརྒྱད་ནི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་དམིགས་པ་ཡིན་ ཅིང་། དེ་དག་ཀྱང་ཟག་བཅས་ཡིན་པས་སྡུག་བསྔལ་གྱི་བདེན་པས་བསྡུས་ལ། དེ་ཡང་དེ་ལ་ལོག་པར་རྟོག་པ་ཡིན་པས། སྡུག་བསྔལ་མཐོང་བས་སྤོང་བ་ཁོ་ནར་འགྱུར་བའི་ཕྱིར། ཡང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཆོས་ཅན། ལོག་པར་ལྟ་བ་སོགས་ ལོག་ཞུགས་ལ་ལོག་པར་ཞུགས་པའང་འགྲུབ་པ་མ་ཡིན་ཏེ། ལམ་མེད་པར་སྐུར་བ་འདེབས། ལམ་ཡོད་མེད་ཐེ་ཚོམ་ཟ་ན། ལམ་མེད་པར་སྐུར་བ་འདེབས་པ་དང་། ལམ་ལ་ཐེ་ཚོམ་ཟ་བ་དེས་འདག་པར་ཡིད་ཆེས་པར་ཅི་ལ་འགྱུར་བའི་ཕྱིར། འོན་ཏེ་ཁོ་ན་རེ། གྲངས་ཅན་ 3-1-158a སོགས་ཀྱིས་བརྟགས་པའི་ཐར་ལམ་མཆོག་ཏུ་བཟུང་ནས་འདི་ནི་ཐར་ལམ་ཡིན་གྱི། སངས་རྒྱས་པའི་ལམ་ལ་ནི་ཐར་པ་མེད་དོ། །ཞེས་ལོག་ཞུགས་ལ་ལོག་པར་ཞུགས་པ་ཡིན་པར་སྨྲ་ན། ཅི་ལྟོ་ཞེ་ན། སློབ་དཔོན་གྱིས། ཁས་ལེན་དེ་ལྟར་ན་ཆོས་ཅན་ ལོག་ལྟ་སོགས་ཀྱིས་འདག་པར་ཡིད་ཆེས་པས་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་དེ་མ་ཡིན་པར་ཐལ། ཐར་ལམ་མིན་པ་ལ་ཐར་ལམ་དུ་ཞེན་པ་དེ་ཁོ་ནས་ཡིད་ཆེས་པ་ཡིན་གྱི། ལོག་ལྟ་དེས་ནི་འདག་པར་ཡིད་ཆེས་པ་མ་ཡིན་པའི་ཕྱིར། ཉེས་པ་གཞན་ཡང་ཡོད་དེ། ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བྱ་ལ་དམིགས་པའི་ལོག་ལྟས་འདག་པར་འགྱུར་བའི་ལོག་ཞུགས་ཀྱང་ཡོད་པར་ཐལ། ལམ་ལ་སྐུར་བ་བཏབ་ཅིང་ཐེ་ཚོམ་ཟ་བ་དེས་འདག་པར་ཡིད་ཆེས་པས་ལམ་ལ་ལོག་པར་ཞུགས་པ་ཡིན་པའི་ཕྱིར། དེ་ལྟར་ན་མཆོག་ འཛིན་ཕྱི་མ་འདི་སྡུག་བསྔལ་མཐོང་སྤང་ཡིན་པའང་མི་སྲིད་ལ། ལམ་མཐོང་སྤོང་ཡིན་པའང་ཧ་ཅང་ཐལ་བ་སོགས་ཀྱི་ཉེས་པ་ཡོད་པ་དེའི་ཕྱིར། མཆོག་འཛིན་ཕྱི་མ་འདི་སྡུག་བསྔལ་དང་ལམ་མཐོང་བས་སྤང་བྱ་ཡིན་པ་འདི་བརྟག་བྱ་ཡིན་ནོ་ཞེས་སློབ་དཔོན་གྱིས་ཐེ་ཚོམ་ སྐུར་བ་འདི་བྱས་ཀྱི། རང་ལུགས་ནི་མ་བསྟན་ཏོ། །གཞན་དག་སེམས་ཙམ་པའི་ལུགས་ལ་བལྟོས་ཏེ་ཐེ་ཚོམ་སྐུར་པ་དེ་ལྟར་བྱས་སོ་ཞེས་ཟེར་རོ། །སེམས་ཙམ་པ་ནི། སྡུག་བསྔལ་མཐོང་སྤང་ལྟ་བ་ལྔ། ལྟ་མིན་ལྔ་སྟེ་བདེན་པ་བཞི་ཀ་ལ་བཅུ་རེ། འཇིག་ལྟ་ཆད་ལྟ་ ལྷན་སྐྱེས། ཆགས་སྡང་ང་རྒྱལ་ལ་མ་རིག་པ་སྟེ་སྒོམ་སྤང་དྲུག་དང་བཅས་པས་འདོད་པ་ན་བཞི་བཅུ་རྩ་དྲུག །ཁམས་གོང་གཉིས་ན་ཁོང་ཁྲོ་མ་གཏོགས་མཐོང་སྤང་སོ་དྲུག །སྒོམ་སྤང་ལྔ་སྟེ་བཞི་བཅུ་རྩ་གཅིག་རེ་ཀུན་དྲིལ་བས་བརྒྱ་ཉེར་བརྒྱད་དུ་འདོད་དོ། །ཡང་ཟག་ 3-1-158b བཅས་ལ་དམིགས་པ་ཐམས་ཅད་སྡུག་བསྔལ་ལ་ལོག་ཞུགས་ཡིན་པའི་ཕྱིར། ལོག་ཞུགས་ཐམས་ཅད་སྡུག་བསྔལ་གྱི་བདེན་པ་མཐོང་བས་སྤོང་བས་ཧ་ཅང་ཐལ་བར་འགྱུར་རོ་ཞེས་འཕངས་པ་དེ་ལ། བྱེ་སྨྲའི་ཕྱོགས་ནས་ཁ་ཅིག་གིས་ལན་འདེབས་པ་ན། དེ་ནི་ཧ་ཅང་ ཐལ་བར་འགྱུར་བའི་ཁྱབ་པ་མེད་དེ། ཟག་བཅས་ལ་དམིགས་པ་རྣམས་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་མོད་ཀྱི། འོན་ཀྱང་ཁ་ཅིག་ནི་སྡུག་བསྔལ་དང་། ཁ་ཅིག་ནི་ཀུན་འབྱུང་དང་། ཁ་ཅིག་ནི་འགོག་པ་དང་། ཁ་ཅིག་ནི་ལམ་གྱི་སྒོ་ནས་ལོག་པར་ཞུགས་ལ། དེ་དག་ཀྱང་སྡུག་བསྔལ་སོགས་བཞི་མཐོང་བས་སོ་སོར་ལོག་ཞུགས་དེ་སྤོང་བར་བྱེད་པའི་ཕྱིར། དེས་ན་མཆོག་འཛིན་ཕྱི་མ་ཡང་རྟག་བདག་ཏུ་འཛིན་པས་སྡུག་བསྔལ་གྱི་སྒོ་ནས་སྡུག་བསྔལ་ལ་ལོག་ཞུགས་ཡིན་པས་སྡུག་བསྔལ་མཐོང་བས་སྤང་བྱ་ཡིན་པ་དང་། ལམ་ལ་ལོག་ཞུགས་ཀྱིས་གྲངས་ཅན་སོགས་ཀྱིས་བརྟགས་པའི་ལམ་བཟུང་ནས། སངས་རྒྱས་པ་ལ་ཐར་ལམ་མེད་དོ་ཞེས་ལོག་ལྟ་དེ་ལ་མཆོག་འཛིན་ཕྱི་མས་མཆོག་ཏུ་བལྟ་བ་དེ་ལམ་ལ་ལོག་ཞུགས་ཡིན་པས་ལམ་མཐོང་བས་སྤང་བྱ་དང་། མཆོག་འཛིན་ཕྱི་མ་ནི་ ཀུན་འབྱུང་དང་འགོག་པ་ལ་ལོག་ཞུགས་མེད་པས། མཆོག་འཛིན་ཕྱི་མ་འདི་ནི་སྡུག་བསྔལ་དང་ལམ་མཐོང་བས་སྤང་བྱ་ཁོ་ནའོ་ཞེས་ཀྱང་ལན་འདེབས་སོ། །ཡང་མཆོག་འཛིན་ཕྱི་མས་ཀུན་འགོག་ལ་ཅིས་ལོག་པར་མི་འཇུག་ཅེ་ན། སློབ་དཔོན་འདུས་བཟང་ན་རེ། མཆོག་འཛིན་ཕྱི་མ་ཆོས་ཅན། ཀུན་འགོག་མཐོང་བས་སྤང་བྱ་མ་ཡིན་ཏེ། དེའི་ལུགས་སུ་མི་འཐད་པའི་ཕྱིར་ཏེ། མཆོག་འཛིན་ཕྱི་མའི་ལུགས་ནི་རྒྱུ་མིན་ལ་རྒྱུ་དང་། ལམ་མིན་ལ་ལམ་དུ་མངོན་པར་ཞེན་པ་ཡིན་ན། ཀུན་འབྱུང་ལ་སྐུར་འདེབས་ཀྱི་ལོག་ལྟ་ལ་འདག་པར་ 3-1-159a མངོན་པར་ཞེན་པས་ནི་རྒྱུ་མེད་པ་ལས་འདག་པའི་རྒྱུར་ཁས་ལེན་དགོས་པ་ལས་གང་ལའང་རྒྱུ་མེད་ན་འདག་པ་ལ་ཡང་རྒྱུ་ཡོད་པར་མི་རིགས་པའི་ཕྱིར། དེ་ལྟར་ན་རྒྱུ་ཀུན་འབྱུང་ལ་སྐུར་བ་བཏབ་པས་དེའི་རྗེས་སུ་འབྱུང་བའི་འབྲས་བུ་ཐ་དད་པ་མ་ ཡིན་པའི་དབང་ཕྱུག་ལ་སོགས་པ་སྡུག་བསྔལ་གྱི་ཕུང་པོ་ཡང་མེད་དོ་ཞེས་སྐུར་བ་བཏབ་པར་འགྱུར་བའི་ཕྱིར་ན། ཉེར་ལེན་གྱི་ཕུང་པོ་ལ་འདག་གྲོལ་དུ་ཡིད་ཆེས་པའི་ལོག་ཞུགས་འཇུག་པའི་སྐབས་མི་ཕྱེད་པའི་ཕྱིར། འགོག་པ་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་ བ་ལ་འདག་པར་ཡིད་ཆེས་པ་ནི། འགོག་པའི་ཐབས་ལ་རྟོག་པའི་ལོག་ཞུགས་འཇུག་པ་མི་སྲིད་པའི་ཕྱིར་ཏེ། འགོག་པ་མེད་དོ་སྙམ་དུ་ལྟ་བའི་རྗེས་ལ། དེའི་ཐབས་ལ་རྟོག་པ་ནི་དོན་མེད་པར་འགྱུར་བའི་ཕྱིར། མཆོག་འཛིན་ཕྱི་མ་ནི། ཀུན་འགོག་མཐོང་བས་སྤང་བྱའི་ ལུས་སུ་མི་འཐད་པ་འདི་གྲུབ་པའོ། །དེ་ལྟར་ན་མཆོག་འཛིན་ཕྱི་མ་ལམ་མཐོང་བས་སྤང་བར་བྱ་བ་མ་ཡིན་པར་ཐལ། ལམ་མ་དམིགས་ན་མེད་དོ་སྙམ་དུ་ལོག་པར་ལྟ་བའམ་ཐེ་ཚོམ་ཟ་ན་ཇི་ལྟར་དེས་འདག་པར་ཡིད་ཆེས་པར་ཡོངས་སུ་རྟོག་པ་མི་འཐད་པའི་ཕྱིར་ཞེ་ན། འཕགས་ལམ་ལ་སྐུར་བ་འདེབས་པའི་ལོག་ལྟ་ཡང་དག་པར་མངོན་པར་ཞེན་པ་ནི་འཐད་པ་ཁོ་ན་སྟེ། དེ་ལ་རིགས་པར་འཛིན་པའི་ཕྱིར་རོ། །འཕགས་ལམ་ལ་སྐུར་བ་འདེབས་པའི་ལོག་ལྟ་ལ་རིགས་པར་འཛིན་པའི་བློ་སྐྱེ་བར་འགྱུར་བ་ཡང་དེ་ལས་གཞན་པའི་ཐར་ལམ་ ཞིག་ཡོད་པར་འཁྲུལ་པ་ཡིན་ཏེ། འཕགས་ལམ་མེད་དོ་བྱ་བ་དང་། དེ་ལ་ཐེ་ཚོམ་ཟ་བ་ནི་རིགས་པའོ་སྙམ་དུ་སེམས་ཤིང་རིགས་པའི་སྒོ་ནས་འདག་པའི་ཐབས་གཞན་ལེན་པར་བྱེད་པའི་ཕྱིར་རོ། །ཐར་པའི་ལམ་གཞན་ལ་རློམ་པ་ཉིད་ཀྱི་མཆོག་འཛིན་ཕྱི་མས་ལམ་ 3-1-159b མཐོང་བས་སྤང་བར་བྱ་བ་དེའི་ཡུལ་ཡིན་ཏེ། རང་གི་རིས་པ་ཙམ་ལ་དམིགས་པའི་ཕྱིར། འོ་ན་མཆོག་འཛིན་ཕྱི་མས་འགོག་པ་མཐོང་བས་སྤང་བར་བྱ་བ་ལ་ཡང་ལོག་པར་འཇུག་པར་ཐལ། ཡང་དག་པའི་ཐར་པ་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བ་ལ་རིགས་པར་ འཛིན་པར་འགྱུར་བ་ཐར་པའི་གནས་ཞིག་ཏུ་འཁྲུལ་པས་མཚུངས་པའི་ཕྱིར་ཞེ་ན། ག་ལ་མཚུངས་ཏེ། རྟག་པ་དང་ཞི་བ་ཐར་པའི་གནས་སུ་འཛིན་པར་མཚུངས་ན། དེ་ལ་སྐུར་བ་འདེབས་པ་ལ་འདག་པར་མངོན་པར་ཡིད་ཆེས་པ་མི་འཐད་པའི་ཕྱིར་གྲུབ་སྟེ། གདོན་ མི་ཟ་བར་ཐར་པ་ཡོད་དོ་ཞེས་སྙམ་ན། ཐར་པའི་ཐབས་འཚོལ་བར་བྱེད་པ་ལས་དེ་ལ་སྐུར་བ་འདེབས་མི་སྲིད་པའི་ཕྱིར། དཔེར་ན་ཆོས་འདི་པ་དག་མྱ་ངན་ལས་འདས་པའི་འགོག་པ་རྫས་སུ་འདོད་པ་དང་མི་འདོད་པ་གང་ཡང་ཡོད་མོད་ཀྱི། རྟག་པ་དང་ཞི་བའི་ཐར་ པར་འཛིན་པས་དེ་ལ་སྐུར་བ་འདེབས་པ་ལ་རིགས་པར་འཛིན་པའི་སྐབས་མི་ཕྱེད་པ་བཞིན་ནོ། །དེས་ན་མཆོག་འཛིན་ཕྱི་མས་འགོག་པ་ལ་སྐུར་བ་འདེབས་པ་ཉིད་ཀྱིས་འདག་པ་ཡིད་ཆེས་པ་མེད་དེ། འདག་པའི་ཐར་པ་ཁས་ལེན་པ་མེད་ལ། འཕགས་ལམ་ལ་ནི་ངོ་བོ་ དང་རྣམ་པ་ཐ་དད་པའི་ལམ་མིན་ལ་ལམ་དུ་ཞེན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཁས་བླངས་ནས་འདག་པར་ཡིད་ཆེས་པ་ཉིད་ཀྱིས་འཕགས་ལམ་ལ་ལོག་པར་ཞུགས་པ་ཡོད་པའི་ཕྱིར། དེས་ན་མཆོག་འཛིན་ཕྱི་མ་ལམ་མཐོང་བས་སྤང་བྱ་ཁོ་ན་ཡིན་པ་སྲིད་ ཀྱི། འགོག་པ་མཐོང་བས་སྤང་བྱ་ནི་མིན་ནོ་ཞེས་ཟེར་རོ། །མཆོག་འཛིན་ཕྱི་མས་སྡུག་བསྔལ་ལ་ལོག་པར་ཞུགས་པ་ནི་རིགས་པ་དང་རིང་དུ་སོང་བ་མ་ཡིན་པ་དང་། བསམ་པ་བརྟན་པོ་མ་ཡིན་པ་དང་། འབད་པ་ཆུང་ངུས་གཞོམ་པར་བྱ་བ་ཡིན་ལ། མཆོག་འཛིན་ཕྱི་ 3-1-160a མས་ལམ་ལ་ལོག་ཞུགས་ནི་དེ་ལས་བཟློག་པའོ། །མདོར་ན་ཧ་ཅང་ཐལ་བ་སོགས་ལ་འདུས་བཟང་གི་ངག་དོན་བསྡུ་ན་ཀུན་འབྱུང་ལ། མཆོག་འཛིན་ཕྱི་མས་ལོག་པར་ཞུགས་པ་མི་འཐད་དེ། རྒྱུ་ཀུན་འབྱུང་རྒྱུ་ལ་སྐུར་བ་བཏབ་ན་འདིས་འདག་གྲོལ་ བྱ་བར་མི་འཛིན་པའི་ཕྱིར། འགོག་པ་ལ་མཆོག་འཛིན་ཕྱི་མས་ལོག་པར་མི་འཇུག་སྟེ། འགོག་པ་འབྲས་བུ་ལ་སྐུར་བ་བཏབ་ཙམ་ན་འབྲས་བུ་མེད་པའི་རྒྱུར་རྟོག་པ་ལ་དོན་མེད་པའི་ཕྱིར། འོ་ན་ལམ་ལ་ཡང་མཚུངས་ཏེ། ལམ་ཐམས་ཅད་ལ་སྐུར་བ་བཏབ་ཙམ་ན་ལམ་ ལ་འདག་གྲོལ་དུ་འགྱུར་ཅི་ལ་འཛིན་པའི་ཕྱིར་རོ་ཞེས་སྙམ་ན། ལམ་ལ་རིགས་མང་ཙམ་ན་བུདྡྷའི་ལམ་ལ་སྐུར་བ་འདེབས་པ་དེ་ཉིད་ཀྱང་རང་གི་ལམ་ལ་འདག་གྲོལ་དུ་འཛིན་པ་ཡོད་ལ། འོ་ན་སངས་རྒྱས་པའི་འགོག་པ་ལ་སྐུར་བ་བཏབ་པས་དེའི་རྒྱུ་ལ་མི་རྟོག་ཀྱང་རང་གི་ འགོག་པའི་རྒྱུར་རྟོག་གོ་སྙམ་ན། འགོག་པ་ལ་ཞི་བ་ཙམ་དུ་བྱེ་བྲག་མེད་པས་དེ་ལ་སྐུར་བ་བཏབ་པ་ནི། རང་གཞན་གྱི་འགོག་པ་གང་ཡང་ཁས་མི་ལེན་པས་མཆོག་འཛིན་ཕྱི་མ་དེས་འགོག་པ་དེ་ལ་ལོག་པར་ཞུགས་མི་རིགས་སོ། །རྟག་བདག་ཏུ་ཕྱིན་ཅི་ལོག་པར་ མ་ཟད། ཕྱིན་ཅི་ལོག་ནི་བཞི་སྟེ། མི་རྟག །སྡུག་བསྔལ། མི་གཙང་། བདག་མེད་ལ་རྟག་བདེ་གཙང་བདག་ཏུ་ཕྱིན་ཅི་ལོག་པའོ། །གསུམ་པ་ཕྱིན་ཅི་ལོག་བཞིར་དབྱེ་བ་ལ། དངོས་དང་། ཞར་བྱུང་གཉིས་ལས། དང་པོ་ནི། ལྟ་བ་གསུམ་ལས་ཕྱིན་ཅི་ལོག །བཞི་ཚན་ཕྱིན་ཅི་ལོག་ཕྱིར་དང་། །ངེས་རྟོག་ཕྱིར་དང་སྒྲོ་འདོགས་ཕྱིར། །བཞི་ཚན་འདི་ཡི་རང་བཞིན་མཐར་ འཛིན་ལྟ་བ། ལྟ་བ་མཆོག་འཛིན། འཇིག་ལྟ་སྟེ། ལྟ་བ་དེ་གསུམ་གྱི་ཕྱོགས་ལས་དང་པོ་ལས་རྟག་པར་ཕྱིན་ཅི་ལོག་གཉིས་པ་ལས་བདེ་བ་དང་གཙང་བར་ཕྱིན་ཅི་ལོག་གསུམ་པ་ལས་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་སྟེ། ཕྱིན་ཅི་ལོག་བཞི་ཚན་འདིའི་རང་བཞིན་ཡིན་ནོ། ། 3-1-160b གཞན་དག་འཇིག་ཚོགས་ལ་བདག་དང་བདག་གིར་ལྟ་བ་ཐམས་ཅད་བདག་ཏུ་ཕྱིན་ཅི་ལོག་པ་ཡིན་ནོ་ཞེས་ཟེར་རོ། །བྱེ་སྨྲས། བདག་གིར་ལྟ་བ་ཕྱིན་ཅི་ལོག་མ་ཡིན་པར་སྨྲས་པ་ལ། ཕ་རོལ་པོས་དེའི་རྒྱུ་མཚན་དྲིས་པ་ལ། བྱེ་སྨྲས། དེ་ནི་ཕྱིན་ཅི་ལོག་མ་ཡིན་ཏེ། མདོ་ ལས། བདག་མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་པ་ཞེས་འབྱུང་གི། བདག་གི་སྙམ་དུ་ཞེས་བྱ་བ་ནི་མི་འབྱུང་བའི་ཕྱིར་ཞེས་ཟེར་བ་ལ། སློབ་དཔོན་གྱིས། མདོ་ལས་དེ་སྐད་དུ་བསྟན་པ་ནི་ཡོད་མོད་ཀྱི། དེའང་བདག་ཏུ་ལྟ་བ་ལ་དོན་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། བདག་ཁོ་ན་ཉེར་ལེན་གྱི་ཕུང་ལྔ་ལ་དབང་བྱེད་པར་ལྟ་བ་འབའ་ཞིག་ཏུ་མ་ཟད་བདག་གིར་ཡང་བལྟའོ་ཞེས་པའི་ཐ་ཚིག་ཏུ་བཤད་པའི་ཕྱིར། དེས་བདག་ཏུ་ལྟ་བ་འདི་ཉིད་ང་དང་ང་ཡིར་འཛིན་པའི་སྒོ་གཉིས་པ་ཅན་ཡིན་ཀྱང་རྫས་སུ་ནི་གཅིག་ཡིན་ཏེ། རྟག་པ་དང་གཅིག་པས་ བདག་དང་། དེ་ཉིད་གཞན་ལ་དབང་བྱེད་པས་བདག་གིའོ་ཞེས་བརྗོད་པའི་ཕྱིར། དེ་ལྟར་མིན་ན་ཆོས་ཅན། བདག་གིས་ཞེས་བྱ་བ་གསུམ་པར་བསྟན་པ་དང་། བདག་གི་ཕྱིར་ཞེས་བཞི་པར་བསྟན་པ་ཡང་བདག་ལས་རྫས་ཐ་དད་དུ་ཡོད་པར་ཐལ། བདག་གི་ཞེས་དྲུག་ པར་བསྟན་པ་དེ་བདག་ལས་རྫས་ཐ་དད་ཡིན་པའི་ཕྱིར། རིགས་པ་འདི་ནི་ལུང་དེ་བདག་གི་ལྟ་བ་བདག་ལྟ་ལས་རྫས་གཞན་མ་ཡིན་པར་བསྟན་པ་ཡིན་གྱི། བདག་གི་ལྟ་བ་བདག་ལྟ་མ་ཡིན་པར་བསྟན་པ་མ་ཡིན་ནོ། །ཉོན་མོངས་གཞན་ནི་ཕྱིན་ཅི་ལོག་པར་མ་བཞག་ པར། འདི་གསུམ་ལ་ཕྱིན་ཅི་ལོག་ཏུ་བཞག་པ་ཆོས་ཅན། དེའི་རྒྱུ་གསུམ་ཚང་བ་ཡིན་ཏེ། དམིགས་པ་ལ་གཅིག་ཏུ་ཕྱིན་ཅི་ལོག་ཏུ་ངེས་པར་རྟོག་པའི་ཕྱིར་དང་སྒྲོ་འདོགས་པའི་ཕྱིར་རོ། །ཆད་པར་ལྟ་བས་ལོག་པར་ལྟ་བ་ནི་སྒྲོ་འདོགས་མ་ཡིན་ཅིང་། མཆོག་འཛིན་ཕྱི་མ་ 3-1-161a རྐང་པ་ལ་ཤིང་སྒྲོག་འདོགས་པ་སོགས་ཀྱིས་འདག་པར་དམིགས་པ་ལ་ངེས་པར་རྟོག་པ་ཉིད་ཀྱིས་སྒྲོ་འདོགས་པའི་ཕྱིར། འཆལ་ཚུལ་སྤོང་བ་ཙམ་ནི་གཅིག་ཏུ་ཕྱིན་ཅི་ལོག་མ་ཡིན་ཏེ། དེ་འདག་རྒྱུར་མི་འགྱུར་བ་མ་ཡིན་པའི་ཕྱིར། དེ་མཆོག་འཛིན་ གྱི་ཕྱིན་ཅི་ལོག་ཏུ་འགྲོ་བ་ནི་དེ་ཁོ་ནས་འདག་པར་འཛིན་པས་འགྲོ་བ་ཡིན་ནོ། །ཉོན་མོངས་གཞན་དག་ནི་ཕྱིན་ཅི་ལོག་མིན་ཏེ། ངེས་རྟོག་བྱེད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། སེམས་དང་འདུ་ཤེས་དེའི་དབང་གིས། །གལ་ཏེ་ངེས་པར་རྟོག་པར་མི་བྱེད་པས་ཕྱིན་ཅི་ལོག་མ་ཡིན་ན། མདོ་ལས། མི་རྟག་པ་ལ་ རྟག་གོ་སྙམ་དུ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་ཏུ་གསུངས་པ་ཇི་ཞེ་ན། དེ་ལ་འཇོག་བྱེད་ཡོད་དེ། སེམས་དང་འདུ་ཤེས་ནི་ལྟ་བ་ཕྱིན་ཅི་ལོག་དེ་དང་མཚུངས་པར་ལྡན་པ་དེའི་དབང་གིས་ཕྱིན་ཅི་ལོག་ཏུ་བཤད་པའི་ ཕྱིར། འོ་ན་ཚོར་སོགས་ཀྱང་མཚུངས་ལྡན་གྱི་དབང་གིས་ཕྱིན་ཅི་ལོག་ཏུ་ཅིས་མ་བཤད་ཅེ་ན། འཇིག་རྟེན་ན་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་ཅེས་གྲགས་ཀྱི། ཚོར་བ་ཕྱིན་ཅི་ལོག་ཅེས་མ་གྲགས་པའི་ཕྱིར། ཡང་ན་སེམས་གཙོ་བོ་ཡིན་པས་སེམས་ཕྱིན་ཅི་ལོག་དང་། འདུ་ཤེས་ནི་ལྟ་བ་དང་འདྲ་བར་ཡུལ་ལ་རྟོག་ཅིང་འཇལ་བས་ཕྱིན་ཅི་ལོག་ཏུ་བཞག་ལ། རྒྱུ་མཚན་གཉིས་ཚོར་སོགས་ལ་མེད་པས་དེར་མ་བཞག་པའི་ཕྱིར། ཕྱིན་ཅི་ལོག་དེ་ཐམས་ཅད་རྒྱུན་དུ་ཞུགས་པས་སྤངས་པ་ཡིན་ཏེ། ལྟ་བ་དང་མཚུངས་ལྡན་དང་བཅས་པ་རྣམས་ནི་ མཐོང་བས་སྤང་བྱ་ཡིན་པའི་ཕྱིར། སྡེ་པ་གཞན་དག་ན་རེ། མི་རྟག་པས་རྟག་གོ་སྙམ་དུ་འདུ་ཤེས་པ་དང་། སེམས་དང་། ལྟ་བ་ཕྱིན་ཅི་ལོག་གསུམ་ནས་དེ་བཞིན་དུ་བདག་མེད་པ་ལ་བདག་གོ་སྙམ་པའི་བར་གསུམ་གསུམ་སྟེ། ཕྱིན་ཅི་ལོག་ནི་བཅུ་གཉིས་ཡིན་ནོ། ། 3-1-161b མི་རྟག་པ་ལ་རྟག་གོ་སྙམ་པའི་འདུ་ཤེས་སེམས་ལྟ་བ་ཕྱིན་ཅི་ལོག་གསུམ། བདག་མེད་པ་ལ་བདག་གོ་སྙམ་པ་གསུམ་སྟེ་དྲུག །སྡུག་བསྔལ་ལ་བདེ་སྙམ་པའི་ལྟ་བ་ཕྱིན་ཅི་ལོག་དང་བདུན། མི་གཙང་བ་ལ་གཙང་ངོ་སྙམ་པའི་ལྟ་བ་ཕྱིན་ཅི་ལོག་པ་དང་བརྒྱད་དོ། ། སྡུག་བསྔལ་ལ་བདེའོ་སྙམ་པའི་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་གཉིས། མི་གཙང་བ་ལ་གཙང་ངོ་སྙམ་པའི་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་གཉིས་ཏེ་བཞི་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །དེ་ལྟར་མ་ཡིན་ན་ཆོས་ཅན། རྒྱུན་ཞུགས་དང་ཕྱིར་འོང་འཕགས་ པ་འདོད་ཆགས་དང་མ་བྲལ་བར་འདོད་པ་ལ་འདོད་ཆགས་སྐྱེ་བར་མི་འགྱུར་བར་ཐལ། སྡུག་བསྔལ་དང་། མི་གཙང་བ་ལ་བདེ་གཙང་གི་འདུ་ཤེས་དང་སེམས་པ་རྣམས་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཅན་སྙིང་པོ་འཕགས་པ་རྒྱུན་ཞུགས་ ཡིན་ཀྱང་འདོད་ཆགས་སྐྱེས་པ་ལྟ་བུའོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི། འཕགས་པ་ལ་བདེ་བ་དང་། གཙང་བར་འདུ་ཤེས་པ་དང་སེམས་པ་ཕྱིན་ཅི་ལོག་ཏུ་འདོད་ན་ཆོས་ཅན། སེམས་ཅན་དུ་འདུ་ཤེས་པ་དང་། སེམས་ཅན་ནོ་སྙམ་པའི་སེམས་པའང་ ཕྱིན་ཅི་ལོག་ཏུ་ཐལ། བུད་མེད་དང་བདག་ལ་ལོངས་སྤྱད་བྱ་སྤྱོད་བྱེད་དུ་འདུ་ཤེས་པ་མེད་པར་ནི་དེ་ལ་བདེ་བ་དང་གཙང་བའི་འདོད་པའི་འདོད་ཆགས་སྐྱེ་བར་མི་རིགས་པའི་ཕྱིར། དེ་ཡང་འདོད་ན་བདག་གོ་སྙམ་དུ་འདུ་ཤེས་དང་སེམས་པའི་ཕྱིན་ཅི་ལོག་དག་ ཀྱང་སྒོམ་པས་སྤང་བར་བྱ་བ་ཡིན་པར་ཐལ། སེམས་ཅན་དུ་འདུ་ཤེས་པའང་བདག་ལྟའི་དབང་གིས་ཕྱིན་ཅི་ལོག་ཡིན་པ་གང་ཞིག །དེ་འཕགས་པ་ལའང་ཡོད་པའི་ཕྱིར། མདོ་ལས་ཀྱང་། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདིས་ནི་སྡུག་བསྔལ་འཕགས་ 3-1-162a པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བྱ་བ་ནས། བདག་མེད་པའི་བར་དུ་མི་རྟག་པ་ལ་རྟག་གོ་སྙམ་དུ་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་གང་ཡིན་པ་དེ་སྤོང་བར་བྱེད་དོ་ཞེས་རྒྱས་པར་གསུངས་ པས། ལྟ་བས་ཀུན་སློང་བའི་མཚུངས་ལྡན་གྱི་འདུ་ཤེས་དང་སེམས་པ་ཁོ་ན་ཕྱིན་ཅི་ལོག་ཡིན་གྱི། དེ་ལས་གཞན་སྒོམ་སྤོང་དང་མཚུངས་ལྡན་གྱི་བདེ་བར་འདུ་ཤེས་པ་དང་། སེམས་པ་དག་ནི་ལོག་ཤེས་ཡིན་གྱི། ཕྱིན་ཅི་ལོག་མ་ཡིན་ཏེ། འཁྲུལ་རྒྱུ་དེ་བྱུང་བའི་ དུས་ཙམ་དུ་འབྱུང་བའི་འཁྲུལ་པ་ཙམ་པོ་ནི་ལོག་ཤེས་ཡིན་པ་གང་ཞིག །དུས་དེ་ལས་ཐལ་ནས་མི་འབྱུང་བས་ཕྱིན་ཅི་ལོག་མ་ཡིན་པར་གྲུབ་པའི་ཕྱིར། མགལ་མེའི་འཁོར་ལོ་དང་རི་མོ་ལ་གནོད་སྦྱིན་འཁྲུལ་པ་དེའི་དུས་སུ་ཡིན་གྱི། ཕྱིས་མ་ཡིན་པ་བཞིན་ནོ་ཞེས་ ཟེར་རོ། །མདོར་ན་འཕགས་པ་ནི། འདི་ལ་བདེ་བའམ། གཙང་བར་འཁྲུལ་པའམ། སེམས་ཅན་དུ་འཁྲུལ་པ་ཡང་རུང་། ཡུད་ཙམ་པར་ཟད་ཀྱི། ཕྱིན་ཅི་ལོག་ནི་མ་ཡིན་ཏེ། དེ་ལ་ངེས་པར་རྟོག་པ་མ་ཡིན་པའི་ཕྱིར། སངས་རྒྱས་ཀྱིས། དགེ་སློང་དག ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ལ་དྲན་པ་ལས་ཉམས་པ་ཅུང་ཟད་འབྱུང་མོད་ཀྱི། འོན་ཀྱང་མྱུར་བ་ཁོ་ནར་མི་སྣང་བ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་གསུངས་སོ། །ཞེས་བྱེ་སྨྲས་ཁུངས་སུ་འདྲེན་པར་བྱེད་དོ། །ལུགས་སྔ་མ་ གཉིས་ལས་ཕྱོགས་གསུམ་པ་འཛིན་པའི་གཞན་དག་ན་རེ། འདུ་ཤེས་པ་དང་སེམས་འཁྲུལ་པ་དེ་ཕྱིན་ཅི་ལོག་ཡིན་ཏེ། འཕགས་པ་ངག་གི་དབང་ཕྱུག་གིས་གནས་བརྟན་ཀུན་དགའ་བོ་ལ། འདོད་པའི་ཆགས་པས་ཟིལ་གནོན་ཕྱིར། །བདག་གི་སེམས་ནི་ 3-1-162b གདུང་བར་གྱུར། །གོའུ་ཏམ་ཁྱོད་ཀྱི་ཐུགས་བརྩེའི་ཕྱིར། །ཞི་བ་མཆོག་ནི་བཤད་དུ་གསོལ། །ཅེས་སྨྲས་པ་དང་། འཕགས་པ་ཀུན་དགའ་བོས། དེའི་ལན་དུ། འདུ་ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུངས། །དེ་ཕྱིར་འདོད་ཆགས་ ལྡན་པ་ཡི། །རྒྱུ་མཚན་སྡུག་པ་སྤོང་བར་གྱིས། །ཞེས་ཆགས་སོགས་དེ་ལའང་ཕྱིན་ཅི་ལོག་ཡོད་པ་ཉིད་དུ་ཡོངས་སུ་བསྟན་པའི་ཕྱིར། དེས་ན་སྡེ་པ་འདིས་ལྟ་བའི་ཕྱིན་ཅི་ལོག་བཞི་བདེན་པ་མཐོང་བས་སྤངས་ཀྱང་། སེམས་དང་འདུ་ཤེས་ཕྱིན་ཅི་ལོག་བཞི་ བཞི་སྟེ་བརྒྱད་མཐོང་ལམ་གྱིས་མ་སྤངས་པར་འདོད་དེ། སྒོམ་ལམ་གྱིས་སྤང་བྱ་ཁོ་ནར་འདོད་པའི་ཕྱིར། ཞེས་ཟེར་རོ། །འོ་ན་བྱེ་སྨྲས་དྲངས་པའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཞེས་པ་ནས་སྤོང་བར་བྱེད་དོ་ཞེས་རྒྱས་པར་འབྱུང་ཞེས་པའི་བར་གྱི་མདོ་དང་མི་ འགལ་ཏེ། སྤོང་བར་བྱེད་དོ་ཟེར་གྱི། སྤངས་སོ་མི་ཟེར་བས་མཐོང་ལམ་ཙམ་གྱིས་མི་སྤངས་ལ། སྒོམ་ལམ་ཙམ་གྱིས་ཀྱང་མི་སྤོང་བའི་ཕྱིར་དང་། འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བརྒྱད་པོ་དེ་དག་ཀྱང་སྡུག་བསྔལ་སོགས་འཕགས་པའི་བདེན་པ་རྣམས་ཇི་བཞིན་ ཤེས་པས་སྤོང་བར་འགྱུར་གྱི། ཇི་བཞིན་ཤེས་པ་མེད་པར་མ་ཡིན་ནོ་ཞེས་སྤོང་ཐབས་ལེགས་པར་བརྗོད་པའི་ཕྱིར་ཞེས་ཟེར་རོ། །གཞན་ཡང་། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་ པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ། །ཞེས་བཤད་པ་འདི་ནི་མཐོང་ལམ་ཁོ་ནའི་དབང་དུ་མཛད་པ་མ་ཡིན་གྱི། སྒོམ་ལམ་ཟག་མེད་ཀྱང་ནི་བདེན་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །མདོར་ན་བྱེ་སྨྲས་ཕྱིན་ཅི་ལོག་བཅུ་གཉིས་ 3-1-163a རངས་པ་མཐོང་ལམ་སྐྱེས་པས་སྤངས་པར་འདོད། སྡེ་པ་ཁ་ཅིག་བརྒྱད་སྤངས་བཞི་མ་སྤངས་པར་འདོད། སྡེ་པ་ཁ་ཅིག་ལྟ་བ་ཕྱིན་ཅི་ལོག་བཞི་སྤངས། འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བརྒྱད་མཐོང་ལམ་སྐྱེས་ཙམ་ནས་མ་སྤངས་པར་འདོད། སློབ་དཔོན་ཐོགས་མེད་ནི། ཕྱིན་ཅི་ལོག་སྒོམ་སྤོང་གི་རིགས་ཀུན་མ་སྤངས་པར་འདོད་དོ། །གཉིས་པ་ང་རྒྱལ་གྱི་དབྱེ་བ་ལ། དབྱེ་བ་དངོས། དེ་གཉེན་པོ་གང་གིས་སྤོང་བ། མ་སྤངས་ཀྱང་འཕགས་རྒྱུད་ལ་མངོན་དུ་མི་འགྱུར་བའི་སྒོམ་སྤོང་བཤད་པའོ། །དང་ པོ་ནི། ང་རྒྱལ་བདུན་རྣམ་དགུ་གསུམ་པོ། །ལྟ་བར་མ་ཟད་ང་རྒྱལ་ལའང་དེ་འཇུག་པའི་རྣམ་པའི་བྱེ་བྲག་ལས་བདུན་དུ་དབྱེར་ཡོད་དེ། ཆུང་ངུ་བས་བདག་ཁྱད་པར་དུ་འཕགས་པའམ། མཉམ་པ་དང་མཉམ་མོ་སྙམ་དུ་སེམས་ཁེངས་པའི་ང་རྒྱལ་དང་། རིགས་སོགས་ཀྱི་སྒོ་ནས་མཉམ་པ་བས་བདག་ མཆོག་ཡིན་ཅེས་ཁྱད་པར་དུ་འཕགས་སོ་སྙམ་པའི་སེམས་ཁེངས་པ་ནི་ལྷག་པའི་ང་རྒྱལ་དང་། ཁྱད་པར་དུ་འཕགས་པས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ནི། ང་རྒྱལ་ལས་ཀྱང་ང་རྒྱལ་དང་ཉེར་ལན་གྱི་ཕུང་ལྔ་ལ་བདག་གམ་བདག་གིར་གོམས་པ་ངའོ་ སྙམ་པའི་ང་རྒྱལ་དང་། ཏིང་ངེ་འཛིན་ལ་བརྟེན་པའི་ཆོས་ཟག་བཅས་མངོན་ཤེས་དང་སྨོན་ནས་ཤེས་པ་ལ་སོགས་དང་། ཟག་མེད་ཀྱི་ཁྱད་པར་མཐོང་ལམ་གྱི་ལམ་མ་ཐོབ་པར་ཆ་འདྲ་ཙམ་ཡོད་པ་ལ། དེ་བདག་གིས་ཐོབ་བོ་སྙམ་པ་ནི་མངོན་པའི་ང་རྒྱལ་དང་། བཟོ་ དང་ཚུལ་ཁྲིམས་སོགས་ཀྱི་སྒོ་ནས་ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཅིག་དམན་ནོ་སྙམ་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་དང་། ཡོན་ཏན་མིན་པ་ཉེས་སྤྱོད་དང་ལྡན་པའམ། ཡོན་ཏན་དང་ལྡན་པ་མ་ཡིན་པ་བདག་ཡོན་ཏན་དང་ལྡན་ནོ་སྙམ་པ་ལོག་པའི་ང་ 3-1-163b རྒྱལ་ལོ། །འདི་དང་མངོན་པའི་ང་རྒྱལ་གྱི་ཁྱད་པར་ནི་ཡོན་ཏན་དུ་ང་རྒྱལ་བའི་གཞི་ཡོད་མེད་ཀྱིའོ། །བྱེ་བྲག་མེད་པར་བདག་གཞན་ལ་བརྟེན་ནས་སེམས་ཀྱིས་རང་མཐོང་ཞིང་རང་གི་ཁེངས་པ་ལ་ང་རྒྱལ་ཞེས་བཤད་དོ། །བསྟན་བཅོས་ལས། ང་རྒྱལ་རྣམ་པ་དགུ་སྟེ། བདག་མཆོག་ཡིན་ནོ་སྙམ་པ་ང་རྒྱལ་གྱི་རྣམ་པ་དང་། བདག་དང་འདྲའོ་སྙམ་པ་དང་། བདག་དམན་ནོ་སྙམ་པ་དང་། བདག་པས་མཆོག་ཡོད་དོ་སྙམ་པ་དང་། བདག་དང་མཉམ་པ་ཡོད་དོ། །བདག་པས་དམན་པ་ཡོད་དོ། །བདག་པས་མཆོག་མེད་དོ། །བདག་དང་ མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་ཞེས་བཤད་པའི་རྣམ་པ་དགུ་པོ་དེ་དག་ནི། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་གསུམ་པོ་འདི་ལས་འབྱུང་སྟེ། དེ་ལ་དང་པོ་གསུམ་ནི་ལྟ་བ་སྔར་སོང་བ་ལ་བརྟེན་ པའི་ང་རྒྱལ་གསུམ་སྟེ། ལྷག་པའི་ང་རྒྱལ་དང་། ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་རྣམས་སོ། །གཉིས་པའི་གསུམ་ནི། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ང་རྒྱལ་དང་། ལྷག་པའི་ང་རྒྱལ་གྱི་རྣམ་པ་རྣམས་སོ། །གསུམ་པའི་གསུམ་པ་ནི། ལྟ་བ་ལ་བརྟེན་ པའི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཅད་སྙམ་པའི་ང་རྒྱལ་རྣམས་ཡིན་ནོ། །ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་དམན་ནོ་སྙམ་པ་ནི་ཁེངས་པའི་གནས་ཡིན་པའི་ཕྱིར། ཅུང་ཟད་སྙམ་པའི་ང་རྒྱལ་དུ་རིགས་པ་བདེན་ཀྱང་བདག་ལས་དམན་པ་ མེད་དོ་སྙམ་དུ་ཡིད་ལ་ཁེངས་པའི་གནས་ཅི་ཡོད་སྙམ་ན། གང་ཞིག་མངོན་པར་འདོད་པའི་སེམས་ཅན་གྱི་ཚོགས་དམ་པའི་ནང་ན་བདག་ཉིད་དམན་ཀྱང་། ཐ་གི་བ་ང་ཡང་ཁྱད་ཅན་ཡིན་ནོ་སྙམ་དུ་སེམས་པ་དེ་ལྟ་བུ་ཁེངས་པའི་གནས་སུ་ཡོད་དོ། །གཞན་སྔར་བཤད་པའི་དགུ་ 3-1-164a པོ་འདི་ཡེ་ཤེས་ལ་འཇུག་པ་ལས་བཤད་པའི་ལུགས་ཡིན་གྱི། རབ་ཏུ་བྱེད་པའི་རྐང་པ་ལས་ནི། བདག་མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་ནི་ཆོས་ཅན། དམན་པ་ལ་བལྟོས་ནས་ང་རྒྱལ་དང་། མཉམ་པ་ལ་བལྟོས་ནས་ལྷག་པའི་ང་རྒྱལ་དང་། ཁྱད་པར་དུ་འཕགས་པ་ལ་བལྟོས་ནས་ང་རྒྱལ་ལས་ཀྱང་ང་རྒྱལ་ཡིན་ཏེ། རིམ་བཞིན་ཆུང་ངུ་བས་བདག་ཁྱད་པར་དུ་འཕགས་པ་དང་མཉམ་པ་དང་མཉམ་ཞེས་བསྟན་པའི་ཕྱིར་དང་། མཉམ་པ་བས་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ཞེས་བསྟན་པའི་ཕྱིར་དང་། ཁྱད་པར་ དུ་འཕགས་པ་བས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་པའོ་ཞེས་བསྟན་པའི་ཕྱིར་རོ། །གཉིས་པ་ནི། མཐོང་དང་བསྒོམ་པས་ཟད་བྱ་བ། །ང་རྒྱལ་བདུན་པོ་དེ་དག་ནི་མཐོང་བ་དང་སྒོམ་པ་དག་གིས་ཟད་པར་བྱ་བའོ། །འདིར་ཐམས་ཅད་སྨོས་པ་ནི། ཁ་ཅིག་ངའོ་སྙམ་པའི་ང་རྒྱལ་དང་། ལོག་པའི་ ང་རྒྱལ་ནི་མཐོང་སྤོང་ཡིན་ལ། ལྷག་མ་རྣམས་མཐོང་སྒོམ་གྱི་སྤང་བྱའོ་ཞེས་འདོད་པ་དེ་མི་འཐད་པར་བསྟན་པའི་ཆེད་དུ་ང་རྒྱལ་ཐམས་ཅད་མཐོང་སྒོམ་གྱི་སྤང་བྱར་བསྟན་པའོ། །ཡང་གོང་དུ་ང་རྒྱལ་རིས་ལྔ་ཅར་དུ་བསྟན་པས་མཐོང་སྤོང་སྒོམ་སྤོང་དུ་གྲུབ་བཞིན་ དུའང་འདིར་བསྣན་ཅིང་སྨོས་ཅི་དགོས་སྙམ་ན། ལྟ་བ་ཡིན་ཚད་རིས་ལྔ་ཅར་མིན་པ་བཞིན། ང་རྒྱལ་ཀྱང་རིས་ལྔ་ཆར་མིན་ནམ་སྙམ་པའི་ལོག་རྟོག་དགག་པའི་ཆེད་དུ་ཡིན་ཏེ། འཇིག་ཚོགས་དང་མཐར་འཛིན་རིས་ལྔ་ཀ་ཡིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ འཛིན་རིས་ལྔ་ཀ་མིན་པ་བཞིན། ང་རྒྱལ་བདུན་ཀའང་རིས་ལྔ་ཀ་མིན་ནམ་སྙམ་པའི་ལོག་རྟོག་དགག་པའི་སླད་དུ་འདིར་བསྣན་ནས་བཤད་པའོ། །གསུམ་པ་ནི། སྒོམ་པས་སྤང་བར་བྱ་བ་ནི། །གསོད་སོགས་ཀུན་ནས་དཀྲིས་པའོ། །དེ་བཞིན་འཇིག་སྲེད་འཕགས་པ་ལ། །རྣམ་སོགས་ངའོ་སྙམ་མི་འབྱུང་། །ལྟ་བས་རྒྱས་པར་འགྱུར་ཕྱིར་རོ། །མི་དགེའི་འགྱོད་པའང་མ་ཡིན་ནོ། །ཅི་འཕགས་པ་རྣམས་སྒོམ་པས་སྤང་བྱ་མ་སྤངས་པ་གང་ཡིན་པ་ལ་ཀུན་ཏུ་སྤྱོད་པ་ཡོད་དམ་ཞེ་ན། དེ་ནི་ 3-1-164b མཐའ་གཅིག་ཏུ་མ་ངེས་ཏེ། དགེ་བ་ཟག་བཅས་ལ་འདུན་པའི་འདོད་ཆགས་དང་བྲལ་ཀྱང་ཟག་བཅས་ཀྱི་དད་སོགས་དང་གཉིད་དང་སྡུག་བསྔལ་གྱི་དབང་པོ་དང་མིག་སོགས་ནི་སྤངས་ཀྱང་སྤྱོད་ལ། གསོད་སོགས་ཀྱི་ཀུན་དཀྲིས་ནི་མ་སྤངས་ཀྱང་མི་འབྱུང་བ་ལྟ་བུའི་ ཕྱིར། སྤངས་ཀྱང་སྤངས་ཀུན་ཏུ་མི་འབྱུང་བ་ནི་མཐོང་ལམ་སྐྱེས་པ་ཙམ་གྱིས་མཐོང་སྤོང་དང་། སྤངས་ཀྱང་མ་སྤངས་ཀུན་ཏུ་ཡང་འབྱུང་བ་ནི་སོ་སྐྱེའི་དུས་ཀྱི་མཐོང་སྤོང་ལྟ་བུ་ཡོད་པའི་ཕྱིར། ཉོན་མོངས་པ་ཀུན་ནས་དཀྲིས་པ་གང་གི་ཆེད་དུ་བསམས་ཏེ་སྲོག་ཆགས་ གསོད་པར་བྱེད་པ་ནས་སོགས་པས་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ངོ་ཚ་མེད་སོགས་དེ་ནི་ཆོས་ཅན། སྒོམ་པས་སྤང་བར་བྱ་བ་ཡིན་ཏེ། སྒོམ་སྤོང་གི་ཆོས་གཟུགས་སོགས་ཁོ་ན་ལ་དམིགས་པའི་ཕྱིར། འཇིག་ ཚོགས་ལ་ལྟ་བ་ལ་སོགས་པ་ནི་སྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པར་བྱེད་མོད་ཀྱི། སྒོམ་པས་སྤང་བར་བྱ་བ་འབའ་ཞིག་ལ་ནི་མ་ཡིན་པས། སྒོམ་པས་སྤང་བར་བྱ་བ་མ་ཡིན་པའི་ཕྱིར། དེ་བཞིན་དུ་འཇིག་པ་ཁམས་གསུམ་པའི་མི་རྟག་པ་དོན་དུ་གཉེར་ བའི་སྲིད་པའང་སྒོམ་སྤོང་ཡིན་ནོ། །ཅི་དེ་ལ་དོན་དུ་གཉེར་བ་ཡོད་དམ་ཞེ་ན། མདོ་ལས། ཇི་སྐད་དུ། བདག་ཇི་ལྟར་གསོན་ཅིང་འདུག་ལ་སྡོད་ཅིང་འཚོ་བ་དེ་སྲིད་དུ་ནད་དང་བཅས་འབྲས་དང་བཅས་ཟུག་རྔུ་དང་བཅས་པ་རིམས་ནད་དང་ཡོངས་སུ་གདུང་བ་དང་བཅས་ པ་སྟེ། འདི་ལྟར་བདག་ཆད་པར་གྱུར་ཅིང་ཞིག་པར་གྱུར་ལ་འབྱུང་བར་མི་འགྱུར་ཏེ། དེ་ཙམ་གྱིས་བདག་ཉིད་ཡང་དག་པར་ཀུན་ནས་ཆད་པ་ཡིན་ནོ་སྙམ་དུ་སེམས་སོ་ཞེས་འབྱུང་བ་ལྟ་བུའོ། །དེ་བཞིན་ཞེས་པའི་སྒྲས་སྐྱེ་བའི་སྲིད་པའི་ཕྱོགས་བཟུང་ངོ་། །ཇི་ལྟ་བུ་ཞེ་ན། 3-1-165a བདག་གླང་པོ་ཆེའི་རྒྱལ་པོ་ས་སྲུངས་ཀྱི་བུར་གྱུར་ཀྱང་ཅི་མ་རུང་ཞེས་པ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། བུད་མེད་རིན་པོ་ཆེ་དང་། ལུས་ངན་པོ་དང་། བྱང་སྒྲ་མི་སྙན་པ་སོགས་སུ་གྱུར་ན་ཅི་མ་རུང་སྙམ་པ་མི་འབྱུང་བ་བསྡུའོ། །ཕྱོགས་སྨོས་པས་ དབང་པོའམ་འཁོར་ལོས་སྒྱུར་རྒྱལ་དུ་འགྱུར་ཡང་ཅི་མ་རུང་སྙམ་པ་དེ་ལྟ་བུ་འབྱུང་བའོ། །སྒོམ་སྤོང་ནི་ང་རྒྱལ་གྱི་རྣམ་པ་རྣམས་དང་། ངའོ་སྙམ་པའི་ང་རྒྱལ་ཀྱང་ཡོད་མོད་ཀྱི། འཕགས་པ་ལ་ང་རྒྱལ་གྱི་རྣམ་པ་དགུ་པོ་རྣམས་དང་། སྒོམ་སྤང་གི་ངའོ་སྙམ་པའི་ང་རྒྱལ་དང་སོགས་ པས་འཇིག་སྲེད་ཀྱི་བར་མ་སྤངས་ཀྱང་མི་འབྱུང་སྟེ། ང་རྒྱལ་དེ་དག་འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བས་རྒྱས་པར་འགྱུར་བ་ལས་རྒྱས་བྱེད་ལྟ་བ་མེད་པས་རྐེད་པ་བཅག་པས་ལྡང་བར་མི་ནུས་པའི་ཕྱིར་རོ། །ལོག་ལྟ་སྤངས་པའི་ཕྱིར་གསོད་སོགས་ཀྱི་ཀུན་དཀྲིས་ཡོད་ཀྱང་ ལྡང་བར་ནུས་པ་མ་ཡིན་ལ། །ཆད་ལྟ་དང་རྟག་ལྟ་སྤངས་པས་འཇིག་སྲེད་དང་སྐྱེ་བའི་སྲེད་པ་ཡང་ལྡང་བར་མི་ནུས་པའི་ཕྱིར་རོ། །འགྱོད་པ་མི་དགེ་བ་ཡང་སྒོམ་སྤོང་གི་ཆོས་ལུས་ངག་གིས་ངན་པར་བྱས་པ་ལ་དམིགས་པས་སྒོམ་སྤང་ཡིན་ཀྱང་། འཕགས་པ་ལ་དེ་འབྱུང་བ་མ་ཡིན་ ཏེ། དེ་ཐེ་ཚོམ་གྱིས་ཀུན་ནས་སློང་བ་ཡིན་ལ། ཐེ་ཚོམ་མཐོང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་རྣམ་པའི་དབྱེ་བ་ལ། ཀུན་འགྲོ་ཡིན་མིན་གྱི་དབྱེ་བ། ཟག་མེད་ལ་དམིགས་པ་དང་མ་དམིགས་པའི་བྱེ་བྲག །དམིགས་པ་དང་མཚུངས་ལྡན་གྱི་རྒྱས་འགྱུར། མི་དགེ་བ་དང་ལུང་མ་བསྟན་གྱི་དབྱེ་བ། དུས་གསུམ་ལ་ཕྲ་རྒྱས་གང་ལྡན་པའོ། །དང་པོ་ལ། ཁམས་སྐལ་བ་མཉམ་པ་དང་། མི་མཉམ་པ་དང་། དེ་གཉིས་ལས་གཞན་པའི་ཀུན་འགྲོ་བཤད་པའོ། །དང་པོ་ནི། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང་། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། །ཕྲ་རྒྱས་གོ་བརྒྱད་པོ་དེ་ལས་སྡུག་བསྔལ་དང་དེའི་རྒྱུ་ 3-1-165b ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་རྣམས་དང་། དེ་བཞིན་དུ་ཐེ་ཚོམ་དང་གང་དེ་དག་དང་ལྷན་ཅིག་མཚུངས་ལྡན་གྱི་མ་རིག་པ་དང་། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བྱའི་མ་རིག་པ་ཕྲ་རྒྱས་གཞན་དང་མ་འདྲེས་པ་གང་ཡིན་པ་སྟེ། སྡུག་བསྔལ་མཐོང་ སྤོང་གི་ལྟ་བ་ལྔ། ཀུན་འབྱུང་མཐོང་སྤོང་གི་ལོག་ལྟ་དང་། ལྟ་བ་མཆོག་འཛིན་གཉིས་ཏེ་ལྟ་བ་བདུན། སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤོང་གི་ཐེ་ཚོམ་གཉིས་དང་། དེ་གཉིས་ཀྱི་མ་རིག་པ་གཉིས་ཏེ་ཕྲ་རྒྱས་བཅུ་གཅིག་པོ་དེ་ནི་ཟག་བཅས་ཀྱི་དངོས་པོ་རང་གི་ཁམས་ མཐའ་དག་ལ་དམིགས་པས་བསགས་པ་ཉེ་བར་བསྟན་པའི་ཕྱིར་དང་། བློ་གཅིག་ཅིང་བྱ་བ་གཅིག་པས་སྟོབས་དང་ལྡན་པར་གྲུབ་པའི་ཕྱིར་སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་ཡིན་ནོ། །མ་རིག་པ་གཉིས་ནི་སྡུག་ཀུན་གྱི་མཐོང་བས་སྤང་བྱ་ཁོ་ན་སྟེ། ཕྱོགས་གཅིག་ གི་སྒོ་ནས་ཡིན་གྱི། མཐའ་དག་གི་སྒོ་ནས་མ་ཡིན་པའི་ཕྱིར། མ་རིག་པའི་ཀུན་འགྲོ་ནི་མཚུངས་ལྡན་དང་། མ་འདྲེས་པ་ཁོ་ན་ཀུན་འགྲོ་ཡིན་གྱི། འདོད་ཆགས་སོགས་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །དེས་ན་ཕྲ་རྒྱས་བཅུ་གཅིག་ནི་ཀུན་ཏུ་འགྲོ་བ་ཡིན་ཏེ། ཕྲ་རྒྱས་དགུ་ནི་ མཐའ་དག་གི་སྒོ་ནས་ཡིན་ལ། གཉིས་ནི་ཕྱོགས་གཅིག་གི་སྒོ་ནས་ཡིན་པས་སོ། །མ་འདྲེས་པའི་དོན་ནི། འདྲེས་པ་ནི་འགྲོགས་པ་ཞེས་བྱ་ལ། འདྲེས་པ་མེད་པ་ནི་མ་འདྲེས་པ་སྟེ། ལོགས་ཤིག་ཏུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གི་དོན་ཏེ། དཔེར་ན་བཅོམ་ལྡན་འདས་ མ་འདྲེས་ལ། དགེ་སློང་གི་དགེ་འདུན་མ་འདྲེས་ཞེས་པ་ལྟ་བུ། བཅོམ་ལྡན་འདས་ཀྱང་ལོགས་ཤིག་ལ་དགེ་སློང་གི་དགེ་འདུན་ཀྱང་ལོགས་ཤིག་ཏུ་ཡོད་པར་བརྗོད་ཅིང་གོ་བ་ལྟ་བུའོ། །སློབ་དཔོན་གྱིས་བྱེ་བྲག་སྨྲ་བ་ལ་བརྟགས་པ་ནི། ཅི་རང་གི་ཁམས་མཐའ་དག་ལ་རིམ་ 3-1-166a གྱིས་སམ། གཅིག་ཅར་དམིགས་ཞེས་དྲིས་པ་ལ། བྱེ་བྲག་ཏུ་སྨྲ་བས། རིམ་གྱིས་དམིགས་པ་ཡིན་ན་ཆགས་སོགས་ཀྱང་རིམ་གྱིས་རང་གི་ཁམས་ལ་དམིགས་པས་ཀུན་འགྲོར་འགྱུར་ལ། དེས་ན་གཅིག་ཅར་རོ་ཞེ་ན། སློབ་དཔོན་གྱིས། འོ་ན་མཆོག་ འཛིན་ཕྱི་མ་ཀུན་འགྲོ་མ་ཡིན་པར་ཐལ། སུ་ཞིག་འདོད་ཁམས་གནས་ཉི་ཤུ་མཐའ་དག་གིས་འདག་པར་ཡིད་ཆེས་པའམ་མཐའ་དག་རྒྱུ་མ་ཡིན་ལ་རྒྱུར་ཡིད་ཆེས་པར་འགྱུར་བ་མེད་པའི་ཕྱིར་རོ། །བྱེ་སྨྲས་ཉེས་པ་མེད་དེ། རྫས་མ་ལུས་པ་ལ་གཅིག་ཅར་དམིགས་པ་མེད་ཀྱང་། འདོད་པའི་སྤང་བྱ་རིས་ལྔ་པོ་ཐམས་ཅད་ལ་དམིགས་ཤིང་འདག་པར་འཛིན་པ་ལ་སོགས་ཀྱི་ཕྱིར་སྙམ་ན། སློབ་དཔོན་གྱིས། དེ་ལྟར་ནའང་ཡུལ་ཉེར་ལེན་གྱི་ཕུང་པོ་ལྔ་པོ་གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་བདག་ཏུ་སྲེད་པ་ཡོད་ཅིང་དེའང་འདོད་ཆགས་ཡིན་ལ། གང་ལ་ མཆོག་དང་གྲོལ་བའི་རྒྱུར་ལྟ་བ་དེ་དོན་དུ་གཉེར་ཞིང་དེ་ལས་ང་རྒྱལ་དུ་འགྱུར་བས་ན་འདོད་ཆགས་དང་ང་རྒྱལ་ཡང་ཀུན་འགྲོར་འགྱུར་ཏེ། ལྟ་བ་དེ་དག་ནི་སྐལ་བ་མཉམ་པའི་ཁམས་མཐའ་དག་ལ་དམིགས་ལ། ཉོན་མོངས་པ་གཉིས་པོ་དེ་དག་ཀྱང་ལྟ་བའི་ཡུལ་ལ་འཇུག་ པའི་ཕྱིར་རོ། །བྱེ་སྨྲས། སློབ་དཔོན་ལ་ཅི་སྦྱོར་བ་དེ་ཁྱོད་རང་གིས་སྒྲུབ་པ་ཡིན་ནམ། ངེད་ལ་ཐལ་བྱ་འཕེན་པ་ཡིན། དང་པོ་ལྟར་ན་ཁྱོད་ལ་འདི་འདྲི་སྟེ། དེ་གཉིས་ཀུན་འགྲོ་ཡིན་པ་དེ་ལྟར་ན་རིས་ལྔ་ཅར་ལ་དམིགས་པའི་ཕྱིར། མཐོང་བའམ་སྒོམ་པ་ཅི་ཞིག་གི་སྤང་བྱ་ ཡིན་ཅེ་ན། སློབ་དཔོན་གྱིས། མཐོང་སྤོང་ལྟ་བའི་དབང་གིས་ཞུགས་པ་དང་། སྒོམ་སྤོང་ཉོན་མོངས་པའི་དབང་གིས་ཞུགས་པའི་འདོད་ཆགས་དང་ང་རྒྱལ་ནི། རིམ་པ་ལྟར་མཐོང་སྤོང་དང་སྒོམ་སྤོང་ཡིན་པའམ། ཡང་ན་མཐོང་སྤོང་ཁོ་ན་དང་གཉིས་ཀ་འདྲེས་མ་ལ་ 3-1-166b དམིགས་པའི་དེ་གཉིས་ནི་རིམ་པ་ལྟར་མཐོང་བ་དང་སྒོམ་པས་སྤོང་ངོ་ཞེས་བཞེད་དོ། །གཉིས་པ་ལྟར་ན། འདོད་ཆགས་དང་ང་རྒྱལ་ནི་ཀུན་འགྲོར་མི་ཐལ་ཏེ། དེ་དག་ནི་ཕྱོགས་གཅིག་ལ་དམིགས་པས་རང་གི་མཚན་ཉིད་པ་ཡིན་གྱི། ཉོན་མོངས་པ་སྤྱི་པ་ལ་དམིགས་ པ་ནི་མ་ཡིན་པའི་ཕྱིར་དང་། ཀུན་འགྲོ་ནི་སྤང་བྱ་རིས་ལྔ་ཅར་ལ་གཅིག་ཅར་དུ་དམིགས་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། འདོད་ཆགས་ནི་སྡུག་པ་ཁོ་ན་དང་། ང་རྒྱལ་ནི་ཕུན་སུམ་ཚོགས་པ་ཁོ་ན་ལ་དམིགས་པའི་ཕྱིར་རོ། །དེས་ན་འདོད་ཆགས་དང་ང་རྒྱལ་ནི་མཐོང་སྤོང་ དང་སྒོམ་སྤོང་ལ་དམིགས་པ་ནི་རིམ་པ་ལྟར་མཐོང་སྤོང་དང་སྒོམ་སྤོང་ཡིན་ནོ་ཞེས་འདོད་དོ། །གཉིས་པ་ནི། དེ་དག་ལས་དགུ་གོང་དུ་དམིགས། །ལྟ་བ་གཉིས་པོ་མ་གཏོགས་སོ། །སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་བཅུ་གཅིག་པོ་དེ་དག་ལས་འཇིག་ལྟ་མཐར་ལྟ་གཉིས་པོ་མ་གཏོགས་པ་ཕྲ་རྒྱས་གཞན་དགུ་ནི་ཁམས་དང་ས་གོང་དུ་ དམིགས་པས་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་ཡིན་ནོ། །འདོད་ཁམས་ན་གནས་པ་གཟུགས་སམ་གཟུགས་མེད་ཀྱང་རུང་། རེས་འགའ་ནི་སྐལ་བ་མི་མཉམ་པའི་ཁམས་གཅིག་ལ་དམིགས། རེས་འགའ་ནི་གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ལ་ དམིགས་ཏེ། བསྟན་བཅོས་ཁུངས་འདོད་པ་དང་ལྡན་པ་ཞེས་སོགས་འབྱུང་བའི་ཕྱིར། འདི་ལྟར་འདོད་པའི་ལོག་ལྟས་གཟུགས་དང་གཟུགས་མེད་ཀྱི་སྡུག་བསྔལ་ལ་སྐུར་བ་འདེབས། ལྟ་བ་མཆོག་འཛིན་གྱིས་མཆོག་ཏུ་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ འཛིན་གྱིས་རྒྱུ་མ་ཡིན་པ་ལ་རྒྱུར་འཛིན། ཐེ་ཚོམ་གྱིས་སོམ་ཉི་ཟ། མ་རིག་པས་རྨོངས་ཏེ་ཀུན་འབྱུང་མཐོང་སྤོང་ལའང་ཅི་རིགས་པར་རིག་པར་བྱའོ། །འདི་ངེས་པ་སྟེ། འདོད་པ་དང་བསམ་གཏན་བཞི་པ་ན་སྐལ་པ་མི་མཉམ་པའི་ཁམས་ཀུན་འགྲོ་ཡོད། བསམ་གཏན་གསུམ་ 3-1-167a ན་གཉིས་ཀ་ཡོད། སྲིད་རྩེ་མ་གཏོགས་པའི་ས་ལྷག་མ་རྣམས་ན་སྐལ་བ་མི་མཉམ་པའི་ས་ཀུན་འགྲོ་ཡོད། །སྲིད་རྩེ་ན་གཉིས་ཀ་མེད་དེ། ཁམས་དང་ས་གཞན་མེད་པའི་ཕྱིར། འདོད་ཁམས་ན་གནས་པ་ཚངས་པ་ལ་སེམས་ཅན་དུ་ལྟ་བ་དང་། རྟག་ལྟ་ སྐྱེད་པར་བྱེད་པས་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པའི་འཇིག་ལྟ་དང་མཐར་ལྟ་ཅིས་མ་ཡིན་ཅེ་ན། ཚངས་པ་ལ་སེམས་ཅན་དུ་ལྟ་བ་འཇིག་ལྟ་མ་ཡིན་ཏེ། དེ་ལ་བདག་དང་བདག་གིར་མི་འཛིན་པའི་ཕྱིར་དང་། ཚངས་པ་ལ་རྟག་པར་འཛིན་ཀྱང་ མཐར་ལྟ་མ་ཡིན་ཏེ། མཐར་ལྟའང་འཇིག་ལྟས་ཀུན་ནས་སློང་དགོས་པ་ལས་དེས་ཀུན་ནས་སློང་བར་བྱས་པ་ཅན་མ་ཡིན་པའི་ཕྱིར། འོ་ན་ཚངས་པ་ལ་སེམས་ཅན་དང་རྟག་པར་ལྟ་བ་ལྟ་བ་གང་ཞིག་ཡིན་ཅེ་ན། ཆོས་མངོན་པ་བ་ན་རེ། འདི་འཇིག་ལྟས་བཅུག་པའི་ལོག་ཤེས་ཡིན་གྱི་ལྟ་བ་མ་ཡིན་ཏེ། རང་ ལུས་ལ་བདག་གོ་སྙམ་པ་འཇིག་ལྟ་དང་། དེས་སློང་བ་མཐར་ལྟ་ཡིན་པ་ལ་དེར་ཡང་འདི་མི་རུང་ལ། ལྟ་བ་གཞན་དུའང་མི་རུང་ཟེར་རོ། །ཅི་ཚངས་པ་ལ་དམིགས་ནས་སྐུར་བ་འདེབས་པའམ་མཆོག་ཏུ་འཛིན་པ་ལྟ་བ་ཡིན་པས། ཚངས་པ་ལ་རྟག་ཆད་དུ་འཛིན་པ་ཅི་ སྟེ་ལྟ་བ་མ་ཡིན་ཅེས་དྲིས་པ་ལ། བྱེ་སྨྲས་དེའི་ལན་མ་ཐེབས་པར། ངེད་ཅག་གི་གྲུབ་མཐའ་ནི་ཚད་མར་བྱ་དགོས་སོ་ཞེས་པའི་ལན་འདེབས་པར་བྱེད་དོ། །གསུམ་པ་ནི། དེ་དག་དང་ནི་ལྷན་ཅིག་གང་། །འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །ཀུན་འགྲོ་དེ་དག་དང་ནི་ལྷན་ཅིག་འབྱུང་བ་གང་ཡིན་པའི་ཚོར་སོགས་དང་སྐྱེ་སོགས་དེའང་ ཀུན་འགྲོ་ཡིན་ནོ། །འོན་ཀྱང་ཐོབ་པ་ནི་མ་གཏོགས་ཏེ། ཕྲ་རྒྱས་དང་ཐོབ་པ་ནི་འབྲས་བུ་མི་གཅིག་པའི་ཕྱིར་དང་། ཐོབ་པས་རྣམ་སྨིན་མི་འབྱིན་པ་དང་། རྒྱུ་མཐུན་ཀྱང་མི་གཅིག་པའི་ཕྱིར། འདིར་ཕྲ་རྒྱས་ཀུན་འགྲོ་ཡིན་ལ། རྒྱུའི་ཀུན་འགྲོ་མ་ཡིན་པ་ནི། ཕྲ་རྒྱས་ 3-1-167b ཀུན་འགྲོ་མ་འོངས་པ་ནི་ཕྲ་རྒྱས་ཀུན་འགྲོ་ཡིན་ཏེ། ཀུན་ཏུ་འགྲོ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཀུན་ཏུ་འགྲོ་བའི་རྒྱུས་ཀུན་ཏུ་འགྲོ་བ་ནི་མ་ཡིན་ཏེ། མ་འོངས་པའི་གནས་སྐབས་སུ་ཀུན་ཏུ་འགྲོ་བའི་རྒྱུ་རྣམ་པར་མི་བཞག་པའི་ཕྱིར། ཕྲ་རྒྱས་ཀུན་འགྲོ་མིན་ལ། རྒྱུའི་ཀུན་ འགྲོ་ཡིན་པ་ནི། ཀུན་འགྲོ་དང་ལྷན་ཅིག་འབྱུང་བའི་ཚོར་སོགས་འདས་པ་དང་། ད་ལྟར་བྱུང་བ་ཉིད་ཀྱིས་ཀུན་འགྲོའི་རྒྱུ་ཡིན་ལ། ཀུན་འགྲོའི་ཕྲ་རྒྱས་ནི་མ་ཡིན་ཏེ། ཕྲ་རྒྱས་ཀྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །གཉིས་ཀ་ཡིན་པ་ནི། འདས་པ་དང་ད་ལྟར་བྱུང་ བའི་ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་སོ། །གཉིས་ཀ་མ་ཡིན་པ་ནི། ཀུན་འགྲོ་དེ་དག་དང་ལྷན་ཅིག་འབྱུང་བའི་ཚོར་སོགས་མ་འོངས་པ་རྣམས་དང་ཐོབ་པ་ལ་སོགས་པའོ། །བདེན་པ་དང་པོ་གཉིས་ཀྱི་སྤང་བྱ་མ་རིག་པ་དྲུག་ཀ་ལ་ཀུན་འགྲོ་ཡིན་མིན་གཉིས་ཀ་དངོས་སུ་ བསྟན་པས། ཤུགས་ལ་ཀུན་འགྲོ་རྣམས་ནི་བདེན་པ་དང་པོ་གཉིས་ཀྱི་མཚན་ཉིད་དང་འགལ་བར་ཞུགས་པ་དངོས་སུ་ལོག་ཞུགས་དང་། ཀུན་འགྲོ་མ་ཡིན་པ་རྣམས་དངོས་པོ་ལ་དམིགས་ཀྱང་མཚན་ཉིད་དང་མི་འགལ་བས་ལོག་ཞུགས་ལས་ལོག་ཞུགས་ཡིན་ནོ་ ཞེས་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་བདག་ནི་བདེན་པ་ལ་དངོས་སུ་ལོག་ཞུགས་དང་། ལོག་པ་ལ་ལོག་ཞུགས་དང་། དབང་གི་ལོག་པར་ཞུགས་པ་གསུམ་ལས། ལྟ་བ་དང་པོ་གསུམ་དང་། མ་རིག་པ་དང་། ཐེ་ཚོམ་དང་ལྔ་ནི་བདེན་པ་ལ་དངོས་སུ་ལོག་ ཞུགས་ཡིན་ཏེ། བདེན་པ་ཉིད་ལ་ཅི་རིགས་པར། ང་དང་ང་ཡིར་འཛིན་པ་དང་། རྟག་ཆད་དུ་སྒྲོ་འདོགས་པ་དང་། མེད་དོ་ཞེས་སྐུར་བ་འདེབས་པ་དང་། གནས་ལུགས་མི་ཤེས་པ་དང་། མཐའ་གཞན་དུ་དོགས་པའི་ཕྱིར། འདོད་ཆགས་དང་ང་རྒྱལ། ལྟ་བ་ཕྱི་མ་ 3-1-168a གཉིས་ཏེ་བཞི་ནི་ལོག་པ་ལ་ལོག་ཞུགས་ཡིན་ཏེ། རིམ་བཞིན་ལྟ་བ་དང་པོ་གསུམ་ལ་སྲེད་པ་དང་། ལྟ་བ་དེས་ཁེངས་པ་དང་། ལྟ་བ་དེ་དག་ལ་མཆོག་ཏུ་འཛིན་པ་དང་། ལྟ་བ་དེ་དག་འདག་གྲོལ་གྱི་རྒྱུ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར། ཁོང་ ཁྲོ་ནི་དབང་གི་ལོག་ཞུགས་ཡིན་ཏེ། རང་དང་ལྟ་བ་མི་མཐུན་པ་ལ་སེམས་འཁྲུགས་པའི་ཕྱིར། ཞེས་འདོད་དོ། །གཉིས་པ་ཟག་མེད་ལ་དམིགས་པ་དང་མ་དམིགས་པའི་བྱེ་བྲག་ལ། ཟག་མེད་ལ་དམིགས་པ་དང་། མ་དམིགས་པའོ། །དང་པོ་ལ། བསྟན། བཤད་པའོ། །དང་པོ་ནི། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང་། །ལྡན་དང་འབའ་ཞིག་མ་རིག་དང་། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ལོག་ལྟ་ཐེ་ཚོམ་དང་དེ་དག་དང་མཚུངས་ལྡན་གྱི་མ་རིག་པ་དང་མ་འདྲེས་པ་འབའ་ཞིག་པའི་མ་རིག་པ་སྟེ་དྲུག་ནི་ཟག་མེད་འགོག་ལམ་ཡུལ་དུ་བྱེད་པས་སྤྱོད་ཡུལ་ཅན་ཡིན་ཅིང་། དེ་གཉིས་ནི་ཡུལ་ ཡིན་ནོ། །རྣམ་པ་ནི་སྐུར་བ་འདེབས་པ་དང་། རྩེ་གཉིས་སམ་གཞན་དུ་དོགས་པ་དང་། མི་གསལ་བའི་རྣམ་པར་འཇུག་པའོ། །འགོག་ལམ་གྱི་ལོག་ཞུགས་ཀྱི་ལོག་ཞུགས་དང་། སྡུག་ཀུན་གྱི་ལོག་ཞུགས་རྣམས་ནི་ཟག་བཅས་ལ་དམིགས་པ་ཡིན་ནོ། །དྲུག་ཁོ་ན་ཞེས་ངེས་ པར་བཟུང་བ་ཡིན་ཏེ། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །ཅེས་སོགས་འབྱུང་བའི་ཕྱིར་ཆགས་སོགས་ནི་ཟག་མེད་ལ་དམིགས་པར་རུང་བ་མ་ཡིན་ནོ། །གཉིས་པ་རྒྱས་བཤད་ནི། རང་གི་ས་པའི་འགོག་པ་དང་། །ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །ལོག་ལྟ་སོགས་ཀྱིས་འགོག་པ་ལ་དམིགས་པའི་འགོག་པ་ནི། རང་གི་ས་པའི་ཉོན་མོངས་སོགས་འགོག་པ་ལ་འཇོག་དགོས་ཏེ། འདོད་པ་ནས་སྲིད་རྩེའི་བར་གྱིས་ལོག་ལྟ་སོགས་ཀྱང་ས་དེ་དང་དེས་བསྡུས་ལ། སྤང་བྱ་རང་ཉིད་དང་བྲལ་བའི་འགོག་པ་དེ་ལ་དམིགས་ནུས་ཀྱི། ས་གཞན་གྱི་སྤང་བྱ་ཟད་པའི་འགོག་པ་ལ་དམིགས་པར་མི་ནུས་ 3-1-168b པའི་ཕྱིར་ཏེ། ལམ་འགོག་པས་མ་བསྡུས་ཤིང་། འགོག་པ་ལ་ཕན་ཚུན་སྐལ་མཉམ་རྒྱུ་འབྲས་ཀྱང་མེད་པའི་ཕྱིར། ལམ་ནི་འདི་དང་མི་མཚུངས་ཏེ། ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། ། ཅེས་འབྱུང་བའི་ཕྱིར་ན། ལམ་ལ་དམིགས་པའི་ལོག་ལྟ་སོགས་གསུམ་གྱི་དམིགས་པ་ནི། བསམ་གཏན་བཞི་དང་། མི་ལྕོགས་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དེས་དྲུག་ཡིན་ཏེ། ཆོས་ཤེས་ཕྱོགས་མཐུན་གྱི་ལམ་ཐམས་ཅད་དང་། གཟུགས་དང་གཟུགས་མེད་ པའི་གཉེན་པོ་ཡང་ཡིན་པའི་ཕྱིར། གཟུགས་དང་གཟུགས་མེད་ཀྱི་ས་བརྒྱད་པོ་རྣམས་ཀྱི་ལོག་ལྟ་སོགས་ཀྱི་དམིགས་པ་ནི། མི་ལྕོགས་མེད་པ་ནས་ཅིའང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ས་དགུའི་རྗེས་སུ་ཤེས་པའི་ཕྱོགས་དང་མི་མཐུན་པའི་ལམ་ཐམས་ཅད་དོ། །ནི་བདུན་པའི་ དོན་ཏོ། །ཕྲ་རྒྱས་དེའི་སྤྱོད་ཡུལ་ཅན་གྱི་ཡུལ་ལམ་དམིགས་པ་ནི་འགོག་ལམ་དེ་གཉིས་ཡིན་ནོ། །འོ་ན་ལམ་ནི་ཕན་ཚུན་རྒྱུ་ཡིན་པས་ཞེས་པ་ཉིད་ཀྱིས། རྗེས་ཤེས་ཕྱོགས་མཐུན་གྱི་ལམ་ཡང་འདོད་པའི་ལོག་ལྟ་སོགས་ཀྱིས་དམིགས་པར་འགྱུར་ལ། ཆོས་ཤེས་ཕྱོགས་མཐུན་ གྱི་ལམ་ཡང་གཟུགས་དང་གཟུགས་མེད་ཀྱི་ལོག་ལྟ་སོགས་ཀྱིས་དམིགས་པར་འགྱུར་ཏེ། ས་དྲུག་པའམ་དགུ་པ་ཡིན་པ་གང་རུང་ཞིག་ལ་སྐུར་བ་བཏབ་པའམ་ཐེ་ཚོམ་ཟ་བས་ཐམས་ཅད་ལ་སྐུར་བ་བཏབ་པའམ་སོམ་ཉི་ཟོས་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། ཆོས་ཤེས་དང་། རྗེས་ཤེས་ དག་ཀྱང་ཕན་ཚུན་རྒྱུ་ཡིན་མོད་ཀྱི། རྗེས་ཤེས་ནི་འདོད་ཁམས་ཀྱི་གཉེན་པོ་མ་ཡིན་པས། འདོད་པ་ན་སྤྱོད་པའི་ལོག་ལྟ་སོགས་ཀྱི་རྗེས་ཤེས་ཕྱོགས་མཐུན་གྱི་ལམ་ལ་དམིགས་པ་མ་ཡིན་པའི་ཕྱིར། འོ་ན་ཆོས་ཤེས་ཕྱོགས་མཐུན་གྱི་ལམ་ཡང་གཟུགས་དང་གཟུགས་མེད་ཀྱི་ལོག་ 3-1-169a ལྟ་སོགས་ཀྱིས་དམིགས་པར་འགྱུར་ཏེ། ཆོས་ཤེས་གཟུགས་དང་གཟུགས་མེད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཏེ། གྲུབ་མཐའ་ལས། སྒོམ་པའི་ལམ་པ་འགོག་པ་དང་། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཅེས་ འབྱུང་བའི་ཕྱིར་ཞེ་ན། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པས་མ་ངེས་པ་ཡིན་ཏེ། འགོག་པ་དང་ལམ་ལ་ཆོས་ཤེས་གོང་མའི་གཉེན་པོ་ཡིན་ཀྱང་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་གཉིས་དང་པོ་ཡིན་ལ། སྡུག་བསྔལ་དང་ཀུན་འབྱུང་ཆོས་ཤེས་སྒོམ་ལམ་ གྱིས་བསྡུས་པ་ཆོས་ཤེས་རྫོགས་པར་ཁམས་གོང་མའི་གཉེན་པོར་མེད་པའི་ཕྱིར་དང་། འགོག་ལམ་གྱི་ཆོས་ཤེས་དེ་ཡང་གཟུགས་དང་གཟུགས་མེད་མཐའ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར་ཏེ། གཟུགས་དང་གཟུགས་མེད་ཀྱི་དང་པོ་མཐོང་བས་སྤང་བྱ་རྣམས་ཀྱི་གཉེན་པོ་མ་ཡིན་ པའི་ཕྱིར། ཆོས་ཤེས་ནི་ཁམས་གོང་གི་ལོག་ལྟ་སོགས་ཀྱིས་དམིགས་པར་མ་གྲུབ་བོ། །འདིར་སྒོམ་པའི་ལམ་ལ་འགོག་པ་དང་ལམ་ལ་ཆོས་ཤེས་པ་དེ་གོང་མ་གཉིས་ཀྱི་ཡང་གཉེན་པོ་ཡིན་ན། གོང་འོག་ཀུན་གྱི་གཉེན་པོར་སོང་བས་རྒྱུན་དུ་ཞུགས་པ་གཅིག་ཅར་བ་ཐེག་ ཆེན་པ་འདོད་པ་ལྟ་བུར་མི་འགྲོའམ་སྙམ་ན། འདིའི་ལུགས་ཀྱི་རྒྱུན་དུ་ཞུགས་པ་གཅིག་ཅར་བ་ལྟ་བུར་མི་འདོད་དེ། འདོད་ཁམས་ཀྱི་ཆེ་འབྲིང་དགུ་སྤངས་ནས། དེ་ནས་འགོག་པ་དང་ལམ་ལ་ཆོས་ཤེས་ཀྱིས་དང་པོའི་ཆེ་འབྲིང་དགུ་སྤོང་། དེ་ནས་གཉིས་པའི་ཆེ་འབྲིང་དགུ་སྤོང་། དེ་ཀ་ལྟར་སྲིད་རྩེ་མན་ཆད་སྤོང་ངོ་། །དེ་ལྟར་འདོད་པ་ལ་འདོད་ཆགས་དང་བྲལ་གྱི་རྟིང་ལ། གདོད་འགོག་པ་དང་ལམ་གྱི་ཆོས་ཤེས་དེ་ཁམས་གོང་མ་གཉིས་ཀྱི་གཉེན་པོར་འགྲོའི། འདོད་པ་ལ་འདོད་ཆགས་དང་མ་བྲལ་བར་ཁམས་གོང་མའི་སྒོམ་སྤོང་གི་གཉེན་པོར་མི་འགྲོ། 3-1-169b འོ་ན་ཁམས་གོང་མ་གཉིས་ཀྱི་སྒོམ་སྤོང་གི་གཉེན་པོར་འདོད་པའི་འགོག་པ་དང་ལམ་ཤེས་པར་འགྲོ་བ་རྒྱུ་མཚན་ཅིས་སྙམ་ན། སྒོམ་སྤོང་ལ་ལོག་ཞུགས་སོ་སོ་བ་མེད་ཙམ་ན་འདོད་པའི་འགོག་པ་དང་ལམ་སྒོམ་པས་གོང་མའི་སྒོམ་སྤོང་སྤངས། འདོད་པའི་འགོག་པ་དང་ལམ་ ཤེས་པ་ཁམས་གོང་མ་གཉིས་ཀྱི་མཐོང་སྤོང་ནི་མི་སྤངས་ཏེ་ལོག་ཞུགས་སོ་སོ་ཡིན་ཙམ་ན། འདོད་པའི་འགོག་པ་དང་ལམ་ཤེས་པ་དང་། གོང་མའི་འགོག་པ་དང་ལམ་ལ་ལོག་ཞུགས་ཡོད་པ་མི་འགལ་བས་མི་སྤངས་ཏེ། དཔེར་ན་ཐག་པ་ལ་ཐག་པར་ཤེས་པས་ཐོ་ལ་མིར་འཛིན་ པ་མི་སྤོང་བ་དང་འདྲའོ། །གཉིས་པ་ཟག་མེད་ལ་མི་དམིགས་པ་ནི། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །ཞི་དང་དག་དང་མཆོག་གྱུར་ཕྱིར། །ང་རྒྱལ་མ་ཡིན་མཆོག་འཛིན་མིན། །འདོད་ཆགས་ནི་འགོག་ལམ་ལ་དམིགས་པ་མིན་ཏེ། ཡིན་ན་དེའི་ཡུལ་ནི་སྤང་བྱ་ཡིན་དགོས་པ་ལས་འགོག་ལམ་ནི་སྤང་བྱ་མ་ཡིན་པའི་ཕྱིར། དགེ་བའི་ཆོས་ལ་འདུན་པ་ནི་དང་པའམ་ཡང་དག་པའི་ལྟ་བ་ ཡིན་པས་ཐོབ་པ་བཅད་པས་སྤང་བྱ་མ་ཡིན་པ་བཞིན་ནོ། །ཡང་ལོག་ལྟ་སྤང་བྱ་ཡིན་ཀྱང་ཟག་མེད་ལ་དམིགས་ཤིང་འདུག་པས་གཏན་ཚིགས་དེ་མ་ངེས་སྙམ་ན། མི་མཚུངས་ཏེ། ལོག་ལྟ་ནི་ཟག་མེད་འགོག་པ་དང་ལམ་ལ་སྐུར་བ་འདེབས་པ་ཡིན་ལ། འདོད་ཆགས་ཟག་མེད་དེ་ གཉིས་འདོད་ན། དགེ་བའི་ཆོས་ལ་འདུན་པ་བཞིན་སྤང་བྱ་མ་ཡིན་པར་ཐལ་བ་ལས། སྤང་བྱ་ཡིན་པས་དེ་ལ་མི་དམིགས་པར་གྲུབ་པའི་ཕྱིར་རོ། །ཞེ་སྡང་གིས་ཀྱང་འགོག་ལམ་ལ་དམིགས་པ་མིན་ཏེ། ཞེ་སྡང་ནི་གནོད་པར་བྱས་པའམ། བྱེད་པའམ། བྱེད་པར་འགྱུར་བ་ལ་ དམིགས་པ་ཡིན་ན། འགོག་ལམ་ནི་ཀུན་ནས་མནར་སེམས་ཀྱི་གཞི་དགུའི་མཚན་ཉིད་ལས་འདས་པས་སུ་ལའང་གནོད་པ་མི་བྱེད་པའི་ཕྱིར། ང་རྒྱལ་ནི་འགོག་ལམ་ལ་དམིགས་པ་མ་ཡིན་ཏེ། ཞི་བའི་ཕྱིར། ཁྱབ་པ་ཡོད་དེ། ང་རྒྱལ་ནི་སེམས་ཁེངས་པ་ལ་བརྗོད་པའི་ཕྱིར། མཆོག་ 3-1-170a འཛིན་ཕྱི་མས་ནི། ལམ་བདེན་ལ་དམིགས་པ་མ་ཡིན་ཏེ། ཉོན་མོངས་པའི་དྲི་མ་སྤངས་པས་དག་པའི་རྒྱུ་ཡིན་པས་དེར་ངེས་པའི་ཕྱིར། ཁྱབ་པ་ཡོད་དེ། མཆོག་འཛིན་ཕྱི་མ་ནི་ཡང་དག་པའི་རྒྱུ་མིན་ལ་ཡང་དག་པའི་རྒྱུར་འཛིན་པའི་ ཕྱིར། ལྟ་བ་མཆོག་འཛིན་གྱིས་འགོག་ལམ་ལ་དམིགས་པ་མིན་ཏེ། ཡང་དག་པའི་དོན་དུ་དག་པ་ཡིན་པས། ཆོས་ཐམས་ཅད་མཆོག་ཏུ་གྱུར་པ་ཡིན་པས་དེར་ངེས་པའི་ཕྱིར་ཁྱབ་སྟེ། དེ་ནི་དངོས་པོ་དམན་པ་ལ་མཆོག་ཏུ་འཛིན་པའི་ལྟ་བ་ཡིན་པའི་ཕྱིར། འདིར་ མཁས་པ་འཇམ་སྒེག་ན་རེ། ཕྲ་རྒྱས་གོ་བརྒྱད་ལས། ཟག་མེད་ཁོ་ན་ལ་དམིགས་པ་བཅུ་གཉིས། ཟག་བཅས་ཁོ་ན་ལ་དམིགས་པ་བརྒྱད་ཅུ། ཟག་བཅས་ཟག་མེད་གཉིས་ག་ལ་དམིགས་པ་འགོག་ལམ་མཐོང་སྤོང་གི་མ་རིག་པ་དྲུག་ཡིན་ནོ་ཞེས་དངོས་སུ་བསྟན་པའི་ཤུགས་ ལས་ཟག་མེད་ལ་དམིགས་པ་རྣམས་དངོས་སུ་ལོག་ཞུགས་དང་། འགོག་ལམ་མཐོང་སྤོང་གི་ཟག་བཅས་ལ་དམིགས་པ་རྣམས་དངོས་སུ་ལོག་ཞུགས་ལོག་ལྟ་སོགས་དེ་དག་ལ་དམིགས་པས་ལོག་པ་ལ་ལོག་ཞུགས་ཡིན་ནོ་ཞེས་ཤེས་པར་བྱའོ། །གོང་མ་པ་ལྟར་ན་འགོག་ལམ་ མཐོང་སྤང་གི་ལོག་ལྟ་ལ་སོགས་པ་དྲུག་པོ་དེ་དག་གིས་ཀྱང་རྟོག་བཅས་ཡིད་ཀྱིས་བརྟགས་པའི་འགོག་ལམ་གྱི་མིང་ཙམ་ལ་དམིགས་པ་ཡིན་གྱི། དེ་དག་དངོས་སུ་ནི་མི་དམིགས་ཏེ། གལ་ཏེ་ཟག་མེད་ལ་དངོས་སུ་དམིགས་ན་དེ་དག་འཕགས་པའི་ཡེ་ཤེས་སུ་ཐལ་བར་འགྱུར་བའི་ ཕྱིར། ཞེས་འདོད་དེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། མཐོང་སྤང་སྒོམ་སྤང་དེ་དག་གི་དམིགས་པ་ནི་བསྡུ་ན་ལྔ་སྟེ། ལོག་པར་རྣམ་པར་བརྟགས་པའི་དངོས་པོ་ལ་དམིགས་པ་དང་། ལྟ་བ་ལ་དམིགས་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་ལ་དམིགས་པ་དང་། 3-1-170b རང་གིས་རྣམ་པར་བརྟགས་པའི་མིང་ལ་དམིགས་པ་དང་། རང་གི་ངང་གིས་ཡེ་ཡོད་པའི་དངོས་པོ་ལ་དམིགས་པའོ། །དེ་ལ་དང་པོ་ནི་བདེན་པ་དང་པོ་གཉིས་ལ་དམིགས་པ་རྣམས་སོ། །གཉིས་པ་ནི་ཐེ་ཚོམ་མ་གཏོགས་པ་ལྟ་བ་མཆོག་འཛིན་དང་འདོད་ཆགས་ལ་སོགས་པ་མཐོང་ སྤོང་རྣམས་སོ། །གསུམ་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནོ། །བཞི་པ་ནི་འགོག་ལམ་ལ་དམིགས་པ་དང་ཁམས་མི་འདྲ་བ་ལ་དམིགས་པ་རྣམས་ཏེ། །ཉོན་མོངས་པ་ནི་ནམ་ཡང་འགོག་ལམ་ལ་དམིགས་པར་མ་གྱུར། དམིགས་པར་མི་བྱེད། དམིགས་ པར་མི་འགྱུར་ལ། ཁམས་མི་འདྲ་བ་ལའང་མ་ཡིན་པའི་ཕྱིར། ལྔ་པ་ནི་སྒོམ་སྤོང་རྣམས་སོ། །དེས་ན་དང་པོ་བཞི་ནི་མཐོང་སྤོང་གི་དམིགས་པ་ཡིན་ལ། ལྔ་པ་ནི་སྒོམ་སྤོང་གི་དམིགས་པ་ཡིན་ནོ། །ཞེས་པ་དང་། ཀུན་ལས་བཏུས་ལས་ཀྱང་། འགོག་པ་དང་ལམ་ལ་ དམིགས་པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་དེ་དག་ལ་དམིགས་པ་མ་ཡིན་པར་བལྟ་སྟེ། དེའི་དམིགས་པ་ནི་དེས་ཡོངས་སུ་རྟོགས་པའོ་ཞེས་འབྱུང་བའི་ཕྱིར་རོ། །འོན་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཟག་མེད་ལ་དམིགས་ཀྱང་འཕགས་པར་འགྱུར་བ་ནི་མ་ངེས་ཏེ། སྒྲ་རྟག་འཛིན་བཞིན་ནོ་ཞེས་ ལན་འདེབས་པར་བྱེད་དོ། །ཞེས་བཀོད་པར་བྱས་སོ། །གསུམ་པ་དམིགས་པ་དང་མཚུངས་ལྡན་གྱིས་རྒྱས་འགྱུར་ལ། དམིགས་པའི་སྒོ་ནས་རྒྱས་འགྱུར་དང་། མཚུངས་ལྡན་གྱི་སྒོ་ནས་རྒྱས་འགྱུར་རོ། །དང་པོ་ནི། ཕྲ་རྒྱས་ཀུན་ཏུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་རང་རིས་སུ། །ཟག་མེད་གོང་མའི་ཡུལ་ཅན་མིན། །བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཕྲ་རྒྱས་གོ་བརྒྱད་པོ་ལས། དུ་ནི་དམིགས་པའི་སྒོ་ནས་ རྒྱས་པར་འགྱུར་ལ། དུ་ནི་མཚུངས་ལྡན་ཁོ་ནའི་སྒོ་ནས་རྒྱས་པར་འགྱུར་རོ་ཞེ་ན་ཞེས་དྲི་བ་བཀོད་པའོ། །དམིགས་པས་རྒྱས་འགྱུར་ལ་ཁོ་ན་མི་སྨོས་པ་ནི། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་ལ། མཚུངས་ལྡན་གྱི་སྒོ་ནས་རྒྱས་པ་ཁྱབ་བྱེད་དུ་ཡོད་པ་གོ་བའི་ཆེད་དུའོ། །དེ་དག་ལས་ 3-1-171a ཕྲ་རྒྱས་ཀུན་ཏུ་འགྲོ་བ་སྐལ་མཉམ་རྣམས་ནི་དམིགས་པའི་སྒོ་ནས་རང་གི་ས་པའི་རིས་ལྔ་པོ་ཐམས་ཅད་དུ་ནི་རྒྱས་པར་འགྱུར་ལ། ཀུན་འགྲོ་མ་ཡིན་པ་ཟག་བཅས་ལ་དམིགས་པ་རྣམས་ནི་རང་གི་སར་རང་རིས་སུ་རྒྱས་པར་འགྱུར་གྱི། གཞན་དུ་མ་ཡིན་ཏེ། སྤང་བྱ་རིས་ལྔ་པོ་རྣམས་རིས་ལྔ་པོ་ཁོ་ན་ལ་རྒྱས་པར་འགྱུར་བའི་ཕྱིར། སྤྱིར་བཏང་ནས་དམིགས་ཀྱིས་བསལ་བ་ནི། ཟག་མེད་ལ་དམིགས་པའི་ཕྲ་རྒྱས་རྣམས་དང་། ས་གོང་མ་ལ་དམིགས་པའི་ཡུལ་ཅན་ཕྲ་རྒྱས་རྣམས་ཀྱང་ཆོས་ཅན། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་ མིན་ཏེ། དེ་དག་གི་དམིགས་པའི་ཡུལ་ནི་བདག་ཏུ་ལྟ་བ་དང་སྲེད་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར། ཁྱབ་པ་ཡོད་དེ། དངོས་པོ་གང་བདག་ལྟ་དང་སྲེད་པས་བདག་གིར་བྱས་པ་དེ་ལ་ཕྲ་རྒྱས་གཞན་རྒྱས་པར་ནུས་པའི་ཕྱིར། སྣམ་བུ་གཤེར་བ་ལ་རྡུལ་ཆགས་པ་བཞིན་ ནོ། །འདོད་པར་གནས་ལ་ས་གོང་མ་དེ་གཉེར་བ་དེ་ནི་གཉེན་པོ་དགེ་བའི་ཆོས་ལ་འདུན་པ་ཡིན་པའི་ཕྱིར། སྲེད་པ་དང་ཕྲ་རྒྱས་མ་ཡིན་ནོ། །ཡང་མྱང་འདས་དང་ཟག་མེད་ཀྱི་ལམ་དང་། ས་གོང་མ་ཡང་ཆོས་ཅན། དེ་ལ་དམིགས་པའི་ཉོན་མོངས་ཀྱིས་དམིགས་པ་དེ་དག་ཏུ་ གནས་མི་ཐོད་དེ། དེ་ལ་དམིགས་པའི་ཉོན་མོངས་དང་ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར། རྡོ་བསྲེགས་པ་ལ་རྐང་མཐིལ་གྱི་གནས་མི་ཐོང་པ་བཞིན་ནོ། །གཞན་ན་རེ། ཕྲ་རྒྱས་ཀྱི་དོན་ནི་རྗེས་སུ་མཐུན་པའི་དོན་ཡིན་ན་འགོག་པ་ལ་སོགས་པ་དེ་དག་ནི་ལོག་ལྟ་ལ་སོགས་པ་དེ་ རྣམས་ཀྱི་རྗེས་སུ་མཐུན་པ་མ་ཡིན་ཏེ། རླུང་ནད་ཅན་ལ་ཁ་ཟས་རྩུབ་བག་ཅན་རྒྱས་པར་མི་འགྱུར་ཞེས་བྱ་བ་ལུས་དང་མཐུན་པར་མི་འགྱུར་ཞེས་གོ་བ་བཞིན་ནོ་ཟེར་རོ། །ཡང་འདིར་འདི་ཤེས་དགོས་ཏེ། ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་དམིགས་པའི་སྒོ་ནས་རང་གི་ས་རུ་རྒྱས་བྱ་བའི་ 3-1-171b དམིགས་བསལ་ས་གོང་མ་ལ་དམིགས་ཀྱང་མི་རྒྱས་བྱ་བ་ཡིན་ན། འོ་ན་ས་གོང་མ་ལ་དམིགས་པ་དེ་དམིགས་པའི་སྒོ་ནས་མི་རྒྱས་བྱ་བའི་དམིགས་བསལ་མི་དགོས། གོང་དུ་རང་གི་ས་རུ་རྒྱས་བྱ་བ་རང་གི་ས་གོང་མ་ལ་དམིགས་པས་མི་རྒྱས་པ་གྲུབ་པས་སོ་སྙམ་ན། འོ་ན་ཟག་མེད་ ལ་དམིགས་པ་དེ་ཡང་ཟག་མེད་རང་གི་རིས་མིན་ཙམ་ན། རང་རིས་ལ་རྒྱས་བྱ་བ་དེས་ཟག་མེད་ཀྱི་མི་རྒྱས་པར་གྲུབ་པས། ཟག་མེད་མིང་སྨོས་ཅི་དགོས་སྙམ་ན། ཟག་མེད་ལ་དམིགས་པ་དེ་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་བྱ་བ་ལ་སྨོས་ན། ཟག་མེད་ལ་གཏན་མི་ དམིགས་པ་གཅིག་ཡིན་ནམ། དམིགས་ཀྱང་རྒྱས་པར་འགྱུར་བ་ཟག་བཅས་ཀྱིས་རྒྱས་པར་འགྱུར་རམ་སྙམ་པའི་ལོག་རྟོག་སྐྱེ་བ་ལ། ཟག་མེད་ལ་དམིགས་ཀྱང་མི་རྒྱས་ཞེས་བསྟན་པའི་ཆེད་ཡིན་སྙམ་ན། དེ་ཚོད་གཅིག་ཏུ་ས་གོང་མ་ལ་དམིགས་པས་རྒྱས་པ་མ་ཡིན་བྱ་བ་ མ་བསྟན་ན། ས་གོང་མ་ལ་གཏན་མི་དམིགས་སམ། ས་གོང་མ་ལ་དམིགས་ཀྱང་རྒྱས་པ་ནི་རང་གི་ས་འོག་མས་རྒྱས་སམ་སྙམ་པའི་ལོག་རྟོག་དགག་པ་ལ། ས་གོང་མ་ལ་དམིགས་ཀྱང་དེའི་སྒོ་ནས་མི་རྒྱས་པར་བསྟན་པ་ལ་གོང་མའི་ཡུལ་ཅན་མིན་ཅེས་བསྟན་པ་ཡིན་ནོ། ། གཉིས་པ་ནི། གང་ཞིག་གང་དང་མཚུངས་ལྡན་པ། །དེ་ནི་དེར་མཚུངས་ལྡན་སྒོ་ནས། །ཕྲ་རྒྱས་གང་ཞིག་སེམས་སམ་ཚོར་སོགས་ཆོས་གང་དང་མཚུངས་པར་ལྡན་པ་དེ་ནི་དེར་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ནི་ཞེས་པ་ནི་ཇི་སྲིད་མ་སྤངས་པ་དེ་སྲིད་དུ་ཞེས་བྱ་བའི་ཆེད་དུའོ། །སྤངས་པ་ནི་བདེ་བ་དང་ཆགས་པ་ལྟ་བུ་མཚུངས་ ལྡན་གཉིས་འདས་པ་འདས་པའི་ས་ན་ཡོད། མ་འོངས་པ་མ་འོངས་པའི་ས་ན་ལྷན་ཅིག་ཡོད་ཀྱང་མི་རྒྱས་ཏེ། ཤཱ་རིའི་བུ་ལྟ་བུའོ། །ལྷན་ཅིག་ཏུ་གནས་པ་དེ་ལ་ངང་པས་ཆུ་ལ་འོ་མ་འཐུང་བ་བཞིན་དུ་འདོད་ཆགས་སྤངས་ནས་སེམས་ལུས་པ་ལྟ་བུའམ། འདོད་ཆགས་ 3-1-172a སྤངས་ནས་དེ་དང་མཚུངས་ལྡན་གྱི་བདེ་བ་ལུས་པ་ལྟ་བུ་མི་སྲིད་དོ། །མཚུངས་ལྡན་གྱི་སྒོ་ནས་རྒྱས་འགྱུར་ནི་ཆོས་ཅན། ཟག་མེད་ལ་དམིགས་པའང་མིན་ལ། སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོའང་མ་ཡིན་ལ། དམིགས་པའི་སྒོ་ནས་ཀྱང་ མ་ཡིན་པར་བསམ་གཏན་གསུམ་དང་། གཟུགས་མེད་གསུམ་ན་ཡོད་པའི་སྐལ་བ་མི་མཉམ་པའི་སའི་ཀུན་འགྲོ་དེ་ཡིན་ཏེ། འདོད་ཁམས་དང་བསམ་གཏན་བཞི་པ་དང་སྲིད་རྩེ་ན་མེད་པའི་ཕྱིར་ཏེ། འདོད་པ་ན་སའི་དབྱེ་བ་མེད་ལ་བཞི་པ་དང་སྲིད་རྩེ་ན་ས་གཞན་མེད་ པའི་ཕྱིར་རོ། །ཡང་འདུ་བྱེད་ཟག་པ་དང་བཅས་པ་ལ་དམིགས་པ་དང་མཚུངས་ལྡན་གྱི་ཕྲ་རྒྱས་ནི་ཡོན་ཏན་དང་མཚུངས་པས་ཉོན་མོངས་པའི་མཐུ་འཕེལ་བར་བྱེད་དེ། དཔེར་ན་དུག་དང་འདྲེས་པའི་ཆང་སྐྱོན་ཅན་ཡིན་ཀྱང་ཡོན་ཏན་དང་མཚུངས་པས་དུག་གི་ནུས་པ་འཕེལ་ བར་བྱེད་པ་བཞིན་ནོ། །ཡང་ཟག་མེད་ལ་དམིགས་པའི་ཕྲ་རྒྱས་རྣམས་ཀྱང་ཉོན་མོངས་པའི་མཐུ་ཉམས་པར་བྱེད་དེ། དཔེར་ན་སྨན་དང་འདྲེས་པའི་དུག་ནུས་པ་ཉམས་པར་འགྱུར་བ་ལྟ་བུའོ། །བཞི་པ་མི་དགེ་བ་དང་ལུང་མ་བསྟན་གྱི་དབྱེ་བ་ལ། དངོས་དང་། རྩ་བའི་བྱེ་ བྲག །དེ་ལས་འཕྲོས་པའོ། །དང་པོ་ནི། གོང་མ་ཐམས་ཅད་ལུང་མ་བསྟན། །འདོད་ན་འཇིག་ཚོགས་ལྟ་བ་དང་། །མཐར་འཛིན་ལྷན་ཅིག་མ་རིག་པ། །ལྷག་མ་རྣམས་འདིར་མི་དགེ་བའོ། །ཁམས་གོང་མ་གཉིས་ཀྱི་ཕྲ་རྒྱས་ཐམས་ཅད་ནི་ཏིང་ངེ་འཛིན་གྱིས་བཏུལ་བས་རྣམ་སྨིན་འགྲུབ་མི་ནུས་པས་ལུང་མ་བསྟན་ཁོ་ནའོ། །ཆོས་ཉོན་མོངས་ཅན་རྣམས་ཀྱི་རྣམ་སྨིན་ནི་སྡུག་བསྔལ་ཡིན་ན། སྡུག་བསྔལ་དེ་ཁམས་དེ་གཉིས་ན་ མེད་དེ། དེའི་རྒྱུ་ཕ་རོལ་པོ་ལ་གནོད་པའི་རྒྱུ་ཁྲོ་བ་གནོད་སེམས་རྣམ་འཚེ་སོགས་མེད་པའི་ཕྱིར། ཡང་ན་འོད་ཀྱི་རང་བཞིན་ལ་བཅད་པ་དང་བཏུང་བའི་སྒོ་ནས་སྡུག་བསྔལ་བསྐྱེད་པ་མེད་པའི་ཕྱིར། འདོད་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་ལྟ་བ་དང་དེ་དག་དང་ 3-1-172b ལྷན་ཅིག་མཚུངས་ལྡན་གྱི་མ་རིག་པ་ནི་ལུང་མ་བསྟན་ཡིན་ཏེ། སྦྱིན་པ་དང་ཚུལ་ཁྲིམས་སོགས་དང་མི་འགལ་བའི་ཕྱིར་ཏེ། བདག་འཇིག་རྟེན་ཕ་རོལ་ཏུ་བདེ་བར་འགྱུར་བར་བྱ་ཞེས་སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད་དོ། །ཆད་པར་ལྟ་བ་ཡང་ཐར་པའི་རྗེས་སུ་ མཐུན་པ་ཡིན་པ་དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས། ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་ནི། འདི་ལྟ་སྟེ། བདག་མེད་པར་གྱུར་ཅིག །བདག་གི་མེད་པར་གྱུར་ཅིག །བདག་གི་བར་མ་གྱུར་ཅིག་ཅེས་ལྟ་བ་འདི་མཆོག་ཡིན་ནོ་ཞེས་གསུངས་སོ། །འདིའི་ཆད་ བར་ལྟ་བའི་དོན་ནི། ཆད་པ་ཡང་ཕྱིས་མེད་པར་འཛིན་པ་ཡིན། །ལམ་གྱིས་འགོག་པ་ཐོབ་པ་ཡང་། ཕྱིས་སྡུག་བསྔལ་མེད་པར་འཛིན་པ་ཡིན། ཆད་པར་ལྟ་བ་དང་། འགོག་པའི་རྒྱུར་ལམ་དུ་ལྟ་བ་ཡང་དག་པའི་ལྟ་བ་ལ་ཁྱད་ཅི་ཡོད་སྙམ་ན། ཆད་པར་འཛིན་པ་ནི། རྒྱུའི་ སྟོབས་ཀྱིས་མ་འགགས་པར་རང་འགགས་སུ་འཛིན་པ་ཡིན། ཡང་དག་པའི་ལྟ་བ་ནི། ལམ་གྱི་སྟོབས་ཀྱིས་སྡུག་བསྔལ་འགག་པར་འཛིན་པས་ཁྱད་དེ་ཡིན་ནོ། །གཞན་ཡང་ལྟ་བ་འདི་གཉིས་ནི་རང་གི་ཕུང་པོ་ལ་ཀུན་ཏུ་རྨོངས་པའི་ཕྱིར་དང་། ཕ་རོལ་ལ་གནོད་པའི་རྣམ་ པས་ཞུགས་པ་མ་ཡིན་པའི་ཕྱིར། ལུང་མ་བསྟན་དུ་གྲུབ་བོ། །བྱེ་བྲག་ཏུ་སྨྲ་བའི་དེ་ལ་གནོད་པ་བརྗོད་ནས་སྔོན་གྱི་སློབ་དཔོན་ཁ་ཅིག་གི་ལུགས་སྟོན་པ་ནི། མཐོ་རིས་ལ་སྲེད་པ་དང་། ངའོ་སྙམ་པའི་ང་རྒྱལ་དག་ཀྱང་ཆོས་ཅན། ལུང་མ་བསྟན་དུ་ཐལ། རང་གི་ཕུང་པོ་ལ་རྨོངས་ ཤིང་ཕ་རོལ་ལ་གནོད་པའི་རྣམ་པར་མ་ཞུགས་པའི་ཕྱིར། འདོད་མི་ནུས་པས། འོ་ན་ལུང་མ་བསྟན་ཅི་འདྲ་བ་ཡིན་ཞེ་ན། སྔོན་གྱི་སློབ་དཔོན་ཐོགས་མེད་ན་རེ། ལྷན་སྐྱེས་ཀྱི་འཇིག་ཚོགས་ལ་ལྟ་བ་རི་དྭགས་དང་བྱ་རྣམས་ལའང་ཡོད་པ་བབ་ཅོལ་དུ་སྒྲ་ཐོས་པས་སྐྲག་པའི་རྒྱུར་ 3-1-173a ་འགྱུར་བ་ལྟ་བུ་གང་ཡིན་པ་དེ་ལུང་མ་བསྟན་ཡིན་ནོ། །གྲངས་ཅན་སོགས་བདག་སྨྲ་རྣམས་ཀྱིས་རྣམ་པར་བརྟགས་པ་རིགས་པའི་རྣམ་རྟོག་སྔོན་དུ་འགྲོ་བ་ནི་མི་དགེ་བའོ། །མཐར་འཛིན་ལྟ་བའང་དེ་བཞིན་ནོ་ཞེས་ཟེར་རོ། །འདོད་པའི་ཕྲ་རྒྱས་ལྷག་མ་རྣམས་ འདོད་ཁམས་འདིར་མི་དགེ་བའོ། །གཉིས་པ་ལ། མི་དགེ་བའི་རྩ་བ་དང་། ལུང་མ་བསྟན་པའི་རྩ་བའོ། །དང་པོ་ནི། འདོད་ན་འདོད་ཆགས་ཁོང་ཁྲོ་དང་། །རྨོངས་རྣམས་མི་དགེའི་རྩ་བ་ཡིན། །འདོད་ཁམས་ན་འདོད་ཆགས་ཐམས་ཅད་དང་ཁོང་ཁྲོ་ཐམས་ཅད་དང་འཇིག་ལྟ་མཐར་ལྟ་དང་མཚུངས་ལྡན་མ་གཏོགས་པའི་རྨོངས་པ་མ་རིག་པ་རྣམས་མི་དགེ་ བའི་རྩ་བ་སྟེ་མི་དགེ་བ་ཡང་ཡིན་ལ། མི་དགེ་བའི་རྩ་བའང་ཡིན་པ་དེ་ཁོ་ན་མི་དགེ་བའི་རྩ་བར་འདོད་དོ། །ཕྲ་རྒྱས་ལྷག་མ་ཐེ་ཚོམ་ང་རྒྱལ་རྣམས་ནི་མི་དགེ་བ་ཡིན་ཀྱང་མི་དགེ་བའི་རྩ་བ་མ་ཡིན་ཏེ། སློབ་དཔོན་གང་སྤེལ་ནི། ཉོན་མོངས་པ་གང་ཞིག་ཕྲ་རྒྱས་རྩ་བའི་ཉོན་མོངས་པ་ཡིན་ པ་དང་། སྤང་བྱ་རིས་རྣམ་པ་ལྔའི་རང་བཞིན་ཡིན་པ་དང་། ལུས་ངག་གི་ལས་ཀུན་ནས་སློང་པ་དང་། རྣམ་ཤེས་ཚོགས་དྲུག་ཅར་དང་མཚུངས་པར་ལྡན་པ་དང་། དགེ་རྩ་གཅོད་པ་ལ་སྟོབས་དང་ལྡན་པའི་རྒྱུ་ཡིན་པས། ཕྲ་རྒྱས་རྣམ་པ་ལྔའི་རང་བཞིན། །ལུས་ངག་བྱ་བ་ ཀུན་སློང་བྱེད། །རྣམ་ཤེས་ལྔར་བརྟེན་དཀར་པོའི་རྩ། །ཀུན་གཅོད་འདྲེན་པ་མི་དགེའི་རྩའོ། །ཞེས་འཆད་དོ། །གཉིས་པ་ལ། ཁ་ཆེ་བའི་ལུགས་དང་། ཉི་འོག་པའི་ལུགས་སོ། །དང་པོ་ནི། ལུང་མ་བསྟན་པའི་རྩ་བ་གསུམ། །དེ་ནི་སྲེད་དང་མ་རིག་བློ། །རྣམ་གཉིས་མཐོར་འཇུག་ཕྱིར་དེ་ལས། །གཞན་མིན། ཕྲ་རྒྱས་གོ་བརྒྱད་པོ་དེ་ལས་ལུང་མ་བསྟན་པའི་རྩ་བ་གསུམ་སྟེ། དེ་ནི་ཁམས་གོང་ མའི་སྲེད་པ་དང་མ་རིག་པ་དང་། བློ་ཤེས་རབ་ཐ་ན་རྣམ་སྨིན་སྐྱེས་ཀྱང་རུང་ཅུང་ཟད་དང་བཅས་པ་དང་། འདོད་པའི་མ་སྒྲིབ་ལུང་མ་བསྟན་བཞི་ཀའི་ཤེས་རབ་དང་། ཉོན་མོངས་ལུང་མ་བསྟན་གྱི་རྨོངས་ལྟ་དེ་ཐམས་ཅད་ལུང་མ་བསྟན་པའི་རྩ་བ་དག་ཡིན་ནོ་ཞེས་ཟེར་རོ། །ཤེས་རབ་དེ་ 3-1-173b ཡང་གཟུགས་མེད་དུ་ཉོན་མོངས་ཐམས་ཅད་དང་། རྣམ་སྨིན་གྱི་སེམས་དང་མཚུངས་ལྡན་དང་། གཟུགས་ན་དེར་མ་ཟད་སྤྱོད་ལམ་པ་དང་སྤྲུལ་སེམས་དང་ཡང་མཚུངས་ལྡན་དང་། འདོད་པར་འཇིག་ལྟ་མཐར་ལྟ་དང་བཟོ་གནས་པ་དང་ཡང་མཚུངས་ལྡན་ནོ། །དེ་དག་ལས་ གཞན་ཐེ་ཚོམ་ནི་རྣམ་གཉིས་ཉིད་དུ་འཇུག་པའི་ཕྱིར་རྩ་བར་འོས་པ་མིན་ཏེ་གཡོ་བའི་ཕྱིར། ང་རྒྱལ་ནི་ཁེངས་པའི་མཚན་ཉིད་ཀྱིས་མཐོན་པོར་འཇུག་པའི་ཕྱིར་རྩ་བ་མ་ཡིན་ཏེ། རྩ་བ་དང་ཆོས་མི་མཐུན་པའི་ཕྱིར། འཇིག་རྟེན་ན་རྩ་བ་རྣམས་བསྟན་པ་དང་འོག་ན་གནས་པ་དག་ཡིན་པར་ མཐོང་ན་ཐེ་ཚོམ་དང་ང་རྒྱལ་ནི་རྩ་བ་དང་ཆོས་མི་མཐུན་པས་རྩ་བར་མི་འོས་སོ། །གཉིས་པ་ནི། བཞི་ཞེས་ཉི་འོག་པ། །དེ་དག་སྲེད་ལྟ་ང་རྒྱལ་རྨོངས། །བསམ་གཏན་པ་གསུམ་མ་རིག་ལས། །ཉི་འོག་པ་རྣམས་ནི་ལུང་མ་བསྟན་གྱི་རྩ་བ་བཞི་ཞེས་འདོད་དོ། །གོང་མ་གཉིས་ན་ཡོད་པའི་སྲེད་པ་དང་ལྟ་བ་གོང་མའི་དང་། འདོད་པའི་འཇིག་ལྟ་སོགས་གཉིས་དང་། ང་རྒྱལ་དང་ རྨོངས་པ་མ་རིག་པ་ལུང་མ་བསྟན་དེ་དག་སྟེ། བསམ་གཏན་པ་ནི་གསུམ་སྟེ། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་དག་ཡིན་ལ། དེ་དག་ཀྱང་མ་རིག་པའི་དབང་གིས་འགྱུར་རོ། །དེ་རྣམས་ཀྱང་རོ་མྱོང་དང་མཚུངས་ལྡན་གྱི་བསམ་གཏན་སྒོམ་པ་ དང་། བསམ་གཏན་ལ་བརྟེན་ནས་རྟག་སོགས་ཀྱི་ལྟ་བ་བསྐྱེད་པ་དང་། བདག་ནི་བསམ་གཏན་བཞི་པ་ཐོབ་ཀྱི་གཞན་ནི་མ་ཡིན་སྙམ་དུ་རློམ་པའོ། །སྲེད་པ་ཤས་ཆེ་བའང་ཡིན་ལ་བསམ་གཏན་པའང་ཡིན་པས་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་སྟེ་སྲེད་པ་ལྷག་པ་ཞེས་པའི་ཐ་ཚིག་ གོ། གསུམ་པ་འཕྲོས་དོན་ནི། མགོ་གཅིག་དང་ནི་རྣམ་ཕྱེ་དང་། །དྲི་དང་བཞག་པར་ལུང་བསྟན་པ། །འཆི་དང་སྐྱེ་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །མདོ་ལས། ལུང་མ་བསྟན་དངོས་པོ་བཅུ་བཞི་གསུང་བ་ནི་དགེ་མི་དགེ་ལུང་མ་བསྟན་གྱི་ཟླས་དབྱེའི་ལུང་མ་བསྟན་ཡིན་ནམ་ཞེ་ན། མ་ཡིན་ཏེ། གང་ཞིག་བཞག་པར་བྱ་བ་ཉིད་ཀྱིས་ལུང་མ་བསྟན་ཅིང་མ་བཤད་པའི་དྲི་བ་དེ་ནི་ལུང་དུ་མ་བསྟན་པ་ 3-1-174a ཡིན་ལ། དེའི་དངོས་པོའི་གཞི་ན་དེ་ཙམ་དུ་ཟད་པས་ལུང་དུ་མ་བསྟན་པ་ཞེས་བརྗོད་པར་བས་པའི་ཕྱིར། དེའང་སེམས་ཅན་ཐམས་ཅད་འཆི་འམ་ཞེས་འདྲི་ན་འཆི་ཞེས་མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་ལྟ་བུ་དང་ནི། སེམས་ཅན་ཤི་བ་ཐམས་ཅད་སྐྱེའམ་ཞེས་འདྲི་ན་ ཉོན་མོངས་པ་རྣམས་སྐྱེ་བར་འགྱུར་གྱི། ཉོན་མོངས་མེད་པ་རྣམས་མ་ཡིན་ནོ་ཞེས་རྣམ་པར་བྱེ་སྟེ་ལུང་བསྟན་པར་བྱ་བ་ལྟ་བུ་དང་། མི་འདི་འགྲོ་བ་ཁྱད་པར་དུ་འཕགས་པའམ། དམན་པ་ཡིན་ཅེས་འདྲི་ན། གང་ལ་བལྟོས་ནས་འདྲི་ཞེས་དྲིས་ནས་ལུང་བསྟན་པར་བྱ་སྟེ། ལྷ་ལ་བལྟོས་ནས་ཟེར་ན་དམན་ལ། ངན་སོང་ལ་བལྟོས་ ནས་ཟེར་ན་ཁྱད་པར་དུ་འཕགས་ཞེས་ལུང་བསྟན་པར་བྱ་བ་དང་། ཅི་ཕུང་པོ་རྣམས་ལས་བདག་གམ་སེམས་ཅན་གཞན་ནམ་གཞན་མ་ཡིན་ཅེས་སོགས་འདྲི་ན། བདག་གམ་སེམས་ཅན་གྱི་རྫས་མེད་པའི་ཕྱིར་དང་། ཁྱད་གཞི་བདག་མེད་པར་ སྨྲས་ན་སྐྲག་པ་སྐྱེ་ལ། གང་རུང་གི་མཐའ་ལ་ལན་བཏབ་ན་བདག་ལྟར་འགྱུར་བས་བཞག་པར་བྱ་སྟེ། མོ་གཤམ་གྱི་བུ་སྔོ་བསངས་དཀར་ཤམ་ཞེས་བྱ་བ་བཞིན་ནོ། །འོ་ན་ལན་ལ་ཞལ་རོག་ཏུ་བཞུགས་ནས། ལུང་བསྟན་པར་ཅི་ལྟ་རུང་ཞེ་ན། ལན་གདབ་པའི་འོས་མ་ཡིན་ པས་ལུང་མ་བསྟན་ཏོ་ཞེས་ལུང་བསྟན་པ་ཞེས་སྒྲ་སྦྱོར་བས་ཉམས་པ་མེད་དོ། །ཡང་བཙུན་པ་ར་མ་ན་རེ། འཆི་བ་ཐམས་ཅད་སྐྱེ་བར་འགྱུར་རམ་བྱ་བ་དེ་ཕྱེ་སྟེ་ལུང་བསྟན་པ་མིན། མགོ་གཅིག་ཏུ་ལུང་བསྟན་པ་ཡིན་ཏེ། འཆི་བ་ཐམས་ཅད་སྐྱེ་བ་ལ་དགྲ་བཅོམ་པ་གྲོངས་པ་སྐྱེ་བས་ ཁྱབ། དཔེར་ན་ཤིང་ཐམས་ཅད་ཡོད་པ་ལ་ཤ་བ་ཡོད་པས་ཁྱབ་པ་ལ། ཤ་པ་མེད་ན་ཤིང་ཐམས་ཅད་མེད་པ་ཡིན། དེ་དང་འདྲ་བར་དགྲ་བཅོམ་པ་གྲོངས་པ་མི་སྐྱེ་ཙམ་ན་འཆི་བ་ཐམས་ཅད་མི་སྐྱེ་བྱ་བར་ལུང་བསྟན་པ་ཡིན་སྙམ་ནས་དེ་སྐད་དུ་བརྗོད་ཅེས་ཟེར་རོ། །དེ་ལྟར་ལན་ 3-1-174b གདབ་ཏུ་མི་རུང་སྟེ། བཏབ་ན་ལན་འདེབས་པ་པོས་ཏེ་དགྲ་བཅོམ་པ་ལ་བསམས་ཏེ། དེ་སྐད་ལན་བཏབ་ཀྱང་ཉན་པ་པོས། ཐམས་ཅད་སྐྱེ་བ་ལ་དགྲ་བཅོམ་པ་གྲོངས་པ་སྐྱེ་བས་ཁྱབ་པ་ལ་ཁྱབ་བྱེད་མེད་པས་ཐམས་ཅད་ཀྱི་བྱེ་བྲག་དགྲ་བཅོམ་ཙམ་མི་སྐྱེ་བར་མི་གོ་བས་རྒྱང་འཕེན་པ་བཞིན་དུ་རངས་ པ་མི་སྐྱེ་བར་མཐོང་ནས་འོང་བས་དེ་སྐད་དུ་ལན་གདབ་པ་མ་ཡིན་པའི་ཕྱིར། སློབ་དཔོན་གྱིས། འདི་ཕྱེ་སྟེ་ལན་གདབ་པ་བྱེ་སྨྲའི་དཔེར་བརྗོད་འདི་ཁོ་ན་ལྟར་རུང་ངོ་། །ཞེས་སོ། །ཡང་བཙུན་པ་ར་མ་ན་རེ། དྲི་སྟེ་ལུང་བསྟན་པ་དེ་ཡང་དྲི་མི་དགོས་པར་མཆོག་དམན་གཉིས་ཀར་མགོ་ གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་ཏེ། དཔེར་ན་རྣམ་པར་ཤེས་པ་ནི་ཕྱི་མའི་རྒྱུ་ཡང་ཡིན་ལ་སྔ་མའི་འབྲས་བུའང་ཡིན་པས། རྒྱུ་འབྲས་གཉིས་ཡིན་པ་བཞིན་དམན་མཆོག་གཉིས་ཀར་མགོ་གཅིག་ཏུ་ལུང་བསྟན་བྱར་གྲུབ་པའི་ཕྱིར་ཞེས་ཟེར་རོ། །དེ་མི་འཐད་དེ། ཁོ་བལྟོས་ ས་གཅིག་ལ་བལྟོས་པའི་མཐའ་གཅིག་ཏུ་གང་ཡིན་འདྲི་བ་ལ། གཉིས་ཀར་ལན་བཏབ་ན་ཁོའི་འདོད་པ་མི་ཚིམ། ཁོའི་འདོད་པ་ཚིམ་པར་བྱ་བའི་ཆེད་དུ་དྲིས་ནས། དུད་འགྲོ་ལ་བལྟོས་པའི་བཟང་བ་ཁོ་ན་བྱ་བའམ། ལྷ་ལ་བལྟོས་པའི་ངན་པ་ཁོ་ན་བྱ་བར་ལུང་སྟོན་པ་དེའང་ འགྲོ་བའི་དབང་དུ་བྱས་པ་ཡིན་ལ། གཞན་གྱི་དབང་དུ་བྱས་པའི་ལྷ་བས་མི་བཟང་བ་ཡོད་པའི་ཕྱིར། ཡང་བཞག་སྟེ་ལུང་བསྟན་དེ་ཡང་བཞག་ན་ལུང་བསྟན་པར་ཅི་ལ་འོང་། འོ་ན་དེ་ཡང་བདག་རང་མེད་པར་ཕུང་པོ་དང་གཅིག་དང་ཐ་དད་ཅིག་ཅི་ལ་འོང་ཞེས་དེ་སྐད་ ལུང་བསྟན་སྙམ་ན། དེ་ཡང་མི་འཐད་དེ། དེ་ནི་ལུང་བསྟན་དུ་མི་རུང་བ་ཡིན། སངས་རྒྱས་ལ་ཕྱི་རོལ་པ་ན་རེ། བྱེའུ་འདི་ཤི་བ་ཡིན་ནམ་མ་ཤི་བ་ཡིན་ཟེར་བ་ལ། ཤི་བ་ཡིན་བྱས་ན་བྱིའུ་སྤུར་ནས་ཐམས་ཅད་མཁྱེན་པར་མི་འདུག་ཟེར་ནས་འོང་། མ་ཤི་བ་ཡིན་བྱས་ན་ 3-1-175a གསོད། དེ་ལུང་བསྟན་དུ་མི་རུང་། དེ་དང་འདྲ་བར་གོང་མ་སྐད་དུ། བདག་རང་མེད་བྱས་ན་བཏགས་པའི་བདག་ཕུང་པོ་ལྔའི་རྒྱུན་ལ་སྐུར་བ་བཏབ་པས་ལས་རྒྱུ་འབྲས་ལ་སྐུར་བ་བཏབ་པར་འགྲོ། བདག་ཡོད་བྱས་ན་རྐྱ་བསྐྱོན་ནས་ཤིན་ཏུ་ ཡང་བདག་འཛིན་སྐྱེ། དེས་ན་ལུང་བསྟན་དུ་མི་རུང་བས་ལུང་མི་བསྟན་ཅིང་། བཞག་ནས་ཟབ་དོན་རྟོགས་སུ་མི་རུང་བར་བསྟན་ཏོ། །འོ་ན་ལུང་མ་བསྟན་པ་དེ་ལུང་བསྟན་པར་འོང་ངོ་སྙམ་ན། འོང་སྟེ། ལན་གདབ་ཏུ་མི་རུང་བར་ལུང་བསྟན་པ་ཡིན་པའི་ཕྱིར། ཆོས་མངོན་པ་བ་ ན་རེ། སངས་རྒྱས་དང་དེའི་ལེགས་པར་བཤད་པའི་ཆོས་དང་། ཉན་ཐོས་ཀྱི་དགེ་འདུན་ལེགས་པར་ཞུགས་པ་དང་། གཟུགས་ནས་རྣམ་ཤེས་ཀྱི་བར་མི་རྟག་པ་དང་། སྡུག་བསྔལ་གདགས་པ་ནས་ལམ་གདགས་པའི་བར་ནི། དོན་དང་ཡང་དག་པར་ལྡན་པའི་ཕྱིར་མགོ་གཅིག་ ཏུ་ལུང་བསྟན་པར་བྱའོ། །རྣམ་པར་ཕྱེ་སྟེ་ལུང་བསྟན་པ་ནི། འགའ་ཞིག་ཆོས་དག་སྨྲོས་ཤིག་ཟེར་ན། དུས་གསུམ་གྱི་ཆོས་མང་པོ་ཡོད་ན་གང་སྨྲ་ཞེས་བརྗོད་པར་བྱའོ། །འདས་པ་སྨྲོས་ཤིག་ཟེར་ན། གཟུགས་ནས་རྣམ་མཁྱེན་གྱི་བར་མང་དུ་ཡོད་ན་གང་ཞེས་བརྗོད་དོ། གཟུགས་ སྨྲོས་ཞེ་ན། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ན་གང་ཞེས་བརྗོད་པར་བྱའོ། །དགེ་བ་སྨྲོས་ཟེར་ན་སྲོག་གཅོད་སྤོང་བ་ནས་ཀྱལ་བ་སྤོང་བའི་བར་བདུན་ཡོད་ན་ཞེས་བརྗོད་པར་བྱའོ། །སྲོག་གཅོད་སྤོང་བ་སྨྲོས་ཟེར་ན། དེ་ལ་ཡང་མ་ཆགས་པ་དང་། སྡང་བ་མེད་པ་དང་། གཏི་ མུག་མེད་པ་ལས་སྐྱེས་པ་གསུམ་ཡོད་པ་ལས། མ་ཆགས་པ་ལའང་རིག་བྱེད་དང་རིག་བྱེད་མིན་པ་གཉིས་ཡོད་ན་ཞེས་སོགས་ཁོངས་ནས། རིག་བྱེད་མིན་པ་ལ་ཡང་སྡོམ་པས་བསྡུས་པ་སོགས་གསུམ་ཡོད་ན། སྡོམ་པ་ལའང་སོ་སོར་ཐར་པ་དང་། བོ་དྷིའི་ཡོད་ན་སོ་ཐར་ལའང་དགེ་ 3-1-175b སློང་ལ་སོགས་པ་བཞི་ཡོད་ན་ཞེས་རྣམ་པར་ཕྱེ་སྟེ་བརྗོད་པར་བྱའོ། །འདྲི་བ་པོ་གཡོན་ཅན་རྣམ་པར་ཐོ་འཚམས་པའི་བསམ་པ་ཅན་གྱི་འདྲི་བ་ལུང་བསྟན་པ་ལའང་རྣམ་པར་ཕྱེ་སྟེ་ལུང་བསྟན་པའི་དྲི་ཚིག་དེ་ཉིད་ཡིན་ནོ། །དེ་ལ་ནི་ཆོས་མང་པོ་ཞིག་ཡོད་ན་ཞེས་བརྗོད་པར་བྱའི། འདས་ སོགས་རྣམ་པར་དབྱེ་བ་ནི་མི་བྱ་སྟེ། འདྲི་བ་པོས་འདྲི་མི་འདོད་པས་ཅང་མི་སྨྲ་བའམ། འདྲི་འདོད་གང་ཡིན་ལུང་སྟོན་དུ་གཞུག་པའི་ཆེད་ཡོད་པའི་ཕྱིར། དགོས་པ་དེ་ཡོད་པའི་ཐ་ཚིག་གོ་ཞེས་ཟེར་རོ། །བཙུན་པ་ར་མ་ན་རེ། གང་གི་ཚེ་གཡོ་ཅན་དང་གཡོ་མེད་པ་དེ་གཉིས་ཅུང་ ཟད་ཀྱང་མི་འདྲིའི། ཆོས་བཤད་དུ་གསོལ་ཞེས་གསོལ་བ་འདེབས་པ་འབའ་ཞིག་ཏུ་ཟད་ལ། གཡོ་ཡོད་མེད་གཉིས་ལའང་ཆོས་གཟུགས་སོགས་ཀྱི་དབྱེ་བ་ཅུང་ཟད་ཀྱང་ལུང་མི་སྟོན་གྱི། གང་བཤད་པར་བྱ་ཞེས་འདྲི་བ་འབའ་ཞིག་ཏུ་ཟད་ན། དེ་ཇི་ལྟར་གཡོ་ཡོད་མེད་གཉིས་ ཀྱི་དྲི་བ་ཇི་ལྟར་ཡིན། ཇི་ལྟར་ན་ཆོས་མངོན་པ་པའི་ལུང་སྟོན་པ་ཡིན་ཅེས་དོགས་པ་སྐྱེས་པ་ལ། སློབ་དཔོན་གྱིས་ར་མའི་བསམ་པ་བླངས་ནས་དོགས་པ་བཅད་པ་ནི། དབྱེ་བ་རྒྱས་པར་མི་ཤེས་ཀྱང་ལམ་སྨོས་ཤིག་ཅེས་ཟེར་ན་ལམ་གང་ཞིག་ཡིན་ཅེས་དེས་ལམ་མ་དྲིས་པ་མ་ཡིན་ པ་བཞིན་དུ་ཆོས་བཤད་དུ་གསོལ་སྨྲ་བས་ཀྱང་། ཆོས་གང་ཞིག་ཡིན་ཅེས་ཆོས་མ་དྲིས་པ་མ་ཡིན་ལ། འདྲི་བ་དེ་ཉིད་ཀྱིས་ལན་བཏབ་པ་པོས་ལན་ལུང་དུ་བསྟན་པའི་ཕྱིར། ཇི་ལྟར་དྲིས་ནས་ལུང་དུ་བསྟན་པ་མ་ཡིན་ནམ་སྟེ་ཡིན་པར་གྲུབ་བོ། །ངག་དོན་དྲི་བ་བོ་ལ་ལན་བཏབ་པོས་ཆོས་ མང་པོ་ཞིག་ཡོད་ན་གང་དག་སྨྲ་བར་བྱ་ཞེས་འདྲི་བ་ཉིད་ཀྱི་སྒོ་ནས་ལན་ལུང་དུ་བསྟན་འདོད་པའི་ཆེད་དུ་ཡིན་ཏེ། ཤེས་འདོད་ཀྱི་ཆོས་མང་བ་ཉིད་ལས་གང་ཡིན་ཅེས་ལུང་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བཞག་པར་བྱ་བ་ནི་འཇིག་རྟེན་མཐའ་ཡོད་པའམ་མེད་པ་ཞིག་ཅེས་ 3-1-176a སོགས་སོ། །དྲི་བ་ལུང་བསྟན་པ་རྣམས་ཀྱི་མཚན་ཉིད་ནི་མདོ་ཁོ་ན་ལས་བལྟ་སྟེ། དགེ་འདུན་ཕལ་ཆེན་སྡེ་རྣམས་མདོ་ལས། དགེ་སློང་དག་བཞི་པོ་འདི་དག་ནི་དྲི་བ་ལུང་བསྟན་པ་ཡིན་ཏེ། དགེ་སློང་དག་མགོ་གཅིག་ཏུ་ལུང་བསྟན་བྱའི་འདྲི་བའང་ཡོད་ལ། བཞག་བྱའི་བར་དུ་ཡོད། མགོ་གཅིག་ཏུ་ལུང་བསྟན་བྱ་ནི་འདུ་བྱེད་ཐམས་ཅད་མི་རྟག་གམ། ཞེས་འདྲི་བའོ། །རྣམ་པར་ཕྱེ་སྟེ་ལུང་བསྟན་པའི་བྲི་བ་ནི། ཆེད་དུ་བསམ་བྱའི་ལས་བྱས་ན་བདེ་སོགས་ཅི་ཞིག་སོ་སོར་ཡང་དག་པར་མྱོང་བར་འགྱུར་ཞེས་འདྲི་བ་ལ། དགེ་བ་ ཟག་བཅས་ཀྱི་བདེ་བ་དང་། མི་དགེ་བས་སྡུག་བསྔལ་མྱོང་ཞེས་ཕྱེ་སྟེ་ལུང་བསྟན་པའི་འདྲི་བ་ཡིན་ནོ། །དགེ་སློང་དག་དྲིས་ནས་ལུང་བསྟན་བྱའི་འདྲི་བ་ནི། འདུ་ཤེས་སྐྱེས་བུའི་བདག་ཉིད་ཡིན་ནམ། འོན་ཏེ་འདུ་ཤེས་ཀྱང་གཞན་ཞིག་ལ་བདག་ཀྱང་གཞན་ཞིག་ཅེས་ འདྲི་ན། ཚེ་དང་ལྡན་པ་ཁྱོད་བདག་གང་ཡིན་པར་ཡིད་ཆེས་ཞེས་འདྲི་བར་བྱའོ། །ཚེ་དང་ལྡན་པ་རགས་པ་གཟུགས་བདག་ཡིན་ནོ་ཟེར་ན། ལན་དུ་འདུ་ཤེས་ཀྱང་གཞན་ལ། བདག་ཀྱང་གཞན་ནོ་ཞེས་བརྗོད་པར་བྱའོ། །ཡང་བདག་དེ་གཟུགས་ཅན་མ་ཡིན་པ་ཡིན་ནོ་ ཟེར་ན། འོ་ན་འདུ་ཤེས་དང་ཁྱོད་ཀྱིས་བརྟགས་པའི་བདག་དེ་གཅིག་ཏུ་འགྱུར་གྱི། འདུ་ཤེས་ཀྱི་བདག་ཉིད་ལས་སྐྱེས་བུ་གཞན་དུ་མ་དམིགས་པས་དྲིས་ནས་ལུང་བསྟན་བྱའི་འདྲི་བ་ཡིན་ནོ། །འདིར་དྲིས་ཏེ་ལུང་བསྟན་དང་གོང་གི་བཞག་པའི་ལུང་བསྟན་གཉིས་དོན་གཅིག་པ་ ལ་གོང་དུ་བཞག་པའི་ལུང་བསྟན་དུ་འགྲོ་ལ། འདིར་དྲིས་ཏེ་ལུང་བསྟན་དུ་འགྲོ་བ་ཇི་ལྟར་ཡིན་སྙམ་ན། འདྲི་བ་པོའི་བསམ་པ་ལ་བལྟོས་ནས་ཐ་དད་དེ། འོ་ན་སྐྱེས་བུའི་བདག་དེ་རྟག་པ་དང་གཅིག་པུ་ལ་འདྲི་བ་པོའི་བློ་གཏད་ན་བཞག་སྟེ་ལུང་བསྟན་ཡིན། སྐྱེས་བུའི་བདག་ 3-1-176b དེ་གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པ་ལ་འདྲི་བ་པོ་བློ་གཏད་ན་དྲིས་ཏེ་ལུང་བསྟན་པ་ཡིན་ནོ། །བཞག་པར་བྱ་བའི་འདྲི་བ་ནི་འཇིག་རྟེན་རྟག་གམ་མི་རྟག །རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག་པ་ཞིག་གམ། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ཞིག་གམ། མཐའ་ཡོད་པ་ཞིག་གམ། མཐའ་ཡོད་པ་མ་ཡིན་པ་ཞིག་གམ། མཐའ་ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་ཞིག་གམ། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་པ་ཞིག་གམ། ལུས་དེ་ཉིད་སྲོག་གམ། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་འདྲི་བ་སྟེ་འདི་ནི་དགེ་སློང་དག་བཞག་ པར་བྱ་བའི་འདྲི་བ་ཡིན་ཅེས་འདོན་ཏོ། །ལྔ་པ་དུས་གསུམ་ལ་ཕྲ་རྒྱས་གང་ལྡན་པ་ལ། དངོས་པོ་གང་དང་ལྡན་པ། དུས་གསུམ་དཔྱད་པ། སྤངས་ཀྱང་ལྡན་པ། ཆོས་གང་སེམས་གང་གི་ཡུལ་ཡིན་པའོ། །དང་པོ་ལ། རང་གི་མཚན་ཉིད་པའི་ལྡན་ཚུལ་དང་། སྤྱིའི་མཚན་ ཉིད་པའི་ལྡན་ཚུལ་ལོ། །དང་པོ་ལ། དུས་གཉིས་ཀྱི་ལྡན་ཚུལ་དང་། མ་འོངས་པའི་ལྡན་ཚུལ་ལོ། །དང་པོ་ནི། འདས་དང་ཉེར་གནས་འདོད་ཆགས་དང་། །ཁོང་ཁྲོ་ང་རྒྱལ་དག་གིས་ནི། །གང་ལ་དེ་སྐྱེས་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །གང་ཟག་གང་གིས་ཕྲ་རྒྱས་གང་ཞིག་དམིགས་པ་གང་ལ་རྒྱས་པར་འགྱུར་བ་དེ་ནི་ཕྲ་རྒྱས་དེས་དམིགས་པ་དེ་དང་ལྡན་པ་ཡིན་ནོ། །མཚུངས་ལྡན་གྱི་སྒོ་ནས་ དམིགས་པ་དེ་ཡང་ལྡན་པར་བྱེད་དོ། །དེ་ཡང་འདས་པ་དང་ད་ལྟ་བའི་ལྡན་ཚུལ་བརྗོད་པར་བྱ་སྟེ། བསྡུ་ན། འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་ནི། ཡུལ་སྡུག་པ་དང་མི་སྡུག་པ་སོ་སོ་ལ་དམིགས་ནས་སྐྱེ་བས་གཞི་དང་བཅས་པ་ཡིན་པའི་ཕྱིར། རང་གི་མཚན་ཉིད་པའི་ ཉོན་མོངས་སོ། །ལྟ་བ་དང་ཐེ་ཚོམ་ཡིད་ཀྱི་ས་པ་ཁོ་ན་དང་། མ་རིག་པ་ལ་སྒོ་ལྔའི་འཁོར་དུ་སྐྱེས་པ་དང་ཡིད་ཀྱི་འཁོར་དུ་ཡོད་པ་གཉིས་ལས། ཡིད་ཀྱི་ས་པའི་མ་རིག་པ་ནི། སྤྱིར་བདེ་སྡུག་བཏང་སྙོམས་མྱོང་འགྱུར་ལ་དམིགས་ནས་སྐྱེ་བས་གཞི་སོ་སོར་མེད་པ་ཡིན་པའི་ཕྱིར་ཉོན་ 3-1-177a མོངས་པ་སྤྱི་པའོ། །དེ་ལ་རེ་ཞིག །དེ་ལ་ཡུལ་གྱི་དངོས་པོ་གང་ལ་འདས་པ་དང་ད་ལྟ་ཉེ་བར་གནས་པའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དག་གིས་ནི་ཡུལ་གང་ལ་དེ་རྣམས་སྐྱེས་ལ། མ་སྤངས་པའི་ཡུལ་གྱི་དངོས་པོ་དེ་དང་གང་ཟག་དེ་ ལྡན་པ་ཡིན་ཏེ། དེ་དག་རང་གི་མཚན་ཉིད་པའི་ཉོན་མོངས་ཡིན་པའི་ཕྱིར། ཐག་པས་གླང་བུ་འགིང་ཕུར་ལ་བཏགས་པ་དང་འདྲའོ། །ཡུལ་ནི་འགིང་ཕུར་ལྟ་བུ། ཉོན་མོངས་ནི་བརྟོད་ཐག་ལྟ་བུ། བརྟོད་ཐག་མ་བཅད་བར་དུ་གླང་བུ་དེ་འགིང་ཕུར་དང་ལྡན། དེ་དང་འདྲ་བར་ བརྟོད་ཐག་ཉོན་མོངས་མ་སྤངས་ཀྱི་བར་ཡུལ་དེ་དང་ལྡན་པ་ཡིན་ནོ། །དེའང་ཡིད་ཀྱི་འདས་པས་ཀྱང་ཡུལ་གསུམ་ག་དང་ལྡན། ཡིད་ཀྱི་ད་ལྟར་གྱིས་ཀྱང་དུས་གསུམ་ཀའི་ཡུལ་དང་ལྡན། སྒོ་ལྔའི་ཉོན་མོངས་ནི་འདས་པས་ཡུལ་འདས་པ་ཁོ་ན་དང་ལྡན། ད་ལྟར་གྱིས་ཡུལ་ད་ ལྟར་བ་ཁོ་ན་དང་ལྡན་གྱི། གཞན་ལ་དམིགས་པས་དམིགས་ཀྱང་མི་ནུས་ན་ལྡན་པ་ལྟ་ག་ལ་སྲིད་དོ། །ངེས་པར་གང་ཟག་ཐམས་ཅད་ལ་དེ་གསུམ་ཐམས་ཅད་དུ་འབྱུང་བ་མ་ཡིན་ནོ། །གཉིས་པ་ནི། ཡིད་ཀྱི་དེ་དག་མ་འོངས་པས། །ཀུན་དང་གཞན་གྱི་རང་དུས་པ། །མི་སྐྱེ་རྣམས་ཀྱི་ཐམས་ཅད་དང་། །ཡིད་ཀྱི་ས་པའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དེ་དག་མ་འོངས་པ་ ཉིད་ཀྱིས་གང་ལ་མ་སྤངས་པའི་དུས་གསུམ་པའི་དངོས་པོ་ཀུན་དང་ལྡན་ཏེ། ཡིད་ཀྱི་ཡུལ་ནི་དུས་གསུམ་པ་ཡིན་པའི་ཕྱིར། གཞན་རྣམ་ཤེས་ཚོགས་ལྔའི་ཆགས་སྡང་མ་འོངས་པ་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་རང་གི་དུས་པ་མ་འོངས་པའི་དམིགས་པ་ཁོ་ན་དང་ལྡན་ནོ། །ང་རྒྱལ་མ་ སྨོས་པ་ནི། མཐོང་སྤོང་བྱ་ཉིད་ང་རྒྱལ་བཅས། །ཡིད་རྣམ་ཤེས་ཀྱི་ས་པ་ཡིན། །ཅེས་འབྱུང་བས་ང་རྒྱལ་རྣམས་ཡིད་ཀྱི་ཡིན་པའི་ཕྱིར་རོ། །མི་སྐྱེ་བའི་ཆོས་ཅན་གྱི་རྣམ་ཤེས་ཚོགས་ལྔ་རྣམས་ཀྱིས་ཆགས་སྡང་དག་ཉིད་ཀྱིས་དམིགས་བྱའི་དངོས་པོ་དུས་གསུམ་པ་ཐམས་ཅད་ 3-1-177b དང་ལྡན་ནོ། །མི་སྐྱེ་བའི་ཆོས་ཅན་དེ་དག་ནི་མ་འོངས་པའི་དུས་ཁོ་ན་ན་རྣམ་པར་གནས་ལ་དེ་དག་གི་དམིགས་པ་དག་ནི་འཕོ་བར་འགྱུར་རོ། །ཉོན་མོངས་པ་དང་ལྡན་པ་མི་སྐྱེ་བའི་ཆོས་ཅན་རྣམས་ནི་ལྕམ་པ་བཞིན་དུ་ཡུལ་ལ་མངོན་པར་ཕྱོགས་པ་ཁོ་ནར་གནས་ཏེ། འདི་ལྟར་མི་སྐྱེ་ བའི་ཆོས་ཅན་རྣམས་ནི་དམིགས་པ་ལ་དམིགས་ནས་སྐྱེ་བར་འགྱུར་བ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་ཁ་ཅིག་གི་དམིགས་པ་ནི་འདས་པ་ཡིན་ནོ། །ཁ་ཅིག་ནི་ད་ལྟ་ཡིན། ཁ་ཅིག་ནི་མ་འོངས་པ་ཡིན། དེ་དག་ནི་དམིགས་པ་མི་སྐྱེ་བ་ཁོ་ནས་མི་སྐྱེ་བ་མ་ཡིན། འོ་ན་ཅི་ཞེ་ན། རྐྱེན་ མ་ཚང་བའི་ཕྱིར་ཏེ། གྲུབ་པའི་མཐའ་ནི་དངོས་པོ་དེ་རྣམས་ད་ལྟར་དུ་མ་ཚོགས་པ་ཚོགས་པར་བྱེད་དེ་མ་འོངས་པ་ནས་ད་ལྟར་གྱི་སར་བསྐྱེད་ནས་ཚོགས་པར་བྱེད་པ་ན། ཚོགས་པའི་གནས་སྐབས་དེ་འབྲས་བུ། འབྲས་བུ་དེ་འདྲ་བ་བསྐྱེད་པའི་རྒྱུ་ལ་འབྲས་བུ་ཅན་ཡིན། རྫས་ཀྱི་ འབྲས་བུ་ཅན་ནི་རྒྱུ་དེ་མིན་ཏེ། ཡེ་ནས་གྲུབ་པ་དེ་བསྐྱེད་དུ་མེད་དོ། །དེ་ལྟར་ན་ཚོགས་པའི་གནས་སྐབས་ཀྱི་འབྲས་བུ་ཅན་ཡིན་གྱི། རྫས་ཀྱི་འབྲས་བུ་ཅན་མ་ཡིན་ནོ། །མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དེ་ནི། ཡུལ་གཅིག་ཏུ་མ་ཚང་བས་མི་སྐྱེ་བ་མིན། ཡུལ་ཚང་ཡང་དབང་སོགས་ གཞན་མེད་པའི་རྐྱེན་མ་ཚང་བས་ཀྱང་བརྟགས་མིན་འགོག་པར་འགྲོ་ཙམ་ན། ཡུལ་ཡོད་པ་དེ་མ་འོངས་པ་ད་ལྟར་དུ་འཕོས། ད་ལྟར་འདས་པར་འཕོས་ཙམ་ན་ཡུལ་ཇི་ལྟ་བ་བཞིན་དུ་དམིགས་ཏེ་ལྕམ་པ་དང་འདྲའོ། །གཉིས་པ་ནི། ལྷག་མ་ཀུན་གྱིས་ཀུན་དང་ལྡན། །ལྷག་མ་ལྟ་བ་ཐེ་ཚོམ་མ་རིག་པ་དུས་ གསུམ་པ་ཀུན་གྱིས་ཀྱང་ཇི་སྲིད་མ་སྤངས་བར་དུ་དམིགས་བྱ་དུས་གསུམ་པའི་དངོས་པོ་རིས་ལྔ་ཅར་ཀུན་དང་ལྡན་ཏེ་སོ་སོར་ངེས་པ་ལ་མི་དམིགས་པས་ཕུང་པོ་ལྔ་ཅར་ལ་དམིགས་པས་ཉོན་མོངས་པ་སྐྱེ་བ་ཡིན་པའི་ཕྱིར། གཉིས་པ་དུས་གསུམ་དཔྱད་པ་ལ། རང་ལུགས་ 3-1-178a བཀོད་པ་དང་། རྩོད་པ་སྤོང་བའོ། །དང་པོ་ལ། དུས་གསུམ་རྫས་སུ་གྲུབ་པར་དམ་བཅའ་བ། དེའི་སྒྲུབ་བྱེད་འགོད་པ། དེ་བྱེ་སྨྲའི་ལུགས་སུ་བསྟན་པའོ། །དང་པོ་ནི། དུས་རྣམས་ཀུན་ཏུ་ཡོད། །གལ་ཏེ་འདས་མ་འོངས་རྫས་སུ་ཡོད་ན་ནི། འདུས་བྱས་རྟག་པར་འགྱུར་ཏེ། དུས་ཐམས་ཅད་དུ་ཡོད་པའི་ཕྱིར། མེད་ན་དུས་གཉིས་ཀྱི་དངོས་པོ་དེ་དག་དང་ཕྲ་རྒྱས་དེས་ལྡན་པ་དང་བྲལ་བར་ཇི་ལྟར་འགྱུར་ཞེ་ན། བྱེ་སྨྲ་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་འདུ་བྱེད་རྣམས་དུས་སུ་འཕོ་བར་འཇུག་པ་དེའི་ཕྱིར། འདུས་བྱས་རྟག་པའི་མཚན་ ཉིད་མིན་པར་དམ་བཅའ་བའོ། །དུས་ནི་དུས་རྣམས་ཀུན་ཏུ་ད་ལྟ་བཞིན་རང་གི་ངོ་བོས་ཡོད་པར་ནི་གསལ་བར་དམ་བཅའོ། །གཉིས་པ་ལ། ལུང་གི་སྒྲུབ་བྱེད། རིགས་བའི་སྒྲུབ་བྱེད་དོ། །དང་པོ་ནི། གསུངས་ཕྱིར། །གཉིས་ཕྱིར། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གལ་ཏེ་འདས་པའི་གཟུགས་ ཤིག་ཡོད་པར་མ་གྱུར་ན། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། ། གལ་ཏེ་མ་འོངས་པའི་གཟུགས་ཤིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པ་ཡིན་ནོ། །ཞེས་དེ་ལྟར་ཞལ་ནས་གསུངས་པའི་ཕྱིར་རོ། །དགེ་སློང་དག་གལ་ཏེ་ད་ལྟར་བྱུང་བའི་གཟུགས་ཤིག་ཡོད་པར་མ་གྱུར་ན། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ད་ལྟར་བྱུང་བའི་གཟུགས་ལ་ཡིད་འབྱུང་བར་བྱ་ 3-1-178b བ་དང་འདོད་ཆགས་དང་བྲལ་བར་བྱ་བ་དང་འགོག་པར་བྱ་བའི་ཕྱིར། ཞུགས་པར་ཡང་མི་འགྱུར་བ་ཞིག་ན། འདི་ནི་མ་སྨོས་ཏེ་གཉིས་ཀ་ལས་གྲུབ་པའི་ཕྱིར་རོ། །འདི་ཞལ་ནས་མ་ཡིན་ཀྱང་མདོ་གཞན་ལས་ཡིན་ཏེ། རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེའོ། །གཉིས་ གང་ཞེ་ན། མིག་དང་གཟུགས་རྣམས་ནས་ཡིད་དང་ཆོས་ཀྱི་བར་རོ། །འདས་མ་འོངས་མེད་ན་དེ་ལ་དམིགས་པའི་རྣམ་ཤེས་ནི་གཉིས་ལ་བརྟེན་པར་མི་འགྱུར་བ་ཞིག་ན་གཉིས་ལ་བརྟེན་ནས་སྐྱེ་བར་གསུངས་པའི་ཕྱིར། གཉིས་པ་ནི། ཡུལ་ཡོད་ཕྱིར་འབྲས་ཕྱིར། །འདས་མ་འོངས་རང་དུས་སུ་ཡོད་པ་ཡིན་ཏེ། ཡུལ་དམིགས་པ་ཡོད་ན་རྣམ་ཤེས་སྐྱེའི། མེད་ན་མི་སྐྱེ་བའི་ཕྱིར། གྲུབ་སྟེ། རྣམ་ཤེས་ཡུལ་ཡོད་པ་ལ་དམིགས་པ་ཁོ་ན་ཡིན་ན་དམིགས་པའི་ངོ་བོ་ཉིད་དུ་སྐྱེ་དགོས་ལ། དེ་ལྟར་མ་ཡིན་ན་དེར་མི་རིགས་པའི་ཕྱིར། རྗེས་འགྲོའི་དཔེ་མིག་ཤེས་བཞིན་ནོ། །གལ་ཏེ་འདས་པ་ དང་མ་འོངས་པ་ད་ལྟར་གྲུབ་པ་མེད་ན། དེ་ལ་དམིགས་པའི་ཤེས་པ་ཆོས་ཅན། རྣམ་ཤེས་སུ་མི་འགྱུར་བར་ཐལ། དམིགས་པ་མེད་པའི་ཕྱིར་ཏེ། འདས་མ་འོངས་རང་དུས་དེར་མེད་པའི་ཕྱིར། དེ་ལྟར་གྲུབ་པས་ད་ལྟར་དུ་ཐལ་བ་ཡང་མི་འགྱུར་ཏེ། རང་གི་བྱ་བ་སྐྱེ་ལ་མ་ འགགས་པ་མ་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན་འདུས་མ་བྱས་ལ་ཡང་ཐལ་བར་འགྱུར་རོ། །ཡང་འདས་མ་འོངས་ཡོད་པ་ཁོ་ན་སྟེ། རྣམ་སྨིན་གྱིས་འབྲས་བུ་བསྐྱེད་པའི་ཕྱིར། ཁྱབ་པ་ཡོད་དེ། འདས་པ་མེད་ན་ཚེ་ཕྱི་མ་ལ་ལས་དགེ་མི་དགེའི་འབྲས་བུ་མི་འབྱུང་བར་ཐལ། ཚེ་ཕྱི་མའི་འབྲས་བུའི་ཚེ་རྣམ་སྨིན་གྱི་རྒྱུ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། འབྲས་བུ་རྒྱུའི་རྗེས་སུ་འགྲོ་བའི་ཕྱིར། ཡང་དགེ་བ་དང་མི་དགེ་བའི་ལས་འདས་པ་ནི་རང་གི་ངོ་བོར་ཡོད་པ་ཡིན་ཏེ། སྨིན་པའི་ཚེ་འབྲས་བུ་འབྱུང་པའི་ཕྱིར། ད་ལྟར་གྱིས་མ་འོངས་པ་དངོས་སུ་བསྐྱེད་ 3-1-179a པ་བཞིན་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་འདས་པས་ཀྱང་རྣམ་སྨིན་དངོས་སུ་བསྐྱེད་པར་འདོད་པས་འདས་པ་ཡོད་ལ། འདས་པ་མེད་ན་འདས་པས་རྣམ་སྨིན་དངོས་སུ་བསྐྱེད་པའང་མི་འཐད་དོ། །གསུམ་པ་དེ་བྱེ་སྨྲའི་ལུགས་སུ་བསྟན་ པ་ལ། དངོས་དང་། གྲུབ་མཐའི་དབྱེ་བ། ལུགས་བཞི་པོ་གང་བཟང་བརྟགས་པའོ། །དང་པོ་ནི། དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད། །ཡོད་པར་སྨྲ་བར་འདོད། ཐམས་ཅད་ཡོད་སྨྲ་ཡིན་ཕན་ཆད་ངེས་པར་འདི་ཁས་བླངས་དགོས་ཞེས་གྲག་སྟེ། དུས་གསུམ་པོ་དེ་ཐམས་ཅད་ཡོད་པར་སྨྲ་བའི་ཕྱིར་དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་ བར་འདོད་ཀྱི། ད་ལྟ་བ་དང་འབྲས་བུ་མ་བསྐྱེད་པའི་ལས་འདས་པ་ནི་ཡོད་ལ། མ་འོངས་པ་དང་འབྲས་བུ་བསྐྱེད་ཟིན་འདས་པ་ནི་མེད་ཅེས་སྨྲ་བ་ནི་རྣམ་པར་ཕྱེ་སྟེ་སྨྲ་བའོ། །གཉིས་པ་ནི། དེ་དག །རྣམ་བཞི་དངོས་དང་མཚན་ཉིད་དང་། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །ཐམས་ཅད་ཡོད་པར་སྨྲ་བ་དེ་དག་ཀྱང་ལུགས་རྣམ་པ་བཞི་སྟེ། བཙུན་པ་ཆོས་སྐྱོབ་ན་རེ། དུས་གསུམ་གྱི་དངོས་པོ་རྣམས་མ་འོངས་པ་ནས་ད་ལྟ་དང་། ད་ལྟ་ནས་འདས་པའི་དུས་སུ་འཇུག་པ་ན་དངོས་པོ་གཞན་དུ་འགྱུར་གྱི། རྫས་གཞན་དུ་འགྱུར་བ་མ་ཡིན་ཏེ། རང་བཞིན་འཁྲུལ་པ་མེད་པའི་ཕྱིར། དཔེར་ན། གསེར་སྣོད་བཅོམ་ནས་གཞན་དུ་བྱེད་པ་ན་དབྱིབས་ གཞན་དུ་འགྱུར་གྱི། ཁ་དོག་གཞན་དུ་མི་འགྱུར་བ་དང་། འོ་མ་ཞོར་འགྱུར་ན་རོ་ནུས་སྨིན་པ་འདོར་གྱི། ཁ་དོག་མ་ཡིན་པ་བཞིན་མ་འོངས་པའི་དུས་ནས་ད་ལྟར་བྱུང་བའི་དུས་སུ་འོང་བ་ན། མ་འོངས་པའི་དངོས་པོ་འདོར་གྱི་རྫས་མི་འདོར་བ་དང་། ད་ལྟའི་དུས་ནས་འདས་ དུས་སུ་འགྲོ་བ་ན་ད་ལྟ་བ་འདོར་གྱི། རྫས་མི་འདོར་བ་ཞེས་ཟེར་རོ་ཞེས་གྲག་གོ། ལུགས་འདི་ལ་སྙིང་པོ་མ་མཐོང་སྟེ། རྫས་དང་དངོས་པོ་གཅིག་ཡིན་ན། རྫས་གཞན་དུ་མི་འགྱུར་བ་བཞིན་དངོས་པོ་གཞན་དུ་མི་འགྱུར་བའམ། ཡང་ན་དངོས་པོ་གཞན་དུ་འགྱུར་བ་བཞིན་ 3-1-179b རྫས་ཀྱང་གཞན་དུ་འགྱུར་བར་རིགས། ཐ་དད་ན་རྫས་མི་འགྱུར་བ་ནམ་མཁའ་དང་འདྲ། དངོས་པོ་འགྱུར་བ་བུམ་པ་དང་འདྲ་ཙམ་ན། ཤེས་བྱ་ཐམས་ཅད་ལ་ཕྱེད་མར་གཤགས་ནས་ཁ་ཅིག་རྟག །ཁ་ཅིག་མི་རྟག་པར་འགྲོའོ། །བཙུན་པ་དབྱངས་སྒྲོག་ནི། མཚན་ཉིད་ གཞན་དུ་འགྱུར་བ་ཡིན་ཏེ། དུས་གསུམ་གྱི་ཆོས་རྣམས་དུས་སུ་འཇུག་པ་ན། འདས་པ་ནི་འདས་པའི་མཚན་ཉིད་དང་ལྡན་ལ། མ་འོངས་པ་དང་ད་ལྟར་བྱུང་བའི་མཚན་ཉིད་ཅུང་ཟད་དང་མི་ལྡན་པ་མིན་ནོ། །མ་འོངས་པ་ནི་མ་འོངས་པའི་མཚན་ཉིད་དང་ལྡན་ལ། འདས་ ད་ལྟ་དག་གི་མཚན་ཉིད་ཅུང་ཟད་ཅིག་མི་ལྡན་པ་མ་ཡིན་ནོ། །ད་ལྟར་བྱུང་བ་ནི་དེ་བྱུང་གི་མཚན་ཉིད་དང་ལྡན་ལ། འདས་མ་འོངས་གྱི་མཚན་ཉིད་ཅུང་ཟད་ཅིག་མི་ལྡན་པ་མ་ཡིན་ཏེ། དངོས་པོ་གཅིག་ཉིད་དུས་གསུམ་གྱི་མཚན་ཉིད་དང་ལྡན་པས་མཚན་ཉིད་ཐ་དད་པའི་ སྒོ་ནས་དུས་གསུམ་དུ་བཞག་པའི་ཕྱིར་དང་། དེ་དག་ལ་དུས་གཞན་གྱི་མཚན་ཉིད་གཏན་མེད་པ་དང་། རྫས་ཐ་དད་པ་ནི་མ་ཡིན་པའི་ཕྱིར། དཔེར་ན་སྐྱེས་པ་བུད་མེད་གཅིག་ལ་ལྷག་པར་ཆགས་ཚོད་དུ་བུད་མེད་གཞན་ལ་མ་ཆགས་ཀྱང་འདོད་ཆགས་ཀྱི་ཐོབ་པ་ཁོ་ན་ ཡོད་ཀྱི། ཀུན་ཏུ་འབྱུང་བ་མ་ཡིན་པས་བུད་མེད་གཞན་ལ་ཆགས་པ་དང་མ་བྲལ་བ་བཞིན་དུ་འདས་པ་འདས་པའི་མཚན་ཉིད་དང་ལྡན་ཚོད་དུ། ད་ལྟར་དང་མ་འོངས་པའི་མཚན་ཉིད་དང་མི་ལྡན། འོ་ན་ཡང་ད་ལྟར་དང་མ་འོངས་པའི་མཚན་ཉིད་ཅུང་ཟད་དང་ལྡན་པའོ། ། བཙུན་པ་དབྱིག་བཤེས་ནི། གནས་སྐབས་གཞན་དུ་འགྱུར་བར་སྨྲ་སྟེ། ཆོས་དུས་རྣམས་སུ་འཇུག་པ་ན་བྱ་བ་མི་བྱེད་པའི་གནས་སྐབས་ན་མ་འོངས་པ་དང་། བྱེད་པ་ན་ད་ལྟ་བ་དང་། བྱས་ནས་འགག་པ་ནི་འདས་པ་སྟེ། གནས་སྐབས་དང་གནས་སྐབས་སུ་ཕྱིན་ 3-1-180a ནས་གནས་སྐབས་གཞན་གྱི་སྒོ་ནས་གཞན་དང་གཞན་ཅེས་སྟོན་གྱི། རྫས་གཞན་གྱི་སྒོ་ནས་ནི་མ་ཡིན་ཏེ། དཔེར་ན་སའི་རིལ་བུ་གཅིག །གཅིག་གི་ཤོད་མིག་ཏུ་བཞག་ན་གཅིག་ཅེས་བྱ། བརྒྱའི་ཤོད་མིག་ཏུ་བཞག་ན་བརྒྱ་ཞེས་བྱ། སྟོང་གི་ཤོད་ མིག་ཏུ་བཞག་ན་སྟོང་ཞེས་བྱ་བ་བཞིན་ཅེས་ཟེར་རོ། །ཞེས་གྲག་གོ། བཙུན་པ་སངས་རྒྱས་ལྷ་ན་རེ། གཞན་དང་གཞན་དུ་འགྱུར་པར་འདོད་དེ། ཆོས་དུས་རྣམས་སུ་འཇུག་པ་ན་སྔ་མ་འདས་པ་དང་ད་ལྟ་ལ་བལྟོས་ནས་མ་འོངས་པ་དང་། ད་ལྟ་བ་དང་མ་འོངས་པ་ལ་བལྟོས་ ནས་སྔ་མ་འདས་པ་དང་། སྔ་མ་འདས་པ་དང་ཕྱི་མ་མ་འོངས་པ་ལ་བལྟོས་ནས་ད་ལྟ་བ་དང་། གཞན་དང་གཞན་ཅེས་བརྗོད་དེ། དཔེར་ན་བུད་མེད་ཅིག་ལ་མ་ཞེས་ཀྱང་བྱ། བུ་མོ་ཞེས་ཀྱང་བྱ་བ་བཞིན་ནོ་ཞེས་ཟེར་རོ་གྲག་སྟེ། དེ་ལྟར་བཞི་པོ་དེ་དག་ཐམས་ཅད་ནི་ཡོད་པར་ སྨྲ་བ་དག་ཡིན་ནོ། །གསུམ་པ་ནི། གསུམ་པ་བཟང་སྟེ་བྱ་བ་ཡིས། །དུས་རྣམས་རྣམ་གཞག །ལུགས་དང་པོ་རྫས་རང་གི་མཚན་ཉིད་མི་འགྱུར་ལ། དངོས་པོ་གཞན་དུ་འགྱུར་ཞིང་། དངོས་པོ་རྣམས་ཀྱང་རྫས་ལས་དོན་གཞན་མ་ཡིན་པར་སྨྲ་བ་གྲངས་ཅན་གྱི་ཕྱོགས་སུ་བསླན་པར་བྱ་སྟེ། གནས་གསུམ་པར་བཀག་ཟིན་ཏོ། །ལུགས་ གཉིས་པ་ལྟར་ན་ཡང་། འདས་པ་དེ་ཆོས་ཅན། མ་འོངས་པ་དང་ད་ལྟ་བར་འགྱུར་ཏེ། དེ་དག་གི་མཚན་ཉིད་དང་ལྡན་པའི་ཕྱིར། འདོད་ན་དུས་ཐམས་ཅད་འཆོལ་བར་འགྱུར་རོ། །བུད་མེད་གཅིག་ལ་ཆགས་པའི་དུས་སུ་བུད་མེད་གཞན་ལ་ཆགས་པའི་ཐོབ་པ་མ་ཆད་ཀྱང་ཆགས་ པ་མངོན་གྱུར་དུ་མེད་པ་དང་། འདས་པ་ལ་མ་འོངས་པ་དང་ད་ལྟ་བའི་མཚན་ཉིད་ཡོད་པ་ག་ལ་མཚུངས། བཞི་པ་ལྟར་ན་ཡང་། འདས་པའི་དུས་གཅིག་ལ་དུས་གསུམ་དུ་འགྱུར་ཏེ། འདས་པའི་དུས་གཅིག་གི་སྔ་ཕྱི་འདས་མ་འོངས་དང་། དབུས་ཀྱི་སྐད་ཅིག་ལ་ད་ལྟར་བྱུང་ 3-1-180b བའི་ཕྱིར། དཔེར་ན་ཁར་ཉིན་ཉིན་མོའི་འདས་པ་དེ་ཞེ་ཉིན་སྔ་མ་དང་། ཁར་སོང་ཕྱི་མ་ལ་བལྟོས་ནས་ད་ལྟ་བར་འཇོག་དགོས་པ་བཞིན་ནོ། །འདོད་ན་འདས་པ་ཆོས་ཅན། འདས་པ་མ་ཡིན་པར་ཐལ། མ་འོངས་པ་དང་ད་ལྟ་བ་ཡིན་པའི་ཕྱིར། ལུགས་དེ་ལས། གསུམ་ པ་གནས་སྐབས་གཞན་འགྱུར་འདོད་པ་བཟང་སྟེ། དེའི་ལུགས་ཀྱི་མིག་སོགས་ཀྱི་བྱ་བ་ལྟ་བ་དང་། གཟུགས་སོགས་ཀྱི་བྱ་བ་རང་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ལ། བྱ་བ་དེ་མི་བྱེད་པའི་ཚེ་མ་འོངས་པ་དང་། བྱེད་པའི་ཚེ་ད་ལྟའི་དུས། བྱས་ནས་འགགས་ པའི་ཚེ་འདས་པ་ཞེས་བྱ་བ་ཡིས་དུས་རྣམས་རྣམ་པར་བཞག་པའི་ཕྱིར་ཞེས་གྲག་གོ། གཉིས་པ་རྩོད་སྤོང་ལ། རྩོད་པ་དང་། ལན་ལས། དང་པོ་ནི། གེགས་སུ་བྱེད། །དེ་ཡང་ཇི་ལྟར་གཞན་མ་ཡིན། །དུས་སུ་མི་རུང་དེ་བཞིན་དུ། །ཡོད་ན་ཅི་ཕྱིར་མ་སྐྱེས་ཞིག །འོ་ན་དུས་ཐམས་ཅད་རྫས་སུ་ཡོད་པར་གོ་གཅིག་ན། དུས་གསུམ་དུ་འཇོག་བྱེད་གང་ཡིན་དྲིས་པས། བཤད་ མ་ཐག་པའི་བྱ་བ་མི་བྱེད་པ་དང་། བྱེད་པ་དང་། བྱས་ནས་འགག་པ་དེ་གསུམ་ལ་དེར་འཇོག་གོ་ཞེ་ན། འོ་ན་དེ་མཚུངས་ཀྱི་མིག་ཆོས་ཅན། ད་ལྟར་བྱུང་བ་མ་ཡིན་པར་ཐལ། མིག་གི་རྣམ་ཤེས་བསྐྱེད་པའི་བྱ་བ་མི་བྱེད་པའི་ཕྱིར། དེ་ལ་ཁོ་རྟགས་ཁྱབ་མ་གྲུབ་སྟེ། དེ་མཚུངས་ཀྱི་ལྟ་བའི་བྱ་བ་མི་བྱེད་ཀྱང་། མིག་དེ་ནི་རང་གི་རྒྱུ་མཐུན་པའི་འབྲས་བུ་འཛིན་ཅིང་འཕེན་པ་ཡིན་ལ། འབྲས་བུ་འབྱིན་པ་ཡང་ཡིན་ལ་མཇུག་ཐོགས་སུ་རྒྱུ་མཐུན་པའམ། སྐྱེས་བུ་བྱེད་པའི་འབྲས་བུ་འབྱིན་པའི་ཕྱིར། དེ་མཚུངས་ཀྱི་མིག་ད་ལྟ་བར་གྲུབ་བོ་ ཞེས་ཟེར་རོ། །འོ་ན་སྐལ་མཉམ་དང་ཀུན་འགྲོ་རྣམ་སྨིན་གྱི་རྒྱུ་འདས་པ་རྣམས་ཀྱང་ཆོས་ཅན། ད་ལྟ་བར་ཐལ། འབྲས་བུ་འབྱིན་པའི་བྱ་བ་ཡོད་པའི་ཕྱིར་ཏེ། ད་ལྟར་གྱི་དང་འདས་པ་དག །གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་འབྱུང་བའི་ཕྱིར། ཡང་ 3-1-181a འབྲས་བུ་འཛིན་འབྱིན་གྱི་བྱ་བ་གཉིས་ཀ་ཡོད་པ་དེ་ནི་ད་ལྟ་བ་ཡིན་ཀྱང་། དེ་དག་ལ་འབྲས་བུ་འབྱིན་པ་ཡོད་ཀྱང་འཛིན་པ་མེད་དོ་ཞེ་ན། འོ་ན་སྐལ་མཉམ་གྱི་རྒྱུ་སོགས་འདས་པ་ཆོས་ཅན། བྱ་བ་བྱེད་པ་ཅན་དུ་ཐལ། འབྲས་བུ་འབྱིན་འཛིན་གཉིས་ ཀ་ཡོད་པ་ད་ལྟ་བའི་བྱ་བར་འདོད་པ་ལས། འབྲས་བུ་འཛིན་པའི་བྱ་བ་འགགས་པའི་ཆ་ནས་འདས་པ་དང་། འབྱིན་པའི་བྱ་བ་དང་ལྡན་པའི་ཆ་ནས་ད་ལྟ་བར་བཞག་པའི་ཕྱིར། འདོད་ན། འདས་པ་དེ་འདས་ད་ལྟ་བ་གཉིས་ཀར་ཐལ། འདས་པ་དེ་དག་འབྲས་བུ་འཛིན་པའི་ མཚན་ཉིད་ཀྱི་བྱ་བ་ཞིག་པའི་ཆ་ནས་འདས་པའི་མཚན་ཉིད་དང་ལྡན་ལ། ད་ལྟར་གྱི་འབྲས་བུ་འབྱིན་པའི་ཆ་ནས་ད་ལྟར་གྱི་མཚན་ཉིད་དང་ལྡན་པའི་ཕྱིར། དེའང་འདོད་ན། མཚན་ཉིད་ཐམས་ཅད་འཆོལ་པར་འགྱུར་བས་གང་ལའང་ཡིད་རྟོན་པར་མི་བྱེད་དོ། །ཡང་དེ་ དག་གི་བྱ་བ་བྱེད་པ་ལ་གེགས་སུ་ཞིག་གིས་བྱེད་དེ་མི་བྱེད་པར་ཐལ། དུས་གཉིས་ད་ལྟ་བ་བཞིན་རྫས་སུ་ཡོད་པའི་ཕྱིར། ཡང་ན་དུས་གཉིས་ད་ལྟ་བར་ཁོ་ན་བཞིན་ཆོས་དེའི་བདག་ཉིད་དུ་ཡོད་ན་རེས་འགའ་ནི་བྱ་བ་བྱེད་ལ། རེས་འགའ་ནི་བྱ་བ་མི་བྱེད་པའི་གེགས་སུས་ བྱེད་ཅེས་དྲིས་པ་ལ། དེ་མ་ཐག་པ་ལ་སོགས་པའི་རྐྱེན་མ་ཚང་བས་བྱ་བ་བྱེད་པ་ལ་གེགས་བྱས་ཞེ་ན། རྐྱེན་རྣམས་མ་འཚོགས་པར་རྟག་ཏུ་ནི་མི་རུང་སྟེ། འདི་ལྟར་ཁྱེད་ནི་རྐྱེན་རྣམས་ཡོད་པ་ཉིད་དུ་ཁས་ལེན་ལ། ཡོད་པ་རྣམས་ནི་རྟག་ཏུ་ཞིག་པ་མ་ཡིན་པའི་ཕྱིར། ཡང་ རང་གི་བྱ་བ་བྱས་ནས་འགགས་པ་དང་། དེ་བྱེད་པ་དང་། དེ་མ་སྐྱེས་པའི་གནས་སྐབས་ཞེས་པའི་བྱ་བ་དེའང་ཇི་ལྟར་བཏུབ་སྟེ་མི་བཏུབ་པར་ཐལ། བྱ་བ་དུས་རྟག་ཏུ་ཡོད་ཀྱང་དུས་གསུམ་དུ་འཇོག་པ་ལ་བྱ་བ་གཞན་ཞིག་དགོས་པའི་ཕྱིར། ཡང་དུས་གསུམ་དུ་འཇོག་བྱེད་ 3-1-181b ཀྱི་བྱ་བ་དུས་གསུམ་ལས་ཐ་དད་པ་དེ་ཆོས་ཅན། འདུས་མ་བྱས་སུ་ཐལ། དེ་ཡོད་པ་ནི་གང་ཞིག་དུས་གསུམ་གང་ཡང་མ་ཡིན་པའི་ཕྱིར། འདོད་ན། བྱ་བ་མི་བྱེད་པས་མ་འོངས་པར་འཇོག་པ་མི་འཐད་པར་ཐལ། མ་འོངས་པར་འཇོག་བྱེད་ཀྱི་བྱ་བ་འདུས་མ་བྱས་ཡིན་པ་ ནི་གང་ཞིག་དེ་ནི་རྟག་པར་ཡོད་ལ། དེ་ཡོད་ན་དེའང་ཡོད་པར་གྲུབ་པའི་ཕྱིར། གལ་ཏེ་དུས་ཀྱི་ཆོས་ལས་བྱ་བ་གཞན་ཡིན་ན་སྐྱོན་དེར་འགྱུར་ཡང་། བྱ་བ་དེ་ནི་དུས་ཀྱི་ཆོས་ལས་གཞན་མ་ཡིན་པས་སྐྱོན་དེར་མི་འགྱུར་ཞེ་ན། དེ་ལྟར་ན་བྱ་བས་དུས་གསུམ་པོ་རྣམས་སུ་ རྣམ་པར་བཞག་པར་མི་རུང་སྟེ། དངོས་པོ་དང་བྱ་བ་གཅིག་ཡིན་ལ། འདས་མ་འོངས་ཀྱི་དངོས་པོའང་ད་ལྟར་ཡོད་པས་བྱ་བའང་ཡོད་པའི་ཕྱིར། མ་ཁྱབ་སྟེ། རང་གི་ངོ་བོ་དུས་བཞག་པའི་རྒྱུར་མི་འདོད་ཀྱི། ཆོས་གང་མ་སྐྱེས་པ་ནི་མ་འོངས་པ་དང་། སྐྱེས་ལ་མ་ཞིག་ པ་ད་ལྟར་བྱུང་བ་དང་། ཞིག་པ་དེ་འདས་པ་ཡིན་པའི་ཕྱིར། དུས་ཀྱི་རྣམ་གཞག་འགྲུབ་བོ་སྙམ་ན། མ་སྐྱེས་པ་དང་ཞིག་པ་དེ་ཉིད་མ་གྲུབ་པས་བརྗོད་པར་བྱ་ན། འདས་མ་འོངས་ཀྱི་ཆོས་གཉིས་ཆོས་ཅན། ཅིའི་ཕྱིར་ཞིག་པ་དང་མ་སྐྱེས་པ་འགྲུབ་པར་མི་འགྱུར་བར་ཐལ། ད་ལྟར་གྱི་ཆོས་རྫས་སུ་ཡོད་པ་དེ་བཞིན་དུ་ད་ལྟ་རྫས་སུ་ཡོད་པའི་ཕྱིར་རོ། །ཡང་གཟུགས་སོགས་འདི་སྔོན་མ་འོངས་པའི་གནས་སྐབས་གང་ན་མེད་པས་མ་སྐྱེས་པ་འདི་སྔོན་ཅི་ཞིག་མ་བྱུང་བ་ཡིན་ཅེས་དྲིས་པ་ལ། སྔོན་བྱ་བ་མ་བྱུང་བས་མ་འོངས་པ་ད་ལྟར་མ་བྱུང་བ་ཡིན་ ཅེ་ན། འོ་ན་དེའི་ཚེ་མ་འོངས་པའི་ཆོས་ཀྱང་མེད་པར་ཐལ། ཆོས་དང་བྱ་བ་གཞན་མ་ཡིན་པའི་ཕྱིར། ཡང་གང་ཞིག་མེད་པས་ཞིག་པ་ཞེས་པའང་ཕྱིས་འདས་པའི་གནས་སྐབས་ན་ཅི་ཞིག་མེད་ཅེས་དྲིས་པ་ལ། ཕྱིས་བྱ་བ་འགགས་པས་ད་ལྟ་བ་འདས་པར་སོང་བ་ཡིན་ 3-1-182a ཅེ་ན། འོ་ན་འདས་པའི་ཆོས་ཀྱང་མེད་པར་ཐལ། འདས་པའི་ཆོས་དང་བྱ་བ་གཞན་མ་ཡིན་པས་བྱ་བ་མེད་པའི་ཕྱིར། ཡང་ཁྱོད་མ་བྱུང་བ་ལས་བྱུང་བ་དང་། བྱུང་ནས་མི་འབྱུང་བ་དང་། མ་བྱུང་བ་ལས་རེ་ཞིག་མི་འབྱུང་བར་མི་འདོད་ དོ་ཞེ་ན། ད་ལྟ་དང་འདས་པ་དང་མ་འོངས་པ་ཡང་འགྲུབ་པར་མི་འགྱུར་ལ། དེ་ཁས་ལེན་ཅིང་འདོད་ན་དུས་གསུམ་རྣམ་པ་ཐམས་ཅད་དུ་མི་འགྱུར་རོ། །ཡང་དུས་གསུམ་རྟག་པར་མི་འགྱུར་ཏེ། འདུ་བྱེད་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་འདི་ནི་རྟག་ པ་ཡང་ཡིན། མི་རྟག་པ་ཡང་ཡིན་ཅེས་པ་འགལ་བ་ཁོ་ན་སྒྲིབ་བྱེད་ཀྱི་ཚིག་ཙམ་སྟེ། རྟག་ཏུ་ཡོད་ན་སྐྱེ་འཇིག་མི་རུང་བའི་ཕྱིར། ཡང་སྨྲས་པ། གཟུགས་ལ་སོགས་པའི་རང་བཞིན་ཡང་ནི་དུས་རྟག་ཏུ་ཡོད་ལ། གཟུགས་སོགས་ཀྱི་དངོས་པོ་ཡང་ནི་རྟག་ མི་འདོད། དངོས་པོ་དེ་ལས་རང་བཞིན་གཞན་ཡིན་ནམ་ཞེ་ན། རང་བཞིན་ལས་ཀྱང་དངོས་པོ་མི་གཞན་ཅེས་འདོད་པ་ནི། རིགས་པ་མེད་པས་འདོད་རྒྱལ་དུ་ཟད་དེ་གསལ་བར་དབང་ཕྱུག་གི་ཐ་སྙད་ཡིན་པར་གསལ་བའི་ཕྱིར་རོ། །གསུངས་ཕྱིར་ཞེས་སྨྲས་ པའི་དགོངས་པ་ལེན་ཚུལ་ལ། སློབ་དཔོན་ནི་ཁོ་བོ་ཅག་ཀྱང་འདས་པ་དང་མ་འོངས་པ་ཡོད་དོ་ཞེས་སྨྲ་སྟེ། སྔོན་བྱུང་བ་གང་ཡིན་པ་དེ་ནི་འདས་པ་ཡིན་ཅིང་། རང་གི་མཚན་ཉིད་དུ་མེད་ལ། རང་གི་མཚན་ཉིད་དུ་མེད་ཀྱང་རྐྱེན་ཡོད་ན་འབྱུང་བར་འགྱུར་བ་གང་ཡིན་ པ་དེ་ནི་མ་འོངས་པ་ཡིན་ནོ་ཞེས་དེ་ལྟའི་དབང་དུ་བྱས་ན་ཡོད་ཅེས་བརྗོད་ཀྱི། རྫས་སུ་ཡོད་པ་ནི་མ་ཡིན་ནོ། །འདས་པ་ནི་སྔར་བྱུང་གི་ཚུལ་དང་མ་འོངས་པ་གདོད་འབྱུང་བའི་ཚུལ་དེ་ལྟ་བཞིན་དུ་ཡོད་དོ་ཞེས་དེ་སྐད་དུ་ཟེར། སྔར་བྱུང་དང་གདོད་འབྱུང་ལས་གཞན་དུ་ 3-1-182b ན་ཇི་ལྟར་ཡོད། དེ་ཙམ་ལ་འདས་མ་འོངས་ཀྱི་བདག་ཉིད་དུ་ཡོད་མེད་དོ་ཞེས་བརྗོད་པ་ཙམ་མོ། །ཁྱེད་ལྟར་ན་འདས་པ་དང་མ་འོངས་པ་ཇི་ལྟར་ཉེ་བར་གནས་པ་དེ་འཇོག་མི་བཏུབ་པར་ཐལ། འདས་པ་དང་མ་འོངས་པའི་བདག་ཉིད་དུ་རྟག་པར་ཡོད་པའི་ཕྱིར། དེ་བས་ན་ བཅོམ་ལྡན་འདས་ཀྱིས། རྒྱུ་འབྲས་ལ་སྐུར་འདེབས་པའི་ལྟ་བ་དགག་པའི་ཕྱིར། སྔོན་བྱུང་གི་རྒྱུ་བྱུང་བ་ཉིད་དང་ཕྱིས་འབྱུང་འགྱུར་གྱི་འབྲས་བུ་འབྱུང་འགྱུར་ཉིད་དུ་ཤེས་པའི་སླད་དུ་འདས་པ་ཡོད་དོ། །མ་འོངས་པ་ཡོད་དོ་ཞེས་གསུངས་པར་ཟད་དོ། །འདས་མ་ འོངས་སྒྲོ་སྐུར་བསལ་བའི་ཆེད་དུ་ཡོད་པར་གསུངས་ཀྱི། དངོས་པོ་ལ་འདས་མ་འོངས་རང་མཚན་མེད་ན་ཡོད་བྱ་བར་སྟོན་པ་ཇི་སྙམ་ན། ཡོད་ཅེས་བྱ་བའི་སྒྲ་ནི་ཆོས་ཅན། རྫས་སུ་ཡོད་ནས་དེར་ཡོད་ཅེས་བརྗོད་པ་མ་ཡིན་ཏེ། ཚིག་གི་ཕྲད་པ་ཡིན་པའི་ཕྱིར། དཔེར་ན་ མར་མེ་སྔ་ན་མེད་པ་ཡོད་དོ། །ཕྱིས་མེད་པ་ཡོད་དོ་ཞེས་སྨྲ་བ་དང་། ཡང་དཔེར་ན་མར་མེ་དེ་ཤི་བ་ནི་ཡོད་མེད་ཀྱི། ཁོ་བོས་ནི་མ་བསད་དོ་ཞེས་འཛེར་བ་བཞིན་དུ་རྫས་སུ་ཡོད་པ་མིན་ཀྱང་། འདས་པ་དང་མ་འོངས་པ་ཡོད་དོ་ཞེས་གསུངས་པ་ནི་དེ་འདྲའོ། །དེ་ལྟར་མ་ ཡིན་ན་འདས་མ་འོངས་འགྲུབ་པར་མི་འགྱུར་བ་ཁོ་ན་སྟེ། ད་ལྟ་བ་བཞིན་ཐམས་ཅད་ཀྱི་ཚེ་རང་གི་མཚན་ཉིད་ཀྱིས་ཡོད་པའི་ཕྱིར། ཡང་བྱེ་བྲག་ཏུ་སྨྲ་བའི་ལྟར་ན་འགགས་པའང་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་ཅེས་སྨྲ་བ་དེ་བདེན་མོད་ཀྱི། མར་མེའི་ངོ་བོ་ཉིད་ འཛིན་པ་ཁོ་ནར་ཡོད་པ་ནི་མ་ཡིན་ནོ། །ཚིག་གི་ཕྲད་རང་ནི། དུས་གསུམ་པའི་ཡུལ་ཅན་ཡིན་ཏེ། བྱུང་བར་གྱུར་ཏོ། །འབྱུང་བར་འགྱུར་རོ་བྱ་བའི་དོན་ལའང་ཚིག་ཕྲད་གནས་པའི་ཕྱིར་རོ། །རྫོགས་བྱེད་ཀྱི་སློབ་མ་ཀུན་ཏུ་རྒྱུ་དབྱུག་ཐོགས་ཐོར་ཚུགས་ཅན་རྣམས་ཀྱིས། 3-1-183a འཕགས་པ་མོའུ་གལ་བུ་བསད་དོ་ཞེས་གླེང་བ་ལ། ཀུན་ཏུ་རྒྱུ་ཐོར་ཚུགས་ཅན་རྣམས་ཀྱིས། ཁར་སོང་བསད་པ་དེ་འདས་ནས་མེད་པ་ལ་བློ་རྩེ་གཏད་ནས། འདི་ལྟར་གསོད་པ་མེད་དོ་ཞེས་སྨྲས་པ་དེའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ ཀྱིས། ལས་འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་གང་ཡིན་པ་དེ་ནི་ཡོད་དོ་ཞེས་གང་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། ཅི་ཀུན་ཏུ་རྒྱུ་དབྱུག་ཐོགས་དེ་དག་མཚམས་མེད་པའི་ལས་དེ་སྔོན་བྱུང་བ་ཉིད་དུ་ནི་འདོད་པར་གྱུར་མོད་ ཀྱི། འོན་ཀྱང་ལས་འདས་པ་དེ་ནི་མེད་དོ་ཞེས་ལོག་པར་རྟོག་པ་ལ། མདོ་དེ་ལས་ནི། རྒྱུ་དེ་ལ་སྔོན་གྱི་ལས་དེས་ཀུན་ཏུ་དྲངས་ཤིང་བཞག་པའི་འབྲས་བུ་བསྐྱེད་པའི་མཐུ་ཡོད་པ་ལ་དགོངས་ཏེ་ལས་འདས་པ་ཡོད་ཅེས་གསུངས་སོ། །མདོའི་དགོངས་པ་དེ་ལྟར་མ་ ཡིན་ན་ཆོས་ཅན། འདས་པ་འགྲུབ་པར་མི་འགྱུར་ཏེ། ལས་དེ་རང་གི་མཚན་ཉིད་དུ་ད་ལྟར་བྱུང་བ་ཉིད་དུ་ཡོད་ན། ད་ལྟ་ཁོ་ནར་འགྱུར་བའི་ཕྱིར། འདས་མ་འོངས་རྫས་སུ་མ་གྲུབ་པ་འདི་ལྟ་བུར་ཤེས་པར་བྱ་དགོས་ཏེ། དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས། མིག་ ནི་སྐྱེ་བ་ན་ཡང་གང་ནས་ཀྱང་མི་འོང་ལ། འགགས་པ་ན་ཡང་གང་དུའང་སོང་བར་མི་འགྱུར། དེ་ལྟ་བས་ན་དགེ་སློང་མིག་ན་ནི་འབྱུང་བ་ལས་འབྱུང་ཞིང་། བྱུང་ནས་ཀྱང་སླར་འཇིག་པར་འགྱུར་རོ་ཞེས་གསུངས་ཏེ། འདས་པ་ཡོད་ན་འོང་ས་གཅིག་འདུག་པས་གང་ ནས་ཀྱང་མི་འོང་ཞེས་བརྗོད་པར་མི་འོང་བ་ལ་བརྗོད་པས་འོང་ས་འདས་པ་མེད་དོ། །མ་འོངས་པ་ཡོད་ན་སོགས་འདུག་པས་གང་དུའང་སོག་པར་མི་འགྱུར་ཞེས་བརྗོད་པར་མི་ཐང་བ་ལ་བརྗོད་པས་སོགས་མ་འོངས་པ་མེད་དོ། །གལ་ཏེ་མ་འོངས་པའི་མིག་རྫས་གྲུབ་ 3-1-183b ཅིག་ཡོད་ན་ཆོས་ཅན། མ་བྱུང་བ་ལས་བྱུང་བ་ཞེས་གསུངས་པ་མི་འགྱུར་བར་ཐལ། ཡེ་བྱུང་དུ་འདུག་པའི་ཕྱིར། གལ་ཏེ་ཡེ་ཡོད་ཡིན་ཀྱང་ད་ལྟར་གྱི་དུས་སུ་མ་བྱུང་བས་འབྱུང་ངོ་ཞེས་བརྗོད་པ་ཡིན་ཅེ་ན། དུས་ཡེ་ཡོད་དུ་མི་རུང་སྟེ། ད་ལྟར་བྱུང་བའི་དུས་ ནི་མིག་གི་དངོས་པོ་ལས་དོན་གཞན་མ་ཡིན་པའི་ཕྱིར། འོན་ཏེ་མིག་གི་བདག་ཉིད་དུ་སྔར་མ་བྱུང་བ་ལས་འབྱུང་ངོ་ཞེ་ན་ནི། སྔར་མེད་པ་བཞིན་དུ་མ་འོངས་པའི་མིག་མེད་དོ་ཞེས་བྱ་བ་འདི་གྲུབ་བོ། །ཡང་རྣམ་པར་ཤེས་པ་ནི་དབང་པོ་དང་ཡུལ་གཉིས་ལ་ བརྟེན་ནས་སྐྱེ་པའི་ཕྱིར་ཞེས་སྨྲས་པ་ནི་ཡིད་ཀྱི་བདག་པོའི་རྐྱེན་བྱས་ནས་ཡིད་ཀྱི་རྣམ་ཤེས་བསྐྱེད་པ་ལྟར་ཆོས་རྣམས་ཀྱང་དེ་དང་འདྲའམ། འོན་ཏེ་ཆོས་རྣམས་དམིགས་པ་ཙམ་ཡིན། དང་པོ་ལྟར་ཆོས་རྣམས་ཡིད་ཀྱི་རྣམ་ཤེས་བསྐྱེད་པའི་རྐྱེན་ཡིན་ཅེ་ན། འོ་ ན་རྒྱུ་ལས་འབྲས་བུ་སྔ་རོལ་དུ་འབྱུང་བར་ཐལ། མ་འོངས་པ་བསྐལ་པ་སྟོང་གི་ས་ན་ཡོད་པའི་འབྱུང་གྱུར་གྱི་ཡིད་ཀྱི་རྣམ་ཤེས་བསྐྱེད་པའི་ཕྱིར། གྲུབ་སྟེ། མ་འོངས་པའི་ཆོས་ཀྱིས་ད་ལྟ་བའི་རྣམ་ཤེས་བསྐྱེད་ན། མ་འོངས་པ་ཉེ་བས་བསྐྱེད་པ་ལས་འོས་ མེད་དེ། རིགས་ན་རིང་བས་བསྐྱེད་པ་ལའང་གནོད་བྱེད་མེད་པའི་ཕྱིར། ཡང་ན་མི་འབྱུང་བ་གང་ཡིན་པ་དེ་ཆོས་ཅན། རྣམ་ཤེས་སྐྱེད་བྱེད་མ་ཡིན་པར་ཐལ། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར། མྱ་ངན་ལས་འདས་པའི་ཆོས་ཀྱང་ཆོས་ཅན། རྣམ་ཤེས་སྐྱེད་བྱེད་མ་ཡིན་ཏེ། འཁོར་བར་འཇུག་པའི་རྣམ་ཤེས་འགག་པར་བྱེད་ཀྱི། རྣམ་ཤེས་སྐྱེ་བ་དང་འགལ་བར་བྱེད་པའི་ཕྱིར། གཉིས་པ་ཆོས་རྣམས་དམིགས་པ་ཙམ་ཡིན་ནོ་ཞེ་ན། ཁོ་བོའང་འདས་མ་འོངས་ཀྱང་དམིགས་པ་ཡིན་པར་ནི་སྨྲའོ། །གལ་ཏེ་ 3-1-184a འདས་མ་འོངས་རྫས་སུ་མེད་ན་ཇི་ལྟར་དམིགས་པ་ཡིན་ཅེ་ན། མེད་པ་ལ་མེད་པར་དམིགས་པ་དེ་ལྟར་ཡོད་དོ་ཞེས་སྨྲའོ། །མེད་པ་དེ་ཇི་ལྟར་དམིགས་ཞེ་ན། ད་ལྟར་གྱི་དུས་སུ་གཟུགས་སྔོན་བྱུང་བར་གྱུར་པ་དང་། མ་འོངས་པའང་ཕྱིས་ འབྱུང་བར་འགྱུར་རོ་ཞེས་དམིགས་ཀྱི། འདས་པའི་གཟུགས་ཚོར་དྲན་པ་ན། འདས་པའི་གཟུགས་ཚོར་ད་ལྟ་ཡོད་དོ་ཞེས་བྱ་བ་ནི་སུ་ཡང་མི་བལྟའོ། །འོ་ན་ཅི་ཞེ་ན། གཟུགས་དེ་ཚོར་བ་དང་མིག་གི་རྣམ་ཤེས་ཀྱིས་མཐོང་བའི་སྟོབས་ཀྱིས་ཇི་ལྟར་མཐོང་བ་དང་མྱོང་བ་ བཞིན་བྱུང་བར་གྱུར་ཏོ། །ཞེས་བྱ་བར་བལྟའོ། །ཡང་ཅི་ད་ལྟར་གྱི་གཟུགས་ཉམས་སུ་མྱོང་བ་དེ་དང་འདྲ་བར་འདས་པའང་དྲན་ནོ། །མ་འོངས་པ་ཇི་ལྟར་ད་ལྟར་འགྱུར་བ་དེ་ལྟ་བུ་ནི་སངས་རྒྱས་ཀྱིས་མཁྱེན་ཏེ། ཡུལ་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མི་མདའ་བའི་ ཕྱིར། ཞེས་བྱ་བ་འདི་ཡི་རྟགས་འདི་ནི་སློབ་དཔོན་གང་བ་སྤེལ་གྱིས་སྦྱར་བ་ཡིན་ལ། འདི་ལྟར་གྱི་ཚེ་མ་འོངས་པ་དངོས་པོའི་རྫས་སུ་མེད་པས་དེ་ཡུལ་དུ་བྱེད་པ་ན། མངོན་སུམ་དུ་མི་རུང་། རྗེས་སུ་དཔག་བས་ཤེས་པར་ནི་མི་རུང་སྟེ། ཡུལ་ལ་ཇི་ལྟ་བུ་བཞིན་རྟོག་བྲལ་མ་ འཁྲུལ་བའི་མཁྱེན་པ་ཚད་མར་འཇོག་དགོས་ན། དེའི་ཡུལ་དེ་རང་སྤྱི་གཉིས་ལས་གང་རུང་དང་། འཇལ་བྱེད་ཀྱི་བློའང་མངོན་རྗེས་གང་རུང་དུ་མི་འཐད་པས་སངས་རྒྱས་ཀྱི་ཀུན་རྫོབ་མཁྱེན་པའི་ཡུལ་འདི་ནི་ཡོད་མེད་དང་། ཐ་སྙད་པའི་ཚད་མས་འགྲུབ་པ་མ་ཡིན་པར་ ཐེག་དམན་གྱི་ལུགས་སུའང་གསལ་ན་གང་དག་ཐེག་པ་ཆེན་པོའི་གོ་འཕང་ལ་གནས་པར་ཁས་ལེན་ཅིང་། ཟླ་མེད་པའི་སྟོན་པ་ཆེན་པོ་འདིའི་ཡེ་ཤེས་ཀྱང་རང་ཅག་ཚུར་མཐོང་གི་བློས་བསམ་གྱིས་མི་ཁྱབ་པར་སྨྲ་བཞིན་དུ་སྟོན་པ་རིན་པོ་ཆེས་ཀུན་རྫོབ་ཐམས་ཅད་མཁྱེན་ 3-1-184b པ་ན་ཀུན་རྫོབ་ཚད་མས་གྲུབ་པ་ཁོ་ན་ཞིག་མཁྱེན་དགོས་ཞེས་སྨྲ་བ་ནི་སུ་ཞིག་གིས་བཅོལ་བར་བྱས་པ་ཡིན། གལ་ཏེ་འདས་མ་འོངས་ཀྱི་དམིགས་པ་རྫས་སུ་ཡོད་ན་ཆོས་ཅན། ད་ལྟར་དུ་ཐལ་ཏེ། ད་ལྟ་བ་དེ་བཞིན་དུ་འདས་མ་འོངས་དེའང་ཡོད་པའི་ཕྱིར། འོན་ཏེ་ད་ལྟ་བ་ དེ་བཞིན་དུ་འདས་མ་འོངས་མེད་དོ་ཞེ་ན། འདས་པའི་གཟུགས་ད་ལྟ་བའི་གཟུགས་སུ་མེད་པས་དམིགས་པར་མ་གྲུབ་སྟེ། དེ་ཉིད་དྲན་ཡུལ་དུ་ཤར་བའི་ཕྱིར་རོ། །གལ་ཏེ་ད་ལྟའི་གཟུགས་ནི་སྡོམ་པ་ཡིན་ལ། འདས་པའི་གཟུགས་ནི་སིལ་བུ་རྡུལ་ཕྲ་རབ་ཡིན་ནོ་ཞེ་ན། རིགས་པ་མིན་ཏེ། དྲན་པ་ན་གོང་བུར་དྲན་གྱི་སིལ་བུ་ལ་མི་དྲན་ཅིང་མི་འཛིན་པའི་ཕྱིར། མ་གྲུབ་སྟེ། ད་ལྟར་གྱི་གཟུགས་གོང་བུར་གྱུར་བ་དེ་འདས་མ་འོངས་ཀྱི་གནས་སྐབས་ན། རྡུལ་ཕྲ་རབ་ཏུ་གྱེས་པས་ད་ལྟ་བ་བཞིན་དུ་མི་འཛིན་པའི་ཕྱིར་ཞེ་ན། དེ་ལྟར་ན་རྡུལ་ཕྲ་རབ་ ཆོས་ཅན། རྟག་པར་འགྱུར་ཏེ། རྡུལ་ཕྲ་རབ་ད་ལྟར་བསགས་པ་དང་། འདས་མ་འོངས་ཀྱི་དུས་ན་གྱེས་པ་ཙམ་དུ་འགྱུར་གྱི། ངོ་བོ་ལ་ཅུང་ཟད་ཀྱང་སྐྱེ་འགག་མེད་པའི་ཕྱིར། འདོད་ན། བྱེ་སྨྲ་ཁྱོད་ཀྱི་ཡ་མཚན་ཅན་འཚོ་བྱེད་བྱེ་བྲག་པའི་རྩོད་པ་ཁས་བླང་བར་འགྱུར་རོ། ། གཞན་ཡང་མིག་ནི་སྐྱེ་བ་ནའང་གང་ནས་ཀྱང་མི་འོང་ཞེས་གསུངས་པའི་མདོ་ཆོས་ཅན། དེ་བོར་ཞིང་དེ་ལ་གནོད་པ་དང་འགལ་བ་བྱས་པ་ཡིན་ཏེ། འདས་པའི་དུས་ན་དེའི་རྡུལ་ཕྲ་རབ་རྣམས་སིལ་བུར་ཡོད་པ་ད་ལྟར་བསགས་པར་ཁས་བླངས་པའི་ཕྱིར། ཚོར་བ་སོགས་ རྡུལ་ཕྲ་རབ་ཀྱིས་བསགས་པ་མིན་པ་འདས་མ་འོངས་རྣམས་ཆོས་ཅན། ཇི་ལྟར་ན་སིལ་བུར་རུང་བ་མ་ཡིན་ཏེ། ལུས་ཅན་མ་ཡིན་པས་ཡུལ་ན་མི་གནས་པའི་ཕྱིར། ཡང་ཚོར་སོགས་འདས་པ་དེ་དག་ཀྱང་ད་ལྟར་བྱུང་བའི་ངོ་བོ་ལྟར་ཉམས་སུ་མྱོང་ཞིང་དྲན་ན་འདས་ 3-1-185a པའི་ཚོར་སོགས་དེ་དག་ཀྱང་ད་ལྟར་བཞིན་ཡོད་པའི་ཕྱིར་ཞེ་ན། ཚོར་སོགས་རྟག་པར་འགྱུར་རོ། །འོན་ཏེ་འདས་པའི་ཚོར་སོགས་ད་ལྟ་བའི་ཚོར་སོགས་ཀྱི་ངོ་བོར་མེད་ན་ནི་མེད་པའང་དམིགས་པ་ཡིན་ནོ། །ཞེས་གྲུབ་བོ། །བདུད་དགེ་སྦྱོང་གི་ཆ་ བྱད་དུ་བྱས་པ་ཞིག་གིས། བདེན་པ་མཐོང་བའི་འཕགས་པ་ཞིག་ལ་ཕུང་པོ་དྲུག་ཡིན། སྐྱེ་མཆེད་བཅུ་གསུམ་ཡིན། ཁམས་བཅུ་དགུ་ཡིན་ཟེར་ནས་བསླུར་བྱུང་བས། བདེན་པ་མཐོང་བ་དེ་དེས་བསླུ་བར་མི་ནུས་པར་བཤད་གྲགས་ལ། བྱེ་སྨྲས། འོ་ན་སྐྱེ་མཆེད་བཅུ་ གསུམ་པ་ཡང་དམིགས་པར་ཐལ། མེད་པ་ཡང་དམིགས་པ་ཡིན་པའི་ཕྱིར་ཞེས་པ་ལ། སློབ་དཔོན་གྱིས། མེད་པ་དམིགས་པ་ཡིན་ཀྱང་སྐྱེ་མཆེད་བཅུ་གསུམ་པ་དམིགས་པ་མིན་པས་ཅི་ལྟོ། མེད་པར་དམིགས་པ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་འདུ་ལ། འོ་ན་སྐྱེ་མཆེད་བཅུ་ གསུམ་པ་མེད་དོ་སྙམ་པའི་རྣམ་པར་ཤེས་པ་འདིའི་དམིགས་པ་ཅི་ཞིག་ཡིན། བྱེ་བྲག་སྨྲ་བས་སྐྱེ་མཆེད་བཅུ་གསུམ་པ་བྱ་བའི་མིང་དེ་ཉིད་དམིགས་པ་ཡིན་ནོ་ཞེ་ན། འོ་ན་རྗོད་བྱེད་ཀྱི་མིང་དེ་མེད་པར་རྟོགས་པར་འགྱུར་གྱི། བརྗོད་བྱ་སྐྱེ་མཆེད་བཅུ་གསུམ་པ་མེད་པའི་མཚན་ ཉིད་ལ་དམིགས་པ་ནི་མ་ཡིན་ནོ། །འོ་ན་མིང་ངམ་སྒྲའི་སྔ་ན་མེད་པ་ལ་དམིགས་པའང་ཅི་ཞིག་ཡིན། བྱེ་སྨྲས་དེའི་དམིགས་པ་ནི་སྒྲ་ཁོ་ནའོ་ཞེ་ན། སློབ་དཔོན་གྱིས། འོ་ན་སྒྲའི་སྔ་ན་མེད་པ་ལ་དམིགས་པ་དེ་ཆོས་ཅན། སྒྲ་མེད་དོན་དུ་གཉེར་བ་དེ་ལ་སྒྲ་དབྱུང་དགོས་པ་ ཁོ་ནར་འགྱུར་ཏེ། དེ་ལ་དམིགས་པ་དེ་སྒྲ་ཁོ་ན་ལ་དམིགས་པ་ཡིན་གྱི། སྔ་ན་མེད་པ་ལ་དམིགས་པ་མ་ཡིན་པའི་ཕྱིར། དཔེར་ན་ཇི་བདག་ལ་གནོད་ཀྱི་སྒྲ་མ་འདོན་ཅིག་ཟེར་ནས་སྒྲ་མེད་དོན་དུ་གཉེར་བ་དེ་ལ་སླར་སྒྲ་བསྐྱེད་དགོས་ཏེ། སྒྲ་མེད་པར་གྱིས་ཤིག་བརྗོད་པ་དེ་ཀ་ 3-1-185b སྒྲ་ཡིན་པའི་ཕྱིར་དེ་བཞིན་ནོ། །བྱེ་སྨྲས། གང་ཞིག་སྒྲ་སྔ་ན་མེད་པ་དོན་དུ་གཉེར་བ་དེ་ལ་སྒྲ་དབྱུང་དགོས་པ་ཁོ་ནར་མི་འགྱུར་ཏེ། སྒྲ་སྔ་ན་མེད་པ་དེ་མ་འོངས་པའི་གནས་སྐབས་ཡིན་པ་གང་ཞིག །དེ་ལ་དམིགས་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཇི་ལྟར་གང་ཞིག་སྔ་ན་མེད་ པ་ལ་དམིགས་པ་དེ་ལ་མེད་པའི་བློར་མི་འགྱུར་བར་ཐལ། སྒྲ་སྔ་ན་མེད་པ་དེ་མ་འོངས་པའི་ས་ན་ཙེན་ནེ་ཡོད་ན་ཡོད་པ་ལ་དམིགས་པ་ཅན་ཡིན་པའི་ཕྱིར། བྱེ་སྨྲས། ཁྱབ་པ་མེད་དེ། ད་ལྟར་དུ་མེད་དོ་སྙམ་པ་དེ་ལྟ་བུར་དེ་ལ་དམིགས་པ་མེད་པའི་བློ་འབྱུང་བའི་ཕྱིར་ཞེ་ན། འོ་ན་ད་ལྟར་གྱི་དེ་ཁོ་ན་མེད་སྙམ་པ་དེ་ལྟ་བུར་དམིགས་པའི་བློ་འབྱུང་བར་མི་འགྱུར་བར་ཐལ། མ་འོངས་པ་གང་ཡིན་པ་དེ་ཉིད་ད་ལྟར་ཡིན་གྱི། དེ་ལས་གཞན་པ་ནི་མ་ཡིན་པའི་ཕྱིར་རོ། །ཡང་ན་མ་འོངས་པ་དེའི་བྱེ་བྲག་ད་ལྟའི་གནས་སྐབས་ན་མཉན་བྱ་གང་ཡིན་པ་ མེད་པས་ད་ལྟ་མེད་པ་ཡིན་ཅེ་ན། ཁྱད་པར་དེ་སྔོན་མ་བྱུང་བ་ལས་ཕྱིས་འབྱུང་བར་གྲུབ་སྟེ། མ་འོངས་པའི་གནས་སྐབས་སུ་མ་བྱུང་བ་ལས་ད་ལྟ་བའི་གནས་སྐབས་སུ་བྱུང་བའི་ཕྱིར། དེ་ལྟ་བས་ན་རྣམ་པར་ཤེས་པའི་དམིགས་པ་ནི། ད་ལྟར་གྱི་གནས་སྐབས་ན་ ཡོད་པ་དང་། འདས་མ་འོངས་ཀྱི་གནས་སྐབས་ན་ཡོད་མེད་གཉིས་ཀ་ཡིན་པས་ཡོད་མེད་གཉིས་ཀ་ཡིན་ནོ། །གལ་ཏེ་མེད་པ་རྣམ་ཤེས་ཀྱི་དམིགས་པ་ཡིན་ན། བྱང་སེམས་སྲིད་པ་ཐ་མ་པས། འདི་སྐད་དུ། འཇིག་རྟེན་ན་མེད་པ་གང་ཡིན་པ་དེ་བདག་གིས་ཤེས་སོ། ། ཞེས་བྱ་བ་དེ་ནི་མི་སྲིད་དོ་ཞེས་གསུངས་པས། མེད་པ་ལ་དམིགས་པའི་རྣམ་ཤེས་མེད་དོ་ཞེ་ན། སློབ་དཔོན་གྱིས། མདོའི་དགོངས་པ་ནི་མངོན་པའི་ང་རྒྱལ་ཅན་འགའ་ཞིག་གིས་ལྷའི་མིག་གི་སྣང་བ་མེད་བཞིན་དུ་མེད་པ་ལ་ཡོད་པར་མཐོང་ནས་ཡོད་པར་འཛིན་པ་དེ་དགག་ 3-1-186a པའི་ཕྱིར། མེད་པ་ལ་ཡོད་པའི་ང་རྒྱལ་བྱེད་པའི་མེད་པ་དེ་ཡོད་པར་མི་མཐོང་། འོ་ན་བདག་གིས་ཡོད་པ་ལ་ཡོད་པ་ཁོ་ནར་མཐོང་བྱ་བ་དེ་ཙམ་ལ་དགོངས་སོ། །དེ་ལྟར་མ་ཡིན་པར་བློ་ཐམས་ཅད་ཀྱི་ཡུལ་ཡོད་པ་ཉིད་དུ་རྣམ་པར་བཞག་ན་ཆོས་ཅན། འཇིག་རྟེན་ན་མེད་པ་གང་ཡིན་པ་ཞེས་སོགས་རྒྱས་པར་འབྱུང་བ་གང་ཡིན་པ་དེ་ལྟ་བུར་རྟོག་པའམ་དཔྱོད་པ་དང་ཐེ་ཚོམ་དུ་ག་ལ་འགྱུར་ཏེ། བློ་རྣམས་ཀྱི་དམིགས་པ་ཡོད་མེད་གཉིས་ཀ་ཡིན་ན་འདི་སྲིད་ཀྱི་གཞན་དུ་ན་རུང་བ་མ་ཡིན་པའི་ཕྱིར། ཡང་ན་སེམས་ཅན་དེ་དག་ ཀྱང་ཡོད་པ་ཁོ་ན་ཡོད་པར་མཐོང་གི། མེད་པ་ལ་མ་ཡིན་ན་གཞན་དག་ལས་བྱང་སེམས་ལ་ཁྱད་པར་ཅི་ཞིག་ཡོད། བློ་རྣམས་ཀྱི་དམིགས་པ་ཡོད་མེད་གཉིས་ཀ་ལ་བྱང་ཆུབ་སེམས་དཔས་དམིགས་པ་ཡིན་ན། སེམས་ཅན་གཞན་ལས་ཁྱད་པར་ཡོད་པ་འདི་གྲུབ་བོ། ། འདི་ནི་ངེས་པར་བློ་མེད་པ་དམིགས་པ་དེ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་གཞན་དུ་ང་ཡི་ཉན་ཐོས་ཀྱི་དགེ་སློང་ཚུར་ཤོག་ཅེས་བྱ་བ་ནས། དེ་ངས་ནང་གཏམ་ན་ནུབ་ཁྱད་པར་དུ་འགྲོ། ནུབ་གཏམ་ན་ནང་ཁྱད་པར་དུ་འགྲོ་སྟེ། ཡོད་པ་ལའང་ཡོད་ པར་ཤེས་ལ། མེད་པ་ལའང་མེད་པར་ཤེས་སོ་ཞེས་སོགས་གསུངས་ཏེ། དེ་ལྟ་བས་ན་འདས་མ་འོངས་ཀྱི་དམིགས་བྱེད་ཡོད་ན་ཆོས་ཅན། དམིགས་བྱ་འདས་མ་འོངས་ཡོད་པར་དམ་བཅའ། དམིགས་བྱེད་ཡིན་པའི་ཕྱིར། མིག་གི་རྣམ་ཤེས་བཞིན། ཅེས་བྱ་བའི་གཏན་ ཚིགས་འདི་ནི་མ་ངེས་པས་རུང་བ་མ་ཡིན་ཏེ། དམིགས་བྱེད་ཡིན་ཀྱང་དམིགས་བྱ་དེ་མེད་པར་དམིགས་བྱེད་ཡོད་པ་ལ་ཅི་ཡང་མི་ལྟོ་བའི་ཕྱིར། མདོ་སྡེ་པས་ནི། འབྲས་ཕྱིར་ཞེས་པའི་གཏན་ཚིགས་ཀྱིས་ཀྱང་མ་ཁྱབ་སྟེ། ལས་འདས་པ་ལས་འབྲས་བུ་འབྱུང་བར་མི་ 3-1-186b འདོད་པའི་ཕྱིར་དང་། ལས་སྔོན་དུ་འགྲོ་བའི་སེམས་རྒྱུད་ཀྱི་ཁྱད་པར་ལས་འབྲས་བུ་འབྱུང་བར་འདོད་པའི་ཕྱིར། དཔེར་ན་ས་བོན་ལ་དངོས་སུ་འབྲས་བུ་མི་འབྱུང་། ས་བོན་གྱིས་བརྒྱུད་རྒྱུ་བྱས་ནས་ས་བོན་ལས་མྱུ་གུ་དང་། སྡོང་བུ་དང་། ཡལ་འདབ་དང་། མེ་ཏོག་དང་། དེ་ལས་འབྲས་བུ་འབྱུང་བ་བཞིན་ལས་ཀྱི་བག་ཆགས་བཞག་པ་དེ་ནུས་པ་སྟོབས་ཅན་དུ་གྱུར་བ་ལ་འབྲས་བུ་འབྱུང་བའོ། །རྒྱས་པར་བསྟན་བཅོས་ཀྱི་མཇུག་ན་བདག་དགག་པར་བརྗོད་པར་བྱའོ། །ཡང་གང་གི་འདས་མ་འོངས་རྫས་སུ་ཡོད་པ་དེའི་ འབྲས་བུ་རྟག་ཏུ་ཡོད་པ་ཁོ་ནར་བརྗོད་ན། སླར་འབྲས་བུ་བསྐྱེད་པ་དེ་ལ་ལས་ཀྱི་ནུས་པ་ཅི་ཞིག་ཡོད་ཅེས་དྲིས་པ་ལ། བྱེ་བྲག་སྨྲ་བས། དེའི་ནུས་པ་ནི་ལས་དེ་བསྐྱེད་པར་ནུས་པའི་ནུས་པ་དེ་ལའོ་སྙམ་ན། འོ་ན་ན་སྔོན་མེད་པ་ལས་འབྱུང་བས་སྔོན་མེད་པ་ལས་ འབྱུང་བར་གྲུབ་པ་ཡིན་ནོ། །ཡང་རྒྱུ་དང་སྐྱེ་བ་དང་འབྲས་བུ་མ་འོངས་པ་ཐམས་ཅད་ཡོད་པ་ཡིན་ན་ཆོས་ཅན། འབྲས་བུ་གང་ལ་རྒྱུ་གང་ཞིག་ནུས་ཏེ། རྒྱུ་ཐམས་ཅད་ཀྱི་དུས་ན་འབྲས་བུ་ཐམས་ཅད་ཀྱང་རྫས་སུ་ཡོད་པའི་ཕྱིར། དེ་ལྟར་ན་མུ་སྟེགས་ལོ་རྩི་བ་གསལ་ བྱེད་པ་རྣམས་ཀྱི་རྩོད་པ། གང་ཡོད་པ་དེ་ནི་ཡོད་པ་ཁོ་ནའོ། །གང་མེད་པ་དེ་ནི་མེད་པ་ཁོ་ནའོ། །མེད་པ་ལ་ནི་སྐྱེ་བའང་མེད་དོ། །ཡོད་པ་ལ་ནི་འཇིག་པའང་མེད་དོ་ཞེས་བརྗོད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས། ད་ལྟར་དུ་བྱེད་ནུས་པ་ཡིན་ནོ་ཞེ་ན། སློབ་དཔོན་གྱིས་ སྐྱེ་བ་འདི་ནི་ད་ལྟར་དུ་བྱེད་པ་མ་ཡིན་ཏེ། ཡོད་པའི་ཕྱིར། ད་ལྟར་དུ་བྱེད་པ་ཞེས་བྱ་བ་འདི་ཅི་ཡིན་དྲིས་པ་ལ། རྒྱུས་འབྲས་བུ་ཡུལ་གཞན་དུ་འདྲེན་པ་ཡིན་ཅེ་ན། འོ་ན་འབྲས་བུ་མི་རྟག་པར་ཐལ་བར་འགྱུར་ཏེ། ཡུལ་ནས་ཡུལ་གཞན་དུ་འདྲེན་པ་འབའ་ཞིག་ཏུ་ 3-1-187a ཟད་ཀྱི། སྐྱེ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར། ཡང་ཚོར་སོགས་གཟུགས་ཅན་མིན་པ་ཡུལ་གཞན་དུ་འདྲེན་པ་མི་འཐད་པར་ཐལ། ཡུལ་ཅན་མ་ཡིན་པ་ཉིད་ཀྱིས་ཡུལ་ན་མི་གནས་པའི་ཕྱིར། ཡུལ་གཞན་དུ་འདྲེན་པ་དེ་ཆོས་ཅན། སྔར་མེད་པ་མ་ བྱུང་བ་ལས་འབྱུང་བ་གྲུབ་པར་ཐལ། ཡུལ་གཞན་དུ་མ་བྱུང་བ་ལས་བྱུང་བའི་ཕྱིར། གལ་ཏེ་རྒྱུས་འབྲས་བུ་རང་གི་ངོ་བོ་ཁྱད་པར་དུ་བྱེད་དེ། དེས་ན་འབྲས་བུའི་ཁྱད་པར་ཡིན་པའི་ཕྱིར་ཞེས་སྙམ་ན། འོ་ན་ནི་མ་བྱུང་བ་དང་མ་སྐྱེས་པ་ལས་བྱུང་བ་དང་སྐྱེ་བར་གྲུབ་སྟེ། ཁྱད་པར་མ་བྱུང་བ་ལས་བྱུང་བའི་ཕྱིར། རྒྱས་པར་བཤད་ནས་མཇུག་བསྡུ་བ་ནི། འདི་སྐད་དུ། གང་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པར་སྨྲ་བའི་ཐམས་ཅད་ཡོད་པར་སྨྲ་བ་ནི་བསྟན་པ་ལ་ལེགས་པས་མིན་གྱི། མདོ་ལས་ཐམས་ཅད་ཡོད་དོ་ཞེས་བྱ་བ་ནི་བསྟན་པ་ལ་ལེགས་པ་ ཡིན་ནོ། །མདོ་ལས་གསུངས་པ་དེ་ཇི་ལྟར་ལེགས་ཤེ་ན། ཐམས་ཅད་ཡོད་ཅེས་བྱ་བ་ནི། བྲམ་ཟེ་སྐྱེ་མཆེད་བཅུ་གཉིས་ཁོ་ནའོ་ཞེས་ཡོད་རྒྱུ་རངས་པ་དེར་བསྟན་ལ། ཡང་ན་འདས་པ་ནི་བྱུང་ཟིན་གྱི་ཚུལ་དུ་ཡོད། མ་འོངས་པ་ནི་འབྱུང་འགྱུར་གྱི་ཚུལ་དུ་ ཡོད། ད་ལྟར་ནི་བྱུང་བའི་ཚུལ་གྱིས་ཡོད་ཅེས་བཤད་ཟིན་ཏོ། །བྱེ་སྨྲས། འདས་མ་འོངས་ཀྱི་ཉོན་མོངས་དེས་སམ། འདས་མ་འོངས་ཀྱི་དངོས་པོ་དང་ལྡན་པར་མི་འགྱུར་བར་ཐལ། འདས་མ་འོངས་དག་མེད་པའི་ཕྱིར་ཞེ་ན། མདོ་སྡེ་བས་འདས་པ་དེ་ལས་སྐྱེས་ པ་དང་། མ་འོངས་པ་དེའི་རྒྱུ་ཡང་ཡིན་པའི་ཉོན་མོངས་པའི་ཕྲ་རྒྱས་ས་བོན་ཡོད་པས་འདས་མ་འོངས་ཀྱི་ཉོན་མོངས་དེས་ལྡན་ལ། འདས་མ་འོངས་པ་དམིགས་པའི་ཕྲ་རྒྱས་ཡོད་པས་འདས་མ་འོངས་ཀྱི་དངོས་པོ་དེ་དང་ལྡན་པ་ཡིན་ནོ། །གཉིས་པ་ནི། ཆོས་ཉིད་དག་ནི་ཟབ་པ་ཡིན། །བྱེ་སྨྲས་ 3-1-187b འདས་མ་འོངས་ནི་ཡོད་པ་ཁོ་ནའོ། །གང་ཞིག་དྲང་བར་མི་ནུས་པ་དེ་ལ་ནི་འདི་ལྟར་ཆོས་རྣམས་ཀྱི་རང་བཞིན་ནམ་ངོ་བོ་ཆོས་ཉིད་དག་ནི་ཟབ་པ་ཡིན་ཏེ། དེ་གདོན་མི་ཟ་བར་རྟོག་གིས་སྒྲུབ་ནུས་པ་མ་ཡིན་པའི་ཕྱིར་ཞེས་ཟེར་རོ། །རྫས་གང་སྐྱེ་བ་དེ་འགགས་པའི་རྣམ་ གྲངས་ཀྱང་ཡོད་དེ། གཟུགས་སྐྱེ་ལ་གཟུགས་འགགས་པ་ནི་རྫས་གཞན་མ་ཡིན་པའོ། །གཞན་སྐྱེ་ལ་གཞན་འགགས་པའི་རྣམ་གྲངས་ནི། སྐྱེ་ལ་མངོན་དུ་ཕྱོགས་པའི་ཕྱིར་གཞན་མ་འོངས་པ་སྐྱེ་ཞིང་། འགགས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར། གཞན་ད་ལྟར་གྱི་འགགས་ལ། དུས་ཀྱང་སྐྱེ་སྟེ། སྐྱེ་བ་དུས་ཀྱིས་བསྡུས་པའི་ཕྱིར། མ་འོངས་པའི་སྐད་ཅིག་མའི་ཚོགས་ཀྱི་ངོ་བོ་དུ་མ་ཞིག་ལས་སྐད་ཅིག་མ་འགའ་ཞིག་སྐྱེ་བའི་ཕྱིར་དུས་ལས་ཀྱང་སྐྱེ་བར་གྲུབ་བོ། །མ་འོངས་པ་དཔག་ཏུ་མེད་པ་ ཡོད་པ་ལ་དང་པོ་ལུགས་སུ་གཅིག་ཏུ་མི་འོང་། བྱུང་ན་དེ་མན་ཆད་རྒྱུན་ཆད་ནས་འགྲོ་བས་རྒྱུན་མ་ཆད་པ་རེས་འཇོག་ཏུ་འོང་ངོ་། །གསུམ་པ་སྤངས་ཀྱང་ལྡན་པའམ་མ་བྲལ་བ་ལ། མཐོང་སྤོང་དང་། སྒོམ་སྤོང་ངོ་། །དང་པོ་ནི། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། ། དངོས་པོ་གང་སྤངས་ན་དངོས་པོ་དེ་དང་བྲལ་བའམ། བྲལ་ན་དེས་དངོས་པོ་དེ་སྤངས་པ་ཡིན་ཅེ་ན། འདིར་སྤངས་པ་ནི་ཐོབ་པ་དང་བྲལ་བ་ཡིན་ལ། བྲལ་བ་ནི་དེ་ལ་དམིགས་པའི་ཉོན་མོངས་སྤངས་པའོ། །དེས་ན་གང་དང་བྲལ་ན་དེས་དངོས་པོ་དེ་སྤངས་པ་ནི་ཡིན་ནོ། །སྤངས་ལ་ མ་བྲལ་བའང་ཡོད་དེ། སྡུག་བསྔལ་ཤེས་པ་ནི་སྐྱེས་ལ། ཀུན་འབྱུང་ཤེས་པ་ནི་མ་སྐྱེས་པའི་ཚེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་སྤངས་པ་ཡིན་ནོ། །དེ་སྤངས་ཀྱང་དེ་ལ་དམིགས་པ་ཀུན་ཏུ་འགྲོ་བ་ལྷག་མ་ཀུན་འབྱུང་མཐོང་སྤོང་ཀུན་འགྲོ་རྣམས་ 3-1-188a ཀྱིས་ལྡན་ནོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པས་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་མཐོང་སྤང་སྤངས་ཀྱང་། ཀུན་འབྱུང་རྗེས་ཤེས་ཀྱི་ཡེ་ཤེས་མ་སྐྱེས་བར་དུ་ཀུན་འབྱུང་གི་ཀུན་འགྲོའི་སྡུག་བསྔལ་ལ་དམིགས་ཙམ་ན་སྡུག་བསྔལ་མཐོང་ སྤང་སྤངས་ཀྱང་མ་བྲལ་བ་འདིའི་རྒྱུ་མཚན་ཀུན་འབྱུང་གི་ཀུན་འགྲོས་བརྟོད་ཐག་བྱས་པའོ། །ནམ་བརྟོད་ཐག་དེ་བཅད་ཙམ་ན་སྤངས་པ་དང་བྲལ་བ་ཀུན་མཉམ་མོ། །འགོག་པ་མཐོང་སྤོང་ནི་སྤངས་པ་དང་བྲལ་བ་དུས་མཉམ་ཡིན་ལ། ལམ་ལ་ ཀུན་འགྲོ་མེད་ཙམ་ན་ཀུན་འགྲོའི་དམིགས་པ་མེད་པས་ལམ་གྱི་སྤངས་པ་དང་བྲལ་བ་ཀུན་མཉམ་མོ། །གཉིས་པ་ནི། དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །སྒོམ་སྤང་གི་རིས་ལའང་རྣམ་པ་དགུ་ལས། དང་པོའི་རྣམ་པ་ཆེན་པོའི་ཆེན་པོ་སྤངས་པས་བྲལ་ཀྱང་དེའི་ཡུལ་ཅན་དེ་ལ་དམིགས་པའི་དྲི་མ་ཉོན་མོངས་ལྷག་མ་ཆེན་པོའི་ འབྲིང་སོགས་མ་སྤངས་པ་རྣམས་ཀྱི་དམིགས་པས་ལྡན་པ་ཡིན་ནོ། །སྒོམ་སྤང་བརྒྱད་པ་མན་ཆོད་ཡེ་ཤེས་དགྲ་དོད་ཀྱིས་སྤངས་ཀྱང་། ཆུང་ངུའི་ཆུང་ངུ་ཡེ་ཤེས་མེད་པས་ཆུང་ངུའི་ཆུང་ངུ་ཡོད་ཙམ་ན། ཆུང་ངུའི་ཆུང་ངུ་བརྒྱད་པོ་མན་ཆད་ཚོ་ལ་དམིགས་ཙམ་ན་བརྒྱད་ པ་ཡན་ཆད་ཚོ་དགུ་པ་བརྟོད་ཐག་ལྟ་བུ་སྟེ། བརྒྱད་པ་ཡན་ཆད་འགིང་ཕུར་ལྟ་བུ་དམིགས་པའི་དུས་སུ་བརྒྱད་པ་ཡན་ཆད་སྤངས་ཀྱང་མ་བྲལ་ལོ། །འདིར་ཡུལ་ཅན་དེ་དག་དང་ལྡན་ནོ་ཞེས་སྟོན་པ་ནི་མ་ཡིན་གྱི། འོན་ཀྱང་ཡུལ་ཅན་ལྡན་པས་ཡུལ་སྤང་བ་ཡང་ལྡན་ནོ་ཞེས་ བྱ་བ་ནི་གྲུབ་པའི་མཐའོ། །སྨྲས་པ། བླ་ན་མེད་པའི་ཐེག་པ་ཆེན་པོ་ལ། །གྲུབ་པ་མཐར་ཕྱིན་ལམ་གྱི་འབྱོར་དགུའི་ཆེད། །ཡང་དག་ལྟ་བའི་སྣང་བ་སྦྱིན་པའི་ཕྱིར། །བདག་གི་བློ་གྲོས་རབ་ཏུ་གསལ་བ་ཡི། །འོད་ཟེར་མངོན་པར་བྱང་ཆུབ་རྒྱས་པ་འདི། །ཤེས་བྱའི་ 3-1-188b ཁོངས་ན་རབ་ཏུ་ཅིས་མ་གར། །བཞི་པ་ཆོས་གང་སེམས་གང་གི་ཡུལ་ཡིན་པ་ལ། ཁམས་གསུམ་གྱི་ཆོས་ལྔ་ལ་སེམས་གང་གིས་དམིགས་པ་དང་། ཟག་མེད་ལ་སེམས་གང་གིས་དམིགས་པའོ། །དང་པོ་ལ། མཐོང་སྤོང་དང་པོ་གཉིས་དང་། སྒོམ་སྤོང་ལ་ སེམས་གང་གིས་དམིགས་པ་དང་། འགོག་ལམ་མཐོང་སྤོང་ལ་སེམས་གང་གིས་དམིགས་པའོ། །དང་པོ་ལ། འདོད་པའི་སས་བསྡུས་ལ། གཟུགས་ཀྱི། གཟུགས་མེད་ཀྱི་སས་བསྡུས་ལ་སེམས་གང་གིས་དམིགས་པའོ། །དང་པོ་ནི། སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་གཅིག །དྲི་མེད་རྣམ་ཤེས་སྤྱོད་ཡུལ་ལོ། །དམིགས་པ་གང་ལ་ ཕྲ་རྒྱས་དུ་རྒྱས་ཚིག་རེ་ནས་བཤད་ན་བརྗོད་བྱ་མང་པོར་འགྱུར་བས། འབད་པ་ཆུང་ངུས་འདྲི་བའི་ཚེག་མང་པོ་གོ་བར་འགྱུར་བར་བསྡུས་ཏེ་འཆད་ན། ཆོས་ནི་བཅུ་དྲུག་སྟེ། ཁམས་གསུམ་དུ་སྤང་བྱ་རིས་ལྔ་ལྔ་སྟེ་ལྔ་གསུམ་བཅོ་ལྔ། ཟག་མེད་དེ་བཅུ་དྲུག་གོ། སེམས་ ཀྱང་བཅུ་དྲུག་སྟེ་དེ་དག་ཉིད་དོ། །དེའང་གཟུགས་མཐོང་སྤོང་མིན་ཙམ་ན། འདོད་ཁམས་ན་སྡུག་བསྔལ་མཐོང་སྤང་བཅུ་པོ་དེ་ཕུང་པོ་བཞི། ཀུན་འབྱུང་གི་བདུན། འགོག་པའི་བདུན། ལམ་གྱི་བརྒྱད་པོ་དེའང་ཕུང་པོ་བཞི་བཞིའོ། །སྒོམ་སྤོང་ནི་མཐོང་སྤོང་མ་ གཏོགས་པའི་ཟག་བཅས་མཐའ་དག་ཡིན་ཏེ། ཕུང་པོ་ལྔའོ། །གཟུགས་ཁམས་ཀྱི། སྡུག་བསྔལ་དགུ། ཀུན་འགོག་དྲུག་དྲུག །ལམ་བདུན་ནི། གཟུགས་མ་གཏོགས་པའི་ཕུང་པོ་བཞི་བཞིའོ། །སྒོམ་སྤོང་ཕུང་པོ་ལྔའོ། །གཟུགས་མེད་ཀྱི་མཐོང་སྤོང་དང་སྒོམ་ སྤོང་ཡང་དེ་དང་འདྲའོ། །དེ་ལ་ཆོས་གང་ཞིག་སེམས་གང་གིས་དམིགས་པ་ཡིན་པར་ཤེས་པར་བྱས་ནས་ཕྲ་རྒྱས་འདི་སྙེད་ཅིག་རྒྱས་པར་འགྱུར་རོ་ཞེས་བརྟག་པར་བྱའོ། །དེ་ལ་སྡུག་བསྔལ་མཐོང་སྤོང་ཀུན་འགྲོ་དང་ཀུན་འགྲོ་མ་ཡིན་པ་མཚུངས་ལྡན་དང་། དེའི་ 3-1-189a རྒྱུ་ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མཚུངས་ལྡན་དང་། ལམ་གོམས་པ་ཡིས་སྤང་བར་བྱ་བ་དགེ་བ་དང་། འདོད་ཁམས་ལས་སྐྱེས་པ་འཇིག་རྟེན་པའི་ལམ་གྱི་འདོད་པ་ན་སྤྱོད་པའི་ཆོས་ལ་དམིགས་པའི་གནས་སྐབས་ཀྱི་རང་གི་གསུམ་དང་། གཟུགས་སུ་གཏོགས་པའི་འདོད་ཁམས་ལ་ལྟ་བའི་སྐབས་ན་སྒོམ་སྤང་དང་པོའི་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་གཅིག་དང་། དྲི་མ་མེད་པ་ཆོས་ཤེས་ཕྱོགས་དང་མཐུན་པ་ལྔའི་སྤྱོད་ཡུལ་ལོ། །རྣམ་ཤེས་ཞེས་བྱ་བ་ནི་རང་གི་གསུམ་དང་གཟུགས་གཏོགས་ གཅིག་དང་དྲི་མེད་ལྔ་ཅར་ལ་རྣམ་ཤེས་ཞེས་གསལ་བྱེད་དུ་སྦྱར་རོ། །འདིར་རང་སའི་སྡུག་ཀུན་མཐོང་སྤང་གིས་རང་སའི་དེ་གཉིས་ལ་དམིགས་པ་ནི་སྐལ་མཉམ་ཀུན་འགྲོའི་དབང་དུ་བྱས་པ་དག་ཡིན་ལ། རང་སའི་སྒོམ་སྤང་གིས་ཀྱང་དམིགས་པ་ནི། རང་སའི་དགེ་བ་ ཟག་བཅས་ཀྱི་གསུམ་པོ་དེ་ཉིད་ལ་དམིགས་པའི་དབང་དུ་བྱས་པ་ཡིན་ཏེ། སྤང་བྱ་གསུམ་པོ་དེ་ལ་དམིགས་པའི་ཐོས་བསམ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལྟ་བུའོ། །གཟུགས་སུ་གཏོགས་པའི་སྒོམ་སྤང་གིས་འདོད་པའི་དེ་གསུམ་ལ་དམིགས་པའང་གཟུགས་ ཀྱི་དགེ་བའི་དབང་དུ་བྱས་པ་ཡིན་ཏེ། ས་གོང་མའི་ཉོན་མོངས་ཀྱིས་འོག་མ་ལ་མི་དམིགས་པའི་ཕྱིར། གཟུགས་མེད་ཀྱི་དགེ་བས་ནི་འདོད་པ་ལ་མི་དམིགས་ཏེ་རིང་བ་བཞིས་རིང་བའི་ཕྱིར། འདོད་པ་ན་སྤྱོད་པ་འགོག་པ་དང་། ལམ་མཐོང་བས་སྤང་བར་བྱ་བའི་སེམས་དག་གིས་དམིགས་ པ་ནི་མ་ཡིན་ཏེ། ཟག་མེད་ལ་དམིགས་པའི་དངོས་སུ་ལོག་པར་ཞུགས་པའི་སེམས་དག་ནི་འགོག་པ་དང་ལམ་ལ་དམིགས་པའི་ཕྱིར། ཟག་པ་དང་བཅས་པ་ལོག་ཞུགས་ཀྱི་ལོག་ཞུགས་ལ་དམིགས་པ་དག་ཀྱང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཙམ་ལ་དམིགས་ 3-1-189b པའི་ཕྱིར་རོ། །གཉིས་པ་ནི། གཟུགས་ཁམས་ལས་སྐྱེས་རང་གི་དང་། །འོག་གསུམ་གོང་གཅིག་དྲི་མེད་ཀྱིའང་། །གཟུགས་ཁམས་ལ་སྐྱེས་པའི་ཆོས་རྣམ་པ་གསུམ་པོ་དེ་དག་ནི་སེམས་བརྒྱད་ཀྱིས་དམིགས་ཏེ། རང་གི་ཁམས་པའི་སེམས་གསུམ་པོ་དེ་དག་ཉིད་དང་། ཁམས་འོག་མའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་སེམས་ སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པ་དང་། སྒོམ་པས་སྤང་བར་བྱ་བ་ཐོས་པ་ལས་བྱུང་བའམ་བསམ་པ་ལས་བྱུང་བ་གསུམ་པོ་དེ་དག་ཉིད་དང་། ཁམས་གོང་མའི་སྒོམ་སྤོང་ནམ་མཁའི་ཉེར་བསྡོགས་དག་གི་སེམས་གཅིག་གིས་དང་། དྲི་མེད་ རྗེས་ཤེས་ཕྱོགས་མཐུན་གྱི་སེམས་ཀྱི་དམིགས་པ་ཡིན་ནོ། །གསུམ་པ་ནི། གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །སྤང་བྱ་ཆོས་དེ་གསུམ་གཟུགས་མེད་ལས་སྐྱེས་པ་ནི་སེམས་བཅུའི་དམིགས་པ་སྟེ། ཁམས་གསུམ་དུ་གཏོགས་པའི་སེམས་དེ་ཚན་པ་གསུམ་སྟེ་སེམས་དགུ་དང་སེམས་ཟག་པ་མེད་པའི་སྤྱོད་ ཡུལ་ལོ། །གཉིས་པ་འགོག་ལམ་མཐོང་སྤོང་ལ་སེམས་གང་གིས་དམིགས་པ་ནི། འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །འགོག་པ་དང་ལམ་མཐོང་བས་སྤང་བྱའི་ཆོས་ཁམས་གསུམ་པ་ཀུན་རང་གི་སེམས་འགོག་པ་དང་ལམ་མཐོང་སྤོང་རེ་རེས་གླགས་པའི་སྤྱོད་ཡུལ་ལོ། །དེའང་འགོག་པ་མཐོང་ སྤོང་འདོད་ཁམས་པ་ནི་རྣམ་ཤེས་དྲུག་གི་དམིགས་པ་སྟེ་སྔར་བཤད་ལྔ་དང་རང་གི་སེམས་བཀླག་པའི་དམིགས་པའོ། །ལམ་མཐོང་སྤོང་ཡང་དེ་དང་འདྲའོ། །དེ་བཞིན་དུ་འགོག་པ་དང་ལམ་མཐོང་བས་སྤང་བྱ་དང་གཟུགས་དང་གཟུགས་མེད་དུ་གཏོགས་པའང་འགོག་ ལམ་མཐོང་སྤོང་གི་སེམས་རེ་གླགས་པའི་སྤྱོད་ཡུལ་ཡིན་པས་སེམས་དགུ་དང་བཅུ་གཅིག་གི་དམིགས་པའོ། །གཉིས་པ་ཟག་མེད་ལ་སེམས་གང་གིས་དམིགས་པ་ནི། ཟག་མེད་ཁམས་གསུམ་མཐའ་གསུམ་དང་། །ཟག་པ་མེད་པའི་སྤྱོད་ཡུལ་ལོ། །ཟག་མེད་ནི་ཁམས་གསུམ་ན་སྤང་བྱ་རིས་ལྔ་ལྔ་ཡོད་པའི་མཐའ་མ་གསུམ་གསུམ་གྱི་སྤྱོད་ཡུལ་ 3-1-190a ཏེ། འགོག་ལམ་ལ་དངོས་སུ་ལོག་ཞུགས་དང་། སྒོམ་སྤང་དགེ་བ་ཡིན་པ་དང་། ཟག་པ་མེད་པའི་སེམས་ཀྱིའང་ཡིན་པས་བཅུའི་སྤྱོད་ཡུལ་ལོ། །དེའང་ཟག་མེད་སོ་སོར་བརྟག་འགོག་དང་ལམ་བདེན་ནི་ཁམས་གསུམ་གྱི་ལོག་ལྟ་ལ་སོགས་པ་ ཟག་མེད་ལ་དམིགས་པ་རྣམས་དང་མཚུངས་ལྡན་དང་། སྒོམ་སྤང་དགེ་བ་ཟག་བཅས་ཀྱི་སེམས་དང་། ཟག་མེད་ཆོས་ཤེས་རྗེས་ཤེས་ཀྱི་དམིགས་པ་ཡིན་ལ། ནམ་མཁའ་དང་སོ་སོར་བརྟགས་མིན་གཉིས་ནི་སྒོམ་སྤང་གི་སེམས་ཉོན་མོངས་ཅན་མ་ཡིན་པ་ཁོ་ནའི་དམིགས་པ་ ཡིན་ནོ། །སློབ་དཔོན་ཡོན་ཏན་བློ་གྲོས་དང་དབྱིག་བཤེས་ན་རེ། ནམ་མཁའ་དང་སོ་སོར་བརྟགས་མིན་གཉིས་སྒོམ་སྤང་ཉོན་མོངས་ཅན་དང་། དེ་མ་ཡིན་པ་གཉིས་ཀ་དམིགས་པ་ཡིན་ན་ཞེས་ཟེར་བ་ནི་མི་རིགས་ཏེ། དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཅེས་བརྟགས་འགོག་ དང་ལམ་བདེན་ཁོ་ན་ཉོན་མོངས་ཅན་གྱི་དམིགས་པར་བཤད་དོ། །ཡང་བཤད་མ་ཐག་པའི་དོན་དེ་ཉིད་ཚིགས་སུ་བཅད་པ་ཕྱེད་གཉིས་ཀྱིས་བསྡུ་བ་ནི། ཁམས་གསུམ་སྡུག་བསྔལ་རྒྱུ་མཐོང་དང་། །སྒོམ་པས་སྤང་བྱ་ཟག་པ་མེད། །རྣམ་ཤེས་ལྔ་བརྒྱད་བཅུ་དང་ནི། ། རྣམ་ཤེས་བཅུ་ཡི་སྤྱོད་ཡུལ་ཏེ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་པའི་དོན་ནི། སྡུག་བསྔལ་དང་ཀུན་འབྱུང་མཐོང་བ་དང་། སྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་དག་ནི་བརྒྱད་ཀྱི་ཡིན་ནོ། །གཟུགས་མེད་ན་ སྤྱོད་པ་དག་ནི་བཅུའི་ཡིན་ནོ། །དྲི་མ་མེད་པ་དག་ཀྱང་བཅུའི་ཡིན་ནོ་ཞེས་གོང་དུ་བཤད་པ་དེ་འགོག་ལམ་གྱི་སྤང་བྱ་ཁམས་གསུམ་དུ་དམིགས་པ་རེ་རེའི་གྲངས་ཀྱིས་འཕར་པའི་སྒོ་ནས་དམིགས་པར་བྱེད་དོ། །དེས་མཚོན་ནས་སེམས་བཅུ་དྲུག་པོ་རེ་རེའི་ཡུལ་དུ་ཆོས་བཅུ་ 3-1-190b དྲུག་ཏུ་འགྱུར་ཚུལ་རྣམ་པར་བཞག་ནས་ཕྲ་རྒྱས་ཇི་ལྟར་རྒྱས་ཞེས་རྟོགས་པའི་དགོས་པའི་སླད་དེ། ཕྱོགས་ཙམ་བསྟན་པར་བྱའོ་ཞེས་པ་འདི་ལ་ནི། བོད་སྔ་རབས་པ་དག་སྡོམ་དུ་བྱས་པ་ནི། ཁམས་གསུམ་བདེན་བཞི་མཐོང་སྤང་དང་། །སྒོམ་སྤང་སེམས་ཀྱི་ཡུལ་དུ་ནི། །རིམ་ བཞིན་བཅོ་ལྔ་གཉིས་བཅུ་དྲུག །བཅུ་དང་གཉིས་དང་བཅུ་དྲུག་དང་། །ལྔ་དང་གཉིས་དང་བཅུ་གཅིག་འགྱུར། །ཟག་མེད་ཡུལ་དུ་བཅུ་དྲུག་འགྱུར། །ཞེས་འདོད་པའི་སྡུག་ཀུན་གྱི་སྤང་བྱའི་ཡུལ་དུ་བཅོ་ལྔ། འགོག་ལམ་གྱི་སྤང་བྱའི་ཡུལ་དུ་རང་གི་དེ་གཉིས་དང་། སྒོམ་སྤང་གི་ ཁམས་གསུམ་གའི་སྤང་བྱ་རིས་ལྔ་ལྔ་སྟེ་བཅོ་ལྔ། གཟུགས་དང་གཟུགས་མེད་ཀྱི་སྤང་བྱ་ལྔ་ལྔ་པ་གཉིས། གཟུགས་མེད་རང་གི་སྤང་བྱ་རིས། གཟུགས་མེད་ཀྱི་སྤང་བྱ་རིས་ལྔ་གཟུགས་ཀྱི་རིས་ལྔ་ཟག་མེད་དེ་བཅུ་གཅིག་གོ། ཡུལ་དུ་བཅུ་དྲུག་དང་། དེའི་རིགས་ཁམས་གོང་ལ་འགྲེ་བ་སྟེ། དེའི་དོན་ཚིག་ཉུང་ལ་རྟོགས་ སླ་བར་བརྗོད་ན། ཁམས་གསུམ་སྡུག་ཀུན་མཐོང་སྤང་རྣམས། །རིམ་བཞིན་བཅོ་ལྔ་བཅུ་དང་ལྔར། །འགོག་ལམ་མཐོང་སྤང་གཉིས་གཉིས་སུ། །སྒོམ་སྤང་ཟག་མེད་ཀུན་ལ་དམིགས། །ཞེས་སོ། །དེ་ལྟར་ཡུལ་ཡུལ་ ཅན་དེ་རྣམས་ལས་ཡུལ་གང་ལ་ཡུལ་ཅན་ཏེ་ཕྲ་རྒྱས་དུ་རྒྱས་པ་ལ། ཡུལ་དེ་ཆོས་གང་དུ་གཏོགས་པ་དང་། དེ་སེམས་དུའི་ཡུལ་དུ་འགྱུར་བ་དང་། ཡུལ་ཅན་གྱི་སེམས་དེ་ཕྲ་རྒྱས་ཡིན་མིན་དང་། ཕྲ་རྒྱས་ཡིན་པ་དེ་ཡུལ་དེ་ལ་རྒྱས་མི་རྒྱས་བཞིས་ཤེས་པར་བྱ་བ་ལ། གཟུགས་ཀྱི་ཕུང་པོ་ལ་མཚོན་ན། དེ་ འདོད་གཟུགས་ཀྱི་སྒོམ་སྤོང་དང་ཟག་མེད་གསུམ་དུ་གཏོགས་ལ། འདོད་པའི་སྒོམ་སྤང་གི་གཟུགས་ལའང་རྒྱུད་ཀྱིས་བསྡུས་པའི་ཉོན་མོངས་ཅན་ཡིན་ན། འདོད་པ་རང་སའི་བདེན་པ་གཉིས་ཀྱི་ཀུན་འགྲོ་དང་། སྒོམ་སྤང་དང་། བསམ་གཏན་དང་པོའི་ཉེར་བསྡོགས་ 3-1-191a དང་། སྒོམ་ལམ་ཟག་མེད་ལྔའི་ཡུལ་དུ་འགྱུར་ཞིང་། སེམས་ལྔའི་དང་པོ་གསུམ་ཕྲ་རྒྱས་དང་། ཕྱི་མ་གཉིས་སྒོམ་ལམ་ཟག་བཅས་ཟ་མེད་ཡིན་པས་ཕྲ་རྒྱས་མ་ཡིན་ལ། ཕྲ་རྒྱས་ཡིན་པ་བདེན་པ་དང་པོ་གཉིས་ཀྱི་ཀུན་འགྲོ་བཅུ་གཅིག་ དང་སྒོམ་སྤང་བཞི་སྟེ་བཅོ་ལྔ་རྒྱས་པར་འགྱུར་རོ། །རྒྱུད་ཀྱིས་བསྡུས་པའི་ཉོན་མོངས་ཅན་མ་ཡིན་པ་དང་། རྒྱུད་ཀྱིས་མ་བསྡུས་པའི་གཟུགས་ཐམས་ཅད་ལ་ནི་སྒོམ་སྤང་བཞི་པོ་ཁོ་ནར་རྒྱས་སོ་ཞེས་ཤེས་པར་བྱའོ། །ད་ནི་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་ཤེས་ ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེ་ན། བདེ་བའི་དབང་པོ་ནི་བདུན་ཏེ། འདོད་པ་ན་སྤྱོད་པ་སྒོ་ལྔའི་ས་པའི་བདེ་བའི་དབང་པོ་ལུས་ཚོར་སྒོམ་པས་སྤང་བར་བྱ་བ་སྟེ། དྲུག་པ་མིན་སྐྱེས་མིན་ཅེས་འབྱུང་བའི་ཕྱིར་དེ་དང་། གཟུགས་ན་སྤྱོད་པའི་བདེ་བ་ལ་བསམ་ གཏན་དང་པོ་ན་རྣམ་ཤེས་ཚོགས་གསུམ་གྱི་བདེ་བ་སྒོམ་སྤང་དང་། གསུམ་པ་ན་ཡིད་ཀྱི་ས་པའི་སྡུག་བསྔལ་མཐོང་སྤང་ནས་སྒོམ་སྤང་གི་བར་ལྔ་པོ་དེ་དང་། བསམ་གཏན་གསུམ་པའི་ས་པ་ཁོ་ནའི་ཟག་པ་མེད་པ་གཅིག་དང་སྟེ་བདུན་ནོ། །དེ་ལ་འགོག་པ་ མཐོང་བས་སྤང་བྱ་མ་གཏོགས་རྣམ་ཤེས་བཅུ་གཉིས་ཀྱིས་དམིགས་པ་ཡིན་ཏེ། འདོད་པ་ན་སྤྱོད་པ་སྡུག་ཀུན་ལམ་མཐོང་བས་སྤང་བྱ་དང་། སྒོམ་པས་སྤང་བྱ་བཞིས་དམིགས་ལ། དེའང་སྡུག་ཀུན། །མཐོང་སྤང་གིས་དམིགས་པ་ཡིན་ཏེ། རང་ས་དང་གོང་སའི་ བདེ་དབང་ལ་འཇིག་ཚོགས་དང་ལོག་པར་ལྟ་བ་སོགས་ཀྱིས་དམིགས་པའི་ཕྱིར་དང་། ལམ་མཐོང་སྤང་གིས་དམིགས་པ་ཡིན་ཏེ། ལོག་ལྟ་སོགས་དང་མཚུངས་ལྡན་གྱིས་དམིགས་པའི་ཕྱིར། སྒོམ་སྤང་གིས་དམིགས་པ་ཡིན་ཏེ། ཆགས་སོགས་ 3-1-191b མཚུངས་ལྡན་གྱི་སྒོ་ནས་དམིགས་པའི་ཕྱིར། འགོག་ལམ་མཐོང་སྤོང་གིས་ནི་དམིགས་པ་མིན་ཏེ། ལོག་ལྟ་སོགས་ནི་འགོག་པ་ལ་དམིགས་ཀྱི་བདེ་བ་ལ་མི་དམིགས་པའི་ཕྱིར། ལྟ་བ་མཆོག་འཛིན་སོགས་ཀྱིའང་དམིགས་པ་མ་ཡིན་ཏེ། རང་རིས་ལ་དམིགས་ པས་རང་རིས་ལ་བདེ་བའི་དབང་པོ་མེད་པའི་ཕྱིར་རོ། །གཟུགས་ན་སྤྱོད་པ་ནི་རིས་ལྔ་ཅར་གྱིས་དམིགས་ལ། གཟུགས་མེད་པ་ན་སྤྱོད་པ་ལམ་མཐོང་སྤོང་ལོག་ལྟ་སོགས་དང་མཚུངས་ལྡན་དང་། སྒོམ་སྤོང་གི་སེམས་དགེ་བ་སྟེ་གཉིས་ཀྱིས་ཀྱང་དམིགས་ཤིང་། ཟག་པ་མེད་པའི་རྣམ་པར་ཤེས་པས་ཀྱང་དམིགས་པས། བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ནི་བཅུ་གཉིས་སོ། །དེ་ལྟར་དམིགས་པ་ལས་ཕྲ་རྒྱས་རྒྱས་པར་འགྱུར་བ་དང་མི་འགྱུར་བ་ནི་ཅི་རིགས་པར་ཡོད་དེ། ཟག་མེད་ཀྱི་དམིགས་པས་ནི་ཕྲ་ རྒྱས་རྒྱས་པར་མི་འགྱུར་ལ། ཁ་ཅིག་ཁོ་ན་ལས་ཁ་ཅིག་རྒྱས་པར་འགྱུར་བའི་ཕྱིར། དེའང་ཕྲ་རྒྱས་འདོད་པ་ན་སྤྱོད་པ་རིས་བཞིས་དམིགས་པ་ན་ཇི་ལྟར་རྒྱས་ཞེ་ན། བདེ་བའི་དབང་པོ་ལ་དམིགས་པ་ལོག་ལྟ་དང་མཚུངས་ལྡན་ལ་ནི། སྡུག་བསྔལ་མཐོང་བས་ སྤང་བྱའི་ཕྲ་རྒྱས་བཅུ་ཅར་ཡང་དམིགས་པ་དང་མཚུངས་ལྡན་གྱིས་རྒྱས་ལ། ཀུན་འབྱུང་མཐོང་སྤང་ཡང་དེ་དང་འདྲའོ། །ལམ་མཐོང་བས་སྤང་བྱ་སོགས་ཀྱང་དེ་ལ་དམིགས་པའི་རྣམ་པར་ཤེས་པ་དེ་ལ་རྒྱས་པར་འགྱུར་ཏེ། ལོག་ལྟ་སོགས་དང་མཚུངས་ལྡན་གྱི་སྒོ་ ནས་རྒྱས་པའི་ཕྱིར་དང་། ལྟ་བ་མཆོག་འཛིན་སོགས་ཀྱང་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར། སྒོམ་སྤང་ཡང་རིས་དེ་ལ་རྒྱས་ཏེ། ཆགས་སོགས་བདེ་དབང་ལ་དམིགས་པའི་ཤེས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པའི་ཕྱིར། འགོག་པ་མཐོང་སྤང་ 3-1-192a གི་རིས་དེ་ལ་རྒྱས་པར་མི་འགྱུར་ཏེ། བདེ་བའི་དབང་པོ་ལ་དམིགས་པའི་རྣམ་ཤེས་མེད་པའི་ཕྱིར། གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་ལྔ་པོ་རྣམས་རིས་བཞི་ལ་རྒྱས་པ་ནི་བཤད་མ་ཐག་འགྲེ་བས་གོ་སླའོ། །གཟུགས་མེད་ཀྱི་ལམ་ མཐོང་སྤོང་དང་སྒོམ་སྤང་གི་རིས་གཉིས་ཀྱི་ལམ་གྱི་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་ཤེས་ལ་ལོག་ལྟ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པ་དང་། ལྟ་བ་མཆོག་འཛིན་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་དང་། སྒོམ་པས་སྤང་བྱའི་སེམས་དགེ་བ་ལམ་གྱི་བདེ་ བའི་དབང་པོ་ལ་དམིགས་པས་ཆགས་སོགས་ཀྱི་རིས་རྒྱས་པར་འགྱུར་རོ། །གཟུགས་མེད་ཀྱི་ཕྲ་རྒྱས་སྡུག་ཀུན་རྣམས་ཀྱང་ལམ་ལ་དམིགས་པའི་རྣམ་ཤེས་ལོག་ལྟ་སོགས་དང་མཚུངས་ལྡན་ལ་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །ཡང་བདེ་བའི་ དབང་པོ་ལ་དམིགས་པའི་རྣམ་ཤེས་བཅུ་གཉིས་པོ་དེ་ཉིད་དང་། ཕན་ཚུན་དམིགས་པའི་ཚུལ་གྱིས་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་ཤེས་ལ་དམིགས་པ་དང་། གཟུགས་མེད་ན་སྤྱོད་པ་སྡུག་ཀུན་མཐོང་སྤང་གཉིས་ཀྱིས་ལམ་ལ་དམིགས་པའི་རྣམ་པར་ཤེས་ པ་གཟུགས་མེད་ན་སྤྱོད་པ་ལ་མ་མཐོང་བས་སྤང་བྱ་ལོག་ལྟ་མཚུངས་ལྡན་དང་། གཟུགས་མེད་ན་སྤྱོད་པ་སྒོམ་པས་སྤང་བྱ་ལ་དམིགས་ཏེ། བཅུ་བཞི་པོ་འདི་ནི་བདེ་བའི་དབང་པོ་ལ་དམིགས་པ་ལ་དམིགས་པའི་རྣམ་ཤེས་སོ། །བདེ་བའི་དབང་པོ་ལ་དམིགས་པ་ལ་ དམིགས་པའི་རྣམ་ཤེས་དེ་ལ་ནི་སྡུག་ཀུན་མཐོང་བས་སྤང་བར་བྱ་བ་དག་ཀྱང་འཕར་ན་རྒྱས་པར་འགྱུར་ལ། འདོད་པ་ན་སྤྱོད་པའི་འགོག་པ་མཐོང་སྤང་མ་གཏོགས་རིས་བཞི་དང་། གཟུགས་མེད་ན་སྤྱོད་པ་རིས་བཞི་ལ་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་ལ། གཟུགས་ 3-1-192b ན་སྤྱོད་པ་འདུས་བྱས་ཀྱི་དམིགས་པ་རིས་ལྔ་ཅི་རིགས་པར་དམིགས་པའམ་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་ཞིང་། ལམ་སྲོལ་འདིས་གཞན་ཡང་ཁོང་དུ་ཆུད་པར་བྱ་སྟེ། སྡུག་བསྔལ་གྱི་དབང་པོ་ལ་དམིགས་པའི་ཤེས་པ་ལ་ཕྲ་རྒྱས་དུ་རྒྱས་ཞེ་ན། སྡུག་བསྔལ་གྱི་ དབང་པོ་ནི་འདོད་པ་ན་སྤྱོད་པ་ལུས་ཚོར་གཅིག་སྟེ་སྒོམ་པས་སྤང་བྱ་ཡིན་ནོ། །དེ་ལ་དམིགས་པ་རྣམ་ཤེས་ནི་འདོད་སྤྱོད་ཀྱི་སྡུག་བསྔལ་མཐོང་བས་སྤང་བྱ་ཀུན་འགྲོ་མཚུངས་ལྡན་དང་། སྒོམ་སྤོང་དང་། གཟུགས་ན་སྤྱོད་པའི་སྒོམ་སྤོང་དང་། ཟག་མེད་ཀྱི་དམིགས་ པ་སྟེ་ལྔའོ། །དེ་ལ་སྒོམ་སྤང་གི་རིས་ནི་དེ་ཉིད་རྒྱས་ལ། སྡུག་ཀུན་མཐོང་སྤོང་གི་རིས་ནི་ཀུན་འགྲོ་མཚུངས་ལྡན་གྱི་སེམས་དང་། སྒོམ་སྤོང་གི་སེམས་ལ་ཅི་རིགས་པར་མཚུངས་ལྡན་ནམ་དམིགས་པའི་སྒོ་ནས་རྒྱ་པར་འགྱུར། སྡུག་བསྔལ་གྱི་དབང་པོ་ལ་དམིགས་ པ་ལ་དམིགས་པའི་རྣམ་ཤེས་ལ་ཕྲ་རྒྱས་དུ་རྒྱས་ཞེ་ན། དེ་ལ་དམིགས་པ་ལ་དམིགས་པའི་ཤེས་པའང་ལྔ་པོ་དེ་ཉིད་དེ་ཕན་ཚུན་དུ་དམིགས་པའི་ཕྱིར་དང་། དེའི་སྟེང་དུ་འདོད་སྤྱོད་ཀྱི་ལམ་མཐོང་སྤོང་ཟག་མེད་ལ་དམིགས་པ་དང་། གཟུགས་སྤྱོད་ཀྱི་ཀུན་འགྲོ་མཚུངས་ལྡན་ གྱིས་ཀྱང་དམིགས་ཏེ། གཟུགས་སྤྱོད་ཀྱི་སྒོམ་སྤོང་དགེ་བ་སྡུག་བསྔལ་གྱི་དབང་པོ་ལ་དམིགས་པ་ལ་དམིགས་པར་བྱེད་པའི་ཕྱིར། གཟུགས་མེད་ན་ནམ་མཁའི་ཉེར་བསྡོགས་བསྡུས་པའི་རགས་སོགས་ཀྱི་རྣམ་པར་སྡུག་དབང་ལ་དམིགས་པ་དེ་དམིགས་ཏེ། སྡུག་ དབང་ལ་དམིགས་པ་ལ་དམིགས་པའི་རྣམ་ཤེས་བརྒྱད་དོ། །དེ་ལ་འདོད་སྤྱོད་ཀྱི་ཕྲ་རྒྱས་རིས་བཞི་སྟེ། སྡུག་ཀུན་ལ་མཐོང་བ་དང་། སྒོམ་པས་སྤང་བྱ་དང་། གཟུགས་སྤྱོད་གསུམ་སྟེ་སྡུག་ཀུན་མཐོང་བ་དང་། སྒོམ་སྤོང་དང་། གཟུགས་མེད་གཅིག་སྟེ་སྒོམ་སྤོང་ 3-1-193a དང་ཀུན་འགྲོ་ལ་རྒྱས་པར་འགྱུར་རོ། །ཡིད་བདེ་ལ་དམིགས་པའི་རྣམ་ཤེས་ལ་ཕྲ་རྒྱས་དུ་རྒྱས་ཞེ་ན། དེ་ལ་དམིགས་པའི་རྣམ་ཤེས་ནི། འདོད་གཟུགས་ཀྱི་སྤང་བྱ་རིས་ལྔ་ཀར་གྱིས་དམིགས་པས་བཅུ་དང་། ཟག་མེད་གཅིག་དང་། གཟུགས་ མེད་ཀྱི་ལམ་མཐོང་བ་དང་སྒོམ་པས་སྤང་བྱ་དང་། ཟག་མེད་དེ་བཅུ་གསུམ་གྱིས་དམིགས་པ་ཡིན་ནོ། །དེ་ལ་ཅི་རིགས་པ་ཕྲ་རྒྱས་འདོད་གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རིས་ལྔ་དང་། གཟུགས་མེད་ན་སྤྱོད་པ་རིས་གཉིས་དང་། ཀུན་འགྲོ་དག་ཀྱང་རྒྱས་པར་ འགྱུར་རོ། །ཡིད་བདེའི་དབང་པོ་ལ་དམིགས་པའི་རྣམ་ཤེས་ལ་ཕྲ་རྒྱས་དུ་རྒྱས་ཞེ་ན། དེ་ལ་དམིགས་པ་ལ་དམིགས་པའི་ཤེས་པའང་བཅུ་གསུམ་པོ་དེ་ཉིད་དང་། གཟུགས་མེད་ན་སྤྱོད་པའི་སྡུག་ཀུན་མཐོང་སྤོང་གཉིས་ཏེ། བཅོ་ལྔས་དམིགས་པར་བྱེད་དོ། །དེ་ལ་ གཟུགས་མེད་ཀྱི་སྡུག་ཀུན་མཐོང་བས་སྤང་བྱ་སླར་འཕང་དང་། འདོད་གཟུགས་ཀྱི་འདུས་བྱས་ལ་དམིགས་པ་དང་། འགོག་པ་མཐོང་སྤོང་མ་གཏོགས་གཟུགས་མེད་ན་སྤྱོད་པ་རིས་བཞིའང་རྒྱས་པར་འགྱུར་རོ། །སྨྲས་པ། སྙིང་སྟོབས་མཆོག་གི་ཕ་རོལ་སོན་པ་ འགས། །རྒྱ་ཆེན་ལུང་ལས་ངེས་ཤེས་གཏིང་ཐོབ་སྟེ། །ཡང་དག་བློ་གྲོས་ཟབ་མོ་སྐྱེ་སྲིད་ཀྱི། །དེ་ལ་བསམས་ནས་ངས་འདིར་ལེགས་པར་བཤད། །ཟབ་དགུ་རྣ་བར་སྙན་པའི་དཔལ་མེད་ལ། །གྱི་ནའི་གྲགས་པས་ཚིམ་ལ་འདིས་ཅི་བྱ། །ཞེས་སོ། །གསུམ་པ་ཕྲ་ རྒྱས་དང་བཅས་པའི་དབྱེ་བ་ནི། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཕྲ་རྒྱས་གང་དག་གིས་སེམས་ཕྲ་རྒྱས་གང་དག་ཡིན་པའོ། །དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་རྣམས་ཕྲ་རྒྱས་དང་བཅས་པར་འཇོག་པ་ནི། དམིགས་པས་རྒྱས་འགྱུར་ཁོ་ན་དེར་འཇོག་པ་ཡིན་ཏེ། རང་སའི་ཉོན་མོངས་ཀྱིས་ 3-1-193b དམིགས་ནས་མི་རྒྱས་པ་མི་སྲིད་པའི་ཕྱིར་དང་། རང་སའི་ཉོན་མོངས་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར། དེས་ན་ཟག་བཅས་ཡིན་པ་ལ། ཟག་པ་དམིགས་པ་དང་། མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་འགྱུར་ཡིན་པས་མ་ཁྱབ་ཀྱང་། བཤད་ཐལ་ན། ཟག་ པ་དམིགས་པ་དང་མཚུངས་ལྡན་གང་རུང་གིས་རྒྱས་པས་ཁྱབ་པ་ཁས་ལེན་པ་ནི་ཞི་ཏུ་མ་དཔྱད་པའོ། །ཡང་དམིགས་པ་སྤངས་མ་སྤངས་ལ་རྒྱས་མི་རྒྱས་སུ་འཇོག་པ་དེའི་དོན་ནི། གང་ལ་དམིགས་པའི་ཡུལ་དེ་སྤངས་མ་སྤངས་ལ་བྱ་བ་ཁོ་ནར་མ་ཟད་ཀྱི། དེ་ལ་དམིགས་ པར་བྱེད་པའི་ཡུལ་ཅན་གྱི་ཤེས་པ་སྤངས་མ་སྤངས་ལས་ཀྱང་འཇོག་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །ཞེས་སོ། །ཡང་སེམས་དེ་དང་མཚུངས་ལྡན་སྤངས་པའི་ཕྲ་རྒྱས་གང་དག་ཡིན་པ་ནི། དཔེར་ ན། ཤཱ་རིའི་བུ་ལྟ་བུས་སྤངས་པའི་འདས་མ་འོངས་ཀྱི་ས་ན་ཉོན་མོངས་དང་སེམས་ལྷན་ཅིག་འདུག་པ་ལྟ་བུའོ། །དེས་ན་སེམས་དེ་ཉོན་མོངས་ཅན་མིན་པས་ཕྲ་རྒྱས་རྒྱས་བས་ཁྱབ་ཀྱང་། སེམས་ཉོན་མོངས་ཅན་ཕྲ་རྒྱས་བཅས་པ་ལ་རྒྱས་པ་དང་མི་རྒྱས་པ་རྣམ་པ་གཉིས་ཡོད་པའི་ ཕྱིར་ཏེ། སོ་སྐྱེ་ལ་དམིགས་མཚུངས་གཉིས་ཀའི་སྒོ་ནས་རྒྱས་པར་འགྱུར་བ་ཡིན་ཏེ། ཕྲ་རྒྱས་དེའི་ཐོབ་པས་སེམས་རྒྱུད་བཟུང་ཞིང་། རྒྱུད་དེ་ལ་མ་འོངས་པའི་རྒྱུ་མཐུན་པའི་རྒྱུ་བཞག་པས་དེ་སྲིད་དུ་ཕྲ་རྒྱས་རྒྱས་པར་འགྱུར་བའི་ཕྱིར། འཕགས་པ་ལ་མཚུངས་ལྡན་སྤངས་ཀྱང་། དམིགས་པ་རྒྱས་པ་དང་བཅས་པ་ཡོད་དེ། སྡུག་བསྔལ་མཐོང་སྤོང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱི། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ནི། དགྲ་བཅོམ་ལ་འདས་པའི་སེམས་ 3-1-194a དང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་སེམས་ཉོན་མོངས་པ་དང་ལྷན་ཅིག་གནས་པ་ནི་མཚུངས་པར་ལྡན་པ་སྤངས་པ་ཡིན་ཏེ། དེའི་ཐོབ་པ་བཅད་པའི་ཕྱིར། དེས་ན་རྒྱས་པར་ཡང་མི་འགྱུར་ལ། གང་ཞིག་དེ་དང་ལྷན་ཅིག་རྒྱུ་བ་ཉིད་ཀྱིས་ལྷན་ཅིག་ པའི་དངོས་པོ་ཡིན་པ་དེ་ནི་གཉེན་པོས་བསལ་བར་མི་ནུས་པས་སེམས་དེ་ཟག་པ་དང་བཅས་པ་ཁོ་ན་སྟེ། ངང་པས་ཆུ་ལ་འོ་མ་ལེན་པ་ལྟར་ཉོན་མོངས་པ་བཀོག་ནས་སེམས་འབའ་ཞིག་བཞག་ཏུ་མི་འདོད་དོ། །དགེ་བ་ཟག་བཅས་ལྟ་བུ་སེམས་ཉོན་མོངས་ཅན་མིན་པ་ལ་ནི་ཕྲ་རྒྱས་དང་ བཅས་ཞེས་སྦྱར་དགོས་ཏེ། དབལ་མ་ནུས་པའི་ཕྱིར་དམིགས་པ་མ་སྤངས་པས་རྒྱས་པར་འགྱུར་གྱི། ཕྲ་རྒྱས་དང་བཅས་པའི་ཕྱིར། ཇི་སྐད་དུ། ཉོན་མོངས་པ་ནི་དམིགས་པ་ལས། །སྤང་བར་བྱ་བ་འདོད་པ་ཡིན། །ཅེས་འབྱུང་ངོ་། །ཉོན་མོངས་ཅན་མིན་པ་ལ་ཕྲ་རྒྱས་མེད་པ་ ནི་རྒྱས་འགྱུར་མིན་ཏེ། དེ་ལ་དམིགས་པ་ཀུན་འགྲོ་རྣམས་སྔར་སྤངས་ཟིན་པའི་ཕྱིར་དང་། སྒོམ་པས་སྤང་བྱ་རྣམས་ཕྱིས་སྤོང་བའི་ཕྱིར་རོ། །གཉིས་པ་སྐྱེ་ཚུལ་ལ། སྐྱེ་བའི་རིམ་པ་དང་། སྐྱེ་བའི་རྒྱུའོ། །དང་པོ་ནི། རྨོངས་ལས་ཐེ་ཚོམ་དེ་ནས་ནི། །ལོག་ལྟ་དེ་ནས་འཇིག་ཚོགས་ལྟ། །དེ་ནས་མཐར་འཛིན་དེ་ནས་ནི། །ཚུལ་ཁྲིམས་མཆོག་འཛིན་དེ་ནས་ལྟ། །རང་གི་ལྟ་ལ་ང་རྒྱལ་ཆགས། །གཞན་ལ་ཞེ་སྡང་དེ་ལྟར་རིམ། །དང་པོ་ཁོ་ནར་མ་རིག་པ་དང་ལྡན་པ་ལས་བདེན་པ་རྣམས་ལ་ ཀུན་ཏུ་རྨོངས་པར་འགྱུར་ཏེ། དེ་ལ་སྡུག་བསྔལ་ནས་ལམ་གྱི་བར་དུ་མི་འདོད་དོ། །རྨོངས་པར་གྱུར་པ་ལས་ཕྱོགས་གཉིས་ཐོས་ནས་སྡུག་བསྔལ་ཡིན་ནམ་མ་ཡིན་སྙམ་པ་དེ་ལྟ་བུ་ལ་སོགས་པའི་ཐེ་ཚོམ་སྐྱེ་བར་འགྱུར་རོ། །ཐེ་ཚོམ་སྐྱེས་པ་དེ་ནས་ནི་ལོག་པར་ཐོས་པ་དང་ བསམ་པ་ལས་སྡུག་བསྔལ་མེད་ཅེས་སོགས་ལོག་པར་ངེས་པའི་ལོག་ལྟ་སྐྱེ་ལ། དེ་ནས་ནི་སྡུག་བསྔལ་ཕུང་པོ་བསལ་ནས་འཇིག་ཚོགས་ལ་ལྟ་བ་སྐྱེ་སྟེ། བདག་ཏུ་མངོན་པར་ཞེན་པའི་ཕྱིར། གྲག་གོ་ཞེས་པ་ནི་ལོག་ལྟ་ལས་འཇིག་ལྟ་འབྱུང་བའི་ངེས་པ་མེད་པར་ 3-1-194b བསྟན་པའི་ཕྱིར་ཏེ། རེ་འགས་ལྟ་བ་མཆོག་འཛིན་ཀྱང་དེའི་མཇུག་ཐོགས་སུ་འབྱུང་བའི་ཕྱིར་ཞེས་གང་སྤེལ་གསུང་ངོ་། །དེ་ནས་འཇིག་ཚོགས་ལ་ལྟ་བ་ལས་མཐར་འཛིན་ལྟ་བ་འཇུག་སྟེ། བདག་རྟག་ཆད་ཀྱི་མཐར་འཛིན་པའི་ཕྱིར། དེ་ནས་ནི་ཚུལ་ཁྲིམས་དང་བརྟུལ་ ཞུགས་མཆོག་འཛིན་འཇུག་སྟེ། གང་ལ་མཐར་འཛིན་པ་དེས་དག་པར་ཡིད་ཆེས་པའི་ཕྱིར། དེ་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལས་ལྟ་བ་མཆོག་འཛིན་འཇུག་སྟེ། གང་གིས་དག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པའི་ཕྱིར། དེ་ནས་ནི་རང་གི་ལྟ་ བ་ལ་ཆགས་པའི་ཕྱིར་དང་། དེ་ནས་ང་རྒྱལ་སྐྱེ་སྟེ། དེས་ཁེངས་པར་འགྱུར་བའི་ཕྱིར། རང་གི་ལྟ་བ་ལ་ལྷག་པར་ཞེན་པ་དེའི་དགྲ་བོར་གྱུར་བ་གཞན་གྱི་ལྟ་བ་ལ་ཞེ་སྡང་འཇུག་གོ། གཞན་དག་ནི། གང་གིས་སངས་རྒྱས་པའི་ལྟ་བ་སྔར་བླངས་ནས་ཕྱིས་མུ་སྟེགས་པ་ ལ་ལོག་ཆོས་ཐོས་ན་སངས་རྒྱས་པའི་ལྟ་བ་གཞན་ལ་ཞེ་སྡང་བར་འདོད་དེ། ཆགས་སོགས་མཐོང་བས་སྤང་བྱ་རྣམས་ཀྱི་དམིགས་པ་ནི་རང་གི་རྒྱུད་ལ་ཡོད་པའི་ལྟ་བ་ཡིན་པའི་ཕྱིར་ན། རང་རྒྱུད་ཀྱི་སྔར་གྱི་ལྟ་བ་ལ་སྡང་བར་གྲུབ་པའི་ཕྱིར། འདི་ནས་མཐོང་སྤོང་རང་གི་ རྒྱུད་ལ་དམིགས་པར་བཤད་པ་དང་། གོང་འོག་ནས་གཞན་གྱི་རྒྱུད་ལ་དམིགས་པར་བཤད་པ་ནི་ཀུན་འགྲོ་ཡིན་ལ། རང་གི་རྒྱུད་ལ་བཤད་པ་ནི་ཀུན་འགྲོ་མ་ཡིན་པ་ཡིན་པའི་དབང་དུ་བྱས་པའོ། །དེ་ལྟར་བཤད་པ་འདི་ནི་ཕྲ་རྒྱས་བཅུ་པོ་དེ་དག་གི་སྐྱེ་བའི་རིམ་པ་ཡིན་ནོ། ། གཉིས་པ་སྐྱེ་བའི་རྒྱུ་ནི། ཕྲ་རྒྱས་སྤངས་པ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །རིས་མཐུན་པ་ཕུན་སུམ་ཚོགས་པ་དང་། ཡུལ་དང་། བདེ་བ་དང་། ཆང་འཐུང་བ་དང་། སྒོམ་པའི་ཁྱད་པར་སོགས་རྒྱུ་དག་ཡིན་མོད་ཀྱི། སྐྱེ་བ་ན་གཙོ་བོའི་རྒྱུ་གསུམ་གྱིས་སྐྱེ་སྟེ། ཕྲ་རྒྱས་སྤངས་པ་མ་ཡིན་ཅེས་པས་ཕྲ་རྒྱས་ཀུན་འབྱུང་གི་ 3-1-195a ཐོབ་པ་མ་བཅད་པས་མ་སྤངས་ཤིང་། སྡུག་བསྔལ་ཡོངས་སུ་མ་ཤེས་ཤིང་གཉེན་པོ་མ་སྐྱེས་པ་དང་། ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་ཡུལ་ཉེ་བར་གནས་པ་དང་། ཡུལ་སྣང་བ་དེ་ལ་ཕྱིན་ཅི་ལོག་དེ་མ་ཐག་རྐྱེན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ པ་ལས་ཉོན་མོངས་པ་སྐྱེའོ། །འདི་གསུམ་ནི་རྒྱུ་དང་ཡུལ་དང་སྦྱོར་བའི་སྟོབས་སོ། །དེ་དག་ཀྱང་གཙོ་བོའི་རྒྱུ་ཚང་བར་བགྲང་བ་ཡིན་གྱི། ངེས་པར་ཚང་དགོས་པ་མ་ཡིན་ཏེ། ཡུལ་གྱི་སྟོབས་ཁོ་ན་ལས་དགྲ་བཅོམ་པ་ཉམས་པ་ལྟ་བུའི་ཕྱིར། ཞེས་གྲགས་པ་ལས་དགྲ་ བཅོམ་པ་སྤངས་པ་ལས་ཉམས་པ་མེད་ཅེས་མདོ་སྡེ་པས་མ་རངས་པའི་ཚིག་གོ། གསུམ་པ་ཕྲ་རྒྱས་ཀྱི་རྣམ་གྲངས་ལ། ངོ་བོ་དངོས་དང་། གང་ལ་མཚུངས་པར་ལྡན་པ་དང་། སྒྲིབ་པ་ལྔ་བསྟན་པའོ། །དང་པོ་ལ། མདོ་ལས་འབྱུང་བའི་དོན་དང་། བསྟན་བཅོས་ལས་ འབྱུང་བ་བསྟན་པའོ། །དང་པོ་ལ། དངོས་དང་། ངེས་ཚིག་གོ། དང་པོ་ལ། ཟག་པ་དང་། ཆུ་སྦྱོར་དང་། ཉེར་ལེན་ནོ། །དང་པོ་ལ། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ། མ་རིག་པའི་ཟག་པ་ལོག་ཤིག་ཏུ་བསྟན་པའི་རྒྱུ་མཚན་ནོ། །དང་པོ་ནི། འདོད་ན་ གཏི་མུག་མ་གཏོགས་པའི། །ཉོན་མོངས་ཀུན་ནས་དཀྲིས་བཅས་ཟག །འདོད་ཁམས་ན་གཏི་མུག་ལྔ་མ་གཏོགས་པའི་ཉོན་མོངས་པ་ལྟ་བ་བཅུ་གཉིས་དང་། ཐེ་ཚོམ་བཞི་དང་། འདོད་ཆགས། ཁོང་ཁྲོ། ང་རྒྱལ་ལྔ་ལྔ་སྟེ་སུམ་ཅུ་རྩ་གཅིག་དང་། ཀུན་ནས་དཀྲིས་པ་འཆད་འགྱུར་ངོ་ཚ་མེད་སོགས་བཅུ་དང་བཅས་པ་བཞི་བཅུ་རྩ་གཅིག་ནི་འདོད་པའི་ཟག་པ་ཡིན་ ནོ། །གཉིས་པ་ལ། མཚན་གཞི་ངོས་བཟུང་བ་དང་། གོང་མ་གཉིས་ཀ་དེར་འདོད་པའི་རྒྱུ་མཚན་ནོ། །དང་པོ་ནི། གཟུགས་དང་གཟུགས་ནི་མེད་པ་ན། །ཕྲ་རྒྱས་ཁོ་ན་སྲིད་པའི་ཟག །གཟུགས་དང་གཟུགས་ནི་མེད་པ་ན། མ་རིག་པ་རྣམས་མ་གཏོགས་གཟུགས་ནི་ལྟ་བ་བཅུ་གཉིས་དང་། ཐེ་ཚོམ་བཞི། འདོད་ཆགས་ལྔ། ང་རྒྱལ་ལྔ་ 3-1-195b སྟེ་ཉི་ཤུ་རྩ་དྲུག་དང་གཟུགས་མེད་ན་སྤྱོད་པའང་ཉེར་དྲུག་སྟེ། ཕྲ་རྒྱས་ལྔ་བཅུ་རྩ་གཉིས་ཁོ་ན་སྲིད་པའི་ཟག་པའོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། ཞེས་ཀུན་དཀྲིས་རྨུགས་རྒོད་གཉིས་ཀྱང་ཡོད་པ་མ་ཡིན་ནམ། རབ་ཏུ་བྱེད་པ་ལས། སྲིད་པའི་ཟག་པ་གང་ ཞེ་ན། མ་རིག་པ་རྣམས་མ་གཏོགས་པ་དེ་ལས་གཞན་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་དང་། ཉེ་ཉོན་དང་། ཀུན་དཀྲིས་གང་དག་ཡིན་པའོ། །ཞེས་བཤད་ན། །འདིར་དེ་མ་སྨོས་ཞེ་ན། ཁ་ཆེ་བ་ན་རེ། འདི་ གཉིས་ནི་འདོད་ཆགས་སོགས་དང་མཚུངས་པར་ལྡན་པའི་ཕྱིར་དང་། ཕྲག་དོག་སེར་སྣ་འགྱོད་ཁྲོ་འཆབ་པ་རྣམས་མ་རིག་པ་ཙམ་དང་མཚུངས་ལྡན་ཡིན་པའི་ཕྱིར། རང་དབང་ཅན་མིན་པ་ལྟ་བུ་ནི་མ་ཡིན་པས་མ་སྨོས་ཞེས་ཟེར་རོ། །དེ་ལྟར་ན་འདོད་པའི་ངོ་ཚ་ཁྲེལ་ མེད་རྨུགས་རྒོད་རྣམས་ཀྱང་འདོད་ཟག་མ་ཡིན་པར་འགྱུར་ཏེ། ཆགས་སོགས་མཚུངས་པར་ལྡན་པས་རང་དབང་མ་ཡིན་པའི་ཕྱིར་རོ་ཞེ་ན། འདིར་རང་གི་འཇུག་པ་ཤས་ཆུང་བས་རང་དབང་ཅན་ལ་ཡིན་པར་འདོད་ཀྱི། ཆགས་སོགས་དང་མཚུངས་པར་ལྡན་ པས་རང་དབང་ཅན་མ་ཡིན་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །གཉིས་པ་ནི། དེ་ལུང་མ་བསྟན་ཁ་ནང་བལྟས། །མཉམ་གཞག་ས་པའི་ཕྱིར་གཅིག་བྱས། །ཁམས་གོང་གི་ཕྲ་རྒྱས་དེ་གཉིས་ཀའང་ལུང་དུ་མ་བསྟན་པ་དང་། ཡུལ་གཙོ་བོར་མི་བྱེད་པར་ཁ་ནང་དུ་བལྟས་ཏེ་འཇུག་པ་དང་། མཉམ་པར་བཞག་པའི་ས་པ་དག་ཡིན་པའི་ཕྱིར། ཆོས་ མཐུན་པ་གསུམ་གྱིས་གཅིག་ཏུ་བྱས་ཏེ། རྒྱུ་གང་གིས་སྲིད་པའི་འདོད་ཞེས་བཤད་པ་དེ་ཉིད་ཀྱིས་སྲིད་པའི་ཟག་པ་ཞེས་བྱའོ། །གསུམ་པ་མ་རིག་པའི་ཟག་པ་ལོགས་སུ་འཇོག་པའི་རྒྱུ་མཚན་ནི། རྩ་བ་མ་རིག་ཡིན་པས་ན། །ལོགས་ཤིག་ཏུ་ནི་ཟག་པར་བསྟན། །མ་རིག་པ་ཁམས་གསུམ་པ་རྫས་བཅོ་ལྔ་ནི་མ་རིག་པའི་ཟག་ 3-1-196a པ་ཞེས་གྲུབ་བོ། །འདོད་པའི་ཟག་པ་སོགས་དེ་དག་ཐམས་ཅད་དང་འཁོར་བའི་རྩ་བ་མ་རིག་པ་ཡིན་པས་ན་མ་རིག་པ་ཕྱེ་སྟེ་ལོགས་ཤིག་ཏུ་ནི་ཟག་པར་བསྟན་ཏེ། མདོ་ལས། འཇིག་རྟེན་འདི་དང་ཕ་རོལ་ན། །འདོད་དང་ཆགས་པས་བསླངས་ པ་ཡི། །ངན་འགྲོ་གང་དག་ཅི་ཡོད་པ། །ཐམས་ཅད་མ་རིག་རྩ་བ་ཅན། །ཅེས་གསུངས་སོ། །གཉིས་པ་ཆུ་སྦྱོར་བཤད་པ་ནི། ཆུ་བོ་སྦྱོར་བའང་དེ་བཞིན་དུ། །ལྟ་རྣམས་གསལ་ཕྱིར་ལོགས་ཤིག་བསྟན། །ཟག་པར་མ་ཡིན་གྲོགས་མེད་རྣམས། །འཇོག་པའི་རྗེས་སུ་མི་མཐུན་ལོ། །ཆུ་བོ་བཞི་སྟེ་ལྟ་བ་རྣམས་མ་གཏོགས་པའི་འདོད་པའི་ཟག་པ་ཉིད་འདོད་པ་ཆུ་བོ་དང་། སྲིད་པའི་ཟག་པ་སྲིད་པའི་ཆུ་བོ་དང་། ལྟ་བའི་ ཆུ་བོ་དང་། མ་རིག་པའི་ཆུ་བོའོ། །སྦྱོར་བའང་དེ་བཞིན་དུ་རིག་པར་བྱའོ། །ལྟ་བ་རྣམས་ནི་གསལ་བའི་ཕྱིར་ཆུ་བོ་དང་སྦྱོར་བ་དག་གི་ནང་དུ་ལོགས་ཤིག་ཏུ་བསྟན་ཏོ་ཞེས་གྲག་གོ། གྲག་ཅེས་པས་གདུལ་བྱའི་སྐྱེ་བོའི་དབང་གིས་ལྟ་བའི་སྦྱོར་བ་ལོགས་ཤིག་ཏུ་ བཤད་ཅེས་གཞན་ལུགས་སྟོན་པའོ། །ལྟ་བ་རྣམས་ཟག་པ་དག་ཏུ་ལོགས་ཤིག་ཏུ་བཞག་པ་མ་ཡིན་ཏེ། གྲོགས་མེད་པའི་ལྟ་རྐྱང་རྣམས་ཟག་པའི་ངེས་ཚིག་འཇོག་བྱེད་ཡིན་ན། འཇོག་པའི་རྗེས་སུ་མི་མཐུན་པའི་ཕྱིར། འདི་དག་གྲོགས་དང་བཅས་པ་ཁོ་ན་ཟག་པ་ རྣམས་ཀྱི་ནང་དུ་ཟག་པ་དག་ཏུ་བཤད་དེ་བསྲེས་ཏེ་བཤད་པ་ཡིན་ནོ། །ཞེས་ཟེར་རོ་ཞེས་གྲག་གོ། ལོའི་སྒྲ་ལྟ་བ་རྣམས་གཡོ་བ་དང་གསལ་བས་ཟག་པ་དག་ཏུ་ལོགས་སུ་མ་བཤད་ན། མ་རིག་པ་ཡང་བརྟན་པའི་ཕྱིར་དང་། མི་གསལ་བའི་ཕྱིར་དང་། ཆུ་སྦྱོར་དུ་ལོགས་ སུ་བསྟན་པར་མི་བྱ་ཞེས་བསྟན་པའི་ཕྱིར་ཞེས་གང་སྤེལ་གསུང་ངོ་། །དེ་ལྟར་ན་འདོད་པའི་ཆུ་བོ་རྫས་ཉི་ཤུ་རྩ་དགུ་སྟེ། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་བཅོ་ལྔ་དང་། ཐེ་ཚོམ་བཞི་དང་། ཀུན་དཀྲིས་བཅུའོ། །སྲིད་པའི་ཆུ་བོ་རྫས་ཉི་ཤུ་རྩ་བརྒྱད་དེ། ཁམས་གཉིས་ 3-1-196b ཀྱི་འདོད་ཆགས་བཅུ། ང་རྒྱལ་བཅུ་སྟེ་ཉི་ཤུ། ཐེ་ཚོམ་བརྒྱད་དེ་ཉེར་བརྒྱད་དོ། །ཁམས་གསུམ་ན་ལྟ་བ་བཅུ་གཉིས་བཅུ་གཉིས་ཡོད་པས་ལྟ་བའི་རྫས་སུམ་ཅུ་རྩ་དྲུག་གོ། མ་རིག་པའི་ཆུ་བོའི་རྫས་ནི་བཅོ་ལྔའོ། །སྦྱོར་བ་ཡང་ཆུ་བོ་བཞིན་དུ་འདོད་པའི་སྦྱོར་བ་རྫས་ཉི་ཤུ་རྩ་ དགུ་། སྲིད་པའི་སྦྱོར་བ་ཉི་ཤུ་རྩ་བརྒྱད། ལྟ་བའི་སྦྱོར་བ་རྫས་སུམ་ཅུ་རྩ་དྲུག་གོ། མ་རིག་པའི་སྦྱོར་བ་རྫས་བཅོ་ལྔའོ་ཞེས་རིག་པར་བྱའོ། །གསུམ་པ་ཉེར་ལེན་བཤད་པ་ནི། ཇི་སྐད་བཤད་ཉིད་མ་རིག་བཅས། །ཉེར་ལེན་རྣམས་ཏེ་ལྟ་རྣམ་གཉིས། །ཕྱེ་བའི་ཕྱིར་རོ་མ་རིག་པ། །འཛིན་པར་བྱེད་པ་མིན་ཕྱིར་བསྲེས། །ཇི་སྐད་བཤད་པ་ཉིད་འདོད་པའི་སྦྱོར་བའི་རྫས་ཉི་ཤུ་རྩ་དགུ། མ་རིག་པ་ལྔ་དང་བཅས་པ་ རྫས་སུམ་རྩ་བཞི་ཁོ་ནར་འདོད་པ་ཉེ་བར་ལེན་པ་རྣམས་ཏེ། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ལྔ་བཞི་ཉི་ཤུ། ཐེ་ཚོམ་བཞི། ཀུན་དཀྲིས་བཅུའོ། །སྲིད་པའི་སྦྱོར་བ་མ་རིག་པ་དང་བཅས་པ་རྫས་སུམ་ཅུ་རྩ་བརྒྱད་ཁོ་ན་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྟེ། འདོད་ཆགས་ དང་ང་རྒྱལ་དང་མ་རིག་པ་ལྔ་དང་བཅས་པས་སུམ་ཅུ་དང་ཐེ་ཚོམ་བརྒྱད་དོ། །ལྟ་བ་ལ་ལྟ་བ་ཉེར་ལེན་དང་ཚུལ་ཁྲིམས་བརྟུལ་ཞུགས་ཉེར་ལེན་རྣམ་པ་གཉིས་སུ་ཕྱེ་བ་སྟེ་འབྱུང་བའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེར་ལེན་ནི། །སྡུག་བསྔལ་དང་ལམ་གྱི་གཉིས་རེ་ ཁམས་རེ་ན་ཡོད་པས་རྫས་དྲུག་གོ། ཅིའི་ཕྱིར་ལྟ་བ་རྣམས་ལས་དེ་ལོགས་སུ་ཕྱུང་ཞེ་ན། ལམ་གྱི་དགྲར་གྱུར་པའི་དོན་གྱིས་ཏེ། གྲངས་ཅན་པའི་རྣལ་འབྱོར་དང་རིགས་པ་ཅན་པའི་ཚིག་དོན་དྲུག་ཤེས་པ་ལ་སོགས་པས་ཐར་པ་ཐོབ་པར་ལྟ་བའི་ཕྱིར། ཡང་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་ཀ་ བསླུ་བའི་དོན་གྱིས་ཏེ། འདི་ཁྱིམ་པ་རྣམས་ཀྱང་ལམ་མིན་ལ་ལམ་དུ་འདུ་ཤེས་པས་ཟས་མི་ཟ་བ་དང་། མེ་ཆུར་འཇུག་པ་དང་། མི་སྨྲ་བ་དང་དཔའ་བོ་བྱེད་པ་ལ་སོགས་བསླུ་ལ། རབ་བྱུང་རྣམས་ཀྱང་ཡུལ་ཡིད་དུ་འོང་བ་སྤངས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ 3-1-197a མཆོག་འཛིན་གྱིས་དག་པར་ཡིད་ཆེས་པས་བསླུ་བར་འགྱུར་བའི་ཕྱིར་རོ། །མ་རིག་པ་དང་བསྲེས་ནས་ཉེར་ལེན་དུ་བཤད་ཀྱི། ལོགས་སུ་ཅིས་མ་བཤད་ཅེ་ན། སྲིད་པ་འཛིན་པའི་དོན་གྱི་ཉེར་ལེན་ཡིན་ན་ཆོས་ཅན། འདྲེས་པའི་མ་རིག་པ་ནི་ཉོན་ མོངས་གཞན་དང་འབྲེལ་བའི་སྟོབས་ཀྱིས་ལྟ་བ་ལས་གཞན་པའི་ཉོན་མོངས་པ་རྣམས་དང་བསྲེས་ནས་འདོད་པ་ཉེར་ལེན་དང་། བདག་ཏུ་སྨྲ་བ་ཉེར་ལེན་དུ་བཤད་དེ། མ་འདྲེས་པའི་མ་རིག་པ་འབའ་ཞིག་པས་ནི་མི་གསལ་བས་འཁོར་བར་འཛིན་པར་བྱེད་པ་མིན་པའི་ཕྱིར་རོ། ། འདི་ནི་བྱེ་སྨྲའི་ལུགས་ཡིན་ལ། སློབ་དཔོན་རང་ལུགས་ནི། འདུན་པའི་འདོད་ཆགས་ཁོ་ན་ཉེར་ལེན་ཡིན་པས་མ་རིག་པ་ཉེར་ལེན་དུ་མ་བཤད་པ་ཡིན་གྱི། འཛིན་བྱེད་མ་ཡིན་པས་ལོགས་སུ་མ་བཤད་པ་མ་ཡིན། དེས་ན་སྦྱོར་བ་དང་ཉེར་ལེན་ནི་འདུན་པའི་འདོད་ཆགས་ཉིད་ ཡིན་གྱི། ཉོན་མོངས་པ་གཞན་ནི་མ་ཡིན་ཏེ། སྦྱོར་བ་དང་ཉེར་ལེན་གྱི་དོན་དངོས་སུ་འཁོར་བར་སྦྱོར་བ་དང་ལེན་པ་ཡིན་ན། ཉོན་མོངས་པ་གཞན་གྱིས་ནི་དེ་ལྟར་མ་ཡིན་པ་དང་། འདོད་ཆགས་ཀྱིས་དངོས་སུ་འཁོར་བར་སྦྱོར་བ་དང་ཉེ་བར་ལེན་པའི་ཕྱིར། དེས་ན་འདོད་པའི་ སྦྱོར་བ་དང་ཉེར་ལེན་ནི་འདོད་ཆགས་ཉིད་ཡིན་ལ། སྲིད་པ་ལ་ཆགས་པ་ཉིད་སྲིད་པའི་སྦྱོར་བ་དང་བདག་ཏུ་སྨྲ་བ་ཉེར་ལེན་ཡིན་ཏེ། མདོ་ལས། འདོད་པའི་སྦྱོར་བ་གང་ཞེ་ན། རྒྱས་པར་འདོད་པ་རྣམས་ལ། འདོད་པ་ལ་འདོད་ཆགས་པ་དང་། འདོད་པ་ལ་འདུན་པ་ དང་། འདོད་པ་ལ་སྲེད་པ་དང་། འདོད་པ་ལ་དད་ཆེས་པ་དང་། འདོད་པ་ལ་འདོད་པས་ང་རྒྱལ་བ་དང་། འདོད་པ་ལ་ཞེན་པ་དང་། འདོད་པ་ལ་དགའ་བ་དང་། འཆུམས་པ་དང་། ལྷག་པར་ཆགས་པ་གང་ཡིན་པ་དེས་འདིའི་སེམས་ཡོངས་སུ་གཏུགས་ཏེ་གནས་པ་འདི་ནི་ 3-1-197b འདོད་པའི་སྦྱོར་བའོ། །ཞེས་བྱ་བའི་བར་དང་། ལྟ་བའི་སྦྱོར་བའི་བར་དུའང་དེ་དང་འདྲ་བར་གསུངས་ལ། མདོ་གཞན་ལས། འདུན་པའི་འདོད་ཆགས་ཀྱང་ཉེར་ལེན་ཡིན་པར་གསུངས་ཏེ། འདུན་པ་ལ་སོགས་པ་ལ་འདུན་པའི་འདོད་ཆགས་གང་ཡིན་པ་ནི་འདོད་པ་ཉེ་བར་ ལེན་པ་ལ་སོགས་པའང་ཡིན་པར་ཤེས་སོ། །གཉིས་པ་ངེས་ཚིག་ལ། ཕྲ་རྒྱས་ཀྱི་ངེས་ཚིག་དང་། ཟག་པ་ལ་སོགས་པའི་ངེས་ཚིག་གོ། དང་པོ་ནི། གང་ཕྱིར་དེ་དག་ཕྲ་བ་དང་། །རྗེས་འབྲེལ་རྣམ་གཉིས་རྒྱས་འགྱུར་དང་། །རྗེས་སུ་འབྲང་བས་དེ་ཡི་ཕྱིར། །ཕྲ་རྒྱས་དག་ཏུ་བཤད་པ་ཡིན། །ཉོན་མོངས་པ་དེ་དག་ཆོས་ཅན། ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ཏེ། གང་གི་ཕྱིར་ན་རྒྱུ་བའམ་འཇུག་པ་ཕྲ་བ་སྟེ། གཟུགས་ ཅན་མ་ཡིན་པ་རྣམས་ཤེས་དཀའ་པའི་ཕྱིར་དང་། རྗེས་སུ་འབྲེལ་བ་ནི་གནས་མ་བུའི་ཐོག་མེད་ཀྱིས་ཐོབ་པ་དང་། མདོ་སྡེ་པས་ས་བོན་དང་འབྲེལ་བས་རྒྱུན་མི་འཆད་པའི་ཕྱིར་དང་། དམིགས་མཚུངས་རྣམ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་། སྒྲིམ་པའི་སྦྱོར་བ་མེད་པར་ བཟློག་བཞིན་དུའང་གང་ཟག་ལ་ཡང་ཡང་མངོན་དུ་གྱུར་པའམ་ཉིན་བཞི་པ་དང་། བྱི་བའི་དུག་བཞིན་རྗེས་སུ་འབྲང་བ་དེའི་ཕྱིར་རོ། །གཉིས་པ་ནི། དེ་དག་འཇོག་བྱེད་ཟག་བྱེད་དང་། །འཁྱེར་བར་བྱེད་དང་འབྱར་བྱེད་དང་། །ཉེ་བར་འཛིན་ཕྱིར་ཟག་ལ་སོགས། །དེ་དག་གི་ནི་ངེས་ཚིག་ཡིན། །ཡང་ཉོན་མོངས་པ་དེ་དག་གིས་མི་གཡོ་བའི་ཚུལ་གྱིས་འཁོར་བར་འཇོག་ཅིང་སྦྱོར་བ་བྱེད་པ་དང་། སྲིད་རྩེ་ནས་མནར་མེད་ ཀྱི་བར་དུ་སྐྱེ་མཆེད་དྲུག་གི་རྨའི་སྒོ་ནས་ཟག་ཅིང་འབོ་བར་བྱེད་པ་དང་། འགྲོ་བ་གཞན་དང་ཡུལ་གཞན་དུ་ཁྲིད་པར་བྱེད་ཅིང་ཁྱེར་བར་བྱེད་པ་དང་། དེ་དང་དེར་སྦྱོར་བར་བྱེད་ཅིང་འབྱར་བར་བྱེད་པ་དང་། སྲིད་པའམ་ལུས་འཛིན་པས་སམ། འདོད་པ་ལ་སོགས་པའི་རྣམ་ ཤེས་ཉེ་བར་འཛིན་ཅིང་ལེན་པར་བྱེད་པའི་ཕྱིར་ཟག་པ་དང་ལ་སོགས་པས་ཆུ་བོ་དང་སྦྱོར་བ་དང་ཉེར་ལེན་དེ་དག་གི་ངེས་ཚིག་ཡིན་ནོ། །ད་ནི་བྱེ་སྨྲའི་ལུགས་ཡིན་ལ། སློབ་དཔོན་ནི་འདི་སྐད་དུ་བཤད་ན་ཆེས་ལེགས་པ་ཡིན་ཏེ། ཕྲ་རྒྱས་ཀྱིས་རྣམ་ཤེས་ཀྱི་རྒྱུད་ཡུལ་རྣམས་ལ་ 3-1-198a འཛག་པར་བྱེད་ཅིང་འགྲོ་བར་བྱེད་པས་ཟག་པ་རྣམས་དང་། དགེ་བའི་ཆོས་ཀྱི་འབད་པ་ཆེན་པོས་སེམས་རྒྱུད་ཀྱི་གྲུ་བཟློག་ཕྱོགས་སུ་བཀྲི་ཞིང་ཡུལ་ལས་བཟློག་པ་ནི་འབད་རྩོལ་དྲག་པོ་དགོས་པ་དང་། ཉོན་མོངས་སྐྱེ་བ་ནི་གོམས་པའི་ཤུགས་ཀྱིས་ འབད་མི་དགོས་པས་ངང་གིས་འབྱུང་བ་སྟེ། གྲུ་འབད་པས་བཟློག་ཕྱོགས་སུ་བཀྲི་བ་དེ་འབད་མེད་དུ་ཚེགས་ཆུང་ངུས་ཆུའི་འབབ་ཕྱོགས་སུ་ཁྱེར་བར་འགྱུར་བ་བཞིན་མདོའི་ཚིག་དང་མཐུན་པའི་ཕྱིར་རོ། །ཤུགས་ཆེན་པོ་དང་ལྡན་པའི་ཕྱིར་ཆུ་བོ་དང་ཆོས་མཐུན་པ་དག་ སྟེ། འདོད་ཆགས་ལ་སོགས་པ་དེ་དག་གི་རྗེས་སུ་སེམས་སེམས་བྱུང་དང་ལྡན་པ་ཁྱེར་བར་འགྱུར་བའི་ཕྱིར། ཆེ་ཐང་མངོན་འགྱུར་དུ་མི་འབྱུང་བས་སྦྱོར་བ་དང་། ཆེ་ཐང་དུ་འབྱུང་བ་ནི་ཆུ་བོ་སྟེ། ཇི་ལྟར་སྦྱོར་བ་ཡིན་ཅེ་ན། སྡུག་བསྔལ་སྣ་ཚོགས་དང་སྦྱོར་བའི་ཕྱིར་རམ། རྒྱུད་ལ་ཡང་ཡང་དུ་རྗེས་སུ་འབྲེལ་ཞིང་སྦྱོར་བའི་སྒོ་ནས་སྦྱོར་བ་ནི་ཐམས་ཅད་ཀྱི་ཚེ་ཡིན་ལ། ཆུ་བོ་ནི་རེ་འགའ་བའོ། །འདུན་པ་གང་གིས་འདོད་པ་སོགས་ཉེ་བར་ལེན་པའི་ཕྱིར་ཉེར་ལེན་རྣམས་སོ། །གཉིས་པ་བསྟན་བཅོས་ལས་འབྱུང་བ་ལ། བསྟན། བཤད། དང་པོ་ནི། དེ་དག་ཀུན་ཏུ་སྦྱོར་སོགས་ཀྱི། །དབྱེ་བས་ཡང་རྣམ་ལྔར་བཤད་དོ། ། ཉོན་མོངས་དེ་དག་ཀུན་ཏུ་སྦྱོར་སོགས་ཀྱི་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་ཉོན་དང་། ཀུན་དཀྲིས་ཀྱི་དབྱེ་བས་ཡང་རྣམ་པ་ལྔར་བཤད་དོ། །ཕྲ་རྒྱས་མ་གཏོགས་པ་ངོ་ཚ་མེད་པ་སོགས་ཀུན་ནས་དཀྲིས་པ་གཞན་དག་ཀྱང་ཡོད་པ་མ་ཡིན་ནམ། ཇི་ལྟར་ཕྲ་རྒྱས་དག་ཀུན་ ནས་དཀྲིས་པ་ཡིན་ཅེས་དེ་སྐད་དུ་བརྗོད་ཅེ་ན། དེ་ལ་མ་གཏོགས་པ་དག་ཡོད་པ་བདེན་མོད་ཀྱི། ཐ་དད་པ་མ་ཡིན་པ་དག་ཀྱང་ཡོད་པར་ནི་འདོད་དེ། འདི་ལྟར་ཉོན་མོངས་པ་ཡང་ཀུན་ནས་དཀྲིས་པ་ཡིན་ཏེ། མདོ་ལས། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་སྡུག་བསྔལ་ 3-1-198b གྱི་རྐྱེན་ཅེས་འབྱུང་བའི་ཕྱིར། ཞེས་འཆད་པར་འགྱུར་རོ། །དེ་ལྟར་ན་ཕྲ་རྒྱས་ལས་མ་གཏོགས་པའི་ཉེ་བའི་ཉོན་མོངས་དང་ཀུན་ནས་དཀྲིས་པ་དག་ཡོད་ཀྱང་། རང་ལ་ཡང་ཉེ་བའི་ཉོན་མོངས་དང་ཀུན་དཀྲིས་བཞག་བཏུབ་སྟེ། ཕྲ་རྒྱས་རང་ཡང་སེམས་ཉེ་བར་ཉོན་མོངས་ པར་བྱེད་པས་ཉེ་བའི་ཉོན་མོངས་ཡིན་ཅིང་མངོན་གྱུར་དུ་སྐྱེས་པས་ཀུན་ནས་དཀྲིས་པ་ཡང་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། ཀུན་སྦྱོར། འཆིང་བ་དང་། ཉེ་ཉོན། ཀུན་དཀྲིས་སོ། །དང་པོ་ལ། ཀུན་སྦྱོར་དགུར་བཤད་པ། ཐ་མའི་ཆ་མཐུན། གོང་མའི་ཆ་མཐུན་ནོ། །དང་པོ་ནི། རྗེས་ སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་ཀུན་ཏུ་སྦྱོར་བ་རྣམས་སོ། །ཡུལ་དང་སྐྱེ་བ་ལ་སྦྱོར་བར་བྱེད་པས་སམ། འདི་རྣམས་ཡོད་ན་སྡུག་བསྔལ་གྱི་ཁྱད་པར་ དུ་མ་དང་ཀུན་ཏུ་སྦྱོར་བས་ན་ཀུན་ཏུ་སྦྱོར་བ་རྣམས་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར། རྗེས་ཆགས་ཀྱི་ཀུན་སྦྱོར་ནི་ཁམས་གསུམ་པའི་འདོད་ཆགས་ཏེ། རྟེན་དང་དམིགས་པའི་སྒོ་ནས་དངོས་པོ་འཚོགས་ཆས་དང་བཅས་པ་དག་ལ་མངོན་པར་ཞེན་པའོ། ། ཁོང་ཁྲོ་དང་ཕྲག་དོག་དང་སེར་སྣའི་ཀུན་སྦྱོར་རྣམས་ནི་འདོད་པ་ན་སྤྱོད་པའོ། །ང་རྒྱལ་མ་རིག་པ་ལྟ་བ་མཆོག་འཛིན་དང་ཐེ་ཚོམ་གྱི་ཀུན་སྦྱོར་དག་ནི་ཁམས་གསུམ་པའོ། །ལྟ་བའི་ཀུན་སྦྱོར་ནི། འཇིག་ལྟ། ལོག་ལྟ། མཐར་ལྟ་གསུམ་མོ། །མཆོག་ཏུ་འཛིན་པའི་ཀུན་ སྦྱོར་ནི། ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དག་གོ། ལྟ་བ་ལྔ་ཀུན་སྦྱོར་གཉིས་ཡིན་པ་དེའི་ཕྱིར་ལྟ་བ་མཆོག་འཛིན་དང་མཚུངས་ལྡན་གྱི་ཆོས་ཚོར་སོགས་རྣམས་ལ་རྗེས་ཆགས་ཀྱི་ཀུན་ཏུ་སྦྱོར་བས་ལྡན་ཅིང་། འཇིག་ལྟ་ལ་སོགས་པའི་མཚན་ཉིད་ཀྱི་ཀུན་ 3-1-199a སྦྱོར་གྱིས་ལྡན་པ་མ་ཡིན་ལ། དེ་ལ་ལྟ་བའི་ཕྲ་རྒྱས་རྒྱས་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ། ཀུན་འབྱུང་ཤེས་པ་སྐྱེ་ལ་འགོག་པ་ཤེས་པ་མ་སྐྱེས་པའི་ཚེ་ལྟ་བའི་ཀུན་སྦྱོར་ཀུན་འགྲོ་སྤངས་ལ། འགོག་པ་མཐོང་སྤོང་ཡན་ཆད་དུ་མཆོག་འཛིན་གྱི་ལྟ་ བ་གཉིས་མ་སྤངས་ན་དེ་དང་མཚུངས་ལྡན་གྱི་ཚོར་སོགས་ཡོད་པར་བསྟན་པའི་ཕྱིར་རོ། །འགོག་པ་དང་ལམ་མཐོང་བས་སྤང་བྱ་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་མཚུངས་ལྡན་གྱི་ཆོས་ཚོར་སོགས་རྣམས་ཆོས་ཅན། དམིགས་པའི་ སྒོ་ནས་དེ་དང་ལྡན་པ་ཡིན་ཏེ། དེ་དག་དང་ནི་རྗེས་ཆགས་ཀྱི་ཀུན་ཏུ་སྦྱོར་བས་དམིགས་ནས་ཆགས་པ་སྐྱེ་བའི་ཕྱིར། མཚུངས་ལྡན་གྱིས་ནི་མ་ཡིན་ཏེ། རྩ་ཉོན་རྣམས་ཕན་ཚུན་མཚུངས་ལྡན་མེད་པའི་ཕྱིར། ལྟ་བའི་ཀུན་ཏུ་སྦྱོར་བ་ནི་མི་ལྡན་ཏེ། སྡུག་ཀུན་མཐོང་སྤོང་གི་ཀུན་ འགྲོ་ནི་ཀུན་འབྱུང་ཤེས་པ་སྐྱེས་པས་སྤངས་པའི་ཕྱིར་ལ། ལྟ་བའི་ཀུན་སྦྱོར་ཀུན་འགྲོ་མིན་པ་ལོག་ལྟ་དེ་འགོག་ལམ་ཟག་མེད་ལ་དམིགས་ཀྱི། མཆོག་འཛིན་དང་མཚུངས་ལྡན་གྱི་ཚོར་སོགས་ལ་དམིགས་པ་མ་ཡིན་པའི་ཕྱིར་དང་། ཀུན་འགྲོ་མིན་པའི་ལོག་ལྟ་དེ་མཆོག་ འཛིན་དང་མཚུངས་ལྡན་གྱི་ཚོར་སོགས་ལ་མཚུངས་པར་ལྡན་པ་ཅན་ཡང་མ་ཡིན་ཏེ། ཚོགས་པ་ཐ་དད་པས་དམིགས་པ་ཐ་དད་པའི་ཕྱིར། མཚུངས་པར་ལྡན་པ་ཅན་ལྟ་བའི་ཀུན་ཏུ་སྦྱོར་བ་ནི་མེད་པར་གྲུབ་བོ། །མཆོག་འཛིན་དང་མཚུངས་ལྡན་གྱི་ཚོར་སོགས་དེ་དག་ ལ་ཆོས་ཅན། དེ་དག་ལ་མཆོག་འཛིན་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འབྱུང་སྟེ། རང་གི་ཚོགས་སུ་འབྱུང་བ་ཡིན་པའི་ཕྱིར། དེ་ལ་ལྟ་བའི་ཀུན་སྦྱོར་ནི་རྒྱས་པར་མི་འགྱུར་ཏེ། མཆོག་འཛིན་གྱི་ཀུན་སྦྱོར་ལ་ལྟ་བའི་ཀུན་སྦྱོར་ཞེས་མིང་དུ་མ་བཏགས་པའི་ཕྱིར། ལྟ་ 3-1-199b བའི་ཕྲ་རྒྱས་ཞེས་སྨོས་པས་ནི་ལྟ་བ་ལྔ་ཆར་བསྡུ་ལ། ལྟ་བའི་ཀུན་སྦྱོར་ཞེས་པས་ནི། འཇིག་ལྟ་ལ་སོགས་གསུམ་བཟུང་གི། མཆོག་འཛིན་གྱི་ལྟ་བ་དག་བསྡུས་པ་མིན་པར་རྟོགས་པའི་ཆེད་ཀྱི་ཕྱིར་རོ། །དེ་ལ་དོགས་པ་བཅད་པ་ལ། ལྟ་བའི་ཀུན་སྦྱོར་ལ་གཉིས་ སུ་བཤད་པའི་རྒྱུ་མཚན་དང་། ཕྲ་དོག་སེར་སྣ་ལོགས་སུ་ཀུན་སྦྱོར་དུ་བཤད་པའི་རྒྱུ་མཚན་ནོ། །དང་པོ་ནི། རྫས་དང་མཆོག་འཛིན་འདྲ་བའི་ཕྱིར། །ལྟ་གཉིས་ཀུན་ཏུ་སྦྱོར་གཞན་ནོ། །ཀུན་སྦྱོར་གྱི་ནང་དུ་ལྟ་བ་གསུམ་ནི་ལོགས་སུ་ལྟ་བའི་ཀུན་སྦྱོར་དུ་བཤད་ལ། གཉིས་ནི་ལོགས་སུ་མཆོག་ འཛིན་གྱི་ཀུན་སྦྱོར་དུ་བཤད་ཅེ་ན། མཆོག་འཛིན་ལྟ་བ་གཉིས་ཆོས་ཅན། ལྟ་བ་གསུམ་ལས་ལོགས་སུ་ཀུན་ཏུ་སྦྱོར་བ་གཞན་དུ་བྱས་ནས་བསྟན་ཏེ། ལྟ་བ་གསུམ་ཡང་རྫས་བཅོ་བརྒྱད་ཡིན་ལ། ལྟ་བ་དེ་གཉིས་ཀྱང་རྫས་བཅོ་བརྒྱད་དེར་གྲངས་མཉམ་པར་འདྲ་བའི་ཕྱིར་དང་། ལྟ་བ་གསུམ་མཆོག་ཏུ་བཟུང་ བྱ་དང་འདི་གཉིས་ནི་མཆོག་ཏུ་འཛིན་བྱེད་དུ་འདྲ་བའི་ཕྱིར་ཏེ། གཟུང་འཛིན་ཐ་དད་པའི་ཕྱིར། རྫས་བཅོ་བརྒྱད་ཀྱང་འདོད་པར་སྡུག་བསྔལ་མཐོང་སྤང་གི་འཇིག་ལྟ་མཐར་གཉིས། སྡུག་བསྔལ་མཐོང་སྤང་ནས་ལམ་མཐོང་སྤང་གི་བར་གྱི་ལོག་ལྟ་བཞི་སྟེ་ དྲུག །གོང་མ་གཉིས་སུའང་དྲུག་དེ་སྟེ་བཅོ་བརྒྱད། ཡང་འདོད་ཁམས་ན་ལྟ་བ་མཆོག་འཛིན་སྡུག་བསྔལ་ནས་ལམ་མཐོང་སྤང་གི་བར་བཞི། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱང་སྡུག་བསྔལ་ལ་མཐོང་སྤང་གཉིས་ཏེ་འདོད་ཁམས་ན་དྲུག །ཁམས་གཉིས་ ནའང་དེ་དང་འདྲ་བ་བཅོ་བརྒྱད། གཉིས་པ་ནི། གང་ཕྱིར་གཉིས་ཀའང་གཅིག་ཏུ་ནི། །མི་དགེ་རང་དབང་དེ་ཡི་ཕྱིར། །ཕྲག་དོག་སེར་སྣ་དེ་དག་ལས། །ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད། །ཡང་ཀུན་དཀྲིས་བརྒྱད་ལས། ཕྲག་དོག་དང་སེར་སྣ་ཁོ་ན་ཀུན་སྦྱོར་དུ་སྟོན་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། གང་གི་ཕྱིར་དེ་གཉིས་ཀའང་གཅིག་ཏུ་མི་དགེ་བ་དང་། མ་རིག་པ་ཙམ་དང་མཚུངས་པར་ལྡན་པས་རང་ 3-1-200a དབང་ཅན་ཡིན་པ་དེའི་ཕྱིར་ཕྲག་དོག་དང་། སེར་སྣ་ཁོ་ནས་ཀུན་དཀྲིས་དྲུག་པོ་དེ་དག་ལས་ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད་ཀྱི། གཞན་དྲུག་ནི་དེ་ལྟར་མ་ཡིན་ཏེ། ངོ་ཚ་ཁྲེལ་མེད་ཀྱང་གཅིག་ཏུ་མི་དགེ་བ་ཡིན་མོད་ཀྱི། ཆགས་སོགས་ དང་མཚུངས་ལྡན་ཡིན་པས་རང་དབང་ཅན་མ་ཡིན་ལ། འགྱོད་པ་མ་རིག་པ་ཙམ་དང་མཚུངས་པས་རང་དབང་ཅན་ཡིན་ཀྱང་གཅིག་ཏུ་མི་དགེ་བ་མ་ཡིན་གྱི་དགེ་བའང་ཡིན་པའི་ཕྱིར། རྨུགས་རྒོད་དང་གཉིད་ནི་ཆགས་སོགས་དང་མཚུངས་པར་ལྡན་པས་རང་དབང་ཅན་ ཡང་མ་ཡིན་ལ། གཅིག་ཏུ་མི་དགེ་བ་མ་ཡིན་ཏེ། དགེ་བ་དང་ལུང་མ་བསྟན་ཀྱང་ཡིན་ནོ། །ཞེས་བསྟན་བཅོས་རབ་ཏུ་བྱེད་པའི་རྗེས་འབྲངས་བྱེ་སྨྲ་ཁ་ཅིག་འདོད་དོ། །གཞན་ན་རེ། ཀུན་དཀྲིས་བརྒྱད་ཡིན་པ་དེའི་ལྟར་ན་འགྱུར་གྱི། བྱེ་སྨྲ་གང་གི་ལྟར་ན། ཀུན་དཀྲིས་ བཅུར་འདོད་པ་དེའི་ལྟར་ན་ཁྲོ་བ་དང་འཆབ་པའང་མི་དགེ་བ་དང་རང་དབང་ཅན་ཡིན་པའི་ཕྱིར་ཀུན་སྦྱོར་དུ་འཆད་པར་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །འདིའི་ལན་ལ། སློབ་དཔོན་འདུས་བཟང་ན་རེ། ཀུན་དཀྲིས་བཅུ་ཡོད་ཀྱང་ཕྲག་དོག་དང་སེར་སྣས་བདེ་འགྲོ་ན་ལྷག་ པར་འཆིང་བའི་ཕྱིར་ཏེ། ཤིན་ཏུ་རྣོ་བ་དང་། ཡང་ཡང་དུ་འབྱུང་བའི་ཕྱིར་དང་། དེ་གཉིས་ནི་རིམ་པ་བཞིན་དུ་དབང་ཆུང་བ་དང་ལོངས་སྤྱོད་ཆུང་བའི་རྒྱུ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏེ། འདོད་པ་ན་ཀུན་སྦྱོར་གཞན་མང་པོ་ཡོད་ཀྱང་། མདོ་ལས། ཀོའུ་ཤི་ཀ་ལྷ་ དང་མི་རྣམས་ནི་ཕྲག་དོག་དང་སེར་སྣའི་ཀུན་ཏུ་སྦྱོར་བ་ཅན་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །སློབ་དཔོན་རྒྱལ་པོའི་སྲས་ནི། འདི་གཉིས་རིམ་པ་ལྟར་ཀུན་ཏུ་གདུང་བའི་སྡུག་བསྔལ་དང་། ཀུན་ཏུ་དགའ་བ་དང་ལྡན་པའི་ཉོན་མོངས་པ་ཐམས་ཅད་སྟོན་པའི་ཕྱིར་ 3-1-200b དང་། ཁྱིམ་པ་དང་རབ་བྱུང་གི་ཕྱོགས་གཉིས་ཀ་ལ་ལོངས་སྤྱོད་དང་ཆོས་ལ་ཕྲག་དོག་དང་སེར་སྣ་འབྱུང་བས་ཉོན་མོངས་པར་བྱེད་པའི་ཕྱིར་དང་། ལྷ་དང་ལྷ་མ་ཡིན་གྱི་ཕྱོགས་གཉིས་ཀ་བདུད་རྩི་དང་བུད་མེད་ཀྱི་ཕྱིར་ཤིན་ཏུ་ཉོན་མོངས་པར་བྱེད་པའི་ཕྱིར་ལོགས་ཤིག་ཏུ་ བཤད་དོ་ཞེས་འཆད་དོ། །གཉིས་པ་ཐ་མའི་ཆ་མཐུན་ལ། དངོས་དང་། དོགས་པ་གཅོད་པའོ། །དང་པོ་ནི། ཐ་མའི་ཆ་དང་མཐུན་རྣམ་ལྔ། །གཉིས་ཀྱིས་འདོད་ལས་མི་འདའ་ལ། །གསུམ་པོ་ཡིས་ནི་ཕྱིར་ཟློག་བྱེད། །བཅོམ་ལྡན་འདས་ཀྱིས་མདོ་གཞན་དུ་ཐ་མའི་ཆ་མཐུན་གྱི་ཀུན་སྦྱོར་ལྔ་གསུངས་པ་ཁམས་གསུམ་གྱི་ཐ་མ་ནི་འདོད་ཁམས་ཏེ། གཅིག་ཏུ་མཉམ་པར་མ་བཞག་ པའི་ཕྱིར་དང་། མི་དགེ་བའི་ཆོས་ཡོད་པའི་ཕྱིར་དང་། ངན་འགྲོ་ཡོད་པའི་ཕྱིར་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ཡོད་པའི་ཕྱིར་དང་། ཉོན་མོངས་པ་བར་མཚམས་མེད་པའི་ཕྱིར། ཐ་མ་སྟེ་དམན་པའི་ཆ་དང་ལྡན་པའི་ཕྱིར་ཐ་མའི་ཆ་འདོད་ཁམས་ཡིན་ལ། དེ་དང་ རྗེས་སུ་མཐུན་པའི་ཀུན་སྦྱོར་རྣམ་པ་ལྔ་གསུངས་ཏེ། འཇིག་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་ཐེ་ཚོམ་དང་འདོད་པ་ལ་འདུན་པ་དང་གནོད་སེམས་སོ། །འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་སྒོ་བ་བཞིན་འདོད་པའི་བཙོན་ར་ལས་མི་འདའ་ བར་བྱེད་དེ། དེ་དག་མ་སྤངས་ན་འཕགས་པའི་ཆོས་ཐོབ་ཀྱང་འདོད་པ་ལས་མི་འདའ་བའི་ཕྱིར། འཇིག་ལྟ་སོགས་པ་གསུམ་པོ་ཡིས་ནི་སྒོ་བ་བག་མེད་པས་བཙོན་ར་ནས་ཤོར་ཡང་སྒོ་བའི་རྗེས་སུ་འབྲང་བ་རྣམས་བཞིན་ཕྱིར་ཟློག་པར་བྱེད་དོ། །སེམས་ཙམ་པ་ན་རེ། འཇིག་ལྟ་སོགས་གསུམ་གྱིས་སེམས་ཅན་གྱི་ཐ་མ་སོ་སྐྱེ་ལས་མི་འདའ་ལ། འདོད་པ་ལ་འདུན་པ་དང་གནོད་སེམས་ཀྱིས་ཀྱང་ཁམས་ཀྱི་ཐ་མ་འདོད་ཁམས་ལས་མི་འདའ་བས། དེས་ན་འདི་དག་ཐ་མའི་ཆ་དང་མཐུན་པ་རྣམས་ཞེས་བྱའོ་ཞེས་ཟེར་རོ། །སེམས་ཅན་གྱི་ 3-1-201a ཐ་མ་སོ་སོའི་སྐྱེ་བོ་དང་། ཁམས་ཀྱི་ཐ་མ་འདོད་ཁམས་ཡིན་པས་སེམས་ཅན་གྱི་ཐ་མ་ལས་འདས་པ་སོ་སོའི་སྐྱེ་བོ་ལས་འདས་ཀྱང་། ཁམས་ཀྱི་ཐ་མ་ལས་མ་འདས་པ་ཡོད་དེ། འདོད་ཁམས་སུ་སྐྱེས་པའི་འཕགས་པའོ། །ཁམས་ཀྱི་ཐ་མ་ལས་ འདས། འདོད་ཁམས་ལས་གྲོལ་ཀྱང་སེམས་ཅན་གྱི་ཐ་མ་སོ་སོའི་སྐྱེ་བོ་ལས་མ་འདས་པ་ཡོད་དེ། གོང་མ་གཉིས་སུ་སྐྱེས་པའི་སོ་སོའི་སྐྱེ་བོའོ། །གཉིས་ཀ་ལས་འདས་པ་ཡོད་དེ། གོང་མ་གཉིས་སུ་སྐྱེས་པའི་འཕགས་པའོ། །གཉིས་ཀ་ལས་མ་འདས་པ་ཡོད་དེ། འདོད་ཁམས་སུ་སྐྱེས་པའི་སོ་སོའི་སྐྱེ་བོའོ། །འཕགས་པར་གྱུར་ཀྱང་འདོད་པ་ལ་འདུན་པ་དང་། གནོད་སེམས་ཀྱི་ཁམས་ཐ་མ་ལས་མི་འདའ། ཁམས་གོང་མ་གཉིས་སུ་གྱུར་ཀྱང་འཇིག་ཚུལ་ཐེ་ཚོམ་གསུམ་གྱི་སེམས་ཅན་གྱི་ཐ་མ་སོ་སོའི་སྐྱེ་བོ་ལས་མི་འདའོ། །སེམས་ ཅན་ལ་གཉིས་ཏེ། འཕགས་པའི་སེམས་ཅན་དང་སོ་སོའི་སྐྱེ་བོའི་སེམས་ཅན་ནོ། །གཉིས་པ་ནི། རྒྱུན་ཞུགས་ཀྱི་ཀུན་སྦྱོར་གསུམ་ཡོངས་སུ་གཏུགས་ཏེ་སྤངས་པའི་ཕྱིར། ལྟ་བ་ལྔ། ཐེ་ཚོམ་དང་ཉོན་མོངས་པ་དྲུག་སྤངས་པ་ཡིན་ན་མཐར། ལོག །ལྟ་བ་མཆོག་གསུམ་ བོར་ལ་ཀུན་སྦྱོར་གསུམ་སྤངས་ཞེས་འཇིག་ལྟ་སོགས་གསུམ་གསུངས་ཏེ། འདིའི་ལན་ལ། བྱེ་སྨྲའི་ལན། མདོ་སྡེ་པའི་ལན་ནོ། །དང་པོ་ནི། བོར་བའི་ལྟ་བ་གསུམ་པོ་དེ་ཐམས་ཅད་གཏུགས་པར་ནི་བརྗོད་བྱ་ཡིན་མོད་ཀྱི། ཉོན་མོངས་པ་ནི་རྣམ་པ་གསུམ་སྟེ། འཇིག་ ལྟ་དང་མཐར་ལྟ་སྡུག་བསྔལ་མཐོང་བ་ཙམ་གྱིས་སྤང་བྱ་རྣམ་པ་གཅིག་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། སྡུག་བསྔལ་དང་ལམ་གྱི་རྣམ་པ་གཉིས་དང་། རྣམ་པ་བཞི་པ་ནི་ཐེ་ཚོམ། ལོག་ལྟ། ལྟ་བ་མཆོག་འཛིན་ཏེ་དེ་དག་གི་སྒོ་ནི་ཀུན་སྦྱོར་འདི་གསུམ་ 3-1-201b གྱིས་བསྡུས་པའི་ཕྱིར་དང་། མཐར་ལྟའི་རྩ་བ་འཇིག་ལྟ་དང་། མཆོག་འཛིན་གྱི་རྩ་བ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་། ལོག་ལྟའི་རྩ་བ་ཐེ་ཚོམ་གྱིས་བསྡུས་པའི་ཕྱིར་ཀུན་སྦྱོར་གསུམ་བསྟན་ཏོ། །ཞེས་ཟེར་ཏེ། བདག་ཏུ་བཟུང་བ་དེ་ལ་རྟག་ ཆད་ཀྱི་མཐར་འཛིན་པའི་ཕྱིར་དང་། གང་གིས་འདག་པར་ཡིད་ཆེས་པ་ལས་མཆོག་ཏུ་འཛིན་པའི་ཕྱིར་དང་། ཐེ་ཚོམ་ཟ་བ་ལོག་པར་མཉན་པ་དང་བསམས་པའི་སྒོ་ནས་ལོག་པར་ངེས་པ་སྐྱེ་བའི་ཕྱིར་རྩ་བ་ཅན་ཡང་བཤད་པ་ཡིན་པར་རིག་པར་བྱའོ། །གཉིས་པ་ནི། སྒོ་དང་རྩ་བ་བསྡུས་ཕྱིར་གསུམ། །འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པ་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། ། གཞན་སློབ་དཔོན་གྱི་ལུགས་ནི་ཡུལ་གཞན་དུ་བགྲོད་པར་བྱ་བ་ལ་བར་ཆད་དུ་བྱེད་པ་གསུམ་སྟེ། འགྲོ་མི་འདོད་པ་དང་། ལམ་གཞན་ལ་བརྟེན་པས་ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་ཟ་བ་དེ་བཞིན་དུ་ཐར་པར་བགྲོད་པ་ལ་གསུམ་པོ་དེ་སྙེད་ཅིག་བགེགས་བར་ཆད་ བྱེད་དེ། འཇིག་ལྟས་ནི་ཐར་པས་སྐྲག་པར་འགྱུར་བས་འགྲོ་མི་འདོད་པར་འགྱུར་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ལམ་གཞན་ལ་བརྟེན་པས་ལམ་མ་ནོར་བར་འགྱུར་བ་དང་། ཐེ་ཚོམ་གྱིས་ལམ་ལ་ཐེ་ཚོམ་ཟ་བར་འགྱུར་ཏེ། བཅོམ་ ལྡན་འདས་ཀྱིས། རྒྱུན་ཞུགས་ཀྱིས་ཐར་བར་བགྲོད་པའི་བར་ཆད་དེ་དག་སྤངས་པར་སྟོན་པ་ན་ཉོན་མོངས་གསུམ་ཁོ་ན་སྤངས་པར་བསྟན་ཏོ། །ཞེས་ཟེར་རོ། །གསུམ་པ་གོང་མའི་ཆ་མཐུན་ནི། གོང་མའི་ཆ་དང་མཐུན་ལྔ་ཉིད། །གཟུགས་དང་གཟུགས་མེད་ལས་སྐྱེས་པའི། །འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། །བཅོམ་ལྡན་འདས་ཀྱིས་ཀུན་སྦྱོར་ཐ་མའི་ཆ་དང་མཐུན་པ་ལྔ་བཤད་ པ་བཞིན་ཀུན་སྦྱོར་གོང་མ་གཟུགས་དང་གཟུགས་མེད་པའི་ཆ་མཐུན་ལྔ་ཉིད་དེ། ཇི་ལྟར་ཞེ་ན། གཟུགས་དང་གཟུགས་མེད་ལས་སྐྱེས་པའི་འདོད་ཆགས་གཉིས་དང་། རྒོད་པ་དང་། ང་རྒྱལ་དང་། རྨོངས་པ་མ་རིག་པ་སྟེ། དེ་དག་མ་སྤངས་པར་ཁམས་གོང་ 3-1-202a མ་ལས་མི་འདའ་བའི་ཕྱིར། གཉིས་པ་འཆིང་བ་ནི། ཚོར་བའི་དབང་གིས་འཆིང་བ་གསུམ། །ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱི་དབང་གིས་དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གི་འཆིང་བ་གསུམ་རྒྱས་པར་འགྱུར་རོ། །བཏང་སྙོམས་ལ་ཆགས་སྡང་ཡང་རྒྱས་མོད་ཀྱི། གཏི་མུག་ བཞིན་རྒྱས་པ་ནི་མ་ཡིན་ཏེ། གཏི་མུག་ནི་བཏང་སྙོམས་དང་མི་གསལ་བར་རྗེས་སུ་མཐུན་པའི་ཕྱིར་ཤིན་ཏུ་རྒྱས་པའོ། །ཡང་ན་རང་རྒྱུད་ལ་ཡོད་པའི་ཚོར་བ་གསུམ་མྱོང་བའི་མཐུས་དེ་ལྟར་ངེས་ཏེ། མཚུངས་ལྡན་གྱི་སྒོ་ནས་རྒྱས་པའོ། །གཞན་ནི་བདེ་བ་ལ་འདོད་ཆགས་དང་ སྡུག་བསྔལ་ལ་ཞེ་སྡང་རྒྱས་པ་དེ་ལྟར་ངེས་པ་མ་ཡིན་ཏེ། དགྲའི་བདེ་བ་ལ་དམིགས་ནས་ཞེ་སྡང་དང་། དགྲའི་སྡུག་བསྔལ་ལ་དམིགས་ནས་འདོད་ཆགས་རྒྱས་པའི་ཕྱིར་རོ། །ཡང་ན་རང་རྒྱུད་ལ་ཡོད་པའི་བདེ་སྡུག་ལ་ཆགས་སྡང་དམིགས་པའམ། མཚུངས་ལྡན་གྱི་སྒོ་ ནས་རྒྱས་པར་ངེས་པ་ཡིན་པ་བཞིན་དགྲའི་རྒྱུད་ཀྱི་བདེ་སྡུག་ལ་མ་ཡིན་ནོ། །ཞེས་སོ། །གསུམ་པ་ནི། ཉོན་མོངས་ལས་གཞན་ཉོན་མོངས་ཅན། །སེམས་བྱུང་འདུ་བྱེད་ཕུང་ཞེས་པ། །གང་དེའང་ཉེ་བའི་ཉོན་མོངས་ཏེ། །དེ་དག་ཉོན་མོངས་ཞེས་མི་བྱ། །རྩ་བའི་ཉོན་མོངས་པ་དེ་དག་ནི་ཉེ་བའི་ཉོན་མོངས་པའང་ཡིན་ཏེ། སེམས་ཉེ་བར་ཉོན་མོངས་པ་ཅན་དུ་བྱེད་པའི་ཕྱིར། ཉོན་མོངས་པ་རྣམས་ལས་དོན་གཞན་པ་ཆོས་ཉོན་ མོངས་ཅན་སེམས་བྱུང་འདུ་བྱེད་ཀྱི་ཕུང་པོ་ཞེས་པས་བསྡུས་པ་གང་ཡིན་དེའང་ཉོན་མོངས་པ་དང་ཉེ་བར་འདུག་པས་ཉེ་བའི་ཉོན་མོངས་པ་ཁོ་ན་སྟེ་དེ་དག་རྩ་ཉོན་དྲུག་གི་ཚོད་ཙམ་དུ་ནི་ཉོན་མོངས་ཞེས་མི་བྱ་སྟེ། གཞི་ཕྲན་ཚེགས་ལས། མི་དགའ་བ་དང་། གླལ་བྱེད་པ་དང་། སེམས་ཞུམ་པ་ཉིད་དང་། རྨྱ་བ་དང་། ཟས་ཀྱི་དྲོད་མི་ཟིན་པ་ཉིད་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རུ་གདུག་དང་། འཕྱ་སྨོད་དང་། གནམ་པ་ཉིད་དང་། མི་གནམ་པ་ཉིད་དང་། རང་བཞིན་དུ་མི་འདུག་པ་ 3-1-202b ཉིད་དང་། འདོད་པའི་རྣམ་རྟོག་ཉིད་དང་། འཚེ་བའི་རྣམ་རྟོག་དང་། ཉེ་བའི་རྣམ་རྟོག་དང་། ཡུལ་གྱི་རྣམ་རྟོག་དང་། མི་འཆི་བའི་རྣམ་རྟོག་དང་། བརྙས་པ་དང་ལྡན་པའི་རྣམ་རྟོག་དང་། རིགས་སྙེམས་པ་དང་ལྡན་པའི་རྣམ་རྟོག་དང་། མྱ་ངན་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ཞེས་བྱ་བ་དག་གོ། ཉེར་བཞི་པོ་འདིའི་དོན་ནི་རིན་ཆེན་ཕྲེང་བ་དང་གཞི་བསྡུ་བ་ལས་ཤེས་པར་བྱའོ། །བཞི་པ་ཀུན་དཀྲིས་ལ། དངོས་ཀྱི་དོན་དང་། ཞར་ལ་དྲི་མ་བཤད་པ། དེ་དག་གི་ཁྱད་པར་བཤད་པ། དང་པོ་ལ། ངོ་བོ་ངོས་བཟུང་ བ་དང་། གང་གི་རྒྱུ་མཐུན་ཡིན་པའོ། །དང་པོ་ལ། རབ་ཏུ་བྱེད་པ་ལས་གསུངས་པ། བྱེ་སྨྲའི་འདོད་པ་གཉིས་སོ། །དང་པོ་ནི། ངོ་ཚ་མེད་དང་ཁྲེལ་མེད་དང་། །ཕྲག་དོག་སེར་སྣ་རྒོད་པ་དང་། །འགྱོད་དང་རྨུགས་དང་གཉིད་དང་ནི། །ཀུན་ནས་དཀྲིས་པ་རྣམ་པ་བརྒྱད། །འདིར་ཀུན་དཀྲིས་དང་ཉོན་མོངས་པའི་དྲི་མས་བསྡུས་པ་ཁོ་ན་བསྟན་པར་བྱ་སྟེ། རྩ་བའི་ཉོན་མོངས་ཀྱང་ཀུན་ནས་དཀྲིས་པ་ཡིན་ཏེ། མདོ་ལས་ འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་སྡུག་བསྔལ་གྱི་རྐྱེན་ཅེས་འབྱུང་བའི་ཕྱིར། སྲིད་པའི་བཙོན་རར་ཀུན་ནས་དཀྲིས་པའམ། འདི་ཡོད་ན་སྤྱོད་པ་ངན་པ་དང་ལྡན་པས་ཀུན་དཀྲིས་སོ། །བསྟན་བཅོས་རབ་ཏུ་བྱེད་པ་ལས། ངོ་ཚ་མེད་དང་ཁྲེལ་མེད་དང་སྟེ་ཞེས་པ། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་པས་དེ་ཉིད་བསྟན་ཟིན་ཏོ། །གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྔོན་དུ་འགྲོ་བ་ཅན་གྱི་སེམས་ཁོངས་ནས་འཁྲུག་ཅིང་། སེམས་ཀྱི་གདུང་བ་ཕྲག་དོག་དང་། སེར་སྣ་ནི་ཆོས་དང་ཟང་ཟིང་དང་། གསོ་བ་དང་། བཟོ་རིག་མཁས་པ་རབ་ཏུ་སྦྱིན་པ་དང་། འགལ་བ་ཅན་བདག་ལས་གཞན་དུ་མ་འགྲོ་ཞིག་སྙམ་པའི་རྣམ་པ་ཅན་སེམས་ཀྱིས་ཀུན་ཏུ་འཛིན་པ་དང་། གླུ་གར་དང་། སྒེག་པའི་ཆ་ལུགས་དང་། རྒྱན་གྱིས་སེམས་མ་ཞི་བ་རྒོད་པ་དང་། དེ་དང་ལྡན་པས་ 3-1-203a ལམ་གོལ་བར་ཞུགས་པར་གྱུར་པའོ། །ངན་པར་བྱས་པའི་དངོས་པོ་ནི་འགྱོད་པ་དང་ལུས་དང་སེམས་ལས་སུ་མི་རུང་བ་རྨུགས་པ་དང་གཉིད་དང་ནི། ལུས་ཡང་དག་པར་འཛིན་མི་ནུས་པ་སེམས་མངོན་པར་སྡུད་པ་སྟེ། ཟུར་སྔ་མས་སྙོམས་འཇུག་ གཅོད་ལ། དེས་ཉོན་མོངས་ཅན་ཁོ་ན་ཀུན་དཀྲིས་ཡིན་གྱི། དགེ་བ་དང་ལུང་མ་བསྟན་ནི་མ་ཡིན་ནོ། །འགྱོད་པའང་དེ་བཞིན་ནོ། །ཀུན་ནས་དཀྲིས་པ་རྣམ་པ་བརྒྱད་འབྱུང་ངོ་། །གཉིས་པ་ནི། ཁྲོ་དང་འཆབ་པའོ། །བྱེ་སྨྲའི་ལུགས་ཀྱི་ཀུན་དཀྲིས་བཅུ་སྟེ། བརྒྱད་པོ་དེ་དག་དང་། ཀུན་ ནས་མནར་སེམས་ཀྱི་སེམས། ཁྱད་པར་སེམས་ཅན་འདི་བསད་དམ། བཅིངས་སམ། བརླག་གམ། ཕོངས་པར་གྱུར་ན་ཅི་མ་རུང་སྙམ་པའི་གནོད་སེམས་དང་། སེམས་ཅན་ལ་བརྙས་པ་དང་། རྡེག་པ་དང་སྐྲག་པར་བྱེད་པ་དང་། བསྡིགས་པ་སོགས་རྣམ་པར་འཚེ་ བ་མ་གཏོགས་སེམས་ཅན་དང་སེམས་ཅན་མིན་པར་ཀུན་ནས་མནར་སེམས་པ་ཁྲོ་བ་སྟེ། དགེ་སློང་བསླབ་པ་འདོད་པ་ལ་སེམས་འཁྲུགས་པ་དང་། ཚེར་མ་ལ་སོགས་ལ་འཁྲུགས་པ་ལྟ་བུའོ། །འཆབ་པ་ནི་ཁ་ན་མ་ཐོ་བ་སྨད་པར་བྱ་བ་ཚུལ་ཁྲིམས་དང་སྤྱོད་པ་དང་འཚོ་བ་རྒུད་པ་ ཡིན་ལ། མཁྱུད་པ་ནི་དེ་སྦེད་པའི་རྒྱུ་སྟེ་སྡིག་པའི་ནང་དུ་བཞག་པའི་ཕྱིར་མི་མངོན་པར་བྱེད་པའོ། །གཉིས་པ་གང་གི་རྒྱུ་མཐུན་ཡིན་པ་ནི། འདོད་ཆགས་ཀྱིས། །ངོ་ཚ་མེད་རྒོད་སེར་སྣ་བསླང་། །འཆབ་པ་རྩོད་དོ་མ་རིག་ལས། །རྨུགས་དང་གཉིད་དང་ཁྲེལ་མེད་དོ། །ཐེ་ཚོམ་ལས་འགྱོད་ཁྲོ་བ་དང་། །ཕྲག་དོག་ཁོང་ཁྲོའི་རྒྱུ་ལས་བྱུང་། །ཀུན་དཀྲིས་དེ་རྣམས་ལས་ཉེ་ཉོན་ངོ་ཚ་མེད་རྒོད་སེར་སྣ་ནི་འདོད་ཆགས་ཀྱིས་སློང་བའི་རྒྱུ་མཐུན་པ་ཡིན་ནོ། །མཐོང་སྤང་ གི་འདོད་ཆགས་དེའི་ནང་ནས་ཀྱང་སྡུག་བསྔལ་མཐོང་སྤང་གི་ངོ་ཚ་མེད་པར་བསླང་། སྒོམ་སྤང་འདོད་ཆགས་ཀྱིས་སྒོམ་སྤང་གི་ངོ་ཚ་མེད་པའི་བར་དུ་བསླང་། རྒོད་པའང་དེ་དང་འདྲ། སེར་སྣ་སྒོམ་སྤང་ཡིན་ཙམ་ན་སློང་བྱེད་ཀྱང་སྒོམ་སྤོང་གི་འདོད་ཆགས་ཁོ་ནས་ 3-1-203b བསླང་བས་སྐལ་མཉམ་གྱི་རྒྱུ་མཐུན་ཡིན། འཆབ་པ་ནི། ཁ་ཅིག་སྲེད་པའི་རྒྱུ་མཐུན་ཡིན་ཅེ་ན། གཞན་དག་མ་རིག་པའི་རྒྱུ་མཐུན་པའོ་ཞེས་ཟེར་བས་རྩོད་དོ། །གཞན་དག་ན་རེ། དེ་དེ་གཉིས་ག་ཡིན་ཏེ། ཉེས་པ་མཐོལ་ན་རྒྱལ་པོ་སོགས་ཀྱི་བདག་གི་ཉེས་པ་ཤེས་ པས་ང་ལ་རྙེད་བཀུར་ཆད་དེ་འགྲོ་སྙམ་པས་འཆབ་པ་སྲེད་པའི་རྒྱུ་མཐུན་པ་དང་། ཉེས་པ་དེ་ལ་རྣམ་སྨིན་ཡིད་དུ་མི་འོང་བ་འོང་བར་མ་ཤེས་པས་འཆབ་ན། འཆབ་པ་སྟེ་མ་རིག་པའི་རྒྱུ་མཐུན་ཡིན་ནོ་ཞེས་ཟེར་རོ། །རྨུགས་གཉིད་ཁྲེལ་མེད་གསུམ་མ་རིག་པ་ལས་བྱུང་ བའི་རྒྱུ་མཐུན་པ་ཡིན་ནོ། །མཐོང་སྤོང་གི་མ་རིག་པ་ལས་མཐོང་སྤོང་གི་རྨུགས་པ་སློང་བ་སྐལ་མཉམ་གྱི་རྒྱུ་མཐུན་ཡིན། སྡུག་བསྔལ་མཐོང་སྤང་གི་མ་རིག་པས་སྡུག་བསྔལ་མཐོང་སྤང་གིས་རྨུགས་པ་བསླང་ན་ཤིན་ཏུ་སྐལ་མཉམ་གྱི་རྒྱུ་མཐུན་ཡིན། མཐོང་ སྤོང་གི་མ་རིག་པ་ལས་སྒོམ་སྤང་གི་རྨུགས་པ་སློང་ན་ཀུན་འགྲོའི་རྒྱུ་མཐུན་ཡིན། ཁྲེལ་མེད་མ་རིག་པའི་རྒྱུ་མཐུན་དུ་ཅང་འོང་ངམ་སྙམ་ན། ཁྲེལ་མེད་པས་འཇིགས་པར་མི་ལྟ་བ་ཞེས་འབྱུང་བས་སོ། །འགྱོད་པ་ཉོན་མོངས་ཅན་ནི་ཐ་ཚོམ་ལས་བྱུང་བའི་རྒྱུ་མཐུན་པ་ ཡིན་ནོ། །ཉེ་ཉོན་ཁྲོ་བ་དང་ཕྲག་དོག་ནི་རྩ་ཉོན་ཁོང་ཁྲོའི་རྒྱུ་ལས་བྱུང་བའོ། །ཐེ་ཚོམ་ནི་མཐོང་སྤང་ཁོ་ན་ཡིན། འགྱོད་པ་སྒོམ་སྤང་ཁོ་ན་ཡིན་ཙམ་ན་ཐེ་ཚོམ་གྱིས་འགྱོད་པ་སློང་ན་ཀུན་འགྲོའི་རྒྱུ་མཐུན་ཁོ་ན་ཡིན་ནོ། །ཉེ་བའི་ཉོན་མོངས་པ་བཅུ་པོ་རྩ་ཉོན་གྱི་རྒྱུ་མཐུན་པ་ ཡིན་ནོ། །གཉིས་པ་ཞར་ལ་དྲི་མ་བཤད་པ་ལ། དྲི་མའི་དབྱེ་བ་དང་། སོ་སོའི་རྒྱུའོ། །དང་པོ་ནི། གཞན་ཡང་ཉོན་མོངས་དྲི་མ་དྲུག །སྒྱུ་དང་གཡོ་དང་རྒྱགས་པ་དང་། །དེ་བཞིན་འཚིག་དང་ཁོན་འཛིན་དང་། །རྣམ་འཚེ། གཞན་ཡང་ལུས་ལ་དྲི་མ་འབྱུང་བ་བཞིན་རྩ་བའི་ཉོན་མོངས་པ་ལས་བྱུང་བའི་དྲི་མ་ལྟ་བུ་དྲུག་ནི། གཞན་འདྲིད་པའི་བསམ་པ་ཅན་སྲང་སོགས་ལ་གཡོ་བྱེད་པའི་སྒྱུ་ 3-1-204a དང་། གཡོ་ནི་རང་གཞན་གྱི་ནང་གི་བསམ་པ་མཁྱུད་པ་དང་མི་གསལ་བར་བྱེད་པའི་ཐབས་སུ་གནས་པའི་སེམས་གྱ་གྱུ་བ་སྟེ། དེས་ཡང་དག་པ་ཇི་ལྟ་བ་བཞིན་མི་འཆགས་ཀྱི་གཏམ་རླུང་ལ་བསྐུར་བ་སྟེ་གཞན་དུ་བསྒྱུར་བའམ་མི་གསལ་བར་བྱེད་ པའོ། །རང་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་སུ་གཏུགས་པའོ། །ཞེས་སྔར་བཤད་ཀྱི། རྒྱགས་པ་དང་དེ་བཞིན་དུ་འཚིག་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའི་དངོས་པོ་དམ་དུ་འཛིན་པ་སྟེ། གང་གིས་རིགས་པར་གཏམས་པ་མི་འཛིན་པ་དང་མཁོན་དུ་འཛིན་པ་ནི་ ཀུན་ནས་མནར་སེམས་ཀྱི་དངོས་པོ་ལན་མང་དུ་བྱེད་པ་དང་། རྣམ་པར་འཚེ་བ་ནི་ཐེ་ཚོམ་པ་སྟེ། གང་གིས་མཚོན་ཆ་དང་ཚིག་རྩུབ་དག་གིས་ཕ་རོལ་པོ་རྣམ་པར་ཐོ་འཚམས་པར་བྱེད་པའོ། །གཉིས་པ་ནི། སྒྱུ་དང་རྒྱགས་པ་ནི། །འདོད་ཆགས་ལས་སྐྱེས་ཁོན་འཛིན་དང་། །རྣམ་འཚེ་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ལྟ་བ་མཆོག་འཛིན་ལས། །གཡོ་ནི་ལྟ་བས་ཀུན་ནས་བསླང་། །དྲི་མ་དྲུག་པོ་དེ་ལས་སྒྱུ་དང་རྒྱགས་པ་ནི་འདོད་ཆགས་ལས་སྐྱེས་ པ་ཡིན་ལ། མཁོན་འཛིན་དང་རྣམ་འཚེ་ནི་ཁོང་ཁྲོ་ལས་སྐྱེ་བས་སོ། །འཚིག་པ་ནི་ལྟ་བ་མཆོག་འཛིན་ལས་སྐྱེས་ཤིང་གྱ་གྱུ་ཅི་ཡིན་སྡིག་ཅན་ལྟ་ཞེས་འབྱུང་བས་དྲི་མ་གཡོ་ནི་ཉོན་མོངས་ལྟ་བས་ཀུན་ནས་སློང་བའོ། །ལྟ་བ་མཆོག་འཛིན་ཀྱང་དམན་པ་ལ་མཆོག་ཏུ་འཛིན་པ་ ཡིན་ལ། འཚིག་པའང་སྡིག་པ་དམན་པ་ལ་ཞེན་པ་ཡིན་པས། ལྟ་བ་མཆོག་འཛིན་མཐོང་སྤོང་ལས་འཚིག་པ་བྱུང་བ་དེ་ཀུན་འགྲོའི་རྒྱུ་མཐུན་ཡིན་ཏེ། འཚིག་པ་སྒོམ་སྤང་ཡིན་ནོ། །གསུམ་པ་དེ་དག་གི་ཁྱད་པར་བཤད་པ་ལ། མཐོང་སྤང་དང་སྒོམ་སྤང་གི་ཁྱད་པར། མི་དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར་རོ། །དང་པོ་ནི། དེ་ལས་ངོ་ཚ་མེད་པ་དང་། །ཁྲེལ་མེད་རྨུགས་གཉིད་རྒོད་རྣམས་གཉིས། །དེ་ལས་གཞན་ནི་བསྒོམ་སྤང་བྱ། །རང་དབང་དེ་བཞིན་དྲི་མ་རྣམས། །ཀུན་དཀྲིས་བཅུར་བཤད་པ། དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་པ་དང་གཉིད་པ་དང་རྒོད་པ་སྟེ་ཆོས་ལྔ་པོ་མཐོང་སྤོང་དང་སྒོམ་སྤང་རྣམ་པ་གཉིས་ཏེ། མཐོང་སྒོམ་ 3-1-204b གྱི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར། ལྔ་པོ་དེ་ལས་གཞན་པའི་ཉེ་ཉོན་ཀུན་དཀྲིས་ཀྱིས་བསྡུས་པ་ཕྲག་དོག་དང་། སེར་སྣ་དང་། འགྱོད་པ་དང་། ཁྲོ་བ་དང་། འཆབ་པ་ནི་སྒོམ་པས་སྤང་བྱ་ཁོ་ན་དང་། རང་དབང་ཡང་ཡིན་ཏེ། ཉེ་ཉོན་ལྔ་པོ་དེ་དག་མ་ རིག་པ་ཙམ་དང་མཚུངས་ལྡན་ཡིན་པའི་ཕྱིར། མ་རིག་པ་ཙམ་དང་མཚུངས་པས་རང་དབང་ཅན་ཡིན་པ་ལ་རིགས་པ་ཅི་ཡོད་ཅེ་ན། དེ་དག་འཇུག་པ་ལ་ནི་རང་ཉིད་གཙོ་བོ་ཡིན་གྱི། འདོད་ཆགས་སོགས་ཉོན་མོངས་གཞན་ལ་མི་བལྟོས་ལ། མ་རིག་པ་ཙམ་དང་མཚུངས་པར་ལྡན་ ཀྱང་མ་རིག་པ་ནི་གླེན་པའི་ཕྱིར་འཇུག་བྱེད་མ་ཡིན་ནོ། །ཕྲག་དོག་སོགས་ཉེ་ཉོན་ལྔ་པོ་དེ་དག་སྒོམ་སྤང་རང་དབང་ཅན་ཡིན་པ་དེ་བཞིན་དུ་ཉོན་མོངས་དྲི་མ་དྲུག་པོ་རྣམས་ཀྱང་ཕྲག་དོག་སོགས་ལྔ་པོ་དེ་དང་འདྲ་བར་སྒོམ་སྤང་དང་རང་དབང་བའོ། །གཉིས་པ་ནི། འདོད་ན་མི་དགེ་གསུམ་རྣམ་གཉིས། །དེ་ཡན་ཆད་ནི་ལུང་མ་བསྟན། །རྨུགས་རྒོད་ གཉིད་མ་གཏོགས་པ་ཉེ་ཉོན་ཀུན་དཀྲིས་བདུན་དང་སྒྱུ་ལ་སོགས་པ་དྲུག་ཇི་སྐད་བཤད་པ་ནི་འདོད་ཁམས་ན་མི་དགེ་བའོ། །དེ་ལས་ཀྱང་རྨུགས་པ་དང་རྒོད་པ་དང་གཉིད་གསུམ་པོ་ནི་མི་དགེ་བ་དང་ལུང་མ་བསྟན་རྣམ་པ་གཉིས་དག་གོ། གཉིད་དགེ་བ་ཡོད་ཀྱང་ཀུན་དཀྲིས་ ཀྱི་སྐབས་ཡིན་པས་མི་བཟུང་ངོ་། །འདོད་ཁམས་དེ་ཡན་ཆད་ཀྱི་ཉེ་ཉོན་ཇི་སྙེད་སྲིད་པ་རྣམས་ནི་ལུང་དུ་མ་བསྟན་པའོ། །གསུམ་པ་ནི། འདོད་དང་བསམ་གཏན་དང་པོ་ན། །གཡོ་སྒྱུ་ཚངས་པས་འདྲིད་ཕྱིར་རོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །གཞན་དག་འདོད་ཁམས་ལས་སྐྱེས་པ། །དེའང་འདོད་པ་དང་བསམ་གཏན་དང་པོ་ན་གཡོ་སྒྱུ་གཉིས་ཡོད་དེ། ཚངས་པ་ཆེན་པོ་ནི་རང་གི་འཁོར་གྱིས་བརྙས་པའི་ངོ་ཚ་བས་བདག་ ཉིད་མི་ཤེས་པ་སྦེད་པ་ནི་རང་ཉིད་ལོག་པར་ཀུན་ཏུ་སྟོན་པས་ལྔ་སྡེའི་རྟ་ཐུལ་འདྲིད་པར་ཞུགས་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས། འཕགས་པ་རྟ་ཐུལ་གྱིས། ཚངས་པ་ལ་འབྱུང་བ་ཆེན་པོ་བཞི་འདི་དག་མ་ལུས་པར་གང་དུ་འགག་པར་འགྱུར་དྲིས་པ་དང་། མ་ 3-1-205a ཤེས་ནས་གཏམ་རླུང་ལ་བསྐུར་ཏེ། བདག་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །དབང་ཕྱུག་གོ། བྱེད་པ་པོའོ། །སྤྲུལ་པ་པོའོ། །འབྱིན་པ་པོའོ། །འབྱིན་བྱེད་དོ། །དངོས་པོ་རྣམས་ཀྱི་ཕར་གྱུར་པ་ཡིན་ནོ་ཞེས་སྨྲས་སོ། །དེའི་འོག་ཏུ་ཚངས་པ་ དེས་ཚེ་དང་ལྡན་པ་རྟ་ཐུལ་གྱི་ལག་ནས་བཟུང་སྟེ་ཕྱོགས་གཅིག་ཏུ་འདུག་ནས་དེ་བཞིན་གཤེགས་པ་བཞུགས་བཞིན་དུ་བདག་ལ་འདྲི་བར་སེམས་སམ་ཞེས་སྨྲས་སོ། །དེ་ནི་ཚངས་པའི་སྒྱུ་ཡིན་པར་སྣང་ངོ་། །གཡོ་ནི། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་ དང་པོ་དག་ན་མེད། །ཅེས་པ་དེར་བཤད་ཟིན་མོད་ཀྱང་། ཞར་ལ་འོངས་པས་ཀྱང་སྨོས་སོ། །རྨུགས་རྒོད་རྒྱགས་པ་གསུམ་ནི་ཁམས་གསུམ་ན་ཡོད་པའོ། །བཅུ་དྲུག་ལས་དེ་གསུམ་དང་། གཡོ་སྒྱུ་གཉིས་ཏེ་ལྔ་བོར་བས་གཞན་ཉེ་ཉོན་བཅུ་གཅིག་པོ་དག་འདོད་ཁམས་སྐྱེས་ པ་ཁོ་ནའོ། །གཉིས་པ་དེ་རྣམས་གང་དང་མཚུངས་ལྡན་ལ། སེམས་གང་དང་མཚུངས་ལྡན། ཚོར་བ་གང་དང་མཚུངས་ལྡན་ནོ། །དང་པོ་ནི། མཐོང་སྤང་བྱ་གཉིད་ང་རྒྱལ་བཅས། །ཡིད་ཀྱི་རྣམ་ཤེས་ས་པ་ཡིན། །ཉེ་བའི་ཉོན་མོངས་རང་དབང་ཡང་། །གཞན་ནི་རྣམ་ཤེས་དྲུག་རྟེན་ཅན། །མཐོང་བས་སྤང་བྱའི་ཉོན་མོངས་དང་ཉེ་བའི་ཉོན་མོངས་ཐམས་ཅད་དང་། གཉིད་དང་ང་རྒྱལ་ནི་མཐོང་སྒོམ་གྱི་སྤང་བྱ་རིས་ལྔ་ཅར་ དང་། བཅས་པ་ཡིན་ཀྱང་ཐམས་ཅད་ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་ཡིན་ནོ། །ཕྲག་དོག །སེར་སྣ། འགྱོད་པ། ཁྲོ་བ། འཆབ་པ་དྲི་མ་རྣམས་ཏེ། ཉེ་བའི་ཉོན་མོངས་རང་དབང་ཅན་དེ་ཡང་སྒོམ་སྤང་ཡིན་ཡང་ཡིད་ཤེས་ཀྱི་ས་པ་ཁོ་ན་ཡིན་ནོ། །ཉོན་མོངས་དང་ཉེ་བའི་ཉོན་མོངས་ གཞན་སྒོམ་སྤོང་འདོད་ཆགས་ཁོང་ཁྲོ་མ་རིག་པ་རྣམས་དང་དེ་དག་དང་མཚུངས་ལྡན་ཉེ་ཉོན་ངོ་ཚ་མེད་པ་ཁྲེལ་མེད་པ་རྨུགས་རྒོད་རྣམས་དང་། ཉོན་མོངས་པའི་ས་པ་མང་པོའི་ནང་དུ་བཤད་པའི་བག་མེད། ལེ་ལོ། །མ་དད་པ་དག་ཁོ་ན་ཡིན། རྨུགས་རྒོད་ནི་སྐབས་འདི་ཉིད་ 3-1-205b དུ་སྔར་སྨོས་ཟིན། གཏི་མུག་ནི་ཉོན་མོངས་པ་ཞེས་སྨོས་པས་བསྡུས་ལ། དེ་རྣམས་ནི་རྣམ་ཤེས་དྲུག་གི་ས་པའམ་རྟེན་ཅན་ནོ། །གཉིས་པ་ཚོར་བ་གང་དང་མཚུངས་པར་ལྡན་པ་ལ། རྩ་ཉོན་གང་དང་ལྡན། ཉེ་ཉོན་གང་དང་ལྡན་པའོ། །དང་པོ་ལ། འདོད་པའི་དང་། ཁམས་གོང་གིའོ། །དང་པོ་ནི། བདེ་བ་དག་དང་འདོད་ཆགས་སུ། །མཚུངས་ལྡན་ཞེ་སྡང་བཟློག་པའོ། །མ་རིག་པ་དག་ཐམས་ཅད་དང་། །མེད་ལྟ་ཡིད་བདེ་སྡུག་བསྔལ་དང་། །ཡིད་མི་བདེ་དང་ཐེ་ཚོམ་མོ། །གཞན་ཡིད་བདེ་དང་འདོད་ལས་སྐྱེས། །བཏང་སྙོམས་དང་ཀུན། ལུས་ཚོར་བདེ་བ་དང་ཡིད་ཀྱི་བདེ་བ་དག་དང་འདོད་ཆགས་སུ་མཚུངས་པར་ལྡན་ནོ། །ཞེ་སྡང་ནི་བཟློག་པ་སྡུག་བསྔལ་དང་ཡིད་མི་བདེ་དང་མཚུངས་པར་ལྡན་ཏེ། ཆགས་སྡང་ནི་དགའ་བ་དང་སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར་དང་། རྣམ་ ཤེས་དྲུག་གི་ས་པ་ཡིན་པའི་ཕྱིར། མ་རིག་པ་དག་ནི་ཉོན་མོངས་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་ཚོར་བའི་དབང་པོ་ལྔ་པོ་ཐམས་ཅད་དང་མཚུངས་ལྡན་ནོ། །མེད་པར་ལྟ་བའི་ལོག་ལྟ་ནི་སྡིག་པའི་ལས་ཅན་རྣམས་ཀྱི་ཡིད་བདེ་དང་མཚུངས་པར་ལྡན་ཏེ། རང་གིས་ བྱས་པའི་སྡིག་པ་འབྲས་བུ་མེད་པར་མཐོང་བའི་ཕྱིར། བསོད་ནམས་ཀྱི་ལས་ཅན་རྣམས་ཀྱི་མེད་ལྟ་ནི་ཡིད་ཀྱི་སྡུག་བསྔལ་ཡིད་མི་བདེ་དང་མཚུངས་ལྡན་ཡིན་ཏེ། བསོད་ནམས་བྱེད་པའི་འབད་པ་དོན་མེད་པར་མཐོང་བའི་ཕྱིར། ཐེ་ཚོམ་ཟོས་པ་ངེས་པར་དོན་དུ་གཉེར་བ་ན་ ཡིད་མི་བདེ་བར་འགྱུར་བས་ཡིད་མི་བདེ་བ་དང་མཚུངས་ལྡན་ཐེ་ཚོམ་མོ། །གཞན་ལྟ་བ་བཞི་པོ་འཇིག་ལྟ། མཐར་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་། ང་རྒྱལ་ནི་ཡིད་བདེ་དང་མཚུངས་ལྡན་ཏེ། དགའ་བའི་རྣམ་པར་འཇུག་པའི་ ཕྱིར། ཆད་ལྟ་ཡིད་བདེ་དང་མཚུངས་ལྡན་ནི་དེ་མངོན་པར་འདོད་པའི་ཕྱིར། དེའང་ཆེ་ལོང་ཙམ་དུ་དཔྱད་པ་ཡིན་གྱི། ཞིབ་ཏུ་ན། ཕུན་སུམ་ཚོགས་པ་ལ་བདག་ཏུ་འཛིན་ན་ཡིད་བདེ། ནད་བཅས་འབྲས་བཅས་ལ་བདག་ཏུ་འཛིན་ན་ཡིད་མི་བདེ། ཕུན་ཚོགས་ལ་རྟག་པར་ 3-1-206a འཛིན་ན་ཡིད་བདེ། ཆད་པར་འཛིན་ན་ཡིད་མི་བདེ། ནད་བཅས་འབྲས་བཅས་ལ་རྟག་པར་འཛིན་ན་ཡིད་མི་བདེ། ཁྱད་ཅན་བདེ་བ་ལ་མཆོག་ཏུ་འཛིན་ན་ཡིད་བདེ། དམན་པ་སྡུག་བསྔལ་ལ་འདག་གྲོལ་དུ་འཛིན་ན་ཡིད་མི་བདེ། ཁྱད་པར་ཅན་ལྟ་བ་ལ་ ལ་འདག་གྲོལ་དུ་འཛིན་ན་ཡིད་བདེའོ། །དེ་ལྟར་མཚུངས་པར་ལྡན་པ་ནི་འདོད་པ་ལས་སྐྱེས་པའི་སོ་སོར་ངེས་པ་སྟེ། དེ་ལས་གཞན་ན་སྡུག་བསྔལ་དང་ཡིད་མི་བདེ་བ་མེད་པའི་ཕྱིར་དང་། ཁོང་ཁྲོ་མེད་པའི་ཕྱིར་རོ། །སྤྱིར་སྨྲས་པ། ཕྲ་རྒྱས་ཀུན་བཏང་སྙོམས་ཀྱི་དབང་པོ་ དང་མཚུངས་པར་ལྡན་ཏེ། ཉོན་མོངས་རྣམས་ཀྱི་རྒྱུན་ཆད་པའི་དུས་ན་བཏང་སྙོམས་ཀུན་ཏུ་གནས་པའི་ཕྱིར་ཏེ། འཇིག་པའི་གནས་སྐབས་ན་ཞན་པའི་ཕྱིར། དགའ་བ་དང་སྐྱོ་བའི་རྣམ་པས་དེ་དང་མཚུངས་པར་མི་ལྡན་པས་འགྲེལ་པར་མ་རངས་པའི་དོན་དུ་གྲག་གོ་ཞེས་ སྨོས་སོ། །བྱེ་སྨྲ་རྣམས་ནི་འགལ་བ་མེད་པའི་ཕྱིར། སྐྱེས་བུ་གཟུ་བོ་བཞིན་ཅེས་ཟེར་རོ། །གཉིས་པ་ནི། ས་གོང་མ། །ས་ཇི་བཞིན་དུ་རང་རང་དང་། །ས་གོང་མའི་ཕྲ་རྒྱས་རྣམས་ནི་ས་གོང་ན་དབང་པོ་ཇི་སྙེད་ཅིག་ཡོད་པ། ས་ཇི་ལྟ་བ་བཞིན་དུ་རང་རང་གི་དབང་པོ་རྣམས་དང་མཚུངས་པར་ལྡན་ཏེ། བསམ་གཏན་ དང་པོ་ན་མིག་རྣ་ལུས་གསུམ་གྱི་བདེ་བ་དང་། རྣམ་ཤེས་ཚོགས་བཞིའི་བཏང་སྙོམས་དང་ཡིད་བདེ་དང་ཅི་རིགས་པར་མཚུངས་པར་ལྡན་ལ། གཉིས་པ་ཡན་ཆད་ན་ཡིད་ཀྱི་ས་པའི་ཡིད་བདེ་དང་། བདེ་བ་དང་། བཏང་སྙོམས་དང་ཅི་རིགས་པར་མཚུངས་པར་ལྡན་ཏེ། བསམ་གཏན་ གཉིས་པ་ན་ཡིད་བདེ་དང་བཏང་སྙོམས་ཀྱི་དབང་པོ། གསུམ་པ་ན་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ། བསམ་གཏན་བཞི་པ་དང་གཟུགས་མེད་ན་ནི་བཏང་སྙོམས་ཀྱི་དབང་པོ་ཡོད་དོ། །དེ་ལ་ཕྲ་རྒྱས་ཐམས་ཅད་ཀྱང་ཇི་ལྟར་འོས་འོས་སུ་ཚོར་བའི་དབང་པོ་དང་མཚུངས་ 3-1-206b པར་ལྡན་པ་ཡིན་ཏེ། དེ་ནི་ཞི་གནས་ཀྱིས་རྒྱུད་བརླན་པའི་ཕྱིར་དགའ་བ་དང་སྐྱོ་བ་རྣམ་པར་བཞག་པ་ནི་མེད་དོ། །གཉིས་པ་ཉེ་ཉོན་གང་དང་ལྡན་པ་ནི། འགྱོད་དང་ཕྲག་དོག་ཁྲོ་བ་དང་། །རྣམ་འཚེ་ཁོན་དུ་འཛིན་པ་དང་། །འཚིག་པ་ཡིད་མི་བདེ་བ་དང་། །སེར་སྣ་དག་ནི་བཟློག་པ་ཡིན། །གཡོ་དང་སྒྱུ་དང་འཆབ་དང་གཉིད། །གཉིས་ཀ་དང་ལྡན་བདེ་དག་དང་། །རྒྱགས་པ་བཏང་སྙོམས་ཀུན་ཏུ་འགྲོ། །བཞི་པོ་གཞན་ནི་ལྔ་དག་དང་། །འགྱོད་དང་ཕྲག་དོག་ཁྲོ་བ་དང་། །རྣམ་འཚེ་མཁོན་དུ་འཛིན་པ་དང་། །འཚིག་པ་རྣམས་ནི་སྐྱོ་བའི་རྣམ་པར་འཇུག་ཅིང་ ཡིད་ཀྱི་ས་པ་ཡིན་པའི་ཕྱིར། ཡིད་མི་བདེ་བ་དང་མཚུངས་ལྡན་ནོ། །སེར་སྣ་དག་ནི་བཟློག་པས་ཡིད་བདེ་དང་མཚུངས་ལྡན་ཡིན་ཏེ། ཆགས་པའི་རྒྱུ་ལས་བྱུང་བས་དགའ་བའི་རྣམ་པར་འཇུག་པའི་ཕྱིར། གཡོ་དང་སྒྱུ་དང་འཆབ་དང་གཉིད་རྣམས་ནི་རེས་འགའ་ཡིད་ བདེ་དང་ཡིད་མི་བདེ་གཉིས་ཀ་དང་མཚུངས་པར་ལྡན་ཏེ། རེས་འགའ་ཡིད་བདེ་བའི་སྒོ་ནས་ཕ་རོལ་འདྲིད་པར་བྱེད་ལ། རེས་ཡིད་མི་བདེ་བས་བྱེད་དེ་གཉིད་ཀྱི་བར་དུའང་དེ་དང་འདྲའོ། །རྒྱགས་པ་ཡང་བསམ་གཏན་གསུམ་པ་ན་བདེ་བ་དང་དག་ཅེས་གཉིས་པ་མན་ཆད་ ན་ཡིད་བདེ་དང་། བཞི་པ་ཡན་ཆད་ན་བཏང་སྙོམས་དང་མཚུངས་པར་ལྡན་ཏེ། བཏང་སྙོམས་ཉོན་མོངས་ཉེ་ཉོན་ཀུན་ཏུ་མཚུངས་པར་འགྲོ་བའི་ཕྱིར་ཏེ། དེ་ནི་མ་རིག་པ་བཞིན་གང་ལའང་འགལ་བ་མེད་པའི་ཕྱིར། ངོ་ཚ་མེད་རྨུགས་རྒོད་དེ་ཀུན་དཀྲིས་བཞི་པོ་གཞན་ནི་ ཚོར་བའི་དབང་པོ་ལྔ་དག་དང་མཚུངས་པར་ལྡན་ཏེ། དང་པོ་གཉིས་མི་དགེ་བའི་ས་མང་པོ་བ་ཡིན་པའི་ཕྱིར་དང་། གཉིས་པ་ཉོན་མོངས་པའི་ས་མང་པོ་བ་ཡིན་པའི་ཕྱིར། གསུམ་པ་སྒྲིབ་པ་ལྔ་བསྟན་པ་ལ། ངོ་བོ་དང་། གྲངས་ངེས་སོ། །དང་པོ་ནི། འདོད་ན་སྒྲིབ་རྣམས། མདོ་ལས། འདོད་ འདུན། གནོད་སེམས། རྨུགས་པ། གཉིད་རྒོད། འགྱོད་པ་དང་། ཐེ་ཚོམ་དང་སྒྲིབ་པ་ལྔ་གསུངས་པ་ལས། འདོད་འདུན་གནོད་སེམས་འགྱོད་གཉིད་བཞི་འདོད་ཁམས་པ་ཁོ་ནར་རྟོགས་སླ་བས་མི་འདྲིའི། རྨུགས་རྒོད་ཐེ་ཚོམ་གསུམ་པོ་དེ་ཁམས་གསུམ་ཆར་ 3-1-207a ཡིན་ཙམ་ན་ཁམས་གསུམ་ཆར་གྱི་སྒྲིབ་པ་དེ་ཡིན་ནམ། འདོད་པའི་གསུམ་པོ་དེ་སྒྲིབ་པ་ཡིན་ཅེ་ན། མདོ་ལས། འདི་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ། སྒྲིབ་པ་ལྔའོ་ཞེས་གཅིག་ཏུ་མི་དགེ་བར་གསུངས་ པའི་ཕྱིར། འདོད་ན་བསམ་གཏན་དང་སྙོམས་འཇུག་གི་སྒྲིབ་པ་རྣམས་ཡོད་ལ། གཞན་ན་ནི་མེད་དོ། །གཉིས་པ་གྲངས་ངེས་ལ་གཉིས། བདུན་བཤད་པ་དང་མི་འགལ་བའི་རྒྱུ་མཚན་དང་། ལྔར་ངེས་པའི་རྒྱུ་མཚན་ནོ། །དང་པོ་ནི། མི་མཐུན་དང་། །ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག །ཅིའི་ཕྱིར་རྨུགས་གཉིད་གཉིས། རྒོད་འགྱོད་གཉིས་སེམས་བྱུང་ཐ་དད་ཡིན་བཞིན་དུ་སྒྲིབ་པ་རེ་རེར་བཤད་ཅེ་ན། རྨུགས་གཉིད་གཉིས་ཡོད་ཀྱང་སྒྲིབ་པ་གཅིག་ཏུ་བཤད་དེ། དེ་གཉིས་ཀྱི་མི་མཐུན་ཕྱོགས་གཉེན་པོ་གཅིག་པའི་ཕྱིར་དང་། ཟས་ཏེ་སྐྱེད་བྱེད་ཀྱི་རྒྱུ་གཅིག་པའི་ཕྱིར་དང་བྱ་བའང་གཅིག་པའི་ ཕྱིར་རོ། །དེ་ལ་གཉིས་ཀའི་མི་མཐུན་པའི་ཕྱོགས་རང་སྤྱིའི་མཚན་ཉིད་དང་། སངས་རྒྱས་ཀྱི་ཡོན་ཏན་དྲན་པའི་སྣང་བའི་འདུ་ཤེས་ཏེ་གཉེན་པོ་དང་ཟས་མ་ཡིན་པ་ཞེས་ཀྱང་བྱའོ། །ཟས་ནི་ལྔ་སྟེ། ལུས་སེམས་ལས་སུ་མི་རུང་བའི་རྨྱ་བ་དང་། མི་དགའ་བ་དང་། བྱ་རྨྱངས་ ཏེ་གླ་ལ་བ་ལྡིང་བ་དང་། མ་འོས་པར་མང་དུ་ཟོས་པས་ལུས་ཤིག་ཤིག་པོར་གྱུར་པ་ཁ་ཟས་ཀྱི་དྲོད་མི་ཟིན་པ་དང་སེམས་ཞུམ་པ་ཉིད་དེ། དེ་དག་གིས་དེ་གཉིས་རྒྱས་པར་བྱེད་པའི་ཕྱིར་རོ། །གཉིས་པོ་ནི་དེའི་བྱ་བ་ནི་སེམས་ཞུམ་པར་བྱེད་པའོ། །དེ་བཞིན་དུ་རྒོད་འགྱོད་གཉིས་ཀྱང་ སྒྲིབ་པ་གཅིག་ཏུ་བཞག་སྟེ། མི་མཐུན་ཕྱོགས་དང་ཟས་དང་བྱ་བ་གཅིག་པའི་ཕྱིར། དེ་ལ་འདི་གཉིས་ཀྱི་མི་མཐུན་ཕྱོགས་སམ་གཉེན་པོ་ནི་ཞི་གནས་ཡིན་ལ། །ཟས་ནི་བཞི་སྟེ། ཉེ་དུའི་རྣམ་རྟོག་དང་། གོས་ཟས་ཚེགས་ཆུང་ངུ་རྙེད་སོགས་ཀྱི་ཡུལ་གྱི་རྣམ་རྟོག་དང་། 3-1-207b མི་འཆི་བའི་རྣམ་རྟོག་དང་། སྔོན་དག་བགད་པ་དང་། ལུས་ནོམས་པ་དང་། ཀུན་ཏུ་ནོམས་པས་གཙེས་པ་དང་། དགའ་མགུར་སྤྱོད་པ་རྣམས་རྗེས་སུ་དྲན་པའོ། །བྱ་བ་ནི་གཉིས་ཀས་སེམས་རྣམ་པར་མ་ཞི་བར་བྱེད་དོ། །འདོད་པ་ལ་འདུན་པའི་ཟས་སྡུག་པའི་མཚན་ མ་དང་། ཟས་མ་ཡིན་པ་མི་སྡུག་པ་དང་། གནོད་སེམས་ཀྱི་ཟས་ཁོང་ཁྲོའི་མཚན་མ་དང་། ཐེ་ཚོམ་གྱི་ཟས་དུས་གསུམ་དང་། ཟས་མིན་པ་རྟེན་འབྲེལ་སོ་སོར་རྟོག་པའོ། །གཉིས་པ་ནི། ཕུང་པོ་གནོད་བྱེད་དང་། །ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །འདོད་པ་ལ་འདུན་པ་དང་། གནོད་སེམས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ གནོད་པར་བྱེད་དེ། རིམ་པ་བཞིན་འདོད་པ་དང་སྡིག་པ་ལས་དབེན་པ་རིང་དུ་བྱེད་པའི་ཕྱིར། རྨུགས་གཉིད་ཀྱིས་ཤེས་རབ་ཀྱི་ཕུང་པོ་ལ་གནོད་པར་བྱེད་དེ། དེས་ལྷག་མཐོང་རིང་དུ་བྱེད་པའི་ཕྱིར། རྒོད་འགྱོད་ཀྱིས་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གནོད་པར་བྱེད་དེ། དེས་ ཞི་གནས་རིང་དུ་བྱེད་པའི་ཕྱིར། ཏིང་ངེ་འཛིན་དང་ཤེས་རབ་མེད་ན་བདེན་པ་ལ་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་ན་ལྔ་ཉིད་དུ་བཤད་དོ། །གཞན་དག་ན་རེ། རྨུགས་གཉིད་ཤེས་རབ་དང་། རྒོད་འགྱོད་ཏིང་ངེ་འཛིན་གྱི་ཕུང་པོ་དང་འགལ་བར་རྟོག་པ་འདི་ལྟར་ན་ཆོས་ ཅན། རྒོད་འགྱོད་ཀྱི་སྒྲིབ་པ་རྨུགས་གཉིད་ཀྱི་སྔར་སྨོས་རིགས་པར་ཐལ། ཚུལ་ཁྲིམས་དང་ཏིང་འཛིན་ཤེས་རབ་བསྟན་པའི་རིམ་པས་དེ་དག་གི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲིབ་པ་རྣམས་བསྟན་རིགས་པས་རིམ་པ་ལས་བརྒལ་བ་ལ་དགོས་པ་མེད་པའི་ཕྱིར། དེས་ན་གྲངས་ཀྱི་རིམ་པ་བཞིན་དུ་འདི་གཉིས་ཀྱིས་ཆོས་ཅན། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ལ་གནོད་པར་བྱེད་དེ། ཏིང་ངེ་འཛིན་ལ་བརྩོན་པ་ནི་རྨུགས་གཉིད་ཀྱིས་འཇིགས་ལ། ཆོས་རབ་ཏུ་འབྱེད་པ་ལ་བརྩོན་པ་རྒོད་འགྱོད་ཀྱིས་འཇིགས་པའི་ཕྱིར། ཇི་ལྟར་ 3-1-208a འཇིགས་ན་ཏིང་འཛིན་ལ་རྒོད་འགྱོད་ཀྱིས་ཤིན་ཏུ་བར་ཆད་བྱེད་ཀྱང་དེ་ནི་ངོ་བོ་མི་འདྲ། འོ་ན་སེམས་ཞི་བ་ལ་རྨུགས་གཉིད་ཀྱིས་འཇིགས་བྱ་བ་དེ། སེམས་གནས་པའི་དུས་སུ་རྨུགས་གཉིད་བྱུང་ན། རྨུགས་གཉིད་ཏིང་འཛིན་དང་ངོ་བོ་འདྲ་ཙམ་ན། སྒོམ་ཆེན་ཁ་ཅིག །དེ་ཏིང་འཛིན་རང་ཡིན་ནམ་སྙམ་དུ་སེམས་པས་སྒྲིབ་པར་རྟོགས་པར་དཀའ་བ་དེ་རྟོགས་པར་བྱ་བའི་དོན་དུ་ཡིན། ཆོས་རྣམ་འབྱེད་ལ་ཤིན་ཏུ་ཡང་རྨུགས་གཉིད་སྒྲིབ་ཀྱང་། ཆོས་འབྱེད་པ་ལ་རྒོད་འགྱོད་ཀྱིས་འཇིགས་བྱ་བ་དེ་ཆོས་འབྱེད་པའི་དུས་སུ་ རྒོད་འགྱོད་བྱུང་ཙམ་ན། ངོ་བོ་འདྲ་ཙམ་ན་རྒོད་འགྱོད་དེ་ཆོས་འབྱེད་པ་རང་ཡིན་སྙམ་དུ་སྒོམ་ཆེན་ཁ་ཅིག་སེམས་པས། རྒོད་འགྱོད་དེ་ཆོས་འབྱེད་པ་ལ་སྒྲིབ་པར་རྟོགས་དཀའ་བས་དེ་རྟོགས་པའི་ཆེད་དུ་བསྟན་པའོ། །ཞེས་ཟེར་རོ། །གཞན་སྔོན་གྱི་སློབ་དཔོན་དག་ནི་གཞན་ དུ་བརྗོད་དེ། བསོད་སྙོམས་ཀྱི་ཕྱིར་འབྱམས་ཤིང་རྒྱུ་བར་གྱུར་པས་གཟུགས་སྡུག་མི་སྡུག་གི་ཡུལ་ལ་བུད་མེད་ཀྱི་གཟུགས་སམ་སྒྲ་ཞེས་མཚན་མར་བཟུང་ན་དེ་སྔོན་དུ་འགྲོ་བས། ནང་དུ་ཡང་དག་འཇོག་པ་ན་འགྲེང་འདུག་འཆགས་པའི་ཚེ། འདོད་འདུན་དང་གནོད་ སེམས་དག་དང་པོ་ཉིད་དུ་བར་ཆད་བྱེད། དེའི་འོག་ཏུ་ཏིང་འཛིན་དུ་ཞུགས་པས་ཞི་ལྷག་གི་རྒྱུ་མཚན་ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པ་རིགས་པ་མ་ཡིན་པར་ཞི་ལྷག་བསྟེན་པ་སྟེ། རྨུགས་གཉིད་ནི་ཞི་གནས་ལ་ཉེ་བའི་དངོས་པོ་ཉིད་དུ་གནས་པས་བར་ཆད་བྱེད། རྒོད་འགྱོད་ནི། མཉམ་གཞག་གི་ཤེས་རབ་ལ་བར་ཆད་བྱེད་དེ། རླུང་དམར་གྱིས་དཀྲུགས་པའི་ཆུ་ལ་གཟུགས་བརྙན་མི་སྣང་བ་བཞིན་རྒོད་འགྱོད་ཀྱིས་དཀྲུགས་པའི་སེམས་ལ་དེ་ཉིད་མཐོང་བ་མེད་པའི་ཕྱིར། ལངས་པའི་རྗེས་ཀྱི་ཆོས་ལ་ངེས་པར་རྟོགས་པའི་ཚེ་དེ་ཉིད་མཐོང་བའི་ཤེས་རབ་ 3-1-208b ལའང་ཐེ་ཚོམ་བར་ཆད་བྱེད་དོ། །འདིར་སྨྲས་པ། ལེགས་ལམ་བཟང་པོའི་དགའ་སྟོན་བདུད་རྩི་ཅན། །ཀུན་ནས་ཉིན་བྱེད་འོད་ལྟར་འབར་བ་དེས། །བདག་བློ་རྟག་ཏུ་བཏང་བར་མ་གྱུར་པས། །འཁྲུལ་མེད་གཏམ་གྱི་གྲུབ་པ་འདི་ན་ཡོད། །གཉིས་པ་གང་གིས་སྤོང་བ་ལ། ཇི་ལྟར་སྤོང་ཚུལ། སྤོང་བྱེད་གཉེན་པོའི་དབྱེ་བ། གང་ལ་ཕྱེ་ནས་སྤོང་ཚུལ། སྤངས་པ་གང་གིས་ཐག་བསྲིང་བ། སྤངས་པའི་ཐོབ་པ་ཡང་དང་ཡང་དུ་བསྟན་པའོ། །དང་པོ་ལ། མཐོང་སྤོང་དང་། སྒོམ་སྤོང་སྤོང་ཚུལ་ལོ། །དང་པོ་ནི། དམིགས་པ་ཡོངས་སུ་ཤེས་པ་དང་། །དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །ད་ནི་འདི་དཔྱད་པར་བྱ་སྟེ། སྡུག་ ཀུན་གྱི་ཀུན་འགྲོ་ལོག་ལྟ་སོགས་ཀྱིས་ཁམས་གོང་གི་སྐལ་བ་མི་མཉམ་པ་ལ་དམིགས་པ་དེ་ཁམས་གོང་མ་གཉིས་ཀྱི་དམིགས་པ་རྗེས་སུ་ཤེས་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཤེས་བྱ་ཡིན་ལ། དེའི་ཚེ་དེ་སྤོང་བར་མི་འགྱུར་ཏེ། སྔར་སྡུག་ཀུན་ལ་ཆོས་ཤེས་ཀྱི་ཡེ་ཤེས་ཀྱིས་སྤངས་ ཟིན་པས་ད་སྤང་དུ་མེད་པའི་ཕྱིར། གང་གི་ཚེ་ཆོས་ཤེས་ཀྱི་ཡེ་ཤེས་ཀྱིས་སྡུག་ཀུན་གྱི་ཀུན་འགྲོ་སྐལ་བ་མི་མཉམ་པ་ལ་དམིགས་པ་དེ་སྤོང་བའི་ཚེ་ཁམས་གོང་མ་གཉིས་ཀྱི་དམིགས་པ་མི་ཤེས་ཏེ། ད་དུང་རྗེས་ཤེས་ཀྱི་ཡེ་ཤེས་མ་སྐྱེས་པའི་ཕྱིར། དེ་ལྟར་ཐེ་ལེ་བསྣོལ་དུ་སོང་ ནས་དམིགས་ཡུལ་བདེན་བཞིའི་རང་བཞིན་ཤེས་པའི་ཚེ་དེ་རྣམས་མི་སྤངས་ཤིང་། དེ་རྣམས་སྤོང་བའི་ཚེ་ཡུལ་གྱི་རང་བཞིན་མི་ཤེས་ན། དེ་དག་ཇི་ལྟར་སྤོང་སྙམ་པ་དེ་ནི་སྐལ་བ་མི་མཉམ་པའི་ཀུན་འགྲོའི་དབང་དུ་བྱས་ཏེ་དྲི་བའོ། །འགོག་ལམ་གྱི་ལོག་ཞུགས་ལ་ལོག་ ཞུགས་ཀྱི་དབང་དུ་བྱས་ཏེ་འདྲི་ན། འགོག་ལམ་གྱི་ལོག་ཞུགས་ཀྱི་ལོག་ཞུགས་ལ་དམིགས་པ་འགོག་ལམ་ལ་དངོས་སུ་ལོག་ཞུགས་ཀྱི་ལོག་ཞུགས་དང་། ཐེ་ཚོམ་མ་རིག་པ་ཡིན། དེ་གསུམ་དངོས་སུ་སྡུག་བསྔལ་དང་ཀུན་འབྱུང་ཡིན་ཙམ་ན་དམིགས་པ་དེ་སྡུག་ཀུན་ལ་ 3-1-209a ཆོས་ཤེས་དང་རྗེས་ཤེས་ཀྱི་ཡེ་ཤེས་ཀྱིས་ཡོངས་སུ་ཤེས་ཙམ་ན་འགོག་ལམ་ལ་ལོག་ཞུགས་ཀྱི་ལོག་ཞུགས་མི་སྤོང་སྟེ། སྡུག་ཀུན་ལ་ལོག་ཞུགས་ཀྱི་མཐོང་སྤོང་ནི་མ་ཡིན། འགོག་ལམ་ལ་ལོག་ཞུགས་ཀྱི་མཐོང་སྤོང་ཡིན་པའི་ཕྱིར། འགོག་ ལམ་ལ་ལོག་ཞུགས་ཀྱི་ལོག་ཞུགས་དེ་འགོག་ལམ་ལ་ཆོས་ཤེས་དང་རྗེས་ཤེས་ཀྱིས་སྤོང་བའི་ཚེ་འགོག་ལམ་ལ་ལོག་ཞུགས་ཀྱི་ལོག་ཞུགས་ལ་དམིགས་པ་ཀུན་དེས་མི་ཤེས་ཏེ། སྔར་ཤེས་ཟིན་ད་ལྟར་ཤེས་པར་བྱར་མེད་པའི་ཕྱིར། དེས་ན་ཐེ་ལེ་བསྣོལ་དུ་དམིགས་པ་ཡོངས་སུ་ཤེས་ པའི་ཚེ་ནི་མི་སྤོང་། སྤོང་བའི་ཚེ་ན་ནི་དམིགས་པ་ཡོངས་སུ་མི་ཤེས་ན་དེ་དག་ཇི་ལྟར་སྤོང་ཞེས་འདྲི་བ་ན། ལན་དུ། ཉོན་མོངས་པ་རྣམས་ནི་ཆོས་ཅན། དམིགས་པ་ཡོངས་ཤེས་ཁོ་ནས་སྤོང་བར་བྱེད་པ་མ་ཡིན་ཏེ། དམིགས་པ་ཡོངས་ཤེས་དང་། དེ་ལ་དམིགས་པ་ཡང་ དག་པར་ཟད་པ་དང་། དམིགས་པ་སྤོང་བ་དང་། གཉེན་པོ་སྐྱེས་པ་བཞི་ཡོད་པའི་ཕྱིར། རེ་ཞིག་མཐོང་སྤོང་སྤང་ཚུལ་ནི། དེ་ལ་དམིགས་པ་ཡོངས་སུ་ཤེས་པས་མཐོང་སྤོང་བརྒྱད་ཅུ་རྩ་བརྒྱད་ལས། སྡུག་བསྔལ་མཐོང་སྤོང་འདོད་པའི་རང་ས་ལ་དམིགས་པ་སྐལ་བ་ མཉམ་པའི་ཁམས་ཀུན་འགྲོ་ལྟ་བ་དང་པོ་གཉིས། ཀུན་འགྲོ་མ་ཡིན་པ་འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་དང་། ཀུན་འབྱུང་མཐོང་སྤོང་ཀུན་འགྲོ་མ་ཡིན་པ་འདོད་ཆགས་ལ་སོགས་པ་གསུམ་པོ་དེ་དག་ཉིད་དེ། དེ་ལྟར་བརྒྱད་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་ མ་གཏོགས་པ་སྡུག་བསྔལ་མཐོང་སྤོང་དགུ་དགུ་དང་། ཀུན་འབྱུང་མཐོང་སྤོང་དྲུག་དྲུག་སྟེ་སུམ་ཅུ་དང་། ཁམས་གསུམ་གྱི་འགོག་ལམ་མཐོང་སྤོང་གི་མ་རིག་པ་དྲུག་འདྲེས་པའི་མ་རིག་པ་ལ་དངོས་སུ་ལོག་ཞུགས་དང་། ལོག་ཞུགས་ཀྱི་ལོག་ཞུགས་མ་འདྲེས་པའི་མ་རིག་པ་གཉིས། མ་ 3-1-209b འདྲེས་པའི་མ་རིག་པ་སྟེ་གསུམ་མོ། །མཆན། མ་གཏོགས་པ་ཟག་མེད་ལ་དམིགས་པ་ལོག་ལྟ་དང་ཐེ་ཚོམ་བཞི་གསུམ་བཅུ་གཉིས་ཏེ་ལྔ་བཅུ་རྣམས་ནི་དམིགས་པ་བདེན་པ་བཞི་ལ་ལོག་པར་ཞུགས་པས་ན། མཐོང་ལམ་གྱི་བདེན་པ་བཞིའི་རང་མཚན་ཡོངས་སུ་ཤེས་པས་སྤངས་ཏེ། བདེན་པ་ལ་དངོས་སུ་ལོག་པར་ཞུགས་པ་གང་ཞིག །རྣམ་པ་འགལ་བའི་ཡེ་ཤེས་སྐྱེས་པའི་ཕྱིར། ཐོར་ཤེས་ནས་མིར་འཛིན་བཟློག་པ་བཞིན་དེའང་བདེན་པ་ལ་དངོས་སུ་ལོག་ཞུགས་ནི་དམིགས་པའི་མཚན་ཉིད་ཡོངས་སུ་ཤེས་པས་སྤངས་ལ། ལོག་ཞུགས་ཀྱི་ལོག་ཞུགས་ ནི་དམིགས་པའི་དངོས་པོ་ཤེས་པས་སྤོང་བ་ཡིན་ནོ། །ཉོན་མོངས་དེ་ལ་དམིགས་པར་བྱེད་པའི་ཉོན་མོངས་གཞན་ཡང་དག་པར་ཟད་པས་སྤོང་བ་དང་སྟེ། དེའང་དེ་དག་ལས་དགུ་གོང་དུ་དམིགས་ཞེས་པའི་འདོད་པའི་བདེན་པ་དང་པོ་གཉིས་ཀྱི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་ དགུ་པོ་དེ་ནི། དེ་དག་ལ་དམིགས་པའི་ཡུལ་ཅན་འདོད་པའི་སྐལ་མཉམ་གྱི་ཁམས་ཀུན་འགྲོ་རྣམས་སྤངས་པས་སྤོང་སྟེ། སྐལ་བ་མི་མཉམ་པ་ལ་དམིགས་པ་ནི་སྐལ་མཉམ་གྱི་ཀུན་འགྲོ་ཡུལ་ཅན་སྤངས་ན། སྐལ་བ་མི་མཉམ་པའི་ཀུན་འགྲོའི་ཡུལ་དེའང་སྤང་བར་འགྱུར་ བའི་ཕྱིར། །ཡང་ན་སྐལ་མཉམ་དང་སྐལ་བ་མི་མཉམ་པའི་ཀུན་འགྲོ་ནི་ཕན་ཚུན་རྒྱུ་འབྲས་ཡིན་པས། རྒྱུ་མེད་ན་འབྲས་བུ་མི་སྲིད་པའི་ཕྱིར། རྐེད་པ་བཅག་ན་ལྡང་མི་ནུས་པ་བཞིན་ནོ། །གཟུགས་ཀྱིས་གཟུགས་མེད་ལ་དམིགས་པ་དགུ་ནི་དེ་གཉིས་བདེན་པ་གཅིག་ཅར་དུ་ མཐོང་བས་དམིགས་པ་ཤེས་པས་སྤོང་པ་ཁོ་ནའོ། །ཉོན་མོངས་དེའི་དམིགས་པའི་ཡུལ་དུ་གྱུར་པའི་ཉོན་མོངས་སྤངས་པས་སྤོང་བ་ནི། ཁམས་གསུམ་གྱི་འགོག་ལམ་མཐོང་སྤོང་ཟག་བཅས་ལ་དམིགས་པ་ལོག་པ་ལ་ལོག་ཞུགས་འདོད་པ་ན་འགོག་པ་མཐོང་ 3-1-210a སྤོང་། འདོད། ཁོང་། ང་རྒྱལ། ལྟ་བ་མཆོག་འཛིན་བཞི་དང་། ལམ་མཐོང་སྤོང་ལའང་སྔ་མ་བཞི་དང་། མཆོག་འཛིན་ཕྱི་མ་སྟེ་ལྔ་དང་དགུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་བདུན་བདུན་ཏེ་ཉེར་གསུམ་པོ་རྣམས་ནི་ཆོས་ཅན། དེ་ དག་གི་དམིགས་ཡུལ་དངོས་སུ་ལོག་ཞུགས་འགོག་ལམ་མཐོང་སྤོང་ཟག་མེད་ལ་དམིགས་པ་ལོག་ལྟ་ལ་སོགས་པ་དེ་དག་སྤངས་པས་ཡུལ་ཅན་ལྟ་བ་མཆོག་འཛིན་སོགས་ཟག་བཅས་ལ་དམིགས་པ་ལོག་ཞུགས་ལ་ལོག་ཞུགས་དེ་དག་ཀྱང་སྤོང་བར་འགྱུར་ཏེ། འགོག་ ལམ་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་ཀྱིས་ཡུལ་ཟག་མེད་ལ་དངོས་སུ་དམིགས་པ་ལོག་ལྟ་ལ་སོགས་པ་དེ་དག་ལོག་པར་ཞུགས་ཤིང་གཏོད་པར་ཤེས་པས་སྤངས་པ་ན། ཡུལ་མེད་པར་བྱས་པས་ཡུལ་ཅན་མི་སྲིད་པའི་ཕྱིར། རྟེན་མ་བྲལ་ན་འགྱེལ་བར་འགྱུར་བ་ བཞིན་ནོ། །ཁམས་གསུམ་གྱི་མཐོང་སྤོང་གི་མ་རིག་པ་དྲུག་ནི་དངོས་སུ་ལོག་ཞུགས་ཟག་མེད་ལ་དམིགས་པ་དང་། ལོག་ཞུགས་ལ་ལོག་ཞུགས་ཟག་བཅས་ལ་དམིགས་པ་ནི་རིམ་པ་ལྟར་དམིགས་པ་ཡོངས་སུ་ཤེས་པ་དང་། དམིགས་ཡུལ་སྤངས་པས་སྤོང་བ་ཡིན་ ནོ། །གཉིས་པ་ནི། གཉེན་པོ་སྐྱེས་པས་ཟད་པར་འགྱུར། །སྒོམ་སྤོང་རྣམས་ནི་བདེན་པ་རྣམས་སྔར་ཤེས་ཟིན་པས་དམིགས་པ་ཤེས་པས་ཀྱང་མ་ཡིན་ལ། དེ་ལ་དམིགས་པ་ཟད་པས་ཀྱང་མ་ཡིན་ཏེ། དེ་དག་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་མ་ཡིན་པའི་ཕྱིར། དམིགས་པ་སྤངས་པས་ཀྱང་མ་ཡིན་ཏེ། སྔར་དམིགས་པ་སྤོང་བ་དང་། དེ་དག་ལ་དམིགས་པ་སྤོང་བ་ལས་ཕྱིས་འདོད་ཆགས་སོགས་སྤོང་བ་མ་ཡིན་པའི་ཕྱིར། འོན་ཀྱང་ཉོན་མོངས་པའི་རྣམ་པ་གང་གི་གཉེན་པོ་ལམ་གང་ཡིན་པ་སྐྱེས་པས་དེ་ཟད་ཅིང་སྤོང་བར་འགྱུར་རོ། །གཉེན་པོ་ནི་ཆེན་པོའི་ཆེན་པོས་ནི་ཆུང་ 3-1-210b ངུའི་ཆུང་ངུ་ཞེས་བྱ་སྟེ། ས་དང་ས་ན་ཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཞེས་བྱ་བ་ནས་འཆད་པར་འགྱུར་རོ། །གཉིས་པ་སྤོང་བྱེད་གཉེན་པོའི་དབྱེ་བ་ནི། གཉེན་པོ་རྣམ་བཞི་སྤོང་བ་དང་། །གཞི་དང་སྲིང་ཉིད་རྣམ་པར་ནི། །སུན་འབྱིན་ཞེས་བྱ། གཉེན་པོ་དུ་ཡོད་ན། གཉེན་པོ་རྣམ་པ་བཞི་སྟེ། གང་གིས་ཉོན་མོངས་པའི་ཐོབ་པ་གཅོད་པ་བར་ ཆད་མེད་པའི་ལམ་ནི་མི་མཐུན་པའི་དགྲའི་ཕྱོགས་སྤོང་བའི་གཉེན་པོ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །བར་ཆད་མེད་ལམ་གྱིས་སྤངས་པའི་འབྲལ་ཐོབ་འདི་ཀུན་ཏུ་འཛིན་པས་བཞི་དང་། དེ་ཉིད་གཉེན་པོ་ཡིན་པས་གཞི་གཉེན་པོ་སྟེ་བར་ཆད་ མེད་ལམ་དེ་ཡན་ཆད་ཀྱི་སྡུག་བསྔལ་ལ་ཆོས་ཤེས་སོགས་རྣམ་པར་གྲོལ་བའི་ལམ་གང་གིས་བར་ཆད་མེད་ལམ་གྱིས་སྤངས་པའི་བྲལ་ཐོབ་ཀུན་ཏུ་འཛིན་པའོ། །བར་ཆད་མེད་ལམ་དང་པོ་མ་གཏོགས་པའི་བར་ཆད་མེད་ལམ་དང་། ཁྱད་པར་གྱི་ལམ་ཡང་གཞི་གཉེན་པོ་ཡིན་ ཏེ། དེའི་ཐོབ་པ་རྒྱུན་མི་འཆད་པའི་ཕྱིར་དང་། བར་ཆད་མེད་ལམ་གྱིས་སྤངས་པའི་ཐོབ་པ་དེ་ཀུན་ཏུ་འཛིན་པའི་ཕྱིར། ཉོན་མོངས་པའི་ཐོབ་པ་ཐག་བསྲིང་བའི་ངོ་བོ་ཉིད་ཀྱི་གཉེན་པོ་ནི་རྣམ་གྲོལ་གྱི་ལམ་སྡུག་བསྔལ་ལ་ཆོས་ཤེས་པ་མ་གཏོགས་པ་དེ་ཡན་ཆད་ཀྱི་ཁྱད་པར་གྱི་ ལམ་གང་ཡིན་པ་སྟེ། ཉོན་མོངས་པའི་ཐོབ་པ་ཆད་པ་ཐག་སྲིང་བྱེད་ཡིན་པའི་ཕྱིར་རོ། །དེས་ན་རྣམ་གྲོལ་གྱི་ལམ་དང་པོ་སྡུག་བསྔལ་ཆོས་ཤེས་དེ་གཞི་གཉེན་པོ་ཁོ་ན་ཡིན་ནོ། །གཞན་ན་རེ། རྣམ་གྲོལ་གྱི་ལམ་དང་པོའང་ཡིན་ཏེ། དེས་ཀྱང་ཉོན་མོངས་པའི་ཐོབ་པ་དེ་ ཐག་སྲིང་བར་བྱེད་དོ་ཞེས་ཟེར་རོ། །རྣམ་པར་ནི་སུན་འབྱིན་པའི་གཉེན་པོ་སྟེ། སྡུག་ཀུན་ལ་དམིགས་པའི་སྦྱོར་ལམ་ཡིན་རུང་། བར་ཆད་མེད་ལམ་ཡིན་རུང་། རྣམ་གྲོལ་གྱི་ལམ་ཡིན་རུང་། ཁྱད་པར་གྱི་ལམ་ཡིན་རུང་། ལམ་གང་གིས་ཁམས་དེ་ལ་སྐྱོན་དུ་མཐོང་ནས་ 3-1-211a མི་རྟག་པ་ལ་སོགས་པའི་རྣམ་པར་སུན་འབྱིན་པར་བྱེད་པ་སྟེ། ལྡོག་པའི་སྒོ་ནས་བཞི་པ་ལ་གསུམ་པོ་དང་ངོ་བོ་གཅིག་པའང་སྲིད་པའི་ཕྱིར་རོ། །གཞན་ཡང་སློབ་དཔོན་གྱིས་བཞེད་པ་འདི་དག་གི་གོ་རིམ་ཐེམ་སྐ་ས་ཀྱི་ཚུལ་ལྟར་སྐྱེ་པའི་རིམ་པ་དང་ མཚན་ཉིད་མ་འཆོལ་བར་ཐུགས་ལ་བཞག་ནས་བཤད་དེ། རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་སྡུག་ཀུན་ལ་དམིགས་པ་དྲོ་བ་སོགས་སྦྱོར་ལམ་དང་། སྤོང་བ་གཉེན་པོ་ནི་བར་ཆད་མེད་ལམ་བརྒྱད་ཅུ་རྩ་དགུ་མས་ཅད་དོ། །གཞི་གཉེན་པོ་ནི་རྣམ་གྲོལ་གྱི་ལམ་ཐམས་ ཅད་དོ། །ཐག་སྲིང་བའི་ངོ་བོའི་གཉེན་པོ་དེ་གསུམ་ལས་གཞན་ཁྱད་པར་གྱི་ལམ་ཐམས་ཅད་དོ། །གསུམ་པ་གང་ལས་ཕྱེ་ནས་སྤོང་ཚུལ་ནི། ཉོན་མོངས་སློང་བ་ན་གང་ལས་སྤང་བར་བྱ་སྒོམ་སྤོང་གྱ་གཅིག་དང་། བདེན་བཞི་ལ་དམིགས་པའི་ཁམས་གོང་འོག་གི་མཐོང་སྤོང་ བརྒྱད་སྤོང་བའི་བར་ཆད་མེད་ལམ་མོ། །མཆན། ཞེ་ན། སེམས་དང་མཚུངས་པར་ལྡན་པ་ལས་ཉོན་མོངས་དེ་གཅིག་པུ་བཀོག་ནས་ཚེར་མ་འདོན་པ་བཞིན་དུ་སེམས་གཅིག་པུ་རང་གི་འཚོགས་པ་ལས་བཞག་ནས་དབྱེ་བར་ནུས་པ་ནི་མ་ཡིན་པས། དམིགས་པའི་ཡུལ་སུན་ཕྱུང་ བས་ཉོན་མོངས་པ་ནི་སྤང་བྱར་འདོད་དེ། དམིགས་པ་དེ་སྤངས་པ་ལས་དབྱེ་བར་ནུས་པས་དེ་ལ་དམིགས་ནས་མི་སྐྱེ་བའི་ཕྱིར་དང་། དཔེར་ན། དམིགས་པ་ཐག་པ་ལ་ཐག་པར་ཤེས་པས་སྦྲུལ་འཛིན་མི་འོང་བ་བཞིན། དེ་ལྟ་ནའང་ཐག་པ་ལ་སྦྲུལ་དུ་འཁྲུལ་པའི་གཞི་ སྦྲུལ་དང་ལྷན་ཅིག་ཐག་པ་ཡོད་པའི་ཚེ་ཐག་པ་ལ་སྦྲུལ་འཛིན་མི་སྐྱེའང་ཐག་པ་དང་ལྷན་ཅིག་པའི་སྦྲུལ་མི་ལྡོག་པ་བཞིན་མཚུངས་ལྡན་ལས་ནི་མི་ནུས་ཏེ། དུས་མཉམ་དུ་སྐྱེས་ཟིན་པའི་ཕྱིར་རོ། །དེ་ལའང་བརྟག་པར་བྱ་བ་ཡོད་དེ། དེ་ཞིག་ཉོན་མོངས་པ་མ་འོངས་པ་ 3-1-211b ནི་རྣམ་པར་ཕྱེ་ཟིན་པའང་དངོས་པོ་དེ་ལ་དམིགས་ནས་མི་སྐྱེའོ་ཞེས་པའི་གཏན་ཚིགས་དེས་དམིགས་པ་ལས་དབྱེ་ནུས་པར་གྲུབ་ཏུ་ཆུག་ནའང་། འདས་པའི་ཉོན་མོངས་ཀྱིས་ཡུལ་ལ་དམིགས་ཟིན་པ་དེ་གོ་ཡུལ་དེ་དང་དབྲལ་བར་མི་ནུས་པར་ཐལ། དམིགས་པར་བྱས་པའི་ དངོས་པོ་དམིགས་པ་མ་ཡིན་པར་བྱར་མི་ནུས་པའི་ཕྱིར། ཞེས་དོགས་ན། བྱེ་སྨྲས། དུས་གསུམ་གྱི་ཡུལ་བདེན་བཞིའི་དམིགས་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཙམ་ན་འདས་པའི་ཉོན་མོངས་པའི་ཐོབ་པའང་བཅད་པས། འདས་པའི་ཉོན་མོངས་དམིགས་པ་ལས་ དབྲལ་ནུས་པ་དེ་ཀ་ཡིན་མོད་ཅེ་ན། སློབ་དཔོན་དབྱིག་གཉེན་གྱིས། ལན་དེ་ཡང་ཁྱབ་པ་མ་ངེས་པ་ཡིན་ཏེ། ཉོན་མོངས་སྤོང་བ་ལ་དམིགས་པ་ཡོངས་ཤེས་སོགས་སྤོང་ཚུལ་བཞི་ཡོད་པ་ལས། དང་པོ་ལ་དེས་ཁྱབ་ཏུ་ཆུག་ཀྱང་། ཕྱི་མ་གསུམ་ལམ་ཁྱབ་པས། དེའི་ ལན་བརྗོད་པར་བྱ་དགོས་སོ་ཞེས་པ་ལ། དེའི་ལན་སློབ་དཔོན་འདུས་བཟང་གིས་བཏབ་པ་ནི། ཕྲ་རྒྱས་ཀྱི་དམིགས་པ་ནི་རྣམ་པ་གཉིས་སུ་ཡོད་པ་ལས། སྐལ་མཉམ་ལ་དམིགས་པའི་ཀུན་འགྲོ་དང་། ཀུན་འགྲོ་མིན་པའི་ཉོན་མོངས་པའི་ཡུལ་དེ་རང་གི་རྒྱུད་ལ་ལྡན་པ་ ཡིན་ནོ། །སྐལ་བ་མི་མཉམ་པ་ལ་དམིགས་པའི་ཀུན་འགྲོ་དང་། ཟག་མེད་ལ་དམིགས་པའི་ཉོན་མོངས་དེའི་ཡུལ་སྐལ་བ་མི་མཉམ་པ་དང་ཟག་མེད་རང་གི་རྒྱུད་ལ་མི་ལྡན་པ་ཡིན་པས། དམིགས་པ་གཉིས་ལ་དམིགས་པའི་ཐོབ་པ་ཉོན་མོངས་པ་མ་འོངས་པ་དང་འདས་ པའི་རྒྱུ་དང་འབྲས་བུར་གྱུར་པ་གང་ཟག་ཉོན་མོངས་ཅན་མ་ཡིན་པའི་སེམས་རྒྱུད་ལ་ཡང་ཡང་རྒྱུན་མི་འཆད་པར་འབྱུང་ལ། དེས་ན་སྐལ་བ་མཉམ་པའི་ཉོན་མོངས་དང་འགོག་ལམ་ཟག་མེད་ལ་དམིགས་པའི་ཉོན་མོངས་ནི་དམིགས་པ་ཡོངས་སུ་ཤེས་པས་འདས་པའི་ཐོབ་པ་ 3-1-212a གཅོད་པས་སྤངས་ལ། སྐལ་བ་མི་མཉམ་པ་ལ་དམིགས་པའི་ཉོན་མོངས་པ་དང་། འགོག་ལམ་ཟག་བཅས་ལ་དམིགས་པའི་ཉོན་མོངས་ནི་དམིགས་པ་ཡང་དག་པར་ཟད་པ་དང་། དམིགས་པ་སྤངས་པས་སྤོང་སྟེ། སྐལ་བ་མི་མཉམ་པ་ལ་ དམིགས་པའི་ཉོན་མོངས་ནི་སྐལ་མཉམ་ལ་དམིགས་པ་དང་། མངོན་གྱུར་ཕན་ཚུན་རྒྱུ་འབྲས་ཡིན་པས་དེའི་ཐོབ་པའང་ཕན་ཚུན་རྒྱུ་འབྲས་ཡིན་ལ། རྒྱུ་ལོག་ན་འབྲས་བུ་མི་འབྱུང་བས་སྤོང་ཚུལ་ཕྱི་མ་རྣམས་ལའང་འདས་པའི་ཉོན་མོངས་དམིགས་པ་ནི་ཐོབ་པ་བཅད་པ་ཁོ་ ནས་སྤོང་བར་འདོད་དོ། །སློབ་དཔོན་རྒྱལ་བའི་སྲས་ཀྱིས། འོ་ན་དེ་ལྟར་ན་སྐལ་བ་མི་མཉམ་པའི་དམིགས་ཡུལ་ཡོངས་སུ་མ་ཤེས་ན་སྐལ་མཉམ་ལ་དམིགས་པའི་ཉོན་མོངས་སྤོང་བར་མི་འགྱུར་ཏེ། ཕན་ཚུན་རྒྱུ་འབྲས་ཡིན་པས་རྒྱུ་མི་བཟློག་ན་འབྲས་བུའང་མི་བཟློག་པའི་ ཕྱིར། རྟགས་ཁྱབ་ཁས་བླངས། མི་འདོད་ཀ་མེད། དེ་ལྟར་ན་གཉེན་པོ་སྐྱེས་པས་ཟད་འགྱུར་སོགས་སྤོང་ཚུལ་ཕྱི་མ་གསུམ་པོའང་དམིགས་པ་ཡོངས་ཤེས་ཀྱི་སྤོང་ཚུལ་ལས་ཟུར་དུ་བཞག་ཏུ་མེད་པ་དང་། དམིགས་པ་སྤངས་པས་ཉོན་མོངས་སྤོང་བའང་དམིགས་པ་ཡོངས་ ཤེས་ལ་རྣམ་པར་བཞག་པ་ཙམ་དུ་ཟད་པའོ་ཞེས་གསུངས་སོ། །སློབ་དཔོན་ཐོགས་མེད་ནི། མཚུངས་ལྡན་ལས་སྤོང་བར་འདོད་དེ། ཉོན་མོངས་དེ་སྤངས་ཙམ་ན་ཉོན་མོངས་དེ་སེམས་དང་མཚུངས་པར་ག་ལ་འོས་སུ་བཞེད་དེ་ཐེག་པ་ཆེན་པོའི་ལུགས་སོ། །ཅི་ཙམ་གྱིས་ན་ ཉོན་མོངས་པ་སྤོང་བར་བརྗོད་ཅེ་ན། རང་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ནི་ཐོབ་པ་ཆད་པ་དང་། བྲལ་ཐོབ་སྐྱེས་པའི་ཚུལ་གྱིས་སྤངས་ལ། གཞན་རྒྱུད་ལ་ཡོད་པའི་ཉོན་མོངས་དང་། རང་རྒྱུད་ལ་ཡོད་པའི་ཉོན་མོངས་ཅན་མིན་པ་དགེ་བ་ཟག་བཅས་དང་། མ་སྒྲིབ་ལུང་མ་བསྟན་ 3-1-212b གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཆོས་དེ་དག་ལ་དམིགས་པའི་ཡུལ་ཅན་རང་རྒྱུད་ལ་ཡོད་པའི་ཉོན་མོངས་པ་འདུན་པའི་འདོད་ཆགས་ལ་སོགས་པའི་ཐོབ་པ་ཆད་པས་གཞན་རྒྱུད་ལ་ཡོད་པའི་ཉོན་མོངས་སྤོང་བའི་ཐ་སྙད་དུ་བྱེད་དོ། །གཞན་རྒྱུད་ལ་ཡོད་པའི་ཉོན་མོངས་ པ་སྤོང་བ་ནི་ཐོབ་པ་ཆད་པས་མ་ཡིན་ཏེ། རང་རྒྱུད་ལ་དེའི་ཐོབ་པ་མེད་པའི་ཕྱིར། །བཞི་པ་སྤངས་པ་གང་གིས་ཐག་བསྲིང་བ་ནི། མཚན་ཉིད་མི་མཐུན་མི་མཐུན་ཕྱོགས། །ཡུལ་རྣམ་ཆད་དང་དུས་ཀྱིས་ཏེ། །འབྱུང་དང་ཚུལ་ཁྲིམས་ཕྱོགས་དང་ནི། །དུས་གཉིས་རིང་བ་ཉིད་ལྟ་བུའོ། །ཐག་སྲིང་བའི་ངོ་བོ་རྣམ་པ་བཞི་ཡོད་དོ་ཞེས་གྲགས་ཏེ། མཚན་ཉིད་ཀྱིས་རིང་བ་ནི་འབྱུང་ཆེན་རྣམས་ལྷན་ཅིག་སྐྱེས་ཀྱང་མཚན་ཉིད་མི་མཐུན་པ་ཐ་ དད་པས་རིང་བ་ཉིད་ལྟ་བུ་དང་། མི་མཐུན་པའི་ཕྱོགས་གཉེན་པོས་རིང་བ་འཆལ་ཚུལ་ལས་ཚུལ་ཁྲིམས་བཞིན་ནོ། །ཡུལ་རྣམ་པར་ཆད་པས་རིང་སྟེ་ཤར་ཕྱོགས་ཀྱི་རྒྱ་མཚོ་ལས་ནུབ་ཀྱི་རྒྱ་མཚོ་བཞིན་དང་། དུས་ཀྱིས་རིང་བ་ཆོས་མངོན་པ་ལས་དུས་གཉིས་ཀྱི་ཆོས་སུ་བཤད་པ་ ལྟ་བུ་དང་ཉེ་བ་ད་ལྟ་བ་དང་འདུས་མ་བྱས་ཞེས་འབྱུང་ངོ་། །སློབ་དཔོན་གྱིས། རིང་བ་ཞེས་བྱ་བ་དེ་གང་ལས་རིང་བ་ཡིན་ཅེས་དྲིས་པ་ལ། བྱེ་སྨྲས། ད་ལྟ་བ་ལས་རིང་བའོ་ཞེས་ཟེར་རོ། །སློབ་དཔོན་གྱིས། འདས་ནས་རིང་དུ་ལོན་པ་དང་། ཡུན་རིང་ཞིག་ནས་འོང་བ་ད་ལྟར་ ལས་རིང་བར་རིགས་ལ། འདས་མ་ཐག་པ་དང་། སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཆོས་ཅན། ད་ལྟ་ལས་ཅི་ལྟར་ན་རིང་བ་མ་ཡིན་པར་ཐལ། ད་ལྟ་དང་ཉེ་བ་ཉིད་ཀྱི་ཕྱིར། དེ་ལ་ཁོ་མ་ཁྱབ་སྟེ། འདས་མ་ཐག་པ་དང་འོང་ལ་ཁད་པ་དེ་ནི་ད་ལྟར་ལས་དུས་ཐ་དད་པ་ཉིད་ཀྱིས་ རིང་བ་ཡིན་གྱི། ཡུན་རིང་པོ་ཞིག་ནས་བྱུང་བ་དང་འབྱུང་བ་ཉིད་ཀྱིས་ནི་རིང་བར་འཇོག་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་འདས་མ་འོངས་ལས་ད་ལྟ་བ་ཡང་རིང་བར་ཐལ། འདས་མ་འོངས་ལས་ད་ལྟར་དུས་ཐ་དད་པའི་ཕྱིར། དཔེར་ན་འདས་པ་དང་མ་འོངས་པ་ཉིད་ཀྱིས་ 3-1-213a འདས་པ་དང་མ་འོངས་པ་ལྟ་བུའོ། །ཡང་ཁོ་ད་ལྟ་ལས་འདས་མ་འོངས་རིང་བ་ཡིན་ཏེ། བྱེད་པ་ཞིག་པ་ནི་འདས་པ་ཡིན་ལ། བྱེད་པ་མ་ཐོབ་པ་ནི་མ་འོངས་པ་ཡིན་པས། དེའི་ཆ་ནས་འདས་མ་འོངས་དེ་རིང་བར་འཇོག་པའི་ཕྱིར་ཞེ་ན། འོ་ན་འདས་མ་ འོངས་ཀྱི་ཉེ་རིང་དུས་ལ་མི་བལྟོས་པ་དེས་ན་ཆོས་ཅན། འདུས་མ་བྱས་དང་ད་ལྟ་བ་ཉེ་བ་ཉིད་དུ་མ་གྲུབ་བར་ཐལ། དེ་ལ་བྱེད་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། བསྟན་བཅོས་ལས། ཆོས་ཉེ་བ་གང་དག་ཅེ་ན། ད་ལྟར་བྱུང་བའི་ཆོས་དང་འདུས་མ་བྱས་སོ། ཞེས་འབྱུང་བ་དེའང་ ཁྱོད་ཀྱིས་ཁས་བླངས་པས་འཁོར་གསུམ། ཡང་ཁོ་མ་ཁྱབ་པས་འདུས་མ་བྱས་དང་ད་ལྟ་བ་གཉིས་ཉེ་བ་ཉིད་དུ་གྲུབ་སྟེ། འགོག་པ་གཉིས་ཀྱི་ཐོབ་བ་དེ་ཡུལ་ཐམས་ཅད་དུ་སྐྱེ་བའི་ཕྱིར་ཞེ་ན། འོ་ན་འདས་མ་འོངས་ཀྱང་ད་ལྟ་བ་དང་ཉེ་བ་ཉིད་དུ་ཐལ། དགེ་སོགས་ཀྱིས་འདས་མ་འོངས་ ཀྱི་ཐོབ་པ་ཡུལ་ཐམས་ཅད་དུ་སྐྱེ་བའི་ཕྱིར། འདུས་མ་བྱས་ནི་ནམ་མཁའ་ཡང་ད་ལྟ་བ་དང་ཉེ་བར་མི་འཐད་པར་ཐལ། དེ་ལ་ནི་ཐོབ་པ་མེད་པའི་ཕྱིར། ཡང་ཁོ་འདས་མ་འོངས་ནི་ད་ལྟ་བ་ལས་རིང་བ་ཡིན་ཏེ། ད་ལྟ་བས་བར་དུ་ཆོད་པས་ཕན་ཚུན་དུ་རིང་བའི་ཕྱིར་ཞེ་ན། དེ་ལྟར་ ན་ད་ལྟ་བ་ལ་བལྟོས་ནས་འདས་མ་འོངས་ཉེ་བ་ཡིན་པར་ཐལ། ད་ལྟ་བ་ནི་འདས་མ་འོངས་གཉིས་ཀ་དང་ཉེ་བའི་ཕྱིར། གྲུབ་སྟེ། ད་ལྟ་བ་དང་འདས་མ་འོངས་ཀྱི་བར་དུ་ཆོད་བྱེད་གཞན་མེད་པའི་ཕྱིར། དེར་མ་ཟད་འདུས་མ་བྱས་ཀྱང་འདས་མ་འོངས་དང་ཉེ་བ་ཉིད་དུ་ཐལ། ད་ ལྟར་གྱིས་འདས་མ་འོངས་ཆོད་པ་ལྟར་གང་གིས་ཀྱང་བར་དུ་ཆོད་པ་མེད་པའི་ཕྱིར། ཡང་ད་ལྟ་བ་དེ་རིང་བ་དང་ཉེ་བ་གཉིས་ཀ་ཡིན་པར་ཐལ། འདས་པ་དེ་ད་ལྟར་གྱིས་བར་དུ་ཆོད་པས་མ་འོངས་པ་ལས་རིང་བ་ཡིན་ལ། ད་ལྟར་དང་བར་དུ་མ་ཆོད་པས་ཉེ་བའང་ཡིན་པའི་ཕྱིར། 3-1-213b མ་འོངས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །སློབ་དཔོན་རང་ལུགས་ཀྱིས་རིང་བར་ཅིས་འཇོག་ཅེ་ན། མ་འོངས་པ་ནི་ཆོས་ཅན། རང་གི་མཚན་ཉིད་ལས་རིང་བ་ཡིན་ཏེ། མ་འོངས་པ་ནི་རང་གི་མཚན་ཉིད་མ་ཐོབ་ཅིང་ཉེ་བར་མི་གནས་པའི་ཕྱིར། འདས་པ་ནི་ཆོས་ཅན། རང་གི་མཚན་ཉིད་ལས་རིང་བ་ཡིན་ཏེ། ཆོས་རང་གི་མཚན་ཉིད་དེ་འདས་པས་ཞིག་པའམ། འདས་པ་དེ་ཆོས་རང་གི་མཚན་ཉིད་ལས་ཞིག་པས་རིང་བའི་ཕྱིར། ལྔ་པ་སྤངས་པའི་ཐོབ་པ་ཡང་དང་ཡང་དུ་བསྟན་པ་ནི། ལན་ཅིག་ཏུ་ཟད་དེ་དག་གི། བྲལ་པའི་ཐོབ་པ་ཡང་དང་ཡང་། །གཉེན་པོ་སྐྱེས་དང་འབྲས་ཐོབ་དང་། །དབང་པོ་རྣམ་པར་འཕེལ་རྣམས་སུ། །ཅི་གཉེན་པོ་སྐྱེས་པས་ཟད་པར་འགྱུར་ཞེས་པས་ལམ་ ཁྱད་པར་དུ་འགྲོ་བའི་ཕྱིར་ཉོན་མོངས་རྣམས་ཀྱིས་སྤངས་པའང་ཡང་ཡང་དུ་ཁྱད་པར་འགྱུར་རམ་ཞེ་ན། ལམ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་ཡང་སྤངས་པ་ཁྱད་པར་དུ་འགྱུར་བ་ནི་མེད་དེ། གཉེན་པོ་གང་གིས་སྤོང་བའི་ལམ་གང་ཡིན་པ་དེ་ཁོ་ནས་ཉོན་མོངས་པ་ཐམས་ཅད་ལན་གཅིག་ཏུ་ཟད་པར་ བྱས་ནས་ཐོབ་པ་ཆད་པའི་ཕྱིར། དེ་བར་ན་མགོ་སྔར་བཅད་པ་ཕྱིས་བཅད་དུ་མེད་ལ། རལ་གྲི་ནི་ཕྱིས་ཀྱང་རྣོ་རུ་འགྲོར་རུང་བ་ལྟ་བུའོ། །དེ་དག་གི་བྲལ་བའི་ཐོབ་པ་དུས་དྲུག་ཏུ་ཡང་དང་ཡང་དུ་ཁྱད་པར་དུ་འགྱུར་རོ། །བྲལ་ཐོབ་དང་ལྷན་ཅིག་ཏུ་གཉེན་པོ་རྣམ་གྲོལ་གྱི་ལམ་ སྐྱེས་པ་དང་དེའི་ཚེ་ཐོབ་པ་ཁྱད་པར་དུ་གྱུར་བ་ཡིན་ནོ། །བར་ཆད་མེད་པའི་ལམ་ལ་ནི་རེ་ཞིག་བྲལ་བའི་ཐོབ་པ་མེད་དེ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར། རྣམ་པར་གྲོལ་བའི་ལམ་ཡང་བར་ཆད་མེད་པའི་ལམ་གཉེན་པོ་དངོས་དང་ལྷན་ཅིག་འབྲས་བུ་གཅིག་པའི་ཕྱིར་ དེ་གཉེན་པོར་ཡང་འཇོག་སྟེ། བྲལ་བའི་ཐོབ་པ་འདྲེན་པར་བྱེད་པ་དང་། རྟེན་དུ་གྱུར་པའི་ཕྱིར་གཉིས་ཀས་དེ་ཐོབ་བོ་ཞེས་བཤད་དོ། །དགེ་སྦྱོང་ཚུལ་གྱིས་འབྲས་བུ་བཞི་ཐོབ་པས་ཁྱད་པར་དུ་འགྱུར་བ་ཡིན། འབྲས་བུ་བརྒྱད་ཅུ་རྩ་དགུ་དང་སྐྱེས་བུ་བྱེད་འབྲས་སོགས་ལ་གོ་ 3-1-214a པར་འགྱུར་བ་བསལ་ནས། འབྲས་བུ་ཐོབ་པའང་རྣམ་གྲོལ་ལམ་རྣམ་པར་བཞག་པ་ཁོ་ན་བཟུང་བར་བྱ་སྟེ། བྲལ་བའི་རྙེད་པ་ཉིད་དང་ལྡན་པའི་ཕྱིར་རོ། །དབང་པོ་རྣམ་པར་འཕེལ་བ་རྣམས་ཏེ་དབང་པོ་འཕོ་བ་ན་ཐོབ་པ་ཁྱད་པར་དུ་འགྱུར་རོ། །སློབ་དཔོན་ འདུས་བཟང་ན་རེ། དབང་པོ་འཕོ་བ་ནི་འབྲས་བུ་ཐོབ་པ་སྨོས་པས་འགྲུབ་བོ་ཟེར་རོ། །འབྲས་བུ་ཐོབ་པས་དབང་པོ་འཕེལ་བ་བདེན་ཀྱང་བྲལ་བ་རྙེད་འགྱུར་གྱི་འབྲས་བུ་ཐོབ་པ་ཁྱད་པར་དུ་བསྟན་དགོས་པས་འདིར་སྨོས་པ་ཡིན་ལ། དེ་ལྟར་མིན་ན་གཉེན་པོ་སྐྱེས་པ་ཁོ་ནས་དེ་གྲུབ་ པའི་ཕྱིར་འབྲས་བུ་སྨོས་མི་དགོས་པར་ཡང་ཐལ་ལོ། །བྲལ་ཐོབ་དེའང་ཅི་རིགས་པར་ཁ་ཅིག་དུས་དྲུག་ནས་གཉིས་ཀྱི་བར་དུ་ཐོབ་བོ། །དུས་གཅིག་ཏུ་ཐོབ་བོ་ཞེས་ནི་མ་བཤད་དེ། དབང་རྣོན་གྱིས་སྲིད་རྩེའི་རྣམ་པ་དགུ་པའི་བྲལ་བ་དུས་གཅིག་ཁོ་ནར་ཐོབ་པ་ནི་སྲིད་ཀྱང་དེ་ནི་ཡང་ ཐོབ་པ་མིན་པས་མི་བརྗོད་དོ། །དབང་པོ་རྟུལ་པོས་བྲལ་བ་དུས་དྲུག་ཏུ་ཐོབ་པ་ནི། ཁམས་གསུམ་བདེན་པ་སྔ་མ་གསུམ་དང་ལམ་མཐོང་སྤོང་འདོད་ཁམས་ཀྱི་ལོག་ཞུགས་ཐམས་ཅད་ལམ་ལ་ཆོས་ཤེས་པའི་གཉེན་པོ་སྐྱེས་ཙམ་ན་དུས་གཅིག་ཏུ་ཟད་པའི་དུས་དེར་སྤང་བྱ་དེ་བྲལ་བའི་ ཐོབ་པའོ། །དེ་ནས་ལམ་ལ་རྗེས་སུ་ཤེས་པ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཙམ་ན། སྔར་གྱི་སྡུག་བསྔལ་ཆོས་ཤེས་སྤངས་པས་དེས་སྤངས་པའི་བྲལ་བའི་ཐོབ་པ་མེད་ཙམ་ན། མཐོང་སྤོང་རྒྱུད་ལ་ལྡན་ཏེ་མི་འོང་ངམ་སྙམ་ན། མི་འོང་སྟེ། བྲལ་བའི་ཐོབ་པ་དེ་ཡེ་ཤེས་བཅུ་དྲུག་པ་ རྒྱུན་དུ་ཞུགས་པའི་འབྲས་བུ་འཛིན་པས་རྒྱུད་ལ་མི་ལྡན། དེ་ནས་འདོད་ཁམས་ཀྱི་ཉོན་མོངས་འབྲིང་གི་ཆུང་ངུ་སྤངས་པ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ཙམ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་གཉེན་པོ་དེ་སྤངས་པས་སྔར་གྱི་བྲལ་བའི་ཐོབ་པ་དེ་ཆད་ནས་སྡུག་བསྔལ་ 3-1-214b མཐོང་སྤོང་རྒྱུད་ལ་ལྡན་པར་མི་འོང་ངམ་སྙམ་ན། མི་འོང་སྟེ། སྔར་གྱི་སྡུག་བསྔལ་མཐོང་སྤོང་བྲལ་བའི་ཐོབ་པ་དེ་ཕྱིར་འོང་གི་འབྲས་བུས་འཛིན། དེ་ནས་འདོད་ཁམས་ཀྱི་ཉོན་མོངས་ཆུང་ངུའི་ཆུང་ངུ་སྤངས་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་ཙམ་ན། ཕྱིར་འོང་བའི་འབྲས་ བུ་སྤངས་པས་སྔར་གྱི་བྲལ་བའི་ཐོབ་པ་མེད་པས། ཡང་སྡུག་བསྔལ་ལོག་ཞུགས་རྒྱུད་ལ་ལྡན་ཏེ་མི་འགྲོའམ་སྙམ་ན། མི་འགྲོ་སྟེ། ཕྱིར་མི་འོང་གི་འབྲས་བུས་བྲལ་བའི་ཐོབ་པ་བཟུང་བས་སྡུག་བསྔལ་ལོག་ཞུགས་རྒྱུད་ལ་མི་ལྡན། དེ་བཞིན་དགྲ་བཅོམ་གྱི་འབྲས་ བུའི་ཐོབ་པ་ལ་ཡང་དེ་དང་འདྲ་ཞིང་། དེ་ནས་དབང་པོ་རྣོན་པོར་འཕོ་བ་ལ་ཡང་དེ་དང་འདྲ་བས་དུས་དྲུག་ཏུ་ཐོབ་བོ། །འདིའང་སྲིད་པའི་དབང་དུ་བྱས་ཀྱི། དབང་རྟུལ་གདོན་མི་ཟ་བར་འཕོ་བ་ནི་མ་ཡིན་ནོ། །དབང་པོ་རྟུལ་པོ་ཉིད་ཀྱིས་ཁམས་གོང་མ་གཉིས་ཀྱི་ལམ་ མཐོང་སྤོང་གི་བྲལ་བ་ནི་ལམ་ལ་རྗེས་ཤེས་གཉེན་པོ་དེ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དུས་གཅིག་ཡིན་པས་དེ་གཉིས་གཅིག་ཏུ་བྱས་པས་དེ་དང་གཅིག །ཕྱིར་འོང་འབྲས་བུ་དང་གཉིས། ཕྱིར་མི་འོང་འབྲས་བུ་དང་གསུམ། དགྲ་བཅོམ་དང་བཞི། དབང་པོ་འཕོ་ བ་དང་ལྔར་ཐོབ་བོ། །དེ་གཉིས་ཀྱི་སྒོམ་སྤོང་འདོད་པ་ན་སྤྱོད་པའི་ཆེན་པོའི་ཆེན་པོ་ནས་འབྲིང་པོའི་འབྲིང་པོ་བར་ཏེ་ལྔ་པོ་དེའི་བྲལ་བ་ཡང་ལྔ་པོའི་གཉེན་པོ་སྐྱེས་པ་དང་གཅིག །ཕྱིར་འོང་འབྲས་བུ་དང་གཉིས། ཕྱིར་མི་འོང་འབྲས་བུ་དང་གསུམ། དགྲ་བཅོམ་འབྲས་ བུ་དང་བཞི། དབང་པོ་འཕོས་པ་དང་ལྔ་པོ་དེས་བྲལ་བ་ཐོབ་བོ། །འབྲིང་གི་ཆུང་ངུའི་སྤངས་པའི་བྲལ་བ་ཐོབ་པ་ནི། འབྲིང་གི་ཆུང་ངུའི་གཉེན་པོ་སྐྱེས་པ་དང་ཕྱིར་འོང་གི་འབྲས་བུ་གཉིས་དུས་གཅིག་པས་དེ་གཉིས་གཅིག་ཏུ་བྱས་པ་དང་གཅིག །ཕྱིར་མི་འོང་འབྲས་བུ་ 3-1-215a དང་གཉིས། དགྲ་བཅོམ་འབྲས་བུ་དང་གསུམ། དབང་པོ་འཕོ་བའི་དུས་དང་བཞིར་ཐོབ་བོ། །དེ་ཉིད་ཀྱིས་འདོད་པའི་སྒོམ་སྤོང་བདུན་པ་དང་བརྒྱད་པ་ཆུང་ངུའི་ཆེན་པོ་ཆུང་ངུའི་འབྲིང་སྤངས་པ་བྲལ་བའི་ཐོབ་པ་དེ། དེའི་གཉེན་པོ་སྐྱེས་པའི་དུས་དང་ གཅིག །ཕྱིར་མི་འོང་གི་འབྲས་བུའི་དུས་དང་གཉིས། དགྲ་བཅོམ་གྱི་འབྲས་བུའི་དུས་དང་གསུམ། དབང་པོ་འཕོ་བའི་དུས་དང་བཞིས་ཐོབ་བོ། །དེ་ཉིད་ཀྱིས་ཆུང་ངུའི་ཆུང་ངུ་བྲལ་བ་ཐོབ་པ་ནི་གཉེན་པོ་སྐྱེས་པ་དང་། ཕྱིར་མི་འོང་འབྲས་བུ་དུས་གཅིག་པས་དེ་གཉིས་གང་ རུང་གཅིག །དགྲ་བཅོམ་འབྲས་བུ་དང་གཉིས། དབང་པོ་འཕོ་བའི་དུས་དང་གསུམ་ན་ཐོབ་བོ། །དེ་བཞིན་ཉིད་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱེད་པ་དེ་ཁམས་གོང་མ་གཉིས་ཀྱི་སྒོམ་སྤོང་ཆེན་པོའི་ཆེན་པོ་ནས་སྲིད་རྩེའི་ཆུང་ངུའི་ཆུང་ངུ་མ་གཏོགས་པ་ཐམས་ཅད་ཀྱི་ བྲལ་བ་ཡང་དེ་རྣམས་ཀྱི་གཉེན་པོ་སྐྱེས་པའི་དུས་དང་གཅིག །དགྲ་བཅོམ་ཉིད་ཀྱི་འབྲས་བུའི་དུས་དང་གཉིས། དབང་པོ་འཕོ་བའི་དུས་དང་གསུམ་དུ་ཐོབ་བོ། །གཟུགས་མེད་ན་སྤྱོད་པའི་ཆུང་ངུའི་ཆུང་ངུ་གཉེན་པོ་སྐྱེས་པ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དུས་ གཅིག་པའི་ཕྱིར་གང་རུང་གཅིག་དང་། དབང་པོ་འཕོ་བའི་དུས་གཉིས་སུ་ཐོབ་པ་ཡིན་ནོ། །སྨོས་པ་རྣམས་ནི་དབང་པོ་རྟུལ་པོའི་དབང་དུ་བྱས་ཀྱི། རྣོན་པོ་ནི་དབང་པོ་འཕོ་བ་གཅིག་པུ་བོར་ནས་ཉོན་མོངས་པ་ཁ་ཅིག་དུས་ལྔར་ཐོབ་པ་ནས་གཉིས་ཀྱི་བར་དུ་ཐོབ་བོ། །ཐོབ་པ་ དུས་གཅིག་པ་མི་འབྱུང་བ་ནི་སྲིད་རྩེའི་རྣམ་པ་དགུ་དང་བྲལ་བ་ན། གཉེན་པོ་རྣམ་གྲོལ་ལམ་སྐྱེས་པའི་ཐོབ་པ་དང་། དགྲ་བཅོམ་གྱི་འབྲས་བུ་ཐོབ་པའི་ཐོབ་པ་གཉིས་ཡ་བྲལ་དུ་མི་འབྱུང་བའི་དོན་གྱིས་སོ། །བྲལ་བ་དེ་ཉིད་གནས་སྐབས་དེ་དང་དེ་དག་ཏུ་ཡོངས་སུ་ཤེས་པ་ 3-1-215b ཞེས་པའི་མིང་ཐོབ་སྟེ། དེའང་ཡོངས་ཤེས་གཉིས་ཏེ། ཡེ་ཤེས་ཀྱི་ཡོངས་ཤེས་ཟག་མེད་རྣམ་གྲོལ་གྱི་ལམ་དང་། སྤངས་པ་ཡོངས་ཤེས་སོ་སོར་བརྟགས་འགོག་གོ། སྤངས་པ་ཉིད་ལ་སྤངས་པ་ཡོངས་ཤེས་ཞེས་བརྗོད་དེ། འབྲས་བུ་སྤངས་པ་ལ་རྒྱུ་ཡེ་ཤེས་ཀྱི་མིང་ གིས་བཏགས་པའི་ཕྱིར། གང་དུ་བཏགས་ན། མདོ་ལས་བསྟན་ཏེ། ཡོངས་སུ་ཤེས་པའི་ཆོས་རྣམས་གང་ཞེ་ན། ཉེར་ལེན་གྱི་ཕུང་པོ་ལྔའོ། །ཡོངས་སུ་ཤེས་པ་གང་ཞེ་ན། འདུན་པའི་འདོད་ཆགས་སྤངས་པ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་ པ་སྟེ། འདི་ནི་ཡོངས་སུ་ཤེས་པའོ། །ཞེས་བོས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པའོ། །དེའང་དཔེར་ན་རེག་པའི་སྐྱེ་མཆེད་དྲུག་ལ་འདི་སྔོན་གྱི་ལས་ཡིན་བྱ་བ་དང་འདྲའོ། །གསུམ་པ་སྤངས་པའི་འབྲས་བུ་ལ། འབྲས་བུའི་དབྱེ་བ། གང་གི་འབྲས་བུ་གང་ ཡིན་པ། གྲངས་ངེས། གང་ཟག་ལ་ལྡན་པའི་ཚུལ། གཏོང་ཐོབ་བོ། །དང་པོ་ནི། ཡོངས་སུ་ཤེས་དགུ་འདོད་པ་ན། །དང་པོ་རྣམ་གཉིས་ཟད་ལ་གཅིག །གཉིས་ཟད་པ་ནི་དེ་གཉིས་སོ། །དེ་བཞིན་གོང་མའི་དེ་གསུམ་ཉིད། །ཡོངས་སུ་ཤེས་པ་གཞན་གསུམ་སྟེ། །ཐ་མའི་ཆ་དང་མཐུན་གཟུགས་དང་། །ཟག་པ་ཀུན་ཟད། སྤངས་པ་ཐམས་ཅད་ཡོངས་ཤེས་གཅིག་མ་ཡིན་གྱི། སྤངས་པའི་ཡོངས་སུ་ཤེས་པ་དགུའོ། །རེ་ཞིག་འདོད་པའི་ཁམས་ན་དང་པོ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བྱའི་ རྣམ་པ་གཉིས་ཟད་པ་ལ་ཡོངས་སུ་ཤེས་པ་གཅིག་ཡིན་ནོ། །འདི་གཉིས་ལ་ཀུན་འགྲོ་ཡོད་ཙམ་ན། སྡུག་བསྔལ་མཐོང་སྤོང་སྤངས་ཀྱང་ཀུན་འབྱུང་མཐོང་སྤོང་མ་སྤངས་ཙམ་ན་ཀུན་འབྱུང་མཐོང་སྤང་གི་ཀུན་འགྲོས་སྡུག་བསྔལ་མཐོང་སྤོང་ལ་དམིགས་ཙམ་ན། སྡུག་ བསྔལ་མཐོང་སྤོང་ཀུན་འགྲོའི་ཐག་པ་དེས་ལྡན་པས། སྡུག་བསྔལ་མཐོང་སྤོང་གཅིག་བུ་སྤངས་པ་དེ་ཡོངས་སུ་ཤེས་པ་གཅིག་ཏུ་བཞག་ཏུ་མ་འདོད། འོ་ན་ཀུན་འབྱུང་མཐོང་སྤང་སྤངས་ཙམ་ན་གཉིས་ཀ་སྤངས་པས་ཡོངས་ཤེས་གཅིག་ཏུ་བསྡོམས་ནས་བཞག་གོ ། 3-1-216a འདོད་ཁམས་ཁོ་ན་ན་འགོག་པ་མཐོང་སྤོང་དང་ལམ་མཐོང་སྤོང་གཉིས་ཟད་པ་ནི་ཡོངས་སུ་ཤེས་པ་དེ་གཉིས་པོ་སྟེ་རེ་རེའོ། །འགོག་པ་མཐོང་སྤང་དང་ལམ་མཐོང་སྤང་ལ་ཀུན་འགྲོ་མེད་ཙམ་ན་སྤངས་པ་སོ་སོར་བཞག་ཏུ་འདོད་པས་ཡོངས་ཤེས་ ལོགས་སུ་བཞག་གོ། འདོད་པ་ན་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡིན་པ་དེ་བཞིན་གོང་མ་གཟུགས་དང་གཟུགས་མེད་ཀྱི་མཐོང་སྤང་སྤངས་པ་དེ་གསུམ་ཉིད་དེ། སྡུག་ཀུན་མཐོང་སྤང་སྤངས་པ་ནི་གཅིག་དང་། འགོག་པ་མཐོང་སྤང་སྤངས་པ་གཉིས་ པ་དང་། ལམ་མཐོང་སྤང་སྤངས་པ་གསུམ་པའོ། །དེ་ལྟར་ཁམས་གསུམ་པའི་མཐོང་སྤང་རྣམས་སྤངས་པ་ནི་ཡོངས་ཤེས་དྲུག་ཡིན་ནོ། །སྒོམ་པའི་ལམ་ལ་ཡོངས་སུ་ཤེས་པ་གཞན་ཡང་གསུམ་སྟེ། ཐ་མའི་ཆ་དང་མཐུན་པ་སྤངས་པ་ཡོངས་སུ་ཤེས་པ་གཅིག་ སྟེ། འདོད་ཁམས་ཀྱི་ཟག་པ་ཟད་པའི་ཕྱིར་དེའི་མིང་ཡང་དེ་ཉིད་དོ། །གཟུགས་ཀྱི་ཟག་པ་སྤངས་པ་ཡང་གཟུགས་ཀྱི་ཀུན་སྦྱོར་གྱི་གཙོ་བོ་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་གཅིག་ཡིན་ནོ། །ཟག་པ་ཀུན་ཟད་པའང་གཅིག་ཡིན་ཏེ། །ཀུན་སྦྱོར་ཐམས་ཅད་ཡོངས་ སུ་གཏུགས་པའི་ཡོངས་སུ་ཤེས་པའོ། །ཅིའི་ཕྱིར་གོང་མ་གཉིས་ཀྱི་སྒོམ་སྤང་སྤངས་པའི་ཡོངས་སུ་ཤེས་པ་ནི་ཐ་དད་དུ་བསྟན་ལ་མཐོང་སྤང་མ་ཡིན་ཅེ་ན། ས་དང་ས་ན་སྒོམ་སྤང་དགུ་པ་ཡིན་པ་རྣམས་ཀྱི་གཉེན་པོ་བར་ཆད་མེད་པ་དང་། རྣམ་གྲོལ་གྱི་ལམ་དགུ་ཟག་ བཅས་ཟག་མེད་མི་འདྲ་བའི་ཕྱིར། མཐོང་སྤང་གི་གཉེན་པོ་འདྲ་སྟེ། གཟུགས་ཀྱི་གཉེན་པོ་རྗེས་སུ་ཤེས་པའི་བཟོད་པ་སོགས་གཟུགས་མེད་རྣམས་ཀྱིའང་གཉེན་པོ་ཡིན་པས་ཐ་མི་དད་པའི་ཕྱིར། དེ་ལྟར་ན་ཡོངས་ཤེས་དགུའོ། །གཉིས་པ་ལ། ཤེས་བཟོད་དང་། ས་དང་། 3-1-216b ལམ་གང་གི་འབྲས་བུ་གང་ཡིན་པའོ། །དང་པོ་ནི། དྲུག་བཟོད་འབྲས། །ལྷག་མ་རྣམས་ནི་ཤེས་པའི་ཡིན། །དེ་རྣམས་ལས་སྔ་མ་མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་བཟོད་པའི་འབྲས་བུ་ཡིན་ལ། ལྷག་མ་ཐ་མའི་ཆ་མཐུན་སྤངས་པ་ལ་སོགས་པའི་ཡོངས་སུ་ཤེས་པ་རྣམས་ནི་ཤེས་པའི་འབྲས་བུ་སྟེ་སྒོམ་ལམ་གྱི་འབྲས་བུ་ཡིན་ ལ། སྒོམ་ལམ་ལ་ཤེས་པས་ཁྱབ་ཀྱི་བཟོད་པ་མེད་པའི་ཕྱིར། གལ་ཏེ་ཡོངས་ཤེས་ནི་བཟོད་པའི་འབྲས་བུ་མིན་ཏེ། དེ་ནི་ཟག་མེད་ཀྱི་མཁྱེན་པའི་འབྲས་བུ་ཡིན་པ་ལ། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཅེས་པས་བཟོད་པ་ནི་ཤེས་པ་མ་ཡིན་པའི་ཕྱིར་ཞེ་ན། ཡོངས་ ཤེས་བཟོད་པའི་འཁོར་ཤེས་པའི་འབྲས་བུ་ཡིན་ཀྱང་ཤེས་བཟོད་གཉིས་འབྲས་བུ་གཅིག་པས་ཤེས་པའི་འབྲས་བུ་བཟོད་པའི་འབྲས་བུར་བསྟན་པ་ཡིན་ཏེ། དཔེར་ན་རྒྱལ་པོའི་འཁོར་གྱིས་བྱས་པ་ལ་རྒྱལ་པོས་བྱས་སོ་ཞེས་བརྗོད་པ་བཞིན་ནོ། །ཞེས་རྒྱལ་པོའི་སྲས་ཀྱིས་སོ། ། སློབ་དཔོན་གང་སྤེལ་ནི། བཟོད་དང་ཤེས་པ་གོ་རིམ་བཞིན། །ཅེས་པའི་སྐབས་ནས་འབྱུང་བ་དང་འགལ་བས། སྤང་བྱ་ཤེས་པ་གཙོ་བོ་དང་བཟོད་པ་འཁོར་ཡིན་པས་དངོས་སུ་གཙོ་བོ་ཤེས་པའི་འབྲས་བུ་ཡིན་ཀྱང་། འཁོར་རྒྱལ་པོར་བཏགས་པ་ལྟར་འཁོར་བཟོད་པའི་འབྲས་ བུར་བཏགས་པ་ཡིན་ནོ། །གཉིས་པ་ནི། མི་ལྕོགས་མེད་འབྲས་ཐམས་ཅད་དོ། །བསམ་གཏན་རྣམས་ཀྱི་ལྔའམ་བརྒྱད། །ཉེ་བར་བསྡོགས་པའི་གཅིག་ཡིན་ཏེ། །གཟུགས་མེད་དངོས་གཞི་གསུམ་གྱི་ཡང་། །བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ནི་སྤང་བྱ་ཐམས་ཅད་ཀྱི་གཉེན་པོར་འགྱུར་བ་སྲིད་པས་དེའི་འབྲས་བུ་ནི་ཡོངས་ཤེས་དགུ་པོ་ཐམས་ཅད་དེ། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ ཆགས་བྲལ། །ཅེས་འབྱུང་བས་སོ། །བྱེ་སྨྲའི་ལུགས་ཀྱིས་བསམ་གཏན་དངོས་གཞི་རྣམས་ཀྱི་འབྲས་བུ་ཡོངས་ཤེས་གོང་མ་གཉིས་ཀྱིས་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ། སྒོམ་སྤང་སྤངས་པའི་ཡོངས་ཤེས་གཉིས་ཏེ་ལྔ་ཡིན་པའམ། འདོད་པའི་ཉོན་མོངས་ 3-1-217a སྤངས་པ་ནི་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་མིན་ཏེ། དངོས་གཞིས་ས་གོང་མ་དག་གི་ཉོན་མོངས་ཀྱང་སྤོང་སྲིད་ལ། འདོད་པའི་གཉེན་པོ་མ་ཡིན་གྱི་འདོད་པའི་ཉོན་མོངས་སྤངས་པ་མི་ལྕོགས་མེད་པའི་འབྲས་བུ་ཡིན་པའི་ཕྱིར། བཙུན་པ་ དབྱངས་སྒྲོག་གི་ལུགས་ཀྱི་ནི་བརྒྱད་དེ། འདོད་པའི་ཆགས་བྲལ་གྱི་གང་ཟག་གིས་འདོད་པའི་མཐོང་སྤོང་སྤངས་པའི་ཡོངས་ཤེས་གསུམ་འཕགས་ལམ་གྱིའང་འབྲས་བུ་སྟེ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ངེས་པར་འཇུག་པ་ན། མཐོང་སྤོང་སྔོན་འཇིག་རྟེན་པའི་ ལམ་གྱིས་སྤངས་པ་རྣམས་ཀྱི་བྲལ་ཐོབ་ཟག་མེད་རྙེད་པའི་ཕྱིར། མཐོང་ལམ་གྱི་ནུས་པ་ཡོད་པས་འབྲས་བུར་འདོད་དོ། །འདོད་པ་ལས་ཆགས་པ་མ་བྲལ་བས་ཐ་མའི་ཆ་མཐུན་སྤངས་པའི་ཡེ་ཤེས་ཐོབ་པ་ནི་ཉེར་བསྡོགས་མི་ལྕོགས་མེད་པའི་འབྲས་བུ་ཁོ་ན་ལས་ཡིན་གྱི་ དངོས་གཞིས་ནི་མ་ཡིན་ཏེ། དེ་མ་ཐོབ་པའི་ཕྱིར། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བས་བསམ་གཏན་ལ་བརྟེན་ནས་ངེས་པ་ལ་འཇུག་པ་དེས་ཀྱང་སོ་སྐྱེའི་གནས་སྐབས་ན་འཇིག་རྟེན་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་ཐམས་ཅད་སྤངས་པས། དེ་བསམ་ གཏན་གྱི་དངོས་གཞིའི་འབྲས་བུ་མ་ཡིན་ནོ། །སེམས་ཀྱི་སྐད་ཅིག་བཅུ་དྲུག་ལ་དེའི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་བསམ་གཏན་གྱི་དངོས་གཞི་ལ་བརྟན་པའང་རྣམ་པར་བཞག་མོད་ཀྱི། དེའི་འབྲས་བུར་ནི་མི་འཇོག་སྟེ། བཅུ་དྲུག་པའི་ལམ་ལ་རྗེས་སུ་ཤེས་ པའི་དུས་ན་ལམ་མཐོང་སྤོང་སྤངས་པའི་ཡོངས་ཤེས་ཁོག་ཏུ་ཐ་མའི་ཆ་མཐུན་སྤོང་བར་སོང་བས་ཐ་མའི་ཆ་མཐུན་སྤངས་པ་ལོགས་སུ་འདོན་དུ་མེད་པའི་ཕྱིར། འོ་ན་གནས་སྐབས་དེ་ན་ཐ་མའི་ཆ་དང་མཐུན་པ་སྤངས་པ་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་བྲལ་བའི་ཐོབ་པ་ཟག་ 3-1-217b པ་མེད་པའང་ཐོབ་པས་དེ་སྤངས་པའི་ཡོངས་ཤེས་སུ་བཞག་སྟེ། དེའི་ཚེ་ནི་མཐོང་བས་སྤང་བར་བྱ་བ་སྔ་མ་སྤངས་པས། སྔར་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་སྤངས་པ་གང་ཡིན་པ་དང་། སྔར་ཐ་མའི་ཆ་དང་མཐུན་པ་སྤངས་པ་བསྡོམས་ནས་ཐ་མའི་ཆ་དང་མཐུན་པའི་ ཡོངས་ཤེས་གཅིག་ཏུ་རྣམ་པར་བཞག་སྟེ། ཁམས་ལས་འདོད་ཆགས་བྲལ་བ་དང་། །འབྲས་བུ་ཐོབ་ཕྱིར་དེ་དག་སྡོམ། །ཞེས་ཐམས་ཅད་བསྡོམས་ནས་དེར་འཇོག་དགོས་པའི་ཕྱིར། དེས་ན་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་ནི་མི་ལྕོགས་མེད་པའི་འབྲས་བུ་ཁོ་ནར་ བཞག་གི། དངོས་གཞིའི་འབྲས་བུ་ནི་མ་ཡིན་ཏེ། འདི་ལ་ནི་བྱེ་སྨྲ་དང་བཙུན་པ་དབྱངས་སྒྲོག་མཐུན་ནོ། །བསམ་གཏན་རྣམས་ཀྱི་ལྔའམ་བརྒྱད། །ཅེས་བཤད་པ་བཞིན་བསམ་གཏན་ཁྱད་པར་ཅན་གྱི་འབྲས་བུའང་ལྔའམ་བརྒྱད་དེ། དེ་ལ་བརྟེན་པའི་ཟག་མེད་ཀྱི་ཉོན་ མོངས་པ་སྤོང་བར་འགྱུར་བའི་ཕྱིར་དངོས་སུ་མ་སྨོས་ཀྱང་འགྲུབ་བོ། །ཁྱད་པར་འཕགས་པ་ནི་བསམ་གཏན་དང་པོ་ན་རྟོགས་པ་དང་བྲལ་བས་སོ། །གཟུགས་མེད་ཀྱིའང་ནམ་མཁའི་ཉེ་བར་བསྡོགས་པའི་འབྲས་བུ་ཡོངས་ཤེས་གཟུགས་ཀྱི་འདོད་ཆགས་ཟད་པ་གཅིག་ཡིན་ ནོ། །དེ་འཇིག་རྟེན་པ་ཡིན་ཀྱང་འཕགས་པ་ཁོ་ན་ལ་འབྲས་བུ་ཡོངས་ཤེས་སུ་བཞག་སྟེ། བྲལ་བའི་ཐོབ་པ་ཟག་མེད་སྲིད་པའི་ཕྱིར་རོ། །གཟུགས་མེད་ཀྱི་དངོས་གཞི་ཟག་མེད་གསུམ་གྱིའང་འབྲས་བུ་ཀུན་སྦྱོར་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་ཤེས་གཅིག་ཁོ་ ནའོ། །གསུམ་པ་ནི། ཐམས་ཅད་འཕགས་པའི་ལམ་གྱི་ཡིན། །འཇིག་རྟེན་པའི་གཉིས་རྗེས་ཀྱི་ཡང་། །ཆོས་ཤེས་པའི་ནི་གསུམ་ཡིན་ནོ། །དེའི་ཕྱོགས་མཐུན་གྱི་དྲུག་དང་ལྔ། །ཡོངས་ཤེས་དགུ་པོ་ཐམས་ཅད་འཕགས་པའི་ལམ་གྱི་འབྲས་བུ་ཡིན་ཏེ། མཐོང་སྒོམ་གྱི་ལམ་ཆོས་ཤེས་རྗེས་ཤེས་ཀྱིས་ཕྱེ་བའི་འབྲས་བུ་ཡིན་པའི་ཕྱིར། འཇིག་རྟེན་པའི་ལམ་གྱི་འབྲས་བུ་ནི་ཐ་མའི་ཆ་མཐུན་དང་། གཟུགས་ཀྱི་འདོད་ཆགས་ 3-1-218a ཟད་པའི་ཡོངས་ཤེས་གཉིས་སོ། །སྒོམ་ལམ་གྱིས་བསྡུས་པའི་རྗེས་ཤེས་ཀྱིའང་གཟུགས་ཀྱི་འདོད་ཆགས་ཟད་པ་དང་། ཀུན་སྦྱོར་ཡོངས་སུ་གཏུགས་པའི་ཡོངས་ཤེས་གཉིས་སོ། །སྒོམ་ལམ་གྱིས་བསྡུས་པའི་ཆོས་ཤེས་པའི་ཐ་མའི་ཆ་མཐུན་ སོགས་སྤངས་པའི་ཡོངས་ཤེས་གསུམ་ཡིན་ཏེ། ཁམས་གསུམ་པའི་སྒོམ་སྤང་གི་གཉེན་པོ་ཡིན་པའི་ཕྱིར། ཆོས་ཤེས་དེའི་ཕྱོགས་མཐུན་གྱི་ཡོངས་ཤེས་དྲུག་དང་། རྗེས་ཤེས་དེའི་ཕྱོགས་མཐུན་གྱི་ཡོངས་ཤེས་ལྔ་སྟེ། རིམ་པ་བཞིན་དང་པོ་ཆོས་བཟོད་དང་ཆོས་ཤེས་རྣམས་ ཀྱི་འབྲས་བུ་འདོད་པའི་མཐོང་སྤོང་སྤངས་པ་གསུམ་དང་། ཆོས་ཤེས་སྒོམ་ལམ་ལ་སྡུག་ཀུན་ཤེས་པས་བསྡུས་པ་རྣམས་ཀྱི་ཐ་མའི་ཆ་མཐུན་སྤངས་པ་གཅིག་དང་། འགོག་ལམ་ཆོས་ཤེས་པས་བསྡུས་པ་རྣམས་ཀྱིས་ཁམས་གསུམ་ཀའི་གཉེན་པོ་བྱེད་པས། ཐ་མའི་ཆ་ མཐུན་སྤངས་པའི་ཡོངས་ཤེས་གཅིག །འགོག་པ་དང་ལམ་ཤེས་པས་བསྡུས་པའི་ཐ་མའི་ཆ་མཐུན་སྤངས། གཟུགས་ཀྱི་འདོད་ཆགས་ཟད་པའི་ཀུན་སྦྱོར་ཐམས་ཅད་གཏུགས་ཏེ་དྲུག་གོ། གཉིས་པ་ཡང་རྗེས་བཟོད་དང་རྗེས་ཤེས་རྣམས་ཀྱི་འབྲས་བུ་གོང་མའི་མཐོང་ སྤོང་སྤངས་པའི་གསུམ་དང་། ཡོངས་ཤེས་ཐ་མ་གཉིས་སོ། །གསུམ་པ་གྲངས་ངེས་ལ། ཁ་ཅིག་ཡོངས་ཤེས་དགུར་ཅི་ལ་ངེས། སྡུག་བསྔལ་མཐོང་སྤོང་སྤངས་པ་ནས་སྲིད་རྩེའི་སྒོམ་སྤོང་ཆུང་ངུའི་ཆུང་ངུ་བར་དུ་སྤངས་པ་རེ་རེ་ལ་ཡོངས་ཤེས་རེ་འཇོག་མི་དགོས་ སམ་ཞེ་ན། ལན་ལ། མཐོང་སྤོང་སྤངས་པ་དྲུག་གི་གྲངས་ངེས། སྒོམ་སྤོང་སྤངས་པ་གསུམ་གྱི་གྲངས་ངེས་སོ། །དང་པོ་ནི། བྲལ་བའི་ཐོབ་པ་ཟག་མེད་དང་། །སྲིད་རྩེ་ཉམས་པར་བྱས་པ་དང་། །རྒྱུ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར། །ཡོངས་ཤེས། །རེ་ཞིག་བཟོད་པའི་འབྲས་བུ་བྲལ་བ་ནི་རྒྱུ་གསུམ་གྱིས་ཁྱད་པར་དུ་འཕགས་པའི་ཆ་ནས་ཡོངས་ཤེས་སུ་འཇོག་སྟེ། བྲལ་བའི་ཐོབ་པ་ཟག་ 3-1-218b མེད་རྙེད་པའི་ཕྱིར་དང་། སྲིད་རྩེའི་ཕྱོགས་ཉམས་ཤིང་སྤོང་བའི་ཕྱིར་དང་། རྒྱུ་སྡུག་བསྔལ་དང་ཀུན་འབྱུང་མཐོང་སྤོང་གི་ཀུན་འགྲོ་གཉིས་ཀུན་ཏུ་སྤངས་ཤིང་བཅོམ་པའི་ཕྱིར། གྲུབ་སྟེ། སོ་སྐྱེ་ལ་རྒྱུ་གཉིས་བཅོམ་པ་མེད་ཅིང་། བྲལ་ཐོབ་ཟག་མེད་རྙེད་པ་མེད་པ་ དང་། སྲིད་རྩེ་ཉམས་བྱེད་འཇིག་རྟེན་པའི་ལམ་མེད་པས་འདི་ཡི་སྤངས་པ་ཡོངས་ཤེས་ཞེས་པའི་མིང་མི་ཐོབ་བོ། །འཕགས་པའང་བཟོད་པའི་འབྲས་བུ་སྤངས་པ་དེ་ལ་ཇི་སྲིད་སྡུག་བསྔལ་རྗེས་བཟོད་ལ་གནས་པ་དེ་སྲིད་དུ་འདོད་ཁམས་ཀྱི་སྡུག་བསྔལ་མཐོང་སྤོང་ སྤངས་པའི་བྲལ་ཐོབ་ཟག་མེད་ཡོད་ཀྱང་། མཐོང་སྤོང་དུ་གྱུར་པའི་སྲིད་རྩེའི་ཉོན་མོངས་ཉམས་པར་བྱེད་པ་ནི་མ་ཡིན་ནོ། །སྡུག་བསྔལ་རྗེས་ཤེས་ལ་བྲལ་ཐོབ་ཟག་མེད་དང་། སྲིད་རྩེ་ཉམས་པ་ཡོད་ཀྱང་རྒྱུ་གཉིས་ཀུན་ཏུ་བཅོམ་པ་མ་ཡིན་ཏེ། རྒྱུ་ཀུན་འབྱུང་ མཐོང་སྤོང་ཀུན་འགྲོ་མ་སྤངས་པའི་ཕྱིར། ཞིབ་ཏུ་བརྗོད་ན། སྡུག་བསྔལ་ཆོས་བཟོད་ཀྱི་དུས་ན་བྲལ་ཐོབ་ཟག་མེད་མེད་དེ། འགག་འགྱུར་གྱི་ལམ་གྱིས་སྒྲིབ་པ་སྤོང་བས་སོ། །རྒྱུ་གཉིས་ཀུན་ཏུ་བཅོམ་པས་སྡུག་ཀུན་གྱི་མཐོང་སྤོང་སྤངས་པ་ཨ་ཅང་ཡང་ཆེས་མོད། སྲིད་རྩེའི་མཐོང་སྤོང་སྤངས་པ་མེད་པས་ཡོངས་ཤེས་སུ་མི་བཞག །སྡུག་བསྔལ་ལ་ཆོས་ཤེས་པའི་དུས་ན་བྲལ་ཐོབ་ཟག་མེད་ཡོད་ཀྱང་ཕྱི་མ་གཉིས་མེད་པས་ཡོངས་ཤེས་སུ་མི་འཇོག །སྡུག་བསྔལ་རྗེས་བཟོད་ཀྱི་དུས་འདོད་པའི་སྡུག་བསྔལ་མཐོང་སྤོང་གི་བྲལ་ཐོབ་ ཟག་མེད་ཡོད་ཀྱང་འགག་པར་འགྱུར་བའི་ལམ་གྱིས་སྒྲིབ་པ་སྤོང་བས་སྲིད་རྩེ་ཉམས་པར་བྱས་པ་མེད། ཀུན་འབྱུང་མཐོང་སྤོང་སྤངས་པ་མེད་པས་རྒྱུ་གཉིས་ཀུན་ཏུ་བཅོམ་པ་མེད་པས་ཡོངས་ཤེས་སུ་མི་བཞག །སྡུག་བསྔལ་རྗེས་ཤེས་ཀྱི་དུས་ན་དང་པོ་གཉིས་ཡོད་ 3-1-219a ཀྱང་ཀུན་འབྱུང་མཐོང་སྤོང་མ་སྤངས་པས་རྒྱུ་གཉིས་ཀུན་ཏུ་བཅོམ་པ་མེད་པས་ཡོངས་ཤེས་སུ་མ་བཞག ། ཀུན་འབྱུང་ཆོས་བཟོད་ཀྱི་དུས་ན་སྡུག་བསྔལ་མཐོང་སྤོང་སྤངས་པ་འགག་པར་འགྱུར་བས་སྤངས་ཙམ་ན་བྲལ་ཐོབ་ཟག་མེད་ཡོད་ཀྱང་། རྒྱུ་ གཉིས་ཀུན་ཏུ་བཅོམ་པའང་མེད། སྲིད་རྩེ་ཉམས་པའང་མེད་པས་ཡོངས་ཤེས་སུ་མ་བཞག་གོ། ཆོས་ཤེས་དང་རྗེས་ཤེས་གཞན་ཀུན་འབྱུང་ལ་ཆོས་ཤེས་ནས་བཟུང་སྟེ་ཟད་ཤེས་ཀྱི་བར་དེ་དག་ལ་རྒྱུ་གསུམ་པོ་ཐམས་ཅད་ཡོད་པས་གནས་སྐབས་དེ་དག་ཏུ་སྤོང་བ་ལ་ ཡོངས་ཤེས་ཀྱི་མིང་ཐོབ་བོ། །གཉིས་པ་ནི། ཁམས་ལས་འདས་པ་ལས། །སྒོམ་ལམ་གྱིས་ཤེས་པའི་འབྲས་བུ་སྤངས་པ་ནི་རྒྱུ་གསུམ་པོ་དེ་དང་ཁམས་མཐའ་དག་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཡང་དག་པར་འདས་པ་ལས་ཡོངས་ཤེས་ཀྱི་མིང་ཐོབ་བོ། །ཡང་རྒྱུ་སྔ་མ་གསུམ་དང་ ཁམས་ལས་འདས་པ་སྟེ་བཞིའི་ཐོག་ཏུ་དམིགས་བྱ་དམིགས་བྱེད་ཀྱི་ཉོན་མོངས་པའི་སྐད་ཅིག་གཉིས། ཀུན་ཏུ་སྦྱོར་བ་དང་བྲལ་བ་ཞེས་པ་ཆོས་མངོན་དུ་བ་རྣམས་ཀྱི་རྒྱུ་ལྔ་པ་ཞིག་སྨྲས་པ་དེ་སྤང་བྱ་རིས་ལྔའི་རྣམ་པ་གང་ཞིག་སྤངས་ལ། སྤངས་པའི་རྣམ་པ་དེ་ལ་ དམིགས་པའི་མཐོང་སྒོམ་གྱི་ཉོན་མོངས་དང་བྲལ་བར་གྱུར་ན་ཡོངས་ཤེས་སུ་འཇོག་གོ་ཞེས་བྱ་བ་ནི་འདི་ལྟར་འཆད་དགོས་ཏེ། གཉིས་ཀུན་ཏུ་སྦྱོར་བ་དང་བྲལ་བ་དེའི་རྒྱུ་སྡུག་ཀུན་མཐོང་སྤོང་གི་ཀུན་འགྲོའི་རྒྱུ་གཉིས་ཡང་དག་པར་བཅོམ་པ་དང་། ཁམས་ལས་ཡང་ དག་པར་འདས་པ་ལས་གཞན་མ་ཡིན་པ་བརྗོད་དེ། འདི་ལྟར་ཡུལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་སྤངས་ཀྱང་ཇི་སྲིད་དུ་དེ་ལ་དམིགས་པའི་ཡུལ་ཅན་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ཀུན་ཏུ་འགྲོ་བའི་རྒྱུ་སྤངས་པར་མ་གྱུར་པ་དེ་སྲིད་དུ་རྒྱུ་གཉིས་ཀ་ 3-1-219b ཡང་དག་པར་བཅོམ་པ་མེད་ལ། སྒོམ་པས་སྤང་བར་བྱ་བ་དག་ཀྱང་ཡུལ་རྣམ་པ་བརྒྱད་ཀྱི་བར་སྤངས་ཀྱང་ཇི་སྲིད་དུ་ཡུལ་ཅན་རྣམ་པ་དགུ་པ་མ་སྤངས་པ་དེ་སྲིད་དུ་ཁམས་ལས་ཡང་དག་པར་འདའ་བ་མེད་པའི་ཕྱིར། ངག་དོན་ཡུལ་དང་ཡུལ་ཅན་གཉིས་ཀུན་སྦྱོར་ བ་དང་བྲལ་བ་དེ་ཆོས་ཅན། རྒྱུ་གཉིས་ཀུན་ཏུ་བཅོམ་པ་དང་། ཁམས་ལས་འདས་པ་ལས་ལོག་པ་མེད་དེ། སྡུག་བསྔལ་མཐོང་སྤོང་ཡུལ། ཀུན་འབྱུང་མཐོང་སྤོང་ཡུལ་ཅན་ཡིན་ཙམ་ན། སྡུག་ཀུན་མཐོང་སྤོང་སྤངས་པའི་རྒྱུ་གཉིས་ཀུན་ཏུ་བཅོམ་པར་འདུས་ལ། བརྒྱད་པ་ཡུལ། དགུ་པ་ཡུལ་ཅན་ཡིན་ཙམ་ན་དགུ་པ་སྤངས་པས་ཁམས་ལས་ཡང་དག་པར་འདས་པ་དེར་འདུ་བའི་ཕྱིར། བཞི་པ་གང་ཟག་གང་ལ་ལྡན་པ་ནི། གཅིག་མིན་མཐོང་ལ་གནས་པ་ནི། །ལྔ་ཡི་བར་དང་ཡང་དག་ལྡན། །བསྒོམ་ལ་གནས་པ་དྲུག་གམ་ནི། །གཅིག་གམ་ཡང་ན་གཉིས་དང་ངོ་། །ཁམས་ལས་འདོད་ཆགས་བྲལ་བ་དང་། །འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །སོ་སྐྱེ་ནི་ཡོངས་ཤེས་གཅིག་དང་ཡང་ལྡན་པ་མིན་ཏེ། བྲལ་ཐོབ་ཟག་མེད་མེད་པའི་ཕྱིར། འཕགས་པ་ མཐོང་ལམ་པ་ཇི་སྲིད་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ལ་གནས་པའི་བར་དུ་མི་ལྡན་ཏེ་རྒྱུ་གཉིས་མ་སྤངས་པའི་ཕྱིར། གཞན་མཐོང་ལམ་ལ་གནས་པ་ཀུན་འབྱུང་ཆོས་བཟོད་ཀྱི་སྒྲས་ནི། སྡུག་བསྔལ་ལ་ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་ཤེས་དང་། ཀུན་འབྱུང་ཆོས་ཤེས་ཀྱི་བཟོད་པ་དང་ཡང་མི་ལྡན་ཏེ། རྒྱུ་མཚན་སྔ་མ་ཉིད་ཀྱི་ཕྱིར། ཀུན་འབྱུང་ལ་ཆོས་ཤེས་པ་དང་ཀུན་འབྱུང་ལ་རྗེས་ཤེས་ཀྱི་བཟོད་པ་ལ་གནས་པ་ཡང་གཅིག་དང་ལྡན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་འདོད་པའི་སྡུག་ཀུན་མཐོང་སྤང་ སྤངས་པའི་ཡོངས་ཤེས་དང་། གོང་མའི་སྡུག་ཀུན་མཐོང་སྤོང་སྤངས་པའི་ཡོངས་ཤེས་གཉིས་དང་ལྡན་ནོ། །འགོག་པ་ལ་ཆོས་ཤེས་པ་ནི་གསུམ་དང་ལྡན་ལ། འགོག་པ་ལ་རྗེས་སུ་ཤེས་པ་ནི་བཞི་དང་ལྡན་ལ། ལམ་ལ་ཆོས་ཤེས་པ་ནི། ལྔའི་བར་དུ་ཡང་ 3-1-220a དག་ལྡན་གྱི། མཐོང་ལམ་ལ་གནས་པ་ནི་དྲུག་དང་མི་ལྡན་ནོ། །སྐད་ཅིག་བཅུ་དྲུག་པ་སྒོམ་ལམ་ཡིན་པའི་ཕྱིར། སྒོམ་ལམ་ལ་གནས་པ་ནི་ལམ་ལ་རྗེས་ཤེས་སུ་གནས་པ་ཇི་སྲིད་འདོད་པ་ལས་ཆགས་བྲལ་མ་ཐོབ་པ་རྣམ་པ་བརྒྱད་པའི་བར་ སྤངས་པའམ་ཆགས་བྲལ་དེ་ལས་ཡོངས་སུ་ཉམས་པ་ནི་ཡོངས་ཤེས་དྲུག་དང་ལྡན་ནོ། །འདི་ལ་ལམ་རྗེས་ཤེས་ཐོབ་པ་ན་ཡོངས་ཤེས་དྲུག་དང་ལྡན་པར་མི་འགྱུར་ཏེ། འབྲས་བུ་བཞི་རྣམ་བཞག་པ་ཡི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་ དང་། །གཞན་ཐོབ་པ་དང་ཟད་སྡོམ་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་སྤངས་པ་སྡོམ་པར་བཤད་པའི་ཕྱིར་ཞེ་ན། སྤངས་པ་སྡོམ་པ་ཡིན་གྱི་ཡོངས་ཤེས་སྡོམ་པ་མ་ཡིན་པས་འགལ་བ་མེད་དོ། །མཐོང་ལམ་གྱི་སྔོན་འཇིག་ རྟེན་པའི་ལམ་གྱིས་ཆགས་བྲལ་ཐོབ་པ་ལམ་ལ་རྗེས་ཤེས་སྐྱེས་པའང་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཅིག་པུ་དང་ལྡན་ལ། བདེན་པ་མངོན་པར་རྟོགས་པའི་ཕྱིས་མཐར་གྱིས་ཆགས་བྲལ་ཐོབ་པའང་དེ་ཁོ་ན་དང་ལྡན་ཏེ། སྤངས་པ་སྡོམ་པའི་ཕྱིར་རོ། །དགྲ་ བཅོམ་ཐོབ་པའང་ཀུན་སྦྱོར་ཐམས་ཅད་གཏུགས་པའི་ཡོངས་ཤེས་གཅིག་པུ་དང་ལྡན་ཏེ། དེའི་ཚེ་ཡོངས་ཤེས་སྡོམ་པའི་ཕྱིར། དགྲ་བཅོམ་དེ་གཟུགས་ཀྱི་ཀུན་དཀྲིས་ཀྱིས་ཉམས་ནའང་ཐ་མའི་ཆ་མཐུན་སྤངས་པ་གཅིག་དང་ལྡན། འདོད་པའི་ཉོན་མོངས་ཀྱིས་ཉམས་ན་ དྲུག་དང་ལྡན་པའམ་སྟེ་ཡང་ན་ཕྱིར་མི་འོང་གཟུགས་ཀྱི་ཆགས་བྲལ་ཐོབ་པ་ནི་ཐ་མའི་ཆ་མཐུན་སྤངས་པ་དང་། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་ཤེས་གཉིས་དང་ལྡན་ལ། ཁམས་ལས་འདོད་ཆགས་དང་བྲལ་ཀྱང་མི་སྡོམ་པ་ནི་སྔོན་མེད་ཀྱི་འབྲས་བུ་ཐོབ་པ་ 3-1-220b མེད་པའི་ཕྱིར། གཟུགས་མེད་ཀྱི་ཀུན་དཀྲིས་ཀྱིས་དགྲ་བཅོམ་ལས་ཉམས་པ་ཡང་དེ་གཉིས་ལྡན་ཏེ། དེ་ལས་ཉམས་ན་ཕྱིར་ཤེས་པ་འོག་མ་གཉིས་ཐོབ་པའི་ཕྱིར། འདོད་པ་ཙམ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དང་། དགྲ་བཅོམ་དག་གི་ཡོངས་ཤེས་གཅིག་ ཁོ་ནར་བཞག་གི། རྒྱུན་ཞུགས་བཞིན་དུ་མ་ཡིན་ཅེ་ན། འདི་ལྟར་གཅིག་ཏུ་འཇོག་པ་ནི་ཁམས་ལས་འདོད་ཆགས་དང་བྲལ་བ་དང་འབྲས་བུ་འཐོབ་པ་དང་། རྒྱུ་དེ་གཉིས་ཀའང་ཕྱིར་མི་འོང་དང་དགྲ་བཅོམ་གྱི་གནས་སྐབས་ན་སྲིད་པ་དེའི་ཕྱིར་གནས་སྐབས་དེ་དག་ན་སྤངས་པ་ ཐམས་ཅད་བསྡོམས་ཏེ། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་སམ། ཀུན་སྦྱོར་ཐམས་ཅད་གཏུགས་པའི་ཡོངས་སུ་ཤེས་པ་གཅིག་བྱའོ། །ལྔ་པ་གཏོང་ཐོབ་ནི། ལ་ལ་གཅིག་གཉིས་ལྔ་དང་དྲུག །གཏོང་སྟེ་འཐོབ་པ་ལྔ་མིན་ནོ། །དགྲ་བཅོམ་ལས་ཉམས་ནས་ཀུན་སྦྱོར་ཐམས་ཅད་གཏུགས་པའི་ཡོངས་ཤེས་གཅིག་པུ་གཏོང་ལ། གཟུགས་ལས་འདོད་ཆགས་དང་མ་བྲལ་བའི་ཕྱིར་མི་འོང་འདོད་པའི་ཆགས་བྲལ་ལས་ཉམས་ནའང་བདུན་པ་གཅིག་གཏོང་ངོ་། །ཕྱིར་མི་འོང་གཟུགས་ཀྱི་ཆགས་བྲལ་ཞིག་འདོད་པའི་ཆགས་བྲལ་ལས་ཉམས་ན་བདུན་པ་དང་བརྒྱད་པ་གཉིས་གཏོང་ངོ་། །ཆགས་བྲལ་སྔོན་ འགྲོ་ལམ་རྗེས་ཤེས་ལ་གནས་པ་ནི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་གནས་ཏེ་ཡོངས་སུ་ཤེས་པ་བདུན་པ་ཐོབ་པ་ན་སྔ་མ་སྐད་ཅིག་བཅོ་ལྔ་ལ་ཐོབ་པ་ལྔ་གཏོང་ངོ་། །ཆགས་བྲལ་སྔོན་འགྲོ་མ་ཡིན་པ་མཐར་གྱིས་པ་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ནི་ཁམས་ གསུམ་གྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་གཏོང་ངོ་། །དེ་བཞིན་དུ་ཐོབ་པ་ལ་ཡང་ལ་ལས་ནི་གཅིག་ཐོབ་སྟེ། མཐོང་ལམ་ལ་གནས་པས་ཡོངས་ཤེས་སྔོན་མེད་ཐོབ་པའོ། །སྒོམ་ལམ་ལ་ཆགས་བྲལ་སྔོན་འགྲོས་མཐོང་ལམ་གྱི་ཐ་མར་ཐ་མའི་ཆ་མཐུན་སྤངས་ 3-1-221a པའི་ཡོངས་ཤེས་གཅིག་ཐོབ་བོ། །མཐར་གྱིས་པས་ཀྱང་འདོད་པ་ལས་ཆགས་བྲལ་གྱི་རྣམ་གྲོལ་ལམ་དགུ་པ་ལ་གཅིག་ཉིད་ཐོབ་བོ། །དགྲ་བཅོམ་གྱིས་ཀྱང་དགུ་པ་གཅིག་ཐོབ་བོ། །གཟུགས་མེད་ལ་འདོད་ཆགས་དང་བྲལ་བ་དེ་འབའ་ཞིག་ ལས་ཡོངས་སུ་ཉམས་པས་ཀྱང་བདུན་པ་དང་བརྒྱད་པ་གཉིས་ཐོབ་ལ། གཟུགས་ཀྱི་ཆགས་བྲལ་ལས་ཉམས་ན་བདུན་པ་ཁོ་ན་ཐོབ་པས་འབའ་ཞིག་ཅེས་སྨོས་སོ། །ཕྱིར་མི་འོང་མཐར་གྱིས་པ་འབྲས་བུ་ལས་ཉམས་པ་ཁམས་གསུམ་གྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་ ཐོབ་ཀྱི། ཆགས་བྲལ་སྔོན་འགྲོ་ལས་ཉམས་པ་མེད་དེ། དེའི་ཆགས་བྲལ་ལམ་གཉིས་ཀྱིས་ཐོབ་པའི་ཕྱིར། དེ་ཉམས་པ་སྲིད་ན་ལྔ་ཐོབ་པར་འགྱུར་ཏེ། ཆགས་བྲལ་སྔོན་འགྲོའི་ཕྱིར་མི་འོང་བཅུ་དྲུག་པའི་ཚེ་ལྔ་བཏང་བ་དེ་ལས་ཉམས་པ་སྲིད་ན་ལྔ་ཐོབ་པ་སྲིད་པའི་ཕྱིར། དེ་ནི་བརྟག་མཐའ་བཟུང་བ་ཡིན་པས། ལྔ་ཐོབ་པ་ཡོད་པ་མིན་ཏེ། དེའི་ཆགས་བྲལ་ལམ་གཉིས་ཀྱིས་ཐོབ་པས་ཉམས་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ཕྲ་རྒྱས་བསྟན་པ་ཞེས་བྱ་བ་སྟེ་ གནས་ལྔ་པའོ། །འདིར་སྨྲས་པ། གང་ཞིག་ཀུན་ནས་འཆིང་བྱེད་ཉོན་མོངས་ཀྱི། །རྣམ་དབྱེ་ངོ་བོ་བྱེད་ལས་སོ་སོ་བ། །ཇི་བཞིན་ཤེས་ནས་ལེགས་པར་སྤངས་འདོད་ལ། །ང་ཡི་ལེགས་པར་བཤད་པ་འདིར་ཡོད་ཀྱི། །ཐར་འདོན་དམ་པའི་གོ་སར་ རབ་དགའ་བའི། །བདེ་བར་ངལ་བསོ་བྱེད་པ་འགའ་ཡོད་ན། །བློ་གྲོས་སྟོབས་ཤུགས་མཆོག་ཏུ་བསྐྱེད་པ་ནས། །ཤེས་བྱ་རྒྱ་ཆེན་ཡུལ་འདིར་གཅིག་ཏུ་དཔྱོད། །བདག་གིས་ཇོ་མོ་གངས་དཀར་གྱི། །རི་ཡི་སུལ་དུ་བྱང་ཆུབ་སེམས། །རིས་མེད་སྒོམ་པའི་སྐབས་འགའ་ 3-1-221b འགར། །བསྟན་བཅོས་གསལ་བར་བྱས་པ་འདིའི། །དགེ་ལས་འབྲས་བུ་གང་བྱུང་བ། །ཀརྨ་བཀའ་བརྒྱུད་རྒྱས་པ་དང་། །ཀརྨ་ཕྲིན་ལས་དགོངས་འགྲུབ་ཅིང་། །ཀརྨ་པ་ཡི་དགོངས་རྫོགས་གྱུར། །ཅེས་སྨྲས་སོ། །༈ རྒྱལ་བསྟན་ ཡོངས་སུ་རྫོགས་པའི་མངའ་བདག་མཆོག །མཉམ་མེད་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པ། །གང་དེའི་རིང་ལུགས་གསལ་བར་བྱ་བའི་ཕྱིར། །ཐུབ་དབང་ཉི་མ་རྣམས་ལ་ཕྱག་འཚལ་ནས། །རྒྱ་ཆེན་ཆོས་མངོན་མཛོད་ཀྱི་ལེགས་བཤད་ལ། །བཀླག་པ་ཉིད་ཀྱིས་ཆོས་ཟབ་ དོན་དམ་ནི། །རྟོགས་པར་འགྱུར་བ་ཕལ་ཆེར་བཤད་ཟིན་གྱི། །ལྷག་མའི་དོན་ཀྱང་དེ་བཞིན་དགྲོལ་བར་བྱ། །དེ་ལ་ལམ་དང་གང་ཟག་བསྟན་པའི་གནས་ཀྱི་དོན་ལ་གཉིས་ཀྱི། དང་པོ་གནས་ཀྱི་གཞུང་བཤད་པ་ལ། ལམ་བཤད་པ། གང་ཟག་བཤད་པ། ལམ་བྱེ་བྲག་ ཏུ་བཤད་པའོ། །དང་པོ་ལ། མཚམས་སྦྱར་བ། ལམ་གྱི་ངོ་བོ། ལམ་གྱི་དམིགས་པ། ལམ་སྐྱེ་བའི་ཚུལ་ལོ། །དང་པོ་ནི། བདེན་པ་མཐོང་དང་བསྒོམས་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །གནས་ལྔ་པར་སྤངས་པ་ནི་ཡོངས་ཤེས་ཞེས་པའི་མིང་ཐོབ་བོ། །ཞེས་བཤད་པའི་སྤངས་པ་དེའང་བདེན་པ་རྣམས་མཐོང་བ་མཐོང་ལམ་དང་། བདེན་པ་སྒོམ་པ་སྒོམ་པའི་ལམ་ལས་ཉོན་མོངས་ཕྲ་རྒྱས་རྣམས་སྤངས་པར་གོང་དུ་བཤད་པ་ལས་དེའི་སྤོང་བའི་ལམ་འདིར་བཤད་པ་ཡིན་ནོ། །གཉིས་པ་ནི། བསྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །ལམ་དེ་དག་ཟག་མེད་དམ་ཟག་བཅས་ཡིན་ཅེ་ན། སྒོམ་པའི་ལམ་ནི་ཟག་བཅས་འཇིག་རྟེན་པ་དང་། ཟག་མེད་ འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་ཏེ། མཐོང་བའི་ལམ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་ཟག་མེད་ཁོ་ན་སྟེ། སྲིད་རྩེ་དང་བཅས་པའི་ཁམས་གསུམ་པོའི་གཉེན་པོ་ཡིན་པའི་ཕྱིར་དང་། ཁམས་གསུམ་གྱི་མཐོང་སྤོང་གི་རྣམ་པ་དགུ་གཅིག་ཅར་སྤོང་བའི་ཕྱིར། 3-1-222a འཇིག་རྟེན་པ་ལ་ནི་ཁམས་གསུམ་པ་ཀུན་སྤོང་བ་དང་རྣམ་པ་དགུ་གཅིག་ཅར་དུ་སྤོང་བ་དེ་འདྲའི་མཐུ་མེད་དོ། །སྒོམ་སྤོང་གི་ཉོན་མོངས་ནི་གཞི་དང་བཅས་པ་བརྟན་པའི་ཕྱིར་འཇིག་རྟེན་ལས་འདས་པས་ཀྱང་གཅིག་ཅར་མི་སྤོང་ངོ་། །གསུམ་པ་ ལམ་གྱི་དམིགས་པ་ལ། བདེན་བཞི་བཤད་པ་དང་། བདེན་གཉིས་བཤད་པའོ། །དང་པོ་ལ། ངོ་བོ་དང་། གོ་རིམ་དང་། དེ་ལས་འཕྲོས་པའི་དོན་ནོ། །དང་པོ་ནི། བདེན་པ་དག་ནི་བཞིར་བཤད་དོ། །བདེན་པ་མཐོང་ཞེས་པའི་བདེན་པ་དག་ནི་ཟག་བཅས་ཟག་པ་མེད་ཆོས་བསྟན་པར་ལམ་བདེན་རང་མིང་ གིས་བཤད་ལ། སོ་སོར་བརྟགས་པས་འགོག་པ་གང་ཞེས་འགོག་བདེན་དུ་བཤད་ཅིང་། སྡུག་ཀུན་འབྱུང་དང་འཇིག་རྟེན་དང་། །ཞེས་པར་སྡུག་ཀུན་གྱི་བདེན་པ་སྟེ་བཞིར་བཤད་དོ། །གཉིས་པ་ནི། སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །འདི་དག་གི་རིམ་པ་ནི་དེ་ཉིད་མ་ཡིན་གྱི། སྡུག་བསྔལ་དང་ཀུན་ འབྱུང་དང་འགོག་པ་དང་ལམ་གྱི་བདེན་པ་སྟེ་དེ་དག་གི་རིམ་པ་ནི་འདི་ཡིན་ནོ། །དེ་བཞིན་ཅེས་པའི་སྒྲ་ནི། རང་གི་ངོ་བོ་ནི་སྔར་ཟག་བཅས་འབྲས་བུའི་ཆ་དང་། རྒྱུའི་ཆ་དང་བྲལ་བའོ། །ཞེས་དང་། ཟག་མེད་འདུས་བྱས་ཀྱི་ཆོས་རྣམས་ཞེས་ཇི་སྐད་བཤད་པ་དེ་ཁོ་ན་བཞིན་ ནོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རོ། །རིམ་པ་དེ་ནི་བདེན་པ་དེ་དག་སྔར་ཇི་ལྟར་མངོན་པར་རྟོགས་པའི་རིམ་པ་བཞིན་བསྟན་ཏོ། །མངོན་རྟོགས་ཀྱི་རིམ་པ་བཞིན་བསྟན་པར་བཞེད་པ་མིན་ན། ཀུན་འབྱུང་སྡུག་བསྔལ། ལམ་འགོག་པ་ཞེས་རྒྱུ་སྔར་བསྟན་པ་ལ་འབྲས་བུ་ ཕྱིས་བསྟན་པར་འགྱུར་རོ། །དྲན་པ་ཉེར་གཞག་བཞི་དང་། བསམ་གཏན་ལ་སོགས་ཁ་ཅིག་ནི་རགས་རིམ་ནས་དམིགས་པ་སྟེ། རྒྱུ་བ་རགས་པའམ། ཕྲ་བའི་སྒོ་ནས་སམ། སྔ་མ་དང་ཕྱི་མ་རྒྱུ་འབྲས་སུ་འགྱུར་བའི་སྒོ་ནས་སྐྱེ་བའི་རིམ་པ་དང་མཐུན་པར་བསྟན་ཏོ། ། 3-1-222b སོགས་པས་རྣམ་ཐར་དང་ཟིལ་གནོན་དང་ཟད་པར་ཀྱང་དེ་བཞིན་ནོ། །ཁ་ཅིག་ནི་རྟོགས་པར་སླ་བ་དང་མཐུན་པའམ། ཡང་ན་རྣམ་གཞག་གམ་བཤད་པ་དང་མཐུན་པར་བསྟན་པ་ནི་ཡང་དག་སྤོང་བ་རྣམས་ལྟ་བུ་སྟེ། དཀར་ནག་གཉིས་ལས་ནག་ཕྱོགས་དང་། མ་སྐྱེས་ པ་དང་སྐྱེས་པ་གཉིས་ལས་སྐྱེས་པ་རྟོགས་པར་སླ་སྟེ། མ་སྐྱེས་པ་ནི་དཀའ་བས་སྐྱེས་པའི་སྟོབས་ཀྱིས་རྟོགས་པའི་ཕྱིར། དོན་ལ་ནི་སྔར་མ་སྐྱེས་པ་མི་བསྐྱེད་པ་འོང་། ཕྱིས་སྐྱེས་པ་འཇོམས་པ་འོང་ཡང་སྲིད། ཡང་ན་སྔར་སྐྱེས་པ་འཇོམས། ཕྱིས་མ་སྐྱེས་པ་མི་བསྐྱེད་ པ་ཡང་འོང་བ་སྲིད་དོ། །བདེན་པ་རྣམས་ནི་མངོན་རྟོགས་དང་མཐུན་པར་བསྟན་ལ། དེ་ལྟར་མངོན་པར་རྟོགས་པའི་རྒྱུ་མཚན་ནི། གང་ལ་ཆགས་པ་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་དང་། གང་གིས་གནོད་པ་སྡུག་བསྔལ་དང་། སྡུག་བསྔལ་གང་ལས་ཐར་པ་དོན་དུ་གཉེར་ བའི་སྡུག་བསྔལ་དེ་ལ་དང་པོ་སྦྱོར་བའི་ལམ་ངེས་འབྱེད་ཆ་མཐུན་གྱི་སྐབས་སུ་ཡོངས་སུ་རྟོགས་པས་ངེས་པར་འབྱེད་ལ། ཕྱིས་འདིའི་རྒྱུ་གང་ཞེས་ཀུན་བདེན་རྟོག་གོ། དེ་ནས་འདིའི་འགོག་པ་གང་ཞེས་འགོག་བདེན་རྟོག་གོ། དེ་ནས་འདིའི་ལམ་གང་ཞེས་ལམ་བདེན་ རྟོག་སྟེ། ནད་མཐོང་ནས་དེའི་རྒྱུ་དང་། དེ་ཟད་པ་དང་། དེ་ཟད་བྱེད་ཀྱི་སྨན་འཚོལ་བ་བཞིན་བདེན་པའི་དཔེ་ནི། མདོ་ལས། སྨན་པ་འཚོ་བྱེད་གཞོན་ནུས་གསོས་ཀྱི་དབང་དུ་མཛད་ནས། ཡན་ལག་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་ནི་རྒྱལ་པོའི་འོས་ཡིན་ ཅིང་། རྒྱལ་པོའི་སྤུ་ལ་འབབ་པ་ཡིན། །རྒྱལ་པོའི་ཡན་ལག་ཉིད་ཀྱི་གྲངས་སུ་འགྲོའོ། །བཞི་པོ་གང་དག་ཅེ་ན། ནད་ལ་མཁས་པ་ཡིན། ནད་ཀྱི་གཞི་ལ་མཁས་པ་ཡིན། ནད་སྤོང་བ་ལ་མཁས་པ་ཡིན། ནད་སྤངས་ནས་ཕྱིར་མི་སྐྱེ་བ་ལ་མཁས་པ་ཡིན། དེ་བཞིན་ 3-1-223a དུ་ཡན་ལག་བཞི་དང་ལྡན་པའི་སངས་རྒྱས་ཀྱང་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་ བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །ཞེས་སོ། །སྔར་ཤུགས་ཀྱིས་འཕངས་པའི་སྦྱོར་ལམ་གྱི་སྐབས་ན་བདེན་པ་ལ་རྟོགས་པ་དེ་བཞིན་ཕྱིས་བདེན་པ་མངོན་པར་རྟོགས་སྐབས་ནའང་དེ་ལ་དེ་ལྟར་ རྟོགས་པ་ནི། དཀྱུས་བསྟན་པའི་རྟ་ཐག་ཐོགས་མེད་པར་རྒྱུག་པ་བཞིན་ནམ། ཁ་ཅིག་ནི། ཐག་ཐོགས་མེད་པར་དཀྱུས་སྙོལ་བ་བཞིན་ནོ། །མངོན་རྟོགས་ཀྱི་དོན་ནི་མངོན་སུམ་དུ་མ་ནོར་བར་རྟོགས་པའོ། །བདེན་པ་མངོན་རྟོགས་འདི་ཟག་མེད་ཁོ་ན་ཡིན་གྱི། ཟག་བཅས་ མིན་པ་ཅི་ཞེ་ན། དེ་ནི་ཟག་མེད་ཡང་དག་པ་དེ་ཁོ་ན་ཉིད་ཡིན་ཏེ། མྱང་འདས་ལ་མངོན་དུ་ཕྱོགས་པའི་ཡེ་ཤེས་ཁྱད་པར་ཅན་ཡིན་པའི་ཕྱིར། །དེའང་ཉེར་ལེན་གྱི་ཕུང་པོ་འབྲས་གྱུར་རྣམས་ནི་སྡུག་བདེན་ནོ། །རྒྱུར་གྱུར་རྣམས་ནི་ཀུན་བདེན་ཡིན་ཏེ། འདི་ལས་ཀུན་འབྱུང་ བའི་ཕྱིར། ཀུན་སྡུག་གཉིས་ནི་རྒྱུ་འབྲས་སུ་གྱུར་པས་མིང་གི་སྒོ་ནས་བྱེ་བྲག་ཡོད་ཀྱི། རྫས་སུ་ནི་མ་ཡིན་ནོ། །འགོག་ལམ་ནི་མིང་དུ་མ་ཟད་རྫས་སུའང་བྱེ་བྲག་ཡོད་དོ། །མདོ་ལས། འཕགས་བདེན་རྣམས་ཞེས་འབྱུང་བའི་དོན་ཅི་ཞེ་ན། འདི་དག་ནི་འཕགས་པ་ རྣམས་ལ་བདེན་པའི་ཕྱིར། མདོ་སྡེ་ཁོ་ན་ལས་འཕགས་པའི་བདེན་པ་རྣམས་ཞེས་བཤད་དོ། །ཅི་འདི་དག་གཞན་རྣམས་ལ་རྫུན་ནམ་ཞེ་ན། བདེན་པ་རང་གི་ངོ་བོ་ནི་ཐམས་ཅད་ལ་བདེན་ཏེ། གཞན་དག་ལའང་སྡུག་བསྔལ་ནི་སྡུག་བསྔལ་ལ་སོགས་པ་ཁོ་ན་ཡིན་ 3-1-223b པ་ལས་ཕྱིན་ཅི་མ་ལོག་པའི་ཕྱིར། དེ་ལྟར་ནའང་འཕགས་པ་རྣམས་ཀྱིས་ནི་བདེན་པ་རྣམས་ལ་འཕགས་པ་རྣམས་ཀྱིས་བདེན་པ་ཞེས་བྱ་སྟེ། བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་སོགས་ཇི་ལྟ་བ་དེ་ཁོ་ནར་གཟིགས་པའི་ཕྱིར། འཕགས་མིན་གྱི་བདེན་པ་རྣམས་ལ་འཕགས་པ་ རྣམས་ཀྱི་བདེན་པ་ཞེས་མི་བྱ་སྟེ། སྡུག་བསྔལ་ལ་བདེ་བ་སོགས་ཕྱིན་ཅི་ལོག་ཏུ་མཐོང་བའི་ཕྱིར། ཚིགས་སུ་བཅད་པ་ལས། འཕགས་པས་བདེ་བར་གང་གསུངས་པ། །དེ་ནི་གཞན་གྱི་སྡུག་བསྔལ་རིག །ཅེས་པའི་དོན་འགོག་བདེན་ནི་ཡང་སྲིད་མེད་པའི་ཕྱིར་ གཡང་ས་བཞིན་དུ་བྱིས་པ་རྣམས་འཇིགས་པར་བྱེད་པ་ཡིན་ལ། དེ་བཞིན་གཞན་གྱིས་བདེ་བར་གང་སྨྲས་པ། དེ་ནི་འཕགས་པའི་སྡུག་བསྔལ་རིག །ཅེས་འཕགས་པས་ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་དུ་མཐོང་བའོ། །གཞན་ན་རེ། བདེན་པ་དང་པོ་ གཉིས་ནི་འཕགས་པའི་བདེན་པ་སྟེ། ཕྱིན་ཅི་མ་ལོག་པར་གཟིགས་པའི་ཕྱིར། །ཕྱི་མ་གཉིས་ནི་འཕགས་པའང་ཡིན། འཕགས་པ་རྣམས་ཀྱི་བདེན་པའང་ཡིན་ཏེ། དགེ་བ་དང་ཟག་པ་མེད་པའི་ཕྱིར་དང་། ཕྱིན་ཅི་མ་ལོག་པར་གཟིགས་པའི་ཕྱིར་ཞེས་ཟེར་རོ། ། ཁ་ཅིག་དེ་ལ་མགོ་བསྒྲེ་སྟེ། སྡུག་ཀུན་ནི་སོ་སོའི་སྐྱེ་བོའང་ཡིན། སོ་སོའི་སྐྱེ་བོའི་བདེན་པའང་ཡིན་པས། སྡུག་ཀུན་ནི་སོ་སོའི་སྐྱེ་བོའི་བདེན་པ། འགོག་པ་དང་ལམ་ནི་སོ་སོའི་སྐྱེ་བོ་ལ་བདེན་པས་སོ་སོའི་སྐྱེ་བོའི་བདེན་པའོ་སྙམ་ན། དེ་མི་རིགས་ཏེ། སྡུག་ ཀུན་སོ་སོའི་སྐྱེ་བོ་ཡིན་ཀྱང་སོ་སོའི་སྐྱེ་བོ་ལ་མི་བདེན་ཏེ། སྡུག་བསྔལ་སྡུག་བསྔལ་དུ་བདེན་པར་མ་མཐོང་། ཀུན་འབྱུང་ལ་ཀུན་འབྱུང་དུ་བདེན་པར་སོ་སོའི་སྐྱེ་བོས་མ་མཐོང་། གཞི་མཐུན་གྱི་ཡ་གཅིག་མེད། འགོག་པ་དང་ལམ་སོ་སོའི་སྐྱེ་བོའི་འགོག་པ་དང་ 3-1-224a ལམ་དུ་བདེན་པར་མ་མཐོང་བས་འགོག་པ་དང་ལམ་སོ་སོའི་སྐྱེ་བོ་ལ་བདེན་པ་ཞེས་མི་བྱའོ། །གསུམ་པ་དེ་ལས་འཕྲོས་པའི་དོན་ནི། ཡིད་འོང་ཡིད་དུ་མི་འོང་དང་། །དེ་ལས་གཞན་ཟག་བཅས་རྣམས་ཉིད། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །སྡུག་བསྔལ་གྱི་མཚན་གཞི་ཚོར་བའི་ཕྱོགས་གཅིག་སྡུག་བསྔལ་ཡིན་ཙམ་ན་མཚན་ཉིད་ཟག་བཅས་ཏེ་ཧ་ཅང་ཁྱབ་ཆེས་ཏེ། བདེ་བ་དང་བཏང་ སྙོམས་ལའང་དེར་འགྱུར་བའི་ཕྱིར་ཞེ་ན། མཚན་ཉིད་ཟག་བཅས་ལ་ཁྱབ་ཆེས་པའི་ཉེས་པ་མེད་དེ། དེའི་མཚན་གཞི་སྡུག་བསྔལ་གཅིག་པུར་མ་ཟད་གསུམ་ག་ཡིན་པའི་ཕྱིར། མཚན་གཞི་གསུམ་གར་གྲུབ་པ་ན་ཆོས་ཅན། མཚན་ཉིད་སྡུག་བསྔལ་ཙམ་གྱིས་ཁྱབ་སྟེ། བདེ་བ་ལ་འགྱུར་བའི་སྡུག་བསྔལ་དང་འདུ་ བྱེད་ཀྱི་སྡུག་བསྔལ་གཉིས་ཡོད། སྡུག་བསྔལ་ལ་སྡུག་བསྔལ་གྱི་སྡུག་བསྔལ་དང་འདུ་བྱེད་ཀྱི་སྡུག་བསྔལ་གཉིས་ཡོད། བཏང་སྙོམས་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཀྱང་ཡོད་པའི་ཕྱིར། དེས་ན་སྡུག་བསྔལ་ནི་གསུམ་སྟེ། ཡིད་དུ་འོང་བ་རྣམས་འགྱུར་བའི་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཡིད་དུ་མི་འོང་ བ་རྣམས་སྡུག་བསྔལ་གྱི་སྡུག་བསྔལ་དང་། དེ་གཉིས་ལས་གཞན་ཟག་བཅས་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་བ་ཉིད་དེ། འདུས་བྱས་ཟག་བཅས་རྣམས་སྡུག་བསྔལ་ཉིད་གསུམ་དང་ལྡན་པའི་ཕྱིར། སྡུག་བསྔལ་གསུམ་པོ་དེ་དག་གིས་ཅི་རིགས་པར་ཟག་བཅས་མ་ལུས་པ་སྡུག་བསྔལ་ ལོ། །ཡིད་དུ་འོང་བ་ལ་སོགས་པ་གསུམ་ནི་ཚོར་བ་གསུམ་གྱི་གོ་རིམ་དང་མཐུན་པར་འབྱུང་བ་ཡིན་ཏེ། ཚོར་བ་བདེ་བ་དེའི་དབང་གིས་དབང་པོ་དོན་རེག་པ་དེ་དང་མཚུངས་ལྡན་འདུ་བྱེད་རྣམས་ཀྱང་ཡིད་དུ་འོང་བ་རྣམས་ཀྱི་མིང་ཐོབ་པར་འགྱུར་བའི་ཕྱིར་ཏེ། བདེ་བ་ལ་སོགས་ཀྱི་འཚོགས་ པ་ཡིན་པའི་ཕྱིར། ཟག་བཅས་ཀྱི་བདེ་བའི་ཚོར་བ་ནི་མི་རྟག་པ་ཉིད་ཀྱིས་འགྱུར་བའི་སྡུག་བསྔལ་ཏེ། བདེ་བའི་ཚོར་བ་ནི་སྐྱེ་བ་ན་བདེ། གནས་པ་ནའང་བདེ། འགྱུར་བ་ན་སྡུག་བསྔལ་ལོ། །ཞེས་སོ། །སྡུག་བསྔལ་ནི་གནོད་པ་རང་གི་ངོ་བོ་ཉིད་ཁོ་ནས་སྡུག་བསྔལ་བ་ཉིད་ནི། མདོ་ 3-1-224b ལས། སྡུག་བསྔལ་གྱི་ཚོར་བ་ནི་སྐྱེ་བ་ན་ཡང་སྡུག་བསྔལ་ལ་གནས་པ་ན་ཡང་སྡུག་བསྔལ་ལོ། །ཞེས་གསུངས་སོ། །ཤུགས་ཀྱིས་འདི་འགྱུར་བའི་བདེ་བ་མ་ཡིན་ནམ། ཡིན་ན་མཚན་ཉིད་འཆོལ་བར་འགྱུར་རོ་ཞེ་ན། འདི་ནི་སུན་དབྱུང་བའི་ཆ་ནས་འདིར་བསྟན་པར་ཟད་ དེ། ངོ་བོ་གང་གི་རྣམ་པར་སུན་འབྱིན་པ་དེ་ཉིད་ལ་བལྟོས་ནས་སྡུག་བསྔལ་བ་ཁོ་ན་ཡིན་པའི་ཕྱིར། དཔེར་ན་བདེ་ཚོར་སྐྱེ་བ་དང་། གནས་པ་ན་བདེ་བ་ཡིན་དུ་ཟིན་ཀྱང་རྣམ་པར་སུན་དབྱུང་བྱའི་ཆ་ནས་སྡུག་བསྔལ་ཡིན་པ་བཞིན་འདིའང་རྣམ་པར་སུན་འབྱིན་པ་ཉིད་ཀྱི་ཆ་ནས་ སྡུག་བསྔལ་དུ་འཇོག་པ་ནི་དེ་དང་འདྲའོ། །དེ་ལྟར་ན་བདེ་བ་སུན་དབྱུང་བྱ་ཡིན་པ་བཞིན་དུ་སྡུག་བསྔལ་ཀྱང་སུན་དབྱུང་བྱ་ཡིན་ཙམ་ན། སྐྱེ་བ་དང་གནས་པས་སྡུག་བསྔལ་གྱི་སུན་དབྱུང་བར་བྱ་ཡི། འགྱུར་ནས་བདེ་བར་འགྲོ་བས་སུན་དབྱུང་བྱ་ནི་མ་ཡིན་ཏེ། ཡིན་ན་ མྱང་འདས་དང་མཐུན་པར་བྱ་བ་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་འགྱུར་ནས་བདེ་བར་འགྲོ་བའི་ཕྱིར། འདོད་ན་མྱང་འདས་དང་མཐུན་པར་བྱ་བ་མ་ཡིན་ཏེ། འདི་ནི་རང་གི་ངོ་བོ་ཁོ་ནས་སྡུག་བསྔལ་ཡིན་པའི་ཕྱིར། བཏང་སྙོམས་ཀྱི་ཚོར་བ་ནི་འདུ་བྱེད་དམ་སྐྱེ་བ་ཁོ་ནས་སྡུག་ བསྔལ་བ་ཉིད་དེ། རྐྱེན་གྱིས་མངོན་པར་འདུ་བྱེད་པའི་ཕྱིར། གང་མི་རྟག་པ་དེ་ནི་སྡུག་བསྔལ་ཡིན་ནོ། །ཞེས་སོ། །ཚོར་བ་དེ་གསུམ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ཀྱང་ཚོར་བ་དང་འདྲ་བར་འགྱུར་བ་དང་། སྡུག་བསྔལ་གྱི་དང་སྐྱེས་ཙམ་གྱིས་རིམ་པ་བཞིན་སྡུག་ བསྔལ་གསུམ་དུ་བརྗོད་པར་བྱའོ། །གཞན་ན་རེ། སྡུག་བསྔལ་ཉིད་སྡུག་བསྔལ་ཡིན་པས་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་ལ། འདུ་བྱེད་ཉིད་སྡུག་བསྔལ་ཡང་ཡིན། འདུ་བྱེད་ཀྱང་ཡིན་པའི་བར་དུ་དེ་དང་འདྲ་བར་གཞི་མཐུན་དུ་སྦྱར་བ་སྟེ། ཨུཏྤལ་ཡི་སྔོན་པོ་ལྟ་ 3-1-225a བུ་ཞེས་ཟེར་རོ། །རྐྱེན་ལས་སྐྱེ་བས་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ན་བདེ་སྡུག་གཉིས་ཀྱང་རྐྱེན་ལས་སྐྱེ་བས་འདུ་བྱེད་ཀྱི་སྡུག་བསྔལ་དུ་ཐལ་ལོ་སྙམ་ན། འདོད་དོ། །འོ་ན་བདེ་སྡུག་གཉིས་ལ་འདུ་བྱེད་ཀྱི་སྡུག་བསྔལ་མི་ཟེར་བར་འགྱུར་བ་དང་། སྡུག་ བསྔལ་གྱི་སྡུག་བསྔལ་ཟེར་བ་ཅིས་སྙམ་ན། དེ་གཉིས་སྒོས་མིང་ཡིན་ལ་དེ་གཉིས་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་པའི་སྤྱི་མིང་ཡང་བཤད་དོ། །ཡིད་འོང་སོགས་ཟག་བཅས་འདུ་བྱེད་ཐམས་ཅད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་སྟེ། དེ་ནི་ཁྱབ་པ་ཡིན་ པའི་ཕྱིར། དེ་ཐམས་ཅད་སྡུག་བསྔལ་ཡིན་ན་ཀུན་གྱིས་ཅིས་མི་མཐོང་ཞེ་ན། གཞན་གྱིས་མ་ཡིན་ཏེ། འཕགས་པ་རྣམས་ཁོ་ནས་གཟིགས་པའི་ཕྱིར། སྨྲས་པ། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་བ་ནི། ། མི་བདེ་བ་དང་གནོད་བསྐྱེད་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །འཕགས་པ་རྣམས་སྲིད་རྩེ་དག་ལའང་སྡུག་བསྔལ་གྱི་བློ་འཇུག་པ་ལྟར་བྱིས་པ་རྣམས་ མནར་མེད་ཀྱི་ཕུང་པོ་རྣམས་ལའང་དེ་ལྟར་སྡུག་བསྔལ་གྱི་བློ་མི་འཇུག་གོ། འོ་ན་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་འདུ་བྱེད་ཐམས་ཅད་སྡུག་བསྔལ་ཡིན་ན་ལམ་ཡང་ཆོས་ཅན། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་ཐལ་བར་འགྱུར་ཏེ། རྐྱེན་གྱིས་བསྐྱེད་པའི་འདུས་བྱས་པ་ཡིན་ པའི་ཕྱིར་ཞེ་ན། འདི་ལ་ནི་ཞིབ་ཏུ་དཔྱད་པ་ན་ཉེས་པ་དེ་འཇུག་པ་མ་ཡིན་པ་ནི་བྱས་ན་མི་རྟག་པ་གཞིར་བྱས་ལ། འཕགས་པ་རྣམས་དང་མི་མཐུན་པ་དེ་འདུ་བྱེད་ཀྱི་སྡུག་བསྔལ་དུ་འཇོག་སྟེ། ཟག་པ་དང་བཅས་པའི་དངོས་པོ་ཉིད་ཀྱི་འཕགས་པ་དང་མི་མཐུན་པར་བྱས་ 3-1-225b པའི་ཕྱིར། ཟག་མེད་ཀྱི་ལམ་ཡང་བྱས་ན་མི་རྟག་པ་གཞིར་བྱས་ལ་སྡུག་བསྔལ་མ་ཡིན་ཏེ། ལམ་སྐྱེ་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་ཟད་པ་འདྲེས་པས་འཕགས་པ་རྣམས་དང་མི་མཐུན་པ་མེད་པའི་ཕྱིར། དེས་ན་འདུས་བྱས་པ་ཉིད་ཀྱིས་སྡུག་བསྔལ་གྱི་ངོ་བོར་སྐྱེས་པའི་ མི་རྟག་པ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ལ། འདུས་བྱས་པ་ཉིད་ཀྱིས་སྡུག་བསྔལ་ཟད་པ་འདྲེན་བྱེད་ཀྱི་མི་རྟག་པ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས་མ་ཁྱབ་སྟེ། འཇིག་རྟེན་ན་ཁྱད་པར་མེད་པར་བརྗོད་ཀྱང་ཁྱད་པར་རྟོགས་པ་འགྲོ་བས་ན་བ་ལང་ཞེས་ བྱ་ལ། འགྲོ་བས་མ་ཧེ་ནི་བ་ལང་དུ་འགྱུར་བ་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུར་ཡང་མཐོང་བའི་ཕྱིར། ལམ་སྡུག་བསྔལ་མིན་ན་འདུས་བྱས་ཐམས་ཅད་འགགས་པ་ལ་ཞི་བར་ཇི་ལྟར་བལྟ་ཞེ་ན། མྱང་འདས་ཞི་བར་བལྟ་བ་དེའི་ཚེའང་འདུས་བྱས་ཙམ་ཞི་བར་མི་བལྟའི། སྡུག་བསྔལ་དུ་མཐོང་བའི་འདུས་བྱས་དེ་འགོག་པ་ལ་ཞི་བར་ལྟ་བ་ཡིན་ཅིང་ལམ་ལ་ནི་མ་ཡིན་ནོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འདི་ལ་བདེ་བའང་ཡོད་པས། སྡུག་བསྔལ་ཁོ་ན་འཕགས་པའི་བདེན་པ་ཞེས་བྱ་ཞེ་ན། བདེ་བ་ཡོད་ཀྱང་ཉུང་བའི་ཕྱིར་སྡུག་ བསྔལ་དུ་བཞག་པ་ཡིན་ཏེ། དཔེར་ན་མོན་སྲན་སྡེའུ་དང་སྲན་ཆུང་སོགས་ཡོད་བཞིན་དུ་དེ་ཉུང་བས་མོན་སྲན་གྲེའུའི་ཕུང་པོ་ཞེས་སྟོན་པ་བཞིན། མཁས་པ་དག་ཆུས་གདབ་པའི་བདེ་བ་ཆུང་ངུས་འབྲས་བདེ་བ་ཡིན་ནོ་སྙམ་དུ་སེམས་པར་ག་ལ་འགྱུར། དེས་ན་བདེ་བ་ནི་སྡུག་ བསྔལ་གྱི་རྒྱུ་ཡིན་ཏེ། སྡུག་བསྔལ་མྱོང་བར་འགྱུར་བའི་ལས་དང་མཚུངས་པར་ལྡན་པའི་ཕྱིར། བདེ་བ་ནི་གཞན་ལ་བསྟེན་པ་དང་། ཞིང་ལ་སོགས་ཀྱི་སྡུག་བསྔལ་ཤིན་ཏུ་མང་པོས་བསྐྱེད་པར་བྱས་པའི་ཕྱིར་དང་། བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་ཡོད་ན་ཟས་སྐོམ་ 3-1-226a གྱི་བདེ་བ་འདོད་པའི་ཕྱིར་འཁོར་བའི་བདེ་བ་ཐམས་ཅད་སྡུག་བསྔལ་དུ་རྟོགས་སོ། །སྲིད་པ་ཐམས་ཅད་ནི་སྲིད་པའི་བདེ་བ་དང་བཅས་པ་སྡུག་བསྔལ་ཁོ་ན་འཕགས་པའི་བདེན་པར་བཞག་གི། བདེ་བ་ནི་མ་ཡིན་ཏེ། འདུ་བྱེད་ཀྱི་ སྡུག་བསྔལ་དུ་རྣམ་པ་གཅིག་པས་འཕགས་པ་རྣམས་ཀྱི་སྡུག་བསྔལ་དུ་གཟིགས་པའི་ཕྱིར། ད་ནི་བདེ་བའི་རང་བཞིན་གྱི་ཚོར་རྣམས་ལ་སྡུག་བསྔལ་དུ་ཇི་ལྟར་བལྟ་ཞེ་ན། སྡུག་བསྔལ་གྱི་ངོ་བོར་སྐྱེས་པའི་མི་རྟག་པའི་མཚན་ཉིད་ཀྱི་འཕགས་པ་དང་མི་ མཐུན་པའི་ཕྱིར་སྡུག་བསྔལ་དུ་བལྟ་སྟེ། གཟུགས་དང་འདུ་ཤེས་སོགས་ཀྱང་སྡུག་བསྔལ་དུ་བལྟ་མོད་ཀྱི། དེ་དག་སྡུག་བསྔལ་གྱི་ཚོར་བ་བཞིན་དུ་གནོད་ཅིང་སྡུག་བསྔལ་བ་ནི་མ་ཡིན་པ་བཞིན་ནོ། །བཙུན་པ་གཞོན་ནུ་ལེན་ན་རེ། སྡུག་བསྔལ་གྱི་རྒྱུ་ཡིན་ པའི་ཕྱིར་རོ་སྙམ་དུ་མོས་པ་དེའི་དེ་ནི་ཀུན་འབྱུང་གི་རྣམ་པ་ཡིན་གྱི། སྡུག་བསྔལ་གྱི་རྣམ་པ་ནི་མ་ཡིན་ཏེ། སྡུག་བསྔལ་ལ་རྒྱུར་བལྟ་བའི་ཕྱིར། གཞན་ཡང་ཁམས་གོང་ན་སྤྱོད་པའི་འཕགས་པ་རྣམས་ཀྱི་ཕུང་པོ་ཆོས་ཅན། སྡུག་བསྔལ་གྱི་འདུ་ཤེས་འཇུག་ པ་མི་རིགས་པར་ཐལ། ཕྱིར་མི་འོང་གི་ཕུང་པོ་རྣམས་སྡུག་བསྔལ་གྱི་གནས་སུ་མི་འོང་བའི་ཕྱིར། ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། བདེ་བ་ཡང་སྡུག་བསྔལ་ཉིད་དུ་བལྟ་ན་ཆོས་ཅན། གང་མི་རྟག་ན་སྡུག་བསྔལ་ལོ་ཞེས་འདུ་བྱེད་སྡུག་བསྔལ་དུ་ བཤད་མི་དགོས་པར་ཐལ། སྡུག་བསྔལ་གྱི་རྒྱུ་ཡིན་པ་ཁོ་ནས་སྡུག་བསྔལ་ཡིན་པ་དེ་འགྲུབ་པའི་ཕྱིར། གལ་ཏེ་མི་རྟག་པ་ནི་སྡུག་བསྔལ་བ་ཡིན་པའི་ཕྱིར་སྡུག་བསྔལ་དུ་བལྟ་ཡི། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཆ་ནས་མ་ཡིན་ན། འོ་ན་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་ 3-1-226b དག་ལ་ཁྱད་ཅི་ཞིག་ཡོད། སློབ་དཔོན་གྱིས་དེའི་ཁྱད་པར་ནི། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་མི་རྟག་པར་བལྟ་ལ། མི་མཐུན་པ་ཡིན་པའི་ཕྱིར་སྡུག་བསྔལ་དུ་བལྟ་སྟེ། མི་རྟག་པར་མཐོང་ན་མི་མཐུན་པར་འགྱུར་བས་མི་རྟག་པའི་རྣམ་པས་སྡུག་བསྔལ་གྱི་ རྣམ་པ་འདྲེན་པར་བྱེད་པའི་ཕྱིར། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ཅེས་བཤད་པ་དེ་རྣམ་པ་གཅིག་པའི་ཕྱིར་དེ་སྐད་དུ་བཤད་པ་མ་ཡིན་ཏེ། འོན་ཀྱང་བདེ་བ་དེ་མི་རྟག་པར་མཐོང་ན་མི་མཐུན་པར་འགྱུར་ལ། མི་མཐུན་པ་ཉིད་ཀྱི་སྡུག་བསྔལ་ཉིད་དུ་བལྟ་བའི་ ཕྱིར། བཙུན་པ་དཔལ་ལེན་ན་རེ། བདེ་བའི་ཚོར་བ་མེད་དེ། ཐམས་ཅད་སྡུག་བསྔལ་ཁོ་ནར་མདོ་དང་རིགས་པ་ལས་ཁོང་དུ་ཆུད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་དང་། བདེ་བའི་ཚོར་བ་ནི་སྡུག་བསྔལ་ དུ་བལྟའོ་ཞེས་དང་། སྡུག་བསྔལ་ལ་བདེའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་གོ་ཞེས་གསུངས་ལ། རིགས་པ་ནི་བདེ་བའི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་ཏེ། བདེ་བའི་རྒྱུ་བཟའ་བཏུང་དང་གྲང་དྲོ་ལ་སོགས་པར་འདོད་པ་དག་ཧ་ཅང་སྤྱད་པ་དང་། དགུན་གྲང་བ་ དང་སོས་དྲོ་བར་སྤྱད་པ་རྣམས་ཀྱང་སྡུག་བསྔལ་གྱི་རྒྱུར་འགྱུར་བའི་ཕྱིར། ཁ་ཟས་བདེ་བའི་རྒྱུ་ཡིན་ན་ཆོས་ཅན། རྒྱུ་ཁ་ཟས་ཟོས་པས་བདེ་བ་འཕེལ་བའམ་མཉམ་པ་ཁོ་ནར་ཐལ། བདེ་བའི་རྒྱུ་འཕེལ་བའམ་མཉམ་པས་ནི་དུས་གཞན་དུའང་སྡུག་བསྔལ་ བསྐྱེད་པར་མི་རིགས་པའི་ཕྱིར། འདོད་མི་ནུས་པས། དེ་དག་ནི་དང་པོ་ཁོ་ན་ནས་སྡུག་བསྔལ་གྱི་རྒྱུ་དག་ཡིན་ཅིང་བདེ་བའི་རྒྱུ་མིན་ལ། དང་པོ་སྡུག་བསྔལ་དུ་མི་གསལ་བས་སྡུག་བསྔལ་གྱི་རྒྱུར་མ་རྟོགས། ཕྱིས་སྡུག་བསྔལ་འཕེལ་བས་སྡུག་བསྔལ་གྱི་རྒྱུར་གསལ་ 3-1-227a བར་རྟོགས་པ་ཡིན། སྤྱོད་ལམ་གྱིས་བྱེ་བྲག་ལའང་ཉལ་བ་སོགས་ཧ་ཅང་བསྟེན་པ་དང་། དུས་མ་ཡིན་པར་བརྟེན་པ་ལའང་དེ་བཞིན་བརྗོད་པར་བྱའོ། །སྡུག་བསྔལ་གྱི་གཉེན་པོ་ལ་ཡང་བདེ་བའི་བློ་སྐྱེ་བར་མཐོང་སྟེ། ཇི་སྲིད་དུ་བཀྲེས་སྐོམ་ ཚ་གྲང་ངལ་བ་དང་། འདོད་པའི་འདོད་ཆགས་ལས་སྐྱེས་པའི་སྡུག་བསྔལ་ལས་སྡུག་བསྔལ་གཞན་གྱིས་གཙེས་པར་མ་གྱུར་པ་དེ་སྲིད་དུ་བདེའོ་སྙམ་དུ་ཚོར་བ་ཅུང་ཟད་ཀྱང་མེད་ལ། དེས་ན་བླུན་པོ་རྣམས་གཉེན་པོ་ཁོ་ན་ལ་བདེ་བའི་བློ་འཇུག་གི། བདེ་བ་ལ་ནི་མ་ཡིན་པའི་ ཕྱིར། འདིར་སྡུག་བསྔལ་གྱི་གཉེན་པོ་ཀ་བདེ་བ་ཡིན་པས་སྡུག་བསྔལ་གྱི་གཉེན་པོ་ལ་བདེ་བའི་བློ་སྐྱེ་བ་དེས་སླར་ལ་བདེ་བ་སྒྲུབ་པར་མི་འགྲོའམ་སྙམ་ན། སྡུག་བསྔལ་གྱི་གཉེན་པོ་བྱ་བ་དེ་སྡུག་བསྔལ་རིས་མཐུན་ནང་འགལ་ལ་གཉེན་པོར་བརྗོད་ན་བདེ་བའི་བློ་སྐྱེས་པ་ཡིན་གྱི། དེ་ལ་བདེ་བ་རང་གཅིག་ཡོད་ནས་བདེ་བའི་བློ་སྐྱེས་པ་ལྟ་ག་ལ་ཡིན་ནོ། །ཡང་སྡུག་བསྔལ་གྱི་བྱེ་བྲག་ལ་ཡང་བདེ་བའི་བློ་སྐྱེ་བ་མཐོང་སྟེ། ཕྲག་པ་སྔ་མ་ལྗིད་པས་ན་བ་ནས་ཕྲག་པ་ཕྱི་མར་ཁུར་སྦེད་པར་བྱེད་པའི་སྡུག་བསྔལ་ཕྱི་མ་ལ་བདེ་བའི་བློ་བསྐྱེད་པ་ལྟ་བུའི་ཕྱིར་རོ། །དེས་ ན་བདེ་བ་ནི་མེད་པ་ཁོ་ནའོ་ཟེར་རོ། །ཆོས་མངོན་པ་རྣམས་ནི། བདེ་བ་ནི་དོན་ལ་ཡོད་པ་ཉིད་དུ་ཟེར་རོ། །སློབ་དཔོན་ནི་འདི་ཉིད་རིགས་པར་བཞེད་དོ། །ཇི་ལྟར་རིགས་ན། སློབ་དཔོན་གྱིས་བདེ་བ་ལ་སྐུར་འདེབས་དེ་ལ་འདི་འདྲི་སྟེ། སྡུག་བསྔལ་བྱ་བ་འདི་ཅི་ཞིག་ཡིན། གནོད་པའི་བདག་ཉིད་གང་ཡིན་པའོ་ཞེས་ཟེར་ན་ནི་གནོད་པའི་བདག་ཉིད་དེ་ཇི་ལྟ་བུའོ་ཞེས་བརྗོད་དགོས་སོ། །གལ་ཏེ་གནོད་པར་བྱེད་པ་ཡིན་ནོ་ཞེས་ཟེར་ན་ནི། འོ་ན་ནི་བདེ་བ་ཡོད་པར་གྲུབ་སྟེ། ཕན་པར་བྱེད་པ་བདེ་བ་ཡིན་པའི་ཕྱིར། གལ་ཏེ་ཕན་པར་བྱེད་པའི་བདེ་བ་ 3-1-227b དེ་འཁོར་བར་འཆིང་བྱེད་ཡིན་པས། འཕགས་པས་མི་འདོད་པས་སྡུག་བསྔལ་ཡིན་ནོ་ཞེས་ཟེར་ན་ནི། འོ་ན་དེ་བདེ་བར་གྲུབ་སྟེ། དེ་བྱིས་པས་འདོད་པའི་བདེ་བ་ཡིན་པའི་ཕྱིར། གལ་ཏེ་བྱིས་པའི་འདོད་པ་ལ་བློ་གཏད་ཅིའང་མེད་པས། བྱིས་པའི་འདོད་པ་དེ་ཉིད་འཕགས་ པ་རྣམས་འདོད་ཆགས་དང་བྲལ་བའི་ཚེ་བཞེད་པ་མ་ཡིན་པས་དེའི་བདེ་བ་དེའང་སྡུག་བསྔལ་ཁོ་ན་ཡིན་ཏེ། དེས་ན་བྱིས་པའི་འདོད་པ་དེ་ལ་བློ་གཏད་མེད་པས་འདོད་པ་ཉིད་ཡོངས་སུ་མ་རྫོགས་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། མི་འདོད་པ་ནི་བག་མེད་པ་ལ་སོགས་ཉེས་དམིགས་ གཞན་འབྱུང་བས་མི་འདོད་པ་ཡིན་གྱི། བདེ་བ་དེ་རང་གི་ངོ་བོས་རྫོགས་པར་མི་འདོད་པ་མ་ཡིན་པའི་ཕྱིར། གྲུབ་སྟེ། ཚོར་བ་གང་ཞིག་རང་གི་མཚན་ཉིད་ཀྱི་འདོད་པ་དེ་ནི་ནམ་ཡང་དེ་ཁོ་ནས་མི་འདོད་པར་མི་འགྱུར་བའི་ཕྱིར་ཏེ། འཕགས་པས་མི་བཞེད་པར་འགྱུར་བ་ནི་ ཉེས་དམིགས་གཞན་བསྐྱེད་པས་ཉེས་པ་སུན་འབྱིན་པར་བྱེད་པའི་ཆ་ནས་དང་། བདེ་བ་དེའི་ཆེད་དུ་སྲོག་གཅོད་པ་སོགས་བག་མེད་པའི་གནས་ལ་སྤྱད་པས་བདེ་ལས་ཉམས་པའི་རྒྱུ་ཡིན་པའི་ཆ་ནས་དང་། མངོན་པར་འདུ་བྱ་བ་ཆེན་པོས་བདེ་བ་སྒྲུབ་པའི་མཇུག་ཐོགས་སུ་ སྡུག་བསྔལ་སྐྱེ་བའི་ཆ་ནས་དང་། གནས་སྐབས་འགྱུར་ཞིང་མཐར་འཇིག་པར་ལྟ་བའི་ཆ་ནས་སྡུག་བསྔལ་དུ་བལྟའི། བདེ་བ་རང་གི་མཚན་ཉིད་ཀྱི་ཆ་ནས་ནི་མ་ཡིན་པའི་ཕྱིར་ཏེ། བདེ་ཚོར་གྱི་རྣམ་པས་ནི་འཕགས་པ་རྣམས་ལའང་ཕན་འདོགས་བྱེད་ལ་བསླུ་བ་མ་ཡིན་ པའི་ཕྱིར། གལ་ཏེ་དེ་རང་གི་མཚན་ཉིད་ཀྱིས་མི་འདོད་པའི་ངོ་བོར་གྱུར་ན་བདེ་བ་ལ་འདོད་ཆགས་དང་བྲལ་བའི་ཆེད་དུ་འབད་པ་དོན་མེད་པར་ཐལ། བདེ་བའི་ཚོར་བ་དེ་ལ་རང་གི་མཚན་ཉིད་ཀྱི་མི་འདོད་པ་ཉིད་ཀྱིས་འདོད་ཆགས་སྐྱེ་བར་མི་འགྱུར་བའི་ཕྱིར། སྡུག་བསྔལ་ 3-1-228a གྱི་ཚོར་བ་བཞིན་ནོ། །འདོད་མི་ནུས་པ་དེས་ན་བདེ་བའི་ཚོར་བ་ནི་རང་གི་མཚན་ཉིད་ཀྱིས་ཡོད་ཀྱང་། འདོད་ཆགས་དང་བྲལ་བའི་ཆེད་དུ་བདེ་བ་ལ་ཉེས་པའི་རྣམ་པ་གཞན་གྱི་སྒོ་ནས་སྐྱོན་དང་སྡུག་བསྔལ་དུ་ལྟ་བ་འདི་གྲུབ་བོ། །གང་ཅི་ཚོར་ཡང་རུང་། དེ་ནི་འདིར་སྡུག་བསྔལ་ལོ་ཞེས་པ་ནི། བཅོམ་ལྡན་འདས་ཉིད་ཀྱིས་ཀུན་དགའ་བོ་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་ནི་ངས་འདུ་བྱེད་མི་རྟག་པ་དང་། འདུ་བྱེད་རྣམས་འགྱུར་བ་ཉིད་ལ་དགོངས་ནས་གསུངས་སོ་ཞེས་དོན་ངེས་པར་མཛད་དོ། །དེས་ན་ འདི་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་དགོངས་ཏེ་གསུང་བ་མིན་པར་གྲུབ་སྟེ། དེ་ནི་སྡུག་བསྔལ་དུ་གང་ཟག་ཐམས་ཅད་ལ་གྲུབ་པའི་ཕྱིར། ཚོར་བ་ཐམས་ཅད་རང་བཞིན་གྱི་སྡུག་བསྔལ་ཡིན་ན། ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་དུ་བདེ་སྡུག་བཏང་སྙོམས་ ཀྱི་ཚོར་བ་གསུམ་ཡང་གསུངས་ལ། ཅི་ཚོར་བ་སྡུག་བསྔལ་ཞེས་ཀྱང་གསུངས་ན། ཅི་ལ་དགོངས་ནས་དེ་སྐད་ཅེས་བཀའ་སྩལ་ཅེས་ཞུས་ཏེ། ཞུ་བ་པོས་ཀྱང་ཅི་ལ་དགོངས་ནས་ཚོར་བ་གསུམ་བཀའ་སྩལ་ཅེས་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ཚོར་བ་གསུམ་འདི་ནི་ངས་ དགོངས་ནས་བཤད་པ་ཡིན་ཅེས་ལུང་བསྟན་པར་གྱུར་པ་ཞིག་ན་དེ་སྐད་དུ་བཀའ་མ་སྩལ་ཏེ། དེས་ན་ཚོར་བ་གསུམ་ནི་རང་གི་ངོ་བོས་ཡོད་ལ། ཅི་ཚོར་བ་སྡུག་བསྔལ་ལོ། །ཞེས་དགོངས་ནས་བཤད་ཅེས་ཚིག་འདི་འགྱུར་བ་ཉིད་ལ་དགོངས་ནས་དགོངས་པ་ཅན་དུ་མཛད་དོ། །བདེ་ བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟའོ་ཞེས་པ་ལ་ཡང་བདེ་སྡུག་གཉིས་ཀ་ཡོད་དེ། རང་གི་ངོ་བོས་ཡིད་དུ་འོང་བས་བདེ་བ་ཡིན་ལ། འགྱུར་བ་དང་མི་རྟག་པའི་རྣམ་པའི་གྲངས་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར། དེ་ལ་བདེ་བར་མཐོང་ན་ནི་འདོད་ཆགས་ཅན་རྣམས་དེའི་རོ་མྱོང་ 3-1-228b བར་བྱེད་པས་འཆིང་བར་འགྱུར་ལ། སྡུག་བསྔལ་དུ་མཐོང་ན་ནི་དེ་ལ་འདོད་ཆགས་དང་བྲལ་བས་ཐར་བར་འགྱུར་བས། བཅོམ་ལྡན་འདས་ཀྱི་ཐར་པར་འགྱུར་བ་དེ་ཁོ་ན་བཞིན་དུ་བལྟ་བར་བཀའ་སྩལ་བ་ཡིན་ནོ། །དེ་རང་གི་ངོ་བོས་བདེ་བར་ཤེས་ཏེ། རྫོགས་པའི་ སངས་རྒྱས་རབ་མཁྱེན་གྱིས། །འདུ་བྱེད་མི་རྟག་ཉིད་དང་ནི། །རྣམ་པར་འགྱུར་བ་ཉིད་མཁྱེན་ནས། །ཚོར་བ་སྡུག་བསྔལ་བར་གསུངས་སོ། །གང་ཡང་སྡུག་བསྔལ་ལ་བདེ་བའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་གོ་ཞེས་གསུངས་པའང་དགོངས་པ་ཅན་ཡིན་ཏེ། འཇིག་རྟེན་ ན་ཚོར་བ་དང་། འདོད་ཡོན་དང་། ལྷ་མིའི་སྐྱེ་བ་ལ་བདེ་བར་འདུ་ཤེས་སོ། །དེ་ལ་བདེ་བའི་ཚོར་བ་ལ་རྣམ་གྲངས་ཀྱི་སྡུག་བསྔལ་ཡོད་པ་དེའི་ཕྱིར་མཐའ་གཅིག་ཏུ་བདེ་བར་བལྟ་བ་ནི་ཕྱིན་ཅི་ལོག་ཡིན་ལ། གཟུགས་སོགས་ཡིད་འོང་གི་བདེ་སྡུག་འདྲེས་མ་དེ་ལ་བདེ་བ་ ཆུང་ཞིང་སྡུག་བསྔལ་གཞི་ཆེ་བས་མཐའ་གཅིག་ཁོ་ནར་བདེ་བར་ལྟ་བ་ནི་ཕྱིན་ཅི་ལོག་ཡིན་ལ། བདེ་བ་གཏན་མེད་ནི་མ་ཡིན་པའི་ཕྱིར་རོ། །སྐྱེ་བ་ལའང་དེ་དང་འདྲ་བ་དེས་ན་ལུང་དེས་བདེ་བའི་དབང་པོ་མེད་པར་གྲུབ་བོ། །ཚོར་བ་ཐམས་ཅད་རང་གི་ངོ་བོ་ཁོ་ནས་སྡུག་ བསྔལ་ཡིན་པར་གྱུར་ན་ཚོར་བ་གསུམ་ཞེས་གསུངས་པ་ལ་ཡོན་ཏན་ཅི་ཞིག་ཡོད་པར་འགྱུར། འཇིག་རྟེན་གྱི་ཚོར་བ་དང་རྟོགས་པ་དང་མཐུན་པར་ཚོར་བ་གསུམ་གསུངས་སོ་ཞེ་ན། མ་ཡིན་ཏེ། ཚོར་བ་ཐམས་ཅད་སྡུག་བསྔལ་ལོ་ཞེས་བྱ་བ་ལ་སོགས་པས་རང་གི་མཚན་ ཉིད་ཀྱི་སྒོ་ནས་ངེས་པར་འཛིན་པར་མཛད་དོ་ཞེས་དགོངས་ནས་བཀའ་སྩལ་པའི་ཕྱིར། ཚོར་བ་གསུམ་དོན་དམ་པར་ཡོད་ཀྱི། འཇིག་རྟེན་དང་མཐུན་པ་ནི་མ་ཡིན་ཏེ། ཡང་དག་པར་ཅི་ལྟ་བ་བཞིན་ཅེས་གསུངས་པའི་ཕྱིར། གྲུབ་སྟེ། བདེ་བའི་དབང་པོ་གང་ཡིན་པ་དང་། 3-1-229a ཡིད་བདེ་བའི་དབང་པོ་གང་ཡིན་པ་འདི་ནི་བདེ་བའི་ཚོར་བ་ཡིན་པར་བལྟ་བར་བྱའོ། །སྡུག་བསྔལ་གྱི་དབང་པོ་གང་ཡིན་པ་དང་། ཡིད་མི་བདེ་བའི་དབང་པོ་གང་ཡིན་པ་འདི་ནི་སྡུག་བསྔལ་གྱི་ཚོར་བ་ཡིན་ནོ། །བཏང་སྙོམས་ཀྱི་དབང་པོ་གང་ཡིན་པ་ འདི་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡིན་ནོ་ཞེས་རྒྱས་པར་གསུངས་ནས་ཚོར་བ་གསུམ་ཡོད་པའི་ཁུངས་ནི། གང་གི་དབང་པོ་ལྔ་པོ་འདི་དག་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ཞིང་། དེའི་ཀུན་ཏུ་སྦྱོར་བ་གསུམ་ཡང་སྤངས་པ་ཡིན་ཅེས་བྱ་བ་དེ་ ལྟ་བུ་ལ་སོགས་པ་གསུངས་སོ། །འཇིག་རྟེན་ཡང་ཇི་ལྟར་ན་སྡུག་བསྔལ་གྱི་ཚོར་བ་ཆུང་ཆེན་འབྲིང་གསུམ་ལ་བདེ་སྡུག་བཏང་སྙོམས་ཀྱི་བློ་སྐྱེའོ་ཞེ་ན། འོ་ན་སྡུག་བསྔལ་ཆུང་འབྲིང་ཆེན་པོ་དག་ལ་བདེ་བ་ཆེ་འབྲིང་ཆུང་ངུ་དག་གི་བློ་སྐྱེ་བར་རིགས་པར་ཐལ། བདེ་བ་ལའང་ཆུང་ འབྲིང་ཆེན་པོ་གསུམ་ཡོད་པ་ལས། སྡུག་བསྔལ་ཆེན་པོ་ལ་ནི་བདེ་བ་ཆུང་ངུའི་བློ་སྐྱེ་བར་རིགས་པ་མ་ཡིན་པའི་ཕྱིར། གྲུབ་སྟེ། དེ་ལ་བདེ་བ་ཆུང་ངུའི་བློ་སྐྱེ་བར་འགྱུར་ན་སྡུག་བསྔལ་ཆེན་པོ་ཉིད་དུའང་མི་འགྱུར་བའི་ཕྱིར། ཡང་སྡུག་བསྔལ་ཆུང་ངུ་ལ་བདེ་བ་ཆེན་པོའི་བློ་སྐྱེ་ བ་ཆོས་ཅན། སྡུག་བསྔལ་ཆུང་ངུ་མ་ཡིན་པར་ཐལ། བདེ་བ་ཆེན་པོ་གསལ་བར་ཉམས་སུ་མྱོང་བ་ནི་སྡུག་བསྔལ་ཆུང་ངུར་རིགས་པ་མ་ཡིན་པའི་ཕྱིར། གང་གི་ཚེ་དྲི་རོ་རེག་བྱ་བཏང་སྙོམས་ཀྱི་ཁྱད་པར་ལ་བདེ་བ་མྱོང་བའང་མཐོང་བས། དེའི་ཚེ་བཏང་སྙོམས་དེ་སྡུག་བསྔལ་ ཆུང་ངུར་གྱུར་པ་གང་ཡིན་པའང་བརྗོད་དགོས་ན་བརྗོད་པར་ནུས་པ་མ་ཡིན་ཏེ། སྡུག་བསྔལ་དང་བཏང་སྙོམས་འགལ་བའི་ཕྱིར། དེ་བས་ན་བདེ་བ་ཡུལ་གྱི་སྟོབས་ཁོ་ན་ལས་སྐྱེ་བ་ཡིན་ཏེ། མཚུངས་པ་དེ་མ་ཐག་རྐྱེན་སྡུག་བསྔལ་ཆུང་ངུའམ་སྡུག་བསྔལ་ཆེན་པོའི་སྟོབས་ཀྱིས་ 3-1-229b སྐྱེ་བ་མ་ཡིན་པའི་ཕྱིར། ཡང་སྡུག་བསྔལ་ཆུང་ངུ་མ་སྐྱེས་པའམ། སྐྱེས་ནས་འགགས་པ་ན་ཆོས་ཅན། སྡུག་བསྔལ་མ་ལུས་པ་དང་བྲལ་བའི་བདེ་བློ་ཤིན་ཏུ་ཆེ་བ་སྐྱེ་བར་ཐལ། སྡུག་བསྔལ་ཆུང་ངུ་ལའང་བདེ་བའི་བློ་སྐྱེ་བའི་ཕྱིར། དེ་བཞིན་དུ་འདོད་ཆགས་ཀྱི་སྡུག་བསྔལ་ ཆུང་ངུ་དེ་མ་སྐྱེས་པ་དང་། འགག་པ་ན་ཆོས་ཅན། འདོད་པའི་བདེ་བློ་ཤིན་ཏུ་ཆེས་སྐྱེ་བར་ཐལ། འདོད་ཆགས་ཀྱི་སྡུག་བསྔལ་ཆུང་ངུ་ལ་འདོད་པའི་བདེ་བློ་ཆེན་པོ་སྐྱེ་བའི་ཕྱིར་ཞེས་བརྗོད་པར་བྱའོ། །འདོད་མི་ནུས་ཏེ། དེ་ལྟ་བུ་མ་མཐོང་བའི་ཕྱིར། སྡུག་བསྔལ་གྱི་ཚོར་བ་ཆུང་ ངུ་ལ་ནི་བདེ་བའི་ཉམས་མྱོང་ཤིན་ཏུ་ཆེས་གསལ་དུ་འཛིན་ལ། སྡུག་བསྔལ་གྱི་ཚོར་བ་འབྲིང་ལ་བཏང་སྙོམས་ཀྱི་ཚོར་བ་མི་གསལ་བར་འཛིན་བྱ་འདི་མི་རུང་བར་ཐལ། རུང་ན་སྡུག་བསྔལ་འབྲིང་ལ་མི་གསལ་བར་འཛིན་ན་སྡུག་བསྔལ་ཆུང་ངུ་ལ་ནི་དེ་ལ་དེ་ལས་ཀྱང་ཆེས་ཆེར་མི་ གསལ་བར་འཛིན་རིགས་པའི་ཕྱིར། བསམ་གཏན་དང་པོ་གཉིས་པ་གསུམ་པ་ན། མདོ་ལས། བདེ་བའི་ཚོར་བ་ཡོད་དོ་ཞེས་འབྱུང་བས་དེར་སྡུག་བསྔལ་ཆུང་ངུ་ཡོད་པར་ཐལ། སྡུག་བསྔལ་ཆུང་ངུ་ལ་བདེ་བའི་བློ་སྐྱེ་བར་འདོད་པའི་ཕྱིར། བསམ་གཏན་བཞི་པ་དང་གཟུགས་མེད་ པ་དག་ན་ཆོས་ཅན། མདོ་ལས། གོང་ནས་བདེ་བ་ཡང་མ་ཡིན་པ་ཡོད་དོ་ཞེས་འབྱུང་བས་སྡུག་བསྔལ་ཡང་འབྲིང་པོ་ཡོད་པར་ཐལ། སྡུག་བསྔལ་འབྲིང་ལ་བཏང་སྙོམས་ཀྱི་བློ་སྐྱེ་བར་འདོད་པའི་ཕྱིར། དེས་ན་འདི་དག་འདོད་མི་ནུས་པས་སྡུག་བསྔལ་ཆུང་ངུ་སོགས་ལ་བདེ་སོགས་ ཀྱི་ཚོར་བ་རྣམ་པར་བཞག་མི་རུང་ངོ་། །བཅོམ་ལྡན་འདས་ཀྱིས། མིང་ཅན་གལ་ཏེ་གཟུགས་གཅིག་པུ་སྡུག་བསྔལ་བ་ཞིག་ཡིན་ན་ནི། བདེ་བའང་མེད། བདེ་བ་དང་རྗེས་སུ་འབྲེལ་བའང་མེད། ཡིད་བདེ་ཡང་མེད། ཡིད་བདེ་དང་རྗེས་སུ་འབྲེལ་བ་ཡང་མེད་ལ། བདེ་བའི་ཚོར་བའང་ 3-1-230a གཟུགས་ལ་ཀུན་ཏུ་འདོད་ཆགས་པར་མི་འགྱུར་བ་ཞིག་ན་ཞེས་སོགས་གསུངས་པས་བདེ་བ་ནི་ཅུང་ཟད་ཡོད་དེ། དེ་ལྟར་ན། མདོ་ལས་བདེ་བའི་ཚོར་བ་མེད་པར་མི་འགྲུབ་བོ། །གང་ཡང་བདེ་བའི་རྒྱུད་རྣམ་པར་མི་གནས་པའི་ཕྱིར། ཞེས་སྨྲས་པ་དེའང་ཆོས་ ཅན། བདེ་བའི་རྒྱུ་ཡོངས་སུ་མ་ཤེས་ནས་སྡུག་བསྔལ་དུ་གྱུར་པས་སྨྲས་པར་ཟད་དེ། ཡུལ་འབའ་ཞིག་ནི་བདེ་བའི་རྒྱུ་མ་ཡིན་པས་རྟེན་གྱི་ཁྱད་པར་ལ་བལྟོས་ནས་ཡུལ་བདེ་བའི་རྒྱུའམ་སྡུག་བསྔལ་གྱི་རྒྱུ་རིག་པའི་ཕྱིར། གྲུབ་ཚུལ་ནི། ཡུལ་ཁ་ཟས་གཅིག་པུ་བདེ་བའི་རྒྱུ་ཡིན་ན་ཆོས་ ཅན། དྲག་པོ་ཚད་མེད་དུ་ཟོས་ན་བདེ་བ་ཚད་མེད་དུ་སྐྱེ་བར་ཐལ། ཡུལ་གཅིག་པུ་བདེ་བའི་རྒྱུ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལུས་བཀྲེས་པ་ན་ཡུལ་ཁ་ཟས་ཀྱིས་བདེ་བའི་རྒྱུ་བྱེད་ཀྱི། གཞན་དུ་སྡུག་བསྔལ་གྱི་རྒྱུ་བྱེད་པའི་ཕྱིར། ཡང་བཀྲེས་པའི་ལུས་སྐབས་དང་འཕྲད་ན་ བདེ་བའི་རྒྱུ་ཡིན་པའི་ཁ་ཟས་ཆོས་ཅན། བདེ་བའི་རྒྱུར་གནས་པ་ཁོ་ན་ཡིན་ཏེ། བཀྲེས་སྐབས་དང་འཕྲད་ནས་སྡུག་བསྔལ་སྐྱེ་བའི་རྒྱུ་མ་ཡིན་པ་ནི། བཀྲེས་སྐབས་ནམ་དུའང་སྡུག་བསྔལ་གྱི་རྒྱུ་མ་ཡིན་པའི་ཕྱིར། དཔེར་ན་མ་ཚོས་པ་བཙོ་བར་བྱ་བའི་འབྱུང་བའི་ཁྱད་པར་འབྲས་ ཀྱི་ཚོགས་ཤས་ཀྱིས་ཚོས་པ་ལ་ནི་མེ་དེ་ཉིད་ཞིམ་པར་ཚོས་པའི་རྒྱུ་ཡང་ཡིན་ཅིང་། ཚོས་ཟིན་པ་དེ་ཉིད་བཙོས་པས་ཚིག་ནས་མི་ཞིམ་པར་ཚོས་པའི་རྒྱུ་ཡང་ཡིན་ལ། བཙོ་བྱའི་འབྱུང་བའི་གནས་སྐབས་གང་དང་འཕྲད་ནས་ཞིམ་པར་ཚོས་པའི་རྒྱུ་ཡིན་པར་གྱུར་བ་དེ་དང་འཕྲད་ ན་ཕྱིས་ཚོས་པའི་རྒྱུ་མ་ཡིན་པ་མ་ཡིན་པ་བཞིན་ནོ། །བསམ་གཏན་དག་ནའང་བདེ་བའི་རྒྱུ་མི་གནས་པ་མི་འཐད་དེ། བསམ་གཏན་དང་པོ་ནས་གསུམ་པའི་བར་བདེ་བའི་རྒྱུ་སྙོམས་འཇུག་ཇི་ལྟར་རྒྱས་བཞིན་བདེ་བ་རྒྱས་རིགས་པའི་ཕྱིར། གང་ཡང་གཉེན་པོ་ལས་བདེ་བའི་བློ་སྐྱེས་ 3-1-230b ཞེས་སྨྲས་པ་དེའང་ཆོས་ཅན། འཐད་པར་མ་མཐོང་སྟེ། སྔར་དྲི་ང་བ་དང་རོ་མི་ཞིམ་པས་གདུངས་པའི་དྲི་ཞིམ་སོགས་མྱོང་བ་ལ་ལྟ་གཉེན་པོས་བདེ་བའི་བློ་སྐྱེ་རུང་ལ། སྔར་དྲི་རོ་མ་མྱོང་བས་གདུངས་པ་མེད་པའི་དྲི་རོ་ཞིམ་པོ་མྱོང་བ་ནི་གང་གི་གཉེན་པོའང་མི་རིགས་པའི་ ཕྱིར། དེས་ན་སྡུག་བསྔལ་སྔ་མ་དེ་མ་སྐྱེས་པ་དང་འགག་ན་བདེ་བློ་ཤིན་ཏུ་ཆེས་སྐྱེ་བར་འགྱུར་ཏེ། སྡུག་བསྔལ་ཆུང་ངུ་ལའང་བདེ་བའི་བློ་སྐྱེ་བའི་ཕྱིར། གཉེན་པོ་ལས་བདེ་བའི་བློ་སྐྱེ་བ་ཡིན་ན་ཆོས་ཅན། བསམ་གཏན་ལས་སྐྱེས་པའི་བདེ་བ་དེ་གཉེན་པོ་ལས་སྐྱེས་པའི་ བདེ་བའི་བློ་དེ་མ་ཡིན་པར་ཐལ། བསམ་གཏན་དག་ན་སྡུག་བསྔལ་མེད་པའི་ཕྱིར། ལ་སོགས་པས་སྡུག་བསྔལ་ལས་གཉེན་པོ་ལས་བདེ་བའི་བློ་སྐྱེ་བ་ཡིན་ན། མིང་ཅན་གལ་ཏེ་གཟུགས་གཅིག་ཏུ་སྡུག་བསྔལ་བ་ཞིག་ཡིན་པར་གྱུར་ན་ནི་ཞེས་སོགས་ཀྱི་ལུང་གིས་མི་འཐད་ པར་བཤད་ཟིན་ཏོ། ཁུར་སྤོད་པ་ལའང་ཇི་སྲིད་དུ་ལུས་ཀྱི་གནས་སྐབས་བདེ་བ་སྐྱེ་བ་དང་མཐུན་པར་དཔུང་གཡོན་ལ་ཁྲག་མ་བབ་པ་མེད་པར་མ་གྱུར་གྱི་བར་དུ་བདེ་བའི་ཚོར་བ་ཁོ་ན་སྐྱེ་བར་འགྱུར་བ་ཡིན་གྱི། དེ་སྡུག་བསྔལ་གྱི་ཚོར་བ་ལ་བདེ་བ་ཉིད་དུ་བརྟགས་པ་ནི་མ་ ཡིན་ནོ། །ལུས་ཀྱི་གནས་སྐབས་དེ་ལྟ་བུ་དེ་མེད་པར་མ་གྱུར་གྱི་བར་དུ་གནས་སྐབས་གཞན་ལས་སྐྱེས་པའི་བདེ་བ་ཁོ་ན་སྐྱེ་བར་མི་འགྱུར་ན་ནི་ཆོས་ཅན། སྤོས་ནས་ཅུང་ཞིག་ལོན་པ་ན་ཕྱིས་བདེ་བའི་བློ་ཇེ་མང་དུ་འཕེལ་བར་ཐལ། དེ་སྡུག་བསྔལ་གྱི་བྱེ་བྲག་ལ་བདེ་བའི་ བློ་སྐྱེ་བ་གང་ཞིག །སྤོས་པའི་དུས་དེ་རང་དུ་ནི་བདེ་བ་དེ་མི་སྐྱེ་བའི་ཕྱིར། ངལ་བའི་སྤྱོད་ལམ་གྱི་གནས་སྐབས་ལ་ཡང་ངལ་བསོ་བ་ན་བདེ་བའི་ཚོར་བ་ཁོ་ན་སྐྱེ་བ་ཡིན་ཏེ། སྡུག་བསྔལ་གྱི་ཚོར་བ་ལ་བདེ་བར་བརྟགས་པ་ནི་མ་ཡིན་པར་རིགས་པའི་ཕྱིར་རོ། །གལ་ཏེ་ 3-1-231a དང་པོ་ནས་སྡུག་བསྔལ་དེའི་རྩོམ་གཞིར་མེད་ན་ཟས་སྐོམ་གྱི་མཇུག་ཏུ་སྡུག་བསྔལ་གྱི་བློར་ག་ལ་འགྱུར་ཞེ་ན། སྐོམ་ལ་སོགས་པ་ཧ་ཅང་བསྟེན་པ་གང་གིས་ན་བདེ་བ་སྐྱེ་བའི་གནས་སྐབས་ན་སྡུག་བསྔལ་མི་སྐྱེའི། མཇུག་ཏུ་ནི་སྐྱེ་བར་འགྱུར་བ་དེ་ ལྟ་བུ་ལུས་ཀྱི་བདེ་བ་ཡོངས་སུ་འགྱུར་པས་སྡུག་བསྔལ་ཕྱིས་འབྱུང་བར་འགྱུར་ཏེ། དཔེར་ན་ཆང་དང་འོ་མ་སོགས་མངར་བའི་གནས་སྐབས་ཡིན་པ་ལ་མཇུག་ཏུ་མངར་བ་མེད་པ་ལ་སྐྱུར་བ་སྟེ་སྐྱུར་བ་ཉིད་འབྱུང་བར་གྱུར་པ་གང་ཡིན་པ་དེ་དང་འདྲ་བའི་ཡོངས་སུ་འགྱུར་བའི་ ཁྱད་པར་ཕྱིས་སྐྱེ་བར་འགྱུར་བ་ལྟ་བུའོ། །དེས་ན་བདེ་བའི་ཚོར་བ་ཡོད་པ་ཁོ་ནར་གྲུབ་ལ། སྡུག་བསྔལ་ཉིད་གསུམ་དང་ལྡན་པས་ཟག་བཅས་ཐམས་ཅད་སྡུག་བསྔལ་ལོ་ཞེས་གྲུབ་བོ། །ཀུན་འབྱུང་གི་བདེན་པ་གང་ཡིན་པ་དེ་ཉིད་སྡུག་བསྔལ་གྱི་བདེན་པ་ཡིན་ནོ་ཞེས་བྱ་ བ་ནི་མདོ་དང་མི་མཐུན་པར་ཐལ་བ་ཡིན་ཏེ། མདོ་ལས། ཀུན་འབྱུང་གི་བདེན་པ་གང་ཞེ་ན། གང་འདི་དགེ་བ་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་སྟེ། དེ་དང་དེ་ལ་མངོན་པར་དགའ་བ་ཅན་ཡིན་ནོ། །ཞེས་འབྱུང་བས་སྲེད་པ་ཁོ་ན་ལ་བཤད་པའི་ཕྱིར་ཞེ་ན། བྱེ་སྨྲས། སྲེད་པ་ནི་ཀུན་འབྱུང་གི་གཙོ་བོ་ཡིན་པར་མདོ་ལས་བཤད་ཀྱི། མདོ་གཞན་ལས་ལས་དང་མ་རིག་པ་ཡང་ཀུན་འབྱུང་ཡིན་པར་གསུངས་ཏེ། བཅོམ་ལྡན་འདས་ཀྱིས། ལས་དང་སྲེད་པ་དག་ནི་མ་རིག་པ། །ཕྱི་མའི་ཚེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ། །ཞེས་གསུངས་ལ། མདོ་གཞན་ལས་དགེ་སློང་དག་ས་བོན་གྱི་རྣམ་པ་ལྔ་མ་གྲུགས། མ་སྨས་མ་རུལ་ལ་རླུང་དང་ཉི་མས་མ་ཉམས་ཤིང་གྲུང་པོ་ལེགས་པར་གནས་ལ། སའི་ཁམས་དང་ཆུའི་ཁམས་ཀྱང་ཡོད་ན། དེ་ལྟར་ན་ས་བོན་དེ་དག་འཕེལ་ཞིང་མཆེད་པར་འགྱུར་རོ། །དཔེ་དེ་ 3-1-231b བཞིན་ཡང་དགེ་སློང་དག་ས་བོན་གྱི་རིམ་པ་ལྔ་ཞེས་བྱ་བ་འདི་ནི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་དང་བཅས་པའི་ཚིག་བླ་དྭགས་ཡིན་ནོ། །སའི་ཁམས་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་གནས་པ་བཞིའི་ཚིག་གི་བླ་དྭགས་ཡིན་ནོ་ཞེས་གསུངས་པས་ས་བོན་ནི་རྒྱུ་ ཡིན་ནོ། །རྒྱུ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་ཡིན་ནོ། །རྣམ་པར་ཤེས་པ་གནས་པ་ལ་ཡང་རྟེན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ན་མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་ཏེ། ལས་ལ་སོགས་པ་ཡང་རྒྱུ་ཡིན་པ་ཉིད་དུ་གསུངས་པས་ཀུན་འབྱུང་བའི་བདེན་པ་ཉིད་དུ་འགྲུབ་པའི་ ཕྱིར། ཆོས་མངོན་པ་ལས་ཟག་བཅས་ཀྱི་ཕུང་པོ་ལྔ་ཅར་ཀུན་འབྱུང་བདེན་པར་བསྟན་པ་ནི། ཀུན་འབྱུང་གི་མཚན་ཉིད་དང་ལྡན་པའི་ཕྱིར། ཡང་མངོན་པར་གྲུབ་པའི་རྒྱུ་བཀའ་སྩལ་བ་ན་ནི། མདོ་ལས་ཀུན་འབྱུང་གི་བདེན་པ་སྲེད་པ་ཁོ་ན་ཡིན་པར་གསུངས་ལ། སྐྱེ་བ་དང་ མངོན་པར་འགྲུབ་པའི་རྒྱུ་རྒྱུ་དང་བཅས་པར་བཀའ་སྩལ་ན་ནི། ལས་དང་སྲེད་པ་དང་མ་རིག་པའི་བར་ཡིན་པར་གསུངས་ཏེ། སྐྱེ་བའི་རྒྱུ་ནི་ལས་ཡིན་ནོ། །མངོན་པར་འགྲུབ་པའི་རྒྱུ་ནི་སྲིད་པ་དག་ལ་སྲེད་པ་ཡིན་ནོ། །ལས་དང་སྲེད་པ་གཉིས་ཀྱི་རྒྱུ་ནི་མ་རིག་པ་ཡིན་ནོ། །དེ་ཅིས་ ཤེས་ན་མདོ་གཞན་ལས། ལས་ནི་སྐྱེ་བའི་རྒྱུ་ཡིན་ལ། སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་འབྱུང་བས་སོ། །ཡང་ན་མདོ་ལས་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་ཞེས་རིམ་པར་བསྟན་པས་ནི་མིག་སོགས་འདུ་བྱེད་ཀྱི་རྒྱུ་རྐྱེན་གཞི་གསུམ་ནི་ལས་ཡིན་ལ། ལས་ཀྱི་རྒྱུ་རྐྱེན་གཞི་གསུམ་ནི་སྲེད་པ་དང་། སྲེད་པའི་རྒྱུ་རྐྱེན་གཞི་གསུམ་ནི་མ་རིག་པ་དང་། མ་རིག་པའི་རྒྱུ་རྐྱེན་གཞི་གསུམ་ཚུལ་མིན་ཡིད་བྱེད་དོ། །རྣམ་ཤེས་སོགས་ཟག་བཅས་ཀྱི་ཕུང་པོ་ལྔ་ཀ་ཡང་ཀུན་འབྱུང་དུ་གསུངས་ཀྱི། སྲེད་པ་འབའ་ཞིག་ཏུ་མ་ཟད་པས་མདོ་ལས་ 3-1-232a བསྟན་པ་དགོངས་པ་ཅན་ཡིན་ཏེ། ས་བོན་དང་ཞིང་གི་དངོས་པོར་རྣམ་ཤེས་དང་གཞན་ཕུང་པོ་བཞི་སྟོན་པར་མཛད་པའི་ཕྱིར། སྐྱེ་བ་དང་མངོན་པར་འགྲུབ་པ་གང་ཡིན་ཅེ་ན། ཁམས་དང་འགྲོ་བ་དང་སྐྱེ་གནས་སོགས་པས་རིགས་དང་ཕོ་མོ་སོགས་ཀྱི་བྱེ་ བྲག་གིས་ལུས་སྐྱེ་བ་ནི་སྐྱེ་བ་ཡིན་ལ། ཁམས་སོགས་བྱེ་བྲག་མེད་པར་ཡང་སྲིད་དུ་ཉིད་མཚམས་སྦྱོར་བ་ནི་མངོན་པར་འགྲུབ་པ་ཡིན་ནོ། །འདི་གཉིས་ཀྱི་རྒྱུ་ནི་རིམ་བཞིན་ལས་དང་སྲེད་པ་ཡིན་ཏེ། ས་བོན་ནི་ས་ལུ་དང་ནས་སོགས་རིགས་ཀྱི་བྱེ་བྲག་གིས་མྱུ་གུ་སྐྱེ་བའི་རྒྱུ་ཡིན་ལ། ཆུ་ནི་བྱེ་བྲག་མེད་པར་མྱུ་གུ་ཐམས་ཅད་སྐྱེ་བ་ཙམ་གྱི་རྒྱུ་ཡིན་པ་བཞིན་ནོ། །མངོན་པར་འགྲུབ་པའི་རྒྱུ་སྲེད་པ་ཡིན་ནོ། །ཞེས་པ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། སྲེད་པ་ཆོས་ཅན། སྲིད་པ་མངོན་པར་འགྲུབ་བྱེད་ཡིན་ཏེ། སྲེད་བཅས་དང་སྲེད་བྲལ་གཉིས་ཀའང་འཆི་བ་ལས་ སྲེད་བཅས་ཁོ་ན་སྐྱེ་བར་སྣང་གི། སྲེད་བྲལ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །སྲེད་པ་ནི་མངོན་པར་འགྲུབ་བྱེད་ཡིན་ཏེ། རྒྱུད་གཞོལ་བའི་ཕྱིར། གྲུབ་སྟེ། གཟུགས་སོགས་ཡུལ་གང་ལ་སྲེད་པ་དང་བཅས་པ་དེར་སེམས་ཀྱི་རྒྱུད་ཡང་ཡང་དུ་གཞོལ་བར་མཐོང་བས་དེས་ན་ཡང་ སྲིད་ལའང་སེམས་རྒྱུད་ཡང་ཡང་དུ་གཞལ་བར་འདྲ་བའི་ཕྱིར། དཔེར་ན་ཡུལ་དོན་དུ་གཉེར་བ་མེད་ན་ཡུལ་གཞན་དུ་མི་ཕྱིན་པ་བཞིན་ནོ། །འདག་ཆལ་སྲན་ཆུང་གི་ཕྱེ་མའི་འདག་གུ་སྐམ་པ་དེས་བཟུང་བ་བཞིན་དུ་ཇི་ལྟར་སྲེད་པས་ལུས་ཀུན་ཏུ་བཟུང་བ་བཞིན་དུ་ནི་རྒྱུ་གཞན་གང་ གིས་ཀྱང་ལུས་ཀུན་ཏུ་མ་བཟུང་སྟེ། སྲེད་པའི་གཞན་དབང་གིས་ལུས་བཟུང་བ་བཞིན་རྒྱུ་གཞན་གྱིས་ཇི་ལྟར་བདག་ལ་ཆགས་པ་དེ་ལྟར་རྗེས་སུ་འབྲེལ་བ་མ་ཡིན་པའི་ཕྱིར། མངོན་པར་འགྲུབ་པའི་རྒྱུ་སྲེད་པ་ཡིན་པའི་རིགས་པ་ཡིན་ནོ། །སྨྲས་པ། ཡིད་ནི་རྟག་ཏུ་བྱང་ཆུབ་ཆེན་པོ་ 3-1-232b ལ། །མངོན་པར་ཕྱོགས་པའི་རྣམ་དཀར་བགྱི་བ་ཀུན། །མཁའ་མཉམ་འགྲོ་བའི་གསོ་སྨན་རྨད་གྱུར་པ། །དམ་ཆོས་བདུད་རྩི་མཆོག་ལས་གཞན་ཡོད་མིན། །ཅེས་སོ། །གཉིས་པ་བདེན་གཉིས་བཤད་པ་ནི། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །འདིར་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་དང་བདེན་པ་ གཉིས་ཀྱི་མཚན་ཉིད་གསུངས་པ་ཇི་ཞེ་ན། བྱེ་བྲག་སྨྲ་བས། འགོག་བདེན་དོན་དམ་པའི་བདེན་པར་འདོད། བདེན་པ་གསུམ་ལ་རྒྱུན་དང་འདུས་པའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པར་འདོད། རྫས་དང་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་རྒྱུན་ཅན་ནི་དོན་དམ་པའི་བདེན་པར་འདོད། དེ་ ཡང་རྫས་ཀྱི་རྡུལ་ཕྲ་རབ་རྟག་པ་དང་། སྒྲིབ་ཐོགས་སོགས་ཀྱི་བྱ་བ་མི་བྱེད་པ་དང་། དོན་དམ་པར་ཡོད་པའི་ཕྱིར་དོན་དམ་པའི་བདེན་པ་ལས་མ་འདས་སོ། །འདི་ལ་ནི་རྡུལ་རྫས་བརྒྱད་ཚང་བར་འདོད་པ་ནི་མ་ངེས་ཏེ། དབང་པོའི་ཡུལ་ལས་འདས་པའི་ཕྱིར་དང་། སྒྲིབ་ ཐོགས་ཀྱི་བྱ་བ་མི་བྱེད་པའི་ཕྱིར། དེས་བརྩམས་པའི་རྡུལ་རྫས་བརྒྱད་པོ་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་ནི་སྒྲིབ་ཐོགས་ཀྱི་བྱ་བའང་བྱེད་ལ། མི་རྟག་པར་ཡང་འདོད་ཅིང་། དེ་ལྟར་ནའང་དེ་བཅོས་པའམ་གཞིག་པ་ན་དེ་བློ་མི་འདོར་བས་དོན་དམ་བདེན་པ་ལས་མ་འདས་སོ། །སྐྱེ་མཆེད་ཀྱི་ རྡུལ་རྫས་བརྒྱད་པོ་དེའང་སྣོད་ཀྱི་འཇིག་རྟེན་ཞིག་པའི་ཚེ་སོ་སོར་གྱེས་པའི་སྒོ་ནས་འདུས་པ་འཇིག་པར་འདོད་ཀྱང་། རྫས་ཕྲ་རབ་རང་གི་ངོ་བོ་འཇིག་པར་མི་འདོད་པས། དེར་འཛིན་གྱི་བློ་ནི་འདོར་བར་ག་ལ་འགྱུར། སྐྱེ་མཆེད་ཀྱི་རྡུལ་རྫས་བརྒྱད་པོ་སོ་སོར་གྱེས་པའི་ཚེའང་ལས་ ཀྱི་ནུས་པ་ཟད་པས་སོ་སོར་གྱེས་པ་ཡིན་གྱི། འཇིག་རྒྱུ་གཞན་གྱིས་བཅོམ་པས་ནི་མ་ཡིན་ནོ། །དེ་ལྟར་བཤད་པ་བྱེ་སྨྲས་བདེན་པ་བཞི་བདེན་པ་གཉིས་སུ་བསྡུ་ཚུལ་ལོ། །མདོ་སྡེ་པས་ནི་བདེན་པ་བཞི་ཀའི་ཕྱོགས་རེ་དོན་དམ་དུ་འདོད་དེ། བདེན་པ་གསུམ་ནི་དོན་བྱེད་ནུས་ 3-1-233a པ་དོན་དམ། འགོག་པའི་བདེན་པ་ནི་མེད་པ་དོན་དམ་དུ་འདོད། བཞི་ཀ་རྣམ་རྟོག་ལ་སྣང་བ་སྤྱི་ཀུན་བཏགས་ཀུན་རྫོབ་ཏུ་འདོད། དེ་ནི་མདོ་སྡེ་པས་བདེན་བཞི་ལ་བདེན་གཉིས་སུ་བསྡུ་ཚུལ་ལོ། །སྐབས་བབ་ཀྱི་དཀྱུས་དོན་འཆད་པ་ནི། རྡུལ་རྫས་ བརྒྱད་འདུས་ཀྱི་གོང་བུ་བུམ་པའི་དབྱིབས་གང་ལ་ཆོས་ཅན། ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། དེའི་མིང་བཏགས་ནས་ཐ་སྙད་དེའི་ངོར་བདེན་པ་ཁོ་ནར་སྨྲས་ཀྱི་རྫུན་པ་ནི་མ་ཡིན་ལ། ཆ་ཤས་སུ་བཅོམ་ན་དེའི་བློ་མི་འཇུག་པའི་ཕྱིར། བུམ་པ་ལ་གྱོ་མོར་བཅོམ་ན་བུམ་པའི་བློ་མི་ འཇུག་པ་བཞིན་དུའོ། །རྡུལ་རྫས་བརྒྱད་འདུས་ཀྱི་རྫས་སོ་སོའི་ཁྱད་པར་དུ་མ་ཕྱེས་པའི་ཆུར་རྟོག་པའི་ངོ་བོར་ཡོད་པའི་ཆུ་གང་ལ་ཆོས་ཅན། ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། ཆ་ཤས་སུ་མ་ཕྱེ་བའི་རྟོག་ཡུལ་དེའི་ངོ་བོར་བདེན་པ་ཁོ་ནར་སྨྲས་ཀྱི་རྫུན་པ་ནི་མ་ཡིན་ལ། དེའི་གཟུགས་ སོགས་ཀྱི་ཆོས་གཞན་རེ་རེ་ནས་བསལ་ན་དེའི་བློ་མི་འཇུག་པའི་ཕྱིར། ཆུ་ལ་བློས་གཟུགས་སོགས་ཆོས་གཞན་བསལ་ན་ཚོགས་པའི་ཆུའི་བློ་མི་འཇུག་པ་བཞིན་དུའོ། །དཔེ་གཉིས་བཀོད་པ་ནི། འཇོམས་པ་དང་། བློས་འཇིག་པ་སྟེ་འཇིག་པ་གཉིས་བསྟན་པའི་ཕྱིར་རོ། །ཆུ་སོགས་ ནི་བཅོམ་པས་རོ་སོགས་བསལ་བར་མི་འཐད་པས་བློའི་འཇིག་པས་ཟུར་དུ་བཀར་བའོ། །རྣམ་པ་གཅིག་ཏུ་ན་ཀུན་རྫོབ་ནི་རྣམ་པ་གཉིས་ཏེ། གྱོ་མོ་ལྟ་བུ་ཀུན་རྫོབ་གཞན་ལ་བརྟེན་པའི་ཀུན་རྫོབ་དང་། གཟུགས་སོགས་རྫས་གཞན་ལ་བརྟེན་པའི་ཀུན་རྫོབ་ཆུ་ལྟ་བུ་སྟེ། དབྱིབས་ ཀྱི་ཀུན་རྫོབ་དང་། ཚོགས་པའི་ཀུན་རྫོབ་ཅེས་ཀྱང་བྱ་ལ། ཀུན་རྫོབ་སྔ་མ་ལ་འཇིག་པ་གཉིས་ཀ་སྲིད་ལ། ཕྱི་མ་ལ་ཐོ་བས་བཅོམ་པ་ལྟ་བུའི་འཇིག་པ་མི་སྲིད་དེ། རྡུལ་རྫས་བརྒྱད་ལ་ཐོ་བས་ཆ་ཤས་སུ་འབྲལ་མི་ནུས་པའི་ཕྱིར། ཐོ་བས་བུམ་པ་བཤིག་པ་མཐར་ཐུག་པ་ 3-1-233b དེ་གྱོ་མོར་སོང་བས་ཇོ་མོ་རང་དེ་ཀུན་རྫོབ་ཡིན་ཙམ་ན་ཀུན་རྫོབ་གཞན་ལ་བརྟེན་པའོ། །བློས་ཆུ་ལ་གཟུགས་དང་དྲི་རོ་སོགས་བསལ་བ་མཐར་ཐུག་པ་དེ་དྲི་རོ་སོ་སོ་ན་གནས་པར་སོང་བས་གཟུགས་སོགས་ཀྱི་རྫས་སོ་སོ་པ་རང་དེ་རྫས་ཡིན་ཙམ་ན་རྫས་གཞན་ལ་བརྟེན་པའོ། །དྲི་ རོ་ལ་སོགས་པའི་རྫས་སུ་ཡོད་པ་ཆོས་ཅན། ཀུན་རྫོབ་དེ་ལས་གཞན་དོན་དམ་པར་ཡོད་དེ། གང་ལ་བཅོམ་ཡང་དེའི་བློ་འཇུག་པ་ཁོ་ན་དང་བློས་ཆོས་གཞན་བསལ་ཀྱང་དེའི་བློ་འཇུག་པའི་ཕྱིར་གཟུགས་ལྟ་བུའོ། །གཟུགས་དེ་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་། བློས་ རོ་སོགས་ཆོས་གཞན་བསལ་ཀྱང་རུང་། གཟུགས་ཀྱི་བློ་མི་འདོར་བ་དེ་བཞིན་ཚོར་བ་དང་འདུ་ཤེས་སེམས་པ་སོགས་ཀྱང་རྫས་ཡོད་དུ་བལྟའོ། །ཐ་སྙད་དུ་ཡོད་པ་དང་རང་གི་མཚན་ཉིད་དུ་ཡོད་པས་ཀུན་རྫོབ་དང་དོན་དམ་དུ་ཡོད་པའོ། །སྔོན་གྱི་སློབ་དཔོན་རྣམས་ན་ རེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་། དེའི་རྗེས་ཐོབ་འཇིག་རྟེན་པས་འཛིན་པ་ནི་དོན་དམ་བདེན་པ་ཡིན་ཏེ། དམ་པའི་དོན་དུ་བདེན་པ་ཡིན་པའི་ཕྱིར་འཇིག་རྟེན་པའི་བློ་ཐ་སྙད་པ་ཉོན་མོངས་ཅན་དང་ཉོན་མོངས་ཅན་མིན་པས་འཛིན་པ་ནི་ཀུན་རྫོབ་བདེན་པ་སྟེ། ཐ་སྙད་དེའི་ངོར་བསླུ་བ་མ་ཡིན་པའི་ཕྱིར། ཐེག་ཆེན་པའི་ལུགས་ཀྱི་བློ་མ་འཁྲུལ་བ་དོན་དམ་ཡིན། དེས་གཏན་ལ་ཕབ་པ་དེ་དོན་དམ་ཡིན་ཙམ་ན་ལམ་དང་འགོག་པ་དོན་དམ་པའི་བདེན་པའོ། །འཁྲུལ་པ་ཀུན་རྫོབ་ཡིན་ན་དེས་གཏན་ལ་ཕབ་པ་ཀུན་རྫོབ་ཀྱི་བདེན་པ་ ཡིན་པས་སྡུག་ཀུན་ཀུན་རྫོབ་ཀྱི་བདེན་པའོ། །སེམས་ཙམ་པ་ནི་ཀུན་བརྟགས་ཀུན་རྫོབ། གཞན་དབང་དང་ཡོངས་གྲུབ་དོན་དམ་དུ་འདོད་ཙམ་ན་བདེན་པ་བཞི་ཡང་ངོ་བོ་ཉིད་གསུམ་དུ་འདུའོ། །དབུ་མ་པ་ནི་འགོག་པ་དོན་དམ། ལྷག་མ་གསུམ་ཀུན་རྫོབ་ཟེར་རོ། །དེ་ 3-1-234a ལ་ཡུལ་ཅན་ལམ་རིགས་ཤེས་དེས་གཏན་ལ་ཕབ་པ་སྤྲོས་བྲལ་ཏེ་ཡུལ་ལོ། །བྱེ་མདོ་ཐུན་མོང་ཙམ་དུ་སྡེ་པའི་ལུགས་འདི་ལ་དངོས་པོ་ཙམ་ཡིན་ན་རང་གི་མཚན་ཉིད་དུ་གྲུབ་པའི་དོན་དམ་ཡིན་མ་དགོས་ཏེ། གང་ཟག་དང་རྒྱུན་དོན་བྱེད་ནུས་ཀྱང་ཀུན་རྫོབ་ བདེན་པ་ཡིན་པ་དང་། ལྡན་མིན་འདུ་བྱེད་ཕལ་ཆེར་ཡང་དོན་བྱེད་ནུས་ལ་རྫས་སུའང་ཡོད་པ་མིན་པས་ཀུན་རྫོབ་ཏུ་འཇོག་པ་མཐོང་བའི་ཕྱིར། ལྷག་པར་མདོ་སྡེ་པས་འབྱུང་འགྱུར་ལ་དོན་དམ་བདེན་པའི་མཚན་ཉིད་ཞུགས་པར་མི་འདོད་དེ། འབྱུང་བཞིའི་ཆ་ལ་གཟུགས་ སོགས་སུ་བཏགས་པ་ཙམ་གྱིས་ཡོད་པར་འདོད་པའི་ཕྱིར་ཏེ། འབྱུང་བཞིའི་རྡུལ་སོ་སོར་གྱེས་པའི་ཚེ་གཟུགས་སོགས་ཀྱི་རྡུལ་སོགས་ཤུལ་ན་ལུས་པ་མེད་པའི་ཕྱིར། ཡང་བོད་ཁ་ཅིག་བྱེ་སྨྲས་རྫས་ཡོད་དང་ཀུན་རྫོབ་བདེན་པའི་གཞི་མཐུན་ཁས་ལེན་དགོས་ཏེ། གང་ ཟག་ཙམ་རང་ལུགས་ལ་ཡོད་པ་དང་ལྡན་མིན་འདུ་བྱེད་དུ་གྱུར་པའི་རྒྱུན་སོགས་རྫས་སུ་ཡོད་པའི་ཕྱིར་ཞེ་ན། གང་ཟག་ཙམ་རང་ལུགས་སུ་ཡོད་པ་ནི་རྫས་སུ་མ་ཡིན་ཏེ། བཏགས་པ་ཙམ་དུ་ཡོད་པའི་ཕྱིར། ལྡན་མིན་འདུ་བྱེད་ཀྱི་རྒྱུན་དུ་བརྗོད་པའི་གནས་པའི་ཆོས་དེ་ རྫས་སུ་ཡོད་ཀྱང་གང་ལ་གནས་པའི་གཞི་སོ་སོ་བ་དེའི་རྒྱུན་རྫས་སུ་མ་གྲུབ་པ་དང་ལྡན་མིན་འདུ་བྱེད་ཀྱི་གནས་པའི་རྫས་ཉིད་ཀྱིས་གནས་པའི་རྒྱུན་ཡང་རྫས་སུ་མ་གྲུབ་པའི་ཕྱིར། བྱེ་སྨྲའི་ལུགས་ལ་རྫས་ཡོད་དང་ཀུན་རྫོབ་བདེན་པའི་གཞི་མཐུན་གྱི་འཇོག་མཚམས་ཀྱང་ རྙེད་པར་དཀའོ། །དེས་ན་དེང་སང་གངས་ཅན་གྱི་ལྗོངས་འདི་ན་མདོ་སྡེ་པས། དངོས་པོ་ལ་དོན་དམ་བདེན་པས་ཁྱབ་པ་དང་། དངོས་པོ་ལ་རང་མཚན་དང་རྫས་ཡོད་ཀྱིས་ཁྱབ་པར་འདོད་པ་ནི་བཏང་སྙོམས་སུ་བྱས་ནས་བསྟན་བཅོས་ཆེན་པོའི་ལུགས་ཇི་ལྟ་བར་བཤད་ 3-1-234b པའོ། །བཞི་པ་ལམ་སྐྱེ་བའི་ཚུལ་ལ། འཇུག་ཚུལ་མདོར་བསྟན་པ་དང་། སྒོམ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ། དངོས་དང་། འཇུག་བྱེད་ཤེས་རབ་གསུམ་གྱི་ངོ་བོའོ། །དང་པོ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །བདེན་པ་མཐོང་བར་འདོད་པའི་དང་པོ་ཁོ་ནར་ཚུལ་ཁྲིམས་ལ་གནས་ཤིང་སྲུང་བར་ བྱེད་དགོས་ཏེ། དེས་ནི་འདུ་འཛི་མེད་པའི་རྒྱུ་དང་། རྣམ་པར་མི་གཡེང་བའི་རྒྱུ་དང་། ཆོ་ག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་དེའི་འོག་ཏུ་བདེན་པ་མཐོང་བ་ལ་ཕན་པའི་ཐོས་པ་འཛིན་ཅིང་འདོན་པར་བྱེད་ལ། དོན་མཉན་པའི་སྒོ་ནས་ཤེས་པར་བྱེད་དེ། རྨོངས་པ་སེལ་ བར་བྱེད་པའི་རྒྱུ་ཡིན་ནོ། །ཐོས་ནས་ཕྱིན་ཅི་མ་ལོག་པར་བསམ་པ་དང་ལྡན་པས་ནི་གཏན་ལ་འབེབས་པའི་རྒྱུ་ཡིན་ཏེ། ཐོས་པའི་དུས་ཀར་རྗེས་དཔག་བསམ་བྱུང་སྐྱེ་བའང་སྲིད་པས་ཐོས་བྱུང་དང་བསམ་བྱུང་རེས་འཇོག་གི་གདིང་མེད། བསམ་བྱུང་ལ་ཐོས་བྱུང་གཅིག་དགོས་ པ་ཡིན་ནོ། །དེ་དག་སྔོན་དུ་སོང་བས་ཏིང་ངེ་འཛིན་སྒོམ་པ་ལ་ནི་རབ་ཏུ་སྦྱོར་བ་ནི་འབྲལ་བའི་རྒྱུ་བྱེད་དེ། ཉོན་མོངས་འཇོམས་པའི་སྒོམ་བྱུང་ལ་ཅིས་ཀྱང་བསམ་བྱུང་ཞིག་དགོས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་པ་མེད་པའི་ཅི་རུང་སྒོམ་པའམ། ཏིང་ངེ་འཛིན་ དུ་བྱེད་པས་ཉོན་མོངས་མི་སྤོང་ངོ་། །གཉིས་པ་ནི། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །བྱེ་སྨྲ་ན་རེ། ཐོས་བྱུང་གི་ཤེས་རབ་ནི་མིང་ལ་དམིགས་པ་ཡིན་ལ་སོགས་པས་བསམ་པ་ལས་བྱུང་བ་ནི་མིང་དོན་གཉིས་ཀ་ལ་དམིགས་པ་སྟེ། རེས་མིང་འདི་ཡི་དོན་འདི་ཡིན་ཅེས་ཡི་གེས་དོན་འདྲེན་པར་བྱེད་ལ། རེས་ ནི་བརྗོད་བྱའི་དོན་གྱིས་ཡི་གེ་འདྲེན་པར་བྱེད་དེ། མདོ་ལས་ཀྱང་དོན་བཟང་པོ་ཡི་གེ་བཟང་པོ། ཞེས་འབྱུང་བའི་ཕྱིར། སྒོམ་པ་ལས་བྱུང་བའི་བློ་རྣམས་ནི་ཡི་གེ་ལ་མི་བལྟོས་པར་དོན་ལ་འཇུག་པའི་ཡུལ་ཅན་ཏེ། ཤེས་རབ་གསུམ་པོ་མིང་ལ་བལྟོས་པ་དང་། རེས་བལྟོས་པ་དང་ 3-1-235a མི་རེས་མི་བལྟོས་པ་དང་། གཏན་མི་བལྟོས་པའི་དཔེ་སྟོང་རྐྱལ་ལེགས་པར་མ་ལོབས་པ་ཆུའི་ནང་དུ་འཇུག་པར་བྱ་བ་མི་གཏོང་བ་དང་། ཅུང་ཟད་ལོབས་པ་རེས་གཏོང་རེས་འཇུ་བ་དང་། ལེགས་པར་ལོབས་པ་འཇུ་བྱ་ལ་མ་བལྟོས་པར་བརྒལ་བར་བྱ་བ་ལྟ་བུའོ་ ཞེས་ཟེར་རོ་ཞེས་གྲག་གོ། གཞན་ན་རེ། བསམ་བྱུང་གི་ཤེས་རབ་ནི་ཤེས་རབ་སྔ་ཕྱི་གཉིས་ལས་ཟུར་དུ་བཞག་པར་བྱ་བ་མིན་ཏེ། དེའི་མིང་ལ་དམིགས་པ་ཐོས་བྱུང་། དོན་ལ་དམིགས་པ་སྒོམ་བྱུང་ཡིན་པའི་ཕྱིར། ཐོས་བྱུང་གི་ཤེས་རབ་དེའང་ཉེས་ཟད་ཀྱི་ལུང་ཚད་མ་ཉིད་ ལས་སྐྱེས་པའི་ངེས་པའི་ཤེས་རབ་དང་། ལུང་དོན་རིགས་པས་དཔྱད་པ་ལས་སྐྱེས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་དང་། ཏིང་ངེ་འཛིན་ལས་སྐྱེ་བའི་ཤེས་རབ་ནི་སྒོམ་པ་ལས་བྱུང་བ་ཡིན་པས་མཚན་ཉིད་ཁ་ན་མ་ཐོ་བ་མེད་པའོ་ཞེས་གསུངས་སོ། །གཉིས་པ་སྒོམ་ ཚུལ་རྒྱས་པར་བཤད་པ་ལ། རྟེན་སྒོམ་པ་པོའི་ཁྱད་པར། བསྒོམ་བྱ་ལམ་གྱི་རིམ་པའོ། །དང་པོ་ལ། ལམ་རྫོགས་པར་འགྱུར་བའི་རྟེན་དང་། རྫོགས་པར་མི་འགྱུར་བའི་རྟེན། དེ་ལས་འཕྲོས་པ་འཕགས་པའི་རིགས་བཤད་པའོ། །དང་པོ་ནི། བསྲིང་གཉིས་ལྡན། ཟླ་མེད་པར་གཅིག་པུར་ གནས་པས་ལུས་ཀྱིས་འདུ་འཛི་ཐག་བསྲིངས་པ་དང་། སེམས་ཀྱི་དྲན་པ་ལེགས་པར་གནས་པས་མི་དགེ་བའི་རྣམ་རྟོག་དང་འདོད་པ་ལ་འདུན་པ་དང་གནོད་སེམས་དང་རྣམ་འཚེའི་རྣམ་རྟོག་ལ་མི་ཕྱོགས་པའི་ཕྱིར་ཐག་བསྲིངས་ཏེ་བསྲིངས་པ་གཉིས་དང་ལྡན་ན་སྒོམ་པ་ ཡོངས་སུ་རྫོགས་པར་འགྱུར་རོ། །གཉིས་པ་ལ། སྤང་བྱ་དང་། གཉེན་པོ་གཉིས་ལས། དང་པོ་ནི། ཆོག་མི་ཤེས་དང་། །འདོད་ཆེན་ཅན་ལ་མ་ཡིན་ནོ། །རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་རྙེད་ལ་འདོད་འདོད་ཆེན་ཅན། །བསྲིངས་པ་དེ་གཉིས་འདོད་ཆུང་དང་ཆོག་ཤེས་ལ་སླའི། ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ལ་སླ་བ་མ་ཡིན་ནོ། །ཆོས་མངོན་པ་བ་རྣམས་ན་རེ། ཆོས་གོས་སོགས་ 3-1-235b གྱ་ནོམ་པ་རྙེད་པ་ལ་ཡང་ཡང་དུ་སྲེད་ཅིང་འདོད་པ་ནི་ཆོག་མི་ཤེས་པ་དང་མ་རྙེད་པ་ལ་དེ་འདོད་པ་ནི་འདོད་ཆེན་ཅན་ཡིན་ནོ་ཞེས་གྲག་གོ། ཡང་ཡང་དུ་འདོད་པ་ལ་ཡང་མ་རྙེད་པ་ཁོ་ན་ལ་ཡིན་གྱི། རྙེད་པ་ལ་མ་ཡིན་པས་འདི་གཉིས་ཀྱི་ཁྱད་པར་ཅི་ཡོད་དེ་བརྗོད་དགོས་སོ། ། གྱ་ནོམ་པ་དང་མང་པོ་མ་ཡིན་པ་རྙེད་པས་ཡིད་མི་བདེ་བ་མི་མགུ་བ་མ་རངས་པ་ཆོག་མི་ཤེས་པ་དང་། གྱ་ནོམ་པ་དང་། མང་པོ་མ་རྙེད་པ་ལ་འདོད་པ་ནི་འདོད་ཆེན་ཅན་ཞེས་པ་སློབ་དཔོན་གྱི་ལུགས་སོ། །གཉིས་པ་ནི། བཟློག་པ་དེ་ཡི་གཉེན་པོ་དག །དེ་གཉིས་ཁམས་གསུམ་གཏོགས་དྲི་མེད། །ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ལས་བཟློག་པ་དེ་ཡི་ གཉེན་པོ་ཆོག་ཤེས་པ་དང་། འདོད་ཆེན་ཆུང་བར་རིག་པར་བྱའོ། །དེའི་གཉེན་པོ་ཆོག་ཤེས་དང་འདོད་ཆུང་གཉིས་ནི་ཁམས་གསུམ་དུ་གཏོགས་པ་གསུམ་དང་ཁམས་གསུམ་མ་གཏོགས་པ་དྲི་མེད་དེ་བཞིའོ། ། འདོད་པའི་མ་ཆགས་པ་ནི་སུན་འབྱིན་པ་གཉེན་པོ་ཡིན། གཟུགས་ཀྱི་ མ་ཆགས་པ་ནི་སྤོང་བ་གཉེན་པོ་ཡིན། གཟུགས་མེད་པའི་མ་ཆགས་པ་ནི་ཐག་སྲིད་པའི་གཉེན་པོ་ཡིན། ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ནི་འདོད་པ་ལ་སྤྱོད་པ་སྟེ། ཆགས་པ་ནི་མི་དགེ་བའི་རྩ་བའི་རང་བཞིན་ཡིན་པའི་ཕྱིར། འདོད་ཆེན་ཆུང་བ་དང་ཆོག་ཤེས་འདི་གཉིས་ ཀྱི་རང་བཞིན་ནི་མ་ཆགས་པའི་རང་བཞིན་དག་གོ། གསུམ་པ་འཕྲོས་དོན་འཕགས་རིགས་བཤད་པ་ལ། བསྟན། བཤད་གཉིས་ལས། དང་པོ་ནི། མ་ཆགས་འཕགས་རིགས། འདི་དག་ལས་འཕགས་པ་རྣམས་སྐྱེ་བས་ན་འཕགས་པའི་རིགས་བཞི་སྟེ། དེའང་མ་ཆགས་པའི་རང་བཞིན་ཡིན་ནོ། །གཉིས་པ་ནི། དེ་དག་ལས། །གསུམ་ནི་ཆོག་ཤེས་བདག་ཉིད་དོ། །གསུམ་གྱིས་ཚུལ་བསྟན་ཐ་མས་ལས། །སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། །བདག་གིར་བདག་འཛིན་དངོས་འདོད་པ། །དེ་ཡི་དུས་དང་གཏན་ཞིའི་ཕྱིར། །དེ་ དག་ལས་དང་པོ་གསུམ་པོ་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་སྟན་གྱི་ཆོ་ག་ཤེས་པ་གསུམ་ནི་ཆོག་ཤེས་པའི་བདག་ཉིད་དོ། །འཕགས་རིགས་དྲི་མ་མེད་པ་བཞི་པ་ནི་སྤོང་བ་བྲལ་བ་དང་ལམ་སྒོམ་པ་ལ་དགའ་བ་སྟེ་འདིའང་མ་ཆགས་པའི་རང་བཞིན་ཡིན་ཏེ། 3-1-236a སྲིད་པ་དང་སྲིད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར། ཆོས་ཀྱི་རྗེ་བཅོམ་ལྡན་འདས་ཀྱིས་འཕགས་པའི་རིགས་གསུམ་གྱིས་ནི་ཁྱིམ་པའི་ཕྱོགས་ཀྱིས་བསྡུས་པའི་རང་གི་ཚུལ་འཚོ་བར་བྱེད་པའམ་རྒྱལ་པོ་ལ་བརྟེན་པ་དང་། ཟས་སྐོམ་དང་གོས་ སོགས་སྤངས་ཤིང་ལས་ཀྱི་མཐའ་དེའི་ཆེད་ཀྱི་ཞིང་དང་བཟོ་ལ་སོགས་པའི་བྱ་བ་ཡོངས་སུ་སྤངས་ཤིང་ཐར་པ་དོན་དུ་གཉེར་བའི་སློབ་མ་རྣམས་ལ་ཚུལ་བཅས་ཤིང་བསྟན་ལ། ཐ་མ་རིགས་བཞི་པས་ལས་བཅས་ཏེ། ཁྱེད་ཚུལ་འདིས་ལས་འདི་བྱེད་ན་རིང་པོར་མི་ཐོགས་ པར་ཐར་པ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །ཅི་ཡི་ཕྱིར་ཚུལ་དང་ལས་འདི་ལྟ་བུ་བཅས་ཞེ་ན། མདོ་ལས་སྲེད་པ་སྐྱེ་བ་བཞི་གསུངས་ཏེ། དགེ་སློང་སྲེད་པ་སྐྱེ་བར་ཆོས་གོས་ཀྱི་ཕྱིར་དང་། བསོད་སྙོམས་ཀྱི་ཕྱིར་དང་། མལ་ཆ་དང་སྟན་གྱི་ཕྱིར་སྐྱེའོ། །གནས་པ་ ན་གནས་སོ། །མངོན་པར་ཞེན་པ་ན་ཞེན་ཏོ། །དགེ་སློང་སྲེད་པ་སྐྱེ་བ་ན་འབྱུང་བ་དང་འཇིག་པ་དེ་ལྟ་བུའི་ཕྱིར་སྐྱེའོ་ཞེས་གསུངས་པ་དེའི་གཉེན་པོའི་ཕྱིར་འཕགས་པའི་རིགས་བཞི་བསྟན་ཏོ། །འབྱུང་བ་དང་འཇིག་པ་ཞེས་པའི་འབྱུང་བའི་རྣམ་པ་ལ་སྲེད་པ་ནི། ཀྱེ་མ་ བདག་དབང་པོར་གྱུར་ཀྱང་ཅི་མ་རུང་། འཁོར་ལོས་བསྒྱུར་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དེ་ལྟ་བུ་ལ་སོགས་པའོ། །རྣམ་པར་འཇིག་པ་ལ་སྲེད་པ་ནི་མེད་པར་གྱུར་པ་ལ་སྲེད་པ་སྟེ། ཀྱེ་མ་བདག་ཤི་ཡང་ཅི་མ་རུང་། མེད་ཀྱང་ཅི་མ་རུང་། མ་བྱུང་ཡང་ཅི་མ་རུང་སྙམ་པ་ ལ་སོགས་པ་ཡིན་ནོ། །དོན་དེ་ཉིད་རྣམ་གྲངས་ཀྱིས་སྟོན་པ་ཆོས་གོས་ལ་སོགས་གསུམ་ནི་བདག་གིར་འཛིན་པའི་དངོས་པོ་དང་བདག་ཏུ་འཛིན་པའི་དངོས་པོ་ནི་ལུས་ཏེ། དེ་ལ་འདོད་པ་སྲེད་པ་སྟེ། འཕགས་པའི་རིགས་གསུམ་གྱིས་སྲེད་པ་དང་པོ་དེའི་དུས་སུ་ཞི་ 3-1-236b བར་བྱེད་པ་དང་རིགས་བཞི་པས་གཉིས་ཀ་ལ་སྲེད་པ་གཏན་དུ་ཞི་བར་བྱེད་པའི་ཕྱིར་རོ། །གཉིས་པ་བསྒོམ་བྱ་ལམ་གྱི་རིམ་པ་ལ། ཞི་གནས་སྒོམ་ཚུལ་དང་། ལྷག་མཐོང་སྒོམ་ཚུལ་ལོ། །དང་པོ་ལ། ཇི་ལྟར་འཇུག་པའི་རིམ་པ་དང་། ཏིང་འཛིན་སྒོམ་ཚུལ་དངོས་སོ། །དང་པོ་ནི། དེ་ལ་འཇུག་པ་མི་སྡུག་པ། །དབུགས་རྔུབ་འབྱུང་བ་དྲན་པ་ཡིས། །འདོད་ཆགས་རྣམ་རྟོག་ལྷག་རྣམས་སོ། །དེ་ལྟར་ སྣོད་དུ་གྱུར་པ་དེ་སྒོམ་པ་དེ་ལ་འཇུག་པ་མི་སྡུག་པས་འཇུག་པ་དང་། དབུགས་རྔུབ་པ་དང་དབྱུང་བ་དྲན་པ་ཡིས་གོ་རིམ་བཞིན་གཞི་ཆུང་ངུས་མྱུར་དུ་སྐྱེ་བའི་འདོད་ཆགས་དང་། འདོད་ཆགས་སྤྱད་པས་ཤིན་ཏུ་འདོད་ཆགས་ཆེན་པོ་སྟེ་འདོད་ཆགས་ལྷག་པར་སྤྱད་ པ་དང་། རྣམ་རྟོག་ལྷག་པར་སྤྱད་པ་རྣམས་ལ་འཇུག་གོ། ཁ་ཅིག་ན་རེ། དབུགས་རྔུབ་པ་དང་དབྱུང་བ་དྲན་པ་འདི་ནི་རྣམ་རྟོག་གཅོད་བྱེད་ཡིན་པས། རླུང་ལ་ཁ་དོག་དང་དབྱིབས་སྣ་ཚོགས་མེད་པས་དེ་ལ་མི་དམིགས་པའི་ཕྱིར། མི་སྡུག་པ་ནི་ཀེང་རུས་སོགས་ཁ་ དོག་དང་དབྱིབས་ཀྱི་བྱེ་བྲག་ལ་དམིགས་ནས་རྣམ་རྟོག་འདྲེན་པར་བྱེད་དོ་ཞེས་ཟེར་རོ། །གཞན་ན་རེ། དབུགས་རྔུབ་དབྱུང་དྲན་པ་འདི་ནི་རྣམ་རྟོག་གཅོད་བྱེད་ཡིན་ཏེ། ཁ་ནང་དུ་བལྟས་པའི་ཕྱིར། མི་སྡུག་པ་ནི་ཁ་ཕྱིར་བལྟས་པ་ཡིན་ཏེ། མིག་ཤེས་ཀྱིས་ཡུལ་ལ་ ཉེ་བར་རྟོག་པའི་ཕྱིར། མིག་ཤེས་བཞིན་ནོ་ཞེས་ཟེར་རོ། །གཉིས་པ་ལ། མི་སྡུག་པ་ལ་དམིགས་པའི་སྒོམ་ཚུལ་དང་། རླུང་ལ་དམིགས་པའི་སྒོམ་ཚུལ་ལོ། །དང་པོ་ལ། མདོར་བསྟན། རྒྱས་བཤད། ཁྱད་པར་གྱི་ཆོས་དང་གསུམ་མོ། །དང་པོ་ནི། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །འདོད་ཆགས་ལ་བཞི་སྟེ། ཁ་དོག་དང་། དབྱིབས་ དང་། རེག་པ་དང་། བསྙེན་བཀུར་གྱི་འདོད་ཆགས་སོ། །དང་པོའི་གཉེན་པོ་རྣམ་པར་བསྔོས་པ་དང་། རྣམ་པར་བརྣག་པ་དང་། སོགས་ལ་དམིགས་པའི་མི་སྡུག་པ་དང་། གཉིས་པའི་གཉེན་པོ་རྣམ་པར་ཟོས་པ་དང་། རྣམ་པར་འཐོར་བ་ལ་དམིགས་པ་དང་། 3-1-237a གསུམ་པའི་གཉེན་པོའི་རྣམ་པར་འབུ་ཞུགས་ཏེ་གློངས་པ་དང་། རྒྱུས་པས་བྲང་བྲེང་དུ་སྦྲེལ་བའི་ཀེང་རུས་ལ་དམིགས་པ་དང་། བཞི་པའི་གཉེན་པོ་ནི་ཤི་བའི་རོ་གཡོ་བ་མེད་པ་ལ་དམིགས་པའོ། །བྱེ་བྲག་མེད་པ་ནི་ཀེང་རུས་ཆགས་ཅན་ཐམས་ ཅད་ལ་ཤིས་ཏེ། ཆགས་པའི་གཞི་ཁ་དོག་དང་དབྱིབས་དང་རེག་པ་དང་བསྙེན་བཀུར་གྱི་རྣམ་པ་བཞི་པོ་ཐམས་ཅད་མེད་དོ། །མི་སྡུག་པས་ཉོན་མོངས་སྤངས་པ་ནི་མ་ཡིན་གྱི་རྣམ་པར་གནོན་པ་ནི་ཡིན་ཏེ། མོས་པ་དང་། ཁ་དོག་དང་དབྱིབས་ཉི་ཚེ་ཡིད་ལ་བྱེད་པའི་ ཕྱིར། ཉི་ཚེ་བ་ཁྱབ་པ་མ་ཡིན་པར་གྲུབ་སྟེ། མི་སྡུག་པ་ནི་ཕུང་པོ་ལྔ་ཅར་ལ་དམིགས་པའམ་ས་ཐམས་ཅད་ལ་དམིགས་པ་མ་ཡིན་པའི་ཕྱིར། འོ་ན་ཕུང་པོའི་ཕྱོགས་གཅིག་ལ་དམིགས་པ་ཡིན་ནོ། །མི་སྡུག་པ་སྒོམ་པའི་རྣལ་འབྱོར་ལ་སྤྱོད་པ་དེ་ནི་གསུམ་སྟེ། ལས་ དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཡིད་ལ་བྱེད་པ་རྫོགས་པའོ། །གཉིས་པ་ལ། ལས་དང་པོ་པ་དང་། སྦྱོང་བ་བྱས་པ་དང་། ཡིད་ལ་བྱེད་པ་རྫོགས་པའི་སྒོམ་ཚུལ་ལོ། །དང་པོ་ནི། རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པས་ལས་དང་པོ། །མི་སྡུག་པ་སྒོམ་པ་ནི་གཞན་བུད་མེད་སོགས་ལ་ཆགས་པ་རང་ཡང་རང་ གི་ལུས་ལ་ཆགས་པའི་རྩ་བ་ཅན་ཡིན་པས་རང་གི་ལུས་ཀྱི་རྐང་པའི་མཐེ་བོའམ། དཔྲལ་བའི་དབྱེས་སམ། ཡང་ན་དེར་གར་དགའ་བར་སེམས་གཏོད་པར་བྱེད་ཅིང་། རྣལ་འབྱོར་པ་དེས་རང་གི་ལུས་ཀྱི་ཀླེ་ཆེ་ས་དེར་ཤ་མྱགས་ཤིང་ཟད་པར་མོས་པས་རུས་པ་ལ་ཤ་ བསལ་ནས་ཐམས་ཅད་རུས་པའི་ཀེང་རུས་སུ་བལྟ་ཞིང་རྣམ་པར་སྤྱོད་པར་བྱེད་པ་ན། དེ་བཞིན་དུ་མོས་པ་བསྐྱེད་པའི་ཕྱིར། རང་གི་གཡོག་ལྟ་བུ་གཉིས་པ་ལ་མོས་པར་བྱེད་པས་ན། གཙུག་ལག་ཁང་ངམ་ཀུན་དགའ་ར་བ་དང་གྲོང་དང་ཞིང་གི་རིམ་གྱིས་རྒྱ་མཚོའི་ 3-1-237b མཐའ་ཀླས་པའི་བར་དུ་ས་གཞི་རུས་པའི་ཀེང་རུས་ཀྱིས་གང་བར་མོས་པའི་སྒོ་ནས་སྤྲོ་ཞིང་ཡང་སྡུད་པ་ན། སེམས་བསྡུ་བའི་ཕྱིར་རྒྱ་མཚོ་དང་གཙུག་ལག་ཁང་སོགས་རུས་པ་མིན་པ་རྣལ་མར་འདུག་ལ། རང་གཅིག་པུ་ཁོ་ན་ལ་རུས་པའི་ཀེང་རུས་ཡིན་པ་དོན་མཐུན་ མོས་པའི་བར་དུ་སྡུད་དེ་འདི་ཙམ་གྱིས་མི་སྡུག་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་གྲགས་ཏེ་འདི་ནི་ལས་དང་པོའི་རྣལ་འབྱོར་སྤྱོད་པ་ཡིན་ནོ། །གཉིས་པ་ནི། རྐང་རུས་ནས་ནི་ཐོད་ཕྱེད་བར། །བཏང་བས་སྦྱང་བ་བྱས་པར་བཤད། །དེ་སེམས་བསྡུ་བ་ཁྱད་པར་དུ་བྱ་བའི་ཕྱིར། རུས་པའི་ཀེང་རུས་དེ་ལས་རྐང་པའི་རུས་པ་རྣམས་བོར་ནས་ནི་ ལྷག་མ་ཡིད་ལ་བྱེད་ཅིང་། དེ་བཞིན་དུ་ཐོད་པའི་ཕྱེད་ཀྱི་བར་གྱི་རུས་པ་བཏང་ཞིང་བོར་བས་ཕྱེད་ཀེང་རུས་སུ་ཡིད་ལ་བྱེད་པ་ནི་ཡོངས་སུ་སྦྱོང་བ་བྱས་པར་བཤད་དོ། །གསུམ་པ་ནི། སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །ཡང་སྡུད་པའི་ཚེ་དེ་ཐོད་པའི་ཕྱེད་ཀྱི་རུས་པའང་བོར་ནས་སྨིན་མ་གཉིས་ཀྱི་བར་དུ་རུས་ པ་མཐེ་བོང་ཙམ་ལ་སེམས་འཛིན་པ་འདི་ནི་མི་སྡུག་པ་ཡིད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་པ་ཡིན་ནོ་ཞེས་གྲག་གོ། མི་སྡུག་པ་དམིགས་པ་ཆུང་ལ་དབང་ཆུང་བས་ཆུང་བ་སོགས་ལ་མུ་བཞི་སྟེ། དང་པོ་ནི། ཡིད་ལ་བྱེད་པ་སྦྱོང་བས་རུས་པ་ཐེབ་གང་ཙམ་ལ་ དམིགས་པ་ནི་ལུས་ཆུང་བས་དམིགས་པ་ཆུང་ལ་དབང་ཆུང་བ་མ་ཡིན་ཏེ། སྦྱོང་བ་བྱས་པས་ཡིད་ལ་བྱེད་པ་རྫོགས་པའི་ཕྱིར། གཉིས་པ་ནི། ཡིད་ལ་བྱེད་པ་སྦྱོང་བ་མ་བྱས་པས་མི་སྡུག་པ་རྒྱ་མཚོའི་མཐའ་ཀླས་པར་དམིགས་པ་སྟེ་དབང་ཆུང་བས་ཡིན་གྱི། དམིགས་ པ་ཆུང་བས་ནི་མ་ཡིན་པའི་ཕྱིར། སྦྱོང་བ་མ་བྱས་པས་རང་གི་ལུས་ལ་དམིགས་པ་དེ་དམིགས་པ་དང་དབང་གཉིས་ཀ་ཆུང་བའོ། །སྦྱོང་བ་བྱས་པས་རྒྱ་མཚོའི་མཐའ་ཀླས་པར་སྦྱོང་བ་ནི་དམིགས་པ་དང་དབང་གཉིས་ཀ་ཆེ་བའོ། །གསུམ་པ་ཁྱད་ཆོས་ནི། མི་སྡུག་མ་ཆགས་ས་བཅུ་དང་། །དམིགས་པ་འདོད་སྣང་མིས་སྐྱེད་དོ། །མི་སྡུག་པའི་རང་ 3-1-238a བཞིན་ནི་མ་ཆགས་པ་དང་། ས་ནི་བསམ་གཏན་བཞི་དང་། ཉེར་བསྡོགས་བཞི། བསམ་གཏན་ཁྱད་པར་ཅན་དང་དགུ། འདོད་ཁམས་ཀྱི་ས་སྟེ་བཅུ་ན་ཡོད་དེ། འདོད་ཁམས་ན་མཉམ་གཞག་མེད་ཀྱང་ཆ་མཐུན་ཡོད་པ་ལ་དགོངས་པའོ། ། དམིགས་པ་ནི་འདོད་པའི་སྣང་བ་སྟེ། ཁ་དོག་དང་དབྱིབས་ཡིན་པས་ཁ་དོག་དང་དབྱིབས་ལ་དམིགས་པའི་ཕྱིར་མིང་ལ་མི་དམིགས་པར་དོན་ལ་དམིགས་ཞེས་གྲུབ་བོ། །མི་རྣམས་ཀྱི་ནང་ཁོ་ནར་བསྐྱེད་པ་ཡིན་ཏེ། འགྲོ་བ་གཞན་དུའང་མ་ཡིན་ལ་ཁམས་གཞན་ དུ་ལྟ་ཅི་སྨོས་པའི་ཕྱིར། ཁྱབ་སྟེ། འཕགས་ལམ་གྱི་རྒྱུ་ཡིན་པས་འདི་ཁོ་ནར་ངེས་པ་ལ་འཇུག་པའི་ཕྱིར། གྲུབ་སྟེ། ངན་སོང་གསུམ་ནི་དབང་པོ་རྟུལ་བ་དང་། ལྷ་ཀུན་ནི་སྐྱོབ་ཆུང་བ་དང་། ལྷག་པར་འདོད་ལྷ་ལ་ནི་ནང་ཁྲོལ་དང་ཁྲག་སོགས་མེད་ལ། གཟུགས་ཀྱི་ ལྷ་ལ་ནི་ཀེང་རུས་སོགས་ཀྱང་མེད་པའི་ཕྱིར། མིའི་ཡང་བྱང་སྒྲ་མི་སྙན་དུ་ནི་མ་ཡིན་ཏེ། དེར་ཆགས་བྲལ་མེད་ལ་འདི་ཆགས་བྲལ་གྱི་ཐབས་ཡིན་པའི་ཕྱིར་རོ། །རྣམ་པ་ལོགས་སུ་བཤད་མི་དགོས་ཏེ། མིང་ཉིད་ཀྱི་རྣམ་པ་ནི་མི་སྡུག་པར་གྲུབ་པའི་ཕྱིར། འདས་མ་འོངས་ད་ ལྟར་གྱི་དུས་གང་ཡིན་པ་ལ་དམིགས་པ་ཡིན་ཏེ། ལར་ཉོན་མོངས་པ་འདས་པ་སོགས་ལ་དམིགས་པའི་ངེས་པ་མེད་ཀྱང་། ཡིད་མི་སྡུག་པར་སྣང་བ་འདི་ནི་སྒོ་ལྔའི་ཁ་དོག་དང་དབྱིབས་ལ་དམིགས་པ་ཡིན་པའི་ཕྱིར། དཔེར་ན་རྣམ་ཤེས་བཞིན་མ་འོངས་པ་མི་སྐྱེ་བའི་ཆོས་ ཅན་གྱི་ཡུལ་ནི་དུས་གསུམ་པ་ཡིན་ནོ། །རུས་པ་མ་ཡིན་པ་ལ་རུས་པར་མོས་པས་ཤེས་བྱ་དང་མི་མཐུན་པས་མོས་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཡིན་ནོ། །སོ་སྐྱེའི་རྒྱུད་ཀྱིས་ནི་ཐོག་མེད་ཅན་གྱི་འཁོར་བ་ན་འདྲིས་པའི་ཕྱིར་འདོད་ཆགས་དང་བྲལ་བས་ཐོབ་ 3-1-238b པ་དང་འཕགས་པའི་རྒྱུད་ཀྱི་མ་འདྲིས་པ་ནི་སྦྱོར་བྱུང་ངོ་། །འདིའང་ཞིབ་ཏུ་བྱས་ན་ཚེ་རབས་སྔ་མ་ལ་མི་སྡུག་པ་སྒོམ་པ་གཅིག །འདོད་པ་ལ་འདོད་ཆགས་རང་བྲལ་ནས་བསམ་གཏན་གྱི་དངོས་གཞི་ཐོབ་པ་དེ་མི་སྡུག་པའི་ཏིང་ངེ་འཛིན་འདོད་ཆགས་དང་བྲལ་བས་ཐོབ་བོ། །ཚེ་ རབས་སྔ་མ་ལ་མི་སྡུག་པ་སྒོམ་མ་མྱོང་བ་ཞིག་འདོད་པ་ལ་འདོད་ཆགས་དང་བྲལ་ན་བསམ་གཏན་གྱི་སེམས་མངོན་དུ་བྱས་ནས་སྦྱོར་བས་སྒྲུབ་དགོས་པའོ། །ཡང་ན་ཚེ་རབས་འདི་རང་ལ་མི་སྡུག་པ་གོམས་པ་འདྲིས་མ་འདྲིས་གཉིས་སོ། །འཕགས་པ་མི་སྡུག་པའི་ཏིང་ངེ་ འཛིན་ལ་མ་འདྲིས་པ་ནི། རྒྱུན་ཞུགས་པ་འདོད་པ་ལ་ཆགས་བྲལ་སྔོན་དུ་མ་སོང་བའི་དབང་དུ་བྱས་ལ། སོ་སྐྱེ་འདྲིས་པ་ནི་འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་བ་ལ་ཤས་ཆེར་མི་སྡུག་པའི་ཏིང་ངེ་འཛིན་ཐོབ་པའི་དབང་དུ་བྱས་པའོ། །གཉིས་པ་རླུང་ལ་དམིགས་པའི་སྒོམ་ཚུལ་ ལ། ཐུན་མོང་དུ་བསྟན་པ་དང་། ཁྱད་པར་དུ་བཤད་པའོ། །དང་པོ་ནི། དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། །ཤེས་རབ་ས་ལྔ་སྤྱོད་ཡུལ་རླུང་། །འདོད་རྟེན་ཕྱི་པའི་མ་ཡིན་ནོ། །དབུགས་རྔུབ་པ་ནི་རླུང་ནང་དུ་འཇུག་པ་དང་། དབུགས་དབྱུང་བ་ནི་རླུང་ཕྱིར་འབྱིན་པ་སྟེ་དེ་གཉིས་དྲན་པ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །ཤེས་རབ་ཡིན་ཀྱང་དྲན་པ་ཞེས་པས་སྨོས་ཏེ། དྲན་པའི་ སྟོབས་བསྐྱེད་པས་འཇུག་པའི་ཕྱིར། ལུས་སོགས་ཀྱི་དྲན་པ་ཉེར་བཞག་བཞིན་བསམ་གཏན་དང་པོ་གསུམ་གྱི་ཉེར་བསྡོགས་གསུམ་དང་། དངོས་གཞི་ན་བདེ་བ་ཡོད་པས་དངོས་གཞིའི་ས་ལ་མི་བརྟེན་པ་དང་། བསམ་གཏན་ཁྱད་པར་ཅན་དང་འདོད་ཁམས་ཏེ་ས་ལྔ་ན་ ཡོད་དེ། ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར། བཞི་པའི་ཉེར་བསྡོགས་ན་བཏང་སྙོམས་ཡོད་ཀྱང་དབུགས་དབྱུང་རྔུབ་མེད་དོ། །རྣམ་རྟོག་དེའི་གཉེན་པོ་དབུགས་དབྱུང་རྔུབ་དྲན་པ་ནི་བདེ་སྡུག་དང་མཚུངས་པར་མི་ལྡན་ཏེ། དབུགས་དབྱུང་རྔུབ་དྲན་པ་ནི་ 3-1-239a རྣམ་རྟོག་གཅོད་བྱེད་ཡིན་ལ། ཚོར་བ་བདེ་སྡུག་ནི་རྣམ་རྟོག་དང་མཐུན་པའི་ཕྱིར། ཡང་དབུགས་དབྱུང་རྔུབ་དྲན་པ་ནི་ཆོས་ཅན། བདེ་བ་དང་ཡིད་བདེ་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། དབུགས་དབྱུང་རྔུབ་དྲན་པ་དེ་ཡང་བློ་གཏད་པས་བསྒྲུབ་ བྱ་ཡིན་པ་གང་ཞིག །བདེ་བ་དང་ཡིད་བདེ་དག་ཀྱང་བློ་གཏད་པ་ལ་བར་ཆད་བྱེད་པའི་ཕྱིར་ཞེས་གྲག་གོ། བསྡོམས་པ་དང་། གཏོད་པ་དང་། བཟོ་བ་དང་། ལྷུར་ལེན་པ་ཞེས་པ་ནི་རྣམ་གྲངས་སོ། །འབྲས་བུ་སྐྱེ་བའི་བསམ་གཏན་ན་ནམ་ཡང་བཏང་སྙོམས་ཡོད་ལ། རྒྱུ་སྙོམས་འཇུག་གི་དུས་ན་བཏང་སྙོམས་ཡོད་པར་འདོད་པ་ལྟར་ན་བསམ་གཏན་གསུམ་པའི་དངོས་གཞི་མན་ཆད་ས་བརྒྱད་པ་ཡིན་ནོ། །བཞི་པ་ཡན་ཆད་ན་དབུགས་དབྱུང་རྔུབ་ཀྱི་ས་མ་ཡིན་ནོ། །ཁ་ཅིག་ན་རེ། བཏང་སྙོམས་སུ་སོང་ན་དགའ་བདེའི་ཡན་ལག་མ་ཚང་བའི་སྐྱོན་དུ་ འགྱུར་བས་དང་པོའི་དངོས་གཞི་གསུམ་ན་བཏང་སྙོམས་མེད་པས་ལྔ་ཁོ་ན་ཡིན་ཟེར་རོ། །དེའི་སྤྱོད་ཡུལ་ལམ་དམིགས་པ་ནི་རླུང་ཡིན་ནོ། །འདོད་ཁམས་ཀྱི་རྟེན་ཅན་ཏེ། དེ་ནི་རྣམ་རྟོག་མང་བའི་ཕྱིར། ངན་སོང་ནི་དབང་པོ་བརྟུལ་བས་མི་སྒོམ། གཟུགས་དང་གཟུགས་ མེད་པ་དབང་པོ་བརྟུལ་ཞིང་རྣམ་རྟོག་ཉུང་བའི་ཕྱིར། །མ་འདྲིས་པའི་ཕྱིར་སྦྱོར་བ་ལས་བྱུང་བ་དང་། འདོད་ཆགས་དང་བྲལ་བས་ཐོབ་པ་ནི་འདྲིས་པའི་ཕྱིར། ཡུལ་གང་ན་ཡོད་པ་དང་གྲངས་དང་མ་འཆོལ་བར་སྒོམ་པ་འདི་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་ནོ། །སངས་རྒྱས་ཀྱི་ ཆོས་འདི་ཡོད་པའི་ཆོས་འདི་པ་རྣམས་ཁོ་ནའི་ཡིན་གྱི། ཕྱི་རོལ་མུ་སྟེགས་པའི་མ་ཡིན་ནོ། །ཕྱི་རོལ་པ་ལ་སྲོག་འཛིན་པའི་ལུང་ཡོད་ཀྱང་རླུང་རྔུབ་དབྱུང་དྲན་པའི་ལུང་མེད་པའི་ཕྱིར། བདག་ཏུ་འཛིན་པ་དང་འགལ་བའི་ཕྱིར་དང་ཟབ་པའི་ཕྱིར་རོ། །ཕྱི་རོལ་པ་རྣམས་ནི་རང་ 3-1-239b ཉིད་ཀྱིས་ཆོས་ཟབ་མོ་མངོན་པར་མི་རྟོགས་ཏེ། འདི་ཡི་ཟབ་པ་ཉིད་རྒྱུ་དྲུག་དང་ལྡན་པའི་ཕྱིར། གཉིས་པ་ལ། སྒོམ་ཚུལ་གྱི་དབྱེ་བ། ཡུལ་གྱི་ངོ་བོ། ཡུལ་ཅན་གྱི་ཁྱད་པར་རོ། །དང་པོ་ནི། བགྲང་ལ་སོགས་པ་རྣམ་པ་དྲུག །དེའང་བགྲང་བ་དང་ལ་སོགས་པས་རྗེས་སུ་འགྲོ་བ་དང་། འཇོག་པ་དང་། ཉེ་བར་རྟོག་པ་དང་། བསྒྱུར་བ་དང་། ཡོངས་སུ་དག་པ་སྟེ་རྒྱུ་རྣམ་པ་དྲུག་དང་ལྡན་ན་རྫོགས་པ་ཡིན་ནོ། །དེ་ལ་བགྲང་བ་ནི་དབུགས་རྔུབ་དབྱུང་དག་ལ་སེམས་གཏད་ནས་ལུས་སེམས་མངོན་པར་འདུ་མི་བྱེད་པར་གློད་དེ། ལུས་སྐྱིལ་མོ་ཀྲུང་བཅའ། སེམས་བྱིང་རྒོད་དུ་ མ་ཤོར་བར་རྣལ་དུ་བཞག་སྟེ་མ་ཆགས་པར་བྱས་ཤིང་། དྲན་པ་ཙམ་གྱིས་གཅིག་དང་གཉིས་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་སྡུད་པར་དོགས་པས་བཅུ་ལས་ཉུང་ངུ་ནི་མ་ཡིན་ལ། སེམས་གཡེང་བར་དོགས་པས་བཅུ་ལས་ལྷག་པ་ཧ་ཅང་མང་ བ་ནི་མ་ཡིན་ནོ། །དེ་ལ་སྐྱོན་ནི་གསུམ་ཡོད་དེ། གཉིས་ལ་གཅིག་ཏུ་འཛིན་ན་དོན་ལྷག་ཀྱང་འཇལ་བྱེད་དེས་བགྲང་བྱ་མ་ཚང་བར་བགྲང་བའི་སྐྱོན་ནོ། །གལ་ཏེ་གཅིག་ལ་གཉིས་སུ་འཛིན་ན་དོན་ཆད་ཀྱང་གྲངས་ལྷག་པས་ལྷག་པར་བགྲང་བའི་སྐྱོན་ནོ། །རྔུབ་པ་ལ་དབྱུང་བ་ དང་། དབྱུང་བ་ལས་ལ་རྔུབ་པར་འཛིན་ན་འཆོལ་བར་བགྲང་བའི་སྐྱོན་ཡོད་དོ། །དེ་ལས་གཞན་པ་ནི་ཡང་དག་པའི་བགྲང་བའོ། །བར་སྐབས་སུ་སེམས་གཡེངས་ན་དང་པོ་གཅིག་རང་ནས་བསྐྱར་ལ་ཇི་སྲིད་དུ་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་བགྲང་བར་བྱའོ། །ཏིང་ངེ་འཛིན་ ཐོབ་ན་རང་ཤུགས་ཀྱིས་འབྱུང་ངོ་། །སྔར་འཇུག་པ་དང་ཕྱིས་དབྱུང་བ་བགྲང་བ་ནི་སྐྱེ་བ་སྔར་འཐུག་ལ་འཆི་བ་ཕྱིས་འབྱུང་དེས་དེ་ལྟར་སྐྱེ་འཆི་རྟོག་པ་ལས་མི་རྟག་པ་ལ་འདྲིས་པ་བྱས་པར་འགྱུར་རོ། །རྗེས་སུ་འགྲོ་བ་ནི་འདི་དག་ཐག་ཇི་སྲིད་ཅིག་འབྱུང་ངམ་འཇུག །ལུས་ཐམས་ 3-1-240a ཅད་ལ་ཁྱབ་པ་ཞིག་གམ། ཕྱོགས་འགའ་ཞིག་ན་རྒྱུ་ཞེས་མངོན་པར་འདུ་བྱ་བ་མེད་པར་རྔུབ་པ་དང་དབྱུང་བའི་འགྲོས་ཀྱིས་རྗེས་སུ་འགྲོ་བ་སྟེ། དེ་འཇུག་པ་ན་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་རྐེད་པ་དང་བརླ་དང་བྱིན་པར་འཇུག་པའི་རིམ་གྱིས་རྐང་པ་ གཉིས་ཀྱི་བར་དུ་རྗེས་སུ་འགྲོ་ལ། འབྱུང་བ་ན་མཐོ་གང་དང་འདོམ་གང་གི་བར་དུ་འབྱུང་སྟེ་སྲོག་ཆགས་སྟོབས་ལྡན་དང་ཉམ་ཆུང་བ་དང་རྗེས་སུ་འབྲེལ་བའི་ཕྱིར། འདིར་ལུས་ཀྱི་གནས་རྣམས་སུ་སྲོག་ཆགས་ཡོད་པས་དེའི་རླུང་གི་ནུས་པས་རང་ཉིད་ཀྱི་རླུང་གི་ནུས་པའང་སྟོབས་སུ་འགྲོ་བར་བཤད་པ་ འདི་ནི་སྒྲོས་ཡ་མཚན་པ་ཞིག་སྣང་ངོ་། །གཞན་དག་ན་རེ། འོག་ཏུ་རླུང་གི་དཀྱིལ་འཁོར་དང་། གྱེན་དུ་ཉི་ཟླ་འདེགས་པའི་རྣམ་པར་འཐོར་བྱེད་ཀྱི་བར་དུའོ། །ཞེས་ཟེར་ཏེ། དེ་ནི་མོས་པ་ཡིད་བྱེད་ལ་རུང་དུ་ཆུག་ཀྱང་། འདི་ནི་དེ་ཁོ་ན་ཉིད་ལ་ཡིད་བྱེད་ཡིན་ཙམ་ན་རླུང་གང་དུ་ གནས་པ་དེར་ཡིད་ལ་བྱེད་ཀྱི། རང་གི་དབུགས་མེད་པ་རླུང་གི་དཀྱིལ་འཁོར་དང་ཉི་ཟླའི་བར་དུ་བལྟ་ན་དངོས་པོ་དང་མི་མཐུན་པའི་ཕྱིར་རིགས་པ་མ་ཡིན་ནོ། །འཇོག་པ་ནི་ནོར་བུའི་ཐག་པ་བཞིན་དུ་སྣ་རྩེ་ནས་རྐང་པའི་མཐེ་བོའི་བར་དུ་གནས་པར་བལྟ་ཞིང་། དབུགས་འདི་ དག་ཡོད་པས་སྲོག་འཛིན་པའི་ཕྱིར་ལུས་ལ་ཕན་འདོགས་པར་བྱེད་པ་ཞིག་གམ། དབུགས་རྒྱུ་བ་དྲག་ན་གནོད་པར་བྱེད་པ་ཞིག་གམ། གྲང་ངམ་དྲོ་བ་ཞིག་ཅེས་རྟོག་པའོ། །ཉེ་བར་རྟོག་པ་ནི་འདི་དག་རླུང་འབའ་ཞིག་མ་ཡིན་གྱི། འབྱུང་ཆེན་བཞི་པོ་འདི་དག་དང་འབྱུང་བ་ ལས་གྲུབ་པ་རྒྱུར་བྱས་པའི་གཟུགས་དང་དེ་དག་ལ་རགས་ལས་ཏེ་འབྱུང་བས་བརྟེན་པ་སེམས་དང་སེམས་བྱུང་དག་ཀྱང་ཡོད་དོ་ཞེས་ཕུང་པོ་ལྔ་པར་ཉེ་བར་རྟོག་པར་བྱེད་པའོ། །སྒྱུར་བ་ནི་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ། ཆོས་མཆོག་གི་བར་དུ་གོང་ནས་གོང་དུ་དེ་དག་དྲན་པ་ 3-1-240b ཉེར་གཞག་དང་དྲོད་སོགས་རྣམས་ལ་ཡང་དག་པར་སྦྱོར་བའོ། །ཡོངས་སུ་དག་པ་ནི་མཐོང་སྒོམ་མི་སློབ་པའི་ལམ་ལ་འཇུག་པའོ། །གཞན་ན་རེ། སྒྱུར་བ་ནི་དྲན་པ་ཉེར་གཞག་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཡིན་ལ། རྣམ་པར་དག་པ་ནི་ཟད་པ་ཤེས་པ་ལ་སོགས་ པ་ཡིན་ནོ་ཞེས་ཟེར་རོ། །སོགས་པས་མི་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་བཟུང་སྟེ་གོས་དྲི་མ་དང་འབྲེལ་བ་ལྟར་དག་པ་མེད་པས་ལྷག་མ་དང་བཅས་པ་ལྟར་ལྷག་མ་དང་བཅས་པ་ནི་དག་པར་མི་འོས་པའི་ཕྱིར། གཉིས་པ་ཡུལ་གྱི་ཁྱད་པར་ནི། དབུགས་རྔུབ་དབུགས་འབྱུང་གང་ལས་ལུས། །སེམས་ཅན་ཞེས་བྱ་མ་ཟིན་པའོ། །རྒྱུ་མཐུན་ལས་བྱུང་། དབུགས་ རྔུབ་པ་དང་དབུགས་དབྱུང་བ་ས་གང་ལས་ཡིན་ཅེ་ན། འདོད་པ་ནས་བསམ་གཏན་གསུམ་པའི་བར་གྱི་ལུས་གང་ཡིན་པ་དེའི་ས་པ་དག་ཡིན་ཏེ། འདི་གཉིས་ནི་ལུས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། །གཟུགས་མེད་པ་དང་ནུར་ནུར་པོ་ལ་སོགས་པས་མེར་མེར་པོའི་སྐབས་ སུ་ནི་དབུགས་དབྱུང་རྔུབ་དྲན་པ་འདི་མེད་དེ། ལུས་ཁྱད་པར་ཅན་སྦུབས་ཡོད་པ་ལ་བརྟེན་ནས་འཇུག་པ་མ་ཡིན་པའི་ཕྱིར། སེམས་མེད་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ན་ཡང་དབུགས་དབྱུང་རྔུབ་དྲན་པ་འདི་མེད་དེ། རིམ་པ་བཞིན་སེམས་མེད་ པའི་ཕྱིར་དང་། དབུགས་དབྱུང་རྔུབ་ཀྱི་ས་པའི་སེམས་མེད་པའི་ཕྱིར། མངལ་ནས་སྤྱིར་སྐྱེ་བ་དང་བསམ་གཏན་བཞི་པ་ལས་ལྡང་བ་ལ་ནི་དབུགས་ནང་དུ་འཇུག་ལ། འཆི་བའི་ཚེ་དང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ལ་དབུགས་ཕྱིར་འབྱུང་ངོ་། །དབུགས་ དབྱུང་རྔུབ་འདི་གཉིས་ནི་སེམས་ཅན་ཞེས་བྱ་བར་བགྲང་སྟེ། ཐོབ་པ་དང་མ་ཐོབ་པ་དང་ལྡན་པའི་ཕྱིར། རྒྱུད་དུ་སྒྲོ་བཏགས་པའི་ཕྱིར། མ་ཟིན་པ་སྟེ། དབང་པོ་དང་ཐ་དད་པར་འཇུག་པའི་ཕྱིར། སྐལ་མཉམ་གྱི་རྒྱུས་བསྐྱེད་པས་རྒྱུ་མཐུན་ལས་བྱུང་བ་ཡིན་ཏེ། ལུས་རྒྱས་ 3-1-241a པས་འགྲིབ་པར་འགྱུར་བས་རྒྱས་བྱུང་མིན་པའི་ཕྱིར་དང་། རྣམ་སྨིན་ལས་བྱུང་བ་མ་ཡིན་ཏེ། ཆད་ནས་ཉིང་མཚམས་སྦྱོར་བའི་ཕྱིར། དེའང་རྣམ་སྨིན་གྱི་གཟུགས་མིག་སོགས་ལ་ཉིང་མཚམས་སྦྱོར་བ་འདི་མེད་ཀྱི། སེམས་དང་སེམས་བྱུང་རྣམ་ སྨིན་སྐྱེས་ཡིན་ཀྱང་ཆད་ནས་ཡང་མཚམས་སྦྱོར་བ་ལ་འགལ་བ་མེད་དོ། །གསུམ་པ་ནི། འོག་མ་ཡི། །ཡིད་ཀྱིས་དེ་གཉིས་མ་རྟོགས་སོ། །རྔུབ་དབྱུང་དེ་གཉིས་རང་ས་དང་ས་གོང་མའི་སེམས་ཀྱིས་རྟོགས་ཀྱི། འོག་མའི་སྤྱོད་ལམ་པ་དང་། སྤྲུལ་པའི་ཡིད་གོང་མར་མངོན་དུ་བྱེད་པ་ཉིད་ཀྱིས་དེ་གཉིས་མི་རྟོགས་ན་དགེ་བ་དང་ ཉོན་མོངས་པ་གཞན་ལྟ་ཅི་སྨོས་སོ། །དེའང་འོག་མའི་སེམས་གཉིས་པོ་འདི་གོང་མའི་རྟེན་ལ་སྐྱེས་པའི་གཉིས་པོ་འདི་གོང་མའི་དབུགས་མི་རྟོགས་ན་གོང་མ་ལ་འོག་མའི་སེམས་མ་སྐྱེས་པ་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །དེའང་འདོད་པའི་སྤྱོད་ལམ་གྱི་སེམས་བསམ་གཏན་ དང་པོ་ཡན་ཆད་ལ་མི་འབྱུང་ཡང་བསམ་གཏན་དང་པོའི་སྤྱོད་ལམ་གྱི་སེམས་བསམ་གཏན་གཉིས་པ་ཡན་ཆད་ལ་འབྱུང་སྟེ། གཉིས་པ་སོགས་ན་ལུས་མིག་དང་། རྣ་བའི་རྣམ་ཤེས་གང་ཡིན་པ་དེ་ནི་དང་པོར་གཏོགས་ཞེས་འབྱུང་བས་སོ། །གཉིས་པ་ལྷག་མཐོང་ སྒོམ་ཚུལ་ལ། ཚོགས་ལམ། སྦྱོར་ལམ། བདེན་པ་མངོན་པར་རྟོགས་པའི་ལམ་མོ། །དང་པོ་ལ། བསྟན་བཤད་ལས། དང་པོ་ནི། ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །འཇུག་པའི་སྒོ་མི་སྡུག་པ་དང་དབུགས་རྔུབ་པ་དང་དབྱུང་བ་འདི་གཉིས་ཞི་གནས་ཀྱི་ཏིང་ངེ་འཛིན་འགྲུབ་ཀྱང་ལྷག་མཐོང་གི་ཤེས་ རབ་མེད་ན་ཉོན་མོངས་པ་རྣམས་རྩ་བ་ནས་མི་སྤངས་ཏེ། མདོ་ལས། ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ཞི་གནས་འགྲུབ་པར་འགྱུར་བ་ཡིས་ཉོན་མོངས་པ་རྩ་བ་ནས་སྤངས་ཤིང་ལྷག་མཐོང་གི་ཤེས་རབ་བསྐྱེད་ 3-1-241b པའི་ཕྱིར་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པར་བྱའོ། །དེ་དག་བསྒོམས་པས་ལྷག་མཐོང་འགྲུབ་པའང་། མདོ་ལས། དགེ་སློང་དག་བགྲོད་པ་གཅིག་པའི་ལམ་ནི་འདི་ཡིན་ནོ། །འདི་ལྟ་སྟེ། དྲན་པ་ཉེ་བར་བཞག་པ་བཞིའོ། །ཞེས་འབྱུང་བའི་ཕྱིར། ཞེས་སོ། །དྲན་པ་ ཉེར་བཞག་ཚོགས་ལམ། ཡང་དག་སྤོང་བ་དྲོད། རྫུ་འཕྲུལ་གྱི་རྐང་པ་རྩེ་མོ། དབང་པོ་ལྔ་བཟོད་པ། སྟོབས་ལྔ་ཆོས་མཆོག །འཕགས་ལམ་ཡན་ལག་མཐོང་ལམ། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་ལམ། དེ་ལའང་ཆོས་མཆོག་སྟོབས་ཀྱི་དུས་ན་དབང་པོ་ དང་། རྫུ་འཕྲུལ་གྱི་རྐང་པ་ཡང་དག་པར་སྤོང་བ་དྲན་པ་ཉེར་གཞག་ཡོན་ཏན་ཡར་ལྡན་དུ་ཡོད། བཟོད་པ་དབང་པོའི་དུས་སུའང་འོག་ཀུན་ཡོན་ཏན་ཡར་ལྡན་དུ་ཡོད། གཞན་ལའང་དེ་བཞིན་དུ་སྦྱར་རོ། །ཆོས་མཆོག་སྟོབས་ཀྱི་དུས་ན་འཕགས་ལམ་དང་། བྱང་ཆུབ་ཀྱི་ ཡན་ལག་མེད། མཐོང་ལམ་ཡན་ལག་བརྒྱད་པའི་དུས་ན་སྟོབས་མན་ཆོད་ཡོན་ཏན་ཡར་ལྡན་དུ་ཡོད། བྱང་ཆུབ་ཀྱི་ཡན་ལག་བདུན་ཆ་མཐུན་དུ་ཡོད། སྒོམ་ལམ་ཡན་ལག་བདུན་གྱི་དུས་ན། ལམ་ཡན་ལག་བརྒྱད་པ་མན་ཆོད་ཡོད། དྲན་པ་ཉེར་གཞག་གི་དུས་ སུ་སྟོབས་མན་ཆོད་ཆ་མཐུན་ཡོད། ཡང་དག་སྤོང་བའི་དུས་སུ་དྲན་པ་ཉེར་གཞག་ཡོན་ཏན་ཡར་ལྡན་དུ་ཡོད། སྟོབས་མན་ཆོད་ཆ་མཐུན་དུ་ཡོད་དོ། །གཉིས་པ་ལ། ཐུན་མོང་གི་ཆོས་དང་། བྱེ་བྲག་ཏུ་ཆོས་དྲན་ཉེ་སྒོམ་ཚུལ་ལོ། །དང་པོ་ལ། སྒོམ་ཚུལ། ངོ་བོ། །གོ་ རིམ། གྲངས་ངེས་སོ། །དང་པོ་ནི། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ལུས་ཚོར་སེམས་དང་ཆོས་རྣམས་ལ། རང་སྤྱིའི་མཚན་ཉིད་གཉིས་སུ་ཡོངས་སུ་བརྟགས་པས་ཤེས་པར་བྱའོ། །རང་གི་མཚན་ཉིད་ནི། ལུས་ནི་འབྱུང་བ་དང་འབྱུང་འགྱུར་རོ། །ཚོར་བ་ནི་མྱོང་བའོ། །སེམས་ནི་དམིགས་ 3-1-242a པའོ། །ཆོས་ནི་ལུས་ཚོར་སེམས་གསུམ་ལས་གཞན་འདུ་ཤེས། འདུ་བྱེད། འདུས་མ་བྱས་ཀྱི་ཆོས་སོ། །དེའང་མ་འདྲེས་པ་རྣམ་པར་བཞག་པ་ལ་བསམས་ནས་བརྗོད་པ་ཡིན་གྱི། འདྲེས་པ་རྣམ་པར་བཞག་ན་ལུས་སོགས་གསུམ་པོའང་ བཟུང་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་པར་བལྟའོ། །དེ་ལྟར་མཉམ་པར་བཞག་པས་ལུས་དེ་ལ་རྡུལ་ཕྲ་རབ་དང་། དུས་ཀྱི་མཐའི་སྐད་ཅིག་མ་རེ་རེར་མཐོང་བས་དྲན་པ་ཉེར་གཞག་གྲུབ་བའི་ཚད་ཡིན་ནོ། །ཐམས་ཅད་ལ་དེར་མཐོང་ བ་ཡོད་པ་མིན་པས་གྲག་ཅེས་སྨོས་སོ། །སྤྱིའི་མཚན་ཉིད་ནི། འདུས་བྱས་རྣམས་མི་རྟག་པ་ཉིད་དང་། ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཉིད་དོ། །སྡུག་བསྔལ་གྱི་མཚན་ཉིད་ནི་འཕགས་པ་རྣམས་ དང་མི་མཐུན་པའོ། །གཉིས་པ་ནི། ཤེས་རབ་ཐོས་སོགས་ལས་བྱུང་བའོ། །གཞན་ནི་འབྲེལ་དང་དམིགས་པ་ལས། །དྲན་པ་ཉེར་གཞག་གསུམ་སྟེ། རང་བཞིན་གྱི་དྲན་པ་ཉེར་གཞག་ནི་ཐོས་པ་ལས་བྱུང་བ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་བོ། །སྦྱོར་བྱུང་ཐོས་སོགས་བཞག་གི་སྐྱེས་ཐོབ་དམན་པ་ཡིན་པས་མ་བཞག་གོ། གཞན་ཤེས་རབ་དེ་ དང་ལྷན་ཅིག་འབྱུང་བ་འདུ་ཤེས་དང་སེམས་པ་སོགས་རྣམས་ནི་རང་བཞིན་གྱི་དྲན་པ་ཉེར་གཞག་དང་འབྲེལ་བའི་དྲན་པ་ཉེ་བར་བཞག་པ་ཡིན་ནོ། །དེ་དག་ནི་དམིགས་པ་ལུས་ཚོར་སེམས་དང་ཆོས་རྣམས་ནི་དམིགས་པའི་དྲན་པ་ཉེར་གཞག་སྟེ། དམིགས་པའི་དྲན་པ་ཉེར་ གཞག་ནི་ཆོས་ཐམས་ཅད་དེ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ཆོས་ཐམས་ཅད་ཅེས་བྱ་བ་འདི་ཉིད་དྲན་པ་ཉེ་བར་བཞག་པ་བཞིའི་ཚིག་བླ་དྭགས་ཡིན་ནོ། །ཞེས་གསུངས་སོ། །རང་བཞིན་དྲན་པ་ཉེར་བཞག་ཡིན་པའི་རྒྱུ་མཚན་ནི། ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བ་ནི་ 3-1-242b དྲན་པ་ཉེ་བར་འཇོག་པའོ་ཞེས་འབྱུང་བའི་ཕྱིར། རྗེས་སུ་ལྟ་བ་ནི་ཤེས་རབ་ཡིན་ཏེ། ཤེས་རབ་དེས་ཤེས་རབ་དེ་དང་ལྡན་པའི་གང་ཟག་ནི་རྗེས་སུ་ལྟ་བར་བྱེད་པ་པོ་ཡིན་པའི་ཕྱིར། འདི་ལྟར་ནང་གི་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་གསུངས་པ་སྟེ། འདི་ལ་རྗེས་སུ་ལྟ་བ་སྟེ་ལྟ་ བ་ཤེས་རབ་ཡོད་པས་རྗེས་སུ་ལྟ་བར་བྱེད་པ་ནི་གང་ཟག་ཡིན་པས་དབྱུག་པ་ཅན་ཞེས་པ་ལྟ་བུའོ། །ལུས་ལ་ལུས་ཀྱི་ལྟ་བ་ནི་བདུན་པའི་ཚིག་གི་བསྡུ་བ་ཡིན་པས་རྗེས་སུ་ལྟ་བ་པོའང་གང་ཟག་ཡིན་པར་གྲུབ་བོ། །བྱེ་སྨྲས། ཤེས་རབ་ལ་དྲན་པར་བཞག་སྟེ་དྲན་པའི་སྟོབས་ཀྱིས་ དམིགས་པ་ལ་འཇུག་པའམ་འཛིན་ནས་ཤེས་རབ་ཀྱིས་རབ་ཏུ་ཤེས་པས་དྲན་པ་ཤས་ཆེ་ཞིང་ལྷག་པའི་ཕྱིར། དང་པོ་ཁྱེའུའི་སྟོབས་ཀྱིས་ཤིང་གཤགས་པས་ཁྱེའུས་གཤགས་ཟེར་བ་བཞིན་ཅེས་ཟེར་རོ། །སློབ་དཔོན་གྱིས། བྱེད་བསྒྲུབ་པ་ཡིན་ན་རུང་སྟེ། ཤེས་རབ་འདིས་དོན་ ཇི་ལྟར་མཐོང་བ་བཞིན་ལུས་སོགས་ལ་དྲན་པ་ཉེ་བར་འཇོག་པས་ན་ཆོས་ཅན། དྲན་པ་ཉེར་གཞག་ནི་ཤེས་རབ་ཡིན་ཏེ། ཤེས་རབ་ཀྱིས་ཇི་ལྟར་མཐོང་བ་བཞིན་དུ་དྲན་པས་མངོན་པར་བརྗོད་ཅིང་འཛིན་པའི་ཕྱིར། རང་བཞིན་གྱི་དྲན་པ་ཉེར་བཞག་ཇི་ལྟར་འབྲེལ་བའི་དྲན་པ་ཉེར་ གཞག་ཀྱང་དེ་དང་འདྲ་སྟེ་ཤེས་རབ་ཀྱིས་ལུས་ལ་སོགས་ལ་དྲན་པ་ཉེ་བར་འཇོག་པ་དེ་བཞིན་དུ་དེ་དང་མཚུངས་ལྡན་དག་གིས་ཀྱང་ཉེ་བར་འཇོག་པར་བྱེད་དོ། །ཚེ་དང་ལྡན་པ་མ་འགགས་པས་ཀྱང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེའི་ལུས་ལ་དམིགས་པའི་དྲན་པ་ ཉེ་བར་གནས་པ་ཡང་དག་པར་གནས་ཞེས། རྒྱས་པར་བཤད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེའི་དྲན་པ་ཉེ་བར་གནས་ཤིང་ཀུན་ཏུ་མི་རྨོངས་པ་ཡིན་ནོ། །ཞེས་སོ། །ད་ནི་མདོ་གཞན་ལས་གསུངས་པའི་དྲན་པ་ཉེར་གཞག་རྣམས་ 3-1-243a བྱེད་པ་སྒྲུབ་པ་མ་ཡིན་པར་བྱེད་པ་དོན་གཞན་དུ་བྱེད་པར་འདོད་དེ། མདོ་ལས། དགེ་སློང་དག་ཇི་ལྟར་དྲན་པ་ཉེ་བར་བཞག་པ་རྣམས་ཀུན་འབྱུང་བ་དང་ནུབ་པ་ཡིན་ཅེ་ན། ཟས་ཀུན་འབྱུང་བས་ལུས་ཀུན་འབྱུང་བ་ཡིན་ལ། ཟས་འགགས་པས་ནི་ལུས་ ནུབ་པ་ཡིན་ནོ། །ལུས་ཀུན་ཏུ་འབྱུང་བ་དང་ནུབ་པ་བཤད་པ་ལྟར་ཚོར་བ་ལ་ཡང་དེ་བཞིན་དུ་བརྗོད་དེ། རེག་པ་ཀུན་ཏུ་འབྱུང་བས་ནི་ཚོར་བ་ཀུན་ཏུ་འབྱུང་བ་ཡིན་ལ། རེག་པ་འགགས་པས་ནི་ཚོར་བ་ནུབ་པ་ཡིན་ནོ། །མིང་དང་གཟུགས་ཀུན་ཏུ་འབྱུང་བས་ནི་སེམས་ཀུན་ཏུ་ འབྱུང་བ་ཡིན་ལ། མིང་དང་གཟུགས་འགགས་པས་ནི་སེམས་ནུབ་པ་ཡིན་ནོ། །ཡིད་ལ་བྱེད་པ་ཀུན་ཏུ་འབྱུང་བས་ནི་ཆོས་རྣམས་ཀུན་ཏུ་འབྱུང་བ་ཡིན་ལ། ཡིད་ལ་བྱེད་པ་འགགས་པས་ནི་ཆོས་ནུབ་པ་ཡིན་ནོ་ཞེས་གསུངས་པས། ལུས་ཚོར་སེམས་ཆོས་ཀྱི་དམིགས་པ་ཁོ་ན་ དྲན་པ་ཉེར་གཞག་ཏུ་གསུངས་ཏེ། ཡུལ་འདི་ལ་དྲན་པ་ཉེ་བར་གནས་པའི་ཕྱིར་རོ། །དྲན་ཉེ་འདི་དག་གི་མིང་ནི་དམིགས་པ་ཡུལ་གྱི་སྒོ་ཇི་ལྟ་བ་བཞིན་ཡུལ་ཅན་ལའང་ངེས་པའི་ཚིག་གིས་བཏགས་སོ། །འདི་དག་རེ་རེ་ཞིང་རྣམ་པ་གསུམ་གསུམ་ཡིན་ཏེ། འདི་དག་རང་དང་ གཞན་དང་གཉིས་ཀའི་རྒྱུད་ལ་དམིགས་པའི་ཕྱིར། དེའང་རང་གི་ལུས་ལ་ནང་གི་ལུས་དང་། གཞན་གྱི་ལུས་ལ་ཕྱིའི་ལུས་དང་། རང་གཞན་གཉིས་ཀའི་ལུས་ལ་གཉིས་ཀའི་ལུས་སུ་བརྗོད་པའམ། ཁ་ཅིག་ནི་ནང་གི་ལུས་ནི་མཉམ་པར་བཞག་པ་ཁམས་གོང་མ་གཉིས་ ཀྱིའོ། །ཕྱིའི་ལུས་ནི་འདོད་ཁམས་མཉམ་པར་མ་བཞག་པའོ། །ཕྱི་ནང་གཉིས་ཀའི་ལུས་ནི་རྟེན་འདོད་པ་མཉམ་པར་བཞག་པ་དེས་གོང་མ་གཉིས་ཀྱི་སེམས་ཐོབ་པའོ། །ཚོར་བ་ལ་སོགས་པའང་དེ་བཞིན་དུ་སྦྱར་རོ། །གསུམ་པ་ནི། རིམ་ནི་ཇི་ལྟར་སྐྱེ་བ་བཞིན། །སྔ་ཕྱིའི་རིམ་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ 3-1-243b ན་རེ། ཇི་ལྟར་སྐྱེ་བའི་རིམ་པ་བཞིན་ཏེ། སྔར་རགས་པར་མཐོང་བའི་ཕྱིར། དེའང་ལུས་རྣམ་ཤེས་དྲུག་གི་ཤེས་བྱ་ཡིན་པས་རགས་ལ། དེ་ནས་ཕྱི་མ་གཉིས་ལས་ཚོར་བ་རྒྱུ་བ་རགས་ལ། དེ་ནས་སེམས་རགས་ཏེ་སོ་སོ་རྣམ་པར་རིག་པའི་རྣམ་པར་མཚོན་སླ་བའི་ཕྱིར་དང་། ཆོས་ནི་ཕྲ་བས་རྣམ་པར་ཤེས་པས་རྟོགས་དཀའ་བའི་ཕྱིར་རོ། །ཡང་ན་འདོད་པ་ལ་འདོད་ཆགས་པའི་རྟེན་ལུས་ཡིན་ལ། འདོད་ཆགས་དེ་ཡང་ཚོར་བ་མངོན་པར་འདོད་པ་ལས་བྱུང་ཞིང་། ཚོར་བ་མངོན་པར་འདོད་པ་དེའང་སེམས་མ་ཞི་བར་གྱུར་པ་དང་། སེམས་མ་ཞི་བས་ ཉོན་མོངས་པ་ལ་སོགས་པའི་ཆོས་མ་སྤངས་པས་སོ། །ཞེས་ཟེར་རོ། །བཞི་པ་ནི། ཕྱིན་ཅི་ལོག་གི་གཉེན་པོར་བཞི། །ལུས་ནི་ཕྱི་ས་པ་དང་འདྲ་བར་མི་གཙང་བ་དང་། ཚོར་བ་སྡུག་བསྔལ་བ་དང་། སེམས་ནི་མྱུར་དུ་འགྱུར་བས་མི་རྟག་པ་དང་། ཆོས་ནི་རང་དབང་གཅིག་པུའི་བདག་མེད་པས་གཙང་བདེ་རྟག་ བདག་ཕྱིན་ཅི་ལོག་བཞི་དག་གི་གཉེན་པོར་དྲན་པ་ཉེར་གཞག་བཞི་གོ་རིམ་བཞིན་བསྟན་ཏེ། མི་མང་མི་ཉུང་བའི་ཕྱིར་རོ། །དེ་དག་ལས་དང་པོ་གསུམ་ནི་མ་འདྲེས་པ་ལ་དམིགས་པ་སྟེ། སོ་སོར་ངེས་པ་ལ་དམིགས་པའི་ཕྱིར། བཞི་པ་ནི། མ་འདྲེས་པ་ལ་དམིགས་པ་དང་། འདྲེས་པ་ལ་དམིགས་པ་ཡིན་ནོ། །དེའང་ཆོས་ཁོ་ན་ལ་ལྟ་བ་ན་མ་འདྲེས་པ་ལ་དམིགས་པ་དང་། ལུས་སོགས་གཉིས་སམ་གསུམ་བཞི་ལ་ཕྱིར་ལྟ་ན་འདྲེས་པ་ལ་དམིགས་པའོ། །གཉིས་པ་བྱེ་བྲག་ཏུ་ཆོས་དྲན་ཉེ་སྒོམ་ཚུལ་ནི། དེ་ནི་ཆོས་དྲན་ཉེར་གཞག་པ། །སྤྱི་ལ་དམིགས་པ་ལ་གནས་ཏེ། །དེ་དག་ལ་ནི་མི་རྟག་དང་། །སྡུག་བསྔལ་སྟོང་བདག་མེད་པར་ལྟ། །དེ་ལྟར་ལུས་སོགས་ལ་དམིགས་པའི་དྲན་ པ་ཉེར་གཞག་རྣམས་གོམས་པར་བྱས་ནས་གོམས་པ་དེ་ནི་ཆོས་དྲན་པ་ཉེ་བར་བཞག་པ་སྤྱི་སྟེ་འདྲེས་པ་ལ་དམིགས་པ་ལ་གནས་ཏེ། ལུས་སོགས་དེ་ཐམས་ཅད་སྤྱིར་བསྡུས་ཏེ་དེ་དག་ལ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་དང་རྣམ་པ་བཞིར་བལྟའོ། ། 3-1-244a གཉིས་པ་སྦྱོར་ལམ་ལ། སྐྱེ་ཚུལ། ངོ་བོ། །ཁྱད་ཆོས། སྔོན་འགྲོའོ། །དང་པོ་ལ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག །ཐུན་མོང་གི་ཆོས་སོ། །དང་པོ་ནི། དེ་ལས་དྲོ་བར་གྱུར་པ་འབྱུང་། །དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །རྣམ་པ་བཅུ་དྲུག །ཆོས་དྲན་པ་ཉེར་གཞག་གོམས་པ་དེ་ལས་རིམ་གྱིས་དགེ་རྩ་དྲོ་བ་འགྱུར་བ་འབྱུང་ ངོ་། །དེའང་གཙུབས་ཤིང་གཙུབས་པ་ལས་མེའི་སྔ་ལྟས་དྲོ་བར་གྱུར་པ་དང་འདྲ་བས་དྲོ་བ་སྟེ། ཤེས་པ་དང་ཤེས་བྱའི་གཙུབས་ཤིང་གཙུབས་པ་ལས་ཉོན་མོངས་པའི་བུད་ཤིང་སྐམ་པོ་སྲེག་པར་བྱེད་པ་འཕགས་ལམ་ཟག་མེད་ཀྱི་སྔ་ལྟས་སམ་མཚན་མ་ཡིན་པའི་ཕྱིར། སྤྱིར་ དྲོད་ཆུང་ངུ་། རྩེ་མོ་འབྲིང་། བཟོད་པ་ཆེན་པོ། ཆོས་མཆོག་ཆེན་པོའི་ཡང་ཆེན་པོ། ཡང་དྲོད་དང་རྩེ་མོ་གཡོ་བ་ཆུང་ངུ་། བཟོད་པ་འབྲིང་། ཆོས་མཆོག་ཆེན་པོ། ཡང་ན་དྲོད་དང་རྩེ་མོ་ཆུང་ངུ་། བཟོད་པ་དང་ཆོས་མཆོག་ཆེན་པོ། དྲོད་ནི་དྲོད་དང་འདྲ། རྩེ་མོ་དུ་བ་འཐུལ་ བ་དང་འདྲ། བཟོད་པ་དང་དུ་བ་ཆེར་འཐུལ་བ་མེ་སྟག་དང་འདྲ། ཆོས་མཆོག་མེ་དང་འདྲ། ཡང་ན་རེ་རེ་ལའང་ཆེ་འབྲིང་ཆུང་གསུམ་གསུམ། ཆོས་མཆོག་སྐད་ཅིག་མ་ཡིན་པས་གསུམ་མེད། ཁ་ཅིག་ན་རེ། དྲོད་བཟོད་པ་ཆུང་ངུ་། རྩེ་མོ་བཟོད་པ་འབྲིང་། བཟོད་པ་བཟོད་ པ་ཆེན་པོ་ཟེར་རོ། །དྲོ་བར་གྱུར་པ་དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན་ཡིན་ཏེ། སྐད་ཅིག་མ་གཅིག་གིས་ཁམས་གོང་འོག་གི་བདེན་པ་ལ་དམིགས་མི་ནུས་པས་རྒྱུན་ཆགས་པ་ཡིན་པའི་ཕྱིར། ཆོས་ཤེས་བཟོད་ཀྱི་སྦྱོར་བ་འདོད་ཁམས་ཀྱི་བདེན་པ་སྤྱིའི་ཚུལ་གྱིས་བཅུ་དྲུག་ཏུ་ གོམས་པར་བྱེད། རྗེས་སུ་ཤེས་བཟོད་ཀྱི་སྦྱོར་བ་ཁམས་གོང་མ་གཉིས་ཀྱི་བདེན་པ་བཅུ་དྲུག་ཏུ་གོམས་པར་བྱེད་པས་མཐོང་ལམ་ལ་ཉེ་བའི་སྦྱོར་བ་ཡིན་པས་སྦྱོར་ལམ་མོ། །འོ་ན་ཆོས་མཆོག་གཅིག་པུ་སྦྱོར་ལམ་དུ་མི་འོང་ངམ། དེས་ན་དྲོད་ཡན་ཆོད་མཐོང་ལམ་ལ་ཉེ་ 3-1-244b བས་སྦྱོར་ལམ་དུ་འཇོག་ན། ཚོགས་ལམ་རིང་ཟེར་ན། འོ་ན་དྲོད་ཀྱང་རིང་། དྲོད་ཚོགས་ལམ་ལ་བལྟོས་ན་ཉེ་བས་སྦྱོར་ལམ་ཡིན་ཟེར་ན། འོ་ན་རྩེ་མོ་ཡན་ཆད་སྦྱོར་ལམ་ཡིན། དྲོད་ལ་བལྟོས་ན་ཉེ་བས་སྙམ་ན། དེ་ལྟ་བུ་མགོ་མི་འདྲེ་སྟེ། ཚོགས་ལམ་དང་མི་འདྲ་བར་དྲོད་ ཡན་ཆད་མཐོང་ལམ་དང་དམིགས་རྣམ་གཅིག་པས་སྦྱོར་ལམ་དུ་བཞག་གོ། འདོད་ཁམས་ཀྱི་འགོག་པ་ལ་དམིགས་བྱ་བ་ཇི་ལྟར་བཏུབ། འདོད་ཁམས་ན་འགོག་པ་མེད་པས་སྙམ་ན། དགག་བྱ་ལ་བལྟོས་པ་ཡིན་ཏེ། འདོད་པ་འདིའི་དགག་བྱ་འགོག་པའོ། །འདོད་ པའི་ལམ་ནི་ས་དྲུག་ལ་བརྟེན་ལ། ཁམས་གོང་མ་གཉིས་ཀྱི་ལམ་ནི་ས་དགུ་ལ་བརྟེན་པའོ། །དེའི་རྣམ་པ་ནི་བཅུ་དྲུག་སྟེ། སྡུག་བསྔལ་ལ། མི་རྟག་པ། སྡུག་བསྔལ་བ། སྟོང་བ། བདག་མེད་བཞི། ཀུན་འབྱུང་ལ། རྒྱུ། རྒྱུ་མེད། ཀུན་འབྱུང་། མི་མཐུན་པའི་རྒྱུ། རབ་སྐྱེ། གྲངས་ཅན་བཞིན་དུ་མངོན་པར་གསལ་བ། རྐྱེན། གཡོ་བའི་བློ་དེ་བཞིའི་གཉེན་པོའོ། །འགོག་པ་ལ། འགོག་པ། འགོག་པ་མེད་པ། ཞི་བ། ཐར་པ་གདུགས་ཕུབ་བ་ལྟ་བུ། གྱ་ནོམ། བསམ་གཏན་གྱི་བདེ་བ། ངེས་འབྱུང་། ཕྱོགས་གཅིག་ཐར་པ་སྟེ་བཞིའི་གཉེན་པོའོ། །ལམ་ལ། ལམ། རིགས་པ། ལམ་མེད་པ་དང་ལམ་ངན་པ་དང་། སྒྲུབ་པ། འདི་དང་འདྲ་བ་དང་ཕྱོགས་གཅིག་འབྱིན་པ་བཞིའི་གཉེན་པོའོ། །ངེས་འབྱིན་གྱི་རྣམ་པ་བཞི་བཞིར་བལྟ་སྟེ། འདིའི་བྱེ་བྲག་འོག་གནས་བདུན་པར་འཆད་དོ། །སྡེ་པ་གཉིས་ཀྱི་ལུགས་ཀྱིས་ཉན་ཐོས་ཀྱི་དྲོད་རྩེ་མོ་ཉམས་ པར་འདོད། རང་རྒྱལ་དང་པོ་དེ་མི་ཉམས་པར་འདོད། ཐེག་ཆེན་ནི་རང་རྒྱལ་གྱི་དྲོད་རྩེ་མོ་མི་ཉམས་པར་འདོད། གཞན་ཉམས་པར་འདོད། དྲོད་རྩེ་མོ་བཟོད་པ་ནི་ཤིན་ཏུ་ཡུན་རིང་རྒྱུན་ཅན་ཡིན། ཆོས་མཆོག་ནི་རྒྱུན་མེད་དོ། །གཉིས་པ་ལ། རྩེ་མོ་དངོས་དང་། དྲོད་ 3-1-245a རྩེ་གཉིས་ཀའི་ཐུན་མོང་གི་ཆོས་སོ། །དང་པོ་ནི། དྲོ་བ་ལས། །རྩེ་མོ་དེ་ཡང་དེ་དང་འདྲ། །དྲོ་བ་དེ་ཆུང་འབྲིང་ཆེན་པོར་རིམ་གྱིས་འཕེལ་བ་ལས་རྩེ་མོ་སྐྱེ་སྟེ། རྩེ་མོ་དེ་ཡང་དྲོ་བར་གྱུར་པ་དེ་དང་དམིགས་རྣམ་འདྲ་སྟེ། བདེན་བཞི་ལ་དམིགས་ནས་རྣམ་པ་བཅུ་དྲུག་ཏུ་བལྟ་བའི་ཕྱིར་རོ། ། དེ་དང་འདྲ་ན་ལོགས་སུ་ཅིའི་ཕྱིར་བསྟན་ཅེ་ན། ཆོས་མཆོག་ཏུ་གྱུར་པའི་ཕྱིར་མིང་གཞན་དུ་བཏགས་སོ། །དགེ་བའི་རྩ་བ་གཡོ་ཞིང་ཉམས་པ་སྲིད་པ་རྣམས་ཀྱི་རྩེ་མོའམ་རབ་ཀྱི་མཐར་ཕྱིན་པའི་ཕྱིར། དེ་ལས་ཉམས་ནས་ལྟུང་བའམ་འདས་ཏེ་བཟོད་པ་མངོན་དུ་འགྱུར་ ཏེ། དཔེར་ན། བྱ་ཤིང་རྩེར་ཕྱིན་པ་དེ་མ་ན་མར་ལྟུང་། ཡ་ན་ཡར་འཕུར། ས་གཅིག་ཏུ་མི་སྡོད་པ་བཞིན་ནོ། །གཉིས་པ་ནི། གཉིས་ཀ་ཆོས་ཀྱིས་རྣམ་པ་གཏོད། །གཞན་དག་གིས་ཀྱང་འཕེལ་བར་བྱེད། །དྲོད་དང་རྩེ་མོ་གཉིས་ཀ་ཆོས་དྲན་པ་ཉེ་བར་བཞག་པས་དང་པོ་ཉིད་དུ་བདེན་པ་དག་ལ་རྣམ་པ་གཏོད་ཅིང་འཇུག་པར་བྱེད་དོ། །ཆོས་དྲན་པ་ཉེར་ གཞག་ལས་གཞན་པ་དག་གིས་ཀྱང་སྟེ། དྲན་པ་ཉེར་གཞག་བཞི་ཅར་གྱིས་འཕེལ་ཞིང་གོམས་པ་བྱང་བར་བྱེད་དོ། །རྣམ་པར་འཕེལ་བར་བྱེད་པའི་རྣལ་འབྱོར་པས་ནི་འཕེལ་བ་ཁྱད་པར་དུ་གྱུར་པ་རྣམས་མངོན་དུ་བྱེད་ལ། ཁྱད་པར་ཅན་མ་ཡིན་པ་སྔོན་ཐོབ་པ་རྣམས་ མངོན་དུ་མི་བྱེད་དེ། དེ་དམན་པས་དགའ་བ་ཆེན་པོ་མེད་པའི་ཕྱིར། གསུམ་པ་བཟོད་པའི་སྐྱེ་ཚུལ་ལ། དངོས་དང་། བཟོད་པ་ཆེན་པོའི་ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལས་བཟོད་པ་གཉིས་དེ་བཞིན། །རྣམ་གཉིས་དེ་བཞིན་བཟོད་པ་ནི། །ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད། །རྩེ་མོ་དེ་ཆུང་འབྲིང་ཆེན་པོའི་རིམ་གྱིས་འཕེལ་བ་དག་ལས་བཟོད་པའང་སྐྱེ་སྟེ། དྲོད་ རྩེར་ཉམས་ལ་བཟོད་པ་ཆུང་འབྲིང་དུ་གྱུར་ཅིང་། དེའི་ཚེ་དེ་ལས་ཡོངས་སུ་མི་ཉམས་པའི་སྒོ་ནས་བདེན་པ་ལ་ཆེར་བཟོད་པའི་ཕྱིར། བཟོད་པ་དེའང་ཆུང་འབྲིང་ཆེན་པོ་གསུམ་མོ། །དེ་ལ་བཟོད་པ་ཆུང་འབྲིང་རྣམ་གཉིས་རྩེ་མོ་དེ་བཞིན་དུ་ཆོས་དྲན་པ་ཉེར་གཞག་གི་བདེན་ 3-1-245b པ་རྣམས་ལ་རྣམ་པ་གཏོད་ཅིང་འགོད་པར་བྱེད་དོ། །འཕེལ་བྱེད་ལ་ནི་ཁྱད་ཡོད་དེ། བཟོད་པ་ཆུང་འབྲིང་ཆེན་པོ་ཐམས་ཅད་ཆོས་དྲན་ཉེ་ཉིད་ཀྱིས་འཕེལ་བར་བྱེད་དེ། ལུས་དྲན་ཉེ་སོགས་ཀྱིས་མ་ཡིན་ཏེ། དེ་ནི་ཆོས་མཆོག་དང་ཉེ་ཞིང་ཆོས་མཆོག་མཐོང་ལམ་དང་ཉེ་ ལ། མཐོང་ལམ་ཆོས་དྲན་ཉེའི་ངོ་བོ་ཡིན་པར་བསྟན་པར་འདྲ་བའི་ཕྱིར། གཉིས་པ་ནི། ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། །དེ་ནི་སྐད་ཅིག་གཅིག །བཟོད་པ་ཆེན་པོ་ནི་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་ཡུལ་ཅན་ཏེ། འདོད་པའི་སྡུག་བསྔལ་ལ་དམིགས་པའི་ཆོས་མཆོག་དང་ཉེ་བའི་ཕྱིར། དྲོད་སོགས་ཀྱི་དམིགས་པ་ ཆོས་ཅན། ཁམས་གསུམ་གྱི་བདེན་བཞི་ལ་དམིགས་པར་གྲུབ་སྟེ། བཟོད་ཆེན་བཞིན་དུ་དམིགས་པ་སོ་སོར་ངེས་པ་མ་སྨོས་པའི་ཕྱིར། གང་གི་ཚེ་གཟུགས་དང་གཟུགས་མེད་ཀྱི་ཚེ་གཉེན་པོ་ལམ་དང་། འགོག་པ་དང་། ཀུན་ཏུ་འབྱུང་བ་དང་། སྡུག་བསྔལ་ དང་། སོགས་པས་འདོད་པའི་གཉེན་པོའི་བདེན་པའི་རྣམ་པ་དང་དམིགས་པ་རེ་རེ་འཕྲི་བ་ནས་བཟུང་སྟེ། འདོད་པའི་སྡུག་བསྔལ་ཁོ་ན་ལ་མི་རྟག་པ་དང་སྡུག་བསྔལ་པའི་རྣམ་པ་ཅན་སྐད་ཅིག་གཉིས་སུ་ཡིད་ལ་བྱེད་པའི་བར་དེ་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ནོ། ། དེ་ལ་བཟོད་པ་ཆུང་ངུ་ནི་འདོད་པའི་བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་དང་། ཁམས་གོང་མ་གཉིས་དྲིལ་བའི་བདེན་བཞི་ལ་རྣམ་པ་བཅུ་དྲུག་སྟེ། སྐད་ཅིག་སོ་གཉིས་ཚང་བར་སྒོམ་པ་ཡིན་ལ། བཟོད་འབྲིང་གི་སྐབས་འདིར་ཊཱི་ཀའི་དགོངས་པ་འགྲེལ་ཚུལ་གཉིས་ བྱུང་བས་དང་པོ་ནི། ཊཱི་ཀར་བདེན་པའི་རྣམ་པ་དང་དམིགས་པ་རེ་རེ་ནས་ཞེས་པས། རྣམ་པ་རེ་རེར་དབྲི་བ་སྔོན་དུ་བཏང་ནས་དམིགས་པའང་དོར་ནས་སྒོམ་པ་ཡིན་ཅེས་པ་དང་། གཉིས་པས་ནི་ཊཱི་ཀར་བདེན་པའི་རྣམ་པ་དང་དམིགས་པ་རེ་རེ་ནས་ཞེས་པས། 3-1-246a དམིགས་པ་ཡོད་བཞིན་དུ་རྣམ་པ་འདོར་མི་རུང་བས། དམིགས་རྣམ་དུས་མཉམ་དུ་འཕྲིས་ནས་ལྷག་མ་བསྒོམ་པའོ་ཞེས་འདོད་དོ། །དེའི་དང་པོའི་ལུགས་ལ། ཁམས་གོང་འོག་གི་བདེན་པའི་རྣམ་པ་སོ་གཉིས་ལས། ཁམས་གོང་གི་ ལམ་གྱི་རྣམ་པ་ངེས་འབྱིན་འཕྲི་ནས་སུམ་ཅུ་སོ་གཅིག །དེ་ནས་སྒྲུབ་པ་འཕྲི་ནས་སུམ་ཅུ། རིགས་པ་འཕྲི་ནས་ཉེར་དགུ། ལམ་འཕྲི་ནས་ཉེར་བརྒྱད། དེ་ནས་འདོད་པའི་ལམ་གྱིས་ངེས་འབྱིན་འཕྲི་ནས་ཉེར་བདུན། སྒྲུབ་པ་འཕྲི་ནས་ཉེར་དྲུག །རིགས་པ་འཕྲི་ནས་ཉེར་ལྔ། ལམ་འཕྲི་ནས་ཉེར་བཞི་རེ་བསྒོམ། དེ་ནས་ཁམས་གོང་གིས་འགོག་པའི་ངེས་འབྱུང་འཕྲི་ནས་ཉེར་གསུམ་རེ་བསྒོམ། གྱ་ནོམ་འཕྲི་ནས་རྩ་གཉིས། ཞི་བ་འཕྲི་ནས་རྩ་གཅིག །འགོག་པ་འཕྲི་ནས་ཉི་ཤུ། དེ་ནས་འདོད་པའི་ངེས་འབྱུང་འཕྲི་ནས་བཅུ་དགུ། །གྱ་ནོམ་འཕྲི་ནས་ བཅོ་བརྒྱད། ཞི་བ་འཕྲི་ནས་བཅུ་བདུན། འགོག་པ་འཕྲི་ནས་བཅུ་དྲུག །དེ་ནས་ཁམས་གོང་གི་རྐྱེན་འཕྲི་ནས་བཅོ་ལྔ། རབ་སྐྱེ་འཕྲི་ནས་བཅུ་བཞི། ཀུན་འབྱུང་འཕྲི་ནས་བཅུ་གསུམ། རྒྱུ་འཕྲི་ནས་བཅུ་གཉིས། དེ་ནས་འདོད་པའི་རྐྱེན་འཕྲི་ནས་བཅུ་གཅིག །རབ་སྐྱེ་འཕྲི་ ནས་བཅུ། ཀུན་འབྱུང་འཕྲི་ནས་དགུ་། རྒྱུ་འཕྲི་ནས་བརྒྱད། དེ་ནས་ཁམས་གོང་གི་སྡུག་བསྔལ་གྱི་བདག་མེད་འཕྲི་ནས་བདུན། སྟོང་པ་འཕྲི་ནས་དྲུག །སྡུག་བསྔལ་བ་འཕྲི་ནས་ལྔ། མི་རྟག་པ་འཕྲི་ནས་བཞི། དེ་ནས་འདོད་པའི་བདག་མེད་པ་འཕྲི་ནས་གསུམ། སྟོང་ པ་འཕྲི་ནས་གཉིས་ཏེ་བཞི་བརྒྱ་དང་གོ་ལྔ། དེའི་ཁར་འོག་ནས་འབྱུང་བའི་གང་ཟག་བཞིའི་གཉེན་པོའི་དབང་གིས་སྡུག་བདེན་གྱི་རྣམ་པ་བཞི་ལས་གང་རུང་གཅིག་ལན་གཉིས་སུ་བཟླས་ཏེ་བསྒོམས་པས་བཟོད་པ་འབྲིང་ནི་སྐད་ཅིག་བཞི་བརྒྱ་དང་གོ་བདུན་ནོ་ཞེས་འདོད་དོ། ། 3-1-246b གཉིས་པའི་ལུགས་ལ་བཏགས་པ་ལས་སྐད་ཅིག་ལ་བརྒྱ་རྩ་བཅུ་དགུར་བཤད་པ་དང་འགལ་བས་འདི་ལྟར་ཤེས་པར་བྱ་སྟེ། རྣམ་པ་སོ་གཉིས་ལས། ཁམས་གོང་མ་གཉིས་ཀྱི་ལམ་གྱི་རྣམ་པ་བཞི་འཕྲི་ནས་ཉེར་བརྒྱད་བསྒོམ། དེ་ནས་འདོད་པའི་ལམ་གྱི་བཞི་འཕྲི་ནས་རྩ་ བཞིར་བསྒོམ། དེ་ནས་ཁམས་གོང་གི་འགོག་པའི་རྣམ་པ་བཞི་འཕྲི་ནས་ཉི་ཤུར་བསྒོམ། དེ་ནས་འདོད་པའི་འགོག་པའི་རྣམ་པ་བཞི་འཕྲི་ནས་བཅུ་དྲུག་བསྒོམ། དེ་ནས་ཁམས་གོང་མའི་ཀུན་འབྱུང་གི་རྣམ་པ་བཞི་འཕྲི་ནས་བཅུ་གཉིས་སུ་བསྒོམ། དེ་ནས་འདོད་པའི་ཀུན་ འབྱུང་གི་རྣམ་པ་བཞི་འཕྲི་ནས་བརྒྱད་དུ་བསྒོམ། དེ་ནས་ཁམས་གོང་མའི་སྡུག་བསྔལ་གྱི་རྣམ་པ་བཞི་འཕྲི་ནས་བཞིར་བསྒོམ། དེ་རྣམས་ལ་བརྒྱ་དང་བཅུ་གཉིས་ཡོད་པའི་ཐོག་ཏུ་ལྟ་བས་སྤྱོད་པའི་གང་ཟག་ཡིན་ན། མི་རྟག་པ་དང་སྡུག་བསྔལ་གཉིས་གང་རུང་གཅིག་སྟོང་པ་དང་ བདག་མེད་གཉིས་ཏེ་གསུམ་བསྒོམས་པས་བརྒྱ་དང་བཅོ་ལྔ། དེ་ནས་གང་རུང་དེ་བཞག་པས་སྟོང་པ་དང་བདག་མེད་གཉིས་བསྒོམས་པས་བརྒྱ་དང་བཅུ་བདུན། དེ་ནས་བདག་ཏུ་འཛིན་པ་ཤས་ཆེ་ན་བདག་མེད་བསྒོམས་པས་བརྒྱ་དང་བཅོ་བརྒྱད། དེ་ཀ་ལ་བསྐྱར་ནས་ཡང་ གཅིག་བསྒོམས་པས་བརྒྱ་དང་བཅུ་དགུའོ། །བདག་གིར་འཛིན་པ་ཤས་ཆེ་ན་སྟོང་པ་བསྒོམ་སྟེ་བརྒྱ་དང་བཅོ་བརྒྱད། སྟོང་བ་དེ་ཀ་བསྐྱར་ནས་བསྒོམས་པས་བརྒྱ་དང་བཅུ་དགུ། སྲེད་པས་སྤྱོད་པ་གཅིག་ཡིན་ན་སྟོང་པ་དང་བདག་མེད་གང་རུང་གཅིག་མི་རྟག་པ་དང་སྡུག་ བསྔལ་གཉིས་ཏེ་གསུམ་བསྣན་པས་བརྒྱ་དང་བཅོ་ལྔ། དེ་ནས་སྟོང་པ་དང་བདག་མེད་གང་རུང་དེ་བོར་བས་མི་རྟག་པ་དང་སྡུག་བསྔལ་གཉིས་ཏེ་བརྒྱ་དང་བཅུ་བདུན། དེ་ཡང་མངོན་པའི་ང་རྒྱལ་གྱིས་ཉམས་པ་གཅིག་ཡིན་ན་མི་རྟག་པ་གཅིག་པུ་བསྒོམ་སྟེ་བརྒྱ་དང་བཅོ་ 3-1-247a བརྒྱད། མི་རྟག་པ་དེ་ཀ་བསྐྱར་ནས་བསྒོམས་པས་བརྒྱ་དང་བཅུ་དགུ། ལེ་ལོས་ཉམས་པ་གཅིག་ཡིན་ན་སྡུག་བསྔལ་གཅིག་པུ་བསྒོམ་སྟེ་བརྒྱ་དང་བཅོ་བརྒྱད། སྡུག་བསྔལ་དེ་སླར་བསྐྱར་ནས་བསྒོམས་པས་བརྒྱ་དང་བཅུ་དགུའོ། །དེས་ན་ཆེ་ འབྲིང་ཡུན་མི་མཚུངས་ཏེ། འབྲིང་ནི་ཡེ་ཤེས་ཐ་མའང་སྐད་ཅིག་མ་གཉིས་པ་ཡིན་པས་རྒྱུན་ལྡན་ཡིན་ལ། བཟོད་པ་ཆེན་པོ་དེ་ནི་སྐད་ཅིག་གཅིག་ཡིན་གྱི་རྒྱུན་ལྡན་ནི་མ་ཡིན་ནོ། །འདིར་སྨྲས་པ། ནང་གི་རྩོད་པ་མ་ལུས་དྲུངས་ཕྱུང་སྟེ། །ཕྱི་རོལ་རིགས་པ་མིན་པའི་རྩོད་ པ་ལས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ལེགས་བཤད་འདི། །སྨྲ་ལ་འཇིགས་པའི་གོ་སྐབས་ག་ལ་ཡོད། །བཞི་པ་ནི། དེ་བཞིན། །ཆོས་མཆོག །བཟོད་པ་ཆེན་པོ་དེ་བཞིན་དུ་ཆོས་མཆོག་ཀྱང་འདོད་པའི་སྡུག་བསྔལ་ལ་དམིགས་པ་དང་སྐད་ཅིག་མ་གཅིག་ཡིན་ནོ། །ཐེག་ཆེན་པ་དག་གིས་ནི་ བཟོད་ཆེན་སྐད་ཅིག་མ་གཅིག་དང་། ཆོས་མཆོག་ལ་ཆུང་འབྲིང་གི་དབྱེ་བ་མེད་པ་སོགས་རྟོག་བཏགས་སུ་བཞེད་དོ། །སློབ་དཔོན་སེང་བཟང་སོགས་ཀྱིས་ཉན་ཐོས་རང་དོན་བྱེད་པ་དང་། བྱང་ཆུབ་སེམས་དཔའ་གཞན་དོན་བྱེད་པའི་དབང་དུ་བྱས་ནས། ལུགས་འདིར་བཟོད་ཆེན་དང་ཆོས་མཆོག་སྐད་ཅིག་མ་རེ་དང་། གཞུང་གཞན་ དུ་བཟོད་ཆེན་སྐད་ཅིག་མང་པོ་དང་། ཆོས་མཆོག་ལའང་ཆུང་འབྲིང་གི་དབྱེ་བ་བྱས་པར་བཤད་དོ། །མཆན། དེ་དག་འཇིག་རྟེན་པའང་ཡིན་ལ། འཇིག་རྟེན་པའི་མཆོག་ཀྱང་ཡིན་ཏེ། འཇིག་རྟེན་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར། གྲུབ་སྟེ། དེ་ནི་སྔོན་ཟག་མེད་མེད་པས་སྐལ་མཉམ་གྱི་ རྒྱུ་མེད་པས་དེའི་རྩལ་གྱིས་ཟག་མེད་ཀྱི་ལམ་འདྲེན་པར་བྱེད་པའི་ཕྱིར། དྲོད་སོགས་དེ་དག་ནི་ཤེས་རབ་ཀྱི་རང་བཞིན་ཏེ། དྲན་པ་ཉེར་གཞག་གི་རང་བཞིན་ཡིན་པའི་ཕྱིར། ལྔ་པ་བཞི་ཀའི་ཐུན་མོང་གི་ཆོས་ནི། ཐམས་ཅད་ཕུང་པོ་ལྔ། །ཐོབ་པ་མ་གཏོགས་དེ་ལྟར་ན། །ངེས་འབྱེད་ཆ་མཐུན་རྣམ་པ་བཞི། །དྲོད་སོགས་ཐམས་ཅད་མཉམ་གཞག་གི་ས་པ་ཡིན་པས་རྣམ་ 3-1-247b རིག་མིན་པའི་གཟུགས་ཀྱི་ཕུང་པོ་ཡོད་པས་ཕུང་པོ་ལྔ་པ་སྟེ། འཁོར་དང་བཅས་ཏེ་སྨོས་པའི་ཕྱིར། དྲོད་སོགས་ཀྱི་ཐོབ་པ་ནི་དྲོད་སོགས་ལ་མ་གཏོགས་ཏེ། ངེས་འབྱེད་སྐྱེས་པ་ན་ཐོབ་པ་མངོན་དུ་གྱུར་པས་དྲོད་སོགས་ཀྱང་མངོན་འགྱུར་དུ་འོང་བ་ལས་དེ་ལྟ་བུའང་མ་ཡིན་པའི་ཕྱིར་ཏེ། སངས་ རྒྱས་ཐོབ་པ་ནི་སྦྱོར་ལམ་མངོན་དུའང་བྱེད་མི་རིགས་ཏེ། དོན་བྱས་ཟིན་པས་དགོས་པ་མེད་པའི་ཕྱིར། གླང་ཆེན་རྙེད་ནས་གླང་པོའི་རྗེས་འཚོལ་བ་བཞིན་ནོ། །སྡུག་ཀུན་ལམ་གསུམ་ལ་དམིགས་པའི་དྲོ་བར་གྱུར་པ་རྣམ་པ་གཏོད་པའི་ཐོབ་པ་ནི། ཆོས་དྲན་ཉེ་ད་ལྟར་བྱུང་བ་ཡིན་ ཏེ། དང་པོ་འབད་པས་བསྐྱེད་པའི་རྣམ་པ་གཏོད་པ་ནི་སྤྱི་ལ་དམིགས་པ་ཉིད་ཀྱིས་ཆོས་དྲན་ཉེ་ཁོ་ནས་གཏོད་པར་ནུས་པའི་ཕྱིར། ལུས་དྲན་ཉེ་སོགས་ཀྱིས་མི་ནུས་ཏེ། སོ་སོར་ངེས་པ་ལ་དམིགས་པའི་ཕྱིར། དེ་གསུམ་ལ་ནི་དམིགས་པའི་དྲོར་གྱུར་གྱི་རྣམ་པ་གཏོད་པའི་ཐོབ་ པ་མ་འོངས་པ་ནི་དྲན་པ་ཉེར་གཞག་བཞི་ཅར་གྱིས་ཐོབ་པ་ཡིན་ཏེ། ལུས་ཚོར་སོགས་སྡུག་བདེན་གྱིས་བསྡུས་ཏེ་ལུས་དྲན་ཉེ་སྔར་ཡང་ཐོབ་ལ། ཐོབ་པ་སྐྱེ་བའི་ཕྱིར། འགོག་པའི་བདེན་པ་ལ་དམིགས་པ་དྲོ་བར་གྱུར་པ་རྣམ་པ་གཏོད་པ་ལ་ནི་ཆོས་དྲན་པ་ཉེར་གཞག་ད་ལྟར་ བྱུང་བ་ཡིན་ཅིང་། དེ་ཁོ་ན་མ་འོངས་པ་ཐོབ་ཀྱི། ལུས་དྲན་ཉེ་སོགས་མ་ཡིན་ཏེ། འགོག་བདེན་ལ་ལུས་ཚོར་སེམས་པ་མེད་པའི་ཕྱིར། དྲོད་ཀྱི་གཏོད་པ་བདེན་པ་བཞིའི་རྣམ་པའི་ཐོབ་པའང་རྣམ་པ་འདྲ་བ་ཐམས་ཅད་དུ་མ་འོངས་པ་ཉིད་ཐོབ་སྟེ། རང་རང་གི་བདེན་པའི་རྣམ་པ་ བཞི་བཞི་ཡིན་ནོ། །དྲོད་ཀྱི་རྣམ་པར་འཕེལ་བའི་ཐོབ་པ་ལས། བདེན་པ་གསུམ་ལ་དམིགས་པའི་འཕེལ་བའི་ཐོབ་པ་ནི། དྲན་ཉེ་སོགས་བཞི་ལས་གང་རུང་ཞིག་ད་ལྟར་བྱུང་བ་ཡིན། མ་འོངས་པ་ནི་དྲན་ཉེ་བཞི་ཅར་གྱིས་ཡིན། དྲོད་ཀྱི་འགོག་པ་ལ་དམིགས་པ་འཕེལ་བའི་ཐོབ་ 3-1-248a པ་དེ་ཁོ་ན་ལ་ནི་ཆོས་དྲན་ཉེ་ད་ལྟར་བྱུང་བ་ཡིན་ཏེ། དེ་ལ་ལུས་སོགས་མེད་པའི་ཕྱིར་རོ། །མ་འོངས་པ་ནི་བཞི་ཅར་ཐོབ་སྟེ། དེ་དག་གི་ཐོབ་པ་སྐྱེས་ཟིན་པའི་ཕྱིར་དང་། གཏོད་པའི་དུས་སུ་འགོག་པ་ལུས་ཚོར་སེམས་ཀྱི་ཐོབ་པ་མེད་ཀྱང་། འཕེལ་ བའི་དུས་སུ་རྒྱུ་ཡོངས་སུ་སྦྱོང་བའི་སྒོ་ནས་བདེན་པ་གཞན་ལ་ཡོད་པའི་ལུས་ཚོར་སེམས་ཀྱི་དྲན་པ་ཐོབ་པའི་ཕྱིར་རོ། །དྲོད་ཀྱི་འཕེལ་བའི་བདེན་བཞིའི་རྣམ་པའི་ཐོབ་པ་ནི་རྣམ་པ་བཅུ་དྲུག་པོ་ཐམས་ཅད་ཀྱིས་ཐོབ་སྟེ། སྔར་རྣམ་པ་གཏོད་པའི་གནས་སྐབས་ཀྱི་རིམ་པས་ རིགས་རྣམས་ཐོབ་ཟིན་པའི་ཕྱིར། རྩེ་མོའི་བདེན་བཞི་ལ་རྣམ་པ་གཏོད་བྱེད་ལ་ནི་ཆོས་དྲན་ཉེ་ད་ལྟ་བས་ཡིན་ཏེ། ལུས་དྲན་ཉེ་སོགས་ཀྱི་རྣམ་པ་གཏོད་མི་ནུས་པའི་ཕྱིར། འགོག་པ་ལ་དམིགས་པ་འཕེལ་བ་དེ་དང་འདྲ་སྟེ། གཞན་མ་ཡིན་པའི་ཕྱིར་མ་འོངས་པ་ལ་ནི་བཞི་ ཅར་ཐོབ་སྟེ། དེ་དག་གི་ཐོབ་པ་སྐྱེས་ཟིན་པའི་ཕྱིར། རྣམ་པ་ནི་ཐམས་ཅད་ཐོབ་སྟེ། དྲོ་བར་གྱུར་པའི་རྣམ་པ་གཏོད་པའི་ཚེ་དེའི་རིགས་རྣམ་ཐོབ་པའི་ཕྱིར། རྩེ་མོའི་སྡུག་ཀུན་ལམ་གསུམ་ལ་དམིགས་པ་རྣམ་པར་འཕེལ་བ་ལ་ནི་བཞི་ལས་གང་རུང་ཞིག་ད་ལྟར་བྱུང་བ་ ཡིན་ལ། ཐམས་ཅད་དུའང་མ་འོངས་པ་ནི་བཞི་ཆར་རོ། །དེ་དག་གི་རིགས་ཐོབ་ཟིན་པས་རྣམ་པ་ནི་ཐམས་ཅད་དོ། །བཟོད་པ་ནི་གཏོད་འཕེལ་གཉིས་ཀའང་ཆོས་དྲན་ཉེ་ད་ལྟར་བྱུང་བ་ཡིན་ཏེ། བཟོད་པ་ནི་ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད་ཅེས་འབྱུང་བའི་ ཕྱིར། མ་འོངས་པ་ནི་བཞི་ཅར་རོ། །རྣམ་པ་ནི་ཐམས་ཅད་དོ། །ཆོས་མཆོག་མངོན་དུ་བྱེད་པ་ལ་ནི་དྲན་པ་ཉེར་གཞག་ཐ་མ་ད་ལྟར་བྱུང་བ་ཡིན་ལ། མ་འོངས་པ་ནི་མི་སྐྱེ་བའི་ཆོས་ཅན་བཞི་ཅར་ཐོབ་པ་ཡིན་ནོ། །རྣམ་པ་ནི་སྡུག་བདེན་གྱི་རྣམ་པ་བཞི་ཁོ་ན་སྟེ། 3-1-248b སྡུག་བསྔལ་ཙམ་ལ་དམིགས་ཀྱི་ཀུན་འབྱུང་ལ་སོགས་པའི་རྣམ་པ་གཞན་མེད་པའི་ཕྱིར་དང་། མཐོང་ལམ་ནི་བདེན་པ་གང་མཐོང་བ་དེའི་རྣམ་པ་ཐོབ་ལ། མཐོང་ལམ་དང་པོར་འདོད་པའི་སྡུག་བསྔལ་ལ་དམིགས་པས་མཐོང་ལམ་དང་ཉེ་ཞིང་། ས་གཅིག་པ་དང་ སོ་སོ་སྐྱེ་བོའི་གཉེན་པོར་འདྲ་བའི་ཕྱིར་རོ། །དེ་ལྟར་ན་དྲོད་རྩེ་བཟོད་མཆོག་རྣམས་ཏེ་ངེས་འབྱེད་ཆ་མཐུན་རྣམ་པ་བཞིའོ། །དེ་ལས་དྲོད་རྩེ་གཉིས་ནི་ཉམས་པའི་སྒོ་ནས་གཡོ་བའི་ཕྱིར་ཆུང་ངུ་དག་གོ། བཟོད་པ་ནི་འབྲིང་ཡིན་ནོ། །ཆོས་ཀྱི་མཆོག་རྣམས་ནི་ཆེན་པོ་ ཡིན་ནོ། །ངེས་པར་འབྱེད་པས་ན་ངེས་འབྱེད་འཕགས་པའི་ལམ་མོ། །ཇི་ལྟར་ངེས་པར་འབྱེད་པ་ནི། དེས་ཐེ་ཚོམ་སྤོང་བའི་ཕྱིར་རོ། །བདེན་པ་རྣམས་ལ་འདི་ནི་སྡུག་བསྔལ་ལོ་ཞེས་པ་ནས་འདི་ནི་ལམ་མོ་ཞེས་པའི་བར་དུ་རྣམ་པར་འབྱེད་པའི་ཕྱིར་རོ། །དེའི་ཆ་ ནི་མཐོང་ལམ་གྱི་ཕྱོགས་གཅིག་སྟེ། སྔ་མ་གསུམ་བརྒྱུད་ནས་དང་། བཞི་པས་དངོས་སུ་དེ་དག་འདྲེན་པར་བྱེད་པས་ཕན་འདོགས་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་ནོ། །གཉིས་པ་ངོ་བོ་ནི། བསྒོམས་བྱུང་། ངེས་འབྱེད་ཆ་མཐུན་འདི་བཞི་ཅར་ཡང་སྒོམ་བྱུང་ ཡིན་གྱི་ཐོས་བསམ་ལས་བྱུང་བ་ནི་མ་ཡིན་ནོ། །གསུམ་པ་ཁྱད་ཆོས་ལ། སའི་ཁྱད་པར། རྟེན་གྱི་ཁྱད་པར། གཏོང་ཚུལ་གྱི་ཁྱད་པར། ཡོན་ཏན་གྱི་ཁྱད་པར། རིགས་ཀྱི་ཁྱད་པར་རོ། །དང་པོ་ནི། མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པའོ། །གཉིས་ནི་འོག་ནའང་ཡོད་པའམ། །འདི་ཡི་ས་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་ ཁྱད་པར་ཅན་དང་བསམ་གཏན་དངོས་གཞི་སྟེ། དྲུག་པོ་དེ་དག་གིས་བསྡུས་པའི་ཕྱིར། གོང་གཟུགས་མེད་ན་ངེས་འབྱེད་ཆ་མཐུན་མེད་དེ། ངེས་འབྱེད་ནི་མཐོང་ལམ་གྱི་སྦྱོར་བ་ཡིན་པ་གང་ཞིག །དེར་མཐོང་ལམ་གྱི་སྦྱོར་བ་མེད་པའི་ཕྱིར། དེར་མཐོང་ 3-1-249a ལམ་མེད་པ་ནི་མཐོང་ལམ་དེ་འདོད་ཁམས་ལ་དམིགས་ལ། གཟུགས་མེད་ཀྱི་འདོད་ཁམས་དེ་ཡང་སྡུག་བསྔལ་གྱི་ངོ་བོ་ནི་གཟུགས་དང་གཟུགས་མེད་ཀྱི་སྔར་ཤེས་བྱ་ཡིན་ཅིང་། ཀུན་འབྱུང་གི་ངོ་བོ་ནི་སྤང་བྱ་ཡིན་པའི་ཕྱིར། ངེས་འབྱེད་ ཆ་མཐུན་དེ་དག་གཟུགས་ན་སྤྱོད་པ་ཡིན་པས་རྣལ་འབྱོར་པ་དེ་གཟུགས་ཁམས་སུ་སྐྱེས་པ་ཡིན་ན་དེའི་རྣམ་པར་སྨིན་པ་དེར་ཕུང་པོ་ལྔ་འགྲུབ་པར་འགྱུར་རོ། །ངེས་འབྱེད་ཆ་མཐུན་དེ་རྣམས་སྔར་རིས་མཐུན་འཕེན་པའི་ལས་ཤིག་ཡོད་ན་དེའི་རོགས་བྱས་ནས་ཡིད་དུ་ འོང་བའི་མྱོང་འགྱུར་ཁོ་ན་རྫོགས་པར་བྱེད་ཀྱི། རིས་མཐུན་འཕེན་བྱེད་ནི་མ་ཡིན་ཏེ། མི་རྟག་པ་ལ་སོགས་པའི་རྣམ་པར་སུན་འབྱིན་པས་སྲིད་པའི་གཉེན་པོ་ཡིན་པའི་ཕྱིར། བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ལྟར་ན། དྲོད་རྩེ་གཉིས་ནི་འོག་འདོད་ཁམས་ནའང་ཡོད་ པའམ་གྱི་སྒྲས་ལུགས་ཐ་དད་སྟོན་ཏེ། དེ་གཉིས་ས་བདུན་པ་སྟེ་བསམ་གཏན་ས་དྲུག་དང་འདོད་པར་ཡོད་པས་སོ། །དེ་ལྟར་ན་འདོད་པའི་ས་ལ་བརྟེན་ནས་སྒོམ་བྱུང་དུ་ནི་འགྲོ་བ་མ་ཡིན་ནོ། །གཉིས་པ་ནི། འདོད་རྟེན་ཆོས་མཆོག་བུད་མེད་ཀྱིས། །གཉིས་ཀའི་རྟེན་ཅན་འཐོབ་པར་འགྱུར། །བཞི་པོ་དེ་དག་ཀུན་ཀྱང་འདོད་པའི་རྟེན་ཅན་དང་། བཟོད་ པ་ཆེན་པོ་དང་ཆོས་མཆོག་མ་གཏོགས་པ་གསུམ་ནི་མི་དག་གི་ནང་ཁོ་ན་དང་གླིང་གསུམ་དུ་བསྐྱེད་དེ། སྒྲ་མི་སྙན་པ་དང་དབང་པོ་བརྟུལ་བ་དང་མངོན་རྟོགས་མེད་པའི་ཕྱིར། ངེས་འབྱེད་ཆ་མཐུན་སྔོན་བསྐྱེད་པ་རྣམས་ནི་འདོད་པའི་ལྷའི་ནང་དུའང་མངོན་པར་བྱེད་ དོ། །སྔར་དྲོད་མིའི་ནང་དུ་བསྐྱེད་ནས་དྲོད་དེ་མངོན་དུ་ལྷའི་ནང་དུ་བྱེད་པའི་རྗེས་ཀ་ལ་ལྷའི་ནང་དུ་རྩེ་མོ་བསྐྱེད་དམ་སྙམ་ན། སྔར་མིའི་ནང་དུ་རྩེ་མོ་བསྐྱེད་ན་དེའི་རྗེས་སུ་ལྷའི་ནང་དུ་རྩེ་མོ་བསྐྱེད་ཀྱི། སྔར་མིའི་ནང་དུ་རྩེ་མོ་མ་བསྐྱེད་ན་ལྷའི་ནང་དུ་རྩེ་མོ་མི་བསྐྱེད་ 3-1-249b པས་མར་ལོག་ནས་མིའི་ནང་དུ་བསྐྱེད་དེ། དེ་ནས་རྩེ་མོ་ལྷའི་ནང་དུ་མངོན་དུ་བྱེད་དོ། །གཞན་ཡང་དེ་དང་འདྲ་སྟེ། གསུམ་ག་མིའི་ནང་དུ་བསྐྱེད་ན་གསུམ་ག་ལྷའི་ནང་དུ་མངོན་དུ་བྱེད་ཀྱི། སྔར་མིའི་ནང་དུ་གསུམ་ག་མ་བསྐྱེད་ན་ལྷའི་ནང་དུ་གང་མ་བསྐྱེད་པ་ དེ་མངོན་དུ་བྱེད་ཀྱི། གང་མིའི་ནང་དུ་མ་བསྐྱེད་པ་དེ་མངོན་དུ་མི་བྱེད་དོ། །ངེས་འབྱེད་ཆ་མཐུན་བཞི་པ་ནི་ལྷ་དག་གི་ནང་དུའང་སྐྱེད་པར་བྱེད་དོ། །དང་པོར་མི་དང་ལྷའི་ནང་དུ་བསྐྱེད་ན་ནི་མི་དང་ལྷ་དེ་ཁོ་ནའི་ནང་དུ་བསྐྱེད་ཀྱི། དེ་ལས་གཞན་དུ་མ་ཡིན་ཏེ། དེ་ ལ་རྒྱུན་མེད་པའི་ཕྱིར། དང་པོ་གསུམ་ནི་བུད་མེད་ཀྱི་འདི་དག་བསྐྱེད་ནས་ཚེ་གཞན་དུ་བུད་མེད་ཀྱི་ལུས་སུ་སྐྱེ་ན་བུད་མེད་ཀྱི་རྟེན་ཅན་དག་མངོན་དུ་བྱེད་དོ། །ཚེ་གཞན་སྐྱེས་པར་སྐྱེས་ན་སྐྱེས་པའི་རྟེན་ཅན་མངོན་དུ་བྱེད་དོ། །དེ་དག་ཐོབ་བའི་བུད་མེད་རྣམས་ཚེ་གཞན་ དུ་མོའི་ལུས་སུ་མི་སྐྱེ་བ་ནི་མ་ཡིན་ཏེ། སྐྱེས་པ་རྣམས་ཀྱང་དེ་བཞིན་དུ་མོའི་ལུས་སུ་གྱུར་ན་ནི་མོའི་རྟེན་ཅན་མངོན་དུ་བྱེད་ལ། ཕོའི་ལུས་སུ་གྱུར་ན་ནི་ཕོའི་རྟེན་ཅན་མངོན་དུ་བྱེད་དོ། །ཚེ་དེ་ཉིད་ལ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་ཀ་དང་ལྡན་པར་གྱུར་ན་ སྐྱེས་པ་དང་བུད་མེད་གཉིས་ཀའི་རྟེན་ཅན་གྱིས་ཐོབ་སྟེ། ཚེ་མ་འཕོས་པས་དྲོད་ཀྱིས་བཏང་རྒྱུ་མེད་པས་དྲོད་ཙམ་བཏང་ཨ་ཅང་ཆེས་དྲོད་ཀྱི་ཐོབ་པའང་གཉིས་ཀའི་རྟེན་ཅན་ནོ། །སྐྱེས་པའི་རྟེན་ལ་དྲོད་སྐྱེས་ནས་ཤི་ནས་བུད་མེད་དུ་སྐྱེས་པ་ནི་དྲོད་ཙམ་ནི་གཉིས་ ཀའི་རྟེན་ཅན་ཡིན་གྱི་ཐོབ་པ་ནི་མ་ཡིན་ནོ། །ཆོས་ཀྱི་མཆོག་ནི་བུད་མེད་ཀྱིས་སྐྱེས་པ་དང་བུད་མེད་གཉིས་ཀ་རྟེན་ཅན་ཐོབ་པར་འགྱུར་ལ། སྐྱེས་པས་ནི་སྐྱེས་པའི་རྟེན་ཅན་འབའ་ཞིག་ཐོབ་སྟེ། ཚེ་གཞན་དུ་བུད་མེད་ཉིད་དུ་འགྱུར་བའི་བརྟགས་མིན་གྱི་འགོག་ 3-1-250a པ་ཐོབ་པའི་ཕྱིར། དེའང་ཆོས་མཆོག་བསྐྱེད་པ་དེས་ནི་ངེས་པར་འཇུག་ཐོགས་སུ་མཐོང་ལམ་བསྐྱེད་ལ། བདེན་པ་མཐོང་བ་ཡང་བུད་མེད་དུ་སྐྱེ་བ་མེད་ཅེས་པ་གྲུབ་མཐའ་ཡིན་ནོ། །གསུམ་པ་ལ། འཕགས་པས་གཏོང་ཚུལ་དང་། སོ་སྐྱེའི་ གཏོང་ཚུལ་ལོ། །དང་པོ་ནི། འཕགས་པས་དེ་དག་ས་བོར་ནས། །གཏོང་ངོ་། །འཕགས་པས་བསམ་གཏན་དང་པོ་ནས་བཞི་པའི་སའི་བར་ས་གང་དག་གིས་ངེས་འབྱེད་ཐོབ་པར་གྱུར་པའི་ས་དེ་དག་འདོར་ཞིང་འཕོས་པ་ན་དེ་དག་གཏོང་གི། སོ་སྐྱེ་ལྟར་འཆི་བའམ་ཉམས་པས་ནི་མ་ཡིན་ཏེ། དགེ་རྩའི་རྒྱུན་མཐོང་ལམ་ གྱིས་སྤེལ་བའི་ཕྱིར། ས་འདོར་བ་ནི། བསམ་གཏན་དང་པོ་ནས་ཤི་སྟེ་གཉིས་པར་འཕོས་པས་ཡིན་གྱི། འདོད་ཆགས་དང་བྲལ་བའི་ཆ་ནས་མ་ཡིན་ནོ། །གཉིས་པ་ལ། དངོས་དང་། འཕྲོས་དོན་ནོ། །དང་པོ་ནི། འཕགས་མིན་འཆི་བས་སོ། །དང་པོ་གཉིས་ཡོངས་ཉམས་པས་ཀྱང་། །འཕགས་མིན་སོ་སྐྱེ་ནི་ཆགས་བྲལ་ཡིན་ན་ས་འཕོས་ནས་ གོང་དུ་སྐྱེ་བའི་ཚེ་འཆི་བ་སྟེ་རིས་མཐུན་དོར་བས་དང་། མ་བྲལ་བས་ས་མི་འཕོ་བས་རིས་མཐུན་དོར་བས་གཏོང་ངོ་སྟེ། འདོད་ཁམས་ཉིད་དུ་སྐྱེའོ། །སོ་སོའི་སྐྱེ་བོས་དེར་གཏོང་བ་ཅིས་ཤེས་ན། བསྟན་བཅོས་ལས། སྒོ་ང་དང་ནུར་ནུར་པོ་ལ་སོགས་པར་གྱུར་པའི་སོ་སོའི་སྐྱེ་ བོ་ནི་ལུས་དང་ལྡན་གྱི་ལས་དང་པོ་ནི་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར། སྐྱེ་བ་སྔ་མའི་ལུས་ཀྱི་ལས་ནི་ཤི་བས་བཏང་། སྐྱེ་བ་འདིར་ནི་སྦྱོར་བ་མ་བྱས་པ་མེད་དོ་ཞེས་པས་ཤེས་པར་བྱའོ། །དབྱིག་བཤེས་ནི། སོ་སྐྱེ་ཚངས་རིས་ནས་ཤི་འཕོས་ཏེ་མདུན་ན་འདོན་དུ་སྐྱེ་ན་རིས་ མཐུན་གཏོང་བ་དང་། གཉིས་པར་སྐྱེས་ན་གཉིས་ཀས་གཏོང་ངོ་ཞེས་ཟེར་རོ། །རྒྱལ་པོའི་སྲས་ཀྱིས། ཆགས་བྲལ་ཡིན་ན་རུང་གི། མིན་ན་མི་རིགས་ཏེ། དེ་དག་འདོད་པའི་རྟེན་ལ་བསྐྱེད་ནས་ཤི་འཕོས་ཏེ་གཟུགས་སུ་སྐྱེས་པའི་ཚེ་བཏང་ཟིན་པས་དེར་མེད་པའི་ཕྱིར་ཞེས་ 3-1-250b ་བཤད་དོ། །འདུས་བཟང་གིས་ཀྱང་དེ་དང་མཐུན་པར་འཆད་དེ། སོ་སྐྱེ་ནི། ས་གང་དུ་ངེས་འབྱེད་ཆ་མཐུན་ཐོབ་པ་དེ་ནས་ས་གཞན་དུ་སྐྱེས་པའི་ཚེ་ངེས་འབྱེད་ཆ་མཐུན་འདོར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རིས་མཐུན་བཏང་བ་ཁོ་ནས་བོར་བའི་ཕྱིར། ཁྱབ་སྟེ། འཆི་ སྲིད་ལ་གནས་པས་དེ་འདོར་ཞིང་སྲིད་པ་བར་མ་ལ་གནས་པས་དེ་བོར་ཟིན་ན། གོང་དུ་སྐྱེ་བའི་ཚེ་འདོར་རྒྱུ་མེད་པར་འཆི་བ་ཁོ་ནའི་ཚེ་འདོར་བར་རིགས་པའི་ཕྱིར་རོ། །ཞེས་བཤད་དོ། །དང་པོ་དྲོད་རྩེ་གཉིས་ཡོངས་སུ་ཉམས་པས་ཀྱང་གཏོང་ལ་འཆི་བས་ཀྱང་གཏོང་སྟེ། སོ་སོའི་སྐྱེ་བོ་ཁོ་ན་ཡིན་གྱི། འཕགས་པས་ནི་དེ་གཉིས་ལས་ཡོངས་སུ་ཉམས་པ་མེད་པའི་ཕྱིར། མཆིམས་ཆེན་པོར་རང་གིས་རྟོགས་པ་དང་ས་གང་ལས་ཉམས་པ་བསམ་མོ། །ཞེས་བརྟགས་པར་མཛད་དོ། །བཟོད་མཆོག་ལས་ནི་སོ་སྐྱེ་ཡང་ཉམས་པ་མེད་དོ། །གཉིས་ པ་འཕྲོས་དོན་ལ། འཆི་བས་གཏོང་བའི་དམིགས་བསལ་དང་། སླར་ཐོབ་ཚུལ། རྣམ་པ་གཉིས་ཀྱི་ངོ་བོའོ། །དང་པོ་ནི། དངོས་གཞིས་དེ་ཉིད་ལ་བདེན་མཐོང་། །བསམ་གཏན་དངོས་གཞིའི་ས་པའི་ངེས་འབྱེད་ཆ་མཐུན་རྣམས་སྐྱེད་པར་བྱེད་པ་དེས་ནི་ཚེ་དེ་ཉིད་ལ་ངེས་པར་བདེན་པ་མཐོང་སྟེ། ཡིད་འབྱུང་བ་མང་ ཞིང་ཤས་ཆེ་བའི་ཕྱིར། འདིར་དངོས་གཞི་ལ་བདེན་པ་མཐོང་བྱ་བ་དེ་དངོས་གཞི་ལ་དྲོད་སོགས་བསྐྱེད་ན་ཅིས་ཀྱང་ཚེ་དེར་བདེན་པ་མཐོང་བྱ་བ་ཡིན་གྱི། བདེན་པ་མཐོང་དགུ་ཅོག་དངོས་གཞི་ལ་མཐོང་གི། ཉེར་བསྡོགས་ལ་མི་མཐོང་བྱ་བ་ཡིན། ཡིན་ན་བདེན་པ་མཐོང་ ངོ་ཅོག་ཕྱིར་མི་འོང་བར་འགྱུར་བས་ཕྱིར་འོང་མེད་པར་ཐལ་བའང་འགྱུར་ལ། དེས་ན་ཉེར་བསྡོགས་དང་དངོས་གཞི་གཉིས་ཀ་ལ་དྲོད་སོགས་བསྐྱེད་ནས་བདེན་པ་མཐོང་བ་ཡོད་དོ། །གཉིས་པ་ནི། རྣམ་པར་ཉམས་ཚེ་སྔོན་མེད་འཐོབ། །གང་གི་ཚེ་རྣམ་པར་ཉམས་ནའང་འཐོབ་པ་དེའི་ཚེ་བསླབ་པ་ཕུལ་ནས་ 3-1-251a སྡོམ་པ་ཕྱིས་ལེན་པ་ནི། སྔོན་གྱི་སྡོམ་པ་ཐོབ་པ་མ་ཡིན་པ་བཞིན་དུ་སྔོན་མེད་པ་འཐོབ་ཀྱི། སྔོན་བཏང་བ་དག་མ་ཡིན་ཏེ། འཁོར་བ་ཐོག་མེད་ནས་འདྲིས་པ་མ་ཡིན་པས་འདོད་ཆགས་དང་བྲལ་བས་ཐོབ་པ་མ་ཡིན་པའི་ཕྱིར་དང་། འབད་དེ་བསྒྲུབ་ བྱ་མ་ཡིན་པའི་ཕྱིར། བར་མཚམས་སྟོན་པར་བྱེད་པ་སྨོན་ནས་ཤེས་པར་བྱེད་པ་ཞིག་ཡོད་ན་ཐོབ་སྟེ། ཉམས་པར་བྱེད་པའི་གོང་མ་སྐྱེད་པར་བྱེད་དོ། །མཚམས་སྟོན་བྱེད་མེད་ན་ནི་གང་ཉམས་པ་དེ་ནས་སྐྱེད་དོ། །གསུམ་པ་ནི། ཉམས་པ་གཉིས་ནི་མི་ལྡན་པ། །རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པ་ གཉིས་ནི་མི་ལྡན་པའི་རང་བཞིན་ཡིན་ལ། ཡོངས་སུ་ཉམས་པ་ནི་ལོག་ལྟས་དགེ་རྩ་ཉམས་པ་ལྟ་བུ་ཉོན་མོངས་པས་བྱས་པ་ཡིན་གྱི། རྣམ་པར་ཉམས་པ་ནི་ངེས་པར་ཉམས་པར་བྱས་པ་མ་ཡིན་གྱི། མཐོང་ལམ་སྐྱེས་པས་སོ་སྐྱེ་ཉམས་པ་ལྟ་བུ་ཡོན་ཏན་གྱིས་བྱས་པའང་ཡིན་ནོ། ། དེས་ན་རྣམ་པར་ཉམས་པ་གང་ཡིན་པ་ལ་ངེས་པར་ཡོངས་སུ་ཉམས་པས་ཁྱབ་པ་མ་ཡིན་ཏེ། ཡོངས་སུ་ཉམས་པ་ནི་ཡོན་ཏན་གྱི་ཁྱད་པར་ལས་ཉམས་པའི་ཕྱིར། དྲོད་ཐོབ་པ་ནི་ཡོངས་སུ་ཉམས་ཀྱང་ངེས་པར་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན་ནོ། །འདི་དང་ཐར་ཆའི་ཁྱད་ པར་ནི་རྐྱེན་ཚང་ཞིང་འགལ་རྐྱེན་མེད་པར་འདྲ་ཡང་ཐར་པ་ཆ་མཐུན་ལས་བདེན་པ་མཐོང་བ་ལ་དྲོད་ཆེས་ཉེ་བ་ཡིན་ནོ། །བཞི་པ་ཡོན་ཏན་གྱི་ཁྱད་པར་ནི། རྩེ་མོ་ཐོབ་པ་རྩ་མི་འཆད། །བཟོད་ཐོབ་ངན་སོང་མི་འགྲོའོ། །རྩེ་མོ་ཐོབ་པ་ནི་ཡོངས་སུ་ཉམས་ཀྱང་དགེ་བའི་རྩ་བ་མི་ཆད་དེ། དགེ་བའི་རྟེན་ལྷག་པས་དཀོན་མཆོག་གསུམ་གྱི་ཡོན་ཏན་ དཔྱད་པའི་སྒོ་ནས་དེ་དག་ལ་དང་བ་ཐོབ་པའི་ཕྱིར། འོན་ཏེ་དེ་ངན་སོང་དུ་འགྲོ་ལ་མཚམས་མེད་པ་དག་ཀྱང་བྱེད་དོ། །བཟོད་པ་ཐོབ་པ་དེ་ལས་ཉོན་མོངས་པས་ཡོངས་སུ་མ་ཉམས་ཀྱང་འཆི་འཕོ་སོགས་ཀྱིས་རྣམ་པར་ཉམས་ཀྱང་ངན་སོང་དུ་མི་འགྲོ་སྟེ། དེར་འགྲོ་བའི་ལས་ 3-1-251b ཉོན་ཐག་བསྲིང་བའི་ཕྱིར། བཟོད་པ་ཐོབ་པ་ཁོ་ནས་ངན་སོང་གི་འགྲོ་བ་དང་། སྒོ་ང་དང་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། བྱང་གི་སྒྲ་མི་སྙན་པ་དང་། ཚངས་པ་ཆེན་པོར་སྐྱེ་བ་དང་། ཟ་མ་དང་མ་ནིང་དང་མཚན་གཉིས་པའི་ ལུས་དང་། བརྒྱད་པ་ལ་སོགས་པའི་སྲིད་པ་དང་། མཐོང་སྤོང་གི་ཉོན་མོངས་རྣམས་ཀྱིས་མི་སྐྱེ་བའི་ཆོས་ཉིད་ཐོབ་སྟེ། དེ་དག་གིས་བརྟགས་མིན་གྱི་འགོག་པ་ཐོབ་པའི་ཕྱིར། དེའང་བཟོད་པ་ཆུང་ངུའི་ཚེ་འགྲོ་བའི་དང་། ཆེན་པོའི་ཚེ་སྐྱེ་གནས་ཀྱི་ཚེ་དང་། ཆུང་ངུའི་ཚེ་སྐྱེ་བའི་ དང་། ཆེན་པོའི་ཚེ་ལུས་ཀྱི་དང་། བཟོད་པ་ཆེན་པོའི་ཚེ་སྲིད་པ་བརྒྱད་པ་དང་དགུ་པ་དང་། ཉོན་མོངས་འགའ་ཞིག་གིས་མི་སྐྱེ་བའི་ཆོས་ཉིད་ཐོབ་བོ། །ལྔ་པ་རིགས་ཀྱི་ཁྱད་པར་ལ། བསྒྱུར་དུ་བཏུབ་པའི་རིགས། འགྱུར་མི་སྲིད་པའི་རིགས་སོ། །དང་པོ་ནི། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཉན་ཐོས་དང་། རང་རྒྱལ་དང་། རྫོགས་སངས་ཀྱི་རིགས་ཐ་དད་པའི་ངེས་འབྱེད་ཆ་མཐུན་རྣམས་རིགས་གསུམ་ཡིན་ཏེ། དྲོད་རྩེ་གཉིས་སྐྱེས་པ་སློབ་མ་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་ནི། སངས་རྒྱས་ཀྱི་རིགས་བསྐྱེད་ནས་སངས་རྒྱས་སུ་འགྱུར་བ་སྲིད་ཀྱི། བཟོད་པ་ཐོབ་པ་ལ་ནི་དེ་ལྟ་ བུ་མི་སྲིད་དེ། བཟོད་པ་ཐོབ་ནས་ངན་སོང་དུ་མི་འགྲོ་བ་ལས་བྱང་སེམས་གཞན་དོན་དུ་ངན་སོང་ལ་འགྲོ་བར་གྲགས་པའི་ཕྱིར། སློབ་དཔོན་ནི་གཏན་ཚིགས་དེས་དམ་བཅའ་དེ་འགྲུབ་པ་མ་ཡིན་ཏེ། བྱང་སེམས་དེ་ནི་སྐྱེ་བ་ལ་དབང་ཞིང་སེམས་ཅན་གྱི་དོན་བྱེད་པས་ངན་སོང་ དུ་འགྲོ་བ་མཚན་ཉིད་པ་མ་ཡིན་པའི་ཕྱིར། འོ་ན་དམ་བཅའ་སྔ་མ་བཞིན་ལ་སྒྲུབ་བྱེད་ནི། ཉན་ཐོས་ཀྱི་རིགས་གྱུར་གྱི་བཟོད་པ་ཆོས་ཉིད་ཀྱིས་ཐོབ་པ་ནི་བཟོད་པ་ཡོངས་སུ་སྒོམ་པ་ཉིད་ཀྱིས་བཟློག་ཏུ་མི་རུང་བའི་ཕྱིར། གསུམ་པ་བཟོད་པ་ཡང་ཉན་ཐོས་ཀྱི་རིགས་ལས་བཟློག་ 3-1-252a ནས་སངས་རྒྱས་ལས་གཞན་རང་རྒྱལ་དུའང་འགྱུར་ཏེ། དེ་ནི་གཞན་དོན་དུའང་ངན་སོང་དུ་མི་འགྲོ་བའི་ཕྱིར། ཆོས་མཆོག་ནི་རང་རྒྱལ་དུ་མི་འགྱུར་ཏེ། ཆོས་མཆོག་ནི་སྟན་གཅིག་གི་ཐོག་ཏུ་མཐོང་ལམ་སྐྱེས་ཙམ་ན་སྲིད་པ་བརྒྱད་བར་མི་འགྱུར་བས་ བསྐལ་པ་བརྒྱ་ལ་སོགས་པར་ཚོགས་བསགས་པའི་རང་རྒྱལ་དུ་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །རང་སངས་རྒྱས་ཀྱི་རིགས་རྣམས་ནི་བཟློག་པར་མི་ནུས་ཏེ། འདི་ལྟར་སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུའི་རང་སངས་རྒྱས་གཉིས། ཏིང་ངེ་འཛིན་སྐྱོན་བརྒྱད་ཀྱིས་ མི་གཡོ་བ་དང་། དབང་པོ་སྦྱངས་པ་དང་། རྣོ་བ་དང་གསལ་བའི་ཕྱིར་བསམ་གཏན་ཡ་མཐའ་བཞི་པ་ཁོ་ན་ལ་བརྟེན་ནས་སྟན་ཅིག་ཁོ་ན་ལ་ངེས་འབྱེད་ཆ་མཐུན་ནས་བཟུང་བྱང་ཆུབ་ཟད་པ་དང་མི་སྐྱེ་བ་ཤེས་པའི་བར་དུ་ཀུན་བསྐྱེད་པས་སོ་ཟེར། གཞན་དག་ན་རེ། མི་སྡུག་ པ་ནས་བཟུང་བྱང་ཆུབ་ཀྱི་བར་དུའོ་ཞེས་ཟེར་རོ། །ཆོས་མངོན་པ་བ་དག་གི་ལུགས་ཀྱི་བསེ་རུ་ལྟ་བུ་ལས་གཞན་པའི་རང་རྒྱལ་ཚོགས་སྤྱོད་ཡོད་པར་འདོད་པ་དེའི་ལྟར་ན། དེའི་རིགས་ཀྱི་དྲོད་རྩེ་རྣམས་ནི་བཟློག་པ་ལ་དགག་པ་མེད་དེ། བསེ་རུ་ལྟ་བུར་ཁོ་ན་དམིགས་ཀྱིས་ བཀར་བའི་ཕྱིར་རོ། །བསེ་རུ་ལས་གཞན་པའི་རང་རྒྱལ་འདི་ནི་ཉན་ཐོས་སྔོན་དུ་འགྲོ་བའི་རང་རྒྱལ་ལོ། །རང་རྒྱལ་དེའི་ལམ་བགྲོད་ཚུལ་ཉན་ཐོས་དང་འདྲའོ། །བཞི་པ་སྔོན་འགྲོའི་ཆོས་ནི། དེ་ཡི་སྔོན་དུ་ཐར་ཆ་མཐུན། །མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཐོས་བསམས་ལས་བྱུང་ལས་གསུམ་མོ། །མི་ཡི་ནང་ནས་འཕེན་པར་བྱེད། །ཚེ་དང་པོ་ཁོ་ན་ལ་སྦྱོར་བ་བྱས་ཏེ། ངེས་འབྱེད་ཆ་མཐུན་བསྐྱེད་པ་ནི་མེད་ཀྱི། ངེས་པར་དེའི་སྔོན་དུ་ཐར་པ་ཆ་མཐུན་གྱི་དགེ་རྩ་བསྐྱེད་པར་བྱ་དགོས་སོ། །ཐམས་ཅད་པས་ཤིན་ཏུ་མྱུར་བར་ཐར་པ་ཐོབ་པ་དེ་ཚེ་གཅིག་ལ་ཐར་ཆའི་དགེ་རྩ་བསྐྱེད། གཉིས་པ་ལ་ངེས་འབྱེད་ཆ་མཐུན། གསུམ་པ་ལ་འཕགས་ལམ་སྟེ། ས་བོན་འདེབས་པ་དང་། འབྲས་ 3-1-252b བུ་སྐྱེ་བ་དང་། འབྲས་བུ་ཆགས་པ་བཞིན་དུ་སྲིད་པ་གསུམ་གྱི་གསུང་རབས་ཀྱི་ཆོས་ཉིད་འདི་ལ་ནི། དེ་གསུམ་གྱིས་རྒྱུད་རིམ་གྱིས་འཇུག །སྨིན་པ་ཐར་པ་སྟེ་གྲོལ་བར་འགྱུར་རོ། །ཡང་ཚེ་སྔ་མ་ལ་ཐར་པའི་ཚོགས་བསགས་པ་དེ་ནས་ཚེ་གཉིས་པ་ལ་ངེས་འབྱེད་དང་། འཕགས་ལམ་བསྐྱེད་པའང་ཡོད་པས་རིགས་པར་བྱའོ། །དེས་ན་མྱུར་བ་སྲིད་པ་གསུམ་དང་། ཤིན་ཏུ་མྱུར་བ་སྲིད་པ་གཉིས་ཀྱིས་ཐར་བར་འགྱུར་རོ། །ཐར་པའི་ཆ་མཐུན་དེའང་ཐོས་བསམ་ལས་བྱུང་བ་ཡིན་པར་བརྗོད་དེ། སྒོམ་བྱུང་ནི་མ་ཡིན་ནོ། །དེའང་སྒོ་གསུམ་ གྱི་ལས་གསུམ་མོ། །གཙོ་བོ་ནི་ཡིད་ཀྱི་ལས་ཏེ། དེའི་སྨོན་ལམ་གྱིས་ཡོངས་སུ་བཟུང་བའི་ཕྱིར། སྨོན་ལམ་ནི་སེམས་པའི་ཁྱད་པར་རོ། །ལུས་ངག་གི་ལས་ཀྱང་ཐར་པའི་ཆ་མཐུན་ཏེ། ལ་ལས་ལུས་ཀྱི་ལས་ཟས་འགའ་ཙམ་བྱིན་ནས་སམ། ངག་གི་ལས་བསླབ་ པ་འགའ་ཙམ་མནོས་པ་ཆུང་ངུ་ཡིན་དུ་ཟིན་ཀྱང་ཐར་པ་འདོད་པའི་སྟོབས་བསྐྱེད་པས་ལས་གསུམ་གྱི་རང་བཞིན་ཐར་པའི་ཆ་དང་མཐུན་པ་འཕེན་པར་འགྱུར་རོ། །དེའང་མི་རྣམས་ཀྱི་ནང་ཁོ་ན་དང་གླིང་གསུམ་ནས་འཕེན་གྱི། ངན་སོང་དང་ལྷ་དང་སྒྲ་མི་སྙན་པའི་འཕེན་པ་མ་ ཡིན་པའི་ཕྱིར་ཏེ། རིམ་བཞིན་དུ་སྐྱོ་བ་ཡོད་ཀྱང་ཤེས་རབ་མེད་ལ། ཤེས་རབ་ཡོད་ཀྱང་སྐྱོ་བ་མེད་པ་དང་གཉིས་ཀ་མེད་པའི་ཕྱིར་རོ། །གསུམ་པ་བདེན་པ་མངོན་རྟོགས་ཀྱི་ལམ་ལ། སེམས་སྐད་ཅིག་མ་བཅུ་དྲུག་སྐྱེ་བའི་ཚུལ། མངོན་རྟོགས་གསུམ་དུ་བསྟན་པ། ས་ གང་ལ་བརྟེན་པ། སེམས་བཅུ་དྲུག་ཏུ་དབྱེ་བ། དང་པོ་ནི། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལ་དེ་ནས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། །སྡུག་བསྔལ་ལྷག་ལ་རྗེས་བཟོད་ཤེས། །བདེན་པ་གསུམ་ལའང་དེ་བཞིན་ནོ། །དེ་ལྟར་བདེན་པ་མངོན་རྟོགས་འདི། །སེམས་བཅུ་དྲུག་གོ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ལས་མཇུག་ཐོགས་སུ་ཆོས་ཤེས་ཀྱི་བཟོད་པ་ཟག་པ་མེད་པར་སྐྱེའོ། །དེའང་འདོད་པའི་སྡུག་བསྔལ་ལ་དམིགས་པའོ། །ཆོས་ཤེས་པའི་བཟོད་པ་ཆོས་ཅན། ཁྱོད་ལ་ཆོས་བཟོད་ 3-1-253a ཤེས་བརྗོད་པར་བྱ་སྟེ། ཆོས་ཤེས་ཟག་མེད་ཡིན་ཙམ་ན་དེ་དང་རྒྱུ་མཐུན་པས་བྱེ་བྲག་ཏུ་བྱས་པའི་ཆོས་བཟོད་ཀྱང་ཟག་མེད་ཡིན་ལ། དེ་ནས་ཆོས་ཤེས་པའི་ཆེད་ཀྱི་བཟོད་པ་ཡིན་པས་ཆོས་བཟོད་དུ་བརྗོད་པའི་ཕྱིར། མེ་ཏོག་དང་འབྲས་བུའི་ཆེད་ ཀྱི་ཤིང་ལ་མེ་ཏོག་དང་འབྲས་བུའི་ཤིང་ཞེས་བརྗོད་པ་ལྟ་བུ་དང་། རྩ་བ་ལས་ཆོས་ཀྱི་བཟོད་པ་ཞེས་སྨོས་པས་ཕྱོགས་གཅིག་སྨོས་པའི་ལྷ་བྱིན་གྱི་བྱིན་ལྟ་བུའོ། །བཟོད་པ་དེ་ཉིད་ལ་ངེས་འཇུག་ཅེས་བྱ་སྟེ། ཡང་དག་པ་ཉིད་དུ་ངེས་པར་འཇུག་པའི་ཕྱིར། ཡང་དག་ པ་ཉིད་ནི་མདོ་ལས་མྱང་འདས་ཡིན་པར་བཤད་དོ། །ཡང་དག་པ་ཉིད་དེར་ངེས་པ་ནི་གཅིག་ཏུ་སྲིད་པ་བདུན་གྱིས་ངེས་པར་མྱ་ངན་ལས་འདའ་བར་གྱུར་པའོ། །དེར་འཇུག་པ་ནི་མངོན་པར་འགྲོ་བའམ་ཕྱིན་པས་ཏེ། ཆོས་ཤེས་པའི་བཟོད་པ་དེ་སྐྱེས་ན་འཕགས་པའི་གང་ ཟག་ཅེས་བྱའོ། །སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་སྐྱེ་བས་ནི་སོ་སྐྱེ་ཉིད་ཟློག་པར་བྱེད་ཀྱི། མ་འོངས་པ་དེའི་བྱ་བ་ནི་སོ་སྐྱེ་བཟློག་པ་དེ་ཁོ་ན་ཡིན་གྱི། བྱ་བ་གཞན་ནི་མ་ཡིན་ཏེ། མར་མེ་མ་འོངས་པས་མུན་པ་བསལ་ནུས་པ་དང་། སྐྱེ་བ་མ་འོངས་ པས་བསྐྱེད་བྱ་བསྐྱེད་ནུས་པ་བཞིན་ནོ། །དེའང་ཞིབ་ཏུ་དཔེ་དོན་སྦྱར་ན། མར་མེ་ད་ལྟ་བ་འདི་མུན་པ་དང་འགལ་བ་མིན་ཏེ། འགལ་བ་ལ་ད་ལྟ་མུན་པ་ཡོད་དགོས་པ་ལ་ད་ལྟ་མུན་པ་མེད་པས། ད་ལྟར་གྱི་མར་མེ་དང་འགལ་བར་བཞག་ཏུ་མི་འདོད་ཅིང་། ད་ལྟ་བ་ འདིས་སྤང་བ་མིན། དེ་ཅི་ནས་སྔར་སྤངས་པས་སོ། །འོ་ན་མར་མེ་མ་འོངས་པའི་ས་ན་རྫས་སུ་ཡོད་པ་དེ་ད་ལྟར་དུ་ལ་ཕྱོགས་པ་དེས་མུན་པ་སེལ་བའོ། །དེ་བཞིན་དུ་སྐྱེ་བ་མ་འོངས་པའི་ས་ན་རྫས་སུ་ཡོད་པ་དེ་བསྐྱེད་བྱ་ད་ལྟར་དུ་འོང་བ་ལ་ཕྱོགས་པ་དེས་བསྐྱེད་པ་ 3-1-253b ཡིན་པ་ལྟར་ཆོས་ཤེས་ཀྱི་བཟོད་པ་མ་འོངས་པ་ད་ལྟར་དུ་ཕྱོགས་པ་དེས་སོ་སྐྱེ་བཟློག་གོ། གཞན་ན་རེ། འཇིག་རྟེན་ཆོས་མཆོག་རྣམས་ཀྱིས་སོ་སྐྱེ་བཟློག་གོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། ཆོས་མཆོག་ནི་སོ་སྐྱེའི་ཆོས་ཡིན་ན། དེའི་ཆོས་ཀྱིས་སོ་སྐྱེ་བཟློག་ མི་རིགས་པའི་ཕྱིར་ཞེས་པ་ལ། ཁོས་རྟགས་ཁྱབ་ག་ལ་ཡོད་དེ། འདི་ལྟར་དེས་དེ་མི་བཟློག་པའི་ཉེས་པ་མེད་དེ། སོ་སྐྱེ་དང་འགལ་བའི་ཕྱིར། དཔེར་ན་དགྲ་བོའི་ཕྲག་པ་ལ་ཞོན་ནས་དགྲ་བོ་འཚོགས་པ་ལྟར་ཆོས་མཆོག་གིས་དགྲ་སོ་སྐྱེའི་ཕྲག་པ་ལ་ཞོན་ཏེ་སོ་སྐྱེ་ འཇོམས་སོ་ཞེས་གྲགས་སོ། །གཞན་དག་ན་རེ། སོ་སྐྱེ་ཉིད་འཇིག་རྟེན་ཆོས་མཆོག་དང་བཟོད་པ་གཉིས་ཀས་བཟློག་སྟེ། དཔེར་ན་བར་ཆད་མེད་ལམ་གྱིས་ཉོན་མོངས་སྤོང་བར་བྱེད་ལ། རྣམ་གྲོལ་གྱི་ལམ་གྱིས་སྤངས་པ་དེ་བཞིན་དུ་ཆོས་མཆོག་གིས་སོ་སོའི་སྐྱེ་བོ་ ཉིད་གཉེན་པོས་ཉམས་པར་བྱེད་ལ། བཟོད་པས་སྤངས་པས་ཉམས་པར་བྱེད་དོ། །བཟོད་པ་དེ་ཡི་མཇུག་ཐོགས་དེ་ནས་ནི་འདོད་པའི་སྡུག་བསྔལ་དེ་ཉིད་དེ། དེ་ཁོ་ན་ལ་ཆོས་ཤེས་པ་སྐྱེ་སྟེ། དེ་ནི་བསྟན་བཅོས་ལས་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་པའི་ཐ་སྙད་ བྱའོ། །ཐམས་ཅད་དུའང་ཟག་པ་མེད་པའི་སྐབས་ཡིན་པས་དེ་ཉིད་ལ་ཆོས་ཤེས་ཟག་པ་མེད་ཅེས་པར་མངོན་ནོ། །འདོད་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་སྐྱེ་བ་དེ་བཞིན་དུ་ཡང་སྡུག་བསྔལ་ལ་ཆོས་ཤེས་ཀྱི་མཇུག་ཐོགས་སུ་ལྷག་ མ་གཟུགས་དང་གཟུགས་མེད་ཀྱི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྤྱི་ལ་དམིགས་པ་སྐྱེ་སྟེ། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །དེ་ནས་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་བྱ་བ་སྐྱེའོ། །དང་པོ་ཉིད་དུ་སྡུག་བསྔལ་ལ་སོགས་པའི་ཆོས་ 3-1-254a ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཆོས་ཤེས་པ་དང་། དེའི་རྒྱུ་ལས་བྱུང་བའི་རྒྱུན་ཅན་གོང་མའི་སྡུག་བསྔལ་སོགས་ལ་དམིགས་པ་ནི་རྗེས་སུ་ཤེས་པ་སྟེ། ཆོས་ཤེས་ཀྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སྡུག་བསྔལ་སོགས་ཀྱིས་རྣམ་པར་རྟོགས་ཤིང་ཤེས་པ་དེ་ བཞིན་དུ་གོང་མའི་སྡུག་བསྔལ་རྟོགས་པའི་ཕྱིར། སྡུག་བསྔལ་གྱི་བདེན་པ་ལ་བཟོད་ཤེས་བཞི་དག་སྐྱེ་བ་ལྟར་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པ་གསུམ་ལའང་དེ་བཞིན་དུ་བཟོད་ཤེས་བཞི་བཞི་སྐྱེ་སྟེ། སྡུག་བསྔལ་ལ་རྗེས་ཤེས་ཀྱི་རྗེས་སུ་འདོད་པའི་ཀུན་ འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་ཞིང་དེ་ནས་ཀུན་འབྱུང་ལ་ཆོས་ཤེས་སྐྱེ་ལ། དེ་བཞིན་དུ་མཇུག་ཐོགས་སུ་སྐྱེ་བའི་རིམ་གྱིས་ཀུན་འབྱུང་ལྷག་མ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་ཀུན་འབྱུང་ལ་རྗེས་སུ་ཤེས་པ་སྐྱེའོ། །འདོད་པའི་སྡུག་བསྔལ་འགོག་པ་ལ་ཆོས་ཤེས་པའི་ བཟོད་པ་དང་འགོག་པ་ལ་ཆོས་ཤེས་སྐྱེའོ། །འདོད་པའི་ལམ་ལ་ཆོས་ཤེས་པའི་བཟོད་པ་དང་ལམ་ལ་ཆོས་ཤེས་པ་སྐྱེའོ། །ལམ་ལྷག་མ་ལ་རྗེས་སུ་ཤེས་པའི་བཟོད་པ་ལམ་ལ་རྗེས་སུ་ཤེས་པ་སྐྱེ་སྟེ། དེ་ལྟར་ན་རིམ་པ་དེས་བདེན་པ་མངོན་པར་རྟོགས་པ་འདི་ནི་སེམས་ཀྱི་ སྐད་ཅིག་བཅུ་དྲུག་གོ། གཉིས་པ་ནི། རྣམ་གསུམ་སྟེ། །མཐོང་དམིགས་བྱ་བ་ཞེས་བྱའོ། །འཕགས་པ་ཆོས་སྲུང་སྡེ་པ་ན་རེ། བདེན་པ་མངོན་པར་རྟོགས་པ་ནི་གཅིག་གོ། ཞེས་བརྗོད་པ་དེ་དག་གི་བསམ་པ་དང་མཐུན་པར་བྱས་ནས། མངོན་རྟོགས་ཙམ་དུ་བྱེ་བྲག་མེད་པར་ གཅིག་ཟེར་བའམ། བྱ་བ་དུས་གཅིག་པས་གཅིག་ཟེར་ནས་འགལ་བ་མེད་པར་བརྗོད་པར་བྱའོ། །ཡང་ན་དེ་ལྟར་བརྗོད་པའི་བསམ་པ་ལ་བརྟག་པར་བྱ་ན། ངོ་བོ་དང་དམིགས་པ་ཐ་དད་པས་གཅིག་ཏུའང་མི་བཏུབ་བོ། །ཁ་ཅིག་བདེན་པ་བཞི་ལ་སྐད་ཅིག་མ་བཞི་དང་། ཁ་ཅིག་མཉམ་པར་བཞག་མ་བཞག་གི་བརྒྱད། 3-1-254b ཁ་ཅིག་བཅུ་གཉིས་ཏེ་བརྒྱད་པོ་དེ་ལ་གཞན་འཇིག་རྟེན་པའི་ཤེས་པ་བཞི་འབྱུང་ངོ་ཞེས་སྡེ་པ་གཞན་རྣམས་བློ་ཐ་དད་པར་འགྱུར་རོ། །མངོན་རྟོགས་དེ་ནི་རྣམ་པ་གསུམ་སྟེ་ཟག་མེད་ཀྱི་ཤེས་རབ་ཀྱིས་བདེན་པར་མངོན་པར་རྟོགས་པ་ནི་མཐོང་བའི་མངོན་རྟོགས་དང་། ཤེས་རབ་ དེ་དང་མཚུངས་ལྡན་གྱི་ཚོར་སོགས་དང་ཤེས་རབ་ཀྱང་བདེན་པ་དེ་ལ་དམིགས་པར་བྱེད་པས། དམིགས་པ་མངོན་རྟོགས་དང་། བདེན་བཞི་ལ་ཤེས་པ་དང་། སྤོང་བ་དང་། མངོན་དུ་དང་། ལམ་བསྒོམ་པར་བྱ་བའི་མངོན་རྟོགས་ནི་ཚོགས་པ་གཅིག་པའི་ཕུང་པོ་ ལྔ་སྟེ། ཤེས་རབ་དང་། མཚུངས་ལྡན་མིན་པའི་ཚུལ་ཁྲིམས་དང་། སྐྱེ་སོགས་དང་། ཐོབ་སོགས་དང་། ཤེས་རབ་མཚུངས་ལྡན་རྣམས་ཀྱང་ཡིན་པའི་ཕྱིར། ཐམས་ཅད་ཀྱིས་ཀྱང་བྱ་བ་བཞི་པོ་དེ་བྱེད་པའི་ཕྱིར། སྡུག་བསྔལ་གྱི་ཆོས་ཉིད་ མཐོང་བས་དམིགས་པ་ན་དེ་ཀ་སྡུག་བསྔལ་ཤེས་པ་ཡིན་པས་དེ་མངོན་པར་རྟོགས་པ་ནི་གསུམ་སྟེ། སྡུག་བསྔལ་ལ་ལོག་ཞུགས་སྤངས་པ་དེ་ཀ་ཀུན་འབྱུང་སྤངས་པ་ཡིན། སྤངས་པས་རྒྱུད་སྐྱེས་པ་དེ་དག་འགོག་པ་མངོན་དུ་བྱས་པ་ཡིན། མཐོང་བ་དེ་ག་འདྲིས་ཤིང་རྒྱུད་ ལ་བསྐྱེད་པར་བྱ་བ་ཡིན་པས་ལམ་བསྒོམ་པར་བྱ་བ་ཡིན་ནོ། །ཀུན་འབྱུང་གི་ཆོས་ཉིད་མཐོང་བ་དེས་ཀུན་འབྱུང་གི་ལོག་ཞུགས་སྤངས་པས་ཀུན་འབྱུང་སྤངས་པ་ཡིན། སྤངས་པ་ཀ་འགོག་པ་ཡིན་ལ། དེ་མངོན་དུ་བྱས་པས་འགོག་པ་མངོན་དུ་བྱས་པ་ཡིན། དེ་རྒྱུད་ལ་ བསྐྱེད་པར་བྱ་བ་ཡིན་པས་ལམ་སྒོམ་པ་ཡིན། སྡུག་བསྔལ་སྔར་ཤེས་པས་ཤེས་པར་བྱར་མེད། ཀུན་འབྱུང་ལ་གསུམ་མོ། །ལམ་གྱི་ཆོས་ཉིད་མཐོང་བའི་དུས་སུ་ལམ་གྱི་ལོག་ཞུགས་སྤངས་པས་ཀུན་འབྱུང་སྤངས་པ་ཡིན། སྤངས་པ་དེ་རྒྱུད་ལ་མངོན་དུ་གྱུར་པས་འགོག་ 3-1-255a པ་མངོན་དུ་བྱས་པ་ཡིན། དེ་ག་རྒྱུད་ལ་འདྲིས་པས་ལམ་བསྒོམ་པར་བྱ་བ་ཡིན། འགོག་པའི་ཆོས་ཉིད་མཐོང་བས་འགོག་པ་ལ་ལོག་ཞུགས་སྤངས་པས་ཀུན་འབྱུང་སྤངས་པ་ཡིན། སྤངས་པ་དེ་མངོན་དུ་བྱས་པས་འགོག་པ་མངོན་དུ་བྱས་པ་ ཡིན། ལམ་གྱི་ཆོས་ཉིད་མཐོང་བ་དེ་འདྲིས་པར་བྱ་བས་ལམ་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་ན་སྡུག་བསྔལ་ལ་བཞི། བདེན་པ་གཞན་ལ་གསུམ་གསུམ་སྟེ་བྱ་བའི་མངོན་རྟོགས་སོ། །དེས་ན་བདེན་པ་རྣམས་མཐོང་བའི་མངོན་རྟོགས་གཅིག་གོ་ཞེས་སྨྲ་བ་ནི་མི་ རིགས་ཏེ། རྣམ་པ་ཐ་དད་པས་ཀུན་འབྱུང་ལ་སོགས་པ་ལ་སྡུག་བསྔལ་གྱི་རྣམ་པར་མཐོང་བ་ནི་རུང་བ་མ་ཡིན་པའི་ཕྱིར། སྡེ་པ་གཞན་དག་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཐམས་ཅད་སྟོང་པ་དང་བདག་མེད་པའི་རྣམ་པར་མཐོང་ངོ་ཟེར་ན་ནི། །འོ་ན་བདེན་པ་རྣམས་ལ་སྡུག་ བསྔལ་ལ་སོགས་པའི་རྣམ་པ་མཐོང་བར་མི་འགྱུར་བར་ཐལ། བདེན་པ་ལ་སོགས་པའི་ཆོས་ཐམས་ཅད་ལ་བདག་མེད་པའི་རྣམ་པ་གཅིག་ཁོ་ནར་མཐོང་བའི་ཕྱིར། འདོད་ན་མདོ་དང་འགལ་ཏེ། མདོ་ལས། འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ པའམ། ཀུན་འབྱུང་ལ་ཀུན་འབྱུང་དུ་ཡིད་ལ་བྱེད་པའམ། ལམ་ལ་ལམ་གྱི་བར་དུ་ཡིད་ལ་བྱེད་པའི་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་ཆོས་རྣམ་པར་འབྱེད་པ་གང་ཡིན་པ་ཞེས་གསུངས་པའི་མདོ་དང་འགལ་ལོ། །ཡང་ཁོ་མདོ་དང་འགལ་ བ་མེད་དེ། འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་པ་སོགས་ཀྱི་ཚིག་དེ་མངོན་པར་རྟོགས་པའི་སྔོན་རོལ་གྱི་སྦྱོར་བའི་གནས་སྐབས་ན་ཡིན་གྱི། མངོན་པར་རྟོགས་པ་ནི་ཐམས་ཅད་བདག་མེད་པའི་རྣམ་པ་གཅིག་ཁོ་ནའོ་སྙམ་ན། དེའང་མི་རིགས་ 3-1-255b ཏེ། སྦྱོར་བའི་གནས་སྐབས་ན་ཟག་པ་མེད་པ་ཡིད་ལ་བྱེད་པ་མི་སྲིད་ཅིང་། འདི་ནི་ཟག་མེད་ཡིད་བྱེད་ཡིན་པར་བཤད་པའི་ཕྱིར། ཡང་ཁོ་ལུང་དེ་སྒོམ་པའི་ལམ་ལ་ཡིན་ནོ་ཞེ་ན། དེ་ལྟར་ན་སྒོམ་ལམ་གྱི་སྐབས་སུ་ཆོས་ཅན། སྡུག་བསྔལ་ལོ་ཞེས་སོགས་སྒོམ་མི་རིགས་ པར་ཐལ། མཐོང་ལམ་གྱི་དུས་སུ་བདག་མེད་མཐོང་བ་དེ་ཁོ་ན་སྒོམ་ལམ་གྱི་དུས་སུའང་གོམས་པར་རིགས་པའི་ཕྱིར། རྟགས་ཁྱབ་མ་གྲུབ་བོ་སྙམ་ན། གྲུབ་པར་ཐལ། བདེན་པ་རྣམས་སྔར་མཐོང་བ་བཞིན་ཕྱིས་ཀྱང་དེ་དག་བསྒོམ་དགོས་པའི་ཕྱིར། འོན་ཏེ་སྡུག་བསྔལ་ ལ་སོགས་པའི་རྣམ་པ་གཅིག་མཐོང་བས་ལྷག་མ་ཀུན་འབྱུང་སོགས་རྩོལ་མེད་དུ་མངོན་པར་འགྱུར་བའི་མཐུ་ཐོབ་པའི་ཕྱིར། མངོན་པར་རྟོགས་པ་གཅིག་གོ་ཟེར་ན་ནི་མཐོང་ལམ་གྱི་བར་སྐབས་སུ་ལྡང་བ་ཡོད་མེད་དཔྱད་པ་ན་ཉེས་པ་མེད་པའང་ཡོད་དེ། ཁ་ཅིག་རྐྱེན་མ་ཚང་ བའམ་བློ་རྒོད་པར་གྱུར་ནས་ལྡང་བ་ཡོད་དོ་ཞེས་ཟེར་ན། བྱེ་སྨྲས་ལུགས་དེ་འདྲ་མི་སྲིད་པར་བརྗོད་ཅིང་། དེ་ལྟར་ན་བདེན་པ་མཐོང་བ་མ་རྫོགས་པར་འགྱུར་ལ། དེའང་མི་རིགས་པས། མདོ་ལས། རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཆེད་དུ་ཞུགས་པ་གཅིག་ལ་ཟས་སྟེར་ ན་མ་ལངས་པར་དེས་ཟས་ཟ་མི་སྲིད་དོ། །ཞེས་འབྱུང་བས་ལྡང་བ་མེད་པ་བར་མ་ཆད་པར་གྲུབ་པ་ན་བྱ་རྫོགས་ཙམ་དུ་མངོན་པར་རྟོགས་པ་གཅིག་པ་ལ་ཉེས་པ་མ་མཐོང་བའི་ཕྱིར་རོ། །འོན་ཏེ་སྡུག་བསྔལ་ཁོ་ན་ཡོངས་སུ་ཤེས་ན་ཀུན་འབྱུང་ཡང་སྤངས་ལ་འགོག་པ་མངོན་དུ་ བྱེད་ཅིང་། ལམ་བསྒོམ་པའི་ཕྱིར་མངོན་རྟོགས་གཅིག་གོ་ཞེས་ཟེར་ན། དེ་ཙམ་གཅིག་ནི་ཁོ་བོའང་ཁས་ལེན་པས་ཉེས་པ་མེད་དེ། གོང་དུ་གཅིག་མཐོང་ན་ལྷག་མ་གསུམ་རྣམས་ཀྱང་སྤང་བ་དང་མངོན་དུ་བྱ་བ་དང་བསྒོམ་པར་བྱ་བའི་མངོན་རྟོགས་ཡིན་ནོ་ཞེས་འབྱུང་བའི་ 3-1-256a ཕྱིར། མངོན་པར་རྟོགས་པ་གཅིག་ཡིན་ན། མདོ་ལས་བདེན་པ་རྣམས་རིམ་གྱིས་མངོན་པར་རྟོགས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། གཅིག་ཏུ་གསུངས་པ་ནི་བྱ་རྫོགས་ཙམ་ལ་དགོངས་པ་ཡིན་ལ། ངོ་བོ་དང་རྣམ་པ་ནི་རིམ་གྱིས་རྟོགས་པར་ གསུངས་པར་མངོན་ཏེ། དཔེ་གསུམ་ཁུངས་སུ་མཛད་དེ་གསུངས་པའི་ཕྱིར་ཏེ། མདོ་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཙུན་པ་ཅི་ལགས། འཕགས་པའི་བདེན་པ་བཞི་པོ་མཐར་གྱིས་མངོན་པར་རྟོགས་སམ། འོན་ཏེ་མངོན་པར་རྟོགས་པ་གཅིག་ ལགས་སོ་ཞེས་ཞུས་པ་དང་། ཁྱིམ་བདག་འཕགས་པའི་བདེན་པ་བཞི་ནི་མཐར་གྱིས་མངོན་པར་རྟོགས་ཀྱི་མངོན་པར་རྟོགས་པ་གཅིག་ནི་མེད་དོ། །ཁྱིམ་བདག་གང་ཞིག་འདི་སྐད་དུ་བདག་གིས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་ བ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱའོ། ཞེས་བྱ་བ་ནས། རྒྱས་པར་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱའོ། །ཞེས་བྱ་བའི་བར་དུ་སྨྲ་ ན། དེ་སྐད་དུ་ནི་མ་སྨྲ་ཞིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་སྐབས་མེད་དོ། །སྡུག་བསྔལ་ འཕགས་པའི་བདེན་པ་མངོན་པར་རྟོགས་ནས་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་རྟོགས་པ་འདི་ནི་གནས་ཡོད་ཅིང་གོ་སྐབས་ཡོད་དོ་ཞེས་བྱ་བ་ནས། དེ་བཞིན་དུ་བདེན་པ་གཞན་ལའང་སྦྱར་ནས་དཔེ་ནི་ཁང་པ་བརྩེགས་མའམ། ཁང་པ་བརྩེགས་མ་ཆེན་ 3-1-256b པོའི་རྨང་དང་རྩིག་པ་དང་ཕྱམ་སོ་དང་། གཡོགས་མ་རྣམས་སྔ་མ་སྔ་མ་ལ་རྐང་པ་མ་བཞག་པར་ཕྱི་མ་ཕྱི་མ་ལ་རྐང་པ་བཞག་པར་བྱ་བའི་གནས་མེད་ཅིང་གོ་སྐབས་མེད་པ་དང་། སྔ་མ་སྔ་མ་ལ་བཞག་ནས་ཕྱི་མ་ཕྱི་མ་ལ་བཞག་པའི་གནས་དང་གོ་སྐབས་ཡོད་པའི་སྒོ་ ནས་གསུངས་པ་དང་། དགེ་སློང་གཅིག་ཅིག་གིས་གསོལ་བ་ལ་ཡང་བང་རིམ་བཞི་ལ་འཛེགས་པའི་དཔེར་གསུངས་པ་དང་། ཀུན་དགའ་བོས་གསོལ་པ་ལ་ཡང་གདང་བུ་བཞི་པའི་ཐེམ་སྐས་དཔེར་གསུངས་སོ། །གལ་ཏེ་མདོ་ལས་གང་ཞིག་སྡུག་བསྔལ་ལ་ ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དེ་ནི་སངས་རྒྱས་ལའང་ཞེས་གསུངས་པས་སྡུག་བསྔལ་ཤེས་པ་དང་། སངས་རྒྱས་ཤེས་པ་དུས་མཉམ་དུ་བཤད་པའི་ཕྱིར་བདེན་པ་རྟོགས་པ་རིམ་ཅན་མ་ཡིན་པས་མངོན་པར་རྟོགས་པ་གཅིག་གོ་ཟེར་ན། སྒྲུབ་བྱེད་དེས་བསྒྲུབ་བྱ་དེ་ ལྟར་སྒྲུབ་པ་དེ་ནི་མ་ཡིན་ཏེ། སྡུག་བསྔལ་མངོན་པར་རྟོགས་ནའང་བུདྡྷའི་ཡུལ་ལ་ཐེ་ཚོམ་ཟ་བ་མངོན་གྱུར་དུ་མི་འབྱུང་བ་དང་། གདོན་མི་ཟ་བར་སྤང་བར་འགྱུར་བ་ལ་དགོངས་ནས་མདོ་དེ་ལྟར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དེ་ནི་ཆོས་མཆོག་དང་ས་གཅིག །མངོན་རྟོགས་སེམས་བཅུ་ དྲུག་བཤད་པ་དེ་ནི་ཆོས་མཆོག་དང་ས་གཅིག་སྟེ། དེ་ནི་ས་དྲུག་པའོ་ཞེས་སྔར་བཤད་ཟིན་ཏོ། །ངེས་འབྱེད་གཞན་དྲོད་རྩེ་བཟོད་པ་དང་ས་གཅིག་པར་མི་འཆད་པར་ཆོས་མཆོག་ཁོ་ན་དང་ས་གཅིག་པར་འཆད་པ་ཅིས་སྙམ་ན། ཆོས་མཆོག་གིས་གཞན་ཡང་ ས་གཅིག་པར་མཚོན་པ་ཡིན། ཡང་ན་ཆོས་མཆོག་དང་ནི་གང་ཟག་ཐམས་ཅད་ལས་གཅིག་པར་ངེས་པ་ཡིན། གཞན་གསུམ་གང་ཟག་ལ་ལ་ལ་ངེས་པ་མེད་དེ། བཟོད་པ་ལྟ་བུ་མི་ལྕོགས་པ་མེད་པ་ལ་སྐྱེས་པ་ན་མཐོང་ལམ་དངོས་གཞི་ལ་སྐྱེས་པའང་། 3-1-257a སྲིད་པས་ངེས་པ་མེད་དོ། །བཞི་པ་ལ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་དུ་བསྟན་པའི་དབྱེ་བ་དང་། མཐོང་ལམ་གྱི་ངེས་ཚིག་གོ། དང་པོ་ནི། བཟོད་དང་ཤེས་པ་གོ་རིམས་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །བཟོད་པ་རྣམས་ནི་ཆོས་ཅན་བར་ཆད་མེད་པའི་ལམ་ཡིན་ཏེ། ཉོན་མོངས་པའི་ཐོབ་ པ་གཅོད་པ་ལ་བར་ཆད་བྱ་མི་ནུས་པའི་ཕྱིར། ཤེས་པ་རྣམས་ནི་ཆོས་ཅན། རྣམ་གྲོལ་གྱི་ལམ་ཡིན་ཏེ། ཉོན་མོངས་པའི་ཐོབ་པ་ལས་གྲོལ་བ་རྣམས་ལ་བྲལ་ཐོབ་དང་ལྷན་ཅིག་ཏུ་སྐྱེ་བའི་ཕྱིར། གོ་རིམ་བཞིན་ནི་གཞུང་གི་སྦྱོར་ཚུལ་ལོ། །དེས་ན་གཉིས་ཀའང་གཉེན་ པོ་ཡིན་པར་འགྱུར་ཏེ། བར་ཆད་མེད་ལམ་གྱིས་ཉོན་མོངས་པའི་ཆོམ་རྐུན་དེའི་ཐོབ་པ་གཅོད་པའི་སྒོ་ནས་འབྱིན་པར་བྱེད་ལ། རྣམ་གྲོལ་གྱི་ལམ་གྱིས་ནི་བྲལ་ཐོབ་ད་ལྟར་དུ་བྱེད་པའི་སྒོ་གཅོད་པའི་ཕྱིར། དཔེར་ན་གཉིས་ལས་གཅིག་གིས་ནི་རྐུན་པོ་འབྱིན་པར་བྱེད་ པ་དང་། གཉིས་པས་ནི་དེ་ནང་དུ་མི་ཤོར་བར་བྱ་བའི་ཕྱིར་སྒོ་གཅོད་པ་བཞིན་ནོ། །གལ་ཏེ་སྡུག་བསྔལ་ལ་ཆོས་བཟོད་ཀྱིས་རྗེས་སུ་སྡུག་བསྔལ་ལ་ཆོས་ཤེས་སྐྱེ་མི་དགོས་པར་བར་ཆད་མེད་ལམ་གཉིས་པ་སྡུག་བསྔལ་རྗེས་བཟོད་ཁོ་ན་བྲལ་བའི་ཐོབ་པ་དང་ལྷན་ཅིག་ སྐྱེ་བར་འགྱུར་རོ་སྙམ་ན་ནི། མི་འཐད་དེ། སྡུག་བསྔལ་དེ་ལ་ཆོས་བཟོད་ཀྱིས་ནི་ཐེ་ཚོམ་དང་བཅས་པ་ཁོ་ནར་འཇུག་སྟེ། ཐེ་ཚོམ་མ་སྤངས་པའི་ཕྱིར། འདོད་པའི་སྡུག་བསྔལ་ལ་དམིགས་པ་དེ་ཁོ་ན་ལ་ནི་རྗེས་བཟོད་ཀྱི་ཐེ་ཚོམ་སྤངས་པའི་ཤེས་པ་སྐྱེ་བར་མི་ འགྱུར་ཏེ། དེས་འདོད་པའི་སྡུག་བསྔལ་ཡུལ་དུ་མི་བྱེད་པའི་ཕྱིར། དེ་ལྟར་ན། མདོ་ལས། ཉོན་མོངས་པ་རྣམས་ནི་ཤེས་པ་བརྒྱད་ཀྱིས་སྤང་བྱ་བརྒྱད་དང་། སྒོམ་སྤོང་དང་བཅས་པའི་ཀུན་སྦྱོར་རིས་དགུ་ཤེས་པས་གཞོམ་པར་བཤད་པ་དེ་མི་འཐད་པར་ཐལ། བཟོད་ 3-1-257b པ་རྣམས་ཀྱིས་ཉོན་མོངས་པ་སྤངས་པའི་ཕྱིར་ཞེ་ན། བཟོད་པས་སྤང་བྱའི་ཀུན་སྦྱོར་གྱི་རིས་ལ་ཤེས་པས་སྤང་བྱའང་ཡིན་པར་བརྗོད་པས་མི་འགལ་ཏེ། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱིར། རྒྱལ་པོའི་འཁོར་གྱིས་བྱས་པ་ལ་རྒྱལ་པོས་བྱས་ཞེས་ བརྗོད་པ་བཞིན་ནོ། །སྒོམ་པས་སྤང་བྱའི་ཀུན་སྦྱོར་གྱི་རིས་ནི་ཤེས་པས་སྤང་བྱ་ཁོ་ན་སྟེ། དེའི་བར་ཆད་མེད་ལམ་ཡང་ཤེས་པའི་འཁོར་ཡིན་པས་བར་ཆད་མེད་ལམ་དེའི་ཁྱད་པར་དུ་གཏོགས་པའི་ཕྱིར། གཉིས་པ་ནི། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །སེམས་བཅུ་དྲུག་པོ་ཐམས་ཅད་མཐོང་ ལམ་མ་ཡིན་གྱི། སེམས་བཅུ་དྲུག་པོ་དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་སྐད་ཅིག་བཅོ་ལྔ་པོ་མཐོང་བའི་ལམ་ཡིན་ཏེ་བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་རོ། །སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་ནི་ སྒོམ་ལམ་ཁོ་ན་ཡིན་ཏེ། བདེན་པ་སྔོན་མ་མཐོང་བ་མཐོང་བྱར་མེད་ཀྱི། ཇི་ལྟར་མཐོང་བ་གོམས་པར་བྱེད་པའི་ཕྱིར་རོ། །འོ་ན་བར་གྱི་ཤེས་པ་བདུན་པོའང་སྔོན་མ་མཐོང་བའི་དོན་དུ་མཐོང་བ་མིན་པས་མཐོང་ལམ་དུ་མི་བཞག་པར་འགྲོ་སྙམ་ན། བདུན་པོ་དེ་ རང་ལ་མ་མཐོང་བའི་དོན་མཐོང་བ་མེད་ཀྱང་། གཞན་གྱིས་མ་མཐོང་བ་མཐོང་བའི་ཆེད་དུ་ཞུགས་པས་མཐོང་ལམ་དུ་བཞག་སྟེ། ཕྱོགས་གཅིག་མཚོན་ན་སྡུག་བསྔལ་ལ་ཆོས་ཤེས་དེ་སྡུག་བསྔལ་གྱིས་ཆོས་ཉིད་སྔར་མ་མཐོང་བ་མིན་ཀྱང་། ཀུན་འབྱུང་གི་ཆོས་ཉིད་མ་ མཐོང་བ་མཐོང་བ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་པ་དེའི་ཆེད་དུ་ཞུགས་པས་མཐོང་ལམ་དུ་བཞག་པའི་ཕྱིར། ལམ་ལ་རྗེས་ཤེས་ནི་ཁོ་རང་མ་མཐོང་བ་མཐོང་བའང་མིན་ལ། མ་མཐོང་བ་མཐོང་བ་གཞན་གྱི་ཆེད་དུ་ཞུགས་པ་ཡང་མིན་པས་མཐོང་ལམ་དུ་མི་བཞག་ 3-1-258a གོ། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་སྔོན་མ་མཐོང་བ་མ་ཡིན་ནམ་ཞེ་ན། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་བདག་ཉིད་མ་གཏོགས་པ་ལྷག་མ་ས་དགུས་བསྡུས་པའི་རྗེས་སུ་ཤེས་པ་ཕྱོགས་དང་མཐུན་པའི་ལམ་ལ་དམིགས་ པར་བྱེད་ལ། དེ་ལྟར་ནའང་རང་གིས་རང་མཐོང་བའི་བདག་ཉིད་དུ་བྱེད་པ་མི་རུང་བས་རྗེས་ཤེས་ཀྱི་མཐོང་དགོས་ཀྱང་། དེ་མཐོང་ལམ་དུ་མི་བཞག་སྟེ། བདེན་པ་མཐོང་མ་མཐོང་ནི་བདེན་པའི་དབང་དུ་བྱས་ཀྱི། རྣམ་པའི་སྐད་ཅིག་མ་མཐོང་བས་མཐོང་བར་བཞག་པར་ མ་ཡིན་པའི་ཕྱིར། ཉག་མ་གཅིག་མ་བརྔས་ཀྱང་ཞིང་མ་བརྔས་པར་མི་འགྱུར་བ་བཞིན་ནོ། །སྐད་ཅིག་མ་བཅུ་དྲུག་ནི་སྒོམ་པའི་ལམ་ཡིན་ཏེ། དགེ་སྦྱོང་ཚུལ་འབྲས་ཡིན་པའི་ཕྱིར། ཕྱིར་འོང་གི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་བཞིན། གཞན་ཡང་དེ་སྒོམ་ལམ་ ཁོ་ན་ཡིན་ཏེ། ཤེས་པ་བརྒྱད། རྣམ་པ་བཅུ་དྲུག་ཐོབ་པའི་ཕྱིར། ཞུགས་པའི་ལམ་རྣམ་པར་ཉམས་པའི་ཕྱིར། འབྲས་བུ་གཞན་བཞིན་བཅུ་དྲུག་པ་ལ་ནི་ཤེས་པ་བརྒྱད་ཀའང་ཐོབ་ལ་མི་རྟག་པ་སོགས་རྣམ་པ་བཅུ་དྲུག་ཀྱང་ཐོབ་ལ། མཐོང་ལམ་ལ་ནི་དེ་ཁོ་ན་བཞིན་ཤེས་པ་ བརྒྱད་དང་རྣམ་པ་བཅུ་དྲུག་ཐོབ་པ་མེད་དེ། མཐོང་བ་ལ་ནི་བཟོད་པ་དང་། ཤེས་པ་ཅི་ལྟར་སྐྱེ་བ་རྣམས་མ་འོངས་ཐོབ་ཅེས་འབྱུང་བའི་ཕྱིར། དེ་ལ་ནི་ཤེས་པ་དང་རྣམ་པ་སྐལ་བ་མཉམ་པ་ཁོ་ན་འཐོབ་བོ། །ལམ་ལ་རྗེས་སུ་ཤེས་པ་ནི་ལམ་སྔ་མ་སྟེ། ཞུགས་ལམ་རྣམ་པར་ཉམས་ པ་ཡིན་གྱི། མཐོང་ལམ་གྱིས་ནི་ལམ་སྔ་མ་རྣམ་པར་ཉམས་པ་ནི་མ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པ་འདི་རྒྱུན་ཆགས་པ་ཡིན་གྱི། མཐོང་བའི་ལམ་ལ་ནི་བཟོད་པའམ་ཤེས་པ་ཡང་རུང་རྒྱུན་ཆགས་པ་ཅུང་ཟད་ཀྱང་མེད་དེ། ཡར་འཕར་མར་འཕར་བྱེད་པའི་ཕྱིར། བྱེ་བྲག་ཏུ་སྨྲ་ 3-1-258b བས། སྐད་ཅིག་མ་བཅུ་དྲུག་ཆོས་ཅན། མཐོང་བའི་ལམ་ཡིན་ཏེ། གདོན་མི་ཟ་བར་ཡོངས་སུ་མི་ཉམས་པའི་ཕྱིར། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞིན། ཡང་ན་ཁྱེད་ཅག་དེ་སྒོམ་ལམ་དུ་བསྒྲུབ་བྱར་འདོད་ནའང་རང་གི་ཕྱོགས་བཅུ་དྲུག་པ་སྒོམ་ ལམ་དུ་འདོད་པ་དེ་སུན་འབྱིན་པར་འགྱུར་བར་མངོན་ཏེ། འདི་ལྟར་བཅུ་དྲུག་པ་སྒོམ་ལམ་ཡིན་རྟགས་འདིས་འཁྲུལ་གཞི་བྱས་ནས་མགོ་རྨོངས་ཀྱི་དོགས་པས་འདི་ཤེས་དགོས་ཏེ། ཡོངས་སུ་མི་ཉམས་པ་ནི་མཐོང་ལམ་ཡིན་པའི་གནད་ཀས་ཡོངས་སུ་མི་ཉམས་པ་མིན། མཐོང་སྤོང་སྤངས་པ་འཛིན་པས་ ཡོངས་སུ་མི་ཉམས་པའི་དོན་ཏོ། །མཆན། པའི་ཕྱོགས་འདི་རྗེས་སུ་དཔག་པས་རང་གི་ངོ་བོ་ལས་བཟློག་པ་ཡིན་ཏེ། ཡོངས་སུ་མི་ཉམས་པ་ཉིད་རྗེས་སུ་དཔག་པས་བསལ་བྱ་ཡིན་པའི་ཕྱིར་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱི་སྤངས་པ་ལམ་ལ་རྗེས་སུ་ཤེས་པའི་ རྟེན་གྱི་གཉེན་པོ་ཡང་དག་པར་འཛིན་པའི་ཕྱིར། ཡང་བཅུ་དྲུག་པ་དེ་ཡོངས་སུ་མི་ཉམས་པ་མ་གྲུབ་བོ་ཞེ་ན། རྒྱུན་ཞུགས་ཀྱི་འབྲས་བུ་ལས་ཡོངས་སུ་ཉམས་པར་འགྱུར་བར་ཐལ། འདོད་པ་དེའི་ཕྱིར། དེའང་འདོད་མི་ནུས་པས་སོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་བཅུ་དྲུག་པ་ མཐོང་ལམ་ཡིན་ནོ་ཞེ་ན། འོ་ན་ལམ་རྗེས་ཤེས་ཀྱི་སྒོམ་ལམ་དེ་ཕན་ཆད་རྒྱུན་ཆགས་ཀྱི་ཚུལ་གྱིས་འབྱུང་བའི་བཅུ་བདུན་པ་དང་བཅོ་བརྒྱད་པ་སོགས་མཐོང་ལམ་དུ་ཧ་ཅང་ཐལ་བར་འགྱུར་ཏེ། ལམ་རྗེས་སུ་ཤེས་པ་ཕན་ཆད་ཀྱི་སྒོམ་ལམ་ཐམས་ཅད་ཀྱིས་མཐོང་སྤོང་སྤངས་པ་ ཡང་དག་པར་འཛིན་པའི་ཕྱིར། །མཐོང་སྤོང་སྤང་བའི་སྤངས་པ་ཡོངས་སུ་མི་ཉམས་པས་དེ་མཐོང་ལམ་ཡིན་པ་མ་ངེས་པས། དེས་དེ་བསྒྲུབ་པར་ཡང་མི་ནུས་ལ། བཅུ་དྲུག་པ་སྒོམ་ལམ་དུ་འདོད་པའི་ཕྱོགས་སུན་འབྱིན་པའང་ག་ལ་འགྱུར་རོ། །སྡུག་བསྔལ་ཤེས་པ་ནས་ 3-1-259a ལམ་ལ་ཆོས་ཤེས་པའི་བར་གྱི་ཤེས་པ་བདུན་མཐོང་ལམ་ཡིན་ཏེ། བདེན་པ་ཐམས་ཅད་ཀྱི་མཐོང་བ་མ་རྫོགས་པའི་ཕྱིར། ལམ་ལ་རྗེས་བཟོད་སྐྱེས་པའི་ཚེ་ནི་མཐོང་བ་རྫོགས་པ་ཡིན་ཏེ། བདེན་པ་ཐམས་ཅད་མཐོང་བའི་ཕྱིར། དེའང་སྡུག་བསྔལ་ལ་ཆོས་ ཤེས་སྐྱེས་པའི་ཚེ་འོག་མའི་སྡུག་བསྔལ་མཐོང་མོད་ཀྱི་གོང་མ་གཉིས་ཀྱིས་མ་མཐོང་ངོ་། །ལམ་ལ་ཆོས་ཤེས་སྐྱེས་པ་ལའང་དེས་མཚོན་ནོ། །དེས་ན་བདེན་པ་མཐོང་བ་མ་རྫོགས་པས་སྡུག་བསྔལ་ཆོས་བཟོད་ནས་ལམ་རྗེས་བཟོད་ཀྱི་བར་གྱུར་བ་དེ་ཐམས་ཅད་མཐོང་ལམ་དུ་ གྲུབ་བོ། །འདིར་སྨྲས་པ། སེམས་ནི་ཉོན་མོངས་ཕྱོགས་ལ་ལེ་ལོ་ཡིས། །མངོན་པར་འཕྱན་བྱས་ངན་རྟོག་བརྒྱུད་མ་དང་། །བསྲེས་འགས་དམ་པའི་ལས་ཚུལ་སྨོད་ཆེད་དུ། །དོན་ལོག་ཚིག་གི་སྦྱོར་བ་བྱེད་རྣམས་ལ། །མི་བཟོད་སྙིང་རྗེས་དྲངས་པའི་བློ་ཤུགས་ཀྱིས། ། བདེན་པའི་དོན་ལ་ལྷག་པར་ཡིད་དྭངས་ནས། །ལུས་སེམས་ལས་རུང་མཉེས་གཤིན་ཐོབ་བཞིན་བར། །བློ་གྲོས་རྣོན་པོས་ཚེགས་མེད་སླ་བར་བཤད། །དེ་ལྟའི་སྤོབས་པ་ཐོགས་པ་མེད་འདོད་ན། །རྟག་ཏུ་ཐར་པའི་ཕྱོགས་འདིར་ཡིད་དམ་བཟུང་། །ཞེས་སོ། །གཉིས་ པ་གང་ཟག་བཤད་པ་ལ། གང་ཟག་ཟུང་བཞི་བཤད་པ། རྣམ་གྲངས་བདུན་དབྱེ་བ། རྫས་དྲུག་ཏུ་བསྡུ་བའོ། །དང་པོ་ལ། རྒྱུན་ཞུགས་ཞུགས་པ་བཤད་པ། ཆགས་བྲལ་སྔོན་སོང་བཤད་པ། འབྲས་བུ་མཐར་གྱིས་པ་བཤད་པའོ། །དང་པོ་ལ། བློའི་དབྱེ་བ་དང་། སྤངས་རྟོགས་ཀྱི་ཁྱད་པར་རོ། །དང་པོ་ནི། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །འཕགས་པའི་ལམ་མཐོང་སྒོམ་མི་སློབ་པ་གསུམ་སྐྱེས་པའི་གང་ཟག་རྣམས་རྣམ་པར་བཤད་པར་བྱ་སྟེ། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་དེ་དག་ཏུ་གནས་པའི་གང་ཟག་དབང་པོ་རྟུལ་པོ་ཤེས་རབ་མི་གསལ། རྒྱ་ཆུང་བ། 3-1-259b བུལ་བ་དེ་ནི་དད་པས་རྗེས་སུ་འབྲང་བའི་ངང་ཚུལ་ཡིན་པས་དད་རྗེས་འབྲང་བ་ཞེས་བྱ་སྟེ། སྔོན་སོ་སྐྱེའི་གནས་སྐབས་ན་དྲན་པ་ཉེར་གཞག་སོགས་ལམ་ལ་སྦྱོར་བ་ན། གཞན་གྱི་ལུང་གི་དྲིན་གྱིས་ཕྱིས་དོན་གྱི་རྗེས་སུ་འབྲངས་ནས་སྡུག་བསྔལ་ལ་སོགས་པའི་བདེན་ པ་རྟོགས་པའི་ཕྱིར། སྐད་ཅིག་བཅོ་ལྔ་པོ་དེ་དག་ལ་གནས་པའི་གང་ཟག་དབང་པོ་རྣོན་པོ་ཤེས་རབ་གསལ། རྒྱ་ཆེ། མྱུར་བ་དེ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་འདི་ལ་ཡོད་པས་ཆོས་ཀྱི་རྗེས་འབྲངས་ཞེས་བྱ་སྟེ། སྔོན་སོ་སྐྱེའི་གནས་སྐབས་ན་རང་གིས་ཤེས་རབ་ཀྱི་མདོ་སོགས་ གསུང་རབས་ཡན་ལག་བཅུ་གཉིས་ཀྱི་ཆོས་རྗེས་སུ་འབྲང་བས་བྱང་ཆུབ་ཀྱི་ཕྱོགས་མཐུན་གྱིས་དོན་ལ་སྦྱོར་ཞིང་བསམ་སྒོམ་བསྟེན་པའི་ཕྱིར་རོ། །གཉིས་པ་ནི། བསྒོམས་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ། གང་ཟག་དེ་གཉིས་ནི་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམས་པས་སྤང་བྱ་མ་སྤངས་པ་འཆིང་བ་ཀུན་ལྡན་ ཞིག་ཡིན་ན་འཐོབ་བྱའི་འབྲས་བུ་ཐམས་ཅད་ཀྱི་དང་པོ་ཡིན་པའི་ཕྱིར། འབྲས་བུ་རྣམས་ཀྱི་དང་པོ་རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །གལ་ཏེ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་སྒོམ་སྤོང་རྣམ་པ་ལྔའི་བར་དུ་བཅོམ་པ་ཞིག་ཡིན་ཀྱང་འཆིང་བ་ཀུན་ལྡན་ བཞིན་དུ་དང་པོའི་འབྲས་བུ་ལ་ཞུགས་པའོ། །བར་དུའི་སྒྲས་ནི། གཅིག་གམ་གཉིས་གསུམ་བཞི་ལྔའི་བར་བཟུང་ངོ་། །གཉིས་པ་ལ། ཞུགས་པ་དང་། འབྲས་གནས་སོ། །དང་པོ་ལ། ཕྱིར་འོང་ཞུགས་པ་དང་། ཕྱིར་མི་འོང་ཞུགས་པའོ། །དང་པོ་ནི། གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །སེམས་ སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་དེ་གཉིས་འདོད་པའི་སྒོམ་སྤོང་དྲུག་པ་ནས་དགུ་པ་ཚུན་རྣམ་པ་དགུ་སྤངས་པ་མན་ཆད་དེ། དོན་གྱི་རྣམ་པ་དགུ་སྤངས་པ་མ་གཏོགས་ཞེས་བཤད་དོ། །མཆན། ཆད་དེ་རྣམ་པ་དྲུག་པའམ་བདུན་ནམ་བརྒྱད་སྤངས་ཤིང་ཟད་པ་ཡིན་ན་འབྲས་བུ་ 3-1-260a གཉིས་པ་ལན་གཅིག་ཕྱིར་འོང་གི་འབྲས་བུའི་ཕྱིར་ཞུགས་པའོ། །གཉིས་པ་ནི། འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །རྣམ་པ་དགུ་པ་སྤངས་པས་འདོད་པའི་ཁམས་ལ་ཆགས་བྲལ་ཡིན་པའམ། ཡང་ན་གོང་མ་ཅི་ཡང་གི་བར་ལ་ཆགས་བྲལ་ཞིག་ཡིན་ན་དེ་གཉིས་འབྲས་བུ་གསུམ་པ་ ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པའོ། །གཉིས་པ་འབྲས་གནས་ལ། དངོས་དང་། མིང་གིས་འབོད་ཚུལ་ལོ། །དང་པོ་ནི། གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །གང་ཟག་དབང་པོ་རྟུལ་རྣོ་གང་ཞིག་འབྲས་བུ་གསུམ་པོ་གང་ལ་ཞུགས་པ་དེ་ནི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་སྐྱེས་པ་ན། དེའི་ཚེ་དད་པས་ རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་ཞེས་མི་བྱ་ཞིང་། ཞུགས་པ་ཞེས་མི་བྱའི། གང་ལ་ཞུགས་པའི་འབྲས་བུ་དེ་དང་དེ་ལ་གནས་པ་ཡིན་ནོ། །དགྲ་བཅོམ་ཉིད་ནི་ཕྱིར་མི་འོང་གི་འབྲས་བུ་མ་ཐོབ་པའི་དང་པོར་ཐོབ་པར་མི་ནུས་ཏེ། མཐོང་ལམ་གྱིས་སྲིད་རྩེའི་སྒོམ་སྤོང་ སྤངས་པ་མི་སྲིད་པའི་ཕྱིར་དང་། སྔར་སོ་སྐྱེའི་གནས་སྐབས་ན་འཇིག་རྟེན་པའི་ལམ་གྱིས་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་ཏེ། དེའི་གོང་ན་ས་མེད་པའི་ཕྱིར། གཉིས་པ་ནི། དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །སྐད་ཅིག་བཅུ་དྲུག་ལ་གནས་པ་དེའི་ཚེ་དབང་པོ་རྟུལ་པོ་སྔོན་དད་པའི་རྗེས་ འབྲངས་དེ་དད་པས་མོས་པ་ཞེས་བྱ་སྟེ། ཤེས་རབ་མོས་པ་མ་ཡིན་མོད་ཀྱི། དད་པས་མོས་པ་རབ་ཏུ་ཕྱེ་བའི་ཕྱིར། དབང་པོ་རྣོན་པོ་སྔོན་ཆོས་ཀྱི་རྗེས་འབྲངས་དེ་ནི་དེའི་ཚེ་མཐོང་བས་ཐོབ་པ་ཞེས་བྱ་སྟེ། དད་པ་མོངས་པ་མ་ཡིན་མོད་ཀྱི། ཤེས་རབ་ལྷག་པས་མཐོང་བ་རབ་ཏུ་ཕྱེ་ བའི་ཕྱིར། གཞན་ནི་ངེས་ཚིག་གི་ཚུལ་ལ་དམིགས་ནས་དད་པའི་དབང་གིས་མཐོང་སྤོང་ལས་གྲོལ་བས་དད་པའི་དབང་གིས་གྲོལ་བ་དང་། ལྟ་བའི་དབང་གིས་འབྲས་བུ་ཐོབ་པས་མཐོང་བས་ཐོབ་པ་ཡིན་ནོ་ཞེས་བྱའོ། །གསུམ་པ་འབྲས་བུ་མཐར་གྱིས་པ་བཤད་པ་ལ། 3-1-260b རྒྱུན་ཞུགས་ཞུགས་གནས། ཕྱིར་འོང་ཞུགས་གནས། ཕྱིར་མི་འོང་ཞུགས་གནས། དགྲ་བཅོམ་ཞུགས་གནས་སོ། །དང་པོ་ལ་ཞུགས་པ་ནི་གོང་དུ་བཤད་ཟིན་ཏོ། །འབྲས་གནས་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ལ། འབྲས་གནས་ཙམ་པོ་བ་ ཞུགས་པ་མིན་པར་བསྟན་པ། ཞུགས་པའི་ལམ་དང་སྒོམ་སྤོང་གི་དབྱེ་བའོ། །དང་པོ་ནི། འབྲས་ཐོབ་འབྲས་བུ་ཁྱད་པར་གྱི། །ལམ་ཐོབ་མེད་པས་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་བ་ནི་ཞུགས་མ་ཡིན། །རྣམ་པ་ལྔ་སྤངས་ཀྱང་སེམས་ བཅུ་དྲུག་པ་ལ་རྒྱུན་ཞུགས་ཞེས་བྱའི་ལན་ཅིག་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ་ཞེ་ན། འདོད་པའི་སྒོམ་སྤོང་རྣམ་པ་ལྔ་སྤངས་པ་སེམས་བཅུ་དྲུག་པ་ལ་གནས་པ་ནི་ཆོས་ཅན། ལན་ཅིག་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་མ་ཡིན་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་ཐོབ་ཀྱི། རྒྱུན་ཞུགས་ཀྱི་འབྲས་གནས་ཁྱད་པར་དུ་བྱ་བའི་ཕྱིར་ལན་གཅིག་ཕྱིར་འོང་གི་འབྲས་བུ་ཐོབ་པ་ལ་མི་བརྩོན་པའི་ཕྱིར་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ ཁྱད་པར་ཅན་གྱི་ལམ་འདོད་པའི་སྒོམ་སྤང་རྣམ་པ་དང་པོ་ལ་སོགས་པའི་གཉེན་པོ་ལམ་མི་བསྒོམ་ཞིང་ཐོབ་པ་མེད་པས་དེའི་ཕྱིར་རོ། །ཤུགས་ཀྱིས་ན་གང་གི་ཚེ་རབ་ཏུ་སྦྱོར་བའི་ཚེ་ནི་ཞུགས་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །རྒྱུན་དུ་ཞུགས་པ་བཤད་ཟིན་ཏོ། ། དེ་བཞིན་དུ་འབྲས་བུ་གཞན་ལན་ཅིག་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ལ་སྦྱར་ཏེ། འཇིག་རྟེན་པའི་ལམ་གྱིས་རྣམ་པ་དྲུག་སྤངས་པ་སེམས་བཅུ་དྲུག་ལ་གནས་པ་དང་། འདོད་པའམ་གོང་མ་ཅིའང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་ཆགས་བྲལ་སེམས་བཅུ་དྲུག་པ་ ལ་གནས་པ་དེ་དག་ལན་ཅིག་ཕྱིར་འོང་གི་འབྲས་གནས་དང་། ཕྱིར་མི་འོང་གི་འབྲས་གནས་ཡིན་གྱི། ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པ་དང་དགྲ་བཅོམ་ལ་ཞུགས་པ་མ་ཡིན་ཏེ། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱིས། །ལམ་ཐོབ་མེད་པས། ཞེས་པའི་ཕྱིར་རོ། ། 3-1-261a བཤད་མ་ཐག་པ་དེ་ཉིད་ཞིབ་པར་བཤད་ན། མཐར་གྱིས་པའི་སྐབས་སུ་ལྔ་པ་སྤངས་པ་ལ་ཕྱིར་འོང་བའི་རྒྱུ་ལ་བཞག་པ་བཞིན་དུ་ཆགས་བྲལ་སྔོན་དུ་འགྲོ་བ་ལའང་སྔར་ལྔ་པ་སྤངས་པའི་བཅུ་དྲུག་པ་དེ་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་ཡང་ ཡིན། ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པར་ཡང་ཅིས་མི་བཞག །མཐར་གྱིས་པའི་སྐབས་སུ་བདུན་པ་དང་བརྒྱད་པ་སྤངས་པ་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པར་བཞག་པ་བཞིན་དུ་ཆགས་བྲལ་སྔོན་དུ་འགྲོ་བའི་བདུན་པ་དང་བརྒྱད་པ་སྤངས་པའི་བཅུ་དྲུག་པ་ཕྱིར་ འོང་གི་འབྲས་བུ་ལ་གནས་པའང་ཡིན་ལ། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པར་ཡང་ཅིས་མི་བཞག །མཐར་གྱིས་པའི་སྐབས་སུ་འདོད་པའི་དགུ་པ་སྤངས་པ་དང་། ཅིའང་མེད་པ་མན་ཆད་ཀྱི་དགུ་པ་སྤངས་པ་ཕྱིར་མི་འོང་གི་འབྲས་བུའང་ཡིན། དགྲ་བཅོམ་རྒྱུ་ལ་ ཞུགས་པ་ཡིན་པ་བཞིན་ཆགས་བྲལ་སྔོན་དུ་འགྲོ་བའི་སྐབས་སུ་སྔར་འདོད་པའི་དགུ་པ་སྤངས་པའམ། ཅིའང་མེད་པའི་དགུ་པ་སྤངས་པའི་བཅུ་དྲུག་པ་ཕྱིར་མི་འོང་བའི་འབྲས་བུའང་ཡིན། དགྲ་བཅོམ་པའི་རྒྱུ་ལ་ཞུགས་པའང་ཅིས་མི་བཞག་སྙམ་ན། ལྔ་པ་སྤངས་པའི་ བཅུ་དྲུག་པ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་དེ་ལྔ་པ་སྤངས་ཀྱང་རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་རྒྱུན་ཞུགས་ཀྱི་འབྲས་བུའི་ཐོག་ཏུའང་ལྔ་སྤངས་པའི་རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་གྱི་ལམ་ཐོབ་པ་མེད་པས་ཕྱིར་འོང་བའི་འབྲས་བུ་ཁྱད་པར་ཅན་གྱི་ལམ་ལྔ་ པ་སྤངས་པ་མེད་ཅིང་། ཕྱིར་འོང་བའི་ལམ་ལ་མི་བརྩོན་པ་དེ་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་མ་ཡིན་བྱས་པ་ལ། རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་ཡོད་དེ། མཐོང་སྤོང་སྤངས་པའི་ཐོག་ཏུའང་སྒོམ་སྤོང་ལྔ་སྤངས་པ་འདུག་སྙམ་ན། ལྔ་སྔར་སྤངས་པ་དེ་ནི་ 3-1-261b ཟག་པ་མེད་པའི་དབང་པོས་སྤངས་པ་མིན། ལྔ་སྔར་འཇིག་རྟེན་པའི་ལམ་གྱིས་སྤངས་པ་ཙམ་གྱིས་ཕྱིར་འོང་བའི་རྒྱུ་ལ་འཇུག་པར་འགྲོ་ན། སོ་སོའི་སྐྱེ་བོ་ལྔ་པ་སྤངས་པའང་ཕྱིར་འོང་གི་རྒྱུ་ལ་འཇུག་པར་ཐལ། འོ་ན་ཕྱིར་འོང་གི་རྒྱུ་ལ་འཇུག་པ་ལ་ལྔ་སྤོང་བ་ ལྟ་བུ་དེ་ཟག་པ་མེད་པའི་དབང་པོས་སྤོང་བ་གཅིག་དགོས་པ་ལ་ཟག་པ་མེད་པའི་དབང་པོས་སྤངས་པ་མེད་པས། ཕྱིར་འོང་གི་འབྲས་བུ་ལ་འཇུག་པ་མིན། འོ་ན་མཐོང་ལམ་གྱི་རྟིང་ལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ལྔ་ལྟ་བུ་སྤངས་པ་ལ་ལྔ་ཟག་མེད་ ཀྱི་དབང་པོས་སྤངས་པ་ཡོད་པ་ལ་འཇིག་རྟེན་པའི་ལམ་གྱིས་སྤངས་པ་ལ་ཟག་མེད་ཀྱི་དབང་པོས་སྤངས་པ་ཡོད་དོ་སྙམ་ན། ཡོད་དེ། འཇིག་རྟེན་པ་ཡི་ལམ་གྱིས་ཆགས་པ་དང་བྲལ་བའི་སྐྱེ་འཕགས་ལ་སྤངས་པ་བརྟན་མི་བརྟན་གྱི་ཁྱད་པར་ཡོད་དེ། འཕགས་ལ་བྲལ་ བའི་ཐོབ་པ་ཟག་བཅས་ཟག་མེད་རྣམ་གཉིས་སྐྱེ་བས་བརྟན་ལ། སོ་སྐྱེ་ལ་ཟག་བཅས་ཁོ་ནར་སྐྱེ་བས་མི་བརྟན་པའི་ཕྱིར་རོ། །ཞེས་འབྱུང་བ་དང་། སྔར་འདས་པའི་ལམ་སྔོན་དུ་སོང་བའོ། །གཞན་ལའང་དེ་བཞིན་དུ་སྦྱར་ཏེ། སྔར་བདུན་པ་དང་བརྒྱད་པ་སྤངས་པ་དེ་ཟག་མེད་ཀྱི་ དབང་པོས་སྤངས་པ་མིན་པས་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་མིན། ཡིན་ན་སོ་སོའི་སྐྱེ་བོའི་བདུན་པ་དང་བརྒྱད་པ་སྤངས་པ་དེའང་ཕྱིར་མི་འོང་བའི་འབྲས་བུ་ལ་འཇུག་པར་ཐལ་ལོ། །བསམ་གཏན་གསུམ་པ་ལ་ཆགས་བྲལ་ཞིག་ས་འོག་མ་མི་ལྕོགས་ མེད་པའི་བསམ་གཏན་ཁྱད་པར་ཅན་དང་པོའམ་གཉིས་པ་ལ་བརྟེན་ནས་ངེས་པར་འཇུག་པ་དེ་ནི་ངེས་པར་བསམ་གཏན་གསུམ་པས་བསྡུས་པའི་ཟག་མེད་ཀྱི་བདེ་བའི་དབང་པོ་ཐོབ་པར་འགྱུར་བ་འབྲས་བུ་ཁྱད་པར་ཅན་གྱི་ལམ་བསམ་གཏན་གསུམ་པ་ཟག་མེད་མངོན་ 3-1-262a དུ་བྱེད་པ་སྲིད་དེ། དེ་ནི་འདོད་ཁམས་སུ་སྐྱེས་པ་ཡིན་ཏེ། གོང་ན་མཐོང་ལམ་མེད་པ་དང་། བསམ་གཏན་གསུམ་པའི་ཉོན་མོངས་སྤངས་པའི་ཕྱིར། གལ་ཏེ་མངོན་དུ་མི་བྱེད་ན་བསམ་གཏན་བཞི་པའམ་གཟུགས་མེད་དུ་སྐྱེས་པའི་ འཕགས་པ་དེ་བདེ་བའི་དབང་པོ་དང་མི་ལྡན་པར་འགྱུར་ཏེ། ཟག་བཅས་ཀྱི་བདེ་བའི་དབང་པོ་ནི་ས་འཕོས་པས་བཏང་། ཟག་མེད་ཀྱི་བདེ་བའི་དབང་པོ་མངོན་དུ་མ་བྱས་པའི་ཕྱིར། འདོད་མི་ནུས་ཏེ། བདེ་བའི་དབང་པོ་དང་ནི་བསམ་གཏན་བཞི་པ་དང་གཟུགས་མེད་ པར་སྐྱེས་པའི་སོ་སོའི་སྐྱེ་བོ་མི་ལྡན་གྱི། འཕགས་པ་ནི་ལྡན་ནོ་ཞེས་འབྱུང་བའི་ཕྱིར་དང་། གང་ཞིག་ཡིད་བདེ་བའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་བཏང་སྙོམས་དང་། སྲོག་དང་། ཡིད་དང་། བདེ་བ་དང་། ཡིད་བདེ་བ་ཞེས་བྱ་བ་ལྔ་དང་ལྡན་ནོ། །ཞེས་བྱ་ བ་ལ་སོགས་པ་འབྱུང་བའི་ཕྱིར། གོང་དུ་སྐྱེས་པའི་འཕགས་པའང་གདོན་མི་ཟ་བར་བདེ་བའི་དབང་པོ་དང་ལྡན་པར་བཤད་དོ། །ངག་དོན་སྤྱིར་བསྒོམ་ལ་འཇིག་རྟེན་པས་མཐོང་ལམ་གྱིས་སྔར་སྤང་བྱ་འགའ་ཞིག་སྤངས་ཀྱང་མཐོང་ལམ་སྐྱེས་ཙམ་ན་སྔར་གྱི་སྤངས་པ་ དེ་ཟག་པ་མེད་པའི་དབང་པོས་སྤངས་པ་མིན་པས་འབྲས་བུ་མཐོང་ལམ་ཙམ་ཐོབ་པའི་དུས་སུ་འབྲས་བུ་ཁྱད་པར་ཅན་མི་ཐོབ་ཀྱང་མཐོང་སྤོང་སྤངས་པ་འགའ་ཞིག་ལ་འབྲས་བུ་ཁྱད་པར་ཐོབ་པ་ཡོད་དེ། སྔར་བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་ནས་བཞི་པའི་དངོས་ གཞི་ཐོབ་པ་དེ་མི་ལྕོགས་མེད་པའམ། དང་པོའམ་གཉིས་པ་ལ་བརྟེན་ནས་མཐོང་ལམ་གྱིས་སྐད་ཅིག་མ་བཅུ་དྲུག་སྐྱེས་པ་དེ་ས་དྲུག་གི་ལམ་སྐྱེས་པ་དེའི་ནང་ནས་ཀྱང་བསམ་གཏན་གསུམ་པའི་ཟག་མེད་ཀྱི་བདེ་བའི་དབང་པོ་ཐོབ་པ་ཡིན། མ་ཐོབ་ན་ཕྱིས་བསམ་གཏན་བཞི་ 3-1-262b པའམ་གཟུགས་མེད་དུ་སྐྱེས་པའི་འཕགས་པ་བདེ་བའི་དབང་པོ་དང་མི་ལྡན་པར་ཐལ་བ་ལས་ལྡན་ནོ་ཞེས་སྤྱིར་བཏང་དམིགས་བསལ་ཡིན་ནོ། །སློབ་དཔོན་རྒྱལ་པོའི་སྲས་ནི། དམིགས་བསལ་ཡིན་པ་འདིར་སྨྲས་པ་ནི། རྣམ་བཤད་འདིའི་ནང་དུ་བྲིས་པ་ཡོད་མོད་ཀྱི། རང་ལུགས་བཞག་པའི་ཕྱོགས་མ་ཡིན་པར་མངོན་ཏེ། གཞན་དག་ན་རེ། ཞེས་འབྱུང་བའི་ཕྱིར་ཞེས་གསུངས་འདུག་ནའང་བོད་དུ་བསྒྱུར་བའི་རང་འགྲེལ་གཞན་དག་ན་རེ། ཞེས་པ་དེ་མི་སྣང་ངོ་། །བསམ་གཏན་བཞི་པ་ཐོབ་པ་གང་ཞིག་ས་དྲུག་ལས་གང་ཡང་རུང་བ་ཞིག་ལ་ བརྟེན་ཏེ། ངེས་པར་འཇུག་པ་དེ་ནི་སེམས་བཅུ་དྲུག་པ་ལ་ཕྱིར་མི་འོང་བའི་འབྲས་བུ་མི་ལྕོགས་པ་མེད་པའི་ས་པ་དེ་ནས་བསམ་གཏན་བཞི་པའི་ས་པའི་བར་ས་དྲུག་དང་ལྡན་པ་ཡིན་ཏེ། དེ་ལྟར་འདོད་ཆགས་དང་བྲལ་བའི་ཕྱིར། གང་ཞིག་བསམ་གཏན་གསུམ་པ་ཐོབ་པ་དེ་ནི་བསམ་ གཏན་བཞི་པའི་ས་པ་མ་གཏོགས་པ་ས་ལྔ་པ་དང་ལྡན་ནོ། །བསམ་གཏན་གཉིས་པ་ཐོབ་པ་ལ་གསུམ་པ་མ་ཐོབ་པ་དེ་ནི་གསུམ་པ་དང་བཞི་པའི་ས་པ་མ་གཏོགས་པ་ས་བཞི་པ་དང་ལྡན་ནོ། །འདོད་ཆགས་དང་བྲལ་བའི་བསམ་གཏན་དང་པོ་ཐོབ་ལ་གཉིས་པ་མ་ཐོབ་པ་གང་ཡིན་པ་ དེ་ནི་གལ་ཏེ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ན། དེ་ཕྱིར་མི་འོང་བའི་འབྲས་བུ་མི་ལྕོགས་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་པོའི་ས་པ་སྟེ་ས་གསུམ་དང་ལྡན་ནོ། །རེ་ཞིག་ཕལ་ཆེར་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ངེས་པར་ འཇུག་པའི་གང་ཟག་རྣམ་པར་བཞག་པ་ནི་དེ་ལྟ་བུ་ཡིན་ནོ། །གཉིས་པ་ནི། ས་དང་ས་ན་ཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །འདོད་པའི་ཉོན་མོངས་ཀྱི་རྣམ་པ་དགུ་བསྟན་པ་དེ་བཞིན་དུ་ས་བསམ་གཏན་དང་པོ་དང་སྲིད་རྩེའི་བར་ས་དང་ས་ན་ཉེས་པའི་རྣམ་པ་དགུ་ཡོད་ལ། ཉེས་པ་རྣམས་ཇི་ལྟ་བ་དེ་བཞིན་དུ་ཡང་ས་དང་ས་ན་ 3-1-263a ཡོན་ཏན་གཉེན་པོ་བར་ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་རྣམས་ཀྱང་རྣམ་པ་དགུ་སྟེ། རྩ་བའི་དབྱེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱི་རེ་རེ་ཞིང་ཡང་ཆུང་ངུ་དང་ལ་སོགས་པས་འབྲིང་དང་ཆེན་པོ་ཐ་དད་པ་གསུམ་ཡིན་པའི་ཕྱིར་རོ། །དེ་ལ་ལམ་ཆུང་ངུའི་ ཆུང་ངུས་ནི་ཉོན་མོངས་ཆེན་པོའི་ཆེན་པོ་སྤངས་ལ། ལམ་ཆེན་པོའི་ཆེན་པོས་ནི་ཉོན་མོངས་ཆུང་ངུའི་ཆུང་ངུ་བར་དུ་སྤོངས་ཏེ། དང་པོ་ཁོ་ནར་ལམ་ཆེན་པོ་མི་སྲིད་པའི་ཕྱིར་དང་། ལམ་ཆེན་པོ་སྐྱེས་པས་ཉོན་མོངས་པ་ཆེན་པོ་མི་སྲིད་པའི་ཕྱིར། གོས་ལ་དྲི་མ་ཆེ་ལོང་ནི་ སྔར་འཁྲུ་ལ་ཕྲ་མོ་ཕྱིས་འཁྲུ་བ་དང་། མུན་པ་ཆེ་ལོང་ནི་སྣང་བ་ཆུང་ངུས་འཇོམས་ལ། ཕྲ་མོ་ནི་ཆེན་པོས་སེལ་ཞེས་བྱ་བ་འདི་དཔེའི་རྣམ་པ་ཡིན་ནོ། །འཕགས་ལམ་སྐད་ཅིག་མ་ཆུང་ངུས་ཀྱང་འཁོར་བ་ཐོག་མེད་བརྒྱུད་པས་སེལ་བའི་ཉོན་མོངས་པ་ཆེན་པོ་རྣམས་རྩ་བ་ལྟ་ བུ་ཐོབ་པ་བཅད་ནས་མེད་པར་བྱེད་པའི་ཕྱིར་ཆོས་དཀར་པོ་རྣམས་ནི་སྟོབས་དང་ལྡན་པ་ཡིན་ལ། ནག་པོ་རྣམས་ནི་སྟོབས་ཆུང་སྟེ། ཡུན་རིང་པོ་ནས་བསགས་པའི་རླུང་དང་མཁྲིས་པ་ལས་གྱུར་པ་ལ་སོགས་པའི་ནད་རྣམས་སྨན་རྟི་བྲིད་སྲང་ལ་གཅལ་བའི་ཞོ་གཅིག་གིས་ འབྱིན་པ་ལྟ་བུ་དང་། མར་མེ་སྐད་ཅིག་མ་ཆུང་ངུས་མུན་པ་ཆེན་པོ་འཇོམས་པ་བཞིན་ནོ། །གཉིས་པ་སོ་སོར་བཤད་པ་ལ། སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སྐྱེ་གཉིས། དང་པོ་ལ། སྲིད་པ་ལན་བདུན་པར་ངེས་པ་དང་། སྲིད་པ་ལན་བདུན་པའི་རིགས་ཅན་ ནོ། །དང་པོ་ནི། འབྲས་གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །འབྲས་བུ་ལ་གནས་པ་གང་འདོད་པའི་སྒོམ་པས་སྤང་བྱའི་ཉོན་མོངས་གཅིག་ཀྱང་མ་ཟད་ཅིང་མ་སྤངས་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ། ཐམས་ཅད་དུ་ལན་བདུན་པ་མ་ཡིན་པས་ཤིན་ཏུ་རེས་ལྟར་ཐོགས་ན་ཚེ་བདུན་གྱི་བར་དུ་སྐྱེ་བས་སྲིད་པ་ལན་བདུན་པ་སྟེ། 3-1-263b ཐམས་ཅད་ཀྱི་ཐ་ཤལ་བའོ། །མདོ་ལས་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་པ་ནི་མཆོག་སྟེ་རབ་ཏུ་ཐོགས་ན་སྐྱེ་བ་ལན་བདུན་པའོ། །མྱང་འདས་ཀྱི་རྒྱུན་ནི་ལམ་སྟེ། ལམ་དེ་ནས་མྱང་འདས་དེར་འགྲོ་བའི་ཕྱིར་རོ། །འདི་དེར་ཞུགས་ཤིང་ཕྱིན་ལ་སོན་པས་ན་རྒྱུན་དུ་ ཞུགས་པ་ཡིན་ནོ། །མྱང་འདས་ཀྱི་ལམ་གྱི་རྒྱུན་ལ་ཞུགས་པས་རྒྱུན་ཞུགས་ཡིན་ནོ། །ཕྱིར་འོང་ཕྱིར་མི་འོང་སོགས་ཀྱང་འདས་ལམ་གྱི་རྒྱུན་ལ་ཞུགས་པས་རྒྱུན་ཞུགས་སུ་མི་འགྲོའམ་སྙམ་ན། མི་འགྲོ་སྟེ། གཞན་ལ་སྒོས་མིང་ཡོད། གཞན་ལ་མེད་པའི་ཕྱིར། དེའང་ ལམ་དང་པོ་མཐོང་ལམ་ཐོབ་པའི་ཕྱིར་རོ་ཞེ་ན་ནི། ལུགས་ལས་བཟློག་ནས་བགྲངས་པའི་བརྒྱད་པ་རྒྱུན་ཞུགས་ལ་ཞུགས་པའང་རྒྱུན་ཞུགས་སུ་འགྱུར་རོ། །འབྲས་བུ་དང་པོ་ཐོབ་པའི་ཕྱིར་ཞེ་ན། འདོད་པ་དང་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་དང་ཕྱིར་འོང་ ཡང་རྒྱུན་ཞུགས་སུ་འགྱུར་ཏེ། སྔོན་མ་ཐོབ་པའི་འབྲས་བུ་དང་པོ་ཡིན་པའི་ཕྱིར། འབྲས་བུ་བཞི་པོ་ཐམས་ཅད་ཐོབ་པའི་དབང་དུ་བྱས་ནས་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རྒྱུན་ཞུགས་ཡིན་ནོ། །དེ་ཁོ་ན་རྒྱུན་ཞུགས་ཡིན་ལ་བརྒྱད་པ་ནི་མ་ཡིན་ཏེ། དེས་ཞུགས་པའི་ལམ་ཁོ་ ན་ཐོབ་ལ། འབྲས་བུ་ཐོབ་པའི་དང་པོར་ལམ་ལ་རྗེས་སུ་ཤེས་པ་ནི་ཞུགས་པ་དང་འབྲས་བུའི་ལམ་ཐོབ་པའི་ཕྱིར་དང་། མཐོང་བ་དང་སྒོམ་པའི་ལམ་ཐོབ་པའི་ཕྱིར་དང་། ལམ་ལ་རྗེས་སུ་ཤེས་པས་ལམ་རྗེས་བཟོད་ཀྱི་མཚན་ཉིད་མཐོང་བས་རྒྱུན་ཐམས་ཅད་མངོན་པར་རྟོགས་ པའི་ཕྱིར་རྒྱུན་ཞུགས་ཡིན་གྱི། བརྒྱད་པ་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ། །ཆགས་བྲལ་སྔོན་དུ་སོང་བའི་བཅུ་དྲུག་པ་ཕྱིར་འོང་དང་ཕྱིར་མི་འོང་ཀྱང་འབྲས་བུ་དང་པོ་ཡིན་པས་རྒྱུན་ཞུགས་སུ་ཐལ་ཟེར་བ་ལ། ཆགས་བྲལ་སྔོན་དུ་སོང་བའི་འབྲས་བུ་སྟེ་དང་པོ་གཉིས་ཡིན་ཀྱང་ལར་ 3-1-264a འབྲས་བུ་བཞི་ཀ་རེས་མོས་ཐོབ་པའི་འབྲས་བུ་དང་དེ་གཉིས་མིན་པའི་འབྲས་བུ་བཞི་ཀ་རིམ་གྱིས་ཐོབ་པའི་དང་པོའི་འབྲས་བུ་ལ་རྒྱུན་དུ་ཞུགས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་ནི། དེ་ནི་མཐོང་ལམ་ཐོབ་པའི་སྐྱེ་བ་དེ་ལས་གཞན་པའི་སྐྱེ་བའི་སྲིད་པ་བདུན་ དང་། བར་སྲིད་བདུན་དུ་མིའི་ནང་དུ་ཉིང་མཚམས་སྦྱོར་བར་བྱེད་ལ། ལྷའི་ནང་དུའང་དེ་བཞིན་དུ་སྲིད་པ་བདུན་གཉིས་ཏེ་སྲིད་པ་ཉེར་བརྒྱད་དུ་མཚམས་སྦྱོར་བར་བྱེད་དོ། །བདུན་ཚན་དུ་འདྲ་བའི་ཕྱིར། མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དེ། གཟུགས་ཡང་དག་ པར་ཇི་ལྟ་བ་བཞིན། གཟུགས་ཀུན་འབྱུང་། གཟུགས་འགོག་པ། གཟུགས་འགོག་པར་འགྲོ་བའི་ལམ། གཟུགས་ཀྱི་རོ་མྱོང་བ་གཟུགས་ཀྱི་ཉེས་དམིགས། ངེས་པར་འབྱུང་བ་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཕུང་པོ་གཞན་རྣམས་ལའང་དེ་བཞིན་དུ་སྦྱར་ བས་སུམ་ཅུ་སོ་ལྔ་ཡིན་ཀྱང་བདུན་ཚན་དུ་འདྲ་བ་དང་། ལོ་མ་རེ་རེ་ལ་འདབ་མ་བདུན་ཡོད་པར་འདྲ་བའི་ཕྱིར། འདབ་མ་བརྒྱ་ཕྲག་དུ་མ་ཡོད་ཀྱང་། ཤིང་ལོ་མ་བདུན་པ་ཞེས་པ་བཞིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་སྲིད་པ་ཉེར་བརྒྱད་ཡོད་ན། མདོ་ལས། གང་ཟག་ལྟ་བ་རྣམས་ ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་པ་མངོན་པར་གྲུབ་པ་གང་ཡིན་པ་ནི་གནས་མ་ཡིན་ཅིང་གོ་སྐབས་མེད་དེ། འདི་ནི་གནས་མེད་དོ་ཞེས་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། མི་ལྟ་བུའི་འགྲོ་བ་གཅིག་ཏུ་གོ་སྐབས་མེད་པ་ལ་དགོངས་སོ། །ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་འཁོར་ འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་དོ། །ཞེས་སྒྲ་ཇི་བཞིན་དུ་བརྟགས་ན་ནི་སྲིད་པ་བར་མའང་ཡོད་པར་མི་འགྱུར་རོ། །གལ་ཏེ་སྲིད་པ་བར་མ་རྣམས་དང་བཅས་ཏེ་སྲིད་པ་བདུན་བགྲངས་པར་གྱུར་ན་ནི་དེའི་སྐྱེ་བ་བཞི་ཁོ་ནར་འགྱུར་ལ། དེ་ལྟར་ཡང་མི་འདོད་པས་ 3-1-264b སོ། །གལ་ཏེ་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་པར་འཆད་ན། གོང་དུ་འཕོ་བའི་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་པའང་མི་འགྱུར་རོ། །དེའང་འདོད་མི་ནུས་ཏེ། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་ འབྱུང་བའི་ཕྱིར་ཞེ་ན། ཉེས་པ་མེད་དེ། འགྲོ་བ་གཅིག་པོ་མིའམ་ལྷའི་འགྲོ་བ་གང་ཡིན་པ་དེར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཀྱི། ཁམས་གོང་མ་དག་ཏུ་ནི་མ་ཡིན་པའི་ཕྱིར། འདིའི་ཕྱོགས་སྔར་འོག་མིན་གྱི་བར་དུ་གོང་འཕོ་སྲིད་པ་བརྒྱད་པ་འགྲུབ་པ་སྲིད་པ་ལ་སྲིད་རྩེ་ ཁྱད་པར་དུ་ཅིས་སྨོས་ཞེ་ན། འོག་མིན་གྱི་བར་གྱི་གོང་འཕོ་བརྗོད་བྱ་ཡིན་མོད་ཀྱི། སྲིད་རྩེ་སྨོས་པའི་བསམ་པ་ནི་སྲིད་པའི་མཆོག་བརྗོད་པར་འདོད་ནས། སྲིད་རྩེའི་བར་གྱི་གོང་འཕོ་ཞེས་སྨོས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་ལ་ ལྷ་དང་མི་དག་གི་ནང་དུ་སོ་སོར་ལན་བདུན་བདུན་སྐྱེའི། གཉིས་ཀ་ནང་དུ་མ་ཡིན་པ་ཉིད་ཀྱི་སྲིད་པ་ཉེར་བརྒྱད་ཡོད་ཀྱང་རིས་མཐུན་དུ་འདྲ་བས་སྲིད་པ་ལན་བདུན་པ་ཡིན་པ་འདི་ལ་ཤེས་བྱེད་ཀྱི་ལུང་དང་འདོད་པའི་དབང་དུ་བྱས་པའི་འགྲོ་བ་གཅིག་ལ་སྲིད་པ་བརྒྱད་པ་མི་འགྲུབ་ པའི་མདོ་དང་རིག་པ་ཅི་ཞིག་ཡོད། ངེད་ཅག་མདོ་སྡེ་པ་ལྟར་ན་སྲིད་པ་ལན་བདུན་པ་ནི་མི་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ནི་ལྷའི་ནང་དུའང་ལན་གསུམ་འཁོར་ལ། མིའི་ནང་དུའང་ལན་གསུམ་འཁོར། དེ་ནས་ལྷ་རྣམས་ཀྱི་ནང་དུ་འོང་སྟེ་མྱ་ངན་ལས་འདའོ། །ལྷའི་ ནང་དུ་བདེན་པ་མཐོང་ན་མིར་གསུམ། ལྷར་གསུམ། དེ་ནས་མིའི་ནང་དུ་འོངས་ཏེ་མྱ་ངན་ལ་འདའོ། །ཞེས་སྨྲའོ་ཞེ་ན། བྱེ་སྨྲས། དེ་ལ་ལུང་ཡོད་དེ། ཇི་སྐད་དུ། ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ལན་བདུན་འབྱུང་ངོ་ཞེས་པ་འདིའོ། །ཞེ་ན། ལུང་དེ་སྤྱིར་སྡོམ་པ་ཙམ་ 3-1-265a གྱི་དབང་དུ་བྱས་ཀྱི། སོ་སོར་ཕྱེ་བའི་གསལ་ཁ་མི་སྣང་བས་བྱེ་སྨྲའི་ཕྱོགས་དེ་ཐེ་ཚོམ་དང་བཅས་པར་གྱུར་པ་ལ། སློབ་དཔོན་གྱིས་བྱེ་སྨྲའི་ཕྱོགས་དེའི་གཞུང་འཛུགས་པའི་སླད་དུ་སྡེ་པ་གཞན་པ་འོད་སྲུངས་པ་རྣམས་ཀྱིས་ནི་མདོ་འདི་སྐད་ དུ་འདོན་ཏེ། ལྷ་རྣམས་སུ་ལན་བདུན། མི་རྣམས་སུ་ལན་བདུན་ཞེས་འབྱུང་བ་དེ་དྲངས་པ་ཉིད་ཀྱི་ཆོས་ཅན། ལྷ་མི་སོ་སོར་ལན་བདུན་སྐྱེ་བའི་ཤེས་བྱེད་ཅི་ཡོད་ཀྱི་ལན་དང་། སྲིད་པ་བརྒྱད་པ་འདོད་པའི་འགྲོ་བ་རིས་གཅིག་པར་མི་འགྲུབ་པ་ལ་ལུང་རིགས་ཅི་ཡོད་ ཀྱིས་ལན་གཉིས་ཀ་ཐེབས་པ་ཡིན་ཏེ། མི་དང་ལྷ་སོ་སོར་གྱི་དོན་སྨོས་པ་ཁོ་ནས་འདོད་ཁམས་ལ་དགོངས་པར་བསྟན་པ་ཡིན་གྱི། གཟུགས་དང་གཟུགས་མེད་ལ་དགོངས་པ་མ་ཡིན་པའི་ཕྱིར་ཏེ། ཕྱིར་མི་འོང་རྣམས་ནི་འདོད་པའི་ལྷ་དང་མི་དག་གི་ནང་དུ་འཁོར་ ཞིང་འོངས་པ་མིན་པའི་ཕྱིར། རིགས་པའང་ལུང་གིས་དྲངས་པའི་རིགས་པ་དེ་ཉིད་ཀྱི་ཕྱིར་རོ། །དེས་ན་འདོད་ཁམས་ཀྱི་འགྲོ་བ་རིས་གཅིག་པ་ལ་དགོངས་ཏེ་སྲིད་པ་བརྒྱད་པ་མི་འགྲུབ་པ་དང་། སྲིད་པ་ལན་བདུན་པ་ལྷ་མི་སོ་སོར་ལན་བདུན་བདུན་ཡིན་པ་ལ་ཤེས་བྱེད་ཅི་ ཡོད་ཅེས་མདོ་སྡེ་པ་ཁྱེད་ཅག་མངོན་པར་ཞེན་པར་བྱ་མི་དགོས་ཏེ། ཤེས་བྱ་ལ་ཡང་དག་པར་གྲུབ་པ་ལུང་དང་རིགས་པ་ཉིད་ཀྱིས་གསལ་བར་བྱས་ཟིན་པའི་ཕྱིར་རོ། །གང་ཞིག་མིའི་ནང་དུ་འོང་ནས་རྒྱུན་ཞུགས་པར་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་ འདའ་ལ། གང་ཞིག་ལྷ་དག་གི་ནང་དུའང་རྒྱུན་ཞུགས་སུ་གྱུར་པ་དེ་ཁོ་ནར་འོངས་ནས་མྱ་ངན་ལས་འདའ་བར་གསུང་བ་ནི། དང་པོ་མིར་རྒྱུན་ཞུགས་ཐོབ་པ་ནི་མི་ཚེ་དྲུག་བླངས་ནས། དེ་ནས་ལྷར་བདུན་བླངས་ནས་མཐར་མིར་འོངས་ནས་མྱ་ངན་ལས་འདའ་ལ། ལྷའི་ 3-1-265b རྟེན་ཅན་ལའང་དེ་བཞིན་དུ་སྦྱར་རོ། །ཡང་སྲིད་པ་བརྒྱད་པ་མི་འགྲུབ་སྟེ། འདོད་སྲེད་བདུན་གྱིས་དགྲ་བཅོམ་ཐོབ་ངེས་ཀྱི་རྒྱུད་སྨིན་པའི་ཕྱིར་དང་། དེ་མྱོང་ངེས་ཀྱི་ལས་ཡོད་པའི་ཕྱིར། །དཔེར་ན་སྦྲུལ་གོམ་པ་བདུན་པས་ཟིན་པ་ཕན་ཆད་དང་ཚུན་ཆད་དུ་འཆི་བ་མ་ཡིན་ པ་དང་། རིམས་ཉིན་བཞི་པའང་དེ་ཙམ་དུ་འདེབས་ཀྱི། ཕན་ཆད་དུ་དེ་ཚུན་ཆད་དུ་མ་ཡིན་པ་བཞིན་ནོ། །སྲིད་པ་བརྒྱད་པའང་མི་འགྲུབ་ལ། ཚུ་རོལ་དུའང་མྱ་ངན་ལས་མི་འདའ་སྟེ། འདོད་པ་ལ་འདུན་པ་དང་། གནོད་སེམས་ཏེ་ཐ་མའི་ཆ་མཐུན་གཉིས་དང་། གོང་མ་གཉིས་ཀྱི་འདོད་ཆགས་གཉིས་དང་། རྒོད་པ་དང་། ང་རྒྱལ་དང་། གཏི་མུག་སྟེ་གོང་མའི་ཆ་མཐུན་ལྔ་ལུས་པའི་ཕྱིར། འདུས་བཟང་ན་རེ། ཀུན་སྦྱོར་བདུན་ལུས་སོ་ཞེས་བྱ་བ་འདི་ནི་གཏན་ཚིགས་སུ་མི་རུང་སྟེ། ཐ་མའི་ཆ་མཐུན་གཉིས་ལྟ་འོག་ཏུ་སྐྱེ་ བའི་རྒྱུ་ཡིན་ལ། གོང་མའི་ཆ་མཐུན་རྣམས་ས་གོང་མ་ཡིན་པས་འདོད་ཁམས་སུ་སྐྱེ་བ་འགྲུབ་བྱེད་མི་ནུས་པའི་ཕྱིར་ཞེས་ཟེར་རོ། །གཏན་ཚིགས་དེ་སྨྲ་བ་ན་རེ། དེ་དག་གོང་མ་བ་ཡིན་མོད་ཀྱི། དེ་དག་གི་ཐོབ་པའི་མཐུས་སྲིད་པ་ཇི་སྙེད་ཅིག་མངོན་པར་འགྲུབ་ པར་འགྱུར་ཏེ། དེ་དག་ནི་ལུང་མ་བསྟན་པའི་ཕྱིར་དང་། རྣམ་པར་སྨིན་པའི་རྒྱུ་ཉིད་དུ་རྣམ་པར་མི་བཞག་པའི་ཕྱིར། འོ་ན་འོག་མར་སྐྱེ་བའི་གྲོགས་སམ་རྐྱེན་བྱེད་པས་ཀུན་སྦྱོར་བདུན་གྱི་སྲིད་པ་བདུན་ཡིན་ཟེར་བ་དེའང་མི་འཐད་དེ། ཀུན་དགའ་བོ་ལ་ཀུན་སྦྱོར་ བདུན་ལུས་ཀྱང་ཚེ་དེ་ལ་མྱ་ངན་ལས་འདས་པས་མི་འཐད་པར་གྲུབ་བོ། །འོ་ན་འདི་ལྟར་འཐད་པས། བར་སྐབས་སུའང་འཕགས་པའི་ལམ་མངོན་དུ་མི་བྱེད་ཅིང་ཡོངས་སུ་མྱ་ངན་ལས་མི་འདས་ཏེ། ལུང་འདིས་རྒྱུན་ཞུགས་སྲིད་པ་ལན་བདུན་པ་དེ་དགྲ་བཅོམ་མ་ཐོབ་བར་དུ་ 3-1-266a འཕགས་ལམ་བར་པ་གཉིས་མངོན་དུ་མི་བྱེད་པར་བཤད་འདུག་པས་བརྟག་པར་བྱའོ། །མཆན། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། །སངས་རྒྱས་འབྱུང་བ་མེད་ནས་རབ་ཏུ་བྱུང་བའི་བསྟན་པ་མེད་ན་ཁྱིམ་པ་ཁོ་ནར་དགྲ་བཅོམ་ པ་ཉིད་ཐོབ་ལ། ཁྱིམ་ན་མི་གནས་ཏེ་མི་སློབ་པའི་ལམ་གྱི་མཐུས་སྤོང་བདུན་ཆོས་ཉིད་ཀྱི་ཐོབ་པས་དགེ་སློང་དུ་འགྱུར་ཏེ། དགེ་སློང་གི་རྟགས་མཚན་ལྷུང་བཟེད་སོགས་དང་སྦྱོར་བར་བྱེད་པ་དེ་ནི་དེའི་རང་བཞིན་ཡིན་ནོ། །གཞན་ན་རེ། ཁྱིམ་པའི་ཆ་བྱད་པས་ཕྱི་རོལ་པའི་ དགེ་སྦྱོང་གཞན་གྱི་མཚན་མོས་སོ་ཞེས་ཟེར་རོ། །གང་སྤེལ་དེ་ནི་མི་འདོད་དེ། དེ་དག་ནི་ལོག་ལྟའི་དབང་གིས་དམ་པ་མ་ཡིན་པའི་ལས་ལ་འཇུག་པའི་ཕྱིར་ཞེས་གསུངས་སོ། །མདོ་ལས་དེ་ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་པར་གསུངས་པ་ནི་འཕགས་པའི་གནས་ སྐབས་ན་བདེན་པ་མཐོང་ལ་འཕེན་པ་མེད་པ་ལྟ་ཨ་ཅང་ཆེ་སྟེ། རྫོགས་བྱེད་ཀྱི་དེར་འགྲོ་བའི་ལས་མི་སོག་པའི་ཕྱིར་དང་། སོ་སོའི་སྐྱེ་བོའི་གནས་སྐབས་ན་དེར་འགྲོ་བའི་ལས་མྱོང་བར་འགྱུར་བ་མ་ངེས་པ་བསགས་པའང་སྦྱོར་བ་དག་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ དང་། བསམ་པ་དག་པ་སངས་རྒྱས་ལ་ཤེས་ནས་དད་པའི་སྒོ་ནས་ཕུང་པོའི་རྒྱུད་དེ་ནི་དགེ་བའི་རྩ་བ་སྟོབས་དང་ལྡན་པས་བསྒོས་པའི་ཕྱིར་ཕུང་པོའི་རྒྱུད་ངན་སོང་གི་རྣམ་སྨིན་འགྲུབ་པ་དང་མི་མཐུན་པར་བྱས་པའི་ཕྱིར། ངན་སོང་དུ་ངེས་པའི་ལས་ཡོད་ན་ནི་གང་ཟག་དེས་བཟོད་ པ་ཡང་མི་བསྐྱེད་པར་འགྱུར་ན་ཟག་མེད་ཀྱི་ལམ་ལྟ་ཅི་སྨོས་སོ། །དགེ་རྩ་སྟོབས་ལྡན་བསགས་པས་བསྒོས་པའི་རྒྱུད་རྣམ་སྨིན་དང་མི་མཐུན་པར་འགྱུར་བ་དེ་བསྟན་པའི་ཕྱིར། སྨྲས་པ། མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ་འགྲོ། མཁས་པས་སྡིག་པ་ཆེན་པོ་བྱས་ 3-1-266b ཀྱང་གནོད་པ་ངན་སོང་དུ་འགྲོ་བའི་ལས་རབ་ཏུ་སྤོང་བར་འགྱུར་ཏེ། དཔེ་ནི་ལྕོགས་ཀྱི་གོང་བུ་ཐོ་ལུམ་ཆུང་ཡང་བཅོས་ལེགས་མ་བྱས་པས་ཆུའི་གཏིང་དུ་བྱིང་བར་འགྱུར་ལ། ལྕགས་དེ་ཉིད་སྣོད་དུ་བྱས་ན་ཆེའང་བཅོས་ལེགས་བྱས་པའི་ཡོན་ཏན་གྱིས་ཆུའི་གཏིང་དུ་འཕྱོ་ཞིང་བྱིང་བར་མི་འགྱུར་ལ། མི་ མཁས་པ་ནི་ཡོན་ཏན་རྣམས་ཀྱི་སྣོད་དུ་མ་བྱས་པས་བྱིང་ལ། མཁས་པ་ནི་མ་ཡིན་ཏེ། ཡོན་ཏན་གྱི་སྣོད་དུ་བྱས་པའི་ཕྱིར། འདིར་ཡང་མཁས་པའི་གོང་མི་མཁས་པ་ལ་སྡིག་པ་བྱས་པ་དེ་མཁས་པར་གྱུར་པའི་ཕྱིས་ཀྱི་མཁས་པ་དེས་སྤོང་གི། མཁས་པའི་དུས་རང་དུ་སྡིག་པ་བྱས་པ་དེ་ ནི་སླར་ལ་སྡིག་ཆེའོ། །སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་གསུངས་པས་སྡུག་བསྔལ་གྱི་མཐའ་ནི་གང་ཕན་ཆད་སྲིད་པ་གཞན་གྱིས་བསྡུས་པའི་སྡུག་བསྔལ་མེད་པ་སྟེ་སྡུག་བསྔལ་གྱི་མཐའ་ནི་འཇུག་གོ། ཤི་ནས་སྡུག་བསྔལ་གྱི་ཉིད་མཚམས་སྦྱོར་བར་མི་བྱེད་པའོ། །ཡང་ན་སྡུག་བསྔལ་གྱི་ མཐའ་ནི་མྱང་འདས་ཡིན་ནོ། །མྱང་འདས་ཡིན་ན་རྟག་པས་དེ་བྱེད་པར་མི་རུང་ངོ་ཞེ་ན། མྱང་འདས་དེ་ཐོབ་པའི་གེགས་ཉོན་མོངས་ཀྱི་ཐོབ་པ་བསལ་བའི་ཕྱིར་མྱང་འདས་བྱེད་པར་བརྗོད་དེ། དཔེར་ན་ནམ་མཁའ་ནི་ཁང་པའི་གནས་ན་མི་མངོན་ཏེ། དེ་ནི་དེའི་གེགས་ཡིན་པས་འདུན་ཁང་དེ་རྡིབས་པ་སྟེ་ བསལ་བ་ན། རྟག་ཀྱང་ནམ་མཁའ་མངོན་དུ་བྱེད་ཅེས་བྱ་བ་བཞིན་ནོ། །གཉིས་པ་ནི། མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་སྟེ་མཆོག་ཏུ་ཐོགས་ན་ལན་བདུན་པ་ངེས་འབྱེད་དང་ཐར་པ་ཆ་མཐུན་སྐྱེས་པས་རྒྱུད་སྨིན་པའི་སོ་སྐྱེ་གཞན་ཡང་ཡོད་མོད་ཀྱི། འདི་ཉིད་དང་སྲིད་པ་བར་མའང་འདའ་བར་ འགྱུར་བས་ངེས་པར་མི་བརྗོད་དོ། །གཉིས་པ་རིགས་ནས་རིགས་སྐྱེ་ནི། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །རྒྱུན་ཞུགས་དེ་ཉིད་རྒྱུ་གསུམ་གྱིས་རིགས་ནས་རིགས་སུ་སྐྱེ་བ་ཡིན་ཏེ། ཉོན་མོངས་སྤངས་པ་ལས་ནི་ཉོན་མོངས་རྣམ་པ་གསུམ་པའམ་བཞི་པ་ལས་གྲོལ་བའི་ཕྱིར་དང་། དབང་པོ་ལས་ནི་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའི་ཕྱིར། 3-1-267a དང་། སྐྱེ་བ་ལས་ནི་ཚེ་གཉིས་སམ་གསུམ་ལུས་པའི་ཕྱིར་རོ། །འདིར་རིགས་ནས་རིགས་སྐྱེ་ལ་ཉོན་མོངས་རྣམ་པ་གསུམ་མམ་བཞི་ལས་གྲོལ་བ་གཅིག་གིས་ཁྱབ་ཀྱི། གསུམ་མམ་བཞི་ལས་གྲོལ་བ་ལ་ཚེ་གཉིས་སམ་གསུམ་གྱིས་ངེས་པ་མེད་དོ། །ཚིགས་སུ་བཅད་པའི་ནང་དུ་ཉོན་མོངས་ སྤངས་པ་དང་ཚེ་གཉིས་དག་སྨོས་པ་ནི། འཕགས་པས་ཕྱིས་ཉོན་མོངས་སྤོང་ན་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་ནི་མ་སྨོས་ཀྱང་གྲུབ་པའི་ཕྱིར། སྐྱེ་བ་ནི་གལ་ཏེ་ན་འབྲས་བུ་གོང་མ་ལན་གཅིག་ཕྱིར་འོང་དང་ཕྱིར་མི་འོང་དང་དགྲ་བཅོམ་གྱི་སྐལ་བ་དང་ལྡན་པའི་ཕྱིར་འདི་ཉིད་དུའམ་སྲིད་པ་བར་མའམ་ སྐྱེས་ནས་མྱ་ངན་ལས་འདའ་བར་འགྱུར་ན་ཆེས་ཉུང་ངུར་འགྱུར་བས་འདིར་རྩ་བར་སྨོས་སོ། །ཉོན་མོངས་པ་གཅིག་གམ་གཉིས་སྤངས་པ་དེ་ནི་ཚེ་དྲུག་གམ་ལྔར་རིགས་ནས་རིགས་སུ་སྐྱེ་བ་ཡིན་ནོ། །ཞེས་མ་སྨོས་ཀྱང་ཤུགས་ལ་གོའོ་ཞེས་སྔོན་གྱི་སློབ་དཔོན་ཁ་ཅིག་འཆད་དོ། །ཁ་ཅིག་ན་རེ། དེའང་ཚེ་ གཉིས་སམ་གསུམ་དུ་རིགས་ནས་རིགས་སུ་སྐྱེ་བ་ཡིན་པའི་ཕྱིར་ལོགས་སུ་མ་བཤད་དོ་ཞེས་ཟེར་རོ། །ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་རིགས་ནས་རིགས་སུ་སྐྱེ་བར་མ་སྨོས་ཞེ་ན། འདོད་པའི་ཉོན་མོངས་པ་ལྔ་བ་པ་སྤངས་ན་དྲུག་པའང་ངེས་པར་སྤོང་བས་རིགས་ནས་རིགས་སུ་སྐྱེ་ བ་མ་ཡིན་ཏེ། རྣམ་པ་དྲུག་པ་གཅིག་པུས་ནི་ཕྱིར་འོང་གི་འབྲས་བུ་ལ་གེགས་བྱ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་བར་ཆད་གཅིག་པའི་རྣམ་པ་དགུ་པ་གཅིག་པུས་ཀྱང་ཕྱིར་མི་འོང་བའི་འབྲས་བུ་ལ་གེགས་བྱེད་པར་མི་འགྱུར་རོ་ཞེ་ན། དེ་ནི་མི་མཚུངས་ཏེ། བར་ཆད་གཅིག་པ་ ནི་འདོད་ཁམས་ལས་འདའ་དགོས་པས་དཀའ་བའི་ཕྱིར་རྣམ་པ་གཅིག་གིས་ཀྱང་གེགས་བྱ་བར་ནུས་ལ། འདིར་ཕྱིར་འོང་ནི་ཁམས་ལས་འདའ་མི་དགོས་པས་རྣམ་པ་དྲུག་པ་གཅིག་པུས་གེགས་བྱ་བར་མི་ནུས་པའི་ཕྱིར། རིགས་ནས་རིགས་སྐྱེ་དེ་རྣམ་པ་གཉིས་ཏེ་ལྷའི་ནང་དུ་ 3-1-267b རིགས་གཉིས་སམ་གསུམ་དུ་འཁོར་ནས་ལྷའི་རིས་དེའམ་གཞན་གོང་འོག་ཏུ་མྱ་ངན་ལས་འདའ་བ་དང་། མི་ཡི་ནང་དུ་རིགས་གཉིས་སམ་གསུམ་དུ་འཁོར་ནས་གླིང་དེའམ་གཞན་གཉིས་ཉིད་དུ་མྱ་ངན་ལས་འདའ་བ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིའི་རིགས་ནས་ རིགས་སུ་སྐྱེ་བ་གཉིས་སོ། །གཉིས་པ་ཕྱིར་འོང་ཞུགས་གནས་ལ། ཞུགས་པ་དང་། འབྲས་གནས་སོ། །དང་པོ་ནི། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པའང་ཡིན། །རྒྱུན་ཞུགས་ཀྱི་འབྲས་བུ་ཁྱད་པར་ཅན་ལ་གནས་པའང་ཡིན། འདོད་པའི་སྒོམ་སྤོང་རྣམ་པ་གཅིག་ནས་ལྔའི་བར་དུ་བཅོམ་པ་ཡིན་ན་འབྲས་བུ་གཉིས་པ་ལ་ ནི་ཞུགས་པ་ཡིན་ནོ། །གཉིས་པ་ལ། འབྲས་གནས་ཙམ་པོ་བ་དང་། ཁྱད་པར་ཅན་ནོ། །དང་པོ་ནི། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །འདོད་པའི་སྒོམ་སྤོང་རྣམ་པ་དྲུག་པ་ཟད་པར་གྱུར་བ་དེ་ནི་འབྲས་བུ་གཉིས་པ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་ཡིན་ཏེ། ལྷའི་ནང་དུ་སོང་ནས་དྲུག་པ་སྤངས་ནས་མིའི་འཇིག་རྟེན་དུ་ལན་གཅིག་ ཕྱིར་འོང་སྟེ། དེ་ཕན་ཆད་དུ་སྐྱེ་བ་མེད་དོ། །མིའི་ནང་དུ་དྲུག་པ་སྤངས་ནས་ལྷ་དག་གི་ནང་དུ་ལན་གཅིག་འོང་བའམ། མིའི་ནང་དུ་དྲུག་པ་སྤངས་ནས་མི་རང་གི་ནང་དུ་འོང་བའམ། ལྷའི་ནང་དུ་དྲུག་པ་སྤངས་ནས་ལྷའི་ནང་དུ་འོང་བའོ། །མདོ་ལས། ཀུན་སྦྱོར་གསུམ་སྤངས་པའི་ཕྱིར་དང་། དུག་གསུམ་བསྲབ་པའི་ ཕྱིར་ཞེས་འབྱུང་བ་ནི་ཆུང་ངུའི་རྣམ་པ་གསུམ་ལུས་པའི་ཕྱིར་རོ། །གཉིས་པ་ཁྱད་པར་ཅན་ནི། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །ལན་གཅིག་ཕྱིར་འོང་གི་འབྲས་གནས་དེ་ཉིད་རྒྱུ་གསུམ་གྱིས་བར་ཆད་གཅིག་པ་ཡིན་ཏེ། ཉེས་ཆ་བདུན་པ་དང་བརྒྱད་པ་ཟད་པའི་ཕྱིར་དང་། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའི་ཕྱིར་དང་། ཚེ་གཅིག་ ལུས་པའི་ཕྱིར། འདིར་རྣམ་པ་གཅིག་གི་འབྲས་བུ་ལ་གེགས་བྱ་བར་ནུས་ཞེ་ན། དེ་ཡོད་ན་ཁམས་ལས་འདའ་དཀའ་བའི་ཕྱིར། གོང་དུ་ངན་སོང་དུ་སྐྱེ་ངེས་ཀྱི་བཟོད་པ་དང་འདོད་ཁམས་སུ་སྐྱེ་ངེས་ཀྱི་ལས་ཀྱི་ཕྱིར་མི་འོང་དང་གོང་མར་སྐྱེ་ངེས་ཀྱི་ལས་ཀྱིས་དགྲ་བཅོམ་ཐོབ་པ་ལས་དེ་དག་གིས་ 3-1-268a ཤིན་ཏུ་བྱེད་ཅེས་འབྱུང་བ་ལྟར་ཉོན་མོངས་པ་རྣམས་ཀྱང་དེ་དང་འདྲ་སྟེ། འདི་ཡོད་ན་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་འབྱིན་པའི་ས་ལས་འདའ་དཀའ་བའི་ཕྱིར། དེའི་མྱ་ངན་ལས་འདས་པ་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་དང་། ཕྱིར་མི་འོང་གི་ འབྲས་བུ་ལ་རྣམ་པ་གཅིག་གིས་ཆོད་པའི་བར་ཆད་ཡོད་པས་བར་ཆད་གཅིག་པའོ། །གསུམ་པ་ཕྱིར་མི་འོང་ལ། ཞུགས་གནས་གཉིས་ལས། དང་པོ་ནི། གསུམ་པ་ལ་ནི་ཞུགས་པའང་ཡིན། །རྣམ་པ་བདུན་དང་བརྒྱད་པ་སྤངས་པས་ལན་གཅིག་ཕྱིར་འོང་དེ་ནི་འབྲས་བུ་གསུམ་པ་ཕྱིར་མི་འོང་ལ་ཞུགས་པ་ཡིན་ནོ། ། སྔོན་འཇིག་རྟེན་པའི་ལམ་གྱི་རྣམ་པ་གསུམ་པ་དང་བཞི་པ་སྤངས་པའམ། བདུན་ནམ་བརྒྱད་སྤངས་པས་འབྲས་བུ་ཐོབ་པ་ནི་ཇི་སྲིད་དུ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་མ་ཐོབ་པས་རིགས་ནས་རིགས་སུ་སྐྱེ་བའམ་ བར་ཆད་གཅིག་པ་མ་ཡིན་ནོ། །གཉིས་པ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། དེ་དགུ་ཟད་པས་ཕྱིར་མི་འོང་། །འབྲས་བུ་ལ་གནས་པ་དེ་ཉིད་རྣམ་པ་དགུ་པ་ཟད་པས་ཕྱིར་མི་འོང་ཡིན་ཏེ། འདོད་ཁམས་སུ་མི་འོང་བའི་ཕྱིར་རོ། །མདོ་སྡེ་ལས། ཀུན་སྦྱོར་ཐ་མའི་ཆ་མཐུན་ལྔ་སྤངས་ པའི་ཕྱིར། ཞེས་འབྱུང་བ་ནི་འཇིག་ལྟ་སོགས་སྤངས་པ་བསྡོམས་ཏེ་གཅིག་ཉིད་དུ་བཞག་པའི་ཕྱིར་རོ། །འདོད་པ་ལས་ཆགས་བྲལ་ཞིག་ངེས་པ་ལ་འཇུག་ན་ངེས་པར་སྔོན་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་སམ། མཐར་གྱིས་པ་ཡིན་ ན་འཇིག་ལྟ་སོགས་གསུམ་དང་། དེ་གཉིས་བསྡོམས་པས་ལྔ་སྤངས་པ་ཡིན་ནོ། །གཉིས་པ་ལ། གཟུགས་སུ་ཉེར་འགྲོ། གཟུགས་མེད་ཉེར་འགྲོ། མཐོང་ཆོས་ཞི་བཤད་པ། ཕྱིར་མི་འོང་གི་དབྱེ་བ་དུ་མ་བཤད་པ། ལུས་མངོན་བྱེད་བཤད་པའོ། །དང་པོ་ལ། སྤྱིར་ 3-1-268b དབྱེ་བ་དང་། གོང་འཕོའི་དབྱེ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས། ཕྱིར་མི་འོང་དེ་ནི་རྣམ་པ་ལྔ་སྟེ། སྲིད་པ་བར་མ་དོར་ལྷག་མེད་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་མྱ་ངན་ལས་འདའ་བ་དང་། འདུ་བྱེད་པ་དང་བཅས་པ་དང་། འདུ་བྱེད་པ་མེད་པར་ཡོངས་ སུ་མྱ་ངན་ལས་འདའ་བ་དང་གོང་དུ་འཕོ་བ་རྣམས་སོ། །དང་པོ་ནི། བར་མ་དོ་ནི་ཕུང་པོའི་རྒྱུན་སྤོང་སླ་བས། ཉོན་མོངས་སྤངས་པ་རང་གི་ཕུང་པོའི་རྒྱུན་འགགས་པས་ལྷག་བཅས་ལྷག་མེད་གཉིས་དུས་མཉམ་དུ་ཐོབ་བོ། །འདིའང་འདོད་པའི་ཁམས་ཀྱི་འདུ་ཤེས་ གསལ་བ་འདིའི་འཕེན་པའི་རྒྱུན་བསམ་གཏན་དང་པོ་ལྟ་བུའི་བར་དོར་འདུ་ཤེས་གསལ་བས་བར་མ་དོར་ལམ་བསྐྱེད་ནས་མྱ་ངན་ལ་འདའི། དང་པོ་ནས་ཤི་ནས་གཉིས་པ་ལྟ་བུའི་བར་དོར་འདུ་ཤེས་མི་གསལ་བས་བར་དོ་དེ་ལྟ་བུར་མྱ་ངན་ལས་མི་འདའོ། །གཉིས་པ་ནི། སྐྱེས་ཙམ་ལས་མི་འཕྱི་བར་ཟག་པ་ཐམས་ཅད་ཟད་དེ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་བ་སྟེ། རྣལ་འབྱོར་ལ་མངོན་པར་བརྩོན་པའང་ཡིན་ལ། ལམ་ངང་གིས་འབྱུང་བ་ཡང་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་དག་ན་རེ། བར་མ་དོར་ཡོངས་སུ་མྱ་ངན་ ངན་ལས་འདའ་བ་འབའ་ཞིག་དགྲ་བཅོམ་པ་ཉིད་ཐོབ་ནས་ཚེ་ཡོངས་སུ་མ་རྫོགས་པར་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་པར་མ་ཟད་ཀྱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་པའང་དེ་དང་འདྲའོ་ཞེས་ཟེར་རོ། །དེའང་མི་འཐད་དེ། དེ་ཚེ་འདོར་བ་ལ་དབང་མེད་པའི་ ཕྱིར། གྲུབ་སྟེ། རབ་མཐའི་བསམ་གཏན་བཞི་པ་ཐོབ་པ་ན་ཚེ་ལོངས་སྤྱོད་དུ་བསྒྱུར་བ་སོགས་ལའང་དབང་བ་ཡིན་གྱི། རབ་མཐའ་དེའང་གླིང་གསུམ་གྱི་མི་རྣམས་ཀྱི་ནང་དུ་སྐྱེད་པར་བྱེད་ན། དེ་ནི་གཟུགས་ཀྱི་ནང་དུ་སྐྱེས་པའི་ཕྱིར། དེ་ལྟར་ན་བར་འདའ་བ་དེ་ཚེ་འདོར་ 3-1-269a བ་ལ་དབང་མེད་ན་ཡོངས་སུ་མྱ་ངན་ལས་འདའ་བ་ལ་དབང་འོང་ངོ་སྙམ་ན། དེ་ཚེ་འདོར་བ་ལ་དབང་མེད་མོད་ཀྱི། སྲིད་པ་བར་མར་གནས་པར་བྱེད་པ་ལ་ནི་སྐྱེས་ནས་འདའ་བ་དང་ཅི་འདྲ་བའི་ལས་མེད་དེ། དེ་ནི་ཉོན་མོངས་སངས་ན་ཕུང་པོ་དེ་ནི་ མྱུར་དུ་ཡལ་འགྲོ་བའི་ཕྱིར། དེས་ན་བར་འདའ་བ་ནི་མྱུར་དུ་མྱ་ངན་ལས་འདའ་ལ། སྐྱེ་འདའ་བ་ནི་ཚེ་ཇི་སྲིད་བར་གནས་ནས་འདའ་བས་སྐྱེས་ནས་འདའ་བ་ཁོ་ན་ལྷག་བཅས་མྱང་འདས་སོ་ཞེས་བྱའོ། །མངོན་པར་འདུ་བྱེད་བཅས་ནི། སྔོན་གྱི་སྦྱོར་བ་འཕེན་པའི་སྦྱོར་བ་ མ་བོར་བས་འདའ་བ་སྟེ། རྣལ་འབྱོར་པ་དེ་མངོན་པར་བརྩོན་ཅིང་ལམ་ངང་གིས་འབྱུང་བ་མེད་པའི་ཕྱིར། མངོན་པར་འདུ་བྱེད་པ་མེད་པ་ནི་མངོན་པར་ཡང་བརྩོན་པ་མེད་ལ། ལམ་ངང་གིས་འབྱུང་བའང་མེད་པའི་ཕྱིར། གྲགས་ཞེས་པ་ནི་བྱེ་སྨྲའི་ལུགས་སུ་སྟོན་ཏེ། རང་ ལུགས་ནི་མདོ་སྡེ་པ་དང་མཐུན་པར་ཕྱིས་འཆད་དོ། །གཞན་དག་ན་རེ། འདུ་བྱེད་པ་ནི་འདུས་བྱས་དང་དོན་གཅིག་པས་སྡུག་ཀུན་ལམ་གསུམ་ལ་དམིགས་པའི་ལམ་གྱིས་ཉོན་མོངས་སྤོང་བ་དང་། འདུ་བྱེད་པ་མེད་པ་ནི་འགོག་པ་ལ་དམིགས་པས་སྤོང་བས་མྱ་ངན་ལས་ འདའ་བའོ་ཞེ་ན། དེ་ནི་མི་རུང་སྟེ། གཞན་ཀུན་ཀྱང་བདེན་བཞི་ལ་དམིགས་པ་ཡོད་པས་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་གང་ཟག་གཉིས་ཁོ་ནར་འགྱུར་གྱི། ལྔ་ནི་མ་ཡིན་པའི་ཕྱིར། མདོ་ལས་ནི་མངོན་པར་འདུ་བྱེད་པ་ལས་སྔ་པར་འདུ་མི་བྱེད་པ་བྱུང་ བས། དེ་ཁོ་ན་བཞིན་དུ་རུང་སྟེ། གང་ཟག་རྩོལ་བ་མེད་པ་དང་ཡོད་པ་ལས། ལམ་ངང་གིས་འབྱུང་བ་དང་འབྱུང་བ་མ་ཡིན་པས་འདའ་བ་ནི་འདུ་བྱེད་པ་མེད་པ་དང་ཡོད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། གྲུབ་སྟེ། མྱང་འདས་དེ་གཉིས་གོ་རིམ་བཞིན་དུ་འབད་པ་ 3-1-269b མེད་པ་དང་འབད་པའི་སྒོ་ནས་ཐོབ་པའི་ཕྱིར་རོ། །མངོན་པར་འདུ་མི་བྱེད་པས་ངང་གིས་འབྱུང་བ་ཡིན་པས། སྐྱེ་འདའ་བ་ཡང་ངང་གིས་འབྱུང་བས་དེ་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན། སྐྱེས་འདའ་བ་ནི་ལམ་ཆེས་ངང་གིས་འབྱུང་བས་ཆེས་ཆེ་བ་དང་། ཕྲ་རྒྱས་ཆེས་ ཆུང་བ་ཡིན་ལ། གཅིག་ཤོས་དེ་ལྟར་མ་ཡིན་པའི་ཕྱིར་ཁྱད་པར་རོ། །གོང་དུ་འཕོ་བ་ནི་གང་དུ་སྐྱེས་པ་དེང་མྱ་ངན་ལས་མི་འདའ་བར་གོང་དུ་འཕོ་ཞིང་འགྲོ་བ་རྣམས་ཏེ་ལྔའོ། །གཉིས་པ་ལ། འོག་མིན་འགྲོ་དང་། སྲིད་རྩེར་འགྲོའོ། །དང་པོ་ནི། དེ་ནི། །བསམ་གཏན་སྤེལ་ན་འོག་མིན་འགྲོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ། སྤྱིར་གོང་འཕོ་ལ། ལ་ལ་ནི་ གཟུགས་ཁམས་སུ་སྐྱེ་བར་ངེས་ལ། གཟུགས་མེད་དུ་མི་སྐྱེ་བ་ཡོད། ལ་ལ་ནི་གཟུགས་མེད་དུ་སྐྱེ་བར་ངེས་པ་ལ་གཟུགས་ཁམས་སུ་སྐྱེ་བ་ཡོད། ལ་ལ་ནི་གཉིས་ཀར་སྐྱེ་བར་ངེས་པ་ཡོད། སྔ་མ་ནི་བསམ་གཏན་སྤེལ་བ་དེ་འོག་མིན་མན་ཆད་དུ་མྱ་ངན་ལས་འདའ་ བའོ། །དེ་ལ་འཕར་བ། ཕྱེད་འཕར། གནས་ཐམས་ཅད་དུ་འཆི་བའོ། །བར་མ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་དེ་གཟུགས་མེད་མུ་བཞིར་སྐྱེ་སྟེ། འཕར་ཕྱེད་འཕར་ཐམས་ཅད་དུ་འཆི་འཕོ་བའོ། །གཉིས་ཀར་སྐྱེ་བར་ངེས་པ་ནི་གཟུགས་ཁམས་སུ་ཐོན་ ནས་གནས་གཙང་དུ་མི་སྐྱེ་བར་གཟུགས་མེད་དུ་སྐྱེ་བའོ། །གོང་དུ་འཕོ་བ་དེ་ནི་རྒྱུ་དང་འབྲས་བུའི་སྒོ་ནས་གཉིས་ཏེ། ལྷག་མཐོང་སྤྱད་པའི་རིགས་ཅན་ཞིག་སྟེ་རྒྱུའི་སྒོ་ནས་བསམ་གཏན་ཟག་བཅས་དང་ཟག་མེད་སྤེལ་བ་སྟེ་བསྲེས་ནས་བསྒོམས་པ་དང་མ་བསྲེས་པའི་ ཕྱིར། འབྲས་བུའི་སྒོ་ནས་ནི་མིང་གྱུར་པས་བསམ་གཏན་སྤེལ་བ་འོག་མིན་དུ་འགྲོ་བ་དང་། གནས་གཙང་མར་མ་ཞུགས་པར་མྱ་ངན་ལས་འདའ་བ་ནི་མ་སྤེལ་བས་སྲིད་པའི་རྩེ་མོ་ལ་མཐར་ཐུག་པར་འགྲོ་སྟེ། དེ་དག་གི་གོང་དུ་སྐྱེ་བ་མེད་པའི་ཕྱིར། གོང་དུ་འཕོ་བ་འོག་ 3-1-270a མིན་གྱི་མཐར་ཐུག་པ་དེའང་འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་དུ་འཆི་འཕོ་བ་སྟེ་རྣམ་པ་གསུམ་མོ། །དེ་ལ་དང་པོ་ནི་མིར་བསམ་གཏན་བཞི་པ་སྤེལ་བ་བསམ་གཏན་དང་པོའི་རོ་མྱོང་སྟེ་བསམ་གཏན་གཉིས་པ་ཡན་ཆད་གསུམ་ ལས་ཡོངས་སུ་ཉམས་པ་ཚངས་རིས་ཀྱི་ནང་དུ་སྐྱེས་ནས། སྔོན་གོམས་པའི་དབང་གིས་བསམ་གཏན་བཞི་པ་སྤེལ་ཏེ་དེ་ནས་ཤི་འཕོས་ནས་འོག་མིན་གྱི་ནང་དུ་སྐྱེས་པ་གང་ཡིན་པ་སྟེ། དེ་གཟུགས་ཀྱི་དང་པོ་དང་ཐ་མར་སྐྱེའི་བར་དུ་མི་འགྲོ་བས་འཕར་བ་ཞེས་བྱའོ། ། དེའང་ཞིབ་ཏུ་བཤད་ན་འདོད་ཁམས་ཀྱི་བསམ་གཏན་སྤེལ་བ་དེ་བསམ་གཏན་དང་པོའི་རོ་མྱོང་བས་བསམ་གཏན་གསུམ་ཉམས་ནས་ཚངས་རིས་སུ་སྐྱེས་པ་དེ་གཉིས་པའི་འདོད་ཆགས་དང་བྲལ་གསུམ་པའི་འདོད་ཆགས་དང་བྲལ་ནས། ཡང་སྔོན་གོམས་པའི་དབང་ གིས་བསམ་གཏན་སྤེལ་མ་ལྔ་པོ་དེ་བསྒོམས་ནས་དེ་ནས་ཤི་ནས་འོག་མིན་དུ་སྐྱེས་ནས་བཞི་པ་དང་། གཟུགས་མེད་ཀྱི་ཀུན་སྦྱོར་སྤངས་ནས་དགྲ་བཅོམ་ཐོབ་སྟེ་མྱ་ངན་ལས་འདའ་བ་དེ་འཕར་བའོ། །དེའང་ཚེ་སྟོད་ལ་བདེན་པ་མཐོང་བའི་གང་ཟག་གི་དབང་དུ་བྱས་པ་ཡིན་ ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་རེ་བཅུག་པའི་གསུམ་པ་ལྔ་ལ་བཅོ་ལྔའི་དབང་དུ་བྱས་པའོ། །མཆན། གྱི། ཚེ་རབས་སྔ་མ་ནས་འཕགས་པར་གྱུར་བ་དེ་ནི། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་འབྱུང་བ་ལྟར་རོ། །འདོད་པར་ བསམ་གཏན་སྤེལ་བ་དེ་གཉིས་པའི་རོ་མྱངས་པས་བཞི་པ་དང་གསུམ་པ་ལས་ཉམས་པ་བསམ་གཏན་གཉིས་པའི་འོད་ཆུང་ལྟ་བུར་སྐྱེས་ནས་གཉིས་པ་དང་གསུམ་པའི་འདོད་ཆགས་དང་བྲལ་བར་བྱས་ནས། བསམ་གཏན་སྤེལ་མ་ལྔ་བསྒོམས་པས་ཤི་ནས་འོག་མིན་དུ་ 3-1-270b སྐྱེས་ནས་ཀུན་སྦྱོར་ལྷག་མ་སྤངས་ནས་མྱ་ངན་ལས་འདའ་བ་དེའང་འཕར་བའོ། །དེ་བཞིན་དུ་འདོད་པའི་རྟེན་ལ་བསམ་གཏན་སྤེལ་ནས་གསུམ་པའི་རོ་མྱངས་པས་བཞི་པ་ཉམས་ནས་བསམ་གཏན་གསུམ་པར་སྐྱེས་པ་དེ་ཡང་གསུམ་པའི་འདོད་ཆགས་དང་བྲལ་བར་བྱས་ནས་སྔོན་ གོམས་པའི་དབང་གིས་བཞི་པའི་སྤེལ་མ་ལྔ་བསྒོམས་ནས་ཤི་འཕོས་ཏེ་འོག་མིན་དུ་ཀུན་སྦྱོར་སྤངས་ནས་མྱ་ངན་ལས་འདའ་བ་དེའང་འཕར་བའོ། །དེ་ལྟར་བསམ་གཏན་དང་པོ་ནས་འོག་མིན་དུ་འཕར། གཉིས་པ་ནས་འཕར། གསུམ་པ་ནས་འཕར་བ་ཡོད། བཞི་པ་སྤྲིན་མེད་ ནས་འོག་མིན་དུ་འཕར་བ་དེ་འཕར་བ་མ་ཡིན་ཏེ། བཞི་པ་རང་གི་ས་ལ་རང་སར་འཕར་བ་མེད་དོ། །འབྲས་བུ་ཆེར་སྐྱེ་བའི་ལས་བསགས་པ་ཞིག་ཟག་མེད་དུ་སྤེལ་བས་འབྲས་བུ་ཆེར་སྐྱེ་བའི་ནུས་པ་བཅོམ། ཟག་བཅས་སུ་སྤེལ་བས་གནས་གཙང་ལྔར་སྐྱེ་བ་དེ་འདྲ་ནི་རྫོགས་བྱེད་ གཡོ་བར་དོན་གསང་མཁན་པོ་འདོད་དོ། །འདོད་པའི་ཁམས་ནས་འཕར་བ་ནི་མེད་དེ། ཡོད་ན་འཕར་དྲགས་ན་སླར་ལ་འཕར་བ་ལ་སོགས་པར་མི་འགྲོ་བར་གཞན་དུ་འགྲོ་སྟེ། འདོད་པར་ཤི་ན་འོག་མིན་གྱི་བར་དོར་མྱ་ངན་ལས་འདའ་ན་བར་མ་དོར་མྱ་ངན་ལས་འདའ་བར་འགྲོ། སྐྱེས་ནས་འདའ་ ན་སྐྱེས་ནས་མྱ་ངན་ལས་འདའ་བ་དང་། འདུ་བྱེད་མེད་པ་དང་། འདུ་བྱེད་པས་མྱ་ངན་ལས་འདའ་བར་འགྲོ་བས་འཕར་སོགས་སུ་སླར་ལ་མི་འགྲོའོ། །ཕྱེད་དུ་འཕར་བ་ནི་དང་པོ་དེ་ནས་གནས་གཙང་མ་རྣམས་སུ་སྐྱེས་ལ། བར་ན་གནས་གཞན་འགའ་ཙམ་ཡང་བརྒལ་ཏེ་འོག་མིན་ དུ་འཇུག་པའོ། །དེའང་ཞིབ་ཏུ་བཤད་ན། འདོད་པར་བསམ་གཏན་སྤེལ་བ་དེ་དང་པོའམ་རོ་མྱངས་པས་བསམ་གཏན་བཞི་པ་གསུམ་པ་གཉིས་པ་ཉམས་པ་དེ་བསམ་གཏན་དང་པོར་སྐྱེས་པ་དེ་དང་པོ་གཉིས་པ་གསུམ་པའི་འདོད་ཆགས་དང་བྲལ་བར་བྱས་ནས་བསམ་གཏན་ 3-1-271a སྤེལ་བ་གསུམ་དྲུག་དགུ་བཅུ་གཉིས་སུ་སྤེལ་བ་དེ་སྔོན་གོམས་པའི་སྟོབས་ཀྱིས་གསུམ་མམ་དྲུག་གམ་དགུའམ་བཅུ་གཉིས་སུ་སྤེལ་བས་དེ་ནས་ཤི་ནས་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་གང་རུང་ཞིག་ཏུ་བར་ཞག་ བྱས་ནས་དེ་ནས་འོག་མིན་དུ་སྐྱེས་ནས་མྱ་ངན་ལས་འདའོ། །དེ་བཞིན་དུ་འདོད་པར་བསམ་གཏན་སྤེལ་བ་དེ་བསམ་གཏན་གཉིས་པའི་རོ་མྱངས་པས་གསུམ་པ་དང་བཞི་པ་ལས་ཉམས་པ་དེ་བསམ་གཏན་གཉིས་པར་སྐྱེས་ནས་གཉིས་པ་དང་གསུམ་པའི་འདོད་ཆགས་དང་ བྲལ་བར་བྱས་ནས་སྔོན་གོམས་པའི་སྟོབས་ཀྱིས་གསུམ་དང་། དྲུག་དགུ་བཅུ་གཉིས་སྤེལ་ནས་ཤི་ནས་མི་ཆེ་མི་གདུང་བ་ཤིན་ཏུ་མཐོང་བ་གྱ་ནོམ་སྣང་གང་རུང་ཞིག་ཏུ་བར་ཞག་བྱས་ནས་འོག་མིན་དུ་སྐྱེས་ནས་མྱ་ངན་ལས་འདའོ། །དེ་བཞིན་དུ་འདོད་པར་བསམ་གཏན་ སྤེལ་བ་དེ་གསུམ་པའི་རོ་མྱངས་པས་བཞི་པ་ལས་ཉམས་ནས་གསུམ་པར་སྐྱེས་པ་དེ་གསུམ་པའི་འདོད་ཆགས་དང་བྲལ་བར་བྱས་ནས་སྤེལ་བ་གསུམ་སོགས་སྔོན་གོམས་པས་མི་ཆེ་བ་སོགས་གང་རུང་དུ་བར་ཞག་བྱས་ནས་འོག་མིན་དུ་མྱ་ངན་ལས་འདའ་སྟེ་གསུམ་པོ་དེའང་ ཕྱེད་འཕར་ཡིན་ནོ། །ཕྱེད་འཕར་ལའང་བསམ་གཏན་དང་པོ་གཉིས་པ་གསུམ་པ་ན་ཡོད་ཀྱི། བཞི་པའི་རང་ས་ནས་བཞི་པར་འཕར་བ་མེད་དེ། འཕར་བ་ནས་ཐ་དད་པས་ཁྱབ་པའི་ཕྱིར་རོ། །འཕགས་པ་ནི་ཚངས་ཆེན་གྱི་ནང་དུ་མི་སྐྱེ་སྟེ། བདག་ནི་སེམས་ཅན་འདི་རྣམས་ ཀྱི་སྤྲུལ་པ་པོ་ཡིན་སྙམ་པ་རྒྱུ་དང་ལམ་མ་ཡིན་པ་ལ་དེར་འཛིན་པ་དང་། དང་པོར་སྐྱེས་པ་རྣམས་ཀྱང་དེས་སྤྲུལ་པར་ང་རྒྱལ་བྱེད་པས་ལྟ་བའི་གནས་ཡིན་པའི་ཕྱིར་དང་། འཕགས་པ་དེར་སྐྱེ་ན་མཐུའི་སྒོ་ནས་གཙོ་བོ་ཉིད་དུ་འགྱུར་ན། ད་ནི་འགྲན་ཟླ་དང་བཅས་པར་མི་འགྱུར་ 3-1-271b བའི་གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར། གནས་ཐམས་ཅད་དུ་འཆི་འཕོ་བ་ནི་ཚངས་རིས་ནས་ཤི་འཕོས་ཏེ་ཚངས་པའི་མདུན་ན་འདོན་ལ་སོགས་ནས་གྱ་ནོམ་སྣང་བ་ལ་ཐུག་གི་བར་གནས་གཞན་བཅུ་བཞིར་འཕོས་ནས་འོག་མིན་དུ་འཇུག་པ་སྟེ། དེ་དབང་པོ་བརྟུལ་བའི་ཕྱིར། གང་སྤེལ་གྱིས་བར་མེད་པར་གནས་ཐམས་ཅད་དུ་ལན་རེ་སྐྱེས་ཤིང་འོག་མིན་དུ་འཇུག་ནས་མྱ་ངན་ལས་འདའ་བ་ལ་བཤད་དོ། །ཕྱིར་མི་འོང་བ་ནི་ཐ་ཤལ་གཅིག་ཡིན་ཀྱང་རང་གི་ས་དེར་ཡང་ལན་གཉིས་བལྡབ་ནས་མི་སྐྱེ་ན་འོག་མ་དག་ཏུ་ལྟ་ཅི་སྨོས་སོ། །གཉིས་པ་འགྲོ་བ་ནི། གཞན་སྲིད་རྩེ་མོར་འགྲོ། ། བསམ་གཏན་སྤེལ་བ་འོག་མིན་དུ་འགྲོ་བ་དེ་ལས་གཞན་གོང་དུ་འཕོ་བ་བསམ་གཏན་མ་སྤེལ་བ་ནི་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ཡིན་ཏེ། སྲིད་རྩེའི་མཐར་ཐུག་པ་དེ་ནི་ཏིང་ངེ་འཛིན་ལ་དགའ་བ་ཡིན་པས། གཟུགས་མེད་ཀྱི་ཏིང་ངེ་འཛིན་ནི་རབ་ཏུ་ཞི་བ་ཡིན་པས། སྙོམས་འཇུག་གཞན་རྣམས་རོ་མྱོང་བར་བྱེད་ཅིང་གནས་གཞན་ཐམས་ཅད་དུ་སྐྱེ་ལ། གནས་གཙང་མར་མི་འཇུག་པ་ཁོ་ནར་གཟུགས་མེད་པར་སྐྱེ་བས་རིམ་གྱིས་སྲིད་རྩེར་སོང་སྟེ་མྱ་ངན་ལས་འདའ་བའོ། །འདི་ནི་ཏིང་ངེ་འཛིན་ལ་དགའ་བ་ཞི་གནས་སྤྱད་པ་ཡིན་ལ། སྔ་མ་འོག་མིན་གྱི་མཐར་ཐུག་པ་ནི་ཤེས་རབ་ལ་དགའ་བ་ལྷག་མཐོང་སྤྱད་པ་ཡིན་ནོ། །གོང་དུ་འཕོ་བ་འོག་མིན་དང་སྲིད་རྩེའི་མཐར་ཐུག་པར་ཡང་འོག་མིན་དང་སྲིད་རྩེར་མ་ཞུགས་པར་བར་སྐབས་སུའང་མྱ་ངན་ལས་འདའ་བར་རུང་སྟེ། བསྟན་བཅོས་བྱེད་པ་སྔ་མ་རྣམས་ ཀྱིས་བྲིས་པ་དང་བཀག་པའང་མེད་ཀྱང་རིགས་པ་དང་འགལ་བ་མེད་པའི་ཕྱིར་རོ། །འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པར་གསུངས་པ་ནི་དེ་གཉིས་ལས་ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ། རྒྱུན་ཞུགས་མཆོག་ཏུ་ཐོགས་ན་ལན་བདུན་པ་སྲིད་པ་གཉིས་སམ་ 3-1-272a གསུམ་གྲུབ་ནས་མྱ་ངན་ལས་འདའ་བ་སྲིད་ཀྱང་བརྒྱད་ཕན་ཆད་མི་འགྲུབ་པས་དེར་བཤད་པ་བཞིན་ནོ། །འདི་ཕྱིས་གཟུགས་མེད་འགྲོ་ཡང་དང་པོར་གཟུགས་སུ་ཉེར་འགྲོ་ཡིན་ནོ། །དེ་དག་ནི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བ་ཡིན་ནོ། །གཉིས་ པ་གཟུགས་མེད་ཉེར་འགྲོ་ནི། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཕྱིར་མི་འོང་བ་གཞན་ནི་གཟུགས་མེད་པར་འགྲོ་བ་སྟེ། གཟུགས་ཀྱི་ཆགས་བྲལ་འདི་ནས་ཤི་འཕོས་ནས་གཟུགས་མེད་དུ་སྐྱེ་བའོ། །བར་མ་དོར་མྱ་ངན་ལས་འདའ་བ་དེ་ལ་མེད་པས་སྐྱེས་ནས་དང་འདུ་བྱེད་དང་བཅས་པ་ལ་སོགས་རྣམ་ པ་བཞི་སྟེ། དེ་ཕྱིར་མི་འོང་དྲུག་པ་གཟུགས་མེད་པར་འགྲོ་བ་ཡིན། དེའང་ཚེ་མ་རྫོགས་པའི་བར་དུ་མྱ་ངན་ལས་འདའ་བ་ལ་བར་དོར་མྱ་ངན་ལས་འདའ་བར་བྱས་ན་གཟུགས་མེད་ཀུན་ལ་ཡང་ཚེ་མ་རྫོགས་པའི་བར་དུ་མྱ་ངན་ལས་འདའ་བ་ཡོད་པས་བར་དོར་མྱ་ངན་ལས་ འདའ་བ་འོང་བ་ལ། ཚེ་མ་རྫོགས་པའི་བར་དུ་མྱ་ངན་ལས་འདའ་བ་ལ་བར་དོར་མྱ་ངན་ལས་འདའ་བ་མ་ཡིན་ནོ། །འདི་ཡི་གོང་འཕོ་ལ་ནམ་མཁར་སྲིད་རྩེའི་སེམས་ཐོབ་པ་གཅིག་ནམ་མཁའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས་ནས་ནམ་མཁར་ཡེ་ནས་སྐྱེས་པ་དེ་ ནམ་མཁའ་རྣམ་ཤེས། ཅི་ཡང་མེད་པའི་འདོད་ཆགས་དང་བྲལ་ནས་སྲིད་རྩེའི་སེམས་ཐོབ་པ་དེ་ཤི་ནས་སྲིད་རྩེར་སྐྱེས་ནས་ཀུན་སྦྱོར་ལྷག་མ་སྤངས་ནས་མྱ་ངན་ལས་འདའ་བ་དེ་འཕར་བའོ། །ཕྱེད་དུ་འཕར་བ་ནི། ནམ་མཁར་སྲིད་རྩེའི་སེམས་ཐོབ་པ་གཅིག་ནམ་མཁའི་རོ་ མྱོངས་པས་གོང་མ་གསུམ་ལས་ཉམས་པ་ནམ་མཁར་ཡེ་ནས་སྐྱེས་པ་གཅིག་བར་མ་གཉིས་པོ་གང་རུང་དུ་འོག་མའི་འདོད་ཆགས་དང་བྲལ་ནས་གང་རུང་དེ་རུ་བར་ཞག་བྱས་ནས་ཤི་ནས་སྲིད་རྩེར་སྐྱེས་ནས་སྲིད་རྩེར་མྱ་ངན་ལས་འདའོ། །གནས་ཐམས་ཅད་དུ་འཆི་འཕོ་བའང་ 3-1-272b སྲིད་རྩེ་ལས་ཉམས་པ་ནམ་མཁར་སྐྱེས་པ་དེ་ཙོག་གེ་འགྲོ་བར་བྱེད་དོ། །གསུམ་པ་མཐོང་ཆོས་ནི། གཞན་ནི་འདི་ལ་མྱ་ངན་འདའ། །ཕྱིར་མི་འོང་གཞན་མཐོང་ཆོས་ཚེ་འདི་ཁོ་ན་ལ་མྱ་ངན་ལས་འདའ་བ་ནི་བདུན་པའོ། །བཞི་པ་ཕྱིར་མི་འོང་གི་དབྱེ་བ་དུ་མ་བཤད་པ་ལ། གཟུགས་སུ་ཉེར་འགྲོ་དགུར་དབྱེ་བ། སྐྱེས་བུ་དམ་པའི་འགྲོ་བ་བཤད་པ། ཚེ་ཡོངས་སུ་འགྱུར་གྱི་འཕགས་པ་ངོས་བཟུང་བ། བསམ་གཏན་སྤེལ་མ་སྒོམ་ཚུལ་ལོ། །དང་པོ་ལ། དངོས་དང་། དེའི་ཁྱད་པར་རོ། །དང་པོ་ནི། གསུམ་ལ་ཡང་རྣམ་གསུམ་ཕྱེ་ནས། །གཟུགས་སུ་ཉེ་འགྲོ་དགུར་བཤད་དོ། །ཕྱིར་མི་འོང་གསུམ་ལའང་རྣམ་པ་གསུམ་དུ་ཕྱེ་ནས་ཕྱིར་མི་འོང་བ་གཟུགས་སུ་ཉེ་བར་ འགྲོ་བ་དགུར་བཤད་དོ། །དབྱེ་བྱ་གསུམ་ནི། །བར་མ་དོར་དང་། སྐྱེས་ནས་དང་། གོང་དུ་འཕོ་བའོ། །རྣམ་པ་གསུམ་དུ་ཕྱེ་བ་ནི་བར་མ་དོར་མྱ་ངན་ལས་འདའ་བ་ལ་སོག་མ་ཆུང་ངུའི་མེ་གྲུབ་བཞིན་དུ་འཆི་བ་དང་། ལྕགས་ཀྱི་ཐོ་ལུམ་མ་མཐོང་ལྕགས་མེ་འབར་བ་ལྕགས་ ཀྱི་ཐོ་བས་བརྒྱབས་པའི་ཚྭ་ཚྭ་གྱེན་དུ་ཡར་བཞིན་དུ་འཆི་བ་དང་། དེའི་ཚྭ་ཚྭ་གྱེན་དུ་ཡར་ནས་ས་ལས་ལྷུང་བར་འཆི་བའི་དཔེ་གསུམ་གྱིས་མྱུར་བར་མྱ་ངན་ལས་འདའ་བ་དང་། མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ནས་མྱ་ངན་ལས་འདའ་བའི་ཕྱིར་རོ། །སྐྱེས་ནས་མྱ་ངན་ ལས་འདའ་བ་ལ་སྐྱེས་ནས་དང་། འདུ་བྱེད་དང་བཅས་པ་དང་། འདུ་བྱེད་པ་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེའང་སྐྱེས་ནས་མྱ་ངན་ལས་འདའ་བ་ནི་སྐྱེས་པ་ཙམ་གྱིས་ཡིན་གྱི། འདུ་བྱེད་པའམ་འདུ་བྱེད་པ་མེད་པས་མིན། །མངོན་པར་འདུ་བྱེད་པས་ མྱ་ངན་ལས་འདའ་བ་ནི། སྐྱེས་པ་ཙམ་གྱིས་མ་ཡིན། འོ་ན་ཅི་ཞེ་ན། སྔོན་གྱི་མངོན་པར་འདུ་བྱེད་པ་མ་བཏང་བའི་མཐུས་མྱ་ངན་ལས་འདའ་བ་ཡིན། འདི་ལ་ནི་ལམ་ངང་གིས་འབྱུང་བ་ཡིན་མོད་ཀྱི། མངོན་པར་བརྩོན་པས་མྱ་ངན་ལས་འདའ་ལ། སྐྱེས་ནས་འདའ་བ་ནི་ 3-1-273a མངོན་པར་བརྩོན་པ་མེད་པས་ཀྱང་ཁྱད་ཡོད་དོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི། སྔོན་གྱི་མངོན་པར་འདུ་བྱེད་པ་བཏང་སྟེ་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ་སྟེ་དེ་དག་གི་ ཁྱད་པར་རོ། །གསུམ་པོ་དེ་ཐམས་ཅད་སྐྱེས་ནས་མྱ་ངན་ལས་འདའ་བའི་ཕྱིར་སྐྱེས་ནས་མྱ་ངན་ལས་འདའ་བ་ཡིན་ནོ། །གོང་དུ་འཕོ་བ་ནི་འཕར་བ་ལ་སོགས་པའི་བྱེ་བྲག་གི་གསུམ་མོ། །ཡང་ན་དབྱེ་བྱ་གསུམ་པོ་ཐམས་ཅད་ལ་མྱུར་བ་དང་མྱུར་བ་མ་ཡིན་པ་དང་ཡུན་ རིང་མོ་ཞིག་ནས་མྱ་ངན་ལས་འདའ་བའི་ཕྱིར་རོ། །གཉིས་པ་ནི། དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས། །ཕྱིར་མི་འོང་། བར་འདའ། སྐྱེ་འདའ། གོང་འཕོ་གསུམ་པོ་རེ་རེ་ལ་གསུམ་གསུམ་སྟེ་དགུ་པོ་དེ་དག་གི་ཁྱད་པར་རྣམས་ནི་ལས་དབང་ཉོན་མོངས་བྱེ་བྲག་ལས་སོ་སོར་དབྱེ་བར་བྱ་སྟེ། དེའང་སྲིད་པ་བར་མ་ མངོན་པར་འགྲུབ་པའི་མྱོང་འགྱུར་གྱི་ལས་བསགས་པའི་ཕྱིར། བར་དོར་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས་བསགས་པའི་ཕྱིར། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པའི་ གོང་དུ་འདའ་བའོ། །དེ་དག་ཉིད་ཀྱི་ཁྱད་པར་ཡང་ཉོན་མོངས་པ་ཆུང་འབྲིང་ཆེན་པོས་སྤོང་སླ་བ་དང་དཀའ་བ་ལ་སོགས་པར་འགྱུར་བ་དང་། དེ་དག་ཉིད་ཀྱི་ཁྱད་པར་གྱིས་དབང་པོ་རྣོ་འབྲིང་བརྟུལ་པོར་འགྱུར་རོ། །འདིར་རིགས་དྲུག་ཏུ་བཞག་པའི་དབང་པོ་རྟུལ་པོ་ ནི་རིགས་ལྔ། དབང་པོ་རྣོན་པོ་ནི་རིགས་གཅིག་སྟེ་དེ་འདྲ་བར་བྱས་པའི་དབང་པོ་རྣོ་རྟུལ་མིན། རིགས་ཀྱི་དབང་དུ་བྱས་པའི་དྲུག་གར་ཡོ་འདྲ། སྤྱིར་དབང་པོ་རབ་འབྲིང་གསུམ་གྱི་ནང་གསེས་ཀྱི་གསུམ་གསུམ་སྟེ་དགུར་བཞག་པ་ཡིན། ཉོན་མོངས་པ་སྤོང་ 3-1-273b མང་ཉུང་གི་སྒོ་ནས་བཞག་པ་མིན། བར་དོའི་ཚེ་སྟོད་དུ་མྱ་ངན་ལས་འདའ་བ་དེ་ལ་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་གཅིག་པུ་ལས་མེད་པས་ཉུང་བས་སྤོང་། གནས་ཐམས་ཅད་དུ་འཆི་བ་མང་བས་སྤང་བར་བྱ་བ་མིན། དེ་ལྟར་མིན་ན་འཕར་བ་ཀུན་བསམ་གཏན་བཞི་བའི་ ཉོན་མོངས་དང་གཟུགས་མེད་ཀྱི་ཉོན་མོངས་ཙམ་སྤོང་བས་སླར་ལ་ཉུང་། བར་དོ་ཀུན་ཚངས་རིས་ཡན་ཆོད་ཀྱི་ཉོན་མོངས་སྤོང་བས་སླར་ལ་མང་བར་འགྲོ། འོ་ན་བར་དོའི་ཚེ་སྟོད་དུ་མྱ་ངན་ལས་འདའ་བ་དེ་ལ་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་སྤང་བྱ་བ་དེ་དབང་པོ་རབ་ ཏུ་གྱུར་ཀ་ཙམ་ན་སྤོང་སླ་ཞིང་མྱུར་དུ་སྤོང་བས་ཆུང་ངུའི་ཆུང་ངུ་སྤོང་ཞེས་བྱ། བར་དོའི་ཚེ་དཀྱིལ་དུ་མྱ་ངན་ལས་འདའ་བ་དེ་དབང་པོ་རབ་ཀྱི་འབྲིང་ཡིན་ཙམ་ན་ཉོན་མོངས་པ་སྤངས་དེ་བས་དཀའ་ཞིང་། དེ་བས་བུལ་བར་སྤོང་བས་ཉོན་མོངས་འབྲིང་སྤངས་ཞེས་བྱ་བ་ གཞན་ལའང་འགྲེའོ། །གསུམ་ཚན་དང་པོ་བར་འདའ་བ་དང་སྐྱེ་འདའ་བ་གཉིས་ནི་ཉོན་མོངས་པ་ཆུང་འབྲིང་ཆེན་པོ་དང་། དབང་པོ་རྣོ་འབྲིང་རྟུལ་པོའི་ཁྱད་པར་གྱིས་ཡིན་གྱི། ལས་ཀྱི་བྱེ་བྲག་ལས་མ་ཡིན་ཏེ། མངོན་པར་འགྲུབ་པ་མྱོང་འགྱུར་ཡང་འདྲ་ལ། སྐྱེས་ནས་མྱོང་འགྱུར་ཡང་འདྲ་བའི་ཕྱིར། གསུམ་ཚན་དང་པོ་གཉིས་བར་དོའི་སྲིད་པའང་རིས་གཅིག་སྐྱེ་བའི་སྲིད་པའང་རིས་གཅིག་པས་ལས་ཀྱི་བྱེ་བྲག་མ་སྨོས། གསུམ་ཚན་ཐ་མ་ནི་ཉོན་མོངས་པ་དང་དབང་པོ་ཨ་ཅང་ཡང་ཆེས། ལས་ཀྱི་བྱེ་བྲག་གིས་ཀྱང་ཐ་དད་དེ། འཕར་བ་ནི་ལན་གྲངས་ གཞན་གྱི་སྐྱེ་བ་གཅིག་གི་ལས་ཀྱིས་སོ། །ཕྱེད་དུ་འཕར་བ་ནི་ལན་གྲངས་གཞན་གྱིས་སྐྱེ་བ་གཉིས་ཀྱི་ལས་ཀྱིས་སོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི་ལན་གྲངས་གཞན་གྱི་སྐྱེ་བ་མང་པོའི་ལས་ཀྱིས་སོ། །དེ་དག་ནི་ཉོན་མོངས་པ་དང་དབང་པོའི་རྣམ་པ་དགུའི་ 3-1-274a བྱེ་བྲག་གིས་ཕྱིར་མི་འོང་དགུ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་ཆུང་འབྲིང་ཆེན་པོ་གསུམ་ལས། བར་འདའ་ཆུང་ངུ་། སྐྱེས་ནས་འབྲིང་། གོང་འཕོ་ཆེན་པོ། བར་དོ་དང་པོ་ཆུང་ངུའི་ཆུང་ངུ་། བར་དོ་གཉིས་པ་ཆུང་ངུའི་འབྲིང་། བར་དོ་གསུམ་པ་ ཆུང་ངུའི་ཆེན་པོ། སྐྱེས་ནས་ཀྱི་ཡང་སྐྱེ་གནས་ནི་འབྲིང་པོའི་ཆུང་ངུ་། མངོན་པར་འདུ་བྱེད་ནི་འབྲིང་གི་འབྲིང་། མངོན་པར་འདུ་བྱེད་མེད་པ་ནི་འབྲིང་པོའི་ཆེན་པོའོ། །གོང་དུ་འཕོ་བ་རྣམས་ལའང་འཕར་བ་ནི་ཉོན་མོངས་པ་ཆེན་པོའི་ཆུང་ངུ་། ཕྱེད་འཕར་ནི་ཉོན་མོངས་ ཆེན་པོའི་འབྲིང་། གནས་ཐམས་ཅད་དུ་འཆི་འཕོ་བ་ནི་ཉོན་མོངས་ཆེན་པོའི་ཆེན་པོ་ཅན་ཡིན་ནོ། །དེ་བཞིན་དུ་དབང་པོའང་ཆེ་འབྲིང་ཆུང་ངུ་སྟེ། བར་འདའ་ནི་ཆེན་པོ། སྐྱེས་འདའ་ནི་འབྲིང་། གོང་འཕོ་ནི་ཆུང་ངུ་ཡིན་ནོ། །དེའང་བར་འདའ་བ་དང་པོ་ནི་དབང་པོ་ཆེན་པོའི་ཆེན་ པོ། གཉིས་པ་ནི་ཆེན་པོའི་འབྲིང་། གསུམ་པ་ནི་ཆེན་པོའི་ཆུང་ངུ་། སྐྱེས་འདའ་བ་ལ་ཡང་སྐྱེས་ནས་འདའ་བ་ནི་འབྲིང་གི་ཆེན་པོ། བྱེད་བཅས་ཀྱི་འདའ་བ་ནི་དབང་པོ་འབྲིང་གི་འབྲིང་། བྱེད་མེད་ཀྱི་འདའ་བ་ནི་འབྲིང་གི་ཆུང་ངུའོ། །གོང་འཕོ་ལའང་འཕར་བ་ནི་དབང་པོ་ ཆུང་ངུའི་ཆེན་པོ། ཕྱེད་འཕར་ནི་དབང་པོ་ཆུང་ངུའི་འབྲིང་། གནས་ཐམས་ཅད་དུ་འཆི་འཕོ་བ་ནི་དབང་པོ་ཆུང་ངུའི་ཆུང་ངུ་ཡིན་ནོ། །གཉིས་པ་སྐྱེས་བུ་དམ་པའི་འགྲོ་བ་ལ། དངོས་དང་། འཕྲོས་དོན་ནོ། །དང་པོ་ནི། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །མདོ་ལས། སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་ པ་ནི། བར་འདའ་བ་གསུམ་དང་། སྐྱེས་འདའ་བ་གསུམ་དང་དྲུག །གོང་དུ་འཕོ་བའི་འགྲོ་བ་མ་ཕྱེ་བར་གཅིག་ཏུ་བྱས་ཏེ་སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་གསུངས་པར་འདོད་དོ། །དེ་མ་ཕྱེ་བ་ནི་དེའི་དབྱེ་བ་ཤིན་ཏུ་མང་བས་འཁྲུགས་པར་འགྱུར་ཏེ་འོང་བས་ཞེས་གང་སྤེལ་ 3-1-274b འཆད་ལ། རྒྱལ་པོའི་སྲས་གདུལ་བྱའི་བསམ་པ་ལ་བལྟོས་པས། ཞེས་འཆད་དོ། །ལ་ལ་ན་རེ། གོང་དུ་འཕོ་བ་ནི། གཟུགས་སུ་འགྲོ་བ་ཁོ་ན་ལ་བཤད་ཙམ་ན་གཟུགས་མེད་ལ་གོང་དུ་འཕོ་བ་མེད་ཀྱི། གོང་དུ་ཉེར་འགྲོ་ཐམས་ཅད་གཟུགས་སུ་ཉེར་འགྲོ་ཡིན་ནམ་སྙམ་ནས་ འོང་བ་ལ། གཟུགས་མེད་ཀྱི་གོང་འཕོ་ཡང་གོང་འཕོར་འདུས་པ་བསྟན་པའི་ཆེད་དུ་གོང་འཕོ་ལ་མ་ཕྱེས་ཟེར་རོ། །གཉིས་པ་ནི། དམ་པ་དམ་མིན་འཇུག་མི་འཇུག །སོན་པ་ཕྱིར་མི་འོང་ཕྱིར་དེ། །ཕྱིར་མི་འོང་འདི་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་ཡིན་གྱི། སློབ་པའི་འགྲོ་བ་རྒྱུན་ཞུགས་དང་། ལན་གཅིག་ཕྱིར་འོང་མ་ཡིན་ཅེ་ན། ཕྱིར་མི་ འོང་གང་ལ་འགྲོ་བ་འདི་དག་ཡོད་པ་དེ་ནི་ཆོས་ཅན། རྣམ་གྲངས་མེད་པར་སྐྱེས་བུ་དམ་པའི་འགྲོ་བ་ཡིན་གྱི། གཞན་ལ་ནི་མེད་པས་མ་ཡིན་ཏེ། འདི་ནི་སྲོག་གཅོད་སོགས་འགྲོ་བ་སྐྱེ་བ་ཚེ་ཕྱི་མ་ཞེས་པ་མདོ་ལས་རྣམ་གྲངས་སུ་གསུངས་སོ། །མཆན། མི་བྱེད་པས་ལས་དམ་པ་དགེ་བ་ཁོ་ ན་ལ་འཇུག་ཅིང་། རྒྱུན་ཞུགས་དང་ཕྱིར་འོང་ནི་མི་ཚངས་སྤྱོད་དང་ངག་ཀྱལ་དམ་པ་མ་ཡིན་པ་ལ་འཇུག་ལ། འདོད་པར་ཡང་སྐྱེ་ལ། འདི་ནི་མི་ཚངས་སྤྱོད་སོགས་མི་བྱེད་པས་དམ་པ་མིན་པ་མི་དགེ་བ་ལ་མི་འཇུག་པའི་ཕྱིར་དང་། འགྲོ་བ་འདི་དག་ཏུ་སོན་པ་རྣམས་དེའི་ འོག་གམ་དེར་ཡང་ཕྱིར་གཏན་མི་འོང་བའི་ཕྱིར་རོ། །ཁྱབ་སྟེ། སངས་རྒྱས་ལ་ནི་དམ་པ་ལ་འཇུག །དམ་མིན་ལ་མི་འཇུག་པ་ཡོད་ཀྱང་། འགྲོ་བ་མེད། རྒྱུན་ཞུགས་དང་ཕྱིར་འོང་ལ་འགྲོ་བ་ཡོད་ཀྱང་སྡིག་པ་ལྔའམ་མི་དགེ་བ་ལ་མི་འཇུག་པས་དམ་མིན་ལ་མི་འཇུག་པ་དེ་ཀ་ དམ་པ་ལ་འཇུག་པ་ཡིན། དེ་ཡོད་ཀྱང་སོན་པ་ཕྱིར་མི་འོང་བ་མེད་ཅིང་རྒྱུ་མཚན་གཉིས་སྡོམ་མེད་པས་སྐྱེས་བུ་དམ་པའི་འགྲོ་བར་མ་བཞག །བྱང་སེམས་ལ་དམ་པ་དམ་མིན་འཇུག་མི་འཇུག་ཡོད་ཀྱང་། སོན་པ་ཕྱིར་མི་འོང་མེད། སོ་སྐྱེ་ལ་གཉིས་ཀ་མེད་པས་དེ་རྣམས་ལ་ 3-1-275a དམ་པའི་འགྲོ་བར་མི་འགྲུབ་པའི་ཕྱིར་རོ། །འོ་ན། མདོ་ལས། སྐྱེས་བུ་དམ་པ་གང་ཞེ་ན། སློབ་པའི་ཡང་དག་པའི་ལྟ་བ་དང་ལྡན་པའོ། །ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། གཞན་རྒྱུན་ཞུགས་དང་ལན་གཅིག་ཕྱིར་འོང་བ་དག་ལའང་སྲོག་གཅོད་མ་ བྱིན་ལེན། འདོད་ལོག་རྫུན་ཆང་འཐུང་སྟེ་སྡིག་པ་རྣམ་པ་ལྔ་ཚེ་གཞན་དུའང་གཏན་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་དང་། ཉོན་མོངས་པ་མཐོང་སྤོང་དང་འདོད་པའི་སྒོམ་སྤོང་ཁ་ཅིག་སྤངས་པས་རྣམ་གྲངས་ཡོད་པའི་སྐྱེས་བུ་དམ་པ་ཡིན་གྱི། ཁམས་གསུམ་གྱི་མཐོང་སྤོང་ ཐམས་ཅད་སྤངས་པའི་ཕྱིར་དང་། འདོད་པའི་སྒོམ་སྤོང་དགུ་པོ་ཐམས་ཅད་སྤངས་པའི་ཕྱིར། མདོ་འདིར་ནི་རྣམ་གྲངས་མེད་པར་སྐྱེས་བུ་དམ་པ་ཡོད་པའི་ཕྱིར་མི་འོང་དེ་དག་གི་སྐབས་ཡིན་ནོ། །གསུམ་པ་ཚེ་ཡོངས་གྱུར་གྱི་འཕགས་པ་ལ། དངོས་དང་། དེ་དང་འབྲེལ་བའི་ ཆོས་སོ། །དང་པོ་ནི། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཕྱིར་མི་འོང་ཚེ་གྱུར་པ་ལ་ནི་འདི་མེད་པས་འདོད་པར་ཚེ་དང་པོ་ལ་རྒྱུན་ཞུགས་སམ་ལན་གཅིག་ཕྱིར་འོང་ཐོབ་སྟེ་ཚེ་ཡོངས་སུ་གྱུར་ནས་ཚེ་གཉིས་པར་ཕྱིར་མི་འོང་ཐོབ་པའི་འཕགས་པ་ནི་ཁམས་གཞན་དུ་ནི་འགྲོ་བ་མེད་དེ། འདོད་པར་སྐྱོན་མང་བའི་སྲིད་པའི་ སྡུག་བསྔལ་གྱིས་གཟིར་བ་ལས་སྐྱོ་བ་མང་བའི་སྟོབས་ཀྱིས་ཚེ་དེ་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །གཟུགས་ཁམས་སུ་ཚེ་གྱུར་པ་ནི་རེས་གཟུགས་མེད་དུ་འཇུག་སྟེ་གོང་དུ་འཕོ་བ་སྲིད་རྩེའི་མཐར་ཐུག་བཤད་པས་སོ། །འོ་ན་བརྒྱ་ བྱིན་གྱིས། བདག་ནི་ཐ་མར་རིས་མཐུན་པའི་མཇུག་ཏུ་ཉམས་ན་སྟེ་དགྲ་བཅོམ་མ་ཐོབ་ན་ལྷ་གང་འོག་མིན་ཅེས། རྣམ་པར་གྲགས་པ་དེ་ནི་སྐྱེ་བར་འགྱུར་བར་ཤོག །ཅེས་སྨྲས་པ་ལ་སྟོན་པས་ཀྱང་ལེགས་སོ་ཞེས་དགག་པ་མ་མཛད་པ་ཅི་ཞེ་ན། བྱེ་བྲག་ཏུ་སྨྲ་པས། བརྒྱ་བྱིན་ 3-1-275b ནི་ཆོས་མངོན་པ་མི་ཤེས་པ་དང་། སྟོན་པས་མ་བཀག་པ་ནི་འདོད་པའི་སྡུག་བསྔལ་སྤོང་བར་འདོད་པས་བརྒྱ་བྱིན་དགའ་བའི་ཕྱིར། འདུས་བཟང་ན་རེ། འཆི་འཕོ་བའི་རྒྱུ་མཚན་གྱི་སྐྱེ་བའི་སྡུག་བསྔལ་གྱིས་ཡིད་འབྱུང་བ་ནི་ཡང་དག་པར་དགའ་བར་བྱ་བ་ཡིན་པའི་ཕྱིར་ཞེས་ཟེར་ རོ། །ངོ་ཚ་བ་སྤང་བའི་ཕྱིར་མ་བཟློག་ཅེས་གང་སྤེལ་འཆད་དོ། །གཉིས་པ་ནི། དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་སྟེན། །འདོད་པར་ཚེ་གྱུར་པའི་འཕགས་པ་ཕྱིར་མི་འོང་དེ་དང་ཁམས་གོང་མར་སྐྱེས་པའི་འཕགས་པ་རྣམས་ནི་དབང་པོ་རྣམས་འཕོ་བ་ལ་མི་བསྟེན་ཅིང་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དེ་གཉིས་ མེད་པའི་ཕྱིར་ཏེ། ཚེ་གཞན་ནས་འདྲིས་པས་ཤེས་རབ་ལ་སོགས་པའི་དབང་པོ་རྣམས་སྨིན་པས་སྔོན་གོམས་ལམ་གྱིས་ཀུན་སྦྱོར་ལྷག་མ་སྤངས་ནས་མྱ་ངན་ལས་འདའ་བའི་ཁམས་གཞན་དུ་མི་འཇུག་པའི་ཕྱིར་དང་། སྔོན་འདྲིས་པས་དབང་པོ་སྨིན་ཅིང་སྤངས་ཟིན་པས་ དབང་པོ་མི་འཕོ་བའི་ཕྱིར་དང་། དབང་པོ་འཕོ་བ་ནི་ཉོན་མོངས་པ་སྤོང་བའི་ཆེད་ཡིན་ལ། ཉོན་མོངས་སྤངས་ཟིན་པ་ལ་དབང་པོ་འཕོ་བ་ཅི་ལ་དགོས་པའི་ཕྱིར་རོ། །ལམ་མངོན་དུ་གྱུར་པའི་རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར། ཡང་སློབ་པ་རྒྱུན་ཞུགས་དང་ལན་གཅིག་ཕྱིར་འོང་ འདོད་ཆགས་དང་མ་བྲལ་བ་བར་དོར་མྱ་ངན་ལས་མི་འདའ་ཞེ་ན། སློབ་དཔོན་ནི་ཁམས་གོང་མའི་གཉེན་པོ་རྣམས་ལ་མ་འདྲིས་པས་མངོན་སུམ་དུ་མི་འགྱུར་བའི་ཕྱིར་དང་། ཉོན་མོངས་པའི་ཕྲ་རྒྱས་རྣམས་ཆུང་བ་མ་ཡིན་པའི་ཕྱིར་ཞེས་འདེབས་སོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། འདོད་པའི་ཁམས་ལས་འདའ་བར་དཀའ་བའི་ཕྱིར་ཏེ་མྱ་ངན་ལས་འདའ་བ་ནི་འདོད་པའི་མི་དགེ་བ་དང་ཁམས་གོང་མའི་སྒྲིབ་ལ་ལུང་མ་བསྟན་གྱི་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། ཁམས་གསུམ་ལས་འདའ་བ་དང་། དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་རྒྱུན་ཞུགས་ཀྱི་ 3-1-276a གསུམ་མམ་ཕྱིར་མི་འོང་གིས་གཉིས་ཐོབ་པ་ལ་སོགས་པའི་བྱ་བ་མང་པོ་ཞིག་བྱ་དགོས་ལ་དེ་དག་དཀའ་བའི་ཕྱིར་བར་མ་དོ་བས་མི་ནུས་སོ་ཞེས་ཟེར་རོ། །བཞི་པ་བསམ་གཏན་སྤེལ་མ་བསྒོམ་པ་ལ། སྤེལ་ཆོས། སྤེལ་སྒོམ་གྲུབ་པའི་ཚད། སྤེལ་ སྒོམ་བྱས་པའི་དགོས་པ། གཙང་མ་ལྔར་ངེས་པའི་རྒྱུའོ། །དང་པོ་ནི། དང་པོ་བཞི་པ་སྤེལ་བར་བྱེད། །བསམ་གཏན་སྤེལ་ནས་འོག་མིན་འགྲོ། །ཞེས་བཤད་པ་ལ་དང་པོར་བསམ་གཏན་བཞི་པ་ཟག་བཅས་དང་ཟག་མེད་གཉིས་སྤེལ་བར་བྱེད་དེ། ལམ་སླ་བ་བསམ་གཏན་དངོས་གཞི་རྣམས་ཀྱི་ནང་ ནས་སྐྱོན་བརྒྱད་ལས་གྲོལ་བས་མཆོག་ཡིན་པ་དང་། ཏིང་ངེ་འཛིན་དེ་ནི་ཐམས་ཅད་པས་ལས་སུ་རུང་བ་ཡིན་པའི་ཕྱིར་ཏེ། ཐམས་ཅད་པས་ཤིན་ཏུ་སྦྱངས་པའི་བདེ་བ་མཆོག་ཡིན་པའི་ཕྱིར། བསམ་གཏན་སྐྱེ་བའི་རིམ་པ་དང་པོ་ནས་ཡར་སྐྱེ་ལ། སྤེལ་བ་ནི་ཐོག་མར་བཞི་ པ་ནས་སྤེལ་ཅིང་། ཕྱིས་གསུམ་པ་དང་། གཉིས་པ་དང་། དང་པོ་ནས་ཀྱང་སྤེལ་ལོ། །འདི་ལྟར་སྤེལ་བར་བྱེད་དེ། དགྲ་བཅོམ་མམ་ཕྱིར་མི་འོང་བའང་རུང་ཟག་མེད་ཀྱི་བསམ་གཏན་བཞི་པ་རྒྱུན་ལྡན་ལ་སྙོམས་པར་འཇུག་ཅིང་དེ་ལས་ལངས་ནས་དེ་ཟག་བཅས་རྒྱུན་ ལྡན་ལ་སྙོམས་པར་འཇུག་ལ། ཡང་ཟག་མེད་ལ་སྙོམས་པར་འཇུག་ལ། ཡང་ཟག་མེད་ལ་སྙོམས་པར་འཇུག་སྟེ། དེ་བཞིན་དུ་རྒྱུན་འཕྲི་ནས་སྐད་ཅིག་མ་གཉིས་ཟག་མེད་ལ་སྙོམས་པར་འཇུག་ཅིང་། ཡང་སྐད་ཅིག་ཟག་བཅས་ལ་སྙོམས་པར་འཇུག་སྟེ་ཡང་ཟག་མེད་ལ་སྙོམས་པར་འཇུག་གོ། ཞི་རགས་ སམ་ཟད་པར་སྔོན་སོང་ལ་སོགས་པའི་ཟག་བཅས་ཞིག་སྟེ། དེ་ལྟར་ན་ཞི་རགས་དངོས་གཞི་ལ་འོང་སྟེ་སྙམ་ན། བསམ་གཏན་དགེ་བ་ཡོང་དགུ་ཡིན། །ཅེས་དེའི་དམིགས་ཡུལ་ཆོས་འདུས་བྱས་མ་བྱས་ཐམས་ཅད་ཡིན་པས་དངོས་གཞི་ལའང་ཡོང་ངོ་། །མཆན། ཞེས་གྲགས་སོ་ཞེས་བྱེ་སྨྲའི་ལུགས་སུ་སྟོན་པའོ། ། 3-1-276b གཉིས་པ་ནི། སྐད་ཅིག་མ་ནི་བསྲེས་པས་གྲུབ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཟག་མེད་སྐད་ཅིག་མའི་རྗེས་སུ་ཟག་བཅས་སྐད་ཅིག་མ་དང་། ཟག་བཅས་ཀྱི་མཇུག་ཐོགས་སུ་ཡང་ཟག་མེད་སྐད་ཅིག་མ་མངོན་དུ་བྱེད་ལ། །དེ་ལྟར་སྐད་ཅིག་མ་ལ་ཟག་བཅས་ཟག་མེད་མེ་ཏོག་གི་ཕྲེང་བ་བཞིན་བསྲེས་ པས་གྲུབ་པ་ཡིན་ཏེ། ཟག་མེད་དང་ཟག་བཅས་སྐད་ཅིག་མ་གཉིས་ནི་བར་ཆད་མེད་པའི་ལམ་ལྟ་བུ་དང་། གསུམ་པ་ཟག་མེད་ནི་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་བཞུགས་པ་ནི་མཚོན་པ་ཡིན། ཟག་ བཅས་གཉིས་ཀྱི་བར་དུ་ཟག་མེད་གཅིག་བཅུག་པ་ཡང་འོང་ངོ་ཟེར་རོ། །དེ་ལྟར་བསམ་གཏན་བཞི་པ་སྤེལ་ནས་དེའི་སྟོབས་ཀྱི་ཕྱིས་གཞན་གསུམ་པ་དང་གཞན་གཉིས་པ་དག་ཀྱང་སྤེལ་བར་བྱེད་དོ། །དང་པོ་འདོད་ཁམས་སུ་གླིང་གསུམ་དུ་སྤེལ་བར་བྱེད་ལ། ཕྱིས་ཉམས་པས་གཟུགས་ཁམས་སུའང་སྤེལ་ལོ། །སློབ་དཔོན་གྱི་ལུགས་ནི་སངས་རྒྱས་མ་གཏོགས་པ་སྐད་ཅིག་མ་ནི་སྤེལ་བར་མི་ནུས་ཏེ། དེ་ནི་རྒྱུན་ཆགས་གསུམ་ལ་ཇི་སྲིད་འདོད་པ་སྙོམས་པར་འཇུག་པའི་སྒོ་ནས་རྫོགས་པ་ཡིན་ནོ་ཞེས་པ་ལྟའོ། །གསུམ་ པ་ནི། སྐྱེ་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིགས་ཕྱིར་ཡང་། །ཡང་ཅིའི་ཆེད་དུ་བསམ་གཏན་སྤེལ་བར་བྱེད་ཅེ་ན། ཕྱིར་མི་འོང་དབང་པོ་རྣོན་པོ་རྣམས་ནི་ཚེ་དེ་ལ་མྱ་ངན་ལས་མི་འདའ་བར་གནས་གཙང་མར་སྐྱེ་བར་བྱ་བའི་ཕྱིར་དང་། མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། དབང་པོ་རྟུལ་བོ་རྣམས་ནི་ཉོན་ མོངས་པས་འཇིགས་པའི་ཕྱིར་ཏེ། རོ་མྱོང་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་ཐག་བསྲིང་བའི་སྒོ་ནས་འབྲས་བུ་ལས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །དགྲ་བཅོམ་དབང་རྣོན་སྐྱེ་བ་དང་འཇིགས་པ་སྤོང་བའི་ཆེད་དུ་མ་ཡིན་པར་མཐོང་ཆོས་ལ་བདེར་གནས་ཀྱི་ 3-1-277a ་ཆེད་དང་། དབང་རྟུལ་ཉོན་མོངས་པས་འཇིགས་པའི་ཆེད་དུ་ཡང་སྟེ་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ་སྟེ། བྱེ་སྨྲས་དགྲ་བཅོམ་ཉམས་པའི་ཆོས་ཅན་སྲིད་པའི་དབང་དུ་བྱས་པའོ། །བཞི་པ་ནི། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཅིའི་ཕྱིར་གནས་གཙང་མར་སྐྱེ་བ་ལྔ་ཁོ་ ན་ཡིན་ཅེ་ན། སྤེལ་མ་བསྒོམས་པ་དེ་ནི་ཆུང་ངུ་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་སྟེ་སེམས་གསུམ་མངོན་དུ་བྱེད་པ་དང་། འབྲིང་དེ་གཉིས་འགྱུར་དུ་བྱས་པའི་དྲུག་དང་། ཆེན་པོ་ལ་ནི་དེ་གསུམ་ལྡབ་ཏུ་བྱས་པའི་དགུ་སྤེལ་དང་། ཤིན་ཏུ་ཆེ་བ་ལ་དེ་གསུམ་ ཚན་གཅིག་བསྣན་པའི་བཅུ་གཉིས་དང་། ཆེས་ཤིན་ཏུ་ཆེ་བ་བཅོ་ལྔ་སྤེལ་བ་རྣམ་པ་ལྔའི་ཕྱིར་དེ་དག་གི་འབྲས་བུ་ནི་ཟག་བཅས་ཀྱི་དབང་གིས་མི་ཆེ་བ་ནས་འོག་མིན་གྱི་བར་གནས་གཙང་དུ་སྐྱེ་བ་ལྔ་ཁོ་ན་ཡིན་ནོ། །སྤེལ་སྒོམ་འདི་རྣམས་ལས་གསུམ་དུ་སྤེལ་བའི་དབང་ དུ་བྱས་ནའང་སྔར་གསུམ་དུ་སྤེལ། དེ་ནས་འཕྲོ་གཅོད་པ་ཞིག་ཡིན་ནམ་སྙམ་ན། མ་ཡིན་ཏེ། འཕྲོ་མི་གཅོད་པར་སྒོམ། འོ་ན་འཕྲོ་མ་བཅད་པས་གསུམ་དུ་སྤེལ་བ་དེའང་དྲུག་ཏུ་སྤེལ་བར་མི་འགྲོའམ་སྙམ་ན། དེ་འཕྲོ་མི་གཅོད་ཀྱང་དེ་ལྟར་མི་འགྲོ་སྟེ། དང་ པོ་གསུམ་དུ་སྤེལ་བ་དེ་ཀ་ལྟར་འཕྲོ་མ་བཅད་ཀྱང་གསུམ་དུ་སྤེལ་བ་རང་གི་རྒྱུན་ཡིན་པས་དེ་ལས་འཕགས་མ་ནུས་པས་དྲུག་ཏུ་སྤེལ་བར་མ་སོང་། དྲུག་ཏུ་སྤེལ་བ་སོགས་ལའང་དེས་འགྲེའོ། །བཙུན་པ་དཔལ་ལེན་ན་རེ། དབང་པོ་ལྔ་ལྷག་པའི་ཕྱིར་ལྔ་ཡིན་ཟེར་ རོ། །ལྔ་པ་ལུས་མངོན་བྱེད་ནི། འགོག་པ་ཐོབ་པའི་ཕྱིར་མི་འོང་། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། །འདི་ལ་འགོག་པའི་ཐོབ་པ་ཡོད་པས་ན་འགོག་པ་ཐོབ་པ་སྟེ། དེའང་ལུས་ཀྱིས་མངོན་སུམ་དུ་བྱེད་པར་འདོད་དེ། ཕྱིར་མི་འོང་གང་འགོག་པ་ཐོབ་པ་དེ་ནི་མྱང་འདས་དང་འདྲ་བའི་ཆོས་སེམས་མེད་པའི་ཕྱིར། སེམས་མེད་པས་ 3-1-277b ལུས་འབའ་ཞིག་གིས་མངོན་དུ་བྱེད་པའི་ཕྱིར། སློབ་དཔོན་གྱི་ལུགས་ཀྱིས་ནི། མངོན་དུ་བྱེད་པ་བྱ་བ་སེམས་ཀྱི་མངོན་དུ་བྱེད་པ་ཡིན་ཙམ་ན་སྙོམས་འཇུག་གི་དུས་སེམས་ཀྱི་མངོན་དུ་བྱེད་པ་མེད་ཀྱང་། འགོག་པ་དེ་ལས་ལངས་ནས་དེ་ཐོབ་པའི་དབང་གིས། ཀྱེ་མ་འགོག་སྙོམས་འདི་ནི་མྱ་ངན་ལས་འདས་པ་དང་འདྲ་བར་ཞི་བ་ངོ་མཚར་ཅན་ཅིག་འདུག་གོ་སྙམ་དུ་སེམས་པར་འགྱུར་བ་རྣམ་ཤེས་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ན་འདིས་དེའི་ཞི་བ་ཉིད་ལུས་ཀྱིས་མངོན་དུ་བྱས་པ་སྟེ། ཏིང་ངེ་འཛིན་གྱི་དུས་ན་དེ་དང་མཐུན་པའི་རྟེན་གྱི་ཐོབ་པ་མངོན་དུ་བྱེད་པའི་ཕྱིར། ལངས་པའི་དུས་ན་ཀྱེ་མ་ཞེས་སྔར་བཤད་པའི་ཚུལ་གྱིས་དེ་སོ་སོ་ཡང་དག་པར་མྱོང་བའི་ཤེས་པས་མངོན་སུམ་དུ་བྱེད་པའི་ཕྱིར་མངོན་སུམ་དུ་བྱེད་པའོ། །མདོ་ལས་མགོན་མེད་ཟས་ སྦྱིན་ལ་ཡོན་གནས་རྒྱུན་ཞུགས་ལ་ཞུགས་པ་ནས་གོང་འཕོའི་བར་དུ་སློབ་པ་བཅོ་བརྒྱད་གསུངས་པ་དེ་འདིར་ཅིའི་ཕྱིར་མ་གསུངས་ཤེ་ན། དེར་མ་གསུངས་པ་ནི་སློབ་པ་དང་དེའི་འབྲས་བུར་བཞག་པའི་རྒྱུ་མཚན་ཡོད་པ་མ་ཡིན་ཏེ། དེའི་རྒྱུ་ནི་ཟག་མེད་ཀྱི་བསླབ་གསུམ་ དང་། དེའི་འབྲས་བུ་སོ་སོར་བརྟགས་འགོག་དེ་སྒྲུབ་པའམ་བསླབ་པ་གསུམ་ལ་སློབ་པའི་ཁྱད་པར་གྱིས་སློབ་པ་རྣམས་རྣམ་པར་བཞག་པའི་སྐབས་སུ་ལས་འདིར་རྒྱུ་དེ་མེད་པའི་ཕྱིར། འགོག་སྙོམས་ནི་བསླབ་པའང་མ་ཡིན་ཏེ། སྤོང་ལམ་མ་ཡིན་པའི་ཕྱིར། བསླབ་ པའི་འབྲས་བུའང་མ་ཡིན་ཏེ། བྲལ་བའི་རང་བཞིན་ཅན་མ་ཡིན་ཅིང་སེམས་མེད་ཟག་བཅས་ཡིན་པའི་ཕྱིར། དེ་ལྟ་བུའི་དབང་དུ་བྱས་ནས་འགོག་སྙོམས་དེ་དང་ལྡན་པས་སློབ་པ་བཅོ་བརྒྱད་པོ་བཞིན་མ་གསུངས་ཀྱི་འདི་སློབ་པ་མ་ཡིན་པ་ནི་མ་ཡིན་ནོ། །བཅོ་བརྒྱད་ལ་ 3-1-278a རྒྱུན་ཞུགས་ལ་ཞུགས་པ། རྒྱུན་ཞུགས། ཕྱིར་འོང་ལ་ཞུགས་པ། ལན་གཅིག་ཕྱིར་འོང་། ཕྱིར་མི་འོང་ལ་ཞུགས་པ། ཕྱིར་མི་འོང་། དགྲ་བཅོམ་ལ་ཞུགས་པ་དང་། དད་པ་དང་ཆོས་ཀྱི་རྗེས་འབྲང་གཉིས། དད་མོས་མཐོང་ཐོབ། རིགས་ནས་རིགས་ སྐྱེ། བར་ཆད་གཅིག་པ། བར་མ་དོར་དང་། སྐྱེས་ནས་དང་། འདུ་བྱེད་བཅས། བྱེད་མེད། གོང་འཕོ་སྟེ་བཅོ་བརྒྱད། གོང་འཕོ་ལའང་གཟུགས་སུ་ཉེར་འགྲོ་ལྔ། གཟུགས་མེད་དུ་ཉེར་འགྲོ་བཞི། མཐོང་ཆོས་ལ་མྱང་འདས་ཞེས་སོགས་འདི་ནི་ཕྱིར་མི་འོང་གི་དགེ་བ་ ཆེ་ལོང་ཡིན་ནོ། །ཆེ་ལོང་དུ་བསྟན་ནས་ཞིབ་མོར་བརྩི་ཐབས་བསྟན་པའི་སྐབས་ནས་ཞིབ་ཏུ་དབྱེ་བ་ནི། སྤྱིར་གཟུགས་སུ་འགྲོ་བའི་ཕྱིར་མི་འོང་ལྔ་དང་། གཟུགས་མེད་པར་འགྲོ་བ་དང་། མཐོང་ཆོས་ལ་མྱ་ངན་ལས་འདའ་བ་སྟེ། ཕྱིར་མི་འོང་བདུན་ཡིན་ནོ། །ཡང་ན་ གཟུགས་སུ་འགྲོ་བ་གཅིག་ཏུ་བགྲང་ན་ཕྱིར་མི་འོང་གསུམ་ཡིན་ནོ། །འདི་ལས་སྟོང་ཕྲག་ཏུ་དབྱེ་བ་ཡོད་དེ། བར་མདོར་མྱ་ངན་ལས་འདའ་བ་ལ། དབང་པོ་རྟུལ་འབྲིང་རྣོན་པོའི་བྱེ་བྲག་གི་གསུམ་དང་། དེ་དག་བསམ་གཏན་བཞིའི་སའི་བྱེ་བྲག་གི་བཞིས་བསྒྱུར་བས་བཅུ་ གཉིས་སོ། །དེ་དག་ཉིད་ཡོངས་སུ་ཉམས་པ། འཆི་བར་སེམས་པ། རྗེས་སུ་སྲུང་བ། གནས་པ་ལ་མི་གཡོ་བ། རྟོགས་པའི་སྐལ་བ་ཅན་མི་གཡོ་བའི་ཆོས་ཅན་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གི་དྲུག་གིས་བསྒྱུར་བས་དོན་གཉིས་སོ། །ཚངས་རིས་ནས་འོག་མིན་གྱི་བར་ གནས་གཞན་གྱི་བྱེ་བྲག་གིས་བཅུ་དྲུག་དང་། འདི་རྣམ་གྲངས་གཞན་ཡིན་པས་འདིར་མི་བགྲང་། ས་དང་འདོད་ཆགས་དང་བྲལ་བའི་བྱེ་བྲག་གིས་སུམ་ཅུ་རྩ་དྲུག་གིས་བསྒྱུར་བས་ཉིས་སྟོང་ལྔ་བརྒྱ་གོ་གཉིས་ཏེ། བསམ་གཏན་དང་པོ་ལ་འཆིང་བ་ཀུན་ལྡན་ནས་རྣམ་པ་གཅིག་ལ་ 3-1-278b ཆགས་བྲལ་ཏེ་དགུ་དང་བཞི་པའི་བར་དུའང་དེ་དང་འདྲ་བར་སུམ་ཅུ་རྩ་དྲུག་སྟེ་དགུ་ཚན་བཞི་ཡོད་པས་སོ། །གནས་གཞན་དང་རིགས་དང་འདོད་ཆགས་དང་བྲལ་བ་དང་དབང་པོའི་བྱེ་བྲག་གིས་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ཏེ། དེའང་ཚངས་རིས་ཀྱི་གནས་ལྟ་བུ་ཞིག་ ན་རིགས་ཀྱི་བྱེ་བྲག་གིས་དྲུག །དེ་ལའང་འཆིང་བ་ཀུན་ལྡན་ནས་རྣམ་པ་བརྒྱད་ལས་ཆགས་པ་དང་བྲལ་བའི་གང་ཟག་དགུ་དགུ་སྟེ། དགུ་དྲུག་ན་ལྔ་བཅུ་ང་བཞིའོ། །ང་བཞི་པོ་དེ་གནས་གཞན་བཅུ་དྲུག་གིས་བསྒྱུར་བའི་དབང་གིས་ལྔ་བཅུ་རྩ་བཞི་པ་ཕྲག་བཅུ་དྲུག་པོ་དེ་ བསྡོམས་ན་བརྒྱད་བརྒྱ་དྲུག་ཅུ་རྩ་བཞིའོ། །ཡང་དེ་དབང་པོ་གསུམ་གྱི་བྱེ་བྲག་གིས་སུམ་འགྱུར་དུ་བྱས་པ་སྟེ་གསུམ་གྱིས་བསྒྱུར་བས་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་སོ། །བསམ་གཏན་བཞི་ནས་འདྲ་བར་དགུ་དགུར་བརྩི་བའི་ཕྱིར་བསམ་གཏན་འོག་མའི་རྣམ་པ་དགུ་ལས་ འདོད་ཆགས་དང་བྲལ་བ་དེ་གོང་མའི་འཆིང་བ་མཐའ་དག་དང་ལྡན་པར་བཤད་པ་ཡིན་ནོ། །དེས་ན་བཞི་པའི་རྣམ་པ་དགུ་ལས་ཆགས་བྲལ་མ་སྨོས་ཏེ། དེ་གཟུགས་མེད་ཀྱི་འཆིང་བ་ཀུན་ལྡན་ཡིན་ལ། འདི་བར་སྲིད་དང་སྦྱར་བས་གཟུགས་སུ་ཉེར་འགྲོའི་སྐབས་ཡིན་པའི་ ཕྱིར་བར་མདོར་མྱ་ངན་ལས་འདའ་བ་ཅི་ལྟ་བར་གོང་དུ་འཕོ་བའི་བར་དུའང་དེ་འདྲ་བས་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་རྩ་གཉིས་སྔ་འགྱུར་དུ་བྱས་ནས་ཐམས་ཅད་བསྡུས་པས་ཕྱིར་མི་འོང་ལྔ་པོ་དག་ཁྲི་ཉིས་སྟོང་དགུ་བརྒྱ་དང་དྲུག་ཅུ་ཡིན་ནོ། །སྐྱེས། འདུ་བྱེད། འདུ་བྱེད་མེད་ པ་སྟེ་བར་དོ་དང་གྲངས་འདྲ་བ་ལ་འཕར་བ་ཕྱེད་འཕར་གནས་ཐམས་ཅད་དུ་འཆི་འཕོ་གསུམ་ཉམས་པ་ཡིན་ཙམ་ན་ཉམས་པ་དེ་དབང་པོ་རྟུལ་པོ་ཡིན་པས་དབང་པོ་འབྲིང་དང་དབང་པོ་རྣོན་པོའི་དབྱེ་བ་མེད་ཙམ་ན། བར་སྐྱེ་བྱེད། མི་བྱེད་བཞི་དང་ཆོས་འདྲ་ཡེ་སྙམ་ན། འདོད་ 3-1-279a པར་བསམ་གཏན་བཞི་པ་སྤེལ། དེ་ནས་བསམ་གཏན་དང་པོའི་རོ་མྱངས་པས་ཉམས་ནས་ཚངས་རིས་སུ་སྐྱེས་པའི་བར་དེར་དབང་པོ་སྦྱངས་ནས་འབྲིང་དང་རྣོན་པོར་འགྱུར་བས་དབང་པོའི་དབང་གིས་དབྱེ་བ་ཡོད་པས་བར་དོ་སོགས་དང་དབྱེ་བའི་གྲངས་ འདྲའོ། །གཟུགས་མེད་པར་འགྲོ་བའི་སྐྱེ་བ་སོགས་བཞི་ལའང་ལམ་འདིས་ཤེས་ནུས་པས་མ་བྲིས་སོ། །སྨྲས་པ། ཕྲ་མོར་དཔྱོད་པའི་ངལ་བ་རྒྱས་པ་འདི། །ལེ་ལོ་ཅན་འགའི་བློ་ལ་དུབ་མོད་ཀྱང་། །དེ་ལ་སྤྲོ་བའི་སྟོབས་དང་ལྡན་རྣམས་ལ། །ཚ་གདུངས་ཅན་ལ་ག་ བུར་གདུགས་དཀར་རོ། །བཞི་པ་དགྲ་བཅོམ་པ་ལ། ཞུགས་པ་དང་། འབྲས་གནས་དང་། འབྲས་གནས་ཀྱི་དབྱེ་བའོ། །དང་པོ་ནི། སྲིད་རྩེའི་བར་ཆ་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་པའི་བར་ཆད་མེད་ལམ་ཡང་། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཕྱིར་མི་འོང་དེ་བསམ་གཏན་དང་པོའི་རྣམ་པ་གཅིག་སྟེ་ཆགས་བྲལ་ནས་བཟུང་སྟེ་སྲིད་རྩེའི་ཉེས་པའི་ཆ་བརྒྱད་ཀྱི་བར་ཟད་ཅིང་སྤངས་ པས་དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན་ནོ། །སྲིད་རྩེའི་རྣམ་པ་དགུ་པ་སྤོང་བྱེད་བར་ཆད་མེད་ལམ་ལ་གནས་ན་ཡང་དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན་ནོ། །བར་ཆད་མེད་ལམ་དེ་ནི་ཆོས་ཅན། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བ་ཡིན་ཏེ། ཏིང་ངེ་འཛིན་འདིས་མཐུའི་སྒོ་ནས་ ཕྲ་རྒྱས་ཐམས་ཅད་འཇོམས་པའི་ཕྱིར། །དཔེར་ན་རྡོ་རྗེས་ཐམས་ཅད་འཇོམས་པ་བཞིན་ནོ། །འདི་ཕྲ་རྒྱས་ཐམས་ཅད་འཇོམས་པ་ནི་མ་ཡིན་ཏེ། ཁམས་གསུམ་པའི་མཐོང་སྤོང་དང་སྒོམ་སྤོང་། འདོད་པ་ནས་སྲིད་རྩེའི་རྣམ་པ་བརྒྱད་ཀྱི་བར་བཅོམ་ཟིན་པའི་ཕྱིར། །ཐམས་ ཅད་མི་འཇོམས་ན་ཕྲ་རྒྱས་ཐམས་ཅད་འཇོམས་པ་དང་འགལ་ཅེ་ན། དེ་ནི་ཐམས་ཅད་འཇོམས་པར་ནུས་པ་སྲིད་པའི་དབང་དུ་བྱས་པ་ཡིན་ཏེ། བར་ཆད་མེད་ལམ་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་མཐུ་ཆེ་བ་ཡིན་པའི་ཕྱིར། རྡོ་རྗེ་ལྟ་བུ་དེ་ནི་ཉན་ཐོས་ཀྱི་དབང་དུ་བྱས་ན་རྟེན་ནི་རྩ་ 3-1-279b དགུ་ཡིན་ཏེ། གླིང་གསུམ། འདོད་ལྷ་དྲུག །གཟུགས་ཀྱི་ལྷ་ཚངས་ཆེན་པོར་བའི་བཅུ་དྲུག །གཟུགས་མེད་བཞི་སྟེ་རྩ་དགུའོ། །ས་ནི་བསམ་གཏན་ས་དྲུག །གཟུགས་མེད་གསུམ་སྟེ་དགུའོ། །ཐེག་པ་ཆེན་པོའི་རྟེན་གྱི་དབང་དུ་བྱས་ན། །འཛམ་གླིང་གི་རྟེན་ཅན་ཁོ་ནའོ། །ས་ནི་བསམ་གཏན་བཞི་པ་ཁོ་ ནའོ། །རང་རྒྱལ་གྱི་བརྟེན་གྱི་དབང་དུ་བྱས་ན་གླིང་གསུམ་པ་དང་བསམ་གཏན་བཞི་པ་ཁོ་ནའོ། །རྡོ་རྗེ་ལྟ་བུ་དེ་འདོད་པར་བསྐྱེད་ན་འདིར་མྱ་ངན་ལས་འདའ་བའོ། །གཟུགས་སུ་བསྐྱེད་ན་གཟུགས་སུ་འགྲོ་བའོ། །གཟུགས་མེད་དུ་ བསྐྱེད་ན་གཟུགས་མེད་དུ་འགྲོ་བའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པའི་བྱེ་བྲག་ནི་མང་པོ་ཞིག་ཏུ་བརྗོད་དེ། །དེ་ཡང་ཡང་ན་རྣམ་པ་དྲུག་སྟེ། བདེན་བཞིའི་རྗེས་སུ་ཤེས་པའི་རྣམ་པ་བཞི་དམིགས་པ་བཟང་བས་འགོག་པ་དང་ལམ་གྱི་ཆོས་ཤེས་ཀྱི་རྣམ་པ་གཉིས་ཏེ་དྲུག་གོ ། དེའང་དགྲ་བཅོམ་ཉིད་ནི་ས་དགུ་ལ་བརྟེན་ནས་ཐོབ་ཏུ་རུང་བས། མི་ལྕོགས་མེད་པས་བསྡུས་པ་སྲིད་རྩེའི་བར་སྡུག་ཀུན་ལ་དམིགས་པའི་སྡུག་ཀུན་རྗེས་ཤེས་ཀྱི་རྣམ་པ་བཞི་བཞི་དང་མཚུངས་ལྡན་བཞི་གཉིས་བརྒྱད་དང་། འགོག་ལམ་ལ་ཆོས་ཤེས་པའི་རྣམ་པ་བཞི་བཞི་དང་ མཚུངས་ལྡན་བཞི་གཉིས་བརྒྱད་དེ་བཅུ་དྲུག་དང་། འགོག་པ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་མཚུངས་པར་ལྡན་པ་བསམ་གཏན་དང་པོའི་འགོག་པ་ལ་དམིགས་པ་བཞི་ནས་དེ་བཞིན་དུ་བསམ་གཏན་གཉིས་པ་གསུམ་པ་དང་། བཞི་པ་དང་། ནམ་མཁའ་རྣམ་ཤེས་ཅིའང་ སྲིད་རྩེའི་འགོག་པ་ལ་དམིགས་པའི་བར་བཞི་རེ་སྟེ་སོ་གཉིས་པོ་སྔ་མའི་བཅུ་དྲུག་དང་དྲིལ་བས་ཞེ་བརྒྱད། ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དང་མཚུངས་ལྡན་གྱི་བཞི་སྟེ་ང་གཉིས་ཏེ། རྗེས་ཤེས་ཕྱོགས་དང་མཐུན་པར་ཟད་པ་དམིགས་པའི་ཕྱིར་རོ། །སྒོམ་ལམ་ 3-1-280a རྡོར་ཏིང་གི་དུས་སུ་ས་བརྒྱད་པ་དེའི་འགོག་པ་བཞི་སོགས་རེ་རེ་ལ་རེ་རེ་ནས་འཇལ་བ་ཡིན་ལ། ལམ་ཡང་སའི་བྱེ་བྲག་གི་སྒོ་ནས་བཞི་བཞིར་མི་བཞག་པ་ཅིས་སྙམ་ན། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ནི་གཉེན་པོར་ཁྱད་པར་མེད་དེ། ལམ་ནི་ཕན་ཚུན་རྒྱུ་ཡིན་པས་ཟེར་ལ། འགོག་པ་ཕན་ཚུན་རྒྱུ་མ་ཡིན་པའི་ཕྱིར། སྒོམ་པའི་ལམ་ལ་འགོག་པ་ཡི། ལམ་ལ་ཆོས་ཤེས་གང་ཡིན་དེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཅེས་འབྱུང་བས་འདིར་དེ་གཉིས་ཁོ་ན་ཉེ་བར་འགོད་ཀྱི་སྡུག་བསྔལ་དང་ཀུན་འབྱུང་ ལ་ཆོས་ཤེས་མི་བཟུང་ངོ་། །དེ་དག་ནི་རྡོ་རྗེ་ལྟ་བུ་ལྔ་བཅུ་རྩ་གཉིས་ཡིན་ཏེ། ཤེས་པའི་རྣམ་པ་དང་དམིགས་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར། ས་མི་ལྕོགས་མེད་པས་བསྡུས་པ་ཇི་ལྟ་བར་བསམ་གཏན་བཞི་པས་བསྡུས་པའི་བར་དག་ཀྱང་དེ་དང་འདྲ་སྟེ་བསམ་གཏན་ས་དྲུག་ ལ་ལྔ་བཅུ་རྩ་གཉིས་ཡིན་ནོ། །ནམ་མཁའ་དང་། རྣམ་ཤེས་དང་། ཅིའང་མེད་པའི་སྐྱེ་མཆེད་ཀྱིས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྣམས་ནི་རིམ་པ་བཞིན་ཉི་ཤུ་རྩ་བརྒྱད་དང་། ཉི་ཤུ་རྩ་བཞི་དང་། ཉི་ཤུ་ཡིན་ཏེ། ཆོས་ཤེས་ནི་ས་དྲུག་པ་ཡིན་པས་དེ་དག་ན་ཆོས་ཤེས་མེད་ པའི་ཕྱིར་འགོག་ལམ་ལ་ཆོས་ཤེས་ཀྱི་རྣམ་པ་དང་མཚུངས་ལྡན་བརྒྱད་མེད་ལ། རྗེས་སུ་ཤེས་པས་ས་འོག་མའི་འགོག་པ་ལ་དམིགས་པ་མེད་པས་འགོག་པ་ལ་རྗེས་ཤེས་ཀྱི་རྣམ་པ་དང་མཚུངས་ལྡན་བསམ་གཏན་བཞིའི་འགོག་པ་ལ་དམིགས་པ་བཅུ་དྲུག་མེད་པས་ཉེར་ བརྒྱད་དུ་འགྱུར་ཏེ། ལྔ་བཅུ་རྩ་གཉིས་ལ་དེ་ལྟར་བརྒྱ་དང་བཅུ་དྲུག་བོར་བའི་ཕྱིར། དེའང་གཟུགས་མེད་འདོད་ཁམས་དང་རིས་བཞིས་རིགས་ཙམ་ན་འདོད་པའི་འགོག་ལམ་གྱི་ཆོས་ཤེས་ཀྱི་རྣམ་པ་བརྒྱད་འབྲིད། ནམ་མཁས་བསམ་གཏན་བཞིའི་དགག་བྱ་དེ་མ་བཟུང་ 3-1-280b བས་བསམ་གཏན་བཞིའི་འགོག་པ་མི་འཛིན་པས་དེ་ལ་དམིགས་པའི་རྗེས་ཤེས་བཅུ་དྲུག་པོ་འབྲིད་དོ། །དེའང་ཉེར་བརྒྱད་དུ་ཇི་ལྟར་འགྱུར་ན། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་སྲིད་རྩེའི་སྡུག་ཀུན་ལ་རྗེས་ཤེས་ཀྱི་རྣམ་པ་མཚུངས་ལྡན་བརྒྱད་དང་། འགོག་པ་ལ་རྗེས་ཤེས་ཀྱི་རྣམ་པ་དང་མཚུངས་ལྡན་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ལ་སོགས་པའི་འགོག་པ་ལ་དམིགས་པ་བཅུ་དྲུག་དང་། ལམ་ལ་རྗེས་ཤེས་ཀྱི་རྣམ་པ་མཚུངས་ལྡན་བཞི་སྟེ། རྗེས་ཤེས་ཕྱོགས་མཐུན་ཟད་པ་ལ་དམིགས་པའི་ཕྱིར་ཤེས་པའི་རྣམ་ པ་དང་དམིགས་པའི་བྱེ་བྲག་གི་ཉེར་བརྒྱད་དོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་བསྡུས་པ་ནི་ནམ་མཁའི་འགོག་པ་ལ་དམིགས་པའི་བཞི་བོར་ནས་ཉེར་བཞི། ཅི་ཡང་གིས་བསྡུས་པ་ནི་རྣམ་ཤེས་ཀྱི་འགོག་པ་ལ་དམིགས་པ་གཞན་བཞི་བོར་བས་ཉི་ ཤུའོ། །གཟུགས་མེད་རྣམས་རང་ས་དང་གོང་སའི་འགོག་པ་ལ་དམིགས་ཀྱི། བསམ་གཏན་བཞིན་འོག་ས་ལ་མ་ཡིན་ཏེ། འོག་སའི་སྡུག་བསྔལ་ལ་མ་དམིགས་པར་དེའི་འགོག་པ་ལ་དམིགས་པར་མི་ནུས་སོ། །སྡུག་བསྔལ་ཟག་བཅས་ཡིན་པས། གཟུགས་ མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཅེས་སོ། །བསམ་གཏན་ནི་ཀུན་ཏུ་བལྟ་བའི་ཕྱིར་མི་དགག་སྟེ། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཅེས་འཆད་པར་འགྱུར་རོ། །འགོག་པ་ཁོ་ན་ལ་དམིགས་ཀྱི་སྡུག་ཀུན་ལ་ དམིགས་པ་ནི་སྲིད་རྩེ་མན་ཆད་ཀྱི་ས་ལས་འདོད་ཆགས་དང་བྲལ་བའི་ཕྱིར། དེ་ལ་ནི་རྡོ་རྗེ་ལྟ་བུའི་སྲིད་རྩེའི་རྣམ་པ་དགུ་ཁོ་ནར་གཞོམ་བྱར་ལུས་སོ། །ས་འོག་མའི་གཉེན་པོ་ལ་དམིགས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡོད་དེ། ལམ་ལ་རྗེས་སུ་ཤེས་པ་དེ་ནི་རྗེས་སུ་ 3-1-281a ཤེས་པའི་ཕྱོགས་དང་མཐུན་པའི་དམིགས་པ་ཡིན་པའི་ཕྱིར་ཏེ། མཉམ་དང་ཁྱད་པར་ཅན་གྱི་ཕན་ཚུན་རྒྱུ་ཡིན་པའི་ཕྱིར། ས་དགུའི་ལམ་ནི་ཕན་ཚུན་དུ། །ཉམས་དང་ཁྱད་པར་ཅན་དག་གི། ཞེས་འབྱུང་བའི་ཕྱིར། ཆོས་མངོན་པ་བ་གང་དག་ ལམ་ལ་རྗེས་སུ་ཤེས་པ་ཡང་ས་རེ་རེའི་གཉེན་པོ་ལ་དམིགས་པ་ཡིན་པར་འདོད་པ་དེ་དག་གི་ལྟར་ན། ཉི་ཤུ་རྩ་བརྒྱད་ལྷག་པར་བསྣན་ནས་མི་ལྕོགས་མེད་པས་བསྡུས་པའི་རྡོ་རྗེ་ལྟ་བུ་ནི་བརྒྱད་ཅུ་ཡིན་ཏེ། དེའང་ཁ་ཅིག་གིས་གཞུང་ལུགས་ཀྱི་ས་རེ་རེའི་གཉེན་པོ་ལ་ དམིགས་པ་ཡིན་པར་འཇོག་སྟེ། མི་ལྕོགས་མེད་པས་བསྡུས་པ་བསམ་གཏན་དང་པོའི་གཉེན་པོ་ལ་དམིགས་པ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བཞི་ནས་དེ་བཞིན་དུ་ཅིའང་མེད་པའི་སྐྱེ་མཆེད་ཀྱི་གཉེན་པོ་ལ་དམིགས་པའི་ལམ་ལ་ རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་བར་དུ་བཞི་སྟེ། དེ་ལྟར་ན་ཉེར་བརྒྱད་ལྷག་པས་ང་གཉིས་ལ་ཉེར་བརྒྱད་བསྣན་པས་བརྒྱད་ཅུར་འགྱུར་རོ། །ཅིའི་ཕྱིར་སྲིད་རྩེའི་གཉེན་པོ་ལ་དམིགས་པ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་ལྡན་པ་ བཞི་མི་བགྲང་ཞེ་ན། ཟག་མེད་ཀྱི་ལམ་སྲིད་རྩེས་བསྡུས་པ་སྲིད་རྩེའི་གཉེན་པོ་ནི་མེད་ཀྱི། བསམ་གཏན་དང་པོའི་ས་ནས་ཅི་ཡང་མེད་པའི་སའི་བར་ནི་ཡོད་དེ། དེ་ལྟ་བས་ན་དེ་དག་གི་གཉེན་པོ་ལ་དམིགས་པ་ཁོ་ནར་བཤད་ཀྱི། སྲིད་རྩེའི་གཉེན་པོ་ལ་དམིགས་ པ་མ་ཡིན་ནོ། །གཞན་དག་འཆད་པ་ནི་འགོག་པ་ལ་རྗེས་སུ་ཤེས་པ་ཇི་ལྟ་བ་བཞིན་དུ་འདོད་པ་ཞེས་བྱ་བར་བསམས་པ་ཡིན་ཏེ། སྲིད་རྩེའི་སྡུག་ཀུན་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་པར་ལྡན་པ་བརྒྱད། འགོག་ལམ་ལ་ཆོས་ཤེས་པའི་རྣམ་པ་དག་ 3-1-281b དང་མཚུངས་ལྡན་བརྒྱད། འགོག་པ་ལ་རྗེས་ཤེས་ཀྱི་རྣམ་པ་བསམ་གཏན་དང་པོའི་འགོག་པ་ལ་དམིགས་པ་བཞི་ནས་སྲིད་རྩེའི་འགོག་པ་ལ་དམིགས་པའི་བར་དུ་བཞི་བཞི་སྟེ་སོ་གཉིས། དེ་བཞིན་དུ་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དག་དང་མཚུངས་ལྡན་ཀྱང་དེ་དང་ འདྲ་བས་སུམ་ཅུ་རྩ་གཉིས་ཡིན་པས་མི་ལྕོགས་མེད་པས་བསྡུས་པའི་རྡོ་རྗེ་ལྟ་བུ་ནི་བརྒྱད་ཅུ་ཡིན་ནོ། །དེ་དག་གི་ལྟར་ན་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་ཟད་པར་ལ་དམིགས་པའི་ཕྱིར་ལམ་ལ་རྗེས་སུ་ཤེས་པའི་རྣམ་པ་དང་མཚུངས་ལྡན་སྤྱིའི་བཞི་པོ་གང་ཡིན་ པ་དེ་དག་ནི་མེད་ཀྱི། དེའི་དོད་དམ་གོར་སྲིད་རྩེའི་གཉེན་པོ་ལ་དམིགས་པ་དག་ཡོད་པས་རྡོ་རྗེ་ལྟ་བུ་བརྒྱད་ཅུའོ། །འོ་ན་སྲིད་རྩེའི་སས་བསྡུས་ཀྱི་སྲིད་རྩེའི་གཉེན་པོ་མེད་པས་ཇི་ལྟར་བཞག་སྙམ་ན། སྲིད་རྩེའི་སས་བསྡུས་པའི་སྲིད་རྩེའི་གཉེན་པོ་མེད་ཀྱང་སྲིད་རྩེའི་ ཉོན་མོངས་དགག་བྱར་བྱས་པའི་སྲིད་རྩེའི་གཉེན་པོ་ཡོད་པས་དེ་ལྟར་བཞག་གོ་ཞེས་ཟེར་རོ། །བསམ་གཏན་བཞི་པས་བསྡུས་པའི་བར་དུ་དེ་དང་འདྲ་བ་ནི་བསམ་གཏན་ཁྱད་པར་ཅན་ནས་བཞི་པའི་བར་དུ་བརྒྱད་ཅུ་བརྒྱད་ཅུའོ། །སྲིད་རྩེ་མ་གཏོགས་པ་ནམ་མཁའ་ མཐའ་ཡས་སོགས་གསུམ་ནི། བཞི་བཅུ་དང་། སུམ་ཅུ་རྩ་གཉིས་དང་། ཉེར་བཞི་ཡིན་ཏེ། ནམ་མཁའི་རྡོ་རྗེ་ལྟ་བུའི་ཉེར་བརྒྱད་ལ་ནམ་མཁའ་རྣམ་ཤེས། ཅི་ཡང་གི་གཉེན་པོ་ལ་དམིགས་པའི་ལམ་ལ་རྗེས་ཤེས་ཀྱི་རྣམ་པ་དང་ མཚུངས་ལྡན་བཞི་ཚན་གསུམ་སྟེ་བཅུ་གཉིས་བསྣན་ནས་བཞི་བཅུ་ཉེར་བཞི་ལ་རྣམ་ཤེས་དང་། ཅི་ཡང་གི་གཉེན་པོ་ལ་དམིགས་པ་བརྒྱད་བསྣན་པས་སུམ་ཅུ་རྩ་གཉིས། ཉི་ཤུ་ལ་ཅི་ཡང་གཉེན་པོ་ལ་དམིགས་པ་བཞི་ 3-1-282a བསྣན་པས་ཉི་ཤུ་རྩ་བཞིར་འགྱུར་རོ། །གཟུགས་མེད་རང་དང་གོང་སའི་གཉེན་པོ་ཁོ་ན་ལ་དམིགས་པར་བཤད་ཀྱི། འོག་མའི་གཉེན་པོ་ལ་དམིགས་པ་མ་ཡིན་ཅེ་ན། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་སོགས་ལས་ཡང་དག་པར་ འདའ་བར་གསུངས་པའི་ཕྱིར། ས་འོག་མའི་གཉེན་པོའི་སྒོ་ནས་ནི་དེའི་མི་མཐུན་ཕྱོགས་ལ་དམིགས་པའི་ཕྱིར། འོ་ན་འོག་མའི་གཉེན་པོ་ལ་དམིགས་པ་ནི་ཡོད་དེ། དེ་ནི་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་ཞེས་བཤད་པ་ཇི་ལྟར་ཞེ་ན། དེ་ནི་ཁྱད་པར་དུ་མ་བྱས་པར་རྗེས་ཤེས་ཕྱོགས་ མཐུན་གྱི་ལམ་ས་དགུ་པ་ནི་ས་འོག་མའི་གཉེན་པོ་ལ་དམིགས་པ་ཡིན་ནོ་ཞེས་བཤད་ཀྱི། ནམ་མཁའ་ལ་སོགས་པས་བསྡུས་པ་ས་འོག་མའི་གཉེན་པོ་ལ་དམིགས་ཞེས་ཁྱད་པར་དུ་བྱས་ནས་མ་བསྟན་པས་འོག་མའི་གཉེན་པོ་ལ་དམིགས་པ་མ་ཡིན་གྱི། རང་ས་དང་གོང་ སའི་གཉེན་པོ་ལ་དམིགས་པའོ། །ཡང་སྲིད་རྩེའི་སྡུག་བསྔལ་ལ་དམིགས་པའི་མི་རྟག་པའི་རྣམ་པ་དང་མཚུངས་ལྡན་གྱི་རྡོ་རྗེ་ལྟ་བུའི་རིགས་ཀྱི་བྱེ་བྲག་གིས་དྲུག་དང་། སྡུག་བསྔལ་ལ་སོགས་པའི་རྣམ་པ་དང་མཚུངས་ལྡན་ལའང་རིགས་ཀྱི་རྣམ་པ་དྲུག་དང་། དབང་པོ་བྱེ་ བྲག་གིས་གསུམ་ཡིན་པས་ཆེས་མང་བ་ཡིན་ནོ། །ཕྱོགས་དང་པོ་ལ་སྤྱིར་བསྡུ་ན་རྡོ་རྗེ་ལྟ་བུ་སུམ་བརྒྱ་དང་བརྒྱད་ཅུ་རྩ་བཞི། དེ་རིགས་དང་དབང་པོའི་བྱེ་བྲག་གིས་བསྒྱུར་ན་དྲུག་སྟོང་དགུ་བརྒྱ་བཅུ་གཉིས་སུ་འགྱུར་རོ། །ཕྱོགས་གཉིས་པ་མངོན་པ་བདག་གི་ལུགས་དེ་ བསྡོམས་ན་ལྔ་བརྒྱ་བདུན་ཅུ་རྩ་དྲུག །རིགས་དང་དབང་པོའི་བྱེ་བྲག་གིས་རྡོ་རྗེ་ལྟ་བུ་ཁྲི་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་དུ་འགྱུར་རོ། །གཉིས་པ་ལ། དངོས་དང་། ཞར་ལས་བྱུང་བའོ། །དང་པོ་ནི། དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །སྲིད་རྩེའི་རྣམ་པ་དགུ་པ་དེ་རྡོ་རྗེ་ལྟ་བུས་སྤངས་ནས་ཟད་པའི་བྲལ་ཐོབ་དང་ 3-1-282b ལྷན་ཅིག་ཏུ་ཟད་པ་ཤེས་པ་སྐྱེ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་རྣམ་གྲོལ་གྱི་ལམ་ཐ་མ་སྐྱེ་བའི་ཕྱིར། ཟད་པ་ཤེས་པ་ཞེས་བྱ་སྟེ། མི་སྐྱེ་བ་ཤེས་པའི་དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་ཐོབ་པ་དང་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར། དགྲ་བཅོམ་ལ་ཞུགས་ པ་དེ་ཟད་པ་སྐྱེས་པ་དེའི་ཚེ་མི་སློབ་པ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པ་ཡིན་ཏེ། འབྲས་བུ་གཞན་གྱི་ཆེད་དུ་བསླབ་པར་བྱ་བ་མེད་པའི་ཕྱིར། རང་གི་ཉོན་མོངས་ཐམས་ཅད་དང་བྲལ་བས་རང་དོན་ཡོངས་སུ་རྫོགས་ནས་གཞན་དོན་བྱེད་པར་གཤའ་བས། སོ་སྐྱེ་དང་ སློབ་པ་ཆགས་བཅས་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་ཡིན་ནོ། །འདི་ལས་གཞན་པའི་སྔར་བཤད་ཀྱི་འཕགས་པ་ནི་སློབ་པར་གྲུབ་བོ། །རྒྱུ་མཚན་ཅིས་གང་ཟག་གི་བདུན་པོ་སློབ་པ་ཡིན་ཅེ་ན། ཟག་པ་ཟད་པའི་ཆེད་དུ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས། ལྷག་པའི་ཤེས་རབ་ལ་རྟག་ཏུ་སློབ་པའི་ངང་ཚུལ་ཅན་ཡིན་པ་དེ་ནི་སློབ་པའོ། །བསླབ་པ་གསུམ་པོ་དེ་དག་གི་རང་བཞིན་ནི་གསུམ་པོ་དེ་ཉིད་ཀྱི་རང་བཞིན་ཡིན་ཏེ། བསླབ་གསུམ་ལས་ཐ་མི་དད་པའི་ཕྱིར། འོ་ན་སོ་སོའི་སྐྱེ་བོ་ཡང་ཇི་སྐད་དུ་བཤད་པ་ལ་ སློབ་པས་སློབ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། མདོ་ལས། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་མཐོང་བ་གང་ཡིན་པ་དེ་ནི་སློབ་པའོ་ཞེས་འབྱུང་བས། སྡུག་བདེན་སོགས་ཇི་ལྟ་བར་ཁོང་དུ་མ་ཆུད་པའི་ཕྱིར་དང་། སོ་ཐར་གྱི་སྡོམ་པ་ཡོངས་སུ་གཏོང་བ་དང་དྲོ་བར་གྱུར་པ་ལ་ སོགས་པ་ཡོངས་སུ་ཉམས་པའི་སྒོ་ནས་ཚུལ་ཁྲིམས་ལ་སོགས་པ་གང་ལ་བསླབ་པ་དེ་ལ་སློབ་པ་གཏོང་བའི་ཕྱིར། འཕགས་པ་ནི་ཅུང་ཟད་གཏོང་དུ་ཟིན་ཀྱང་ཐམས་ཅད་མ་ཡིན་པས་ནམ་ཡང་བསླབ་པ་གསུམ་ཆར་མེད་པ་མ་ཡིན་པས་རྟག་ཏུ་སློབ་པའི་ངང་ཚུལ་ཡོད་པས་སློབ་པ་ 3-1-283a ་ཡིན་གྱི། སོ་སོའི་སྐྱེ་བོ་ལ་རྟག་ཏུ་སློབ་པའི་ངང་ཚུལ་མེད་པས་སློབ་པ་མ་ཡིན་པའི་ཕྱིར། དེ་ཉིད་ཀྱི་དམིགས་ཀྱིས་བསལ་བ་ཤེས་པར་བྱ་བའི་ཆེད་དུ། མདོ་ལས། ཞི་བྱེད་བསླབ་པ་ལ་སློབ་ཅིང་། བསླབ་པ་ལ་སློབ་པ་ནས་དེའི་ཕྱིར། སློབ་པ་ཞེས་ལན་ གཉིས་སུ་གསུངས་པས་ཞི་བྱེད་ཅེས་ཞུ་བ་པོ་ལ་བོས་ནས། འཕགས་པ་ནི་བསླབ་པ་མི་འདོར་བས་ལན་གཉིས་སུ་སྨོས་པ་ཡིན། སོ་སྐྱེ་ནི་དེ་ལྟར་མ་ཡིན་པས་མ་སྨོས་པ་ཡིན། འཕགས་པ་བསོད་སྙོམས་ལ་སོགས་པར་རྒྱུ་བ་ན། རྟག་ཏུ་སློབ་པའི་ངང་ཚུལ་ཅན་ཇི་ལྟར་ཡིན་ཏེ། སེམས་མཉམ་པར་མ་བཞག་པའི་གནས་སྐབས་ཡིན་པའི་ཕྱིར་ཞེ་ན། དེ་སློབ་པ་ཡིན་ཏེ། འདུན་པའི་སྒོ་ནས་དེར་བཞག་པའི་ཕྱིར། ལམ་དུ་འགྲོ་བ་འདུག་ཀྱང་འགྲོ་བའི་བསམ་པ་མ་བོར་བས་ལམ་དུ་འགྲོ་བ་ཡིན་པ་བཞིན་ནོ། །འཕགས་པ་ནི་རང་བཞིན་ལ་གནས་ཀྱང་སློབ་ པའི་ངང་ཚུལ་ཅན་ཡིན་ཏེ། བསླབ་པ་གསུམ་གྱིས་ཐོབ་པ་དང་རྗེས་སུ་འབྲེལ་བའི་ཕྱིར། སློབ་མི་སློབ་ཀྱི་ཞར་ལ་དེའི་ཆོས་གང་ཞེ་ན། སློབ་པའི་ཆོས་ཟག་པ་མེད་པ་རྣམས་ཏེ། དགེ་བ་ཟག་བཅས་འདུ་བྱེད་མ་སྒྲིབ་ལུང་མ་བསྟན་ཉོན་མོངས་མ་གཏོགས་པ་རྣམས་ཀྱི་ཕྱིར་རོ། ། མི་སློབ་པའི་ཆོས་ཟག་པ་མེད་པ་རྣམས་ཏེ། ཉོན་མོངས་མི་སློབ་པ་ལ་ནམ་ཡང་མེད་ཅིང་། དགེ་བ་ཟག་བཅས་འདུ་བྱེད་མ་སྒྲིབ་ལུང་མ་བསྟན་མ་གཏོགས་པའི་ཕྱིར། མྱང་འདས་ནི་སློབ་པ་མ་ཡིན་ཏེ། མི་སློབ་པ་དང་སོ་སྐྱེའང་འཇིག་རྟེན་པའི་ལམ་གྱི་ཐོབ་པའི་མྱང་འདས་དང་ ལྡན་པའི་ཕྱིར། དེ་མི་སློབ་པའང་མ་ཡིན་ཏེ། སློབ་མ་དང་སོ་སྐྱེ་དེ་དང་ལྡན་པའི་ཕྱིར། དེ་ཐམས་ཅད་ནི་ཞུགས་པ་བཞི་འབྲས་གནས་བཞི་སྟེ། མིང་གི་སྒོ་ནས་འཕགས་པའི་གང་ཟག་བརྒྱད་དེ། ཞུགས་པ་དང་པོ་དང་འབྲས་གནས་བཞིའོ། །ཕྱིར་འོང་ཕྱིར་མི་འོང་། དགྲ་ 3-1-283b བཅོམ་ཞུགས་པ་གསུམ་ནི་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་གི་འབྲས་བུ་གསུམ་ལས་ཐ་མི་དད་པའི་ཕྱིར། མཐར་གྱིས་འབྲས་བུ་བཞི་ཐོབ་པའི་ཕྱིར་དེ་སྐད་དུ་བཤད་ཀྱི། དྲུག་པ་ཟད་པའི་ཕལ་ཆེར་དང་། རྣམ་པ་དགུ་པ་ཟད་པའི་འདོད་ཆགས་དང་བྲལ་བ་ལམ་བཅོ་ལྔ་པ་དེ། ཕྱིར་འོང་དང་ ཕྱིར་མི་འོང་ལ་ཞུགས་པ་ཡིན་གྱི། རྒྱུན་ཞུགས་དང་ལན་གཅིག་ཕྱིར་འོང་མ་ཡིན་ནོ། །དེ་ལྟར་ཡིན་ན་རྫས་སུ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་གསུམ་དང་། འབྲས་བུ་ལ་གནས་པ་བཞི་སྟེ་བདུན་དུ་འགྱུར་གྱི། དགྲ་བཅོམ་པའི་འབྲས་བུ་ ལ་ཞུགས་པ་གཅིག་པུ་ཕྱིར་མི་འོང་བའི་འབྲས་བུ་ལས་ཐ་མི་དད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ལ། ཆགས་བྲལ་གྱི་ཚུལ་དཔྱད་པ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཤད་པའོ། །དང་པོ་ལ། ཆགས་བྲལ་སྤྱིར་བསྟན་པ་དང་། བྲལ་ཐོབ་སྐྱེ་ཚུལ། ས་གང་གིས་ཆགས་པ་ སྤོང་བ། ལམ་གྱི་དམིགས་རྣམ་བཤད་པའོ། །དང་པོ་ནི། འཇིག་རྟེན་འདས་ཀྱིས་སྲིད་རྩེ་ལས། །ཆགས་བྲལ་གཞན་ལས་རྣམ་པ་གཉིས། །སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །ཅེས་བཤད་པ་ལས། སོ་སོའི་སྐྱེ་བོ་ལྟ་འཇིག་རྟེན་པའི་ལམ་ཁོ་ནས་འདོད་ཆགས་དང་བྲལ་བ་ཡིན་ལ། འཕགས་པས་འཇིག་རྟེན་ལས་འདས་ པའི་ལམ་ཁོ་ནས་འདོད་ཆགས་དང་བྲལ་ལམ། འོན་ཏེ་གཉིས་ཀས་འདོད་ཆགས་དང་བྲལ་སྙམ་ན། འཇིག་རྟེན་ལས་འདས་པ་ཉིད་ཀྱིས་སྲིད་རྩེ་ལས་འདོད་ཆགས་དང་བྲལ་གྱི། འཇིག་རྟེན་པས་ནི་མ་ཡིན་ཏེ། དེའི་གོང་ན་འཇིག་རྟེན་པ་མེད་པའི་ཕྱིར་དང་། འཇིག་རྟེན་པའི་ ལམ་དེ་རང་སའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པའི་ལམ་དེ་ལ་དེ་པའི་ཉོན་མོངས་པ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་ཏེ། ཉོན་མོངས་པ་གང་དངོས་པོ་གང་ལ་རྒྱས་པར་འགྱུར་བ་དེ་ནི་དངོས་པོ་དེ་སྤོང་བར་བྱེད་པ་མ་ཡིན་ལ། གང་གི་དངོས་པོ་གང་ཡིན་པ་ 3-1-284a དེ་ནི་དངོས་པོ་དེས་སྤོང་བར་བྱེད་པ་མ་ཡིན་ལ་གང་གི་གཉེན་པོ་གང་ཡིན་པ་དེ་ནི་ཉོན་མོངས་པ་དེ་རྒྱས་པར་མི་འགྱུར་བའི་ཕྱིར། སྲིད་རྩེ་ལས་གཞན་པའི་ས་ཐམས་ཅད་ལས་ནི་སྒོམ་ལམ་གོང་མའི་ཉེར་བསྡོགས་འཇིག་རྟེན་པའི་ལམ་ཞི་གནས་སྤྱོད་པ་ དང་འཇིག་རྟེན་ལས་འདས་པའི་ལམ་ལྷག་མཐོང་སྤྱད་པས་རང་ས་དང་འོག་ས་པ་རྣམ་པ་གཉིས་ཀྱིས་ཅི་རིགས་པར་འདོད་ཆགས་དང་བྲལ་བའོ། །གཉིས་པ་ལ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། །དང་པོ་ནི། འཇིག་རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །འཇིག་རྟེན་པའི་ལམ་གྱིས་ཆགས་པ་དང་བྲལ་ བའི་འཕགས་པ་རྒྱུན་ཞུགས་ཞི་གནས་སྤྱད་པ་ལྟ་བུ་ལ་བྲལ་བའི་ཐོབ་པ་རྣམ་པ་རེ་རེ་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་སྐྱེའོ། །དེའང་བྱེ་བྲག་ཏུ་སྨྲ་བས་ཉོན་མོངས་པ་སྤོང་བའི་བྱ་བ་ཐུན་མོང་བ་ཡིན་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ལ། གཞན་གྱི་ འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང་། །བཏང་ལ་ཉོན་མོངས་མི་ལྡན་ཕྱིར། །སྡེ་པ་ཁ་ཅིག་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་བྲལ་ཐོབ་གཉིས་སྐྱེའོ། །དེ་ལྟར་མ་ཡིན་ན་ཟག་མེད་ཀྱི་ལམ་གྱིས་ཅིའང་འདོད་ཆགས་དང་བྲལ་བ་ཞིག་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་དབང་པོ་ འཕོས་པའི་ཚེ་དེ་ལ་ས་གོང་མའི་ཉོན་མོངས་དང་ལྡན་པར་འགྱུར་ཏེ། ས་གོང་མའི་ཉོན་མོངས་བྲལ་ཐོབ་ཟག་བཅས་ནི་མེད། ཟག་མེད་བཏང་བའི་ཕྱིར། འདོད་མི་ནུས་ཏེ། དེ་བཏང་ཡང་དེ་ལ་ཉོན་མོངས་མི་ལྡན་པའི་ཕྱིར། རྟགས་གྲུབ་སྟེ། དེའི་ཚེ་གཟུགས་མེད་པའི་ ཕྱིར་མི་འོང་འབྲས་བུ་ཁྱད་པར་ཅན་དབང་པོ་རྟུལ་པོས་བསྡུས་པའི་ཟག་མེད་མཐའ་དག་བཏང་ཞིང་། རྣོན་པོས་བསྡུས་པའི་འབྲས་བུ་ཙམ་པོ་འདོད་པའི་སྒོམ་སྤོང་དགུ་པ་སྤངས་པའི་འབྲས་བུ་ཙམ་ལས། འབྲས་བུ་ཁྱད་པར་ཅན་ཅིའང་མེད་མན་ཆོད་ཀྱི་སྤང་བྱ་སྤངས་པའི་འབྲས་ 3-1-284b བུ་ཁྱད་པར་ཅན་ཐོབ་པ་མེད་པའི་ཕྱིར། གཉིས་པ་ནི། སྲིད་རྩའི་ཕྱེད་ལས་རྣམ་གྲོལ་དང་། །གོང་དུ་སྐྱེས་པ་བཞིན་མི་ལྡན། །སློབ་དཔོན་གྱིས་དེ་ལ་མ་ངེས་པ་སྟོན་ཏེ། གང་ཟག་དེ་ལ་འཇིག་རྟེན་པའི་ཐོབ་པ་མེད་དུ་ཟིན་ཀྱང་ཉོན་མོངས་པ་དེ་དག་དང་ལྡན་པར་མི་འགྱུར་ཏེ། དཔེར་ན་སྲིད་རྩེའི་རྣམ་པ་ཕྱེད་ལས་རྣམ་པར་གྲོལ་བ་དེ་ལ་དེའི་ གཉེན་པོ་འཇིག་རྟེན་པའི་ལམ་མེད་པས་བྲལ་ཐོབ་འཇིག་རྟེན་པ་ཡང་མེད་ལ། འཇིག་རྟེན་ལས་འདས་པ་ནི་དབང་པོ་འཕོས་པས་བཏང་ཡང་ཁྱེད་རང་སྲིད་རྩེའི་ཉོན་མོངས་ཀྱི་རྣམ་པ་དེ་དག་མི་ལྡན་པར་ཁས་ལེན་པ་དང་། འདིར་ཡང་འདྲ་བའི་ཕྱིར་དང་། དཔེར་ན་སོ་སྐྱེ་ ཞིག་ཀྱང་གོང་དུ་སྟེ་བསམ་གཏན་དང་པོ་ཡན་ཆད་དུ་སྐྱེས་པའི་ཚེ་འདོད་པའི་ཉོན་མོངས་པ་དང་ལྡན་པར་འགྱུར་ཏེ། འདོད་པའི་ཉོན་མོངས་སྤངས་པའི་བྲལ་ཐོབ་བཏང་བའི་ཕྱིར། ཁྱབ་པ་ཡོད་དེ། འཕགས་པ་ལ་འཇིག་རྟེན་ལས་འདས་མ་འདས་གཉིས་ཀའི་བྲལ་ཐོབ་ཡོད་ པས་འཇིག་རྟེན་པའི་བྲལ་ཐོབ་བཏང་ཡང་འཇིག་རྟེན་ལས་འདས་པའི་བྲལ་ཐོབ་ཡོད་པས། དེའི་ཉོན་མོངས་མི་ལྡན་ལ་སོ་སྐྱེ་ལས་འདས་པའི་བྲལ་ཐོབ་མེད་ལ། འཇིག་རྟེན་པའི་བྲལ་ཐོབ་བཏང་ན་དེར་འགྱུར་བའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་དེ་མི་ལྡན་པར་ཁྱེད་རང་ ཁས་ལེན་པ་ལྟར་འདིར་ཡང་དེ་བཞིན་གྱི་ཕྱིར་རོ། །དེ་ལྟ་བས་ན། བཏང་ལ་ཉོན་མོངས་མི་ལྡན་ཕྱིར། །ཞེས་པ་འདི་ནི་ཤེས་བྱེད་མ་ཡིན་ནོ། །གསུམ་པ་ས་གང་གིས་ཆགས་པ་སྤོང་བ་ལ། མི་ལྕོགས་མེད་དང་། ས་ལྷག་མ་བརྒྱད་དོ། །དང་པོ་ལ། དངོས་དང་། དེའི་ རྣམ་གྲོལ་དོགས་གཅོད་དོ། །དང་པོ་ནི། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་འབྲལ། །ས་ཟག་མེད་མི་ལྕོགས་མེད་པ་ཡི། འདོད་པ་ནས་སྲིད་རྩེའི་བར་ས་གོང་འོག་ཐམས་ཅད་ལ་ནི་འདོད་ཆགས་དང་བྲལ་ཏེ་ཟག་པ་མེད་པའི་ཕྱིར་རོ། །ཉེར་བསྡོགས་གཞན་རྣམས་ནི་ཟག་བཅས་སུ་ངེས་པས་འོག་ས་ཁོ་ནའི་གཉེན་ 3-1-285a པོའོ། །གཉིས་པ་ནི། ས་གསུམ་རྒྱལ་ལ་བསམ་གཏན་ནམ། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །གོང་མའི་ཉེར་བསྡོགས་ལས་མིན། ཉེར་བསྡོགས་ཀྱི་ས་དགུ་ལས་རྒྱལ་བར་བྱེད་པའི་ཆུང་ངུའི་ཆུང་ངུ་སྤོང་བའི་མཐའི་རྣམ་གྲོལ་གྱི་ལམ་ཐམས་ཅད་གོང་མའི་དངོས་གཞི་ལ་གནས་སམ་ཉེར་བསྡོགས་ལ་གནས་སྙམ་ན། འདོད་པ་ནས་གཉིས་པའི་བར་གྱི་ས་དང་པོ་ གསུམ་ལས་རྒྱལ་བ་ལ་ནི་དབང་པོ་རྣོན་ཚོར་བ་སྤོང་ནུས་ལ། ཉེར་བསྡོགས་ལ་དགའ་བ་ཆུང་བས་བསམ་གཏན་དངོས་གཞིའི་ངོ་བོར་སྐྱེ་བའམ། རྟུལ་ན་ཚོར་བ་སྤོང་མི་ནུས་ཀྱང་ཉེར་བསྡོགས་ཀྱི་ངོ་བོ་ལས་མཐའི་རྣམ་གྲོལ་གྱི་ལམ་སྐྱེའོ། །དེའང་འདོད་ཁམས་ཀྱི་ཆུང་ ངུའི་ཆུང་ངུ་སྤོང་བའི་རྣམ་གྲོལ་གྱི་ལམ་ཐ་མ་དེ་དང་པོའི་དགའ་བ་དེ་ཐོབ་ན་དངོས་གཞི་ཡིན། མ་ཐོབ་ན་ཉེར་བསྡོགས་ལ་གནས་པ་ཡིན། དེ་ལྟར་གཞན་ལའང་འགྲེའོ། །དེའི་གོང་མ་བསམ་གཏན་གསུམ་པའི་ས་པ་ཡན་ཆད་ལས་རྒྱལ་ན་དངོས་གཞི་ཁོ་ན་ལས་སྐྱེའི། ཉེར་བསྡོགས་ལས་སྐྱེ་བ་མིན་ཏེ། དེའི་དངོས་གཞི་དང་ཉེར་བསྡོགས་བཏང་སྙོམས་ཀྱི་དབང་པོར་འདྲ་བའི་ཕྱིར། བསམ་གཏན་དང་པོ་གསུམ་ནི་ཉེར་བསྡོགས་བཏང་སྙོམས་དང་། དང་པོ་དང་གཉིས་པའི་དངོས་གཞི་དག་བདེ་གསུམ་པའི་དངོས་གཞི་བདེ་བ་ཐ་དད་པས་ བཏང་སྙོམས་ཀྱི་མཇུག་ཐོགས་སུ་དབང་རྟུལ་བསམ་གཏན་དངོས་གཞི་ལ་འཇུག་མི་ནུས་ཏེ། ཡིད་བདེ་བའི་དབང་པོའམ་བདེ་བའི་དབང་པོ་བསྐྱེད་དཀའ་བའི་ཕྱིར། དེར་དངོས་གཞི་ཁོ་ན་ལས་རྣམ་གྲོལ་གྱི་ལམ་མངོན་དུ་བྱེད་ནས་ཉེར་བསྡོགས་ལས་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་ས་ལ་གུས་པ་དང་། འདོད་ཆགས་དང་བྲལ་ཟིན་པ་དང་། ཉེར་བསྡོགས་ཁོ་ནས་འོག་མ་ལས་འདོད་ཆགས་དང་བྲལ་བར་བྱས་པའི་ཕྱིར་རོ། །གཉིས་པ་ས་ལྷག་མ་བརྒྱད་གང་གིས་སྤོང་བ་ནི། འཕགས། །བརྒྱད་ཀྱིས་རང་གོང་ས་ལས་རྒྱལ། །འཕགས་པ་སྟེ་ཟག་མེད་ཀྱི་བསམ་ 3-1-285b གཏན་དངོས་གཞི་བཞི་ཁྱད་པར་ཅན་དང་ལྔ་གཟུགས་མེད་ཀྱི་དངོས་གཞི་གསུམ་སྟེ་བརྒྱད་ཀྱི་རང་ས་དང་གོང་མ་ལས་རྒྱལ་ཞིང་འདོད་ཆགས་དང་བྲལ་བར་འགྱུར་ལ། འོག་ས་ལས་ཆགས་པ་དང་བྲལ་བ་མ་ཡིན་ཏེ། ཆགས་པ་དང་མ་བྲལ་ན་དེ་མངོན་དུ་བྱེད་མི་ནུས་ པས་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་རོ། །བཞི་པ་ལམ་གྱི་དམིགས་རྣམ་བཤད་པ་ལ། དངོས་དང་། ཟད་ཤེས་ཀྱི་མཇུག་ཐོགས་སུ་གང་འབྱུང་བའོ། །དང་པོ་ནི། འཇིག་རྟེན་པ་ཡི་རྣམ་གྲོལ་དང་། །བར་ཆད་མེད་ལམ་གོ་རིམས་བཞིན། །ཞི་སོགས་རགས་སོགས་རྣམ་པ་ཅན། །གོང་དང་འོག་མའི་སྤྱོད་ཡུལ་ཅན། །འཇིག་རྟེན་ལས་འདས་པའི་བར་ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་རྣམས་ནི་བདེན་པ་ལ་ དམིགས་པས་དེའི་རྣམ་པར་ཞུགས་པ་ཡིན་ལ། འཇིག་རྟེན་པའི་རྣམ་གྲོལ་གྱི་ལམ་དང་བར་ཆད་མེད་ལམ་གོ་རིམ་བཞིན་དུ་ཞི་སོགས་ཀྱི་ངེས་འབྱུང་གི་རྣམ་པ་ཅན་དང་། རགས་སོགས་ཀྱི་རྣམ་པ་ཅན་ནོ། །དེའང་སྦྱོར་བའི་ལམ་ནི་ཞི་སོགས་ཀྱི་རྣམ་པ་གསུམ། རགས་ སོགས་ཀྱི་རྣམ་པ་གསུམ་སྟེ་དྲུག །ཁྱད་པར་གྱི་ལམ་ལ་ཡང་དེ་ཀ་ལྟར་དྲུག་སྟེ་བཅུ་གཉིས། བར་ཆད་མེད་པའི་རགས་སོགས་ཀྱི་རྣམ་པ་གསུམ་སྟེ་བཅོ་བརྒྱད། ཆེན་པོའི་ཆེན་པོ་སྤོང་བའི་ཁྱད་པར་གྱི་ལམ་དེ་ཆེན་པོའི་འབྲིང་སྤོང་བའི་སྦྱོར་བ་གནས་སྐབས་ཁ་ཅིག་ ཏུ་མི་འགྲོ་སྟེ། ཆེན་པོའི་ཆེན་པོ་སྤངས་པས་ཆོག་ཤེས་མི་བྱེད་པར་དེ་ཀ་ལྟར་ཆེན་པོའི་འབྲིང་སྤོང་བར་བྱེད་པ་ལ་ཆེན་པོའི་ཆེན་པོ་སྤོང་བའི་ཁྱད་པར་གྱི་ལམ་དེ་ཆེན་པོའི་འབྲིང་སྤོང་བའི་སྦྱོར་ལམ་དུ་འགྲོའོ། །དེའང་རྣམ་གྲོལ་གྱི་ལམ་རྣམས་ནི་ས་གོང་མ་ལ་ཞི་བ་ དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་རྣམ་པར་བལྟ་ཞིང་། བར་ཆད་མེད་ལམ་རྣམས་ནི་ས་འོག་མ་ལ་མ་ཞི་བར་རགས་པ་ཆེ་ལོང་དུ་བལྟ་སྟེ། མ་ཞི་བའང་གོང་མ་བས་འབད་པ་ཆེན་པོས་བསྒྲུབ་བྱ་ཡིན་པའི་ཕྱིར། ཐ་བ་གཞིག་དཀའ་བ་དང་ངན་པ་སྨད་པའི་གནས་ 3-1-286a སུ་བལྟ་སྟེ། གྱ་ནོམ་པ་མ་ཡིན་པའི་ཕྱིར། གྲུབ་སྟེ། གནས་ངན་ལེན་ལུས་སེམས་ལས་སུ་མི་རུང་བ་རབ་ཏུ་མང་བ་ཉིད་ཀྱིས་ཉོན་མོངས་མེད་པ་དང་མི་མཐུན་པར་འགྱུར་བའི་ཕྱིར། ཡང་ན་སྡུག་བསྔལ་ཡོད་པས་ཐ་བ་ལེན་པས་ན་ཐ་མ་ངན་པ་སྟེ། པུས་ནད་དུ་གྱུར་པས་ལུས་ནད་དུ་གྱུར་པ་འདི་ཉེ་བར་ལེན་པའི་ཕྱིར་རོ། །རྩིག་པ་སྟུག་པོ་ལྟ་བུར་སྤྱོད་ཡུལ་དུ་བྱེད་པ་ཅན་ཡིན་ཏེ། རྩིག་པས་ནམ་མཁའི་ཕྱོགས་ནོན་པས་དེ་ལས་ངེས་པར་མི་འབྱུང་བ་བཞིན་ས་དེ་ཉིད་ཀྱིས་དེ་ལས་ངེས་པར་མི་འབྱུང་བའི་ཕྱིར། །ཞི་བ་ན་འོག་ མ་ལ་བལྟོས་ཏེ་འདུ་བྱེད་པ་ཤིན་ཏུ་ཆུང་བའི་ཕྱིར། གྱ་ནོམ་པ་ནི་གནས་ངན་ལེན་རབ་ཏུ་ཉུང་བས་མཐུན་པའི་ཕྱིར། ངེས་པར་འབྱུང་བ་ནི་དེས་ས་འོག་མ་ལས་ངེས་པར་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་མི་གཡོའི་ཟད་ཤེས་ལས། །མི་སྐྱེའི་བློ་གྲོས་གལ་ཏེ་མིན། །ཟད་པ་ཤེས་སམ་མི་སློབ་ལྟ། །དེ་ནི་དགྲ་བཅོམ་ཐམས་ཅད་ལ། །ཟད་པ་ཤེས་པའི་མཇུག་ཐོགས་སུ་ཤེས་པ་གང་སྐྱེ་ན། གལ་ཏེ་དགྲ་བཅོམ་ མི་གཡོ་བའི་ཆོས་ཅན་ཡིན་ན་མི་ཉམས་པས་ཟད་ཤེས་ལས་མི་སྐྱེ་བའི་བློ་གྲོས་སྐྱེ་ལ། གལ་ཏེ་མི་གཡོ་བའི་ཆོས་ཅན་མིན་ན་ནི་ཟད་པ་ཤེས་པ་ལས་ཟད་པ་ཤེས་པ་ཁོ་ནའམ། ཡང་ན་མི་སློབ་པའི་ཡང་དག་པའི་ལྟ་བ་སྐྱེའོ། །མི་སྐྱེ་བ་ཤེས་པ་ནི་མ་ཡིན་ཏེ། ཉོན་མོངས་པ་སྐྱེ་བའི་སྐབས་ ཡོད་པས་ཉམས་པ་སྲིད་པའི་ཕྱིར་དང་། མི་སྐྱེ་བ་ཤེས་པ་ལས་ཉམས་པ་མེད་པའི་ཕྱིར། མི་སློབ་པའི་ཡང་དག་པའི་ལྟ་བ་དེ་ནི་དགྲ་བཅོམ་ཐམས་ཅད་ལ་སྐྱེ་སྟེ། མི་གཡོ་བའི་ཆོས་ཅན་ལའང་རེས་འགའ་མི་སྐྱེ་བ་ཤེས་པ་ལས་མི་སྐྱེ་བ་ཤེས་པ་ཁོ་ན་དང་། རེས་འགའ་མི་སློབ་ པའི་ཡང་དག་པའི་ལྟ་བ་སྐྱེ་བའི་ཕྱིར་རོ། །གཉིས་པ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ། དགེ་སྦྱོང་ཚུལ་འབྲས་ཀྱི་དབྱེ་བ། དགེ་སྦྱོང་གི་ཚུལ་ཉིད་བཤད་པའོ། །དང་པོ་ལ། བསྡུས་ཏེ་དབྱེ་བ། རྒྱས་པར་དབྱེ་བ། འབྲས་བུ་བཞིའི་གྲངས་ངེས་མ་ཁྱབ་པ་སྤོང་བའོ། །དང་པོ་ནི། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། ། 3-1-286b འབྲས་བུ་བཞིར་བཤད་པ་དེ་གང་གི་འབྲས་བུ་ཡིན་ཅེ་ན། དགེ་སྦྱོང་ཚུལ་གྱིས་ཡིན་ནོ། །དགེ་སྦྱོང་གི་ཚུལ་ནི་དྲི་མ་མེད་པའི་བར་ཆད་མེད་ལམ་བརྒྱད་ཅུ་རྩ་དགུ་ཡིན་ལ། འབྲས་བུ་ནི་རྣམ་གྲོལ་གྱི་ལམ་འདུས་བྱས་དང་བྲལ་འབྲས་འདུས་མ་བྱས་དེ་སྙེད་ཉིད་ཡིན་ནོ། །དེ་ཡང་མདོ་ ལས་བཞིར་གསུངས་སོ། །དེས་ན་འབྲས་བུ་འདི་ཕུང་པོ་ལྔ་དང་འདུས་མ་བྱས་དང་རྫས་དྲུག་ཡིན་ནོ། །ཚུལ་འདིས་ཉོན་མོངས་པ་ཡང་དག་པར་ཞི་བར་བྱེད་པ་དང་ལྡན་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་ཏེ། མདོ་ལས། འདིས་སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནས་རྒྱས་པར་རྒ་ཤིར་ འགྱུར་བའི་བར་དུ་རྣམ་པ་དུ་མ་ཞི་བར་བྱས་པ་ཡིན་པའི་ཕྱིར། དགེ་སྦྱོང་ཞེས་གསུངས་པའི་ཕྱིར་རོ། །སོ་སྐྱེ་ནི་དོན་དམ་པའི་དགེ་སྦྱོང་མ་ཡིན་ཏེ། ཅི་ཡང་གི་བར་ལ་འདོད་ཆགས་དང་བྲལ་ཀྱང་ཉེས་པའི་འཕྲོ་དང་བཅས་པ་དང་ཉེས་པ་གཏན་དུ་ཞི་བར་མི་བྱེད་པའི་ཕྱིར། གཉིས་ པ་ནི། དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །དེའང་མཐོང་སྤོང་སྤོང་བྱེད་བར་ཆད་མེད་ལམ་བརྒྱད། དེ་སྙེད་ཀྱི་རྣམ་གྲོལ་ལམ། སྒོམ་སྤོང་སྤོང་བྱེད་བར་ཆད་མེད་ལམ་ས་དགུ་པོ་རེ་རེ་ཞིང་ཉོན་མོངས་པ་རྣམ་པ་དགུ་དགུ་སྤོང་བྱེད་དེ་སྙེད་ཁོ་ན་དང་རྣམ་གྲོལ་གྱི་ལམ་དག་ཡིན་ནོ། །དེ་ལ་བར་ཆད་མེད་ལམ་རྣམས་ནི་དགེ་ སྦྱོང་གི་ཚུལ་དང་། རྣམ་གྲོལ་གྱི་ལམ་རྣམས་ནི་ཚུལ་གྱི་འབྲས་བུ་འདུས་བྱས་དག་ཡིན་ཏེ། དེའི་རྒྱུ་མཐུན་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར། ཉོན་མོངས་ཟད་པ་རྣམས་དང་བཅས་པ་འབྲས་བུ་འདུས་མ་བྱས་ཀྱང་སྐྱེས་བུ་བྱེད་འབྲས་ཏེ་དེ་དག་བརྒྱད་ཅུ་རྩ་དགུ་ཡིན་ནོ། ། གསུམ་པ་ནི། འབྲས་བུ་བཞིར་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་བསྡོམས་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །འབྲས་བུ་བརྒྱད་ཅུ་རྩ་དགུ་ཡོད་པ་དེ་ལྟར་ན་སོ་སོའི་སྐྱེ་བོ་པཎྜྻི་ཏའི་ཚིག་ལ་ཆད་པ་ཡོད་པ་ལྟར་སངས་རྒྱས་ཀྱི་གསུང་ལ་ཁ་བསྐང་བྱ་དགོས་པར་འགྱུར་རོ་ཞེ་ན། མི་དགོས་ཏེ། འབྲས་བུ་མང་པོ་དེ་བཞིར་འདུས་པའི་ཕྱིར་ཏེ། འདོད་པ་དང་ཁམས་གོང་གི་མཐོང་ 3-1-287a སྤོང་བཞི་བཞི་སྤངས་པ་རྒྱུན་ཞུགས་ཀྱི་འབྲས་བུར་འདུ། འདོད་པའི་དྲུག་པ་མན་ཆོད་སྤངས་པ་ཕྱིར་འོང་གི་འབྲས་བུར་འདུ། འདོད་པའི་དགུ་སྤངས་པ་ཕྱིར་མི་འོང་གི་འབྲས་བུར་འདུ། སྲིད་རྩེའི་དགུ་པ་མན་ཆོད་སྤངས་པ་དགྲ་བཅོམ་པའི་འབྲས་བུར་འདུའོ། ། གཞན་ཡང་འབྲས་བུའི་རྣམ་པ་མང་མོད་ཀྱི། བཅོམ་ལྡན་འདས་ཀྱིས་སྤོང་ལམ་གྱི་གནས་སྐབས་ན་འབྲས་བུ་བཞིར་རྣམ་པར་བཞག །ཅེས་པ་ནི་གྲགས་ཏེ་རྒྱུ་ལྔ་དག་ནི་སྲིད་པའི་ཕྱིར་རོ། །རྒྱུ་ལྔ་ནི་འབྲས་བུ་ལ་ཞུགས་པའི་ལམ་སྔོན་མ་བཏང་བས་མི་ལྡན་པ་དང་། འབྲས་བུའི་ལམ་སྔོན་ མེད་གཞན་ཐོབ་ཅིང་ལྡན་པ་དང་ཟད་པ་བསྡོམས་པའམ་སྤངས་པ་སྡོམ་པ་ནི་སྤང་བྱ་སྤངས་པའི་བྲལ་བའི་རྫས་མང་ཡང་ཐོབ་པ་རེ་རེ་བ་སྟེ། ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པའི་ཕྱིར། དེའང་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་དུས་ན་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ཀྱིས་ ཐོབ་པའི་སྒོམ་པའི་ལམ་གྱིས་བསྡུས་པ་གཅིག་རྙེད་ལ། དེ་བཞིན་དུ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དུས་ནའང་མཐོང་བས་སྤང་བར་བྱ་བའི་སྤངས་པ་དང་། སྒོམ་པས་སྤང་བར་བྱ་བའི་རྣམ་པ་དྲུག་པོ་ཐམས་ཅད་ཀྱིས་ཐོབ་པ་གཅིག་རྙེད་དེ། ཕྱིར་མི་འོང་དང་དགྲ་བཅོམ་ གྱི་འབྲས་བུ་ལའང་དེ་བཞིན་དུ་སྦྱར་རོ། །སྡུག་བསྔལ་ནས་ལམ་ལ་ཆོས་ཤེས་པའི་བར་བཞི་དང་། རྗེས་སུ་ཤེས་པ་བཞི་ཤེས་པ་བརྒྱད་ཚན་གཅིག་ཅར་དུ་ཐོབ་པ་དང་། ཞེས་པ་ལ། སྔར་གྱི་ཤེས་པ་བདུན་གྱི་ཐོག་ཏུ་ལམ་ལ་རྗེས་སུ་ཤེས་པ་བསྣན་ནས་བརྒྱད་ཐོབ་བྱ་བ་དེ་ ལྟར་མིན། ཇི་ལྟར་ཡིན་ན་སྔར་གྱི་ཤེས་པ་བདུན་བཏང་བ་ཡིན། རྒྱུ་ཡོངས་སུ་རྒྱས་པས་མ་འོངས་པའི་ཤེས་པ་བརྒྱད་ཐོབ་པ་ཡིན་ནོ། །མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་པ་ནི་སྔར་གྱི་བཅོ་ལྔའི་ལམ་ལ་རྗེས་སུ་ཤེས་པ་བསྣན་པས་བཅུ་དྲུག་ཐོབ་པ་ 3-1-287b མིན། དེ་ཅིས་སྙམ་ན། སྔར་གྱི་ཤེས་པ་བཅོ་ལྔ་ནི་བཅུ་དྲུག་པའི་དུས་ན་བཏང་། འོ་ན་ཇི་ལྟར་ཡིན་ན་རྒྱུ་ཡོངས་སུ་རྒྱས་པའི་སྒོ་ནས་ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་སྐྱེས་པའི་དུས་སུ་མ་འོངས་པ་བཅུ་དྲུག་ཐོབ་པའོ། །མདོར་ན་ལྔ་པོ་དེ་འབྲས་བུ་རེ་རེ་ལའང་ཡོད་པའོ། ། བཞི་པ་ནི། འཇིག་རྟེན་པ་ཡིས་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །གལ་ཏེ་ཟག་མེད་ཀྱིའམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན། མཐོང་ལམ་ཟག་མེད་ཡིན་པས་རྒྱུན་ཞུགས་ཀྱི་འབྲས་བུར་གཏུབ། ཕྱིར་འོང་ཕྱིར་མི་འོང་གཉིས་འདས་ལམ་གྱི་ཐོབ་པ་སྟེ་དགེ་སྦྱོང་ཚུལ་འབྲས་ཡིན་པར་བཏུབ་ཀྱང་། འབྲས་བུ་བར་པ་གཉིས་འཇིག་ རྟེན་པའི་ལམ་གྱིས་ཐོབ་པར་སྲིད་ན་དེ་དགེ་སྦྱོང་གི་ཚུལ་འབྲས་སུ་རུང་ཞེ་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ལན་གཅིག་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ནི་ཆོས་ཅན། །འཇིག་རྟེན་པའི་ལམ་གྱི་འབྲས་བུའི་སྤངས་པ་ཁོ་ནའང་མ་ཡིན་ཏེ། མཐོང་བའི་ལམ་གྱི་ འབྲས་བུ་སྤངས་པའང་དེར་བསྲེས་ཤིང་སྡོམ་པ་དང་མཐོང་སྒོམ་གྱི་ལམ་གྱི་འབྲས་བུ་ཐམས་ཅད་ཀྱི་ཐོབ་པ་ལན་གཅིག་ཕྱིར་འོང་དང་ཕྱིར་མི་འོང་དེའི་འབྲས་བུ་བསྡུས་པ་གཅིག་རྙེད་པའི་ཕྱིར། དེ་སྐད་དུ་མདོ་ལས། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཀུན་སྦྱོར་གསུམ་ སྤངས་པ་དང་། ཆགས་སྡང་གཏི་མུག་སྲབ་པ་དེ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་ཀུན་སྦྱོར་ཐ་མའི་ཆ་མཐུན་ལྔ་སྤངས་པ་དེ་ཡིན་ཅེས་གསུངས་པས། ཀུན་སྦྱོར་གསུམ་མཐོང་སྤོང་གི་སྤངས་པ་ཡིན་པ་དང་། ཐ་མའི་ཆ་མཐུན་གྱི་འཇིག་ཚུལ་ཐེ་ཚོམ་རྣམས་ཀྱང་ མཐོང་སྤོང་གི་སྤངས་པ་ཡིན་པས་སྤངས་པ་འདྲེས་མར་འཇུག་པ་སངས་རྒྱས་ཀྱིས་གསུངས་པའོ། །མཐོང་ལམ་གྱི་སྤངས་པ་ལ་ལྟ་ཟག་མེད་ཀྱི་ཐོབ་པ་ཡོད་ཀྱང་། སྒོམ་ལམ་འཇིག་རྟེན་པས་སྤངས་པ་ལ་ཟག་མེད་ཀྱི་ཐོབ་པ་ཡོད་དོ་སྙམ་ན། བྲལ་ཐོབ་ཟག་མེད་ཀྱི་ 3-1-288a སྟོབས་ཀྱིས་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་སྤངས་པ་དེ་འཛིན་པར་བྱེད་པས་འཕགས་པ་ཡོངས་སུ་ཉམས་པ་སོར་མ་ཆུད་ཀྱི་བར་མི་འཆི་བའི་ཕྱིར་འདི་དགེ་སྦྱོང་གི་འབྲས་བུ་ཉིད་དུ་རིགས་སོ། །བརྒྱ་ལ་འཕགས་པ་ལ་འཇིག་རྟེན་པའི་ལམ་གྱིས་ སྤངས་པ་ལ་ཡང་བྲལ་བའི་ཐོབ་པ་ཟག་མེད་མེད་ན་སོ་སྐྱེ་བཞིན་དུ་ཉམས་བཞིན་དུ་འཆི་ཞིང་དམྱལ་བ་ལ་སོགས་པར་ཡང་སྐྱེ་བར་ཐལ་ལོ། །ཡང་ན་ཟག་པ་མེད་པའི་ཐོབ་པ་འཇིག་རྟེན་པའི་ལམ་གྱིས་ཉེ་བར་བསྐྱེད་པ་ཡོད་པས་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ འཇིག་རྟེན་པའི་སྟོབས་ཀྱིས་ཐོབ་པར་བྱ་བ་མ་འོངས་པ་དེ་ལ་དགེ་སྦྱོང་གི་ཚུལ་གྱིས་འབྲས་བུར་བཞག་སྟེ། སོ་སོའི་སྐྱེ་བོ་ལ་ནི་འཇིག་རྟེན་པའི་ལམ་གྱི་འབྲས་བུར་འཕགས་པའི་ལམ་ཡན་ལག་བརྒྱད་མ་འོངས་པ་དེ་འབྲས་བུར་མི་འོང་། འཕགས་པ་ལ་འཇིག་རྟེན་པའི་ ལམ་ཡན་ལག་བརྒྱད་པ་མ་འོངས་པ་དེ་འབྲས་བུར་བཞག་པའི་ཕྱིར། མདོ་ལས་ནི་གཙོ་བོ་ཡིན་པའི་ཕྱིར་དགེ་སྦྱོང་གི་ཚུལ་འབྲས་འདུས་མ་བྱས་སྨོས་ཏེ། དེར་ནི་འདུས་བྱས་ཀྱང་འདོད་པར་བྱའོ། །གཉིས་པ་དགེ་སྦྱོང་གི་ཚུལ་ཉིད་བཤད་པ་ལ། ལམ་ གྱི་ཚངས་པའི་འཁོར་ལོ་བཤད་པ། མཐོང་ལམ་བྱེ་བྲག་ཏུ་ཆོས་འཁོར་བཤད་པ། ཁམས་གང་དུ་དགེ་སྦྱོང་ཚུལ་གྱི་འབྲས་བུ་དུ་ཐོབ་པའོ། །དང་པོ་ནི། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །དགེ་སྦྱོང་གི་ཚུལ་དེ་ཉིད་ཚངས་པའི་ཚུལ་ཡིན་ཏེ། ཉོན་མོངས་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སྤངས་པའི་ ཕྱིར་རོ། །བཅོམ་ལྡན་འདས་ནི་ཚངས་པའི་ཚུལ་ཟག་པ་མེད་པའི་ལམ་བླ་ན་མེད་པ་དང་ལྡན་པའི་ཚངས་པ་ཡིན་ལ། འཁོར་ལོ་འདི་ནི་བཅོམ་ལྡན་འདས་དེའི་ཡིན་པས་ཚངས་པའི་འཁོར་ལོ་སྟེ་ཚངས་པ་བཅོམ་ལྡན་འདས་དེས་བསྐོར་བའི་ཕྱིར་རོ། །མདོ་ལས། བཅོམ་ 3-1-288b ལྡན་འདས་དེ་ནི་ཚངས་པ་ཞེས་ཀྱང་བྱ་སྟེ། མི་དགེ་བ་མེད་པའི་ཕྱིར་དང་། བསིལ་བ་ཞེས་བྱ་སྟེ་སྡུག་བསྔལ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །མཐོང་བའི་ལམ་ནི་ཆོས་ཀྱི་འཁོར་ལོ་ཞེས་བརྗོད་དེ། རྒྱུ་པས་ན་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར། ཇི་ལྟར་ཆོས་ མཐུན་ན། འཁོར་ལོ་རིན་པོ་ཆེ་ལྟར་མཐོང་བའི་ལམ་ཡང་སེམས་ཀྱི་སྐད་ཅིག་མ་བཅོ་ལྔས་བདེན་པ་མངོན་པར་རྟོགས་པའི་ཕྱིར་མྱུར་བར་འགྲོ་བ་དང་སོགས་པས་འཁོར་ལོ་རྒྱབ་མ་འདོར་ཞིང་མདུན་མ་ལ་འཇུག་པ་བཞིན་བར་ཆད་མེད་ལམ་འདོར་ལ། རྣམ་གྲོལ་གྱི་ལམ་ མངོན་དུ་གྱུར་པའི་སྒོ་ནས་འཇུག་པའམ་བདེན་པའི་དམིགས་པ་གཞན་དོར་ནས་གཞན་ལ་འཇུག་པའི་ཕྱིར་དང་། འཁོར་ལོས་གྲོང་དང་གྲོང་རྡལ་སོགས་དགེ་བ་བཅུ་ལ་འགོད་དེ་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། བཀོད་པ་མི་ཉམས་པར་བྱེད་པས་རྒྱལ་བ་རྣལ་དུ་ འགོད་པ་ལྟར་བར་ཆད་མེད་ལམ་གྱིས་འཇིག་ལྟ་སོགས་ཉོན་མོངས་ལས་མ་རྒྱལ་བ་རྣམས་དེའི་ཐོབ་པ་གཅོད་པའི་སྒོ་ནས་རྒྱལ་བར་བྱེད་དེ། རྣམ་གྲོལ་གྱི་ལམ་གྱིས་རྒྱལ་བ་རྣལ་དུ་འགོད་དེ་བྲལ་ཐོབ་དང་ལྷན་ཅིག་སྐྱེ་བའི་ཕྱིར། དེ་འཕར་བ་དང་འབབ་པ་བཞིན་བར་ཆད་ མེད་ལམ་དང་རྣམ་གྲོལ་གྱི་ལམ་ཡང་མངོན་དུ་བྱེད་པའམ། འདོད་པའི་སྡུག་བསྔལ་ལ་སོགས་ལ་དམིགས་པའི་སྒོ་ནས་འབབ། ཁམས་གོང་མ་ལ་དམིགས་པས་འཕར་བའི་ཕྱིར། བཙུན་པ་དབྱངས་སྒྲོག་ནི། འཕགས་ལམ་ཡན་ལག་བརྒྱད་ནི་རྩིབས་སོགས་ཀྱི་ཆོས་ མཐུན་པའི་ཕྱིར་ཆོས་ཀྱི་འཁོར་ལོའོ། །འདི་ནི་ཚུལ་ཁྲིམས་ལ་བརྟེན་ཏིང་ངེ་འཛིན་ཐོབ་ལ། དེ་ཐོབ་པས་ཤེས་རབ་སྐྱེ་བས་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་ལྟེ་བ་ལྟ་བུ་སྟེ། ཚུལ་ཁྲིམས་གཞིར་གྱུར་པས་ཡང་དག་པའི་ལྟ་བ་སོགས་དེ་ལ་རག་ 3-1-289a ལུས་ཏེ་འཇུག་པའི་ཕྱིར། ཏིང་ངེ་འཛིན་ནི་མུ་ཁྱུད་ལྟ་བུ་སྟེ། དེས་གཞན་དག་ཉེ་བར་འཛིན་པའི་ཕྱིར། ཡང་དག་པའི་ལྟ་བ། རྟོག་པ་རྩོལ་བ། དྲན་པ་རྣམས་ནི་རྩིབས་བཞིན་དུ་ཕན་ཚུན་འཇུག་པའི་ཕྱིར་ཞེས་ཟེར་རོ། །མཐོང་ལམ་ཆོས་ འཁོར་ཡིན་ཏེ། འཕགས་པ་ཀོའུ་ཌི་ནྱ་ལ་མཐོང་ལམ་སྐྱེས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཞེས་གསུངས་པའི་ཕྱིར། ལན་གསུམ་དང་བཟླས་པ་དང་རྣམ་པ་བཅུ་གཉིས་ནི། བྱེ་བྲག་ཏུ་སྨྲ་བ་ན་རེ། སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་སོགས་བསྐོར་ བ་གཅིག །དེ་ཡོངས་སུ་ཤེས་པར་བྱའོ་ཞེས་པ་སོགས་གཉིས། ཡོངས་སུ་ཤེས་སོ་ཞེས་སོགས་འདི་ནི་ལན་གསུམ་དུ་བཟླས་པའོ། །བཟླས་པ་རེ་རེ་ལའང་ཟག་མེད་ཀྱི་ཤེས་རབ་ནི་མངོན་སུམ་དུ་འཇུག་པས་མིག་དང་། ཐེ་ཚོམ་མེད་པས་ཤེས་པ་དང་། ཡང་དག་ པའི་དོན་གྱི་ཕྱིར་རིག་པ་དང་རྣམ་པར་དག་པས་བློ་སྐྱེས་སོ་ཞེས་བྱ་བ་འདི་ནི་རྣམ་པ་བཅུ་གཉིས་ཏེ་བདེན་པ་རེ་རེ་ལའང་བཞི་གསུམ་བཅུ་གཉིས་དེ་དང་འདྲའོ། །འོ་ན་བཞི་བཅུ་ཞེ་བརྒྱད་ལ་བཅུ་གཉིས་ཟེར་བ་ཇི་ལྟར་ཞེ་ན། གསུམ་ཚན་ཀྱང་བཅུ་གཉིས་སུ་ཆོས་མཐུན་པའི་ ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བཤད་དེ། དཔེར་ན་མང་པོ་ཞིག་བཤད་པའི་རྗེས་ལ། དགེ་སློང་དག་ཁྱེད་ལ་གཉིས་ཤིག་བསྟན་པར་བྱས། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །གཉིས་གང་ཞེ་ན། མིག་དང་གཟུགས་དང་། ཡིད་དང་ ཆོས་རྣམས་སོ། །དཔེ་དེ་བཞིན་དུ་སྡུག་བསྔལ་ལ་བཅུ་གཉིས། ཀུན་འབྱུང་ལ་བཅུ་གཉིས། འགོག་པ་ལ་བཅུ་གཉིས། ལམ་ལ་བཅུ་གཉིས་ཏེ་བཅུ་གཉིས་ཚན་དུ་ཆོས་མཐུན་པའོ། །དེ་བཞིན་གནས་བདུན་ལ་མཁས་པར་བསྟན་པ་བཞིན་ནོ། །ཡང་ན་མིག་སྤྱི། 3-1-289b ཤེས་པ་རིག་པ་བློ་གསུམ་དུས་གསུམ་དང་སྦྱར་རོ། །ཡང་ན་དང་པོ་མཐོང་བ་མིག །མཐོང་བ་ལ་དཔྱོད་པ་ཤེས་པ། ཇི་སྙེད་ཡོད་པ་ལ་བརྟེན་ནས་རིག་པ། ཇི་ལྟ་བ་བཞིན་རིག་པས་བློ། ཡང་ན་མ་ཐོས་པའི་ཆོས་ལ་རྗེས་སུ་དཔོག་པའི་ཤེས་རབ་དགག་པའི་ཕྱིར་ མིག །མོས་པ་ལས་བྱུང་བའི་ཤེས་པ་དགག་པའི་ཕྱིར་ཤེས་པ། མངོན་པའི་ང་རྒྱལ་ལས་བྱུང་བའི་ཤེས་པ་དགག་པའི་ཕྱིར་རིག་པ། ཟག་པ་དང་བཅས་པ་དགག་པའི་ཕྱིར་བློ། ཡང་ན་ཕྱི་རོལ་པའི་ཆགས་པ་དང་། ཐེ་ཚོམ། མ་རིག་པ། ཟག་པ་ལ་སོགས་ པའི་གོ་རིམ་བཟློག་གོ། མདོ་ལས་ཇི་སྐད་དུ་གསུངས་པའི་བཟླས་པ་འདི་དག་གི་གྲངས་བཞིན་དུ་བདེན་པའི་ཞེས་པ་མཐོང་ལམ། དེ་ཡོངས་སུ་ཤེས་པར་བྱ་ཞེས་པས་སྒོམ་ལམ། དེ་ཡོངས་སུ་ཤེས་སོ་ཞེས་པས་མི་སློབ་ལམ་བསྟན་ཅེས་ཟེར་རོ། །སློབ་དཔོན་ གྱིས་བྱེ་བྲག་སྨྲ་བའི་ལུགས་དེ་སུན་འདོན་པ་ནི། དེ་ལྟར་ན་མཐོང་ལམ་འདི་གཅིག་པུ་ཆོས་འཁོར་དུ་རྣམ་པར་བཞག་པ་དེ་མི་འཐད་པར་ཐལ། མཐོང་བའི་ལམ་ཁོ་ན་ལན་གསུམ་དུ་བཟླས་པའང་མ་ཡིན་པ་གང་ཞིག །མཐོང་ལམ་ལན་གཅིག་བཟླས་པ་དང་ རྣམ་པ་བཞི་ཡིན་ན། རྣམ་པ་བཅུ་གཉིས་ཀྱང་བཟླས་པ་མེད་པས་འཁོར་ལོ་དང་ཆོས་མཐུན་པ་མེད་པའི་ཕྱིར། དེས་ན་མདོ་ལས་བསྟན་པའི་མཚན་ཉིད་ཅན་ཆོས་ཀྱི་རྣམ་གྲངས་དེ་ཆོས་འཁོར་ཀྱང་ཡིན་ཏེ། ཆོས་གསུམ་ནི། བསྟན་པ་དང་། སྒྲུབ་པ་དང་། འབྲས་བུའི་ཆོས་སོ། །གཞུང་ལའང་དོན་ཉེ་བར་འདོགས་སོ། །དེའང་ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པའི་ཕྱིར་རོ། །ལན་གསུམ་དུ་བཟླས་པ་དང་རྣམ་པ་བཅུ་གཉིས་ཀྱང་རུང་སྟེ། དེ་དག་གི་དོན་དུ་སྟོན་པའི་ཕྱིར། སྡུག་བསྔལ་ནས་ལམ་ཞེས་པའི་བར་བཟླས་ 3-1-290a པ་གཅིག་དང་། ཡོངས་སུ་ཤེས་པར་བྱ་ནས་བསྒོམ་པར་བྱ་བའི་བར་གཉིས་དང་། ཡོངས་སུ་ཤེས་སོ་ནས་བསྒོམས་སོའི་བར་བཟླས་པ་གསུམ་པ་སྟེ་ལན་གསུམ་དུ་བཟླས་པའི་ཕྱིར་རོ། །ཇི་ལྟར་རྣམ་པ་བཅུ་གཉིས་ཡིན་ཅེ་ན། བདེན་པ་ བཞི་པོ་རྣམས་ལ་རང་གི་ངོ་བོ་ལ་དམིགས་པ་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་ཞེས་དང་། བྱ་བའི་ངོ་བོར་དམིགས་པ་ཤེས་པར་བྱ་སྤང་བར་བྱ་མངོན་སུམ་དུ་བྱ་བསྒོམ་པར་བྱ་ཞེས་དང་། མཐར་ཐུག་པར་དམིགས་པ་ཡོངས་སུ་ཤེས། སྤངས། མངོན་སུམ་དུ་བྱས། བསྒོམས་སོ་ཞེས་རྣམ་པ་གསུམ་དུ་བྱས་པའི་ཕྱིར། ཆོས་ཀྱི་རྣམ་གྲངས་དེ་བསྐོར་བ་ནི་གཞན་གདུལ་བྱའི་རྒྱུད་ལ་གཏོང་བར་བྱེད་པ་སྟེ། དོན་ཤེས་པར་བྱེད་པའི་ཕྱིར། ཡང་ན་འཕགས་ལམ་གསུམ་པོ་ཐམས་ཅད་ཀྱང་ཆོས་ཀྱི་འཁོར་ལོ་སྟེ་གདུལ་བྱའི་རྒྱུད་ལ་འཇུག་པས་འཁོར་ལོ་ ཞེས་བྱ་བའི་ཕྱིར། ཀོའུ་ཌི་ནྱ་ལ་མཐོང་ལམ་སྐྱེས་པ་ཙམ་གྱིས་ཆོས་ཅན། དེ་སྐོར་ཅེས་བརྗོད་པ་ཡིན་ཏེ། མཐོང་ལམ་གཅིག་པུ་ལ་ལན་གསུམ་དུ་བཟླས་པ་མེད་ཀྱང་། གཞན་ཀོའུ་ཌི་ནྱའི་རྒྱུད་ལ་མཐོང་ལམ་སྐྱེས་པ་ནས་འཁོར་ལོ་བསྐོར་བའི་མགོ་བརྩམས་པའམ་ཚུགས་པའི་ ཕྱིར་རོ། །གསུམ་པ་ལ། དངོས་དང་། དོགས་གཅོད་དོ། །དང་པོ་ནི། འདོད་པར་གསུམ་འཐོབ་ཐ་མ་ནི། །གསུམ་དུའོ། །འདོད་པའི་ཁམས་སུ་རྒྱུན་ཞུགས་ལན་གཅིག་ཕྱིར་འོང་ཕྱིར་མི་འོང་གི་འབྲས་བུ་གསུམ་ཐོབ་ཀྱི། ཁམས་གཞན་དུ་ནི་མ་ཡིན་ལ། འབྲས་བུ་ཐ་མ་དགྲ་བཅོམ་ནི་ཁམས་གསུམ་དུ་འཐོབ་བོ། །གཉིས་ པ་ནི། གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེར་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །འབྲས་བུ་གཉིས་འདོད་ཆགས་མ་བྲལ་བས་ཐོབ་བྱ་ཡིན་པས་གོང་མར་མི་ཐོབ་པར་རིགས་ན། གལ་ཏེ་གཟུགས་ཀྱི་ཁམས་སུ་སྐྱེས་པ་ཞིག་ངེས་པ་ལ་འཇུག་ན་སེམས་ཀྱི་སྐད་ཅིག་བཅུ་དྲུག་ལ་ཕྱིར་མི་འོང་བའི་འབྲས་བུ་ཅིས་མི་ཐོབ་ཅེ་ན། མཐར་གྱིས་པ་ནི་ཁམས་གོང་ 3-1-290b མར་སྐྱེ་བ་ལ་འདོད་པའི་ཉོན་མོངས་སྤང་དགོས་ཙ་ན། འདོད་པའི་ཉོན་མོངས་སྐྱེས་པའི་གང་དུ་མཐོང་ལམ་སྐྱེས་ཟིན་པས་མཐར་གྱིས་པ་ལ་གོང་ན་མཐོང་ལམ་མེད་པ་རྟོགས་སླ་བས་མ་བརྗོད་ལ། ཆགས་བྲལ་སྔོན་དུ་འགྲོ་བ་དྲུག་པ་སྤངས་པས་གོང་དུ་མི་སྐྱེ། དགུ་པ་སྤངས་ ནས་ཁམས་གོང་མ་གཉིས་ཀྱི་རྟེན་ལ་སྐྱེས་ཙམ་ན་འདོད་ཆགས་ལས་བྲལ་བའི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་མེད་དེ། དེ་ན་མཐོང་ལམ་མེད་པའི་ཕྱིར་རོ། །དེར་སྐྱེས་པའི་རྟེན་ལ་མཐོང་ལམ་མེད་པའང་གཟུགས་མེད་པའི་ཁམས་ན་ཡོད་ནའང་དེར་རང་བྱང་ཆུབ་ནི་མི་སྲིད་ལ། ཉན་ ཐོས་ཀྱིས་མངོན་པར་རྟོགས་པ་ནི་གཞན་ལས་མ་ཐོས་པར་མི་འབྱུང་བས། དེར་བདག་མེད་སྟོན་པའི་གཞན་གྱི་སྒྲ་ཉན་པ་མེད་པ་དང་། གཟུགས་མེད་ཁམས་སུ་སྐྱེས་པས་འདོད་པ་ལ་མི་དམིགས་པའི་ཕྱིར། གཟུགས་ཁམས་ན་སོ་སྐྱེ་རྣམས་ཀྱི་མཐོང་ལམ་ཐོབ་པར་མི་ནུས་ཏེ། ཀུན་ཏུ་མི་སྐྱོ་བའི་ཕྱིར་ཏེ། སྙོམས་འཇུག་གི་བདེ་བ་ལ་ཆགས་པའི་ཕྱིར་དང་། སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་རོ། །འདོད་པ་ན་སྡུག་བསྔལ་གྱི་ཚོར་བ་མང་བ་དང་འབད་པས་བདེ་བ་རྣམས་ཀྱང་ཚེ་ཐུང་བའི་ཕྱིར་དང་། ནད་མེད་པ་དང་ལོངས་སྤྱོད་དང་གཉེན་བཤེས་དང་བྲལ་ བ་སྲིད་པའི་ཕྱིར་སྐྱོ་བ་མང་ངོ་། །རིགས་པའོ། །ལུང་ལས་ཀྱང་བར་དོར་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་གང་ཟག་ལྔ་ནི་འདིར་ལམ་རྩོམ་པ་མགོ་འཛུགས་ཤིང་ཁམས་གོང་མ་དེར་མཐར་ཕྱིན་པར་འགྱུར་ཞེས་འབྱུང་བའི་ཕྱིར། །རྩོམ་པ་ནི་ཐར་པའི་ལམ་རྩོམ་ཞིང་ མགོ་འཛུགས་པ་སྟེ་མྱང་འདས་ཀྱི་ཐབས་ཡིན་པའི་ཕྱིར་རོ། །གསུམ་པ་དགྲ་བཅོམ་འབྲས་གནས་ཀྱི་དབྱེ་བ་ལ། དྲུག་ཏུ་དབྱེ་བ་དང་། དགུར་དབྱེ་བའོ། །དང་པོ་ལ། དབྱེ་བ་དངོས་དང་། དབང་པོ་འཕོ་ཚུལ་ལོ། །དང་པོ་ལ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དགྲ་བཅོམ་དྲུག་འདོད། མདོ་ལས་དགྲ་བཅོམ་དྲུག་ཏུ་ 3-1-291a གསུངས་པར་འདོད་དེ། སྤངས་པའམ་བདེར་གནས་ལས་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རང་བཞིན་ཡོད་པ་ཅན་དང་། ཉམས་ཀྱིས་དོགས་ནས་དེ་གོང་དུ་བདག་ཉིད་འཆི་བར་སེམས་པའི་ཆོས་ཅན་དང་། སྤངས་པའི་རྣམ་གྲོལ་དེ་རྗེས་སུ་སྲུང་བའི་ཆོས་ ཅན་དང་། སྤངས་པའམ་བདེ་བའི་རྣམ་གྲོལ་གང་ལ་གནས་པ་མི་བསྐྱོད་པ་སྟེ་སོ་ཐུབ་པ་དང་། དབང་པོ་རྟོགས་པ་དེ་འཕོ་བའི་སྐལ་ཅན་དང་། མི་གཡོ་ཞིང་མི་འགྱུར་བའི་ཆོས་ཡོད་པ་ཅན་ནོ། །དེ་ལའང་རང་བཞིན་གྱིས་དབང་པོ་རྣོན་པོ་དང་། དབང་པོ་འཕོས་པས་དབང་ པོ་རྣོ་བའོ། །གཉིས་པ་ལ། གཉིས་སུ་བསྡུ། རིགས་དང་འབྲས་བུ་གང་ལ་ཉམས་པ། རིགས་ཀྱི་དབྱེ་བ་དེ་གཞན་ལའང་སྦྱར་བ། ལམ་གང་ལ་དབང་པོ་འཕོ་བ། ཉམས་པའི་རབ་ཏུ་དབྱེ་བའོ། །དང་པོ་ལ། རིགས་ཅན་ལྔ་དུས་ཀྱི་རྣམ་གྲོལ་དུ་བསྟན་པ་དང་། དྲུག་པ་ དུས་ལ་མི་བལྟོས་པར་བསྟན་པ། དེ་ལས་འཕྲོས་པའི་དོན་ནོ། །དང་པོ་ནི། དེ་དག་ལས། །ལྔ་ནི་དད་པས་མོས་ལས་སྐྱེས། །དེ་དག་རྣམ་གྲོལ་དུས་དང་སྦྱོར། །དེ་དག་ལས་མི་གཡོ་བའི་ཆོས་ཅན་མ་གཏོགས་པ་གཞན་ལྔ་ནི་དད་པས་མོས་པ་སྔོན་དུ་འགྲོ་བ་ལས་སྐྱེས་པའོ། །ལྔ་པོ་དེ་དག་གི་སེམས་ཀྱི་རྣམ་གྲོལ་ནི་ཡོ་བྱད་དང་ནད་མེད་པ་དང་ཡུལ་གྱི་ཁྱད་ པར་ལ་སོགས་ཀྱི་དུས་ལས་བྱུང་བས་དུས་དང་སྦྱོར་བས་སྤངས་པ་སྟེ། མིག་གཅིག་བཞར་དོགས་པ་བཞིན་རྟག་ཏུ་རྗེས་སུ་བསྲུང་བའི་ཕྱིར། དེས་ན་འདི་ནི་དུས་ལ་བལྟོས་པའང་ཡིན་རྣམ་པར་གྲོལ་བའང་ཡིན་པས་དུས་ཀྱིས་རྣམ་པར་གྲོལ་བ་སྟེ་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་ མར་གྱི་བུམ་པ་བཞིན་ནོ། །འདི་དག་གི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་ཡོ་བྱད་ལ་བལྟོས་ཏེ། ཡོངས་སུ་མྱ་ངན་ལས་འདས་པའི། མདོ་ལས། གང་ཟག་ཅིག་ན་རེ། ངའི་གནས་ཁང་ཐམས་ཅད་དར་གྱི་ལྡ་ལྡི་བྲེས་ཤིག །དེ་ལྟར་བྱས་ན་དགྲ་བཅོམ་པ་ཐོབ་སྟེ་འོང་ཟེར་བ་ལ། 3-1-291b ཤཱ་རིའི་བུ་ན་རེ། ཁྱོད་ལྟོགས་པས་ཁྱོད་ཀྱི་གནས་ཁང་དར་གྱི་བླ་རེས་བྲེར་མི་འོང་བྱས་པ་ལ། བུདྡྷའི་ཞལ་ནས། ཀུན་ནས་སློང་ལ་དར་གྱི་བླ་རེ་བྲེས་ཤིག་གསུངས་པ་དེ་ལྟར་བྱས་པས་གང་ཟག་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཞེས་པ་དང་། ནད་མེད་པ་དང་དགྲའི་ཚེར་ མ་མེད་པ་སོགས་ཡུལ་གྱི་བྱེ་བྲག་ལ་བལྟོས་པའི་ཕྱིར་དུས་ལ་བལྟོས་པ་ཡིན་ནོ། །གཉིས་པ་ནི། མི་གཡོའི་ཆོས་ཅན་མི་གཡོ་བ། །དེ་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། །མི་གཡོ་བའི་ཆོས་ཅན་གྱི་རྣམ་གྲོལ་ནི་ཆོས་ཅན། མི་གཡོ་བ་སྟེ་དེ་ཡོངས་སུ་མི་ཉམས་པའི་སྒོ་ནས་ཉོན་མོངས་པས་གཡོ་བར་མི་ནུས་པའི་ཕྱིར་རོ། །དེ་ནི་དུས་དང་མི་ བལྟོས་པ་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དང་། དེ་ནི་འདོད་དགུར་ཏིང་ངེ་འཛིན་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ཡང་ཡོངས་སུ་ཉམས་པ་སྲིད་པ་དུས་གཞན་གྱི་བར་གྲོལ་བས་དུས་ཀྱི་རྣམ་གྲོལ་དང་མི་སྲིད་པ་གཏན་གྱི་རྣམ་གྲོལ་དུས་དང་མི་ སྦྱོར་རྣམ་པར་གྲོལ་བའོ། །དེ་སློབ་པར་གྱུར་པ་ལས་དབང་པོ་དག་འཕོ་བར་བྱེད་ནའང་མཐོང་བས་ཐོབ་པ་ཉིད་དུ་འགྱུར་ལ། འོན་ཏེ་སློབ་པའི་དུས་ན་མི་འཕོ་བར་རང་བཞིན་གྱི་དབང་པོ་རྣོན་པོ་ཞིག་ཡིན་ན་སེམས་ཀྱི་སྐད་ཅིག་བཅུ་དྲུག་ལ་མཐོང་བས་ཐོབ་པ་ཁོ་ན་ཡིན་པའི་ ཕྱིར། དེ་བས་མི་གཡོ་བའི་ཆོས་ཅན་དེ་ནི་མཐོང་ཐོབ་ཀྱི་རྒྱུ་ལས་བྱུང་བ་ཡིན་ནོ། །མི་གཡོ་བའི་ཆོས་ཅན་དེ་དགྲ་བཅོམ་པ་ཉིད་ཀྱི་གནས་སྐབས་ན་དབང་པོ་དག་འཕོ་བར་བྱེད་པ་གང་ཡིན་པ་དེ་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་མ་ཡིན་པར་ཁོང་དུ་ཆུབ་པར་བྱའོ། །གསུམ་ པ་ནི། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །དགྲ་བཅོམ་དྲུག་པོ་འདི་ཁ་ཅིག་ནི་དང་པོ་ཉིད་ནས་འཆི་བར་སེམས་པ་དེའི་ཆོས་ཅན་གྱི་རིགས་ཅན་ཡིན་ལ། ཁ་ཅིག་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དུ་གྱུར་པ་དབང་པོ་རྣམས་སྦྱངས་པ་ལས་འཆི་བར་སེམས་པའི་ཆོས་ཅན་དུ་གྱུར་པ་སྟེ། མ་ཞར་རྩེག་འགྲོས་སུ་ 3-1-292a གོང་མ་ན་ཡར་འགྲོ་བ་ལས་ཐོད་རྒལ་གྱི་སྒོ་ནས་མི་འགྲོ་བའི་ཕྱིར། མི་གཡོ་བའི་ཆོས་ཅན་གྱི་བར་དུའང་དེ་དང་འདྲ་བར་རིགས་པར་བྱའོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། མ་ཆགས་འཕགས་རིགས་ཞེས་དགེ་བའི་རྩ་བར་འདོད་པ་དང་། གཞན་ནི་སོ་སྐྱེའི་ གནས་སྐབས་ནས་བཟུང་སྟེ་དབང་པོའི་ཁྱད་པར་དང་། མདོ་སྡེ་པ་ན་རེ། སེམས་ཀྱི་ས་བོན་གྱི་ནུས་པའོ་ཞེས་ཟེར་རོ། །དེ་ལ་དགྲ་བཅོམ་དྲུག་པོའི་དང་པོ་ནི་ཉམས་པར་འགྱུར་བའི་སྐལ་བ་ཅན་ཡིན་གྱི། འཆི་བར་སེམས་པ་སོགས་བཞི་པོ་མ་ཡིན་པ་དང་། གཉིས་པ་དང་ གསུམ་པ་ནི། འཆི་བར་སེམས་པར་འགྱུར་བའི་སྐལ་བ་ཅན་དང་། རྗེས་སུ་བསྲུང་བར་འགྱུར་བའི་སྐལ་བ་ཅན་ནོ། །བཞི་པ་ནི། ཡོངས་སུ་ཉམས་པའི་རྐྱེན་སྟོབས་ལྡན་མེད་ན། རྗེས་སུ་མ་བསྲུངས་ཀྱང་འབྲས་བུ་དེ་ལ་གནས་པར་འགྱུར་བའི་སྐལ་ཅན་ཡིན་ཅིང་ཉམས་པར་མི་ འགྱུར་བ་དང་། མངོན་པར་བརྩོན་པ་མེད་ན་རྟོགས་པའི་སྐལ་ཅན་དུ་འཕེལ་བར་མི་འགྱུར་བའི་སྐལ་བ་ཅན་ཡིན་ནོ། །ཡོངས་སུ་ཉམས་པའི་རྐྱེན་ཡང་། མདོ་ལས། རྐྱེན་ལྔ་དང་རྒྱུ་ལྔས་དུས་ཀྱི་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཡོངས་སུ་ཉམས་པར་འགྱུར་རོ། །ལྔ་གང་ཞེ་ན། ལས་ཀྱི་མཐའ་ལ་ཞུགས་པ་ཡིན། སྨྲ་བ་ལ་ཞུགས་པ་ཡིན། རྩོད་པ་ལ་ཞུགས་པ་ཡིན། རིང་དུ་སྦྱོར་དང་ལྡན་པ་ཡིན། ནད་ཀྱིས་ཡུན་རིང་དུ་ཐེབས་པ་ཡིན་ཅེས་སོ། །ལྔ་པ་ནི། མི་གཡོ་བ་རྟོགས་པར་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །དྲུག་པ་ནི། ཡོངས་སུ་ ཉམས་པར་མི་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །དང་པོ་ནི་སློབ་པའི་གནས་སྐབས་ན་རྒྱུན་སྦྱོར་གུས་སྦྱོར་མེད་པ་དང་། གཉིས་པ་ལ་རྒྱུན་སྦྱོར་མེད་མོད། ཁྱད་པར་དུ་གུས་སྦྱོར་མེད་པའོ། །དེའང་གཉིས་པ་འདི་ནི་ལུས་ལ་སྨོད་པའི་སྤྱོད་པ་ཆེས་མང་བས། བདག་བརླག་ 3-1-292b པར་སེམས་ཤིང་ཉམས་དོགས་པས་ལུས་མི་གཙང་བ་ལ་བདག་གནས་པ་དགོས་པ་མེད་པས་འཆི་བར་སེམས་པའམ། སྲོག་ལ་མི་བལྟོས་པར་རྣམ་གྲོལ་ཐོབ་པར་བྱེད་དེ། ཇི་སྐད་དུ། མགྲིན་པ་ལ་མཚོན་ཆའི་ཁ་བསྟན་ཏེ། དེ་ནས་སེམས་རྣམ་པར་གྲོལ་ལོ་ཞེས་གསུངས་པ་ལྟ་ བུའོ། །གསུམ་པ་ནི། གུས་སྦྱོར་མེད་ཅིང་རྒྱུན་དུ་སྦྱོར་བ་ཡིན་ནོ། །བཞི་པ་ནི། གུས་པར་སྦྱོར་བ་ཡིན་གྱི་རྒྱུན་དུ་སྦྱོར་བ་མ་ཡིན་པའོ། །ལྔ་པ་ནི། རྒྱུན་དང་གུས་པ་གཉིས་ཀར་སྦྱོར་བ་པ་དབང་པོ་རྟུལ་པོ་ཡིན་ནོ། །དྲུག་པ་དང་འདི་གཉིས་དབང་པོས་བྱས་པའི་བྱེ་བྲག་ཡོད་ཀྱི། སྦྱོར་བས་བྱས་པ་ནི་མ་ཡིན་ནོ། །དྲུག་པ་ནི་གཉིས་ཀར་སྦྱོར་བ་དབང་པོ་རྣོན་པོ་ཡིན་ནོ། །ཡོངས་སུ་ཉམས་པའི་ཆོས་ཅན་ཀྱང་སྲིད་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན། འཆི་བར་སེམས་པ་ཡང་བདག་ཉིད་ལྕེབ་པར་སྲིད་པ་ལས་ངེས་པར་ལྕེབ་པ་མིན། རྟོགས་པའི་ སྐལ་བ་ཅན་གྱི་བར་དུའང་རྟོགས་པར་འགྱུར་བ་མ་ཡིན་གྱི། སྲིད་པའི་ཕྱིར་དེ་སྐད་ཅེས་བཤད་དོ། །ཁ་ཅིག་མི་ཉམས་ཀྱང་སྲིད། ཁ་ཅིག་མི་གསོད་ཀྱང་སྲིད་པ་སོགས་དེ་ལྟར་ཡིན་པས་རྫས་ལ་དེ་ལྟར་མིན་པས་ཁམས་གོང་གཉིས་ན་དྲུག་ཅར་གྱི་རིགས་ཡོད་པས་ཁམས་གསུམ་ ན་དགྲ་བཅོམ་པ་དྲུག་ཡོད་པར་རུང་ངོ་། །ཡང་དག་ངེས་པར་ཉམས་པར་འགྱུར་བ་ནས་མངོན་པར་རྟོགས་པའི་བར་དུ་འགྱུར་བ་དེ་དག་གི་ལྟར་ན་འདོད་ཁམས་ན་རིགས་དྲུག་གོ། ཁམས་གོང་མ་གཉིས་ན་གནས་པ་ལས་མི་བསྐྱོད་པ་དང་མི་གཡོ་བའི་ཆོས་ཅན་གཉིས་ཏེ། ཁམས་ གོང་ན་ཉམས་སུ་ཉམས་པ་མེད་པའི་ཕྱིར་ཉམས་པའི་ཆོས་ཅན་ཡང་མེད་ལ། རྗེས་སུ་སྲུང་བའི་ཆོས་ཅན་ཡང་ཡོངས་སུ་ཉམས་པ་མེད་པ་ཉིད་ཀྱི་རྗེས་སུ་བསྲུང་བར་བྱ་བ་ཉིད་མི་འཐད་པའི་ཕྱིར་མེད་ལ། དབང་པོ་འཕོ་བ་མེད་པ་དེ་ཉིད་ཀྱི་ཕྱིར་རྟོགས་པའི་སྐལ་བ་ཅན་ཡང་མེད་དེ། 3-1-293a དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །ཅེས་འབྱུང་བས་སོ། །དེས་ན་བདག་ཉིད་འཆི་བར་སེམས་པའང་མེད་ལ་གཞན་གྱིས་གསོད་པའང་མེད་པས་འཆི་བར་སེམས་པ་མེད་དོ། །གཉིས་པ་རིགས་དང་འབྲས་བུ་གང་ལ་ ཉམས་པ་ནི། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་འགྱུར་དང་པོ་ལས་མ་ཡིན། །འཆི་བར་སེམས་པའི་ཆོས་ཅན་ལ་སོགས་པ་བཞི་ནི་རིགས་ལས་ཉམས་པར་འགྱུར་ཏེ། སྦྱངས་པ་ལས་གྱུར་པའི་གོང་དུ་འགྲོ་བ་ལ་ཙེག་གེ་འགྲོ་བ་ཉམས་པའི་དུས་སུ་ཙེག་གེ་འགྲོས་སུ་ཉམས་པའང་སྲིད། ཐོད་རྒལ་དུ་ཉམས་པའང་སྲིད་པའི་ཕྱིར། སྐས་གདང་ ལ་འཛེགས་པ་ལས་སར་ལྷུང་བ་ལྟ་བུའོ། །ཡོངས་སུ་ཉམས་པའི་ཆོས་ཅན་ནི་རང་རིས་ལས་ཉམས་པར་མི་འགྱུར་ཏེ། རིགས་དེ་བཅོས་མ་མ་ཡིན་པའི་ཕྱིར། ས་གཞི་ལ་འདུག་པ་མི་ལྟུང་བ་དང་འདྲ། ཡོངས་སུ་ཉམས་པའི་ཆོས་ཅན་སོགས་ལྔ་ནི་འབྲས་བུ་དེ་གློ་བུར་བ་ཡིན་ པས་ཐོབ་པ་ལས་ཡོངས་སུ་ཉམས་པར་འགྱུར་ལ། དེ་དག་ཀྱང་རིགས་དང་འབྲས་བུ་དང་པོ་གང་ཡིན་དེ་ལས་ཉམས་པ་མ་ཡིན་ཏེ། དགྲ་བཅོམ་དེ་སློབ་པའི་གནས་སྐབས་ན་ཡོད་པའི་རིགས་དང་པོ་དེ་སློབ་པ་དང་མི་སློབ་པའི་ལམ་གཉིས་དག་གིས་བསྒོམས་པས་བརྟན་པོར་ བྱས་པའི་ཕྱིར། ཞེས་པ་འདི་ལ། སློབ་དཔོན་དབྱིག་བཤེས་ན་རེ། དེ་ནི་དེའི་གཏན་ཚིགས་སུ་འགྱུར་བ་མ་ཡིན་ཏེ། ཡིན་ན་སོ་སྐྱེའི་དུས་སུ་ཉམས་པའི་ཆོས་ཅན་དེ་འཆི་བར་སེམས་པའི་ཆོས་ཅན་དུ་སྦྱངས་པས་སྦྱངས་པ་ལས་གྱུར་པའི་རིགས་གང་ཡིན་པ་དེ་ལས་ཡོངས་སུ་ ཉམས་པར་འགྱུར་བའི་རིགས་དེ་ཡང་ཆོས་ཅན། ཡོངས་སུ་མི་ཉམས་པར་ཐལ་བར་འགྱུར་ཏེ། སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟན་པར་བྱས་པའི་ཕྱིར། འདོད་མི་ནུས་པའི་ཕྱིར། ལམ་གཉིས་ཀྱིས་བརྟན་པར་བྱས་པས་མི་ཉམས་པའི་རྒྱུ་མཚན་དུ་མི་རུང་བར་གྲུབ་བོ། ། 3-1-293b འོ་ན་འདིའི་རྒྱུ་མཚན་ཅི་ཞེ་ན། དང་པོ་ནས་འཆི་བར་སེམས་པ་ལྟ་བུ་དེའི་རིགས་སུ་འདུག་པ་མི་ཉམས་པ་ནི་ཆོས་ཉིད་ཡིན་ལ། སྦྱངས་ཏེ་ཐོབ་པ་ལས་ཉམས་པ་འདིའང་ཆོས་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་དེ་འབྲས་བུ་ལས་མི་ཉམས་པའི་རྒྱུ་མཚན་དུའང་མི་རིགས་ཏེ། རྒྱུན་ཞུགས་ འཇིག་རྟེན་པའི་ལམ་གྱིས་ཐོབ་པ་མ་ཡིན་པའི་ཕྱིར། དེས་ན་འཆི་བར་སེམས་པའི་ཆོས་ཅན། སྦྱངས་པ་ལས་གྱུར་པའི་རིགས་གང་ཡིན་པ་དེ་ཉམས་པར་སྨྲ་བ་མི་རིགས་པར་ཐལ། སློབ་པ་དང་མི་སློབ་པའི་ལམ་དག་གིས་བརྟན་པོར་བྱས་པའི་ཕྱིར། ཁྱབ་པ་ཡོད་དེ། སློབ་པའི་ གནས་སྐབས་ན་རིགས་ཀྱི་དང་པོར་གྱུར་པའི་ཕྱིར། འདི་ནི་འདུས་བཟང་ཡང་འདོད་དེ། སློབ་པའི་སྐབས་སུ་རིགས་གཞན་ཐོབ་ན་དགྲ་བཅོམ་ཉིད་ཐོབ་པ་དེས་ཀྱང་དེ་ཡོངས་སུ་མི་འདོར་ཏེ། སྦྱངས་པ་ལས་གྱུར་པའི་རིགས་ཁོ་ན་ལ་མི་གནས་པ་མ་ཡིན་པའི་ཕྱིར་ཞེས་བཤད་དོ། ། འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་མི་སློབ་པའི་སྐབས་ན་འཕྲལ་ལ་ཐོབ་པ་སློབ་པའི་སྐབས་ན་ཐོབ་པ་མིན་པ་དེ་ལས་ཡོངས་སུ་ཉམས་ཕན་ཡོངས་སུ་ཉམས་པར་འགྱུར་ཏེ། དེ་གནས་སྐབས་གཉིས་ཀྱི་བརྟན་པོར་བྱས་པ་མ་ཡིན་པའི་ཕྱིར། དེ་བས་ན་འདི་གཏན་ཚིགས་ སུ་མི་རུང་བ་ཉིད་དོ། །གཏན་ཚིགས་དེས་འབྲས་བུ་དང་པོ་ལས་མི་ཉམས་པ་དེ་ལྟར་ན་རྒྱུན་ཞུགས་ཀྱང་ཡོངས་སུ་ཉམས་པར་ཐལ། རྒྱུན་ཞུགས་ནི་ལམ་གཉིས་ཀྱིས་བརྟན་པོར་མ་བྱས་པའི་ཕྱིར། ཡང་གཏན་ཚིགས་དེ་ནི་རིགས་མི་ཉམས་པའི་རྒྱུ་མཚན་དུ་བཤད་ཀྱི། འབྲས་ བུ་ལས་མི་ཉམས་པའི་རྒྱུ་མཚན་ནི་མ་ཡིན་པས་དེའི་རྒྱུ་མཚན་མཐོང་སྤོང་གཞི་མེད་སོགས་འཆད་པར་འགྱུར་རོ། །རིགས་ནི་ལམ་གཉིས་དག་གིས་བརྟན་པོར་བྱས་པ་སྲིད་དེ། ཚེ་འདིར་དྲོ་བ་ལ་སོགས་པའམ་ཚེ་ཕ་རོལ་གྱི་སྤོང་ལམ་འདས་ལམ་གཞན་གྱིས་སློབ་པའི་གནས་ 3-1-294a སྐབས་ན་བསྒོམ་པའི་ཕྱིར་ཞེས་ཟེར་རོ། །ལམ་གཉིས་ཀྱིས་བརྟན་པོར་བྱས་ནས་ཕྱིས་མི་སློབ་པ་ན་སྦྱངས་པ་ལས་གྱུར་ཀྱང་དང་པོ་ནས་ཡོད་པའི་རིགས་དེ་ནི་མི་ཉམས་ཤིང་། ལར་ཉམས་སམ་ཞེ་ན། སྦྱངས་པ་ལས་གྱུར་པའི་འཆི་བའི་སེམས་པའི་ ཆོས་ཅན་གྱི་རིགས་ཕྱིས་ཐོབ་པའི་གློ་བུར་བ་གང་ཡིན་པ་དེ་ནི་ཉམས་པར་འགྱུར་ཏེ། གནས་སྐབས་གཉིས་ཀྱིས་བརྟན་པོར་མ་བྱས་པའི་ཕྱིར། རིགས་ལས་མི་ཉམས་པར་བསྟན་ནས་འབྲས་བུ་ལས་མི་ཉམས་པར་བསྟན་པར་བྱ་བ་ནི་འབྲས་བུ་དང་པོ་ལས་ཉམས་པར་མི་འགྱུར་རོ། ། འབྲས་བུ་ལྷག་མ་གསུམ་ལས་ནི་ཡོངས་སུ་ཉམས་པར་འགྱུར་རོ། །འབྲས་བུ་དང་པོ་ལས་ཉམས་པ་མེད་པ་དེ་ཉིད་ཀྱི་ཕྱིར་རྒྱུན་ཞུགས་ཀྱི་འབྲས་བུ་ལས་ཡོངས་སུ་ཉམས་པ་མེད་དོ། །རིགས་དང་འབྲས་བུ་ལས་མི་ཉམས་པ་དེ་ལྟར་ན་ཡོངས་སུ་ཉམས་པའི་ཆོས་ཅན་ནི་རྣམ་པ་ གསུམ་ཡིན་ཏེ། དེ་སོ་ན་གནས་པ་བཞིན་དུ་དབང་པོའང་མི་འཕོ། ཡོངས་སུ་ཉམས་ནས་སློབ་པར་ཡང་མི་འགྱུར་བར་མྱ་ངན་ལས་འདས་པའམ། དེའི་སོ་ལ་མྱ་ངན་ལས་མི་འདའ་བར་མི་གཡོ་བ་སོགས་སུ་དབང་པོ་འཕོ་བའམ། འབྲས་བུ་ལས་ཉམས་ནས་སློབ་པར་འོང་ ཡང་ཡོངས་སུ་ཉམ་པའི་རིགས་ལས་མི་ཉམས་པའོ། །འཆི་བར་སེམས་པའི་ཆོས་ཅན་ནི་བཞི་སྟེ། འཆི་བར་སེམས་པ་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རིགས་སུ་སླར་འོང་བའོ། །དེ་བཞིན་དུ་གསུམ་ལའང་རེ་རེ་བསྐྱེད་དེ། རྗེས་སུ་སྲུང་བའི་ཆོས་ཅན་ནི་ལྔ་ཡིན་ཏེ། དེ་སོ་ན་གནས་ བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། དབང་པོ་འཕོ་བ་དང་། ཡོངས་སུ་ཉམས་ནས་སློབ་པ་ཉིད་དུ་འགྱུར་བ་དང་། ཡོངས་སུ་ཉམས་པ་དང་འཆི་བར་སེམས་པའི་རིགས་སུ་སླར་འོང་བའོ། །གནས་པ་ལས་མི་བསྐྱོད་པ་ནི་རྣམ་པ་དྲུག་ཡིན་ཏེ། ལྔ་པོ་དེ་དག་ཉིད་ 3-1-294b དང་། དྲུག་པ་རྗེས་སུ་བསྲུང་བའི་ཆོས་ཅན་གྱི་རིགས་སུ་སླར་འོང་བའོ། །རྟོགས་པའི་སྐལ་བ་ཅན་རྣམ་པ་བདུན་ཡིན་ཏེ། དྲུག་པ་དེ་དག་ཉིད་དང་། བདུན་པ་གནས་པ་ལས་མི་བསྐྱོད་པའི་རིགས་ཅན་སླར་འོང་བའོ། །ཕྱིས་དེ་སློབ་པར་གྱུར་ན་གང་གི་སློབ་པའི་གནས་ སྐབས་ན་ཡོད་པའི་རིགས་དང་པོ་དེ་ཁོ་ན་ལ་གནས་ཀྱི། དང་པོའི་རང་རིས་ལས་གོང་མ་གཞན་དག་ལ་མ་ཡིན་ཏེ། ལྷུང་ན་སྐས་གདང་དུ་མི་ཆགས་པར་ས་ལ་ལྟུང་བ་དང་འདྲའོ། །དེ་ལྟར་མ་ཡིན་ན་གང་ཟག་དེ་འཕེལ་བ་ཁོ་ནར་འགྱུར་གྱི། ཡོངས་སུ་ཉམས་པར་མི་འགྱུར་ ཏེ། སློབ་པའི་གནས་སྐབས་ཀྱི་རིགས་ལས་ཁྱད་པར་ཅན་རྙེད་པའི་ཕྱིར། ཅི་འབྲས་བུ་དང་པོ་ལས་མི་ཉམས་ཞེ་ན། མི་ཉམས་ཏེ། མཐོང་སྤོང་རྣམས་ཀྱི་གཞི་རྟེན་མེད་པའི་ཕྱིར་ཏེ། དེའི་གཞི་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་པས། འཇིག་ཚོགས་ནི་བདག་གི་གཞི་ ལ་འཇུག་པ་ཅན་ཡིན་ན་གཞི་མེད་པས་བདག་དེ་ཡང་མེད་པས་ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །འོ་ན་མེད་པ་ལ་དམིགས་པར་འགྱུར་རོ་ཞེ་ན། མེད་པ་ལ་དམིགས་པ་མ་ཡིན་གྱི་སྡུག་བསྔལ་བདེན་པ་སོགས་དམིགས་རྐྱེན་དུ་ཡོད་པ་ལ་བདག་ཏུ་ཕྱིན་ཅི་ལོག་གི་སེམས་ དང་སེམས་ལས་བྱུང་བས་དམིགས་པ་ཡིན་ཏེ། སྡུག་བསྔལ་སོགས་བདེན་པ་དག་ལ་རྟགས་སོགས་སུ་དམིགས་པའི་ཕྱིར། དེ་ལྟར་མ་ཡིན་པའི་ཉོན་མོངས་པ་གཞི་མེད་པ་དེ་གང་ཞིག་ཡིན། ཆགས་སོགས་སྒོམ་སྤོང་ཡིན་ན། དེའང་མི་གཙང་སོགས་ཀྱི་དངོས་པོ་ལ་གཙང་ བདེ་རྟག་པར་དམིགས་པའི་ཕྱིར་གཞི་དང་། བཅས་པར་མི་ཐལ་ལམ་ཞེ་ན། ཁྱད་ཡོད་དེ། བདག་ཏུ་ལྟ་བ་ནི་བདག་མེད་བཞིན་དུ་གཟུགས་སོགས་ཀྱིས་དངོས་པོ་ལ་རྒྱུ་དགེ་མི་དགེའི་ལས་བྱེད་པ་པོ་དང་། དེའི་འབྲས་བུ་ཚོར་བ་པོ་དང་། གཉིས་ཀ་ལ་དབང་བསྒྱུར་བ་ 3-1-295a ཉིད་དུ་བདག་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པར་བྱེད་ལ། མཐར་འཛིན་པ་ལ་སོགས་པའི་མཐོང་སྤོང་རྣམས་ཀྱང་བདག་གི་གཞི་ཡི་རྗེས་སུ་ཞུགས་པ་ཡིན་པས་མཐོང་སྤོང་གི་ཉོན་མོངས་པ་ནི་གཞི་མེད་པ་དག་ཅེས་བྱའོ། །སྒོམ་སྤོང་འདོད་ ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་རྣམས་ནི་གཟུགས་སོགས་ཀྱི་དངོས་པོ་ལ་ཆགས་པ་དང་། ཀུན་ནས་མནར་སེམས་དང་། ཁེངས་པ་དང་མི་གསལ་བའི་ངོ་བོར་ཞུགས་ཀྱི་སྒྲོ་མི་འདོགས་པ་འབའ་ཞིག་ཏུ་ཟད་པས་གཞི་དང་བཅས་པར་བརྗོད་པའི་ཕྱིར་ཏེ། གང་ལ་དེ་དག་ འཇུག་པར་འགྱུར་བ་སྡུག་པ་ལ་སོགས་པ་ཙམ་ཡོད་ཀྱི། དངོས་པོར་བརྗོད་པ་བདག་ལ་སོགས་པ་ནི་བག་ཞད་ཀྱང་མེད་པའི་ཕྱིར། དེའང་སྒོམ་སྤོང་འདོད་ཆགས་ཀྱི་གཞི་ནི་སྐྲ་དང་སོ་སེན་སྡུག་པ་ལ་སོགས་པའི་མཚན་ཉིད་ཡིད་དུ་འོང་བ་ཡིན། ཁོང་ཁྲོ་བ་ནི་དེ་དག་མི་ སྡུག་པས་ཡིད་དུ་མི་འོང་བ་ཡིན། ང་རྒྱལ་ཀྱང་ཡིད་དུ་མི་འོང་བ་ཡིན། མ་རིག་པའི་ཡང་གཉིས་པོ་དེ་ཉིད་ཅུང་ཟད་ཀུན་ཏུ་རྨོངས་པར་འགྱུར་བའོ། །དེས་ན་སྡུག་པ་ལ་རྨོངས་པའི་མ་རིག་པ་དེ་མི་སྡུག་པ་ལས་མི་སྐྱེ། མི་སྡུག་པ་ལས་སྐྱེས་པའི་མ་རིག་པ་དེ་སྡུག་པ་ལ་ མི་སྐྱེ། བར་མ་ལས་སྐྱེས་པའི་མ་རིག་པ་དེ་སྡུག་མི་སྡུག་ལས་མི་སྐྱེ། དེ་ལྟ་བས་ན་སྒོམ་སྤོང་ནི་གཞི་སོ་སོར་ངེས་པ་ཡོད་ཀྱི། མཐོང་སྤོང་ལོག་ཞུགས་ལ་ལོག་ཞུགས་མ་གཏོགས་དངོས་སུ་ལོག་ཞུགས་ལ་གཞི་སོ་སོར་ངེས་པ་མེད་དེ། བདག་རང་མེད་པར་དངོས་སུ་ ལོག་ཞུགས་ལ་གཞི་མེད་ཙམ་ན་ལོག་ཞུགས་ལ་ལོག་ཞུགས་ལའང་གཅན་གཟན་འཕར་བའི་དཔྱོངས་ཐག་བཞིན་གཞིའི་གཞི་མེད་དོ། །གཞན་ནི་སྒོམ་སྤོང་རྣམས་ལ་ནི་གཞི་ཡིད་དུ་འོང་བ་དང་མི་འོང་བ་སོ་སོར་ཡོད་ཀྱི། མཐོང་སྤོང་རྣམས་ནི་བདག་ལ་སོགས་པའི་ 3-1-295b མཚན་ཉིད་མེད་དེ། དེས་ན་གཞི་མེད་པ་དག་ཅེས་བྱའོ། །སློབ་དཔོན་གྱིས་གཞན་ཡང་འཕགས་པ་སློབ་པ་ངེས་པར་མི་རྟོག་པ་དྲན་པ་ཉམས་པ་ཉོན་མོངས་དང་ལྡན་པ་ལ་ཆགས་སོགས་ཉོན་མོངས་སྐྱེ་བར་འགྱུར་ཏེ། ཐག་ཁྲ་ལ་སྦྲུལ་དུ་འདུ་ཤེས་སྐྱེའི། ངེས་པར་ རྟོགས་པ་ལ་ནི་མ་ཡིན་པ་ཉིད་དེ་དང་འདྲའོ། །ངེས་པར་མི་རྟོག་པ་ལ་ནི་བདག་ལྟ་དང་མཐར་ལྟ་སོགས་འབྱུང་བར་མི་རུང་སྟེ། འཕགས་པ་ལ་ངེས་པར་མི་རྟོག་པའི་སྒོ་ནས་བདག་ཏུ་ལྟ་བ་ལ་སོགས་པ་མི་བྱེད་པས་ཡོངས་སུ་ཉམས་པའི་རྒྱུ་མེད་པའི་ཕྱིར་ཀུན་ཏུ་རྟོག་ པ་ལ་ནི་བདག་ཏུ་ལྟ་བ་ལ་སོགས་པ་འབྱུང་བར་རུང་སྟེ་ཀུན་ཏུ་རྟོག་པར་བྱེད་པའི་ཕྱིར་རོ། །དེས་ན་མཐོང་སྤོང་སྤངས་པ་ལས་ཉམས་པ་མེད་དོ། །མདོ་སྡེ་པ་ན་རེ། མཐོང་སྤོང་སྤངས་པ་ཉམས་པ་མེད་པར་མ་ཟད་དགྲ་བཅོམ་ཉིད་ལས་ཀྱང་ཡོངས་སུ་ཉམས་པ་མེད་ དོ། །ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ལས་ནི་ཡོངས་སུ་ཉམས་པ་སྲིད་དེ། འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སྲིད་པའི་ཕྱིར་སྙམ་དུ་བསམ་པའོ་ཞེས་ཟེར་རོ། །དེ་རིགས་པ་ཡིན་ཏེ། ལུང་དང་རིགས་པ་ལས་ཏེ། ལུང་ནི། འཕགས་པའི་ཤེས་རབ་ཀྱིས་སྤངས་ པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་གསུངས་པས། འཇིག་རྟེན་པས་སྤངས་པ་གང་ཡིན་པ་དེ་ནི་སྐྱེའོ་སྙམ་དུ་དགོངས་པ་ཡིན་ནོ། །ཁུངས་གཉིས་པ་སློབ་པ་ལ་བག་ཡོད་པ་ལ་བག་ཡོད་པར་བྱའོ། །ཞེས་ང་སྨྲའོ་ཞེས་གསུངས་ཀྱི། དགྲ་བཅོམ་ལ་ནི་མ་ ཡིན་ནོ། །དགྲ་བཅོམ་ལའང་རྙེད་པ་དང་བཀུར་སྟིས་བར་ཆད་བྱེད་པར་ང་སྨྲའོ་ཞེས་གསུངས་པའི། མདོ་སྡེ་ལས་ནི། སློབ་པ་ལ་འཕགས་པའི་ཤེས་རབ་སྤངས་པ་ཡོད་པའི་ཆ་ནས་བག་བྱ་བར་བསླབ་པ་མིན་ལ། སྤངས་པ་ལ་འཇིག་རྟེན་པའི་ལམ་གྱིས་བྱས་པ་ 3-1-296a ཡོད་པ་དེ་ཉམས་དོགས་ནས་བག་བྱ་བར་གསུངས་ལ། མཐོང་ཆོས་ལ་བདེར་གནས་ཁོ་ན་ལས་ཡོངས་སུ་ཉམས་པར་འགྱུར་བར་གསུངས་པར་ཟད་དེ། འདིས་སེམས་རྣམ་གྲོལ་སྤངས་པ་མི་ཉམས་པ་ལུས་ཀྱིས་མངོན་སུམ་དུ་བྱས་པ་གང་ཡིན་པ་ དེ་ལས་ནི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ང་མི་སྨྲའོ་ཞེས་གསུངས་སོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། རྣམ་གྲོལ་དུས་དང་སྦྱོར་བ་ལས་ཉམས་པ་ཡོད་དེ། མི་གཡོ་བ་ཞེས་ཁྱད་པར་དུ་བྱས་པའི་ཕྱིར་ཞེ་ན། མདོ་སྡེ་པ་ཁོ་བོའང་དུས་དང་སྦྱོར་བ་ལས་ཡོངས་ སུ་ཉམས་པ་ཡོད་དོ་ཞེས་ཟེར་རོ། །ཅི་རྣམ་གྲོལ་དུས་སྦྱོར་དེ་དགྲ་བཅོམ་པ་ཉིད་དང་། འཇིག་རྟེན་པའི་བསམ་གཏན་མཐོང་ཆོས་བདེར་གནས་ཀྱི་དབང་དུ་བྱས་པ་གང་ཡིན་དཔྱད་པར་བྱ་སྟེ། བསམ་གཏན་དངོས་གཞི་ནི་ལམ་སླ་བས་དེའི་ཏིང་ངེ་འཛིན་ནི་སྒྲ་མེད་པའི་དུས་སོགས་ ལ་ལར་མངོན་དུ་འགྱུར་བའི་ཕྱིར། དུས་ལས་འབྱུང་བས་ན་རྣམ་གྲོལ་དུས་དང་སྦྱོར་བ་ཞེས་བྱ་ལ། སྤངས་པའི་རྣམ་གྲོལ་དེ་སྐྲ་མེད་པའི་དུས་སོགས་ལ་བལྟོས་རྒྱུ་མེད་པས་ད་དུས་སྦྱོར་ལས་ཡོངས་སུ་ཉམས་པར་མི་བཞག་གོ། བསམ་གཏན་དེ་ནི་ཉམས་ཀྱང་ཡིད་དུ་འོང་ བས་ཡང་ནས་ཡང་དུ་བརྩམ་བྱ་ཡིན་ཏེ། མཐོང་ཆོས་ལ་བདེ་བར་གནས་པའི་ཕྱིར། བཙུན་པ་དགའ་ལྡན་ན་རེ། ཉམས་ཤིང་ཉམས་ན་འདོད་བྱའམ་དོན་དུ་གཉེར་བྱ་ཡིན་པས་ཕོངས་པ་ཡིན་ཏེ། རོ་མྱང་བར་བྱ་བ་ཡིན་པའི་ཕྱིར། དེའང་འཕགས་པ་ལ་རོ་མྱོང་བ་མེད་ཀྱང་ སོ་སོའི་སྐྱེ་བོའི་དུས་ཀྱིས་རོ་མྱང་བར་བྱ་བའི་ཡུལ་དེ་དང་རིགས་གཅིག་ཏུ་འདུག་པས་རོ་མྱོང་ཟེར། ཡང་ན་རོ་མྱོང་རང་ཡང་ཡོད་དེ། འཕར་བ་ལ་སོགས་པའི་གནད་ཀྱི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ཀྱིས་རྣམ་གྲོལ་ནི་ཐོབ་པའི་ཚུལ་གྱིས་རྟག་ཏུ་རྗེས་སུ་འབྲེལ་བ་ཡིན་པས་དུས་དང་ 3-1-296b སྦྱོར་བ་ཡིན་པའང་མི་རུང་ལ། དགྲ་བཅོམ་པའི་རྣམ་གྲོལ་ནི་ཉམས་པ་མེད་པས་ཡིད་དུ་འོང་བའམ་འཕང་བྱ་མ་ཡིན་པས་དོན་དུ་གཉེར་བྱ་མ་ཡིན་པའི་ཕྱིར། གལ་ཏེ་ཡང་སྤངས་པ་ལས་ཉམས་པ་ཞིག་སྲིད་ན། བཅོམ་ལྡན་འདས་ཀྱིས་སེམས་ལས་བྱུང་བ་མཐོང་བའི་ཆོས་ ལ་བདེ་བར་གནས་པ་བཞི་པོ་ཐོབ་པ་གང་ཡིན་པ་དེ་དག་ལས་གང་ཡང་རུང་བ་ཞིག་ལས་འདི་ཡོངས་སུ་ཉམས་པར་འགྱུར་བ་ང་སྨྲའོ། །ཞེས་གསུངས་པ་ལས། དགྲ་བཅོམ་པའི་རྣམ་གྲོལ་དུས་དང་སྦྱོར་བ་ལས་ཉམས་པར་མ་གསུངས་པའི་ཕྱིར་དགྲ་བཅོམ་པ་ཐམས་ཅད་ཀྱི་རྣམ་ གྲོལ་ནི་མི་གཡོ་བ་ཡིན་པས་ཁོང་དུ་ཆུད་པར་བྱའོ། །མཐོང་ཆོས་ལས་བདེ་བར་གནས་པ་ལས་ནི་རྙེད་པ་དང་བཀུར་སྟིས་དབྱེ་ན་སྤྱོས་པའི་ཉེས་པས་ཏིང་ངེ་འཛིན་གྱི་དབང་ཉམས་པའི་ཕྱིར་ཡོངས་སུ་ཉམས་པ་ནི་དབང་པོ་རྟུལ་པོའོ། །ཏིང་འཛིན་བརྟན་པས་མི་སྟོང་སྡེའི་ གསེབ་ན་བསྡད་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དབང་པོ་རྣོན་པོ་གང་ཡིན་པའོ། །དེའང་། མདོ་ལས་མི་སློབ་པ་དགུ་གང་ཞེ་ན། ཡོངས་སུ་ཉམས་མི་ཉམས་ཀྱི་ཆོས་ཅན་གཉིས་དང་། འཆི་སེམས་ནས་མི་གཡོ་བའི་བར་ལྔ་དང་། ཤེས་རབ་དང་། གཉིས་ཀའི་ཆ་ ལས་རྣམ་གྲོལ་ཏེ་དགུའོ། །དེ་ལ་མཐོང་ཆོས་ལས་བདེར་གནས་ལས་ཉམས་པ་དེ་ནི་ཉམས་པའི་ཆོས་ཅན་ཡིན་ལ། དེ་ལས་མི་ཉམས་པ་ནི་མི་ཉམས་པའི་ཆོས་ཅན་ནོ། །གང་ཏིང་འཛིན་ཉམས་པས་འཇིགས་ནས་བདག་ཉིད་འཆི་བར་སེམས་པ་ནི་དེའི་ཆོས་ཅན་ནོ། །གང་ ཡོན་ཏན་གྱི་ཁྱད་པར་ཅུང་ཟད་ཅིག་སྲུང་བ་དེ་ནི་རྗེས་སུ་སྲུང་བའི་ཆོས་ཅན་ནོ། །གང་ཡོན་ཏན་ཁོ་ནས་གནས་པ་དེ་ལ་རྗེས་སུ་མ་སྲུང་ཡང་མི་གཡོ་བ་དེ་ནི་གནས་པ་ལས་མི་བསྐྱོད་པ་ཡིན་ནོ། །གང་རྟོགས་པར་བྱེད་ཅིང་ཡོན་ཏན་གྱི་ཁྱད་པར་སྐྱེད་པ་དེ་ནི་རྟོགས་པའི་སྐལ་བ་ཅན་ནོ། ། 3-1-297a གང་བྱུང་བ་དག་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ནི་མི་གཡོ་བའི་ཆོས་ཅན་ནོ། །ཡོངས་སུ་མ་ཉམས་པ་དང་གནས་པ་ལས་མི་བསྐྱོད་པ་དང་། མི་གཡོ་བའི་ཆོས་ཅན་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡོངས་སུ་མི་ཉམས་པའི་ཆེན་པོ་ནི་རང་བཞིན་ གྱི་དབང་པོ་རྣོན་པོ་ཡིན་གྱི། དབང་པོ་སྦྱངས་པས་ཐོབ་པ་ནི་མ་ཡིན་ནོ། །མི་གཡོ་བའི་ཆོས་ཅན་ནི་སྦྱངས་པ་ལས་གྱུར་པ་སྟེ་དེ་གཉིས་ནི་ཏིང་ངེ་འཛིན་གྱི་ཁྱད་པར་གང་དང་གང་ཁོ་ནས་སྐྱེད་པར་བྱེད་པ་དེ་ལས་ཉམས་པར་མི་འགྱུར་རོ། །གནས་པ་ལ་མི་བསྐྱོད་པ་ནི་ཡོན་ཏན་གང་ ཁོ་ན་ལ་གནས་པ་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། །གཞན་ཡང་སྐྱེད་པར་མི་བྱེད་པའམ། སྐྱེད་པར་བྱེད་ནའང་ཡོན་ཏན་གྱི་ཁྱད་པར་དེ་ལས་གཡོ་བར་འགྱུར་བ་འདི་ནི་ཁྱད་པར་ཡིན་པར་མངོན་ནོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། ཚེ་དང་ལྡན་པ་ གནག་ཚོགས་ཅན་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་པ་མ་ཡིན་ནམ་ཞེ་ན། དེ་ནི་དགྲ་བཅོམ་པ་ཉིད་ལ་མི་སློབ་པ་ཡིན་པས་ཧ་ཅང་རོ་མྱོང་བ་དང་དབང་པོ་རྟུལ་པོར་གྱུར་པས་སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ལས་ཡང་དང་ཡང་དུ་ཉམས་ནས་ཡི་མུག་སྟེ་ མཚོན་གྱིས་བཏབ་པས། མཚོན་གྱིས་བཏབ་པའི་རྟིང་ལ་དགྲ་བཅོམ་ཐོབ་པ་ཡིན། ཡང་ན་དགྲ་བཅོམ་པ་ཡིན་ངོ་ཤེས་ཀྱང་མཐོང་ཆོས་ཀྱི་བདེ་བ་ཉམས་པ་ཡིན། དེ་ལྟར་ཉམས་པས་ཡི་མུག་ནས་རང་ལ་མཚོན་གྱིས་བཏབ་པ་ཡིན། དེས་མྱ་ངན་ལས་འདས་ཀྱང་དགྲ་བཅོམ་ལས་ཉམས་པ་མིན་ནོ། །བཅུ་ ལས་འཕྲོས་པའི་མདོ་ལས་ཀྱང་བསྐྱེད་པར་བྱ་བའི་ཆོས་ནི་གཅིག་སྟེ། སེམས་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ལས་ཡིད་དུ་འོང་བ་ཡིན། མངོན་སུམ་དུ་བྱ་བའི་ཆོས་ནི་གཅིག་སྟེ། སེམས་རྣམ་པར་གྲོལ་བ་མི་གཡོ་བའི་ཆོས་ཅན་ཡིན་ནོ། །ཞེས་གསུངས་པ་ལ། བྱེ་སྨྲ་ན་རེ། དགྲ་ 3-1-297b བཅོམ་པ་གཉིས་ཡོད་པས་ལོགས་སུ་སྨོས་པའོ། །ཞེས་སྨྲ་བའི་གོ་སྐབས་ཀྱང་ཡོད་པ་མ་ཡིན་ཏེ། བཅུ་ཚན་དེ་ལས་འོ་ན་དགྲ་བཅོམ་པ་ལན་གཉིས་སུ་སྨོས་པར་འགྱུར་དགོས་པར་ཐལ། སེམས་རྣམ་གྲོལ་དུས་དང་སྦྱོར་བ་ཡིད་འོང་ཡང་དགྲ་བཅོམ་པ་ཁོ་ན་ཉིད་ཡིན་པའི་ ཕྱིར། འདོད་མི་ནུས་ཏེ། དགྲ་བཅོམ་པ་ཉིད་བསྐྱེད་པར་བྱ་བ་ཡིན་པ་ནི་གང་ཡང་མ་གསུངས་ཤིང་། མདོ་དེ་ལས་ནི་མངོན་སུམ་དུ་བྱ་བ་ཡིན་པར་གསུངས་སོ། །ཡང་བསྐྱེད་པ་ནི་དབང་པོ་རྟུལ་པོས་བསྡུས་པའི་དགྲ་བཅོམ་པའི་དབང་དུ་བྱས་སོ་ཞེ་ན། བྱེ་སྨྲ་ལ་དྲིས་པ། འདི་ ཅིས་ཤེས་པར་བྱས་པ་ཡིན། དབང་པོ་རྟུལ་པོས་བསྐྱེད་པར་ནུས་པས་ཤེས་པར་བྱ་བ་ཡིན་ནོ་ཞེ་ན། འོ་ན་མདོ་ལས། བསྐྱེད་པར་བྱ་བའི་ཆོས་ནི་གཅིག་སྟེ་སེམས་རྣམ་པར་གྲོལ་བའོ། །ཞེས་བརྗོད་དགོས་པར་ཐལ། དབང་པོ་རྣོན་པོས་ཀྱང་བསྐྱེད་པར་ནུས་པའི་ཕྱིར། འོན་ཏེ་ དབང་རྟུལ་གྱིས་ཀྱང་བསྐྱེད་པར་འོས་པ་ཤེས་བྱེད་ཡིན་ཅེ་ན། དབང་རྣོན་གྱིས་ཀྱང་ཤིན་ཏུ་བསྐྱེད་འོས་ཡིན་ཏེ། མི་གཡོ་བའི་ཕྱིར། དེས་ན་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་ནི་དགྲ་བཅོམ་པ་མ་ཡིན་ནོ། །འོ་ན་དུས་ཀྱིས་རྣམ་གྲོལ་གྱི་དགྲ་བཅོམ་པ་ཞེས་ཇི་སྐད་དུ་བྱ་ཞེ་ན། དབང་པོ་རྟུལ་བའི་ཕྱིར་ཏིང་འཛིན་ཟག་བཅས་ཟག་མེད་གང་ཡང་རུང་བ་ནད་མེད་པ་དང་། ཡུལ་གྱི་ཁྱད་པར་ལ་སོགས་པ་ལས་བལྟོས་པ་དེ་དགྲ་བཅོམ་པ་ལ་ཡོད་པས་དུས་ཀྱིས་གྲོལ་བའི་དགྲ་བཅོམ་པའོ། །ཏིང་འཛིན་མངོན་དུ་འགྱུར་བ་ནད་མེད་པ་དང་ཡུལ་གྱི་ཁྱད་པར་ལ་ མི་བལྟོས་པ་དེ་དགྲ་བཅོམ་པ་ལ་ཡོད་པས་དུས་དང་མི་སྦྱོར་བའི་དགྲ་བཅོམ་པའོ། །ཆོས་མངོན་པ་ལས་ཀྱང་དགྲ་བཅོམ་པ་ཉམས་པ་མེད་པར་གྲུབ་སྟེ། གནས་གསུམ་གྱིས་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་སྐྱེ་བར་འགྱུར་ཏེ། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་མ་སྤངས་ 3-1-298a ཤིང་ཡོངས་སུ་མ་ཤེས་པ་ཡིན། འདོད་པའི་འདོད་ཆགས་ཀུན་ནས་དཀྲིས་པར་གྱུར་བའི་ཆོས་རྣམས་ཀྱང་སྣང་བར་གྱུར་པ་ཡིན། དེ་ལའང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ལུང་དེ་ནི་ཉོན་མོངས་ པའི་རྒྱུ་ཚང་བ་ལས་ཉོན་མོངས་སྐྱེ་བའི་དབང་དུ་བྱས་ཀྱི། ཡུལ་གྱི་སྟོབས་ཁོ་ན་ལས་ཉོན་མོངས་སྐྱེ་བ་ནི་རྒྱུ་མ་ཚང་པའི་དབང་དུ་བྱས་སོ་སྙམ་ན། རྒྱུ་མ་ཚང་བ་ལས་ཉོན་མོངས་གང་ཞིག་སྐྱེ་སྟེ། རྒྱུའི་ཕྱོགས་གཅིག་མ་ཚང་ན་དེའི་འབྲས་བུ་བསྐྱེད་པར་མི་འགྱུར་བའི་ཕྱིར། དཔེར་ན་མིག་གི་རྣམ་ཤེས་བསྐྱེད་པ་ལ་མིག་གཟུགས་ཡིད་བྱེད་གང་རུང་ཞིག་མ་ཚང་ཡང་མི་བསྐྱེད་པ་བཞིན་བསྐྱེད་པར་སྨྲ་བ་ནི་གྱི་ན་པའོ། །རེ་ཞིག་ལུང་ནི་དེ་ལྟ་བུ་ཡིན་ནོ། །རིགས་པ་ནི། གལ་ཏེ་དགྲ་བཅོམ་པ་ཆོས་ཅན། ཅི་ལྟར་ན་ཡོངས་སུ་ཉམས་པར་མི་འགྱུར་ པར་ཐལ། གང་གིས་ན་ཉོན་མོངས་པ་རྣམས་གཏན་དུ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་དེ་ལྟ་བུའི་གཉེན་པོ་ཞིག་སྐྱེས་པའི་ཕྱིར། མ་གྲུབ་ན། ཅི་ལྟར་ཟག་པ་ཟད་པ་སྟེ་མ་ཟད་པར་ཐལ། ཉོན་མོངས་པའི་ས་བོན་གྱི་ཆོས་ཉིད་རྩ་བ་ནས་མ་བཏོན་པའི་ཕྱིར། འདོད་ན་དགྲ་བཅོམ་ པ་མ་ཡིན་པར་ཐལ། ཟག་པ་ཟད་པ་མ་ཡིན་པའི་ཕྱིར། འོ་ན་གར་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ། དྲན་པ་དང་ལྡན་པ་བསྐྱོད་པ་ཞི་གནས་དང་ལྷག་མཐོང་ལ་གནས་པ་དེ་བརྒྱ་ལ་རེས་འགའ་ཞིག་དྲན་པ་ཉམས་པ་ལས་སྡིག་པ་མི་དགེ་བའི་རྣམ་རྟོག་སྐྱེ་བར་འགྱུར་ རོ། །ཞེས་གསུངས་པས་སོལ་བའི་ཕུང་པོ་ལྟ་བུའི་མདོའི་ལན་གདབ་དགོས་སོ། །མདོ་དེ་ལས་བསྟན་པ་ནི་སློབ་པའི་དབང་དུ་བྱས་ཀྱི། དགྲ་བཅོམ་པའི་དབང་དུ་བྱས་པ་མིན་ནོ་ཞེ་ན། དགྲ་བཅོམ་པའི་དབང་དུ་བྱས་པ་ཡིན་པར་བསྟན་ཏེ། ཡུན་རིང་པོ་ནས་སེམས་དབེན་པ་ལ་གཞོལ་བ་ཡིན་བྱ་བ་ནས་མྱ་ངན་ལས་ 3-1-298b འདས་པ་ལ་འབབ་པ་ཡིན། ཅེས་བྱ་བའི་བར་དགྲ་བཅོམ་པའི་སྟོབས་བརྒྱད་གསུངས་པའི་ཕྱིར། འདིས་ནི་འདོད་པ་རྣམས་སོལ་བའི་ཕུང་པོ་ལྟ་བུར་མཐོང་བ་ཡིན་ཏེ། འདིས་འདོད་པ་ལ་འདོད་པའི་འདུན་པ་དང་། འདོད་པའི་ཆགས་པ་ནས་རྒྱས་པར་འདོད་པ་ལ་ལྷག་ པར་ཞེན་པའི་བར་གང་ཡིན་པ་འདིའི་སེམས་གཏུགས་ཏེ་མི་གནས་པ་དེ་ལྟར་འདིས་འདོད་པ་རྣམས་མཐོང་བ་ཡིན་ནོ་ཞེས་རྒྱས་པར་འབྱུང་ལ། མདོ་དེ་ལས་ཀུན་འབྱུང་སྤངས་པས་བསིལ་བར་གྱུར་ཅིང་སྡུག་བསྔལ་སྤངས་པས་བསལ་བར་གྱུར་པ། ཞེས་སོལ་ཕུང་གི་ མདོ་ལ་དགྲ་བཅོམ་པ་ཡིན་པར་བསྟན་ཏོ་སྙམ་ན། དེ་སྐད་དུ་འབྱུང་མོད་ཀྱི། དེ་སྐད་དུ་གསུངས་པ་ནི་སློབ་པའི་གནས་སྐབས་ཀྱི་དབང་དུ་མཛད་པས་ཉེས་པ་མེད་དེ། བསོད་སྙོམས་སོགས་སྤྱོད་པ་ལེགས་པར་མ་བརྟགས་པ་དེ་སྲིད་དུ་སློབ་པ་དེ་ལྟར་སྤྱོད་པ་ལ་ཉོན་ མོངས་པ་འབྱུང་སྲིད་པའི་ཕྱིར། སློབ་དཔོན་ནི་དགྲ་བཅོམ་པ་ཉིད་ཀྱི་གནས་སྐབས་ཀྱི་དབང་དུ་མཛད་ནས་དེ་སྐད་དུ་གསུངས་ཀྱང་དགྲ་བཅོམ་ལས་ཉམས་པའི་ཉེས་པ་མེད་དོ་སྙམ་དུ་དགོངས་པའོ། །གསུམ་པ་རིགས་ཀྱི་དབྱེ་བ་དེ་གཞན་ལའང་སྦྱར་བ་ནི། སློབ་དང་འཕགས་མིན་རིགས་དྲུག་ལྡན། །དགྲ་ བཅོམ་དུ་མ་ཟད་སློབ་པ་དང་འཕགས་མིན་སོ་སྐྱེ་རྣམས་ཀྱང་དགྲ་བཅོམ་དེ་བཞིན་རིགས་དྲུག་དང་ལྡན་ལ། དགྲ་བཅོམ་པའི་རིགས་རྣམས་དེ་དག་སྔོན་དུ་འགྲོ་བ་ཡིན་ནོ། །བཞི་པ་ལམ་གང་ལས་དབང་པོ་འཕོ་བ་ནི། མཐོང་བ་ལ་ནི་འཕོ་བ་མེད། །མཐོང་ལམ་ལས་གཞན་ལ་དབང་པོ་འཕོ་ཡི། མཐོང་བའི་ལམ་ལ་ནི་དབང་པོ་འཕོ་བ་མེད་དེ། བཅོ་ལྔ་པོ་དེ་བདེན་པ་རྟོགས་པའི་ཆེད་དུ་སྦྱོར་བ་བྱས་ཀྱི། དབང་པོ་འཕོ་བའི་ཆེད་དུ་སྦྱོར་བའི་གོ་སྐབས་མི་སྲིད་པའི་ཕྱིར། ལ་ལ་སོ་སྐྱེའི་གནས་ནའང་བར་ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་གཉིས་ཀྱི་དབང་པོ་འཕོ་ 3-1-299a ལ། ལ་ལ་དད་མོས་ཀྱི་སྐབས་ན་དབང་པོ་འཕོའོ། །མི་སློབ་པ་ལ་མ་སྨོས་པ་ནི་སློབ་པ་དང་སོ་སོའི་སྐྱེ་བོའི་གནས་སྐབས་ཡིན་ལ། མི་སློབ་པ་འཕོ་བའང་དོན་གྱིས་ཤེས་སོ། །ལྔ་པ་ཉམས་པའི་རབ་ཏུ་དབྱེ་བ་ལ། དངོས་དང་། གང་ཟག་ གང་ལ་ཉམས་པ་གང་ཡོད་པ། འབྲས་བུ་ལས་ཉམས་བཞིན་པར་མི་འཆི་བའི་རྒྱུ་མཚན་ནོ། །དང་པོ་ནི། ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཤེས་བྱ། །མདོ་ལས། འདི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལྷག་པའི་སེམས་ལས་བྱུང་བ་བཞི་ཐོབ་པ་གང་དག་ཡིན་པ་དེ་དག་ལས་གང་ཡང་རུང་བ་ཞིག་ལས་ འདི་ཡོངས་སུ་ཉམས་པར་འགྱུར་བ་ནི་ང་སྨྲའི། འདི་གཅིག་པུ་སེམས་ཀྱི་རྣམ་པར་གྲོལ་བ་མི་གཡོ་བའི་བར་དུ་ལུས་ཀྱི་མངོན་དུ་བྱས་པ་གང་ཡིན་པ་དེ་ལས་འདི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ང་མི་སྨྲའོ། །ཞེས་གསུངས་པ་ན་མི་གཡོ་བའི་ ཆོས་ཅན་དབང་པོ་རྣོ་བའི་ཕྱིར། མཐོང་ཆོས་བདེར་གནས་ལས་ཇི་ལྟར་ཉམས་པར་ཉམས་པར་འགྱུར་ཞེས་འདྲི་བ་ཡིན་ལ། རྣམ་གྲོལ་ལས་མི་གཡོ་བ་ལྟ་ཅི་སྨོས་ཞེས་ཡིད་ལ་བཞག་པའོ། །དེ་ལ་སྤྱིར་ཡོན་ཏན་ཐོབ་པ་ལས་ཡོངས་སུ་ཉམས་པ་དང་སྟེ། འདོད་པའི་ཉོན་ མོངས་ཀྱིས་གོས་པའི་དུས་སུ་བསམ་གཏན་དང་པོའི་ཡོན་ཏན་ཐོབ་པ་ལས་ཉམས་པའོ། །ཡོན་ཏན་ཐོབ་བྱ་མ་ཐོབ་ན་མ་ཐོབ་པ་ཉིད་ཉམས་པ་ཡིན་པས་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་དང་། ཡོན་ཏན་ཐོབ་པ་མངོན་དུ་མི་བྱེད་ན་ཉེ་བར་སྤྱད་པ་ལས་ཡོངས་སུ་ཉམས་པ་ སྟེ། བསམ་གཏན་གཉིས་པ་ལྟ་བུ་ཉེ་བར་སྤྱད་པས་བསམ་གཏན་དང་པོ་ལྟ་བུའོ། །དེ་ལྟར་ན་ཡོངས་སུ་ཉམས་པ་རྣམ་པ་གསུམ་ཞེས་བྱའོ། །དེ་ལ་བྱེ་སྨྲས་ཉེར་སྤྱད་ལས་ཉམས་པས་ཉེས་པ་མེད་ཟེར། མདོ་སྡེ་པས། མི་གཡོ་བ་དྲུག་ཀ་རྣམ་གྲོལ་མི་གཡོ་བ་ཡིན། 3-1-299b དྲུག་གི་ནང་ནས་མི་གཡོ་བ་ཁྱད་ཅན་དབང་རྣོན་མཐོང་ཆོས་ལས་མི་གཡོ་བ་ཡིན་ཙམ་ན་ཉམས་པ་དང་མི་གཡོ་བ་འགལ་བར་དོགས་ན། མི་གཡོ་བ་རྣམ་གྲོལ་གྱི་དབང་དུ་བྱས། ཉམས་པ་མཐོང་ཆོས་བདེར་གནས་ཀྱི་དབང་དུ་བྱས་པའོ། །གཉིས་པ་ནི། སྟོན་ལ་ཐ་མ་མི་གཡོ་ལ། །བར་མའང་གཞན་ལ་རྣམ་གསུམ་མོ། །ཡོངས་སུ་ཉམས་ པ་འདི་རྣམས་ལ་སྟོན་པ་སངས་རྒྱས་ལ་ནི་གདུལ་བའི་དོན་ལ་ཞུགས་པས་མཐོང་ཆོས་ལ་བདེ་བར་གནས་པ་མི་སྤྱོད་ཅིང་མངོན་དུ་མི་མཛད་པས། ཐ་མ་ཉེར་སྤྱད་ལས་ཡོངས་སུ་ཉམས་པ་ཁོ་ནར་མངའི། གཞན་མི་མངའོ། །མི་གཡོ་བའི་ཆོས་ཅན་ལ་ཉེར་སྤྱད་ལས་ ཉམས་པ་དེ་དང་། བར་མ་མ་ཐོབ་པ་ལས་ཉམས་པའང་ཡོད་དེ། བྱ་བ་གཞན་ལ་གཡེངས་པས་བསམ་གཏན་ལ་སོགས་མངོན་དུ་མི་བྱེད་པའི་ཕྱིར་དང་། སངས་རྒྱས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་མ་ཐོབ་པའི་ཕྱིར། དགྲ་བཅོམ་གཞན་དབང་ པོ་རྟུལ་པོ་ལ་ནི་ཐོབ་པ་ལས་ཡོངས་སུ་ཉམས་པ་དང་ཉམས་པ་གཞན་གཉིས་ཀྱང་ཡོད་པས་ཉམས་པ་རྣམ་པ་གསུམ་མོ། །དེས་ན་མི་གཡོ་བའི་ཆོས་ཅན་ཉེར་སྤྱད་ལས་ཡོངས་སུ་ཉམས་པར་འབྱུང་བའི་ཕྱིར། འདིས་མཐོང་བའི་ཆོས་ལ་ཞེས་པ་ནས་ང་སྨྲ་ཞེས་པའི་ བར་གྱི་མདོ་དང་མི་འགལ་ལོ། །དགྲ་བཅོམ་ཡོངས་སུ་ཉམས་པ་བྱེ་སྨྲ་ན་རེ། དགྲ་བཅོམ་ཐམས་ཅད་ཀྱི་རྣམ་གྲོལ་ཟག་མེད་མི་གཡོ་བ་ཡིན་ན་ཅིའི་ཕྱིར་དུས་དང་མི་སྦྱོར་བར་གྲོལ་བ་ཁོ་ན་མི་གཡོ་བའི་ཆོས་ཅན་དུ་འཇོག་ལ། གཞན་མ་ཡིན་ཅེས་སྨྲ་བར་འགྱུར་ ཏེ། ཡོངས་སུ་མི་ཉམས་པར་སྨྲ་བ་མདོ་སྡེ་པ་ན་རེ། ཐམས་ཅད་ཀྱི་རྣམ་གྲོལ་ཟག་མེད་མི་གཡོ་བ་ཡིན་ལ། མི་གཡོ་བའི་ཆོས་ཅན་དུ་ཇི་ལྟར་རྣམ་པར་བཞག་པ་ནི་ལ་ལ་ཡོངས་སུ་ཉམས་པར་མི་འགྱུར་ཏེ། དབང་པོ་རྣོན་པོ་གང་ཡིན་པ་སྟེ་ཞེས་སོགས་དེ་བཞིན་ 3-1-300a དུ་བཤད་ཟིན་པས་དེའི་ཕྱིར་འདི་ཀླན་ཀ་མི་རུང་ཞེས་ཟེར་རོ། །གསུམ་པ་ནི། འབྲས་ལས་ཉམས་པ་འཆི་བ་མེད། །བྱ་བ་མ་ཡིན་དེ་མི་བྱེད། །དགྲ་བཅོམ་འབྲས་བུ་ལས་ཉམས་ན་ཡང་སྐྱེའམ་ཞེ་ན། ཡང་སྐྱེ་བ་དེ་ལྟ་བུ་མེད་དེ། འབྲས་བུ་ལས་ཡོངས་སུ་ཉམས་པ་ནི་འགའ་ཡང་འཆི་བ་མེད་དེ། མདོ་ ལས། དགེ་སློང་དག་འཕགས་པ་ཉན་ཐོས་པ་ཐོས་པ་དང་ལྡན་པ་དག་ལ་དྲན་པ་ཉམས་པ་ཆུང་ངུ་འབྱུང་མོད་ཀྱི། འོན་ཀྱང་ཡང་མྱུར་བ་ཁོ་ནར་ནུབ་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར། དེ་ལྟར་མ་ཡིན་ན་ཚངས་སྤྱོད་ལ་ཡིད་ བརྟན་དུ་མི་རུང་སྟེ། དགྲ་བཅོམ་ལས་ཉམས་པ་ཡང་སྐྱེ་བར་འགྱུར་བའི་ཕྱིར། ཕྱིར་འོང་མ་ཐོབ་པ་རྒྱུན་ཞུགས་མི་ཚངས་སྤྱོད་ལྟ་བུ་བྱ་བ་མ་ཡིན་པ་བྱེད་པ་ལ། དེ་ཡན་གྱི་འབྲས་བུ་ལས་ཉམས་པ་ནི་འབྲས་བུ་དེ་དང་འགལ་བའི་བྱ་བ་མ་ཡིན་པ་མི་ཚངས་སྤྱོད་སོགས་དེ་མི་ བྱེད་དེ་རྩལ་སྟོབས་ཆེན་པོ་དྲང་ཀྱང་མཐུས་རང་ཉིད་བཟུང་བས་རྡེག་མི་འཆའ་བ་བཞིན་ནོ། །འདིར་སྨྲས་པ། ཡིད་ལ་ཚུལ་མིན་བཟླས་པའི་གོ་མ་ཕྱེས། །ཀུན་ཏུ་འཕགས་པའི་འབྲས་ལམ་ཁོ་ནར་མོས། །ལུས་ངག་བགྱི་བ་དེ་ཡི་ཕྱོགས་སུ་བཀོལ། །རྣམ་དཀར་དེ་ལ་ རང་ཡང་རྗེས་ཡི་རང་། །གཅིག་ཏུ་འཁོར་བའི་གནས་ལས་སྒྲོན་མོ་རུ། །བདག་ཉིད་ཁོ་ན་ཅི་ཐར་སྙམ་པ་ཡིས། །སྙིང་ལས་བསྐལ་མང་གོང་ནས་མ་སྐྱེས་པས། །ཉམ་ཐག་མ་རྒན་རྣམས་ཀྱི་སྡུག་བསྔལ་གྱི། །གཟེར་ཟུག་དྲག་པོས་རྟག་ཏུ་མནར་བའི་ཡིད། །བྱང་ཆུབ་ ཆེན་པོར་སྤྱོད་ལས་གཞན་ཅི་ཡོད། །གཉིས་པ་དབང་པོ་འཕོ་ཚུལ་ལ། ལམ་དུས་དབང་པོ་འཕོ་བ། ལམ་དེའི་ངོ་བོ། །རྟེན་གང་ལས་འཕོ་བ། ས་གང་ལ་རྟེན་འཕོ་བའོ། །དང་པོ་ལ། མི་སློབ་པ་དང་། སློབ་པའོ། །དང་པོ་ནི། མི་གཡོ་རྣམ་གྲོལ་བར་ཆད་མེད། །ལམ་དགུའོ་ཤིན་ཏུ་བསྟེན་ཕྱིར་རོ། །དབང་པོ་རྣམས་འཕོ་བ་ལ་བར་ 3-1-300b ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་དུ་སྐྱེ་ན། རྟོགས་པའི་སྐལ་བ་ཅན་ཞིག་མི་གཡོ་བའི་རིགས་ཅན་དུ་ཐོབ་པར་བྱེད་ན། དབང་རྟུལ་ཆེན་པོའི་ཆེན་པོ་སྤོང་བ་ལ་དབང་རྣོན་ཆུང་ངུའི་ཆུང་ངུ་བར་ཆད་མེད་གཅིག་ནས་དགུ་དང་། དེ་བཞིན་རྣམ་གྲོལ་གྱི་ལམ་དགུ་དཔེར་ ན་དགྲ་བཅོམ་ཐོབ་པ་ལ་སྲིད་རྩེའི་ཉོན་མོངས་ཆེ་འབྲིང་དགུ་སྤོང་བ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་དགུ་དགུ་དགོས་པ་བཞིན། དེ་ལྟར་དགོས་པ་ཡང་དབང་པོ་རྟུལ་པོའི་རིགས་དེ་ཤིན་ཏུ་བསྟེན་ཅིང་གོམས་པར་བྱས་པས་འབད་པ་ཆུང་ངུས་བཟློག་མི་ནུས་པའི་ ཕྱིར་ཏེ། སློབ་པ་དང་མི་སློབ་ཀྱི་ལམ་དག་གིས་བརྟན་པར་བྱས་པའི་ཕྱིར། དཔེར་ན་ཡི་གེ་ངན་སྟོ་ཞིག་ལ་ཤིན་ཏུ་གོམས་ན་དེ་བསྒྱུར་དཀའ་བ་དང་འདྲའོ། །གཉིས་པ་ནི། མཐོང་བས་ཐོབ་ལ་རེ་རེའོ། །དད་མོས་མཐོང་བས་ཐོབ་པ་འཕོ་བར་བྱེད་ན་དབང་པོ་རྟུལ་པོ་ཆེན་པོའི་ཆེན་པོ་ནས་དབང་པོ་རྟུལ་ པོ་ཆུང་ངུའི་ཆུང་ངུ་བར་དུ་སྤང་བྱ་ཆེ་འབྲིང་དགུ་ཡོད་ཀྱང་དེ་ཚོ་ཡོ་སྤོང་བ་ལ་བར་ཆད་མེད་ལམ་གཅིག་དང་རྣམ་གྲོལ་གྱི་ལམ་གཅིག་སྟེ་རེ་རེ་ཁོ་ནར་སྐྱེ་སྟེ། དེ་ནི་སློབ་ལམ་གྱིས་བརྟན་པར་བྱས་ཀྱང་མི་སློབ་ལམ་གྱིས་བརྟན་པར་མ་བྱས་པའི་ཕྱིར། སྦྱོར་བའི་ལམ་ནི་མི་ གཡོ་བ་ཐོབ་པར་བྱ་བ་དང་མཐོང་ཐོབ་ཐོབ་པར་བྱེད་པ་ཐམས་ཅད་དུ་གཅིག་ཁོ་ནའོ། །གཉིས་པ་ལམ་དེའི་ངོ་བོ་ནི། ཟག་མེད། བར་ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་དེ་ཐམས་ཅད་ནི་ཟག་མེད་དེ་འཕགས་པའི་དབང་པོ་ཟག་བཅས་ཀྱི་ལམ་གྱིས་འཕོ་བ་མེད་པའི་ཕྱིར། སོ་སོའི་ སྐྱེ་བོ་དབང་པོ་འཕོ་བ་ནི་ཟག་པ་དང་བཅས་པ་ཞི་རགས་ཀྱི་རྣམ་པས་འཕོ་བའོ། །གསུམ་པ་ནི། མི་ཡི་ནང་དུ་འཕོ། །མིའི་ནང་དུ་ཁོ་ནར་དབང་པོ་འཕོ་ཡི་གཞན་དུ་མ་ཡིན་ཏེ། གཞན་འདོད་པ་ན་སྤྱོད་པའི་ལྷ་རིགས་དྲུག་དང་གཟུགས་དང་གཟུགས་མེད་ཀྱི་ཁམས་ན་ཡོངས་སུ་ཉམས་པ་མེད་དེ། 3-1-301a དུས་གཞན་གྱི་བར་དུ་བསྒོམས་པས་དབང་པོ་ཆེས་ཡོངས་སུ་སྨིན་པའི་ཕྱིར་དང་། རྟེན་ཁྱད་པར་ཅན་རྙེད་པའི་ཕྱིར་ན་ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར། འདོད་པའི་ལྷ་རིགས་དྲུག་ཏུ་ཉམས་པ་མེད་པའང་སྔོན་ཡུལ་གྱི་རྒྱ་ཆེ་བ་སྟེ་བཟང་པོ་ལ་ཡིད་ བྱུང་བས་བདེན་པ་མཐོང་བ་རྣམས་དེ་ལ་དམིགས་ནས་ཉམས་མི་སྲིད་པའི་ཕྱིར། བཞི་པ་ལ། མི་སློབ་པ་དང་། སློབ་པའོ། །དང་པོ་ནི། མི་སློབ་ས་དགུ་ལ་བརྟེན་ཏེ། །མི་སློབ་པ་ནི་མི་ལྕོགས་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་གཟུགས་མེད་གསུམ་སྟེ་ས་དགུ་ལ་བརྟེན་ ཏེ་དབང་པོ་རྣམས་འཕོ་བར་བྱེད་དེ། དེའི་འབྲས་བུ་ས་དགུས་བསྡུས་པའི་ཕྱིར། གཉིས་པ་ནི། སློབ་པ་དྲུག་ལ་གང་གི་ཕྱིར། །འཕེལ་བ་འབྲས་བུ་ཁྱད་པར་ཅན། །བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། །སློབ་པ་དབང་པོ་འཕོ་བ་ནི་གཟུགས་མེད་མ་གཏོགས་པ་སྲིད་པའི་དབང་དུ་བྱས་ནས་ས་དྲུག་ལ་བརྟེན་ནས་འཕོ་སྟེ། ཕྱིར་མི་འོང་གི་འབྲས་བུས་དྲུག་གིས་བསྡུས་པའི་ཕྱིར་དང་གང་ གི་ཕྱིར་དབང་པོ་འཕེལ་བ་ནི་དབང་པོ་རྟུལ་པོའི་ལམ་གྱི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་འབྲས་བུ་ཁྱད་པར་ཅན་སྤོང་བའི་སྦྱོར་བ་དང་། བར་ཆད་མེད་ལམ་དང་། རྣམ་གྲོལ་དང་། ཁྱད་པར་གྱི་ལམ་གྱིས་བསམ་གཏན་དང་པོ་སོགས་བཏང་སྟེ། དབང་པོ་རྣོན་པོའི་ རིགས་ཀྱི་ལམ་གྱི་འབྲས་བུ་འདོད་པ་ལས་ཆགས་བྲལ་ཙམ་གྱིས་བསྡུས་པ་ཁོ་ན་ཐོབ་པར་འགྱུར་ན་ཕྱིར་མི་འོང་གི་འབྲས་བུ་གཟུགས་མེད་ཀྱིས་བསྡུས་པ་ནི་མེད་པའི་ཕྱིར་ཏེ། མདོ་ལས། ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཕྱིར་མི་འོང་བ་ཡིན་ནོ། །ཞེས་དང་། མཐོང་ ལམ་སྐྱེ་བ་ནི་སྔར་འཇིག་རྟེན་པའི་ལམ་གྱིས་གཟུགས་མེད་པའི་དངོས་གཞི་དེ་བཏང་ནས་བསམ་གཏན་ས་དྲུག་ལ་བརྟེན་ནས་མཐོང་ལམ་སྐྱེའི། གཟུགས་མེད་ནི་འདོད་པ་ལ་མི་དམིགས་པས་དེ་ལྟར་ན་གཟུགས་མེད་ཀྱི་དངོས་གཞི་ཐོབ་ཀྱང་དེ་ནས་བསམ་གཏན་ས་དྲུག་ལ་ 3-1-301b མཐོང་ལམ་སྐྱེ་བ་དང་འདྲ་བར་བརྗོད་དོ། །གཉིས་པ་དགུར་དབྱེ་བ་ལ། དབྱེ་བ་དངོས་དང་། འབྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། སངས་རྒྱས་གཉིས་དང་ཉན་ཐོས་བདུན། །དགྲ་བཅོམ་ཐམས་ཅད་དབང་པོའི་བྱེ་བྲག་ལས་དགུ་ཁོ་ན་ཡིན་ཏེ། མི་གཡོ་བ་ཁོ་ནའི་བྱེ་བྲག་སངས་རྒྱས་དང་། རང་སངས་རྒྱས་གཉིས་ གཉིས་ཀའི་ཆ་ལས་རྣམ་གྲོལ་ཁོ་ནས་བསྡུས་པའི་ཕྱིར་དང་། ཡོངས་སུ་ཉམས་པའི་ཆོས་ཅན་ལ་སོགས་པ་ལྔ་མི་གཡོ་བའི་ཆོས་ཅན་སྦྱངས་པ་ལས་གྱུར་པ་དང་། དང་པོ་ནས་དེའི་རིགས་ཅན་གཉིས་ཏེ་ཉན་ཐོས་བདུན་ནོ། །གཉིས་པ་ནི། དེ་དགུ་དབང་པོ་རྣམ་དགུ་ཅན། །གང་ཟག་བདུན་པོ་སྦྱོར་བ་དང་། །དབང་པོ་སྙོམས་འཇུག་རྣམ་གྲོལ་དང་། །གཉིས་ཀས་བྱས་པའོ། །གང་ཟག་དེ་དགུ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ དབང་པོའི་བྱེ་བྲག་རྣམ་པ་དགུའི་བྱེ་བྲག་གིས་བཞག་པ་ཅན་ནོ། །དེའང་ཡོངས་སུ་ཉམས་པའི་ཆོས་ཅན་ནི་དབང་པོ་ཐ་མའི་ཐ་མ། འཆི་བར་སེམས་པའི་ཐ་མའི་འབྲིང་། རྗེས་སུ་བསྲུང་བའི་ཆོས་ཅན་ཐ་མའི་རབ། གནས་པ་ལས་མི་བསྐྱོད་པ་འབྲིང་གི་ཐ་མ། རབ་ཏུ་རྟོགས་པའི་བོས་ སུ་གྱུར་པ་འབྲིང་གི་འབྲིང་། མི་གཡོ་བའི་སྦྱངས་པ་ལས་གྱུར་བ་འབྲིང་གི་རབ། མི་གཡོ་བ་དང་པོ་ནས་དེའི་རིགས་རབ་ཀྱི་ཐ་མ། རང་སངས་རྒྱས་རབ་ཀྱི་འབྲིང་། བུདྡྷ་རབ་ཀྱི་རབ་བོ། །()འཕགས་པའི་གང་ཟག་ཐམས་ཅད་ནི་བདུན་ཏེ། དད་པས་རྗེས་འབྲང་དང་། ཆོས་ཀྱི་ རྗེས་འབྲང་དང་། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །གང་ཟག་བདུན་པོ་དེ་དག་ཀྱང་སྦྱོར་བ་ལས་ནི་དང་པོ་གཉིས་ཏེ། དང་པོ་སོ་སྐྱེའི་ གནས་སྐབས་ཉིད་ན་གཞན་གྱི་དྲིང་འཇོག་པས་གཞན་ལས་དྲན་པ་ཉེར་གཞག་སོགས་ཆོས་ཐོས་ནས་ཕྱིས་དོན་ལ་སྦྱོར་ཞིང་བསམ་སྒོམ་བསྟེན་པའི་ཕྱིར་དང་། སྔོན་སོ་སྐྱེའི་ཚེ་ཤེས་རབ་ཀྱིས་ཆོས་ཀྱི་རྗེས་སུ་འབྲང་བས་རང་ཉིད་ཀྱི་བྱང་ཆུབ་ཀྱི་ཕྱོགས་མཐུན་ལ་བསམ་སྒོམ་བསྟེན་ 3-1-302a པའི་ཕྱིར་དང་། དབང་པོ་རྟུལ་རྣོ་ལས་དད་མོས་དང་མཐོང་ཐོབ་སྟེ། དད་པས་མོས་པ་ལྷག་པ་དང་། ཤེས་རབ་ལྷག་པའི་སྒོ་ནས་དབང་པོ་རྟུལ་པོ་དང་རྣོན་པོ་ཡིན་པའི་ཕྱིར། སྙོམས་འཇུག་ལས་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་སྟེ། འགོག་པའི་ སྙོམས་པར་འཇུག་པ་མྱང་འདས་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་ལས་ནི་ཤེས་རབ་ཀྱིས་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཕྱིར། སྙོམས་འཇུག་དང་རྣམ་གྲོལ་གཉིས་ཀས་བྱས་པ་ནི་གང་གིས་བསམ་གཏན་ བསྐྱེད་མི་ནུས་པ་ལུས་སེམས་ལས་སུ་མི་རུང་བ་རྣམ་ཐར་གྱི་སྒྲིབ་པ་ལས་འགོག་པའི་སྙོམས་འཇུག་ཐོབ་པས་གྲོལ་བའི་ཕྱིར་དང་། དགྲ་བཅོམ་གྱིས་རྣམ་གྲོལ་ཐོབ་བས་ཉོན་སྒྲིབ་ཀྱི་ཆ་ལས་གྲོལ་བའི་ཕྱིར་རོ། །གསུམ་པ་རྫས་དྲུག་ཏུ་དབྱེ་བ་ལ། དངོས་དང་། འཕྲོས་དོན་ནོ། ། དང་པོ་ནི། དེ་དག་དྲུག །འདི་ལྟར་ལམ་གསུམ་ལ་གཉིས་གཉིས། །མིང་གི་སྒོ་ནས་གང་ཟག་དེ་བདུན་ཡིན་ལ། དེ་དག་རྫས་སུ་ནི་དྲུག་ཡིན་ཏེ། འདི་ལྟར་ལམ་གསུམ་གྱི་གནས་སྐབས་ལ་རྫས་གཉིས་གཉིས་ཏེ། མཐོང་ལམ་ལ་དད་པ་དང་ཆོས་ཀྱི་རྗེས་འབྲངས་གཉིས། སྒོམ་ལམ་ལ་དད་མོས་མཐོང་ཐོབ་གཉིས། མི་སློབ་ པ་ལ་དབང་པོ་རྟུལ་ཀྱང་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་སྦྱང་བ་དང་རྣམ་པར་ཐར་པ་སྦྱང་བ་གཉིས་ཀའི་ཆ་ལས་གྲོལ་བ་ཡིན་རུང་། ཤེས་རབ་ཀྱི་ཆ་ལས་གྲོལ་བ་ཡིན་རུང་དུས་ཀྱིས་རྣམ་པར་གྲོལ་བ་དང་། དབང་པོ་རྣོ་བ་ཤེས་རབ་ཀྱིས་ གྲོལ་བ་ཡིན་རུང་གཉིས་ཀས་གྲོལ་བ་ཡིན་རུང་དུས་དང་མི་སྦྱོར་བ་རྣམ་པར་གྲོལ་བའོ། །རྒྱས་པར་དབྱེ་ན། དད་པའི་རྗེས་འབྲངས་ལ་མཐོང་ལམ་པ་བཅོ་ལྔ། དང་པོ་སྡུག་བསྔལ་ཆོས་བཟོད་ལ་ཉམས་པའི་ཆོས་ཅན་ནས་རྟོགས་པའི་སྐལ་བ་ཅན་གྱི་བར་རིས་ལྔ། ལྔ་པོ་རེ་རེ་ལ་འཆིང་བ་མཐའ་དག་དང་ལྡན་པ་དང་། 3-1-302b འདོད་ཉོན་དང་པོ་ནས་འདོད་ཆགས་དང་བྲལ་བ་དགུ་ནས་ཅིའང་མེད་ལ་འདོད་ཆགས་དང་བྲལ་བའི་དགུ་བརྒྱད་བརྒྱད་དགུ་བདུན་ཅུ་དོན་གཉིས་སྔར་གྱི་འཆིང་བ་མཐའ་དག་དང་ལྡན་པ་སྟེ་དོན་གསུམ། སྤྱིར་དྲིལ་བས་སུམ་བརྒྱ་དང་དྲུག་ཅུ་རེ་ལྔའོ། །དེ་ཡང་དབང་པོ་རྣོ་འབྲིང་རྟུལ་ པོའི་བྱེ་བྲག་གི་སྟོང་དང་དགུ་བཅུ་གོ་ལྔ། དེ་ཉིད་རྟེན་གླིང་གསུམ་གྱི་མི་འདོད་ལྷ་རིས་དྲུག་རེ་རེ་ལ་སྦྱར་བས་སྟོང་ཕྲག་དགུ་དང་བརྒྱད་བརྒྱ་ལྔ་བཅུ་རྩ་ལྔ། མཐོང་ལམ་ཕྱི་མ་བཅུ་བཞི་པོ་ལའང་རེ་རེ་ཞིང་སྟོང་ཕྲག་དགུ་དང་བརྒྱད་བརྒྱ་ལྔ་བཅུ་རྩ་ལྔ་རེ་བྱས་ནས། སྔར་གྱི་དེ་དང་ བསྡོམས་པས་དབང་པོ་དང་རིགས་དང་ལམ་དང་འདོད་ཆགས་དང་བྲལ་བ་དང་རྟེན་གྱི་སྒོ་ནས་འབུམ་ཕྲག་གཅིག །ཁྲི་ཚོ་བཞི། སྟོང་ཕྲག་བདུན་དང་བརྒྱད་བརྒྱ་ཉི་ཤུ་རྩ་ལྔར་འགྱུར་རོ། །གང་ཟག་གཞན་དག་ཀྱང་ཅི་རིགས་པར་དེ་བཞིན་དུ་བརྩི་བར་བྱའོ་ཞེས་པ་ལས། ཅི་རིགས་པར་བརྩི་ཚུལ་ནི། དེའང་ཆོས་ཀྱི་རྗེས་འབྲངས་དང་། མཐོང་ཐོབ་དང་དུས་དང་མི་སྦྱོར་བ་གྲོལ་བ་རྣམས་ལ་ནི་རིགས་ཀྱི་དབྱེ་བ་མེད་ལ། དད་མོས་དང་དུས་ཀྱི་རྣམ་གྲོལ་གཉིས་ལ་ནི་རིགས་ལྔའི་དབྱེ་བ་ཡོད་དོ། །ཡང་དད་མོས་མཐོང་ཐོབ་ལ་ལམ་གྱི་སྒོ་ནས་ནི་ སློབ་དཔོན་རྒྱལ་པོའི་སྲས་ལྟར་ན་འབྲས་བུ་ལ་གནས་པའི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ཀྱི་དབང་དུ་བྱས་ན་དབྱེ་བ་མེད་ལ། སྐལ་ལྡན་ཁྱད་པར་ཅན་ནི་ས་དགུ་ལ་བརྟེན་པའི་ལམ་དགུར་འདོད་དོ། །ལུས་ཀྱིས་མངོན་སུམ་བྱེད་པ་ནི། དད་མོས་མཐོང་ཐོབ་ ཏུ་འདུག་པས་ལོགས་སུ་བརྩིར་མེད་དོ། །གལ་ཏེ་བརྩི་ན་དབང་པོའི་སྒོ་ནས་གསུམ་དང་། རིགས་ཀྱི་སྒོ་ནས་དང་དད་མོས་ཡིན་ན་ལྔ་དང་། མཐོང་ཐོབ་ཡིན་ན་དབྱེ་བ་མེད་དོ། །ལམ་དང་འདོད་ཆགས་དང་བྲལ་བ་ལའང་དབྱེ་བ་མེད་དོ། །རྟེན་ནི་སྐལ་ལྡན་ཁྱད་པར་ཅན་ནི་ 3-1-303a འདོད་པ་ནས་སྲིད་རྩེའི་བར་དུ་ཉེར་དགུར་འདོད་ལ། རྒྱལ་པོའི་སྲས་ནི་གླིང་གསུམ་གྱི་མི་དང་འདོད་ལྷ་རིས་དྲུག་སྟེ་དགུ་དང་། གཟུགས་ན་གནས་བཅུ་དྲུག་དང་། སྲིད་རྩེ་སྟེ་ཉི་ཤུ་རྩ་དྲུག་ཏུ་འདོད་དོ། །ཤེས་རབ་ཀྱི་རྣམ་གྲོལ་ཀྱང་དུས་ཀྱི་རྣམ་གྲོལ་ ཡིན་ན་རིས་ལྔ་དང་། དུས་དང་མི་སྦྱོར་བ་ཡིན་ན་ནི་རིགས་ལ་དབྱེ་བ་མེད་དོ། །དེ་ལས་གཞན་ནི་དད་པའི་རྗེས་འབྲངས་བཞིན་ནོ། །འདི་དག་གི་ཞིབ་པར་འགྲེལ་པ་རྒྱལ་སྲས་མར་བལྟའོ། །རྟོགས་སླ་བར་བརྗོད་ན། དད་རྗེས་ལ་རྟེན་དགུ། དབང་པོ་གསུམ། རིགས་ལྔ་ ལམ་བཅོ་ལྔ། ཆགས་བྲལ་དོན་གསུམ་བསྡོམས་པས་ཆིག་འབུམ་བཞི་ཁྲི་བདུན་སྟོང་བརྒྱད་བརྒྱ་ཉེར་ལྔ། ཆོས་རྗེས་ལ་རྟེན་དབང་ལམ་ཆགས་བྲལ་སྔ་མ་ལྟར་ལ་རིགས་ཀྱི་དབྱེ་བ་མེད་པས་ཉི་ཁྲི་དགུ་སྟོང་ལྔ་བརྒྱ་རེ་ལྔའོ། །དད་མོས་ལ་རྟེན་དབང་རིགས་ཆགས་བྲལ་སྔ་མ་ ལྟར་ལ་ལམ་གྱི་དབྱེ་བ་མེད་པས་དགུ་སྟོང་བརྒྱད་བརྒྱ་ལྔ་བཅུ་ང་ལྔའོ། །དད་མོས་རྡོར་ཏིང་ལ་གནས་པ་ནི། རྟེན་ཉེར་དགུ། དབང་པོ་གསུམ། རིགས་ལྔ། ཆགས་བྲལ་གྱ་གཅིག་བསྡོམས་པས་སུམ་ཁྲི་ལྔ་སྟོང་ཉིས་བརྒྱ་སོ་ལྔའོ། །མཐོང་ཐོབ་ལ། རྟེན་དགུ། དབང་པོ་ གསུམ། ལམ་བཅོ་ལྔ། ཆགས་བྲལ་དོན་གསུམ་སྔ་མ་ལྟར་ལ་རིགས་ཀྱི་དབྱེ་བ་དོར་བས་སྟོང་དགུ་བརྒྱ་དོན་གཅིག །མཐོང་ཐོབ་རྡོར་ཏིང་ལ་གནས་པའི་རྟེན་ཉེར་དགུ། དབང་པོ་གསུམ། ཆགས་བྲལ་གྱ་གཅིག །རིགས་ཀྱི་དབྱེ་བ་དོར་བས་བདུན་སྟོང་བཞི་བཅུ་རྩ་བདུན་ནོ། ། ལུས་ཀྱིས་མངོན་དུ་བྱེད་པ་ནི་དེ་གཉིས་སུ་མི་བརྩི་ན། རྟེན་འདོད་པའི་དགུ། གཟུགས་ཀྱི་བཅུ་དྲུག་སྟེ་ཉེར་ལྔ། དེ་ཉིད་སྲིད་རྩེར་སྐྱེས་པའི་ཚེ་སྙོམས་འཇུག་དེ་དང་ལྡན་པས་ལྡན་པའི་སྒོ་ནས་ཉི་ཤུ་རྩ་དྲུག །དབང་པོའི་སྒོ་ནས་གསུམ། དད་མོས་ཡིན་ན་རིགས་ཀྱི་སྒོ་ནས་ལྔ་ 3-1-303b སུམ་བརྒྱ་དགུ་བཅུ་ཐམ་པ། མཐོང་ཐོབ་ལ་ལམ་རིགས་ཀྱི་དབྱེ་བ་མེད་པས་རྟེན་ཉེར་དྲུག །དབང་པོ་གསུམ་ལ་བདུན་ཅུ་དོན་བརྒྱད། འདི་ལ་འདོད་ཆགས་དང་བྲལ་བ་ནས་ཅིའང་མེད་ལ། ཆགས་བྲལ་གྱི་བར་ཁྱད་པར་མེད་པས་དབྱེར་མེད་ལ་སྲིད་རྩེའི་འཆིང་བ་མཐའ་དག་ དང་ལྡན་པ་དང་། དང་པོ་ནས་བརྒྱད་པའི་བར་ཡིན་ན་འདོད་ཆགས་དང་བྲལ་བའི་སྒོ་ནས་ཁྱད་ཡོད་ཀྱང་། ལུས་ཀྱིས་མངོན་དུ་བྱེད་པ་དེའི་སྟོབས་ཀྱི་ཐོབ་པ་མིན་པས་དེས་ཁྱད་པར་དུ་བྱས་ཏེ་ཆགས་བྲལ་གྱི་སྒོ་ནས་དབྱེ་བ་མེད། འགོག་སྙོམས་ལུས་ཀྱིས་མངོན་དུ་བྱེད་ན་སྲིད་ རྩེ་བ་ལ་ལུས་མེད་པས། དེ་ཇི་ལྟར་མངོན་དུ་བྱེད་སྙམ་ན། འདོད་གཟུགས་ཀྱི་རྟེན་ཅན་གྱི་འགོག་པའི་སྙོམས་འཇུག་བསྐྱེད་པ་དང་ལྡན་པས་ཕྱིར་མི་འོང་བ་ལུས་མངོན་བྱེད་པར་གྱུར་པ་དེའི་ལྡན་པ་ཙམ་སྲིད་རྩེ་བ་དང་འབྲེལ་བས་སྲིད་རྩེ་ལ་འགོག་སྙོམས་ཡོད་པར་བཞག་གོ ། དུས་སྦྱོར་ལ་རྟེན་ཉེར་དགུ། དབང་པོ་གསུམ། རིགས་ལྔ་སྟེ་བཞི་བརྒྱ་སོ་ལྔ། དུས་མི་སྦྱོར་ལ་རྟེན་ཉེར་དགུ། དབང་པོ་གསུམ། རིགས་ཀྱི་དབྱེ་བ་མེད་པས་བརྒྱད་ཅུ་གྱ་བདུན། དེ་དག་གི་ཤེས་རབ་དང་གཉིས་ཀའི་ཆ་ལས་རྣམ་གྲོལ་ནི་དབང་པོ་རྣོ་རྟུལ་གཉིས་ཀ་ཡོད་ པས་ལྔ་བརྒྱ་ཉེར་གཉིས་སུ་འདྲ་བར་འཆད། ཡང་ན་ཤེས་རབ་རྣམ་གྲོལ་སྙོམས་འཇུག་གི་སྒྲིབ་པ་མ་སྤངས་པ་དངོས་གཞི་མ་ཐོབ་གོང་དུ་མི་སྐྱེ་བའི་དུས་སྦྱོར་ལ་རྟེན་དགུ། དབང་པོ་གསུམ། རིགས་ལྔ་སྟེ་བརྒྱ་སོ་ལྔ། དུས་མི་སྦྱོར་ལ་རྟེན་དགུ། དབང་པོ་གསུམ་ཉེར་བདུན། དུས་མི་སྦྱོར་གྱི་རྐྱང་གྲོལ་གཉིས་ཀ་སྙོམས་པས་བརྒྱ་ དྲུག་ཅུ་རེ་གཉིས་སོ། །ཅུང་ཟད་ཙམ་གྱི་བགྱི་བས་དཀའ་བའི་གནས། །ཇི་བཞིན་ལེགས་པར་འཁྲོལ་བའི་གནས་མེད་པས། །ཚིག་གི་ཁུར་གྱི་ལྕི་བ་ཐེག་བྱས་ཏེ། །འཛིངས་པ་མེད་པར་བདེ་བར་བཀྲོལ་ཟིན་ཏོ། །གཉིས་པ་ལ། རྣམ་གྲོལ་གཉིས་ངོས་བཟུང་བ། ཡོན་ 3-1-304a ཏན་རྫོགས་པའི་ཁྱད་པར་རོ། །དང་པོ་ནི། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། །འོ་ན་གཉིས་ཀའི་ཆ་ལས་རྣམ་གྲོལ་དང་ཤེས་རབ་ཀྱི་རྣམ་གྲོལ་གང་ཞེ་ན། གང་ཞིག་བསམ་གཏན་དངོས་གཞི་ལ་བརྟེན་ནས་འགོག་པའི་སྙོམས་འཇུག་ཐོབ་པ་དེ་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ ཏེ། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་སྒྲིབ་པ་ལས་ཀྱང་གྲོལ་བའི་ཕྱིར། དེ་ལ་རྣམ་པར་ཐར་པའི་སྒྲིབ་པ་ནི། དམིགས་པ་བརྗེད་པ་དང་བྱིང་བ་དང་རྒོད་པ་དང་རྩོམ་པ་དང་མི་རྩོམ་པའི་ཉེས་པ་ལྔ་ལ་སོགས་པ་སྟེ། གང་གིས་རྣམ་པར་ ཐར་པ་དང་བསམ་གཏན་དག་བསྐྱེད་པར་མི་ནུས་པ་སྟེ་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ་ཞེས་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་ནི། གང་ཞིག་ཡོད་ན་སེམས་ལས་སུ་མི་རུང་བས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་དག་གིས་ཀྱང་བསམ་གཏན་དང་པོའི་ དངོས་གཞིའང་བསྐྱེད་པར་མི་ནུས་པ་ཞེས་བཤད་པས་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་བརྟེན་པ་ཡིན་ལ། དེའང་གང་ཟག་ནི་ཉན་ཐོས་ལ་སྲིད་ཀྱི། སངས་རྒྱས་གཉིས་ནི་གཉིས་ཀའི་ཆ་ལས་རྣམ་གྲོལ་ཡིན་པས་རྣམ་ཐར་དང་སྙོམས་འཇུག་གི་སྒྲིབ་པ་མ་སྤངས་པ་ མི་སྲིད་པའི་ཕྱིར་རོ། །སྒྲིབ་པ་འདི་ནི་ཤེས་བྱའི་སྒྲིབ་པ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། རྣམ་ཐར་རྣམས་ནི་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་ཐར་པས་རབ་ཏུ་ཕྱེ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཇི་ཙམ་ལས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སེམས་རྣམ་ པར་གྲོལ་བར་འགྱུར་བ་ཡིན་ནོ་ཞེས་བཤད་དོ། །གང་ཞིག་བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་ལ་བརྟེན་ནས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ལས་གྲོལ་བ་དེ་ནི་གཉིས་ཀའི་ཆ་ལས་རྣམ་གྲོལ་ལས། གཅིག་ཤོས་ཤེས་རབ་ 3-1-304b ཀྱིས་རྣམ་པར་གྲོལ་བ་སྟེ། དེ་དག་ལ་དགྲ་བཅོམ་པ་རྒྱན་ཅན་དང་རྒྱན་མེད་ཅེས་བྱ་བར་གྲགས་སོ། །གཉིས་པ་ནི། སྙོམས་འཇུག་དབང་པོ་འབྲས་རྣམས་ཀྱིས། །སློབ་པ་ཡོངས་རྫོགས་ཞེས་བྱའོ། །གཉིས་ཀྱིས་མི་སློབ་ཡོངས་སུ་རྫོགས། །བཅོམ་ལྡན་འདས་ཀྱིས་འདི་ལ་གང་ཞིག་ཉོན་མོངས་འཇིག་ལྟ་སོགས་ཐ་མའི་ཆ་མཐུན་ལྔ་སྤངས་ཏེ་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཡིན་པས་མི་འཕྲོག་ ཆོས་ལྡན་སློབ་པ་ཡོངས་སུ་རྫོགས། ཞེས་གསུངས་པ་ལ། ཇི་ཙམ་གྱིས་སློབ་པ་རྫོགས་ཤེ་ན། སློབ་པ་ནི་སྙོམས་འཇུག་དང་དབང་པོ་དང་འབྲས་བུ་རྣམས་ཀྱིས་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེའང་ཕྱིར་མི་འོང་དད་པས་མོས་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི་འབྲས་བུའི་སྒོ་ནས་ཡོངས་ སུ་རྫོགས་པ་ཡིན་ཏེ། དད་པས་མོས་པའི་ཕྱིར་དབང་པོའི་སྒོ་ནས་ཡོངས་སུ་རྫོགས་པའང་མ་ཡིན་ལ། ལུས་ཀྱིས་མངོན་དུ་བྱེད་པ་མ་ཡིན་པས་སྙོམས་འཇུག་གི་སྒོ་ནས་ཀྱང་མ་ཡིན་པའི་ཕྱིར། མཐོང་ཐོབ་ཆགས་བཅས་དབང་པོ་ཁོ་ནའི་སྒོ་ནས་རྫོགས་པ་སྟེ། དབང་པོ་རྣོན་ པོ་ཡིན་པའི་ཕྱིར། འབྲས་བུའི་སྒོ་ནས་མ་ཡིན་ཏེ། འདོད་ཆགས་དང་མ་བྲལ་བའི་ཕྱིར། སྙོམས་འཇུག་གི་སྒོ་ནས་མ་ཡིན་ཏེ། ཕྱིར་མི་འོང་བའི་འབྲས་བུ་དང་སྙོམས་འཇུག་དག་མ་ཐོབ་པའི་ཕྱིར། ཕྱིར་མི་འོང་མཐོང་བས་ཐོབ་འགོག་པ་ཐོབ་པ་མ་ཡིན་པ་ནི་འབྲས་བུ་དང་དབང་ པོ་ལས་རྫོགས་པའོ། །དད་མོས་འགོག་པ་ཐོབ་པ་ནི་འབྲས་བུ་དང་སྙོམས་འཇུག་ལས་རྫོགས་པའོ། །མཐོང་བས་ཐོབ་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི་འབྲས་བུ་དང་དབང་པོ་དང་སྙོམས་པར་འཇུག་པ་ལས་རྫོགས་པའོ། །སྙོམས་པར་འཇུག་པ་ཁོ་ན་དང་སྙོམས་འཇུག་དང་ དབང་པོས་རྫོགས་པ་མེད་དེ། ཕྱིར་མི་འོང་གི་འབྲས་བུ་མ་ཐོབ་པར་འགོག་པའི་སྙོམས་འཇུག་མེད་པར་བྱས། དབང་པོ་དང་སྙོམས་འཇུག་གཉིས་ཀྱིས་མི་སློབ་པ་ཡོངས་སུ་རྫོགས་པའོ། །འདིའི་འབྲས་བུ་ཡོངས་སུ་རྫོགས་པས་ནི་ཡོངས་སུ་རྫོགས་པ་ཉིད་དུ་མ་བཞག་སྟེ། འབྲས་ 3-1-305a བུ་ཡོངས་སུ་མ་རྫོགས་པ་ལ་མི་སློབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་རྣམ་གྲོལ་དུས་དང་མི་སྦྱོར་བར་གྲོལ་བ་ནི་དབང་པོ་ཁོ་ན་ལས་དང་། གཉིས་ཀའི་ཆ་ལས་རྣམ་གྲོལ་དུས་དང་སྦྱོར་བ་ནི་སྙོམས་འཇུག་ཁོ་ན་ལས་སོ། །གཉིས་ཀའི་ཆ་ལས་རྣམ་གྲོལ་ དུས་དང་མི་སྦྱོར་བར་གྲོལ་བ་ནི་དབང་པོ་དང་སྙོམས་འཇུག་ལས་སོ། །གསུམ་པ་ལམ་ཁྱད་པར་བཤད་པ་ལ། ལམ་གྱི་ཁྱད་པར་གྱི་ཡོན་ཏན། བྱང་ཆུབ་ཕྱོགས་མཐུན་གྱི་རྣམ་གཞག །ལམ་གྱིས་ཐོབ་པའི་རྣམ་གྲོལ་ལོ། །དང་པོ་ལ། སྦྱོར་ལམ་སོགས་བཞིའི་ཁྱད་ པར། དཀའ་སླ་མྱུར་བུལ་བཞིའི་ཁྱད་པར་རོ། །དང་པོ་ནི། མདོར་ན་ལམ་ནི་རྣམ་བཞི་སྟེ། །ཁྱད་པར་ཅན་དང་རྣམ་གྲོལ་དང་། །བར་ཆད་མེད་དང་སྦྱོར་ཞེས་བྱ། །ལམ་ལ་འཇིག་རྟེན་པ་དང་དེ་ལས་འདས་པ་དང་། མཐོང་སྒོམ་མི་སློབ་ལམ་གསུམ་དང་། སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་གྲོལ་དང་། ཁྱད་པར་ཅན་གྱི་ལམ་ཞེས་བྱེ་བྲག་མང་པོ་བཤད་པ་ ཐམས་ཅད་མདོར་བསྡུ་ན། ལམ་ནི་རྣམ་པ་བཞི་སྟེ། སྦྱོར་བའི་ལམ་ཞེས་བྱ་བ་ནི་ཆོས་མཆོག་ལྟ་བུ་གང་གི་མཇུག་ཐོགས་སུ་བར་ཆད་མེད་ལམ་སྐྱེའོ། །བར་ཆད་མེད་པའི་ལམ་ནི་གང་གི་སྒྲིབ་པ་རབ་ཏུ་སྤོང་བའོ། །དབང་པོ་འཕོ་བའི་བར་ཆད་མེད་ལམ་སྒྲིབ་པ་མི་སྤོང་བའང་ ཡོད་དོ། །རྣམ་པར་གྲོལ་བའི་ལམ་ནི་བར་ཆད་མེད་ལམ་གྱི་སྤང་བྱའི་སྒྲིབ་པ་ལས་ངེས་པར་གྲོལ་བ་དང་པོ་ཉིད་དུ་སྐྱེའོ། །ཁྱད་པར་ཅན་གྱི་ལམ་ནི་སྦྱོར་བ་དང་བར་ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་གསུམ་ལས་གཞན་པའི་ལམ་གང་ཡིན་པ་སྟེ། ལམ་ལ་རྗེས་ཤེས་ཕན་ཆད་ ཟག་མེད་སྐད་ཅིག་བཅུ་བདུན་པ་ཕན་ཆད་དང་། ཟད་པ་ཤེས་པའི་རྒྱུན་དགྲ་བཅོམ་གྱིས་མཐོང་ཆོས་ལ་བདེ་བར་གནས་པ་དང་། ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་ལམ་ལྟ་བུའོ། །དེས་ན་མྱ་ངན་ལས་འདས་པ་དེར་འགྲོ་བའི་ཕྱིར་རམ། འདིས་མྱང་འདས་འཚོལ་ཞིང་ཐོབ་ 3-1-305b པར་བྱེད་པའི་ཕྱིར། འདི་ནི་མྱ་ངན་ལས་འདས་པའི་ལམ་མམ་ཤུལ་ཡིན་ནོ། །རྣམ་གྲོལ་དང་ཁྱད་པར་གྱི་ལམ་དག་ཀྱང་ལམ་དུ་བཞག་སྟེ། སྦྱོར་བ་དང་བར་ཆད་མེད་ལམ་དུ་དམིགས་རྣམ་འདྲ་བ་དང་། སྤོང་ལམ་དང་ཟག་མེད་དུ་འདྲ་བ་དང་། རྒྱུ་བསགས་པའི་སྒོ་ནས་ཆེས་ཆེ་ པ་ཡིན་པའི་ཕྱིར་ཏེ། ལམ་གོང་ནས་གོང་དུ་ཕྱིན་པར་བྱེད་པའི་ཕྱིར་རམ། དེ་སྐྱེས་ན་ཕུང་པོ་ལྷག་མ་མ་ལུས་པའི་མྱང་འདས་ལ་འཇུག་པའི་ཕྱིར་རོ། །ཡང་དེ་དག་ལམ་ཡིན་ཏེ། མྱང་འདས་སྒྲུབ་པར་བྱེད་པས་སྒྲུབ་པ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་གི་དཀའ་བ་ཡིན། །བློ་རྟུལ་མངོན་ཤེས་བུལ་བ་སྟེ། །ཅིག་ཤོས་ཀྱི་ནི་མངོན་ཤེས་མྱུར། །ལམ་ལ་ མངོན་ཤེས་བུལ་ལ་དཀའ་བ་དང་། མངོན་ཤེས་མྱུར་ལ་དཀའ་བ་དང་། དེ་བཞིན་དུ་སླ་བའི་ལམ་ཡང་རྣམ་པ་གཉིས་སོ། །འདིའང་ཤེས་བྱ་ཤེས་པ་ཙམ་ལ་བརྗོད་ཀྱི། ལྷའི་མིག་གི་མངོན་ཤེས་སོགས་ཁྱད་པར་ལ་མི་བརྗོད་དོ། །དེ་ལ་བསམ་གཏན་བཞི་པོ་དག་གི་ལམ་ རྣམས་སླ་སྟེ། ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་གནས་དང་ལྷག་མཐོང་མཉམ་པ་དག་གིས་འབད་མི་དགོས་པར་འབྱུང་བའི་ཕྱིར། བླང་དོར་རྩལ་ཆེ་བས་མཉམ་པས་ཞིང་རྨོ་བ་སླ་བ་དང་འདྲའོ། །ས་གཞན་མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་ དང་གཟུགས་མེད་རྣམས་ཀྱི་ལམ་ནི་དཀའ་བ་ཡིན་ཏེ། བསམ་གཏན་དེ་གཉིས་ན་ཞི་གནས་ཆུང་ལ་གཟུགས་མེད་ན་ལྷག་མཐོང་ཆུང་བས་འབད་ནས་འབྱུང་བའི་ཕྱིར། །ཐང་ལ་གཟིངས་བཞིན་ནོ། །ལམ་དེ་ཡང་གཉིས་ཏེ། དབང་པོ་རྟུལ་བ་ནི་ལམ་སླའམ་དཀའ་ཡང་ རུང་མངོན་པར་ཤེས་པ་བུལ་བ་སྟེ་བློ་ཤེས་རབ་ཆུང་བ་ཞེས་བྱའོ། །གཅིག་ཤོས་དབང་རྣོན་ཉིད་ཀྱིས་ནི་ཤེས་རབ་རྣོ་བས་མངོན་པར་ཤེས་པ་མྱུར་བའོ། །ཤེས་རབ་འདིས་མངོན་དུ་ཕྱོགས་ནས་རབ་ཏུ་ཤེས་པས་ན་མངོན་པར་ཤེས་པའོ། །ལམ་འདི་ལ་མངོན་པར་ཤེས་པ་བུལ་བ་ 3-1-306a ཡོད་པས་ན་འདི་ནི་མངོན་པར་ཤེས་པ་བུལ་བ་སྟེ། མངོན་ཤེས་མྱུར་བའང་དེ་དང་འདྲའོ། །ཡང་ན་མངོན་ཤེས་འདི་གང་ཟག་རྨོངས་རྟུལ་བླུན་པོ་ཡིན་པས་མངོན་ཤེས་བུལ་བ་ཡིན་ལ། །མངོན་ཤེས་གང་ཟག་ཡིད་རྣོན་པོ་ཡིན་པས་མངོན་པར་ཤེས་པ་ མྱུར་བའོ། །གཉིས་པ་བྱང་ཆུབ་ཕྱོགས་མཐུན་བསྟན་པ་ལ། བྱང་ཆུབ་ཕྱོགས་མཐུན་གྱི་དབྱེ་བསྡུ། གནས་སྐབས་གང་དུ་སྒོམ་པ། ཟག་བཅས་ཟག་མེད་ལ་དཔྱད་པ། ས་གང་ན་ཡོད་པའི་ཚུལ། ཤེས་ནས་དད་པ་གང་དུ་ཐོབ་པའོ། །དང་པོ་ལ། འབྲས་བུ་བྱང་ཆུབ་དང་། རྒྱུ་ལམ་གྱི་ ཆོས་སོ། །དང་པོ་ནི། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ། ལམ་འདི་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་བའི་མིང་ཐོབ་སྟེ། བྱང་ཕྱོགས་སོ་བདུན་ནམ། ལུས་ཚོར་སེམས་ཆོས་དྲན་པ་ཉེར་གཞག་བཞི་དང་། ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་དང་། དགེ་བའི་ཆོས་མ་བསྐྱེད་པ་རྣམས་བསྐྱེད་པའི་ཕྱིར་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་རྫོགས་པ་དང་། ཕྱིར་ཞིང་གོམས་པ་དང་། འཕེལ་ཞིང་རྒྱས་པ་དང་། ཡེ་ཤེས་ཀྱིས་མངོན་དུ་བྱ་བའི་ཕྱིར། འདུན་པ་སྐྱེད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ། ཞེས་པ་དང་། རྫུ་འཕྲུལ་ནི་ཟག་པ་མེད་པའི་ཡེ་ཤེས། རྐང་པ་ནི་སྒྲུབ་པའི་རྒྱུ་སྟེ། རྐང་པ་ནི་ལ་ལ་ནས་ལྡོག །ལ་ལར་ འཇུག་པ་དེ་བཞིན་དུ་ཟག་བཅས་ལས་ལྡོག་ལ་ཟག་མེད་དུ་འཇུག་པའི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་དེ་བཞིན་དུ་བརྩོན་འགྲུས་དང་སེམས་དང་དཔྱོད་པ་དང་ཏིང་ངེ་འཛིན་ནོ། །འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ 3-1-306b ཀྱི་བདག་པོར་གྱུར་པས་དབང་པོ་ལྔ་ནི། དད་པ་དང་བརྩོན་འགྲུས་དྲན་པ་དང་། ཏིང་ངེ་འཛིན་ཤེས་རབ་ཀྱི་དབང་པོ་དག་གོ། སྟོབས་ལྔ་ནི་དེ་ལྔའི་སྟོབས་དག་གོ། བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་དང་ཆོས་རབ་ཏུ་རྣམ་འབྱེད་དང་། བརྩོན་འགྲུས་དང་། དགའ་ བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བཏང་སྙོམས་ཀྱི་བར་དུའང་དེ་དང་འདྲའོ། །འཕགས་ལམ་ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་ དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཏིང་ངེ་འཛིན་ནོ། །དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་གང་ཟག་གི་བྱེ་བྲག་ཉོན་མོངས་པའི་མུན་པ་ཟད་པ་ཉན་ཐོས་ཀྱི་བྱང་ཆུབ་དང་། དེའི་ཐོག་ཏུ་ཉོན་མོངས་ པ་མུན་པའི་ཕྱེད་ཟད་པ་རང་བྱང་ཆུབ་དང་། གཉིས་ཀ་ཟད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་བྱང་ཆུབ་གསུམ་ཞེས་བྱ་སྟེ། དེ་གཉིས་ཀྱི་ཁམས་གསུམ་པའི་མ་རིག་པ་མ་ལུས་པ་སྤངས་པའི་ཕྱིར་དང་། ཟད་ཤེས་ཀྱིས་རང་གི་དོན་བྱས་པ་རྟོགས་པ་དང་། མི་སྐྱེ་བ་ཤེས་པས་རང་གི་དོན་ཡང་བྱར་མེད་པ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །གཉིས་པ་ལ། སྒྲ་དོན་གྱི་སྒོ་ནས་མདོར་བསྟན་པ། དབྱེ་བསྡུ་དངོས། བཅུར་འདུས་པའི་སྒྲུབ་བྱེད་དོ། །དང་པོ་ནི། དེ་དང་མཐུན་ཉིད་ཕྱིར། །སུམ་ཅུ་རྩ་བདུན་དེའི་ཕྱོགས་མཐུན། །མིང་གི་སྒོ་ནས། བྱང་ཆུབ་དེའི་ཕྱོགས་དང་མཐུན་པའི་མིང་གི་སྒོ་ནས་སུམ་ཅུ་ རྩ་བདུན་ཅེས་བྱ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་བྱང་ཆུབ་ཡིན་པ་དེའི་ཚོགས་ཡིན་པས་བྱང་ཆུབ་དེ་དང་མཐུན་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། རྫས་སུ་བཅུ། །དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །དེ་ཐམས་ཅད་བྱེ་སྨྲའི་ལུགས་ཀྱི་ལུས་དང་ངག་ཐ་དད་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཡན་ལག་རྫས་གཉིས་ཡིན་པས་ 3-1-307a རྫས་བཅུ་གཅིག་དང་། ཁ་ཅིག་གི་ལུགས་ཀྱི་རྫས་སུ་བཅུ་སྟེ། དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་སོ། །གསུམ་པ་ལ། དངོས་དང་། འཕྲོས་དོན་ནོ། ། དང་པོ་ནི། དྲན་པ་ཉེར་གཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ཏོ། །དྲན་པ་ཉེར་གཞག་བཞི་ནི་ཤེས་རབ་སྟེ། ལུས་ལ་ལུས་ཀྱི་རྗེས་སུ་བལྟ་ཞིང་གནས་སོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་དག་པར་འཇོག་པའམ་སྤོང་བ་ནི་བརྩོན་འགྲུས་ཞེས་བྱ་སྟེ། འདུན་པ་སྐྱེད། རྩོལ་བར་བྱེད། བརྩོན་འགྲུས་བརྩམས་ཞེས་འབྱུང་བའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེས་ན་དབང་པོ་ལྔ་དང་སྟོབས་ལྔ་ནི་རང་མིང་གིས་སྨོས་པ་དད་པ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྫས་ལྔ་ཡིན་ལ། དྲན་པ་ཉེར་གཞག་དང་། ཆོས་རབ་ཏུ་རྣམ་འབྱེད་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ལྟ་བ་ནི་ཤེས་རབ་ཁོ་ན་ཡིན་ནོ། །ཡང་དག་སྤོང་བ་བཞི་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང་ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་ ཏིང་ངེ་འཛིན་ནི་ཏིང་འཛིན་ཁོ་ནའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཡང་དག་པའི་དྲན་པ་ནི་དྲན་པ་ཁོ་ནའོ། །ལྷག་མ་དགའ་བ་དང་། ཤིན་སྦྱངས་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཡང་དག་པའི་རྟོག་པ་དང་ཚུལ་ཁྲིམས་ཀྱི་ཡན་ ལག་རྣམས་རིག་བྱེད་མ་ཡིན་པའི་ངོ་བོ་ཡིན་པས་རྫས་སུ་གཅིག་ཡིན་པ་དང་། དེ་ལྟར་ན་རྫས་རིས་བཅུའོ། །དངོས་སུ་འཚོགས་པ་ལ་རྫས་ཇི་སྙེད་ཅིག་ཡོད་པ་རིམ་གྱིས་བགྲང་ན་མཉམ་པར་བཞག་པའི་ལུས་ངག་གི་རིག་མིན་གྱི་གཟུགས་རྫས་བདུན་ཡིན་པས་རྫས་བཅུ་དྲུག་ 3-1-307b གོ། གཉིས་པ་ནི། གཙོ་བོ་སྨོས་པ་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །དྲན་པ་ཉེར་གཞག་ལ་སོགས་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ཅེས་བཤད་པ་དེ་ནི་གཙོ་བོ་སྨོས་པས་ཤེས་རབ་སོགས་ཡིན་ཅེས་རིག་པར་བྱའི། དྲན་ཉེ་ཡང་སྤོང་རྫུ་རྐང་དེ་དག་རྣམས་ནི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་ ཐོས་བསམ་སྒོམ་པ་ལས་བྱུང་བའི་ཟག་བཅས་ཟག་མེད་རྣམས་ཀྱང་ཡིན་ནོ། །ཇི་ལྟར་ཞེ་ན། ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དགའ་བ་ཤིན་ཏུ་སྦྱངས་པ་བཏང་སྙོམས་ཡང་དག་པའི་རྟོག་པ་སོགས་ཀྱང་དྲན་པ་ཉེར་གཞག་ཡིན་ནོ། །སྦྱོར་བྱུང་སྨོས་པས་ནི་ སྐྱེས་ཐོབ་ཀྱི་དད་སོགས་བསལ་བའོ། །བརྩོན་འགྲུས་ལ་ཡང་དག་འཇོག་པ་ཞེས་བཤད་པའང་སྒོ་གསུམ་འཛིན་པ་དང་རབ་ཏུ་འཇོག་པ་དང་། རེས་ངེས་པར་བྱེད་པའམ། འཇུག་པར་བྱེད་པ་ནས་ཡང་དག་པར་རབ་ཏུ་འཇོག་པའི་ཕྱིར་རོ། །འདུས་བཟང་ན་རེ། རྫུ་འཕྲུལ་ གྱི་རྐང་པ་བདུན་སོགས་ལ་བཞག་ན་ནང་འགལ་དང་ལུང་འགལ་སྟོན་པ་ནི། བྱེ་སྨྲ་གང་དག་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཁོ་ན་ཡིན་ལ། འདུན་པ་བརྩོན་འགྲུས་སེམས་དཔྱོད་རྐང་པ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ལྟར་ན་བཅུ་གཅིག་ནང་དུ་འདུན་པ་དང་སེམས་ལྷག་པར་ བསྣན་པའི་ཕྱིར་བྱང་ཕྱོགས་རྫས་བཅུ་གསུམ་དུ་ཐལ་མོ། །འདོད་ན་ནི་མདོ་དང་འགལ་ཏེ། ཇི་སྐད་དུ། དགེ་སློང་དག་རྫུ་འཕྲུལ་ཀྱང་བཤད་ལ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་བཤད་དོ། །ཞེས་པ་ནས་རྫུ་འཕྲུལ་གང་ཞེ་ན། འདི་ན་དགེ་སློང་རྫུ་འཕྲུལ་གྱི་ཡུལ་ རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་ཅིང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེས་བྱ་བའི་བར་རྒྱས་པར་གསུངས་པའི་ཕྱིར། དེས་ན་ཏིང་ངེ་འཛིན་ལ་ལ་ནི་དགེ་བའི་རྩ་བ་སྦྱོར་བའི་གནས་སྐབས་ན་གཙོ་བོ་ཡིན་པས་དེ་ལ་ནི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ལ། ལ་ལ་ནི་དགེ་ 3-1-308a བའི་རྩ་བ་འགྲུབ་པའི་གནས་སྐབས་ན་གཙོ་བོ་ཡིན་པས་རྫུ་འཕྲུལ་ཞེས་བྱའོ། །རྫུ་འཕྲུལ་གྱི་འབྲས་བུ་རྫུ་འཕྲུལ་གྱི་སྒྲར་བཤད་པས་མདོ་དང་ཡང་མི་འགལ་ཏེ། ཡོངས་ཤེས་ཀྱི་འབྲས་བུ་ལ་དེའི་སྒྲར་བརྗོད་པ་བཞིན་ནོ། །དབང་པོ་རྣམས་དང་ སྟོབས་རྣམས་ནི་དེ་དག་ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་མི་མཐུན་ཕྱོགས་མ་དད་པ་དང་། ལེ་ལོ་དང་། བརྗེད་ངས་དང་། གཡེང་བ་དང་། ཤེས་བཞིན་མ་ཡིན་པ་རྣམས་བར་བར་དུ་ཀུན་ཏུ་འབྱུང་བས་བརྫི་བ་དང་། མི་འབྱུང་བས་བརྫི་བ་མེད་པའི་ཕྱིར། དབང་པོ་རྣམས་ཀྱི་གོ་རིམ་ནི་གཏེར་ རྐོ་བ་བཞིན་ཏེ་དད་པར་གྱུར་ན་ནི་འབྲས་བུའི་དོན་དུ་བརྩོན་འགྲུས་རྩོམ་པར་བྱེད་དོ། །བརྩོན་འགྲུས་བརྩམས་ན་དྲན་པ་ཉེ་བར་གནས་པར་འགྱུར་རོ། །དེ་གནས་ན་རྣམ་པར་མི་གཡེང་བའི་ཕྱིར་སེམས་མཉམ་པར་འཇོག་གོ། བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ ཤེས་པར་འགྱུར་རོ། །གཉིས་པ་གནས་སྐབས་གང་དུ་བསྒོམ་པ་ནི། སྡེ་ཚན་བདུན་ནི་གོ་རིམས་བཞིན། །ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །བསྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། སྡེ་ཚན་བདུན་གྱི་གོ་རིམ་བཞིན་ལས་ནི་དང་པོ་བ་གནས་སྐབས་སུ་ལུས་སོགས་ཀྱི་རང་བཞིན་ལ་ཉེ་བར་བརྟག་པའི་ཕྱིར་དྲན་པ་ཉེར་གཞག་རྣམས་དང་། ངེས་འབྱེད་ཆ་མཐུན་ རྣམས་ལས་དྲོ་བར་གྱུར་པ་ལ་ཁྱད་པར་ངེས་འབྱེད་ཆ་མཐུན་གྱི་ཆོས་ཐོབ་པས་བརྩོན་འགྲུས་སྤེལ་བའི་ཕྱིར་ཡང་དག་སྤོང་བ་རྣམས་དང་། ཡོངས་སུ་ཉམས་པར་མི་འགྱུར་བའི་དགེ་རྩ་བཟོད་པ་ལ་འཇུག་པའི་ཕྱིར་རྩེ་མོ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། ཡོངས་སུ་ཉམས་ པར་མི་འགྱུར་བའི་སྒོ་ནས་དབང་པོ་ཐོབ་པའི་ཕྱིར་བཟོད་པ་ལ་དབང་པོ་རྣམས་དང་། ཉོན་མོངས་རྣམས་ཀྱིས་མི་བརྫི་བའི་ཕྱིར་རམ། འཇིག་རྟེན་པའི་ཆོས་གཞན་གྱིས་མི་བརྫི་བའི་ཕྱིར་ཆོས་མཆོག་ལ་ནི་སྟོབས་རྣམས་དང་ནི་བྱང་ཆུབ་ཟད་མི་སྐྱེ་ཤེས་པ་དང་ཉེ་བའི་ཕྱིར་སྒོམ་ 3-1-308b ལམ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་འདིས་འགྲོའོ་ཞེས་རབ་ཏུ་ཕྱེ་བའི་ཕྱིར། མཐོང་ལམ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་རྣམས་རབ་ཏུ་ཕྱེ་སྟེ། དེ་ནི་མྱུར་དུ་འགྲོ་བའི་ཕྱིར་རོ། །སྔར་བདུན་བཤད་ལ་ཕྱིས་བརྒྱད་བཤད་པ་ནི་ཉུང་ཉུང་ནས་ཡར་ལ་གྲངས་ཀྱི་རིམ་པ་བྱ་བའི་ ཆེད་ཡིན་ནོ། །གོང་དུ་བྱང་ཆུབ་ཟད་མི་སྐྱེ་ཤེས་པ་ལ་བྱས་ནས། དེ་དང་མཐུན་པ་ལ་སོ་བདུན་དུ་བྱས་ན། འདི་རུ་ཆོས་འབྱེད་བྱང་ལག་ཏུ་སྟོན་ན་ནང་འགལ་ལོ་སྙམ་ན། མི་འགལ་ཏེ། ཆོས་འབྱེད་བྱང་ཆུབ་ཡན་ལག་ནི་བྱང་ཆུབ་ཀྱང་ཡིན་ལ་བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན་ནོ། ། ཡང་དག་པའི་ལྟ་བ་ནི་ལམ་ཀྱང་ཡིན་ལ་ལམ་གྱི་ཡན་ལག་ཀྱང་ཡིན་ནོ་ཟེར་རོ། །སློབ་དཔོན་རང་ཉིད་སོགས་གཞན་ནི་གོ་རིམ་མ་ཉམས་པར་བྱང་ཕྱོགས་རྣམས་བརྗོད་དེ། དང་པོ་ཁོ་ནར་ཡུལ་གཟུགས་སོགས་ཀྱི་བྱེ་བྲག་མང་པོ་རྣམས་ལ་རྣམ་པར་གཡེང་བའི་བློ་རྣམས་ཚར་བཅད་ པའི་ཕྱིར་དྲན་པ་ཉེར་གཞག་རྣམས་བཞག་པ་དང་། དྲན་པ་ཉེར་གཞག་བཞི་འདི་དེའི་སེམས་ཉེ་བར་འདོགས་པ་ཡིན་ཏེ། མདོ་ལས། ཞེན་པ་ལ་བརྟེན་པའི་དྲན་པའི་ཡུལ་ཀུན་ཏུ་རྟོག་པ་རྣམས་བསལ་བར་བྱ་བའི་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེན་པ་ལ་བརྟེན་པ་ནི་སྲེད་ པ་ལ་བརྟེན་པ་དང་། ཡུལ་ཉམས་སུ་མྱོང་བའི་དྲན་པའི་ཀུན་རྟོག་རྣམས་འདོད་པའི་ཀུན་རྟོག་རྣམས་སོ། །དྲན་པ་ཉེར་གཞག་དེའི་སྟོབས་ཀྱིས་བརྩོན་འགྲུས་ཡང་དག་པར་འཕེལ་བས་སྡིག་པ་སྐྱེས་པ་སྤངས། མ་སྐྱེས་པ་མི་བསྐྱེད། དགེ་བ་མ་སྐྱེས་པ་བསྐྱེད། བསྐྱེད་པ་གནས་ པ་སྟེ། དགོས་པ་རྣམ་པ་བཞི་བསྒྲུབ་པའི་ཕྱིར། སེམས་ཡང་དག་པར་རབ་ཏུ་འཇོག་པས་ཡང་དག་པར་རབ་ཏུ་འཇོག་པ་རྣམས་སོ། །ཡང་དག་འཇོག་པའི་འོག་ཏུ་ཏིང་ངེ་འཛིན་རྣམ་པར་སྦྱོང་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །ཏིང་འཛིན་ལ་བརྟེན་ནས་འཇིག་རྟེན་ལས་འདས་ 3-1-309a པའི་ཆོས་རྣམས་ཀྱི་འདྲེན་བྱེད་ཡིན་པས་བདག་པོར་གྱུར་པའི་དད་སོགས་དབང་པོ་རྣམས་སོ། །དབང་པོ་དེ་ཉིད་མི་མཐུན་ཕྱོགས་མ་དད་པ་སོགས་ཀུན་ཏུ་སྤྱོད་པ་ལས་རྒྱལ་བ་ནི་སྟོབས་རྣམས་ཏེ། དབང་པོའི་གནས་སྐབས་ན་སྤྱོད་པ་སྲིད་ཀྱང་། བཟོད་ པའི་གནས་སྐབས་ན་ཐག་རིང་པའི་ཕྱིར་རོ། །མཐོང་ལམ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། བྱང་ཆུབ་ཟག་མེད་ཀྱི་ཤེས་རབ་རྣམས་ཡིན་པའི་ཕྱིར་དང་། དང་པོ་ཉིད་དུ་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར། མཐོང་སྒོམ་གཉིས་ཀ་ལ་ལམ་གྱི་ཡན་ལག་རྣམས་ཏེ། འཕགས་ལམ་ཡན་ལག་སྒོམ་པ་ཡོངས་སུ་རྫོགས་པར་གྱུར་ན་དྲན་པ་ཉེར་གཞག་བཞི་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ནས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་ཞེས་གསུངས་ལ། སྒོམ་ལམ་ཡོངས་སུ་རྫོགས་པ་ནི་སྒོམ་པ་ཡོངས་ སུ་རྫོགས་པ་ཡིན་པས་སྒོམ་ལམ་ན་འཕགས་ལམ་ཡན་ལག་བརྒྱད་ཡོད་པས་སོ། །ཡང་དགེ་སློང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཚིག་བརྗོད་པ་ཞེས་བྱ་བ་འདི་ནི་འཕགས་པའི་བདེན་པ་བཞིའི་ཚིག་གི་བླ་དྭགས་ཡིན་ནོ་ཞེས་མཐོང་ལམ་ཡིན་པར་སྟོན་པ་དང་། དགེ་སློང་ཇི་ལྟར་ རྟོགས་པའི་ལམ་གྱིས་འཇུག་ཅེས་བྱ་བ་འདི་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་ཚིག་གི་བླ་དྭགས་ཡིན་ནོ་ཞེས་སྒོམ་ལམ་ཡིན་པར་སྟོན་ཏེ། ཇི་ལྟར་ཐོབ་པའི་ལམ་གྱིས་བྱང་ཆུབ་ཀྱི་བར་དུ་འཇུག་ཅིང་ངེས་པར་འབྱུང་བའོ། །གསུམ་པ་ཟག་བཅས་ཟག་མེད་ལ་དཔྱད་པ་ནི། བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་བརྒྱད་ནི་ཟག་པ་མེད་པ་སྟེ། མཐོང་བ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་ལ་བཞག་པའི་ཕྱིར། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སོགས་ཡོད་ཀྱང་འཕགས་ལམ་གྱི་སྒྲ་མི་ཐོབ་བོ། །གཞན་དྲན་པ་ཉེར་གཞག་ནས་སྟོབས་ 3-1-309b ལ་ཐུག་པ་རྣམས་ནི་དྲོད་སོགས་ཀྱིས་བསྡུས་པ་ཟག་བཅས་དང་། ལམ་གསུམ་གྱིས་བསྡུས་པ་རྣམས་ཟག་མེད་རྣམ་པ་གཉིས་ཡོད་དོ། །བཞི་པ་ས་གང་ན་ཡོད་དཔྱད་པ་ནི། བསམ་གཏན་དང་པོ་ན་ཐམས་ཅད། །མི་ལྕོགས་མེད་ན་དགའ་མ་གཏོགས། །གཉིས་པ་ན་ནི་རྟོག་མ་གཏོགས། །གཉིས་ན་དེ་གཉིས་མ་གཏོགས་པ། །བསམ་གཏན་བར་ནའང་གཟུགས་མེད་པ། །གསུམ་ནའང་དེ་དང་ཚུལ་ཡན་ལག །བྱང་ཆུབ་དང་ནི་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །བསམ་གཏན་དང་པོ་ན་སུམ་ཅུ་རྩ་བདུན་ཐམས་ཅད་ཡོད་དོ། །མི་ལྕོགས་མེད་ན་དགའ་བ་མ་གཏོགས་ཏེ། ཉེར་བསྡོགས་རྣམས་ནི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་དྲང་དགོས་པས། བདེ་བླག་ཏུ་ཐོབ་པ་ནི་སེམས་དགའ་བ་ཡིན་གྱི། གཞན་དགའ་བ་ཡོད་པ་མ་ཡིན་པའི་ཕྱིར་དང་། ས་འོག་མར་ཉམས་ཀྱི་དོགས་པ་དང་བཅས་པའི་ཕྱིར། གཉིས་པ་ན་ནི་ཡང་དག་པའི་རྟོག་པ་མ་གཏོགས་ པ་སོ་དྲུག་ཡོད་དེ། དེ་ན་རྟོག་པ་མེད་པའི་ཕྱིར། གཉིས་ན་དགའ་བ་དང་རྟོག་པ་དེ་གཉིས་མ་གཏོགས་པ་སུམ་ཅུ་སོ་ལྔ་ཡོད་དོ། །བསམ་གཏན་པར་ཁྱད་པར་ཅན་ནའང་དེ་གཉིས་མ་གཏོགས་པ་སོ་ལྔ་ཡོད་དོ། །གཟུགས་མེད་པ་གསུམ་ནའང་དགའ་བ་དང་རྟོག་པ་དེ་དང་ཚུལ་ཁྲིམས་ ཀྱི་ཡན་ལག་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་མ་གཏོགས་པ་སུམ་ཅུ་རྩ་གཉིས་ཡོད་དོ། །འདོད་ཁམས་དང་སྲིད་རྩེ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལམ་གྱི་ཡན་ལག་བརྒྱད་མ་གཏོགས་པ་ཉེར་གཉིས་ཡོད་དེ། དེ་གཉིས་ན་ཟག་མེད་ཀྱི་ལམ་མེད་པའི་ ཕྱིར་ཏེ་མཉམ་པར་མ་བཞག་ཅིང་མི་གསལ་བའི་ཕྱིར། འོ་ན་བསམ་གཏན་ཕྱི་མ་གསུམ་གཟུགས་མེད་བཞིའི་ཉེར་བསྡོགས་ཏེ་བདུན་ལ་ཉེར་གཉིས་པོའི་ཆ་མཐུན་ཀྱང་མེད་དེ། བདེན་པའི་རྣམ་པ་ཅན་མ་ཡིན་པའི་ཕྱིར། འདོད་པ་དང་སྲིད་རྩེ་ན་རྩ་གཉིས་པོའི་ཁྱད་པར་གྱི་ཆ་མཐུན་ མེད་ཀྱང་ངེས་འབྱེད་ཀྱི་ཆ་མཐུན་ཡོད་དེ། བདེན་པའི་རྣམ་པ་ཅན་ཡིན་པའི་ཕྱིར། སྲིད་རྩེ་ནས་ན་ལུས་མེད་པས་ལུས་དྲན་པ་ཉེར་གཞག་ཡོད་དེ་སྙམ་ན། སྲིད་རྩེ་ན་ཤེས་རབ་དགེ་བ་ཟག་བཅས་ཟག་མེད་ཀྱི་སྡོམ་པ་རིག་བྱེད་མིན་པ་ལ་དམིགས་པས་འཐད་ལ། དེའང་གཟུགས་ 3-1-310a མེད་པའི་དངོས་གཞི་དགེ་བ་ཟག་བཅས་འོག་མ་ལ་དམིགས་པར་མི་འདོད་ཀྱི། ཟག་མེད་འོག་མ་ལ་དམིགས་པར་འདོད་པས་དེར་ལུས་དྲན་པ་ཉེར་གཞག་ཡོད་དོ། །ལྔ་པ་གནས་སྐབས་གང་དུ་ཤེས་ནས་དད་པ་ཐོབ་པ་ལ། དངོས་དང་། འཕྲོས་དོན་ ནོ། །དང་པོ་ནི། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང་། །ཆོས་ལ་ཤེས་ནས་དད་པ་འཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང་། །དེ་ཡི་དགེ་འདུན་དག་ལ་ཡང་། །བྱང་ཆུབ་ཀྱི་ཕྱོགས་མཐུན་རྣམས་ལ་གནས་པ་གནས་སྐབས་གང་དུ་ཤེས་ནས་དད་པ་ཐོབ་ཅེ་ན། སྡུག་བསྔལ་དང་ཀུན་འབྱུང་འགོག་བདེན་གསུམ་མཐོང་ནས་འཕགས་པ་དགྱེས་པ་སྟེ། ཟག་མེད་ཀྱི་སྡོམ་པས་འཆལ་ཚུལ་ཐག་བསྲིང་ཙམ་ན་བདག་གི་ངན་ སོང་གི་ཕུང་པོ་ཟད་པར་མཐོང་བས་འཕགས་པའི་ཐུགས་སུ་བྱོན་ཅིང་ཐུགས་དང་འཐད་པས་འཕགས་པ་དགྱེས་པ་ན་ཟག་མེད་ཀྱི་ཚུལ་ཁྲིམས་དང་། བདེན་པ་དེ་གསུམ་ལ་འདི་དག་ནི་སྡུག་བསྔལ་ལ་སོགས་ཙམ་དུ་ཟད་ཀྱི་སེམས་ཅན་མེད་དོ་སྙམ་དུ་ཡིད་ཆེས་པ་ཆོས་ལ་ཤེས་ ནས་དད་པ་ཐོབ་སྟེ། དེ་གསུམ་ཆོས་ཡིན་པའི་ཕྱིར་དང་། སངས་རྒྱས་དང་དགེ་འདུན་ལ་ཤེས་ནས་དད་པ་མ་ཡིན་པའི་ཕྱིར། ལམ་གྱི་བདེན་པ་མངོན་པར་རྟོགས་ནས་སངས་རྒྱས་དང་དེའི་ཉན་ཐོས་ཀྱི་དགེ་འདུན་དག་ལའང་ཤེས་ནས་དད་པ་ཐོབ་སྟེ། ལམ་ནི་སངས་རྒྱས་ དང་དགེ་འདུན་གྱི་ངོ་བོ་ཡིན་པའི་ཕྱིར། གང་དེ་གཉིས་ལ་དད་པ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་རྣམས་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་མི་སློབ་པ་རྣམས་ལ་དད་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་དག་ ཀྱང་ཐོབ་པ་སྟོན་ཏོ། །གཉིས་པ་འཕྲོས་དོན་ལ། ཆོས་ཀྱི་ངོ་བོ་ངོས་བཟུང་བ། རྫས་དུ་ཡིན་པ། ངོ་བོའི་ཁྱད་པར་རོ། །དང་པོ་ནི། ཆོས་བདེན་གསུམ་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །འདིར་གང་ལ་ཆོས་སུ་དགོངས་ཞེ་ན། ཆོས་ནི་སྡུག་ཀུན་འགོག་པའི་བདེན་པ་གསུམ་དང་བྱང་ཆུབ་སེམས་དཔའི་སློབ་པའི་གནས་སྐབས་ 3-1-310b ཀྱི་ལམ་ཟག་མེད་དང་རང་སངས་རྒྱས་ཀྱི་ལམ་སློབ་མི་སློབ་ཡིན་ནོ། །དེས་ན་བདེན་པ་བཞི་ཆར་ཡང་རྟོགས་ན་ཆོས་ལ་དད་པ་ཐོབ་པ་ཡིན་ནོ། །གཉིས་པ་ནི། རྫས་སུ་གཉིས་ཏེ་དད་པ་དང་། །ཚུལ་ཁྲིམས། དེ་དག་རྫས་སུ་ན་གཉིས་ཏེ། དཀོན་མཆོག་གསུམ་ལ་ཤེས་ནས་དད་པས་དད་པ་ཡིན་པ་དང་། འཕགས་པ་ དགྱེས་པའི་ཚུལ་ཁྲིམས་རྣམས་ནི་ཚུལ་ཁྲིམས་ཡིན་པས་སོ། །གསུམ་པ་ནི། དྲི་མ་མེད་པ་ཡིན། །ཤེས་ནས་དད་པ་རྣམས་ནི་གཅིག་ཏུ་དྲི་མ་མེད་པ་ཡིན་ནོ། །ཤེས་ནས་དད་པ་ཞེས་བྱ་བའི་དོན་ནི་ཤེས་རབ་ཀྱིས་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་ནས་ཤེས་པ་དང་དད་པ་ནི་ ཟག་མེད་ཀྱི་སྡོམ་པས་འཆལ་ཚུལ་ཐག་བསྲིང་ཙམ་ན་བདག་གི་ངན་སོང་གི་ཕུང་པོ་ཟད་པར་མཐོང་བས་འཕགས་པའི་ཐུགས་སུ་བྱོན་ཅིང་ཐུགས་དང་འཐད་པས་འཕགས་པ་དགྱེས་པ་དེ་ཀ་ཡིན་ནོ། །མཆན། ཡིད་ཆེས་པ་ཡིན་ནོ། །འདི་དག་གི་རིམ་པ་ནི་ལངས་ནས་ཇི་ལྟར་མངོན་དུ་བྱེད་པ་དེ་བཞིན་དུ་བཀོད་ དེ། ཀྱེ་མ་བཅོམ་ལྡན་འདས་ནི་སངས་རྒྱས་སྨན་པ་ལྟ་བུ་མངོན་དུ་བྱེད་དེ་ཆོས་ཀྱི་སྨན་སྟོན་པའི་ཕྱིར་རོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་སྨན་ལྟ་བུར་མངོན་དུ་བྱེད་དེ། ཉོན་མོངས་པའི་ནད་གསོ་བའི་ཕྱིར་དང་། མྱ་ངན་ལས་འདས་པ་ནད་མེད་པ་ཐོབ་པར་ བྱེད་པའི་ཕྱིར། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་སྨན་གཡོག་གམ་ནད་གཡོག་ལྟ་བུར་མངོན་དུ་བྱེད་དེ། མྱ་ངན་ལས་འདས་པས་ནད་མེད་པ་ཐོབ་པར་བྱ་བའི་ཕྱིར་ཕན་ཚུན་གྲོགས་བྱེད་པའི་ཕྱིར་རོ། །སེམས་རབ་ཏུ་དང་བས་བྱས་པའི་ཚུལ་ཁྲིམས་ ཀྱང་རབ་ཏུ་དང་བ་ཡིན་པས་སམ། ཚུལ་ཁྲིམས་ཀྱང་རབ་ཏུ་དང་བ་ཟག་མེད་ཡིན་པས་ཚུལ་ཁྲིམས་ཀྱང་རབ་ཏུ་དང་བ་སྟེ། རབ་ཏུ་དང་བ་གསུམ་གྱི་ཐ་མར་བཞི་པ་བཤད་དེ། ཀྱེ་མ་བཅོམ་ལྡན་འདས་ནི་སངས་རྒྱས་ཡིན་ནོ། །ཞེས་སོགས་དེ་ལྟར་རབ་ཏུ་དང་བར་གྱུར་པ་ནི་ 3-1-311a འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་ནི་སྟོན་པར་བྱེད་པ་དང་། ཆོས་ནི་ལམ་ལྟ་བུ་དང་། དགེ་འདུན་ནི་ལམ་གྲོགས་ལྟ་བུ་དང་། འཕགས་པ་རྣམས་དགྱེས་ཤིང་མཉེས་པར་འགྱུར་བའི་ཚུལ་ཁྲིམས་ནི་བཞོན་ པ་ལྟ་བུ་སྟེ། ཚུལ་ཁྲིམས་ནི་རྟེན་དུ་གྱུར་པས་དེ་ལ་བརྟེན་པ་འཁོར་བ་ལས་ངེས་པར་འབྱུང་བ་ཐ་མར་བཞི་པ་བཤད་པ་ཡིན་ནོ། །གསུམ་པ་ལམ་གྱིས་ཐོབ་པའི་རྣམ་གྲོལ་བཤད་པ་ལ། ཡང་དག་པའི་རྣམ་གྲོལ། ཡང་དག་པའི་ཤེས་པ། རྣམ་གྲོལ་བྱེ་བྲག་ཏུ་ བཤད་པའོ། །དང་པོ་ལ། རྣམ་གྲོལ་སློབ་པའི་ཡན་ལག་མ་ཡིན་པའི་རྒྱུ་མཚན་དང་། རྣམ་གྲོལ་གྱི་དབྱེ་བའོ། །དང་པོ་ནི། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། །རྣམ་གྲོལ་མ་བཤད། མདོ་ལས། སློབ་པ་ནི་ཡན་ལག་བརྒྱད་དང་ལྡན་ནོ། །མི་སློབ་པ་ནི་ཡན་ལག་བཅུ་དང་ལྡན་ནོ། །ཞེས་སློབ་པའི་ཡང་དག་པའི་ལྟ་བ་ ནས་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དང་། མི་སློབ་པའི་དེ་བརྒྱད་དང་། མི་སློབ་པའི་ཡང་དག་པའི་རྣམ་གྲོལ་དང་། མི་སློབ་པའི་ཡང་དག་པའི་ཤེས་པའོ། །སློབ་པ་ལ་དེ་གཉིས་མ་བཤད་པ་ནི། སློབ་པ་ཆོས་ཅན། དེའི་ཡན་ལག་ཏུ་རྣམ་པར་གྲོལ་བ་ མ་བཤད་དེ། ད་དུང་ཉོན་མོངས་པའི་འཆིང་བ་རྣམས་ཀྱིས་བཅིངས་པའི་ཕྱིར་ཏེ། བཅིངས་བཞིན་དུ་འཆིང་བའི་ཕྱོགས་གཅིག་ལས་གྲོལ་བས་གྲོལ་བ་ཞེས་མི་བྱའོ། །རྣམ་གྲོལ་མེད་པར་རྣམ་གྲོལ་གྱི་ཤེས་པའང་ཇི་ལྟར་བཞག །མི་སློབ་པ་ནི་ཉོན་མོངས་པའི་ བཅིང་བ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་བའི་ཕྱིར་རྣམ་པར་གྲོལ་བ་ཡིན་ལ། རྣམ་གྲོལ་དེ་བདག་ནི་ཉོན་མོངས་ལས་གྲོལ་ལོ་ཞེས་སོ་སོ་རང་གི་ཤེས་པ་དག་གིས་རབ་ཏུ་ཕྱེ་བ་སྟེ་རྣམ་པར་བཞག་པས་མི་སློབ་པ་དེ་ཁོ་ན་ལ་རྣམ་པར་གྲོལ་བ་དེ་སྨོས་པ་དང་། རྣམ་ 3-1-311b གྲོལ་གྱི་ཡེ་ཤེས་སྨོས་པ་དེ་རིགས་པ་དང་ལྡན་པ་ཡིན་ནོ། །གཉིས་པ་ནི། དེ་རྣམ་གཉིས། །ཉོན་མོངས་བཅོམ་པ་འདུས་མ་བྱས། །མོས་པ་འདུས་བྱས་ཡན་ལག་ནི། །དེ་ཡིན་དེ་ཉིད་རྣམ་གྲོལ་གཉིས། །རྣམ་གྲོལ་དེ་འདུས་བྱས་དང་འདུས་མ་བྱས་རྣམ་པ་གཉིས་སོ། །དེ་ལ་ཉོན་མོངས་བཅོམ་ཞིང་སྤངས་པ་ནི་རྣམ་པར་གྲོལ་བ་འདུས་མ་བྱས་ཡིན་ནོ། །མི་སློབ་པའི་མོས་པ་ནི་རྣམ་པར་གྲོལ་བ་ འདུས་བྱས་ཡིན་ཏེ་མོས་པ་དང་རྣམ་གྲོལ་ཞེས་བྱ་བ་སྐད་ཀྱི་བྱིངས་གཅིག་པའི་ཕྱིར། ཨ་དྷི་མུཀྟ་དང་བི་མུཀྟ་ཞེས་སོ། །རྣམ་པར་གྲོལ་བ་འདུས་བྱས་དེ་ནི་མི་སློབ་པའི་ཡན་ལག་ཡིན་ཏེ། དེ་ལས་གཞན་དགུ་བཞིན་དུ་ཡན་ལག་རྣམས་ནི་འདུས་བྱས་ཡིན་པའི་ཕྱིར། འདུས་མ་བྱས་ནི་མ་ཡིན་ཏེ། སྐལ་བ་མི་མཉམ་པའི་ཕྱིར། རྣམ་གྲོལ་འདུས་བྱས་དེ་ཉིད། མདོ་ལས། སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བ་སྟེ། རྣམ་གྲོལ་གཉིས་སུ་གསུངས་ཏེ། འདོད་ཆགས་ལས་ཆགས་པ་དང་བྲལ་བའི་ཕྱིར་རམ། མ་རིག་པ་ ལས་འདོད་ཆགས་དང་བྲལ་བའི་ཕྱིར་རམ། སེམས་དང་སེམས་སུ་འཚོགས་པའི་དུས་སུ་སེམས་གཙོ་བོ་ཡིན་པས་སེམས་རྣམ་པར་གྲོལ་བ་དང་། ཉོན་མོངས་པ་སྤོང་བའི་དུས་སུ་ཤེས་རབ་གཙོ་བོ་ཡིན་པས་ཤེས་རབ་རྣམ་པར་གྲོལ་བའི་ཕྱིར། དེ་ཉིད་རྣམ་གྲོལ་གྱི་ཕུང་ པོར་བལྟའོ། །གཞན་དག་སྟེ་སློབ་དཔོན་ན་རེ། མདོ་ལས། སྟག་གི་སྟག་གི་བྱང་ཆུབ་ཀྱི་བུའི་མདོ་ཞེས་བརྗོད་ཀྱི། དག་ཅེས་པ་གང་ཚིག་གིས་འབོད་པའོ། །མཆན། བྱང་ཆུབ་ཀྱི་བུ་དག་རྣམ་པར་གྲོལ་བ་ཡོངས་སུ་དག་པ་གཙོ་བོ་གང་ཡིན་ཅེ་ན། འདི་ན་དགེ་སློང་འདོད་ཆགས་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཡིན། ཞེ་སྡང་དང་གཏི་ མུག་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་ཡིན་ཏེ། འདི་ལྟར་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་མ་རྫོགས་པ་རྫོགས་པར་བྱེད་པའམ། ཡོངས་སུ་རྫོགས་པ་རྗེས་སུ་ 3-1-312a འཛིན་པར་བྱེད་པ་འདུན་པ་དང་བརྩོན་འགྲུས་གང་ཡིན་པ་ཞེས་སོགས་རྒྱས་པར་གསུངས་པས། མདོ་ལས་དེ་ལྟར་བཤད་པ་དེའི་ཕྱིར་རྣམ་པར་གྲོལ་བ་ཡོངས་སུ་དག་པ་གཙོ་བོའི་ཆེད་དུ་འདུན་པ་དང་བརྩོན་འགྲུས་སོགས་བཤད་པས་འདུན་པ་ གཅིག་པུར་མ་ཟད་དོ། །འོ་ན་ཅི་ཞེ་ན། དེ་ཁོ་ན་ཤེས་པས་འདོད་ཆགས་ལ་སོགས་པ་སྤངས་པ་ན་སེམས་དྲི་མ་མེད་པ་ཉིད་དེ་ཟག་མེད་ཀྱི་ངོ་བོ་ཉིད་དང་དོན་གཞན་མ་ཡིན་པར་གྱུར་པ་མར་གྱི་ཉིང་ཁུ་དང་བ་ལྟ་བུ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ཡང་དག་པའི་ཤེས་པ་ནི། བྱང་ཆུབ་ཇི་སྐད་བཤད་ཤེས་པ། །ཡང་ དག་པའི་ལྟ་བ་མ་གཏོགས་པའི་ཡང་དག་པའི་ཤེས་པ་ནི་སྔར་བྱང་ཆུབ་ཏུ་ཇི་སྐད་བཤད་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་ཉིད་དོ། །གསུམ་པ་རྣམ་གྲོལ་བྱེ་བྲག་ཏུ་བཤད་པ་ལ། ལམ་གང་སྒྲིབ་པ་ལས་གྲོལ་བ། ལམ་གང་གིས་སྒྲིབ་པ་སྤོང་བ། རྣམ་གྲོལ་ལ་སོགས་པའི་ ཁྱད་པར། ཡིད་འབྱུང་བ་ལ་སོགས་པའི་མུ་བཞིའོ། །དང་པོ་ནི། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །བསྟན་བཅོས་ལས་མི་སློབ་པའི་སེམས་མ་འོངས་པ་སྐྱེ་བར་འགྱུར་བ་ནི་སྒྲིབ་པ་རྣམས་ལས་ནི་རྣམ་པར་གྲོལ་བར་འགྱུར་རོ་ཞེས་འབྱུང་ངོ་། །སེམས་ཁོ་ནར་མ་ཟད་སེམས་བྱུང་ཡང་གྲོལ་བར་འགྱུར་རོ། ། དེའི་སྒྲིབ་པ་ནི་ཉོན་མོངས་པའི་ཐོབ་པ་ཡིན་ཏེ། མི་སློབ་པའི་སེམས་དེ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་ཐོབ་པ་འཇིང་སྒྲིལ་དུ་ཡོད་པ་དེའང་སྤོང་བར་འགྱུར་ལ། མི་སློབ་པའི་སེམས་སྐྱེ་འགྱུར་དེའང་རྣམ་པར་གྲོལ་བར་འགྱུར་རོ། ། དེ་སྤངས་ནས་ནི་མི་སློབ་པའི་སེམས་དེ་ཡང་སྐྱེས་པ་དང་རྣམ་པར་གྲོལ་བ་ཡིན་ནོ། །འོ་ན་མ་འོངས་པའི་མི་སློབ་པ་རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་མི་སྐྱེ་བའི་ཆོས་ཅན་དགེ་བ་ཟག་བཅས་དང་འདུ་བྱེད་མ་སྒྲིབ་ལུང་མ་བསྟན་དང་། མི་སློབ་པའི་རྒྱུད་ལ་ཡོད་པའི་འཇིག་རྟེན་པའང་ 3-1-312b རྣམ་པར་གྲོལ་བར་འགྱུར་མོད་ཀྱི་སྐྱེ་བར་མ་ངེས་པས་མ་བཤད་ལ། བསྟན་བཅོས་ལས་མ་འོངས་པ་སྐྱེ་པར་ངེས་པ་དེ་ཁོ་ན་གྲོལ་བར་འགྱུར། ཞེས་བཤད་དེ། དེའི་རྣམ་པར་གྲོལ་བ་ནི་བརྟག་སླ་བ་ཕྱིར། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ནི་གྲོལ་བར་བརྟག་དཀའ་བའི་ཕྱིར་རོ། ། མི་སློབ་པའི་འཇིག་རྟེན་པའང་སྐྱེ་བའི་སྒྲིབ་པ་དེ་ལས་གྲོལ་ཏེ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར། གལ་ཏེ་མི་སློབ་པའི་རྒྱུད་ལ་ཡོད་པའི་འཇིག་རྟེན་པ་རྣམ་པར་གྲོལ་བར་འགྱུར་རོ་ཞེས་ཁས་ལེན་ན་སློབ་པ་ལའང་འཇིག་རྟེན་པ་སྐྱེ་ན་ཅིའི་ཕྱིར་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་ བར་ཁས་མི་ལེན་ཅེ་ན། སློབ་པའི་འཇིག་རྟེན་པ་དེ་ནི་མི་སློབ་པའི་འཇིག་རྟེན་དང་མི་འདྲ་སྟེ། སློབ་པའི་འཇིག་རྟེན་དགེ་བ་ཟག་བཅས་དང་འདུ་བྱེད་མ་སྒྲིབ་ལུང་མ་བསྟན་ཉོན་མོངས་པའི་ཐོབ་པ་དང་ལྷན་ཅིག་པ་ཡིན་ལ། མི་སློབ་པའི་འཇིག་རྟེན་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། །འགག་པར་འགྱུར་བ་ལ་མངོན་དུ་ཕྱོགས་པ་ད་ལྟ་བའི་གནས་སྐབས་ཀྱི་ལམ་གྱིས་ནི་མི་སློབ་པའི་སེམས་དེའི་སྒྲིབ་པ་རབ་ཏུ་སྤོང་ངོ་། །གསུམ་པ་རྣམ་གྲོལ་ལ་སོགས་པའི་ཁྱད་པར་ནི། འདུས་མ་བྱས་ཉིད་ཁམས་ཞེས་བྱ། །འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ། །སྤངས་པའི་ཁམས་ནི་གཞན་དག་གོ། འགོག་པའི་ཁམས་ཞེས་བྱ་བ་གཞི། །རྣམ་གྲོལ་འདུས་མ་བྱས་དང་ཁམས་གསུམ་མདོའམ་བསྟན་བཅོས་ལས་ འབྱུང་བ་སྤངས་པའི་ཁམས་དང་འདོད་ཆགས་དང་བྲལ་བའི་ཁམས་དང་འགོག་པའི་ཁམས་ཞེས་འབྱུང་བའི་ཁྱད་པར་ནི་རྣམ་གྲོལ་འདུས་མ་བྱས་དེ་ཉིད་ཁམས་གསུམ་ཤེས་བྱ་སྟེ། དེ་ལ་ཁམས་གསུམ་གྱི་འདོད་ཆགས་ཀུན་སྤངས་ཤིང་ཟད་པ་ནི་འདོད་ཆགས་དང་བྲལ་བའི་ ཁམས་སོ། །འདོད་ཆགས་ལས་གཞན་པའི་ཉོན་མོངས་ཁམས་གསུམ་པ་རྣམས་སྤངས་ཤིང་ཡང་དག་པར་ཟད་པ་ནི་སྤངས་པའི་ཁམས་དག་གོ། འགོག་པའི་ཁམས་ཞེས་བྱ་བ་ནི་ཉོན་མོངས་ལས་མ་གཏོགས་པ་གཞི་གཟུགས་སོགས་ཟག་བཅས་ཁམས་གསུམ་པ་ཐམས་ཅད་ 3-1-313a སྤངས་ཤིང་ཡང་དག་པར་ཟད་པ་ཡིན་ནོ། །སློབ་དཔོན་ཐོགས་མེད་ཀྱིས། མཐོང་སྤོང་སྤངས་པ་སྤངས་པའི་ཁམས། སྒོམ་སྤོང་སྤངས་པ་ལ་འདོད་ཆགས་དང་བྲལ་བའི་ཁམས། ཕུང་པོ་ལྷག་མེད་ཀྱི་མྱང་འདས་ལ་འགོག་པའི་ཁམས་ཞེས་གསུངས་ སོ། །བཞི་པ་ཡིད་འབྱུང་བ་ལ་སོགས་པའི་མུ་བཞི་ནི། སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། །ཡིད་འབྱུང་གང་གིས་སྤོང་འགྱུར་བ། །ཀུན་གྱི་འདོད་ཆགས་འབྲལ་བར་འགྱུར། །དེ་ལྟར་ན་ནི་མུ་བཞི་སྲིད། །དངོས་པོ་གང་གིས་ཡིད་འབྱུང་བར་འགྱུར་བའི་དངོས་པོ་དེས་འདོད་ཆགས་དང་བྲལ་ལམ་ཞེ་ན་མུ་བཞི་སྟེ། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ལ་བཟོད་པ་དང་ཤེས་པ་རྣམས་ཁོ་ནས་ཡིད་འབྱུང་བར་འགྱུར་ཏེ། ཡིད་ འབྱུང་བའི་དངོས་པོ་ལ་དམིགས་པའི་ཕྱིར། གཞན་འགོག་ལམ་ལ་བཟོད་པ་དང་ཤེས་པ་དག་གིས་མ་ཡིན་ཏེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར། ཉོན་མོངས་གང་གིས་སྤོང་བར་འགྱུར་པ་སྡུག་ཀུན་དང་འགོག་ལམ་བཟོད་པ་དང་ཤེས་པ་ཐམས་ཅད་ཀུན་ གྱིས་འདོད་ཆགས་དང་བྲལ་བར་འགྱུར་ཏེ་ཉོན་མོངས་སྤོང་བྱེད་ཡིན་པའི་ཕྱིར། དེ་ལྟར་ན་མུ་བཞི་འགྲུབ་སྲིད་དེ། སྡུག་ཀུན་ལ་བཟོད་ཤེས་རྣམས་ཀྱིས་ཉོན་མོངས་མི་སྤོང་ན་ཡིད་འབྱུང་ཁོ་ན་སྟེ། ཡིད་འབྱུང་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །དེའང་ཆགས་བྲལ་ངེས་ པ་ལ་འཇུག་ན་མི་སྤོང་སྟེ་སྔར་སྤངས་ཟིན་པའི་ཕྱིར་ན་བྱ་བ་དེ་ཤེས་པ་རྣམས་ནི་ཉོན་མོངས་པ་མི་སྤོང་བ་ཁོ་ན་ཡིན་པ་ལ། ན་བྱ་བའི་ཚིག་འཇུག་གི་སྙམ་ན། ཤེས་པས་མཐོང་ལམ་དུས་ན་མི་སྤོང་ཡང་སྒོམ་ལམ་དུས་ན་སྤོང་བས་མཐོང་ལམ་གྱི་དུས་ལ་དགོངས་ནས་མི་སྤོང་ན་ ཞེས་བྱ་བར་གསུངས་སོ། །འགོག་ལམ་ལ་བཟོད་ཤེས་རྣམས་ཀྱིས་ཉོན་མོངས་སྤོང་ན་འདོད་ཆགས་དང་བྲལ་བ་ཁོ་ན་སྟེ། མཆོག་ཏུ་དགའ་བའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །དེ་གཉིས་ལ་བཟོད་ཤེས་ནི་ཡིད་འབྱུང་བའང་མི་འགྱུར་ཏེ། རྟགས་སྔ་མ་ཉིད་ཀྱི་ཕྱིར་རོ། ། 3-1-313b སྡུག་ཀུན་ལ་བཟོད་ཤེས་ནི་ཉོན་མོངས་པ་སྤོང་ན་ཡིད་འབྱུང་དང་འདོད་ཆགས་དང་བྲལ་བར་འགྱུར་བ་གཉིས་ཀ་ཡིན་ནོ། །འགོག་ལམ་ལ་བཟོད་ཤེས་རྣམས་ཀྱི་ཉོན་མོངས་མི་སྤོང་ན་ཡིད་འབྱུང་དང་འདོད་ཆགས་དང་བྲལ་བ་གཉིས་ཀ་མི་འགྱུར་རོ། །མུ་དང་པོ་དང་བཞི་པས་ཉོན་མོངས་ པ་དག་མི་སྤོང་ན་ཞེས་བསྟན་པ་གང་ཞིག་གང་དག་གིས་ཉོན་མོངས་པ་དག་མི་སྤོང་ཞེ་ན། དེ་ལ་འདོད་པ་ནས་ཅིའང་གི་བར་ལ་འདོད་ཆགས་དང་བྲལ་བ་ཞིག་བདེན་པ་རྣམས་ལ་བལྟ་ཞིང་མངོན་པར་རྟོགས་པར་བྱེད་ན་ཆོས་ཤེས་པ་རྣམས་དང་། ཆོས་ལ་བཟོད་པ་རྣམས་ཀྱིས་ཉོན་ མོངས་པ་མི་སྤོང་སྟེ། འཇིག་རྟེན་པའི་ལམ་གྱིས་སྤངས་ཟིན་པའི་ཕྱིར་བྲལ་ཐོབ་ཟག་མེད་བསྐྱེད་པ་འབའ་ཞིག་ཏུ་ཟད་དོ། །རྗེས་སུ་ཤེས་བཟོད་ཀྱིས་སྤངས་ཏེ་སྲིད་རྩེ་ལ་འཇིག་རྟེན་པའི་ཆགས་བྲལ་མེད་པའི་ཕྱིར། སྒོམ་ལམ་ལ་ཤེས་པ་རྣམས་ཀྱིས་ནི་སྦྱོར་བ་དང་རྣམ་གྲོལ་ དང་ཁྱད་པར་ཅན་གྱི་ལམ་གྱིས་བསྡུས་པ་དང་། བར་ཆད་མེད་ལམ་ལའང་ཁ་ཅིག་གིས་དབང་པོ་འཕོ་བ་ལ་སོགས་པ་ན་ཉོན་མོངས་མི་སྤོང་གི། ཆོས་ཤེས་དེས་སྡུག་ཀུན་ལ་དམིགས་པས་ཡིད་དབྱུང་བ་ནི་ཡིན་ནོ། །འདིར་བཟོད་པ་མི་སྨོས་པ་ནི་འཇིག་རྟེན་པའི་ལམ་གྱི་སྔར་འདོད་ ཆགས་དང་མ་བྲལ་ན་སྤོང་བའང་ཡོད་པས་བཟོད་པ་མ་སྨོས་སོ། །གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ལམ་དང་གང་ཟག་བསྟན་པ་ཞེས་བྱ་བ་སྟེ་གནས་དྲུག་པའོ། །འདིར་སྨྲས་པ། གཅིག་ཏུ་ ཐར་འདོད་ཡོངས་ཀྱི་བསྟེན་བྱའི་མཆོག །ཀུན་མཁྱེན་སྙིང་རྗེའི་དབང་ཕྱུག་གྲུབ་པའི་རྗེ། །དཔལ་ལྡན་སངས་རྒྱས་མཉན་པ་ཆེན་པོ་དང་། །བཙུན་པའི་ཏོག་གཅིག་ཀརྨའི་ཕྲིན་ལས་ཏེ། །ཡོངས་རྫོགས་བསྟན་པའི་རྨད་འབྱོར་ཕུལ་བྱུང་ལ། །ངོམས་པ་མེད་པར་ཤེས་ནས་ 3-1-314a དད་པའི་འབྱོར། །ཆོག་ཤེས་ཕྲ་མོའི་ཆ་ཙམ་མ་བཟུང་སྟེ། །ཀུན་དགར་བྱེད་པའི་འབྱོར་བ་ཅི་ཡང་སྐྱེས། །དེ་ཚེ་བྱིན་རླབས་དམ་པའི་ནུས་པ་ལས། །རང་རྒྱུད་སངས་རྒྱས་བསྟན་པའི་ཐེག་པར་འགྱུར། །དེ་ཚེ་ཤེས་བྱའི་གནས་རྣམས་མ་ལུས་པ། །རིང་དུ་ བསྐལ་བའི་དྲི་མ་ཐམས་ཅད་སངས། །དེ་ལྟའི་རྟོགས་པ་ཐོབ་པར་གྱུར་པ་དེས། །གནོད་སྦྱིན་ཤ་མེད་བསྟེན་པའི་གངས་ཁྲོད་དུ། །རྒྱ་ཆེན་ཆོས་མངོན་མཛོད་ཀྱི་རྒྱས་འགྲེལ་བརྩམས། །དགེ་བ་གང་ཐོབ་སྒྲུབ་བརྒྱུད་རིན་པོ་ཆེ། །ཀརྨའི་བཀའ་བརྒྱུད་ཉི་ལྟར་འབར་བ་དེས། །རྟོག་ གེ་ངན་པའི་མིག་ནི་ལོང་གྱུར་ཅིག །ཅེས་སྨྲས་སོ། །༈ ཨེ་མ་རྒྱལ་མཆོག་དམ་པའི་ཐུགས་རྗེ་དེ་ནི་རང་བློ་དྲི་མེད་ལ་ཆགས་ཏེ། །དམ་པ་རྣམས་ཀྱི་སྤྱོད་ཡུལ་རྒྱ་ཆེན་ག་ལ་བ་དེར་འགྲོ་བའི་བློ་གྲོས་ནི། །དཔལ་ལྡན་བླ་མ་དྭགས་པོའི་བཀའ་ བརྒྱུད་འཇམ་པའི་དཔལ་གྱི་བྱིན་གྱིས་བརླབས་གྱུར་པས། །ཟབ་གསལ་རྣོ་བའི་ལང་ཚོ་འདི་ལ་དུས་གསུམ་གཟིགས་རྣམས་རབ་མཚར་ལྟད་མོར་མཛོད། །བདག་ནི་བྱིས་པའི་ས་ལས་རིང་ནས་འགོངས། །ཐར་པ་མཆོག་གི་གྲོང་ཁྱེར་དམ་པར་ཞུགས། །གསུང་རབ་ཡིད་བཞིན་ ནོར་བུའི་དཔལ་འབྱོར་ལ། །ངོམས་མེད་ལོངས་སྤྱོད་དགའ་བདེས་བཟོད་གར་འཚལ། །གནས་བདུན་པ་ཡེ་ཤེས་བསྟན་པའི་གནས་ཀྱི་དོན་ལ་གཉིས་ལས། དང་པོ་གནས་ཀྱི་གཞུང་བཤད་པ་ལ། ཤེས་པ་དང་། ལྡན་པ་དང་། ཐོབ་པ་དང་། ཡོན་ཏན་ནོ། །དང་པོ་ལ་གསུམ། བཟོད་ཤེས་དང་ལྟ་བའི་ཁྱད་པར། ཤེས་པ་བཅུ་ངོས་བཟུང་བ། དེ་དག་གི་ཁྱད་པར་དཔྱད་པའོ། །དང་པོ་ལ། ཟག་མེད་དང་། ཟག་པའོ། །དང་པོ་ནི། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཟད་དང་མི་སྐྱེའི་བློ་ལྟ་མིན། །དེ་ལས་གཞན་འཕགས་བློ་གཉིས་ཀ །ཆོས་མངོན་པར་རམ་གནས་དྲུག་པར། བཟོད་པ་དང་། ཤེས་པ་དང་། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་ཤེས་པ་ཞེས་ 3-1-314b འབྱུང་ན། བཟོད་པ་ཡིན་ལ་ཤེས་པ་མ་ཡིན་པ་དང་ཡང་དག་པའི་ཤེས་པ་ཡིན་ལ་ལྟ་བ་མ་ཡིན་པ་ཡོད་དམ་ཞེ་ན། དྲི་མེད་ཀྱི་བཟོད་པ་བརྒྱད་པོ་རྣམས་ཆོས་ཅན། ལྟ་བ་ཡིན་གྱི་ཤེས་པ་མིན་ཏེ། ཡང་དག་པར་རྟོགས་པའི་ངོ་བོ་ཡིན་ཀྱང་དེས་སྤང་བྱའི་ཕྲ་རྒྱས་ཐེ་ཚོམ་མ་སྤངས་པའི་ཕྱིར། འདིར་འདི་ཤེས་པར་བྱ་སྟེ། སྤྱིར་རིག་པ་ཙམ་ལ་ཤེས་པ་ཟེར་བ་ཞིག་ཀྱང་ཡོད། ཤེས་རབ་ལ་ཤེས་པ་ཟེར་བ་ཞིག་ཀྱང་ཡོད། ཤེས་པ་བཅུ་ལ་ཤེས་པ་ཟེར་བ་ཞིག་ཀྱང་ཡོད་པས། དྲི་མ་མེད་པའི་བཟོད་པ་དེ་སྤྱིར་རིག་པ་ཙམ་གྱི་ཤེས་པ་མིན་ཟེར་པའང་མིན། དྲི་མེད་བཟོད་པ་ལ་རིག་ པས་ཁྱབ། ཤེས་རབ་ལ་ཤེས་པ་ཟེར་བའི་ཤེས་རབ་མིན་ཟེར་བའང་མིན། དྲི་མེད་བཟོད་པ་ཤེས་རབ་ཡིན། འོ་ན་དྲི་མེད་བཟོད་པ་ཤེས་པ་མིན་བྱ་བ་དེ་ཤེས་པ་བཅུའི་ཤེས་པ་མིན་པར་བྱ་དགོས་ལ། བཟོད་པ་ཤེས་པ་མིན་པའི་རྒྱུ་མཚན་རང་གིས་སྤང་བྱ་ཐེ་ཚོམ་མ་སྤངས་པའི་ཕྱིར་བྱ་བའི་ གཏན་ཚིགས་དེ་ཕྱོགས་ཀྱིས་ཕྱོགས་གཅིག་ལ་མ་གྲུབ་སྟེ། སྔར་ཅིའང་མེད་མན་ཆོད་ཀྱི་མཐོང་སྤོང་སྒོམ་སྤོང་གཅིག་ཏུ་དྲིལ་ནས་སྤངས་པ་ལ་སྡུག་ཀུན་ལ་ཤེས་བཟོད་སྐྱེས་པ་དེ་རང་གི་སྤང་བྱའི་ཐེ་ཚོམ་དང་བྲལ་ནས་འདུག་པ་སྙམ་ན། བཟོད་པ་ཡིན་པའི་རྒྱུ་མཚན་ཙམ་གྱིས་རང་གི་ སྤང་བྱའི་ཐེ་ཚོམ་དང་བྲལ་བ་མ་ཡིན། ཡིན་ན་སྔར་འཇིག་རྟེན་པའི་ལམ་སྔོན་དུ་མ་སོང་པའི་བཟོད་པ་ཀུན་ལའང་རང་གི་སྤང་བྱའི་ཐེ་ཚོམ་དང་མ་བྲལ་བ་ཉིད་ཀྱི་ཕྱིར། བཟོད་པ་ཙམ་ལ་རང་གིས་སྤང་བྱའི་ཐེ་ཚོམ་མ་སྤངས་པར་ཡོད་དོ་ཞེས་དགོངས་སོ། །བཟོད་པ་དྲི་མེད་ཁོ་ན་ཤེས་པ་ མིན་ཅེས་ངེས་པར་བཟུང་བས་བཟོད་པ་ཟག་བཅས་ནི་ཤེས་པ་ཡིན་ཏེ། ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར། དེ་ལྟ་བ་ཡིན་གྱི་ཤེས་པ་མ་ཡིན་པ་དེ་བཞིན་དུ་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་བློ་ཆོས་ཅན། ཤེས་པ་ཡིན་གྱི་ལྟ་བ་མིན་ཏེ། ཡང་དག་པར་ངེས་པའི་ཡེ་ཤེས་གང་ཡང་དག་ 3-1-315a པར་རྟོག་པ་མེད་ཅིང་འབྲས་བུ་རྫོགས་ཟིན་པས་ཡོངས་སུ་ཚོལ་བའི་བསམ་པ་ཅན་མ་ཡིན་པའི་ཕྱིར། གྲུབ་སྟེ། ཇི་སྲིད་དུ་བྱ་བ་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་དག་ལ་ཉེ་བར་རྟོག་ཅིང་བསམ་པ་ཐག་པ་ནས་མི་རྟག་པ་ལ་སོགས་པའི་ རྣམས་ཇི་སྐད་བཤད་པ་དག་གིས་ཡོངས་སུ་ཚོལ་བར་བྱེད་དོ། །བྱ་བ་བྱས་ནས་ནི་དེ་དག་གི་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་ཇི་ལྟར་མཐོང་བ་དག་ཁོ་ན་ལ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ། ཡང་ཤེས་པར་བྱར་མེད་དོ། །ཞེས་བྱ་བ་ལ་སོགས་པ་སོ་སོར་ རྟོག་པ་ཙམ་དུ་ཟད་དེ། དེ་ལྟ་བས་ན་དེ་དག་ནི་ལྟ་བའི་ངོ་བོ་ཉིད་མ་ཡིན་ནོ། །ཟག་མེད་ཀྱི་བཟོད་པ་རྣམས་དང་ཟད་མི་སྐྱེ་ཤེས་པ་དེ་ལས་གཞན་པའི་འཕགས་པའི་བློ་ཟག་མེད་ཀྱི་ཤེས་རབ་ཆོས་ཅན། ལྟ་བའང་ཡིན་ལ་ཤེས་པའང་ཡིན་པས་གཉིས་ཀ་ཡིན་ཏེ། ཡང་དག་པར་རྟོགས་ པ་དང་ཡང་དག་པར་ངེས་པས་ཐེ་ཚོམ་སྤངས་པའི་ཕྱིར། གཉིས་པ་ནི། གཞན་ཤེས་དྲུག་ནི་ལྟ་བའང་ཡིན། །གཞན་ཞེས་བྱ་བ་ནི་འཇིག་རྟེན་པ་སྟེ་ཐམས་ཅད་ཁོ་ན་ཤེས་པ་ཡིན་ནོ་ཞེས་ངེས་པར་བཟུང་བས་ཤེས་པ་མ་ཡིན་པའི་ཤེས་རབ་གང་ཡིན་པ་དེ་ནི་མེད་དོ། །ཤེས་རབ་དེ་ནི་སྒོ་ལྔའི་དགེ་མི་དགེ་ལུང་མ་བསྟན། ཡིད་ ལས་བྱུང་བ་ལྟ་བའི་ངོ་བོ་ཉིད་མ་ཡིན་པ་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང་མ་སྒྲིབ་ལུང་མ་བསྟན་ཏོ། །དམིགས་བསལ་ལྟ་བ་ལྔ་དང་ཡིད་ལས་བྱུང་བ་དགེ་བ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་དྲུག་ནི་ལྟ་བའང་ཡིན་གྱི། །གཞན་འཇིག་རྟེན་པ་རྣམས་ལྟ་བ་མ་ཡིན་ཏེ། ཡང་དག་པར་རྟོགས་པའི་རྣམ་པར་མ་ཞུགས་པའི་ཕྱིར། །ལྟ་བའི་ངོ་བོ་ཤེས་རབ་དྲུག་པོ་འདི་དང་གཞན་སྔར་བཤད་པ་དག་ཀྱང་ཤེས་པ་ཡིན་ནོ། །གཉིས་པ་ཤེས་པ་བཅུ་ངོས་བཟུང་བ་ལ། དབྱེ་བ་དངོས་དང་། སེམས་ཤེས་ཁྱད་པར་དུ་བསྟན་པའོ། །དང་པོ་ལ། བསྟན་བཤད་ 3-1-315b གཉིས་ལས། དང་པོ་ནི། ཤེས་པ་ཟག་བཅས་ཟག་པ་མེད། །དང་པོ་ཀུན་རྫོབ་ཅེས་བྱའོ། །ཟག་མེད་རྣམ་གཉིས་ཆོས་དང་ནི། །རྗེས་སུ་ཤེས་པ་ཁོ་ན་ཡིན། །ཇི་སྙེད་ཅིག་གིས་ཤེས་པ་བསྡུ་ན་བཅུས་བསྡུས་ཏེ། ཆོས་དང་། རྗེས་དང་། ཀུན་རྫོབ་དང་། གཞན་གྱི་སེམས་དང་། བདེན་པ་བཞི་དང་། ཟད་མི་སྐྱེ་ཤེས་པས་སོ། །འཆི་འཕོ་དང་། སྐྱེ་བ་དང་། གང་ཟག་དང་། འཁོར་བ་ཤེས་སོགས་ཀྱང་འདི་ཁོ་ ནའི་ནང་དུ་འདུའོ། །མདོར་བསྡུ་ན། ཤེས་པ་ཟག་བཅས་ཟག་པ་མེད་པ་གཉིས་སོ། །དེ་ལས་དང་པོ་ཟག་བཅས་ནི། ཀུན་རྫོབ་ཤེས་པ་ཞེས་བྱ་སྟེ། བུམ་སྣམ་སྐྱེས་པ་བུད་མེད་སོགས་དངོས་པོ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་ཀུན་རྫོབ་འཛིན་པའི་ཕྱིར། རེས་འགའ་ནི་རང་ དང་སྤྱིའི་མཚན་ཉིད་ཀྱང་འཛིན་མོད། ཕལ་ཆེར་ཞེས་པས། བླུན་པོ་རྟག་ཏུ་སྨྲ་དགོས་པ་དང་། རྒྱལ་པོ་རྟག་ཏུ་བཀྱོན་པ་ཞེས་པ་ལྟ་བུའོ། །ཤེས་པ་ཟག་མེད་ཀྱང་བསྡུ་ན་རྣམ་པ་གཉིས་ཏེ། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ཁོ་ན་ཡིན་ཏེ། བདེན་པ་བཞི་ཤེས་པ་ནི་འདི་དག་ གི་ནང་དུ་འདུ་བའི་ཕྱིར། དེ་ལྟར་ན་ཤེས་པ་ཟག་བཅས་ཟག་མེད་འདི་གསུམ་སྟེ། ཀུན་རྫོབ་ཤེས་པ་དང་། ཆོས་ཤེས། རྗེས་ཤེས་སོ། །གཉིས་པ་རྒྱས་བཤད་ནི། དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པའི་ཡུལ་ནི་ཅི་རིགས་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ ཅད་དོ། །ཆོས་ཤེས་པའི་སྤྱོད་ཡུལ་ནི། འདོད་པའི་སྡུག་བསྔལ་ལ་སོགས་པ་ཀུན་འབྱུང་དང་འགོག་ལམ་མོ། །རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི། གོང་མའི་སྡུག་བསྔལ་ལ་སོགས་ཡིན། ཅེས་པ་ནི་གོ་སླའོ། །ཆོས་ཤེས་རྗེས་ཤེས་དེ་དག་ཉིད་བདེན་པ་བཞིའི་བྱེ་བྲག་གིས་ སྡུག་ཀུན་འགོག་ལམ་ཤེས་པ་བཞི་ཡིན་ཏེ། སྡུག་བསྔལ་སོགས་དེ་དག་ལ་དམིགས་པའི་ཕྱིར། སྡུག་བསྔལ་ནས་ལམ་གྱི་བར་ཤེས་པ་རྣམ་བཞི་ཆོས་དང་རྗེས་སུ་ཤེས་པ་ལྟ་བའི་རང་བཞིན་མ་ཡིན་པ་དེ་དག་ནི་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱའོ། །ཟད་མི་སྐྱེ་ཤེས་ 3-1-316a པ་དེ་གཉིས་རྒྱུན་ཆགས་སུ་འཇུག་པས་དང་པོ་སྐྱེས་པ་ནི་སྡུག་བསྔལ་ལམ་རྒྱུ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ཏེ། གདོན་མི་ཟ་བར་སྲིད་རྩེའི་ཕུང་པོ་ལ་སྡུག་བསྔལ་ལམ་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་རྣམ་པར་དམིགས་པའི་ཕྱིར། ཕྱིས་སྐྱེས་ པ་ནི་བདེན་པ་གཞན་ལའང་དམིགས་སོ། །རྡོར་ཏིང་གི་མཇུག་ཐོགས་སུ་ཟད་མི་སྐྱེ་ཤེས་པ་འབྱུང་བས་ན། ཡང་ཇི་ལྟར་ཟད་པ་དང་མི་སྐྱེ་བ་དམིགས་པ་གཅིག་ཡིན་པ་ལྟར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་དེ་གཉིས་དང་དམིགས་པ་གཅིག་པ་ཞིག་གམ་ཞེ་ན། རྡོ་རྗེ་ལྟ་བུའི་ སྡུག་ཀུན་ལ་དམིགས་ན་གཅིག་ལ་འགོག་ལམ་ལ་དམིགས་ན་མི་གཅིག་སྟེ། དཔེར་ན་དུག་མདས་ཕོག་སྟེ་ཤི་བའི་དུག་ཡན་ལག་ཐམས་ཅད་ལ་ཁྱབ་ནས་ཤི་བའི་ཚེ་རྨའི་ཕྱོགས་ཁོ་ནར་འདུ་བ་བཞིན་སྤང་བྱ་ཐམས་ཅད་སྤངས་ནས་ཤེས་པ་འདི་གཉིས་སྲིད་རྩེའི་ཕུང་པོའི་ སྡུག་ཀུན་ཁོ་ན་ལ་དམིགས་པ་ཡིན་ནོ། །ཆོས་ཤེས་རྗེས་ཤེས་ལམ་ཤེས་པ་ཀུན་རྫོབ་ཤེས་པ་བཞི་ལས་ནི་ཕ་རོལ་གྱི་སེམས་རིག་པར་བཞག་སྟེ། དེ་ནི་ཤེས་པ་དེ་དག་གི་བདག་ཉིད་ཡིན་པའི་ཕྱིར། སྡུག་བསྔལ་ཤེས་པ་སོགས་ལས་མིན་ཏེ། གཞན་གྱི་རྣམ་པ་ཅན་ཡིན་ པའི་ཕྱིར། ཟག་མེད་ལ་དམིགས་ལ་ནི་ལམ་ཤེས་ཡིན་ལ། ཟག་བཅས་ནི་ཆགས་བཅས་དང་ཆགས་བྲལ་ཞེས་འཇིག་རྟེན་པའི་རྣམ་པ་ཅན་ནོ། །དེའང་གཞན་གྱི་ཆོས་ཤེས་པ་དེ་བདག་གི་ཆོས་ཤེས་པས་ཤེས། གཞན་གྱི་རྗེས་སུ་ཤེས་པ་དེ་བདག་གི་རྗེས་སུ་ཤེས་པ་ཤེས་ཀྱི། ཆོས་ རྗེས་བློ་ཕྱོགས་ཕན་ཚུན་མིན་པས་སྣ་བསྣོལ་དུ་མི་ཤེས། གཞན་གྱི་ཆོས་ཤེས་དང་རྗེས་ཤེས་དེ་ཀ་ལམ་ཡིན་པས། བདག་གི་ལམ་གྱིས་གཞན་གྱི་ལམ་དེ་ཤེས་ཀྱི། ཡུལ་ལམ་བཟང་པོ་དེ་ཡུལ་ཅན་ཀྱང་ལམ་བཟང་པོ་གཅིག་གིས་ཤེས་ཀྱི། དམན་པས་མི་ཤེས། ལར་ལྟ་ 3-1-316b ཤེས་བྱ་དེ་ཡིན་པས་ཤེས་པའང་དེར་མི་འགྲོ་སྟེ། ད་རེས་ཤེས་བྱ་ལམ་བཟང་བ་དེ་ཤེས་བྱེད་ཀྱང་ལམ་བཟང་བ་ཞིག་གིས་ཤེས་ཀྱི། དམན་པས་མི་ཤེས་སོ། །འགོག་པ་ཤེས་པ་ལ་ཕ་རོལ་གྱི་སེམས་ཤེས་གྲངས་མི་སྐྱེ་བ་ནི། འགོག་པ་ཕ་རོལ་གྱི་སེམས་མིན་ཙ་ན། དེ་ཤེས་ པ་ཕ་རོལ་གྱི་སེམས་ཤེས་པ་མིན་ནོ། །སྡུག་ཀུན་ཤེས་པ་ཕ་རོལ་གྱི་སེམས་ཤེས་པ་མིན་པ་ཅིས་སྙམ་ན། སྡུག་ཀུན་ཤས་ཤེས་པ་ནི་མི་རྟག་པ་ལ་སོགས་པ་སྤྱིའི་ཚུལ་གྱིས་འཇལ་བ་ཡིན། ཕ་རོལ་གྱི་སེམས་ཤེས་ནི་རང་གི་མཚན་ཉིད་ལས་ཏེ། དེའི་སྤྱོད་ཡུལ་ཡིན་པས་སོ། །ཟད་ སྐྱེ་དང་མི་སྐྱེ་བ་ཤེས་པ་ལ་ཕ་རོལ་གྱི་སེམས་ཤེས་མི་འཇོག་པ་ཅིས་སྙམ་ན། ཕ་རོལ་གྱི་སེམས་ཤེས་ཟག་བཅས་ཀྱིས་ཕ་རོལ་གྱི་སེམས་ཟག་བཅས་ཤེས་པའི་ཤེས་བྱ་དེ་ཟད་པ་དང་མི་སྐྱེ་བ་མིན། ཤེས་བྱ་ཟག་མེད་ཤེས་པ་དེ་ནི་རྟོག་ཅིང་འཇལ་བ་ཡིན་ཏེ། འདི་ཆོས་ཤེས་པ་ཡིན་ ནམ། འདི་རྗེས་སུ་ཤེས་པ་ཡིན་ནམ་ཞེས་འཚོལ་ཞིང་དཔྱོད་པ་དེ་ཟད་པ་དང་མི་སྐྱེ་བའི་ཤེས་པ་མ་ཡིན་ཏེ། ཟད་དང་མི་སྐྱེ་བློ་ལྟ་མིན། །ཅེས་འབྱུང་བའི་ཕྱིར་རོ། །གཉིས་པ་སེམས་ཤེས་ཁྱད་པར་དུ་བཤད་པ་ལ། སེམས་ཤེས་ཀྱི་ཁྱད་ཆོས་དང་། ཟད་མི་སྐྱེ་ཤེས་པའི་ཁྱད་ པར་རོ། །དང་པོ་ལ། སྤྱིར་བསྟན་པ་དང་། ལམ་གྱི་གནས་སྐབས་སོ། །དང་པོ་ནི། དེས་ནི་ས་དབང་གང་ཟག་འདས། །ཞིག་དང་མ་སྐྱེས་མི་རིག་གོ། ཕ་རོལ་སེམས་ཤེས་དེས་ནི་བསམ་གཏན་འོག་མའི་ས་པས་གོང་མའི་ས་འདས་པ་མི་རིག་ལ། མི་ལྕོགས་མེད་པས་འདོད་ཁམས་མི་ཤེས་བྱ་བར་མི་བཞག་པ་ནི་འདོད་ཆགས་དང་མ་བྲལ་བས་ གཞན་གྱི་སེམས་ཤེས་པ་མེད་དོ། །དད་མོས་དང་དུས་ཀྱི་རྣམ་གྲོལ་གྱི་ལམ་གྱིས་དབང་པོ་འདས་པ་མཐོང་ཐོབ་དང་དུས་མི་སྦྱོར་བ་རྣམ་པར་གྲོལ་བའི་ལམ་མི་ཤེས་སོ། །དད་པའི་རྗེས་འབྲང་གིས་ཆོས་ཀྱི་རྗེས་འབྲང་མི་ཤེས་བྱ་བ་མི་སྨོས་པ་ནི། དད་པའི་རྗེས་འབྲང་ཆོས་ཀྱི་རྗེས་ 3-1-317a འབྲང་མཐོང་ལམ་ཡིན་ལ། གཞན་གྱི་སེམས་ཤེས་པ་མེད་དོ། །ཕྱིར་མི་འོང་དང་དགྲ་བཅོམ་དང་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་ལམ་རྣམས་འོག་མས་གང་ཟག་འདས་པ་གོང་མ་མི་ཤེས་སོ། །བསམ་གཏན་གྱི་དངོས་གཞི་མ་ཐོབ་པས་ རྒྱུན་ཞུགས་དང་ཕྱིར་འོང་ལ་གཞན་གྱི་སེམས་ཤེས་མེད་པས་མ་སྨོས་སོ། །འོག་མ་འོག་མས་གོང་མ་གོང་མ་མི་ཤེས་ཀྱི། གོང་མ་གོང་མས་འོག་མ་འོག་མ་ཤེས་སོ། །ཞིག་པ་འདས་པ་དང་མ་སྐྱེས་པ་མ་འོངས་པའང་མི་རིག་སྟེ། ད་ལྟར་གྱི་དེ་ཕ་རོལ་གྱི་སེམས་ཡུལ་ཡིན་པའི་ ཕྱིར། གཉིས་པ་ནི། ཆོས་རྗེས་བློ་ཕྱོགས་ཕན་ཚུན་མིན། །ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །རིག་སྟེ་བསེ་རུ་ལྟ་བུས་གསུམ། །སངས་རྒྱས་སྦྱོར་བ་མེད་པར་ཀུན། །ཆོས་ཤེས་དང་རྗེས་ཀྱི་ཕྱོགས་མཐུན་པའི་སེམས་ཤེས་པའི་བློ་ཡང་ཕྱོགས་ཕན་ཚུན་རིག་པ་མིན་ཏེ། སེམས་ཤེས་དེ་གཉིས་ནི་འདོད་པ་དང་ཁམས་གོང་མའི་གཉེན་པོ་ཐ་དད་ལ་དམིགས་པའི་ཕྱིར། ས་དང་ནམ་མཁའ་ལ་ལྟ་བ་བཞིན་ནོ། །མཐོང་ལམ་ལ་ ཕ་རོལ་གྱི་སེམས་ཤེས་མེད་དེ། ཡུན་ཐུང་ཞིང་བདེན་པ་རྟོགས་བྱའི་སྦྱོར་བ་ཡོད་ཀྱི། ཕ་རོལ་སེམས་ཤེས་བྱ་བའི་སྦྱོར་བ་མེད་པའི་ཕྱིར་ཏེ། ཕ་རོལ་གྱི་སེམས་ཤེས་དེའི་དམིགས་པས་མཐོང་ལམ་ཡོད་དེ། དེ་ཤེས་པར་འདོད་པས་སྦྱོར་བ་བྱས་ན། ཉན་ཐོས་ཀྱིས་སེམས་ཤེས་ པས་ནི་མཐོང་བའི་ལམ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་ཀྱི་སྐད་ཅིག་གཉིས་སམ། རེས་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་རྗེས་ཤེས་ཀྱང་ཤེས་སྲིད་དེ་སྦྱོར་བའི་དབང་གིས་སོ། །ཉན་ཐོས་ཀྱི་སེམས་ཤེས་ཀྱི་མཐོང་ལམ་སྐད་ཅིག་ གཉིས་ལས་ལྷག་པ་མི་རིག་པའི་རྒྱུ་མཚན་ནི། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་དམིགས་པ་ནི་སྦྱོར་བ་གཞན་གྱི་བསྒྲུབ་བྱ་ཡིན་པའི་ཕྱིར། ཇི་སྲིད་རྗེས་ཤེས་ཀྱི་ཕྱོགས་མཐུན་དེ་ལ་ཤེས་པའི་ཆེད་ཀྱི་སྦྱོར་བ་རྩོམ་པ་དེ་སྲིད་ཀྱི་རིང་ལ་དེས་སེམས་བཅུ་དྲུག་རྗེས་སུ་ཐོབ་པ་སྟེ་བཟླས་ 3-1-317b པར་འགྱུར་བས། བར་དེར་ནི་སེམས་ཤེས་དེ་མི་ཤེས་སོ། །འོ་ན་སྐད་ཅིག་མ་དང་པོ་གཉིས་ཀྱང་མི་རིག་པར་འགྱུར་ཏེ། དེ་ཤེས་པར་འདོད་ནས་སྦྱོར་བ་བརྩམས་ཏེ་གྲུབ་པ་ན་སྐད་ཅིག་མ་གཉིས་པོའང་འགག་པའི་ཕྱིར་ཞེ་ན། སྐད་ཅིག་མ་གཉིས་པོ་འདི་ ཤེས་པར་བྱའོ་ཞེས་སྦྱོར་བ་རྩོམ་པ་ནི་མ་ཡིན་གྱི། གང་ཟག་འདིའི་སེམས་ཤེས་པར་བྱའོ་ཞེས་སྦྱོར་བ་རྩོམ་པ་ན་མངོན་ཤེས་འགྲུབ་པ་དང་མཉམ་པར་སྐད་ཅིག་དང་པོ་གཉིས་སྐྱེས་པ་དག་ཤེས་པར་འགྱུར་རོ་ཞེས་བྱེ་སྨྲ་ཟེར་རོ། །རང་སངས་རྒྱས་བསེ་རུ་ལྟ་བུའི་སེམས་ཤེས་པས་ནི་སྐད་ཅིག་མ་དང་པོ་གཉིས་དང་བརྒྱད་པ་གསུམ་རིག་སྟེ། ཉན་ཐོས་ཀྱི་སྦྱོར་ བ་ཆེན་པོ་སྐད་ཅིག་ལྔ་ལས་ལྷག་པར་བསྒྲུབ་དགོས་ཤིང་། འདི་ནི་དང་པོ་གཉིས་ཤེས་ནས་ཀྱང་སྦྱོར་བ་རྩོལ་བ་ཆུང་བས་སྐད་ཅིག་མ་ལྔའི་བར་ལ་མངོན་ཤེས་འགྲུབ་པའི་ཕྱིར། དེས་ཀྱང་སྐད་ཅིག་མ་དགུ་པ་སོགས་ནི་མི་རིག་སྟེ། ཡང་སྦྱོར་བ་གཞན་གྱིས་བསྒྲུབ་དགོས་པའི་ཕྱིར། སྐད་ཅིག་མ་བཅོ་ལྔ་པའང་མི་རིག་སྟེ། དེ་ནས་དུབ་པས་སྐད་ཅིག་མ་བདུན་ལའང་སྦྱོར་བ་མི་རྫོགས་པའི་ཕྱིར། ཁ་ཅིག་དང་པོ་གཉིས་པ་ཤེས་ནས་སྦྱོར་བ་བྱས་ཏེ་བཅོ་ལྔ་པ་དང་གསུམ་ཤེས་ཟེར་རོ། །ཐུགས་ཀྱི་དབང་ཕྱུག་སངས་རྒྱས་ཀྱིས་ནི་སྦྱོར་བ་མེད་ཅིང་མི་མངའ་བར་ཡོན་ ཏན་ཐམས་ཅད་མངོན་དུ་འགྱུར་བའི་ཕྱིར་མཐོང་ལམ་གྱི་སྐད་ཅིག་ཀུན་མཁྱེན་ཏེ། གྲངས་མེད་གསུམ་དུ་ཚད་མེད་པའི་ཚོགས་ཀྱིས་བསགས་པའི་ཡེ་ཤེས་ཀྱི་ནུས་མཐུ་དེ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཞེས་པ་ནི། སློབ་དཔོན་གང་སྤེལ་གྱིས་བཤད་པ་དེ་ཐེག་པ་ཆེན་པོའི་སྒྲོས་དང་ མཐུན་ལ། བྱེ་སྨྲ་རང་ལུགས་ཀྱི་དོགས་པ་ནི། སངས་རྒྱས་ཀྱི་ས་མ་འོངས་པ་མཁྱེན་ནམ་མི་མཁྱེན། མཁྱེན་ན་ཞིག་དང་མ་སྐྱེས་མི་རིག་དང་འགལ། མི་མཁྱེན་ན་ཐམས་ཅད་མཁྱེན་དུ་མི་བཏུབ་སྙམ་ན། ད་ལྟ་བ་འདིས་འདས་མ་འོངས་མི་མཁྱེན། འོ་ན་ཐམས་ཅད་མཁྱེན་པར་ 3-1-318a འགྲོ་ཡེ་སྙམ་ན། སྔ་ཕྱི་བར་གསུམ་ཡོ་ལོག་པས་ཐམས་ཅད་མཁྱེན་ཏེ། རྒྱུན་གྱི་སྤྱོད་པའི་ཕྱིར་ན་དཔེར། ཞེས་སོ། །(གཉིས་པ་)ཟད་པ་དང་མི་སྐྱེ་བ་ཤེས་པའི་ཁྱད་པར་ནི། ཟད་པར་ཤེས་པ་བདེན་རྣམས་ལ། །ཡོངས་ཤེས་ལ་སོགས་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བ་ཡི་བློ་འདོད་དོ། །ཟད་པར་ཤེས་པས་སྡུག་བསྔལ་སོགས་བདེན་པ་རྣམས་ལ་བདག་གིས་སྡུག་བསྔལ་ ཡོངས་སུ་ཤེས་ཞེས་དང་། སོགས་པས་ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་ངེས་པའི་ཤེས་པ་གང་ཡིན་པ་དེ་ནི་ཟད་པ་ཤེས་པའོ་སྟེ། ཤེས་པ་དེའི་རྒྱུ་ལས་བྱུང་བའི་ཤེས་པ་དང་། མཐོང་བ་དང་། རིག་པ་དང་། བློ་དང་། རྟོགས་པ་ དང་། ཤེས་རབ་དང་། སྣང་བ་དང་། མངོན་པར་ཤེས་པ་གང་ཡིན་པའི་ཕྱིར། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཤེས་པ་བྱར་མེད་དོ། །ཞེས་ཤེས་པ་ནས་བདག་གིས་ལམ་བསྒོམས་ཏེ་ཡང་བསྒོམ་དུ་མེད་དོ། །ཞེས་པའི་བར་དུ་ཤེས་པ་ནི་མི་སྐྱེ་བའི་བློ་སྟེ། ཤེས་པ་ དེའི་རྒྱུ་ལས་བྱུང་བའི་ཤེས་པ་སོགས་སྔ་མ་ལྟར་རོ། །ཟག་པ་མེད་པ་རྣམས་ནི་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཅན་ཡིན། འདི་ནི་ཀུན་རྫོབ་ལ་སོགས་པའི་རྣམ་པ་ཅན་ཏེ་སྡུག་བསྔལ་སོགས་ཡོངས་སུ་ཤེས་སོ་ཞེས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། དེ་ལྟར་ན་ཟག་མེད་ཀྱི་ཤེས་པས་ ཇི་ལྟར་ཤེས་ཞེ་ན། ཁ་ཆེ་བ་ན་རེ། རྣམ་རྟོག་མེད་པས་ཟག་མེད་ཀྱིས་མི་ཤེས་མོད། ཟག་མེད་དེའི་རྗེས་ལས་ལངས་པ་ན་རྟོག་པ་སྐྱེ་བས་དེ་ལྟར་ཤེས་ཏེ། ཀུན་རྫོབ་ཤེས་པ་དེ་ནི་རྟོག་པ་དེ་དག་གི་སྟོབས་ཀྱིས་ཐོབ་པའི་ཕྱིར། དེའི་ཕྱིར་བསྟན་བཅོས་ལས། ཀུན་རྫོབ་ཤེས་པ་སྐྱེས་བུ་ བྱེད་འབྲས་དེའི་རྗེས་ཐོབ་ཀྱི་བྱེ་བྲག་གིས་ཟད་མི་སྐྱེ་བ་ཤེས་པ་དེ་གཉིས་ཀྱི་མཉམ་གཞག་གི་བྱེ་བྲག་བསྟན་པ་ཡིན་ཏེ། དེའི་རྒྱུ་ལས་བྱུང་བ་ནི་རྒྱུ་དེ་སྔོན་དུ་སོང་བས། རྒྱུ་མཐུན་གྱི་མི་རྟོག་པ་དེ་གཉིས་ཀྱི་ཁྱད་པར་རྗེས་སུ་དཔག་པ་ཉིད་ཀྱི་ཕྱིར་ཞེས་ཟེར་རོ། །གཞན་ན་རེ། དེར་ཟག་མེད་ཀྱིས་ 3-1-318b ཀྱང་དེ་ལྟར་ཤེས་ཏེ། རྣམ་པ་བཅུ་དྲུག་ལས་མ་གཏོགས་པའི་ཟག་མེད་ཀྱི་རྣམ་པ་ཡོད་པའི་ཕྱིར། འོ་ན་བསྟན་བཅོས་ལས་མཐོང་བ་ཞེས་ཀྱང་བཤད་ན་དེ་གཉིས་ལྟ་བར་འགྱུར་ཏེ། ལྟ་མཐོང་དོན་གཅིག་པའི་ཕྱིར། འདོད་ན། ཟད་དང་མི་སྐྱེ་བློ་ལྟ་མིན། །ཅེས་པ་དང་འགལ་ལོ་ ཞེ་ན། མི་འགལ་ཏེ། བསྟན་བཅོས་ལས། ཤེས་པ་དང་མཐོང་བ་ཞེས། སྨོས་པ་ན་སྔོན་མཐོང་ལམ་གྱི་དུས་སྡུག་བསྔལ་ཆོས་ཤེས་སོགས་ལ་བཤད་པ་ཡིན་ལ། དེའི་མཇུག་སོགས་སུ་ཤེས་པ་འདི་གཉིས་ཀྱང་འདོན་པའི་ཚིག་གིས་འཕངས་པའམ་ཤུགས་ཀྱིས་ཁ་ཤོར་བ་ཡིན་ པས། དགེ་སློང་གིས་ད་ལྟ་འདོན་པ་ནི་ཚིག་ཙམ་དུ་ཟད་པས་དེ་གཉིས་ལྟ་བ་མ་ཡིན་ནོ། །ཡང་ན་རེ་ཞིག་ཤེས་པ་གང་ཡིན་པ་དེ་ནི་མཐོང་བའང་ཡིན་ཏེ། འདི་གཉིས་མངོན་སུམ་དུ་འཇུག་པ་ཉིད་ཀྱི་ཕྱིར། རྗེས་སུ་དཔག་པ་དང་ལུང་ལས་བྱུང་བ་ལྟ་བུ་ལྐོག་ཏུ་འཇུག་པ་ནི་མ་ ཡིན་པའི་ཕྱིར། དཔེར་ན་མིག་གི་རྣམ་ཤེས་ལྟ་བུའོ། །དེས་ན་མཐོང་བ་ནི་མཐོང་བ་ཉིད་ཡིན་པར་འདོད་ཀྱི། ལྟ་བ་ཡིན་མི་དགོས་ཏེ། མཐོང་བ་ཡིན་ལ་ཤེས་པ་མ་ཡིན་པ་མངོན་པར་རྟོགས་པའི་ཁོངས་སུ་བཟོད་པ་བརྒྱད་འབྱུང་བ་བཞིན་ཅེས་ཟེར་རོ། །དེ་ལྟར་ན་དེ་དག་ནི་ ཤེས་པ་བཅུ་ཡིན་ལ། ཀུན་རྫོབ་ཤེས་པ་ནི་ཀུན་རྫོབ་ཤེས་པ་གཅིག་པུ་ཡིན་ལ། ཕ་རོལ་སེམས་ཤེས་གཅིག་གི་ཆ་སེམས་ཟག་བཅས་ཤེས་པའང་ཡིན། ཆོས་ཤེས་པ་ནི་ཆོས་ཤེས་གཅིག་པུ་ཡིན་ལ། བདེན་བཞི་དང་གཞན་སེམས་ཟད་མི་སྐྱེ་ཤེས་པ་སྟེ་བདུན་གྱི་ཆའང་ཡིན་ ལ། དེའང་འདོད་པའི་སྡུག་བསྔལ་སོགས་ལ་དམིགས་པའོ། །རྗེས་ཤེས་ཀྱང་ཤེས་པ་བཅུའི་ནང་ནས་ཤེས་པ་གཅིག་རྗེས་ཤེས་ཉིད་ཀྱང་ཡིན་ལ། གོང་མའི་སྡུག་བསྔལ་ལ་སོགས་ཀྱི་ཡུལ་ཅན་བདུན་གྱི་ཆའང་ཡིན་ཏེ། རྗེས་སུ་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཤེས་ 3-1-319a པ་ནི་སྡུག་བསྔལ་ཤེས་པ་གཅིག་པུ་ཡིན་ལ། ཆོས་དང་རྗེས་དང་ཟད་མི་སྐྱེ་ཤེས་པ་སྡུག་བདེན་ལ་དམིགས་པས་བཞིའི་ཆའང་ཡིན་ནོ། །ཀུན་འབྱུང་དང་འགོག་པ་ཤེས་པའང་སོ་སོར་ཤེས་པ་རེ་རེ་དང་། ཆོས་རྗེས་ཟད་མི་སྐྱེ་ཤེས་པ་སྟེ་བཞིའི་ཆའང་ཡིན་ ནོ། །ལམ་ཤེས་ནི་ལམ་ཤེས་གཅིག་པུ་དང་ཆོས་དང་རྗེས་དང་ཟད་པ་དང་མི་སྐྱེ་བ་དང་གཞན་གྱི་སེམས་ཤེས་པ་ལྔའི་ཆའང་ཡིན་ནོ། །ཕ་རོལ་གྱི་སེམས་ཤེས་ནི་གཅིག་པུ་དེ་ཉིད་དང་ཆོས་དང་རྗེས་དང་ཀུན་རྫོབ་དང་ལམ་ཤེས་པ་སྟེ་བཞིའི་ཆ་ཡིན་ནོ། །ཟད་པ་དང་མི་སྐྱེ་བ་ཤེས་ པ་ནི་བཅུའི་ནང་ནས་དེ་ཉིད་ཡིན་པ་དང་། ཆོས་རྗེས་དང་བདེན་བཞི་ཤེས་པ་སྟེ་དྲུག་གི་ཆའང་ཡིན་ནོ། །གསུམ་པ་དེ་དག་གི་ཁྱད་པར་དཔྱད་པ་ལ། ཤེས་པ་བཅུའི་ཁྱད་པར། གཉེན་པོའི་ཁྱད་པར། རྣམ་པའི་ཁྱད་པར། ཁྱད་པར་གཞན་བཤད་པའོ། །དང་པོ་ནི། རང་བཞིན་དང་ནི་གཉེན་པོ་དང་། །རྣམ་པ་རྣམ་པ་སྤྱོད་ཡུལ་དང་། །སྦྱོར་དང་བྱ་བ་བྱས་ཉིད་དང་། །རྒྱུ་རྒྱས་པ་ལས་བཅུ་ཡིན་ནོ། །ཆོས་དང་ རྗེས་དང་ཀུན་རྫོབ་ཤེས་པ་གསུམ་ཡོད་ལ། བཅུར་བཞག་ཅེ་ན། རྒྱུ་བདུན་ལས། ཤེས་པ་བཅུར་བཞག་པ་ཡིན་ནོ་ཞེས་གྲགས་ལ། དེའང་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་ཀུན་རྫོབ་ཤེས་པ་འབྱུང་བས་དེས་དོན་དམ་མི་ཤེས་སོ། །ཆོས་དང་རྗེས་སུ་ཤེས་པ་ནི་གཉེན་པོ་ལས་ཏེ། འདོད་པ་དང་ཁམས་གོང་གི་གཉེན་པོ་ཡིན་པའི་ཕྱིར། སྡུག་ཀུན་ཤེས་པ་ནི་རྣམ་པ་ལས་ཏེ་སྡུག་བསྔལ་ཉིད་ཀུན་འབྱུང་ཡིན་པ་དམིགས་པ་གཅིག་ལ་རྣམ་པ་ཐ་དད་པའི་ཕྱིར་ཏེ། སྡུག་བསྔལ་ཤེས་པ་ནི་ཕུང་པོ་ལ་མི་རྟག་སོགས་ཀྱི་ཆ་ནས་དང་། ཀུན་འབྱུང་ཤེས་པ་ཕུང་པོ་ལ་ ཕུང་ལྔའི་རྒྱུ་སོགས་ཀྱི་ཆ་ནས་ཡིད་ལ་བྱེད་པའི་ཕྱིར། འོ་ན་སྡུག་ཀུན་གྱི་རྣམ་པ་ཐ་དད་པ་བཞིན་ནང་ཚན་བཞི་བཞིའང་ཐ་དད་པས་བརྒྱད་དུ་འགྲོའམ་སྙམ་ན། སྡུག་བསྔལ་གྱི་རྣམ་པ་བཞི་ནི་སྡུག་བསྔལ་གྱི་མཚན་ཉིད་གཅིག་གིས་བཅིངས་པའི་རྣམ་པ་ཡིན་ལ། བཞི་མིན་ཅིང་ 3-1-319b ཀུན་འབྱུང་ཡང་དེ་དང་འདྲ་ལ། འོ་ན་སྡུག་ཀུན་གཉིས་ཀྱང་རྫས་གཅིག་ཙམ་ན། རྫས་གཅིག་གིས་བཅིངས་པ་སྡུག་ཀུན་གྱི་རྣམ་པ་གཉིས་པོའང་གཅིག་ཏུ་འགྱུར་སྙམ་ན། རྫས་གཅིག་ཀྱང་སྡུག་ཀུན་དེ་གཉིས་མཚན་ཉིད་ཐ་དད་པ་རྣམ་པ་ཐ་དད་པའོ། །འགོག་པ་དང་ ལམ་ཤེས་པ་ནི་རྣམ་པ་དང་སྤྱོད་ཡུལ་ལས་ཏེ། རྣམ་པ་དང་དམིགས་པ་འདུས་བྱས་དང་འདུས་མ་བྱས་ཐ་དད་པའི་ཕྱིར། ཕ་རོལ་གྱི་སེམས་ཤེས་པ་ནི་སྦྱོར་བ་ལས་ཏེ་སེམས་ཤེས་པའི་ཆེད་ཀྱི་སྦྱོར་བ་ལས་བལྟོས་པའི་ཕྱིར། སེམས་བྱུང་རྣམས་ཀྱང་མི་ཤེས་པ་མ་ཡིན་ མོད་པས་རྟ་རྒྱུག་ཞར་ལ་མེ་ཏོག་ཆད་པ་ལྟ་བུའོ། །ཟད་པ་ཤེས་པ་ནི་བྱ་བ་བྱས་པའི་རྒྱུ་ཉིད་ལས་དང་པོར་སྐྱེ་སྟེ། མི་སྐྱེ་བ་ཤེས་པའང་བྱ་བ་བྱས་པ་ལས་རྒྱུད་ནས་སྐྱེ་བའི་ཕྱིར། མི་སྐྱེ་བ་ཤེས་པ་ནི་སྐལ་མཉམ་གྱི་རྒྱུ་རྒྱས་པ་ལས་ཏེ། ཟག་མེད་ཀྱི་ཤེས་པ་ཐམས་ཅད་སྐལ་ བ་མཉམ་པའི་རྒྱུ་ཅན་ཡིན་པའི་ཕྱིར། ཟད་པ་ཤེས་པ་ནི་ཟག་པ་མེད་པ་ཐམས་ཅད་ཀྱི་རྒྱུ་ཅན་མ་ཡིན་ཏེ། མི་སྐྱེ་བ་ཤེས་པས་ཁྱད་པར་དུ་འཕགས་པའི་ཆ་ནས་ཐམས་ཅད་ཀྱི་རྒྱུ་ཅན་མ་ཡིན་པའི་ཕྱིར། གཉིས་པ་ནི། བསྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་དེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །ཆོས་ཤེས་ནི་འདོད་པའི་སྤང་བྱ་རིགས་ལྔ་པོ་ཐམས་ཅད་ ཀྱི་གཉེན་པོ་ཡིན་ལ། དེ་མཐོང་སྒོམ་གྱི་ལམ་གྱིས་བསྡུས་པ་བདེན་བཞི་ལ་དམིགས་པ་ཐམས་ཅད་ཡིན་པའི་ཕྱིར། ཆོས་ཤེས་པ་འདོད་པའི་ཁོ་ནའི་གཉེན་པོ་ཡིན་ནོ་ཞེས་བཤད་པར་ཟད་མོད་ཀྱི། འོན་ཀྱང་ཆོས་ཤེས་ཁམས་གོང་མ་གཉིས་པོ་དག་གི་གཉེན་པོ་བྱེད་པའང་ཡོད་ དེ། སྒོམ་པའི་ལམ་ལ་འགོག་པའམ་ལམ་ལ་ཆོས་ཤེས་པ་གང་ཡིན་པ་དེ་ནི་ཁམས་གསུམ་ཅར་གྱི་ནི་གཉེན་པོ་ཡིན་ཏེ། འདོད་པའི་རྟེན་ཅན་གྱི་འཕགས་པས་འདོད་པའི་སྒོམ་སྤོང་དགུ་ཆོས་ཤེས་པས་རིམ་གྱིས་སྤངས་ནས་ཁམས་གོང་མའི་སྒོམ་སྤོང་ཡང་སྔར་འདྲིས་པའི་ 3-1-320a ལམ་དེ་ཉིད་བསྐྱེད་ནས་སྤོང་བ་དག་སྲིད་པའི་ཕྱིར་རམ། ཡང་འགོག་ལམ་ཆོས་ཤེས་ཀྱིས་ཀྱང་ཁམས་གོང་གི་གཉེན་པོ་བྱེད་ཟེར་བ་མིན་གྱི། འགོག་ལམ་ཆོས་ཤེས་ཀྱི་དམིགས་པ་འགོག་ལམ་ནི་ཟག་མེད་ཡིན་པས་ཁམས་སུ་མ་གཏོགས་པས་ དམིགས་པ་དམན་པ་མ་ཡིན་པས་དེ་དག་ལ་དམིགས་པའི་ཆོས་ཤེས་ནི་ཁམས་གསུམ་གའི་གཉེན་པོར་འགྱུར་རུང་དུ་སྲིད་པའི་ཕྱིར་རོ། །འོ་ན་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་ཡང་ཁམས་གོང་གིས་གཉེན་པོར་མི་འགྱུར་དྲང་ཞེ་ན། སྡུག་ཀུན་ལ་ཆོས་ཤེས་ཀྱི་དམིགས་པ་ནི། འདོད་པའི་བདེན་པ་ཟག་བཅས་དམན་པ་ཡིན་ལ། དེ་ལ་དམིགས་པའི་ཆོས་ཤེས་ནི་ཁམས་གོང་གི་གཉེན་པོར་མི་འགྱུར་ཏེ། འདོད་པའི་སྡུག་བདེན་རྣམ་པར་སུན་འབྱིན་པའི་ཡིད་བྱེད་ཀྱི་ཁམས་གོང་གིས་དེ་སུན་འབྱིན་པ་ན་གཞན་ཁམས་གོང་གི་དེ་ལ་འདོད་ཆགས་དང་བྲལ་བར་མི་རིགས་ པའི་ཕྱིར། ཁ་ཅིག་སྤང་བྱ་སྤོང་བ་ལ་དེ་ལ་དངོས་སུ་གནོད་པའམ། ཡང་ན་སྤང་བྱ་དེ་དང་འགལ་བ་ལ་ཡོན་ཏན་དུ་བལྟ་བའི་ཤུགས་ལས་སྤོང་བ་ཡིན་པས་ན་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་ནི་དེ་ལྟར་མ་ཡིན་ཏེ། ཁམས་གོང་མའི་སྤང་བྱ་ལ་དངོས་སུ་མི་དམིགས་པའི་ཕྱིར་དང་། འགལ་ ཟླ་ལ་ཡོན་ཏན་དུ་ལྟ་བའང་མ་ཡིན་ཏེ། འོག་མའི་བདེན་པ་ལ་དམིགས་ནས་ཡིད་སྐྱོ་བར་བྱེད་པའི་ཕྱིར། འགོག་ལམ་ལ་དམིགས་པའི་ཆོས་ཤེས་ནི་ཁམས་གོང་མའི་སྤང་བྱ་དང་འགལ་བ་ལ་ཡོན་ཏན་དུ་བལྟ་བའི་ཕྱིར་ཤུགས་ལ་སྤོང་བ་ཡིན་ནོ་ཞེས་འཆད་དོ། །འདིར་ཁམས་གོང་གི་སྒོམ་སྤོང་སྤོང་བ་ ལ་འགོག་ལམ་གྱི་ཆོས་ཤེས་བཞག་ནས་ཁམས་གོང་གི་མཐོང་སྤོང་སྤང་བ་ལ་འགོག་ལམ་ཆོས་ཤེས་མ་བཞག་པ་ནི་ཁམས་གོང་ལ་སྤྱོད་པའི་མཐོང་སྤོང་ནི་རྗེས་སུ་ཤེས་པའི་བཟོད་པས་སྤང་བའི་དབང་དུ་བྱས་པའོ། །འོ་ན་འགོག་ལམ་ལ་རྗེས་ཤེས་སྒོམ་ལམ་གྱིས་བསྡུས་པས་ཀྱང་འདོད་པའི་གཉེན་པོར་ 3-1-320b འགྱུར་རམ་སྙམ་ན། འདོད་པའི་ཁམས་ཀྱི་སྤང་བྱའི་གཉེན་པོ་ནི་རྗེས་སུ་ཤེས་པ་སྒོམ་ལམ་གྱིས་བསྡུས་པའང་རྣམ་པ་ཐམས་ཅད་དུ་མ་ཡིན་ཏེ། ཆོས་ཤེས་ཀྱི་འདོད་པ་ལས་རྒྱལ་བའི་བྱ་བ་ཐམས་ཅད་རྫོགས་པར་བྱས་རྗེས་སུ་འབྱུང་བས་དེས་འདོད་པར་བྱ་བ་ཅུང་ཟད་ཀྱང་མེད་ཅིང་། འོག་མའི་སྤང་བྱ་ མ་སྤངས་པར་གོང་མའི་གཉེན་པོ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །ཡང་ཆོས་ཤེས་པས་ནི་གོང་མའི་སྒོམ་སྤོང་སྤངས་ཏེ། དེའི་ཡུལ་ཅན་འདོད་པའི་ཀུན་འགྲོ་སྤངས་པའི་ཕྱིར་དགྲ་བཅོམ་ནས་ཡུལ་འཇིག་པ་བཞིན་ནོ། །རྗེས་སུ་ཤེས་པ་ལ་ནི་དེ་ལྟ་བུའི་བྱ་བ་མེད་པའི་ཕྱིར། ཞེས་ཟེར་རོ། །གསུམ་པ་ལ། ཤེས་པ་སོ་སོའི་རྣམ་པ་དང་། རྣམ་པ་སོ་སོའི་ངོ་བོའོ། །དང་པོ་ལ། ཆོས་ཤེས་རྗེས་ཤེས་རྣམ་པ་གང་གིས་འཇུག་པ། ཀུན་རྫོབ་ཤེས་པ། བདེན་བཞི་ཤེས་པ། ཕ་རོལ་སེམས་ཤེས། ཟད་མི་སྐྱེ་ཤེས་པ་རྣམ་པ་གང་གིས་འཇུག་པའོ། །དང་པོ་ནི། ཆོས་ཤེས་པ་དང་རྗེས་སུ་ཤེས། །རྣམ་པ་བཅུ་དྲུག །ཤེས་པ་བཅུ་པོ་དེ་ལས་ཆོས་ཤེས་པ་དང་ རྗེས་སུ་ཤེས་པ་ནི་རྣམ་པ་བཅུ་དྲུག་སྟེ། བདེན་བཞི་ལ་རེ་རེ་ཞིང་རྣམ་པ་བཞི་བཞི་ཡིན་པའི་ཕྱིར། རྣམ་པ་བཅུ་དྲུག་ནི་འོག་ནས་བཤད་པར་བྱའོ། །གཉིས་པ་ནི། ཀུན་རྫོབ་ནི། །དེ་བཞིན་གཞན་དུའང་། ཀུན་རྫོབ་ཤེས་པ་ནི་ཆོས་ཤེས་རྗེས་ཤེས་དེ་བཞིན་དུ་དྲོད་རྩེ་སོགས་ན་རྣམ་པ་བཅུ་དྲུག་ཅན་ཡང་ཡིན་ལ། དེ་བཞིན་གཞན་མི་སྡུག་པ་ དང་དབུགས་རྔུབ་པ་དང་། དབྱུང་བ་དང་། བྱམས་པ་སོགས་ཀྱི་རྣམ་པ་ཅན་དུའང་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་སྤྱིའི་མཚན་ཉིད་ལ་སོགས་འཛིན་པའི་ཕྱིར། སོགས་པས་ནི་རང་སྤྱིའི་མཚན་ཉིད་མ་ཡིན་པ་ཟོ་ཞིག་འདུག་ཅིག་སོང་ཞིག་ཅེས་སོགས་བུམ་སྣམ་ལ་སོགས་པ་བསྡུའོ། །གསུམ་ པ་ནི། རང་རང་གི། བདེན་པའི་རྣམ་པས་བཞི་ཡིན་ནོ། །བདེན་པ་བཞི་ཤེས་ནི། རང་རང་གི་བདེན་པའི་རྣམ་པས་རྣམ་པ་བཞི་བཞི་ཡིན་ནོ། །བཞི་པ་ལ། དྲི་མེད་དང་། དྲི་བཅས་འཇུག་ཚུལ་ལོ། །དང་པོ་ནི། ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་། །དེ་བཞིན། ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་ལམ་ཤེས་པ་དེ་བཞིན་དུ་ལམ་བདེན་གྱི་རྣམ་པ་བཞི་ཅན་ཡིན་ཏེ། ལམ་བདེན་ཤེས་པ་ཡིན་པའི་ཕྱིར། 3-1-321a ཡང་བདེན་པ་བཞིའི་ནང་ནས་ལམ་ཤེས་པར་འཇོག་པ་ན་ལམ་དེའི་ཚོགས་པ་ན་སེམས་དང་སེམས་བྱུང་གཟུགས་ལྡན་པ་མ་ཡིན་པ་ཡོད་ལ། ལམ་རིག་པ་ལ་སོགས་པར་འཇལ་བ་ཡིན་ལ། གཞན་གྱིས་སེམས་ཤེས་པའི་དུས་སུ་ལམ་དེའི་སེམས་སམ་སེམས་གང་བྱུང་ རེ་རེ་ལ་ལམ་སོགས་སུ་འཇལ་བ་ཡིན་ཏེ། ལམ་གྱི་སེམས་ལྟ་བུ་དེ་ལ་ལམ་རིག་པ་ལ་སོགས་པར་འཇལ་ལོ། །གཉིས་པ་ནི། དྲི་མ་དང་བཅས་ནི། །ཤེས་བྱ་རང་གི་མཚན་ཉིད་རྣམ། །རྫས་རེ་རེ་ཞིག་སྤྱོད་ཡུལ་ལོ། །ཕ་རོལ་སེམས་ཤེས་དྲི་མ་དང་བཅས་པ་ནི་ཤེས་བྱ་སེམས་དང་སེམས་བྱུང་དེའི་རང་གི་མཚན་ཉིད་ཀྱི་རྣམ་པ་འཛིན་ཏེ། རང་གི་མཚན་ཉིད་འཛིན་པར་བྱེད་པའི་ཕྱིར་རོ། ། སེམས་ཤེས་ཟག་བཅས་ཟག་མེད་གཉིས་ཀའང་རྫས་རེ་རེ་ཞིང་སྤྱོད་ཡུལ་དུ་བྱེད་དེ། སེམས་འཛིན་པའི་ཚེ་སེམས་བྱུང་རྣམས་མི་འཛིན་ལ། གང་གི་ཚོར་བ་འཛིན་པའི་ཚེ་འདུ་ཤེས་མི་འཛིན་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཕྱིར། སེམས་དང་སེམས་བྱུང་བསྡོམས་ནས་མི་འཛིན་ན། འོ་ན། མདོ་ ལས། འདོད་ཆགས་དང་བཅས་པའི་སེམས་ལའང་འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བར་རབ་ཏུ་ཤེས་སོ། །འདོད་ཆགས་ དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཇི་ལྟ་བ་དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། ཀུན་ཏུ་བསྡུས་པ་དང་། རྣམ་པར་གཡེངས་པ་དང་། ཞུམ་པ་དང་། རབ་ཏུ་བཟུང་བ་དང་། ཆུང་ངུ་དང་ཆེན་པོར་ འགྱུར་བ་དང་། ཉེ་བར་ཞི་བ་དང་། ཉེ་བར་མ་ཞིབ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། མཉམ་པར་མ་བཞག་པ་དང་། མཉམ་པར་བཞག་པ་དང་། མ་བསྒོམས་པ་དང་། སྒོམ་པ་དང་། རྣམ་པར་མ་གྲོལ་བ་དང་། རྣམ་པར་གྲོལ་བའོ། །ཞེས་བྱ་བ་ཡང་དག་པར་ཇི་ལྟ་བ་རབ་ཏུ་ཤེས་ 3-1-321b སོ་ཞེས་འབྱུང་ངོ་། །ཞེས་པ་ཇི་ལྟར་ཞེ་ན། ཁྱད་པར་དང་ཁྱད་པར་ཅན་དུ་གཉིས་པོ་དེ་གཅིག་ཏུ་འཛིན་ཀྱང་། དེ་གཉིས་ཁྱད་པར་ཅན་དུ་གཅིག་ཅར་འཛིན་པ་ནི་མ་ཡིན་ཏེ། རྟོག་པས་གོས་སོ་སྙམ་པའི་ཚེ་དྲི་མ་མི་འཛིན་ལ། དྲི་མའོ་སྙམ་པའི་ཚེ་གོས་མི་འཛིན་པ་བཞིན་ནོ། །དེ་རྟོག་བཅས་ཀྱི་དབང་དུ་ཡིན་ ལ། སེམས་ཤེས་རྟོག་མེད་ཡིན་ཙམ་ན། སེམས་སེམས་བྱུང་གཅིག་ཅར་འཛིན་ནམ་སྙམ་ན། མཉམ་གཞག་ལ་གཉིས་ཀ་གསལ་བར་དུས་གཅིག་འཛིན་ཀྱང་། ལངས་ཙམ་ན་ཁྱད་པར་དང་ཁྱད་པར་ཅན་དུ་འཛིན་པས། མཉམ་གཞག་ལའང་ཁྱད་པར་དང་ཁྱད་པར་ཅན་དུ་འཛིན་གྱི། ཁྱད་པར་ཅན་དུ་གཉིས་ཀ་དུས་གཅིག་ཏུ་མི་འཛིན་ཏོ། །འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། འདོད་ཆགས་དང་མཚུངས་པར་ལྡན་པའི་འདྲེས་པའི་འདོད་ཆགས་དང་། འདོད་ཆགས་ཀྱི་ཐོབ་པ་དང་འབྲེལ་བའི་ལྡན་པའི་ འདོད་ཆགས་དང་བཅས་པ་ཉིད་དོ། །དེ་ལ་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི། འདྲེས་པའི་འདོད་ཆགས་དང་བཅས་པ་ཉིད་དང་ལྡན་པའི་འདོད་ཆགས་གཉིས་ཀྱི་འདོད་ཆགས་དང་བཅས་པ་ཡིན་ནོ། །དེ་ལས་གཞན་པའི་ཟག་བཅས་ཉོན་མོངས་ཅན་དང་ལུང་མ་བསྟན་དང་། འཇིག་རྟེན་པའི་དགེ་བ་དེ་ལྡན་པའི་འདོད་ཆགས་ དང་བཅས་པའོ། །སློབ་དཔོན་ན་རེ། མདོ་འདིར་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདྲེས་པའི་འདོད་ཆགས་དང་བཅས་པ་ལ་འདོད་ཀྱི། ལྡན་པའི་འདོད་ཆགས་དང་བཅས་པ་ལ་མི་འདོད་ལ། དེས་ན་འདོད་ཆགས་ཀྱི་གཉེན་པོ་ནི་འདོད་ཆགས་དང་བྲལ་བར་ཤེས་པ་ཡིན་ནོ། ། ལ་ལའི་ལུགས་ཀྱིས། འདོད་ཆགས་དང་མཚུངས་པར་མི་ལྡན་ཙམ་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེ་ན། །འོ་ན་ཞེ་སྡང་ལ་སོགས་ཉོན་མོངས་པ་གཞན་དང་ལྡན་པའང་འདོད་ཆགས་དང་བྲལ་བར་འགྱུར་ཏེ། དུས་དེར་འདོད་ཆགས་དང་མཚུངས་པར་མི་ལྡན་པ་ཙམ་གྱི་ཕྱིར། འདོད་དོ་ཞེ་ན། 3-1-322a མདོ་ལས། ཞེ་སྡང་ལ་སོགས་པ་དང་མཚུངས་པར་ལྡན་ལ་འདོད་ཆགས་དང་བྲལ་ཅེས་ནི་མ་བཤད་དེ། ཞེ་སྡང་དང་གཏི་མུག་དང་བཅས་པ་ཞེས། སོགས་འབྱུང་བས་གནོད་ལ། འདོད་ཆགས་ཀྱི་གཉེན་པོ་ནི་འདོད་ཆགས་དང་བྲལ་བར་བཤད་པའི་ལུགས་ལྟར་ན་ནི། འདོད་ཆགས་ཀྱི་གཉེན་པོ་དེ་ཞེ་སྡང་སོགས་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཞེས་ཟེར་རོ། །ཆོས་མངོན་པ་བ་ན་རེ། འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་དང་བཅས་པ་ཡིན་ལ། ལྡན་པའི་འདོད་ཆགས་དང་བཅས་པར་མི་འདོད་ལ། འདོད་ཆགས་ཀྱི་གཉེན་པོ་ ནི་འདོད་ཆགས་དང་བྲལ་བར་བཤད་པ་དེ་ལྟར་ན། འདོད་ཆགས་དང་བཅས་པའི་སེམས་ལུང་མ་བསྟན་ཉོན་མོངས་པ་ཅན་མ་ཡིན་པ་དེ་ཆོས་ཅན། འདོད་ཆགས་དང་བཅས་པའང་མ་ཡིན་ལ། འདོད་ཆགས་དང་བྲལ་བའང་མ་ཡིན་པའི་ཕུང་སུམ་པར་ཐལ། དེ་འདོད་ཆགས་དང་མཚུངས་པར་ ཡང་མི་ལྡན། འདོད་ཆགས་ཀྱི་གཉེན་པོའང་མ་ཡིན་པའི་ཕྱིར། འདོད་མི་ནུས་པ་དེ་ལྟ་བས་ན། འདྲེས་པའི་འདོད་ཆགས་དང་བཅས་པས་སེམས་ཆགས་པ་དང་བཅས་པར་འཇོག་པར་མ་ཟད་མདོ་འདིར་འདོད་ཆགས་དང་ལྡན་པས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་འདོད་པར་བྱ་སྟེ། གཏི་མུག་དང་ལྡན་པས་ཀྱང་ གཏི་མུག་དང་བཅས་པ་ནས་བྲལ་བའི་བར་དུའང་དེ་ལྟ་བུ་འབྱུང་བའི་ཕྱིར་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། ཀུན་ཏུ་བསྡུས་པ་ནི་དགེ་བའི་སེམས་ཏེ། དམིགས་པ་ལ་མི་གཡེང་བར་མངོན་པར་སྡུད་པའི་ཕྱིར། རྣམ་པར་གཡེང་བ་ནི་ཉོན་མོངས་པ་ཅན་ཏེ། རྣམ་ པར་གཡེང་བ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་ཟེར་རོ། །ནུབ་ཕྱོགས་པ་ན་རེ། ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་ལྡན་པ་ཡིན་ཏེ། དབང་པོ་ལྔ་རྒྱུ་བ་མངོན་པར་བསྡུ་བའི་ཕྱིར། རྣམ་པར་གཉིད་དང་མཚུངས་ལྡན་ལས་ཉོན་མོངས་ཅན་གཞན་ཡིན་ནོ་ཞེས་ཟེར་རོ། །བྱེ་སྨྲས། དེ་ 3-1-322b སྐད་དུ་མི་བརྗོད་དེ། བརྗོད་ན་རིག་པ་དང་འགལ་ཏེ། དེ་ལྟར་ན་ཀུན་ཏུ་བསྡུས་པ་དེ་ཆོས་ཅན། འཆོལ་བའི་སྐྱོན་དུ་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་པར་ལྡན་པས་བསྡུས་པའང་ཡིན་ལ། ཉོན་མོངས་པ་ཡིན་པས་རྣམ་པར་གཡེང་བའང་ཡིན་པའི་ཕྱིར། དེར་མ་ཟད་ བསྟན་བཅོས་ལས་སེམས་ཀུན་ཏུ་བསྡུས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཀུན་བསྡུས་པ་དེ་ཤེས་པའི་ཤེས་པ་ནི་བཞི་སྟེ། ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ལམ་ཤེས་པའོ་ཞེས། འབྱུང་བ་དང་འགལ་བར་འགྱུར་ཏེ། དེ་ལྟར་ན་རྗེས་ ཤེས་ཀུན་བསྡུས་ལ་དམིགས་པར་མི་འགྱུར་ཏེ། ཀུན་བསྡུས་ནི་ཉོན་མོངས་པ་ཅན་གྱི་གཉིད་དང་མཚུངས་ལྡན་དུ་ཁྱེད་འདོད་ལ། འདོད་ཁམས་ལས་གོང་ན་གཉིད་མེད་པ་དང་། རྗེས་ཤེས་ཀྱི་འདོད་པར་མི་དམིགས་པའི་ཕྱིར། ལམ་ཤེས་ཀྱང་གཉིད་དང་མཚུངས་ལྡན་གྱིས་ཀུན་བསྡུས་ ཤེས། ཀུན་རྫོབ་ཤེས་པས་ནི་ནམ་ཡང་ཤེས་པས་དེ་གཉིས་ཁོ་ན་བརྗོད་པ་ལས་གཞན་གཉིས་བརྗོད་པར་མི་རིགས་སོ། །འདིར་གནའ་མཚན་ལས། རྒྱལ་པོའི་སྲས་ཀྱིས་དེ་ཤེས་པ་ནི་གཉིས་ཏེ། ཆོས་ཤེས་དང་ཀུན་རྫོབ་ཤེས་པའོ། །ཞེས་པ་དེ་ཀུན་བསྡུས་གཉིད་དང་མཚུངས་ལྡན་གྱི་ དབང་དུ་བྱས་ཏེ་འཆད་ན་གཉིས་སུ་རིགས་བྱ་བ་ཉུང་སྟེ། ཆོས་ཤེས་བགྲང་ན་སྡུག་བསྔལ་ཀུན་འབྱུང་ཤེས་པ། ཟད་མི་སྐྱེ་ཤེས་པ་བཞིའང་བགྲང་རིགས་པའི་ཕྱིར་ཏེ། བཞི་པོ་དེས་ཀྱང་གཉིད་ཤེས་པའི་ཕྱིར། དེ་ཆོས་ཤེས་སུ་འདུས་པས་ལོགས་སུ་མི་བགྲང་ངོ་སྙམ་ན། འོ་ན་ཆོས་ ཤེས་ཀྱང་འདོད་པ་ཤེས་པ་ཙམ་མིན། འདོད་པའི་བདེན་པ་བཞི་ཤེས་པའི་ནང་ནས་ཀྱང་འདོད་པའི་ལམ་ཤེས་པ་ཡིན་ཙམ་ན། ལམ་ཤེས་གཉིད་དང་མཚུངས་ལྡན་གྱི་ཤེས་པ་མིན་པས་དེས་གཉིད་མི་ཤེས་ཙ་ན། དེ་ཤེས་པ་ནི་གཅིག་སྟེ། ཀུན་རྫོབ་ཤེས་པའོ་བྱ་བ་གཅིག་ཏུ་བགྲང་ 3-1-323a དགོས་པར་ཐལ་བར་འགྱུར་རོ་ཞེས་འགལ་བ་བཟུང་བར་བྱའོ་ཞེས་བྲིས་སྣང་ངོ་། །ཀུན་བསྡུས་པའི་སེམས་དགེ་བའི་སེམས་ལ་འདོད་པ་ལྟར་ན། དེ་བསྡུས་པའང་ཡིན་ལ་རྣམ་པར་གཡེང་བ་ཡང་མི་འགྱུར་ཏེ། དེ་ཉོན་མོངས་ཅན་གྱི་གཉིད་དང་མཚུངས་པར་ མི་ལྡན་པའི་ཕྱིར། བསྟན་བཅོས་དང་འགལ་བ་མེད་དེ། ཀུན་བསྡུས་པའི་སེམས་དགེ་བ་ནི་ཁམས་གསུམ་དུ་གཏོགས་པ་དང་མ་གཏོགས་པ་ཡིན་པས། དེ་ཤེས་པའི་ཤེས་པ་ནི་བཞི་ཞེས་བྱ་བ་གྲུབ་སྟེ། ཁམས་གོང་མ་གཉིས་ཀྱིས་དགེ་བ་ལ་དམིགས་པ་ནི། ཟག་མེད་རྗེས་ཤེས་ ཀྱི་གོང་མའི་ཀུན་བསྡུས་ཤེས་པ་ཡིན་ལ། ལམ་གྱིས་བསྡུས་པའི་སེམས་དགེ་བ་ལ་དམིགས་པ་ནི་ལམ་ཤེས་པའང་ཡིན་ལ། ཀུན་བསྡུས་པའི་དགེ་བ་དེ་འདོད་པ་ན་ཡོད་པས་ཆོས་ཤེས་པས་ཀྱང་ཤེས། ཀུན་རྫོབ་ཤེས་པས་ནམ་ཡང་ཤེས་པའི་ཕྱིར་རོ། །སེམས་ཞུམ་པ་ནི་ཉོན་མོངས་པ་ཅན་ ཏེ། མངོན་པར་མི་སྤྲོ་བའི་ལེ་ལོ་དང་མཚུངས་པར་ལྡན་པའི་ཕྱིར། རབ་ཏུ་བཟུང་བ་ནི་དགེ་བ་སྟེ་བརྩོན་འགྲུས་དང་མཚུངས་པར་ལྡན་པའི་ཕྱིར། ཆུང་ངུ་ནི་རྣམ་པར་བྱང་བ་སྟེ་ཉོན་མོངས་ཅན་ཡིན་ལ། ངོ་བོ་ཉིད་ཀྱི་དགེ་བས་དག་པ་ཡིན་པའི་དགེ་བ་ཆུང་ངུ་དག་གིས་བསྟེན་པའི་ཕྱིར། ཆེན་པོར་ གྱུར་པ་ནི་དགེ་བ་ཡིན་ཏེ། དེ་ལས་བཟློག་པ་རྣམ་བྱང་ཆེན་པོས་བསྟེན་པའི་ཕྱིར། གཞན་ཡང་རྩ་བ་དང་རིན་དང་འཁོར་དང་རྗེས་སུ་འབྲང་བ་དང་སྟོབས་ཆུང་བ་དང་ཆེ་བའི་ཕྱིར་ཡང་ཆུང་ངུ་དང་ཆེན་པོའོ། །ཉོན་མོངས་པ་ཅན་ནི་མི་དགེ་བའི་རྩ་བ་གཉིས་ཀྱི་རྩ་བ་དང་བཅས་པ་ཡིན་ཏེ། གཏི་མུག་དང་ ཆགས་སྡང་གང་རུང་ཞིག་གི་རྩ་བ་དང་བཅས་པའི་ཕྱིར་ཏེ། ཆགས་སྡང་གཉིས་ཚོགས་གཅིག་ཏུ་མེད་པའི་ཕྱིར། དགེ་བ་ནི་དགེ་བའི་རྩ་བ་གསུམ་གྱིས་ཏེ། དེ་གསུམ་ཕན་ཚུན་མེད་ན་མི་འབྱུང་བའི་ཕྱིར། ཉོན་མོངས་ཅན་ནི་རིན་ཆུང་སྟེ། འབད་པས་བསྒྲུབ་པར་བྱ་བ་མ་ཡིན་པ་མི་འདོད་བཞིན་དུ་འབྱུང་ 3-1-323b བའི་ཕྱིར། དགེ་བ་ནི་རིན་ཆེ་བ་སྟེ། དམ་པའི་ཆོས་དང་ཚུལ་བཞིན་ཡིད་ལ་བྱེད་པ་དང་། དོན་གྱི་སྒྲུབ་པ་ལ་སོགས་ཚེགས་ཆེན་པོའི་བསྒྲུབ་བྱ་ཡིན་པའི་ཕྱིར། ཉོན་མོངས་པ་ཅན་ནི་འཁོར་མང་བ་མ་ཡིན་ཏེ། ཉོན་མོངས་པ་ཅན་དེ་དང་འདྲ་བ་མ་འོངས་པའི་རྙེད་པའམ་ཐོབ་བྱ་ཁྱུ་མཆོག་ལྟར་དང་། ལྡིང་ གི་ཐོབ་པས་ཐོབ་པ་མེད་པའི་ཕྱིར་ཏེ། ལུགས་ལས། ཆོས་དགེ་བའི་ཐོབ་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར། །སྤྱིར་དུས་གསུམ་སོ་སོའི་རྣམ་པ་གསུམ་གྱི་སྐབས་སུ་མ་འོངས་པའི་ཐོབ་པ་ཡོད་པ་ཙམ་ལ་དགོངས། འདིར་མ་འོངས་པའི་ཐོབ་པ་ཕལ་ཆུང་བ་ལ་དགོངས་ཀྱང་ཟེར་རོ། །ཉོན་མོངས་ཅན་ནི་ཚོར་འདུ་འདུ་བྱེད་དེ་ཕུང་ སུམ་གྱི་རྗེས་འབྲངས་དང་བཅས་པ་རྣམ་ཤེས་ཀྱི་ཕུང་པོའི་རྗེས་འབྲངས་དང་བཅས་པ་མིན་ཏེ། རྣམ་ཤེས་ཉིད་རྣམ་ཤེས་ཀྱི་འཁོར་དུ་མི་རིགས་པའི་ཕྱིར་ཏེ་འཚོགས་པ་གཅིག་ན་རྣམ་ཤེས་གཉིས་མེད་ཅིང་རང་གིས་རང་ལ་བྱེད་པ་འགལ་བའི་ཕྱིར། དགེ་བ་ནི་འཁོར་མང་བ་ཡིན་ཏེ། དེ་དང་འདྲ་བར་མ་འོངས་པའི་ཐོབ་ པ་ཡོད་པའི་ཕྱིར། དགེ་བ་ནི་ཕུང་པོ་བཞིའི་རྗེས་འབྲངས་དང་བཅས་པ་ཡིན་ཏེ། ཕུང་པོ་དེ་གསུམ་དང་གཟུགས་ཕུང་བསམ་གཏན་ཟག་མེད་ཀྱི་སྡོམ་པས་བསྡུས་པ་སེམས་ཀྱི་རྗེས་སུ་ཅི་རིགས་པར་འབྱུང་བའི་ཕྱིར། ཡང་ཉོན་མོངས་ཅན་ནི་སྟོབས་ཆུང་བའོ། །གེ་བ་ནི་སྟོབས་ཆེ་བ་ཡིན་ནོ། ། འོ་ན་ལོག་ལྟའི་སྐད་ཅིག་གིས་དགེ་བའི་ཕུང་པོ་ལྔ་འཇོམས་པས་སྟོབས་ཆེ་བ་མིན་ནམ་ཞེ་ན། མིན་ཏེ། དེས་དེ་གཏན་དུ་འཆད་པ་མིན་ལ། ཡང་མཚམས་སྦྱོར་བའི་ཕྱིར། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་གཅིག་གིས་ཀྱང་ཕྲ་རྒྱས་བཅུ་གཏན་དུ་འཇོམས་ཤིང་གཅོད་པར་བྱེད་པའི་ཕྱིར་ཡང་ཉོན་ མོངས་པ་ནི་ཆུང་ལ། དགེ་བ་ནི་ཆེན་པོར་གྱུར་པ་ཡིན་ནོ། །རྒོད་པའི་སེམས་ནི་ཉོན་མོངས་ཅན་ཏེ། རྒོད་པ་དང་མཚུངས་པར་ལྡན་པའི་ཕྱིར། རྒོད་པ་མ་ཡིན་པ་ནི་དགེ་བ་སྟེ་རྒོད་པའི་གཉེན་པོ་ཡིན་པའི་ཕྱིར། རྣམ་པར་མ་ཞི་བ་དང་ཞི་བ་ཡང་སྔ་མ་དང་འདྲ་སྟེ། རྒོད་པ་དང་མཚུངས་པར་ལྡན་པ་དང་མི་ 3-1-324a ལྡན་པའི་ཕྱིར་རོ། །མཉམ་པར་མ་བཞག་པ་ནི་ཉོན་མོངས་ཅན་ཏེ། རྣམ་གཡེང་དང་མཚུངས་པར་ལྡན་པའོ། །མཉམ་པར་བཞག་པ་ནི་དགེ་བ་སྟེ། རྣམ་གཡེང་གི་གཉེན་པོ་ཡིན་པའི་ཕྱིར། མ་སྒོམ་པ་ནི་ཉོན་མོངས་ཅན་ཏེ། གསར་དུ་ཐོབ་པ་དང་མངོན་དུ་བྱེད་པ་བསྟེན་པའི་ སྒོམ་པ་ངག་གིས་མ་བསྒོམ་པའི་ཕྱིར། སྒོམ་པ་ནི་དགེ་བ་སྟེ། ཐོབ་པ་དང་བསྟེན་པ་གཉིས་ཀྱིས་བསྒོམ་པའི་ཕྱིར། ཉོན་མོངས་པ་ཅན་ནི་བསྟེན་པར་འོས་པ་མིན་ཏེ། མ་འོངས་པའི་ཐོབ་པ་ཡང་མེད་ལ་དམན་པའི་ཕྱིར། ཐོབ་བསྟེན་ནི་དགེ་བ་འདུས་བྱས་ཐོབ་པའོ། །རྣམ་པར་མ་གྲོལ་བ་ནི་ཉོན་མོངས་ཅན་ ཏེ། ཉོན་མོངས་དང་མཚུངས་པར་ལྡན་པས་རང་བཞིན་གྱིས་ཀྱང་མ་གྲོལ་ལ། ཉོན་མོངས་ཟད་པའི་རྒྱུད་ལས་མི་སྐྱེ་བས་རྒྱུད་གྲོལ་བས་ཀྱང་མ་གྲོལ་བའི་ཕྱིར། རྣམ་པར་གྲོལ་བ་ནི་དགེ་བ་སྟེ། ཉོན་མོངས་པ་མཚུངས་པར་མི་ལྡན་པ་དང་། ཉོན་མོངས་པ་ཟད་པའི་རྒྱུད་ལས་སྐྱེ་བས་དེ་གཉིས་ཀྱིས་གྲོལ་ བའི་ཕྱིར་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བའི་བཤད་པ་དེ་ལ་མདོ་སྡེ་པ་མ་རངས་ནས་ཉེས་པ་བརྗོད་པ་ནི། བཤད་པ་དེ་ལྟ་ནི་མདོ་དང་མི་མཐུན་པའང་ཡིན་ལ། ཚིག་དེ་རྣམས་ཀྱི་དོན་གྱི་ཁྱད་པར་མ་བཤད་པའང་ཡིན་ནོ། །མདོ་དང་ཇི་ལྟར་མི་མཐུན་ན། མདོ་ལས། ཇི་ལྟར་སེམས་ནང་དུ་ཀུན་ཏུ་བསྡུས་པ་ ཡིན་ཅེ་ན། སེམས་གང་རྨུགས་པ་དང་གཉིད་དང་ལྷན་ཅིག་པ་སྟེ་མཚུངས་ལྡན་དུ་གྱུར་ཅིང་། ཕྱིར་འཕྲོ་མ་ནུས་པར་ནང་དུ་ཀུན་ཏུ་འགོག་པ་དང་ལྷན་ཅིག་པར་གྱུར་ལ། ལྷག་མཐོང་དང་མཚུངས་པར་མི་ལྡན་པ་ཡིན་ནོ། །ཇི་ལྟར་ཕྱི་རོལ་དུ་གཡེང་བ་ཡིན་ཅེ་ན། སེམས་གང་འདོད་པའི་ཡོན་ ཏན་ལྔ་ལ་རྗེས་སུ་གཡེང་ཞིང་རྣམ་པར་འཕྲོ་བ་ཞི་གནས་དང་མཚུངས་པར་མི་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ཁས་བླངས་ན་བྱེ་སྨྲས་སེམས་དེ་ཉིད་ཀུན་ཏུ་བསྡུས་པའང་ཡིན་ལ། རྣམ་པར་གཡེང་བ་ཡིན་པའང་འགྱུར་བའི་ཉེས་པ་བརྗོད་པ་མ་ཡིན་ནམ་ཞེ་ན། བརྗོད་མོད། ཉེས་བརྗོད་ 3-1-324b དེ་རིགས་པས་གྲུབ་པ་མིན་ཏེ། ཉོན་མོངས་པ་ཅན་གཉིད་དང་ལྷན་ཅིག་པར་གྱུར་པ་རྣམ་པར་གཡེང་བ་དམ་མ་བཅས་ལ། གཉིད་དང་ལྷན་ཅིག་པ་མིན་པའི་ཉོན་མོངས་པ་གཞན་སེམས་གཡེང་བར་དམ་བཅས་པའི་ཕྱིར་རོ། །ཅི་ཉོན་མོངས་པ་ཅན་གྱི་སེམས་གཉིད་དང་ལྷན་ཅིག་པར་གྱུར་པ་ལ་ རྣམ་པར་གཡེང་བ་ཉིད་མེད་པས་དམ་མི་འཆའམ། འོན་ཏེ་འདི་ལ་རྣམ་གཡེང་ཡོད་མོད་ཀྱང་། ཀུན་བསྡུས་ཉིད་དུ་བཞག་པའི་དབང་གིས་དམ་མི་འཆའ་བ་ཡིན་ཅེ་ན། གཉིས་ཀར་སྨྲ་སྟེ་ཁ་ཅིག་ཉོན་མོངས་ཅན་གྱི་གཉིད་དང་ལྷན་ཅིག་པར་གྱུར་པ་ལས་གཞན་པའི་ཉོན་མོངས་ཅན་ནི་རྣམ་གཡེང་ ཡིན་ལ། གཉིད་དང་ལྷན་ཅིག་པའི་ཉོན་མོངས་ཅན་ཡིན་མིན་ཐམས་ཅད་ཀུན་བསྡུས་སུ་ཁྱད་མེད་པས་དེར་རྣམ་གཡེང་མེད་པར་དམ་འཆའོ། །གཞན་དག་རྣམ་གཡེང་གཉིད་དང་མཚུངས་ལྡན་དུ་ཡོད་པ་གང་ཡིན་པ་དེ་ནི་ཀུན་ཏུ་བསྡུས་པ་ཁོ་ན་ཡིན་གྱི་རྣམ་གཡེང་མིན་ཏེ། རྣམ་གཡེང་ནི་ཡུལ་ལ་ འཕྲོས་པ་གང་ཡིན་པ་དེ་ཁོ་ན་ཡིན་པའི་ཕྱིར། དེས་ན་གཉིད་དང་མཚུངས་ལྡན་ལ་གཡེང་བའི་སེམས་ཡིན་པར་དམ་མི་འཆའོ། །བསྟན་བཅོས་དང་འགལ་བར་འགྱུར་རོ་ཞེས་མ་བཤད་དམ་ཞེ་ན། དེ་ཤེས་པ་ནི་བཞི་སྟེ་ཞེས་སོགས་ཀྱི་བསྟན་བཅོས་དང་འགལ་བ་ནི་སླའི། མདོ་དང་འགལ་བ་ནི་མ་ ཡིན་ཏེ། བསྟན་བཅོས་མངོན་པ་སངས་རྒྱས་ཀྱི་མདོ་དང་མཐུན་པར་སྨྲ་དགོས་པའི་ཕྱིར། ཇི་ལྟར་ཚིག་དེ་རྣམས་ཀྱི་དོན་གྱི་ཁྱད་པར་མ་བཤད་པ་ནི། སེམས་རྣམ་པར་གཡེང་བ་དང་། ཞུམ་པ་དང་། རྒོད་པ་དང་། རྣམ་པར་མ་ཞི་བ་དང་། མཉམ་པར་མ་བཞག་པ་དང་། མ་བསྒོམ་པ་དང་། རྣམ་པར་མ་གྲོལ་བ་རྣམས་ཀྱི་མཚན་ཉིད་ཐ་མི་དད་པར་བཤད་དེ། ཐམས་ཅད་ཉོན་མོངས་ཅན་དུ་བཤད་པས་ཉོན་མོངས་ཅན་ནི་ཉོན་མོངས་པའི་ས་པ་རྣམས་དང་མཚུངས་པར་ལྡན་པའི་ཕྱིར། ཀུན་ཏུ་བསྡུས་པ་དང་། རབ་ཏུ་བཟུང་བ་དང་། ཆེན་པོ་དང་། རྒོད་པ་མ་ཡིན་པ་དང་། རྣམ་པ་ཞི་བ་ 3-1-325a དང་། མཉམ་པར་བཞག་པ་དང་། སྒོམ་པ་དང་། རྣམ་པར་གྲོལ་བ་རྣམས་ཀྱི་དོན་གྱི་ཁྱད་པར་མ་བཤད་དེ། དེ་དག་དགེ་བར་བཤད་པས་མཚན་ཉིད་ཐ་མི་དད་པའི་ཕྱིར་ཏེ། དགེ་བའི་ས་མང་པོ་པ་དང་མཚུངས་པར་ལྡན་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བ་ན་རེ། ཚིག་ རྣམས་ཀྱི་དོན་གྱི་ཁྱད་པར་མ་བཤད་པ་མ་ཡིན་པ་ཉིད་དེ། རྣམ་གཡེང་སོགས་ཉོན་མོངས་ཅན་དུ་མཚུངས་ཀྱང་འདི་ལྟར་སེམས་ཉོན་མོངས་པ་ཅན་འདི་ནི་རྣམ་པར་གཡེང་བ་དང་ལྡན་པའི་ཕྱིར་རྣམ་པར་གཡེང་བ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ལེ་ལོ་དང་ལྡན་པས་ཞུམ་པ་ཡིན་ནོ། །ཞེས་སོགས་ ཀྱིས་རྒྱས་པར་ཉོན་མོངས་ཅན་དུ་འདྲ་ཡང་། དེའི་ཉེས་པའི་ལྡོག་ཆའི་ཁྱད་པར་ཡང་དག་པར་བསྟན་པའི་ཕྱིར་དོན་གྱི་ཁྱད་པར་བཤད་ལ། དེ་བཞིན་དུ་ཀུན་བསྡུས་ལ་སོགས་དགེ་བའི་ཡང་དོན་གྱི་ཁྱད་པར་བཤད་པ་ཁོ་ན་སྟེ། ཡོན་ཏན་གྱི་ཁྱད་པར་ཡང་དག་པར་བསྟན་པའི་ཕྱིར། མདོ་སྡེ་ པས། བྱེ་སྨྲའི་ལུགས་དེ་ནི་ཚིག་དེ་རྣམས་ཀྱི་དོན་མ་ཡིན་ཏེ། མདོ་དང་འགལ་བ་མ་སྤངས་པའི་ཕྱིར། ཇི་ལྟར་འགལ་ན། མདོ་ལས། ཀུན་ཏུ་བསྡུས་པ་ནི་རྨུགས་པ་དང་གཉིད་དང་ལྷན་ཅིག་པར་གྱུར་པ་ཡིན་ནོ། །ཞེས་འབྱུང་བས་ཉོན་མོངས་ཅན་གྱི་གཉིད་དང་མཚུངས་ལྡན་དེ་ཀུན་ཏུ་བསྡུས་ པ་ཡིན་གྱི། དགེ་བ་ཡིན་པ་ནི་གྲུབ་སྟེ། རྨུགས་པ་ནི་ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར། ཡང་བྱེ་སྨྲས་མདོ་སྡེ་པ་ལ་གལ་ཏེ་ཁྱེད་ལྟར་སེམས་དེ་ཉིད་ཞུམ་པའང་ཡིན་ལ་དེ་ཉིད་རྒོད་པའང་ཡིན་ནོ་ཞེས་སངས་རྒྱས་ཀྱིས་བཞེད་ན་ནི། ཞུམ་པ་དང་རྒོད་པ་ཐ་དད་དུ་གསུངས་པར་མི་འགྱུར་ ཏེ། སེམས་ཞུམ་པ་དེ་ཉིད་རྒོད་པའང་ཡིན་པའི་ཕྱིར། འདོད་ན། མདོ་ལས། གང་གི་ཚེ་སེམས་ཞུམ་པ་དང་། ཞུམ་པར་དོགས་པའི་ཚེ་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པའི་དུས་མ་ཡིན་ནོ། །གང་གི་ཚེ་སེམས་རྒོད་པ་ 3-1-325b དང་། རྒོད་པར་དོགས་པ་དེའི་ཚེ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པའི་དུས་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱེད་ལྟར་ན་མདོ་འདི་ལྟར་གསུང་བར་མི་འགྱུར་ཏེ། ཞུམ་པ་དང་ཞུམ་པར་དོགས་པའི་ཚེ་ཤིན་སྦྱངས་སོགས་ སྒོམ་པའི་དུས་མིན་ཅེས་ངེས་བཟུང་མེད་པར་ཆོས་རབ་ཏུ་རྣམ་འབྱེད་སོགས་སྒོམ་པའི་དུས་ཀྱང་མ་ཡིན་ལ། རྒོད་པ་དང་རྒོད་པར་དོགས་པའི་ཚེ་ཆོས་རབ་ཏུ་རྣམ་འབྱེད་སོགས་སྒོམ་པའི་དུས་མ་ཡིན་ཅེས་ངེས་བཟུང་མེད་པར་ཤིན་སྦྱངས་སོགས་སྒོམ་པའི་དུས་མ་ཡིན་ནོ་ཞེས་བརྗོད་རིགས་པའི་ཕྱིར། ཞེས་སྨྲའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་སྨོས་པ་ནི་མ་བཤད་ཀྱང་སེམས་གཉིས་ཀ་ལ་གྲུབ་སྟེ། མདོ་ལས། དྲན་པ་ནི་ཀུན་ཏུ་སོང་བ་ཡིན་ནོ་ཞེས་ང་སྨྲའོ་ཞེས་འབྱུང་བའི་ཕྱིར། ཡང་གློ་ན་གནས་པ་ཞིག་གིས་མདོ་སྡེ་པ་དང་བྱེ་སྨྲ་གཉིས་ཀ་ལ་དྲིས་པ་ནི། ཅིས་རེས་འགའ་ཤིན་ སྦྱངས་སོགས་བསྒོམས་ལ། རེས་འགའ་ཆོས་འབྱེད་སོགས་སྒོམ་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ་སོར་སྒོམ་པ་ཡིན་པས། སོ་སོར་སྒོམ་ན་དུས་གཅིག་ཏུ་བསྒོམ་པ་དང་། བདུན་གར་མངོན་དུ་བྱས་པའི་ཆེད་དུ་སྒོམ་པ་མ་ཡིན་པར་ཐལ་བའི་ཉེས་པ་དང་བཅས་སོ་ཞེ་ན། མདོ་སྡེ་པས་ཉེས་པ་ དེ་མེད་པ་ཉིད་དེ། ཡན་ལག་འདི་དག་དུས་ཕྱིས་དུས་གཅིག་ཏུ་བསྒོམས་ལ། དུས་དང་པོར་ཡང་བདུན་གར་བསྒོམ་མོད་ཀྱི། བྱིང་ངམ་བྱིང་དུ་དོགས་ན་ཆོས་འབྱེད་སོགས་དང་རྒོད་པའམ་རྒོད་པར་དོགས་ན་ཤིན་སྦྱངས་སོགས་ཡིད་ལ་བྱེད་པས་སྒོམ་པ་ཡིན་པར་འདོད་པ་ཉིད་ཀྱི་ཕྱིར་དང་། བདུན་ གར་མངོན་སུམ་དུ་གྱུར་པའི་ཆེད་དུ་ནི་ཤིན་སྦྱངས་སོགས་མི་སྒོམ་པ་མ་ཡིན་པའི་ཕྱིར། བྱེ་བྲག་སྨྲ་བས་སྒོམ་པ་ཡོ་བསྒོམས་ཀྱང་། མདོ་ལས་སོ་སོར་སྨོས་པ་འགལ་བ་མེད་དེ། གང་གི་ཚེ་སེམས་ཞུམ་པ་ཞེས་པའི་མདོ་འདི་ལས། ལེ་ལོ་ལྷག་ཅིང་ཤས་ཆེ་ལ། རྒོད་པ་ནི་བག་ལ་ཞ་བར་འདུག་ 3-1-326a པ་དེ་ནི་ཞུམ་པ་ཡིན་ལ། གང་ལ་རྒོད་པ་ལྷག་ལ་ལེ་ལོ་བག་ཞ་བར་འདུག་པ་དེ་རྒོད་པ་ཡིན་པས་འདི་གཉིས་ཀྱི་བྱེ་བྲག་ཡོད་པའི་ཕྱིར། དེ་ལྟར་ནའང་ཞུམ་པའི་སེམས་དེ་ཉིད་རྒོད་པའང་ཡིན་ལ་ཞུམ་པའང་ཡིན་ཏེ། དེ་གཉིས་འཚོགས་པ་གཅིག་པའི་ལྷན་ཅིག་པ་ཡིན་ པའི་ཕྱིར་ཞེས་སྨྲའོ། །སློབ་དཔོན་གྱིས། མདོའི་དགོངས་པ་ཚོལ་བར་འདོད་པའི་བསམ་པ་ཅན་གྱི་ཚིག་ལ་ནི་བཟློག་པ་སྟེ་བཀག་པ་མེད་ཀྱི། ལེ་ལོ་ལྷག་པ་ཞུམ་པ་དང་རྒོད་པ་ལྷག་པ་རྒོད་པའི་སེམས་ཞེས་བཤད་པ་འདི་མདོའི་དགོངས་པ་མ་ཡིན་ཏེ། མདོ་ལས། ཞུམ་པའམ་ཞུམ་པར་ དོགས་པ་ཞེས་གསུངས་ཀྱི། ལེ་ལོ་ལྷག་པའམ་རྒོད་པ་ལྷག་པ་ཞེས་ཁྱད་པར་དུ་མ་མཛད་པའི་ཕྱིར། ཡང་ཇི་སྐད་དུ། དེ་ལ་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་གཉིས་ཀྱི་འདོད་ཆགས་དང་བཅས་པ་ཡིན། དེ་ལས་གཞན་ཟག་པ་ དང་བཅས་པ་ནི་ལྡན་པའི་འདོད་ཆགས་དང་བཅས་པས་འདོད་ཆགས་དང་བཅས་པ་ཡིན་ཅེས་འབྱུང་བ་དང་། དེ་ལྟ་བས་ན་འདིར་འདོད་ཆགས་དང་ལྡན་པས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་འདོད་པར་བྱ་སྟེ་ཞེས་འབྱུང་བས། འདོད་ཆགས་དང་ལྡན་པའི་སེམས་ཐམས་ཅད་འདོད་ཆགས་དང་བཅས་པ་ཡིན་ནོ། །ཞེས་ གང་བཤད་པ་དེ་འདོད་ཆགས་དང་ལྡན་པའི་སེམས་དེ་གང་ཞིག་ཡིན་ཅེས་མདོ་སྡེ་པས་དོགས་པ་བསླངས་ནས་གལ་ཏེ་བྱེ་སྨྲས་ལུང་འགལ་གྱི་སྐྱོན་འགལ་སྔར་བརྗོད་པ་ལྟར་ལྡན་པ་ནི་འདོད་ཆགས་ཀྱི་ཐོབ་པ་དང་ལྷན་ཅིག་པ་ཡིན་ནོ་ཞེ་ན། མདོ་སྡེ་པས་ཁྱེད་ཀྱི་དེ་ལྟར་ན་ཉེས་པ་མང་དུ་གནས་ ཤིང་ལུང་དང་འགལ་བ་མེད་པའི་ཚུལ་བརྗོད་པ་ནི་སློབ་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པའི་སེམས་ཟག་པ་མེད་པ་ཡང་འདོད་ཆགས་དང་བཅས་པར་འགྱུར་ཏེ། དེའི་རྒྱུད་ལ་འདོད་ཆགས་ཀྱི་ལྷག་མ་ཡོད་པས། འདོད་ཆགས་ཀྱིས་ཐོབ་པ་དང་ལྷན་ཅིག་པའི་ཕྱིར། གལ་ 3-1-326b ཏེ་ཡང་འདོད་ཆགས་ཀྱི་དམིགས་པ་གང་ཡིན་པ་དེ་འདོད་ཆགས་དང་ལྡན་པས་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེ་ན། འོ་ན་དགྲ་བཅོམ་པའི་སེམས་ཟག་པ་དང་བཅས་པ་ཡང་ཆོས་ཅན། འདོད་ཆགས་དང་བཅས་པ་ཞེས་བྱ་བར་བཟུང་བ་སྟེ་འཇོག་རིགས་པར་ཐལ། དགྲ་བཅོམ་ པའི་འཇིག་རྟེན་པའི་སེམས་ཀྱང་གཞན་གྱི་འདོད་ཆགས་ཀྱིས་དམིགས་པ་ཡིན་པའི་ཕྱིར། འདོད་པར་མི་ནུས་ལ། ཡང་ན་དམིགས་པ་མ་ཡིན་ནོ་ཞེ་ན། དགྲ་བཅོམ་གྱི་སེམས་ཟག་བཅས་དེ་ཅི་ལྟར་ཟག་པ་དང་བཅས་པ་ཡིན་ཏེ་མ་ཡིན་པར་ཐལ། འདོད་ཆགས་ཀྱིས་མི་དམིགས་པའི་ཕྱིར། ཡང་གལ་ཏེ་མ་ཁྱབ་སྟེ། ཉོན་མོངས་པ་སྤྱི་པ་ལྟ་བ་ཐེ་ཚོམ་མ་རིག་པ་རྣམས་ཀྱི་དམིགས་པ་ཡིན་པ་དེའི་ཕྱིར་ཟག་པ་དང་བཅས་པར་འཇོག་པའི་ཕྱིར་སྙམ་ན་ནི། དེ་ལྟར་ན་དགྲ་བཅོམ་གྱི་སེམས་ཟག་བཅས་ཀྱང་གཏི་མུག་དང་བཅས་པར་བཟུང་བྱར་འགྱུར་ཏེ། གཏི་མུག་གི་དམིགས་པ་ཡིན་ པའི་ཕྱིར། ཁྱབ་སྟེ། འདོད་ཆགས་ཀྱིས་དམིགས་པ་གང་ཡིན་པ་དེ་འདོད་ཆགས་དང་ལྡན་པས་འདོད་ཆགས་དང་བཅས་པར་འཇོག་པ་དེ་ཉིད་གཏི་མུག་སོགས་ལའང་རིགས་འགྲེ་བའི་ཕྱིར། གཞན་གྱི་སེམས་ཤེས་ཟག་བཅས་ཀྱང་ཐོབ་པ་ལ་དམིགས་པ་མ་ཡིན་ཏེ། སེམས་དང་སེམས་ ལས་བྱུང་བ་ལ་དམིགས་པའི་ཕྱིར་དང་། ཐོབ་པ་ཡང་མི་ལྡན་པ་ཡིན་པའི་ཕྱིར། གཞན་སེམས་ཤེས་པ་དེ་ཆོས་ཅན། གཞན་གྱིས་སེམས་དེ་ལ་དམིགས་པ་སྟེ་དེ་ལ་ཡོད་པའི་འདོད་ཆགས་ལ་དམིགས་པ་ཅན་ཡང་མ་ཡིན་ཏེ། ཤིན་ཏུ་བསྐལ་བའི་ཕྱིར་དང་། རྫས་རེ་རེ་ཞིང་ཡུལ་དུ་ བྱེད་པའི་ཕྱིར་དང་། དེས་སེམས་དེའི་དམིགས་པ་མི་འཛིན་པའི་ཕྱིར་ཏེ། དེ་ནི་རྣམ་པ་དང་དམིགས་པ་ལ་མི་བལྟས་ཏེ་ཞེས་འབྱུང་བའི་ཕྱིར་ཏེ། སེམས་འདི་ཆགས་པ་ཡིན་ནོ་ཞེས་བྱ་བར་ཤེས་པ་འབྱུང་བའི་ཕྱིར། གཞན་སེམས་ཤེས་པ་ཐམས་ཅད་ཀྱང་འདོད་ཆགས་ཀྱི་དམིགས་པ་ཉིད་ 3-1-327a ཀྱིས་ལྡན་པ་མ་ཡིན་པས་ཆགས་པ་དང་བྲལ་བ་ཉིད་དུ་འགྱུར་རོ། །དེས་ན་འདིར་འདོད་ཆགས་དང་ལྡན་པས་འདོད་ཆགས་དང་བཅས་པའི་སེམས་སུ་འདོད་པར་མི་བྱ་སྟེ། མདོའི་དགོངས་པ་ནི་འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ནི་འདོད་ཆགས་དང་བཅས་ པ་ཡིན་ལ། འདོད་ཆགས་ཀྱི་ཐོབ་པ་ཡོངས་སུ་ཟིན་ཀྱང་འདོད་ཆགས་དང་མཚུངས་པར་མི་ལྡན་པའི་སེམས་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་པར་སྣང་ངོ་། །ལུང་གང་ལས། འདིའི་སེམས་འདོད་ཆགས་དང་བྲལ་བ་ཡིན། ཞེ་སྡང་དང་གཏི་མུག་དང་བྲལ་བ་ཡིན། འདོད་པའི་སྲིད་པ་ དང་གཟུགས་ཀྱི་སྲིད་པ་དང་གཟུགས་མེད་པའི་སྲིད་པར་ཕྱིར་མི་ལྡོག་པའི་ཆོས་ཅན་ཡིན་གསུངས་པ་ཆགས་སོགས་ཀྱི་ཐོབ་པ་དང་བྲལ་བ་ལ་དགོངས་ནས་གསུངས་པ་ཡིན་ཏེ། མཚུངས་པར་མི་ལྡན་པས་ནི་མ་ཡིན་པའི་ཕྱིར། བྱེ་སྨྲས་མཚུངས་པར་མི་ལྡན་པ་ཆགས་བྲལ་ཡིན་ན་གོང་དུ་ཁྱེད་རང་གིས་ འདོད་ཆགས་དང་མཚུངས་པར་མི་ལྡན་ཙམ་འདོད་ཆགས་དང་བྲལ་བ་ཡིན་ན་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པའི་སེམས་ཀྱང་འདོད་ཆགས་དང་མཚུངས་པར་མི་ལྡན་པའི་ཕྱིར་འདོད་ཆགས་དང་བྲལ་བ་ཡིན་པར་འགྱུར་རོ་ཞེས་ཉེས་པ་སྨྲས་པ་མ་ཡིན་ནམ་ཞེ་ན། མདོ་སྡེ་པས་འདོད་ཆགས་ དང་མཚུངས་པར་མི་ལྡན་པའི་ཕྱིར་འདོད་ཆགས་དང་བྲལ་བའོ་ཞེས་པའི་དགོངས་པ་འདིས་ནི་གོང་དུ་དེ་མཚུངས་པར་མི་ལྡན་ཙམ་ཆགས་བྲལ་མིན་པར་བརྗོད་པས་ཉེས་པ་མེད་དེ། དགོངས་གཞི་མི་གཅིག་པའི་ཕྱིར། འདིར་བཤད་པ་ནི་སྐབས་དེའི་སེམས་ཙམ་ལ་འདོད་ཆགས་དང་མཚུངས་པར་མི་ ལྡན་པས་ཆགས་བྲལ་དུ་འཇོག་ལ། གོང་དུ་བཤད་པ་ནི་སྤྱིར་སེམས་ཀྱི་རྒྱུད་ལ་རེས་འགའ་བར་འདོད་ཆགས་དང་མཚུངས་པར་མི་ལྡན་པ་ཙམ་དེ་ནི་འདོད་ཆགས་དང་བྲལ་བ་ཞེས་མི་བཟུང་བར་སྟོན་པའི་སྐབས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཞེ་སྡང་དང་མཚུངས་པར་མི་ལྡན་ཙམ་ལ་ཞེ་སྡང་དང་བྲལ་བར་མི་ 3-1-327b འཇོག་པས་ཞེ་སྡང་དང་བཅས། གཏི་མུག་དང་བཅས་ཞེས་ཡོངས་སུ་བཟུང་ངོ་། །ཞེས་ཤེས་པར་གྱིས་ཤིག །ཞར་ལ་འོངས་པ་ཆོག་གོ། ཞར་ལ་འོངས་པ་སོང་ནས་གྲུབ་པའི་མཐའ་བརྗོད་པར་བྱ་སྟེ། ཕ་རོལ་སེམས་ཤེས་ཀྱིས་ཕ་རོལ་གྱི་སེམས་ཀྱི་རྣམ་པའམ་དམིགས་པ་འཛིན་ཅེ་ན། དེ་ནི་དམིགས་ པ་དང་རྣམ་པ་ལ་མི་བལྟོས་པ་ཡིན་ཏེ། སེམས་འདི་ཆགས་པ་ཡིན་ནོ་ཞེས་ཤེས་ཀྱི། གཟུགས་ཆེ་གེ་མོ་ཞིག་ལ་ཆགས་སོ་ཞེས་བྱ་བ་ནི་མི་ཤེས་སོ། །གཟུགས་ཆེ་གེ་ཞིག་ལ་ཆགས་སོ་ཞེས་ཤེས་ན་གཞན་སེམས་ཤེས་པར་མི་འགྱུར་ཏེ། གཟུགས་ལ་དམིགས་པར་འགྱུར་བའི་ཕྱིར། གཞན་གྱི་སེམས་ དེ་ལ་དམིགས་པའི་ཕ་རོལ་གྱི་སེམས་འཛིན་པ་ན། གཞན་སེམས་ཤེས་པ་དེ་རང་གི་སེམས་ཀྱི་ངོ་བོ་འཛིན་པར་འགྱུར་ཏེ། གཞན་གྱི་སེམས་རིག་པ་ཞིག་གིས་གང་གི་སེམས་འཛིན་པ་དེས་ཀྱང་གཞན་གྱི་སེམས་ཤེས་པ་དེའི་སེམས་ལ་དམིགས་པ་ཞིག་སྲིད་ལ། དེའི་ཚེ་ན་དམིགས་པ་དེ་ནི་རང་གི་ སེམས་ཉིད་ཡོངས་སུ་ཤེས་པར་འགྱུར་བའི་ཕྱིར། འདི་ཡང་གཞན་སེམས་ཤེས་པ་དེ་ཤེས་པ་རང་དུས་དེར་ཤེས་པ་དེས་དམིགས་ནས་གཞན་སེམས་ཤེས་པ་མ་ཡིན། ཡིན་ན་རང་གིས་སེམས་རང་གི་སེམས་ཀྱིས་ཤེས་པར་སོང་ལ། དེ་ནི་མི་འཐད་དེ། རང་གིས་རང་ལ་བྱ་བ་འགལ་བའི་ཕྱིར་ཞེས་ཏེ། དམིགས་པ་ཞིག་སྲིད་པ་ཡིན་ཏེ། ཞེས་པ་འདི་ནི་གང་སྤེལ་གྱི་ཚིག་ཡིན་ལ། རྒྱལ་སྲས་མར་སྲིད་པ་ཡོད་དོ་ཞེས་ཡོད་པས། འདི་སྐབས་བྱེ་སྨྲས་གཞན་སེམས་ཤེས་པའི་ཤེས་པ་རང་བློ་དེ་ལ་དམིགས་སྲིད་པ་ཞིག་ཁས་བླངས་པའི་དབང་དུ་བྱས་པ་མ་ཡིན་གྱི། མདོ་སྡེ་པ་སོགས་གཞན་སེམས་ཤེས་པའི་མངོན་ཤེས་ཀྱང་གཞན་གྱི་སེམས་ཀྱི་རྣམ་པ་དང་བློ་ལ་ གསལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཡིན་པས། དོན་ལ་གཞན་སེམས་ཤེས་པའང་རང་སེམས་ཤེས་བར་སོང་བའི་ཆ་ནས་གཞན་སེམས་ཤེས་པ་ཡིན་ཅེས་པའི་ཕྱོགས་ལ། ཕ་རོལ་པོའི་གཞན་སེམས་ཤེས་པའི་ཡུན་དེ་ཉིད་སླར་ཤེས་པ་དེའི་ཡུལ་དུ་དམིགས་པ་ཞིག་ནི་ཁྱོད་ཀྱིས་ཁས་བླངས་དགོས་ཏེ། ཁྱོད་རང་གིས་རང་རིག་པའི་གྲུབ་མཐའ་སྨྲ་བའི་ 3-1-328a ཕྱིར་ཞེས་དགོངས་པ་ཡིན། དག་དོན་ཕ་རོལ་པོའི་སེམས་དངོས་སུ་ཤེས་པ་མིན། རང་གི་སེམས་ཀྱིས་ཕ་རོལ་གྱི་སེམས་ཤེས་དེ་རང་གིས་ཤེས་པ་ཡིན་བྱས་པ་ལ། དེ་ལྟར་སེམས་ཤེས་དེ་སེམས་དེ་ལ་མ་དམིགས་ན་ཤེས་པར་མི་ནུས། དམིགས་ན་མི་རིགས་ཏེ་རང་བློ་རང་ལ་བྱེད་པ་འགལ་ཅེས་བསྟན་པ་ཡིན། མཆན། འགྲེལ་ཚིག་ཆེས་གོ་དཀའ་བར་སྣང་ངོ་། །གཞན་གྱི་སེམས་ཤེས་པ་ཟག་བཅས་ཟག་མེད་ཐམས་ཅད་ནི་ཡུལ་གཟུགས་སོགས་མི་འཛིན། སེམས་སེམས་བྱུང་དང་ཀུན་རྫོབ་ཡོད་པ་བསལ་ནས་རྫས་ཀྱི་སྤྱིའི་མཚན་ཉིད་བཟློག་པ་རང་གི་མཚན་ཉིད་དང་། འདས་དང་མ་འོངས་ལས་དགའ་ བ་ད་ལྟར་འབྱུང་བ་རྣམས་དང་། གཟུགས་མེད་ན་ལྡན་པ་དགག་པའི་ཕྱིར། འདོད་གཟུགས་ལྡན་པ་དང་ལྡན་པ་མ་ཡིན་པ་ཞེས་སྨོས་སོ། །སངས་རྒྱས་ཀྱང་གཟུགས་མེད་ཤེས་པ་དེ་སྨོན་ནས་ཤེས་པ་ཡིན་གྱི། སེམས་ཤེས་ཀྱིས་ཤེས་པ་མིན། གཞན་སེམས་ཤེས་པ་མཐོང་ལམ་ལ་ བཀག་སྟེ། དེར་དེ་མངོན་དུ་བྱེད་པའི་སྦྱོར་བ་མི་སྲིད་པའི་ཕྱིར་དང་། དེས་ནི་མཐའ་དག་ལ་དམིགས་པས་རྣམ་པར་ཆད་པ་ལ་མ་དམིགས་པའི་ཕྱིར་རོ། །སྒོམ་ལམ་གྱིས་བསྡུས་པ་སྟེ་སྒོམ་ལམ་གྱིས་བསྡུས་པ་དང་དེའི་ཚེ་དམིགས་པ་མངོན་དུ་བྱེད་པའོ། །ཕ་རོལ་སེམས་ཤེས་དེ་སྟོང་ཉིད་ཀྱི་ ཏིང་ངེ་འཛིན་དང་མཚན་མེད་ཀྱི་ཏིང་ངེ་འཛིན་དང་མི་ལྡན་ཏེ། དེ་གཉིས་ནི་རིམ་པ་བཞིན་དུ་སྡུག་བསྔལ་ཤེས་པ་དང་མཚུངས་ལྡན་དང་འགོག་པ་ཤེས་པ་དང་མཚུངས་ལྡན་ཡིན་ལ། གཞན་སེམས་ཤེས་པ་དེ་གཉིས་དང་དམིགས་རྣམ་ཐ་དད་པས་དེ་གཉིས་དང་མི་ལྡན་པའི་ཕྱིར་ཏེ། སྡུག་ བསྔལ་ཤེས་པ་སྤྱིའི་རྣམ་པ་ཅན་དང་། འགོག་ཤེས་འདུས་མ་བྱས་ཀྱི་ཡུལ་ཅན་ཡིན་ལ། དེ་རང་མཚན་དང་། སེམས་སེམས་བྱུང་གི་ཡུལ་ཅན་ཡིན་པའི་ཕྱིར། སྨོན་མེད་ཀྱི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་སྲིད་དེ། སྡུག་བསྔལ་གྱི་ཚོར་བ་རང་མཚན་པ་ལ་དམིགས་པ་ནི་སྨོན་པ་མེད་པ་ 3-1-328b དང་མཐུན་པའི་ཕྱིར། དེ་ཟད་པ་དང་མི་སྐྱེ་བ་ཤེས་པས་མ་བསྡུས་ཏེ། དེ་ནི་རྫས་ཀྱི་རང་བཞིན་ལ་དམིགས་པ་དང་ཀུན་ཏུ་རྟོག་པ་དང་ཡོངས་སུ་འཚོལ་བའི་བསམ་པ་ཅན་ཡིན་ན་ཟད་མི་སྐྱེ་ཤེས་པ་དེ་ལྟ་བུའི་བདག་ཉིད་མ་ཡིན་པའི་ཕྱིར། དེ་བར་ཆད་མེད་ལམ་ལ་བཀག་པ་སྟེ། དེ་རྣམ་གྲོལ་དང་ཁྱད་ པར་གྱི་ལམ་ཡང་ཡིན་ལ། བར་ཆད་མེད་ལམ་ནི་སྤོང་ལམ་ཡིན་པའི་ཕྱིར། ཕ་རོལ་གྱི་སེམས་ཤེས་པ་བཤད་ཟིན་ཏོ། །ལྔ་པ་ནི། ལྷག་མ་རྣམ་པ་བཅུ་བཞི་ཅན། །སྟོང་དང་བདག་མེད་མ་གཏོགས་སོ། །ཤེས་པ་བརྒྱད་བཤད་ནས་ལྷག་མ་ཟད་མི་སྐྱེ་ཤེས་པ་ནི། སྟོང་བདག་མེད་མ་རྟོགས་པ་རྣམ་པ་བཅུ་བཞི་ཅན་ནོ། །དེ་གཉིས་དོན་དམ་རྟོགས་པས་ཁྱད་པར་དུ་ བྱས་པས་དོན་དམ་པ་དག་ཡིན་ཀྱང་། ཕུང་ལྔའི་རྒྱུན་ཀུན་རྫོབ་པ་འདི་ཙམ་ལ་བདག་གོ་ཞེས་བཏགས་པ་དེ་དག་གི་སྟོབས་ཀྱི་རྗེས་སུ་ཐ་སྙད་འདོགས་པའི་སྒོ་ནས་བདག་ཏུ་ལྟ་བ་ལ་བསྟེན་པར་བདག་སྐྱེ་བ་ཟད་དོ། །འདི་ལས་སྲིད་པ་གཞན་རབ་ཏུ་མི་ཤེས་སོ་ཞེས་དེ་ལྟ་བུའི་འཇུག་པ་རྒྱུ་མཐུན་པས་ རྗེས་ཀྱི་ཤེས་པ་ཀུན་རྫོབ་ལ་བརྟེན་པ་ཡིན་ནོ། །རྗེས་ཐོབ་ཏུ་ཀུན་རྫོབ་ལ་བསྟེན་པས་མཉམ་གཞག་ཀྱང་དེ་དང་མཐུན་པར་བྱས་པའོ། །དེ་གཉིས་རྒྱུ་མཐུན་པས་ཀུན་རྫོབ་ལ་བསྟེན་པ་ཞེས་བྱའི་དངོས་སུ་བསྟེན་པ་ནི་མ་ཡིན་ནོ། །གཉིས་པ་རྣམ་པ་སོ་སོའི་ངོ་བོ་ལ། ཟག་མེད་ལ་རང་མཚན་གྱི་རྣམ་པ་ ཡོད་མེད་དཔྱད་པ། རྣམ་པ་བཅུ་དྲུག་རྫས་སུ་བསྒྲུབ་པ། རྣམ་པའི་ངོ་བོ། གཟུང་འཛིན་གྱི་ཁྱད་པར་རོ། །དང་པོ་ལ། རང་ལུགས་དང་། གཞན་ལུགས་སོ། །དང་པོ་ནི། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཟག་མེད་ལ་སྤྱིའི་ཡིད་བྱེད་རྣམ་པ་བཅུ་དྲུག་བཤད་པ་བཞིན་ཟག་མེད་ཀྱི་རང་མཚན་གྱི་རྣམ་པ་ཡོད་དམ་སྟེ། གཞན་སེམས་ཤེས་ པ་ཟག་པ་མེད་པ་རང་མཚན་གྱི་ཡུལ་ཅན་དུ་བཤད་པའི་ཕྱིར་སྙམ་ན། ཁ་ཆེ་བ་ལྟར་ན་ཟག་པའམ་དྲི་མེད་ཀྱི་རྣམ་པ་བཅུ་དྲུག་ལས་གཞན་སྤྱི་མཚན་གྱི་རྣམ་པ་ཡང་མེད་ན་རང་མཚན་ལྟ་ག་ལ་ཡོད། གཉིས་པ་ནི། གཞན་ཡོད་ཅེས་པ་བསྟན་བཅོས་ལས། །གཞན་ཉི་འོག་པ་ན་རེ། ཡོད་ཅེས་པར་འདོད་དེ། བསྟན་བཅོས་ལས་བཤད་པའི་ཕྱིར། ཇི་སྐད་ 3-1-329a དུ། མི་ལྡན་པའི་སེམས་ཀྱིས་འདོད་པ་དང་ལྡན་པའི་ཆོས་རྣམས་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། ཤེས་པར་འགྱུར་ཏེ། རིགས་པ་བསྐྱེད་པའི་སྒོ་ནས་མི་རྟག་པ་དང་སྡུག་བསྔལ་དང་སྟོང་པ་དང་བདག་མེད་པ་དང་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་འདི་ ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ་ཞེས་བྱ་བར་ཤེས་པར་འགྱུར་རོ་ཞེས་འབྱུང་ངོ་ཞེའོ། །འདིའི་མི་ལྡན་པའི་སེམས་ནི། ཁམས་གསུམ་གྱི་ཉོན་མོངས་དང་མི་ལྡན་པས་ཟག་མེད་ཀྱི་སེམས་དང་། རིགས་པས་བསྐྱེད་པ་ནི་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་བའོ། །གནས་ཡོད་ པ་ན་མཚན་ཉིད་ཡོད་པ་དང་། གཞི་ཡོད་པ་ནི་རྒྱུ་ཡོད་པའོ་ཞེས་བསམ་པ་ཡིན་ལ། བསྟན་བཅོས་ཀྱི་ལུང་འདིའི་དོན་ནི་བཅུ་དྲུག་ལས་གཞན་མེད་པ་འདི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མི་རྟག་ལ་སོགས་པ་ཤེས་པར་འགྱུར་བ་གང་ཡིན་པ་འདི་ནི་གནས་ཡོད་དོ། །འདི་ནི་གཞི་ཡོད་དོ། ། ཞེས་བྱ་བ་སྲིད་པ་དང་། གོ་སྐབས་དང་འབྱོར་པ་ཡོད་དོ་ཞེས་བྱ་བ་ཡིན་ནོ་ཞེ་ན། དེ་ལྟར་འདོད་ན་རུང་བ་མ་ཡིན་ཏེ། ཚིག་གཞན་ནས་ཚིག་དེ་གཉིས་མི་འབྱུང་བའི་ཕྱིར། དེས་ན་གནས་དང་གཞི་ཡོད་བྱ་བ་དེ་བཅུ་དྲུག་ལས་གཞན་པའི་ཟག་མེད་ཀྱི་རྣམ་པ་མིན། བཅུ་དྲུག་ཏུ་ཤེས་པ་ དེ་ལ་ཤེས་པ་གཞན་ཞིག་གིས་བཞག་པའི་རྣམ་པ་ཡིན་ལ། དེ་ལྟར་མིན་པར་ཁྱེད་ཀྱིས་བཤད་པ་འདི་བསྟན་བཅོས་ཀྱི་དོན་ཡིན་པར་འགྱུར་ན། མཐོང་བས་སྤང་བར་བྱ་བའི་སེམས་ཀྱི་འདོད་པ་དང་ལྡན་པའི་ཆོས་རྣམས་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། ཤེས་པར་འགྱུར་ཏེ་རིག་པ་ མ་ཡིན་པ་བསྐྱེད་པའི་སྒོ་ནས་བདག་དང་བདག་གི་ཞེས་པ་འཇིག་ལྟ་དང་། མཐར་ལྟས་ཆད་པ་དང་རྟག་པ་དང་། ལོག་ལྟས་རྒྱུ་མེད་པ་དང་། བྱེད་པ་མེད་པ་དང་། སྐུར་བ་འདེབས་པ་དང་། ལྟ་བ་མཆོག་འཛིན་གྱི་མཆོག་དང་། གཙོ་བོ་དང་། ཁྱད་པར་འཕགས་པ་དང་། དམ་པ་ 3-1-329b དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་དག་པ་དང་། གྲོལ་བ་དང་། ངེས་པར་འབྱིན་པར་བྱེད་པ་དང་། ཐེ་ཚོམ་གྱིས་ནེམ་ནུར་དང་ཡིད་གཉིས་དང་ཐེ་ཚོམ་དུ་ཤེས་པར་འགྱུར་ཞིང་། ཆགས་པ་དང་སྡང་བ་དང་ང་རྒྱལ་གྱིས་རློམ་པ་དང་། གཏི་མུག་གིས་རྨོངས་པར་འགྱུར་རོ་ ཞེས་གསུངས་པ་དེར་ཡང་འདི་ནི་གནས་ཡོད་དོ་འདི་ནི་གཞི་ཡོད་དོ་ཞེས་འབྱུང་བར་འགྱུར་བ་ཞིག་ན། དེ་སྐད་ཀྱང་མི་འབྱུང་བ་དེས་ན་འདི་ནི་དེའི་དོན་མ་ཡིན་ནོ། །རྣམ་པ་བཅུ་དྲུག་པོ་འདི་མིང་གི་སྒོ་ནས་སམ་རྫས་སུ་ཡིན་ཅེ་ན། ཁ་ཅིག་རྫས་སུ་སྡུག་བསྔལ་གྱི་བཞི་དང་། ཀུན་འབྱུང་ འགོག་པ་ལམ་རྣམས་རྫས་རེ་རེ་ཡིན་པས་བདུན་ཡིན་ལ། མིང་གི་སྒོ་ནས་བཅུ་དྲུག་སྟེ། ཀུན་འབྱུང་སོགས་གསུམ་པོའི་བཞི་པོ་དེ་རྣམ་གྲངས་སུ་ཟད་དེ། བརྒྱ་བྱིན་དང་རྡོ་རྗེ་འཛིན་པ་བཞིན་བརྗོད་པ་ལྟར་ཟེར་རོ། །གཉིས་པ་རྣམ་པ་བཅུ་དྲུག་རྫས་སུ་སྒྲུབ་པ་ནི། རྫས་སུ་རྣམ་པ་བཅུ་དྲུག་གོ། བྱེ་བྲག་ཏུ་སྨྲ་བས་རྫས་སུ་རྣམ་པ་བཅུ་དྲུག་གོ་སྟེ། སྡུག་བསྔལ་གྱི་རྣམ་པ་བཞིན་དུ་ཀུན་འབྱུང་ལ་སོགས་པའི་རྣམ་པ་ཐམས་ཅད་ཀྱང་སོ་སོར་མངོན་དུ་བྱ་དགོས་ལ། རྣམ་པ་རྣམས་ནི་ཤེས་རབ་ཀྱི་ངོ་བོའི་རྫས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་རྐྱེན་ལ་རགས་ལས་ཏེ་སྐྱེ་བའི་ཕྱིར། མི་རྟག་པ་དང་། གནོད་པ་བྱེད་པའི་བདག་ཉིད་ཡིན་པས་སྡུག་བསྔལ་བ་དང་། བདག་གིར་ལྟ་བའི་མི་མཐུན་ཕྱོགས་གཉེན་པོ་ཉིད་ཡིན་པས་སྟོང་པ་དང་། བདག་ཏུ་ལྟ་བའི་མི་མཐུན་པའི་ཕྱོགས་གཉེན་པོར་བདག་མེད་པའོ། །དང་པོའི་ས་བོན་ལྟ་བུའི་ཆོས་ཀྱི་ཚུལ་ལུགས་ཀྱི་རྒྱུ་དང་། དེ་མ་ ཐག་འདི་ལས་ཉེ་བར་འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བ་དང་། རྒྱུན་གྱི་ཚུལ་གྱིས་རྒྱུན་མི་འཆད་པར་འབྲེལ་བས་རབ་ཏུ་སྐྱེ་བ་དང་། མང་པོ་ལས་མངོན་པར་འགྲུབ་པའི་དོན་གྱི་རྐྱེན་ཏེ། དཔེར་ན་འཇིམ་གོང་ཐལ་ཞར་འཁོར་ལོ་ཐིག་གུ་རྣམས་འདུས་པ་ལས་བུམ་པ་འགྲུབ་པ་ 3-1-330a བཞིན་ནོ། །ཕུང་པོ་ཞིག་པའི་ཕྱིར་འགོག་པའོ། །ཆགས་སོགས་ཀྱི་མེ་གསུམ་ཞི་བས་ཞི་བ་དང་། ཚོར་བ་སྡུག་བསྔལ་མེད་པས་གྱ་ནོམ་པ་དང་། སྡུག་བསྔལ་གྱི་རྒྱུ་སྐྱོན་དང་བྲལ་བས་ངེས་འབྱུང་དང་། མྱང་འདས་སུ་བགྲོད་པའི་དོན་གྱིས་ལམ་དང་། འཐད་པའམ་ཐབས་དང་ལྡན་པས་རིག་པའོ། །མྱང་འདས་བསྒྲུབས་པས་སྒྲུབ་པ་དང་། ཤིན་ཏུ་ཡང་དག་པར་འདའ་ཞིང་གཏན་དུ་ངེས་པར་འབྱིན་པར་བྱེད་པས་ངེས་འབྱིན་དང་། ཡང་ན་སྔར་ནི་སྔ་ནས་མེད་པས་མི་རྟག་པར་བཤད་ནས། ད་ནི་ཞིག་ནས་མེད་པས་གཏན་དུ་བ་མིན་པས་ མི་རྟག་པ་དང་། སྡུག་བསྔལ་གྱི་གང་ཟག་དེ་གནོན་ཅིང་འཚིར་བས་ཁུར་ལྟ་བུར་གྱུར་ཏེ་སྡུག་བསྔལ་བའོ། །གཙུག་ལག་ཁང་དགེ་སློང་གིས་སྟོང་པ་དང་འདྲ་བར་ནང་གི་སྐྱེས་བུ་དང་བྲལ་བའི་ཕྱིར་སྟོང་པའོ། །གཟུགས་བདག་ཡིན་ན་བདག་ཉིད་ལ་གནོད་པར་མི་ནུས་ཏེ། ངེས་ཚིག་ ལས་བདག་ནི་འདོད་དགུར་བྱེད་པ་ལ་འཆད་པའི་ཕྱིར། འདོད་དགུར་བྱེད་པ་མེད་པས་བདག་མེད་པའོ། །འདས་པ་ནས་འོང་བའི་ཚུལ་གྱི་རྒྱུའོ། །མ་འོངས་པའི་དུས་ན་འབྱུང་བའི་ཚུལ་གྱིས་ཀུན་འབྱུང་དང་། ད་ལྟ་རྒྱུན་ཆགས་སུ་འཕེལ་བས་རབ་སྐྱེ་དང་། རྒྱུའི་གཙོ་བོ་རེ་རེའི་ལག་ རྗེས་སོ་སོར་འབྲང་བས་རྐྱེན། སྡུག་བསྔལ་སྔ་ཕྱིའི་འབྲེལ་པ་ཆད་ཅིང་ཞིག་པས་འགོག་པ། སྐྱེ་འཇིག་གནས་པའི་གཞན་འགྱུར་གསུམ་དང་བྲལ་བས་ཞི་བ་དང་། དམ་པའི་དོན་དུ་དགེ་བས་གྱ་ནོམ་པ་དང་། དམ་པའི་དོན་དུ་དགེ་བ་ནི་གཏན་དུ་བའི་བདེ་བ་བསྐྱེད་པའི་དོན་ཡིན་གྱི། བོད་ཁ་ཅིག་ དམ་པའི་དོན་གྱི་དགེ་བ་ནི་དོན་དམ་པའི་དགེ་བ་རྟག་པ་འདུས་མ་བྱས་ལ་འཆད་ནས། ཐེག་ཆེན་མདོར་འབྱུང་བའི་བདེ་གཤེགས་སྙིང་པོ་ལ་འཆད་པ་ནི་ཤིན་ཏུ་ནོར་རོ། །མཆན། སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པས་མཆོག་ཏུ་བདེ་བ་དེ་ལས་གཞན་ཡིད་བརྟན་བྱ་བ་མེད་པས་ངེས་པར་འབྱུང་བ་དང་། ལས་ 3-1-330b ངན་པའི་མི་མཐུན་ཕྱོགས་འཚོལ་བས་ལམ་དང་། རིག་པ་མ་ཡིན་པའི་མི་མཐུན་ཕྱོགས་ཀྱི་རིག་པའོ། །མྱང་འདས་ཀྱིས་གྲོང་སྒྲུབ་པར་བྱེད་ཀྱི། དེར་འཇུག་པ་དང་མི་འགལ་ཅིང་སླུ་བར་མི་བྱེད་པས་སྒྲུབ་པ་དང་། སྲིད་པ་གསུམ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ངེས་པར་འབྱིན་པའོ། ། སྔ་མ་དེ་དང་མི་མཐུན་པའི་ཚུལ་སློབ་དཔོན་གྱིས་ཇི་ལྟར་འདོད་པ་བརྗོད་པར་བྱ་སྟེ། མདོ་ལས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ནི་སྐྱེ་འཇིག་གི་ཆོས་ཅན་ཡིན་པས་མི་རྟག་པ་དང་། མི་མཐུན་པས་སྡུག་བསྔལ་བ་དང་། བདག་དང་བྲལ་བས་སྟོང་པ་དང་། བདག་ཉིད་ཀྱི་བདག་མ་ཡིན་ པས་བདག་མེད་པ་དང་། འདུན་པ་སྲེད་པའི་རྩ་བ་རྒྱུ་ཅན་རྒྱུ་དང་། འདུན་པ་ལས་ཉེ་བར་ཀུན་འབྱུང་བ་ཅན་ཀུན་འབྱུང་དང་། འབྲས་བུ་འདུན་པ་དང་འདྲ་བའི་རྒྱུ་འདུན་པའི་རྐྱེན་ཅན་རྐྱེན་མེ་ཏོག་ལས་འབྲས་བུ་བསྐྱེད་པ་བཞིན་ཉིང་མཚམས་སྦྱོར་བའི་འདུན་པ་ལས་དངོས་སུ་སྡུག་བསྔལ་བསྐྱེད་ པས་རབ་སྐྱེའོ། །ཞེས་གསུངས་པ་ཁོ་ན་ཡིན་ཏེ། མངོན་པ་བ་རྣམས་ལྟར་མི་བརྗོད་པར་མདོའི་རྗེས་སུ་འབྲངས་ནས་རབ་སྐྱེའི་སྒྲ་ཐ་མར་འདོན་པ་འབའ་ཞིག་ཏུ་ཟད་དོ། །འདུན་པ་འདི་དག་གི་ཁྱད་པར་ནི་ལུས་ཉེར་ལེན་གྱི་ཕུང་པོ་མཐའ་དག་སྤྱི་ལ་བྱེ་བྲག་མེད་པར་ངོ་བོ་ཞེས་དོན་དུ་གཉེར་ཞིང་ འདུན་པ་དང་པོ་དང་། ལྷ་མི་ལ་སོགས་པར་གྱུར་ཅིག་སྙམ་པའི་བྱེ་བྲག་མེད་པར་ཡང་སྲིད་ཙམ་དོན་དུ་གཉེར་བ་གཉིས་པ་དང་མ་འོངས་པ་ན་འཁོར་ལོས་སྒྱུར་རྒྱལ་འདི་ལྟ་བུར་གྱུར་ཅིག་སྙམ་པ་བྱེ་བྲག་ཏུ་ཡང་སྲིད་ལ་འདུན་པ་གསུམ་པ་དང་། ཉིང་མཚམས་སྦྱོར་བ་ཉིད་འཆིང་བ་ཡིན་པས་དེ་ ལ་འདུན་ཅིང་དོན་དུ་གཉེར་བ་བཞི་པའོ། །ཡང་ན་བཞི་པ་ནི་ལས་མངོན་པར་འདུ་བྱེད་པ་ལ་འདུན་པ་ཡིན་ན། །དེ་ལ་དང་པོ་ནི་སྡུག་བསྔལ་གྱི་དང་པོའི་རྒྱུ་ཡིན་པས་རྩ་བའི་རྒྱུ་སྟེ་ས་བོན་བཞིན་ནོ། །འདུན་པ་གཉིས་པ་ནི། དེས་སྐད་ཅིག་མ་བརྒྱུད་པས་ཡང་སྲིད་འགྲུབ་པའི་ཕྱིར་འབྲས་བུའི་ 3-1-331a མྱུག་སོགས་སྐྱེ་བ་བཞིན་ནོ། །འདུན་པ་གསུམ་པ་ནི། ཡང་སྲིད་འདུན་པའི་ཁྱད་པར་དེ་དང་འདྲ་བའི་སྡུག་བསྔལ་གྱི་རྐྱེན་ཏེ། འབྲས་བུ་བཟང་ངན་གྱི་རྐྱེན་ཞིང་དང་ལུད་དང་ཆུ་དང་སོགས་པས་རླུང་ཉིད་བཞིན་ནོ། །ཞིང་སོགས་ཀྱི་དབང་གིས་འབྲས་བུའི་དྲི་ དང་རོ་དང་བསིལ་བ་དང་དྲོ་བའི་ནུས་པ་དང་སྨིན་པ་དང་དྲོ་བ་དང་བསིལ་བ་ཞུ་བ་དང་། ཡང་ན་མངར་སྐྱུར་དང་། མཐུ་ནུས་ཀྱི་ཁྱད་པར་པི་ཛ་པུ་རའི་ཁུ་བས་མཁྲིས་པ་བསྐྱེད་ལ། སྐྱུ་རུ་རའི་ཁུ་བས་ཞི་བར་བྱེད་པ་ལྟ་བུའོ། །བཞི་པ་ནི་རབ་ཏུ་སྐྱེ་བ་སྟེ་ཉིང་མཚམས་སྦྱོར་བའི་འཆིང་བ་ལ་ འདུན་པ་ཁོ་ན་ལས་ཡང་སྲིད་སྐྱེ་བའི་ཕྱིར་ཐ་མ་མེ་ཏོག་ལས་འབྲས་བུ་སྐྱེ་བ་བཞིན་ནོ། །ཡང་ན་སྲེད་པ་སྤྱད་པ་རྣམས་ཀྱི་འདུན་པ་བཞི་ནི། སྲེད་པའི་བྱེ་བྲག་རྣམས་ལས་འདུན་པ་དང་པོ་དང་གཉིས་པ་གཉིས་ལྔ་ཚན་རེ་རེ་བ་རྣམ་པ་གཉིས་དང་། འདུན་པ་གསུམ་པ་དང་བཞི་པ་གཉིས་བཞི་ཚན་ རེ་རེ་བ་གཉིས་ཡིན་ཏེ། དགེ་སློང་དག་ངའོ་སྙམ་པའི་བདག་ལྟ་ཡོད་ན། ང་ད་ལྟ་འདི་ལྟ་བུའོ་སྙམ་པ་འབྱུང་བར་འགྱུར་ཞིང་། ང་ནི་སྔོན་ཇི་ལྟ་བ་བཞིན་ད་ལྟའི་འདི་འདྲའོ་སྙམ་པ་དང་། ང་དེ་ལྟར་མ་ཡིན་ནོ་སྙམ་སྟེ། ཁ་དོག་དང་སྟོབས་དང་སྤོབས་སོགས་གཞན་དུ་མཐོང་བའི་ཕྱིར་རོ། །དེ་ ལ་རྟག་པའི་ངོ་བོ་འབྱུང་བར་མི་འགྱུར་སྙམ་པ་སྟེ་ཆད་པར་སྨོན་པའོ། །ང་བཟང་ངོ་སྙམ་པ་དང་། ང་ངན་ནོ་སྙམ་པ་འབྱུང་བར་འགྱུར་རོ། །བདག་ལ་འདུན་པ་ལྔ་པོ་ཁྱད་པར་མེད་པ་སྲེད་པ་དང་པོ་ཡིན་ནོ། །དེ་ལ་རྟག་པའི་ངོ་བོ་འབྱུང་བར་འགྱུར་བར་བྱའོ་སྙམ་པ་སྟེ་མ་ཆད་པར་སྨོན་ནོ། །སྔར་གྱི་ འདི་ལྟ་བུ་འབྱུང་བར་འགྱུར་སྙམ་པ་དང་། ད་ལྟའི་འདི་དང་མ་འོངས་པའི་དུས་སུའང་འདྲ་བར་བྱ་སྙམ་པ་དང་། སྔར་དང་ད་ལྟའི་འདི་མ་ཡིན་པར་འདི་ལས་བཟང་བར་འགྱུར་བར་བྱའོ་སྙམ་པ་འབྱུང་བར་འགྱུར་རོ། །ལྔ་པོ་འདི་ཁྱད་པར་མེད་པ་ཡང་སྲིད་ལ་འདུན་པ་གཉིས་པ་ཡིན་ནོ། །དེ་ལ་དེ་ 3-1-331b ལྟ་བུར་སྤྱིར་གྱུར་ཅིག་སྙམ་པ་འབྱུང་བར་འགྱུར་ཞིང་། དེ་ལ་བྱེ་བྲག་འདི་ལྟ་བུར་གྱུར་ཅིག་སྙམ་པ་དང་། འདས་ད་ལྟར་དེ་དང་འདྲ་བ་མ་འོངས་པར་གྱུར་ཅིག་སྙམ་པ་དང་། འདི་ལས་བཟང་བ་དེ་ལྟར་མ་ཡིན་པར་གྱུར་ཅིག་སྙམ་པ་འབྱུང་བར་འགྱུར་བ་སྟེ། ཡང་སྲིད་ལ་འདུན་པ་བཞི་འདི་ཁྱད་ པར་མེད་པ་གསུམ་པ་ཡིན་ནོ། །སྤྱིར་འདིར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། བྱེ་བྲག་འདི་ལྟ་བུར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། སྔ་མ་དེ་འདྲ་བ་མ་འོངས་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། ད་ལྟ་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་འབྱུང་བར་འགྱུར་བ་ཉིད་མཚམས་སྦྱོར་བ་འཆིང་བ་ ལ་འདུན་པ་བཞི་པོ་འདི་ནི་བཞི་པ་ཡིན་ནོ། །ཉོན་མོངས་པ་དང་སྐྱེ་བའི་འཇུག་པ་མེད་པས་འགོག་པ་དང་། མ་ཞི་བ་སྡུག་བསྔལ་མེད་པས་ཞི་བ་སྟེ། དགེ་སློང་དག་དེ་ལྟར་ན་འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་གསུངས་པའི་ཕྱིར། གོང་ ན་མེད་པའི་ཕྱིར་གྱ་ནོམ་པའོ། །ཡང་ཕྱིར་མི་ལྡོག་པའི་ཕྱིར་ངེས་པར་འབྱུང་བའོ། །འགྲོ་བའི་ལམ་ལྟ་བུར་གྱུར་བས་ལམ་དང་། ཡང་དག་པར་ཇི་ལྟ་བ་བཞིན་ཞུགས་པའི་ཕྱིར་རིགས་པ་དང་། དེ་ཉིད་ཀྱིས་དེར་འགྲོ་བས་སོ་སོར་ངེས་པའི་ཕྱིར་སྒྲུབ་པ་སྟེ། ཇི་སྐད་དུ། མཐོང་བ་རྣམ་པར་ དག་པའི་ཕྱིར། འདི་ལམ་ཡིན་གྱི་གཞན་མེད་དོ་ཞེས་གསུངས་པ་ལྟ་བུའོ། །གཏན་དུ་ངེས་པར་འབྱིན་པར་བྱེད་པའི་ཕྱིར་ངེས་པར་འབྱིན་པའོ། །ཡང་ན་གང་ཟག་དང་ཕུང་པོ་འདི་ནི། །རྟག །བདེ། ཕུང་པོ་འདི་བདག་གི་རྟེན་ཡིན། ཕུང་པོ་འདི་བདག་རང་དུ་ལྟ་བ་སྤྱད་པ་རྣམས་ཀྱི་ གཉེན་པོར་གོ་རིམ་བཞིན་མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་རྣམ་པ་དག་གོ། རྒྱུ་མེད་དུ་ལྟ་བའི་གཉེན་པོ་རྒྱུའི་རྣམ་པ་དང་། རྒྱུ་གཅིག་པུ་དབང་ཕྱུག་གམ་གཙོ་བོའམ། དུས་ཞེས་ལྟ་བ་སྤྱད་པའི་གཉེན་པོར་མང་པོ་ལས་ཏེ་ཀུན་འབྱུང་དང་། དངོས་པོ་ནི་འགྱུར་བའོ། །ཞེས་འགྱུར་ 3-1-332a བར་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོ་ནི། སྔ་ནས་གནས་པ་ནི་མ་ཡིན་གྱི། དང་པོར་འབྱུང་ཞིང་རབ་ཏུ་སྐྱེ་བ་དང་། བློ་སྔར་བཏང་ནས་བྱས་སོ་ཞེས་ལྟ་སྤྱད་ཀྱི་གཉེན་པོའི་རྐྱེན་ཏེ། བསྐྱེད་ནུས་ན་བློ་སྔོན་དུ་མ་བཏང་ཡང་མི་སྐྱེའོ། །སྐྱེ་བའི་རྒྱུན་ཐོག་མ་མེད་པ་ལྟར་ སེམས་འདོད་ཆགས་སོགས་ཀྱི་གཤིས་ཡིན་པས་ཐ་མའང་མེད་ཅིང་། ཐར་པ་མེད་དོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོར་འགོག་པའི་རྣམ་པ་ཡིན་ནོ། །ཡུལ་ལ་ལོངས་སྤྱོད་པ་མེད་པ་དང་། དབང་པོ་རྣམས་འཇིག་པའི་སྡུག་བསྔལ་ལ་ཐར་པ་ཡིན་ནོ་སྙམ་དུ་ལྟ་བས་སྤྱད་པ་རྣམས་ཀྱི་གཉེན་ པོ་ནི་ཞི་བའི་རྣམ་པའོ། །བསམ་གཏན་གྱི་བདེ་བ་གྱ་ནོམ་པ་ཡིན་པར་ལྟ་སྤྱད་ཀྱི་གཉེན་པོར་གྱ་ནོམ་པའི་རྣམ་པ་ཡིན་ནོ། །ཐར་པ་ནི་གཏན་དུ་བ་མ་ཡིན་ཏེ། ཡང་ནས་ཡོངས་སུ་ཉམས་པའི་སྙམ་པ་ལྟ་སྤྱད་ཀྱི་གཉེན་པོ་ངེས་པར་འབྱུང་བའི་རྣམ་པའོ། །ལམ་མེད་དོ་སྙམ་པ་དང་འདི་ལམ་ངན་ ནོ་སྙམ་པ་དང་། གཞན་ཡང་ལམ་ཡིན་ནོ་སྙམ་པ་དང་། ལམ་འདིའང་ལོག་གོ་སྙམ་དུ་ལྟ་བ་སྤྱད་པ་རྣམས་ཀྱི་གཉེན་པོ་ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པའི་རྣམ་པ་དག་ཡིན་ནོ། །གསུམ་པ་ངོ་བོ་ནི། རྣམ་པ་ཤེས་རབ། རྣམ་པ་ཞེས་བྱ་བའི་ཆོས་འདི་ཇི་ལྟ་བུ་ཞེ་ན། རྣམ་པ་ཞེས་པའི་ ཆོས་ནི་ཤེས་རབ་བའོ། །མདོ་སྡེ་པས་དེ་ལྟར་ན་ཤེས་རབ་རྣམ་པ་དང་བཅས་པར་མི་འགྱུར་ཏེ། ཤེས་རབ་ཤེས་རབ་དང་མཚུངས་པར་མི་ལྡན་པའི་ཕྱིར། མདོ་སྡེ་པས་འདི་ལྟར་རྣམ་པ་ནི། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་དམིགས་པ་དེ་ལ་བཀར་ནས་ཡུལ་གྱི་བྱེ་བྲག་གི་ འཛིན་སྟངས་ནི་རྣམ་པ་ཞེས་རིགས་པར་འགྱུར་ཏེ། དམིགས་པ་ནི་ཡུལ། རྣམ་པ་ནི་བློའི་འཛིན་སྟངས་ཏེ། ཡུལ་གྱི་རྣམ་པ་ཅན་ལ་བརྗོད་པ་འཐད་པའི་ཕྱིར་རོ། །བཞི་པ་གཟུང་འཛིན་གྱི་ཁྱད་པར་ནི། དང་བཅས་པའི། །དམིགས་དང་བཅས་པས་འཛིན་པར་བྱེད། །ཡོད་པ་ཐམས་ཅད་གཟུང་བྱ་ཡིན། །ཤེས་རབ་ཁོ་ནས་འཛིན་པ་མ་ཡིན་ཏེ། ཤེས་རབ་དེ་དང་བཅས་པའི་ཡུལ་ཅན་གྱི་བློ་ 3-1-332b སེམས་སེམས་བྱུང་དམིགས་དང་བཅས་པས་འཛིན་པར་བྱེད་པའི་ཕྱིར། བཟུང་བྱ་ལ་དེ་འདྲའི་དབྱེ་བ་མེད་དེ། རྫས་བཏགས་ཀྱི་ཤེས་བྱ་ལ་ཡོད་པ་ཐམས་ཅད་བཟུང་བྱ་ཡིན་པའི་ཕྱིར། དེ་ལྟར་བྱས་ན་ཤེས་རབ་ནི་རྣམ་པ་དང་འཛིན་བྱེད་བཟུང་བྱ་གསུམ་ཀ་ཡིན་ནོ། །དམིགས་བཅས་ཤེས་རབ་ ལས་གཞན་པའི་སེམས་སེམས་བྱུང་འཛིན་བྱེད་དང་བཟུང་བྱ་གཉིས་ཀའོ། །དམིགས་མེད་རྣམས་ནི་བཟུང་བྱ་ཁོ་ནའོ། །བཞི་པ་ཤེས་པའི་ཁྱད་པར་ལ། ངོ་བོའི་ཁྱད་པར། སའི་ཁྱད་པར། རྟེན་གྱི་ཁྱད་པར། དྲན་པ་ཉེར་བཞག་གི་ཁྱད་པར། དམིགས་པའི་ཁྱད་པར་རོ། །དང་པོ་ནི། དང་པོ་རྣམ་གསུམ་གཞན་རྣམས་དགེ། ཚིགས་བཅད་ཀྱི་དང་པོ་ཀུན་རྫོབ་ ཤེས་པ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་ཡིན་ལ། གཞན་དགུ་པོ་རྣམས་ནི་དགེ་བ་སྟེ་སེམས་ཤེས་ཟག་བཅས་ཀྱང་སྒོམ་བྱུང་ཡིན་ལ་གཞན་ལམ་བདེན་གྱིས་བསྡུས་པའོ། །གཉིས་པ་ནི། དང་པོ་ས་རྣམས་ཐམས་ཅད་ན། །དྲུག་ན་ཆོས་ཤེས་བྱ་བར་དགུ། །རྗེས་ཤེས་བྱ་བ་དེ་བཞིན་དྲུག །གཞན་ཡིད་ཤེས་པ་བསམ་གཏན་བཞི། །དང་པོ་ཀུན་རྫོབ་ཤེས་པ་ནི་འདོད་པ་ནས་སྲིད་རྩེའི་བར་ས་རྣམས་ཐམས་ཅད་ན་ཡོད་དེ། ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །ཆོས་ཤེས་ནི་བསམ་གཏན་བཞི་མི་ལྕོགས་མེད། བསམ་གཏན་ཁྱད་པར་ཅན་ཏེ་ས་དྲུག་ན་ཡོད་དེ། འདོད་པ་ལ་དམིགས་ཤིང་གཟུགས་མེད་ན་མེད། ཉེར་བསྡོགས་གོང་མ་རྣམས་ཟག་བཅས་ཡིན་པས་མེད་པའི་ཕྱིར། བསམ་གཏན་དེ་ དྲུག་གཟུགས་མེད་དང་པོ་གསུམ་སྟེ། ཟག་མེད་ས་དགུ་ན་རྗེས་སུ་ཤེས་པ་ཞེས་བྱ་ཡོད་དེ། གཟུགས་མེད་དང་པོ་གསུམ་ན་རྗེས་ཤེས་སྒོམ་ལམ་གྱིས་བསྡུས་པ་ཁོ་ན་ཡོད་དོ། །རྗེས་ཤེས་ས་དགུ་ན་ཡོད་པ་དེ་བཞིན་དུ་བདེན་པ་བཞི་ཤེས་དང་། ཟད་མི་སྐྱེ་ཤེས་པ་དྲུག་ཀྱང་དགུ་པོ་དེ་ ན་ཡོད་ལ། བྱེ་བྲག་ཏུ་ཕྱེ་ན། ཆོས་ཤེས་ཀྱིས་བསྡུས་པ་རྣམས་ས་དྲུག་ན་ཡོད་ལ། རྗེས་ཤེས་ཀྱིས་བསྡུས་པ་རྣམས་ས་དགུ་ན་ཡོད་དོ། །གཞན་ཡིད་ཤེས་པ་ནི་བསམ་གཏན་བཞི་ཁོ་ན་ལ་ཡོད་ཀྱི། གཞན་དུ་མེད་དེ། དེའི་སྦྱོར་བ་ནི་གཟུགས་ཀྱི་སེམས་ལ་རྟེན་འཆད་དགོས་ཤིང་། 3-1-333a ས་གཞན་ལ་མངོན་ཤེས་མི་བསྟེན་ལ་བསམ་གཏན་ཁྱད་ཅན་ལ་བསྟེན་རིགས་ཀྱང་། དེ་ལྷག་མཐོང་ཤས་ཆེ་ཞིང་ཞི་གནས་ཆུང་བས་ལམ་སྐྱེ་དཀའ་བའི་ཕྱིར། གསུམ་པ་ནི། དེ་ནི་འདོད་དང་གཟུགས་རྟེན་ཅན། །ཆོས་ཤེས་བྱ་བ་འདོད་རྟེན་ཅན། །ཁམས་གསུམ་པ་ཡི་རྟེན་ཅན་གཞན། །ཕ་རོལ་སེམས་ཤེས་དེ་ནི་འདོད་དང་གཟུགས་ཀྱི་རྟེན་ཅན་ཡིན་ཏེ། འདོད་ཁམས་སུ་ སྐྱེས་པའི་བསམ་གཏན་བཞི་པ་མན་ཆོད་ཀྱི་སེམས་ཐོབ་ན་བསམ་གཏན་བཞི་ཀ་ལ་བརྟེན་པའི་གཞན་སེམས་ཤེས་པ་ཡོད་ལ། གསུམ་པ་སོགས་དེའི་རིགས་འགྲེལ་བསམ་གཏན་དང་པོར་སྐྱེས་པ་ཞིག་གིས་ཀྱང་དེ་དང་འདྲ་བའི་ཕྱིར། ཆོས་ཤེས་བྱ་བ་འདོད་པའི་རྟེན་ཅན་ཁོ་ན་ཡིན་ཏེ། ཁམས་གོང་མ་གཉིས་སུ་མངོན་དུ་མི་བྱེད་པའི་ཕྱིར། ཆོས་ཤེས་གཟུགས་མེད་དུ་མངོན་དུ་མི་བྱེད་པར་རིགས་ནའང་གཟུགས་སུ་ཅིས་མི་བྱེད་སྙམ་ན། གཙོ་བོར་འདོད་པ་སུན་འབྱིན་བྱེད་ཡིན་ན་གཟུགས་ཁམས་སུ་སྐྱེས་པ་ན། འདོད་པའི་འདོད་ཆགས་དང་བྲལ་བ་དང་། ས་ འཕོས་པས་དེ་བཏང་བས་སུན་མི་འབྱིན་ལ། འདོད་ཁམས་སུ་སྐྱེས་པ་ནི་འདོད་ཆགས་དང་བྲལ་ཀྱང་འདོད་ཁམས་ཀྱི་ཕུང་པོའི་ལྷག་མ་ལུས་པའི་ཕྱིར། ཆོས་ཤེས་མངོན་དུ་བྱེད་ཅེས་ཁ་ཅིག་ཟེར་ལ། འདུས་བཟང་ན་རེ། ཆོས་ཤེས་ནི་འདོད་པ་ཁོ་ནར་མངོན་དུ་བྱེད་ཀྱི། ཁམས་གོང་མ་གཉིས་སུ་མ་ཡིན་ཏེ། ཆོས་ཤེས་དེ་ལ་སྙོམས་པར་འཇུག་ལྡང་གི་སེམས་རྣམས་འདོད་པ་ཁོ་ནར་ཡོད་པའི་ཕྱིར། ཡང་ན་འདོད་ཁམས་ཀྱི་འཆལ་ཚུལ་གྱི་གཉེན་པོ་སྤོང་བ་བདུན་ཡིན་ལ། ཆོས་ཤེས་དང་སྤོང་བདུན་འཚོགས་པ་གཅིག་ཏུ་སྐྱེས་ཙ་ན། སྤོང་བ་ བདུན་གྱི་རྟེན་གྱི་འབྱུང་བ་འདོད་ཁམས་ན་ཡོད་ཀྱི། གཟུགས་ཁམས་ན་མེད་པས་འཚོགས་པ་གཅིག་པོ་དེ་འཕྲལ་དུ་མི་ཉན་པས། གཟུགས་ཁམས་ཀྱི་རྟེན་ལ་ཆོས་ཤེས་མེད་ཟེར་རོ། །སེམས་ཤེས་ཆོས་ཤེས་མ་གཏོགས་གཞན་བརྒྱད་ན་ཁམས་གསུམ་པའི་རྟེན་ཅན་ནོ། ། 3-1-333b བཞི་པ་ནི། འགོག་བློ་དྲན་པ་ཉེར་གཞག་པ། །གཅིག་སྟེ་ཕ་རོལ་སེམས་བློ་ནི། །གསུམ་མོ་ལྷག་མ་བཞི་ཡིན་ནོ། །དྲན་པ་ཉེར་བཞག་གིས་བསྡུས་པ་བརྗོད་དེ། འགོག་བློ་ནི་ཆོས་དྲན་པ་ཉེར་གཞག་གཅིག་སྟེ་བློ་དང་ཤེས་རབ་དང་ཤེས་པ་ཞེས་རྣམ་གྲངས་སོ། །ཕ་རོལ་སེམས་བློ་སྟེ་སེམས་ཤེས་ན་དྲན་པ་ཉེར་གཞག་གསུམ་སྟེ། ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེར་གཞག་ གོ། འགོག་ཤེས་དང་ཕ་རོལ་སེམས་ཤེས་ཀྱི་ལྷག་མ་ཤེས་པ་བརྒྱད་ནི་དྲན་པ་ཉེར་གཞག་བཞིའི་ངོ་བོ་ཡིན་ཏེ། སྡུག་ཀུན་ཤེས་པས་རེས་ལུས་ནས་ཆོས་ཀྱི་བར་དམིགས། ལམ་ཤེས་ཀྱང་གལ་ཏེ་ཟག་མེད་ཀྱི་སྡོམ་པ་ལ་དམིགས་ན་དེ་ལུས་དྲན་པ་ཉེར་གཞག་ལ་དམིགས་པ་ ཡིན་ནོ། །ལྔ་པ་ལ། ཤེས་པ་གང་གི་དམིགས་པ་ཤེས་པ་དུ་ཡིན་པ། ཆོས་དུ་མ་ལ་ཡུལ་ཅན་གང་གིས་དམིགས་པ། ཤེས་པ་གཅིག་གིས་ཅི་ཙམ་ཤེས་པའོ། །དང་པོ་ནི། ཆོས་བློའི་སྤྱོད་ཡུལ་དགུ་ཡིན་ནོ། །ལམ་རྗེས་བློ་ཡི་དགུ་ཡིན་ནོ། །སྡུག་བསྔལ་རྒྱུ་བློའི་གཉིས་ཡིན་ནོ། །བཞི་ཡི་བཅུ་ཡིན་གཅིག་གི་མིན། །ཤེས་པ་གང་གིས་དམིགས་པ་ཤེས་པ་དུ་ཡིན་པ་ནི། ཆོས་བློ་སྟེ་ཤེས་པའི་སྤྱོད་ཡུལ་དགུ་ཡིན་ནོ་སྟེ་ རྗེས་ཤེས་མ་གཏོགས་པའི་ཕྱིར། དེའང་ཆོས་ཤེས་ཀྱི་བདེན་པ་བཞི་ཤེས་པ་ཡིན་ལ། བདེན་པ་བཞིའི་ནང་ན་ལམ་ཡོད་ཙམ་ན་ལམ་དེ་ག་སྡུག་ཀུན་འགོག་ལམ་ཤེས་པ་ཡིན། ཟད་མི་སྐྱེ་ཤེས་པ་ཡིན། ལམ་དེའི་ནང་ན་ཟག་མེད་ཕ་རོལ་སེམས་ཤེས་ཞིག་ཡོད་པ་ཡུལ་དུ་བྱེད། སྡུག་ཀུན་གྱི་ནང་ན་ཀུན་རྫོབ་ཤེས་པ་དང་ཕ་རོལ་ཟག་བཅས་ཤེས་པ་ཡོད་པས་སྡུག་ཀུན་ཤེས་པ་གཉིས་ཡུལ་དུ་བྱེད་དོ། །རྗེས་བློའི་དམིགས་པ་ནི་དགུ་ཡིན་ནོ་སྟེ་ཆོས་ཤེས་པ་མ་གཏོགས་སོ། །ལམ་ཤེས་པའི་དམིགས་པ་ཡང་དགུ་སྟེ། ཟག་མེད་ལ་དམིགས་པ་ངེས་པས་ཀུན་རྫོབ་ཤེས་ པ་མ་གཏོགས་པའི་ཕྱིར། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་བློའི་དམིགས་པ་ནི་གཉིས་ཡིན་ནོ་སྟེ་ཀུན་རྫོབ་དང་གཞན་སེམས་ཤེས་པ་སྟེ་ཀུན་རྫོབ་ཤེས་པ་སྡུག་ཀུན་གྱི་ནང་དུ་གཏོགས་ལ། སེམས་ཤེས་ཟག་བཅས་ཀྱང་བསྡུས་པའི་ཕྱིར། ཀུན་རྫོབ། གཞན་སེམས། ཟད་པ། མི་སྐྱེ་ 3-1-334a བ་ཤེས་པ་བཞིའི་དམིགས་པ་ནི། ཤེས་པ་བཅུ་ཅར་ཏེ། དེའང་ཀུན་རྫོབ་ཤས་པས་ནི་ཆོས་ཐམས་ཅད་ཤེས་ལ། སེམས་ཤེས་ཟག་མེད་ཀྱིས་དམིགས་པ་ནི་ཤེས་པ་དགུ་ཡིན་ལ། ཟག་བཅས་ནི་ཀུན་རྫོབ་ཤེས་པ་དང་ཕ་རོལ་སེམས་ཤེས་ཟག་བཅས་ཡིན་ནོ། ། ཟད་མི་སྐྱེ་ཤེས་པ་ནི་བདེན་བཞི་ཤེས་པ་ཡིན་ལ། བདེན་བཞིའི་ནང་ན་ལམ་ཡོད་ཙ་ན། ལམ་ནི་སྡུག་ཀུན་འགོག་ལམ་ཟད་མི་སྐྱེ་ཤེས་པ་ཡིན། ལམ་གྱི་ནང་ན་ཟག་མེད་སེམས་ཤེས་ཡོད་པས་བདུན། ལམ་ཤེས་པ་རྗེས་ཤེས་ཤེས་པ་བརྒྱད། ལམ་ཤེས་པ་ཆོས་ཤེས་ཤེས་པ་དགུ། སྡུག་ཀུན་ གྱི་ནང་ན་ཀུན་རྫོབ་ཤེས་པ་དང་ཕ་རོལ་ཟག་བཅས་ཤེས་པ་ཡོད་པས། ཤེས་པ་བཅུ་ཀ་དེ་གཉིས་ཀྱི་ཡུལ་དུ་འགྲོའོ། །འགོག་པ་ཤེས་པ་གཅིག་པུའི་དམིགས་པ་ནི་ཤེས་པ་གང་ཡང་མིན་ཏེ། དེ་ནི་བརྟགས་འགོག་ཁོ་ན་ལས་དམིགས་པས་ཤེས་པའི་རང་བཞིན་མ་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་བཅུ་དག་ནི་སྦྱར་བར་བྱ། །ཁམས་གསུམ་པ་དང་དྲི་མེད་ཆོས། །འདུས་མ་བྱས་རྣམས་གཉིས་གཉིས་སོ། ། ཡང་ཤེས་པའི་ཆོས་རྣམ་པ་བཅུར་ཕྱེ་ལ། ཆོས་བཅུ་པོ་དག་ནི་ཤེས་པ་དུ་ཞིག་གི་ཡུལ་དུ་འགྱུར་བ་སྦྱར་ཏེ་ཤེས་པར་བྱ་བ་ལས། ཆོས་བཅུའི་ཆོས་འདུས་བྱས་ལ་ཁམས་གསུམ་པའི་ཆོས་དང་། ཟག་པ་མེད་པ་དྲི་མ་མེད་པའི་ཆོས་བཞི་ལས། སེམས་བྱུང་གི་མཚུངས་པར་ལྡན་པ་དང་། ཐོབ་སོགས་ལྡན་པ་མིན་པས་གཉིས་ཀྱིས་ཕྱེ་བས་བརྒྱད་དོ། །ཆོས་འདུས་མ་བྱས་རྣམས་ལ་བརྟགས་འགོག་ནི་མཆོག་ཏུ་བདེ་བས་དགེ་བ་དང་ནམ་མཁའ་དང་བརྟགས་མིན་ལུང་མ་བསྟན་ཏེ་རྣམ་པ་གཉིས་སོ། །དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པ་ནི་བཅུ་ཅར་ཏེ། ཆོས་ཤེས་པ་ནི་ལྔ་སྟེ། འདོད་པ་སྤྱོད་པ་དང་། ཟག་མེད་ལ་མཚུངས་ལྡན་ཡིན་མིན་གྱི་བཞི་དང་འདུས་མ་བྱས་དགེ་བ་སྟེ་ལྔའོ། །རྗེས་སུ་ཤེས་པ་བདུན་ཏེ། གཟུགས་དང་གཟུགས་མེད་དུ་གཏོགས་པ་དང་། ཟག་མེད་ལ་སྔར་གྱི་དགེ་བས་དྲུག་དང་། འདུས་མ་བྱས་དགེ་བའོ། །སྡུག་བསྔལ་དང་རྒྱུ་ཤེས་ 3-1-334b དག་གིས་དྲུག་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་གསུམ་ལ་གཉིས་སུ་ཕྱེ་བས་དྲུག་གོ། འགོག་པ་ཤེས་པ་གཅིག་ཡིན་ཏེ། འདུས་མ་བྱས་དགེ་བའོ། །ལམ་ཤེས་པའི་གཉིས་ཡིན་ཏེ། ཟག་མེད་གཉིས་སོ། །གཞན་གྱི་སེམས་ཤེས་པ་ནི་གསུམ་སྟེ། ཟག་མེད་ཀྱི་མཚུངས་ལྡན་ཏེ། མི་ལྡན་པ་མ་ གཏོགས་སོ། །ཟད་དང་མི་སྐྱེ་ཤེས་པ་ནི་དགུ་སྟེ། ལུང་མ་བསྟན་གྱི་འདུས་མ་བྱས་མ་གཏོགས་པའོ། །གསུམ་པ་ནི། ཀུན་རྫོབ་གཅིག་པུས་རང་ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འགྱུར། །ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཤེས་པར་འགྱུར་བ་ནི་མེད་དོ། །མདོ་ལས་བཀའ་སྩལ་པ། ཀྱེ་ངས་དེ་སྐད་དུ་སྨྲས་པ་ནི་དྲན་མོད་ཀྱི། འོན་ཀྱང་དགེ་སྦྱོང་དང་བྲམ་ཟེ་ཡང་རུང་། གང་ གཅིག་ཅར་ཐམས་ཅད་ཤེས་པའམ་མཐོང་བ་དེ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ་ཞེས་འབྱུང་ངོ་། །འོན་ཀྱང་ཀུན་རྫོབ་ཤེས་པ་གཅིག་པུ་རང་གི་ངོ་བོ་དང་ཚོགས་ཏེ་རང་དང་ལྷན་ཅིག་འབྱུང་བའི་ཆོས་མཚུངས་ལྡན་དང་དེ་མ་ཡིན་པ་ལས་གཞན་པའི་ཆོས་ཐམས་ཅད་ནི་བདག་མེད་པ་ཉིད་དུ་སྐད་ཅིག་མ་གཅིག་ ལ་རིག་པར་འགྱུར་ཏེ། ཀུན་རྫོབ་ཤེས་པ་དེའང་མོས་པས་སྤྱོད་པའི་ས་དག་ན་ཐོས་བསམ་ལས་བྱུང་བའི་ཆོས་ཐམས་ཅད་བདག་མེད་དོ་ཞེས་ཡིད་ལ་བྱེད་པའི་ཕྱིར་རོ། །སྐད་ཅིག་མ་གཉིས་པའི་ཡུལ་དུ་དང་པོའང་འགྱུར་བས་སྐད་ཅིག་གཉིས་ཀྱི་ཡུལ་དུ་ནི་ཆོས་ཐམས་ཅད་འགྱུར་རོ། །ཀུན་རྫོབ་ཤེས་པ་དེས་ རང་གིས་རང་ཉིད་ནི་ཡུལ་དུ་མི་བྱེད་དེ། ཡུལ་དང་ཡུལ་ཅན་དེ་དག་ལ་ཐ་དད་ཀྱིས་ཁྱབ་པ་ལས། དེ་ལྟར་ན་ཡུལ་དང་ཡུལ་ཅན་ཐ་དད་མེད་པའི་ཕྱིར་དང་། མ་ཁྱབ་སྙམ་ན་ཁྱབ་སྟེ། རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར། རལ་གྲིས་རང་མི་གཅོད་པ་བཞིན་རང་དང་ལྷན་ཅིག་འབྱུང་བའི་མཚུངས་ལྡན་རྣམས་ཀྱང་ མི་རིག །རིག་ན་ཚོར་བས་ཚོར་བ་རིག་དགོས་ཏེ། གཙོ་འཁོར་དམིགས་པ་མཚུངས་པའི་ཕྱིར། འདོད་ན་གཙོ་སེམས་ཀྱིས་གཙོ་སེམས་རིག་དགོས་པར་ཐལ། གཙོ་འཁོར་དམིགས་པ་མཚུངས་པའི་ཕྱིར། འདོད་ན་རང་གིས་རང་ཉིད་དམིགས་པར་ཐལ། དེ་དག་དམིགས་པ་གཅིག་པའི་ཕྱིར། འདོད་པ་ནི་མིན་ཏེ། བྱེ་སྨྲས་ 3-1-335a རང་རིག་མི་འདོད་པས་སོ། །རང་དང་ལྷན་ཅིག་འབྱུང་བའི་ལྡན་པ་མ་ཡིན་པ་སྐྱེ་སོགས་རྣམས་ཀྱང་མི་འཛིན་ཏེ། ཧ་ཅང་ཉེ་བའི་ཕྱིར། མིག་སྨན་དང་མིག་གི་ཐུར་མ་བཞིན་ནོ། །དེ་ཡང་འདོད་པ་ན་ཐོས་བསམ་གཉིས་ཀ་དང་། སྒོམ་པ་ལས་བྱུང་བས་ནི་ཆོས་ཐམས་ཅད་ བདག་མེད་པ་ཉིད་དུ་གཅིག་པར་ཤེས་པ་མིན་ཏེ། དེ་ནི་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་ས་རྣམ་པར་ཆད་པ་ཁོ་ན་ལ་དམིགས་པའི་ཕྱིར་ཏེ། བར་ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་རྣམས་གོ་རིམ་བཞིན་ས་འོག་མ་འོག་མ་དང་གོང་མ་གོང་མ་ལ་དམིགས་པའི་ཕྱིར། དེ་ལྟར་ མིན་པར་ས་ཐམས་ཅད་ལ་དམིགས་ན་གོང་འོག་ཐམས་ཅད་ལ་གཅིག་ཅར་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེའང་འདོད་མི་ནུས་ཏེ། ངེས་འབྱེད་ཆ་མཐུན་གྱིས་བསྡུས་པ་གང་གི་དམིགས་པ་འདོད་ཁམས་ཡིན་པ་དེའི་ཁམས་གཞན་དག་མ་ཡིན་ནོ། །གང་གི་དམིགས་ པ་གཞན་དག་ཡིན་པ་དེའི་འདོད་ཁམས་མ་ཡིན་ནོ། །མི་སྡུག་པ་དང་ཟད་པར་ཟིལ་གནོན་གྱི་སྐྱེ་མཆེད་སོགས་དང་། རྣམ་པར་སུན་འབྱིན་པའི་ལམ་གྱིས་བསྡུས་པའི་དམིགས་པ་ནི་འདོད་པ་ཁོ་ན་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱེ་སྨྲ་ཟེར་ལ། མདོ་སྡེ་པས་རང་རིག་འདོད་པས་ རང་གི་ཚོགས་པའང་བདག་མེད་པར་ཤེས་པར་འདོད་ལ། ཐེག་པ་གོང་མ་པ་ནི་སྒོམ་བྱུང་གི་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་ཤེས་པ་ཡིན་ལ། གཅིག་ཅར་འདོད་ཆགས་དང་བྲལ་བའང་འདོད་དོ། །འདིར་སྨྲས་པ། བློ་ན་རིང་མོ་ཞིག་ནས་ཐེག་པ་ཆེ་འདིར་ཞུགས། ། འགྲོ་ཁམས་བཟོད་མེད་སྡུག་བསྔལ་འདི་ནི་སྙིང་ལ་གཟེར། །དེ་ལ་གཅིག་ཏུ་སྨན་པའི་སེམས་ནི་དྲག་ཏུ་དར། །དེ་ལྟར་ནའང་བློ་ཡི་ནུས་པ་མ་ཐོབ་ངལ་བ་ཅན། །ཀྱེ་མ། རང་བློས་ལེགས་པར་སེམས་ལ་ལེགས་པར་སྤྱོད། །རང་འདོད་དབེན་པ་གོམས་པའི་དབེན་པ་ཅན། ། 3-1-335b བྱང་ཆེན་སྤྱོད་པ་དམ་པའི་སྤྱོད་རྗེས་ལ། །སྙིང་ནས་མོས་པ་ཐོབ་པའི་མོས་པ་དེ། །ཨེ་མ། དབྱར་མཚོ་ལྟ་བུར་གྱུར་བཞིན་པས། ཁོང་ནས་རྩེ་ཤུགས་འབར་བ་ཡང་། །དུས་འདིར་བཟོད་པར་མི་འཚལ་བའི། །དགའ་གདུང་ལྷན་ཅིག་སྟོབས་སུ་གྱུར། །(གཉིས་པ་)ལྡན་པ་བཤད་པ་ ནི། ཟག་མེད་སྐད་ཅིག་དང་པོ་ལ། །ཆགས་ཅན་ཤེས་པ་གཅིག་དང་ལྡན། །གཉིས་པ་ལ་གསུམ་ཡན་ཆད་ནི། །བཞི་ལ་རེ་རེ་འཕེལ་དང་ལྡན། །གང་ཟག་གང་ཤེས་པ་དུ་དང་ལྡན་ཅེ་ན། སོ་སྐྱེ་ནི་ཀུན་རྫོབ་ཤེས་པ་གཅིག་པུ་དང་ལྡན། འདོད་པ་ལས་ཆགས་བྲལ་ཞིག་ཡིན་ན་སེམས་ཤེས་དང་ཡང་ལྡན། འཕགས་པ་ནི་ཆགས་ཅན་ཏེ། འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ཞིག་ཡིན་ན། ཟག་མེད་སྐད་ཅིག་ དང་པོ་སྡུག་བསྔལ་ཆོས་བཟོད་དང་ལྡན་པ་ལ་ཀུན་རྫོབ་ཤེས་པ་གཅིག་དང་ལྡན་ཏེ། དྲི་མེད་བཟོད་རྣམས་ཤེས་པ་མིན་ལ། ཤེས་པ་གཞན་དང་ཡང་མི་ལྡན་པའི་ཕྱིར། སྐད་ཅིག་གཉིས་པ་སྡུག་བསྔལ་ལ་ཆོས་ཤེས་ལ་གསུམ་དང་ལྡན་ཏེ། ཀུན་རྫོབ་ཤེས་པ་དང་། འདོད་པའི་སྡུག་ བསྔལ་ཤེས་པ་དེ་ཉིད་ཆོས་ཤེས་ཀྱང་ཡིན་པའི་ཕྱིར། དེ་ཡན་ཆད་ཀྱི་སྐད་ཅིག་མ་སྡུག་བསྔལ་ལ་རྗེས་ཤེས་དང་། ཀུན་འབྱུང་འགོག་ལམ་ལ་ཆོས་ཤེས་བཞི་ལ་ནི་སྔར་གསུམ་པའི་སྟེང་དུ་རིམ་པ་ལྟར་བཞི་དང་ལྔ་དང་དྲུག་དང་བདུན་དང་ལྡན་ཏེ། རིམ་པ་ལྟར་གོང་མའི་སྡུག་བསྔལ་ དང་། འདོད་པའི་ཀུན་འབྱུང་འགོག་ལམ་ལ་གསར་དུ་ཤེས་པའི་སྡུག་བསྔལ་རྗེས་ཤེས་དང་། ཀུན་འགོག་ལམ་གྱི་ཆོས་ཤེས་རེ་རེ་འཕེལ་བའི་ཕྱིར། འཕགས་པ་འདོད་ལས་ཆགས་བྲལ་ཡིན་ན་སྡུག་བསྔལ་ཆོས་བཟོད་ནས་ལམ་ལ་ཆོས་ཤེས་ཀྱི་བར་ཐམས་ཅད་དུ་སེམས་ཤེས་ ཀྱང་བསྣན་ཏོ། །བཟོད་པ་ཕྱི་མ་བདུན་དང་རྗེས་ཤེས་ཕྱི་མ་གསུམ་ལ་ནི་ཤེས་པ་སྔར་མེད་གསར་དུ་འཕེལ་བ་མེད་དེ། བཟོད་པ་ཤེས་པ་མིན་ཅིང་རྗེས་ཤེས་ནི་སྔར་ནས་བགྲངས་ཟིན་པའི་ཕྱིར། ཁ་ཅིག་ལམ་ལ་རྗེས་ཤེས་ཀྱི་ཚེ་ན་ཆགས་བཅས་ལ་ལམ་ཤེས་པ་དེ་ཉིད་དང་ཆགས་བྲལ་ 3-1-336a ལ་ཕ་རོལ་སེམས་ཤེས་དང་གཉིས་ལྡན་གྱི་གཞན་ནི་མ་ཡིན་ཏེ། འབྲས་བུ་ཐོབ་པས་ཤེས་པ་སྔ་མ་རྣམས་བཏང་བའི་ཕྱིར་ཏེ། འཕགས་པ་འབྲས་བུ་ཐོབ་སྦྱངས་ཉམས་པ་ལས་ཞེས་འཆད་མོད། རྒྱལ་སྲས་མར། ལམ་ལ་རྗེས་སུ་ཤེས་པ་ལས་ནི་འདོད་ཆགས་ དང་མ་བྲལ་བ་ཞིག་ཡིན་ན་བདུན་པོ་དེ་དག་དང་ལྡན་ནོ། །འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་བརྒྱད་དེ། དེ་དག་དང་གཞན་གྱི་སེམས་ཤེས་པ་དང་ལྡན་ནོ། །ཞེས་བཤད་དོ། །དེ་བཞིན་སྒོམ་ལམ་ལ་གནས་པའང་འདོད་པ་ལ་ཆགས་བཅས་ཤིག་ཡིན་ན། ཕ་རོལ་གྱི་སེམས་ཤེས་ པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་བདུན་དང་། ཆགས་བྲལ་ཞིག་ཡིན་ན་ཕ་རོལ་སེམས་ཤེས་བསྣན་ཏེ་བརྒྱད་དོ། །མི་སློབ་ལམ་ལ་གནས་པ་ནི། ཤེས་རབ་རྣམ་གྲོལ་ལ་སེམས་ཤེས་མ་གཏོགས་དགུ་དང་། གཉིས་ཀའི་ཆ་ལས་རྣམ་གྲོལ་ལ་བཅུ་དང་ལྡན་ནོ། ། གསུམ་པ་ཤེས་པ་ཐོབ་ཚུལ་ལ། མཐོང་ལམ་གྱི་སྐབས་སུ་ཐོབ་པ། ལམ་གཞན་དུ་ཐོབ་པ། ལམ་གང་ལས་དུ་ཐོབ་པ། ཐོབ་པའི་དབྱེ་བའོ། །དང་པོ་ནི། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པ་ཇི་ལྟར་སྐྱེས་པ་རྣམས། །མ་འོངས་པ་འཐོབ་དེ་ཉིད་ལ། །རྗེས་གསུམ་ལ་ནི་ཀུན་རྫོབ་ཀྱང་། །དེ་ཕྱིར་མངོན་རྟོགས་མཐའ་ཞེས་བྱ། །དེ་ནི་མི་སྐྱེའི་ཆོས་ཅན་ཡིན། །རང་དང་འོག་ས་འགོག་པའི་མཐའ། །རང་བདེན་རྣམ་ཅན་འབད་ལས་བྱུང་། །ཡང་གནས་སྐབས་གང་དུ་ཤེས་པ་དུ་ཐོབ་ཅེ་ན། མཐོང་བའི་ལམ་ལ་ནི་བཟོད་པ་བརྒྱད་དང་ཤེས་པ་བདུན་པོ་ཇི་ལྟར་སྐྱེས་ པ་རྣམས་རང་རང་གི་རིགས་མ་འོངས་པ་རྣམ་པ་བཞི་རེ་ཐོབ་སྟེ། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མི་རྟག་པ་ལ་སོགས་པའི་རྣམ་པ་བཞི་ཐོབ་ལ། དེར་རྣམ་པ་མི་འདྲ་བ་དང་བདེན་པ་གཞན་གྱི་ཡུན་ནི་མ་ཡིན་པའི་ཕྱིར། དེའང་སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་ སྐྱེས་པ་ན། ས་གང་ལ་བརྟེན་ནས་སྐྱེས་པ་དེ་ནི་ད་ལྟ་བ་དང་མ་འོངས་པ་ཐོབ་ལ། ས་གཞན་ལ་བརྟེན་པ་ནི་མ་འོངས་པ་ཁོ་ན་ཐོབ་སྟེ། དེའང་མི་སྐྱེ་བའི་ཆོས་ཅན་དག་ཡིན་གྱི། སྐྱེ་བའི་ཆོས་ཅན་ནི་མ་ཡིན་ཏེ། མཐོང་ལམ་ལན་དུ་མར་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལྟར་ཐམས་ 3-1-336b ཅད་ལའང་སྦྱར་རོ། །ཅིའི་ཕྱིར་མཐོང་བའི་ལམ་ལ་ཤེས་པ་འདྲ་བའི་རྣམ་པ་ཁོ་ན་ཐོབ་ཅེ་ན། སྒོམ་པའི་ལམ་ལ་ནི་ཤེས་པ་སྐལ་བ་མི་མཉམ་པ་ཐོབ་པ་ཡོད་པ་ལས་ཁྱད་པར་དུ་བྱས་ལ། སྒོམ་པའི་ལམ་ལ་ནི་ཤེས་པ་དང་འདྲ་བའི་རྣམ་པ་འདྲ་བའང་ཡོད་པ་མ་ཡིན་ལ། བཟོད་ པའི་རྣམ་པ་མ་དྲིས་པ་ནི་བཟོད་པ་དཔེར་བཀོད་པ་ཉིད་ཀྱིས་ཤེས་པའི་རྣམ་པའང་རྟོགས་པར་འགྱུར་རོ། །མཐོང་ལམ་ལའང་ཤེས་པ་དང་འདྲ་བའི་རྣམ་པ་ཁོ་ནའི་རིགས་ཐོབ་སྟེ། སྐལ་བ་མཉམ་པའི་རྒྱུ་གཞན་གྱི་རིགས་རྣམས་མ་ཐོབ་པའི་ཕྱིར་ཏེ་སྐལ་བ་དང་མཉམ་པའི་རིགས་ནི་མི་ རྟག་པ་སོགས་བཞི་སྟེ། བཟོད་པས་བསྡུས་པའི་ཕྱིར་དང་། དམིགས་པ་ཐ་མི་དད་པའི་ཕྱིར་དང་། དེ་དང་མི་མཉམ་པའི་རིགས་ནི་ཀུན་འབྱུང་ཆོས་ཤེས་སོགས་ཡིན་ཏེ། བཟོད་པ་ལས་གཞན་ཤེས་པས་བསྡུས་པའི་ཕྱིར་དང་། དམིགས་པ་ཐ་དད་པའི་ཕྱིར་རོ། །མཐོང་བའི་ ལམ་ལ་བཟོད་པ་དང་། ཤེས་པ་ཇི་ལྟར་སྐྱེས་པ་རྣམས་མ་འོངས་པ་ཐོབ་ཅེས་རྒྱས་པར་བཤད་པ་ཡིན་ནོ། །སྒོམ་ལམ་ལ་ནི་ཤེས་པ་རིགས་འདྲ་བ་དང་མི་འདྲ་བ་དེ་དག་གི་རྣམ་པའང་ཐམས་ཅད་མངོན་སུམ་དུ་འགྱུར་བའི་ཕྱིར་ཐམས་ཅད་རྒྱུ་ཐོབ་པས་མཐོང་ལམ་ལས་ཁྱད་པར་ འཕགས་པའི་རྣམ་པ་མ་འོངས་པ་ཐོབ་པར་འགྱུར་རོ། །འོ་ན་མཐོང་བའི་ལམ་ལ་རིགས་མི་འདྲ་བ་མི་ཐོབ་བམ་ཞེ་ན། མཐོང་བའི་ལམ་དེ་ལ་སྡུག་བསྔལ་དང་ཀུན་འབྱུང་འགོག་པ་ལ་རྗེས་སུ་ཤེས་པ་གསུམ་ལ་ནི་སྔོན་མ་ཐོབ་པ་ལས་ཀུན་རྫོབ་ཤེས་པའང་ཐོབ་པའི་ཕྱིར་མི་འདྲ་ བ་ཐོབ་བོ། །གསུམ་པ་དེའི་ཆོས་ཤེས་ལ་ནི་ཐོབ་པ་མ་ཡིན་ཏེ། ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་མ་ཤེས་ཤིང་ཀུན་འབྱུང་མ་སྤངས་ལ། འགོག་པ་མངོན་དུ་མ་བྱས་པས་བདེན་པར་ཟད་པར་མ་རྟོགས་པའི་ཕྱིར། ཀུན་རྫོབ་ཤེས་པ་དེ་ནི་མངོན་པར་རྟོགས་པའི་ 3-1-337a མཐའ་ལས་བྱུང་བ་ཞེས་བྱ་སྟེ། བདེན་པ་གསུམ་པོ་རེ་རེ་ཟད་པར་རྟོགས་པའི་རྗེས་ལ་ཐོབ་པ་དེའི་ཕྱིར། ལམ་རྗེས་སུ་ཤེས་པ་ན་ཀུན་རྫོབ་ཤེས་པ་མི་ཐོབ་སྟེ། སྔོན་ཐོག་མ་མེད་པའི་འཁོར་བ་ན་འཇིག་རྟེན་པའི་ལམ་གྱིས་བདེན་པ་དང་པོ་གསུམ་རྟོགས་ཀྱི། ཀུན་ རྫོབ་ཤེས་པས་ལམ་བདེན་ནི་ནམ་ཡང་རྟོགས་མི་སྲིད་པའི་ཕྱིར། འདི་ནི་བདེན་པ་ཟད་པར་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཡིན་ན་ཆོས་ཅན། ལམ་ཟད་པར་སྡོམ་པར་མི་ནུས་ཏེ། ཉན་རང་སངས་རྒྱས་གསུམ་གྱི་ལམ་རིགས་མང་ཞིང་དེ་དག་རེ་རེ་ལའང་ཆུང་འབྲིང་ སོགས་ཀྱི་དབྱེ་བ་མཐའ་མེད་པས་དེ་དག་དུས་གཅིག་གིས་བསྒོམ་མི་ནུས་ལ། གཞན་རྒྱུད་ལ་ཡོད་པ་བསྒོམ་མི་ནུས་ཤིང་རང་རྒྱུད་ལ་རྙེད་ཟིན་བརྒྱའི་ཆར་ཡང་མངོན་དུ་བྱར་མི་ནུས་པའི་ཕྱིར། དེ་ན་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་མ་ཐོབ་བོ། །འོ་ན་ཀུན་འབྱུང་རྗེས་སུ་ ཤེས་པའང་ཐོབ་པར་མི་འགྱུར་ཏེ། ཀུན་འབྱུང་མཐའ་དག་མ་སྤངས་པའི་ཕྱིར་ཏེ། ཀུན་འབྱུང་ལ་རྗེས་ཤེས་ཀྱི་ཚེ་ཀུན་འབྱུང་འགོག་ལམ་མཐོང་སྤོང་གི་ཉོན་མོངས་ཀུན་འབྱུང་སྤངས་པ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཀུན་འབྱུང་དེའི་བདེན་པ་མཐོང་བས་དེའི་ལོག་ཞུགས་ ཐམས་ཅད་སྤང་བའི་ཕྱིར། ཐོབ་པར་འཐད་དོ། །འོ་ན་ལམ་ལ་ཡང་འདྲ་སྟེ། ལམ་གྱི་བདེན་པ་མཐོང་བས་སྤང་བར་བྱ་བ་ཐམས་ཅད་སྤངས་པའི་ཕྱིར་སྙམ་ན། མི་མཚུངས་པའི་ཁྱད་པར་ཆེར་ཡོད་དེ། ལམ་ནི་རིགས་ཅན་གསུམ་གྱི་ལུས་ཀྱི་རྒྱུད་ཀྱི་ནུས་པའི་ཁྱད་པར་ཡིན་ལ། ཉན་ ཐོས་ལྟ་བུ་ལའང་ཆུང་འབྲིང་ཆེན་པོ་མང་བས་རང་ལམ་གྱི་མཐོང་སྤོང་གི་གཉེན་པོ་འགའ་ཞིག་ཁོ་ནར་བསྒོམ་གྱི། ལམ་མཐའ་དག་བསྒོམ་པར་མི་ནུས་པའི་ཕྱིར་མི་ཐོབ་བོ། །གཞན་དག་ན་རེ། ཀུན་རྫོབ་ཤེས་པ་ཆོས་ཅན། བདེན་པ་གསུམ་གྱི་རྗེས་ལ་ཐོབ་སྟེ། དེ་མཐོང་ལམ་གྱི་ 3-1-337b འཁོར་ཡིན་པའི་ཕྱིར། ལམ་གྱི་རྗེས་ལ་ནི་མ་ཡིན་ཏེ། ལམ་ལ་རྗེས་ཤེས་ནི་སྒོམ་ལམ་ཡིན་པའི་ཕྱིར། དེ་ལྟར་ན་མཐོང་ལམ་གྱི་འཁོར་དེ་སྒོམ་ལམ་གྱི་དུས་ཅི་ལ་སྐྱེ་སྙམ་མོ་ཞེས་ཟེར་རོ། །མཐོང་ལམ་ཁོ་ནའི་འཁོར་ཡིན་པའི་སྒོམ་ལམ་གྱི་དུས་སུ་མི་སྐྱེ་བའི་གཏན་ཚིགས་འདི་ནི་མ་གྲུབ་ པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ཀུན་རྫོབ་ཤེས་པ་སྒོམ་ལམ་གྱི་དུས་སུ་མི་སྐྱེ་བའི་ཤེས་བྱེད་དུ་འགྲོ་བ་མ་ཡིན་ནོ། །འོ་ན་ཀུན་རྫོབ་ཤེས་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་དེ་རེས་འགའ་མངོན་དུ་བྱེད་དམ་ཞེ་ན། ཀུན་རྫོབ་ཤེས་པ་དེ་ནི་གཅིག་ཏུ་མི་སྐྱེ་བའི་ཆོས་ཅན་ཡིན་པས་ ནམ་ཡང་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །སློབ་དཔོན་གྱིས། ཡེ་མི་སྐྱེ་ན་ཅི་ལྟར་དེ་ཐོབ་པ་ཡིན་དྲིས་པས། བྱེ་སྨྲས་ཐོག་མེད་ཀྱི་འཁོར་བར་སྔར་མ་རྙེད་པ་ལས་བདེན་པ་གསུམ་རྟོགས་པའི་མཐར་རྙེད་པའི་ཕྱིར། དེ་ཐོབ་པར་བཞག་གོ་ཞེ་ན། དེ་ན་གལ་ཏེ་ཅི་ལྟར་ན་དེ་རྙེད་པ་ཡིན་ཏེ་མ་ཡིན་པར་ ཐལ། མི་སྐྱེ་བས་དེ་མངོན་སུམ་དུ་བྱ་མི་ནུས་པའི་ཕྱིར་བྱས་པ་ལ་སྐབས་དེར། ཐོབ་པ་སྐྱེས་པའི་སྒོ་ནས་དེའི་ཚེ་དེ་རྙེད་པར་བཞག་གོ་ཞེས་ཟེར་རོ། །སྨྲ་བ་དེ་ལ་སློབ་དཔོན་ཐུགས་མ་རངས་ནས། ཐོབ་པ་དང་རྙེད་པ་དོན་གཅིག་པ་ཐོབ་པའི་ཚེ་རྙེད་ཅེས་བརྗོད་པ་ནི། ཡེ་མི་སྐྱེ་ན་ཅི་ལྟར་ ཐོབ་བྱས་པ་ལ་གང་གི་ཕྱིར་རྙེད་པ་དེའི་ཕྱིར་རམ་དེའི་སྒོ་ནས་རྙེད་ཅེས་བཀོད་པའམ་སྟོན་པ་འདི་ནི་བསྒྲུབ་བྱ་ཉིད་སྒྲུབ་བྱེད་ལ་བཀོད་པ་སྔོན་མ་བྱུང་བའི་རྣམ་གྲངས་ཡིན་ཏེ། རིགས་པ་དང་བྲལ་བར་བརྗོད་པའི་ཕྱིར། དེ་བས་ན་དེ་ལྟར་ན་ནི་ཐོབ་པ་འགྲུབ་པར་མི་འགྱུར་བ་ཉིད་ཀྱིས་སྔོན་གྱི་སློབ་ དཔོན་དག་ཇི་སྐད་ཟེར་བ་དེ་ལྟར་ན་འགྲུབ་པར་འགྱུར་རོ། །སྔོན་གྱི་སློབ་དཔོན་འཕགས་པ་ཐོགས་མེད་ལ་སོགས་པ་དག་ཇི་སྐད་ཟེར་ཅེ་ན། འཇིག་རྟེན་ལས་འདས་པའི་ལམ་གྱི་མཐུས་ཀུན་རྫོབ་ཤེས་པ་ཐོབ་ཀྱི། མངོན་དུ་འགྱུར་བའི་སྒོ་ནས་ནི་མ་ཡིན་ཏེ། དེ་ནས་ལངས་པ་ན་མངོན་དུ་ 3-1-338a བྱེད་པའི་ཕྱིར། དུག་གིས་མི་ཤི་བའི་ནུས་པ་དཔོག་པ་དང་འདྲ་བར་རྗེས་ཐོབ་ཀྱི་མཉམ་གཞག་གི་ནུས་པ་དཔོག་པ་བཞིན་རྗེས་ཐོབ་ཀྱི་མཉམ་གཞག་གི་ནུས་པ་དཔོག་པའོ། །མཐོང་བའི་གནས་སྐབས་ལས་སྔོན་འཇིག་རྟེན་པའི་ཀུན་རྫོབ་ཤེས་པ་ཡོད་པ་བས། འཇིག་ རྟེན་པའི་ཤེས་པ་འདི་ཁྱད་པར་དུ་འཕགས་པ་བདེན་པ་ལ་དམིགས་པ་མངོན་སུམ་དུ་བྱེད་པར་འགྱུར་བའི་ཀུན་རྫོབ་ཤེས་པ་སྐྱེ་བར་འགྱུར་རོ། །ཀུན་རྫོབ་ཤེས་པ་དེ་མངོན་སུམ་དུ་འགྱུར་བའི་ནུས་པའི་རྟེན་རྙེད་པ་དེ་ཉིད་ཀུན་རྫོབ་ཤེས་པ་དེ་རྙེད་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་རིགས་ རྙེད་པ་ལས་རིགས་ལས་བྱུང་བ་འཇིག་རྟེན་པའི་རྗེས་ཐོབ་ཀུན་རྫོབ་ཤེས་པའང་རྙེད་པའི་ཕྱིར་ཞེས་ཟེར་རོ། །དེའང་མངོན་པ་གོང་མར་མཐོང་བའི་ལམ་ལ་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་རྣམས་ཐོབ་སྟེ་མངོན་དུ་བྱེད་པ་ནི་མ་ཡིན་ནོ། ། དེ་དག་ནི་སྒོམ་པའི་ལམ་ལ་མངོན་དུ་བྱེད་དོ་ཞེས་གསུངས་སོ། །བྱེ་བྲག་ཏུ་སྨྲ་བ་ནི་འདི་མི་འདོད་དེ། དེ་ནི་མཐོང་ལམ་གྱི་ཐོབ་པར་བྱ་བ་ཡིན་ན་ཇི་ལྟར་དེ་སྒོམ་ལམ་མངོན་དུ་འགྱུར་ཏེ་མི་འགྱུར་བར་ཐལ། མཐོང་ལམ་གྱི་དུས་སུ་ཐོབ་པ་དེ་སྐྱེ་བའི་གོ་སྐབས་མེད་པས་མི་སྐྱེ་བའི་ཆོས་ ཅན་ཡིན་ལ། སྒོམ་ལམ་གྱིས་མཐོང་ལམ་གྱི་ཐོབ་པའི་ཐག་པ་ཆད་པས་དེ་གཏན་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་སྨྲའོ། །ས་དུ་པའི་ཀུན་རྫོབ་ཤེས་པ་དེ་ཐོབ་ཅེ་ན། མཐོང་ལམ་ས་གང་ཡིན་པ་དེ་རང་གི་ས་པའི་ཀུན་རྫོབ་ཤེས་པ་དང་འོག་སའི་ཀུན་རྫོབ་ཤེས་པ་ཐོབ་སྟེ། གལ་ཏེ་ མཐོང་ལམ་མི་ལྕོགས་མེད་ལ་བརྟེན་ན་མི་ལྕོགས་མེད་པ་དང་། འདོད་པའི་ས་པའི་ཀུན་རྫོབ་ཤེས་པ་ཐོབ་ལ། བསམ་གཏན་བཞི་པའི་ས་པ་ཡིན་ན་བསམ་གཏན་ས་དྲུག་སྟེ་འདོད་པའི་བར་བདུན་གྱི་ཀུན་རྫོབ་ཤེས་པ་ཐོབ་ལ། བསམ་གཏན་དང་པོ་སོགས་ལའང་དེ་ལྟར་སྦྱར། འདི་ 3-1-338b ནི་ངེས་པའི་དབང་དུ་བྱས་ལ། མ་ངེས་པ་ནི་སྔར་བསམ་གཏན་གསུམ་པ་ལྟ་བུ་ལས་འདོད་ཆགས་དང་བྲལ་བ་ཞིག་བསམ་གཏན་དང་པོ་ལ་བརྟེན་ནས་མཐོང་ལམ་སྐྱེ་ན་ས་བདུན་ཀའི་དེ་ཐོབ་པ་ཡིན་ཏེ། དེ་ལྟ་བུ་ཡང་ཡོད་པའི་ཕྱིར། འགོག་པ་མངོན་པར་རྟོགས་པའི་ཀུན་རྫོབ་ཤེས་པ་ དེ་ནི་དྲན་པ་ཉེར་གཞག་བཞིའི་མཐའ་མ་ཆོས་དྲན་པ་ཉེར་གཞག་གོ། གཅིག་གྲངས་བཅད་པས་ལྷག་མ་ནི་དྲན་པ་ཉེ་བར་བཞག་པ་བཞི་ཅར་ཡིན་ཏེ། ཕུང་པོ་ལྔ་པོ་ལ་དམིགས་པའི་ཕྱིར་ཞེས་གྲུབ་བོ། །མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་དེ་ནི་རང་བདེན་པ་གང་ རྟོགས་པས་ཐོབ་པའི་བདེན་པ་དེའི་རྣམ་པ་ཅན་ཁོ་ན་ཡིན་ཏེ། འདིའི་དམིགས་པའང་དེ་ཉིད་ཡིན་ན་རྣམ་པའང་དེ་ཉིད་ཀྱི་ཕྱིར་ཞེས་བཤད་དོ། །དེ་མཐོང་ལམ་གྱི་ཐོབ་བྱ་ཡིན་པས་འབད་པ་སྦྱོར་བ་ལས་བྱུང་བ་ཡིན་གྱི་སྐྱེ་བས་ཐོབ་པ་ནི་མ་ཡིན་ནོ། །འཁོར་བཅས་སྨོས་པས་འདོད་པ་ དང་གཟུགས་ན་སྤྱོད་པའི་ཀུན་རྫོབ་ཤེས་པ་གཉིས་རིམ་པ་ལྟར་བསམ་གཏན་གྱི་སྡོམ་པའི་གཟུགས་རྗེས་སུ་འབྲང་བ་མེད་པ་དང་ཡོད་པའི་ཁྱད་པར་གྱི་ཕུང་པོ་བཞི་པ་དང་ལྔ་པ་ཡིན་ནོ། །གཉིས་པ་གཉིས། གྲངས་མི་འདྲ་བ་སོ་སོར་བཤད་པ་དང་། འདྲ་བ་ཕྱོགས་གཅིག་ཏུ་བཤད་པའོ། ། དང་པོ་ལ། སློབ་པའི་ལམ་ལ་དུ་ཐོབ་པ་དང་། མི་སློབ་པའི་ལམ་ལ་དུ་ཐོབ་པའོ། །དང་པོ་ལ། བཅུ་དྲུག་པ་ལ་དུ་ཐོབ་པ་དང་། སྒོམ་ལམ་ཕལ་ཆེ་བ་ལ། སྲིད་རྩེའི་རྣམ་གྲོལ་ལམ་བརྒྱད་ལ། སློབ་བ་དབང་པོ་སྦྱོང་བའི་རྣམ་གྲོལ་ལམ་ལ། སྲིད་རྩེའི་བར་ཆད་མེད་ལམ་ལ་དུ་ཐོབ་པའོ། །དང་པོ་ལ། ཆགས་བཅས་དང་། ཆགས་བྲལ་ལོ། །དང་པོ་ནི། ཆགས་བཅས་བཅུ་དྲུག་པ་ལ་དྲུག །མི་ལྕོགས་མེད་པ་ལ་བརྟེན་པའི་འདོད་ཆགས་བཅས་པའི་རྒྱུན་ཞུགས་དང་ལན་གཅིག་ཕྱིར་འོང་སྐད་ཅིག་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ལྔ་རྗེས་ཤེས་དང་ལམ་ཤེས་གཉིས་སུ་བཞག་པ་ནི་གཉིས་ཀའི་ངོ་བོ་ད་ལྟར་བྱུང་བ་ཡིན་ལ། མ་འོངས་པ་ནི་ 3-1-339a ཆོས་རྗེས་བདེན་བཞི་ཤེས་པ་དྲུག་ཐོབ་ཀྱི། ཀུན་རྫོབ་ཤེས་པ་དང་གཞན་སེམས་ཤེས་པ་ནི་མི་ཐོབ་སྟེ། སྔོན་རྙེད་ཟིན་པའི་ཕྱིར་དང་། འདོད་ཆགས་ལས་མ་བྲལ་བའི་ཕྱིར་དང་། གཉིས་པ་ནི། འདོད་ལས་ཆགས་དང་བྲལ་བས་བདུན། །འདོད་པ་ལ་ཆགས་པ་དང་བྲལ་བས་སྐད་ཅིག་བཅུ་དྲུག་ མར་ཕ་རོལ་སེམས་ཤེས་དང་བདུན་ཐོབ་ལ། མཐོང་ལམ་ལ་ནི་ཆགས་བྲལ་གྱི་ཕ་རོལ་སེམས་ཤེས་མི་ཐོབ་སྟེ། དེ་མངོན་དུ་བྱ་བས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ན་མངོན་དུ་བྱ་བའི་སྐབས་མེད་པའི་ཕྱིར། དེས་ན་བར་ཆད་མེད་ལམ་ཐམས་ཅད་ལ་མི་ཐོབ་བོ། །དེའང་ཕ་རོལ་གྱི་སེམས་ ཤེས་ཟག་མེད་ཐོབ་ཀྱི། ཟག་བཅས་མི་ཐོབ་སྟེ། ཐོབ་ན་ཀུན་རྫོབ་ཤེས་པའང་ཐོབ་པར་འགྱུར་ཏེ། སེམས་ཟག་བཅས་ཀྱི་ཁྱབ་བྱེད་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། དེས་ན་ཁྱབ་བྱེད་མི་ཐོབ་པས་ཁྱབ་བྱའང་མི་ཐོབ་བོ། །གཉིས་པ་སྒོམ་ལམ་ཕལ་ཆེ་བ་དུ་ཐོབ་ལ། ཆགས་བཅས་ དང་། ཆགས་བྲལ་ལོ། །དང་པོ་ནི། དེ་ཡི་གོང་མ་ཆགས་བཅས་ཀྱི། །བསྒོམ་པའི་ལམ་ལ་བདུན་འཐོབ་བོ། །སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་དེའི་གོང་མ་སྒོམ་ལམ་ལ་ཇི་སྲིད་འདོད་པ་ལ་ཆགས་བཅས་ཀྱི་རྣམ་པ་བརྒྱད་སྤངས་པའི་བར་དུ་སྦྱོར་བ་དང་། བར་ཆད་མེད་པ་དང་རྣམ་པར་གྲོལ་བ་དང་ཁྱད་པར་ཅན་གྱི་ལམ་ཐམས་ཅད་ལ་ཤེས་པ་བདུན་ཐོབ་སྟེ། ཆོས་ཤེས་པ་ནི་གཉེན་པོ་ཡིན་པས་དང་། རྗེས་ཤེས་ནི་རྒྱུ་རྒྱས་པ་ཡིན་པས་དང་། བདེན་པ་བཞི་ཀུན་རྫོབ་ཤེས་པ་རྣམས་ཐོབ་བོ། །གལ་ཏེ་སྒོམ་ལམ་འཇིག་རྟེན་པ་ཞི་རགས་ཀྱི་རྣམ་པ་ཅན་ཡིན་ན། ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་དང་། འདས་པ་ཞིག་ཡིན་ན་རྗེས་ཤེས་འདོད་ པའི་གཉེན་པོ་མིན་པས་བདེན་བཞིའི་ཆོས་ཤེས་གང་རུང་ཞིག་ད་ལྟར་བྱུང་བ་ཡིན་ལ། གཞན་དག་ནི་མ་འོངས་པ་ཐོབ་སྟེ། རང་རིས་ཀྱི་སྐལ་མཉམ་གྱི་རྒྱུ་རྒྱས་པའི་ཕྱིར། གཉིས་པ་ནི། ས་བདུན་ལས་རྒྱལ་མངོན་ཤེས་དང་། །མི་གཡོ་འཐོབ་དང་སྤེལ་བསྒོམ་པའི། །བར་ཆད་མེད་པའི་ལམ་དག་དང་། །སློབ་པ་བསམ་གཏན་བཞི་གཟུགས་མེད་གསུམ་སྟེ། ས་བདུན་ལས་རྒྱལ་ཏེ་འདོད་ཆགས་ 3-1-339b དང་བྲལ་བ་དང་། ཟག་ཟད་མ་གཏོགས་མངོན་ཤེས་ལྔ་དང་མི་གཡོ་བ་རྟོགས་ཤིང་ཐོབ་པར་བྱེད་པ་དང་། བསམ་གཏན་སྤེལ་མར་སྒོམ་པའི་བར་ཆད་མེད་ལམ་ཇི་སྙེད་པ་དེ་དག་ཐམས་ཅད་ལ་ཤེས་པ་བདུན་པོ་དེ་དག་ཉིད་ཐོབ་སྟེ། མི་སློབ་པ་མིན་པས་ཤེས་པ་ཕྱི་མ་གཉིས་མི་ ཐོབ། རྣམ་གྲོལ་ལམ་མིན་པས་གཞན་སེམས་ཤེས་པ་མི་ཐོབ་པའི་ཕྱིར། དེ་ལ་གལ་ཏེ་འཇིག་རྟེན་པའི་སྒོམ་ལམ་ཞི་རགས་ཀྱི་རྣམ་པ་ཅན་ཞིག་ཡིན་ན་ཀུན་རྫོབ་ཤེས་པ་ད་ལྟར་བྱུང་བ་དང་། གཞན་དྲུག་མ་འོངས་པ་ཐོབ་ལ། འདས་པ་ཡིན་ན། སྤྱིར་རིགས་ཁམས་གསུམ་གྱི་ གཉེན་པོར་རུང་བས་འགོག་ལམ་ཆོས་ཤེས་གང་ཡང་རུང་བའམ། ཁམས་གོང་གི་གཉེན་པོ་ཡིན་པས་མི་སྐྱེ་བ་ཤེས་པ་མི་ཐོབ་སྟེ། བར་ཆད་མེད་ལམ་ལ་གནས་པ་མི་གཡོ་བའི་ཆོས་ཅན་མ་ཡིན་པ་རྣམ་གྲོལ་དགུ་པ་ལ་མི་སྐྱེ་བ་ཐོབ་པའི་ཕྱིར། གསུམ་པ་སྲིད་རྩེའི་རྣམ་གྲོལ་ལམ་བརྒྱད་ པ་ལ་དུ་ཐོབ་པ་ནི། གོང་མའི་གྲོལ་པའི་ལམ་བརྒྱད་ལའང་། །ས་བདུན་ལས་ཆགས་བྲལ་གྱིའང་གོང་མ་སྲིད་རྩེ་ལ་ཆགས་བྲལ་གྱི་རྣམ་གྲོལ་གྱི་ལམ་བརྒྱད་ལའང་ཤེས་པ་བདུན་ཐོབ་སྟེ། ཆོས་རྗེས་བདེན་བཞི་ཕ་རོལ་གྱི་སེམས་ཤེས་སོ། །རྣམ་གྲོལ་ལ་སེམས་ཤེས་མ་བཀག་པས་རྒྱུད་ཀྱི་ཁྱད་པར་གྱི་སྒོ་ནས་ཁྱད་པར་དུ་ འཕགས་པའི་སེམས་ཤེས་ཐོབ་བོ། །ཀུན་རྫོབ་ཤེས་པ་མི་ཐོབ་སྟེ་སྲིད་རྩེའི་གཉེན་པོ་མ་ཡིན་པའི་ཕྱིར། རྗེས་ཤེས་བཞི་དང་ཆོས་ཤེས་གཉིས་ལས་གང་རུང་ཞིག་ད་ལྟ་བ་ཡིན་ལ། གཞན་དག་ནི་མ་འོངས་པ་ཐོབ་བོ། །བཞི་པ་སློབ་པ་དབང་པོ་སྦྱོང་བའི་རྣམ་གྲོལ་ལམ་ལ་དུ་ཐོབ་པ་ ནི། སློབ་པ་སྦྱོང་བའི་གྲོལ་བ་ལ། །ཤེས་པ་དྲུག་དང་བདུན་འཐོབ་བམ། །བར་ཆད་མེད་པའི་ལམ་ལ་དྲུག །སློབ་པ་འདོད་ཆགས་དང་བཅས་པ་དབང་པོ་རྟུལ་པོ་རྣོན་པོར་སྦྱོང་བའི་རྣམ་པར་གྲོལ་བའི་ལམ་ལ་ཆོས་རྗེས་བདེན་བཞི་ཤེས་པ་དྲུག་ཐོབ་པ་དང་། འདོད་པ་ལ་ཆགས་བྲལ་གྱིས་ནི་ཕ་རོལ་སེམས་ཤེས་དང་བདུན་ཐོབ་ལ། ལམ་ནི་ཁ་ཅིག་འདི་ནི་མཐོང་ལམ་དང་འདྲ་བའི་ཕྱིར། 3-1-340a ཇི་ལྟར་མཐོང་ལམ་གྱིས་འབྲས་བུ་ཐོབ་པ་དང་ཀུན་རྫོབ་ཤེས་པ་ཐོབ་པ་ལྟར་འདི་ལའང་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པའང་ཐོབ་པའི་ཕྱིར་བདུན་ཐོབ་བོ་ཞེས་འདོད་པ་བསྟན་ལ། ཁ་ཅིག་ནི་སྔར་རྟོགས་ ཟིན་པས་མངོན་པར་རྟོགས་པའི་མཐའ་མེད་པའི་ཕྱིར་དང་། མཐོང་ལམ་ནི་ཐོབ་པར་བྱེད་པ་ཡིན་ལ། འདི་ནི་ཐོབ་ཟིན་པའི་ཕྱིར་མཐོང་ལམ་དང་འདྲ་བ་མ་ཡིན་ནོ། །སྦྱོར་ལམ་ལ་ནི་ཆགས་བཅས་གྲོལ་ལམ་དེ་གཉིས་ཀྱི་ཀུན་རྫོབ་ཤེས་པའང་ཐོབ་བོ། །སློབ་པ་འདོད་ཆགས་དང་ བྲལ་རུང་མ་བྲལ་རུང་དབང་པོ་སྦྱོང་བའི་བར་ཆད་མེད་པའི་ལམ་ལ་དྲུག་ཐོབ་སྟེ། སྔ་མ་རྣམ་གྲོལ་ལམ་གྱི་ཐོབ་པ་བཞིན་ནོ། །ཀུན་རྫོབ་ཤེས་པ་མི་ཐོབ་སྟེ་མཐོང་ལམ་དང་འདྲ་བའི་ཕྱིར། འདྲ་ཚུལ་ནི། མཐོང་ལམ་གྱི་འབྲས་བུ་དང་པོ་གསུམ་གང་རུང་ཞིག་ཐོབ་པ་ལྟར་འདིས་ ཀྱང་བར་ཆད་མེད་པའི་ལམ་གྱི་སློབ་པ་དབང་པོ་སྦྱོང་བ་ན་འབྲས་བུ་དང་པོ་གསུམ་དབང་པོ་རྣོན་པོས་བསྡུས་པ་འདུས་བྱས་གང་རུང་ཞིག་ཐོབ་ལ། མཐོང་ལམ་བར་ཆད་མེད་པའི་ལམ་བཟོད་པ་རྣམས་ལ་ཀུན་རྫོབ་ཤེས་པ་མི་ཐོབ་པ་ལྟར་འདྲའོ། །སེམས་ཤེས་པའང་མིན་ཏེ། བར་ཆད་མེད་ལམ་ཐམས་ཅད་ལ་བཀག་པའི་ཕྱིར་ཏེ། སེམས་ཤེས་དེ་གཉེན་པོ་མིན་པའི་ཕྱིར། ལྔ་པ་སྲིད་རྩེའི་བར་ཆད་མེད་ལམ་ལ་དུ་ཐོབ་པ་ནི། དེ་བཞིན་སྲིད་རྩེ་རྣམ་རྒྱལ་ལའང་། །སྲིད་རྩེ་ལས་རྣམ་པར་རྒྱལ་བ་ཆགས་པ་དང་བྲལ་བར་བྱེད་པའི་བར་ཆད་མེད་ལམ་ལའང་སྔ་མ་དེ་བཞིན་ཆོས་རྗེས་བདེན་ བཞི་ཤེས་པ་སྟེ་དྲུག་ཐོབ་ཀྱི། སྲིད་རྩེའི་གཉེན་པོ་མིན་ཅིང་། སློབ་པའི་བར་ཆད་མེད་ལམ་ཡིན་པས་གཞན་མི་ཐོབ་པ་ནི་སྔར་བཞིན་ནོ། །གཉིས་པ་མི་སློབ་པའི་ལམ་ལ་དུ་ཐོབ་པ་ལ་གསུམ། དབང་པོ་རྟུལ་པོ། དབང་པོ་རྣོན་པོ། དབང་པོ་འཕོ་བའི་ལམ་ལ་དུ་ཐོབ་པའོ། །དང་ 3-1-340b པོ་ནི། ཟད་པ་ཤེས་པ་ལ་དགུའོ། །སྲིད་རྩེ་ལས་ཆགས་བྲལ་རྣམ་གྲོལ་གྱི་ལམ་དགུ་པ་ནི། ཟད་པ་ཤེས་པ་ལ་ནི་དབང་རྟུལ་ཉམས་སྲིད་པས་མི་སྐྱེ་བ་ཤེས་པ་མ་གཏོགས་དགུ་ཐོབ་བོ། །གཉིས་པ་ནི། མི་གཡོ་བས་ནི་བཅུ་འཐོབ་བོ། །མི་གཡོ་བའི་ཆོས་ཅན་གང་ཡིན་པ་ལ་མི་སྐྱེ་བ་ཤེས་པ་དང་བཅུ་ཐོབ་བོ། །གསུམ་པ་ནི། དེར་འཕོ་གྲོལ་བའི་ཐ་མ་ལའང་། །མི་གཡོ་ བ་དེར་འཕོ་བའི་རྣམ་པར་གྲོལ་བའི་ལམ་ཐ་མ་ལའང་བཅུ་པོ་ཐམས་ཅད་ཐོབ་བོ། །འདི་ལ་སྡུག་ཀུན་གང་ཞིག་དང་། རྗེས་ཤེས་དང་། ཟད་མི་སྐྱེ་ཤེས་གང་ཞིག་སྟེ་གསུམ་ནི་ད་ལྟར་བྱུང་བ་ཡིན་ལ། གཞན་དག་མ་འོངས་པ་ཐོབ་བོ། །གཉིས་པ་འདྲ་བ་ཕྱོགས་གཅིག་ཏུ་ ཐོབ་པ་ནི། བཤད་པའི་ལྷག་མ་ལ་བརྒྱད་འཐོབ། །སྔར་བཤད་པའི་ལྷག་མ་འདོད་པ་ལས་ཆགས་བྲལ་གྱི་རྣམ་གྲོལ་ལམ་དགུ་པ་དང་། ས་བདུན་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་དང་། མངོན་ཤེས་དང་། སྤེལ་སྒོམ་དང་། མི་གཡོ་བ་རྟོགས་པར་བྱེད་པའི་རྣམ་གྲོལ་གྱི་ལམ་དང་པོ་བརྒྱད་དང་། སྔར་མ་སྨོས་པའི་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བའི་སྦྱོར་བ་དང་། ཁྱད་པར་གྱི་ལམ་རྣམས་ལ་ཟད་མི་སྐྱེ་ཤེས་མ་གཏོགས་བརྒྱད་བརྒྱད་མ་འོངས་པ་འཐོབ་པ་ནི་སློབ་པའི་དབང་དུ་བྱས་པའོ། །མི་སློབ་པ་ནི་མངོན་པར་ཤེས་པ་དང་ལ་སོགས་པས་སྤེལ་མར་བསྒོམ་ པ་དང་། བསམ་གཏན་གྱི་སྦྱོར་བ་དང་། རྣམ་གྲོལ་གྱི་ལམ་དང་ཁྱད་ཅན་གྱི་ལམ་རྣམས་ལ་དུས་ཀྱི་རྣམ་གྲོལ་ཡིན་ན་མི་སྐྱེ་ཤེས་མ་གཏོགས་དགུའམ། མི་གཡོ་བའི་ཆོས་ཅན་ཞིག་ན་དེ་ཉིད་དང་བཅུ་ཐོབ་བོ། །མངོན་ཤེས་དང་སྤེལ་མ་བསྒོམ་པ་དང་མི་གཡོ་བ་རྟོགས་ པར་བྱེད་པའི་བར་ཆད་མེད་ལམ་རྣམས་ལ་དུས་ཀྱི་རྣམ་གྲོལ་གྱིས་གཞན་སེམས་དང་མི་སྐྱེ་བ་ཤེས་པ་མ་གཏོགས་བརྒྱད་དམ། མི་གཡོ་བའི་ཆོས་ཅན་གྱིས་གཞན་སེམས་ཤེས་པ་མ་གཏོགས་དགུ་ཐོབ་སྟེ། དེ་ནི་བར་ཆད་མེད་ལམ་ལ་བཀག་པའི་ཕྱིར། ལྷའི་མིག་ 3-1-341a དང་རྣ་བའི་མངོན་པར་ཤེས་པའི་རྣམ་གྲོལ་གྱི་ལམ་གཉིས་ནི་མ་འོངས་པ་ཅུང་ཟད་ཀྱང་མི་ཐོབ་སྟེ། དེ་དག་ནི་ལུང་མ་བསྟན་ཡིན་པའི་ཕྱིར། ད་ནི་སོ་སོ་སྐྱེ་བོ་འདོད་པ་དང་། བསམ་གཏན་དང་གཉིས་གསུམ་པ་ལས་ཆགས་བྲལ་གྱི་རྣམ་གྲོལ་ལམ་ ཐ་མ་རྣམས་ལ་རིམ་པ་ལྟར་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་སས་བསྡུས་པའི་ཀུན་རྫོབ་ཤེས་པ་དང་ཕ་རོལ་སེམས་ཤེས་མ་འོངས་པ་ཐོབ་བོ། །བསམ་གཏན་བཞི་པ་ལས་ཆགས་བྲལ་གྱི་རྣམ་གྲོལ་གྱི་ལམ་དགུ་པ་ལ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ ཀྱི་དངོས་གཞིས་བསྡུས་པའི་ཀུན་རྫོབ་ཤེས་པ་ཐོབ་ཀྱི་ཕ་རོལ་སེམས་ཤེས་ནི་མི་ཐོབ་སྟེ། དེ་ནི་གཟུགས་ལ་བརྟེན་ནས་བསྒྲུབ་པར་བྱ་བ་ཡིན་གྱི། གཞན་གྱི་སེམས་ཤེས་གཟུགས་མེད་ཀྱི་སས་བསྡུས་པ་མེད་པའི་ཕྱིར། གཟུགས་མེད་ལྷག་མ་རྣམས་ལའང་ཤེས་པར་བྱའོ། ། བསམ་གཏན་གྱི་དངོས་གཞིའི་ས་པའི་སྦྱོར་བའི་ལམ་རྣམས་དང་། ལྷའི་མིག་དང་རྣ་བའི་མངོན་ཤེས་མ་གཏོགས་པའི་མངོན་ཤེས་གསུམ་རྫུ་འཕྲུལ་སྔོན་གནས་དྲན་སེམས་ཀྱི་རྣམ་གྲངས་ཤེས། གྱི་རྣམ་གྲོལ་གྱི་ལམ་དང་། ཚད་མེད་རྣམ་ཐར་དང་ཟིལ་གནོན་དང་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་ཡོན་ཏན་མངོན་པར་སྒྲུབ་པའི་རྣམ་ གྲོལ་གྱི་ལམ་ལ་ནི་ཀུན་རྫོབ་ཤེས་པ་མ་འོངས་པ་དང་། ཕ་རོལ་སེམས་ཤེས་གཉིས་ཀ་ཐོབ་སྟེ་དེ་དག་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་ཕྱིར། བསམ་གཏན་གྱིས་སྨོས་པ་ནི་ཉེར་བསྡོགས་ལ་བརྟེན་པའི་གཞན་སེམས་ཤེས་ པ་མེད་དོ། །ངེས་འབྱེད་ཆ་དང་མཐུན་པ་དག་ལ་ནི་བསམ་གཏན་གྱིས་པ་དག་གིས་ཀྱང་ཕ་རོལ་གྱི་སེམས་ཤེས་ཐོབ་པ་མེད་དེ། མཐོང་ལམ་གྱི་འཁོར་ཡིན་པའི་ཕྱིར། ཁྱབ་སྟེ། གཙོ་བོ་མཐོང་ལམ་ཕ་རོལ་སེམས་ཤེས་མི་ཐོབ་ན་འཁོར་འདིས་ཀྱང་མི་ཐོབ་བོ། །འདོད་པ་དང་ 3-1-341b བསམ་གཏན་གསུམ་ལས་ཆགས་བྲལ་གྱི་རྣམ་གྲོལ་གྱི་ལམ་ཐ་མ་མ་གཏོགས་པ་སོ་སྐྱེའི་སྔོན་མེད་ཀྱི་ལམ་གཞན་སྦྱོར་བ་དང་བར་ཆད་མེད་པ་དང་ཁྱད་པར་ཅན་གྱི་ལམ་ཐོབ་པ་ལ་ནི་ཀུན་རྫོབ་ཤེས་པ་མ་འོངས་པ་ཁོ་ནར་ཐོབ་ཀྱི། གཞན་སེམས་ཤེས་པ་མི་ཐོབ་བོ། །མངོན་ཤེས་ གསུམ་དང་། ཚད་མེད་སོགས་ཡོན་ཏན་སྒྲུབ་པའི་བར་ཆད་མེད་ལམ་སྔོན་མེད་ཀྱི་ལམ་ཐོབ་པ་དེ་ལ་ཡང་ཀུན་རྫོབ་ཤེས་པ་ཁོ་ནར་ཐོབ་ཀྱི། སེམས་ཤེས་མི་ཐོབ་སྟེ། གཉེན་པོ་མ་ཡིན་པའི་ཕྱིར། གསུམ་པ་ལམ་གང་ལས་དུ་ཐོབ་པ་ནི། གང་ལས་ཆགས་བྲལ་བྱ་ཕྱིར་གང་། །ཐོབ་པ་དེར་ཡང་འོག་མའང་འཐོབ། །ཟད་པ་ཤེས་ལ་ཟག་བཅས་ཀྱང་། །ས་ཀུན་སྔོན་རྙེད་མི་འཐོབ་བོ། །ཡང་ལམ་གང་ལ་བརྟེན་པ་དེ་ཉིད་དམ། གཞན་ས་དུའི་ཤེས་པ་ཐོབ་ཅེ་ན། རེ་ཞིག་ཀུན་རྫོབ་ཤེས་པ་ནི་འཇིག་རྟེན་དང་། དེ་ལས་འདས་པའི་ལམ་མི་ལྕོགས་མེད་པ་སོགས་ས་གང་ཐོབ་པ་ཡིན་པ་དང་། འདོད་ཆགས་དང་བྲལ་བའི་སྒོ་ནས་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གྱི་དང་པོ་ཉིད་དུ་ས་གང་ཐོབ་པ་དེ་པའི་མ་འོངས་ པ་ཐོབ་པ་ཡིན་ཏེ། མི་ལྕོགས་མེད་ལ་བརྟེན་ནས་འཇིག་རྟེན་པས་འདོད་ཆགས་དང་བྲལ་ནས་བསམ་གཏན་དང་པོ་ཐོབ་ན་རྣམ་གྲོལ་དགུ་པ་མན་ཆད་ཀུན་རྫོབ་ཤེས་པ་ཉེར་བསྡོགས་ཀྱིས་བསྡུས་པ་དང་། དེའི་ཚེ་དངོས་གཞི་བསྡུས་པའང་ཐོབ་ལ། དེ་བཞིན་སྲིད་རྩེའི་ཉེར་བསྡོགས་ཀྱིས་ འདོད་ཆགས་དང་བྲལ་བའི་བར་སྦྱར་རོ། །མི་ལྕོགས་མེད་ཟག་མེད་ལའང་དེ་བཞིན་ནོ། །བསམ་གཏན་དང་པོའི་དངོས་གཞི་ཟག་མེད་ཀྱིས་དང་པོ་ལས་འབྲལ་བའི་ཚེ་གཉིས་པའི་ཉེར་བསྡོགས་ཀྱིས་བསྡུས་པ་དང་པོའི་ཉོན་མོངས་པ་བརྒྱད་པའི་གཉེན་པོར་གྱུར་པའི་བར་དང་། དགུ་པའི་ ཚེ་གཉིས་པའི་དངོས་གཞིས་བསྡུས་པའང་ཐོབ་སྟེ། གཞན་ལའང་སྦྱར་རོ། །ཟག་མེད་ནི་ལམ་ས་པ་གང་ཡིན་པ་འབའ་ཞིག་ཏུ་མ་ཟད། ས་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་ཡང་ས་གང་ཡིན་པ་འབའ་ཞིག་ཏུ་མ་ཟད། དེར་སྦྱོར་བའི་ལམ་དང་། སོགས་པས་བར་མེད། 3-1-342a རྣམ་གྲོལ། ཁྱད་ཅན་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་ཁྱད་པར་ཡོད་པ་ལས། ཟག་མེད་ཀྱི་བསམ་གཏན་གཉིས་པ་ལ་བརྟེན་ནས་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བར་བྱེད་ན། ལམ་ས་གང་ཡིན་པ་བསམ་གཏན་ གཉིས་པ་དེའི་ས་པའི་ཟག་མེད་ཀྱི་ཤེས་པ་དང་རྣམ་གྲོལ་དགུ་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་བསམ་གཏན་གསུམ་པའི་ས་པའི་ཟག་མེད་ཀྱི་ཤེས་པའང་འཐོབ་ལ། དེ་ཡང་ས་འོག་མ་དང་པོའི་ཉེར་བསྡོགས་དང་། དངོས་གཞི་དང་། དངོས་གཞི་ཁྱད་ཅན་གྱི་ས་པའི་ཟག་ མེད་ཀྱི་ཤེས་པ་རྣམས་ཐོབ་པར་འགྱུར་ཏེ། འོག་མ་པའང་དེའི་སྦྱོར་ལམ་ལ་སོགས་པ་ཡིན་པ་སྲིད་པའི་ཕྱིར། འོན་ཏེ་བསམ་གཏན་གསུམ་པའི་ཉེར་བསྡོགས་ལ་བརྟེན་ནས་གཉིས་པ་ལ་འདོད་ཆགས་དང་བྲལ་བར་བྱེད་ན་དེ་ནི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་བརྒྱད་ལ་ ཉེར་བསྡོགས་དེ་ཟག་བཅས་ཡིན་པས་དེའི་ས་པའི་ཟག་མེད་ཤེས་རབ་མི་ཐོབ་སྟེ་མེད་པའི་ཕྱིར། གཉིས་པ་དང་དང་པོ་གསུམ་གྱིས་བསྡུས་པའི་ཟག་མེད་གསུམ་གྱིས་བསྡུས་པའི་ཟག་མེད་འཐོབ་སྟེ། དེའི་གཉེན་པོའི་རིགས་ཡིན་པའི་ཕྱིར་གཞན་ལའང་སྦྱར་ཏེ་འདིས་ཕྱོགས་ མཚོན་ནོ། །དགྲ་བཅོམ་པ་ཐོབ་ནས་ཟད་པ་ཤེས་པ་ཐོབ་པ་དེ་ལ་ནི་ཟག་བཅས་ཀྱི་ཡོན་ཏན་མི་སྡུག་པ་དང་། དབུགས་དབྱུང་བ་དང་། རྔུབ་པ་དྲན་པ་དང་། དྲན་པ་ཉེ་བར་བཞག་པ་དང་། ཚད་མེད་པ་དང་། རྣམ་ཐར་དང་། ཟིལ་གནོན་དང་། ཟད་པར་ལ་སོགས་པའི་ས་ཀུན་ གྱིས་བསྡུས་པའི་ཡོན་ཏན་ཐོབ་སྟེ། དེའང་འདོད་ཆགས་དང་བྲལ་བས་ཐོབ་པ་རྣམས་ཐོབ་ཀྱི་སྦྱོར་བས་ཐོབ་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་བསམ་གཏན་གྱི་སྟོབས་ཀྱིས་བསྐྱེད་བྱ་ཡིན་པའི་ཕྱིར། ཀྱང་སྒྲ་ནི་ཟག་མེད་དུ་མ་ཟད་པར་ཤེས་པར་བྱའོ། །འདོད་ཆགས་དང་བྲལ་བས་ཐོབ་ 3-1-342b པ་རྣམས་ནི་སྤྲོག་མ་གང་ཐག་པས་གཞུངས་ཏེ་བཅིངས་པ་ཐག་པ་བཅད་དེ་ནང་ན་ཡོད་པ་ཐམས་ཅད་སྲོག་ཆགས་དབུགས་འབྱིན་པའི་ཕྱིར་ཕུང་གིས་འོང་བ་ལྟར། རྡོར་ཏིང་གིས་ཉོན་མོངས་པའི་ཐོབ་པ་བཅད་དེ། མི་སློབ་པའི་རྒྱུད་ལ་ཡོད་པའི་ཡོན་ཏན་མི་སྡུག་པ་ལ་སོགས་པའི་ཐོབ་པ་ འབྱུང་བ་ནི་དབུགས་འབྱིན་པ་ལྟ་བུའོ། །རྒྱལ་པོ་ཐམས་ཅད་ལས་ལྷག་པའི་རྒྱལ་སྲིད་ཆེན་པོ་ཐོབ་ན། ཡུལ་མི་རྣམས་གོས་རྒྱན་སོགས་སྐྱེས་འབུལ་བས་བསུ་བ་བཞིན། རང་གི་སེམས་ཉོན་མོངས་པའི་གཞན་དབང་དང་བྲལ་བས། རང་སེམས་རང་དབང་བའི་རྒྱལ་སྲིད་ཆེན་པོ་ ཐོབ་པའི་དགྲ་བཅོམ་དེ་ལ་དགེ་བའི་ཆོས་ཐམས་ཅད་སྐྱེས་ལྟ་བུས་བསུའོ། །འདོད་ཁམས་སུ་དགྲ་བཅོམ་ཐོབ་ན་ཅི་རིགས་པར་མི་སྡུག་ལ་སོགས་ཐོས་བསམ་སྒོམ་གསུམ་ཁམས་གསུམ་པ་ཐོབ། གཟུགས་སུ་ཐོབ་ན་ཁམས་འོག་མ་གཉིས་ཀྱིས་ཐོབ། གཟུགས་མེད་དུ་ཐོབ་ན་ཁམས་ གསུམ་པ་ཐོབ། སྲིད་རྩེར་ཐོབ་ན་ས་པ་དེ་རང་གིས་ཐོབ་བོ། །སློབ་དཔོན་ནི་གང་སྔོན་མེད་ལས་རྙེད་པ་དེ་ཐམས་ཅད་ནི་ཐོབ་ཀྱི། སྔོན་རྙེད་ཟིན་ཉམས་པ་ལས་ཀྱང་རྙེད་པ་དེའང་མ་འོངས་པ་མི་འཐོབ་སྟེ། འཁོར་བ་ན་སྔར་ཐོབ་པ་བཏང་བའི་ཕྱིར། མཚར་གཅིག་དགའ་བ་མེད་པ་དང་། འབད་མེད་དུ་ཤིན་ཏུ་མངོན་དུ་འགྱུར་བའི་ཕྱིར། བསམ་གཏན་སོགས་འཁོར་བ་ན་འདྲིས་པ་མིན་པ་ཟག་མེད་དང་མཐུན་པའི་ཁྱད་ཅན་དེ་མངོན་དུ་གྱུར་ན། དེ་དང་འདྲ་བ་མ་འོངས་པ་ཁྱད་པར་ཅན་ཐོབ་སྟེ། འབད་ནས་མངོན་དུ་བྱེད་པའི་ཕྱིར། འདུས་བཟང་ཡང་དེ་ལྟར་འཆད་ལ། ཡང་ལམ་རྒྱུན་མ་ཆད་པ་ནི་མ་འོངས་པ་ཐོབ་སྟེ། དེས་འབད་ནས་མངོན་དུ་བྱེད་དགོས་ལ། འབད་པས་འཕངས་པ་ནི་སྟོབས་དང་ལྡན་པའི་ཕྱིར། སྔོན་ལམ་རྒྱུན་བཅད་པ་ནི་མངོན་དུ་གྱུར་ནས་རྙེད་ཀྱང་མ་འོངས་པ་མི་ཐོབ་སྟེ། འབད་མེད་དུ་མངོན་དུ་བྱ་མི་ནུས་ཤིང་བྱ་བ་བྱས་པ་ 3-1-343a དང་། འབྲས་བུ་ཕྱུངས་ཟིན་པ་ཉིད་ཀྱིས་སྟོབས་ཤུགས་ཉམས་པའི་ཕྱིར། སློབ་དཔོན་དབྱིག་བཤེས་ནི། ཇི་ཙམ་དུ་སྔོན་རྙེད་པ་པོ་ད་ལྟ་མི་ལྡན་པ་ལས་རྙེད་ན་སྔར་བཏང་ཡང་མ་འོངས་པ་ཐོབ་པ་ཡིན་ཏེ། ཇི་ལྟར་ན་སྔོན་རྙེད་པ་ནི་ཇི་ལྟར་ན་སྔོན་མེད་པར་འཇིག་ རྟེན་ན་མ་གྲགས་པའི་ཕྱིར་ཞེའོ། །གཞན་དག་རྩ་བའི་ལུགས་འདི་ཚེ་གཅིག་གི་དབང་དུ་བྱས་པ་ཡིན་ཏེ། ཚེ་འདི་ལ་ཉམས་ཏེ་བཏང་བ་ལས་རྙེད་པ་ནི་མ་འོངས་པ་མི་ཐོབ་ལ། ཚེ་རབས་གཞན་ན་རྙེད་པ་ནི་དེར་ཐོབ་སྟེ་གཞན་དུ་རྙེད་པའི་ཐོབ་པ་དེར་མ་བཏང་བའི་ཕྱིར་ཏེ། རྙེད་པ་བརྗོད་པ་ ཉིད་ཀྱི་ཕྱིར་རོ་ཞེས་ཟེར་རོ། །བཞི་པ་ཐོབ་པའི་དབྱེ་བ་ནི། རྙེད་དང་བསྟེན་ཞེས་བྱ་བ་ནི། །དགེ་བ་འདུས་བྱས་ཐོབ་པའོ། །གཉེན་པོ་དང་ནི་ཐག་བསྲིང་བའི། །ཐོབ་པ་ཟག་དང་བཅས་པའི་ཡིན། །ཅི་ཐོབ་པ་རྙེད་པ་ཁོ་ན་མ་ཡིན་གྱི། ཐོབ་པ་ནི་བཞི་སྟེ། རྙེད་པ་ཐོབ་པ་དང་། བསྟེན་པ་ཐོབ་པ་དང་། གཉེན་པོ་ཐོབ་པ་དང་། ཐག་བསྲིངས་པས་ཐོབ་པའོ། །དེ་ལ་རྙེད་ཐོབ་ནི་དགེ་བ་འདུས་བྱས་ཀྱི་གསར་རྙེད་ཡིན་ལ། བསྟེན་པ་ཐོབ་པ་ ཞེས་བྱ་བ་ནི་དགེ་བ་འདུས་བྱས་རྣམས་ཀྱིས་ཐོབ་ཟིན་ཡང་ཡང་མངོན་དུ་བྱེད་པའི་ཐོབ་པའོ། །དེའང་ད་ལྟ་བའི་ཆོས་ལ་ནི་རྙེད་བསྟེན་གྱི་ཐོབ་པ་གཉིས་ཡོད་ལ། མ་འོངས་པ་ལ་རྙེད་ཐོབ་འབའ་ཞིག་དེ་གཅིག་དང་། འདས་པ་ལ་གཉིས་ཀ་མེད་དོ། །གཉེན་པོ་ཐོབ་པ་དང་ཐག་ བསྲིང་བ་ཐོབ་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་གཉེན་པོ་ཐོབ་པ་དང་། དེ་དག་སྤངས་པ་ཐག་བསྲིང་བ་ཡིན་ཏེ། རིམ་པ་ལྟར་ལུས་སེམས་ལ་འདོད་ཆགས་དང་བྲལ་བར་བྱེད་པ་དང་། ཉོན་མོངས་པའི་ཐོབ་པ་གཅོད་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ལུས་སེམས་ལ་ འདོད་ཆགས་དང་བྲལ་བར་བྱེད་ཅེ་ན། མདོ་ལས། ལུས་སེམས་སྒོམ་པ་ཞེས་འབྱུང་བ་ནི་དེ་དག་གི་གཉེན་པོ་སྒོམ་པའི་ཐ་ཚིག་གོ། ལུས་ཀྱི་གཉེན་པོ་ནི། བསམ་གཏན་བཞི་པ་ལ་ཆགས་བྲལ་བྱེད་པའི་ལམ་སྟེ། འདི་ལྟར་ལུས་དང་། སེམས་དང་། ཚུལ་ཁྲིམས་སྒོམ་ 3-1-343b པའི་དགེ་སློང་ངོ་། །ཇི་ལྟར་ལུས་སྒོམ་ན། ལུས་ལ་འདོད་ཆགས་སྲེད་པ་སྒོམས་པ་དགའ་བ་ཆུམས་པ་དང་བྲལ་བའོ། །ཡང་ན་ལུང་ལས། གཟུགས་ཀྱི་ཆགས་པ་ཟད་བྱེད་ཀྱི་བར་ཆད་མེད་ལམ་ཡིན་ནོ། །ཞེས་སོ། །དེ་ན་དགེ་བ་ཟག་བཅས་རྣམས་ཀྱི་ཐོབ་པ་བཞི་ཅར་ཡིན་ནོ། ། དེའང་དང་པོ་གཉིས་ནི་དགེ་བ་ཟག་བཅས་རང་གིས་ཐོབ་ལ། ཕྱི་མ་གཉིས་ནི་དེ་དག་གི་གཉེན་པོ་དང་། རྣམ་གྲོལ་ཐོབ་པ་ལ་དེ་དག་གིས་ཐོབ་པ་ཞེས་བརྗོད་དོ། །ཟག་མེད་ཀྱིས་ནི་ཐོབ་པ་དང་པོ་གཉིས་ཡིན་གྱི། ཕྱི་མ་གཉིས་ནི་མ་ཡིན་ཏེ། ཟག་མེད་ལ་གཉེན་པོ་མེད་པའི་ཕྱིར་དང་ དེ་ཉིད་ཀྱིས་ཐག་བསྲིང་བའང་མེད་པའི་ཕྱིར་རོ། །ཉོན་མོངས་ཅན་དང་སྒྲིབ་ལ་ལུང་མ་བསྟན་གྱི་གཉེན་པོ་ཐོབ་པ་དང་། སྤང་བྱ་ཐག་བསྲིང་བའི་ཐོབ་པ་གཉིས་ཡིན་ཏེ། ཤེས་པ་ཁ་ཅིག་ནི་དེ་དག་གི་གཉེན་པོ་ཡིན་ལ། ཁ་ཅིག་ནི་དེ་དག་ཐག་བསྲིང་བ་ཡིན་པའི་ཕྱིར། འོ་ན་ནི་ཀུན་ རྫོབ་ཤེས་པ་མི་དགེ་བ་དང་། ལུང་མ་བསྟན་ཀྱང་ཡོད་པས། དེ་དག་རྙེད་པ་དང་བསྟེན་པའི་ཐོབ་པའང་ཡིན་པའི་ཕྱིར། དེ་དག་གི་ཐོབ་པ་བཞིར་འགྱུར་ཞེ་ན། དེ་ལྟར་མོད་ཀྱི་ཕལ་ཆེ་བའི་དབང་དུ་བྱས་ཞེས་འཇམ་སྒེག་ཟེར་རོ། །ཉི་འོག་པ་ནི་ཐོབ་པ་དྲུག་སྟེ། བཞི་པོ་དེ་ དག་དང་། སྡོམ་པ་ཐོབ་པ་དང་། རྣམ་པར་འཇིག་པའི་ཐོབ་པའོ། །དང་པོ་ནི། དྲན་པ་དང་ཤེས་བཞིན་གྱི་བདག་ཉིད་དེ། ཇི་སྐད་དུ། དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང་། ཤིན་ཏུ་སྦས་པ་དང་། ཤིན་ཏུ་སྲུང་བ་དང་། ཤིན་ཏུ་བསྡམས་པ་དང་། ཤིན་ཏུ་སྒོམ་ པ་ནི་ཕྱི་མ་ལ་རྣམ་པར་སྨིན་པའི་བདེ་བར་འགྱུར་རོ་ཞེས་འབྱུང་ངོ་། །གཉིས་པ་ནི། ལུས་འདི་ལ། སྐྲ་དང་སྤུ་དང་སོ་སེན་དང་། །རྡུལ་དང་དྲི་མ་པགས་པ་དང་། །ཞེས་སོགས་སུམ་ཅུ་རྩ་བཞིར་བལྟ་བ་ལས་ཐོབ་པར་བཞག་གོ། ཁ་ཆེ་བ་ནི། དེ་གཉིས་གཉེན་པོ་དང་ 3-1-344a ཐག་བསྲིང་པའི་ཐོབ་པའི་ནང་དུ་འདུས་སོ་ཞེས་ཟེར་རོ། །སྨྲས་པ། བདག་ནི་ཐོག་མེད་སྲིད་པའི་ལམ་འདིར་དུབ་གྱུར་ནས། །བཟོད་མེད་ངེས་པར་འབྱུང་བས་བློ་ནི་རབ་དྲངས་ཏེ། །རང་ཉིད་ངེས་པར་འབྱུང་བའི་རྒྱུ་དེས་མ་རྒན་གྱི། །སྡུག་བསྔལ་མཐའ་ དག་མཐོང་བས་དེ་ལས་ལྷག་པར་ཡང་། །ངེས་འབྱུང་བསྲན་བཟོད་འཚལ་ལྟ་ག་ལ་སྨོས། །དེ་ཚེ་དེ་དག་ཀུན་གྱི་སྡུག་བསྔལ་གྱི། །ཁུར་ཆེན་སྤྱི་བོར་བབས་ལས་སྡུག་བསྔལ་ཀུན། །སེལ་བའི་ཐབས་ལ་བློ་གྲོས་ཅི་ཡང་སྐྱེས། །དེ་ཚེ་ཤེས་བྱའི་གནས་དོན་ཕལ་མོ་ཆེའི། ། ངེས་པ་རྙེད་པའི་ཞར་ལས་འདིར་བརྗོད་ཀྱི། །རང་དགར་རྟོག་གེས་རང་བློ་དཀྲུགས་པ་ཡི། །རྣམ་འགྱུར་གོམས་པའི་མཐུ་ལས་མ་ཡིན་ནོ། །བཞི་པ་ཤེས་པའི་ཡོན་ཏན་ལ་གཉིས་ཏེ། ཐུན་མོང་མིན་པའི་ཡོན་ཏན་དང་། ཐུན་མོང་བའི་ཡོན་ཏན་ནོ། །དང་པོ་ལ། བསྟན། བཤད། བསྡུ་གསུམ། དང་པོ་ནི། སངས་རྒྱས་ཆོས་ནི་མ་འདྲེས་པ། །སྟོབས་ལ་སོགས་པ་བཅོ་བརྒྱད་དོ། །སངས་རྒྱས་ཁོ་ནས་ཟད་པ་མཁྱེན་པའི་ཚེ་བརྙེས་པར་འགྱུར་གྱི། གཞན་གྱིས་མ་ཡིན་པས་གང་ཟག་སངས་རྒྱས་ཁོ་ནའི་ཡིན་པ་མ་འདྲེས་པའི་ཆོས་ནི་སྟོབས་བཅུ་དང་། ལ་སོགས་པས་མི་འཇིགས་པ་བཞི་དང་། དྲན་པ་ཉེར་གཞག་ དང་། ཐུགས་རྗེ་ཆེན་པོ་སྟེ་བཅོ་བརྒྱད་དོ། །ཉན་རང་སོགས་དང་ཐུན་མོང་མིན་པའི་མ་འདྲེས་པའི་ཆོས་སོ། །ཐེག་པ་ཆེན་པོ་པས་ནི། དེ་ལས་གཞན་དུ་སྤྱོད་པས་བསྡུས་པ་ནི། སྐུ་ལ་འཁྲུལ་བ་དང་། གསུང་ལ་ཅ་ཅོ་དང་། ཐུགས་ལ་བསྙེལ་བ་དང་། ཐུགས་མཉམ་པར་ མ་བཞག་པ་དང་། འཁོར་འདས་ཐ་དད་པའི་འདུ་ཤེས་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་དྲུག་གོ། རྟོགས་པས་བསྡུས་པ་ནི། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལས་ཉམས་ 3-1-344b པ་མི་མངའ་བ་དྲུག་གོ། དུས་གསུམ་ལ་ཡེ་ཤེས་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱིས་བསྡུས་པ་གསུམ་དང་། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བའི་ཕྲིན་ལས་ཀྱིས་བསྡུས་པ་གསུམ་སྟེ། མ་འདྲེས་པའི་ ཆོས་བཅོ་བརྒྱད་དང་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བླ་མར་གྱུར་པའོ་ཞེས་བརྗོད་དོ། །གཉིས་པ་རྒྱས་བཤད་ལ། སྟོབས་བཅུ་བཤད་པ། མི་འཇིགས་པ་བཞི། དྲན་ཉེ་གསུམ། ཐུགས་རྗེ་ཆེན་པོ་བཤད་པའོ། །དང་པོ་ལ། མཁྱེན་པའི་སྟོབས་དང་། སྐུའི་སྟོབས་ སོ། །དང་པོ་ལ། ངོ་བོའི་ཁྱད་པར་དང་། སའི་ཁྱད་པར་དང་། ངེས་ཚིག་གི་ཁྱད་པར་རོ། །དང་པོ་ནི། གནས་དང་གནས་མིན་ཤེས་པ་བཅུ། །ལས་འབྲས་ལ་བརྒྱད་བསམ་གཏན་སོགས། །དབང་པོ་མོས་དང་ཁམས་ལ་ནི། །དགུའོ་ལམ་དག་ལ་བཅུ་འམ། །གཉིས་ནི་ཀུན་རྫོབ་ཤེས་པ་ཡིན། །ཟད་པ་དྲུག་གམ་བཅུ་ཡིན་ནོ། །གནས་དང་གནས་མིན་པ་མཁྱེན་པའི་སྟོབས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་དང་འབྲས་བུ་དང་རྒྱུ་དང་ནུས་པ་འདི་ནི་ངེས་པར་རྒྱུ་འདི་ལས་བྱུང་། འདི་ནི་མི་འབྱུང་ ངོ་སྙམ་པའི་མཁྱེན་པ་སྟེ། གནས་དགེ་བ་ལས་མཐོ་རིས་འབྱུང་བ་དང་། མི་དགེ་བ་ལས་ངན་སོང་འབྱུང་བ་དང་། སྐྱེས་པ་རང་སངས་རྒྱས་སུ་འགྱུར་བ་སོགས་སྲིད་པ་དང་གནས་མིན་དགེ་བས་ངན་སོང་དུ་འགྲོ་བ་སོགས་མི་སྲིད་པ་སྟེ། མདོར་ན་གོང་དུ་བཤད་པའི་ཆོས་ བཅུ་ལ། འདིར་བསྟན་ཤེས་པ་བཅུའི་སྒོ་ནས་མཁྱེན་ཚུལ་ནི། འདུས་བྱས་ལ་ཁམས་གསུམ་པ་དང་། ཟག་མེད་ལ་མཚུངས་ལྡན་ཡིན་མིན་གཉིས་ཀྱིས་བརྒྱད། འདུས་མ་བྱས་ལ་དགེ་བ་དང་ལུང་མ་བསྟན་ཏེ་བཅུ་ལས། ཀུན་རྫོབ་ཤེས་པའི་ཡུལ་དུ་ཆོས་བཅུ། ཆོས་ ཤེས་ཀྱི་ཡུལ་དུ་ལྔ་སྟེ། འདོད་སྤྱོད་ཟག་མེད་ལ་མཚུངས་ལྡན་ཡིན་མིན་གྱིས་བཞི་འདུས་མ་བྱས་དགེ་བའོ། །རྗེས་ཤེས་ཀྱི་བདུན་ཏེ། ཁམས་གོང་མ་གཉིས་ཟག་མེད་ལ་མཚུངས་ལྡན་ཡིན་མིན་གྱི་དྲུག །འདུས་མ་བྱས་དགེ་བའོ། །སྡུག་ཀུན་ཤེས་པའི་དྲུག་སྟེ་ 3-1-345a ཁམས་གསུམ་ལ་གཉིས་གཉིས་སོ། །འགོག་ཤེས་ཀྱི་འདུས་མ་བྱས་གཅིག་ཁོ་ནའོ། །ལམ་ཤེས་ཀྱི་ཟག་མེད་ཀྱི་གཉིས་སོ། །གཞན་སེམས་ཤེས་པ་གསུམ་སྟེ་ཁམས་གསུམ་གྱི་མཚུངས་ལྡན་ནོ། །ཟད་མི་སྐྱེ་ཤེས་པའི་དགུ་སྟེ་འདུས་མ་ བྱས་ལུང་མ་བསྟན་མ་གཏོགས་པའོ། །ཟག་བཅས་ཀྱི་ལས་དང་འབྲས་བུ་རྣམ་པར་སྨིན་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་ལ་ནི་ཤེས་པ་བརྒྱད་ཀྱིས་བསྡུས་ཏེ། འགོག་ལམ་ཤེས་པ་ནི་ཟག་མེད་ཁོ་ན་ལ་དམིགས་ལ། ལས་དང་དེའི་རྣམ་སྨིན་ནི་ཟག་བཅས་བདེན་པ་ དང་པོ་གཉིས་ཀྱིས་བསྡུས་པའི་ཕྱིར། བསམ་གཏན་བཞི་དང་སོགས་པས་རྣམ་ཐར་བརྒྱད་དང་། སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ལ་སོགས་པ་གསུམ་དང་། འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་འཇུག་གཉིས་དང་། མཐར་གནས་ཀྱི་སྙོམས་ འཇུག་དགུ་དང་། གཟུགས་མེད་སྙོམས་འཇུག་བཞིའི་རང་བཞིན་དང་། ཐོབ་པ་དང་། ཕན་འདོགས་པ་དང་། རོ་མྱོང་ལྡན་པ་སོགས་དང་། ཉམས་པ་ཆ་མཐུན་སོགས་ཀྱི་དོན་ཐོགས་མེད་དུ་མཁྱེན་པའི་སྟོབས་ནི་ཤེས་པ་དགུས་བསྡུས་ཏེ། དེ་དག་འདུས་ བྱས་ཟག་བཅས་ཟག་མེད་ཁོ་ན་ལ་དམིགས་ཀྱི་འགོག་ཤེས་མ་གཏོགས་པའི་ཕྱིར། དེ་ཡང་བསམ་གཏན་རྣམ་ཐར་ཏིང་ངེ་འཛིན་སོགས་འདོད་ཁམས་ན་མེད་པས་ཆོས་ཤེས་ཀྱིས་མི་ཤེས། འོ་ན་ཁམས་གོང་ན་ཡོད་པ་རྗེས་ཤེས་ཀྱིས་ཤེས། ལམ་ལ་ཆོས་ ཤེས་པས་ཤེས། དེ་ལྟར་ཤེས་པ་དེ་ཀ་ཆོས་ཤེས་རྗེས་ཤེས་ཡིན། བསམ་གཏན་རྣམ་ཐར་ཏིང་ངེ་འཛིན་དེ་དག་ཁམས་གོང་མའི་སྡུག་ཀུན་ཡིན་པས་སྡུག་ཀུན་ཤེས་ཏེ་བཞི། དེ་ཀ་ཟད་མི་སྐྱེ་ཤེས་པས་ཤེས་ཏེ། ཟད་མི་སྐྱེ་ཤེས་པ་དང་དྲུག །བསམ་གཏན་རྣམ་ཐར་ 3-1-345b དེ་ཀུན་རྫོབ་ཤེས་པས་ཤེས་པ་དང་བདུན། བསམ་གཏན་རྣམ་ཐར་གྱི་སེམས་དེ་ཀ་གཞན་སེམས་ཤེས་པས་ཤེས་པ་དང་བརྒྱད། བསམ་གཏན་སོགས་དེ་ཀ་ལམ་ཡིན་པས་དེ་ཤེས་པས་ལམ་ཤེས་པ་དང་དགུའོ། །དད་སོགས་དབང་པོ་ཆེ་ཆུང་གི་ངོ་བོ་ཡིན་མིན་གྱི་མཆོག་དང་མཆོག་ མིན་མཁྱེན་པའི་སྟོབས་དང་། སེམས་ཅན་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང་། ཆོས་རྣམས་ཀྱི་རང་བཞིན་དང་ངོ་བོ་སྟེ་ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་ཏེ། གསུམ་པོ་ལ་ནི་ཤེས་པ་དགུ་དགུ་ཡིན་ཏེ། དེ་དག་ཀྱང་ཟག་བཅས་ ཟག་མེད་འདུས་བྱས་ཁོ་ན་ལ་དམིགས་པའི་ཕྱིར། སློབ་དཔོན་འདུས་བཟང་ནི། ཁམས་ཞེས་པ་སྔོན་གོམས་པའི་བག་ཆགས་ཀྱིས་ཡང་དག་པར་གྲུབ་པའི་བསམ་པ་ལ་བཤད་པས། ཐེག་པ་ཆེན་པོར་བཤད་པའི་སངས་རྒྱས་ཀྱི་རྒྱུ་བདེ་གཤེགས་སྙིང་པོའི་རྒྱས་འགྱུར་ གྱི་ཆ་མཁྱེན་པའང་འདིར་ཤུགས་ཀྱིས་ཐོན་པས་རང་བཞིན་གནས་རིགས་ཀྱི་ཆ་མཁྱེན་པའང་མཚོན་པ་ཡིན་ཅེས་ཇོ་བོ་སྨྲྀ་ཏིས་གསུངས། དམྱལ་བ་ནས་འགོག་པའི་བར་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དག་ལ་ནི་ཤེས་པ་བཅུ་ཡིན་ཏེ། ལམ་ནི་རྒྱུ་ཡིན་ལ་ འབྲས་བུ་དང་བཅས་པ་མཁྱེན་པར་འདོད་ན་ནི་འགོག་པ་ཤེས་པའང་ཡོད་པའི་ཕྱིར་ཏེ། འགོག་པ་ནི་ལམ་གྱི་སྐྱེས་བུ་དང་བྲལ་བའི་འབྲས་བུ་ཡིན་པའི་ཕྱིར། ལམ་འབའ་ཞིག་མཁྱེན་པ་སྟོབས་སུ་འདོད་ན་ནི་ཤེས་པ་དགུ་ཡིན་ཏེ། ལམ་འདུས་བྱས་ཡིན་པས་འགོག་པ་ ཤེས་པ་མེད་པའི་ཕྱིར་རོ། །འམ་ནི་དེ་དག་གི་ཁྱད་པར་རྟོགས་སུ་གཞུག་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་གཉིས་ནི་ཀུན་རྫོབ་ཤེས་པ་ཡིན་ཏེ། བདག་གཞན་གྱི་སྐྱེ་བ་འདས་པ་གཅིག་ནས་གཅིག་ཏུ་བརྒྱུད་ 3-1-346a པ་དང་། སེམས་ཅན་རྣམས་འཆི་བ་དང་། འཕོ་བ་དང་། བར་དོ་དང་། སྲིད་པར་ཉིང་མཚམས་སྦྱོར་བ་རྣམས་ཐོགས་མེད་དུ་མཁྱེན་པའི་ཕྱིར་ཏེ། འདི་དག་རང་གི་མཚན་ཉིད་ལ་དམིགས་ཀྱི། སྤྱིའི་མཚན་ཉིད་བདག་མེད་པའི་རྣམ་པར་མ་ཞུགས་ པའི་ཕྱིར། བདེན་པ་ལ་དམིགས་པ་ནི་མ་ཡིན་ནོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་གལ་ཏེ་ཟག་པ་ཟད་པའི་འགོག་བདེན་འབའ་ཞིག་མཁྱེན་ན། འདོད་པའི་འགོག་པ་ཤེས་པའི་ཆོས་ཤེས་དང་། ཁམས་གོང་གི་འགོག་པ་ཤེས་པའི་རྗེས་ཤེས་དང་། ཁམས་གོང་ འོག་གི་འགོག་པ་ཤེས་པ་དང་། ཟད་མི་སྐྱེ་ཤེས་པ་དང་ཀུན་རྫོབ་ཤེས་པ་དང་དྲུག་ཡིན་ཏེ། འགོག་པ་ཤེས་པའི་རིགས་ཁོ་ན་ཆོས་ཤེས་ལ་སོགས་པའི་བྱེ་བྲག་གིས་ཐ་དད་དུ་བྱས་པའི་ཕྱིར་དང་། འདུས་བྱས་མ་ཡིན་པ་བདེན་པ་གཞན་གསུམ་ཤེས་པ་དང་། ཕ་རོལ་སེམས་ ཤེས་མི་སྲིད་པའི་ཕྱིར་རོ། །འོན་ཏེ་ཟད་པ་ཤེས་པ་ཟག་པ་ཟད་པའི་རྒྱུད་ལ་ཡོད་པའི་ཤེས་པ་འདོད་ན་ནི་དེའི་རྒྱུད་ལ་ནི་ཤེས་པ་ཐམས་ཅད་འབྱུང་བས་ཤེས་པ་བཅུ་ཡིན་ནོ། །གཉིས་པ་སའི་ཁྱད་པར་ནི། སྔོན་གནས་འཆི་འཕོ་སྐྱེ་བའི་སྟོབས། །བསམ་གཏན་དག་ན་ལྷག་མ་ནི། །ས་རྣམས་ཀུན་ན། དེ་ལ་སྔོན་གནས་རྗེས་དྲན་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་ སྟོབས་གཉིས་ནི་བསམ་གཏན་གྱི་དངོས་གཞི་བཞི་པོ་དག་ན་ཡོད་དེ། འདི་དག་ནི་ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལ་བརྟེན་ནས་བསྐྱེད་བྱ་ཡིན་གྱི། གཞན་ནི་ད་ལྟར་མ་ཡིན་པའི་ཕྱིར། སྟོབས་ལྷག་མ་བརྒྱད་པོ་ནི་འདོད་པ་དང་བསམ་གཏན་ས་དྲུག་དང་གཟུགས་མེད་ བཞི་སྟེ་ས་རྣམས་ཀུན་ན་ཡོད་དེ། བསྐྱེད་སླ་བའི་ཕྱིར། ཟག་མེད་རྣམས་ནི་ཅི་རིགས་པར་ཟག་མེད་ཀྱི་ས་རྣམས་ལ་བརྟེན་ལ། ཀུན་རྫོབ་ཤེས་པས་བསྡུས་པའི་སྟོབས་རྣམས་ས་ཐམས་ཅད་ལ་བརྟེན་པར་འདོད་དོ། །འོན་ཀྱང་འདི་དག་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ 3-1-346b མཁྱེན་པའི་ཕྱིར་བསམ་གཏན་བཞི་པའི་སེམས་ལ་ཕལ་ཆེར་བརྟེན་པ་ཡིན། ལུས་ཀྱི་རྟེན་ནི་གླིང་གཞན་དང་ཁམས་གཞན་དང་འགྲོ་བ་གཞན་གྱི་རྟེན་ལ་སངས་རྒྱས་མི་འབྱུང་བའི་ཕྱིར་དང་། བུད་མེད་ཀྱི་རྟེན་ནི་བསམ་སྦྱོར་དམན་པའི་ཕྱིར་འཛམ་བུའི་གླིང་གི་སྐྱེས་པ་ཁོ་ན་ལ་བརྟེན་པར་ འདོད་དོ། །གསུམ་པ་ངེས་ཚིག་གི་ཁྱད་པར་ནི། ཅི་ཡི་ཕྱིར། །འདིའི་སྟོབས་གང་ཕྱིར་ཐོགས་མི་མངའ། །སངས་རྒྱས་ཁོ་ནའི་ཤེས་པ་བཅུ་ནི་སྟོབས་ཞེས་བྱ་ལ། གཞན་ལའང་ཡོད་མོད་ཀྱི་སྟོབས་ཞེས་མི་བྱ་སྟེ། ཐོགས་པ་དང་བཅས་པའི་ཕྱིར། ཅིའི་ཕྱིར་མཁྱེན་པ་འདི་ལ་སྟོབས་སུ་བརྗོད་ཅེ་ན། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་ མངའ་བར་འཇུག་པ་གང་གི་ཕྱིར་རོ། །གཞན་ཉན་རང་གི་ཤེས་པ་ནི་ལ་ལར་རྟོགས་འདོད་ཀྱང་ཡུལ་དེ་ལ་མི་འཇུག་ཅིང་ཐོགས་པས་སྟོབས་ཀྱི་མིང་ཐོབ་པར་འོས་པ་མིན་ཏེ། ཤཱ་རིའི་བུས་ཐར་ཆའི་དགེ་རྩ་མ་མཐོང་ནས་རབ་ཏུ་བྱུང་འདོད་ཀྱི་མི་རབ་ཏུ་མ་བྱུང་བར་ཕྱིར་བཏང་བ་དང་། བྱ་ཞིག་ ཁྲས་གཙེས་པའི་སྐྱེ་འཆིའི་མཐའ་མ་ཤེས་པ་ལྟ་བུའོ། །མདོར་ན་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སྟོབས་ནི་ཤེས་བྱ་བཞིན་དུ་མཐའ་ཡས་པ་ཡིན་ཏེ། མཁྱེན་པ་ལ་ཐོགས་པ་མི་མངའ་བའི་ཕྱིར། གཉིས་པ་སྐུའི་སྟོབས་ནི། སྐུ་ལ་སྲེད་མེད་བུ་ཡི་སྟོབས། །གཞན་དག་ཚིགས་ན་གླང་ཆེན་སོགས། །བདུན་ཅུས་བླགས་པའི་སྟོབས་ཡིན་ནོ། །དེ་ནི་རེག་བྱའི་སྐྱེ་མཆེད་དོ། །སངས་རྒྱས་ཀྱི་སྐུ་ལ་ སྲེད་མེད་བུའི་སྟོབས་མངའ་སྟེ། སྲེད་མེད་ནི་སྟོབས་ཀྱི་མིང་སྟེ། དཔེར་ན་གྲངས་ཀྱི་གནས་གཞན་དྲུག་ཅུ་ལ་གྲངས་མེད་བརྗོད་པ་བཞིན། དེས་ན་སྲེད་མེད་ནི་སྟོབས་ཡིན། དེ་གང་ལ་ཡོད་པ་དེ་ལ་སྲེད་མེད་ཀྱི་བུ་ཟེར། ཡང་བསྐལ་པ་དང་པོའི་མིའི་སྟོབས་ནི་སྲེད་མེད་ཀྱི་བུའི་སྟོབས་ཀྱང་ཟེར། གཞན་དག་སྐུའི་ རུས་པའི་ཚིགས་དང་ཚིག་རེ་རེ་ན་སྲེད་མེད་ཀྱི་བུའི་སྟོབས་མངའོ་ཟེར་རོ། །དེས་སྟོན་པའི་གནས་བརྟན་བཙུན་པ་ན་རེ། སྐུའི་སྟོབས་ཀྱང་ཐུགས་ཀྱི་སྟོབས་བཞིན་མཐའ་ཡས་ཏེ། དེ་ལྟར་མ་ཡིན་ན་མཁྱེན་པའི་སྟོབས་མཐའ་ཡས་པ་སྐུའི་བཟོད་པར་མི་འགྱུར་བའི་ཕྱིར། མི་བཟོད་ན་ 3-1-347a ནི་སངས་རྒྱས་བཟོད་པའི་ངང་ཚུལ་ཅན་དུའང་མི་འགྱུར་བའི་ཕྱིར་ཟེར་རོ། །སངས་རྒྱས་དང་། རང་སངས་རྒྱས་དང་། འཁོར་ལོས་སྒྱུར་པའི་ཚིག་ནི། རིམ་བཞིན་ཤིན་ཏུ་དམ་པ། ཀླུའི་མདུད་པ་དང་། སྦྲུལ་མདུད་ལ་ཟེར། ལུ་གུ་རྒྱུད་དང་། དར་གོས་ཀྱི་སྤུན་ཐག་མཁྲིགས་པས་ཟེར། གཟེར་བུ་བཏབ་པ་ལྟར་སྲ་བ་ ཡིན་ནོ། །སྲེད་མེད་ཀྱི་བུའི་སྟོབས་ཀྱི་ཚན་ནི་གླང་ཆེན་ཕལ་པ་བཅུའི་སྟོབས་ནི་སྤོས་ཀྱི་གླང་པོ་ཆེ་སྤོས་ཀྱི་གླང་པོ་ནི་བྲུན་བླ་རྩིར་འོང་ཞིང་ཀླད་པ་ག་བུར་དུ་འགྱུར་ལ། མཁྲིས་པ་གི་ཝང་དུ་འགྱུར་བ་ཞིག་ཡོད་སྐད། གཅིག་གི་སྟོབས་དང་སོགས་པས་དེ་བཞིན་དུ་ཚན་པོ་ཆེ་ཆེན་པོ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་ མཆོག་དང་། སྲེད་མེད་ཀྱི་བུ་སྟེ་བདུན་པ་བཅུ་འགྱུར་དུ་གླགས་པའི་སྟོབས་ཡིན་ནོ། །ཚན་པོ་ཆེ་ཕྱིན་གླང་ཆེན་གྱི་མིང་མིན། སྐྱེས་བུ་ཚན་པོ་ཆེ་རྡོ་རྗེ་བྱ་བ་སྟོབས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ་ ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །གཞན་ན་རེ། གླང་པོ་ཆེ་ཕལ་བ་ནས་སྟོབས་མཆོག་གི་བར་གོང་ནས་གོང་དུ་བཅུ་འགྱུར་དུ་བསྐྱེད་པ་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་ཡིན་ཟེར་རོ། །སློབ་དཔོན་ནི་གནས་བརྟན་བཙུན་པའི་གཞུང་འཛུགས་པའི་ཆེད་དུ་སྐུའི་སྟོབས་ཆེ་བ་ཇི་ལྟར་ ཆེས་ཆེ་པ་དེ་ལྟར་རུང་སྟེ། དེ་ལྟར་མིན་ན་མཁྱེན་པའི་སྟོབས་མཐའ་ཡས་པ་བཟོད་པར་མི་འགྱུར་བའི་ཕྱིར་དང་། གཞན་དུ་ན་ལྷ་བྱིན་གྱིས་བསད་པའི་གླང་པོ་ཆེའི་རོ་ཞབས་ཀྱི་མཐེ་བོས་འོབས་བདུན་ཟློ་བ་ཡང་མི་འགྱུར་བའི་ཕྱིར་ཞེས་བཞེད་དོ། །དེ་ལྟ་བུའི་སྐུའི་སྟོབས་དེའི་ངོ་བོ་ དེ་ནི་རེག་བྱའི་སྐྱེ་མཆེད་དེ་འབྱུང་བ་ཆེན་པོའི་ཁྱད་པར་ཁོ་ན་ཡིན་གྱི་འབྱུང་བ་ལས་གྱུར་པ་ནི་མ་ཡིན་ནོ། །ཁ་ཅིག་ན་རེ། སྟོབས་དེ་ནི་འབྱུང་བ་མ་ཡིན་གྱི་སྔར་བཤད་པའི་རེག་བྱ་འཇམ་པ་ཉིད་སོགས་བདུན་དོན་གཞན་དུ་གྱུར་པ་རྒྱུར་བྱས་པའི་རེག་བྱ་བརྒྱད་པ་ཞིག་ཡིན་ནོ། ། 3-1-347b ཞེས་ཟེར་རོ། །གཉིས་པ་མི་འཇིགས་པ་ལ་གཉིས། བསྟན་པ་དང་། བཤད་པའོ། །དང་པོ་ནི། མི་འཇིགས་པ་ནི་རྣམ་པ་བཞི། །མདོ་ལས་འབྱུང་བ་ནི། ཀྱེ་མ། ང་མངོན་པར་རྫོགས་པར་སངས་རྒྱས་པ་ལ་འདི་ན་ཆོས་འདི་དག་མངོན་ པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ང་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་ཡང་རུང་བ་འགའ་ཡང་ཆོས་དང་མཐུན་པས་རྒོལ་ཅིང་གླེང་པར་བྱེད་པའི་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ལྟར་ངས་རྒྱུ་མཚན་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་པ་དང་འཇིགས་ པ་མེད་པར་གྱུར་ཅིང་མི་འཇིགས་པ་ཐོབ་པར་གནས་ཏེ། ཁྱུ་མཆོག་གི་གནས་རླབས་པོ་ཆེར་ཞལ་གྱིས་འཆེ་ཞིང་ཚངས་པའི་འཁོར་ལོ་བསྐོར། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་པ་འདི་ནི་མི་འཇིགས་པ་དང་པོ་ཡིན་ནོ། །ཀྱེ་མ་ང་ཟག་པ་ཟད་པ་ལ་ཟག་པ་འདི་ དག་མ་སྤངས་སོ་ཞེས་པ་ལ་ཞེས་པ་ནས་འདི་ནི་མི་འཇིགས་པ་གཉིས་པ་ཡིན་ནོ། །ཞེས་དང་། འདི་ན་ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟན་ན་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ང་ལ་ཞེས་སོགས་མི་འཇིགས་པ་གསུམ་པ་ དང་། འདི་ན་ངས་ཉན་ཐོས་རྣམས་ལ་ངེས་པར་འབྱིན་པའི་ལམ་དུ་གསུངས་པ་ངེས་པར་འབྱིན་པ་སྡུག་བསྔལ་ཡང་དག་པར་ཟད་པར་བྱེད་པའི་ཆེད་དུ་ངེས་པར་འབྱུང་བ་ལ་སྡུག་བསྔལ་གྱི་མཐར་བྱེད་པའི་ཆེད་དུ་ངེས་པར་འབྱུང་བ་མ་ཡིན་ཅེས་ང་ལ་ཞེས་བྱ་བ་སྔ་མ་བཞིན་མི་འཇིགས་ པ་བཞི་པ་ཡིན་ནོ་ཞེས་འབྱུང་ངོ་། །གཉིས་པ་ནི། ཇི་ལྟར་སྟོབས་ནི་དང་པོ་དང་། །བཅུ་པ་གཉིས་པ་བདུན་པ་བཞིན། །མི་འཇིགས་པ་བཞི་པོ་དེ་དག་ཀྱང་ཇི་ལྟར་སྟོབས་དང་པོ་གནས་དང་གནས་མིན་མཁྱེན་པའི་སྟོབས་ཤེས་པ་བཅུ་དང་། ས་ཐམས་ཅད་ཀྱིས་བསྡུས་པ་བཞིན་དུ་མི་འཇིགས་པ་དང་པོ་འདི་ཡང་དེ་དང་འདྲའོ། །སྟོབས་བཅུ་པ་ 3-1-348a ཟག་པ་ཟད་པ་མཁྱེན་པའི་སྟོབས། ཤེས་པ་དྲུག་གམ་བཅུ་དང་། ས་བཅུ་གཅིག་གིས་བསྡུས་པ་དེ་བཞིན་དུ་མི་འཇིགས་པ་གཉིས་པ་འདི་ཡང་དེ་དང་འདྲའོ། །སྟོབས་གཉིས་པ་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་འགོག་ལམ་ཤེས་པ་མ་ གཏོགས་པ་བརྒྱད་དང་། ས་ཐམས་ཅད་ཀྱིས་བསྡུས་པ་དེ་བཞིན་དུ་མི་འཇིགས་པ་གསུམ་པ་འདིའང་ཤེས་པ་བརྒྱད་ཀྱི་རང་བཞིན་དང་ས་ཐམས་ཅད་ཀྱིས་བསྡུས་པ་ཡིན་ཏེ། བདེན་པ་དང་པོ་གཉིས་ཀྱིས་བསྡུས་པ་ཁོ་ནས་བར་དུ་གཅོད་ཀྱི། འགོག་ལམ་གྱིས་བསྡུས་ པས་བར་དུ་མི་གཅོད་པའི་ཕྱིར། སྟོབས་བདུན་པ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཤེས་པ་བཅུའམ་དགུ་དང་། ས་ཐམས་ཅད་ཀྱིས་བསྡུས་པ་དེ་བཞིན་དུ་མི་འཇིགས་པ་བཞི་པ་འདིའང་ཤེས་པ་བཅུའམ་དགུའི་རང་བཞིན་དང་ས་ཐམས་ཅད་ཀྱིས་བསྡུས་པ་ ཡིན་ཏེ། ཟག་བཅས་ཟག་མེད་ཀྱི་ལམ་འབྲས་བུ་དང་བཅས་པ་བཟུང་ན་བཅུ་དང་། འབྲས་བུ་མེད་པ་བཟུང་ན་དགུ་ཡིན་པའི་ཕྱིར་རོ། །བྱེ་སྨྲ་ནི་ཤེས་པ་ཉིད་མི་འཇིགས་པར་འདོད་ལ། སློབ་དཔོན་ནི་མི་འཇིགས་པ་མི་སྐྲག་པ་ཡིན་པས་ཤེས་པ་ཉིད་མ་ཡིན་གྱི། ཤེས་པའི་ འབྲས་བུ་ཡིན་ཏེ། ཤེས་པ་ལ་བརྟེན་ནས་མི་སྐྲག་པ་འབྱུང་བའི་ཕྱིར། འབྲས་མིང་རྒྱུ་ལ་བཏགས་པ་ཡིན་ཏེ། ལྡེང་ཀ་རྐང་ནད་ཅེས་བརྗོད་པ་བཞིན་ནོ། །མི་འཇིགས་པ་བཞིའི་སྔ་མ་གཉིས་ཀྱིས་རང་གི་ཡེ་ཤེས་དང་སྤངས་པ་ཕུན་ཚོགས་བརྗོད། ཕྱི་མ་གཉིས་ཀྱིས་ གཞན་ལ་ཕན་པ་ཕུན་ཚོགས་ཏེ། ཡང་དག་མིན་པའི་ལམ་བཟློག་པའི་ཕྱིར་དང་། ཡང་དག་པའི་ལམ་བསྟེན་པའི་ཕྱིར་རོ། །མི་བརྫི་བའི་ཐོགས་མེད་ཀྱི་མཁྱེན་པ་ནི་སྟོབས་ཡིན་ལ། མི་ཞུམ་པའི་རྒྱུ་ནི་མི་འཇིགས་པ་སྟེ་གཞན་གྱི་ཟིལ་གྱིས་མི་ནོན་པ་དེ་ལྟར་ན་སྟོབས་ 3-1-348b དང་། གཞན་ཟིལ་གྱིས་གནོན་པ་དེ་ལྟར་ན་མི་འཇིགས་པའོ། །གཞན་གྱི་སྟོབས་ནི་དཔའ་བ་དང་མི་འཇིགས་པ་ནི་བརྟན་པ་ཡིན་པས། འདི་གཉིས་ཀྱི་བྱ་བ་ཐ་དད་དེ་སྟོབས་ཀྱི་དོན་ནི་འདོད་པའི་དོན་སྒྲུབ་པ་དང་། མི་འཇིགས་པའི་དོན་ནི་མི་ཞུམ་པའི་དོན་ནོ་ཞེས་ཟེར་རོ། ། གསུམ་པ་དྲན་ཉེ་གསུམ་བཤད་པ་ནི། དྲན་དང་ཤེས་བཞིན་བདག་ཉིད་གསུམ། །དྲན་པ་ཉེར་གཞག་འཁོར་གྱི་བྱེ་བྲག་ལ་གསུམ་སྟེ། མདོ་ལས། དགེ་སློང་དྲན་པ་ཉེར་གཞག་གསུམ་པོ་འདི་དག་འཕགས་པས་བསྟེན་ནས། འཁོར་ལ་རྗེས་སུ་སྟོན་པར་འོས་ན། སྟོན་པ་ཐུགས་རྗེ་ཅན་ཉན་ཐོས་རྣམས་ལ་ཆོས་ སྟོན་པར་མཛད་ཅིང་ཉན་ཐོས་དེ་དག་དེ་ལ་ཉན་རྣ་གཏོད། ཀུན་ཤེས་པའི་སེམས་འཇོག་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ། བསྟན་པ་དང་མི་འགལ་བར་བྱེད་ན་དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར་ཐུགས་བདེ་བ་མ་ཡིན། ཐུགས་ཡ་ཡོར་མི་འགྱུར་གྱི། དེ་ ལ་དེ་བཞིན་གཤེགས་པ་དྲན་པ་དང་ཤེས་བཞིན་བཏང་སྙོམས་སུ་བཞུགས་ཏེ། འཕགས་པས་དེ་དག་བསྟེན་ན་ཚོགས་ལ་སྟོན་པར་འོས་པའི་དྲན་པ་ཉེར་གཞག་དང་པོ་ཡིན་ནོ། །ཞེས་དང་། དེ་ལས་བཟློག་ཀྱང་མནར་སེམས་སུ་མི་འགྱུར། མི་བཟོད་པ་མ་ཡིན། འཚིག་ པའང་མ་ཡིན། ཐུགས་མ་རངས་པའང་མི་མངའ། ཞེས་སོགས་གཉིས་པ་དང་། ཁ་ཅིག་ཉན་ཁ་ཅིག་མི་ཉན་པ་དེ་ལ་གཉིས་ཀ་མི་འགྱུར་བར་དྲན་པ་དང་ཤེས་བཞིན་དུ་བཏང་སྙོམས་སུ་བཞུགས་ཞེས་སོགས་རྒྱ་ཆེར་འབྱུང་བ་བཞིན་ནོ། །དྲན་པ་ཉེར་གཞག་གསུམ་པོ་ འདི་དག་ནི་དྲན་པ་དང་ཤེས་བཞིན་ཤེས་རབ་ཀྱི་བདག་ཉིད་དག་ཡིན་ལ། ཤེས་རབ་ཀྱི་ཆ་ནི་ཀུན་རྫོབ་ཤེས་པ་ཡིན་ནོ། །འོ་ན་ཉན་ཐོས་ཉོན་མོངས་པ་སྤངས་པ་རྣམས་ལའང་འཁོར་གུས་པས་ཉན་མི་ཉན་གཉིས་ཀ་ལ་ཆགས་སྡང་མི་འབྱུང་བ་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ 3-1-349a ཆོས་མ་འདྲེས་པར་ཇི་ལྟར་འགྱུར་ཞེ་ན། ཉན་ཐོས་ཀྱིས་ནི་ཆགས་སྡང་གི་བག་ཆགས་མ་སྤངས་ལ་སངས་རྒྱས་ཀྱིས་སྤངས་པའི་ཕྱིར་དེར་བཞག་གོ། བག་ཆགས་ནི་ཉན་ཐོས་ལ་སྔོན་ཉོན་མོངས་སྤྱད་པའི་མཐུས་ལུས་ངག་གི་གཡོ་བ་འགྱུར་བའི་རྒྱུ་ནུས་པའི་ཁྱད་པར་སེམས་ལ་ཡོད་པ་ ལ་འདོད་ཅིང་། བཙུན་པ་གོ་ཆ་མཐའ་ཡས་ནི་བག་ཆགས་ནི་ལུང་དུ་མ་བསྟན་པའི་སེམས་ཀྱི་ཁྱད་པར་ལ་འདོད་དོ། །སློབ་དཔོན་གྱིས་ཡང་ན་ཉན་ཐོས་རྣམས་སངས་རྒྱས་གང་གི་འཁོར་དུ་ཡོད་པ་ཡིན་པ་དེ་ལས་སྟོན་པ་དེ་ལ་ནི་གུས་པར་ཉན་པ་དང་མི་གུས་པར་ཉན་པ་དང་། གཉིས་པ་དེ་དག་ལ་ཤིན་ཏུ་ ཡིད་བདེ་བ་ལ་སོགས་པའི་གོ་སྐབས་སུ་འགྱུར་གྱི། གཞན་སྟོན་པ་ལ་ནི་དེ་ལྟར་མ་ཡིན་པས་སྟོན་པ་དེ་ཁོ་ན་ལ་ཡིད་བདེ་སོགས་དེ་དག་མི་འབྱུང་བས་ཡ་མཚན་དུ་རྣམ་པར་བཞག་གི། ཉན་ཐོས་ལ་ནི་མ་ཡིན་ནོ། །ཡང་ན་རང་བས་དམན་པ་གཅིག་གིས་གནོད་པ་བྱས་པ་ལ་བཟོད་པ་དེ་ཡ་མཚན་ཆེའི། རང་བས་ཁས་དྲག་པ་གཅིག་གིས་གནོད་པ་བྱས་པ་བཟོད་པ་ལ་ཡ་མཚན་རྒྱུ་མེད་དེ། དེ་དང་འདྲ་བར་ཉན་ཐོས་ཀྱི་འཁོར་དུ་གསོལ་བ་དེ་རང་། སངས་རྒྱས་ཀྱིས་དབང་གི་ཉན་རང་མི་དབང་བས་ན་དེ་ལ་དགའ་མི་དགའ་མེད་པས་དེར་ཡ་མཚན་རྒྱུ་མེད། དབང་བ་སངས་རྒྱས་ལ་དགའ་མི་དགའ་མེད་པ་དེ་ཡ་ མཚན་ཆེའོ་ཞེས་འཆད་དོ། །བཞི་པ་ཐུགས་རྗེ་ཆེན་པོ་བཤད་པ་ནི། ཐུགས་རྗེ་ཆེན་པོ་ཀུན་རྫོབ་བློ། །ཚོགས་དང་རྣམ་པ་སྤྱོད་ཡུལ་དང་། །མཉམ་པའི་ཕྱིར་དང་ཆེས་ཆེའི་ཕྱིར། །ཐ་དད་བྱ་བ་རྣམ་པ་བརྒྱད། །ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་པའི་བློའམ་ཤེས་པའི་བདག་ཉིད་དེ། དེ་ལྟར་མིན་ན་སྙིང་རྗེ་བཞིན་ཞེ་སྡང་མེད་པའི་ངོ་བོ་ཙམ་ཡིན་ན་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ལ་དམིགས་པའང་མི་འགྲུབ་ལ། སྙིང་རྗེ་བཞིན་སྡུག་བསྔལ་ གསུམ་གྱི་རྣམ་པ་ཅན་མ་ཡིན་པར་ཡང་འགྱུར་བའི་ཕྱིར། ཅིའི་ཕྱིར་ཆེན་པོར་བརྗོད་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་ཡང་དག་པར་འགྲུབ་པའི་ཕྱིར། རྣམ་པ་ནི་སྡུག་བསྔལ་གསུམ་ལ་རྟོགས་པའི་ཕྱིར། དམིགས་པ་སྤྱོད་ཡུལ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དམིགས་ཤིང་། 3-1-349b འདུ་བྱེད་ཀྱི་སྡུག་བསྔལ་ཅན་དུ་དྲན་པ་མཉམ་པ་ཉིད་དུ་འཇུག་པའི་ཕྱིར་དང་། ཤེས་རབ་ཀྱི་ངོ་བོ་ཡིན་པས་ཤིན་ཏུ་རྣོ་བ་དེ་ལས་ཆེས་ཆེ་བ་མེད་པའི་ཕྱིར་རོ། །སྙིང་རྗེ་དང་ཐུགས་རྗེ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ན། ངོ་བོ་སོགས་ཐ་དད་དུ་བྱ་བ་རྣམ་པ་བརྒྱད་ཡོད་དེ། སྙིང་རྗེ་དང་ཐུགས་རྗེ་ ཆེན་པོ་ཆོས་ཅན། ངོ་བོ་ལས་ཐ་དད་དུ་ཡོད་དེ། ཞེ་སྡང་མེད་པ་དང་གཏི་མུག་མེད་པའི་ངོ་བོ་ཡིན་པའི་ཕྱིར། རྣམ་པ་ལས་ཐ་དད་དེ། སྡུག་བསྔལ་གཅིག་དང་གསུམ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར། དམིགས་པ་ལས་ཐ་དད་དེ། འདོད་པའི་ཁམས་གཅིག་དང་ཁམས་ གསུམ་གྱི་སེམས་ཅན་ལ་དམིགས་པའི་ཕྱིར། ས་ལས་ནི་ཐ་དད་ཡོད་དེ། བསམ་གཏན་དང་པོ་སྐོར་གསུམ་གཅིག་ཏུ་བྱ་སྟེ་གོང་མ་གསུམ་དང་བཅས་པས་བསམ་གཏན་ས་བཞི་དང་བསམ་གཏན་བཞི་པ་ཁོ་ནའི་ས་པ་ཡིན་པའི་ཕྱིར། རྒྱུད་ལས་དེ་གཉིས་ཐ་དད་དེ་ཉན་ཐོས་ རང་རྒྱལ་དང་། སོ་སྐྱེའི་རྒྱུད་ལ་སྐྱེ་བའི་ཕྱིར། དེ་གཉིས་ཐོབ་པ་ལས་ཐ་དད་དེ། འདོད་ཁམས་དང་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བ་ཐོབ་པའི་ཕྱིར། བྱ་བ་ལས་ཐ་དད་དེ། སྙིང་རྗེ་ནི་ཉན་ཐོས་སོགས་སྙིང་རྗེ་བར་བྱེད་པ་འབའ་ཞིག་ཏུ་ཟད་པས་ཡིད་ལ་ཉམ་ང་བར་ བྱེད་ཀྱི་འཁོར་བའི་འཇིགས་པ་ལས་སྐྱོབ་མི་ནུས་ལ། ཐུགས་རྗེ་ཆེན་པོས་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་མཛད་པས་འཁོར་བའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །བྱེད་ལས་ཐ་དད་དེ། སྙིང་རྗེ་ནི་སྡུག་བསྔལ་བ་ཁོ་ན་ལ་སྙིང་རྗེ་བས་མི་འདྲ་བར་སྙིང་རྗེ་ བྱེད་པ་དང་། ཐུགས་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་འདྲ་བར་ཐུགས་རྗེ་མཛད་པའི་ཕྱིར་རོ། །གསུམ་པ་མཇུག་བསྡུ་བ་ལ། སངས་རྒྱས་ཀྱི་ཆོས་ཀྱི་ཁྱད་པར་མཉམ་པའི་ཚུལ་དང་། མི་མཉམ་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ། སངས་རྒྱས་ཐམས་ཅད་ནི་ཆེ་བའི་ཡོན་ 3-1-350a ཏན་གྱིས་མཉམ་པ་ཉིད་དེ་རྒྱུ་སྔོན་བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ཡང་དག་པར་འགྲུབ་པ་དང་། འབྲས་བུ་ཟག་མེད་ཆོས་ཀྱི་རྒྱུན་ནམ་སེམས་གནས་ཡོངས་སུ་གྱུར་པའི་ཆོས་སྐུ་ཡོངས་སུ་གྲུབ་པ་དང་། ཕྲིན་ལས་འགྲོ་བའི་མཐོ་རིས་དང་ བྱང་གྲོལ་གྱི་དོན་སྒྲུབ་པར་སྤྱོད་པས་མཉམ་པའི་ཕྱིར་རོ། །གཉིས་པ་ནི། དུས་ཇི་ལྟ་བ་བཞིན་སྐྱེ་རྒུ་ཚེ་ལོ་བརྒྱད་ཁྲི་སོགས་ཚེ་རིང་བའི་ཚེ་སྐུ་ཚེ་རིང་བ་དང་། ཚེ་ལོ་བརྒྱ་པའི་ཚེ་སྐུ་ཚེ་ཐུང་བ་དང་། དུས་ཇི་འདིའི་ཆོས་སྐུ་ནི་ཐེག་ཆེན་ནས་བཤད་པའི་ཆོས་སྐུ་དང་མི་གཅིག་པས་ཉོན་མོངས་པ་མཐའ་ དག་སྤངས་པའི་སེམས་ལ་བཤད་པ་ཡིན་ནོ། ལྟ་བ་བཞིན་འཇིག་རྟེན་ན་རྒྱལ་རིགས་དང་བྲམ་ཟེ་གང་བསྐུར་བའི་ཚེ་རིགས་དེ་དང་དུས་ཇི་ལྟ་བ་བཞིན་འཇིག་རྟེན་ན་འོད་སྲུངས་ཡང་སངས་རྒྱས་སྨོན་ལམ་སྟོབས་ཀྱི་རྒྱལ་པོ་ནི་གདུལ་བྱ་ཚེ་རིང་ཡང་ལོ་བདུན་ལས་མ་བཞུགས་ཟེར། ཉིན་ཞག་བདུན་ཡང་ཟེར་རོ། ། དང་ཤཱཀྱ་གང་བསྐུར་བ་དེ་གདུང་འཛིན་པ་དང་། འཇིག་རྟེན་ན་བོང་ཚོད་ཆུང་བ་དང་ཆེ་བའི་ཚེ་ཤཱཀྱ་ཐུབ་པ་དང་བྱམས་པ་སོགས་སྐུ་བོང་ཚོད་ཀྱིས་མཉམ་པ་བྲམ་ཟེ་སྒོ་ཚན་གཅིག་འོད་སྲུངས་ཡིན་ཙ་ན་སྒོ་ཚན་དེའི་མིང་གིས་སངས་རྒྱས་ལ་བཏགས་པའོ། །མིན་ནོ། །ཕུན་སུམ་ཚོགས་པ་གསུམ་པོ་འདི་ཁོ་ན་ ཡིད་ལ་བྱེད་པའི་མཁས་པ་ནི་སངས་རྒྱས་རྣམས་ལ་དགའ་བ་དང་གུས་པ་ཆེན་པོ་བསྐྱེད་པར་ནུས་ཏེ། ཚོགས་གཉིས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་། མཐེ་བོང་ཅན་གྱི་འཇིག་རྟེན་གྱི་སངས་རྒྱས་སྐར་མ་ལ་དགའ་བ་ནི་སྐུ་མཐེ་བོང་ཙམ་མོ། །འབྲས་བུ་ཆོས་ཀྱི་སྐུ་ཕུན་སུམ་ཚོགས་པ་དང་། འགྲོ་བའི་དོན་སྤྱོད་པ་ཕན་འདོགས་པ་ཕུན་སུམ་ ཚོགས་པའོ། །དང་པོ་ལ་བཞི་སྟེ། བསོད་ནམས་ཕར་ཕྱིན་ལྔ་དང་། ཡེ་ཤེས་ཤེར་ཕྱིན་གྱི་ངོ་བོ་ཚོགས་ཐམས་ཅད་ལ་གོམས་པ་ཡང་ཡང་དུ་སྦྱོར་བ་དང་། ཡུན་རིང་པོ་བསྐལ་པ་གྲངས་མེད་གསུམ་དུ་གོམས་པ་དང་། དེའང་བར་དུ་ཆད་པ་མེད་པ་དང་། གུས་པ་དྲག་པོར་གོམས་པའོ། །གཉིས་པ་སྤངས་པ་ལའང་ 3-1-350b བཞི་སྟེ། ཡེ་ཤེས་དང་། སྤངས་པ་དང་། མཐུ་དང་། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །ཕྱི་མ་འདི་གཉིས་ཡེ་ཤེས་ཀྱི་འབྲས་བུ་དང་། ཡེ་ཤེས་ཀྱི་རྟེན་ཡིན་པས་ཡེ་ཤེས་སུ་བསྡུའོ་ཟེར། དང་པོ་ལའང་བཞི་སྟེ། བདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་དོན་ གྱིས་མ་བསྟན་པར་མཁྱེན་པ་དང་། རང་སྤྱིའི་མཚན་ཉིད་མ་ལུས་པ་ཐུགས་སུ་ཆུད་པས་ཐམས་ཅད་མཁྱེན་པ་དང་། བདེན་བཞིའི་རྣམ་པ་ཀུན་ཐམས་ཅད་མཁྱེན་པ་དང་། བཞེད་པ་ཙམ་གྱིས་ཐུགས་སུ་ཆུད་པས་མ་འབད་པར་མཁྱེན་པའོ། །སྤངས་པ་ལ་བཞི་སྟེ། མཐོང་སྒོམ་ གྱི་སྤང་བྱའི་ཉོན་མོངས་ཁམས་གསུམ་པ་ཐམས་ཅད་སྤངས་པ་དང་། ཡོངས་སུ་མི་ཉམས་པའི་སྒོ་ནས་གཏན་དུ་བ་དང་། ཉན་རང་དགྲ་བཅོམ་དང་ཐུན་མོང་མིན་པས་བག་ཆགས་ཀྱི་རྗེས་སུ་འབྲེལ་བ་དང་བཅས་པ་སྤངས་པ་དང་། གཉིས་ཀའི་ཆ་ལས་གྲོལ་བ་ཏིང་ངེ་འཛིན་དང་ སྙོམས་འཇུག་གི་སྒྲིབ་པ་ཐམས་ཅད་སྤངས་པའོ། །མཐུ་ཡང་བཞི་སྟེ། ཕྱིའི་ཡུལ་སྔོན་མེད་འབྱིན་པ་སྤྲུལ་པ་དང་། རྡོ་སོགས་གསེར་དུ་བསྒྱུར་བ་དང་། ཡུན་རིང་དུ་གནས་པར་བྱིན་གྱིས་རློབས་པའི་མངའ་དབང་ཕུན་ཚོགས་དང་། སྐུ་ཚེ་གཏོང་འཇོག་བྱིན་རློབས་ལ་མངའ་དབང་ ཕུན་ཚོགས་དང་། སྒྲིབ་པ་ལ་གཤེགས་ནམ་མཁའ་ལ་གཤེགས། ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པ་དང་། ཆུང་ངུ་རྡུལ་ཕྲ་རབ་ཏུ་འཇིག་རྟེན་གྱི་ཁམས་མང་པོ་འཇུག་པར་མངའ་མཛད་པ་དང་ཡ་མཚན་གྱི་ཆོས་ནར་མ་གཤེགས་པ་ན་མཐོ་དམན་མཉམ། ལོང་འོན་གྱིས་མིག་རྣ་ ཐོབ། སྨྱོན་པས་དྲན་པ་རྙེད་པ་སོགས་རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས་པའོ། །གཟུགས་སྐུ་ཕུན་ཚོགས་ཀྱང་བཞི་སྟེ། མཛོད་སྤུ་དང་གཙུག་ཏོར་སོགས་སྐྱེས་བུ་ཆེན་པོར་མཚོན་བྱེད་མཚན་ཕུན་ཚོགས་དང་། སོར་མོ་ཟླུམ་པ་སོགས་སྐྱེས་བུ་ཆེན་པོའི་ངོ་བོ་གསལ་བྱེད་དཔེ་ 3-1-351a བྱད་བཟང་པོ་ཕུན་ཚོགས་དང་། སྲེད་མེད་ཀྱི་བུའི་སྟོབས་ཕུན་ཚོགས་དང་། སྐུ་གདུང་རྡོ་རྗེ་ལྟ་བུར་སྲ་ལ། སྲ་བ་དེ་རིན་པོ་ཆེར་འགྱུར། མཇུག་ཏུ་ནམ་ཀའི་བག་ལ་ཞ་བ་ཉིད་ཀྱིས་ཕུན་སུམ་ཚོགས་པའོ། །གསུམ་པ་ལ་བཞི་སྟེ། ངན་སོང་གསུམ་ དང་འཁོར་བའི་སྡུག་བསྔལ་ལས་གཏན་ཐར་དུ་མཛད་པ་ཕུན་ཚོགས་དང་། ཡང་ན་ཐེག་གསུམ་དང་། དེ་བཞིན་གཤེགས་པའི་སྐུ་གདུང་ནི་ནོར་བུར་གྱུར་ན། རང་སངས་རྒྱས་དང་ཉན་ཐོས་ལ་སོགས་པའི་རུས་པ་ནི་མཇུག་ཏུ་རྡོར་འགྱུར་བའང་ཡོད་དོ། ། བདེ་འགྲོ་ལ་འགོད་བར་མཛད་པ་ཕུན་ཚོགས་སོ། ། དེ་ལྟར་དེ་དག་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་མདོར་བསྡུས་པ་སྟེ། སྐྱེས་བུ་དམ་པ་དད་པ་སྐྱེས་པ་སངས་རྒྱས་ལ་བསྟོད་པར་འགྱུར་བ་དེ་ཐམས་ཅད་ནི་གསུམ་པོ་འདི་ཁོ་ནས་མོས་པར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་དབྱེ་ན་ མཐའ་ཡས་ཏེ། བཅོམ་ལྡན་འདས་སྐུ་ཚེ་བསྐལ་པ་གྲངས་མེད་དུ་མར་བྱིན་གྱིས་བརླབས་པར་གྱུར་པའི་ཆེ་བའི་བདག་ཉིད་དེ་ལྟར་ན། ཡོན་ཏན་མཐའ་དག་ལ་མཁྱེན་པ་དང་བརྗོད་པར་སྤྱོད་དེ་སྤྱོད་མི་ནུས་པའི་ཕྱིར། སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་སངས་རྒྱས་ སུ་གྱུར། སངས་རྒྱས་རེ་རེ་ལ་དབུ་སྟོང་། དབུ་རེ་རེ་ལ་ཞལ་སྟོང་སྟོང་། ཞལ་རེ་ལ་ལྗགས་སྟོང་ཡོད་པའི་ལྗགས་དེ་རྣམས་ཀྱིས་ཡོན་ཏན་བསྐལ་བ་དཔག་མེད་དུ་བརྗོད་ཀྱང་ཚུལ་ཁྲིམས་གཅིག་པུའི་ཡོན་ཏན་བརྗོད་ཀྱང་མི་རྫོགས་སོ། །དེས་ན་དེ་བཞིན་གཤེགས་ པ་རྣམས་ཀྱི་ཡོན་ཏན་ཡེ་ཤེས་མཐུ་ཕན་འདོགས་མཐས་གཏུགས་པ་མེད་པས་མཐའ་ཡས་ཤིང་གཞན་ལ་མེད་པས་རྨད་དུ་བྱུང་བ་རིན་པོ་ཆེ་ཆེན་པོ་སེམས་ཅན་ལ་ཕན་པར་བྱེད་པའི་འབྱུང་གནས་ཡིན་ནོ། །འོན་ཀྱང་བྱིས་པ་རང་ལ་ཡོན་ཏན་མེད་པས་ཡོན་ཏན་ལ་མོས་པ་ 3-1-351b བཅོམ་པ་རྣམས་ནི་སངས་རྒྱས་ཀྱི་ཡོན་ཏན་འབྱོར་པ་དེ་ལྟ་བུ་ཐོས་སུ་ཟིན་ཀྱང་སངས་རྒྱས་དང་དེའི་ཆོས་ལ་གུས་པར་མི་བྱེད་ཀྱི། མཁས་པ་རྣམས་ནི་སྙིང་ཁོང་རུས་པའི་གཏིང་ཡན་ཆད་ནས་ཀྱང་བཅོམ་ལྡན་འདས་དང་། དེའི་ཆོས་ལ་རབ་ ཏུ་དད་པར་འགྱུར་ཏེ། གཅིག་ཏུ་རབ་ཏུ་དད་པ་དེ་དག་ནི་མ་གཏོགས་པར་དད་པ་ཙམ་གྱིས་ཀྱང་མ་ངེས་པའི་སྡིག་པ་བགྱིས་པའི་རྣམ་སྨིན་གྱི་ཆོས་རྣམས་འབྱུང་མི་ནུས་པར་ཟིལ་གྱིས་མནན་ནས་ལྷ་དང་མིའི་ལེགས་པ་ཉམས་སུ་མྱོང་ནས་བགྲོད་བྱའི་མཆོག་མྱ་ངན་ལས་འདའ་བར་འགྱུར་རོ། །དེའི་ཕྱིར་དེ་བཞིན་ གཤེགས་པ་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱ་སྟེ། དེ་ལ་བསོད་ནམས་བསྐྲུན་པས་འབྱིན་པར་ངེས་པས་འབྲས་བུ་མེད་པ་མ་ཡིན་ལ། འབྲས་བུ་ལྷ་ཡུལ་ལ་སོགས་ཡིད་འོང་བསྐྱེད་པ་དང་། འབྲས་བུ་མང་བས་མཆོག་ཏུ་གྱུར་པ་དང་། མཐོང་ཆོས་ལ་མྱོང་བས་ མྱུར་བ་དང་། མྱང་འདས་ཀྱི་རྒྱུར་གྱུར་པས་འབྲས་བུ་མཐའ་བཟང་བའི་ཕྱིར་རོ། །གཉིས་པ་ཐུན་མོང་བའི་ཡོན་ཏན་ལ། བསྟན་བཤད་གཉིས་ལས། དང་པོ་ནི། ཆོས་གཞན་སློབ་དང་ཐུན་མོང་ཡིན། །ཁ་ཅིག་སོ་སོའི་སྐྱེ་བོ་དང་། །ཉོན་མོངས་མེད་དང་སྨོན་ནས་ཤེས། །སོ་སོ་ཡང་དག་རིག་མངོན་སོགས། །མ་འདྲེས་པ་བཅོ་བརྒྱད་མ་གཏོགས་ཆོས་གཞན་ནི་སློབ་མ་ཉན་ཐོས་དང་རང་རྒྱལ་དང་ཡང་ཐུན་མོང་ ཡིན་ལ། ཡོན་ཏན་གྱི་ཆོས་ཁ་ཅིག་ནི་སོ་སོ་སྐྱེ་བོ་དང་ཡང་ཐུན་མོང་བ་ཡིན་ནོ། །ཆོས་དེ་དག་ཀྱང་གང་ཞེ་ན། ཉོན་མོངས་མེད་པ་དང་། སྨོན་ནས་ཤེས་པ་དང་སོ་སོར་ཡང་དག་པར་རིག་པ་བཞི་དང་། མངོན་ཤེས་དྲུག་དང་། སོགས་པས་བཟུང་བས་ བསམ་གཏན་བཞི་དང་། ཚད་མེད་བཞི་དང་། རྣམ་ཐར་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཏིང་ངེ་འཛིན་ལ་སོགས་པའོ། །དེ་ལ་མངོན་ཤེས་དང་པོ་ལྔ་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་ 3-1-352a དང་། ཚད་མེད་བཞི་དང་། རྣམ་ཐར་དང་པོ་བདུན་དང་། ཟད་པར་བཅུ་དང་། ཟིལ་གནོན་སྐྱེ་མཆེད་བརྒྱད་དང་ཏིང་ངེ་འཛིན་གསུམ་པོ་དག་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་ཡིན་ལ། གཞན་དག་ནི་ཉན་རང་འཕགས་པ་དང་བྱང་སེམས་རྣམས་ དང་ཐུན་མོང་བ་ཡིན་ནོ། །དགྲ་བཅོམ་པས་འདི་ལྟར་བསམ་པར་བྱ་ལ། སེམས་ཅན་གྱི་སྡུག་བསྔལ་ནི་ཉོན་མོངས་ལས་སྐྱེ་བས་ཉོན་མོངས་སྤང་དགོས་ལ། ཉོན་མོངས་པ་ཡང་གཞན་ལ་ཉོན་མོངས་པ་སྐྱེས་པས་བདག་ལ་གྱོད་མེད་མོད། བདག་ལ་དམིགས་ནས་ གཞན་ཉོན་མོངས་སྐྱེ་བ་བདག་གིར་མི་བྱ་སྟེ། བདག་ནི་དེ་དག་གི་ཡོན་ཏན་གྱི་གནས་ཁྱད་པར་ཅན་དུ་རིག་པའི་ཕྱིར། ཕ་རོལ་པོ་དག་བདག་དེ་ལ་དམིགས་ནས་ཉོན་མོངས་སྐྱེ་བ་ཡོངས་སུ་སྤོང་བར་འདོད་དེ། དེའི་ཐབས་ནི་གཞན་གྱི་ཚོགས་གསོག་པའི་ཞིང་ཁྱད་པར་ ཅན་དུ་གྱུར་པ་དང་། སྔོན་རང་ཉོན་མོངས་པ་ལ་དགའ་མགུར་སྤྱད་ཙམ་ན་དེས་གནོང་ཞིང་ངོ་ཚ་བའི་དྲན་པ་བསྐྱེད་པ་དང་། ཉོན་མོངས་མེད་པའི་གདམས་ངག་ཐོབ་པས་སྐྱེད་པར་བྱེད་པའི་ཕྱིར་རོ། །རྒྱུ་མཚན་གང་གིས་ན་སྨད་འཚོང་མ་སོགས་ཕ་རོལ་པོ་དག་རྣམ་པ་ཐམས་ ཅད་དུ་ཉོན་མོངས་སྐྱེད་པར་མི་བྱེད་ཅིང་། སེམས་ཅན་འགའ་ཡང་བདག་དེ་ལ་དམིགས་ནས་འདོད་ཆགས་ཞེ་སྡང་ང་རྒྱལ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་དེ། བདག་ཏིང་འཛིན་ལས་མ་ལངས་པ་ན་བདག་མཐོང་ན་ཕ་རོལ་པོ་ཉོན་མོངས་བསྐྱེད་པར་ མ་གྱུར་ཅིག་ཅེས་མངོན་པར་རྟོགས་ཤིང་། ལངས་ཀྱང་རྗེས་སུ་མཐུན་པར་བྱེད་པའི་གཞན་སེམས་སྲུང་བའི་ཐབས་ཀྱི་ལམ་དེ་ནི་ཕ་རོལ་པོ་འགའ་ཡང་ཉོན་མོངས་སྐྱེད་པས་མི་བྱེད་པས་ན་ཉོན་མོངས་མེད་པ་ཡིན་གྱི། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དེ་སྐྱེས་པ་ཙམ་གྱིས་གཞན་གྱི་ཉོན་མོངས་ 3-1-352b མེད་པར་འགྱུར་བ་ནི་མ་ཡིན་ཏེ། འཕགས་པ་རབ་འབྱོར་ཉོན་མོངས་པ་མེད་པའི་མཆོག་དེས་བདག་ལངས་པས་ཉོན་མོངས་སྐྱེ་སྐྱེ་འདྲ་ན་ཉལ། ཉལ་བས་སྐྱེ་སྐྱེ་འདྲ་ན་ལྡང་། རྫུ་འཕྲུལ་བྱས་པས་སྐྱེ་སྐྱེ་འདྲ་ན་མི་བྱེད། མ་བྱས་པ་ལ་སྐྱེ་སྐྱེ་འདྲ་ན་བྱེད་པ་བཞིན་ནོ། ། གཉིས་པ་རྒྱས་བཤད་ལ། འཕགས་པ་དང་ཐུན་མོང་བ་དང་། སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བའོ། །དང་པོ་ལ། ཡོན་ཏན་དྲུག་པོ་སོ་སོའི་ཆོས་བཤད་པ་དང་། ཐུན་མོང་བའི་བཤད་པའོ། །དང་པོ་ལ། ཉོན་མོངས་མེད་པ་དང་། སྨོན་གནས་མཁྱེན་པ། སོ་སོ་ ཡང་དག་པར་རིག་པ་བཞིའོ། །དང་པོ་ནི། ཉོན་མོངས་མེད་པ་ཀུན་རྫོབ་ཤེས། །བསམ་གཏན་མཐའ་ན་མི་གཡོའི་ཆོས། །མིས་སྐྱེས་ཉོན་མོངས་འདོད་གཏོགས་པ། །མ་སྐྱེས་གཞིར་བཅས་སྤྱོད་ཡུལ་ཅན། །ཉོན་མོངས་མེད་པའི་ཏིང་འཛིན་དེ་ནི་ཀུན་རྫོབ་ཤེས་པ་ཡིན་ཏེ། གཞན་གཞན་རྒྱུད་ཀྱི་སྒོམ་སྤོང་ཉོན་མོངས་མ་འོངས་པའི་ཡུལ་ཅན་ཡིན་པས་ཟག་མེད་མི་སྲིད་པའི་ཕྱིར། སངས་རྒྱས་ཉོན་མོངས་མེད་པ་ལ་གནས་པ་ ཉོན་མོངས་གཏན་དབྱུང་བར་བཞེད་པའི་ཐུགས་རྗེའི་དགོངས་པ་བརླིང་བས་སོར་ཕྲེང་ཅན་སོགས་ཀྱི་ཉོན་མོངས་སྐྱེ་བ་བཏང་སྙོམས་སུ་མཛད་དེ། མངོན་པར་རྟོགས་པའི་སྐལ་བ་དང་ལྡན་པའི་ཕྱིར་རོ། །ཉན་ཐོས་རྣམས་བསམ་པ་དང་བག་ལ་ཉལ་ཤེས་པ་དང་བྲལ་ བས་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་དབྱུང་མི་ནུས་ཏེ། དུས་རེ་ཞིག་སྤོང་བར་བྱེད་པ་ཙམ་དུ་ཟད་པའི་ཕྱིར། ཏིང་འཛིན་དེ་བསམ་གཏན་གྱི་ཡ་མཐའ་བཞི་པ་ཁོ་ནར་ཡོད་དེ། བཞི་པ་དེ་ལམ་སླ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར། དགྲ་བཅོམ་པ་མི་གཡོ་བའི་ ཆོས་ཅན་ཡིན་གྱི། གཞན་ཉམས་པའི་ཆོས་ཅན་སོགས་པས་མིན་ཏེ། མི་གཡོ་བའི་ཆོས་ཅན་གྱིས་གཞན་རྒྱུད་ཀྱི་ཉོན་མོངས་སེལ་བར་ཞུགས་པའི་ཕྱིར་དང་། ཕྱི་མ་དེ་དག་ལ་ཉམས་པ་སྲིད་པས་རང་གི་རྒྱུད་ཀྱིའང་ཉོན་མོངས་རེས་འགའ་སྤོང་མི་ནུས་པའི་ཕྱིར། 3-1-353a ལུས་རྟེན་ནི་མི་ཁོ་ནས་སྐྱེད་པར་བྱེད་པ་ཡིན་ཏེ་བློ་གསལ་བའི་ཕྱིར། དམིགས་པ་ཉོན་མོངས་འདོད་པར་གཏོགས་པ་མ་སྐྱེས་པ་སྟེ་མ་འོངས་པ་གཞིར་བཅས་ཆགས་སོགས་སྒོམ་སྤོང་རྣམས་ཀྱི་སྤྱོད་ཡུལ་ཅན་ཡིན་ཏེ། ཁམས་གོང་ལ་དམིགས་ ནས་ཉོན་མོངས་སྐྱེ་བ་ཤས་ཆུང་པའི་ཕྱིར་དང་། སྔར་སྐྱེས་རྣམས་སྤང་བར་མི་ནུས་པའི་ཕྱིར་དང་། གཞི་མེད་མཐོང་སྤོང་ཀུན་འགྲོ་ནི་ཁམས་དང་ས་ཐམས་ཅད་ལ་དམིགས་པས་བཟློག་མི་ནུས་ལ། ཕ་རོལ་ཆགས་སྡང་ཅན་དག་ལ་ཉོན་མོངས་སྐྱེ་བར་མ་གྱུར་ཅིག་ ཅེས་དེ་ལྟར་ཞུགས་པའི་ཕྱིར་རོ། །གཉིས་པ་ནི། སྨོན་ནས་ཤེས་པའང་དེ་བཞིན་ནོ། །དེ་ཡི་དམིགས་པ་ཐམས་ཅད་དོ། །སྨོན་ནས་ཤེས་པའང་ངོ་བོ་ཀུན་རྫོབ་ཤེས་པ་དང་ས་བསམ་གཏན་གྱི་མཐའ་ན་ཡོད་པ་དང་། མི་གཡོ་བའི་ཆོས་ཅན་གྱི་དང་། གླིང་གསུམ་པའི་རྟེན་ཅན་གྱི་ཡིན་པ་ནི་ཉོན་མོངས་པ་མེད་པ་དེ་བཞིན་ནོ། །སྨོན་ ཤེས་དེའི་དམིགས་པ་ཉོན་མོངས་པ་གཞི་བཅས་ཁོ་ན་མིན་གྱི། གཟུགས་སོགས་ཆོས་ཐམས་ཅད་དོ། །དེ་ལ་སྨོན་ཤེས་ནི་སྨོན་པ་སྔར་བཏང་ནས་ཤེས་པ་སྟེ། འདི་དང་འདི་ཤེས་པར་བྱའོ་སྙམ་དུ་སྨོན་ནས་རབ་མཐའ་བཞི་པ་ལ་མཉམ་པར་བཞག་ནས་དེའི་ ཡུལ་དུ་ཇི་ཙམ་གྱུར་པ་ཤེས་པའོ། །བྱེ་སྨྲས་ནི་གཟུགས་མེད་པ་ནི་མངོན་སུམ་དུ་མི་ཤེས་ཏེ། འདི་ནི་བསམ་གཏན་བཞི་པའི་ས་ཡིན་པས་གོང་མ་གཟུགས་མེད་པའི་ཡུལ་མིན་པའི་ཕྱིར་ཏེ། འདི་ནི་མངོན་ཤེས་དང་འདྲ་བ་ཡིན་ལ། དེ་ནི་རང་དང་འོག་ས་ལ་ ཡུལ་ཅན་ཡིན་ཅེས་འཆད་པར་འགྱུར་བའི་ཕྱིར། འོན་ཀྱང་ལུས་དང་སེམས་དམན་ཅིང་ཞི་བའི་རྒྱུ་མཐུན་པ་ལས་ནི། གཟུགས་མེད་ན་སྐྱེས་སོ་བྱ་བ་དང་། སྙོམས་འཇུག་གི་སྤྱོད་པ་དང་ལྡན་པ་ལས་གཟུགས་མེད་ན་སྐྱེས་སོ་བྱ་བ་དང་། གཟུགས་མེད་ 3-1-353b ཀྱི་ཏིང་ངེ་འཛིན་ཐོབ་ལམ་མ་ཉམས་པ་དང་། ལྡན་པ་གཟུགས་མེད་དུ་སྐྱེ་བར་འགྱུར་རོ་ཞེས་བྱེ་བྲག་ལས་ཤེས་པ་ནི་ཞིང་པ་རྣམས་ཀྱི་འབྲུལ་ཞིང་དང་། ཞིང་ལས་འབྲུ་དཔོག་པ་བཞིན་ཟེར་རོ། །གཞུང་ལུགས་གཞན་ལྟར་ན། སངས་རྒྱས་ཀྱིས་གཟུགས་མེད་ཀྱང་ མངོན་སུམ་དུ་མཁྱེན་ཏེ། དེས་མངོན་སུམ་གྱི་ཡུལ་དུ་མ་བྱས་པའི་ཆོས་མེད་པའི་ཕྱིར་ཞེས་འདོད། གསུམ་པ་ལ། དབྱེ་བའི་སྒོ་ནས་ཐུན་མོང་གི་ཆོས་བསྟན་པ། མི་འདྲ་བའི་ཁྱད་ཆོས་རྣམས་སོ་སོར་བཤད་པ། ཐོབ་ཚུལ་གྱི་དོན་བསྡུ་བའོ། །དང་པོ་ནི། དེ་བཞིན་ཆོས་དོན་ ངེས་ཚིག་དང་། །སྤོབས་པ་སོ་སོ་ཡང་དག་རིག །ཆོས་དོན་ངེས་ཚིག་དང་། སྤོབས་པ་སོ་སོ་ཡང་དག་རིག་བཞི་ནི་ཉོན་མོངས་མེད་པ་དེ་བཞིན་མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་། མིའི་རྟེན་ཅན་ཡིན་ནོ། །གཉིས་པ་ལ། དང་པོ་གསུམ་གྱི་རང་བཞིན་དང་དམིགས་པ། བཞི་པའི་ཆོས་བཞི། གཉིས་པའི་ཆོས་གཉིས། དང་ པོ་དང་གསུམ་པའི་ངོ་བོ། དང་པོའི་ས། གསུམ་པའི་སའི་ཁྱད་པར་རོ། །དང་པོ་ནི། གསུམ་ནི་གོ་རིམས་བཞིན་མིང་དང་། །དོན་དང་ངག་ལ་ཐོགས་མེད་ཤེས། །དེ་དག་གི་དམིགས་པ་དང་ས་དང་ངོ་བོ་ལ་ནི་ཁྱད་པར་ཡོད་དེ། དེ་དག་ལས་དང་པོ་གསུམ་ནི་གོ་རིམ་བཞིན་དུ་མིང་དང་དོན་དང་ངག་རྣམས་ལ་གཞན་གྱིས་བཟློག་པར་མི་ནུས་ པས་ཐོགས་པ་མེད་པར་ཤེས་པ་ཡིན་ཏེ། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི། སྒྲུབ་པའི་ཆོས་འཕགས་ལམ་བརྒྱད་དང་། འབྲས་བུའི་ཆོས་མྱང་འདས་ནི་རིག་པ་མ་ཡིན་གྱི། ཆོས་རྣམས་ཀྱི་མིང་ཚིག་ཡི་གེའི་ཚོགས་རིག་པ་སྟེ། དོན་རྣམས་ཀྱི་རྗོད་བྱེད་ཡིན་པའི་ ཕྱིར་ན་བསྟན་པའི་ཆོས་སོ། །དོན་སོ་སོ་ཡང་དག་པར་རིག་པ་ནི། ཆོས་རྣམས་ཀྱི་རང་གི་མཚན་ཉིད་དམ་མྱ་ངན་ལས་འདས་པ་རིག་པ་སྟེ། བརྗོད་པར་བྱ་བའི་དོན་ནམ་དོན་གྱི་མཆོག་ཡིན་པའི་ཕྱིར། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ཀྱི་ 3-1-354a བཤད་པའི་རྒྱུ་མཚན་གྱི་ངག་རིག་པ་སྟེ། དོན་རྒྱུ་མཚན་ཅན་གྱི་ཚིག་ཡིན་པས་ངེས་པའི་ཚིག་གོ། ཐོགས་པ་མེད་པ་ནི་བཟློག་པར་མི་ནུས་པའོ། །གཉིས་པ་ནི། བཞི་པ་རིགས་པ་ཐགས་ཐོགས་མེད། །མངོན་བརྗོད་ལམ་ལ་དབང་ཉིད་ལ། །དེ་ཡི་དམིགས་པ་ངག་དང་ལམ། །ཤེས་པ་དགུའོ་ས་ཐམས་ཅད། །བཞི་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི། དོན་རྣམས་ཀྱི་འགལ་བ་དང་འབྲེལ་ བའི་རིགས་པ་དང་། དེའང་ཐག་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་དང་། རང་ཉིད་ཡིད་ལ་བྱེད་པས་ཞི་ལྷག་གི་ཏིང་ངེ་འཛིན་མི་བརྗེད་པས་ལམ་ལ་དབང་བ་ཉིད་ལ་ཐོགས་མེད་དུ་ཤེས་པ་སྟེ། དང་པོ་ནི་འབེལ་བའི་གཏམ་ལ་མཁས་པ་ཡིན་ལ། གཉིས་པ་ནི་ རང་ཉིད་ཡིད་ལ་བྱེད་པ་ལ་མཁས་པ་ཡིན། འདི་ནི་སྤོབས་པ་ཡིན་ལ་སོ་སོ་རིག་པའང་ཡིན་པས་སྤོབས་པ་སོ་སོ་རིག་པའོ། །ཡང་ན་སྤོབས་པ་ནི་རིག་གྲོལ་དུ་སྨྲ་བ་སྟེ། དེའི་ཕྱིར་ཡང་ངོ་། །བཞི་པ་དེའི་དམིགས་པ་ནི་ངག་དང་ཟག་བཅས་ཟག་མེད་ཀྱི་ལམ་མོ། ། དེ་ཤེས་པ་དགུ་སྟེ། ངག་ལ་དམིགས་པ་དེ་སྡུག་ཀུན་ཆོས་རྗེས་ཟད་མི་སྐྱེ་ཀུན་རྫོབ་ཤེས་པ་ཡིན་ལ། ལམ་ལ་དམིགས་པ་དེ་ལམ་ཆོས་རྗེས་ཟད་མི་སྐྱེ་ཀུན་རྫོབ། གཞན་སེམས་ཤེས་པ་སྟེ་དགུ་ལས་འདུས་མ་བྱས་ལ་མི་དམིགས་པས་འགོག་ཤེས་མ་གཏོགས་པའི་ཕྱིར། གལ་ཏེ་ངག་དང་ལམ་ལ་དམིགས་ན། སྡུག་ཀུན་ཇི་ལྟར་ཤེས་ཞེ་ན། ངག་དེ་འདོད་གཟུགས་ན་ཡོད་ལ། དེ་ཉིད་ཟག་བཅས་ཡིན་པས་སྡུག་བསྔལ་ཡིན་ལ། ཕྱི་མ་བསྐྱེད་པས་ཀུན་འབྱུང་ཡིན་པས་ཤེས་པར་བཞག་གོ། ངག་ལ་དམིགས་ན་འདོད་པ་བསམ་གཏན་ས་བཞི་སྟེ་ ལྔ་ལམ་ལ་དམིགས་ན་བསམ་གཏན་ས་དགུ་སྟེ་ས་ཐམས་ཅད་ན་ཡོད་དོ། །གསུམ་པ་ནི། ཡང་དག་དོན་རིག་བཅུའམ་དྲུག །དེ་ནི་ཀུན་ན། དོན་སོ་སོ་ཡང་དག་པར་རིག་པ་ནི། བརྗོད་བྱའི་དོན་ཆོས་ཐམས་ཅད་ཡིན་ན་ཤེས་པ་བཅུའམ། དོན་མྱང་འདས་ཡིན་ན་ཤེས་པ་དྲུག་སྟེ། ཆོས་རྗེས། འགོག་པ། ཟད་མི་སྐྱེ། ཀུན་རྫོབ་ཤེས་ 3-1-354b པའོ། །དོན་སོ་སོ་ཡང་དག་རིག་པ་དེ་ནི་ས་ཀུན་ན་ཡོད་དོ། །བཞི་པ་ནི། གཞན་ཀུན་རྫོབ། །གཞན་ཆོས་དང་ངེས་ཚིག་རིག་པ་གཉིས་ཀུན་རྫོབ་ཤེས་པའི་རང་བཞིན་ཏེ། མིང་གི་ཚོགས་ལ་སོགས་བསྟན་པའི་ཆོས་དང་ངག་ལ་དམིགས་པའི་ཕྱིར། ལྔ་པ་ནི། ཆོས་རིག་འདོད་དང་བསམ་གཏན་ན། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་འདོད་པ་ དང་བསམ་གཏན་བཞི་པོ་དག་ན་ཡོད་དེ། དེ་ཡན་ཆད་ན་རྗོད་བྱེད་མིང་ཚིག་ཡི་གེའི་ཚོགས་མེད་པའི་ཕྱིར། དྲུག་པ་ནི། ངག་ནི་འདོད་དང་དང་པོ་ན། །ངག་གམ་ངེས་པའི་ཚིག་རིག་པ་ནི་འདོད་པ་དང་བསམ་གཏན་དང་པོ་ཁོ་ན་ལ་ཡོད་དེ། མདོ་ལས་བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའོ་ཞེས་འབྱུང་བས་ངག་ནི་ རྟོག་པས་ཀུན་ནས་བླང་བའི་བདག་ཉིད་ཡིན་ན། བསམ་གཏན་གཉིས་པ་ཡན་ཆད་ན་རྟོག་དཔྱོད་མེད་པའི་ཕྱིར། བཏགས་པའི་བསྟན་བཅོས་ལས། སོ་སོ་ཡང་དག་པར་རིག་པ་རྣམས་འདི་སྐད་དུ། ཚིག་དང་ཚིག་གསལ་བྱེད་ཀྱི་ཡི་གེ་དང་ཡི་གེ་དེ་ཉིད་དོན་སོ་སོར་རིག་བྱ་དང་། ངེས་ཚིག་དེ་ཉིད་ཀྱི་གཅིག་དང་། གཉིས་དང་། མང་པོའི་ཚིག་དང་། ཕོ་མོའི་རྟགས་དང་། སོགས་པས་དུས་དང་བྱེད་པ་སོགས་ཚིག་བླ་དྭགས་ཏེ། ཐ་སྙད་བཏགས་པ་དེ་ལ་ཐག་ཐོགས་མེད་པར་བྱ་བ་ལ་ཐོགས་པ་མེད་པའི་ཤེས་པ་ནི་ཆོས་སོ་སོ་ཡང་དག་རིག་པ་སོགས་ཡིན་ནོ་ ཞེས་སྟོན་ཏེ། ཚིག་དང་ཡི་གེའི་རྗེས་སུ་འབྲངས་ནས་དོན་རྟོགས་པ་དང་། དེའི་གཅིག་དང་མང་པོ་དང་། ཕོ་མོ་ལ་སོགས་བླ་དྭགས་ཏེ། ཐ་སྙད་ལ་ཐོགས་པ་མེད་པ་དེ་ཉིད་ཀྱི་སྔ་ཕྱིའི་གོ་རིམ་གྲུབ་སྟེ། ཆོས་མིང་ལ་བརྟེན་ནས་དོན་རྟོགས། དོན་རྟོགས་པ་ལ་བརྟེན་ནས་ངེས་ཚིག་ ཤེས། དེ་རྣམས་རྟོགས་པ་ལ་བརྟེན་ནས་སྤོབས་པ་ཐོབ་པའི་ཕྱིར། ཚིག་ངེས་པ་ནི་ངེས་པའི་ཚིག་སྟེ། དཔེར་ན་གཟུགས་རུང་གཟུགས། ཞེས་བྱ་བ་ལྟ་བུའོ། །གཞན་དག་བརྩད་པའི་ཚུལ་གྱིས་ལན་དང་ལན་སྤོབས་པས་སྤོབས་པ་ཡིན་ནོ་ཞེས་ཟེར་རོ། །བྱེ་སྨྲ་ནི་ཆོས་དང་དོན་དང་ 3-1-355a ངེས་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པའི་སྔོན་གྱི་སྦྱོར་བ་ནི་གོ་རིམ་བཞིན། རྩིས་དང་། སངས་རྒྱས་ཀྱི་བཀའ་དང་། སྒྲ་རིག་པ་དང་། གཏན་ཚིགས་རིག་པ་སྟེ། འདི་དག་ལ་མཁས་པར་མ་བྱས་པར་དེ་དག་བསྐྱེད་པར་མི་ནུས་སོ་ཞེས་གྲག་ གོ། སློབ་དཔོན་ནི་སོ་སོར་རིག་པ་ཐམས་ཅད་ཀྱི་སྦྱོར་བ་སངས་རྒྱས་ཀྱི་བཀའ་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །གསུམ་པ་ཐོབ་ཚུལ་གྱི་དོན་བསྡུ་བ་ནི། མ་ཚང་བར་ནི་དེ་ཐོབ་མེད། །གང་ལ་གཅིག་ཡོད་པ་དེ་ལ་ངེས་པ་བཞི་ཅར་ཡོད་དེ། འགས་ཀྱང་དེ་དག་མ་ཚང་བ་ནི་དེ་ཐོབ་པ་མེད་དེ། ལམ་གཅིག་གི་ འབྲས་བུ་ཡིན་པའི་ཕྱིར། གཉིས་པ་ཡོན་ཏན་དྲུག་པོ་ཐུན་མོང་བའི་ཆོས་བཤད་པ་ལ། སེམས་རྟེན་སྤྱིར་བསྟན་པ། རབ་མཐའ་དངོས་ཡིན་མིན་གྱི་ཁྱད་པར། བཞི་པའི་རབ་མཐའ་ངོས་བཟུང་བ། སྦྱོར་བའི་དམིགས་བསལ་ལོ། །དང་པོ་ནི། དྲུག་པོ་དེ་དག་རབ་མཐའ་བས། །ཉོན་མོངས་མེད་སོགས་ ཡོན་ཏན་དྲུག་པོ་དེ་དག་ནི་རབ་མཐའི་བསམ་གཏན་གྱིས་ཐོབ་ཀྱི། རབ་མཐས་བསྡུས་པ་ནི་མ་ཡིན་ཏེ། ངག་ནི་འདོད་དང་དང་པོ་ན། །ཞེས་འབྱུང་བའི་ཕྱིར། གཉིས་པ་ནི། དེ་ནི་རྣམ་དྲུག །བསམ་གཏན་བཞི་པ་རབ་ཀྱི་མཐའ་པ་དེ་ནི་ཉོན་མོངས་མེད། སྨོན་ནས་ཤེས་པ་སོ་སོ་ཡང་དག་རིགས་ གསུམ་རབ་མཐའ་འབའ་ཞིག་པ་སྟེ་རྣམ་པ་དྲུག་གི་བདག་ཉིད་ཡིན་ནོ། །ངེས་ཚིག་སོ་སོ་ཡང་དག་པར་རིག་པ་ནི་བསམ་གཏན་བཞི་པ་དེའི་སྟོབས་ཀྱིས་ཐོབ་པ་ཡིན་གྱི། བཞི་པའི་ས་པ་ནི་མ་ཡིན་ཏེ། འདོད་པའི་སྤྲུལ་སེམས་བསམ་གཏན་གྱི་དངོས་གཞི་ཐོབ་ཀྱང་། དེ་ དངོས་གཞི་མ་ཡིན་པ་དང་འདྲའོ། །གསུམ་པ་ནི། བསམ་གཏན་མཐའ། །དེ་ནི་ས་ཀུན་གྱིས་མཐུན་བྱས། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །རབ་ཀྱི་མཐའ་པ་ནི། བསམ་གཏན་གྱི་ཡ་མཐའ་བཞི་པའོ། །དེའང་བསམ་གཏན་བཞི་པ་ཙམ་ཁྱབ་བྱེད། རབ་ཀྱི་མཐའ་པ་ཁྱབ་བྱ། བསམ་གཏན་བཞི་པ་ཙམ་ལ་གཟུགས་མེད་ཀྱི་ཏིང་ངེ་འཛིན་སོགས་བརྒྱུད་མི་དགོས་ 3-1-355b པས་དེ་ནི་འདོད་སེམས་བསམ་གཏན་བཞི་རིམ་པར་བརྒྱུད། གཟུགས་མེད་གསུམ་བརྒྱུད་སྲིད་རྩེ་ལ་འཇུག་པས་ས་དགུ་པ་ཀུན་གྱིས་མཐུན་པར་བྱས་ནས། ཡང་སྲིད་རྩེ་ནས་འདོད་པའི་བར་གྱི་མི་མཐུན་པ་དང་། དེ་ལས་ཡང་བསམ་གཏན་བཞི་པའི་བར་དུ་མཐུན་པ་ཡིན་ལ། དེ་ལྟར་ན་ཏིང་ངེ་འཛིན་དེ་ནི་ས་ཐམས་ཅད་ཀྱི་མཐུན་པ་ཉིད་དུ་བསྐྱེད་པར་བྱས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་ཆུང་ངུ་བསམ་གཏན་དང་པོ་ལས་འབྲིང་གཉིས་པ་དང་། འབྲིང་གཉིས་པ་ལས་ཆེན་པོ་གསུམ་པ་ལ་སྙོམས་པར་འཇུག་པས་གསུམ་པ་ནི་འཕེལ་བ་མཆོག་ཏུ་ གྱུར་པས་འཕེལ་བའི་བར་ཡིན་ལ། རབ་དེའི་ཡ་མཐའ་ཡིན་པས་བཞི་པ་འདི་ནི་རབ་ཀྱི་མཐའ་ཡིན་ཏེ། འཕེལ་བའི་མཐར་རབ་ཏུ་ཕྱིན་པ་ཡིན་པའི་ཕྱིར། འདིའི་རབ་མཐའ་ནི། མུ་བཞི་བརྩིས་པ་ན་མུ་བཞི་པ་མུར་ཐུག་པ་ལྟ་བུའི་བསམ་གཏན་འདིར་བལྟོས་ལ་མཐའ་ཟད་ པར་སྟོན་པའི་དཔེའོ། །བཞི་པ་ནི། སངས་རྒྱས་ལས་གཞན་སྦྱོར་ལས་སྐྱེས། །ཡོན་ཏན་དེ་དྲུག་ཀྱང་སངས་རྒྱས་ལས་གཞན་པ་ཉན་རང་དེའི་ནི་སྦྱོར་བ་ལས་སྐྱེས་པ་ཡིན་གྱི། འདོད་ཆགས་བྲལ་ཙམ་གྱིས་ཐོབ་པ་མ་ཡིན་ནོ། །སངས་རྒྱས་ནི་སྦྱོར་བྱུང་ཅུང་ཟད་ཀྱང་མེད་དེ། འདོད་དགུར་འབྱོར་པའི་དབང་ཕྱུག་ ཡིན་པའི་ཕྱིར། དེའི་ཡོན་ཏན་ཕུན་ཚོགས་ཐམས་ཅད་ནི་མངོན་འགྱུར་བ་བཞེད་པ་ཙམ་ལ་རགས་ལས་པའོ། །འདིར་སྨྲས་པ། འགྲན་ཟླ་ཀུན་བྲལ་རྫོགས་སངས་རྒྱས་པ་ཡི། །ཐུབ་ཆེན་ཆོས་རྗེ་འདི་ཡི་ཡོན་ཏན་ལ། །བྱིས་ཡིག་རྙིང་ལ་ལར་འདོད་ཆགས་ཀྱི་དབང་ཕྱུག་ ཟེར་བ་སྣང་། ཡི་གེ་སར་པ་ལ་ལར་ཆོས་ཀྱི་དབང་ཕྱུག་ཟེར་བ་སྣང་། འདོད་ཆགས་ཀྱི་དབང་ཕྱུག་གི་གནའ་མཆན་ལ་འདོད་དགུར་ཟེར་བ་སྣང་ངོ་། །འཕགས་རང་བློ་དང་འཚམས་བརྗོད་པ་ནི། །མཁའ་ལ་དཔག་ཚད་བྱེ་བར་བཅད་པ་བཞིན། །ཕྱོགས་རེ་ཙམ་ཞིག་ཡིན་པ་དེ་ལྟ་ཡི། །དགེ་དེའི་ 3-1-356a འབྲས་བུ་གཟུགས་སུ་གྲུབ་པ་ན། །ནམ་མཁའི་ཁམས་སུ་ཤོང་བ་ཡོད་མིན་པས། །རྒྱལ་བའི་ཡོན་ཏན་བསམ་དང་བརྗོད་པར་གྱིས། །ཞེས་སོ། །གཉིས་པ་སྐྱེ་འཕགས་གཉིས་ཀ་དང་ཐུན་མོང་བའི་ཡོན་ཏན་བཤད་པ་ལ། ཡོན་ཏན་གྱི་ཁྱད་པར་ དང་། ཁྱད་པར་གཏན་ལ་དབབ་པའོ། །དང་པོ་ལ། དབྱེ་བ། ངོ་བོ། ཆོས་ཀྱི་ཁྱད་པར། ཐོབ་ཚུལ་ལོ། །དང་པོ་ནི། རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང་། །ཟད་ཤེས་མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་དྲུག །རྫུ་འཕྲུལ་གྱི་ཡུལ་སྤྲུལ་པ་དང་ནམ་མཁའ་ལ་འགྲོ་བ་ཤེས་པ་དང་། ལྷའི་རྣ་བ་དང་། གཞན་གྱི་ཡིད་ཆགས་སྡང་སོགས་སེམས་ཀྱི་རྣམ་གྲངས་ཤེས་པ་ དང་ནི་རང་གཞན་གྱི་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་མངོན་དུ་བྱ་བ་ཡི་མངོན་ཤེས་ནི། སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་བདེན་པ་ལྷག་མ་རྣམས་ལ་དེ་དང་ འདྲ་བར་སྦྱར་ཞིང་། མཐོང་བ་དེ་འདོད་པའི་ཟག་པ་ལས་སེམས་གྲོལ། སྲིད་པའི་ཟག་པ། མ་རིག་པའི་ཟག་པ་ལས་སེམས་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ན་རྣམ་པར་གྲོལ་ལོ་ཞེས་བྱ་བ་ཡེ་ཤེས་མཐོང་བར་འགྱུར་ཞིང་། བདག་གི་ཟག་པ་ཟད་དོ་ཞེས་བྱ་བ་ན་སྲིད་པ་ གཞན་མི་ཤེས་བྱ་བའི་བར་དུའོ། །དེ་དག་གིས་ནི་མངོན་ཤེས་རྣམ་པ་དྲུག་གོ། དེ་ལ་དང་པོ་ལྔ་ནི་སོ་སྐྱེ་དང་ཐུན་མོང་བའོ། །གཉིས་པ་ནི། རྣམ་གྲོལ་བློ། །དྲུག་པོ་དེ་ཐམས་ཅད་ནི་དགེ་སྦྱོང་ཚུལ་འབྲས་འདུས་བྱས་རྣམ་གྲོལ་ལམ་གྱི་རང་བཞིན་ཡིན་པ་ལྟར། རྣམ་གྲོལ་ལམ་གྱི་བློ་ཤེས་རབ་ ཀྱི་རང་བཞིན་ཡིན་ནོ། །གསུམ་པ་ལ། ཤེས་པ་གང་ཡིན་པ་དང་། ས་གང་ན་ཡོད་པ་དང་། སྤྱོད་ཡུལ་གང་ཡིན་པའོ། །དང་པོ་ནི། བཞི་ནི་ཀུན་རྫོབ་ཤེས་པ་སྟེ། །སེམས་ལ་ཤེས་པ་ལྔ་ཡིན་ནོ། །ཟད་པའི་མངོན་ཤེས་སྟོབས་བཞིན་ནོ། །སེམས་ཀྱི་རྣམ་གྲངས་དང་ཟག་ཟད་མ་གཏོགས་བཞི་ནི་ཀུན་རྫོབ་ཤེས་པ་སྟེ། ཟག་བཅས་ཁོ་ན་ཡིན་པའི་ཕྱིར། གཞན་སེམས་ལ་ 3-1-356b དམིགས་ནས་དེའི་ཁྱད་པར་ཤེས་པ་ནི། ཟག་མེད་ཀྱི་ཆ་ཆོས་རྗེས་ལམ་སེམས་ཤེས་དང་། ཟག་བཅས་ལ་ཀུན་རྫོབ་དང་སེམས་ཤེས་ཏེ་ལྔ་ཡིན་ནོ་སྟེ། རྫས་རང་མཚན་ལ་དམིགས་པ་དང་། རྟོག་ཅིང་འཚོལ་བའི་བློ་ཅན་དང་། ཟག་མེད་ལམ་གྱི་རྣམ་པ་ཅན་དང་། ཟག་བཅས་སེམས་ཤེས་ཆགས་བཅས་སོགས་ཀྱི་རྣམ་པ་ཅན་ཡིན་ན་ཟད་མི་སྐྱེ་ཤེས་པ་དེ་ལྟར་མིན་ལ། འགོག་པ་མཚུངས་ལྡན་མིན་ཅིང་སྡུག་ཀུན་ཤེས་པའི་རྣམ་པ་ཅན་ཡང་མིན་པས་ལྔ་པོ་དེ་དག་མིན་པའི་ཕྱིར་རོ། །ཟག་ཟད་མངོན་ཤེས་ནི་ཟད་པ་པ་མཁྱེན་པའི་སྟོབས་ བཞིན་ནོ་སྟེ། ཟག་ཟད་འབའ་ཞིག་ལ་དམིགས་ན། འགོག་ཆོས་རྗེས་མི་སྐྱེ་ཀུན་རྫོབ་ཤེས་པ་དང་དྲུག་གོ། ཟག་ཟད་ཀྱི་རྒྱུད་ལ་ཡོད་པའི་དབང་དུ་ན་བཅུ་ཅར་རོ། །གཉིས་པ་ནི། ལྔ་ནི་བསམ་གཏན་བཞི་དག་ན། །ལྷག་མ་མངོན་ཤེས་ལྔ་ནི་བསམ་གཏན་བཞི་དག་ན་ཡོད་ཀྱི། གཟུགས་མེད་ན་ མེད་དེ། དེའང་རྫུ་འཕྲུལ་དང་ལྷའི་རྣ་བ་དང་མིག་གི་མངོན་ཤེས་གསུམ་མེད་པའི་ཕྱིར་ཏེ། དེ་ནི་གཟུགས་ལ་དམིགས་པ་ཡིན་ན་གཟུགས་མེད་ནི་གཟུགས་ཀྱི་འདུ་ཤེས་བཤིག་པས་གཟུགས་ལ་མི་དམིགས་པའི་ཕྱིར། སེམས་ཤེས་ཀྱང་མེད་དེ། གཟུགས་འདི་ འདྲ་བས་ན་སེམས་འདི་འདྲར་འགྱུར་རོ་ཞེས་གཟུགས་ལ་སྟེགས་བཅས་པ་སྟེ་གཟུགས་ལ་དམིགས་པའི་ལམ་གྱི་བསྒྲུབ་བྱ་ཡིན་པའི་ཕྱིར། བྱ་རྒོད་ཀྱི་ཕྲུ་གུ་ནམ་མཁར་འཕུར་བ་རྡོ་ལ་སྟེགས་འཆའ་བ་བཞིན་ནོ། །སྔོན་གནས་གཞན་སེམས་ཤེས་པ་ལ་གཟུགས་ཤེས་པ་བཏེགས་ སུ་བྱེད་དགོས་ཟེར་བ་འདི་ནི་ཐེག་དམན་གྲུབ་མཐའ་དམའ་བའི་དབང་དུ་བྱས་པའོ། །རྗེས་དྲན་ཀྱང་མེད་དེ། དེ་དྲན་པ་ལ་རང་གི་སྐད་ཅིག་སྔ་མ་དེའི་སྔ་མ་ཞག་ཟླ་ལོ་སོགས་མཐར་གྱིས་དམིགས་ནས་སྔོན་གྱི་གནས་གཞན་འདོད་པ་སོགས་རྗེས་སུ་དྲན་ནས་མངོན་པར་སྒྲུབ་པར་བྱེད་ 3-1-357a དགོས་པ་ལས་གཟུགས་མེད་པས་གནས་གཞན་འདོད་པ་མི་དམིགས་པའི་ཕྱིར་ཏེ། གཟུགས་མེད་དངོས་ཀྱི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཅེས་པས་གཟུགས་མེད་ཀྱིས་འདོད་སྤྱོད་ཀྱི་ཆོས་མི་དམིགས་ལ། འདོད་སྤྱོད་དེ་དག་ཀྱང་ གཟུགས་མེད་སྐྱེ་མཆེད་མངོན་པར་སྒྲུབ་པའི་དུས་དམིགས་ཀྱང་གྲུབ་པ་ན་དམིགས་པ་མ་ཡིན་ནོ། །གཟུགས་ལ་དམིགས་པའི་ཚུལ་ཡང་གནས་དེ་ནས་ཤི་འཕོས་ནས་ཆེ་གེ་ཞིག་ཏུ་སྐྱེ་ཞེས་གནས་དང་། དུས་ནི་འདི་ལྟ་བུ་ཞེས་དང་། མིང་ཁ་ཟས་སོགས་ཅི་རིགས་པར་ འདོད་གཟུགས་སུ་དམིགས་པའོ། །གཞན་གྱི་སེམས་ཤེས་པར་འདོད་པའི་སྦྱོར་བ་གཟུགས་ལ་སྟེགས་ཇི་ལྟར་འཆའ་བ་ནི། རང་གི་ལུས་འདི་འདྲ་བ་ཞིག་ལ་སེམས་ནི་འདི་འདྲ་བ་སྟེ། ཞེ་སྡང་སྐྱེས་པའི་ཁ་དོག་ཅི་འདྲ་དང་། འདོད་ཆགས་སྐྱེས་པའི་ཁ་དོག་ཅི་ ལྟ་བའི་མཚན་མ་འཛིན་ནས་རང་རྒྱུད་ལ་གཏན་ལ་ཕབ་ཅིང་། དེ་བཞིན་དུ་ཕ་རོལ་པོའི་རྒྱུད་ལ་གཏོད་ཅིང་སྦྱོར་བའི་སྒོ་ནས་སེམས་ཤེས་པ་ལས་མངོན་པར་ཤེས་པ་འགྲུབ་པར་འགྱུར་རོ། །གྲུབ་ནས་ནི་མཇུག་ཏུ་གཟུགས་ལ་མི་བལྟོས་པར་མངོན་པར་ཤེས་སོ། ། སྔོན་གྱི་གནས་རྗེས་སུ་དྲན་པར་འདོད་པའི་སྦྱོར་བ་ནི་ཡིད་ཀྱི་རྣམ་ཤེས་འགགས་མ་ཐག་པའི་མཚན་མ་སེམས་ཀྱིས་ཡོངས་སུ་བཅད་དེ་བཟུང་ནས་སེམས་དེ་ལུགས་ལས་བཟློག་སྟེ། དྲན་པས་མཚམས་སྦྱོར་བའི་སེམས་ཀྱི་བར་དུ་དེ་མ་ཐག་པའི་གནས་སྐབས་ གཞན་རྣམས་ཡིད་ལ་བྱེད་པ་ནས་བར་སྲིད་ཀྱི་སྐད་ཅིག་མ་གཅིག་དྲན་ན་གྲུབ་པ་ཡིན་ནོ། །དེ་བཞིན་དུ་སྔ་མའི་འཆི་སྲིད་སྔོན་དུས་ཀྱི་སྲིད་པ་སོགས་གཞན་ཡང་རིམ་གྱིས་དྲན་ནོ། །མངོན་པར་གྲུབ་ནས་ནི་ཚེ་གཅིག་གམ་གཉིས་སོགས་ཐོད་རྒལ་དུའང་ 3-1-357b དྲན་ལ་སྔོན་ཉམས་སུ་མྱོང་བ་ཁོ་ན་དྲན་ནོ། །འོ་ན་རྟེན་འདོད་པའི་སྔོན་གནས་རྗེས་དྲན་གྱི་གནས་གཙང་མ་རྣམས་ཇི་ལྟར་དྲན་ཏེ། ཕྱིར་མི་འོང་ཡིན་པས་དེ་དག་ཀྱང་འདིར་མི་སྐྱེ་ཞིང་། སོ་སོ་སྐྱེ་བོ་རྣམས་ཀྱང་དེར་མི་སྐྱེ་བས་དེ་ ཉམས་སུ་མ་མྱོང་བའི་ཕྱིར་ཞེ་ན། མ་གྲུབ་སྟེ་ཉམས་སུ་མྱོང་བ་གཉིས་ལ་མཐོང་བས་ཉམས་སུ་མྱོང་བ་མེད་ཀྱང་ཐོས་པས་ཉམས་སུ་མྱོང་བའི་སྒོ་ནས་དྲན་པར་བྱེད་པའི་ཕྱིར་རོ། །རང་གཟུགས་མེད་པ་ནས་ཤི་འཕོས་ནས་འདོད་པ་འདིར་སྐྱེས་པ་རང་གི་སྐྱེ་བ་སྔ་མའི་གཟུགས་མེད་མི་ཤེས་ཙ་ན། དེར་བསམ་གཏན་ བསྐྱེད་ནས་སྔོན་གནས་རྗེས་དྲན་འདོད་ན། ཕ་རོལ་པོ་ཁམས་གང་ནས་འདིར་སྐྱེས་པའི་རྒྱུད་ལ་བརྟེན་ནས་མངོན་ཤེས་དེ་བསྐྱེད་དོ། །གཟུགས་མེད་ནས་ཤི་འཕོས་པ་མིན་པ་གཞན་དེ་དག་གི་སྔོན་གནས་རྗེས་དྲན་ནི་རང་རྒྱུད་ལ་བརྟེན་པ་ནི་བསྐྱེད་སླ་བ་ཡིན་ནོ། །རྫུ་ འཕྲུལ་དང་ལྷའི་རྣ་བ་དང་མིག་གི་སྦྱོར་བ་ནི་ཡང་བ་དང་སྒྲ་དང་སྣང་བ་ཡིད་ལ་བྱེད་པའོ། །སྣང་བ་ཕུལ་བས་ལྷ་མིག །རོལ་མོ་ཕུལ་བས་ལྷའི་རྣ་བ། བཞོན་པ་བྱིན་པས་རྫུ་འཕྲུལ། ཆོས་བྱིན་པས་ཚེ་རབས་དྲན་པ་སོགས་ནི་རྣམ་སྨིན་ལས་གྲུབ་པ་ཡིན་གྱི་སྦྱོར་བ་ མ་ཡིན་ལ། སྣང་བ་ཕུལ་བ་སོགས་ཀྱི་རྒྱུ་དེས་སྦྱོར་བ་རང་ཡང་འགྲུབ་སླ་བ་ཡིན་ནོ། །ཟག་ཟད་ཀྱི་སྦྱོར་བ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་པར་བཤད་ཟིན་ཏོ། །གསུམ་པ་ནི། རང་དང་འོག་སའི་ཡུལ་ཅན་ཡིན། །མངོན་ཤེས་ལྔ་པོ་འདི་དག་ནི་རང་ས་དང་ འོག་སའི་སྤྱོད་ཡུལ་ཅན་ཡིན་ལ། གོང་མ་མིན་པ་ནི་དམན་པའི་ཡུལ་མཆོག་མ་ཡིན་པས་སོ། །རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་རང་གི་ས་པ་དེའི་ས་པའམ་འོག་མར་འགྲོ་བ་སྤྲུལ་པར་བྱེད་ཀྱི་གོང་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྷའི་རྣ་བ་དང་སེམས་ཤེས་དང་སྔོན་གྱི་ 3-1-358a གནས་རྗེས་དྲན་དང་ཤི་འཕོ་དང་སྐྱེ་བ་ཤེས་པས་རིམ་བཞིན་རང་ས་དང་འོག་སར་འཇུག་གི། གོང་མ་མི་ཐོས་མི་ཤེས་མི་དྲན་མི་མཐོང་བས་གཟུགས་མེད་པའི་སེམས་ནི་གོང་མའི་ཡིན་པས་སེམས་ཤེས་དང་སྔོན་གྱི་གནས་མངོན་པར་ཤེས་པ་མི་འཛིན་ ཏོ། །བཞི་པ་ཐོབ་ཚུལ་ནི། ཐོབ་བྱ་འདྲིས་པ་ཆགས་བྲལ་བས། །མ་འདྲིས་པ་སྔོན་མ་བསྐྱེད་པའི་བྱེ་བྲག་ཅན་ནི་སྦྱོར་བས་ཐོབ་བྱ་ཡིན་ལ། མངོན་ཤེས་ཚེ་རབས་གཞན་ནས་གོམས་ཤིང་འདྲིས་པ་ནི་འདོད་ཆགས་དང་བྲལ་བས་ཐོབ་ལ། འདྲིས་མ་འདྲིས་ཐམས་ཅད་ཀྱང་མངོན་དུ་བྱེད་པ་ན་སྦྱོར་བས་བསྐྱེད་པར་ བྱ་དགོས་ཏེ། མངོན་དུ་བྱེད་མ་ནུས་ན་ཐོབ་ཀྱང་མ་ཐོབ་པ་དང་འདྲ་བའི་ཕྱིར། དེའང་མངོན་ཤེས་ཀྱི་རིས་ལ་ལ་ཐོབ་ཀྱང་མངོན་དུ་བྱེད་ནུས་པ་ཡོད། ལ་ལ་ཐོབ་ཀྱང་མངོན་དུ་བྱེད་མི་ནུས་པ་ཡོད་དེ། ཤེས་རབ་རྐྱང་གྲོལ་གྱི་དགྲ་བཅོམ། མི་ལྕོགས་མེད་པ་ལ་སྲིད་རྩེ་མན་གྱི་ས་ ཐོབ་ཀྱང་མངོན་དུ་བྱེད་མི་ནུས་པ་ནི་དེ་ལྟ་བུའོ། །མངོན་དུ་བྱེད་པ་ལ་མ་ཐོབ་པ་ནི་མི་སྲིད་དོ། །གཉིས་པ་ཁྱད་པར་གཏན་ལ་དབབ་པ་ལ། ཐུན་མོང་གཏན་ལ་དབབ་པ་དང་། བྱེ་བྲག་ཏུ་གཏན་ལ་དབབ་པའོ། །དང་པོ་ལ། དྲན་པ་ཉེར་གཞག་དང་སྦྱར་བ། དགེ་སོགས་ གསུམ་དང་སྦྱར་བ། རིག་པ་གསུམ་དང་སྦྱར་བ། ཆོ་འཕྲུལ་གསུམ་དང་སྦྱར་བའོ། །དང་པོ་ནི། གསུམ་པ་དྲན་པ་ཉེར་གཞག་གསུམ། །དང་པོ་རྫུ་འཕྲུལ་རྣ་བ་མིག །གསུམ་པ་གཞན་སེམས་ཤེས་པ་ནི། སེམས་དང་སེམས་བྱུང་ལ་དམིགས་པས་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེར་གཞག་གསུམ་མོ། །རྫུ་འཕྲུལ་རྣ་བ་མིག་ གིས་མངོན་ཤེས་ནི། དང་པོ་ལུས་དྲན་ཉེ་ཡིན་ཏེ། གཟུགས་ལ་དམིགས་པའི་ཕྱིར། ཁྱད་པར་རྫུ་འཕྲུལ་གྱི་དམིགས་པ་ནི་ཕྱིའི་སྐྱེ་མཆེད་བཞི་ཡིན་གྱི། སྒྲ་མ་གཏོགས་ཏེ། སྒྲ་ནི་རྒྱུན་ཆད་པས་སྤྲུལ་པར་མི་བྱེད་པའི་ཕྱིར། རྣ་བ་དང་མིག་གི་མངོན་ཤེས་ཀྱི་ 3-1-358b དམིགས་པ་ནི་སྒྲ་དང་གཟུགས་ཀྱི་སྐྱེ་མཆེད་དོ། །ཁྱད་པར་ལྷའི་མིག་ནི་འཆི་བ་དང་བར་དོ་དང་སྐྱེ་སྲིད་ཀྱི་ཁ་དོག་བཟང་ངན་སོགས་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ལ་དམིགས་པ་ཡིན་ན། འོ་ན། མདོ་ལས། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་འདི་ལྟར་སེམས་ཅན་འདི་དག་ནི་ལུས་ཀྱི་ ཉེས་པར་སྤྱོད་པ་དང་ལྡན་ནོ། །ཞེས་སྒོ་གསུམ་གྱི་ལས་དང་ལྡན་པར་གསུངས་པས། ངག་ཡིད་ཀྱང་དམིགས་ཡུལ་དུ་བྱེད་པར་མ་བཤད་དམ་ཞེ་ན། ངག་ཡིད་ཀྱི་ལས་དེ་ནི་མིག་གི་མངོན་ཤེས་ཀྱིས་ངོ་བོའི་རྣམ་ཤེས་དེས་མི་ཤེས་ཀྱི། འཕགས་པ་རྣམས་ལ་མིག་གི་མངོན་ ཤེས་དེ་ལས་གཞན་པ་གང་གིས་དེ་ལྟར་ཤེས་པར་འགྱུར་བ་ནི་མིག་གི་མངོན་ཤེས་དེའི་འཁོར་དུ་གྱུར་པའི་ཡིད་ཀྱི་ཤེས་པ་སྐྱེ་བ་དེས་འཛིན་ཏོ། །ཞེས་བྱེ་སྨྲས་ཟེར་བ་ལ། ཡིད་ཤེས་དེ་མངོན་ཤེས་དྲུག་ཏུ་མ་འདུས་ན་མངོན་ཤེས་བདུན་པར་ཐལ། འདུས་ན་གཙོ་འཁོར་གྱི་རྣམ་ གཞག་མི་འཐད། འོ་ན་ལུས་ངག་གི་ཉེས་སྤྱད་ནི་ལྷའི་མིག་དང་རྣ་བའི་མངོན་ཤེས་ཀྱིས་ཤེས་ལ། ཡིད་ཀྱི་ཉེས་སྤྱད་དེ་དག་ལས་དཔོག་པའམ། སེམས་ཀྱི་རྣམ་གྲངས་ཤེས་པས་ཤེས་པ་ཡིན་ནོ་ཞེས་པར་རིགས་སོ་ཞེས་ཟེར་རོ། །སྔོན་གནས་རྗེས་དྲན་ནི། གཟུགས་དང་ སེམས་དང་སེམས་བྱུང་གསུམ་ཀ་ལ་དམིགས་པས་དྲན་པ་ཉེར་གཞག་བཞི་ཀའི་བདག་ཉིད་ཡིན་ལ། ཟག་ཟད་ཀྱི་མངོན་ཤེས་ཀྱང་གལ་ཏེ་ཟག་ཟད་འབའ་ཞིག་ལ་དམིགས་ན་ཆོས་དྲན་ཉེ་དང་། འོན་ཏེ་དེའི་རྒྱུད་ལ་དམིགས་པ་ཡིན་ན་ནི་ཤེས་པ་བཅུའི་ངོ་བོ་ཡིན་པས་དྲན་པ་ ཉེར་གཞག་བཞི་དག་ཡིན་ལ། ཡང་ན་ཟག་ཟད་འབའ་ཞིག་ལ་དམིགས་པས་ཤེས་པ་དྲུག་གི་ངོ་བོ་ཡིན་ཀྱང་དྲན་པ་ཉེར་གཞག་གཞན་གསུམ་ཡང་མ་འོངས་པ་ཐོབ་པས་དྲན་པ་ཉེར་གཞག་བཞི་ཅར་གྱི་ངོ་བོ་ཡིན་ནོ། །གཉིས་པ་ནི། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ། ལྷའི་མིག་དང་རྣ་བའི་མངོན་ཤེས་ནི་ 3-1-359a ཉོན་མོངས་ཅན་མ་ཡིན་ཅིང་དགེ་བ་བཞིར་མ་འདུས་པས་མ་སྒྲིབ་ལུང་དུ་མ་བསྟན་ཏེ། དེ་གཉིས་ཀྱང་མིག་རྣའི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་བོ། །འདི་ཡང་ཞིབ་ཏུ་དཔྱད་ན། བསམ་གཏན་དང་པོའི་མིག་རྣའི་མངོན་ཤེས་དགེ་དང་ལུང་མ་བསྟན་ གཉིས་ཀ་མ་ཡིན། བསམ་གཏན་གཉིས་གསུམ་བཞི་པའི་མིག་རྣའི་མངོན་ཤེས་རྟེན་གཉིས་གསུམ་བཞི་པ་ཡིན་པས། གཉིས་གསུམ་བཞི་པའི་མངོན་ཤེས་ཟེར་གྱི། དངོས་སུ་ནི་དང་པོའི་ཡིན་ཙ་ན། དང་པོའི་དགེ་བ་དམན་པས་མི་བསྐྱེད། ཉོན་མོངས་ཅན་ནི་འདོད་ཆགས་དང་བྲལ་ བས་མི་བསྐྱེད་ཙ་ན་ལུང་མ་བསྟན་ཕལ་ཆེ་བའི་དབང་དུ་བྱས་ལ། དེ་གཉིས་དགེ་བ་ཡིན་པ་ནི་བསམ་གཏན་དང་པོའི་བྱེད་ལས་མེད་དོ། །འོ་ན་མངོན་ཤེས་དེ་གཉིས་བསམ་གཏན་བཞི་པའི་ས་པར་མི་འགྱུར་ཏེ། གཉིས་པ་སོགས་ནས་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་ རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་འབྱུང་བས། མིག་རྣའི་རྣམ་ཤེས་དེ་དག་བསམ་གཏན་གཉིས་པ་ཡན་ཆད་ན་མེད་ལ། དེ་དག་མེད་པར་དེ་དག་དང་མཚུངས་ལྡན་གྱི་ཤེས་རབ་མི་འཐད་པའི་ཕྱིར་ཞེ་ན། དེའི་བར་ཆད་མེད་ལམ་དེ་ལྟར་མོད་ཀྱི། འོན་ཀྱང་ གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །ཞེས་འབྱུང་བས་རྣམ་ཤེས་དེ་དག་གི་རྟེན་མིག་དང་རྣ་བའི་དབང་པོ་བསམ་གཏན་བཞི་པའང་ཡིན་པས་རྟེན་དེ་དག་གི་དབང་གིས་བསམ་གཏན་བཞི་པར་བརྗོད་དོ། །ཡང་ན་དེ་གཉིས་ཐོབ་བྱེད་བར་ཆད་མེད་ལམ་གྱི་དབང་གིས་དེར་བརྗོད་དེ། ཐོག་མར་སྒྲུབ་པ་ན་ལམ་སླ་བའི་མཆོག་ཡིན་པས་དེའི་བར་ཆད་མེད་ལམ་བསམ་གཏན་བཞི་པ་ལ་བརྟེན་ནས་སྒྲུབ་དགོས་པའི་ཕྱིར། བསམ་གཏན་གཉིས་གསུམ་ལ་བརྟེན་པའི་མངོན་ཤེས་ཀྱང་དེ་དང་འདྲའོ། །ལྷག་མ་བཞི་རྣམས་དགེ་བའོ། །འོ་ན་རབ་ཕྱེད་ལས། མངོན་པར་ 3-1-359b ཤེས་པ་གང་ཞེ་ན། ཤེས་རབ་དགེ་བ་ཡིན་ནོ་ཞེས་གང་བཤད་པ་ཇི་ལྟ་བུ་ཞེ་ན། དེ་ལྟར་གསུངས་པ་ནི་ཟག་པ་ཟད་པའི་མངོན་ཤེས་གཙོ་བོ་ཡིན་པས་སམ། ཡང་ན་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན་མོན་སྲན་སྡེའུ་སོགས་ཡོད་བཞིན་དུ་མོན་སྲན་གྲེའུ་ཕལ་ཆེ་བས་ དེའི་ཕུང་པོར་བརྗོད་པ་བཞིན་ནོ། །གསུམ་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། གསུམ་ནི་རིག་པ་སྔོན་མཐའ་སོགས། །མ་རིག་པ་ནི་བཟློག་ཕྱིར་རོ། །མངོན་ཤེས་དྲུག་ལས་ཕྱི་མ་གསུམ་ནི་མི་སློབ་པའི་རིག་པ་གསུམ་ཞེས་བྱའོ། །འདི་དག་གིས་སྔོན་གྱི་མཐའ་དང་སོགས་པས་ཕྱི་མའི་མཐའ་དང་བར་ལ་ཀུན་ཏུ་རྨོངས་པའི་མ་རིག་པ་བཟློག་ པའི་ཕྱིར་ཏེ་ཆེད་དུའོ། །དེའང་འདུས་བཟང་ན་རེ། སྔ་མས་ནི་བདག་གཞན་གྱི་རྒྱུད་ལ་མཐོང་ནས་ཀུན་ཏུ་སྐྱོ་བ་སྐྱེ། བར་མས་ནི་གཞན་ཁོ་ནའི་སྟེང་དུ་རྒུད་པ་མཐོང་ནས་སྐྱོ་བ་སྐྱེ། གསུམ་པ་ཟག་པ་ཟད་པས་ཡང་དག་པའི་དོན་རྟོགས་པས་སྐྱོ་བ་སྐྱེ་ཟེར་ལ། སྐལ་ལྡན་ཁྱད་ཅན་ན་ རེ། སྔོན་གནས་རྗེས་དྲན་ནི་སྔོན་མཐའ་དང་འཆི་འཕོ་སྐྱེ་བའི་མངོན་ཤེས་ནི་བར་མ་དང་། ཟག་ཟད་ནི་ཕྱི་མའི་མཐའ་ལ་ཡིན་ཏེ། མདོ་ལས། ཟག་ཟད་ཀྱི་སྲེད་པ་གཞན་མི་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །ཞེས་སོ། །མངོན་ཤེས་གསུམ་ཁོ་ན་རིག་པ་གསུམ་ཡིན་པ་ཅིས་ཤེས་ ཞེ་ན། མདོ་ལས། མི་སློབ་པའི་སྔོན་གནས་རྗེས་སུ་དྲན་པ་མངོན་དུ་བྱེད་པའི་རིག་པ་ཞེས་སོགས་འབྱུང་བའི་ཕྱིར། གཉིས་པ་ལ། དོན་དམ་པའི་མི་སློབ་པའི་རིག་པ་ངོས་བཟུང་བ། གཞན་གཉིས་ལ་དེའི་སྒྲ་འཇུག་པའི་རྒྱུ་མཚན། དེ་ལས་འཕྲོས་པའི་དོན་ནོ། །དང་ པོ་ནི། མི་སློབ་ཐ་མ། དེ་དག་ལས་ཀྱང་དོན་དམ་པའམ་ཡང་དག་པར་ན་ཐ་མ་ཟག་ཟད་ཀྱི་མངོན་ཤེས་ཁོ་ན་མི་སློབ་པའི་རིག་པ་ཡིན་ཏེ། ཟག་མེད་ཡིན་པའི་ཕྱིར། གཉིས་པ་ནི། གཉིས་ནི་དེའི། །རྒྱུད་ལ་སྐྱེས་ཕྱིར་དེ་ཞེས་བྱ། །སྔོན་གནས་རྗེས་དྲན་དང་འཆི་འཕོ་ཤེས་པ་གཉིས་ནི་མི་སློབ་པ་དེའི་རྒྱུད་ལས་སྐྱེས་པའི་ཕྱིར་མི་སློབ་པ་ 3-1-360a དེའི་རིག་པ་ཞེས་བྱའི་དངོས་སུ་ན་དེ་གཉིས་ཟག་བཅས་ཡིན་པར་སློབ་མི་སློབ་གཉིས་ཀ་མ་ཡིན་པས་མི་སློབ་པ་མ་ཡིན་ནོ། །གསུམ་པ་ནི། སློབ་ལ་འདོད་དེ་མ་རིག་དང་། །བཅས་རྒྱུད་ཕྱིར་ན་རིག་མ་བཤད། །མངོན་ཤེས་འདི་དག་སློབ་པ་ལའང་ཡོད་ན་གང་གི་ཕྱིར་སློབ་པའི་རིག་པ་ཞེས་མི་བྱ་སྙམ་ན། འདི་དག་ སློབ་པ་ཕྱིར་མི་འོང་ལའང་ཡོད་པར་འདོད་དེ། འོན་ཀྱང་དེ་དག་ནི་རིག་པར་མ་བཤད་དེ། རིག་པར་མི་འོས་པའི་ཕྱིར་ཏེ། རྒྱུད་སྒོམ་སྤོང་གི་མ་རིག་པ་དང་བཅས་ཤིང་ཟིལ་གྱིས་ནོན་པའི་ཕྱིར། བཞི་པ་ཆོ་འཕྲུལ་གསུམ་དང་སྦྱར་བ་ལ། སྤྱིར་བསྟན་པ་དང་། དེའི་ མཆོག་ངོས་བཟུང་བ་གཉིས་ལས། དང་པོ་ནི། དང་པོ་གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་རྣམས་ཡིན། མངོན་ཤེས་དག་ལས་དང་པོ་རྫུ་འཕྲུལ་དང་། གསུམ་པ་སེམས་ཀྱི་རྣམ་གྲངས་ཤེས་པ་དང་། དྲུག་པ་ཟག་ཟད་ནི་རྫུ་འཕྲུལ་དང་། ཀུན་བརྗོད་པ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམས་ཡིན་ནོ། །ཅིའི་ཕྱིར་ཆོ་འཕྲུལ་ཅེས་ བྱ་ན། དང་པོར་གདུལ་བྱ་གཞན་གྱིས་ཡིད་འཕྲོག་པའི་ཕྱིར་ཏེ། ཧ་རིའི་དོན་ཏེ། དེ་ལ་དང་པོས་ནི་ཕ་རོལ་གྱི་ཡིད་འདུན་པའི་སྒོ་ནས་འཕྲོག་པར་བྱེད་ཅིང་། གཉིས་པས་ནི་ཕ་རོལ་གྱི་བསམ་པ་ཤེས་ནས་ཆོས་བསྟན་པའི་སྒོ་ནས་ཡིད་འཕྲོག་པར་བྱེད་ལ། གསུམ་པས་ ནི་བསྟན་པ་བཞིན་བསྒྲུབས་པས་སྨིན་ཅིང་གྲོལ་བའི་སྒོ་ནས་ཡིད་འཕྲོག་པར་བྱེད། ཡང་ན་འདི་དག་གི་གོ་རིམ་ནི་བསྟན་པ་ལ་ཞེ་འགྲས་པ་གཟུ་པོའི་བློར་གཏོང་ཞིང་། གཟུ་པོའི་བློ་དང་བར་གཏོང་། ཡེ་ནས་དང་བ་ནི་ཤིན་ཏུ་དང་བར་གཏོང་བར་བྱེད་དོ། །གཉིས་པ་ནི། བསྟན་པ་མཆོག །མི་འཁྲུལ་ཕྱིར་དང་ཕན་པ་དང་། །ཡིད་འོང་འབྲས་ལ་སྦྱོར་བྱེད་ཕྱིར། ། འདི་དག་གི་ནང་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་མཆོག་ཡིན་ཏེ། ཉོན་མོངས་པ་ཟད་པ་མེད་ན་མི་འབྱུང་ཞིང་། བར་ཆད་མེད་ལམ་ཟག་མེད་ཁོ་ན་ལ་སྐྱེས་པས་རྒྱུ་དེ་ལས་མི་འཁྲུལ་བའི་ཕྱིར་དང་། ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར། རྫུ་འཕྲུལ་དང་ 3-1-360b ཀུན་བརྗོད་ནི་རིག་སྔགས་ཀྱིས་ཀྱང་བྱེད་དེ། གནྡྷརྦ་ཞེས་པའི་རིག་སྔགས་ཀྱིས་ནམ་མཁའ་ལ་འགྲོ་བ་དང་། རྟོག་བྱེད་ཅེས་བྱ་བའི་རིག་སྔགས་ཀྱིས་ཕ་རོལ་གྱི་སེམས་ཤེས་པའང་ཡོད་མོད་པ་དེ་ཉིད་ཀྱི་ཕྱིར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྟན་པ་ནི་གཞན་ གྱི་བྱ་བར་མི་ནུས་ཏེ། ཉོན་མོངས་པ་ཟད་པ་མེད་ན་མི་འབྱུང་བ་ལ་མི་འཁྲུལ་བའི་ཕྱིར། འདི་ནི་གཙོ་བོ་ཡིན་ནོ། །རྫུ་འཕྲུལ་དང་སེམས་ཤེས་གཉིས་ཀྱིས་ནི་གཞན་བསྟན་པ་ལ་འཇུག་ཅིང་གཏོད་པ་ཙམ་དུ་ཟད་ཀྱི། རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་མཆོག་ཡིན་ཏེ། ཐབས་ སྟོན་པས་འདིར་ཉོན་མོངས་པ་དང་བྲལ་བས་ཕན་པ་དང་། ཕྱི་མར་སྡུག་བསྔལ་གྱི་ཁུར་དང་བྲལ་བས་གཏན་དུ་ཡིད་འོང་གི་འབྲས་བུ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་ཏུ་གཏན་ལ་ཕབ་པ་ལ་གསུམ། རྫུ་འཕྲུལ་གྱི་མངོན་ཤེས་གཏན་ལ་དབབ་པ། མིག་རྣའི་ མངོན་ཤེས་གཏན་ལ་དབབ་པ། སྐྱེས་ཐོབ་སོགས་ཀྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ། རྫུ་འཕྲུལ་གྱི་ཁྱད་པར། སྤྲུལ་སེམས་ངོས་བཟུང་བ། དེས་ཇི་ལྟར་སྤྲུལ་པ། སྤྲུལ་སེམས་ཀྱི་ངོ་བོ། རྫུ་འཕྲུལ་གྱི་དབྱེ་བའོ། །དང་པོ་ལ། རྫུ་འཕྲུལ་སྤྱིར་བཤད་པ་ དང་། ཁྱད་པར་དངོས་སོ། །དང་པོ་ནི། རྫུ་འཕྲུལ་ཏིང་འཛིན་དེ་ལས་ནི། །སྤྲུལ་དང་འགྲོ་བ། བྱེ་སྨྲའི་ལུགས་ཀྱི་རྫུ་འཕྲུལ་ནི་ཏིང་ངེ་འཛིན་དུ་འདོད་དེ། འདིས་འབྱོར་ཞིང་འགྲུབ་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་འབྱོར་ཞེ་ན། རྫུ་འཕྲུལ་གྱི་ཏིང་ངེ་འཛིན་དེ་ལས་ནི་ཡུལ་སྤྲུལ་པ་དང་འགྲོ་བ་ལ་དབང་འབྱོར་བར་བྱེད་པ་སྟེ། རྫུ་འཕྲུལ་གྱི་འགྲོ་བ་ནི་རྣམ་པ་གསུམ་སྟེ། བྱ་བཞིན་དུ་རིམ་གྱི་ལུས་ཀྱིས་མགྱོགས་པོར་ཕྱིན་པས་བྱེད་པས་ལུས་ཕྱིན་བྱེད་དང་། ལམ་ཐག་རིང་པོའང་ཐུང་ངུར་མོས་པ་བྱས་པས་མྱུར་དུ་སླེབས་པ་མོས་པ་ལས་བྱུང་བ་དང་། ཡིད་ཀྱིས་བསམ་པ་ཙམ་གྱི་དེར་སླེབས་ 3-1-361a པའི་ཡིད་མགྱོགས་སོ། །གཉིས་པ་ལ། འགྲོ་བ་གསུམ་གྱི་ཁྱད་པར། སྤྲུལ་པ་གཉིས་ཀྱི་ཁྱད་པར་རོ། །དང་པོ་ནི། སྟོན་པ་ལ། །ཡིད་མགྱོགས་འགྲོ་བ་གཞན་དག་ལ། །ཕྱིན་བྱེད་མོས་པ་ལས་བྱུང་ཡང་། །དེ་ལ་ཡིད་བཞིན་དུ་མགྱོགས་པའི་འགྲོ་བ་ནི་སྟོན་པ་སངས་རྒྱས་ཁོ་ན་ལ་མངའི། ཉན་ཐོས་ཀྱི་མ་ཡིན་ཏེ། སངས་རྒྱས་ནི་ ཡུལ་ཐག་རིང་པོར་ཡང་ཐུགས་བསྐྱེད་པའི་དུས་ཀྱིས་བྱོན་པའི་ཕྱིར། དེ་ཕྱིར་བཞི་ལས་འཕྲོས་པའི་མདོར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ། །སྤྱིར་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ། ལས་ཀྱི་རྣམ་སྨིན་བསམ་ གྱིས་མི་ཁྱབ། བསམ་གཏན་གྱི་ཡུལ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །འགྲོ་བ་གཞན་གཉིས་ནི་སངས་རྒྱས་ལ་དངོས་སུ་མ་བཤད་ཀྱང་མངའ་བར་གྲུབ་སྟེ། ཕྱག་རྡོར་གྱིས་གདུགས་ཚོད་ལ་སྤྱན་དྲངས་པས་ལྕང་ལོ་ཅན་དུ་ནམ་མཁའ་ལ་ལྡིང་སྟེ་གཤེགས་པ་དང་། དཔག་ ཚད་སྟོང་གོམ་པ་བཅུར་མོས་ནས་གོམ་པ་བཅུས་བྱོན་པ་ལྟ་བུའོ། །གཞན་ཉན་རང་དག་ལ་ལུས་ཕྱིན་བྱེད་ཀྱི་འགྲོ་བ་ཡོད་དེ། བྱ་བཞིན་དུ་རིམ་གྱི་ལུས་ཀྱིས་ཕྱིན་པར་བྱེད་པའི་ཕྱིར། རིང་བ་ལས་ཉེ་བར་མོས་པ་ལས་བྱུང་བ་ཡང་ཡོད་དེ། ཐག་རིང་བ་ལ་ཉེ་བར་མོས་ན་མྱུར་དུ་ འགྲོ་བའི་ཕྱིར། གཉིས་པ་ལ། འདོད་པ་ན་སྤྱོད་པའི་སྤྲུལ་པ། གཟུགས་ན་སྤྱོད་པའི་སྤྲུལ་པའོ། །དང་པོ་ནི། འདོད་པར་གཏོགས་པའི་སྤྲུལ་པ་ནི། །ཕྱི་ཡི་སྐྱེ་མཆེད་བཞི་རྣམ་གཉིས། །འདོད་པར་གཏོགས་པའི་སྤྲུལ་པ་ནི་ཕྱིའི་སྐྱེ་མཆེད་གཟུགས་དྲི་རོ་རེག་བྱ་བཞི་སྤྲུལ་གྱི། ནང་གི་སྐྱེ་མཆེད་སྤྲུལ་བར་མི་བྱེད་དེ། སྤྲུལ་ན་སྔོན་མེད་པའི་ སེམས་ཅན་འབྱུང་བར་ཐལ་བའི་ཕྱིར། སྒྲ་ནི་རང་རྐྱང་པ་སྤྲུལ་དུ་མི་འདོད་དེ། རྒྱུན་ཆད་ཅིང་འབྱུང་བས་སྒྲ་སྤྲུལ་པ་ན་དེའི་རྟེན་དང་བཅས་པ་སྤྲུལ་པར་བྱེད་དོ། །དྲི་རོ་སོགས་ནི་རང་རྐྱང་པར་སྤྲུལ་པ་ཡིན་ནོ། །གཞན་ཡང་སངས་རྒྱས་རྒྱལ་པོ་ཀ་བི་ནར་བསྒྱུར་བ་ལྟ་བུ་ 3-1-361b རང་གི་ལུས་དང་འབྲེལ་བར་སྤྲུལ་པ་དང་། འཇམ་དཔལ་གྱིས་བདུད་སྡིག་ཅན་ལ་མོས་པ་ལ་སྡིག་ཅན་སངས་རྒྱས་ཀྱི་སྐུར་སྤྲུལ་པ་ནི་གཞན་གྱི་ལུས་དང་འབྲེལ་བའི་སྤྲུལ་པ་སྟེ་རྣམ་པ་གཉིས་སོ། །འཇམ་དཔལ་གྱིས་བདུད་སྡིག་ཅན་སངས་རྒྱས་ཀྱི་སྐུར་བྱིན་གྱིས་བརླབས་ ཆོས་སྟོན་དུ་བཅུག་པ་ལ། ཤཱ་རིའི་བུ་ཡ་མཚན་ཆེ་ནས་བསྔགས་པ་བརྗོད་པ་ལ། འཇམ་དཔལ་གྱི་ཞལ་ནས་སངས་རྒྱས་ཀྱི་སྐུར་བྱིན་གྱིས་བརླབས་ལ་ཆོས་སྟོན་དུ་གཞུག་གི་ཟེར་བ་ལ་ཤཱ་རིའི་བུའི་བསམ་པ་ལ་ང་ཉན་ཐོས་ནི་སངས་རྒྱས་ཀྱི་སྐུར་གྱུར་པ་དེ་ཉམས་ལམ་བདེ་ནས་མི་ སྣང་བར་བྱ་མནོ་བ་ལ་མི་སྣང་བར་བྱ་ལོང་མེད་པར་སངས་རྒྱས་ཀྱི་སྐུར་བྱིན་གྱིས་བརླབས་ནས་ཆོས་སྟོན་དུ་བཅུག་གོ་ཞེས་ཐོས་སོ། །གཉིས་པ་ནི། གཟུགས་གཏོགས་གཉིས། རྟེན་འདོད་པ་དེས་གཟུགས་སུ་གཏོགས་པ་སྤྲུལ་ན་དེར་དྲི་རོ་མེད་པས་གཟུགས་རེག་གཉིས་ཁོ་ནར་སྤྲུལ་ལ། དེའང་བདག་གཞན་གྱི་ལུས་དང་འབྲེལ་ བས་གཉིས་ཏེ་བཞི་ལ་དེ་བཞིན་དུ་གཟུགས་ཁམས་སུ་སྐྱེས་པས་ཀྱང་གཟུགས་རེག་ལ་བདག་གཞན་གྱི་ལུས་དང་འབྲེལ་བས་བཞི་སྟེ་སྤྲུལ་པ་རྣམ་པ་བརྒྱད་ཡིན་ནོ། །གཟུགས་ཁམས་པས་འདོད་པར་བདག་གི་ལུས་དང་འབྲེལ་བའི་དྲི་རོ་སྤྲུལ་ན་ཅི་ལྟར་དེ་གཉིས་དང་མི་ལྡན་ཅེ་ ན། ལྡན་པ་མ་ཡིན་ཏེ། ཁམ་ཟས་ལ་འདོད་ཆགས་དང་བྲལ་བས་ལས་ཀྱིས་གྲུབ་པར་མི་འདུག་ཅིང་། དབང་པོའི་རྟེན་དང་མ་འབྲེལ་བའི་ཕྱིར། གོས་རྒྱན་ནི་རང་གི་ལུས་དང་འབྲེལ་ཀྱང་སེམས་ཅན་དུ་མི་བགྲང་བ་བཞིན་མི་ལྡན་ནོ། །གཞན་ན་རེ། གཟུགས་རེག་གཉིས་ སྤྲུལ་གྱི་དྲི་རོ་ནི་མ་ཡིན་ཏེ། མི་ལྡན་པའམ་དེ་གཉིས་ས་དེ་ལ་བལྟོས་པའི་གློ་བུར་བ་ཡིན་པའི་ཕྱིར། གཉིས་པ་ལ། གང་གིས་སྤྲུལ་པ། སྤྲུལ་སེམས་ཀྱི་དབྱེ་བ། གང་གིས་རྙེད་པ། གང་ལས་གང་སྐྱེ་བའོ། །དང་པོ་ནི། སྤྲུལ་སེམས་དག་གིས། །མངོན་ཤེས་ཁོ་ནས་སྤྲུལ་པར་བྱེད་པ་མ་ཡིན་གྱི། 3-1-362a མངོན་ཤེས་ཀྱི་འབྲས་བུ་སྤྲུལ་སེམས་དག་གིས་སྤྲུལ་པ་དང་འགྲོ་སེམས་ཀྱིས་འགྲོ་བར་ཡང་བྱེད་དོ། །གཉིས་པ་ནི། དེ་དག་ཀྱང་ནི་བཅུ་བཞིའོ། །བསམ་གཏན་འབྲས་གཉིས་ནས་ལྔའི་བར། །རིམ་བཞིན་གོང་མ་ལས་སྐྱེས་མིན། །སྤྲུལ་སེམས་དེ་དག་ཀྱང་ནི་དབྱེ་ན་བཅུ་བཞིའོ་སྟེ། བསམ་གཏན་དང་ པོའི་འབྲས་བུ་སྤྲུལ་སེམས་ནི་འདོད་པ་དང་བསམ་གཏན་དང་པོའི་ས་པ་གཉིས་ཡིན་པ་ནས་བསམ་གཏན་གཉིས་པའི་འབྲས་བུ་ས་འོག་མ་པ་གཉིས་དང་རང་གི་ས་པ་སྟེ་གསུམ་དང་། གསུམ་པའི་ས་འོག་མ་པ་གསུམ་དང་རང་གི་ས་པ་སྟེ་བཞི་དང་། བཞི་པའི་ས་འོག་མ་པ་བཞི་དང་རང་གི་ས་པ་དང་ལྔ་ཡིན་པའི་བར་དུ་རིམ་པ་ བཞིན་དུ་ཤེས་པར་བྱའོ། །འདིར་འདི་ཤེས་དགོས་ཏེ། འདོད་པའི་ཡུལ་སྤྲུལ་པས་འདོད་པའི་སྤྲུལ་སེམས་བྱ་བ་ཡིན་གྱི། སྤྲུལ་སེམས་རང་ནི་བསམ་གཏན་གྱི་སས་བསྡུས་པ་ཡིན་ནོ། །དེས་ན་བསམ་གཏན་གྱི་འབྲས་བུ་སྤྲུལ་སེམས་ནི་རང་དང་འོག་མའི་ས་པ་ཡིན་གྱི། བསམ་གཏན་འོག་མའི་ས་པ་དག་གི་འབྲས་བུ་པ་གོང་མ་ལས་སྐྱེས་པའི་སྤྲུལ་སེམས་ནི་མིན་ཏེ། གོང་ས་མ་ཐོབ་ན་བསྐྱེད་མི་ནུས་ལ་ཐོབ་ན་དེ་ཉིད་ཀྱི་འབྲས་བུ་ཡིན་པའི་ཕྱིར། དེ་ལྟར་ན་འདོད་པའི་སྤྲུལ་སེམས་བསམ་གཏན་བཞི་པོ་ཁོ་ནའི་འབྲས་བུ་ཡིན་པ་ལས་བསམ་ གཏན་འོག་མའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་འདོད་པའི་སྤྲུལ་པ་བས་བསམ་གཏན་གོང་མའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་འདོད་པའི་སྤྲུལ་པ་འགྲོ་བའི་སྒོ་ནས་ཁྱད་འཕགས་ཏེ། བསམ་གཏན་དང་པོའི་འབྲས་བུ་འདོད་པའི་སྤྲུལ་སེམས་ ཀྱིས་སྤྲུལ་པའི་འདོད་པའི་སྤྲུལ་པ་དེས་བསམ་གཏན་དང་པོའི་ས་པའི་བར་དུ་འགྲོ་ནུས་ཀྱི། གཉིས་པ་ལ་སོགས་པར་འགྲོ་མི་ནུས་ལ། བསམ་གཏན་གཉིས་པའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པའི་འདོད་པའི་སྤྲུལ་པ་དེས་བསམ་གཏན་གཉིས་པའི་བར་དུ་འགྲོ་ 3-1-362b མི་ནུས་པའི་ཕྱིར། དེ་བཞིན་དུ་བསམ་གཏན་གསུམ་པ་ལ་སོགས་པའི་འབྲས་བུ་འདོད་པའི་སྤྲུལ་སེམས་ཀྱིས་སྤྲུལ་པ་ལའང་སྦྱར་ཏེ་ཤེས་པར་བྱའོ། །གསུམ་པ་ནི། དེ་རྙེད་བསམ་གཏན་བཞིན། སྤྲུལ་སེམས་དེ་ཇི་ལྟར་རྙེད་ན་བསམ་གཏན་གྱི་དངོས་གཞི་བཞིན་འོག་ས་ལས་འདོད་ཆགས་དང་བྲལ་བའི་ སྒོ་ནས་རྙེད་དོ། །བསམ་གཏན་དང་པོ་ལྟ་བུའི་སྤྲུལ་སེམས་དེ་གཉིས་པ་ནས་དང་པོར་སྐྱེས་པས་རྙེད་པའང་ཡོད་དོ། །བཞི་པ་ལ། སྤྲུལ་སེམས་གང་ལས་སྐྱེ་བ་དང་། སྤྲུལ་སེམས་ལས་གང་སྐྱེ་བའོ། །དང་པོ་ནི། དེ་ནི། །དག་དང་རང་ལས། སྤྲུལ་སེམས་ཁོ་ན་ལས་ལྡང་བ་ནི་མེད་ཀྱི། སྤྲུལ་སེམས་ དེ་ནི་ཐོག་མར་མངོན་དུ་བྱས་པ་དེས་སྤྲུལ་སེམས་ལ་དང་པོར་འཇུག་པ་ན་བསམ་གཏན་དག་པ་བ་དང་ཕྱིས་ནས་སྤྲུལ་སེམས་རང་ལས་སྐྱེའོ། །གཉིས་པ་ནི། དེ་ལས་གཉིས། །སྤྲུལ་སེམས་ལ་གནས་པ་དེ་ལྡང་བ་ན་བསམ་གཏན་ལ་མ་ཞུགས་པར་ལྡང་བ་མེད་པས་ སྤྲུལ་སེམས་དེ་ལས་ཀྱང་སྤྲུལ་སེམས་ལངས་པའི་ཚེ་བསམ་གཏན་དག་པ་དང་། རྒྱུན་གྱི་ཚེ་སྤྲུལ་སེམས་རང་ཉིད་དང་གཉིས་སྐྱེ་བར་འགྱུར་གྱི་གཞན་དང་གཞན་ལས་འབྱུང་བ་ནི་མེད་དོ། །ཏིང་ངེ་འཛིན་གྱི་འབྲས་བུ་སྤྲུལ་སེམས་ལ་གནས་པ་ནི་ཡང་ཏིང་ངེ་འཛིན་ལ་མ་ཞུགས་པར་ཏིང་ངེ་འཛིན་དེ་ ལས་ལྡང་བ་མེད་དོ། །གསུམ་པ་དེས་ཇི་ལྟར་སྤྲུལ་པ་ལ། སྤྲུལ་སེམས་གང་གིས་སྤྲུལ་པ། སྤྲུལ་པ་སྨྲར་འཇུག་པའི་སེམས། སྤྲུལ་སེམས་དང་སྤྲུལ་པ་མང་ཉུང་གི་ཚུལ་ལོ། །དང་པོ་ནི། རང་གི་ས་པས་སྤྲུལ་པར་བྱེད། །སྤྲུལ་པ་ཐམས་ཅད་ཀྱང་རང་རང་གི་ས་པའི་སྤྲུལ་སེམས་ཀྱིས་རང་ས་ པའི་སྤྲུལ་པ་སྤྲུལ་པར་བྱེད་ཀྱི། ས་གཞན་པའི་སྤྲུལ་སེམས་ཀྱིས་ནི་ས་གཞན་གྱི་སྤྲུལ་པ་སྤྲུལ་པར་མི་བྱེད་དོ། །གཉིས་པ་ལ། སྤྲུལ་པའི་སྨྲ་སེམས་གང་ལ་བརྟེན་པ། སྤྲུལ་པས་སྨྲ་བའི་ཁྱད་པར། བྱིན་རླབས་ཀྱི་སྨྲ་བའི་ཚུལ་ལོ། །དང་པོ་ནི། སྨྲར་འཇུག་པ་ནི་འོག་མས་ཀྱང་། །དམིགས་བསལ་ 3-1-363a བསམ་གཏན་གཉིས་པ་ཡན་ཆད་པ་ངག་གི་སྤྲུལ་པ་ངག་སྨྲར་འཇུག་པ་ནི་ས་འོག་མ་བསམ་གཏན་དང་པོའི་ས་པའི་སྨྲ་སེམས་ཁོ་ནས་སྨྲར་འཇུག་པ་ཡིན་ཏེ། དེ་ཡན་ཆད་རང་སར་རྟོག་དཔྱོད་མེད་ཅིང་ངག་སྨྲ་བ་ནི་ཀུན་སློང་རྟོག་དཔྱོད་ལ་བལྟོས་པའི་ ཕྱིར། ཀྱང་སྒྲས་ནི་འདོད་པ་དང་བསམ་གཏན་དང་པོ་ན་ནི་རང་གི་ས་པའི་སེམས་ཁོ་ནས་སྨྲར་འཇུག་གོ་ཞེས་པའོ། །གཉིས་པ་ལ། དངོས་དང་། དོགས་གཅོད་ལས། དང་པོ་ནི། སྟོན་མིན་སྤྲུལ་པ་པོ་དང་བཅས། །སྤྲུལ་པ་མང་པོར་སྨྲ་བ་ནི་སྟོན་པ་སངས་རྒྱས་ཡིན་ལ། དེ་ཡིན་པའི་སྤྲུལ་པ་ནི་ སྤྲུལ་པ་པོ་དང་བཅས་ནས་སྨྲ་བར་བྱེད་དེ། ལུང་རིང་པོ་ལས། གཅིག་གིས་སྨྲ་བར་བྱེད་པ་ན། །སྤྲུལ་པ་ཐམས་ཅད་སྨྲ་བར་བྱེད། །གཅིག་མི་སྨྲ་བར་གྱུར་པ་དང་། །དེ་དག་ཐམས་ཅད་སྨྲར་མི་འགྱུར། །ཞེས་སོ། །སངས་རྒྱས་ཀྱི་སྤྲུལ་པ་ནི་ཐམས་ཅད་བཞེད་ཙམ་གྱིས་ འབྱུང་བའི་ཕྱིར། སྔ་ཕྱི་ཇི་ལྟར་བཞེད་པར་སྨྲ་བས་ངེས་པ་མེད་དེ། ལས་བརྟགས་པ་ལས། ཅིའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སྤྲུལ་པ་ནི། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གསུང་བ་དེའི་ཚེ་ སྤྲུལ་པ་མི་སྨྲ་ལ། སྤྲུལ་པ་གསུང་བ་དེའི་ཚེ་སངས་རྒྱས་མི་གསུང་བ་དང་། ཉན་ཐོས་ཀྱི་སྤྲུལ་པ་ཉན་ཐོས་ཀྱི་ཆ་བྱད་ཅན་སྤྲུལ་པ་ནི་ཉན་ཐོས་སྨྲ་བའི་ཚེ་སྤྲུལ་པའང་སྨྲ་ལ། ཉན་ཐོས་མི་སྨྲ་བའི་ཚེ་སྤྲུལ་པའང་མི་སྨྲ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་དང་ཏིང་ངེ་འཛིན་ ལ་མངའ་བརྙེས་པས་སྙོམས་པར་འཇུག་ཅིང་བཞེངས་ཏེ། དམིགས་པའང་མི་གཏོང་ལ། ཉན་ཐོས་ནི་དེ་ལྟར་མ་ཡིན་པའི་ཕྱིར། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཡིན་ཏེ། ཡེ་ཤེས་དང་དབང་གི་ཕ་རོལ་ཕྱིན་པ་ཡིན་ལ། ཉན་ཐོས་ནི་དེ་ལྟར་ 3-1-363b མ་ཡིན་པའི་ཕྱིར། ཞེས་སོ། །འདི་ལ་འཇམ་སྒེག་གིས། དེ་ལྟར་ན་སྨྲ་བའི་ངག་མང་པོར་སྤྲུལ་ན་ནི་སྒྲ་ཡང་སྤྲུལ་པར་འགྱུར་བས་ཕྱིའི་སྐྱེ་མཆེད་བཞི། ཞེས་པ་དང་འགལ་བར་འགྱུར་ལ། འོན་ཏེ་ངག་གཅིག་ལས་མེད་ན་མང་པོ་སྨྲ་བར་བྱེད་པ་མི་འཐད་དོ། །(གཉིས་པ་ནི།) གལ་ཏེ་ མང་པོར་སྨྲ་བར་སྣང་བ་ཡིན་གྱི། ངག་གཅིག་ལས་མེད་དོ་ཞེ་ན། དེ་ནི་ཕྱིའི་སྐྱེ་མཆེད་བཞི་ལའང་མཚུངས་པའི་ཕྱིར། དེའི་ཕྱིར་བྱེ་བྲག་ཏུ་སྨྲ་བས་སེམས་ཅན་གསར་སྐྱེ་མེད་པས་དབང་པོ་ལྔ་མི་སྤྲུལ་ལ། སྒྲ་ལ་རྒྱུན་མེད་པས་སྤྲུལ་ལོ་ཞེས་པའང་འདི་དག་སེམས་ཀྱི་ སྣང་བ་མ་གཏོགས་དོན་ལ་ཡོད་པའི་ཆོས་ཡིན་ན་ནི་ཇི་ལྟར་སྤྲུལ་པ་ཡིན། མེད་ན་གསར་དུ་སྐྱེ་བ་དང་རྒྱུན་མེད་པ་དག་ཀྱང་ཤེས་པ་ལ་སྣང་བར་འགྱུར་དུ་རུང་ངོ་ཞེས་ཟེར་ལ། ངག་དོན་སྡེ་པས་སྤྲུལ་པ་ནི་དོན་ལ་ཡོད་དེ། འབྱུང་བའི་རྟེན་ལས་སྤྲུལ་ཞིང་སྤྲུལ་པ་དེ་ལྟར་ བྱ་བ་བྱེད་ནུས་སུ་ཡོད་ལ། དེ་ལྟར་ནའང་སྟག་སེང་གེ་སོགས་སུ་སྤྲུལ་པའི་སྟག་སེང་དེ་སྟག་སེང་ཡིན་པ་ནི་མི་འདོད་ཅིང་། སྟག་སེང་ཉིད་དུ་ཡོད་པར་འདོད་པས། འདིར་ཡོད་ན་ཡིན་དགོས་པས་མ་ཁྱབ་པར་ཡང་འདོད་ལ། ཐེག་པ་ཆེན་པོ་པ་དག་སྤྲུལ་པ་ནི་དོན་ ལ་ཡོད་པ་ལྟ་ག་ལ་འཚལ། མེད་བཞིན་སྣང་བའི་དཔེ་ཁོ་ནར་བཤད་པ་ཡིན། ()(གསུམ་)པ་ལ། དངོས་དང་། འཕྲོས་དོན་ནོ། །དང་པོ་ནི། བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །འོ་ན་ཇི་ལྟར་སྤྲུལ་པས་སྨྲ་ནུས་ཏེ་མི་ནུས་པར་ཐལ། རྒྱུད་གཅིག་ལ་སེམས་གཉིས་གཅིག་ཅར་མི་འབྱུང་པས་སྨྲ་སེམས་ ཡོད་ཚེ་སྤྲུལ་སེམས་མེད་ལ། སྤྲུལ་སེམས་ཡོད་ཚེ་སྨྲ་སེམས་མེད་པའི་ཕྱིར་ཞེ་ན། ཉེས་པ་དེ་མེད་དེ། དང་པོ་སྦྱོར་བའི་ཚེ་སྤྲུལ་སེམས་ཀྱིས་སྤྲུལ་པ་སྤྲུལ་ནས་བདག་གི་སྤྲུལ་པ་འདི་ཡུན་རིང་དུ་གནས་པར་གྱུར་ཅིག །དེ་ན་རིག་བྱེད་ཀུན་སློང་གི་རྟོག་དཔྱོད་ 3-1-364a སྨྲ་སེམས་ཀྱིས་སྨྲ་བར་གྱུར་ཅིག །ཅེས་སྔོན་གྱི་བསམ་རྒྱུན་རྗེས་སུ་འབྲང་བའི་རིམ་པ་ལྟར་འབྱུང་བར་བྱིན་གྱིས་བརླབས་ནས་ཇི་ལྟར་བྱིན་གྱིས་བརླབས་པ་ལྟར་སྤྲུལ་སེམས་ལས་གཞན་སྨྲ་སེམས་ཀྱིས་སྨྲར་འཇུག་པའི་ཕྱིར་རོ། །གཉིས་པ་ནི། ཤི་བ་ལ་ཡང་བྱིན་བརླབས་ཡོད། །མི་བརྟན་ལ་མེད་གཞན་དག་མིན། ། ཅི་བྱིན་རླབས་དེ་གསོན་པ་ཁོ་ནའམ་ཤི་བ་ལའང་ཡོད་དམ་ཞེ་ན། ཤི་བ་ལ་ཡང་བྱིན་གྱིས་བརླབས་ནས་ཡུན་རིང་དུ་འཇུག་པ་ཡོད་དེ། འཕགས་པ་འོད་སྲུངས་ཆེན་པོའི་མོས་པས་བྱིན་རླབས་ཀྱིས་དེའི་རུས་པའི་ཀེང་རུས་གནས་པའི་ཕྱིར། དེའང་རུས་པ་སོགས་བརྟན་པ་ ལ་བྱིན་རླབས་ཡོད་ཀྱི། མི་བརྟན་པ་ཤ་ཁྲག་སོགས་ལ་མེད་དེ། འཕགས་པ་འོད་སྲུངས་ཆེན་པོས་ཤ་སོགས་བྱིན་གྱིས་མ་བརླབས་པའི་ཕྱིར། གཞན་དག་ན་རེ། ཤི་བ་ལ་བྱིན་རླབས་ཡོད་པ་མིན་ཏེ། འོད་སྲུང་གི་ཀེང་རུས་གནས་པ་ནི་གཙང་མའི་ལྷའི་མཐུས་བྱས་པའི་ ཕྱིར། ཞེས་ཟེར་རོ། །གསུམ་པ་སྤྲུལ་སེམས་དང་སྤྲུལ་པ་མང་ཉུང་གི་དོན་ནི། དང་པོ་དུ་མས་གཅིག་ཡིན་ཏེ། །བྱང་བར་གྱུར་ནས་བཟློག་པའོ། །དང་པོ་ནི་སྤྲུལ་པའི་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པར་བྱེད་པ་ཡིན་ཏེ། མངོན་ཤེས་བྱང་བར་གྱུར་ནས་སེམས་གཅིག་གིས་བཟློག་པ་མང་པོ་སྤྲུལ་པར་བྱེད་པའི་ཕྱིར་རོ། །བཞི་པ་སྤྲུལ་ སེམས་ཀྱི་ངོ་བོ་ནི། བསྒོམས་ལས་སྐྱེས་པ་ལུང་མ་བསྟན། །སྐྱེ་བ་ལས་སྐྱེས་རྣམ་གསུམ་མོ། །ཅི་སྤྲུལ་སེམས་ཐམས་ཅད་ལུང་མ་བསྟན་ཡིན་ནམ་ཞེ་ན། སྒོམ་པ་ལས་སྐྱེས་པའི་སྤྲུལ་སེམས་ནི་ངེས་པར་ལུང་མ་བསྟན་ཡིན་ཏེ། ས་གོང་མར་སྐྱེས་པས་འོག་མའི་སྤྲུལ་སེམས་མངོན་དུ་བྱེད་པའི་ཕྱིར། ལྷ་ཀླུ་དང་ཤ་ཟ་སོགས་ཀྱིས་སྐྱེ་བ་ལས་ སྐྱེས་ཐོབ་ཀྱི་སྤྲུལ་སེམས་ནི། དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་མོ་སྟེ་གཞན་ལ་ཕན་གདགས་པ་དང་གནོད་པ་དང་བཏང་སྙོམས་ཀྱི་ཆེད་དུ་བྱས་པའི་ཕྱིར། ལྷ་ལ་སོགས་པ་དེ་དག་གིས་བྱས་པའི་སྤྲུལ་པ་རང་གཞན་གྱི་ལུས་དང་འབྲེལ་བ་ནི། སྐྱེ་མཆེད་དགུ་ 3-1-364b པ་ཡིན་ཏེ། སྒྲ་མེད་པའི་མིག་སོགས་དང་གཟུགས་ཀྱི་སྐྱེ་མཆེད་ཡོད་པའི་ཕྱིར། ཡང་དབང་པོ་རྣམས་སྤྲུལ་ན་དབང་པོ་རྣམས་སེམས་ཅན་དུ་སྟོན་པས། སྔོན་མེད་ཀྱི་སེམས་ཅན་འབྱུང་བར་འགྱུར་ཞེ་ན། དབང་པོ་ནི་སྤྲུལ་པར་མི་བྱེད་དེ། དེས་ན་དེ་ནི་སྐྱེ་མཆེད་དགུ་པར་འདོད་ པའི་ཕྱིར་ཏེ། རང་གཞན་གྱི་ལུས་དང་འབྲེལ་བའི་སྤྲུལ་པ་གཟུགས་དྲི་རོ་རེག་བྱའི་ངོ་བོ་ཉིད་དབང་པོ་དང་ཐ་མི་དད་པར་གནས་པའི་ཕྱིར་འདི་ནི་གྲུབ་མཐའོ། །ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱང་སྤྲུལ་པར་མི་བྱེད་དེ་སེམས་མེད་པའི་ཕྱིར། དེ་སྐད་དུ་གདགས་པ་ལས། སྤྲུལ་པ་དེ་ འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཞེས་བརྗོད་པར་བྱའོ། །འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་མ་ཡིན་ཅེས་བརྗོད་པར་བྱ། སྨྲས་པ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པའོ་ཞེས་བརྗོད་པར་བྱའོ། །རྒྱུར་བྱས་པའི་གཟུགས་ཅན་ནམ་རྒྱུར་བྱས་པའི་གཟུགས་ཅན་མ་ཡིན་པ་ཞེས་ བརྗོད་པར་བྱ། སྨྲས་པ། རྒྱུར་བྱས་པའི་གཟུགས་ཅན་ནོ་ཞེས་བརྗོད་པར་བྱ་སྟེ། སེམས་མེད་པ་ཞེས་ཀྱང་བརྗོད་པར་བྱའོ། །སྤྲུལ་པ་གང་གི་སེམས་ཀྱི་དབང་གིས་འཇུག་པར་བྱ་ཞེས་བརྗོད་པར་བྱ། སྨྲས་པ། སྤྲུལ་པ་ནི་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་། སྒོམ་པ་ ལས་བྱུང་བའོ། །དེ་ལ་དང་པོ་ནི། སེམས་ཅན་དེའི་སེམས་ཀྱི་དབང་གིས་འགྱུར་ལ། གཉིས་པ་ནི། སྤྲུལ་པ་པོའི་སེམས་ཀྱི་དབང་གིས་འཇུག་གོ་ཞེས་བརྗོད་པར་བྱའོ་ཞེས་འབྱུང་ལ། དེས་ན་འདི་ནི་སྒོམ་བྱུང་གི་དབང་དུ་བྱས་ཀྱི་སྐྱེས་ཐོབ་ནི། དེ་ཉིད་ལས། སྤྲུལ་ སེམས་ཡོད་པ་ཞེས་བྱའམ་མེད་པ་ཞེས་བྱ་ཞེ་ན། སྤྲུལ་པ་ནི་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་། སྒོམ་པ་ལས་བྱུང་བའོ། །དེ་ལ་སྐྱེས་ཐོབ་ནི་སེམས་ཡོད་པ་ཞེས་བྱ་ལ། སྒོམ་བྱུང་གི་སེམས་མེད་པ་ཞེས་བྱའོ་ཞེས་སྐྱེས་ཐོབ་ལ་སེམས་ཡོད་པར་བཤད་དོ། །དེས་ན་རང་ 3-1-365a གཞན་གྱི་ལུས་དང་འབྲེལ་བའི་སྤྲུལ་པ་ནི་སྐྱེ་མཆེད་དགུ་པ་ཡིན་ལ། མ་འབྲེལ་བའི་སྤྲུལ་པ་ནི་སྐྱེ་མཆེད་བཞི་ཁོ་ནའོ། །སྨྲས་པ། ཀུན་མཁྱེན་བླ་མའི་དགེ་ལེགས་གང་སྩོལ་བ། །གཟུར་གནས་དད་པའི་དབང་པོར་ལྷུང་བ་ལས། །ཡིད་ཆེས་ཤེས་ རབ་ཕྱིར་ལྡོག་མེད་པ་དེས། །ལྟ་ངན་ཐེ་ཚོམ་དྲི་མ་ཀུན་བསལ་ནས། །འཕགས་རྣམས་དགྱེས་དགུར་རྩེན་པའི་སྤྱོད་ཡུལ་དུ། །དཀོན་མཆོག་འབངས་གྱུར་བདག་ཀྱང་ཅིས་མི་མཆིས། །དེས་ན་རང་འདོད་མཚན་འཛིན་རྟོག་པ་ཡི། །རྣམ་གཡེང་སྤངས་ཏེ་དབེན་པ་ཆེན་པོ་པ། ། རྒྱལ་བ་མཆོག་གི་ཞི་བའི་དགོན་པ་དེར། །རིང་པོར་མི་ཐོགས་ཅིས་ཀྱང་བསྙེགས་པར་འདོད། །ཅེས་སོ། །ལྔ་པ་རྫུ་འཕྲུལ་གྱི་དབྱེ་བ་ནི། རྫུ་འཕྲུལ་གསང་སྔགས་སྨན་དག་དང་། །ལས་ལས་སྐྱེས་དང་རྣམ་པ་ལྔ། །རྫུ་འཕྲུལ་ནི་སྒོམ་བྱུང་སྐྱེས་ཐོབ་གཉིས་དང་། གསང་སྔགས་ལས་སྐྱེས་པ་དང་། རུས་སྦལ་གྱི་ཟེ་བ་དང་རྨ་བྱའི་མདོངས་སོགས་ སྨན་དག་ལས་སྐྱེས་པ་དང་། ང་ལ་ནུ་དང་སྲིད་པ་བར་མ་པའི་རྫུ་འཕྲུལ་ལྟ་བུ་ལས་ལས་སྐྱེས་དང་རྣམ་པ་ལྔའོ། །གཉིས་པ་ལྷའི་མིག་རྣའི་མངོན་ཤེས་ལ། ངོ་བོ་གང་ཡིན་པ། ཁྱད་པར་གྱི་ཆོས། གང་ཟག་གསུམ་གྱི་ལྷའི་མིག་གི་གིས་གཟིགས་ཚུལ་ལོ། །དང་པོ་ནི། ལྷ་ཡི་མིག་དང་རྣ་བ་ཡིན། །བསམ་གཏན་ས་པའི་གཟུགས་དང་བ། །ལྷའི་རྣ་ མིག་དེ་ལྷ་ཁོ་ནའི་ཡིན་ནམ། འོན་ཏེ་བྱང་སེམས་དང་། འཁོར་ལོས་སྒྱུར་བ་དང་། ཁྱིམ་བདག་རིན་པོ་ཆེས་དཔག་ཚད་དུ་མ་མཐོང་བ་ལྷའི་རྣ་མིག་དང་འདྲ་བས་ལྷའི་རྣ་མིག་བརྗོད་པ་ཡིན་ནམ་ཞེ་ན། འདོད་རྟེན་གྱི་ལྷའི་མིག་དང་། རྣ་བ་ནི་ལྷའི་མིག་རྣ་དངོས་ཡིན་ཏེ། འདོད་ པའི་ཤ་རུས་སོགས་དང་མ་འབྲེལ་བའི་ཕྱིར་ཏེ། བསམ་གཏན་ལ་སྙོམས་པར་ཞུགས་པའི་མིག་དང་རྣ་བའི་ཐོན་གོར་དུ་སྒྲ་དང་སྣང་བ་ལ་གཏོད་པའི་སྦྱོར་བ་བྱས་པ་ན། བསམ་གཏན་ས་པའི་འབྱུང་བ་རྒྱུར་བྱས་ཀྱི། གཟུགས་དང་བ་གཟུགས་སྒྲ་མཐོང་ཐོས་ཀྱི་རྒྱུར་གྲུབ་ 3-1-365b པས་བསམ་གཏན་གྱི་ས་པ་ཡིན་པའི་ཕྱིར། གཉིས་པ་ནི། རྟག་ཏུ་རྟེན་བཅས་མ་ཚང་མེད། །ཐག་རིང་ཕྲ་སོགས་སྤྱོད་ཡུལ་ཅན། །ལྷའི་མིག་རྣ་གཉིས་རྟག་ཏུ་རྣམ་ཤེས་དང་བཅས་པས་རྟེན་མཚུངས་དང་བཅས་པ་ཡིན་གྱི། དེ་མཚུངས་མེད་ལ་གཏན་མེད་པའི་ཞར་བ་དང་ནོངས་པ་སྟེ་ཡོ་བ་དང་། འོན་པ་ལྟ་བུ་མ་ཡིན་པས་མ་ཚང་བ་མེད་པ་དེ་ གཟུགས་ཁམས་ཀྱི་སེམས་ཅན་བཞིན་ནོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འབྱུང་བ་ལས་གྱུར་པའི་ལྷ་མིག་གསར་བྱུང་དེ་ཡོད་ཀྱི། བར་གཟུགས་མཐོང་ལ་ཏིང་འཛིན་ཉམས་པ་ན་གཟུགས་མི་མཐོང་ངོ་། །དེ་གཉིས་ཀྱི་ཡུལ་གཟུགས་སྒྲ་ཐག་རིང་དང་ཕྲ་སོགས་སྒྲིབ་ པ་དག་གི་ཡང་སྤྱོད་ཡུལ་ཅན་ནོ། །གང་ཕྱིར་ཤ་ཡི་མིག་གི་གཟུགས། །ཐག་རིང་གནས་དང་སྒྲིབ་པ་དང་། །ཕྲ་དང་ཐམས་ཅད་མི་མཐོང་བ། །དེ་ཕྱིར་ལྷ་ཡིས་མཐོང་བར་འདོད། །ཅེས་པས་ཐམས་ཅད་ནི་མདུན་དུ་མ་ཟད་རྒྱབ་ལ་སོགས་ཀྱང་མཐོང་ངོ་། ། གསུམ་པ་ནི། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །བསམ་གཏན་དང་པོའི་ལྷ་མིག་གིས་འདོད་པ་དང་བསམ་གཏན་དང་པོ་མཐོང་བ་སོགས་སྔར་བཤད་ཟིན་ལ། ཉན་རང་སངས་རྒྱས་རྣམས་ཀྱི་ལྷའི་མིག་གིས་མངོན་པར་འདུ་བྱེད་པ་མེད་པར་སྟོང་དང་སྟོང་གཉིས་སྟོང་གསུམ་མཐོང་ལ། ཉན་ཐོས་ ཆེན་པོ་དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས་འདུ་བྱེད་མེད་པར་སྟོང་གཉིས་གསུམ་དང་གྲངས་མེད་མཐོང་སྟེ་སྟོན་པ་ནི་ཇི་ཙམ་བཞེད་པ་ལ་རགས་ལས་པས་སོ། །གསུམ་པ་སྐྱེས་ཐོབ་སོགས་ཀྱི་རང་བཞིན་ལ། སྤྱིར་བསྟན་དང་། རྟེན་གྱི་ཁྱད་པར་རོ། །དང་ པོ་ལ། གཞན་བཞི་ཡང་སྐྱེས་ཐོབ་ཏུ་བསྟན་པ། སྐྱེས་ཐོབ་ཀྱི་ལྷའི་མིག་གིས་མཐོང་ཚུལ། སེམས་ཤེས་པ་རྒྱས་བཤད་དོ། །དང་པོ་ནི། གཞན་ཡང་སྐྱེ་བས་ཐོབ། རྫུ་འཕྲུལ་དུ་མ་ཟད་ལྷའི་རྣ་བ་སོགས་གཞན་བཞི་ཡང་སྐྱེ་བས་ཐོབ་པ་ཡོད་མོད་ཀྱི། ཅུང་ཟད་ཀྱང་མངོན་ཤེས་ཀྱི་མིང་ 3-1-366a མི་ཐོབ་བོ། །ལྷའི་མིག་སྐྱེས་ཐོབ་ནི་འདོད་པའི་ལྷ་རྣམས་དང་ཀླུ་རྣམས་དང་གཟུགས་ཀྱི་ལྷའིའོ། །གཟུགས་མེད་ན་སྤྲུལ་འགྲོ་དང་ལྷའི་མིག་རྣ་གཞན་སེམས་ཤེས་པ་དང་སྔོན་གནས་རྗེས་དྲན་ཀྱང་མེད་དེ། གཟུགས་མེད་པའི་ཕྱིར། གཉིས་ པ་ནི། དེས་ནི། །སྲིད་པ་བར་མ་མི་མཐོང་ངོ་། །སྐྱེས་ཐོབ་ཀྱི་ལྷ་མིག་དེས་ནི་སྲིད་པ་བར་མ་མི་མཐོང་གི། སྲིད་པ་བར་མ་ནི་སྦྱོར་བྱུང་གི་མངོན་ཤེས་ཁོ་ནས་མཐོང་ངོ་། །གསུམ་པ་ནི། སེམས་ཤེས་དེ་ནི་རྣམ་གསུམ་གང་། །རྟོག་དང་རིག་སྔགས་ཀྱིས་བྱས་པའང་། །ཕ་རོལ་སེམས་ཤེས་སྐྱེས་ཐོབ་དེ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་གང་ཡང་མདོག་གནག་པ་དང་སོ་གཙིགས་པ་ སོགས་མཚན་མ་བ་རྣམས་ཀྱི་ཕ་རོལ་སེམས་ཤེས་རྟོག་གེ་དང་། གང་རིག་སྔགས་ཀྱིས་བྱས་པའང་དགེ་མི་དགེ་ལུང་མ་བསྟན་གསུམ་སྟེ། སྒོམ་བྱུང་དགེ་བ་ཁོ་ན་ཡིན་པ་ལྟ་བུ་ནི་མ་ཡིན་ནོ། །གཉིས་པ་རྟེན་གྱི་ཁྱད་པར་ནི། དམྱལ་བ་པས་ནི་དང་པོ་ཤེས། །མི་ལ་སྐྱེ་བས་ཐོབ་པ་མེད། །སེམས་ཤེས་དང་སྔོན་གནས་རྗེས་དྲན་ནི། དམྱལ་བ་པས་ནི་དང་པོ་སྐྱེས་ནས་ཇི་སྲིད་སྡུག་བསྔལ་གྱི་ཚོར་བས་མ་ཉན་པ་དེ་སྲིད་དུ་ཤེས་ཏེ། ཕྱིས་སྡུག་བསྔལ་གྱི་ཚོར་བས་ཉམས་ཏེ་མི་དྲན་པའི་ཕྱིར། འགྲོ་བ་གཞན་ལྷ་དང་དུད་འགྲོ་ཡི་དྭགས་ཀྱིས་སྔོན་གནས་རྗེས་དྲན་དང་སེམས་ཤེས་པས་རྟག་ཏུ་ཤེས་ཏེ། སྡུག་བསྔལ་ གྱི་ཚོར་བས་མ་ཉམས་པའི་ཕྱིར། མི་ལ་ནི་རྫུ་འཕྲུལ་སོགས་ཇི་སྐད་བཤད་པ་དེ་ཐམས་ཅད་སྐྱེ་བས་ཐོབ་པ་མེད་ཀྱི། ཆགས་བྲལ་གྱིས་ཐོབ་པ་དང་རྟོག་གེ་དང་རིག་སྔགས་དང་སྨན་དང་ལས་ཀྱིས་བྱས་པ་ནི་ཡོད་དོ། །འོ་ན་མིར་གྱུར་པའི་རང་བཞིན་གྱིས་ཚེ་རབས་དྲན་པ་དེ་ཇི་ལྟ་ བུ་ཞེ་ན། དེ་ནི་སྐྱེས་ཐོབ་ཀྱིས་མིན་པར་སྔོན་ལས་ལས་སྐྱེས་པ་ཡིན་ཏེ། རིན་ཆེན་ཕྲེང་བར། ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་དག་དྲན་པ་དང་། །ཆོས་ཀྱི་སྦྱིན་པ་དྲི་མེད་པ། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །ཞེས་སོ། །སྔོན་གྱི་གནས་རྗེས་དྲན་ནི་སྒོམ་ 3-1-366b བྱུང་ཁོ་ན་མིན་པ་གསུམ་སྟེ། ཇི་སྐད་བཤད་པའི་སྒོམ་བྱུང་དང་། ལྷ་སོགས་སྐྱེས་ཐོབ་དང་། བྱང་སེམས་ཀྱི་ལྟ་བུ་ལས་ལས་སྐྱེས་པའོ། །གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ཡེ་ཤེས་བསྟན་པ་ཞེས་བྱ་བ་སྟེ་ གནས་བདུན་པའོ། །འདིར་སྨྲས་པ། ཀྱེ་མ། ལྔ་བརྒྱ་ཐ་མའི་དུས་འདིར་སྙིང་རྗེ་ཆེན་པོའི་གཞན་དབང་གི། ནུས་མཐུ་ཕུན་སུམ་ཚོགས་པས་དྲང་གྱུར་བསྟན་པ་ཡོངས་རྫོགས་ཀྱི། །གླེགས་བམ་མ་ལུས་འཆང་ཞིང་ཤེས་རབ་ཡེ་ཤེས་རལ་གྲི་ཡིས། ། བློ་མདུད་གཅོད་བྱེད་འཇམ་དབྱངས་མགོན་པོ་རྗེ་བཙུན་མཉན་པ་ཆེ། །ཁྱེད་ཀྱིས་དོར་བའི་འབངས་གྱུར་ཉམ་ཆུང་ནི། །འདོད་འཇོའི་བ་མཆོག་ནོངས་པའི་བེའུ་ལྟར། །སྐྱབས་གཞན་མ་རྙེད་ཕྱོགས་སླད་དབུས་གཙང་གི། རི་སུལ་བས་མཐའ་ཕལ་དུ་འཁྱམས་པར་གྱུར། །དེ་ཚེ་ ངལ་དང་དུབ་པ་ཡིས། །མ་བཟོད་མྱ་ངན་སེལ་ཆེད་དུ། །ཐུབ་དབང་རིང་ལུགས་ཁོ་ནར་བརྣགས། །དེ་ཚེ་ལེགས་པར་དཔྱད་འདི་ཡང་། །བརྩོན་པར་བྱ་བར་རིགས་སོ་ཞེས། །གཟུ་པོར་བསམ་ནས་གངས་རི་མཆོག །ཡར་ལྷ་ཤམ་པོའི་མགུལ་པ་རུ། །དགེ་བར་བསྟི་བ་དེ་ཡི་ཚེ། ། ལེགས་པར་གྲུབ་པའི་བགྱི་བ་དེས། །ཀརྨའི་བཀའ་བརྒྱུད་འཕེལ་གྱུར་ཅིག །ཅེས་སྨྲས་སོ། །༈ སྟོན་དང་བསྟན་པར་བཅས་ཀུན་གཅིག་བསྡོམས་ཞབས། །རྗེ་བཙུན་རས་པ་དེ་དང་ཀརྨ་པའི། །ཕྲིན་ལས་ཁྱུ་མཆོག་ཆེ་གྱུར་ལ་སོགས་ པ། །རྩོད་མེད་གྲུབ་པའི་ཏོག་གྱུར་སྐྱབས་གནས་མཆོག །བསླུ་མེད་རྣམས་ལ་ཡིད་རྟོན་འཆའ་བཞིན་དུ། །ལས་དང་རྒྱུ་འབྲས་ངེས་པའི་ངང་ཚུལ་འདིར། །ཐེ་ཚོམ་བྲལ་བའི་ཤེས་རབ་ཐོབ་པའི་མཐུས། །གཏིང་ནས་ཐར་པའི་གྲོང་ཁྱེར་མ་གཏོགས་པའི། །འཇུག་བྱ་གཞན་ཡོད་ 3-1-367a མིན་འདིར་སེམས་བསྐྱེད་དོ། །དེ་ཡི་ཕྱིར་དུ་འགྲོ་བ་ཡི། །བཤུལ་ལམ་ཡངས་པར་བྱ་བའི་ཕྱིར། །འཕགས་པའི་བགྲོད་པ་ཁྱད་པར་ཅན། །གསལ་བར་འདི་ན་འཆད་དོ་ཀྭ། །གནས་བརྒྱད་པ་སྙོམས་འཇུག་བསྟན་པའི་དོན་ལ། དང་པོ་གནས་ཀྱི་ གཞུང་བཤད་པ་ལ། བསམ་གཏན་གཟུགས་མེད། ཏིང་ངེ་འཛིན་གྱི་དབྱེ་བ། སྙོམས་འཇུག་ལ་བརྟེན་པའི་ཡོན་ཏན་བཤད་པའོ། །དང་པོ་ལ། སོ་སོར་བཤད་པ་དང་། ཐུན་མོངས་དུ་གཏན་ལ་དབབ་པའོ། །དང་པོ་ལ། བསམ་གཏན་བཤད་པ། གཟུགས་མེད་བཤད་པ། གཉིས་ཀའི་མཇུག་བསྡུ་བའོ། །དང་པོ་ལ། དབྱེ་བ་དང་། སོ་སོའི་རང་བཞིན་ ནོ། །དང་པོ་ནི། བསམ་གཏན་དག་ནི་རྣམ་གཉིས་བཞི། །གནས་དྲུག་པར་ཤེས་པའི་རང་བཞིན་གྱི་ཡོན་ཏན་རྣམས་བཤད་ནས་རང་བཞིན་བསམ་གཏན་དང་སྙོམས་འཇུག་སོགས་བརྗོད་པར་བྱ་སྟེ། ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པས་གཙོ་བོ་ཡིན་པའི་ཕྱིར། ཡང་ན་ཤེས་པའི་སྐབས་ཀྱི་གཏི་མུག་མེད་པའི་རང་ བཞིན་རྒྱས་པར་བཤད་ནས། མ་ཆགས་པ་དང་ཞེ་སྡང་མེད་པའི་རང་བཞིན་བསམ་གཏན་གཟུགས་མེད་རྣམས་བཤད་པའོ། །བསམ་གཏན་དག་ནི་མདོར་བསྡུ་ན། རང་གི་ལུས་གཞལ་ཡས་ཁང་སོགས་འབྲས་བུའང་སྐྱེ་བའང་ཡིན་པས་འབྲས་བུ་སྐྱེ་བ་དང་། ཉེར་བསྡོགས་ དངོས་གཞི་ཐམས་ཅད་རྒྱུའང་ཡིན་སྙོམས་འཇུག་ཀྱང་ཡིན་པས། རྒྱུ་སྙོམས་འཇུག་གི་བྱེ་བྲག་ལས་རྣམ་པ་གཉིས་སོ། །དེའང་བསམ་གཏན་དང་པོ་ནས་བཞི་པའི་བར་བཞིའོ། །གཉིས་པ་ལ། འབྲས་བུ་སྐྱེ་བའི་བསམ་གཏན་འདིར་མི་འཆད་པའི་རྒྱུ་མཚན། རྒྱུ་སྙོམས་ འཇུག་གི་བསམ་གཏན་བཤད་པའོ། །དང་པོ་ནི། དེར་སྐྱེ་བ་དག་རབ་ཏུ་བཤད། །དེ་ལ་བསམ་གཏན་དུ་སྐྱེ་བ་རྣམས་ནི་མི་བརྗོད་དེ། འཇིག་རྟེན་བསྟན་པ་དེར་སྐྱེ་བའི་བསམ་གཏན་རབ་ཏུ་བཤད་པའི་ཕྱིར་ཏེ། ཇི་ལྟར་བཤད་ན། དེར་སོ་སོའི། བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། ། 3-1-367b ཅེས་བཤད་དོ། །གཉིས་པ་ལ། སྤྱིའི་ངོ་བོ་དང་། སོ་སོའི་ངོ་བོའོ། །དང་པོ་ལ། དངོས་དང་། འཁོར་བཅས་ལས། དང་པོ་ནི། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྒྱུ་སྙོམས་འཇུག་གི་བསམ་གཏན་ནི་བྱེ་བྲག་མེད་པར་དགེ་བའི་སེམས་རྩེ་གཅིག་པ་སྟེ། ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའི་ཕྱིར། དགེ་བ་སྨོས་པས་ ནི་ཉོན་མོངས་ཅན་དང་མ་སྒྲིབ་ལུང་མ་བསྟན་གྱི་སེམས་རྩེ་གཅིག་པ་གཅོད་པ་ཡིན་ནོ། །གཉིས་པ་ནི། རྗེས་འབྲང་བཅས་ན་ཕུང་པོ་ལྔ། །འཁོར་རྗེས་འབྲངས་དང་བཅས་ན་ཕུང་པོ་ལྔའི་རང་བཞིན་ཏེ། རིག་བྱེད་མ་ཡིན་པའི་གཟུགས་དང་བཅས་པའི་ཕྱིར། རྩེ་གཅིག་པ་ཞེས་པ་འདི་ཇི་ལྟ་བུ་ཞེ་ན། སེམས་ མཉམ་གཞག་གི་དམིགས་པའི་རྩེ་ལ་གཅིག་པ་ཉིད་ཀྱི་ཕྱིར་དེ་སྐད་དུ་བརྗོད་དེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱང་དམིགས་པ་གཅིག་ཉིད་ནའང་དེ་སྐད་མི་སྨོས་ཏེ། སེམས་གཙོ་བོ་ཡིན་པའི་ཕྱིར་རོ། །མདོ་སྡེ་པའི་ཁྱད་པར་འགའ་ཞིག་ན་རེ། དེ་ལྟར་ན་སེམས་ མ་ཡེངས་ཤིང་མཉམ་པར་བཞག་པའི་དམིགས་པ་གཅིག་པ་དག་ཁོ་ན་ཏིང་ངེ་འཛིན་ཡིན་ཏེ། གནས་སྐབས་ཀྱི་ཁྱད་པར་དུ་འགྱུར་བའི་ཕྱིར། སེམས་ཀྱི་ཡོན་ཏན་དང་ངོ་བོ་བཞིན་ནོ། །ཆོས་གཞན་སེམས་ལས་བྱུང་བ་ནི་དམིགས་པ་གཅིག་པ་མ་ཡིན་པར་འགྱུར་ཏེ། དམིགས་ པ་གཅིག་པ་ཉིད་དེ་ནི་སེམས་ལས་གཞན་ལ་མེད་དེ། སེམས་ཉིད་གཡེང་བར་འགྱུར་དུ་དོགས་ནས་དེ་ཉིད་དམིགས་པ་ལ་རྩེ་གཅིག་ཏུ་བྱེད་དགོས་པའི་ཕྱིར། ལུགས་འདིས་སེམས་བྱུང་སེམས་ལས་ལོག་པར་མི་འདོད་པའི་དབང་དུ་བྱས་སོ། །བྱེ་སྨྲ་ན་རེ། སེམས་རྣམས་ ཏིང་ངེ་འཛིན་མ་ཡིན་ཏེ། ཡིན་ན་སེམས་རྣམས་ནི་དམིགས་པ་གཅིག་ལ་འཇུག་པ་རང་ལས་ནུས་པ་ཡོད་པར་ཐལ་ཏེ། སེམས་ཁོ་ན་ཏིང་ངེ་འཛིན་ཡིན་པ་དེའི་ཕྱིར། འདོད་ན་རྣམ་གཡེང་མི་འབྱུང་བར་ཐལ་ཏེ། འདོད་པ་ཉིད་ཀྱི་ཕྱིར། དེས་ན་སེམས་རྣམས་ཁོ་ན་ཏིང་ 3-1-368a ངེ་འཛིན་མ་ཡིན་ཏེ། སེམས་རྣམས་ཀྱི་དམིགས་པ་རྩེ་གཅིག་པ་ཉིད་སེམས་ཀྱི་རང་བཞིན་ལས་བྱུང་བ་མིན་པའི་ཕྱིར། རྣམ་གཡེངས་བཞིན་ནོ། །འོ་ན་ཇི་ལྟར་ཞེ་ན། སེམས་བྱུང་ཏིང་ངེ་འཛིན་གང་གི་སེམས་དེ་དག་རྩེ་གཅིག་ཅིང་མཉམ་པར་ བཞག་པར་བྱེད་པའི་ཆོས་དེ་ཏིང་ངེ་འཛིན་ཡིན་ལ། དེ་ཉིད་རྩེ་གཅིག་པ་ཉིད་ཀྱང་ཡིན་ཏེ། དཔེར་ན་མུ་སྟེགས་བྱེ་བྲག་པའི་ལུགས་ཀྱི་དཀར་པོའི་ཡོན་ཏན་དང་ལྡན་པའི་ཕྱིར། རས་ཡུག་དཀར་པོ་ཡིན་ལ་ཡོན་ཏན་དེ་ཉིད་འདི་ལ་ཡོད་པས་དཀར་པོ་ཅན་ཞེས་བྱ་བ་དང་འདྲའོ་ ཞེས་ཟེར། མདོ་སྡེ་པའི་ཁྱད་པར་ཁ་ཅིག་ན་རེ། རྩེ་གཅིག་པར་བྱེད་པའི་སེམས་བྱུང་ཏིང་ངེ་འཛིན་གང་ཡིན་བརྟགས་པ་ནི་དོན་མེད་པར་ཤེས་དགོས་ཏེ། སེམས་ཐམས་ཅད་ཆོས་ཅན་རྩེ་གཅིག་པ་མ་ཡིན་ནམ་སྟེ་ཡིན་པར་ཐལ། སེམས་ནི་སྐད་ཅིག་མ་ཡིན་པས་རང་ཡུལ་གྱི་ དམིགས་པ་ལས་གཞན་ལ་འཕོ་ལོང་མེད་པའི་ཕྱིར་ཞེས་ཟེར་རོ། །བྱེ་སྨྲས། སྐད་ཅིག་དང་པོའི་སེམས་ལ་རྩེ་གཅིག་བྱེད་ཀྱི་ཏིང་ངེ་འཛིན་མི་དགོས་ཀྱང་། སྐད་ཅིག་གཉིས་པའི་སེམས་ཏིང་ངེ་འཛིན་དེའི་སྒོ་ནས་དམིགས་པ་ལས་རྣམ་པར་མི་གཡེང་བར་བྱེད་པས་བརྟགས་ པ་འདི་ནི་དོན་དང་བཅས་པའོ་ཟེར་རོ། །མདོ་སྡེ་པས། དེ་ལྟར་ན་ནི་སེམས་ཀྱི་སྐད་ཅིག་དང་པོའི་ཏིང་ངེ་འཛིན་དང་མཚུངས་ལྡན་དེ་ལ་ཏིང་ངེ་འཛིན་གྱི་དོན་མི་གནས་པར་ཐལ། སེམས་བྱུང་ཏིང་འཛིན་གྱིས་ཏིང་འཛིན་དེ་ལ་བྱ་བ་མི་བྱེད་ཀྱི་གཉིས་པ་ལ་བྱ་བ་བྱེད་པའི་ཕྱིར། ཡང་སེམས་བྱུང་ཏིང་འཛིན་སྐད་ཅིག་གཉིས་པས་དེ་གོང་གི་སྐད་ཅིག་དང་པོ་ལ་ཏིང་འཛིན་རྩེ་གཅིག་པའི་བྱ་བ་བྱེད་དོ་སྙམ་ནའང་མ་ཡིན་ཏེ། སྐད་ཅིག་དང་པོའི་ཏིང་ངེ་འཛིན་ནི་གཉིས་པའི་དུས་ན་འགག་པས་གཉིས་པའི་དུས་ན་དེའི་བྱ་བ་ཡོད་པ་མ་ཡིན་ལ། མ་འགགས་ན་སྐད་ཅིག་སྔ་མ་དང་དུས་མི་ 3-1-368b མཚུངས་པར་ཡང་འགྱུར་རོ། །ཡང་སེམས་རྩེ་གཅིག་པར་འཇོག་བྱེད་ལ་ཏིང་འཛིན་དོན་གཞན་མི་དགོས་པ་ནི། དྲན་པ་མ་ཉམས་པ་སོགས་ཀྱི་རྒྱུན་གང་ཁོ་ན་ལས་ཏིང་ངེ་འཛིན་སེམས་རྩེ་གཅིག་ཏུ་བྱེད་པར་ནུས་པ་དེ་ཁོ་ན་ལས་སེམས་སྔ་ཕྱི་རྣམས་ཀྱི་ཏིང་ངེ་འཛིན་ གྱི་དམིགས་པ་རྩེ་གཅིག་པ་ཉིད་དུ་ཅིའི་ཕྱིར་མི་འདོད་དེ། འདོད་རིགས་པར་རིགས་པས་གྲུབ་ལ། དྲན་པས་གོམས་པ་སོགས་ཀྱི་ཏིང་ངེ་འཛིན་རྩེ་གཅིག་ཏུ་བྱེད་མི་ནུས་ན་ནི་རྩེ་གཅིག་པར་འཇོག་བྱེད་ཀྱི་ཏིང་ངེ་འཛིན་དེས་ཀྱང་མི་ནུས་པར་མཚུངས་སོ། །གཞན་ཡང་ སེམས་ཐམས་ཅད་རྩེ་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཏིང་ངེ་འཛིན་ས་མང་པོ་པ་ཡིན་པའི་ཕྱིར། ཏིང་ངེ་འཛིན་ས་མང་པོ་པ་ནི། སེམས་སྔ་མ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་གྱི་མཐུས་ཕྱི་མའི་སེམས་སྔ་མའི་དམིགས་པ་ལ་མི་གཡེང་བ་ཡིན་ནོ། །བྱེ་སྨྲས། ཏིང་ངེ་འཛིན་ས་མང་པོ་པ་ཉིད་ཡིན་ཀྱང་སེམས་ཐམས་ཅད་རྩེ་གཅིག་པར་མི་ཐལ་ཏེ། ཏིང་ངེ་འཛིན་གྱི་ས་མང་པོ་པ་ཙམ་ནི་དགེ་བ་ཁོ་ནར་མ་ངེས་པ་དང་སྟོབས་ཆུང་བའི་ཕྱིར། དེས་ན་ཏིང་ངེ་འཛིན་ཐམས་ཅད་སྟོབས་མི་མཉམ་པས་ཏིང་ངེ་འཛིན་སྟོབས་ཆེ་བས་སེམས་ གཉིས་པ་སེམས་དང་པོའི་དམིགས་པ་ལས་མི་གཡེང་བར་བྱེད་ཀྱི། ཏིང་ངེ་འཛིན་སྟོབས་ཆུང་བས་དེ་ལྟར་མ་ཡིན་པས་ཤེས་པར་བྱའོ། །ཞེས་འདོད་དོ། །མདོ་སྡེ་པས། སེམས་རྩེ་གཅིག་པ་ཁོ་ན་ཏིང་ངེ་འཛིན་ཡིན་གྱི། སེམས་ལས་དོན་གཞན་དུ་གྱུར་པའི་ཏིང་ ངེ་འཛིན་ནི་མེད་དེ། ལམ་གྱི་ཚོགས་ཀྱི་བསླབ་པའི་སྒོའི་མདོ་ལས། ལྷག་པའི་སེམས་ཀྱི་བསླབ་པ་གང་ཞེ་ན། བསམ་གཏན་བཞིའོ་ཞེས་པ་དང་། སྟག་གི་བྱང་ཆུབ་ཀྱི་བུའི་མདོ་དང་། ཉན་ཐོས་ཀྱི་རྣམ་པར་བཤད་པ་ལས། སེམས་ཡོངས་སུ་དག་པའི་གཙོ་བོ་ནི་ 3-1-369a བསམ་གཏན་བཞི་ཡིན་ནོ་ཞེས་ཇི་ལྟར་ཚུལ་ཁྲིམས་དང་ཤེས་རབ་ཁོ་ན་ཡིན་པ་ལྟར་སེམས་དཔའང་སེམས་ཁོ་ནར་གསུངས་ལ། སེམས་ཡོངས་སུ་དག་པའང་སེམས་ལས་གཞན་མིན་ཏེ། བསམ་གཏན་བཞིའི་མཚན་ཉིད་ཀྱིས་ཏིང་ངེ་འཛིན་གྱི་ཕྱིར། ཅིས་བསམ་གཏན་ཞེ་ན། འདིས་སེམས་པར་བྱེད་པས་ན་བསམ་གཏན་ཏེ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རབ་ཏུ་ཤེས་པར་བྱེད་ཅེས་པའི་ཐ་ཚིག་གོ། སེམས་པར་བྱེད་ཅེས་པའི་སྐབས་སུ་ཤེས་པར་བྱེད་བྱ་བ་ཅིས་འབྲེལ་ སྙམ་ན། སྐད་ཀྱི་བྱིངས་འདི་ནི་སེམས་པའི་དོན་ཡིན་ལ། རྐྱེན་བྱིན་པས་སེམས་པར་བྱེད་པ་ཞེས་འོངས་ལ། དེས་ན་སེམས་པ་དང་ཤེས་རབ་གཅིག་པ་ཉིད་ཀྱི་ཕྱིར་སེམས་པ་ཡང་ཤེས་རབ་ཡིན་ནོ། །ཞེས་བྱ་བ་འདི་མདོ་སྡེ་པའི་གྲུབ་མཐའ། །བྱེ་སྨྲ་དང་སེམས་ཙམ་ པས་ནི་དེ་ཐ་དད་དུ་འདོད་དོ། །བསམ་གཏན་ཏིང་འཛིན་ཡིན་པ་དེ་ལྟར་ན་དགེ་བ་དང་། ཉོན་མོངས་ཅན་དང་། ལུང་མ་བསྟན་གྱི་ཏིང་ངེ་འཛིན་ཐམས་ཅད་བསམ་གཏན་དུ་ཐལ་བར་འགྱུར་ཏེ། ཏིང་ངེ་འཛིན་ས་མང་པོ་པ་ཡིན་པའི་ཕྱིར་ཞེ་ན། ཏིང་ངེ་ འཛིན་ཐམས་ཅད་བསམ་གཏན་དུ་འགྱུར་བ་མིན་ཏེ། ཕུལ་དུ་ཕྱིན་པ་དང་ལྡན་པའི་ཏིང་ངེ་འཛིན་ལ་བསམ་གཏན་དུ་མིང་བཏགས་པའི་ཕྱིར། ཕུལ་དུ་བྱུང་བའི་སྣང་ལྡན་དེ་ལ་ཉི་མ་ཞེས་བྱའི་སྲིན་བུ་མེ་ཁྱེར་ལ་མིན་པ་དང་འདྲའོ། །ཕུལ་བྱུང་གི་ཏིང་ངེ་འཛིན་ནི་ཡན་ལག་ དང་ལྡན་པ་ཡིན་ཏེ། ཞི་ལྷག་ཟུང་འབྲེལ་དུ་ངང་གིས་འབྱུང་བའི་ཕྱིར། རྟ་གཉའ་བསྒྲེལ་བས་ཤིང་རྟ་འདྲེན་པ་བཞིན་ནོ། །དེའི་ཕྱིར་མདོ་ལས། མཐོང་ཆོས་ལ་བདེ་བར་གནས་པ་དང་། ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་ལ་ལམ་སླ་བ་ཞེས་གསུངས་སོ། ། 3-1-369b ལམ་སླ་བ་དེས་ནི་ཤིན་ཏུའང་སེམས་པར་བྱེད་དོ། །གལ་ཏེ་དགེ་བའི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་བསམ་གཏན་ཡིན་ན། ཉོན་མོངས་ཅན་དང་ལྡན་པ་ཇི་ལྟར་བསམ་གཏན་ཡིན་ཅེ་ན། བསམ་གཏན་ཡིན་ཏེ། ལོག་པར་ངེས་པར་རྟོག་ཅིང་སེམས་པའི་ཕྱིར། འོ་ན་ འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཀྱང་བསམ་གཏན་དུ་ཧ་ཅང་ཐལ་བར་འགྱུར་ཏེ། ལོག་པར་ངེས་པར་སེམས་པའི་ཕྱིར་ཞེ་ན། ཐལ་བར་འགྱུར་བ་མིན་ཏེ། དེ་དང་མཐུན་པར་མཚར་གཅིག་མཚན་ཉིད་མང་པོ་མི་མཐུན་པ་མེད་པའི་ཉོན་མོངས་པ་ ཅན་ལ་བསམ་གཏན་ཅེས་མིང་དུ་བཏགས་པའི་ཕྱིར། དཔེར་ན་རྡོ་སོགས་ས་བོན་མིན་པས་དེའི་རིགས་དང་མཚན་ཉིད་མི་འདྲ་བས་ས་བོན་རུལ་པ་ཞེས་མི་བྱའི། ས་བོན་གྱི་རིགས་ཉམས་པ་ལ་ས་བོན་རུལ་པ་ཞེས་བརྗོད་པ་བཞིན་ནོ། །དེས་ན་འདོད་ཆགས་ཀྱི་ཀུན་ དཀྲིས་ཏིང་ངེ་འཛིན་དང་མཚན་ཉིད་མི་མཐུན་པ་དེ་ཏིང་ངེ་འཛིན་དུ་ག་ལ་འགྱུར། ཡང་ན་འདོད་ལན་འདེབས་པར་བྱེད་དེ། འདོད་པའི་འདོད་ཆགས་ཀྱི་ཀུན་དཀྲིས་བསམ་གཏན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་བསམ་གཏན་མི་དགེ་བ་དག་ཀྱང་གསུངས་ པའི་ཕྱིར་ཏེ། དེའི་དབང་དུ་མཛད་ནས་སེམས་པར་བྱེད་རབ་ཏུ་སེམས་པར་བྱེད་ཅེས་སོགས་རྒྱ་ཆེར་འབྱུང་ངོ་། །གཉིས་པ་སོ་སོའི་ངོ་བོ་ལ། བསམ་གཏན་དང་པོའི་ངོ་བོ་དང་། ལྷག་མ་གསུམ་གྱི་ངོ་བོ་ལས། དང་པོ་ནི། དཔྱོད་དང་དགའ་དང་བདེ་དང་ལྡན། །བསམ་གཏན་དང་པོའི་དགེ་བ་རྩེ་གཅིག་ པ་དཔྱོད་པ་དང་དགའ་བ་དང་བདེ་བ་དང་མཚུངས་ལྡན་ནོ། །དཔྱོད་པ་སྨོས་པས་རྟོག་པ་ཡང་ཡོད་པར་བཤད་དོ། །རྟོག་པ་དང་ལྷན་ཅིག་དཔྱོད་པའི་ཕྱིར། གང་དུ་བ་ཡོད་པ་དེར་མེ་ཡང་ཡོད་པ་བཞིན། ཡང་དུ་བ་ལ་མེས་ཁྱབ་པ་ཡིན་པ་ལ་དཔྱོད་པར་རྟོག་ 3-1-370a པས་མ་ཁྱབ་སྙམ་ན། དཔྱོད་པ་ཙམ་ལ་མ་ཁྱབ་ཀྱང་དཔྱོད་པ་ཁྱད་ཅན་ལ་ཁྱབ་པར་སྟོན་པ་ནི། དགའ་བདེ་དང་ལྡན་པའི་དཔྱོད་པ་ཅན་ཡིན་ན་རྟོག་པ་དང་ལྷན་ཅིག་དཔྱོད་པས་ཁྱབ་སྟེ། རྟོག་པ་མེད་ན་དགའ་བདེ་དང་ལྡན་པའི་དཔྱོད་པའང་མེད་པའི་ ཕྱིར། འོ་ན་ལྷན་ཅིག་དཔྱོད་པས་རྟོག་པས་དཔྱོད་པའང་། གོ་བས་རྟོག་དང་དགའ་བདེ་ལྡན། །ཅེས་ཅི་མི་སྨོས་སྙམ་ན། མི་སྨོས་ཏེ། ཡན་ལག་སྔ་སྔ་སྤངས་པ་ཡི། །ཞེས་བརྗོད་པས་ན། རྟོག་པ་སྤངས་པའི་བསམ་གཏན་ཁྱད་ཅན་ཡང་གཉིས་པའོ་སྙམ་པའི་དོགས་པ་ སྐྱེ་ཉེན་ཡོད་པའི་ཕྱིར། ཡང་ཁ་ཅིག་རྟོག་པ་བཟུང་ཡང་བསམ་གཏན་ཁྱད་པར་ཅན་གཉིས་པར་མི་ཐལ་ཏེ། རྟོག་པ་སྤངས་པའི་དགའ་བདེ་ཅན་གཉིས་པ་ཡིན་གྱི། དང་པོ་ཁྱད་ཅན་ལ་དགའ་བདེ་མེད་པས་རྟོག་པ་སྤངས་པ་ཙམ་གྱིས་གཉིས་པར་མི་འགྱུར་བའི་ཕྱིར་ཡང་ ཟེར། གཉིས་པ་ནི། ཡན་ལག་སྔ་སྔ་སྤངས་པ་ཡིན། །བསམ་གཏན་ལྷག་མ་གསུམ་ནི། ཡན་ལག་སྔ་མ་སྔ་མ་སྤངས་པ་ཡི་དགེ་བ་རྩེ་གཅིག་པ་ཞེས་སྦྱོར་ཏེ། བསམ་གཏན་གཉིས་པ་ནི་དཔྱོད་པ་སྤངས་ལ་དགའ་བདེ་དང་། མཚུངས་ལྡན་དང་། གསུམ་པ་ནི་དཔྱོད་པ་དང་དགའ་བ་སྤངས་ལ། བདེ་ བ་དང་མཚུངས་ལྡན་དང་། བཞི་པ་ནི་དཔྱོད་པ་དང་དགའ་བདེ་སྤངས་པའོ། །གཉིས་པ་གཟུགས་མེད་བཤད་པ་ལ། སྤྱིའི་ངོ་བོ། སོ་སོའི་ངོ་བོ། འཕྲོས་དོན་ནོ། །དང་པོ་ལ། འདྲ་བ་ཉེར་སྦྱར་དང་། མི་འདྲ་བའི་ཁྱད་པར་གཉིས་ལས། དང་པོ་ནི། དེ་བཞིན་གཟུགས་མེད། བསམ་གཏན་རྣམས་ ཇི་ལྟ་བ་དེ་བཞིན་དུ་གཟུགས་མེད་དེ་དག་ཀྱང་སྐྱེ་བ་དང་སྙོམས་འཇུག་གི་སྒོ་ནས་གཉིས་ཡིན་ལ། ནམ་མཁའ་ལ་སོགས་པ་བཞི་ཡང་ཡིན་ནོ། །དེ་དག་གི་སྐྱེ་བ་རྣམས། །གཟུགས་མེད་ཁམས་ན་གནས་མེད་དེ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་པར་བཤད་ཟིན་ཏོ། ། 3-1-370b གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ནི་དགེ་བ་རྩེ་གཅིག་པའི་ཏིང་ངེ་འཛིན་ཅེས་བྱ་བའི་ཚུལ་དེ་བཤད་ཟིན་ཏོ། །གཉིས་པ་ནི། ཕུང་པོ་བཞི། །འཁོར་རྗེས་འབྲངས་དང་བཅས་ན་ཕུང་པོ་བཞི་རྗེས་སུ་འབྲང་བའི་གཟུགས་བསམ་གཏན་ཟག་མེད་ཀྱི་སྡོམ་པ་མེད་པའི་ཕྱིར། གཉིས་པ་སོ་ སོའི་ངོ་བོ་ནི། འོག་མའི་ས་ལས་དབེན་ལས་སྐྱེས། །འོག་མའི་ས་བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅིའང་མེད་པའི་ས་ལས་དབེན་པ་རྣམ་པར་འབྱེད་པ་ལས་སྐྱེས་པ་ནི་རིམ་པ་བཞིན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ དང་། ཅིའང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ་དེ་ལྟར་གཟུགས་མེད་བཞིའོ། །དབེན་པ་ནི་བར་ཆད་མེད་ལམ་གང་གིས་འོག་མ་ལས་འབྱེད་པ་སྟེ། དེས་འོག་མ་ལ་རྒྱབ་ཀྱིས་ཕྱོགས་ནས་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར། ནམ་མཁའི་ཉེར་བསྡོགས་ནི་བསམ་གཏན་བཞི་ལ་དམིགས་པས་གཟུགས་ཀྱི་འདུ་ཤེས་བཤིག་པ་མ་ཡིན་ཅིང་མ་བྲལ་བའོ། །གསུམ་པ་ལ། འདུ་ཤེས་ཀྱི་ཁྱད་པར་དང་། སྒྲའི་བཤད་པའོ། །དང་པོ་ནི། ཉེར་བསྡོགས་གསུམ་དང་བཅས་པར་ནི། །གཟུགས་ཀྱི་འདུ་ཤེས་བཤིག་ཅེས་བྱ། །གཟུགས་མེད་དེ་དག་ཀྱང་ཉེར་བསྡོགས་གོང་མ་གསུམ་དང་བཅས་པ་ནི་གཟུགས་ཀྱི་འདུ་ ཤེས་བཤིག་ཅེས་མིང་མི་ཐོབ་སྟེ། རང་ས་ན་གཟུགས་མེད་ཅིང་འོག་སའི་ཟག་བཅས་ཀྱི་གཟུགས་ལ་མི་དམིགས་པའི་ཕྱིར། སྡེ་པ་གཞན་དགེ་འདུན་ཕལ་ཆེན་པའི་བྱེ་བྲག་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་དང་། ཐམས་ཅད་ཡོད་སྨྲའི་བྱེ་བྲག་གོས་དམར་བའི་སྡེ་པ་དང་། མང་བཀུར་བ་རྣམས་ན་རེ། རེ་ཞིག་གཟུགས་མེད་དག་ན་རྗེས་འབྲངས་ཕུང་པོ་བཞི་པ་ཅན་ཏེ། གཟུགས་མེད་པའི་ཕྱིར་ཞེས་པའི་རྟགས་ནི་བསྒྲུབ་བྱའོ་ཞེས་ཟེར་རོ་ཞེས་པ་ལ། བྱེ་སྨྲས། འོ་ན་དེར་ཇི་ལྟར་གཟུགས་མེད་པ་ཞེས་བརྗོད་མི་རིགས་པ་གཟུགས་ཅན་ནོ་ཞེས་བརྗོད་པར་ 3-1-371a ཐལ་བར་ཅིས་མི་འགྱུར་ཏེ། དེར་གཟུགས་ཡོད་པའི་ཕྱིར་ཞེས་དྲིས་པ་ལ། དེས་དེ་མ་ཁྱབ་སྟེ། གཟུགས་ཅུང་ཟད་ཅིག་ཡོད་པ་ལ་གཟུགས་མེད་པར་བརྗོད་པའི་ཕྱིར་ཏེ། ཅུང་ཟད་སེར་བ་ལ་སེར་པོར་བརྗོད་པ་བཞིན་ཅེས་ཟེར་རོ། །ཡང་གཟུགས་མེད་ དེར་གཟུགས་ཇི་ལྟ་བུ་ཡོད་དྲིས་པས། ལུས་ངག་གི་སྡོམ་པ་ཙམ་ཞིག་ཡོད་དོ་ཞེ་ན། དེར་ལུས་ངག་གི་སྡོམ་པ་ཡོད་པ་མིན་ཏེ། ལུས་ངག་མེད་པའི་ཕྱིར། ཁྱབ་སྟེ། གཟུགས་མེད་ན་སྤྱོད་པ་འབྱུང་བ་མེད་ན་འབྱུང་འགྱུར་ཡོད་དུ་མི་རུང་བའི་ཕྱིར། གལ་ཏེ་དཔེར་ན་ཟག་མེད་ ཀྱི་འབྱུང་བ་མེད་ཀྱང་ཟག་མེད་ཀྱི་སྡོམ་པ་འབྱུང་འགྱུར་གྱི་གཟུགས་ཡོད་པ་ལྟར་གཟུགས་མེད་རང་ས་ན་འབྱུང་བ་མེད་ཀྱང་གཟུགས་ཀྱི་འབྱུང་བ་རྒྱུར་བྱས་ནས་བསམ་གཏན་གྱི་སྡོམ་པ་ཡོད་དོ་ཞེ་ན། ཟག་མེད་ཀྱི་སྡོམ་པ་དང་དེ་མི་མཚུངས་ཏེ། ཟག་མེད་ལ་འབྱུང་བ་མེད་ཀྱང་ ཟག་མེད་ཀྱི་སྡོམ་པ་ནི་གང་དུ་སྐྱེས་པ་དེ་ན་ཡོད་པའི་ཟག་བཅས་ཀྱི་འབྱུང་བ་རྒྱུར་བྱས་ནས་སྐྱེ་བའི་ཕྱིར་ཏེ། ཟག་མེད་ནི་ས་དེར་གློ་བུར་དུ་འོངས་པ་ཡིན་ཙ་ན་ཟག་བཅས་ཀྱི་འབྱུང་བ་རྟེན་དུ་ཡོད་པ་མི་འགལ་བའི་ཕྱིར། བསམ་གཏན་གྱི་སྡོམ་པ་ནི་དེ་ལྟར་མི་རུང་སྟེ། ཟག་བཅས་ ཀྱི་འབྱུང་བ་ལས་གྱུར་པ་འབྱུང་བ་རྟེན་དུ་ཡོད་པ་དེ་ནི་ལྟ་བས་རིས་སུ་བཅད་ཅིང་། སྲེད་པས་བདག་གིར་བྱས་ཙམ་ན་འབྱུང་བ་ལས་གྱུར་བ་ཁམས་དེ་པ་ཡིན་ཙམ་ན་རྟེན་འབྱུང་བ་རང་ཡང་ཁམས་དེ་ཡིན་དགོས་ཀྱི། རྟེན་ཁམས་གཞན་ལ་བརྟེན་པ་ཁམས་གཞན་མི་རིགས་པའི་ ཕྱིར། འབྲས་བུ་སྐྱེ་བའི་གཟུགས་མེད་ལ་བཀག་པས་དེའི་རྒྱུ་སྙོམས་འཇུག་ལའང་གཟུགས་དེ་དག་དགག་པར་བཤད་པ་འདི་ལ་འབད་པ་གཞན་མི་བྱའོ། །འོན་ཀྱང་དེར་ལུས་དང་དབང་པོ་གཟུགས་ཅན་རྣམས་ཀྱང་ཡོད་དོ་ཞེ་ན། ཇི་ལྟར་ན་དེར་གཟུགས་ཅུང་ཟད་ཡོད་པར་ 3-1-371b འདོད་དེ། འདོད་མི་རིགས་པར་ཐལ། གཟུགས་མཐའ་དག་ཡོད་པའི་ཕྱིར། མ་ཁྱབ་སྟེ། རྡུལ་ཕྲ་རབ་ཙམ་གྱི་གཟུགས་ཡོངས་རྫོགས་ཡོད་ཀྱང་བོང་ཚོད་ཆུང་བའི་ཕྱིར་ཞེ་ན། འོ་ན་ཆུའི་ནང་དུ་སྐྱེ་བོ་གཟུགས་བལྟར་མི་སྣང་ཡང་གཟུགས་མེད་དུ་ཐལ་བར་འགྱུར་ཏེ། ཤིན་ཏུ་ཕྲ་ ཡང་ལུས་ཡོངས་སུ་རྫོགས་པའི་ཕྱིར། ཡང་མ་ཁྱབ་སྟེ། འདི་ནི་དང་བའི་ཕྱིར་གཟུགས་མེད་པའོ་ཞེ་ན། སྲིད་པ་བར་མ་དང་གཟུགས་ན་སྤྱོད་པ་རྣམས་ཀྱང་གཟུགས་མེད་པར་ཐལ། འདི་དག་དྭངས་པས་རྡོ་རྗེའི་རི་ལའང་ཐོགས་མེད་དུ་འགྲོ་བའི་ཕྱིར། ཡང་གང་ལས་ཆེས་དང་བ་ མེད་པ་དེ་ནི་གཟུགས་མེད་པ་ཡིན་ཅེ་ན་ནི། སྲིད་རྩེ་བ་ཁོ་ན་གཟུགས་མེད་དུ་འགྱུར་ཏེ། སྙོམས་འཇུག་འོག་མ་ལས་ཁྱད་པར་འཕགས་པ་བཞིན་སྙོམས་འཇུག་གི་སྟོབས་ཀྱིས་ལུས་ཀྱང་ཁྱད་པར་དུ་འཕགས་ན་སྐྱེ་བ་ཆེས་མཆོག་ཏུ་དང་བའི་ཁྱད་པར་ནི་དེར་མུ་ཐུག་པའི་ ཕྱིར། གལ་ཏེ་གཟུགས་མེད་པའི་གཟུགས་ནི་ས་འོག་མའི་དབང་པོས་མི་འཛིན་པས་གཟུགས་མེད་པ་ཞེས་བྱ་སྟེ། གཟུགས་མེད་དུ་སྐྱེས་པའི་གཟུགས་དེ་ཤིན་ཏུ་ཕྲ་བའི་ཕྱིར་སྙམ་ན། དེ་ལྟར་ན་བསམ་གཏན་བཞིར་སྐྱེས་པའི་གཟུགས་ཀྱང་གཟུགས་མེད་པ་དང་ཁྱད་མེད་དུ་ ཐལ། གོང་མ་གོང་མའི་གཟུགས་འོག་མ་འོག་མའི་དབང་པོས་མི་ཟིན་པའི་ཕྱིར། དེ་ལ་ཁོ་ན་རེ། དང་བའི་ཚུལ་དང་འོག་མའི་དབང་པོས་གོང་མ་མི་འཛིན་པར་འདྲ་ཡང་གོང་མ་བཞི་གཟུགས་མེད་དུ་གཏོགས་ཀྱི། གཟུགས་ཁམས་པ་མ་ཡིན་པས་གཟུགས་མེད་པར་ འཇོག་གོ། ཞེས་དང་། འོ་ན་ཅི་གཟུགས་མེད་ན་གཟུགས་ཡོད་ན་གཟུགས་མེད་ཅིའི་ཕྱིར་བརྗོད་སྙམ་ན། འདོད་གཟུགས་གཉིས་འདོད་ཡོན་དང་གཟུགས་ཀྱིས་ཕྱེ་བས་དེ་གཉིས་ཀྱི་མིང་དོན་མཐུན་ཡིན་ལ། གཟུགས་མེད་ཁམས་ཞེས་པའི་མིང་དོན་དང་མི་མཐུན་ཏེ། 3-1-372a འདོད་རྒྱལ་བའི་སྒྲ་ཡིན་པའི་ཕྱིར་ཞེ་ན། སྔ་མ་གཉིས་མིང་དོན་མཐུན་ལ་ཕྱི་མ་ལ་མི་མཐུན་པའི་རིགས་པ་ཅི་ཞིག་ཡོད་དེ་ཚད་མ་མེད་དོ། །ད་ནི་གཟུགས་མེད་ན་གཟུགས་ཡོད་པར་ལུང་གིས་སྒྲུབ་པར་འདོད་དེ། ཚེ་དང་ལྡན་པ་གསུས་པོ་ཆེ་ཚེ་གང་ ཡིན་པ་དང་དྲོད་གང་ཡིན་པའི་ཆོས་འདི་དག་ནི་འདྲེས་པ་སྟེ། མ་འདྲེས་པ་མ་ཡིན་ནོ་ཞེས་ཚེ་དང་དྲོད་གཉིས་འདྲེས་པར་གསུངས་ཤིང་གཟུགས་མེད་ནའང་ཚེ་ཡོད་ལ། དེ་ཡོད་ན་དྲོད་ཡོད་པས་དྲོད་གཟུགས་ཅན་ནོ་སྙམ་པའོ། །ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་དཔེར་ན་འདམ་ བུའི་གཤོག་གཉིས་གནམ་དུ་བསྒྲེངས་ཏེ་ཕན་ཚུན་བསྟེན་ཅིང་འདུག་པ་དེ་ལ་འགའ་ཞིག་གིས་གཅིག་བོར་ན་གཅིག་ཤོས་འགྱེལ་བར་འགྱུར་ལ། གཅིག་ཤོས་བོར་ན་གཅིག་ཤོས་འགྱེལ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་མིང་དང་གཟུགས་དག་ཀྱང་ཕན་ ཚུན་བརྟེན་ཅིང་གནས་སོ་ཞེས་བྱ་བ་དང་། ཡང་རྟེན་ཅིང་འབྲེལ་འབྱུང་གི་མདོ་ལས་ཀྱང་། ཉིང་མཚམས་སྦྱོར་བའི་མཚན་ཉིད་ཀྱི་སྐབས་སུ་རྣམ་པར་ཤེས་པའི་རྐྱེན་གྱི་མིང་དང་གཟུགས་ཞེས་མིང་གཟུགས་ཕན་ཚུན་བརྟེན་པ་དང་། རྣམ་ཤེས་ཀྱིས་མིང་གཟུགས་བསྐྱེད་ པར་གསུངས་ཤིང་གཟུགས་མེད་ནའང་མིང་དང་རྣམ་ཤེས་ཡོད་པའི་ཕྱིར། རྣམ་ཤེས་གནས་པ་བཞི་སྟོན་པའི་མདོ་ལས། དགེ་སློང་དག་རྣམ་པར་ཤེས་པ་གཟུགས་སུ་ཉེ་བར་འགྲོ་བ། གཟུགས་ལ་དམིགས་པ། གཟུགས་ལ་བརྟེན་པ་གནས་སོ། །དགེ་སློང་དག་གང་ ལ་ལ་ཞིག་འདི་སྐད་དུ་བདག་ནི་གཟུགས་དང་ཚོར་བ་ནས་འདུ་བྱེད་ཀྱི་བར་དག་ལས་གཞན་དུ་རྣམ་པར་ཤེས་པ་འགྲོའམ་འོང་བར་སྨྲའོ་ཞེས་ཟེར་ན་དེའི་ངག་དེ་ནི་དེའི་ཚིག་ཙམ་དུ་ཟད་དོ། །ཞེས་གསུངས་པས། ཕུང་པོ་བཞི་ལས་རྣམ་ཤེས་གཞན་དུ་འགྲོ་བ་བཀག་པའི་ 3-1-372b ཕྱིར། གཟུགས་མེད་དག་ན་གཟུགས་ཡོད་པ་ཉིད་དུ་བཤད་པ་གྲུབ་བོ་ཞེ་ན། ལུང་དེ་སྒྲུབ་བྱེད་དུ་རུང་བ་མ་ཡིན་ཏེ། དགོངས་ཏེ་གསུངས་པའམ་སྒྲ་ཇི་བཞིན་པ་ཡིན་ཅེས་དཔྱད་བྱ་ཡིན་པའི་ཕྱིར་རོ། །དེའང་རེ་ཞིག་ཚེ་དྲོད་འདྲེས་པར་གསུངས་པ་དེ་ངེད་ཟེར་བ་ལྟར་འདོད་ གཟུགས་ན་སྤྱོད་པའི་ཚེ་ལ་དགོངས་པའམ། ཁྱེད་ཟེར་བ་ལྟར་ཁམས་ཐམས་ཅད་ལ་དགོངས་ཞེས་བྱ་བའང་དཔྱད་པར་བྱ་དགོས་ལ། གཟུ་བོར་བརྗོད་ན་ལུང་གི་དགོངས་པ་ནི་འདི་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཚེ་ཁོ་ན་ལ་དགོངས་ཏེ་གསུངས་པའི་ཕྱིར། ཚེ་དང་དྲོད་དང་རྣམ་ ཤེས་ཀྱི། །གང་ཚེ་ལུས་འདི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་ཉལ་བ་ནི། །ཇི་ལྟར་ཤིང་ལ་སེམས་མེད་བཞིན། །ཅེས་འབྱུང་ངོ་། །གཟུགས་མེད་ཁམས་ན་ལུས་ཀྱང་མེད་ན་ལུས་འཇིག་པ་ལྟ་ག་ལ་ཡོད། གཟུགས་ཁམས་ན་ལུས་ཡོད་མོད་ཀྱི་ལུས་འཇིག་པར་མངོན་པ་ ནི་མེད་དོ། །མིང་གཟུགས་ཕན་ཚུན་བརྟེན་པར་གསུངས་པ་ངེད་ཟེར་བ་བཞིན་འདོད་གཟུགས་ལ་སྤྱོད་པ་ལ་དགོངས་ཏེ་གསུངས་པའམ། ཁྱེད་ཟེར་བ་བཞིན་ཁམས་ཐམས་ཅད་ལ་དགོངས་ཞེས་བྱ་བ་དཔྱད་པར་བྱ་ལ། ལུང་དེའི་དོན་ནི། འདོད་གཟུགས་ལ་སྤྱོད་པ་ཁོ་ ན་ལ་དགོངས་ནས་གསུངས་པ་ཡིན་ཏེ། གཉིས་ཀ་ཡོད་ན་ཕན་ཚུན་བརྟེན་པ་སྲིད་པའི་དབང་དུ་བྱས་པའི་ཕྱིར། གང་ཡང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་པ་འདི་ཅི། ཁྱེད་ཟེར་བ་ལྟར་ཁམས་གསུམ་གར་རྣམ་ཤེས་ཐམས་ཅད་མིང་གཟུགས་ ཀྱི་རྐྱེན་དུ་གསུངས་ཟེར་བ་ལྟར་རམ། འོན་ཏེ་ང་ཟེར་བ་ལྟར་འདོད་གཟུགས་ཀྱི་མིང་གཟུགས་རྣམ་ཤེས་ཀྱི་རྐྱེན་ཅན་ཡིན་ལ། གཟུགས་མེད་ཀྱི་རྣམ་ཤེས་ནི་མིང་ཁོ་ནའི་རྐྱེན་ཅན་ཡིན་པའི་ཕྱིར། མིང་གཟུགས་ཐམས་ཅད་རྣམ་ཤེས་ཀྱི་རྐྱེན་ཅན་དུ་གསུངས་ཀྱི། རྣམ་ཤེས་ཐམས་ 3-1-373a ཅད་མིང་གཟུགས་ཀྱི་རྐྱེན་དུ་སྟོན་པ་མ་ཡིན་པས་དཔྱད་དགོས་སོ། །ཡང་གཟུགས་སོགས་ལས་གཞན་དུ་རྣམ་ཤེས་འོང་བ་དང་འགྲོ་བ་དགག་པར་གསུངས་པ་འདི་ང་ཟེར་བ་བཞིན་གཟུགས་ཚོར་འདུ་ཤེས་འདུ་བྱེད་དེ་དག་ཐམས་ཅད་མེད་ན་འཇིག་ རྟེན་སྔ་མ་ནས་སྲིད་པ་བར་མའི་རྒྱུན་གྱི་རྣམ་ཤེས་འོང་བ་དང་། སྲིད་པ་བར་མའི་རྒྱུན་གྱིའང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་བཀག་གམ། འོན་ཏེ་ཁྱོད་ཟེར་བ་བཞིན་གཟུགས་སོགས་ཀྱི་ནང་ནས་གང་རུང་འགའ་ཞིག་ཀྱང་མེད་ན་རྣམ་ཤེས་འགྲོ་འོང་བཀག་པ་ ཡིན་ཅེས་དཔྱད་པར་བྱ་དགོས་ལ། དེ་ལྟར་ན་ཁོ་བོ་ཅག་ནི་དེ་ཐམས་ཅད་མེད་ན་རྣམ་ཤེས་ཀྱི་འགྲོ་འོང་བཀག་པ་ཡིན་ལ། གང་ཡང་རུང་བ་རེ་མེད་པས་རྣམ་ཤེས་ཀྱི་འགྲོ་འོང་མི་ཁེགས་ཏེ། གསུམ་ཡོད་ན་རྣམ་ཤེས་ཀྱི་འགྲོ་འོང་གྲུབ་ཟིན་པའི་ཕྱིར། ཡང་ལུང་དེ་དག་ལ་ བྱེ་བྲག་མི་ཕྱེ་བར་གསུངས་པའི་ཕྱིར། གཟུགས་མེད་པའི་སྐྱེ་བོ་ལ་གཟུགས་ཡོད་པ་ལ་དཔྱད་པར་མི་བྱའོ་ཞེ་ན། འོ་ན་ཧ་ཅང་ཐལ་བར་འགྱུར་ཏེ། ཇི་ལྟར་ཐལ་སྙམ་ན། འོ་ན་ཕྱི་ཡི་མེ་ཡི་དྲོ་བའང་ཇི་ལྟར་ཡོད་པར་འགྱུར་ཏེ་མེད་པར་ཐལ། བུད་ཤིང་གི་མེའི་དྲོ་བ་ལ་ཡང་ཚེ་ མེད་པའི་ཕྱིར། ཁྱབ་སྟེ། ཚེ་མེད་ན་དྲོད་མེད་པས་ཁྱབ་པ་བྱེ་བྲག་མ་མཛད་པའི་ཕྱིར་ཏེ། ཇི་སྐད་དུ། གསུས་པོ་ཆེ་ཚེ་གང་ཡིན་པ་དང་ནང་གི་དྲོད་གང་ཡིན་པ་འདྲེས་པ་ཞེས་མ་གསུངས་པའི་ཕྱིར་རོ། །ཤིང་དང་རྩིག་པ་སོགས་ཀྱང་རྣམ་ཤེས་དང་མིང་ལ་བརྟེན་པར་འགྱུར་ཏེ། མིང་དང་སེམས་ཅན་དུ་བགྲངས་པའི་གཟུགས་ཕན་ཚུན་བརྟེན་ནས་གནས་ཞེས་མ་གསུངས་པར་མིང་དང་གཟུགས་ཕན་ཚུན་བརྟེན་ནས་གནས་ཞེས་ཁྱད་པར་མེད་པར་འབྱུང་བའི་ཕྱིར། ཡང་ཁྱོད་རྣམ་ཤེས་གནས་པ་བཞི་ཁྱད་མེད་དུ་གསུངས་པ་ལྟར་གཟུགས་མེད་ཁམས་ན་ 3-1-373b གཟུགས་ཡོད་པར་འདོད་པ་དེ་ལྟར་ན་གཟུགས་དང་གཟུགས་མེད་པའི་ཁམས་ནའང་ཁམ་ཟས་ཡོད་པར་ཐལ་བར་འགྱུར་ཏེ། འདོད་སྤྱོད་བྱེ་བྲག་ཏུ་མ་མཛད་པར་སེམས་ཅན་རྣམས་གནས་པའི་ཕྱིར་ཟས་བཞི་ཁྱད་པར་རམ་བྱེ་བྲག་མེད་པར་གསུངས་པའི་ཕྱིར་ཏེ། མདོ་ལས། ཟས་བཞི་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང་། སྲིད་པ་འཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ནོ། །བཞི་གང་ཞེ་ན། ཁམ་གྱི་ཟས་རགས་པ་དང་། ཕྲ་བ་དང་། གཉིས་པ་རེག་པའི་ཟས། གསུམ་པ་ཡིད་ལ་སེམས་པའི་ཟས་དང་། བཞི་པ་རྣམ་པར་ ཤེས་པའི་ཟས་སོ་ཞེས་འབྱུང་ངོ་། །སྡེ་པ་གཞན་དག་ལུང་དེ་ལ་སྤྱིར་བཏང་དམིགས་བསལ་བྱེད་དེ། འཆར་བྱེད་ལ་སོགས་པའི་མདོ་ལས། ལུས་ཞིག་ནས་ཁམ་དུ་བྱེད་པའི་ཟས་ཟ་བའི་ལྷ་རྣམས་ལས་འདས་ཏེ། ལྷ་ཡིད་ཀྱི་ལུས་ཅན་འགའ་ཞིག་ཏུ་སྐྱེའོ། །ཞེས་དང་། ཡང་འཇིག་རྟེན་པའི་དུས་གང་ཡིན་པ་དེ་ཡོད་དེ། འཇིག་རྟེན་འཇིག་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་བའི་ལྷ་རིགས་སུ་སྐྱེ་བར་འགྱུར་ཞིང་། དེ་དག་གཟུགས་བཟང་པོ་ཡིད་ལས་བྱུང་བ་དང་། དབང་པོ་མ་ཚང་བ་མེད་ཅིང་ངན་པ་མ་ཡིན་པ། ཡན་ལག་དང་ཉིང་ལག་ ཐམས་ཅད་དང་ལྡན་པ། ཁ་དོག་བཟང་པོ་བརྟན་པ། རང་གི་འོད་ཀྱིས་ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་ཅན་ཚེ་རིང་བ་དུས་རིང་པོར་གནས་པར་འགྱུར་ཞེས་གསུངས་པའི་ཕྱིར། དེར་ཁམ་ཟས་ཡོད་པར་ཐལ་བར་མི་འགྱུར་ཞེ་ན། འོ་ན་གཟུགས་ མེད་པ་ནའང་གཟུགས་ཡོད་པར་ཐལ་བར་མི་འགྱུར་ཏེ། དམིགས་ཀྱིས་བསལ་བའི་ཕྱིར། ཇི་ལྟར་གསལ་ན། མདོ་ལས། གཟུགས་མེད་པ་རྣམས་ནི་གཟུགས་ལས་ངེས་པར་འབྱུང་བ་ཡིན་ནོ། །ཞེས་དང་། གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གང་དག་གཟུགས་ 3-1-374a རྣམས་ལས་འདས་ནས་ཞེས་བྱ་བ་དང་། གཟུགས་ཅན་མ་ཡིན་པའི་སེམས་ཅན་དག་ཡོད་དོ་ཞེས་བྱ་བ་དང་། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ནས་ཞེས་གསུངས་པའི་ཕྱིར། གཟུགས་མེད་ཀྱི་སྙོམས་འཇུག་ དང་སྐྱེ་བ་དག་ལ་གཟུགས་ཞིག་ཡོད་ན་རང་གི་གཟུགས་ངེས་པར་འདུ་ཤེས་བྱེད་པར་འགྱུར་བས་གཟུགས་ཀྱི་འདུ་ཤེས་ལས་འདས་ཞེས་མི་སྨོས་པར་འགྱུར་བ་ལས་སྨོས་པ་ཉིད་ཀྱི་གཟུགས་མེད་དོ། །ཡང་གཟུགས་མེད་པའི་རྣམ་པར་ཐར་པ་གང་དག་ཅེས་པས་ས་འོག་མའི་ གཟུགས་རགས་པ་ལ་དགོངས་ཏེ་གསུང་པའོ་ཞེ་ན། འོ་ན་དེར་ཁམ་གྱི་ཟས་རགས་པ་ལ་དགོངས་ཏེ་གསུངས་ཞེས་མཚུངས་སོ། །ཡང་ས་འོག་མའི་གཟུགས་རགས་པ་ལས་ངེས་པར་འབྱུང་བས་གཟུགས་མེད་དུ་བརྗོད་ཅེ་ན། འོ་ན་བསམ་གཏན་དང་པོ་ནས་བཞི་པའི་བར་རྣམས་ ཀྱང་གཟུགས་མེད་པར་ཐལ་བར་འགྱུར་ཏེ། འོག་མའི་གཟུགས་ལས་ངེས་པར་འབྱུང་བའི་ཕྱིར། རང་སའི་གཟུགས་ཡོད་ཀྱང་འོག་མའི་གཟུགས་མེད་པས་གཟུགས་མེད་པར་བརྗོད་པའི་ཕྱིར་ན། ས་འོག་མའི་ཚོར་སོགས་ལས་ངེས་པར་འབྱུང་བས། ཚོར་སོགས་ལས་ངེས་ པར་འབྱུང་བའང་ཅིའི་ཆེད་དུ་མ་བཤད་དེ། བཤད་རིགས་པར་ཐལ་བར་འགྱུར་རོ། །དེས་ན་གཟུགས་མེད་པ་ནི། ཕྱི་ནང་གི་ཕྲ་རགས་ཀྱི་གཟུགས་ཀྱི་རྣམ་པ་ཟད་པར་ལས་འདས་ལ། ཚོར་སོགས་ལས་ནི་མ་ཡིན་པར་བཏང་སྙོམས་ཡོད་པས། གཟུགས་རྣམས་ལས་ངེས་ པར་འབྱུང་བ་ཞེས་གསུངས་ཀྱི། ཚོར་སོགས་ལས་ངེས་པར་འབྱུང་བ་ཞེས་མ་གསུངས་སོ། །འོ་ན་གཟུགས་མེད་པ་རྣམས་གཟུགས་ལ་ངེས་པར་འབྱུང་ན། མདོ་ལས། སྲིད་པས་སྲིད་པར་འབྱུང་བར་མི་སྨྲའོ་ཞེས་གསུངས་པ་དང་མི་འགལ་ལམ་སྙམ་ན། དེ་སྐད་གསུངས་པ་ 3-1-374b ནི་སྲིད་པ་དེ་ཉིད་ཀྱི་སྲིད་པ་དེ་ལས་ངེས་པར་མི་འབྱུང་བའི་ཕྱིར་དང་། གོང་མ་ཐམས་ཅད་ལས་ངེས་པར་འབྱུང་བ་མ་ཡིན་པ་དང་། འདོད་གཟུགས་ལ་གཏན་ངེས་པར་འབྱུང་བ་མ་ཡིན་པས་ཕྱིར་འོང་བའི་ཕྱིར། གཟུགས་ཀྱི་སྲིད་པ་ལས་རེས་འགའ་ངེས་པར་འབྱུང་བ་ཙམ་གྱི་གཟུགས་ ཀྱི་སྲིད་པ་ལས་གཏན་ངེས་པར་འབྱུང་མི་ནུས་སོ། །གཉིས་པ་ལ། གཟུགས་མེད་ཁམས་ཀྱི་སྒྲ་བཤད་དང་། བཞི་པོ་སོ་སོའི་སྒྲ་བཤད་དོ། །དང་པོ་ལ། དངོས་དང་། དོགས་གཅོད་ལས། དང་པོ་ནི། གཟུགས་མེད་པ་ན་གཟུགས་མེད་དོ། །ཐུབ་པས་བསམ་གཏན་དག་ལ་ནི་གཟུགས་ཀྱི་རྣམ་པ་ཡོད་པའང་རུང་། རྣམ་པར་ཤེས་པའི་རྣམ་པའི་བར་ཡོད་པའང་རུང་ཞེས་གསུངས་ལ། གཟུགས་མེད་དག་ལ་ནི་ཚོར་བའི་རྣམ་པའང་ཡོད་རུང་། རྣམ་པར་ཤེས་པའི་བར་ཡོད་རུང་། ཞེས་གསུངས་པས། གཟུགས་མེད་ན་གཟུགས་ཡོད་ན་ཅིའི་ཕྱིར་གཟུགས་ཀྱི་རྣམ་པ་ཡོད་པའང་རུང་གསུང་དགོས་པ་ ལས་མ་གསུངས་པའི་ཕྱིར། དེས་ན་གཟུགས་མེད་པ་ན་གཟུགས་མེད་དོ། །གཉིས་པ་ནི། གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །གཟུགས་མེད་དེ་ནས་འཆི་འཕོ་བ་རྣམས་གཟུགས་སྐལ་པ་མི་ཉུང་བ་ཞིག་ཏུ་གཟུགས་རྒྱུན་ཆད་པ་ལས་ཡང་ཀྱང་སྐྱེ་བར་འགྱུར་རམ་ཞེ་ན། དེའི་ཚེ་གཟུགས་ནི་ལྷན་ཅིག་བྱེད་པའི་རྐྱེན་ལས་ ཀྱིས་འཕངས་པའི་སེམས་ལས་སྐྱེ་བར་འགྱུར་ལ། ཉེ་བར་ལེན་པའི་རྒྱུ་ནི་འདོད་གཟུགས་ན་ཡོད་པའི་འབྱུང་བཞི་ཉིད་དོ། །མདོ་སྡེ་པས་ནི། གཟུགས་ནི་རྣམ་སྨིན་གྱི་རྒྱུ་སེམས་པས་གཟུགས་བསྐྱེད་པའི་ནུས་པ་བཞག་ཅིང་ཡོངས་སུ་བསྒོ་བའི་སེམས་རྒྱུད་ལ་འཇུག་པ་རྙེད་པ་ལས་ ནི་སྐྱེ་བར་འགྱུར་གྱི། གཟུགས་ཁོ་ན་ལས་མིན་ཏེ། ལུས་སེམས་ཕན་ཚུན་ས་བོན་ཅན་ལས་གྲུབ་པར་བཤད་ལ། བྱེ་སྨྲས་ནི། འཆི་ཀར་གཟུགས་དང་མཐུན་པའི་སེམས་རྒྱུན་གནས་ལ། དེ་ཉིད་དེའི་འཆི་ལྟས་ཡིན་ལ། དེ་དང་དུས་མཚུངས་སྔར་འགགས་པའི་རྣམ་སྨིན་གྱི་ 3-1-375a གཟུགས་འདས་པ་ལས་སླར་གཟུགས་སྐྱེ་སྟེ། སྐལ་མཉམ་གྱི་རྒྱུ་ནི་འདས་ད་ལྟར་འབྱུང་བ་ཁས་ལེན་པའི་ཕྱིར། སེམས་ཙམ་པས་ཀུན་གཞི་ལས་སྐྱེ་བར་འདོད་ཀྱང་ལེགས་པ་མིན་ཏེ། དང་པོ་ནི་ཚུ་རོལ་མཛེས་པ་བའི་ལུགས་ཡིན་ལ། གཉིས་པ་ནི་ད་ལྟར་བའི་ གཟུགས་ཡོད་བཞིན་དུ་འདས་པ་ལ་བལྟོས་མི་དགོས་པའི་ཕྱིར་དང་། གསུམ་པ་ནི་གཟུགས་རྫས་སུ་མེད་པར་འདོད་བཞིན་དེའི་རྒྱུ་ལ་འབད་པ་དོན་མེད་དོ་ཞེས་འཇམ་སྒེག་ཟེར་རོ། །ཡང་ཇི་ལྟར་སེམས་གཟུགས་ལ་མ་བརྟེན་པར་གནས་ཞེ་ན། གནས་པར་མི་འགྱུར་ཏེ། མཐོང་བའི་ ཡུལ་འདི་ན་གཟུགས་ལ་མ་བརྟེན་པར་སེམས་གནས་པ་དེ་ལྟ་བུ་མ་མཐོང་བའི་ཕྱིར། འོ་ན་ཁམ་གྱི་ཟས་མེད་པའང་གཟུགས་ཀྱི་ཁམས་གནས་པར་མི་འགྱུར་ཏེ། འདི་ནི་མཐོང་བའི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར། དེར་ནི་རིགས་དང་སྲོག་ལ་ཡང་། །སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན། ། ཅེས་གནས་པ་ནི་སྔར་བཤད་ཟིན་ཏོ། །གཉིས་པ་སོ་སོའི་སྒྲ་བཤད་ལ། དང་པོ་གསུམ་གྱི་སྒྲ་དོན་དང་། ཐ་མའི་སྒྲ་དོན་ནོ། །དང་པོ་ནི། རྣམ་ཤེས་མཐའ་ཡས་མཁའ་མཐའ་ཡས། །ཅི་ཡང་མེད་ཅེས་བྱ་དེ་ལྟར། །སྦྱོར་ཕྱིར། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་སོགས་ནམ་མཁའ་ཁོ་ན་ལ་དམིགས་པས་དེ་སྐད་བརྗོད་དམ། སྦྱོར་བས་དེ་སྐད་བཏགས་ཞེ་ན། སྦྱོར་བའི་ཚེ་ན་ཡིན་ཏེ། ནམ་མཁའ་མཐའ་ཡས་སོ། །རྣམ་ཤེས་མཐའ་ཡས་སོ། །ཅི་ཡང་མེད་དོ་ཞེས་བྱ་བ་དེ་ལྟར་ཡིད་ལ་བྱེད་ཅིང་སྦྱོར་བའི་ཕྱིར། སྦྱོར་བའི་དུས་དེ་སྐད་དུ་བརྗོད་ཀྱི་གཞན་ནི་ཅི་རིགས་པར་ཆོས་གཞན་ལའང་དམིགས་སོ། །གཉིས་པ་ནི། དམན་ཕྱིར་འདུ་ཤེས་མེད། །འདུ་ཤེས་མེད་པའང་མ་ཡིན་ནོ། །འདུ་ཤེས་རྒྱུ་བ་དམན་ ཅིང་མི་གསལ་བ་ཆུང་བའི་ཕྱིར་སྙོམས་འཇུག་བདུན་པོ་བཞིན་འདུ་ཤེས་གསལ་བར་མེད་པས་འདུ་ཤེས་མེད་པ་ཞེས་བྱ་ལ། འདུ་ཤེས་ཅུང་ཟད་ཡོད་པས་སྙོམས་འཇུག་གསུམ་བཞིན་འདུ་ཤེས་མེད་པའང་མ་ཡིན་ནོ། །དེ་ལའང་འདུ་ཤེས་ནི་ནད་དོ་འབྲས་སོ་ཟུག་རྔུའོ། །འདུ་ཤེས་ 3-1-375b མེད་པ་ན་ཀུན་ཏུ་རྨོངས་པའི་རྒྱུའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་འདི་ནི་ཞི་བ་གྱ་ནོམ་པའོ་ཞེས་སྦྱོར་བ་ཡོད་པས། སྦྱོང་བའི་མིང་གི་དངོས་གཞི་ལ་བཏགས་པར་བྱས་ན་འགལ་བ་སྦྱར་དུ་མི་བཅུ་བ་ཟེར་ནས་རྒོལ་བས་ལན་ཚེགས་ཆེ་བ་ལ་བསམས་ནས། འདིར་དངོས་ གཞི་སྙོམས་འཇུག་གི་སྐྱེ་མཆེད་དེ་ལ་གང་ཟག་དེ་དག་གི་འདུ་ཤེས་མེད་འདུ་ཤེས་མེད་མིན་དེ་ལྟར་འཛིན་ཅིང་འདུ་ཤེས་རྣམས་ཆུང་བའི་ཕྱིར་སོགས་ཀྱི་འཐད་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་གདོན་མི་ཟ་བར་བརྗོད་དགོས་པས་དེ་ཉིད་བརྗོད་དོ། །གསུམ་པ་གཉིས་ ཀའི་མཇུག་བསྡུ་བ་ནི། དེ་ལྟར་སྙོམས་འཇུག་དངོས་གཞིའི་རྫས། །རྣམ་པ་བརྒྱད། དེ་ལྟར་ན་སྙོམས་འཇུག་དངོས་གཞིའི་རྫས་རྣམ་པ་བརྒྱད་དེ་བསམ་གཏན་བཞི་དང་གཟུགས་མེད་བཞིའོ། །གཉིས་པ་ཐུན་མོང་དུ་གཏན་ལ་དབབ་པ་ལ། ངོ་བོ་རྣམ་པར་དཔྱད་པ། བསམ་གཏན་གྱི་ཡན་ལག་ངོས་བཟུང་བ། སྙོམས་འཇུག་ ཐོབ་ཚུལ། རྟེན་གང་གིས་མངོན་དུ་བྱེད་པ། སྤྱོད་ཡུལ་གང་ལ་དམིགས་པ། ཉོན་མོངས་སྤོང་བྱེད་ངོས་བཟུང་བའོ། །དང་པོ་ལ། ངོ་བོའི་སྒོ་ནས་དབྱེ་བ་དང་། དབྱེ་བ་སོ་སོའི་དོན་ནོ། །དང་པོ་ལ། འོག་མ་བདུན་གྱི་དབྱེ་བ་དང་། སྲིད་རྩེའི་དབྱེ་བ་གཉིས་ཀྱི། དང་ པོ་ནི། བདུན་རྣམ་པ་གསུམ། །རོ་མྱང་ལྡན་དང་དག་པ་དང་། །ཟག་མེད། དེ་དག་ལ་སྲིད་རྩེ་ལས་གཞན་བདུན་ནི་དབང་པོ་ཐ་མ་སྲེད་པ་དང་། ལྟ་བ་ང་རྒྱལ་ཐེ་ཚོམ་ཤས་ཆེ་བ་རོ་མྱོང་བ་དང་མཚུངས་ལྡན་དང་དབང་པོ་འབྲིང་དག་པ་པ་དང་དབང་པོ་རབ་ཟག་པ་མེད་པ་སྟེ་རྣམ་པ་གསུམ་མོ། །གཉིས་པ་ནི། བརྒྱད་པ་རྣམ་པ་གཉིས། །བརྒྱད་པ་སྲིད་རྩེ་པ་ནི་རྣམ་པ་གཉིས་ ཏེ་མཚུངས་ལྡན་དག་པ་པ་གཉིས་ཡིན་གྱི། ཟག་མེད་ནི་མིན་པའི་ཕྱིར། དེར་འདུ་ཤེས་དམན་ཅིང་འཕགས་པའི་ལམ་མི་བརྟེན་པའི་ཕྱིར། གཉིས་པ་དབྱེ་བ་སོ་སོའི་དོན་ནི། རོ་མྱང་མཚུངས་ལྡན་སྲེད་བཅས་སོ། །འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ་དེ་ནི་དེས་མྱང་བྱ། །ཟག་མེད་འཇིག་རྟེན་འདས་པའོ། །དེ་ལ་རོ་མྱོང་བ་ནི་སྲེད་པ་མཚུངས་ལྡན་དང་བཅས་པའོ། །འོ་ན་ལྟ་བ་དང་ང་རྒྱལ་མཚུངས་ལྡན་གྱི་ 3-1-376a བསམ་གཏན་ཀྱང་ཡོད་མོད་ཀྱི། དེར་མ་བཤད་པ་ནི། ཉོན་མོངས་གཞན་ནི་སྲེད་པ་དང་སེམས་མི་སྦྲེལ་ལ། སྲེད་པ་ནི་རོ་མྱོང་བའི་སྒོ་ནས་འཇུག་ཅིང་དེ་ལ་ཞེན་པས་དེ་ལས་ངེས་པར་མ་བྱུང་ན་གོང་མར་འགྱུར་མི་སྲིད་པའི་ཕྱིར། ཏིང་ངེ་འཛིན་དང་ འདྲ་བར་དམིགས་པ་ལ་ཉེ་བར་རྟོགས་པའི་ཕྱིར་རོ། །འཇིག་རྟེན་པའི་སྙོམས་འཇུག་དགེ་བ་ནི་དག་པ་བ་སྟེ། ཉོན་མོངས་པའི་དྲི་མ་དང་མ་འབྲེལ་ལ་མ་ཆགས་པ་སོགས་དགེ་བའི་ཆོས་དང་ལྡན་པའི་ཕྱིར་རོ། །སྙོམས་འཇུག་གི་རྫས་ཉམས་པ་ཆ་མཐུན་དག་པ་བ་གང་འདས་ མ་ཐག་པ་དེ་ནི་འདས་པ་ལ་བལྟ་བའི་སྲེད་བཅས་རོ་མྱོང་མཚུངས་ལྡན་ཅན་དེས་མྱོང་བར་བྱེད་པ་ལས། རོ་མྱང་བར་བྱ་བ་གང་ཡིན་པའི་སྐབས་སུ་དག་པ་བ་དེ་ལས་ལངས་པ་ཡིན་ལ། གང་གིས་རོ་མྱོང་བར་བྱེད་པའི་སྐབས་དེ་ནི་བསམ་གཏན་ཉོན་མོངས་ཅན་དེ་ལ་སྙོམས་པར་ ཞུགས་པ་ཡིན་ནོ། །ཟག་མེད་ཀྱི་སྙོམས་འཇུག་ནི་འཇིག་རྟེན་ལས་འདས་པ་བདེན་པའི་རྣམ་པ་ཅན་ནོ། །གཉིས་པ་བསམ་གཏན་གྱི་ཡན་ལག་ངོས་བཟུང་བ་ལ། ཡན་ལག་སོ་སོར་སྦྱར་བ། ཡན་ལག་གསུམ་ཁྱད་པར་དུ་བསྟན་པ། སྙོམས་འཇུག་རྣམས་ཀྱི་ཁྱད་པར་བསྟན་ པའོ། །དང་པོ་ལ། མིང་གི་སྒོ་ནས་དབྱེ་བ་དང་། རྫས་ཀྱི་སྒོ་ནས་བསྡུ་བའོ། །དང་པོ་ནི། དང་པོ་ལ་ལྔ་རྟོག་དཔྱོད་དང་། །དགའ་དང་བདེ་དང་ཏིང་འཛིན་རྣམས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དྭང་ནི་དགའ་ལ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང་། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞི་དྲན་བཏང་སྙོམས་དང་། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །བསམ་གཏན་དང་པོ་ལ་ནི་ཡན་ལག་ལྔ་སྟེ། མི་མཐུན་ཕྱོགས་འདོད་པའི་འདོད་ཆགས་གནོད་སེམས་རྣམ་འཚེ་སོགས་སྤོང་བས་གཉེན་པོའི་ཡན་ལག་རྟོག་དཔྱོད་གཉིས་དང་། རྟོག་དཔྱོད་ ཀྱི་མི་མཐུན་ཕྱོགས་སྤངས་ནས་དབེན་པ་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་དགའ་བདེ་གཉིས་དང་། སེམས་རྩེ་གཅིག་པའི་སྟོབས་ཀྱིས་སྔ་མ་དེ་དག་འགྲུབ་པས་དེ་གཉིས་ཀའི་རྟེན་གྱི་ཡན་ལག་ཏིང་ངེ་འཛིན་རྣམས་སོ། །ཕྱི་མ་འདི་ཡན་ལག་ཀྱང་ཡིན། བསམ་ 3-1-376b གཏན་ཀྱང་ཡིན་ལ། ལྷག་མ་ནི་ཡན་ལག་ཡིན་ཅེས་གྲག་གོ། སློབ་དཔོན་དང་མདོ་སྡེ་པ་ནི་ཡན་ལག་བཞི་པའི་དམག་ཡན་ལག་ལས་དོན་གཞན་དུ་གྱུར་པ་མེད་པ་བཞིན་ཡན་ལག་ལྔ་པའི་བསམ་གཏན་ཡང་ཚོགས་པ་ལ་བལྟོས་ནས་བསྟན་པས་དོན་གཞན་དུ་གྱུར་པ་མེད་དོ། །བསམ་ གཏན་གཉིས་པ་ལ་ནི་ཡན་ལག་བཞི་མི་མཐུན་ཕྱོགས་རྟོག་དཔྱོད་སྤོང་བས་གཉེན་པོའི་ཡན་ལག་ནང་རབ་ཏུ་དང་བ་དང་། འདིའི་རབ་དང་ནི་དྲན་ཤེས་བཞིན་བཏང་སྙོམས་ཀྱི་ངོ་བོ་ཡིན་ཀྱང་བསམ་གཏན་འདིའི་མི་མཐུན་ཕྱོགས་རྟོག་དཔྱོད་ཡིན་པས་རྟོག་དཔྱོད་ཀྱི་འཁྲུལ་པ་ཞི་བས་ནང་རབ་ཏུ་དྭང་བ་ཞེས་བརྗོད་དོ། ། ཕན་ཡོན་དང་རྟེན་གྱི་ཡན་ལག་དགའ་བ་དང་སོགས་པས་བདེ་བ་དང་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། མི་མཐུན་ཕྱོགས་འོག་སའི་དགའ་བ་སྤོང་བས་གཉེན་པོའི་ཡན་ལག་དགའ་བ་ལ་རྩོལ་བ་མེད་པས་དམིགས་པ་ལ་ལྷུན་གྱིས་གྲུབ་ པའི་མཚན་ཉིད་ཅན་འདུ་ཤེས་ཀྱི་བཏང་སྙོམས་དང་། བཏང་སྙོམས་ཀྱི་རྒྱུན་མི་བརྗེད་པའི་དྲན་པ་དང་། དྲན་པ་མི་བརྗེད་པའི་ཤེས་བཞིན་གསུམ་དང་ཕན་ཡོན་དང་རྟེན་གྱི་ཡན་ལག་ནི་རིམ་པ་ལྟར་བདེ་བ་དང་། སེམས་གནས་པ་ཏིང་ངེ་འཛིན་རྣམས་སོ། །གནས་པ་ཏིང་ངེ་ འཛིན་ཡིན་པ་ནི། མདོ་ལས། ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་སེམས་གནས་པ་དང་། ཡང་དག་པར་གནས་པའོ་ཞེས་འབྱུང་ངོ་། །མཐའ་མ་བསམ་གཏན་བཞི་པ་ན་ཡན་ལག་བཞི་སྟེ། བདེ་མིན་སྡུག་མིན་གྱི་ཚོར་བ་བཏང་སྙོམས་དང་། འོག་སའི་སྐྱོན་ བརྒྱད་དང་བྲལ་བའི་འདུ་བྱེད་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་རྣམས་སོ། །དེ་དག་ནི་བསམ་གཏན་གྱི་ཡན་ལག་མིང་གི་སྒོ་ནས་བཅོ་བརྒྱད་དེ། དང་པོ་གསུམ་གཉིས་ལྔ་གཉིས་བཅུ་དང་། གཉིས་པ་བཞི་ 3-1-377a པ་དག་ལ་བཞི་གཉིས་བརྒྱད་ཡིན་པའི་ཕྱིར། གཉིས་པ་ནི། རྫས་སུ་བཅུ་གཅིག །རྫས་སུ་ནི་བཅུ་གཅིག་སྟེ་དང་པོ་ལ་རྫས་ལྔ། གཉིས་པའི་ནང་རབ་ཏུ་དང་བ་དང་དྲུག །གསུམ་པའི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དང་བཞི་སྟེ་བཅུ། བཞི་པའི་ཚོར་ བ་བཏང་སྙོམས་དང་བཅུ་གཅིག་གོ། དེ་ཉིད་ཀྱི་ཕྱིར་ཡན་ལག་གང་བསམ་གཏན་དང་པོ་ན་ཡོད་ལ། གཉིས་པ་ནི་མ་ཡིན་པ་སོགས་མུ་བཞི་སྟེ། མུ་དང་པོ་རྟོག་དཔྱོད། གཉིས་པ་རབ་ཏུ་དང་བ། མུ་གསུམ་པ་ནི་དགའ་བདེ་དང་སེམས་རྩེ་གཅིག་པའོ། །མུ་བཞི་པ་ནི་ བཤད་པ་ལས་མ་གཏོགས་པའི་ཆོས་བསམ་གཏན་བཞི་པའི་བཏང་སྙོམས་ལྟ་བུའོ། །དེ་བཞིན་དུ་བསམ་གཏན་གྱི་ཡན་ལག་ཐམས་ཅད་ཕན་ཚུན་སྦྱར་བར་བྱ་སྟེ། དང་པོ་དང་གསུམ་པ་ན་ཡོད་པ་ལའང་མུ་བཞི་སྟེ། མུ་དང་པོ་རྟོག་དཔྱོད་དང་དགའ་བདེ་དག་གོ། མུ་ གཉིས་པ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དག་གོ། གསུམ་པ་ནི་ཏིང་ངེ་འཛིན་ནོ། །བཞི་པ་ནི་བཤད་པ་མ་གཏོགས་པའི་ཆོས་སོ། །བསམ་གཏན་དང་པོ་དང་བཞི་པ་ན་ཡོད་པ་ལ་མུ་བཞི་སྟེ། དང་པོ་རྟོག་དཔྱོད་དང་དགའ་བདེ་དག་གོ། མུ་གཉིས་ པ་ཚོར་བ་བཏང་སྙོམས་དང་ཡོངས་སུ་དག་པའི་བཏང་སྙོམས་དང་དྲན་པའོ། །མུ་གསུམ་པ་ནི་ཏིང་ངེ་འཛིན་ནོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་སོ། །གཉིས་པ་ན་ཡོད་པ་དང་། གསུམ་པ་ན་ཡོད་པ་ལ་མུ་བཞིའི་དང་པོ་ནི། ནང་རབ་ཏུ་དང་བ་དང་དགའ་ བདེའོ། །གཉིས་པ་ནི་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དག་གོ། གསུམ་པ་ནི་ཏིང་ངེ་འཛིན་ནོ། །བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་སོ། །ཡན་ལག་གང་གཉིས་པ་དང་བཞི་པ་ན་ཡོད་པ་ལའང་མུ་བཞི་སྟེ། མུ་དང་པོ་ནི་རབ་ཏུ་དང་བ་དང་དགའ་ 3-1-377b བདེའོ། །གཉིས་པ་ནི་ཚོར་བ་བཏང་སྙོམས་དང་། བཏང་སྙོམས་དག་པ་དང་། དྲན་པ་ཡོངས་སུ་དག་པའོ། །མུ་གསུམ་པ་ནི་ཏིང་ངེ་འཛིན་ནོ། །བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་སོ། །ཡན་ལག་གང་བསམ་གཏན་གསུམ་པ་དང་བཞི་པ་ན་ཡོད་པའང་མུ་བཞི་སྟེ། མུ་དང་པོ་ཏིང་ངེ་འཛིན་མ་གཏོགས་གསུམ་པའི་ཡན་ལག་རྣམས་སོ། །གཉིས་པ་ནི་ཏིང་ངེ་འཛིན་མ་གཏོགས་བཞི་པའི་ཡན་ལག་རྣམས་སོ། །གསུམ་པ་ནི་ཏིང་ངེ་འཛིན་ནོ། །བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་སོ། །གཉིས་པ་ཡན་ལག་གསུམ་གྱི་ཁྱད་པར་བཤད་ པ་ལ། བདེ་བའི་ཁྱད་པར་བཤད་པ། ནང་རབ་དང་ཁྱད་པར་དུ་བཤད། ཡིད་བདེ་བའི་ཁྱད་པར་དུ་བཤད་པའོ། །དང་པོ་ནི། དང་པོ་ན། །ཤིན་ཏུ་སྦྱངས་པ་བདེ་བ་ཡིན། །བསམ་གཏན་དང་པོ་དང་གཉིས་པ་ནའང་བདེ་བ་ཡོད་ན་ཅིའི་ཕྱིར་བདེ་བའི་རྫས་གཞན་དུ་བརྗོད་ཅེ་ན། བསམ་གཏན་དང་པོ་དང་གཉིས་པ་དག་ན་ ཤིན་ཏུ་སྦྱངས་པ་ལ་བདེ་བ་ཞེས་བརྗོད་པ་ཡིན། གསུམ་པའི་བདེ་བ་ནི་ཚོར་བདེ་ཡིན་ནོ། །དེ་ལྟར་ཡིན་པའི་སྒྲུབ་བྱེད་གང་ལས་ཤེས་སྙམ་ན། སྙོམས་འཇུག་གི་བསམ་གཏན་གཉིས་ན་བདེ་བའི་དབང་པོ་དང་མི་ལྡན་པའི་ཕྱིར་ཏེ། དང་པོ་དང་གཉིས་པ་ན་བདེ་བ་དེ་ལུས་ཀྱི་ ཡིན་པར་མི་རུང་བའི་ཕྱིར་ཏེ། སྙོམས་པར་ཞུགས་པ་ལ་རྣམ་ཤེས་ཚོགས་ལྔ་ཁ་ཕྱིར་བལྟ་བ་མེད་པའི་ཕྱིར་ཏེ། ཚོགས་ལྔ་ངོ་བོ་ཉིད་ཀྱིས་གཡེང་བ་ཡིན་པའི་ཕྱིར། དེ་ནི་སེམས་ལས་བྱུང་བ་ཡིད་ཀྱི་བདེ་བའང་མ་ཡིན་ཏེ། དེ་ནི་དགའ་བ་ཞེས་ལོགས་སུ་ཡན་ལག་ཏུ་ འབྱུང་བའི་ཕྱིར། ཡང་དགའ་བ་ནི་ཡིད་བདེ་ཡིན་ན་སེམས་གཅིག་ལ་ཚོར་བའི་རྫས་གཉིས་གཅིག་ཅར་མཚུངས་ལྡན་དུ་འབྱུང་བར་ཐལ་བས། དེ་ལྟ་བུའང་མེད་པའི་ཕྱིར། ཡང་བདེ་བ་དང་ཡིད་བདེ་དེ་གཉིས་རེས་འཇོག་གི་བསམ་གཏན་དང་པོ་ན་ཡོད་དོ་སྙམ་ནའང་མི་ 3-1-378a རིགས་ཏེ། རིགས་ན་ཡན་ལག་བཞི་ཞེས་བརྗོད་རིགས་པ་ལས། མ་བརྗོད་པར་ཡན་ལག་ལྔ་ནི་དུས་གཅིག་ཏུ་འབྱུང་བའི་ཕྱིར་རོ། །གཞན་དཔེ་བསྟན་པའི་ལུགས་ཀྱི་བསམ་གཏན་གསུམ་ཅར་ནའང་སེམས་ཀྱི་བདེ་བའི་དབང་པོ་མེད་པ་ཁོ་ན་སྟེ། ལུས་ཀྱི་བདེ་བ་ཁོ་ན་ཡན་ལག་ཏུ་བཞག་ལ། ལུས་བདེ་དེའང་མཉམ་གཞག་གི་གནས་སྐབས་ཀྱི་བར་དང་བར་དུ་ཀུན་ཏུ་འབྱུང་བའི་ཕྱིར། བདེ་བའི་དབང་པོ་འདོད་པ་དང་བསམ་གཏན་དང་པོ་ཁོ་ནར་མ་ཟད་འདོད་སྤྱོད་ནས་བསམ་གཏན་གསུམ་པའི་བར་ས་བཞི་པའང་ཡིན་ནོ། ། དེས་ན་བྱེ་བཤད་ལས། མདོ་སྡེ་པ་བཙུན་པས། ཆོས་མངོན་པ་བ་རྣམས་ཀྱི་ལྟར་ན། ཟོ་ཆུན་རྒྱུན་མོ་ལྟ་བུར་མིག་ཤེས་ལ་སོགས་པ་འོག་ནས་གོང་དུ་འདྲེན་ནོ་ཞེས་འབྱུང་བས། བསམ་གཏན་གསུམ་པར་གཉིས་པའི་ས་པའི་མིག་ཤེས་སོགས་ཀྱང་ཡོད་དོ། །འོ་ན་མདོ་ ལས། བདེ་བའི་དབང་པོ་གང་ཞེ་ན། བདེ་བ་མྱོང་བར་འགྱུར་བའི་རེག་པས་རེག་པ་ལ་ལུས་ཀྱི་དང་། སེམས་ལས་བྱུང་བའི་ཚོར་བའི་དབང་པོ་བདེ་བའི་སིམ་པ་སྐྱེ་བ་གང་ཡིན་པ་ནི་བདེ་བའི་དབང་པོ་ཞེས་བྱའོ། །ཞེས་གསུངས་པ་ཇི་ལྟར་ཞེ་ན། ཚིག་དེ་ནི་གང་ཟག་འགའ་ ཞིག་གིས་སྒྲོ་བཏགས་པ་ཡིན་ཏེ། སྡེ་པ་གཞན་དག་ཐམས་ཅད་ལུས་ཀྱི་ཞེས་ཁོ་ནར་འབྱུང་བའི་ཕྱིར་དང་། ཁྱད་པར་བསམ་གཏན་གསུམ་པ་བསྟན་པ་ལས། དགའ་བ་ལས་འདོད་ཆགས་དང་བྲལ་ནས་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དུ་གནས་ཤིང་བདེ་བ་ ལུས་ཀྱིས་མྱོང་ལ་ཞེས་རང་སྒྲས་གསུངས་པའི་ཕྱིར། གལ་ཏེ་ལུས་དེ་ཡིད་ཀྱི་ལུས་སོ་ཞེ་ན། འོ་ན་བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བཤད་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ། བདེ་བ་ཡིད་ཀྱིས་མྱོང་ལ་ཞེའམ། བདེ་བ་མྱོང་ཞེས་དེ་སྐད་དུ་བཤད་རིགས་པའི་ཕྱིར། ཡང་གསུམ་ 3-1-378b པའི་བདེ་བ་ཤིན་སྦྱངས་ཡིན་ནོ་ཞེ་ན། དེ་མ་ཡིན་པ་ཉིད་ཀྱིས་ན་གསུམ་པ་ལ་ཚོར་བདེ་ཡོད་ཀྱི། བཞི་པ་ལ་མེད་པས་མ་སྨོས་ཏེ། བཞི་པ་ན་ཤིན་སྦྱངས་ཀྱི་བདེ་བ་བསམ་གཏན་དང་གཉིས་ལས་མང་ཞིང་ཕལ་ཆེ་བ་བཞིན་དུ་བདེ་བ་མ་སྨོས་པའི་ཕྱིར། བྱེ་སྨྲས། གལ་ཏེ་བསམ་ གཏན་དང་གཉིས་ན་བདེ་བའི་ཚོར་བ་དང་མཐུན་པའི་ཤིན་སྦྱངས་ཡོད་པས་དེ་དག་གི་བདེ་བ་ཡིན་ལ། བཞི་པའི་ཤིན་སྦྱངས་ནི་བདེ་བའི་ཚོར་བ་དང་མཐུན་པ་མ་ཡིན་པའི་ཕྱིར་བཞི་པར་མ་བཤད་དོ་ཞེ་ན། མདོ་སྡེ་པས། དེ་ལྟར་ན་གསུམ་པའི་ཤིན་སྦྱངས་ཀྱང་དེར་བདེ་བར་གསུངས་ རིགས་པར་ཐལ། དེ་བདེ་བའི་ཚོར་བ་དང་མཐུན་པའི་ཕྱིར། དེས་ན་བདེ་བར་མ་གསུངས་པ་ལ་རྒྱུ་མཚན་ཅི་ལྟ་བུ་ཞིག་ཡོད་ཅེས་འདྲིའོ། །བྱེ་སྨྲས། དེར་ཤིན་ཏུ་སྦྱངས་པའི་བདེ་བ་མ་བརྗོད་དེ་གསུམ་པའི་བཏང་སྙོམས་ལས་རུང་དེས་ཤིན་སྦྱངས་བཅོམ་པའི་ཕྱིར། མདོ་སྡེ་པས། བཅོམ་པ་མ་ཡིན་ཏེ། དང་པོ་གཉིས་ཀྱི་ཤིན་སྦྱངས་ལས་གསུམ་པའི་ཤིན་སྦྱངས་ཁྱད་དུ་འཕགས་པའི་ཕྱིར་ཏེ། བཏང་སྙོམས་ཁོ་ནས་དེ་འཕེལ་བར་བྱེད་པའི་ཕྱིར། ཤིན་ཏུ་སྦྱངས་པ་ཁོ་ན་བདེ་བ་མ་ཡིན་ཏེ། གང་གི་ཚེ་འཕགས་པ་ཉན་ཐོས་རབ་ཏུ་དབེན་པ་ལས་སྐྱེས་པའི་བདེ་བ་ལུས་ཀྱི་མངོན་དུ་བྱས་ ནས་རྫོགས་པར་བྱས་ཏེ། གནས་པ་དེའི་ཚེ་ཆོས་ལྔ་ནི་སྤོང་བར་འགྱུར་ལ། ཆོས་ལྔ་པོ་ནི་ནང་རབ་ཏུ་དང་བ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བ་དང་ཏིང་ངེ་འཛིན་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་མདོ་འདི་ལས། ཤིན་སྦྱངས་དང་བདེ་བ་གཉིས་ ཐ་དད་དུ་གསུངས་པའི་ཕྱིར། བྱེ་སྨྲས་དྲིས་པ། སྙོམས་པར་ཞུགས་པ་ལ་ཇི་ལྟར་ལུས་ཤེས་འབྱུང་བར་འགྱུར་ཞེ་ན། མདོ་སྡེ་པས། ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པ་ལུས་ཤིན་སྦྱངས་ཞེས་པ་བདེ་བ་མྱོང་བར་བྱེད་པར་འགྱུར་བའི་རླུང་བདེ་བའི་ཚོར་བ་དང་མཐུན་པ་ 3-1-379a ཞིག་གིས་ལུས་ལ་བདེ་བ་ཁྱབ་ཅིང་རྒྱས་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །བྱེ་སྨྲས། དེ་ལྟར་ན་ཏིང་ངེ་འཛིན་ཉམས་པར་འགྱུར་ཏེ། ལུས་ཤེས་སྐྱེས་པས་ཕྱི་རོལ་དུ་རྣམ་པར་གཡེང་བའི་ཕྱིར་ཞེ་ན། མདོ་སྡེ་པས། ཏིང་ངེ་འཛིན་ཉམས་པར་མི་འགྱུར་ཏེ། ཏིང་ངེ་འཛིན་ལས་སྐྱེས་པ་ཕྱི་རོལ་དུ་བྱུང་བ་མིན་པ་ལུས་ཀྱི་ནང་དུ་བྱུང་བའི་ལུས་ཀྱི་བདེ་བ་ནི་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར། གལ་ཏེ་ལུས་ཤེས་སྐྱེས་པའི་ཚེ་མཉམ་གཞག་ལས་ལངས་པར་འགྱུར་ཏེ། ཡིད་དང་ལུས་ཀྱི་རྣམ་ཤེས་གཅིག་ཅར་དུ་མི་འབྱུང་ཞིང་རེས་མོས་འགྱུར་ བའི་ཕྱིར་ཞེ་ན། ལུས་ཤེས་སྐྱེས་པའི་ཚེ་མཉམ་གཞག་ལས་ལྡང་བ་མིན་ཏེ། ཏིང་ངེ་འཛིན་གྱི་སྟོབས་ལས་སྐྱེས་པའི་ལུས་ཀྱི་ནང་དུ་བྱུང་བའི་རེག་བདེ་ནི་ཏིང་ངེ་འཛིན་དང་མཐུན་པས་དེ་མངོན་དུ་གྱུར་མ་ཐག་ཏིང་ངེ་འཛིན་དུ་ཉེ་བར་གནས་པ་དེ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་གཟུགས་ ཁམས་སུ་གཏོགས་པའི་ཤིན་སྦྱངས་ཀྱི་རེག་བྱ་ལ་འདོད་པའི་ལུས་དབང་གི་ལུས་ཤེས་མི་བསྐྱེད་པས། དེ་དང་མཚུངས་ལྡན་གྱི་བདེ་བ་ནི་བསམ་གཏན་གྱི་ཡན་ལག་ཏུ་མི་འགྲུབ་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། ཏིང་ངེ་འཛིན་སྟོབས་བསྐྱེད་པའི་སྒོ་ནས་འདོད་པའི་ལུས་དབང་གིས་ གཟུགས་ཀྱིས་ཤིན་ཏུ་སྦྱངས་པའི་རེག་བྱ་འཛིན་པའི་ས་གོང་མའི་ལུས་ཀྱི་རྣམ་ཤེས་སྐྱེ་བའི་ཕྱིར་རོ། །ཟག་མེད་ཀྱི་བསམ་གཏན་ལ་རེག་བྱ་དང་། ལུས་ཤེས་ཟག་མེད་དུ་འགྱུར་ཏེ། ཡན་ལག་ཅུང་ཟད་ཤིན་ཏུ་སྦྱངས་པའི་རེག་བྱ་དང་། ལུས་ཤེས་ཟག་བཅས་དང་། ལྷག་མ་ ཅུང་ཟད་གཅིག་ནི་ཟག་མེད་ཡིན་པ་མི་རུང་བའི་ཕྱིར་ཞེ་ན། དེ་ནི་མི་འདོད་དེ། ལུས་ཤིན་ཏུ་སྦྱངས་པ་ཡང་དག་ཀྱང་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་པའི་ཕྱིར། གལ་ཏེ་ལུས་ཤིན་སྦྱངས་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་ཏེ། ལུས་ཤིན་སྦྱངས་བྱང་ཆུབ་ཀྱི་ཡན་ལག་དང་མཐུན་ 3-1-379b པས་དེར་འདོགས་པའི་ཕྱིར་ཞེ་ན་ནི། རེག་བྱ་དང་ལུས་ཀྱི་རྣམ་ཤེས་དེ་དག་ནི་ཟག་མེད་ཉིད་མ་ཡིན་པ་སྔ་མ་དང་འདྲ་སྟེ། དེ་དག་ནི་ཟག་མེད་དང་མཐུན་པས་ཟག་མེད་ཅེས་ཉེ་བར་འདོགས་པའི་ཕྱིར། གལ་ཏེ་ཟག་པ་དང་བཅས་པའི་ཆོས་གང་ཞེ་ན། མིག་ ཇི་སྙེད་པ་དང་། གཟུགས་ཇི་སྙེད་པ་དང་། ལུས་ཇི་སྙེད་པ་དང་། རེག་བྱ་ཇི་སྙེད་པའོ་ཞེས་པའི་མདོ་འདི་དང་འགལ་ལོ་ཞེ་ན། མདོ་དང་མི་འགལ་ཏེ་ཤིན་སྦྱངས་ཀྱི་རེག་བྱ་དང་ལུས་ཤེས་མ་གཏོགས་པའི་རེག་བྱ་དང་ལུས་ཀྱི་རྣམ་ཤེས་གཞན་ལ་དགོངས་ཏེ་གསུངས་པའི་ཕྱིར། ཡང་ན་རེག་བྱ་དང་ལུས་ བདེ་དེ་ཟག་མེད་ཅེས་ཀྱང་བྱ་སྟེ། དངོས་སུ་ཟག་བཅས་ཡིན་ཀྱང་ཟག་མེད་དང་མཐུན་པའི་ཕྱིར་བྱ་བ་ཡང་ལན་གྱི་རྣམ་གྲངས་གཅིག་ཡིན་ནོ། །གལ་ཏེ་ཟག་མེད་ལ་ཉེས་པར་འགྱུར་ཏེ། ཡན་ལག་རེག་བྱ་དང་ལུས་ཤེས་ཅུང་ཟད་ཅིག་ཟག་བཅས་ཡིན་ལ། དེ་ལས་གཞན་ཅུང་ ཟད་ཅིག་ནི་ཟག་མེད་ཡིན་པའི་ཕྱིར་ཞེ་ན། ཉེས་པ་ཅི་ཞིག་ཡོད་དེ། ཟག་མེད་ཀྱི་ཡན་ལག་འབྱུང་བའི་ཚེ་ཟག་བཅས་མི་འབྱུང་ལ། ཟག་བཅས་འབྱུང་བའི་ཚེ་ཟག་མེད་མི་འབྱུང་བས་གཅིག་ཅར་མ་ཡིན་པའི་ཕྱིར། འོ་ན་བསམ་གཏན་དང་པོ་ཡན་ལག་ལྔ་པར་མི་འགྱུར་བར་ ཐལ། ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་དུས་གཅིག་ཏུ་འཕྲད་པ་མེད་པའི་ཕྱིར་ཞེ་ན། དང་པོ་ཡན་ལག་ལྔ་པར་མི་འགྱུར་བ་མིན་ཏེ། སྐད་ཅིག་ལ་མི་སྲིད་ཀྱང་རྒྱུན་གཅིག་ལ་སྲིད་པའི་ཕྱིར་རྟོག་དཔྱོད་རེས་འཇོག་ཏུ་འབྱུང་བ་བཞིན་དགའ་བདེ་ཡང་དེ་དང་འདྲའོ། ། གལ་ཏེ་རྟོག་དཔྱོད་རེས་འཇོག་གི་འབྱུང་བའང་དཔེར་མི་རུང་སྟེ། བསྒྲུབ་བྱ་ཡིན་པའི་ཕྱིར་ཞེ་ན། སེམས་རྩིང་ཞིབ་ཀྱི་རྟོག་དཔྱོད་གཉིས་ཆོས་ཅན། རེས་འཇོག་ཏུ་འབྱུང་བར་གྲུབ་པ་ཡིན་ཏེ། སེམས་གཅིག་ལ་དུས་གཅིག་ཅར་འབྱུང་བ་འགལ་བའི་ཕྱིར་དང་། རྩིང་ཞིབ་ 3-1-380a དང་རྣམ་པའི་བྱེ་བྲག་གི་བལྟོས་པ་ཅན་གཅིག་ཅར་དུ་འབྱུང་བ་ཡིན་ན་སྲིད་རྩེའི་བར་རྟོག་དཔྱོད་ཡོད་པར་འགྱུར་ཞེས་ཉེས་པ་སྨོས་པའི་ཕྱིར། ཡང་ཉེས་པ་མ་སྨོས་པའི་ཕྱིར་ཞེས་འདོན་པ་ལྟར་ན་རེས་འཇོག་ཏུ་འབྱུང་བ་ལ་ཉེས་པ་འགའ་ཡང་མ་སྨོས་པའི་ཕྱིར་ རོ། །དེས་ན་བསམ་གཏན་དང་པོར་ཡོད་པའི་ཡན་ལག་ལྔ་ལས། རྟོག་དཔྱོད་གཉིས་བོར་ནས་བསམ་གཏན་གཉིས་པ་དང་དགའ་བ་དང་གསུམ་བོར་ནས་བསམ་གཏན་གསུམ་པ་དང་བདེ་བ་དང་བཞི་བོར་ནས་བསམ་གཏན་བཞི་པར་རྣམ་པར་བཞག་གོ། དེས་ན་བསམ་གཏན་ དང་པོ་ལ་སེམས་བྱུང་འདུ་ཤེས་སོགས་ཡོད་ཀྱང་ཡན་ལག་ལྔ་ཁོ་ནར་བཤད་ཀྱི། འདུ་ཤེས་སོགས་བོར་ནས་བསམ་གཏན་གྱི་ཡན་ལག་ལྷག་མ་རྣམས་བཞག་ལ། བསམ་གཏན་གཞན་དག་ལ་འདུ་ཤེས་སོགས་མ་བོར་བར་ཡོད་ཀྱང་བསམ་གཏན་གོང་མའི་ཡན་ལག་ཏུ་བཞག་ པ་མ་ཡིན་ནོ། །ཅིའི་ཕྱིར་ལྔ་ཁོ་ན་ཡན་ལག་ཉིད་ཡིན་ཅེས་དྲིས་པ་ལ། ལྔ་ཁོ་ན་ཡན་ལག་ཡིན་ཏེ། འདུ་ཤེས་སོགས་ལས་རྟོག་པ་སོགས་ཕན་པའི་ཕྱིར་ཞེ་ན། དྲན་པ་དང་ཤེས་བཞིན་ལྟར་ཆེས་ཕན་པ་ནི་མ་ཡིན་ཏེ། དྲན་པ་ཉེ་བར་གནས་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་ རབ་ཏུ་ཤེས་པ་ལ་ཞུམ་རྒོད་སོགས་མེད་པའི་ཕྱིར་རོ། །དེས་ན་རྟོག་དཔྱོད་གཉིས་ལས་དྲན་ཤེས་ཆེས་ཕན་ན་ཅིའི་ཕྱིར་མ་སྨོས་ཞེས་ཁ་ཅིག་རྒོལ་བ་ཡོད་ཀྱི། སྔོན་གྱི་སློབ་དཔོན་ཐོགས་མེད་ཞབས་བཏང་སྙོམས་དྲན་ཤེས་བཞིན་སོགས་ཇི་སྙེད་མངོན་པ་དེ་ལྟར་མི་སྟོན་ཏེ། དེ་ལྟ་བས་ན་འདི་ནི་རྣལ་འབྱོར་སྤྱོད་པའི་ས་མཐོང་བ་རྣམས་ཀྱི་དཔྱད་བྱ་ཡིན་པའི་ཕྱིར་ཞེས་སློབ་དཔོན་དབྱིག་གཉེན་གྱིས་དེར་བལྟ་བའི་ཁུངས་སྦྱིན་པར་མཛད་ལ། ཁུངས་དེའི་དག་དོན་བསྡུ་ན་དེར་འདུ་ཤེས་སོགས་ཀྱི་ཆོས་ཡོད་ཀྱང་མ་བཞག་རྟོག་དཔྱོད་སོགས་འཇོག་ 3-1-380b པ་ནི་གཉེན་པོ་དང་ཕན་ཡོན་དང་གཉིས་ཀའི་རྟེན་གྱི་ཡན་ལག་རྫོགས་པའི་ཆེད་དུ་ཡིན་ཏེ། དེའང་དང་པོར་གནོད་སེམས་དང་རྣམ་འཚེ་སྤོང་བས་རྟོག་དཔྱོད་ནི་གཉེན་པོའི་ཡན་ལག །དགའ་བདེ་ནི་ཕན་ཡོན་གྱི་ཡན་ལག་སྟེ་ གཉེན་པོས་མི་མཐུན་ཕྱོགས་སྤངས་ནས་དེ་ལས་དབེན་པ་ལས་སྐྱེས་པའི་དགའ་བདེ་ཐོབ་པའི་ཕྱིར། དེ་གཉིས་ཀའི་རྟེན་གྱི་ཡན་ལག་ནི་སེམས་རྩེ་གཅིག་པ་སྟེ། དེའི་སྟོབས་ཀྱིས་རྟོག་སོགས་འཇུག་པའི་ཕྱིར། གཉིས་པ་ལ་རྟོག་དཔྱོད་སྤོང་བའི་གཉེན་པོའི་ཡན་ལག་ ནང་རབ་ཏུ་དང་བ་དང་དགའ་བདེ་ཕན་ཡོན་དང་སེམས་རྩེ་གཅིག་པ་ཉིད་རྟེན་གྱི་ཡན་ལག་གོ། གསུམ་པ་ལ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གྱི་དགའ་བ་སྤོང་བས་གཉེན་པོའི་ཡན་ལག་དང་། བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི་ཡན་ལག་ལྷག་མའོ། །བསམ་ གཏན་བཞི་པ་ལ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པས་བདེ་བ་སྤོང་བ་གཉེན་པོའི་ཡན་ལག་དང་། ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་དང་། སེམས་རྩེ་གཅིག་པ་ནི་དེ་གཉིས་ཀའི་རྟེན་གྱི་ཡན་ལག་ཡིན་ནོ། །དེས་ན་བསམ་གཏན་དང་པོ་གཉིས་སུའང་དྲན་ཤེས་ བཏང་སྙོམས་གཉེན་པོ་ཡིན་ཀྱང་དགའ་བའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་རང་མིང་གིས་མ་བསྟན་པར་རྟོག་དཔྱོད་ཀྱི་སྒོ་ནས་བསྒྲུབས་པས་དེའི་མིང་གིས་སྨོས་ལ། གཉིས་པ་ནི། རྟོག་དཔྱོད་ཀྱི་འཁྲུལ་པ་ཞི་བས་ནང་རབ་ཏུ་དང་བ་ཞེས་སྨོས་ལ། གསུམ་པར་ དགའ་བ་ལས་འདོད་ཆགས་དང་བྲལ་བས་རང་མིང་གིས་སྨོས་པའོ། །ནང་རབ་དང་ནི་རྟོག་དཔྱོད་ཀྱི་འཁྲུལ་པ་དང་བྲལ་བའི་རྒྱུད་རབ་ཞི་དམིགས་པ་ལ་ཆེས་མཉམ་པར་འགྱུར་པ་དེ་ཡིན་ཏེ། རྟོག་དཔྱོད་ཀྱིས་དཀྲུགས་པའི་རྒྱུད་ནི་རབ་ཏུ་དང་བ་མ་ཡིན་པའི་ཕྱིར། ཆུ་བོ་ 3-1-381a རྦ་རླབས་དང་བཅས་པ་བཞིན་ནོ། །འོ་ན་དེ་ཇི་ལྟར་རྫས་སུ་ཡན་ལག་བཅུ་གཅིག་ཡིན་ཏེ། ཡིན་མི་རིགས་པར་ཐལ། བསམ་གཏན་གཉིས་པའི་རབ་དང་རྟོག་དཔྱོད་དང་བྲལ་ཙམ་ལས་མ་ཡིན་དགག་གི་རྫས་ཡིན་གྱི། དེ་ལས་རྫས་གཞན་མིན་པའི་ཕྱིར་ ཞེས་དོགས་སོ། །གཉིས་པ་ནི། རབ་ཏུ་དྭང་བ་དད་པ་ཡིན། །བྱེ་སྨྲས། བསམ་གཏན་གཉིས་པའི་ཡན་ལག་ནང་རབ་ཏུ་དང་བ་ནི། དང་པོས་འདོད་པ་ལས་ངེས་པར་འབྱུང་བར་མ་ཟད་མཉམ་པར་བཞག་པའི་ས་ལས་ཀྱང་ངེས་པར་འབྱུང་བས། དེ་ལ་ཡིད་ཆེས་པའི་དད་པ་སྐྱེ་བ་ཡིན་ནོ། །སྐལ་ལྡན་ཁྱད་པར་ ཅན་ན་རེ། རྟོག་དཔྱོད་དང་ཏིང་ངེ་འཛིན་རྣམས་ཀྱང་རྫས་གཞན་མ་ཡིན་ལ། ནང་རབ་ཏུ་དང་བ་ཡང་རྫས་གཞན་མ་ཡིན་ནོ། །རྟོག་པ་སོགས་རྫས་གཞན་མེད་ན་སེམས་བྱུང་དུ་ཇི་ལྟར་འགྲུབ་ཅེ་ན། སྐལ་ལྡན་ཁྱད་ཅན་ན་རེ། སེམས་ལ་གནས་སྐབས་སྣ་ཚོགས་ཡོད་པས། སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ཀྱང་ཡིད་ཀྱི་བརྗོད་པ་འཚོལ་བའི་གནས་སྐབས་ན་རྟོག་པ་དང་། ཡིད་ཀྱི་བརྗོད་པ་སོ་སོར་རྟོག་པའམ་ངེས་པ་ནི་དཔྱོད་པ་དང་། སེམས་ཀྱི་ངག་ཀུན་སློང་གི་གནས་སྐབས་རྩིང་བ་ཉིད་ནི་རྟོག་པ་དང་། ཀུན་སློང་ཞིབ་པའི་གནས་སྐབས་ནི་དཔྱོད་པ་ དང་། རྣམ་པར་མ་གཡེངས་པའི་གནས་སྐབས་ནི་ཏིང་ངེ་འཛིན་དང་། རབ་ཏུ་ཞི་བའི་གནས་སྐབས་ནི་རབ་ཏུ་དང་བ་ཞེས་པའི་སེམས་བྱུང་ཡིན་ནོ་ཞེས་ཟེར་ཏེ། དེ་དག་རྫས་གཞན་མིན་པ་དང་། སེམས་ཀྱི་གནས་སྐབས་ཡིན་ཅེས་པ་འདི་ནི་ཆོས་མངོན་པའི་བསྟན་བཅོས་ཀྱི་གྲུབ་ མཐའ་མ་ཡིན་ནོ། །བསམ་གཏན་དང་པོ་དང་གཉིས་པའི་དགའ་བ་ཡིད་བདེ་ཡིན་པ་ཇི་ལྟར་ཁོང་དུ་ཆུད་སྙམ་ན། ད་ལྟར་མི་འདོད་པའི་སྡེ་པ་གཞན་དག་གི་འདོད་པ་བརྗོད་ན་ཤེས་སླ་བར་འགྱུར་བས། སྡེ་པ་གཞན་ནི་ཡིད་བདེ་ལས་མ་གཏོགས་པའི་བསམ་གཏན་དང་པོ་དང་ 3-1-381b གཉིས་པའི་དགའ་བ་ནི་སེམས་ལས་བྱུང་བའི་ཆོས་གཞན་ཁོ་ན་ཡིན་ལ། ཡིད་བདེ་ནི་བསམ་གཏན་དང་གཉིས་གསུམ་ཅར་གྱི་བདེ་བའང་ཡིན་ནོ། །གསུམ་པ་ནི། ལུང་རྣམ་གཉིས་ཕྱིར་དགའ་ཡིད་བདེ། །བསམ་གཏན་གྱི་བདེ་བ་དེ་དག་ཡིད་བདེར་མི་རུང་སྟེ། དེ་ལྟར་འཆད་ན་ལུང་རྣམ་པ་གཉིས་ཀྱིས་གནོད་པའི་ཕྱིར་ ཏེ། རྣམ་པར་བསྒྱུར་བའི་མདོ་ལས། བསམ་གཏན་གསུམ་པ་བཀའ་སྩལ་ནས། བསམ་གཏན་གསུམ་པ་འདིར་གང་ཟག་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་མ་ལུས་པ་འགག་པར་འགྱུར་རོ། །ཞེས་དང་། བཞི་པ་ལ་བདེ་བའི་དབང་པོ་འགག་པར་འགྱུར་རོ། །ཞེས་དང་། བསམ་གཏན་གསུམ་པ་ན་ཡིད་བདེ་ཡོད་ན་བཞི་པ་སྟོན་པའི་དུས་སུ་བདེ་བའང་སྤངས་ཏེ། སྡུག་བསྔལ་ཡང་སྤངས་ཤིང་སྔ་ན་ཡིད་བདེ་བའང་ནུབ་པ་ཞེས་གསུངས་པས། ཡིད་བདེ་སྔ་ན་སྤངས་པ་མི་འགྲུབ་པའི་ཕྱིར། གསུམ་པ་ན་ཡིད་བདེ་བའི་དབང་པོ་མེད་དོ། །དེས་ན་ དང་པོ་དང་གཉིས་པའི་དགའ་བ་ཁོ་ན་ཡིད་བདེ་ཡིན་གྱི། བསམ་གཏན་གསུམ་ཅར་གྱི་བདེ་བ་ནི་ཡིད་བདེ་མ་ཡིན་ཏེ། དང་པོ་གཉིས་ནི་ཤིན་སྦྱངས་དང་། ཕྱི་མ་ནི་ལུས་ཚོར་བདེ་བ་ལ་འདོད་པ་དང་། སེམས་ཚོར་བདེ་བ་ལ་འདོད་པའི་ལུགས་གཉིས་བྱུང་བའི་ཕྱིར་རོ། ། འདིར་འདི་ཤེས་དགོས་ཏེ། བསམ་གཏན་དང་པོ་དང་གཉིས་པ་ན་ཡིད་བདེ་བ་ལ་ཚོར་བ་བདེ་ཞིང་ཡིད་ཀྱི་ཡིན་པར་འདྲ་ཡང་ཡིད་བདེ་དེ་བདེ་བར་མི་འཇོག་དགའ་བར་འཇོག་པའི་རྒྱུ་མཚན་དེ་ཇི་ཞེ་ན། འཇོག་བྱེད་ཡོད་དེ། ཡིད་བདེ་དགའ་བ་འདི་ནི་ཉེ་བར་མ་ཞི་བ་ཡིན་ པས། མཉམ་གཞག་དེའང་གཡེང་བ་དང་། ཁེངས་པ་དང་། དགའ་བ་དང་། གད་མོ་དང་། ཕྱར་བར་བྱེད་པའི་ལས་ཅན་ཡིན་པས་དེར་བཞག་པའི་ཕྱིར། དགའ་བ་བཞི་ནས་ས་གོང་མ་ཐོབ་པའི་ཚེ་ཡིད་བདེའི་མལ་དུ་ཚོར་བདེ་ཐོབ་པར་འགྱུར་བའི་ཕྱིར་རོ། ། 3-1-382a གསུམ་པ་སྙོམས་འཇུག་རྣམས་ཀྱི་ཁྱད་པར་བསྟན་པ་ལ། ཉོན་མོངས་ཅན་ཡིན་མིན་གྱི་ཁྱད་པར། བསམ་གཏན་བཞི་པོའི་ཁྱད་ཆོས། རྒྱུ་འབྲས་ཀྱི་བསམ་གཏན་གཉིས་ཀྱི་ཚོར་བའི་ཁྱད་པར་རོ། །དང་པོ་ནི། ཉོན་མོངས་ཅན་ལ་དགའ་བདེ་དང་། །རབ་དང་ཤེས་བཞིན་དྲན་པ་དང་། །བཏང་སྙོམས་དྲན་པ་དག་པ་མེད། །ཁ་ཅིག་ཤིན་ཏུ་སྦྱངས་བཏང་སྙོམས། །ཉོན་མོངས་ཅན་གྱི་བསམ་གཏན་ནི་ཡན་ ལག་དེ་དག་ཇི་ལྟར་ཞེ་ན། བསམ་གཏན་དང་པོ་ཉོན་མོངས་ཅན་ལ་དབེན་པ་ལས་སྐྱེས་པའི་དགའ་བདེ་མེད་དེ། དེའི་ས་པའི་ཉོན་མོངས་པས་དབེན་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། རབ་དང་མེད་དེ། རང་སའི་ཉོན་མོངས་པ་རྣམས་ཀྱིས་རྙོགས་པའི་ཕྱིར། གསུམ་པ་ནི། དྲན་ཤེས་བཞིན་མེད་དེ། ཉོན་མོངས་ཅན་གྱི་བདེ་བས་བསླད་དེ་ཀུན་ཏུ་རྨོངས་པར་བྱས་པའི་ཕྱིར། བཞི་པ་ནི། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་མེད་དེ། དེའི་ས་པའི་ཉོན་མོངས་པ་རྣམས་ཀྱི་དྲི་མ་ཅན་དུ་བྱས་པའི་ཕྱིར། ཁ་ཅིག་ཉོན་མོངས་པ་ཅན་དང་པོ་དང་ གཉིས་པ་ལ་ཤིན་སྦྱངས་དང་། གཉིས་པའི་རབ་དང་གསུམ་པ་དང་བཞི་པ་ལ་བཏང་སྙོམས་མེད་དེ། དེ་དག་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་ཏེ། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམས་མི་འཚེ་དང་། །བརྩོན་ འགྲུས་རྟག་ཏུ་དགེ་ལས་འབྱུང་། །ཞེས་སོ། །ལུགས་སྔ་མ་ལའང་མེད་པར་འདོད་ཀྱང་། མ་བཤད་པ་ནི་གྲུབ་པའི་ཕྱིར་སྙམ་དུ་དགོངས་སོ། །གཉིས་པ་ནི། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་གཡོ་བ་མེད་པ་ཡིན། །རྟོག་དང་དཔྱོད་དང་དབུགས་དག་དང་། །བདེ་བ་ལ་སོགས་བཞི་ཡིན་ནོ། །སྟོན་པས་བསམ་གཏན་གསུམ་ནི་སྐྱོན་དང་བཅས་པས་གཡོ་བར་བཀའ་སྩལ། འཆད་འགྱུར་གྱི་སྐྱོན་བརྒྱད་ པོ་ལས་ནི་གྲོལ་བའི་ཕྱིར། བསམ་གཏན་བཞི་པ་གཡོ་བ་མེད་པ་ཡིན་ནོ། །སྐྱོན་བརྒྱད་ནི། རྟོག་དཔྱོད་དང་བདེ་བ་དང་ལ་སོགས་པས་སྡུག་བསྔལ་དང་། ཡིད་བདེ་མི་བདེ་གཉིས་དང་བཞི་ཡིན་ལ་དབུགས་དབྱུང་རྔུབ་གཉིས་དག་དང་བརྒྱད་དོ། །ཡང་གཞན་ན་རེ། 3-1-382b དང་པོ་ན་རྟོག་དཔྱོད་ཀྱིས་གཡོ། གཉིས་པ་ན་དགའ་བས། གསུམ་པ་ན་བདེ་བས་ཏེ། སྡུག་བསྔལ་སོགས་ཀྱིས་ཏིང་ངེ་འཛིན་གཡོ་མི་ནུས་པས་བཞི་པར་བཞི་པོ་དེའི་གཡོ་བ་དང་བྲལ་བས་མི་གཡོ་བ་སྟེ། མདོ་ལས་རླུང་མེད་པའི་མར་མེ་དཔེར་མཛད་དོ། །གསུམ་པ་ལ། དངོས་དང་། དོགས་པ་གཅོད་པའོ། །དང་པོ་ནི། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །བསམ་གཏན་གཉིས་ན་དགའ་བ་ཡིད་བདེ་དང་། གསུམ་ན་བདེ་བ། བཞི་ན་བཏང་སྙོམས་ཏེ། རྒྱུ་སྙོམས་འཇུག་གི་བསམ་གཏན་ན་ཡོད་པའི་ཚོར་བདེ་སྐྱེ་བའི་བསམ་གཏན་ན་ཡོད་པ་མ་ཡིན་གྱི། སྐྱེ་བའི་བསམ་གཏན་དག་ ན་ནི། རིམ་བཞིན་དང་པོར་རྣམ་ཤེས་ཚོགས་གསུམ་གྱི་བདེ་བ་དང་། ཡིད་ཀྱི་ས་པའི་ཡིད་བདེ་རྣམ་ཤེས་ཚོགས་བཞིའི་བཏང་སྙོམས་དང་པོ། འདིར་རྒྱུ་སྙོམས་འཇུག་གི་ཚོར་བ་ལས་སྐྱེ་བའི་བསམ་གཏན་ལ་བཏང་སྙོམས་ལྷག་གོ། གཉིས་པ་ན་ཡིད་བདེ་དང་བཏང་སྙོམས་ སོ། །མིག་ལ་སོགས་པའི་རྣམ་ཤེས་ཚོགས་གཞན་མེད་པས་བདེ་བ་ནི་མ་སྨོས། རྒྱུའི་སྙོམས་འཇུག་ལས་འབྲས་བུ་འདིར་ཡིད་ཀྱི་བཏང་སྙོམས་ལྷག་གོ། གསུམ་པ་ན་ཡིད་བདེ་དང་བཏང་སྙོམས་ཏེ། རྒྱུ་སྙོམས་འཇུག་བདེ་བ་ལས་མེད་པ་ལ་འབྲས་བུ་འདིར་ཡིད་བདེ་དང་ ཡིད་ཀྱི་བཏང་སྙོམས་གཉིས་ལྷག་བཞི་པ་ན་བཏང་སྙོམས་ཀྱི་ཚོར་བ་ཁོ་ན་ཡོད་དེ། རྒྱུ་འབྲས་ཚོར་བ་བཏང་སྙོམས་པར་འདྲའོ། །གཉིས་པ་ནི། གཉིས་པ་སོགས་ན་ལུས་མིག་དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །དེ་ལུང་མ་བསྟན་ཉོན་མོངས་མིན། །བསམ་གཏན་གཉིས་པ་སོགས་ན་རྣམ་ཤེས་ཚོགས་གསུམ་མེད་ལ། རྟོག་དཔྱོད་ཀྱང་མེད་ན་དེ་དག་གིས་ཇི་ལྟར་ན་མཐོང་བ་དང་རིག་ པར་འགྱུར། རིག་བྱེད་ཀུན་ནས་སློང་བར་བྱེད་ཅེ་ན། བསམ་གཏན་གཉིས་པ་སོགས་གསུམ་ན་ཆོས་ཅན། རྣམ་ཤེས་ཚོགས་གསུམ་དང་རྟོག་དཔྱོད་དེར་སྐྱེས་པ་རྣམས་ལ་མེད་པ་མ་ཡིན་ལ། རྣམ་ཤེས་ཚོགས་གསུམ་དང་རྟོག་དཔྱོད་བསམ་གཏན་གཉིས་པ་སོགས་རང་གི་ས་པ་ 3-1-383a ཡང་མ་ཡིན་ཏེ། དེར་སྐྱེས་པའི་ལུས་དང་མིག་དང་རྣ་བའི་རྣམ་ཤེས་དང་རྣམ་པར་རིག་བྱེད་ཀུན་སློང་རྟོག་དཔྱོད་མངོན་དུ་བྱ་བ་གང་ཡིན་དེ་ནི་བསམ་གཏན་དང་པོར་གཏོགས་པའི་ཕྱིར། གོང་མར་སྐྱེས་པ་འོག་མར་སྤྲུལ་པ་སྤྲུལ་འདོད་པས་ས་འོག་མའི་སྤྲུལ་སེམས་མངོན་དུ་བྱེད་པ་བཞིན་ ནོ། །བསམ་གཏན་གཉིས་པ་ལ་སོགས་པར་མངོན་དུ་བྱེད་པའི་བསམ་གཏན་དང་པོའི་ས་པའི་ལུས་མིག་སོགས་ཀྱི་རྣམ་ཤེས་དེ་ཆོས་ཅན། མ་སྒྲིབ་པ་ལ་ལུང་དུ་མ་བསྟན་པ་ཡིན་ཏེ། ཉོན་མོངས་ཅན་ཡང་མིན་ལ་དགེ་བའང་མ་ཡིན་པའི་ཕྱིར་ཏེ། བསམ་གཏན་དང་པོ་ལ་ཆགས་བྲལ་གྱི་གཉིས་ པར་མངོན་དུ་བྱེད་པའི་དང་པོའི་དགེ་བ་ནི་གཉིས་པའི་ས་པ་པའི་དམན་པས་གཉིས་པར་མངོན་དུ་མི་བྱེད་ལ། དགོས་པའི་ཕྱིར་མངོན་དུ་བྱེད་པའི་ཕྱིར་དང་། དགེ་བ་ནི་རྣམ་སྨིན་དང་བཅས་པ་ཡིན་ན་འདིས་ནི་རྣམ་སྨིན་དོན་དུ་མི་གཉེར་བས་དགེ་སེམས་མངོན་དུ་བྱ་བ་ལ་མི་འབད་པའི་ཕྱིར་རོ། ། འདིར་སྨྲས་པ། འཇིག་རྟེན་འདི་དང་འཇིག་རྟེན་འདས་པ་ཡི། །ལམ་གྱི་རིམ་པས་འཁོར་བའི་ས་རྣམས་ལས། །སྒྲོལ་བྱེད་ཐབས་འདིར་བདག་ཡིད་གདུང་གྱུར་ཏེ། །ཇི་བཞིན་འབྱེད་པའི་ཤེས་རབ་འཁྲུལ་མེད་ཅིག །རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས། །དཔལ་ལྡན་བླ་མ་དམ་ པ་མཆོག་གྱུར་ལ། །གསོལ་བ་དྲག་ཏུ་བཏབ་པའི་ནུས་པ་ལས། །ཇི་ལྟར་ཡིད་ལ་རེ་བཞིན་བསོད་པ་ཡི། །ངོ་མཚར་དགའ་བ་བྱེ་བའི་འབྱུང་གནས་ཞིག །རང་སེམས་སྙིང་པོར་འདྲེས་སོ་དབྱངས་ཅན་བཟང་། །ད་ནི་ཚུལ་འདི་ཐར་པ་འདོད་རྣམས་ལ། །ཅིས་ཀྱང་བརྡ་སྤྲོད་བྱེད་ ལ་བརྩོན་པ་སྙམ། །ཞེས་སོ། ། གསུམ་པ་སྙོམས་འཇུག་གི་ཐོབ་ཚུལ་ལ། ཇི་ལྟར་ཐོབ་པའི་ཚུལ་དངོས། གང་གི་མཇུག་ཏུ་གང་སྐྱེ་བ། ཐོད་རྒལ་གྱི་སྙོམས་འཇུག་སྐྱེ་ཚུལ་ལོ། །དང་པོ་ལ། དག་པ་བ་ཐོབ་ཚུལ། ཟག་མེད་ཐོབ་ཚུལ། ཉོན་མོངས་ཅན་ཐོབ་ཚུལ་ལོ། །དང་ 3-1-383b པོ་ནི། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་འཐོབ། །བསམ་གཏན་ནམ་གཟུགས་མེད་དག་པ་བ་དེ་དང་མི་ལྡན་པ་ནི་ས་འོག་མ་ལས་འདོད་ཆགས་དང་བྲལ་བའམ། སྲིད་རྩེ་མ་གཏོགས་པ་གོང་ནས་ས་འོག་མར་སྐྱེ་བས་ཐོབ་སྟེ། སྲིད་རྩེ་ནི་ས་འོག་མ་ལས་འདོད་ཆགས་དང་བྲལ་བས་ཐོབ་ཀྱི། ས་གོང་ནས་འོག་ཏུ་སྐྱེ་བས་ཐོབ་པ་ མེད་པའི་ཕྱིར། དངོས་གཞིའི་དབང་དུ་བྱས་ཀྱི་ཉེར་བསྡོགས་ནི་འདོད་ཆགས་དང་མ་བྲལ་བ་སྦྱོར་བས་ཀྱང་ཐོབ་བོ། །དེ་ཡང་སྔར་ཡེ་མི་ལྡན་པ་ལས་ལྡན་པའི་དག་པ་ཐོབ་ཚུལ་གྱི་དབང་དུ་བྱས་པ་ནི་བཤད་མ་ཐག་པ་ལྟར་ཡིན་གྱི། ཡེ་ནས་ལྡན་པའི་དག་པ་ཙམ་ལ་ངེས་འབྱེད་ཆ་མཐུན་ གྱི་དག་པ་བ་སྐྱེ་བས་ཐོབ་པའང་ཡོད་མོད། སྔར་ནས་ལྡན་པ་ནི་ངེས་འབྱེད་ཆ་མཐུན་གྱི་བསམ་གཏན་དག་པ་བ་ལྡན་པ་ལ་ནི་ཆགས་བྲལ་དང་སྐྱེ་བས་མི་ཐོབ་ཀྱི་སྦྱོར་བས་མི་ཐོབ་ལ། གནས་པ་ཆ་མཐུན་ལས་ཉམས་པ་ཆ་མཐུན་དང་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བ་ ལས་ཉམས་པ་ལས་དང་པོའི་ཉམས་པའི་ཆ་མཐུན་ཐོབ་པ་ལྟ་བུ་ཉམས་པ་ལས་ཀྱང་ཐོབ་བོ། །ཉམས་པས་ཉམས་པ་ཆ་དང་མཐུན་པ་ཐོབ་པ་དེ་ཉིད་ཀྱི་ཕྱིར་འདི་ལྟར་ཤེས་པར་བྱ་དགོས་ཏེ། བསྟན་བཅོས་ལས། བསམ་གཏན་དག་པ་འདོད་ཆགས་དང་བྲལ་བས་ཐོབ་བར་འགྱུར་ ལ། འདོད་ཆགས་དང་བྲལ་བས་འདོར་བར་འགྱུར་བ་དང་། བསམ་གཏན་དང་པོའི་གནས་པ་ཆ་མཐུན་ལས་ཉམས་ན་ཉམས་པ་ཆ་མཐུན་ལས་ཐོབ་པ་དང་འདོར་བ་ནི་ཡོད་དམ་མེད་ཅེ་ན། ཡོད་དེ། འདོད་པ་ལས་འདོད་ཆགས་དང་བྲལ་བས་ཐོབ་ལ། ཚངས་པའི་འཇིག་རྟེན་ ལས་འདོད་ཆགས་དང་བྲལ་བས་འདོར་བ་ཡིན་ཏེ། ཉམས་པ་ཆ་མཐུན་གྱི་བསམ་གཏན་དེ་ཉོན་མོངས་དང་མཐུན་པས། དེའི་ཉོན་མོངས་པ་འདོར་བ་ན་དེ་བཞིན་དུ་དེའི་བསམ་གཏན་ཀྱང་དེའི་འདོད་ཆགས་དང་བྲལ་བས་འདོར་བར་བྱེད་པའི་ཕྱིར། ཡོངས་སུ་ཉམས་པ་ལས་ཐོབ་ 3-1-384a པ་དང་འདོར་བ་ཡོད་མེད་ཅེ་ན། ཚངས་པའི་འཇིག་རྟེན་ལས་ཆགས་བྲལ་ལས་ཡོངས་སུ་ཉམས་སུ་ཉམས་ན་ཉམས་པ་ཆ་མཐུན་ཐོབ་པ་ནི་དེའི་ས་པའི་ཉོན་མོངས་བཞིན་ཡིན་ལ། འདོད་པ་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་ཀྱང་དག་པ་ བ་དེ་འདོར་རོ། །བསམ་གཏན་དག་པ་སྐྱེ་བས་འཐོབ་པ་ཐོབ་པ་དང་འདོར་བ་ཡོད་མེད་ཅེ་ན། ཡོད་དེ། གོང་མ་གཉིས་པ་ལྟ་བུ་ནས་ཚངས་རིས་སུ་སྐྱེ་བ་ན་ཐོབ་ལ། ཚངས་གནས་ནས་འདོད་ཁམས་སུ་སྐྱེ་བ་ན་འདོར་བའོ། །གཉིས་པ་ནི། ཟག་མེད་འདོད་ཆགས་བྲལ་བ་ཡིས། །བསམ་གཏན་དང་གཟུགས་མེད་ ཟག་མེད་ནི་སྔར་མི་ལྡན་པ་ལས། འོག་ས་ལས་འདོད་ཆགས་དང་བྲལ་བ་ཡིས་ཐོབ་པར་བྱེད་དོ། །སྔར་ནས་ཟག་མེད་དང་ལྡན་པ་ནི་སྦྱོར་བའི་སྟོབས་ཀྱིས་ཟད་ཤེས་ལས་ཀྱང་མི་སློབ་པ་འཐོབ་ལ། དབང་པོ་བརྟུལ་པོའི་སློབ་མི་སློབ་རྣོན་པོར་འཕོས་པ་ན། རྣོན་པོས་བསྡུས་པའི་སློབ་ པ་དང་མི་སློབ་པ་ཐོབ་བོ། །ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ངེས་པ་ལ་འཇུག་པ་ལས་ཀྱང་ཟག་མེད་ཀྱི་བསམ་གཏན་དངོས་གཞི་ཐོབ་ཀྱང་མཐར་གྱིས་པ་མི་ལྕོགས་མེད་ཁོ་ན་ལ་བརྟེན་ནས་ངེས་པ་ལ་འཇུག་ན་དངོས་གཞི་ཐོབ་པས་ཐམས་ ཅད་ཀྱི་ཐོབ་པར་མ་ངེས་པས་ངེས་པ་ལ་འཇུག་པས་ཐོབ་པ་མ་བཤད་ཅིང་། མི་སློབ་པ་ཉམས་ན་སློབ་པས་བསྡུས་པའི་སྙོམས་འཇུག་དངོས་གཞི་ཐོབ་ཀྱང་སྙོམས་འཇུག་ཟག་མེད་ཀྱི་རིགས་ཙམ་སྔར་ནས་ལྡན་པས་གསར་ཐོབ་མེད་པས་ཉམས་པས་ཐོབ་པའང་མ་བཤད་ལ། ཟག་མེད་ ལ་སྐྱེ་བས་ཐོབ་པ་ནི་མེད་དོ། །གསུམ་པ་ནི། ཉོན་མོངས་ཅན་ཉམས་སྐྱེ་བ་ཡིས། །སྙོམས་འཇུག་ཉོན་མོངས་ཅན་ནི་སྔར་དེ་དང་མི་ལྡན་པ་ལས། བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་བསམ་གཏན་དང་པོ་ཉོན་མོངས་ཅན་ཐོབ་པ་ལྟ་བུ་ཡོངས་སུ་ཉམས་པས་ཐོབ་པ་དང་། 3-1-384b སྲིད་རྩེ་མ་གཏོགས་པ་བསམ་གཏན་གཉིས་པ་ཡན་ཆད་ནས་དང་པོར་སྐྱེས་ན། དང་པོའི་ཉོན་མོངས་ཅན་ཐོབ་པ་ལྟ་བུ་གོང་ས་ནས་འོག་སར་སྐྱེ་བ་ཡིས་ཐོབ་ལ། ཉོན་མོངས་ཅན་གྱི་སྲིད་རྩེ་ན་ཉམས་པ་ཁོ་ནས་ཐོབ་ལ། སྦྱོར་བ་དང་འདོད་ཆགས་དང་བྲལ་བས་ཐོབ་པ་ནི་མེད་ དོ། །གཉིས་པ་གང་གི་མཇུག་ཏུ་གང་སྐྱེ་བ་ལ། སྤྱིར་བསྟན་པ་དང་། ཕྱི་མ་གཉིས་ཀྱི་དམིགས་བསལ་ལོ། །དང་པོ་ལ། ཟག་མེད་ཀྱི་མཇུག་ཏུ་གང་སྐྱེ་བ། དག་པ་བའི་མཇུག་ཏུ་གང་སྐྱེ་བ། ཉོན་མོངས་ཅན་གྱི་མཇུག་ཏུ་གང་སྐྱེ་བའོ། །དང་པོ་ནི། ཟག་པ་མེད་པའི་མཇུག་ཐོགས་སུ། །ལྟག་འོག་གསུམ་པའི་བར་དགེ་བ། །སྐྱེའོ། །ཟག་མེད་བསམ་ གཏན་དང་པོའི་མཇུག་ཐོགས་སུ་དྲུག་སྐྱེ་སྟེ། རང་ས་དང་། གསུམ་པའི་བར་གྱི་དག་པ་བ་གསུམ་དང་། དེ་དག་གི་ཟག་མེད་གསུམ་མོ། །དེའང་རྒྱུན་གྱི་ཚེ་ཟག་མེད་རང་དང་། ལྡང་བའི་རང་སའི་དག་པ་བ་དང་། གཉིས་གསུམ་པའི་དག་པ་བ་དང་། ཟག་མེད་ནི་སྤེལ་མ་ དང་། སྤེལ་མ་མ་ཡིན་པར་རིམ་བཞིན་ལུགས་བཞིན་དང་ཐོད་རྒལ་དུ་སྙོམས་པར་འཇུག་ནའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་བདུན་ཏེ། རང་ས་དང་། རྣམ་ཤེས་དང་། ནམ་མཁའ་མཐའ་ཡས་ཀྱི་ས་པའི་དག་པ་དང་། ཟག་མེད་ཀྱི་ལུགས་མཐུན་ལ་སྙོམས་ པར་འཇུག་པ་ལས་ལངས་པའི་ཆེད་དུ་སྲིད་རྩེའི་དག་པ་བ་ཁོ་ན་སྟེ། དེའི་ཟག་མེད་མེད་པའི་ཕྱིར་རོ། །བསམ་གཏན་གཉིས་པའི་རྗེས་སུ་བརྒྱད་དེ། རང་གི་ས་པ་དང་། བསམ་གཏན་གསུམ་པ་དང་། བཞི་པ་དང་། དང་པོའི་ས་པ་དང་། ཟག་པ་མེད་པ་དག་གོ། རྣམ་ཤེས་ མཐའ་ཡས་ཀྱི་སྐྱེ་མཆེད་ཀྱི་མཇུག་ཏུ་དགུ་སྟེ། རང་གི་ས་པའི་གཉིས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། བསམ་གཏན་བཞི་པའི་ས་བཞི་དང་། ཅི་ཡང་མེད་པ་དང་། སྲིད་པའི་རྩེ་མོའི་ས་དང་གསུམ་མོ། །འདི་ལའང་བརྒྱད་ལ། དག་པ་དང་ཟག་མེད་གཉིས་ཀ་ཡོད་ལ། 3-1-385a སྲིད་རྩེ་བ་ལ་ཟག་མེད་མེད་དོ། །ལར་འདིའི་ལུགས་ཀྱི་ཡར་འཛེགས་མར་འབབ་གང་ལའང་རེ་རེ་ནས་བརྒལ་ཞིང་སྙོམས་པར་འཇུག་ནུས་ཀྱི་གཉིས་གཉིས་དང་གསུམ་གསུམ་དང་བཞི་བཞི་དང་ལྔ་ལྔ་སོགས་བརྒལ་ཞིང་འཇུག་ནུས་པ་མིན་ལ། ལུགས་མཐུན་དང་ ཐོད་རྒལ་དུ་སྤེལ་བ་དང་། སྤེལ་བ་མིན་པ་འདིའང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་ཇི་ལྟར་ཡིན་ཞིབ་ཏུ་མཚོན་ནས་བཤད་ན། གཞན་རྣམས་ལའང་རིགས་འགྲེ་བས། འདི་ལྟར་སྐྱེ་མཆེད་འདིའི་མཇུག་ཐོགས་སུ་རང་སའི་གཉིས་དང་། ལུགས་དང་མཐུན་པར་སྙོམས་ པར་འཇུག་ན་ཅིའང་མེད་པའི་སྐྱེ་མཆེད་ཀྱི་གཉིས་དང་། ལུགས་མཐུན་པར་རིགས་མི་མཐུན་པ་གསུམ་པར་འགྲོ་ན་སྙོམས་པར་འཇུག་པ་ལས་ལངས་པའི་ཚེ་སྲིད་རྩེའི་དག་པ་ཁོ་ན་འབྱུང་སྟེ། དེ་ན་རྒྱུ་བ་ཞན་པས་ཟག་མེད་མེད་པའི་ཕྱིར། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ན། ནམ་ མཁའ་དང་བསམ་གཏན་བཞི་པའི་ས་པའི་དག་པ་བ་དང་ཟག་མེད་གཉིས་གཉིས་སོ། །དེ་ལྟར་བསམ་གཏན་གཟུགས་མེད་གཞན་གྱི་མཇུག་ཐོགས་སུའང་བཅུ་སྦྱར་བར་བྱ་སྟེ། བསམ་གཏན་གསུམ་པའི་མཇུག་ཐོགས་སུ་རང་སའི་དག་པ་དང་ཟག་མེད་དེ་གཉིས་དང་། བསམ་གཏན་བཞི་ པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་པ་བཞི་དང་། དང་པོ་དང་གཉིས་པའི་ས་པ་བཞི་སྟེ་བཅུ་འབྱུང་ངོ་། །བསམ་གཏན་བཞི་པའི་མཇུག་ཐོགས་སུའང་བཅུ་འབྱུང་སྟེ། རང་སའི་དག་པ་ཟག་མེད་གཉིས་དང་། ནམ་མཁའ་རྣམ་ཤེས་ཀྱི་ས་པ་བཞི་དང་། བསམ་གཏན་གཉིས་པ་ གསུམ་པའི་ས་པ་བཞིའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མཇུག་ཐོགས་སུ་བཅུ་སྟེ། རང་སའི་གཉིས་དང་། རྣམ་ཤེས་ཅི་ཡང་གི་བཞི་དང་། བསམ་གཏན་གསུམ་པ་དང་བཞི་པའི་བཞི་འབྱུང་བས་སོ། །སྲིད་རྩེ་ལ་ཟག་མེད་མེད་པ་དེའི་མཇུག་ཐོགས་སུ་འབྱུང་བ་མ་བགྲང་ངོ་། །འདིར་ལུགས་ 3-1-385b འབྱུང་སྙོམས་འཇུག་གི་ཚེ་སྤེལ་མ་སྤེལ་དང་། ལུགས་འབྱུང་ཐོད་རྒལ་གྱི་ཚེ་སྤེལ་མ་སྤེལ་དང་། ལུགས་མི་མཐུན་སྙོམས་འཇུག་གི་ཚེ་སྤེལ་མ་སྤེལ་དང་། ལུགས་མི་མཐུན་སྙོམས་འཇུག་གི་ཐོད་རྒལ་གྱི་ཚེ་སྤེལ་མ་སྤེལ་ཏེ་བཞིར་ཤེས་པར་བྱའོ། །མདོར་བསྡུ་ན། བསམ་ གཟུགས་ཟག་པ་མེད་པའི་སྙོམས་འཇུག་གི་རྫས་ཀྱི་མཇུག་ཐོགས་སུ་རང་གི་ས་པ་དང་། ལྟག་ས་གོང་མ་དང་འོག་ས་གསུམ་པའི་བར་གྱི་དགེ་བ་དག་པ་བ་དང་ཟག་པ་མེད་པ་སྐྱེ་སྟེ། ཐོད་རྒལ་དུ་སྙོམས་པར་འཇུག་པར་བྱེད་པས་གསུམ་པ་ཕན་ཆོད་དུ་བརྒལ་མི་ནུས་པའི་ཕྱིར་ རོ། །རྗེས་སུ་ཤེས་པའི་མཇུག་ཐོགས་སུ་གཟུགས་མེད་ལ་སྙོམས་པར་འཇུག་གི། ཆོས་ཤེས་ཀྱི་མཇུག་ཐོགས་སུ་མ་ཡིན་ཏེ། ཆོས་ཤེས་དེའི་རྟེན་འོག་མ་འདོད་ཁམས་དང་དམིགས་པའང་འོག་མའི་སྡུག་བསྔལ་ལ་སོགས་པ་ཡིན་པའི་ཕྱིར། གཉིས་པ་ནི། དག་པ་ལས་དེ་བཞིན། །རང་གི་ས་པའི་ཉོན་མོངས་ཀྱང་། །སྙོམས་འཇུག་དག་ པ་བ་ལས་དག་པ་དང་ཟག་མེད་སྐྱེ་བའང་བཤད་མ་ཐག་པ་དེ་བཞིན་རིག་པར་བྱ་ལ། ལྷག་པར་དག་པ་པའི་མཇུག་ཏུ་རང་གི་ས་པའི་ཉོན་མོངས་ཀྱང་སྐྱེ་སྟེ། ཟག་མེད་ཀྱི་མཇུག་ཐོགས་སུ་ཉོན་མོངས་ཅན་སྐྱེ་བ་མེད་པའི་ཕྱིར་ཏེ། ཉོན་མོངས་ཅན་དང་འཇུག་པ་ཤིན་ཏུ་འགལ་བའི་ཕྱིར། གསུམ་པ་ནི། ཉོན་མོངས་ཅན་ལས་རང་དག་དང་། །ཉོན་མོངས་འོག་མའི་དག་གཅིག་ཀྱང་། །སྙོམས་འཇུག་ཉོན་མོངས་ཅན་གྱི་མཇུག་ཐོགས་ལས་ཤེས་བཞིན་དང་དྲན་པས་ཟིན་ནས་ལངས་པའི་ཚེ་རང་སའི་དག་པ་བ་དང་། རྒྱུན་གྱི་ཚེ་ཉོན་མོངས་ཅན་སྐྱེ་ལ། དེར་མ་ཟད་ཉོན་མོངས་པས་གཟིང་ཆེས་ནས་འོག་མའི་དག་པ་བ་ལ་དགའ་བར་གྱུར་པས་དེའི་དག་པ་བ་ གཅིག་ཀྱང་སྐྱེའོ། །གལ་ཏེ་གོས་པའི་ཉོན་མོངས་ཅན་འདིའི་རྒྱུན་ཡོངས་སུ་བཅད་ནས། འདི་པས་འོག་མའི་དགེ་བ་རུང་སྙམ་ནས་འོག་མར་འཕོ་བ་ནི། སྡིག་པ་ལ་སྡིག་པར་ལྟ་ན་ཡང་དག་པའི་ལྟ་བ་ཡིན་པས་གོང་མའི་དགེ་བ་ལས་འཕོ་བ་ཡིན་གྱི་ཉོན་མོངས་ཅན་ལས་ནི་མ་ཡིན་ནོ། ། 3-1-386a འོན་ཏེ་གོང་མའི་ཉོན་མོངས་ཅན་སྐྱོན་དུ་ཤེས་ནས་ཡོངས་སུ་རྒྱུན་གཅོད་པའི་བློས་འཕོ་བ་མ་ཡིན་ན་ཇི་ལྟར་འཕོ་ཞེ་ན། སྙོམས་འཇུག་གི་གོང་རོལ་ནས་བློའི་འཕེན་པས་འཕངས་པའི་སྒོ་ནས་འགྲུབ་སྟེ། སྔོན་འདི་སྙམ་དུ་འོག་མའི་དག་པ་བ་ནི་སླའི། གོང་མའི་ ཉོན་མོངས་ཅན་ནི་མ་ཡིན་ནོ་སྙམ་དུ་འདོད་པར་འགྱུར་བས། སྔོན་གྱི་བསམ་པའང་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུན་ལ་ས་བོན་གྱི་ནུས་པ་རྗེས་སུ་འབྲང་བས་དེ་ཉིད་སད་སྟོབས་ཀྱིས་འགྲུབ་པའི་ཕྱིར། ནམ་ཕྱེད་དམ་ཟླ་བ་ཤར་བའི་ཚེ་སད་པར་བྱའོ་ཞེས་བསམས་ནས་གཉིད་ལོག་པ་འདོད་ པའི་དུས་སུ་སད་པ་བཞིན་ནོ། །ཉོན་མོངས་ཅན་གྱི་མཇུག་ཐོགས་སུ་ཟག་མེད་ནི་རང་དང་འོག་སའི་ས་པ་རྣམ་པ་ཐམས་ཅད་དུ་མི་སྐྱེའོ། །གཉིས་པ་ཕྱི་མ་གསུམ་གྱི་དམིགས་བསལ་ལ། འཆི་འཕོ་བའི་གནས་སྐབས་དང་། ཆ་མཐུན་བཞི་ལ་དམིགས་ཀྱིས་བསལ་བའོ། །དང་པོ་ ལ། དག་པ་བ་དང་། ཉོན་མོངས་ཅན་གཉིས། དང་པོ་ནི། འཆི་འཕོའི་དག་ལས་ཉོན་མོངས་ཀུན། །སྙོམས་པར་འཇུག་པའི་དུས་ཀྱི་ཆེད་དུ་དག་པ་བ་དང་ཉོན་མོངས་ཀྱི་མཇུག་ཐོགས་སུ་རང་སའི་ཉོན་མོངས་ཅན་ཁོ་ན་སྐྱེའི། གཞན་གྱི་ས་པ་སྐྱེ་བ་ནི་མ་ཡིན་ལ། སྙོམས་འཇུག་མ་ཡིན་པ་མཉམ་པར་མ་བཞག་པའི་དགེ་བ་ དག་པ་བའི་མཇུག་ཐོགས་སུ་རང་དང་གོང་འོག་གི་ས་ཀུན་གྱི་ཉོན་མོངས་སྐྱེ་བར་བཤད་ཀྱི། འཆི་འཕོ་བའི་ཚེ་ན་འཆི་སྲིད་ནི་མཉམ་གཞག་མིན་པས་སྙོམས་འཇུག་གི་བསམ་གཏན་དག་པ་བ་མེད་ཀྱང་སྐྱེ་བའི་བསམ་གཏན་སྐྱེས་ཐོབ་ཀྱི་དགེ་བ་མཉམ་གཞག་མིན་པ་ལའང་བསམ་གཏན་ དག་པ་བ་ཞེས་ཐ་སྙད་དུ་འཇུག་པས། དག་པ་བ་དེ་ལས་ནི་རང་ས་དང་གོང་འོག་གི་ས་གང་དུ་སྐྱེ་བ་དེ་དག་ཐམས་ཅད་ཀྱི་ཉིང་མཚམས་སྦྱོར་བའི་སེམས་ཉོན་མོངས་པ་ཅན་ཀུན་འབྱུང་བ་སྲིད་དེ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཅེས་འབྱུང་བས་སྐྱེ་བའི་སེམས་ཐམས་ཅད་ཉོན་ 3-1-386b མོངས་ཅན་དུ་ངེས་པའི་ཕྱིར། གཉིས་པ་ནི། ཉོན་མོངས་ཅན་ལས་གོང་མ་མིན། །འཆི་འཕོ་བའི་ཚེ་སྙོམས་འཇུག་ཉོན་མོངས་ཅན་ལས་རང་ས་དང་འོག་སའི་ཉོན་མོངས་ཅན་སྐྱེའི། གོང་མའི་ཉོན་མོངས་ཅན་སྐྱེ་བ་མིན་ཏེ། འོག་མའི་ཉོན་མོངས་པ་མ་སྤངས་པར་ཡོད་ན་གོང་མར་མི་སྐྱེ་བས་དེ་དེར་ཉིང་མཚམས་སྦྱོར་ འགལ་བའི་ཕྱིར། གཉིས་པ་ཆ་མཐུན་བཞིའི་དམིགས་བསལ་ལ། དག་པ་བ་ལ་དེ་བཞིར་དབྱེ་བ། དབྱེ་བ་སོ་སོའི་དོན། བཞི་པོ་གང་གི་མཇུག་ཏུ་གང་སྐྱེ་བའོ། །དང་པོ་ནི། དག་པ་ཉམས་པའི་ཆ་མཐུན་སོགས། །རྣམ་བཞི། དག་པ་བ་ཐམས་ཅད་ལ་ཟག་མེད་ཀྱི་སྙོམས་འཇུག་སྐྱེ་བ་མ་ཡིན་ལ། སྤྱིར་དག་པ་བ་ལ་ཉམས་ པ་ཆ་མཐུན་དང་སོགས་པས་གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་རྣམ་པ་བཞི་ཡོད་པ་ལས། སྲིད་རྩེ་ལ་ཁྱད་པར་ཆ་མཐུན་མེད་དེ་གོང་ས་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ནི་གོ་རིམས་བཞིན། །ཉོན་མོངས་སྐྱེ་དང་རང་ས་དང་། །གོང་དང་ཟག་མེད་རྗེས་མཐུན་པ། །དེའི་མཚན་ཉིད་ནི་གོ་རིམ་བཞིན་དུ་རྒྱུན་གྱི་དུས་སུ་ཉོན་མོངས་སྐྱེ་བ་དང་རྗེས་སུ་ མཐུན་པ་དང་། རང་ས་དང་རྗེས་སུ་མཐུན་པ་དང་། ས་གོང་མ་དང་རྗེས་སུ་མཐུན་པ་དང་། ཟག་མེད་དང་རྗེས་སུ་མཐུན་པའོ། །གསུམ་པ་ནི། ཉམས་ཆ་མཐུན་སོགས་མཇུག་ཐོགས་སུ། །གཉིས་དང་གསུམ་དང་གསུམ་དང་གཅིག །ཉམས་པ་ཆ་མཐུན་ཉམས་པ་དང་བསྟེན་པས་དེའི་མཇུག་ཐོགས་སུ་རྒྱུན་གྱི་དུས་སུ་ཉམས་པ་ཆ་མཐུན་དང་། ཁྱད་པར་དུ་འགྲོ་བའི་དུས་ གནས་པ་ཆ་མཐུན་གཉིས་དང་སོགས་པས་གནས་པ་ཆ་མཐུན་གྱི་མཇུག་ཐོགས་སུ་ཆ་མཐུན་ཐ་མ་མ་གཏོགས་པ་གསུམ་དང་། ཁྱད་པར་ཆ་མཐུན་གྱི་མཇུག་ཐོགས་སུ་ཉམས་པ་ཆ་མཐུན་མ་གཏོགས་པ་གསུམ་དང་སྟེ། ཉམས་པ་ཆ་མཐུན་མ་བཏང་ན་ཁྱད་ཅན་སྐྱེ་བར་མི་རུང་བའི་ཕྱིར། ངེས་འབྱེད་ཆ་མཐུན་གྱི་མཇུག་ཐོགས་སུ་ངེས་འབྱེད་གཅིག་པུ་སྐྱེའོ། །གསུམ་པ་ཐོད་རྒལ་གྱི་སྐྱེ་ཚུལ་ལ། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ལ། རིང་སྦྱོར་དང་། ཉེ་སྦྱོར་ལས། དང་པོ་ནི། ས་བརྒྱད་རྣམ་གཉིས་འབྲེལ་བ་དང་། །ཐོད་རྒལ་གྱི་སྙོམས་འཇུག་ཇི་ལྟར་སྐྱེ་ཞེ་ན། བསམ་གཟུགས་ཀྱི་ས་བརྒྱད་ལ་ཟག་བཅས་ 3-1-387a ཟག་མེད་རྣམ་གཉིས་ཀྱི་ལུགས་མཐུན་དང་ལུགས་མི་མཐུན་པར་གོ་རིམ་ཉིད་ཀྱི་འཇུག་པས་འབྲེལ་བའོ། །གཉིས་པ་ནི། གཅིག་རྒལ་སོང་ཞིང་འོངས་ནས་ནི། །དེས་ན་གཅིག་སྟེ་རེ་རེ་བརྒལ་ནས་སོང་བ་ལུགས་མཐུན་དུ་སྙོམས་པར་ཞུགས་ཤིང་ལུགས་དང་མི་མཐུན་པར་སྙོམས་པར་ཞུགས་ཏེ་ འོང་ནས་ནི་ཟག་བཅས་ས་བརྒྱད་དང་ཟག་མེད་ཀྱི་ས་བདུན་ལུགས་དང་མཐུན་པ་དང་མི་མཐུན་པར་སྙོམས་འཇུག་གི་སྒོ་ནས་བྱང་བར་བྱས་ནས་ཕྱིས་ཟག་བཅས་ཀྱི་བསམ་གཏན་དང་པོ་ནས་ཟག་བཅས་ཀྱི་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཅིང་། དེ་ནས་ནམ་མཁའ་མཐའ་ ཡས་སྐྱེ་མཆེད་ལ། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། དེ་བཞིན་དུ་ལུགས་དང་མི་མཐུན་པ་བྱང་བར་བྱས་ནས་ཟག་མེད་རྣམས་ཀྱང་རེ་རེ་བརྒལ་ཞིང་ལུགས་མཐུན་དང་། ལུགས་དང་མི་མཐུན་པ་སྙོམས་པར་འཇུག་པ་ནི་སྦྱོར་བ་ཡིན་ནོ། །དེའང་ཟག་ བཅས་ཟག་མེད་མཐུན་པར་ཡར་འཕར་མར་འབབ་ཅིག་འགྲོས་བྱེད་རུང་ཟག་བཅས་ཟག་མེད་མཐུན་པར་གཅིག་བརྒལ་དུ་ཡར་འཕར་མར་འབབ་བྱེད་པ་ནི་སྦྱོར་བ་ཡིན་ནོ། །གཉིས་པ་དངོས་གཞི་ནི། རིགས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཟག་བཅས་ཀྱི་བསམ་གཏན་དང་པོ་ནས་ཟག་མེད་ཀྱི་བསམ་གཏན་གསུམ་ པ་དང་། དེ་ནས་ཟག་བཅས་ཀྱི་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དང་། དེ་ནས་ཟག་མེད་ཀྱི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་ལུགས་དང་མཐུན་པར་ས་རེ་རེ་བརྒལ་ཞིང་རིགས་མི་མཐུན་པ་གསུམ་པ་ལ་སྙོམས་པར་འཇུག་པ་དང་། དེ་བཞིན་དུ་ཟག་བཅས་ཀྱི་ཅི་ཡང་མེད་ པའི་སྐྱེ་མཆེད་ནས་ཟག་མེད་ཀྱི་བསམ་གཏན་དང་པོའི་བར་དུ་ལུགས་མི་མཐུན་པར་ས་རེ་རེ་བརྒལ་ཞིང་རིས་མི་མཐུན་པ་གསུམ་པར་འགྲོ་བ་དང་། དེ་བཞིན་དུ་ཟག་མེད་ཀྱི་བསམ་གཏན་དང་པོ་ནས་ཟག་བཅས་ཀྱི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་ལུགས་དང་མཐུན་ 3-1-387b པར་ས་རེ་རེ་བརྒལ་ཞིང་རིས་མི་མཐུན་པ་གསུམ་པར་འགྲོ་བ་དང་། དེ་བཞིན་དུ་ཟག་མེད་ཀྱི་ཅི་ཡང་མེད་པའི་སྐྱེ་མཆེད་ནས་ཟག་བཅས་ཀྱི་བསམ་གཏན་དང་པོའི་བར་དུ་ལུགས་མི་མཐུན་པར་ས་རེ་རེ་བརྒལ་ཞིང་རིས་མི་མཐུན་པར་གསུམ་པར་འགྲོ་བ་སྟེ། ཟག་བཅས་ཟག་མེད་ རིས་མི་མཐུན་པའང་གསུམ་པར་འགྲོ་བ་སྟེ། སྤེལ་ནུས་པའི་ཐོད་རྒལ་གྱི་ནི་སྙོམས་འཇུག་གི་དངོས་གཞི་གྲུབ་པ་ཡིན་ནོ། །དེ་བཞིན་ཟག་བཅས་ཟག་མེད་ཀྱི་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་དང་། སྲིད་རྩེ་ནས་གཉིས་པའི་བར་དུ་ལུགས་དང་མཐུན་པ་དང་མི་མཐུན་པར་ ས་རེ་རེ་བརྒལ་ནས་རིས་མི་མཐུན་པ་གསུམ་པར་འགྲོ་བའི་ཐོད་རྒལ་སོགས་ལའང་སྦྱར་ཏེ་ཤེས་པར་བྱའོ། །བཞི་པ་ལ་ནི་སྙོམས་པར་མི་འཇུག་སྟེ་ཤིན་ཏུ་རིང་བའི་ཕྱིར། དེའང་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་ཀྱིས་ཐོད་རྒལ་ལ་སྙོམས་པར་འཇུག་སྟེ་བློ་གསལ་བའི་ཕྱིར། མཐོང་ཐོབ་དབང་པོ་རྣོ་བས་ཏིང་ངེ་འཛིན་ལ་དབང་ཡང་སྒོམ་སྤོང་ཉོན་མོངས་མེད་པ་མ་ཡིན་ལ། དུས་ཀྱི་རྣམ་གྲོལ་ཉོན་མོངས་མེད་པ་ཡིན་ཀྱང་དབང་པོ་བརྟུལ་བས་ཏིང་ངེ་འཛིན་ལ་དབང་བ་མ་ཡིན་པས་དུས་དང་མི་སྦྱོར་བའི་རྣམ་པར་གྲོལ་བའི་དགྲ་བཅོམ་པ་མི་གཡོ་བ་ཁོ་ནས་སྐྱེད་ པར་བྱེད་དེ། མི་སློབ་པ་ཡིན་པས་ཉོན་མོངས་མེད་པའི་ཕྱིར་དང་། དབང་པོ་རྣོ་ཞིང་བསམ་གཏན་དངོས་གཞི་ཐོབ་པས་ཏིང་ངེ་འཛིན་ལ་དབང་འབྱོར་བའི་ཕྱིར། བཞི་པ་རྟེན་གང་གིས་གང་མངོན་དུ་བྱེད་པ་ལ། སྤྱིར་བཏང་བ་དང་། སྲིད་རྩེ་ལ་དམིགས་པའོ། །དང་པོ་ནི། བསམ་གཏན་གཟུགས་མེད་རང་དང་ནི། །འོག་སའི་རྟེན་ཅན་འོག་དགོས་མེད། །བསམ་གཏན་དང་སྲིད་རྩེ་ལ་སོགས་པའི་གཟུགས་མེད་ཀྱི་སྙོམས་འཇུག་ནི་རང་ས་དང་ནི་འོག་ས་འདོད་པའི་བར་དུ་མངོན་དུ་བྱེད་པའི་རྟེན་ཅན་ཡིན་གྱི། གོང་དུ་སྐྱེས་པས་སྙོམས་འཇུག་འོག་མ་མངོན་དུ་མི་བྱེད་དེ། དེ་ལ་ནི་སྙོམས་འཇུག་འོག་མའི་རྫས་ཀྱིས་ཅུང་ཟད་ཅིག་ཀྱང་ 3-1-388a དགོས་བྱེད་མེད་པའི་ཕྱིར་ཏེ། འོག་མའི་ཏིང་ངེ་འཛིན་བསྐྱེད་པ་ནི་འོག་མའི་རྣམ་སྨིན་གྱི་ཆེད་དུ་བསྐྱེད་པ་ཡིན་ལ། གོང་མ་དེ་འོག་མའི་རྣམ་སྨིན་གྱི་ས་ལ་འདས་ཤིང་འོག་མའི་ཏིང་ངེ་འཛིན་དམན་པའི་ཕྱིར་རོ། །གཉིས་པ་ནི། སྲིད་རྩེར་འཕགས་པའི་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །སྤྱིར་བཏང་ནས་དམིགས་ བསལ་བ་ནི། སྲིད་རྩེར་སྐྱེས་པའི་འཕགས་པ་ནི་ཟག་མེད་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་སུམ་དུ་བྱས་ནས་སྲིད་རྩེའི་ཟག་པ་ཟད་པར་བྱེད་དེ། སྲིད་རྩེའི་ཟག་མེད་ཀྱི་ལམ་མེད་པའི་ཕྱིར་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཟག་མེད་དེ་སྲིད་རྩེ་ལ་ཐག་ཉེ་བའི་ཕྱིར་རོ། །ལྔ་པ་སྤྱོད་ ཡུལ་གང་ཡིན་པ་ལ། བསམ་གཏན་ཉོན་མོངས་ཅན་གྱི་ས་གང་ལ་དམིགས་པ། བསམ་གཏན་དག་པ་བ་དང་ཟག་མེད་ཀྱི་ས་གང་ལ་དམིགས་པ། གཟུགས་མེད་ཀྱི་དངོས་གཞི་ས་གང་ལ་དམིགས་པའོ། །དང་པོ་ནི། སྲེད་བཅས་རང་གི་སྲིད་ལ་དམིགས། །སྲེད་བཅས་རོ་མྱོང་མཚུངས་ལྡན་ནི་རང་གི་ས་པའི་ སྲིད་པ་ཟག་བཅས་ཀྱི་དངོས་པོ་ལ་དམིགས་སོ། །འོག་མ་ལའང་མི་དམིགས་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར། གོང་མ་ལ་ཡང་དམིགས་པ་མ་ཡིན་ཏེ། ས་རྣམས་ནི་རང་སའི་སྲེད་པས་དེ་ཁོ་ན་ལ་རྒྱས་པས་སྲེད་པ་ཡོངས་སུ་གཅོད་པའི་ཕྱིར། དེ་ལྟར་མ་ཡིན་ན་དེ་ གོང་མ་ཉིད་དུ་མི་འགྲུབ་སྟེ། ས་ཐ་དད་དུ་མ་བཅད་པའི་ཕྱིར། ས་གཅིག་པའི་གནས་གཞན་བཞིན་ནོ། །དེས་ན་གནས་གཞན་གསུམ་གསུམ་པོ་རྣམས་དང་བརྒྱད་པོ་ལྟག་ལོག་ཏུ་འདུག་ཀྱང་རང་ས་རང་ས་གཅིག་པར་འགྲུབ་སྟེ། སྲིད་པའི་ཚོལ་བར་འགྲོ་བ་དང་ལྡན་པའི་ཕྱིར། ཟག་མེད་ལའང་དམིགས་པ་མ་ཡིན་ཏེ། དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། གཉིས་པ་ནི། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །བསམ་གཏན་དགེ་བ་དག་པ་བ་དང་ཟག་མེད་ཀྱི་ཡུལ་ནི་འདུས་བྱས་འདུས་མ་བྱས་ཅི་ཡོད་དགུ་ཐམས་ཅད་རུང་བ་ཡིན་ནོ། །གསུམ་པ་ནི། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །བསམ་གཏན་རྣམས་ནི་ཀུན་ཏུ་ 3-1-388b བལྟ་བ་ཡིན་པས་མ་སྨོས་ལ། གཟུགས་མེད་པའི་དངོས་གཞི་དགེ་བ་རྣམས་ཀྱི་སྤྱོད་ཡུལ་ནི་ས་འོག་མའི་ཟག་བཅས་ཀྱི་དངོས་པོ་མིན་ཏེ། རང་ས་དང་ས་གོང་མ་ལ་དམིགས་པའི་ཕྱིར། ཤིན་ཏུ་དེ་ཞི་བ་ཡིན་ལ་ས་འོག་མ་རབ་ཏུ་མ་ཞི་བ་ཡིན་པའི་ཕྱིར། ཆོས་འོག་མའི་ ཟག་མེད་ནི་གཟུགས་མེད་དངོས་གཞིའི་དགེ་བ་རྣམས་ཀྱིས་དམིགས་པ་ཡིན་ནོ། །དེའི་དམིགས་པ་ཟག་མེད་ནི་རྗེས་ཤེས་དང་། དེའི་ཕྱོགས་མཐུན་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དག་དང་། དེ་ལྷན་ཅིག་འབྱུང་བ་བཟུང་བ་ཡིན་ལ། དེའང་དབང་པོ་དང་ རིགས་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་ས་དགུ་པོ་ཐམས་ཅད་ཡིན་གྱི། འདོད་པའི་སྡུག་བསྔལ་ལ་དམིགས་པ་ཐག་རིང་བས་ཆོས་ཤེས་ཕྱོགས་མཐུན་ལ་དམིགས་པ་མ་ཡིན་ལ། དགག་བྱའི་སྒོ་ནས་དེ་ལ་མི་དམིགས་པས་ས་འོག་མའི་འགོག་པའང་མ་ཡིན་ནོ། ། གཟུགས་མེད་ཉེར་བསྡོགས་ཀྱི་བར་ཆད་མེད་པའི་ལམ་རྣམས་ཀྱི་དམིགས་པ་ནི་ས་འོག་མ་ཡིན་ནོ། །དྲུག་པ་ཉོན་མོངས་སྤོང་བྱེད་ངོས་བཟུང་བ་ལ། གང་གིས་གང་སྤོང་བ། སྤོང་བྱེད་གཉེན་པོའི་ཁྱད་པར་རོ། །དང་པོ་ལ། དངོས་གཞི་ཟག་མེད་ཀྱིས་གང་སྤོང་བ། ཉེར་བསྡོགས་ཀྱིས་གང་སྤོང་བའོ། །དང་པོ་ནི། ཟག་པ་མེད་པས་ཉོན་མོངས་རྣམས། །སྤོང་ངོ་། །བསམ་གཏན་གཟུགས་མེད་དག་པ་སོགས་གསུམ་པོ་ལས། ཟག་པ་མེད་པས་དངོས་གཞི་རྣམས་ཀྱི་རང་ས་དང་གོང་སའི་ཉོན་མོངས་རྣམས་སྤོང་ངོ་། །ཉོན་མོངས་ཅན་གྱིས་མི་སྤོང་བ་ལྟ་ཅི་སྨོས་ཏེ། དག་པ་བས་ཀྱང་ ཉོན་མོངས་པ་མི་སྤོང་བའི་ཕྱིར། དག་པས་ས་འོག་མའི་ཉོན་མོངས་སྤོང་བ་མིན་ཏེ། འོག་མ་ལས་འདོད་ཆགས་དང་བྲལ་བའི་ཕྱིར། རང་ས་ན་ཡོད་པའང་སྤོང་བ་མིན་ཏེ། དེ་ཉིད་དེའི་གཉེན་པོ་མ་ཡིན་པའི་ཕྱིར་ཏེ། སྲིད་པས་སྲིད་པ་ལས་ངེས་པར་འབྱུང་བ་མ་ཡིན་ 3-1-389a པའི་ཕྱིར། འོག་མའི་དག་པ་བས་གོང་མའི་ཉོན་མོངས་རྣམས་ནི་མི་སྤོང་སྟེ། གོང་མའི་ཉོན་མོངས་ཆེས་ཁྱད་པར་དུ་འཕགས་ན། དམན་པས་ཁྱད་པར་ཅན་སྤང་མི་ནུས་པའི་ཕྱིར། གཉིས་པ་ནི། ཉེར་བསྡོགས་དག་པས་ཀྱང་། །བསམ་གཟུགས་གོང་ས་གོང་སའི་ཉེར་བསྡོགས་ དག་པས་ཀྱང་ཉོན་མོངས་རྣམས་སྤོང་སྟེ། ས་འོག་མ་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཉིས་པ་གཉེན་པོའི་ཁྱད་པར་ལ། ཉེར་བསྡོགས་ཀྱི་ཁྱད་པར་དང་། བསམ་གཏན་ཁྱད་པར་ཅན་ངོས་བཟུང་བའོ། །དང་པོ་ལ་དབྱེ་བ། ངོ་བོ་ཚོར་བ་དང་བཅས་པའོ། །དང་པོ་ནི། དེ་དག་ལ་ནི་ཉེར་བསྡོགས་བརྒྱད། ། དངོས་གཞི་བརྒྱད་པོ་དེ་དག་ལ་ནི་ཉེར་བསྡོགས་རེ་རེ་ཡོད་པས་བརྒྱད་ཡོད་དོ། །གཉིས་པ་ལ། ངོ་བོ་སྤྱིར་བཏང་བ། ཚོར་བ་ལྡན་ཚུལ། ངོ་བོའི་དམིགས་བསལ། གཞན་འདོད་དོ། །དང་པོ་ནི། དག་པ། བསམ་གཏན་དང་པོ་གཉིས་ན་ཚོར་བ་དགའ་བ་ཡོད་ལ། གསུམ་པ་ན་ ནི་བདེ་བ་ཡོད་ལ། བཞི་པ་ན་ནི་བཏང་སྙོམས་ཞེས་བཤད་པ་ལྟར་ཉེར་བསྡོགས་དེ་དག་ལ་ཚོར་བའང་དེ་དང་འདྲ་བར་ཡོད་དམ་ཞེ་ན་མ་ཡིན་ལ། ཉེར་བསྡོགས་དེ་རྣམས་ནི་ངོ་བོ་དག་པ་བ་ཡིན་གྱི། རོ་མྱོང་དང་མཚུངས་ལྡན་མ་ཡིན་ཏེ། ས་འོག་མ་ལས་ཡིད་འབྱུང་བ་དང་ མ་བྲལ་བའི་ཕྱིར་དང་། འདོད་ཆགས་དང་བྲལ་བའི་ལམ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བདེ་མིན་སྡུག་བསྔལ་མིན། །བདེ་མིན་སྡུག་བསྔལ་མིན་པའི་ཚོར་བ་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་ལྡན་ཡིན་ཏེ། མངོན་པར་འདུ་བྱེད་མེད་པར་འབྱུང་བའི་ལམ་ནི་དགའ་བདེ་དང་མཚུངས་ལྡན་ ཡིན་ན་ཉེར་བསྡོགས་ནི་འབད་དེ་དྲང་དགོས་པས་མངོན་པར་འདུ་བྱ་བ་དང་བཅས་ཏེ་འབྱུང་བའི་ཕྱིར། སློབ་དཔོན་ཐོགས་མེད་ནི་དངོས་གཞི་བརྒྱད་པོ་དེ་ལ་འཇུག་པའི་ཉེར་བསྡོགས་དེ་དག་ལ་ཡིད་བྱེད་བདུན་བདུན་བཤད་དེ། དེ་ལ་ས་འོག་མ་རྣམས་ཚེ་ཐུང་ཞིང་སྡུག་བསྔལ་མང་བ་ལ་སོགས་པའི་སྒོ་ནས་རགས་ 3-1-389b སོགས་དང་གོང་མ་རྣམས་དེ་ལས་བཟློག་པ་ཞི་སོགས་སུ་ལྟ་བའི་སྒོ་ནས་སྤང་བྱ་དང་ཐོབ་བྱ་ཤེས་པར་བྱས་ཤིང་སྤོང་བ་དང་ཐོབ་པར་བྱ་བའི་ཕྱིར་སེམས་གཏོད་པར་བྱེད་པ་ཐོས་བསམ་དང་འདྲེས་པ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དང་། སྤང་བྱ་དང་ཐོབ་བྱའི་སྦྱོར་བ་རྩོམ་པར་བྱེད་པའི་རྩེ་གཅིག་པ་ཞི་རགས་ཀྱི་ མཚན་མ་ལ་མོས་པ་ཐོས་བསམ་ལས་འདས་པ་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དང་། འོག་སའི་ཉོན་མོངས་པ་ཆེ་གསུམ་སྤོང་བར་བྱེད་པས་རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང་། ཆེན་པོས་དབེན་པ་ལ་དགའ་བ་རྒྱས་ཤིང་ཉོན་མོངས་པ་འབྲིང་གསུམ་སྤོང་བར་བྱེད་པ་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་དང་། འོག་ མའི་ཉོན་མོངས་པ་མངོན་དུ་རྒྱུ་དང་བྲལ་བ་དེ་ཟད་མ་ཟད་བརྟག་པའི་ཕྱིར་དེ་སྐྱེ་བའི་མཚན་མ་ཡིད་ལ་བྱེད་པ་དང་། ཐོབ་ལ་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་པ་དཔྱོད་པའི་ཡིད་ལ་བྱེད་པ་དང་། དེ་ལྟར་བརྟགས་པས་ཉོན་མོངས་པ་ཆུང་གསུམ་ཡོད་པར་རྟོགས་ནས་ཆུང་གསུམ་སྤངས་ཤིང་། དངོས་ གཞིའི་དངོས་རྒྱུར་གྱུར་པ་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་དང་། གོང་མའི་དངོས་གཞི་ཐོབ་པ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །དེ་རྣམས་ཀྱིའང་དང་པོ་དྲུག་སྦྱོར་བ་དང་བདུན་པ་ནི་དངོས་གཞིའོ། །དེ་ལྟར་གོང་མ་པས་འཇིག་རྟེན་པའི་གོང་མའི་ཉེར་བསྡོགས་ཀྱིས་འོག་སའི་སྒོམ་སྤོང་ དགུ་ཅར་སྤངས་པར་བཤད་པ་དེ་ནི་གོང་མ་པའི་ལུགས་ཡིན་གྱི། བྱེ་བྲག་ཏུ་སྨྲ་བའི་ལུགས་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་གང་ཞིག་བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་མི་ལྕོགས་མེད་ལ་བརྟེན་ནས་མཐོང་ལམ་ཐོབ་པ་དེས་དང་པོའི་ཉེར་བསྡོགས་ཐོབ་པའི་ཕྱིར་འདོད་པའི་སྒོམ་སྤོང་མཐའ་དག་སྤང་བར་འགྱུར་ན། སྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །ཞེས་བྱ་བའི་འབྲེལ་པར་འདོད་པ་ལ་ཆགས་བཅས་ཀྱི་མཐོང་ལམ་པ་དེ་ཁམས་གསུམ་གྱི་སྒོམ་སྤོང་གཅིག་ཀྱང་མ་སྤངས་པ་འཆིང་བ་མཐའ་དག་དང་ལྡན་པར་བཤད་པའི་ཕྱིར་རོ། །གསུམ་པ་ནི། དང་པོ་འཕགས་པའང་། ཉེར་བསྡོགས་གཞན་ནི་ཟག་མེད་ 3-1-390a མ་ཡིན་པས་དང་པོ་མི་ལྕོགས་མེད་པ་ནི་འཕགས་པ་ཟག་པ་མེད་པའང་ཡིན་ལ་དག་པ་བ་ཡང་ཡིན་ཏེ། གསལ་བའི་ཕྱིར་རམ་རང་ས་ལས་ཡིད་འབྱུང་བ་དང་ལྡན་པས་ས་འོག་མའི་གཉེན་པོ་ཡིན་པའི་ཕྱིར། བསྡུ་བ་ནས་འདོད་པའི་སེམས་ནི་མཉམ་གཞག་ མིན། དངོས་གཞི་མ་ཐོབ་ན་དེ་མི་ལྕོགས་མེད་པ་ལ་བརྟེན་པ་ལས་ཐབས་མེད། གཉིས་པའི་ཉེར་བསྡོགས་ལས་དང་པོའི་དངོས་གཞི་སླ་བ་འདམ་དུ་ཡོད་པས། གཉིས་པའི་ཉེར་བསྡོགས་ལ་བསྟེན་བྱ་བ་འབྱུང་ཡང་། འདིའི་ལུགས་ཀྱི་མི་ལྕོགས་མེད་པ་ཤེས་པ་གསལ་ བས་ཟག་མེད་བརྟེན། ཉེར་བསྡོགས་གཞན་གསུམ་མི་གསལ་བས་མི་བརྟེན་ཟེར་རོ། །འོག་མའི་ཉེར་བསྡོགས་གཞན་དག་ནི་འཇིག་རྟེན་ལས་འདས་པ་མི་བརྟེན་ཏེ། འོག་མའི་དངོས་གཞི་ལ་བརྟེན་པའི་ཕྱིར། ཉེར་བསྡོགས་གཞན་རྣམས་ལའང་མཉམ་པར་བཞག་མ་ བཞག་གཉིས་ལས། དང་པོ་ནི་དགེ་བ་ཡིན་ལ། གཉིས་པ་ཉེར་བསྡོགས་བརྒྱད་ཀྱི་སེམས་ཀྱི་ཉིང་མཚམས་སྦྱོར་བ་མཉམ་པར་མ་བཞག་པ་ཡིན་ཅེས་པ་གྲུབ་མཐའ་སྟེ། ཉེར་བསྡོགས་མཉམ་པར་བཞག་པ་ལ་ཉོན་མོངས་པ་ཅན་བཀག་གི་སྐྱེ་བ་ལ་བཀག་པ་མ་ཡིན་པའི་ཕྱིར། བཞི་པ་ནི། ཁ་ཅིག་གསུམ། །ཁ་ཅིག་མི་ལྕོགས་མེད་པ་གསུམ་དུ་འདོད་དེ། རོ་མྱོང་མཚུངས་ལྡན་ཀྱང་ཡོད་པའི་ཕྱིར་བྱ་བ་ནི་མི་ལྕོགས་མེད་གསལ་བས་ཟག་མེད་སྲིད་ན་རོ་མྱང་མཚུངས་ལྡན་ཀྱང་ཅིས་མི་སྲིད་བསམ་པའོ། །འདུས་བཟང་ནི་དངོས་གཞི་ལ་སྙོགས་པའི་ཕྱིར་ཡང་ཟེར་ ཏེ། སྲེད་པ་འཚོལ་བར་འདོད་པ་ཉིད་ཀྱི་རོ་མྱོང་ཅན་དུ་སྨྲའོ། །གཉིས་པ་བསམ་གཏན་ཁྱད་པར་ཅན་ངོས་བཟུང་བ་ལ། ངོ་བོ་ངོས་བཟུང་བ། དབྱེ་བ། ཚོར་བ་གང་དང་ལྡན་པ། འབྲས་བུའོ། །དང་པོ་ནི། རྟོག་མེད་བསམ་གཏན་ཁྱད་པར་ཅན། །ཉེར་བསྡོགས་ནི་བསམ་གཏན་ཁྱད་ཅན་དང་དོན་ཐ་ 3-1-390b དད་དེ་ཉེར་བསྡོགས་དེ་ནི་ཆགས་དང་བྲལ་བའི་ལམ་ཡིན་ལ། བསམ་གཏན་ཁྱད་པར་ཅན་ནི་བསམ་གཏན་དང་པོའི་དངོས་གཞི་ཉིད་རྟོག་པ་དང་མཚུངས་ལྡན་དུ་མེད་པས་ཁྱད་པར་དུ་འཕགས་པའི་བསམ་གཏན་ཡིན་པའི་ཕྱིར། གཉིས་པ་ལ་སོགས་པར་ཁྱད་ཅན་མ་བཞག་ སྟེ། དང་པོའི་ལ་ལར་རྟོག་དཔྱོད་ཡོད་ལ། ལ་ལར་མེད་ཅིང་གཉིས་པ་ལ་སོགས་པར་དེ་ལྟ་བུའི་ཁྱད་པར་མེད་པའི་ཕྱིར། གཉིས་པ་ནི། རྣམ་གསུམ། ཁྱད་ཅན་དེ་ནི་རོ་མྱོང་ཅན། དག་པ། ཟག་མེད་རྣམ་པ་གསུམ་མོ། །གསུམ་པ་ནི། བདེ་མིན་སྡུག་བསྔལ་མིན། །ཁྱད་ཅན་དེ་བདེ་མིན་སྡུག་བསྔལ་མིན། བཏང་ སྙོམས་ཀྱི་དབང་པོ་དང་མཚུངས་ལྡན་ཏེ། མངོན་པར་འདུ་བྱ་བ་དང་བཅས་པས་དྲང་བ་ཉིད་ཀྱི་དགའ་བ་དང་མཚུངས་པར་མི་ལྡན་ལ། འབད་པས་དྲང་བྱ་ཡིན་པས་ལམ་དཀའ་བའི་ཕྱིར། བཞི་པ་ནི། དེ་ནི་ཚངས་ཆེན་འབྲས་བུ་ཅན། །བསམ་གཏན་ཁྱད་ཅན་སྒོམ་པ་དེ་ནི་ཚངས་ཆེན་གྱི་འབྲས་བུ་ཐོབ་པ་ཅན་ནོ། ། གཉིས་པ་ཏིང་ངེ་འཛིན་གྱི་དབྱེ་བ་ལ། གསུམ་དུ་དབྱེ་བ། བཞིར་དབྱེ་བའོ། །དང་པོ་ལ། སའི་སྒོ་ནས། ལམ་གྱི་སྒོ་ནས། ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། མན་ཆད་རྟོག་དཔྱོད་བཅས་པ་ཡི། །ཏིང་འཛིན་ཡན་ཆད་གཉིས་ཀ་མེད། །ཏིང་ངེ་འཛིན་ཐམས་ཅད་མདོར་བསྡུ་ན། མདོ་ལས། རྟོག་དཔྱོད་དང་བཅས་པ་དང་། རྟོག་ པ་མེད་ལ་དཔྱོད་པ་ཙམ་དང་། གཉིས་ཀའང་མེད་པར་བཀའ་སྩལ་བ་ལས། བསམ་གཏན་ཁྱད་ཅན་ནི་རྟོག་པ་བཀག་པས་རྟོག་མེད་དཔྱོད་ཙམ་གྱི་ཏིང་ངེ་འཛིན་དང་། ཁྱད་ཅན་དེ་མན་ཆད་བསམ་གཏན་དང་པོ་དང་མི་ལྕོགས་མེད་པ་ནི་རྟོག་དང་དཔྱོད་པ་དང་ཏིང་ངེ་འཛིན་དང་། ཁྱད་ཅན་ཡན་ཆད་གཉིས་པའི་ཉེར་བསྡོགས་ནས་སྲིད་རྩེའི་བར་ནི་རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ལ། ཏིང་ངེ་འཛིན་གསུམ་པོ་དེ་ངོ་བོ་ངོས་བཟུང་བ། ནང་གསེས་ཀྱི་དབྱེ་བ། དངོས་བཏགས་དཔྱད་པའོ། །དང་པོ་ནི། མཚན་མེད་ཞི་བའི་རྣམ་པ་དང་། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་དང་། །མཚན་མ་མེད་པ་དང་། སྟོང་ 3-1-391a པ་ཉིད་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་གསུངས་པ་ལས། མྱང་འདས་སོ་སོར་བརྟགས་འགོག་ནི་ཡུལ་ལྔ་དང་། ཕོ་མོ་དང་། འདུས་བྱས་ཀྱི་མཚན་ཉིད་གསུམ་མམ་བཞིའི་མཚན་མ་དང་བྲལ་བས་མཚན་མེད་ཡིན་ལ། དེ་ལ་དམིགས་ པའི་ཏིང་ངེ་འཛིན་ཡིན་ཅིང་། མཚན་མ་ཐམས་ཅད་ཞི་བའི་འགོག་པའི་རྣམ་པ་བཞི་དང་མཚུངས་པར་ལྡན་པ་དང་སྟོང་ཉིད་ཀྱི་ཏིང་ངེ་འཛིན། སྡུག་བདེན་གྱི་སྟོང་ཉིད་བདག་མེད་པ་ལ་དམིགས་པས་བདག་མེད་སྟོང་ཉིད་དང་མཚུངས་ལྡན་དུ་འཇུག་པ་འཇིག་ལྟའི་གཉེན་པོའོ། ། སྨོན་པ་མེད་པའི་ཏིང་ངེ་འཛིན་ནི། ཡུལ་སྨོན་བྱ་མ་ཡིན་པའི་འདུས་བྱས་ལ་དམིགས་ནས་ཡིད་འབྱུང་བའི་རྣམ་པ་ཅན་ཡིན་ལ། སྟོང་པ་དང་བདག་མེད་པས་ཀྱང་སྡུག་བསྔལ་གྱི་བདེན་པ་ལ་སྟོང་པ་དང་བདག་མེད་ཀྱི་རྣམ་པར་དམིགས་མོད་ཀྱི། དེ་གཉིས་ནི་ཆོས་ཐམས་ཅད་ཀྱི་ མཚན་ཉིད་ཡིན་པས་མྱང་འདས་ཀྱི་མཚན་ཉིད་ཀྱང་ཡིན་ན། དེ་དག་གི་མྱང་འདས་ལ་ཡིད་མི་འབྱུང་བ་ལྟར་སྡུག་བསྔལ་ལས་ཀྱང་ཡིད་མི་འབྱུང་བ་ལ་འགོག་བདེན་གྱིས་ཀྱང་ཡིད་མི་འབྱུང་གི་མི་རྟག་པ་དང་། སྡུག་བསྔལ་གྱི་རྣམ་པ་གཉིས་དང་། ཀུན་འབྱུང་གི་བདེན་པ་ དང་། ལམ་གྱི་བདེན་པའང་ལུང་བར་མ་ལས་རེ་ཞིག་བླང་བྱ་ཡིན་ཀྱང་འདུས་བྱས་ཡིན་པས་ཆུ་བརྒལ་བའི་གཟིངས་ལྟར་ལྷག་མེད་དུ་འཇུག་པ་ན་ངེས་པར་འདོར་བས་སྤང་བྱར་གསུངས་ཏེ། གཟིངས་ལ་བརྟེན་ནས་ཆུ་བརྒལ་ལ། བརྒལ་ནས་གཟིངས་ལ་འཆེལ་ཏེ་མི་ འདུག་པ་ལྟར་ལམ་ལ་བརྟེན་ནས་སྲིད་པ་ལ་བརྒལ་ཡང་ལམ་ལ་བརྟེན་ཏེ་མི་འདུག་པ་བཞིན་ནོ། །དེའང་གཉེན་པོས་འདོར་བ་མིན་ཀྱང་རྐྱེན་མ་ཚང་བས་དོར་བྱ་ཡིན་པས། སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཕྱི་མ་གཉིས་དང་། འགོག་བདེན་གྱི་རྣམ་པ་བཞི་སྟེ་དྲུག་པོ་དེ་དག་ལས་ 3-1-391b གཞན་པ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་དང་པོ་གཉིས་དང་ཀུན་འབྱུང་དང་ལམ་གྱི་བདེན་པའི་རྣམ་པ་བརྒྱད་དེ་རྣམ་པ་བཅུ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནོ། །ཐེག་པ་ཆེན་པོ་ལྟར་ན། སློབ་དཔོན་ཐོགས་མེད་དང་སེང་གེ་བཟང་པོ་ལ་སོགས་པས་འགོག་ལམ་གྱི་རྣམ་ པ་བརྒྱད་ནི། མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ་ཞི་བའི་ངོ་བོ་ཡིན་པའི་ཕྱིར། སྨོན་པ་མེད་པ་དང་སྟོང་པ་ཉིད་ནི་སྔ་མ་དང་འདྲ་ལ། སྨོན་མེད་ནི་མི་རྟག་པ་དང་། སྡུག་བསྔལ་དང་ཀུན་འབྱུང་གི་རྣམ་པ་བཞི་སྟེ་དྲུག་ལྡན་དུ་བཞེད་དོ། །གཉིས་པ་ནི། དག་དང་དྲི་མ་མེད་། གསུམ་པོ་དེ་དག་ལ་དག་པ་འཇིག་ རྟེན་པ་དང་། དྲི་མ་མེད་པ་འཇིག་རྟེན་ལས་འདས་པའང་ཡོད་དོ། །འཇིག་རྟེན་པ་རྣམས་ནི་འདོད་པ་དང་། མི་ལྕོགས་མེད་པ་དང་། བསམ་གཏན་ཁྱད་ཅན་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་རྣམས་ཏེ་ས་བཅུ་གཅིག་ན་ཡོད་ལ། འཇིག་རྟེན་ལས་འདས་པ་དང་། སྲིད་རྩེ་དང་། གཉིས་ པའི་ཉེར་བསྡོགས་བདུན་ཏེ་ཟག་མེད་ས་དགུ་ན་ཡོད་དོ། །གསུམ་པ་ནི། དེ་དག །དྲི་མེད་རྣམ་ཐར་སྒོ་གསུམ་མོ། །གསུམ་པོ་དེ་དག་དྲི་མེད་དེ་ཟག་མེད་ནི་རྣམ་ཐར་སྒོ་གསུམ་མོ་སྟེ་ཐར་པའི་སྒོ་ཡིན་པའི་ཕྱིར། གསུམ་པ་ལ། དབྱེ་བ་སྤྱིར་བསྟན། ཁྱད་ཆོས་རྒྱས་པར་བཤད་པའོ། །དང་པོ་ནི། སྟོང་ཉིད་སྟོང་ཉིད་ཅེས་ལ་སོགས། །གཞན་ཡང་ཏིང་ངེ་འཛིན་གསུམ་མོ། །གཞན་ཡང་ཏིང་ངེ་འཛིན་ གསུམ་མོ་ཞེས་པ་ལས་སྟོང་པ་ཉིད་ལ་དམིགས་པའི་སྟོང་ཉིད་ཀྱི་ཏིང་ངེ་འཛིན་དང་། སོགས་པས་སྨོན་མེད་ལ་དམིགས་པ་སྨོན་མེད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པ་ལ་དམིགས་པ་མཚན་མེད་ཀྱི་ཏིང་ངེ་འཛིན་ནོ། །གཉིས་པ་ལ། དམིགས་རྣམ་གྱི་ཁྱད་པར། ངོ་བོའི་ཁྱད་ པར། རྟེན་གྱི་ཁྱད་པར། གང་ཟག་གི་ཁྱད་པར། སའི་ཁྱད་པར་རོ། །དང་པོ་ནི། གཉིས་ནི་སྟོང་དང་མི་རྟག་པར། །མི་སློབ་པའི་ལ་དམིགས་པ་ཡིན། །མཚན་མ་མེད་པ་མཚན་མེད་ནི། །ཞི་བར་མ་བརྟགས་ཟད་པ་ལ། །གསུམ་པོ་དེ་ལས་གཉིས་ནི་རིམ་པ་ལྟར་མི་སློབ་པའི་སྟོང་ཉིད་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་དམིགས་ནས། དེ་གཉིས་ལ་བདག་འཛིན་དང་སྲེད་པའི་དགའ་བ་དགག་པའི་ཕྱིར་མི་སློབ་པའི་ 3-1-392a སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་འདི་ནི་བདག་གི་མ་ཡིན་ནོ་ཞེས་སྟོང་པའི་རྣམ་པ་དང་མི་སློབ་པའི་སྨོན་པ་མེད་པའི་ཏིང་ངེ་འཛིན་འདི་ནི་མི་རྟག་པའོ། །ཞེས་མི་རྟག་པའི་རྣམ་པ་ཡིད་ལ་བྱེད་པ་ཡིན་ནོ། །འོ་ན་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལྟར་སྟོང་བདག་མེད་ གཉིས་ཀར་མི་དམིགས་པ་སྟོང་ཉིད་ཀྱི་རྣམ་པ་ཁོ་ནར་དམིགས་ཤེ་ན། སྟོང་ཉིད་ཀྱི་ཏིང་ངེ་འཛིན་སྟོང་བདག་མེད་ཀྱི་རྣམ་པ་གཉིས་པ་ཅན་ཡིན་ཀྱང་སྟོང་ཉིད་སྟོང་ཉིད་ཀྱི་ཏིང་འཛིན་འདི་སྟོང་ཉིད་ཀྱི་རྣམ་པར་བཞུགས་པའི་སྟོང་ཉིད་ཀྱི་རྗེས་ཁོ་ན་ལ་བསྐྱེད་པའི་ཕྱིར་དང་། ལམ་དུ་ ཞུགས་པ་གྲོགས་དང་བྲལ་བ་ན་མགྲོན་པོ་ངོ་མི་ཤེས་པ་མཐོང་བས་ཀྱང་དགའ་བ་གཅིག་པུ་ནི་གྲོགས་ཀྱི་སྟོང་པས་མི་དགའ་བ་ལྟར་སྲིད་པ་ལ་བདག་མེད་པར་མཐོང་ཡང་སྟོང་པར་མ་མཐོང་ན་དགའ་བར་འགྱུར་གྱི། སྟོང་པར་མཐོང་ན་མི་དགའ་ཞིང་སྐྱོ་བར་འགྱུར་བས། དེས་ན་ སྐྱོ་བ་དང་མཐུན་པས་སྟོང་པའི་རྣམ་པ་ཁོ་ནར་དམིགས་ཀྱི། བདག་མེད་པའི་རྣམ་པ་ནི་མ་ཡིན་ནོ། །དེར་མ་ཟད་སྟོང་པ་ཉིད་ཀྱི་ཉེར་ལེན་གྱི་ཕུང་པོ་རྣམས་སྟོང་པ་ཉིད་དུ་ཡིད་ལ་བྱེད་ལ། སྟོང་པ་ཉིད་ཀྱིས་ནི་དེའི་རྗེས་ལས་སྐྱེས་པའི་དགེ་རྩ་ཡིན་པའི་སྒོ་ནས་སྟོང་པ་ཉིད་ཁྱོད་ཀྱང་ སྟོང་ངོ་ཞེས་མི་སློབ་པ་དེ་ཉིད་ཡིད་ལ་བྱེད་དེ། ཤིང་གི་མེར་རོ་བཅུག་ནས་རོ་དེ་ཚིག་པ་དང་ཤིང་དེ་ཡང་འཚིག་པ་བཞིན་དུ་སྟོང་པ་ཉིད་ཀྱིས་ཉོན་མོངས་པ་བསྲེགས་ནས་སྟོང་ཉིད་དེ་ཡང་སྟོང་པ་ཉིད་ཀྱིས་སུན་འབྱིན་པར་བྱེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་གཉིས་པོ་དེ་དག་བདེན་པ་ དང་པོ་སྡུག་བསྔལ་གྱི་རྣམ་པ་དང་། ཀུན་འབྱུང་དང་འགོག་ལམ་གྱི་རྣམ་པ་བཅུ་གཉིས་ལ་དམིགས་པ་མ་ཡིན་ཏེ། གོ་རིམ་བཞིན་དུ་དམིགས་ཡུལ་ཏིང་ངེ་འཛིན་དེ་དག་ཟག་མེད་ཡིན་པས་ཟག་བཅས་འཕགས་པ་དང་མི་མཐུན་པའི་སྡུག་བསྔལ་དང་། སྡུག་བསྔལ་བསྐྱེད་ 3-1-392b པའི་རྒྱུ་ལ་སོགས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་དང་། འགོག་བདེན་མ་ཡིན་པའི་ཕྱིར་དང་། ལམ་བདེན་ཡིན་པས་སུན་དབྱུང་བྱ་ཡིན་ལ། སུན་དབྱུང་བྱ་དེ་ཉིད་སུན་འབྱིན་བྱེད་དུ་མི་འཐད་པའི་ཕྱིར། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མི་སློབ་པའི་ མཚན་མེད་ལས་ལངས་པའི་རྗེས་ལ་ཟག་བཅས་སམ། ཟག་མེད་ཀྱི་ཤེས་པ་གཞན་མ་སྐྱེས་ན་མཚན་མེད་ཀྱི་རྒྱུན་འབྱུང་བར་འགྱུར་བ་ལས། མཚན་མེད་ལས་ལངས་པའི་རྗེས་ལ་ཟག་བཅས་སམ་ཟག་མེད་སྐྱེ་བ་ན་མཚན་མེད་འབྱུང་བའི་རྐྱེན་མ་ཚང་བས་འགག་པར་ འགྱུར་ཞིང་། འགག་པ་དེ་ནི་སོ་སོར་བརྟགས་མིན་གྱི་འགོག་པ་ཡིན་གྱི། བརྟགས་འགོག་ནི་མ་ཡིན་ཏེ། ཟག་བཅས་གཉེན་པོས་བྲལ་བ་ནི་བརྟགས་འགོག་ཡིན་པ་ལ། མི་སློབ་པའི་མཚན་མེད་ནི་ཟག་མེད་ཡིན་པས་འཕགས་པ་དང་མི་མཐུན་པ་མེད་པས་གཉེན་པོས་ བྲལ་བ་མི་སྲིད་པའི་ཕྱིར། དེས་ན་མི་སློབ་པའི་ཏིང་ངེ་འཛིན་གྱིས་སོ་སོར་མ་བརྟགས་པས་ཟད་པ་སྟེ་འགོག་པ་ལ་དམིགས་ནས་འདུག་པ་ཆད་པའི་མཚན་ཉིད་ཅན་ཞི་བའི་རྣམ་པ་ཁོ་ནར་བལྟས་ཏེ། མཚན་མེད་འགོག་པར་བྱེད་པ་ནི་དགྲ་གསོད་བྱེད་ལ་དགའ་ན་དགྲ་ལ་ མི་དགའ་བར་གྲུབ་པ་ལྟར་འགོག་བྱེད་ལ་ཡོན་ཏན་དུ་བལྟ་བས་དགག་བྱ་སུན་ཕྱུང་བར་འགྱུར་རོ། །འགོག་པ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་རྣམ་པ་ཅན་ནི་མ་ཡིན་ཏེ། རིམ་པ་ལྟར་འགོག་པ་ནི་མི་རྟག་པའི་འགོག་པ་དང་ཐུན་མོང་ཡིན་ལ། དེའི་ཚེ་ན་མི་རྟག་ པའང་དམིགས་པར་འགྱུར་ལ། འདོད་ན་དེ་ཉིད་མཚན་མ་ཡིན་པས་མཚན་མེད་ཀྱི་བྱེ་བྲག་ཏུ་མི་རུང་བས་མཚན་མ་མེད་པ་འགོག་བྱེད་བརྟགས་མིན་བརྟག་པ་ཉིད་ཀྱང་སུན་ཕྱུང་བར་འགྱུར་ན། མཚན་མེད་སུན་འབྱིན་བྱེད་སུན་ཕྱུང་བས་སུན་དབྱུང་བྱའི་མཚན་མེད་སུན་ 3-1-393a ཕྱུང་བར་མི་འགྱུར་བའི་ཕྱིར་རོ། །གྱ་ནོམ་ནི་དགེ་བ་ཡིན་ན་བརྟགས་མིན་ལུང་མ་བསྟན་ཡིན་པའི་ཕྱིར། ངེས་འབྱུང་ནི་གཉེན་པོས་སྤང་བྱ་ལས་འབྲལ་དགོས་ཀྱི། བརྟགས་མིན་ནི་གཉེན་པོས་བྲལ་བ་མ་ཡིན་པའི་ཕྱིར། གཉིས་པ་ནི། ཟག་བཅས། ཏིང་ འཛིན་འདི་དག་གཅིག་ཏུ་ཟག་བཅས་ཡིན་ཏེ། སྟོང་པ་ཉིད་ལ་སོགས་པའི་རྣམ་པ་འཕགས་ལམ་ལ་སྡང་ཞིང་རྒྱབ་ཀྱིས་ཕྱོགས་པའི་ཕྱིར། ཏིང་འཛིན་གསུམ་པའང་འཕགས་ལམ་ལ་སྡང་བ་སྟེ། མི་སློབ་པའི་ཏིང་ངེ་འཛིན་མི་འཇུག་པའི་རྒྱུའི་ཆོས་ལ་བསྔགས་པའི་ ཕྱིར། འདི་ལ་རྣམ་པར་ཐར་པ་སུན་འབྱིན་པའི་ཏིང་ངེ་འཛིན་ཅེས་གྲགས་སོ། །ཟག་མེད་ཀྱི་ཏིང་ངེ་འཛིན་ནི་འཕགས་ལམ་ལ་སྡང་བ་མིན་ནོ། །གསུམ་པ་ནི། མི་ནང་། མིའི་ནང་ཁོ་ནར་བསྐྱེད་ཀྱི་ལྷའི་ནང་དུ་ནི་མ་ཡིན་ནོ། །བཞི་པ་ནི། མི་གཡོ་ལ། །དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ ཁོ་ན་ལ་སྐྱེའི། དབང་རྟུལ་དགྲ་བཅོམ་སོགས་ལས་མིན་ཏེ། དབང་རྟུལ་གྱིས་བསྐྱེད་པར་མི་ནུས་ཤིང་དབང་རྣོན་གྱིས་བསྐྱེད་པར་ནུས་པའི་ཕྱིར། འདིའི་དགོས་པ་ནི་མཐོང་ཆོས་ལ་བདེ་བར་གནས་པར་བྱ་བ་དང་། ཀུན་ཏུ་ཆགས་པའི་གནས་སུ་གྱུར་པ་མི་སློབ་ པའི་སྟོང་པ་ཉིད་སོགས་ལ་རྒྱབ་ཀྱིས་ཕྱོགས་པར་ཏིང་ངེ་འཛིན་གཞན་དག་ལ་སྙོམས་པར་འཇུག་པའི་ཆེད་ཡིན་གྱི། ཞེས་སྡེ་པ་འདོད་ལ། དུས་ཀྱི་རྣམ་གྲོལ་ནི་འཕགས་ལམ་རྗེས་སུ་བསྲུང་བའི་ཕྱིར་སུན་འབྱིན་པར་མི་བྱེད་དོ། །ཐེག་པ་གོང་མ་པ་ནི། རྣམ་ སྣང་མངོན་བྱང་ལས། སེམས་ནི་རང་དངོས་མེད་ཕྱིར་དང་། །འབྲས་བུ་རྒྱུ་རྣམས་སྤང་ཕྱིར་དང་། །ཞེས་འབྱུང་བ་བཞིན་དུ་ཆོས་རྣམས་ཀྱི་རང་གི་ངོ་བོ་དང་འབྲས་བུ་དང་རྒྱུས་སྟོང་པ་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པར་འདོད་ལ། དེ་དག་ཀྱང་ 3-1-393b ཆོས་རྣམས་ཀྱི་རང་གི་ངོ་བོས་སྟོང་པ་ལ་སོགས་པའམ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དུ་ཤེས་པའི་ཏིང་ངེ་འཛིན་སོགས་ལ་འཇོག་པས་ཟག་མེད་དུ་འདོད་དོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཀུན་བརྟགས་གཞན་དབང་ཡོངས་གྲུབ་ཀྱི་ཡུལ་ཅན་གསུམ་གྱི་ དབང་དུ་བྱས་ནས་སྟོང་ཉིད་མཚན་མེད་སྨོན་མེད་ཀྱི་ཏིང་ངེ་འཛིན་གསུམ་གསུངས་ལ། དེས་ན་ཐོས་བསམ་ལས་བྱུང་བ་དང་། འཇིག་རྟེན་པའི་སྒོམ་བྱུང་དང་། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་གསུམ་རིམ་པ་ལྟར། སྟོང་པ་ཉིད་ལ་སོགས་ དང་། སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་དང་། རྣམ་ཐར་སྒོའི་སྟོང་ཉིད་ལ་སོགས་པ་ཡིན་ནོ། །ཞེས་གསུངས་སོ། །ལྔ་པ་ནི། ཉེར་བསྡོགས་བདུན་ནི་མ་གཏོགས་སོ། །ས་ནི་ཉེར་བསྡོགས་བདུན་ནི་མ་གཏོགས་པ་འདོད་ཁམས་དང་མི་ལྕོགས་མེད་དང་བསམ་གཏན་ཁྱད་པར་ཅན་དང་བསམ་གཏན་དང་ གཟུགས་མེད་ཐམས་ཅད་ན་ཡོད་དོ། །གཉིས་པ་ཏིང་ངེ་འཛིན་བཞིར་དབྱེ་བ་ནི། དགེ་བའི་བསམ་གཏན་དང་པོ་ནི། །བདེ་འགྱུར་ཏིང་འཛིན་སྒོམ་པ་ཡིན། །མིག་གི་མངོན་ཤེས་མཐོང་འགྱུར་འདོད། །སྦྱོར་བ་ལས་བྱུང་བློ་དབྱེར་འགྱུར། །རྡོ་རྗེ་ལྟ་བུའི་བསམ་གཏན་མཐའི། །གང་ཡིན་དེ་ཟག་ཟད་འགྱུར་བསྒོམ། །དེའང་བཅོམ་ལྡན་འདས་ཀྱིས། ཏིང་ངེ་འཛིན་སྒོམ་པ་ནི་རྣམ་པ་བཞི་སྟེ། ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་ པར་འགྱུར་བའང་ཡོད་ཅེས་བྱ་བ་ནས། ཏིང་ངེ་འཛིན་ཀུན་ཏུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་པ་མཐོང་བར་འགྱུར་བའང་ཡོད་དོ། །ཤེས་རབ་མང་དུ་རྣམ་པར་འབྱེད་པར་འགྱུར་བའང་ཡོད་དོ། །ཟག་པ་ཟད་པར་འགྱུར་བའང་ཡོད་ཅེས་འབྱུང་བས་ དགེ་བ་སྟེ་དག་པའམ། ཟག་མེད་ཀྱི་བསམ་གཏན་དང་པོ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཡིན་ནོ། །དེ་ནི་རྣལ་འབྱོར་པ་འདོད་ཁམས་ཉེས་པ་མང་བ་ལས་འདས་པ་དེའི་བདེ་བས་བློ་ལྷག་པར་ཡོངས་སུ་ཚིམ་པ་དང་པོ་ 3-1-394a ཡིན་པས་དཔེར་བཀོད་ཀྱི། བསམ་གཏན་གཞན་དག་ཀྱང་དེ་ལྟར་ཡིན་པར་ཤེས་པར་བྱའོ། །ཚེ་ཕྱི་མ་ལ་བདེ་བར་གནས་པར་འགྱུར་བ་ནི་མ་ངེས་ཏེ། ཡོངས་སུ་ཉམས་པ་དང་གོང་དུ་སྐྱེས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་དེ་ མེད་པའི་ཕྱིར་རོ། །འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་ལྷའི་མིག་གིས་མངོན་ཤེས་དང་དེའི་རྗེས་སུ་འབྱུང་བའི་ཡིད་ཤེས་དང་མཚུངས་ལྡན་ཤེས་རབ་ནི། ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པར་འདོད་དེ། དེ་ལ་ཤེས་པར་འགྱུར་བ་དང་། མཐོང་བར་འགྱུར་བ་གཉིས་ ལས། དང་པོ་ནི། སེམས་ཅན་འདི་དག་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་ཤེས་པ་མིག་གི་མངོན་ཤེས་ཀྱི་རྗེས་སུ་རྒྱུ་བ་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་རྟོག་བཅས་ཡིན་ལ། གཉིས་པ་ནི། ད་ལྟར་གྱི་གཟུགས་ཀྱི་སྐྱེ་མཆེད་ ལ་དམིགས་པ་མིག་གི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་རྟོག་པ་མེད་པའོ། །འོ་ན་མདོ་ལས། ལྷའི་མིག་གི་མངོན་ཤེས་ཤེས་པ་མཐོང་འགྱུར་གྱི་ཏིང་ངེ་འཛིན་དུ་བཤད་པ་དང་འགལ་ཏེ། མངོན་ཤེས་ནི་ཤེས་རབ་ཡིན་ལ། དེ་ནི་ཏིང་ངེ་འཛིན་སྒོམ་པ་མ་ཡིན་པའི་ཕྱིར་ ཞེ་ན། ཏིང་ངེ་འཛིན་གྱི་འབྲས་བུ་ལ་རྒྱུ་ཏིང་ངེ་འཛིན་གྱི་མིང་གིས་བཏགས་པ་སྟེ། ལྟེང་ཀ་རྐང་ནད་ཅེས་བརྗོད་པ་བཞིན་ནོ། །ཁ་ཅིག་ན་རེ། མངོན་ཤེས་རྣམ་དྲུག་རྣམ་གྲོལ་བླང་། །ཞེས་པས་འདི་ནི་རྣམ་གྲོལ་གྱི་ལམ་བསམ་གཏན་གྱིས་བསྡུས་པ་མཉམ་གཞག་ཁོ་ན་ཡིན་ པས་ཏིང་ངེ་འཛིན་སྒོམ་པ་དངོས་ཡིན་པས་མདོ་དང་འགལ་བ་མེད་དོ་ཞེས་ཟེར་རོ། །སློབ་དཔོན་རྒྱལ་པོའི་སྲས། ཕྱོགས་སྔ་མ་ནི་ཆོས་མངོན་པའི་མཛོད་སེམས་པ་རྣམས་ཀྱི་ལུགས་ཡིན་ཏེ། མངོན་ཤེས་མཚན་ཉིད་པ་དང་ཏིང་ངེ་འཛིན་སྒོམ་པ་བཏགས་པ་བར་འདོད་ལ། 3-1-394b ལུགས་ཕྱི་མ་ལྟར་ན་མིག་གི་མངོན་ཤེས་ཏིང་ངེ་འཛིན་ཡིན་པས་ཏིང་ངེ་འཛིན་སྒོམ་པ་དངོས་སུ་འདོད་པར་འཆད་དོ། །སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཁམས་གསུམ་པ་མི་སྡུག་པ་དང་། དབུགས་དབྱུང་རྔུབ་དང་། ཉོན་མོངས་མེད་སྨོན་ནས་ཤེས་སོ་སོ་ཡང་དག་རིག་པ་དང་། མངོན་པར་ཤེས་པ་དང་། རྣམ་ཐར་ཟིལ་གནོན་ལ་སོགས་ཟག་བཅས་དང་ཟག་མེད་རྣམ་ཐར་གྱི་སྒོ་དང་ཐོད་རྒལ་གྱི་སྙོམས་འཇུག་དང་ཟག་ཟད་ཀྱི་མངོན་ཤེས་ལ་སོགས་པ་ནི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པས་ཏིང་ངེ་འཛིན་སྒོམ་པ་ཞེས་བཏགས་ཏེ། བློ་ཤེས་རབ་རབ་ཏུ་དབྱེ་ བར་འགྱུར་བ་སྟེ་ཁྱད་པར་ཕུལ་དུ་ཕྱིན་པར་འགྱུར་རོ། །བསམ་གཏན་གྱི་མཐའི་བཞི་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་དེ་ནི་ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཡིན་ནོ། །བྱེ་སྨྲས། ཏིང་ངེ་འཛིན་བཞི་པོ་འདི་བཅོམ་ལྡན་འདས་ཀྱིས་ ཆོས་སྟོན་པ་འདི་རང་ཉིད་ཀྱི་ཐུགས་ལ་ཉེ་བར་གཏོད་པ་སྟེ་སྐྱེ་རིམ་ནས་གསུང་བར་མཛད་དེ། བྱང་སེམས་ལས་ཀྱི་མཐའ་ལ་གཟིགས་པའི་ཆེད་དུ་ཕྱིར་བྱུང་སྟེ། ཤིང་འཛམ་བུའི་དྲུང་དུ་བསམ་གཏན་དང་པོ་བསྐྱེད། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐུན་དང་པོ་ལ་ལྷའི་བུའི་བདུད་བཅོམ་ནས་ལྷའི་སྤྱན་བསྐྱེད་དེ། དེས་ འཆི་འཕོ་བ་དང་སྐྱེ་བའི་གནས་ཉམ་ང་བར་སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་ཡོངས་སུ་བསྐྱབ་པའི་ཕྱིར་གུང་ཐུན་ལ་བསམ་གཏན་དང་རྣམ་ཐར་གྱི་སྙོམས་འཇུག་མངོན་དུ་མཛད་དེ། འདི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་དེ་དག་ནི་ཤེས་རབ་རབ་ཏུ་རྣོན་པོར་འབྱེད་པར་ འགྱུར་བའོ། །དེའི་འོག་ཏུ་ཐུན་གསུམ་པའི་བསམ་གཏན་བཞི་པ་ལ་བརྟེན་ཏེ་ངེས་པར་ཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཀུན་སྦྱོར་སྤངས་པའི་བར་དུ་མཛད་དོ། །འདིར་སྨྲས་པ། ཡིད་ལ་དམ་པའི་བགྱི་བ་ཐམས་ཅད་ལ། །ཕྱོགས་རེ་མིན་པའི་སྦྱོར་མཆོག་སྩོལ་བ་ 3-1-395a ཡི། །སྙིང་སྟོབས་ཅུང་ཟད་ལྡན་པར་གྱུར་ན་ཡང་། །འགྲོ་བ་ཕལ་གྱི་ལས་མཐའ་འདི་མཐོང་བས། །རྟག་ཏུ་ཡིད་ལ་མྱ་ངན་བཟོད་མེད་ཀྱིས། ཁུར་ཆེན་ཆེས་པས་གཟིར་བར་གྱུར་ན་ཡང་། །དེ་ཚེ་མི་བཟོད་སྙིང་རྗེ་འདི་འདྲ་བས། །བདག་གི་རྒྱུད་ལ་འཆར་ བའི་གོ་སྐབས་ཞེས། །སླར་བསམས་ཚེ་ན་དགའ་དང་བདེ་བ་ཡི། །ལུས་སེམས་སིམ་པའི་ཚོར་བ་ཅི་ཡང་སྐྱེས། །བདག་ལ་མོས་ཤིང་རྗེས་སུ་འབྲང་བ་དག །ཁོ་བོའི་སྤྱོད་པར་སློབས་ཤིག་བཞིན་བཟང་ཀྱེ། །གསུམ་པ་སྙོམས་འཇུག་ལ་བརྟེན་པའི་ཡོན་ཏན་ལ། ཚད་མེད་བསྟན་ པ་དང་། ཡོན་ཏན་གཞན་བསྟན་པའོ། །དང་པོ་ལ། དབྱེ་བ་དང་། ཁྱད་ཆོས་སོ། །དང་པོ་ལ། དབྱེ་བ་དངོས། གྲངས་ངེས། ཕྱེ་བ་སོ་སོའི་ངོ་བོའོ། །དང་པོ་ནི། ཚད་མེད་པ་ནི་བཞི་ཡིན་ནོ། །བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ནི་ཚད་མེད་པ་བཞི་ཡིན་ནོ་སྟེ་སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར། གཞན་ནི་བསོད་ནམས་ཚད་མེད་པ་སྒྲུབ་པ་དང་འབྲས་བུ་ཡིད་དུ་འོང་བ་ཚད་མེད་པས་ཚད་མེད་དག་ཟེར་རོ། །གཉིས་པ་ནི། གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །དེ་དག་བཞིར་གྲངས་ངེས་ཏེ་གནོད་སེམས་དང་ལ་སོགས་པས་རྣམ་འཚེ་དང་གཞན་གྱི་ཕུན་ཚོགས་ལ་མི་དགའ་བ་དང་། འདོད་པའི་འདོད་ཆགས་ དང་། གནོད་སེམས་མང་བ་རྣམས་ཀྱི་གཉེན་པོའི་ཕྱིར་རོ། །མི་སྡུག་པ་དང་བཏང་སྙོམས་གཉིས་འདོད་པའི་འདོད་ཆགས་ཀྱི་གཉེན་པོར་ཁྱད་པར་ཅི་ཡོད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་ན་རེ། ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་དང་འཁྲིག་པའི་འདོད་ཆགས་ཀྱི་ གཉེན་པོ་ནི་བཏང་སྙོམས་ཟེར་ལ། སློབ་དཔོན་ནི་འཁྲིག་པའི་ཆགས་པའི་གཉེན་པོ་མི་སྡུག་པ་དང་། ཕ་མ་དང་བུ་དང་ཉེ་དུའི་འདོད་ཆགས་ཀྱི་གཉེན་པོ་ནི་བཏང་སྙོམས་སོ་ཞེས་རུང་ངོ་། །གསུམ་པ་ནི། ཞེ་སྡང་མེད་བྱམས་སྙིང་རྗེ་ཡང་། །ཡིད་བདེ་བ་ནི་དགའ་བ་ཡིན། །བཏང་སྙོམས་མ་ཆགས། བྱམས་པ་ནི་ཞེ་སྡང་མེད་པའི་རང་བཞིན་ནོ། །སྙིང་རྗེའང་དེ་དང་ 3-1-395b འདྲའོ། །དགའ་བ་ནི་ཡིད་བདེ་བའི་རང་བཞིན་ཡིན་ནོ། །བཏང་སྙོམས་ནི་མ་ཆགས་པའི་རང་བཞིན་ནོ། །བཏང་སྙོམས་ནི་གནོད་སེམས་ཀྱི་གཉེན་པོའང་ཡིན་ཏེ། གནོད་སེམས་དེ་ནི་ཆགས་པས་དྲང་བའི་ཕྱིར། བཏང་སྙོམས་འདི་ནི་མ་ཆགས་པ་དང་ཞེ་སྡང་མེད་པ་ གཉིས་ཀའི་རང་བཞིན་ཡིན་ན་རུང་ངོ་། །གཉིས་པ་ཁྱད་པར་གྱི་ཆོས་ལ། རྣམ་པའི་ཁྱད་པར། ཡུལ་གྱི་ཁྱད་པར། སའི། གཉེན་པོ་བྱེད་ཚུལ་གྱི། རྟེན་གྱི། ལྡན་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། རྣམ་པ་ནི། །ཀྱེ་མ་བདེར་གྱུར་སྡུག་བསྔལ་དང་། །དགར་གྱུར་སེམས་ཅན་རྣམས་སྙམ་པ། །འདི་དག་གི་རྣམ་པ་ནི་ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ སྙམ་པ་དང་། སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག་སྙམ་པ་དང་། ཡིད་དགའ་བ་དང་ལྡན་པར་གྱུར་ཅིག་སྙམ་པ་དང་། ཉེ་རིང་ཆགས་སྡང་མེད་པར་སེམས་ཅན་རྣམས་མཉམ་པར་བྱའོ་ཞེས་ཡིད་ལ་བྱེད་ཅིང་སྙོམས་པར་འཇུག་སྟེ། ཕྱོགས་སུ་མ་ལྷུང་བས་རྗེས་ཆགས་ཀྱང་མེད། ཞེ་ འགྲས་པའང་མེད་པས་བར་མར་གནས་པའི་ཕྱིར། ཇི་ལྟར་ན་བློ་དེ་དག་ཕྱིན་ཅི་ལོག་པ་ཉིད་དུ་མི་འགྱུར་རམ་སྟེ། བདེ་བ་དང་མི་ལྡན་པ་རྣམས་བདེ་བ་ལ་ཡོད་པར་མོས་པའི་ཕྱིར་ཞེ་ན། ཕྱིན་ཅི་མ་ལོག་པ་ཡིན་ཏེ། སྡུག་བསྔལ་སོགས་བདེ་བའོ་སྙམ་དུ་ཤེས་པ་མ་ཡིན་གྱི། སྡུག་ པའི་སེམས་ཅན་འདི་དག་བདེ་བར་གྱུར་ཅིག་སྙམ་དུ་སེམས་པའི་ཕྱིར། ཡང་བསམ་པ་དགེ་བའི་ཆོས་སེམས་སེམས་བྱུང་འཁོར་བཅས་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཏེ། ཇི་ལྟར་མོས་པ་དེ་ལྟར་འདུ་ཤེས་པའི་ཕྱིར། ཡང་ཕྱིན་ཅི་ལོག་ཡིན་ན་ཉེས་པ་ཅི་ཡོད་དྲིས་པས། དེ་ཡིན་ན་ མི་དགེ་བར་འགྱུར་དུ་དོགས་སོ་ཞེ་ན། མི་དོགས་ཏེ། གནོད་སེམས་སོགས་ཀྱི་གཉེན་པོ་ཡིན་པས་དགེ་རྩ་ཡིན་པའི་ཕྱིར། གཉིས་པ་ནི། སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས། །འདི་དག་གི་དམིགས་པ་སྟེ་སྤྱོད་ཡུལ་འདོད་པའི་སེམས་ཅན་རྣམས་ཡིན་ཏེ། འདོད་པའི་སེམས་ཅན་རྣམས་ལ་དམིགས་པའི་གནོད་ 3-1-396a སེམས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར། མདོ་ལས། དེ་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་འགྱུར་བ། ཚད་མེད་པ། ཤིན་ཏུ་སྒོམ་པ། ཕྱོགས་གཅིག་ཏུ་མོས་ཏེ་ ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །ཞེས་གསུངས་པས་བྱམས་པ་དང་མཚུངས་ལྡན་གྱི་སེམས་ནི་བྱམས་པ་དང་ལྡན་པའི་སེམས་ཡིན་ལ། དེ་ཉིད་རིམ་པ་ལྟར་ཉེ་བའི་ཉོན་མོངས་པ་འཁོན་འཛིན་དང་། ཕྲག་དོག་དང་ཞེ་སྡང་གི་གཉེན་པོ་ཡིན་པས་འཁོན་མེད་ པ་ལ་སོགས་པ་གསུམ་དང་། དེ་ཉིད་ཀྱི་འབྲས་བུ་ཆེ་བས་སྤངས་པ་དང་། ས་གཟུགས་ན་སྤྱོད་པ་ཡིན་པས་རྒྱ་ཆེན་པོར་འགྱུར་བ་དང་། མི་མཐུན་ཕྱོགས་སྤངས་པས་ཤིན་ཏུ་བསྒོམ་པའོ། །དེ་ལྟར་འཁོན་མེད་པ་ལ་སོགས་པ་ཚིག་གསུམ་དང་། གཅིག་དང་གཅིག་དང་ གཅིག་དང་གཅིག་གིས་རིམ་པ་བཞིན་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པ་དང་། འབྲས་བུ་དང་། ས་དང་། དམིགས་པ་དང་། རྣམ་པར་དག་པའི་ཕན་ཡོན་གྱི་སྒོ་ནས་བྱམས་པ་དེ་ལྟར་བསྟན་པ་ཡིན་ནོ། །ཕྱོགས་གཅིག་ཏུ་མོས་ནས་ཞེས་པ་ནི་སྣོད་ཕྱོགས་ཀྱིས་མཚོན་ནས་ ཕྱོགས་ཅན་སྣོད་ན་གནས་པའི་སེམས་ཅན་བསྟན་པ་ཡིན་ནོ། །གསུམ་པ་ལ། དངོས་དང་། གཞན་འདོད་གཉིས་ལས། དང་པོ་ནི། དགའ་བ་བསམ་གཏན་གཉིས་ན་ཡོད། །གཞན་ནི་དྲུག་ན། དགའ་བ་ནི་བསམ་གཏན་དང་པོ་དང་གཉིས་པ་གཉིས་ན་ཡོད་དེ། ཡིད་བདེ་ཡོད་པའི་ཕྱིར། ཚད་མེད་གཞན་གསུམ་ནི་བསམ་གཏན་བཞི་ཁྱད་ ཅན་མི་ལྕོགས་མེད་དེ་ས་དྲུག་ན་ཡོད་དོ། །གཉིས་པ་ནི། ཁ་ཅིག་ལྔ། །ཁ་ཅིག་ནི་མི་ལྕོགས་མེད་པ་མ་གཏོགས་པ་ས་ལྔ་ན་ཡོད་པར་འདོད་དོ། །གཞན་ན་རེ། །འདོད་ཁམས་དང་ཉེར་བསྡོགས་བཞི་བསྣན་ནས་བཅུ་ན་ཡོད་ཟེར་ཏེ། འགའ་ཞིག་མཉམ་པར་བཞག་པ་དང་། ཁ་ཅིག་མཉམ་ 3-1-396b པར་མ་བཞག་པ་དང་། དངོས་གཞི་དང་སྦྱོར་བ་སྨོས་སོ། །བཞི་པ་ནི། དེ་ཡིས་མི་སྤོང་། གནོད་སེམས་སོགས་ཀྱི་གཉེན་པོ་ཡིན་ན་ཉོན་མོངས་སྤོང་ངམ་ཞེ་ན། བྱམས་སོགས་དེ་ཡིས་མི་སྤོང་སྟེ། དེ་ནི་དངོས་གཞི་དག་པ་བ་ཡིན་པས་ཉོན་མོངས་མི་སྤོང་བའི་ཕྱིར། དེ་ཁོ་ན་ཉིད་ཡིད་ བྱེད་ཀྱིས་སྤོང་གི། འདི་ནི་མོས་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་དང་། ཆོས་སྤྱིའི་མཚན་ཉིད་ཡིད་ལ་བྱེད་པས་སྤང་བ་གྲུབ་མཐའ་ཡིན་གྱི། འདིས་ནི་སེམས་ཅན་རང་མཚན་ལ་མི་དམིགས་པའི་ཕྱིར། དེ་དག་གི་སྦྱོར་བས་གནོད་སེམས་སོགས་རྣམ་པར་གནོན་པའི་ཕྱིར་དང་། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་བར་ཆད་མེད་ལམ་དངོས་གཞིའི་ས་པ་རྣམས་ཀྱིས་གནོད་སེམས་སོགས་ཀྱི་ཉོན་མོངས་སྤངས་པ་དེ་དག་གིས་གྲོགས་བྱས་ནས་ཐག་སྲིང་བར་བྱེད་པའི་ཕྱིར་དེ་དག་གི་གཉེན་པོ་ཉིད་དུ་བཤད་དོ། །བྱམས་སོགས་གསུམ་པོ་འདོད་ པའི་ཁམས་ཀྱི་ས་པ་དང་། མི་ལྕོགས་མེད་པའི་ས་པ་རྣམས་ནི། སྦྱོར་བ་དང་། དམིགས་པ་དང་། རྣམ་པ་ངོ་བོ་དངོས་གཞིའི་ཚད་མེད་པ་དང་འདྲ་བ་ཡོད་དེ། གསུམ་པོ་དེས་ཉོན་མོངས་པ་རྣམས་རྣམ་པར་བསྣན་ནས་བར་ཆད་མེད་ལམ་གྱིས་སྤོང་བར་བྱེད་དོ། །དེས་ན་འདོད་ ཆགས་དང་བྲལ་བའི་གནས་སྐབས་ན་ནི་དངོས་གཞིའི་ཚད་མེད་པ་རྙེད་པ་ཡིན་ཏེ། གནོད་སེམས་སོགས་ཀྱི་རྐྱེན་སྟོབས་ལྡན་རྙེད་ཀྱང་དེ་དག་མངོན་དུ་གྱུར་པའི་སྒོ་ནས་མི་བརྫི་བ་ཡིན་ནོ། །དངོས་གཞི་ཐོབ་པ་ཙམ་ལས་བྱམས་སོགས་མ་བསྒོམས་ན་རྐྱེན་སྟོབས་དང་ལྡན་པ་ བརྫི་བ་ཡིན་ནོ། །ལས་དང་པོ་པ་བྱམས་པ་ལ་སྦྱོར་བའི་ཚུལ་ནི། ཇི་ལྟར་རང་གི་བདེ་བ་ཉམས་ལ་ཡོད་པའམ། གཞན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དགྲ་བཅོམ་པ་ཐོབ་པ་དེ་བཞིན་དུ་ཀྱེ་མ་སེམས་ཅན་རྣམས་ནི་དེ་ལྟར་བདེ་བར་གྱུར་ཅིག ། 3-1-397a ཅེས་སེམས་ཅན་རྣམས་ལ་བདེ་བར་མོས་པར་བྱེད་དོ། །གལ་ཏེ་ཉོན་མོངས་པའི་འཇུག་པ་ཤས་ཆེ་བས་སེམས་ཅན་ཐམས་ཅད་ལ་དེ་ལྟར་མོས་པར་མི་ནུས་ན། སེམས་ཅན་ལ་མཛའ་བོ་དང་། ཐ་མལ་པ་དང་། དགྲ་བོའི་ཕྱོགས་གསུམ་དུ་དབྱེ་ཞིང་། མཛའ་བོའང་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་ལ། དང་པོར་བསྐྱེད་སླ་བ་མཛའ་བོ་ཆེ་འབྲིང་ཆུང་གསུམ་ལ་རིམ་གྱིས་མོས་པར་བྱེད་ལ། གལ་ཏེ་གསུམ་ཀ་ལ་བྱམས་པ་དང་མཉམ་པོར་ཐོབ་ན། དེ་ནས་ཐ་མལ་པ་དང་དགྲ་བོའི་ཕྱོགས་ལ་ཆུང་འབྲིང་ཆེ་གསུམ་དུ་ཕྱེ་ནས་རིམ་གྱིས་ཁྱབ་ པར་བྱེད་ཅིང་། གལ་ཏེ་དགྲ་བོ་ཆེན་པོ་ལ་མཛའ་བོ་ཆེན་པོ་ལྟར་བར་དུ་མོས་པ་མི་ལྡོག་ན། རིམ་གྱིས་ཁྱིམ་དང་གྲོང་དང་ཡུལ་ཕྱོགས་གཅིག་གི་སེམས་ཅན་དང་། རིམ་གྱིས་ཕྱོགས་གཅིག་ནས་འཇིག་རྟེན་ཐམས་ཅད་ཀྱི་བར་དུ་བྱམས་པ་རྒྱས་པ་སྟེ་ཁྱབ་པར་བྱེད་པའོ། །དེ་ལ་ མཛའ་བོ་ཆེ་བ་ནི་སྐྱེ་བ་དང་ཆོས་དང་ལུས་མཉམ་པ་སྟེ། གང་ཞིག་མེད་ན་གནས་པར་དཀའ་བའོ། །འབྲིང་ནི་ཟས་དང་ཆོས་དང་འབྲེལ་བའོ། །ཆུང་ངུ་ནི་ཕན་འདོགས་པ་དང་ཟས་དང་འབྲེལ་བའོ། །ཐ་མལ་པ་ཆུང་ངུ་ནི་སྔར་མཐོང་ཐོས་མིན་པ་དང་། འབྲིང་ནི་མཐོང་ཐོས་ཀྱང་ མ་འདྲིས་པ་དང་། ཐ་མ་ནི་འདྲིས་ཀྱང་ཕན་གནོད་ཀྱི་བྱེད་པ་དང་བྲལ་བའོ། །དགྲ་བོ་ཆུང་ངུ་ནི་མཛའ་བཤེས་དང་འཁོར་གཡོག་གི་འཚོ་བ་འཕྲོག་པའོ། །འབྲིང་ནི་འཚོ་བའི་ཡོ་བྱད་འཕྲོག་པའོ། །ཆེན་པོ་ནི་གྲགས་པ་དང་། འཚོ་བ་དང་། ཡིད་ཕེབས་པ་དང་། རྩ་ལག་ འཕྲོག་པར་བྱེད་པའོ། །དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང་། རང་སངས་རྒྱས་ལའང་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འབྲས་བུ་གཟུགས་བཟང་བ་དང་། ངན་པར་སྣང་བའི་སྒོ་ནས་ཡོན་ཏན་དང་སྐྱོན་བཟུང་བར་ནུས་པ་ལས། གང་ཞིག་ཐམས་ཅད་དུ་ཡོན་ཏན་ 3-1-397b འཛིན་པ་དེ་ནི་བྱམས་པ་མྱུར་དུ་སྐྱེད་པར་བྱེད་དོ། །སྙིང་རྗེ་དང་དགའ་བ་ལའང་དེ་བཞིན་དུ་སེམས་ཅན་སྡུག་བསྔལ་བ་མང་པོ་ཆུ་བོར་བྱིང་བ་འདི་དག་སྡུག་བསྔལ་ལས་མྱུར་དུ་ཐར་ཀྱང་ཅི་མ་རུང་། མངོན་པར་དགའ་བར་གྱུར་ཀྱང་ཅི་མ་རུང་སྙམ་དུ་མོས་ཤིང་དགའ་བ་ལ་སྦྱོར་བར་བྱེད་ དོ། །བཏང་སྙོམས་ནི་ཐ་མལ་པའི་ཕྱོགས་ལས་རྩོམ་མོ། །ལྔ་པ་ནི། མི་དག་གི། ནང་དུ་སྐྱེད་དོ། །བཞི་པོ་འདི་སྒྲ་མི་སྙན་མ་གཏོགས་མི་དག་གི་ནང་དུ་བསྐྱེད་ཀྱི་གཞན་དུ་མིན་ཏེ། གོམས་པའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་རོ། །དྲུག་པ་ནི། ངེས་གསུམ་ལྡན། །ཚད་མེད་གཅིག་དང་ལྡན་པ་དེ་ཐམས་ཅད་དང་ལྡན་པའི་ངེས་ པ་མེད་ཀྱི། ངེས་པར་གསུམ་གསུམ་དང་ལྡན་ལ་དགའ་བ་ནི་ཡིད་བདེ་ཡིན་པས་བསམ་གཏན་གསུམ་པ་དང་བཞི་པར་མི་ལྡན་ནོ། །འདིའང་ཐོབ་པ་ལ་བསམ་གྱི། མངོན་གྱུར་ནི་རེ་རེ་ལས་མི་ལྡན་ཏེ་རྣམ་པ་འགལ་བས་སོ། །གཉིས་པ་ཡོན་ཏན་གཞན་བསྟན་པ་ལ། འཐོབ་བྱ་ ཡོན་ཏན་གྱི་ངོ་བོ། དེ་དག་གི་ཐོབ་ཚུལ། རྟེན་གྱི་ཁྱད་པར། ཏིང་ངེ་འཛིན་བསྐྱེད་ཚུལ་ལོ། །དང་པོ་ལ། རྣམ་ཐར། ཟིལ་གནོན། ཟད་པར་རོ། །དང་པོ་ལ། རྣམ་ཐར་གྱི་དབྱེ་བ། སོ་སོའི་རང་བཞིན། སྔ་མ་བདུན་གྱི་སྤྱོད་ཡུལ་ལོ། །དང་པོ་ནི། རྣམ་པར་ཐར་བརྒྱད། རྣམ་པར་ཐར་པ་ བརྒྱད་ནི་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བའི་རྣམ་ཐར་དང་པོ་ཡིན་ནོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་ཞེས་བྱ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་དུ་བྱས་ཏེ་རྫོགས་པར་བྱས་ནས་ གནས་ཞེས་བྱ་བ་ནི་གསུམ་པའོ། །དེ་བཞིན་དུ་གཟུགས་མེད་པ་བཞི་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལས་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །གཉིས་པ་ལ། 3-1-398a རྣམ་ཐར་དང་པོ་གཉིས་བཤད་པ། གཉིས་པ་གཟུགས་མེད་ཀྱི་རྣམ་ཐར། འགོག་པའི་རྣམ་ཐར་བཤད་པའོ། །དང་པོ་ལ། དངོས་དང་། སའི་ཁྱད་པར་རོ། །དང་པོ་ནི། དང་པོ་གཉིས། །མི་སྡུག །རྣམ་ཐར་དང་པོ་གཉིས་ནི་མི་སྡུག་པའི་རང་བཞིན་ཡིན་ཏེ། ཁ་དོག་ནི་ འདོད་ཆགས་ལ་སོགས་པའི་གཉེན་པོ་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། མི་སྡུག་པ་ནི། མི་སྡུག་མ་ཆགས་ས་བཅུ་དང་། །དམིགས་པ་འདོད་སྣང་མི་སྐྱེ་དགེ། ཞེས་གོང་དུ་བཤད་ཟིན་ཏོ། །གཉིས་པ་ནི། བསམ་གཏན་གཉིས་ན་ཡོད། །རྣམ་ཐར་དེ་གཉིས་བསམ་གཏན་ དང་པོ་དང་གཉིས་པ་གཉིས་ན་ཡོད་ཀྱི། ས་གཞན་ན་མེད་དེ། འདོད་པའི་ཁ་དོག་གི་གཉེན་པོར་དང་པོའི་ས་པའི་རྣམ་ཐར་དང་། དང་པོའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་གཉིས་པ་རྣམ་ཐར་ཡིན་པས་མགོ་གནོན་པ་ཙམ་མོ། །རྟེན་འདོད་པ་ཡིན་ཀྱང་ས་བསམ་ གཏན་དང་པོ་པ་ཡིན་ན་འདོད་པའི་གཟུགས་ལ་ཞེན་པ་མི་འོང་། རྟེན་དང་པོ་པ་ལྟ་བུ་ཡིན་ཀྱང་ས་གཉིས་པ་བས་དང་པོའི་གཟུགས་ལ་ཆགས་པ་མི་འོང་བས་ཐག་སྲིང་བའི་གཉེན་པོ་ལས་དངོས་སུ་སྤང་བ་མ་ཡིན་པའི་ཕྱིར། བསམ་གཏན་གཉིས་པ་སོགས་ན་ཁ་དོག་ གི་འདོད་ཆགས་མེད་དེ། མིག་གི་རྣམ་ཤེས་མེད་པའི་ཕྱིར། གཉིས་པ་སོགས་ན་མིག་གི་རྣམ་ཤེས་སོགས་མེད་པས་ཁ་དོག་གི་འདོད་ཆགས་དང་བྲལ་བར་གྲུབ་སྟེ། གང་ཡུལ་ལས་འདོད་ཆགས་དང་བྲལ་བ་དེ་ནི་ངེས་པར་དེ་འཛིན་གྱི་འདོད་ཆགས་ལས་ཀྱང་བྲལ་ བའི་ཕྱིར། དེ་ལ་ནང་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་ཞེས་བྱ་བ་ནི་གཟུགས་ལ་འདོད་ཆགས་དང་མ་བྲལ་བའམ། འདིར་རང་ཉིད་ལ་གཟུགས་ཀྱི་འདུ་ཤེས་མ་བཤིག་པ་དང་། བཤིག་ནས་ཕྱི་རོལ་གྱི་གཟུགས་ལ་བལྟ་བ་ཡིན་པར་བཤད་པའམ། ཡང་ན་ 3-1-398b ཀུན་ལས་བཏུས་ཀྱི་འགྲེལ་པར། གཟུགས་མེད་པའི་སྙོམས་འཇུག་ལ་བརྟེན་ནས་ལྟ་བ་པོ་རང་ཉིད་ལ་གཟུགས་སུ་འདུ་ཤེས་མངོན་དུ་བྱེད་པ་དང་། གཟུགས་ཀྱི་འདུ་ཤེས་སྤངས་ནས་མིང་བཞིའི་འདུ་ཤེས་མངོན་དུ་བྱེད་པ་ལ་རིམ་བཞིན་བཤད་དོ། །གཉིས་པ་ནི། གསུམ་པ་མཐའ་ན་དེ་མ་ཆགས། །གསུམ་ པ་སྡུག་པའི་རྣམ་ཐར་ནི་བསམ་གཏན་གྱི་ཡ་མཐའ་བཞི་པ་ན་ཡོད་ཅིང་། དེའང་ངོ་བོ་ཆགས་པའི་གཉེན་པོ་ཡིན་པས་གཙོ་བོ་མ་ཆགས་པ་ཡིན་གྱི། སྡུག་པའི་རྣམ་པ་ཅན་ཡིན་ལ་མི་སྡུག་པའི་རྣམ་པ་ཅན་མ་ཡིན་ནོ། །དེས་ན་གཟུགས་ཡིད་འོང་སྤྲུལ་ནས་སྡུག་པར་བལྟ་ཞིང་། དེ་ཉིད་ཏིང་ངེ་འཛིན་གྱི་ལུས་ཀྱིས་མངོན་དུ་བྱེད་པས་མིང་དེ་སྐད་ཅེས་བྱའོ། །དེ་དག་འཁོར་བཅས་ནི་རྗེས་འབྲངས་ཕུང་པོ་ལྔ་པ་ཅན་ནོ། །དགོས་པ་ནི་མི་སྡུག་པ་བསྒོམས་པས་ཡིད་ཞུམ་པ་རབ་ཏུ་དགའ་བས་གཟེངས་བསྟོད་པ་དང་། སྡུག་པ་སྤྲུལ་ལ་ཆགས་པ་སྐྱེ་ན་རྣམ་ཐར་ དང་པོ་གཉིས་མ་གྲུབ་པ་ཡིན་ལ། མི་སྐྱེ་ན་གྲུབ་པ་ཡིན་པས་དེ་བརྟག་པ་ཡིན་པའི་ཕྱིར། བསམ་གཏན་དང་པོ་གསུམ་དུ་སྡུག་པའི་རྣམ་ཐར་མི་སྟོན་པ་ནི་ས་དེ་དག་ན་དགའ་བ་དང་བདེ་བ་ཡོད་པས་སྡུག་པར་ཡིད་ལ་བྱས་ན་ཡུལ་དེ་ལ་དགའ་བ་དང་། སྲེད་ན་མ་ཆགས་པར་མི་ འགྲུབ་པའི་ཕྱིར་རམ། སྐྱོན་དང་བཅས་པའི་བསམ་གཏན་ཡིན་པས་དེ་མི་འགྲུབ་པའི་ཕྱིར། གསུམ་པ་ནི། གཟུགས་མེད་མཉམ་གཞག་དགེ་རྣམས་སོ། །གཟུགས་མེད་པའི་མཉམ་གཞག་དགེ་བ་དག་པ་བ་དང་ཟག་མེད་ཁོ་ན་རྣམ་ཐར་ཡིན་གྱི། ཉོན་མོངས་ཅན་དང་མཉམ་པར་མ་བཞག་པ་འཆི་བའི་སྲིད་པའི་སེམས་ ལྟ་བུའང་མ་ཡིན་ནོ། །ཁ་ཅིག་གཟུགས་མེད་དེ་དག་ན་རྣམ་སྨིན་སྐྱེས་ཀྱི་སེམས་དང་སེམས་བྱུང་རྣམས་ལ་བསམས་ནས་འཆི་བའི་སེམས་ལས་གཞན་པའི་སེམས་ལས་མཉམ་པར་མ་བཞག་པའི་སེམས་ཀྱང་ཡོད་པར་འདོད་དོ། །ཕྱོགས་སྔ་མ་ལྟར་ན་ནི་གཟུགས་མེད་མཉམ་ 3-1-399a པར་མ་བཞག་པ་ནི་འཆི་བའི་སྲིད་པའི་སེམས་སེམས་བྱུང་ཁོ་ན་ཡིན་པར་འདོད་དོ། །གཟུགས་མེད་ཀྱི་དངོས་གཞིར་མ་ཟད་ཉེར་བསྡོགས་ཀྱི་རྣམ་གྲོལ་ལམ་གྱི་རྣམ་ཐར་གྱི་མིང་ཐོབ་སྟེ་གོང་ས་ལ་དམིགས་པའི་ཕྱིར། བར་ཆད་མེད་ལམ་གྱིས་ནི་རྣམ་ཐར་གྱི་ མིང་མི་ཐོབ་སྟེ། རྣམ་ཐར་ནི་འོག་ས་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་ན་དེ་ནི་ས་འོག་མ་ལ་དམིགས་པའི་ཕྱིར། བཞི་པ་ལ། ངོ་བོ་ངོས་བཟུང་། འཇུག་སེམས། ལྡང་སེམས་སོ། །དང་པོ་ནི། འགོག་པའི་སྙོམས་པར་འཇུག་པའོ། །རྣམ་ཐར་བརྒྱད་པ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའོ་སྟེ་གནས་ གཉིས་པར་བཤད་ཟིན་ལ། དང་པོ་གཉིས་དང་། གསུམ་པ་དང་། བཞི་པ་དང་། གཟུགས་མེད་རྣམས་དང་འགོག་པ་ནི་གོ་རིམ་བཞིན་དུ་ཁ་དོག་གི་འདོད་ཆགས་དང་ཞུམ་ཞིང་ཆགས་པ་དང་། གཟུགས་ཀྱི་འདུ་ཤེས་དང་། ཚོར་བའམ། འདུ་བྱེད་ཐམས་ཅད་ལ་རྒྱབ་ཀྱིས་ ཕྱོགས་པས་རྣམ་པར་ཐར་པའོ། །གཞན་ན་རེ། སྙོམས་འཇུག་གི་སྒྲིབ་པ་གང་ཡོད་ན་སེམས་ལས་སུ་མི་རུང་བས་ཁམས་གསུམ་པའི་ཆགས་བྲལ་གྱིས་ཀྱང་བསམ་གཏན་དང་པོའི་དངོས་གཞི་ཡང་སྐྱེད་པར་མི་བྱེད་པའི་སྒྲིབ་པ་ལས་རྣམ་པར་ཐར་པས་རྣམ་པར་ཐར་པ་ཞེས་སོ་ ཟེར་རོ། །གཉིས་པ་ནི། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །འགོག་སྙོམས་ལ་འཇུག་པ་ལ་ནི་ཁམས་གསུམ་ན་སྲིད་རྩེའི་འདུ་ཤེས་ནི་ཕྲ་བ་ཡིན་ལ། འགོག་པ་ལ་དམིགས་ན་དེ་བས་ཀྱང་ཆེས་ཕྲ་བར་བྱས་པའི་མཇུག་ཐོགས་སུ་སྙོམས་པར་འཇུག་གོ། གསུམ་པ་ནི། རང་གི་དག་དང་འོག་མ་ཡི། །འཕགས་པའི་སེམས་ཀྱིས་དེ་ལས་ལྡང་། །ལྡང་བ་ན་ནི་འཕེན་པ་ཇི་ལྟ་བ་བཞིན་སྲིད་ རྩེ་རང་གི་ས་པའི་དག་པ་བ་འོག་མ་ཅིའང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་འཕགས་པ་ཟག་པ་མེད་པའི་སེམས་ཀྱིས་འགོག་པ་དེ་ལས་ལྡང་བར་འགྱུར་ཏེ། དེ་ལྟར་ན་འགོག་པའི་སྙོམས་འཇུག་དང་དེ་ལ་སྙོམས་པར་འཇུག་སེམས་ནི་སྲིད་རྩེ་བ་ཡིན་པས་ཟག་བཅས་ཁོ་ན་ཡིན་ལ། 3-1-399b ལྡང་སེམས་ནི་ཟག་བཅས་ཟག་མེད་གཉིས་ཀ་ཡིན་ནོ། །འགོག་པའི་སྙོམས་འཇུག་འདོད་པ་སྙོམས་པར་ཞུགས་ན་འདོད་པ་བ་ནི་ཁམ་ཟས་ཀྱི་འདོད་ཆགས་དང་མ་བྲལ་བས་ཁམ་གྱི་ཟས་འཚོལ་བ་ནི་ཁམ་གྱི་ཟས་དང་བྲལ་ན་ཞག་བདུན་ལས་མི་ཐུབ་ཙ་ན་ཞག་བདུན་གྱིས་མི་འདོ་བར་སྐལ་པ་ལ་སོགས་པར་ཁམ་ཟས་མ་གསོལ་ བས་ནམ་བཞེངས་པའི་དུས་སུ་འགྲངས་པ་ཡིན། དགེ་སློང་གཅིག་ད་ལྟར་བདག་འགོག་པ་ལ་ཞུགས་ལ། ནངས་པར་གཎྜྻི་མ་བརྡུང་གི་བར་འགོག་པ་ལ་སྙོམས་པར་འཇུག་གོ། ཞེས་ཞུས་པས། གནས་དེར་མེ་ཤོར་ནས་ཆོས་སྟོན་གྱི་གཎྜྻི་མ་བརྡུངས་པས། དེ་ག་ལྟར་འགོག་པ་མ་ལངས། དེ་ནས་ཞག་བཅོ་ལྔ་ལོན་པ་ན་གཎྜྻི་བརྡུངས་ པས་འགོག་པ་ལས་ལངས་ཐོག་ཏུ་གུམ་སྟེ། འདོད་པ་ནི་ཁམ་གྱི་ཟས་དང་བྲལ་ན་ཞག་བདུན་ལས་མི་ཐུབ་ཅེ་ན། བདུན་གྱི་ཡང་མི་འདོ་བར་ཞག་བཅོ་ལྔ་ལས་ལངས་མ་ཐག་ཏུ་གུམ་མོ། །དེ་ལྟར་ན་ཕྱིས་ལངས་ནས་བྱམས་པ་ལ་ཆོས་ཞུ་བ་སོགས་རྫུན་ནོ། །ཞེས་ཁ་ཅིག་ཟེར་རོ། །འགོག་སྙོམས་ལ་ཞུགས་པའི་ལུས་ནི་འབྱུང་བས་ཀྱང་ འཇིག་མི་ནུས་སོ། །མཆན། གསུམ་པ་སྔ་མ་བདུན་གྱི་སྤྱོད་ཡུལ་ལ། དང་པོ་གསུམ་གྱི་དང་། གཟུགས་མེད་བཞིའི་སྤྱོད་ཡུལ་ལོ། །དང་པོ་ནི། དང་པོ་འདོད་གཏོགས་སྣང་ཡུལ་ཅན། །རྣམ་ཐར་འདི་དག་ལས་དང་པོ་གསུམ་ལས་སྔ་མ་གཉིས་ནི་འདོད་པར་གཏོགས་པའི་སྣང་བ་གཟུགས་ཀྱི་སྐྱེ་མཆེད་ཡིད་དུ་མི་འོང་བ་ དང་། གསུམ་པ་ནི་ཡིད་དུ་འོང་བའི་ཡུལ་ཅན་ཡིན་ནོ། །གལ་ཏེ་འདི་དག་ཏིང་ངེ་འཛིན་ལ་བརྟེན་ནས་སྤྲུལ་པ་མ་ཡིན་ནམ་ཞེ་ན། ཡིན་མོད་ཀྱི། འདོད་པར་གཏོགས་པ་སྤྲུལ་པ་ཡིན་ནོ། །གཉིས་པ་ནི། གང་དག་གཟུགས་ཅན་མིན་དེ་དག །སྤྱོད་ཡུལ་གོང་དང་རང་གི་སའི། །སྡུག་བསྔལ་སོགས་དང་རྗེས་ཤེས་ཕྱོགས། །གང་དག་གཟུགས་ཅན་མིན་པའི་རྣམ་ཐར་བཞི་པོ་དེ་དག་གི་སྤྱོད་ཡུལ་ དམིགས་པ་ནི། རང་གི་ས་དང་གོང་མའི་སྡུག་བསྔལ་དང་སོགས་པས་ཀུན་འབྱུང་དང་། རྗེས་ཤེས་ཕྱོགས་མཐུན་གྱི་ལམ་ས་གོང་འོག་རང་ས་པ་ཐམས་ཅད་ཡིན་ནོ། །གཟུགས་མེད་ཀྱི་རྣམ་ཐར་དེ་མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་སྲིད་པས་བརྟགས་མིན་ 3-1-400a གྱི་འགོག་པའང་ཡིན་ནོ། །འདུས་མ་བྱས་ནམ་མཁའ་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཡུལ་ཡིན་ནོ། །བསམ་གཏན་གསུམ་པ་ལ་རྣམ་ཐར་མ་བཞག་པ་ནི། བསམ་གཏན་གཉིས་པའི་ས་པའི་ཁ་དོག་གི་འདོད་ཆགས་མེད་པའི་ཕྱིར་དང་། བདེ་བ་མཆོག་ཏུ་གྱུར་པའི་སྙིང་པོས་བསྐྱོད་པས་གཡོ་བའི་ཕྱིར། དེ་ལྟར་ན་བསམ་གཏན་གསུམ་པའང་ཁ་དོག་གི་འདོད་ཆགས་མེད་པས་བསམ་གཏན་བཞི་པར་སྡུག་པའི་རྣམ་ཐར་ཅིའི་ཕྱིར་མི་བསྐྱེད་ཅེ་ན། མི་སྡུག་པས་རྒྱུད་ཞུམ་པ་རབ་ཏུ་དགའ་བར་བྱ་བའམ། ཅི་མི་ སྡུག་པའི་རྣམ་པར་ཐར་པ་དག་གྲུབ་པ་ཡིན་ནམ་མ་ཡིན་ཅེས་བརྟགས་པའི་ཆེད་དེ། གལ་ཏེ་སྡུག་པ་ཡིད་ལ་བྱས་ཀྱང་ཉོན་མོངས་པ་མི་སྐྱེ་ན་དེ་ལྟར་ན་རྣམ་ཐར་དེ་གཉིས་གྲུབ་པ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱི་རྒྱུ་གཉིས་ཀྱི་རྣམ་ཐར་དང་སོགས་པས་ཟིལ་གནོན་གྱི་ སྐྱེ་མཆེད་བསྐྱེད་དེ། ཉོན་མོངས་མེད་སོགས་ཡོན་ཏན་སྒྲུབ་པའི་ཆེད་དུ་སྟེ། དེས་ཉོན་མོངས་པ་དེ་ཐག་སྲིང་བར་བྱེད་པའི་ཕྱིར་དང་། འཕགས་པའི་མངོན་པར་ཤེས་པའི་རྫུ་འཕྲུལ་སྒྲུབ་པའི་ཆེད་དུ་སྟེ། དེས་སྙོམས་པར་འཇུག་པ་ལ་དབང་བར་བྱ་བའི་ཕྱིར་རོ། ། འཕགས་པའི་རྫུ་འཕྲུལ་ནི་ས་སོགས་གསེར་དུ་བསྒྱུར་བ་དང་། དུས་ཡུན་རིང་པོར་གནས་པར་བྱིན་གྱིས་རློབས་པ་དང་། སྐུ་ཚེ་བཏང་འཇོག་དང་རི་རབ་རྡུལ་ཕྲན་དུ་འཇུག་པར་བྱེད་པ་ལ་སོགས་པའོ། །ཅིའི་ཕྱིར་རྣམ་ཐར་གསུམ་པ་དང་བརྒྱད་པ་ཁོ་ན་ལ་ལུས་ཀྱིས་མངོན་ སུམ་བྱས་ཏེ་རྫོགས་པར་བྱས་ནས་གནས་ཞེས་བཤད་ལ། གཞན་ལ་མ་ཡིན་པ་ཅི་ཞེ་ན། གོ་རིམ་བཞིན་དུ་རྣམ་ཐར་དང་པོ་གཉིས་དང་། གཟུགས་མེད་དང་པོ་གསུམ་པོས་གཟུགས་ཅན་དང་གཟུགས་མེད་ཀྱི་རྣམ་ཐར་སྒྲིབ་པ་མཐའ་དག་སྤངས་པས་གཙོ་བོ་ཡིན་པའི་ཕྱིར་དང་། 3-1-400b གཟུགས་དང་གཟུགས་མེད་པའི་ཁམས་དང་སའི་མཐའ་ན་གནས་པའི་ཕྱིར་ཞེས་ཟེར་རོ། །འོན་ཀྱང་དེ་གཉིས་རིམ་པ་ལྟར་གཟུགས་དང་གཟུགས་མེད་ཀྱི་ས་པའི་རྣམ་ཐར་རྫོགས་པར་མངོན་དུ་བྱས་པ་ཡིན་པས་དེ་སྐད་དུ་བསྟན་ཏོ། །ཞེས་ཀྱང་སྨྲ་ལ། ཡང་ན་འཕགས་པ་ རྣམས་དེ་གཉིས་ལ་ལན་མང་དུ་གནས་པས་ན་དེ་སྐད་ཅེས་གསུངས་སོ། །ཞེས་ཀུན་ལས་བཏུས་པའི་འགྲེལ་པར་བཤད་དོ། །གཉིས་པ་ཟིལ་གནོན་ལ། དབྱེ་བ་དང་། མཚན་ཉིད་བཤད་པའོ། །དང་པོ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། །བརྒྱད་ལས་འཕྲོས་པའི་མདོ་ལས། ནང་གཟུགས་སུ་འདུ་ཤེས་ པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་དང་ཁ་དོག་ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་བཞིན་དུ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་ རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་བལྟ་ཞིང་ཞེས་བྱ་བ་ནས་རྒྱས་པ་འདི་ནི་ཟིལ་གྱིས་ནོན་པའི་སྐྱེ་མཆེད་གཉིས་པའོ། །ཞེས་བྱ་བའི་བར་དང་། དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་བ་དང་ཆེ་བ་ལ་བལྟ་བ་གཉིས་ ཏེ་བཞི་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་ཝཱ་ར་ཎ་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་ པ། འོད་སྔོན་པོ་བྱུང་བ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ཞེས་དང་། དེ་བཞིན་སེར་དམར་དཀར་པོ་ལ་དེ་ལྟར་ལྟ་བ་བཞི་སྟེ་ཟིལ་གྱིས་ 3-1-401a གནོན་པའི་སྐྱེ་མཆེད་བརྒྱད་གསུངས་པའི་ནང་གཟུགས་སུ་འདུ་ཤེས་པ་དང་། དེ་མེད་པར་འདུ་ཤེས་པ་ནི་རྣམ་ཐར་གྱི་དང་མཚུངས་ལ། ཆུང་ངུ་དང་ཆེན་པོ་ནི་སེམས་ཅན་དང་སྣོད་ཀྱི་གཟུགས་སམ། ཁ་དོག་བཟང་ངན་ནི་ཡིད་དུ་འོང་མི་འོང་ངམ། ཡང་ན་ ལྷ་དང་མིའི་གཟུགས་སོ། །ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་དབང་དུ་བསྒྱུར་ནས་སོ། །ཤེས་པ་ནི་ཞི་གནས་དང་ལྷག་མཐོང་ཡིན་ནོ་ཞེས་འཕགས་པ་ཐོགས་མེད་ཀྱིས་བཤད་ལ། ཁ་དོག་བཞིའི་དཔེ་དོན་གཉིས་ཀའི་སྐབས་སུ་རེ་རེ་ཞིང་སྔོན་པོ་ལ་སོགས་པ་ཚིག་བཞི་བཞི་སྨོས་པ་ནི་ གོ་རིམ་བཞིན་དུ་མདོར་བསྟན་པ་དང་། ལྷན་སྐྱེས་དང་། བཅོས་མ་དང་། ལྷན་སྐྱེས་དང་བཅོས་མ་གཉིས་ཀའི་ཐུན་མོང་གི་ཁ་དོག་ཡིན་ལ། ཟར་མ་དང་དོང་ཀ་དང་། བན་དུ་ཛི་ཀའི་མེ་ཏོག་དང་། སྐར་མ་པ་སངས་དང་། རས་ནི་རིམ་པ་ལྟར་ལྷན་སྐྱེས་དང་བཅོས་མའི་དཔེའོ། ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་ནི་ཟིལ་གྱིས་ནོན་ནམ་མ་ནོན་ཀྱང་རུང་སྟེ། དེ་ལ་མངོན་པའི་ང་རྒྱལ་གྱི་འདུ་ཤེས་མེད་པའོ། །སློབ་དཔོན་གང་སྤེལ་ནི། ཤེས་པ་ནི་དང་པོ་ཤེས་པ་ཙམ་སྟེ་བར་ཆད་མེད་པའི་ལམ་མོ། །མཐོང་བ་ནི་དེའི་རྒྱུ་མཚན་རྣལ་འབྱོར་རྫོགས་པ་སྟེ་རྣམ་གྲོལ་གྱི་ ལམ་མོ་ཞེས་འཆད་དོ། །དེ་དག་ཀྱང་དང་པོ་བཞི་ནི་ཁ་དོག་དང་དབྱིབས་གཉིས་ཀ་ལ་ཆགས་སྡང་སྐྱེ་བའི་གཉེན་པོ་དང་། ལྷག་མ་བཞི་ནི་གཞན་གྱི་ཁ་དོག་ལ་ཆགས་པ་དང་ཡིད་རྣམ་པར་ཞུམ་པའི་གཉེན་པོ་ཡིན་ནོ། །གཉིས་པ་ལ། གཟུགས་ཅན་གཟུགས་ལ་ལྟ་བའི་ཟིལ་ གནོན་གཉིས་བཤད་པ། གཟུགས་མེད་གཟུགས་ལ་བལྟ་བའི་ཟིལ་གནོན་གཉིས་བཤད་པ། ཁ་དོག་ཟིལ་གནོན་བཞི་བཤད་པའོ། །དང་པོ་ནི། གཉིས་ནི་རྣམ་ཐར་དང་པོ་བཞིན། །དེ་དག་ལས་ཟིལ་གྱིས་ནོན་པའི་སྐྱེ་མཆེད་དང་པོ་དང་གཉིས་པ་གཉིས་ནི་རང་བཞིན་དང་ས་དང་རྣམ་པའི་བྱེ་བྲག་གི་རྣམ་པར་ཐར་ 3-1-401b པ་དང་པོ་བཞིན་ནོ། །གཉིས་པ་ནི། གཉིས་ནི་གཉིས་པ་བཞིན། ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་དང་བཞི་པ་གཉིས་ནི་རྣམ་པར་ཐར་པ་གཉིས་པ་བཞིན་དུ་བལྟ་བ་ཡིན་ནོ། །གསུམ་པ་ནི། དེ་གཞན། །སྡུག་པའི་རྣམ་པར་ཐར་པ་བཞིན། །གཞན་ཁ་དོག་གི་ཟིལ་གནོན་བཞི་ནི་སྡུག་པའི་རྣམ་པར་ཐར་པ་བསམ་གཏན་བཞིའི་ས་དང་། གཟུགས་ཁམས་ ཀྱི་གཟུགས་ཀྱི་སྐྱེ་མཆེད་ཡིད་འོང་ལ་དམིགས་པ་དང་། ངོ་བོ་མ་ཆགས་པ་ཡིན་པ་དང་། ཕུང་པོ་ལྔ་པ་ཡིན་པ་བཞིན་ཁོང་དུ་ཆུད་པར་བྱའོ། །རྣམ་ཐར་དང་ཟིལ་གནོན་གྱི་ཁྱད་པར་ནི་རྣམ་ཐར་གྱིས་ནི་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཙམ་དུ་ཟད་ཀྱི་ཟིལ་གྱིས་མི་གནོན་ལ། ཟིལ་གནོན་གྱི་ནི་ཇི་ལྟར་འདོད་པ་བཞིན་དུ་སྐད་ཅིག་ལ་སྔོན་པོ་ལ་སོགས་པའམ། རྣམ་པར་བསྔོས་པ་ལ་སོགས་པ་ཡིད་དུ་མི་འོང་པར་མོས་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་སྡུག་པར་དམིགས་ཀྱང་ཉོན་མོངས་པ་མི་སྐྱེ་བར་དམིགས་པ་ཟིལ་གྱིས་གནོན་ པའི་ཕྱིར། གཟུགས་མེད་ལ་ཟིལ་གནོན་མ་བཤད་པ་ནི་གཟུགས་ཟིལ་གྱིས་ནོན་ན་དེ་ཡང་ནོན་པའི་ཕྱིར་མ་བཤད་དོ། །འཕགས་པ་རྣམས་ནི་གཟུགས་ཀྱི་དེ་བཞིན་ཉིད་དང་མཚན་མ་ཡིད་ལ་བྱེད་པས་ཟིལ་གྱིས་གནོན་པར་བྱེད་ལ། བྱིས་པ་རྣམས་ནི་སྡུག་པ་དང་མི་སྡུག་ པ་ཕན་ཚུན་བལྟོས་པ་དང་ཕན་ཚུན་གཅིག་ལ་གཅིག་རྗེས་སུ་འབྲེལ་བ་དང་། དེས་ན་གཟུགས་ཐམས་ཅད་ཕན་ཚུན་བསྲེས་ཏེ་སྡུག་པར་རོ་གཅིག་པའི་འདུ་ཤེས་ཀྱིས་མོས་པར་བྱས་ནས་ཟིལ་གྱིས་གནོན་པར་བྱེད་དོ་ཞེས་འཕགས་པ་ཐོགས་མེད་འཆད་ལ། ཡང་ཁ་ཅིག་ནི་ བཟང་ངན་ལ་ཆགས་སྡང་མེད་པར་དམིགས་པ་ཟིལ་གྱིས་ནོན་པར་བྱེད་དོ་ཞེས་ཟེར་ལ། ཁ་ཅིག་ན་རེ། དེ་ལྟར་ན་ཟིལ་གྱིས་ནོན་པའི་སྐྱེ་མཆེད་འདི་དག་ཞེ་སྡང་མེད་པའི་རང་བཞིན་དུའང་འགྱུར་ན་མ་ཆགས་པའི་རང་བཞིན་ཅན་དུ་བཤད་པའི་ཕྱིར། བཟང་ངན་གཉིས་ཀ་ 3-1-402a ཟིལ་གྱིས་མནན་ནས་མི་སྡུག་པར་རོ་གཅིག་ཏུ་མཐོང་བ་ཡིན་ཅེས་སྔོན་གྱི་སློབ་དཔོན་རྣམས་ཀྱི་ལུགས་སྟོན་པར་བྱེད་དོ། །གསུམ་པ་ཟད་པར་བཤད་པ་ལ། དབྱེ་བ་དང་། སོ་སོའི་རང་བཞིན་ནོ། །དང་པོ་ནི། ཟད་པར་བཅུའོ། །ཡང་བཅུ་ལས་འཕྲོས་པའི་མདོ་ལས། ཟད་ པར་ས་དང་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ནམ་མཁའ་དང་རྣམ་པར་ཤེས་པ་སྟེ་བར་ཆད་མེད་པར་ཟད་པར་ས་ལ་སོགས་པ་རྒྱས་པར་ཁྱབ་པར་བྱེད་པའི་ཟད་པར་གྱི་སྐྱེ་མཆེད་བཅུའོ། །གཉིས་པ་ལ། སྔ་མ་བརྒྱད་བཤད་པ་དང་། ཕྱི་མ་ གཉིས་བཤད་པའོ། །དང་པོ་ནི། བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ཡུལ་ནི། །འདོད་པ། དང་པོ་བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་ལ། ས་བསམ་གཏན་གྱི་མཐའ་བཞི་པ་ཁོ་ནར་ཡོད་དོ། །དམིགས་པ་སྤྱོད་ཡུལ་ནི་འདོད་པའི་གཟུགས་ཀྱི་སྐྱེ་མཆེད་དེ་འཇིག་རྟེན་ཐ་སྙད་དང་མཐུན་པར་ཁ་དོག་དང་དབྱིབས་སུ་འདོད་པའི་ ཕྱིར། དེ་སྐད་དུ། འཇིག་རྟེན་གྱི་ནི་ཐ་སྙད་དུ། ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན། །ཅེས་སོ། །ཁ་ཅིག་ཟད་པར་རླུང་གི་དམིགས་པ་ནི་རེག་བྱའི་སྐྱེ་མཆེད་དོ། །ཞེས་ཟེར་རོ། །གཉིས་པ་ནི། གཉིས་ནི་གཟུགས་མེད་དག །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །ཟད་ པར་ནི་སྐྱེ་མཆེད་ཐ་མ་གཉིས་ནི་གཟུགས་མེད་དག་པའི་རང་བཞིན་ནོ། །འདི་གཉིས་ཀྱི་སྤྱོད་ཡུལ་ནི་རང་གི་ས་པའི་ཕུང་པོ་བཞིའོ། །སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པ་ནི་མིག་སོགས་བདུན་གྱིས་སྣོད་ལ་མ་ཁྱབ་ཅིང་དྲི་རོས་གཟུགས་ཁམས་སུ་མ་ཁྱབ་ལ། སྒྲ་ལ་རྒྱུན་ མེད་པས་ཟད་པར་མ་བཞག་ཅེས་ས་ལས་འབྱུང་ངོ་། །ཅིའང་མེད་པ་དང་སྲིད་རྩེ་གཉིས་ཟད་པར་དུ་མ་བཞག་པ་ནི། བསྡུ་བ་ལས། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་ཀྱི་ཟད་པར་མཐའ་ཡས་ཤིང་ཚད་མེད་པར་གྲུབ་པ་དེ་དག་ལས་བོགས་དབྱུང་དུ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། ། 3-1-402b རྣམ་ཐར་ལ་སོགས་པ་གསུམ་གྱི་ཁྱད་པར་ནི་ཡོན་ཏན་རྣམས་རིམ་གྱིས་འཛེགས་པས་རྣམ་ཐར་གྱི་དམིགས་པ་ལས་རྒྱབ་ཀྱིས་ཕྱོགས། དེ་ནས་ཟིལ་གྱིས་གནོན། དེ་ནས་ཁྱབ་པར་བྱེད་པས་སྔ་མ་སྔ་མ་རྫོགས་ཤིང་དག་པ་ལས་ཕྱི་མ་ཕྱི་མ་འབྱུང་བས་གོང་ནས་གོང་དུ་ཁྱད་ པར་དུ་འཕགས་པའི་ཕྱིར་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་རྒྱུ་དང་རྒྱུ་འབྲས་གཉིས་ཀ་དང་འབྲས་བུ་ཁོ་ནའོ། །དེ་དག་འགོག་པའི་རྣམ་ཐར་ལས་གཞན་རྣམས་སྐྱེ་བོ་དང་ཐུན་མོང་མིན་ལ། ཐམས་ཅད་ཀྱང་ཐག་སྲིང་བའི་གཉེན་པོ་ཡིན་ནོ། །གཉིས་པ་ཐོབ་ཚུལ་ནི། འགོག་པ་བཤད་ཟིན་ལྷག་མ་ནི། །འདོད་ཆགས་བྲལ་དང་སྦྱོར་བས་འཐོབ། །ཉེར་ དྲུག་པོ་དེ་ལས་འགོག་པའི་རྣམ་ཐར་གྱིས་ཐོབ་པ་དང་རྟེན་སོགས་སྔར་གནས་གཉིས་པར་བཤད་ཟིན་ལ། ལྷག་མ་ཉེར་ལྔ་ནི་སྔར་འདྲིས་པ་སྟེ་སྐྱེ་མྱོང་བ་ཡིན་ན་འདོད་ཆགས་དང་བྲལ་བ་ཙམ་དང་། མ་འདྲིས་པ་རྣམས་ནི་སྦྱོར་བ་འབད་རྩོལ་གྱིས་འཐོབ་སྟེ། གོམས་ པ་དང་མ་གོམས་པའི་མཐུ་ལས་ཕྱུང་བའི་ཕྱིར་རོ། །སྦྱོར་བའང་བྱས་ཙམ་གྱིས་མི་ཆོག་སྦྱོར་བ་རྫོགས་པས་ཐོབ། སྐྱེ་བ་སྔ་མ་ཡང་སྔ་ཞེས་དཔྱད་དགོས་སྔ་ནི་སྔར་ཡིན་ཅེས་ཁ་ཅིག་ཟེར་ལ། ཁ་ཅིག་སྐྱེ་བ་འདིར་སྔར་ཐོབ་མ་ཐོབ་ལ་འཇོག་ཟེར། གསུམ་པ་རྟེན་གྱི་ཁྱད་པར་ལ། དངོས་དང་། འཕྲོས་དོན་ལས། དང་པོ་ནི། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །གཟུགས་མེད་ཅེས་བྱ་བའི་རྣམ་ཐར་བཞི་དང་ཟད་པར་གཉིས་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན་ལ། དེ་དག་གི་ལྷག་མ་བཅུ་དགུ་པོ་རྣམས་ནི་མི་ལས་སྐྱེ་བས་མིའི་རྟེན་ཅན་ཁོ་ན་ཡིན་ཏེ། འདི་ནི་ལུང་གི་མཐུས་བསྐྱེད་ དགོས་ན་ལྷ་སོགས་འགྲོ་བ་ན་གཞན་ལུང་མེད་པའི་ཕྱིར། གཉིས་པ་ནི། ཁམས་གཉིས་དག་ཏུ་གཟུགས་མེད་པ། །རྒྱུ་དང་ལས་ཀྱི་སྟོབས་ཀྱིས་སྐྱེ། །འོ་ན་ལུང་མེད་པས་བསམ་གཏན་གཟུགས་མེད་དག་ཁམས་གོང་མར་ཇི་ལྟར་སྐྱེ་ཞེ་ན། བསམ་གཟུགས་ཀྱི་ཏིང་ངེ་འཛིན་ནི་སྤྱིར་ལུང་དང་རྒྱུ་དང་ལས་དང་ཆོས་ཉིད་ཀྱི་སྟོབས་དང་བཞིས་སྐྱེ་བས་ 3-1-403a ཁམས་གོང་མ་གཉིས་དག་ཏུ་ནི་ལུང་མེད་ཀྱང་གཟུགས་མེད་པའི་སྙོམས་འཇུག་རྒྱུ་དང་ལས་ཀྱི་སྟོབས་གཉིས་ཀྱིས་སྐྱེའོ། །དེའང་རྒྱུའི་སྟོབས་ཀྱི་སྐྱེ་བ་ནི་སྔོན་མིའི་རྟེན་ལ་གཟུགས་མེད་ཀྱི་སྙོམས་འཇུག་གོམས་པར་བྱས་པ་ལས་ཉམས་པ་དག་ གཟུགས་ཁམས་སུ་སྐྱེས་ཏེ། དེར་སྔོན་གོམས་པས་སྐལ་མཉམ་གྱི་རྒྱུ་སྟོབས་དང་ལྡན་པས་ཏིང་ངེ་འཛིན་སྐྱེ་ལ། དེ་ལའང་རྒྱུ་སྟོབས་ཆེ་བར་ལྡན་པས་ནི་མྱུར་དུ་སྐྱེ་ལ། རྒྱུ་སྟོབས་ཆུང་བས་ནི་དེར་གཟུགས་མེད་པའི་སྙོམས་འཇུག་སྐྱེ་བ་གོམས་པ་ལས་སོ། །ལས་ ཀྱི་སྟོབས་ཀྱིས་སྐྱེ་བ་ནི། སྔོན་མིའི་རྟེན་ལ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་ནས་ཉམས་པ་དེ་ཉིད་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སུ་གྱུར་པའི་སྟོབས་ཀྱིས་གཟུགས་ཁམས་སུ་སྐྱེས་པས་ན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་ནའང་གཟུགས་མེད་པར་སྐྱེ་སྟེ། འོག་མ་ལས་འདོད་ཆགས་དང་མ་བྲལ་བར་གོང་མར་མི་སྐྱེ་བའི་ཕྱིར་རོ། །ཇི་ལྟར་གཟུགས་མེད་གཟུགས་སུ་སྐྱེ་བ་ལྟར་གཟུགས་མེད་གཟུགས་མེད་ཉིད་དུ་སྐྱེ་བའང་རྒྱུ་དང་ལས་ཀྱི་སྟོབས་གཉིས་ལས་སྐྱེ་སྟེ། དེ་ལ་རྒྱུའི་སྟོབས་ཀྱིས་སྐྱེ་བ་ནི་གོང་མའི་ཉེར་བསྡོགས་ སྒོམ་པར་བྱེད་པ་ཡིན་ལ། ལས་ཀྱི་སྟོབས་ཀྱིས་སྐྱེ་བ་ནི་སྐྱེ་བས་ཐོབ་པའི་གཟུགས་མེད་དོ། །བཞི་པ་ཏིང་ངེ་འཛིན་གྱི་སྐྱེ་ཚུལ་ནི། གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས། །དེ་དག་དང་ཆོས་ཉིད་ཀྱིས་ཀྱང་། །གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས་ནི་རྒྱུ་དང་ལས་ཀྱི་སྟོབས་དེ་དག་དང་ཆོས་ཉིད་ཀྱི་སྟོབས་ཀྱིས་ཀྱང་སྐྱེའོ། །དེ་ལ་མདོ་སྡེ་པས་ཆོས་ཉིད་ཀྱིས་སྐྱེ་བ་ནི་འཇིག་ རྟེན་འཇིག་པའི་ཚེ་བསམ་གཏན་འོག་མའི་སེམས་ཅན་ལ་དགེ་བའི་ཆོས་རྣམས་ཀྱི་འཇུག་པ་ཤས་ཆེ་བས་བསམ་གཏན་གོང་མའི་སེམས་ངང་གིས་སྐྱེ་བ་བཞིན་ཏེ། བསམ་གཏན་གྱི་གདམས་ངག་སྟོན་པའི་ལུང་ལ་མ་བལྟོས་པར་སྔོན་བསམ་གཏན་གོམས་པའི་བག་ 3-1-403b ་ཆགས་ཀྱིས་སྐྱེ་བ་ལ་ཆོས་ཉིད་ཀྱི་སྐྱེ་བ་ཞེས་བརྗོད་དོ། །བྱེ་བྲག་ཏུ་སྨྲ་བས་བག་ཆགས་ཀྱི་རྣམ་གཞག་མི་འདོད་པས་སྔོན་བསམ་གཏན་གོམས་པའི་སྐལ་མཉམ་གྱི་རྒྱུ་ལས་བྱུང་བ་ལ་འདོད། འདོད་པའི་ཁམས་སུ་ནི་ལྷ་ལ་རྒྱུ་གསུམ་པོ་དེ་དག་དང་མི་ལ་དེ་དག་ གི་སྟེང་དུ་ཡིད་ལ་བྱེད་པ་བདུན་དང་། སེམས་གནས་པའི་ཐབས་དགུ་ལ་སོགས་པ་ལུང་གི་སྟོབས་ལས་ཀྱང་སྐྱེའོ། །འཇམ་སྒེག་ན་རེ། ལེགས་པར་དཔྱད་ན་ལས་ཀྱི་སྟོབས་ཀྱིས་སྐྱེ་བ་དེ་གལ་ཏེ་ལས་ཀྱི་རྣམ་པར་སྨིན་པ་ཡིན་པར་འདོད་ན་ནི། འདོད་ཁམས་སུ་ བསམ་གཏན་གཟུགས་མེད་དང་། གཟུགས་སུ་གཟུགས་མེད་ཀྱི་སེམས་ལས་ཀྱི་སྟོབས་ཀྱིས་མི་སྐྱེ་བར་འགྱུར་ཏེ། དེ་དག་ནི་གཟུགས་དང་གཟུགས་མེད་ཁོ་ནར་རྣམ་པར་སྨིན་པའི་ཕྱིར། འོན་ཏེ་ལས་ཀྱི་རྒྱུ་མཐུན་གྱི་འབྲས་བུར་འདོད་ན་ནི་དེ་ནི་རྒྱུ་དང་ཆོས་ཉིད་ཀྱི་སྐྱེ་ བའང་ཡིན་པས་རྣམ་པ་གསུམ་གྱི་དབྱེ་བ་མི་འཐད་པར་འགྱུར་མོད་ཀྱི། འོན་ཀྱང་གཙོ་ཆེ་ཆུང་གི་བྱེ་བྲག་ལ་དགོངས་ཏེ་རྣམ་དབྱེ་མཛད་དོ། །འཇིག་རྟེན་འཇིག་པ་ན་དེའི་རྐྱེན་གྱིས་བསམ་གཏན་བཞི་པ་ལ་གཟུགས་མེད་ཀྱི་ཏིང་ངེ་འཛིན་མི་སྐྱེ་བས་གཟུགས་ མེད་ལ་ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བར་མ་བཤད་ལ། རང་སའི་ཏིང་ངེ་འཛིན་སྐྱེ་བའང་ཆོས་ཉིད་མ་ཡིན་པས་འཇིག་རྟེན་འཇིག་པ་ན་ལུང་མེད་པར་འོག་སའི་རྟེན་ལ་གོང་སའི་ཏིང་ངེ་འཛིན་སྐྱེ་བ་ཁོ་ན་ལ་འདིར་ཆོས་ཉིད་ཅེས་བྱའོ། །ལས་དང་ཆོས་ཉིད་ལ་ ཡང་རྒྱུ་ཡོད་མོད་ཀྱི་དེ་དག་གཙོ་ཆེ་བས་དེ་སྐད་བསྟན་ཏོ་ཞེས་ཟེར་རོ། །(གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། སྙོམས་འཇུག་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའོ། །)སྨྲས་པ། གང་ཞིག་རྒྱལ་མཆོག་བསྟན་འདིར་ཕྱོགས་པ་ཞིག །ཉེའམ་རིང་ན་འཁོད་པ་གང་ཡོད་ཀྱིས། ཁོ་བོའི་ལེགས་བཤད་ཚུལ་འདིར་ད་གཟིགས་དང་། །དགེ་ལ་དགའ་གྱུར་ 3-1-404a ཡི་རང་ཅི་ཡང་འབྱུང་། །དེ་སླད་རང་གཞན་ཕན་བདེའི་རྩ་ལག་ནི། །འཁྲུལ་མེད་བསྟན་པའི་བསྟན་འདི་མ་ཡིན་ནམ། ། ༈ ད་ནི་རྩོམ་པ་མཐར་ཕྱིན་བྱེད་ཀྱི་ཡན་ལག་ཏུ་བསྟན་བཅོས་ཀྱི་མཇུག་གི་དོན་བཤད་པ་ལ། བསྟན་པ་གནས་ པའི་ཚད། བསྟན་བཅོས་འདི་ཉིད་ཀྱི་མཇུག་དོན། བཤད་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ལ། བསྟན་པ་དང་། དེ་གནས་པའི་ཚད་དོ། །དང་པོ་ནི། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །གང་ལ་ཆོས་རྣམས་ཀྱི་རྣམ་པ་ཟག་བཅས་ཟག་མེད་ས་དང་དམིགས་པ་དང་རྣམ་པ་ལ་སོགས་ཇི་སྐད་ བཤད་པ་འདི་ལྟ་བུའི་མངོན་པའི་དམ་ཆོས་འདི་ཇི་སྲིད་དུ་གནས་ཞེ་ན། སྟོན་པའི་དམ་པའི་ཆོས་ནི་རྣམ་པ་གཉིས་ཏེ། ལུང་སྡེ་སྣོད་གསུམ་སྡེ་སྣོད་གསུམ་ནི། སོ་སོར་ཐར་པས་བསྡུས་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། བསམ་གཟུགས་ཀྱིས་བསྡུས་པ་ལྷག་པའི་སེམས་དང་། ཟག་མེད་ཤེས་རབ་འཁོར་དང་རྟོགས་པ་བྱང་ཆུབ་ཕྱོགས་དང་མཐུན་པའི་བདག་ཉིད་དོ། །གཉིས་པ་ནི། ལུང་ཆོས་དེ་འཛིན་པ་གང་ཞེ་ན། ལུང་གི་ཆོས་དེ་འཛིན་ པར་བྱེད་པ་ནི་ལུང་བཞིན་དུ་ཤེས་ནས་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་པས་གཞན་ལ་སྨྲ་བར་བྱེད་པ་ཡིན་པའི་ཕྱིར་སྡེ་སྣོད་འཛིན་པ་དང་། བཅས་ཀྱིས་བསྡུས་པ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམས་གཙོ་བོར་སྟོན་པ་ནི་སྡེ་སྣོད་གསུམ་སྟེ། འདུལ་བ་ལུང་དང་། དྲན་པ་ཉེར་གཞག་གི་མདོ་ལ་སོགས་པའི་ཐེག་ཆུང་ལ་མདོ་ཐོར་བུ་བ་སྣ་ཚོགས་ནི་དང་པོ་གཉིས་ཀྱི་མཚན་གཞི་ཡིན་ལ། མངོན་པའི་སྡེ་སྣོད་ཀྱི་བཀའ་ནི། བྱེ་སྨྲ་ལྟར་ན་སྡེ་བདུན་དང་། མདོ་སྡེ་བ་ལྟར་ན་དེ་དག་བསྟན་ བཅོས་ཡིན་ཅིང་། བཀའ་ཟུར་པ་མེད་པས་སྔ་མ་གཉིས་ཀྱི་ནང་ན་ཐོར་བུར་བསྟན་པ་རྣམས་མཚན་གཞིར་འདོད། ཐེག་པ་གོང་མ་པ་ནི་མངོན་པ་སྟོང་ཕྲག་བརྒྱ་པ་ཞེས་པ་དགའ་ལྡན་དུ་བཞུགས། འཛམ་བུའི་གླིང་དུ་མངོན་པ་ལ་དགྲ་ལན་གསུམ་བྱུང་བས་ནུབ་ལ། ཡང་རྒྱ་གར་ལྷོ་ཕྱོགས་ན་མངོན་པའི་ཆོས་ཚུལ་བརྒྱ་པ་ཟེར་བ་ཞིག་ཡོད་པ་ལས་ 3-1-404b ག་དགུ་ནུབ་ནས་གཅིག་ལས་བཏུས་པ་ལ་ས་སྡེ་རྣམས་བྱུང་བ་ཡིན་ནོ། །ཞེས་གཏམ་དུ་གྲགས་པའང་ཡོད་དོ། །མཆན། དང་རྟོགས་པ་བྱང་ཆུབ་ཕྱོགས་དང་མཐུན་པའི་བདག་ཉིད་དོ། །གཉིས་པ་ནི། དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ལུང་ཆོས་དེ་འཛིན་པ་གང་ཞེ་ན། ལུང་གི་ཆོས་དེ་འཛིན་པར་བྱེད་པ་ནི་ལུང་བཞིན་དུ་ཤེས་ནས་ཉོན་མོངས་པ་ཅན་མ་ཡིན་པའི་བསམ་པས་གཞན་ལ་སྨྲ་བར་བྱེད་པ་ཡིན་པའི་ཕྱིར་སྡེ་སྣོད་འཛིན་པ་དང་། ལུང་གི་ཆོས་འཛིན་པ་དང་། བསྟན་པ་འཛིན་པ་ཞེས་ཀྱང་བྱའོ། །རྟོགས་པའི་ཆོས་འཛིན་པ་ནི། བྱང་ཕྱོགས་དང་མཐུན་པའི་ཆོས་རང་གི་རྒྱུད་ལ་སྒྲུབ་ཅིང་ཉམས་སུ་ལེན་པར་བྱེད་པ་ ཡིན་པའི་ཕྱིར། བསླབ་པ་གསུམ་ལ་སློབ་པ་དེ་དག་ནི་སྟོན་པའི་བསྟན་པ་དམ་པའི་ཆོས་འཛིན་པ་ཡིན་ནོ། །དེ་གཉིས་ལས་གཞན་པ་ནི་དམ་པའི་ཆོས་འཛིན་པ་མ་ཡིན་པས་ན་ཁོ་ནའི་སྒྲ་སྨོས་སོ། །དེའང་ལུང་འཛིན་བྱེད་ནི་སྨྲ་བྱེད་དང་སྒྲུབ་བྱེད་ཀྱི་རྟེན་ཡིན་ལ། །ལུང་ཕྱིན་ཅི་མ་ ལོག་པའི་རྟེན་ནི་སྒྲུབ་པ་པོ་རྣམས་ཡིན་ནོ། །རྟོགས་པ་སྨྲ་བྱེད་ནི་སྒྲུབ་པ་ཁོ་ན་ཡིན་ཏེ། མ་སྒྲུབ་པར་རང་གི་རྟོགས་དོན་སྨྲ་མི་ནུས་པའི་ཕྱིར། དེས་ན་སྨྲ་བྱེད་དང་སྒྲུབ་བྱེད་ཡོད་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །འགྲེལ་པ་ལས། དེ་དག་ཀྱང་ལོ་སྟོང་དུ་གནས་ སོ་ཞེས་བཤད་དོ། །གཞན་དག་ན་རེ། རྟོགས་པ་ལོ་སྟོང་དུ་གནས་པ་དེ་ལྟར་ཡིན་གྱི། ལུང་ནི་ཡུན་རིང་དུ་སྟོང་གི་ཕྱི་ནས་ཀྱང་གནས་སོ་ཞེས་ཟེར་ཏེ། ཕྱོགས་འདི་རིགས་པར་མཐོང་སྟེ། ད་ལྟ་ལུང་གི་ཆོས་མེད་པ་མ་ཡིན་གྱི། ཉོན་མོངས་རྣམས་འཇུག་པ་རྙེད་པས་རྟོགས་པའི་ཆོས་ནི་ མེད་དོ་ཞེས་འགྲེལ་བཤད་བྱེད་པ་དག་ཟེར་རོ། །བསྐལ་བཟང་ལས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་ནི་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་། །ཞེས་དང་། ལུང་ཕྲན་ཚེགས་ལས་ཀྱང་། ལོ་སྟོང་གནས་པར་གསུངས་ སོ། །ལུང་ཕྲན་ཚེགས་ལས། བསྟན་པ་ལོ་བདུན་སྟོང་གནས་པ་ལས་སྐྱེ་རྒུའི་བདག་མོ་ལ་སོགས་པ་རབ་ཏུ་བྱུང་བས་ལོ་ཉིས་སྟོང་འགྲིབ་ནས་ལོ་ལྔ་སྟོང་དུ་གནས་པར་གསུངས་སོ་ཞེས་པ་ལ། ཁ་ཅིག་དེ་ལྟར་འཆད་པ་དེས་ལུང་ཕྲན་ཚེགས་མ་མཐོང་བར་ཟད་དེ། ཕྲན་ཚེགས་ཀྱིས་སྐྱེ་རྒུའི་ 3-1-405a བདག་མོ་གོའུ་ཏ་མ་ལ་སོགས་པ་ལ་བླ་མའི་ཆོས་བརྒྱད་གསུངས་པའི་སྐབས་དང་། འཕགས་པ་ཀུན་དགའ་བོ་མྱ་ངན་ལས་འདའ་བར་བཞེད་ནས་ཤ་ནའི་གོས་ཅན་ལ་བསྟན་པ་གཏོད་པའི་སྐབས་དང་། འཕགས་པ་ཉི་མ་གུང་པས་རི་སྤོས་ཀྱི་ངད་ལྡང་གི་ཀླུ་ བཏུལ་བའི་སྐབས་སོགས་ལས་བསྟན་པ་ལོ་སྟོང་ཁོ་ནར་གནས་པར་གསུངས་ཀྱི། ལོ་ཉིས་སྟོང་འགྲིབ་པ་དང་ལོ་ལྔ་སྟོང་གནས་པར་གསུངས་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །འབུམ་ཊཱིཀ་ལས། ལྔ་སྟོང་ལ་ཕྱེད་ཕྱེད་དུ་བྱས་ནས་ལྔ་བརྒྱ་པ་ཕྲག་བཅུ་ལས། དང་པོ་ལ་དགྲ་བཅོམ་ པ་དང་། གཉིས་པ་ལ་ཕྱིར་མི་འོང་བ་དང་། གསུམ་པ་ལ་རྒྱུན་ཞུགས་མང་དུ་བྱུང་བས་འབྲས་བུའི་དུས་ཀྱི་ལེའུ་གསུམ་དང་། བཞི་པ་ལ་ཤེས་རབ་བསླབ་པ་དང་། ལྔ་པ་ལ་སེམས་ཀྱི་བསླབ་པ་དང་། དྲུག་པ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་མང་དུ་འབྱུང་བས་སྒྲུབ་པའི་ དུས་ཀྱི་ལེའུ་གསུམ་དང་། བདུན་པ་ལ་མངོན་པ་དང་། བརྒྱད་པ་ལ་མདོ་སྡེ་དང་། དགུ་པ་ལ་འདུལ་བ་འཛིན་པ་མང་དུ་འབྱུང་བས་ལུང་གི་དུས་ཀྱི་ལེའུ་གསུམ་དང་། བཅུ་པ་ནི་རྟགས་ཙམ་འཛིན་པའི་དུས་ཀྱི་ལེའུ་ཞེས་བྱ་སྟེ། དེ་ཉིད་ལ་ལྔ་བརྒྱ་ཐ་མ་ཞེས་བརྡར་བྱེད་དོ། །དེ་ནས་ དམ་པའི་ཆོས་ནུབ་པར་འགྱུར་ཏེ། དེའི་དུས་ན་འཛམ་གླིང་པའི་མི་ཚེ་ཚད་ལྔ་བཅུ་པ་ཡིན་ལ། ད་ལྟ་ནི་ཚེ་ཚད་དྲུག་ཅུ་པ་དང་། མངོན་པ་བའི་དུས་ཡིན་ཅེས་ཟེར་ལ། འདི་ལ་ནི་འདོད་པ་མི་འདྲ་བ་མང་དུ་སྣང་བས་གང་གི་ཕྱོགས་སུའང་དཔྱད་མི་བཟོད་དོ། །ཟླ་བའི་སྙིང་པོས་ཞུས་ པའི་མདོ་ལས་ལོ་ཉིས་སྟོང་དུ་གནས་པར་གསུངས་སོ། །གཉིས་པ་ལ། བསྟན་བཅོས་རྩོམ་པའི་ཚུལ། ནོངས་པ་བཤགས་པ། བག་ཡོད་བྱ་བར་གདམས་པའོ། །དང་པོ་ནི། བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །མངོན་པ་མཛོད་ཀྱི་བསྟན་བཅོས་འདིར་ཆོས་མངོན་པ་བརྗོད་བྱར་བྱས་པའི་བསྟན་བཅོས་འདི་ 3-1-405b ཉིད་སྟོན་པས་ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་ལ་སོགས་པའི་མཚན་ཉིད་དུ་བཤད་དམ་ཞེ་ན། འདིའི་དོན་གྱི་སྒོ་ནས་བཤད་ཀྱི་ཚིག་གི་སྒོ་ནས་མ་ཡིན་ལ། དེའང་བདག་གིས་མངོན་པའི་ཆོས་འདི་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྱི་གྲུབ་མཐའ་ལྟར་བཤད་དེ། ཁ་ཆེའི་ཡུལ་དུ་ འཁོད་ཅིང་བྱེ་བྲག་ཏུ་བཤད་པས་རྩེན་པའི་དབང་དུ་བྱས་པའི་ཕྱིར་རོ། །ཕལ་ཆེར་ཞེས་པས་ཅུང་ཟད་ནི་མདོ་སྡེ་པ་དང་ཉི་འོག་བྱེ་སྨྲའི་ལུགས་སུའང་བཤད་དེ། ཁ་ཆེ་བ་ཡིན་ལ་བྱེ་སྨྲ་མིན་པ་འདུལ་བ་ཤེས་པ་སོགས་དང་། མདོ་སྡེ་བཙུན་པ་སོགས་ཀྱི་ལུགས་དང་། བྱེ་བྲག་ཏུ་སྨྲ་བ་ ཡིན་ལ་མདོ་སྡེ་པ་མ་ཡིན་པ་ཉི་འོག་པའི་ལུགས་ཀྱང་ཡོད་པས་ཕལ་ཆེ་བའི་སྒྲས་ཆོས་མངོན་པ་རང་གཞན་གྱི་ལུགས་ཀྱིས་གྲུབ་པ་དག་བརྗོད་པར་བསྟན་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། ཉེས་པར་ཟིན་གང་དེ་འདིར་བདག་གིས་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། །སྙོམས་པར་འཇུག་པ་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའོ། །བསྟན་བཅོས་འདིར་ཚིག་དོན་གྱི་ཆ་ལ་ཉེས་པར་ཟིན་པ་གང་དེ་འདིར་བདག་གི་ཉེས་པ་ཡིན་ ཏེ། ཆོས་ཟབ་ཅིང་ལུང་འབོགས་མཛད་རྣམས་རྙེད་དཀའ་བའི་ཕྱིར། དེ་ལྟར་ནའང་ཁ་ཆེ་བྱེ་སྨྲའི་སློབ་དཔོན་མཁས་པ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་རྙེད་པས་སྐྱོན་མེད་དོ་སྙམ་པ་དེ་ལྟར་ནའང་ལུང་རྟོགས་ཀྱི་དམ་ཆོས་ཀྱི་ཚུལ་ལ་ནི་ཐུབ་པ་བཅོམ་ལྡན་འདས་དང་། དེའི་སྲས་ཤཱ་རིའི་བུ་སོགས་རྣམས་ཁོ་ན་ཚད་མ་ཡིན་གྱི། གཞན་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། སྙོམས་འཇུག་བསྟན་པ་ཞེས་བྱ་བ་སྟེ་གནས་བརྒྱད་པའོ། །གསུམ་པ་ལ། བག་མེད་པའི་ ཉེས་པ་བསྟན་པ། བག་ཡོད་བསྟེན་པར་གདམས་པའོ། །དང་པོ་ནི། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་གར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། །དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། །དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །སྟོན་པ་འཇིག་རྟེན་གྱི་མིག་བཅོམ་ལྡན་ནི་མྱ་ངན་ལས་འདས་པས་ཟུམ་པར་གྱུར་ཅིང་། དེས་ན་འཇིག་རྟེན་ལོང་བར་གྱུར་ཏོ། །ཆོས་ཀྱི་དཔང་གྱུར་འོད་སྲུངས་སོགས་འཕགས་པའི་སྐྱེ་བོ་ཕལ་ཆེར་ཟད་ 3-1-406a པས་ན་མ་རིག་པའི་མུན་པས་འདོངས་པ་དེ་ཁོ་ན་ཉིད་མ་མཐོང་བས་སྟོན་པའི་ལུང་ལ་མི་བརྟེན་པའི་རང་དགར་གྱུར་པའི་གཏན་ཚིགས་ལྟར་སྣང་གི་རྗེས་སུ་འབྲང་བའི་ངན་རྟོག་རྣམས་ཀྱིས་སྟོན་པའི་བསྟན་པ་འདི་སྒྲོ་སྐུར་གྱི་སྒོ་ནས་དཀྲུགས་སོ། །སྲིད་པ་ མཐའ་མར་ལུང་འབོགས་པ་པོ་མེད་པར་ཡེ་ཤེས་བརྙེས་པ་བཅོམ་ལྡན་འདས་རང་བྱུང་དང་། རང་བྱུང་དེའི་བསྟན་པ་གཅེས་འཛིན་རྣམས་ཀྱང་འཁོར་བ་ལས་མཆོག་ཏུ་གྱུར་པ་ཕུང་པོ་ལྷག་མ་མེད་པ་ཞི་བར་གཤེགས་པས་འགྲོ་མགོན་སངས་རྒྱས་སྲས་བཅས་མེད་པ་ན་ཡང་དག་པའི་ གདམས་པ་འདོམས་མཁན་མེད་པས་སྔར་བཤད་ཀྱི་ཡོན་ཏན་འཇོམས་པར་བྱེད་ཅིང་། བསྟན་པ་ནུབ་པར་བྱེད་པའི་ལྟ་བ་ལ་སོགས་པའི་དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད་པ་དེ་ལྟར་ན། ཐུབ་པ་སངས་རྒྱས་དག་གི་བསྟན་པ་ནི་འཆི་བ་ན་ལྐོག་མར་སྲོག་ཕྱིན་པ་འདྲ་བ་དང་། ལྟ་ ངན་གྱི་དྲི་མ་རྣམས་ཀྱང་སྟོབས་དང་ལྡན་པའི་དུས་སུ་བློ་དང་ལྡན་པ་དག་གིས་རིག་པར་བྱས་ནས་ནི་བཤད་འགྱུར་གྱི་བསླབ་བྱ་ལ་བསླབ་པར་བྱའོ། །བསྟན་པ་དཀྲུགས་པ་ཞེས་སྔོན་ཇི་ལྟར་བྱུང་བ་ནི། སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་གྲོང་ཁྱེར་ཡངས་པ་ཅན་གྱི་དགེ་སློང་ དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱིས། ཧུ་ལུ་ཧུ་ལུ་ཀའི་ཆོ་ག་སོགས་རུང་བ་མིན་པ་བཞི་བཅུ་བཅས་ནས་བསྟན་པ་དཀྲུགས་པ་ན། གནས་བརྟན་ཀུན་དགའ་བོའི་ལྷན་ཅིག་གནས་པ་གནས་བརྟན་ཐམས་ཅད་འདོད་དང་གྲགས་པ་ནས་ཟླ་དགུ་དང་བཞི་ལྡན་གྱི་བར་དགྲ་བཅོམ་པ་ བདུན་བརྒྱ་ཡངས་པ་ཅན་དུ་འདུས་ཏེ་བསྡུ་བ་གཉིས་པ་མཛད་ནས་ལུགས་དེ་བསལ་ཏོ། །སྟོན་པ་འདས་ནས་ལོ་དྲུག་བརྒྱ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པར། རྒྱལ་པོ་མྱ་ངན་མེད་བྱུང་བའི་ཚེ་དགྲ་བཅོམ་རྣམས་སྐད་རིགས་བཞིས་སྟོན་པའི་གསུང་རབ་རྣམས་འདོན་པར་བྱེད་ཅིང་། 3-1-406b དེ་དག་གི་སློབ་མ་རྣམས་སོ་སོར་གྱེས་པ་ལས་སྡེ་པ་བཅོ་བརྒྱད་དུ་གྱུར་ཏེ་གྲུབ་མཐའ་མི་མཐུན་ཅིང་བསླད་ཞུགས་ནས་བསྟན་པ་དཀྲུགས་པ་ན། སྐྱེ་འཕགས་ཀྱི་མཁས་པ་དག་གིས་ཛ་ལནྡྷ་རར་བསྟན་པ་བསྡུས་ཏེ་རྩོད་པ་ཞི་བར་བྱས་ལ། དུས་དེར་སྟོན་པ་འདས་ནས་ལོ་སུམ་བརྒྱ་ ལོན་ཅེས་གྲགས་སོ། །ཁ་ཅིག་སྟོན་པ་འདས་ནས་ལོ་བརྒྱ་དང་སུམ་ཅུ་སོ་བདུན་ལོན་པ་ན། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོ་བྱུང་བ་ན་གྲོང་ཁྱེར་པཱ་ཊ་ལི་པུ་ཏྲའི་ནང་དུ་གནས་བརྟན་འོད་སྲུངས་ཆེན་པོ་བཞུགས་དུས། བདུད་སྡིག་ཅན་བཟང་པོ་ཞེས་དགེ་སློང་གི་ཆ་བྱད་དུ་བྱས་ ནས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་དགེ་འདུན་རྣམས་ཕྱེས། བསྟན་པ་དཀྲུགས་ཏེ་དེའི་ཚེ་གནས་བརྟན་ཀླུའི་སྡེ་དང་། ཡིད་འོང་གི་དུས་སུ་སྡེ་པ་སོ་སོར་གྱེས་ནས་ལོ་དྲུག་ཅུ་རྩ་གསུམ་ན་གནས་བརྟན་གནས་མའི་བུས་བསྟན་པ་བསྡུས་ཞེས་ཟེར་རོ། །གཉིས་པ་ནི། ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །ཚུལ་དེ་ལྟར་ ན་ཐར་པ་འདོད་པ་དག་གིས་བག་ཡོད་པར་གྱིས་ཤིག་ཅེས་འདོམས་ཏེ། སོ་ཐར་གྱི་མདོར། ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པའང་འཇིག་པར་འགྱུར་བས། ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་ཐོབ་བོ། །ཞེས་གསུངས་སོ། །གསུམ་པ་མཐར་ཕྱིན་པའི་ཚུལ་ལ། ཕྱོགས་ཚིག་བསྟན་པ། འགྱུར་བྱང་སྨོས་པའོ། །དང་པོ་ནི། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་ཤཱཀྱ་དགེ་སློང་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།གཉིས་པ་ནི། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ 3-1-407a བནྡེ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ད་ནི་རྩོམ་པ་མཐར་ཕྱིན་པའི་རྒྱུ་མཚན་ཅུང་ཟད་བརྗོད་པ་ནི། ཀུན་མཁྱེན་བླ་མའི་རྣམ་མཁྱེན་ཡོད་དོ་འཚལ་གང་གདུལ་བྱ་ཡི། །བློ་གྲོས་གཤིན་པོར་འཇུག་ འགྱུར་འདི་ནི་ཕྲིན་ལས་བྱེད་པ་སྟེ། །ཚུལ་འདི་གཅིག་ཏུ་དགེ་ལེགས་འབྱུང་གནས་ཉིད་དུ་མོས་པ་ཡི། །བློ་འདི་རབ་ཏུ་དང་བས་སྟོན་པའི་བསྟན་འདི་ཁོ་ནར་གནས། །དེ་ཚེ་སྐལ་བཟང་ཀུན་ལ་ཐར་པ་ཡི། །ཐབས་ལ་རྨོངས་པ་ཐམས་ཅད་བྲལ་བའི་སླད། །མཆོག་ཏུ་ཞི་ བའི་སྣང་མིག་སྦྱིན་མཛད་པ། །གྲུབ་མཆོག་རྗེ་བཙུན་མཉན་པ་བྱ་བ་དེ། །རྩོལ་བས་སླད་དུ་དྲན་པ་མ་ཡིན་པར། །འབད་མེད་ངང་གིས་དེ་ལས་དམིགས་པ་གཞན། །འཆར་བའི་གོ་སྐབས་གཞར་ཡང་མ་གྱུར་པས། །ཡང་དག་ལམ་འདིར་བདག་ཡིད་ག་ལ་འབྲལ། ། ཨེ་མ་མགོན་པོ་གང་ལ་བློ་གྲོས་ངལ་བསོར་བྱས་པ་ཡིས། །སྡེ་སྣོད་གསུམ་གྱི་དོན་དམ་བསླབ་གསུམ་རིན་ཆེན་མཆོག་དེ་ཡང་། །རང་གཞན་རྒྱུད་ལ་འཁྲུལ་མེད་ལེན་པའི་ཆོ་ག་ཕལ་ཆེར་ཤེས། །དེ་ལྟའི་དགའ་བདེ་ཐོབ་པའི་བཀའ་དྲིན་འདི་ནི་སྐྱབས་གནས་ཕུལ། ། དཀོན་མཆོག་གསུམ་གྱི་ངོ་བོ་རྒྱལ་བ་ཀརྨ་པ་དེ་ཡི། །ཕྲིན་ལས་པ་ཞེས་ཁམས་གསུམ་འདི་ན་ཉི་མའི་དཀྱིལ་འཁོར་ལྟར། །ལྷམ་མེ་ལྷང་ངེ་ལྷན་ནེ་གཟི་བརྗིད་ཕུན་ཚོགས་ཅན། །གང་སྐུ་བསྙེན་པའི་མཐུ་ལས་གྲུབ་དེའི་ངོ་མཚར་ནི། །ཡང་ཡང་མོལ་བས་དྲིན་གཞལ་ བསམ་དུ་ཡོད་མིན་ན། །རྒྱལ་མཆོག་དགྱེས་པའི་གསུང་རབ་འདི་ནི་ཅིས་མི་བཀྲོལ། །སྙིང་གི་ཐིག་ལེར་མི་ཕྱེད་ཕྱག་རྒྱ་ཅན། །གྲུབ་པའི་སྤྱི་གཙུག་བལྟར་མི་མངོན་པའི་དཔལ། །རྗེ་བཙུན་འོད་ཟེར་ཅན་ཞབས་བྱ་བ་ཡང་། །ད་ནི་ལེགས་པར་བདག་ལ་དགོངས་སུ་ 3-1-407b གསོལ། །མ་རྒན་མཐའ་མེད་སྡུག་བསྔལ་གྱིས་མནར་བའི། །ཡིད་མི་བདེ་བས་བདག་བློ་དམྱལ་འདི་ལ། །གཅིག་ཏུ་སྙིང་རྗེའི་དབང་གྱུར་གང་ན་ཡང་། །གནས་པ་ཀུན་གྱི་ཆེས་ཆེར་ཅིས་མི་དགོངས། །དཔལ་ལྡན་ཤམྦྷ་ལ་ཞེས་གྲགས་པ་དང་། །གསང་ཆེན་རྡོ་ རྗེ་ཐེག་པའི་ཤིང་རྟ་ཆེ། །བྱམས་པ་ཆེན་པོས་བདུད་བཞིའི་བྲག་ཤུལ་ལ། །སྡིགས་མཛུབ་རྣོན་པོར་བསྒྲེངས་ཤིང་རྡོ་རྗེ་ཡིས། །དབྱུག་པ་འཛིན་པའི་དཔའ་བོ་མ་བཟོད་པར། །དམ་ཆོས་གྲུབ་ལ་རྟག་ཏུ་རྗེས་སྲུང་བའི། །མགོན་པོ་དེས་ཀྱང་ཐུགས་རྗེ་གསལ་བའི་སྤྱན། །སྒྲིབ་ ཐོགས་བྲལ་དེ་གཟིགས་པ་རྒྱང་མ་ཆད། །བསོད་ནམས་དམ་པའི་བགྱི་བས་མཛེས་འདོད་ཀུན། །བདག་གི་རང་བཞིན་ཉིད་ལ་བློ་གཏོད་དང་། །མངོན་མཐོ་ངེས་ལེགས་ཡོད་དགུ་འཆར་བ་ཡི། །སྨོན་པ་བཟང་པོ་སྐལ་བ་དཔག་མེད་ནས། །གྲུབ་བོ་ཁོ་བོས་བསླུ་བ་མ་ ཡིན་ཅེས། །འཇིགས་མེད་དམ་བཅའི་དབང་བསྐུར་སྦྱིན་པ་ཡང་། །མངོན་པའི་ང་རྒྱལ་དབང་དུ་མ་ཡིན་ཏེ། །བཟོད་མེད་སྙིང་རྗེའི་དབང་གིས་འདིར་སྨེད་དོ། །བདག་གིས་བསྟན་བཅོས་འདི་ཡི་རྒྱས་འགྲེལ་སོགས། །སྒོ་གསུམ་དགེ་བ་ཀུན་ནས་བསགས་པ་དང་། ། ཤེས་བྱའི་ཁོངས་འདིར་ཡོད་པའི་དགེ་ཚོགས་གཉིས། །གཅིག་ཏུ་བསྡོམས་ཏེ་འགྲོ་ཀུན་ཤཱཀྱའི་ཏོག །ཐུབ་མཆོག་བླ་མའི་གོ་འཕང་འགྲུབ་ཕྱིར་བསྔོ། །ཁྱད་པར་སྙིགས་མ་ལྔ་བརྒྱ་ཐ་མའི་དུས། །ལྗོངས་འདིའི་གདུལ་བྱ་རྗེས་སུ་འཛིན་པ་ལ། །སྟོན་པ་ལས་ཀྱང་ཐུགས་རྗེ་ཆེ་བ་ ལྟར། །ནུས་མཐུ་འགྲན་བྲལ་དྭགས་པོ་བཀའ་བརྒྱུད་ཀྱི། །སྲོག་དང་མིག་གྱུར་འཕགས་མཆོག་སྤྱན་རས་གཟིགས། །གང་གི་སྐྱེ་བ་སྤྲུལ་སྐུ་རྒྱལ་ཀུན་གྱི། །ཕྲིན་ལས་པའམ་ཀརྨ་པར་གྲགས་པའི། །སྐྱེས་རབས་ཚར་དུ་དངར་བ་གང་བྱོན་པས། །འགྲོ་ཀུན་སྒྲོལ་བའི་བགྱི་བ་ 3-1-408a ཇི་སྙེད་པ། །སེམས་ཅན་རྣམས་ལ་འོས་སུ་འབྱོར་བ་ཡིས། །གེགས་གྱུར་མཐའ་དག་མྱུར་དུ་བརླག་ཕྱིར་བསྔོ། །ཞེས་བྱ་བ་འདི་ནི་ཐེག་པ་གསུམ་གྱིས་བསྡུས་པའི་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་ཆོས་ཚུལ་མཐའ་ཡས་པའི་གནད་གསང་རྟོགས་ཤིང་། ཁྱད་པར་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་མཐའ་དག་གིས་སྨིན་པ་དང་གྲོལ་བའི་མྱོང་བ་ཕལ་ཆེར་ཉམས་སུ་བསྟར་ནས་གཞན་ལ་སྨྲ་བ་ལ་འཇིགས་པ་ཐམས་ཅད་དང་བྲལ་བ། རྗེ་བཙུན་དཀོན་མཆོག་གསུམ་གྱི་འབངས་སུ་གྱུར་པ་ཤཱཀྱའི་དགེ་སློང་ལོ་ཙཱ་བ་རྒྱལ་བ་ཀརྨ་པའི་མཚན་གྱི་བྱིན་ གྱིས་བརླབས་པ། དཔལ་ཆོས་གྲུབ་གྲགས་པ་ཕྱོགས་ཐམས་ཅད་ལས་དུས་ཀུན་ཏུ་སྣ་ཚོགས་པར་རྣམ་པར་རྒྱལ་བ་མི་བསྐྱོད་བཟང་པོ་རྡོ་རྗེ་དགའ་བའི་དབྱངས་ཀྱིས་རང་ལོ་ཉེར་དྲུག་པ་ནས་མགོ་བརྩམས་རང་ལོ་སོ་བདུན་གྱི་ངོ་མཐོང་བ་ན། གཉན་ཆེན་པོ་ཡར་ལྷ་ཤམ་པོའི་མགུལ་དུ་ གདན་ཆགས་པའི་སྦྱིན་པའི་བདག་པོ་བསམ་འགྲུབ་བདེ་ཆེན་པས་ཆོས་དང་མཐུན་པའི་འཚོ་བ་སྦྱར་སྐབས་སུ་ཡོངས་སུ་རྫོགས་པར་གྲུབ་པ་དེས། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་སྲོག་ཟུང་རྒྱལ་བ་ཀརྨ་པའི་བསྟན་པ་ཕྱོགས་ཀྱི་བུ་མོའི་རྣ་བའི་ རྒྱན་དུ་གྱུར་ཏེ་རིས་མེད་པར་གནས་པར་གྱུར་ཅིག །ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་རྫོགས་སོ། །ཡང་སྨྲས་པ། དེང་སང་གངས་ཅན་ཁྲོད་འདི་ན། །ཚུལ་ལྡན་མང་དུ་ཐོས་པ་དང་། །མང་དུ་ཐོས་པ་དེ་ཉིད་ཀྱང་། །རྣམ་པར་དཔྱོད་པའི་ཤེས་ རབ་ཀྱིས། །ཇི་བཞིན་ངེས་པ་འགའ་ཙམ་ཡང་། །ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། །དཀོན་པར་མཐོང་ནས་ཡིད་ཕམ་སྟེ། །རྒྱས་འགྲེལ་འདི་ཉིད་རྩོམ་པ་ཡི། །བགྱི་བ་བཏང་སྟེ་འདུག་པ་ན། །རྗེ་བཙུན་ཕྲིན་ལས་ཞལ་སྔ་ནས། །ཡང་ཡང་རྩོམ་ཞེས་བཀའ་སྩལ་གྱི། །ཞལ་ལུང་ 3-1-408b སྙིང་ལ་ལྕི་གྱུར་པས། །འདིར་འབད་དེ་ཡང་དོན་ལྡན་སྙམ། །གཞན་དུ་འདི་ཡི་ཚིག་དོན་ལ། །ཕྱོགས་འདིར་སླད་ནས་དཔྱོད་པ་ནི། །ཇི་ལྟར་གོ་ཞེས་ལྷག་མར་བཅས། །དེ་ལྟར་ན་ཡང་སྙིང་པོ་ཡི། །བསྟན་འདིར་མོས་པ་འགའ་ཞིག་ལ། །ཅུང་ཟད་ཐོས་པ་ཙམ་གྱིས་ཀྱང་། ། ཇི་བཞིན་རྟོགས་པར་འགྱུར་ཡང་ཤེས། །ཞེས་བརྗོད་པར་བྱ་སྟེ་བཀྲ་ཤིས་དཔལ་འབར་འཁོར་འདས་རྒྱན་དུ་ཤོག། །།རྒྱལ་དབང་བརྒྱད་པ་མི་བསྐྱོད་ཞབས་ཀྱི་མངོན་མཛོད་ཊཱིཀ་ཆེན་འདི་ཉིད་སྤར་དུ་བརྐོ་བའི་གནས་སྐབས་སུ་མ་ཕྱི་སྤར་མ་འདྲ་ནི་མ་རྙེད་སྟབས་ དཔལ་སྤུངས་རང་དུ་ཡོད་པའི་བྲིས་མ་ཞིག་དང་། མཚུར་ཕུའི་ཕྱག་དཔེའི་ཁྲོད་ནས་བྲིས་མ་ཞིག་གཡར་བ་དེ་གཉིས་ཀྱང་སྤྱི་དོན་ཚིག་དོན་སོགས་གང་ཐད་ནས་ཁྱད་ཆེ་བ་ལྟ་བུས་མཚུངས་པ་ཆེར་མི་འདུག །ལྷག་དོན་སྐབས་བཞི་པ་ཡན་ཆོད་དང་། དེའི་ནང་ནས་ཀྱང་སྐབས་དང་པོ་ གཉིས་པ་སྐོར་ནི་གཏན་ནས་མི་མཚུངས་པ་ལྟ་བུ་རེད་འདུག་པ་བཅས་ལེགས་ཆ་གང་ཆེམ་ཤེས་རུང་ཆད་ལྷག་དམིགས་བསལ་ཡོད་ངོ་ཤེས་རིགས་ཁས་པ་ཕྲན་བུ་བྱས་ཏེ་སྤར་གྱི་མ་གཞི་ནི་མཚུར་དཔེའི་སྟེང་ནས་གཞིར་བཞག་རྒྱུ་རེད་སོང་། སྤྱིར་རྗེ་འདི་ཉིད་ཀྱི་བསྟན་བཅོས་རྣམས་རྩོམ་པར་ མཛད་པའི་དུས་དང་པོར་རང་བྱུང་གི་སྒོ་ནས་དང་། ཕྱིས་ཡང་བཅོས་མཛད་རྒྱུ་སོགས་ག་འདྲ་གནང་བ་ཡིན་རུང་དཔེ་མང་པོ་རྣམས་གཅིག་པ་ལྟ་བུའི་མཚུངས་རྒྱུ་ནི་གཏན་ནས་མེད་འདུག་པ་ལྟར། འདུལ་བ་མདོ་རྩ་བ་དང་། ཤེར་ཕྱིན་དང་། འཇུག་པའི་ཊཱིཀ་ཆེན་སོགས་ཀྱང་བྲིས་མ་ དང་། སྤར་མ་གཉིས་སོ་སོར་ཡེ་མི་མཚུངས་པར་འདུག་ཀྱང་། སྤར་གྱི་མ་དཔེ་ནི་སྤར་མ་ཐམས་ཅད་ལ་ཡིད་རྟོན་རྒྱུ་བྱས། ལྷག་པར་འཇུག་ཊཱིཀ་གི་སྤར་མ་དང་། བྲིས་མ་གཉིས་རྩོམ་གཞི་ལེན་ལུགས་སོ་སོར་ལྟ་བུས་མི་མཚུངས་པ་ཤིན་ཏུ་ཆེ་མོད། བྲིས་མ་འདིའང་དང་པོའི་ 3-1-409a སྐབས་ཀྱི་རྩོམ་གཞི་ཐུགས་ལ་གང་དགོངས་མ་བཅོས་པར་གསུངས་པ་ལྟ་བུའི་ཤིན་ཏུ་ཁྱད་འཕགས་ངོ་མཚར་བ་ཞིག་ཏུ་འདུག་པས་འགང་ཆུང་དུ་མ་སོང་བ་དཔྱོད་ལྡན་རྣམས་ཀྱིས་ཤེས་པར་བྱ་བའི་གནས་སོ་ཞེས་ཆེད་དུ་སྦྲོན་པ་སོགས་དགོས་པ་དུ་མའི་སླད་ཞུ་ དག་མཁན་པོས་ཞར་བྱུང་གི་འཕྲོས་སུ་བགྱིས་པའོ། །༈ ན་མོ་གུ་རུ་ཤྲཱི་མཉྫཱུ་གྷོ་ཥཱ་ཡ། གང་ཞིག་ཟག་མེད་ཡོན་ཏན་རྒྱ་མཚོའི་དཔལ་གྱིས་རྟག་ཏུ་ཉེར་སྒེག་པའི། །ཐུགས་རྗེ་ཆེན་པོའི་སྤྱོད་ཡུལ་རྨད་བྱུང་ཕྲིན་ལས་ནམ་མཁའི་མཐའ་ མཉམ་པ། །མ་ལུས་བདུད་ལས་རྣམ་པར་རབ་རྒྱལ་རྐང་གཉིས་གཙོ་བོ་བཅོམ་ལྡན་འདས། །སྟོན་མཆོག་ཐུབ་དབང་ཉི་མའི་གཉེན་དེར་མི་ཕྱེད་འདུད་པའི་ཕྱག་བགྱིའོ། ། ༡ །ཐམས་ཅད་མཁྱེན་པའི་གཟི་བརྗིད་ཚད་མེད་ཤེས་བྱ་ཀུན་གྱི་རྩེ་དགའ་རུ། །འཁྱུད་པས་འཁོར་ འདས་ཆོས་ཚུལ་མ་ལུས་དངོས་པོའི་གནས་ལུགས་བཞིན་དུ་ནི། །ཇི་བཞིན་གསལ་བའི་དགའ་སྟོན་བཟང་པོ་ཇི་ལྟ་ཇི་སྙེད་ངོ་བོ་རུ། །ལེགས་པར་བསྟར་བའི་ཡེ་ཤེས་མཐུ་ཐོབ་དེ་དི་རྒྱལ་བ་ཉག་གཅིག་གོ ། ༢ །གང་གི་གཟིགས་པ་རྣམ་པར་དག་པའི་འབབས་སྟེགས་ གཞོམ་མེད་བདེན་གཉིས་དང་། །འབྲེལ་བའི་དངོས་རྣམས་ཀུན་གྱི་རང་གཤིས་ཤེས་བྱ་ཡངས་པར་ལྡང་དེ་ཚེ། །ཆོས་ཀུན་འཁྲུལ་གྲོལ་ཟུང་གི་རྒྱ་ལས་གཞན་དུ་འདའ་བ་མེད་པ་ཡི། །རང་མཚན་ཚད་མ་སྲིད་ཞི་གཉིས་ཀྱི་དམ་བཅའི་ཕུལ་དུ་བརྗིད་པར་ཆགས། ༣ ། ཆོས་ཉིད་མ་མཐོང་འཁྲུལ་པས་ཡོངས་བསླད་བླང་དོར་ཕྱིན་ཅི་ལོག་གྱུར་བའི། །ཡིད་ཅན་རྨོངས་པ་རྣམས་ཀྱི་སྤྱོད་ཡུལ་གཟུང་འཛིན་གཉིས་སྣང་སྲིད་པ་ན། །རང་བྱུང་རྒྱལ་བ་རྣམས་ཀྱི་ཡེ་ཤེས་མི་ཕྱེད་ཕྱག་རྒྱས་འདེབས་པ་ཡི། །གསང་བ་གསུམ་གྱི་ཆོ་འཕྲུལ་ 3-1-409b དཔག་ཡས་རྒྱུན་གྱི་འཁོར་ལོར་འབྱམས་སུ་ཀླས། ༤ །ངེས་པར་གྲོལ་བའི་རང་བཞིན་གཤིམ་པོ་གང་ལ་འབྱོར་བའི་ཐབས་མཁས་ཀྱང་། །མིག་འཕྲུལ་ལྟ་བུའི་བཀོད་པ་གཞན་གྱི་ལམ་དུ་མ་ཡིན་ཆོས་ཉིད་ཀྱི། །གནས་ལུགས་ཟབ་མོ་ཁོ་ནར་རགས་ལུས་དེ་ཕྱིར་དེ་ བཞིན་གཤེགས་པ་རྣམས། །དམ་ཆོས་ཕུང་པོ་ཚད་དང་མུ་མེད་མཐའ་ཡས་སྟོན་ལ་བྲེལ་བ་བཞིན། ༥ །དེ་སླད་རྣམ་འདྲེན་ཀུན་གྱི་ཁྱུ་མཆོག་རྐང་གཉིས་གཙོ་བོ་འཇིག་རྟེན་མིག །རྫོགས་པའི་སངས་རྒྱས་ཐུབ་དབང་དེ་ཡིས་ཞིང་འདི་ཡོངས་སུ་བཟུང་བ་ན། །ཁམས་དབང་མོས་ པའི་རྗེས་སུ་འགྲོ་བ་གདུལ་བྱར་ཆོས་ཀྱི་འཁོར་ལོའི་སྤྲིན། །ཞི་བསིལ་རང་བཞིན་ཅི་དགར་བརྡལ་བའི་ངོ་མཚར་བསམ་མི་ཁྱབ་པར་གྱུར། ༦ །དོན་མཐུན་སྐྱེ་བོའི་བསོད་ནམས་ཕྱོགས་སུ་ལྷུང་བ་གང་དང་གང་དག་གི། ལས་དང་སྐལ་བའི་ཕན་ཡོན་མི་ཤིགས་ཐུན་མོང་ སྣང་ངོར་སྡེ་སྣོད་ནི། །རྣམ་པ་གསུམ་གྱི་ལུས་སུ་གཅིག་མོད་རིགས་ཅན་གསུམ་གྱི་སྙིང་གི་བཅུད། །ཐེག་གསུམ་གསུང་གི་གསང་བ་རྒྱ་མཚོ་རྣམ་པ་ཐམས་ཅད་དབྱིངས་སུ་འཕྲུལ། ༧ །དེ་ལས་ཤེས་བྱ་ཀུན་གྱི་མ་མོ་རྣམ་པ་ཐམས་ཅད་མཁྱེན་པ་ཡི། །རྒྱུ་ཡི་གཙོ་བོ་རིན་ ཐང་ཆེ་ཞིང་རྨོངས་པའི་མུན་པ་ཀུན་སེལ་བ། །མཁའ་ཡི་ཉི་མ་ལྟ་བུར་ཡོངས་གྱུར་མངོན་པའི་གཞུང་ནི་རྒྱལ་ཀུན་གྱི། །ཐུགས་ཀྱི་མནོག་ཆོས་བསྟན་པའི་གཞི་མ་ས་ལ་གསེར་གྱི་མཚོ་བཞིན་ཡིན། ༨ །དེ་ཉིད་ཟབ་དང་རྒྱ་ཆེའི་གཏེར་གྱུར་སྐྱེ་བོ་ཕལ་གྱི་བློ་གྲོས་སུ། །མཐའ་ དག་མ་འཆུན་ངལ་བར་གཟིམས་ཚེ་དམ་ཆོས་མནལ་བའི་དོགས་པ་ཡི། །སྒྱུ་འཕྲུལ་བཞིན་དུ་སངས་རྒྱས་གཉིས་པ་རླུང་ལྟར་གྲགས་པའི་དབྱིག་གཉེན་ཞབས། །འཛམ་གླིང་མཛེས་པའི་རྒྱན་དུ་འཁྲུངས་པའི་སྐྱེས་མཆོག་འགྲན་ཟླ་ཀུན་བྲལ་དེས། ༩ །འཇིག་རྟེན་གསུམ་ན་ 3-1-410a ཡོངས་སུ་གྲགས་ཤིང་མཁས་པ་ཀུན་གྱི་མགྲིན་པའི་རྒྱན། །ཚད་མར་གྱུར་པའི་ཆོས་མངོན་མཛོད་ཀྱི་བསྟན་བཅོས་ཞེས་བྱ་རྒྱལ་བའི་བཀའ། །སྡེ་བདུན་ལ་སོགས་ཇི་སྙེད་བཞུགས་པའི་དགོངས་དོན་ཀུན་གྱི་བཅུད་བླངས་ནས། །ལེགས་བཤད་ཕུན་ སུམ་ཚོགས་པར་བསྟར་བའི་དགེ་མཚན་བདག་གིར་བཞེས་འདི་རྨད། ༡༠ །ཕྲ་ཞིང་ཕྲ་བའི་ངོ་བོ་གདིང་ཟབ་ཤེས་རབ་རལ་གྲིའི་རྗེས་འགྲོ་ཡང་། །ཚུལ་བཞིན་རྟོགས་ཚེ་ཟག་བཅས་ཟག་མེད་ཀྱིས་བསྡུས་ཤེས་བྱ་ཀུན་མཐོང་བས། །ཀུན་མཁྱེན་ཡེ་ཤེས་ཡུད་ལ་ཐོབ་སྙམ་ བློ་གྲོས་མི་ཟད་གཏེར་གྱི་སྒོ། །གཅིག་ཅར་འབྱེད་ལ་འདི་དང་འདྲ་བའི་སྟོབས་ལྡན་གཞུང་གཞན་ཡོད་མ་ཡིན། ༡༡ །བྱེ་བྲག་སྨྲ་དང་མདོ་སྡེ་པ་ཡི་གྲུབ་མཐའ་ཇི་བཞིན་སྟོན་པ་སོགས། །དམ་བཅའ་ཐེག་པ་དང་པོའི་ཚུལ་ལྟར་རབ་ཏུ་བཟུང་ཡང་དངོས་པོ་ནི། །གཅིག་ ཏུ་སྟོབས་ཞུགས་ཡིན་པའི་ཕྱིར་ན་ཟབ་དང་རྒྱ་ཆེའི་གཞུང་ཀུན་གྱི། །འཆར་གཞི་ཡོངས་གྱུར་ཐེག་པ་རྒྱ་མཚོའི་སྤྱི་གཟུགས་གཅིག་པུར་མིན་ནམ་ཅི། ༡༢ །ཡང་དག་ཤེས་རབ་དགའ་སྟོན་སླད་དུ་ཀུན་གྱི་མགུལ་བར་མཛའ་བའི་དཔྱིད། །དགོངས་དོན་ཇི་བཞིན་ལེགས་ པར་བཀྲོལ་བའི་ངག་དང་ངག་ནི་འཕགས་བོད་ཀུན། །མཁས་པའི་སྐྱེ་བོ་འཕགས་པའི་ས་ལ་གནས་པ་དུ་མས་ཐུགས་བསྐྱེད་ནི། །གཞར་ཡང་གཡོ་བ་མེད་པའི་དབྱིངས་ནས་རྣམ་མང་རྒྱུན་དུ་སྤྲོས་བྱས་སོ། ༡༣ །དེ་དང་དེ་དག་ཀུན་གྱི་དབུས་ན་བློ་རྟུལ་བ་ཡང་བདེ་བླག་ ཏུ། །འཇུག་བཟོད་དངོས་ཤུགས་དཀའ་གནད་ཀྱིས་མཚོན་བརྗོད་དོན་ལྷུག་པར་བརྡལ་བ་ཡི། །རྒྱས་འགྲེལ་རྨད་དུ་བྱུང་བ་འདི་ནི་ལུང་རིགས་གཙང་མའི་ལམ་དག་ཏུ། །གཡོ་མེད་སོང་བའི་ལེགས་བཤད་ཕུལ་གྱུར་ཡོན་ཏན་རྡོ་རྗེ་ལྟར་ལྕི་སྟེ། ༡༤ །འཇིག་རྟེན་དབང་ 3-1-410b ཕྱུག་མཁྱེན་བརྩེའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེ། །རྫོགས་པའི་སངས་རྒྱས་ཀརྨ་པ་ཞེས་མཚན་སྙན་ཞིང་ཁམས་རབ་འབྱམས་སུ། །རྟག་ཏུ་གཡོ་བའི་སྐྱེས་རབས་བརྒྱད་པར་སོན་པ་མི་བསྐྱོད་རྡོ་རྗེའི་ཞབས། །རྒྱལ་དབང་གང་དེའི་གསུང་གསང་བསམ་ ལས་འདས་པའི་ཆ་ཤས་ཉིད་དུ་གྲུབ། ༡༥ །གཟུར་གནས་མཁས་པའི་སྐྱེ་བོའི་མདུན་ན་དྲི་མེད་བློ་གྲོས་མིག་ཕྱེ་བའི། །ཉེར་ལེན་གཅིག་བུར་རྒྱུ་སྐར་དབུས་ན་རྟ་བདུན་དབང་པོ་ཇི་བཞིན་དུ། །ལེགས་པར་མཐོང་དང་མཐོང་བའི་ཆེ་བ་ཟད་མི་ཤེས་པ་དང་བཅས་ཏེ། །རྒྱལ་བའི་ བཀའ་དང་གཉིས་མེད་གྱུར་པའི་ངོ་མཚར་ཕྱི་ཕྱིར་ཅིས་མི་འཕེལ། ༡༦ །དེ་ཕྱིར་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ལྷར་བཅས་འགྲོ་བའི་མགོན་གྱུར་པ། །ཀུན་གཟིགས་བྱམས་ཆེན་ཆོས་ཀྱི་ཉི་མ་པདྨ་དབང་མཆོག་རྒྱལ་པོ་ཞེས། །པདྨའི་ལྗགས་ལྡན་གསུམ་པར་སོན་པ་ཏཱ་ཡི་ སི་ཏུར་གྲགས་པ་ཡི། །སྤྲུལ་པའི་སྐྱེས་མཆོག་གང་གི་ཐུགས་བསྐྱེད་རྒྱ་མཚོའི་མཛིངས་བཞིན་ཟབ་པ་ལས། ༡༧ །དྲི་མེད་ལུང་རྟོགས་བསྟན་པའི་གསོས་དང་སྐྱེ་བོ་ཀུན་ལ་ཤེས་རབ་ཀྱི། །བསླབ་པ་ཡང་དག་རྒྱུད་ལ་འབྱོར་སླད་ཆོས་སྦྱིན་ཕྱི་མོའི་རྫོགས་ལྡན་སྤྲིན། །བཤད་ དང་སྒྲུབ་པའི་ཆོས་ཀྱི་དཔལ་ཀུན་གཅིག་ཏུ་སྤུངས་པའི་གདན་ས་རུ། །ལེགས་པར་གཏིབས་པའི་དགེ་མཚན་སྣང་བ་ཉིན་བྱེད་བྱེ་བས་འགོངས་པ་མིན། ༡༨ །ལེགས་བྱས་གསར་དུ་བདོ་བ་འདི་ལྟར་སྲིད་པ་འདི་ན་ཞི་བའི་གར། །ཅི་དགར་བསྒྱུར་བའི་བདག་རྐྱེན་ཡོད་མེད་ ད་གཟོད་དངོས་པོའི་གནས་ལུགས་ཀྱིས། །ཤེས་པར་ཡོངས་འགྱུར་རབ་དཀར་དགེ་ཚོགས་ཟླ་ཤེལ་ལྟ་བུ་ཅི་མཆིས་རྣམས། །བྱང་ཆུབ་སྙིང་པོའི་རྒྱུ་རུ་བབས་པའི་ཡོངས་བསྔོའི་རྫིང་བུར་ཅིས་མི་འཁྱིལ། ༡༩ །འཁོར་གསུམ་རྙོགས་བྲལ་རྣམ་ཀུན་མཆོག་ལྡན་དབྱིངས་སུ་ 3-1-411a བསྒྱུར་བའི་ངེས་དོན་ཀྱང་། །ཐམས་ཅད་མཁྱེན་གཟིགས་བྱམས་མགོན་བླ་མ་གང་དེའི་ཡེ་ཤེས་ཟབ་མོ་ཡི། །དགོངས་པའི་ཀློང་ནས་རྩོལ་མེད་གྲུབ་མོད་འདིར་ཡང་འདུན་དང་སྨོན་པའི་སྒོ། །ལྷག་བསམ་བློ་ཡིས་ཅུང་ཟད་བསྟར་ལ་ནོངས་པའི་ཉེས་ པ་མེད་དོ་ཀྭ་། ༢༠ །ཕན་དང་བདེ་བ་ཀུན་གྱི་གཏེར་གྱུར་སྐྱབས་གནས་བསླུ་བ་མེད་པ་ཡི། །ལུང་རྟོགས་རྒྱལ་བསྟན་རིན་པོ་ཆེ་འདི་བཤད་དང་སྒྲུབ་པའི་སྒོ་ནས་སུ། །ཕྱོགས་མཐར་ཀུན་ཏུ་དར་ཞིང་རྒྱས་ལ་བསྐལ་པའི་བར་དུ་ནུབ་མེད་ངོས། །འབྲས་བུའི་དུས་ལྟར་ སྨིན་གྲོལ་འཁོར་ལོའི་བགོ་བཤའ་སྟོབས་དང་ལྡན་གྱུར་ཅིག ། ༢༡ །རྣམ་པར་དག་པའི་ཚུལ་ཁྲིམས་ལ་གནས་ཟབ་རྒྱས་ཆོས་རྣམས་ཐོས་པ་ཡི། །སྒྲོན་མེ་ཆེར་ཐོགས་དེ་དོན་བསམ་པའི་འོད་ཟེར་སྟོང་འབར་མཐར་ཐུག་དོན། །སྙིང་པོ་ཆོས་ཉིད་སྒོམ་པ་མཐར་ཕྱིན་དོན་ གཉིས་ལྷུན་འགྲུབ་སྤྱོད་པ་ཡི། །སྐྱེ་བོ་ཀུན་གྱིས་དུས་རྣམས་ཀུན་ཏུ་ས་རྣམས་ཡོངས་སུ་འགེངས་གྱུར་ཅིག ། ༢༢ །སྐྱེ་རྒུ་ཐམས་ཅད་ལས་འབྲས་ཚུལ་ལ་ངེས་ཤེས་གཏིང་ནས་འཁྲུལ་པའི་མཐུས། །དགེ་དང་མི་དགེའི་བླང་དོར་མ་ནོར་མངོན་མཐོའི་ལམ་ལ་རྟག་སྤྱོད་ ནས། །འདི་དང་ཕྱི་མར་བདེ་སྐྱིད་མཐོང་བའི་བསོད་ནམས་བསགས་པ་ནམ་མཁའ་དང་། །མཉམ་པས་འཁོར་བ་མཐའ་ཅན་བགྱིད་པའི་དཔལ་འབྱོར་ལྷུན་གྱིས་གྲུབ་གྱུར་ཅིག ། ༢༣ །རིས་མེད་དགེ་འདུན་འདུས་པའི་སྡེ་རྣམས་སྡེ་སྣོད་གསུམ་གྱི་མཛོད་འཆང་ནས། ། བསླབ་པ་གསུམ་གྱི་ཉམས་ལེན་མི་གཡེལ་རིག་གྲོལ་ཡོན་ཏན་མངོན་དུ་འབྱོར། །ཡོན་གནས་མཆོད་འོས་དམ་པའི་དཔལ་གྱུར་འབྲས་བུ་མཐར་ཕྱིན་བགྱིད་པ་ཡི། །གོ་འཕང་ཆེ་དེར་བདེ་བླག་རྩེན་པའི་རྟེན་འབྱུང་ཕུན་སུམ་ཚོགས་གྱུར་ཅིག ། ༢༤ །བསྟན་འཛིན་སྐྱེས་ 3-1-411b མཆོག་གང་ན་སུ་བཞུགས་ཐམས་ཅད་ཐུགས་རྗེ་ཡས་སྤྲུལ་བཞིན། །འཁོར་ལོ་གསུམ་གྱི་མཛད་ཕྲིན་རབ་རྒྱས་བསྟན་དང་འགྲོ་བའི་དཔལ་མགོན་དུ། །འཚོ་ཞིང་གཞེས་པའི་དགའ་སྟོན་ནུབ་མེད་བདུད་རྣམས་ཀུན་ལས་རབ་རྒྱལ་ནས། །རྒྱལ་སྲས་རྒྱལ་བའི་རྣམ་ ཐར་རྒྱ་མཚོ་ངོམས་མེད་བདག་གིར་བཞེས་གྱུར་ཅིག ། ༢༥ །མཚུངས་མེད་དྭགས་བརྒྱུད་ཀརྨ་ཀམ་ཚང་རིང་ལུགས་འཛིན་པ་ཐམས་ཅད་ཀྱི། །སྐྱབས་དང་མགོན་གཅིག་བསྟན་པའི་མངའ་བདག་བྱམས་མགོན་ཏཱ་ཡི་སི་ཏུའི་ཞབས། །གང་གི་ཞབས་པད་མི་ཤིགས་མི་ འགྱུར་བསྐལ་བ་རྒྱ་མཚོར་འཚོ་གཞེས་ནས། །རྒྱལ་བ་ལྟ་བུའི་མཛད་ཕྲིན་འཁོར་ལོ་ནམ་མཁའི་མཐའ་མཉམ་འཕེལ་གྱུར་ཅིག ། ༢༦ །ལྷག་པར་སྒྲུབ་བརྒྱུད་བསྟན་པ་ཀུན་གྱི་སྟོན་པ་གཅིག་གྱུར་ཀརྨ་པ། །རྫོགས་པའི་སངས་རྒྱས་བཅོ་ལྔ་མཁའ་ཁྱབ་རྡོ་ རྗེའི་ཡེ་ཤེས་སྒྱུ་འཕྲུལ་ནི། །ཤར་རིའི་ཕྲག་ནས་ཉི་མ་བཞིན་དུ་བདག་ཅག་སྣང་ངོར་མྱུར་བ་རུ། །འཆར་བའི་དགེ་མཚན་ཐུབ་དབང་འཇིག་རྟེན་བྱོན་པ་ལྟ་བུར་གསལ་གྱུར་ཅིག ། ༢༧ །དེང་སང་སྙིགས་མའི་མཐའ་ལ་ཐུག་པས་སུ་ཡང་ལེགས་སྤྱོད་དང་བྲལ་ ཞིང་། །ཉེས་སྤྱོད་ཐམས་ཅད་དངོས་ཤུགས་ཀུན་ནས་མ་བླངས་ན་ཡང་ཁུར་འཁྱེར་བའི། །རང་བཞིན་འདི་འདྲ་དཀོན་མཆོག་བླ་མའི་བྱིན་མཐུས་མི་མངོན་རྒྱས་བཏབ་སྟེ། །ཆོས་དང་མཐུན་པའི་བཟང་པོ་སྤྱོད་པས་འཇིག་རྟེན་ཀུན་ཏུ་མཛེས་གྱུར་ཅིག ། ༢༨ ། བསྟན་དང་འགྲོ་ལ་ཀུན་ནས་གནོད་པའི་ནག་ཕྱོགས་འཚེ་བ་མིང་ཡང་མེད། །ཆོས་བཞིན་སྤྱོད་པའི་ལོ་ཏོག་ལེགས་ཤིང་སྣོད་བཅུད་ཐམས་ཅད་རྫོགས་ལྡན་སྤྲིན། །བདེ་མཆོག་བདེ་བའི་ཞིང་ཁམས་རྒྱ་མཚོར་རྟག་ཏུ་ལོངས་ལ་སྤྱོད་པ་ཡི། །མཐོང་ཆོས་མྱོང་ 3-1-412a འགྱུར་བསོད་ནམས་འཁོར་ལོ་འགྲོ་འདིར་གསར་དུ་འབབ་གྱུར་ཅིག ། ༢༩ །བཀྲ་ཤིས་སྲིད་ཞིའི་དཔལ་ཡོན་རྒྱ་མཚོ་ཀུན་ནས་འབྱུང་བའི་གནས་གྱུར་པ། །བཀྲ་ཤིས་མཆོག་གསུམ་སྣང་བ་ དམ་པས་བོད་ཁམས་ཡོངས་སུ་བཟུང་བ་ཡི། །བཀྲ་ཤིས་ངོ་མཚར་འགྱུར་བ་མེད་པའི་དགའ་སྟོན་དར་ལ་བབས་པའི་དབྱིངས། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་རྟག་ཁྱབ་ལྷུན་གྱིས་གྲུབ་གྱུར་ཅིག །༣༠། ཅེས་ཆོས་མངོན་པ་མཛོད་ཀྱི་རྒྱ་ཆེར་བཤད་པ་ཉིན་མོར་བྱེད་པ་འདི་ཉིད་ཆོས་སྦྱིན་གྱི་ཕྱི་མོར་ལེགས་པར་གྲུབ་པ་ན་སྤར་བྱང་སྨོན་ཚིག་གི་རིམ་པ་ཚིགས་སུ་བཅད་པའི་ཕྲེང་བ་ཉུང་ངུ་འདིའང་ཞུ་དག་གི་སྲི་ཞུ་དང་ཆབས་ཅིག་རྨོངས་རྟུལ་ སྙོམས་ལས་པ་ཀུ་སེ་བ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ནམ། མིང་གཞན་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་ཟླ་བ་བདུད་རྩིའི་ཐིག་ལེས་ཤིང་གླང་ལོར་རྩེ་གཅིག་གུས་པས་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།༈ 3-1-412b empty page 3-1-413a empty page 3-1-413b empty page 3-1-414a empty page 3-1-414b empty page 3-1-415a empty page 3-1-415b empty page 3-1-416a empty page 3-1-416b empty page