2-1-1a ༼ལ༽ ལ༐ ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་༐ རྣམ་རྟོག་དོན་དམ་གྱི་ངོ་སྤྲོད་བཞུགས།། 2-1-1b ༄༅༅། ༧ །ན་མོ་གུ་རུ་རཏྣ་བྷྱ། རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཡར་སངས་རྒྱས་ལ་རེ་བ་མེད་དེ། སྐུ་ གསུང་ཐུགས་རང་ལ་ཡོད་པའི་ཕྱིར་རོ། །མར་འཁོར་བ་ལ་དོགས་པ་མེད་ཅིང་། སྤང་དུ་མེད་དེ། ཤེས་ རབ་ཀྱི་བུད་ཤིང་ཡིན་པའི་ཕྱིར་རོ། །དགེ་བཤེས་ལྕགས་རི་བའི་བླ་མ་རྣམ་གཉིས་ཀྱི་གདམས་ངག་ཡིན་ཏེ། སྒོམ་ ཆེན་པ་དེ་བསྒོམ་པའི་དུས་སུ། རྣམ་པར་རྟོག་པ་འབྱུང་སྟེ། ཕྲད་འཇོམས་པ། ཕྱི་བསྙགས། མེད་སྤྲུལ་ པ་རྣམ་པ་གསུམ་མོ། །དང་པོ་རྣམ་རྟོག་བྱུང་མ་ཐག་སྐྱེ་མེད་དུ་ཆོད་པ་ནི། ཕྲད་འཇོམས་པ་བྱ་བ་ཡིན། ཕྲད་ 2-1-2a མ་ཆོམས་ན། ཕྱི་བསྙག་གསུང་། རྣམ་རྟོག་དེ་གང་ནས་བྱུང་། དེ་སེམས་ལས་བྱུང་། སེམས་སུ་ཐིམ། སེམས་དང་གཉིས་ཐ་མི་དད་དེ། ཕྱི་བསྙག་བྱ་བ་ཡིན་གསུང་། མེད་སྤྲུལ་པ་ནི། གང་ཤེས་པ་ལ་ལྕི་བ། ཉམས་ལ་མི་བདེ་བ་ཅིག་མེད་སྤྲུལ་པ་ཡིན་ཏེ། འོ་སྐོལ་རབ་ཏུ་བྱུང་བ་ལ་རྩ་བཞི་ཤེས་དགོས་པ་ལྕི་སྟེ། དེ་ཉིད་མེད་སྤྲུལ་ཏེ། དེ་རྣམ་པར་ རྟོག་པ་ཡིན། རྣམ་རྟོག་དེ་སེམས་ཡིན། སེམས་སྐྱེ་མེད་ཡིན་གསུང་། དཔེར་ན། ནགས་ལ་མེ་ཤོར་ན། མེ་ཆུང་ངུ་རླུང་གིས་འཆི་བ་ཡིན། ནགས་ཚལ་ཆེན་པོ་ཚིག་ཙམ་ན། རླུང་ ཡང་གྲོགས་སུ་འགྲོ། ཤིང་མང་པོ་ཡང་དག་པ་ཚོགས་ན། མེ་ལ་དམག་འདྲེན་པ་ལ། མེ་ན་རེ། ད་རུང་ཁྱེད་རང་མང་དུ་སྤུངས་དང་། ཁྱོད་ཇི་ལྟར་མང་བ་བཞིན། བདག་དགའ་བ་ཡིན་ཟེར་ལ། དེ་བཞིན་དུ་རྣམ་རྟོག་མང་བ་བཞིན། ཤེས་ རབ་ཀྱི་གྲོགས་སུ་འགྲོ་གསུང་ངོ་། ས་རྡོ་ཚུན་ཆད་གྲོགས་སུ་འགྲོ། དེ་བཞིན་དུ། རྣམ་རྟོག་ཇི་ལྟར་མང་བ་བཞིན་ཤེས་རབ་ཀྱི་གྲོགས་སུ་འགྲོ་གསུང་། མཚོ་ལ་ཁ་བ་བབ་པ་དང་འདྲ་སྟེ། བབས་མ་ཐག་ཏུ་རོ་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་རྣམ་རྟོག་བྱུང་མ་ཐག་ཏུ་ལྷན་ཅིག་སྐྱེས་པར་རོ་གཅིག །སྔར་ཕྲད་པའི་མི་དང་ཕྲད་པ་དང་འདྲ་སྟེ། སྔར་འདྲིས་ཀྱི་མི་དང་ཕྲད་ཙ་ན། ། 2-1-2b ཡིན་མིན་རྟོག་དཔྱོད་བྱ་མི་དགོས། དེ་བཞིན་དུ། རྣམ་རྟོག་ལ་རྟོག་དཔྱོད་བྱ་མི་དགོས་པར་སྐྱེ་མེད་དུ་ངོ་ཤེས་གསུང་། དེ་ནི་དགེ་བཤེས་ལྕགས་རི་བའི་ཡིན། བླ་མ་མི་ལའི་ཞལ་ནས། རྣམ་པར་རྟོག་པ་དེ་ནི། དགོས་པ་སྐུ་དྲིན་ཅན། མེད་དུ་མི་རུང་བ། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་པ་ཡིན་གསུང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་བརྟེན་ནས། འོད་གསལ་གྱི་རྩལ་སྦྱང་བ་ཡིན་གསུང་། གསང་སྔགས་ཀྱི་ དབང་དུ་བྱས་ན། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ལོག་ནས་ཀྱང་། བསྐྱེད་པའི་རིམ་པ་ལ་བརྟེན་ནས་རྩལ་སྦྱོང་བ་ཡིན་གསུང་། བསྒོམ་ཆེན་པ་རྣམ་རྟོག་སྐྱོན་དུ་མི་ལྟ་བར། རྟོགས་པ་ལ་དབང་ཐོབ་པ་ཅིག་དགོས་གསུང་། འོ་ན་རྟོགས་པ་ལ་དབང་ཐོབ་ པའི་སྒོམ་ཆེན་པ་དེ་ལ་ན་བ་འོང་ངམ་ཞེ་ན། འོང་སྟེ། བྱུང་མ་ཐག་ཏུ་ན་བ་རྣམ་པར་རྟོག་པ་ཡིན། རྣམ་པར་རྟོག་པ་སེམས་ཡིན། སེམས་དེ་ལྟར་སྐྱེ་མེད་དུ་རྟོགས་པ་ཅིག་འཆི། དེ་ལ་འཆི་བ་འོང་སྟེ། སྐྱེ་བ་མེད་པའི་གནད་ཀས་འཆི་བ་ཡང་ སྐྱེ་མེད་དུ་ཤེས། གལ་ཏེ་དམྱལ་བའི་སྣང་བ་ལྟ་བུ་ཤར་ཡང་། འདི་རྣམ་པར་རྟོག་པ་ཡིན། རྣམ་པར་རྟོག་པ་སེམས་ཡིན། སེམས་སྐྱེ་བ་མེད་པ་ཡིན་སྙམ་པ་འོང་སྟེ། དར་གྱི་ཕོ་ལོང་བརྡབ་པ་ཙམ་གསུང་། སེམས་ཀྱི་ངོ་བོ་ལ་རེས་ འགའ་ཐ་མལ་གྱི་ཤེས་པ་བྱ་བར་མིང་བཏགས་ཏེ། དེ་ཐམས་ཅད་ཅིག་ཡིན་གསུང་། རེས་འགའ་གཉུག་མ་བྱ་བར་མིང་བཏགས་ཏེ། དེ་ཆོས་ཉིད་གཅིག་ཡིན་གསུང་། དོན་ལ་ངོ་བོ་བྱ་བ་ཡིན་ཏེ། མེད་པ་མ་ཡིན་པའི་དོན་ཏེ། སངས་རྒྱས་ལ་གསལ་གསུང་། ག་་་གའི་རྣལ་འབྱོར་པ་ལ་རང་ཤུགས་ཀྱིས་འབྱུང་གསུང་། སྒྲིམས་པས་འོང་དུ་རེ་ཏེ། སྒྲིམས་པས་མི་འཆི། གློད་པས་མི་འཆི། འོ་ན་ཇི་ལྟར་བྱས་ན་འཆི། རྣལ་འབྱོར་མ་ག་་་ག་་་་དྷ་ 2-1-3a རས་གསུང་པ་དེ་ཡིན། དེའི་ལོ་རྒྱུས་ཀྱི་དབང་དུ་བྱས་ནས། རྣལ་འབྱོར་པ་གཅིག་གིས་བསྒོམས་པས། བདེ་གསལ་མི་རྟོག་པ་བྱུང་། ལུས་རས་བལ་གྱི་འདབ་མ་བཞིན་དུ་ཡང་བ་བྱུང་། སྣང་བ་འོད་ཀྱི་གོང་བུ་ལྟར་མཐོང་ ནས། བླ་མ་ལ་འདི་ལྟར་བྱུང་ཞེས་བརྗོད་པས། བླ་མའི་ཞལ་ནས། ཐོས་བསམ་བྱས་པ་དེ་ཐམས་ཅད་ཀྱིས་དང་པོའི་ཤེས་པ་དེ་རང་ཚོལ་བ་ཡིན། ཞེས་གསུངས་པས། ཁོས་མ་གོ་ནས་ལོག་ནས་ཕྱིན་པ་དང་། རྣལ་འབྱོར་མ་ག་ག་དྷ་རའི་ཞལ་ནས། གར་ཕྱིན་གསུངས་པས། ངས་བླ་མའི་དྲུང་དུ་ཕྱིན་པ་ལ། བླ་མའི་ཞལ་ནས་རིགས་ཀྱི་བུ། ཡུལ་ལ་མ་བལྟ་སེམས་ལ་མ་ལྟོས་ཤིག །བྱ་བ་མ་མང་ཞེ་འདོད་མ་བྱེད་ཅིག །ཉམ་ང་མ་བྱེད་དོགས་པ་མ་འཆའ་བར། །སེམས་ནི་གང་ དགའ་ཉིད་དུ་མཐོང་ལ་ཐོང་། །ཞེས་གསུངས་པས། རྣལ་འབྱོར་པ་དེས་ཀྱང་གྲུབ་པ་ཐོབ་གསུང་། རྣལ་འབྱོར་མ་ཀར་ཀ་དོ་ཧའི་ཞལ་ནས། གཉིས་མེད་ཤེས་པ་ཆུ་དང་འོ་མ་འདྲེས་པ་འདྲ། །ཉམས་མྱོང་སྤྲེའུ་ལྟ་བུར་གང་ལྟར་འགྱུར་ཀྱང་རུང་། ། རྣལ་མའི་ཤེས་པ་གླང་པོ་ལྟ་བུ་ལ། །རྟོགས་པ་ནམ་མཁའ་བཞིན་དུ་ཇི་བཞིན་ཁྱབ། །ཅེས་གསུངས་སོ། །དགེ་བཤེས་ལྕགས་རི་བ་ལ། བླ་མ་ཉིད་ཀྱིས། བཀའ་གདམས་མི་སྤོང་བར་ལམ་དུ་འཁྱེར་བའི་གདམས་ངག་ཡོད་དམ་ཞུས་པ་ལ། ལྕགས་ རི་བའི་ཞལ་ནས། དགེ་བཤེས་གླང་རི་ཐང་པས། དགེ་བཤེས་ཕུ་ཆུང་པ་ལ་ཞུས་པས། ཚེམས་ནེམ་མཛད་ནས། ཡོད་དག་ཡོད་དེ། ང་ལ་ལས་དབང་མེད་པ་གསུང་སྐད། ཕྱིས་རྣལ་འབྱོར་པ་རྣམ་གཉིས་ལ་གདམས་ངག་ཏུ་བྱུང་གསུང་། ལོ་ཙྪ་བ་རིན་ཆེན་བཟང་པོ་དང་། སྒོམ་ཆེན་པ་པུཎྱེ་ཛྙཱ་བོ་དྷི་གཉིས་ཀྱི་སྲས་ལགས་སྐད། དབུས་སུ་ལྕགས་རི་བ་བསྙེན་པར་མཛད། གདམས་ངག་ཇི་ལྟར་བྱུང་ཞེ་ན། ཆོས་ཚན་པ་དགུ་ཡོད་གསུང་། རྟོགས་པའི་རྒྱུ་མེད་ཅིང་གཞི་རྩ་ 2-1-3b མ་གྲུབ་པས། རྟོགས་པའི་ཐབས་ལ་མཁས་ཏེ། བཀའ་རྟགས་ཀྱི་ཕྱག་རྒྱའི་དཔེ་གསུང་། དགེ་བཤེས་ཕུ་ཆུང་པའི་ཞལ་ནས། རྟོག་པ་ལམ་དུ་ཁྱེར་ནས་སྤང་ན་ཅི་ལ་འོང་གསུང་སྐད། དེ་ཡང་བླ་མ་དང་ཅུང་མི་འདྲ། སྟོང་ཉིད་རམ་ འདར་ལྡོག །གཞུག་ཨེན་ཙམ་ཡོད་གསུང་། རྟོག་པ་རྒྱུ་མེད་པ་དང་། ཤེས་རབ་ཀྱི་བུད་ཤིང་ཡིན་པ་དང་། དེ་ལ་སོགས་པ་རྒྱས་པར་གསུང་། བླ་མ་ནི་སྙིང་ནས་རྟོག་པ་ལ་སྐུ་དྲིན་ཆེ་བར་བཤད་པ་ཡིན་གསུང་། དགོས་པ་སྐུ་དྲིན་ཆེ་ བ་ཇི་ལྟར་ཡིན་ན། དེ་སེམས་ལས་བྱུང་བ་ཡིན། སེམས་ཆོས་ཀྱི་སྐུ་ཡིན། རྟོག་པ་དེ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན། རྟོགས་པ་དེས། ངོ་བོ་གསལ་བར་བྱེད་པས་ན་སྒྲོན་མེ་ལྟ་བུ་ཡིན། རྩ་བ་རྙེད་པར་བྱེད་པས་ན་མཚོན་ལྟ་བུ་ཡིན། རྟོག་ པ་ལམ་དུ་ཁྱེར་བས། རྟོག་མེད་འཆར་གསུང་ངོ་། །རྟོག་པ་དེ་རྒྱུ་ཡིན་ནམ། ལམ་ཡིན་ནམ། འབྲས་བུ་ཡིན་ནམ་གང་ཡིན་བྱས་པས། རྒྱུ་ཡིན་ཏེ། ཁོ་རང་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འབྱུང་། ལམ་ཡང་ཡིན་ཏེ། མི་སྤོང་བར་ ལམ་དུ་བྱེད་གསུང་། འབྲས་བུ་ཡང་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས། སྐུ་བཞི་རང་ཆས་སུ་ཡོད་གསུང་། འབྲས་བུ་ལ་མི་རེ་ཏེ། རྒྱུ་ལམ་འབྲས་གསུམ་དུ་འབྱོངས་པ་བྱ་བ་ཡིན་གསུང་ངོ་།། །། ༄། །ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། བསྐྱེད་རྫོགས་ཟུང་འཇུག་གི་ཞལ་གདམས་བཞུགས་སོ།། །།ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། ཡི་དམ་ལྷའི་བསྐྱེད་རིམ་རྫོགས་པར་ཡང་སྐད་ཅིག་མ་རེ་སྒོམ་དགོས་གསུང་། སྐད་ཅིག་ དྲན་རྫོགས་ཀྱིས་ཡི་དམ་གྱི་ལྷར་བསྐྱེད་ནས། འོད་གསལ་འབའ་ཞིག་སྒོམ་པ་ཡིན་ནོ་གསུང་། དེ་ཡང་། གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་དེ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས། ཅིའི་ངོ་བོར་ཡང་མ་ 2-1-4a གྲུབ་པ་དེ་རྟོགས་པ་ཡིན་གསུང་། བླ་མ་རྟོགས་ལྡན་ཅིག་དང་། སློབ་མ་སྐལ་ལྡན་ཚེ་འདི་བློས་བཏང་བ་ཅིག་ཕྲད་ནས། བླ་མ་དེས། མ་སྨིན་པ་སྨིན་པར་བྱེད་པའི་དབང་བཞི་བསྐུར་ནས། སྨིན་པ་གྲོལ་བར་བྱེད་པའི་ ཐབས་བསྐྱེད་རྫོགས་གཉིས་ལ་སློབ་པ་ཡིན་གསུང་། བསྐྱེད་རིམ་ནི། ལྷའི་སྐུ་སྒྱུ་མ་ལྟ་བུར་བསྒོམ་པ་དང་། སྤྲོས་པ་དང་བཅས་པའི་རྫོགས་རིམ་ཀྱང་དེ་ཡིན་གསུང་།། །།རྫོགས་རིམ་ནི་འོད་གསལ་སེམས་ཀྱི་སྟོང་ཉིད་མངོན་སུམ་ དུ་གཟིགས་པ་དེ་ལགས། དེ་ལྟར་བསྐྱེད་རྫོགས་བསྒོམས་པས་ཡོན་ཏན་འབྱུང་སྟེ། དེ་ཡང་དབེན་པར་བསྒོམས་པ་ལས་འབྱུང་གསུང་། ལུས་བདེ་བ་དང་། སེམས་བདེ་བ་འོང་སྟེ། ནང་དུ་རྟགས་རྣམ་ལྔ་འཆར། སྤྱིར་ཡང་ཕན་ཡོན་བརྒྱད་ འབྱུང་སྟེ། རྟགས་དང་ཕན་ཡོན་དུ་བ་ལྟ་བུ་བྱུང་ཙ་ན། རླུང་སྣང་བ་འགགས་ཏེ། རླུང་ཨ་བ་དྷུ་ཏིར་ཚུད་པ་ཡིན་གསུང་། རྟགས་གཉིས་པ་ཤར་ཙ་ན། སྣང་བ་ཉམས་སུ་མྱོང་བ་བྱ་བ་ཡིན། རྟགས་གསུམ་པ་བྱུང་ཙ་ན། གསལ་ལ་མི་ རྟོག་པ་འབྱུང་། དེ་ནི་སྒོམ་པའི་མཐར་ཐུག་ཡིན་ཏེ། རླུང་སེམས་སུ་ཚུད་པ་ཡིན་གསུང་། རྟགས་བཞི་པ་ཤར་ཙ་ན། ལྟ་བའི་དོན་དང་། ཆོས་ཐམས་ཅད་རོ་གཅིག་རིག་ཅིང་གསལ་བ་དང་། འཕྲིན་ལས་བཞི་འགྲུབ་སྟེ། ལྟ་བའི་དོན་ བྱ་བ་ནི། སེམས་ཉིད་ལ་བློ་ངེས་པའོ། །ཆོས་ཐམས་ཅད་རོ་གཅིག་རིག་ཅིང་གསལ་བ་ནི། འཁོར་འདས་ཐམས་ཅད་འོད་གསལ་དུ་འཆར་བའོ། །འཕྲིན་ལས་བཞི་ནི། བཟླས་པ་ལ་སོགས་པ་བྱ་མ་དགོས་པར། འཕྲིན་ལས་བཞི་གང་བྱས་ ཀྱང་ཚེགས་མེད་དུ་འགྲུབ་པའོ། །རླུང་འོད་གསལ་དུ་ཚུད་པའི་དུས་སུ། ཡེ་ཤེས་ཀྱི་རྟགས་ཀྱང་འབྱུང་སྟེ། ལུས་འཇའ་ཚོན་ནམ་འོད་ཀྱི་གོང་བུ་ལྟ་བུ་ལ་སོགས་པ་ཡང་འབྱུང་ངོ་། །དེ་ཡེ་ཤེས་ཀྱི་རྟགས་བྱ་བ་ཡིན་གསུང་། བལྟ་ 2-1-4b བྱ་ལྟ་བྱེད་མེད་པ་ལ་སྟོང་པ་ཉིད་ཟེར་བ་ཡིན། ཁམས་གསུམ་ལས་འདས་ཤིང་བློ་དང་བྲལ་བ་ལ་སྨོན་པ་མེད་པ་ཟེར་བ་ཡིན་གསུང་། སྒྲུབ་པ་ལ་བདུད་ཀྱི་བར་ཆད་འབྱུང་བའི་བདུད་ལ་གཉིས་ཏེ། མི་དང་མི་མ་ཡིན་པའི་བདུད་དང་། རྣམ་ པར་རྟོག་པའི་བདུད་དོ། །དེ་ལ་སེལ་ཐབས་རྣམ་པ་གསུམ་ཡོད། བྱམས་སྙིང་རྗེ་བསྒོམས་པས་སེལ་བ་ཡིན་ཏེ། བྱམས་སྙིང་རྗེ་བསྒོམས་པས། མས་བུ་ལ་གནོད་པ་བྱེད་མི་སྲིད། སྒྱུ་མ་རྨི་ལམ་ལྟ་བུ་དང་། སྟོང་ཉིད་བསྒོམས་པས་ སེལ་ཏེ། གནོད་བྱ་གནོད་བྱེད་གཉིས་མེད་གསུང་། འཁྲུལ་པར་ཤེས་པས་ཞི། དེ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་པས། གནོད་པ་མི་བྱེད། བྱས་ཀྱང་མི་ཚུགས། ད་ལྟ་འཁོར་མང་བ་དང་། རྫས་ཀྱི་བསོད་ནམས་འབྱུང་བ་ འདི། གསང་སྔགས་ནས་ཐུན་མོང་གི་དངོས་གྲུབ་ཏུ་ཡང་བཤད་དེ། བདུད་ཀྱི་བར་ཆད་ཡིན་ཡང་གསུང་། བདུད་ཀྱིས་ཀྱང་དངོས་སུ་བར་དུ་མི་གཅོད། སྔོན་ལ་འཁོར་གྱིས་བར་དུ་གཅོད། དེ་ནས། རྫས་ཀྱི་བསོད་ནམས་ཆེན་པོས་དགེ་ སྦྱོར་ལ་བར་དུ་གཅོད། དེ་ནས་སྒྲུབ་པ་པོ་དེ་ཆགས་སྡང་གིས་བར་དུ་ཆོད་ནས་འགྲོ་བ་ཡིན་གསུང་། བདུད་ཀྱི་བར་ཆད་ཡིན་མིན་རང་གི་སེམས་ལ་བལྟ་གསུང་། རང་ལ་གནོད་ན་བདུད་ཀྱི་བར་ཆད་ཡིན། མི་གནོད་ན་དངོས་གྲུབ་ཡིན་ནོ་ གསུང་ངོ་། །སོ་མ་ལ་གསུམ། ལུས་ཁོང་གློད་པ། ངག་རླུང་མི་བཙིར་བར་རང་དགར་བཞག་པ། ཤེས་པ་རྟེན་མི་བཅའ་བའོ།། །།རང་དགའ་ལ་གསུམ། ཤེས་པ་རང་དགར་གཏད། འཕྲོས་པའི་ཡུལ་མཚན་མར་སྣང་བ་དེ་ ཆོས་སྐུར་ཤེས་པར་བྱ་བ། དེ་ལ་མ་ཡེངས་པའོ། །ལྷུགས་པ་ལ་གསུམ། སྤྱོད་ལམ་རྣམ་བཞི་ལ་ཁྱད་པར་མེད་པར་བྱ་བ། ཉམས་དང་མི་འབྲལ་བར་བྱ་བ། ཚོགས་དྲུག་ལྷུག་པར་བཞག་པའོ། །གསང་སྔགས་ཀྱི་དབང་དུ་ 2-1-5a བྱས་ན་ཡང་། བཀའ་གདམས་པའི་ལུགས་ཀྱིས། དང་པོ་ནས་རྫོགས་པར་མི་སྟོན། དང་པོ་ཚོགས་གསོག་ཙམ་ཅིག་སྟོན། དེ་ནས་བསྐྱེད་རིམ་ཙམ་ཅིག་སྟོན། དེ་ནས་དབང་བསྐུར་བ། དེ་ནས་བདུད་རྩི་ མྱོང་བ། དེ་ནས་མཆོད་བསྟོད། དེ་ནས་རྫོགས་རིམ་སྟོན་པ་ཡིན་ཏེ། དེ་ནས་རིམ་གྱིས་སྟོན། དགེ་བཤེས་ལྕགས་རི་བའི་ཞལ་ནས། ལྟ་བ་ཀུན་རྫོབ་ཡིན་གསུང་། མཐའ་གཉིས་དང་བྲལ་བའི་སྒྱུ་མ་བྱ་བ་དེ། ཕ་རོལ་ ཏུ་ཕྱིན་པའི་ལྟ་བ་ཡིན། དོན་དམ་པ་ལ་ལྟ་རྒྱུ་མེད་གསུང་། གསང་སྔགས་ཀྱི་ལྟ་བ་སེམས་ཡིན་གསུང་། ནཱ་རོ་པའི་བཞེད་པས། མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་། སྨིན་པ་གྲོལ་བར་བྱེད་པ་ལ་བསྐྱེད་རྫོགས་གཉིས། དེ་ སྟན་ཐོག་གཅིག་ཏུ་བསྒོམ་པར་བྱ་བ་དང་། རིམས་ཀྱིས་པའི་ལུགས་གཉིས་ཡིན་ཏེ། སྟན་ཐོག་གཅིག་ཏུ་བསྒོམ་པ་ནི། དུས་གཅིག་ཏུ་སྒོམ་ལ། རིམ་གྱིས་པ་ནི། བསྐྱེད་རིམ་ལ་བརྟེན་པ་ཐོབ་ནས། རྫོགས་རིམ་སྒོམ། དེ་ཡང་། ནང་ནས་ཤར་བ་དེ་རྫོགས་རིམ་རྣལ་མ་དེ་ཡིན། ནང་ནས་མ་ཤར་ན། ཟབ་པའི་རྫོགས་རིམ་དུ་མིང་བཏགས་ཀྱང་། བློས་བྱས་ཅིག་ཡིན་གསུང་། སྤྱིར་དེ་ལྟར་ཡིན་ཀྱང་། འཁོར་བ་མཐའ་དག་ལས་ཐར་པ་ལ་དོན་དམ་པ་བྱང་ ཆུབ་ཀྱི་སེམས་དགོས་ཏེ། དེ་ཡང་ཇོ་བོ་རྗེའི་ལུགས་ཀྱིས། གཅིག་དང་དུ་བྲལ་ལ་སོགས་པས་ཕྱི་ནས་གཅོད་པ་ཡིན། བླ་མའི་བཞེད་པས། ནང་ནས་གཅོད་པ་ཡིན་གསུང་། ཁ་ཅིག་ཉོན་མོངས་པའི་སྒྲིབ་པ་ནས། མས་ ནས་ཡར་སྤོང་བར་འདོད་པ་ཡིན། བླ་མ་ནི་ཤེས་བྱའི་སྒྲིབ་པ་ནས་རྩད་དེར་གཅོད། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། ལྷན་ཅིག་ཅི་ལྟར་བྱེད་ན། བླ་མའི་བཞེད་པས། རིག་པ་དང་སྟོང་པ་ལྷན་ཅིག་སྐྱེས་གསུང་། གྲུབ་ 2-1-5b པ་ཐོབ་པའི་གྲུབ་སྐོར་ནས་བཤད་པ་དང་། བྲམ་ཟེ་ཆེན་པོའི་དོ་ཧ་ནས་བཤད་པ་དང་། རྡོ་རྗེ་འཆང་གིས་རྒྱུད་ནས་བཤད་པ་དང་། དེ་རྣམས་ཡོ་མཐུན་གསུང་། བླ་མའི་ཞལ་ནས་མིན་ན་རང་ནོར་གསུང་། ཚན་ཅིག་ནས། ཐབས་གཙོ་ཆེར་ བཤད་དེ་བློ་དམན་པའི་དུས་སུ་ཐབས་གཙོ་ཆེ་བ་མན་ངག་ཡིན་གསུང་། བློ་ཡར་སོང་ཙ་ན་ཤེས་རབ་གཙོ་ཆེ་བ་ཡིན་གསུང་། བླ་མའི་ཞལ་ནས། ཤེས་རབ་གཙོ་ཆེར་རང་ཤུགས་ཀྱིས་འགྲོ་བ་ཡིན་གསུང་། དང་པོ་ཡོ་མི་དགོས་སྙམ་ཙ་ ན་དགོས་བདོ་བ་ཡིན་གསུང་། ཤུགས་འབྱུང་གིས་འགགས་པ་ཅིག་དགོས། ཤུགས་འབྱུང་བྱ་བའི་གོ་བ་ནི། བློ་བཅོས་མ་དང་བྲལ་བ་ཅིག་ལ་ཟེར་བ་ཡིན་གསུང་། སྒོམ་ཆེན་པ་རྣམས་ལ་ཞུ་ན། གནས་པའི་དུས་སུ། རྟོག་ མེད་དེ་རྒྱུན་བསྲིང་བ་ཡིན་ཏེ། ངོ་བོ་ལ་རྟོག་མེད་རྒྱུན་བསྲིང་ན། ཆོས་ཀྱི་གནད་མ་གོ་བ་ཡིན། ཆོས་མ་ཆོད་པ་ཡིན་གསུང་། གདོད་མ་ནས་རྒྱུན་ཆད་མ་མྱོང་བའི་གནད་ཀས་གསུང་། དོན་དམ་པ་འདི་འདྲ་བ་ཅིག་ཡིན་བྱ་ བ་ནི། སངས་རྒྱས་ཀྱིས་ཀྱང་སྨྲ་བར་མ་ནུས་ན། རྒྱུན་ཆད་མེད་པ་དེ་སངས་རྒྱས་བྱོན་ཡང་མི་ཁེགས་གསུང་། དགེ་བཤེས་ཡོན་བདག་གི་ཞལ་ནས། གྲུབ་མཐའ་ལ་བརྟེན་ནས་རིགས་པས་གཞིགས་པས། ཤ་བ་སྐྱེའུར་ཆུད་ པ་ལྟར། འགྲོ་ས་འདི་ལས་མེད་ཟེར་ཏེ། ཁྱེད་རྣམས་ཀྱི་བློ་ཕུགས་རྡར་འབྱམས་པ་དེ་ནི་ཁྱོད་རང་གིས་བྱས་པ་ཡིན་ན། ཨ་ན། ཨང་གེ། ཁྱེད་ཀྱི་དེ་འོང་བར་འོང་། ཕུང་འདྲེ་མཁན་ལོགས་ན་ལུས་པ་ཆ་མེད་པ་གསུང་།། །། རིན་པོ་ཆེའི་ཞལ་ནས། བཀའ་གདམས་པ་ཡང་། ལྟ་བ་ལ་རྩིས་ཆེ་སྟེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། ལྟ་བ་ལྟ་བས་སྟོང་པ་ལ་རྩིས་ཆེ་གསུང་། བླ་མ་ཡང་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། 2-1-6a ལྟ་བ་རང་ཤར་ལ་རྩིས་སུ་མཛད། ཆོས་ཐམས་ཅད་ཉམས་ཐོག་ནས་སྨྲ་བ་གཅིག་དགོས་གསུང་། སྟོང་ཉིད་ཤེས་བྱའི་གཤིས་སྒོམ་པ་དང་། རྩ་རླུང་བསྒོམས་པའི་རྟེན་འབྲེལ་གྱིས་ཉམས་བྱུང་བ་དེ་ཡང་། ཉམས་ ཡིན་ཏེ། ཤ་ཆོད་རུས་ཆོད་མི་མཆིས་གསུང་། ཆོས་ཤ་རུས་ཆོད་པ་ལ། དོན་དམ་སྐྱེ་བའི་ཉམས་ཤིག་སྐྱེ་དགོས་གསུང་། ཀུན་རྫོབ་སྒྱུ་མར་མཐོང་བ་བྱ་བ་དང་། སེམས་ཉིད་སྒྱུ་མར་མཐོང་ན། དེ་ཉིད་ཡིད་ལ་བགྱིར་ཡང་མི་འཚལ། མེད་ པ་ཡང་མ་ཡིན་ཏེ། བཀག་པས་མི་ཁེགས་གསུང་། བློའི་ཡུལ་དུ་བྱར་མི་རུང་། གྲུབ་ཐོབ་ཀྱི་བླ་མས་གསུང་པ་དང་། སངས་རྒྱས་གསུང་བ་པོ་མཐུན། སངས་རྒྱས་ཀྱི་ཐུགས་ལ་གསལ་བ་དེ་དང་། རྣལ་འབྱོར་པ་ལ་བླ་མའི་བྱིན་ བརླབས་ཀྱིས་རང་ཤུགས་སུ་བྱུང་བ་དེ་ཡོད་པ་མ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། རྣམ་རྟོག་གི་བློས་མཐོང་བ་ལྟ་ཅི་སྨོས། མེད་པ་མ་ཡིན་ཏེ། གང་ཚེ་དོན་ལ་རེག་གྱུར་ན། །བསམ་པ་ཀུན་གྱིས་བསམ་ དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །ཞེས་གསུངས་སོ།། །།དགེ་བཤེས་པོ་ཏོ་བའི་ཞལ་ནས། ཀ་བ་ལི་དང་བྲལ་ན་མེད་པ་ཡིན་གསུང་། དགེ་བཤེས་ཕོ་ཆུང་བའི་ཞལ་ནས། རེས་སྒོམ་ རེས་བལྟ་བྱེད་པ་ཡིན་གསུང་། དགེ་བཤེས་སྤྱན་སྔ་བའི་ཞལ་ནས། དཔེ་ལྟ་སྒོམ་ཆེན་པོ་བྱ་བ་དེ་མི་འདོད་པ་ཡིན་གསུང་། བཟུང་ཕུགས་དགོས་པ་ཡིན་གསུང་སྐད།། །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། ལམ་རིམ་མདོར་བསྡུས་བཞུགས་སོ། ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྗེའི་ཞལ་ནས། འོ་སྐོལ་རྣམས་ཀྱི་གཏན་ཡུལ་ངན་སོང་གསུམ་ཡིན། ད་རེས་དལ་འབྱོར་ལུས་ཐོབ་པ་འདི་ངན་སོང་གི་ས་ནས་དོན་གཉེར་བའམ། ངལ་བསོ་བ་ 2-1-6b ལྟ་བུ་ཡིན། འགྲོན་པོའི་ཚོད་ཙམ་ཡིན། དེ་ནས་ཡང་ངན་སོང་དུ་འགྲོ་བ་ཡིན། འོ་སྐོལ་འཆི་ཙ་ན་ཡང་། རང་གི་ཕ་ཡུལ་ངན་སོང་གསུམ་ཡིན། དེར་འགྲོ་ཟེར་ནས་འགྲོ་བ་ཡིན། དེའི་ནང་ནས་ཀྱང་དམྱལ་བར་འགྲོ་བ་ཡིན། འོ་ན། ངན་སོང་གསུམ་ན་བདེ་སྐྱིད་ཡོད་དམ་སྙམ་ན། བདེ་སྐྱིད་མེད་པས། ངན་སོང་གསུམ་གྱི་སྡུག་བསྔལ་ཡིད་ལ་བྱས་ལ། དལ་འབྱོར་རྙེད་དཀའ་བསྒོམ། ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་སྐྲག་པར་བྱས་ལ། ད་ནི་ ངན་སོང་གསུམ་དུ་ཅིས་ཀྱང་མི་སྐྱེ་བ་ཅིག་བྱེད་དགོས་སྙམ་དུ་ཡང་ཡང་བསམ། དེ་ལྟར་ངན་སོང་གིས་འཇིགས་ཙ་ན། བསྐྱབས་ཚོལ་དགོས་པས། བསྐྱབས་ནི་བླ་མ་ལ་བྱ་སྟེ། གསོལ་བ་གདབ། ཇོ་བོ་དཀོན་མཆོག་གསུམ་ལ་བསྐྱབས་ འགྲོ་བྱ། གསོལ་བ་གདབ། ངན་སོང་དུ་སྐྱེ་བའི་རྒྱུ་སྡིག་པ་མི་དགེ་བ་བཅུ་ཡིན་པས། སྡིག་པ་ཕྲ་མོ་ཙམ་ཡང་མི་བྱ་བར། སྡིག་པའི་ལས་འབྲས་ལ་ཡིད་ཆེས་པར་བྱ། མཐོ་རིས་སུ་སྐྱེ་བར་བྱེད་པའི་རྒྱུ། དགེ་བ་ཡིན་པས། དགེ་ བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ། དགེ་བའི་ལས་འབྲས་ལ་ཡིད་ཆེས་པར་བྱ། དེས་བསྙེན་གནས་དང་། དགེ་བསྙེན་གྱི་སྡོམ་པ་སྐྱེ། ཚེ་འདི་ལ་བློ་ལོག་པར་བྱ། དེ་ལྟར་བྱས་ན། ངན་སོང་དུ་ཕུལ་ཡང་མི་འགྲོ་སྟེ། དེ་ནི་སྐྱེས་བུ་ཆུང་ངུའི་ ལམ་ཡིན་ནོ།། །།དེས་ཀྱང་ཅུང་མི་འོང་སྟེ། ལྷ་མི་གཉིས་རང་ལ་བདེ་སྐྱིད་མེད་དེ། སྡུག་བསྔལ་ལས་མ་འདས། དེས་ན། འཁོར་བའི་ཉེས་དམིགས་བསྒོམ། ཐམས་ཅད་མི་རྟག་པ་ཡིན་པས། མི་རྟག་པ་སྒོམ། ཚེ་འདིའི་ཉེ་དུ་ དང་། རྫས་དང་། རང་གི་ལུས་ལ་ཡང་མ་ཆགས་པ་སྒོམ། དེ་ལྟར་བྱས་ན། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་སྟེ། ཉན་ཐོས་ཀྱི་ལམ་ཡིན་ནོ། །དེ་ནི་སྐྱེས་བུ་འབྲིང་གི་ལམ་ཡིན་ཏེ་རང་དོན་འབའ་ཞིག་གོ།། །།དེས་ཀྱང་ཅུང་མི་འོང་སྟེ། འཁོར་ 2-1-7a བ་ན་ཡོད་པའི་སེམས་ཅན་རྣམས་ཀྱིས། ངེད་རང་གི་ཕ་མ། མ་བྱས་པ་མེད་པས། དེ་རྣམས་ལ་བྱམས་སྙིང་རྗེ་བསྒོམས་ལ། བདག་པས་གཞན་གཅེས་པར་བཟུང་། ཐེག་དམན་ལས་བློ་ལོག་པར་བྱ་ཞིང་། དེ་ལ་བརྟན་ པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད། སྨོན་འཇུག་གཉིས་བླངས་ལ། དེའི་བསླབ་བྱ་སློབ་པ་དེ་ནི་སྐྱེས་བུ་མཆོག་གི་ལམ་ཡིན་ནོ། །དེས་ཀྱང་འཁོར་བ་ལས་འདོན་པར་མི་ནུས་པས། དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེ་མེད་ སྒོམ་དགོས། དེ་བསྒོམས་པས་དངོས་པོ་དང་མཚན་མ་ལས་བློ་ལྡོག །དེ་ལྟར་བསྒོམས་པས་ཉམས་མྱོང་། བདེ་གསལ་མི་རྟོག་པ་གསུམ་འབྱུང་སྟེ། དེ་ལ་ཡང་ཞེན་ན་མི་འོང་། བདེ་བ་ཤས་ཆེ་ན། དེ་ལ་ཞེན་པས་འདོད་ཁམས། གསལ་བ་ཤས་ཆེ་ན། དེ་ལ་ཞེན་པས་གཟུགས་ཁམས། མི་རྟོག་པ་ཤས་ཆེ་ན། དེ་ལ་ཞེན་པས་གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ་ཡིན་ནོ། །འོ་ན་ཇི་ལྟར་དུ་རང་གི་སེམས་ཉིད་གཉུག་མ་འདི་ཉིད་བསྒོམ་ན། དེ་ཡང་། ཅི་ལྟར་ཆུ་ ལ་ཆུ་བཞག་དང་། །མར་ལ་མར་ནི་བཞག་པ་བཞིན། །མ་བཅོས་པར་བཞག །སོ་མ། ལྷུག་པ། རང་ག་གསུམ་དུ་བཞག་པས། ཅུང་ཟད་སེམས་ཟིན་པ་འོང་། སེམས་ཀྱི་ངོ་བོ་བག་རེ་ཙམ་མཐོང་བ་འོང་། ཤེས་པ་སིང་ངེ་ཡེར་ རེ་རྩེ་གཅིག་པ་འོང་། རྗེས་ལ་ཡང་བག་རེ་འོང་། དེ་ཙ་ན་རང་གི་རིག་པ་དུམ་ཙམ་ཅིག་ངོ་ཤེས་པས། ཉམས་དགའ་བ་དང་། སྤྲོ་བ་འོང་སྟེ། དེ་ནི་རྩེ་གཅིག་གི་རྣལ་འབྱོར་བྱ་བ་ཡིན། དེ་ནས་ཡང་དེ་ཙུག་བསྒོམས་པས། ཆུ་ བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་གསལ་བཞིན། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་བྱ། །ཞེས་གསུངས་པས། ཆུ་བོ་ཆེན་པོ་ལ་རྒྱུན་ཆད་མེད་པའམ། མར་མེའི་རྩེ་མོ་ 2-1-7b ལ་གསལ་བ་རྒྱུན་ཆད་མེད་པ་བཞིན་དུ། ཉིན་མཚན་དུ་དྲན་པས་བསྐུལ་ཞིང་། ཡང་དང་ཡང་དུ་བསྒོམ་པས་ཉམས་ལ། ཕྱི་བཟུང་བར་བྱ་བའི་ཡུལ་དང་། ནང་འཛིན་པར་བྱེད་པའི་སེམས་གཉིས་ཀ་སྤྲོས་པའི་མཐའ་བཞི་དང་བྲལ་བར་ འདུག་སྙམ་དུ་རྟོགས། རང་གི་རིག་པ་འདི་ཡང་། སྐྱུ་རུ་ར་རློན་པ་ལག་མཐིལ་དུ་གཞག་པ་བཞིན་དུ་མཐོང་བའོ། །ཉམས་རེས་བཟང་། རེས་ངན་པ་འབྱུང་སྟེ། དེ་ཉིད་སྤྲོས་བྲལ་གྱི་རྣལ་འབྱོར་བྱ་བ་ཡིན། དེ་ནས་དེ་བཞིན་དུ་བསྒོམས་ པས། ཉམས་ལ་ཕྱིའི་སྣང་བ་དང་། རང་གི་ལུས་དང་། སེམས་གསུམ་ཐ་མི་དད་པར། ཆུ་དང་འོ་མ་འདྲེས་པ་བཞིན་དུ་ཐ་དད་མེད་པར་འཆར། རྟོགས་པ་ལ་ཡང་། དེ་གསུམ་ཐ་དད་མེད་པར་ཤར་བའི་རྟོགས་པ་འཆར། དེ་ཙ་ན། ཕ་ རོལ་པོ་ལ་ཡང་སྒོམ་ཡོད་མེད་མཐོང་བ་ཙམ་གྱི་ཤེས་པ་འབྱུང་། དེ་ཉིད། དུ་མ་རོ་གཅིག་གི་རྣལ་འབྱོར་བྱ་བ་ཡིན། དེ་ནས་དེ་བཞིན་དུ་བསྒོམས་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཐག་ཆོད་པས། སྤང་བྱ་སྤང་དུ་མེད། གཉེན་པོ་སྟེན་དུ་མེད། སངས་རྒྱས་གྲུབ་ཏུ་མེད། འཁོར་བ་སྤང་དུ་མེད། བསྒོམ་བྱ་སྒོམ་བྱེད་མེད་པར་འབྱུང་སྟེ། དེ་ཉིད་སྒོམ་མེད་ཀྱི་རྣལ་འབྱོར་བྱ་བ་ཡིན་ནོ། །དེ་ཙ་ན་རང་གི་སེམས་ཁོ་ནར་འདུག་པས། འོ་ན་རྟོགས་པ་དེ་ སངས་རྒྱས་མཚན་ཉིད་པ་ཡིན་ནམ་བྱས་པས། མཚན་ཉིད་པ་ད་རུང་མ་ཡིན། རྣམ་སྨིན་གྱི་ལུས་འདི་ཡོད་རིང་ལ། ཚོར་བ་བདེ་སྡུག་ཡོད། དཔེར་ན། སེང་གེའི་ཕྲུ་གུ་མའི་མངལ་དུ་སྟོབས་རྫོགས་ཀྱང་། མངལ་མ་ཕྱུང་བར་ དུ་རྩལ་འབྱིན་པར་མི་ནུས་ཏེ། མངལ་རྒྱས་བཅིངས། ཁྱུང་ཕྲུག་ཀྱང་། སྒོ་ངའི་ནང་དུ་གཤོག་སྒྲོ་རྒྱས་ཀྱང་། སྒོ་ང་མ་ཆག་བར་དུ་འཕུར་མི་ཤེས་ཏེ། སྒོ་ང་རྒྱས་བཅིངས་པའོ། །དེ་བཞིན་དུ། རྣལ་འབྱོར་པ་རྟོགས་པ་བྱུང་ནས་སེམས་ 2-1-8a ཉིད་རྫོགས་པའི་སངས་རྒྱས་སུ་འདུག་ཀྱང་། རྣམ་སྨིན་གྱི་ཕུང་པོ་འདི་མ་བོར་གྱིས་བར་དུ་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པར་སྟོན་མི་ནུས། རྣམ་སྨིན་གྱི་ལུས་རྒྱས་བཅིངས་པའོ། །འོ་ན་སངས་རྒྱས་མཚན་ཉིད་ པ་ནམ་འབྱུང་ན། བར་དོར་འོང་བའོ། །དེ་ཡང་འཆི་བའི་དུས་སུ། འབྱུང་བཞི་རིམ་གྱིས་བསྡུས་ནས། ཕྱི་དབུགས་དང་། ནང་དབུགས་ཆད་པ་དང་། ལུས་རྒྱ་ཞིག་ནས། བར་དོ་དང་པོ་ཆོས་སྐུ་ཇི་ལྟ་བ་བཞིན་དུ་རྟོགས་པ་ འབྱུང་ངོ་།། །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། མདོ་སྔགས་ཀྱི་གྲུབ་མཐའ་ཆ་མཐུན་ཁྱད་འཕགས་བཞུགས་སོ།། །།ན་མོ་གུ་རུ། གསང་སྔགས་ཀྱི་ལྟ་བ་ནི། ཐེག་པ་ཆེན་པོ་དབུ་མ་སེམས་ཙམ་ལས་ཆ་མཐུན་ཁྱད་པར་ དུ་གྱུར་བ་སྟེ། ཆོས་ཉིད་སྟོང་པ་དབུ་མ་དང་མཐུན། འོ་ན་ཁྱད་མེད་དམ་ཞེ་ན། བདེ་བས་ཁྱད་པར་དུ་བྱས་པ་སྟེ། སྟོང་པའི་བདེ་བར་ཤར་བའོ། །རང་རིག་རང་གསལ་བ་སེམས་ཙམ་དང་མཐུན། འོ་ན་ཁྱད་མེད་དམ་ཞེ་ན། གསལ་ཙམ་ མ་ཡིན་ཏེ། རོ་བདེ་བར་ཤར་བའོ། །དེས་ན་གསལ་བ་ཉིད་སྟོང་པ། སྟོང་པ་ཉིད་གསལ་བར་ཤར་བའོ། །ཟུང་འཇུག་དེ་གསང་སྔགས་སོ། །ཆ་རེ་རེ་ནས། སེམས་ཙམ་དབུ་མ་གཉིས་ཆར་དང་མཐུན་པའོ། །ཕྱི་རོལ་དཀར་ དམར་གྱི་རྣམ་པ་འདིའི་ངོ་བོ་སྟོང་པ་ཡིན་ཡང་། དབུ་མ་པས་སྟོང་པ་སྤྱིའི་རྣམ་པ་ཡུལ་དུ་བྱས་ལ། གསང་སྔགས་པས། རང་གི་མཚན་ཉིད་ཡུལ་དུ་བྱས་པ་ཡིན། སེམས་ཙམ་པས་ཆོས་ཐམས་ཅད་དཀར་དམར་དུ་སྣང་བ་ཡིན་ལ། གསང་སྔགས་པས། དཀར་དམར་ཆོས་ཅན་ཉིད་ལྟར་སྣང་བའོ། །དེ་ཆོས་སྤྱིའི་རྣམ་པ་ཡིན། རྣལ་འབྱོར་པས་ཉམས་ལ་སྦྱར་བའི་དུས་སུ། རིག་པའི་ངོ་བོ་མ་སྐྱེས་ཤིང་མ་འགགས་པའི་སྐད་ཅིག་མའི་ཤེས་པ་དེ་ལ། ནང་ནས་ 2-1-8b ངེས་པའི་ཤེས་པ་ཕྲ་མོ་ཅིག་སྐྱེས་པའི་དུས་སུ། འདི་ལྟར་ཉམས་སུ་མྱོང་བར་བཟུང་དུ་འདོད་དམ་ཞེ་ན། མི་འདོད་དེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཤིང་། གཟིགས་པར་མི་འགྱུར་རོ། །འོ་ན་དེའི་ཉམས་དེ་ དགག་པར་ནུས་སམ་ཞེ་ན། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་དེ་དག་དགག་པར་མི་ནུས། དེ་ལྟ་བུའི་དོན་དེ་མྱ་ངན་ལས་འདས་པ་ཡིན། དེ་ལས་བྱུང་བའི་འཕྲོ་བྱེད་ཀྱི་ཤེས་པ་དེ་འཁོར་བའི་མཚན་ཉིད། འོ་ན་རྣལ་འབྱོར་པ་ལ་གནོད་ ནུས་སམ་ཞེ་ན། གནོད་མི་ནུས་ཏེ། དཔེར་ན་ཉིན་མོའི་སྐར་མ་དང་འདྲ། རིག་པ་ལ་བལྟས་པའི་དུས་སུ། རེས་དྲན་པ་མེད་པར་རྨུགས་པ་དང་། བྱིང་བ་དང་། རྟོག་པ་སྣ་ཚོགས་འཕྲོ་བ་འོང་། རེས་གསལ་ལ་མ་ངེས་པའི་ སིང་ངེ་ཡེ་རེ་བ་འོང་། སིང་ངེ་ཡེ་རེ་བའི་ངོ་བོ་ཉམས་ཡིན་ཏེ། དེ་ཡུན་རིང་བར་གནས་པ་གཅིག་དང་། སྐད་ཅིག་མ་གཅིག་གཉིས་ལས་མི་གནས་ཀྱང་། ཡང་ཡང་སྒོམ་པར་བྱས་ན་རྟོགས་པ་གང་ལ་འཆར་ཆ་མེད། རྟོགས་པ་ ཤར་བའི་དུས་སུ་སིང་ངེ་ཡེ་རེ་བའི་དོན་དེ་དང་པོ་གང་ནས་མ་སྐྱེས་པར་ངེས། ཐ་མ་གར་ཡང་མི་འགགས་པར་ངེས། དུས་ཐམས་ཅད་དུ་སྐྱེ་འཇིག་དང་བྲལ་བར་སེམས་ཀྱི་ངོ་བོ་དེ་ལྟར་ངེས་ན། གནས་པ་ཡུན་ཐུང་ཡང་མི་ལྟོ། སིང་ ངེ་ཡེ་རེ་བ་དེ་ཡུན་རིང་བར་གནས་ཀྱང་། ངེས་ཤེས་མ་སྐྱེས་ན་ཡུན་རིང་པོ་དེས་གོ་མི་ཆོད། འོ་ན་རྟོག་པ་སྣ་ཚོགས་སུ་འཕྲོ་བ་དེ་སེམས་ཀྱི་མཚན་ཉིད་ཡིན་ཏེ། ངོ་བོའི་རྒྱུན་དེར་མ་ཤོར་ན། རྣམ་རྟོག་མང་དུ་བྱུང་ཡང་། ཅི་བྱུང་ཡང་ ཆ་མེད། བརྗེད་ནས་འགྲོ། རྟོགས་པ་དེས། བག་ཆགས་ཀྱི་ས་བོན་འདེབས་མི་ནུས། ཡང་རིག་པའི་མཚན་ཉིད་ནི། མ་རིག་པ་ལས་ལོག་པས་ན་རིག་པ། མི་གསལ་བ་ལས་ལོག་པས་ན་གསལ་བ། མཚན་མ་ཐམས་ཅད་ 2-1-9a ལས་ལོག་པས་ན་སྟོང་པ།། །། །།སྐྱེ་འཇིག་ཐམས་ཅད་ལས་ལོག་པས་ན་མི་འགྱུར་བ་ཡིན་ན། དེ་བསྒོམ་པའམ། འོན་ཏེ་དེ་མ་ཡིན་པ་ཅིག་བསྒོམ་ཞེ་ན། དེ་ཡེ་ནས་ རིག་པའི་མཚན་ཉིད་ཡིན་པས། མ་བསྒོམས་ཀྱང་འོང་བ་ཁོའི་ཆོས་ཉིད་ཡིན། སྒོམ་པ་པོ་མེད་བསྒོམ་པ་མེད། །བསྒོམ་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་པས། སེམས་མ་བཅོས་པ་རང་བབས་སུ་ཞོག །བསྒོམ་རྒྱུ་ཅི་ ཡང་མེད། སངས་རྒྱས་ཀྱིས། སྒོམ་པ་པོ་མེད་བསྒོམ་པ་མེད། །བསྒོམ་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་ཀྱང་། རྣལ་འབྱོར་པ་ནི། སངས་རྒྱས་ཀྱི་ཞལ་ལ་ཡང་མི་ཉན། སངས་རྒྱས་མི་བདེན། སྒོམ་པ་པོ་ཡོད་ ཇི་ལྟར་ཡོད་ན། རིག་པ་ང་རང་ཡིན། ངའི་ངོ་བོ་གསལ་ལ་གོ་མ་འགགས་པ། རྒྱུན་ཆད་མེད་པ་འདི་ཉིད་སྒོམ་པ་པོ་ཡིན། ངའི་ངོ་བོ་འདི། སངས་རྒྱས་ཀྱིས་ཀྱང་དཔྱད་པར་མི་ནུས། བསྒོམས་པ་ཡང་ང་རང་ཡིན། བསྒོམ་ པར་བྱ་བ་ཡང་ཡོད་དེ། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཡོད། འོ་ནའང་། སངས་རྒྱས་བདེན། སངས་རྒྱས་ཀྱི་རྗེས་སུ་འབྲང་། སྒོམ་པ་པོ་མེད། ཇི་ལྟར་མེད་ན། རང་རིག་ངོས་བཟུང་མཐའ་དག་དང་བྲལ་བས། དཔེ་དང་ཚིག་གང་གིས་ཀྱང་མཚོན་དུ་མེད། མཚན་མའི་ངོས་ནས། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་སྒོམ་པར་བྱ་བའི་ཡུལ་མེད། འདི་ལྟར་ཉམས་སུ་མྱོང་བྱ་བ་མེད་ པས། སྒོམ་པར་བྱ་བ་ཡང་ཅུང་ཟད་ཀྱང་མེད། ང་གསལ་བ་མི་འདོད། གསལ་བར་འདོད་པ་དེ་ངོས་བཟུང་ཡིན། ང་བདེ་བ་དང་མི་རྟོག་པ་ཡང་མི་འདོད། བདེ་བ་དང་མི་རྟོག་པ་དེ་ཡང་ངོས་བཟུང་ཡིན། ང་དཔེ་གང་གིས་ 2-1-9b ཀྱང་མཚོན་དུ་མེད། ཚིག་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ང་ལ་བཅས་བཅོས་མ་བྱེད། རང་གར་ཞོག། །།༄༅། །ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། ལམ་རིམ་སྙིང་པོ་བཞུགས་སྷོ།། །བླ་མ་དམ་པ་རྣམས་ལ་ ཕྱག་འཚལ་ལོ། །ཆོས་ཐམས་ཅད་ཀྱི་གཞི་འམ་རྩ་བ་ལྟ་བུ་འཆི་བ་མི་རྟག་པ་སེམས་པ་གལ་ཆེ་བ་ཡིན། དེ་ནས། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སེམས་པ་གལ་ཆེ། དེ་རྣམས་བློ་ལ་ངེས་ནས་འདུག་ན། ཆོས་མི་བྱེད་པ་ བཞིན་དུ་འདུག་ཀྱང་། ཆོས་རྣལ་མ་ཅིག་འོང་བ་ཡིན། དེ་རྣམས་བློ་ལ་སྐྱེས་ན། ཚེ་འདིའི་བྱ་བ་ཐམས་ཅད་བོར་ནས། ཆོས་ཁོ་ན་བྱེད་པ་ཅིག་འོང་བ་ཡིན། དེས་ན། བླ་མ་རྣལ་མ་གཅིག་གིས་འཁྲིད་པ་གལ་ཆེ་སྟེ། དེ་ཡང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་དགོས་པ་ཡིན། དེ་བློ་ལ་སྐྱེས་ཙམ་ན། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པ་ཅིག་འོང་བ་ཡིན། དེ་མེད་ན། གཟུགས་སྐུ་གཉིས་མི་འབྱུང་། དེ་གཉིས་ཕན་ཚུན་ལྟོས་ཆོས་ཡིན། ཆོས་ སྐུ་མ་རྟོགས་ན། འཁོར་བ་ལས་མི་འདའ། དཔེར་ན། ནམ་མཁའ་ལ་འཇིགས་པའི་སྐྱེས་བུ་དང་འདྲ། གར་སྐྱེས་ཀྱང་འཁོར་བ་ལས་ཐར་པ་མེད། ཆོས་སྐུ་རྟོགས་ན་ཐར་པ་ཡིན། དེ་ཡང་། ཆོས་ནས་རང་གི་དད་པ་ཉིད་ཀྱིས་རྟོགས་པར་ བཤད་པ་ཡིན་ཏེ། གཞན་གྱིས་མི་འབྱུང་གསུང་། དེས་ན། བླ་མ་རྒྱུད་ལ་ཆོས་སྐྱེས་པའི་རྟོགས་ལྡན་ཅིག་ལ་བརྟེན་ནས། དེ་ལ་དད་པ་དང་གུས་པ་ཚུལ་བཞིན་དུ་བྱས་ན་རྟོགས་ནས་འོང་བ་ཡིན། བླ་མ་ལ་རྟོགས་པ་མེད་ན། སློབ་ མས་དད་གུས་བྱས་ཀྱང་མི་ཕན། དཔེར་ན། སྐོས་ཕོར་ལ་རི་མོ་མེད་ན། འབི་འབི་ལེགས་ཀྱང་ཚ་ཚ་མི་འབྱུང་བ་དང་འདྲ་གསུང་། བླ་མ་རྒྱུད་ལ་རྟོགས་པ་དང་། ཆོས་ཡོད་པ་ཅིག་གིས་སློབ་མ་དེ་འདྲེན་ནུས་པ་ཡིན། དང་པོ་བླ་མ་ 2-1-10a བདམ་དགོས། དེ་བས་ཇོ་བོ་ཀུན་ཡིད་ཆེས་པ་གལ་ཆེ། ཡིད་མ་ཆེས་ན། བྱིན་བརླབས་མི་འབྱུང་། ཡིད་ཆེས་པ་ཅིག་ལ་ཆོས་མང་པོ་མི་དགོས། ཁ་ཡར་བལྟས་ན་གྲོལ་བ་ཡིན། ཞེས་གསུངས་སོ།། །། སྒོམ་ཆེན་པ་རྣམས་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། དགེ་བའི་བཤེས་གཉེན་པ་རྣམས་ཀྱི་ཆོས་ཉམས་སུ་ལེན་ལུགས་སོ་སོ་ལགས། བློ་ལྡོག་པའི་ཆོས་དང་། བྱང་ཆུབ་སྒྲུབ་པའི་ཆོས་གཉིས་ཡིན། བློ་ ལྡོག་པ་ལ་འཆི་བ་མི་རྟག་པ་སྒོམ་དགོས་པ་ཡིན་གསུང་། དེ་རྣལ་མར་རྒྱུད་ལ་སྐྱེས་པའི་གང་ཟག་དེས། ཚེ་འདི་ལ་ཆེད་ཆེར་མི་འཛིན་པ་ཅིག་འོང་བ་ཡིན། ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་པ་སྙིང་ཕུགས་སུ་འཇུག་པ་ཅིག་ འོང་པ་ཡིན། འཆི་བ་མི་རྟག་པ་བསྒོམས་པས། ཚེ་འདི་ལ་བློ་ལྡོག་དགོས། བློ་མ་ལོག་ན། བསྒོམས་ཀྱང་དགོས་པ་མེད་པ་ཡིན་གསུང་། དེ་ནས། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སྒོམ་པ་ཡིན་ཏེ། དེ་ཡང་ ངན་སོང་གསུམ་ན་བདེ་སྐྱིད་ཡོད་དམ་ཞེ་ན། ཅུང་ཟད་ཀྱང་མེད་དེ། དམྱལ་བ་བཙོ་བསྲེག་གི་སྡུག་བསྔལ། ཡི་དགས་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་ལ་ཉིང་ཤ་ཉིང་གིས་ཟ་བའི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པས། བདེ་ཞིང་སྐྱིད་པའི་གོ་སྐབས་ཡེ་མེད་པ་བྱ་བ་ཡིན། དེ་ལྟར་བསམ་ནས་རང་ངན་སོང་གསུམ་དུ་ཅིས་ཀྱང་མ་སྐྱེས་པ་ཅིག་བྱེད་དགོས་པ་ཡིན། འོ་ན་ལྷ་དང་མི་ལ་བདེ་སྐྱིད་ཡོད་དམ་ཞེ་ན། དེ་ལ་ཡང་མེད་དེ། ལྷ་འཆི་འཕོ་བ་དང་ ལྟུང་བའི་སྡུག་བསྔལ། མི་ལ་ཡོད་པ་འཚོ་སྐྱོང་། མེད་པ་འཚོལ་བ་ལ་སོགས་པས་སྡུག་བསྔལ་བས་ན། བདེ་སྐྱིད་མེད་པ་བྱ་བ་ཡིན། དེ་བས་ན་རིགས་དྲུག་གར་སྐྱེས་ཀྱང་། བདེ་བ་དང་སྐྱིད་པ་ཕུན་སུམ་ཚོགས་པ་ཡེ་མི་འདུག་ 2-1-10b པས། བླ་ན་མེད་པའི་བྱང་ཆུབ་ཁོ་ན་ཅི་ཐོབ་བྱ་དགོས། སྙམ་དུ་སེམས་པ་ཡིན་ནོ། །དེ་ལྟར་བསམ་པས་འཁོར་བ་ལས་བློ་མ་ལོག་ན། བསམས་པ་ལ་དགོས་པ་མེད་པ་ཡིན་གསུང་། དེ་ཡང་། རང་ཉིད་གཅིག་པུ་ཐར་འདོད་ ཀྱིས་མི་འོང་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་དགོས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དབང་དུ་བྱས་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་ སྙིང་རྗེ་གསུམ་ཡིན། དེ་ཡང་། རིམ་པ་བཞིན་ས་ལམ་དང་སྦྱར་ན། སྦྱོར་ལམ་མན་ཆད་སེམས་ཅན་ལ་དམིགས་པ་ཡིན། མཐོང་ལམ་ནས་ས་དགུ་པ་མན་ཆད་ཆོས་ལ་དམིགས་པ་ཡིན། ས་བཅུ་པ་ཡན་ཆད་དམིགས་པའི་ སྙིང་རྗེ་མེད་པ་ཡིན། དེ་ཡང་གང་ཟག་གི་བློ་ཚོད་དང་སྦྱར་ནས་སེམས་པ་ཡིན་ཏེ། ཇི་སྲིད་སྒོམ་མཁན་རང་ལ་དངོས་པོ་དང་མཚན་མར་འཛིན་ཅིང་། གང་བསྒོམ་པར་བྱ་བ་སེམས་ཅན་ཡང་དངོས་པོ་དང་མཚན་མར་འཛིན་པ་ཡོད་རིང་ ལ། བྱམས་སྙིང་རྗེ་བསྒོམ་པ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །དེ་ནས་རང་ཡང་རྨི་ལམ་སྒྱུ་མ་ཙམ། གང་བསྒོམ་པར་བྱ་བའི་སེམས་ཅན་ཡང་རྨི་ལམ་སྒྱུ་མ་ཙམ་དུ་གོ་བ་ནི། ཆོས་ལ་དམིགས་པའི་སྙིང་རྗེའོ། ། བསྒོམ་བྱ་སྒོམ་བྱེད་གཉིས་ཀ་མི་དམིགས་པར། བྱམས་སྙིང་རྗེ་རང་ངམ་ཤུགས་ཀྱིས་སྐྱེ་བ་ཡིན། དམིགས་པ་མེད་པའི་སྙིང་རྗེའོ། །དེ་ལྟར་འགྲོ་བ་མར་རྒན་རྣམས་སྙིང་ཕུགས་སུ་བཅུག་པ་གཅིག་གིས། དོན་དམ་ བྱང་ཆུབ་ཀྱི་སེམས་ལ་མོས་པ་བྱེད་དགོས། དོན་དམ་བྱང་ཆུབ་ཀྱི་སེམས་ལ་མོས་པ་མ་བྱས་པར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་སོང་ན། སེམས་ཅན་གྱིས་དོན་དམ་བྱང་ཆུབ་ཐོབ་པའི་ཐབས་མེད་པ་བྱ་བ་ 2-1-11a ཡིན། དཔེར་ན་ནམ་མཁའ་ལ་འཇིགས་པའི་སྐྱེ་བུ་དང་འདྲ་སྟེ། ཕྱོགས་གར་སོང་ཡང་ནམ་མཁའ་མིན་པ་འགྲོ་ས་མེད་པ་ཡིན། དཔེ་དེ་བཞིན་དུ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན། ཐམས་ཅད་འཁོར་བའི་རྒྱུ་ འབྲས་ཡིན་ཏེ། འཚང་རྒྱ་མི་ནུས་བྱ་བ་ཡིན་ཏེ། འཁོར་བ་ལས་མ་འདྲེས་གང་ཙམ་ཡང་འདའ་མི་ནུས་གསུང་། དོན་དམ་བྱང་ཆུབ་སེམས་ཀྱི་དབང་དུ་བྱས་ན། བླ་མ་དམ་པའི་བྱིན་རླབས་དང་། རང་གི་སྒོམ་པའི་ཉམས་མྱོང་ལས་སྐྱེ་བ་ཡིན། དེ་ཡང་བླ་མ་མི་ལའི་ཞལ་ནས། སྣང་སྲིད་སེམས་སུ་འདུས་པར་གདའ། །སེམས་ཉིད་གསལ་བའི་ངང་དུ་གདའ། །དེ་ལ་ངོས་བཟུང་མེད་པར་གདའ། །ཅེས་གསུངས་། །སློབ་དཔོན་ཏོག་ཙེ་བའི་ཞལ་ནས། ཐ་མལ་ཤེས་པ་སྙིང་གིས་ དབུས་སུ་སང། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་པ་གཉུག་མའི་ངང་ལ་ཞོག །ཅེས་གསུངས་སོ། །དོན་རང་གི་ངོ་བོ་དེ་ལྟ་བུ་ཅིག་རྒྱུད་ལ་སྐྱེ་དགོས་གསུང་། དེ་ལྟ་བུ་ རྒྱུད་ལ་སྐྱེས་པའི་གང་ཟག་དེ་ནི། ཏོག་ཙེ་པས། ལས་ནི་སེམས་ཅན་མི་ཤེས་པས། །གལ་ཏེ་དམྱལ་བར་སྐྱེས་ན་ཡང་། །ཞེས་གསུངས་པས། ལས་ཤིན་ཏུ་ཕྲ་བ་སེམས་ཅན་གྱི་མ་ཤེས་པས། ལས་དབང་གིས་དམྱལ་བར་སྐྱེས་ཀྱང་། དར་གྱི་ ཕོ་ལོང་བརྡབ་པའི་ཚོད་ལས་མི་སྐྱེ་སྟེ། གང་ཟག་དེ་ནི་མྱུར་དུ་ཐོན་ནས་འོང་བ་ཡིན་གསུང་། དེ་ཡང་། སྤྲོས་བཅས་དང་། སྤྲོས་མེད་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྫོགས་རིམ་གྱི་སྒོ་ནས་ཉམས་སུ་ལེན་དགོས་པ་ཡིན། སྤྲོས་བཅས་ཀྱི་དབང་ དུ་བྱས་ན། རྩ་རླུང་ངམ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཉམས་སུ་ལེན་པ་ཡིན་ཏེ། དོན་གྱི་ངོ་བོ་དང་པོ་སྐད་ཅིག་གཅིག་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། དཔེར་ན་ཚེ་གཅིག་གི་ཟླ་བ་ཉ་གང་བའི་ནུས་པ་ཡོད་པ་བཞིན་དུ། དོན་རང་གི་ངོ་བོ་དེ་ཡང་། སྐད་ 2-1-11b ཅིག་ཙམ་ལས་འགྲོ་འཆག་ཉལ་འདུག་དུས་ཐམས་ཅད་དུ་འཕྲིལ་གྱིས་འགྲོ་བ་ཡིན་གསུང་། དེ་ཡང་ད་ལྟར་གྱི་སེམས་ཀྱི་ངོ་བོ་ཨེན་ཙམ་མཐོང་བ་ཅིག་གིས་ཀྱང་། བར་དོའི་གནས་སྐབས་སུ་ཤེས་པ་སྔ་མ་བས་ལོག་པོས་བོགས་ཆེ་བ་གསལ་ བ་ཡོང་བ་ཡིན་པས། བར་དོའི་འོད་གསལ་ལ་ངོས་ཟིན་ནས་འཚང་རྒྱ་བ་ཡིན། དེ་ཡང་། ད་ལྟར་ནད་པ་འཆི་ཀ་མའི་ཤེས་པ་མི་གསལ་ཟེར་ཏེ། ངོ་བོ་རྣལ་མ་ཅིག་མཐོང་ན། ནད་ཀྱི་སྟོབས་ཀྱི་འཆི་ཀའི་ཤེས་པ་འཁྲུལ་ཡང་། དེ་བོར་ དུ་མི་བཏུབ་སྟེ། ཤེས་པ་ལས་ལོགས་པའི་ངོ་བོ་མེད་པས་ཤར་ནས་འོང་བ་ཡིན། ངོ་བོ་རྣལ་མར་མཐོང་ན་བར་དོའི་འོད་གསལ་ཟིན་ནས་འོང་བ་ཡིན། དགེ་བཤེས་པ་རབ་ཅིག་གི་ཞལ་ནས། ངོ་བོ་ད་ལྟ་སྐྱེ་བའི་དུས་མིན་ཟེར་ཏེ། བླ་མ་མི་ལའི་ཞལ་ནས། ད་ལྟ་སྐྱེ་བའི་དུས་མིན་ན་ནམ་ཡིན། རྟེན་དལ་བ་འབྱོར་པ་མིའི་ལུས་ཕུན་སུམ་ཚོགས་པ་ནི་ཐོབ། དབང་པོ་ལྔ་ལ་ནི་སྐྱོན་མ་ཞུགས། ཐེག་ཆེན་གྱི་བླ་མ་དང་མཇལ་བའི་དུས་འདིར་མི་སྐྱེ་ན། ངན་སོང་ གསུམ་དུ་སྐྱེས་ཙ་ན་སྐྱེའམ་གསུང་། དེ་མེད་པར་གདའ། བར་དོ་ལ་འོད་གསལ་མ་ཟིན་ན་ཡང་། ངོ་བོ་མཐོང་བས་སྐྱེ་བ་ཕྱི་མ་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་ཡིན་ཏེ། གང་ཟག་དེ་ནི། བསགས་པའི་རྒྱབ་ཅན་བྱ་བ་ཡིན་པས། འོ་སྐོལ་བར་དོ་ལ་སངས་ཅི་རྒྱ་བྱ། དེ་ལ་མ་རྒྱས་ན་ཡང་། སྐྱེ་བ་ཕྱི་མ་ལ་ཅི་རྒྱ་བགྱི་བས། ཆོས་དེ་ལས་མ་མཆིས་གསུང་། མཁའ་འགྲོ་ཆོས་སྐྱོང་ལ་བཟོད་པར་གསོལ།། །། །། །། །། །། །། 2-2-1a ༼ཤ༽ །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་༐ སྒྲུབ་པ་སྙིང་གི་ངོ་སྤྲོད་བཞུགས་སོ།། 2-2-1b ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདག་ཉིད་བདེ་ཡིད་དག་ལ་གདུང་མི་བྱ། །བདག་ཉིད་ ཟ་ཞིང་འཐུང་ལ་གཉིས་སྦྱར་ཏེ། །དགའ་བའི་ཡིད་ཀྱིས་སྤྱོད་པར་བྱེད་པ་ཉིད། །ང་རྟག་ཡང་དང་ཡང་དུ་འཁོར་ ལོ་འགེངས། །ཆོས་འདིས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པས་འཇིག་རྟེན་མགོར་བརྟགས་བཞག་ ནས་སོང་། །ཞེས་བྱ་བའི་དོན་ནི། རྣལ་མ་གཉུག་མའི་དོན་ཉིད་ཉམས་སུ་མྱོང་བའི་རྣལ་འབྱོར་པ་བདག་ཉིད་ ལ་བདེ་བ་སྐྱེས་ཀྱང་ཡིད་གདུང་བར་མི་བྱའོ། །འོ་ན་བསྒོམ་པར་བྱ་བ་མ་ཡིན་ནམ་ཞེ་ན། རྣལ་འབྱོར་པ་བདག་ 2-2-2a ཉིད་གཉུག་མའི་ཏིང་ངེ་འཛིན་དེ་དག་གི་ཟས་ཟ་ཞིང་བླ་མའི་གདམས་ངག་སྐོམ་དུ་འཐུང་ལ། བདེ་བ་དང་སྟོང་པ་གཉིས་སྦྱོར་བར་བྱེད་པ་ནི། རང་དགའ་ བའི་ཚུལ་ཏེ། དྲན་པ་རྒྱུན་ཆགས་ཀྱི་ཡིད་ཀྱིས་སེམས་དང་སེམས་སུ་ངོ་སྤྲོད་པར་བྱེད་པ་སྟེ། སྣང་བ་སེམས་ལ་མ་ཐིམ་བར་དུ་ཡང་དང་ཡང་དུ་གོམས་པར་བྱ་སྟེ། ལུས་བདེ་བ་ཆེན་པོའི་འཁོར་ལོ་ལ། སེམས་སངས་རྒྱས་ཀྱིས་འགེངས་ཞེས་བྱའོ། །དཔེར་ན། རང་བཞིན་གྱི་ཆོས་འདིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འཚོན་ པའི་འཇིག་རྟེན་ཕ་རོལ་འགྲུབ་པར་འགྱུར་ཏེ། དེས་ནི་སེམས་དང་སེམས་ཉིད་དུ་གྲུབ་ཅིང་རྟོགས་པའོ། །ཐ་དད་ཀྱིས་སྒྲིབས་པའི་རྨོངས་པས་འཇིག་རྟེན་གྱི་རྣམ་པར་རྟོག་པ་ བརྟགས་པའི་མགོར། སེམས་རྣམ་རྟོག་ཏུ་བརྟགས་ནས་བཞག་ནས་སོང་ངོ་། །དེ་དག་གིས་འབྲས་བུ་ལ་ཉེ་བར་བྱེད་པ་མ་ཡིན་ནོ། །ཇི་ལྟར་བསྒོམ་ན། སྙིང་པོ་དོན་ གྱི་ཡེ་ཤེས་དེ་ཁོ་ན། །བདག་མེད་མས་ནི་གདམས་ངག་བསྟེན་ནས་སོང་། །གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །གཅིག་ཏུ་རྟོགས་ན་རྣལ་འབྱོར་སྤྲོས་པའི་ལམ། །ཞེས་བྱ་བའི་དོན་ནི། 2-2-2b སེམས་གཉུག་མའི་རང་བཞིན་སྙིང་པོའི་དོན་དེ་ཉིད་ཀྱི་ཡེ་ཤེས་ཆོ་འཕྲུལ་དཔག་ཏུ་མེད་པ་སྣང་སྟེ། དེ་ཐམས་ཅད་ཀྱང་རྣལ་མའི་དེ་ཁོ་ན་ཉིད་ཀྱིས་ཉམས་སུ་མྱོང་བར་བྱེད། དེ་དག་ནི་སེམས་ཀྱི་ངོ་བོ་སྟེ་ང་བདག་གི་ཆ་དང་བྲལ་བའི་ཕྱིར་ བདག་མེད་པ་ཡིན་ལ། འབྲས་བུ་ཐམས་ཅད་བདེ་བ་སྐྱེད་པར་བྱེད་པ་སྟེ། དེས་ནི་དེ་ཉིད་ལ་ཅི་ཡང་མེད་པའི་གདམས་ངག་བསྟན་ནས་སོང་ངོ་། །དེ་འཛིན་པར་བྱེད་པའི་གང་ཟག་གིས་བསྒོམ་བྱ་སྒོམ་བྱེད་གཉིས་སུ་མི་བྱ་ཞིང་། ངོ་བོ་གཅིག་ཏུ་བྱེད་པ་སྟེ། བདག་ཉིད་ཀྱི་ངོ་བོ་ཡིན་ནོ་ཞེས་གཅིག་ཏུ་བསྟན་པ་ན། རྣལ་འབྱོར་པའི་རྟོག་པ་དང་སྤྲོས་པའི་ལམ་སྟེ། འབྲས་བུ་ཟད་པར་བྱེད་པ་ཉིད་དོ། །དེས་ན། སྤང་དུ་མེད་དེ་ཐབས་ཀྱིས་ཤེས་པའི་འདོད་ཆགས་ ཆེན་པོ་ཉིད་ཡིན་ཏེ། དེ་ཡང་ངེས་པའི་འདོད་པ་དང་། ཅི་ཡང་མ་ཡིན་པའི་ཆགས་པ་ཆེན་པོ་ཉིད་ཀྱི་སྐུ་ཉག་གཅིག་ཏུ་ཁ་དོག་བསྒྱུར་བར་བྱའོ། །དེས་ན་ཆོས་ཐམས་ཅད་སེམས་ཉིད་ཡིན་པར་བསྟན་པར་ཤེས་པར་བྱའོ། །སེམས་ཉིད་ གཅིག་པུ་ཀུན་གྱི་ས་བོན་ཏེ། དེ་ལ་འཁོར་བ་དང་མྱང་འདས་སྣང་ངོ་། །སྲིད་པ་སྣ་ཚོགས་དེ་ལས་འཕྲོས་པ་ཡིན། །འཕྲོས་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ཏེ། །ཆོས་ཀྱི་སྐུ་ལས་སྣང་བ་གཞན་མེད་དོ། །རྟོགས་པས་མྱ་ངན་འདས་ པ་ཉིད་ཡིན་ཏེ། དེ་ལྟར་སེམས་ཆོས་སྐུར་རྣམ་པར་དག་པའི་ངོ་བོ་དེ་ལས་ཐམས་ཅད་བདག་ཉིད་རྣམ་པར་འཕེལ་ཏེ། སྐྱེད་པར་བྱེད་པའི་ས་བོན་གཞན་གྲུབ་པར་བྱེད་པའི་ཕྱིར། དེས་ན། སེམས་གཅིག་པུ་སྣང་གྲགས་ཀུན་གྱི་ས་ བོན་ཡིན་ཏེ། དེ་ལས་འཁོར་བའི་རྣམ་རྟོག་བདག་ཉིད་དང་། ཞི་བ་མྱ་ངན་ལས་འདས་པའོ། །ངོ་བོ་ང་སྟེ་ཁམས་གསུམ་གྱི་སྲིད་པའི་ཚོགས་ཀྱི་རྣམ་པ་ཐམས་ཅད་ཉི་མའི་ཟེར་བཞིན་དུ་ངོ་བོ་དེ་ལས་འཕྲོས་པ་ཡིན་ནོ། །ཉི་མ་དང་ 2-2-3a ཟེར་གཉིས་ཐ་མི་དད་པ་བཞིན་དུ་འཕྲོས་པས་སྣང་གྲགས་ཀྱི་ཆོས་དེ་ཉིད་དང་། སེམས་ཉིད་ཆོས་སྐུ་གཉིས་ཐ་དད་མ་ཡིན་ཏེ། ཆོས་སྐུའི་སྣང་བ་དེ་ཉིད་གཞན་ཞིག་གྲུབ་པ་ནི་མེད་དོ། །དེ་ཉིད་རྟོགས་པས་མྱ་ངན་ལས་ འདས་པ་ཉིད་ཡིན་ཏེ། གཞན་དུ་བརྟག་པར་མི་བྱའོ། །སེམས་མ་བཅིང་ན་གྲོལ་བར་འགྱུར། །སེམས་ཀྱི་གླང་པོ་ཡན་དུ་ཆུག །སེམས་ནི་ནམ་མཁའ་འདྲ་བར་བལྟ་བྱ་སྟེ། །ལུས་ནི་དེ་ཉིད་ཡིན་པས་ཆགས་མི་བྱ། །ཆོས་རྣམས་ཀུན་ དང་སེམས་ཉིད་མཉམ་པ་སྟེ། །སེམས་དེ་བསམ་གྱིས་མི་ཁྱབ་བསམ་བྱས་ན། །དེས་ནི་བླ་ན་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་དོན་ནི། རྣལ་འབྱོར་པའི་སེམས་ཀྱི་ངོ་བོ་ནི་ནམ་མཁའ་དང་འདྲ་བར་བལྟ་བར་བྱ་སྟེ། དེ་ནི་མི་ ཤེས་ཤིང་བསམ་པའམ་སྨྲར་མེད་དོ། །ཅི་ཡང་མ་ཡིན་པའི་ཕྱིར་དེ་དང་མཚུངས་སོ། །དེ་ལྟར་ལུས་ཀྱི་ངོ་བོ་དེ་ཉིད་ཀྱང་། དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པས་ཆགས་པར་མི་བྱ་བ་ཁོ་ནའོ། །དེས་ན། ལུས་སེམས་ཐམས་ཅད་དགོས་པ་མེད་པའི་ རྣམ་པར་བག་ཡངས་པའི་ཚུལ་དུ་བཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། སྣང་གྲགས་ཀྱི་ཆོས་རྣམས་ཀུན་དང་སེམས་ཉིད་ཀྱི་ངོ་བོ་མཉམ་སྟེ། སེམས་དེ་ཆོས་སྐུ་ཡིན་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་ངོ་བོ་ནི། ཅི་ཡང་མ་ཡིན་པའི་ ཚུལ་དུ་བསམ་པར་བྱས་ན། དེས་ནི་བླ་ན་མེད་པ་ཐོབ་པར་འགྱུར་རོ། །སེམས་ཕྱི་ནང་གི་རྟོག་པ་འདི་ནི་ནམ་མཁའ་དང་སྤྲིན་བཞིན་ནོ། །གང་ཞིག་བླ་མའི་ཞལ་གྱི་བདུད་རྩིའི་ཆུ། །བཏུང་ལེགས་བསིལ་ལྡན་ངོམས་པར་མི་འཐུང་ན། ། དེ་ནི་བསྟན་བཅོས་དོན་མེད་བྱས་ཏེ་དོན་དང་མི་ལྡན་པས། །མྱ་ངན་ཐང་ལ་སྐོམ་པས་གདུངས་ཏེ་ཤི་བར་ཟད། །དེ་ནི། སྐལ་བ་དང་ལྡན་པའི་སྐྱེས་པ་དང་བུད་མེད་ཀྱི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་དུ་འབྲེལ་བ་སྟེ། གཉིས་མེད་ཀྱི་ཡེ་ཤེས་དེ་ཁོ་ 2-2-3b ན་ཉིད་ཡིན་ནོ། །དེ་ཡང་ནི་བླ་མའི་གདམས་ངག་ལས་ཤེས་པར་བྱའོ། །ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ་ནི་སེམས་ཉིད་མ་བཅོས་པ་སྟེ། ཅི་ལྟར་བསྟན་ཞེ་ན། ཐ་མལ་པའི་སྒོ་ནས་སེམས་དང་སྣང་བ་གཉིས་ལྷན་ཅིག་སྐྱེས་པ་དེ། དྲན་པས་མ་ ཡེངས་པར་གུས་པས་འབད་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྱུང་བར་འགྱུར་ཏེ་ཐེ་ཚོམ་མེད་དོ། །ཤེས་པ་མ་བཅོས་པ་གསང་བའི་ཚུལ་དག་ཏུ་ཉམས་སུ་མྱོང་ན་བདེ་གསལ་མི་རྟོག་པ་འབྱུང་ངོ་། །ཐ་མལ་གྱི་ཤེས་པའི་བསམ་པ་དེ་དྲན་པ་རྒྱུན་ཆགས་ ཀྱིས་སྐྱོང་བས། རྣམ་རྟོག་རྡུལ་བའི་སྐུས་རྡུལ་བཞིན་དུ་རློག་པར་བྱེད་དོ། །ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་ནི་ཆུ་རུ་རོ་མཉམ་འགྱུར། །ཇི་ལྟར་མར་ལ་མར་བཞག་མཚུངས། །སེམས་དང་སྣང་བའམ་དེ་སྐད་སྨྲ། །སྐྱོན་དང་ཡོན་ཏན་ལྡན་ པའི་སེམས། །མགོན་པོ་སུས་ཀྱང་མཚོན་པར་མི་ནུས་སོ། །ཞེས་གསུངས་པའི་དོན་ནི། གཉིས་སུ་མེད་པར་རོ་མཉམ་པ་སྟེ། བདེ་བ་ཆེན་པོའི་ངང་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་དག་ཉམས་སུ་མྱོང་བར་བྱ་བ་ནི། དང་པོ་ཤེས་པ་ རྩོལ་སྒྲུབ་དང་བྲལ་བར་བྱ་བ་དང་། དེ་ནས་མ་བཅིངས་པའི་བདག་ཉིད་དུ་ཡོངས་སུ་ཤེས་པར་བྱ་བ་དང་། ཐ་མ་སེམས་དང་རྟོག་པ་དང་བྲལ་བ་སྟེ་གཉུག་མའི་ངོ་བོ་ལ་བརྗོད་པ་ཙམ་མོ། །ང་ཡིས་རྩེད་མོ་བྱས་པ་ལ། བྱིས་པ་རྣམས་ནི་ཤ་ཐང་ཆད་ མེ་བྱུང་བ་ནི་སྤྲ་བ་སྟེ། མེ་ནི་སྤྲ་བ་ཉིད་ལ་འབར། །ཞེས་གསུངས་པའི་དོན་ནི། དགག་སྒྲུབ་དང་བྲལ་བའི་དོན་གྱིས་སྒྲུབ་པའོ། །མེ་འབྱུང་བའི་རྒྱུ་ནི་སྤྲ་བ་སྟེ། བྱུང་བའི་མེ་དེ་ཉིད་ཀྱིས་སྤྲ་བ་ལ་འབར་ཞིང་སྲེག་གོ། དེ་བཞིན་དུ་སེམས་ ལ་སྣང་བའི་ཆོས་འདི་དག་འབྱུང་སྟེ། བྱུང་བའི་ཆོས་དེ་དག་སྣང་བ་ལ་རབ་ཏུ་ཐིམ་མོ། །བསྒོམ་པར་བྱ་བ་ནི་རྡུལ་ཕྲ་རབ་ཙམ་ཡང་མེད་དོ། །དེ་དག་གིས་ངང་ལ་བཞག་ཏུ་མེད་དོ། །བཞག་ཏུ་མེད་པའི་ངང་ལ་བཞག་ན་མཆོག་གོ། དོན་དེ་ནི་ 2-2-4a སྙིང་པོའོ། །སྙིང་པོ་ཞེས་བྱ་བ་ནི་ཕྱི་ནང་གི་ཆོས་ཐམས་ཅད་སེམས་སུ་ཤེས་ལ་ཤེས་པ་མེད་པའོ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ། །ཆུ་ཟླ་ལྟ་བུའི་ངོ་བོ་ཉིད། །དབང་པོ་ཡུལ་ལ་ཕྲད་འདས་པའོ། །དྲན་པ་རྟེན་ པའི་མཆོག་ཡིན་ནོ། །སྤྱོད་ལམ་རྣམ་བཞི་སྔོན་འགྲོ་བའི། །དྲན་པ་དེ་བཞིན་ཉིད་དུ་བརྟེན། སེམས་ཉིད་བླ་མ་ཉིད་དུ་བཀུར། །དགག་པ་དོར་ཞིང་ཅི་བདེར་བཤད། །ཅེས་བྱ་བའོ།། །། ༄། །ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། སྙིང་པོའི་དོན་ལྔ་ལྡན་བཞུགས་སྷོ།། །།སྙིང་པོ་དོན་གྱི་གདམས་ངག་རྣམ་པ་ལྔ་ལས། རྟོགས་པ་ལྟ་བ་དང་ལྡན་པ། སྒོམ་པ་ཉམས་མྱོང་དང་ལྡན་པ། སྤྱོད་པ་རོ་སྙོམས་དང་ ལྡན་པ། ངེས་ཤེས་སྐྱོན་བསལ་བ་དང་ལྡན་པ། བརྒྱུད་པའི་གདམས་ངག་དང་ལྡན་པའོ། །རྟོགས་པ་ལྟ་བ་དང་ལྡན་པ་ལ་གཉིས། སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་རྟོགས་པ་ནི། དཔེ་ཏིལ་ལ་མར་འབྱུང་བ་ལྟ་བུའོ། །སྣང་བ་ དང་སེམས་ཐ་མི་དད་པར་རྟོགས་པ་ནི། དཔེ་ཆུ་དང་ཆབ་རོམ་ལྟ་བུའོ། །ལྟ་བ་ནི་ཞེ་འདོད་མེད་པའོ། །སྒོམ་པ་ཉམས་མྱོང་དང་ལྡན་པ་ནི། ཕྱོགས་སུ་མ་ལྷུང་ཞིང་ངོས་བཟུང་དང་བྲལ་བ་དང་། ཚིག་གི་ཐ་སྙད་ཀྱིས་ གྱིས་ཁྱབ་པའམ། བརྗོད་ དུ་མེད་པའོ། །ཉམས་མྱོང་ནི་བརྗོད་དུ་མེད་པའོ། །ཕྱིའི་རྟགས་འཇིག་རྟེན་ཆོས་བརྒྱད་སྤོང་བ་དང་། མཉམ་བཞག་རྗེས་ཐོབ་མེད་པའོ། །སྤྱོད་པ་རོ་སྙོམས་ལ་གསུམ་སྟེ། སྣང་བ་དང་འོད་གསལ་ལ་ཁྱད་མེད་ན་རྟོགས་པའི་རོ་སྙོམས། མཉམ་ བཞག་དང་རྗེས་ཐོབ་ལ་ཁྱད་མེད་ན་མཉམ་པ་ཉིད་ཀྱི་རོ་སྙོམས། ཉོན་མོངས་པ་དང་ཡེ་ཤེས་ལ་ཁྱད་མེད་ན་ཉམས་སུ་མྱོང་བའི་རོ་སྙོམས་སོ། །ངེས་ཤེས་སྐྱོན་བསལ་བ་ནི། སངས་རྒྱས་རང་ལ་ཡོད་པར་ངེས། ཆོས་ཐམས་ཅད་ 2-2-4b སེམས་སུ་འདུས་པར་ངེས། འཁོར་བ་ལ་ཐོག་མཐའ་མེད་པར་ངེས། འབྲས་བུ་རང་ལ་འཆར་བར་ངེས། བཟའ་གཏད་མེད་པའི་དོན་མ་རྟོགས་ན་འཁོར་བ་སྡུག་བསྔལ་བར་ངེས་སོ། །བརྒྱུད་པའི་གདམས་ངག་ནི། རང་སེམས་སངས་ རྒྱས་སུ་རྟོགས་ཀྱང་རྡོ་རྗེ་སློབ་དཔོན་མི་སྤང་། འབྲས་བུ་ལ་རེ་བ་མེད་ཀྱང་ཆོས་སྤྱོད་རྒྱུན་མི་གཅོད། ཆོས་ཐམས་ཅད་སེམས་སུ་འདུས་ཀྱང་ཆོས་ལ་བསྐུར་པ་མི་གདབ། མཉམ་ཉིད་ཀྱི་དོན་ཁོང་དུ་ཆུད་ཀྱང་དགོན་པ་རྟེན་ལ་གོམས་པར་བྱ། འཁོར་བ་ལ་དོགས་པ་མེད་ཀྱང་ཁ་ན་མ་ཐོ་བའི་སྡིག་པ་ཕྲ་མོ་ཙམ་ལ་ཡང་འཛེམ། བདག་གཞན་མཉམ་པར་རྟོགས་ཀྱང་སེམས་ཅན་ལ་སྙིང་རྗེ་ཆེར་བསྐྱེད། འབྲས་བུ་རང་ལ་འཆར་ཡང་ལྟ་སྤྱོད་གཞན་དང་བསྟུན་པར་བྱའོ།། །། ༄། །བླ་མ་རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། ལྷན་སྐྱེས་ཆོས་སྐུའི་ཉམས་ལེན་བཞུགས་སྷོ།། །།རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྗེ་བཙུན་མཆོག་དང་བྱིན་རླབས་ འབྱུང་བའི་གནས། །རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས་དང་བཅས་རྣམས་ལ། །གུས་པ་མཆོག་གིས་བདག་ནི་རབ་ཏུ་འདུད་པར་བགྱི། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ཆོས་སྐུའི་འོད་དོ། །དེ་ཡང་ཇི་ལྟར་གནས་ན། ཐ་དད་དུ་ཞེན་པའི་རྣམ་པར་རྟོག་པ་མེད་པར། གཉུག་མ་དེ་ཁོ་ན་ཉིད་ལ་གནས་པར་བྱ་སྟེ། འབྲས་བུ་ལ་རེ་བ་དང་། འཁོར་ བ་ལ་དོགས་པ་དང་། མཉམ་པའི་དོན་ལ་རྩོལ་བར་བྱ་བའི་སེམས་དེ་དག་ཐོང་ལ། ཅི་ཡང་མ་ཡིན་པའི་སེམས་རང་དགའ་རྣལ་མ་འདི་ཉིད་དམ་པའོ། །གཉུག་མའི་དོན་དེ་ཉིད་རྟོགས་ན་སྣང་ཞིང་གྲགས་པ་ཐམས་ཅད་དེའི་ངོ་བོ་ཡིན་ཏེ། 2-2-5a དེ་ལས་གཞན་པའི་མཐའ་ཞིག་ནི་སངས་རྒྱས་དང་རྗེ་བཙུན་པ་ལ་སོགས་པ་སུས་ཀྱང་ཤེས་པར་མི་འགྱུར་རོ། །སེམས་ཉིད་གནས་པ་རྡོ་རྗེ་ཡེ་ཤེས་ནི། །སྣ་ཚོགས་སྣང་ཡང་གཉུག་མའི་ངོ་བོ་ཉིད། །དབྱེ་སྒོ་ཐ་དད་ པ་ཡི་ཚུལ་སྣང་ཡང་། །ཉིད་ཀྱི་དོན་ལས་གཞན་པ་ཡོད་མ་ཡིན། །སེམས་ཉིད་ཅི་ཡང་མ་ཡིན་པར་དཔྱད་ཅིང་གོམས་པར་བྱ་སྟེ། འདི་ནི་ངེས་པའོ། །དེ་བས་ན། བླ་མ་དག་གིས་སྨྲས་པའི་རྣལ་མའི་ཤེས་པ་དེ་དག་ཤུགས་ཀྱིས་གོ་བ་སྟེ་ སྙིང་པོ་གཉུག་མའི་དོན་ལ་གོམས་པས། མཉམ་པ་ཉིད་ཀྱི་དོན་སྙིང་ལ་ཞུགས་པར་འགྱུར་ཏེ། ཇི་བཞིན་པའི་ངོ་བོ་དེ་བཞིན་པར་རྟོགས་སོ། །དེ་དག་ཀྱང་དཔེར་ན། སྐྱུ་རུ་ར་ལག་མཐིལ་དུ་བཞག་པའམ། ནོར་བུ་རིན་པོ་ཆེ་ཨ་མྲི་ ཏ་མེ་ལོང་གཡའ་དག་པའི་སྟེང་དུ་བཞག་ན། ཕྱི་ནང་ཐམས་ཅད་གསལ་བ་བཞིན་དུ། གཉུག་མའི་དོན་འདི་རྟོགས་པ་ན། ཆོས་ཐམས་ཅད་སེམས་ཉིད་དུ་རྟོགས་ཤིང་བདེ་བ་ཆེན་པོར་རོ་གཅིག་པས། བདག་མེད་པའི་དོན་ལ་ཤུགས་ཀྱིས་ འཇོག་གོ། །དོན་དེ་ཉིད་དབུ་མ་པ་ལ་སོགས་པ་གཞན་གྱིས་རྟོགས་པ་མ་ཡིན་ཏེ། འདི་ནི་བཟའ་གཏད་དང་བྲལ་བའི་ཕྱིར། བསམ་གཏན་མེད་ཅིང་རྟོགས་པས་སངས་རྒྱ་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་གཉུག་མའི་དོན་ནི། འོ་དོད་རྟག་ཏུ་ འབོད་དེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཉུག་མ་དེ་དག །ཐོག་མ་ནས་རང་བཞིན་གྱིས་དངོས་པོ་ཡོད་པར་རྟོགས་པ་དང་། མེད་པར་རྟོགས་པ་དང་བྲལ་བས། སྙིང་པོའི་དོན་འདི་ནི་ཐ་མལ་གྱི་ཤེས་པ་ཡིན་ ནོ། །རྟོགས་པས་སངས་རྒྱ་བ་ཡིན་ནོ། །ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ཡིན་ནོ། །ཞེས་སྙན་པའི་འོ་དོད་དང་། བདེ་བའི་འོ་དོད་དང་། གྲགས་པའི་འོ་དོད་རྟག་ཏུ་འབོད་དོ། །དུག་གི་སྔགས་ཅན་ལ་དུག་གིས་མི་ཚུགས་པ་བཞིན་དུ། དེ་ཉིད་ 2-2-5b སྨན་གྱི་མཆོག་ཏུ་འགྱུར་རོ། །དེས་ན། རྟོག་པ་ལོགས་སུ་དོར་ནས། ཡེ་ཤེས་གཞན་ནས་ཐོབ་པ་ནི་མ་ཡིན་ནོ། །ཐ་མལ་གྱི་ཤེས་པ་ཉམས་སུ་མྱོང་བ་དེ་ཉིད་ངོ་བོར་འགྱུར་རོ། །འདི་དག་གིས་ཅི་ཙམ་ན་ངེས་པར་སངས་རྒྱ་ནུས་ན། ཐ་མལ་གྱི་ཤེས་ པ་བླངས་ནས་རྟག་ཆད་ཀྱི་སྐྱེ་ཤི་གནས་གྱུར་པས། དེ་ཁོ་ན་ཉིད་ཀྱི་འབྲས་བུ་ཐམས་ཅད་ཀྱི་མཆོག་བདག་ཉིད་ཀྱིས་བདག་ཉིད་ལ་བླངས་ཏེ། སྐད་ཅིག་དེ་ཉིད་ལ་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མཆོག་གྲུབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཉིད་ གཉུག་མའི་དོན་དེ་ཉིད་ལ་སྒོམ་དུ་མེད་པའི་ཕྱིར་རོ། །བསྒོམ་པར་བྱ་བ་མ་ཡིན་ཏེ། གཉིས་འཛིན་གྱི་བསམ་གཏན་དང་བྲལ་བས་ཇི་བཞིན་བསམ་དུ་མེད་དོ། །ཐ་མལ་གྱི་ཤེས་པའི་དོན་ཅི་ཡང་མེད་པའི་རང་བཞིན་ཤེས་པ་རྣམས་ཀྱིས། འཁྲུལ་པ་ ལོགས་སུ་མི་རྟོགས་ཏེ། དེ་ཉིད་སྙིང་པོའི་དོན་ཡིན་པའི་ཕྱིར་རོ། །དེ་ལྟར་རང་བཞིན་གྱིས་དག་པའི་སེམས་ཀྱི་རྟོག་པའི་དྲི་མས་མ་གོས་པའི་རྟོག་པ་དེ་ལ། རྟོག་གེ་བའི་བསམ་གཏན་དག་གིས་བསླང་བར་མི་བྱ་སྟེ། རང་བཞིན་རང་དགའི་ཚུལ་དུ་བཞག་ པ་དེ་ཉིད་ཉམས་སུ་མྱོང་བའི་ཡིད་ལུས་དང་། སེམས་ལ་གནས་ཀྱང་དེ་ལ་མ་ཞེན་ཅིག །དམ་པ་རྣམས་ཀྱི་གདམས་པའི་གཉུག་མའོ། །ཅེས་པའི་དོན་ནོ། །གཉུག་མ་དེ་ཉིད་ཉམས་སུ་མྱོང་ཡང་བདེ་བ་དེ་དག་ལ་ཡིད་གདུང་བར་མི་བྱའོ། །འོ་ན་བསྒོམ་ པར་བྱ་བ་མ་ཡིན་ནམ་ཞེ་ན། གཉུག་མ་ཏིང་ངེ་འཛིན་གྱི་ཟས་ཟ་ཞིང་། བླ་མ་དམ་པའི་གདམས་ངག་སྐོམ་དུ་འཐུངས་ལ། བདེ་སྟོང་གཉིས་མེད་དུ་སྦྱོར་བ་ནི་རང་དགའི་ཚུལ་ཏེ་དྲན་པ་རྒྱུན་ཆགས་ཀྱི་ཡིད་ཀྱིས་སེམས་དང་སེམས་སུ་ངོ་སྤྲོད་པར་བྱེད་ཅིང་། སྣང་བ་སེམས་ལ་མ་ཐིམ་བར་དུ་རྟག་པར་ཡང་དང་ཡང་དུ་གོམས་པར་བྱ་སྟེ། དེས་ནི་སེམས་ཉིད་དུ་གྲུབ་ཅིང་རྟོགས་པའོ། །རྨོངས་པའི་བསམ་གཏན་ནམ། སྟེང་འོག་གི་རྩ་རླུང་ཐིག་ལེ་དང་སྐུ་དང་ཕྱག་རྒྱ་ལ་སོགས་ཀྱི་དམིགས་པ་ཉེ་བར་བཟུང་བའི་ཞི་གནས་ 2-2-6a བསྐྱེད་པར་བྱེད་པ་སྟེ། ཤེས་པ་ཁུགས་སུ་བཅུག་ནས་ནན་གྱིས་བསྡུས་པར་འགྱུར་ཏེ། སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་ཐ་མལ་གྱི་ཤེས་པ་དང་། ཤེས་རབ་གསལ་བ་དང་མི་རྟོག་པ་ དང་། བདེ་བ་དང་། ཆོས་སྐུ་བདེ་བ་ཆེན་པོའི་རང་བཞིན་དང་བྲལ་ནས་མེད་པར་འགྱུར་བས། གཉིས་འཛིན་གྱི་གནས་དེར་མཉམ་པར་བཞག་པས་བྱེ་མ་བཙིར་བའི་མར་བཞིན་ནོ། །དེ་ལ་དོན་གྱི་ཡེ་ཤེས་གཉིས་སུ་མི་བྱེད་པར་གཅིག་ཏུ་བྱ་བ་སྟེ། གཅིག་ཏུ་རྟོགས་ ན་རྣལ་འབྱོར་སྤྲོས་པའི་ལམ་ཞེས་གསུང་ངོ་། །གཉུག་མའི་ངོ་བོ་དེ་ལ་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་ཏེ། ནམ་མཁའ་དང་འདྲའོ། །དབུས་ནི་ཅི་ཡང་མ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ། །མྱོང་དུ་ཡོད་ཀྱང་བརྗོད་པའི་ཐ་སྙད་ཀྱིས་གཏན་ལ་ མི་ཕེབས། བདག་གིས་སྨྲ་བར་མི་ནུས་སོ། །དེ་ལྟར་ཉམས་སུ་མྱོང་བ་དེ་ཉིད་ལ་སྲིད་པ་མྱ་ངན་ལས་འདས་པ་གཉིས་སུ་མི་རྟོགས་ཏེ། དབྱེར་མེད་པའི་ཕྱིར་རོ། །དེ་ལྟར་ན་རང་བཞིན་གྱི་ངོ་བོ་ནི་སེམས་མ་བཅོས་པ་ཡིན་ཏེ། འདི་རྟོག་པ་ནི་བདག་ གི་སུ་ལའང་དྲི་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེས་ན། བཏགས་པ་ཐམས་ཅད་སྡུག་བསྔལ་ཡིན་པའི་ཕྱིར། གཉུག་མའི་ངོ་བོ་གར་འགྲོ་ཐ་མལ་གྱི་ཤེས་པ་རང་གྲོལ་བར་འགྱུར་ཏེ། རང་ཉིད་སངས་རྒྱས་སུ་མཐོང་། དེ་ལྟར་རང་གི་ཡིད་རྟོགས་ན། ། གྲོལ་བའི་འབྲས་བུ་གཞན་མེད་དོ། །དེས་ན་དེ་ཉིད་ལ་གོམས་ཤིང་མཐར་ཕྱིན་པའི་དུས་སུ་ནི་མྱ་ངན་ལས་འདས་པའི་མཆོག་གཉིས་སུ་མེད་པ་ནི་ཐོབ་པར་འགྱུར་རོ། །དེ་དག་ཀྱང་ཐོབ་ཏུ་ཡོད་དམ་ཞེ་ན། ཐོབ་ཅེས་སློབ་མའི་བློ་ལ་མཚོན་དུ་ཟད་ཀྱང་། རྟོགས་པའི་དུས་དེ་ཉིད་ངོ་བོར་མཚོན་པ་ནི་མ་ཡིན་ནོ། །དེས་ན། སེམས་གཅིག་པུ་ལས་གཞན་འཁོར་འདས་གཉིས་མེད་དེ། སྣང་གྲགས་ཀྱི་ཆོས་དང་སེམས་ཉིད་ཆོས་ཀྱི་སྐུ་གཉིས་ཐ་མི་དད་དེ། ཉི་མ་དང་འོད་ཟེར་བཞིན་ནོ། །རྣལ་འབྱོར་པའི་སེམས་ 2-2-6b དེ་དག་འཆིང་བ་ནི་འཁོར་བར་འཆིང་བར་འགྱུར་ཏེ། སེམས་མ་བཅིངས་པའི་ཚུལ་གྱིས་གློད་ནས་བཞག་ན། གྲོལ་ཞིང་ཐར་བར་འགྱུར་རོ། །དེ་ཉིད་ཅི་ཡང་མ་ཡིན་པའི་ཚུལ་གྱིས་བསམ་པར་བྱས་ན། དེས་ནི་བླ་ན་མེད་པ་ཐོབ་པར་འགྱུར་རོ། །ཐ་མལ་ གྱི་ཤེས་པ་དེ་ཉིད་ལ་གོམས་ནས། ནམ་ཞིག་ནུས་པ་དང་ལྡན་པས་རྟོགས་པ་སྟེ། འཁོར་བར་མི་རྟོག་པའི་རྣམ་པ་དང་། མཚན་མས་གཡོས་པ་ཐམས་ཅད་ཤུགས་ཀྱིས་སྤང་བར་འགྱུར་རོ། །སྲོག་ཆགས་ཐམས་ཅད་ཀུན་ལ་ཡང་། །དེ་ཉིད་ཡོད་དེ་ རྟོགས་པ་མེད། །ཐམས་ཅད་རོ་སྙོམས་རང་བཞིན་པས། །ཏིལ་དང་ཏིལ་གྱི་མར་བཞིན་དུ། །གྱད་ཀྱི་ནོར་བུ་དང་འདྲ་ཡི། །རང་ལ་ཡོད་ཀྱང་རྟོགས་པ་མེད། །དེ་བས་ཐམས་ཅད་ཆོས་སྐུའོ། །སྙིང་པོའི་དོན་རྟོགས་པས་སངས་རྒྱ་བ་ཡིན་ནོ། ། བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པ་སྟེ་གོམས་པར་བྱས་པ་ཁོ་ནའོ། །བྱ་བྱེད་རྟོག་པའི་རྣམ་པར་སྣང་བ་ཐམས་ཅད་དང་། བྱ་བ་མི་བྱེད་པ་སེམས་ཀྱི་ངོ་བོ་སྡང་བ་ཐམས་ཅད་གཉུག་མའི་ངོ་བོ་ཡིན་ཏེ། དེ་ངེས་ཤིང་རྟོགས་ན་འགྲོ་བ་རྣམས་རང་གྲོལ་བར་ འགྱུར་ཏེ། འཆིང་བར་མི་འགྱུར་རོ། །དེ་དག་ཀྱང་དྲན་པ་རྒྱུན་ཆགས་ཀྱི་ཡིད་ལ་འཇུག་པར་འགྱུར་རོ། །ཐ་དད་ཀྱི་རྟོག་པ་དེ་དག་ནི་སྤང་བྱ་སྤོང་བྱེད་ཀྱི་རྩོལ་བས་གྲོལ་བར་བྱེད་པ་རྣམས་དེ་ཉིད་ཉམས་སུ་མྱོང་བའི་དུས་ཉིད་དུ་སེམས་མི་གཡོ་སྟེ། མཚན་ མ་ལ་སྤྲོ་བར་མི་བྱེད་དོ། །འགྱུར་བ་མེད་དེ། གློ་བུར་གྱི་རྐྱེན་གྱིས་གནོད་པར་མི་འགྱུར་རོ། །བརྟན་པར་ཤེས་པ་གནས་ཏེ་ཤིན་དུ་ཡུན་རིང་གཞན་དུ་འགྱུར་བར་མི་ནུས། དེ་ཉིད་བློ་ཆུང་བ་ཡིན་ཏེ། འཆིང་བ་དང་བཅས་པར་ཟད་དོ། །དེ་ཉིད་ ལ་བརྟེན་པར་གོམས་པ་ནི་མ་ཡིན་ཏེ། སྒོམ་དུ་མེད་པ་ཐ་མལ་གྱི་ཤེས་པ་རྣལ་མར་བཞག་པས། ཕྱི་ནང་གི་གཡེང་བས་གནོད་པར་མི་འགྱུར་རོ། །དེ་ལྟར་ཡུན་རིང་ཤེས་པ་བྱིང་བ་དག་ལ་ཡོན་ཏན་དུ་མི་བལྟ་བར་བྱ་སྟེ། གར་ཡང་འགྱུར་ 2-2-7a ཞིང་དེ་ལ་ཞེན་པ་མེད་ན། དྲན་པས་ཡང་དང་ཡང་དུ་བརྟེན་པས་བརྟེན་པར་གནས་སོ། །དེ་ནས་རྗེ་བཙུན་པ་དག་གིས་བུ་ཞེས་བོས་ནས། ཁྱོད་ཆོས་སྐུའི་སྙིང་པོ་ལེན་པར་འདོད་པ་རྣམས། དེ་ལྟར་རང་ལ་མཚོན་ཏེ་ལྟོས་ཤིག ། ཅེས་བྱ་བའི་དོན་ཏོ། །སེམས་དང་སྣང་བ་གཉིས་མེད་རོ་མཉམ་དུ་གྱུར་བས། རེ་དོགས་གཉིས་འཛིན་མེད་ཅིང་བཟའ་གཏད་དང་བྲལ་བའི་ངོ་བོ་ཉམས་སུ་མྱོང་བ་ལ། བླང་དོར་གྱི་སྤྱོད་པ་དག་འབྱུང་བར་མི་འགྱུར་ཏེ། དེའི་ཚེ་ཉམས་པར་འགྱུར་བ་ མེད་པའི་ཕྱིར་ཐ་དད་ཀྱི་རྟོག་པ་དང་བྲལ་བས། དམངས་རིགས་དང་བྲམ་ཟེ་མེད་དོ། །དེའི་ཚེ་བསོད་ནམས་ཀྱི་ཚོགས་དང་སྙིང་རྗེར་བཅལ་བ་ལ་འབད་པར་བྱའོ། །དུས་རྟག་ཏུ་བླ་མ་མི་བརྗེད་པར་བྱའོ། །སྣང་སྲིད་ཆོས་སྐུ་གཉུག་མ་ ཉིད་དུ་རྟོགས་པར་བྱའོ། །དེ་གོམས་པ་མཐར་ཕྱིན་པའི་དུས་སུ། སྣང་བ་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་གཉུག་མའི་ངོ་བོ་ཉིད་དུ་ནུབ་པར་འགྱུར་ཞིང་། དེ་ཡང་རང་གི་ངོ་བོར་མཉམ་པ་སྟེ་ཇི་བཞིན་པར་རྟོགས་སོ། །ལྷན་ཅིག་སྐྱེས་པའི་ ཡེ་ཤེས་དེ་གཞན་ནས་རྙེད་པ་མ་ཡིན་ཏེ། བླ་མའི་ཞལ་གྱི་བདུད་རྩི་དག་ལ་དྲིས། བླ་མའི་ཞལ་གྱི་ངོ་བོ་དེ་རྟོགས་ན། ཡིད་ནི་འཆིང་བ་མེད་པ་སྟེ། ཤེས་པ་རྣལ་མ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །རྟོག་པ་ཆད་པ་ཡང་མེད་པ་དེ་བཞིན་དུ། སྣང་གྲགས་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ནི་ཉོན་མོངས་པ་དང་དེ་ཁོ་ན་ཉིད་ཐ་མི་དད་པ་ཡིན་པའི་ཕྱིར་ཏེ། ཁམས་གསུམ་པའི་མ་རིག་པ་ཉིད་ཡེ་ཤེས་ཡིན་ཏེ། གཉིས་སུ་མེད་པའི་ཕྱིར་རོ། །ཟབ་ཅིང་དཔག་དཀའ་བའི་ཕྱིར་ ན་རྒྱལ་མཚོ་ཆེན་པོ་དང་འདྲའོ། །གང་ཟག་གཞན་གྱིས་སྨྲ་བར་མི་ནུས་སོ། །འདི་ནི་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། རྟོགས་ལྡན་སྤྲུལ་པའི་བླ་མས་བསྟན་པ་ཁོ་ནའོ། །དེ་ན། སེམས་དངོས་པོ་ཡོད་པར་རྟོགས་པ་དང་མེད་པར་ 2-2-7b རྟོགས་ཀྱང་ཆོས་ཀྱི་སྐུ་འཆིང་བ་སྟེ། དོན་གྱི་འབྲས་བུ་སྐྱེ་བར་མི་ནུས་སོ། །དེས་ན། སེམས་གཉུག་མའི་རང་བཞིན་ཅི་ཡང་མ་ཡིན་པའི་དོན་དེ་ཉིད་ལ། དེ་ཉིད་ཀྱི་ཚུལ་གྱིས་ལྟོས་དང་། རྣལ་འབྱོར་པ་ཀུན་གྱིས་སོ། ཆུ་ལ་ཆུ་བཞག་ པ་བཞིན་དུ་སེམས་ལ་སྣང་བ་བཞག་སྟེ། གཉིས་སུ་མེད་པར་ཤེས་པར་གྱིས་ཤིག །སྒོམ་བྱ་བསྒོམ་བྱེད་གཉིས་སུ་མི་བྱ་སྟེ། དངོས་གཞི་འཁྲུལ་པས་མི་རྙེད་དོ། མཁས་པ་སྟོང་ཉིད་འཆད་པས། སངས་རྒྱས་རང་ལ་ཡོད་པ་མ་རྟོགས་སྷོ། ། ཐ་མལ་གྱི་ཤེས་པ་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་དེ་དག་བརྟག་པར་མི་ནུས་ཏེ། བརྗོད་དུ་མེད་པ་ཡིན་ནོ། །གཉུག་མའི་དོན་དེ་དག་ཤུགས་ཀྱིས་དེ་སྐད་སྨྲ་བར་འགྱུར་རོ། །དཔེར་ན། ནམ་མཁའ་མི་རྟོག་པ་བཞིན་དུ་ལྷན་ ཅིག་སྐྱེས་པའི་ངོ་བོ་དེ་ལ་སྐྱེ་བ་དང་གནས་པ་དང་འགགས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་དེ་དག་རྣམ་རྟོག་གིས་བློས་མཐོང་བ་ཡོད་པ་མ་ཡིན་ནོ། །སྐྱེས་བུ་ཤེས་རབ་ཅན་གྱིས་ཀྱང་སེམས་ཀྱིས་མཐའ་མི་རྫོགས་ཏེ། སེམས་ཀྱིས་མཐའ་རྙེད་པ་མ་ཡིན དེའི་ཕྱིར་ན་དེ་བརྗོད་པར་བྱ་བའི་བརྡའ་དང་། ཐ་སྙད་དང་ཡང་བྲལ་བར་བྱའོ། །བདེ་བ་ཆེན་པོ་རོ་གཅིག་ཏུ་མ་ཤེས་པའི་སྐྱོན་གྱིས་སྐྱེས་བོ་རྣམས་བསླུས་སོ། །མངོན་སུམ་དང་རྗེས་དཔག་གི་རིག་པའི་ཚིག་གི་མཚོན་ཆས། གཞན་དག་སུན་འབྱིན་ པར་བྱེད་ཀྱང་དེ་ཁོ་ན་ཉིད་སུས་ཀྱང་མཚོན་པར་མི་ནུས་སོ། །གཉུག་མའི་དེ་ཁོ་ན་ཉིད་སུས་ཀྱང་མཚོན་པ་མ་ཡིན་ནོ། །དེ་བས་ན་རང་གིས་ཀྱང་བརྟག་པས་མི་རྙེད་དོ། །སྐྱེ་འགག་མེད་པར་འབྱུང་བའི་ངོ་བོ་ནི་རྙེད་པ་མ་ཡིན་ཏེ། དེ་ཉིད་ ཤེས་པ་མ་ཡིན་ནོ། །དེ་བས་ན་ཤེས་པ་རྣལ་མ་རང་བཞིན་ཆོས་སྐུར་འཁྱེར་བར་བྱའོ། །མི་ཤེས་པའི་ཉམས་སུ་མྱོང་བའོ། །སློབ་དཔོན་དེ་ཉིད་ཀྱི་མན་ངག་དག་པ་སྟེ། དེ་དག་གིས་མཐོང་བར་མི་འགྱུར་རོ། །དེ་ལྟར་ཉམས་སུ་ 2-2-8a མྱོང་བའི་དོན་དེ་མཐའ་གཉིས་ཀྱི་ཆོས་དང་། མཚན་མའི་བགྲོད་པར་བྱ་བའི་ལམ་དང་། ཉོན་མོངས་པ་དང་གཉེན་པོ་གོ་རིམ་བཞིན་དུ་བློས་བཅོས་པར་བྱ་བ་མ་ཡིན་ནོ། །འཕགས་པའི་གང་ཟག་རྣམས་ཀྱི་སྔགས་ཀྱི་ རྟོག་པ་རྟོག་པར་བྱེད་པ་ནི་འཕགས་པ་ཡང་མ་ཡིན་སངས་རྒྱས་ཀྱང་མ་ཡིན་ནོ། །ཤེས་པ་རང་གར་བཞག་པ་ནི་ཀུན་ཏུ་བཟང་པོའོ། །བསྟན་བཅོས་སུ་རིག་པ་དང་། དེ་བཞིན་གཤེགས་པའི་བཀའ་དང་། རྒྱུད་སྡེ་རྣམས་ལ་རིག་པ་དང་འབྲེལ་པ་ཀུན་ལ་འབད་པ་ བྱས་ཀྱང་། ཐ་སྙད་ཀྱི་རྟོག་པ་དང་བྲལ་བས་གང་ཟག་གཅིག་ཡང་མཐོང་བའི་ལམ་སྐྱེ་བའི་སྐལ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སྡིག་གི་རྣམ་སེམས་ཉིད་རྣལ་མ་མ་བཅོས་པ་དེ་ཚད་བཟུང་དུ་མེད་པའི་ཕྱིར་བརྟག་དཀའོ།། །། སྨིན་མི་སླུ་བར་སོ་སོར་འཆི་བར་འགྱུར་ཏེ། ཐ་སྙད་ཀྱི་ཟུག་རྔུའི་རྟོག་པས། བདེ་བ་གསལ་བ་མི་རྟོག་པ་དང་དབྱེར་མི་ཕྱེད་པ་དེ་ཉིད་སྤྱོད་ལམ་རྣམ་བཞི་ལ་ཁྱད་པར་མེད་པར་གོམས་པར་བྱའོ། །དྲན་པ་རྒྱུན་ཆགས་ཀྱིས་གཉུག་མའི་མུ་ནས་བཟུང་ སྟེ། ཅིར་སྣང་ཕྱག་རྒྱ་ཆེན་པོར་སྣང་བའི་ཚེ་ཐུན་མོང་མ་ཡིན་པར་ཡང་དག་པར་རྟོགས་པས་ཡང་མངོན་པར་ཤེས་པས་གཟིགས་སོ། །དེ་དག་ཀྱང་རྒྱུ་འབྲས་ཀྱི་ཚུལ་དུ་ཡོད་དམ་ཞེ་ན། དེ་ནི་རྨི་ལམ་དུ་ཡང་མི་སྲིད་ན། དངོས་སུ་ལྟ་སྨོས་ཀྱང་ ཅི་དགོས། སྤྱོད་ལམ་ཐམས་ཅད་དུ་དེ་ཁོ་ན་ཉིད་ལས་མ་ཡེངས་པར་བག་ཡོད་པར་གྱིས་ཤིག །རྟོགས་པའི་སྐད་ཅིག་དེ་ཉིད་ལ་སངས་རྒྱས་པར་འགྱུར་རོ། །དེ་ནི་རང་གི་ཁྱིམ་ན་ཡོད་པའོ། །དེ་ལྟར་མ་རྟོགས་པས་ནི་ཕྱི་རོལ་དུ་ སོང་ནས་ཚོལ། དེ་རྟོགས་པར་བྱེད་པའི་བླ་མ་དེས། བདག་ཉིད་ཀྱིས་བདག་ཉིད་ལ་ཤེས་པར་བྱོས་ཤིག །བདག་ཉིད་ལ་རེ་བ་དང་། དོགས་པ་དང་བྲལ་བའི་དེ་ཁོ་ན་ཉིད་རྟོགས་ན། ཐ་སྙད་ཀྱི་རྣམ་པར་བཞག་པ་ནི་མི་དགོས་ཏེ། དེ་ 2-2-8b བས་ན་ཟུག་རྔུ་ཡིན་པའི་ཕྱིར་རོ། །བསམ་པ་དང་བསམ་བྱ་གཉིས་འཛིན་གྱི་རྟོག་པ་རབ་ཏུ་སྤངས་ནས། སེམས་རྣལ་མ་ཇི་ལྟ་བའི་ཚུལ་དུ་བཞག་པར་བྱ་ཞིང་། སེམས་མ་བཅོས་པ་དང་། སྣང་སྲིད་བདེ་བ་ཆེན་པོའི་ཡུལ་ ལ་དྲན་པས་སྒྲིམས་ཏེ། སྤྱོད་ལམ་རྣམ་བཞིའི་ཚུལ་ཡེངས་པ་མེད་པའི་གུས་པས་འབད་ན། ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད་དོ། །བླ་མས་བསྟན་པས་མི་ཤེས་ན། །སློབ་མས་གོ་བ་ཡོད་མིན་ཏེ། །ལྷན་ ཅིག་སྐྱེས་པའི་བདུད་རྩིའི་རོ། །གང་ཞིག་ཇི་ལྟར་བསྟན་པར་བྱ། །ཞེས་གསུངས་པ་དེ་དག་གི་དོན་ཅི་ཞེ་ན། ཤེས་པ་མ་བཅོས་པ་གསོན་པོའི་ཚུལ་དེ་དག་ཉམས་སུ་མྱོང་བས། ལུས་སེམས་བདེ་བས་གང་ཞིང་སྟོང་པས་བརྒྱལ། བདེ་སྟོང་དབྱེར་མེད་པ་དེ་ཉིད་ཟད་མི་ཤེས་པའི་གཏེར་ཡིན་ནོ། །དེ་ལས་གཞན་པའི་གཏེར་གང་ཡང་མེད་དོ། །དེས་ན། སེམས་ཉིད་ཀྱི་ངོ་བོ་ཅི་ཡང་མ་ཡིན་པ་དེ་ལ། ཅིར་ཡང་སྣང་སྟེ། སྣང་བ་ལ་རྟོག་ན་སྐྱོན་དུ་འགྱུར་བ་དང་། དེ་ཉིད་མ་བཅོས་པར་བཞག་ན། སངས་རྒྱས་ཀྱི་ཡོན་ཏན་རྣམས་རྟོགས་པར་འགྱུར་བ་སྟེ་དོན་དང་ལྡན་པ་ཞེས་མཐོང་ཞེས་པ་སྟེ། ཐ་མལ་གྱི་ཤེས་པའོ། །བླ་མ་དམ་པའི་གདམས་ངག་ཁྱིམ་མཆོག་དམ་པ་དང་། །ཉམས་མྱོང་ཁྱིམ་ ན་དགག་སྒྲུབ་མེད་པར་རྟོགས། །མ་བཅོས་རྣལ་མའི་ཟས་ཅིག་ཟོས་གྱུར་ན། །གྲུབ་མཐའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར། །རྨོངས་པས་མ་རྟོགས་ཐ་སྙད་ཚིག་ལ་བརྟེན། །བཙལ་ཀྱང་མ་རྙེད་འདུག་ཀྱང་ངོ་མ་ཤེས། །ཆུ་མ་རྙོགས་ན་ དངས་པའི་རྣམ་པ་དང་། །མར་མེ་མ་བསླད་གསལ་བ་ཇི་བཞིན་དུ། །སེམས་ཉིད་མ་བཅོས་དེ་ཉིད་རང་ལ་གཞོག །ཉམས་མྱོང་བདེ་བ་ཆེན་པོའི་རོ། །ཉམས་སུ་མྱོང་བས་ཤིན་ཏུ་བདེ། །བདག་གིས་སྨྲ་བར་མི་ནུས་ཀྱིས། །འདི་ 2-2-9a ལ་སྨྲས་ན་སྐྱོན་དུ་འགྱུར། །ཆོས་སྐུ་བདེ་ཆེན་སྨྲ་རུ་མེད། །སྨྲ་ཕྱིར་ཟད་ཀྱི་རྒྱ་ཆད་མེད། །དེ་ཡི་ངོ་བོ་ཤེས་མི་ནུས། །རྟོགས་པར་འགྱུར་བ་མ་ཡིན་ནོ།། །།བུམ་དབང་ནི། མ་རིག་པ་དང་། ཉོན་ མོངས་པ་ལྔ་ལས་ལོགས་ནས། རིག་པ་ཡེ་ཤེས་ལྔར་བསྐྱེད་པར་བྱེད་དེ། བྱང་ཆུབ་ཀྱི་སེམས་སོ། །ཤེས་རབ་ཡེ་ཤེས་ཞེས་བྱ་བ་ནི། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་སྟེ། མཐར་ཐུག་ གི་དོན་ཤེས་རབ་སྟོང་པ་སྟེ། གསལ་བ་དང་། མི་རྟོག་པ་དང་། བདེ་བ་དང་རང་བཞིན་གཅིག་པ་སྟེ། གཉུག་མའི་དེ་ཁོ་ན་ཉིད་དོ། །ཉན་ཐོས་བྱེ་བྲག་པ་དང་མདོ་སྡེ་པ་གཉིས་ལྟ་བའི་གཞི་མཐུན་ཏེ། དེ་ཡང་། གཟུང་བ་རང་བཞིན་མེད་པར་ཤེས་པས། གང་ཟག་ལ་བདག་མེད་པར་རྟོགས་ལ། འཛིན་པ་རང་བཞིན་དུ་གནས་པས། ཆོས་ལ་བདག་ཏུ་གནས་སོ། །ཤེས་པ་ཡང་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་དུ་བསགས་པའི་རྫས་རྡུལ་ཕྲ་རབ་ཏུ་གྲུབ་པར་འདོད་དེ། གཡག་རྔ་དང་ནེའུ་སིང་གི་ཚུལ་དུའོ། །སྙིང་པོའི་དོན་རྟོགས་པ་དང་། གཉིས་མེད་ལ་གནས་ཤིང་ལྡང་འཇུག་མེད་པས་ན། སྤྱོད་པ་འདི་དག་ལུས་ཀྱིས་འགག་ཅིང་རྟོག་པ་འཆིང་བའི་ཕྱིར། སྒོམ་པ་དང་སྤྱོད་པ་ཡང་དེ་ཉིད་དང་འབྲེལ་བ་ཤུགས་ཀྱིས་ སྟོན་པ་སྟེ། དེ་རྟེན་གྱི་གང་ཟག་ཁྱད་པར་དུ་གྱུར་པ་རྣམས་སོ། །གཉིས་མེད་ཅེས་བྱ་བ་ནི་ཐ་མལ་གྱི་ཤེས་པ་རྣམས་སོ། །མྱོང་བ་ཞེས་བྱ་བ་ནི་གསལ་བ་དང་། མི་རྟོག་པ་དང་། བདེ་བའོ། །བྲལ་བ་ཞེས་བྱ་བ་ནི། མྱོང་དུ་མེད་པའི་མྱོང་བ་སྟེ། ཅི་ཡང་ མ་ཡིན་པ་ཉིད་དོ། །དེ་ཉིད་བདག་དེ་དག་ལ་བཀག་པའི་མུ་སྟེགས་ཀྱི་བརྟུལ་ཞུགས་དང་། དམན་པའི་ཉན་ཐོས་ཀྱི་སྤྱོད་པ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། རྣམ་པར་རིག་པ་དང་། དབུ་མ་པའི་དགག་སྒྲུབ་དང་བཅས་པ་རྣམས་ལ་ནི། བསམ་ 2-2-9b གཏན་ནི་དགོས་པ་མེད་པའི་ཕྱིར་རོ། །ཕྱིར་བསལ་ཏེ། སྙིང་པོའི་དོན་མཆོག་ཏུ་གྱུར་པ་འདི་རྟོགས་པ་ན། ལོགས་ནས་སངས་རྒྱས་གྲུབ་པ་མེད་པའི་ཕྱིར་རོ། །མཆོད་པའི་བྱེ་བྲག་དང་སྔགས་ཀྱང་མི་སྨྲ་སྟེ། འབྲས་བུ་བསྒྲུབ་ཏུ་མེད་པའི་ ཕྱིར་རོ། །དེ་ཡང་། རྣམ་པར་བཅད་པ་ལྟ་བུ་ནི་མ་ཡིན་ཏེ། ཤུགས་ཀྱིས་འགག་པ་ཡིན་པའི་ཕྱིར་རོ། །ཆེད་དུ་སྒྲུབ་པར་ལྟ་བ་ནི་མ་ཡིན་ནོ། །མ་རྟོགས་པ་དང་ལྡང་འཇུག་ཡོད་པ་རྣམས་ཀྱིས་ནི་དེ་མི་བཏང་ཞེས་སོ། ། རྟོག་པ་ནི་གཉུག་མའི་ལམ་ཡིན་ནོ། །དེ་ཁོ་ན་ཉིད་ཉམས་སུ་མྱོང་བའི་རྣལ་འབྱོར་པ། དེ་ཁོ་ན་ཉིད་དང་མི་འབྲལ་བ་ཡང་། གཉིས་སུ་མེད་པའི་དོན་ཀློང་དུ་མ་གྱུར་བར་དུ། དེ་བཞིན་ཉིད་མ་ཡིན་ཏེ། མ་རྟོགས་བར་དུ་དེ་མི་བཏང་ངོ་། ། རྟོགས་ན་བསོད་ནམས་ཀྱི་ཚོགས་དེ་དག་ཀྱང་། གཉུག་མའི་ངོ་བོ་ཉིད་མ་ཉམས་པའི་ལམ་ཆེན་པོའོ། །དེ་དག་ཀྱང་རྩ་རླུང་ཐིག་ལེས་ཉམས་སུ་མྱོང་བ་མ་ཡིན་ཏེ། འདི་དག་ནི་ངོ་བོ་དྲི་མ་མེད་དོ། །དེ་དག་ཉམས་སུ་མྱོང་བར་བྱ་བ་ནི། དང་པོ་ཤེས་པ་རྩོལ་གྲུབ་དང་བྲལ་བར་བྱ་བ་དང་། དེ་ནས་མ་བཅོས་པའི་བདག་ཉིད་ཡོངས་སུ་ཤེས་པ་དང་། མཐར་སྙེམས་དང་བྲལ་བ་སྟེ། སྙིང་རྗེ་དང་བྲལ་བའི་སྟོང་པ་ཉིད་ཀྱང་བདུད་ཀྱི་ལས་སུ་རིག་པར་བྱའོ། །སྟོང་ཉིད་དང་བྲལ་ བའི་སྙིང་རྗེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ།། །།སྙིང་རྗེ་ཞེན་པས་ཡིད་གདུངས་ཏེ། །སེམས་ནི་ངལ་གསོའི་གནས་དང་བྲལ། །ལྟ་བ་གཉིས་མེད་ཕྱག་རྒྱ་ཆེ། །མུ་མཐའ་མེད་པ་སྒོམ་པ་ཡིན། །མ་བྲལ་མ་བཅོས་སྤྱོད་པ་ ཡིན། །མ་ཡེངས་ལྷུན་གྲུབ་འབྲས་བུ་ཡིན། །ཨེ་མ་ཧོ་འདི་རབ་ངོ་མཚར་ཆེ། །མཉམ་པའི་ངང་དུ་ད་རེས་རྟོགས། །སྐྱེ་མེད་དབྱིངས་ལ་ཡེ་ནས་གནས། །མན་ངག་སྙིང་གི་དཀྱིལ་དུ་སྦ། །འདི་ལས་བྱུང་བའི་བསོད་ནམས་ཀྱིས། །ཐམས་ 2-2-10a ཅད་བདེ་བ་ཆེ་ཐོབ་ཤོག། །།བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག། །།ཕྱག་རྒྱ་ཆེན་པོ་མཚན་ཉིད་བཞི་ལྡན་བཞུགས་སྷོ།། །།སྙིང་པོ་དོན་གྱི་གདམས་ངག་ལ་ལྔ་ལས། ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི་བཞི་སྟེ། ཐམས་ཅད་ལ་ཁྱབ་པ་དང་། གཟུགས་ཅན་མ་ཡིན་པ་སྟེ་ཡེ་ཤེས་ཀྱི་ངོ་བོ་དང་། དུས་ཐམས་ཅད་པ་དང་། འགྲོ་འོང་མེད་པའོ། །དེ་གང་ཟག་གཅིག་ལ་སྐྱེ་ན་འཁོར་བ་ལ་སྤང་བྱར་མི་འཛིན་པ་སྟེ། དེས་ མི་མཐུན་པའི་ཕྱོགས་མི་ཡོང་བ་དང་། མྱ་ངན་ལས་འདས་པ་ཞི་བར་མི་འཛིན་པ་སྟེ། དེས་གཉེན་པོ་མི་བསྟེན་པ་དང་། འབྲས་བུ་ལ་རེ་དོགས་མེད་པ་སྟེ། དཔེ་རང་ལས་གཞན་པའི་སངས་རྒྱས་མེད་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་ཡིད་ལ་ བྱེད་པ་སྟེ། བཟའ་གཏད་མེད་པའོ། །དེ་རྟོགས་པར་བྱེད་ན་བརྒྱུད་ནས་བླ་མས་བྱེད་ལ། དངོས་སུ་རང་གིས་རྟོགས་པའོ།། །།ཞེས་པ་འདི་ནི་རྗེ་ཉིད་ཀྱི་དཔོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས།། རི་བོ་ཤན་ཏིར་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་བགྱིས་པའོ།། །།ཡི་གེ་ཤེས་རབ་ཀུན་དགའི་སོར་མོ་རྩེ་ལ་སྐྱོད།། །། 2-3-1a ༼ས༽ །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་༐ མདོ་སྔགས་ཀྱི་སྒོམ་དོན་བསྡུས་པ་བཞུགསོ།། 2-3-1b ༄༅༅། །ན་མོ་གུ་རུ། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས། སྐྱབས་སུ་སངས་ རྒྱས་ཉག་གཅིག་ཡིན་པར་ཤེས་ཤིང་། སྲོག་གི་ཕྱིར་ཡང་སྐྱབས་འགྲོ་མི་གཏོང་བ་ནི། སྐྱེས་བུ་ཆུང་ངུའི་ ཆོས་ཡིན་པས། དུས་རྟག་ཏུ་ངན་སོང་གསུམ་གྱི་སྡུག་བསྔལ་སོམས་ལ་སྐྱབས་འགྲོ་གྱིས། འཁོར་བ་ མཐའ་དག་ལ་ཡིད་ཕྱུང་ནས། རང་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས། མི་དགེ་བ་བཅུ་ སྤངས། དགེ་བ་བཅུ་སྒྲུབ་པ་ནི། སྐྱེས་བུ་འབྲིང་གི་ཆོས་ཡིན་པས། དུས་རྟག་ཏུ་འཁོར་བའི་སྡུག་ 2-3-2a བསྔལ་སོམས་ལ། མི་དགེ་བ་ཕྲ་མོ་ནས་སྤོངས། དགེ་བ་མཐའ་དག་དང་དུ་ལེན་པར་གྱིས། འཁོར་བའི་མ་རྣམས་ཀྱི་སྡུག་བསྔལ་ མ་བཟོད་ནས་དེ་རྣམས་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ནི། སྐྱེས་བུ་མཆོག་གི་ཆོས་ཡིན་པས། དུས་རྟག་ཏུ་སེམས་ཅན་ལ་ བྱམས་པ་དང་སྙིང་རྗེ་སྒོམ་པ་ལ་བརྩོན་པར་གྱིས། ངན་སོང་གི་སྡུག་བསྔལ་བསམས་པས། ངན་སོང་ལ་བློ་ལོག་ནས་མཐོ་རིས་ལྷ་མི་ཐོབ་པར་འདོད་པས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས། མི་དགེ་བ་བཅུ་སྤོང་ཞིང་དགེ་བ་བཅུ་ཉམས་སུ་ལེན་པ་ཡིན་ནོ། །དེ་ནས་འཁོར་བ་མཐའ་དག་གི་སྡུག་ བསྔལ་བསམས་ནས། འཁོར་བ་མཐའ་དག་ལ་བློ་ལོག་སྟེ་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས། བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ བླངས། འདུལ་བ་སྒྲུབ་ཐབས་སུ་བྱས་ནས་ཚེ་འདི་ལ་བློ་ལྡོག་པ་ཡིན་ནོ། །དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་པས། ཐེག་པ་དམན་པ་ལ་བློ་ 2-3-2b ལྡོག་པ་ཡིན་ནོ། །དེ་ནས་བདག་མེད་རྣམ་གཉིས་སྒོམ་པ་ཡིན་ཏེ། བཀའ་གདམས་ཀྱི་གཞུང་ཤིང་དེ་འདྲ་བ་ཅིག་ཡིན་གསུང་ངོ་།། །།གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བཀའ་གདམས་པའི་ལུགས་སུ། དང་པོ་ནས་རྫོགས་པར་མི་སྟོན། དང་པོ་ཚོགས་གསོག་ཙམ་སྟོན། དེ་ནས་བསྐྱེད་རིམ་ཅིག་ཙམ་སྟོན། དེ་ནས་ཡེ་ཤེས་སེམས་དཔའ་གཞུག་པ་སྟོན། དེ་ནས་དབང་བསྐུར་མཆོད་བསྟོད། དེ་ནས་རྫོགས་རིམ་སྟོན་པ་ ཡིན་གྱི། དང་པོ་ནས་རྫོགས་པར་མི་སྟོན། དགེ་བཤེས་ལྕགས་རི་བའི་ཞལ་ནས། ལྟ་བ་ཀུན་རྫོབ་ཡིན། མཐའ་གཉིས་དང་བྲལ་བའི་དབུ་མ་བྱ་བ། ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ཡིན། དོན་དམ་པ་ལ་བལྟ་རྒྱུ་མེད་ གསུང་། གསང་སྔགས་ཀྱི་ལྟ་བ་སེམས་ཡིན་གསུང་། ནཱ་རོ་པའི་བཞེད་པས། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ། སྨིན་པ་གྲོལ་བར་བྱེད་པ་བསྐྱེད་རྫོགས་གཉིས་གདན་ཐོག་གཅིག་ཏུ་བསྒོམ་པར་བྱ་བ་དང་། རིམས་ ཀྱིས་པའི་ལུགས་གཉིས་ཡིན་ཏེ། གདན་ཐོག་གཅིག་ཏུ་སྒོམ་པ་ཅིག་ཅར་བའི་དུས་སུ་སྟོན། རིམ་གྱིས་པ་ནི་འོག་མ་འོག་མ་ལ་བརྟན་པ་ཐོབ་ནས། གོང་མ་གོང་མ་སྟོན་ཏེ། བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་རྫོགས་རིམ་ སྒོམ། དེ་ཡང་ནང་ནས་ཤར་བ་དེ་རྫོགས་རིམ་གཤའ་མ་དེ་ཡིན། ནང་ནས་མ་ཤར་ན་ཟབ་པའི་རྫོགས་རིམ་དུ་མིང་བཏགས་ཀྱང་། དོན་ལ་བློས་བྱས་ཅིག་ཡིན་གསུང་། སྤྱིར་དེ་ལྟར་ཡིན་ཡང་འཁོར་བ་མཐའ་དག་ལས་ཐར་བར་བྱེད་ པ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དགོས་ཏེ། དེ་ཡང་། ཇོ་བོ་རྗེའི་ལུགས་ཀྱིས་ཕྱི་ནས་སྤྱོད་པར་བཞེད། བླ་མ་མི་ལའི་བཞེད་པས་ནང་ནས་སྤྱོད་པ་ཡིན། བླ་མ་ནི་བར་དེར་སྤྱོད། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། 2-3-3a བླ་མའི་བཞེད་པས། རིག་པ་དང་སྟོང་པ་ལྷན་ཅིག་སྐྱེས་གསུང་། དེ་ཡང་། གྲུབ་པ་ཐོབ་པའི་སྐོར་ནས་བཤད་པ་དང་། རྡོ་རྗེ་འཆང་གི་རྒྱུད་དུ་གསུངས་པ་དང་། རྣལ་འབྱོར་པ་ལ་ནང་ནས་ཤར་བ་ཡོ་མཐུན། བླ་མའི་ ཞལ་ནས། ནང་ནས་བྱུང་བ་དང་མི་མཐུན་ན། ཡང་ན་རང་གི་ནོར། ཡང་ན་གཞན་གྱི་ནོར་གསུང་། ཚན་ཅིག་ནས་ཐབས་གཙོ་ཆེར་བཤད། ཚན་ཅིག་ནས་ཤེས་རབ་གཙོ་ཆེར་བཤད་དེ། བློ་དམན་པའི་དུས་སུ་ཐབས་གཙོ་ཆེ་བ་ མན་ངག་ཡིན། བློ་ཡར་སོང་ཙ་ན་ཤེས་རབ་གཙོ་ཆེ་བ་ཤུགས་ཀྱིས་འོང་བ་ཡིན། དེ་ཡོ་ལ་མི་དགོས་སྙམ་ཙ་ན་དགོས་སྡོ་བ་ཅིག་ཡིན་གསུང་། ཤུགས་འབྱུང་གིས་འགག་པ་ཅིག་དགོས་པ་ཡིན། ཤུགས་འབྱུང་ཞེས་པ་ནི་ བཅོས་མ་དང་བྲལ་བ་ཅིག་ཡིན། སྒོམ་ཆེན་པ་རྣམས་ལ་ཞུ་ན། གནས་པའི་དུས་སུ་རྟོག་མེད་དེ་རྒྱུན་སྲིད་པ་ཡིན། ངོ་བོ་ལ་རྟོག་མེད་རྒྱུན་བསྲིང་ན་ཆོས་ཀྱི་གནད་མ་གོ་བ་ཡིན། ཆོས་ཤ་རུས་མ་ཆོད་པ་ཡིན། གདོད་མ་ ནས་རྒྱུན་ཆད་མ་མྱོང་བའི་གནད་ཀས་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། དོན་དམ་པ་འདི་འདྲ་བ་ཅིག་ཡིན་བྱ་བ་ནི། སངས་རྒྱས་ཀྱིས་ཀྱང་བསྟན་པར་མི་ནུས། རྒྱུན་ཆད་མེད་པ་དེ་སངས་རྒྱས་ཀྱིས་བཀག་ པས་ཀྱང་མི་ཁེགས། སངས་རྒྱས་ཀྱིས་གཟིགས་པར་མི་འགྱུར་གསུང་། དགེ་བཤེས་ཡོན་བདག་གི་ཞལ་ནས། གྲུབ་མཐའ་ལ་བརྟེན་ནས་རིག་པས་གཞིགས་ནས། ཤ་བ་སྐྱེའུ་ཆུད་པ་ལྟར་འགྲོ་ས་འདི་ལས་མེད་ ཟེར་ཏེ། ཁྱོད་ཀྱི་དེ་ལ་རྣམ་རྟོག་བློ་ཕུགས་གཏད་བྱས་པས། དེ་ནི་ཁྱོད་རང་གིས་བྱ་བ་ཡིན་ན། ཁྱོད་ཀྱི་དེ་ངོ་བོར་མི་འོང་། ཕུང་འདྲེ་མཁན་པོ་ལོགས་ན་ཡོད་པར་ཆ་མེད་པར་གསུང་ངོ་། །དགེ་བཤེས་ལྕགས་རི་བའི་ 2-3-3b ཞལ་ནས། ཀླུ་སྒྲུབ་ཀྱི་དབུ་མ་རྟོགས་སུ་མི་སྟེར་བར་རབ་རིབ་རྣམ་པ་གཉིས་ཡིན་ཏེ། མ་རིག་པའི་རབ་རིབ་དང་། ལྟ་བའི་རབ་རིབ་བོ། །མ་རིག་པའི་རབ་རིབ་ནི་གོ་སླ། ལྟ་བའི་རབ་རིབ་ནི། གྲུབ་མཐའི་རྟོག་པ་སྣ་ཚོགས་ཀྱིས་བློ་བསླད་ པ་དེ་ཡིན་གསུང་ངོ་། །བླ་མའི་ཞལ་ནས། དེ་ཐམས་ཅད་བློས་བྱས་ཀྱི་གྲུབ་མཐའ་བྱ་བ་ཡིན་གསུང་། སྒོམ་ལས་མ་བྱུང་གི་ལྟ་བ་དཀའ་གསུང་ངོ་། །རིན་པོ་ཆེའི་ཞལ་ནས། བཀའ་གདམས་པ་ཡང་ལྟ་བ་ལ་རྩིས་ཆེ་སྟེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། ལྟ་བ་རང་ཤར་ལ་རྩིས་ཆེ། ལར་ཆོས་ཐམས་ཅད་ཉམས་ཐོག་ནས་སྨྲ་བ་ཅིག་དགོས། སྟོང་ཉིད་ཤེས་བྱའི་གཤིས་སྒོམ་པ་དང་། རྩ་རླུང་སྒོམ་པའི་རྟེན་འབྲེལ་གྱིས་ཉམས་ འབྱུང་སྟེ། དེ་ཡང་ཉམས་ཡིན་པ་ཡིན་ཏེ། དེས་ཆོས་ཤ་རུས་ཆོད་པ་མི་འོང་། ཆོས་ཤ་རུས་ཆོད་པ་ལ། དོན་དམ་ལ་སྐྱེ་མེད་སྐྱེས་པའི་ཉམས་ཅིག་དགོས་གསུང་། ཀུན་རྫོབ་སྒྱུ་མར་མཐོང་བ། བློའི་ཡུལ་དུ་བྱར་མི་འདོད། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ན། རྣམ་རྟོག་གི་བློས་མི་མཐོང་གསུང་ངོ་།། །།རིན་པོ་ཆེའི་ཞལ་ནས། གསང་སྔགས་ཀྱི་རྒྱུད་ཅིག་ལམ་དུ་སློང་བ་ཡིན་ཏེ། དེ་ཡང་རྒྱུ་གཅིག་ལམ་དུ་སློངས་ ན་ཡོ་སློངས་བ་ཡིན། དེ་ཅི་ལྟར་སློང་ན། དབང་བཞི་པ་ལམ་དུ་སློང་བ་ཡིན། བུམ་པའི་དབང་གི་དགོས་པ་ཅི་འདྲ་བ་ཞིག་ཡོད་ན། ཐ་མལ་པའི་ཞེན་པ་ལྡོག་ནས་ལྷའི་ང་རྒྱལ་དུ་བྱེད་པ་ཡིན། ཉོན་མོངས་པ་ལྔ་བཟློག་ ནས་ཡེ་ཤེས་ལྔར་བྱེད་པ་ཡིན། གསང་བའི་དབང་གིས་རང་ལ་ཡོད་པའི་བདེ་བ་སྐྱེད་པར་བྱེད་པ་ཡིན། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཟག་མེད་ཀྱི་བདེ་བ་བསྐྱེད་པར་བྱེད་པ་ཡིན། ཚིག་དབང་རིན་པོ་ཆེས་ནི་ཆོས་ཀྱི་སྐུ་ངོ་སྤྲོད་ 2-3-4a པར་བྱེད་པ་ཡིན་གསུང་། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ་གྱིས་སྨིན་པར་བྱས་ནས། སྨིན་པ་གྲོལ་བར་བྱེད་པ་ཐབས་བསྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་། ངོ་བོ་ཉིད་ཀྱི་སྐུ་ཉོན་མོངས་པའི་དྲྭ་བ་ ཐམས་ཅད་དང་བྲལ་བ། བདག་གི་སེམས་ཀྱིས་སྟོང་ཉིད་ཀྱི་རང་བཞིན་བདེ་བར་གཤེགས་པ་འབའ་ཞིག་གི་སྤྱོད་ཡུལ། ཆོས་ཀྱི་དབྱིངས་ཀྱི་སེམས། བདེ་བ་ཆེན་པོའི་བདག་ཉིད་རྟོགས་པར་བྱེད་དོ། །དེ་ཡང་། ལྷའི་སྐུ་སྒྱུ་མ་ ལྟ་བུ་ལ་བརྟེན་ནས་བསྐྱེད་རིམ་གྱི་ལམ་བསྒོམས་པས། ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་སྟེ། རྟོག་པའི་རང་བཞིན་བརྒྱད་ཅུ་དང་བྲལ་ནས། རྟོག་མེད་སྐྱེ་བ་ནི་མཆོག་དགའ། རྟོག་པའི་རང་བཞིན་བདུན་ དང་བྲལ་ནས། ལྷན་ཅིག་སྐྱེས་པའི་དགའ་བའོ། །དེའི་དུས་ན། ནང་རྟགས་ལྔ་དང་། ཕྱིའི་རྟགས་བརྒྱད་ལ་སོགས་པ་དང་། ལུས་སེམས་སྦྱངས་པའི་རྟགས་མང་དུ་འབྱུང་ངོ་། །དེ་ནི་བསམ་གཏན་དང་པོའི་དངོས་གཞི་ཡིན་ན། དེ་ལ་ངེས་ཤེས་སྐྱེས་ནས་ཆོས་སྐུ་མངོན་སུམ་དུ་ཐོབ་པར་བྱེད་པ་ཡིན་ནོ། །བླ་མས་ངེས་ཤེས་དྲངས་ནས་བདེ་བ་རྟོག་མེད་སྒོམ་པ་ནི། འདུ་ཤེས་ཀྱི་རྣམ་པར་ཤེས་པའི་མངོན་སུམ་གྱི་བསམ་གཏན་དང་པོའི་དགའ་བདེ་སྒོམ་པ་ཡིན་ནོ། ། དེ་ལྟར་ནང་གི་དགའ་བ་བརྟན་པའི་སྟོབས་བཟུང་བ། སྟོང་ཉིད་རྟོགས་པའི་རྣལ་འབྱོར་གྱི་མངོན་སུམ་ཡིན་ནོ། །དེ་ཡང་སོ་སོ་སྐྱེ་བོ་ལ་ཇི་ལྟར་སྐྱེ་ན། གང་དག་བག་ཆགས་སྲབ་པ་དང་། །རྒྱུ་རྐྱེན་རྟེན་འབྲེལ་འཛོམ་པ་ལས། །མེ་ ལོང་དག་གི་གཟུགས་བརྙན་བཞིན། །སེམས་ཉིད་མངོན་སུམ་དག་གིས་རྟོགས། །དེ་ལྟ་བུའི་སེམས་ཉིད་ཀྱི་སྟོང་ཉིད་རྟོགས་པ་ནི། ཟག་པ་མེད་པའི་སྡོམ་པ་དང་པོའི་མངོན་སུམ་ཡིན་ཏེ། སེམས་ཉིད་ཀྱི་སྟོང་ཉིད་ལ་ངེས་ཤེས་ 2-3-4b སྐྱེས་པའི་ཕྱིར་རོ། །ངེས་ཤེས་སྐྱེས་ནས། སེམས་ཉིད་ཀྱི་སྟོང་ཉིད་ལ་ཚད་མས་ངེས་པ་ཡིན་ནོ། །དེ་ལ་ངེས་ཤེས་མ་སྐྱེད་ན། ཟག་པ་མེད་པའི་ས་བོན་མ་སྐྱེས་པས། སོ་སོར་བརྟགས་མིན་གྱི་འགོག་པ་ཞེས་བྱའོ། །ཞེས་གསུངས་ སོ། །ཡང་རིན་པོ་ཆེའི་ཞལ་ནས། སེམས་ཉིད་འགྱུར་བ་མེད་པ། རྒྱུན་ཆད་པ་མེད་པ། དུས་ཐམས་ཅད་པའོ། །འགྱུར་བ་མེད་པ་ནི། དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་འགྱུར་བ་མེད་པའོ། །རྒྱུན་ཆད་མེད་པ་ནི། རིག་ པ་ལ་རྒྱུན་ཆད་མེད་པའོ། །དུས་ཐམས་ཅད་པ་ནི། དུས་འདི་ནས་ཡོད་དང་འདི་ནས་མེད་བྱ་བ་མ་ཡིན། མ་སྐྱེས་ཤིང་མ་འགགས་པའི་ཕྱིར་དུས་ཐམས་ཅད་པའོ། །སེམས་གྲུབ་མཐའི་བློས་མ་བསྒྱུར་བ་རྣམ་པར་རྟོག་པ། གྲུབ་མཐའི་ བློས་བསྒྱུར་བ་རྣམས་ལ་རྣམ་པར་རིག་པ། རྟོགས་པའི་དུས་སུ་ཡེ་ཤེས་སོ། །ཤེས་པ་ཤེས་རབ། ཤེས་བྱ་གསུམ་གང་ཞེ་ན། ཤེས་པ་ནི་རང་རིག་པའི་ངོ་བོ། །ཤེས་བྱ་ནི་བློའི་ཡུལ་དུ་གྱུར་པ་ཐམས་ཅད་ཤེས་རབ་ནི་དེ་ཉིད་རྟོགས་ པར་བྱེད་པ་ལ་བྱའོ། །ཞེས་གསུང་ངོ་། །ཡང་རིན་པོ་ཆེའི་ཞལ་ནས། ཚེ་འདི་བློས་བཏང་ནས་ཆོས་གཤའ་མར་བྱེད་པ་ལ། བླ་མ་མ་ནོར་བ་ཞིག་དང་འཕྲད་དགོས། ཆོས་མ་ནོར་བ་ཞིག་དང་འཕྲད་དགོས། བླ་མ་ནོར་བ་དང་ཕྲད་ན། ཆོས་ནོར་བ་དང་ཕྲད་ནས། ལམ་མ་ནོར་བ་རྒྱུད་ལ་མི་སྐྱེ། དེ་མ་སྐྱེས་ན། འབྲས་བུ་མ་ནོར་བ་རྒྱུད་ལ་མི་འཆར། དེ་མ་ཤར་ན་སངས་མི་རྒྱ། དེས་ན། བླ་མ་མ་ནོར་བ་ཞིག་དང་ཕྲད་ན། ཆོས་མ་ནོར་བ་ཞིག་དང་ཕྲད། དེ་དང་ཕྲད་ པས་ལམ་མ་ནོར་བ་རྒྱུད་ལ་སྐྱེ། དེ་རྒྱུད་ལ་སྐྱེས་པས་འབྲས་བུ་མ་ནོར་བ་རྒྱུད་ལ་འཆར་གསུང་། ཆོས་གཤའ་མ་ཞིག་བྱེད་ན། དང་པོ་མི་རྟག་པ་བསྒོམས་པའི་སྟོབས་ཀྱིས་ཚེ་འདི་ལ་བློ་ལྡོག་པ་ཅིག་དགོས། དེ་ནས་འཁོར་བའི་ཉེས་དམིགས་ 2-3-5a བསྒོམས་པས། འཁོར་བ་མཐའ་དག་ལ་བློ་ལྡོག་དགོས། དེ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། འཁོར་བ་ན་གནས་པའི་མ་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ཞིག་དགོས། བྱང་ཆུབ་ ཀྱི་སེམས་རྣམ་གཉིས་རྒྱུད་ལ་སྐྱེས་ན་སངས་རྒྱས། དེ་གཉིས་མ་སྐྱེས་ན་སངས་མི་རྒྱ། བསོད་ནམས་ཀྱི་ཚོགས་གསོག་པ་དང་། བསྐྱེད་རིམ་སྒོམ་པ་དང་། བཟླས་པ་བྱེད་པ་ལ་སོགས་པ་ཡང་། དེ་གཉིས་ཀྱི་ཞབས་ཏོག་གི་ཚུལ་དུ་ བྱེད་པ་ཡིན། ཀུན་རྫོབ་སྒྱུ་མ་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་གསུང་། བསྒོམ་པར་བྱ་བ་ནི། ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་ཡིན་ཏེ། ཕྱི་གཟུང་བའི་ཡུལ་རླུང་གི་དཀྱིལ་འཁོར་ནས། སྲིད་ པའི་རྩེ་མོའི་བར་འདི་དག་ནི་རྫུན་པ་ཡིན་ཏེ། དེ་དང་པོ་ནས་ཡོད་མ་མྱོང་བ་ཡིན། དཔེར་ན་རྨི་ལམ་ན་ཟས་ཟོས་པ་དང་། སྐོམ་འཐུངས་པ་ལ་སོགས་པ་རྨི་ཡང་། གཉིད་སད་པ་ན་གང་ཡང་མ་གྲུབ་པ་དེ་བཞིན་དུ། ད་ལྟར་འཁོར་བའི་ ཆོས་སྣ་ཚོགས་སུ་སྣང་ཡང་། བདེན་པ་མཐོང་བའི་དུས་སུ་གང་ཡང་མ་གྲུབ། དེས་ན་ད་ལྟ་ཡང་བདེན་པར་མཐོང་བ་ཡང་རྫུན་པ་ཡིན་ལ། རྫུན་པའི་ངོ་བོ་ཡང་བདེན་པ་ཡིན། སྣང་བ་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པར་བྱའོ། ། ནང་འཛིན་པའི་སེམས་འདི་ཉིད་ཀྱང་ངོས་བཟུང་མེད་པ་ཡིན་ཏེ། དང་པོ་མ་སྐྱེས། ཐ་མ་མི་འགག །རྒྱུ་རྐྱེན་གྱིས་མ་བསྐྱེད་དེ། གང་དུ་ཡང་འགྱུར་བ་མེད། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །ཅེས་གསུངས། སངས་ རྒྱས་ཀྱི་ཐུགས་ལ་མངའ་བ་དང་། སེམས་ཅན་གྱི་སེམས་གཉིས་ལ་བཟང་ངན་མེད། རྟོགས་མ་རྟོགས་ཀྱི་ཁྱད་པར་ཡིན། བློས་བྱས་ཀྱི་སྟོང་པ་ཡང་དང་ཡང་དུ་བསྒོམ། བརྟགས་ཏེ། སེམས་ཀྱི་ངོ་བོ་དེ་དང་པོ་ནས་མཐོང་མ་མྱོང་བར་ 2-3-5b ཡོད་པ་ཡིན། སེམས་ཀྱི་མཚན་ཉིད་ནི། རྟོག་པ་སྣ་ཚོགས་སུ་འཕྲོ་བ་འདི་སྣ་ཚོགས་སུ་ཤར་བ་ཡིན། སྐྱེས་བུ་ཤེས་རབ་ཆུང་བ་ནི། སེམས་དང་རྟོག་པ་ཐ་དད་དུ་རྟོགས། ཤེས་རབ་ཅན་ནི་གཉིས་སུ་མེད་པར་རྟོགས་ཏེ། རྟོག་པ་སེམས་ ལས་བྱུང་ཞིང་སེམས་ལ་ཐིམ་སྟེ། ཆུ་དང་རླབས་བཞིན་དུ་གནས་པ་ཡིན་ནོ། །སེམས་ཀྱི་རང་བཞིན་ནི། འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་ཡིན། དང་པོ་བློ་གསར་པའི་དུས་སུ། གང་ནས་སྐྱེས། གར་འགག །ཅི་ལྟར་ གནས་བལྟས་པས་བློ་ངེས་པར་བྱེད་པ་ཡིན། དེ་ཉིད་བློ་ཆེར་སོང་ནས། མ་བཅོས་པའི་ཤེས་པ་རང་གསལ་ལ་འཇོག་པ་ཡིན། ཡུལ་དེ་ཉིད་ལ། དད་པ་བརྩོན་པ་གུས་པས། ནན་ཏན་གྱིས་རྒྱུན་རིང་བར་བསྒོམ་པར་བྱ་སྟེ། ཆུ་བོ་ལ་རྒྱུན་ ཆད་མེད་པ་དང་། མར་མེའི་རྩེ་མོ་རླུང་གིས་མ་བསྐྱོད་པ་དང་། བུ་གཅིག་པོ་ཤི་བའི་མ་བཞིན་དུ། ཉིན་མཚན་དུ་འབད་ན། ལོ་འགའ་ཟླ་བ་འགའ་ན་དོན་གྲུབ་སྟེ་འོང་གསུང་ངོ་། །ཕ་རོལ་ཏུ་ཕྱིན་པས། ཀུན་རྫོབ་ཏུ་གཟུགས་སྟོང་ པ། སྟོང་པ་ཉིད་གཟུགས་གཉིས་མེད་དུ་བཞེད་ལ། དོན་དམ་པར་ཆོས་ཐམས་ཅད་མི་དམིགས་པར་བཞེད་དོ། །དོན་དངོས་ལམ་དུ་བྱེད་པ་ནི་གསང་སྔགས་ཏེ། ཏཻ་ལོ་པས། རང་གི་རིག་པ་ནི། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཏེ་དེ་ལ་བསྟན་ དུ་ཅི་ཡང་མེད། ཟེར་བ་ལྟ་བུ་སྟེ། ལྟ་བ་གཉིས་སུ་མེད་པ། ཉམས་མྱོང་རྒྱུན་ཆད་མེད་པ། སྒོམ་པ་ཕྱོགས་སུ་མ་ལྟུང་བ། སྤྱོད་པ་དགག་སྒྲུབ་དང་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ་ཡིན། ཞེས་གསུང་ངོ་།། ༄། །ཆོས་རྗེ་དགས་པོ་ལྷ་རྗེའི་ཉམས་ལེན་གྱི་གནད་བསྡུས་པ་ལགས།། ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། འཆི་བ་མི་རྟག་པ་སྒོམ་པ་གལ་ཆེ། དེ་ཡང་འཆི་བ་བསྒོམས་པས་ཚེ་འདི་ལ་བློ་ལྡོག་དགོས། མི་རྟག་པ་བསྒོམས་ 2-3-6a པས་འཁོར་བ་མཐའ་དག་ལས་བློ་ལྡོག་དགོས། འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་བསྒོམས་པས། ཉེས་པ་མཐའ་དག་ལས་བློ་ལྡོག་དགོས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། རང་ཞི་ བདེ་འདོད་པ་ལས་བློ་ལྡོག་དགོས། ཆོས་ཐམས་ཅད་སྟོང་ཉིད་དུ་བསྒོམས་པས། དངོས་པོ་དང་མཚན་མར་འཛིན་པ་ལས་བློ་ལྡོག་དགོས།། ཞེས་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། དད་པས་ཁམས་གསོ་ནུས་པ། ཚུལ་ཁྲིམས་ལ་ངོ་ལྐོག་མེད་པ། གདམས་ངག་ལ་རང་བྱན་ཚུད་པས། ལུས་སེམས་ཀྱི་གནོད་པ་ཕྲ་མོ་སེལ་ནུས་པ། གཉེན་པོས་རྐྱེན་ཐུབ་པ་ཞིག་དགོས་གསུང་།། །།ཡང་རིན་པོ་ཆེའི་ཞལ་ནས། ངའི་མི་རྟག་པ་འདི་སྟོན་པ་ རྣམས་ཀྱི་མ་གོ། བཙུན་པོ་རྣམས་ཀྱིས་མ་གོ། ཤེས་རབ་ཅན་གྱིས་མ་གོ། དད་པ་ཅན་གྱིས་མ་གོ། མི་རྟག་པ་ནན་ལྟར་གོ་ན། ཐ་མལ་གྱི་ལོང་སྐད་ཅིག་ཀྱང་མེད་པར། དགེ་བ་འབའ་ཞིག་བྱེད་པ་སྟེ། ཆོས་ཁོ་ན་བྱེད་པ་ཅིག་ འོང་བ་ཡིན་ཏེ། གསུང་། དགེ་བའི་བཤེས་གཉེན་པའི་ཞལ་ནས། ཁྱེད་ལ་ལོང་འདུག་སྟེ། ང་ལ་སྦུར་བ་རྒད་པོ་ཅིག་གི་ཚེ་ལས་མེད་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། འོ་སྐོལ་སྒོམ་ཆེན་པ་རྣམས་ལ། ནང་རྟགས་ ཕྱིར་འཆར་བ་ཞིག་དགོས། ཆོས་བརྒྱད་རོ་མ་སྙོམས་རིང་ལ། ཁས་བླངས་བཟང་བས་མི་ཕན། སོ་ཚུགས་པ་དང་། མཐའ་ཆོད་པ་གཉིས་དགོས་གསུང་ངོ་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་ཞལ་ནས། བློ་ངེས་སུ་འདོད་ན་ཆོས་གང་སྤྱད་ཀྱང་ཟབ། བློ་ངེས་སུ་མ་འདོད་ན་ཆོས་གང་སྤྱོད་ཀྱང་མི་ཟབ། དགེ་བཤེས་སྟོན་པས་གསང་སྔགས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་མཁྱེན་ཏེ། ཁོང་སྐྱེས་བུ་གསུམ་ལ་ངེས་པས། དུས་རྟག་ཏུ་བྱམས་ 2-3-6b དང་སྙིང་རྗེ་ལ་གོམས་པར་མཛད་པ་ལ། འགྲོ་བ་ཐམས་ཅད་དད་པར་གྱུར། ད་ལྟ་བཀའ་གདམས་ཀྱི་བསྟན་པ་དར་བར་བྱེད་པ། ཁོང་གི་སྐྱེས་བུ་གསུམ་ལ་བྱེད་པ་ཡིན། དེ་བཞིན་དུ། ལོ་ཙྪ་བ་རིན་ཆེན་བཟང་པོས་གོང་དུ་པཎྜི་ཏ་བཅུ་དྲུག་ དང་མཇལ་ཏེ། བྱམས་སྙིང་རྗེའི་གདམས་ངག་མེད། ཇོ་བོ་ཆེན་པོ་རྗེ་དང་མཇལ་ནས། བྱམས་པ་དང་སྙིང་རྗེ་ལ་བློ་ངེས་པས། ཁོང་གྲུབ་པ་ཐོབ་པར་གྱུར། དེ་བཞིན་དུ། རྣལ་འབྱོར་པ་གསུམ་མན་ཆད་ནས། དགེ་བཤེས་ཇོ་བོ་ ཡན་ཆད་བཀའ་གདམས་པ་དེ་ཐམས་ཅད་སྐྱེས་བུ་གསུམ་ལ་བློ་ངེས་པས། བྱམས་སྙིང་རྗེ་བསྒོམས་པ་ལས་བྱུང་བ་ཡིན། དེ་བས་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འདི་གལ་ཆེ། འདི་དང་པོར་མཁོ་སྟེ། འདི་མེད་ན་ཐེག་ཆེན་གྱི་ལམ་ དུ་མི་ཚུད། བར་དུ་མཁོ་སྟེ། འདི་མེད་ན་ཉན་ཐོས་ལ་སོགས་པར་ལྟུང་། ཐ་མར་མཁོ་སྟེ། འདི་མེད་ན་སྐུ་གཉིས་མི་འབྱུང་ངོ་། །མི་རྟག་པ་འདི་ཡང་དང་པོར་མཁོ་སྟེ། འདི་མེད་ན་ཚེ་འདི་ལ་བློ་མི་ལྡོག །བར་དུ་མཁོ་སྟེ། འདི་ མེད་ན་རྟག་པར་བཟུང་སྟེ་ཉན་ཐོས་ལ་སོགས་པར་གོལ་བ། ཐ་མར་མཁོ་སྟེ། མི་རྟག་པ་དང་སྟོང་པ་དོན་གཅིག་ཡིན་ནོ། །ལས་དང་འབྲས་བུ་འདི་ཡང་དང་པོར་མཁོ་སྟེ། ཚུལ་ཁྲིམས་རྣམ་པར་དག་ན་ངན་འགྲོའི་སྒོ་ཁེགས་པ་ཡིན་ནོ། ། བར་དུ་མཁོ་སྟེ། སྒྱུ་མ་རྨི་ལམ་ཙམ་དུ་ཚོགས་གཉིས་རྫོགས་པར་བྱེད་པ་ཡིན། ཐ་མར་མཁོ་སྟེ། ཀུན་རྫོབ་མཐར་ཕྱིན་གཟུགས་སྐུ་རྣམ་གཉིས་ཡིན། དེས་ན་ལམ་རིམ་རྩིས་སུ་ཆེ་གསུང་། དེ་རྣམས་རྒྱུད་ལ་མི་ལྡན་ན། གཉུག་མ་རབ་རིབ་ཅིག་སྐྱེས་ཀྱང་། ཡུལ་དང་ཉེ་དུ་ལ་ཆགས་ན་གཉུག་མ་དེས་མི་ཕན། མར་འགྲོ་བ་ལས་ཡར་མི་འགྲོ་གསུང་། ཚེ་འདི་ལ་ཆགས་པར་མ་བྱེད། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་ངེས་སུ་ 2-3-7a ཆུག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། དེ་ལྟར་ངེས་ན་གཉུག་མ་མེད་ཀྱང་། ཁོ་ཡར་འགྲོ་བ་ལས་མར་མི་འགྲོ། འོ་ན་གཉུག་མ་རྣལ་མ་ཞིག་རྒྱུད་ལ་སྐྱེས་ན། གཉུག་མའི་ངོ་བོ། གཉུག་མའི་འབྲས་བུ། གཉུག་མའི་རྒྱུ་གསུམ། ངོ་བོ་ནི། མེད་པ་མ་ཡིན་པའི་དོན་སྐྱེ་འགག་ཐམས་ཅད་དང་བྲལ་བ་དེ་ཡིན། འབྲས་བུ་ནི། སྐྱེ་འགག་མེད་པ་དེ་ཉིད་ཆོས་སྐུ་ཡིན། དེ་ལས་གཟུགས་སྐུ་གཉིས་འབྱུང་། གཟུགས་སྐུ་ཡང་གཉུག་མའི་བདེ་གསལ་ མི་རྟོག་པ་ལས་བྱུང་བས། སྐུ་གསུམ་གཉུག་མའི་འབྲས་བུ་ཡིན། བདེ་གསལ་དེ་གཏུམ་མོ་ལས་འབྱུང་བས་ན་གཉུག་མའི་རྒྱུ་ཡིན། གཉུག་མ་སྐྱེས་ཀྱང་གཏུམ་མོ་མེད་ན། ཤེས་རབ་རྐྱང་པ་ཡིན། གཏུམ་མོ་ཡོད་ན། ཐབས་ ཤེས་ཡ་མ་བྲལ་བ་ཡིན་གསུང་ངོ་། །བླ་མ་མི་ལའི་ཞལ་ནས། སྒོམ་པ་ལས་མ་བྱུང་གི་ལྟ་བ་དཀའ་བས། གཏུམ་མོ་ལ་འབད་པ་གལ་ཆེ་གསུང་། གང་ཟག་དབང་པོ་རབ་འབྲིང་གསུམ་ལ་ཆོས་ཅི་ལྟ་བུ་ཞིག་དགོས་ན། ཕ་རོལ་ཏུ་ཕྱིན་པའི་ བཞེད་པ་ནི། སྐྱེས་བུ་གསུམ་ལས། སྐྱེས་བུ་མཆོག་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ནས། ལྟ་བ་དབུ་མ་མཐར་ཐུག་རྟོགས་པ་ཡིན། སྐྱེས་བུ་འབྲིང་ནི། གཞི་སྐྱེས་བུ་འབྲིང་གི་ཆོས་ལ་བྱས་ནས། ཉམས་ ལེན་ཆོས་ཐམས་ཅད་མི་རྟག་པར་གོ་བ་དེ་ཡིན། སྐྱེས་བུ་ཆུང་ངུ་ནི། གཞི་སྐྱེས་བུ་ཆུང་ངུའི་ཆོས་ལ་བྱས་ནས། ལག་ཏུ་ཅི་ལེན་ན། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས། ལས་འབྲས་ལ་ཡིད་ཆེས་ནས་རྣལ་མར་ འཇོག་པ་དེ་ཡིན། དེ་ལ་སྐྱེས་བུ་ཆུང་ངུར་བཏགས་ཀྱང་། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོ་དག་ཏུ་འགྲོ་མི་འགྱུར། །ཞེས་གསུངས་སོ། །འོ་ནའང་། སྐྱེས་བུ་ཆུང་ངུ་ 2-3-7b དེ་ཡང་། ངན་སོང་གསུམ་གྱི་སྡུག་བསྔལ་ལས་འདས་ནས། མཐོ་རིས་ལྷ་མིའི་སངས་རྒྱས་ཀྱི་ཚོད་ཙམ་ཡིན་ཏེ། མིག་ཡར་ལ་བལྟས་པའི་དུས་ན། འཁོར་བ་གང་ལ་ཡང་སྐྱིད་མེད། འཁོར་བའི་མཚན་ཉིད་རི་བོ་ཆེ་ཚིག་པའི་དབུས་ན་ རང་ཉིད་འདུག་པའམ། རྒྱ་མཚོའི་དཀྱིལ་དུ་གཟིངས་འབྱམས་པའམ། གཙང་པོའི་དཀྱིལ་དུ་གྲུ་འབྱམས་པ་ལྟར་རོ། །མདོར་ན། མྱ་ངན་ལས་འདས་པ་ཅི་ཐོབ་བྱེད་དགོས། སྐྱེས་བུ་འབྲིང་དེ། ཉན་ཐོས་ཀྱི་ལམ་ཡིན། དགྲ་བཅོམ་པའི་འབྲས་ བུ་ཐོབ་སྟེ། དེས་མི་འོང་བས། བླ་ན་མེད་པའི་བྱང་ཆུབ་ཅི་ཐོབ་བྱེད་དགོས། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་མ་ཡིན། ཐབས་བསྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་བསྐྱེད་རིམ་གྱིས་ཟུང་འཇུག་རྟོགས་པ་སྒྲུབ། བསྐྱེད་རིམ་འབྲིང་དང་ཐ་ མ་གཉིས་ཀྱིས་ཐ་མལ་གྱི་ཞེན་པ་བཟློག། །རབ་ཀྱིས་རང་ལྷར་མཐོང་། ཇི་ལྟར་མཐོང་ན། རིགས་ལྔར་མཐོང་། ལྷ་མོ་ལྔར་མཐོང་། བྱང་ཆུབ་སེམས་དཔའ་བཅུ་དྲུག་ཏུ་མཐོང་། དེ་ལ་སོགས་པ། ཕྱི་ནང་གང་བྱེད་ཀྱི་ལྷར་མཐོང་། འབྲིང་ གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད་དོ། །རྫོགས་རིམ་ནི། རབ་ཀྱིས་རང་ཉིད་སངས་རྒྱས་སུ་མཐོང་། འབྲིང་གིས་ངོ་བོ་སྐྱེ་མེད་དུ་རྟོགས། ཐ་མས་སྤྲོས་བཅས་ལ་བརྟེན་ནས་རྩེ་གཅིག་སྤྱོད་དོ། །འོ་ན་ཕ་རོལ་ཏུ་ཕྱིན་པ་དང་ཁྱད་ པར་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཞེས་བྱ་བ། ཕྱི་གཟུང་བའི་ཡུལ་འདི་གཅིག་དང་དུ་བྲལ་གྱིས་གཞིགས་ནས་སྟོང་པར་བྱེད། གཟུང་བ་མེད་ན་དེར་འཛིན་མེད། གཟུང་ཡུལ་རྩད་ཆོད་ན། འཛིན་པ་ སྒྲོག་རང་བརྡལ་ལ་འགྲོ་ཟེར་ནས། ནང་འཛིན་པའི་སེམས་ལ་རྟོག་དཔྱོད་མི་གཏོང་ངོ་། །གསང་སྔགས་པ་ནི། ཕྱི་གཟུང་བའི་ཡུལ་ལ་རྟོག་དཔྱོད་མི་གཏོང་། རྒྱས་འདེབས་བྱེད། སེམས་དང་པོ་གང་ནས་སྐྱེས་བལྟས་པས། 2-3-8a གང་ནས་ཀྱང་མ་སྐྱེས། བར་དུ་གང་ན་གནས་བལྟས་པས་གང་ན་ཡང་མི་གནས། ཐ་མ་གར་འགག་བལྟས་པས། གར་ཡང་མི་འགག །རང་བཞིན་ཅི་ལྟ་བུ་འདུག་བལྟས་པས། ཅིའི་ངོ་བོར་ཡང་མ་གྲུབ་པ། དེ་ལྟ་བུའི་དོན་ཅི་ཡང་མ་ཡིན་པ་དེ་ལ་རིག་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་གྱི། རྣམ་རྟོག་གི་བློའི་ཡུལ་མ་ཡིན་ནོ། །དེས་ན། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་སོ། །དེ་ལྟ་བུའི་དོན་དེ་ལ་གནས་ན། ཐ་མར་མི་ འཛིན་པའོ། །ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ཀྱི་ཁྱད་པར་ལ། ཕ་རོལ་ཏུ་ཕྱིན་པ་ནི་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད། དོན་སྤྱིའི་རྣམ་པ་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་གཅིག་དང་དུ་བྲལ་གྱིས་གཞིགས་ནས། མ་གྲུབ་པ་ཞིག་ ལ་བརྟེན་ནས། ཆོས་ཐམས་ཅད་མ་གྲུབ་པར་བྱས་ནས། ནམ་མཁའ་རྣམ་པར་དག་པ་ལྟར་བློས་བྱས་ནས་འཇོག་པ་ནི། དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན་ནོ། །དོན་དངོས་ལམ་དུ་བྱེད་པ་ནི། ཐབས་ལམ་དྲག་ཏུ་བཅུན་པས། རླུང་ཨ་ཝ་དྷཱུ་ཏིར་ཚུད་དེ། དེའི་དུས་སུ་རླུང་སེམས་གཉིས་སུ་མེད་པས། ཤེས་པ་གསལ་ལ་མི་རྟོག་པ་འབྱུང་སྟེ། དེའི་དུས་སུ་བླ་མ་ཅིག་གིས། ཁྱོད་ཀྱི་ཤེས་པ་གསལ་ལ་མི་རྟོག་པ་དེ་ནི། རང་གི་སེམས་རིག་པ་ཁོ་ན་ཡིན་ནོ། ། ཞེས་ངོ་སྤྲད་ནས། ཁོས་དེ་ཁོ་ན་ལྟར་བསྒོམས་པས། གསལ་བ་དང་མི་རྟོག་པ་ལ་མཆོག་འཛིན་བཏང་སྟེ། རིག་པ་དེ་ལ་ངེས་ཤེས་སྐྱེའོ། །རིག་པ་དེ་ཁོ་ན་གསལ་བ་དེ་ཉིད་ལ་མ་ཡེངས་པ་ནི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ལྟ་བུའི་ ཏིང་ངེ་འཛིན་མཐར་ཕྱིན་པ་ཆོས་ཀྱི་སྐུའོ། །ལམ་རྣམ་པ་གསུམ་ནི། གཞི་སྤོང་བའི་ལམ། གཞི་སྒྱུར་བའི་ལམ། གཞི་ཤེས་པའི་ལམ་མོ། །གཞི་སྤོང་བའི་ལམ་ནི། ཉོན་མོངས་པ་སྤོང་བར་འདོད་ཅིང་། གཉེན་ 2-3-8b པོ་ཡེ་ཤེས་རྒྱུད་ལ་སྐྱེ་བར་འདོད་པ་ནི། ཕ་རོལ་ཏུ་ཕྱིན་པའོ། །གཞི་སྒྱུར་བའི་ལམ་ནི་གསང་སྔགས་སྟེ། ཅི་ལྟར་སྒྱུར་ན། ཆོས་ཐམས་ཅད་གཞལ་ཡས་ཁང་དང་། ལྷ་དང་ལྷ་མོར་སྒྱུར། ཟས་ཐམས་ཅད་བདུད་རྩིར་སྒྱུར། རང་ལྷར་སྒྱུར། ཉོན་མོངས་པ་ཡེ་ཤེས་སུ་སྒྱུར། གཞི་ཤེས་པ་ནི། ཆོས་ཐམས་ཅད་ལ་སྤང་རྒྱུ་མེད། བླང་རྒྱུ་མེད། སྒྱུར་རྒྱུ་ཡང་མེད་པར་ཐམས་ཅད་སེམས་སུ་འདུས། སེམས་ཀྱི་རྣམ་འཕྲུལ་ཡིན། སྐྱེ་མེད་འོད་གསལ་བར་ཤེས་ པ་ནི། གཞི་ཤེས་པ་སྟེ་གསང་སྔགས་སོ། །རྡོ་རྗེ་འཆང་གིས། སྒོམ་མེད་སྒོམ་པ་པོ་ཡང་མེད། །བསྒོམ་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་ཏེ། རྣལ་འབྱོར་པ་ནི་སངས་རྒྱས་ལ་མི་ཉན། སངས་རྒྱས་མི་བདེན། སྒོམ་པ་ ཡོད། ཅི་ལྟར་ཡོད་ན་རིག་པ་རང་ཡིན། ངའི་རིག་པ་གསལ་ལ་གོ་མ་འགགས་པ། རྒྱུན་ཆད་མེད་པར་འདི་སྒོམ། སྒོམ་པ་པོ་ཡོད་དོ། །ཅི་ལྟར་ཡོད་ན། ངའི་ངོ་བོ་འདིས་སངས་རྒྱས་ཀྱི་བཅད་པར་མི་ནུས་པས་ང་རང་ཡིན། བསྒོམ་ པར་བྱ་བ་ཡང་ཡོད། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཡོད། འོ་ན་ང་སངས་རྒྱས་བདེན། ང་སངས་རྒྱས་ཀྱི་རྗེས་སུ་འབྲང་། སྒོམ་པ་མེད། ཅི་ལྟར་མེད་ན། རང་རིག་ངོས་བཟུང་དང་བྲལ་བ། དཔེ་དང་ཚིག་གང་གིས་ཀྱང་མཚོན་དུ་ མེད། མཚན་མའི་ངོས་ནས་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་སྒོམ་པར་བྱ་བའི་ཡུལ་མེད། ང་གསལ་བར་མི་འདོད་དེ་ངོས་བཟུང་ཡིན། ང་མི་རྟོག་པ་མི་འདོད་དེ། དེ་ཡང་ངོས་བཟུང་ཡིན། དཔེ་ གང་གིས་ཀྱང་མཚོན་དུ་མེད། ཚིག་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ང་ལ་བཅས་བཅོས་མ་མང་རང་གར་ཞོག། །ཅེས་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ 2-3-9a ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་གཉིས་ཡིན། དེ་ལ་སེམས་ཉིད་ལྷན་ཅིག་སྐྱེས་པ་ནི། སེམས་ཀྱི་རང་བཞིན་ནམ་ངོ་བོ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི། དེ་ལས་བྱུང་བའི་རྣམ་པར་རྟོག་པ་དེ་ཡིན། དེ་ཡང་ ཉི་མ་དང་ཉི་མའི་འོད་བཞིན་ནམ། ཙན་དན་དང་ཙན་དན་གྱི་དྲི་ལྟ་བུ་ཡིན་ནོ། །དེ་ལ་རྟོགས་པར་བྱ་བའི་ཆོས་གསུམ་དང་། ཉམས་སུ་བླང་བའི་ཆོས་གསུམ་མོ། །རྟོགས་པར་བྱ་བའི་ཆོས་གསུམ་ནི། སྣང་བ་ལྷན་ཅིག་སྐྱེས་པ་ཅི་ ཡང་མ་ཡིན་པ་ལ་སྣ་ཚོགས་སུ་ཤར་བ་ཤེས་པར་བྱ། སྣ་ཚོགས་སུ་ཤར་ཡང་དོན་ཅི་ཡང་མ་ཡིན་པར་ཤེས་པར་བྱ། གཉིས་མེད་སྨྲར་མི་བཏུབ་པར་ཤེས་པར་བྱའོ། །ཉམས་སུ་བླང་བྱའི་ཆོས་གསུམ་ནི། སེམས་ཉིད་ལྷན་ ཅིག་སྐྱེས་པ། དང་པོ་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད་པ་དང་། བར་དུ་ཐེ་ཚོམ་དང་བྲལ་བ་སེམས་མ་བཅོས་པར་སོ་མར་བཞག་པ་དང་། ཐ་མ་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ།། །།འཆི་བ་ བསྒོམས་པས། ཚེ་འདིའི་དོན་མི་བྱེད། འཁོར་བའི་ཉེས་དམིགས་བསྒོམས་པས་འཁོར་བར་མི་སྐྱེ། ལས་དང་འབྲས་བུ་བསྒོམས་པས་ངན་སོང་དུ་མི་སྐྱེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཉན་རང་དུ་མི་ལྟུང་། ། ཟབ་མོ་སྟོང་ཉིད་བསྒོམས་པས། གཟུགས་ཁམས་དང་གཟུགས་མེད་ཁམས་སུ་མི་སྐྱེ། འཆི་བ་བསྒོམས་པས། ཡོན་ཏན་བརྒྱད། ཕན་ཡོན་གསུམ་ཡོད་དེ། གང་ཞེ་ན། སྐྱོ་བ་སྐྱེ་བ་ཡིན། དད་པ་གསོ་བ་ཡིན། བརྩོན་ འགྲུས་ཅན་དུ་འགྱུར་པ་ཡིན། འཇིག་རྟེན་ལ་མི་ཆགས་པ་ཡིན། མྱ་ངན་ལས་འདས་པ་ལ་ཕྱོགས་པ་ཡིན། འཆི་བ་སྒོམ་པ་ལ་རབ་འབྲིང་གསུམ་ཡོད། རབ་ཀྱིས་དངོས་པོ་ཞག་ཏུ་མི་འཛིན། འབྲིང་གིས་ཟླ་བར་མི་འཛིན། ཐ་མས་ 2-3-9b ལོར་མི་འཛིན་པ་ཡིན་གསུང་། བླ་མའི་གདམས་ངག་ཡི་གེར་བྲིས་པའོ།། །།ཡང་བླ་མའི་ཞལ་ནས། མི་དམིགས་པ་གསུམ་ནི། སྦྱིན་པ་མི་དམིགས། སྦྱིན་པ་པོ་མི་དམིགས། སྦྱིན་པའི་དངོས་པོ་མི་དམིགས། སེམས་ཀྱི་ རྣམ་འཕྲུལ་ཡིན། སྦྱིན་པའི་ཡུལ་མི་དམིགས། སེམས་ཀྱི་རྣམ་འཕྲུལ་ཡིན། སེམས་སྐྱེ་མེད་འོད་གསལ་བ་ཡིན། འོད་གསལ་གཉིས་འཛིན་གྱིས་ཤེས་པ་དང་བྲལ་ན་མི་དམིགས་པའོ། །ཞེས་གསུང་ངོ་།། །། ༄། །ན་མོ་གུ་རུ། བདེ་གཤེགས་སྤྲུལ་པ་བླ་མ་དམ་པ་ཡིས། །རང་སེམས་སངས་རྒྱས་ཡིན་པར་ངོ་སྤྲད་ནས། །ངེས་ཤེས་སྐྱེས་པའི་ཉམས་མྱོང་ཚིག་དང་བྲལ། །འཁོར་འདས་གཉིས་འཛིན་རྣམ་པར་རྟོག་པ་ཡང་། །བརྗོད་ མེད་སྤྲོས་བྲལ་ཆོས་སྐུའི་ངང་དུ་ཐིམ། །རྟག་ཆད་གཉིས་ཀྱི་མཚན་མ་རང་སར་གྲོལ། །ཟག་བཅས་བདེ་བ་ལུས་ཀྱི་དཀྱིལ་ནས་ཤར། །ཟག་མེད་བདེ་བ་དངོས་པོ་ཀུན་ལ་ཁྱབ། །ཞེན་པ་མེད་པའི་ལྟ་བ་ནམ་མཁའ་འདྲ། །རྒྱུན་ཆད་མེད་ པའི་ཉམས་མྱོང་ཆུ་བོ་འདྲ། །རེ་དོགས་མེད་པའི་འབྲས་བུ་ལྷུན་གྱིས་གྲུབ། །དེ་ལྟའི་དོན་ཅིག་ཉམས་སུ་མྱོང་འདོད་པས། །བླ་མ་སྤྱི་བོར་ཁུར་བས་ལམ་ལ་ཡིད་ཆེས་བྱ། །སྡུག་བསྔལ་དང་དུ་བླངས་པས་བདེ་བ་ཤུགས་ལ་འབྱུང་། །དངོས་པོའི་ ཞེན་པ་བཏང་བས་སྣང་བ་སྒྱུ་མར་འཆར། །ཐམས་ཅད་རྫུན་དུ་ཤེས་པས་ཉེ་དུའི་གདུང་སེམས་བྲལ། །གར་བདེའི་རི་ཁྲོད་འགྲིམས་ན་གནས་ཀྱི་ཞེན་པ་བྲལ། །འདུས་པ་འབྲལ་བར་ཤེས་ན་གྲོགས་ཀྱི་ཞེན་པ་བྲལ། །བསགས་པ་འཛད་པར་གོ་ན་ ནོར་གྱི་ཞེན་པ་བྲལ། །ཁམས་ཀྱི་ཟས་ལ་རྟེན་ལ་ཉམས་མྱོང་སེམས་ལ་བསྐྱང་། །སྟོང་ཉིད་སྙིང་རྗེ་འདྲེས་ན་སྒོམ་ལ་གོལ་ས་མེད། །དམན་པའི་ས་ལ་འདུག་ན་དུག་ལྔ་ངང་གིས་ཞི། །ཧྲུལ་པོའི་གོས་ལ་རྟེན་ལ་ཐབས་ཀྱི་ཞབས་ཏོག་འབད། ། 2-3-10a རིགས་དྲུག་གཡང་ས་ཆེ་བས་དམ་ཚིག་སྡོམ་པ་བསྲུངས། །མི་ལུས་ཐོབ་པར་དཀའ་བས་ད་རེས་བརྩོན་འགྲུས་འབད། །ལྟ་བ་ཚིག་ཏུ་འཆོར་བས་ཉམས་ཀྱི་བརླན་ལ་གཙོ། །ཉམས་མྱོང་བློས་བྱས་ཡིན་པས་དོན་ལ་སྙེམས་ ཐག་བཅད། །ཆོས་བརྒྱད་སྔོན་དུ་སོང་བའི་སྤྱོད་པ་ཚུལ་འཆོས་ཡིན། །རེ་དོགས་གཉིས་དང་བྲལ་ན་འབྲས་བུ་ལྷུན་གྱིས་གྲུབ། །འགྲོ་ལ་སྙིང་རྗེ་བསྐྱེད་ན་གཞན་དོན་ཤུགས་ལས་འབྱུང་། །ཐབས་ཀྱི་དམ་པ་ཡིན་པས་བསྔོ་བས་ཟིན་པར་གྱིས། ། ཉམས་མྱོང་ཡི་གེར་བཀོད་པས་མཁའ་འགྲོས་བཟོད་པར་གསོལ། །བསྡུས་པའི་ཉམས་ལེན་ཨྠི།། །།བླ་མ་ཏི་ཕུ་པ་དང་། ཨ་ནུ་ཏ་ར་བཛྲ་དང་། བླ་མ་མི་ལ་རྣམས། ད་ལྟ་ལམ་གྱི་ལམ་འོད་གསལ། བར་དོ་ལམ་གྱི་འབྲས་བུ་ འདྲེས་པར་བཞེད་པ་ཡིན། བླ་མ་བལ་པོ་དང་ཉི་མའི་རིས་ལ་རྩོད་པ་བྱས། ལམ་གྱི་འོད་གསལ་ངོས་མ་ཟིན་པར། འབྲས་བུའི་འོད་གསལ་བར་དོར་ཟིན་པ་མི་སྲིད། གདམས་ངག་མེད་པ་རྣམས་འོད་གསལ་ལ་ལངས་ནས། ལུས་ཚོལ་ བས་འཁོར་བར་སྐྱེ་གསུང་།། །།ཟུང་འཇུག་རྣམ་འགྱུར་གྱིས་མན་ངག་ཡིན།། །།བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །བདག་ཉིད་བདེ་ཡིད་དག་ལ་གདུང་མི་བྱ། །བདག་ཉིད་ཟ་ཞིང་འཐུང་ལ་གཉིས་སྦྱར་ཏེ། །དགའ་ བའི་ཡིད་ཀྱིས་སྤྲོ་བར་བྱེད་པ་ནི། །ང་དག་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདིས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པས་འཇིག་རྟེན་མགོ་བརྟགས་བཞག་ནས་སོང་། །ཞེས་བྱ་བའི་དོན་ནི། རྣལ་མའི་དོན་ནོ། །གཉུག་ མའི་དོན་ཉིད་ཉམས་སུ་མྱོང་བ་ན། རྣལ་འབྱོར་པ་བདག་ཉིད་ལ་བདེ་བ་སྐྱེས་ཀྱང་། ཡིད་གདུང་བར་མི་བྱའོ། །འོ་ན་བསྒོམ་པར་བྱ་བ་མ་ཡིན་ནམ་ཞེ་ན། རྣལ་འབྱོར་པ་བདག་ཉིད་གཉུག་མའི་ཏིང་ངེ་འཛིན་དེ་དག་གི་ཟས་ཟ་ཞིང་། བླ་མའི་གདམས་ 2-3-10b ངག་སྐོམ་དུ་འཐུང་ལ། བདེ་བ་དང་སྟོང་པ་དང་གུས་པའི་སྒོ་ནས་ཡུན་རིང་དུ་ཉམས་སུ་བླངས་པས་འབྱུང་ངོ་། །ལུས་སེམས་སྦྱངས་པའི་རྟགས་མང་དུ་འབྱུང་སྟེ། སྲོག་དྷུ་ཏཱིར་ཚུད་པའི་སྟོབས་ཀྱིས། རྟགས་ལྔ་དང་ཕན་ཡོན་བརྒྱད་ལ་སོགས་པ་ ཡོན་ཏན་མང་དུ་འབྱུང་ངོ་། །དེ་ལྟ་བུའི་ལུས་སེམས་བདེ་བ་ཅི་བྱུང་ཡང་ཞི་གནས་ཡང་ཡིན་ཏེ། འོན་ཀྱང་རྟགས་ལྔ་དང་ཕན་ཡོན་བརྒྱད་པོ་དེ་ཞི་གནས་དང་། ལྷག་མཐོང་ཟུང་དུ་འབྲེལ་བ་ལས་འབྱུང་སྟེ། དམིགས་པ་ཕྲ་མོ་ཟིན་པའི་གནས་པ་ལྟེང་ལྟེང་ལ་མི་ འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་བསམ་གཏན་དང་པོའི་དངོས་གཞི་ཡིན་གསུང་། དེ་ཡང་ལུས་ཀྱི་རྣམ་པར་ཤེས་པའི་བསམ་གཏན་གྱི་དགའ་བ་སྒོམ་པ་ཡིན་གསུང་། བླ་མ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་བྱས་པ་ཅིག་གིས། སྐྱེ་མེད་ ངེས་སུ་འཇུག་སྟེ། མ་ངེས་ན་སྣང་བ་ལམ་ངེས་པ་ཞེས་བྱའོ། །དེ་ཡང་། ལུས་ཀྱི་རྣམ་པར་ཤེས་པ་ཟག་བཅས་ཀྱི་བདེ་བ་མངོན་སུམ་གྱིས་སྐྱེ་མེད་དུ་ངེས་སུ་འཇུག་སྟེ། མ་ངེས་ན་སྣང་ལ་མ་ངེས་པ་ཞེས་བྱ་སྟེ། སོ་སོར་བརྟགས་མིན་གྱི་འགོག་པར་ འགྲོ། ཐུན་མོང་གི་ལམ་པོ་ཡིན་པས་གར་སྐྱེ་ཆ་མེད་གསུང་། ངེས་པའི་ཤེས་པ་སྐྱེས་ན། རྟོག་པ་དང་བྲལ་བའི་སྟོང་ཉིད་ཀྱི་ཡུལ་མངོན་སུམ་གྱིས་རབ་ཏུ་ཤེས་གསུང་ངོ་། །སེམས་སྐྱེ་མེད་ཀྱི་ངོ་ལ་མ་ངེས་ན། བླ་མའི་ཞལ་ནས། དེ་དེ་ ཡིན་ཏེ་དེ་དེ་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །ཞེས་གསུང་། ཇོ་བོའི་ཞལ་ནས་ཀྱང་། ངེས་སྦྱངས་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། །ནམ་མཁའི་མེ་ཏོག་བླངས་པས་འཇིགས་པ་ མཐོང་བ་འདྲ། །ཞེས་གསུངས། །དེ་བས་ན། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པས། སེམས་ཀྱི་ཆོས་ཉིད་རྟོགས་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་ཡིན་ནོ། །དེས་ན། སེམས་ཀྱི་རང་བཞིན་གཟུང་འཛིན་ 2-3-11a གཉིས་དང་བྲལ་བའི་ཆོས་སྐུའི་ངོ་བོ་དེ། རྫོགས་པའི་སངས་རྒྱས་བྱོན་ཡང་རུང་། མ་བྱོན་ཡང་རུང་སྟེ། གནས་པས་ན་རྟག་ཅེས་བྱའོ། །དེ་ལ། རྣམ་པར་རྟོག་པ་རྣམས་སྤངས་པ། །གཟུང་དང་འཛིན་པ་དང་བྲལ་བ། །ཡེ་ ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ། །ཞེས་གསུངས་སོ། །དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་རྟོགས་པ་ནི། ཟག་པ་མེད་པའི་སྡོམ་པ། ས་དང་པོས་མངོན་སུམ་ཡིན་ཏེ། སེམས་ཀྱི་སྟོང་ཉིད་ལ་ངེས་ཤེས་སྐྱེས་ པའི་ཕྱིར་རོ། །དེ་ལ་ཇི་ལྟར་སྐྱེས་ན། གཟུགས་བརྙན་ནམ། སྒྱུ་མ་ཡུལ་གྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་བཞིན་དུ། སེམས་སྒྱུ་མ་དང་ཆུ་ཟླ་ལྟར། རང་གིས་རང་ལ་ངེས་པའི་ཤེས་པ་འདྲེན་ནོ། །དེ་ལྟར་སེམས་ཉིད་སྟོང་པ་ཉིད་ ལ་ངེས་པ་ཐོབ་པ་ལ་ཚད་མས་ངེས་པ་ཞེས་བྱའོ། །རང་རིག་རྟོག་པ་མེད་པ་ཡི། །སྟོང་ཉིད་མངོན་སུམ་ངེས་གྱུར་པ། །བདེ་ཆེན་རྟོག་པ་མེད་པ་དང་། །ཁྱད་པར་མེད་པ་སྐལ་མཉམ་མཐོང་། །ཞེས་གསུངས་པས། ནང་དུ་སེམས་ཀྱི་སྟོང་ཉིད་ རྟོགས་པའི་ཤུགས་ཀྱིས། ཕྱིའི་ཡུལ་སྟོང་པར་རྟོགས་པ་ནི། རྣལ་འབྱོར་གྱི་མངོན་སུམ་ཡིན་གསུང་། དེ་ཡང་། དང་པོའི་ཤེས་པ་ངོས་ཟིན་ན་དེ་ཉིད་ཡིན་ཏེ། ཤེས་རབ་ཀྱི་མིག་གིས་སེམས་ལ་བལྟས་ལ། སེམས་ཀྱི་ངོ་བོ་ལ་ཐོག་མཐའ་ ཡོད་པ་མ་ཡིན་ཏེ། ནམ་མཁའ་དང་འདྲའོ། །དབུས་ནི་ཅི་ཡང་མ་ཡིན་པའི་ཕྱིར་བདག་གིས་སྨྲ་བར་མི་ནུས་སོ། །ཤེས་གསུངས་ཏེ། ཐ་མལ་གྱི་ཤེས་པའི་ངོ་བོ་དེ་ལ། བསྒོམ་བྱ་སྒོམ་བྱེད་ཀྱི་བསམ་གཏན་དང་བྲལ་བས། སྒོམ་དུ་མེད་ དེ་སྒོམ་པའི་མཆོག །ཅེས་བྱའོ། །རང་བཞིན་གྱིས་དག་པའི་སེམས་ཀྱི་ངོ་བོ་སྟོང་ཉིད་མངོན་སུམ་དུ་མཐོང་བ་དེ་ལ། ཆོས་ཀྱི་སྐུ་ཤེས་བྱ་སྟེ། དེ་ཡང་། ཟླ་བ་ཚེས་པ་དང་། སེང་གེ་ཕྲུ་གུའི་དཔེ་དང་། བྱིས་པ་ཆུང་ངུའི་དཔེས་རྟོགས་པར་བྱའོ། ། 2-3-11b དེ་ཡང་མ་བཅོས་པར་བཞག་པས་ཉམས་སུ་མྱོང་སྟེ། མྱོང་བའི་དོན་དེ་ལ། ཡང་དང་ཡང་དུ་ངེས་པ་ཐོབ་པར་བྱ། །ཡུན་རིང་དུ་གནས་ཤིང་མི་འགྱུར་བ་ལ་ཡོན་ཏན་དུ་མི་ལྟ། འཆིང་བའི་བསམ་གཏན་དུ་འགྲོ་གསུང་ངོ་། །རང་བཞིན་གྱི་ངོ་བོ་ནི་སེམས་མ་ བཅོས་པ་ཡིན་ཏེ། འདིའི་དོན་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་པ་ནི། སྐྱེ་འཇིག་དང་བྲལ་བ་དང་། དུས་ཐམས་ཅད་པ་དང་། རྒྱུན་ཆད་མེད་པ་དང་། མི་འགྱུར་བ་དང་། ཐམས་ཅད་ལ་ཁྱབ་པ་དང་། དོན་དེ་རྣམས་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་ན། དོན་དམ་པ་ མཐོང་བ་ཡིན་ཏེ། ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་གསུངས་སོ། །དེ་ཡང་དང་པོ་དམིགས་པ་དང་རྩོལ་བས་མི་སྒྲུབ། བར་དུ་མི་གནས། ཐ་མར་ཉམས་དང་རྟོགས་པ་དང་མ་བྲལ་བར་བྱའོ། །དུས་རྟག་ཏུ་དྲན་པ་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བར་ བྱ། ལྷན་ཅིག་སྐྱེས་པའི་ཉམས་དང་མི་འབྲལ་བའི་སྒོ་ནས། ཟག་པ་མེད་པར་ལུས་སེམས་ཕབ་སྟེ་སྦྱངས་པའི་ཡོན་ཏན་ཐོབ་པར་བྱ། བྱམས་སྙིང་རྗེས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་བར་བྱའོ།། །། ༄། །ཆོས་རྗེ་རིན་པོ་ཆེས། སྐལ་ལྡན་ཇོ་མོ་ལ་གདམས་པའོ།། །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྟེན་གྱི་གང་ཟག་དད་པ་ཅན་སྐྱེ་ཤིས་འཇིགས་ནས། ཆོས་ཚུལ་བཞིན་དུ་བྱེད་པར་འདོད་པས། དབེན་པའི་གནས་སུ། བདེ་བའི་སྟན་ལ་སྐྱིལ་ཀྲུང་གིས་ བསྡད་ལ། དབུགས་གློད་ལུས་བསྲང་། མིག་སྣ་རྩེར་དབབ། ལྕེ་རྩེ་རྐན་ལ་གཏད། ལག་པ་མཉམ་བཞག་བྱ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། འགྲོ་དྲུག་གི་སེམས་ཅན་མ་རྒན་རྣམས་ཀྱི་དོན་དུ། སྐྱེ་མེད་ཀྱི་དོན་བསྒོམ་སྙམ་དུ་ བསམ་ལ། རང་ཡི་དམ་གྱི་ལྷར་སྒྱུ་མ་ཙམ་དུ་མོས་པ་བྱས་ལ། རང་གི་སེམས་ཉིད་ངོ་བོ་འདི་དང་པོར་སྐྱེ་བ་མེད། བར་དུ་གནས་པ་མེད། ཐ་མར་འགག་པ་མེད། དངོས་པོ་ཁ་དོག་ཏུ་གྲུབ་པ་མེད་པས། དེ་སྒོམ་ན་ཡང་། སྐྱེ་བ་དང་། གནས་པ་དང་། 2-3-12a འགག་པ་དང་། དངོས་པོ་དང་། ཁ་དོག་ཏུ་གྲུབ་པ་མེད་པས་ན། སེམས་ཁ་དོག་དངོས་པོ་གང་དུ་ཡང་མ་གྲུབ་པས། མ་གྲུབ་པར། སིང་ངེ་། ཡེ་རེ། ལྷང་ངེ་། ལྷན་ནེ། ཙེན་ནེ། ལྷམ་མེ། ལྷུག་གེ། མ་བཅོས་པར་བསྒོམས་ པས། སེམས་ལ་འོད་གསལ་འཆར། ལུས་ལ་བདེ་དྲོད་འབར། མཚན་མ་རང་སར་གྲོལ། མཉམ་བཞག་དང་རྗེས་ཐོབ་ཁྱད་པར་མེད་དེ། དཔེ་ཆུ་ལ་ཁ་བ་བབས་པ་དང་འདྲ། སྔར་འདྲིས་ཀྱི་མི་དང་ཕྲད་པ་འདྲ། བདེ་གསལ་མི་རྟོག་ པའི་ཉམས་འཆར། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར། རྣམ་རྟོག་ལ་སྐྱོན་དུ་མི་ལྟ། བྱིང་རྒོད་ཀྱི་དབང་དུ་མི་བཏང་། ཡུན་ཐུང་ལ་གྲངས་མང་དུ་བསྒོམ། ངང་ངམ་ཤུགས་ཀྱིས་ནམ་དང་ཉིན་མོ་འུད་འུད་འཆར། དེ་ལྟར་བསྒོམས་པས། མཐར་ ཐུག་རང་དོན་དུ་ཆོས་སྐུ། གཞན་དོན་དུ་གཟུགས་སྐུ་རྣམ་གཉིས་འཆར་རོ། །ཉམས་སུ་བླངས་ན་དངོས་གྲུབ་ཐོབ། །ལམ་འབྲས་བུ་དང་བཅས་པའོ། །འགྲོ་དྲུག་སེམས་ཅན་མ་ལུས་པ། །ཕྱག་རྒྱ་ཆེན་པོ་མྱུར་ཐོབ་ཤོག །རི་ཁྲོད་ དཔལ་གྱི་ལྡོམ་བུ་བས། སྐལ་ལྡན་ཇོ་མོ་ལ་གདམས་པའོ། །གསངས་ནས་སྒྲུབས་ན་ཆོས་སྐུ་འབྱུང་ངོ་། །རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་པ། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། སྙི་སྒོམ་བསོད་ནམས་རིན་ཆེན། ཤོ་ སྒོམ་བྱང་ཆུབ་ཡེ་ཤེས། ཇོ་གདན་ལེགས་མཛེས། དེ་ལ་སློབ་དཔོན་ལྷ་སྒོམ་གྱིས་ཞུས་པའོ།། །།ཞེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ། སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་ དཔལ་བཟང་པོས། རི་བོ་ཤན་ཏིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་བགྱིས་པའོ།། །། །། 2-3-12b empty page 2-4-1a ༼ཧ༽ །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་སྒྲོས་དུམ་སྒྲིགས་མ་བཞུགས་སོ།། 2-4-1b ༄༅༅། །ན་མོ་གུ་རུ། བསྐྱེད་རྫོགས་གཉིས་ཕྱེད་འབྱོངས་པ་ཅིག་ཤི་ན། སྲིད་པར་མངལ་དུ་ཞུགས་དབང་ ཡོད། མི་ཞུགས་ནའང་དབང་ཡོད་དེ། དེ་ཉིད་དུ་སངས་རྒྱའོ། །བསྐྱེད་རིམ་ཕྱེད་ཙམ་འབྱོངས་པ་ཅིག་ཤི་ན། བར་དོར་ རིགས་གང་འདོད་ཀྱི་མངལ་དུ་འཇུག་སྟེ། གདམས་ངག་དྲན་ནས་སྐྱེ་བ་དེ་ཉིད་ལ་སངས་རྒྱའོ། །དེ་ནི་སྐྱེ་བ་གཅིག་གིས་སངས་ རྒྱས་ཞེས་བྱའོ། །རིགས་མཐུན་མངལ་གྱི་བར་དོ་ཞེས་ཀྱང་བྱའོ། །དེས་ན། བར་དོ་ལྔ་རུ་ཡང་འགྲོ་སྟེ། དེ་ནི་གཉུག་ མའི་ལམ་མོ། །བློ་ཆོས་ཉིད་ཀྱི་བར་དོ་སྟེ། སྐྱེ་ཤི་གཉིས་ཀྱི་བར་དོ་དང་། རྨི་ལམ་བར་དོ་དང་། སྲིད་པ་བར་དོའོ། ། 2-4-2a དེ་ལ་གསུམ་སྟེ། རྣམ་པར་སྨིན་པའི་ལུས་དང་། ཡིད་ཀྱི་ལུས་དང་། བག་ཆགས་ཀྱི་ལུས་སོ། །དེ་ལ་བསྲེ་བ་གསུམ་སྟེ། སྐྱེ་འཆི་འདོད་ཆགས་དང་བསྲེ། རྨི་ལམ་གཏི་མུག་དང་བསྲེ། སྲིད་པ་ཞེ་སྡང་དང་བསྲེའོ། །དེ་ལ་བར་དོ་ཆུང་ངུ་གསུམ་སྟེ། གཉིད་ཉལ་མཚམས་སུ་འོད་གསལ་སྐྱེ་བའི་དུས་དང་གཅིག་གཉིད་སད་ནས་བར་དོར་རྟོགས་པ་ སྐྱེ་བའི་དུས་དང་གཉིས། བཟང་དབུགས་ཆད་མ་ཆད་བར་དེར་རྟོག་མེད་སྐྱེ་བའི་དུས་དང་གསུམ་དུ་བསྟན་པ་ཡིན་ནོ། །སྐྱེ་ཤིའི་མངོན་དུ་འོད་གསལ་བྱེད། མཚམས་སྦྱོར་ནི་དབང་གསུམ་པའོ། ། གཉིད་ཀྱི་མངོན་དུ་རྨི་ལམ་བྱེད། མཚམས་ནི་ཚར་གཅོད་སྦྱོར་བའོ། །སྲིད་པའི་མངོན་དུ་འོད་གསལ་བྱེད། མཚམས་ནི་སློབ་དཔོན་ཡབ་ཡུམ་གྱི་ཆགས་པ་ལ། ཞེ་སྡང་མིག་སེར་མེད་པའོ། །དེ་ཡང་ སྒྱུ་མ་ལྟ་བུའི་ཤེས་པ་འཛིན་པ་མེད་པ། རང་གི་ཕྱག་རྒྱ་ལ་མིག་སེར་མེད་པའོ། །སྲིད་པ་བར་དོར་ཕ་མའི་འདུ་ཤེས་མི་སྐྱེ་བས་མངལ་དུ་མི་འཇུག་པའོ།། །། ན་མོ་གུ་རུ། ད་ནི་གནས་ལུགས་ཀྱི་སྒོམ་པ་སྟོན་པ་སྟེ། དབང་པོ་རབ་ལྟ་ཐོག་ཏུ་སྐྱེལ་བ་དང་། འབྲིང་སྒོམ་ཐོག་ཏུ་བཞག་པའོ། །སྒོམ་པ་ལ་གཉིས། ལྟ་ཐོག་ནས་སྒོམ་ཚོལ་བ་དང་། 2-4-2b སྒོམ་ཐོག་ནས་ལྟ་བ་ཚོལ་བའོ། །ད་ནི་འདི་ལྟར་བསྒོམ་པར་བྱ་སྟེ། སེམས་ཉིད་གསལ་བ་འཛིན་མེད་ཀྱི་ཤེས་པ། རྟོག་མེད་དུ་ཙན་ནེ་གཞོག །གསལ་བས་ཆད་པའི་མཐའ་སེལ། འཛིན་པ་མེད་པས། རྟག་པའི་མཐའ་ སེལ། བདེ་ན་བདེ་རྒྱུ་མེད་དེ། བཟང་པོ་སྙམ་པའི་ང་རྒྱལ་མེད། ངན་ནོ་སྙམ་པའི་འཇིགས་པའི་སྐྱོན་གྱིས་མ་གོས། སེམས་ཉིད་རྣམ་རྟོག་གི་ལྷད་མ་ཞུགས། རིག་པ་རང་རྟོག་མེད་དུ་ཙན་ནེ་ཞོག །དེ་ལྟར་བཞག་པའི་དུས་སུ། རྟོག་མེད་ཀྱི་ཡེ་ཤེས། ཕྱོགས་མེད་རང་གྲོལ་དུ་འཆར་གྱིས། དེ་སྒོམ་པའི་སྐྱོབས་ཤེས་ཀྱང་བྱ། རྒྱབ་རྟེན་ཞེས་ཀྱང་བྱ། འདིར་རྐང་གྲངས་བཅོ་ལྔས་བསྟན་ཏེ། དང་པོ་ཁོ་རིག་པ་སྟོང་པར་གྱུར་པས། འགྱུ་བ་རང་སངས་ཀྱི་གདམས་ངག་ བསྟན་པ་དང་གཅིག །རྣམ་རྟོག་ལ་སྐྱར་ཞོན་བསྟན་པ་དང་གཉིས། བདེ་བ་ངོས་བཟུང་མེད་པ་དང་གསུམ། ཝལ་པོ་རྗེས་མེད་དང་བཞི། དྲན་པ་རང་ཡལ་དང་ལྔ། གསལ་ལ་རྟོག་པ་མེད་པ་དང་དྲུག །སྣང་བ་འཛིན་པ་མེད་པ་ དང་བདུན། ཁྱབ་པ་ཞེན་པ་མེད་པ་དང་བརྒྱད། ནམ་མཁའི་བྱ་བཞིན་རིག་པ་རྟེན་མེད་དང་དགུ། ཉི་མའི་འོད་ཟེར་བཞིན་སེམས་ཉིད་འཕྲོ་འདུ་མེད་པའི་ངང་ལ་བཞག་པ་དང་བཅུ། ཆུ་བོ་རྒྱུན་འབབ་བཞིན་དུ། སེམས་ཉིད་རྒྱུན་ཆད་མེད་པའི་ ངང་ལ་བཞག་པ་དང་བཅུ་གཅིག །གསལ་ཆ་མ་འགགས་ལ། འཛིན་པ་མི་མངའ་བར་བཞག་པ་དང་བཅུ་གཉིས། སྣང་ལ་རྟོག་པ་མེད་པ་འཛིན་ཆ་ལྷུག་པ་དང་བཅུ་གསུམ། རིས་མེད་དུ་སྣང་ཞིང་ཞེན་མེད་དུ་ཤར་བ་དང་བཅུ་བཞི། ། སྒོམ་མེད་རྒྱུད་ལ་ཐེབས་ནས། འཛིན་མེད་རང་སར་གྲོལ་བར་བསྟན་པ་དང་བཅོ་ལྔའོ། །གནས་ལུགས་སྒོམ་པའི་མན་ངག་གོ། །།ན་མོ་གུ་རུ། 2-4-3a སྣང་བ་འདི་སྒྱུ་མར་མཐོང་བས་སྒྱུ་ལུས། སྒྱུ་མ་དེ་སྟོང་པར་ཤེས་ན་འོད་གསལ། དེ་གཉིས་ཐ་མི་དད་པས་ན་ཟུང་འཇུག་གོ། ཀུན་རྫོབ་ཏུ་ཡང་སྟོང་ན་འཆལ་བའི་ཤེས་རབ། སྒྱུ་མའི་སྐྱེས་བུ་བསད་སོགས་ལ། ། དེ་ལ་སྡིག་པ་འབྱུང་མི་འགྱུར། །སྒྱུ་མའི་སེམས་དང་ལྡན་པ་ལ། །དག་དང་སྡོམ་སེམས་འབྱུང་བར་འགྱུར། །འདི་སྤྱོད་འཇུག་ཤེས་རབ་ལེའུ་ནས་བཤད་དོ།། །།ན་མོ་གུ་རུ། ཡུལ་དང་མི་ཆོས་ཟུག་རྔུ་བསྐྱེད་པར་བྱེད་པའི་ནད་དང་འདྲ་བས་རྒྱབ་ཏུ་བོར། ། ཟས་ནོར་མི་རྟག་ནམ་མཁའི་འཇའ་ཚོན་འདྲ་བས་དེ་ལ་ཡིད་མ་ཆགས། །ཚེ་སྲོག་མི་རྟག་རྩྭ་ཁའི་ཟིལ་པ་འདྲ་བས་བརྩོན་འགྲུས་བསྐྱེད། །བླ་མ་བཤེས་གཉེན་ཡིད་བཞིན་ནོར་བུ་རིན་ཆེན་འདྲ་བས་གུས་པས་གསོལ་བ་ཐོབ། །གདམས་ངག་ཟབ་མོ་ གསོལ་བར་བྱེད་པའི་ཁ་ཟས་འདྲ་བས་རྟག་ཏུ་ཉམས་སུ་ལོང་། །དལ་འབྱོར་རྙེད་དཀའ་ཨུ་དུམ་ཝ་རའི་མེ་ཏོག་འདྲ་བས་དོན་མེད་སྤྱོད་པས་ཆུད་མ་གསན། །སྡུག་བསྔལ་གྱི་རྩ་བ་ནི་དངོས་པོར་འཛིན་པ་ཡིན་པས། སྟོང་ཉིད་ཀྱི་སེམས་དང་མ་ བྲལ། ཀུན་རྫོབ་ཀྱི་བདེན་པ་མི་སླུ་བས། ལས་རྒྱུ་འབྲས་ཁྱད་དུ་མ་བསད། འབྲས་བུ་ཟད་མི་ཤེས་པ་ལྗོན་ཤིང་དང་འདྲ་བས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྟག་ཏུ་སྒོམས། འདོད་པ་དུག་གི་ལོ་མ་དང་འདྲ་བས། འཁོར་བའི་ ཉེས་དམིགས་ཡིད་ལ་གྱིས།། །།ན་མོ་གུ་རུ། འོད་གསལ་གྱི་ངོ་བོ་དེ། དག་ཅིང་གསལ་བར་འདུག་པས། མེ་ལོང་ལྟ་བུའི་ཡེ་ཤེས། ཅིར་མཐོང་། ཅིར་སྣང་ཐམས་ཅད་ཡེ་ཤེས་སུ་འཆར་བས་ ན། སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟ་བུའི་ངོ་བོ་ལ་གཞན་དོན་འབྱུང་བས་ན་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཐམས་ཅད་སྐྱེ་མེད་སྟོང་པར་ཤེས་པས་ན་ 2-4-3b ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་སྒོམ་ཆེན་པ་རྣམས། རྒྱུད་ལ་ཡོན་ཏན་ཅི་འདུག་བལྟ་དགོས་པ་ཡིན། འཆི་བ་སྒོམ་པའི་དུས་ན། ཚེ་འདི་ལས་བློ་ལོག་གམ་ མ་ལོག །མི་རྟག་པ་བསྒོམས་པས་འཁོར་བ་ལ་བློ་ལོག་གམ་མ་ལོག །ལས་འབྲས་བསྒོམ་པས། ཉེས་པ་ལས་བློ་ལོག་གམ་མ་ལོག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། སེམས་ཅན་ལ་བློ་འགྲོའམ་མི་འགྲོ། ཅི་ཆོད་ན་འདུག་ བལྟ་དགོས་པ་ཡིན། རྒྱུད་ལ་ཡོན་ཏན་མེད་པར། སོག་མེ་བཟང་བྱས་པས་མི་འོང་གསུང་། ཆོས་ཐམས་ཅད་བདེན་པ་གཉིས་རྟེན་འབྲེལ་སྐོར་ཅིག་ཏུ་བྱས་ནས་ཁྱེར་དགོས་པ་ཡིན། ཀུན་རྫོབ་ཀྱི་བདེན་པ་འཆི་བ་མི་རྟག་པ་ནས། བྱམས་སྙིང་རྗེ་བྱང་ཆུབ་ ཀྱི་སེམས་མན་ཆད་ཡིན། དེ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཚོགས་གཉིས་གསོག་དགོས་པ་ཡིན་ནོ། །དོན་དམ་བདེན་པ་སྒྲོ་སྐུར་གཉིས་དང་བྲལ་བ་ཡིན། སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་བྱས་ན། སྒྲོ་བཏགས་པར་འགྲོ། མེད་བྱས་ན་སྐུར་འདེབས་སུ་འགྲོ་ བས་ན། དོན་དམ་པ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས། རྩིས་གདབ་མི་བཏང་། བླ་མའི་བྱིན་རླབས་ལ་བརྟེན་ནས། རྩོལ་སྒྲུབ་དྲག་པོ་བྱས་ནས་བསྒོམས་ན་འོང་བ་ཡིན། ཀུན་རྫོབ་གཏན་ལ་ཕེབས་ན། དོན་དམ་ གདོད་འོང་བ་ཡིན། ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །དེ་ལ་ཀུན་རྫོབ་བདེན་པ་དང་། །དོན་དམ་པའི་བདེན་པ་གཉིས། །ཀུན་རྫོབ་ལ། ཡང་དག་ པ་དང་། ལོག་པ་གཉིས། ཡང་དག་པ། ལས་འབྲས་ལ་ཡིད་ཆེས་པའོ། །ལོག་པ་ཆུ་ནང་གི་ཟླ་བ་ལ་སོགས་པའོ། །གྲུབ་པའི་མཐའ་ལོག་པའི་བདེན་པར་འཛིན་པ་ཨ་འཐས་ཀྱི་ཤེས་པའོ། །ཡང་དག་པའི་ཀུན་རྫོབ། འདི་ལ་བསལ་བྱ་ཅི་ཡང་མེད། ། 2-4-4a བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་ལ་དཔེ་གསུམ་སྟེ། སྒྱུ་མ་མཁན་ཡང་དག་པའི་ཀུན་རྫོབ། སྒྱུ་མ་ལ་བྲེད་པའི་མི་ལོག་པའི་ ཀུན་རྫོབ་སྒྱུ་མའི་སྔགས་ཀྱིས་མ་ཐེབས་པ། རི་གསུམ་གྱི་མི་ཅི་ཡང་མ་མཐོང་བ་དོན་དམ་པའོ། །སྣུམ་ཁུར་དང་། དབྱུག་པའི་དཔེ་གསུང་། མི་གཅིག་ལ་སྣུམ་ཁུར་གཅིག་དང་། དབྱུག་པ་ཅིག་དང་གཉིས་བཅོལ་བ་ལ། ལེན་ཕྱིན་པས། དབྱུག་པ་བྱི་བས་ཟོས་ཟེར་ནས། དབྱུག་པ་ཟོས་ན། སྣུམ་ཁུར་ལ་ལྟ་ཅི་སྨོས་ཟེར་ལོ། །དེ་བཞིན་དུ། ཀུན་རྫོབ་ལ་ཡང་རང་བཞིན་མེད་ན། དོན་དམ་པ་ལྟ་ཅི་སྨོས་གསུང་། རྡོ་རྗེ་གདན་གྱི་དཔེ་ཡང་གསུང་། ཆོས་ཐམས་ཅད་གདོད་མ་ ནས་ཡོད་མ་མྱོང་བ་ལ། རྨི་ལམ་ལྟར་འཁྲུལ་པ་ཡིན་གསུང་ངོ་།། །།ན་མོ་གུ་རུ། གང་ཟག་གཅིག་གི་རྒྱུད་ལ། སྡོམ་པ་གསུམ་རྟེན་འབྲེལ་སྐོར་ཅིག་ཏུ་གནས་དགོས་ཏེ། གནས་ན་ཇི་ལྟར་གནས། བསྲུང་ན་ཇི་ལྟར་ བསྲུང་། ལྡན་ན་ཇི་ལྟར་ལྡན། འཆོས་ན་ཇི་ལྟར་འཆོས། གནས་པ་བྱེ་བྲག་ཏུ་གནས་ཏེ། མཁན་སློབ་ལ་སྡོམ་པ་བླངས་པའི་དུས་སུ། སོ་ཐར་གྱི་སྡོམ་པ་ཐོབ་སྙམ། སེམས་བསྐྱེད་པའི་དུས་སུ། སེམས་བསྐྱེད། བྱང་ཆུབ་སེམས་དཔའ་ ཡིན་སྙམ། གསང་སྔགས་ཀྱི་དུས་སུ། ངས་དབང་ཐོབ་ཐེག་ཆེན་གསང་སྔགས་པ་ཡིན་སྙམ། བསྲུང་བ། སོ་ཐར་འདུལ་བ་བཞིན་བསྲུང་། སྡེ་སྣོད་ཀྱི་མ་མོ་བཞིན་དུ་བསྲུང་། རྩ་ལྟུང་རྩ་འགྲེལ་བཞིན་བསྲུང་། ལྡན་ན་ཡར་ལྡན་ཏེ། ཐུག་འདོམ་བྱུང་དུས། རིམ་གྱི་གོང་མ་གཉིས་གཙོ་བོར་བྱའོ། །འཆོས་ན། གྲུབ་མཐས་འཆོས་ཏེ་སོ་ཐར་ལ་སྐྱོན་བྱུང་ན་འདུལ་བ་བཞིན་འཆོས། སེམས་བསྐྱེད་ལ་སྡེ་སྣོད་བཞིན། དམ་ཚིག་ལ་རྩ་ལྟུང་བཞིན་འཆོས། དེ་ནི་ལྷག་པ་ཚུལ་ 2-4-4b ཁྲིམས་ཀྱི་བསླབ་པའོ། །ལྷག་པ་སེམས་ཀྱི་བསླབ་པ་ནི། སྡོམ་པ་རྣམས་ལ་བསྔོ་བགྲང་བྱེད་ཅིང་། རང་གི་སེམས་གླང་ཆེན་སྨྱོན་པ་དང་འདྲ་བ་དེ། ཚུལ་ཁྲིམས་ཀྱི་དམིགས་པའི་ཀ་བ་ལ། དྲན་པའི་ཞགས་པས་དམ་དུ་བཅིང་། ཤེས་རབ་ཀྱི་ལྕགས་ཀྱུས་ གཟུང་ནས། བློ་རིམ་གྱིས་སྒོམ་པ་ནི་ཞི་གནས་སོ། །དེ་ལྟར་ཞི་གནས་ལ་རྩེ་གཅིག་ཏུ་བཞག་ནས། ལྷག་མཐོང་གིས་དཔྱད་གཞིགས་འགྱེད་དེ། སྡོམ་པ་ལ་རྟོག་དཔྱོད་བཏང་བས། ཇི་སྲིད་རྟོག་དཔྱོད་འདུག་ཕན་ཆད་བསམ་ཤེས་ལ། རྟོག་དཔྱོད་ལས་ འདས་ཕན་ཆད་སྒོམ་ཤེས་སོ། །ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་པ་སྟེ། ལྷག་པ་ཤེས་རབ་ཡིན་གསུང་ངོ་།། །།ན་མོ་གུ་རུ། བླ་མ་ལ་གུས་སྙིང་རྗེར་ལྡན། ཐེག་པ་ཆེན་པོའི་ མ་ངེས་ན། སྒོམ་མི་ཤེས་སོ་ཟེར་བ་འདུག ། སྣོད་དུ་བཤད་པ་ལགས། ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ། ཕྱི་བཟུང་བའི་ཡུལ་རྟེན་འབྲེལ་ཚོགས་པའི་ངོར་སྣང་། སྣ་ཚོགས་སུ་སྣང་བ་འདི། ཤེས་པའི་འཁྲུལ་སྣང་ཡིན་ཏེ། རེ་ཞིག་རྨི་ལམ་སྒྱུ་མ་ལྟ་བུ། གཟུགས་བརྙན་ལྟ་བུ། མིང་ཙམ། བརྡའ་ཙམ། བཏགས་པ་ཙམ་ལས། དངོས་པོའི་ངོ་བོ་ཉིད་དུ་མ་གྲུབ་པ་ཅིག་ཡིན། འོན་ཀྱང་། ལས་རྒྱུ་འབྲས་ནི་རྨི་ལམ་སྒྱུ་མ་ཙམ་དུ་ཡེ་མི་སླུ་བར་ཤེས་དགོས། དེ་རྣམས་ནི་དེ་ལྟར་རྟོགས་པ་གོ་བར་བྱ་བའི་ཆོས་ སོ། །ཉམས་སུ་བླང་བ་ལ། རང་རིག་འོད་གསལ་བ་འདི་རང་བཞིན་ཆོས་སྐུ། སྐྱེ་མེད་ཐམས་ཅད་ལ་ཁྱབ་པ་འདིའི་ངོ་བོ་རིག་པ་གསལ་ལ་མ་འགགས་པའི་སིང་ངེ་ཡེ་རེ་བ་འདི་ལགས། དེའི་ངང་ལ་རྣམ་རྟོག་སྣ་ཚོགས་སུ་བྱུང་བ་འདི། བག་ཆགས་ཀྱི་ གཟུགས་བརྙན་ཙམ་ཡིན། ངོ་བོ་གོམས་པ་ལས་ཐ་མ་འོད་གསལ་དུ་ཤར་བ་ལགས་སོ། །དེ་ལྟར་སེམས་འོད་གསལ་དེ་མ་བཅོས་པར་བཞག །རང་དགར་བཞག །རང་གསལ་མ་ཡེངས་པར་རྩེ་གཅིག་ཏུ་བཞག །དེ་ལྟར་ཉམས་སུ་བླངས་ 2-4-5a པས། ཤེས་པ་གསལ་ལ་མི་རྟོག་པ། བདེ་ལ་དང་བའི་ཉམས་འཆར་ཏེ། དེས་རང་རྒྱུད་ཚིམས་ནས། ཤིན་ཏུ་ཡིད་ཆེས་པ་འབྱུང་ངོ་། །དེ་ནི་ཉམས་སུ་མྱོང་བ་ཡིན་ནོ། །རང་གི་སེམས་ཀྱི་ངོ་བོ་སྐྱེ་འཇིག་མེད་པ། དུས་ཐམས་ཅད་པ། མི་འགྱུར་བ། ལྷུན་གྱིས་གྲུབ་པ་དེ་ལྟར་གོ་ན། རྟོགས་པ་རང་གི་སེམས་ཉིད་དེ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན་ངེས་སྙམ་པ་ཅིག་དགོས་གསུང་ངོ་།། །།ན་མོ་གུ་རུ། གཅིག་པོར་སྡོད་པ་ལ་གདེང་རྣམ་པ་བཞི་དགོས་ཏེ། ལྟ་བའི་གདེང་བྱ་བ་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པས། ཐམས་ཅད་མཉམ་པ་ཉིད་དུ་གོ་བ་ཅིག་དགོས། ཉམས་མྱོང་གི་གདེང་བྱ་བ། རང་ལ་དོན་གྱི་ངོ་བོ་ཤར་བས། བློའི་ཡུལ་དུ་ཅི་དང་ཅི་བྱུང་བ་ཐམས་ཅད། དེའི་ངང་དུ་ཤེས་པ་ཅིག་དགོས། གསང་སྔགས་ནུས་པའི་གདེང་བྱ་བ། རང་གི་ཡི་དམ་ལྷའི་བསྙེན་པ་ཐིམ་པས། ཡི་དགས་ལ་སོགས་པའི་གནོད་པ་ཅི་བྱུང་ཡང་། ཕཊཿ བྱས་པས་ཆོག་སྙམ་པ་ཅིག་དགོས། བླ་མའི་མན་ངག་གི་གདེང་བྱ་བ། ཞི་རྒྱས་དབང་དྲག་ལ་སོགས་པའི། ལས་གང་དང་གང་ཡིན་ པ་ཤེས་པ་ཅིག་དགོས། ཞེས་གསུངས་སོ།། །།ན་མོ་གུ་རུ། ལར་སྒྲུབ་པ་པོ་རྟག་ཏུ་སྒོམ་པ་ལ། ཆོས་འདི་རྣམས་དགོས་པ་ཡིན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྟག་ཏུ་སྒོམ་དགོས། དེ་ཐེག་ཆེན་གྱི་གཞི་རྩ་ཡིན། རང་ལུས་ལྷ་ སྐུ་སྒྱུ་མ་ཙམ་དུ་སྒོམ་དགོས། དེ་གཉིས་ཀྱིས་སངས་རྒྱས་ནས་གཟུགས་སྐུ་གཉིས་འབྱུང་བའི་རྒྱུ་ཡིན། ཐབས་ལམ་གྱི་རྫོགས་རིམ་ནུས་ཚད་སྒོམ་དགོས། དེ་ཟུང་འཇུག་གི་རྟོགས་པ་སྒྲུབ་པ་དང་། འབྱུང་བའི་ནད་ཀྱིས་མི་ཚུགས་པ་དང་། ཌཱ་ཀི་ཆོས་སྐྱོང་རང་བཞིན་ གྱིས་འདུ་བ་ཡིན། ཚ་གྲོའི་རྗེས་ལ་གསང་སྔགས་ཀྱི་བཟླས་པ་ཚན་རེ་ཙམ་བྱེད་པ་ཡིན། དེ་ཕྲིན་ལས་འགྲུབ་པར་བྱེད་པའི་རྒྱུ་ཡིན་ནོ། །དེ་ལྟར་བསྐྱལ་བས་ཕྱིས་གང་ལ་ཡང་ཐོགས་རྡུགས་མེད་པ་ཅིག་འོང་བ་ཡིན། དུས་རྟག་ཏུ་སེམས་ལ་མ་ཡེངས་པར་བལྟ་བ་ཡིན། 2-4-5b དེ་འདུས་མ་བྱས་ཡིན། འདུས་བྱས་ཀྱི་དགེ་རྩ་ཐབས་ཁྱད་པར་ཅན་རྣམས་ཀྱང་། དེའི་ངང་ལས་མ་ཡེངས་པར་བྱེད་པ། ཟུང་འཇུག་གི་རྟོགས་པ་སྒྲུབ་པ་ཡིན། སྤྱིར་ཆོས་གཤའ་མར་བྱེད་པའི་གང་ཟག་ལ། ཆོས་སྐྱོང་དང་ཌཱ་ཀིས་རང་བཞིན་གྱིས་སྲུང་བ་ རྟེན་འབྲེལ་གྱི་ཆེ་བ་ཡིན། དེ་ཡང་། ཡི་དམ་གྱི་གཏོར་མའི་རྗེས་ལ་མཁའ་འགྲོ་ཆོས་སྐྱོང་ལ་བསྔོས་ནས། བདག་གི་བར་ཆད་ཞི་བར་མཛོད་ཅིག་ཅེས་འཕྲིན་ལས་བཅོལ་བ་ཡིན། ལས་ཀྱི་ཁྲོ་བོ་རེ་ལ་བསྙེན་པ་བག་ཙམ་རེ་བསྐྱལ་ནས། ནམ་དགོས་པ་དང་ལས་ལ་ སྦྱོར་བ་ཡིན། སྦྱོར་ཁ་ཆེན་པོ་བྱས་པས་ཆོག་པ་ཡིན། ལྷ་གང་ལ་བཏགས་ཀྱང་འོང་། སྤྱིར་རང་ངམ་གཞན་ལ་བར་ཆད་བྱུང་ན། ཡི་དགས་ལ་ལས་སྦྱོར་བྱས་པས། རང་ལ་སྡིག་པ་མི་འོང་། འདྲེ་དེ་རང་གི་རྣམ་རྟོག་ཡིན། རྣམ་རྟོག་མེད་པ་ལ་སྡིག་པ་མེད་ དེ། ཡུལ་ལོགས་ནས་གྲུབ་པ་མེད། དེ་བས་འཕྲིན་ལས། སངས་རྒྱས་ཀྱིས་རྣམ་རྟོག་མེད་པར་གསུངས་པ་ཡིན་པས། ལས་སྦྱོར་བྱས་པ་ལ། སྡིག་པ་མི་འོང་བ་ཡིན་པས། ལིང་ག་ལ་སོགས་པ་ལ། རང་གི་རྣམ་རྟོག་བཀུག་ནས་ལས་སྦྱོར་བྱ་གསུང་ངོ་། ། དེ་ཚོ་ཡང་གལ་ཆེ་སྟེ། སྤྱིར་ནང་དུ་ཆོས་ཅིག་ཆོད་ནས་དེས་ང་ཅི་ལྟར་བྱས་ཀྱང་བཏུབ་སྙམ་པ་ཅིག་འོང་བ་ཡིན་གསུང་ངོ་།། །།ན་མོ་གུ་རུ། ཐེག་ཆེན་གསང་སྔགས་ཀྱི་དབང་དུ་བྱས་ན། ཆོས་ཐམས་ཅད་སྐུ་གསུང་ ཐུགས་ཀྱི་དམ་ཚིག་ཏུ་འདུས་པ་ཡིན། ཐེག་པ་འོག་མ་དང་བསྟུན་ན། མི་དགེ་བ་བཅུ་སྤོང་བ་དང་། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པ་ཡིན་ཏེ། དེ་ཡང་ལུས་ཀྱི་གསུམ་པོ་སྤོང་བ་སྐུའི་དམ་ཚིག །ངག་གི་བཞི་སྤོང་བ་གསུང་གི་དམ་ཚིག །ཡིད་ཀྱི་ གསུམ་སྤོང་བ་ཐུགས་ཀྱིའོ། །དེའི་སྟེང་དུ་ཐེག་པ་ཆེན་པོ་བས། སེམས་ཅན་ཐམས་ཅད་ཕ་མར་བྱས་ནས། ལུས་ཀྱི་ཕན་འདོགས་པ་སྐུའི་དམ་ཚིག །ངག་གིས་འདོགས་པ་གསུང་གི་དམ་ཚིག །ཡིད་ཀྱིས་འདོགས་པ་ཐུགས་ཀྱིའོ། །དེའི་སྟེང་དུ། 2-4-6a གསང་སྔགས་པས། ཐམས་ཅད་ཡི་དམ་ལྷར་བྱས་ནས། མཆོད་པ་བྱེད་པ་ཡིན་ཏེ། བདག་གཞན་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟ་བུར་སྒོམ་པ་སྐུའི་དམ་ཚིག །ངག་སྔགས་ཀྱི་བཟླས་པ་བྱེད་པ་གསུང་གི་དམ་ཚིག །སེམས་འོད་གསལ་སྐྱེ་མེད་སྒོམ་པ་ཐུགས་ ཀྱིའོ། །དེ་ལྟར་ཐབས་ཤེས་རབ་ཏུ་ཤེས་པས། ཆོས་ཐམས་ཅད་ཐབས་ཤེས་སུ་སྒོམ་པ་འདི་མན་ངག་ཏུ་ཆེ་བ་ཡིན། དེས་ན། རང་རྒྱུད་ལ་ཆོས་འདིའི་ནང་ནས་འབྱུང་བ་ལྟར། སྤང་བྱ་རྣམས་སྤོངས་སམ་མ་སྤོངས། ཉམས་སུ་བླང་བྱ་རྣམས་བླངས་སམ་མ་བླངས་སྙམ་དུ་བལྟ་བ་གལ་ཆེའོ། ། ཞེས་གསུངས་སོ།། །།ན་མོ་གུ་རུ། རྒྱལ་པོ་གཞོན་ནུའི་སྤྱོད་པ་ནི། འཇིག་རྟེན་པས་གཤེས་ཀྱི་དོགས་པས་རྒྱལ་པོའི་སྤྱོད་ཚུལ་ལས་མི་ཉམས་པར་བྱེད་དོ། །དེ་བཞིན་དུ། རྣལ་འབྱོར་པ་ཡང་བསྐྱེད་རྫོགས་ཀྱི་དམ་ཚིག་ལས་མི་འདའ་བར་བྱེད་ཅིང་སྒྲུབ་བོ། །གསང་ སྔགས་པ་ནི་རང་གི་ཡུལ་དང་། མིང་རུས་དང་། ཆོས་བླ་མ་ཐམས་ཅད་གསང་ནས་གྲོང་ཁྱེར་དུ་ལྟོས། སྔར་གྱི་དང་ཁྱད་པར་འདུག་གམ་བལྟ། ཁྱད་པར་འདུག་ན་ད་རུང་དབེན་པ་རྟེན་ལ། དེ་ལ་བརྟན་པ་ཐོབ་ནས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་འཇུག་སྟེ། སྤྱོད་པའི་ དུས་ཚོད་ནི། གཞན་མི་མོས་པ་སྒྱུར་ནུས་པ་ཡིན་ཏེ། ཏཻ་ལོ་ནཱ་རོ་དང་། སློབ་དཔོན་དྲིལ་བུ་པ་ལྟ་བུའོ། །དེ་མཐར་ཕྱིན་ནས་མཉམ་བཞག་ཆེན་པོའི་སྤྱོད་པ་ལ་འཇུག་པ་ཡིན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ནས་ཟས་ཕྱོགས་མེད། གོས་ཕྱོགས་མེད། སྤྱོད་པ་ཕྱོགས་མེད། ཕྱོགས་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ལ་འཇུག་པ་ཡིན་ཏེ། མཐར་ཕྱིན་པའོ།། །།ན་མོ་གུ་རུ། ཕྱག་རྒྱ་ཆེན་པོ་ལ་དུས་གསུམ་ཡོད་དེ། ལྷུན་གྱིས་གྲུབ་པའི་དུས་ནི། སེམས་ཀྱི་ངོ་བོ་དེ་ལ་བརྟེན་ཞིང་། དབང་ཐོབ་པ་སྙམ་བྱེད་ཙ་ན། སངས་རྒྱས་ཀྱི་རྟེན་སྐྱེས་པ་ཡིན་ཏེ། ལྷུན་གྱིས་གྲུབ་པའོ། །བསམ་གྱིས་མི་ཁྱབ་པའི་དུས་ནི། གཟུང་འཛིན་གཉིས་མེད་དུ་རྟོགས་པ་ལ་བྱ་སྟེ། བདེན་པ་མཐོང་བའོ། །བདེ་བ་ཆེན་པོའི་དུས་ནི། ལས་དང་། སྲིད་པའི་ས་བོན་རྣམ་ཤེས་འགགས་ནས། ཆོས་སྐུ་ཕྱག་ 2-4-6b རྒྱ་ཆེན་པོ་མངོན་དུ་བྱས་པའོ།། །།ན་མོ་གུ་རུ། དོན་དམ་པ་ལ་རྒྱུ་འབྲས་རྩི་རྒྱུ་མེད། ཀུན་རྫོབ་ལ་རྩི་བ་ཡིན། རྒྱུ་ཡང་དག་པའི་ཀུན་རྫོབ་རྣལ་མ་ཅིག་ལ། འབྲས་བུ་གཟུགས་སྐུ་གཉིས་འབྱུང་། རྒྱུ་ལོག་པའི་ཀུན་རྫོབ་ལ། འབྲས་བུ་ འཁོར་བའི་བདེ་སྡུག་འབྱུང་། ས་དང་པོའི་བྱང་ཆུབ་སེམས་དཔའ་ཡན་ཆད་ལ། ཟག་པ་མེད་པའི་སྡོམ་པ་བྱ་བ་ཡོད་དེ། མཐོང་ལམ་གྱི་མཉམ་བཞག་དེ་ཡིན། དེའི་རྗེས་ཀྱི་ཤེས་པ་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་ཁྱད་མེད་པར་མཁྱེན་པ། དེ་རྣམས་ཀྱི་མངོན་ སུམ་ཡིན། ད་ལྟ་སོ་སོ་སྐྱེ་བོའི་རྒྱུད་ལ་ངོ་བོ་རྣལ་མར་སྐྱེས་པའི་དོན་དེ། ཟག་པ་མེད་པའི་ཚུལ་ཁྲིམས་ཡིན། དེའི་རྗེས་ཀྱི་ཤེས་པ། ཕྱིའི་ཡུལ་ལ་བློ་གཏད་ན་སྒྱུ་མར་འཆར། སྟོང་པར་འགྲོ་བ་དེ། རྣལ་འབྱོར་གྱི་མངོན་སུམ་ཡིན། རྒྱུ་འབྲས་འདི་མན་ཆད་ལ་རྩི་བ་ཡིན་ གསུང་ངོ་།། །།ན་མོ་གུ་རུ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བའོ། །ཆོས་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པའོ། །ཆོས་སུ་འགྲོ་བ་ནི། དགེ་བ་བྱེད་པ་ཐམས་ཅད་ཚེ་འདིའི་འདུ་ཤེས་ཀྱིས་མ་ བསླད་པའོ། །ལམ་དུ་འགྲོ་བ་ནི་དགེ་བ་ཅི་བྱེད་ཐམས་ཅད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས། གཞན་དོན་དུ་བསྔོ་བའོ། །ལམ་འཁྲུལ་པ་སེལ་བ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་གོམས་པས། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ རྟོགས་པ་ཤར་ནས། དངོས་པོར་འཛིན་པ་ལས་ལོག་པའོ། །འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། རྟོག་པ་དེ་བསྒོམ་པ་ལ་བརྟེན་ནས། སེམས་ཉིད་ཀྱི་ངོ་བོ་གཉུག་མའི་དོན་རྟོགས་ཤིང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། སྐྱེ་བ་མེད་པར་ རྟོགས་པའོ། །ཞེས་གསུང་ངོ་།། །།ན་མོ་གུ་རུ། རྒྱུ་སྡུག་བསྔལ་ལས། འབྲས་བུ་སྡུག་བསྔལ་འབྱུང་བ་ཡོད། རྒྱུ་སྡུག་བསྔལ་ལས་འབྲས་བུ་བདེ་བ་འབྱུང་བ་ཡོད། རྒྱུ་བདེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ཡོད། རྒྱུ་བདེ་བ་ 2-4-7a ལས་འབྲས་བུ་བདེ་བ་འབྱུང་བ་ཡོད། དེ་ལ་དང་པོ་ནི། ཚེ་འདིའི་འདོད་པ་ལ་བློ་ཤོར་ནས་སྡིག་པ་མི་འཛེམ། སྡུག་པ་ལ་མི་བལྟ། གཏམ་ངན་པ་ལ་མི་བལྟ་བར། དུས་རྟག་ཏུ་འདོད་པས་གདུངས་པ་ནི། རྒྱུ་སྡུག་བསྔལ་ཡིན་ལ། འབྲས་བུ་ངན་ སོང་དུ་སྐྱེའོ། །གཉིས་པ་རྒྱུ་སྡུག་བསྔལ་ལས་འབྲས་བུ་བདེ་བ་འབྱུང་བ་ནི། མཁན་སློབ་ཀྱི་སྤྱན་སྔར་སོ་ཐར་གྱི་སྡོམ་པ་ཚུལ་བཞིན་བླངས་ནས། དཀའ་ཐུབ་དང་། དཀའ་སྤྱད་བྱེད་པ་ནི་རྒྱུ་སྡུག་བསྔལ་ལྟར་འདུག་སྟེ། འབྲས་བུ་ལྷ་མིའི་བདེ་བ་ཐོབ་བོ། ། གསུམ་པ་རྒྱུ་བདེ་བ་ལས། འབྲས་བུ་སྡུག་བསྔལ་འབྱུང་བ་ནི། ཚེ་སྔ་མ་སྦྱིན་པ་བཏང་བའི་ཤུགས་ཀྱིས། འདོད་ཡོན་ལ་ལོངས་སྤྱོད་རྒྱུ་བྱུང་ནས། ཆོས་མི་བྱེད་པར་དེའི་རོ་ལ་བལྟ་ཞིང་ཆགས་པ་ནི། རྒྱུ་བདེ་བ་ལྟར་འདུག་སྟེ། འབྲས་བུ་སྡུག་བསྔལ་འབྱུང་ངོ་། ། བཞི་པ་རྒྱུ་བདེ་བ་ལས། འབྲས་བུ་བདེ་བ་འབྱུང་བ་ནི། བླ་མ་རྟོགས་ལྡན་ཅིག་གིས། སློབ་མ་སྣོད་ལྡན་ཅིག་ཁྲིད་ནས། རི་ལ་སྒོམ་པ་ནི། རྒྱུ་བདེ། ལམ་བདེ། འབྲས་བུ་བདེ་བས་ན། བདེ་བ་ཆེན་པོ་ཞེས་བྱའོ།། །།སྤྱིར་བླ་མ་རྣམས་ལ་ཕྱག་ འཚལ་ལོ། །སྒོས་ལྷ་རྗེ་ཉིད་ཀྱིས་བྱིན་གྱིས་བརློབས། །མི་ང་རང་གང་ཡིན་ཟེར་ཙ་ན། །ང་རང་ཚུལ་ཁྲིམས་སྙིང་པོ་ཡིན། །མི་ལ་ལ་ནི་གཙོ་བོ་གཙོ་བོ་ཟེར། །གཙོ་བོ་ཟེར་ཡང་འགྱོད་རྒྱུ་མེད། །གྲོས་སུ་ཤཱཀྱ་མུ་ནེ་བཞུགས། །ལ་ལ་ནི་གནས་བརྟན་གནས་ བརྟན་ཟེར། །གནས་བརྟན་ཟེར་ཡང་འགྱོད་རྒྱུ་མེད། །གནས་གཞིར་ལྷ་ས་རྣམ་གཉིས་བཞུགས། །མཐོ་ལ་མཐོ་འགྲོགས་མ་བྱས་ཤིང་། །དམའ་ལ་ཁྱད་དུ་གསོད་མ་མྱོང་། །མཉམ་ལ་འགྲན་སེམས་མ་བྱས་ཏེ། །གྲོགས་ཤེད་མཐུན་བྱུང་ན་ཐད་སོར་སྐྱོང་། ། ནོར་ཡོད་ན་བླ་མ་རྗེ་ལ་མཆོད། །མེད་ན་ཤེས་པ་གློད་ལ་གཞོག །ཕ་འཇིག་རྟེན་གྲགས་པ་དེ་སྐད་གསུང་།། །།ཞེས་པ་ནི། རྗེ་ཉིད་ཀྱི་དབོན་པོ། སྤྱན་སྔ་ཆོས་ཀྱི་རྗེ་བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་རི་བོ་ཤན་ཏིར་པར་དུ་བགྱིས་པའོ།། །། 2-4-7b empty page 2-5-1a ༼ཨ༽ །། ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་༐ བསླབ་གསུམ་རྣམ་གཞག་ལ་སོགས་པ་བཞུགསོ།། 2-5-1b ༄༅། །ན་མོ་གུ་རུ། རིན་པོ་ཆེ་ལྷ་རྗེའི་ཞལ་ནས། བསླབ་པ་རྣམ་པ་གསུམ་ནི། ལྷག་པ་ཚུལ་ཁྲིམས་ ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །ཚུལ་ཁྲིམས་གང་ཞེ་ན། མཁན་པོ་དང་སློབ་དཔོན་ལས་སོ་སོར་ཐར་པའི་སྡོམ་པ་བླངས་ནས། ཇི་ལྟ་བ་བཞིན་བསྲུང་བ་ནི་སོ་ཐར་སྡོམ་པའི་ཚུལ་ཁྲིམས། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་པ་ནི། བྱང་སེམས་སྡོམ་པའི་ཚུལ་ཁྲིམས། དེ་ནས། གསང་སྔགས་ཀྱི་དབང་བསྐུར་ཞུས་ནས། དམ་ཚིག་ཇི་ལྟ་བ་བཞིན་བསྲུང་བ་ནི། གསང་སྔགས་སྡོམ་པའི་ཚུལ་ཁྲིམས། 2-5-2a གང་ཟག་གཅིག་གི་རྒྱུད་ལ་སྡོམ་པ་གསུམ་རྟེན་འབྲེལ་བསྐོར་གཅིག་ཏུ་གནས་དགོས་ཏེ། གནས་ན་ཇི་ལྟར་གནས། བསྲུང་ན་ཇི་ལྟར་བསྲུང་། ལྡན་ན་ཇི་ལྟར་ ལྡན། འཆོས་ན་ཇི་ལྟར་འཆོས་པའོ། །དེ་ཡང་། གནས་ན་བྱེ་བྲག་ཏུ་གནས་ཏེ། བྱེ་བྲག་གང་ཞེ་ན། མཁན་པོའམ་སློབ་དཔོན་ལ་སྡོམ་པ་བླངས་པའི་དུས་སུ། ངས་སོ་སོར་ཐར་པའི་ སྡོམ་པ་ཐོབ་སྙམ། སེམས་བསྐྱེད་པའི་དུས་སུ། ངས་སེམས་བསྐྱེད་ཐོབ་བྱང་ཆུབ་སེམས་དཔའ་ཡིན་སྙམ། དེ་ལྟར་སྙམ་ཙམ་ལས། ངོ་བོ་གཅིག་ལ་སོ་སོར་ནི་ཡོད་པ་མ་ཡིན་ནོ། ། བསྲུང་ན་འཆོལ་བར་བསྲུང་། འཆོལ་པ་གང་ཞེ་ན། སོ་སོར་ཐར་པའི་དུས་སུ་འདུལ་བ་བཞིན་བསྲུང་། སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ། དབང་བསྐུར་ ནས་གསང་སྔགས་ཀྱི་དམ་ཚིག་བསྲུང་། ལྡན་ན་ཡར་ལྡན་ཏེ། ཐུག་འདོམ་བྱུང་བའི་དུས་སུ། རིམ་གྱིས་གོང་མ་གཙོ་ཆེར་བྱའོ། །འཆོས་ན་གྲུབ་མཐས་འཆོས་ཏེ། སོ་ ཐར་ལ་སྐྱོན་བྱུང་ན། མཁན་པོ་ལ་སོགས་པ་ལ་བཤགས་པས་ཆོག་ན་བཤགས། བསྐྱར་དགོས་ན་བསྐྱར། བྱང་ཆུབ་སེམས་དཔའི་དུས་སུ་སྐྱོན་བྱུང་ན། སེམས་བསྐྱེད་ 2-5-2b པའི་བྱང་ཆུབ་སེམས་དཔའ་ལ་བཤགས་པས་ཆོག་ན་བཤགས། བསྡམ་པར་འོས་ན་བསྡམ། གསང་སྔགས་ཀྱི་ལྟུང་བ་བྱུང་ན། བླ་མ་ལ་བཤགས་པས་ཆོག་ན་བཤགས། བསྐྱར་དགོས་ན་བསྐྱར་རོ། །དེ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་ པའོ། །ལྷག་པ་སེམས་ཀྱི་བསླབ་པ་ནི། སྡོམ་པ་རྣམས་ལ་བསྔོ་བགྲང་བྱེད་ཅིང་། རང་གི་སེམས་ཉིད་གླང་པོ་ཆེ་སྨྱོན་པ་ལྟ་བུ་དེ། ལྷག་པ་ཚུལ་ཁྲིམས་ཀྱི་དམིགས་པའི་ཀ་བ་ལ། དྲན་པའི་ཞགས་ཐག་གིས་དམ་དུ་བཅིངས། ཤེས་རབ་ཀྱི་ ལྕགས་ཀྱུས་བཟུང་ནས། བློ་རིམས་ཀྱིས་བསྒོམ་པ་ནི་ཞི་གནས་སོ། །དེ་ལྟར་ཞི་གནས་ཀྱི་སེམས་རྩེ་གཅིག་ཏུ་བཞག་ནས། ལྷག་མཐོང་གི་སྤྱོད་པ་ཞིག་བྱེད་དེ། སྡོམ་པ་ལ་རྟོག་དཔྱོད་བཏང་བས། ཇི་སྲིད་རྟོག་དཔྱོད་འདུག་ཕན་ཆད་བསམ་ ཤེས་ལ། རྟོག་དཔྱོད་ལས་འདས་ནས་བསྒོམ་ཤེས།། །།ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་གོ་ཞིང་རྟོགས་པའོ། །དེ་ནི་བསླབ་པ་རྣམ་པ་གསུམ་མོ།། །། ༄། །ན་མོ་གུ་རུ། ཤེས་རབ་རྣམ་པ་གཉིས་ནི། དོན་དམ་པའི་ཤེས་རབ་དང་། ཀུན་རྫོབ་ཀྱི་ཤེས་རབ་བོ། །དོན་དམ་པ་ནི་གཉུག་མའོ། །ཀུན་རྫོབ་ནི་ཆོས་རྣམས་ལ་རྣམ་པར་འབྱེད་པའོ། །དེ་ལ་གསུམ་སྟེ། རྒྱུ་དང་། ངོ་བོ་དང་། གེགས་སོ། །རྒྱུ་ཐོས་བསམ། ངོ་བོ་སྐྱེ་མེད། གེགས་ཐོས་བསམ་མི་བྱེད་པའོ།། །།བདག་མེད་པ་རྣམ་པ་གཉིས་ནི། གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་དོ། །དེ་ལ་ཉན་ཐོས་པ་རང་གི་ཕུང་པོ་དང་། ཁམས་ དང་། སྐྱེ་མཆེད་རྣམས་གང་ཟག་གི་བདག་ཏུ་འདོད་དེ། རྒྱུ་ཉོན་མོངས་པས་གང་ལ། འབྲས་བུ་སྡུག་བསྔལ་གྱི་ཕུང་པོར་ཟག་པས་ན་གང་ཟག་གོ། མ་དཔེ་ཁ་ཅིག་ན། ཆོས་ཀྱི་བདག་ཉིད་ཉོན་མོངས་པའི་ཚོགས་ཡོད་མ་མྱོང་བའི་ཕྱིར། ཐེག་པ་ཆེན་པོ་ནི་བདག་དང་ 2-5-3a ཅེས་བྱ་བ་སྣང་། ཆོས་ཀྱི་བདག་ནི། ཕྱི་བཟུང་བའི་ཡུལ་ལོ། །ཐེག་པ་ཆེན་པོ་ནི་བདག་དང་ཁམས་གསུམ་སྣང་གྲགས་ཀྱི་ཆོས་ལ་བྱ། ཆོས་ནི་ནང་འཛིན་པའི་སེམས་ལ་བྱའོ། །འོ་དོད་རྣམ་པ་གསུམ་ནི། སྙན་པའི་འོ་དོད། བདེ་ བའི་འོ་དོད། གྲགས་པའི་འོ་དོད། སྙན་པའི་འོ་དོད་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཉུག་མ། དེ་རང་ལ་ཡོད་པས་གཞན་ནས་བཙལ་མི་དགོས་སོ། །བདེ་བའི་འོ་དོད་ནི། སྡུག་བསྔལ་སྤངས་པའི་བདེ་བ་ ཆེན་པོ་ཆོས་ཀྱི་སྐུ་དེ། རང་གི་སེམས་རིག་པ་ཆོས་ཀྱི་སྐུ་འདི་ཁོ་ན་ཡིན། ལོགས་ན་མེད་པས་བཙལ་མི་དགོས་སོ། །གྲགས་པའི་འོ་དོད་ནི། སྣང་གྲགས་ཀྱི་ཆོས་འདི་དག་ཐམས་ཅད་རང་གི་སེམས་ཡིན། ལོགས་ནས་མ་བྱུང་ཁྱོད་དེ་ལ་འཇིགས་ མི་དགོས་སོ།། །།སྨྱོ་བ་དང་མ་སྨྱོ་བའི་ཁྱད་པར་ནི། ཚེ་འདི་འབའ་ཞིག་དོན་དུ་གཉེར་བ་རྣམས་ནི་སྨྱོ་བའོ། །མི་དགེ་བ་བཅུ་སྤངས་ནས། དགེ་བ་བཅུ་དང་དུ་ལེན་པ་རྣམས་ནི་མ་སྨྱོ་བའོ། །མཁས་མི་མཁས་ཀྱི་ཁྱད་པར་ནི། ངན་སོང་ གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས། དེའི་སྐྱབས་སུ་སངས་རྒྱས་འབའ་ཞིག་ཤེས་ཏེ། འབྲས་བུ་ལྷ་མི་ཐོབ་པར་འདོད་པ་ནི་མི་མཁས་པ་ཡིན། སྤྱིར་འཁོར་བའི་མཚན་ཉིད་ཤེས་ནས། སེམས་ཅན་གྱི་དོན་དུ་མྱ་ངན་ལས་འདས་པ་ཐོབ་ པར་འདོད་པ་ནི་མཁས་པ་ཡིན། རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ། མཚན་ཉིད་དམིགས་པ་རྩེ་གཅིག་ཏུ་གནས་པ། ཉམས་བདེ་བ་མི་རྟོག་པ། རྣམ་རྟོག་ཉེ་བར་ཞི་བ། འབྲས་བུ་མི་རྟོག་པ་ཤས་ཆེ་བ། གཟུགས་མེད་སྐྱེ་མཆེད་ མུ་བཞིའོ། །གསལ་བ་ཤས་ཆེ་ན། གཟུགས་ཁམས། བདེ་བ་ཤས་ཆེ་ན། འདོད་ཁམས་སོ། །རྒྱུ་ཐོས་བསམ་གྱི་ཤེས་རབ། མཚན་ཉིད་སེམས་རྣམ་པར་དག་པ། ཉམས་གསལ་བ་མི་རྟོག་པ། འབྲས་བུ་ཆོས་སྐུ་ཟུང་དུ་འབྲེལ་ 2-5-3b ན་ཉམས་དེ་ཡོ་འཆར་རོ། །ཉམས་བདེ་གསལ་མི་རྟོག་པ་ཡིན། རྟོགས་པ་ནི། སེམས་སྐྱེ་འཇིག་དང་བྲལ་བར་གོ་བ་དེ་ཡིན། དེ་ལྟར་ངེས་ཀྱང་། སེམས་བདེ་བདེ་པོའམ། གསལ་གསལ་པོ་གནས་གནས་པོ་ཅིག་འདོད་ན། རྟོགས་པ་ཉམས་སུ་ ཤོར་བ་ཡིན། ཉམས་མྱོང་བྱུང་བའི་དུས་སུ། རྟོགས་པ་འདི་རང་ཡིན། འདི་ལས་ལྷག་པ་མེད་སྙམ་ནས། དེ་ལ་དོན་དམ་དུ་འཛིན་ན། ཉམས་རྟོགས་པར་ཤོར་བ་ཡིན། རྟོགས་པ་མེད་ན་ཉམས་མྱོང་དེས་མཐོ་རིས་ཀྱི་རྒྱུ་ལས་མི་འོང་། ཉམས་ཀྱི་ཞེ་འདོད་བྱུང་ཡང་རྩ་བ་ཆོད་ན། རྟོགས་པ་དེས་ལམ་སྣ་ཟིན། ཉམས་མྱོང་བྱུང་ཡང་རྟོགས་པ་མེད། རྟོགས་པ་བྱུང་ན་ཉམས་མྱོང་མི་འབྱུང་མི་སྲིད། རྟོགས་པ་ནི། སེམས་རིག་པའི་ངོ་བོ་འདི་ལྷག་གེ་མཐོང་བའི་དུས་སུ། འདི་ཡིན་གསུངས་པ་ལ། འདི་དང་པོ་ནས་ངོ་ཤེས་ཐང་བ་ཅིག་འདུག་པ་ལ་སྙམ་པ་འོང་། དེ་ལ། ཉམས་བདེ་བ་ནི། ཟག་པ་མེད་པ་རང་བཞིན་གྱི་བདེ་བ་ཆེན་པོའོ། །གསལ་བ་ནི། ཁ་ན་ཙོན་ནེ་འོང་སྙམ་བྱེད་པའོ། །སྤར་མོས་བཅང་ དུ་འདོད་པ་སྙམ་བྱེད་པ་འོང་། མི་རྟོག་པ་ནི། རྟོག་པ་ཕྲ་མོས་ཀྱང་མི་གོས་པའོ། །དེ་ཉམས་རྟོགས་གཉིས་མེད་དུ་ཤར་བ་ཡིན། གནས་པའི་ཉམས་ནི། ཐབས་ལམ་བཅུན་པས། རླུང་དྷུ་ཏཱིར་ཚུད་པའི་སྟོབས་ཀྱིས་བདེ་བ་ནི། ཟག་ བཅས་ཀྱི་བདེ་བས་ལུས་སེམས་རྒྱས་པར་འོད་གསལ་བ་ནི། དེ་ཉམས་སུ་མྱོང་བ་ཡིན། མི་རྟོག་པ་ནི། རྟོག་མེད་ཀྱི་ཏིང་ངེ་འཛིན་དྲན་པ་མེད་པ་ཕྱམ་ཕྱམ་པ་འོང་། དེ་ནི་རྒྱུ་ལས་འབྲས་བུ་འབྱུང་བ་ཡིན་གསུང་ངོ་། །བླ་མ་ལྷ་རྗེ་རིན་པོ་ཆེའི་གསུང་ སྒྲོས། སློབ་དཔོན་སྒོམ་ཚུལ་དང་། སྒོམ་ཆུང་གཉིས་ལ་གདམས་པ། དེས་སྟོད་ལུངས་ཀྱི་སྤྱན་སྔའི་སློབ་དཔོན་ཕོ་རོ་བ་ལ་གདམས་པའོ།། ཨྠི །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དགེ་བཤེས་ལྕགས་རི་ 2-5-4a བ་ལ། བཀའ་གདམས་པ་རྟོག་པ་མི་སྤོང་བར་ལམ་དུ་འཁྱེར་བའི་གདམས་པ་བདོག་གམ་ཞུས་པས། དགེ་བཤེས་གླང་རི་ཐང་པས། ཆོས་དགེ་བཤེས་ཕུ་ཆུང་པ་ལ་ཞུས་པས། སོ་ཐམ་པ་ཅིག་མཛད་ནས། ཡོད་པ་ཡོད་དེ། ང་ལ་བཟླས་དབང་མེད་པ། བན་ཆོས་པ་བྱུང་ཟེར་འོང་གསུང་སྐད། ཕྱིས་རྣལ་འབྱོར་པ་གཉིས་ལ་གདམས་ངག་བདོག་གམ་ཞུས་པས། བྱུང་གསུང་། དེ་གཉིས་ཀྱིས་ཇོ་བོ་རྗེ་ལ་ཡང་སློབ། ལོ་ཙྪ་བ་རིན་ཆེན་བཟང་པོ་དང་། སྒོམ་ ཆེན་སྤུན་གཉིས་ཀྱི་སྲས་ལགས་སྐད། དབུས་སུ་ལྕགས་རི་བ། དེས་སྨིན་པར་མཛད་གསུང་། གདམས་ངག་ཇི་ལྟར་ཞུས་ན། རྟོགས་པའི་རྒྱུ་མེད་དེ་གཞི་རྩ་མ་གྲུབ་པས། རྟོགས་པའི་ཐབས་ལ་མཁས་ཏེ། བཀའ་རྟགས་ཀྱི་ཕྱག་ རྒྱ་དང་འདྲ། རྒྱལ་པོའི་བཀའ་རྟགས་ཡོད་པ་དེ་བསྐུར་བས། ཇག་པ་དང་འཕྲད་ཀྱང་རྟགས་དེ་ཡོད་པས་མི་འཇིགས་ཀྱི་སྟེང་དུ་གྲོགས་བྱེད། དེ་བཞིན་དུ། གསང་སྔགས་ཀྱིས་ཐབས་ཀྱི་ཉོན་མོངས་པས་མི་གནོད་ཀྱི་སྟེང་དུ་ལམ་དུ་འཆར་ བ་ལྟར་རྟོགས་པའི་ཐབས་དང་ལྡན་པས། ཀུན་ནས་ཉོན་མོངས་ཀྱི་ཆོས་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་ངོ་ཤེས་པས་སྤང་བླང་མེད། སྤང་བླང་མེད་པས་རེ་དོགས་མེད། ཕྱི་ནང་གི་ཆོས་ཐམས་ཅད་རྟོག་པར་འདུག །རྟོག་པ་ སེམས་སུ་ཤེས་ནས། སེམས་སྐྱེ་བ་མེད་པ་ཆོས་སྐུ་རུ་ངོ་ཤེས་པས་འབྲས་བུ་ལ་རེ་བ་མེད་དེ། སྐུ་གསུམ་རང་ལ་ཡོད་པའི་ཕྱིར། འཁོར་བ་ལ་དོགས་པ་མེད་དེ། སྤང་དུ་མེད་ཅིང་ཤེས་རབ་ཀྱི་བུད་ཤིང་ཡིན་པའི་ཕྱིར། གང་ཡང་སྤང་ བྱ་མ་ཡིན་པས་སྤང་བྱ་ནི་མེད་གསུང་། སྒོམ་ཆེན་པས་སྒོམ་པའི་དུས་སུ་རྟོག་པ་འབྱུང་སྟེ། དེ་ལ་ཕྲད་འཇོམས་པ་དང་། ཕྱི་བསྙགས་པ་དང་། མེ་སྤྲུལ་ལོ། །དེ་ལ། ཕྲད་འཇོམས་པ་ནི། རྣམ་རྟོག་བྱུང་མ་ཐག་ཏུ་སྐྱེ་མེད་དུ་ཆོད་ནས། རང་ 2-5-4b སེམས་ངོ་ཤེས་པ་དེ་ཡིན་གསུང་། ཕྲད་མ་འཇོམས་ན། ཕྱི་བསྙག་པ་ནི། རྣམ་རྟོག་དེ་གང་ནས་བྱུང་ན། སེམས་ལས་བྱུང་། སེམས་ལ་ཐིམ། སེམས་དང་ཐ་མི་དད་པར་བསམ་པ་དེ་ཡིན་གསུང་། མེད་སྤྲུལ་པ་ནི། གང་ཤེས་པ་ལ་ ལྕི་བ་དེ་ཡིད་ལ་མི་བདེ་བར་འཛིན་ན། ཤིན་ཏུ་ལྕི་བ་ཅིག་སྤྲུལ་པ་ཡིན་ཏེ། འོ་སྐོལ་རབ་ཏུ་བྱུང་བ་ལ། རྩ་བ་བཞི་ལ་ཉེས་སྐྱོན་མེད་བཞིན་དུ་མིས་བསྐུར་བ་བཏབ་ན། ཤེས་པ་ལ་དེ་ལྕི་ཡིད་ལ་དེ་མི་བདེ་བ་ཡིན་ཏེ། དེ་རྣམ་པར་རྟོག་པ། རྣམ་ པར་རྟོག་པ་དེ་སེམས། སེམས་དེ་སྐྱེ་མེད་ཡིན་གསུང་། དེ་ལ་དཔེ་རྣམ་པ་གསུམ། དང་པོ། ནགས་ལ་མེ་ཤོར་བ་དང་འདྲ་སྟེ། ནགས་ལ་མེ་ཤོར་ཙ་ན་རླུང་ཉིད་གྲོགས་སུ་འགྲོ། རྩི་ཤིང་ནགས་ཚལ་ནས། ས་རྡོ་ཚུན་ཆད་ཀྱང་གྲོགས་སུ་ འགྲོ་སྟེ། དགེ་བའི་བཤེས་གཉེན་གླང་རི་ཐང་པའི་ཞལ་ནས། ཤིང་ཐམས་ཅད་གྲོས་བྱས་ནས། མེ་ལ་དམག་དྲངས་པས། མེ་ན་རེ། ཁྱེད་ཇི་ལྟར་མང་བ་ལྟར་ངའི་འདོད་ཡིན་བྱ་བ། ཤེར་ཕྱིན་ན་བཞུགས་སྐད། དེ་བཞིན་དུ། རྣམ་ རྟོག་ཇི་ལྟར་མང་བ་ལྟར་ཤེས་རབ་ཀྱི་གྲོགས་སུ་འགྲོ། གཉིས་པ། ཆུ་ལ་ཁ་བ་བབ་པ་དང་འདྲ་སྟེ། བབ་མ་ཐག་ནས་ཆུར་རོ་གཅིག་པར་འགྱུར། དེ་བཞིན་དུ། རྣམ་རྟོག་བྱུང་མ་ཐག་ནས་ལྷན་ཅིག་སྐྱེས་པར་རོ་གཅིག་གོ། གསུམ་ པ། སྔར་འགྲིས་པའི་མི་དང་ཕྲད་པ་འདྲ་སྟེ། སྔར་འགྲིས་ཀྱི་མི་དང་ཕྲད་ཙ་ན། །ཡིན་མིན་གྱི་རྟོག་དཔྱོད་བགྱི་མི་འཚལ། །དེ་བཞིན་དུ། རྣམ་རྟོག་ལ་རྟོག་དཔྱོད་བགྱི་མི་འཚལ་བར་སྐྱེ་མེད་དུ་ངོ་ཤེས་གསུང་། དགེ་བའི་བཤེས་གཉེན་ཕོ་ཆུང་ བའི་ཞལ་ནས། རྟོག་པ་ཉིད་ལམ་དུ་ཁྱེར་ན་སྤངས་པས་ཅི་ལ་སྤོངས་གསུང་སྐད་དོ། །རྣམ་རྟོག་ལམ་འཁྱེར་ཡིན་ཏེ། བླ་མའི་དང་ཅུང་མི་འདྲ་གསུང་། སྟོང་ཉིད་རམ་འདར་ལྡོག་ཞང་ཨེན་ཙམ་ཅིག་ཡོད་གསུང་། རྟོག་པའི་རྒྱུ་མེད་བྱ་བའམ། 2-5-5a ཤེས་རབ་ཀྱི་བུད་ཤིང་མིན་བྱ་བ་ལ་སོགས་པ་གསུངས་པས་སོ། །ལྕགས་རི་བའི་གདམས་ངག་ཡིན་གསུང་། ཁ་ཅིག་ཐབས་གཙོ་ཆེར་འཆད། ཁ་ཅིག་ཤེས་རབ་གཙོ་ཆེར་འཆད་དེ། བློ་དམན་པའི་དུས་སུ་ཐབས་གཙོ་ཆེ་བ་མན་ ངག་ཡིན་གསུང་། བླ་མའི་ཞལ་ནས། བློ་ཡར་སོང་ཙ་ན། ཤེས་རབ་གཙོ་ཆེར་རང་ཤུགས་ཀྱིས་འགྲོ་བ་ཡིན་གསུང་། ང་ཡོང་ང་ལ་མི་དགོས་སྙམ་ན། དགོས་བསྔོ་བ་ཡིན་གསུང་། ཤུགས་འབྱུང་གིས་འགགས་པ་ཅིག་དགོས་པ་ཡིན། །ཤུགས་ འབྱུང་བྱ་བའི་གོ་བ་ནི། བཅོས་མ་དང་བྲལ་བ་ཞིག་ཡིན་གསུང་ངོ་། །སྒོམ་ཆེན་པ་རྣམས་ལ་ཞུ་བ། གནས་པའི་དུས་སུ་རྟོག་མེད་དེ་རྒྱུན་བསྲིང་བ་ཡིན་ཏེ། ངོ་བོ་ལ་རྟོག་མེད་རྒྱུན་བསྲིང་ན་ཆོས་ཀྱི་གནད་མ་གོ་བ་ཡིན། ཆོས་མ་ཆོད་པ་ཡིན་གསུང་ངོ་། ། གདོད་མ་ནས་རྒྱུན་ཆད་མ་མྱོང་བའི་གནད་ཀས་གསུང་། བླ་མའི་ཞལ་ནས། སྟོང་ཉིད་ཀྱི་སྤྱིའི་གོལ་ས་བཞི་ཡིན། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ། ཆོས་ཐམས་ཅད་ནམ་མཁའ་ལྟར་ཅི་ཡང་མ་གྲུབ་ཟེར་བ་དེ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ སྒོམ་ལུགས་ཡིན། བློས་བྱས་ཀྱི་སྟོང་ཉིད་བྱ་བ་ཡིན་ཏེ། རྫོགས་ཆེན་པ་ལ་ཉེ་བ་ཡིན་གསུང་། རྒྱས་འདེབས་ནི་སྔགས་ཀྱི་ལུགས་ཡིན་ཏེ། རྒྱུ་ལ་འབྲས་བུའི་རྒྱས་འདེབས་ཤིང་། འབྲས་བུ་ལ་རྒྱུས་རྒྱས་འདེབས་ཞེས་ཟེར་ཞིང་། དེ་ཡང་སྟོང་པ་ཡིན་ཟེར་ ནས། ཐམས་ཅད་བློས་བྱས་ཀྱི་སྟོང་པས་རྒྱས་འདེབས་པ་དེ་ཡིན་ཏེ། སྟོང་ཉིད་རྒྱས་འདེབས་ལ་ཤོར་བ་ནི་ཚེར་མ་ལ་དར་གྱིས་གཡོག་པ་དང་འདྲ་གསུང་། སྟོང་ཉིད་གཉེན་པོར་ཤོར་བ་ནི། ཉོན་མོངས་པ་ལ་སོགས་པ་ཐམས་ཅད་སྟོང་པར་བསྒྱུར་ནས། སྟོང་ཉིད་ལ་ཉོན་མོངས་པའི་གཉེན་པོ་ཡོང་མ་མྱོང་གསུང་། སྟོང་པ་ཉིད་ལམ་དུ་ཤོར་བ་བྱ་བ་ནི། བླ་མའི་ཞལ་ནས། སྟོང་ཉིད་དེ་ལམ་མ་ཡིན། འབྲས་བུ་ཡིན་གསུང་། གཞིར་བཤད་ཀྱང་དོན་ལ་ཤེས་བྱའི་གཤིས་ཤེས་བྱ་བ། བློས་བྱས་ཀྱི་སྟོང་པ་དེ་ 2-5-5b ཡིན་གསུང་། ཞེན་པ་དང་བྲལ་བ་ལ་དེས་ཀྱང་ཕན་དུ་རུང་གསུང་། རབ་ཀྱིས་ཉན་ཐོས་ཀྱི་བྱང་ཆུབ་འོང་སྲིད། འབྲིང་གིས་བསམ་གཏན་གྱི་དངོས་གཞི་ཙམ་འབྱུང་། ཐ་མས་ཚེ་འདི་ལ་ན་ཚ་ཞི་ཙམ་འབྱུང་གསུངས། དོན་དམ་པ་འདི་འདྲ་མ་ཅིག་ཡིན་བྱ་བ་སངས་རྒྱས་ ཀྱིས་ཀྱང་གསུང་བར་མ་ནུས། རྒྱུན་ཆད་མེད་པ་དེ་སངས་རྒྱས་ཀྱི་བཀག་ཀྱང་མི་ཁེགས། སངས་རྒྱས་ཀྱིས་གཟིགས་པར་ཡང་མི་འགྱུར་གསུང་། རིན་པོ་ཆེའི་ཞལ་ནས། བཀའ་གདམས་པ་ཡང་ལྟ་བ་ལ་རྩིས་མི་ཆེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ ལ་རྩིས་མི་ཆེ། ལྟ་བ་བལྟས་ཐོན་བ་རྩིས་ཆེ་གསུང་། བླ་མ་ཡང་གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། སྤྱིར་ཆོས་ཐམས་ཅད་ཉམས་ཐོག་ནས་མྱོང་བ་ཅིག་དགོས་གསུང་ངོ་། །སྟོང་ཉིད་ཤེས་བྱའི་གཤིས་སྒོམ་པ་དང་། རྩ་རླུང་བསྒོམས་པའི་ རྟེན་འབྲེལ་གྱིས་ཉམས་འབྱུང་བ་དེ་ཡང་ཉམས་ཡིན་ཏེ། དེས་ཆོས་ཤ་རུས་ཆོད་པ་མི་མཆི་གསུང་། ཆོས་ཤ་རུས་ཆོད་པ་ལ། དོན་དམ་སྐྱེས་པའི་ཉམས་ཅིག་དགོས། ཀུན་རྫོབ་སྒྱུར་མར་མཐོང་བར་བྱ་བ་དང་། སེམས་ཉིད་སྒྱུ་མར་མཐོང་བ་བྱ་བ་གཉིས་ ཡིན་ཏེ། སེམས་ཉིད་སྒྱུ་མར་མཐོང་ན། དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། བཀག་པས་མི་ཁེགས། བློའི་ཡུལ་དུ་བྱར་མི་བཏུབ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། རྣམ་རྟོག་གི་བློས་མི་མཐོང་གསུང་ངོ་། ། རིན་པོ་ཆེའི་ཞལ་ནས། རྣམ་པར་རྟོག་པ་ནི་དགོས་པ་སྐུ་དྲིན་ཅན་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་པ་ཡིན་གསུང་། བྱང་ཆུབ་སེམས་དཔའ་རྣམས་ནི། བསམ་གཏན་བཞིའི་ཏིང་ངེ་འཛིན་ ལ་བརྟེན་ནས་འོད་གསལ་གྱི་རྩལ་སྦྱོང་བ་ཡིན་གསུང་ངོ་། །གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བརྟུལ་ཞུགས་ཀྱི་སྤྱོད་པ་ལས་ལོག་ནས་ཀྱང་། བསྐྱེད་རིམ་ལ་བརྟེན་ནས་རྩལ་སྦྱོང་བ་ཡིན་གསུང་ངོ་། །སྒོམ་ཆེན་པ་རྣམ་པར་རྟོག་པ་ལ་སྐྱོན་དུ་མི་བལྟ་ 2-5-6a རྟོག་པ་ལ་དབང་ཐོབ་པ་ཞིག་དགོས་གསུང་ངོ་། །སྒོམ་ཆེན་པ་དེ་ལ་ན་བ་དག་འོང་ངམ་ཞེ་ན། ལུས་འབྱུང་བ་བཞི་ལ་གྲུབ་པས། ན་བ་འོང་སྟེ། བྱུང་མ་ཐག་ཏུ་ན་བ་རྣམ་རྟོག་ཡིན་པར་ཤེས། རྣམ་རྟོག་སེམས་སུ་ཤེས། སེམས་ སྐྱེ་མེད་ཆོས་སྐུར་ཤེས་པ་ཞིག་འོང་། སྐྱེས་པ་ཡིན་པའི་ནད་ཀས་འཆི་བ་འོང་སྟེ། འཆི་བ་ཡང་གོང་ལྟར་ཤེས་པ་ཅིག་འོང་། གལ་ཏེ་དམྱལ་བའི་སྣང་བ་ལྟ་བུར་ཤར་ཡང་། གོང་ལྟར་ཤེས་པ་ཅིག་འོང་སྟེ། སློབ་དཔོན་ཏོག་ཙེ་པའི་ཞལ་ནས། ང་ནི་ཤེས་ པ་འདི་གོ་ནས། །དམྱལ་བ་དག་ཏུ་སྐྱེས་སྲིད་ཀྱང་། །དམྱལ་བ་ཉིད་ཀྱང་བདེ་བར་འཆར། །ཞེས་གསུང་ངོ་། །བླ་མའི་ཞལ་ནས། རྣམ་རྟོག་སྐུ་དྲིན་ཆེ་བ་ཅི་སྟེ་ཞེ་ན། དེ་སེམས་ལས་བྱུང་བ་ཡིན། སེམས་ཆོས་སྐུ་ཡིན། རྣམ་རྟོག་དེ་ངོ་བོ་ཉིད་ཀྱི་རྟོགས་པ་ ཡིན་ཏེ། རྟོག་པ་དེ་ནི་ངོ་བོ་གསལ་བར་བྱེད་པས་སྒྲོན་མེ་ལྟ་བུ་ཡིན། ཆོས་ཐམས་ཅད་ཀྱི་རྩ་བ་གཅོད་པར་བྱེད་པས་མཚོན་ལྟ་བུ་ཡིན། རྟོག་པ་ལམ་དུ་ཁྱེར་བས། རྟོག་མེད་འཆར་བ་ངོ་མཚར་རེ་ཆེ་ན་གསུང་། རྟོག་པ་དེ་རྒྱུ་ཡིན་ནམ། ལམ་ཡིན་ནམ། འབྲས་བུ་ཡིན་ནམ་ཇི་ལྟར་ཡིན་ཞེ་ན། རྒྱུ་ཡིན་ཏེ། ཁོ་རང་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འབྱུང་། ལམ་ཡང་ཡིན་ཏེ། དེ་ཉིད་མི་སྤོང་བར་ལམ་དུ་འཁྱེར། འབྲས་བུ་ཡང་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས། སྐུ་བཞི་རང་ཆས་སུ་ཡོད་པས། འབྲས་བུ་གཞན་ནས་མི་རེ། རྒྱུ་ལམ་འབྲས་བུ་གསུམ་གཅིག་ཏུ་འཁྱེར་བ་གདམས་ངག་བྱ་བ་ཡིན་གསུང་ངོ་། །རང་ཅག་ལ་མཁྲིས་གཉིས་ཡོད་དེ། ཕྱིའི་མཁྲིས་དང་། ནང་གི་མཁྲིས་གཉིས་ཡིན། ཕྱིའི་འཁྲིས་ནི། ཅི་ཡང་མ་གྲུབ་པ་ཅིག་ཡིན་པ་ལ། བདག་དང་ཁམས་གསུམ་པོ་འདི་ལ་དངོས་པོ་དང་མཚན་མར་བཟུང་། ནང་གི་འཁྲིས་ནི། བདེ་བ་དང་གསལ་བ་ལ་ཡོན་ཏན་དུ་བལྟས་པས། འཇིག་རྟེན་པའི་ལམ་དུ་སོང་། འོ་ན་ཅི་ལྟར་བྱས་པས་འཁྲིས་མེད་པར་འགྱུར་སྙམ་ན། བླ་མ་དང་རྒྱུད་འདྲེས་པ་ 2-5-6b ཅིག་དགོས་གསུང་། དུས་རྟག་ཏུ་བླ་མ་ཡིད་ལ་བྱས་ན། བྱིན་རླབས་རྒྱུན་ཆད་མེད་པར་འབྱུང། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཆོས་སྐུར་ཤེས་པར་བྱ་ཞིང་གཉིས་འཛིན་སྤང་། རང་སེམས་བླ་མར་ཤེས་པར་བྱ་ཞིང་། སེམས་ཅན་ལ་གནོད་པའི་ལས་ མི་བྱ། བདག་དང་ཁམས་གསུམ་པོ་ཐམས་ཅད་སེམས་ཀྱི་ངོ་བོ་གཅིག་ཏུ་བྱས་ཏེ། བརྒྱ་འམ་སྟོང་ཙམ་དུ་བྱེད་པར་འཆི་རེས་བྱེད་ལ་ཅེས་གསུང་། བདེ་གསལ་མི་རྟོག་པ་གསུམ་སེམས་ཀྱི་ངོ་བོ་ཡིན་པས། སྤྱོད་ལམ་རྣམ་བཞིར་མ་ཡེངས་པར་བྱ། དེ་ གསུམ་ངོ་བོ་གཅིག་ཏུ་ཤེས་པར་བྱ། ཞི་གནས་ལྷག་མཐོང་རྟོགས་པར་འདོད་ན། བཀའ་གདམས་པ་ལྟར་ལྷན་ཅིག་ཏུ་སྤུངས་པས་ཀྱང་མི་འོང་། རྣལ་འབྱོར་པ་ལྟར་གྲོང་ཁྲོད་འགྲིམས་པས་ཀྱང་མི་འོང་གསུང་ངོ་། །རིན་པོ་ཆེའི་ཞལ་ནས། རང་ ཅག་ལ་མཁྲིས་མེད་པ་ཞིག་དགོས་ཏེ། ཆོས་བརྒྱད་ཀྱི་མཁྲིས་ཀྱང་ཡོད་པ་དེས་ཀྱང་མི་འོང་སྟེ། ཆོས་བརྒྱད་དུ་སོང་ན། དགེ་བཤེས་ཡོན་བདག་གི་ཞལ་ནས། ནག་པོའི་བསྟན་པ་བྱ་བ་ཡིན་གསུང་། ཐར་པའི་རྒྱུར་དག་ཅི་ལ་ཡང་འགྲོ་སྟེ། མཐོ་རིས་ ཀྱི་རྒྱུར་ཡང་མི་འགྲོ་གསུང་། དགེ་བཤེས་སྒྲེ་པའི་ཞལ་ནས། ཆོས་མ་ཡིན་པ་ཆོས་ལྟར་བཅོས་པ་བྱ་བ་ཡིན་གསུང་། དགེ་བའི་བཤེས་གཉེན་གླང་རི་ཐང་པའི་ཞལ་ནས། མི་དགེ་བ་རང་ཡིན་གསུང་། འོ་སྐོལ་ལ་ཅིས་ཀྱང་བྱར་མེད་ཅིག་འཚལ། ཡང་ ན་འཆི་བ་བསྒོམས་པས་ཅིས་ཀྱང་བྱར་མེད་ཅིག་སྐྱེ་དགོས། ཡང་ན། ངོ་བོ་ལ་བློ་ངེས་པས་ཞེན་པ་རང་ལོག་དེ་འོང་། ཐམས་ཅད་སྒྱུ་མའམ་རྨི་ལམ་ལྟ་བུ་ཤུགས་ཀྱིས་མཐོང་བ་ཅིག་འོང་། དེ་ཡང་། ད་ལྟ་སྒོམ་ན། འདི་ལྟར་སྣང་གྲགས་ཀྱི་ཆོས་འདི་ཐམས་ཅད་ ཡེ་ཡོད་མ་མྱོང་བར་སངས་རྒྱས་ཀྱིས་གསུངས། ཡོད་མ་མྱོང་བ་ཡིན་ཡང་ཡིན་ཏེ། ད་ལྟར་སྣང་བ་འཆར་བ་འདི་སུས་ཁེགས། ལས་ཀྱི་སྣང་བ་འཆར་བ་འདི་མི་ཁེགས་གསུང་། སེམས་དང་ནམ་མཁའ་གཉིས་འདྲ་བ་ལ། ནམ་མཁའ་ལ་རིག་པ་མེད་པས་ 2-5-7a དཔེར་འོང་བ་ཡིན། རིག་པ་ཡོད་ན་དོན་རང་ཡིན་ཏེ། ད་ལྟ་རིག་པ་རྒྱུན་ཆད་མེད་པ་ལ། བདེན་པ་མཐོང་ནས་ཡེ་ཤེས་རྒྱུན་ཆད་མེད་པ་བྱ་བར་མིང་བཏགས། གསང་སྔགས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བར་ད་ལྟ་རང་ནས་བདོག་གསུང་། ངོ་བོ་ནི་བྱིན་བརླབས་རང་ལས་བསྒོམས་པས་མི་འོང་། བསྒོམ་རྒྱུ་ཡང་མེད། ཡི་དམ་ལྷ་ནི་ཡེ་ནས་ཡིན། སྒོམ་མི་འཚལ། བསྒོམ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་མེད་པས། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་སྒོམ་འཚལ། ཀྱཻ་རྡོ་རྗེ་ལས་ཀྱང་། ཀུན་ རྫོབ་སྒྱུ་མས་བྱང་ཆུབ་བསྒྲུབ་པ་ཉིད། །ཅེས་གསུངས་སོ། །སྤྱིར་ཆོས་གཤའ་མར་བྱེད་པ་ལ། ཡིན་མིན་དང་། ལེགས་ཉེས་ལ་སོགས་པ་རྩིས་པས་ཆོས་ག་ན་འོང་། དེ་ཀུན་གང་ལ་ཡང་མི་བལྟ་བར། ཤེས་པ་སྐད་ཅིག་མ་བལྟ་བ་ལགས་པས། འཇིག་རྟེན་པ་དང་འཛོལ་ལེ་བ་ཅིག་དགོས་པ་ཡིན། འཇིག་རྟེན་པས་འཕྱས་སེ་བ་ཅིག་དགོས་པ་ཡིན། ཚེ་འདིར་མི་བྱེད་དགུ་བྱེད་ཀྱིས། འཁོར་བ་དང་འབྲེལ་པ་ཆོད་པ་ག་ན་འོང་། དགོངས་མཛོད་གསུང་།། །། བླ་མ་ཆེན་པོ་ནཱ་རོ་པའི་བཞེད་པས། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ། སྨིན་པ་གྲོལ་བར་བྱེད་པ་ཐབས་བསྐྱེད་རྫོགས་གཉིས། དེ་ཡང་གདན་ཐོག་གཅིག་ཏུ་བསྒོམ་པར་བྱ་བ་དང་། རིམ་གྱིས་པའི་ལུགས་གཉིས་ཡིན་ཏེ། གདན་ཐོག་ གཅིག་ཏུ་སྒོམ་པ་དུས་གཅིག་ཏུ་སྟོན། རིམས་ཀྱིས་པ་ནི། འོག་མ་འོག་མ་ལ་བརྟན་པ་ཐོབ་ནས་གོང་མ་གོང་མ་སྟོན་ཏེ། བསྐྱེད་རིམས་ལ་བསྟན་པ་ཐོབ་ནས་རྫོགས་རིམ་སྒོམ། དེ་ཡང་། ནང་ནས་ཤར་བ་དེ་རྫོགས་རིམ་གཤའ་མ་དེ་ཡིན། ནང་ནས་ མ་ཤར་ན་ཟབ་པའི་རྫོགས་རིམ་དུ་མིང་བཏགས་ཀྱང་། དོན་ལ་བློས་བྱས་ཅིག་ཡིན་གསུང་། སྤྱིར་དེ་ལྟར་ཡིན་ཡང་། འཁོར་བ་མཐའ་དག་ལས་ཐར་བར་བྱེད་པ་ལ། དོན་དམ་བྱང་ཆུབ་ཀྱི་སེམས་ཅིག་རྒྱུད་ལ་སྐྱེ་དགོས་ཏེ། དེ་ཡང་། ཇོ་བོ་རྗེའི་ 2-5-7b ལུགས་ཀྱིས་ཕྱི་ནས་གཅོད་པར་བཞེད། བླ་མའི་བཞེད་པས་ནང་ནས་གཅོད་པར་བཞེད། མཚན་ཉིད་པ་ནི། ཉོན་མོངས་པའི་སྒྲིབ་པ་ནས་མས་ཡར་སྤོང་བར་འདོད་པ་ཡིན། བླ་མ་ནི་ཤེས་བྱའི་སྒྲིབ་པ་ནས་རྩད་དེར་གཅོད། སེམས་ཉིད་ལྷན་ཅིག་ སྐྱེས་པ་ཆོས་ཀྱི་སྐུ་ཞེས་བྱ་སྟེ། བླ་མའི་བཞེད་པས། རིག་པ་དང་སྟོང་པ་ལྷན་ཅིག་སྐྱེས་གསུང་། དེ་ཡང་། གྲུབ་པ་ཐོབ་པའི་གྲུབ་སྐོར་ནས་བཤད་པ་དང་། བྲམ་ཟེ་ཆེན་པོ་དང་། ཀླུ་སྒྲུབ་ལ་སོགས་ཀྱི་སྙིང་པོ་སྐོར་དུ་བཤད་པ་དང་། རྡོ་རྗེ་འཆང་ གི་རྒྱུད་ཀྱི་བཤད་པ་དང་། རྣལ་འབྱོར་པ་ལ་ནང་ནས་ཤར་བ་སྟེ་དེ་རྣམས་ཡོ་མཐུན་གསུང་། བླ་མའི་ཞལ་ནས། མ་མཐུན་ན་ཡང་ན་རང་ནོར། ཡང་ན་གཞན་ནོར་བ་ཡིན་གསུང་། ཇོ་བོ་རྗེའི་བཀའ་བརྒྱུད་ཀྱི་དབང་དུ་བྱས་ན་ཡང་། དགྱེས་པ་ རྡོ་རྗེ་འདུལ་བའི་ལེའུ་དང་བསྟུན་ནས་རིམས་ཀྱིས་པར་བཞེད་པ་ཡིན་གསུང་ངོ་། །བླ་མའི་ཞལ་ནས། ཅིག་ཅར་བའི་གང་ཟག་ནི་ཤིན་ཏུ་དཀོན། ང་ནི་རིམ་གྱི་པར་འདོད་པ་ཡིན། གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བཀའ་གདམས་པའི་ལུགས་ ཀྱིས། དང་པོ་རྫོགས་པར་མི་སྟོན། དང་པོ་ཚོགས་གསོག་ཙམ་དུ་སྟོན། དེ་ནས་བསྐྱེད་རིམ་ཙམ་དུ་སྟོན། དེ་ནས་ཡེ་ཤེས་སེམས་དཔའ་གཞུག་པ་སྟོན། དེ་ནས་དབང་བསྐུར། དེ་ནས་བདུད་རྩི་མྱང་བ། དེ་ནས་མཆོད་བསྟོད་དེ་ནས་རྫོགས་ རིམ་སྟོན་པ་ཡིན་ཏེ། དེ་ལྟར་རིམས་ཀྱིས་སྟོན། དགེ་བའི་བཤེས་གཉེན་ལྕགས་རི་བའི་ཞལ་ནས། ལྟ་བ་ཀུན་རྫོབ་ཡིན་མཐའ་གཉིས་དང་བྲལ་བའི་དབུ་མ་བྱ་བ། ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ཡིན། དོན་དམ་པ་ལ་བལྟ་རྒྱུ་མེད་གསུང་། གསང་ སྔགས་ཀྱི་ལྟ་བ་ནི་སེམས་ཡིན་གསུང་ངོ་།། །།རིན་པོ་ཆེའི་ཞལ་ནས། ཡང་ཚན་ཅིག་ན་རེ། སྙིང་རྗེ་རྣམ་པ་གསུམ་བསྟན་ཐོག་གཅིག་ཏུ་སྒོམ་དུ་བཏུབ་ཟེར། ཚན་ཅིག་ན་རེ། བློས་རིམ་པར་འཇོག་ཟེར་ཏེ། དོན་ལ་སྦྱར་ན་དེ་འཐད་པར་འདུག ། 2-5-8a ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་གཉིས་ལ། སེམས་ཅན་གྱི་དོན་བྱེད་པ་ལ་འོལ་ཆེ་ཆུང་འདྲ་བར་བཞེད་པ་ཡང་ཡོད་དེ། སངས་རྒྱས་ཆེ་བ་ཡིན། འོ་ན་སངས་རྒྱས་ལ་དགོས་པ་ཅི་ཡོད་གསུང་། དགེ་བའི་ བཤེས་གཉེན་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མངའ་བ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་མངའ་བ་གཉིས། སློབ་མ་ལ་སོགས་པ་ལ་བྱིན་བརླབས་ཆེར་བཤད་པ་ཡང་ཡོད་དེ། བླ་མའི་ཞལ་ནས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཅིག་ཡོད་ ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མི་འོང་མི་སྲིད་གསུང་། ཡང་དོན་དམ་བྱང་ཆུབ་ཀྱི་སེམས་རྣལ་མ་ཅིག་རྒྱུད་ལ་ཡོད་ན། དཔེར་ན། ནོར་བུ་རིན་པོ་ཆེ་ལ་རྟོག་པ་མི་མངའ་ཡང་། སེམས་ཅན་གྱི་དགོས་འདོད་འབྱུང་བ་ལྟར། དོན་དམ་པ་བྱང་ཆུབ་ཀྱི་ སེམས་ལ་རྟོག་པ་མི་མངའ་ཡང་། བྱིན་རླབས་ཤུགས་ཀྱིས་འབྱུང་བ་དེ་ཆོས་ཉིད་ལགས། ཞེས་གསུང་ངོ་། །བརྩོན་འགྲུས་སྟོབས་ཀྱིས་འགྲོ་བར་བྱ་བ་ནི། ཚེ་འདི་ལ་བརྩོན་འགྲུས་འབར་བའི་སྟོབས་ཀྱིས་སྒྲུབ་པ་ལ་འགྲོ་བ་ཡིན་ཏེ། དེས་ ཀྱང་བག་མི་འོང་། རྣམ་སྨིན་བརྒྱུད་ནས་འགྲོ་བ་བྱ་བ་ཡིན་གསུང་། ཐེག་ཆེན་གསང་སྔགས་ནི། ཚེ་གཅིག་ལུས་གཅིག་གིས་འགྲོ་བ་བྱ་བ་ཡིན་ཏེ། དེ་ཡང་། བྱིན་བརླབས་ཀྱིས་འགྲོ་བ་བྱ་བ་ཡིན་གསུང་། བླ་མ་རྟོགས་ལྡན་ཅིག་དང་སློབ་མ་སྐལ་ ལྡན་ཅིག་ཕྲད་ནས། དེས་གདམས་ངག་རྣལ་མ་ཞིག་བཏབ་དེ། དབེན་པའི་གནས་སུ་ཕྱིན་ནས་བསྒྲུབས་ན། ལུས་སེམས་བདེ་བ་དང་། འབྱུང་བ་རོ་སྙོམས་པ་འོང་བ་ཡིན། སེམས་རྩེ་གཅིག་ཏུ་གནས་ཏེ། སེམས་ལ་དབང་ཐོབ་པ་ལྟ་བུ་ ཡང་འོང་བ་ཡིན། བཏང་ན་བཏང་དབང་ཡོད། བཞག་ན་བཞག་དབང་ཡོད་པ་འོང་བ་ཡིན། ཆོས་ཐམས་ཅད་གཏིང་ནས་གོ་བ་ལྟ་བུ་ཅིག་འོང་། ང་རང་འདི་ལས་ལྷག་པ་ཅིག་ཡར་བསྐྱལ་རྒྱུ་མེད་སྙམ་པ་འོང་། གསང་སྔགས་ཀྱི་རྟེན་འབྲེལ་གྱིས་ 2-5-8b མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་ཀྱང་དེ་ལ་གྲོགས་བྱེད་པ་ཡིན། གཞན་ཐམས་ཅད་ལ་ཡང་བསྒོམས་ན་རུང་སྙམ་པའི་ཉམས་འབྱུང་བ་ཡིན་གསུང་། བླ་མ་ལ་དད་གུས་ཆེན་པོ་སྐྱེ་བ་ཡིན། ཐེག་པ་ཆེན་པོའི་ཆོས་ལ་ཡང་ཡིད་ཆེས་སྐྱེ་བ་ཡིན། ། ལར་བླ་མའི་བྱིན་བརླབས་ཅིག་མ་ཞུགས་ན་ཕུགས་མཁྲུས་པ་མི་འོང་གསུང་། ཚེ་འདི་ལ་བློ་ལོག་པ་ཅིག་གིས་དབེན་པའི་གནས་སུ་ཕྱིན་ནས་བླ་མའི་གདམ་ངག་ལ་འཇུག་པ་ཡིན་ཏེ། རྩ་འཆུན་པས་འབྱུང་བ་རོ་སྙོམས། རླུང་འཆུན་པས་གསལ་ ཤིང་གི་རྩེ་ལ་བསྒོམས་ཀྱང་ཙེན་ནེ་བ་འབྱུང་། ཐིག་ལེ་འཆུན་པས་ལུས་ལས་སུ་རུང་བ། བདེ་བ། ཁ་ཟས་འཇུ་བ་འབྱུང་། སེམས་འཆུན་པས་ཉོན་མོངས་མི་གོས་པ་འབྱུང་། དེ་ལ་ཉམས་སུ་མྱོང་བ་ནི་རྩེ་གཅིག་ལ་དབང་ཐོབ་པ་ ཡང་འོང་། དུས་གསུམ་གྱི་སངས་རྒྱས་བྱོན་ཡང་འདི་བས་ཡར་ལྷག་པ་མེད་སྙམ་པའི་ཡིད་ཆེས་ནང་ནས་སྐྱེ་སྟེ། ངག་ཏུ་བརྗོད་དུ་མི་བཏུབ། བླ་མ་མི་ལའི་ཞལ་ནས། འཁོར་འདས་ཀྱི་རྩད་དེ་གར་གཅོད་ན། རིག་མ་རིག་གཉིས་སུ་ གཅོད་པ་ཡིན་ཏེ། དེ་ཡང་ངོ་སྤྲོད་པ་ཡིན། བླ་མ་རྟོགས་ལྡན་ཅིག་གིས་སློབ་མ་སྐལ་ལྡན་ཅིག་ལ་ངོ་སྤྲོད་པ་ཡིན་གསུང་། དེ་ཡང་། ཏཻ་ལོ་པས། ནཱ་རོ་པ་ལ་གསུངས་པ་ཡིན་ཏེ། དེ་ཡང་། རིག་པ་ངོ་ཤེས་པ། རྟོགས་པ། ཉམས་སུ་ མྱོང་བ་གསུམ་གལ་ཆེ་གསུང་། ངོ་ཤེས་པ་ནི་རིག་པ་དེ་ངོས་བཟུང་མེད་པ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་ནི་རང་རིག་པ་སྟེ། ཏཻ་ལོ་པའི་ཅི་ཡང་བསྟན་དུ་མེད། །བདག་ཉིད་འདོད་ནས་སངས་རྒྱས་ཡིན་པ་ལ། །རྣམ་རྟོག་དབང་གིས་སངས་རྒྱས་ཉིད་མ་མཐོང་། །རྟོགས་པའི་དུས་ན་མཐོང་བ་མེད་ཅིང་ཐོས་པ་མེད། ། གཉིས་མེད་རང་གིས་རྟོགས་པ་དེ་ལ་ཕྱག་རྒྱ་ཆེ། སྤྲོས་པ་དང་བྲལ་བ། མི་འགྱུར་བ་དེ་ལ་སོགས་པ་ནི་ངོ་ཤེས་པའོ། །རྟོགས་པ་ནི། མ་རིག་པ་ཉིད། རིག་པ་ཡིན་པར་ཡིད་ཆེས་ནས་ཐེ་ཚོམ་མེད་པར་རྟོགས་པ་དེ་ཡིན་ནོ། །ཉམས་སུ་མྱོང་བ་ནི། ཟག་མེད་ཀྱི་བདེ་བ་ 2-5-9a ལྷན་ཅིག་སྐྱེས་པ་འོད་གསལ་བ་དེ་ཡིན་གསུང་། སྤྱིར་མ་རིག་པའི་འཁོར་དེ་དུག་ལྔ་ཡིན་ཏེ། དེ་ལྟ་བུའི་གང་ཟག་དེ་ལ་དུག་ལྔ་ཡེ་ཤེས་ལྔར་འཆར་བ་ཡིན་པ་དེ་སུས་ཀྱང་མི་ཁེགས་པས། དེ་ལྟ་བུའི་གང་ཟག་དེས་དོན་གྲུབ་པ་ཡིན། དེ་ལྟ་ བུ་རྒྱུད་ལ་སྐྱེ་བ་ལ། འོ་ཅག་བཞིན་དུ་ས་གཅིག་ཏུ་དཔུངས་པས་འོང་རི་ངས་སྐར་མི་ཐེབས་གསུང་ངོ་།། །། ༄། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཚེ་ལ་ལོང་མེད་མྱུར་དུ་འཆི་བས། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ཅིག་དགོས། རིགས་དྲུག་གར་སྐྱེས་ཀྱང་སྐྱིད་མེད་དེ་སྡུག་བསྔལ་གྱི་ཕུང་པོར་ཤེས་པས། འཁོར་བ་མཐའ་དག་ལ་མ་ཆགས་པ་ཅིག་དགོས། ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། དུས་ ཐམས་ཅད་དུ་སེམས་ཅན་བློས་མི་སྤོང་བ་ཅིག་དགོས། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པས། གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པ་ཅིག་དགོས། ཆོས་དེ་རྣམས་རྒྱུད་ལ་སྐྱེ་བ་ལ། བླ་མ་དང་དཀོན་མཆོག་གསུམ་ལ་དད་ པ་དང་གུས་པའི་སྒོ་ནས། མཆོད་པ་དང་གསོལ་བ་རྒྱུན་མི་ཆད་པ་ཞིག་དགོས་གསུང་། ཡུན་རིང་དུ་གོམས་པའི་བག་ཆགས་མཐུག་པོས་འཁྲུལ་པའི་ཤེས་པ་སྣ་ཚོགས་སུ་ཤར་བ་ཡང་། བྱིས་པ་ཆུང་ངུའི་དཔེ་དང་། སེང་གེ་ཕྲུ་གུའི་ དཔེ་དང་། རབ་རིབ་ཅན་གྱི་ནམ་མཁའི་སྐྲ་ཤད་ཀྱི་དཔེ་ལ་སོགས་པའི་སྒོ་ནས་འཁྲུལ་པ་བཅད། སྣང་བ་སེམས་དང་ཐ་མི་དད་པ་ནི། ཆུ་དང་ཆབ་རོམ་གྱི་དཔེ་དང་། ཙནྡན་དང་དྲིའི་དཔེ་དང་། གླ་རྩི་དང་དྲིའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། སྣང་བ་ཆོས་སྐུ་ལ་ཁྱབ་པ་ཡིན། ཏིལ་ལ་མར་གྱིས་ཁྱབ་པའི་དཔེ་དང་། དངུལ་རྡོ་ལ་དངུལ་དང་། འོ་མ་ལ་མར་གྱིས་ཁྱབ་པའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། མེད་བཞིན་དུ་སྣང་བ་ནི། དུ་བ་དང་། སྤྲིན་དང་། ཁུག་རྣ་ལ་སོགས་པའི་ 2-5-9b སྒོ་ནས་རྟོགས་པར་བྱ། རྟེན་ཅིང་འབྲེལ་བ་སྣ་ཚོགས་པ་ལས་སྣང་བ་ནི། མེ་ལོང་གི་གཟུགས་བརྙན་དང་། ཆུ་ནང་གི་ཟླ་བ་དང་། ནོར་བུ་རིན་པོ་ཆེའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། དེ་ལྟར་ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བ་ ལ་འཁྲུལ་པའི་ངོར་སྣང་སྟེ། རྨི་ལམ་ལྟར་རང་གི་སེམས་ཀྱི་གཟུགས་བརྙན། དོན་མ་ཡིན་པ་ལ་དོན་ལྟར་ཤར་བར་རྟོགས་པར་བྱ། དེ་བས་ན། ཆོས་ཐམས་ཅད་མི་བདེན་པ། རྫུན་པ། སླུ་བ། མིང་ཙམ། བཏགས་པ་ཙམ། ཐ་ སྙད་ཙམ་དུ་བལྟ་སྟེ། དེ་ལྟ་བུའི་ཀུན་རྫོབ་དེ་ཡང་། སྒྱུ་མ་ལྟར་མཐའ་གཉིས་དང་བྲལ་བར་རྟོགས་པར་བྱ། དེ་ལྟར་དོན་སྤྱིའི་རྣམ་པ་ཡུལ་དུ་བྱས་ནས་རྟོགས་པ་ཐོབ་སྙམ་ཡང་། དོན་མི་མཐོང་གསུང་། དབང་དང་བྱིན་བརླབས་ཀྱི་སྒོ་ནས་སྨིན་པར་ བྱས་ནས། བླ་མས་ཐབས་ལམ་ཉམས་སུ་ལེན་དུ་བཅུག་པས་ཉམས་མྱོང་འོང་སྟེ། དེ་ཡང་། གསང་སྔགས་ཀྱི་མན་ངག་རྟེན་འབྲེལ་ཚོགས་པ་ལས་སྐྱེ་ཞིང་། བདེ་གསལ་མི་རྟོག་པ་ཞི་བ་ཡིད་ཆེས་འབྱུང་། དེ་ཡང་། དད་པ་དང་གུས་པའི་སྒོ་ནས་ཡུན་ རིང་དུ་ཉམས་སུ་བླངས་པས། སེམས་དང་ལུས་སྦྱངས་པའི་ཡོན་ཏན་མང་དུ་འབྱུང་། སྲོག་དྷུ་ཏཱིར་ཚུད་པའི་སྟོབས་ཀྱིས། རྟགས་ལྔ་དང་ཕན་ཡོན་བརྒྱད་ལ་སོགས་པ་ཡོན་ཏན་གྱི་རྟགས་མང་དུ་འབྱུང་ངོ་། །དེ་ལྟ་བུའི་ལུས་སེམས་བདེ་བ་ཅི་བྱུང་ཡང་ཞི་གནས་ ཡིན་ཏེ། འོན་ཀྱང་རྟགས་ལྔ་ཕན་ཡོན་བརྒྱད་པོ་དེ་ཞི་ལྷག་ཟུང་འབྲེལ་ལས་ཀྱང་འབྱུང་གི། གནས་པ་ཕྲ་མོ་ཟིན་པའི་གནས་པ་ལྟེང་ལྟེང་ལ་ནི་མི་འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་བསམ་གཏན་དང་པོའི་དངོས་གཞི་ཡིན་ཏེ། དེ་ལུས་ཀྱི་རྣམ་པར་ ཤེས་པའི་མངོན་སུམ་གྱི་བསམ་གཏན་གྱི་དགའ་བདེ་སྒོམ་པ་ཡིན་གསུང་། དེ་ཡང་། བླ་མ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་བྱ་བ་གཅིག་གིས་སྐྱེ་མེད་ངེས་སུ་འཇུག་སྟེ། མ་ངེས་པ་སྣང་ལ་མ་ངེས་པ་ཞེས་བྱ་སྟེ་སོ་སོར་བརྟག་མིན་གྱི་འགོག་པར་འགྲོ ། 2-5-10a ཐུན་མོང་གི་ལམ་ཡིན་པས་གར་སྐྱེ་ཆ་མེད་པ་ཡིན་གསུང་། ངེས་པའི་ཤེས་པ་སྐྱེས་ན། རྟོག་པ་དང་བྲལ་བའི་སྟོང་ཉིད་མངོན་སུམ་ཉིད་རབ་ཏུ་ཤེས་སོ། །སེམས་སྐྱེ་མེད་ཀྱི་ངོ་བོ་ལ་མ་ངེས་ན། བླ་མ་རིན་པོ་ཆེའི་ཞལ་ནས། དེ་དེ་ ཡིན་ཏེ་དེ་དེ་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །ཞེས་གསུང་ངོ་། །ཇོ་བོ་རྗེའི་ཞལ་ནས་ཀྱང་། ངེས་སྦྱང་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། །ནམ་མཁའི་མེ་ཏོག་བུང་བས་འཇིབས་པ་མཐོང་བ་འདྲ། ། ཅེས་གསུངས་སོ། །དེས་ན། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པས་སེམས་ཀྱི་ཆོས་ཉིད་རྟོགས་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་ཡིན་ནོ། །དེས་ན། སེམས་ཀྱི་རང་བཞིན་གཟུང་འཛིན་གཉིས་དང་བྲལ་བ་ཆོས་སྐུའི་ངོ་བོ་ དེ། སངས་རྒྱས་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ། རང་བཞིན་གནས་པས་ན་རྟག་ཅེས་བྱའོ། །དེ་ཡང་། རྣམ་པར་རྟོག་པ་རྣམ་སྤངས་པ། །གཟུང་དང་འཛིན་པ་དང་བྲལ་བ། །ཡེ་ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ། ། ཅེས་གསུངས་སོ། །དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་རྟོགས་པ་ནི། ཟག་པ་མེད་པའི་སྡོམ་པ་ལས་དང་པོའི་མངོན་སུམ་ཡིན་ཏེ། སེམས་ཀྱི་སྟོང་ཉིད་ལ་ངེས་ཤེས་སྐྱེས་པའི་ཕྱིར་རོ། །ངེས་ཤེས་ཇི་ལྟར་སྐྱེས་ན། གཟུགས་བརྙན་དང་སྒྱུ་མ་ ཡུལ་གྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལྟར། སེམས་སྒྱུ་མ་དང་ཆུ་ཟླ་བཞིན་དུ་རང་ཉིད་ལ་ངེས་ཤེས་འདྲེན་ནོ། །དེ་ལྟར་སེམས་ཀྱི་སྟོང་ཉིད་ལ་ངེས་ཤེས་ཐོབ་པ་ལ་ཚད་མ་ཞེས་བྱའོ། །དེ་ཡང་། རང་རིག་རྟོག་པ་མེད་པ་ཡིས། །སྟོང་ཉིད་མངོན་ སུམ་ངེས་གྱུར་པ། །བདེ་ཆེན་རྟོག་པ་མེད་པ་དང་། །ཁྱད་པར་མེད་པར་སྐལ་མཉམ་མཐོང་། །ཞེས་གསུངས་སོ། །ནང་གི་སེམས་ཉིད་ཀྱི་སྟོང་ཉིད་མཐོང་བའི་ཤུགས་ཀྱིས། ཕྱིའི་ཡུལ་སྟོང་པར་རྟོགས་པ་ནི་རྣལ་འབྱོར་གྱི་མངོན་སུམ་ཡིན། དེ་ཡང་ 2-5-10b དང་པོ་ཤེས་པ་ངོས་ཟིན་ན་དེ་ཉིད་ཡིན་ཏེ། ཤེས་རབ་མིག་གིས་སེམས་ལ་ལེགས་པར་བལྟས་པས། སེམས་ཀྱི་ངོ་བོ་ཐོག་མཐའ་མེད་དེ་ནམ་མཁའ་འདྲ། །དབུས་ཀྱང་མེད་དེ་ཅི་ཡང་མིན་པའི་ཕྱིར། །དེའི་ངོ་བོ་བདག་གིས་སྨྲ་བར་མི་ནུས་སོ། །ཞེས་ གསུངས་ཏེ། ཐ་མལ་གྱི་ཤེས་པའི་ངོ་བོ་དེ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་གཉིས་འཛིན་གྱི་བསམ་གཏན་དང་བྲལ་བས། སྒོམ་དུ་མེད་པ་སྒོམ་པའི་མཆོག །ཅེས་གསུངས་སོ། །རང་བཞིན་དག་པའི་སེམས་ཀྱི་ངོ་བོ་སྟོང་ཉིད་མངོན་སུམ་དུ་མཐོང་བ་དེ་ལ་ཆོས་སྐུ་ ཞེས་བྱ་སྟེ། དེ་ཡང་། ཟླ་བ་ཚེས་པ་དང་། སེང་གེ་ཕྲུ་གུ་དང་། བྱིས་པ་ཆུང་ངུའི་དཔེས་རྟོགས་པར་བྱའོ། །དེ་ཡང་། མ་བཅོས་པར་བཞག་པས་ཉམས་སུ་མྱོང་སྟེ། མྱོང་བའི་དོན་ལ་ཡང་དང་ཡང་དུ་ངེས་པ་ཐོབ་པར་བྱ། ཡུན་རིང་དུ་གནས་ཞིང་ མི་འགྱུར་བ་ལ་ཡོན་ཏན་དུ་མི་བལྟ་སྟེ། འཆིང་བའི་བསམ་གཏན་དུ་འགྲོ་གསུང་། རང་བཞིན་གྱི་ངོ་བོ་ནི་སེམས་མ་བཅོས་པ་ཁོ་ན་ཡིན་ནོ། །འདིའི་དོན་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་པ་ནི། སྐྱེ་འཇིགས་དང་བྲལ་བ་དང་། དུས་ཐམས་ཅད་པ་དང་། རྒྱུན་ཆད་མེད་པ་དང་། མི་འགྱུར་བ་དང་། ཐམས་ཅད་ལ་ཁྱབ་པ་དང་། དོན་དེ་རྣམས་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་ན། དོན་དམ་མཐོང་བ་ཡིན་ཏེ། ད་ནི་བདག་གིས་སུ་ལའང་དྲི་བར་མི་བྱའོ། །ཞེས་གསུངས་སོ། །དེ་ཡང་། དང་པོར་ དམིགས་པ་དང་རྩོལ་བས་མི་སྒྲུབ། བར་དུ་གནས། ཐ་མར་སྙེམས་བྱེད་ཀྱི་རྟོག་པ་དང་བྲལ་བར་བྱ། དུས་ཐམས་ཅད་དུ་དྲན་པ་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བར་བྱ། ལྷན་ཅིག་སྐྱེས་པའི་ཉམས་དང་མ་བྲལ་བའི་སྒོ་ནས། ཟག་མེད་ ཀྱི་བདེ་བ་རྒྱུན་ཆད་མེད་པས་ལུས་སེམས་ལ་རླན་ཕབ་སྟེ། སྦྱངས་པའི་ཡོན་ཏན་ཐོབ་པར་བྱ། བྱམས་སྙིང་རྗེས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མ་བྲལ་བས། ཐབས་ཤེས་ཟུང་འཇུག་ཏུ་རྟོགས་པས་སྒྲུབ་པའོ། །བླ་མ་ 2-5-11a དམ་པ་རྣམས་ཀྱི་གདམས་ངག །རང་གིས་བསྒོམས་པའི་ཉམས་མྱོང་། དད་འདུན་གྱི་གང་ཟག་རྣམས་ལ་སྐྱེ་བར་གྱུར་ཅིག། །། །། བླ་མ་རིན་པོ་ཆེའི་ཞལ་ནས། བསྐྱེད་རིམ་ལ་བརྟན་ པ་ཆུང་ངུ་ཐོབ་པ་ནི། རང་ཉིད་ལྷར་མཐོང་བ་སྟེ། ཕུང་པོ་ལྔ་པོ་རྣམ་སྣང་ལ་སོགས་པ་རིགས་ལྔའི་རང་བཞིན་དུ་ཤེས། དེ་ཉིད་ཀྱིས་བདག་ཀྱང་ཧེ་རུ་ཀའི་རང་བཞིན་དུ་མཐོང་ནས། རང་ཐ་མལ་པའི་འདུ་ཤེས་ལོག་པའོ། །བརྟན་པ་འབྲིང་ ཐོབ་པ་ནི། རང་ཉིད་ཅི་འདྲ་བ་དེ་འདྲ་བར་སེམས་ཅན་ཐམས་ཅད་མཐོང་བའོ། །བརྟན་པ་ཆེར་ཐོབ་པ་ནི། རང་གཞན་གཉིས་ཀྱང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། འཇའ་ཚོན་ལྟ་བུར་མཐོང་བའོ།། རྫོགས་རིམ་ལ་བརྟན་པ་ཐོབ་པ་ནི། ཕྱིའི་དྲོད་ལུས་ཡོད་པར་མི་ཚོར། ནང་གི་དྲོད་དབུགས་འགྱུ་བ་མི་ཚོར། གསང་བའི་དྲོད་སེམས་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུར་རྟོགས་པ་འབྱུང་གསུང་།། །། རྫོགས་རིམ་ལ་བརྟན་པ་ཐོབ་པའི་དྲོད་རྟགས་ཕྱི་ནང་གསང་གསུམ་དུ་འབྱུང་བས།། ཡང་རིན་པོ་ཆེའི་ཞལ་ནས། སྤྱིར་ཐོས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་གོ་ཡུལ་དུ་བྱེད། བསམ་པའི་ཤེས་རབ་ཀྱིས་ཆོས་འབྱེད་པར་བྱེད་དེ། ཐེག་པ་ཆེ་ཆུང་འབྱེད་པ་དང་། ལྟ་བ་དང་ལྟ་བ་མ་ཡིན་པ་འབྱེད་པར་བྱེད། སྒོམ་ པའི་ཤེས་རབ་ཀྱིས་སེམས་གླང་པོ་ཆེ་སྨྱོན་པ་དང་འདྲ་བ་དེ། དམིགས་པའི་ཀ་བ་ལ་དྲན་པའི་ཞགས་ཐག་གིས་དམ་དུ་བཅིངས་ནས། བློ་རྩེ་གཅིག་ཏུ་འཇོག་པ་དེ་ཞི་གནས་ཡིན་ཏེ། བདེ་གསལ་མི་རྟོག་པའི་ཉམས་བྱུང་ཡང་། སེམས་ཉིད་དུ་མ་ཆོད་ ན་སྣང་ལ་མ་ངེས་པ་ཞེས་བྱ། དེ་རང་བཞིན་མ་གྲུབ་པ་སྐྱེ་མེད་དུ་རྟོགས་པ་ནི་ལྷག་མཐོང་ཞེས་བྱ། ཇི་སྲིད་བློའི་རྟོག་དཔྱོད་ཡོད་ཕན་ཆད་ནི། བསམ་པའི་ཤེས་རབ་ལ། རྟོག་དཔྱོད་ལས་འདས་ནས་སྒོམ་པའི་ཤེས་རབ་ཅེས་བྱའོ། །དེ་ལྟར་ 2-5-11b ལམ་གྱི་རིམ་པ་ལ་བློ་སྦྱངས་པས། ཚོགས་ལམ་དུ་མོས་པ་ཙམ་ཅིག་ཡུལ་དུ་བྱེད། དྲོད་རྩེ་མོ་ལ་སོགས་པ་སྦྱོར་ལམ་དུ་གཟུགས་བརྙན་ཙམ་ཅིག་ཡུལ་དུ་བྱེད། མཐོང་ལམ་གྱིས་ཡེ་ཤེས་མཐོང་ཡང། སྤངས་ནས་དེ་ཁོ་ན་ཉིད་ཀྱི་ དོན་མངོན་སུམ་དུ་བྱེད། སྒོམ་ལམ་གྱིས་ཡེ་ཤེས་སུ་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ནས། ས་བཅུ་རྒྱུན་མཐའ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་ཆད་མེད་པའི་ལུང་ལས། སྲིད་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས། ཆོས་ ཀྱི་སྐུ་བདེ་བ་ཆེན་པོ་མངོན་དུ་བྱེད་པར་འགྱུར་རོ།། ཅེས་གསུང་ངོ་།། ཕ་རོལ་ཏུ་ཕྱིན་པ་ལམ་གྱི་གཞུང་ཤིང་ལྟ་བུ་ཅིག་ཡིན་གསུང་། གསང་སྔགས་ཀྱི་དབང་དུ་བྱས་ན། མ་སྨིན་པ་སྨིན་པར་བྱས་ནས་སྨིན་པ་གྲོལ་བར་བྱེད་པ་ཐབས་ བསྐྱེད་རྫོགས་གཉིས་ལ་བརྟེན་ནས། རྫོགས་རིམ་སྤྲོས་བཅས་དང་སྤྲོས་མེད་ལ་བརྟེན་ནས། རང་རིག་པའི་ཡེ་ཤེས་འོད་གསལ་རྒྱུན་ཆད་མེད་པ་ཉམས་སུ་མྱོང་བར་བྱེད་དོ། །ཅེས་གསུང་ངོ་། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དོན་སྤྱིའི་རྣམ་པ་ བསྟན་ལ། གསང་སྔགས་སུ་དོན་དངོས་བསྟན་པ་ཅི་སྟེ་ཞེ་ན། འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་གསོལ་པ། གསང་སྔགས་སུ་དོན་དངོས་བསྟན་ལ། ཕ་རོལ་ཏུ་ཕྱིན་པར་ཅིའི་ཕྱིར་དོན་དངོས་མི་སྟོན་པ་ལགས། བཀའ་སྩལ་ པ། འཇམ་དཔལ། འདུལ་བ་ནི་བ་ལྟ་བུའོ། །མདོ་སྡེ་ནི་འོ་མ་ལྟ་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞོ་ལྟ་བུའོ། །གསང་སྔགས་ནི་མར་ལྟ་བུའོ། །གསོལ་པ། བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པར་དོན་སྤྱིའི་རྣམ་པ་བསྟན་ལ། གསང་སྔགས་སུ་དོན་དངོས་བསྟན་པ་ཅི་སྟེ། བཀའ་སྩལ་པ། འཇམ་དཔལ། ཆུ་བྲེ་གསུམ་གྱི་ནང་དུ་མར་བྲེ་གང་སྡུས་ནས། ཆུ་བྲེ་གསུམ་པོ་སྐམས་ནས། མར་བྲེ་གང་ལུས་པ་ནི་མར་གྱི་ཉིང་ཁུ་ཞེས་བྱའོ། །དེ་བཞིན་དུ། སྡེ་སྣོད་ 2-5-12a རྣམས་ཀྱི་ནང་ནས། གསང་སྔགས་ནི་མར་གྱི་ཉིང་ཁུ་ལྟ་བུའོ། །ཞེས་གསུངས་སོ། །གསང་སྔགས་ནི་རང་རིག་པའི་ཡེ་ཤེས་ལ་རྟོགས་པའི་ཕྱིར་དོན་དངོས་བསྟན་ཏོ།། །། །། །།ཡང་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་དོན་གསུམ་པ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ཞེས་བྱ་བ། རང་གི་སེམས་གདོད་ནས་ལྷུན་གྱིས་གྲུབ་པ། འདུས་མ་བྱས། སྐྱེ་འགག་མེད་པ། སྟོང་ལ་གསལ་བ། བདེ་ལ་ ངོས་བཟུང་མེད་པར་ཤེས་དགོས། དེ་རྟོགས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བ་ལགས་གསུང་། རང་ལ་ཡེ་ནས་ཡོད་པ་དེ་ཤེས་ན་ཡེ་ཤེས་ཤེས་བྱ་བ་ཡིན། ས་དང་པོའི་བདེན་པ་བྱ་བ་ཡིན། རྩེ་གཅིག་བྱ་བ་ཡིན། སེམས་ ངོ་ཤེས་པ་བྱ་བ་ཡིན། དེ་རང་གི་བརྩོན་འགྲུས་དང་། འདུས་བྱས་བསོད་ནམས་ཀྱི་ཚོགས་བསག་པ་དང་། བླ་མ་ལ་མོས་གུས་དྲག་པོས་རྟོགས་པ་ཡིན་གསུང་། རང་ཡི་དམ་གྱི་ལྷར་བསྒོམས་ལ། བླ་མ་ཉིན་མོ་སྤྱི་བོར་བསྒོམ། ནུབ་མོ་སྙིང་པད་མ་འདབ་བརྒྱད་ཀྱི་སྟེང་དུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བརྒྱུད་པའི་བླ་མ་རྣམས་སྤྱི་བོར་ཡང་ཡང་བསྒོམ་ཞིང་རང་ལ་སྟིམ། ཡིད་ལ་གང་ཡང་མི་བྱ་བར་བཞག་པའོ། །དེ་ལྟར་ཡང་ ཡིད་ལ་མ་བྱེད་མི་དམིགས་ཞོག །ཅེས་གསུངས་སོ། །སྣང་བ་ལྷན་ཅིག་སྐྱེས་པ་ནི། ཆུ་ཟླ་འམ་མེ་ལོང་གི་གཟུགས་བརྙན་ལྟར། སྣང་ཡང་བཟུང་དུ་མེད་འཛིན་དུ་ཡང་མེད་པ་བཞིན་དུ། རང་གི་སེམས་ཀྱི་སྣང་བ་འཛིན་པ་ ཡིན་ལ། ལུས་སེམས་རྩ་བ་བྲལ་བས། རྣམ་རྟོག་རྩ་བྲལ་དུ་ཤེས་པར་བྱའོ། །བུ་ཆུང་ངམ། སྨྱོན་པ་ལྟར་ཞེན་ཆགས་མེད་པར་བཞག་གོ། རྣམ་རྟོག་བྱུང་ཡང་སེམས་སུ་ཤེས་པར་བྱས་ལ་འགྲོ་ཉལ་འདུག་སྡོད་ཐམས་ཅད་ལ་ 2-5-12b གོམས་པར་བྱ་སྟེ་སྒོམ་ཞིང་། རེས་འགའ་རྩ་རླུང་བསྒོམས་པས་བོགས་ཆེ་བ་ལགས་གསུང་སྐད། དེ་ནི་སྣང་བ་ལྷན་ཅིག་སྐྱེས་པའམ། སྣང་སྟོང་དབྱེར་མེད་དམ། ཟུང་འཇུག་གི་རྣལ་འབྱོར་རམ། སྤྲོས་བྲལ་གྱི་གང་ ཟག་བྱ་བ་ཡིན། ཆབ་རོམ་ཆུར་ཞུ་བ་དང་འདྲ། འཁོར་བ་ལ་འཇིགས་མི་དགོས་གསུང་། ཕྱག་རྒྱ་ཆེན་པོ་དོན་གསུམ་པའོ།། །། །།རྟོགས་ལྡན་རིན་པོ་ཆེ་ལ་འདུད། ཚེ་འདི་སྤངས་ནས་ཉམས་སུ་ལེན་པ་ཅིག་ལ། ཆོས་སྤང་བླང་གཉིས་ཡིན། དེ་ལ་རྒྱུ་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་དང་བཞི་ལས། སྤང་བྱ་ནི། རྒྱུའི་དུས་ན་དངོས་པོ་མེད་པ་ཅིག་ ཡིན་པ་ལ། དངོས་པོ་དང་མཚན་མར་བཟུང་བས་ཞེན་ནས། བདག་པོའི་རྐྱེན་གྱི་དུས་སུ། ལོག་པའི་དགེ་བའི་བཤེས་གཉེན་གྱིས། ཚིག་དང་ཐ་སྙད་དུ་འབྱམས་པ་ལ་སོགས་པས། དམིགས་པའི་རྐྱེན་གྱི་དུས་སུ། འཁྲུལ་ ཏེ། དེ་མ་ཐག་པའི་རྐྱེན་གྱི་དུས་ན་རེ་དོགས་སུ་སོང་ན་ནི་འཁོར་བར་ལྟུང་སྟེ་སྤང་བྱའོ། །བླང་བྱ་ནི། རྒྱུའི་རྐྱེན་གྱི་དུས་ན་མ་ཞེན་ཅིང་ཞེན་པ་ལོག་པ་ཅིག་ལ། བདག་པོའི་རྐྱེན་གྱི་དུས་ན། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཕྲད་ནས་ དམིགས་པའི་རྐྱེན་གྱི་དུས་སུ་མ་འཁྲུལ་པས། དེ་མ་ཐག་པའི་རྐྱེན་གྱི་དུས་ན། རེ་དོགས་དང་བྲལ་བ་ནི་སངས་རྒྱས་པ་སྟེ། བླང་བྱའོ། །དེ་ལ། ཡང་དག་པའི་དགེ་བའི་བཤེས་གཉེན་ནི་བཞི་སྟེ། གང་ཟག་དང་། བཀའ་དང་། སྣང་བ་དང་། རིག་པའོ། དེ་ཡང་། གང་ཟག་ལ་བརྟེན་ནས་གཞན་གསུམ་པོ་འཆར་བས། གང་ཟག་གི་མཚན་ཉིད་ནི། གསོལ་འདེབས་ནུས་པ། འགལ་སྒྱུར་ནུས་པ། མ་འཁྲུལ་བ། ཤེས་རབ་ཀྱིས་འབྱེད་ནུས་པའོ། ། 2-5-13a དེ་ཡང་། རྣམ་རྟོག་སྐུ་དྲིན་ཅན་དུ་ཤེས་ནས། གང་བྱུང་ཤེས་རབ་ཀྱི་གྲོགས་སུ་སྒྱུར་བ་ནི། གསོལ་འདེབས་ནུས་པའོ། །མ་བདེ་བ་རང་གི་རྒྱུད་ལ་གཟན་ངེས་པ་ཅིག་བྱུང་ཡང་། དེ་ལ་མི་བཟོད་མེད་པར། སླར་ གྲོགས་སུ་འགྲོ་ན་འགལ་སྒྱུར་ནུས་པའོ། །འཁྲུལ་པ་ཐམས་ཅད་རྣམ་རྟོག་ངོ་མ་ཤེས་པས་འཁྲུལ་ཏེ། རྣམ་རྟོག་སེམས་སུ་ཤེས་པས་རྟོག་པ་ལམ་དུ་བྱེད་པ་ནི་མ་འཁྲུལ་པའོ། །རྣམ་རྟོག་དེ་ལྟར་དུ་ཤེས་ན། མདུང་ནམ་མཁའ་ལ་བསྐོར་བ་བཞིན་དུ། ཆོས་ཐམས་ཅད་ལ་ཐོགས་རྡུགས་མེད་པ་ནི་ཤེས་རབ་ཀྱིས་གོ་འབྱེད་ནུས་པའོ། །དམིགས་པའི་རྐྱེན་ལ་བཞི་སྟེ། ཤེས་པའི་མཚན་ཉིད། ཁྱད་པར་གྱི་མཚན་ཉིད། བྱེད་པའི་མཚན་ཉིད། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཤེས་པའི་ མཚན་ཉིད་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ངོ་ཤེས་པར་བྱས་ལ། སྐྱེ་བ་མེད་པ་ཆོས་སྐུ། འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། སྐུ་གསུམ་རྟོག་པའི་བློ་ལ་ཡང་སྣང་། ཚིག་ཏུ་བརྗོད་དུ་འདོད་ ཀྱང་ངོ་བོ་ལ་ངོས་བཟུང་དང་བྲལ་བ་བློའི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་སྐུའོ། །སེམས་ཀྱི་མཚན་ཉིད་སྐུ་བཞི་ངོས་འཛིན་པས། ཤེས་པའི་མཚན་ཉིད་ཡིན། ཁྱད་པར་གྱི་མཚན་ཉིད་ནི། རྟོག་པ་བྱུང་ཚད་སེམས་ཉིད་ཡིན་པས་མི་ སྤོང་བར་སྐུ་བཞིར་འཁྱེར་བའོ། །བྱེད་པའི་མཚན་ཉིད་ནི། རྟོག་པ་སྐུ་བཞི་ཡིན་ཡང་བྱེད་པ་པོ་མེད། ཆོས་སྐུ་སྒྱུ་མ་ལྟ་བུར་འགྲོ་བའོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི། གདོད་མ་ནས་སྐུ་བཞི་ལྷུན་གྱིས་གྲུབ་པ་དེ་ཡིན། དེ་ལྟར་ ཆོས་ཐམས་ཅད་མཚན་ཉིད་བཞི་ལས་མ་འདས་པ་སྟེ་བལྟ་བའི་གོ་ཆ་སྟེ། ཐམས་ཅད་ཤེས་རབ་ཀྱི་ཡུལ་དུ་ཤེས་པས། མཐའ་ཐམས་ཅད་ཁེགས་ནས། དཔེར་ན། བྱ་ཐག་པས་བཏགས་པ་དང་འདྲའོ། །ཤེས་རབ་ཀྱི་ 2-5-13b གོ་ཆ་ནི། རྡོ་རྗེ་སྐྱིལ་ཀྲུང་བཅས། ལུས་བསྲང་། མིག་སྣ་རྩེར་ཕབ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱས་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ལ་བལྟས་པས། ཚིག་ཏུ་ལན་གསུམ་བརྗོད་པ་ནི་ ཐོས་པའི་ཤེས་རབ། ཚིག་དེ་ལ་བརྟེན་ནས་དོན་གོ་བར་བྱེད་པ་ནི་བསམ་པའི་ཤེས་རབ། རྟོགས་པ་དོན་དུ་ཤེས་པ་ནི་སྒོམ་པའི་ཤེས་རབ་བོ། །དེ་ནི་དམིགས་པའི་རྐྱེན་གྱི་དུས་ན་མ་འཁྲུལ་བའོ།། །།དེ་མ་ཐག་པའི་རྐྱེན་ནི། ཤེས་རབ་ཀྱིས་དེ་ལྟར་ཉམས་སུ་བླངས་པས། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཤེས་ཀྱང་དེ་ལ་བྱ། སྐྱབས་སུ་འགྲོ་བའི་དབང་དུ་བྱས་ན། དེ་ལྟ་བུའི་དོན་རྟོགས་ཅིང་ཁོང་དུ་ཆུད་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བ་ ཡིན། ཆོས་ཐམས་ཅད་དེ་ཉིད་ཡིན་པས། རྟོག་པ་ཉིད་ལ་ལམ་བྱེད་པ་ནི། ཆོས་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟར་རྟོག་པ་ལམ་དུ་བྱེད་པའི་མཁན་པོ་རྟེན་མེད་པའི་རིག་པ་ལས་བྱུང་བས། ཐོགས་པ་མེད་པའི་ཤེས་ རབ་དགེ་འདུན་ཡིན།། །།དེ་ལྟ་བུའི་ཁྱད་པར་ཅན་གྱི་ལམ་དེ་ལ། རྟོག་པ་ཅི་སྐྱེས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་དུ་འགྲོ། ཐབས་སུ་འགྲོ། རྟོག་པ་ཅི་སྐྱེས་ཉིད་ཀྱི་སྐུལ་མར་བཏབ་ནས་གྲོགས་ སུ་འགྲོ་སྟེ། རྟོག་པ་གང་དང་གང་གི་མཚན་ཉིད་ཤེས་པས་ཤེས་རབ། རྟོག་པ་ཐམས་ཅད་ལམ་དུ་བྱུང་བས་བསམ་གཏན། རྟོག་པ་སྐྱེས་ཚད་ལམ་ཉིད་དུ་སྐྱེས་པས། ཡོངས་སུ་སྦྱོང་བའི་བརྩོན་འགྲུས། ཆོས་ ཉིད་ཀྱི་དོན་ལ་མི་སྐྲག་པས། བཟོད་པ། དེ་ལྟ་བུའི་བསམ་གཏན་དེ་ལ་ཉོན་མོངས་པའི་ས་བོན་མེད་པས། ཚུལ་ཁྲིམས། དེ་ལྟ་བུའི་ཐབས་ཤེས་ཀྱིས་རྟེན་འབྲེལ་ལམ་ཏུ་བླངས་པས། དེ་ལྟར་མ་རྟོགས་པའི་སེམས་ 2-5-14a ཅན་ལ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས་ཅི་བྱས་སེམས་ཅན་གྱི་དོན་དུ་འགྲོ་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། །།དེ་ལྟ་བུ་དང་ལྡན་པའི་ལམ་འདི་སྐབས་བརྒྱད་ད་ལྟར་གྱི་སྒྲུབ་པ་པོའི་ལག་ཆར་ཁྱེར་བས་ ཕྱིར་མི་ལྡོག་པ་ཐོབ་སྟེ། སེམས་དང་རྟོག་པ་ཐ་མི་དད་དེ་ཐམས་ཅད་སྐུ་བཞིར་ཁྱེར་བས་སོ། །རྣམ་པ་ཐམས་ཅད་མཁྱེན་པ། ཐམས་ཅད་ལམ་དུ་ཤེས་པས། ལམ་ཤེས། སྒྲུབ་པ་པོ་ཐམས་མཁས་ནས་བྱས་པ་མ་ ཡིན་པར། གདོད་མ་ནས་རྟོག་པ་རང་གི་མཚན་ཉིད་དེ། དེ་ལྟར་ཡིན་པར་ཤེས་པས་གཞི་ཤེས། རྒྱུ་ལམ་འབྲས་བུ་གསུམ་ངོ་བོ་གཅིག་ཏུ་སྦྱོར་བས། རྣམ་ཀུན་མངོན་རྫོགས། དེ་ལྟར་ཤེས་པས་ ཤེས་རབ་རྣོ་ཞིང་རྩལ་སྦྱོང་བ་ལ་ཚེགས་མེད་པས། རྩེ་མོ། དེ་ལྟར་རྟོག་པ་མི་སྤོང་བར་མཐར་གྱིས་སྒྲུབ་པས། མཐར་གྱིས་པ། ཤེས་རབ་ཀྱིས། གནས་སྐབས་ཀྱི་མཚན་ཉིད་ཤེས་པས་སྐད་ཅིག་མ་ ལ་བྱང་ཆུབ་པ། ཐམས་ཅད་ཆོས་སྐུའི་འཕྲིན་ལས་ཡོངས་སུ་ལོངས་སྤྱོད་པས། སྐུ་ཡོངས་སུ་རྫོགས་པའོ།། །།ཁྱད་པར་གྱིས་ལམ་འདི་ལ། ལམ་རྣམ་པ་ལྔའི་དབང་དུ་བྱས་ན། རྟོག་པ་དགེ་ སྦྱོར་གྱི་གྲོགས་སུ་འགྲོ་བས། ཚོགས་ལམ། རྟོག་པ་ཉིད་ལ་བརྟེན་ནས་ལམ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པས་ན། སྦྱོར་ལམ། རྟོག་པ་ཉིད་སྐུ་བཞིར་མཐོང་བས། མཐོང་ལམ། རྟོག་པ་གང་སྐྱེས་ཀྱང་སྐུ་བཞི་དང་མི་འབྲལ་ བས། སྒོམ་ལམ། དེ་ཉིད་ལ་ངེས་ཤེས་སྐྱེས་ནས། དེ་ལས་ལྷག་པའི་ལམ་གཞན་ལ་བསླབ་ཏུ་མེད་པས། མཐར་ཕྱིན་པའི་ལམ་མོ།། །།ལམ་དེ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་འགྲོ་སྟེ། 2-5-14b དྲན་པ་བྱུང་ཚད་ལམ་དུ་འགྲོ་བས་ན། དྲན་པ་ཉེ་བར་བཞག་པ། རྟོག་པ་མི་སྤོང་བར། ཤེས་རབ་ཀྱིས་རྟོག་པའི་མཚན་ཉིད་ཤེས་པས། དེ་ཉིད་ཡང་དག་པར་སྤོང་བ། ལམ་དེ་ལ་རྫུ་འཕྲུལ་ཐམས་ཅད་འབྱུང་བས། རྫུ་འཕྲུལ་ གྱི་རྐང་པ་བཞི། དད་པས་རྒྱུ་བྱས། དྲན་པས་ལམ་བྱས། བརྩོན་འགྲུས་ཀྱིས་གྲོགས་བྱས། དེ་གསུམ་ནི་ཐབས་ཡིན་ཏེ། དེ་གསུམ་དེ་ལྟར་ཤེས་པས། ཤེས་རབ། ཐབས་ཤེས་རབ་ཀྱི་རྟེན་འབྲེལ་སྐྲུན་པས་ ཐམས་ཅད་ཏིང་ངེ་འཛིན་དུ་འབྱུང་བས་འབྲས་བུ། དེ་ལྟར་དབང་པོ་ལྔ་ལག་ཏུ་བླངས་པས་ཤེས་རབ་ཀྱི་རྩལ་སྦྱང་པ་དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས། དྲན་རིག་ཐམས་ཅད་བྱང་ཆུབ་ཀྱི་གྲོགས་སུ་འབྱུང་བས་བྱང་ཆུབ་ཀྱི་ཡན་ལག་གོ། ཐམས་ ཅད་བྱང་ཆུབ་ཡན་ལག་ཏུ་ཤེས་པས་རྣམ་རྟོག་ལ་ལོངས་སྤྱོད་ཀྱང་། རྣམ་རྟོག་ཉིད་ཀྱིས་མི་གོས་པར་དེ་ཉིད་ལམ་དུ་འགྲོ་བས། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལྟར། ལྟ་བའི་གོ་ཆ་ནི། ཆོས་ཐམས་ ཅད་ཀྱི་བརྡར་ཤ་བཅད་ནས། གོལ་ས་ཐམས་ཅད་ཀྱི་མཐའ་ཁེགས་པས། དེ་མ་ཐག་པའི་རྐྱེན་གྱི་དུས་ན་རེ་དོགས་དང་བྲལ་བར་འགྲོའོ། །དེ་ལ་ཡང་། ཤེས་རབ་ཀྱི་གོ་ཆས་རྟོག་པ་ལམ་དུ་འཁྱེར་བའི་དུས་སུ། གོང་ དུ་བསྟན་པའི་ལམ་གྱི་ཡོན་ཏན་ལ། ཤེས་རབ་ཀྱིས་བསྔོ་བགྲང་བྱེད་དམ་ཞེ་ན། དེ་ལྟར་བྱས་ན། སྐྱོན་དུ་འགྲོ་སྟེ། ལམ་ནི། སྒོམ་པའི་ཤེས་རབ་འབའ་ཞིག་ལ་བྱེད་པ་ཡིན། སྒོམ་པའི་ཤེས་རབ་ནི་ཚིག་དང་བློ་ ལས་འདས་པ་ཡིན། འོ་ན་ལམ་དུ་ཇི་ལྟར་འཁྱེར་ན། དྲན་པས་ལམ་དུ་འཁྱེར་ཏེ། གང་ལ་བརྟེན་ནས་འཁྱེར་ན། རྟོག་པ་ཉིད་ལ་བརྟེན་ནས་ཤེས་རབ་ཀྱིས་དྲན་པ་ལ་དབང་བསྒྱུར་ཅིང་འགྲོ་བའོ། །རྟོག་པ་ལ་ཇི་ལྟར་ 2-5-15a བལྟ་ན། རྟོག་པ་རིམ་གྱིས་འབྱུང་དུས་སུ། དེ་ཡང་སྤང་བློ་མི་བཏང་བར། སྙིང་དུ་སྡུག་པ། དགོས་པ། སྐུ་དྲིན་ཅན་དུ་བལྟ། དེ་ལྟར་བལྟ་བ་ཅི་ཞེ་ན། ཡོན་ཏན་ཐམས་ཅད་རང་ལ་རང་ཆས་ སུ་ཡོད་པས། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས། དེ་ལྟར་བལྟས་པས་རྟོག་པ་རང་གི་མཚན་ཉིད་ངོ་ཤེས་པས་སྐུ་བཞི་ངོ་བོ་ཉིད་ཀྱིས་འབྱུང་། དེ་ལྟར་རྟོག་པ་ལམ་དུ་ཁྱེར་བས་མ་ཞི་བར་ཆགས་སྡང་སྐྱེས་ན། རྟོག་པ་གཅིག་སྐྱེས་ན་ ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས་མྱུར་དུ་མི་སྤང་བར་གོང་གི་ལྟ་བས་གཏན་ལ་དབབ། དེ་ལྟར་རྟོགས་ནས་རང་ཞི་རང་གྲོལ་དུ་སོང་བས། ཡོན་ཏན་གྱི་ཆོས་སུ་གྱུར་པ་ཐམས་ཅད་འགག་པ་མེད་པར་ཤུགས་ཀྱིས་འབྱུང་སྟེ། ཡོན་ཏན་ དེ་ལྟ་ཞེས་ན། ལམ་བརྡུངས་ཏེ། དེ་ལ་ཡང་མི་གནས་པར། གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱས་ལ། གོང་དུ་ཤེས་རབ་ཀྱི་རྩལ་སྦྱང་ངོ་། །དེ་ལྟར་ཤེས་རབ་ཀྱི་རྩལ་གྱིས་རྟོག་པ་ཆོས་སྐུར་མཐོང་བས་ཚད་མ་ཞེས་ དེ་ལ་བྱ། ཤེས་རབ་ཀྱིས་རྟོག་པའི་རྩ་བ་ངོ་ཤེས་པས། མཐའ་ཐམས་ཅད་དང་བྲལ་བའི་དབུ་མའོ། །གོལ་ས་གཅོད་པ་ཨྠི།། །། །། ༄། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཙམ་པ་རང་རིག་དོན་དམ་དུ་འདོད་དེ། རིག་པའི་ཡེ་ཤེས་རྟོག་གེའི་ཡུལ་ལས་འདས་པ། སངས་རྒྱས་ཀྱི་ཐུགས་ལ་གསལ་བའི་རང་རིག་དོན་དམ་དུ་ཡོད་པར་འདོད། ། དབུ་མ་པ་ན་རེ། ཁྱོད་ཀྱི་དོན་དམ་པ་གང་ཡིན་པ། དེ་ནི་ང་ཡི་ཀུན་རྫོབ་ཡིན། ཁྱོད་ཀྱི་ཨ་མ་གང་ཡིན་པ། དེ་ནི་ང་ཡི་ཆུང་མ་ཡིན། ཁྱོད་ཀྱི་རང་རིག་དོན་དམ་པར་ཡོད་པར་བཟུང་བ་དེ་ངར་འཛིན་ཡིན་ཏེ། དེ་ནི་ང་ཡི་ཀུན་རྫོབ་ 2-5-15b ཡིན། ང་ནི་ཡོད་པའི་མཐའ་དང་བྲལ། མེད་པའི་མཐའ་དང་བྲལ། གཉིས་ཀའི་མཐའ་དང་བྲལ། གཉིས་ཀ་མ་ཡིན་པའི་མཐའ་དང་བྲལ། མཐའ་བཞི་དང་བྲལ་བས་གང་ཡང་ཁས་མི་ལེན། ཕ་རོལ་ཏུ་ཕྱིན་པ་ན་རེ། ཁྱོད་རང་ཁས་གང་ཡང་མི་ལེན་ན། སེམས་ཙམ་པ་ལ་སོགས་པའི་གྲུབ་མཐའ་གཞན་ཁེགས་སམ་མི་ཁེགས་ཞེས་ཟེར། དབུ་མ་པ་ན་རེ། ཁེགས་ཟེར། ཕར་ཕྱིན་པ་ན་རེ། ཁྱོད་ཀྱི་ཁས་གང་ཡང་མ་བླངས་ཀྱང་། གྲུབ་ མཐའ་གཞན་ཁེགས་པའི་ཕྱིར་ཁས་བླངས་སུ་ཐལ། ང་ནི་གང་དུ་ཡང་མི་དམིགས་ཏེ། ཤེས་པ་འདས་པ་ནི་འགགས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། མ་འོངས་པ་ནི་མ་སྐྱེས་ཏེ། དཔེར་ཡང་མི་རུང་། རྒྱུར་ ཡང་མི་རུང་། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་བརྟག་དཀའ་སྟེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པའོ། །དེ་བས་ན། གཟུགས་དང་། ཚོར་བ་ལ་སོགས་པ་མི་དམིགས་པས་ན། ང་ནི་གང་དུ་ཡང་ མི་དམིགས་པའོ།། །།གསང་སྔགས་པ་ན་རེ། ཁྱེད་ཐམས་ཅད་དང་ང་མཐུན། སེམས་ཙམ་པ་དང་མཐུན་ཏེ། རང་རིག་པའི་ཡེ་ཤེས་རྟོག་གེའི་ཡུལ་ལས་འདས་པ། སངས་རྒྱས་ཀྱི་ཐུགས་ལ་གསལ་ བ་དང་མཐུན། ཁྱོད་པས་ང་ལྷག་སྟེ། ཁྱོད་རང་རིག་དོན་དམ་པ་ཡོད་པར་འདོད། ང་རིག་པ་སྐྱེ་མེད་ཡིན། དབུ་མ་པ་དང་མཐུན་ཏེ། མཐའ་བཞིའམ། བརྒྱད་དང་ཡང་བྲལ་བར་འདོད་པས་མཐུན། ཁྱོད་ པས་ང་ལྷག་སྟེ། ཁྱོད་ཉམས་མྱོང་མི་འདོད་དེ། ཉམས་མྱོང་ཡོད་པས་ང་ལྷག །དབུ་མ་པ་ན་རེ། ཁྱོད་ཉམས་མྱོང་འདོད་པས་མི་རུང་། ཉམས་རྟོག་པ་ཡིན། རྟོག་པ་འཁོར་བ་ཡིན། ང་ཉམས་མྱོང་མི་འདོད་ཟེར། གསང་སྔགས་ 2-5-16a པ་ན་རེ། ཁྱོད་སྒོམ་མམ་མི་སྒོམ། སྒོམ་ན་ཉམས་མྱོང་མི་འབྱུང་མི་སྲིད། མི་སྒོམ་ན་ཉམས་མྱོང་མེད། ཉམས་མྱོང་མེད་ན་སངས་མི་རྒྱ། རང་རིག་པ་སྐྱེ་མེད་བློ་ལས་འདས་པའི་ཉམས་དེ། ཁྱོད་ཀྱིས་སྨྲ་བར་ མི་ནུས་སོ། །ཕ་རོལ་ཏུ་ཕྱིན་པ་དང་མཐུན། ཕྱི་གཟུང་བའི་ཡུལ་དེ་སེམས་ཀྱི་རྣམ་འཕྲུལ་ཡིན་པས། གཞི་རྩ་མ་གྲུབ་པ་གང་དུ་ཡང་མི་དམིགས་པ་དང་མཐུན། ཁྱོད་བས་ང་ལྷག །ཁྱོད་ཤེས་པ་འདས་པ་ནི་འགགས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་ མི་རུང་། མ་འོངས་པ་ནི་མ་སྐྱེས་ཏེ། དཔེར་མི་རུང་། རྒྱུར་ཡང་མི་རུང་། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་བརྟག་དཀའ་སྟེ། སྐད་ཅིག་མ་དེ་ཀ་ལྟར་ཁྱེར་བས་ཁྱོད་ལ་ཐུག་པ་མེད་པའི་སྐྱོན་ཡོད། ཁྱོད་དོན་སྤྱིའི་རྣམ་པ་ཡུལ་དུ་བྱས་པ་ཡིན། རང་ཉིད་སྟོང་ པར་མ་ཤེས་པས། ཡུལ་དང་སྟོང་པའི་རྣམ་པ་མི་སྐྱེ་སྟེ་རྗེས་དཔག་ལ་རྒྱས་འདེབས་མེད། སྒྲོ་འདོགས་རེ་རེ་གཅོད་པའི་ཕྱིར་རོ། །ང་ལ་རྒྱས་འདེབས་ཡོད། ང་ཕྱི་གཟུང་བའི་ཡུལ་ལ་བརྟག་དཔྱད་མི་གཏོང་། ནང་འཛིན་པའི་སེམས་འདི་དང་པོ་ སྐྱེ་མ་མྱོང་། ཐ་མ་འགགས་མི་སྲིད། སྐྱེ་འགག་མེད་པའི་ངོ་བོའི་ཉམས་དེ་དུས་གསུམ་གྱི་སངས་རྒྱས་ཀྱིས་གཅོད་པར་མི་ནུས། དེ་ལྟ་བུའི་ཉམས་མྱོང་ཡོད་པས་ང་ལྷག །འོ་ན་གསང་སྔགས་པ་རང་ལ་གཉིས་ཏེ། ཐབས་དང་ཤེས་རབ་ བོ། །ཐབས་ནི་གཏུམ་མོ། །གཏུམ་མོའི་ཡོན་ཏན་ནི། རླུང་ཁོང་དུ་ཆུད་པས་རྟགས་ལྔ་དང་། ཡོན་ཏན་བརྒྱད་འབྱུང་སྟེ། རྟགས་ལྔ་ནི། དུ་བ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། མར་མེ་ལྟ་བུ་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །ཕན་ཡོན་བརྒྱད་ནི། ས་ཡིས་ལུས་གཟུང་ཐུབ། ཆུ་ཡིས་སྣུམ། མེ་ཡིས་དྲོད་སྐྱེ། རླུང་གིས་ཡང་ཞིང་གཡོ། ནམ་མཁས་ཡོད་པར་མི་ཚོར། ཟླ་བས་མདངས་གསལ། ཉི་མས་ 2-5-16b གཞན་གྱིས་མི་མཐོང་། ཐམས་ཅད་ཀུན་སོན་པོའི་ཕན་ཡོན་ཅི་ལ་ཡང་ཐོགས་རྡུགས་མེད་པའོ། །ཉོན་མོངས་པ་ནི། གཟུང་འཛིན་གཉིས་རླུང་ལ་འགྱུ་སྟེ། རླུང་དྷུ་ཏཱིར་ཚུད་ན་ཉོན་མོངས་པ་ངང་གིས་འགག །དེ་བཞིན་དུ། ཡི་དགས་ཀྱང་རླུང་གཉིས་ནས་ འཇུག་སྟེ། རླུང་དྷུ་ཏཱིར་ཚུད་ན་ཡི་དགས་ཀྱིས་མི་ཚུགས། དེ་བཞིན་དུ་འབྱུང་བཞིའི་ནད་ཀྱིས་ཀྱང་མི་ཚུགས་སོ། །དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཤེས་རབ་ནི། སྐྱེ་བ་མེད་པའི་རིག་པ། འགག་པ་མེད་པའི་ལམ། གནས་པ་ མེད་པའི་ཤེས་རབ་སྟེ། ཐོབ་པ་མེད་པའི་འབྲས་བུ་གསུམ་གྱིས་ཕུལ་ཏེ། སྐྱེ་བ་མེད་པའི་རིག་པ། ཆོས་གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཐག་ཆོད། སྐྱེ་མེད་གཅིག་པུར་བྱས་ན་ཆད་ལྟར་འགྲོ་སྟེ། སྐྱེ་མེད་ལ་རིག་པ་ཁོང་རྐྱལ་དུ་གནས་པ་ནི། དཔེར་ན། འོ་ མ་ལ་མར་ཡོད་པ་དང་འདྲའོ།། །།འགག་པ་མེད་པའི་ལམ་ནི། གསལ་བའམ་ཉམས་སུ་མྱོང་རྒྱུ་ཅིག་མེད་ན་ལམ་དུ་མི་འགྲོ་སྟེ། རིག་པའི་ངོ་བོ་ནི། གསལ་ལ་གོ་མ་འགག་པ། དེ་ལ་གོམས་པར་བྱེད་པ་ལམ་མོ།། །།གནས་པ་མེད་པའི་ ཤེས་རབ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་ཆད་པས་ན་ཤེས་རབ་ཅེས་བྱའོ། །མི་མཐུན་པ་ནི། དངོས་པོ་དང་མཚན་མ་ལ་སོགས་པ་ཡིན་ནོ། །རིག་པའི་ངོ་བོ་རྟོགས་ན། མར་མེ་བྱུང་བས་མུན་པ་འབྲོས་པ་བཞིན། མི་མཐུན་པ་ཤུགས་ ཀྱིས་གཅོད་པས་ན་ཤེས་རབ་བོ།། །།ཐོབ་པ་མེད་པའི་འབྲས་བུ་ནི། མི་མཐུན་པ་རྣམས་ཆད་པར་གྱུར་བའི་ངོ་བོ་དེ་ལས་ཆོས་སྐུ་འབྱུང་། དེ་ལས་གཟུགས་སྐུ་འབྱུང་བ་ནི་ཐོབ་པ་མེད་པའི་འབྲས་བུའོ།། །། ༄། །བླ་མ་དམ་པ་རྣམ་ལ་ཕྱག་འཚལ་ལོ། །སྒྲིབ་པ་ནི་གསུམ་སྟེ། ཤེས་བྱའི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། ལས་ཀྱི་སྒྲིབ་པའོ། །དེ་ངོས་འཛིན་ན། ཤེས་བྱའི་སྒྲིབ་པ་ནི་དོན་ལ་མ་རིག་པ་ཡིན། ཉོན་མོངས་པའི་སྒྲིབ་པ་ 2-5-17a ནི། ཡེ་ནས་རྒྱུད་ལ་ཡོད་པའི་འདོད་ཆགས་ལ་སོགས་པའོ། །དེའི་རྩ་བ་མ་རིག་པ་ལས་བྱུང་། ལས་ཀྱི་སྒྲིབ་པ་ནི། ཉོན་མོངས་པས་ཀུན་ནས་བསླངས་པའི་མི་དགེ་བ་བཅུ་སྤྱད་པས། འབྲས་བུ་སྡུག་བསྔལ་འབྱུང་བ་དེ་ཡིན། དེ་གསུམ་སྤོང་བ་ནི། བཀའ་གདམས་ལ་སོགས་པ་དགེ་བཤེས་ཀུན་ནི། སྔོན་ལ་གཉིས་པོ་སྦྱངས་ལ། ཤེས་བྱ་ཞོར་ལ་སྦྱང་གསུང་། བླ་མ་མི་ལའི་ཞལ་ནས། སྔོན་ལ་ཤེས་བྱ་སྦྱང་། ཤེས་བྱ་འབྱོངས་ནས་ལས་ཉོན་གཉིས་པོ་ སྒྲོག་རང་གདལ། ཤེས་བྱ་མ་འབྱོངས་ན་ལས་ཉོན་གཉིས་པོ་ལན་ཅིག་འབྱོངས་ཀྱང་། ཡང་སྐྱེ། དཔེར་ན། སྡོང་པོའི་ཡལ་ག་བཅད་པ་དང་འདྲ། ཤེས་བྱ་འབྱོངས་ན། སྡོང་པོའི་རྩ་བ་ནས་བཅད་པ་དང་འདྲ། སྐྱེ་རྒྱུ་མེད་དེ་ སྒྲོག་རང་བརྡལ་སོང་བ་ཡིན་གསུང་། དེ་གཉིས་ཀ་བདེན། དགེ་བཤེས་པ་བདེན་ཏེ། ལས་དང་ཉོན་མོངས་པ་གཉིས་དང་མ་བྲལ་ན་སངས་རྒྱ་བའི་ཐབས་མེད། བླ་མ་བདེན་ཏེ། ཤེས་བྱ་ལ་ཀོ་ལོང་མ་གསོལ་ན། ལས་ཉོན་གཉིས་ཟད་ཀྱང་མ་ཕན། ཤེས་སྒྲིབ་ ལ། སོ་སོའི་སྐྱེ་བོའི་དུས་བག་ལ་ཉལ་ཞེས་བྱ་སྟེ། ཆུ་དང་འོ་མ་བཞིན་དུ་རྒྱུད་དང་འདྲེས་པས། ཡུལ་དང་ཕྲད་ན་སྣང་གིས། རྣམ་སྨིན་འཕྲལ་དུ་མི་འབྱིན། བག་ཆགས་དེ་ལ། རྣམ་ཤེས་ཞེས་བྱ་སྟེ། མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པའི་སྐྱེ་བོ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པས། ཟབ་པ་ནི། གཏིང་མ་སྙེད་པ་ལ་བྱ། ཕྲ་བ་ནི་མི་མཐོང་བའོ། །དེ་ལ། བག་ཆགས་ཀྱི་ས་བོན་འདེབས་པ་ནི་དཔེར་ན། རང་གི་བྱད་བཞིན་ལ་ཚོན་རྩི་དཀར་ནག་གཉིས་བྱུགས་ནས། མེ་ལོང་ལ་བལྟས་པས་གཟུགས་བརྙན་ཕ་གིར་ཤར་བ་དེ། བྱད་བཞིན་གྱི་དེ་ཕར་འཕོས་སམ་ཞེ་ན་མ་འཕོས། །དེ་མེད་པ་ཡང་མ་བྱུང་། དེ་བཞིན་དུ། རྣམ་ཤེས་ལ་བག་ཆགས་ཀྱི་ 2-5-17b ས་བོན་བཏབ་པས། ཡུལ་དང་ཕྲད་པའི་དུས་སུ། འབྲས་བུ་ཕ་གིར་སྣང་བ་དེ། རྣམ་ཤེས་དེ་ཕར་འཕོས་སམ་ཞེ་ན། མ་འཕོས། རྣམ་ཤེས་ལས་གཡོས་པ་མེད་དེ། དེ་མེད་པར་ཡང་མ་བྱུང་། རྣམ་ཤེས་དེ་མ་འགགས་བཅིང་ གསལ་བས་ན་རྣམ་ཤེས་ཞེས་བྱའོ། །དེའི་ངོ་བོ་ནི་སེམས་ཡིན་ཏེ། ཡེ་ཤེས་ཡིན། རྒྱུད་དག་པའི་རང་བཞིན་ཡིན་པས། ཅིར་སྣང་རང་གི་ངོ་བོར་ཤར་བས་ས་བོན་གདབ་བྱ་འདེབས་བྱེད་མེད་མོད། ས་དང་པོའི་བདེན་པ་མཐོང་ནས་མིང་དུ་ཤེས་བྱའི་སྒྲིབ་ པར་བཏགས། དེ་སྤོང་བ་ནི། བསྒོམས་པས་སྤོང་བ་ལས་གཞན་གྱིས་མི་སྤོང་། དེ་སྤོང་བའི་དཔེ་ནི། གསེར་འགྱུར་གྱི་རྩི་དང་འདྲ་སྟེ། ལྕགས་ལ་ཡེ་ནས་གསེར་གྱི་རང་བཞིན་ཡོད་པ་ལ། བཟོ་བོས་རྩི་བྱུགས་པས། ལྕགས་ཇེ་ཆུང་དུ་འགྲོ། ཡར་ཇེ་ཆེ་ལ་མཐར་གསེར་གྱི་རང་བཞིན་དུ་འགྱུར། དེ་བཞིན་དུ། ཤེས་པ་ལ་ཡེ་ཤེས་ཀྱི་རང་བཞིན་ཡེ་ནས་ཡོད་པ་ལ། བླ་མའི་མན་ངག་གིས་མཚོན་ནས། ཤེས་བྱ་བྱེ་འགགས་ལ། ཡེ་ཤེས་ཇེ་གསལ་ལ་སོང་ནས། མཐར་རྒྱུད་ པ་བའི་རང་བཞིན་དུ་འགྱུར། དེ་ཡང་། ཕ་རོལ་ཏུ་ཕྱིན་པའི་འདོད་པས་ནི། མཐོང་ལམ་གྱིས་ཇི་ལྟར་མཐོང་བའི་དོན་དེ། ས་བཅུའི་བར་དུ་གོམས་པར་བྱས་པ་ལས། ས་བཅུ་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། མས་ཀྱི་སྒྲིབ་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས། སྐད་ཅིག་མ་གཉིས་པ་ལ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ། དུས་ཐམས་ཅད་དུ་ཆད་པ་མེད་པ་མངོན་དུ་གྱུར་པ་ཡིན་གསུང་། སྔགས་ནི། བསམ་གཏན་གྱི་འོད་གསལ་ལ་གོམས་པར་བྱས་པས། བར་དོ་དང་པོའི་དུས་སུ་ཤེས་བྱ་འགགས་ན། རང་བཞིན་འོད་གསལ་ལ་གནས་སོ། ། 2-5-18a དེར་གནས་མ་ནུས་ན་ད་རུང་ཤེས་བྱ་མ་འབྱོངས་པ་ཡིན་གསུང་། ཉོན་མོངས་པའི་སྒྲིབ་པ་ནི། བསླབ་པ་གསུམ་གྱིས་རྩད་ནས་གཅོད། ལས་ཀྱི་སྒྲིབ་པ་ནི། སྟོབས་བཞིས་འདག་པར་བྱེད་དེ། རྟེན་གྱི་སྟོབས་བླ་མ་དང་དཀོན་ མཆོག་ལ་གསོལ་བ་འདེབས། སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པའི་སྒོ་ནས་ལུས་ངག་གི་དགེ་བ་གང་བྱེད་པ་དེ་ཡིན། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྔར་བྱས་པ་ལ་འགྱོད་ནས། ཕྱིས་སྤོང་བའི་སྒོ་ནས་ལུས་ངག་གི་ དགེ་བ་གང་བྱེད་པ་དེ་ཡིན། སོར་ཆུད་པའི་སྟོབས་ནི། སྔར་བྱས་ལ་འགྱོད། ཕྱིས་མི་བྱེད་པར་ཁས་བླངས་ནས། མི་དགེ་བ་བཅུ་སྤོང་ཞིང་། དགེ་བ་བཅུ་དང་དུ་ལེན་པ་དེ་ཡིན་ནོ།། །། ༄། །བླ་མ་རིན་པོ་ཆེའི་ཞལ་ནས། ཚེ་འདི་བློས་བཏང་ནས་ཆོས་གཤའ་མར་བྱེད་པ་ལ། བླ་མ་མ་ནོར་བ་གཅིག་དང་ཕྲད་དགོས། ཆོས་མ་ནོར་བ་གཅིག་དང་ཕྲད་དགོས། བླ་མ་ནོར་བ་དང་ཕྲད། ཆོས་མ་ནོར་བ་དང་ཕྲད་ན། ལམ་མ་ནོར་བ་རྒྱུད་ ལ་མི་སྐྱེ། དེ་མ་སྐྱེས་ན་འབྲས་བུ་མ་ནོར་བ་རྒྱུད་ལ་མི་འཆར། དེ་མ་ཤར་ན་སངས་མི་རྒྱ། དེ་བས་ན། བླ་མ་མ་ནོར་བ་གཅིག་དང་ཕྲད་ན། ཆོས་མ་ནོར་བ་གཅིག་དང་ཡང་ཕྲད་པས། ལམ་མ་ནོར་བ་རྒྱུད་ལ་སྐྱེ། དེ་སྐྱེས་ན་འབྲས་བུ་ མ་ནོར་བ་རྒྱུད་ལ་འཆར་གསུང་། ཆོས་གཤའ་མ་ཞིག་བྱེད་ན། དང་པོ་མི་རྟག་པ་བསྒོམས་པའི་སྟོབས་ཀྱིས། ཚེ་འདི་ལ་བློ་ལོག་པ་ཞིག་དགོས། དེ་ནས། འཁོར་བའི་ཉེས་དམིགས་བསྒོམས་པས། འཁོར་བ་མཐའ་ དག་ལ་བློ་ལྡོག་དགོས། དེ་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། འཁོར་བ་ན་གནས་པའི་མ་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློ་སྐྱེ་དགོས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་ན་སངས་ 2-5-18b རྒྱ། དེ་གཉིས་མ་སྐྱེས་ན་སངས་མི་རྒྱ། བསོད་ནམས་ཀྱི་ཚོགས་གསོག་པ་དང་། བསྐྱེད་རིམ་སྒོམ་པ་དང་། བཟླས་པ་བྱེད་པ་ལ་སོགས་པ་ཡང་། དེ་གཉིས་ཀྱིས་ཞབས་ཏོག་གི་ཚུལ་དུ་བྱེད་པ་ཡིན། ཡང་ན། བསོད་ནམས་ ཀྱི་ཚོགས་མ་གྲུབ་ཀྱང་། དེ་གཉིས་རང་བསོད་ནམས་ཀྱི་ཚོགས་ཡིན། ཀུན་རྫོབ་སྒྱུ་མ་ཙམ་དུ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་གསུང་།། །།བསྒོམ་པར་བྱ་བ་ནི། ཕྱི་གཟུང་བའི་ ཡུལ་དང་། ནང་འཛིན་པའི་སེམས་གཉིས་ཡིན་ཏེ། ཕྱི་གཟུང་བའི་ཡུལ་ནི། རླུང་གི་དཀྱིལ་འཁོར་ནས། སྲིད་པའི་རྩེ་མོའི་བར་འདི་དག་ནི་བརྫུན་པ་ཡིན་ཏེ། དང་པོ་ནས་ཡོད་མ་མྱོང་བ་ཡིན། དཔེར་ན། གཟུང་བའི་ཡུལ་འདི་དག་ནི། སེམས་ལས་བྱུང་བ་ཡིན། སེམས་ཀྱིས་བསྐྱེད་པ་ཡིན། སེམས་ཀྱིས་མ་བསྐྱེད་པའི་དངོས་པོ་གང་ཡང་མེད། རྨི་ལམ་རྨིས་པའི་དུས་སུ་ཟས་སྐོམ་ལ་ལོངས་སྤྱད་པ་ལ་སོགས་པ་རྨི་སྟེ། གཉིས་སད་པའི་དུས་སུ་གང་ ལ་ཡང་མ་གྲུབ། དཔེ་དེ་བཞིན་དུ། ད་ལྟ་འཁོར་བའི་ཆོས་སྣ་ཚོགས་སུ་སྣང་ཡང་། བདེན་པ་མཐོང་བའི་དུས་སུ་གང་ཡང་མ་གྲུབ་སྟེ། དེ་ལྟར་བདེན་པར་མཐོང་ཡང་བརྫུན་པ་ཡིན། བརྫུན་པའི་ངོས་ནས་བདེན་ པ་ཡིན་ཏེ། སྣང་བ་སྒྱུ་མ་རྨི་ལམ་ཙམ་དུ་ཤེས་པར་བྱའོ། །ནང་འཛིན་པའི་སེམས་འདི་བདེན་པ་ཡིན་ཏེ། དང་པོ་མ་སྐྱེས། ཐ་མར་མི་འགག །རྒྱུ་རྐྱེན་གྱིས་མ་བསྐྱེད། གང་དུ་ཡང་འགྱུར་བ་མེད། སངས་རྒྱས་ཀྱི་ ཐུགས་ལ་མངའ་བ་དང་། སེམས་ཅན་གྱི་སེམས་ཉིད་ལ་བཟང་ངན་མེད། རྟོགས་མ་རྟོགས་ཀྱི་ཁྱད་པར་ཡིན། བློས་བྱས་ཀྱི་སྟོང་པས་ཡང་དང་ཡང་དུ་སྒོམ་པས་རྟོགས་ཏེ། སེམས་ཀྱི་ངོ་བོ་དེ་མཐོང་ཡེ་མ་མྱོང་བ་ཡིན། སེམས་ 2-5-19a ཀྱི་མཚན་ཉིད་ནི། རྟོག་པ་སྣ་ཚོགས་སུ་འཕྲོ་ཞིང་སྣ་ཚོགས་སུ་འཆར་བ་ཡིན། སྐྱེས་བུ་ཤེས་རབ་ཆུང་བ་ནི། སེམས་དང་རྟོག་པ་གཉིས་ཐ་དད་དུ་རྟོགས། ཤེས་རབ་ཅན་ནི་གཉིས་མེད་དུ་རྟོགས་ཏེ། རྟོག་པ་ སེམས་ལས་བྱུང་ཞིང་སེམས་ལ་ཐིམ། ཆུ་དང་ཆུའི་རླབས་བཞིན། སེམས་ཀྱི་རང་བཞིན་ནི་འོད་གསལ་བ། ཅིའི་ངོ་བོར་ཡང་མ་གྲུབ་པ་ཡིན། དང་པོ་བློ་གསར་པའི་དུས་སུ། དང་པོ་གང་ནས་སྐྱེས། གར་འགགས། ཇི་ལྟར་གནས་བསམ་པས་བློ་ངེས་པར་བྱེད་པ་ཡིན། དེ་ཉིད་བློ་ཆེར་སོང་ནས། མ་བཅོས་པའི་ཤེས་པ་རང་གསལ་ལ་འཇོག་པ་ཡིན། ཡུལ་དེ་ཉིད་ལ་དད་པ། བརྩོན་པ། གུས་པས་ནན་ཏན་གྱིས་ རྒྱུན་རིང་བསྒོམ་པར་བྱ་སྟེ། ཆུ་བོའི་རྒྱུན་བཞིན་རྒྱུན་ཆད་མེད་པ་དང་། །མར་མེའི་རྩེ་མོ་རླུང་གིས་མ་བསྐྱོད་དང་། །བུ་ནི་ཡིད་འོང་བྲལ་བའི་མ་བཞིན་དུ། །ཉིན་དང་མཚན་དུ་འབད་དེ་བསྒྲུབ་པ་ན། །ལོ་ཟླ་འགའ་ན་དོན་ཀུན་ཐམས་ཅད་ འགྲུབ། །ཅེས་གསུང་ངོ་།། །།ཡང་རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། ང་ལ་བལྟ་རྒྱུ་སེམས་ཉིད་གཅིག་པུ་ལས་མེད། སེམས་ཉིད་ནམ་མཁའ་ལྟ་བུ་ལ་བློ་ངེས་ ཤེས་སྐྱེས་པ་དེ་ལྟ་བ་ཡིན། དེ་ཉིད་གསལ་བར་ཉམས་སུ་མྱོང་བ་དེ་སྒོམ་པ་ཡིན། བྱ་བ་ཅི་བྱེད་ཀྱང་དེ་དང་མ་བྲལ་བར་སྤྱོད་པ་དེ་སྤྱོད་པ་ཡིན། གོམས་པར་གྱུར་རྩ་ན་འབྲས་བུ་ལགས་སོ། །ཤེས་ལེགས་ པར་གསུངས་སོ།། །།ཕྱོགས་བཅུའི་རྒྱལ་བ་ཀུན་ཀྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཀུན་གྱི་སྲས་གཅིག་པུ། །ཁམས་གསུམ་འགྲོ་བའི་དཔལ་མགོན་སྒམ་པོ་པའི། །བཀའ་འབུམ་ 2-5-19b དཔག་བསམ་ལྗོན་ཤིང་ལེགས་པར་རྫོགས།། །། ༄།།ཨོཾ་སྭ་སྟི། དེ་ལྟར་མཚན་ཡོངས་སུ་གྲགས་པའི་ཆོས་ཀྱི་རྗེ་མགོན་པོ་ཟླ་འོད་གཞོན་ནུའི་བཀའ་འབུམ་དཔག་བསམ་ལྗོན་ཤིང་འགྲོ་བ་ཀུན་གྱི་རེ་འདོད་སྐོང་བར་བྱེད་ པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་འདི་ཡི་བླ་མ་བརྒྱུད་པའི་རིམ་པ་ནི་གསུམ་ལས། གསང་སྔགས་རྡོ་རྗེ་ཐེག་པའི་རིམ་པ་གཉིས་ཀྱི་སྐོར་མང་དུ་གསུངས་པའི་བརྒྱུད་པ་ནི། རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་ཀྱིས། སྤྲུལ་པའི་སྐྱེ་མཆོག་ཆེན་པོ་ཇོ་བོ་ཏཻ་ལོ་པ་ལ་གནང་། དེས་མཁས་པ་ཆེན་པོ་ནཱ་རོ་པ་ལ་གནང་། དེས་རྗེས་བཙུན་ལྷོ་བྲག་པ་ཆེན་པོ་ལ་གནང་། དེས་བླ་མ་ཆེན་པོ་མི་ལ་རས་པ་ལ་གནང་། དེས་མགོན་པོ་ཟླ་འོད་གཞོན་ནུ་ལ་གནང་། དེས་སངས་རྒྱས་སྒོམ་པ་ལ་གནང་། ཁུ་དབོན་གཉིས་ཀྱིས། དཔལ་ལྡན་དུས་གསུམ་མཁྱེན་པ་ལ་གནང་། དེས་རིམ་པ་ལྟར་གསུངས་པ་ནི། འགྲོ་མགོན་རས་ཆེན་ལ། རྒྱལ་ སྲས་པོང་རག་པ། གྲུབ་ཆེན་ཀརྨ་པག་ཤྲཱི། གྲུབ་ཐོབ་ཨུ་རྱན་པ། བླ་མ་སྙན་རས། དེ་གཉིས་ཀས། ཆོས་རྗེ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན། རྟོགས་ལྡན་མགོན་པོ་རྒྱལ་མཚན། དེ་གཉིས་ཀས། ཆོས་རྗེ་རོལ་པའི་རྡོ་རྗེ། རྟོགས་ལྡན་མཁའ་སྤྱོད་དབང་པོ། བླ་མ་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན། སྒམ་པོ་པ་བླ་མ་རིན་པོ་ཆེ་དྷརྨ་རཏྣ། དེ་ཉིད་ཀྱི་ཞལ་མངའ་ནས་དགྱེས་པས་གནང་བའོ།། །།ཡང་ལུགས་གཅིག་ལ། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ཤ་བ་རི་དབང་ཕྱུག །མཻ་ཏྲི་པ། མར་པ་ཆེན་པོ། མི་ལ་རས་པ། དགས་པོ་ལྷ་རྗེ།། །།ཡང་ལུགས་གཅིག་ལ། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། སློབ་དཔོན་ཀླུ་སྒྲུབ། མ་ཏངྒི་པ། 2-5-20a ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། སྙི་སྒོམ།། །།ཡང་ལུགས་གཅིག་ལ། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། བྲམ་ཟེ་ཆེན་པོ་ས་ར་ཧ་པ། ལུ་ཧི་པ། དིང་གི་པ། ཏཻ་ལོ་པ། མར་པ། མི་ལ། ཆོས་ཀྱི་རྗེ་རིན་པོ་ཆེ་པ།། །།ཡང་ལུགས་གཅིག་ལ། ཌོཾ་བྷི་ཧེ་རུ་ཀ །བིར་བ་པ། ལ་བ་པ། ཨིནྡྲ་བོ་དི་ཆུང་བ་སྟེ། བཀའ་བབས་བཞིའི་བརྒྱུད་པའོ།། །།ཡང་ལུགས་གཅིག་ལ། རྡོ་རྗེ་འཆང་། སུ་མ་ཏི་ཀུན་ཏུ་བཟང་མོ། ཐང་ལོ་པ། ཀར་ཎ་རི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། ཆོས་ཀྱི་རྗེ་བསོད་ནམས་རིན་ཆེན་པ། ཚུལ་ཁྲིམས་སྙིང་པོ། ཁམས་པ་དབུ་སེ། འགྲོ་མགོན་རས་པ་ཆེན་པོ། པོང་རག་པ། ཀརྨཱ་པ། ཨུ་རྒྱན་པ། སྙན་རས། རང་བྱུང་པ། རྒྱལ་བ་ གཡུང་། མགོན་རྒྱལ་བ། རོལ་པའི་རྡོ་རྗེ། ཞྭ་དམར་པ། དེ་བཞིན་གཤེགས་པ། ལ་ཕྱི་བ། བླ་མ་ཆོས་རིན་པ།། །། །། །། ཞེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ། སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་བགྱིས་པའོ།། །། །། །། །། །། །། 2-5-20b empty page 2-6-1a ༼ཀི༽ །།ཀི་ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་༐ གནས་ལུགས་གཉིས་ཀྱི་མན་ངག་དང་གོ་ཆ་གཉིས་ཀྱི་མན་ངག་བཞུགས་སོ།། 2-6-1b ༄༅༅། །བླ་མ་རིན་ཆེན་ལྟ་བུ་ཡི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ལུས་ངག་ཡིད་གསུམ་སྤྲིན་ཚོགས་ཀྱིས། ། དུས་གསུམ་དུ་ནི་མཐོང་ཕྱག་འཚལ། །གཉིས་མེད་གསལ་བ་ཆོས་ཀྱི་དབྱིངས། །མཆོག་དེ་ལ་ཡང་ཕྱག་འཚལ་ལོ། ། བླ་མ་རིན་པོ་ཆེ་ནཱ་རོ་པས། །བདེ་མཆོག་འཁོར་ལོའི་གསང་སྔགས་ནི། །འབུམ་ཕྲག་གཅིག་ནི་བཟླས་པ་ཡིས། །ས་ནི་ གཡོས་ཤིང་ལུང་བསྟན་ཐོབ། ཤར་ཕྱོགས་ངོས་ཀྱི་ཏཻ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། ལོ། །དངོས་པོའི་ གནས་ལུགས་་་་་་ཏཻ་ལོ་པ་ལ་བརྟེན་ཞེས་འཕྲོས། །ལོ་བཅུ་གཉིས་སུ་དཀའ་བ་སྤྱད་པའི་མཐར། སྙན་མཆོག་བཅད་ནས། མཎྜལ་ལ་ཚོམ་བུ་བཀོད་ནས་ཕུལ་སྟེ་ཞུས་པས། ། 2-6-2a ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དེ་ལ་དངོས་པོའི་གནས་ལུགས་ནི། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་ དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་ལ། རང་སེམས་དངོས་པོའི་གནས་ལུགས་ནི། ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་སྤྱོད་ཡུལ་ ལམ་ལས་འདས། །ཏཻ་ལོ་ང་ནི་བསྟན་དུ་ཅི་ཡང་མེད། །རང་གི་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །རིག་པ་དང་སྟོང་པ་དབྱེར་མི་ཕྱེད་པའི། སེམས་ཀྱི་དེ་ཁོ་ན་ཉིད། ཅེས་གསུངས་པ་དང་། ཏཻ་ལོ་པའི་བརྗོད་པའི་ སྒྲ་དང་བློའི་ཡུལ་ལས་འདས་པ། ཚིག་དང་ཡི་གེར། ཆོས་དྲུག་སྟེ། རང་རིག་པའི་མཚན་ཉིད། མི་མནོ། མི་སེམས། མི་དཔྱོད། མི་སྒོམ། མི་བསམ། སེམས་རང་བཞིན་དུ་གནས་སོ། །ཞེས་གསུངས་སོ། ། ལམ་གྱི་གནས་ཐབས་རྣམ་གཉིས་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས། ཡིད་དང་བྲལ། བློ་དང་བྲལ། ཡུལ་དང་བྲལ་ལོ། དམིགས་པ་དང་བྲལ། མི་བསམ། འོད་གསལ་གྱི་ངང་འབའ་ཞིག པའི་རིམ་པ་བསྒོམ་པའོ། ། དེ་ལ་བསྐྱེད་པའི་རིམ་ཚུལ་ནི། །སྐད་ཅིག་དྲན་རྫོགས་ལ་སོགས་པ། །ལྷ་སྐུ་སྒྱུ་མར་བསྐྱེད་བྱས་ལ། །རྫོགས་པའི་རིམ་པ་མཚན་བཅས་དང་། །མཚན་མེད་རྣལ་འབྱོར་གང་སྒོམ་ཡང་། །ལུས་ 2-6-2b ཀྱི་གནད་དང་ཡུལ་གྱི་གནད། །དུས་གནད་གསུམ་ལས་ཡེ་ཤེས་འཆར། །ལུས་ཀྱི་གནད་ལ་རྣམ་གཉིས་ཏེ། །ལུས་གནད་དངོས་དང་དེ་ལ་རྟེན་པའི། །རླུང་གི་སྦྱོར་བ་སྒོམ་པའོ། །དེ་ཡང་རྡོ་རྗེ་གདན་བཞི་ལས། ལུས་སེམས་ སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་ཡན་ལག་གནས། །ཐབས་དང་བཅས་ན་ཤིན་ཏུ་འབར། །ཞེས་གསུངས་སོ།། །།རེ་མིག་ལྟ་བུར་བསྣོལ་བར་བྱ། །མཉམ་བཞག་རྒྱ་ཡིས་བཙིར་བར་བྱ། །ལི་ཁྲི་བཞིན་ ལུས་ལྷར་གསལ་བའི་དཀྱིལ་ན་ཡར་དྷུ་ཏཱི་ཡོད་པར་བསམ། རེ་མིག་ལྟར་བསྣོལ། ལྕགས་ཀྱུ་ལྟར་དགུག །མུ་ཏིག་ལྟར་བརྩེགས། རྒྱ་མདུད་ལྟར་སྡོམ། ལི་ཁྲི་ལྟར་བསྒྲིམ། རྒོད་གཤོག་ལྟར་བརྒྱང་།། སྒལ་པ་དྲོད་སྐྱེས། དུ་ཁོང་སྒྲིམ་བྱ། བདེ་བ་བསྐྱེད། །སྒལ་པ་ཆུ་ཤིང་བཞིན་དུ་བསྲང་། རྒྱ་མདུད་བཞིན་དུ་སྡམ་པར་བྱ། །ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། འཕེལ་ཀ་བཞིན་དུ་བསྐྱེད་པར་བྱ། །རིན་ཆེན་རྩ་ལ་གཏར་བ་འདྲ། མུ་ཏིག་བརྩེགས་པ་ལྟ་བུར་བྱ། །ཤིན་ཏུ་བསྲང་ལ་དགུག་པར་བྱ།། །། ལུས་ལ་རྟེན་པའི་རླུང་སྦྱོར་ནི། མགྲིན་པ། དབུགས་ལ་སྦྱོར་བ་བཞི་ལྡན་བྱ། དཔུང་པ། དབུགས་ཀྱི་སྦྱོར་བཞི་མ་ཤེས་ན། སྒལ་པ། གོང་གི་ཡོན་ཏན་འབྱུང་བར་དཀའ། །ཞེས་གསུངས་སོ།། །།རྔུབ་དང་དགང་དང་གཞིལ་བ་ དང་། །མདའ་ལྟར་འཕང་དང་རྣམ་བཞིས་སོ། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་རིལ་བོར་བྱེད། ། གཞིལ་བ་ཡིས་ནི་ཞི་བར་བྱེད། །མདའ་ལྟར་གྱེན་དུ་འཕང་བར་བྱ། །དེ་ནི་རླུང་གི་གནས་སུ་གསུངས། དགང་བ་ཡིས་ རྔུབ་པ་ནི། སྟེང་རླུང་ཁྲུ་གང་ཙམ་ནས་རྔུབས་ལ། རྩ་གསུམ་ན་མར་སོང་བས། ལྟེ་བ་ནས་སོར་བཞིའི་སར། དྷུ་ཏཱི་ལ་ཐིམ་པའོ། །མི་ཐུབ་ན་ཅུང་ཟད་གློད་པའོ། དེ་ནི་ལུས་བཀང་ནས། ཤེས་པ་དང་། ལ་སོགས་པ་ནས། །ཡང་བྱང་ཆུབ་སེམས་ཀྱིས་འཁོར་ལོ་བཞི་བཀང་ནས། 2-6-3a ཡུལ་གྱི་གནད་ནི་རྣམ་གཉིས་ཏེ། །ཕྱི་ནང་གཉིས་སུ་ཤེས་པར་བྱ། །ཕྱི་ནི་དཀར་དམར་རྣམ་པ་ཅན། །ནང་དུ་འཁོར་ལོ་རྣམ་པ་བཞི། །དེ་ལ་ཐབས་ལམ་བགྲང་མི་ལང་། །མི་རྟོག་དོན་ལ་དམིགས་ཀྱང་རུང་། ། ཐིག་ལེ་ཉ་གང་བ་ཅིག་དམིགས་ཀྱང་རུང་། །ཡར་སྲེག་མར་འདྲེན་བཞུ་བརྟུལ་བྱེད་ཀྱང་རུང་། །ཕྱག་རྒྱ་ཆེན་པོ་ཉིད་ལ་དམིགས་ཀྱང་རུང་། །ཤེས་པ་རྣམ་རྟོག་ཡུལ་ལ་མ་འཕྲོས་ན། །དེ་རྣམས་གསལ་བ་མེད་ཀྱང་ནི། །རྣམ་པར་རྟོག་པ་ ངང་གི་འགག། །ཡོན་ཏན་རྣམས་ཀྱང་རིམས་ཀྱིས་འབྱུང་། །དེ་ནི་ཡུལ་གྱི་གནད་ཉིད་དོ། །དེ་ལ་དུས་གནད་བསྟན་པ་ནི། །གཡས་གཡོན་འཕོ་དུས་ཟེར་བ་ཡོད། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་ བཞི། །དེ་ལ་དུས་བཞིའི་ཉམས་ལེན་ནི། །ཞལ་ལས་ཤེས་པར་བྱ་བ་ཡིན།། །འབྲས་བུ་སྐྱེ་བའི་རིམ་པ་ནི། །མཆོག་དང་ཐུན་མོངས་དངོས་གྲུབ་ཐོབ། །སྙིང་ག། །མགྲིན་པ། སྤྱི་བོ། དེ་རྣམས་ལ་ཤེས་པ་གཏད་པས། རླུང་མཆིངས་བར་འགྱུར་རོ། དེ་ལ་མཆོག་ནི་གོང་ལྟར་བསྒོམས་པས། དང་པོ་དྲོད་འབྱུང་། དེ་ནས་བདེ་བ་འབྱུང་། དེ་ནས་སྲིན་བུ་མེ་ཁྱེར་ལ་སོགས་པའི་རྟགས་རྣམས་འབྱུང་། དེ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཕྱམ་ཙེར་འགྲོ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཐོབ་བོ། །བསྟན་པའི་ཚད་ནི། དབང་པོའི་ཡུལ་གསུམ་མཐོང་བའོ།། །།ཐབས་བདེ་གསལ། ཤེས་རབ་སྟོང་ཉིད། ཐབས་ཤེས་ཟུང་འཇུག་གི་བདེ་བ་དབྱེར་མི་ཕྱེད་པ་བདེ་བ་ཆེན་པོའི་སྐུ། མ་སྐྱེས་པ་ཆོས་སྐུ། སྣ་ཚོགས་སུ་སྣང་བ་སྤྲུལ་སྐུ། རང་བཞིན་ལོངས་སྐུ། འདི་གསུམ་དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་སྐུའོ། །གཏུམ་མོ་དགུ་བསྐོར་གྱི་ཞལ་གདམས་ལགས་སོ། །ན་མོ་གུ་རུ། དེ་ནས་དངོས་པོའི་ 2-6-3b གནས་ལུགས་ལ་གཉིས་ཏེ། ལུས་དངོས་པོའི་གནས་ལུགས་དང་། སེམས་དངོས་པོའི་གནས་ལུགས་སོ། །ལུས་དངོས་པོའི་གནས་ལུགས་ནི། ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །ཞེས་པས་བསྟན་ཏེ། དེ་ཡང་རྟོགས་ན་མངོན་ པར་བྱང་ཆུབ་པ་རྣམ་པ་ལྔ་སྟེ། ཆོས་ཉིད་སྟོང་པ་ལ་བྱང་ཆུབ་པ། ཕ་མའི་བྱང་སེམས་དཀར་དམར་དེ་གདན་པད་ཟླ་ལ་བྱང་ཆུབ་པ། དེ་གཉིས་འདྲེས་པའི་ཐིག་ལེ་དེ། གསུང་ཡིག་འབྲུ་ལ་བྱང་ཆུབ་པ། དེ་ནས་ལྟེ་བ་སྲིད་པའི་འཁོར་ ལོ་རུ་རྡོ་རྗེ་ལྟ་བུ་ཅིག་ཆགས་ཏེ། དེ་ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། དེ་ནས་ད་ལྟའི་ལུས་འདི་སྐུ་ཡོངས་སུ་རྫོགས་པ་ལ་བྱང་ཆུབ་པའོ། །རྩ་དང་ཞེས་པའི་རྩ་ནི། འཁོར་ལོ་བཞིའི་གྲངས་ཀྱི་རྩ་འདབ་བརྒྱ་ཉི་ཤུ་སྟེ། དེ་ཡང་བསྡུ་ ན་གསུམ་སྟེ། རྐྱང་མ་གཡས་ཐབས་ཀྱི་རྩ་ནང་གི་རང་བཞིན་སྔོན་པོ། རོ་མ་གཡོན་ཤེས་རབ་ཀྱི་རྩ་མེའི་རང་བཞིན་དམར་མོ། དབུས་ཨ་ཝ་དྷུ་ཏཱི་སྲོག་པ་རྩ་བྱང་སེམས་རང་བཞིན་དཀར་པོའོ། །མི་གཙང་ཞེས་པ་ནི། མི་གཙང་རྫས་ དང་རྣམ་རྟོག་གིས། གཟུང་བ་དག་པ། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་སོ། །འཛིན་པ་དག་པ། གཟུང་བ་དང་འཛིན་པ་གཉིས་ཀ་དག་པ། གཉིས་པ་སེམས་དངོས་པོའི་གནས་ལུགས་ནི། དེ་ཡང་། ཀྱེ་ཧོ་ཞེས་པ་ནི། བོད་པའམ། བརྡའི་ཚིག་སྟེ། ཚུར་ཤོག་ཅིག་པའོ། །འདི་ནི་ཞེས་པ་བླ་མའི་བརྡས་མཚོན་ནས། རང་གི་སེམས་ཉིད་རང་རིག་པ་རྟོགས་པའོ། །ངག་གི་སྤྱོད་ཡུལ་ཞེས་པ་ཐ་སྙད་ཀྱི་སྒྲོ་སྐུར་དང་ཐ་མལ་གྱི་བརྗོད་ཚིག་ལས་འདས་པའོ། །ཏཻ་ལོ་ངས་ནི་ཞེས་ པ་ཆོས་ཉིད་འོད་གསལ་ཏེ་དང་པོ་ནས། རང་བཞིན་གྱིས་འཆར་བས་སོ། །རང་གིས་ཞེས་པ། རང་གི་སེམས་ཉིད་གཉུག་མ་འདི་ངོ་ཤེས་པའོ། །ཡེ་ཤེས་ཞེས་པ། སངས་རྒྱས་ཀྱི་དགོངས་པ་སྟེ། ཡེ་ཤེས་དེ་རང་གི་རྒྱུད་ལ་གནས་པ་ཤེས་པར་བྱའོ། ། 2-6-4a སེམས་འདི་ཅི་ལ་ཡང་མི་གནས། འདུས་བྱས་ཅི་ལ་ཡང་མི་བསམ། ལོག་པའི་ཏིང་ངེ་འཛིན་ཡང་མི་སེམས། མཚན་མ་གང་ལ་ཡང་མི་སྒོམ། རིག་པ་འདི་ཅི་ལ་ཡང་མི་དཔྱད། མ་བཅོས། མི་འཆོས། བཅོས་མ་མ་ཡིན་ པར་བཞག་པར་བྱའོ། །ད་ལམ་གྱི་རིམ་པ་ཡི། རང་ལུས་ཐབས་ལྡན་ལ་རྣམ་པ་གསུམ་སྟེ། དེ་ལ་ལུས་ཀྱི་གནད། ཡུལ་གྱི་གནད། དུས་ཀྱི་གནད་གསུམ་མོ། །ལུས་གནད་ནི། རྐང་པ་སྐྱིལ་དཀྲུང་། སྒལ་ཚིགས་རིན་པོ་ཆེ་རྩར་ལ་རྒྱུས་ པ་དང་འདྲ། གོས་ཀྱི་ཐོང་ཀ་ཡངས་པར་བྱ། ལྕེ་རྩེ་རྐན་ལ་སྦྱར། མིག་སྣ་གོང་དུ་ཕབ། ལག་པ་གཉིས་ལྟེ་བའི་འོག་དམིགས་པ ནམ་ལངས་ཉི་མ་ཤར་ཐོ་རངས། ཏུ་མཉམ་པར་བཞག །རེ་མིག་ལྟར་བསྣོལ། རྒྱ་མདུད་ལྟར་བཅིང་། མདའ་ལྟར་བསྲང་བ་སྟེ། ལུས་དངོས་པོའི་ཐབས་སོ། །མདའ་ལྟར་འཕང་། ལྕགས་ཀྱུ་ལྟར་བཀུག །འཁོར་ལོ་ལྟར་བསྐོར། རླུང་བཅོས་པའི་ཐབས་སོ། །ལི་དྲི་ལྟར་སྒྲིམ། ཐིག་ལེ་ལྟར་གདལ། ཚ་ཚ་ལྟར་སྤྲོས། སེམས་ བཅོས་པའི་ཐབས་སོ། །གཏུམ་མོ་དགུ་སྐོར་གྱི་ཞལ་གདམས་སོ།། འོག་གོ་སྒོ། ༄། །འཁོར་ལོ་དྲུག་གི་གདམས་པ་ལགས་སོ། །ན་མོ་གུ་རུ། ལྟེ་བ་ནས། ལུས་དཔག་ཡན་ལག་ལ་འབྱུང་བ་རོ་སྙོམ་པ་ཞེས་བྱ་བ། བསམ་གྱི་ སྡོང་པོ་ལ། རྩ་ཨ་ཝ་དྷུ་ཏཱི་གནས། དེ་ལ་འཁོར་ལོ་རྣམ་པ་བཞི་ཡོད། ལྟེ་བ་སྤྲུལ་པའི་འཁོར་ལོ་ན། ཡེ་ཤེས་ཀྱི་རྩ་འདབ་མ་དྲུག་ཅུ་རྩ་གཉིས། དེའི་གྲོང་ཁྱེར་ན། སེམས་ཀྱི་རྒྱལ་པོ་ཏི་ལ་ཀ་བྱ་བ་བཞུགས། དེའི་ཞལ་བལྟ་བར་འདོད་ན། སྐྱེས་བུ་དད་ལྡན་བསོད་ནམས་བསགས་པས། ཤེས་རབ་ཀྱི་ལྡེ་མིག་གིས། རྣམ་རྟོག་གི་སྒོ་ལྕགས་བཀྲོལ་ནས། སྒོ་དེ་ཕྱེ་ན་ཞལ་མཐོང་སྟེ་འོང་། མཐོང་ན། ཐུན་མོངས་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་གཉིས་ཀ་འགྲུབ་བོ། །སྙིང་ཀ་ཆོས་ 2-6-4b ཆོས་ཀྱི་འཁོར་ལོ་ན། རྩ་འདབ་མ་བརྒྱད་ཡོད། དེ་ན་སེམས་ཀྱི་རྒྱལ་པོ་བྷ་ས་དྷ་བཞུགས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། རྩ་འདབ་མ་བཅུ་དྲུག་ཡོད། དེ་ན་ཡིད་ཀྱི་ཐིག་ལེ་བཞུགས། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན། ཆོས་སྐུའི་གནས་གཞུ་ཁ་སྦྱོར་ལྟ་བུ་དེར་གཏད་ན་མཆོག་ཏུ་དགའ་བ་སྐྱེ། དེའི་ཞལ་ལྟ་བར་འདོད་ན་ཞེས་སོགས་གོང་གིས་འདྲ། ལོངས་སྐུའི་གནས། དར་གྱི་ཕ་ལྡོ་བཅད་པ་ལྟ་བུ་ཡིན། དེར་ཤེས་པ་གཏད་ན། དགའ་བྲལ་གྱི་དགའ་བ་སྐྱེད། །སྐུ་གསུམ་གྱི་ངོ་བོ་གཅིག་ཏུ་རྟོགས་པའི་ངོ་བོ་ ཉིད་ཀྱི་སྐུ་གནས། རྩ་ནི་སྦྲུལ་འཁྱིལ་བ་ལྟ་བུ། དེར་ཤེས་པ་གཏད་ན་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ། ལུས་ཐམས་ཅད་ལ་ཁྱབ་པའི་བདེ་བ་ཆགས་པ་དང་བསྲེ། རྩ་འདབ་མ་སུམ་ཅུ་རྩ་གཉིས་ཡོད། དེ་ན་ཡེ་ཤེས་ཀྱི་ཐིག་ལེ་བྱ་བ་བཞུགས། འཁོར་ལོ་བཞི་ན་གནད་ བཞི་ཡོད་དེ། ལྟེ་བ་གཏུམ་མོའི་གནད། མགྲིན་པ་རྨི་ལམ་གྱི་གནད། སྙིང་ཀ་གཉིད་ཀྱི་གནད། སྤྱི་བོ་སྙོམས་འཇུག་གི་གནད། རྡོ་རྗེ་ནོར་བུ་དང་། སྨིན་མཚམས་གཉིས་ཏེ་དྲུག་གོ། དེ་རྣམས་གནད་དུ་འོང་བ་ཅི་སྟེ་ཞེ་ན། དེ་ནས་ སྣང་བ་སེམས་གསལ་སྟོང་དུ་ཤར་བ་དེ་བསྲེ། སྒྱུ་མར་བསྲེ། འོད་གསལ་ཤར་ཏེ་བསྲེ། ཆགས་པ་དང་བདེ་བ། བདེ་བའི་གནད། གཉིད་ཀྱི་གནད། ཤེས་པའི་རྟེན་ཡོད་པས་ན་གནད་ཡིན། དམིགས་པ་གཏད་ཐབས་ནི། ལྟེ་བའི་མེ་ལ་ཤེས་པ་གཏད་པས། རླུང་སེམས་གཉིས་སུ་མེད་པའི་གནད་ཀས། རླུང་གིས་བསྲུབས་པས། རྩ་སྒོ་བྱེད་ནས་རླུང་ཨ་ཝ་དྷུ་ཏཱིར་ཚུད། རླུང་དྷུ་ཏཱིར་ཚུད་པས་རྟོག་མེད་ཀྱི་ཡེ་ཤེས་འཆར། དེ་ཡང་། ལུས་ལ་དམིགས་པ་ ནི་ཤེས་རབ་ལ། རླུང་གིས་རྩ་སྒོ་བྱེ་བ་ནི། ཤེས་རབ་ཀྱིས་རྣམ་རྟོག་གིས་སྒོ་ལྕགས་ཕྱེད་པ་ཡིན། རྟོག་མེད་ཀྱི་ཡེ་ཤེས་མཐོང་བ་ནི། སེམས་ཀྱི་རྒྱལ་པོ་ཞལ་མཐོང་བའོ།། །། 2-6-5a མཆོག་གི་གཏུམ་མོའི་གདམས་པ་ལགས།། །།བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་ནཱ་རོ་པས། །གསང་སྔགས་རྒྱལ་པོ་ཡི་གེ་བདུན། །འབུམ་ཕྲག་གཅིག་ནི་ བཟླས་པ་ཡིས། །ས་ནི་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱི་ཏཻ་ལོ་པའི། །ཞལ་མངར་གདམ་ངག་གནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། །དེ་ཡང་ གསང་བ་འདུས་པ་ལས། །འོད་གསལ་བ་ལ་སྟོང་པ་ཆེ། །དེ་ལ་ཐབས་ནི་སྣ་ཚོགས་འབྱུང་། །ཞེས་གསུངས་པས། དངོས་པོའི་གནས་ལུགས་ལ་གཉིས་ཏེ། ལུས་དང་སེམས་སུ་ཤེས་པར་བྱ། །ལུས་ཀྱི་ གནད་མ་ཤེས་ན། སྒོམ་པའི་གནད་མི་ཤེས། དེ་མ་ཤེས་ན། སེམས་མི་ཟིན་པས། དེས་ན། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་སྐྱེ་བ་མེད་པ་མཚོན་པའི་ཡི་གེ་ཨ་གནས། དེ་ལ་སྐྱེ་བ་མེད་པའི་རྩ་ཨ་ཝ་དྷུ་ཏཱི་བྱུང་། ཡར་ཚངས་པའི་བུ་གར་ཟུག །མར་གཉེར་པོ་ཆེ་ལ་ཟུག །རོ་རྐྱང་གཉིས་ཡར། སྣ་སྒོར་ཟུག །མར་སྤུ་སྣ་གུའི་མཚམས་སུ་ཟུག །གདུགས་དང་ཤིང་ལྟ་བུར་གནས་པ་འཁོར་ལོ་བཞི་དང་བཅས་པར་བསྒོམ། དེ་ཡང་། ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་གསུངས་སོ།། །།སེམས་ཀྱི་གནས་ལུགས་ བསྟན་པ་ནི། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་པ་ལ་ཅི་ཡང་བསྟན་དུ་མེད། །རང་གིས་རང་རིག་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས་སོ།། །། 2-6-5b ཏཻ་ལོ་པའི་ཆོས་དྲུག་ནི། མི་མནོ། མི་སེམས། མི་དཔྱོད། མི་སྒོམ། མི་བསམ། སེམས་རང་བཞིན་དུ་གནས་སོ། །དེ་ལ་ལམ་གྱི་རིམ་པ་ལ། གནད་ནི་རྣམ་པ་གསུམ་ཡིན་ཏེ། ལུས་དང་ཡུལ་དང་དུས་དང་ངོ་། །ལུས་ནི་ རྡོ་རྗེའི་སྐྱིལ་ཀྲུང་ངོ་། །སྒལ་ཚིགས་རིན་ཆེན་རྩར་ལ་རྒྱུས། །ཐོང་ཀ་རྒྱུན་དུ་ཡངས་པར་བྱ། །ལྟོང་མགོ་ཤིན་ཏུ་སྦ་བར་བྱ། །ལྕེ་ནི་ཡ་རྐན་ཉིད་དུ་གཏད། །མཉམ་བཞག་ཕྱག་རྒྱ་བཙིར་བར་བྱ། །ཡང་ན་ལུས་ནི་ཙོག་ པུར་བསྡད། །རེའུ་མིག་བཞིན་དུ་བསྣོལ་བར་བྱ། །རྒྱ་མདུད་བཞིན་དུ་སྡམ་པར་བྱ། །ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། །མདའ་ལྟར་གྱེན་དུ་འཕངས་བྱས་པས། ལྟེ་བའི་འོག་ཏུ། །ནམ་མཁའི་བ་ནི་རིམས་ཀྱིས་འཇོ། ། ཡང་ན་ཨོལ་ཀོས་ཨོལ་མདུད་མནན། །ཡང་ན་མཇིང་པས་ལྟག་པ་མནན། །གཡས་ནས་རྒྱུ་ན་གཡས་རྩ་མནན། །གཡོན་ནས་རྒྱུ་ན་གཡོན་རྩ་མནན། །ཕོ་རླུང་འདུལ་ཞིང་མོ་རླུང་སྦྱངས། །མ་ནིང་རླུང་སྦྱངས་རྒྱུན་དུ་བསྒོམ། ། དེ་ཡང་། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཤེས་གསུངས་པ་དང་། གདན་བཞི་ལས། ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་ཡན་ལག་གནས། །ཐབས་དང་བཅས་ན་ཤིན་ཏུ་འབར། །ཞེས་ གསུངས་སོ། །དབུགས་ཀྱི་བཞི་ལྡན་མ་ཤེས་ན། །གོང་གི་ཡོན་ཏན་འབྱུང་བར་དཀའ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། །དགང་བ་ཡིས་ནི་ལུས་བཀང་ན། །དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱི་སྒོ་བཅིངས་ ན། །སྒོ་ཡི་བུ་ག་དག་པར་འགྱུར། །འཐོར་བ་སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བ་ཞི་བར་འགྱུར། །སེང་གེ་རྣམ་གྲོལ་ཕྱག་རྒྱ་ནི། །རྣལ་འབྱོར་པ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བ་བྱ། །ཞེས་གསུངས་སོ། ། 2-6-6a ཀྱཻ་རྡོ་རྗེ་ལས། རྔུབ་བ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་རེངས་པར་བྱེད། །གཞིལ་བ་ཡིས་ནི་ཞི་བར་འགྱུར། །ཞེས་གསུངས་སོ། །རིམ་ལྔ་ལས། ལྟེ་བ་ཆུ་སོ་ཚངས་འཁོར་ལོ། །གྲུ་གསུམ་དཀར་ ཞིང་དམར་བ་ལ། །ཐིག་ལེ་ཁ་དོག་ལྔ་བསམས་སྟེ། །སངས་རྒྱས་ལྔ་རུ་མཚོན་པར་བྱ། །སྲོག་འགོག་པ་དང་ལྡན་བྱས་ན། །སྐད་ཅིག་དེ་ལ་འབར་བར་འགྱུར། །འཇིག་རྟེན་ཁམས་རྣམས་མཆོད་པའི་གནས། །རྡོ་རྗེ་འཛིན་པ་ ཉིད་དུ་འགྱུར། །ཞེས་གསུངས་སོ། །ཡུལ་གྱི་གནད་ནི་གཉིས་ཡིན་ཏེ། །ཕྱི་རོལ་དཀར་དམར་ཡུལ་གྱི་གནད། །རིག་མ་མཚན་ལྡན་ཡུལ་གྱི་གནད། །ནང་གིས་འཁོར་ལོ་བཞི་ལ་གཏད། །ལྟེ་བ་སྤྲུལ་སྐུ་དགའ་བཞི་སྐྱེ། ། དུས་ཀྱི་གནད་ནི་བཞི་ཡིན་ཏེ། །ཐ་མལ་དུས་སུ་ལྟེ་བར་སེམས་ཀྱི་རྒྱལ་པོ་གནས། དེར་གཏད་ན། ལུས་ཐམས་ཅད་ཀྱི་གནས་སུ་བདེ་བ་སྐྱེ། སྙོམ་འཇུག་དུས་སུ་སྤྱི་བོར་བདེ་ཆེན་དུ་གཏད་ན། ལུས་ཐམས་ཅད་ལ་ཁྱབ་པའི་བདེ་བ་སྐྱེ། གཉིད་ལོག་པའི་དུས་སུ་སྙིང་གར་གཏད་ན། ལུས་ཀྱི་གནད་དུ་མཆོག་ཏུ་དགའ་བ་སྐྱེ། རྨི་ལམ་དུས་སུ་མགྲིན་པར་གཏད་ན། དགའ་བྲལ་གྱི་དགའ་བ་སྐྱེ། ཡུལ་ནི་འཁོར་ལོས་སྒྱུར་རྒྱལ་འདྲ། །གདན་བཞི་ ལས། ལྟེ་བ་ཆུ་ཤིང་སྙིང་པོ་གནས། །སྙིང་གར་ཡང་ནི་འགྲེང་སྟེ་གནས། །རྟག་ཏུ་སྟོང་པ་སྒོམ་ཡིན་ཏེ། །མཁས་པས་རྟག་ཏུ་བཟླས་པ་བྱ། །སྒོམ་དང་བཟླས་པའི་ཁྱད་པར་གྱིས། །གང་གིས་ལམ་ན་ཞུགས་གྱུར་ན། ། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། །མཆོག་དང་ཐུན་མོང་གཉིས་ཡིན་ཏེ། །ཐུན་མོང་རིམ་པ་བསྟན་པ་ནི། །དང་པོ་འགྲོ་བ་ལྟ་བུ་འབྱུང་། དེའི་རྐྱེན་གྱིས། 2-6-6b ཨ་ཝ་དྷུ་ཏཱིར་རླུང་ཚུད་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུན་དུ་ཤར་ནས། མཆོག་གི་དངོས་གྲུབ་ཐོབ་ནས། སྐྱེ་བ་འདི་ལ་སངས་རྒྱའོ། །འདི་ནི་ཏཻ་ལོ་པས། ནཱ་རོ་པ་ལ། དེས་མར་པ་ལ། དེས་བླ་མ་མི་ལ་ལ། དེས་མགོན་པོ་ ཟླ་འོད་གཞོན་ནུ་ལ་གདམས་པའོ། །མཆོག་གི་གཏུམ་མོ། མར་པའི་མན་ངག་གོ།། །།སྒྱུ་ལུས་ལྔ་ལྡན་ལགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། ། སྒྱུ་ལུས་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། སྔོན་འགྲོ་གཏུམ་མོ་དང་འདྲ། དངོས་གཞི་ལ་ལྔ་ལས། དང་པོ་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་ནི། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་པས། བདེ་བ་ཐམས་ཅད་ཀྱང་རྨི་ ལམ་ཡིན་ཏེ། ཁ་སང་ལྟ་བུ་ཅིག་བདག་གིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དང་། མདང་གི་རྨི་ལམ་ན་ལོངས་སྤྱོད་པ་གཉིས། དི་རིང་གི་ཉི་མ་ལ་ཁྱད་མེད་དེ། དེ་བས་ན། བདེ་བ་ཐམས་ཅད་ཀྱང་རྨི་ལམ་ ལྟ་བུ་འདུག་གོ། དེ་བཞིན་དུ་སྡུག་བསྔལ་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་ཡིན་ཏེ། ལོ་གཉིས་གསུམ་ལ་སོགས་པའི་གོང་དུ་བདག་གིས་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་། མདང་གི་རྨི་ལམ་ན་མྱོང་བ་གཉིས་དེ་རིང་ཉི་མ་ལ་ ཁྱད་མེད་དེ། དེ་བས་ན། སྡུག་བསྔལ་ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་འདུག་གོ། དེ་ལྟར་ན། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་པས། རྨི་ལམ་རྨི་བར་བྱ་སྙམ་དུ་འདུན་པ་དུང་དུང་བྱའོ། །དེ་ཡང་། ཐ་མལ་ པའི་རྨི་ལམ་ལྟ་བུ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་ཁམས་བལྟ་བའམ། ཡི་དམ་ལྷའི་ཞལ་བལྟ་བའམ། ལྷའི་ཡུལ་ལམ། རྡོ་རྗེ་གདན་ནམ། འཛམ་བུའི་གླིང་ལྟ་བུའམ། ནམ་མཁའ་ལ་འཕུར་བའམ། 2-6-7a ལུས་ལ་མེ་འབར་བའམ། ཆུ་འབབ་པ་ལ་སོགས་ངོ་མཚར་ཅན་གྱི་རྨི་ལམ་རྨི་བར་བྱ་སྙམ་པའི་འདུན་པ་དུངས་པ་བཏང་ངོ་། །དེ་ལྟ་བུའི་བསམ་པ་དེ་ཡང་། དང་པོ་ཡུན་རིང་དུ་བསམ། དེ་ནས་མལ་ དུ་ཞུགས་པ་དང་ཡང་སྔ་མ་ལྟར་བསམ་མོ། །དེ་ནས་གཉིད་མི་འོང་བ་འོང་བར་བྱ་བ་ནི། གཉིད་དུ་ཐུམ་གྱིས་འགྲོ་ཁར། སྨིན་བར་དུ་ཐིག་ལེ་མཐེ་བོང་ཙམ་པ་དཀར་རི་ལེ་བ་ཅིག་ལ་ཤེས་པ་སྡུས་ལ་ཉལ་ལོ། །སྡུས་དྲགས་ན་གཉིད་ མི་འོང་ངོ་། །དེ་ནས་སྔར་གྱི་བག་ཆགས་ཀྱི་སྟོབས་ཀྱིས་རྨི་ལམ་རྨི་སྟེ། དཔེར་ན་འཁྲུག་པ་ལ་སོགས་པའི་ལྟད་མོ་བལྟས་ཙ་ན། གཉིད་ཐུམ་བྱུང་མ་ཐག་དེ་དག་རྨི་བ་དང་འདྲའོ། །དེ་ནས། རྨི་ལམ་ལ་དེར་ངོ་ ཤེས་པ་ནི། རྨི་ལམ་དུ་བྱུང་མ་ཐག་ཏུ་ཡང་དག་ཏུ་འཛིན་པ་མི་འབྱུང་སྟེ། དེ་ཡང་། རྨི་ལམ་གྱི་ཁྱི་དང་བུད་མེད་ལ་སོགས་པ་གང་བྱུང་ཡང་། དེ་ཉིད་རྨི་ལམ་གྱི་ཁྱི་དང་བུད་མེད་དུ་ངོ་ཤེས་པའོ། །དེ་ནས་སྤེལ་བ་ ནི། རྨི་ལམ་ཅི་རྨི་བ་དེ་གཅིག་ལས་གཉིས་སུ་སྤེལ་ལོ། །དེ་ནས་ཇེ་མང་ཇེ་མང་སྟོང་གསུམ་ཙམ་སྤེལ་ལོ། །དེ་ལ་གོམས་པ་དང་། རྨི་ལམ་སྦྱང་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ ཀྱི་སེམས་ཅན་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་དང་ལྡན་པར་སྒོམ། དེ་ཐམས་ཅད་སྒྱུ་མའམ། འཇའ་ཚོན་གྱི་རྣམ་པ་ལྟ་བུར་བསྒོམ། དེ་ལྟར་བསྒོམས་པས་ཆུ་ ཟླ་ལྟ་བུའི་ལྷ་ཚོགས་རྣམས་ཞལ་མངོན་སུམ་དུ་མཐོང་ལ། དེ་ནས་དེ་རྣམས་ལ་དངོས་སུ་ཆོས་ཉན་པ་དང་། གདམས་ངག་ཞུས་པས། རང་ལ་ཟག་མེད་ཀྱི་བདེ་བ་ཕྲིལ་ཕྲིལ་སྐྱེའོ། །དེ་ནི་བླ་མའི་མན་ངག་གསུང་པའི་ 2-6-7b དུས་སུ་གོ་རིམ་དེ་ལྟར་སྐྱེ་གསུང་ངོ་། །ཉམས་སུ་མྱོང་བའི་དབང་དུ་བྱས་ན། རྨི་ལམ་དུ་ངོ་ཤེས་པའི་དུས་སུ། ཟག་མེད་ཀྱི་བདེ་བ་ཕྲིལ་ཕྲིལ་སྐྱེ་སྟེ། དེ་ནས་སྤེལ་བ་དང་སྦྱང་བ་ལ་འབད་རྩོལ་བྱ་མི་དགོས་ཤིང་། ཚེགས་ མེད་པར་འགྲུབ་པས། དེ་གཉིས་ཡན་ལག་ཏུ་འགྲོ་གསུང་ངོ་། །དེ་ཡན་གྱིས་དངོས་གཞི་བསྟན་པའོ།། །།གསུམ་པ་རྗེས་ལ་གཉིས་ལས། གང་ཟག་བརྩོན་འགྲུས་ཅན་ཚེ་འདི་ལ་ སངས་རྒྱ་བ་ནི། དངོས་གཞིའི་དུས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཉམས་སུ་མྱོང་བ་དེས། རྗེས་ཐོབ་ལ་སྔར་གྱི་ཆོས་ཐམས་ཅད་དེ་ལྟར་ཡིད་ལ་བྱས་པ་ཙམ་གྱིས། སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རྒྱུད་ལ་ སྔར་གྱི་ཉམས་མྱོང་ཡོད་པའི་སྟོབས་ཀྱིས་སྐྱེའོ། །ཡང་ན་མེ་ལོང་ནང་གི་གཟུགས་བརྙན་ལ་བསླབ་པ་ཡང་སྐབས་སུ་བྱ་གསུང་། དེ་ལྟར་སྤྱོད་ལམ་ཐམས་ཅད་དུ་འབད་རྩོལ་དང་བཅས་ནས་བསྒོམས་པས། ཅི་ཞིག་ཙ་ན་སྒོམ་མི་དགོས་ པར། དེ་ལྟར་ཉམས་སུ་མྱོང་བ་འབྱུང་སྟེ། དེ་དུས་ཡིད་ཆེས་པའི་རྟགས་ཀྱང་འབྱུང་། ཡི་དམ་ལྷའི་ལུང་བསྟན་ཡང་འབྱུང་ངོ་། །དེ་བརྟག་པ་ཕྱི་མའི་ལེའུ་གཉིས་པ་ནས་འབྱུང་བ་བཞིན་དུ། སྤྱོད་པ་མཐར་ཕྱིན་ནས། ཟླ་བ་གསུམ་དང་ཞག་དྲུག་ན་སངས་རྒྱའོ།། །།ལེ་ལོ་ཅན་བར་དོར་སངས་རྒྱ་བ་ནི། རྨི་ལམ་གྱི་དུས་སུ་སྒྱུ་ལུས་ཀྱི་ཉམས་སུ་མྱོང་བ་སྐྱེ་ཡང་། རྗེས་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ དང་སྦྱར་ནས་སྒོམ་པ་མ་ཁོམ་ན། བར་དོར་སྒྱུ་ལུས་ཟིན་པར་བྱས་ན། བར་དོར་སངས་རྒྱ་བར་བྱ་སྟེ། དེ་ཡང་ཟླ་བ་རེ་ལ་རྨི་ལམ་དུ་ངོ་ཤེས་པས་ཀྱང་། བར་དོ་ལ་བར་དོ་ཤེས་པ་འབྱུང་སྟེ། དེ་ཡང་འཆི་བར་འདུག་ཨང་སྙམ་པ་ 2-6-8a དང་། ཤི་ནས་ཀྱང་བར་དོར་ལུས་མི་ལེན་སྙམ་པ་དང་། བར་དོ་ལ་བར་དོར་ཤེས་པར་བྱ་སྙམ་པའི་འདུན་པ་དུངས་དུང་བ་བྱ་སྟེ། དེ་ལ་དེར་ངོ་ཤེས་པ་དང་། རང་གི་རྒྱུད་ལ་ཟག་མེད་ དེ་ལྟར་འདུ་ཤེས་སྔོན་སོང་བས། འཆི་བའི་དུས་སུ་འབྱུང་བ་རྣམས་རིམ་གྱིས་བསྡུ་སྟེ། དེ་ཡང་དང་པོ་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་རྣམ་པར་ཤེས་པ་ལ་ཐིམ། རྣམ་པར་ཤེས་པ་སྣང་བ་རགས་པ་ལ། སྣང་བ་རགས་པ་ཕྲ་བ་ ལ། ཕྲ་བ་ཤིན་ཏུ་ཕྲ་བ་ལ་ཐིམ་ནས་སྣང་བ་འགགས་ཏེ། བར་དོར་འཕོས་ནས། ཡིད་ཀྱི་གཟུགས་ཅན་དུ་གནས་པའི་དུས་སུ། བར་དོ་ཤེས་པར་བྱའོ། །སྙམ་པའི་སྔར་གྱི་འཕེན་པས། བར་དོ་ངོ་ཤེས་པ་འབྱུང་ངོ་། །དེ་ལྟར་ངོ་ཤེས་པས། ཟག་པ་ མེད་པ་ཉམས་སུ་མྱོང་བ་འབྱུང་བས། དེ་ཉིད་དུ། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཐོབ་པར་འགྱུར་རོ། །ཀྱི་བདེ་བ་འཁྲིལ་གྱིས་འབྱུང་སྟེ། དེར་ཡིད་ཀྱི་ལུས་བསྒོམས་པས། དངོས་པོ་དང་མཚན་ མ་རྣམ་རྟོག་ཐམས་ཅད་བདེ་སྟོང་གི་ཉམས་སུ་འབྱུང་སྟེ། བར་དོ་ལོངས་སྐུ་ཐོབ། དེ་ཡང་སྐྱེ་ལུགས་དང་སྦྱར་ན། གཉིད་མཐུག་པོས་ནོན་པའི་དུས་སུ། གཏམ་ལ་སོགས་པ་སྨྲ་འཕྲོ་ལ་ཡང་། རང་དབང་མེད་པར་ ཚོགས་དྲུག་འགགས་ནས། གཉིད་མཐུག་པོར་འགྲོའོ། །དེ་ནས་རྨི་ལམ་མང་པོ་ཟིང་གིས་འབྱུང་། དེ་ལ་དེར་ཤེས་པས། ཟག་མེད་ཀྱི་བདེ་བ་ཕྲིལ་གྱིས་སྐྱེའོ། །དེ་བཞིན་དུ། འཆི་བའི་དུས་སུ། རང་དབང་མེད་པར་འབྱུང་བ་བཞི་གཅིག་ལ་ཐིམ་ནས་འཆི། འོ་ན་རྨི་ལམ་གྱི་གནས་སྐབས་སུ་འཆར་བའི་ཉམས་དེ་བར་དོར་ཅང་ཐོས་སམ་བྱས་པ་ལ། དེ་ཡང་སྒྱུ་མ་ལྟ་བུའི་ལེན་ཏེ། རྨི་ལམ་ལ་དེར་ངོ་ཤེས་པས། སྒྱུ་ལུས་ལ་སྒྱུ་ལུས་སུ་ཤེས་པ་འབྱུང་། 2-6-8b དེ་བཞིན་དུ། རྨི་ལམ་ངོ་ཤེས་པས་ཟག་མེད་ཀྱི་བདེ་བ་སྐྱེ་བ་བཞིན་དུ། སྒྱུ་ལུས་ངོ་ཤེས་པས་ཀྱང་། དེ་ལྟར་སྐྱེའོ། །དེར་བདེ་བ་སྐྱེ་བ་ལ་སྒོམ་པས་སྔར་གྱི་འབྱུང་བའི་ལུས་ཀྱི་སྒོམ་པ་དང་མི་འདྲ་སྟེ། ཡིད་ཀྱི་ལུས་སྒོམ་ པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་རྟོགས་ནས་བར་དོར་ལོངས་སྐུ་ཐོབ་བོ། །གདམས་པ་ཟབ་མོ་གསང་བར་བྱའོ།། །། ༄། །འོད་གསལ་གྱི་གདམས་པ་ལགས། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཉིད་འོད་གསལ་དུ་གཞུག་པའི་མན་ངག་ལ། གཉིད་འོད་གསལ་དུ་གཞུག་སྙམ་པའི་དྲན་པ་དང་། འདུན་པས་ལུས་ཅི་བདེར་ཉལ་ ལོ། །རང་གིས་སྙིང་གར་པད་མ་འདབ་མ་བཞི་ལ་ཨ་ནུ་ཏ་ར་དགོད། དབུས་སུ་ཧཱུཾ་བཀོད་ལ་ཤེས་པ་གཏད་པའམ། ཡང་ན། ཧཱུཾ་གཅིག་པུ་ལ་ཤེས་པ་གཏད་ལ། གཉིད་ལ་ཐུམ་འགྲོ་བ་དང་བདེ་སྟོང་དུ་ལྷན་གྱིས་བཏང་། དེའི་རྒྱུན་འོད་གསལ་མ་ཤོར་བར་བྱ། གཉིད་སད་དུས་ན་ཡང་སྔར་བཞིན་སྒོམ། བདེ་སྟོང་དུ་ལྷན་ལྷན་སྒོམ་འཕྲོ་ལ་གཉིད་དུ་ཅི་འགྲོ་བྱ། སོང་བས་འོད་གསལ་སྒོམ་འཕྲོ་འོང་། དེ་ནས། ཉིན་པར་གྱི་དུས་སུ་ཡང་། བྱུག་པ་ལ་སོགས་པ་གཉིད་ཆེ་བའི་ཐབས་བྱ། སྒོམ་པའི་སར་གདན་མཐུག་པོ་དང་གོས་དྲོ་བ་ལ་སོགས་པས་ལུས་ཅི་བདེར་ཉལ། དྲན་པ་དང་འདུན་པས་འོད་གསལ་སྒོམ། དེའི་འཕྲོ་ལ་གཉིད་དུ་བཏང་ལ། དེའི་རྒྱུན་མ་ཤོར་ བར་བྱ། གཉིད་ལོག་པའི་རྒྱུན་འོད་གསལ་དུ་ཅི་འགྲོ་བྱའོ། །དེ་ནུབ་ཉལ་ཁར་ཡང་སྔར་བཞིན་སྒོམ། དེ་ལྟར་ཉིན་མཚན་དུ་བསྒོམས་པས། གཉིད་ལོག་མ་ལོག་ལ་ཁྱད་མེད་ན་འོད་གསལ་གོམས་པ་ཡིན། འདིར་རྨི་ 2-6-9a ལམ་འགལ་རྐྱེན་ཡིན་ལ། རྨི་ལམ་གྱི་དུས་སུ་མཐུན་རྐྱེན་ནོ། །འདིས་ཀྱང་སེམས་ཀྱི་ངོ་བོ་འཚོལ་བ་ཡིན་གསུང་ངོ་།། །། ༄། །དེ་ཁོ་ན་ཉིད་སྒོམ་པའི་གདམས་པ་ལགས། །ན་མོ་གུ་རུ། དེ་ཁོ་ན་ཉིད་སྒོམ་པ་ནི། སྤྲོས་པ་དང་བྲལ་བ་ཡིན། ཉིན་མཚན་ཀུན་དུ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བསྒོམས་པས། མཉམ་བཞག་གི་དུས་སུ་ནམ་མཁའ་སྟོང་པའི་ དཀྱིལ་ནས། ཉི་མ་ཤར་བ་ལྟ་བུ། གསལ་ལ་རྟོག་པ་མེད་པ། སྣང་ལ་རང་བཞིན་མེད་པར་ཤེས། རྗེས་ཐོབ་ཀྱི་དུས་སུ། སྣང་བ་ཐམས་ཅད་སྒྱུ་མར་འཆར། སྣང་བ་ཡང་ངོས་བཟུང་མེད། དེ་ལྟ་བུར་རྟོགས་ན། འབྱུང་བ་ལྔའི་ལུས་འདིས། འཇའ་ཚོན་ལྟ་བུར་སྣང་ལ་རང་བཞིན་མེད་པར་སངས་རྒྱས། མི་གནས་པར་མྱ་ངན་ལས་འདས་པར་སངས་རྒྱས། ཡང་དག་པའི་སངས་རྒྱས་ཡིན། སྐུ་གཉིས་རང་ཤར་ལོངས་སྤྱོད་རྫོགས་པའི་སྐུས་ས་ བཅུའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན། སྤྲུལ་པའི་སྐུས་སེམས་ཅན་གང་ལ་གང་འདུལ་བདེ་བའི་སྐུར་སྤྲུལ་ནས་ཆོས་སྟོན། བསྐྱེད་རིམ་འབའ་ཞིག་སྒོམ་པས་སངས་མི་རྒྱ། ས་བརྒྱད་པར་སླེབ་ཀྱང་། རྫོགས་རིམ་མ་རྟོགས་ཀྱི་བར་དུ་ དགེ་བའི་བཤེས་གཉེན་་་བསྟེན་དགོས། རྫོགས་རིམ་འབའ་ཞིག་བསྒོམས་པས་སངས་རྒྱ་བ་ཡིན། གཟུགས་སྐུ་རྣམ་གཉིས་མི་འཆར། འབྱུང་བའི་ལུས་འདིས་བསྒྲིབས་པས། མཉམ་རྗེས་མེད་ཀྱང་། ལུས་འདི་མ་བོར་ ཚུན་ཆད་སངས་རྒྱ་མི་ནུས། རྫོགས་རིམ་འབའ་ཞིག་བསྒོམས་པས། རང་སངས་རྒྱས་པ་ཡིན། ལུས་འདི་བོར་ནས། ཡེ་ཤེས་ཟང་ཐལ་དུ་སངས་རྒྱའོ།། །།སྐུ་བཞི་རང་ཆས་མ་ཞེས་བྱ་བ་ལགས་སོ།། །། 2-6-9b ན་མོ་གུ་རུ། སེམས་དངོས་པོའི་གནས་ལུགས་མ་ཤེས་ན། སྒོམ་རྒྱུའི་དོན་ངོ་མི་ཤེས། དེ་ལ་སེམས་ཀྱི་གནས་ལུགས་ནི། གསལ་བའི་དཔེ་བུམ་པ་ནང་གི་མར་མེ་ལྟ་བུ། རང་རིག་རང་གསལ་བ་དེ་ཟག་པ་མེད་པའི་བདེ་བ་ཡིན། གསལ་བ་དང་ཟག་པ་མེད་པའི་བདེ་བ་གཉིས་དབྱེར་མེད། སྟོང་པ་ཉིད་སྤྲོས་བྲལ་འདུས་མ་བྱས་ནམ་མཁའ་ལྟ་བུ། རང་རིག་རང་གསལ་སྤྲུལ་པའི་སྐུ། ཟག་པ་མེད་པའི་བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ། གསལ་བ་དང་ཟག་མེད་ཀྱི་ བདེ་བ་གཉིས་དབྱེར་མེད་པ་སྟོང་ཉིད་སྤྲོས་བྲལ་འདུས་མ་བྱས་ཆོས་ཀྱི་སྐུའོ། །སེམས་དངོས་པོའི་གནས་ལུགས་ལ་སྐུ་བཞི་རང་ཆས་སུ་གནས་པའོ།། །།འཆི་ཀའི་མན་ངག་ལགས།། །། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འོད་གསལ་འཆི་ཀ་མའི་མན་ངག་ནི། འཆི་བའི་དུས་སུ་གློ་གཡས་པ་ཕབ་ལ། ཡུལ་ལྟེ་བར་རྩ་པད་མ་འདབ་མ་བཞི་ལ། ཨ་ནུ་ར་ཏ་རའི་ཡི་གེ་བཞི། དབུས་སུ་ཨ་དང་བཅས་ པ་བསམ་ལ། དང་པོ་མདུན་གྱི་ཨ་ལ་ཤེས་པ་གཏད། འཆི་ཀ་མའི་འོད་གསལ་ཟིན་པར་བྱའོ། །སྙམ་པའི་འདུན་པ་དྲག་ཏུ་བཏང་། ཐ་མལ་པ་དང་འཆི་ཀར་ཤེས་པ་ལྟེ་བར་གནས་པ་ཡིན་པས། །དེས་ས་ཆུ་ལ་ཐིམ་པས། ནད་གཡོག་པས་ བལྟས་པས། གདོང་པ་ལ་་་་ས་་་་གོས་པ་དང་། སྣ་ཞོམ་པ་དང་། རྣ་བ་ཆག་པ་དང་། ལུས་ཟུངས་མི་ཐུབ་པ་འབྱུང་། འཆི་བ་པོ་རང་ལ་སྣང་བ་འདི་འོད་སྤྲིན་གྱི་རྣམ་པ་ལྟ་བུ་ལང་ལོང་དུ་འབྱུང་། དེ་ནས་གཡས་ཀྱི་ཨ་ ནུ་ལ་ཤེས་པ་གཏད་དེ། ཆུ་མེ་ལ་ཐིམ་པས། ནད་གཡོག་པས་བལྟས་པས། ཁ་ཆུ་དང་སྣ་ཆུ་ཐེངས་གཅིག་འོང་། དེ་ནས་སིང་གིས་སྐམས་ནས་འགྲོ། མདུན་གྱི་ཨ། གཡས་ཀྱི་ནུ་ལ་བསྡུ་བ་ལ་སོགས་པ། གཞན་རྣམས་ལའང་ཤེས་པར་བྱའོ།། །། 2-6-10a འཆི་བ་པོ་རང་ལ། སྣང་བ་འདི་དུ་བའི་རྣམ་པ་ལྟ་བུ་འབྱུང་། དེ་ནས། རྒྱབ་ཀྱི་ཏ་ལ་ཤེས་པ་གཏད་དེ། མེ་རླུང་ལ་ཐིམ་པའི་རྟགས་སུ། ནད་གཡོག་པས་བལྟས་པས། སོ་ཐམ། ལྕེ་ལ་ཐིག་ལེ་ནག་པོ་འོང་། ལུས་ཀྱི་དྲོད་འཆོར་བ་འབྱུང་། འཆི་བ་པོ་རང་ལ། སྣང་བ་འདི་སྲིན་བུ་མེ་ཁྱེར་ཙམ་ལས། ཆེས་མི་གསལ་བ་འབྱུང་། དེ་ནས། གཡོན་གྱི་ར་ལ་ཤེས་པ་གཏད་དེ། རླུང་རྣམ་པར་ཤེས་ པ་ལ་ཐིམ་པའི་རྟགས་སུ། ནད་གཡོག་པས་བལྟས་པས། ཤི་འཕྲས་བྱེད། མིག་གྱེན་ལ་ཟློག །དབུགས་ཤོ་བ་འབྱུང་སྟེ། དབུགས་ཕྱིར་འགྲོ་བ་ཡང་སྒྲ་ངར་ངར་པོ། །ནང་དུ་འཇུག་པ་ཡང་སྒྲ་ངར་ངར་པོ་འོང་ཞིང་། དབུགས་འབྱུང་ ཤིན་ཏུ་རྔུབ་དཀའ་བ་འོང་། འཆི་བ་པོ་རང་ལ་སྣང་བ་འདི་མར་མེའི་རྣམ་པ་འོད་གསལ་བ་ཅིག་འབྱུང་སྟེ། སྐད་ཅིག་མའོ། །དེ་ནས། དབུས་ཀྱི་ཨ་ལ་ཤེས་པ་གཏད་དེ། རྣམ་པར་ཤེས་པ་སྣ་ཚོགས་པ་ལ། དེ་སྣང་བ་རགས་ པ། དེ་ཕྲ་བ་ལ། དེ་ཤིན་ཏུ་ཕྲ་བ་ལ། དེ་འོད་གསལ་ལ་ཐིམ་པས། འོད་གསལ་བ་དེ་བདེ་སྟོང་གི་ཉམས་སུ་མྱོང་བ་འབྱུང་ངོ་། །དེ་ཡང་། སེམས་ནི། འཆི་བ་འོད་གསལ་སྟོང་པ་ཆོས་ཀྱི་སྐུའི་རང་བཞིན་དུ་ཉམས་སུ་མྱོང་བ་དང་། སྔར་གྱི་གཉིད་འོད་གསལ་དུ་ཉམས་སུ་མྱོང་བ་ཡོད་པ་དང་། འདིར་དེ་ལྟར་བསྒོམས་པའི་སྟོབས་ཀྱིས། དེའི་དུས་སུ་ཆོས་སྐུ་ཉམས་སུ་མྱོང་བ་འབྱུང་སྟེ། གང་ལྟར་འགྲོ་རུང་མི་འགྲོ་རུང་ཆོས་སྐུ་ཐོབ་བོ།། །། འབྱུང་བ་ལྔའི་རིམ་གྱིས་བསྡུས་ནས། རྣམ་པར་ཤེས་པ་ལ་ཐིམ། རྣམ་པར་ཤེས་པ་སྣང་ཆེད་ཐོབ་གསུམ་རིམས་ཀྱིས་འོད་གསལ་ལ་ཐིམ་པས། དེ་ཉིད་ཆོས་སྐུ་ཐོབ་བོ།། །།བར་དོའི་མན་ངག་ལགས།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། ། 2-6-10b བར་དོ་ལ་གསུམ་ཡིན། དང་པོ་སྣང་བ་གསུམ་གྱིས་བསྒོམས་པ་གོམས་པའི་འོད་གསལ་དང་། སེམས་སྣང་བ་གསུམ་གྱི་སྐབས་སུ་བསམ་གཏན། གཉིས་པ་སྒྱུ་ལུས་ངོ་ཤེས་པའི་སྒོ་ནས་། ཟུང་འཇུག་ངོས་བཟུང་བ་དང་། གསུམ་པ་དྲན་པ་དང་འདུན་པའི་སྒོ་ནས། མངལ་གྱི་སྐྱེ་གནས་དགག་པའོ། །འོད་གསལ་ལ་གསུམ་ལས། སྐྱེ་བ་འདི་ལ་འབད་རྩོལ་གྱིས་བསྒོམས་པ་གོམས་པའི་འོད་གསལ་དང་། སེམས་སྣང་བ་གསུམ་གྱི་སྐབས་སུ། བསམ་ གཏན་གྱི་འོད་གསལ་དང་། སྲིད་པ་བར་དོར་འཆར་བ་རང་བཞིན་གྱི་འོད་གསལ་ལོ། །དེས་སེམས་ཅན་ཀུན་ལ་ངོ་བོ་ཉིད་ཀྱིས་གནས་པ་ཡིན། དེ་ལ་དང་པོ་ལུས་ལེན་ཙ་ན་ཡང་འབྱུང་བ་བཞི་ལས་གྲུབ། ད་ལྟ་འབྱུང་བཞིའི་ ངོ་བོར་གནས། ཐ་མ་འཆི་བའི་ཚེ་འབྱུང་བ་བཞི་རིམ་གྱིས་ཐིམ་པ་ན། ས་ཆུ་ལ་ཐིམ་པ་ལ་སོགས་པའོ། །དེའི་ཚེ་འབྱུང་བ་བཞི་རིམ་གྱིས་ཐིམ་པའོ། །རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པའི་ཚེ་སྟོང་པ་སྟེ། ནང་རྟགས་ དུ་བ་ལྟ་བུ་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུའོ། །སྣང་བའི་གོ་བ་ནི། རྩ་ཕྲན་རགས་པའི་རླུང་རྩ་གཉིས་སོར་ཚུད། རྩ་གཉིས་པོའི་རླུང་དྷཱུ་ཏཱིར་བག་ཙམ་ཚུད་པས། རྣམ་རྟོག་གི་རླུང་འགག །ཕྱི་རྟགས་ཟླ་བ་ལ་སོགས་པ་ཇེ་མི་གསལ་ ལ་སོང་། ནང་རྟགས་དུ་བ་ལ་སོགས་པ་གསལ། དེ་ལྟར་འགགས་པས། ཞེས་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་གསུམ་འགགས་པས། སེམས་ཀྱི་ངོ་བོ་བག་ཙམ་གསལ་བས་ན་སྣང་བ་ཅེས་བྱ། ཡེ་ཤེས་དང་ པོ་བག་ཙམ་གསལ་བ་འོང་། སྣང་བ་མཆེད་པ་ལ་ཐིམ་པའི་ཚེ། ཤིན་ཏུ་སྟོང་པ་སྟེ། ནང་རྟགས་སྲིན་བུ་མེ་ཁྱེར་བ་ལྟ་བུ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་དམར་དིང་ངེ་བའོ། མཆེད་པའི་གོ་བ་ནི། རླུང་དྷཱུ་ཏཱིར་ 2-6-11a ཆེར་ཞུགས་པས། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས་པས། སེམས་ཀྱི་ངོ་བོ་གསལ་བ་དེ་ཆེར་སོང་བས་མཆེད་པ་ཞེས་བྱ། ཡེ་ཤེས་གསལ་ཡེ་རེ་བའོ། མཆེད་པ་ཐོབ་པ་ལ་ཐིམ་པའི་ཚེ་སྟོང་པ་ཆེན་ པོ་སྟེ། ནང་རྟགས་མར་མེ་ལྟ་བུ། ཕྱི་རྟགས་མུན་སྲོས་པ་ལྟ་བུ་ནག་ཐོམ་པ་འོང་། ཐོབ་པའི་གོ་བ་ནི། རླུང་དྷཱུ་ཏཱིར་རང་བཞིན་གྱིས་ཚུད་པས། མ་རིག་པ་སྐད་ཅིག་མ་བདུན་འགགས་པས། སེམས་ཀྱི་ངོ་བོ་གསལ་ལྷག་གིས་ ཤར་བས་ན། ཐོབ་པ་ཞེས་བྱའོ། །ཡེ་ཤེས་གསལ་སིང་ངེ་བ་འོང་། དེ་གསུམ་ཤར་ཙ་ན། སྒོམ་གྱི་དབང་དུ་བྱས་ན་ཞི་གནས་ཡིན། འོད་གསལ་གྱི་དབང་དུ་བྱས་ན། བསམ་གཏན་གྱི་འོད་གསལ་ཡིན། ཐོབ་པ་འོད་གསལ་ལ་ཐིམ་ པའི་ཚེ། ཐམས་ཅད་སྟོང་པ་ཡིན། ཕྱི་རྟགས་སྐྱ་རེང་ཤར་བ་ལྟ་བུ། ནང་རྟགས་སྤྲིན་མེད་པའི་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུའོ། །ཕྱི་ནང་གཉིས་སུ་བྱས་ཀྱང་དབང་པོའི་ཡུལ་མེད། ཤེས་པའི་ཉམས་མེད། བསམ་གཏན་གྱི་འོད་གསལ་དང་། རང་བཞིན་གྱི་འོད་གསལ་གཅིག་ཏུ་འདྲེས་ཙ་ན། མི་རྟོག་པའི་ཡེ་ཤེས་ཤེས་བྱ། སྒོམ་གྱི་དབང་དུ་བྱས་ན་ལྷག་མཐོང་ཞེས་བྱ། འོད་གསལ་གྱི་དབང་དུ་བྱས་ན་རང་བཞིན་གྱི་འོད་གསལ་ཞེས་བྱ། དེ་ཙ་ན་གོམས་པ་ཤས་ཆེར་བྱས་པས། འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ལུས་རྒྱ་དང་བྲལ་ཙམ་གྱིས་ཡར་གྱི་མཚམས་མེད་ཅེས་བྱ། དབང་པོ་རབ་ཚེ་འདི་ལ་སངས་རྒྱ་བ་ཡིན་པས། གཟུགས་སྐུ་ གཉིས་གཞན་སྣང་ལ་འཆར། བར་དོ་དང་པོའི་འོད་གསལ་ངོས་བཟུང་བའོ། །སྒྱུ་ལུས་ངོས་བཟུང་བ་ལ་གཉིས་ཡིན། མ་དག་པའི་སྒྱུ་ལུས་ངོས་བཟུང་བ་དང་། དག་པའི་སྒྱུ་ལུས་ངོས་བཟུང་བའོ། །མ་དག་པའི་སྒྱུ་ལུས་ནི། 2-6-11b ལམ་ལ་སྦྱང་བའི་དབང་དུ་བྱས་ན། ཞག་བདུན་ཕྲག་དང་པོའི་ཞག་ཕྱེད་དང་བཞི་ཚུན་ཆད་སྔ་མ་མ་ཤི་བའི་གོང་གི་ལུས་ཀྱི་སྣང་བ་དང་མི་འབྲལ་ལ། དེ་ཕན་ཆད་ཕྱི་མ་ལུས་གང་ལེན་པའི་ལུས་སུ་སྣང་། ཤི་བར་ཤེས། དེའི་མཚན་ཉིད་ནི། སྔོན་བྱུང་ སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །སྲིད་པ་ཕྱི་མའོ། །ཤ་ཚུགས་ཅན་ལས་ཀྱི་སྟོབས་ཀྱིས་ནམ་མཁའ་དག་པ་ལ་སྤྲིན་འོང་བ་དང་། ཆུ་ལས་ཉ་འཕར་བ་བཞིན་བར་དོའི་སྣང་བ་ལས་མངལ་དུ་འཇུག་སྟེ། སྡུག་བསྔལ་གྱི་རྒྱུར་འགྱུར་རོ། །དེ་ཀུན་ལ། མ་དག་པའི་སྒྱུ་ལུས་ཤེས་བྱ། དེ་ངོས་མི་ཟིན།། །།གཉིས་པ་དག་པའི་སྒྱུ་ལུས་ནི། ལམ་སྦྱང་བའི་དབང་དུ་བྱས་ན། བསྒོམ་པའི་རྟེན་རང་ལྷའི་སྐུ་སྒྱུ་མ་འམ། འཇའ་ཚོན་ལྟ་བུ་ཅིག་ངོས་འཛིན་པ་ཡིན། དག་པའི་སྒྱུ་ལུས་ཤེས་བྱ། ཟུང་འཇུག་གི་སྐུ་ཞེས་བྱ། ལུས་གཅིག་གིས་དུ་མ་ལ་ཁྱབ་པ་སྟེ་དུ་མ་འབྱུང་། ཟུང་འཇུག་ལ་གཉིས། སློབ་པའི་ཟུང་འཇུག་དང་། མི་ སློབ་པའི་ཟུང་འཇུག་གོ། སློབ་པའི་ཟུང་འཇུག་སྒོམ་པའི་རྟེན་ཡི་དམ་གྱི་ལྷ་སྒྱུ་མ་ལྟ་བུ་དང་མ་བྲལ་བར། འོད་གསལ་སྒོམ་པ་བརྟན་པར་བྱེད་པ་ཡིན། འོད་གསལ་གྱི་སེམས་བག་ཆགས་སྦྱང་དུ་ཡོད་པའི་དུས་སུ། རྣམ་རྟོག་ཐམས་ཅད་དང་བག་ཆགས་ ཐམས་ཅད་འོད་གསལ་གྱི་མེས་བསྲེགས་ནས། སྦྱང་གཞི་དང་སྦྱོང་བྱེད་མེད་པར་གསལ་བ་རབ་ཀྱི་མཐར་ཕྱིན་པ་འོད་གསལ་འབའ་ཞིག་ཏུ་གྱུར་ཙ་ན། མི་སློབ་པའི་ཟུང་འཇུག་ཅེས་བྱ། འབྲས་བུ་ཐོབ་པའོ། །དེ་ལ་གནས་པ་ནི། ཡེ་ཤེས་ཀྱི་སྐུ་ ཞེས་བྱའོ། །དབང་པོ་འབྲིང་བར་དོར་སངས་རྒྱ་བ་ཡིན། གཟུགས་སྐུ་རྣམ་པ་གཉིས་གཞན་སྣང་ལ་འཆར། བར་དོ་གཉིས་པ་སྒྱུ་ལུས་ངོས་བཟུང་བའོ།། །།མངལ་གྱི་སྒོ་དགག་པ་ནི་བཞི་ཡིན། དྲན་པ་དང་འདུན་པས་ 2-6-12a དགག་པ་དང་། བླ་མ་ཡབ་ཡུམ་གྱིས་དགག་པ་དང་། ཡི་དམ་གྱི་ལྷས་དགག་པ་དང་། སྒྱུ་མ་ལྟ་བུའི་དགག་པའོ། །དྲན་པ་དང་འདུན་པས་དགག་པ་ནི། བར་དོའི་མིག་ལམ་དུ་རིག་དྲུག་གི་རྣམ་པ་འོང་། དེ་དག་ སྡུག་བསྔལ་དུ་ཤེས་པའོ། །སྔར་ཡང་སྡུག་བསྔལ་དུ་མ་ཤེས་པར་ཆགས་པས་འཁྱམས། དེ་ཡང་མངལ་དུ་ཞུགས་ཏེ་སྐྱེ་བ་བླངས་ན། སྡུག་བསྔལ་དེ་ལྟ་བུ་ཉམས་སུ་མྱོང་བར་འགྱུར་སྙམ་དུ་བསམ་པས། མངལ་དུ་འཇུག་པའི་བློ་ལྡོག་ལ། རང་ལྷའི་སྐུ་སྒྱུ་མ་ལྟ་བུ་ལ་སྒོམ་པའི་རྟེན་བྱས་ལ། འོད་གསལ་སྒོམ་སྙམ་པའི་འདུན་པ་བྱའོ། །གཉིས་པ་བླ་མ་ཡབ་ཡུམ་གྱིས་དགག་པ་ནི། རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ཆགས་སྡང་ཡིན་པས། ཕ་ནི་བླ་མར་བསྒོམ། མ་ནི་བླ་མའི་ཡུམ་དུ་བསྒོམ། བླ་མའི་ཡུམ་ལ་ཆགས་པ་མི་སྐྱེ། ཞེ་སྡང་དང་མིག་སེར་བཟློག་ལ། བླ་མ་ཡབ་ཡུམ་དུ་བསམས་ལ་དད་གུས་བྱའོ། །དབང་དང་གདམས་ངག་ཞུའོ། །རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་སྒོམ་པའི་རྟེན་བྱས་ལ། བདེ་སྟོང་དབྱེར་མེད་བསྒོམ་པའོ།། །། གསུམ་པ་ཡི་དམ་ལྷས་དགག་པ་ནི། ཕ་མ་སྙོམས་འཇུག་བྱེད་པའི་དུས་སུ། ཕ་ཧེ་རུ་ཀ་ལ་སོགས་པ་དང་། མ་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པར་བསྒོམས་པས། ཆགས་སྡང་མི་སྐྱེའོ། །ཆགས་སྡང་གི་བློ་ལྡོག་ལ། རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་སྒོམ་ པའི་རྟེན་བྱས་ལ་འོད་གསལ་བསྒོམ། བཞི་པ་སྒྱུ་མ་ལྟ་བུས་དགག་པ་ནི། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། རང་བཞིན་ཅིར་ཡང་མ་གྲུབ་པ། སེམས་འཁྲུལ་པའི་སྣང་བ་བག་ཆགས་ཀྱི་གཟུགས་བརྙན། ཆུ་ནང་གི་ཟླ་བ་དང་། མེ་ལོང་ནང་གི་ གཟུགས་བརྙན་དང་ཁྱད་ཅི་ཡོད་སྙམ་དུ་བསམ་ལ། ཆགས་སྡང་གི་བློ་ལྡོག་ལ། རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་རྟེན་བྱས་ལ་འོད་གསལ་བསྒོམ། བདུན་ཕྲག་དང་པོར་སྐྱེ་བ་ཁེགས་ན། གཉིས་པ་ལ་སོགས་པ་ལ་ཚེགས་མེད་པས། ཞག་བཞི་བཅུ་རྩ་ 2-6-12b དགུ་ཚུན་ཆད་ལམ་སྦྱངས་ནས་སངས་རྒྱའོ། །བར་དོ་གསུམ་པའོ། །གལ་ཏེ་སངས་རྒྱ་མ་ནུས་ནས་སྐྱེ་བ་ལེན་པར་འདུག་ན། མངལ་བསྡམ་པ་ནི། རང་ལྷ་སྐུ་སྒྱུ་མ་ལྟ་བུ་དང་མ་བྲལ་བར་གཞན་དོན་ལ་མཐུ་ཡོད་པ་དང་། རང་དབང་ཅན་དུ་ལུས་བླངས་ཏེ། ཚངས་པའམ། རྒྱ་བྱིན་ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེས་ནས་ལམ་སྦྱངས་ནས་སངས་རྒྱ་བ་ནི་དབང་པོ་ཐ་མའོ། །ཡང་ན་རང་གི་དོན་ལ་བརྟན་པ་ཐོབ་ནས་རང་དབང་ཅན་དུ། གཞན་དོན་ལ་མཐུ་ཡོད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པར་སྐྱེ་བ་ བླངས་ནས་སེམས་ཅན་གྱི་དོན་བྱའོ། །བར་དོའི་གདམས་པ་ཟབ་མོའོ།། །།འཕོ་བའི་མན་ངག་ལགས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འཕོ་བ་ལ་ དོན་གསུམ་ལ་སྦྱངས་ཏེ་འཕོ་བའོ། །དེ་ལ་གཉིས་ལས། སྔོན་དུ་རླུང་སྦྱངས་པའི་བུམ་པ་ཅན་ལ་བསླབ་པས། རབ་བརྒྱ་རྩ་བརྒྱད། འབྲིང་བདུན་ཅུ་རྩ་གཉིས། ཐ་མ་སུམ་ཅུ་རྩ་བདུན་ཁེགས་ནས་འཕོ་བ་སྦྱོངས། དེ་མི་ཁེགས་ན་རླུང་སྦྱང་ངོ་། ། དེ་ནས་འཕོ་བ་སྦྱོང་བ་ནི། ལུས་གནད་བཅོས་ནས། སྒོ་དགུ་ཡི་གེ་དགུས་བཀག །ལྟེ་བ་ན་སེམས་ཀྱི་རྒྱལ་པོ་ཡི་གེ་ཨ་གནས་པ་དེ། སྤྱི་བོ་ནས་རྩ་བ་ཐག་གི་རྣམ་པ་ལྟ་བུས་བཏགས་ནས་ཡོད་པར་བསམ། དེ་ནས་རླུང་ནང་དུ་བསྡམ། ཧིཀྐ་ཉི་ཤུ་རྩ་གཅིག་བརྗོད་པས། ཨ་དེ་ཡར་ལ་སྤྱི་བོའི་ཀླད་པའི་སྟེང་དུ་ཐོད་པའི་འོག་ཏུ་ཡེར་གྱིས་སོང་བར་བསམ། དེ་ནས། རླུང་ཁུག་པ་ཅིག་དལ་བུས་རྒྱུར་གཞུག །དེ་ནས། ཡང་རླུང་ནང་དུ་བཞག་ལ། ཀ་ཧི་ཀ་ཉི་ཤུ་རྩ་གཅིག་གིས་མར་ དབབ། དེ་ནས་ངལ་བསོ་ལ། ཡང་ཐུན་མཚམས་སུ་སྤྱི་བོར་བཞག །དེ་ལྟར་བྱས་པས། འབྱོངས་པའི་ཚད། དཔྲལ་བ་དང་། སྤྱི་བོ་ཚ་ཙག་ཙག་པ་འོང་། ལྷ་ཆེར་འགྲོ ཁྲོན་པའི་ནང་གི་སྦྱང་རྩིའུ་བཏང་བ་བཞིན་ལོག་སོང་ནས་ལྟེ་བར། །དེ་ལྟར་ 2-6-13a འཕོ་བ་ལ་ཉི་ཤུ་ཙམ་བྱས་ནས་སྦྱངས་ན། ལོ་དྲུག་ཅུ་ལོན་ཡང་འཕོ་བཏུབ་པ་ཡིན་གསུང་། དེ་ལྟར་འཕོ་བ་སྦྱངས་ནས། འཆི་རྟགས་བྱུང་ན། འཆི་སླུ་བྱ་ཞིང་། དེ་ཀྱང་མི་ཕན་ན་འཕོ་བ་བྱ་སྟེ། བྱེད་ལུགས་འཕོ་ བ་དངོས་གཞི་ན་གསལ་ལོ།། །།རྨི་ལམ་གྱི་འབྱམས་སེལ་ལགས།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འབྱམས་པ་བཅུ་གཉིས་ནི། རྩ་བ་བཞི་ཡིན་གསུང་། དེ་ལ་འཁྲུལ་འབྱམས་དང་། སྔར་གྱི་རྒྱུན་ལ་འབྱམས་པ་དང་། སད་འབྱམས་དང་། བརྗེད་འབྱམས་དང་བཞིའོ། །འཁྲུལ་འབྱམས་ནི། མ་ཟིན་པ་ཡིན། དེ་ལ་རླུང་དྲག་པོ་བཟུང་གི་ན་བྱས་པས་ཟིན་ཏེ་འོང་། རྒྱུན་འབྱམས་ནི། རྨི་ལམ་ ཟིན་པར་བྱའོ། །དེ་རང་འབྱམས་པའོ། །དེ་ལ་ཟིན་པར་བྱའོ་སྙམ་ནས་སྦྱངས་པས་ཟིན་གསུང་། སད་འབྱམས་ནི། གཉིད་མ་སད་པར་ཟིན་འཕྲོ་ལ་སད་པ་ཡིན་སྙམ་ནས་འཕྲོ་བཅད་པའོ་གསུང་། དེ་ལ་གཉིད་མ་སད་པར་སྦྱང་སྙམ་པའོ། ། དེས་ཟིན་གསུང་། བརྗེད་འབྱམས་ནི། ཐེང་ཅིག་ཟིན་ཡང་བརྗེད་པ་འོང་། དེ་ལ་མ་བརྗེད་པར་བྱའོ་སྙམ་པས་མི་བརྗེད་གསུང་། བཅུ་གཉིས་སུ་ཕྱེ་ན་འཁྲུལ་འབྱམས་ལ་དབྱེ་བ་མེད་གསུང་། སྔར་གྱི་རྒྱུན་འབྱམས་ལ་བཞི་ལས། བདག་ལ་བརྟེན་ ནས་འབྱམས་པ་ནི། བདག་ཤེས་ནས། རྨི་ལམ་དུ་ཤེས་པར་བྱ་བའི་བར་རྒྱུན་དང་མ་བྲལ་བར་བྱའོ། །གཞན་ལ་བརྟེན་ནས་འབྱམས་པ་ནི། མི་གཞན་དུ་སྣང་ཡང་ཤེས་པར་བྱའོ་སྙམ་ཞིང་སྦྱང་བའོ། །གཉིད་འབྱམས་ནི། གཉིད་དུ་སོང་ ནས་སོ། །རྨི་ལམ་ལ་བརྟེན་ནས་འབྱམས་པ་ནི། བ་ལང་ལ་སོགས་པ་སྣང་ཡང་ཤེས་པར་བྱའོ་སྙམ་ཞིང་སྦྱོང་བར་མི་བྱེད་པའོ། །དེ་ལྟར་བཞི་པོ་ཡང་དབྱེ་བ་དེ་བཅུ་གཉིས་སོ། །བཅོས་ལུགས་གོང་གི་བཞི་པོ་ལས་མེད་གསུང་། རྨི་ལམ་ལ་གཉིས་ 2-6-13b ཡོད་དེ། ལམ་དུ་འགྲོ་བ་དང་མི་འགྲོ་བའོ། །ལམ་དུ་མི་འགྲོ་བ་ནི། རང་དབང་མེད་པ་དང་། འཁྲུལ་པ་དང་ཕྱིན་ཅི་ལོག་པ་དང་། མ་དག་པའོ། །ལམ་དུ་འགྲོ་བ་ནི། རང་དབང་ཅན་དང་། མ་འཁྲུལ་བ་དང་། ཕྱིན་ཅི་མ་ལོག་པ་དང་། དག་པའོ། ། དྲན་པ་དང་། སྒྱུ་མར་ཤེས་པ་དང་། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ། གཉིད་མ་ལོག་པའི་དུས་སུ་ཡང་། སྣང་སྲིད་སྒྱུ་མར་ཤེས་པར་བྱ། །སྒྱུ་མ་དངོས་ནི་རྨི་ལམ་ཡིན། །གང་གིས་རྟག་ཏུ་བསྒོམས་གྱུར་ན། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །རྨི་ལམ་ཟིན་ པའི་ཐབས་ལ། རླུང་བུམ་པ་ཅན་ཐུན་རེ་བསྒོམས་ལ། གཉིད་ཐུམ་གྱིས་འགྲོ་ཁར་རླུང་ལྟེ་བར་བཅུག་ལ་ཉལ་ལོ།། །།བར་དོ་སྐུ་བཞིའི་ངོ་སྤྲོད་ལགས་སོ།། བླ་མ་ གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །མན་ངག་འདི་ལ་དོན་བཞི་སྟེ། མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་དང་། མ་བཅོས་པའི་ངང་ལ་བཞག་པ་དང་། སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གིས། དངོས་པོ་ཐམས་ཅད་གཅིག་ཏུ་རོ་མཉམ་པ་དང་། དངོས་པོ་ཐམས་ཅད་རོ་མཉམ་པས། འབྲས་བུ་ནམ་མཁའ་ལྟར་བརྒྱན་པའོ། །དེ་ལ་བར་དོའི་མན་ངག་གིས་མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། ཤེས་པ་སྔ་ཕྱིའི་བར་དོ་དང་། གཉིད་དང་རྨི་ལམ་གྱི་བར་དོ་དང་། འཆི་བའི་བར་ དོའོ། །དེ་ལ་ཤེས་པ་སྔ་ཕྱིའི་བར་དོ་ནི། དཔེར་ན། དགུན་ཟླ་འབྲིང་པོའི་ཉ་ལ། དབྱར་གྱི་སྤྲིན་དང་ན་བུན་ནི་ཡལ། དགུན་གྱི་རླུང་དང་ཚུབ་མ་ནི་མ་ལངས། ཉི་མ་རི་རྩེ་ལ་ཤར་བའི་དུས་སུ། ནམ་མཁའི་དཀྱིལ་དུ་བལྟས་ཙ་ན། གསལ་སིང་ ངེ་བ་གཅིག་ཡོད་པ་དང་འདྲ་བར། ཤེས་པ་སྔ་མའི་རྟོག་པ་ནི་འགགས། དྲན་རྟོག་ཐམས་ཅད་ནི་བརྗེད། ཕྱི་མའི་རྟོག་པ་ནི་མ་ལངས་པའི་དུས་སུ་ཤེས་པ་གསལ་སིང་བ་རྟོག་མེད་ཅིག་འབྱུང་བའོ། །གཉིད་དང་རྨི་ལམ་གྱི་བར་དོ་ནི། གཉིད་ཉལ་བའི་ 2-6-14a དུས་སུ། གཉིད་ནི་མ་ལོག །ཕྱིའི་རྟོག་པ་ནི་འགག་པའི་དུས་སུ། ཤེས་པ་མ་བཅོས་པའི་གསལ་ལེ་སིང་ངེ་བའི་རྟོག་མེད་འབྱུང་བའོ། །འཆི་ཁའི་བར་དོ་ནི། འབྱུང་བ་བཞི་རིམ་གྱིས་ཐིམ་ནས། མཐར་རྣམ་པར་ཤེས་པ་འོད་ གསལ་ལ་ཐིམ་པའི་དུས་སུ། འཇིག་རྟེན་འདིའི་རྣམ་རྟོག་ནི་འགགས། ཕྱི་མའི་རྣམ་རྟོག་མ་ལངས་པའི་བར་དེར། མ་བཅོས་པའི་ཡེ་ཤེས་གཉུག་མ་གསལ་སིང་ངེ་བའི་རྟོག་མེད་ཅིག་འབྱུང་ངོ་། །མ་བཅོས་པའི་རང་ལ་གནས་པར་བྱ་བ་ནི། ཡེ་ཤེས་ ངོས་ཟིན་ནས། དེ་ལ་རྒྱུན་དུ་གནས་པའོ། །སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གི་དངོས་པོ་ཐམས་ཅད་རོ་མཉམ་པ་ནི། རྨི་ལམ་གྱི་ཤེས་པ་དང་སྔ་ཕྱི་གཅིག་ཏུ་བསྲེ་སྟེ། རོ་མཉམ་དུ་སྒོམ། འཇིག་རྟེན་འདི་དང་ཕྱི་མ་བསྲེ་སྟེ། རོ་མཉམ་དུ་སྒོམ། འཁོར་འདས་ཐམས་ཅད་རོ་མཉམ་དུ་སྒོམ་པའོ། །དངོས་པོ་ཐམས་ཅད་རོ་མཉམ་པས་འབྲས་བུ་ནམ་མཁའ་ལྟར་བསྟན་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་སྐུ་བདེ་བ་ཆེན་པོ་ཡིད་ལ་མི་བྱེད་པར་རྟོགས་པས་སངས་རྒྱ་བའོ། །བར་དོ་རྣམ་གསུམ་དང་། སྐུ་བཞི་ངོ་སྤྲད་པའི་གདམས་ངག་གོ། །བསྐྱེད་རིམ་བསྒོམ་པའི་དགོས་པ་ནི། སྤྲུལ་སྐུ་ཐོབ། འོད་གསལ་བསྒོམས་པའི་དགོས་པ་ནི། ཆོས་སྐུ་ཐོབ། ཟུང་འཇུག་སྒོམ་པའི་དགོས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། སྐུ་ གསུམ་དབྱེར་མེད་དུ་རྟོགས་པ་ནི། བདེ་བ་ཆེན་པོའི་སྐུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་བཞི་དང་ལྡན་པའོ། །རྗེ་ཏཻ་ལོ་པས། དཔལ་ནཱ་རོ་པ་ལ་གནང་བའོ།། །། ལུས་གནད་ཀྱི་མན་ངག་ལགས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམ་ངག་ཉམས་སུ་ལེན་པའི་དུས་ན་འདི་ལྟར་ཤེས་པར་བྱ་སྟེ། དང་པོ་ལུས་ཀྱི་གནས་ལུགས་ཤེས་པར་བྱ་བ་ནི། རྐང་པ་རེ་དམིག་ལྟར་བསྣོལ། སྒལ་པ་ཆུ་ 2-6-14b ཤིང་ལྟར་བསྲང་། ལྟེ་བའི་འོག་ཏུ་མཉམ་བཞག་བྱས་ལ། ལུས་གནས་ལུགས་སུ་བཞག་པའོ། །དེ་ནས་ལུས་ལ་རྩ་རྣམ་པ་གསུམ་གནས་ཏེ། རྩ་གསུམ་འདུས་པའི་མདོར་མཉམ་བཞག་བྱས་ནས། ལྟེ་བའི་ཐད་ཀར་རྩ་དབུ་མའི་ནང་དུ་ཨ་དམར་ པོ་ཤད་ལྟ་བུ་ཅིག་བསམ་པར་བྱའོ། །དེ་ནས་རྩོལ་སྒྲུབ་དྲག་ཏུ་བྱ་སྟེ། དེ་ལྟར་བླ་མའི་མན་ངག་འདི་ནི། ཡང་དང་ཡང་དུ་ཉམས་སུ་བླངས་པས། ལུས་ལ་བདེ་དྲོད་ཤུགས་ཀྱིས་འབྱུང་ལ། སེམས་ལ་འོད་གསལ་ངང་གིས་འཆར་རོ། ། བླ་མ་ཆེན་པོ་ནཱ་རོ་པའི། །ཐབས་ལམ་ཁྱད་དུ་འཕགས་པ་འདི། །སྐལ་ལྡན་ལས་ཅན་མ་ཡིན་པ། །གཞན་ལ་བྱིན་ན་དམ་ཚིག་ཉམས།། །། ༄༅། །ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། གོ་ཆ་གཉིས་ཀྱི་མན་ངག་བཞུགས་སོ།། །།བླ་མ་མཉམ་མེད་རིན་པོ་ཆེ། །སྐུ་བཞི་དབྱེར་མེད་ལྷུན་གྱིས་གྲུབ། །སྐལ་ལྡན་སངས་རྒྱས་ངོ་སྤྲོད་པའི། །རྟོགས་ལྡན་རིན་པོ་ཆེ་ལ་འདུད། །ཚེ་འདི་ལ་ ལྟོས་ཐག་བཅད་ནས་སྒྲུབ་པ་བྱེད་པའི་གང་ཟག་ལ་ཆོས་རྣམ་པ་གཉིས་ཏེ། སྤང་བྱ་དང་། བླང་བྱའོ། དེ་ལ་སྤང་བྱ་ནི། རྒྱུའི་རྐྱེན་གྱི་དུས་ན་ཞེན། བདག་པོའི་རྐྱེན་གྱི་དུས་ན། ལོག་པའི་དགེ་བའི་བཤེས་གཉེན་དང་ཕྲད། དམིགས་ པའི་རྐྱེན་གྱི་དུས་ན་འཁྲུལ། དེ་མ་ཐག་པའི་རྐྱེན་གྱི་དུས་ན། རེ་དོགས་སུ་གྱུར་པ་ལས་འཁོར་བར་སྣང་བའོ། །བླང་བྱ་ནི། རྒྱུའི་རྐྱེན་གྱི་དུས་ན་མ་ཞེན། བདག་པོའི་རྐྱེན་གྱི་དུས་ན། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཕྲད། དམིགས་པའི་རྐྱེན་གྱི་དུས་ན་མ་འཁྲུལ། དེ་མ་ཐག་པའི་རྐྱེན་གྱི་དུས་ན། རེ་དོགས་མེད་པ་ལས་འཁོར་བ་ཆོས་སྐུར་སྣང་བའོ། །རྟོགས་ཏེ་སངས་རྒྱས། དེ་ལྟ་བུའི་དོན་རྟོགས་པར་བྱེད་པ་ལ་བླ་མ་བསྟེན་དགོས། དེ་ལ་གཉིས་ཏེ། རིག་པ་ 2-6-15a དགེ་བའི་བཤེས་གཉེན་དུ་འཆར་བ་དང་། གང་ཟག་དགེ་བའི་བཤེས་གཉེན་དུ་འཆར་བའོ། །དང་པོ་ནི། རྟོག་པ་སྐུ་དྲིན་ཅན་དུ་ཤེས་པས། རྟོག་པ་ལམ་དུ་འཁྱེར་བའོ། །གཉིས་པ་ནི། འགལ་བསྒྱུར་ནུས་པ། གསོལ་བ་འདེབས་ནུས་ པ། མ་འཁྲུལ་པ། ཤེས་རབ་ཀྱི་གོ་འབྱེད་ནུས་པའོ། །དེ་ཡང་། ལྷན་ཅིག་སྐྱེས་སྦྱོར་ནི་གོ་ཆ་གཉིས་ཀྱིས་ལམ་དུ་འཁྱེར་ཏེ། ལྟ་བའི་གོ་ཆ་དང་། ཤེས་རབ་ཀྱི་གོ་ཆའོ། །དང་པོ་ནི། ཤེས་པའི་མཚན་ཉིད་དང་། མི་འཚམ་པ་བྱུང་ཡང་། མི་བཟོད་པ་མེད་པ། གྲོགས་སུ་འགྲོ་བ། རང་གི་ཤེས་པ་མདུང་ནམ་མཁའ་ལ་བསྐོར་བ་དང་འདྲ། བྱེད་པའི་མཚན་ཉིད་དང་། ཁྱད་པར་གྱི་མཚན་ཉིད་དང་། ངོ་བོའི་མཚན་ཉིད་དོ། །ཤེས་པའི་མཚན་ཉིད་ནི། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ཤེས་པར་བྱ་སྟེ། སྐྱེ་བ་མེད་པ་ཆོས་སྐུ། འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུར་ཤེས་པར་བྱའོ། །སྐུ་གསུམ་རྟོགས་པའི་བློ་ལ་སྣ་ཚོགས་བརྗོད་དུ་མེད་པའོ། །ངོ་བོ་ངོས་བཟུང་དང་བྲལ་བ་བློའི་ཡུལ་ལས་འདས་པ་སྟེ། ངོ་བོ་ཉིད་ཀྱི་སྐུའོ། །སེམས་ཀྱི་མཚན་ཉིད་སྐུ་བཞིར་ངོས་འཛིན་པ་དེ་ཤེས་པའི་མཚན་ཉིད་ཡིན་ནོ། ། ཁྱད་པར་གྱི་མཚན་ཉིད་ནི། རྣམ་རྟོག་བྱུང་ཚད་སེམས་ཉིད་ཡིན་པས་མི་སྤོང་བར་སྐུ་བཞིར་ཤེས་པར་བྱའོ། །བྱེད་པའི་མཚན་ཉིད་ནི། རྟོགས་པ་སྐུ་བཞི་ཡིན་ཡང་། བྱེད་པ་པོ་མེད་པར་ཆོས་ཉིད་སྒྱུ་མ་ལྟ་བུར་འགྲོ་ཡི། ངོ་བོ་ཉིད་ཀྱི་མཚན་ཉིད་ནི། རྟོགས་པ་གདོད་མ་ ནས་སྐུ་བཞིར་ལྷུན་གྱི་གྲུབ་པ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་བཞི་ལས་མ་འདས་པར་ཤེས་པ་དང་། ལྟ་བའི་གོ་ཆའོ། །ཤེས་རབ་ཀྱི་གོ་ཆ་ནི། རྡོ་རྗེ་སྐྱིལ་ཀྲུང་བཅའ། ལུས་བསྲང་། མིག་སྣ་རྩེར་ཕབ། མཉམ་པ་ཉིད་ཀྱི་ཕྱག་རྒྱ་བྱས་ ལ། སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། ཟབ་མོའི་དོན་འདི་སྒོམ་པར་བྱའོ། །སྙམ་དུ་སེམས་བསྐྱེད་པར་བྱའོ། །ཤེས་རབ་མིག་ནི་སེམས་ལ་ལྟ། ཚིག་ཏུ། སྐྱེ་བ་མེད་པ། འགག་པ་མེད་པ། གནས་པ་མེད་པ། སེམས་ 2-6-15b དངོས་པོ་མེད་པའོ། །ཞེས་ལན་གསུམ་བརྗོད་པ་ནི་ཐོས་པའི་ཤེས་རབ་བོ། །དེའི་དོན་ནི། སེམས་དེ་ཡེ་ནས་སྐྱེ་མ་མྱོང་། ནམ་ཞིག་འགགས་ན་ཡང་འགགས་ཏེ་འགགས་པའི་རྒྱུ་མེད། གནས་ན་ཡང་དུས་ཅི་ཙམ་གནས་ཏེ། སྐྱེ་འགག་མེད་པ་ཉིད་ཀྱིས་ གནས་པ་མེད། དངོས་པོ་མེད་དེ། དབྱིབས་དང་ཁ་དོག་ཏུ་གྲུབ་རྒྱུ་མེད་པས། དངོས་པོ་ངོས་བཟུང་ཐམས་ཅད་དང་བྲལ་བར་ངེས་ཤེས་སྐྱེས་པ་ནི། བསམ་བྱུང་གི་ཤེས་རབ་བོ། །ཐོབ་པའི་དོན་དེ་ཤེས་ཏེ། ནམ་མཁའ་ངོས་བཟུང་ཐམས་ཅད་དང་བྲལ་བ་རྣམ་པར་དག་པའི་དཀྱིལ་ལྟ་བུ་ ལ་སེམས་པ་ནི། སྒོམ་བྱུང་གི་ཤེས་རབ་བོ། །དེ་ཡང་། ཡེངས་པ་ལ་རྣམ་རྟོག་བྱུང་ན་ཇི་ལྟར་བྱ་སྙམ་ན། བློས་མི་སྤོང་བར་སྙིང་དུ་སྡུག་པར་བལྟ། དགོས་པར་བྱ། སྐུ་དྲིན་ཆེ་བར་བལྟ། མེད་དུ་མི་རུང་བར་བལྟ། དེ་ཅི་སྟེ་ཞེ་ན། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་པས། ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས་སོ། །དེ་ལྟར་རྟོག་པ་ལམ་དུ་ཁྱེར་བས། རྟོག་པ་རང་ཞི་རང་དག་ཏུ་འགྲོ། དཔེར་ན། མཚོ་ལ་འཁྱག་པ་ཞུ་བའམ། ནམ་མཁའ་ལ་སྤྲིན་དེངས་པ་བཞིན་ དུ་སོང་། ཡོན་ཏན་ཀྱི་ཆོས་སུ་གྱུར་པ་ཐམས་ཅད་འགག་པ་མེད་པར་ཤུགས་ཀྱིས་འབྱུང་བ་དེ། གནས་སྐབས་ཀྱི་འབྲས་བུ་ཡིན་པར་ཤེས་པར་བྱས་ལ། གོང་ནས་གོང་དུ་ཤེས་རབ་ཀྱི་རྩལ་སྦྱང་ངོ་། །དེ་ལྟ་བུ་དེ། རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་ རྣལ་འབྱོར། དུ་མ་རོ་གཅིག་གི་རྣལ་འབྱོར། མཉམ་བཞག་ཆེན་པོའི་རྣལ་འབྱོར་ཡིན་ནོ། །ཐ་མལ་གྱི་ཤེས་པ་བྱ་བ། རྟོག་པ་ལམ་དུ་འཁྱེར་བའི་གདམས་ངག་གོ། །། བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བླ་མའི་ཞལ་ནས། ལྷན་ཅིག་སྐྱེས་སྦྱོར་སྒོམ་པའི་དུས་ན། ཕྱི་ལྟ་བའི་གོ་ཆ་དང་། ནང་ཤེས་རབ་ཀྱི་གོ་ཆ་གཉིས་ཡིན་གསུང་། ཕྱི་ལྟ་བའི་གོ་ཆ་ནི། དཀར་པོའི་ཆོས་སྤྱོད་རྒྱུན་མི་གཅོད། སྡིག་པ་ཕྲ་ཞིང་ 2-6-16a ཕྲ་བ་ལ་འཛེམ་པའོ། །ཤེས་རབ་ཀྱི་གོ་ཆ་ནི། རང་གི་ཤེས་པ་ལ་བལྟས་པའི་དུས་ན། ཞི་གནས་བདེ་བའི་ཏིང་ངེ་འཛིན་བྱུང་བ་ལ་ཡོན་ཏན་དུ་མི་བལྟ། དེ་མ་བྱུང་བ་ལ་སྐྱོན་དུ་མི་ལྟ་བར། ཤེས་པ་མ་ཡེངས་པར་རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་ཀྱི་གྲོགས་སུ་འཆར་བ་ཡིན་གསུང་འཇོག་པ་ཡིན། མ་ཡེངས་པའི་ དུས་སུ་རྣམ་རྟོག་ཡེ་མི་འོང་། ཤེས་པ་ཡེངས་པའི་དུས་སུ་རྣམ་རྟོག་ཅིག་ཡེར་གྱིས་འོང་། དེ་བྱུང་བའི་དུས་སུ། དེ་ལ་བལྟས་པས། རྣམ་རྟོག་དེ་དང་པོ་མ་སྐྱེས། བསྒོམས་པས་ཅི་ཞིག་ཙ་ན། བར་དུ་མི་གནས། ཐ་མར་མི་འགག་སྟེ། དངོས་པོའམ། ངོ་བོ་ཉིད་དམ། ངོས་བཟུང་མཐའ་དག་དང་བྲལ་བར་འདུག་པ་བྱ་བ་ཡིན། འོ་དེ་རང་གི་སེམས་སུ་འདུག །སེམས་སྐྱེ་མེད་སྟོང་པ་ཉིད་དུ་འདུག །སྐྱེ་མེད་སྟོང་ཉིད་དེ་ཆོས་སྐུར་འདུག་སྙམ་ པ་དེ་ཡང་སེམས་ཡིན་གསུང་། དེ་ལས་མེད། འབད་ནས་སྒོམས་གསུང་།། །།བླ་མ་རིན་པོ་ཆེའི་ཞལ་ནས། སངས་རྒྱས་ལ་རེ་བ་མེད་དེ། སྐུ་གསུམ་རང་ལ་ཡོད་པའི་ཕྱིར་རོ། །འཁོར་བ་ལ་དོགས་པ་མེད་དེ། སྤང་དུ་མེད་ཅིང་ཤེས་རབ་ཀྱི་བུད་ཤིང་ཡིན་པའི་ཕྱིར་རོ། །བླ་མ་ལྕགས་རི་བའི་མན་ངག་ཡིན་ཏེ། ཕྲད་འཇོམས། ཕྱི་བསྙག །མེད་སྤྲུལ་བྱ་བ་ཡིན་ཏེ། བསྒོམ་ཆེན་པ་དེ་སྒོམ་པའི་དུས་སུ། རྣམ་རྟོག་བྱུང་བ་ལ་ཕྲད་འཇོམས། རྟོག་པ་བྱུང་མ་ཐག་སྐྱེ་ མེད་དུ་ཆོད་པ་ཡིན། ཕྱི་བསྙགས་པ་ནི། རྟོག་པ་དེ་དང་པོ་གང་ནས་བྱུང་བལྟས་པས། སེམས་ལས་བྱུང་། མཐར་ཡང་སེམས་ལ་ཐིམ། སེམས་དང་གཉིས་མེད་ཐ་མི་དད། སེམས་སྐྱེ་མེད་དུ་ཤེས་པ་དེ་ཕྱི་བསྙགས་པ་བྱ་བ་ཡིན་གསུང་། མེད་སྤྲུལ་ པ་ནི། སེམས་ལ་ལྕི་བ་དེ་བསམས་ནས། མི་བདེ་བ་དེ་སྤྲུལ་པ་ཡིན་ཏེ། དེ་རྣམ་པར་རྟོག་པ་ཡིན་ཏེ། སེམས་སྐྱེ་མེད་ཆོས་ཀྱི་སྐུ་ཡིན་གསུང་། དཔེ་གསུམ་ནི། ནགས་ལ་མེ་མཆེད་པ་དང་འདྲ་སྟེ། རླུང་ལ་སོགས་པ་ཅི་ལྟར་ཆེ་བ་ལྟར་ 2-6-16b གྲོགས་སུ་འགྲོ། དེ་བཞིན་དུ། རྣམ་རྟོག་ཅི་སྐྱེས་ཤེས་རབ་ཀྱི་གྲོགས་སུ་འགྲོ་གསུང་། ཆུ་ལ་ཁ་བ་བབ་པ་དང་འདྲ་སྟེ། ཁ་བ་བབས་ཚད་ཆུར་རོ་གཅིག་ཏུ་འགྲོ། དེ་བཞིན་དུ། རྣམ་རྟོག་སྐྱེས་མ་ཐག་ལྷན་ཅིག་སྐྱེས་པར་རོ་གཅིག་པའོ། །སྔར་འདྲིས་ ཀྱི་མི་མཐོང་བ་དང་འདྲ་སྟེ། ཡིན་མིན་རྟོག་དཔྱོད་བྱ་མི་དགོས་པར་ངོ་ཤེས། དེ་བཞིན་དུ། རྣམ་རྟོག་ལ་རྟོག་དཔྱོད་བྱ་མི་དགོས་པར། སྐྱེ་མེད་དུ་ངོ་ཤེས་གསུང་། དེ་དགེ་བཤེས་ལྕགས་རི་བའི་འཁྱེར་ལུགས་ཡིན་གསུང་།། །། ལྷན་ཅིག་སྐྱེས་སྦྱོར་ནི། གང་དང་སྐྱེས་སྦྱོར་ཞེ་ན། རིག་པ་དང་། སྟོང་པ་ལྷན་ཅིག་སྐྱེས། དེ་རང་དང་ཐ་དད་འདུག་པ་ལྟ་བུ་མ་ཡིན་ཏེ། རིག་པ་གསལ་བ་བདེ་བ་སྟོང་ཉིད་དུ་སྦྱོར་བས་ན། ལྷན་གཅིག་སྐྱེས་སྦྱོར་རོ། །དེ་ལ་གཉིས། ལྟ་བའི་གོ་ཆ་དང་། ཤེས་རབ་ ཀྱི་གོ་ཆའོ། །དེ་ལ་ལྟ་བའི་གོ་ཆ་ནི། མཚན་ཉིད་རྣམ་པ་བཞི་སྟེ། ཤེས་པའི་མཚན་ཉིད་དང་། ཁྱད་པར་གྱི་མཚན་ཉིད་དང་། བྱེད་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །དེ་ལ་ཤེས་པ་ནི། དང་པོ་གནས་ཀྱང་མ་སྐྱེས། བར་དུ་གར་ཡང་མི་གནས། ཐ་མ་གར་ཡང་མི་འགག །ཁ་དོག་དང་། དབྱིབས་སུ་མ་གྲུབ་སྟེ་སྤྲོས་པ་དང་བྲལ་བ། ངོས་བཟུང་དང་བྲལ་བ་མེད་པ་མ་ཡིན་པའི་དོན་ཏེ། སྐྱེ་བ་མེད་པ་ཆོས་སྐུ། འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། ངོ་བོ་ངོས་བཟུང་མེད་པ་ངོ་བོ་ཉིད་ཀྱི་སྐུའོ། །སྐུ་བཞིར་ཐག་ཆོད་པ་ནི་ཤེས་པའི་མཚན་ཉིད་དེ། མེད་པ་མ་ཡིན་ཏེ། གསལ་ལ་གོ་མ་འགགས་པ་ཅིག་ཏུ་རྒྱུན་ཆད་མེད་པར། དུས་ཐམས་ཅད་དུ་གནས་པ་ནི་ཤེས་པའི་མཚན་ཉིད་དོ། །ཁྱད་པར་ ནི། ཤེས་པ་ཅི་ཡང་མ་ཡིན་པ་དེ་ཉིད། རྟོག་པ་སྣ་ཚོགས་སུ་འཆར། ཤར་བ་དེ་ཉིད་ཅི་ཡང་མ་ཡིན་པའི་ངོ་བོར་རྣམ་རྟོག་གིས་མ་སྒྲིབས་པའི་ཤེས་པ་ལྷང་ངེ་གསལ་བ། གནས་པ་ནི། ཁྱད་པར་གྱི་མཚན་ཉིད་དོ། །བྱེད་པ་ནི། ཆོས་ཉིད་རྟོག་པ་སྣ་ཚོགས་སུ་ 2-6-17a ཤར་ཡང་། བྱེད་པ་པོ་མེད་ལ། རྟོག་པ་སྣ་ཚོགས་ཆོས་ཉིད་དུ་ཤར་ཡང་། བྱེད་པ་པོ་མེད་པ་ནི་མཚན་ཉིད་དོ། །དེ་ལྟ་བུའི་དོན་དབྱིངས་རྣམ་པར་དག་པ་ཉམས་སུ་མྱོང་བ་ནི། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཤེས་རབ་ཀྱི་གོ་ཆ་ནི། ཐོས་པའི་ ཤེས་རབ་ཚིག་ཏུ་ལན་གསུམ་བརྗོད། བསམ་པའི་ཤེས་རབ། དེའི་དོན་གོ་བར་བྱ། སྒོམ་པའི་ཤེས་རབ་ནི། རྣལ་འབྱོར་རྣམ་པ་བཞི་སྟེ། རིག་པའི་ངོ་བོ་ལ། མ་ཡེངས་པར ཅིར་སྣང་ཅི་དྲན་སེམས་སུ་ཤེས་པར་བྱ་འདུག་པ་རྩེ་གཅིག་གི་རྣལ་འབྱོར། རྩེ་གཅིག་ལ་རྟོགས་པ་གྱུར་ན། སྐྱེ་མེད་ལ་སོགས་པ། ཕྲད་འཛོམ། ཕྱི་བསྙག །དེ་ལྟར་རྟོག་པ་ལམ་དུ་ལོངས་ནས། རྟོག་པ་དེ་མེད་དུ་མི་རུང་བར་འགྱུར། བཀའ་དྲིན་ཆེ་བར་འགྱུར་བ་ནི་སྤྲོས་བྲལ་གྱི་རྣལ་འབྱོར། དེ་ཉིད་ཀྱི་ངང་ལ་མ་ཡེངས་པར་བྱས་པས། ཕྱིའི་སྣང་བ་ བན་བུན་ཙམ་དུ་ཆོད་ཙ་ན། དུ་མ་རོ་གཅིག་གི་རྣལ་འབྱོར། དེ་ལ་གོམས་པར་བྱས་པས་རིག་པ་གཅེར་བུ་འབའ་ཞིག་རྣམ་རྟོག་གིས་གོས་པ་མེད་པ་ཏུ་གྱུར་ནས། དེ་ཙ་ན་གོམས་པ་མཐའ་ཕྱིན་ནས་ཆོས་སྐུ་ཐོབ་པ་ནི། སྒོམ་མེད་ཀྱི་རྣལ་འབྱོར་རོ། །དེ་རྣམས་ཀྱིས། ལྟ་བའི་གོ་ཆས་ ཤེས་རབ་ཀྱི་གོ་ཆ་བསྟན་པའོ། །བླ་མ་དམ་པའི་གདམས་པ་ཉམས་མྱོང་དང་འགྲོགས་པའོ།། །།རྣམ་པར་རྟོག་པ་ཐམས་ཅད་སེམས་ཡིན། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་ལ་འཇོག་པ་ནི་མ་ཡེངས་ པའོ།། །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་སྒྲོས། སློབ་དཔོན་ཌོཾ་བྷི་ཧེ་རུ་ཀའི་དགོངས་པའོ།། །།ན་མོ་གུ་རུ། །སློབ་དཔོན་ཌོཾ་བྷི་ཧེ་རུ་ཀའི་དགོངས་པ་བདེ་བ་ཆེན་པོའི་མན་ངག་ནི། ངོ་བོ་གསུམ། དམ་ཚིག་བཞི། གོལ་ས་གསུམ། བཞག་ཐབས་བཞིའོ། །དེ་ལ་ངོ་བོ་གསུམ་ནི། དང་པོ་རྩོལ་སྒྲུབ་མེད་པ། གཉིས་པ་མ་བཅོས་པ། གསུམ་པ་བྱུང་ཚོར་ཐམས་ཅད་རང་གི་སེམས་སུ་ཤེས་པའོ། །དམ་ཚིག་བཞི་ནི། ཉོན་མོངས་པ་སྤང་དུ་མེད་དེ། 2-6-17b རང་གི་སེམས་ཡིན་པའི་ཕྱིར་རོ། །གཉེན་པོ་རྟེན་དུ་མེད་དེ། སེམས་གཉིས་སུ་མེད་པའི་ཕྱིར་རོ། །འབྲས་བུ་ལ་རེ་བ་མེད་དེ། སེམས་རྟོགས་ན་སངས་རྒྱས་ཡིན་པའི་ཕྱིར་རོ། དེ་བཞིན་ཉིད་སྒོམ་དུ་མེད་པའི་ཕྱིར་རོ། །གོལ་ས་གསུམ་ ནི་སངས་རྒྱས་ལ་རེ་ན་གོལ། འཁོར་བ་ལ་དོགས་པ་ན་གོལ། དངོས་པོར་སྣང་བ་འདི་ལ་ཞེན་ན་གོལ་བ་ཡིན་ནོ། །བཞག་ཐབས་བཞི་ནི། ཆུ་མ་རྙོགས་ན་དངས་པ་བཞིན་དུ། ཚུལ་མ་བཅོས་པར་བཞག་གོ། །ཉི་མ་སྤྲིན་གྱིས་མ་བསྒྲིབས་པ་བཞིན་དུ། ཚོགས་དྲུག་མི་དགག་པ་རང་ལུགས་སུ་བཞག་གོ། དུས་དང་སྤྱོད་ལམ་ཐམས་ཅད་དུ་མ་ཡེངས་པར་བཞག་གོ། ཌོཾ་བྷི་བའི་དགོངས་པའོ།། །།ཆོས་རྗེ་དགས་པོ་ལྷ་རྗེའི་ལྟ་སྒོམ་ཡང་དག་གི་མན་ངག་གོ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྟོགས་ལྡན་ཅིག་དང་། སློབ་མ་སྐལ་ལྡན་ཅིག་ཕྲད་ན། བླ་མ་དེས། སྨིན་པར་བྱེད་པ་དབང་རྣམ་པ་བཞི་བྱས་ནས། གྲོལ་བར་བྱེད་པའི་ཐབས་བསྐྱེད་རྫོགས་གཉིས་སློབ་པ་ཡིན། དེ་ཡང་མངོན་པར་ སྒོམ་པ་ལས་འབྱུང་གསུང་། ལུས་བདེ་བ་དང་། སེམས་བདེ་བ་ཡང་འོང་སྟེ། བསྐྱེད་རིམ་ནི་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ་པ་དང་། རྩ་རླུང་སྒོམ་པ་དང་། སྤྲོས་པ་དང་བཅས་པའི་རྫོགས་རིམ་ཀྱང་ཡིན་གསུང་། རྫོགས་རིམ་ནི། འོད་གསལ་སེམས་ཀྱི་སྟོང་ཉིད་ཡིན་ཏེ། དེ་ལྟར་བསྐྱེད་རྫོགས་བསྒོམས་པས་ ཡོན་ཏན་ལྷུན་གྲུབ་ཏུ་འབྱུང་ངོ་།། ནང་དུ་རྟགས་རྣམ་པ་ལྔ་འཆར། ཕྱིར་ཡང་ཕན་ཡོན་བརྒྱད་འབྱུང་སྟེ། རྟགས་དང་པོ་དུ་བ་ལྟ་བུ་བྱུང་ནས་སྣང་བ་འགགས་ཏེ་རླུང་དྷཱུ་ཏཱིར་ཚུད་པ་ཡིན་ཏེ། ཞི་གནས་མཐར་ཕྱིན་སྐྱེས་པའི་རྟགས་ཡིན་གསུང་། །རྟགས་ གཉིས་པ་ཤར་དུས་སྣང་བ་ཉམས་སུ་མྱོང་བ་ཡིན་ཏེ། ཕྱིའི་སྣང་བ་འདི་ལ་མི་ཟེར། སེམས་ཀྱིས་སེམས་ཉིད་ཉམས་སུ་མྱོང་བ་བྱ་བ་ཡིན། རྟགས་གསུམ་པ་བྱུང་དུས་གསལ་ལ་མི་རྟོག་པ་འབྱུང་། སྒོམ་པ་མཐར་ཐུག་ཡིན། རླུང་སེམས་ 2-6-18a སུ་ཚུད་པའི་རྟགས་ཡིན། རྟགས་བཞི་པ་ཤར་དུས་ལྟ་བའི་དོན་དང་། ཆོས་ཐམས་ཅད་རིག་ཅིང་གསལ་བ་དང་། འཕྲིན་ལས་བཞི་འགྲུབ་སྟེ། ལྟ་བའི་དོན་བྱ་བ་ནི། སེམས་ཉིད་ལ་བློ་ངེས་པའོ། །ཆོས་ཐམས་ཅད་རིག་ ཅིང་གསལ་བ་ནི། འཁོར་འདས་ཐམས་ཅད་འོད་གསལ་དུ་ཤར་བའོ། །འཕྲིན་ལས་བཞི་འགྲུབ་པ་ནི། བཟླས་པ་ལ་སོགས་པ་བྱ་མི་དགོས་པར། འཕྲིན་ལས་བཞི་གང་བྱེད་ཀྱང་ཚེགས་མེད་པར་འགྲུབ་པོ། །རླུང་འོད་གསལ་དུ་ཚུད་པའོ། ། ཡེ་ཤེས་ཀྱི་རྟགས་ཀྱང་འབྱུང་སྟེ། ལུས་འཇའ་ཚོན་ནམ་འོད་ཀྱི་གོང་བུ་ལ་སོགས་པར་མཐོང་བ་འོང་སྟེ། ཡེ་ཤེས་ཀྱི་རྟགས་བྱ་བ་ཡིན་གསུང་། ལྟ་བ་དང་ལྟ་བྱེད་མེད་པ་ལ་སྟོང་ཉིད་ཟེར་བ་ཡིན། ཁམས་གསུམ་ལས་འདས་ཤིང་། བློ་དང་བྲལ་བས་སྨོན་མེད་ཟེར་བ་ཡིན་ནོ་གསུང་།། །།རྒྱུ་ལམ་འབྲས་བུ་གསུམ་ནི། བསྐྱེད་པར་བྱེད་པས་ན་རྒྱུ། འཕེལ་བར་བྱེད་པས་ན་ལམ། རྫོགས་པར་བྱེད་པས་ན་འབྲས་བུའོ། །དེ་ཡང་། མར་གྱི་དབང་དུ་བྱས་ན་ རྒྱུ་མ་རིག་པ། ལམ་སྡིག་པ་ཆུང་ངུ་ལས་ཆེན་པོར་འཕེལ་བ། འབྲས་བུ་ངན་སོང་གསུམ་མོ། །ཡར་གྱི་དབང་དུ་བྱས་ན། ཕ་རོལ་ཏུ་ཕྱིན་པ་ནི། རྒྱུ་རིག་པ་བྱང་ཆུབ་ཀྱི་སེམས། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག །ཡང་ན་བསླབ་པ་གསུམ་ལ་བྱེད། དངོས་ཀྱི་རྒྱུ་རིག་པ་བྱང་ཆུབ་ཀྱི་སེམས། ལམ་བསྐྱེད་རྫོགས། འབྲས་བུ་སྐུ་གསུམ་མོ།། །།ཐ་མལ་གྱི་ཤེས་པ། མ་བཅོས་པ། གཉུག་མ་གསུམ་ལས་ཐ་མལ་གྱི་ཤེས་པ་ནི། དང་པོའི་ཤེས་པ། གྲུབ་མཐའ་གཞན་ གྱིས་བློ་མ་བསྒྱུར་བའོ། །མ་བཅོས་པ་ནི། བཅས་བཅོས་མི་བྱ་བར་རང་གར་བཞག་པའོ། །གཉུག་མ་ནི། དེའི་དོན་སྐྱེས། ཉོན་མོངས་པ་འགག་ལ། རྒྱུན་ཆད་མེད་པའི་རྣལ་འབྱོར་པ་ལ། སེམས་ཀྱི་འཛིན་པ་ཡོད། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ 2-6-18b ཡེ་ཤེས་ཀྱི་འཛིན་པ་ཡོད། འཛིན་པ་མཐའ་དག་དང་བྲལ་བ་སངས་རྒྱས་ཡིན། རིག་པའི་ངོ་བོ་ལ་མ་ཡེངས་པ་དེ་ཉིད། རྒྱུན་ཆད་ད་ལྟ་ནས་མེད་པར་འདོད་པ་དེ་མི་བདེན། སངས་རྒྱས་ལ་ཉམས་མྱོང་ཡོད་མ་མྱོང་། ད་ལྟ་འཛིན་པ་ཡོད་ཟེར་མོད། དེ་ས་བཅུ་པ་ མན་ཆད་ལ་འཛིན་པ་ཡོད། རྣལ་འབྱོར་པ་རབ་ལ། རྣམ་རྟོག་སྐད་ཅིག་མ། འབྲིང་ལ་འཆོལ་བར་ཡོད། ཐ་མ་ལ་མི་རྟོག་པ་སྐད་ཅིག་མ་ཡིན་གསུང་།། །།མི་རྟོག་པ། ཡེ་ཤེས། སྟོང་པ་གསུམ་ལས། མི་རྟོག་པ་ནི། རྟོག་པ་དང་བྲལ་བ་ཡིན། ཡེ་ཤེས་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ཡེ་ནས་ཡོད་པ་ལ་བྱ། སྟོང་པ་ནི། བདེ་སྟོང་ངོས་བཟུང་དང་བྲལ་བ་ལ་ཟེར་བ་ཡིན་ནོ།། །།སེམས་ཀྱི་མཚན་ཉིད། རང་བཞིན་ངོ་བོ་གསུམ་ལས། མཚན་ཉིད་ནི་སྣ་ཚོགས་སུ་སྣང་བའོ། །རང་བཞིན་ནི་ གསལ་ལ་གོ་མ་འགག་པའོ། །ངོ་བོ་ནི་བདེ་བ་ཉམས་སུ་མྱོང་བའི་ཡེ་ཤེས་སོ། །གསང་སྔགས་ཀྱི་སྒོམ་པ་ནི། རིག་པ་འཛིན་པ་ལ་སོགས་གསུམ་བྱས་ནས། བསྐྱེད་རིམ་སྒོམ་པ་ལ་གསུམ། སྐད་ཅིག་དྲན་རྫོགས་ཀྱིས་སྒོམ་པ་ནི། སྐད་ཅིག་མར་ལྷའི་སྐུར་ཝལ་གྱིས་སྒོམ་པའོ། །ཆོ་ག་གསུམ་གྱིས་སྒོམ་པ་ནི། ཧེ་རུ་ཀ་བསྒོམ་པའི་སེམས་སྔོན་དུ་འགྲོ་བས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས། ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབ། དེ་ཐམས་ཅད་འོད་དང་ལྷར་བྱས་ནས་ཡང་ཧཱུྃ་དེ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ལྷའི་སྐུར་བསྒོམ་པའི་རིམ་པ་ནི། སྒྲུབ་ཐབས་ལས་ཤེས་པར་བྱའོ། །དེ་ནི་ལུས་ལྷའི་ཕྱག་རྒྱ་དང་ལྡན་པའོ། །སྒྲིབ་པ་ནི་གསུམ་ཀ་བྱང་སྟེ། ཁྱད་པར་ ལུས་ཀྱི་བྱང་ངོ་། །གསང་སྔགས་ཀྱི་བཟླས་པས། ངག་གི་བདེན་པ་འགྲུབ་སྟེ། ཚེ་འདིར་སྨྲས་པ་གཉན་པ་དང་། དགྲ་བགེགས་ལ་སོགས་པས་མི་ཚུགས། ཕྱིས་བཟླས་པ་མ་བྱས་ཀྱང་ནུས་པ་དང་ལྡན་པར་འགྱུར་རོ། །སྒྲིབ་པ་ནི་ 2-6-19a གསུམ་ཀ་བྱང་སྟེ། ཁྱད་པར་ངག་གི་བྱང་ངོ་། །ཡིད་ཆོས་ཉིད་ཀྱི་ང་རྒྱལ་དང་ལྡན་པ་ནི་གཉུག་མའོ། །རྟོགས་ན་དཀར་པོ་ཅིག་ཐུབ་ཅེས་བྱ་སྟེ། སྒྲིབ་པ་ནི་གསུམ་ཀ་བྱང་ངོ་། །བསྐྱེད་རིམ་གྱི་དགོས་པ་ནི། དབང་པོ་འབྲིང་དང་། ཐ་མ་གཉིས་ཀྱིས་ཐ་མལ་གྱི་ཞེན་པ་ལྡོག །རབ་ཀྱིས་ཟུང་འཇུག་གི་རྟོགས་པ་འབྱུང་། །བདེན་པ་མཐོང་བར་བཤད། ཐ་མལ་གྱི་ཞེན་པ། འཇིག་རྟེན་གྱི་མིང་དང་རུས་སྤངས་ཏེ། རིགས་ནི་རྡོ་རྗེའི་རིགས། མིང་ནི་ཧེ་རུ་ཀའོ། །ཟུང་འཇུག་གི་རྟོག་པ་ནི། རེ་ཞིག་ཡིད་ཡུལ་དུ། སྒྱུ་མ་ལྟ་བུ་བཏགས་པ་ཙམ་དུ་སྣང་བ་ལས། དོན་ལ་གཉིས་སུ་མེད་པས་ནའོ། །འབྲིང་གིས་འཁོར་ལོས་སྒྱུར་རྒྱལ་ཐོབ་སྟེ། རྒྱུད་ལས་ཀྱང་རྡོ་རྗེའི་འཛིན་པའམ། ཡང་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཐོབ། ཅེས་བཤད་དོ། ། ཐ་མས་ལྷ་མི་ཁྱད་པར་ཅན་ཐོབ། རབ་ཀྱིས་བདེན་པ་མཐོང་བའི་གནད་གང་ཞེ་ན། ལྷའི་སྐུ་དེ་བཟུང་བའི་ཡུལ་ཡིན། དེ་སྐྱེད་པར་བྱེད་པ་འཛིན་པའི་སེམས་ཡིན། གཟུང་འཛིན་གཉིས་མེད་དུ་ཤེས་པས། ཆོས་ཐམས་ཅད་རང་བཞིན་ མེད་པར་རྟོགས་པ་བདེན་པ་མཐོང་བའོ། །འབྲིང་གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད། རབ་ཀྱིས་བདེན་པ་མཐོང་བའོ། །བསྐྱེད་རིམ་ཀྱི་ངོ་བོ་ལྷ། ངེས་ཚིག་རིམ་གྱིས་འབྱེད། དབྱེ་བ་ཐ་དད་དོ། །སྒྲིབ་པ་ནི་གསུམ་ལས་ཤེས་བྱའི་སྒྲིབ་པ་ དོན་མ་རིག་པ་ཡིན། ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་ལ་སོགས་པའོ། །ལས་ཀྱི་སྒྲིབ་པ་ཉོན་མོངས་པས་ཀུན་ནས་བསླངས་ནས། མི་དགེ་བ་བཅུ་སྤྱད་པས་འབྲས་བུ་འབྱིན་པ་དེའོ། །དེ་གསུམ་སྤོང་བ་ལ། དགེ་བཤེས་བཀའ་གདམས་ པ་ཀུན། སྔོན་དུ་གཉིས་པོ་སྦྱངས་པས། ཤེས་སྒྲིབ་ཞོར་ལ་བྱང་གསུང་།། །།བླ་མ་མི་ལའི་ཞལ་ནས། སྔོན་དུ་ཤེས་བྱའི་སྒྲིབ་པ་སྦྱོང་། དེ་འབྱོངས་ན་གཉིས་པོ་སྒྲོག་རང་བདལ་ཞེས་བྱ། མ་འབྱོངས་ན་སྡོང་པོ་ཡལ་ག་ 2-6-19b བཅད་པ་དང་འདྲ་སྟེ་ཡང་སྐྱེ། ཤེས་སྒྲིབ་འབྱོངས་ན་སྡོང་པོ་རྩ་བ་བཅད་པ་དང་འདྲ་སྟེ་སྐྱེ་རྒྱུ་མེད་གསུང་། དེ་གཉིས་ཀ་བདེན། དགེ་བཤེས་པ་བདེན་ཏེ། ལས་དང་ཉོན་མོངས་པ་མ་བྲལ་ན་སངས་རྒྱས་ཐོབ་པའི་ཐབས་མེད། བླ་མ་བདེན་ཏེ། ཤེས་བྱ་ལ་ཀོ་ལོང་མ་གསོལ། གཉིས་པོ་ཟད་ཀྱང་ཤེས་སྒྲིབ་སོ་སྐྱེའི་དུས་ན་བག་ལ་ཉལ་ཞེས་བྱ། ཆུ་དང་འོ་མ་འདྲེས་པ་བཞིན་གནས། ཡུལ་དང་བྲལ་ནས་སྣང་གི། འཕྲལ་དུ་རྣམ་སྨིན་མི་འབྱིན། དེའི་ངོ་བོ་ཡེ་ཤེས་ཡིན་ཏེ། ཡེ་ཤེས་རྒྱུ་དགེ་ བའི་རང་བཞིན་ཡིན་པས། ས་བོན་གདབ་བྱ་འདེབས་བྱེད་མེད། བག་ལ་ཉལ་དེ་ལམ་རྣམ་ཤེས་ལ་བྱ་སྟེ། མདོ་ལས། རྣམ་པར་ཤེས་པ་རྣམས་ནི་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །ཅེས་གསུངས་པས། ཟབ་པ་ནི་གཏིང་མི་རྙེད་པའོ། ཕྲ་བ་ནི་མི་མཐོང་བའོ། དེ་ལ་བག་ལ་ཉལ་གྱི་ས་བོན་འདེབས་པ་ནི། དཔེར་ན། རང་གི་གདོང་པ་ལ་ཚོན་དཀར་ནག་གཉིས་བྱུགས་ནས། མེ་ལོང་ལ་བལྟས་པས། གདོང་ཕ་གིར་ཤར་བ་དེ། གདོང་པ་ཕ་གིར་ འཕོས་པ་མ་ཡིན། གདོང་པ་དངོས་མིན་ཏེ། མེད་པར་མ་སོང་བ་དེ་བཞིན་དུ། རྣམ་ཤེས་བག་ཆགས་ཀྱི་ས་བོན་བཏབ་པས། ཡུལ་དང་འཕྲད་པའི་དུས་སུ། འབྲས་བུ་ཕ་གིར་སྣང་བ་དེ། རྣམ་ཤེས་ཕ་གིར་འཕོས་པ་མ་ཡིན། རྣམ་ཤེས་ ལས་གཡོས་པ་མེད་དེ། མེད་པར་མ་བྱུང་། རྣམ་ཤེས་འགགས་ཤིང་གསལ་བས་ནི་རྣམ་ཤེས་ཤེས་བྱའོ། །ས་དང་པོའི་བདེན་པ་མཐོང་ནས། མིང་དུ་ཤེས་བྱའི་སྒྲིབ་པར་བཏགས་ཏེ། དེ་སྤོང་བ་ནི་བསྒོམས་པས་སྤོང་བ་ལས། གཞན་གྱིས་མི་ སྤོང་། དེ་སྤོང་བའི་ཐབས་ནི། གསེར་འགྱུར་གྱི་རྩི་དང་འདྲ་སྟེ། ལྕགས་རྡོག་པོ་ཅིག་ལ་ཡེ་ནས་གསེར་མེད་པ་ལ། བཟོ་བོས་རྩི་བྱུགས་པས། ལྕགས་ཇེ་ཆུང་ལ་སོང་། གསེར་ཇེ་ཆེ་ལ་སོང་ནས། མཐར་གསེར་གྱི་རང་བཞིན་དུ་ 2-6-20a འགྱུར་རོ། །དེ་བཞིན་དུ། ཤེས་བྱ་ལ་ཡེ་ཤེས་ཀྱི་རང་བཞིན་ཡེ་ནས་ཡོད་པ་ལ། བླ་མའི་མན་ངག་གིས་མཚོན་ནས། ཤེས་བྱ་རིམ་གྱིས་འགག །ཡེ་ཤེས་རིམས་གྱིས་གསལ་དུ་སོང་ནས། ཐ་མར་རྒྱུད་དག་ པའི་རང་བཞིན་དུ་འགྱུར་རོ། ཡང་ཕ་རོལ་དུ་ཕྱིན་པའི་འདོད་པ་ནི། མཐོང་བའི་ལམ་གྱིས་ཇི་ལྟར་མཐོང་བའི་དོན་དེ། ས་བཅུའི་བར་དུ་གོམས་པར་བྱས་པས། ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ལས་ སྲིད་པའི་ས་བོན་རྣམ་ཤེས་འགགས་ནས། སྐད་ཅིག་མ་གཉིས་པ་ལ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དུས་ཐམས་ཅད་དུ་ཆད་པ་མེད་པ་མངོན་དུ་གྱུར་པ་ཡིན་གསུང་། གསང་སྔགས་པ་ནི། བསམ་གཏན་གྱི་འོད་གསལ་ལ་གོམས་པར་བྱས་པས་ བར་དོ་དང་པོའི་དུས་སུ་སྣང་བ་འགགས་ནས། རང་བཞིན་གྱིས་འོད་གསལ་ལ་གནས་པའོ། །དེར་གནས་མ་ནུས་ན། ད་རུང་ཤེས་བྱའི་སྒྲིབ་པ་མ་འབྱོངས་པ་ཡིན། ཉོན་མོངས་པའི་སྒྲིབ་པ་ནི། བསླབ་པ་གསུམ་གྱིས་རྩད་ན་ གཅོད། ལས་ཀྱི་སྒྲིབ་པ་རྟོགས་པས་འདག་པར་བྱེད་དོ། །དེ་ལ་དལ་འབྱོར་རྙེད་དཀའ་ནས་མགོ་བཙུགས་ནས། སྟོང་ཉིད་རྣལ་མར་སྟོན་པའི་དགེ་བའི་བཤེས་གཉེན་ཅིག་འཚོལ་བ་གལ་ཆེའོ། །ཆོས་བྱ་རྒྱུ་ལ་བསགས་སྦྱང་གཉིས་ལས་མེད། བསོད་ནམས་བསགས་པས་སྡིག་པ་བྱང་། སེམས་ཉིད་ལྷན་ཅིག་སྐྱེས་པ་འོད་གསལ་བ་འདི་རྒྱུ་ལས་མ་བྱུང་སྟེ། ལམ་རིམ་ལ་བརྟེན་ནས་བསོད་ནམས་བསགས་ཤིང་བྱང་ཆུབ་ཀྱི་སེམས་བསྒོམས་པས་འདི་མཐོང་སྟེ་འོང་བས། རྒྱུ་ལས་བྱུང་བར་ ཡང་བཏུབ། རྐྱེན་ལས་མ་བྱུང་སྟེ། ཚོགས་གཉིས་བསགས་པས་འདི་མཐོང་སྟེ་འོང་པས། རྐྱེན་ལས་བྱུང་བར་ཡང་བཏུབ། ཐབས་ལས་མ་བྱུང་སྟེ། བསགས་སྦྱང་གཉིས་ལ་བརྟེན་ནས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་ 2-6-20b པས་འདི་མཐོང་སྟེ་འོང་བས། །ཐབས་ལས་བྱུང་བར་ཡང་བཏུབ། ཐབས་གོམས་དབང་གིས་བདག་ཉིད་ཀྱི། །གང་གིས་ཤེས་པ་རྣམ་སྒོམ་ན། །དེས་ནི་བདེ་བ་མྱུར་དུ་ཐོབ། །བདག་མེད་གཅིག་པུ་བསྒོམས་པས་མིན། །དེ་བས་ན། བསོད་ ནམས་བསགས་པ་གལ་ཆེ། དེ་ལ་བོགས་གང་ཆེ་ན། བླ་མ་ལ་བསྙེན་བཀུར་བྱས་པ་ཆེ་སྟེ། བླ་མ་མི་ལའི་ཞལ་ནས། སྒྲུབ་པའི་མཆོད་པ་ཆེ་གསུང་།། །།ཞི་གནས་སྐྱེ་བའི་རྒྱུ་བཞི་ནི། བླ་མའི་བྱིན་རླབས་ལས་སྐྱེ་བ་དང་། རྟེན་འབྲེལ་ལས་སྐྱེ་བ་དང་། ཚོགས་བསགས་པ་ལས་སྐྱེ་བ་དང་། སྡིག་པ་སྦྱང་བ་ལས་སྐྱེ་བའོ། །སེམས་ཉིད་ཀྱི་ངོ་བོ་ནི། མ་བཅོས་མ་བསླད་པ་དེ། རྣལ་མར་གསལ་བ་དག་པ། དུས་ཐམས་ཅད་པ། རྒྱུན་ཆད་མེད་པ་དེ་ཡིན་ཏེ། དེ་ལ་སྣང་ལ་ངེས་པ་དང་། སྣང་ལ་མ་ངེས་པའོ། །སྟོན་ཀའི་ནམ་མཁའ་དངས་པ་ལྟ་བུ་དང་། སེམས་ཉིད་གཉིས་སུ་མེད་པར་རྟོགས་པ་དེ་སྣང་ལ་མ་ངེས་པ་ཡིན། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། གཞན་གྱིས་སྒྱུར་ཡང་མི་འགྱུར་བ་དེ་སྣང་ལ་ངེས་པའོ། །མ་ཡེངས་པ་དེ་ལ་ཡང་ཉམས་སུ་མྱོང་བ་ཅིག་ལ། ཞི་གནས་ཀྱི་བདེ་བ་དང་མི་རྟོག་པ་འོང་སྟེ། ཉམས་ལ་རེས་ཡིན་ནམ་སྙམ། རེས་མིན་ནམ་སྙམ་པ་དེ་ནི། མི་རྟོག་པས་ རྒྱུ་བྱས་ནས་མར་ལྡོག་ཉེན་ཡོད་གསུང་། གཟུགས་ཁམས་སམ། གཟུགས་མེད་ཁམས་སམ། འགོག་པའི་རྒྱུར་ཡང་འགྲོ་ཉེན་ཡོད། དང་པོ་སློབ་པའི་དུས་སུ་རིག་པ་གསལ་སིང་བ་ལ་བསླབ། དེ་ཡང་ཤེས་པ་མ་ཡེངས་ པ་ལ་བསླབ། དེ་ཡང་རིག་པ་མ་ཡེངས་པ་ལ་བསླབ། དེ་ལ་གོམས་ནས་ངེས་ཤེས་སྐྱེ་བ་ཡིན་གསུང་། སེམས་ཉིད་ཀྱི་ངོ་བོ་མ་ཤོར་བར་བྱས་ནས། རྣམ་རྟོག་ཅི་ཙམ་འཕྲོ་བ་འཕྲོར་འཇུག་པ་ཡིན་གསུང་། རྣམ་རྟོག་བྱུང་ཡང་ 2-6-21a ཆོས་སྐུ་ཡིན། དཔེ་ནམ་མཁའ་ལྟ་བུ་རང་བཞིན་གྱིས་དག་པ་ཡིན་ཡང་། སྤྲིན་དང་ན་བུན་ལ་སོགས་པ་ཇི་ཙམ་བྱུང་བ། ནམ་མཁའ་རང་ལ་དངས་པ་དང་འདྲ། སྤྲིན་དང་མདོག་ནི་ཐ་དད་ཀྱང་། ངལ་ལ་སོགས་ པ་བྱུང་ཡང་གསུང་། དེ་ཡང་རྣམ་རྟོག་གི་གྲོགས་སུ་འགྲོ་བ་ཡིན་གསུང་། རྣམ་རྟོག་འཕྲོར་མི་བཏུབ་ན་སླར་ཐུ་བ་ཡིན། གཟུགས་མེད་དུ་སྐྱེ་ཉེན་ཡོད་གསུངས། ཡི་དམ་ལྷའི་བསྐྱེད་རིམ་ཡང་རེས་བསྒོམ། སྐད་ཅིག་དྲན་རྫོགས་ ཀྱིས་ཡི་དམ་ལྷར་བསྐྱེད་ནས། འོད་གསལ་འབའ་ཞིག་སྒོམ་པ་ཡིན་གསུང་། དེ་ཡང་། གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་སྟེ་རྟོགས་པ་ ཡིན། ཚེ་འདི་བློས་བཏང་བ་ཅིག་དགོས་པ་ཡིན་གསུང་ངོ་།། །།ཡང་བླ་མའི་ཞལ་ནས། ཆོས་ཉིད་སྟོང་པ་ལ་དངོས་པོའི་ཁོང་ཚངས་མི་གཞུག །རིག་པ་གཅེར་བུ་ལ་མཚན་མའི་གོས་ཀྱིས་མི་བཀྲི། སེམས་ཉིད་གཉུག་མ་ ལ་ཆགས་སྡང་གི་རྟེན་མི་བཅའ། ཡེ་ཤེས་རྣམ་དག་ལ་དགེ་སྡིག་གི་བློས་མི་དཔྱད། མཚན་མ་རང་གྲོལ་ལ་བདག་འཛིན་གྱི་མདུད་པས་མི་གདབ། ཡེ་སྟོང་ཡེ་བྲལ་ལ་དངོས་པོའི་མཚན་མ་མི་གཟུང་གསུང་ངོ་།། །། ༄། །ཆོས་རྗེའི་གསུང་། དབང་བཞིའི་ལམ་བསྒོམ་དུ་མ་འཁྲིད་ལགས།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་ཞལ་ནས། དང་པོ་དབང་བཞིས་སྨིན་པར་བྱས་ནས། གྲོལ་བར་བྱེད་པ་ལ། ཐབས་བསྐྱེད་རྫོགས་ གཉིས་སྒོམ་དགོས། རྫོགས་རིམ་ལ་ཡང་གཉིས། སྤྲོས་བཅས་རྩ་རླུང་ཐིག་ལེ་སྒོམ། སྤྲོས་མེད་སྐྱེས་སྦྱོར་རམ། ཕྱག་རྒྱ་ཆེན་པོ་སྒོམ། ལམ་དང་སྦྱོར་ན། ཚོགས་ལམ་རྩེ་གཅིག་གི་རྣལ་འབྱོར། སྦྱོར་ལམ་ 2-6-21b སྤྲོས་བྲལ་གྱི་རྣལ་འབྱོར། མཐོང་ལམ་རོ་གཅིག་གི་རྣལ་འབྱོར་སྒོམ་ལམ་བསྒོམ་མེད་ཀྱི་རྣལ་འབྱོར། གསང་སྔགས་ཀྱི་དབང་དུ་བྱས་ན། མི་སློབ་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན། མཐར་ཕྱིན་པའི་ལམ་མོ། །དེ་ལྟར་ཡིན་ ཡང་སྒོམ་དགོས། བླ་མ་རྗེ་བཙུན་ལ་རེ་སྐྱིད་བྱས་པས། ང་བཞིན་བྱས་པས་ཆོག་པ་ལ་གསུང་ངོ་། །ཆོས་མི་བྱ་བཞིན་ཉལ་བས་མི་འོང་གསུང་། ངས་དང་པོ་ཐེར་ཙམ་ཅིག་གོན་ནས་བསྒོམས་པས། མ་ཚོར་པར་གོས་དེ་མིན་ ཅིག་གོན་ནས་ཉལ་འདུག །དེ་ནས་སྙིང་རུས་བསྐྱེད་ནས་བསྒོམས་པས། དྲོད་ཆེན་པོ་བྱུང་གསུང་། དེ་ནས་དུས་རྟག་ཏུ་བརྩོན་འགྲུས་ཆེན་པོ་བྱས་གསུང་ངོ་།། །།ཡང་བླ་མའི་ཞལ་ནས། གང་ཟག་གི་བདག་མེད་དང་བསྐྱེད་རིམ་སྦྱོར། ཆོས་ཀྱི་བདག་མེད་དང་རྫོགས་རིམ་སྦྱོར། ཚོགས་ལམ་དུ་ངོས་འཛིན། མཐོང་ལམ་དུ་མངོན་སུམ་དུ་བྱེད། ས་བཅུ་མན་ཆོད་དུ་རྗེས་སྦྱོང་བའི་ཡོན་ཏན་ལ་རང་སྣང་གསུང་། རང་ཤར་ རང་རིག་གིས། རང་མྱོང་རང་སྟོང་། སྒོམ་རྟོགས་ནས། མི་སྒོམ་པ་དང་བསྒོམ་པ་གཉིས། སྒོམ་པ་སླ། བོར་དུ་མི་བཏུབ་གསུང་། གསལ་ལ་རྟོག་པ་མེད་པ། དེ་མ་ནོར་བ། ལུས་སེམས་བདེ་བ་གསུམ་ལ། གསལ་བའི་དཔེ་སྟོན་ཀའི་ ཉིན་ཕྱེད་ལ་ཅེར་རེ་བལྟས་པས། གསལ་སིང་ངེ་འདུག་པ་ལྟ་བུའོ། །མི་རྟོག་པ་ནི། དབུགས་རྒྱུ་བ་ཆད་པ་སྙམ་པ་འོང་། དངས་པ་ནི་སྣོད་གཙང་མར་ཆུ་བླུག་པ་ལ་བལྟས་པས་དངས་སིང་ངེ་འདུག་པ་ལྟ་བུའོ། །ཕྲ་བ་ནི་དཔེ་དངོས་པོར་ སྣང་བ་ཅིག་ཡོད་ན་དེ་གསུམ་གྱིས་མི་རྟོགས་མི་སྲིད་གསུང་། རྟགས་ལ། ཁོང་ནས་དགའ། མདངས་གསལ། སེམས་རྒྱུད་རབ་ཏུ་དངས། སྡིག་སེམས་ཆེར་ཐུལ། རྔམ་སེམས་ང་རྒྱལ་མེད། རྗེས་ལ་ཤེས་བྱའི་སྒྲོ་འདོགས་ཆོད། ཞེན་ 2-6-22a ཆུང་། སྐྱོ་ཤས་བསྐྱེད། ལས་འབྲས་འཛེམས་གསུང་ངོ་།། །།ན་མོ་གུ་རུ། ཡུལ་དང་མི་ཆོས་ཟུག་རྔུ་བསྐྱེད་པར་བྱེད་པའི་ནད་དང་འདྲ་བས་རྒྱབ་ཏུ་བོར། །ཟས་ནོར་མི་རྟག་ནམ་ མཁའི་འཇའ་ཚོན་འདྲ་བས་དེ་ལ་ཡིད་མ་ཆགས། །ཚེ་སྲོག་མི་བརྟན་རྩྭ་ཁའི་ཟིལ་པ་འདྲ་བས་བརྩོན་འགྲུས་བསྐྱེད། །བླ་མ་དགེ་བའི་བཤེས་གཉེན་ཡིད་བཞིན་ནོར་བུ་འདྲ་བས་མོས་གུས་མཆོད་པ་གྱིས། །གདམ་ངག་ཟབ་མོ་འཚོ་བའི་ ཁ་ཟས་འདྲ་བས་རྟག་ཏུ་ཉམས་སུ་ལོང་། །དལ་འབྱོར་རྙེད་དཀའ་ཨུ་དུམ་མེ་ཏོག་འདྲ་བས་དོན་མེད་སྤྱོད་པས་ཆུད་མ་གཟན། །སྡུག་བསྔལ་རྩ་བ་དངོས་འཛིན་ཡིན་པས་སྟོང་ཉིད་སེམས་དང་མ་བྲལ་ཅིག །ཀུན་རྫོབ་བདེན་པ་མི་སླུ་ངེས་ པས་རྒྱུ་འབྲས་ཁྱད་དུ་མ་གསོད་ཅིག །འབྲས་བུ་མི་ཟད་འཕྲལ་དུ་འབྱིན་པའི་ལྗོན་ཤིང་འདྲ་བས་བྱང་ཆུབ་སེམས་མཆོག་རྟག་ཏུ་སྒོམས། །འདོད་པ་དུག་གི་ལོ་མ་འདྲ་བས་འཁོར་བའི་ཉེས་དམིགས་ཡིད་ལ་གྱིས། །ཤེས་གསུང་ངོ་།། །། ཡང་རིན་པོ་ཆེའི་ཞལ་ནས། ད་ནི་གནས་ལུགས་ཀྱི་སྒོམ་པ་སྟོན། དབང་པོ་རབ་ལྟ་ཐོག་ཏུ་བཞག་པ་དང་། འབྲིང་སྒོམ་ཐོག་ཏུ་བཞག་པ་དང་། ཐ་མ་ཆོས་སྤྱོད་ཀྱི་ཐོག་ཏུ་བཞག་པའོ། །སྒོམ་པ་ལ་གཉིས། ལྟ་ཐོག་ནས་སྒོམ་ འཚོལ་བ་དང་། སྒོམ་ཐོག་ནས་ལྟ་བ་འཚོལ་བའོ། །འདི་ནི་སྒོམ་ཐོག་ནས་ལྟ་བ་འཚོལ་བ་ཡིན་པས། ད་ནི་འདི་ལྟར་སྒོམ་པར་བྱ་སྟེ། སེམས་ཉིད་གསལ་ལ་འཛིན་མེད་ཀྱི་ཤེས་པ་རྟོག་མེད་དུ་ཙེན་ནེ་ཞོག །གསལ་ བས་ཆད་པའི་མཐའ་སེལ། འཛིན་མེད་ཀྱིས་རྟག་པའི་མཐའ་སེལ། བདེན་པ་དེ་རྒྱུ་མེད་དེ། བཟང་ངོ་སྙམ་པའི་ང་རྒྱལ་མེད། ངན་ནོ་སྙམ་པའི་འཛིན་པའི་སྐྱོན་གྱིས་མ་གོས། སེམས་ཉིད་ལ་རྣམ་རྟོག་གི་ལྷད་མ་ཞུགས། 2-6-22b རིག་པ་རང་གསལ་རྟོག་མེད་དུ་ལྷན་ནེ་ཞོག །དེ་ལྟར་བཞག་པའི་དུས་སུ་རྟོག་མེད་ཀྱི་ཡེ་ཤེས་ཕྱོགས་མེད་རང་གྲོལ་དུ་འཆར་གྱིས་གསུང་། ད་ནི་བསྒོམ་པའི་སྐྱབས་ཤེས་ཀྱང་བྱ། རྒྱབ་རྟེན་ཞེས་ཀྱང་བྱ་བ་འདི། རྐང་གྲངས་བཅོ་ ལྔས་བསྟན་ཏེ། དང་པོ་ཁོ་ན་རིག་པ་སྟོང་པར་འགྱུར་བས། འགྱུ་བ་རང་སངས་ཀྱི་གདམས་ངག་བསྟན་པ་དང་གཅིག །རྣམ་རྟོག་ལ་སྐྱར་ཞོན་བཏང་བ་དང་གཉིས། བདེ་བ་ངོས་བཟུང་མེད་པ་དང་གསུམ། ཝལ་པོ་རྗེས་མེད་ དང་བཞི། དྲན་པ་རང་ཡལ་དང་ལྔ། གསལ་བ་རྟོག་མེད་དང་དྲུག །སྣང་ལ་འཛིན་མེད་དང་བདུན། ཁྱབ་པ་ཞེན་མེད་དང་བརྒྱད། ནམ་མཁའི་བྱ་བཞིན་རིག་པ་རྟེན་མེད་དང་དགུ། ཉི་མའི་འོད་ཟེར་བཞིན་སེམས་ཉིད་ འཕྲོ་འདུ་མེད་པའི་ངང་ལ་བཞག་པ་དང་བཅུ། ཆུ་བོ་རྒྱུན་འབབ་བཞིན་སེམས་ཉིད་རྒྱུན་ཆད་མེད་པའི་ངང་ལ་བཞག་པ་དང་བཅུ་གཅིག །གསལ་ཆ་མ་འགགས་ལ་འཛིན་ཆ་མ་ཞུགས་པར་བཞག་པ་དང་བཅུ་གཉིས། སྣང་ལ་ རྟོག་མེད་ལྷུག་པ་དང་བཅུ་གསུམ། རིས་མེད་དུ་སྣང་ཞིང་ཞེན་མེད་དུ་ཤར་བ་དང་བཅུ་བཞི། སྒོམ་མེད་རྒྱུད་ལ་ཐེབས་ནས། འཛིན་མེད་རང་སར་གྲོལ་བར་བསྟན་པ་དང་བཅྭའོ། །གནས་ལུགས་བསྒོམ་པའི་གདམས་པ། རིན་པོ་ཆེའི་ཐུགས་དམ། ཟང་ལུང་དགོན་པར་བྲིས་པའོ།། །།སྣང་བ་འདི་སྒྱུ་མར་མཐོང་བས་ན་སྒྱུ་ལུས། སྒྱུ་མ་དེ་སྟོང་པར་ཤེས་ན་འོད་གསལ། དེ་གཉིས་ཐ་མི་དད་པས་ན་ཟུང་འཇུག་གོ ། ཀུན་རྫོབ་ཏུ་ཡང་སྟོང་ན་འཆལ་བའི་ཤེས་རབ་བོ།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས། བྱང་ཆུབ་ཀྱི་སེམས་དང་། 2-6-23a སྒྱུ་མ་ལྟ་བུ་དང་། སྟོང་པ་གསུམ་ལ་བརྟེན་ནས། རྟོགས་པ་རྒྱུད་ལ་སྐྲུན། སྔགས་ཀྱི་ལུགས་ཀྱིས། ལུས་ལྷ། ངག་སྔགས། ཡིད་ཆོས་ཉིད་དང་གསུམ་ལ་བརྟེན་ནས་རྟོགས་པ་རྒྱུད་ལ་སྐྲུན། མ་རྟོགས་ན་ སངས་མི་རྒྱ། དེང་རང་གི་ཆོས་ཀྱི་འཁྱེར་ལུགས་འདིས། ཡར་འགྲོ་བ་ལས་མར་མི་འགྲོ་བ་ཡིན་གསུང་། དབང་པོ་རབ་སངས་རྒྱ་བ་ཡིན། འབྲིང་འཕགས་པའི་གནས་ལྔར་སྐྱེ་བ་ཡིན། ཐ་མ་ལྷར་སྐྱེ་གསུང་། བདེན་གཉིས་ཀྱི་ དབང་དུ་བྱས་ན། དྲན་རིག་སྣ་ཚོགས་ཀུན་རྫོབ་ཡིན། སེམས་ཉིད་ཀྱི་ངོ་བོ་དོན་དམ་ཡིན། ད་ལྟའི་ངོ་བོའི་ཉམས་འདི་སངས་རྒྱས་ཀྱང་འོང་བ་ཡིན་ཤེས་པ་སྣ་ཚོགས་སུ་ཤར་ཡང་། ལོངས་སྤྱོད་དུ་བཏུབ་སྟེ། ཆབ་རོམ་ལ་ཆུ་འབྱུང་བ་བཞིན་ ནོ། །སྟོང་པ་སྙིང་རྗེ་དབྱེར་མི་ཕྱེད་པ་ནི། འོད་གསལ་ལས་འོད་ཆད་པ་བཞིན་དུ་འདོད། རྟོག་པ་ཐམས་ཅད་འོད་གསལ་ལས་འོད་ཆད་པ་བཞིན་དུ་འདོད། གཉིད་ཆེ་ཡང་མི་ལྟོ། །ངོ་བོ་སྐྱེ་འཇིག་དང་བྲལ་བར་རྟོགས་ན། མི་འཇིགས་པས་ ཆོག་པ་ཡིན། ཆོས་ཐམས་ཅད་ཧྲིལ་གྱིས་དྲིལ་ན། རྟོག་པ་རྟོག་མེད་གཉིས་སུ་འདུས། རྟོག་པ་རང་ཡང་ཆོས་སྐུ་ཡིན། ཅིག་ཏུ་རྟོགས་པས་ཐམས་ཅད་ཚུར་ཐོབ་ནས་འོང་བ་ཡིན། ཁྱེད་ཅག་ལ་བྱ་རྒྱུ་ཡང་མེད་དེ། འོན་ཀྱང་དོན་མེད། བླ་ མའི་གསུང་གི་ཐོག་ཏུ་ཡང་མི་ཕེབས། རྟོག་གེ་བའི་ཡུལ་ལས་འདས་པ་ཡིན། རྟོག་པས་མཐོང་ན་ཀུན་རྫོབ་ཀྱིས་དོན་དམ་མཐོང་བས། དོན་དམ་ཡང་འཇིག་པར་འགྱུར། དོན་དམ་གྱིས་མཐོང་ན་རྟོག་པ་དང་བཅས་པར་འགྲོ། འོ་ནའང་བྱས་པས་ ཤེས་རབ་མིག་གིས་དེ་མཐོང་འགྱུར། བྱ་བ་ཡིན། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། རིག་པ་དང་པོ་ངོས་ཟིན་ནས། དེ་ཉམས་སུ་བླང་བའི་ཐབས། སེམས་མ་བཅོས་པ་ལྷུག་པར་བཞག་པ་དང་། དེ་ནས་ཉམས་སུ་མྱོང་བ་ནི། 2-6-23b རྣམ་རྟོག་ཐམས་ཅད་ཆོས་ཉིད་རོ་གཅིག་ཏུ་མྱོང་བ་དང་། དེ་ནས་རྟོགས་པ་ནི། ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང་། །མི་འགྱུར་དུས་ནི་ཐམས་ཅད་པའོ། །ཁྱབ་པ་ནི་ནམ་མཁའ་དང་འདྲ་སྟེ། སྐྱེ་མེད་ཀྱིས་ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབ། རྡོ་རྗེའི་སྐུ་ནི་མི་འཇིག་པ་ཡིན། མི་འགྱུར་བ་ནི་གདོད་མ་ནས་རང་བཞིན་ལྷུན་གྲུབ་ཡིན་པས་སྐྱེ་འགག་མེད་པའོ། །དུས་ཐམས་ཅད་པ་ནི། འདས་མ་འོངས་ད་ལྟར་བ་ལྟ་བུ་མ་ཡིན་ཏེ། རྒྱུན་ཆད་པ་མེད་པའོ། །རྟོགས་པ་ནམ་མཁའ་དང་ འདྲ་སྟེ་གར་ཡང་ཁྱབ། ཉམས་མྱོང་སྤྲིན་དང་འདྲ་སྟེ་གར་ཡང་འགྱུར། གཉིས་མེད་ཤེས་པ་ཆུ་དང་འོ་མ་འདྲ། །རང་བཞིན་རྣལ་མ་གླང་པོ་ལྟ་བུར་བསྒོམ། །གནས་ལུགས་དོན་ལ་འགྱུར་བ་མེད་པ་ཡིན། །དང་པོར་ཐམས་ཅད་གཅིག་ཏུ་རྟོགས། བར་མ་ཡེངས་བར་དུ་འདྲིས་ ཐ་མ་ཡེ་ཤེས་དེ་ཀློང་དུ་གྱུར་ནས་སངས་རྒྱས་པ་ཡིན་གསུང་། གཉིས་མེད་དུ་རྦད་ཀྱིས་ཆོད་པའི་དུས་སུ་རྩེ་གཅིག་ལ་སོགས་པ་གཅིག་ཡིན། མ་རིག་པ་ལ་སོགས་པ་གཅིག་ཡིན་གསུང་། སྒོམ་དུ་ཡོད་བྱས ཀྱང་འགལ་བ་མེད། ངོ་བོ་རྒྱུན་ཆད་པ་མེད། ལར་ནང་གི་རྟེན་འབྲེལ་གྱིས། ཕྱིའི་སྣང་བ་འཇིག་དགོས་པ་ཡིན། འགྲོ་དྲུག་སེམས་ཅན་གྱི་ངོ་བོ་དང་། འཕགས་པ་གཉིས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཐུགས་ གསུམ་གཅིག་ཡིན། རྟོགས་ནས་སེམས་ཅན་འཕགས་པ་གསུམ་གནས་འགྱུར་བ་ཡིན། ངོ་བོ་ལྷན་ཅིག་སྐྱེས་པའི་ཉམས་ལ། རྟོག་པ་ཉམས་མྱོང་ཐམས་ཅད་འཇིག་པ་ཡིན། འདི་ཕྱི་བར་དོ་གསུམ་མཉམ་པ་ཉིད་དུ་ཤར་ན། བར་དོའི་གདམས་ངག་མི་དགོས། འོད་གསལ་བ་ནི་རྒྱུན་པར་གནས། བར་དོའི་གྲོང་ཁྱེར་དེས་མི་མཐོང་། སེམས་ཅན་སངས་རྒྱས་གཉིས་མེད་དུ་རྟོགས་ན། སྡུད་པ་ནས་གསུང་པ་དེ་ཡིན། སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་ 2-6-24a སེམས་ཅན་འདུ་ཤེས་མེད། ངོ་བོའི་ཉམས་རྒྱུན་ཆད་མེད་པ་འདི་ཀུན་རྫོབ་ཡིན་ན་འཇིག་པའི་སྐྱོན་ཡོད། དོན་དམ་ཡིན་ན་བདེན་པ་མཐོང་བའི་སྐྱོན་ཡོད། རྗེ་བཙུན་དོན་དམ་དུ་བཞེད། བདེ་བ་ཆེན་ པོ་དབྱེར་མེད་དུ་བཞེད། བྱ་ཡུལ་བ་ཀུན་རྫོབ་ཏུ་བཞེད་ཀྱང་། དེ་ལས་ལོགས་ནས་དོན་དམ་མི་འཚོལ་བས་དོན་མཐུན་དུ་འདུག་གོ། །རྒྱུ་འབྲས་གཅིག་པའི་སེང་གེ་ཕྲུ་གུ་དང་ཟླ་བ་ཚེས་པའི་ངོས་ནས་ཡིན་ཏེ། གཉིས་སུ་མེད་པའི་ངོས་ནས་ཡིན། གནད་ཀོས་རྒྱུ་ཡོད་པ་ཅིག་ལ། འབྲས་བུ་མེད་པ་ཅིག་འདོད་ན་ཆད་ལྟ་ཡིན། མུ་སྟེགས་རྟག་ཆད་གཉིས་དང་ཁྱད་པར་མེད། གསང་སྔགས་ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བ་ཡིན། རྟེན་བཟང་ངན་མེད། སྡིག་ཆེ་ ཆུང་མི་རྩི། ངོ་བོ་མ་ཤར་ན་སྡིག་པ་སྦྱོང་དགོས། སེམས་ལ་སྡིག་པ་ཡོད་པ་ཡིན། ངོ་བོ་ཤར་བ་ལ་སྡིག་པ་མེད་པ་ཡིན། སེམས་ཙམ་པ་རིག་པ་རྟོག་གེ་བའི་ཡུལ་ལས་འདས་པ། གསལ་བ་ལ་འཛིན་པ་ཡོད་པར་ འདོད་པ་ཡིན། གསང་སྔགས་པ་རིག་པ་སྐྱེ་མེད་དུ་འདོད་པ་གསལ་ལ་འཛིན་པ་མེད་པ་ཡིན། ངོ་བོ་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས། གཟིགས་པར་མི་འགྱུར། མཐོང་བ་མེད། དངོས་པོ་དང་མཚན་ མའི་ངོས་ནས། ངོ་བོ་སྐྱེ་འགག་དང་བྲལ་བ། རྒྱུན་ཆད་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་བ་ཆེན་པོ་ནི་གཟུགས་ཅིག་ཡིན་ན། ནམ་མཁའི་ཁམས་སུ་མི་ཤོང་བ་ཡིན། ལན་ཅིག་དབུགས་ཆད་ནས་མི་རྣམས་ ཀྱི་ཤི་ཟེར་ཡང་། རང་ཅག་ངོ་བོ་དང་མ་བྲལ་བས་ཤི་བ་མེད་པ་ཡིན་གསུང་། ཉམས་ཕྱིར་ངོ་བོ་ཤོར་བ་བྱ་བ། བདེ་གསལ་བྱུང་ན་དགའ། མ་བྱུང་ན་མི་དགའ་ན་ཉམས་ཕྱིར་ཤོར་བ་ཡིན། ཉམས་ངན་ཡང་། ངོ་བོ་ 2-6-24b མ་འགགས་ན། ཉམས་རྟོགས་པས་ཐོབ་པ་ཡིན། གཉིད་ལོག་ཙ་ན་ཡང་ངོ་བོ་རྒྱུན་ཆད་པ་མེད། རྟོག་པ་འཕྲོ་བ་ན་ཉམས་རྒྱུན་ཆད་ཀྱང་། ངོ་བོ་ལ་རྒྱུན་ཆད་པ་མེད་པ་ཡིན། སྣང་གྲགས་ཐམས་ཅད་གཅིག་ཏུ་ཤར་ནས། དེའི་ངང་ ལམ་ཡེངས་པར་སྒོམ་པ་ཡང་ངོ་བོ་ཡིན། ཡེངས་མ་ཡེངས་མི་རྩི། ཆོད་ཆེ་ཤོས་ཡིན། མཉམ་པ་ཡིན་གསུང་། ལྷན་ཅིག་སྐྱེས་པའི་ངོ་བོ་དེ། གཞི་གཅིག་པའི་ངོས་ནས་ཐམས་ཅད་ལ་ཁྱབ་པ་ཅིག་འདུག །ངོ་བོ་ ཡོད་མེད་གཉིས་ལས་འདས་པའི་ངོས་ནས། ཁྱབ་བྱ་ཁྱབ་བྱེད་མེད་པ་ཅིག་འདུག །དེ་གཉིས་ཀ་ཡིན་གསུང་། སྐྱེ་མེད་ཀྱིས་ཐམས་ཅད་ལ་ཁྱབ་པ་ཡིན། ངོ་བོ་མཐོང་བ་མེད་པས་ཁྱབ་པ་མེད་པ་ཡིན། རང་གསལ་རྒྱུན་ཆད་མེད་པ་འདི། རྣམ་སྨིན་གྱི་ལུས་སྤངས་ནས་གསལ་དག་རྒྱ་ཆེར་འགྲོ་བ་ཡིན། དེ་དུས་རྣལ་འབྱོར་པ་ལུས་རྒྱ་ཞིག་པས། ད་ལྟ་ལས་བརྒྱ་འགྱུར་གྱིས་གསལ་ལ་རྒྱ་ཆེར་འགྲོ་བ་ཡིན་གསུང་།། །།ཕ་རོལ་ཏུ་ཕྱིན་པ་དང་། གསང་ སྔགས་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། ལམ་ཉེ་རིང་ལ་ཁྱད་ཡོད། ནཱ་རོའི་ལུགས་ཀྱི་སྒོམ་ཡོད་ཡིན། མཻ་ཏྲིའི་ལུགས་ཀྱི་སྒོམ་མེད་ཡིན། ལམ་གྱི་དུས་སུ་སྒོམ་ཡོད་ཡིན། འབྲས་བུའི་དུས་སུ་སྒོམ་མི་སྒོམ་རྩིས་གདབ་མེད། ཆོས་ ཐམས་ཅད་གཅིག་ཡིན། ཉམས་དང་རྟོགས་པ་གཅིག་ཏུ་འདོད་པ་ཡིན། ཡོད་པ་གཞི་མེད། མེད་པ་ཙམ་དུ་མེད་པ་ཡིན། སོ་སོ་རང་རང་ལ་ངེས་ངེས་ཡོད་ཀྱང་། རྟོགས་པ་ཅན་ལ་དྲིས་པས། ནམ་མཁའ་དང་འདྲ་བར་སྟོང་པ་ ཅིག་འོང་བ་ཡིན། སེམས་ཀྱི་ངོ་བོ་འདི་རྟོགས་ན། ལུས་བོར་མ་བོར་མེད་པར། མཆོག་གི་དངོས་གྲུབ་ཐོབ་པ་ཡིན། ལུས་བོར་བས་བཟང་དུ་མི་འགྲོ། གསང་སྔགས་པ་ལ་ལམ་རྩིས་མེད་པ་ཡིན། དོན་རྟོགས་མ་རྟོགས་ལས་མེད་པ་ 2-6-25a ཡིན། གཟུགས་སྐུ་གཉིས་ཀྱི་རྒྱུ་རྟོག་པ་རྒྱུན་མ་ཆད་རིང་ལ་སྐད་ཅིག་གིས་ཡི་དམ་ལྷར་བསྐྱེད། དེ་ལས་འབྱུང་། རྟོགས་པ་རང་གིས་ཀྱང་འོང་བ་ཡིན་གསུང་། དགེ་བ་ཡང་བྱར་མེད། སྡིག་པ་ཡང་ཤུགས་ཀྱིས་མི་བྱེད་པ་ ཅིག་འོང་བ་ཡིན། ད་ལྟའི་ལུས་འདི་དང་པོ་མ་རྟོགས་པའི་ལུས་ཡིན་པས། གསོ་དགོས་པ་ཡིན། བྱམས་སྙིང་རྗེ་བློས་བསྐུལ་དགོས་རིང་ལ་སྒོམ། མཉམ་ཉིད་ཀྱི་ངང་ལ་མ་ཡེངས་པ་ལམ་ཡིན། འབྲས་བུ་ལ་ཡེངས་མ་ཡེངས་རྟོག་ དཔྱོད་མེད་པ་ཡིན། ལས་དང་པོ་ལ་སྣང་བ་དགྲར་འཆར། སྒོམ་ཆེན་པ་འབྲིང་ལ་སྣང་བ་གྲོགས་སུ་འཆར། སྒོམ་ཆེན་པ་རབ་ལ་སྣང་མི་སྣང་གི་རྩི་གཏབ་མེད་པ་ཡིན། དབུ་མ་རིག་པ་དྲུག་བཅུ་པ་བྱ་བ་སྣང་སེམས་གཅིག་ཏུ་འདོད་ པ་ཡིན། ཀུན་རྫོབ་ཏུ་ཡོད་མེད་གཉིས་དང་བྲལ་བའི་སྣང་བ་ལ་ཉམས་སུ་ལེན་པ་ཡིན། དེ་ནམ་རྒྱུན་ཆད་དུས་སངས་རྒྱ་བར་འདོད། དེ་བས་བླ་མའི་བཞེད་པ་མཐོ་བར་འདུག་གསུང་། མཐུན་སྣང་གི་སྐབས་སུ་སྒྱུ་མ་ཙམ་མིང་ཙམ་ལ་རྩི་བ་ཡིན་ པས། ཡར་ལོངས་སྤྱོད་རྫོགས་པའི་སྐུ་ལ་བདེ་བ་ཅི་ཡོད་དང་། མར་དམྱལ་བའི་སྡུག་བསྔལ་གཉིས་མཉམ་པ་མིན་ནམ་བྱས་པས། ཡིན་ཟེར། འོ་ན་ཡར་ཚོགས་གཉིས་གསོག་མི་བསོག །མར་སྒྲིབ་གཉིས་སྦྱོང་མི་སྦྱོང་བྱས་པ་ ལ། ལན་མ་ཐེབས། སྒྲིབ་གཉིས་སྦྱོང་ན་ཁྱད་བྱུང་བ་ཡིན་པས། ད་ཅིའི་མཉམ་པའི་དམ་བཅའ་ཞིག་པ་ཡིན། ལོངས་སྐུ་ཡང་མིང་ཙམ། མཉམ་པ་ཡང་མིང་ཙམ། ཡར་གྱི་ཚོགས་གཉིས་དང་། མར་གྱི་སྒྲིབ་གཉིས་ཀྱང་ མིང་ཙམ་ཡིན། རང་གི་སེམས་སྣང་ཙམ་ཡིན་པ་དེ་ཙམ་དུ་མཉམ་གསུང་། སྔགས་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོ་རྟོགས་པ་དང་། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན་མཐོང་ལམ་སྐྱེས་པ་ལས་ཡར་སྐྱེད་འདོན་རྒྱུ་མེད། 2-6-25b ཡར་འཕུལ་ན་རྟེན་ཅི་འདྲ་ཅིག་གིས་འཕུལ། ཐབས་ཅི་འདྲ་བ་ཅིག་གིས་འཕུལ། འཕུལ་རྒྱུ་མེད་ན། གནད་ཀ་ཅི་འདྲ་ཅིག་གིས་མེད། དབང་པོ་ཡང་རབ་ལ་གསང་སྔགས། ཕ་རོལ་ཏུ་ཕྱིན་པ་གང་ལ་ཡང་རྟེན་མེད་ཡིན་གསུང་། རྣལ་འབྱོར་ པ་ཡང་རབ་ཅིག་ལ། རྟོགས་པ་སངས་རྒྱས་དང་ཁྱད་མེད་པ་ཡིན། ཡོན་ཏན་ལ་ཁྱད་ཡོད་པ་ཡིན། དབུ་མ་དང་ཕྱག་རྒྱ་ཆེན་པོ་མན་ཆད་ལ། མ་གི་མུ་སྟེགས་ཉན་ཐོས་ཡན་ཆོད་དུ་སོང་བ་ཅིག །ལྟ་བ་ལ་དགག་སྒྲུབ་མེད་པ་ཡིན། ངོ་བོ་ ཡོད་པ་ཅིག་ལ་ཅིས་ཀྱང་བར་དུ་མི་ཆོད་པ་ཡིན། རང་གི་འཛིན་པས་མ་རྟོགས་པས། ཕ་རོལ་ཏུ་ཕྱིན་པའི་ལམ་རྟགས་དཔྱད་ཀྱང་འབྱུང་བ་མེད་པ་དྲང་དོན་ཡིན་གསུང་། བསྐྱེད་རིམ་མཆོག་དང་ཐུན་མོང་གཉིས་ཀའི་རྟེན་ཡིན་གསུང་། གཉིད་ ཤེས་རབ་ཡིན། རྨི་ལམ་ཐབས་ཡིན། འོད་གསལ་ཤེས་རབ་ཡིན། སྣང་བ་ཐབས་ཡིན། ངོ་བོ་བསྒོམས་པས་བསམ་གྱིས་མི་ཁྱབ་པའི་སྙིང་རྗེར་འགྲོ་བ་ཡིན། སྣང་བ་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཤར་བ་ཡིན་པ། རང་སྣང་དུ་ངོ་ཤེས་ པས་ཆོག །ཅི་ཡང་བྱ་མི་དགོས། དམ་ཚིག་ཧྲིལ་དྲིལ་བ་རྟོག་པར་འདུས་པ་ཡིན། གདོད་མ་ནས་གནས་པའི་ཆོས་ཉིད་འགྱུར་བ་མེད་པ་ཡིན། ངོ་བོ་ཆོས་སྐུ་ཡིན་པས་སངས་རྒྱས་པས་བཟང་དུ་མི་འགྲོ། དམྱལ་བར་སོང་བས་ངན་དུ་མི་འགྲོ་ བ་ཡིན། ངོ་བོ་རྣལ་མར་རྟོགས་པ་སྐྱེས་པའི་ཤུགས་གསལ་བ་མི་འགེགས་པ་ཡིན། བར་དུ་མི་ཆོད་པ་ཡིན། ངོ་བོ་སྐྱེས་པ་ལ་ཉམས་ཡོད་པ་ཡིན། མྱོང་བྱེད་འགེགས་པ་ཡིན། ཡང་དག་པར་སངས་རྒྱས་པའི་ས་ན་བསམ་བརྗོད་ལས་ འདས་པ་ཡིན། སྡོམ་པ་དམ་ཚིག་ཐམས་ཅད་སེམས་སུ་འདུས་པ་ཡིན། སྤོང་བའི་ལམ། སྦྱོར་བའི་ལམ། སྒྱུར་བའི་ལམ། གཞི་ཤེས་པའི་ལམ། དགེ་བཤེས་སྒྲེ་པའི་ཞལ་ནས། ལས་རྒྱས། སྡོམ་པ་ཤོར་བ་མེད། སྡིག་ 2-6-26a པ་སྦྱོང་དགོས། བླ་མའི་ཞལ་ནས། བྲེའི་ནང་དུ་ཕུལ་བཅུག་པ་དང་འདྲ། རང་ལུས་ཀྱི་སྡོམ་པ་གཅིག་གསུང་། རིན་པོ་ཆེའི་ཞལ་ནས། ས་དང་པོའི་བདེན་པ་མཐོང་ནས་ཟག་མེད་ཀྱི་སྡོམ་པ་ཡིན། དགེ་མི་དགེ་ བྱེད་མཁན་རང་གཅིག་པོ་ཡིན། ངོ་བོ་རྟོག་མེད་རང་གསལ་ཡིན། མི་འགག་པ་ཡིན། གདོད་ནས་ཞི་ཞིང་མ་སྐྱེས་དང་། ཤེར་སྙིང་གི་ཟབ་མོ་རྣམས་བརྒྱད་ཀྱིས་ཕོག་པ་ཡིན། ངོ་བོ་རྟོག་མེད་དེས་ཐམས་ཅད་ལ་ཁྱབ་པ་ཡིན། གཉིད་ལོག་ པའི་དུས་དང་། ར་རོ་བའི་དུས་དང་། བརྒྱལ་བའི་དུས་དང་། འཆི་བའི་དུས་ན་ཡང་རྒྱུན་ཆད་པ་མེད་པ་ཡིན། སྔགས་ནས། གཉིད་ཆོས་སྐུར་བཤད། རྨི་ལམ་སྤྲུལ་སྐུར་བཤད། གཉིད་དུ་མ་སོང་བ་ལོངས་སྐུར་བཤད་ཀྱང་། དོན་ལ་རྨི་ ལམ་རྟོག་པ་ཡིན། རྟོགས་ན་གཏུམ་མོ་ལ་སོགས་པ་བསྒོམས་པས་ངོ་བོ་རང་ཡིན། ངོ་བོ་མ་རྟོགས་བར་དུ་གང་སྒོམ་ཡང་རྟོག་པ་ཡིན། ཉམས་ཐོག་ཏུ་ངོ་བོ་ཤོར་བ་སྐྱོན་ཆུང་ཤོས་ཡིན། དེ་ལྟར་སྦྱངས་པའི་ངོས་ནས་འདྲ། རྟོག་པའི་ ཐོག་ཏུ་ཉམས་ཤོར་བ་སྐྱོན་ཆེ་ཤོས་ཡིན། སོ་སོར་ཐར་པའི་རྩ་བཞི་ཤོར་ཡང་། གསང་སྔགས་ཀྱི་དམ་ཚིག་ལ་ཤོར་བ་མེད་གསུང་། གལ་ཏེ་ལས་ཀྱི་དབང་གིས་འཆི་འགྱུར་ན། །རང་བྱུང་ཡེ་ཤེས་ཡོངས་སུ་མེད་མི་འགྱུར། །ཞེས་གསུངས་སོ། ། རང་རིག་པའི་ངོ་བོ་སྐྱེ་འཇིག་ཐམས་ཅད་དང་བྲལ་བར་རྟོགས་ན། བསམ་གཏན་མེད་ཅིང་རྟོག་པས་སངས་རྒྱ་བའི་ཕྱིར་རོ། །ཞེས་གསུངས་པས། གནས་པ་ཡུན་ཐུང་བས་མི་ཏོ། ཡུན་རིང་བར་འདོད་པ་སྐྱོན་ཅན་ཡིན། རྟོག་པ་ཕྲ་མོས་མི་ཏོ། རང་གི་ངོ་བོ་ཡིན། གར་འཕྲོས་པའི་སར་གཏོང་དང་ཚུར་ལོག་འོང་གི། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཕྱི་ནང་གཉིས་སུ་བརྟགས་ཏེ། ཅི་ལྟར་བརྟགས་ན། ཅི་ཡང་མ་ཡིན་པའི་དོན་སྐྱེ་འཇིག་ཐམས་ཅད་ 2-6-26b དང་བྲལ་བ་དེ་ལས་བཟང་བ་ལོགས་ན་འདུག་མི་འདུག་བལྟ་སྟེ། རྟོག་མེད་ཀྱི་ཏིང་ངེ་འཛིན་དྲན་མེད་དུ་ཕྱམ་གྱིས་སོང་བར་བསམ་ལ། དེ་དང་རིག་པ་གང་དགའ་བལྟས་པས། རྟོག་མེད་དེ་ལུང་མ་བསྟན་དུ་འདུག་པས། དེས་ཀྱང་དོན་མི་ འགྲུབ། དེ་བས་ཐ་མལ་གྱི་ཤེས་པ་དགའ། ཡང་ནམ་མཁའི་ཁམས་ཐམས་ཅད་ལྷ་དང་ལྷ་མོས་གང་བར་བསམ་ལ། དེ་རྣམས་ཀྱིས་བདག་ཡར་དྲངས་པས། བདག་དང་དེ་རྣམས་ཐ་མི་དད་དུ་བསམ་ལ། གང་དགའ་བལྟས་པས། དེ་ཡང་ སེམས་ཀྱི་རྣམ་འཕྲུལ་འགྱུར་བ་ཅན་ཡིན་པས། དེ་བས་ཐ་མལ་གྱི་ཤེས་པ་དགའ། དེ་བས་ཀྱང་རང་ཉིད་སངས་རྒྱས་སུ་བྱས་ལ། སྐུ་མདོག་ཕྱག་མཚན་བརྒྱན་ཆ་ལུགས་དང་བཅས་པ། དེ་ཡང་འཇའ་ཚོན་ལྟ་བུར་བཅས་ལ་གང་དགའ་ བལྟས་པས། དེ་ཡང་བསྐྱེད་རིམ་བྱས་པ་ཡིན་པས་ངོས་བཟུང་ཅན་དུ་སོང་། དེ་བས་ཀྱང་ཐ་མལ་གྱི་ཤེས་པ་དགའ། ཡང་མཚན་ཉིད་པའམ། བཀའ་གདམས་པ་བཞིན་དུ་བཟུང་འཛིན་གཉིས་ཀ་མ་གྲུབ་པར་བྱས་ནས། ཆོས་ཐམས་ཅད་ ནམ་མཁའ་ལྟར་བློས་བྱས་ལ་གང་དགའ་བལྟས་པས། དེ་ཡང་བློས་བྱས་ཀྱི་ཆོས་སྟོང་པ་ཉིད་ཡིན་ཏེ། དེ་བས་ཀྱང་ཐ་མལ་གྱི་ཤེས་པ་དགའ། ཡང་རང་ལ་མངོན་པར་ཤེས་པ་ཡོད་པར་བྱས་ལ་གང་དགའ་བལྟས་པས། མངོན་ཤེས་ལྷ་ལ་ ཡང་ཡོད། ལྷ་དག་ཨ་ཅང་ཆེ། མོ་མ་ལ་ཡང་ཡོད་དེ། དེ་ཚེ་འདི་པ་ཡིན། འདྲེ་ལ་ཡང་ཡོད་དེ། གོ་མ་ཆོད། དེ་བས་ཀྱང་ཐ་མལ་གྱི་ཤེས་པ་དགའ། ཐ་མལ་གྱི་ཤེས་པ་དེ་ལ། ཀྱཻའི་རྡོ་རྗེ་ལས། གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས། ། གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་སོ།། །།རིན་པོ་ཆེའི་ཞལ་ནས། རྟོགས་པ་ཉམས་མྱོང་དང་ལྡན་པའི་བླ་མ་རྗེ་བཙུན་གྱི་ཞལ་ནས། 2-6-27a ས་ཧ་ཛྷའི་ཡེ་ཤེས་ནི། ད་ལྟ་ཐ་མལ་གྱི་ཤེས་པ་ཡོད་པ་འདི་ཉིད་ཡིན་གསུང་། དེ་ངོ་ཤེས་པར་བྱེད་པ་ལ། བླ་མའི་གསུང་ལ་བརྟེན་ནས་ཐ་མལ་གྱི་ཤེས་པ་འདི་ཉིད། མ་བཅོས་པར་བཞག ། མ་བསླད་པར་བཞག །རང་སོར་བཞག །རང་དགར་བཞག །དེ་ལྟར་བཞག་པས། རང་སེམས་སྐྱེ་མེད་དུ་རྟོགས། འགག་མེད་དུ་རྟོགས། གནས་མེད་དུ་རྟོགས། དངོས་པོ་མེད་པར་རྟོགས། སྣང་ གྲགས་འདི་ཡང་དེ་དང་འདྲ་བར་རྟོགས་པ་དེ་ལྟ་བ་ཡིན་གསུང་། དེ་ལྟར་སེམས་ཀྱི་དོན་ལ་དུས་ཐམས་ཅད་ཡེངས་པ་མེད་པ་དེ་སྒོམ་པ་ཡིན། དེ་ལྟར་སེམས་ཉིད་སྐྱེ་བ་མེད་པ་དང་སྣང་གྲགས་གཉིས། ཆུ་དང་ཆུའི་ རླབས་ལྟར་གཉིས་མེད་དུ་རྟོགས་པས་ལས་འབྲས་ལ་སྤྱོད་པ་ནི་སྤྱོད་པ་ཡིན་གསུང་།། །།ཡང་གསང་སྔགས་ཀྱི་ལམ་ནི་ཐབས་བསྐྱེད་རྫོགས་གཉིས་ཡིན་ཏེ། བསྐྱེད་རིམ་ནི། རབ་ཀྱིས་ཟུང་ འཇུག་གི་དོན་རྟོགས། འབྲིང་ཐ་མ་གཉིས་ཀྱིས་ཐ་མལ་གྱི་ཞེན་པ་ཟློག །ཡང་ན། རབ་ཀྱིས་ལྷར་མཐོང་སྟེ་བདེ་མཆོག་ལ་སོགས་པ་རང་གང་བྱེད་ཀྱི་ལྷར་མཐོང་། འབྲིང་གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད། ཡང་ན་ཐ་མས་རང་ལྷར་གསལ། འབྲིང་གིས་གཞན་ལྷར་གསལ། རབ་ཀྱིས་རང་གཞན་གཉིས་ཀ་ལྷར་སྣང་བ་དེ་སྒྱུ་མར་རྟོགས་གསུང་།། །།རྫོགས་རིམ་ནི། རབ་ཀྱིས་རང་སེམས་དབུ་མར་རྟོགས། འབྲིང་གིས་རིག་པའི་ངོ་བོ་སྐྱེ་མེད་དུ་རྟོགས། ཐ་མས་སྤྲོས་བཅས་ལ་བརྟེན་ནས་རྩེ་གཅིག་སྦྱོང་། ཡང་ན་རབ་ཀྱིས་ངོ་བོ་ཇི་བཞིན་པར་རྟོགས། འབྲིང་གིས་དབུགས་འགྲོ་འོང་མི་ཚོར་བར་རྟོགས། ཐ་མས་ 2-6-27b ལུས་འདི་མེད་དམ་སྙམ་པར་རྟོགས། །ཤེས་གསུངས་སོ།། །།རིན་པོ་ཆེའི་ཞལ་ནས། དབྱིངས་དང་ཡེ་ཤེས་གཉིས་ནི། དབྱིངས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་དོ། །ཡེ་ཤེས་ ཤེས་བྱ་བ་ནི། སེམས་ཉིད་རྣམ་པར་དག་པ་འོད་གསལ་བའོ། །ཆོས་ཟབ་མི་ཟབ་འབྲིང་པོ་གསུམ་ལས། མི་ཟབ་པ་ནི། རྒྱུ་དགེ་མི་དགེ་ཡོད་པར་བཟུང་བ་ལས་འབྲས་བུ་བདེ་སྡུག་ཡོད་པར་མྱོང་ནས། ལས་འབྲས་ལ་ཡིད་ཆེས་ པའོ། །འབྲིང་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡོད་མ་མྱོང་། རེ་ཤིག་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའོ། །ཟབ་པ་ནི། གཉུག་མ་ནི་རྒྱ་མཚོ་ཆེན་པོ་དང་འདྲ་ཞིང་གཏིང་མི་རྙེད་པའོ། །ཆོས་དང་། ཆོས་ཅན། ཆོས་ཉིད་གསུམ་ནི། ཆོས་ནི་འཁོར་འདས་ཀྱི་ཆོས་བློའི་ཡུལ་དུ་གྱུར་པའོ། །ཆོས་ཅན་ནི། དེར་འཛིན་པར་བྱེད་པའི་ཤེས་པའོ། །ཆོས་ཉིད་ནི། ཡེ་ནས་མ་གྲུབ་པའི་རྣམ་པར་དག་པའོ། །དབྱེར་མེད་ཕྱག་རྒྱ་ཆེན་པོ་ནི། དབང་གསུམ་པའི་དུས་སུ་ཆོས་ཉིད་རྟེན། རྣམ་རྟོག་དབང་དུ་འདུས་པས་དབང་། ཆོས་ཉིད་དབང་དུ་བྱེད་པས་དབང་གི་ངེས་ཚིག་གོ། ལུས་བྱང་ཆུབ་ཀྱི་སེམས་ནི། བསོད་ནམས་ཀྱི་ཚོགས་དེ་ལས་ཡེ་ཤེས་སྐྱེ་བས་ན་ ཡེ་ཤེས་ཀྱི་ཚོགས། ཚོགས་ལམ་དུ་བ་ལྟ་བུའི་རྟགས་འབྱུང་བས་ན་དྲོད། སེམས་གོང་ནས་གོང་དུ་འཕེལ་བས་ན་རྩེ་མོ། སེམས་ལ་བཟོད་ཅིང་བརྟན་པས་བཟོད་པ། འཇིག་རྟེན་ལས་ཁྱད་པར་དུ་འཕགས་ཤིང་བྱང་ཆུབ་ ཀྱི་སེམས་ལ་གནས་པ་ནི་འཇིག་རྟེན་ཆོས་ཀྱི་མཆོག་སྦྱོར་བའི་ལམ། བྱང་ཆུབ་སེམས་ཀྱི་བདེ་བས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྟོགས་པས་མཐོང་ལམ། དེ་ལ་རྒྱུན་དུ་གོམས་པར་བྱེད་པས་སྒོམ་ལམ་མཐར་ཕྱིན་པའི་འབྲས་ 2-6-28a བུའི་ལམ་མོ།། །།དགས་པོ་སྒོམ་ཚུལ་གྱིས་མཛད་པའི་བླ་མའི་ཕྱག་འཚལ།། །།ན་མོ་གུ་རུ། བདེ་བ་ཆེན་པོའི་ངང་ཤེད་ནས། །གསང་སྔགས་མ་ལུས་སྟོན་མཛད་ཅིང་། ཡེ་ཤེས་རྒྱུན་ཆད་མེད་པ་ཡི། །རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཕྱག་རྒྱ་ཆེན་པོའི་ངང་ཤེད་ནས། །སྤྲུལ་སྐུས་སྐལ་ལྡན་འདྲེན་མཛད་ཅིང་། །དུས་གསུམ་མཉམ་པར་གཟིགས་པ་ནི། །རྗེ་ཏཻ་ལོའི་སྐུ་ལ་ཕྱག་འཚལ་ བསྟོད། །འོད་གསལ་ཟུང་འཇུག་ངང་ཤེད་ནས། །དཀའ་སྤྱད་མཐའ་ཕྱིན་མཆོག་བརྙེས་ན། །གཞན་ཕན་ཐུགས་རྗེས་གཟིགས་པ་ཡི། །རྗེ་ནཱ་རོའི་སྐུ་ལ་ཕྱག་འཚལ་བསྟོད། །གསང་སྔགས་རྒྱུད་སྡེའི་ངང་ཤེད་ནས། ། འོད་གསལ་རྒྱུན་ཆད་མེད་པ་ཡི། །གཞན་འཕོ་གྲོང་འཇུག་མཛད་པ་ཡི། །རྗེ་མར་པའི་སྐུ་ལ་ཕྱག་འཚལ་བསྟོད། །རླུང་སེམས་གཉིས་མེད་ངང་ཤེད་ནས། །འོད་གསལ་རྒྱུན་ཆད་མེད་པ་ཡི། །དོན་རྣམས་ཀུན་ལ་ མངའ་བརྙེས་པའི། །རྗེ་མི་ལའི་སྐུ་ལ་ཕྱག་འཚལ་བསྟོད། །མཉམ་མེད་རྗེ་བཙུན་རིན་པོ་ཆེ། །ཅིར་སྣང་ཆོས་སྐུར་སྟོན་མཛད་ཅིང་། །བདེ་བ་ཆེན་པོར་གཟིགས་མཛད་པའི། །རྗེ་དུས་གསུམ་གསལ་ལ་ཕྱག་ འཚལ་བསྟོད། །ཉིན་མཚན་དུས་གསུམ་ཐམས་ཅད་དུ། །མཉམ་བཞག་ངང་ལ་མ་གཡོས་པའི། །རྣམ་སྣང་མཛད་ཀྱི་སྤྲུལ་པ་གཅིག །རྗེ་ཡེ་ཤེས་རྒྱུན་ལ་ཕྱག་འཚལ་བསྟོད། །འགྲོ་དྲུག་སེམས་ཅན་ ཐམས་ཅད་ལ། །ཐུགས་རྗེའི་ཆུ་རྒྱུན་མི་བཅོད་པའི། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཅིག །རྗེ་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །ཉོན་མོངས་ནད་ཀྱིས་གཟིར་ 2-6-28b བ་ལ། །སྨན་པའི་རྒྱལ་པོའི་སྤྲུལ་པ་ཅིག །རྗེ་དུག་ལྔ་སེལ་ལ་ཕྱག་འཚལ་བསྟོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །སྣ་ཚོགས་སྒོ་ནས་སྨིན་པར་མཛད། །ཡེ་ཤེས་སྒྲོན་མེ་འདེགས་མཛད་པའི། །རྗེ་སྤྲུལ་པའི་སྐུ་ལ་ ཕྱག་འཚལ་བསྟོད། །བདག་གིས་ཁྱེད་ལ་དེ་བསྟོད་པས། །དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ནད་རྣམས་སེལ་བར་ཤོག །བླ་མ་མཉམ་མེད་རིན་པོ་ཆེ། །དུས་ གསུམ་སངས་རྒྱས་ངོ་བོ་ཉིད། །འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །རང་རིག་སྤྲོས་དང་བྲལ་བ་ལ། །ཉམས་སུ་མྱོང་བ་རྒྱུན་ཆད་མེད། །མཉམ་བཞག་རྗེས་ཐོབ་མི་མངའ་བའི། །སྐྱེ་མེད་ ཐུགས་ལ་ཕྱག་འཚལ་བསྟོད། །ནམ་མཁའ་སྤྲིན་མེད་དག་པ་བཞིན། །རང་སེམས་བདེ་བ་ཆེན་པོ་ལ། །རྣམ་རྟོག་གློ་བུར་དྲི་མ་སྤངས། །སྤྲོས་བྲལ་ཐུགས་ལ་ཕྱག་འཚལ་བསྟོད། །སྐྱེ་འགག་མེད་པའི་ཆོས་སྐུ་ལ། །རྣམ་པར་མི་རྟོག་ གཞན་དོན་འབྱུང་། །གཟུང་འཛིན་གཉིས་མེད་འོད་གསལ་ཐུགས། །ཆོས་སྐུ་ཁྱོད་ལ་ཕྱག་འཚལ་བསྟོད། །ཚོགས་གཉིས་བསགས་པའི་གང་ཟག་ལ། །བྱང་ཆུབ་སེམས་ནི་བསྐྱེད་པར་མཛད། །ཐེག་པ་ཆེན་པོའི་ཆོས་རྣམས་སྟོན། ། ལོངས་སྐུ་ཁྱོད་ལ་ཕྱག་འཚལ་བསྟོད། །གདུལ་བྱའི་རྟོག་པ་ཐ་དད་ལ། །ཐེག་པའི་བྱེ་བྲག་སྣ་ཚོགས་ཀྱིས། །མི་ཤེས་བློའི་མུན་པ་བསལ། །སྤྲུལ་སྐུ་ཁྱོད་ལ་ཕྱག་འཚལ་བསྟོད། །འཁོར་འདས་དབྱེར་མེད་གཉུག་མའི་ངང་། །སྣང་ སྟོང་དབྱེར་མེད་ཆོས་ཀྱི་དབྱིངས། །ཆོས་རྣམས་གཉིས་སུ་མེད་པར་རྟོགས། །སྐུ་བཞི་དབྱེར་མེད་ཁྱོད་ལ་བསྟོད། །རིག་པའི་གནས་ལྔ་དག་ལ་མཁས། །ལམ་ལྔ་དག་ཀྱང་རབ་ཏུ་ལྡན། །ཉོན་མོངས་དུག་ལྔ་ཀུན་སྤངས་པའི། །ཡེ་ཤེས་ 2-6-29a ལྔ་ལྡན་ཁྱོད་ལ་བསྟོད། །ཡུལ་དྲུག་བདེ་བ་ཆེན་པོར་རྟོགས། །འགྲོ་དྲུག་བྱང་ཆུབ་ཐབས་ཀྱིས་འཛིན། །ཕ་རོལ་ཕྱིན་པ་དྲུག་གིས་མཛེས། །མངོན་ཤེས་དྲུག་ལྡན་ཁྱོད་ལ་བསྟོད། །འདི་ལྟར་བསྟོད་ པའི་བསོད་ནམས་དེས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །མ་རིག་མུན་པ་རྒྱུན་བཅད་ནས། །ཤེས་རབ་དྲི་མེད་ཐོབ་པར་ཤོག། །།ཅེས་པ་འདི་ནི། རྗེ་ཉིད་ཀྱི་དཔོན་པོ། །སྤྱན་སྔ་ཆོས་ ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་བགྱིས་པའོ།། །།ཡི་གེ་པ་ནི་གཡེ་ཕྱོགས་སྔ་འབྲིང་ནས་དཔོན་པོ་ཤེས་རབ་ཀུན་དགའ་ལགས། ། འདིའི་ཕྱོགས་སུ་གོམ་པ་གང་བོར་བ་ཕ་མས་གཙོ་བྱས་སེམས་ཅན་རྣམས་རྡོ་རྗེ་འཆང་དང་མཇལ་བར་ཤོག། །།མངྒ་ལམྦྷ་ཝནྟུ།། །། །། 2-7-1a ༼ཁི༽ ཁི༑ ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་༐ བཀའ་ཚོམས་དང་ཕྱག་རྒྱ་ཆེན་པོ་ལྔ་ལྡན༑ ལམ་མཆོག་རིན་ཆེན་ཕྲེང་བ༐ ཆོས་བཞི་མདོར་བསྡུས༐ ཉམས་ལེན་མདོར་བསྡུས༐ གནད་ཀྱི་གཟེར་གསང་༐ ཞལ་གདམས་གསང་མཛོད་མ།། ཌོཾ་བྷི་པའི་གཏུམ་མོ༐ འཁྲུལ་འཁོར་གྱི་གཏུམ་མོ༐ བར་དོའི་གདམས་པ༐ འཕོ་བའི་ཞལ་གདམས་རྣམས་བཞུགས།། 2-7-1b ༄༅༅། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །གྱད་དེ་རང་གི་ལུས་ཀྱི་ནང་ན་ཡོད་པས་ཆོག་གི་ནོར་བུ་ལྟོ་ན་ཡོད། །ཟླ་བའི་ངོ་བོ་བླ་མའི་རྟོགས་པ་འགྱུར་བ་མེད་པ་ཡིན་པ་ལྟར་རྟོགས་པའི་འཕེལ་འགྲིབ་ ནོར་བུ་དེ་ཕྱི་རོལ་ལ་སོགས་པ་ནས་མི་བཙལ་ཏེ། མེད། །འཇའ་ཚོན་ལྟར་ཆོས་ལ་ཟབ་མི་ཟབ་ཡོད་རི་མོ་ སོ་སོར་གསལ། །བྱིས་པ་རྣམས་ལ་ལོ་བསྐྱེད་དགོས་སྐད་ཅིག་གཅིག་ལ་གོ་དགོས། །ཁང་པ་བླ་མ་རྟོགས་ལྡན་ཅིག་གིས་རྟོགས་པའི་རིམ་པའམ ནང་གི་མི་དེ་ཡིས། །ཕྱི་རོལ་ཆོས་ཀྱི་གནད་ཆེ་ཆུང་རྣམས་སྐྱེ་བའི་རིམ་པ་གང་། །ལྟར་རྣལ་འབྱོར་པ་ལ་ཡང་། ། མི་དེ་ཉིད་བླ་མ་མཁས་པ་རྟོགས་ལྡན་ཀྱི་ཤེས་པ་ལས། །མཐོང་གིས་བླ་མ་མི་མཁས་པས་གཞན་གྱིས་ག་ལ་ཤེས། ། 2-7-2a མི་དེ་ཉིད་ལ་དྲི་བར་བྱ་སྟེ་རྟོགས་ལྡན་གྱི་བླ་མ་བཟང་པོ་སྟེ་བླ་མ་མཁས་པ་བསྟེན་པ་གཅེས། །དང་པོ་སེམས་ནི་གཞན་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དྲན་པ་གཅེས། །སྐྱོན་གྱིས་མ་གོས་སྣ་ཚོགས་པདྨའི་སྟེང་དུ་སྟོང་པ་ལ། །ཐབས་ཟླ་བའི་དཀྱིལ་འཁོར་དཀར་པོ་དང་ཤེས་རབ་ཉི་མའི་དཀྱིལ་འཁོར་དམར་པོ་གདན་ལ་ཡང་། །ང་ དང་ང་རུ་ཡབ་ཧེ་རུ་ཀ་བསྒོམ་པར་ཡུམ་རྣལ་འབྱོར་མ་བྱ། །དབང་ ཕྱུག་དེ་ཡི་གཡས་ནས་སུ། །དུས་གསུམ་སངས་རྒྱས་ཀུན་གྱི་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ཐུགས། །སྐར་མདའ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ལྷའི་རྣམ་པ། ཕྱི་ནང་གསང་གསུམ་གྱིས་མཆོད་པས་མཆོད། །ཡང་འོད་ཟེར་འཕྲོས་པས་ལྷ་ཚོགས་དེ་དག་ཀྱང་དེའི་འོད་ཀྱིས་ནི། །ཁང་པ་བདག་པོ་བཅས་ནས་ཀྱང་། ། བསྙེན་བཀུར་ཐམས་ཅད་དེ་ལ་དབུལ། །དེ་ནས་དེ་དག་ཐམས་ཅད་ཀྱང་། །འཁོར་ལོས་སྒྱུར་པའི་རྩ་བའི་བླ་མ་འབའ་ཞིག་ཏུ་གྱུར་རྒྱལ་པོ་ལ། །དེ་ཉིད་དེ་ཕྱི་ནང་གསང་གསུམ་གསུམ་གྱིས་མཆོད་བྱས་ལ། །དགོས་པ་འདོད་པའི་དོན་ཅི་ཡོད་གསོལ་བ་གདབ་གང་དང་ གང་ཡང་འོང་ཕར་ཚུར་ཡིན་ཞུ། །སྤྲོས་དང་རང་ལ་བསྡུས་ཐིམ་པའི་སྦྱོར་བ་ཡིས། །འཁོར་ལོས་བླ་མ་ནི་བདག་ཉིད་སྒྱུར་རྒྱལ་བདག་ཉིད་ 2-7-2b སྒོམ། །ལྐུག་པའི་ངང་ལ་བཞག་པར་དེ་ནས་མ་བཅོས་པའི་ངང་ལ་བྱ། །རྒྱལ་གཉིས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་། དཔལ་ལྡན་བླ་མ་རྡོ་རྗེ་ཅན་གྱི་སྐུ། །དེའི་གསུངས་པ་རྡོ་རྗེའི་ཚིག །བླ་མའི་གསུང་གདམས་ངག་ཟབ་མོ། རྒྱལ་བའི་བཀའ་མདོ་རྒྱུད་ཟབ་མོ། །གཏིང་མཐའ་མེད་པ་རྒྱ་མཚོ་ལ། །དེའི་ཟབ་པའི་མཐའ་ལ་ཐུག་པ་མེད། ཏིང་འཛིན་སྐྱོ་སངས་སྐབས་སུ་བྱ། ཀྱིས་བསྒོམ་པ་གལ་ཆེ་རྩ་བ་ལྟ་རྟོགས། །དེ་དང་དེ་ཡི་རང་བཞིན་ལ། །མི། འདོད་ཆགས་སམ་ཞེ་སྡང་། བདག་ཉིད་ཆེན་པོ་ང་རྒྱལ་བསྐྱེད། ཀྱི་ཞེ་སྡང་། དེ་ལ་ལྔ་ལྡན་གནད་དུ་བསྣུན། ཕྱག་རྒྱ་ཆེན་པོ། །དེ་ཉིད་དེའི་གདུལ་བྱར་འགྱུར། །འདོད་ཆགས་སམ་ཞེ་སྡང་གང་ཡིན་པ། གཏི་མུག་སྣ་ལ་ཞེ་སྡང་རྒྱོབ། །ལྔ་ལྡན་རལ་གྲིའི་འཁོར་ལོ་བསྐོར། ཉོན་མོངས་པ་གང་དང་གང་སྐྱེས་པ་དེ་ལ་ཕྱག་རྒྱ་ཆེན་པོ། །རབས་ཆད་བུ་ཡི་སྨྱོན་པ་ལ། །སྐྱེ་བ་མེད་པའི་དོན་ལ། འགག་པ་མེད་པའི་རྩལ། །ལྕགས་སྣ་གཉིས་ཐབས་ཤེས་རབ་ཀྱི་རལ་གྲི། བསྐྱར། །ང་དང་བུ་རུ་བཅས་པ་ལ། ཉོན་མོངས་པ་རགས་པ་དང་ཕྲ་བ། །ཉེ་འབྲེལ་རྩ་ལག་མ་ལུས་པ། །ཉོན་མོངས་པ་བག་ལ་ཉལ་བ་དང་། ཉོན་མོངས་པའི་ས་བོན་དང་བཅས་པ། ཐམས་ཅད་དེ་ཡིས་བདེ་བ་ཐབས་ཤེས་རབ་གཉིས་ཀྱིས། མཐོང་། ཉོན་མོངས་པའི། །མ་ལུས་རོ་དེ་གཉིས་མེད་ཙམ་དུ་འཛིན་པ་ཕྲ་མོ། མེ་ལ་བསྲེགས། །ཐལ་བ་ཆུ་བོའི་གཞུང་ལ་བསྐུར། །གཉིས་མེད་ཀྱི་ངང་ལ་ཕྱམས་ཀྱིས་བཏང་ལ། དེའི་ངང་ལ་མ་ཡེངས་བར་བྱ། །འོག་མིན་ནམ་མཁའི་ཕོ་བྲང་ནས། །སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ། ཆུ་འཛིན་ཟླ་བའི་དཀྱིལ་ཧཾ་ཡིག་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། འཁོར་ལ། །གཉིས་མེད་འོ་མའི་རྒྱུན་བབས་ཏེ། །དཀའ་བྱང་སེམས་སྐྱ་ན་ར་ར་བབ་སྟེ། ཡུར་པོ་ཆེ་ལ་བཅུག་ནས་ཀྱང་། རྩ་དབུ་མའི་ནང་ན་མར། །ཞིང་སོགས་རྫིང་བཞི་ཁེངས་པར་བྱ། ལུས་ཀྱི་རྩ་ཕྲན་ཐམས་ཅད་དང་། རྩ་ཆེན་འཁོར་ལོ་བཞི། ཚེམས་ཀྱི་ལེའུ་འོ།། །།ཕྱག་རྒྱ་ཆེན་པོ་ལྔ་ལྡན་ནི།། །། 2-7-3a སངས་རྒྱས་ཀུན་དང་མཉམ་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་ཕྱག་རྒྱ་ཆེན་པོའི་མན་ངག་ལ་རྣམ་པ་ལྔ་སྟེ། རྟོགས་པ་ལྟ་བ་དང་ལྡན་པ། སྒོམ་པ་ཉམས་མྱོང་དང་ལྡན་པ། སྤྱོད་པ་རོ་སྙོམས་དང་ལྡན་པ། གདམས་ངག་བརྒྱུད་པ་དང་ལྡན་པ། ངེས་ཤེས་སྐྱོན་བསལ་བ་དང་ལྡན་པའོ། །རྟོགས་པ་ནི། རྣམ་པ་གཉིས་ཏེ། དེ་ལ་རྒྱས་པར་བཤད་པ་ནི། ཐ་སྙད་རྣམ་པར་བཞག་པའི་དབང་ དུ་བྱས་ན། སྣང་གྲགས་ཀྱི་ཆོས་ཐམས་ཅད། ཞི་ལུ་དང་། ཡུངས་དཀར་གཉིས་མར་གྱི་རྒྱུ་ཡིན་པར་ཅིག་པ་བཞིན་དུ། འཁོར་བ་དང་། སངས་རྒྱས་ཀྱི་རང་བཞིན་གཉུག་མའི་སེམས་སུ་ཅིག་སྟེ། རང་སེམས་བླ་མར་ ཤེས་པའི་དུས་སུ། སེམས་ཅན་དང་སངས་རྒྱས་རྒྱུ་གཅིག་པར་ཤེས་པར་བྱའོ། །སེམས་ཅན་དང་སངས་རྒྱས་རྒྱུ་གཅིག་ཏུ་རྟོགས་པར་བྱ་བ་ལྟར། སྣང་བ་དང་སེམས་སྣང་བ་བླ་མར་ཤེས་པའི་དུས་སུ། སྣང་ཚད་ཕྱག་རྒྱ་ཆེན་པོར་ཤེས་པར་བྱའོ། ཐ་མི་དད་དུ་རྟོགས་པར་བྱའོ། །དེ་ཡང་སངས་རྒྱས་དང་། སེམས་ཅན་གཉིས། དཔེར་ན་ཏིལ་དང་ཏིལ་ མར་དང་། ཆུ་དང་ཆབ་རོམ་སྣང་བ་དང་སྟོང་པ་གཉིས་བཞིན་དུ་ཤེས་པར་བྱའོ། །ལྟ་བ་ནི། གང་ལ་ཡང་འཁོར་འདས་ཀྱི་དངོས་པོ་གང་ལ་ཡང་ཞེན་པ་མེད་པ་སྟེ། སངས་རྒྱས་གཉུག་མ་ལས། ལོགས་སུ་སངས་རྒྱས་ཅིག་མ་མཐོང་བས་སོ། ཐོབ་ཏུ་མི་རེ། དམྱལ་བར་སོང་གིས་གཉུག་མ་ལས་གཞན་པའི་རྒྱུའི་འཁོར་བ་མ་མཐོང་བའོ།། མི་དོགས་པའོ། །སྒོམ་པ་ནི། ། ངོས་བཟུང་དང་པོ་སྒོམ་པ་ནི་རང་རིག་འོད་གསལ་གྱི་མན་ངག་མེད་ཅིང་ཕྱོགས་སུ་མ་ལྷུང་གཉིས་པ་རྟགས་ཆད་ལ་སོགས་པའི་བ་སྟེ། ཐ་སྙད་གང་གིས་ཀྱང་བརྗོད་པའི་སྒྲ་པར་མི་ ནུས་པའོ། དང་། རྟོགས་པའི་འདི་ཡིན་ཞེས། ། དེ་ཡང་ཤེས་པ་སྣང་བ་དཀར་དམར་ལ་སོགས་པའི་ཡུལ་ལ་དམིགས་ཏེ། ཕྱིར་མི་བཞག །ནང་དུ་ཏིང་ངེ་འཛིན་གྱི་མཚན་མ་གང་ལ་ཡང་མི་འགུགས། རང་ལུགས་འགག་མེད་དུ་ངོས་བཟུང་མེད་པ་ཝལ་ལེ། ལྷུག་པ་གཏད་མེད་དུ་བཞག། 2-7-3b ཉམས་སུ་མྱོང་བ་ནི། རྒྱུན་ཆད་མེད་པ་གཉིད་དང་རྨུགས་པ་ལ་སོགས་པ་མེད་པར་སྟེ། འགྲོ་འཆག་ཉལ་འདི་ཡིན་བྱ་བའི་འདུག་ཐམས་ཅད་དུ་སྒོམ་དུ་མེད་ཀྱང་། ཡེངས་པ་དེ་ལ་མཚན་འཛིན་སྐད་ཅིག་ཀྱང་མི་བྱའོ། །ཤེས་པ་མར་མེ་རླུང་གིས་མི་བསྐྱོད་པ་ལྟ་བུ། མེ་རེ་བ་དང་། ལྡེམ་པ་རྒྱ་མཚོ་ལྟ་བུ་དང་། ཕྱང་སོ་ངོས་བཟུང་མེད་པ་དང་། བདེ་བ་བདེ་བ་ཁྱད་པར་དུ་བྱས་པའི་ངོས་བཟུང་དང་། གསལ་བ་དང་། སྣང་བ་ཕྱི་རོལ་གྱི་ཡུལ་དཀར་དམར་ལ་སོགས་པ་ལ་རབ་རིབ་ཏུ་འདུག་པ་དང་། གཟའ་གཏད་ཆུང་བ་དང་། ། བརྗེད་མཚན་མའི་ཐ་སྙད་ཐམས་ཅད་ངས་པ་དང་། རྒོད་སྙིང་གསལ་ཞིང་བདེ་བ་འདོད་པ་དང་། ངུ་སྙིང་སྙིང་མི་དགའ་བས་འདོད་པ་དང་། རྒྱུག་པ་དང་། འཇིག་རྟེན་ཐ་མལ་པའི་སྤྱོད་ལམ་གཞན་དང་མི་མཐུན་པ་བྱུང་ན། ཉམས་མྱོང་གི་རྟགས་ཡིན་ཏེ། གང་ལ་དེ་རྣམས་ ཡང་ཞེན་ཆགས་དང་ངོ་མཚར་དུ་མི་རྩི། །ཤེས་འཐོམ་པ། བྱིང་རྨུགས་དང་། ཟང་ཟིང་དུ་འདུག་པ་དང་། འགྱོད་པ་དང་། ཤེས་པ་ནམ་མཁའ་མ་དག་པ་ལྟ་བུ་བྱུང་ན། རླུང་ཚིགས་ལ་ཞུགས པ་ཡིན་པས། ཚོགས་དྲུག་གཉིད་ལ་སོགས་པ་མི་འགོག་ལྷུག་པར་བཞག་ལ། ཤེས་པ་རང་དག་ཡུལ་ལ་རང་ཡན་དུར་བཏང་ངོ་། །དེས་བཏང་བས་ཀྱང་ཐིབས་པ་ལ་སོགས་པའི་ཀྱང་སྐྱོན་མ་སྤོངས་ན། སྣང་བ་ཐམས་ཅད་སེམས་རྩལ་སྦྱོང་དུ་གཞུག་གོ། དེ་ལ་སོགས་པའི་ཉམས་མྱོང་ཅི་ བྱུང་ཡང་། སྐྱོན་དུ་མི་ལྟའོ། །སྤྱོད་པ་ནི་གང་ལ་མན་ངག་གསུམ་པ་གྲུབ་མཐའ་ལ་སོགས་པའི་དགག་སྒྲུབ་ཡང་ཕྱོགས་སུ་མ་ལྷུང་བའོ། །རོ་སྙོམས་ནི། འཇིག་རྟེན་པ་ལས་གོ་ལོག་ལ་འཇིག་རྟེན་ པ་དང་ཚུལ་པའི་སྤྱོད་པ་དང་མི་མཐུན་པར་བྱའོ། །མན་ངག་ནི། ། རང་སེམས་སངས་རྒྱས་སུ་ཤེས་ཀྱང་། བླ་མ་རྗེ་བཙུན་རྣམས་མི་སྤང་། སྣང་བ་སེམས་སུ་རྟོགས་ཀྱང་། 2-7-4a འདུས་བྱས་ཀུན་རྫོབ་ཀྱི་དགེ་རྩ་རྒྱུན་མི་བཅད། དམྱལ་བར་སོང་གི་དོགས་པ་མེད་ཀྱང་། སྡིག་པ་ལ་འཛེམ། སངས་རྒྱས་ལ་རེ་བ་མེད་ཀྱང་། ཆོས་གང་ལ་ཕྱི་ནང་གི་ཡང་སྐུར་བ་མི་བཏབ། རང་ལ་ཏིང་ངེ་འཛིན་གྱི་ ཡོན་ཏན་ཅི་ལྟ་བུ་བྱུང་ཡང་། ང་རྒྱལ་མི་བྱ། འཁོར་འདས་གཉིས་མེད་དུ་རྟོགས་ཀྱང་། དགོན་པ་བསྟེན་པ་ལ་གོམས་པར་བྱ། རང་གཞན་ཐ་མི་དད་དུ་རྟོགས་ཀྱང་། སེམས་ཅན་ལ་སྙིང་རྗེ་ མཆོག་དང་ཐུན་མོང་གིས་ཆེན་པོ་རྒྱུན་མི་ཆད་ན་ཐོན་དུ་མི་འགྱུར་བཅད། བརྒྱུད་པ་ནི། སངས་རྒྱས་བརྒྱུད་པ་དང་མི་ལྡན་ན་བྱིན་བརླབས་མི་འབྱུང་བས་ནས། ད་ལྟ་ཡན་ཆད་ཀྱི་བླ་མ་རྗེ་བཙུན་པ་རྣམས་ལ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་ཅིང་མཎྜལ་དུས་ཐམས་ཅད་དབུལ། ངེས་པའི་ཤེས་པ་ནི་ལྔ་སྟེ། །རང་གདོད་རྡོ་རྗེ་འཆང་ནས། རྩ་བའི་བླ་མ་ཡན་ཆད་ལ། དམ་ཉམས་དང་བསླབ་འཆལ་གྱིས་བར་མ་ཆོད་པའོ། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་བྱ། དུ་སྒོ་གསུམ་གུས་པའི་སྒོ་ནས་ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩ། མ་ནས་སངས་རྒྱས་ཡིན་པར་སེམས་ཀྱང་རང་བཞིན་ངེས་ཤེས་བསྐྱེད། གཟའ་གཏད་མེད་པའི་དོན་མ་རྟོགས་ན། འཁོར་བ་སྡུག་བསྔལ་བར་ངེས་ཤེས་བསྐྱེད་དོ། །ལྷན་ཅིག་ སྐྱེས་པའི་ཡེ་ཤེས་གཉུག་མར་ངེས་ཤེས་བསྐྱེད། རྟོགས་པའི་ངང་ལ་སེམས་བཞག་ན་འབྲས་བུ་ཐམས་ཅད་རང་ཆས་སུ་འཆར་བར་ངེས་ཤེས་བསྐྱེད་དོ། །འཁོར་བ་དང་པོ་རྒྱུ་མ་རྙེད། བར་དུ་རང་གི་ངོ་བོ་མ་རྙེད། ཐ་མ་རང་གི་འབྲས་བུ་མ་རྙེད་དེ་མ་ཐར་པའོ།། ཐོག་མ་དང་ཐ་མ་མེད་པར་ངེས་ཤེས་བསྐྱེད། སྐྱོན་ བསལ་བ་ནི་བརྒྱད་དེ། རེ་དོགས་གཉིས་བྱུང་ན། ལྟ་བ་མ་རྟོགས་པའི་སྐྱོན། སྒོམ་བྱ་སྒོམ་བྱེད་གཉིས་བྱུང་ན་སེམས་རྩེ་གཅིག་མེད་པའི་སྐྱོན། བླང་དོར་གཉིས་ 2-7-4b བྱུང་ན། སྒོམ་པར་མ་བྱས་པའི་སྐྱོན། ཡོ་བྱད་དང་ཉེ་དུ་ལ་ཆགས་ན། ལམ་དུ་འཁྱེར་མ་ཤེས་པའི་སྐྱོན། ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་བྱའོ།། །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་སྒྲོས། ལམ་མཆོག་ རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། །།གོལ་ས་ཐམས་ཅད་གཅོད་མཛད་ལ། །ཡང་དག་དོན་ནི་སྟོན་མཛད་ཅིང་། །ཆོས་ཉིད་ངང་དུ་རྟོགས་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱུའི་རྐྱེན། བདག་ པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་ཏེ་བཞིའོ། །ལོག་པའི་བཤེས་གཉེན་འཁྲུལ་པ་དང་རེ་དོགས་ལ་ཞེན་པ། ཡང་དག་པའི་བཤེས་གཉེན་མ་འཁྲུལ་བ། རེ་དོགས་མེད་པ། གསོལ་འདེབས་ནུས་པ། འགལ་སྒྱུར་ནུས་པ། གོ་འབྱེད་ནུས་པའོ། །ཤེས་པའི་མཚན་ཉིད། ཁྱད་པར་གྱི་མཚན་ཉིད། བྱེད་པའི་མཚན་ཉིད། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཤེས་པའི་མཚན་ཉིད་ནི། ཤེས་རབ་ཀྱིས་སེམས་ ཀྱི་མཚན་ཉིད་ངོ་ཤེས་པར་བྱ་སྟེ། སྐྱེ་བ་མེད་པ་ཆོས་སྐུ། འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། སྐུ་གསུམ་བརྟགས་པའི་བློ་ལ་སྣང་བ། ཚིག་ཏུ་བརྗོད་འདོད་ཀྱང་། ངོ་བོ་ལ་ངོས་བཟུང་ དང་བྲལ་བ་བློའི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་སྐུ། སེམས་ཀྱི་མཚན་ཉིད་སྐུ་བཞིར་ཤེས་པར་བྱའོ། །ཁྱད་པར་གྱིས་མཚན་ཉིད་ནི། རྣམ་རྟོག་གང་བྱུང་སེམས་ཉིད་ཡིན་པས། མི་སྤོང་བར་སྐུ་བཞིར་འཁྱེར་བའོ། །བྱེད་པའི་མཚན་ ཉིད་ནི། རྟོག་པ་སྐུ་བཞི་ཡིན་ཡང་བྱེད་པ་པོ་མེད། ཆོས་ཉིད་ཀྱི་སྒྱུ་མ་ལྟ་བུར་འགྲོ། ངོ་བོ་ཉིད་ཀྱི་མཚན་ཉིད་ནི། གདོད་མ་ནས་སྐུ་བཞིར་ལྷུན་གྱིས་གྲུབ་པ་ཡིན། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་བཞི་ལས་མ་འདས་པར་ 2-7-5a ཤེས་ཙ་ན། ལྟ་བའི་གོ་ཆ་སྟེ། ཐམས་ཅད་ཤེས་རབ་ཀྱི་ཡུལ་དུ་ཤེས་ནས་མཐའ་ཁེགས་ཏེ། དཔེར་ན་བྱ་ཐག་པས་བཏགས་པ་དང་འདྲའོ། །ཤེས་རབ་ཀྱི་གོ་ཆ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་བཞག །ལུས་བསྲང་། མིག་སྣ་རྩེར་ཕབ་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་བལྟས་ལ། ཚིག་ཏུ་ལན་གསུམ་བརྗོད་པ་ནི་ཐོས་པའི་ཤེས་རབ་བོ། །ཚིག་ལ་བརྟེན་ནས་དོན་གོ་བ་ནི། བསམ་པའི་ ཤེས་རབ་བོ། །རྟོགས་པ་དོན་དུ་ཤེས་པ་ནི་སྒོམ་པའི་ཤེས་རབ་བོ། །ཤེས་རབ་ཀྱིས་དེ་ལྟར་ལག་ཏུ་ལོན་ནས། རྟོགས་པ་མངོན་དུ་གྱུར་བའི་སངས་རྒྱས་ཤེས་དེ་ལ་བྱའོ།། །།སྐྱབས་སུ་འགྲོ་བའི་དབང་དུ་བྱས་ན། དེ་ལྟ་བུའི་ དོན་རྟོགས་ཤིང་ཁོང་དུ་ཆུད་ན། སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན། ཆོས་ཐམས་ཅད་དེ་ཉིད་ཡིན་པས། རྟོགས་པ་ལམ་དུ་བྱེད་ན། ཆོས་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟར་རྟོགས་པ་ལམ་དུ་བྱེད་པའི་མཁན་པོ་ རྟེན་མེད་པའི་རིག་པ་ལས་བྱུང་བས། ཐོགས་པ་མེད་པའི་ཤེས་རབ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟ་བུའི་ཁྱད་པར་ཅན་གྱི་ལམ་དེ་ལ་རྟོགས་པ་ཅི་སྐྱེས་ཐམས་ཅད་ཕ་རོལ་དུ་ཕྱིན་པའི་ལམ་དུ་འགྲོ། ཐབས་སུ་འགྲོ། རྟོག་པ་ཉིད་ ཀྱིས་བསྐུལ་མ་བཏབ་ནས་གྲོགས་སུ་འགྲོ་སྟེ། རྟོག་པ་གང་གི་མཚན་ཉིད་ཤེས་པ་ནི་ཤེས་རབ། རྟོག་པ་ཐམས་ཅད་ལམ་དུ་བྱུང་བས་བསམ་གཏན། རྟོག་པ་སྐྱེས་ཚད་ལམ་ཉིད་དུ་སྐྱེས་པས། ཡོངས་སུ་སྦྱོང་བའི་བརྩོན་འགྲུས། ཆོས་ ཉིད་ཟབ་མོའི་དོན་ལ་མི་སྐྲག་པས་བཟོད་པ། དེ་ལྟ་བུའི་བསམ་གཏན་དེ་ལ། ཉོན་མོངས་པའི་ས་བོན་མེད་པས། ཟག་པ་མེད་པའི་ཚུལ་ཁྲིམས། དེ་ལྟ་བུའི་ཐབས་ཤེས་ཀྱི་རྟེན་འབྲེལ་ལག་ཏུ་བླངས་པས། དེ་ལྟར་མ་རྟོགས་པའི་སེམས་ 2-7-5b ཅན་ལ་སྙིང་རྗེ་ངང་ངམ་ཤུགས་ཀྱིས་སྐྱེས་ནས། ཅི་བྱེད་སེམས་ཅན་གྱི་དོན་དུ་འགྲོ་བས་སྦྱིན་པའོ།། །།དེ་ལྟ་བུ་དང་ལྡན་པའི་ལམ་འདི་ལ་སྐབས་བརྒྱད། དེ་ལྟར་སྒྲུབ་པ་པོའི་ལག་ཆར་འཁྱེར་བས་ཕྱིར་མི་ལྡོག་པ་ཐོབ་སྟེ། སེམས་ དང་རྟོག་པ་ཐ་མི་དད་ཅིང་སྐུ་བཞིར་ཁྱེར་བས། རྣམ་པ་ཐམས་ཅད་མཁྱེན་པ། ཐམས་ཅད་ལམ་དུ་ཤེས་པས། ལམ་ཤེས། སྒྲུབ་པ་པོ་ཐབས་ལ་མཁས་ནས་བྱས་པ་མ་ཡིན་ཏེ། གདོད་མ་ནས་རྟོག་པ་རང་གི་མཚན་ཉིད་དེ་ ལྟར་ཡིན་པར་ཤེས་པས། གཞི་ཤེས། རྒྱུ་ལམ་འབྲས་བུ་ངོ་བོ་གཅིག་ཏུ་སྦྱོང་བས། རྣམ་ཀུན་མངོན་རྫོགས། དེ་ལྟར་ཤེས་པས་ཤེས་རབ་རྣོ། །ཤེས་རབ་ཀྱི་རྩལ་སྦྱོང་བ་ལ་ཚེགས་མེད་པས། རྩེ་མོ། དེ་ལྟར་རྟོག་པ་མི་ སྤོང་བས་མཐར་གྱིས་སྒྲུབ་པས། མཐར་གྱིས་པ། ཤེས་རབ་ཀྱི་གནས་སྐབས་སུ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཤེས་པས། སྐད་ཅིག་མ། བྱུང་བ་ཐམས་ཅད་ཆོས་ཀྱི་སྐུའི་འཕྲིན་ལས་སུ་ལོངས་སྤྱོད་པས། སྐུ་ཡོངས་སུ་རྫོགས་སོ། ། ཁྱད་པར་གྱིས་ལམ་འདི་ལ། ལམ་རྣམ་པ་ལྔའི་དབང་དུ་བྱས་ནས། རྟོག་པ་དགེ་སྦྱོར་གྱི་གྲོགས་སུ་འགྲོ་བས། ཚོགས་ལམ། རྟོག་པ་ཉིད་ལ་བརྟེན་ནས་ལམ་ཁྱད་པར་ཅན་སྐྱེ་བས་སྦྱོར་ལམ། རྟོག་པ་ཉིད་སྐུ་བཞིར་མྱོང་བས་ མཐོང་ལམ། རྟོག་པ་གང་སྐྱེས་ཀྱང་སྐུ་བཞི་དང་མི་འབྲལ་བས་སྒོམ་ལམ། དེ་ཉིད་ལ་ངེས་ཤེས་སྐྱེས་ན། དེ་ལས་ཕུལ་དུ་ཕྱིན་པའི་ལམ་གཞན་བསླབ་རྒྱུ་མེད་པས། མཐར་ཕྱིན་པའི་ལམ་མོ། །ལམ་དེ་ཉིད་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་འགྲོ་སྟེ། དྲན་པ་བྱུང་ཚད་ལམ་དུ་འགྲོ་བས། དྲན་པ་ཉེར་གཞག །རྟོག་པ་མི་སྤོང་བར། ཤེས་རབ་ཀྱིས་རྟོགས་པའི་མཚན་ཉིད་ཤེས་པ་དེ་ཉིད། ཡང་དག་པར་སྤོང་བའི་ལམ་དེ་ལ་རྫུ་འཕྲུལ་ 2-7-6a གྱི་རྐང་པ་བཞི། དད་པས་རྒྱུ་བྱས། དྲན་པས་ལམ་བྱས། བརྩོན་འགྲུས་ཀྱིས་གྲོགས་བྱས། དེ་གསུམ་ནི་ཐབས་ཡིན་ཏེ། དེ་གསུམ་དེ་ལྟར་ཤེས་པས་ཤེས་རབ། ཐབས་ཤེས་ཀྱི་རྟེན་འབྲེལ་ སྐྲུན་པས། ཐམས་ཅད་ཏིང་ངེ་འཛིན་དུ་བྱུང་བས་འབྲས་བུ། དེ་ལྟར་དབང་པོ་ལྔ་ལག་ཏུ་བླངས་པས་ཤེས་རབ་ཀྱི་རྩལ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པ་ལ་ཚེགས་མེད་པས། སྟོབས་ལྔ། དེ་ལྟར་ཐབས་ཤེས་ཀྱི་རྟེན་འབྲེལ་སྐུལ་ བས་ཤེས་རབ་ཀྱི་རྩལ་འབྱོངས། དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས། དྲན་རིག་ཐམས་ཅད་བྱང་ཆུབ་ཀྱི་གྲོགས་སུ་འགྲོ་བས། བྱང་ཆུབ་ཀྱི་ཡན་ལག་གོ། ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་ཏུ་ཤེས་པས། རྣམ་ རྟོག་ལ་ལོངས་སྤྱོད་ཀྱང་། རྣམ་རྟོག་གིས་མི་གོས་པར་དེ་ཉིད་ལམ་དུ་འགྲོ་བས། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལྟར་ལྟ་བའི་གོ་ཆས་ཆོས་ཀྱི་བདར་ཤ་གཅད་ནས། གོལ་ས་ཐམས་ཅད་ཀྱི་མཐའ་ཁེགས་ནས། ཤེས་རབ་ཀྱི་གོ་ཆས་རྟོག་པ་ལམ་དུ་འཁྱེར་བའི་དུས་སུ། གོང་དུ་བསྟན་པའི་ལམ་ལ་ཤེས་རབ་ཀྱིས་བསྔོ་བགྲང་བྱེད་དམ་ཞེ་ན། སྐྱོན་མེད་དེ། ལམ་ནི་སྒོམ་པའི་ཤེས་རབ་འབའ་ཞིག་ལ་བྱེད་པ་ཡིན་ལ། སྒོམ་པའི་ཤེས་རབ་ནི་ ཚིག་དང་བློ་ལས་འདས་པ་ཡིན། འོ་ན་ལམ་དུ་ཅི་ལྟར་འཁྱེར། གང་ལ་བརྟེན་ནས་འཁྱེར་ན། རྟོགས་པ་ལ་བརྟེན་ནས། ཤེས་རབ་ཀྱིས་དྲན་པ་ལ་དབང་བསྒྱུར་ཅིང་འགྲོ། རྟོག་པ་ལ་ཅི་ཙུག་བལྟ་ན། རྟོག་པ་དེ་ཉིད་བློས་ མི་སྤོང་བར་སྙིང་དུ་སྡུག་པར་བལྟ། དགོས་པར་བལྟ། སྐུ་དྲིན་ཆེ་བར་བལྟའོ། །དེ་ལྟར་བལྟ་བ་ཅི་སྟེ་ཞེ་ན། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་ལ། ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས་སོ། །དེ་ལྟར་བལྟས་པས་ 2-7-6b རྟོག་པ་རང་གི་མཚན་ཉིད་ངོ་ཤེས་ནས། སྐུ་བཞི་ངོ་བོ་ཉིད་ཀྱིས་འབྱུང་སྟེ། དེ་ལྟར་རྟོག་པ་ལམ་དུ་ཁྱེར་བས་མ་ཞི་ནས། ཆགས་སྡང་གི་རྟོག་པ་སྐྱེས་ན་མྱུར་དུ་མི་སྤང་བར་གོང་གི་ལྟ་བའི་གོ་ཆས་གཏན་ལ་དབབ། དེ་ལྟར་བྱས་པས་ རྟོག་པ་རང་ཞི་རང་དག་ཏུ་འགྲོ་སྟེ། དཔེར་ན། མཚོ་ལ་འཁྱག་པ་ཞུ་བའམ། ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སོང་ནས། ཡོན་ཏན་གྱིས་ཆོས་སུ་གྱུར་པ་ཐམས་ཅད་འགག་མེད་དུ་ཤུགས་ཀྱིས་འབྱུང་སྟེ། ཡོན་ཏན་དེ་ལ་ ཞེན་ནས་འགག་ནས་འདུག་ན། དེ་ལ་མི་གནས་པར། གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱས་ལ། གོང་ནས་གོང་དུ་ཤེས་རབ་ཀྱི་རྩལ་སྦྱང་ངོ་། །དེ་ལྟར་ཤེས་རབ་ཀྱི་རྩལ་གྱིས་རྣམ་རྟོག་སྐུ་བཞིར་ཐུལ་བས་ན། འདུལ་ བ་ཅེས་ཀྱང་བྱ། ཤེས་རབ་ཀྱིས་རྟོག་པ་ཆོས་ཉིད་དུ་མཐོང་བས་ན་ཚད་མ་ཞེས་ཀྱང་བྱ། ཤེས་རབ་ཀྱི་རྟོག་པའི་རྩ་བ་ངོ་ཤེས་ཏེ་མཐའ་ཐམས་ཅད་དང་བྲལ་བས། དབུ་མ་ཞེས་ཀྱང་བྱའོ། །གཉུག་མ་ངོས་འཛིན་གྱི་མན་ངག་ཡང་ དག་པ་གསང་བར་བྱའོ།། །།ཆོས་བཞི་མདོར་བསྡུས་པ་ལགས་སོ།། །། ༄། །ན་མོ་གུ་རུ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཅིག་དགོས་གསུང་། དེ་ཡང་། ཆོས་ཆོས་སུ་འགྲོ་བ་ལ། ཕྱི་ནང་ གཉིས་ཀྱི་མི་རྟག་པ་མང་དུ་བསྒོམས་ནས། རྫས། ཡོ་བྱད། ཉེ་དུ། འབྲེལ་བ་ཐམས་ཅད་ཤུལ་དུ་བཞག་ནས། རང་གཅིག་པུ་ག་ཤེད་འགྲོ་དགོས། དེ་ཙ་ན་ཆོས་མིན་པ་ཅིས་ཀྱང་མི་སྟོངས་པར་འདུག་སྙམ་ནས། ཅི་ཡང་ 2-7-7a བྱར་མེད་ཀྱི་བློ་ཅིག་མ་སྐྱེས་པར། ཆོས་ཆོས་སུ་འགྲོ་བ་ཡེ་མི་འོང་། འཆི་བ་དེ་ཡང་། ནམ་འོང་ཆ་མེད། སང་ཕོད་ད་ཙམ་གྱི་དབང་མེད། དེ་བས་ཟླ་བ་ཕྱི་མ་དེ་ཙམ་གྱི་དབང་ཡང་བྱར་མེད་སྙམ་ནས། འཆི་ ཙ་ན། རང་རིག་པའི་ཡེ་ཤེས་དེ། ལས་དགེ་སྡིག་འབའ་ཞིག་དང་འགྲོགས་པ་ཡིན་ལ། ལས་མ་བྱས་པ་དང་ཕྲད་མི་སྲིད། བྱས་པ་ཆུད་ཟ་མི་སྲིད་པ་ཡིན། ལས་མི་དགེ་བས། ངན་སོང་རྣམ་པ་གསུམ་དུ་སྐྱེས་ན། སྡུག་ བསྔལ་ཅི་ཙམ་ཡོད་པ། གྲག་ཤོས་ལྷ་མི་གཉིས་ཡིན་ཏེ། དེ་ལ་ཡང་། སྐྱེ་བ། རྒས་པ། འཆི་བ། མེད་པ་ཚོལ་བ། ཡོད་པ་བསྲུང་བ། དགྲ་སྡང་བ་དང་ཕྲད་པ། གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ། ལྷ་ལ་ ཡང་འཆི་འཕོའི་སྡུག་བསྔལ་མནར་མེད་པ་ལས་བཅུ་དྲུག་འགྱུར་གྱིས་ཆེ་བ་ཡོད། རིགས་དྲུག་གར་སྐྱེས་ཀྱང་། སྡུག་བསྔལ་འབའ་ཞིག་ཏུ་འདུག་སྙམ་ནས། ཡིད་འབྱུང་བ་ཚད་དུ་སྐྱེལ་བ་ཅིག་མ་བྱུང་གི་རིང་ལ། ཆོས་ཆོས་སུ་ འགྲོ་བ་མི་འོང་། ཆོས་ལམ་དུ་འགྲོ་བ་ལ། བྱམས་སྙིང་རྗེ་བདག་པས་གཞན་གཅེས་ཀྱི་བློ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས། དེའི་སྟེང་དུ། ཕྱི་ནང་གི་ཆོས་ཐམས་ཅད། རྟེན་འབྲེལ་ཚོགས་པའི་སྣང་བ། རྨི་ ལམ་སྒྱུ་མ་ལྟ་བུར་གོ་ན། འདོད་ཆོས་ལམ་དུ་འགྲོ་བ་ཡིན། དེ་ལྟར་གོ་ནས་ལམ་གྱི་འཁྲུལ་པ་སེལ་བ་བྱ་བ་ཡིན་ཏེ། དང་པོ་མི་རྟག་པ་བསྒོམས་པས་ཚེ་འདི་ལ་ཞེན་པའི་འཁྲུལ་པ་སེལ། ལས་འབྲས་བསྒོམས་པས། ལྟ་བ་ངན་པའི་འཁྲུལ་པ་སེལ། འཁོར་བའི་ཉེས་དམིགས་བསྒོམས་པས། འཁོར་བ་ལ་ཆགས་པའི་འཁྲུལ་པ་སེལ། བྱམས་སྙིང་རྗེ་བསྒོམས་པས། ཐེག་དམན་གྱི་འཁྲུལ་པ་སེལ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམས་པས། 2-7-7b དངོས་པོར་འཛིན་པའི་འཁྲུལ་པ་སེལ། ལར་ན་གོང་མ་གོང་མས། འོག་མ་འོག་མའི་འཁྲུལ་པ་སེལ་གསུང་། དེ་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་བྱ་བ་ཡིན་ཏེ། དོན་དམ་པར་ཆོས་ཐམས་ཅད་སྐྱེ་འགག་དང་བྲལ་བར་བསྒོམས་པའི་ སྟོབས་ཀྱིས། ཅིར་སྣང་ཅིར་རྟོགས་ཐམས་ཅད་རང་གི་ངོ་བོར་ཆོད་ཙ་ན། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་གསུང་ངོ་།། །།ཉམས་ལེན་མདོར་བསྡུས་གནད་ཀྱི་གཟེར་གསང་བཞུགས་སོ།། །། ༄། །བླ་མ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མན་ངག་བློ་ཐོར་ཕྲ་མོ་སྙད་པར་བྱ། །གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོ་འདིར། །སྔ་མ་ཕན་ཆད་ཅི་ཙམ་འཁྱམས་པའམ། །ད་དུང་ཅི་ཙམ་གཅིག་ཏུ་འཁྱམ་དགོས་ པས། །གདམས་ངག་ཐོས་བསམ་མང་པོ་ཤེས་པར་བྱོས། །དེ་ལས་ཐར་པའི་དུས་ནི་ད་རེས་ཡིན། །གློ་བུར་བར་དུ་གཅོད་པ་མ་བྱུང་ཡང་། །ཚེ་ལ་ལོང་མེད་ཡུན་རིང་བསྡད་དབང་མེད། །འཇིག་རྟེན་འདིའི་བྱ་བ་རྒྱབ་ཏུ་བོར། །འདི་དང་ ཕྱི་མ་གཉིས་ཀ་མི་འགྲུབ་སྟེ། །འདི་བས་ཕྱི་མ་གཅེས་པས་ཆོས་ལ་འབད། །གཉིད་དང་སྙོམས་ལས་དབང་དུ་མི་བཏང་བར། །སྟོང་པ་སྙིང་རྗེ་གཉིས་ལ་རྩེ་གཅིག་བསྒོམས། །ཚེ་ལ་ལོང་མེད་འཆི་བདག་ཕོ་ཉས་འདེབས། །བྱ་བ་ཐམས་ ཅད་བྱེད་འཕྲོ་བཏང་ནས་ནི། །རང་བཞིན་མཉམ་པའི་ངང་ལ་བློ་བཞག་ནས། །ཆོས་དབྱིངས་རྣམ་དག་འདི་ལ་བལྟ་བར་བྱ། །མི་རྟོག་བདེ་གསལ་འདི་ལ་བསྒོམ་པར་བྱ། །མ་བཅོས་རང་བྱུང་ཡིད་ལ་སྤྱད་པར་བྱ། །སྐུ་བཞི་ཡེ་ཤེས་ལྔ་ལ་ འབྲས་བུ་བྱ། །ལྟ་བསྒོམ་སྤྱོད་པ་འབྲས་བུ་བཞི་པོ་ཡང་། །སོ་སོ་ཐ་དད་མེད་པའི་ལམ་དུ་བསླབ། །ལྟ་བ་སྟོང་པ་ཡིན་ཞེས་ཁས་བླངས་ནས། །སྤྱོད་པ་དངོས་པོར་འཛིན་ལས་མ་གྲོལ་ན། །ལྟ་སྤྱོད་གོལ་ཏེ་ལོག་པའི་ལམ་དུ་འགྲོ། རང་གིས་ 2-7-8a རང་སླུས་བཞན་གྱིས་ཞེ་རེ་ཁྲེལ། །ཆགས་སྡང་སྐྱེ་བའི་གྲོགས་ངན་ཐབས་ཀྱིས་སྤང་། །དེར་ཡང་ཀུན་དང་འདྲིས་པར་མི་བྱའོ། །ཆགས་ན་ལྷ་ལ་ཆགས་ཀྱང་མི་གྲོལ་ཏེ། །ཞེན་ན་ཆོས་ལ་ཞེན་ཡང་འཆིང་བའི་རྒྱུ། ། ཕྱུག་པོ་གསེར་སྲང་སྟོང་ལ་ཆགས་པ་དང་། །དབུལ་པོ་ཁབ་སྐུད་ཙམ་ལ་ཆགས་པ་གཉིས། །ལམ་གྱི་བར་ཆད་བྱེད་ལ་ཁྱད་པར་མེད། །དེས་ན་གང་ལའང་ཆགས་པར་མི་བྱའོ།། །།འཁྲུལ་པའི་རྟོག་པ་མ་ཟད་བར་དུ་ནི།། །།དད་པས་ བླ་མ་དང་ནི་དཀོན་མཆོག་མཆོད། །ཡི་དམ་ལྷ་ལ་གསོལ་བ་རྒྱུན་དུ་གདབ། །ལུས་ངག་དགེ་བ་མི་དགག་ནུས་ཚད་བྱ། །བསམ་དུ་མེད་པའི་ཆོས་ཉིད་དོན་སྒོམ་ཡང་། །འགྲོ་བ་རྣམས་ལ་སྙིང་རྗེ་རྒྱུན་དུ་བསྐྱེད། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་ མེད་པར། །སྒོམ་ན་གོལ་ས་མེད་པའི་ལམ་ཡིན་གསུང་། །ད་ནི་ལེ་ལོའི་གླགས་མེད་རིང་མི་སྡོད། །ཉིན་མཚན་གཉིས་ཀྱི་ཚེ་འཕྲོག་མྱུར་དུ་འཛད། །འཆི་ཁར་འགྱོད་པས་མི་ཕན་ད་ལྟ་འབད། །དང་པོ་ཅི་ཡང་བྱར་མེད་མན་ངག་བསྒོམ། ། སྣང་གྲགས་ཐམས་ཅད་སྐྱེ་མེད་དུ་ཡིས་གདབ། །བྱེད་སྤྱོད་ཐམས་ཅད་སྒྱུ་མ་བཞིན་དུ་སྤྱད། །བདེ་སྡུག་ཐམས་ཅད་མཉམ་པ་ཉིད་དུ་བསླབ། །ལྟུང་བ་ཕྲ་མོ་ཙམ་ལའང་ཕྱིར་བཅོས་བྱ། །བསྡོམ་པ་གསུམ་དང་ལྡན་པའི་རྟེན་ཅན་གྱིས། ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ། །སྨོན་ལམ་གདབ་ཅིང་དེའི་རྒྱུ་ལ་འབད། །ལུས་ངག་བྱ་བ་མང་ན་སེམས་ཀྱང་དེར་རྗེས་འཆོར། །གཉུག་མའི་སེམས་འདི་བཅོས་མས་མ་བསླད་ཅིག །སྡིག་དང་སྡུག་བསྔལ་འཕེལ་བའི་ལམ་ བོར་ནས། །མཁའ་ལ་བྱ་འཕུར་བཞིན་དུ་རྗེས་མེད་བྱ། །ཅོ་འདྲི་མི་སྡུག་ཟེར་བའི་ལན་མི་གླན། །ཤེད་ཐུན་རྟོགས་པ་བསྡུར་ན་དྲང་པོར་སྨྲ། །མདོར་ན་ཆོས་ཉིད་སྒོམ་པའི་ཕྱི་རྟགས་སུ། །བསྙས་པ་བྱུང་ཡང་ཀོ་ལོང་མི་བསྡམ་ཞིང་། ། 2-7-8b ཚིག་ངན་སྨྲ་ན་ཁྲོ་བར་མི་བྱ་ལ། །ཁྱད་གསོད་བྱུང་ན་ང་རྒྱལ་མི་བསྐྱེད་ཅིང་། །འགལ་བ་ཅི་ལྟར་བྱུང་ཡང་འདི་ལྟར་བསམ། །འཁྲུལ་པས་བཅིངས་པའི་སེམས་ཅན་སྙིང་རེ་རྗེ། །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། །འདི་ལ་དངོས་པོ་ཅི་ཡང་མེད་ དོ་ཅེས། །ཆོས་དབྱིངས་ཉིད་དུ་ངེས་པར་བསམ་པར་བྱ། །ད་ལྟ་ཉིད་ནས་དེ་ལྟར་གོམས་བྱས་ན། །ཀློང་དུ་གྱུར་ཏེ་ཅིས་ཀྱང་གནོད་མི་འགྱུར། །རྫས་དང་ཡོ་བྱད་མང་པོ་ཅི་ཡོད་ཀྱང་། །རང་དབང་ཡོད་ཚེ་ཕྲལ་སྔོ་ཕྲལ་དག་བྱ། །ཁ་ཅིག་ ན་རེ་འཆི་ཁར་ནོར་དགོས་ཟེར། །འཆི་དུས་བྱུང་ནས་ནད་ཀྱི་ཐེབས་པའི་ཚེ། །ནད་གཡོག་མང་ཡང་སྡུག་བསྔལ་བགོ་ཐབས་མེད། །དེས་ན་ནད་གཡོག་ཡོད་མེད་གཉིས་ཀ་འདྲ། །ཤུལ་ན་གཏམ་བཟང་གཏམ་ངན་ཡོད་མོད་ཀྱང་། ། བདག་གི་རྗེས་ཕྱིར་འབྲངས་ནས་འོང་བ་མེད། །གསོན་ཚེ་དགེ་སྡིག་གཉིས་པོ་གང་བྱས་པ། །འབྲས་བུ་སྨིན་པའི་དུས་སུ་འབྱིན་པར་གསུངས། །རྣལ་འབྱོར་པའི་ཤི་ལུགས་རྣམ་པ་གསུམ། །སྨྱོན་པ་ལྟ་བུར་ཤི་བ་རབ་ཡིན་ཏེ། །རི་དགས་ ལྟ་བུ་ཤི་བ་འབྲིང་ཡིན་ནོ། །རྒྱལ་པོ་ལྟ་བུར་ཤི་བ་ཐ་མ་སྟེ། །འདོད་པ་ཆུང་ཤིང་ཆོག་ཤེས་ང་རྒྱལ་མེད། །གཞན་འབྲེལ་བསྐུ་དང་རང་ལ་ངན་ཤོས་བྱ། །དམན་ས་བཟུང་ལ་རང་ཡང་གཞན་དག་དང་། །རང་ལ་ཉོན་མོངས་མི་བསོག་ རྟོག་པ་འཕེལ། །དེས་ན་ཅི་ཡང་ཁེ་གྲགས་མི་བྱའོ།། །།ཆོས་དབྱིངས་རྣམ་པར་དག་པ་ལ། །བྱང་ཆུབ་ཅེས་ནི་བརྗོད་པ་ཡིན། །བྱང་ཆུབ་སེམས་ནི་རྟག་ཏུ་བརྟེན་པར་བྱ། །དེ་ལྟར་སེམས་པའི་གང་ཟག་དེ། །བྱང་ཆུབ་སེམས་དཔའ་ ཞེས་ཀྱང་བྱ། །དང་པོ་རྐྱེན་ངན་དག་ལ་བྱོལ། །བརྟན་པ་ཐོབ་ནས་རྐྱེན་ངན་གྲོགས་སུ་འགྱུར། །ཉམས་ཆུང་རྣམས་ལ་རྐྱེན་ངན་གནོད་པ་བྱེད། །དེ་བས་གཅིག་པུར་གནས་ཤིང་འདུ་འཛི་སྤངས། །ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་ཕྱིད། ། 2-7-9a བྱང་ཆུབ་འབྲས་བུ་ཕྱི་ནས་ཙལ་ཐབས་མེད། །ཕྱི་མའི་དུས་ན་ཆོས་དང་ཕྲད་པའང་དཀའ། །དེ་བས་ཚེ་འདིར་ཆོས་ལ་ཡང་དག་འབད། །འདི་རུ་མ་བྱས་ཕྱི་མར་སྡུག་བསྔལ་ཏེ། །དེ་བས་བསོད་ནམས་མྱུར་དུ་བསག་པར་ རིགས། །དལ་འབྱོར་མི་ལུས་ཕྱི་ནས་རྙེད་པར་དཀའ། །འོ་སྐོལ་མི་རྟག་མྱུར་དུ་འཆི་བ་ལ། །བྱེད་རྒྱུ་ཆོས་དང་བསྟུན་ལ་ལྷ་རུ་དཀོན་མཆོག་མཆོད། །བླ་མ་དམ་པ་བསྟེན་ཅིང་དམ་པའི་གདམས་ངག་ཞུས། །ཅིག་ཅར་རྟོགས་པར་དཀའ་ཡང་ རིམས་ཀྱིས་རྟོགས་ཏེ་འོང་། །དངོས་གྲུབ་མྱུར་དུ་ཐོབ་ཀྱིས་ལམ་ལ་ཡིད་ཆེས་གྱིས། །དམ་པའི་གདམ་ངག་ལགས་ཀྱི་སེམས་ལ་བཟུང་ཞིང་སྒོམ། །ཆོས་རྗེ་དཔལ་ལྡན་བླ་མ་དམ་པ། སྒམ་པོ་པའི་གདམས་པ། ཉམས་ལེན་བསྡུས་ པའོ། །མངྒ་ལམྦྷ་ཝནྟུ།། །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། ཞལ་གདམས་གསང་མཛོད་མ་བཞུགས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། ། ཇོ་བོ་ཆེན་པོ་ནཱ་རོ་པའི་བཞེད་པས། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། སྲིད་པ་བར་དོ་གསུམ་དུ་གནས། རྣམ་སྨིན་ལུས་དང་བག་ཆགས་ལུས། །ཡིད་ཀྱི་ལུས་དང་གསུམ་དུ་གནས། །ཆོས་རྣམས་ཐམས་ཅད་སྟོང་པ་དང་། ། གཉིད་དང་འོད་གསལ་དག་ཏུ་གནས། །དབང་དང་འདུན་པ་དྲག་པོ་དང་། །རང་གི་ཕ་མ་གསུམ་དུ་གནས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །བར་དོ་གསུམ་དུ་བསྲེ་བ་ཡིན། །དེ་ནི་བར་དོའི་རྣམ་བཞག་བཅའ་བའོ། ། འབུམ་ལྔ་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལས། །བསྐྱེད་རྫོགས་ཟུང་འཇུག་བརྟག་གཉིས་པདྨོ་འཁྲུངས། །ཐུགས་ཀྱི་གསང་མཛོད་གཙུག་གི་རིན་པོ་ཆེ། །གེ་སར་མཆོག་ལ་བདུད་རྩིའི་བཅུད་གནས་པ། །བླ་མའི་མན་ངག་ཉི་མའི་འོད་ཀྱིས་ 2-7-9b ཕྱེ། །ནཱ་རོ་ཆེན་པོ་སྦྲང་མའི་རྩི་ཡིས་འཐུང་། །ཞལ་གྱི་གདམས་ངག་བདུད་རྩིའི་རྒྱུན་འཛག་པ། །སྐལ་ལྡན་ཚོགས་གཉིས་བསགས་པའི་རྒྱུད་བརླན་ནས། །བྱང་ཆུབ་མྱུ་གུ་སྐྱེ་འདིར་སྨིན་མཛད་པའི། །ཞེ་སྡང་རྡོ་རྗེའི་ཞབས་ལ་སྤྱིས་ བཏུད་ནས། །ཞལ་གྱི་གདམས་ངག་རིན་ཆེན་ཕྲེང་འདྲ་བའི། །ཚིག་གི་སྲད་བུར་ལེགས་བརྒྱུས་བདག་གིས་བྲི།། །།བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །ཇོ་བོ་ཆེན་པོ་ནཱ་རོ་པ་འདི་ཡི་མི་ཆོས་ཀྱིས་ཡུལ་ཁ་ཆེ་ལགས་སྐད། དེ་ ཡང་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་གཅིག་ཡིན། དེ་ཡང་། བདེ་མཆོག་འཁོར་ལོའི་རྣལ་འབྱོར་གྱིས་ཡི་གེ་བདུན་པའི་སྔགས་འབུམ་ཚོ་ཅིག་བཟླས་པས། ས་གཡོས་ཤིང་ལུང་བསྟན་པ་བྱུང་སྟེ། ཁྱོད་རྒྱ་གར་ཤར་ཕྱོགས་ ཀྱི། ཇོ་བོ་ཏཻ་ལོ་པ་བྱ་བའི་རིགས་ཡིན། ཇོ་བོ་ཏཻ་ལོ་པ་བྱ་བ་དེ། ཁྱོད་ཀྱི་སྐྱེ་བ་བདུན་གྱི་བླ་མ་ཡིན་པས། དེ་ལ་གདམས་ངག་ཞུས་ལ་བསྒོམས་ཤིག །ཅེས་བྱ་བའི་ལུང་བསྟན་བྱུང་སྟེ། ཇོ་བོ་ཏཻ་ལོ་པ་དང་། ནཱ་རོ་པ་གཉིས། ཨཱ་ནནྟ་ གཙུག་གི་ནོར་བུའི་གཙུག་ལག་ཁང་དུ་མཇལ་བ་ཡིན་གསུང་། ཇོ་བོ་ཏཻ་ལོ་པ་ལ་གདམ་ངག་གི་བཀའ་བཞི་བབས་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་གདམ་ངག་གི་བཀའ་གཅིག་བབས། བྲམ་ཟེ་ཆེན་པོ་ས་ར་ཧ་པའི་གདམ་ངག་གི་བཀའ་ གཅིག་བབས། སློབ་དཔོན་ནག་པོ་པའི་གདམ་ངག་གི་བཀའ་གཅིག་བབས། མཁའ་འགྲོ་མ་སུ་ཀ་སི་ཏི་སྐལ་པ་བཟང་མོ་ཡི་གདམ་ངག་གི་བཀའ་གཅིག་བབས་པ་ཡིན་གསུང་། ཇོ་བོ་ཏཻ་ལོ་པའི་ཕྱགས་ཕྱིར། ཇོ་བོ་ནཱ་རོ་པས་ལོ་བཅུ་གཉིས་བཞུགས་ ནས། ལོ་རེ་ལ་དཀའ་བ་མི་འདྲ་བ་ཤི་ལ་ཁད་པ་བཅུ་གཉིས་སྤྱད་པའི་མཐར། གདམས་ངག་གཏུམ་མོ་ཨ་ཐུང་གི་གདམ་ངག། སྐྱེ་བ་མེད་པའི་དོན། འདི་ཚོ་སྣང་བ་ཡིན་གསུང་། ཇོ་བོ་ནཱ་རོ་པའི་སྤྱན་སྔར། བླ་མ་མར་པས་ལོ་བཅུ་གཉིས་བཞུགས་ཏེ། གསེར་གྱི་མཎྜལ་ཡང་ཡང་ཕུལ་ནས་ཞུས་པས། 2-7-10a གདམས་ངག་འདི་ཚོ་གནང་བ་ཡིན་གསུང་འབི་ཀྲ་མ་ལ་ཤྲཱི་ལའི་གཙུག་ལག་ཁང་གི་བྱང་ཕྱོགས་སུ། བླ་མ་མར་པ་ལ། བླ་མ་རྔོག་གིས་སྤོང་ཐག་ལན་གསུམ་བྱས་པའི་མཐར་གདམས་ངག་འདི་གནང་བ་ཡིན་གསུང་། གདམས་ངག་འདི་ནི་སྒོམ་ངེས་པ་ལ་བསྟན་གྱི། མི་སྒོམ་པ་ལ་ནི་མི་ བསྟན། ། ཞལ་གྱི་གདམས་པ་ཡིན་གསུང་།། །།དེ་ལ་ཇོ་བོ་ནཱ་རོ་པའི་བཞེད་པས་བར་དོ་རྣམ་གཞག་བཅའ་བ་དང་། བར་དོ་ཉམས་སུ་ལེན་པ་གཉིས་ཡིན་གསུང་། བར་དོ་རྣམ་བཞག་ བཅའ་བ་ལ། བར་དོ་རྣམ་པ་གསུམ་ཡིན་ཏེ། རྟག་པ་ཕྱི་མའི་ལེའུ་གཉིས་ནས། ཇི་ལྟར་སྒྱུ་མ་རྨི་ལམ་དང་། །ཇི་ལྟར་བར་མའི་སྲིད་པ་ཡིན། །ཞེས་བཤད་པས། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། སྲིད་པ་བར་དོ་གསུམ་ཡིན་ གསུང་། སྐྱེ་ཤི་བར་དོ་ནི། སྐྱེས་ནས་མ་ཤིའི་བར་དེ་ཡིན། རྨི་ལམ་བར་དོ་ནི། རྨི་ལམ་ཟང་ཟིང་བྱུང་ནས། གཉིད་མ་སད་ཀྱི་བར་དེ་ཡིན། སྲིད་པ་བར་དོ་ནི། ཤི་ནས་ལུས་མ་བླངས་ཀྱི་བར་དེ་ཡིན་ནོ།། །།བར་དོ་རྣམ་པ་གསུམ་ལ། ལུས་རྣམ་པ་གསུམ་ཡིན་ཏེ། སྐྱེ་ཤི་བར་དོ་རྣམ་སྨིན་ལུས། རྨི་ལམ་བར་དོ་བག་ཆགས་ཀྱི་ལུས། སྲིད་པ་བར་དོ་ཡིད་ཀྱི་ལུས་ཡིན་གསུང་། བར་དོ་རྣམ་པ་གསུམ་ལ། སྔོན་འགྲོ་རྣམ་པ་གསུམ་ཡིན་ཏེ། སྐྱེ་ཤི་བར་དོ་ལ་ཆོས་ཐམས་ཅད་ འོད་གསལ་བ་སྔོན་དུ་འགྲོ་དགོས། རྨི་ལམ་བར་དོ་གཉིད་མཐུག་པོ་སྔོན་དུ་འགྲོ། སྲིད་པ་བར་དོ་ལ་འཆི་ཀའི་འོད་གསལ་སྔོན་དུ་འགྲོ་བ་ཡིན་གསུང་། བར་དོ་གསུམ་ལ་མཚམས་སྦྱོར་གསུམ་ཡིན་ཏེ། སྐྱེ་ཤི་བར་དོ་ལ་དབང་གསུམ་པའི་ ཉམས་ཀྱིས་མཚམས་སྦྱོར་བ་ཡིན། རྨི་ལམ་བར་དོ་ལ་འདུན་པ་དྲག་པོས་མཚམས་སྦྱོར། སྲིད་པ་བར་དོ་ལ་ཕ་མ་གཉིས་ཀྱིས་མཚམས་སྦྱོར་བ་ཡིན་གསུང་། བར་དོ་རྣམ་པ་གསུམ་ལ་བསྲེ་བ་རྣམ་པ་གསུམ་ཡིན་ཏེ། སྐྱེ་ཤི་བར་དོ་ལ་འདོད་ཆགས་ 2-7-10b ཤས་ཆེ་བས། འདོད་ཆགས་དང་བསམ་གཏན་བསྲེ་བ་ཡིན། རྨི་ལམ་བར་དོ་ལ་གཏི་མུག་ཤས་ཆེ་བས། གཏི་མུག་དང་བསམ་གཏན་བསྲེ་བ་ཡིན། སྲིད་པ་བར་དོ་ལ་ཞེ་སྡང་ཤས་ཆེ་བས། ཞེ་སྡང་དང་བསམ་གཏན་བསྲེ་བ་ཡིན་གསུང་། དེ་ལྟར་ན་བར་དོ་གསུམ། དེ་ལ་ལུས་གསུམ། དེ་ལ་སྔོན་འགྲོ་གསུམ། དེ་ལ་མཚམས་སྦྱོར་གསུམ། དེ་ལ་བསྲེ་བ་གསུམ་སྟེ་ཆོས་བཅོ་ལྔ་བྱས་ནས། བར་དོ་རྣམ་གཞག་བཅོ་ལྔ་བཤད་དོ།། །།བར་དོ་རྣམ་པ་གསུམ་ ཡིན་ཏེ། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། སྲིད་པ་བར་དོ་དང་གསུམ་ཡིན། བར་དོ་རྣམ་པ་གསུམ་དང་བསྲེ་འཕོ་གཉིས་ཀྱི་མན་ངག་བྱ་གསུང་། བསྲེ་བ་ནི། བསྒོམས་པས་སངས་རྒྱ་བའི་ཐབས་ཡིན། འཕོ་བ་ནི། མ་ བསྒོམས་པས་སངས་རྒྱ་བའི་ཐབས་ཡིན། དེ་ལ་དང་པོ་བསྲེ་བའི་མན་ངག་བྱ་བ་ནི། སྐྱེ་ཤི་བར་དོ་ལ་བསྐྱེད་རྫོགས་གཉིས་ཀྱི་མན་ངག་དང་བསྲེ། རྨི་ལམ་བར་དོ་ནི། རྨི་ལམ་དང་བསམ་གཏན་བསྲེ་བ་ཡིན། སྐྱེ་ཤི་བར་ དོ་ལ་བསྐྱེད་རྫོགས་ཀྱི་མན་ངག་དང་བསྲེ་བ་ལ། སྔོན་དུ་ལུས་དང་རླུང་སྦྱང་བ་གལ་ཆེ། དཔེར་ན། ཞོ་རྐྱལ་ལེགས་པར་མ་སྦངས་པར་བཙན་ཐབས་སུ་ཞོ་བླུག་པས། ཡང་ན་རྐྱལ་པ་ཆུད་ཟོས། ཡང་ན་ཞོ་ཆུད་ཟོས་འགྲོ་བ་ཡིན། ཞོ་རྐྱལ་སྦངས་ནས་ཞོ་བླུགས་པས། ཞོ་དང་རྐྱལ་བ་གཉིས་ཀ་ཆུད་མི་ཟོས་པ་ཡིན། དཔེ་དེ་བཞིན་དུ། རླུང་མ་སྦྱངས་པར་བསྒོམས་པས། ཡང་ན་ལུས་ཆུད་ཟོས་ན་ཚ་འོང་། ཡང་ན་གདམ་ངག་ཆུད་ཟོས་ཏེ་ཉམས་མྱོང་མི་སྐྱེ་ བས། ཞོ་རྐྱལ་མ་སྦངས་པར་ཞོ་བླུག་པ་དང་འདྲ་བ་ཡིན་པས། སྔོན་དུ་ལུས་དང་། རླུང་སྦྱང་བར་བྱེད་པ་ལ། སྒོམ་ལ་ནང་པར་འཇུག་པའི་དགོངས་མོ་དཀོན་མཆོག་ལ་མཆོད་པ་བྱ། ཆོས་སྐྱོང་ལ་གཏོར་མ་ཕུལ་ནས། དགེ་སྦྱོར་ 2-7-11a བྱེད་པ་ལ་བར་ཆད་མི་གཏོང་ཅིག །ཅེས་པ་ལ་སོགས་པའི་གསོལ་བ་གདབ། དེ་ནས། ནང་པར་ནས་ལུས་དང་རླུང་སྒོམ་པ་ནི། སྟན་བདེ་བ་ལ། རྐང་མཐིལ་གཡས་པ་རྐུབ་ཚོས་གཡོན་ལ་གཏད། རྐང་མཐིལ་གཡོན་པ་རྐུབ་ཚོས་གཡས་ལ་གཏད། སྒལ་ཚིགས་དྲང་ཐར་གྱིས་བསྲང་། ལྟོང་མགོ་ཡིད་ཙམ་དགུག །ལྟེ་ཁུང་འོག་གི་སོར་གཉིས་ཀྱི་སར་མཉམ་བཞག་གི་ཕྱག་རྒྱ་དམ་དུ་བསྡམ། དེ་ནས། རླུང་ཕྱིར་ཁྲུ་གང་ཙམ་དུ་བཏང་ ནས་ནང་དུ་རྔུབས་ལ། སྟེང་རླུང་འོག་རླུང་བསྡམ། མི་ཐུབ་ན་སྣ་ནས་དལ་བུས་བཏང་། དེ་བཞིན་དུ་སྒོམ་པའི་ཉི་མ་ཕྱེད་ཚུན་ཆད་ཐུན་གཉིས། ཕྱེ་ཕན་ཆད་ཐུན་གཉིས། སྲོད་ལ་ཐུན་གཅིག །ཐོ་རངས་ཐུན་གཉིས་ཏེ། ཉིན་ཞག་གཉིས་ལ་ཐུན་དྲུག་ཏུ་བཅད་ལ་བསྒོམ། དེས་མགོ་དང་རྐང་པ་ལ་སོགས་མི་བདེ། རླུང་བསྡམས་ལ་གང་མི་བདེ་སར་སྤྲུག་གཅུ། དེ་བཞིན་དུ་ཞག་གསུམ་དུ་སྒོམ་པ་ནི་ལུས་དང་རླུང་སྦྱང་བའོ། །དེ་ནས། བསྐྱེད་རྫོགས་ཀྱི་མན་ངག་བསྒོམ་པ་ལ། གཞི་རྟེན་བསྐྱེད་རིམ་གཞུང་ནས་བཤད་པའི་རྒྱས་བསྡུས་བར་མ་གང་མོས་ཅིག་བསྒོམ། དེ་ཡང་རྒྱུད་ནས། ཇི་ལྟར་རིགས་པའི་རྣལ་འབྱོར་མ་བསྐྱེད། ཅེས་གསུངས་པས། རྒྱས་ བསྡུས་བར་མ་གསུམ་གང་མོས་ཅིག་སྒོམ། ཡང་ན། བདག་དང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ཕྱམས་ཀྱིས་སྒོམ། དེའི་ངང་ལ་ཧེ་རུ་ཀ་གང་མོས་སམ། ལྷ་མོ་བཅོ་ལྔ་གང་མོས་པ་སྐད་ཅིག་གིས་སྒོམ། དེ་ནི་ བསྐྱེད་རིམ་སྒོམ་པའོ། །དེ་ནས། རྫོགས་རིམ་སྒོམ་པ་ལ། བླ་མས་དཔེ་དོན་གཉིས་སུ་གསུངས་ཏེ། དཔེར་ན། བོད་དབུས་གཙང་གཉིས་པོ་སྒྲོད་པའི་ལམ་པོ་ཆེ་ཅིག་ཡོད་པ་ལ། ལམ་དེའི་གཡས་སུ་ཕག་རྒོད། 2-7-11b གཡོན་དུ་སྦྲུལ། ལམ་གྱི་དཀྱིལ་དུ་གླང་པོ་ཆེ་ཡོད་ན་དེ་གསུམ་གྱིས་མི་ལ་སོགས་པ་བྱུང་ན་བསད་ནས་བཟའ། ལམ་ལ་མིའི་རྒྱུ་འགྲུལ་འཆད། དེ་གསུམ་ཡང་། གཅིག་གི་དགྲ་གཅིག་ཡིན་པས། གླང་པོ་ཆེ་འགུལ་ན་སྣ་བུག་ ན་སྦྲུལ་སོང་ནས་གསོད། སྦྲུལ་འགུལ་ན། ཕག་གིས་གསོད། ཕག་འགུལ་ན་གླང་པོ་ཆེས་གསོད་པས། དེ་གསུམ་གཅིག་ལ་གཅིག་འཇིགས་ནས་འགུལ་མི་ནུས་པ་ཡིན། དེར་ཁོང་གསུམ་ལ་ཟ་རྒྱུ་མེད་པས། ཞག་བདུན་ནས་ལྟོགས་པའི་ནད་ཀྱིས་འཆི་བ་ཡིན། དཔེ་དེ་བཞིན་དུ། ལམ་པོ་ཆེ་དང་འདྲ་བའི་སེམས་ཅན་གྱི་རྒྱུད་ལ། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཁྱབ་པ་ཡོད་པ་ཡིན། དེ་ལྟར་ཡང་། རྟག་པ་དང་པོའི་ལེའུ་དང་པོ་ནས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་གསུངས་སོ། །དེ་ལྟར་ལམ་གྱི་གཡས་གཡོན་དབུས་དང་གསུམ་དུ་སྲོག་ཆགས་གསུམ་ཡོད་པས། མིའི་རྒྱུ་འགྲུལ་ཆད་པ་བཞིན་དུ། རང་གི་རྒྱུད་ལ་ཡོད་པའི་གླང་པོ་ཆེ་དང་འདྲ་བའི་འདོད་ཆགས། སྦྲུལ་དང་འདྲ་བའི་ཞེ་སྡང་། ཕག་དང་འདྲ་བའི་གཏི་མུག་གསུམ་གྱིས། རང་གི་རྒྱུད་ལ་ཡོད་པའི་ཡེ་ཤེས་སྐྱེ་བ་བཀག །སེམས་ ཅན་གསུམ་པོ་ལྟོགས་ཏེ་འཆི་བ་དང་འདྲ་བར། བླ་མའི་གདམས་ངག་ཞག་བདུན་བསྒོམས་ན། དུག་གསུམ་མི་རྟོག་པར་འཆར་བ་ཡིན། དུག་གསུམ་མི་རྟོག་པར་འཆར་བ་ལ། དུས་ཀྱི་གནད། ལུས་ཀྱི་གནད། ཡུལ་ གྱི་གནད་གསུམ་ཡིན། དེ་ལ་དང་པོ་དུས་ཀྱི་གནད་བྱ་བ། དྷཱུ་ཏཱིར་རླུང་རྒྱུ་བའི་དུས་སུ་སྒོམ། དེ་ཡང་སྣ་བུག་གཡས་ནས་རྒྱུ་བ་དང་། གཡོན་ནས་རྒྱུ་བ་དང་། གཉིས་ཀ་ནས་དྲག་པར་རྒྱུ་བའི་དུས་སུ་མི་སྒོམ། ། 2-7-12a གཉིས་ཀ་ནས་དལ་བར་རྒྱུ་བའི་དུས་སུ་བསྒོམ་མོ། །འོ་ན་བཞན་དུ་མི་བསྒོམ་མམ་བྱས་པས། བཞན་དུའང་སྒོམ་སྟེ། ཁྱད་པར་དུ་དུས་དེར་སྒོམས་པ་ཡིན་གསུང་།། །།ལུས་གཅོས་པའི་གནད་ལ། རེ་དམིག་ ལྟར་བསྣོལ་བ། མདའ་ལྟར་བསྲང་བ། ལྕགས་ཀྱུ་ལྟར་དགུག་པ། རྒྱ་མདུད་ལྟར་བསྡམ་པ། ལི་དྲི་ལྟར་སྒྲིམ་པ་དང་ལྔ་ཡིན་གསུང་། དེ་ནས་སྟན་བདེ་བ་ལ་འདུག་ལ། རྐང་མཐིལ་གཡས་པ་རྐུབ་ཚོས་གཡོན། རྐང་མཐིལ་གཡོན་པ་རྐུབ་ཚོས་གཡས་ལ་གཏད་ལ། གཉིས་པ་སྒལ་ཚིགས་དྲང་ཐར་གྱིས་བསྲང་། གསུམ་པ་ཨོས་ཀོ་ཡིད་ཙམ་འགུག །བཞི་པ་ལྟེ་བ་ནས་སོར་བཞིའི་འོག་ཏུ་མཉམ་བཞག་གིས་ཕྱག་རྒྱ་དམ་དུ་བསྡམ། ལྔ་ པ་ལི་དྲིའི་ཐག་པ་དེ། མ་སྒྲིམས་ན་འཆད། སྒྲིམས་ན་མི་འཆད་པ་བཞིན་དུ། སེམས་མ་སྒྲིམས་ན་ཉམས་མྱོང་མི་སྐྱེ་བས། སེམས་ཤིན་ཏུ་སྒྲིམ་གསུང་ངོ་། །དེ་ལ་ཡུལ་གྱི་གནད་ལ། ལར་འོ་སྐོལ་གྱི་ལུས་འདི་ལ། འཁོར་ལོ་བཞི་ཡོད་པའི་ལྟེ་བ་ནས། ཨ་ཝ་དྷཱུ་ཏི་ཐལ་གྱིས་ཕུག་ནས། ཡར་སྣ་ཚངས་པའི་བུག་ལ་གཏད། མར་སྣ་ལྟེ་བ་ནས་སོར་བཞིའི་འོག་ཏུ་ཟུག་པ་ཡིན་གསུང་། གཡས་གཡོན་གཉིས་ཀྱི་རྩ་སྣ་སྨིན་མཚམས་སུ་ གཏད། དེ་ནས་གཡས་གཡོན་དུ་གྱེས་ཏེ་འཁོར་ལོ་བཞི་ལ་འབྱར་ཙམ་རེ་བྱས་ནས། གཉེར་པོ་ཆེ་ན་འཁྱུད་ནས་ཡོད་པ་ཡིན་ནོ། །འོ་ན་ཡུལ་གྱི་གནད་གར་སྒོམ་ན། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང་། མགྲིན་པ་ལོངས་སྤྱོད་ ཀྱི་འཁོར་ལོ་དང་། སྙིང་ཀ་ཆོས་ཀྱི་འཁོར་ལོ་རྣམས་སུ་མི་སྒོམ། ལྟེ་བ་སྤྲུལ་པའི་འཁོར་ལོར་ཡང་མི་སྒོམ། ལྟེ་བ་ནས་སོར་བཞིའི་འོག །རྩ་གསུམ་འདུས་པའི་སུམ་མདོ་དེར་སེམས་གཏོད་པ་ཡིན་གསུང་། དེ་ནས་ 2-7-12b རླུང་ཕྱིར་འགྲོ་ནང་འགྲོ་ལན་བཅུ་གསུམ་ཙམ་བྱས་ལ། རླུང་ཕྱིར་ཁྲུ་གང་ཙམ་དུ་བཏང་། དེ་ནས་ནང་དུ་རྔུབས་ནས། གཡས་གཡོན་གྱི་རྩ་གཉིས་ཀྱི་ནང་ན་མར་སོང་ནས། ཡར་ལོག་སྟེ་རྩ་དབུ་མར་ཚུད་པས། དཔེར་ན། ཐལ་ བས་གཡོགས་པའི་མེ་ལ་ཕུས་བཏབ་པས། མེ་རིངས་ཀྱིས་འོང་བ་བཞིན་དུ། རྩ་དབུ་མར་རླུང་ཚུད་པ་ཙམ་གྱིས་རྩ་གསུམ་འདུས་པའི་སུམ་མདོ་ན་གཏུམ་མོའི་མེ། མར་མེའི་རྩེ་མོ་རླུང་གིས་མ་སྐྱོད་པ་ལྟ་བུ། སྦོམ་ཕྲ་རྟ་རྔ་ཙམ་ལ་ རིང་ཐུང་སྙིང་ཀ་ཆོས་ཀྱི་འཁོར་ལོར་སླེབ་པའམ། ཡང་ན་ལྟེ་བར་སླེབ་པ་ཙམ་ལ་སེམས་དམིགས་པ་ནི་རླུང་རྔུབ་པའོ། །དེ་ནས་སྟེང་རླུང་བསྡམ་པ་ནི་སྒང་བའོ། །དབུ་མར་རླུང་ཚུད་ནས་ཉམས་མྱོང་སྐྱེ་བ་ནི་གཞིལ་བའོ། །རླུང་མ་ཐུབ་ན་ བ་སྤུའི་བུ་ག་ཐམས་ཅད་ན་ཕར་ལ་སིབ་སིབ་སོང་བར་སྒོམ། དེས་ཀྱང་མ་ཐུབ་ན། སྣ་བུག་གཡས་ནས་དལ་བུས་བཏང་ལ། རླུང་ལྷག་མ་ཨེན་རེ་བཞག །སེམས་ཀྱིས་ཚངས་བུག་ན་ཡར་ལ་བུན་བུན་བཏང་བ་ནི། མི་ཐུབ་ན་འཕང་ བའོ། །དེ་ལྟར་ཡང་ནས་ཡང་དུ་ཐུན་རླུང་དང་ཐུན་ལ་ཚད་མེད་བསྐྱེད་དེ་བསྒོམ་པས། དང་པོ་དྲོད་སྐྱེ། དེ་ནས་བདེ་བ་སྐྱེ། དེ་ནས་མི་རྟོག་པ་སྐྱེ་བ་ཡིན་གསུང་། དེ་ཡང་། སྒོམ་རེམ་ན་ཟླ་བ་གསུམ་ན་ཉམས་མྱོང་སྐྱེ་ཞན་ནའང་། དྲུག་ཙམ་ནས་མི་སྐྱེ་ མི་སྲིད་གསུང་ངོ་། དང་པོ་འདི་ལ་འབྱོངས་པ་གལ་ཆེ། འདི་ལ་ཟླ་བ་དྲུག་བདུན་བསྒོམས་ཏེ་ཉམས་མྱོང་སྐྱེས་པ་ཅིག་གིས། གདོད་འོད་གསལ་དང་བཞན་བསྒོམ་ན་ཚེགས་མེད་པ་ཡིན་ཏེ། སྒྱུ་ ལུས་ལ་སོགས་པ་བསྒོམ་པའི་དུས་སུ་ཡང་། འདི་ཡེ་མི་སྒོམ་པ་མ་ཡིན། དང་པོ་འདི་དུམ་རེ་སྒོམ། དེ་ནས་སྒྱུ་ལུས་ལ་སོགས་པ་གཙོ་ཆེར་སྒོམ་གསུང་ངོ་། །དེས་ནི། སྐྱེ་ཤི་བར་དོར་བསྐྱེད་རྫོགས་གཉིས་དང་བསྲེ་བ་བཤད་དོ། །དུས་འདིར་ལུས་འདི་ལྟར་འཆོས་ལ་ཤེས་པ་འདི་ལ་གཏོད་ལ་གོང་མ་ནི་དེ་ཙམ་གོ་བ་ཅིག་ལ་དེ་ལྟར་བསྟན་པ་ཡིན་ནོ། ། 2-7-13a དེ་ནས། རྨི་ལམ་བར་དོ་ལ། རྨི་ལམ་དང་བསམ་གཏན་བསྲེ་བར་བྱ་བ་དེ་ཡིན། དེ་ལ་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་དང་། གཉིད་མི་འོང་བར་བྱ་བའི་ཐབས་དང་རྨི་ལམ་སྤེལ་བ་དང་། རྨི་ལམ་སྦྱང་བ་དང་ ལྔ་ཡིན་གསུང་། དེ་ལ་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་ནི། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན། དེ་ཡང་། བདེ་བ་ཅི་བྱུང་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་ཡིན་ཏེ། ཁ་སང་ཕན་ཆད་དུ་འདོད་པའི་ཡོད་ཏན་ལྔ་ལ་སྤྱོད་པ་དང་། འདང་གི་རྨི་ལམ་དུ་ལོངས་སྤྱད་པ་གཉིས། དེ་རིང་གི་ཉི་མ་ལ་ཁྱད་པར་ཅུང་ཟད་ཀྱང་མི་འདུག །དེས་ན། བདེ་བ་ཅི་བྱུང་ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་འདུག །སྡུག་བསྔལ་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་ཡིན་ཏེ། ཁ་སང་ ཕན་ཆད་དུ་ལུས་དང་སེམས་ཀྱིས་སྡུག་བསྔལ་མང་པོ་ཅི་སྤྱད་པ་དང་། མདང་རྨི་ལམ་དུ་སྤྱད་པ་གཉིས། དེ་རིང་གི་ཉི་མ་ལ་ཁྱད་པར་ཅུང་ཟད་ཀྱང་མི་འདུག །དེ་ན། སྡུག་བསྔལ་ཅི་བྱུང་ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་འདུག །བཞན་ཡང་། ཁ་སང་ཕན་ཆད་དུ་ལྷའི་བདུད་རྩི་རོ་བཅུད་དང་ལྡན་པ་ཅིག་ཁམ་ཁམ་ཟོས་པ་དང་། མགོ་རལ་གྲིས་འགེམས་པ་དང་། ལུས་ལ་མཚོན་གྱིས་དུམ་བུར་བཏུབས་པ་ལ་སོགས་པ་སྤྱད་པ་དང་། འདང་རྨི་ལམ་དུ་སྤྱད་པ་གཉིས་དེ་རིང་གི་ཉི་མ་ ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེས་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་འདུག་པས། རྨི་ལམ་རྨི་བར་བྱའོ། །རྨི་ལམ་དེ་ཡང་ངོ་མཚར་ཅན། སྟོད་ནས་མེ་འབར་ཞིང་། སྨད་ནས་ཆུ་འབབ་པའམ། ཉི་ཟླ་རྐང་པས་རྫི་བ འམ། ཇོ་བོ་ནཱ་རོ་པ་དང་མཇལ་བའམ། རང་གི་ཡི་དམ་ལྷའི་ཞལ་མཐོང་བ་ལ་སོགས་པ་རྨི་བར་བྱའོ། །དེས་ཀྱང་མི་འོང་། ལག་ལེན་ལ་འདི་གལ་ཆེ་བས། རྨི་ལམ་རྨི་བའི་དུས་སུ། རྨི་ལམ་དུ་ཤེས་པར་བྱའོ། །སྙམ་པའི་ 2-7-13b འདུན་པ་ཡང་བྱའོ། །གཉིད་མི་འོང་བ་འོང་བར་བྱ་བ་ནི། མགྲིན་པར་རྩ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ་ཅིག་སྒོམ། དེ་ལ་ཡི་གེ་དགོད་ནས་སེམས་རྒྱུ་ཅིག་ཡོད་དེ། ལག་ལེན་ལ་དེས་མི་འོང་བས། སྨིན་མཚམས་སུ་ ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འགྲིལ་བ། སྲན་རྡོག་ཙམ་ཅིག་བསྒོམ། དེ་ལས་བཞན་དུ་མི་འཕོ་ཙམ་དུ་སྒོམ། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་བ་ནི། བག་ཆགས་ཀྱི་དབང་གིས་རྨི་སྟེ། དེ་ཡང་། དེ་རིང་ལྟད་མོ་ ཆེན་པོ་ཅིག་བལྟས་ན། དོ་ནུབ་རྨི་ལམ་དུ། རྟ་རྒྱུག །དུང་འབུད། དར་འཕྱར་བ་ལ་སོགས་པ་རྨི་པ་དེ་བཞིན་དུ། སྔར་གྱི་འདུན་པའི་སྟོབས་ཀྱིས་རྨི་ལམ་རྨིས་པའི་དུས་སུ། རྨི་ལམ་ལ་རྨི་ལམ་དུ་ཤེས་པ་འབྱུང་སྟེ། དེ་ཡང་། ཁྱི་དང་བུད་མེད་ལ་སོགས་པ་རྨི་བའི་དུས་སུ། རྨི་ལམ་གྱི་ཁྱི་དང་བུད་མེད་ཡིན་སྙམ་པ་འབྱུང་ངོ་། །རྨི་ལམ་སྤེལ་བ་ནི། གང་རྨིས་པ་དེ་ལ་གཅིག་ལ་གཉིས་ལ་སོགས་པ་ལོག་པོར་སྤེལ་ནས། འཇིག་རྟེན་གྱི་ཁམས་ ཐམས་ཅད་མེར་མེར་གང་བར་སྒོམ་མོ། །རྨི་ལམ་སྦྱང་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཡི་དམ་ལྷ་དང་ལྷ་མོར་སྒོམ། དེའི་དུས་སུ། ཉམས་སུ་མྱོང་བ་སྐྱེ་བ་བྱ་བ་དེ། དང་པོ་བླ་མའི་གསུང་སྒྲོས་ ཡིན་གསུང་། བླ་མ་རིན་པོ་ཆེའི་ཞལ་ནས། རང་གིས་བསྒོམས་པ་དང་། བཞན་སྒོམ་དུ་བཅུག་པ་དང་། ཐམས་ཅད་ལ་མཐུན་པར། རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་དང་། གཉིད་མི་འོང་བ་འོང་བར་བྱ་བའི་ཐབས་བྱས་ནས། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པའི་དུས་སུ། བདེ་སྟོང་གི་ཉམས་མྱོང་རྒྱུད་ལ་སྐྱེ་བ་སང་ནས་གང་མོ་ཡོང་ཡིན་གསུང་། དེ་ནི། རྨི་ལམ་བར་དོ་ལ། རྨི་ལམ་དང་བསམ་གཏན་བསྲེ་ཚེགས་མི་གདའ་བས། ནུབ་དང་པོ་ལ་ཅི་ཟིན་བྱ་གསུང་བ་བཤད་དོ། །དེ་གཉིས་མ་ཤི་བར་གྱི་སྒོམ་རྒྱུ་ 2-7-14a ཡིན་གསུང་། དེ་ཡང་ཉལ་བའི་དུས་སུ། རྩ་རླུང་གི་རྫོགས་རིམ་བསྒོམ། དེ་གཉིས་ཀ་ལ་སྐྱོན་གཉིས་ཀ་བསྒོམ། གཅིག་ལས་མི་སྐྱེ་ན། གཏུམ་མོ་ལྟ་བུ་ལ་སྐྱེ་ན། རྨི་ལམ་ལ་གཏུམ་མོ་སྒོམ། རྨི་ལམ་ལྟ་བུ་ ལ་སྐྱེ་ན། གཏུམ་མོ་བཞག་ནས་རྨི་ལམ་སྒོམ། དེ་གཉིས་ཀ་ལ་ཉམས་སྐྱེ་ཡང་རུང་། གང་རུང་ཅིག་ལ་སྐྱེ་ཡང་རུང་སྟེ། མཉམ་རྗེས་མེད་པར་ཉམས་སུ་མྱོང་བ་སྐྱེ་བ་དཀའ། མཉམ་བཞག་གི་ཉམས་མྱོང་ཞིག་མེད་ཐབས་མེད་ གསུང་། མཉམ་བཞག་གི་དེ་ཡང་དང་པོ་སྤྲིན་དང་འདྲ་སྟེ་ཉམས་མྱོང་དེ་སྲིད་པ་བར་དོར་བསྲེ་ལ། བར་དོ་དང་པོ་འཆི་ཀའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་བཟུང་བ་དང་། བར་དོ་གཉིས་པ་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས། ཟུང་འཇུག་གི་ སྐུ་ངོས་བཟུང་བ་ཅེས་གསུངས་པས། སྤྲིན་བར་གྱི་ཉི་མ་ལྟར་མཉམ་བཞག་ཡོད་པས་ཆོག་དང་། བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་གསུམ་ཡིན་གསུང་། དེ་ལ་བར་དོ་དང་པོ་འཆི་ཀའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་བཟུང་བ་ལ། རང་འཆི་བའི་དུས་སུ། ཤེད་ཀྱིས་ནུས་ན་ཙོག་པུར་མ་ནུས་ན་སེང་གེའི་ཉལ་ཐབས་བྱ་འདུག །སློབ་མའམ་གྲོགས་པོ་གཅིག་གིས་རྒྱབ་ནས་རྟེན་ལ། ང་ཤི་ནས་ངའི་རོ་འདི། ཁྱོད་ཀྱིས་ལོང་ཡོད་ན་ཞག་གསུམ། མེད་ན་ཞག་གཅིག་ མ་སྒུལ་ཅིག་བསྒུལ་ན་འོད་གསལ་མི་ཟིན་བྱ། དེ་ནས། རང་གི་ལྟེ་བའི་འོག ། རྩ་གསུམ་འདུས་པའི་སུམ་མདོ་རུ། རྩ་པདྨ་འདབ་བཞི་པ་དབུས་ཀྱི་ལྟེ་བ་དང་བཅས་པ་ཅིག་བསམ། ལྟེ་བ་ལ་ཨ་གཅིག་བསྒོམ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར། གསལ་བར་བསྒོམས་ལ། དེ་ནས། འབྱུང་བ་ས་ཆུ་ལ་ཐིམ་པའི་དུས་སུ། ནད་གཡོག་པས་བལྟས་པས། ལུས་ཟུངས་མི་ཐུབ། 2-7-14b གདོང་པ་ལ་ས་གོས་པ། རྣ་བ་ཆག་པ། སྣ་ཞོམ་པ་ཅིག་འབྱུང་། དེའི་དུས་སུ་འཆི་བ་པོ་རང་གི་ཤེས་པ་ལ། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྤྲིན་གྱི་རྣམ་པ་ལྟ་བུ་ལོང་ལོང་བ་ཞིག་འབྱུང་། དེ་ཡང་གུར་གྱི་ལེའུ་བཞི་པ་ལས། དང་པོ་ སྤྲིན་གྱི་རྣམ་པ་སྟེ། ཞེས་གསུང་པས། དེའི་དུས་སུ། མདུན་གྱི་ཨ་ལ་ཤེས་པ་གཏད། དེ་ནས་ཆུ་མེ་ལ་ཐིམ་པའི་དུས་སུ། ནད་གཡོག་པས་བལྟས་པས། ཁ་ཆུ། སྣ་ཆུ། ལན་ཅིག་ཕྱིར་ལྷུག་པ་ཅིག་འབྱུང་། དེ་ནས། སངས་ལ་སྐམས་ནས་འགྲོ། འཆི་བ་པོ་རང་གི་ཤེས་པ་ལ། སྣང་གྲགས་ཀྱི་ཆོས་ཐམས་ཅད་དུ་བའི་རྣམ་པ་ལྟ་བུ། བན་བུན་པ་གཅིག་འབྱུང་། དེ་ཡང་། གཉིས་པ་དུ་བ་ལྟ་བུའོ། །ཞེས་གསུངས་པས། དེའི་དུས་སུ་གཡས་ ཀྱི་ནུ་ལ་ཤེས་པ་གཏད། དེ་ནས་མེ་རླུང་ལ་ཐིམ་པའི་དུས་སུ། ནད་གཡོག་པས་བལྟས་པས་ལུས་ཀྱི་དྲོད་ཤོར་ནས། རྡོ་བཞིན་དུ་གྲང་ལྷང་གིས་འགྲོ། འཆི་བ་པོ་རང་གི་ཤེས་པ་ལ། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྲིན་བུ་མེ་ཁྱེར་ གྱི་རྣམ་པ་ལྟ་བུ། ཆེས་མི་གསལ་བ་ཅིག་འབྱུང་། དེ་ཡང་། གསུམ་པ་སྲིན་བུ་མེ་ཁྱེར་དངོས། །ཤེས་གསུངས་པས། དེའི་དུས་སུ་རྒྱབ་ཀྱི་ཏ་ལ་ཤེས་པ་གཏད། དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། ནད་གཡོག་ པས་བལྟས་པས། དབུགས་ངར་ངར་པོ་དང་། ཤ་ཤ་པོ་འབྱུང་། འཆི་བ་པོ་རང་གི་ཤེས་པ་ལ། སྣང་གྲགས་ཀྱི་ཆོས་ཐམས་ཅད་མར་མེའི་རྣམ་པ་ལྟ་བུ། བཀྲ་ལམ་མེ་གསལ་བ་ཅིག་འབྱུང་། དེ་ཡང་། བཞི་པ་མར་མེ་ གསལ་འབར་བ། ཞེས་གསུངས་པས། དེའི་དུས་སུ་གཡོན་གྱི་ར་ལ་ཤེས་པ་གཏད། དེ་ལྟར་རྣམ་པར་ཤེས་པ་སྣང་བ་རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་ལ་ཐིམ་པའི་དུས་སུ། ནད་གཡོག་པས་བལྟས་པས། ལུས་ལ་གཡོ་འགུལ་མེད། 2-7-15a དབུགས་འབྱུང་རྔུབ་མེད། དེར་ནད་པ་ཤི་གདའ་བྱ་བ་ལས་མེད། འཆི་བ་པོ་རང་གི་ཤེས་པ་དེ་ཅུང་ཞིག་མི་འཕྲོ། དེའི་དུས་སུ་དབུས་ཀྱི་ཨ་ལ་ཤེས་པ་གཏད། སྔར་གྱི་བསྒོམས་པའི་ཉམས་མྱོང་གི་སྟེང་དུ་བཞག་ པས། དེའི་དུས་སུ་སེམས་ཅན་ཐམས་ཅད་ལ་ཆོས་སྐུ་ཇི་ལྟ་བ་ཞིག་ཤུགས་ཀྱིས་སྐྱེ་བ་དང་། སྔར་གྱི་ཉམས་གཉིས་འདྲེས་ནས། དེ་ཉིད་དུ་འབྲས་བུ་ཆོས་སྐུ་ཐོབ་པ་ཡིན། དེ་ལྟར་ཡང་དག་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། ། ཐམས་ཅད་མཁྱེན་པའི་རྒྱུ་དེ་དེ། །དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །ཞེས་གསུངས་པས། བར་དོ་རྣམ་པ་ཐམས་ཅད་དུ་ལྡང་མི་སྲིད་གསུང་ངོ་། །དེ་རྣམས་ནི་རྒྱུད་ཀྱི་བཤད་པ་དང་བཏུན་པ་ཡིན། ལག་ལེན་ལ་དེ་རྣམས་འགྲོ་བས་ རྩ་གསུམ་འདུས་པའི་སུམ་མདོ་རུ་རྩ་པདྨ་འདབ་མ་བཞི་པ་དབུས་ཀྱི་ལྟེ་བ་དང་བཅས་པ་གཅིག་སྒོམ། དབུས་ཀྱི་ལྟེ་བ་ལ་ཨ་གཅིག་སྒོམ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་གསལ་བར་སྒོམ། རྟགས་ ཚོ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། དང་པོ་མདུན་གྱི་ཨ་ལ་ཤེས་པ་བཞག །དེ་ནས་ནུ། དེ་ནས་ཏ། དེ་ནས་ར། དེ་ནས་དབུས་ཀྱི་ཨ་ལ་ཤེས་པ་པུར་གྱིས་བཅུག་ནས། སྔར་གྱི་བསྒོམས་པའི་ཉམས་ལ་བློ་ལྷན་གྱིས་བཞག་ པས། དེའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཆི་བ་ཆོས་ཀྱི་སྐུ་ཇི་ལྟ་བ་ཅིག་རང་ཤུགས་ཀྱིས་སྐྱེ་བ་དང་། སྒོམས་པའི་ཉམས་གཉིས་འདྲེས་ནས། དེ་ཉིད་དུ་འབྲས་བུ་ཆོས་སྐུ་ཐོབ་པ་ཡིན། དེ་ནས། བར་དོ་རྣམ་པ་ཐམས་ཅད་ དུ་ལྡང་མི་སྲིད་པ་ཡིན་གསུང་། དེས་རོ་འོད་དང་ལྡན་པ། ཁ་དོག་དང་ལྡན་པ། སྣུམ་ཞུལ་ལེ་བ་ཅིག་འབྱུང་བ་ཡིན་གསུང་། དེས་ནི་བར་དོ་དང་པོ་འཆི་ཀའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་བཟུང་རེས་གཅིག་གིས་སངས་རྒྱ་བའི་ཐབས་བ་བཤད་དོ། ། 2-7-15b དེ་ནས། བར་དོ་གཉིས་པ་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས། ཟུང་འཇུག་གི་སྐུ་ངོས་བཟུང་བ་ལ། བར་དོ་དང་པོ་འཆི་ཀའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་མ་ཟིན་ན། ཤི་ནས་བར་དོར་ཞག་བདུན་ཚན་བདུན་གནས་ཀྱང་། བདུན་ཚན་དང་པོ་ལ་མ་ཟིན་ན། དེ་ནས་ཟིན་པར་དཀའ་བས། ཞག་བདུན་ཚན་དང་པོ་ལ་འཛིན་དགོས། བདུན་ཚན་དང་པོ་ལ་ཞག་ཕྱེད་དང་བཞི་འདས་པའི་རྗེས་སུ་དྲན་པ་འབྱུང་། ཕྱེད་དང་བཞི་མ་འོངས་པ་རྗེས་སུ་དྲན་པ་འབྱུང་། ། དེ་ཡང་འདས་པ་རྗེས་སུ་དྲན་པ་ཞེས་པ་དེ། བདག་ཤི་བ་ཡིན། རོ་འདི་ཡང་བདག་གི་རོ་ཡིན་སྙམ་པ་འབྱུང་། རང་གི་སློབ་མ་དང་། གྲོགས་པོ་དང་། སྤུན་ཟླ་ལ་སོགས་པ་ཐམས་ཅད་ཀྱང་གསལ་བར་དྲན་པ་ཅིག་འབྱུང་། དེའི་དུས་ སུ། བར་དོ་དང་པོ་ཆོས་ཀྱི་སྐུ་ངོས་མ་ཟིན་པར་འདུག་པས། བར་དོ་གཉིས་པ་ཟུང་འཇུག་གི་སྐུ་ད་ལྟ་བས་སྟོང་འགྱུར་གྱིས་གསལ་བས་ལོངས་སྐུ་ཐོབ་ངོས་ཟིན་པར་བྱ་སྙམ་པ་ཡིད་ལ་བྱ། དེ་ནས་ཡིད་ཀྱི་ལུས་དེས། རང་ཡི་དམ་གྱི་ལྷ་དཔལ་དགྱེས་པ་རྡོ་རྗེ་བསྒོམ། རང་སེམས་ བདེ་སྟོང་ཟབ་མོ་སྔར་གྱི་བསྒོམས་པའི་ཉམས་ལ་བློ་ལྷན་གྱིས་བཞག་པས། ། ཞག་ཕྱེད་དང་བཞིར་བསྐྱེད་རྫོགས་གཉིས་བར་མ་ཆད་པར་ཕྲིལ་ཕྲིལ་བསྒོམས་པས། དེ་ཉིད་དུ་འབྲས་ བུ་ཟུང་འཇུག་གི་སྐུ་འཐོབ་པ་ཡིན་གསུང་ངོ་། །དེས་བར་དོ་གཉིས་པ་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས། ཟུང་འཇུག་གི་སྐུ་ངོས་བཟུང་བ་བཤད་དོ། །དེ་ནས་བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་ལ། ཞག་ཕྱེད་དང་ བཞི་འདས་པའི་རྗེས་སུ་དྲན་པའི་དུས་སུ་ཟུང་འཇུག་གི་སྐུ་ངོས་མ་ཟིན་ན། ཞག་ཕྱེད་དང་བཞི་མ་འོངས་པ་རྗེས་སུ་དྲན་པའི་དུས་སུ། འགྲོ་དྲུག་གི་སྒོ་དགག་དགོས་པ་ཡིན། དེ་ཡང་། མ་འོངས་པ་རྗེས་སུ་དྲན་པའི་དུས་ 2-7-16a སུ་གར་སྐྱེ་ངོ་ཤེས་པ་ཅིག་འོང་སྟེ། ལྷར་སྐྱེའམ། མིར་སྐྱེའམ། ལྷ་མ་ཡིན་དུ་སྐྱེ་བའམ། གར་སྐྱེ་བ་དེའི་ཕ་དང་། མ་དང་། རང་རེའི་རྣམ་པ་ཝལ་གྱིས་འཆར་བ་ཅིག་འབྱུང་། དེའི་དུས་སུ་རང་གི་ཕ་དེ་ རྡོ་རྗེ་སློབ་དཔོན་དང་། མ་དེ་རྡོ་རྗེ་སློབ་དཔོན་གྱི་ཡུམ་དུ་བསྒོམ་ལ། སློབ་དཔོན་ཡབ་ཡུམ་ལ་དབང་ཞུ་བ་དང་། གདམས་ངག་གི་གསོལ་བ་འདེབས་པར་བསྒོམས་པས་བླ་མ་ཡབ་ཡུམ་ལ་ཆགས་སྡང་སྐྱེ་མི་སྲིད་པས། སྐྱེ་བ་ལེན་མི་སྲིད་ པ་ཡིན་གསུང་། ཡང་ན། ཕ་མ་གཉིས་དགྱེས་རྡོར་ཡབ་ཡུམ་དུ་བསྒོམས་པས། ཡི་དམ་གྱི་ལྷ་ཡབ་ཡུམ་ལ་ཆགས་སྡང་སྐྱེ་བ་མི་སྲིད་གསུང་། དེས་ནི་བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་བཤད་དོ། །དེས་ མ་ཁེགས་ན། ད་ལུས་ལེན་པས། ད་མངལ་གྱི་གྲོང་ཁྱེར་བསྔམས་པར་བྱེད་དགོས་པ་ཡིན། དེ་ལ་རང་དབང་མེད་པར་ལུས་ལེན་མི་སྲིད་པས། ལྷའམ། མིའི་ནང་ནས་ཀྱང་། ཆོས་བྱེད་པ་ཅིག་གི་བུར་སྐྱེ་བར་བྱའོ། ། སྙམ་པའི་འདུན་པ་བཏང་བས། སྔར་བླ་མས་དབང་བསྐུར་བ་དང་། རང་གི་བསྐྱེད་རིམ་བསྒོམས་པའི་སྟོབས་ཀྱིས། གང་འདོད་པའི་རིགས་སུ་སྐྱེའོ། །དེས་ནི། རིགས་དྲུག་གི་མངལ་སྒོ་མ་ཁེགས་ན། མངལ་ཁ་ བསྡམས་པ་བཤད་དོ། །དེ་ལྟར་བྱས་པས། འཆི་ཁའི་འོད་གསལ་ལ་བརྟེན་ནས་ཆོས་སྐུ་ངོས་ཟིན་པ་དེས། ཚེ་འདི་ལ་སངས་རྒྱ་བའི་ཐབས་བཤད་པ་ཡིན། དག་པ་དང་མ་དག་ལ་བརྟེན་ནས་ཟུང་འཇུག་གི་སྐུ་ངོས་བཟུང་བ་དང་། འགྲོ་དྲུག་གི་སྒོ་དགག་པ་གཉིས་ཀྱིས། བར་དོར་སངས་རྒྱ་བའི་ཐབས་བཤད་པ་ཡིན། མངལ་ཁ་བསྡམས་པ་དེས། སྐྱེ་བ་བརྒྱུད་ནས་སངས་རྒྱ་བའི་ཐབས་བཤད་པ་ཡིན། དེ་ལྟར་ན། བསྲེ་བའི་མན་ངག་བྱ་བ་དེ་ལ་ 2-7-16b སྐྱེ་ཤི་བར་དོར་བསྐྱེད་རྫོགས་གཉིས་ཀྱི་མན་ངག་དང་བསྲེ། རྨི་ལམ་བར་དོ་རྨི་ལམ་དང་བསམ་གཏན་བསྲེ། དེ་གཉིས་མ་ཤི་བར་དུ་སྒོམ་རྒྱུ་ཡིན། དེ་གཉིས་ལ་སྒོམས་པའི་ཉམས་མྱོང་ཡོད་པ་གཅིག་གིས་སྲིད་པ་བར་དོར་བསྲེ་བ་ལ་ བར་དོ་དང་པོ་འཆི་ཁའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་བཟུང་བ་དང་། བར་དོ་གཉིས་པ་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས། ཟུང་འཇུག་གི་སྐུ་ངོས་བཟུང་བ་དང་། བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་གསུམ་དུ་བྱས་ ནས། བསྲེ་བའི་མན་ངག་བསྒོམས་ནས་སངས་རྒྱས་པའི་ཐབས་བཤད་དོ།། །།ད་འཕོ་བའི་མན་ངག་བྱ་བ་དེ་ཡིན། དེ་ལ་བླ་མའི་ཞལ་ནས། བསྒོམས་ན་སངས་ནི་ཀུན་ཀྱང་རྒྱ། །མ་བསྒོམས་རྒྱ་ན་རྒྱ་ ངེས་ཡིན། །ཞེས་གསུངས་པས། མ་བསྒོམས་པར་སངས་རྒྱ་བའི་ཐབས། འཕོ་བའི་མན་ངག་འདིས་སངས་མི་རྒྱ་མི་སྲིད་གསུངས་ནས་འདི་ལ། སྦྱངས་ཏེ་འཕོ་བ་དང་། བཙན་ཐབས་སུ་འཕོ་བ་དང་། ལུས་བཅོས་ཏེ་འཕོ་བ་གསུམ་ཡིན་གསུང་། དེ་ལ་དང་ པོ་སྦྱངས་ཏེ་འཕོ་བ་ལ། རླུང་སྦྱང་བ་དང་། འཕོ་བ་སྦྱང་། དབུ་སྙུང་ཅིག་བཞེས་པ་ཡིན་གསུང་། །གཏུམ་མོ་སྒོམ་པ་ཅིག་གིས་བྱེད་ན། ལོ་གསུམ་མི་དགོས།། བ་དང་། འཕོ་བ་དངོས་དང་གསུམ་ཡིན་གསུང་། རླུང་སྦྱང་བ་ནི། སྟན་བདེ་བ་ལ་འདུག་ནས། རྐང་མཐིལ་གཡས་པ་རྐུབ་ཚོས་གཡོན་དང་རྐང་མཐིལ་གཡོན་པ་རྐུབ་ཚོས་གཡས་ལ་གཏད་ནས། སྒལ་ཚིགས་དྲང་ཐར་གྱིས་བསྲང་། ཏོང་མགོ་ཡིད་ཙམ་དགུག །ལྟེ་བ་ ནས་སོར་བཞིའི་འོག་ཏུ་ཕྱག་མཉམ་བཞག་གི་རྒྱ་དྲག་ཏུ་བསྡམ། དེ་ནས་རླུང་ཕྱི་འགྲོ་ནང་འགྲོ་ལན་བཅུ་ཙམ་བྱས་ནས། རླུང་རྣལ་དུ་ཕབ་ནས། ཕྱིར་ཁྲུ་གང་ཙམ་དུ་བཏང་སྟེ་ནང་དུ་རྔུབས་ལ། སྟེང་འོག་གི་རླུང་ཐུབ་ཚད་དུ་བསྡམ། 2-7-17a མི་ཐུབ་ན། སྣ་བུག་ནས་དལ་བུས་བཏང་། གཞན་དག་ལ་འདི་དུམ་བུར་སྟོན། རླུང་བུམ་པ་ཅན་ལ་སློབ་ཏུ་གཞུག་གསུང་། དེ་ལྟར་བསླབས་པས་རླུང་ཚེགས་མེད་པར་ཁེགས་པའི་ཚད་ལ། སློབ་དཔོན་ངག་གི་དབང་ཕྱུག་ གྲགས་པས། དཀྱིལ་ཀྲུང་བྱས་ཏེ་ལག་པ་གཡོན་པས་ཕྲེང་བ་བཟུང་། གཡས་པའི་མཐིལ་དཔུས་མོ་ལ་ལན་གསུམ་བསྐོར་ནས་སེ་གོལ་རེ་ལ་ཕྲེང་རྡོག་རེ་བགྲངས་ལ། ཕྲེང་བ་དུ་འདུག་ལྟ་གསུང་། ལག་ལེན་ལ་ངེས་མི་འོང་བས། རང་གི་སློབ་མའམ། གྲོགས་པོ་ཅིག་མདུན་དུ་བཞག་ལ། རང་ཉིད་ནི། གོང་དུ་བསྟན་པ་བཞིན་དུ། ལུས་བཅོས་ལ་རླུང་བསྡམས་ཏེ། མ་ཐུབ་པ་དང་སེ་གོལ་གྱི་བརྡ་གཅིག་བྱ། གྲོགས་པོ་དེས། ཁོང་རང་གི་རླུང་འབྱུང་ འཇུག་གནས་གསུམ་ལ། གཅིག་ཏུ་བརྩིས་པའི་ཁུག་པ་རེ་ལ་ཕྲེང་རྡོག་རེ་བགྲང་། སེ་གོལ་གྱི་བརྡའ་བྱུང་དུས། ཕྲེང་བ་འདྲེན་པ་འཕྲོ་བཅད་ལ། ཕྲེང་རྡོག་དུ་འདུག་བལྟས་པས། དེ་ལ་རབ་ཀྱི་ཁུག་པ་བརྒྱ་རྩ་བརྒྱད་ཐུབ། འབྲིང་གི་བདུན་ཅུ་རྩ་གཉིས་ཐ་མས་སུམ་ཅུ་རྩ་དྲུག་ཁེགས་དགོས་པ་ཡིན་ཏེ། འཕོ་བ་བྱེད་པ་ལ་ཐ་མ་དེ་ཁེགས་པས་ཆོག་གསུང་། རླུང་ཐ་མ་སུམ་ཅུ་རྩ་དྲུག་མ་ཁེགས་ཀྱི་བར་དུ་སྦྱང་ངོ་། །དེ་ནས། འཕོ་བ་སྦྱང་བ་ལ་ཞག་བདུན་ སྦྱངས་བས་ཆོག་པ་ཡིན། དེ་ཡང་གོང་དུ་བསྟན་པ་ལྟར་ལུས་བཅོས་ལ། སྒོ་དགུ་ཡི་གེས་དགག་པར་བྱ་སྟེ། སྤྱི་བོ་ཚངས་པའི་བུ་གར་ཀྵྱུྃ། མིག་གཉིས་དང་། སྨིན་མཚམས་སུ་ཧཱུྃ། རྣ་བ་གཉིས་དང་། སྣ་ བུག་གཉིས་སུ་ཡུྃ། ཁར་སུྃ། ལྟེ་བར་མུྃ། འོག་སྒོ་དང་། རྡོ་རྗེའི་བུ་གར་ཀྵྃ་བསྒོམས་ལ། དེ་ནས། རང་གི་ལྟེ་བའི་འོག་རྩ་གསུམ་འདུས་པའི་སུམ་མདོར། སེམས་ཀྱི་རྒྱལ་པོ་ཡི་གེ་ཨར་གནས་པ་དེ། ཧིཀྐ་ཉི་ཤུ་རྩ་གཅིག་ 2-7-17b དྲག་ཏུ་བརྗོད་པས། སྒལ་ཚིགས་ཉི་ཤུ་རྩ་གཅིག་གི་ཐོག་ཏུ་ཡར་དྲངས། ཀླད་པའི་སྟེང་། ཐོད་པའི་འོག་ཡར་དྲང་ངོ་། དེ་ནས། རླུང་ཕྱིར་འགྲོ་ནང་འགྲོ་ལན་གསུམ་ཙམ་བྱས་ཏེ་ངལ་བསོས་ནས། ཀ་ཧིཀ་ཉི་ཤུ་རྩ་གཅིག་ དྲག་ཏུ་བརྗོད་པས་མར་ཕབ་ལ་ལྟེ་བར་བཞག །དེ་བཞིན་དུ། ཡར་འདྲེན་མར་དབབ་ཅིང་། ཞག་གཅིག་ལ་ཐུན་དྲུག་ཏུ་བྱས་ལ་བསྒོམ་མོ། ཐུན་མཚམས་སུ་ལུས་ངག་གི་བྱ་བ་བྱེད་པའི་དུས་སུ་སྤྱི་བོར་བཞག་ན། དྲག་ ཤུལ་ལམ། སྐིག་བུའི་འགྲོག་ལ་ཤི་ཉེན་ཡོད་པས། མར་དྲངས་ལ་ལྟེ་བར་བཞག་གསུང་། དེ་ལྟར་བསླབས་པས་འཕོ་བ་འབྱོངས་པའི་ཚད་ནི། སྔར་ལས་ཟས་མང་དུ་ཡོག་པ་ཅིག་འོང་། ལུས་ལ་དྲོད་ཆེ་བ་ཅིག་འོང་། དཔྲལ་བ་ཚ་ལམ་ལམ་པ་འོང་། སྤྱི་བོ་རྡོལ་ཏེ་འགྲོ་སྙམ་པ་ཡང་འོང་། རྟགས་དེ་ཚོ་ཡང་འབྱུང་སྟེ། བླ་མའི་ཞལ་ནས། ཧིཀྐ་ཉི་ཤུ་རྩ་གཅིག་གིས་ཡར་འདྲོངས་སོ། །ངལ་བསོས་ནས། ཧི་ཀྐ་ཉི་ཤུ་རྩ་གཅིག་ གིས་མར་འདྲོངས་ན་འཕོ་བ་འབྱོངས་པའི་ཚད་ཡིན་གསུང་། དེ་ཡང་བླ་མའི་ཞལ་ནས། ལོ་ཉི་ཤུ་ཙམ་ལ་འཕོ་བ་སྦྱངས་ནས། དེ་ནས་བཞག་སྟེ་ལོ་བཞི་བཅུ་ཙམ་ལ་འཕོ་བར་འདོད་ན་འཕོས་པས་ཆོག་པ་ཡིན་གསུང་། དེ་ནི་འཕོ་ བ་སྦྱང་བའོ།། །།འཆི་རྟགས་བྱུང་ན་འཆི་སླུ་བྱ། དེས་ཀྱང་མ་བསླུས་ནས་འཆི་ངེས་པའི་ནད་ཀྱིས་ཐེབས་ནས་འཕོ་བ་ལ། གདན་བཞི་རྩ་རྒྱུད་ལས། འཆི་འཕོའི་མཚན་མ་མཐོང་བ་ཡིས། །འཆི་བར་འགྱུར་བའི་དུས་བྱུང་ན། ། རིམས་ལ་སོགས་པར་མ་ཕོག་པར། །འཕོ་བ་སྦྱོར་བ་མཆོག་ཡིན་ནོ། །ཞེས་གསུངས་པས་ན། རང་ཡི་དམ་ལྷའི་ཐང་སྐུ་མདུན་དུ་བཀྲམ་ལ། སེམས་ཀྱིས་ཡི་དམ་ལྷ་དང་བླ་མ་སྤྱན་དྲངས་ལ། གོང་དུ་བསྟན་པ་ལྟར་ལུས་བཅོས་ 2-7-18a ལ། སྒོ་དགུ་ཡི་གེ་དགུས་དགག །ལྟེ་བ་ནས་སོར་བཞིའི་འོག་རྩ་གསུམ་འདུས་པའི་སུམ་མདོ་ན། སེམས་ཀྱི་རྒྱལ་པོ་ཡི་གེ་ཨར་གནས་པ་དེ། ཧིཀ་ཉི་ཤུ་རྩ་གཅིག་གིས་ཡར་དྲངས། ཧི་ཀྐ་ཉི་ཤུ་རྩ་གཅིག་གིས་ མར་དྲངས་ཏེ་ཉམས་སད་པ་ཡིན། དེ་ནས། རྐང་མཐིལ་གཉིས། སྐུ་གཡས་གཡོན་གཉིས། འཆན་ཁུང་གཉིས་རྣམས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་དྲུག་ཏུ་སྒོམ། སྙིང་པདྨ་འདབ་བཞིའི་ཕྱོགས་བཞིར། ཡྃ་ལས་རླུང་གི་དཀྱིལ་འཁོར་བཞི་སྒོམ། དེ་ནས་རླུང་གིས་གཡོས་ཏེ། འུར་འུར་ཚེག་ཚེག་སྒྲ་དང་བྱས་པས། སྙིང་པདྨ་ཁ་ཐུར་དུ་བུབ་པ་དེ། གྱེན་ལ་ཕྱེ་སྟེ་སེམས་ཀྱི་རྒྱལ་པོ་ཧཱུཾྃ་དུ་གནས་པ་དེ། ཏེག་ཏེག་འདུག་པར་སྒོམ། དེ་ནས། རང་གི་སེམས་ཀྱི་རྒྱལ་པོ་ལྟེ་བའི་འོག་ནས་ཨར་འདུག་པ་དེ། ཧིཀྐ་ཉི་ཤུ་རྩ་གཅིག་བརྗོད་པས། སྒལ་ཚིགས་ཉི་ཤུ་རྩ་གཅིག་གིས་སྟེང་དུ་དྲངས་ལ། སྤྱི་བོའི་ཀྵྱུྃ་དེ་ཟོ་བ་ཞབས་རྡོལ་བ་བཞིན་དུ་ཧ་རེ་བསྒོམས་ལ། ཧིཀྐ་ཅེས་ བརྗོད་པས་བ་ཐག་གི་རྣམ་པ་ལྟ་བུ་དེ་གཅད་ནས། ཡི་དམ་ལྷའི་ཐུགས་ཀར་རྒྱངས་ཀྱིས་འཕོས་པར་སྒོམ། དེ་ནས། རང་ལྷའི་རྣམ་པར་གསལ་བར་སྒོམ། དེ་ནི་དེ་ལ་མ་འཕོས་ན་ཉི་ཤུ་རྩ་གསུམ་པ་དང་རྩ་བཞི་པ་དང་སྦྱངས་ཏེ་འཕོ་བའོ།། །།བཙན་ཐབས་སུ་འཕོ་བ་ནི། སྦྱངས་ ཏེ་འཕོ་བ་བྱེད་མི་ཁོམ་པའི་གནད། ཀླད་པ་ལུག་པ་ལྟ་བུའམ། རྒྱུ་མ་ཆད་པ་ལྟ་བུའི་ནད་ཀྱིས་ཐེབས་ན་བཙན་ཐབས་སུ་འཕོ་བས། ། རྩ་ལྔས་ཀྱང་འཕོ་བར་བྱའོ། །དེས་ན་ངེས་པར་འཕོ་བའོ། ། ཡེ་ཤེས་བཙན་ཐབས་སུ་འཕོ་བ་ལ་གཉིས་ལས། དང་པོ་སྟན་བདེ་བར་ལུས་ཙོག་པུར་འདུག་ནས། ཨོལ་མདུད་ལན་གསུམ་གཡོན་དུ་གཅུས། དྲང་པོར་བཞག་ལ། རྦ་རླབས་དལ་བུས་བཙིར། མིག་ཟིམ་མེ་ཧར་རེ་བྱས་ལ་ 2-7-18b མིག་འབྲས་མི་འགུལ། རང་གི་སྨིན་མཚམས་སུ་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་སྲན་རྡོག་ཙམ་དཀར་ཧྲིལ་ཧྲིལ་འདུག་པར་སྒོམ། དེ་ནི་ཡེ་ཤེས་བཙན་ཐབས་སུ་འཕོ་བ་ཡིན་གསུང་ངོ་། །གཉིས་པ་ལུས་ཙོག་པུར་ འདུག་ནས། སེམས་ཀྱིས་ཡི་དམ་ལྷ་དང་། བླ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། དེ་ནས་ཨོལ་མདུད་ལན་གསུམ་དྲག་པར་གཅུས་ལ་དྲང་པོར་བཞག་ལ། མཐེ་བོང་གཉིས་ཀྱིས་ཨོལ་མདུད་པ་ལྟག་པའི་ཕྱོགས། མདུད་སྒོའི་ངོས་སུ་དྲག་པར་ཕུལ་ནས། དེ་ནས་སྤྱི་བོ་ཟོ་བ་ཞབས་ཕྱུང་བ་བཞིན་དུ་ཧར་རེ་འདུག་པར་བསྒོམ། རང་གི་སྙིང་ཀ་ཐུར་དུ་ལྟ་བ་དེ་གྱེན་ལ་ཁ་ཕྱེ་བར་སྒོམ། དེའི་དཀྱིལ་ན། སེམས་ཀྱི་རྒྱལ་པོ་ཧཱུྃ་དུ་གནས་པ་དེ། ཧིཀྐ་ ཅེས་ལན་ཉི་ཤུ་རྩ་གཅིག་དྲག་ཏུ་བརྗོད་པས། ཧཱུྃ་དེ་ཚངས་པའི་བུ་ག་ན་ཡར་རྒྱངས་ཀྱིས་སོང་བས། བ་ཐག་གི་སྲུད་པ་ལྟ་བུ་དེ་ཆད་ནས། ཡི་དམ་ལྷའི་ཐུགས་ཀར་སོང་བར་བསམ། དེ་ནས་རང་ལྷའི་རྣམ་པར་གསལ་བར་ སྒོམ། དེས་ཡེ་ཤེས་སྐྱེའོ། །དེས་ནི་བཙན་ཐབས་སུ་འཕོ་བའི་ཐབས་བཤད་པ་ཡིན་གསུང་ངོ་།། །།ལུས་བཅོས་ཏེ་འཕོ་བ་ནི། སྦྱངས་ཏེ་འཕོ་བ་བྱེད་པ་མ་ཁོམ་ཞིང་། བཙན་ཐབས་སུ་འཕོ་བར་མ་ནུས་ན། ལུས་བཅོས་ཏེ་ འཕོ་བ་ལ། ཐུན་མོང་དུ་བསྟན་པ་དང་། ཐུན་མོང་མ་ཡིན་པར་བསྟན་པ་གཉིས་ལས། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་སུ། སེང་གེའི་ཉལ་སྟབས་མཛད་ནས་འདས་ཏེ། སེམས་ཅན་རྣམས་འདི་ལྟར་བྱས་ན་ངན་སོང་དུ་མི་འགྲོ་བས། འདི་ལྟར་གྱིས་ཤིག་པར་བརྡའི་སྒོ་ནས་ཆོས་འཆད་པ་ཡིན་པས། ཐ་མལ་པའི་སེམས་ཅན་རྣམས་འཆི་བའི་དུས་སུ། གློ་གཡས་པ་ཕབ་ལ། མགོ་བྱང་། ཁ་ནུབ། 2-7-19a རྒྱབ་ཤར་དུ་བསྟན་ལ་རྐང་པ་བརྐྱང་སྟེ་བག་ཙམ་བཀུམ། ལོང་བུ་གཉིས་བརྩེགས། ལག་པ་གཡས་པ་འགྲམ་པ་གཡས་ལ་སྦྱར། ལག་པ་གཡོན་པ་བརླ་གཡོན་པའི་སྟེང་ན་མར་བརྐྱང་སྟེ་ཤི་ན་ངན་སོང་དུ་མི་འགྲོ་ བ་ཡིན་གསུང་། གཉིས་པ་ནི། སྟན་བདེ་བ་ལ་འདུག་སྟེ། གོང་དུ་བསྟན་པ་ལྟར་ལུས་བཅོས་ལ། སེམས་ཀྱིས་ཡི་དམ་དང་བླ་མ་མདུན་དུ་སྤྱན་དྲངས་ཏེ། དེ་ནས། རང་གི་ལྟེ་འོག་སོར་བཞི་ན། རྩ་གསུམ་ འདུས་པའི་སུམ་མདོ་རུ། ཉི་མའི་དཀྱིལ་འཁོར་གཅིག་སྒོམ། དེའི་སྟེང་དུ་སེམས་ཀྱི་རྒྱལ་པོ་ཨ་གཅིག་སྒོམ། སྒལ་ཚིགས་ཉི་ཤུ་རྩ་གཅིག་པད་འདབ་ཉི་ཤུ་རྩ་གཅིག་ཏུ་སྒོམ། དེ་ནས། ཉི་མའི་འོད་དམར་ན་ར་ར་བྱུང་བས། ཚངས་པའི་བུ་ག་སྒོ་ཕྱེ་སྟེ། ཧིཀྐ་ཉི་ཤུ་རྩ་གཅིག་དྲག་ཏུ་བརྗོད་པས། སྒལ་ཚིགས་པད་འདབ་ཉི་ཤུ་རྩ་གཅིག་པའི་སྟེང་དུ། ཨ་དེ་ཐོན་པར་བསམ། དེ་ནས། ཧིཀྐ་ཉི་ཤུ་རྩ་གཉིས་པ་བརྗོད་པས། བ་ཐག་ལྟ་ བུའི་སྲུང་བ་དེ་གཅད་ནས། སེམས་ཀྱི་རྟེན་ཉི་མ་དང་ཨར་གནས་པ་དེ། ཡི་དམ་ལྷའི་ཐུགས་ཀར་འཕོ་བར་བསམ། དེ་ནས་རང་ལྷའི་རྣམ་པར་གསལ་བར་བསྒོམ། དེ་ལ་མ་འཕོས་ན། སྔར་བཞིན་ལྟེ་འོག་གི་ཉི་མའི་ སྟེང་དུ་ཨ་དང་སྒལ་ཚིགས་པད་འདབ་ཉི་ཤུ་རྩ་གཅིག་ཏུ་སྒོམ། ཧིཀ་གིས་པད་འདབ་ཉི་ཤུ་རྩ་གཅིག་གི་སྟེང་དུ་དྲངས། དེ་ནས་ཧིཀྐ་ཉི་ཤུ་རྩ་གཉིས་བརྗོད་པས། ཚངས་པའི་བུ་གར་ཐོན་ཏེ་ཕར་ཐེན་ཚུར་ཐེན་ཡང་སྒོམ། དེ་ནས་ ཉི་མ་དང་། ཨར་བཅས་པའི་ཡི་དམ་ལྷའི་ཐུགས་ཀར་འཕོ་བའོ། །དེ་ལ་མ་འཕོས་ན། ཡང་དེ་བཞིན་དུ་བསྐྱར་བས་ཐེ་ཚོམ་མེད་པར་འཕོའོ། །དེས་ནི་ལུས་བཅོས་ཏེ་འཕོ་བ་བཤད་དོ། །དེ་ལྟར་སྦྱངས་ཏེ་འཕོ་བ། བཙན་ཐབས་ 2-7-19b སུ་འཕོ་བ། ལུས་བཅོས་ཏེ་འཕོ་བ་དང་གསུམ་གྱིས་འཕོ་བ་བཤད་པ་ཡིན་ནོ། །དེ་ལྟར་བར་དོ་ཉམས་སུ་བླང་བ་ལ་བར་དོ་དེ་རྣམ་པ་གསུམ་དུ། བསྲེ་བ་དང་འཕོ་བའི་མན་ངག་གཉིས་སུ་བྱས་པས། བར་དོ་ཉམས་སུ་བླངས་བ་བཤད་པ་ཡིན། དེའི་མཐུན་རྐྱེན་ཚོགས་པར་བྱ་བའི་དོན་དུ། གུར་ལེའུ་བཅོ་ལྔ་པ་ནས་བཤད་པའི་སྤྱོད་པ་ཅི་ནུས་སྤྱོད། དེས་ནི། བླ་མ་རྣམས་ཀྱི་ཞལ་གྱི་གདམས་པ་བཤད་པའོ།། །།བཀའ་བཞི་བབས་པའི་རྣལ་འབྱོར་པ། ། སྤྲུལ་སྐུར་གྲགས་པའི་ཏཻ་ལོ་པ། །ལུང་བསྟན་ཐོབ་པའི་ནཱ་རོ་པས། །བཅུ་གཉིས་དཀའ་སྤྱད་མཐར་འདི་གནང་། །བློ་གྲོས་ཤེས་བྱ་མར་པ་ཡིས། །གསེར་གྱིས་མཉེས་བྱས་མཐར་འདི་གནང་། །ཆོས་རྡོར་ཞེས་བྱ་རྔོག་གིས་ནི། ། སྤོང་ཐག་ལན་གསུམ་བྱས་པས་གནང་། །བླ་མ་གཞུང་པ་ཇོ་སྲས་ཀྱིས། །བླ་མ་མི་ལ། དེས་བདག་ཆོས་རྗེ་ཟླ་འོད་གཞོན་ནུ་ལ། །ཐུགས་ལ་བཏགས་ནས་གནང་བ་ལགས། །དེ་ལྟའི་ཞལ་གྱི་གདམས་པ་འདི། །ཡུལ་དང་དུས་ཀྱིས་ བསྐལ་ནས་ནི། །བརྗེད་ཀྱིས་དོགས་པའི་འཇིགས་པ་ཡིས། །རང་གི་དྲན་པ་བསོ་ཕྱིར་ནི། །ཤིན་ཏུ་གསལ་བར་ཡི་གེར་དགོད། །དེ་ལ་འགལ་བ་ཅི་མཆིས་པ། །དགྱེས་རྡོར་མཁའ་འགྲོར་བཅས་པ་དང་། །བླ་མ་རྣམས་ལ་བཟོད་ པར་གསོལ། །བླ་མ་རྣམས་ཀྱི་ཞལ་གདམས་འདི། །སྣོད་དང་ལྡན་པ་བསྒོམ་ངེས་པ། །རེ་རེ་ཙམ་ལ་སྦྱིན་པར་བྱ། །སྣོད་དང་མི་ལྡན་གང་ཟག་ལ། །རྫས་ལ་བལྟས་ནས་མང་སྤེལ་ན། །གནས་ཞིང་ལས་སྐྱེས་མཁའ་འགྲོ་དང་ འདུ་བའི་སོ་པས་སྙིང་ཕྱུང་ཤིག། །།འཛམ་གླིང་བཀྲ་ཤིས་རྒྱལ་མཚན་ཚུགས་པར་ཤོག། །། ༄༅།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན། ། 2-7-20a རྩ་འདབ་མ་སུམ་ཅུ་རྩ་གཉིས་ཡོད། ཡི་གེ་ཧྃ་མགོ་ཐུར་དུ་བསྟན་པ་ལས་བྱང་སེམས་ཐིག་ལེ་ཁང་ཡོང་བ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ། རྩ་འདབ་མ་བཅུ་དྲུག་ཡོད། ཡི་གེ་ཨོཾ་གནས། སྙིང་ཀ་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་མ་བརྒྱད་ཡོད། ཡི་གེ་ཧཱུྃ་གནས། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། རྩ་འདབ་མ་དྲུག་ཅུ་རྩ་བཞི་ཡོད། ཡི་གེ་ཨཱཿདམར་པོ་གནས། དེ་ལྟེ་བ་ནས་མར་སོར་བཞི་གཞལ་བ་ན། གྲུ་གསུམ་དྷཱུ་ཏིའི་ནང་ན་ཡོད། དེའི་ཨ་དམར་པོ་སྤུ་ཤད་ལྟ་བུ་ཡོད། དེ་ལ་རོ་རྐྱང་གཉིས་ཀྱི་སྣ་ཟུག་ཡོད། དེ་ལ། རོ་རྐྱང་གཉིས་ཀྱི་རླུང་མནན་པས། སྦུད་པས་ལྕགས་བཞུ་བ་ལྟར། མེ་དམར་ལྟེམ་ལྟེམ་ཇེ་རིང་ཇེ་རིང་སོང་བས། མེ་དེས། ལྟེ་བ་སྤྲུལ་པའི་འཁོར་ལོ་བསྲེགས་པས། རྩ་སྦུབས་ཀྱི་ཡི་གེ་བསྲེགས། ཡར་སོང་སྙིང་ཀ་ཆོས་ཀྱི་འཁོར་ལོ་བསྲེགས། དེ་ན་ཡར་སོང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བསྲེགས། དེ་ནས་ཡར་སོང་། སྤྱི་ བོ་བདེ་ཆེན་གྱི་འཁོར་ལོ་བསྲེགས། ཧྃ་བསྲེགས། ཧྃ་གི་འོད་ཀྱིས་སྤྱི་བོའི་འཁོར་ལོ་བསོས། ཧྃ་ལས་འོད་ཐིགས་པ། རྩ་སྦུབས་ནས་བབས་པས། མགྲིན་པའི་འཁོར་ལོའི་ཡི་གེ་བསོས། དེ་ནས་མར་བབས་པས། སྙིང་ཀའི་འཁོར་ལོའི་ཡི་གེ་བསོས། དེ་ནས། མར་བབས་པས། ལྟེ་བ་སྤྲུལ་པའི་འཁོར་ལོ་བསོས། ལྟེ་བ་ནས་སོར་བཞིའི་གྲུ་གསུམ་ཐབ་ལྟ་བུའི་ནང་གི། ཨ་དམར་པོ་སྤུ་ཤད་ལྟ་བུ་ལས་མེ་འབར་བས། སྦུབས་ མནན་པ་ལྟར། མེ་ཇེ་རིང་ཇེ་རིང་སོང་། དྷཱུ་ཏཱིའི་ནང་ན་ཡར་འབར་བས། བྱང་སེམས་ཧྃ་ལ་རེག་རེག་སོང་བས། བྱང་སེམས་ཐིག་ལེ་ཁང་ཡོད་པ་ཐིགས་པས། དྷཱུ་ཏཱིའི་ནང་ན་མར་སོང་བས། རྩ་གྲུ་གསུམ་ 2-7-20b ནང་གི་སྤུ་ཤད་ལྟ་བུའི་ཨཿ་དམར་པོ་ལ་ཕོག་པས། སྟོང་པར་ལམ་ལམ་སོང་བར་བསམ། ཨའི་མེ་ཧྃ་ལ་འབར། ཧྃ་གི་ཐིགས་པ་ཨ་སྤུ་ཤད་ལྟ་བུ་ལ་བབས། འཁོར་ལོ་བཞིའི་བསམ་གཏན། ཨ་ཐུང་གི་འབབ་བསྲེག་ཤེས་ བྱ་བའོ། །རྩ་རླུང་གི་མན་ངག་མཐར་ཐུག་པའོ། །ཕྱོགས་དང་། དུས་དང་། གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག། །།མངྒ་ལཾ་ཝནྟུ།། །།ཤུ་བྷཾ།། །། ༄༅།། །ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། འཁྲུལ་འཁོར་གྱི་གཏུམ་མོ་དང་། ཌོཾ་བྷི་པའི་གཏུམ་མོ་རྣམས་བཞུགས་སོ།། ༄༅།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམས་ངག་འདི་ཡི་ལུགས་ཀྱི་ གཏུམ་མོ་ཞེས་ཀྱང་བྱ། དྲོད་བཙན་ཐབས་སུ་དབབ་པ་ཞེས་ཀྱང་བྱ། ལུས་ཀྱི་རྩ་ལ་རླུང་ཟུག་དབྱུང་བ་ཅེས་ཀྱང་བྱ། དེ་ལ་དགོས་པ་ནི། ལ་ཕྲག་ཏུ་འཁྱགས་ན་དེ་ལ་ཕན་རླུང་རྩ་སྦུགས་སུ་འགགས་པ། འཁྱིལ་བ། རླུང་གཟེར་བ་སོགས་ལ་ཕན། གཏུམ་མོ་སྒོམ་འཕྲོ་ལ་གཉིད་དུ་སོང་ནས་སོད་ ཙ་ན་འཁྱགས་པ་དེ་ལ་ཕན། རླུང་སྨད་དུ་འཁྱིལ་ནས་དྲི་ཆེན་དྲི་ཆུ་བསྡམས་ན་དེ་ལ་ཕན། རླུང་བསྲེ་རླུང་སྦུད་སྐྲུག་པའོ། །དང་པོ་ལུས་དཀྱིལ་ཀྲུང་། །ལག་པ་གཉིས་པུས་མོ་ ལ་བརླན། མིག་ལྟ་སྟངས་ཧུར་ཧུར་བྱས་ལ་མདུན་དུ་བལྟ། སེམས་ལྷུག་པར་བཞག །དེ་ནས། སྟེང་འོག་གི་རླུང་དྲག་པོར་ཐུབ་ཚད་བསྡམས། མ་ཐུབ་པའི་དུས་ལན་དྲག་པོ་གསུམ་དུ་གཅུན་ནས་བཏང་། དེ་བཞིན་དུ་གཡས་སུ་ ཡང་བྱའོ། །དེ་ལ་ལན་གསུམ་དུ་བྱའོ། །གཉིས་པ་ནི། ལུས་དཀྱིལ་ཀྲུང་བྱ། ལག་པ་ཐལ་མོ་སྦྱར་ལ། མཐེའུ་ཆུང་སྤྲད་ལ། ལྷག་མ་རྣམས་བསྐུམ་ནས་པུས་མོ་ཁར་བཞག་ལ་རླུང་བསྡམ། མ་གཡས་དྲང་པོར་ལན་གསུམ་བྱ་གསུང་ཐུབ་པ་དང་ཕྱག་རྒྱ་དེ་སྙིང་ཀ། །བཅས་པ་དེ། མདུན་དྲང་པོ་ན་ཕར་ཤད་ཤད་དྲག་པོར་འཕང་བ་ལན་གསུམ། དེ་ནས་གཡོན་དྲང་པོར་ལན་གསུམ། 2-7-21a མགྲིན་པ། དཔྲལ་བར་ཁྱེར་ལ། ཡས་མར་རིམ་པ་བཞིན་དུ་དེ་ལྟར་ལན་གསུམ་གསུམ་བྱའོ། །གསུམ་པ་ནི། རྐང་པ་གཡས་བརྐྱང་། གཡོན་བསྐུམ་པ་ལ། ཕྱག་རྒྱ་སྔ་མ་པུས་མོའི་ཁར་བཞག །རླུང་ ཐུབ་ཚད་བསྡམ། མ་ཐུབ་པའི་དུས་སུ། ཕྱག་རྒྱ་དེ་དང་པོ་ལག་པ་གཡས་པ་ཤད་ཤད་ལན་གསུམ། དེ་ནས་གཡོན་པ་ཡང་དེ་བཞིན་བྱའོ། །དེ་ནས་རྐང་པ་གཡས་པ་ཤད་ཤད་ལན་གསུམ། དེ་ནས་རྐང་པ་གཡོན་པ་ཡང་དེ་བཞིན་དུ་བྱའོ་གཡས་སུ་ཁྱེར་ལ། གཡས་སུ་ལན་གསུམ་དྲག་ཏུ་གཅུའོ། །རྐང་པ་གཡས་བརྐྱང་། གཡོན་བསྐུམ་སྟེ་སྔ་མ་བཞིན་ནོ། །དེ་ཚོ་རྗེ་བཙུན་མི་ལ་རས་པའི་ཕྱག་བཞེས་ཡིན་ནོ།། །། ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། ། གཏུམ་མོའི་གདམ་ངག་ལ་གཉིས་ཏེ། ལོ་རྒྱུས་དང་དགོས་ཆེད་དོ། །ལོ་རྒྱུས་ནི། བཅོམ་ལྡན་འདས་ཧེ་རུ་ཀས། ཡུམ་བདག་མེད་མ་ལ་གནང་། དེས་བླ་མ་ཏཻ་ལོ་པ་ལ་གནང་། དེས་བླ་མ་ནཱ་རོ་པ་ལ་གནང་། དེས་སློབ་ དཔོན་ཌོཾ་བྷི་པ་ལ་གནང་བའོ། །དགོས་ཆེད་ལ། རང་གཞུང་དང་། ལོག་གནོན་གཉིས་ལས། རང་གཞུང་ལ། ལུས་ཀྱི་གནད་དང་། སེམས་ཀྱི་གནད་གཉིས། ལུས་ཀྱི་གནད་ལ། རྐང་པ་བྲེ་ཕུལ་ལྟར་བརྩེགས། ལག་ པ་འགལ་མེ་ལྟར་བསྣོལ་བ། སྒལ་ཚིགས་མདའ་སྨྱུག་ལྟར་བསྲང་བ། རྒྱ་མཚོ་རི་རབ་ལ་སྦྱར་བ། མགྲིན་པ་རྨ་བྱ་ལྟར་དགུག་པ། ཆུ་མིག་གྱེན་ལ་ལོག་པ། བ་དན་མཁའ་ལ་འཕྱར་བའོ། །སེམས་ཀྱི་གནད་ལ། གར་ སྡོང་འོག་ཏུ་ལྕགས་ཀྱི་འབྲུབ་ཁུང་སྒོམ། དེའི་ནང་དུ། རྃ་ལས་མེ་སྦར། ལྟེ་བའི་འོག་ཏུ་ཡི་གེ་ཨ་ཤད་ཀྱི་རྣམ་པ་ལྟ་བུ་སོར་གཅིག་པ་ཅིག་བསྒོམ། དེ་ལས་མེ་སྦར་བས། ཁོང་པ་མེས་ཁེངས་པར་སྒོམ། མེ་ལྕེ་བ་སྤུའི་བུ་ག་ན་མར་སོང་ 2-7-21b བས། ལུས་ལ་མེའི་བུ་གུ་རིས་སུ་བསྐོར་བར་སྒོམ། དུ་བ་ནམ་མཁའི་མཐོང་དུ་སོང་བར་སྒོམ། འཁྱགས་ན་ལུས་ལ་འཁོར་བར་སྒོམ། ལོག་ནོན་ལ། ཁྲག་ལོག་ན། གཞུ་ལྟར་བཀུག་ལ་མདའ་ལྟར་འཕང་ངོ་། །རླུང་སྟོད་དུ་ལོག་ན། ཧེང་ཀྱིས་མནན། སྨད་དུ་ལོག་ན། ཧིཀ་གིས་འདོན། དྲོད་ལོག་ན། རྡུལ་ཕྱིས་ལ་གྲངས་སུ་བཅུག་ལ་སྒོམ། སྲིན་ལོག་ན་འོག་སྒོ་གློད་ལ་རྡོ་རྗེ་རྒྱུན་ཁྲུས་བྱ། འགྲོ་ན། ཁ་ཆེན་བཞི་སྲོག་པ་རྩ་དབུ་མར་སྐྱོན། ཉལ་ན་ཚིགས་ བཞི་བཅིངས་པའི་གནད་བྱས་ལ་ཉལ་ལོ།། ཨྠི །། ༈ །ན་མོ་གུ་རུ། བླ་མ་རིན་པོ་ཆེ་ནཱ་རོ་པའི་གདམས་པ་ཡི། ཆོས་བཅུ་དྲུག་བསྡུ་ན། ལས་ཀྱི་གཏུམ་མོ། འབར་བའི་གཏུམ་མོ། ཕྱག་རྒྱ་ཆེན་པོའི་གཏུམ་མོའོ། །ལས་ཀྱི་གཏུམ་མོ་ནི། གསང་གནས་ན་ཨ་ཤད་ལྟ་བུ་གཅིག་གནས་ཏེ། མ་བསྒོམས་ན་ཨ་དམར་པོ་གནས། བསྒོམས་ན་མེ་ཚོན་གང་བ། མེས་ཡར་འབར་བས། བག་ཆགས་དང་གདོན་ཐམས་ཅད་ བསྲེག་གོ། སཾ་པཱུ་ཊི་ལས། ལྷ་ཡི་རྣལ་འབྱོར་དུས་སུ་ནི། །སྐྲ་ཡི་རྩེ་མོའི་ཁྱོན་ཙམ་དེ། །འོད་ཟེར་གློག་སྟོང་འཁྱུག་པ་བཞིན། །བ་སྤུའི་བུ་གའི་ཚང་ནས་ནི། །ཕྱུང་སྟེ་ཕྱོགས་བཅུར་གནས་པ་ཡིས། །ལྷ་དང་ལྷ་མིན་སྡིག་ པར་མཛད། །ཅེས་གསུངས་སོ། །ལས་ཀྱི་གཏུམ་མོའོ། །འབར་བའི་གཏུམ་མོ་ནི། ལུས་ཀྱི་གནད། ཡུལ་ལྔ་དང་། འདྲ་བ་སྔ་སྟེ། ལུས་མདའ་ལྟར་བསྲང་བ་ལ་བྱེད་བཅིངས་ལྔའོ། །རྩའི་གནད་ལམ་དང་འདྲ་སྟེ། གཡས་ལ་ལ་ན་ཐབས་ཀྱི་རྩ། གཡོན་ར་ས་ན་ཤེས་རབ་ཀྱི་རྩ། དབུས་མ་ཨ་ཝ་དྷཱུ་ཏཱི་ཆོས་ཉིད་ཀྱི་རྩའོ། །རླུང་གི་གནད་རྟ་དང་འདྲ་སྟེ། གཡས་པ་གཟུང་བའི་རླུང་རྒྱུ། གཡོན་པ་འཛིན་པའི་རླུང་རྒྱུ། དབུས་མ། ཆོས་ཉིད་ཀྱི་རླུང་ 2-7-22a རྒྱུའོ། །དེ་ཡང་། ལུས་ཡུལ་དང་འདྲ་བས། ལུས་གང་གནས་པ་ན་རྩ་གནས། རྩ་ལམ་དང་འདྲ། རྩ་གང་ན་གནས་པ་ན་རླུང་གནས། རླུང་རྟ་དང་འདྲ། རླུང་གང་ན་གནས་པ་ན་རིག་པ་གནས། རིག་པ་རྟའི་སྟེང་དུ་མི་ཞོན་ནས་ཁ་ལོ་བསྒྱུར་བ་བཞིན་དུ། རྟ་ལ་མི་ཞ་བོ་གཅིག་གཞོན་ནས། རྟས་རྐང་པ་བྱས། མིས་མིག་བྱས་པས། གང་འདོད་པའི་སར་ཕྱིན་འོང་བ་བཞིན་དུ་མི་དང་འདྲ། རིག་པ་གང་ན་གནས་པ་ན་ནོར་དང་འདྲ་བའི་སྟོང་པ་གནས། སྟོང་པ་གང་ན་གནས་པ་ན་བདེ་བ་ཆེན་པོ་གཏེར་དང་འདྲ་བར་གནས། དེས་གསང་བར་མེ་ལ་གཏད་པས་དགོས་འདོད་འབྱུང་། ཞེས་གསུངས་པས། དཔེར་ན་ མེ་རྟགས་དུ་བ་ལྟ་བུ་སྟེ། རྩ་ལས་སུ་རུང་བའི་རྟགས་ཚད། ལུས་ཡོད་དུ་མི་ཚོར། ཟོ་མདོག་བདེ་བདག་ ཤ་བཀྲག་གཏིང་ནས་འབར་བ། འགྲོ་བ་ཐམས་ཅད་དབང་དུ་འདུས་པ་གསུམ། རླུང་ལས་སུ་རུང་བའི་རྟགས། བཙན་དང་ཡང་དང་འགྱོགས་པ་དང་། །དབུགས་དང་རྔམ་པ་མི་འགྱུར་དང་། །ཇི་ཙམ་འགོག་ཀྱང་ནད་མེད་དང་། །སྟེང་དང་འོག་དང་ གཡས་གཡོན་སོགས། །སེམས་ཀྱི་གང་འདོད་སྤོ་ནུས་པའོ། །དྲོད་ལ་དབང་། དྷཱུ་ཏཱིར་ཚུད་ནས། རྣམ་རྟོག་རང་འགགས་སུ་སོང་ནས་ཡེ་ཤེས་ཇི་ལྟར་འདོད་པ་བཞིན་འཆར་ཏེ། ཟད་པར་རླུང་ལ་སོགས་པ་དང་། ཚེའི་དབང་དུ་མི་བྱེད་དོ། ། དེ་ལ་དྲོད་སྐྱེ་སྟེ། ལུས་ཕྱི་ལ་དྲོད་སྐྱེས་པས་རྔུལ་བ་དང་། དྲོད་སྐྱེ་བ་དང་། ཚིག་པ་མི་ཟའོ། །ལུས་ནང་ལ་དྲོད་སྐྱེས་པས། མདངས་གསལ་བ། སྲིན་བུ་ཕྱིར་ཐོན་པའོ། །ཕྱི་ནང་མེད་པར་དྲོད་སྐྱེས་པས། ཕྱི་ཉམས་ནང་དུ་འཆར། ནང་ཉམས་ཕྱིར་འཆར་རོ། །དྲོད་རྟགས་མ་བྱུང་བར་དུ་བརྩོན་འགྲུས་དྲག་པོ་བསྐྱེད་ཅིང་སྒོམ་མོ།། །།དེ་ཚད་དུ་ཕྱིན་ནས་ཕྱག་རྒྱ་ཆེན་པོའི་གཏུམ་མོ་ནི། དབང་པོའི་སྒོ་མི་དགག །ཉི་མ་དང་ཟླ་བ་བརྩོན་དུ་བཟུང་ལ། མེ་ཡང་ཡིད་ 2-7-22b ལ་མི་བྱེད། རྩ་གསུམ་ཡིད་ལ་མི་བྱེད། རླུང་མི་བསྡམ། དེ་ཡང་བཞན་ལ་མ་ལྟོས་པ་བཞི་འབྱུང་། ལྟ་བ་བཞན་ལ་མ་ལྟོས་པའི་སེམས་གསལ་བ། མེ་ལོང་ལྟ་བུ་ཁོང་ནས་འཆར། སྟོང་པ་བཞན་ལ་མི་ལྟོས་པའི་དབུ་མའི་ཆོས་དབྱིངས་ཁོང་ནས་ འཆར། བདེ་བ་བཞན་ལ་མ་ལྟོས་པའི་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་ཁོང་ནས་འཆར། ཟུང་འཇུག་འོད་གསལ་རྫོགས་པའི་དོན་ཁོང་ནས་འཆར་ཏེ། དེ་ཉིད་སྒོམ་པ་དེ་མཉམ་བཞག་དང་རྗེས་ཐོབ་སྤྱོད་ལམ་ཐམས་ཅད་དུ་ཁྱེར་བར་བྱའོ། ། སྤྱོད་ལམ་དང་ནི་མ་བྲལ་ན། རྨི་ལམ་དུ་ཡང་གཏན་ལ་དབབ། དེ་ཉིད་ལ་ཁྱད་མེད་ན། རྨི་ལམ་ཅི་འདྲ་བ་དེར་ཤེས་སོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། དང་པོ་གསུམ་བསྒོམས་པས། རྟགས་དང་དྲོད་མི་སྐྱེ་མི་སྲིད། དེ་ནས་རྣམ་རྟོག་མི་འགག་ མི་སྲིད། དེ་ནས་ཡེ་ཤེས་མི་སྐྱེ་མི་སྲིད། དེ་ནས་སངས་མི་རྒྱ་མི་སྲིད་དོ། །བླ་མའི་གཏུམ་མོ་རྣམ་གསུམ་མོ།། །། །། ༄༅།ཞབས་རྗེས་གསང་སྤྱོད་མ་ཞེས་བྱ་བའོ། ། ༄༅། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་ཀྱི་སེམས་གསུམ། རང་སྐད་ཅིག་གིས་ལྷར་བསམས་ལ། མདུན་དུ་ཞབས་རྗེས་བཀྲམ་ལ། དེ་ལ་དམིགས་ནས། ཤཱུནྱཱ་ཏའི་སྔགས་ལན་གསུམ་བརྗོད་ པས་སྟོང་པར་བསམ། སྟོང་པའི་ངང་ལས་ཞབས་རྗེས་དེ་བླ་མར་བསམ། བླ་མའི་ཐུགས་ཀར་རང་གི་ཡི་དམ་གྱི་གདན་ས་བོན་བསམ། ས་བོན་ལས་འོད་ཟེར་འཕྲོས་ལུས་ཁྱབ། སྡིག་པ་དང་ཤ་ཁྲག་སྦྱངས་ནས། བླ་མ་ཡི་དམ་ལྷར་བསམ། ། དེ་ནས། ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ལ་ཕོག །ཤ་ཁྲག་དང་སྡིག་སྒྲིབ་སྦྱངས། ཐམས་ཅད་ཡི་དམ་ལྷར་གྱུར། ཚུར་འདུས་ཐུགས་ཀར་ཐིམ། ཡང་འོད་ཟེར་གཉིས་འཕྲོས། 2-7-23a སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ། ཞབས་རྗེས་ལ་བསྟིམ་ཡང་འོད་ཟེར་འཕྲོས་པས། འཇིག་རྟེན་གྱི་ཁམས་ཀྱི་དཔའ་བོ་དང་དཔའ་མོ་ཐམས་ཅད་སྤྱན་དྲངས་ལ་བསྟིམ་ལ། ཡན་ ལག་བདུན་པ་རྒྱས་པ་དབུལ། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཔའ་བོ་དང་དཔའ་མོ་ཐམས་ཅད་དགོངས་སུ་གསོལ། བདག་ མིང་འདི་ཞེས་བགྱི་བ་ལ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། རྟོགས་པ་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པའི་རིམ་པ་མཐའ་དག་རྒྱུད་ལ་སྐྱེ་བ་དང་། དེའི་མི་མཐུན་ཕྱོགས་མཐའ་དག་ནུབ་པར་བྱིན་གྱིས་བརླབ་པར་ མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་དགེ་བ་བསྔོ། སྨོན་ལམ་གདབ། ཡང་བླ་མ་དང་ཡི་དམ་ལ་འཕྲིག་གམ་སེལ་ཡོད་ན། སེམས་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་སྐད་ཅིག་གིས་ཡི་དམ་ ལྷར་བསམ། ཞབས་རྗེས་བཀྲམ་ལ། འོད་ཟེར་སྤྲོ་བསྡུ་ལ་སོགས་པ་ཡན་ཆད་སྔར་དང་མཐུན། དེ་ནས་རྟེན་དེ་ལ་དམིགས་ནས། དམ་ཚིག་ཉམས་པ་བཤག་པའི་བསམ་པས། ཡི་གེ་བརྒྱ་པ་བཟླས་པ་ཟིན་པ་དང་། བླ་མ་རྡོ་རྗེ་འཛིན་ པ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བདག་གི་དམ་ཚིག་ཉམས་པ་ཐམས་ཅད་སོར་ཆུད་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བདབ། དམ་ཚིག་ལ་སེམས་འཕྲིག་ཡོད་ན། བླ་མ་ཞལ་བཞུགས་ན་དངོས་སུ་བཤག། མི་བཞུགས་ན་སྐུ་འབག་ལ་བཤག། གླང་པོ་ཆེ་ཀོ་བ་ཅན་གྱི་གཏམ་རྒྱུད་ཡོད། ཡང་ན་བླ་མ་གཞན་གཅིག་ལ་ཆོས་སྐུ་གཅིག་པ་ཡིན་པའི་ 2-7-23b བསམ་པས་བཤགས་ཀྱང་བཏུབ། དངོས་པོ་ཨ་ཐང་ཆད་པ་མེད། །བཤག་པར་བྱ་དང་བཤགས་པ་རྣམས། །གང་ཚེ་སྦྱོར་བ་མ་མཐོང་བ། །རང་བཞིན་དག་པས་ཡང་དག་མཐོང་། །དེ་ནི་བཤགས་པའི་མཆོག་ཡིན་ནོ། ། ཞེས་གསུངས། སྒྱུ་མའི་བློ་ཡོད་ན་བཤག་པ་ལ་ཚེགས་མེད་གསུང་། ཡང་བླ་མ་ཞལ་བཞུགས་ཙ་ན་མན་ངག་དང་། ཆོས་བཤད་པ་ལ་སོགས་པའི་ལུང་མེད་ནས། བླ་མ་མི་བཞུགས་པའི་དུས་སུ་ལུང་བླང་བ་ནི། སེམས་ གསུམ་གྱིས་བླང་སྟེང་། རང་ཡི་དམ་དུ་བསམ་ལ། སྔར་བཞིན་ཡན་ལག་བདུན་པ་ཡན་ཆད་རྒྱས་པར་བྱས་ལ། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱིས། བདག་ལ་འདི་དང་འདིའི་ལུང་གནང་བར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས། གང་འདོད་པའི་ལུང་བསྟན་པར་བསམ། རྟེན་དེ་བླ་མའི་ངོ་བོར་བྱས་ལ། མི་གཤེགས་པར་ སོ་སོར་བཞག །ཟིན་པ་དང་དགེ་རྩ་བསྔོ། སྨོན་ལམ་གདབ། འཆལ་བ་དང་འགྲོགས་པའི་ཉེས་པ་འདིས་མི་ཐུབ། སྨེ་བརྩེགས་རང་དགོས་གསུང་། ཞབས་རྗེས་ལ་རབ་གནས་ཡོད་ན་ལེགས། མེད་ཀྱང་བཏུབ་གསུང་། ཞབས་རྗེས་འདི་གསང་སྤྱོད་ཡིན་པས། གཞན་ལ་མི་བསྟན་གསུང་ངོ་། །ཞབས་རྗེས་ལ་བརྟེན་པའི་གདམས་པའོ། །མངྒ་ལམྦྷ་ཝནྟུ།། །། ༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བར་དོ་གཞི་བཞི་གདམས་པའོ། ༄༅། །ན་མོ་རཏྣ་གུ་རུ། སྐྱེས་ནི་སྐྱེས། ཤི་ནི་མ་ཤི་བ་དེ། སྐྱེ་ཤིའི་བར་དོའོ། །གཉིད་ལོག་ནི་ལོག །སད་ནི་མ་སད་པ་དེ་རྨི་ལམ་བར་དོའོ། ། 2-7-24a ལུས་འདི་ནི་བོར། ཕྱི་མ་ནི་མ་བླངས་པ་དེ། སྲིད་པ་བར་དོ་ཡིན་ནོ། །གང་མངོན་དུ་བྱེད་ན། འོད་གསལ་མངོན་དུ་བྱེད། གསལ་སྟོང་ལ་ཟེར་རོ། །འོད་གསལ་མངོན་དུ་བྱེད་པ་ལ། གསལ་ སྟོང་བསྒོམ་པ་གལ་ཆེ་བ་ཡིན། གང་མངོན་དུ་བྱེད་ན། འོད་གསལ་མངོན་དུ་བྱེད་དོ། །བླ་མ་དམ་པའི་མན་ངག་གིས་མཚམས་སྦྱར་བའོ། །མཚམས་དྲན་པ་དང་། འདུན་པས་སྦྱར། རྨི་ལམ་ཅིག་རྨི་བར་བྱའོ་སྙམ་པ་དེ་ལ་བྱའོ། མཚམས་ཐབས་ཤེས་གཉིས་ཀྱིས་སྦྱར་བར་བྱའོ། །བསྲེ་བ་རྩ་རླུང་གིས། འདོད་ཆགས་དང་བསྲེ་བའོ། །བསྲེ་བ་གཏི་མུག་གིས་གཉིད་དང་བསྲེ་བའོ། བསྲེ་བ་འདོད་ཆགས་དང་ཕྲག་དོག་བསྲེ་བའོ། །ལུས་རྣམ་པར་སྨིན་པའི་ལུས་ ཡིན་ནོ། །ལུས་བག་ཆགས་ཀྱི་ལུས་ཡིན་ནོ། །ལུས་ཡིད་ཀྱི་ལུས་ཡིན་ནོ།། །།མངྒ་ལམྦྷ་ཝནྟུ།། །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། འཕོ་བའི་གདམས་པ་བཞུགས་སོ་ཧེ་འཛུམ། ། ༄༅། །ཡོན་ཏན་ཀུན་དང་ལྡན་པ་ཡི། །བླ་མ་དམ་པ་རྣམས་དང་ནི། །རྡོ་རྗེ་འཆང་ལ་ཕྱག་འཚལ་ནས། །འཕོ་བའི་སྦྱོར་བ་བདག་གིས་བྲི། །དེ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་རྣལ་འབྱོར་པས། བསྐྱེད་རིམ་ལ་བརྟེན་ནས། རྫོགས་རིམ་ལ་རྟགས་འགའ་ཟུང་ཐོན་ནས་ཀྱང་། ལུས་རྒས་ཏེ་མཆོག་མ་ཐོབ་པར་འཆི་བ་འམ། ཡང་ན་བསྐྱེད་རིམ་བསྒོམ་འཕྲོ་ལ་འཆི་རྟགས་བྱུང་ནས། སྒྲུབ་པའི་ལོང་མེད་དུས་སུ་འཕོ་བ་བྱ་བ་ནི། དགྱེས་པ་རྡོ་རྗེ་མཁའ་འགྲོ་མ་གུར་གྱི་ལེའུ་བཅོ་ལྔ་པའི་རྡོ་རྗེ་སློབ་དཔོན་སྐུ་འགྱུར་པའི་སྐབས་དང་། དེའི་རྒྱས་པར་བཤད་པ་སཾ་ཕཱུ་ཏྲ་དང་། རྡོ་རྗེ་གདན་བཞི་དང་། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ནས་བཤད་པ་ནི། སྦྱངས་ཏེ་འཕོ་བའི་ 2-7-24b མཆོག་ཐོབ་པ་འདི་མཆོག་ཡིན་ཏེ། འདི་ལ་འབད་པས་འཕོ་བར་བྱའོ། །དེའི་རིམ་པ་ཡང་། དང་པོ་འཆི་བླུ་ཤེས་པའི་གང་ཟག་གིས། ཕྱི་ནང་གི་འཆི་བལྟས་བརྟགས་ཏེ་འཆི་བར་ཤེས་ནས། འཕོ་བ་ལ་སླབ་ཅིང་སྦྱངས་པས། འཆི་ ཁར་ཚེགས་མེད་པར་འཕོ་བ་ཡིན་ཏེ། དེ་ལ་སླབ་ཅིང་སྦྱངས་བའི་རིམ་པ་ནི། སཾ་པཱུ་ཏྲ་དང་། རྡོ་རྗེ་གདན་གཞི་ལ་སོགས་པ་ནས། འཕོ་བའི་སྒོ་རབ་འབྲིང་ཐ་མ་གསུམ་བཤད་དེ། དེ་གང་ཞེ་ན། ལྟེ་བ་འདོད་ཁམས་མཐོ་རིས་ཏེ། ། ཐིག་པའི་གཟུགས་ཀྱི་ལུས་ཅན་ནོ། །གོང་མས་གོང་མའི་གནས་སུ་ནི། །འགྲོ་བ་དེ་ནི་ཡོངས་སུ་བརྟགས། །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་གཉིས་ནས་གྲུབ་པའི་ལྷ། །གལ་ཏེ་མིག་ནས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་ རྒྱལ་པོར་འགྲོ། །སྲིད་པའི་སྒོ་ཡིས་ཡི་དྭགས་རྣམས། །དེ་བཞིན་ཆུ་རིས་དུད་འགྲོར་གནས། །ཆུ་མིན་རྣམ་ཤེས་མྱུར་དུ་འགྲོ། དམྱལ་བ་བརྒྱད་ཀྱི་དངོས་པོ་རྣམས། །གང་གི་སྒོ་ཡི་བྱེ་བྲག་གིས། །འཁོར་བ་ལས་ནི་རྒལ་ བར་འགྱུར། །དེས་ན་སྒོ་ཡི་བྱེ་བྲག་གིས། །རྣལ་འབྱོར་པའི་ལམ་བཟང་པོ། །འཆི་འཕོའི་མཚན་མ་བྱུང་བ་ཡིས། །འཆི་བར་འགྱུར་བའི་དུས་བྱུང་ན། །རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ ཡིན་ནོ། །དབུགས་རྔུབ་སྔོན་དུ་བརྩམ་ནས་ནི། །ཐམས་ཅད་སྒོ་ནི་དགག་པར་བྱ། །ཅེས་གསུངས། དེའི་དོན་རིམ་པ་བཞིན་དུ་བཤད་ན། འཆི་བའི་དུས་སུ་ལྟེ་བ་ནས་འཕོས་ན་འདོད་ཁམས་ཀྱི་ལྷར་སྐྱེ། སྨིན་པར་གྱི་ཐིག་ པ་ནས་འཕོས་ན། གཟུགས་ཁམས་ཀྱི་ལྷར་སྐྱེ། སྤྱི་གཙུག་སྡུད་པ་ནས། གཟུགས་མེད་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་གསུངས་པ། འདིར་མ་སྐྱེས་པ་རུང་། ཞེས་གསུངས། ནས་འཕོས་ན། གཟུགས་མེད་ཀྱི་ལྷར་སྐྱེའོ། །དེ་གསུམ་ནི་སྒོ་རབ་གསུམ་མོ། །སྣ་ནས་འཕོས་ན་གནོད་སྦྱིན། རྣ་བ་གཉིས་ནས་འཕོས་ན། རིག་འཛིན་ 2-7-25a གྱི་ལྷ། མིག་གཉིས་ནས་འཕོས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་སྟེ། དེ་གསུམ་ནི་སྒོ་འབྲིང་གསུམ་མོ། །ཁ་ནས་འཕོས་ན་ཡི་དྭགས། ཆུ་ལམ་ནས་འཕོས་ན་དུད་འགྲོ། བཤང་ལམ་ནས་ ངེས་པར་དམྱལ་བར་སྐྱེ་སྟེ། དེ་གསུམ་ནི་སྒོ་ཐ་མ་གསུམ་མོ། །དེ་ལྟར་སྒོ་རབ་འབྲིང་ཐ་མ་གསུམ་གྱི་སྐྱོན་ཡོན་ཤེས་པར་བྱས་ལ། དང་པོ་རླུང་ལ་སྦྱང་བ་ནི། འབྱུང་འཇུག་གཉིས་གཅིག་ཏུ་བགྲངས་པའི་སུམ་ཅུ་སོ་དྲུག་ཐ་མའོ། ། བདུན་ཅུ་རྩ་གཉིས་འབྲིང་། བརྒྱ་རྩ་བརྒྱད་ཐུབ་ན་རབ་ཀྱི་ཚད་ཡིན། དེ་ནས་རླུང་དེ་ལྟར་སྦྱངས་པ་དང་། དེ་ནས། རང་ཁམས་བདེ་བ་ལ་འཆི་ལྟས་བརྟག་སྟེ། ཕྱི་ནང་གི་འཆི་བལྟས་བྱུང་ནས། འཆི་བ་སླུ་བའི་ཆོ་ག་བྱ། དེས་ཀྱང་མི་ཐུབ་པ་འདྲ་ན། འཕོ་བའི་མན་ངག་ལ་འཇུག་པར་བྱ་སྟེ། དེ་ལ་སྦྱོར་དངོས་གཉིས་ལས། སྦྱོར་བ་ནི། རང་ཡི་དམ་ལྷར་བསྒོམས་ཏེ། ལུས་བདེ་བར་གནས་པས་དབང་པོའི་སྒོ་དགུ་དགག་པ་ནི། སྤྱི་བོ་ཚངས་ བུག་ཏུ་ཀྵ། མིག་གཉིས་སུ་ཧཱུྃ་རེ་རེ་སྔོན་པོ། རྣ་བ་གཉིས་སུ་ཡུྃ་རེ་སྔོན་པོ་རེ་། སྣ་གཉིས་སུ་མུ་རེ་སྔོན་པོ་རེ། ལྕེ་ལ་དཀར་པོ་སུྃ། སྨིན་བར་དུ་སྔོན་པོ་ཧཱུྃ། །དྲི་ཆེན་ཀྵ་ཡུམ་དུ་ཀློག་པའོ་དྲི་ཆུའི་བར་དུ་ཀྵུ་རེ་རེ། ལྟེ་བར་སྔོན་པོ་ཧཱུྃ། སྙིང་ཀར་ནང་གི་ལྟེ་བའི་དབུས་ན་གནས་པའི་ཧཱུྃ་སྔོན་པོ་རྣམས་ཀྱིས་བཀག་ལ། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར། མོས་པ་བྱ་སྟེ། རང་ལུས་སྔར་ལྟར་ལྷར་གསལ་བའི་ལུས་འཁྲུལ་འཁོར་ བཅྭའ་བའོ། །དེ་ནས་སྟེང་རླུང་དྲངས་ལ། ཤེས་པ་ལྟེ་བའི་ཨ་ལ་གཏད། སྒལ་ཚིགས་ཉི་ཤུ་རྩ་གཅིག་ནི། པད་མ་འདབ་མ་ཉི་ཤུ་རྩ་གཅིག་ཏུ་སྒོམ། རླུང་དང་བཅས་པས། ཧིཀྐ་ཉི་ཤུ་རྩ་གཅིག་གིས། ། 2-7-25b ལྟེ་བའི་ཨཿདེ། པད་འདབ་རེ་རེ་ལ་ཡར་ཡར་སྤྱི་བོར་བདེ་བ་ཆེན་པོར་དྲངས་ཏེ། ཉི་ཤུ་རྩ་གཉིས་སུ་བྱས་ན། ཤེས་པ་འཆོར་བས་མི་བྱའོ། །དེ་ནས་ཡང་། ཉི་ཤུ་རྩ་གཅིག་གིས་ཀ་ཧིག་ཅེས་བརྗོད་ཅིང་མར་དྲང་ངོ་། །དེ་ལྟར་ ཉི་མ་རེ་རེའམ། ཐུན་བཞིར་ཡར་སྦྱོང་མར་སྦྱོང་བྱེད་པ་ནི། དཔེར་ན། རྟ་རྒྱུག་བྱེད་ན། སྔོན་ལ་ཡར་འགྲོ་མར་འགྲོ་བྱེད་ཅིང་། རྟ་ལ་དཀྱུས་ས་སྟོན་པ་ལྟར། རླུང་སེམས་སྔོན་ནས་ཡར་སྦྱོང་མར་སྦྱོང་བྱེད་པ་ནི། དང་པོར་ སྦྱང་བའོ། །དེ་ནས་འཆི་ངེས་ཏེ། རྟགས་རྫོགས་པར་གྱུར་ནས། འཕོ་བ་དངོས་གཞི་བྱ་བ་ནི། འབྱོར་བའི་རྫས་དང་ཡོ་བྱད་རྣམས་ཚོགས་བསོག་བཏང་། འཁོར་གྱི་མྱ་ངན་དང་ངུ་འབོད། སྨྲེ་སྔགས་རྣམས་སྔ་ནས་སྤངས་ཏེ། མཚམས་བྱས་ལ། བར་དོ་ནས་སངས་རྒྱས་ཀྱི་ས་ལ་འགྲོ་སྙམ་པའི་མདུན་པ་གྲག་པོ་སྔོན་དུ་བཏང་ལ། འཆི་དུས་སུ་གནས་ཁང་ཆག་ཆག་བཏབ། རས་རིས་ལ་སོགས་པའི་རྟེན་དཀྲམ། མཆོད་པ་དང་། ཚོགས་ཀྱི་ ཡོ་བྱད་རྣམས་བཤམས་ལ། རང་ལྷར་བསྒོམ་སྟེ། ཡི་དམ་གྱི་ལྷ་ཚོགས་རྣམས་སྤྱན་དྲངས་ལ། མཆོད་པ་དང་ཚོགས་ཕུལ་ལ། རླུང་རོ་ལན་གསུམ་ཕྱུང་། གོང་པ་བཞིན་དབང་པོའི་སྒོ་རྣམས་བཀག །ཁྱད་པར་དུ་འཆན་ ཁུང་གཉིས་སུ་རླུང་གི་ས་བོན་ཡྃ་རེ་རེ་བསྒོམ། དཀུ་གཉིས་སུ་ཨོཾ་རེ་རེ། རྐང་མཐིལ་གཉིས་སུ་ཡྃ་རེ་རེ་བསྒོམ། སྙིང་ཀའི་ཧཱུྃ་ལ་ཡྃ་བཞིས་བསྐོར་བར་བྱ། དངོས་པོ་ཐམས་ཅད་ལ་སྒྱུ་མའི་བློ་བསྐྱེད་ནས། མི་དགའ་བ་མེད་ པར་དགའ་སྤྲོ་དང་བཅས་པས། ཤེས་པ་ཡི་དམ་ལྷའི་ཐུགས་ཀར་འཕང་ངོ་སྙམ་པའི་མདུན་པ་དྲག་པོ་བྱ་ལ། མདུན་གྱི་ནམ་མཁར་ཡི་དམ་གྱི་ལྷ་སྤྱན་དྲངས་ལ་དེ་དག་གསལ་བར་བསྒོམ། ཚངས་བུག་གི་ཀྵ་ཕྱུང་ནས། སྤྱི་བོའི་སྒོ་ཧར་གྱིས་ 2-7-26a ཕྱེ་སྟེ་སྟེང་རླུང་མནན། འོག་རླུང་དྲངས་ལ། ལྟེ་བ་སྤྲུལ་པ་ནས། སྤྱི་གཙུག་བདེ་ཆེན་མན་ཆད་དུ། སྒལ་ཚིགས་ཉི་ཤུ་རྩ་གཅིག་འོད་ཟེར་དུ་བསྡུས་ནས་གནས་པར་སྒོམ། ཤེས་པ་ལྟེ་བའི་ཨཿལ་གཏད་པས། ཧིཀྐ་ ཞེས་ལན་ཉི་ཤུ་རྩ་གཅིག་གིས་དྲག་ཏུ་དྲངས་ལ། ལྟེ་བ་སྤྲུལ་པ་ནས་སྤྱི་གཙུག་བདེ་ཆེན་མན་ཆད་དུ། ཧི་ཀ་རེ་རེས། པད་འདབ་རེ་རེ་ལ། ཨཿཐུང་ངུ་རེ་རེ་དྲངས་ཏེ། ལྟེ་བའི་ཨཿདང་། སྙིང་ཀའི་ཧཱུྃ་གཉིས་འདྲེས་ནས་ཡར་ཡར་དྲངས་ཏེ། ཧཱུྃ་དེ་ཉིད་ཐ་མ་སྤྱི་བོ་ཚངས་པའི་བུ་གར་ཡེར་ཏེ་བྱུང་བ་དང་། ཧིཀྐ་ཉི་ཤུ་རྩ་གཅིག་སོང་བའི་རྟིང་མ། ཉི་ཤུ་རྩ་གཉིས་པ་ལ། ཧཱུྃ་གི་འོད་ཟེར་གྱི་ཐག་པ་བཅད་ནས། ཚངས་བུག་ནས་ཡར་སེམས་ཉིད་ཡི་གེ་ཨར་གནས་པ་དེ་ཐལ་གྱིས་ སོང་ནས། ཡི་དམ་ལྷའི་ཐུགས་ཀར་བཏང་སྟེ། འཕོས་ནས་ལུས་འདི་དོར་བར་བྱའོ། །དེ་ཡང་ཅིས་ཤེས་ན། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པའི་ཞབས། རྡོ་རྗེ་སློབ་དཔོན་འདའ་བའི་སྐབས་ནས་སྟོན་ལ། དེ་ཉིད་རྒྱས་པར་ ནི། སཾ་པཱུ་ཏྲ་དང་། གདན་གཞི་ལ་སོགས་པ་ནས། བསྟན་ནོ། །དེས་ན། ཕྱི་ནང་གཉིས་ཀའི་འཆི་བདག་གཏན་ལ་ཕེབས་ནས། འཆི་ངེས་པའི་དུས་འཕོ་བའོ། །དེ་ལྟར་ཤེས་ན། མཚམས་མེད་ཀྱིས་ལས་བྱས་པ་ཡང་། ངེས་པར་འཕོའོ། །དེ་ལྟར་ཤེས་ན། མཚམས་མེད་ལྔ་བྱས་པ་ཡང་། ངེས་པར་མྱ་ངན་ལས་འདས་པའི་སར་འགྲོ་བར་རྒྱུད་ལས་གསུངས་སོ། །འཆི་བའི་དུས་སུ་ཡི་དམ་ལྷན་ཅིག་མི་འོང་མི་སྲིད་པས། དེའི་ཐུགས་ཀར་ཤེས་ པ་འཕོའོ། །དེ་ལྟ་བུ་སྦྱངས་ཏེ་འཕོ་བ་ཞེས་བྱ་བ། ནཱ་རོ་པ་ཆེན་པོའི་གདམས་པ། བླ་མ་ལྷོ་བྲག་པས་དངོས་སུ་འཕོ་བ་མཛད། བླ་མ་མེས་ཆེན་པོས་ཀྱང་དངོས་སུ་འཕོ་བ་མཛད་པའི་གདམ་ངག་ཐུན་མོང་མ་ཡིན་པའོ།། །། 2-7-26b ༄༅། །ན་མོ་གུ་རུ། ལུས་ཀྱི་འཁྲུལ་འཁོར་གྱིས་འཕོ་བ་ནི། ལུས་དྲང་པོར་བསྲང་མ་ནུས་ན། སེང་གེའི་ཉལ་སྟབས་ཀྱིས་འཕོ་སྟེ། དབང་པོའི་སྒོ་དགག་པ་དང་། འཕོ་ཐབས་འགྲེའོ། །བཙན་ཐབས་སུ་ འཕོ་བ་ནི། ཡེ་ཤེས་སྐྱེ་བའི་ཐབས་བཙལ་ཏེ། སྐྱེ་བ་དང་། ཙིཏྟ་དང་། ཀྱི་ཉ་ན་བསྐྱེད། བྷ་སུ་ཀ་ར་དྲངས་ལ། ཙམ་པོ་ཀ་ལན་གསུམ་བསྐོར་རོ།། །། ༄༅། །ན་མོ་གུ་རུ། གང་དུ་འཕོ་བའི་མན་ངག་ལ། འཆི་ལྟས་བརྟགས་ལ། ཞེས་པའི་དོན་གྱི་འཆི་ལྟས་བརྟག་པ་ནི། དང་པོ་རྣལ་འབྱོར་པ་བདག་ཉིད་ཀྱིས་ཚེའི་ཕྱག་རྒྱ་བཅིངས་ཏེ། ཨཱ་ཡུ་དེ་ཝ་ས་ར་ཧ་ཀ་རེ་ཤ་ཧཱུྃ་ཕཊཿ དུས་ནི་རྣམ་པ་བཞི་དག་ཏུ། །ཚེ་ཡི་གྲིབ་མ་འོང་གྱུར་ཏེ། །སྲོག་གི་བརླ་གནས་རབ་བརྟག་ཞིང་། །ས་ཡི་དམིགས་ནི་རྒྱུན་མི་བཅད། ཚེའི་མགོ་བོ་ཆད་གྱུར་ན། །དེ་ཚེ་ཟླ་བ་གཅིག་ན་འཆི། །ཚེ་གཟུགས་ཟླུམ་པོར་གྱུར་པ་ན། ། དེ་ཚེ་ཟླ་བ་གཉིས་ན་འཆི། །ཚེ་གཟུགས་སྤྱི་བོར་ཚུགས་གྱུར་ན། །དེ་ཚེ་ཟླ་བ་བཞི་ན་འཆི། །ཚེ་གཟུགས་ཡན་ལག་མ་ཚང་ན། །གཏོར་མ་བཞི་ཡིས་ཕྱོགས་བཞིར་མཆོད། །ཚེ་གཟུགས་དམར་པོར་གྱུར་པའི་ཚེ། །ནད་དང་རྨ་ ངོ་ཡོད་པས་ན། །འཇིག་རྟེན་གཏོར་མས་བཟློག་པར་འགྱུར། །ཞེས་གསུངས་པ་དེ་ཉིད་རྒྱས་པར་བཤད་ན། ནམ་མཁའ་སྤྲིན་མེད་པའི་དུས་སུ། མི་མེད་པའི་དགོན་པར་ཕྱིན་ལ། དེར་མཎྜལ་བྱས་ལ་ཡི་དམ་ལ་མཆོད་བསྟོད་ བྱས་ཏེ། དེ་ནས་ཚེའི་ཕྱག་རྒྱ་བཞི་བྱ་བ་ནི། ཉི་མ་ཤར་ཐོག་དང་། ཉི་མ་ནུབ་ལ་ཁད་པའི་དུས་དང་། ཟླ་བ་ཤར་མ་ཐོག་དང་། ནུབ་ལ་ཁད་པའི་དུས་ཏེ། དེ་བཞི་གང་རུང་གཅིག་ལ་བལྟ་བ་ནི། སྐྲ་སྤྱི་བོར་བཅིངས། 2-7-27a ལུས་གཅེར་བུར་ཕྱུང་སྟེ། ལག་པ་གཉིས་བརྐྱང་། རྐང་པ་གཉིས་བཤིབས་ཏེ། ལངས་ནས། རང་གི་གྲིབ་མའི་སྙིང་ཀར་མིག་མི་འཛུམ་པར་བལྟ་སྟེ། དེ་ལ་ཡུན་རིང་བར་བལྟས་ལ། མིག་ འགྲིབ་པ་དང་། འཐིབས་པ་བྱུང་ན། མིག་ནམ་མཁའ་ཕྱེ་རུང་གིས་ངང་ནས་བལྟས་པས། ནམ་མཁའ་ལ་གཟུགས་འོང་བ་བརྟག་གོ། དེ་ལ་མ་མཐོང་ན། ལུས་རྡོ་རྗེ་དཀྱིལ་དཀྲུང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱས་ལ་བརྟག་ གོ། དེ་ལ་གཟུགས་ཅི་ཡང་མ་བྱུང་ན་སྐྱོན་དུ་མི་བལྟ་སྟེ། ནམ་མཁའ་སྤྲིན་དང་། སེ་རུའི་ཞད་བྱུང་བ་ཡིན་པས། མི་འགལ་ལོ། །དེ་ལ་གོང་དུ་བསྟན་པའི་ལུགས་ལྟར་ཟླ་བ་བཞི་འཆི་བའི་ལྟས་ལ་ཕྱི་ནང་གསང་གསུམ་མོ་ལྟ་བུའི་འཆི་ལྟས་བྱུང་ན། འཆི་བླུ་ཟླ་བ་གཅིག་བྱ་སྟེ། ཡང་སྔར་བཞིན་བལྟས་པས། ཡན་ལག་ནང་གི་བྱུང་ན་རླུང་སྒོམ་པ། གསང་བ་ནི་དོན་མེད་པར་བྱང་སེམས་འབབ་པ་མ་ཆོད་ན་འཆི། དེ་བཅད་པ་ནི། བྱང་སེམས་སྣ་བུག་གཡོན་པར་བླུག་ལ་བསྒོམ་མོ།། ཐམས་ཅད་རྫོགས་ན་འཆི་བ་བླུས་སོ། །དེའི་དུས་སུ། ཚེ་གཟུགས་ཟླུམ་པོར་གྱུར་ནས། ཟླ་བ་གཅིག་ནས་འཆི་བ་བླུ། བའི་དགེ་སྦྱོར་བྱའོ། །དེ་ནས་ཡང་། ཟླ་བ་གཅིག་ལོན་ནས་བལྟས་པས། སྤྱིའུ་ཚུགས་སུ་ གྱུར་པར་མཐོང་ན། ཟླ་བ་གཅིག་ནས་འཆི་ངེས་ཏེ། ཚེའི་རྣམ་སྨིན་ཟད་པ་ཡིན་པས། དགེ་སྦྱོར་ལ་ཞུགས་ཏེ་མི་དགའ་བ་མེད་པར། དངོས་པོ་ཐམས་ཅད་སྒྱུ་མ་ཡིན་སྙམ་པའི་མདུན་པ་དྲག་པོ་བྱའོ། །དེ་ནས་ཡང་སྔར་ལྟར་ཞག་གྲངས་ མ་ནོར་བར་འཆི་བའི་ཉིན་མོའི་དུས་དེར་གནས་ཐམས་ཅད་ཆག་ཆག་བཏབ་སྟེ། ཐང་ཀ་ལ་སོགས་པ་ཡང་བྲེས་ལ། རང་ཡི་དམ་གྱི་ལྷར་བསྐྱེད་པ་ནི་ལུས་ཀྱི་འཁྲུལ་འཁོར་དེ་ནས་ལྷ་དང་སྣང་བ་ཐམས་ཅད། སྐྱེ་མེད་འོད་གསལ་གྱི་མོས་པ་བྱས་པས། ཐ་མལ་གྱི་ཞེན་པ་བཟློག་སྟེ། སེམས་ཀྱི་འཁྲུལ་འཁོར་བཅས་པའོ།། བཅྭའ་བའོ། །དེ་ནས་འཕོ་པ་ནི་ལུགས་གཉིས་ཏེ། 2-7-27b རང་གི་ཤེས་པ་བདེ་བ་ཅན་གྱི་ཞིང་ཁམས་སུ་འཕོ་བའམ། ཡང་ན། རང་གི་ཤེས་པ་སྙིང་ཀར་ཧཱུྃ་ལ་ལྷན་གྱིས་བསྡུས་ཏེ། མན་ངག་བཞིན་ཡི་དམ་མདུན་དུ་སྤྱན་དྲངས་ལ། དེའི་ཐུགས་ཀར་རང་གི་ཤེས་པ་དེ་རྒྱངས་ཀྱིས་བཏང་ངོ་། །ཨོཾ་ཨཱཿཧཱུྃ་ གསུམ་བཟླས་པ་ནི་ངག་གི་འཁྲུལ་འཁོར་བཅའ་བའོ། །དེ་དུས་སུ་ལག་པ་གཉིས་ལྟག་པར་སྦྲེལ། པུས་མོ་གཉིས་གཙོག་པུར་བཤིབས། རྒྱབ་དབྱུག་པ་ལ་རྟེན། སྙིང་གྱེན་ལ་ལོག་གིས་བཏང་ལ། ཁ་ནས་སྙིང་ཀའི་ཧཱུྃ་དེ་ རྒྱངས་ཀྱིས་ཐོན་ནས་ཡི་དམ་གྱི་ཐུགས་ཀའམ། བདེ་བ་ཅན་དུ་བཏང་སྟེ། ཧིཀྐ་ཅེས་པས་ཡུན་རིང་པོར་ཡང་དག་པར་དྲངས་ཏེ། དབུགས་ནང་དུ་མ་བཏང་བས་ངེས་པར་འཕོའོ། །སངས་རྒྱས་ཀྱི་བཀའ་ནས། ཁ་ནས་འཕོས་ན། ཡི་དྭགས་གནས་སུ་འགྲོ་བར་བཤད་དེ། དེ་ནི་འཕོ་བའི་མན་ངག་མི་ཤེས་པར་ཐ་མལ་དུ་འཆི་བ་ལ་དགོངས་པའོ། །འདིར་ནི་ཡི་དམ་ལྷ་མདུན་དུ་བྱས་ཏེ་ངེས་པར་བདེ་བ་ཅན་དུ་སྐྱེའོ། །ནང་གི་འཆི་ལྟས་བྱུང་ནས་འཕོ་བར་བྱའོ། ། འཆི་ཁར་ཡི་དམ་ལྷ་མི་འབྱོན་མི་སྲིད་དེ། རྡོ་རྗེ་གུར་ལས། སློབ་དཔོན་གྱི་མཐར་དུས་སུ། །འཆི་བ་འཇིག་རྟེན་མི་གནས་པས། །སྐྱེ་བོ་འཇིག་རྟེན་རྨོངས་པ་གང་། །དེ་འདིར་ཤི་ཞེས་སྨྲ་བར་བྱེད། །འཆི་བ་ཅེས་པའི་རྣམ་རྟོག་ གིས། །དག་པའི་གནས་སུ་འཁྱེར་བར་བྱེད། །ཡང་ན་བདེ་བ་ཅན་དུ་ངེས། །འདོད་པའི་རིགས་སུ་སྐྱེ་བར་འགྱུར། །མེ་ཏོག་སྣ་ཚོགས་ལགས་ཐོགས་ཤིང་། །རྒྱལ་མཚན་དབྱུག་པ་གླུ་སོགས་ཀྱིས། །ལུས་ལས་ལུས་ གཞན་འགྲོ་བར་འགྱུར། །ཞེས་གསུངས་སོ། །ཙཀྲ་སྃ་བྷ་ར་ནས་ཀྱང་བཤད་དོ། །ནཱ་རོ་ཆེན་པོའི་གདམ་ངག །སངས་རྒྱས་མངོན་སུམ་དུ་འབྱུང་བའོ།། །། 2-7-28a ༄༅། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བར་དོ་འཆི་ཀ་མའི་མན་ངག་བྲི། དེ་ལ་ལམ་བློ་ཆོད་ལ་གཉིས་ཏེ། བར་དོ་དང་། འཆི་ཀ་མའི་མན་ངག་གོ། བར་དོ་ལ་གཉིས། བསྲེ་ བའི་མན་ངག་དང་། སྒྱུ་ལུས་ངོས་བཟུང་བའོ། །དེ་ལ་བསྲེ་བའི་མན་ངག་ནི། དང་པོ་སྐྱེ་ཤི་བར་དོར། མངོན་སུམ་དུ་གང་བྱེད་ན་འོད་གསལ་བྱེད་དགོས་པ་ནི། ལམ་དང་རང་བཞིན་བསྲེ་བའོ། །དེ་དུས་མཚམས་ ཅིས་སྦྱོར་ན། དབང་གསུམ་པས་སྦྱོར་ཏེ། དེའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་ཕྱིར་རོ། །གཉིས་པ་རྨི་ལམ་བར་དོར། མངོན་སུམ་གང་དུ་བྱེད་ན། རྨི་ལམ་བྱེད། དགོས་པ་ནི་ ཉིན་མཚན་བསྲེ་བའོ། །དེ་དུས་མཚམས་ཅིས་སྦྱོར་ན། འདུ་འཛི་ཤིན་ཏུ་ཉུང་བ་དང་། ཤེས་པ་ཚར་གཅོད་པར་བྱ་སྟེ། བྱ་བ་གཞན་བཏང་ནས་ཤེས་པ་དྲག་ཏུ་བཅུན་ཏེ། དེ་གཉིས་ལས་རྨི་ལམ་འབྱུང་བའི་ཕྱིར་རོ། ། གསུམ་པ་སྲིད་པ་བར་དོར། མངོན་སུམ་དུ་གང་བྱེད་ན། བར་དོའི་སྒྱུ་ལུས་བྱེད། དགོས་པ་ནི་སངས་རྒྱ་བའོ། །དེ་དུས་མཚམས་ཅིས་སྦྱོར་ན། ལས་ཀྱི་ཕྱག་རྒྱ་ལ་ཞེ་སྡང་མིག་སེར་མི་བྱ་བ་དང་། ཆོས་ཐམས་ ཅད་སྒྱུ་མ་ལྟ་བུར་ཤེས་པ་དང་། གང་ལ་ཡང་ཞེན་ཆགས་མི་བྱ་བ་སྟེ། དེ་ཡང་དབང་གཉིས་པའི་དུས་སུ། བླ་མ་ཡབ་ཡུམ་སྦྱོར་བ་བྱེད་པ་ལ་ཞེ་སྡང་མིག་སེར་མི་བྱའོ། །དེ་ལྟར་རང་གི་ཕྱག་རྒྱ་ལ་གོམས་པར་བྱས་པ་དང་། མ་ལ་མི་ཆགས་པས། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པ་དང་། ཞེན་ཆགས་མེད་པས་ལུས་མི་ལེན་པའི་ཕྱིར་རོ། །བར་དོ་གསུམ་གང་དང་བསྲེ་ན། སྐྱེ་ཤི་བར་དོའི་ཤེས་པ་དེ་རྨི་ལམ་དང་བསྲེ་སྟེ། 2-7-28b མདུན་པ་དྲག་པོ་བཏང་ལ། གཉིད་ལོག་ཁར་མགྲིན་པའི་ཨཿལ་ཤེས་པ་གཏད་པར་བྱའོ། །དེར་གཉིད་ལོག་རྨི་ལམ་མ་བྱུང་བའི་བར་དེར་འོད་གསལ་ཆོས་སྐུ་འཆར་ཏེ། དེ་རྗེས་རྨི་ལམ་འབྱུང་། རྨི་ལམ་ལ་དེར་ངོ་ ཤེས་པ་དང་། དེ་ནས་རྨི་ལམ་སྦྱང་བ་ནི་གོང་བཞིན་བྱའོ། །དེ་ལ་འཇིགས་པ་དང་། བག་ཚ་བ་མེད་པར་སྒྱུ་མར་ཤེས་པར་བྱའོ། །དེར་རྗེས་རྨི་ལམ་གྱི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་སྒོམ། །དེ་ནི་རྨི་ལམ་དང་རང་བཞིན་ བསྲེ་བའོ། །དེ་རྗེས་རྨི་ལམ་ནི་འགགས་གཉིད་མ་སད་པའི་བར་དེར་འོད་གསལ་ཆོས་སྐུའོ། །དེ་ནས་གཉིད་སད་པས། གོང་གི་རྨི་ལམ་ཐམས་ཅད་དྲན་ཏེ། དེ་ཡང་དེ་ཁོ་ན་ཉིད་དུ་བསྒོམ་མོ། །དེའི་རྗེས་ཐོབ་ལ་ ཆོས་ཐམས་ཅད་རྨི་ལམ། རྨི་ལམ་ཐམས་ཅད་སྒྱུ་མ་ཡིན་སྙམ་པའི་མདུན་པ་དྲག་པོ་བྱའོ། །དེ་ནས་ཉིན་པར་རྨི་ལམ་བཟུང་བ་དང་། རྨི་ལམ་དུ་ཤེས་པ་དང་། རྨི་ལམ་སྦྱང་བ་དང་། སྒྱུ་མར་ཤེས་པར་བྱ་བ་དང་། ལམ་ དང་རང་བཞིན་བསྲེ་བར་ཤེས་པའོ། །དེ་ནས། སྣང་བ་ལ་བསྒོམ་སྟེ། རྨི་ལམ་བཟུང་བ་ནི། དངོས་པོ་ཅི་མཐོང་བའོ། །རྨི་ལམ་དུ་ཤེས་པ་ནི་སྒྱུ་མ་ཡིན་སྙམ་པའོ། །སྦྱང་བ་ནི་དེ་ཉིད་བརྒྱ་ལ་སོགས་པར་སྦྱང་བ་དང་། གཅིག་ཏུ་བསྡུ་བ་ལ་སོགས་པ་སྒྱུ་མར་ཤེས་པ་ནི། འཇིགས་པ་དང་། བག་ཚ་བ་མེད་པར། རྨི་ལམ་གྱི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་བསྒོམ་སྟེ། རྨི་ལམ་དང་རང་བཞིན་བསྲེ་བའོ། །དེ་ནས། ཉལ་ཉིན་མཚན་མཚམས་སྦྱར་ཁར་ཆོས་ཐམས་ ཅད་སྒྱུ་མ་ཡིན། སྒྱུ་མ་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་བྱའོ། །དེ་ནས་རྨི་ལམ་རང་གི་མགྲིན་པའི་ཨ་ལ་ཤེས་པ་གཏད། བཟུང་བར་བྱའོ། །དེ་ནས་ཉིན་མཚན་བསྲེ་བའོ། །ཉིན་དང་མཚན་དུ་རྨི་ལམ་ལ། ། 2-7-29a ཤེས་པ་ཚར་ནི་གཅད་པར་བྱ། །ཞེས་གསུངས་པས་ན། བར་དོའི་མཚམས་སྦྱོར་གསུམ་ཡང་བསྒོམ་པར་བྱའོ། །དེ་ལྟར་འབྱོངས་པ་དང་། འཆི་བའི་དུས་སུ་འོད་གསལ་ཆོས་སྐུ་ཐོབ་ པའོ། སྙམ་པའི་འདུན་པ་བཏང་བའམ། བསྒོམ་པར་བྱ་སྙམ་པའོ། །དེའི་དུས། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་རྣམ་པར་ཤེས་པ་ལ་ཐིམ་ནས། འཕེན་པའམ། སྒོམ་པའི་ངང་ལ་ཕྱི་དབུགས་ ནི་ཆད། ནང་དབུགས་ནི་མ་ཆད་པའི་བར་དུ་རྣམ་པར་ཤེས་པ་དེ་འོད་གསལ་དུ་ཞུགས་ཏེ། འོད་གསལ་ཆོས་སྐུ་འཆར་བ་ལ་ཚུད་པར་འགྱུར་ཏེ། དེའི་ངང་ལ་སངས་རྒྱས་པའོ། །དེ་ནི་ཡོན་ཏན་རྫོགས་པའི་བར་དོ་ཅེས་བྱའོ། །དག་ པའི་སྒྱུ་ལུས་ཤེས་བྱ་སྟེ། གལ་ཏེ་མ་ཚུད་ན་དེའི་ངང་ལ་ལྷའི་སྐུ་སྒྱུ་མར་ལྷང་ངེ་སྟེ། དེ་ནི་འཁོར་བ་ལུགས་སུ་འཇུག་པའི་བར་དོ་ཅེས་བྱ། མ་དག་པའི་སྒྱུ་ལུས་ཤེས་ཀྱང་བྱའོ། །སྒྱུ་ལུས་དེ་འོད་གསལ་གྱི་མེས་བསྲེགས་ནས། གཉིས་མེད་དུ་བསྒོམ་པ་ནི་སློབ་པའི་ཟུང་འཇུག་གོ། སྒྱུ་ལུས་དེ་འོད་གསལ་གྱི་ངང་དུ་ཐིམ་ནས། སྒོམ་དུ་མེད་པ་ནི་མི་སློབ་པའི་ཟུང་འཇུག་གོ། གལ་ཏེ་བདེ་སྟོང་གཉིས་མེད་ཀྱི་ཉམས་ཁྱད་པར་ཅན་མ་སྐྱེས་ཏེ། བསྲེ་ མ་ནུས་ན། སྒྱུ་མ་ལྟ་བུའི་ལོག་གནོད་བྱའོ། །དེ་ཡང་། སྒྱུ་མ་ཅི་ལྟར་རྨི་ལམ་དང་། །རྨི་ལམ་ཅི་ལྟར་སྲིད་ཡིན་པ། །རྟག་ཏུ་གོམས་པའི་སྦྱོར་བ་ལས། །ཞེས་གསུངས་སོ། །སྒྱུ་ལུས་ངོས་བཟུང་བའི་མན་ངག་ནི། སྒྱུ་མ་ལ་བསླབ་སྟེ། དེ་ཡང་བར་དོ་ངོས་བཟུང་བར་འདོད་པས། སྒྱུ་མ་ལྟ་བུ་ལ་བསླབ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །སྒྱུ་མ་ལ་ཇི་ལྟར་བསླབ་པར་བྱ་ཅེ་ན། དེ་ཡང་། དབང་ནི་གསུམ་པའི་དུས་དག་ཏུ། ། 2-7-29b མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ལ། །དེའི་གཟུགས་བརྙན་སྣང་དང་མཚུངས། །ཞེས་གསུངས་པས། དང་པོ་གནས་ཡིད་དུ་འོང་བར་ཕྱག་བདར་བྱ་སྟེ། རང་ཡི་དམ་ལྷའི་ཐང་སྐུ་ལེགས་པའི་གཟུགས་ བརྙན་མེ་ལོང་དུ་འཆར་བར་བྱས་ལ། དེ་ལ་བལྟ་ཞིང་སྒོམ་པར་བྱའོ། །དེ་འབྱོངས་པའི་ཚད་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དང་མི་འབྲལ་བའོ། །དེ་ནས་འཆི་བའི་ཚེ་མདུན་དུ་སྒྱུ་མའི་སྐུ་བསྒོམས་ལ། དེའི་ངང་ལས་དབུགས་ ཆད་པས་སྒྱུ་མའི་སྐུ་འབྱུང་ངོ་། །དེ་ལ་སྦྱངས་པས། མི་སློབ་པའི་ཟུང་འཇུག་ཏུ་འགྱུར་རོ། །གོང་དུ་རྨི་ལམ་སྦྱངས་ཡུན་ཐུང་བས། གལ་ཏེ་སྒྱུ་མའི་སྐུ་མ་འབྱོངས་ན་ལོག་གནོད་བྱ་སྟེ། དེ་ཡང་མེ་ལོང་གི་གཟུགས་བརྙན་ལ་ཟླ་བ་གཅིག་ཏུ་བལྟས་པས། རང་ དབང་མེད་པར་གཏིང་ནས་སྒྱུ་མའི་རྟོགས་པ་འབྱུང་ངོ་། །སྒྱུ་ལུས་དང་། མི་སློབ་པའི་ཟུང་འཇུག་ཀྱང་དེ་ལས་ཤེས་པར་བྱའོ། །སྒྱུ་མ་ལ་མཉམ་རྗེས་མེད་པས། འཕེན་པ་བཏང་བས་ཆོག་གསུང་ངོ་། །བར་དོའི་མན་ངག་གོ། བླ་མ་བརྒྱུད་པའི་རིམ་ པས་གྲུབ་པ་ཐོབ་པའི་མན་ངག །རིམ་པ་ནས་རིམ་པར་བརྒྱུད་པའི་དམར་ཁྲིད་བརྗེད་བྱང་དུ་བྲིས་པའོ།། །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བར་དོ་གསུམ་གྱི་གདམས་པ་ལགས། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། ། མཁས་པ་ཆེན་པོ་ནཱ་རོ་པས། །བཅུ་གཉིས་བར་དུ་བླ་མ་བསྟེན། །ཞབས་དྲུང་གདམ་ངག་མནོས་པ་ནི། །སྐྱེ་ཤི་རྨི་ལམ་བར་དོ་དང་། །སྲིད་པ་བར་དོ་གསུམ་དུ་གནས། །ཤེས་བྱ་བའི་དོན་ནི་འདི་ལྟ་སྟེ། སྐྱེ་ཤི་བར་དོ་རྣམ་སྔོན་ལས་གྲུབ་པའི་པར་སྨིན་པའི་ ལུས་སོ། །རྨི་ལམ་ལུས་སེམས་སྦྱང་བའོ་བར་དོ་བག་ཆགས་ཀྱི་ལུས་སོ། །སྲིད་པ་ལུས་མེད་པར་ཡོད་སྙམ་པའོ་ར་དོ་ཡིད་ཀྱི་ལུས་སོ། །དེ་ལ་བསྲེ་བ་རྣམ་པ་གསུམ། སྐྱེ་ཤི་ལམ་བསྐྱེད་རྫོགས་གཉིས་བར་དོ་འདོད་ཆགས་དང་བསྲེ། རྨི་ལམ་བར་སྒྱུ་ལུས་དོ་གཏི་མུག་དང་བསྲེ། སྲིད་པ་བར་དོ་ 2-7-30a ཞེ་སྡང་དང་འོད་གསལ་བསྲེ། གང་ཟག་དབང་པོ་རབ་ལུས་མ་བོར་བར་སངས་རྒྱ། འབྲིང་ལུས་བོར་ནས་སངས་རྒྱ། །ཐ་མ་བར་དོར་སངས་རྒྱའོ། རང་གི་རྒྱུད་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། འདོད་ཆགས་ཀྱིས་ཡི་ དྭགས་སུ་སྐྱེ། ཞེ་སྡང་གིས་དམྱལ་བར་སྐྱེ། གཏི་མུག་གིས་བྱོལ་སོང་དུ་སྐྱེ། འཁོར་བ་མཐའ་མེད་དུ་དུག་གསུམ་གྱི་གཏན་འཁྱམས་པ་ལ། དཔལ་ནཱ་རོ་པ་ཆེན་པོའི་གདམས་ངག་གིས། དུག་གསུམ་ལམ་དུ་ སློང་བས་སྐྱེ་མེད། འདོད་ཆགས་བདེ་བར་བསྒྱུར། ཞེ་སྡང་འོད་གསལ་དུ་བསྒྱུར། གཏི་མུག་མི་རྟོག་པར་བསྒྱུར། བདེ་གསལ་མི་རྟོག་པ་གསུམ་ལས། བདེ་བ་ལ་ཆགས་པས། འདོད་ཁམས་ཀྱི་ལྷར་སྐྱེ། གསལ་བ་ལ་ཆགས་ པས་གཟུགས་ཁམས་ཀྱི་ལྷར་སྐྱེ། མི་རྟོག་པ་ལ་ཆགས་པས། གཟུགས་མེད་ཀྱི་ལྷར་སྐྱེ། བླ་མས་ངོ་སྤྲོད་པས། ཉམས་སུ་མྱོང་བའང་རང་གི་སེམས་ཡིན། སེམས་སྐྱེ་མེད་དུ་ངོ་སྤྲད་པས། ཉམས་ལ་མ་ཞེན་པ་ ཅིག་འོང་བ་ཡིན། བདེ་བ་གནས་གྱུར་པ་ལོངས་སྐུ། གསལ་བ་གནས་གྱུར་པ་སྤྲུལ་སྐུ། མི་རྟོག་པ་གནས་གྱུར་པ་ཆོས་སྐུ། སྐུ་གསུམ་དབྱེར་མེད་པ་བདེ་བ་ཆེན་པོའི་སྐུའོ།། །།ཟུང་འཇུག་གི་བཤད་པ་ལགས་སོ། ། ༄༅། །ན་མོ་གུ་རུ། ལམ་གྱི་དུས་སུ་སློབ་པའི་ཟུང་འཇུག །བག་ཆགས་ཐམས་ཅད་དག་ནས། མི་སློབ་པའི་ཟུང་འཇུག །མ་ཡེངས་པར་སྐྱོང་བའི་བར་དུ་སློབ་པའི་ཟུང་འཇུག །རྟོག་པ་རྒྱུན་ཆད་ཙམ་ན། མི་སློབ་པའི་ཟུང་འཇུག་ ཡིན། ཆོས་སྐུ་ཐམས་ཅད་ལ་ཁྱབ་པ་དང་། གཟུགས་སྐུའི་རྟེན་བྱེད་པས་ན་སྐུའོ། །ཟུང་འཇུག་ལ་གཉིས་ཡིན། ཉམས་སུ་མྱོང་བ་དང་། སྐྱེ་མེད་ཟུང་དུ་འཇུག་པ་བསྒྲུབ་བརྒྱུད་ཀྱི་ལུགས་ཡིན། ཆོས་སྐུ་དང་། གཟུགས་སྐུ་ཟུང་ 2-7-30b དུ་འཇུག་པ་བཤད་རྒྱུད་ཀྱི་ལུགས་ཡིན་ནོ།། །།ཆོས་རྗེའི་གསུང་སྒྲོས། གཏུམ་མོའི་ལམ་རིམ་བཅུ་དྲུག་པ། རྔོག་དང་མི་ལའི་དགོངས་པ་ལགས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། ། བླ་མ་ནཱ་རོ་པའི་གདམས་པ་ལ། གཏུམ་མོའི་ཆོས་དྲུག་ལ། དང་པོ་ཁོ་ནར་སྦ་བ་བཞི། རྐྱེན་བཞི། ལས་སུ་རུང་བ་བཞི། དབང་བཞིའོ། །དེ་ལ་སྦ་བ་བཞི་ནི། ལུས་ཡེ་ཤེས་ཀྱི་འཁོར་ལོར་སྦ་བ། རྩ་གསུམ་རི་རབ་ཀྱི་ལོགས་ལ་སྦ་བ། སེམས་གསང་བའི་གནས་སུ་སྦ་བ། རླུང་འཕྱེའོ་དཔག་བསམ་གྱི་ཤིང་ལ་སྦ་བའོ། །དེ་ལ་ལུས་ཡེ་ཤེས་ཀྱི་འཁོར་ལོ་ལ་སྦ་བ་ནི། རང་ཡི་དམ་ལྷར་མོས་པ་བྱས་ལ། འཁོར་ལོ་རྩིབས་བརྒྱད་པ་དམར་པོ་འཁོར་བ་སྟེ་བསྲུང་བའི་འཁོར་ལོའོ། །རྩ་རི་རབ་ཀྱི་ལོགས་ལ་སྦ་བ་ནི། རྩ་གསུམ་གསལ་གདབ་པ་ནི། རྩ་གསུམ་ཕྲ་ན་གཉུག་མ་ཙམ། སྦོམ་ན་གླིང་བུ་ཙམ་དུ་བསམ། དེ་ཆོས་བཞི་ལྡན་དུ་དམིགས་པར་བྱས་ལ། གཡས་གཡོན་གཉིས་ཕྲ་ཡང་བཏུབ་། །གཡས་དཀར་ཡང་བཏུབ་བོ། །དེ་གཉིས་ཀྱི་ཡར་སྣ། སྣ་བུག་གཉིས་ལ་ཟུག ། མར་སྣ་རྩ་དབུ་མའི་ནང་དུ་ཡོད་པར་བསམ། དབུ་མའི་ཡར་སྣ་ཚངས་པའི་བུ་གར་ཐོན་ནས། ཨའི་དབྱིབས་སུ་ཡོད་པར་བསམ་མོ། །དེ་ནས། རྒྱུ་ཞབས་རྒལ་པ་ལ་སྦྱོར་བས་འོག་རླུང་ཐལ་འགྲོའོ། །སེམས་གསང་བའི་གནས་སུ་སྦ་བ་ནི། སུམ་མདོ་བཞི་གསུམ་འདོམ་པའི་ས་ན་མེ་གསུམ་ཁ་ཊྭཱྃ་ཁ་བཞིན་དུ་གནས་པ་ལ་སེམས་གཏད་པའོ། །རླུང་འཕྱེའོ་དཔག་བསམ་གྱི་ཤིང་ལ་སྦ་བ་ནི། མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ནས། རླུང་མནན་པའོ། །རྐྱེན་བཞི་ནི། བདེ་བའི་རྐྱེན། ལས་དང་། བྱ་བ་དོར་བའོ། །གསལ་བའི་རྐྱེན་དབང་པོའི་སྒོ་མི་དགག་པའོ། །མི་རྟོག་པའི་རྐྱེན། ཞེན་ཆགས་དང་བྲལ་བའོ། །གཉིས་སུ་མེད་པའམ། ཐ་མི་དད་པའི་རྐྱེན། ལྷུག་པའམ། མ་བཅོས་པའི་ངང་ལ་བཞག་པའོ། །ལས་སུ་རུང་བ་བཞི་ནི། རྩ་ལས་སུ་རུང་བས་ 2-7-31a གངས་ཀྱི་ལྟོངས་སུ་བསྡད་ཀྱང་མཁའ་འགྲོ་དང་བུད་མེད་འདུའོ། །རླུང་ལས་སུ་རུང་བས། ཆུ་གྲི་དང་། གསལ་ཤིང་རྩེ་ལ་བསྡད་ཀྱང་ལོ་ཟླ་དུ་མར་ཚུགས་པའོ། །སེམས་ལས་སུ་རུང་བས། ཁ་ཟས་འཇུ་བའོ། །བྱང་སེམས་ ལས་སུ་རུང་བས། བདེ་གསལ་ལ་ལོངས་སྤྱོད་པའོ། །དབང་བཞི་ནི། འཕྲིན་ལས་ལ་དབང་བས། འཕྲིན་ལས་བཞི་རང་ཤུགས་ཀྱིས་འབྱུང་བའོ། །སེམས་ལ་དབང་བས། རླུང་ཨ་ཝ་དྷཱུ་ཏཱིར་ཚུད་པས། སངས་རྒྱས་ཀྱི་དགོངས་པ་དང་ མཉམ་པའོ། །ཡེ་ཤེས་ལ་དབང་ཐོབ་པས། མཉམ་རྗེས་མེད་པར་སངས་རྒྱས་ཀྱི་དགོངས་པ་དང་མཉམ་པའོ། །རླུང་ལ་དབང་ཐོབ་པས། རླུང་འཇུག་འབྱུང་གཉིས་དང་བྲལ་བའོ། །བླ་མ་མར་པའི་གཏུམ་མོའི་ཆོས་བཅུ་དྲུག་གི་ མན་ངག །རྔོག་གིས་གནང་བའི་དམར་ཁྲིད་དོ།། །།བསྐྱེད་རིམ་གསུམ་གྱི་འབྲས་བུའོ། །ན་མོ་གུ་རུ། བསྐྱེད་རིམ་རབ་ཀྱིས་བདེན་པ་མཐོང་། འབྲིང་གིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ། ཐ་མས་ལྷ་མིའི་ལུས་ཐོབ་པོ། ། སྣང་བ་གསུམ་པོ་ཐོབ་པ་དག །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ངེས་པར་འགྲོ། །སྒྱུ་ལུས་འབྱོངས་ནས་འོད་གསལ་གྱིས། །སངས་རྒྱས་ཞིང་ནས་མི་ལྡོག་པས། ། ཚེ་འདི་ཉིད་ལ་དེ་ཉིད་ཀྱིས། །ཐམས་ཅད་མཁྱེན་པ་ཐོབ་པའོ།། །།ཞེས་པ་འདི་ནི། རྗེ་ཉིད་ཀྱི་དཔོན་པོ། སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤནྟིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་བགྱིས་པའོ།། །།སྤར་ཡིག་འདི་ནི། དར་པོས་སོར་མོའི་རྩེ་ལས་གྲུབ།། །།རྐོས་བྱེད་མཁས་པ། ཉི་ཟླ་རྡོ་རྗེ་བརྐོས།། །།ཧེ་འཛུམ།། 2-7-31b empty page 2-8-1a ༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བསྟན་བཅོས་གྲོས་འདེབས་བདུད་རྩིའི་ཕྲེང་བ་དང་འདྲེ་བཞི་རྩད་གཅོད་བཞུགས་སོ། ། 2-8-1b ༄༅། །ཨོཾ་སྭ་སྟི། ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པ་རྡོ་རྗེའི་སྐུ། །དེ་ཉིད་ལས་བྱུང་ཐུགས་རྗེའི་འཕྲིན་ལས་རྣམ་པར་དག་པ་ཡིས། །ལམ་ཞུགས་སྒྲུབ་པ་པོ་ཡི་ཚོགས་རྣམས་ཡོན་ཏན་རབ་རྒྱས་ཤིང་། ། རྟོག་བཅས་བྱིས་པ་སྐྱེ་བོའི་ཚོགས་རྣམས་མྱུར་དུ་རྒྱལ་གྱུར་ཅིག །གང་ཞིག་བྱིན་རླབས་རྟ་བདུན་བརྗིད་པའི་འོད་ལྟར་རབ་འབར་བས། །བདག་སོགས་བློ་ཡི་མུན་པ་བསལ་ནས་སེམས་ཉིད་དངས་པ་ཡི། །རྒྱ་མཚོ་ཆེ་ལས་ སངས་རྒྱས་ཡོན་ཏན་པདྨ་གཞོན་ནུའི་ཚལ། །རབ་ཏུ་རྒྱས་མཛད་གང་ཡིན་དེ་ལ་གུས་པས་ཕྱག་འཚལ་ལོ། །དེ་ཡི་བཀའ་དྲིན་རྗེས་དྲན་ནས། །བདག་བློ་རྨུ་རྒོད་ལྟ་བུ་འདི། །ཡང་དག་ལམ་དུ་བཞུགས་པའི་ཕྱིར། །གྲོས་ འདེབས་བདུད་རྩིའི་ཕྲེང་བ་བྲི། །འོ་སྐོལ་ད་ལྟ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ནི་ཐོབ། བཀའ་བརྒྱུད་བཟང་དགུ་ནི་གདམ་དུ་བྱུང་། བླ་མ་དམ་པ་སངས་རྒྱས་ལྟ་བུ་རྣམས་ཀྱིས་ནི་རྗེས་སུ་བཟུང་། སྐྱབས་འགྲོ་དང་སེམས་བསྐྱེད་དང་ 2-8-2a དབང་རྣམས་ནི་རིམ་པ་བཞིན་ཐོབ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྡོམ་པ་དང་དམ་ཚིག་ནི་ཁས་བླངས། མདོ་སྡེ་དང་རྒྱུད་སྡེ་དང་བསྟན་བཅོས་ཟབ་མོ་མང་པོ་ནི་ལྟ་བ་དང་ཉན་པ་ བྱས། ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ངག་ཟབ་མོ་རྣམས་ནི་ཞུས། དགེ་བཤེས་དང་། སྟོན་པ་དང་། སྒོམ་ཆེན་དང་། རྣལ་འབྱོར་པར་ནི་ཁས་བླངས་ཤིང་མིང་བཏགས་ནས། ཚེ་འདི་ལ་ངེས་པར་བློ་མ་ལོག་པར་ འདུག་པ་སོམས་དང་། འོ་སྐོལ་ནི་གྲགས་པ་ཅི་སྙན། འཁོར་ཅི་མང་། བསོད་ནམས་ཅི་སྐྱེ། ང་རང་མིན་པ་གཞན་མེད་པ་ཅིག་བྱ་དགོས་སྙམ་ནས། སྐྱེས་བུ་དམ་པ་རྣམས་ཀྱི་སྐྱོན་བགྲང་། ངན་སྨྲས་དང་ཟུར་ཟ་གཏོང་ཞིང་། ཐོས་པ་ང་ཆེ། ཆོས་ང་མཁས། གདམས་པ་ང་ཟབ། སྒོམ་ང་བཟང་། ངས་ཆོས་ལ་དཀའ་ལས་འདི་ཙམ་བྱས་ཟེར་ཞིང་། རང་བསྟོད་དང་། རང་འདོད་འབའ་ཞིག་སྒྲུབ་པར་འདུག་པ། ཞེ་འདོད་དེ་ལྟ་བུ་ཞིག་ཁོ་ན་ 2-8-2b ཡོད་ན། ཐེག་པ་ཆེན་པོ་ཨ་ཅང་ཡང་ཆེ་སྟེ། ཐེག་པ་ཉན་ཐོས་པར་ཡང་མི་འགྲོ། འཇིག་རྟེན་པ་དང་ཁྱད་མི་འདུག་པ། དེ་ལྟར་བྱས་པས་ཆོས་ག་ན་འོང་། ཐོས་པ་ཆེ་བ་དང་། ཆོས་མཁས་པ་དང་། གདམས་ངག་ཟབ་པ་དང་། སྒོམ་བཟང་པོའི་ དགོས་པ་ནི། ཉོན་མོངས་པའི་གཉེན་པོར་དགོས་པ་ནི། ཉོན་མོངས་པའི་གཉེན་པོར་འགྲོ་དགོས་པ་ཡིན། རྒྱུད་ལ་ཡོན་ཏན་སྐྱེ་དགོས་པ་ཡིན། སྨན་པ་མཁས་པ་ན་ནད་འཚོ་དགོས་པ་དང་འདྲ་བ་ཡིན་ནོ། །དེ་བས་ན། ཞེ་འདོད་ཐམས་ཅད་བློ་ཡི་གཏིང་ནས་ དགོས། དེ་ཐམས་ཅད་ལ་སྙིང་པོ་མེད་པ་ཆ་མེད་དམ། ཆེད་དུ་བསྒྲུབས་པའི་གྲགས་པ་ནི། ནམ་མཁའི་གློག་དང་འདྲ་སྟེ་ཡལ་ནས་འགྲོ། །སེར་སྣས་བསགས་པའི་ནོར་རྫས་ནི་དབུལ་པོའི་རྒྱགས་དང་འདྲ་སྟེ་འཛད། རང་གི་ཞེ་འདོད་ཀྱི་འཁོར་བསྐྱངས་ཀྱང་ དྲིན་ཚུར་ལ་བགྲང་དུ་འོང་། ཟང་ཟིང་གི་བསོད་ནམས་ནི་བདུད་ཀྱི་སླུ་བ་ཡིན། ཚེ་འདིའི་སྐྱིད་སྡུག་གཉིས་ནི་འཆི་བའི་ནང་པར་རྨི་ལམ་བརྗེད་པ་བཞིན་དུ་འགྲོ། ཟང་ཟིང་གི་ནོར་རྫས་ནི་ཡོད་ཀྱིན་ཇེ་དགོས་དང་ཇེ་ཕངས་ལ་འགྲོ། འཚོ་བའི་ཟས་ཀྱང་ཞིམ་མི་ཞིམ་ གཉིས་འདྲ་མི་གཙང་བའི་གསེབ་ཏུ་འགྲོ་བ་ཡིན། གོས་ཀྱང་བཟང་ན་ཆེར་སྡུག་བསྔལ་གྱི་རྒྱུར་འགྲོ་བར་འདུག་པ། སྙིང་ཐག་པ་ནས་ཆོས་ཤིག་བྱེད་ན་རྙེད་པས་དགའ་བ་མེད། མ་རྙེད་པས་མི་དགའ་བ་མེད། དེ་བཞིན་དུ་གྲགས་མ་གྲགས་དང་། བདེ་སྡུག་ དང་། བསྟོད་སྨད་རྣམས་ལའང་དགའ་མི་དགའ་མེད་པ་ཞིག་དགོས། མདོར་ན། ལྟོགས་པའམ་འཁྱགས་པའམ་ཤི་ཡང་རུང་སྟེ། གཉེན་པོའི་ཆོས་ཐམས་ཅད་ཧྲིལ་གྱི་དྲིལ་ནས་ཆོས་བརྒྱད་ཀྱི་སྟེང་དུ་གཏོང་དགོས། བླ་ན་མེད་པའི་བྱང་ཆུབ་གཏོང་རི་སྙམ་ 2-8-3a པ་ཅིག་དགོས་པ་ལ། འོ་སྐོལ་ནི་གཙོ་བོར་ལྟོ་རྒྱབ་གཉིས་སྒྲུབ་ཅིང་། འདི་གཉིས་ང་ལ་མེད་ཐབས་མེད། དེའི་ཞོར་ལ་ཆོས་བྱ་སྙམ་པ་འདུག་པ། རྒྱགས་ཆད་དམ། གོས་ངན་ནམ། མི་ལ་སྦྱིན་རྒྱུ་མེད་ན་ངོ་ཚ་འཕྱ་འོང་སྙམ་ན། ཁོང་ན་ང་རྒྱལ་དང་ཁེ་གྲགས་ཡོད་པའི་རྟགས་ཡིན། ཆོས་པ་བྱ་བ་གོས་བཟང་ན་ངོ་ཚ་བ། ཞིམ་ལྟོ་བྱེད་ན་ངོ་ཚ། ཆོས་དང་མི་མཐུན་པ་དང་། དམ་པ་རྣམས་ཀྱི་སྤྱོད་པ་དང་མི་མཐུན་པ་བྱེད་ན་ངོ་ཚ་བ་ཡིན། ཆོས་གཤའ་མ་ཅིག་བྱེད་ན་དམན་པའི་ས་བཟུང་ ཧྲུལ་པོའི་གོས་གོན། གནས་རི་ཁྲོད་ཀྱི་དགོན་ས་འགྲིམ་དགོས། ལྟོ་གོས་ལ་གྱོང་བསྐུར། བླ་མ་དང་དཀོན་མཆོག་ལ་བློ་ལྷན་གྱིས་བཀལ་ནས། ན་ན་ཡང་ཁྱི་ན་བ་ལྟར་འཇོག་དགོས། ཤི་ན་ཡང་ཁྱི་ཤི་བ་ལྟར་འཇོག་དགོས། ཉེ་བ་རྣམས་ཀྱི་ ཀྱང་། དེ་ཤི་བ་དང་ཁྱི་ཤི་བ་གཉིས་ལ་ཁྱད་མེད་ཟེར་བ་ཅིག་དགོས། མདོར་ན། རང་གི་དགེ་སྦྱོར་ཅི་འཕེལ་མ་གཏོགས་པ་ཕ་དང་མའི་ངོ་ཡང་མི་སྲུང་བ་ཅིག་གོས། སྔོན་གྱི་སངས་རྒྱས་དང་བྱང་སེམས་རྣམས་དང་། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་ ཐོབ་པ་རྣམས་ཀྱིས། རྒྱལ་སྲིད་ལ་སོགས་པ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དོར་ནས། དཀའ་ཐུབ་དང་དཀའ་སྤྱད་འབའ་ཞིག་མཛད་པས་དོན་གྲུབ་པ་ཤ་སྟག་བྱོན་འདུག །འོ་སྐོལ་ད་ལྟའི་ཆོས་པ་རྣམས་ནི་བྱས་པ་མེད་པར་རེ་བ་ཆེད། མ་བསྒྲུབས་ པར་འབྲས་བུ་འདོད། ཆོས་པ་བཟང་པོ་དང་འཛིན་ཆགས་གཉིས་ཀ་རེ། མི་ཆོས་དང་ལྷ་ཆོས་གཉིས་ཀ་འོང་དུ་རེ། དཀའ་བ་མ་སྤྱད་པར་དངོས་གྲུབ་ཐོབ་ཏུ་རེ། ཆོས་གདམས་ངག་ཞད་རེ་ཙམ་ཤེས་ཀྱང་རང་ཉམས་སུ་མི་ལེན་པར། ཞུ་མི་དང་སློབ་མ་འོང་དུ་ 2-8-3b རེ། ཟླ་རེ་ཟླ་གཉིས་རི་ལ་བསྡད་ན་ཡང་མིས་ཐོས་སུ་རེ། བསྙེན་བཀུར་དང་ཞབས་ཏོག་བྱེད་དུ་རེ། སྒོམ་ཉམས་སམ་ཡོན་ཏན་ཞད་རེ་ཙམ་བྱུང་ན་ཡང་འདི་ལ་ཇི་ལྟར་བྱས་ནས་བསྟན་སྙམ། ཆོས་ཐུན་རེ་བཤད་དམ། གཏོར་མ་ཚར་རེ་བཏང་ངམ། གཞན་དོན་བག་རེ་བྱས་ན་འདིས་ང་ལ་ཅི་སྟེར་སྙམ། ཆོས་སམ་གདམས་ངག་ཞུ་མི་བྱུང་ན། ང་རང་གིས་ཀྱང་འདི་ཙམ་ཕུལ་བ་ཡིན། མེ་ཏོག་འདི་ཙམ་རེ་འདོད་ཟེར་བ་འདུག་པ། དེ་ནི་ཆོས་བཙོངས་པའི་རིན་ཟ་བ་ཡིན་ན། འོ་སྐོལ་ནི་ཚོང་ཅིག་བྱེད་ན་ཡང་རང་ རྒྱལ་བར་འདོད། ཟས་ཅིག་ཟ་ན་ཡང་རང་ཆེ་བ་དང་ཞིམ་པ་ཅིག་ཟ་འདོད། ཞག་གཅིག་གཉིས་པར་ཡང་སྐྱིད་པར་ཉལ་འདོད། ཟས་ནོར་ཡང་བཟང་དགུ་ཐམས་ཅད་རང་ཚགས་བྱེད་འདོད། ངན་དགུ་ཐམས་ཅད་མི་ལ་སྟེར་འདོད། བླ་མ་དཀོན་མཆོག་མཆོད་ པ་བས། རང་གི་ལྟོ་རྒྱབ་དང་། ཉེ་འབྲེལ་ལ་སྦྱིན་པ་གལ་ཆེ་བར་བྱེད། དེ་ཡང་། ཐུགས་གཟོ་བའམ་ཟབ་པ་རྣམས་ཀྱིས་ཀྱང་། ཁ་ལ་མི་འདོད་པ་སྐད་ཟེར་ནས། འདོད་པ་ཕུགས་སུ་བཅུག་ནས་གདའ་བ། འདོད་པ་ལ་བློ་མ་ལོག་པར་ཆོས་པ་ག་ན་མཆི། ལེགས་པར་སོམས་དང་། འོ་སྐོལ་ནི་སྔར་ཡང་རེ་དོགས་འབའ་ཞིག་གིས་ཕུང་བ་ཡིན། གྲོས་མཁས་པའམ། མི་ཆོས་གཟོ་བའམ། མི་སེམས་ཟིན་པས། ཐུགས་ཟབ་པའམ། ཕོ་ཟོ་མཐོ་བ་ཁོ་ནས་ཕུང་པ་ལགས་ན། ཚེ་འདི་ཕྱི་གཉིས་ཁྲིད་དུ་བྱེད་པ་ དེ་སྒྲུབ་ཕྱོགས་དག་ཆེ་བར་གདའ་སྟེ། རྟ་གཉིས་ལ་ཞོན་ན་ཐང་ལ་ལྷུང་བར་མཆིའོ། །ད་ཕན་ཆད་ཆོས་བརྒྱད་དོན་གཉེར་གྱི་མི་དང་བློ་མ་བསྟུན། ལྷན་དུ་མ་སྡོད། ཁ་མ་སྨྲ། འོ་སྐོལ་ནི་ཐོག་མ་མེད་པ་ནས་དངོས་འཛིན་ལ་གོམས་དྲགས་པས། གཉེན་པོས་ 2-8-4a གཅུན་ཡང་མི་ཕན་པར་འདུག་པ་ཆ་མེད་དམ། ཆོས་ལས་ལོག་པ་ལ་ཆ་ལུགས་པར་མི་དགོས། བློ་འདོད་པའི་ཕྱོགས་སུ་སོང་བ་དང་། ཆོས་བརྒྱད་ཀྱི་ཕྱོགས་སུ་སོང་བ་ལ་ཟེར་བ་ཡིན། མདོར་ན། རང་ལ་རྫུན་མ་ཟེར། དུག་མ་ བླུད། མི་ཟེར་བ་ལ་མ་ཉན། རྣ་བ་དང་གྲོས་མ་བྱེད། སྙིང་ཐག་པ་ནས་ཆོས་བྱེད་པའི་གྲོས་ཐམས་ཅད་ཚེ་འདི་བློས་བཏང་བའི་དམ་པ་རྣམས་ལ་དྲིས། གཞན་ཐམས་ཅད་ཀྱིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། འདོད་པ་དང་འཛིན་པ་སློབ་ན། སློབ་དཔོན་ ཡིན་ཀྱང་བདུད་དུ་ཤེས་པར་བྱའོ། །རང་ཚེ་འདི་དང་མ་འདྲེས་པའི་ཆོས་གཅིག་བྱེད་ན། གྲགས་པ་སྙན་རུང་མི་སྙན་རུང་། བསྙེན་བཀུར་བྱུང་རུང་མ་བྱུང་རུང་། རང་སྐྱིད་རུང་སྡུག་རུང་། བཀའ་བརྒྱུད་རྣམས་ཀྱི་མཛད་སྲོལ་ཡང་འདི་ཡིན། དགེ་སྦྱོར་ཡང་འདི་ འཕེལ། ཆོས་དང་ཡང་འདི་མཐུན། ཅི་དགའ་གྱིས་སྙམ་པ་ཞིག་དགོས་པ་ལ། འོ་སྐོལ་ནི། མི་གཞི་སྲབ་མོ་ཡབ་སེ་ཡོ་བ་སེ། ཕོ་བསོལ་པོ་ཕྱེད་དེ་ཕྱོད་དེ། ཕོ་རྒོད་པོ་རེ་བྱས་པས་སྒྲུབ་པ་པོ་ཅི་ལ་འོང་། མཆོག་ཐུན་མོང་གི་དངོས་གྲུབ་ཅི་ལ་འཐོབ། གྲུབ་ ཐོབ་ཀྱི་བརྒྱུད་པ་ཅི་ལ་ཟིན། རྗེ་བཙུན་རས་ཆུང་པས། བླ་མ་ཆེན་པོ་དགེ་སྦྱོར་མཛད་པ་ལ་བར་ཆད་མ་བྱུང་ངམ་ཞུས་པས། ང་ལ་བར་ཆད་འོང་དོན་ཅི་ལ་ཡོད་གསུང་། དེ་ཇི་ལྟར་ལགས་ཞུས་པས། ངས་མིའི་ཁ་ལ་ཉན་མ་མྱོང་གསུང་སྐད། དེ་བས་ན། དགོན་ པ་བདག་ཏུ་མི་བཟུང་། ཐབ་ཀ་དང་ལས་ཀ་མི་བྱ། འཁོར་དང་གཡོག་ལ་མི་དགའ། གཞན་གྱི་ཕྱེ་གཏོར་མ་འགམ། མི་ཆེན་གྱི་ལད་མོ་མ་བྱེད། ཟང་ཟིང་གི་གཡེང་བ་མི་བྱ། གཞན་གྱི་ངོ་མི་སྲུང་། བུད་མེད་དང་ཁྱུ་མི་སྲེ། ཞིང་ཆུ་དང་འབུན་སྐྱེད་མི་བྱ། 2-8-4b ཚོང་ཁེ་སྤོག་མི་བྱ། བླ་མ་དང་ཡི་དམ་མི་བླུ། བློ་ཕུག་སྤྲང་ལ་གཏོད། འདུག་ས་རི་ཁྲོད་དུ་བྱ། སྨྲ་ན་རང་སྐྱོན་སྨྲོས། བསྟོད་ན་གཞན་བསྟོད། འདུལ་ན་རང་རྒྱུད་ཐུལ། གསོག་ན་འཕགས་པའི་ནོར་བདུན་ལ་སོགས། སྤེལ་ན་ཉམས་མྱོང་དང་རྟོགས་ པ་སྤེལ། སྐྱོང་ན་བླ་མའི་གདམས་ངག་སྐྱོངས་། ལར་ཆོས་གཤའ་མ་ཅིག་བྱེད་ན། མི་གཞི་ལ་འགྱུར་བ་མེད་པ་ཅིག་དགོས། དུས་རྟག་ཏུ་འཆི་གྲབ་བྱེད་པ་ཅིག་དགོས། དད་པ་ལ་འཕེལ་འགྲིབ་མེད་པ་ཅིག་དགོས། མོས་གུས་ལ་ལྟེམ་རྐྱང་མེད་པ་ཅིག་ དགོས། སེམས་ལ་གཡོ་སྒྱུ་མེད་པ་ཅིག་དགོས། དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་དུ་སྲུང་བ་ཅིག་དགོས། སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་གཅིག་ལ་ཡང་གནོད་པ་མི་སྐྱེལ་གྱི་སྟེང་དུ། ནུས་ཚད་ཀྱིས་ཕན་འདོགས་པ་ཅིག་དགོས། ངན་སྨྲས་སམ་ སྐུར་པ་འདེབས་མཁན་བྱུང་ན་ཡང་། ཁོང་གི་དེ་གདམས་ངག་ཡིན་སྙམ་པ་ཅིག་དགོས། ཚུར་ལ་གནོད་པ་བྱེད་མཁན་བྱུང་ན་ཡང་། ཁོང་གི་དེ་གདམས་ངག་ཡིན་སྙམ་པ་ཅིག་དགོས། ཚུར་ལ་གནོད་པ་བྱེད་མཁན་བྱུང་ན་ཡང་། ངས་བཟོད་པ་ཐུབ་མི་ཐུབ་བལྟ་ བའི་སློབ་དཔོན་ཡིན་སྙམ་པ་ཅིག་དགོས། ཁོང་གི་མ་ཤེས་མ་རིག་པ་ཡིན། ང་རང་གི་སྔོན་གྱི་དྲིན་ཅན་མ་རྒན་ཡིན། ཁོང་ད་ལྟ་དངོས་པོའི་གདོན་གྱིས་བཟུང་ནས་སྨྱོ་བ་ཡིན། སྙིང་རེ་རྗེ། ང་དམ་པའི་ཆོས་བྱེད་པ་ཡིན་སྙམ་དུ་བསམ་ཞིང་། ཁོང་གི་ གནོད་པ་བྱས་པའི་ལན་དུ། འོ་སྐོལ་གྱི་ནུས་ཚད་ཀྱིས་ཕན་འདོགས་པ་ཅིག་དགོས། འཐབ་རྩོད་ལྟ་སྨོས་ཀྱང་ཅི་དགོས། དགེ་རྩ་ཅི་བྱས་ཐམས་ཅད་གནོད་པ་བྱེད་མཁན་དེས་དབུ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ 2-8-5a བསྔོ་དགོས། མདོར་ན། ཞེ་སྡང་ནི། ཐེག་པ་ཆེན་པོ་པར་ནམ་ཡང་གནང་བའི་སྐབས་མེད་པས། བཟོད་པ་ལ་ནན་ཏན་བྱ་དགོས། རང་ཉིད་གསོད་ཀྱང་རྒྱུད་འཁྲུག་མི་རུང་ན། ལོངས་སྤྱོད་འཕྲོག་པ་དང་། ཕྱར་ཀ་གཏོང་བ་ལ་རྒྱུད་ འཁྲུག་པ་ལྟ་སྨོས་ཀྱང་ཅི་འཚལ། འོ་སྐོལ་ནི་གོས་མར་བསྲིངས། སྐྲ་ཡང་བསྟུངས་ནས་འདིར་ཁ་བསྐྱེད་དེ་གཞན་ལ་གནོད་པ་བྱེད་པ་མི་འཚལ། གྲལ་དམས་སམ། བསྙེན་བཀུར་ཆུང་ངམ། མ་ལེགས་སམ། མ་ཤེས་པ་ཚུལ་དང་མི་མཐུན་པ་ཞད་ རེ་ཙམ་བྱུང་ན། ཁྱེད་ཀྱིས་ཅིར་མཐོང་། ང་མི་ཆེན་པོ་ལ་བརྙས་པ་བྱེད་ཟེར་ནས་ཀོ་ལོང་དམ་པར་གདའ་བ། ཆོས་མང་དུ་ཤེས་ཤིང་ང་རྒྱལ་ཇེ་ཆུང་། ཡུན་རིང་བསྒོམ་ཞིང་ང་རྒྱལ་ཇེ་ཆུང་ལ་འགྲོ་དགོས་པ་ཡིན་ན། ཆོས་ང་རྒྱལ་གྱི་གྲོགས་སུ་བཏང་བས་ཅི་ལ་ཕན་ ཡོན་ཏན་ཞད་རེ་ཙམ་ཡོད་པས་ང་རྒྱལ་ནས། ངའི་ཡུས་ཀྱིས་གཞན་ལས་འཕྱ་བར་གདའ་སྟེ། དེ་ཙུག་བྱས་པས་ཆོས་ག་ན་མཆི། འོ་སྐོལ་ཆོས་པ་ཡིན་ཟེར་ནས། ཆོས་དཔེ་ཆ་ལ་བཞག །རྒྱུད་ཐ་མལ་དུ་བཞག །སེམས་འདོད་པའི་ནང་དུ་བཞག་ནས། ལག་ལེན་མི་ཆོས་ལ་བྱེད། བཟླས་བརྗོད་དམ་སྔགས་ལ་བྱེད། དགེ་སྦྱོང་རྐྱེན་ཟློག་ལ་བྱེད། མཆོད་པ་བུ་སྨད་དང་ཉེ་འབྲེལ་ལ་འབུལ། གཏོར་མ་ལྷ་འདྲེ་ལ་གཏོང་། སྒྲུབ་པ་ཆོས་བརྒྱད་ལ་བྱེད་ཅིང་ཆོས་པའི་གཟུགས་བརྙན་དུ་བྱས་ནས་གདའ། ཆོས་ནས་ དེ་ལྟར་དུ་བཤད་དེ་བྱེད་མཁན་སུ་ཡང་མེད་ཟེར་ནས། གཞན་སྐྱོན་ཤ་སྟག་འཆད་པར་གདའ་ན། འོ་ན་ཆོས་སྒོར་ཞུགས་ནས་ཅི་བྱེད། ཆོས་ཉན་ནས་ཅི་བྱེད། དཔེ་བྲིས་ནས་ཅི་བྱེད། དེ་ཐམས་ཅད་དོན་མེད་ལ་སོང་བ་ཡིན། འོ་སྐོལ་ནི། རང་ལ་ཡོན་ཏན་མེད་ 2-8-5b པའི་ཉམས་མྱོང་གཞན་ལ་བཀལ་ནས། སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་ཁྱད་དུ་གསོད་ཅིང་། བདེན་མི་སྲིད་རྫུན་ཟེར་བ་ཡིན། འོ་ན་དེ་རེ་སླ་ཟེར་ནས་གདའ་སྟེ། གང་ཟག་གི་བློ་ཚོད་མི་ཤེས། དམ་པ་སུ་ཡིན་མི་ཤེས། སྤྲུལ་པ་ཡིན་ནམ་ཡང་མི་ཤེས་ པས་ན། ཆོས་དང་གང་ཟག་གི་ཞལ་ཆེ་མི་བཅད། ཐམས་ཅད་ལ་མོས་པ་བྱ། རྗེས་སུ་ཡི་རང་འབུལ། ཁོང་ཐམས་ཅད་ངོ་མཚར་ཅན་དུ་འདུག་པ་ལ། ང་རང་ཁོ་ན་སྐྱུག་རེ་བྲོ་སྙམ་དུ་བསམ། ཟས་ནོར་ཡང་གཅེས་དགུ་ཐམས་ཅད་བླ་མ་དང་། དཀོན་མཆོག་ གི་ཕྱོགས་སུ་བཏང་ཞིང་། བཏང་སྙམ་པའི་ང་རྒྱལ་མེད་པ་ཅིག་དགོས། འོ་སྐོལ་ནི། རང་ཁོ་ན་གཏོང་ཕོད་ཆེ། འདོད་པ་ཆུང་། མི་བཟང་། ཆོས་པ་བཟང་སྙམ་ནས། རང་ལ་གཞན་གྱིས་ཕྱེ་གཏོར་ཞད་རེ་ཙམ་བཏང་བ་ལ་བདེན་ནམ་སྙམ་ནས། ང་ལ་ ཐམས་ཅད་བྱམས། ང་ལ་ཐམས་ཅད་མགུ་སྙམ་པའི་ང་རྒྱལ་གྱིས་ཐམས་ཅད་ཕུང་བ་ལགས་པས། ང་རྒྱལ་དེ་ལྟ་བུ་ཅིག་ཁོང་ན་ཡོད་ན། ཡོན་ཏན་སྐྱེ་མི་སྲིད་པས། ང་རྒྱལ་གྱི་རི་བོ་རྨང་ནས་བསྒྱེལ་ནས། ཤེས་པ་དམའ་ཞུམ་གྱིས་གཏོང་བ་ཅིག་དགོས། བདག་འཛིན་གྱི་མཁར་པོ་རྨང་ནས་བཤིག་ནས་ཤེས་པ་འཛིན་མེད་ཀྱི་ཐང་ལ་ཕྱམ་གྱིས་གཏོང་བ་ཅིག་དགོས། ཞེ་འདོད་ཀྱི་མདུད་པ་ཐམས་ཅད་ཁྲོལ་གྱིས་འགྲོ་བ་ཅིག་དགོས། ཉོན་མོངས་པ་དང་རྣམ་རྟོག་ཐམས་ཅད་ལྷན་གྱིས་ཞི་བ་ཅིག་དགོས། སྣང་བ་འདི་ དངོས་བུན་ལ་སངས་ཀྱིས་འགྲོ་བ་ཞིག་དགོས། རང་རྒྱུད་ཀྱི་ཤེས་པ་གཉེན་ལྕུག་གིས་འགྲོ་བ་ཅིག་དགོས། སྟན་ཐོག་ཏུ་ལྷན་ནེ་སྡོད་ཚུགས་པ་ཅིག་དགོས། འགྲོ་བ་གཞན་ལ་སྙིང་རྗེ་དུང་གིས་སྐྱེས་པ་ཅིག་དགོས། མཐུན་འཇུག་གི་རྩིག་པ་རྨང་ནས་འགྱེལ་བ་ཅིག་ 2-8-6a དགོས། ཆགས་སྡང་དང་། ཕྱོགས་རིས་སྐྱེས་པའི་རྒྱུ་ཐམས་ཅད་ལིང་སྟེ་བོར་ནས་འགྲོ་བ་ཅིག་དགོས། རང་གི་དགེ་སྦྱོར་དང་། ཡོན་ཏན་ཅི་འཕེལ་གྱི་གྲོགས་དང་། གནས་དང་སྤྱོད་ལམ་འབའ་ཞིག་བརྟེན་པ་ཅིག་དགོས། དེ་ ཐམས་ཅད་ཀྱང་མདོར་བསྡུ་ན། ཆོས་ཉོན་མོངས་པའི་གཉེན་པོར་མ་སོང་ཞིང་། རང་གི་རྒྱུད་ལ་མ་ཕན་ན་སྡེ་སྣོད་གསུམ་བློ་ལ་བཤད་ཤེས་ཀྱང་། ནེ་ཙོའི་འདོན་པ་དང་འདྲ། གདམས་ངག་ཟབ་དགུ་ཐམས་ཅད་ཡོད་ཀྱང་། སྨན་པ་ཁོ་རང་ནད་ཀྱིས་ཤི་བ་དང་ འདྲ། བླ་མ་བཟང་དགུ་བསྟེན་ཀྱང་རྒྱ་མཚོའི་འགྲམ་དུ་སྒོམ་པས་འཆི་བ་དང་འདྲ། ལོ་བརྒྱ་སྟོང་ལ་སོགས་རི་ཁྲོད་དམ། ཕུག་ཏུ་བསྡད་ཀྱང་། རི་དྭགས་སམ། ཕྱི་བ་དང་འདྲ། བསྐལ་པ་མང་པོར་སྦྱིན་པ་དང་། ཚུལ་ཁྲིམས་ལ་འབད་ཀྱང་རུང་། མངོན་ ཤེས་དང་རྫུ་འཕྲུལ་དཔག་ཏུ་མེད་པ་བྱུང་ཡང་རུང་། ཡི་དམ་ལྷའི་ཞལ་མཐོང་བ་དང་། ཚེ་ཉི་ཟླ་དང་མཉམ་པའི་དངོས་གྲུབ་ཐོབ་ཀྱང་། སངས་རྒྱ་བའི་རྒྱུར་འགྲོ་བ་ཙམ་ལས། འཁོར་བའི་ཕ་རོལ་ཏུ་རྒལ་མི་ནུས། འཁོར་བ་རྒལ་བ་ལ་རང་གི་སེམས་རྟོགས་དགོས། སེམས་རྟོགས་པར་བྱེད་པ་ལ་གདམས་ངག་གཅིག་པུས་མི་ཕན། བླ་མ་རྟོགས་ལྡན་ཞིག་གིས་བྱིན་རླབས་འཇུག་དགོས། དེ་འཇུག་པར་བྱེད་པ་ལ། བླ་མ་དེ་ལ་ལུས་ལོངས་སྤྱོད་ཐམས་ཅད་དངོས་སམ་ཡིད་ཀྱིས་འབུལ་ཞིང་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ནས། དད་གུས་རྒྱུན་ཆད་མེད་པར་གསོལ་བ་བཏབ་ཅིང་། དེ་ལ་བློ་ལྷན་གྱིས་གཏད་ལ། དེས་ཅི་གསུངས་ཉན་ན། བླ་མ་དེའི་བྱིན་རླབས་ཞུགས་ནས། བླ་མ་དེའི་རྟོགས་པ་སློབ་མའི་རྒྱུད་ལ་འཆར། དེ་ཤར་བ་དང་བླ་མའི་ཐུགས་དགོངས་ལོན་པ་ཞེས་ཀྱང་བྱ། ཚིག་ 2-8-6b གི་མ་བསླད་པ་ཐོབ་པ་ཞེས་ཀྱང་བྱ། སྒོམ་ཁྲིད་ཚར། ལས་ཟིན། སྡུག་བསྔལ་གྱི་ཁུར་བོར། འཁོར་བའི་ཆུ་བོ་བརྒལ། ཐར་པའི་སྐམ་སར་སླེབ། མི་ཟད་པའི་གཏེར་དང་ཕྲད། རང་སེམས་ལ་ངེས་ཤེས་སྐྱེས་པས་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ནས་ མོས་གུས་གཤའ་མ་ཞིག་གདོད་སྐྱེ། དེ་སྐྱེས་པ་དང་ཡོན་ཏན་ཐམས་ཅད་ནམ་ཟླ་སྟོན་ཀའི་འབྲས་བུ་ཐམས་ཅད་དུས་གཅིག་ལ་སྨིན་པའམ། ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འབྱུང་ངོ་། །རྟོགས་པ་ནམ་མཁའ་དང་མཉམ་པ་དེ་ལྟ་བུ་ཞིག་རང་གི་རྒྱུད་ལ་སྐྱེས་པས། དགེ་ བས་ཕན་མ་བཏགས། སྡིག་པས་གནོད་མ་བསྐྱལ་སྙམ་ནས། རྒྱུ་འབྲས་ཁྱད་དུ་གསོད་ཉེན་ཡོད་པས། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པར་བྱ་ཞིང་། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་སངས་བར་བྱ་བའི་ཕྱིར། ད་རུང་བླ་མ་དམ་ པ་བསྟེན་ནས་མོས་གུས་ཆེར་བསྐྱེད་ཅིང་བསྒོམས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནང་ནས་འཆར། དེ་ཤར་བ་དང་བླ་མས་ཀྱང་། ཚིག་སྦན་སྦུན་མེད་པར་འདི་རྗེན་པར་བསྟན་འདུག་སྙམ་པ་འབྱུང་། མདོ་རྒྱུད་བསྟན་བཅོས་ཀུན་ནས་ཀྱང་བསྟན་ ནས་འདུག་པ་ལ། ང་རང་ཙ་རེ་ལོང་དུ་སོང་ནས་འདུག་སྙམ་པ་འོང་། སྤྱིར་ཚོགས་མ་རྫོགས་ཤིང་སྒྲིབ་པ་མ་བྱང་ན། སེམས་མི་རྟོགས་པ་སྔགས་དང་། ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་མཐུན། ཕ་རོལ་ཏུ་ཕྱིན་པར་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ ནས་སངས་རྒྱ་བར་འདོད་པ་དང་། སྔགས་ནས་ཚེ་གཅིག་གིས་སངས་རྒྱ་བར་འདོད་པ་ཡང་། ཚོགས་གཉིས་གསོག་པ་དང་སྒྲིབ་པ་སྦྱང་བའི་ཐབས་ཆེ་ཆུང་གི་ཁྱད་པར་དུ་གདའ་བ། དཔེར་ན་གཞུང་ལམ་ཆེན་པོར་སྐོར་བ་དང་། གསེབ་ལམ་ལ་འགྲོ་བ་དང་འདྲ། དེས་ 2-8-7a ན་ཚོགས་གསོག་པའི་ཞིང་ས་ཡང་བླ་མ་ཁོ་ན་བཟད་བར་གསུངས། བླ་མ་ལ་མོས་གུས་བཅོས་མིན་རེ་སྐྱེས་ན། བསྐལ་པ་མང་པོའི་སྒྲིབ་པ་རྩ་བ་ནས་འདག་པར་གསུང་། བླ་མའི་བྱིན་རླབས་ཤིག་མ་ཞུགས་ན། སེམས་ཉིད་འདི་བལྟས་ པས་མི་མཐོང་། བཟུང་བས་མི་ཟིན། བཀག་པས་མི་ཁེགས། རང་གི་སྣང་བ་འདི་ཡང་སྤངས་པས་མི་སྤོང་། བཤིག་པས་མི་ཤིགས། དེ་བས་ན། ཚོགས་གསོག་པར་འདོད་པ་དང་། སྒྲིབ་པ་སྦྱང་བར་འདོད་པ་དང་། བར་ཆད་ཞི་བར་འདོད་པ་དང་། རྟོགས་པ་རྒྱུད་ལ་སྐྱེ་བ་འདོད་པ་དང་། སྣང་བ་ཟིལ་གྱིས་གནོན་པར་འདོད་པ་དང་། རང་གཞན་གྱི་དོན་ཡོངས་སུ་རྫོགས་པར་འདོད་པ་རྣམས་ཀྱིས། བླ་མ་ཁོ་ན་ལ་བསྙེན་བཀུར་བྱ་ཞིང་། གསོལ་བ་གདབ་པ་གཅིག་པུ་ལས་མེད། རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང་ བླ་མ་ལ་གསོལ་བ་བཏབ་ཅིང་། རྟོགས་པའི་མཉམ་ཉིད་བསྐྱང་པ་ལས། རང་གི་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཆོས་ཀྱི་སྐུར་ཐག་ཆོད། ཚོགས་དྲུག་ཡུལ་གྱི་སྣང་བ་འདི་ཐམས་ཅད་སྒྱུ་མའམ། རྨི་ལམ་དང་འདྲ་བ་ཐག་ཆོད་པས། འཁོར་འདས་ ལ་རེ་དོགས་མེད། ཕྱི་ནང་གི་སྒྲོ་འདོགས་ཆོད། སྔར་མ་མཐོང་མ་ཐོས་པའི་ཆོས་ཐམས་ཅད་ལ་ཡང་། ལོང་བ་མིག་བྱེ་བ་བཞིན་སོང་བས། བཀའ་རབ་འབྱམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ། བླ་མ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཐུགས་དགོངས་ གཉིས་མེད་ཀྱི་ངང་ལ་འདྲེས་པས་ཆོས་ལ་རང་བྱན་ཚུད། ཤེས་བྱ་ཐམས་ཅད་ཀྱི་བདག་པོར་སོང་བས། གཅིག་ཤེས་ཀུན་ལ་མཁས་པ་ཞེས་ཀྱང་བྱ། རང་ལ་ཞེ་འདོད་ཏིལ་གྱི་འབྲུ་ཙམ་ཡང་མེད་པས། མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ལྷུག་པར་སྐྱེས་ནས། ཕན་ 2-8-7b ཇི་ལྟར་བྱས་ལ་བཏགས་ན། རྟོགས་པ་བུའི་རྒྱུད་ལ་སྐྱེས་ན་སྙམ་པའི། མས་བུ་གཅིག་པོ་མཐོང་བ་དང་འདྲ་བ་ཅིག་འབྱུང་སྟེ། སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཞེས་ཀྱང་དེ་ལ་བྱ། དེ་ལྟ་བུའི་རྟོགས་པ་བརྟན་པ་འགྱུར་བ་མེད་པ་ཅིག་ཡོད་པའི་སྐྱེས་བུ་རྣམས་ ཀྱིས། ཟང་ཟིང་དང་། རྙེད་བཀུར་ལ་མི་ལྟོས་པའི་འགྲོ་དོན་བྱེད་དགོས་ཏེ། རང་གཅིག་པུ་ཐར་པས་མི་ཕན་པས། གདུལ་བྱ་ལང་གང་དམན་པ། གང་སྙོམས་ཆུང་པ། གང་གཟུགས་ངན་པ། གང་ལོངས་སྤྱོད་ཆུང་བ། སྡིག་ཤས་ཆེ་བ་ཐམས་ཅད་ལ་ བྱམས་པར་བྱེད་དགོས། ཁོང་མི་ཆེན་དང་། སྒོ་ཅན་གྱིས་ཆོས་དང་སློབ་དཔོན་གང་ནས་ཀྱང་རྙེད། ཁོང་བསོད་ནམས་བསགས་པ་ཡིན་པས། ཅི་ལྟར་བྱས་ཀྱང་བདེ། འོ་ན་ཡང་། གདུལ་བྱ་དུས་ལ་བབ་ན། གང་མོས་པ་དང་། གང་དད་པ་ཆེ་བ་ལ་ཆོས་དང་། གང་དད་པ་ཆེ་པ་ལ་ཆོས་དང་གདམས་ངག་བྱ། མི་མོས་མི་དད་པ་ལ་གདུལ་བྱའི་ལས་འབྲེལ་གཞག །བཅོམ་ལྡན་འདས་ཀྱིས་དགེ་སློང་ལེགས་པའི་སྐར་མ་བསྐྱངས་པ་དང་འདྲ། སྒྱུ་ལུས་ལ་བརྟེན་ནས་འགྲོ་བ་མང་པོ་མ་འདྲོང་ཀྱང་། སྙིང་རྗེ་ཆེན་པོ་བསྐྱེད་ནས་ སྨོན་ལམ་རྒྱ་ཆེན་པོ་བཏབ་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་རེ་རེའི་མདུན་དུ་ཡང་སྤྲུལ་པ་རེ་རེ་སྟོན་ནུས་པ་འབྱུང་ངོ་། །རྒྱ་གར་གྱི་གྲུབ་ཐོབ་ཐམས་ཅད་ཀྱིས་ཀྱང་། ཚོགས་པ་ཆེན་པོ་བསྐྱངས་པར་མི་གདའ་བ་དེ། ཁོང་རྣམས་ཐུགས་རྗེ་ཆུང་ནས་མ་བསྐྱངས་བ་མ་ ལགས། གདུལ་བྱ་འདུལ་བའི་དུས་ལ་མ་བབ་པར་གཟིགས་ནས། སྤྲུལ་པས་འགྲོ་དོན་མཛད་པར་གདའ། ད་ལྟའི་དགེ་བའི་བཤེས་གཉེན་འགྲོ་དོན་མཛད་པ་རྣམས་ཀྱང་། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། གྲུབ་ཐོབ་རྣམས་ཀྱི་སྤྲུལ་པར་གདའ། ། 2-8-8a ཁོང་རང་གིས་སྤྲུལ་པར་མ་མཁྱེན་པ་ཡང་འགལ་བ་མེད་དེ། དཔེར་ན། སྒྱུ་མ་མཁན་པོས་སྐྱེས་པ་དང་བུད་མེད་ལ་སོགས་པ་མང་པོ་སྤྲུལ་ཡང་། དེ་དག་གིས་བདག་ནི་སྒྱུ་མའི་སྐྱེས་བུའོ་སྙམ་པ་མེད་ཀྱང་། སྐྱེ་བོ་ཐམས་ཅད་མགུ་བར་བྱེད་པ་དང་ འདྲའོ། །འོ་སྐོལ་གྱིས་སྤྲུལ་པར་མ་མཐོང་བ་དེ་རང་ཉིད་རྣམ་པ་མ་དག་པས་ལན་པ་ཡིན། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན། སྤྲུལ་པས་སྤྲུལ་པ་མཐོང་བ་དེ། ཚོགས་ལམ་ཆེན་པོའི་གནས་སྐབས་ཡིན་པར་གདའ། སངས་རྒྱས་ལ་འོད་ཟེར་དང་། རྫུ་འཕྲུལ་ དཔག་ཏུ་མེད་པ་མངའ་ཡང་། འོ་སྐོལ་གྱིས་མ་མཐོང་བ་དེ་ལྟར་ལགས། དེས་ན། རྟོགས་ལྡན་གྱི་རྣལ་འབྱོར་པ་རྣམས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་བྲན་བཞིན་དུ་བྱ་སྟེ། ཟས་ནོར་ལ་སོགས་པ་ཕར་ལ་ཡང་སྦྱིན། ཚུར་ལ་ཡང་བླངས་ལ་སྨོན་ལམ་རྒྱ་ཆེན་པོ་གདབ། སྐྱེས་བུ་དམ་པ་དེ་མཐོང་བ་དང་ཐོས་པ་དང་། རེག་པ་ཙམ་ཡང་ངན་སོང་དང་ལོག་པར་མི་འགྲོ་ན། ཟས་ནོར་དང་ཆོས་འབྲེལ་བྱས་པ་དང་། དད་གུས་ཀྱིས་གསོལ་བ་འདེབས་པ་རྣམས། དེའི་གདུལ་བྱར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། ཐེ་ཚོམ་མེད་པར་བྱའོ། །དེ་ ལྟར་གཞན་དོན་བྱེད་པའི་དུས་སུ་གཡེང་བ་ཆེ་སྙམ་པ་དང་། སྡུག་བསྔལ་དང་སེམས་ཁྲལ་ཆེ་སྙམ་པར་མི་བྱ་བར། གཞན་ལ་ཕན་པར་འདུག་ན། ང་ཡི་སྐྱིད་སྡུག་གཉིས་ཀྱང་ཡལ་ནས་འགྲོ་བ་ཡིན་པས། ང་རང་གཅིག་པུ་སྐྱིད་པས་མི་ཕན་སྙམ་དུ་བསམས་ལ། སངས་ རྒྱས་ཀྱི་བསྟན་པ་ལ་ཅི་ཕན་དང་། འགྲོ་བ་གཞན་ལ་ཅི་ཕན་འབའ་ཞིག་བྱ། བདག་གི་ལུས་ངག་ཡིད་གསུམ་འགྲོ་བའི་དོན་དུ་བསྔོས་ལ་བཏང་ངོ་། སྤྱིར་ཡང་རྟོགས་ལྡན་གྱི་རྣལ་འབྱོར་པ་ཅིག་ཡིན་ན། ལེགས་ཉེས་དང་ཕན་ཡོན་ཐམས་ཅད་ཤོང་བ་ནམ་མཁའ་ལྟ་ 2-8-8b བུ་ཅིག་དགོས། བཟང་ངན་དང་སྐྱིད་སྡུག་ཐམས་ཅད་ཐེག་པ་ས་གཞི་ལྟ་བུ་ཅིག་དགོས། རྒན་གཞོན་ཆེ་ཆུང་ཐམས་ཅད་དང་འགྲོགས་ཤེས་པ་བུ་ཆུང་ལྟ་བུ་ཅིག་དགོས། ཞེན་པ་ནང་ནས་ལོག་པ་ནད་པའི་སྔས་སུ་ཟས་བཞག་པ་ལྟ་བུ་ཅིག་དགོས། སྙིང་རྗེ་ཤུགས་ འབྱུང་དུ་སྐྱེ་བ་མ་བུ་གཅིག་པུ་མཐོང་བ་ལྟ་བུ་ཅིག་དགོས། ཡོན་ཏན་ཐམས་ཅད་ཤུགས་འབྱུང་དུ་སྐྱེ་བ་དབྱར་གྱི་ས་གཞི་ལྟ་བུ་ཅིག་དགོས། དངོས་འཛིན་གྱི་འཁྲུལ་པ་ཞིག་པ་ཆབ་རོམ་ཆུ་རུ་ཞུ་བ་ལྟ་བུ་ཅིག་དགོས། ཉམ་ང་བག་ཚ་མེད་པ་སེང་གེ་གངས་ལ་མཆོང་ བའམ། གླང་པོ་ཆེ་མཚོར་ཞུགས་པ་ལྟ་བུ་ཅིག་དགོས། ཡོན་ཏན་དེ་ལྟ་བུ་འབྱུང་བ་ལ་རྟོགས་པ་ཤར་བ་ཙམ་གྱིས་མི་ཆོག །སྤྱོད་པ་རོ་སྙོམས་པ་ལ་སློབ་དགོས། རོ་ལ་གཞན་སྙོམས་རྒྱུ་མེད། ཆོས་བརྒྱད་རོ་སྙོམས་དགོས་པ་ཡིན། འོ་སྐོལ་ཐོག་མ་མེད་པ་ནས་ དངོས་འཛིན་ལ་གོམས་དྲགས་པས། སྒོམ་སྐྱེས་རྟོགས་པ་ཤར་ཡང་གསར་བུ་སོང་བས། དངོས་འཛིན་བཟློག་མི་ནུས་པ་ལགས། དཔེར་ན་ཉི་མ་ཤར་མ་ཐོག་མུན་པ་སངས་ཀྱང་། ཆབ་རོམ་ཞུ་མི་ནུས་པ་དང་འདྲ། ཉི་མ་ཚ་ཞིང་ཡུན་རིང་བ་ཅིག་ཤར་ན། མུན་པ་སངས་བའི་སྟེང་དུ་ཆབ་རོམ་ཡང་འཇུ་བ་བཞིན་དུ། རྟོགས་པ་ཤར་ནས་དེ་ཉིད་བརྟན་པར་བྱེད་པ་ལ། ཕ་རོལ་ཏུ་ཕྱིན་པ་ནས་སྒོམ་ལམ་ཞེས་བཤད། སྔགས་ནས་སྤྱོད་པའི་ཐབས་སུ་བཤད། འཁྱེར་སོ་མི་གཅིག་ཀྱང་དོན་ལ་གཅིག་པ་ལགས། རྟོགས་ པ་ཤར་ནས་དེ་རང་བསྒོམས་པས། ཡོན་ཏན་ཐམས་ཅད་ཀྱང་གདོད་རྫོགས་པར་འབྱུང་། སྣང་བ་ཐམས་ཅད་ཀྱང་ཆོས་སྐུར་ཤར། སངས་རྒྱས་ཞེས་བྱ་བའི་མིང་ཡང་དེར་ཐོབ། འགྲོ་བ་གཞན་ལ་ཕན་ཐོགས་པ་ཡང་དེར་འབྱུང་ངོ་། །དེ་བས་ན། རྟོགས་པ་ 2-8-9a མ་སྐྱེས་པ་ཐམས་ཅད་ཀྱང་། རྟོགས་པ་སྐྱེ་བའི་ཐབས། བླ་མ་ལ་བསྙེན་བཀུར་བྱ་ཞིང་། མོས་གུས་ཀྱིས་གསོལ་བ་འདེབས་པ་ལ་འབད་པ་མ་གཏོགས་པ་གཞན་མེད། རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང་། དེ་བརྟན་པར་བྱེད་པའི་ ཐབས་ལ། བླ་མ་ལ་མོས་གུས་བྱ་ཞིང་དེ་ཉིད་ལ་གོམས་པར་བྱ། བརྟན་པ་ཐོབ་པ་རྣམས་ཀྱིས་བདག་བསྒྲལ་ནས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། བདག་གྲོལ་ནས། སེམས་ཅན་མ་གྲོལ་བ་རྣམས་བསྒྲོལ་བར་བྱ། བདག་དབུགས་ ཕྱུང་ནས། སེམས་ཅན་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ། བདག་མྱ་ངན་ལས་འདས་ནས། སེམས་ཅན་མྱ་ངན་ལས་མ་འདས་པ་རྣམས། མྱ་ངན་ལས་འདའ་བའི་ཐབས་ལ་མཁས་པར་བྱ། བརྩོན་པར་བྱ། ཡིད་སྐྱོ་བ་མེད་པར་བྱའོ། ། སྒྱུ་མས་སྒྱུ་མའི་སྐྱེས་བུ་ལ། །གྲོས་འདེབས་སྒྱུ་མའི་ཡི་གེར་བྲི། །སྒྱུ་མའི་རྣམ་འཕྲུལ་དཔག་མེད་པས། །སྒྱུ་མའི་འགྲོ་ཀུན་འདྲེན་པར་ཤོག །སྤྲུལ་པས་སྤྲུལ་པའི་རྒྱལ་བ་ལ། །སྤྲུལ་པའི་ཚོགས་གཉིས་རྫོགས་བྱས་ནས། །སྤྲུལ་པའི་ཡོན་ཏན་རབ་ རྒྱས་ཤིང་། །སྤྲུལ་པའི་འགྲོ་ཀུན་འདྲེན་པར་ཤོག །ནམ་མཁའ་ལྟ་བུའི་སེམས་ཅན་རྣམས། །ནམ་མཁའི་ངང་ལ་དག་ནས་ཀྱང་། །ནམ་མཁའ་གང་བའི་ཡོན་ཏན་གྱིས། །ནམ་མཁའི་འགྲོ་ཀུན་འདྲེན་པར་ཤོག །སེམས་ལ་གྲོས་འདེབས། མཚང་ སྐྱོན་ཐམས་ཅད་ཡུལ་ནས་འདོན་པར་བྱེད་པ། རང་སྐྱོན་ལྟ་བའི་མེ་ལོང་། གྲོས་འདེབས་བདུད་རྩིའི་ཕྲེང་བ་ཞེས་བྱ་བའོ།། ༈ །།བླ་མ་དམ་པ་རྣམས་ 2-8-9b ལ་ཕྱག་འཚལ་ལོ། །འདྲེ་བཞི་རྩད་གཅོད་པའི་གདམས་པ་འདི་ལ་དོན་གཉིས། འདྲེ་རྩད་གཅོད་པ་དང་། དེ་ལ་གནད་དུ་བསྣུན་པའོ། །དང་པོ་ལ་བཞི། ལྷུན་གྱི་གྲུབ་པའི་འདྲེ། སྲིད་པ་ཁུངས་ཀྱི་འདྲེ། རྣམ་པར་རྟོག་པའི་འདྲེ། མི་ལས་གྱུར་པའི་འདྲེའོ། ། དང་པོ་ནི། སྲིད་པའི་མེས་པོ་ལྷ་ཚངས་པའམ། ས་བདག་འཕགས་པ་ལ་སོགས་པ། གདོན་ཐམས་ཅད་ཀྱི་མེས་པོ་ལྟ་བུ་ཡིན་ཟེར་ཏེ། སྲིད་པའི་མེས་པོ་བས། ས་རྡོ་རི་བྲག་ཀྱང་མེད་པར་འགྲོ་ལ། མེད་པར་འགྱུར་པས་དེ་བས་ན། སྲིད་པའི་མེས་པོ་བྱ་བ་ཅིག་ ཅིག་ཡོད་ན་དག་མི་སྲིད་པ་གང་ཡང་མེད། མེད་པ་ཅིག་ཡིན་ཅེ་ན། དངོས་པོ་མེད་པས་གང་གིས་ཀྱང་གནོད་མི་སྲིད་པས་དེས་ན། ལྷུན་གྱིས་གྲུབ་པའི་འདྲེ་མི་བདེན་པས་འདྲེ་མེད་དོ། །སྲིད་པ་ཁུངས་ཀྱི་འདྲེ་ནི། ཕ་མ་ལས་བྱུང་བའི་མགོན་པོ་དང་། ལྷ་མོ་དང་། རྒྱལ་པོ་ལ་སོགས་པ་ཡིན་ཟེར་ཏེ། སྲིད་པ་གསུམ་པོ་འདི་ཡང་མི་བདེན་ན། ཕ་མ་དང་། བུ་ཚ་བྱ་བ་གང་ན་ཡང་གྲུབ་པ་མེད་པས། སྲིད་པ་ཁུངས་ཀྱི་འདྲེ་མི་བདེན་པར་ཐག་བཅད་དོ། །རྣམ་པར་རྟོག་པའི་འདྲེ་ནི། མོ་མ་དང་། མིག་མཐོང་མཁན་པོ་ལ་སོགས་ པས། མི་མ་ཤི་བར་འདྲེ་རུ་བཟུང་ནས་གནོད་པར་འདུག་ཟེར་བ་ལྟ་བུ་དང་། ཡང་རྟོག་པ་གཅིག་གིས་གཅིག་ལ་གནོད་པ་བྱས་ཀྱང་། རྟོག་པ་དངོས་པོར་མེད་པས། ཕན་གནོད་དང་བདེ་སྡུག་མི་འོང་སྟེ། རྣམ་པར་རྟོག་པའི་འདྲེ་མི་བདེན་ན་གང་ཡང་མེད་དོ། །མི་ ལས་གྱུར་པའི་འདྲེ་ནི། མོ་མ་ལ་སོགས་པ་ན་རེ། ཤི་བ་ཐམས་ཅད་ཕན་གནོད་བྱེད་པའི་འདྲེ་རུ་སྐྱེ་བ་ཡིན་ཟེར་ཏེ། དེ་ལྟར་ཡིན་ན། ལྷ་ཤི་བའི་འདྲེ་དང་། ཡི་དྭགས་དང་། དུད་འགྲོ་ལ་སོགས་པ་ཡང་འདྲེར་སྐྱེ་དགོས་ཏེ། དེ་སྐད་ཟེར་བ་མི་འདུག་པ་དང་། 2-8-10a ཡང་མི་ཤི་བ་ཐམས་ཅད་འདྲེར་སྐྱེས་ན། འགྲོ་བ་རིགས་དྲུག་གཞན་ཡོད་པར་མི་རིགས་ཏེ། ཐམས་ཅད་འདྲེའི་རིགས་སུ་འགྲོ་བར་རིགས་ཏེ། མི་བདེན། ངེས་པར་འདྲེ་གཟུགས་སུ་གྲུབ་པ་ཅན་ཅིག་ཡིན་ན། སུས་མཐོང་། གཟུགས་ མེད་ཅིག་ཡིན་ན། ནམ་མཁའ་དེས་སུ་ལ་གནོད། གང་ལ་གནོད། དེ་ལྟར་ན་འདྲེ་བས། སངས་རྒྱས་ཀྱང་མིང་དུ་བཏགས་པ་ཙམ་ལས། དངོས་པོར་གྲུབ་པ་མེད་དོ། །དེ་ཡང་ལུང་ལས། སེམས་ཉིད་ཀུན་ཏུ་བཟང་པོ་ལ། །གནོད་པར་བྱ་བའི་རྒྱུ་ཡང་མེད། ། མཐོ་རིས་མེད་ཅིང་ངན་སོང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ལྷ་ཡང་མེད་ཅིང་འདྲེ་ཡང་མེད། །བདུད་ཀྱང་མེད་ཅིང་བགེགས་ཀྱང་མེད། །གལ་ཏེ་དོན་འདི་མ་རྟོགས་ན། །དཔེར་ན་ནམ་མཁའི་སྐར་མ་འདྲ། །ནམ་མཁའ་ཉིད་ལས་མ་གཡོས་ཀྱང་། ། ཉི་ཟླ་གཟའ་སྐར་བཀྲམ་པ་འདྲ། །ཆོས་ཀྱི་དབྱིངས་ལ་བཟང་ངན་མེད། །ཀུན་བཟང་གནས་ལ་ཡངས་དོག་མེད། །ཡེ་ཤེས་ཐུགས་ལ་འཕེལ་འགྲིབ་མེད། །ཅེས་གསུངས་སོ། །དེ་དག་ཐམས་ཅད་བསྡུས་པས་གཉིས་སུ་འདུས་ཏེ། དེ་ཡང་གདོན་དང་། གདོན་ ཆེན་པོ་གཉིས་སོ། །དང་པོའི་འདྲེ་གདོན་ཐམས་ཅད་རྣམ་པར་རྟོག་པ་ཡིན་ཏེ། དེ་ཇི་ལྟར་ཡིན་ན། ལུས་འདི་ལ་གཏི་མུག་གི་རྩ་རླུང་ཡོད། དེ་ལ་གཏི་མུག་རྟོགས་པ་རྒྱུ། དེ་ཀླུ་གདོན་ཡིན། དེ་བཞིན་དུ། ཞེ་སྡང་གི་རྩ་རླུང་ཡོད། དེ་ལས་ཞེ་སྡང་གི་རྟོགས་པ་རྒྱུ། དེ་བཙན་དང་ཕོ་གདོན་ཡིན། ཡང་འདོད་ཆགས་ཀྱི་རྩ་རླུང་ཡོད། དེ་ལས་འདོད་ཆགས་ཀྱི་རྟོགས་པ་རྒྱུ། དེ་བསེན་མོ་དང་མོ་གདོན་ཡིན་ནོ། །དེ་ལྟར་ན། དུག་གསུམ་གྱི་རྟོག་པ་གཏན་ནས་མེད་ན། གདོན་གནས་པའི་ས་མེད་དོ། །གདོན་ཐམས་ཅད་རྣམ་པར་ 2-8-10b རྟོག་པར་འདུས་སོ། །གཉིས་པ་གདོན་ཆེན་པོ་ནི། སྙམ་བྱེད་ཀྱི་རྟོག་པ་ཆེ་ཕྲ་མོ་ལ། ནད་གདོན་རགས་པའི་རྟོག་པ་ལས་གྲོལ་ཡང་། ད་རུང་ཡང་། ན་བ་འོང་ངམ། འདྲེ་གནོད་འོང་ངམ། སྙམ་པའི་ལྐོག་གྱུར་གྱི་རྟོག་པ་ཕྲ་མོ་དེ་ངོས་བཟུང་ལ་གཅོད་དོ། །དེ་ལྟར་ ཡང་། ནཱ་རོ་པས། ནད་དང་གདོན་གྱི་བར་གཅོད་ཀྱང་། །བསྡུ་ན་རྣམ་པར་རྟོག་པར་འདུས། །ན་ནའང་རྟོག་པ་དེ་ཉིད་ན། །གནོད་ནའང་རྟོག་པ་དེ་ཉིད་གནོད། །འཆི་ནའང་རྟོག་པ་དེ་ཉིད་འཆི། །སྐྱེ་ནའང་རྟོགས་པ་དེ་ཉིད་སྐྱེ། །བདེ་དང་སྡུག་བསྔལ་ལ་སོགས་པ། །ཐམས་ ཅད་རྣམ་པར་རྟོག་པ་སྟེ། །སེམས་ལ་ཅི་ཡང་ཡོད་མ་ཡིན། །རྟོག་པའི་གཞི་རྩ་ཆོད་གྱུར་ན། །ནད་གནོད་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས། འདྲེ་བྱ་བ་ཅིག་གང་ན་ཡང་མེད། ཡོད་ན་འདྲེའི་ཡུལ་འདི་ཡིན་བྱ་བའམ། འདྲེའི་རོ་འདྲེ་ཡིན་བྱ་བ་ལ་སོགས་ པ་གང་ཡང་མེད་པས་རྟོག་པ་ལ་དཔྱད། རྟོག་པ་ལ་རང་བཞིན་ག་ལ་ཡོད་དེ། མེད་པར་ཐག་ཆོད་པ་ཡིན་ཏེ། གཉིས་པ་དེ་ལ་གནད་དུ་བསྣུན་པ་ནི། དེ་ལྟར་འདྲེ་མེད་པ་ལ། འདྲེར་འཛིན་ན་རྟོག་པ་ལ་འདི་ལྟར་གནད་བསྣུན་པར་བྱ་སྟེ། ལུས་ཅི་བདེར་གནས་པར་བྱས་ལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རང་ཡི་དམ་ལྷར་ཝལ་གྱིས་བསྒོམ། བླ་མ་དང་དཀོན་མཆོག་སྤྱི་བོར་བསྒོམ་ལ་མོས་གུས་ཀྱིས་མཆོད་ཅིང་། འདྲེ་རྟོགས་ལས་གྲོལ་བར་གསོལ་བ་མང་དུ་གདབ། འདྲེར་སྣང་གི་རྟོག་པ་དེ་རང་སེམས་གཉིས་མེད་ཀྱི་ངང་ལ་མ་བཅོས་ པར་བཞག །དེ་ལྟར་ཕུལ་ཚུགས་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །དེ་ལྟར་འདྲེ་ལྟར་སྣང་བ་དེ། སྣང་བ་རང་སེམས་སུ་ཤེས། ཤེས་པ་སྟོང་པ། དེ་ལྟར་སྣང་སེམས་དབྱེར་མེད་པས་འདྲེར་སྣང་བ་ལ། ཁོའི་ཡུལ་འཇིགས་པའི་སྣང་བ་འབྱུང་། རྣལ་འབྱོར་པས་ 2-8-11a འདྲེ་ཆོས་སྐུར་རྟོགས་པའི་ཉམས་རྟོགས་འཆར་བར་འགྱུར་རོ། །དེ་ལྟར་ཡང་། ནཱ་རོ་པས། རྒྱུན་ཆད་མེད་པའི་གསོལ་བ་གདབ། །ལྟེམ་རྐྱང་མེད་པར་ཉམས་སུ་བླང་། །གང་ཡང་ཡིད་ལ་མི་བྱ་བར། །ལམ་ཁར་བོར་བའི་རོ་བཞིན་དུ། །ལུས་ཀྱི་ བདག་འཛིན་བོར་བྱས་ལ། །འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་གསུངས་པའི་དོན་ནོ། །ཡང་དེ་ལ་བློ་མ་ངེས་པས། འདྲེ་ལྷར་ཁྱེར་བ་ནི། རང་ཉིད་ཡི་དམ་གང་ཡིན་དུ་བསྒོམས་པའི་ཐུགས་ཀར་ས་བོན་བསམ། དེ་ལས་འོད་འཕྲོས་པས། གནོད་བྱེད་ མདུན་དུ་བཀུག་ནས་ཡི་དམ་ལྷར་བསམ། རང་གི་ས་བོན་ལས་འོད་འཕྲོས་པས། གནོད་བྱེད་ལ་ཕོག་པས། དེའི་སྡིག་པ་དང་གནོད་སེམས་མ་རུངས་པ་ཐམས་ཅད་འོད་ཟེར་གྱི་ཚོགས་ཆེན་པོས་ལྷན་ལྷན་ཞི་བར་བསམ་ལ། ཡི་དམ་ལྷའི་ང་རྒྱལ་ཆེན་པོ་དང་ལྡན་པས་ སྔགས་དྲག་ཏུ་བཟླས་པ་བྱའོ། །དེ་ལྟར་བསྒོམས་པས། འདྲེའི་གནོད་སེམས་ཞི་བར་འགྱུར་རོ། །དེ་ལྟར་ཡང་ནཱ་རོ་པས། རེས་འགའ་ནམ་མཁའི་འཇའ་ཚོན་ལྟར། །གཟུགས་སྐུའི་རང་བཞིན་ཤེས་བྱས་ལ། །ཐོགས་མེད་རྡོ་རྗེ་ལྟ་བུའི་སྐུས། །མཁའ་དང་མཉམ་ པའི་ཞིང་ཁམས་གང་། །མཁའ་ལ་གྲགས་པའི་བྲག་ཆ་ལྟར། །སྒྲ་ཡི་རང་བཞིན་ཤེས་བྱས་ལ། །གསང་སྔགས་རྡོ་རྗེའི་འབྲུག་སྒྲ་དང་། །འོད་ཀྱིས་ནམ་མཁའ་གང་བར་བྱ། །ཞེས་གསུངས་པའི་དོན་ནོ། །དེ་ལྟར་ན། འདྲེ་དགེ་སྦྱོར་གྱི་སྐུལ་འདེབས་དང་། ལྕག་ འདེབས་དང་། དགེ་བའི་བཤེས་གཉེན་དུ་ཁྱེར་བར་བྱའོ། །དེ་ཡང་། རི་ཁྲོད་དང་གཉན་ས་འགྲིམ་པའི་རྣལ་འབྱོར་པས། ལུས་ཀྱི་གནད་ཆ་གློད། ངག་གི་གནད་སྔགས་དང་། ཕཊ་ཕཊ་དང་བག་ཡངས་བྱ། སེམས་ཀྱི་གནད་འདུ་ཤེས་བཤིག །ཤེས་པ་ 2-8-11b སོས་གདལ། ངོས་བཟུང་མེད་པར་མི་རོའམ། ས་རྡོ་བཞིན་དུ་བོར་ལ། མ་བཅོས་པའི་ངང་ལ་བཞག་གོ། དེའི་ཚེ། དུས་ཐམས་ཅད་དུ་གཉིད་ཀྱང་འོད་གསལ་དུ་གཞུག །འོད་གསལ་དུ་མ་ཚུད་ནའང་གཉིད་རོ་བཞིན་ལོག་པར་བྱའོ། །ཡང་ཡང་བསྒོམས་ པས་མངོན་དུ་འགྱུར། སེམས་རྟོགས་བཟང་ངན་ཅི་བྱུང་ཡང་། །མ་བཅོས་རང་སར་གྲོལ་བར་ངེས། །འདྲེ་རྟོག་གཞོམ་པའི་གདམས་པ། འདྲེ་བཞི་རྩད་གཅོད་ཅེས་བྱ་བའོ། །གདམས་པ་འདི་དཔལ་གྱི་སྟོབས་ལུང་བྱ་བར། རྗེ་སྒམ་པོ་པ་འཁོར་དང་བཅས་པ་ བཞུགས་པའི་དུས་སུ། ལྷ་འདྲེའི་ཆོ་འཕྲུལ་ཆེན་པོ་བྱུང་བས། འཁོར་ཐམས་ཅད་གཟིམས་སྤྱིལ་གྱི་ཐ་མར་སྤུངས་པའི་དུས་སུ། ཆོས་འདི་གསུངས་པ་ཡིན། གནས་དེར་སྦྱིན་སྲེག་ཆེན་པོ་མཛད་པས་ལྷ་འདྲེ་ཐམས་ཅད་བཏུལ་བ་ཡིན་གསུང་ངོ་།། ༈ །། ན་མོ་རཏྣ་གུ་རུ། མན་ངག་གསེར་གྱི་ཡང་སྐོར་ལ། དོན་རྣམ་པ་ལྔས་བསྟན་ཏེ། སྣང་སྲིད་ཆོས་ཉིད་དུ་ཤེས་པ་དང་གཅིག །ནམ་མཁའ་སེམས་སུ་བཟུང་བ་དང་གཉིས། ཀུན་ཏུ་བཟང་པོ་ཕ་རུ་ཤེས་པ་དང་གསུམ། ཀུན་ཏུ་བཟང་མོ་མ་རུ་ཤེས་ པ་དང་བཞི། སྣང་བ་སེམས་སུ་བསྡུ་བ་དང་ལྔའོ། །དེ་ལ་དང་པོ་སྣང་སྲིད་ཆོས་ཉིད་དུ་ཤེས་པ་ནི། སྣང་བ་ལ་དངོས་པོར་མི་འཛིན་པའོ། །གཉིས་པ་ནམ་མཁའ་སེམས་སུ་བཟུང་བ་ནི། སེམས་ཉིད་དངོས་པོ་མེད་པར་སང་ངེ་བ་དེ་ཡིན། གསུམ་པ་ཀུན་ཏུ་བཟང་པོ་ཕ་རུ་ཤེས་པ་ནི། ཆགས་སྡང་དང་བྲལ་བའོ། །བཞི་པ་ཀུན་ཏུ་བཟང་མོ་མ་རུ་ཤེས་པ་ནི། སེམས་རང་ལུགས་སུ་ཕབ་པ་ལ་མི་དམིགས་མི་རྟོག་པའོ། །ལྔ་པ་སྣང་བ་སེམས་སུ་བསྡུ་བ་ནི། འདི་ལྟར་སྣང་བ་ 2-8-12a ཐམས་ཅད་སེམས་ཉིད་དངོས་པོ་མེད་ཅིང་མ་འཁྲུལ་པར་ཤེས་ཙ་ན་སྣང་བ་ཐམས་ཅད་དེར་འདུས་སོ། །མན་ངག་གསེར་གྱི་ཡང་སྐོར་ཞེས་བྱའོ། །སེམས་ཀྱི་གཟེར་ཞེས་ཀྱང་བྱའོ། །ཡང་དག་པར་རྫོགས་སོ། །རིན་པོ་ཆེས་ གསུངས་པ་ལགས་སོ།། །།མངྒ་ལཾ་བྷ་ཝནྟུ།། 2-8-12b empty page 2-9-1a ༄༅། །ཟླ་འོད་གཞོན་ནུས་མཛད་པའི་བཅུད་བསྡུས་བཞུགས་སོ། ། 2-9-1b ༄༅། །ཨོཾ་མ་ཧཱ་གུ་རུ་ཧཱུྃ། བཅུད་ལེན་དམ་པ་རྣམས་ལ་ན་མོ། །ཕྱག་རྒྱ་ཆེན་པོ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། བཅུད་ལེན་མང་ཡང་ཕྱི་ནང་གསང་བ་གསུམ། ཕྱིའི་བཅུད་ལེན་ནི། ར་ས་ཡཱ་ན་ལ་བརྟེན་ཏེ། བསྒྲུབ་པའོ། །ར་ས་ཡཱ་ན་ནི་རྒྱ་བོད་ཀྱི་སྨན་འགྱུར་ཚད་ལ་བྱའོ། །ནང་གི་བཅུད་ལེན་ནི་བདུད་རྩི་ལྔའོ། །གསང་བའི་བཅུད་ལེན་ནི་ལྟ་སྒོམ་སྤྱོད་གསུམ་མོ། །ཡི་གེའི་བཅུད་ལེན་ནི་ཨོཾ་ཨཱཿཧཱུྃ་ལ་བྱའོ། །ནང་གི་སྒྲུབ་པ་ལ་རྒྱལ་པོ་ལྟར་སྒྲུབ་ པ། དྲང་སྲོང་ལྟར་སྒྲུབ་པ། དམངས་ལྟར་སྒྲུབ་པའོ། །དྲང་སྲོང་དང་རྒྱལ་པོ་བསྡེབས། བུ་ཆུང་དང་དམངས་སུ་བསྡེབས། དྲང་སྲོང་ནི་བླ་མ་ལ་བརྟེན། བླ་མ་ནི་དགེ་སློང་མ་ཚྭ་མི་ཟ་བ་སྲུང་སྡོམ་ལ་གནས་པ། ལས་རྒྱ་མི་རྟེན་པ་བདུད་རྩིའི་རྒྱུན་ནི་ཡོད་ན་འབྲས་ལ་བྱ། མེད་ན་ནས་དཀར་མོའི་བྱེད་ལུགས་བྱེ་བརྔོས་ཀྱིས་དཀར་ཤིག་ལ་བཏང་། དཀར་ཤིག་མགོ་སེར་ཙམ་དུ་བརྔོས་ལ་ཞིབ་པར་བཏགས། བླ་མ་ནད་བུ་མེད་པ་ཤེས་རབ་ཆེ་བ། 2-9-2a རིགས་བཙུན་པ་གཞོན་དར་ལ་བབ་པས་གསོལ་ཏེ། བདུད་རྩི་མར་ཕུལ་དོ་ཆུ་ཕུལ་གང་དུ་བཙོས་ཙ་ན། སྐྱབས་བླངས་པས་མེ་ལ་བཞག་པས་ཚིག་ན་མ་ཚོས་པ་ཡིན། ཟངས་སུ་མི་བཙོ་ཕྲུ་བར་བཙོ། དེ་ཞུན་མར་ སྲང་གཅིག་དང་བདུད་རྩི་སྲང་གཉིས། ཨ་རུ་ར་གསེར་མདོག་ཅན་གྱི་ཆུར་སྦངས་པ་གྲིབ་སྐམས་བྱ། དེ་ནས་འོ་མས་སྦྱངས། སྐམས་ཤིང་སྐམས་པ་དེ་བཏགས་ལ་ཡང་གདབ། བཟང་དྲུག་གླ་རྩི་ག་བུར་ཙནྡན་དཀར་དམར་ཚ་བ་ གསུམ། རྩ་བ་ལྔ། སྤྲུ་བའི་ལོ་མ། མཚེའི་ཁཎྜ། ཤུགས་པའི་ཁཎྜ། བུ་རམ་སྦྲང་རྩི། ཅོང་ཞི་བཏུལ་ལ་བྱའོ། །ཅོང་ཞི་བཏུལ་བ་སྲང་གཅིག །འོ་མ་སྲང་གཉིས། སིངས་ཀྱིས་སྐམས་ལ་སྨན་རྣམས་དུས་ གཅིག་ཏུ་བཅོས། ཕོ་བ་ན་རིལ་གྱིས་བྱུང་ན་སྨན་མ་ཞུ་བ་ཡིན་པས་དྲི་ཆུ་གདུས་ལ་བཏང་། བདུད་རྩི་མཁྲིས་པའི་ནང་དུ་ལྷུང་ན་ཁ་དོག་སེར་པོར་འགྱུར་ཏེ། བཅོས་ཐབས་ལ་འབྲས་བུ་གསུམ་ཏིག་ཏ་བ་ལེ་ཀ། བ་ཤ་ཀའི་ཐང་བཏང་། 2-9-2b གཞན་ཡང་བདུད་རྩི་དང་གོང་གི་སྨན་རྣམས་སྦྱར་ནས། བཏང་ན་མཁྲིས་པའི་ནད་ལས་ཐར་བར་འགྱུར་རོ། །བད་ཀན་གྱི་ནང་དུ་ལྷུང་ན་གཉིད་མེད། མིག་མི་གསལ། ཁོང་སྐྱུགས་བྲོ། ཟས་ཟ་སྙིང་མི་འདོད། དེ་ལ་ཚིལ་ཆེན་འབྲས་བུ་གསུམ་བདུད་རྩི་དང་སྦྱར་ ནས་བཏང་ན། སྙིང་རླུང་གི་ནད་ལས་ཐར་བར་འགྱུར་རོ། །བདུད་རྩི་སེ་རྒོད་ཀྱི་བར་ཤུན་དང་སྤང་རྩི་ཀ་ར་དཀར་པོ། ཡང་ན་ཁྱེའུ་སྐྱེས་པ་རོ་ཚན་གྱི་ཆུ་དཀར་པོ། དམོག་མ་བྱའི་ཤ་བ་ཡ་ཤུ་སྐྱེས་པའི་རོ་ཚན། ག་བུར་བཟང་དྲུག་སྐྱེར་པའི་བར་ཤུན། སོ་ཕག་ཕྱེ་མ། ཙན་དན་དཀར་དམར་དང་དཀར་པོ། བར་པ་ཏ་བསིལ་སྨན་འབྱོར་ཚད། བསྲེ་རུ་བྲེ་གུ། གསེར་ཐིག་སྲོ་ལོ་དཀར་པོ། བྲག་ཞུན་ཨུཏྤལ་སྔོན་པོ། སྔོན་འགྲོ་ཨ་རུ་རའི་ཐང་བཏང་། འདི་ཡི་ཕན་ཡོན་ནི་དུག་ནད་ཐམས་ཅད། ཁྲག་ནད་རིམས་ནད་ཐམས་ཅད་ ལས་ཐར་བར་འགྱུར་རོ། །བདུད་རྩི་གོས་སུ་གོན་པ་དང་། རྟ་རུ་ཞོན་པ་དང་། ཟས་སུ་ཟ་བའོ། །གོས་སུ་གོན་པ་ནི་གཏུམ་མོའི་མེ་འབར་མ་ཞེས་ཀྱང་བྱ། གྲང་བ་ཐམས་ཅད་འཇོམས་པར་ཚ་བ་གསུམ། མིའི་མཁྲིས་པ། མར་བདུད་རྩི་ཆ་བསྙམས་ཏེ། ཟླ་བ་ དགུའི་བར་དུ་མནན་ནས་རའི་རིལ་མ་ཙམ་རེ་ཟོས་ན་གྲང་བ་སེལ་ཏེ་དྲོད་སྐྱེའོ། །དེས་དྲོད་མ་སྐྱེས་ན་མཐེ་བོང་ཙམ་ཟ། དེས་མ་ཞུ་བ་དང་གྲང་ནད་ཐམས་ཅད་སེལ་ལོ། །རྟ་རུ་ཞོན་པ་ནི་རུ་རྟ་སྲང་བཅུ་དྲུག །བདུད་རྩི་སྲང་དྲུག་ཅུ་རྩ་བཞི་མར་དང་ཆ་མཉམ་པར་བྱ། སྦྲང་དང་རུ་རྟ་མཉམ། འབྲས་བུ་གསུམ་དང་བཟང་དྲུག་མཉམ། དེ་རྣམས་སྦྱར་ལ་ཟླ་བ་དགུ་མནན་ནས་ལྟོར་ཟོས་ན། བདུད་རྩི་རྟ་རུ་ཞོན་པ་ཞེས་བྱ་སྟེ། རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །གོས་སུ་གོན་པ་ནི་ཙན་དན་དཀར་དམར། བཟང་ 2-9-3a དྲུག་གླ་རྩི་ག་པུར་དང་། སྤོས་སུ་འོང་བའི་དྲི་ཞིམ་སྣ་ཚོགས་ཀྱིས་ལུས་ལ་བྱུག་དེས་གོས་སུ་བགོ་བའོ། །བདུད་རྩི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །བདུད་རྩི་བརྟེན་པས་རྣམ་སྣང་གི་སྐུ་ཐོབ། །སྒོམ་སྒྲུབ་སྔགས་དང་ཐོས་བསམ་བྱ་མི་ དགོས། །དང་དུ་བླངས་ཤིང་ཟོས་པས་བྱང་ཆུབ་འཐོབ། །མཉམ་ཉིད་སྟོང་པ་དང་གིས་རྟོགས་པར་འགྱུར། །བྱིན་རླབས་ཆོ་འཕྲུལ་ཤུགས་ཀྱིས་འབྱུང་བར་འགྱུར། །མ་བསླབས་བསྟན་བཅོས་རྣམས་ཀྱང་ཤེས་པར་འགྱུར། །ཐེག་པ་སྣ་ཚོགས་ཆོས་ལ་མཁས་པར་འགྱུར། ། མ་བསླབས་སྨན་དང་བོན་ཡང་ཤེས་པར་འགྱུར། །ཐམས་ཅད་མཉམ་ཉིད་ཕྱོགས་རིས་མེད་པར་ཤེས་ཤིང་། ཁོང་དུ་ཆུད་པར་འགྱུར། བདེ་སྟོང་འཛིན་པ་མེད་པར་འཆར་ཏེ་བདུད་རྩིའི་སྒོམ་པའོ། །ཐམས་ཅད་ཤོངས་ཤིང་ཡངས་པ་བདུད་རྩིའི་སྤྱོད་པའོ། །ཐམས་ཅད་ལྷུན་ གྱིས་གྲུབ་པ་རང་བྱུང་ཆེན་པོར་འདུག་པས་བདུད་རྩིའི་འབྲས་བུའོ། །ནུས་པ་ཕྱོགས་བཅུར་འཆར་བས་བདུད་རྩིའི་ཕྲིན་ལས་སོ། །ཉམས་མྱོང་ཐམས་ཅད་ཀྱི་རྩ་བ་རླུང་ཡིན་ཏེ། ཉམས་མྱོང་ཁར་མི་བཏང་སྟེ་རྩོད་པ་མི་བྱའོ། །ཐེག་པའི་ཁར་མི་བཏང་སྟེ་ཆོས་ལ་སྐུར་པ་མི་ འདེབས་སོ། །ཆོས་ཐམས་ཅད་ཁ་ཁ་ནས་བདེན། དགེ་སྡིག་ལ་ཤན་མི་དབྱེའོ། །གང་ཞིག་མཚམས་མེད་པ་བྱེད་པ་ལ་ཡང་སྐུར་པ་མི་བཏབ་བོ། །རྗེས་སུ་ཡི་རང་བ་མི་འབུལ། གཞི་མ་བཅོས་པ་ལ་ལྷོད་དེ་ཤིག་གེ་བཞག །དེས་ན་རླུང་ཐམས་ཅད་ལ་ཕན་པས་ན་ བདུད་རྩི་ཉམས་སུ་མྱོང་བའི་རླུང་ཡེ་ཤེས་སུ་བསྒྱུར་བས་ན་བདུད་རྩིའོ། །དེས་ན་བདུད་རྩི་ལ་ནན་ཏན་བྱའོ། །སྟོབས་གླང་ཆེན་སེང་གེ་དང་འདྲ། མདོག་ནི་ཟླ་བ་ཉ་བ་འདྲ། ལུས་ནི་སྲ་སྟེ་རྡོ་རྗེ་བཞིན་དུ་བརྟན། ངག་ནི་ཐོགས་མེད་བྱིན་རླབས་འབྱུང་། སེམས་ 2-9-3b ནི་སྟོང་གསལ་རྒྱུན་དུ་བདེ། དག་པ་གསུམ་འབྱུང་སྟེ། ལུས་ཀྱི་དྲི་མ་འདག །ལུས་ལ་སྲིན་བུ་མི་གནས། འཚོ་བ་ལ་ཆེད་དུ་མི་གཉེར་བས་སྒྲིབ་པ་མི་བསག་གོ། །གྲོལ་བ་གསུམ་འབྱུང་། ལུས་སྤྲུལ་སྐུ། སེམས་ཆོས་སྐུ། ངག་གྲགས་ སྟོང་དུ་གྲོལ། ཨོཾ་བདུད་རྩིའི་ཊཱི་ཀ་བསྟན་པ་ལ། དང་པོ་སྦྱར་བའི་ཐབས་ལ་མཁས་པར་བྱ། ཡོ་བྱད་ཡོད་ན་བདུད་རྩི་འོ་མ་མཉམ། མ་ལོང་ན་འོ་མ་ཕུལ་གང་ལ་མར་གསར་སྒོ་ང་ཙམ་བཏབ་ལ་ལྷག་གིས་ཁོལ་བ་དེ་བདུད་རྩི་བྲེ་གང་གི་ནང་དུ་བླུག ། ཚོད་པར་དཀྲུག །དེ་ནས་ཞག་གསུམ་མམ་དྲུག་ལོན་ནས། ཁ་ཚ་ལམ་མེ་བ་འོང་སྟེ་ཆུ་ལ་བཏབ་ལ་བཏུང་ངོ་། །ཉེ་དཀར་ལ་ལྟོ་བ་སྦྱར་ཆུར་བ་བྱ་མོའི་སྒོ་ང་ཙམ་ཆུར་མནན་ལ་ཁོལ་བ་དེ་བཏུང་། དེ་ཡང་མ་རྙེད་ན་ཅོ་གའི་སྒོ་ང་ཙམ་ཆུ་ཕུལ་གང་ལྷག་གིས་ ཁོལ་བ་ལ་བཏབ་སྟེ། དེ་ཨ་མྲྀ་ཏ་བྲེ་གང་ལ་སྦྱར་ལ། མཆོད་པར་བྱས་ལ་ཞག་གསུམ་མནན། ལངས་པ་དེ་མང་དུ་འོང་བས་བཀོལ་ལ་བཏུང་། ཁྲག་སྐམ་ཁྱིམ་བྱའི་སྒོ་ང་ཙམ། ཆུས་སྦྱངས་ལ་དཀྲུགས་ལ་བཞག་སྟེ། བངས་པ་དང་ཨ་མྲྀ་ཏ་བྲེ་གང་ དུ་སྦྱར་ལ། མནན་ལ་བཞག །ཐམས་ཅད་ཡོད་ནས་འབྱོར་ན་བཟང་། སྒོག་སྐྱ་ལྤགས་པ་བཤུས་པ་ཡང་ཤིས། སྨན་རྣམས་མི་བསྐོལ། བདུད་རྩི་མང་ན་མར་ཁུར་བཏུལ་ལ་བཏུང་། བདུད་རྩིའི་ཁུ་བ་བྱ་སྒོང་རེ་དང་། ཞུན་མར་ངང་མོའི་སྒོ་ང་ ཙམ་པ་ལྔ་དང་སྦྱར་ལ། གོང་གི་སྣུམ་ལ་མཐེ་བོང་ཙམ་བཟའ། སྤྱིར་ཡང་བདུད་རྩི་འོ་མའི་ནང་དུ་བཙོས་ལ་བཏུང་། སྐྱུག་ལོག་གེ་བྱས་ཟས་མ་འདོད་ནས་ལུས་སྦོ་བ་དང་གཉིད་མེད་པ་དང་། སྐྲངས་པ་དང་དེ་རྣམས་རླུང་ལས་གྱུར་ཏེ་ཆུ་ཕུལ་བདུན་ལ། ཞུན་ 2-9-4a མར་ཕུལ་ཕྱེད། འོ་མ་ཕུལ་གང་བསྡུས་ལ། ཕུལ་གསུམ་སོང་བ་བཏུང་སྟེ་དེ་ཡང་རླུང་ནད་སེལ་བར་བྱེད་དོ། །ཉེའུ་ཤིང་གྲིབ་མ་ལ་སྐྱེས་པ་དེ་ལེགས་པར་བཤུས་ལ། གྲིབ་སྐམ་བྱས་པ་ཞིབ་པར་བཏགས་ལ་འོ་མས་ཁ་ཕྲུ་ བཏབ། འོ་མས་ཆུ་བྱས་ལ་མར་ཁུ་བཞིན་བརྩགས་ལ། སྤྱིན་ཐང་གིས་བྱུང་བའི་མར་ཁུ་དེ་སྦྲང་དང་སྦྱར་ལ་ཟ། གཞན་གང་ཡང་སྡེབ་ཏུ་བཏུབ་པའོ། །མཁས་པ་པད་མ་འབྱུང་གནས་ཀྱི་ཨུ་རྒྱན་མཁའ་འགྲོའི་གླིང་དུ་སྒོམ་མཉམ་དཀའ་ཐུབ་བཅུད་ལེན་ ཉམས་སུ་བླངས་པས་ཚེའི་དངོས་གྲུབ་ཐོབ། སྐལ་ལྡན་བོད་ཀྱི་རྗེ་མངའ་བདག་རྒྱལ་པོ་ལ། འདུ་འཛི་གཡེང་བ་བསྐྱུངས་ལ་བཅུད་ལེན་ཉམས་སུ་ལོང་། བསམ་ཡས་དབུ་རྩེ་བྱང་ངོས་སུ་བླ་མས་གསུངས་པས་རྗེ་རབ་ཏུ་དགྱེས་ཏེ་དབུ་ཐོད་བུད་བུད་ཕྱག་འཚལ་ནས་ ཟབ་ཐུལ་པདྨ་ཅན། གཡུ་དུང་ཉོལ་གསུང་སྐད་ཆོག །གསེར་བྲེ་དྲུག་ཕུལ་ནས་བླ་མ་ལ་བདུད་རྩིའི་ཕན་ཡོན་ཅི་མངའ་ཞུས་པས། སྤྱིར་བདུད་རྩི་ལ་ཕན་ཡོན་བསམ་གྱིས་མི་ཁྱབ། སྒོམ་མི་དགོས་ཉམས་སུ་བླངས་ན་རྣལ་འབྱོར་པ་རྣམ་པར་སྣང་མཛད་ཀྱི་ སྐུ་འཐོབ། ཐིག་ལེ་ཟོས་པས་ཡེ་ཤེས་སེམས་དཔའི་སྐུ། པདྨ་རཀྟ་ཉམས་སུ་བླངས་པས་སྣང་བ་མཐའ་ཡས་སྐུ་འཐོབ། ཤ་ཆེན་དང་དུ་བླངས་པས་རིན་ཆེན་འབྱུང་ལྡན་གྱི་སྐུ་འཐོབ། དྲི་དང་དུ་བླངས་པས་དོན་ཡོད་གྲུབ་པའི་སྐུ་འཐོབ་པའོ་ཆེ་སྟེ། སྨན་ དང་མ་སྡང་ཏེ་དྲི་བསུང་དག་དང་ལྡན། རྩི་ཡི་མ་བསྐུས་ཏེ་ཁ་དོག་ཤིན་ཏུ་ལེགས། ལུགས་སུ་མ་བླུགས་ཏེ་དབྱིབས་སུ་བཅོས་པ་མེད། གསོལ་དང་མ་སྦྱར་ཏེ་ནུས་པ་གསོལ་དང་མཉམ། དུག་རྣམས་རྡུལ་རློག་བཅུད་དང་མ་སྦྱར་ཏེ་ལུས་ཀྱི་ཟུངས་ཀྱང་བསྐྱེད། 2-9-4b ལྷ་སྲིན་བྲན་དུ་འཁོལ། མཛེ་ནད་རབ་ཏུ་འཇོམས། ཚེ་རིང་ནད་མེད་བུ་ཚ་རིགས་བརྒྱུད་འཕེལ། ནོར་འདུ། ནད་རིམས་མཐའ་དག་འཇོམས། དུས་འདི་ཉིད་ཀྱིས་ས་ལ་ལྷུན་གྱིས་གྲུབ། རིག་འཛིན་རྩལ་ཅན་རྣམས་ཀྱིས་ཀྱང་རྣལ་འབྱོར་དབང་ ཕྱུག་དེ་ལ་བྱིན་གྱིས་རློབས། ལྷ་མི་ཡོངས་ཀྱི་ཕྱག་བྱའི་རྟེན་དུ་འགྱུར། སྐུ་གསུང་ཐུགས་ཀྱི་དམ་ཉམས་རྣམ་སྨིན་ལས་བཟློག །བསྐལ་པ་སྟོང་གིས་མཚམས་མེད་ལྔ་བྱས་ཀྱང་། བདུད་རྩི་ཆེན་པོའི་བྱིན་རླབས་ཀྱིས། དེ་ཀུན་མི་གནས་འདག་པར་ འགྱུར། དཔེར་ན་ཉི་མ་ཤར་བ་མུན་པའི་ཚོགས་རྣམས་འཇོམས། གསང་སྔགས་དམ་ཉམས་བྱང་སེམས་སྡོམ་ཉམས་དང་། ཉན་ཐོས་ལྟུང་བ་ལ་སོགས་བདུད་རྩིས་སྐོངས། དེ་ནས་བདུད་རྩི་ཟ་ཞིང་སྤྱོད་གང་མི་འབབ་ཏེ། ནུས་པ་གསོལ་དང་ལྡན། བཅུད་ དང་མ་སྦྱར་ཏེ་ལུས་ཀྱི་སྟོབས་བསྐྱེད། ག་བུར་རྒྱལ་པོ་སྟེ་སྐོམ་པའི་གདུང་བ་སེལ། རྣལ་འབྱོར་ཚོ་ཡིས་བཏུང་ཞིང་བཀུར་བར་བྱ། ཟླ་དྲུག་ཟོས་པས་མཛེ་ལས་ཐར་བར་བྱེད། ལོ་རེ་ཟོས་པས་མཐུ་ཆེན་ཐོབ་པར་འགྱུར། ཟླ་བ་བཅུ་ཟོས་པས་ཐོས་པ་འཛིན་ པར་བྱེད། ལོ་གསུམ་ལས་ནོར་ཐམས་ཅད་དབང་དུ་བསྡུས། ལོ་ལྔ་ཟོས་ན་གླང་པོའི་སྟོབས་དང་ལྡན། སེང་གེའི་སྟོབས་དང་ལྡན། མདོག་རྨ་བྱ་དང་མཚུངས། ཟླ་བ་ཉ་བ་བཞིན་ངོ་ལ་དྲི་མ་མི་ཆགས། ལོ་དྲུག་ཟོས་ན་ས་འོག་ས་སྟེང་གཏེར་རྣམས་རྙེད། སྤྱན་རྣམ་པ་ལྔ་འཆར། ཡེ་ཤེས་སྤྱན་དང་ལྡན། ལོ་བདུན་ཟོས་པས་བསད་གསོ་ལ་སོགས་རྫུ་འཕྲུལ་ཤེས། ལོ་བརྒྱད་ཏིང་འཛིན་སྤོབས་པ་སྒྱུ་རྩལ་ཕུན་ཚོགས། དགུ་ཟོས་མི་ལྡོགས་ན་གནས། ཚེ་དབང་རིག་འཛིན་ཐོབ། བཅུ་ཟོས་སངས་ 2-9-5a རྒྱས་བྱང་སེམས་བཀོད་སྟོབས་ཕུན་སུམ་ཚོགས། བཅུ་གསུམ་ཟོས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་གནས། ཕུང་པོ་ལྷག་མ་མེད། བུདྡྷ་ཐོབ་པར་འགྱུར། ར་ས་ཡཱ་ན་ལོ་སྟོང་བསྟེན་པ་བས། བདུད་རྩི་དག་ལ་མོས་པ་ བསོད་ནམས་ཆེ།། །།ན་མོ་གུ་རུ། བདུད་རྩི་ལོག་གནོན་པ། གྲང་འཇམས་སུ་སོང་ན་ཆང་ལ་གླད་པ་སྐམས་པ་དང་། བདུད་རྩི་བཏབ་ལ་བཏང་། དེས་མ་ཆོད་ན་བཙོད་རྒྱ་སྐྱེག་ཤིང་བསྲེགས་པའི་ཐལ་བ་དང་། སྒ་པ་པི་ལིང་ཆང་ལ་བཏབ་ལ་བཏང་། དེས་ འབྲས་ཚ་བ་གསུམ་རྣལ་འབྱོར་པ་དེའི་དྲི་ཆུས་ཟན་དྲོན་བྱས་ལ་བཏང་། སྨན་གྱི་ཐུན་ཚོད་རིག་པས་བསྣུན། གར་བ་ཐམས་ཅད་ཞོ་ཚད། སླ་བ་ཐམས་ཅད་སྲང་ཚད་བཏང་། ན་མོ། བདུད་རྩི་འདི་ལ་ཕྱི་ནང་གསང་བ་གསུམ། གསང་སྒྲུབ་བླ་མ་ ལང་ཚོ་དར་ལ་བབ་པ་ཅིག་ལ་བསྟེན། དེ་ཡང་ཤ་དང་ཆང་དང་སྒོག་བཙོང་ཆང་སྐྱུར་མེ་ཉི་མ་སྤངས། གྲིབ་མ་ལ་བསྡད། གསང་སྔགས་ཀྱི་སྤྱོད་པ་བྱ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་ཟ་ཚེ་བྱིན་རླབས་བྱ། ནང་ལྟར་སྒྲུབ་པ་བདུད་རྩི་མར་དང་ཆ་མཉམ་མུ་ཟི་སྦྱོར། ཁ་ཅིག་ཕྱི་སྒྲུབ་ཟན་དྲོན་བྱས་ལ་ཕབས་བཏབ་ཅིང་ལེགས་པར་བཅོས་པ་བསྙལ་ལ་བཙགས། སིགས་མ་ཕར་འཕང་། ཁུ་བ་བདུད་རྩིར་སྦྱར། བདུད་རྩི་མར་དང་སྦྱར་ཟན་བྱ་སྒོང་ཙམ་རེ་ལྟོ་སྟོང་ལ་བཏང་། ཚ་བ་གསུམ་མར་རྙིང་བདུད་རྩི་དང་སྦྱར། བྱ་སྒོང་ ཙམ་རེས་གྲང་བའི་ནད་ཀུན་སེལ། བདུད་རྩི་ཀ་ར་བཟང་དྲུག་གངས་ཆུར་སྦྱར། གར་སླ་ལུག་ཞོ་ཙམ་དུ་དཀྲུགས་ལ་བཏང་། རིམས་དང་ཤ་དུག་ལ་སོགས་ནད་ཀུན་སེལ། ནས་ཀར་ལྤགས་བཤུས་ཕྱི་ཞིབ་ཟན་དྲོན་ཚོས། བདུད་རྩི་བསང་ནས་བསྒྲུབས་ན་ 2-9-5b དངོས་གྲུབ་འབྱུང་། ཁྲོམ་ཆོས་བྱས་ན་བར་ཆོད་འབྱུང་། གསུངས་པས་ན་བའམ་མ་ཞུ་ན་དྲི་ཆུ་བར་པ་ཚ་བ་བཏབ་བཀོལ་ལ་བཏུང་། ཕྱག་རྒྱ་ཆེན་པོ་ཚེ་འདི་ཉིད་ལ་འཐོབ། དཀར་གསུམ་མདོག་བསྒྱུར། མངར་གསུམ་རོ་བསྒྱུར། བཟང་དྲུག་ལ་སོགས་ སྨན་རྣམས་རྙེད་ཚད་བཏང་།། །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །གདམས་ངག་འདི་ལ་བཞེད་ལུགས་ལྔ་སྟེ། རི་ལུ་དང་། འགམ་ཕྱེ་དང་། འོ་སྐོལ་དང་། ཟན་ཆང་དང་། མར་ཁུའི་མན་ངག་གོ། །དེ་ལ་དང་པོ་སྔོན་འགྲོ་ནི། ན་ཚོད་ཐོག་མར་ ལུས་སྟོབས་ལྡན། །རྟོག་དཔྱོད་དབེན་པ་རབ་ཏུ་བརྟེན། །དྲོད་ཚད་ཚ་སྐྱུར་རུལ་སུངས་སྤངས། །སོས་དལ་ནས་དཀར་ཟན་ཟོས་ཏེ། །ལེགས་པར་རྡོ་བ་དག་ལ་བཅར། །ཏིང་ལོ་ལྟ་བུར་ལེགས་སྐམས་ཏེ། །སླར་བརྡུང་ས་རང་ཐག་ལ་སྒྲལ། །རྩི་བཞིན་བཏགས་ པའི་ནང་དུ་ནི། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །འབྲས་བུ་གསུམ་དང་སྦྲང་བུ་རམ། །ཨ་མྲྀ་ཏ་དང་སྦྱར་བྱས་ཏེ། །རི་ལུ་ཚགས་བྱས་སྣོད་བསོགས་ཏེ། །དགུ་བཅུ་ཅི་རིགས་ཟ་བར་བྱ། །ཟ་སྒོག་ཚྭ་དང་རུལ་སུམས་བསྲུང་། །ངོ་ཅིག་སྦྱར་བའི་ས་ཕོག་ཟ། །ཞེས་ པའོ། །དེ་ནི་རི་ལུའི་མན་ངག་གོ། །འགམ་ཕྱེའི་སྦྱར་ཐབས་སྔར་ལྟར་བྱ་བ་ཡིན། །བདུད་རྩི་གྲིབ་ལ་ལེགས་པར་སྐམས། །བརྡུངས་ཏེ་ཞིབ་པར་བྱས་ནས་ནི། །སླ་ངར་ཚོ་བར་བསྲེས་རྗེས་ལ། །སིངས་པོའམ་ཆུ་ཡི་ཁ་ཕྲུ་བཏབ། །རླངས་པ་ཐོན་བར་ བསོས་རྗེས་ལ། །མར་ཁུ་ཡོད་ན་སྦྲང་བུ་རམ། །རྗེན་འཐགས་ཅུང་ཟད་བྲན་པར་བྱ། །སྒམ་བུར་ལེགས་པར་བླུགས་བྱས་ཏེ། །སྔོན་འགྲོ་སྔ་མ་དག་དང་མཚུངས། །དངོས་གཞི་བདུད་རྩི་སུམ་ཆ་གཅིག །དང་པོ་སྣོད་དུ་ལེགས་སྦྱར་ཏེ། །རླངས་མ་ཡོལ་བ་ 2-9-6a ཕྱེ་བླུག་ལ། །དྲི་གསང་པ་ཡི་གདམས་ངག་ཡིན། །དེ་དང་མཉམ་པའི་མར་བཅུག་སྟེ། །ཕྱེ་ནི་ཕྲུས་ཙམ་སྦྱར་བྱས་ནས། །སྤ་ར་གསུམ་སྦྱར་ཟོས་བྱས་ན། །ལྟོ་མི་འཁྲུ་ཞིང་ཤེད་ཉམ་ཆེ། །དགུ་བདུན་དག་ལ་སྲིན་རྣམས་ཐོན། ། ལྟོགས་མེད་སྐོམ་པ་ཅུང་ཟད་ལ། །ཆུ་བསྐོལ་བརྟེན་པ་རབ་ཏུ་གཅེས། །སྤྱིར་ན་དལ་བ་གཙོ་བོར་གཅེས། །དེ་ནི་འོ་སྐོལ་བྱ་ཐས་སོ། །ཡང་ན་སྔོན་འགྲོ་གོང་དང་མཚུངས། །བདུད་རྩི་རྫ་མའི་ནང་དུ་ནི། །ལེགས་པར་ཆུ་འཇམ་དག་ལ་མཉེ། །བསྐོལ་བས་ སྐྱ་བའི་རྗེས་དག་ལ། །ནར་ནར་བྱུང་ཚེ་ཕྱེ་བླུགས་ལ། །ཅུང་ཟད་མར་གྱི་དྲི་གསོད་བྱེད། །ཟན་དྲོན་ཚལ་ཚལ་ཨེན་ཙམ་པ། །དྲོད་ལ་བརྟེན་བྱས་ཚངས་པར་བྱ། །ཕབས་ཕྱེས་བྲན་ཏེ་མནན་བྱས་ལ། །ཞག་གསུམ་དག་ན་བསླང་བྱ་སྟེ། །གཅི་བ་ཁུ་བ་སྔོ་དམར་ ཅན། །ཡིད་དུ་འོང་ཞིང་འཇུ་བ་སླ། །ཐུར་མགོ་ལྔ་གསུམ་ཅི་རིགས་ཟ། །དང་ཀ་བདེ་ལ་ནད་ལ་བྱམས། །འཇུ་ལ་སླ་ཞིང་དྲི་མ་མེད། །ཁ་མི་སྐོམ་ལ་བཀྲག་མདངས་གསལ། །དེ་ནི་སྦྱོར་བའི་མཆོག་ཡིན་ནོ། །དེ་ནས་མར་ཁུའི་སྦྱོར་བ་ལ། །སྔོན་འགྲོ་མི་ དགོས་བཙལ་བའི་ཐབས། །སྡེ་སྣོད་འཛིན་ནམ་རྣལ་འབྱོར་པ། །ཡང་ན་མོ་གསར་གཞོན་ནུ་ཡིས། །བདུད་རྩི་ཇི་སྙེད་སྐམས་བྱས་ཏེ། །རྩྭ་དང་སོག་མ་མ་ཡིན་པའི། །མེ་ལ་ཐབ་སྲེག་མན་ངག་བཞི། །དམ་པའི་ཞལ་ཡས་དྲི་བར་བྱ། །དེ་ལྟར་བཞུ་བའི་ མར་ཁུ་དེ། །བཟའ་བའི་ཐབས་དང་ཚད་དག་གིས། །ཟོས་ན་ཡོན་ཏན་ཇི་སྙེད་པ། །མན་ངག་ལས་བྱུང་འདི་དག་གོ། །ཞག་གཅིག་ལ་ཐུན་གསུམ་དུ་ཟ་སྟེ། ཚད་ནི་རིལ་མ་ཙམ་དུའོ། །ཡོན་ཏན་ལྔ་བཅུ་རྩ་བཞི་སྟེ། འཆི་འཕོས་ཉེན་པའམ། མཛེས་ 2-9-6b ཉེན་པའམ། འདྲེས་ཉེན་པའམ། ལས་ཚོགས་འདི་རྣམས་ཀྱིས་ཕན་གདགས་ཏེ། དེ་མཁའ་འགྲོ་མའི་འཇུག་བཅུ་ལས། རྣམ་སྣང་རྫས་དང་སྔགས་རེ་དང་། །བསྒྲུབ་པའི་སྦྱོར་བ་རེ་རེ་ཡིས། །མཁའ་འགྲོའི་ལས་སྦྱོར་སྦྱོར་བ་བརྒྱ། །དངོས་ གྲུབ་བར་ཆད་སེལ་བའོ། །ཞེས་པའི་མན་ངག་ནི། མུ་ཟི་བཏུལ་བ་རིལ་མ་ཙམ་བཞི་དང་། བདུད་རྩི་རིལ་ལུ་དང་སྦྱར་ཏེ། སྔགས་ཧ་ས་ཨོཾ་པ་ཏི་ཞེས་ཞག་གཅིག་གི་བར་དུ་བཏབ་སྟེ་ཟོས་ན་ཀླུ་རིགས་ལྔའི་མཛེ་ནད་ལས་ཐར་བར་འགྱུར་རོ། །ཡང་ བདུད་རྩི་མུ་ཟི་གུ་གུལ་གསུམ་སྦྱར། ཨོཾ་མེ་ར་དུ་ཤ་ན། ཀྲོ་ཏི་ཕཊ། སྔགས་འདི་ལན་གསུམ་བཏབ་ན། དགག་ལྷོག་སྐྲངས་པའི་ནད་ཐམས་ཅད་ལས་ཐར་པར་འགྱུར་རོ། །ཡང་བདུད་རྩི་སླེ་ཏྲེས་དང་ཤུ་དག །གླ་རྩི་སྦྱར་ནས་སྔགས་ཏདྱ་ཐཱ། ཧོ་ ན་ལྷུན་འཇུ་མཛེ་སྭཱ་ཧཱ། ཞག་ལྔར་བཏབ་ནས་ལུས་ལ་བྱུགས་ཤིང་ཟོས་ན། རིམས་ཚ་བའི་ནད་ལས་ཐར་བར་འགྱུར་རོ། །ཡང་བདུད་རྩི་ལྔ་དང་ཨ་རུ་ར་ཙན་དན་སྦྱར་ཏེ། ཨོཾ་ཡ་མ་ཙག་མོ་ཧ་ན་མར་སོང་། སྔགས་འདི་ཞག་ལྔ་བཏབ་ནས་ཟོས་སམ་མིག་ལ་བཀུས་ན་མིག་ རབ་རིབ་ཏུ་སོང་བའི་ནད་ལས་ཐར་བར་འགྱུར་རོ། །ཡང་བདུད་རྩི་དང་མཁྲིས་པ་སྦྱར་ཧ་ས་རི་ཨོཾ་སྭཱ་ཧཱ། ཞག་གཅིག་ཏུ་བཏབ་ནས་ཟོས་ཤིང་བྱུགས་ན་ཟས་སྐོམ་གྱི་ནད་ལས་ཐར་བར་འགྱུར་རོ། །ཡང་བདུད་རྩི་དང་ཁྱི་ལུད་ཁུ་བ་དང་། མཁྲིས་པ་དང་སྦྱར་ཏེ་ཨོཾ་ ཁྲག་ཉག་རཾ་སོང་སྔགས་འདི་བཏབ་ན་ཤ་དུག་ལས་ཐར་བར་འགྱུར་རོ། །ཡང་བདུད་རྩི་དང་། སྨན་སྒ་ཕོ་བ་རི་ལུ་པི་པི་ལིང་རྣམས་སྦྱར་ཏེ་ཞག་བཅོ་ལྔར་ཟོས་ན་གྲང་བའི་ནད་ལས་ཐར་བར་འགྱུར་རོ། །བད་ཀན་གྱི་གནས་སུ་ལྷུང་ན་སྐོམ་དད་ཆེ་བས། ཨ་རུ་ 2-9-7a མཆུ་སྙུང་ཞིག་བཅའ་སྒ་གཉིས་བསྡུས་པའི་ཐང་བཏང་། བྲང་ཚ་ཞིང་མགོ་འཁོར་ན་མ་ནུ་དང་རྒྱ་ཚྭ། ཤེལ་ཚྭ་དང་སུག་སྨེལ་སེ་འབྲུ། རྣམས་ཡུན་དུ་བསྟེན་ནོ། །མཁྲིས་པའི་ནང་དུ་ལྷུང་ནས། མིག་སེར་བ་དང་། འདར་ བ་དང་སྐྱུག་ལོག་པ་བྱུང་ན། བ་ཤ་ཀ་དང་བ་ལེ་ཀ་དང་འབྲས་བུ་གསུམ་གྱི་ཐང་བཏང་། ཏིག་ཏ་གསེར་གྱི་མེ་ཏོག་གུར་གུམ། ལི་ག་དུར་རྣམས་ཀ་ར་ལ་སྦྱར་ལ་བཏང་ངོ་། །གོས་དྲོ་བར་བྱ། རབ་ནི་ཆུ་བསྐོལ་དག་ལ་བཏང་། ཞེས་པས་སྤྱིར་ནི་ཆུ་ བསྐོལ་བཏང་བ་མན་ངག་ཡིན། སྤྱིར་དཀའ་ཐུབ་ཅེས་བྱ་བ་དཀའ་བ་ཐུབ་པ་ལ་ཟེར་བ་ཡིན་པས། ཅི་ལྟར་བྱུང་ཡང་བྱུང་རྒྱལ་དུ་བཏང་བ་མན་ངག་ཡིན། གལ་ཆེའོ་གསུང་། སྙིང་རུས་སྐྱེད་པ་གལ་ཆེ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཀླུའི་ཡུལ་དུ་ཆོས་བཤད་པས་ཀླུའི་རྒྱལ་པོས། བཅུད་ལེན་སྦྱོར་བ་འདི་ཕུལ་ལོ། །ཀྱེ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཚེ་ཐུང་ནད་མང་ལོངས་སྤྱོད་དམན། །ཚེ་ཡི་ཚད་ཀྱང་མ་ངེས་པས། །དམ་པའི་ཆོས་ཀྱང་མི་འགྲུབ་པས། །ཚེ་ལ་དབང་བའི་རིགས་ འཛིན་བསྒྲུབ། །བཅུད་ལེན་མང་ཡང་མདོ་དོན་སྨན་ལ་ཐུག །སྨན་ནི་མང་ཡང་བསྡུས་དོན་གསུམ་ལས་མེད། །སྨན་སྣ་མང་ཡང་དབང་པོའི་ལག་ལ་འདུས། །མངར་སྣ་ཐམས་ཅད་ཀ་ར་དག་ལ་འདུས། །དཀར་སྣ་ཐམས་ཅད་འོ་མ་དག་ལ་འདུས། ། འདི་ལ་ཡོན་ཏན་ཟད་པ་མེད་པ་སྣ་ཚོགས་ཡོད། །ལོ་བརྒྱ་ཐུབ་པས་བརྒྱད་བརྒྱ་ཐུབ། །དགུ་བཅུ་ལོན་པས་བཅུ་དྲུག་ལོན་ལྟར་འོང་། །སྐྲ་དཀར་བུད་ནས་ནག་པོར་འགྲོ། །གཉེར་མ་བུད་ནས་དཀར་པོར་འགྲོ། །ཉམས་སྟོབས་གླང་ཆེན་ལྟ་བུར་ 2-9-7b འགྱུར། །ཡང་ཟོར་སེངྒེ་ལྟ་བུའོ། །བང་ནི་རྟས་ཀྱང་མི་སླེབ་བོ། །བཀྲག་ནི་མེ་ཏོག་པདྨ་འདྲ། །ཉམས་སྟོབས་འཕེལ་ནས་མཆོག་ཏུ་འོང་། །གནོད་པའི་ལྷ་འདྲེ་ཀུན་ཀྱང་གདོང་གྲོགས་བྱེད། །ཡོན་ཏན་དེ་དང་ལྡན་ནོ་གསུང་། །སློབ་དཔོན་ གྱིས་སྦྱར་ཐབས་དང་། ཟ་ཐབས་ཇི་ལྟར་ལགས་དྲིས་པས། སྦྱར་ཐབས་འོ་མ་བྲེ་དོ་ཕུལ་གང་དུ་གདུ། ཀ་ར་རྡོག་པོ་བརྒྱད། དབང་པོ་ལག་པ་ཐུན་གཉིས། ཞིབ་པར་བཏགས་ལ་འོ་མ་ཕོག་ལ་དེར་བླུགས་ལ་དཀྲུག །དྲངས་པ་དང་གའུ་འམ་སྣོད་དུ་བླུགས་ ལ་ནད་ཕྱོགས་ཟ། ཟླ་བ་ཕྱེད་ལ་ཟད་པར་བྱ། ཉམས་མ་འཕེལ་ན་ལན་གསུམ་བསྐྱར་བའོ། །འདི་ཉིད་རྟག་ཏུ་སྤྱད་ན་ཚེ་ཉི་ཟླ་དང་མཉམ། །གདོན་དང་རིམས་དང་འབྱུང་བ་རྒུད་པ་དང་། ལུས་རྒུད་པ་དང་། ནད་འདུ་བ་རྣམ་བཞི་ལས་ཐར། རྒས་པ་དང་ ན་བ་དང་། རྔུལ་མི་འོང་། ཚེ་སྔ་ཕྱི་དྲན་ལ་དུས་གསུམ་ཤེས། དྲན་པ་གསལ་ཞིང་ལུས་ཡང་བདེ། འཕུར་ཤེས་མགྱོགས་པ་རླུང་དང་འདྲ། རིག་འཛིན་རྣམས་དང་མཁའ་འགྲོས་གདོང་གྲོགས་བྱེད། ལྷ་སྲིན་ཐམས་ཅད་གྲོགས་སུ་བྱེད། བླ་མ་ཡོན་ ཏན་ཟད་པ་མེད་པ་འོང་ངོ་གསུང་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འབྱུང་བ་རྒྱུན་གཅོད་པའི་ཆོས་འདི་བྱེད་པ་ལ། དང་པོ་སྐྱེ་ཤིས་འཇིགས་པར་བྱས་ལ་དུག་རྣམ་པ་ལྔ་པོ་ལ་སོགས་པ། སེམས་ལ་གནོད་པའི་བདུད་ཐམས་ཅད་སྤངས་ལ་ བྱའོ། །གནས་ནི་ཆུ་ཤིང་དང་ལྡན་པའི་དགོན་པའམ། མི་མེད་པའི་དགོན་པ་ཅིག་བྱས་ལ། གཡེང་བས་མི་འཁྱེར་བ་ཅིག་བྱས་ན་འབྱོངས་བླའོ། །དེ་ནས་དང་པོ་ནས་ཕུལ་གང་བཙོས་ལ། ཚོས་ཙ་ན་སྣོད་གཅིག་ཏུ་ཚགས་བྱའོ། །དེ་ནས་ཚེས་གྲངས་ 2-9-8a བཟང་པོ་ཚེས་གཅིག་ནས་བཟུང་ལ་བྱ་སྟེ། དེའི་ནུབ་མོ་བླ་མ་དང་ཡི་དམ་ལ་གཏོར་མ་བཏང་ལ། དེ་ནས་སྔོན་ལ་སྒོག་པ་བཏང་ངོ་། །དེ་ནས་དར་ཅིག་ན་ཆན་སྤར་གང་ཟའོ། །དེ་ནས་རང་ལྷར་བསྒོམ་པར་བྱ་སྟེ། རང་གི་རིག་པའི་ནང་དུ་ བལྟས་ལ། སྲོག་རྩ་ལ་སྙིང་བཀལ་ནས་ཡོད་པའི་སྙིང་གི་དཀྱིལ་ན་ཧཱུཾ་ཞིག་ཡོད་པར་བསྒོམ། དེ་སེམས་ཀྱི་ས་བོན་ཡིན་ནོ། །དེ་ཨ་ཧ་ས་ལ་དུབ་པ་ཧོ་བྱས་པས། ཧཱུཾ་དེ་ལྷ་མོར་གྱུར་ནས་ལྷ་མོ་སྐུ་མདོག་དཀར་ལ་རྒྱན་དང་བཅས་པ། པདྨའི་གདན་ལ་ བཞུགས་པ། ཕྱག་གཡས་ན་གསེར་གྱི་རལ་གྲི། གཡོན་ན་བདུད་རྩིའི་བུམ་པ་ཐོགས་པ། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། ཕག་མོ་དབུ་བཅད་མའི་གསང་སྒྲུབ་ཡིན་པས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཤིན་ཏུ་མཛེས་པར་བསྒོམ་མོ། །དེ་ནས་ སེམས་ལ་ཉོན་མོངས་པ་སྐྱེས་ཙ་ན། རང་གི་གཡས་ཀྱི་རལ་གྲིས་རང་གི་སྐེ་བཅད་པར་བསམ་མོ། །དེ་ནས་རྩའི་སྦུབས་དམར་རམ་ཙེ་བྱུང་བས། དུག་བསད་པར་བསམ། དུག་ལྔ་བསད་ནས་ཡེ་ཤེས་ལྔ་འབར་བས་རང་གི་ལུས་ཀྱི་ནང་ཐམས་ཅད་ བཀྲ་ལམ་མེ་བདེ་བར་ཡོད་པར་བསམ། དེ་ནས་གཡོན་པའི་བུམ་པ་ནས་བདུད་རྩིའི་ཆུ་རང་གི་རྐན་མར་བླུགས་པས། རང་གི་སྐེ་འབྱོར་བ་དང་། ལུས་བདུད་རྩིས་ཁེངས་ནས། དཀར་མེར་གྱིས་སོང་ནས་ཞིམ་ལ་འགྲངས་པར་བསམ། དེའི་རྟིང་ལ་རླུང་ བསྒོམ་པར་བྱ་སྟེ། རླུང་དྷཱུ་ཏིར་བཅུག་ལ་སྟེང་རླུང་མནན། འོག་རླུང་འཐེན། བར་རླུང་བསྐྱིལ་ལ་རླུང་ཐུབ་ཚད་བསྡམ། དེ་ནས་རླུང་དེ་སྣ་བུག་ནས་དཀྲིས་ལ་ཁད་ཀྱིས་གཏོང་ངོ་། །དེ་ནས་རང་ལྷ་རུ་སྒོམ་ཞིང་ལྷའི་སྙིང་པོ་སྔགས་འདི། ཨོཾ་བཛྲ་ཀརྨཱ་ཧྲི་ཏཱ་ 2-9-8b ཨ། ཨུ་པ་དེ་བ་རཀྴ་ན་ཧཱུཾ་ཕཊ། དེ་ནས་སྒོམ་དང་སྙིང་པོའི་བྱིན་རླབས་ཀྱིས་རང་གི་སེམས་ལ་ཡེ་ཤེས་ལྔའི་འོད་ཟེར་འབར་ནས་སངས་རྒྱས་པར་བསམ། དེ་ལྟར་བསྒོམ་ཞིང་ཆུ་བསྐོལ་ཚ་མེད་ནང་ནུབ་ཏུ་བཏང་ངོ་། །དེ་ནས་ཞག་བདུན་ལྟོགས་པར་བྱུང་ན། སྒོག་པ་ཨ་རུ་ར། ཤིན་ཀུན་གསུམ་མར་ལ་སྦྱར་ལ་ལུས་བྱུག་པ་དང་ལྟོར་བཏང་བས་སྲིན་ཐུབ་བོ། །དེ་ནས་ཞག་ཉི་ཤུ་རྩ་གཅིག་ན་རླུང་སྐྱེས་པ་བྱུང་ན། རུས་ཁུ་ལ་ཚྭ་བཏབ་པ་ལ་བཏུང་བ་དང་། ལུས་ལ་མར་གྱིས་བྱུག་པ་བྱས་པས་རླུང་ཐུབ་བོ། །དེ་ནས་ མ་འབྱོངས་ཀྱི་བར་དུ་སྐྱོན་བྱུང་ན་ལོག་གནོན་འདི་བྱས་པས་ཆོག་གོ། །དང་ག་འགགས་ན་མ་རུ་ར་བཏང་། རྩིབ་མར་ཟུག་ན་ལུས་ལ་མར་བྱུག །དྲི་མ་མ་ཐོན་ན་མར་ཁམ་ཅིག་བཏང་། གསུས་པ་དང་རྒྱུ་མ་འབྱར་ན་རླུང་བསྒོམ། སྣ་འགགས་ན་ཤ་ གསུར་བཏང་། ལུས་འདར་བ་དང་ཉམ་ཆུང་ན་ལུས་པོ་ཆུས་བཀྲུས་ལ་སྣུམ་ཉེད་ཡང་ཡང་བྱའོ། །དེ་ལྟར་ཟླ་བ་གཅིག་ཏུ་བསྐྱེད་རིམ་དེ་ཡང་ཡང་བསྒོམ་ཞིང་། ཆན་སྤར་རེ་གསུམ་ཡར་དུ་ཟའོ། །གཞི་འཛིན་པ་ཆན་དང་སྒོམ་པ་ཡིན། འབྱུང་བ་རོ་སྙོམས་པ་ལ་ཨ་ རུ་ར་དང་། སྒོག་སྐྱ་ཤིན་ཁུན་མར་ཡིན་པས། དེ་ལྟར་ཚགས་བྱ་དགོས་སོ། །མཁའ་འགྲོ་མའི་ཆོས་འདི་བྱེད་པ་ལ། དུས་གསུམ་དུ་གཏོར་མ་གལ་ཆེ་སྟེ་འདི་ཡིན་བྱ་བ་མེད་དོ། །འབྱུང་བ་རྒྱུན་གཅོད་པ་ལ་གསུམ། ཕྱི་ནང་གསང་བ་གསུམ། ཕྱི་འབྱུང་བ་རྒྱུན་ཆད་པའི་ རྟགས་ནི། ལུས་དཀར་བ་དང་། ཡང་བ་དང་བདེ་བ་འབྱུང་ངོ་། །དབང་པོ་གསལ་བ་དང་། ཟས་མི་དགོས་པ་འབྱུང་ངོ་། །ནང་ཞེན་པ་ཆོད་པའི་རྟགས་ནི། ཕྱིའི་རྣམ་རྟོག་སྤངས་ནས་མངོན་པར་ཤེས་པ་འཆར་བ་དང་། རླུང་ཟིན་པས་ཟས་མི་དགོས་པ་ཡང་ 2-9-9a འབྱུང་ངོ་། །གསང་བ་ཉོན་མོངས་པ་རྒྱུན་ཆོད་པའི་རྟགས་ནི། སྤྱོད་པ་ཆོས་དང་མ་བྲལ་བས་ཉོན་མོངས་པ་དུག་ལྔ་རང་ཞི། སྒོམ་པ་བྱིང་རྨུགས་མེད་པས་དེ་ལ་ཉམས་སུ་མྱོང་། དོན་གྱི་ལྟ་བ་རྟོགས་པས་འཁོར་འདས་གཉིས་སུ་མེད། དེ་ལྟར་རང་ལ་འབྱུང་ངོ་། །ཆོས་འདི་ལ་བརྟེན་ནས་དེ་ལྟར་ཡོད་དོ། །སྟོབས་སེང་གེ་དང་འདྲ། ཡང་ཤ་བྱ་དང་འདྲ། ཚེ་ཉི་ཟླ་དང་འདྲ། མགྱོགས་པ་རྟ་དང་འདྲ། ལུས་མེ་ཏོག་དང་འདྲ། གཞོན་པ་བུ་ཆུང་ལྟ་བུ། ཡོན་ཏན་འདི་ཚོ་ཡང་ཡིན། ན་ཚ་ སྡུག་བསྔལ་མི་འོང་བ། མཁའ་འགྲོའི་ཞལ་མཐོང་བ། སྐྲ་དཀར་ནག་པོར་འགྲོ་བ། ནོར་རྫས་ལ་བློ་ལོག་པ། གཉིད་མི་འོང་བ། དྲི་མི་འོང་བ་ལྷ་དང་མཉམ་པ། ངག་ལ་ནུས་པ་ཐོན་པ། ལུས་ལ་བདེ་བ་འབྱུང་བ། སེམས་ལ་རྟོགས་པ་སྐྱེ་བ། དགྲ་དང་གཉེན་གཉིས་མཉམ་པ་དེ་ལྟར་གྱི་རྟགས་འབྱུང་ངོ་། །ཆོས་འདིའི་བརྒྱུད་པ་ནི་འདི་ལྟར་ལགས་སོ། །རྒྱ་གར་གྱི་རྗེ་བཙུན་དུར་ཁྲོད་ཆེན་པོ་བྱ་བས། དུར་ཁྲོད་བསིལ་བའི་ཚལ་བྱ་བར་ཕག་མོ་བསྒོམས་པས། ཁོང་རྒྱགས་ཆད་ནས་ནང་པར་ཁྱིམ་ དུ་རྒྱགས་ལེན་དུ་འགྲོ་དགོས་བསམ་པ་ལ། དེའི་ནུབ་མོ་ཆོས་འདི་ཕག་མོ་དཀར་མོས་ལུང་བསྟན། དེར་ཁོང་གིས་འབྲས་རྡོག་པོ་གཅིག་བཅུད་ལེན་བྱས་པས་ཟླ་བ་གསུམ་ན་འབྱོངས་ནས། མངོན་པར་ཤེས་པ་ཤར་བ་དང་། རྟགས་དེ་ཚོ་ཤར་བ་ལགས་ སོ། །དེ་མཁའ་འགྲོ་མ་གཅེར་བུ་མ་ལ་གནང་། དེས་བྲམ་ཟེ་མི་རིགས་ལ། དེས་བལ་པོ་ཛ་ལ། དེས་སྐལ་ལྡན་ཆེན་པོ་ལ། དེས་བུན་པོ་ལ། དེའི་རྡོ་རྗེ་ལ། དེས་བདག་ལ་གནང་བའོ། །འགལ་བ་བྱུང་ན་མཁའ་འགྲོའི་ཚོགས་ལ་བཟོད་པར་ 2-9-9b གསོལ།། །།ན་མོ་གུ་རུ། ཆུའི་བཅུད་ལེན་ལ། མར་གྱི་ཞུན་མར་ཚལ་པ་ཅིག་དང་། ཚྭ་བ་གསུམ། ཚྭ་ཨེན་ཅིག །ནས་ཕྱེ་ཅིག །མི་ལ་སོགས་པའི་རུས་པ་རྙེད་ཚད་དང་། ཟངས་མིན་པའི་སྣོད་ཅི་རིགས་ཅིག་ཚགས་བྱས་ལ། གྲུབ་ ན་བཤལ་སྐྱུགས་བྱའོ། །ཆུ་གཏོར་ལ་སོགས་པ་ཚོགས་གསོག་གྲུབ་ཚད་བྱ། ལུས་ལ་བྱུགས་པ་བྱ། དོ་ནུབ་ལྟོ་ཅུང་ཟད་ཟོས་ལ། དེ་ནས་རྩམ་པ་གཅོད། ཞོགས་པ་ལྕེ་ཆུང་གི་རྩ་བ་འཇིབས་པས། ནུ་སོར་ལྟ་བུ་གཉིས་ནས་བྱང་སེམས་དཀར་འོ་ དམར་འོ་མའི་རྒྱུན་ལྟ་བུ་བབས་པས། ལུས་ཀྱི་རྩ་སྦུབས་ཐམས་ཅད་གང་བར་བསམ་མོ། །མཆིལ་མ་ལ་སོགས་པ་ལན་བཅུ་གཅིག་ཙམ་དུ་མིད་དོ། །རྩ་སྦུབས་སྙིང་པོ་དེ་གང་བས་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། །དེ་ནས་ཆུ་བྲེ་ཕྱེད་ཙམ་པ་ཅིག་ལ་ ཚྭ་དང་ཕྱེ་ཀ་ཨེན་རེ་གདབ། ལྷག་གི་ཁོལ་ན་དེ་ཕོག་ལ་ངང་ཡལ་གཞུག་གོ། །དེ་ལ་སྲིན་ལག་གིས་ཨོཾ་ཨཱཿཧཱུཾ་གསུམ་བཀོད་ལ། དེ་ལས་འོད་ཟེར་འཕྲོས་པས་ལྷ་དང་བླ་མ་མཁའ་འགྲོ་དཔག་ཏུ་མེད་པ་སྤྱན་དྲངས་ལ། གསོལ་བ་བཏབ་པས་བདུད་རྩིར་ བསམས་ཏེ་བཏུང་ངོ་། །ཉིན་མོ་དང་དགོང་མོ་ཡང་དེ་བཞིན་དུ་བྱའོ། །ཆུའི་དུས་ལ་ངེས་པ་མེད། ཆུ་ལ་ཡོག་ཐང་དུ་བཏུང་ངོ་། །དེ་ནས་མགོ་འཐོམས་པ་དང་རླུང་སྐྱེས་ན། ཆུ་ལ་རུས་པ་གདབ། ཆུའི་གོང་དུ་མ་ར་དུ་མ་རེ་བཏང་ངོ་། །ཚ་བ་གྲང་བ་ཡུལ་དང་ སྦྱར། སྲིན་རྡོག་པོ་ཡང་འབྱུང་ངོ་། །དེར་ལུས་ཡང་དུ་འགྲོ། ཤ་སྐྱེ། ཤེས་པ་གསལ། ཞག་བཅུ་དྲུག་ཆུ་བདུན་ནས་ཆུ་གྲང་ལ་ཕྱེ་ཨེན་རེ་བཏབ་ལ་བཏུང་ངོ་། །ནམ་ལྟོགས་པ་ན་བཏང་ངོ་། །ཟླ་བ་གཅིག་ན་འབྱོངས་སོ། །དམ་ཚིག་མེ་ཉི་མ་དྲག་བརྡལ། 2-9-10a གཏན་མང་པོ། བུད་མེད་སྤང་། ཨེན་རེ་ལུས་བཅག །འོ་མ་དང་ཆང་དང་པོ་ནས་བཏུང་ཡང་ལེགས། འབྱོངས་ནས་དག་བརྡལ་མི་བྱ། གཉིད་ཆུང་ཁམས་བཟང་། དལ་བ་མི་ཡོང་། དགྲ་བགེགས་དང་ནད་དང་ གཉེར་མ་མི་ཡོང་། ཚེ་ཉི་ཟླ་དང་མཉམ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །བླ་མ་བཻ་རོའི་གདམས་པ་འགོ་བའི་ནད་ཐམས་ཅད་ཐུབ་བོ།། །། བླ་མ་རྣམས་ལ་ན་མོ། ཆུ་གྲང་འཐུང་གི་མན་ངག་ལ། ཨ་རུ་ར་ལྔ་ཙམ། མུ་ཟི་དཀར་པོ། ཚྭ་བཟང་པོ། སྒོག་སྐྱ་ཤུན་པ་བཤུས་པ། བུར་རྙིང་ངམ། དེ་མེད་ན་སྦུ་བུར། དེ་རྣམས་ཨ་རུ་ར་ཙམ་རེ་བསྲེའོ། །དང་པོ་ཡིབས་རུས་སྣ་ཚོགས་ཀྱིས་ཨ་རུ་ར་བཙོས། དེ་གྲིབ་སྙམས་བྱའོ། །དེ་ནས་གོང་གི་དེ་རྣམས་དང་ཀུན་རྩི་བཞིན་དུ་ བཏགས་ལ། མར་ཁུ་ཕུལ་དོ་ཙམ་དང་བསྲེས་ལ་བཞག །གཞན་ཡང་ཚ་བ་གསུམ་དང་ནས་བཟང་པོའི་ཕྱེ་བྲེ་གང་ཙམ་ནས་འབྲུ་ཐུས་བྱས་པ་ཕུལ་གང་གིས་སྨན་མར་བྱས་ལ་བསོག་གོ། །དེ་ནས་བདུད་རྩི་བཞོས་པའི་བར་དུ་སྔ་མ་དང་འདྲའོ། །དེ་ ནས་ཆུ་གྲང་མོ་ཕུལ་དོ་ཙམ་དུ་ཚ་བ་གསུམ་དང་ཕྱེ་ཨེན་རེ་བཏབ་ལ། བྱིན་རླབས་གོང་བཞིན་བྱས་ལ་བཏུང་ངོ་། །དེའི་གོང་དུ་ཞུན་མར་ཁེམ་བུ་གང་དང་། ནས་རྡོག་ལྔའམ་བདུན་གྱུར་མིད་བཏང་ངོ་། །ཆུ་ཡང་ཆུ་ཡོག་ཐང་དུས་མེད་དོ། །མ་འབྱོངས་ བར་དུ་བཟླས་བརྗོད་མི་བྱ། གསོལ་བ་གདབ། ལྷའི་དོན་ལ་མ་ཡེངས་པར་བྱ། རླུང་བཅུན་པ་བཏུབ། རླུང་བསྐྱིལ་བ་ལ་སོགས་པས་མི་འོང་། ཤེད་མི་འཆག །ནང་རྒྱུན་ཆད་པ་དང་སྲིན་ཐོན། མ་ཐོན་པར་ནང་དུ་སྐམས་ནས་སླར་ལ་ཡག་ས་ 2-9-10b པ་ཡིན། བཅུ་གཅིག་ནས་ལུས་ཡང་དུ་འགྲོ། ཤེད་སྐྱེ། ཤེས་པ་གསལ། དམ་ཚིག་དང་སྤྱོད་ལམ་སྔར་དང་འདྲའོ། །ཟླ་བ་གཉིས་ནས་རྩམ་པ་ཚྭ་ལ་སོགས་པ་རྒྱུན་གཅོད། འོ་མ་དང་ཇ་ཆང་ལ་སོགས་པ་དང་པོ་ནས་ཡོད་ཀྱང་མི་སྟོ། ཡོན་ཏན་ གོང་དང་འདྲའོ། །ཆུ་འདྲིལ་ནས་རྒྱམ་ཚྭ་ལ་སོགས་པ་ཚྭ་སྣ་བཏང་། དྲི་མ་ཐོན་ན་ཨ་རུ་ར་མཆུ་སྙུང་ཅིག་རྡུངས་ཏེ་ཆུ་བསྐོལ་ལ་བཏབ་ལ་བཏང་། འབྲི་མོག་རྩི་དང་། རྐང་དམར་དང་། འོ་མ་བཏང་ན་གཟི་མདངས་ཡོད། ནས་བཟང་མོ་བཙོ་སྟེ། སྐམ་སྐོང་སྤྲུ་སྟེ། སྐམས་ལ་རྩི་བཞིན་དུ་བཏགས་ཏེ། ཆུ་ཁ་འགྱུར་ཙ་ན་བཏབ་ནས་རྡོར་བཟང་དུ་འཇུག །དེ་སྐོམ་ལ་ལྟོག་ཆུ་ཙམ་བཏང་ངོ་། །གང་འཐུང་གི་གདམས་པའི་དམིགས་པ་ནི། སྔོན་དུ་ཚོགས་དང་གཏོར་མས་མཁའ་འགྲོ་མཆོད་པས་བླ་མ་ལ་ལུང་གནོད་པ་ནི་གདམས་པ་ ཡིན། དང་པོ་སེམས་བསྐྱེད་པ་སྤྱི་དང་མཐུན། གསང་སྔགས་པ་ཡི་དམ་ལྷའི་ང་རྒྱལ་བྱ། ཐ་མལ་ཡིན་ན་མི་དགོས། ལྷའམ་ཐ་མལ་དེའི་ཁོང་རྫ་མ་སྟོང་པར་བསམ། དེའི་དབུས་སུ་སྙིང་ཀའི་ཚད་ཙམ་དུ། ཧཱུཾ་ས་རཾ་གྱི་རྩི་ལྟ་བུར་བསམ། དེ་གྱུར་པ་ལས་སྨན་གྱི་ལྷ་མོ་འོད་ལྗང་མ། སྐུ་མདོག་དཀར་མོ་གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་ལྷུ་གུ། ཕྱག་གཡས་ན་རལ་གྲི། གཡོན་ན་བདུད་རྩི་རོ་བརྒྱད་དང་ལྡན་པའི་བུམ་པ་བསྣམས་པ། འགྱིང་བག་དང་བཅས་པ་བསམས་ལ། དེའི་མདུན་དུ་བློ་སྙིང་གྱེན་ལ་བཟློག་ལ་སྙིང་དཀར་ནག་མཚམས་སུ་རལ་གྲི་བརྒྱབས་ནས་བཅད་པས། སྙིང་ལ་རྩ་ལྔ་གནས་པ་ལ་ཉོན་མོངས་པ་ལྔ་འབྱུང་བ་ཡིན་པས་དེ་བཅད་པར་བསམ། སྙིང་དུམ་བུ་ཁོག་སྟོང་གི་ནང་དུ། ཕྱག་གཡོན་པའི་བདུད་རྩི་ 2-9-11a བླུགས་པས་གང་ནས། ལུས་ཐམས་ཅད་ཁེངས་པར་བསམ། སྟེང་རླུང་འོག་རླུང་ཁ་སྦྱོར་དུ་བསྒོམ། ཐུན་གསུམ་མམ་བཞིའི་སྦྱོར་བས་བསྒོམ། དམིགས་པ་གསལ་བ་གལ་ཆེ། དེ་མ་གསལ་ན་བདུད་རྩི་ལས་ འོད་འཕྲོས་པས། སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་གི་ནད་དང་གནོད་པ་དང་། སྡིག་པ་དང་། གདོན་དང་། རྣམ་སྨིན་གྱི་ལུས་ཐུལ་གྱིས་ཚིག་པར་བསམ། དེ་འདྲའི་སྤྲོ་བསྡུ་ཡང་ཡང་བྱའོ། །དེ་ལྟར་བྱས་ ཀྱིན་རྩ་བ་རྒྱུད་གཅོད། དང་པོ་སྲིན་བཤལ་བྱེད་པ་གལ་ཆེའོ། །འདི་བསྒོམ་ན་ལྕེ་ཐོག་ཏུ་བདུད་རྩི་དཀར་ཉང་གིས་ཡོད་པར་འདུག་གོ། །། 2-10-1a ༼ཅི༽ ཆོས་རྗེ་དགས་པོ་ལྷ་རྗེའི་གསུང།མར་པའི་ཚིགས་བཅད་བརྒྱད་མའི་ འགྲེལ་པ་བཞུགས་སོ།། 2-10-1b ༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཁས་པ་ཆེན་པོ་ནཱ་རོ་པས། །བཅུ་གཉིས་བར་དུ་བླ་ མ་བསྟེན། །ཞབས་དྲུང་གདམས་ངག་མནོས་པ་ནི། །སྐྱེ་ཤི་རྨི་ལམ་བར་དོ་དང་། །སྲིད་པ་བར་དོ་གསུམ་དུ་གནས། ། ཉམས་ལེན་བསྲེ་འཕོ་གཉིས་སུ་འདུས། །བསྲེ་བ་བསྒོམས་པས་སངས་རྒྱས་ཐབས། །འཕོ་བ་མ་བསྒོམས་སངས་ རྒྱས་ཐབས། །སྐྱེ་ཤི་བར་དོར་བསྐྱེད་རིམ་དང་། །རྩ་རླུང་རྫོགས་རིམ་བསྲེས་ལ་བསྒོམ། །རྨི་ལམ་དང་པོ་རྨི་དུས་སུ། ། འོད་གསལ་མན་ངག་སྒོམ་དང་བསྲེ། །རྨི་ལམ་དུས་སུ་སྒོམ་དང་བསྲེ། །ཉམས་མྱོང་གཅིག་ལ་བརྟེན་ནས་ནི། ། 2-10-2a འཆི་དུས་སྲིད་པ་བར་དོ་ཡི། །དང་པོ་མ་རིག་འོད་གསལ་འབྱུང་། །དེ་ཡི་དུས་སུ་རྩ་རླུང་དང་། །རྨི་ལམ་ཉམས་མྱོང་བརྟན་པ་ཡི། །འོད་གསལ་བསྟིམས་པས་ ཆོས་སྐུ་ཐོབ། །ཞེན་པས་བར་དོ་གཉིས་པ་འབྱུང་། །མ་དག་སྒྱུ་ལུས་གསལ་བ་ལས། །དག་པའི་སྒྱུ་ལུས་ཐོབ་པའོ། །ཞེན་པས་ཐོབ་པར་མ་གྱུར་ན། །བར་དོ་གསུམ་པས་འགྲོ་ དྲུག་གི། སྒོ་ན་ཆགས་སྡང་གཉིས་ཀྱིས་བསྐྱེད། །བསྐྱེད་རྫོགས་གཉིས་ཀྱིས་ཆགས་སྡང་གི། སྒོ་ནི་བཅད་དེ་སངས་རྒྱས་ལ། །མི་ཐོབ་པ་ཡི་ཐེ་ཚོམ་མེད། །སངས་རྒྱས་འདྲ་ བའི་བླ་མས་གསུངས། །སྦྱངས་ནས་འཕོ་དང་བཙན་ཐབས་འཕོ། །ལུས་གནད་བཅོས་པའི་འཕོ་བའོ། །མ་བསྒོམས་སངས་རྒྱས་བླ་མས་གསུངས། །གདམས་ངག་ཚིགས་སུ་བཅད་པ་ བརྒྱད་པ། རྗེ་མར་པས་མཛད་པ་རྫོགས་སོ།། །།རྨི་ལམ་གྱི་མན་ངག་ལགས། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་ཆོས་ཀྱི་ཕྱག་རྒྱས་བདག་བྱིན་གྱིས་བརླབ་ པ་ལ་བཞི་སྟེ། དང་པོ་རྨི་ལམ་ལམ་དུ་འཁྱེར་བ་ལ་དོན་བཞི། དང་པོ་རྨི་ལམ་བཟུང་བ་དང་། དེ་ནས་རྨི་ལམ་སྦྱང་བ་དང་། དེ་ནས་སྒྱུ་མར་བྱིན་གྱིས་བརླབ་ཅིང་། ཡ་ང་བ་སྤང་བ་དང་། 2-10-2b དེ་ཁོ་ན་ཉིད་སྒོམ་པའོ། །དེ་ལ་དང་པོ་བཟུང་བ་ནི། དད་པ་དང་འདུན་པ་དྲག་པོ་གལ་ཆེ་སྟེ། དེ་ཡང་སྲོད་ལ་སྨིན་ཕྲག་ཏུ་ཐིམ་ལེ་ལ་ཤེས་པ་གཏད་དེ། སྲོད་ལ་གཉིད་མཐུག་པོར་ལོག་གོ། དེ་ནས་ཐོ་རངས་ཀྱི་དུས་སུ་མདང་གི་རྨི་ལམ་ ལྟ་བུ་ཞིག་འབྱུང་ན། དེའི་དུས་སུ་འདི་ལྟར་བསམས་ཏེ། རྨི་ལམ་ཡིན་ཀྱང་མ་ཤེས་སྙམ་པའི་བསམ་པ་དྲག་ཏུ་བྱའོ། །སྣང་སྲིད་འདི་ཐམས་ཅད་རྨི་ལམ་དང་འདྲ་བར་ཤེས་པར་བྱས་ལ། ད་ནི་བདག་གིས་རྨི་ལམ་ལ་རྨི་ལམ་དུ་ཤེས་ པར་བྱའོ་སྙམ་པའི་དྲན་པའམ། འདུན་པ་དྲག་ཏུ་བྱའོ། །དེ་བཞིན་ཉིན་མཚན་དུ་བྱས་པས། རྨི་ལམ་ཟིན་ཏེ་འོང་བའི་རྟགས་ནི། རྨི་ལམ་མི་འཚམས་པ་སྣ་ཚོགས་པ་དག་འོང་། ཆུ་ཆེན་པོ་དང་། མེ་ཆེན་པོ་མཐོང་བ་དང་། གཡང་ལ་འགྲོ་བ་དང་། ཁྱིས་དེད་པ་དང་། རང་གི་ལུས་ལ་འོད་བྱུང་བ་རྨིས་པ་ལ་སོགས་པ་སྣ་ཚོགས་པ་འོང་ངོ་། །དེའི་རྐྱེན་གྱིས་རྨི་ལམ་ཡིན་པར་ཤེས་པ་འགའ་བྱུང་སྟེ། དེས་ན། རྨི་ལམ་ཡིན་ནམ་སྙམ་པ་འགའ་འབྱུང་ནས། མི་ལ་ཆོས་ཐམས་ཅད་རྨི་ལམ་དང་འདྲའོ། །ཞེས་བཤད་སྔར་བླ་མས་གདམས་ངག་ཅིག་གསུངས་པ་རྣམས་བརྗེད་ཀྱང་། དེའི་དུས་སུ་གདམས་ངག་དྲན་ནས་འོང་སྟེ། ཇི་ལྟར་བསྟན་པ་བཞིན་སྒོམ། པ་དེ་རེ་བདེན་སྙམ་པའོ། །མོས་པ་དྲག་པོ་བྱ་སྟེ་ནང་པར་རྨི་ལམ་དྲན་པར་བྱ་སྟེ། མདང་གི་རྨི་ལམ་དེ་དང་། ད་ལྟར་གྱི་སྣང་བ་འདི་ཁྱད་པར་ཅི་ཡོད་སྙམ་པའི་འདུན་པ་ དྲག་པོ་བྱའོ། །དེ་ནི་རྨི་ལམ་བཟུང་བའོ། །དེ་ནས་རྨི་ལམ་ཟིན་ནས་སྲོད་ཀྱི་དུས་ན་རྨི་ལམ་དུ་ཤེས་པར་ བྱའོ། །སྙམ་པའི་བསམ་པ་དྲག་ཏུ་བྱའོ། །དེའི་དུས་སུ་རྨི་ལམ་སྦྱང་བ་ནི། རྨི་ལམ་ཡིན་པས་ཇི་ལྟར་བྱས་ཀྱང་བཏུབ་སྙམ་པའི་བསམ་པ་དྲག་ཏུ་བྱས་ལ། རྨི་ལམ་གྱི་དུས་སུ་ཆུར་མཆོང་བ་དང་། མེར་མཆོང་བ་དང་། 2-10-3a གཡང་ལ་འགྲོ་བ་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་བལྟ་བ་དང་། རྒྱ་གར་གྱི་ཡུལ་ཐམས་ཅད་བལྟ་བ་དང་། ཉི་ཟླ་རྡོག་པས་མནན་པ་ལ་སོགས་པ། རང་གི་སེམས་ལ་ཅི་བསམ་པ་ཐམས་ཅད་ བྱའོ། །དེ་ནི་རྨི་ལམ་སྦྱང་བའོ། །དེ་ནས་རྨི་ལམ་སྒྱུ་མར་ཤེས་པར་བྱེད་ཅིང་ཡ་ང་བ་སྤང་བ་ནི། སྦྱོང་བའི་དུས་སུ་ཆུར་མཆོང་བ་ལ་སོགས་ཨེན་རེ་བྱས་ཀྱང་། ད་རུང་ཡང་ཞིང་བག་ཚ་བའམ། འཇིགས་པ་སྙམ་བྱེད་ན། རྨི་ལམ་ཡིན་པས་ན་འཁྲུལ་པ་སྒྱུ་མ་ཙམ་ཡིན། དེ་ལ་འཇིགས་སུ་ཅི་ཡོད་སྙམ་ནས་ཡ་ང་བ་མེད་པར་བྱའོ། །དེ་ནི་རྨི་ལམ་སྒྱུ་མར་ཤེས་པར་བྱ་བའོ། །དེ་ནས་རྨི་ལམ་གྱི་དེ་ཁོ་ན་ཉིད་སྒོམ་པ་ནི། རྨི་ལམ་ཡིན་པར་སྦྱང་ དུ་ཅི་ཡོང་། དེ་ཡང་སེམས་རྨི་ལམ་རང་ཡང་། ཀྱི་འཁྲུལ་པར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་སྒོམ་པའོ། །དེ་ལ་སྒོམ་ཐབས་ནི། རང་ལ་སྔར་གྱི་སྒོམ་པའི་ཐབས་ཡོད་ན་གང་ཡང་འདྲ། མེད་ན་རང་གི་དཔྲལ་བར་ཐིག་ལེའམ་ གང་ཡང་རུང་བར་ཤེས་པ་གཏད་དེ། བདེ་སྟོང་དུ་མོས་པ་ཙམ་གྱིས་ཤིན་ཏུ་མོས་པ་འབྱུང་ངོ་། །དེ་དུས་ཀྱི་སྒོམ་བཟང་པོ་བདུན་འགྱུར་གྱིས་བཟང་བར་བཤད་དེ། བྱེ་བས་བཟང་ངོ་། །དེས། དུས་ཀྱི་སྣ་རྩེར་དཔེར་བྱས་ལ། ཉིན་པར་གྱི་དུས་སུ་ཡང་བསྒོམས་ པས། དེ་ཁོ་ནའི་རྟོགས་པ་ལྷག་པར་ཆེ་བ་འབྱུང་ངོ་། །དེ་ནི་རྨི་ལམ་དུ་འཁྱེར་བ་སྟེ་ཚེ་འདི་ལ་བསླབ་པའོ།། །། རིམ་ལྔ་གནད་གཅིག་མ་ཞེས་བྱ་བ་ལགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕ་རྒྱུད་མ་རྒྱུད་ཀྱི་སྒོམ་མན་ངག་ཡིན་ཡང་། རྫོགས་རིམ། རིམ་པ་ལྔ་གདན་ཐོག་གཅིག་ལ་སྒོམ་པའི་མན་ངག་གཅིག ། 2-10-3b བླ་མའི་ཞལ་གྱི་གདམས་པ་ལ་བརྟེན་ནས། རང་གི་བརྗེད་བྱང་ཙམ་དུ་བྲི་བར་བྱའོ། །སྐྱ་རེངས་དང་པོ་ཤར་ནས། ཉི་མ་རྩེ་ཤར་ཚུན་ཆོད་རོ་ཧི་ཏའི་དུས་བྱ་བ་ཡིན་པས། དུས་དེར་ལངས་ལ། རླུང་སྦྱང་བར་བྱ་སྟེ། གདན་འབོལ་བ་གཅིག་ལ་ སྐྱིལ་ཀྲུང་ཙོག་པུ་འམ། ཇི་ལྟར་བདེ་བར་འདུག་ལ་སྣང་སྟོང་དབྱེར་མེད་དུ་བསྒོམ། དེའི་ངང་ལས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། སྟོང་པའི་རང་སྒྲ་ཕྱུང་བར་བསམ། རང་གིས་ཀྱང་ལན་ཅིག་བརྗོད་པས། གང་སྒོམ་པའི་ གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། ཡང་ལན་གཅིག་བརྗོད་པས། ལྷའི་སྐུ་གཙོ་བོ་ཡབ་ཡུམ་བསམ། ཡང་ན་འཁོར་དང་བཅས་པ་སྐུ་རྫོགས་པར་བསྐྱེད། ཡང་ལན་གཅིག་བརྗོད་པས། རྒྱན་ཆ་ལུགས་གསལ་ བར་བསྐྱེད་ལ། ཧཱུྃ་ལས་འོད་ཟེར་དང་། ཨཱ་བེ་ཤ་ཡ་ཨཱཿཞེས་པས་ཡེ་ཤེས་པ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དེ་ནས། སྙིང་ཀར་པདྨ་འདབ་མ་བརྒྱད་མུ་ཁྱུད་དང་བཅས་པ་བསྐྱེད། པད་འདབ་ལ་ ཀཱ་ལི། དེའི་ནང་གི་མུ་ཁྱུད་ལ་ཨཱ་ལི། དེའི་ནང་གི་མུ་ཁྱུད་ལ་ཕྱོགས་བཞི་ལ། རྀ་རཱྀ་ལྀ་ལཱྀ། དབུས་ཀྱི་ལྟེ་བ་ལ་ཆོས་འབྱུང་དམར་པོ་ལ་ནང་དུ། ཨཱཿ དཀར་པོ་ཤེལ་ཆག་གི་དུམ་བུ་འདྲ་བ་ཞིག་བསམ། རིག་ལྔ་གདན་གཅིག་ལ་སྒོམ་པའི་ དང་པོ་རྡོ་རྗེའི་བཟླས་པ་བྱ་སྟེ། རླུང་ཕྱིར་རྒྱུ་བ་ལ་མི་མནན། ནང་དུ་ལོག་པའི་མཚམས་སུ། འཇམ་རླུང་ཁད་ཀྱིས་མནན་ཏེ། དེ་ལ་ནན་གྱིས་བསྒོམས་པས། ཕྱིར་འགྲོ་དུས་ཧཱུྃ། ནང་དུ་འོང་དུས་ཨོཾ། གནས་པའི་དུས་སུ་ཨཱཿ དཀར་པོ་ལ་གཏད་ལ་བསྒོམ། དེ་ནས་དབུགས་མི་ཐུབ་ན་རླུང་ཁད་ཀྱིས་གཞིལ་ལོ། །དེ་ལྟར་གཏད་ཅིང་བསྒོམས་པས། སྤྲིན་བར་གྱི་ཉི་མ་བཞིན་དུ། རེས་གསལ་རེས་མི་ 2-10-4a གསལ་ཙམ་འོད། དེ་ནས་ཨཱཿ ལ་བརྟེན་པར་སེམས་ཟིན་པ་དེ་སེམས་ལ་དམིགས་པ། དེ་ནས་ཨཱཿ ཆ་ཕྲི་ནས་ཇེ་ཕྲ་ཇེ་ཕྲ་ལ་དབྱུག་པའམ། རྒྱ་ཁབ་འབྲིང་པོ་ཙམ་དཀར་ལྡེམ་མེ་བ་ལ་སེམས་ གཟུང་། དེ་ནས་སྐྲ་རྩེ་ཙམ་ལ་སེམས་གཏད། དེ་ལ་བརྟེན་ནས་སྒྱུ་ལུས། དེ་ནས་སྐྲ་རྩེ་བརྒྱར་གཤགས་པ་ཡང་མེད་པར་སོང་བ་འོད་གསལ། འདི་ལ་དྲན་རིག་ཏུ་འཕྲོ་ཙ་ན། དེ་རང་ལ་སེམས་གཏད་ནས། དེ་རང་བཞིན་མེད་པར་འོད་གསལ་དུ་ ཁྲོགས་ཀྱིས་འགྲོ་ཙ་ན། དྲན་རིག་གི་ཤེས་པ་འོད་གསལ་དུ་འཆར་བ་དེ་ལ། ཟུང་འཇུག་ཆ་གཅིག་རྟོགས་པའོ། །འོད་གསལ་དེ་ལས་རྟོགས་པ་དང་ལྡན་ན། དེ་ལྟར་ཡང་སྣང་ལ་རང་བཞིན་མེད་ཙ་ན། གཟུང་བ་དང་། འཛིན་པ་དང་། གཟུང་འཛིན་ གཉིས་ཀ་དང་། སེམས་དང་། སེམས་ལས་བྱུང་བ་ཐམས་ཅད་སྟོང་པ་འོད་གསལ་བར་རྟོགས་ཙ་ན་ཟུང་འཇུག་གོ། ཐུན་མཚམས་སུ་ལྡང་ཙ་ན། ཤིན་ཏུ་ཆ་ཕྲ་བའི་ཨཱཿལས། སྐྲ་རྩེ་ནས་དབྱུག་པ། དེ་ནས་ཨཱཿ དེ་ནས་ལྷའི་སྐུར་ལངས་ལ་སྤྱོད་ལམ་ བྱའོ། །ཕྱི་ནས་སེམས་འཛིན་ན། སྔོན་ལ་ཀཱ་ལི་ལ། དེ་ལ་སེམས་བརྟན་ནས་ཨཱ་ལི་ལ། དེ་ལས་གསལ་ནས་རྀ་རཱྀ་ལ་སྤོ། དེ་ནས་ཨཱཿ ལ་གཏད། དེ་ལ་བརྟན་ནས་ཨཱཿ ཆ་ཕྲི་ནས། ཇེ་ཕྲ་ལ་སྟོང་པར་སྒོམ་པ་གོང་བཞིན་ནོ། །སེམས་སྣང་བ་ གསུམ་གྱི་དབང་དུ་བྱས་ན། སྣང་བ་མཆེད་པའོ། །སེམས་སྟོང་པ་གསུམ་དང་སྦྱར་ན། ཨཱཿཡི་དུས་ན་སྟོང་པ། དབྱུག་པའི་དུས་ན་སྟོང་པ་ཆེན་པོ། སྐྲ་རྩེའི་དུས་ན་ཤིན་ཏུ་སྟོང་པ་ཆེན་པོའོ། ། དག་པ་གསུམ་ཡང་དེ་དང་སྦྱར་རོ། །རང་བཞིན་བརྒྱད་ཅུའི་གནས་ལུགས་ནི། རྡོ་རྗེ་བཟླས་པའི་དུས་སུ་སུམ་ཅུ་རྩ་གསུམ་འགག །སེམས་ལ་དམིགས་པའི་དུས་སུ་བཞི་བཅུ་འགག །སྒྱུ་ལུས་ཀྱི་དུས་སུ་བདུན་འགག་གོ། དེ་ལྟར་རིམ་པ་ལྔ་ 2-10-4b གདན་གཅིག་ལ་བསྒོམས་ནས། དེ་ལ་འཕོ་བ་ལག་ལེན་དུ་བཏགས་ནས་བསྒོམས་པ་ཡིན་ནོ། །ཞེས་བླ་མས་གསུང་ངོ་། །རིམ་པ་ལྔ་གདན་གཅིག་ལ་བསྒོམས་པའི་མན་ངག་གོ། །།སྒྱུ་ལུས་མཁའ་མཛོད་མ་ཞེས་བྱ་བ་ལགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ནཱ་རོ་ཆེན་པོའི་རྒྱུད་ལུང་གི་གདམས་ངག་ནི། གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་བྱ་བའི་གདམས་ ངག་ནི། སློབ་དཔོན་གྱིས་འབོགས་པར་བྱ་སྟེ། ཁང་པ་ཕྱོགས་ཕྱེད་པ་ལ་ཞལ་ལ་སོགས་པ་ལེགས་པར་བྱས་པ་གཅིག་གི་དབུས་སུ། ཙོད་ཁུ་ཟངས་གང་བཞག །ཕྱོགས་བཞིར་མེ་ལོང་རྙིང་མ་བཞི་དང་། རལ་གྲི་སྣ་མ་བཞི་བཞག །ཁང་པ་དེའི་ ཤར་ཕྱོགས་སུ་བུག་པ་གྲུ་བཞི་གཅིག་བཞག །ནུབ་ཕྱོགས་སུ་རས་བཏགས་པ་གཅིག་ལ་རྡོ་རྗེ་སེམས་དཔའི་གཟུགས་བརྙན། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དྲིལ་བུ་འཛིན་པ་ཅིག་བྲིས་ལ་དགྲམ་མོ། །དེ་ནས་ནངས་པར་ཉི་མ་རྩེ་ཤར་གྱི་དུས་སུ་ ཤར་ཕྱོགས་ཀྱི་བུག་པའི་ཉི་མ། ནུབ་ཕྱོགས་ཀྱི་རྡོ་རྗེ་སེམས་དཔའི་སྐུ་ལ་ཕོག་པས། དེའི་འོད་ཟེར་ཙོད་ཁུ་དང་མེ་ལོང་དང་རལ་གྲི་རྣམས་ལ་ཕོག་པས། ཁང་པའི་ནང་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པས་གང་བར་ མཐོང་ངོ་། །དེ་སློབ་དཔོན་གྱིས། སློབ་མ་ལ་བསྟན་ནས། ཁྱོད་ཀྱིས་རྡོ་རྗེ་སེམས་དཔའི་སྐུ་སྣང་ལ་རང་བཞིན་མེད་པ་འདི་ལྟ་བུ་ཅིག་སྒོམས་ཤིག་ཅེས་གདམས་ངག་འབོགས་སོ། །དེ་སློབ་མས་བསྒོམ་པ་ནི། མཉམ་བཞག་ལ་སྒྱུ་མ་ལྟ་བུའི་རྡོ་རྗེ་སེམས་པའི་སྐུར་བསྒོམ། རྗེས་ཐོབ་ལ་དངོས་པོ་དང་བྱ་བ་ཐམས་ཅད་སྒྱུ་མ་ལྟ་བུར་སྒོམ་པའོ། །དེ་ལྟར་བསྒོམས་པས། མཉམ་རྗེས་མེད་པར་རང་རིག་པའི་ཤེས་པ་དེ། ཡང་དག་ཏུ་འཛིན་པའི་བློ་སྐད་ཅིག་ཀྱང་མི་སྐྱེ་བར། སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པར་རྟོགས་ཙ་ན། 2-10-5a སྒྱུ་མ་ལྟ་བུར་མཐར་ཕྱིན་པ་ཡིན་ཏེ། སྤངས། ཐོབ། རྟོགས་པ་གསུམ་དེའི་དུས་སུ་འབྱུང་ངོ་། །སྤངས་པ་ནི། སེམས་རང་རིག་དེ་དོན་དམ་དུ་འཛིན་ཡང་དག་ཏུ་འཛིན། བདེན་པར་འཛིན་པ་དེ་སྤངས་པའོ། ། ཐོབ་པ་ནི་འོད་གསལ་མངོན་དུ་བྱེད་པའི་རྟེན་ཐོབ་པའོ། །རྟོགས་པ་ནི། རང་རིག་དེ་སྒྱུ་མ་ལྟ་བུར་རྟོགས་པའོ། །རྟོགས་པ་ལ་གསུམ་སྟེ། ཚེ་འདི་ཉིད་ལ་སངས་རྒྱ་བར་བསྟན་པ་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པ་དང་། རྨི་ལམ་དུ་ སངས་རྒྱས་པའི་དབང་བསྐུར་བས། དབང་རྫས་གཉིད་སད་ཙ་ན་ལག་ཏུ་འོང་བ་ཡིན་གསུང་། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་འདི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །དངོས་ དང་དངོས་མེད་ལས་གྲོལ་བ། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་རྟོགས་པར་མཛོད། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཡང་། །ཆུ་ཟླ་བཞིན་དུ་བཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །སྐུ་ནི་ལྟ་བས་མི་ངོམས་ པས། །རྡོ་རྗེ་སྐུ་ལའང་དེ་ཉིད་ཡིན།། །།རིགས་གསུམ་གཏུམ་མོའི་མན་ངག་ལགས། བླ་མ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་གཏུམ་མོ་ལ་གསུམ་སྟེ། ལས་ཀྱི་གཏུམ་མོ། འབར་བའི་གཏུམ་མོ། ཕྱག་རྒྱ་ཆེན་ པོའི་གཏུམ་མོའོ། །དང་པོ་ནི། མདའ་ལྟར་བསྲང་བ་དང་། རྒྱ་མདུད་ལྟར་དུམ་ཅིག་བསྡམ་པ་དང་། རེའུ་མིག་ལྟར་བསྣོལ་བ་དང་། ལྟེ་བ་ནས་སོར་བཞི་ན་རྩ་ཨ་དྷཱུ་ཏི་ན་རང་བཞིན་གྱིས་མེ་ཚོན་གང་བ་ཞིག་གནས། ཤད་ལྟ་བུ་ཞིག་བསམས་ཏེ། མ་བསྒོམ་ཙ་ན་ཨར་གནས། བསྒོམ་ན་མེ་ཚོན་ གང་བ་གཅིག་ཏུ་བསྒོམས་ཏེ། དེ་ལ་རྟགས་གསུམ་རྩ་སྒོ་བྱེ་བའི་རྟགས། ཨ་ཝ་དྷཱུ་ཏིར་རླུང་ཚུད་པའི་རྟགས་ཕྱི་རྟགས་ལུས་བདེ་ཡང་བ། ནང་རྟགས་དབུགས་འཇམ་པའོ། །ནང་རིག་པ་ཡེ་མ་རིག་པ་འགག་ནས་ཤེས་སུ་ཤར་བའི་རྟགས་སོ། ། 2-10-5b དེ་ལ་དྲོད་སྐྱེ་སྟེ། ལུས་ལ་ཕྱི་དྲོད་སྐྱེས་པ་དང་། ཤིག་མི་ཟ་བ་དང་། མདངས་གསལ་བ་དང་། ལུས་ལ་ནང་དྲོད་སྐྱེས་སྲིན་བུ་རྣམས་ཕྱིར་བཟློག་པ་དང་། ལུས་ཕྱི་ནང་མེད་པར་ཕྱི་ནང་ཉམས་བདེ་བ་དང་། དྲོད་སྐྱེས་པའོ། །དྲོད་རྟགས་མ་བྱུང་བར་དུ་སྒོམ་མོ། །འབར་བའི་གཏུམ་མོ་ནི། ལུས་བསྲང་རྒྱ་མདུད་ལྟར་རང་སོར་བསྡམ། རེའུ་མིག་ལྟར་ དྲང་པོར་བསྣོལ། ཡེ་ཤེས་ཀྱི་མེ་ཚོན་གང་ཤེས་པ་གསལ་བར་འདོད་ན། པ་ཡར་དྲག་ཏུ་འབར་བས། ཚངས་པའི་བུ་གར་སླེབ་པར་སྒོམ་མོ། །དེ་ལ་ཚད་གསུམ་སྟེ། རྩ་ལས་སུ་རུང་བའི་ཚད། ལུས་ཡང་ཞིང་ཡོད་དུ་མི་ཚོར་བ། རླུང་ལས་སུ་རུང་སྣང་སྲིད་སེམས་སུ་ཤེས་པ། བའི་ཚད། སེམས་ལས་སུ་རུང་རྟོགས་པ་ཡེ་ཤེས་སུ་འཆར་བ། བའི་ཚད་དོ། །ཚད་དུ་མ་ཕྱིན་བར་དུ་བསྡམ་ཞིང་སྦར་རོ། །ཚད་དུ་ཕྱིན་པ་དང་། ཕྱག་རྒྱ་ཆེན་རྒྱས་གདབ་པ། པོའི་གཏུམ་མོ་ནི། ཅི་ཡང་ཡིད་ལ་མི་བྱེད་པ་འབྲས་བུ། སྟེ། རྩ་ཡིད་ལ་གསུམ་ཀ་མི་བྱ། རླུང་ཡིད་ལ་མི་སྡོམ། མི་བྱ། མེ་ཡིད་ལ་མི་བྱ། འཇུག་པ་གཞན་ལ་མ་ལྟོས་པ་དང་། འབྱུང་བ་གཞན་ལ་མ་ལྟོས་པ་དང་། སྣང་བ་གཞན་ལ་མ་མེ་ལོང་ལྟ་བུ། ལྟོས་པ་དང་། མཉམ་ཉིད་སྟོང་པ་གཞན་ལ་མ་ལྟོས་པ་དང་། བདེ་བ་སོ་སོར་རྟོག་པ། གཞན་ལ་མ་ལྟོས་པ་དང་། ཟུང་བྱ་བ་ནན་ཏན། འཇུག་དང་འོད་གསལ་ཆེན་པོར་འགྱུར་རོ། །དེ་ཉིད་དབུ་མའི་དོན། སྒོམ་པ་དང་། སྤྱོད་པ་ལམ་དུ་འཁྱེར་བར་བྱ་སྟེ། སྤྱོད་ལམ་ཕྱག་རྒྱ་ཆེན་པོའི་དོན། དང་ མ་བྲལ་ན། རྨི་ལམ་རྫོགས་ཆེན་གྱི་དོན་ཁོ་ན་འཆར། དུ་གཏན་ལ་དབབ། རྨི་ལམ་སྣང་བ་བར་དོ་གསུམ་ཁྱད་མེད་པར། ཅི་འདྲ་བར་ཤེས་པ་དང་། གཏུམ་མོ་བསྒོམས་པས་དྲོད་རྟགས། དྲོད་མི་སྐྱེ་མི་སྲིད། དེ་ནས་རྣམ་རྟོག་མི་འགག་མི་སྲིད། དེ་ནས་ཡེ་ཤེས་མི་འཆར་མི་སྲིད། དེ་ནས་སངས་མི་རྒྱ་མི་སྲིད་དོ། །དེ་ནས་སངས་མ་རྒྱ་མི་སྲིད་དོ། །གཏུམ་མོའི་ལམ་རིམ་མོ། ། 2-10-6a བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཨུ་པ་དེ་ཤ བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་མན་ངག་ནི། །གླིང་བཞི་རྐང་ལག བསྡུས་ལ་རྒྱ་མཚོ་བྲག་ལྟོ་བ་སྒལ་པ་ལ། ལ་གཏད། །དར་ཆེན་ལྕེ་རྩེ། འཕྱར་ལ་ཆུ་མིག་མིག་གཉིས། གྱེན་ལ་ བཟློག །འོག་རླུང་གྱེན་ཧཱུྃ་གིས། ལ་དྲངས་ལ་སྙིང་གར་ཕྱིན། །སྟག་མོའི་མཆོང་སྟངས་ལུས་སྤྲུག ཁྱི་མོའི་སྐྱུག་ཧག་ཧག ཚུལ་བྱ། །ཡི་དྭགས་ཀྱི་རྐང་རྐང་ལག་གཡབ། སྟེང་སྣ་གཉིས། འོག་སྲིན་པོའི་སྒོ། རླུང་གིས་བསྡམ་པར་བཤད། དེ་ནི་བཟུང་བའི་མན་ངག་གོ། རྩ་མིག་དགག་པའི་མན་ངག་ནི། །ཆུ་སྣོད་གཡས་གཡོན་ལན་གསུམ་གཅུ། །ཁྱི་མོའི་སྐྱུག་ཚུལ་ལན་གསུམ་དང་། ། སེང་གེའི་སྟང་སྟབས་ལན་གསུམ་བྱ། སིག་སིག །ལུས་ལ་ཁྱབ་པར་བྱ་བ་ནི། །དཔུང་པ་གཡོན་པའི་སྟེང་དག་ཏུ། །ཨོལ་མདུད་ལན་གསུམ་གཅུས་ཤིང་བཞག །ལུས་ཀུན་ལ་ནི་ཁྱབ་པར་འགྱུར། །བླ་མ་རིན་པོ་ཆེ་དྭགས་པོ་ལྷ་ རྗེའི་མན་ངག་ཟབ་མོའོ།། །།ཞེས་པ་འདི་ནི། རྗེ་ཉིད་ཀྱི་དཔོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོ། རི་བོ་ཤནྟིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་བགྱིས་པའོ། །ཤེས་བྱ་ཡི་གེ་འདི། ཨེའི་ཁྲི་འཕང་ནས། དཀོན་མཆོག་སྐྱབས་ཀྱིས་སོར་མོའི་རྩེ་ནས་གྲུབ། །མངྒ་ལམྦྷ་ཝནྟུ།། །། 2-10-6b empty page 2-11-1a ༄༅། །རྗེ་སྒམ་པོ་པའི་ཞལ་གདམས་ལམ་མཆོག་རིན་པོ་ཆེའི་ཕྲེང་ བ་ཞེས་བྱ་བ་བཞུགས་སོ།། །། 2-11-1b ༄༅། །ན་མོ་རཏྣ་གུ་རུ། གང་ཞིག་འཁོར་བའི་རྒྱ་མཚོ་འཇིགས་སུ་རུང་ཞིང་བརྒལ་དཀའ་བ་ལས་སྒྲོལ་བར་མཛད་ པའི་བཀའ་བརྒྱུད་རིན་པོ་ཆེའི་སྤྱོད་པ་རྣམ་པར་དག་པས་བརྒྱན་ཞིང་བྱིན་རླབས་ཀྱི་ཆུ་རྒྱུན་རྒྱ་མཚོ་ཆེན་པོའི་དབྱིངས་ལྟར་ཟད་མི་ ཤེས་པ་སྨོན་ལམ་རྒྱ་ཆེ་ཞིང་ཡུན་རིང་བ་ལྷུན་གྱིས་གྲུབ་པའི་སྒྲུབ་བརྒྱུད་དྲི་མ་མེད་པའི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་ སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ་ལོ། །བཀའ་བརྒྱུད་དེ་དག་ལས་བྱུང་བའི་གསུང་གི་རྒྱུན་ཡུན་རིང་པོར་ཡིད་ལ་ 2-11-2a བརྣག་པར་བྱས་ཏེ། དངོས་དང་བརྒྱུད་ཀྱིས་རང་ཉིད་ལ་ཡིད་གདུངས་པའི་སྐལ་ལྡན་རྣམས་ལ་ཤིན་ཏུ་གཅེས་པའི་ གདམས་ངག་ལམ་མཆོག་ཏུ་གྱུར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ཞིག་ཡི་གེའི་རིས་སུ་བཀོད་པར་བགྱིའོ། །དེ་ཡང་རྟེན་གྱི་གང་ཟག་ ཐར་པ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་པས། དང་པོར་འཕངས་པའི་ཆོས་བཅུ་རྗེས་སུ་དྲན་པར་བྱ་བ་ནི། རྙེད་པར་དཀའ་བའི་མི་ལུས་གཙང་མ་འདི། །མི་དགེ་སྡིག་པའི་ལས་ལ་སྤྱད་དུ་འཕངས། །ལྡན་པར་དཀའ་བའི་དལ་འབྱོར་ 2-11-2b མི་ལུས་གཙང་མ་འདི། །ཆོས་མེད་ཐ་མལ་གྱི་ལུས་སུ་ཤི་རུ་འཕངས། །སྙིགས་མའི་དུས་ཀྱི་མི་ཚེ་ཡུན་ཐུང་ཡུད་ཙམ་འདི། །དོན་མེད་བྱ་བའི་ ལས་ལ་ཟད་དུ་འཕངས། །རང་སེམས་ཆོས་སྐུའི་རང་བཞིན་སྤྲོས་མེད་འདི། །འཁྲུལ་པ་འཁོར་བའི་འདམ་དུ་བྱིང་དུ་འཕངས། །ལམ་སྣ་འདྲེན་པའི་ བླ་མ་དམ་པ་དེ། །བྱང་ཆུབ་མ་ཐོབ་བར་དུ་འབྲལ་དུ་འཕངས། །ཐར་པའི་གྲུ་གཟིངས་སྡོམ་པ་འདམ་ཚིག་དེ། །ཉོན་མོངས་བག་མེད་རྐྱེན་དབང་ གིས་བཤིག་ཏུ་འཕངས། །བླ་མའི་དྲིན་གྱིས་རང་ལ་རྙེད་པའི་རྟོགས་པ་དེ། །འདུ་བྱེད་ཚང་ཚིང་གི་གསེབ་ཏུ་སྟོར་དུ་འཕངས། །གྲུབ་ཐོབ་རྣམས་ཀྱི་ མན་ངག་ཟབ་མོ་དེ། །མི་ནག་སྐལ་མེད་རྣམས་ལ་ཟོང་དུ་བཙོང་དུ་འཕངས། །འགྲོ་བ་སེམས་ཅན་དྲིན་ཅན་ཕ་མ་རྣམས། །སྡང་བའི་སེམས་ཀྱིས་ 2-11-3a སྤོང་ཞིང་འདོར་བ་འཕངས། །གཞོན་པའི་ལང་ཚོ་དར་མའི་སྒོ་གསུམ་དེ། །ཐ་མལ་བཏང་སྙོམས་ངང་དུ་བཞག་ཏུ་འཕངས། །དེ་ནི་ འཕངས་པའི་ཆོས་བཅུ་ཡིན་ནོ། ༈ །དགོས་པའི་ཆོས་བཅུ་ནི། རང་གི་ཕོ་ཚོད་ཟིན་པས་གྲོས་ཀྱི་གཞི་རྩ་མ་འཆུགས་པ་ཞིག་དགོས། དད་པ་ དང་བརྩོན་འགྲུས་ཀྱིས་བླ་མ་དམ་པའི་བཀའ་བཞིན་སྒྲུབ་པ་ཞིག་དགོས། གང་ཟག་གི་སྐྱོན་ཡོན་ཤེས་པས་བླ་མའི་གདམས་ཁ་མ་ནོར་བ་ ཞིག་དགོས། ཤེས་རབ་དང་དད་པ་ནན་ཏན་གྱིས་བླ་མ་དམ་པའི་ཐུགས་དགོངས་ལོན་པ་ཞིག་དགོས། དྲན་པ་དང་ཤེས་བཞིན་བག་ཡོད་དང་ལྡན་པས་ སྒོ་གསུམ་ཉེས་སྐྱོན་གྱིས་མ་གོས་པ་ཞིག་དགོས། གོ་ཆ་དང་སྙིང་སྟོབས་ཀྱིས་ཡིད་དམ་བརྟན་ཞིང་ཚུགས་ཐུབ་པ་ཞིག་དགོས། ཆགས་མེད་ ཞེན་མེད་ཀྱི་སྤྱོད་པས་སྣ་ཐག་མི་ལ་མ་ཤོར་བ་ཞིག་དགོས། སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པས་རྟག་ཏུ་ཚོགས་གཉིས་གསོག་པ་ལ་བརྩོན་ 2-11-3b པ་ཞིག་དགོས། བྱམས་པ་དང་སྙིང་རྗེས་དངོས་སམ་བརྒྱུད་ནས་སེམས་ཅན་གྱི་དོན་ལ་བློ་ཕྱོགས་པ་ཞིག་དགོས། ཤེས་རབ་དང་གོ་རྟོགས་ཀྱིས་ཆོས་ཐམས་ཅད་ དངོས་པོ་དང་མཚན་མར་མ་ཤོར་བ་ཞིག་དགོས། དེ་ནི་དགོས་པའི་ཆོས་བཅུ་ཡིན་ནོ། །བསྟེན་པར་བྱ་བའི་ཆོས་བཅུ་ནི། རྟོགས་པ་དང་ཐུགས་རྗེ་ལྡན་ པའི་བླ་མ་དམ་པ་བསྟེན། དབེན་ཞིང་ཉམས་དགའ་ལ་བྱིན་ཆགས་པའི་དགོན་པ་བསྟེན། ལྟ་སྤྱོད་མཐུན་ཞིང་བློ་ཐུབ་པའི་གྲོགས་པོ་བསྟེན། འཚོ་བ་ཡོ་བྱད་ ཀྱི་སྐྱོན་དྲན་ཞིང་ཚོད་ཟིན་པ་བསྟེན། གྲུབ་ཐོབ་བརྒྱུད་པའི་མན་ངག་ཕྱོགས་མེད་བསྟེན། རང་གཞན་ལ་ཕན་པའི་རྫས་སྨན་སྔགས་དང་རྟེན་འབྲེལ་ཟབ་མོ་བསྟེན། ཁམས་ ལ་འཕྲོད་པའི་ཟས་དང་ཐབས་ལམ་བསྟེན། ཉམས་ལ་ཕན་པའི་ཆོས་དང་སྤྱོད་ལམ་བསྟེན། དད་གུས་སྐལ་བར་ལྡན་པའི་སློབ་མ་བསྟེན། སྤྱོད་ལམ་རྣམ་བཞིར་རྒྱུན་དུ་དྲན་ པ་དང་ཤེས་བཞིན་བསྟེན། དེ་ནི་བསྟེན་པར་བྱ་བའི་ཆོས་བཅུའོ། ༈ །སྤང་བར་བྱ་བའི་ཆོས་བཅུ་ནི། ཅི་བྱེད་འཇིག་རྟེན་ཆོས་བརྒྱད་དང་འདྲེས་པའི་སློབ་དཔོན་ 2-11-4a སྤང་། སེམས་དང་ཉམས་ལ་གནོད་པའི་འཁོར་འདབ་དང་གྲོགས་ངན་སྤང་། གཡེང་བ་ཆེ་ཞིང་འཚེ་བ་མང་བའི་གནས་དང་དགོན་པ་སྤང་། རྐུ་ཕྲོག་གཡོ་སྒྱུས་ བསྒྲུབས་པའི་འཚོ་བ་སྤང་། སེམས་དང་ཉམས་ལ་གནོད་པའི་ལས་དང་བྱ་བ་སྤང་། ཁམས་ལ་གནོད་པའི་ཟས་དང་སྤྱོད་ལམ་སྤང་། འདོད་འདུན་སེར་སྣས་བཅིངས་པའི་འཛིན་ཆགས་ སྤང་། ཕ་རོལ་མི་དད་པའི་རྒྱུ་བག་མེད་པའི་སྤྱོད་ལམ་སྤང་། དོན་མེད་འགྲོ་འདུག་གི་ལས་དང་བྱ་བ་སྤང་། རང་སྐྱོན་སྦས་ནས་གཞན་སྐྱོན་སྒྲོག་པ་སྤང་། དེ་ནི་སྤང་བར་བྱ་བའི་ ཆོས་བཅུའོ། ༈ །མི་སྤང་བར་བྱ་བའི་ཆོས་བཅུ་ནི། སྣང་བ་སེམས་ཀྱི་རང་འོད་ཡིན་པས་མི་སྤང་། རྣམ་རྟོག་ཆོས་ཉིད་ཀྱི་རོལ་པ་ཡིན་པས་མི་སྤང་། ཉོན་མོངས་ ཡེ་ཤེས་ཀྱི་གསལ་འདེབས་ཡིན་པས་མི་སྤང་། འདོད་ཡོན་ཉམས་རྟོགས་ཀྱི་ཆུ་ལུད་ཡིན་པས་མི་སྤང་། ན་ཚ་སྡུག་བསྔལ་དགེ་བའི་བཤེས་གཉེན་ཡིན་པས་མི་སྤང་། དགྲ་ བགེགས་ཆོས་ཉིད་ཀྱི་བསྐུལ་མ་ཡིན་པས་མི་སྤང་། ཤུགས་ལ་བྱུང་ན་དངོས་གྲུབ་ཡིན་པས་མི་སྤང་། ཐབས་ལམ་གང་ཡང་ཤེས་རབ་ཀྱི་ལམ་སྟེགས་ཡིན་པས་མི་ 2-11-4b སྤང་། འགྲུབ་ཅིང་ལྕོགས་པའི་ལུས་ཀྱི་ཆོས་སྤྱོད་མི་སྤང་། ནུས་པ་ཆུང་ཡང་གཞན་དོན་གྱི་བསམ་པ་མི་སྤང་། དེ་ནི་མི་སྤང་བར་བྱ་བའི་ཆོས་བཅུ་ཡིན་ནོ། ༈ །ཤེས་པར་བྱ་ བའི་ཆོས་བཅུ་ནི། ཕྱིའི་སྣང་བ་འཁྲུལ་པར་འདུག་པས་བདེན་མེད་དུ་ཤེས་པར་བྱ། ནང་གི་སེམས་ཉིད་བདག་མེད་དུ་འདུག་པས་སྟོང་པར་ཤེས་པར་བྱ། བར་གྱི་ རྣམ་རྟོག་རྐྱེན་སྐྱེས་སུ་འདུག་པས་གློ་བུར་དུ་ཤེས་པར་བྱ། འབྱུང་བཞིའི་ལུས་ངག་འདུས་བྱས་སུ་འདུག་པས་མི་རྟག་པར་ཤེས་པར་བྱ། སེམས་ཅན་གྱི་བདེ་ སྡུག་ཐམས་ཅད་ལས་ལས་འབྱུང་བས་ལས་འབྲས་མི་བསླུ་བར་ཤེས་པར་བྱ། སྡུག་བསྔལ་ངེས་པར་འབྱུང་གི་རྒྱུ་རུ་འདུག་པས་དགེ་བའི་བཤེས་གཉེན་དུ་ཤེས་པར་བྱ། བདེ་སྐྱིད་འཁོར་བའི་ རྩ་བར་འདུག་པས་ཞེན་ཆགས་བདུད་དུ་ཤེས་པར་བྱ། འདུ་འཛི་ཆོས་ཀྱི་འགལ་རྐྱེན་དུ་འདུག་པས་བསོད་ནམས་བར་ཆད་དུ་ཤེས་པར་བྱ། བར་ཆད་དགེ་སྦྱོར་གྱི་བསྐུལ་མར་ འདུག་པས་དགྲ་བགེགས་བླ་མར་ཤེས་པར་བྱ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་འདུག་པས་གང་ལ་ཡང་མཉམ་པ་ཉིད་དུ་ཤེས་པར་བྱ། དེ་ནི་ཤེས་པར་ 2-11-5a བྱ་བའི་ཆོས་བཅུ་ཡིན་ནོ། ༈ །ཉམས་སུ་བླང་བའི་ཆོས་བཅུ་ནི། ཆོས་སྒོར་ཞུགས་ནས་མི་ཆོས་ཀྱི་ཁྱུ་རུ་མི་འཇུག་པར་ཆོས་བཞིན་ཉམས་སུ་བླང་། རང་ ཡུལ་སྤངས་ནས་མི་ཡུལ་དུ་གཞི་མི་འདིངས་པར་ཆགས་མེད་ཉམས་སུ་བླང་། བླ་མ་དམ་པ་བསྟེན་ནས་ང་རྒྱལ་སྤངས་ཏེ་བཀའ་བཞིན་ཉམས་སུ་བླང་། ཐོས་བསམ་ ལ་བློ་སྦྱངས་ནས་ཁ་བཤད་མི་བྱ་བར་ཤེས་པ་དོན་ཐོག་ཏུ་ཉམས་སུ་བླང་། རྟོགས་པ་རྒྱུད་ལ་ཤར་ནས་འཆལ་པར་བཏང་སྙོམས་སུ་མི་བཏང་བར་ཡེངས་མེད་ དུ་ཉམས་སུ་བླང་། ཉམས་ལེན་རྒྱུད་ལ་སྐྱེས་ནས་ཚོགས་སུ་འདུ་འཛི་ལ་མི་འཇུག་པར་དབེན་པར་ཉམས་སུ་བླང་། ཁས་བླངས་ཤིང་དམ་བཅས་ནས་སྒོ་གསུམ་བག་མེད་དུ་མི་བཏང་ བར་བསླབ་པ་གསུམ་ཉམས་སུ་བླང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རང་དོན་མི་བྱེད་པར་ཅི་བྱེད་གཞན་དོན་དུ་ཉམས་སུ་བླང་། སྔགས་ཀྱི་སྒོར་ཞུགས་ནས་སྒོ་གསུམ་ ཐ་མལ་དུ་མི་བཞག་པར་དཀྱིལ་འཁོར་གསུམ་ཉམས་སུ་བླང་། གཞོན་པའི་དུས་སུ་དོན་མེད་ས་མཐའ་མི་བསྐོར་བར་བཤེས་གཉེན་དམ་པའི་ཞབས་དྲུང་ན་དཀའ་ 2-11-5b ཐུབ་ཉམས་སུ་བླང་ངོ་། །དེ་ནི་ཉམས་སུ་བླང་བའི་ཆོས་བཅུ་ཡིན་ནོ། ༈ །ནན་ཏན་དུ་བྱ་བའི་ཆོས་བཅུ་ནི། ལས་དང་པོ་པས་ཐོས་བསམ་ལ་ནན་ཏན་བྱ། ཉམས་ མྱོང་སྐྱེས་ནས་སྒོམ་སྒྲུབ་ལ་ནན་ཏན་བྱ། བརྟན་པ་མ་ཐོབ་བར་དུ་དབེན་པ་ལ་ནན་ཏན་བྱ། འཕྲོ་རྒོད་ཤས་ཆེ་ན་རིག་པ་གཅུན་པ་ལ་ནན་ཏན་བྱ། བྱིང་རྨུགས་ཤས་ཆེ་ན་ རིག་པ་གཡེར་བ་ལ་ནན་ཏན་བྱ། བློ་མ་བརྟན་བར་དུ་མཉམ་བཞག་ལ་ནན་ཏན་བྱ། མཉམ་བཞག་ལ་བརྟེན་ནས་རྗེས་ཐོབ་ལ་ནན་ཏན་བྱ། མི་མཐུན་པའི་འགལ་རྐྱེན་མང་ན་བཟོད་པ་གསུམ་ ལ་ནན་ཏན་བྱ། འདོད་འདུན་ཆགས་ཞེན་ཆེ་ན་ཞེན་པ་བཙན་ཐབས་སུ་ལོག་པ་ལ་ནན་ཏན་བྱ། བྱམས་དང་སྙིང་རྗེ་ཤས་ཆུང་ན་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་ནན་ཏན་བྱ། དེ་ནི་ནན་ཏན་བྱ་བའི་ ཆོས་བཅུའོ། ༈ །བསྐུལ་མ་གདབ་པའི་ཆོས་བཅུ་ནི། དལ་འབྱོར་རྙེད་དཀའ་བ་ལ་བསམས་ཏེ་དམ་པའི་ཆོས་ལ་བསྐུལ་མ་གདབ། འཆི་བ་མི་རྟག་པ་ལ་བསམས་ ཏེ་དགེ་སྦྱོར་ལ་བསྐུལ་མ་གདབ། ལས་རྒྱུ་འབྲས་མི་བསླུ་བ་ལ་བསམས་ཏེ་སྡིག་པ་མི་དགེ་བ་སྤང་བ་ལ་བསྐུལ་མ་གདབ། འཁོར་བའི་ཉེས་དམིགས་ལ་བསམས་ཏེ་ཐར་ 2-11-6a པ་བསྒྲུབ་པ་ལ་བསྐུལ་མ་གདབ། འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བསྐུལ་མ་གདབ། སེམས་ཅན་གྱི་བློ་ཕྱིན་ཅི་ལོག་ཏུ་ འཁྲུལ་པ་ལ་བསམས་ཏེ་ཐོས་བསམ་ལ་བསྐུལ་མ་གདབ། འཁྲུལ་པའི་བག་ཆགས་སྤང་བར་དཀའ་བ་ལ་བསམས་ཏེ་སྒོམ་སྒྲུབ་ལ་བསྐུལ་མ་གདབ། སྙིགས་མའི་དུས་འདིར་ཉོན་མོངས་པ་ ཤས་ཆེ་བ་ལ་བསམས་ཏེ་གཉེན་པོ་ལ་བསྐུལ་མ་གདབ། སྙིགས་མའི་དུས་འདིར་འགལ་རྐྱེན་མང་བ་ལ་བསམས་ཏེ་བཟོད་པ་ལ་བསྐུལ་མ་གདབ། ཕར་ཡེངས་ཚུར་ཡེངས་ཡེངས་མ་ལམ་ལ་ མི་ཚེ་སྟོང་ཟད་དུ་སོང་བ་ལ་བསམས་ཏེ་བརྩོན་འགྲུས་ལ་བསྐུལ་མ་གདབ། དེ་ནི་བསྐུལ་མ་གདབ་པའི་ཆོས་བཅུ་ཡིན་ནོ། ༈ །འཆོར་བ་བཅུ་ནི། དད་པ་ཆུང་ལ་ ཤེས་རབ་ཆེ་ན་ཁ་བཤད་མཁན་དུ་འཆོར་བ་ཡིན། དད་པ་ཆེ་ལ་ཤེས་རབ་ཆུང་ན་སྡུག་བཙིར་ཨ་འཐས་སུ་འཆོར་བ་ཡིན། སྙིང་རུས་ཆེ་ལ་གདམས་ངག་མེད་ན་ སྐྱོན་དང་གོལ་སར་འཆོར་བ་ཡིན། སྔོན་དུ་ཐོས་བསམ་གྱི་སྒྲོ་འདོགས་མ་བཅད་ན་སྒོམ་མུན་པའི་སྐྱེ་མཆེད་དུ་འཆོར་བ་ཡིན། གོ་རྟོགས་སོ་མ་ལ་ཉམས་ལེན་མ་བྱས་ 2-11-6b ན་དྲེད་པོ་ཆོས་རྒྱུས་མཁན་དུ་འཆོར་བ་ཡིན། ཐབས་སྙིང་རྗེ་ཆེན་པོ་ལ་བློ་མ་སྦྱངས་ན་ལམ་ཐེག་པ་དམན་པར་འཆོར་བ་ཡིན། ཤེས་རབ་སྟོང་ཉིད་ལ་བློ་མ་སྦྱངས་ན་ཅི་བྱས་འཁོར་བའི་ ལམ་དུ་འཆོར་བ་ཡིན། འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་མ་སྙོམས་ན་ཅི་བྱེད་འཇིག་རྟེན་གྱི་རྒྱན་དུ་འཆོར་བ་ཡིན། གྲོང་པ་སྐྱེ་བོའི་དད་འདུན་མང་ན་མི་ནག་གི་ངོ་བསྲུང་དུ་འཆོར་བ་ཡིན། ཡོན་ཏན་དང་ ནུས་མཐུ་ཆེ་ལ་བློ་མི་བརྟན་ན་མི་ནག་གི་གྲོང་ཆོག་མཁན་དུ་འཆོར་བ་ཡིན། དེ་ནི་འཆོར་བ་བཅུ་ཡིན་ནོ། ༈ །འདྲ་མིན་གྱི་ནོར་ས་བཅུ་ནི། དད་པ་དང་འདོད་པ་ལ་ནོར་ ས་ཡོད། བྱམས་སྙིང་རྗེ་དང་ཆགས་པ་ལ་ནོར་ས་ཡོད། ཤེས་བྱ་གཤིས་ཀྱི་སྟོང་པ་དང་བློས་བྱས་ཀྱི་སྟོང་པ་ལ་ནོར་ས་ཡོད། ཆོས་ཀྱི་དབྱིངས་དང་ཆད་ལྟ་ ལ་ནོར་ས་ཡོད། ཉམས་མྱོང་དང་རྟོགས་པ་ལ་ནོར་ས་ཡོད། བཙུན་པོ་དང་ཚུལ་འཆོས་ལ་ནོར་ས་ཡོད། འཁྲུལ་ཞིག་དང་བདུད་ཁྱེར་ལ་ནོར་ས་ཡོད། གྲུབ་ཐོབ་དང་ཟོག་པོ་ལ་ནོར་ས་ཡོད། གཞན་དོན་བྱེད་ པ་དང་རང་དོན་བྱེད་པ་ལ་ནོར་ས་ཡོད། ཐབས་མཁས་པ་དང་གཡོ་སྒྱུ་ལ་ནོར་ས་ཡོད། དེ་ནི་འདྲ་མིན་གྱི་ནོར་ས་བཅུའོ། ༈ །མ་ནོར་བའི་ཆོས་བཅུ་ནི། དངོས་པོ་གང་ 2-11-7a ལ་ཡང་མ་ཆགས་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་མ་ནོར་བ་ཡིན། བླ་མ་དམ་པ་དགེ་བའི་བཤེས་གཉེན་མགོ་ལ་ཐོད་བཞིན་དུ་ ཁུར་བ་ནི་མ་ནོར་བ་ཡིན། ཆོས་ལ་ཐོས་བསམ་སྒོམ་གསུམ་ཕྲུག་མར་བྱེད་པ་རྣམས་ནི་མ་ནོར་བ་ཡིན། ལྟ་བ་མཐོ་ལ་སྤྱོད་པ་དམའ་བ་ནི་མ་ནོར་བ་ཡིན། བློ་ཡངས་ལ་དམ་ བཅའ་དོག་པ་ནི་མ་ནོར་བ་ཡིན། ཤེས་རབ་ཆེ་ལ་ང་རྒྱལ་ཆུང་བ་ནི་མ་ནོར་བ་ཡིན། གདམས་ངག་ཕྱུག་ལ་ཉམས་ལེན་ལ་བརྩོན་པ་ནི་མ་ནོར་བ་ཡིན། ཉམས་རྟོགས་བཟང་ལ་རློམ་སེམས་མེད་ པ་ནི་མ་ནོར་བ་ཡིན། གཅིག་པུར་སྡོད་ཚུགས་ལ་ཚོགས་སུ་ཡན་ཐུབ་པ་ནི་མ་ནོར་བ་ཡིན། རང་དོན་གྱི་འཁྲི་བ་མེད་ལ་གཞན་དོན་གྱི་ཐབས་ལ་མཁས་པ་ནི་མ་ནོར་བ་ཡིན། དེ་ནི་མ་ནོར་ བའི་ཆོས་བཅུ་ཡིན་ནོ། ༈ །དོན་མེད་པའི་ཆོས་བཅུ་བཞི་ནི། མི་ལུས་ཐོབ་ནས་དམ་པའི་ཆོས་མི་དྲན་པ་ནི་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལོག་བྱས་པ་དང་ འདྲ་སྟེ་དོན་མེད། ཆོས་སྒོར་ཞུགས་ནས་ཁྱིམ་ཐབ་བྱེད་པ་ནི་ཕྱེ་མ་ལེབ་མར་མེ་ལ་མཆོང་པ་དང་འདྲ་སྟེ་དོན་མེད། དད་མེད་ཆོས་མཛད་ཀྱི་དྲུང་ན་གནས་པ་ 2-11-7b ནི་རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་བ་དང་འདྲ་སྟེ་དོན་མེད། རྩ་བ་བཞི་དང་བདག་ཏུ་འཛིན་པའི་གཉེན་པོར་མ་སོང་བའི་ཆོས་ནི་སྟ་རེ་དང་སྡོང་པོ་ལྷན་ཅིག་ཏུ་བཞག་པ་ དང་འདྲ་སྟེ་དོན་མེད། ཉོན་མོངས་ཀྱི་གཉེན་པོར་མ་སོང་བའི་མན་ངག་ནི་ནད་པས་སྨན་རྐྱལ་ཐོགས་པ་དང་འདྲ་སྟེ་དོན་མེད། རྒྱུད་ཐོག་ཏུ་མ་ཁེལ་བའི་ཐ་སྙད་ལ་ལྕེ་སྦྱངས་ པ་ནི་ནེ་ཙོས་ཁ་ཏོན་བྱས་པ་དང་འདྲ་སྟེ་དོན་མེད། རྐུ་ཕྲོག་གཡོ་སྒྱུས་མ་བྱིན་པར་བླངས་ནས་སྦྱིན་པ་བྱེད་པ་ནི་སློག་པ་ཆུར་བཅུག་པ་དང་འདྲ་སྟེ་དོན་མེད། སེམས་ཅན་ལ་གནོད་ པ་བསྐྱལ་ནས་དཀོན་མཆོག་མཆོད་པ་ནི་བུའི་ཤ་བཅད་ནས་མ་ལ་སྟེར་བ་དང་འདྲ་སྟེ་དོན་མེད། ཚེ་འདིའི་རང་འདོད་ཀྱི་ཕྱིར་ཚུལ་འཆོས་དང་བཟོད་པ་དང་དུ་ལེན་པ་ནི་བྱི་ལས་ བྱི་བ་ལ་འཇབ་པ་དང་འདྲ་སྟེ་དོན་མེད། ཚེ་འདིའི་གྲགས་སྙན་དང་བསྙེན་བཀུར་འདོད་པས་དགེ་བ་རླབས་ཆེན་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བིལ་བ་རྡོག་པོ་ གཅིག་གམ། སྤང་ཟན་རྡོག་པོ་གཅིག་གམ། ཟན་རྡོག་པོ་གཅིག་དང་བརྗེས་པ་དང་འདྲ་སྟེ་དོན་མེད། མང་དུ་ཐོས་ཀྱང་རང་རྒྱུད་སྦྲམ་བོར་ལུས་པ་ནི་སྨན་པ་གཅོང་ནད་ཀྱིས་ཟིན་པ་དང་འདྲ་སྟེ་དོན་མེད་པ་འདྲ་སྟེ་དོན་མེད། 2-11-8a གདམས་ངག་མཁས་པ་ཉམས་མྱོང་མེད་པ་ནི་ཕྱུག་པོའི་བང་མཛོད་ཀྱི་ལྡེ་མིག་མེད་པ་དང་འདྲ་སྟེ་དོན་མེད། རང་གིས་ཆོས་ཀྱི་དོན་མ་རྟོགས་ པར་གཞན་ལ་བཤད་པ་ནི་ལོང་བས་ལོང་བ་ཁྲིད་པ་དང་འདྲ་སྟེ་དོན་མེད། ཐབས་ལས་བྱུང་བའི་ཉམས་མྱོང་ལ་མཆོག་ཏུ་བཟུང་ནས་གནས་ལུགས་ཀྱི་དོན་མི་ འཚོལ་བ་ནི་ར་གལ་ལ་གསེར་དུ་འཛིན་པ་དང་འདྲ་སྟེ་དོན་མེད། དེ་ནི་དོན་མེད་པའི་ཆོས་བཅུ་བཞི་ཡིན་ནོ། ༈ །ཆོས་པའི་མཚང་བཅོ་བརྒྱད་ནི། དབེན་པར་ བསྡད་ནས་ཚེ་འདིའི་ཆེ་ཐབས་སྒྲུབ་པ་ནི་ཆོས་པའི་མཚང་། ཚོགས་བརྩོན་བྱས་ནས་རང་འདོད་སྒྲུབ་པ་ནི་ཆོས་པའི་མཚང་། ཆོས་མཁས་ལ་སྡིག་ལ་མི་ འཛེམ་པ་ནི་ཆོས་པའི་མཚང་། གདམས་ངག་ཆེ་ལ་རང་རྒྱུད་ཐ་མལ་དུ་ལུས་པ་ནི་ཆོས་པའི་མཚང་། ཚུལ་ཁྲིམས་བཙུན་ལ་འདོད་པ་ཆེ་བ་ནི་ཆོས་པའི་མཚང་། ཉམས་ རྟོགས་བཟང་ལ་རང་རྒྱུད་མ་ཐུལ་བ་ནི་ཆོས་པའི་མཚང་། ཆོས་སྒོར་ཞུགས་ནས་མི་ཆོས་ཀྱི་ཆགས་སྡང་མ་སྤངས་པ་ནི་ཆོས་པའི་མཚང་། མི་ཆོས་བཤོལ་ཏེ་ལྷ་ 2-11-8b ཆོས་བྱས་ནས་སོ་ནམ་གྱི་བྱ་བ་བློས་མ་ཐོངས་པ་ནི་ཆོས་པའི་མཚང་། དོན་གོ་རྙེད་ནས་ཉམས་སུ་མི་ལེན་པ་ནི་ཆོས་པའི་མཚང་། ཉམས་ལེན་གྱི་དམ་བཅའ་བྱས་ནས་སྡོད་མི་ཚུགས་ པ་ནི་ཆོས་པའི་མཚང་། བྱ་རྒྱུ་ཆོས་ལས་མེད་ཀྱང་སྤྱོད་པ་སོ་མི་ཐུབ་པ་ནི་ཆོས་པའི་མཚང་། ལྟོ་རྒྱབ་ཤུགས་ལས་འབྱུང་ཡང་སེམས་འཚོལ་འཕྲོ་ལ་ཞུགས་པ་ནི་ཆོས་པའི་མཚང་། དགེ་སྦྱོར་གྱི་ནུས་ པ་ནད་པ་དང་སྲིའུ་ལ་སྤྲུག་པ་ནི་ཆོས་པའི་མཚང་། གདམས་ངག་ཟབ་མོ་ཟས་ནོར་གྱི་ཕྱིར་སྟོན་པ་ནི་ཆོས་པའི་མཚང་། བདག་ལ་ཐབས་ཀྱིས་བསྟོད་ཅིང་གཞན་ལ་ཐབས་ཀྱིས་སྨོད་ པ་ནི་ཆོས་པའི་མཚང་། གདམས་ངག་གཞན་ལ་བཤད་ཅིང་རང་རྒྱུད་ཆོས་དང་མི་མཐུན་པ་ནི་ཆོས་པའི་མཚང་། གཅིག་པུར་སྡོད་མི་ཚུགས་པར་མི་དང་འགྲོགས་མི་ཤེས་པ་ནི་ཆོས་པའི་མཚང་། སྐྱིད་ མི་ཐུབ་ཅིང་སྡུག་མི་ཐེག་པ་ནི་ཆོས་པའི་མཚང་། དེ་ནི་ཆོས་པའི་མཚང་བཅོ་བརྒྱད་དོ། ༈ །མེད་ཐབས་མེད་པའི་ཆོས་བཅུ་གཉིས་ནི། དང་པོ་སྐྱེ་ཤིས་གཏིང་ ནས་འཇིགས་པའི་དད་པ་ཞིག་མེད་ཐབས་མེད། ཐར་པའི་ལམ་སྣ་འདྲེན་པའི་བླ་མ་དམ་པ་ཞིག་མེད་ཐབས་མེད། རྒྱུད་ལ་དོན་གོ་ལོན་པའི་ཤེས་རབ་ཅིག་མེད་ 2-11-9a ཐབས་མེད། གོ་ཆ་དང་སྙིང་སྟོབས་སུ་ལྡན་པའི་བརྩོན་འགྲུས་ཤིག་མེད་ཐབས་མེད། བསླབ་གསུམ་དང་ཚོགས་གཉིས་ཀྱི་ཆོག་པ་མེད་པའི་ བསགས་པ་ཞིག་མེད་ཐབས་མེད། ཤེས་བྱའི་གནས་ལུགས་རྟོགས་པའི་ལྟ་བ་ཞིག་མེད་ཐབས་མེད། སེམས་ཉིད་གར་བཞག་ཏུ་གནས་པའི་སྒོམ་པ་ཞིག་མེད་ཐབས་མེད། བྱེད་སྤྱོད་ ཐམས་ཅད་ལམ་དུ་ཁྱེར་བའི་སྤྱོད་པ་ཞིག་མེད་ཐབས་མེད། རྐྱེན་བགེགས་བདུད་དང་གོལ་ས་སྤོང་བའི་གདམས་ངག་ཞིག་མེད་ཐབས་མེད། གདམས་ངག་ཚིག་ཏུ་མ་ལུས་པའི་ཉམས་ ལེན་ཞིག་མེད་ཐབས་མེད། ལུས་སེམས་འབྲལ་བའི་ཚེ་ན་བློ་བདེ་བའི་ཞེ་གདེངས་ཆེན་པོ་ཞིག་མེད་ཐབས་མེད། སྐུ་གསུམ་རང་ལ་ལྷུན་གྱིས་གྲུབ་པའི་འབྲས་བུ་ཞིག་མེད་ཐབས་མེད་དོ། ། དེ་ནི་མེད་ཐབས་མེད་པའི་ཆོས་བཅུ་གཉིས་ཡིན་ནོ། ༈ །སྐྱེས་བུ་དམ་པའི་རྟགས་བཅུ་ནི། ཕྲག་དོག་དང་ང་རྒྱལ་ཆུང་བ་ནི་སྐྱེས་བུ་དམ་པའི་རྟགས། འདོད་པ་ཆུང་ ཞིང་དངོས་པོ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ནི་སྐྱེས་བུ་དམ་པའི་རྟགས། ཚུལ་འཆོས་དང་ངོས་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། བྱ་བ་གང་ཡང་བརྟགས་ 2-11-9b ཤིང་དཔྱད་ནས་ཤེས་བཞིན་དུ་དྲན་པས་ཟིན་པར་བྱེད་པ་ནི་སྐྱེས་བུ་དམ་པའི་རྟགས། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་བསྲུང་བ་ནི་སྐྱེས་བུ་དམ་པའི་རྟགས། སྡོམ་པ་དང་དམ་ཚིག་ ལ་ངོས་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། སེམས་ཅན་ལ་ཉེ་རིང་གསར་འགྲོགས་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། གཞན་གྱིས་སྡིག་གསོག་པ་ལ་ཁོང་མི་ཁྲོ་ཞིང་བཟོད་པར་བྱེད་ པ་ནི་སྐྱེས་བུ་དམ་པའི་རྟགས། རྒྱལ་ཁ་ཐམས་ཅད་གཞན་ལ་སྟེར་ཞིང་ཕམ་ཁ་རང་ལ་ལེན་པ་ནི་སྐྱེས་བུ་དམ་པའི་རྟགས། བསམ་སྤྱོད་གང་ཡང་འཇིག་རྟེན་པ་གཞན་དང་མི་མཐུན་པ་ནི་ སྐྱེས་བུ་དམ་པའི་རྟགས། དེ་ནི་སྐྱེས་བུ་དམ་པའི་རྟགས་བཅུ་ཡིན་ནོ། །དེ་དག་ལས་ལྡོག་པ་ནི་སྐྱེས་བུ་ངན་པའི་རྟགས་ཡིན་ནོ། ༈ །ཕན་པ་མེད་པའི་ཆོས་ བཅུ་ནི། སྒྱུ་མའི་ལུས་ལ་བསྙེན་བཀུར་དང་རིམ་གྲོ་ཇི་ཙམ་བྱས་ཀྱང་མི་རྟག་པ་ཡིན་པས་ཕན་པ་མེད། ཟང་ཟིང་གི་ནོར་ལ་སེར་སྣ་དང་བརྣབ་སེམས་ཇི་ཙམ་བྱས་ ཀྱང་རང་འཆི་བའི་ནངས་པར་སྒྲེན་མོ་ལག་སྟོང་དུ་འགྲོ་བས་ཕན་པ་མེད། མཁར་པེའུ་དང་ཁང་བཟང་ལ་དཀའ་བ་ཇི་སྙེད་ཅིག་སྤྱད་ནས་བརྩིགས་ཀྱང་རང་འཆི་བའི་ 2-11-10a ནངས་པར་གཅིག་པོར་འགྲོ་ཞིང་རོ་ཡང་སྒོར་འདོན་པས་ཕན་པ་མེད། བུ་དང་ཚ་བོ་ལ་བྱམས་པའི་སེམས་ཀྱིས་ནོར་རྫས་ཀྱི་དངོས་པོ་ཇི་ཙམ་ ཞིག་ཕོག་ཀྱང་རང་འཆི་བའི་དུས་སུ་ཕན་སྟོབས་སྐད་ཅིག་ཀྱང་མེད་པས་ཕན་པ་མེད། གཉེན་གྲོགས་ལ་བརྩེ་གདུང་གི་སེམས་འཛིན་དང་། ངོ་སྲུང་ཇི་སྙེད་ཅིག་ བྱས་ཀྱང་རང་འཆི་བའི་ནངས་པར་གཅིག་པུར་གྲོགས་མེད་དུ་འགྲོ་དགོས་པས་ཕན་པ་མེད། བུ་དང་ཚ་འོ་མང་ཡང་མི་རྟག་པས་བདག་གིས་སྦྱིན་པའི་དངོས་པོ་བདོག་པ་ ཡང་འདོར་བར་ངེས་པས་ཕན་པ་མེད། ཚེ་འདིའི་དོན་དུ་ས་བཅད་མངའ་རིས་དང་ལས་མཐའ་ལ་འབད་རྩོལ་ཇི་སྙེད་ཅིག་བྱས་ཀྱང་རང་འཆི་བའི་ནངས་པར་གནས་དང་ འབྲེལ་བ་གཏན་མེད་དུ་འགྲོ་བས་ཕན་པ་མེད། དད་པས་ཆོས་སྒོར་ཞུགས་ཀྱང་ཆོས་བཞིན་མ་སྤྱད་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པས་ཕན་པ་མེད། ཐོས་བསམ་ ལ་བློ་སྦྱངས་ནས་ཆོས་ཇི་སྙེད་ཅིག་ཤེས་ཀྱང་ཉམས་སུ་མ་བླངས་ན། འཆི་ཁར་ལམ་དུ་འཁྱེར་རྒྱུ་མེད་པས་ཕན་པ་མེད། དགེ་བའི་བཤེས་གཉེན་དམ་པའི་ 2-11-10b དྲུང་དུ་ཡུན་རིང་བསྡད་ཀྱང་རང་ལ་དད་གུས་མེད་ན་གོང་མའི་ཡོན་ཏན་དང་བྱིན་རླབས་མི་འགོ་བས་ཕན་པ་མེད། དེ་ནི་ཕན་པ་མེད་པའི་ཆོས་བཅུ་ཡིན་ནོ། ༈ ། རང་སྡུག་རང་གིས་བྱས་པའི་ཆོས་བཅུ་ནི། བཟའ་མེད་པའི་ཁྱིམ་ཐབས་བྱེད་པ་དེ། གླེན་པས་བཙན་དུག་ཟོས་པ་དང་འདྲ་སྟེ་རང་སྡུག་རང་གིས་ཉོས་པ་ཡིན། ཆོས་མེད་ སྡིག་པ་བྱེད་པ་ནི། སྨྱོན་པ་གཡང་ལ་མཆོང་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། གཞན་ལ་ཟོལ་ཟོག་བྱེད་པ་དེ། དུག་ཅན་གྱིས་ཁ་ཟས་འདྲེན་ པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། བློ་ཆུང་མི་དཔོན་བྱེད་པ་དེ། རྒན་མོས་ཕྱུགས་སྐྱོང་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ལྷག་བསམ་ གྱིས་གཞན་དོན་ལ་མི་བརྩོན་པར། ཆོས་བརྒྱད་ཀྱིས་རང་དོན་ལ་བརྩོན་པ་ནི། ལོང་བ་བྱང་ཐང་ལ་འཁོར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། མི་འགྲུབ་པའི་བྱ་བ་ཚན་ པོ་ཆེ་ལ་འཇུག་པ་ནི། ཉམ་ཆུང་ཁུར་ཆེན་པོ་ཁུར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ང་རྒྱལ་གྱིས་བླ་མ་དམ་པ་དང་རྒྱལ་བའི་བཀའ་ཁྱད་དུ་གསོད་པ་དེ། དབང་པོ་ཆེའི་ 2-11-11a འདུན་མ་ནོར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ཉམས་ལེན་བཤོལ་ནས་གྲོང་ལ་འགྲིམ་པ་ནི། རི་དྭགས་ཀླུང་དུ་བབས་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། གཉུག་མའི་ ཡེ་ཤེས་མི་སྐྱོང་བར། འདུ་འཛིའི་སྤྲོས་པས་གཡེང་བར་བྱེད་པ་དེ། མཁའ་ལྡིང་གཤོག་པ་ཆག་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། བླ་མ་དཀོན་མཆོག་གི་དཀོར་ལ་བག་མེད་ དུ་སྤྱོད་པ་དེ། བུ་ཆུང་མེ་མདག་འགམ་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། དེ་ནི་རང་སྡུག་རང་གིས་བྱས་པའི་ཆོས་བཅུ་ཡིན་ནོ། ༈ །རང་དྲིན་རང་ ལ་ཆེ་བའི་ཆོས་བཅུ་ནི། མི་ཆོས་ཀྱི་ཆགས་སྡང་སྤངས་ནས་དམ་པའི་ལྷ་ཆོས་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ཁྱིམ་ཐབ་དང་གཉེན་གྲོགས་སྤངས་ ནས་སྐྱེས་བུ་དམ་པ་བསྟེན་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། འདུ་འཛིའི་བྱ་བ་བཏང་ནས་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། གྲོང་པ་དང་ འདྲིས་བཤེས་སྤངས་ནས་དབེན་པར་གཅིག་པུར་སྡོད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། འདོད་ཡོན་གྱི་འཁྲི་བ་བཅད་ནས་ཆགས་མེད་ལ་ཚུགས་ཐུབ་པ་ནི་རང་དྲིན་ 2-11-11b རང་ལ་ཆེ་བ་ཡིན། ངན་ངོན་ལ་ཆོག་ཤེས་ཤིང་བཟང་པོ་ལ་འདོད་འདུན་མེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། རང་དབང་གཞན་ལ་མི་བསྐུར་བར་ཡིད་དམ་བཅའ་ལ་བརྟན་པར་བྱེད་པ་ནི་ རང་དྲིན་རང་ལ་ཆེ་བ་ཡིན། ཚེ་འདིའི་འཕྲལ་བདེ་ལ་མི་ལྟ་བར་གཏན་བདེའི་བྱང་ཆུབ་བསྒྲུབ་པར་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། དངོས་པོའི་མངོན་ཞེན་སྤངས་ནས་སྟོང་པ་ཉིད་ཉམས་ སུ་ལེན་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། སྒོ་གསུམ་ཐ་མལ་དུ་མི་སྡོད་པར་ཚོགས་གཉིས་ཟུང་འཇུག་ལ་འབད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། དེ་ནི་རང་དྲིན་རང་ལ་ཆེ་ བའི་ཆོས་བཅུ་ཡིན་ནོ། ༈ །ཡང་དག་པའི་ཆོས་བཅུ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ནི། དབང་པོ་ཐ་མའི་ཡང་དག་པའི་ལྟ་བ་ཡིན། ཕྱི་ནང་གི་ཆོས་ཐམས་ཅད་ སྣང་བ་དང་སྟོང་པ། རིག་པ་དང་སྟོང་པ་ཟུང་འཇུག་བཞི་རུ་རྟོགས་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་ལྟ་བ་ཡིན། བལྟ་བྱ་ལྟ་བྱེད་རྟོགས་པ་གསུམ་དབྱེར་ མེད་དུ་རྟོགས་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་ལྟ་བ་ཡིན། དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ནི། དབང་པོ་ཐ་མའི་ཡང་དག་པའི་སྒོམ་ 2-11-12a པ་ཡིན། ཟུང་འཇུག་བཞིའི་ཏིང་ངེ་འཛིན་ལ་གནས་པ་ནི། དབང་པོ་འབྲིང་གི་ཡང་དག་པའི་སྒོམ་པ་ཡིན། བསྒོམ་བྱ་སྒོམ་བྱེད་ཉམས་མྱོང་གསུམ་ དབྱེར་མེད་ཅིང་། མི་དམིགས་པའི་ངང་ལ་གནས་པ་ནི། དབང་པོ་རབ་ཀྱི་ཡང་དག་པའི་སྒོམ་པ་ཡིན། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་བསྲུང་བ་ ནི། དབང་པོ་ཐ་མའི་ཡང་དག་པའི་སྤྱོད་པ་ཡིན། ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མའི་ཚུལ་དུ་སྤྱོད་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་ སྤྱོད་པ་ཡིན། གང་དང་ཅི་ལ་ཡང་མི་སྤྱོད་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་སྤྱོད་པ་ཡིན། བདག་འཛིན་དང་ཉོན་མོངས་པ་མཐའ་དག་ཇེ་ཆུང་ཇེ་ཞི་ལ་སོང་བ་ནི། དབང་པོ་རབ་འབྲིང་ཐ་མ་གསུམ་ཀའི་ཡང་དག་པའི་དྲོད་རྟགས་ཡིན་ནོ། །དེ་ནི་ཡང་དག་པའི་ཆོས་བཅུ་ཡིན་ནོ། ༈ །ཆོས་པའི་འཁྲུལ་པ་བཅུ་ནི། དམ་ པའི་ཆོས་ཚུལ་བཞིན་སྒྲུབ་པའི་བླ་མ་ལ་མི་བསྟེན་པར། ཟོག་པོ་ཁ་བཤད་མཁན་གྱི་རྗེས་སུ་འབྲང་བ་ནི་ཤིན་ཏུ་འཁྲུལ། གྲུབ་ཐོབ་སྙན་རྒྱུད་ཀྱི་གདམས་ 2-11-12b ངག་མི་འཚོལ་བར། དོན་མེད་ཀྱི་རིག་པའི་ཆོས་ལ་ནན་ཏན་བྱེད་པ་ནི་ཤིན་ཏུ་འཁྲུལ། སྣང་བ་འཕྲལ་ཤར་ལ་མི་ཚེ་ཅི་ཕྱིད་མི་བྱེད་པར། གཏན་དུ་སྡོད་བརྩིས་ཀྱི་ཤོམ་ར་ རྒྱའོ་ཆེ་བྱེད་པ་ནི་ཤིན་ཏུ་འཁྲུལ། རང་གཅིག་པུར་ཆོས་ཀྱི་དོན་ལ་མི་སེམས་པར། འཁོར་མངས་གི་ནང་ན་ཆོས་བཤད་བྱེད་པ་ནི་ཤིན་ཏུ་འཁྲུལ། ལོངས་སྤྱོད་ཁ་ ལྷག་མཆོད་སྦྱིན་དུ་མི་གཏོང་བར། སེར་སྣ་དང་གཡོ་སྒྱུས་ནོར་རྫས་གསོག་པ་ནི་ཤིན་ཏུ་འཁྲུལ། དམ་ཚིག་སྡོམ་པ་ཚུལ་བཞིན་མི་སྲུང་བར། སྒོ་གསུམ་ བག་མེད་འཆལ་པར་གཏོང་བ་ནི་ཤིན་ཏུ་འཁྲུལ། གནས་ལུགས་རྟོགས་པའི་དོན་ལ་གོམས་འདྲིས་མི་བྱེད་པར། མི་ཚེ་དོན་ཆུང་གི་བྱ་བྱེད་ཕ་རེ་ཚུ་རེ་ལ་ཟད་པར་ བྱེད་པ་ཤིན་ཏུ་འཁྲུལ། འཁྲུལ་པ་ལངས་ཤོར་ཅན་གྱི་རང་རྒྱུད་མི་ཐུལ་བར། དམུ་རྒོད་བྱིས་པའི་གཞན་རྒྱུད་འདུལ་བ་ཤིན་ཏུ་འཁྲུལ། རྒྱུད་ལ་སྐྱེས་པའི་ཉམས་མྱོང་མི་སྐྱོང་བར། ཚེ་འདིའི་ ཆེ་ཐབས་སྐྱོང་བ་ཤིན་ཏུ་འཁྲུལ། ད་རེས་རྟེན་འབྲེལ་འཛོམ་པའི་ཐོག་ལ་བརྩོན་འགྲུས་མི་རྩོམ་པར། ལེ་ལོ་སྙོམ་ལས་ལ་དགའ་བ་ཤིན་ཏུ་འཁྲུལ། དེ་ནི་ཆོས་པའི་འཁྲུལ་ 2-11-13a པ་བཅུ་ཡིན་ནོ། ༈ །དགོས་པའི་ཆོས་བཅུ་ནི། དང་པོ་སྐྱེ་ཤིས་འཇིགས་པའི་དད་པ་ཤ་བ་བཙོན་དོང་ནས་འབྲོས་པ་ལྟ་བུ་ཞིག་དགོས། བར་དུ་ཤི་ཡང་མི་འགྱོད་པའི་བརྩོན་འགྲུས་ཞིང་པ་སོ་ནམ་རེམ་པ་ལྟ་བུ་ཞིག་དགོས། ཐ་མར་བློ་བདེ་བ་བྱ་བ་རླབས་ཅན་ཟིན་པའི་སྐྱེས་བུ་ལྟ་བུ་ཞིག་དགོས། དང་པོ་ ལོང་མེད་དུ་ཤེས་པ་སྐྱེས་བུའི་གནད་ལ་མདའ་ཕོག་པ་ལྟ་བུ་ཞིག་དགོས། བར་དུ་ཡེངས་མེད་དུ་སྒོམ་པ་བུ་གཅིག་པོ་ཤི་བའི་མ་ལྟ་བུ་ཞིག་དགོས། ཐ་མར་བྱར་མེད་དུ་ཤེས་པ་ཕྱུགས་ མ་དགྲས་དེད་པའི་རྫི་བོ་ལྟ་བུ་ཞིག་དགོས། དང་པོ་ཆོས་ལ་ངེས་ཤེས་སྐྱེས་པ་ལྟོགས་པ་ཁ་ཟས་བཟང་པོ་དང་འཕྲད་པ་ལྟ་བུ་ཞིག་དགོས། བར་དུ་རང་སེམས་ལ་ངེས་ཤེས་སྐྱེས་ པ་གྱད་ཀྱི་ནོར་བུ་རྙེད་པ་ལྟ་བུ་ཞིག་དགོས། ཐ་མ་གཉིས་མེད་ལ་ངེས་ཤེས་སྐྱེས་པ་ཟོག་པོ་རྫུན་ཕུགས་རྡིབ་པ་ལྟ་བུ་ཞིག་དགོས། དེ་ཁོ་ན་ཉིད་ལ་ཁོ་ཐག་ཆོད་པ་གཟིངས་ནས་འཕུར་ བའི་བྱ་རོག་ལྟ་བུ་ཞིག་དགོས། དེ་ནི་དགོས་པའི་ཆོས་བཅུ་ཡིན་ནོ། ༈ །མི་དགོས་པའི་ཆོས་བཅུ་ནི། སེམས་ཉིད་སྟོང་པར་རྟོགས་ན་ཐོས་བསམ་བྱ་མི་དགོས། རིག་པ་ 2-11-13b དྲི་མེད་དུ་ཤེས་ན་སྡིག་པ་སྦྱང་མི་དགོས། རྣལ་མའི་ལམ་ལ་གནས་ན་ཚོགས་བསག་མི་དགོས། གཉུག་མའི་ངང་ལ་སྐྱོང་ན་ཐབས་ལམ་བསྒོམ་མི་དགོས། རྣམ་རྟོག་ཆོས་ ཉིད་དུ་ཤེས་ན་མི་རྟོག་པ་བསྒོམ་མི་དགོས། ཉོན་མོངས་པ་རྩ་བྲལ་དུ་ཤེས་ན་གཉེན་པོ་བསྟེན་མི་དགོས། སྣང་གྲགས་སྒྱུ་མར་ཤེས་ན་དགག་སྒྲུབ་བྱ་མི་དགོས། སྡུག་བསྔལ་དངོས་གྲུབ་ཏུ་ ཤེས་ན་བདེ་བ་བཙལ་མི་དགོས། རང་སེམས་སྐྱེ་མེད་དུ་རྟོགས་ན་འཕོ་བ་བྱ་མི་དགོས། གང་ཡང་གཞན་དོན་དུ་བྱས་ན་རང་དོན་བསྒྲུབ་མི་དགོས། དེ་ནི་མི་དགོས་པའི་ཆོས་ བཅུ་ཡིན་ནོ། ༈ །ཁྱད་པར་འཕགས་པའི་ཆོས་བཅུ་ནི། རིགས་དྲུག་གི་སེམས་ཅན་ཇི་སྙེད་པའི་ནང་ནས་དལ་འབྱོར་དང་ལྡན་པའི་མི་ལུས་ཤིག་ཁྱད་པར་དུ་ འཕགས། མི་ནག་ཆོས་མེད་ཇི་སྙེད་པའི་ནང་ནས་ཆོས་ལྡན་གྱི་གང་ཟག་ཅིག་ཁྱད་པར་དུ་འཕགས། ལམ་གྱི་ཐེག་པ་ཇི་སྙེད་པའི་ནང་ནས་སྙིང་པོའི་དོན་གྱི་ཐེག་ པ་འདི་ཁྱད་པར་དུ་འཕགས། ཐོས་བསམ་ལས་བྱུང་བའི་ཤེས་རབ་ཇི་སྙེད་པ་བས། སྒོམ་བྱུང་གི་ཤེས་རབ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། འདུས་བྱས་ཀྱི་དགེ་བ་ཇི་སྙེད་ 2-11-14a ཅིག་སྤྱོད་པ་བས། འདུས་མ་བྱས་ཀྱི་དགེ་བ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། དམིགས་བྱས་ཀྱི་ཏིང་ངེ་འཛིན་ཇི་སྙེད་ཅིག་བསྒོམས་པ་བས་དམིགས་ མེད་ཀྱི་ཏིང་ངེ་འཛིན་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། ཟག་བཅས་ཀྱི་བདེ་བ་ཇི་སྙེད་ཅིག་སྤྱོད་པ་བས། ཟག་མེད་ཀྱི་བདེ་བ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། རྒྱུད་ ལ་ཉམས་ཀྱི་བདེ་བ་ཇི་སྙེད་ཅིག་སྐྱེས་པ་བས། རྟོགས་པ་སྐད་ཅིག་མ་གཅིག་ཤར་བ་ཁྱད་པར་དུ་འཕགས། ཆེད་དུ་བྱས་པའི་ལེགས་སྤྱད་ཇི་སྙེད་ཅིག་སྤྱད་པ་བས། ཆེད་དུ་བྱ་བ་ མེད་པའི་སྤྱོད་པ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། ཟང་ཟིང་གི་གཏོང་འགྱེད་ཇི་སྙེད་ཅིག་བྱས་པ་བས། དངོས་པོ་ཅི་ཡང་མ་བཟུང་བ་ཁྱད་པར་དུ་འཕགས། དེ་ནི་ ཁྱད་པར་དུ་འཕགས་པའི་ཆོས་བཅུ་ཡིན་ནོ། ༈ །ཇི་ལྟར་བྱས་ཀྱང་ལེགས་པའི་ཆོས་བཅུ་ནི། བློ་སེམས་ཆོས་སུ་སོང་བའི་གང་ཟག་གིས། བྱ་བ་བཏང་ཡང་ ལེགས་ལ་མ་བཏང་ཡང་ལེགས། སྒྲོ་འདོགས་སེམས་ལ་ཆོད་པའི་གང་ཟག་གིས། བསྒོམས་ཀྱང་ལེགས་ལ་མ་བསྒོམས་ཀྱང་ལེགས། འདོད་ཡོན་ལ་ 2-11-14b འཁྲི་བ་ཆོད་པའི་གང་ཟག་གིས། ཆགས་མེད་བྱས་ཀྱང་ལེགས་ལ་མ་བྱས་ཀྱང་ལེགས། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་གིས། ཕུག་སྟོང་དུ་ཉལ་ཡང་ ལེགས་ལ་མང་པོའི་ཚོགས་དཔོན་བྱས་ཀྱང་ལེགས། སྣང་བ་སྒྱུ་མར་ཤེས་པའི་གང་ཟག་གིས་གཅིག་པུར་རི་ཁྲོད་དུ་བསྡད་ཀྱང་ལེགས་ལ། རྒྱལ་ཁམས་ཕྱོགས་ མེད་བསྐོར་ཡང་ལེགས། སེམས་ལ་དབང་ཐོབ་པའི་གང་ཟག་གིས། འདོད་པའི་ཡོན་ཏན་སྤངས་ཀྱང་ལེགས་ལ་བརྟེན་ཀྱང་ལེགས། བྱང་ཆུབ་ཀྱི་སེམས་དང་ ལྡན་པའི་གང་ཟག་གིས། དབེན་པར་སྒྲུབ་པ་བྱས་ཀྱང་ལེགས་ལ། ཚོགས་སུ་གཞན་དོན་བྱས་ཀྱང་ལེགས། མོས་གུས་ཐང་ལྷོད་མེད་པའི་གང་ཟག་གིས། བླ་ མའི་ཞབས་དྲུང་དུ་བསྡད་ཀྱང་ལེགས་ལ་མ་བསྡད་ཀྱང་ལེགས། མང་དུ་ཐོས་ཤིང་དོན་གོ་བར་ལྡན་པའི་གང་ཟག་ལ། དངོས་གྲུབ་བྱུང་ཡང་ལེགས་ལ། བར་ཆད་ བྱུང་ཡང་ལེགས། རྟོགས་པ་མཆོག་ཐོབ་པའི་གང་ཟག་ལ། ཐུན་མོང་གི་གྲུབ་རྟགས་ཡོད་ཀྱང་ལེགས་ལ་མེད་ཀྱང་ལེགས། དེ་ནི་ཇི་ལྟར་བྱས་ཀྱང་ལེགས་པའི་ 2-11-15a ཆོས་བཅུ་ཡིན་ནོ། ༈ །དམ་པའི་ཆོས་ཀྱི་ཡོན་ཏན་བཅུ་ནི། ཆོས་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སྔགས་ཀྱི་སྨིན་ གྲོལ་ལ་སོགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ནི། དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །མིའི་ནང་ནས་རྒྱལ་རིགས་ཆེ་ཞིང་མཐོ་བ་དང་། བྲམ་ཟེའི་ རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དང་། རྒྱལ་ཆེན་བཞི་ལ་སོགས་པ་འདོད་ཁམས་ཀྱི་ལྷ་རིགས་དྲུག་དང་། གཟུགས་ཁམས་ ཀྱི་ལྷ་རིགས་བཅུ་བདུན་དང་། གཟུགས་མེད་པའི་ལྷ་རིགས་བཞི་འཇིག་རྟེན་ན་འབྱུང་བ་ནི། དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་འབྱུང་ 2-11-15b བ་ནི། དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སེམས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་ཐུགས་རྗེ་རང་ཤར་གྱི་གཟུགས་སྐུ་གཉིས་ཀྱི་ཇི་སྲིད་འཁོར་ བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི། དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སེམས་ཅན་ཉེ་བར་འཚོ་བའི་ཡོ་བྱད་གང་ལ་གང་ འོས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བས་ན། དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། ། ངན་སོང་དང་མི་ཁོམ་པའི་གནས་ན་ཡང་གནས་སྐབས་ཀྱི་བདེ་བ་ཅུང་ཟད་ཡོད་པ་དེ་དག་ཐམས་ཅད་ཀྱང་། དཀར་པོ་དགེ་བའི་བསོད་ནམས་ལས་གྲུབ་པས་ན། དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྐྱེས་བུ་ངན་པ་དག་ཀྱང་དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་སྣ་འགྱུར་ནས་སྐྱེས་བུ་དམ་པའི་རིགས་སུ་འགྱུར་ཞིང་། མི་ ཀུན་གྱིས་གཙུག་ཏུ་འཁུར་བའི་གནས་སུ་གྱུར་པ་ནི། དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྔར་སྡིག་པ་མི་དགེ་བ་ལ་བག་མེད་དུ་སྤྱད་ཅིང་དམྱལ་བའི་བུད་ཤིང་ 2-11-16a གི་རྒྱུ་གསོག་པ་དེ་ཡང་། དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་སྣ་འགྱུར་ནས་མཐོ་རིས་དང་ཐར་པའི་བདེ་བ་ལ་རེག་པར་གྱུར་པ་ནི། དམ་པའི་ཆོས་ཀྱི་ ཡོན་ཏན་ཡིན་ནོ། །དམ་པའི་ཆོས་ལ་དད་པ་ཙམ་མམ། མོས་པ་ཙམ་མམ། དགའ་བ་ཙམ་མམ། ཆ་ལུགས་འཛིན་པ་ཙམ་ཡང་ཀུན་གྱི་ཡིད་དུ་འོང་ཞིང་། བསྙེན་ བཀུར་གྱི་གནས་སུ་གྱུར་པ་ནི། དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །བདོག་པའི་དངོས་པོ་ཐམས་ཅད་སྤངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། རི་ཁྲོད་དགོན་པ་དག་ཏུ་ཡིབ་ནས་བསྡད་ཀྱང་འཚོ་བའི་ཡོ་བྱད་ཕུན་སུམ་ཚོགས་པར་འབྱུང་བ་ནི། དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །དེ་ནི་དམ་པའི་ཆོས་ ཀྱི་ཡོན་ཏན་མདོར་བསྡུས་པའི་ཆོས་བཅུ་ཡིན་ནོ། ༈ །མིང་ཙམ་གྱི་ཆོས་བཅུ་ནི། གཞིའི་གནས་ལུགས་བསྟན་དུ་མེད་པས་གཞི་མིང་ཙམ་ཡིན། ལམ་ལ་བགྲོད་ བྱ་བགྲོད་བྱེད་མེད་པས་ལམ་མིང་ཙམ་ཡིན། གནས་ལུགས་ལ་བལྟ་བྱ་ལྟ་བྱེད་མེད་པས་རྟོགས་པ་མིང་ཙམ་ཡིན། གཉུག་མ་ལ་བསྒོམ་བྱ་སྒོམ་བྱེད་ 2-11-16b མེད་པས་ཉམས་མྱོང་མིང་ཙམ་ཡིན། གཤིས་ལ་སྤྱད་བྱ་སྤྱོད་བྱེད་མེད་པས་སྤྱོད་པ་མིང་ཙམ་ཡིན། དོན་ལ་བསྲུང་བྱ་སྲུང་བྱེད་མེད་པས་དམ་ཚིག་མིང་ཙམ་ཡིན། དོན་ལ་བསག་བྱ་གསོག་བྱེད་མེད་པས། ཚོགས་གཉིས་མིང་ཙམ་ཡིན། དོན་ལ་སྦྱང་བྱ་སྦྱོང་བྱེད་མེད་པས་སྒྲིབ་གཉིས་མིང་ཙམ་ཡིན། དོན་ལ་སྤང་བྱ་སྤོང་ བྱེད་མེད་པས་འཁོར་བ་མིང་ཙམ་ཡིན། དོན་ལ་ཐོབ་བྱ་ཐོབ་བྱེད་མེད་པས། འབྲས་བུ་མིང་ཙམ་ཡིན། དེ་ནི་མིང་ཙམ་གྱི་ཆོས་བཅུ་ཡིན་ནོ། ༈ །བདེ་བ་ཆེན་ པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཆོས་སྐུར་གནས་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། གཞི་ཆོས་ཉིད་ཀྱི་ དབྱིངས་ལ་མཚན་མའི་སྤྲོས་པ་མེད་པས། བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། མཐའ་བྲལ་བློ་འདས་ཀྱི་རྟོགས་པ་ལ། ཕྱོགས་རིས་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་ པོར་ལྷུན་གྱིས་གྲུབ། ཡིད་ལ་བྱ་བ་མེད་པའི་ཉམས་མྱོང་ལ། དམིགས་པའི་སྤྲོས་པ་མེད་པས། བདེ་བ་ཆེན་པོར་ལྷུན་གྱི་གྲུབ། བྱ་བྲལ་རྩོལ་མེད་ཀྱི་སྤྱོད་པ་ལ། བླང་ 2-11-17a དོར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཆོས་སྐུ་ལ། གཟུང་འཛིན་གྱི་སྤྲོས་ པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་བྱུང་གི་ལོངས་སྐུ་ལ། སྐྱེ་ཤི་འཕོ་འགྱུར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་ཤར་གྱི་སྤྲུལ་སྐུ་ལ། གཉིས་སྣང་འདུ་བྱེད་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། བསྟན་པ་ཆོས་ཀྱི་འཁོར་ལོ་ལ། བདག་ ལྟ་མཚན་མའི་སྤྲོས་པ་མེད་པས། བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཚད་མེད་ཐུགས་རྗེའི་ཕྲིན་ལས་ལ། རྒྱ་ཆད་ཕྱོགས་ལྷུང་མེད་པས་བདེ་བ་ཆེན་ པོར་ལྷུན་གྱིས་གྲུབ་པ་སྟེ། དེ་ནི་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ་ཡིན་ནོ། ༈ །ཟག་མེད་མཁྱེན་པ་དང་ལྡན་པའི་བླ་མ་དང་། རྗེ་བཙུན་ སྒྲོལ་མ་ལ་སོགས་ལྷག་པའི་ལྷ་རྣམས་ཀྱིས། བྱང་ཕྱོགས་ཁ་བ་ཅན་གྱི་བསྟན་པའི་གསལ་བྱེད་དུ། མངའ་གསོལ་བའི་དཔལ་ལྡན་མར་མེ་ 2-11-17b མཛད་ཡབ་སྲས་ཀྱི་གསུང་རྒྱུན་དྲི་མ་མེད་པ་རྣམས། བཀའ་གདམས་པའི་བླ་མ་སྐུ་དྲིན་ཅན་རྣམས་ལས་ཐོས་པ་དང་། རྒྱ་གར་འཕགས་པའི་ཡུལ་ དུ་ཉི་ཟླ་ལྟར་གྲགས་པའི་སྐྱེས་མཆོག་ནཱ་རོ་མཻ་ཏྲི་གཉིས་དང་། མར་པ་ལྷོ་བྲག་པ་ལ་སོགས་པའི་མཁས་གྲུབ་རྣམས་ཀྱི་ཐུགས་ཀྱི་བཅུད་འཛིན་པ། རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པས་རྗེས་སུ་བཟུང་བའི་གསུང་དྲི་མ་མེད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་ ཞེས་བྱ་བ། བཀའ་ཕྱག་གཉིས་ཀྱི་གདམས་པའི་མཛོད་འཆང་བ། ཤར་དྭགས་པོ་སྙི་སྒོམ་བསོད་ནམས་རིན་ཆེན་གྱིས་བྲིས་པ་རྫོགས་སོ།། །། རྗེ་སྒམ་པོ་པའི་ཞལ་ནས། མ་འོངས་པའི་གང་ཟག་བདག་ལ་མོས་ཤིང་། བདག་དང་མ་ཕྲད་སྙམ་པ་ཀུན་ཀྱང་། ཁོ་བོས་བརྩམས་པའི་ལམ་ མཆོག་རིན་པོ་ཆེའི་ཕྲེང་བ་དང་། ཐར་པ་རིན་པོ་ཆེའི་རྒྱན་ལ་སོགས་པའི་བསྟན་བཅོས་རྣམས་གཟིགས་པར་ཞུ། ང་དང་མངོན་སུམ་དུ་འཕྲད་པ་དང་ 2-11-18a ཁྱད་མེད་པར་ཡོད་ཀྱི་ཞེས་གསུངས་པར་འདུག་གོ། །།ཆོས་སྦྱིན་འཛད་མེད་འཇོ་བའི་པར་གྱི་དབྱིག །ལ་དྭགས་ཝ་གིནྡྲ་ ཡིས་བཞེངས་པའི་དགེས། སྲིད་ཞིའི་རྒྱ་སོགས་མི་མཐུན་ཀུན་ཞི་ནས། །མཁའ་མཉམ་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །དགེའོ། །དགེའོ། །དགེའོ། །པར་འདི་རྒྱལ་གྱི་ཤྲཱི་ནེའུ་སྟེང་དུ་བཞུགས་ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།། །། 2-12-1a ༄༅། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བསྟན་བཅོས་ལུང་གི་ཉི་འོད་ཅེས་བྱ་བ་བཞུགས་སོ། ། 2-12-1b ༄༅༅། །ན་མོ་གུ་རུ། སརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ སེམས་དོན་སྙིང་པོའི་གནས་ལུགས་གསལ་བྱེད་ལུང་གི་ཉི་འོད་ཅེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་སྡོམ། དཔལ་ལྡན་བླ་མ་དམ་ པའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་སྲིད་དང་མྱ་ངན་འདས་པའི་ཆོས། །སེམས་ཀྱི་རང་བཞིན་འོད་གསལ་སྟོང་ཉིད་དུ། །སྐལ་བཟང་འགྲོ་ལ་ཇི་བཞིན་གསལ་མཛད་པའི། །རྒྱལ་བ་རྒྱལ་སྲས་འཕགས་པའི་ཚོགས་ལ་འདུད། ། ཀུན་མཁྱེན་མཁྱེན་རབ་རབ་ཏུ་གསལ་ཞིང་ཞིང་འདིར་རྣམ་དག་དག་པའི་ཐུགས། །ཐུགས་རྗེས་རྗེས་བཟུང་བཟུང་འཛིན་དྲི་མ་མ་དག་དག་བྱེད་བྱེད་པར་སྟོན། །སྟོན་པས་ལེགས་གསུང་གསུང་མཆོག་མཆོག་དེ་དེ་ཉིད་ལེགས་ཤེས་ཤེས་ རབ་ཟབ། །ཟབ་དོན་དོན་མཆོག་མཆོག་ཏུ་ལེགས་སྟོན་སྟོན་མཆོག་བླ་མ་དེ་ལ་འདུད། །འཁོར་འདས་སྐྱོན་ཡོན་སྤང་བླང་ཐབས་ཀྱི་གཙོ། །སེམས་དོན་སྙིང་པོའི་གནས་ལུགས་གསལ་བྱེད་པ། །མདོ་རྒྱུད་བསྟན་བཅོས་མན་ངག་ཉི་མའི་ 2-12-2a འོད། །རང་གཞན་མུན་པ་སེལ་ཕྱིར་ཅུང་ཟད་བྲི། །འདིར་འཁོར་བ་དང་མྱ་ངན་ལས་འདས་པའི་སྡུག་བསྔལ་སྤང་ཞིང་། བདེ་བ་ཐོབ་པར་འདོད་པའི་གང་ཟག་གིས། བདག་རང་གི་སེམས་ཉིད་འདི་ཁོ་ན་ བསྒོམ་པར་བྱ་བ་ཡིན་ལ། དེ་ཡང་དོན་གཉིས་ཀྱིས་ཤེས་པར་བྱ་སྟེ། སེམས་དོན་ཉམས་སུ་ལེན་དགོས་པའི་རྒྱུ་མཚན་དང་། དེ་ལ་ཉམས་སུ་བླང་བར་བྱ་བའོ། །དང་པོ་ལ་གསུམ། སྐྱོན་ཡོན་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པ་དང་། སེམས་དོན་མ་བསྒོམས་པའི་ཉེས་དམིགས། སེམས་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི་འཁོར་འདས་ཀྱི་སྐྱོན་ཡོན་བདེ་སྡུག་ཐམས་ཅད་སེམས་ལ་བརྟེན་པའམ། སེམས་ལས་བྱུང་བའི་ཕྱིར་སེམས་ཉིད་བསྒོམ་པར་བྱ་བ་ཡིན་ཏེ། ཆོས་ ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པའི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཆོས་ཞེས་བགྱི་བའི་ཆོས་གང་ལགས་པ་དེ་ནི། ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ། གཞན་དུ་ན་རང་གི་ 2-12-2b སེམས་ལ་རག་ལས་པ་ནི་མ་གཏོགས་སོ། །དེ་ལྟ་བས་ན་བདག་རང་གིས་སེམས་ཤིན་ཏུ་བཟུང་བ་དང་། མཐར་གཏུགས་པ་དང་ཤིན་ཏུ་དུལ་བ་དང་ཤིན་ཏུ་མཉམ་པར་གཞག་པ་དང་། ཤིན་ཏུ་ཚར་ཆོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཡོད་པ་ལ་ནི་ཡོན་ཏན་དང་ཉེས་པ་རྣམས་ཡོད་ ཀྱིས། སེམས་མེད་པ་ལ་ནི་ཡོན་ཏན་དང་ཉེས་པ་རྣམས་མེད་དོ་སྙམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་ཉེས་པ་རྣམས་ལས་བཟློག་ནས་ཡོན་ཏན་རྣམས་ལ་འཇུག་སྟེ། དེ་ལྟ་བས་ན། ཆོས་ནི་སེམས་ལ་རག་ལས་ལ། བྱང་ཆུབ་ནི་ཆོས་ལ་རག་ལས་ཞེས་བགྱིའོ། །བཅོམ་ལྡན་འདས་ ནི་ཆོས་ཡང་དག་པར་འཛིན་པ་ལགས་ཏེ། བདེ་བར་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །ཞེས་པ་དང་། འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང་། འདི་ལྟ་སྟེ་དཔེར་ན། བུ་ག་ནས་རླུང་འཇུག་པ་དེ་བཞིན་དུ་གང་དང་གང་ནས་སེམས་ལ་སྐྱོན་བྱུང་བ་དེ་དང་དེ་ཉིད་ ནས་བདུད་ཀྱིས་གླགས་རྙེད་དོ། །དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་ལ་སྐྱོན་མེད་པར་བྱའོ། །དེ་ལ་སེམས་ལ་སྐྱོན་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡོངས་སུ་རྫོགས་པའོ། །ཞེས་དང་། འཕགས་པ་དཀོན་ མཆོག་སྤྲིན་ལས་ཀྱང་། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཞེས་དང་། འཇིག་རྟེན་སེམས་ཀྱིས་འཁྲིད་པ་སྟེ། །སེམས་ཀྱིས་སེམས་ནི་མི་མཐོང་ངོ་། །དགེ་བའམ་ནི་མི་དགེ་བ། །ལས་ ནི་སེམས་ཀྱིས་བསགས་པ་ཡིན། །སེམས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རླབས་དང་འདྲ་བར་གཡོ། །སེམས་ནི་ནགས་ཀྱིས་མེས་བཞིན་བསྲེག །སེམས་ནི་ཆུ་ཆེན་བཞིན་དུ་བསྐྱེད། །ཅེས་དང་། འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་། བྱང་ཆུབ་སེམས་དཔའི་ 2-12-3a སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ནོ། །ཞེས་པ་ནས། རིགས་ཀྱི་བུ་གང་འདི་སྙམ་དུ་སེམས་ཏེ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་ནི་རང་གི་སེམས་བརྟན་པར་བྱའོ། །བཟོད་པ་ནི་རང་གི་སེམས་ཉིད་མཉམ་པར་བྱའོ། །ཡེ་ཤེས་ཁོང་དུ་ཆུད་པ་ལ་ ནི་རང་གི་སེམས་ཉིད་གཞོལ་བར་བྱའོ། །ཤེས་རབ་ཀྱིས་ནི་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ། །དབང་པོ་རྣམས་ལ་རང་གི་སེམས་ཉིད་བསྲུང་བར་བྱའོ། །སངས་རྒྱས་དང་མཉམ་པ་ཉིད་ལ་ནི་རང་གི་སེམས་ཉིད་རྒྱས་པར་བྱའོ། །ཞེས་པ་དང་། ཡུམ་ཤེར་ཕྱིན་གྱི་མདོ་ལས་ ཀྱང་། སེམས་ཅན་གྱི་དོན་དུ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་སེམས་གཡེང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་གཡེངས་པ་ལ་ནི་འཇིག་རྟེན་པའི་བསམ་གཏན་བསྐྱེད་པར་ཡང་དཀོན་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས། དེ་ལྟ་བས་ན། བླ་ན་མེད་པའི་བྱང་ཆུབ་ཏུ་སངས་མ་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ། །ཞེས་པ་དང་། ཆོས་མངོན་པའི་མདོ་ལས་ཀྱང་། ཐོག་མ་མེད་པའི་དུས་ཅན་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པར་ འགྱུར་བ་ཡིན། །ཞེས་པ་དང་། དཔལ་འཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན། དེ་ལ་ཆོས་འཁོར་བ་ཞེས་བགྱི་བའམ་མྱ་ངན་ལས་འདས་པ་ཞེས་གདགས་སོ། །ཞེས་དང་། རྒྱུད་དགྱེས་རྡོར་ལས་ཀྱང་། འདི་ཉིད་འཁོར་བ་ཞེས་ཀྱང་བྱ། ། འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་ 2-12-3b འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་པ་དང་། ང་ལས་འགྲོ་བ་ཐམས་ཅད་འབྱུང་། །ང་ལ་གནས་གསུམ་པོ་ཡང་འབྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་ མ་མཐོང་། །ཞེས་པ་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ཀྱང་། རྣལ་མའི་དོན་ལ་གནས་ནས་ནི། །ཇི་ལྟར་བྱས་ཀྱང་གོལ་བར་འགྱུར། །སྐྱོན་ཡོན་འཁོར་འདས་བདེ་སྡུག་རྣམས། །ལྷན་ཅིག་སྐྱེས་པའི་ཡང་དག་གནས། །ཞེས་དང་། རྡོ་རྗེ་གུར་ལས་ཀྱང་། ཐོག་མ་མེད་ པའི་སྲིད་གྱུར་ནས། །ཕྱི་རོལ་དོན་དུ་བཏགས་པ་སྟེ། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཞིང་། །སེམས་ཉིད་ཀུན་ཏུ་སོང་བའོ། །ཞེས་དང་། ཉི་མའི་སྙིང་པོའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོས་གསོལ་པ། འཁོར་བར་འཇུག་པ་དང་ལྡོག་པ་ཇི་ལྟར་ ཤེས་པར་བགྱི། བཀའ་སྩལ་པ། གང་བདག་ཏུ་འཛིན་པ་དེ་འཁོར་བར་འཇུག་གོ། བདག་མེད་པར་ཤེས་པ་ནི་འཁོར་བ་ལས་ལྡོག་གོ། ཞེས་པ་དང་། ཡབ་སྲས་མཇལ་བ་ལས་ཀྱང་། གང་སེམས་ལ་རྣམ་རྟོག་ཡོད་ཀྱི་བར་འཇུག་ལ། ནམ་སེམས་ལ་རྣམ་རྟོག་མེད་ཙ་ན་ འཁོར་བ་ལས་ལྡོག་གོ། རྗེ་བཙུན་ཞི་བ་ལྷའི་ཞལ་ནས་ཀྱང་། ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་ཆེན་དམ་བཏགས་ནས། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ་རྣམས་ ཐམས་ཅད་དང་། །སེམས་ཅན་དམྱལ་བའི་སྲུང་མ་དང་། །བྱད་མ་དེ་བཞིན་སྲིན་པོ་རྣམས། །སེམས་ནི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་འདི་གཅིག་པུ་ཐུལ་བས་ན། །དེ་དག་ཐམས་ཅད་ཐུལ་བར་འགྱུར། །ཞེས་དང་། དེ་ལྟར་བདག་ 2-12-4a གི་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་པ་དང་། ས་ར་ཧའི་མན་ངག་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། ། གང་ལ་སྲིད་དང་མྱ་ངན་འདའ་འཕྲོ་བའི། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །གཉིས་པ་ནི་སེམས་ཀྱི་དོན་མ་བསྒོམས་ན་ལུས་ངག་གི་དགེ་བ་དཀའ་ཐུབ་དང་། ཚིག་ཙམ་གྱི་ཐོས་བསམ། དམིགས་ བཅས་ཀྱི་སྒོམ་པ་ལ་སོགས་གང་གིས་ཀྱང་གནས་སྐབས་ཀྱི་བདེ་འབྲས་ཙམ་ལས། མཐར་ཐུག་གི་དག་གྲོལ་མི་ཐོབ་སྟེ། དེ་ལྟར་ཆོས་ཡང་དག་པར་སྡུད་པའི་མདོ་ལས། དགེ་སློང་བུད་མེད་ཀྱི་ལུས་ཀྱི་རྣམ་པ་ཡིད་ལ་བྱེད་ན་ཚུལ་ཁྲིམས་ལ་གནས་ཀྱང་དཀའ་ཐུབ་པ་ ཞེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ཀྱི་ལས་ནི་སེམས་སྔོན་དུ་འགྲོ་ཞིང་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །དེས་ན་དེའི་ཚུལ་ཁྲིམས་དེ་ནི་དོན་མེད་པ་དང་། ཚིག་ཆད་པ་དང་བརྣགས་པ་མེད་པ་དང་། འབྲས་བུ་མེད་པར་འགྱུར་རོ། །དགེ་སློང་གང་རྒྱལ་པོའི་ཕོ་ བྲང་འཁོར་དང་བསོད་སྙོམས་དང་རྙེད་པ་དང་བཀུར་སྟི་ཡིད་ལ་བྱེད་ན་ཐོས་བསམ་ལ་བརྩོན་ཀྱང་། ཁ་ཏོན་པ་ཞེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ངག་གི་ལས་ནི་སེམས་སྔོན་དུ་འགྲོ་ཞིང་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །དེས་ན་དེའི་ཁ་ཏོན་དེ་ནི་དོན་མེད་པ་དང་། ཚིག་ཆད་ པ་དང་། བརྣགས་པ་མེད་པ་དང་། འབྲས་བུ་མེད་པར་འགྱུར་རོ་ཞེས་པ་དང་། དེ་ཉིད་ཀྱི་ཕྱིར་ཞི་བ་ལྷས་ཀྱང་། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །གང་ 2-12-4b གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་འཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་པ་དང་། རིན་པོ་ཆེ་ཕུང་པོའི་མདོ་ལས། འདི་ལྟར་ལུས་ཀྱིས་ལུས་དག་པར་འགྱུར་གྱིས། ལུས་ཀྱིས་སེམས་ དག་པར་ནི་མི་འགྱུར་རོ། །དེ་བས་ན་སེམས་དག་པར་བྱ་ཡིས། ལུས་དག་པར་ནི་མ་ཡིན་ཏེ། སེམས་དག་པ་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཚངས་པར་སྤྱོད་པའོ་ཞེས་པ་དང་། རྒྱ་ཆེར་རོལ་པའི་མདོ་ལས་ཀྱང་། དག་དང་སྐད་དང་སྒྲ་རྣམས་ཙམ་གྱིས་ནི། །དགེ་བའི་ ཆོས་རྣམས་འགྲུབ་པར་མི་ནུས་ཀྱི། །ནན་ཏན་སྙིང་པོར་བྱ་བས་སྒྲུབ་བྱོས་ལ། །ཇི་སྐད་སྨྲས་པ་དེ་བཞིན་བྱ་བར་བྱོས། །གཞན་གྱི་གླེང་བའི་སྐབས་ནི་མི་དབྱེ་བར། །བདག་ཉིད་རྟག་ཏུ་བསྒྲིམས་པས་འབད་པར་གྱིས། །ཞེས་པ་དང་། ལྷག་བསམ་བསྐུལ་བའི་མདོ་ལས་ཀྱང་། བདག་ནི་བསྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་སུ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། ཞེས་པ་དང་། ཡུན་རིང་དུས་སུ་སྨྲ་ལ་དགའ་བས་ནི། །དེ་ནི་བདག་ཉིད་དགའ་བ་མི་ཐོབ་བོ། །ཚིག་ གང་དགའ་བ་མཐའ་ཡས་ཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམ་ཀྱང་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་ བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་གྱིས་ལ་དོན་སོམས་ཤིག །ཅེས་པ་དང་། སྡོང་པོ་བཀོད་པའི་མདོ་ལས་ཀྱང་། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། ། 2-12-5a དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་དག །སྐོམ་ནས་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཅི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་གྱུར་ཀྱང་། །བདག་ནི་བཀྲེས་པས་ཤི་བ་ལྟར། །མ་ བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་ཡི་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་གྲངས་མང་བགྲང་བྱེད་ཀྱང་། །བདག་ཉིད་གཅིག་ཙམ་མི་ ཐོབ་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང་། །ཟས་དང་གོས་དག་མི་བདོག་པས། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་དུས་དབུས་སུ་འདྲིར་བཅུག་ཀྱང་། །བདག་ ཉིད་ཀྱིས་ནི་མི་མཐོང་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །བདག་ཉིད་དེ་ནང་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་ལམ་གྱི་བཞི་མདོར་ཡང་། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཀྱང་། ། བདག་གིས་ཐོས་པར་མི་འགྱུར་བ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་པ་དང་། འོད་སྲུང་གིས་ཞུས་པའི་མདོ་ལས་ཀྱང་། དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་ཁྱེར་ལ། །དེ་ནི་སྐོམ་ཞིང་འཆི་བའི་དུས་བྱེད་འགྱུར། །དེ་བཞིན་ཆོས་མང་སྲེད་པས་བག་མེད་པ། ། ཆོས་ཀྱི་རྒྱ་མཚོར་གནས་ཀྱང་ངན་འགྲོར་འགྲོ། ཞེས་པ་དང་། དཔེར་ན་སྨན་པའི་སྨན་སྒྲོར་བཅུག་པའི་སྨན། །འཇིག་རྟེན་ཀུན་ཏུ་ཡོངས་སུ་རྒྱུ་བྱེད་ཀྱང་། །ནད་ཀྱིས་བཏབ་པ་བཟློག་པར་མི་ནུས་ན། །དེ་ཡི་སྨན་ནི་དོན་མེད་འགྱུར་བ་ཡིན། །དེ་བཞིན་དགེ་སློང་ཚུལ་ 2-12-5b ཁྲིམས་ཡོན་ཏན་ལྡན། །ཐོས་དང་ལྡན་ཡང་ཚུལ་བཞིན་མ་ཡིན་པའི། །ཉོན་མོངས་འབྱུང་བའི་ནད་ནི་མི་སེལ་ན། །དེ་ཡིས་ཐོས་ལ་བརྩོན་པ་དོན་མེད་ཡིན། །ཞེས་པ་དང་། སའི་སྙིང་པོའི་མདོ་ལས་ཀྱང་། ང་ཡིས་རབ་ཏུ་ཟབ་པའི་ཆོས་བཤད་ཀྱང་། །ཁྱེད་ཀྱིས་ཐོས་ ནས་ཡང་དག་མ་བསྒྲུབས་ན། །ནད་པ་སྨན་གྱི་རྐྱལ་བ་ཐོགས་པ་བཞིན། །བདག་གི་ནད་ནི་སོས་པར་མི་འགྱུར་རོ། །ཞེས་པ་དང་། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། གལ་ཏེ་ཐོས་པ་དང་ལྡན་པ། དལ་བ་ཕུན་སུམ་ཚོགས་པ་རྙེད་པ་ལ་སོགས་པ་ལ་ ཆགས་པའི་སེམས་མི་སྤྱོད་ན། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་སླུ་བ་གཅིག་པུར་འགྱུར་རོ། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་འདོད་པས། ཚིག་ལྷུར་བླང་བར་མི་བྱ་བར་ནན་ཏན་སྙིང་པོར་བླང་བར་བྱའོ། །ཞེས་པ་དང་། དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཀྱང་། དཔེར་ན་གང་ལ་རྣལ་འབྱོར་མེད་པ་དེ་དག་ནི། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །ཞེས་ གསུངས་པ་ལྟ་བུ་སྟེ། ཞེས་པ་དང་། ཆོས་འབྱུང་བ་མེད་པའི་མདོ་ལས་ཀྱང་། སྤྱོད་ལམ་དག་ཀྱང་འཁྲུལ་པས་ཆགས་གྱུར་ཅིང་། །ཚིག་དང་སྨྲ་ལ་མཁས་ཤིང་མི་མཁས་ཏེ། །ཆོས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན། །ཚིག་གི་དག་པས་བྱང་ཆུབ་སངས་མི་རྒྱ། །མཉམ་ ཞིང་དོན་ཉིད་བློ་ལ་མ་མཉམ་ན། །ཚིག་གིས་མཉམ་པས་རྟོག་པའི་རླུང་མི་ཟློག །ཅེས་པ་དང་། རྣམ་པར་རོལ་པའི་མདོ་ལས་ཀྱང་། སེམས་ཀྱི་རང་བཞིན་མ་རྟོགས་ན། སེམས་རྣམ་པར་རྟོག་པའི་ཁ་ཐབས་སུ་སོང་བས། ཁམས་གསུམ་དུ་འཁོར་ཞིང་རྒྱུ་དྲུག་ཏུ་ 2-12-6a འཁྱམས་པ་ཡིན་ནོ། །ཞེས་པ་དང་། ལས་རྣམ་གཞག་གི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་གསོལ་པ། ལས་དང་རྣམ་པར་སྨིན་པའི་རང་བཞིན་ཇི་ལྟ་བུ་ལགས། བཀའ་སྩལ་པ། དེའི་རང་བཞིན་ནི་ ཆོས་ཉིད་དོ། །གསོལ་པ། འོ་ན་སེམས་ཅན་འབད་པ་མེད་པར་གྲོལ་བར་རིགས་སོ། །བཀའ་སྩལ་པ། དེ་ནི་མི་རིགས་པ་སྟེ། འོ་མ་མ་དཀྲུགས་པར་མར་མི་འབྱུང་བ་དང་། དངུལ་རྡོ་མ་བཞུས་པར་དངུལ་མི་འབྱུང་ངོ་། །དེ་བཞིན་དུ་སེམས་ཀྱང་མ་བསྒོམས་མ་བསྒྲུབས་ པར་ནི་སངས་མི་རྒྱ། །གསོལ་པ། ཡེ་ནས་ཆོས་ཉིད་ལགས་ན་བསྒོམ་ཅི་འཚལ། །བཀའ་སྩལ་པ། རྣམ་པར་རྟོག་པ་གློ་བུར་བ་ནམ་མཁའ་ལ་སྤྲིན་ལྟ་བུ་དེ་སེལ་བའི་ཕྱིར་སྒོམ་དགོས་པའོ། །གསོལ་པ། འོ་ན་རྣམ་པར་རྟོག་པ་གློ་བུར་བ་ལགས་ན། སངས་རྒྱས་ལ་ཡང་ རྣམ་པར་རྟོག་པ་འབྱུང་བར་རིགས་སོ། །བཀའ་སྩལ་པ། སངས་རྒྱས་ནི་རྟོག་པ་ཐམས་ཅད་རྩ་བ་ནས་ཆད་པ་ཡིན་ཏེ། རིམས་ནད་ལེགས་པར་བྱང་བ་དང་འདྲའོ། །ཞེས་པ་དང་། རྒྱུད་ལས་ཀྱང་། འོད་གསལ་ནམ་མཁའ་མ་གཏོགས་པ། །རྣམ་པ་གཞན་གྱིས་རྙེད་མི་འགྱུར། ། ཞེས་པ་དང་། ས་ར་ཧས་ཀྱང་། དགེ་ཚུལ་དགེ་སློང་གནས་བརྟན་ཞེས་བྱ་བའོ། །བནྡེ་རྣམས་ནི་དེ་ལྟར་རབ་བྱུང་ནས། །ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འདུག །ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང་། །ཁ་ཅིག་ཐེག་ཆེན་དེ་ལ་རྒྱུ་བྱེད་དེ། །ཐམས་ཅད་གཞུང་ལུགས་ འཆད་པའི་བསྟན་བཅོས་ཡིན། །གཞན་དག་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ། །ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་སྣང་། །གཞན་དག་སྟོང་པ་ཉིད་ལ་བལྟ་བ་སྟེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། ། 2-12-6b ཞེས་པ་དང་། ཀྱེ་ཧོ། བུ་ཉོན། རྩོད་པའི་རོ་ནི་དགའ་བར་གནས་ཤེས་པའི། །འགྲོ་བ་འཆད་ཅིང་འདོན་པ་ལ་སོགས་པས། །དེ་ཉིད་ཟབ་མོ་རྟོགས་པར་ནུས་མ་ཡིན། །ཞེས་པ་དང་། གང་ཞིག་གང་ལ་གནས་པ་ནི། །དེ་ནི་ད་དུང་མི་མཐོང་སྟེ། །མཁས་པ་ཐམས་ཅད་བསྟན་ བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་རྟོགས་སོ། །ཞེས་སོ། །གསུམ་པ་ནི་སེམས་ཉིད་ཀྱི་དོན་བསྒོམས་ན་སངས་རྒྱས་ཀྱི་ལམ་ཐུན་མོང་མ་ཡིན་པ་ཡིན་ཞིང་ཚོགས་གསོག་པ་དང་། སྒྲིབ་པ་སྦྱོང་བ་འདི་ལས་སྟོབས་ཆེ་བ་གཞན་མེད་པས་ཀྱང་སེམས་བསྒོམ་ པར་བྱ་བ་ཡིན་ཏེ། ཤེས་རབ་སྙིང་པོ་ལས། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པ་དང་། སྤྱན་རས་གཟིགས་རྣམ་པར་རོལ་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་གསོལ་པ། དུས་ཐ་མའི་ཚེ་ཡང་དག་པའི་ལམ་ཞེས་བགྱི་བ་གང་ལགས། བཀའ་སྩལ་པ། ཡང་དག་པའི་ལམ་ཞེས་བགྱི་བ་ན་ལམ་རྣམ་པར་མི་རྟོག་པའི་ལམ་དབུ་མ་མ་ ནོར་བ་དེ་ཡིན། །གསོལ་པ། སེམས་ཅན་དང་སངས་རྒྱས་ཐམས་ཅད་སེམས་ཀྱི་ལམ་ནས་འགྲོ་བ་ལགས་སམ། བཀའ་སྩལ་པ། ལམ་སྲོལ་ཆེན་པོར་རྒྱལ་པོ་དང་། །སྤྲང་པོ་ལ་སོགས་ཀུན་འགྲོ་ལྟར། །སེམས་ཀྱི་བརྒྱ་ལམ་ཆེན་པོ་ནས། །སེམས་ཅན་རྣམས་ ནི་སངས་རྒྱས་ཀུན། །བརྒྱ་ལམ་དེ་ནས་འགྲོ་བ་ཡིན། །དེས་ན་རྣལ་འབྱོར་སྤྱོད་པ་ཡིས། །སེམས་ཀྱི་ལམ་ལ་ནན་ཏན་བྱ། །ཞེས་པ་དང་། དེ་ཁོ་ན་ཉིད་རབ་ཏུ་མི་གནས་པའི་རྒྱུད་ལས་ཀྱང་། ཐ་མལ་ཤེས་པའི་རང་བཞིན་འབྲས་བུའི་མཆོག །མ་བཅོས་བཞག་ན་སྐུ་གསུམ་ 2-12-7a འབྲས་བུ་འཐོབ། །རང་གར་གློད་ན་མཐར་ཕྱིན་ཡེ་ཤེས་ཡིན། །སེམས་ཉིད་མ་བཅོས་རྡོ་རྗེ་ཀུན་གྱི་ངང་། །རྣལ་མར་བཞག་པའི་དོན་འདི་བརྗོད་དུ་མེད། །དེ་ནི་དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །ཞེས་པ་དང་། དེ་ཁོ་ན་ཉིད་ངེས་པར་སྟོན་པའི་ མདོ་ལས་ཀྱང་། ཤཱ་རིའི་བུ་གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པ་ཙམ་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་ བྱའོ། །ཤཱ་རིའི་བུ་གང་སངས་རྒྱས་སུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ལ་གནས་པ་ཤ་སྟག་གོ། ཞེས་པ་དང་། རྟོགས་པ་ཆེན་པོ་རྒྱས་པའི་མདོ་ལས་ཀྱང་། ཐང་ཅིག་བསམ་གཏན་མཐུན་ཞུགས་ན། །ཁམས་གསུམ་གང་བའི་ མི་རྣམས་ལ། །སྲོག་སྦྱིན་པས་ནི་འདི་དོན་ཆེ། །ཞེས་པ་དང་། གཙུག་ཏོར་ཆེན་པོའི་མདོ་ལས་ཀྱང་། བསྐལ་པ་མང་པོའི་བར་ཐོས་པ་བསམ་པ་བས་ནི། ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམས་ན་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་སྐྱེ་ཤིའི་ལམ་དང་རིང་དུ་ འབྲལ་བར་བྱེད་པའི་ཕྱིར་རོ། །ཞེས་པ་དང་། དོན་དམ་པ་རྟོགས་པའི་མདོ་ལས་ཀྱང་། ཁམས་གསུམ་གྱི་སེམས་ཅན་གྱིས་ཇི་སྲིད་འཚོའི་བར་དུ་འཚོ་བའི་ཡོ་བྱད་ཀྱིས་ཚོགས་བསགས་པ་བས། རྣལ་འབྱོར་པ་སྟོང་པ་ཉིད་ཐུན་གཅིག་སྒོམ་པ་བསོད་ནམས་ཆེའོ། །ཞེས་པ་དང་། ཆོས་འབྱུང་བ་མེད་པར་བསྟན་པའི་མདོ་ལས་ཀྱང་། ཡུན་རིང་དུས་སུ་ཚུལ་ཁྲིམས་སྲུང་བྱེད་ཅིང་། །བསྐལ་པ་བྱེ་བར་བསམ་གཏན་བརྟེན་བྱས་ཀྱང་། །ཡང་དག་དོན་གྱི་མཐའ་འདི་མ་རྟོགས་ན། །བསྟན་པ་འདི་ལ་དེ་དག་གྲོལ་མི་འགྱུར། །ཅི་ཡང་མེད་པའི་ཆོས་ 2-12-7b འདི་སུས་ཤེས་པ། །ནམ་ཡང་དེ་ནི་ཆོས་ཀུན་ཆགས་མི་འགྱུར། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས་ཀྱང་། ཏིང་འཛིན་བསྒོམས་ལས་ཐེ་ཚོམ་གཅོད་འགྱུར་གྱིས། །དེ་མ་རྟོགས་པར་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་བསྒོམ་པ་མཆོག་ཡིན་གྱིས། །མཁས་ པ་དག་གིས་དེ་ལ་ནན་ཏན་བྱ། །ཞེས་པ་དང་། དེ་ཉིད་ལས། ཆོས་འབྲི་བ་དང་། ཀློག་པ་དང་། ཉན་པ་དང་། འཆད་པ་དང་། ཁ་ཏོན་རྣམས་བསྐལ་པར་བྱས་པ་བས། ཉི་མ་གཅིག་སྒོམ་པ་སྟོབས་ཆེའོ། །ཞེས་པ་དང་། རྒྱུད་རྡོ་རྗེ་གུར་ལས་ཀྱང་། ཡིད་ བཞིན་ནོར་བུ་རིན་པོ་ཆེས། །འདོད་དོན་འབྲས་བུ་སྩོལ་བ་བཞིན། །བདེན་ཞིང་དག་པའི་སེམས་ཉིད་ལས། །སངས་རྒྱས་བྱང་ཆུབ་འབྲས་བུ་སྟེར། །དེ་ཉིད་ཀྱིས་ན་སངས་རྒྱས་ཀྱི། །རྡོ་རྗེའི་ཐུགས་ནི་བསྐུལ་བ་ན། །ཟབ་མོ་རྣམ་པ་རྩ་བ་ཅན། །ཐོབ་པར་དཀའ་བའི་ དངོས་གྲུབ་འཐོབ། །ཅེས་པ་དང་། ཏིང་ངེ་འཛིན་མཆོག་དམ་པའི་མདོ་ལས་ཀྱང་། མང་དུ་ཐོས་པ་ལ་སེམས་གཉིས་ཏེ། ཏིང་ངེ་འཛིན་གྱི་སེམས་དང་། འཁྲུལ་པའི་སེམས་སོ། །ཏིང་ངེ་འཛིན་ལ་གནས་ན་མང་དུ་ཐོས་པས་གནོད་པ་མེད་དོ། །སེམས་འཁྲུལ་པ་ནི་མང་དུ་ཐོས་ ཀྱང་ཕན་པ་མེད་དེ། ཞེས་པ་དང་། མང་དུ་ཐོས་པའི་མཆོག་ཏུ་གྱུར་པ་ཆོས་ཐམས་ཅད་སྟོང་ཞིང་ཞི་བའི་དོན་ཡང་སྟོན་ཏེ། ཉན་པས་མངོན་པར་ཤེས་པ་ལྔ་འཐོབ་པར་བྱེད་དེ། དེ་ལྟར་ཕན་པ་དང་། བདེ་བའི་དོན་བྱས་ཀྱང་། དེས་མི་གཞན་ཞིག་ཉིན་མཚན་གཅིག་ཙམ་ཏིང་ ངེ་འཛིན་ལ་ཞུགས་པ་ཙམ་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། མང་དུ་ཐོས་པ་ནི་རྒྱ་མཚོ་ལྟར་ང་རྒྱལ་གྱི་སེམས་ཆེའོ། །ཞེས་པ་དང་། ལང་ཀར་གཤེགས་པའི་མདོ་ལས་ཀྱང་། མང་དུ་ཐོས་པ་ཞེས་བྱ་བ་ནི། དོན་ལ་མཁས་པ་ཡིན་གྱིས་ཚིག་གི་མཁས་པ་ནི་མ་ཡིན་ནོ་ཞེས་པ་ 2-12-8a དང་། གསང་བ་མཐའ་ཡས་ཀྱི་མདོ་ལས་ཀྱང་། ཁྱེའུ་རིན་པོ་ཆེ་སྦྱིན་པས་གསོལ་པ། བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་ཇི་ལྟར་སྦྱོང་བ་ལགས། བཀའ་སྩལ་པ། དཔེར་ན་མེའི་ཕུང་པོ་ཚན་པོ་ཆེ་འབར་བ་དེ། ཞི་བར་འདོད་པས་ཤིང་ ཡང་དང་ཡང་དུ་བསྣན་ན། མེའི་ཕུང་པོ་ཆེན་པོ་དེ་འབར་ཞིང་མཆེད་པར་འགྱུར་རོ། །དེ་བཞིན་དུ་དགེ་སློང་ལས་ཀྱི་སྒྲིབ་པ་དག་པར་འདོད་པས། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་མཚན་མ་དང་བཅས་པའི་ཆོས་རྣམས་ལ་སྤྱད་པས། སླར་ཉིད་དུ་འཁོར་བ་འཕེལ་བར་ འགྱུར་ཏེ། དེ་རྣམས་ནི་ལས་ཀྱིས་འཕངས་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལྷ་དང་མིའི་ཐེག་པ་ཡིན་ནོ། །གསོལ་པ། འོ་ན་སྒྲིབ་པ་ཇི་ལྟར་སྦྱོང་བ་ལགས། བཀའ་སྩལ་པ། དཔེར་ན་མེའི་ཕུང་པོ་ཞི་བར་འདོད་པས། ཆུ་ཡང་དང་ཡང་དུ་བཏབ་ན་མེ་དེ་ཞི་བར་ འགྱུར་རོ། །དེ་བཞིན་དུ་དགེ་སློང་རྣམས་ཀྱིས་ཆོས་བདག་མེད་པ་འོད་གསལ་བ་བསྒོམ་ན། ཉོན་མོངས་པའི་མེ་ཆེན་པོ་ནི་ཞི། འཁོར་བའི་རྒྱ་མཚོ་ལས་ནི་ཐར། མྱ་ངན་ལས་འདས་པའི་ཐང་བདེ་བར་ནི་ཕྱིན་པ་ཡིན་ནོ། །ཞེས་པ་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས་ཀྱང་ སེམས་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན། དཔེར་ན་མེ་ལོང་གི་ནང་ན། ལོ་སྟོང་གི་རྡུལ་ཆགས་པ་ཡང་གོས་ཀྱིས་ཕྱིས་ན་མེད་པར་འགྱུར་བ་དང་། ཁང་སྟོང་གི་མུན་པ་ལོ་སྟོང་ལོན་པ་ཡང་མར་མེ་ཅིག་བསྲེགས་པས་མུན་པ་མེད་པར་བྱེད་དོ། །དེ་བཞིན་དུ་སེམས་ངོ་བོ་ཉིད་མེད་པ་ ཡང་དག་པའི་བདེན་པ་ཤེས་པས། བསྐལ་པ་གྲངས་མེད་པ་ནས་བསགས་པའི་སྡིག་པ་སྐད་ཅིག་ལ་བྱང་ངོ་། །ཞེས་པ་དང་། ཆོས་འབྱུང་བ་མེད་པའི་མདོ་ལས་ཀྱང་། འཇམ་དཔལ་གྱིས་གསོལ་པ། ཇི་ཙམ་གྱིས་ན་ལས་ཀྱི་སྒྲིབ་པ་དག་པར་འགྱུར། བཀའ་སྩལ་པ། 2-12-8b གང་ཆོས་ཐམས་ཅད་ཡིད་ལ་བྱེད་པ་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་ན། དེ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་བོ། །ཞེས་པ་དང་། ཕྱོགས་བཅུ་རྒྱས་པའི་མདོ་ལས་ཀྱང་། ལོ་སྟོང་ལོན་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་སེལ་བར་བྱེད། །བསྐལ་པ་ སྟོང་གི་སྡིག་པ་ཡང་། །སེམས་ཀྱི་རང་བཞིན་ཤེས་པ་ཡིས། །སྐད་ཅིག་གཅིག་གིས་དག་པར་བྱེད། །ཅེས་པ་དང་། བདེ་མཆོག་གི་རྒྱུད་ལས་ཀྱང་། དག་བྱེད་སྡིག་པ་འཇིག་བྱེད་པ། །སངས་རྒྱས་དེ་ཉིད་སྒྲུབ་པ་ནི། །སྔགས་བཟླས་པ་དང་བསམ་གཏན་དང་། ། བདེ་བས་ཀྱང་ནི་འབྱུང་བར་འགྱུར། །ཞེས་པ་དང་། སཾ་བུ་ཊིར། ཆོས་དང་ཆོས་མིན་རྣམ་པར་སྤངས། །དེ་ཕྱིར་རྟོག་པའི་དྲྭ་བ་ནི། །སྤངས་ན་ཟབ་མོའི་ཆོས་ནི་འཕེལ། །དེ་བཞིན་གཤེགས་པས་གསུངས་པའི་ལམ། །རྣམ་རིག་རྣམ་པར་རྟོག་མི་བྱ། །རྣམ་རྟོག་མ་ རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས་ཀྱང་། མཚན་མའི་འབྲས་བུ་མངོན་དུ་བྱེད་པ་བས། །མཚན་མ་མེད་ལ་ ལྟ་བ་ལྷག་གྱུར་ཞེས། །སངས་རྒྱས་རྣམས་ཀྱིས་གསང་བའི་མགྲིན་གཅིག་ཏུ། །བླ་མེད་རྒྱུད་ཀུན་ཏུ་ནི་རབ་ཏུ་བསྒྲགས། །ཞེས་པ་དང་། ཞི་བ་ལྷས་ཀྱང་། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་ པས་ནི། །དེ་ཡང་ཕྱི་ནས་སྤང་བར་འགྱུར། །ཞེས་པ་དང་། ས་ར་ཧས་ཀྱང་། ཀྱེ་ཧོ་རྨོངས་པ་སེམས་ཀྱིས་སེམས་རྟོགས་ན། །ལྟ་བ་ངན་པ་ཐམས་ཅད་རང་གྲོལ་ཏེ། །མཆོག་ཏུ་བདེ་ཆེན་དེ་ཙམ་ཞིག་ཏུ་བས། །དེ་ཡི་དབང་གིས་དངོས་གྲུབ་དམ་པའོ། །ཞེས་པ་དང་། 2-12-9a གཉིས་པ་དེ་ཉམས་སུ་བླང་བར་བྱ་བ་ལ་གསུམ། གང་ལྟ་བས་གཏན་ལ་ཕབ་པ། ལམ་བསྒོམས་པས་ཉམས་སུ་བླང་བ། འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། ཆོས་རྣམས་རང་གི་སེམས་སུ་བསྟེན། སེམས་འོད་ གསལ་སྟོང་པར་བསྟེན། སྟོང་པ་གཉིས་མེད་མཉམ་པ་ཉིད་དུ་བསྟེན། དེ་རང་ངོ་ཤེས་པ་སངས་རྒྱས་ཀྱི་དགོངས་པར་བསྟེན་པའོ། །དང་པོ་ནི། འཁོར་འདས་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་སེམས་ཡིན་ཏེ། ལང་ཀར་གཤེགས་པ་ལས། མེ་ལོང་ལ་ནི་གཟུགས་ སྣང་ཡང་། །ཡོད་པ་མིན་པར་སྣང་བ་ལྟར། །སེམས་ཀྱི་སྣང་བར་མ་ཤེས་པར། །རྣམ་པར་རྟོག་པ་གཉིས་སུ་སྐྱེ། །རྣམ་རྟོག་བག་ཆགས་འབྲེལ་བ་ལས། །སྣ་ཚོགས་སེམས་ལས་བྱུང་བ་ཡིས། །མི་རྣམས་ལ་ནི་ཕྱི་རོལ་སྣང་། །འཇིག་རྟེན་པ་ཡི་སེམས་ཙམ་མོ། ། ཕྱི་རོལ་སྣང་བ་ཡོང་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་ཤར། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པ་དང་། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དོ། ། ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པ་དང་། དཀར་དམར་ཤེས་པའི་ངོ་བོར་བདེན། །ཕྱི་རོལ་དོན་དུ་དཀར་སྣང་རྫུན། །ཞེས་པ་དང་། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་། ལྷའི་བུ་རྣམ་པར་རོལ་པས་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱི་ཡུལ་འདི་རྣམས་བྱེད་ པ་པོས་བྱས་པའམ། ཇི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་རྟོག་པའི་བག་ཆགས་རྒྱས་པའི་དབང་གིས་སྣང་བ་ཡིན་ནོ། །ཞེས་པ་དང་། བལ་དོ་རེའི་མདོ་ལས་ཀྱང་། སེམས་ 2-12-9b ནི་རི་མོ་མཁན་དང་འདྲ། །སེམས་ཀྱིས་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་སྙེད་ཐམས་ཅད་སེམས་ཀྱིས་བྲིས། །ཤེས་པ་དང་། ས་བཅུ་པའི་མདོ་ལས་ཀྱང་། ཀྱཻ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་ པ་དང་། རྒྱུད་རྡོ་རྗེའི་གུར་ལས་ཀྱང་། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་དང་། གཟུགས་དང་དེ་བཞིན་སྒྲ་དང་དྲི། །རོ་དང་རེག་བྱར་སྒོས་པའི་དངོས། །རིན་ཆེན་སེམས་འདིར་བརྗོད་ཉིད་དོ། །ཞེས་པ་དང་། སེམས་ལས་ ཕྱི་རོལ་གྱུར་མེད་དེ། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་འདི་ཁོ་ན་སྣང་བ་ཡིན། །ཞེས་པ་དང་། དུར་ཁྲོད་རྒྱན་གྱི་རྒྱུད་ལས་ཀྱང་། རང་རིག་རང་འཁྲུལ་གཞན་རིག་སྣང་། །སེམས་ཉིད་ལས་འཁྲུལ་བག་ཆགས་འབྱུང་། །དེ་ལས་རང་སེམས་འཁྲུལ་པ་དག ། དོན་དུ་སྣང་བ་རབ་ཏུ་བསྐྱེད། །སྐྱེ་བ་མེད་བཞིན་སྐྱེ་བས་འཁྲུལ། །ལྕགས་སྲེག་གཞི་རང་གི་སེམས། །མེ་སོགས་བྱེད་པ་གཞན་ན་མེད། །བཀྲེས་སྐོམ་དུཿཁ་རང་གི་སེམས། །བས་སྐོམ་འཚོ་བ་གཞན་ན་མེད། །རྡེག་བཙོག་ལྕག་གཞུ་རང་གི་སེམས། །སྲོག་གཅོད་ བཤན་པ་གཞན་ན་མེད། །འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རང་གི་སེམས་སུ་མ་ཤེས་ན། །དེ་ཡིས་སངས་རྒྱས་སྤངས་པ་ཡིན། །ཞེས་པ་དང་། སེམས་འགྲེལ་ལས་ཀྱང་། སེམས་འདི་ཉིད་ལ་ཀུན་བརྟགས་དང་། །གཞན་གྱི་དབང་དང་ཡོངས་གྲུབ་པ། །ཉིད་དུ་ ཡང་ནི་བརྟགས་པ་ཡིན། །ཞེས་པ་དང་། ས་ར་ཧས་ཀྱང་། འཁོར་འདས་ཀུན་གྱི་རྩ་བ་སེམས་ཡིན་ཕྱིར། །སེམས་ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །ཅེས་དང་། མཻ་ཏྲི་པས་ཀྱང་། ལས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་ཡུལ་མཐོང་འཁྲུལ་ 2-12-10a པའི་བློ། །རྨི་ལམ་བཞིན་དུ་ངོ་བོས་སྟོང་། །ཞེས་སོ། །གཉིས་པ་ནི། སེམས་ནི་རང་བཞིན་གྱིས་འོད་གསལ་བའི་ཆོས་དབྱིངས་སྟོང་པ་ཉིད་ཡིན་ཏེ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ ནི་འོད་གསལ་བའོ། །ཞེས་པ་དང་། སྙིང་རྗེ་ཆེན་པོ་བསྟན་པའི་མདོ་ལས། སེམས་ནི་རང་བཞིན་འོད་གསལ་བའི་ཕྱིར། བྱང་ཆུབ་རང་བཞིན་གྱིས་འོད་གསལ་བའོ། །སེམས་ནི་ནམ་མཁའ་དང་མཚུངས་ཏེ། ནམ་མཁའི་ རང་བཞིན་ཅན། ནམ་མཁའ་དང་མཉམ་པར་གཞོལ་བའོ། །ཞེས་པ་དང་། ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང་། སེམས་འདི་རང་བཞིན་འོད་གསལ་རྣམ་དག་ཅིང་། །རྡུལ་མེད་རྡུལ་བྲལ་དྲི་མ་མེད་པར་གསུངས། །བྱིས་པ་ཡོད་པ་མིན་ལ་རྣམ་རྟོག་པ། །ཆགས་འགྱུར་སྣང་བར་འགྱུར་ ཞིང་རྨོངས་པར་འགྱུར། །གང་དག་རང་བཞིན་མེད་ཆོས་འདི་ཤེས་པ། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདས། །ཞེས་པ་དང་། སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་ཀྱང་། སངས་རྒྱས་བྱང་ཆུབ་སེམས་ཀྱིས་བཏགས་པ་ཡིན། །སེམས་ཀྱང་རྣམ་དག་རང་ བཞིན་འོད་གསལ་ཞིང་། །རྙོག་མེད་འགྲོ་བ་ཀུན་དང་མ་འདྲེས་པ། །གང་གིས་ཤེས་དེ་བྱང་ཆུབ་མཆོག་སངས་རྒྱས། །ཞེས་པ་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་ཀྱང་། འཇམ་དཔལ་བྱང་ཆུབ་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་རང་བཞིན་གྱིས་འོད་ གསལ་བ་ཡིན་ཏེ། ཅིའི་ཕྱིར་འོད་གསལ་བ་ཞེས་བྱ་བ་ཞེ་ན། རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པ། ནམ་མཁའ་དང་མཉམ་པ། ནམ་མཁའི་རང་བཞིན་ཅན། ནམ་མཁའ་ཡང་དག་པར་འདུ་བ། ནམ་མཁའ་ལྟ་བུ་སྟེ་རང་བཞིན་གྱིས་ཤིན་ཏུ་འོད་ 2-12-10b གསལ་བ་ཡིན་པའི་ཕྱིར་རོ། །ཞེས་པ་དང་། འཕགས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བའི་ལེའུ་ལས་ཀྱང་། སེམས་ནི་རང་བཞིན་འོད་གསལ་བས་རྟག་ཏུ་ཉོན་མོངས་ཅན་མ་ཡིན་ནོ་ཞེས་པ་ནས། དེ་ཅིའི་ཕྱིར་ཞེ་ན། སེམས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། ། ཞེས་དང་། དཔལ་འཕྲེང་གི་མདོ་ལས། སེམས་ནི་རང་བཞིན་འོད་གསལ་བ་སྟེ། དེ་ཁོ་ན་ཉིད་ཅེས་སོ། །དེས་ན་སྐད་ཅིག་མ་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཤེས་དང་། ལང་ཀར་གཤེགས་ པ་ལས་ཀྱང་། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དང་། །སེམས་ཀྱི་ཉེ་བར་ལེན་པ་ནི། །མཐའ་དག་མཐའ་མེད་སྤངས་པའོ། །སེམས་ནི་རང་བཞིན་འོད་གསལ་བ། །ཡིད་ལ་སོགས་པའི་ཉོན་མོངས་དང་། །བདག་དང་ལྷན་ཅིག་ལྡན་ པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །ཐོག་མ་མེད་པའི་གློ་བུར་གྱིས། །ཉོན་མོངས་རྣམས་དང་ལྡན་པས་ན། །རང་བཞིན་འོད་གསལ་བདག་ཉོན་མོངས། །རས་དང་འདྲ་བར་དག་པར་འགྱུར། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་ལས་ ཀྱང་། སེམས་འདི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། བཙོད་ཁའམ། ཤེལ་གྱི་ཁ་དོག་ལྟ་བུའམ། ཡང་དག་པའམ། ཡང་དག་པ་མ་ཡིན་པའམ། རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། གཟུགས་ཅན་ནམ། གཟུགས་ ཅན་མ་ཡིན་པ་ཞིག་ཅེས་སོ་སོར་རྟོགས་ཤིག །སེམས་ནི་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ། སྣང་བ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་བྱེད་མ་ཡིན་པ། ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་པའི་ཕྱིར་ཡང་དག་པར་ཡོངས་སུ་གྲུབ་པ་ 2-12-11a མ་ཡིན་ཞིང་དེ་ལ་རྣམ་པར་གྲོལ་བ་མེད་དེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ་ཞེས་པ་དང་། ཆོས་སྤྱོད་མངོན་རྟོགས་ཀྱི་རྒྱུད་ལས་ཀྱང་། རང་བཞིན་མཆོག་ཏུ་འོད་གསལ་ཞིང་། །འོད་གསལ་དེ་ལ་ཁ་དོག་ཀྱང་། །དཀར་པོ་མ་ཡིན་སེར་པོ་ མིན། །དམར་པོ་མ་ཡིན་སྔོན་པོ་མིན། །ཞེས་པ་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང་། གང་ལ་བརྟེན་ནས་སེམས་བསྒོམ་པ། །ཐམས་ཅད་སྟོང་པར་ཤེས་པར་བྱ། །ཆོས་རྣམས་སྟོང་པར་རིག་ནས་ནི། །བྱང་ཆུབ་ཉིད་ཀྱང་སྟོང་པ་ཡིན། །ཞེས་དང་། ནམ་མཁའ་རིན་པོ་ཆེའི་རྒྱུད་སྙིང་པོ་ལས་ཀྱང་། འོད་གསལ་ནམ་མཁའ་ཆེན་པོ་ནི། །ནམ་མཁའ་དང་མཚུངས་དྲི་མེད་ཡིན། །བླང་བྱ་མིན་ལ་འདོར་བྱ་མིན། །འདི་ནི་དམ་ཚིག་ཆེན་པོ་སྟེ། །འོད་གསལ་ནམ་མཁའ་མ་གཏོགས་པ། །རྣམ་པ་གཞན་གྱིས་རྙེད་མི་འགྱུར། །ཞེས་ པ་དང་། འོད་གསལ་བ་ལ་ཁྱབ་པའི་ཕྱིར། །དེ་ཡང་ནམ་མཁའ་ཆེན་པོ་ཡིན། །ཞེས་པ་དང་། དུས་འཁོར་རྩ་རྒྱུད་དུ། སེམས་ཅན་སེམས་ཉིད་འོད་གསལ་ཞིང་། །གདོད་ནས་སྐྱེ་འགག་གནས་བྲལ་ཏེ། །ཐོག་མ་མེད་པའི་སྔོན་རོལ་ནས། །དང་པོ་མཆོག་གི་སངས་རྒྱས་ ཏེ། །རྒྱུ་མེད་རྐྱེན་གྱིས་མ་བསླད་པ། །ཞེས་པ་དང་། གསང་བ་འདུས་པ་ལས་ཀྱང་། ཆོས་རྣམས་རང་བཞིན་འོད་གསལ་བས། །གདོད་ནས་དག་པ་ནམ་མཁའ་བཞིན། །ཞེས་པ་དང་། རྣམ་འགྲེལ་ལས་ཀྱང་། སེམས་ནི་རང་བཞིན་འོད་གསལ་ལ། །དྲི་མ་རྣམས་ནི་གློ་བུར་ བ། །ཞེས་པ་དང་། ཇོ་བོས་ཀྱང་། ཟབ་ཅིང་སྤྲོས་བྲལ་དེ་བཞིན་དེ། །འོད་གསལ་འདུས་མ་བྱས་པ་གང་། །ཞེས་སོ། །གསུམ་པ་ནི། སྟོང་པ་དེ་ཡང་ཡོད་མེད་སྐྱེ་འགག་སྤང་བླང་སྲིད་ཞི་ལ་སོགས་མཐའ་གཅིག་ཏུ་མ་ཆད་པར་གཉིས་མེད་ཟུང་འཇུག་ནམ་མཁའ་ལྟར་མཉམ་པ་ཉིད་ 2-12-11b ཡིན་ཏེ། འཕགས་པ་ཆོས་ཀྱི་ཕྱག་རྒྱའི་མདོ་ལས། ཆོས་ཀྱི་དབྱིངས་ནི་ནང་ན་ཡང་མི་དམིགས། ཕྱི་རོལ་ན་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས། མིང་གདགས་པས་ནི་གདགས་སུ་མེད་པ། སྐྱེ་བ་མེད་པའི་གདགས་པའོ། །དེ་ལྟར་སེམས་ཅན་ གྱི་ཁམས་མཉམ་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས། སེམས་ཅན་གྱི་ཁམས་མཉམ་པ་ཉིད་དོ། །དེ་ལྟར་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གང་གཉིས་སུ་བྱར་མེད་པ་ དེ་ལ་ནི་བསལ་བ་དང་བཞག་པ་ཡང་མེད་དོ། །ཞེས་པ་དང་། ཆོས་འབྱུང་བ་མེད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེང་གེ་རྩལ་འགྲོས་གསོལ་པ། བཅོམ་ལྡན་འདས་ཐབས་ལ་མཁས་པའི་ཚིག་གིས། ཉན་ཐོས་དང་རང་སངས་རྒྱས་དང་གསར་དུ་ཞུགས་པའི་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཡུལ་མ་ལགས་པ། ཟབ་མོ་ཚུལ་གཅིག་པའི་ཆོས་བཤད་དུ་གསོལ། བཀའ་སྩལ་པ། འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཀུན་བསགས་ནམ་མཁའ་འདྲ་བ་ཞེས། །དེ་ལྟར་གང་ཤེས་ དེ་ནི་རྒྱལ་བར་འགྱུར། །ལྷ་དང་འདྲེ་མེད་གཉིས་ཀ་ཚུལ་གཅིག་སྟེ། །མཉམ་དང་མི་མཉམ་དེ་བཞིན་མཉམ་པ་སྟེ། །སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་བྱས། །བྱང་ཆུབ་རང་བཞིན་གང་ ཡིན་སེམས་ཅན་ཏེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་ཤེས་ན་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་དང་། མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་རང་བཞིན་གང་ལ་ 2-12-12a བགྱི། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །ཅེས་པ་ནས་སངས་རྒྱས་ཀྱི་རང་བཞིན་གང་ཞེ་ན། སེམས་ཀྱི་རང་བཞིན་དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཡེ་ཤེས་སོ། །དེ་ལ་སྟོང་པ་ཞེས་བྱ་བ་ནི། སྟོང་པ་གཉིས་ཀ་མི་མཐོང་བའོ། །སངས་རྒྱས་ཀྱི་རང་བཞིན་ནི་ལམ་དབུ་མ་མཐའ་གཉིས་དང་བྲལ་བར་རིག་པར་བྱའོ། །གསོལ་པ། རྟག་པ་མ་ཡིན་པ་གང་ཞེ་ན། རྐྱེན་ལས་མཐོང་བར་འགྱུར་བའོ། །ཆད་པ་མ་ཡིན་པ་གང་ཞེ་ན། མེད་པར་ལྟ་བ་དང་བྲལ་བའོ། །ལམ་ དབུ་མ་གང་ཞེ་ན། རྟག་པ་དང་ཆད་པ་མ་ཡིན་པའོ། །ཞེས་པ་དང་། དགོངས་པ་ལུང་བསྟན་གྱི་མདོ་ལས་ཀྱང་། བྱང་ཆུབ་སེམས་ཀྱི་ངེས་པའི་དོན། །སླར་ཡང་དེ་ཉིད་ལེགས་བྱས་པ། །ནང་ན་མ་ཡིན་ཕྱི་ནའང་མིན། །གཉིས་ ཀ་མིན་དུ་འགྱུར་བ་མིན། །རྟག་པ་མ་ཡིན་སྐད་ཅིག་མིན། །དེ་ནི་སོ་སོ་རང་རིག་ཡིན། །མི་རྟོག་ནམ་མཁའ་ཇི་བཞིན་དུ། །བྱང་ཆུབ་སེམས་ནི་རྡོ་རྗེ་འཛིན། །ཞེས་པ་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་གསོལ་པ། སྙིགས་མའི་དུས་ན་སེམས་ཅན་མི་དགེ་བ་ཤ་སྟག་བགྱིད་ཅིང་མདོ་སྡེ་བཅུ་གཉིས་ནས་བཤད་པའི་ལེའུ་དང་ཚིག་འབྲུ་ནི་སྤངས། གཞུང་རྣམས་རྒྱ་ཆེ་ལ་ཁོང་དུ་ཆུད་ཅིང་། ཤེས་པར་དཀའ་ན། ཐེག་པ་ཆེན་པོའི་ཆོས་ཡང་དག་པར་དབེན་པ་བཤད་དུ་གསོལ། བཀའ་སྩལ་ པ། ངས་ཁྱོད་ལ་ཐེག་པ་ཆེན་པོའི་ཆོས་ཡང་དག་པར་སྒྲོགས་ཤིག་སྐྱེ་འཆི་ལས་འདས་པའི་ཕྱིར་བཤད་དོ། །རིགས་ཀྱི་བུ་གྲོལ་བ་དང་ཐར་པ་འདོད་ན། འདོད་པའི་ཡན་ལག་བཅད་ལ། སེམས་གཉིས་སུ་མི་བསམ་པར་གཅིག་ཏུ་བསམས་ཏེ། ཡོད་བསམ་པའི་སེམས་ཀྱང་ 2-12-12b སྟོང་ངོ་། །སེམས་ཀྱི་ངོ་བོ་ཉིད་ནི་སྟོང་པས་ཏེ། འགྲོ་བའང་མེད་བཏང་བ་ཡང་མེད། ཐོབ་པ་ཡང་མེད་དེའི་མིང་ནི་བྱང་ཆུབ་བོ། །གསོལ་པ། སེམས་ཀྱི་འདུ་ཤེས་བསམ་གྱིས་མི་ཁྱབ་པར་མཆིས་ན། དེ་ལ་འགྲོ་བ་དང་བཏང་བ་དང་ཐོབ་པ་མེད་ཅེས་བགྱི་བ་ཇི་ལྟར་ ལགས། བཀའ་སྩལ་པ། བསམ་གཏན་གཅིག་ཏུ་འདུས་པའི་ནང་དུ་ཞུགས་ལ་ནང་དུ་བརྟགས་ན། ཡང་དག་པའི་ངོ་བོ་ཉིད་ལ་སྐྱེ་བ་མེད་དོ། །ཞེས་དང་། ཡེ་ཤེས་རྒྱས་པའི་ཏིང་ངེ་འཛིན་ལས་ཀྱང་། ཇི་ལྟར་སྟོང་ཉིད་རང་བཞིན་འདིར་གནས་པ། །དེ་ལྟར་དེ་ཡིས་ སྟོང་པ་ཉིད་རྟོགས་ཏེ། །རྟོགས་དང་རྣམ་པར་རྟོག་པའི་སྤྲོས་པ་འདི། །གཉིས་ཀ་ཡོངས་སུ་སྤངས་ན་ཆོས་འཛིན་ཡིན། །ང་ནི་མྱ་ངན་འདས་ཕྱིས་ལ་ལ་ཞིག །ཆོས་འདི་རྨི་ལམ་ལྟ་བུར་བལྟ་ཞེས་ཟེར། །གང་ཆོས་མ་བྱུང་སུས་ཀྱང་བྱས་མ་ཡིན། །རང་གི་ཤེས་པས་དེ་དག་ དེ་ལ་རྟོགས། །སྟོང་ཉིད་མ་སྐྱེས་སུས་ཀྱང་མ་བྱས་ཡིན། །མ་མཐོང་འོས་པ་མ་ཡིན་འཕོ་མིན་ན། །དམིགས་ནས་བདག་ཅག་སྟོང་ཉིད་ལེགས་བསླབ་ཅེས། །ཟེར་བ་དེ་དག་ཆོས་ཀྱི་རྐུན་པོ་ཡིན། །ཞེས་པ་དང་། གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས་ཀྱང་། དངོས་དང་ དངོས་མེད་དང་བྲལ་བ། །ཡོད་མེད་གཉིས་ཀ་སྤོང་བ་ནི། །གཉིས་སུ་མེད་པའི་ཆོས་ཤེས་བྱ། །དག་དང་མ་དག་སྤང་བྱར་མེད། །ཅེས་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་མདོ་ལས་ཀྱང་། དེ་ཕྱིར་སེམས་ནི་གསོག་དང་གསོལ། །ཡོད་པ་མིན་པར་བབ་ཤེས་ནས། ། དེ་ལ་སྙིང་པོར་མི་བཟུང་སྟེ། །དེ་དག་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས། །དེ་དག་ལ་ནི་གྲུབ་པ་མེད། །ཆོས་རྣམས་ཐམས་ཅད་བརྟགས་པ་སྟེ། །རང་བཞིན་དེ་ལྟར་རབ་ཏུ་བསྟན། །མཐའ་གཉིས་ཟིལ་གྱིས་མནན་ནས་སུ། །ཁམས་རྣམས་དབུ་མས་དཔྱོད་ 2-12-13a པར་བྱེད། །ངོ་བོ་ཉིད་ཀྱིས་ཆོས་སྟོང་པ། །དེ་ནི་བྱང་ཆུབ་ལམ་ཡིན་ཏེ། །ངས་ཀྱང་དེ་ནི་བརྟེན་པ་ཡིན། །ཞེས་པ་དང་། སྟོབས་པོ་ཆེའི་རྒྱུད་ལས་ཀྱང་། སྒྱུ་མ་ཙམ་གྱི་ཚུལ་གནས་ཤིང་། །མཐའ་བཞི་ལས་ནི་རྣམ་པར་གྲོལ། །སྤྲོས་པ་ཐམས་ ཅད་ཉེ་བར་ཞི། །མཚོན་བྱ་མཚོན་བྱེད་མ་ཡིན་ཏེ། །ལྟ་བའི་དབུས་ན་གནས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པའོ། །ས་དང་ཆོས་ཉིད་མི་གཡོ་བའི་མདོ་ལས་ཀྱང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐར་ ཐམས་ཅད་དང་བྲལ་བ། རྟོགས་པ་དང་མི་རྟོགས་པའི་ཡུལ་ལས་འདས་པ། དང་པོ་ནས་སྤྲོས་པ་རྣམ་པར་དག་པའོ། །ཞེས་པ་དང་། སངས་རྒྱས་འགྲོ་བའི་མདོ་ལས་ཀྱང་། སངས་རྒྱས་འགྲོ་བ་གང་ཞེ་ན། ཆོས་ཐམས་ཅད་ཀྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའོ། ། ཆོས་ཐམས་ཅད་ནི་གང་། ཚུལ་ནི་གང་། རྟོགས་པ་ནི་གང་ཞེ་ན། ཆོས་ཐམས་ཅད་ནི་གཅིག་པ་སྟེ། ཆོས་མ་བྱུང་མ་སྐྱེས་པའོ། །ཚུལ་གང་ཞེ་ན། མ་སྐྱེས་པ་བདེན་པ། ཆོས་ཀྱི་དབྱིངས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཚུལ་ལོ། །ནན་ཏན་གང་ཞེ་ན། ཆོས་ཐམས་ ཅད་ཀྱི་དབྱིངས་ལ་གནས་པའི་ཕྱིར། ཆོས་ཉིད་ལ་འཇུག་པའོ། །ཞེས་པ་དང་། སངས་རྒྱས་འགྲོ་བའི་མདོ་ལས་ཀྱང་། ཆོས་ཐམས་ཅད་ནི་མ་བྱུང་བ་མ་སྐྱེས་པ། རང་བཞིན་གྱིས་རྣམ་པར་དག་པ། བྱས་པའི་ཆོས་མ་ཡིན་པ། གང་དང་གང་བྱས་པའི་ཆོས་དེ་ནི་འདུས་ བྱས་ཡིན་ནོ། །ཞེས་པ་དང་། རྒྱུད་སཾ་བུ་ཊི་ལས་ཀྱང་། དཔྱད་དུ་མེད་ཅིང་ཤེས་བྱའང་མིན། །དེ་བཞིན་རྟོག་གེས་བརྟག་དཀའ་བ། །གཉིས་སྤངས་གཉིས་སུ་མེད་པ་སྟེ། །ཇི་བཞིན་ལམ་གྱིས་དེ་ཉིད་སྟོན། །ཞེས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས་ཀྱང་། 2-12-13b རྟག་ཆད་སྐྱེ་འགག་ལ་སོགས་པའི། །མཐའ་སྤངས་སེམས་ནི་རང་རིག་ཅིང་། །གདོད་ནས་སྤྲོས་པ་མེད་པ་ཉིད། །དེ་དོན་བསམ་མི་ཁྱབ་པར་ངེས། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས་ཀྱང་། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་སྒྲོ་བཏགས་པ་ཞེས་བགྱི་བ་ཇི་ ཙམ་ལ་བགྱི། སྨྲས་པ། ཆོས་ཐམས་ཅད་སྟོང་པ་མཉམ་པ་ཉིད་ཡིན་པ་ལ་མི་མཉམ་པར་བཏགས་ནས་མེད་བཞིན་དུ་སྒྲོ་འདོགས་པར་བྱེད་དོ། །འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པའོ། །ཞེས་མི་མཉམ་པར་མཐོང་བའོ། །མཉམ་པ་ཉིད་ནི་རྟོག་པ་མེད་པའོ། ། ཞེས་པ་དང་། དཔལ་གསང་བ་སྤྱོད་པའི་རྒྱུད་ལས་ཀྱང་། ཆོས་ཀུན་སེམས་ཀྱི་ངོ་བོ་སྟེ། །སེམས་ནི་སྟོང་པའི་ངོ་བོ་ཡིན། །ཐམས་ཅད་སྟོང་པར་རོ་གཅིག་པ། །འདི་ནི་བླང་དོར་མེད་པའི་དབྱིངས། །ཤེས་པ་དང་། ལང་ཀར་གཤེགས་པ་ལས་ཀྱང་། ཕྱི་རོལ་ དངོས་པོ་ཡོད་མེད་མིན། །སེམས་ཀྱང་ཡོངས་སུ་བཟུང་བ་མེད། །ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་པ་དང་། དགོངས་པ་ངེས་འགྲེལ་ལས་ཀྱང་། སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོང་ཆད་པ། ། རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །འདི་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་པ་དང་། ཡུམ་ཤེར་ཕྱིན་ལས་ཀྱང་། ཚེ་དང་ལྡན་པ་རབ་འབྱོར། ཆོས་མ་སྐྱེས་པ་སྐྱེ་བའམ། འོན་ཏེ་སྐྱེས་པ་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། མ་སྐྱེས་པ་ཡང་སྐྱེ་བར་མི་འདོད། སྐྱེས་པ་ཡང་སྐྱེ་བར་མི་འདོད་དོ། །ཞེས་པ་དང་། རབ་འབྱོར་སེམས་དེ་གང་ཡིན། ཤཱ་རིའི་བུ་སེམས་མེད་པ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །ཞེས་པ་དང་། དཔལ་སྡོམ་པ་ལས་ཀྱང་། སངས་རྒྱས་རྣམས་ནི་བྱོན་ 2-12-14a གྱུར་ཏམ། །མ་བྱོན་གྱུར་ཀྱང་རྣམ་ཀུན་ཏུ། །རྒྱུན་ཆད་མེད་པའི་ཆོས་ཉིད་འདི། །འཕེལ་འགྲིབ་སྤངས་ཏེ་གནས་པ་ཡིན། །ཞེས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། ཡོད་མིན་མེད་མིན་དེ་ཉིད་མིན་གཞན་མིན། །སྐྱེ་དང་འཇིག་མེད་བྲེ་བར་མི་འགྱུར་ཏེ། ། འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་པ་དང་། སེམས་ཉིད་ངལ་གསོ་བའི་དོ་ཧ་ལས་ཀྱང་། གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དུའང་མ་ཤར་རོ། །དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེ་བའི་ཚུལ། ། ཞེས་པ་དང་། བདེན་གཉིས་ལས་ཀྱང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་ཤིང་། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་པ་དང་། ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། མ་སྐྱེས་པ་ཡི་སྟོང་ཉིད་གཅིག །གཅིག་ནི་སྐྱེ་ བའི་སྟོང་པ་ཉིད། །སྐྱེ་བ་མེད་པའི་སྟོང་ཉིད་མཆོག །སྐྱེ་བའི་སྟོང་ཉིད་གཞིག་པར་བྱ། །ཞེས་པ་དང་། ས་ར་ཧས་ཀྱང་། དངོས་པོར་རྟོག་པ་ཐམས་ཅད་ཕྱུགས་དང་འདྲ་བར་བརྗོད། །དངོས་མེད་རྟོག་པ་དེ་བས་ཀྱང་ནི་བླུན་གྱུར་ཏེ། །མར་མེ་འབར་དང་བསད་པ་དཔེ་ཡིས་ བརྗོད་པ་དག །གཉིས་མེད་རང་བཞིན་ཕྱག་རྒྱ་ཆེན་པོའི་གནས། །ཞེས་པ་དང་། མཻ་ཏྲི་པས་ཀྱང་། སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོ་སྟོང་པ་ནམ་མཁའ་བཞིན། །ཆོས་ཀུན་མཁའ་འདྲར་མཉམ་གནས་པ། །ཕྱག་རྒྱ་ཆེ་ ཞེས་བརྗོད་པ་ཡིན། །ཞེས་སོ། །བཞི་པ་ནི། གང་གི་གནས་ལུགས་རྟོགས་མ་རྟོགས་མིན་པ་སེམས་ཅན་ཐམས་ཅད་ལ་ཡོད་ཅིང་། དེ་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་དུ་རང་ངོ་ཤེས་པ་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ 2-12-14b ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་པ་དང་། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས་ཀྱང་། འཁོར་བ་སྟོང་ པ་ཆོས་ཀྱི་སྐུ། །དེ་ཡི་མཚན་ཉིད་མ་འགགས་གཟུགས། །སེམས་ཅན་སེམས་ཉིད་འོད་གསལ་ཞིང་། །གདོད་ནས་སྐྱེ་འགག་གནས་བྲལ་ཏེ། །ཐོག་མ་མེད་པའི་སྔོན་རོལ་ནས། །དང་པོ་མཆོག་གི་སངས་རྒྱས་ཏེ། །རྒྱུ་མེད་རྐྱེན་གྱིས་མ་བསླད་པ། །ཞེས་པ་དང་། རྡོ་རྗེ་ མཁའ་འགྲོ་གསང་བའི་རྒྱུད་ལས་ཀྱང་། རང་སེམས་རང་གིས་རྟོགས་པས་ན། །སེམས་ཅན་གདོད་ནས་སངས་རྒྱས་སོ། །ཞེས་པ་དང་། ཀྱེའི་རྡོ་རྗེ་ལས་ཀྱང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་གསལ་ན་ནི་སངས་རྒྱས་ ཏེ། །ཞེས་པ་དང་། དཔལ་འཕྲེང་ལས་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་རིག་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱིས་འཛིན་པ་ལ་ནི་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལ་ནི་དེ་བཞིན་གཤེགས་པའི་ ཡེ་ཤེས་མངོན་སུམ་དུ་འཇུག་གོ། ཞེས་པ་དང་། རྡོ་རྗེ་གུར་ལས་ཀྱང་། སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་སངས་རྒྱས་ཏེ། །རིན་ཆེན་སེམས་ལས་ཕྱིར་གྱུར་པ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་དང་། འཕགས་པ་འདའ་ཀ་ཡེ་ཤེས་ ལས་ཀྱང་། སེམས་རྟོགས་ན་ཡེ་ཤེས་ཡིན་པས། སངས་རྒྱས་གཞན་ནས་མི་ཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པ་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས་ཀྱང་། དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་སྟེ། 2-12-15a དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་པ་དང་། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལས་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། ཞེས་པ་དང་། སཾ་བུ་ཊི་ ལས་ཀྱང་། མི་ཤེས་མུན་པས་བསྒྲིབས་པ་ནི། །ལུས་ལས་གཞན་དུའང་སངས་རྒྱས་འདོད། །ཅེས་དང་། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །ཅེས་པ་དང་། བརྟག་པ་གཉིས་པའི་རྒྱུད་ལས་ཀྱང་། འཇིག་རྟེན་ཁམས་ནི་གང་དུ་ ཡང་། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ནས་བསྟན་དུ་མེད། །ཅེས་པ་དང་། ལང་ཀར་གཤེགས་པ་ལས་ཀྱང་། གཞན་དུ་རྣམ་པར་རྟོག་པ་འདི། །སངས་རྒྱས་དང་ནི་ཆོས་ལྟར་གནས། །ཇི་ལྟར་ མཐོང་བ་བཞིན་བལྟ་བ། །དེ་དག་འདྲེན་པས་མི་མཐོང་ངོ་། །རྣམ་པར་རྟོག་པ་མི་འཇུག་ཅིང་། །གང་ཚེ་སངས་རྒྱས་མི་མཐོང་བ། །འདུག་མེད་སངས་རྒྱས་ཡིན་པར་ནི། །གལ་ཏེ་མཐོང་བ་དེ་སངས་རྒྱས། །ཞེས་པ་དང་། ཀླུ་སྒྲུབ་ཀྱིས་ཀྱང་། ཤེས་དང་མི་ཤེས་པ་དག་ ལས། །ལུས་འདི་ཉིད་ལ་ཐམས་ཅད་དེར། །རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་པ་དང་། ས་ར་ཧས་ཀྱང་། གཉུག་མའི་ཡེ་ཤེས་གཉིས་བྲལ་འདི་ལས་མ་གཏོགས་པའི། །སངས་རྒྱས་ཆེ་བར་འདོད་ན་རྨོངས་པར་ཤེས་པར་ གྱིས། །ཞེས་སོ། །གཉིས་པ་ལམ་བསྒོམ་པས་ཉམས་སུ་བླང་བ་ལ་བཞི་སྟེ། སེམས་ཀྱི་རྩ་བ་བཅད། མཉམ་པར་གཞག་པའི་ཐབས། ཏིང་ངེ་འཛིན་གྱི་ངོ་བོ། དེ་ལ་ཐབས་ཀྱི་ཆ་རྣམས་ཚང་བར་བསྟན་པའོ། །དང་པོ་ནི། སེམས་ལ་ནང་དུ་ཅེར་གྱིས་བལྟས་ན་གང་ 2-12-15b དུ་བཙལ་ཀྱང་མི་རྙེད་ལ། ངོས་བཟུང་ཐམས་ཅད་དང་བྲལ་བ་སྟེ། དཀོན་མཆོག་བརྩེགས་པ་ལས། དེ་ལྟར་སེམས་ཡོངས་སུ་འཆོལ་ཏེ། འདོད་ཆགས་པར་གྱུར་པའམ། ཞེ་སྡང་བར་གྱུར་པའམ། གཏི་མུག་པར་གྱུར་བའི་སེམས་གང་ཡིན། ཅི་འདས་པར་མ་ མ་འོངས་པའམ། ད་ལྟར་བྱུང་བ་ཞིག་ཡིན་ནམ། དེ་ལ་སེམས་འདས་པ་གང་ཡིན་པ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཡིན་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ། །འོད་སྲུང་སེམས་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀྱི་མེད་པར་ ཡང་མི་དམིགས་སོ། །འོད་སྲུང་སེམས་ནི་བཅད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ། །ཞེས་པ་ནས། འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་ནི་མི་དམིགས་སོ། ། གང་མི་དམིགས་པ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །གང་འདས་པ་མ་ཡིན་མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་གསུམ་ལས་ཡང་དག་པར་འདས་པ་ནི་ཡོད་པ་ མ་ཡིན། ཞེས་དང་། གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་། དེ་སེམས་ཀུན་ཏུ་ཚོལ་བ་ན། སེམས་དེ་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་། སེམས་དེ་ཕྱི་རོལ་ན་ཡང་དག་པར་རྗེས་སུ་མི་མཐོང་། སེམས་དེ་ཕྱི་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་། ཕུང་པོ་ རྣམས་ལས་ཡང་དག་པར་རྗེས་སུ་མི་མཐོང་། ཁམས་རྣམས་ལས་ཡང་དག་པར་རྗེས་སུ་མི་མཐོང་། སྐྱེ་མཆེད་རྣམས་ལས་ཡང་དག་པར་རྗེས་སུ་མི་མཐོང་། དེས་སེམས་ཡང་དག་པར་རྗེས་སུ་མི་མཐོང་བས། སེམས་གང་མ་བྱུང་ཞེས་སེམས་ཀྱི་རྒྱུད་ཀུན་ཏུ་ཚོལ་ཞིང་། དེ་འདི་ 2-12-16a སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་བྱུང་ངོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། དམིགས་པ་དེ་གཞན་ལ། སེམས་དེ་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་ཉིད་སེམས་པ། གལ་ཏེ་དམིགས་པ་ཡང་གཞན་ལ་ སེམས་ཀྱང་གཞན་ན་ནི། སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད། སེམས་ཡིན་ན་ནི། སེམས་ཀྱིས་སེམས་ཉིད་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་ནི་སེམས་མཐོང་བར་མི་རུང་ངོ་། །ཞེས་དང་། སུམ་ཅུ་རྩ་གསུམ་པའི་ལེའུ་ ལས་ཀྱང་། སྲིད་གསུམ་ཐམས་ཅད་སེམས་ལས་གྲུབ་པར་འབྱུང་། །སེམས་དེ་ཉིད་ཀྱང་རྟག་ཏུ་བསྟན་དུ་མེད། །གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ། །མཁས་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ། །དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན། །སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་ བ་ན། །སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པ། །སེམས་དེ་ཡང་ནི་རང་བཞིན་མཐོང་བ་མེད། །ཅེས་དང་། ལྟ་སྤྱོད་ཀུན་རིག་ལས་ཀྱང་། ཚིག་གི་རྩ་བ་མ་བཅད་དོན་གྱི་རྩ་བ་ཆོད། །དོན་གྱི་རྩ་བ་ཆོད་ན་ཚིག་མཐའ་དེ་རུ་ཆོད། །ཆོས་ཀྱི་རྩ་བ་མ་བཅད་སེམས་ཀྱི་རྩ་བ་ཆོད། ། སེམས་ཀྱི་རྩ་བ་ཆོད་ན་ཆོས་ཀྱི་བདག་པོ་ཡིན། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ནང་གི་སེམས་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། སེམས་ནི་དབྱིབས་མེད་པ་ནམ་མཁའ་ལྟ་བུའོ། །ཞེས་པ་དང་། ཞི་བ་ལྷས་ཀྱང་། ནང་ ཡང་སེམས་མིན་ཕྱི་མིན་ཞིང་། །གཞན་དུ་ཡང་ནི་རྙེད་མ་ཡིན། །འདྲེས་མིན་ལོགས་སུ་གར་མེད་དེ། །དེ་ནི་ཅུང་ཟད་མིན་དེའི་ཕྱིར། །སེམས་ཅན་རང་བཞིན་མྱ་ངན་འདས། །ཞེས་དང་། ཇོ་བོས་ཀྱང་། དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགག་ཅིང་ཞིག །མ་འོངས་པའི་ 2-12-16b སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་པ། དབྱིབས་དང་བྲལ་བ་ནི་ནམ་མཁའ་དང་འདྲ་བར་མ་གྲུབ་བོ། །ཞེས་སོ། །གཉིས་པ་ནི། དེ་ལྟར་མ་རྙེད་ཅིང་མ་གྲུབ་པའི་ངང་ལ་དམིགས་པ་དང་ཡིད་ལ་བྱེད་པ་ཐམས་ ཅད་སྤངས་ཏེ། མི་སྒོམ་པའི་ཚུལ་གྱིས་དེའི་ངང་དུ་རང་བབས་སུ་འཇོག་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དབྱེར་མེད་པར་བསྟན་པའི་མདོ་ལས། དགེ་སློང་ནང་ཉེ་བར་ཞི་བས་ཡུལ་ཐམས་ཅད་ཉེ་བར་ཞི་བར་མཐོང་ཞིང་། མཉམ་པ་ཞེས་བྱ་བའམ་མི་མཉམ་ཞེས་བྱ་བར་རློམ་ སེམས་སུ་མི་བྱེད། རྣམ་པར་རྟོག་པར་མི་བྱེད། ལྷག་པའི་ང་རྒྱལ་མེད་ཅིང་གཉེན་པོ་མེད་པ། ཕྱོགས་མེད་པ། ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བ། དེ་ནི་ནམ་མཁའི་ཁམས་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ན། སྒྲོ་བཏགས་ པ་མེད་པར་མཉམ་པ་ཉིད་ཀྱིས་མཉམ་ཞིང་། ནམ་མཁའ་ལྟར་མཉམ་པ་ཉིད་དུ་རྟོགས་པ་ཡིན་ནོ། །ཞེས་དང་། དགོངས་པ་ངེས་འགྲེལ་ལས་ཀྱང་། སེམས་འཇོག་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་ བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད་པའོ། །ཞེས་དང་། དེ་ཉིད་ལས། དེ་བཞིན་ཉིད་ནི་ཡིད་ལ་བྱེད་པ་ན། །མཚན་མ་ཕྲ་མོ་ཀུན་ཏུ་བྱུང་ན་ཡང་། །རེ་ཞིག་བཏང་སྙོམས་ཙམ་དུ་གནས་བྱེད་ན། །རིགས་ པར་བལྟ་བ་རྣམས་ལ་སྨོས་ཅི་དགོས། །ཞེས་དང་། ཧེ་བཛྲ་ལས་ཀྱང་། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་དང་། གསང་བ་སྤྱོད་པའི་རྒྱུད་ལས་ཀྱང་། 2-12-17a གཟུང་བ་དང་ནི་འཛིན་པ་ཡི། །དམིགས་པ་ཐམས་ཅད་རྣམ་བསལ་ཏེ། །སེམས་ཉིད་བསམ་དུ་མེད་པས་ན། །ཅི་ཡང་བསམ་པར་མི་བྱའོ། །ཞེས་པ་དང་། རབ་ཏུ་མི་གནས་པའི་རྒྱུད་ལས་ཀྱང་། ངོ་མཚར་རྡོ་རྗེ་སངས་རྒྱས་མཆོག ། སེམས་ནི་སྐྱེ་མེད་དེ་ཤེས་ན། །བསྒོམ་པར་བྱ་བ་མ་ཡིན་ཏེ། །རང་གར་གཞག་ན་བདེ་བ་ཆེ། །ཞེས་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྒོམ་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཞེས་པ་དང་། གསང་བ་འདུས་པ་ལས་ཀྱང་། དམ་ པའི་དོན་དུ་དངོས་པོ་རྣམས། །སྲིད་གསུམ་དངོས་པོ་མེད་པར་སྒོམ། །དངོས་པོ་མེད་པ་སྒོམ་པ་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པ། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་དང་། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་ བ་ཚར་གཅོད་པའི་མདོ་ལས་ཀྱང་། དེ་ལྟར་དགེ་བ་ཡིད་ལ་གྱིས་ཤིག །ཉོན་མོངས་པ་སྤོང་བ་ཡིད་ལ་གྱིས་ཤིག །ཅེས་རྗེས་སུ་སྟོན་ན་སྡིག་པའི་གྲོགས་པོ་ཡིན་ཏེ། ང་ལ་སྐུར་བ་འདེབས་པ་ཡིན་ནོ། །སྟོང་པ་ཉིད་ཡིད་ལ་བྱེད་པས་ཀྱང་སྟོང་པ་དེས་ན་སྟོང་པ་ཉིད་ཅེས་ བྱའོ། །འདི་ལྟར་སྟོང་པ་ཉིད་ལ་དགེ་བ་དང་མི་དགེ་བ་མེད་པ་དེས་ན། སྟོང་པ་ཉིད་ཅེས་བྱ་སྟེ། ཐ་ན་དེ་ལ་སྟོང་པ་ཉིད་ཀྱི་འདུ་ཤེས་མེད་པ་དེས་ན། སྟོང་པ་ཉིད་ཅེས་བྱའོ། །ཞེས་དང་། ཡེ་ཤེས་གསང་བའི་རྒྱུད་ལས་ཀྱང་། ལྷན་ཅིག་སྐྱེས་པ་སྒྲུབ་ཏུ་མེད། །མངོན་ དུ་གྱུར་བས་སྒོམ་དུ་མེད། །དཔྱོད་དུ་མེད་ཅིང་སྤྲོས་དང་བྲལ། །མ་ཡེངས་བློ་ཡིས་རྟོགས་ལས་གྲོལ། །ཞེས་དང་། འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས་ཀྱང་། གང་ཡིད་ལ་བྱེད་པ་ཐམས་ཅད་བདུད་ཀྱི་ལས་སོ། །ཞེས་དང་། སྟོང་པ་ཉིད་ལ་རློམ་སེམས་ 2-12-17b མེད་པར་སྦྱོར་ལ། ལྟ་བར་སོང་བ་ཐམས་ཅད་དང་བྲལ་ཞིང་། སྟོང་པ་ཉིད་ལ་སྦྱོར་ཏེ། སྟོང་པ་ཉིད་གང་གིས་སྟོང་པའི་སྟོང་པ་ཉིད་དེ་ལྟ་བར་གྱུར་པ་རྣམས་སྟོང་པ་དང་། སྟོང་པ་ཉིད་གང་གིས་ལྟ་བར་གྱུར་པ་རྣམས་སྟོང་པའི་སྟོང་པ་ཉིད་དེས་ཆོས་ཐམས་ཅད་སྟོང་པར་འདིས་ ཤེས་ཤིང་ཤེས་པ་ལ་ལྷག་པའི་ང་རྒྱལ་མེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྦྱོར་བ་ཡང་དག་པའོ། །ཞེས་པ་དང་། རྩ་རྒྱུད་ལས་ཀྱང་། རྩེ་གཅིག་རྣལ་འབྱོར་གོམས་པར་བྱེད། །ཡིད་ལ་ཅི་ཡང་མི་གསལ་ལོ། །ཞེས་པ་དང་། སངས་རྒྱས་ཕལ་པོ་ཆེ་ལས་ཀྱང་། རྒྱལ་ བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་པས། །དེ་ནི་བསམ་པ་ནམ་མཁའ་ལྟ་བུར་རྣམ་པར་སྦྱངས། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོང་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག་པར་གྱིས། །ཡེ་ཤེས་ཕྱག་རྒྱའི་མདོ་ལས་ཀྱང་། གང་སྒོམ་པ་མེད་པ་ ནི་སྒོམ་པའོ། །ཞེས་པ་དང་། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས་ཀྱང་། རང་བཞིན་སྟོང་པ་འོད་གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ། །མ་བསྒོམས་པས་ཀྱང་རྙེད་པ་མིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་བསྒོམས་པ་ཡང་རྟོག་པ་ཉིད། །བསྒོམ་རྒྱུ་རྡུལ་ཙམ་མེད་ པ་ལ། །ཡེངས་སུ་སྐད་ཅིག་མེད་པའོ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། དམིགས་པ་ལ་ནི་སེམས་བརྟན་ནས། །དེའི་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་བསླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ཐོབ། ། 2-12-18a ཅེས་དང་། ཏཻ་ལོ་པས་ཀྱང་། མི་མནོ། མི་བསམ། མི་སེམས། མི་སྒོམ། མི་དཔྱད་སེམས་ནི་རང་བཞིན་ཉིད་དུ་གནས། ཤེས་པ་དང་། སེམས་ཉིད་ངལ་གསོར་ཡང་། བུ་ཉོན་ཁྱོད་གང་རྣམ་པར་རྟོགས། །འདིར་བདག་མ་བཅིངས་མ་གྲོལ་ ཕྱིར། །མ་ཡེངས་མ་བཅོས་རང་གར་ནི། །ཀྱེ་ཧོ་དུབ་པ་ངལ་སོས་ཞིག །ཅེས་དང་། ཀླུ་སྒྲུབ་ཀྱིས་ཀྱང་། གླང་ཆེན་ལོབས་ནས་སེམས་ཚགས་ཚུད་པ་ལྟར། །འགྲོ་འོང་བཅད་ན་ངང་གིས་དམ་པ་སྟེ། །འདི་ལྟར་རྟོགས་སོ་ང་ལ་ཆོས་ཅི་དགོས། །ཞེས་དང་། །རི་ཁྲོད་ དབང་ཕྱུག་གིས་ཀྱང་། གང་ལ་སྐྱོན་དུ་མི་བལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླང་། །དྲོད་རྟགས་ལ་སོགས་འདོད་མི་བྱ། །བསྒོམ་དུ་མེད་པ་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙོམས་དབང་མི་བཏང་། །རྒྱུན་དུ་དྲན་པས་བསྒོམ་པར་བྱ། །ཞེས་དང་། སྒོམ་དོན་གྲུབ་པ་ལས། སྒོམ་པའི་ཚེ་ན་ཅི་ཡང་མི་སྒོམ་སྟེ། །ཐ་སྙད་ཙམ་དུ་དེ་ལ་སྒོམ་ཞེས་བྱ། །ཞེས་དང་། ས་ར་ཧས་ཀྱང་། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཞེས་དང་། དངོས་དང་དངོས་མེད་བདེ་བར་གཤེགས་ པའི་འཆིང་བ་སྟེ། །སྲིད་དང་ཞི་བ་མཉམ་ཉིད་ཐ་དད་མ་བྱེད་པར། །གཉུག་མའི་ཡིད་འདི་གཅིག་པུ་ལྟོས་དང་རྣལ་འབྱོར་པ། །ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱའོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། གང་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག །བཅས་ བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་སྐྱེ་མེད་རང་བཞིན་མཛོད། །ཤེས་རབ་ཕ་རོལ་ཕྱིན་པ་གཉིས་མེད་ལམ། །དུས་གསུམ་སངས་རྒྱས་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་དང་། ཇོ་བོས་ཀྱང་། ཟབ་ཅིང་སྤྲོས་བྲལ་དེ་བཞིན་ཉིད། །འོད་གསལ་འདུས་མ་ 2-12-18b བྱས་པ་གང་། །མ་སྐྱེས་མ་འགགས་གདོད་ནས་དག །རང་བཞིན་མྱ་ངན་འདས་པ་ཡིན། །ཆོས་དབྱིངས་མཐའ་དང་དབུས་མེད་པ། །བློ་མིག་ཞིབ་མོ་རྟོག་བྲལ་བ། །བྱིང་རྒོད་རབ་རིབ་མེད་པར་བལྟ། །ཞེས་དང་། ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །ཤེས་པ་ སྤྲོས་དང་བྲལ་བར་བཞག །ཅེས་སོ། །གསུམ་པ་ནི། དེ་ལྟར་མཉམ་པར་བཞག་པས་གཟུང་འཛིན་རྣམ་པར་རྟོག་པའི་དབའ་རླབས་ཞི་ནས་གསལ་སྟོང་གི་ངང་ལ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གཞོན་ནུ་ཏིང་ངེ་འཛིན་ཞེས་བྱ་བ་ནི། སེམས་ངེས་པར་རྟོགས་པ་སྐྱེ་བ་མེད་པའོ། །ཞེས་དང་། རྟོག་པ་མེད་ཅིང་རྣམ་རྟོག་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །སེམས་ཀྱང་དམིགས་སུ་མེད་པ་སྟེ། །དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ། །ཞེས་དང་། ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང་། སེམས་ཅན་ ཐམས་ཅད་སེམས་གཅིག་སྟེ། །འོད་གསལ་སྐྱེ་བ་མེད་པའི་དོན། །ཉོན་མོངས་འཇོམས་པའི་དཔའ་བོ་སྟེ། །དེ་ནི་ཏིང་ངེ་འཛིན་ཞེས་བསྟན། །ཞེས་དང་། ཡེ་ཤེས་ཕྱག་རྒྱའི་མདོ་ལས་ཀྱང་། ཆོས་རྣམས་སེམས་ཀྱི་རྒྱས་བཏབ་ཅིང་། །སེམས་ལ་དངོས་པོ་མེད་པས་ བཏབ། །སེམས་ངོ་ཤེས་པ་གང་ཡིན་པ། །དེ་ནི་རྣལ་འབྱོར་སྤྱོད་པ་ཡིན། །ཞེས་དང་། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། བླ་མ་དམ་པའི་བདུད་རྩི་ཡིས། །རང་སེམས་ནམ་མཁའ་ལྟ་བུར་ཤེས། །དེ་ཡི་དོན་ལ་མ་ཡེངས་པ། །དེ་ནི་ཏིང་འཛིན་ཞེས་ པར་བསྟན། །ཞེས་དང་། ཏིང་ངེ་འཛིན་དམ་པའི་མདོ་ལས་ཀྱང་། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་པས། །མིང་དུ་མི་ཐོགས་ཉམས་མྱོང་འཆར། །ཏིང་ངེ་འཛིན་ཞེས་དེ་ལ་བྱ། །བསམ་གྱིས་མི་ཁྱབ་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ 2-12-19a པས། །ཕྱོགས་རིས་མེད་པའི་ཉམས་མྱོང་འཆར། །ཏིང་ངེ་འཛིན་ཞེས་དེ་ལ་བྱ། །ཞེས་དང་། རྒྱུད་སྡོམ་པ་འབྱུང་བ་ལས་ཀྱང་། ཡེ་ཤེས་འདི་ནི་རང་རིག་པས། །ངག་གི་སྤྱོད་ཡུལ་ལས་འདས་ཤིང་། །ཀུན་མཁྱེན་ཡེ་ཤེས་དེ་ཡི་དངོས། ། རྨད་དུ་བྱུང་བའི་རྣམ་ཤེས་དང་། །བསམ་གྱིས་མི་ཁྱབ་སེམས་དེ་ལ། །བསམ་པ་ཀུན་གྱིས་བརྗོད་ལས་འདས། །སྣ་ཚོགས་རྟོག་པའི་རྟོག་པ་མེད། །ཆགས་མེད་བདེ་བ་ཆེན་པོ་སྟེ། །རྣམ་པ་ཐམས་ཅད་ཀྱི་ནི་མཆོག །དབང་པོ་ཀུན་འདས་རྣམ་པ་མེད། །དངོས་ དང་དངོས་མེད་བདག་ཉིད་དོ། །དངོས་དང་དངོས་མེད་རྣམ་པར་སྤངས། །བེམ་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བའོ། །ཞེས་དང་། བདག་མེད་པ་དྲིས་པའི་མདོ་ལས་ཀྱང་། བདེ་བ་བཟང་པོ་ཀུན་བསམ་པ། །བྱང་ཆུབ་སེམས་ནི་འོད་ གསལ་བས། །རྣལ་འབྱོར་པ་ནི་རྟག་ཏུ་སྒོམ། །དངོས་པོ་མེད་ཅིང་དམིགས་སུ་མེད། །ཐམས་ཅད་སྟོང་པར་གནས་མེད་པ། །སྤྲོས་པ་རྣམས་ལས་ཡང་དག་འདས། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །རིང་པོ་མ་ཡིན་ཐུང་བ་མིན། །ཟླུམ་པོ་མ་ཡིན་གྲུ་གསུམ་ མིན། །ཕྲ་བ་མ་ཡིན་སྦོམ་པ་མིན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །ཞེས་དང་། བརྟག་གཉིས་ལས་ཀྱང་། དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །དྲི་དང་རོ་དང་མྱ་ངན་འདས། །ལྷན་ཅིག་སྐྱེ་འགག་བྱེད་པ་ཅན། །ཞེས་དང་། ཡུམ་ ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་ནམ་མཁའ་སྒོམ་པའོ། །ཞེས་དང་། ནམ་མཁའ་རིན་པོ་ཆེའི་མདོ་ལས་ཀྱང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་ནི། །བླང་བར་བྱ་བ་ཅི་ཡང་མེད། ། 2-12-19b བཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ལ་ཏིང་ངེ་འཛིན་ཞེས་བྱ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས་ཀྱང་། གང་ལ་གནས་ཏེ་རྣམ་བསྒོམས་པ། །ཤེས་རབ་ཀྱིས་ནི་དེ་ལ་ལྟོས། ། ཤེས་རབ་ཀྱིས་ནི་དེ་མཐོང་སྟེ། །རྣམ་པ་གཞན་དུ་མི་འགྱུར་རོ། །གང་ལ་བརྟེན་ཏེ་སེམས་བསྒོམས་པ། །ཐམས་ཅད་སྟོང་པར་ཤེས་པར་བྱ། །ཆོས་རྣམས་སྟོང་པར་རིག་ནས་ནི། །བྱང་ཆུབ་ཉིད་ཀྱང་སྟོང་པ་ཡིན། །ཞེས་དང་། དགོངས་པ་ངེས་འགྲེལ་ལས་ཀྱང་། བྱང་ ཆུབ་སེམས་དཔའ་ཇི་ཙམ་གྱིས་ན་སྒོམ་པ་ལགས། བཀའ་སྩལ་པ། གང་གིས་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་སེམས་ཀྱི་མཚན་ཉིད་ཡིད་ལ་བྱེད་པའོ། །ཇི་ཙམ་གྱིས་ན་གཅིག་ཏུ་ཞི་གནས་སྒོམ་པ་ལགས། བཀའ་སྩལ་པ། གང་གིས་རྒྱུན་ཆགས་སུ་ཡིད་ལ་བྱེད་པ། བར་ཆད་མེད་པའི་སེམས་ཡིད་ལ་བྱེད་པའོ། །ཇི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་འདྲེས་པ་ལ་མཉམ་པར་འཇོག་པ་ལགས། བཀའ་སྩལ་པ། གང་གི་སེམས་རྩེ་གཅིག་པ་ཡིད་ལ་བྱེད་པའོ། །ཞེས་དང་། དད་པ་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང་། ཞི་གནས་ཀྱི་ཚོགས་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པ་རློམ་སེམས་མེད་པའོ། །ལྷག་མཐོང་གི་ཚོགས་ནི་ཆོས་ཐམས་ཅད་མཐའ་དང་དབུས་མེད་པར་འཇུག་པའོ། །ཞེས་དང་། སྡུད་པ་ལས་ཀྱང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་ མཁའ་འདི་ལྟར་མཐོང་ཞེས་དོན་དེ་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང་། །ཞེས་དང་། སཾ་བུ་ཊི་ལས་ཀྱང་། མི་རྟོག་ 2-12-20a ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། ཀྱཻའི་རྡོ་རྗེ་ལས་ཀྱང་། གང་གིས་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་ བུ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས་ཀྱང་། དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་ནི། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །ཅེས་དང་། ས་ར་ཧས་ཀྱང་། ཁ་དོག་ཡོན་ཏན་ཡི་གེ་ དཔེ་དང་བྲལ། །སྨྲ་རུ་མི་བཏུབ་བདག་གིས་གྱི་ན་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ཡིས་བསྟན་ནུས་སམ། །ཞེས་དང་། རྟ་དབྱངས་ཀྱི་སྒོམ་རིམ་ལས་ཀྱང་། མཚོན་ཡང་མཚོན་བྱ་མ་ཡིན་ཏེ། །འདི་ལ་བསལ་བྱ་ཅི་ ཡང་མེད། །སྟོང་པ་ཉིད་ཀྱང་སྟོང་པས་སྟོང་། །འདི་ལ་སངས་རྒྱས་སེམས་ཅན་མེད། །བདག་གཞན་སྣང་ཞིང་སྲིད་པའི་ཆོས། །རྣམ་གྲོལ་རྣམ་པར་བཅིངས་པ་ཡང་། །མིང་ཙམ་མིང་ཡང་ཡོད་མ་ཡིན། །ཐམས་ཅད་ནམ་མཁའ་འདྲ་བ་སྟེ། །དེ་ལྟར་ཆོས་རྣམས་ མཐོང་མེད་ན། །མི་མངོན་མི་སྣང་མཇལ་མི་མཐོང་། །ཞེས་དང་། ས་ར་ཧས་ཀྱང་། གྲོགས་དག་ཟབ་མོ་དང་ནི་རྒྱ་ཆེ་བའི། །གཞན་གྱིས་བདག་ཉིད་རྟོགས་པ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པའི་ཞི་བའི་དུས་ཀྱི་ཚེ། །གཉུག་མ་ཉམས་སུ་མྱོང་བ་རབ་ཏུ་ཤེས། །ཞེས་སོ། ། བཞི་པ་ནི། དེ་ལྟ་བུའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལ་ལམ་གྱི་ཆ་རྣམས་ཐམས་ཅད་མ་ལུས་པར་ཚང་བར་བསྟན་ཏེ། དེ་ཡང་དེ་ཉིད་ལ་སྐྱབས་འགྲོ་ཚང་སྟེ། མ་དྲོས་པས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་ཐམས་ 2-12-20b ཅད་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ་དང་། གང་ཟག་མེད་པར་ཤེས་པར་གཟུགས་སུ་མ་ཡིན། མཚན་དུ་མ་ཡིན། ཆོས་སུ་མ་ཡིན་པར་དེ་བཞིན་གཤེགས་པ་ཡང་དག་པར་རྗེས་སུ་སོང་བ་དེ་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་སངས་རྒྱས་ལ་སྐྱབས་ སུ་སོང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི། ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་སྟེ། དེ་ལྟར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་སོང་བ་མཐོང་སྟེ། དེ་ལྟར་མཐོང་བ་དེ་ལྟ་བུ་ནི་ཟང་ཟིང་ མེད་པའི་སེམས་ཀྱིས་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །གང་ཆོས་ཀྱི་དབྱིངས་འདུས་མ་བྱས་པར་སྒོམ་པ་དང་། ཉན་ཐོས་ཀྱི་ཐེག་པ་འདུས་མ་བྱས་པར་བརྟེན་པ་དང་། འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པ་འདི་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་དགེ་འདུན་ལ་ སྐྱབས་སུ་སོང་བ་ཡིན་ནོ། །ཞེས་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས་ཀྱང་། དང་པོའི་སེམས་ནི་སངས་རྒྱས་ཏེ། །གཉིས་པ་ཡང་ནི་ཆོས་ཞེས་བྱ། །དེ་དང་ལྷན་ཅིག་འབྱུང་བའི་སེམས། །དགེ་འདུན་ཞེས་སུ་བསྟན་པ་ཡིན། །ཞེས་དང་། སཾ་བུ་ཊི་ལས་ཀྱང་། སྟོང་ ཉིད་སྙིང་རྗེ་དབྱེར་མེད་པའི། །གང་དུ་སེམས་ནི་རྣམ་སྒོམ་པ། །དེ་ནི་སངས་རྒྱས་དང་ཡང་ཆོས། །དགེ་འདུན་ཞེས་སུ་བསྟན་པ་ཡིན། །ཞེས་སོ། །དེ་ཉིད་ལ་སེམས་བསྐྱེད་ཆང་སྟེ། སེམས་བསྐྱེད་ཆེན་མོའི་མདོ་ལས་ཀྱང་། འོད་སྲུང་ཆོས་ཐམས་ཅད་ནམ་མཁའ་ ལྟར་མཚན་ཉིད་མེད་ཅིང་། ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་དང་། དུས་འཁོར་རྩ་རྒྱུད་དུ། སྟོང་པ་ལས་བྱུང་གཟུགས་ནི་རྒྱུ། །འབྲས་བུ་མི་འགྱུར་ལས་སྐྱེས་དེ། །འབྲས་བུ་རྒྱུ་ལ་རྒྱས་གདབ་ཅིང་། ། 2-12-21a རྒྱུ་ཡིས་འབྲས་བུར་རྒྱས་གདབ་བོ། །སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ། །བྱང་ཆུབ་སེམས་སུ་དེ་བརྗོད་དོ། །ཞེས་སོ། །བསྐྱེད་རིམ་ལྷ་སྒོམ་པའི་སྔགས་ཀྱི་བཟླས་ བརྗོད་ཀྱང་ཚང་སྟེ། ཀྱཻའི་རྡོ་རྗེ་ལས་ཀྱང་། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་རྣམས་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་གྲུབ་དང་། །རིན་ཆེན་དཔག་མེད་སེམས་དཔའོ། ། ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས་ཀྱང་། གཟུགས་བརྙན་ལུགས་མ་ལ་སོགས་ལས། །རྣལ་འབྱོར་འབྱུང་བར་མི་འགྱུར་གྱིས། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས་ཀྱང་། སྔགས་ རྣམས་ཀྱི་ནི་མཚན་ཉིད་དོ། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཡིན། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །ཅེས་དང་། དུས་འཁོར་འགྲེལ་ཆེན་ལས་ཀྱང་། སྟོང་པ་དང་ནི་སྙིང་རྗེའི་སྐུ། །དུས་ནི་ ཀུན་རྫོབ་གཟུགས་ལྡན་པ། །སྟོང་པ་འཁོར་ལོ་ཞེས་སུ་བརྗོད། །ཅེས་དང་། དུས་འཁོར་གཉིས་སུ་མེད་པར་འདོད། །ཅེས་དང་། བརྟག་པ་བདུན་པར་ཡང་། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །བཛྲ་ཤེས་རབ་བརྗོད་པར་བྱ། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས་ཀྱང་། སེམས་ ཞེས་བྱ་བ་བདེ་བར་གཤེགས། །སངས་རྒྱས་ཀུན་གྱི་བདེ་བའི་མཆོག །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས། །མཆོག་ཏུ་བདེ་བ་བདེ་བའི་མཆོག །ཅེས་དང་། འདུས་པའི་རྒྱུད་ཀྱི་ཕྱི་མ་ལས་ཀྱང་། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་སངས་རྒྱས་ 2-12-21b ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བརྗོད། །ཅེས་དང་། དེ་ཉིད་ལ་སྦྱིན་སྲེག་ཀྱང་ཚང་སྟེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། གང་གི་ཕྱིར་ན་སྦྱིན་སྲེག་ནི། །དངོས་གྲུབ་དམ་པ་སྟེར་བ་དང་། །རྣམ་རྟོག་འཇམ་ཕྱིར་སྦྱིན་སྲེག་ སྟེ། །ཤིང་སོགས་བསྲེག་པ་སྦྱིན་སྲེག་མིན། །ཞེས་སོ། །དེ་ཉིད་ལ་ཕར་ཕྱིན་དྲུག་ཀྱང་ཚང་སྟེ། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། སྟོང་པ་ཉིད་ལས་མ་གཡོས་ན། །ཕ་རོལ་ཕྱིན་པ་དྲུག་འདུས་སོ། །ཞེས་དང་། ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས་ ཀྱང་། མི་སེམས་པ་ནི་སྦྱིན་པའོ། །ཐ་དད་ལ་མི་གནས་པ་ནི་ཚུལ་ཁྲིམས་སོ། །བྱེ་བྲག་མི་བྱེད་པ་ནི་བཟོད་པའོ། །བླང་དོར་མེད་པ་ནི་བརྩོན་འགྲུས་སོ། །མ་ཆགས་པ་ནི་བསམ་གཏན་ནོ། །མི་རྟོག་པ་ནི་ཤེས་རབ་བོ། །ཞེས་དང་། ཆོས་སྤྱོད་མངོན་རྟོགས་ཀྱི་རྒྱུད་ ལས་ཀྱང་། སེམས་སྟོང་པ་དང་རྟོག་པ་ཡི། །སྐྱོན་གྱིས་མ་གོས་དྲི་མ་མེད། །དུཿཁ་ཆེ་ལ་ཡོངས་སུ་བཟོད། །བར་ཆད་མེད་པར་རྟག་ཏུ་སྡོམ། །དེ་ཉིད་གཅིག་ལ་མཉམ་པར་འཇོག །བདེ་བའི་འབྲས་བུ་ཡེ་ཤེས་སྐྱེས། །སྒོམ་ཆེན་ཡན་ལག་དྲུག་དང་ལྡན། །ཞེས་ དང་། སའི་སྙིང་པོའི་མདོ་ལས་ཀྱང་། མཁས་པ་སྟོང་ཉིད་ཆོས་སྒོམ་པ། །འཇིག་རྟེན་ཀུན་ལ་རྟེན་མི་གནས། །སྲིད་པ་ཀུན་ལ་གནས་མ་ཡིན། །རྣམ་པར་དག་པའི་ཚུལ་ཁྲིམས་བསྲུང་། །ཞེས་དང་། ཐམས་ཅད་ཆོས་ལ་རོ་གཅིག་མཐུན་པར། །སྟོང་པ་མཚན་ མ་མེད་པའི་ཞི་བ། །སེམས་ནི་ཅི་ལའང་མི་གནས་མི་ཆགས། །བཟོད་པ་འདི་ནི་ཕན་ཡོན་ཆེར་འགྱུར་རོ། །མཁས་པ་བརྩོན་འགྲུས་རྩོམ་པ་དག་ནི། །ཆགས་པ་ཐམས་ཅད་རིང་དུ་སྤངས་ཏེ། །སེམས་ནི་ཅི་ལའང་མི་གནས་མི་ཆགས། །ཡང་དག་བསོད་ནམས་ཞིང་ཞེས་དེ་ལ་ 2-12-22a བྱ། །སེམས་ཅན་ཀུན་ལ་ཕན་དང་བདེ་བའི་ཕྱིར། །ཏིང་འཛིན་སྒོམ་ཞིང་ཁུར་ལྕི་སྤངས་ཏེ། །ཀུན་ནས་ཉོན་མོངས་ཐམས་ཅད་སེལ་བ། །དེ་ནི་ཡང་དག་མཁས་པའི་མཚན་ཉིད། །ཅེས་སོ། །དེ་ཉིད་ལ་ཕྱག་འཚལ་བ་ཡང་འདུས་ཏེ། ནམ་མཁའ་ རིན་པོ་ཆེའི་མདོ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གིས་རང་གི་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །དེ་ཉིད་ལ་མཆོད་པ་འབུལ་བ་ཡང་ཚང་སྟེ། ཡབ་སྲས་མཇལ་བའི་མདོ་ལས། སྟོང་ ཉིད་ཆོས་ལ་བརྟེན་བགྱིད་ཅིང་། །སྤྱོད་པ་སྤྱོད་ཡུལ་གང་མོས་པ། །དེ་དག་སྟོན་པ་མཆོད་པ་སྟེ། །མཆོད་པ་དེ་ནི་བླ་ན་མེད། །ཅེས་དང་། བདེ་མཆོག་གི་རྒྱུད་ལས་ཀྱང་། རང་གིས་སྟོང་པར་རྟོགས་པ་ཡི། །འོད་གསལ་དེ་ནི་ཆོས་ཀྱི་སྐུ། །ཞེན་པ་རྣམས་དང་བྲལ་ བས་ན། །བླ་ན་མེད་པའི་མཆོད་པའོ། །ཞེས་དང་། བདུད་རྩི་གསང་བའི་རྒྱུད་ལས་ཀྱང་། མཉེས་པའི་དོན་གྱིས་མཆོད་པ་སྟེ། །སྤོས་སོགས་ཕུལ་བས་མཉེས་པ་མེད། །རང་སེམས་ལས་སུ་རུང་བ་དག །མཉེས་པའི་མཆོད་པ་ཆེན་པོའོ། །ཞེས་དང་། དེ་ཉིད་ སྡིག་བཤགས་ཀྱང་ཚང་སྟེ། ལས་རྣམ་པར་དག་པའི་མདོ་ལས། གང་ཞིག་བཤགས་པ་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་དང་། དེ་བཞིན་གཤེགས་པ་གསང་ བའི་མཛོད་ཀྱི་མདོ་ལས་ཀྱང་། ཆོས་ཐམས་ཅད་བྱས་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། སྒྱུ་མ་ལྟ་བུའི་ཆོས་ཉིད་དང་། ཀུན་ནས་ཉོན་མོངས་པ་མེད་པའི་ཆོས་ཉིད་དང་། རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང་། ཆོས་ཐམས་ཅད་གདོད་ 2-12-22b མ་ནས་དག་པར་ཡིད་ཆེས་ཏེ་མོས་ན་སེམས་ཅན་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ། །ཞེས་དང་། ཚུལ་ཁྲིམས་དང་དམ་ཚིག་བསྲུང་བ་ཡང་ཚང་སྟེ། ལྷའི་བུས་ཞུས་པའི་མདོ་ལས། གང་ལ་སྡོམ་པ་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་པ་ནི། མྱ་ངན་ལས་འདས་པའི་ཚུལ་ ཁྲིམས་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ཞེས་དང་། སྡུད་པར་ཡང་། གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །དེ་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་བདེན་པས་གསུངས། །ཞེས་དང་། འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། ཁྱིམ་ན་ གནས་ཤིང་སྐྲ་དང་ཁ་སྤུ་མ་བྲེགས་ཆོས་གོས་ཀྱང་མ་གྱོན། ཚུལ་ཁྲིམས་ཀྱང་མ་མནོས་མོད་ཀྱང་། འཕགས་པའི་ཆོས་ཉིད་དང་ལྡན་པ་དེ་ཉིད་དོན་དམ་པའི་དགེ་སློང་ཞེས་བྱའོ། །ཞེས་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལས་ཀྱང་། དབང་པོ་རྣམས་ནི་ཡུལ་རྣམས་ལ། ། འཇུག་ཅིང་རྟག་ཏུ་གང་གནས་པ། །བདག་མེད་ཆོས་ལ་ཡང་དག་གནས། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་དང་། ཐིག་ལེ་མཉམ་གནས་ཀྱི་རྒྱུད་ལས་ཀྱང་། བདེ་ཆེན་ངང་ལ་མཉམ་གནས་ན། །དམ་ཚིག་མེད་ཅིང་སྡོམ་པ་མེད། །བྱ་དང་བྱེད་པའི་རྩོལ་མེད་ ཀྱང་། །ནམ་མཁའ་ལྟ་བུས་འགྲུབ་པར་འགྱུར། །ཞེས་སོ། །དེ་ཉིད་ལ་ཐོས་བསམ་སྒོམ་གསུམ་ཡང་ཚང་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། མ་བཅོས་རྣལ་མའི་ཟས་ཅིག་ཟོས་གྱུར་པ། །གྲུབ་མཐའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར། །བྱིས་པས་མ་ རྟོགས་ཐ་སྙད་ཚིག་ལ་རྟེན། །ཐམས་ཅད་རང་གི་སེམས་ཀྱི་མཚན་ཉིད་ཡིན། །ཞེས་དང་། ས་ར་ཧས་ཀྱང་། ཀློག་པ་དེ་ཡིན་འཛིན་དང་སྒོམ་པ་དེ་ཡིན་ཏེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །དེས་མི་མཚོན་པའི་ལྟ་བ་ཡོད་མིན་ཏེ། །ཞེས་སོ། །དེ་ལ་ 2-12-23a གཏེར་མ་ཆོས་སྤྱོད་ཀྱང་ཚང་སྟེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། མཆོད་དང་གཏོར་མ་ལ་སོགས་པའི། །ལས་དང་བྱ་བ་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་རྙེད་གྱུར་ལས། །ཐམས་ཅད་འདི་ཡིས་སྡུད་པར་ངེས། །ཤེས་སོ། ། དེ་ཐམས་ཅད་སེམས་ཉིད་སྒོམ་པ་ལ་འདུས་ན། ཐབས་ཀྱི་རིམ་པ་མང་དུ་གསུངས་པ་རྣམས་ཇི་ལྟར་ཡིན་ཞེ་ན། དེ་ལྟ་བུའི་གནས་ལུགས་ལ་རྨོངས་པ་རྣམས་འཁྲིད་པའི་ཕྱིར་ཡིན། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྒྱུ་རྐྱེན་འབྲེལ་བར་བཤད་པ་དང་། །རིམ་པས་ འཇུག་པར་བསྟན་པ་ཡང་། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་གྱིས་སྦྱང་དུ་ཅི་ཞིག་ཡོད། །ཅེས་དང་། བདེ་མཆོག་སྡོམ་འབྱུང་ལས་ཀྱང་། འདི་ལྟར་བདག་གིས་མཁའ་མཚུངས་པར། །རྟག་ཏུ་ གྲོལ་བའི་བདག་ཉིད་ཐོབ། །ཅེས་དང་། ནམ་མཁའ་རིན་པོ་ཆེའི་མདོ་ལས་ཀྱང་། ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་མ་ཞུགས་ཀྱི་བར་ལས་དང་ལམ་ཐ་དད་མོད་ཀྱི། ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་ཕྱིན་ནས། ས་དང་ལམ་ཅུང་ཟད་དུ་ཡང་བགྲང་དུ་མེད་དེ། ཞེས་དང་ ཇོ་བོས་ཀྱང་། གཅིག་ཏུ་མཉམ་བཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར་མི་བྱ། །ཞེས་སོ། །དེ་ལྟར་ན་ཆད་པར་ལྟ་བར་མི་འགྱུར་རམ་ཞེ་ན། དྲན་པ་ཉེར་བཞག་ལས། ཆད་པར་ལྟ་བ་གཉིས་ཏེ། ཡོད་པ་མེད་པར་འདོད་པའི་ཆད་ལྟ་དང་། མེད་ པ་ཡོད་པར་འདོད་པའི་ཆད་པར་ལྟ་བའོ། །ཡོད་པ་མེད་པར་འདོད་པ་ནི། མཆོད་སྦྱིན་མེད་དོ། །ལས་དང་རྣམ་པར་སྨིན་པ་མེད། སྐྱེ་བ་སྔ་མ་དང་ཕྱི་མ་མེད་པར་འདོད་པའོ། །མེད་པ་ཡོད་པར་འདོད་པ་ནི། དབང་ཕྱུག་གམ་བྱེད་པ་པོས་བྱས་པར་འདོད་པའོ། །ཞེས་ 2-12-23b དང་། འཁོར་ལོ་བཅུ་པ་ལས་ཀྱང་། ལས་ཀྱི་རྣམ་སྨིན་རྒྱུ་འབྲས་མེད་འདོད་པ། །དེ་ནི་མུ་སྟེགས་ཆད་པར་ལྟ་བ་ཡིན། །ཤི་མ་ཐག་ཏུ་མནར་མེད་དམྱལ་བར་སྐྱེ། །དེ་ནི་རང་ཕུང་གཞན་ཡང་བརླག་པར་བྱེད། །ཅེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ ལས་ཀྱང་། ཆད་པར་ལྟ་བ་གང་ཞེ་ན། ཀུན་རྫོབ་ཏུ་ཡང་ལས་དང་རྣམ་པར་སྨིན་པའི་རྒྱུ་མཚན་མེད་པར་འདོད་པའོ། །ཞེས་དང་། རྟ་སྐད་བྱང་ཆུབ་སེམས་དཔས་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ལགས་ན། ཆད་པར་མི་ འགྱུར་བ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་ཆད་པར་ལྟ་བ་ནི་རྒྱུ་མཚན་གསུམ་གྱི་ཆད་པར་ལྟ་བར་གྱུར་ཏེ། ལས་རྒྱུ་འབྲས་ལ་སོགས་པ་ཀུན་རྫོབ་ཙམ་དུ་ཡང་ཡོད་པ་འགོག་པ་དང་། མེད་པའི་ཕྱོགས་འབའ་ཞིག་ཏུ་ཞེན་པ་དང་། ཟབ་མོའི་ཆོས་ཀྱི་དོན་ མ་རྟོགས་པར་སྟོང་པའོ་ཞེས་ཚིག་ཏུ་ཞེན་པའོ། །གསོལ་པ། འོ་ན་ཆད་པར་ལྟ་བ་ཇི་ལྟར་སྤོང་བ་ལགས། བཀའ་སྩལ་པ། ཀུན་རྫོབ་ཏུ་ལས་དང་རྣམ་པར་སྨིན་པ་མི་སླུ་བ་དང་། དོན་དམ་པར་མེད་པའི་དངོས་པོར་མ་གྲུབ་པ་དང་། ཟབ་མོའི་དོན་སེམས་ཀྱི་རང་བཞིན་ སྐྱེ་འགག་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་ཉམས་སུ་མྱོང་བའོ། །ཞེས་དང་། ནོར་བུ་འཕྲེང་བའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ར་མ་ཎའི་སྙིང་པོས་གསོལ་པ། སྟོང་པ་ཁོ་ན་ལ་ཞེན་པས་ཆད་པར་ལྟ་བར་མི་འགྱུར་བ་ལགས་སམ། བཀའ་སྩལ་ པ། དཔེར་ན་རྨི་ལམ་གྱི་གྲོང་ཁྱེར་ཡེ་ནས་མེད་པ་ལ། ཞིག་ནས་མེད་པ་ལྟ་ག་ལ་ཡོད། དེ་བཞིན་དུ་ཆད་པར་འཛིན་པའི་སེམས་ཡེ་ནས་དངོས་པོ་མེད་པ་ལ། དེ་མེད་པར་འཛིན་པའི་ཆད་པར་ལྟ་བ་ལྟ་ག་ལ་ཡོད། ཅེས་དང་། བི་རཱུ་པས། ཕྱག་རྒྱ་ཆེན་པོའི་ངང་ནས་ 2-12-24a ལྷན་ཅིག་སྐྱེས་པ་དེ། །མི་བསམ་མི་རིག་བདག་མེད་ངང་ལ་བཞག །ཆད་པར་མི་འགྱུར་ཉམས་སུ་མྱོང་བས་རང་གིས་རིག །རྟག་པར་མི་འགྱུར་མངོན་ཞེན་མེད་པས་ཟུང་དུ་འཇུག །ཅེས་སོ། །འོན་ཀྱང་གང་གི་གཅིག་ཅར་ནི་སྦྱོང་བྱེད་ཀྱི་ ཐབས་ཡིན་གྱི་སྦྱངས་པའི་དག་པ་ནི་རིམ་གྱིས་ཐོབ་པར་འགྱུར་ཏེ། ལང་ཀར་གཤེགས་པ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་གསོལ་པ། རང་གི་སེམས་སྣང་བའི་རྒྱུད་ཅིག་ཅར་རམ་རིམ་གྱིས་འཇུག་པར་འགྱུར། བཀའ་སྩལ་པ། བློ་གྲོས་ཆེན་ པོ་རང་གི་སེམས་སྣང་བའི་རྒྱུད་རིམ་གྱིས་འཇུག་པས་དག་སྟེ། ཅིག་ཅར་བས་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱིས། ཅིག་ཅར་ནི་མ་ཡིན་ནོ། །དེ་བཞིན་དུ་རང་གི་སེམས་སྣང་བའི་རྒྱུད་ཀྱང་ རིམ་གྱིས་དག་པར་འགྱུར་གྱི། ཅིག་ཅར་ནི་མ་ཡིན་ནོ། །ཞེས་སོ། །ཡང་ན་གོང་འོག་གཉིས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་གྱིའོ། །གསུམ་པ་ལ་གཉིས་ལས། དང་པོ་འབྲས་བུ་མངོན་དུ་བྱེད་པའི་དུས་ནི། དེ་ལྟར་བསྒོམས་པས་རབ་ཀྱིས་ཚེ་འདི་ཉིད་ལ་མཆོག་ གི་དངོས་གྲུབ་ཐོབ་ཅིང་། འབྲིང་གི་རབ་བར་དོར། འབྲིང་གི་འབྲིང་སྐྱེ་བ་གཉིས། འབྲིང་གི་ཐ་མས་སྐྱེ་བ་བདུན་ནམ་བཅུ་དྲུག་ན་ཐོབ་སྟེ། གུར་དང་གདན་བཞི་གཉིས་ཀ་ལས། རིན་ཆེན་སེམས་ནི་རབ་བསྐུལ་བས། །ཇི་ལྟར་ནམ་མཁའ་དྲི་མེད་སེམས། །སྐྱེ་འདིར་ སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་སངས་རྒྱས་སོ། །ཞེས་དང་། གཙུག་ཏོར་གྱི་མདོ་ལས་ཀྱང་། ཆོས་ཐམས་ཅད་མཚན་མ་མེད་པའི་ཡེ་ཤེས་ལ་བདེ་བར་གནས་པ་དེ་ནི་ལུས་འདི་བོར་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་དྲན་པ་དང་ལྡན་པར་འགྱུར་ 2-12-24b ཏེ། ཞེས་དང་། ཉི་ཟླ་གྲུབ་པ་ལས་ཀྱང་། རྣལ་འབྱོར་དབང་རབ་རྣམས་ཀྱིས་ནི། །དོན་དམ་ཕྱག་རྒྱ་ཆེ་བརྟེན་ནས། །མི་གཡོ་བསམ་གཏན་སྦྱོར་བ་ཡིས། །རྒྱུ་མཐུན་བདེ་སྟོང་ཏིང་འཛིན་སྒོམ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །མཆོག་གི་དངོས་གྲུབ་ ཐོབ་པར་གསུངས། །ཞེས་དང་། རྡོ་རྗེ་རྩེ་མོ་ལས་ཀྱང་། བསྐལ་པ་གྲངས་མེད་པ་རུ་འབྱུང་། །ས་ཡི་ཕ་རོལ་ཕྱིན་པ་མཆོག །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདས། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། ཕ་རོལ་ཏུ་ཕྱིན་ པའི་བསྐལ་པ་རབ་འབྱམས་ཀྱིས་འདའ་བའི་ས་དེ་དག་རིགས་སྔགས་འཆང་གིས་ཚེ་འདི་ཉིད་ལ་འགྲུབ་བོ། །ཞེས་དང་། ཨ་བྷི་དྷ་ནའི་རྒྱུད་ལས་ཀྱང་། ཕྱག་རྒྱ་ཆེ་ལ་ངེས་པར་རོལ། །སྒོམ་པ་མངོན་དུ་གྱུར་པ་ཡིས། །རྣམ་གྲོལ་སངས་རྒྱས་ཐམས་ཅད་ཀྱང་། ། སྐྱེ་བ་འདི་ལ་མངོན་དུ་འགྱུར། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས་ཀྱང་། ཡིད་ནི་རྡོ་རྗེའི་སྐུར་གྱུར་པས། །བར་དོ་ལས་ནི་གྲོལ་བར་འགྱུར། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས་ཀྱང་། ཡང་ན་ལུས་འདི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་ འགྲུབ། །ཅེས་དང་། བདེ་མཆོག་ལས་ཀྱང་། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་། དུས་འཁོར་ལས་ཀྱང་། རྣལ་འབྱོར་དབང་པོ་རབ་ཏུ་གཡོ་བའི་ཡིད་ལྡན་གལ་ཏེ་རྣལ་འབྱོར་མ་ཐོབ་ཤི་བར་གྱུར་ན་ནི། །དཔལ་ ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །དེ་ཡི་སྔོན་དུ་གོམས་པས་སླར་ཡང་ཡེ་ཤེས་རྣལ་འབྱོར་མཆོག་ཏུ་རྒྱ་ཆེན་ཉམས་སུ་ལེན་པར་གྱུར། །ཡེ་ཤེས་ཐོབ་པར་གྱུར་ན་མི་ཟད་མཆོག་གི་གནས་ཏེ་སླར་ཡང་སྐྱེ་བ་མ་ཡིན་ 2-12-25a ལ། །ཞེས་དང་། དུས་འཁོར་འགྲེལ་ཆེན་ལས་ཀྱང་། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་ལྡན་པ་མ་ཡིན་པ་དང་། ཡང་དག་པའི་ཡེ་ཤེས་མ་བསྒོམས་ཀྱང་ངེས་པའོ། །ཞེས་དང་། གསང་བ་མཛོད་ལས་ཀྱང་། དབང་ བསྐུར་ཡང་ཡང་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམས་ཀྱང་ནི་དངོས་གྲུབ་ཐོབ། །ཅེས་དང་། དམ་ཚིག་ལྔ་པ་ལས་ཀྱང་། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་དང་། རྡོ་རྗེ་རྩེ་ མོ་ལས་ཀྱང་། ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདས། །སོ་སོ་སྐྱེ་ཡང་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་སོ། །དེ་དག་ནི་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་ཅིང་། ལམ་སྒྲུབ་པའི་དབང་དུ་བྱས་ པ་ཡིན་ལ། ཐབས་ཀྱིས་མ་ཟིན་ན་དུས་རིང་ལ། མི་སྒྲུབ་ན་ཡོན་ཏན་མི་འབྱུང་ཞིང་། མི་དགེ་བ་སྤྱད་ན་ངན་སོང་དུ་ལྟུང་སྲིད་པར་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ནི་གཞུང་ལུགས་ཆེན་པོ་རྣམས་ནས་གསུངས་པ་ལྟར་ཁོང་དུ་ཆུད་པར་བྱའོ། །གཉིས་ པ་འཐོབ་བྱའི་འབྲས་བུ་མཐར་ཐུག་ནི། སྐུ་གསུམ་མམ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན། ཕྲིན་ལས་སྲིད་མཐའི་བར་དུ་འབྱུང་བ་སྟེ། འོད་ཟེར་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་དགོངས་པ་ཡོངས་སུ་གྲུབ་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། སངས་རྒྱས་ཐམས་ཅད་ལ་སྐུ་གསུམ་མངའ་བའོ། །ཆོས་ཀྱི་སྐུ་ནི་ཡོངས་སུ་དག་པའི་ཡེ་ཤེས་ཉིད་དུ་གནས་པ་ཙམ་ལ་བྱའོ། །ཞེས་དང་། ཆོས་ཉིད་ཀྱི་ཡེ་ཤེས་ལ་རྟོག་པ་མེད་ཀྱང་། སྨོན་ལམ་གྱི་དབང་གིས་སེམས་ཅན་སྐལ་བ་ཅན་རྣམས་ལ་གཟུགས་སྐུ་གཉིས་ 2-12-25b ཀྱིས་དོན་བྱེད་དོ། །ཞེས་དང་། མཚན་ཡང་དག་པར་བརྗོད་པ་ལས། མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང་། སྐུ་གསུམ་བསྟན་པའི་མདོ་ལས་ཀྱང་། སངས་རྒྱས་ རྣམས་ནི་སྐུ་གསུམ་སྟེ། འདི་ལྟ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །ཞེས་དང་། དཔེར་ན་ནམ་མཁའ་ལས་ནི་སྤྲིན་འབྱུང་ངོ་། །སྤྲིན་ལས་ནི་ཆར་འབྱུང་ངོ་། །དེ་བཞིན་དུ་ཆོས་སྐུ་ལས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ འབྱུང་ངོ་། །ཞེས་དང་། རིན་ཆེན་འཕྲེང་བའི་རྒྱུད་ལས་ཀྱང་། ཆོས་སྐུ་སྤྲིན་མེད་ནམ་མཁའ་བཞིན། །སྐུ་གཉིས་སྤྲིན་དང་ཆར་གྱི་ཚུལ། །སྐུ་གཉིས་སེམས་ཅན་དོན་མཛད་པ། །སེམས་ཅན་གྱི་ལས་དང་སངས་རྒྱས་ཀྱི་སྨོན་ལམ་གྱི་སྟོབས། དེ་ཡི་སྟོབས་ཀྱིས་ སྣང་བ་ལས། །ཡང་དག་ཉིད་ལ་སྣང་བ་མེད། །ཅེས་དང་། ཡེ་ཤེས་དགོངས་པའི་རྒྱུད་ལས། སྣ་ཚོགས་གསལ་བ་སྤྲུལ་པའི་སྐུ། །གསལ་ལ་འཛིན་མེད་ཆོས་ཀྱི་སྐུ། །བདེ་བར་ཤེས་པ་ལོངས་སྤྱོད་རྫོགས། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་བཞིན་གྱི། །དོན་ནི་རྟེན་དང་བཅས་པར་བསྟན། །ཞེས་དང་། སངས་རྒྱས་སའི་མདོ་ལས་ཀྱང་། སངས་རྒྱས་ཀྱི་ཡེ་ཤེས་ནི་རྣམ་པ་ལྔ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོགས་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་དང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས་ཀྱང་། དེ་ལ་མེ་ལོང་ཡེ་ཤེས་ནི། 2-12-26a དཔེར་ན་གཡའ་དག་མེ་ལོང་ལ། །གཟུགས་བརྙན་སྣང་བ་གསལ་བ་བཞིན། །དེ་བཞིན་སེམས་ཀྱི་མེ་ལོང་ལ། །ཉོན་མོངས་གཡའ་ནི་དག་བྱས་ནས། །ཆོས་རྣམས་གཟུགས་བརྙན་ལྟ་བུར་མཐོང་། །སེམས་ཀྱི་མེ་ལོང་གང་ཡིན་ལ། །སྒྱུ་ མ་ཙམ་དུ་སྣང་བ་དེ། །ཐ་དད་མི་ཕྱེད་མཉམ་ཡེ་ཤེས། །མཉམ་ཉིད་ཡེ་ཤེས་གང་ཡིན་པའི། །ཀུན་རྫོབ་སྒྱུ་མ་ཙམ་དེ་ནི། །ལས་དང་མཚན་ཉིད་མ་འདྲེས་པ། །དེ་ཉིད་སོ་སོར་རྟོགས་ཡེ་ཤེས། །དེ་ཉིད་ནན་ཏན་སྒྲུབ་བྱེད་དེ། །དེ་ཉིད་དོན་གྲུབ་ཡེ་ཤེས་ཏེ། །ཐམས་ཅད་ སྟོང་ཉིད་གཞན་མིན་ཏེ། །དེ་ཕྱིར་ཆོས་དབྱིངས་ཡེ་ཤེས་ཡིན། །ཞེས་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་ཀྱང་། ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་སྟེ་སེམས་ཅན་རྣམས་ལ་ཡང་མ་དག་པའི་དྲི་མ་དང་མ་བྲལ་བའི་སྐྱོན་དང་བཅས་ པའི་ཆོས་ཀྱི་དབྱིངས་གཟིགས་ནས། སེམས་ཅན་རྣམས་ལ་རྣམ་པར་བརྩེ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་འཇུག་གོ། ཞེས་དང་། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས་ཀྱང་། ཟག་མེད་དབྱིངས་ལས་མ་གཡོས་ཀྱང་། །སྔོན་གྱི་ སྨོན་ལམ་འཕེན་པ་ཡིས། །སེམས་ཅན་སྲིད་ལས་བསྒྲལ་བའི་ཕྱིར། །འཇིག་རྟེན་ཁམས་སུ་ཕྲིན་ལས་འཇུག །ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད། །ཁྱབ་ཅིང་རྟག་པར་དུས་ཀུན་ཏུ། །སངས་རྒྱས་ཕྲིན་ལས་བསམ་མི་ཁྱབ། །ཅེས་སོ། །ཇི་སྐད་དྲངས་པའི་ལུང་དེ་དག་ ལས་རེ་རེས་ཀྱང་། གོང་འོག་གི་དོན་དུ་མ་སྟོན་པ་ཡང་མང་དུ་སྣང་བས་ཁོང་དུ་ཆུད་པར་བྱའོ།། །།མདོ་རྒྱུད་བསྟན་བཅོས་ཟབ་དོན་གངས་རིའི་ངོགས། །རྣམ་དཔྱོད་ལྷག་བསམ་ཉི་མའི་འོད་ཀྱིས་བཞུས། །མན་ངག་གངྒཱའི་ཆུ་རྒྱུན་ཀློང་ནས་བརྡོལ། །དད་ལྡན་སྐོམ་པ་ 2-12-26b ཀུན་གྱིས་བཏུང་བ་མཛོད། །དོན་མཆོག་བསྟན་པའི་སྤྱི་གཞུང་ལས་འཁྲུངས་ཤིང་། །འབྱམས་ཀླས་ཚིག་གིས་བསྒྲིབས་པའི་རོ་མཆོག་བརྒྱ། །ཉུང་འདུས་གསལ་བའི་མན་ངག་གཡོས་སུ་སྦྱར། །གུས་ལྡན་བཀྲེས་པ་ཡོད་ན་འདི་ལ་རོལ། །ལྟ་སྒོམ་སྤྱོད་འབྲས་གླིང་བརྒྱད་ གསལ་བའི་གཞི། །མདོ་རྒྱུད་ལུང་གི་འོད་ཟེར་སྟོང་ལྡན་འདི། །གདམས་ཆུང་མེ་ཁྱེར་འོད་ཀྱིས་ཚིམ་པ་ཡི། །བླུན་སྒོམ་མུན་པར་འཁྱམས་པའི་སྣང་བ་མཛོད། །བླང་དོར་མ་ནོར་སྟོན་བྱེད་དགེ་བའི་བཤེས། །མི་ཤེས་དགྲ་ལས་རྒྱལ་བྱེད་གོ་མཚོན་དཔུང་། ། ཡིད་ལ་འདོད་དགུ་སྒྲུབ་བྱེད་ཡིད་བཞིན་ནོར། །སྐལ་བཟང་རི་ཁྲོད་འགྲིམ་པའི་ཆ་རྐྱེན་མཛོད། །རྒྱལ་བའི་དགོངས་པ་ཟབ་ཅིང་རྟོགས་དཀའ་བ། །བདག་བློའི་སྟོབས་ཞན་བྱིས་པའི་ངང་ཚུལ་ཅན། །དེ་ཕྱིར་འདི་ལ་ནོངས་པའི་ཚོགས་མཆིས་སྲིད། །དབང་གྱུར་ རྒྱལ་དང་རྒྱལ་སྲས་ཚོགས་ལ་བཤགས། །དེ་བྱུང་དགེ་བ་ནམ་མཁའི་ཁྱོན་ཡངས་ཀྱིས། །ཐོག་མེད་དྲིན་ལྡན་མར་གྱུར་འགྲོ་བའི་ཚོགས། །སེམས་དོན་གནས་ལུགས་རྟོགས་པའི་ལམ་ཞུགས་ཏེ། །སྐུ་གསུམ་ནོར་བུའི་གླིང་དུ་འཇུག་པར་ཤོག །རྒྱལ་བ་རྒྱལ་ སྲས་གསུང་རབ་ནམ་མཁའི་ཀློང་། །ངེས་དོན་གསལ་བྱེད་ལུང་གི་ཉི་མ་ཤར། །མཐར་འཛིན་མུན་པའི་དྲྭ་བ་ཀུན་བསལ་ཏེ། །ཡང་དག་དོན་གྱི་སྣང་བ་རྒྱས་གྱུར་ཅིག །གང་གི་གསུང་རབ་རྒྱ་མཚོ་ཡངས་པ་ལས། །ཟབ་དོན་འཁྲུལ་མེད་མར་གྱི་སྙིང་པོ་བླངས། ། གཉིས་འཛིན་མཚན་མའི་རླུང་གིས་འཁྲུལ་པ་རྣམས། །གདམས་པའི་བཅུད་འཐུངས་རྟོགས་པའི་ཁམས་རྒྱས་ཤོག །མདོ་རྒྱུད་གངས་རིའི་ངོས་ནས་ལེགས་འོངས་ཤིང་། །ཟབ་བཅུད་ཡན་ལག་བརྒྱད་ལྡན་བདུད་རྩིའི་རྒྱུན། །ལྟ་ངན་ལོག་པའི་དྲི་མ་རྣམས་བསལ་ 2-12-27a ཞིང་། །གནས་ལུགས་རྟོགས་པའི་མདངས་ཀྱིས་མཛེས་གྱུར་ཅིག །ཆོས་ཚུལ་འདི་ནི་མཁའ་ལྟར་ཀུན་ལ་ཁྱབ། །རྩི་སྨན་ཚོགས་ལྟར་ཕན་པ་གྲངས་མང་ཞིང་། །ཡིད་བཞིན་ནོར་ལྟར་འདོད་པའི་དོན་ཀུན་སྒྲུབ། །གངྒཱའི་ཆུ་ལྟར་རྒྱུན་མི་ འཆད་པར་ཤོག །སེམས་དོན་སྙིང་པོའི་གནས་ལུགས་གསལ་བྱེད་ལུང་གི་ཉི་འོད་ཅེས་བྱ་བ། ཤིང་ཕོ་སྟག་གི་ལོ་གྲོ་ཞུན་ཟླ་བའི་ཉེར་ལྔ་ལ། སྨན་པའི་རྒྱལ་པོས་སྒམ་པོའི་གནས་སུ་བཀོད། ཤེས་བྱའི་གནས་ལ་མཁྱེན་པའི་འོད་སྟོང་འཕྲོ། །རབ་ཏུ་གུས་བྱེད་ འདབ་སྟོང་རྒྱས་པའི་གཉེན། །རྡོ་རྗེའི་དོན་མཆོག་སྦྲང་རྩིའི་དཔལ་འཛིན་པའི། །དད་ཅན་རྐང་དྲུག་དགའ་བ་བསྐྱེད་ཕྱིར་བསྡེབས།། །། 2-12-27b empty page 2-13-1a ༼ཨེ༽ །།དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ཞེས་བྱ་བ་བཀའ།། །།ཆག་ཆུ་བོ་གཉིས་ཀྱི་ཐེག་པ་ཆེན་པོའི་ལམ་རིམ་གྱི་བཤད་པ་བཞུགས་སོ།། 2-13-1b ༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྒྱལ་དང་དེ་ སྲས་རྣམས་དང་དམ་པའི་ཆོས་རྣམས་དང་། །དེའི་ཡང་རྩ་བར་གྱུར་པ་བླ་མ་ལ་བཏུད་ནས། །ཡིད་ བཞིན་ནོར་བུ་ལྟ་བུའི་དམ་ཆོས་རིན་ཆེན་འདི། །མི་ལ་རྗེའི་དྲིན་ལ་བརྟེན་ནས་རང་གཞན་དོན་དུ་བྲི། ། སྤྱིར་ཆོས་ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་འདུས་སོ། །དེ་ལ་འཁོར་བ་བཅེས་ 2-13-2a བྱ་བ་ནི་རང་བཞིན་སྟོང་པ་ཉིད་ཡིན། རྣམ་པ་འཁྲུལ་པ་ཡིན། མཚན་ཉིད་སྡུག་བསྔལ་དུ་ཤར་བ་ ཡིན་ནོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་རང་བཞིན་སྟོང་པ་ཉིད་ཡིན། རྣམ་པ་འཁྲུལ་པ་ཐམས་ཅད་ཟད་ཅིང་ ཡལ་བ་ཡིན། མཚན་ཉིད་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དེ་ལ་འཁོར་བར་འཁྲུལ་པ་འདི་ཡང་སུ་ འཁྲུལ་ན། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁྲུལ་ལོ། །གཞི་ཅི་ལས་འཁྲུལ་ན། སྟོང་པ་ཉིད་ལས་ འཁྲུལ་ལོ། །རྒྱུ་ཅི་ལས་འཁྲུལ་ན། མ་རིག་པ་ཆེན་པོས་འཁྲུལ་ལོ། །ཚུལ་ཇི་ལྟར་འཁྲུལ་ན། འགྲོ་བ་རིགས་དྲུག་གི་སྤྱོད་ 2-13-2b ཡུལ་དུ་འཁྲུལ་ལོ། །དཔེ་ཇི་ལྟར་འཁྲུལ་ན། གཉིད་དང་རྨི་ལམ་ལྟར་འཁྲུལ་ལོ། །དུས་ནམ་ནས་འཁྲུལ་ན། འཁོར་བ་ཐོག་མ་མེད་པ་ནས་འཁྲུལ་ལོ། །འཁྲུལ་པ་ལ་ སྐྱོན་ཅི་ཡོད་ན། སྡུག་བསྔལ་འབའ་ཞིག་ལ་སྤྱོད་དོ། །འཁྲུལ་པ་ཡེ་ཤེས་སུ་ནམ་འགྱུར་ན། བླ་མེད་ཀྱི་བྱང་ཆུབ་ཐོབ་ཙ་ན་འགྱུར་རོ། །འཁྲུལ་པ་ལ་རང་སངས་ཡོད་དམ་སྙམ་ ན། འཁོར་བ་མཐའ་མེད་པར་གྲགས་པ་དེ་ཡིན་ནོ། །དེ་ལྟར་ན་འཁོར་བ་འདི་འཁྲུལ་པ་ཡིན་ལུགས་སམ། སྡུག་བསྔལ་ཆེ་ཚོད་དམ། ཡུན་གྱི་རིང་ལུགས་སམ། རང་ གྲོལ་མེད་ལུགས་དེ་ལྟར་ལགས་པས་དུས་དེ་རིང་ནས་བཟུང་སྟེ་བླ་མེད་ཀྱི་བྱང་ཆུབ་ཅི་ཐོབ་ལ་འབད་འཚལ་ལོ། །དེ་ལྟར་འབད་པ་ལ་ཅི་དགོས་ཤེ་ན། སྡོམ་ནི། རྒྱུ་དང་རྟེན་དང་ རྐྱེན་དང་ནི། །ཐབས་དང་འབྲས་བུ་ཕྲིན་ལས་ཏེ། །བླ་མེད་བྱང་ཆུབ་སྤྱི་སྡོམ་དྲུག །བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། །ཞེས་པ་སྟེ། བླ་མེད་ཀྱི་བྱང་ཆུབ་དེའི་རྒྱུ་དང་། དེ་སྒྲུབ་ པའི་རྟེན་གྱི་གང་ཟག་དང་། དེ་བསྒྲུབ་པ་ལ་བསྐུལ་བའི་རྐྱེན་དང་། དེ་སྒྲུབ་པའི་ཐབས་དང་། དེ་གྲུབ་པའི་འབྲས་བུ་དང་། དེ་གྲུབ་ནས་སངས་རྒྱས་ཀྱི་ཕྲིན་ལས་རྣམས་ཤེས་དགོས་ 2-13-3a པའོ། །དེ་དག་རིམ་པར་བསྟན་པ་ནི། རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ། །རྟེན་ནི་མི་ལུས་རིན་ཆེན་མཆོག །རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན། །ཐབས་ནི་དེ་ཡི་གདམས་ངག་སྟེ། །འབྲས་བུ་ རྫོགས་སངས་རྒྱས་ཀྱི་སྐུ། །ཕྲིན་ལས་རྟོག་མེད་འགྲོ་དོན་མཛད། །ཅེས་པ་རྣམས་ཡིན་ནོ། །དེ་རྣམས་ཀྱིས་ནི་ལུས་རྣམ་བཞག་བསྟན་པ་ཙམ་ཡིན་ནོ། །ད་ནི་ཡན་ལག་རྒྱས་པར་འཆད་དོ། །དེ་ལ་དང་པོ། ། རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ། །ཞེས་པ་ནི། འོ་ན་འཁོར་བ་འཁྲུལ་པའི་རང་བཞིན་འདི་ལས་གྲོལ་ནས། བླ་མེད་ཀྱི་བྱང་ཆུབ་ཐོབ་དགོས་པ་དེ། བདག་ཅག་ལ་སོགས་པ་གང་ཟག་དམན་པ་དག་གིས་འབད་པ་བྱས་ ཀྱང་ཐོབ་པར་ཅང་འགྱུར་རམ་སྙམ་ན། འབད་པས་བསྒྲུབས་ན་བྱང་ཆུབ་ཅིས་ཏེ་མི་ཐོབ་སྟེ། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ པའི་ཕྱིར་རོ། །དེ་ལྟར་ཡང་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་སོ། །མདོ་མྱ་ངན་ལས་འདས་ཆུང་ལས་ཀྱང་། སེམས་ཅན་ཐམས་ ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང་། མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་ལས་ཀྱང་། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པར་གནས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་ པོས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་སོ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། ། 2-13-3b འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་སོ། །འོ་ན་རྒྱུ་མཚན་ཅིའི་ཕྱིར་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཞེ་ན། ཆོས་སྐུ་སྟོང་ཉིད་ཀྱིས་སེམས་ཅན་ལ་ཁྱབ་པའི་ཕྱིར་དང་། ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་ མེད་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་རིགས་ཡོད་པའི་ཕྱིར་ཏེ། དེས་ན་རྒྱུ་མཚན་གསུམ་ཡོད་པས། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། དེ་ལྟར་ཡང་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །དེ་ལ་དང་པོ་ཆོས་སྐུ་སྟོང་ཉིད་ཀྱིས་སེམས་ཅན་ལ་ཁྱབ་པ་ཞེས་ པ་ནི། སངས་རྒྱས་ནི་ཆོས་སྐུ་ཡིན་ལ། ཆོས་སྐུ་ནི་སྟོང་ཉིད་ཡིན་ཏེ། སྟོང་ཉིད་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་ཡང་། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའོ། །ཆོས་ཉིད་ དེ་བཞིན་ཉིད་ལ་དབྱེ་བ་མེད་པ་ཞེས་པ་ནི། སངས་རྒྱས་ཀྱི་དེ་བཞིན་ཉིད་དང་། སེམས་ཅན་གྱི་དེ་བཞིན་ཉིད་ལ་བཟང་ངན་ནམ། ཆེ་ཆུང་ངམ། མཐོ་དམན་གྱི་དབྱེ་བ་མེད་པས་ན་ཡང་། སེམས་ཅན་སངས་རྒྱས་ ཀྱི་སྙིང་པོ་ཅན་ཡིན་པའོ། །སེམས་ཅན་ཐམས་ཅད་ལ་རིགས་ཡོད་པ་ཞེས་པ་ནི། སེམས་ཅན་རྣམས་སངས་རྒྱས་ཀྱི་རིགས་རྣམ་པ་ལྔར་གནས་ཏེ། གང་ཞེ་ན། སྡོམ་ནི། རིགས་ཆད་རིགས་དང་མ་ངེས་རིགས། ། ཉན་ཐོས་རིགས་དང་རང་རྒྱལ་རིགས། །ཐེག་པ་ཆེན་པོའི་རིགས་ཅན་ཏེ། །ལྔས་ནི་སངས་རྒྱས་རིགས་ཅན་བསྡུས། །ཞེས་པའོ། །དེ་ལ་རིགས་ཆད་ཀྱི་རིགས་ནི། གང་དག་ཁྲེལ་མེད་པ། ངོ་ཚ་མེད་པ། སྙིང་རྗེ་མེད་ 2-13-4a པ་ལ་སོགས་པ་མཚན་ཉིད་དྲུག་ལྡན་དུ་སློབ་དཔོན་ཆེན་པོ་ཐོགས་མེད་ཀྱིས་གསུངས་པ་དེ་དག་སྟེ། ཇི་སྐད་དུ། འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད། །སངས་རྒྱས་ཡོན་ཏན་ཐོས་ ཀྱང་དད་པ་ཅུང་ཟད་མེད། །ཁྲེལ་མེད་ངོ་ཚ་མེད་ཅིང་སྙིང་རྗེ་ཅུང་ཟད་མེད། །སྡིག་པ་ལྷག་པར་སྤྱོད་ལ་འགྱོད་པ་ཅུང་ཟད་མེད། །མེད་དྲུག་འཛོམ་ལ་སངས་རྒྱས་སྐལ་བ་མེད། །ཅེས་གསུངས་པའོ། །མདོ་སྡེ་རྒྱན་ལས་ ཀྱང་། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་གསུངས་སོ། །ལར་རྟགས་དེ་དག་ དང་ལྡན་པ་རིགས་ཆད་དུ་གསུངས་པ་དེ་ཡང་། འཁོར་བར་ཡུན་རིང་དུ་འགོར་བ་ལ་དགོངས་པ་ཡིན་གྱིས། གཏན་ནས་བྱང་ཆུབ་མི་ཐོབ་པ་ནི་མ་ཡིན་ཏེ། འབད་པ་བྱས་ན་དེས་ཀྱང་བྱང་ཆུབ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་ སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ། གལ་ཏེ་སེམས་ཅན་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས། སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན་ཡང་། དེ་མྱ་ངན་ ལས་འདའ་བའི་འབྲས་བུ་ཅན་ཡིན་ཏེ། མྱ་ངན་ལས་འདས་པར་ཀླས་པ་དང་། མྱ་ངན་ལས་འདས་པའི་མཐས་གཏུགས་པར་ང་སྨྲའོ། །ཞེས་གསུངས་སོ། །མ་ངེས་པའི་རིགས་ཅན་ནི། རྐྱེན་ལ་རག་ལས་པ་ཅན་ཏེ། གང་དག་ཉན་ཐོས་ཀྱི་དགེ་བའི་བཤེས་གཉེན་བསྟེན་པའམ། ཉན་ཐོས་ཀྱི་གྲོགས་པོ་དང་འགྲོགས་པའམ། ཉན་ཐོས་ཀྱི་མདོ་སྡེ་མཐོང་ན་ཉན་ཐོས་ལ་དད་དེ། ཉན་ཐོས་ཀྱི་རིགས་སུ་གྱུར་ནས་ཉན་ཐོས་སུ་མངོན་པར་ 2-13-4b འབྱུང་བར་འགྱུར་ལ། དེ་བཞིན་དུ་རང་རྒྱལ་ལམ། ཐེག་ཆེན་གྱི་རྐྱེན་དག་དང་ཕྲད་ན། རང་རྒྱལ་ལམ། ཐེག་པ་ཆེན་པོ་པར་འགྱུར་བ་དེ་དག་ཡིན་ནོ། །ཉན་ཐོས་ཀྱི་རིགས་ནི། གང་དག་འཁོར་བ་ལ་འཇིགས་པ། མྱ་ངན་ལས་ འདས་པ་ལ་དད་པ། སྙིང་རྗེ་ཆུང་བ་དེ་དག་ཡིན་ཏེ། ཇི་སྐད་དུ། འཁོར་བའི་སྡུག་བསྔལ་མཐོང་ནས་འཇིགས། །མྱ་ངན་འདས་ལ་མངོན་པར་དད། །སེམས་ཅན་དོན་ལ་མི་དགའ་བ། །རྟགས་གསུམ་ལྡན་པ་ཉན་ཐོས་རིགས། ། ཞེས་གསུངས་སོ། །རང་སངས་རྒྱས་ཀྱི་རིགས་ནི། གང་དག་རྟགས་དེ་གསུམ་གྱི་སྟེང་དུ་ང་རྒྱལ་ཆེ་བ་དང་། སློབ་དཔོན་གསང་བ་དང་། གཅིག་པུར་དབེན་པ་ལ་དགའ་བ་དེ་དག་སྟེ། ཇི་སྐད་དུ། སྲིད་པས་སྐྱོ་ཞིང་མྱ་ངན་འདས་ ལ་སྤྲོ། །སྙིང་རྗེ་ཆུང་ཞིང་ལྷག་པར་ང་རྒྱལ་ཆེ། །སློབ་དཔོན་གསང་ཞིང་གཅིག་པུར་འདུག་ལ་དགའ། །མཁས་པས་རང་རྒྱལ་རིགས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །ཉན་རང་གི་རིགས་དེ་གཉིས་ཐེག་པ་དེ་གཉིས་ལ་ ཞུགས་ནས། རང་རང་གི་འབྲས་བུ་ཐོབ་ཀྱང་མྱ་ངན་ལས་འདས་པ་དངོས་མ་ཡིན་ནོ། །འོ་ན་དེའི་ཚེ་དེ་དག་ཇི་ལྟར་གནས་ན། མ་རིག་པའི་བག་ཆགས་ཀྱི་ས་ལ་བརྟེན་ནས། ཟག་པ་མེད་པའི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་བཟུང་ ནས་གནས་སོ། །འོན་ཀྱང་དེའི་ཚེ་ཟག་པ་མེད་པའི་ཏིང་ངེ་འཛིན་ཡོད་པས། དེ་ལ་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་པའི་འདུ་ཤེས་ཀྱིས་གནས་པ་ཡིན་ནོ། །འོ་ན་མྱ་ངན་ལས་འདས་པ་དངོས་མིན་ན། བཅོམ་ལྡན་འདས་ཀྱིས་ ལམ་དེ་གཉིས་སྟོན་པ་མི་རིགས་ཤེ་ན། རིགས་ཏེ། དཔེར་ན་འཛམ་བུའི་གླིང་ནས་ཚོང་པ་དག་ཕྱིའི་རྒྱ་མཚོར་ནོར་བུ་རིན་པོ་ཆེ་ལེན་དུ་འགྲོ་བ་ལ། བར་སྐབས་སུ་འབྲོག་དགོན་པ་ཆེན་པོར་ངལ་ཞིང་ཆད་ནས། བདག་གིས་ 2-13-5a ནོར་བུ་མི་ལོན་སྙམ་སྟེ་ཕྱིར་ལྡོག་པར་འགྱུར་བ་རྣམས་ལ་དེད་དཔོན་ཆེན་པོའི་རྫུ་འཕྲུལ་གྱིས། གྲོང་ཁྱེར་ཆེན་པོ་གཅིག་དེར་སྤྲུལ་ནས་ངལ་གསོར་འཇུག་པ་ལྟར། སེམས་ཅན་སྙིང་སྟོབས་ཆུང་བས་སངས་རྒྱས་ཀྱི་ཡེ་ ཤེས་ཐོས་ནས་དངངས་ཏེ། སངས་རྒྱས་བསྒྲུབ་པ་འདི་ཉོན་མོངས་སོ། །བདག་གིས་མི་ནུས་སོ་སྙམ་ནས་མི་འཇུག་པའམ། ཕྱིར་ལྡོག་པ་རྣམས་ལ་ཉན་རང་གི་ལམ་འདི་གཉིས་བསྟན་ནས། ཉན་རང་གི་གོ་འཕང་དུ་ངལ་གསོར་ འཇུག་པ་ཡིན་ནོ། །དམ་ཆོས་པདྨ་དཀར་པོ་ལས་ཀྱང་། དེ་བཞིན་ཉན་ཐོས་ཐམས་ཅད་ཀྱང་། །མྱ་ངན་འདས་ཐོབ་འདུ་ཤེས་ཏེ། །རྒྱལ་བས་གསུངས་པ་དེ་དག་ལ། །མྱ་ངན་མ་འདས་དེ་ངལ་གསོ། །ཞེས་གསུངས་སོ། ། སེམས་ཅན་དེ་དག་ཉན་རང་གི་གོ་འཕང་དུ་ངལ་སོས་པ་དང་། དེ་བཞིན་གཤེགས་པས་མཁྱེན་ནས་དེ་དག་སངས་རྒྱས་བསྒྲུབ་པ་ལ་བསྐུལ་བའོ། །དེ་ཡང་ཇི་ལྟར་བསྐུལ་ན། སྐུ་གསུང་ཐུགས་ཀྱིས་བསྐུལ་བ་ཡིན་ཏེ། ཐུགས་ ཀྱིས་འོད་ཟེར་སྤྲོས་པས། ཉན་རང་ཡིད་ཀྱི་ལུས་ཅན་དེ་དག་ལ་རེག་པ་ཙམ་གྱིས་ཟག་མེད་ཀྱི་ཏིང་ངེ་འཛིན་ལས་སད་པར་བྱེད་དོ། །དེ་ནས་སྐུའི་སྣང་བ་བསྟན་ཏེ། གསུང་གིས་འདི་སྐད་དུ། དགེ་སློང་དག་ཁྱེད་དེ་ཙམ་གྱིས་ བྱ་བ་བྱས་པ་མ་ཡིན། བྱེད་པ་བྱས་པ་མ་ཡིན། ཁྱེད་ཀྱི་མྱ་ངན་ལས་འདས་པ་དེ་མྱ་ངན་ལས་འདས་པ་མ་ཡིན་ཏེ། དགེ་སློང་དག་ད་ནི་ཁྱེད་དེ་བཞིན་གཤེགས་པ་ལ་ཉེ་བར་གྱུར་གྱིས་ལྟོས་ཤིག །རྟོགས་ཤིག་ཅེས་བསྐུལ་ བའོ། །དེ་ཉིད་དམ་ཆོས་པད་དཀར་ལས་ཚིགས་སུ་བཅད་དེ། ཡང་གསུངས་པ། དགེ་སློང་ཁྱེད་ཅག་དེ་ཕྱིར་དེ་རིང་ངས། །འདི་ཙམ་གྱིས་ནི་མྱ་ངན་མི་འདའ་སྟེ། །ཁྱེད་ཅག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིར། །བརྩོན་འགྲུས་རླབས་ 2-13-5b ཆེན་དམ་པ་བསྐྱེད་པར་གྱིས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བསྐུལ་བས་ཉན་རང་དེ་དག་དེ་ནས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ། བསྐལ་པ་དཔག་ཏུ་མེད་པར་བྱང་ཆུབ་ སེམས་དཔའི་སྤྱོད་པ་སྤྱད་ནས་འཚང་རྒྱ་བ་ཡིན་ནོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་དེ་བཞིན་དུ་བཤད་ལ། དམ་ཆོས་པད་དཀར་ལས་ཀྱང་། ཉན་ཐོས་དེ་དག་མྱ་ངན་མ་འདས་ཏེ། །དེ་དག་བྱང་ཆུབ་སྤྱོད་པ་ རབ་སྤྱད་ནས། །ཉན་ཐོས་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་གསུངས་སོ། །ཐེག་པ་ཆེན་པོའི་རིགས་ནི་ཇི་ལྟ་བུ་ཞེ་ན། སྡོམ་ནི། དབྱེ་བ་ངོ་བོ་རྣམ་གྲངས་དང་། །གཞན་ལས་ཁྱད་འཕགས་རྒྱུ་མཚན་དང་། །རྣམ་པ་རྟགས་ དང་དོན་དྲུག་གིས། །ཐེག་པ་ཆེན་པོའི་རིགས་བསྡུས་སོ། །ཞེས་པ་སྟེ། དེ་ལ་རིགས་ཀྱི་དབྱེ་བ་ནི་གཉིས་ཏེ། རང་བཞིན་གྱིས་གནས་པའི་རིགས་དང་། ཡང་དག་པར་བསྒྲུབས་པའི་རིགས་སོ། །རིགས་དེ་དག་སོ་སོའི་ངོ་བོ་འཆད་ པ་ལ། དང་པོ་རང་བཞིན་གྱིས་གནས་པའི་རིགས་ནི། སངས་རྒྱས་ཀྱི་ཆོས་བསྐྱེད་པའི་ནུས་པ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པའོ། །ཡང་དག་པར་བསྒྲུབས་པའི་རིགས་ནི། སངས་རྒྱས་ཀྱི་ཆོས་ བསྐྱེད་པའི་ནུས་པ་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་དེའོ། །དེ་ལྟར་རྣམ་པ་གཉིས་ཀ་སངས་རྒྱས་ཀྱི་སྐལ་པ་ཅན་ཡིན་ནོ། །རིགས་ཀྱི་མིང་གི་རྣམ་གྲངས་ནི། རིགས་ཤེས་ཀྱང་བྱ། ས་བོན་ཞེས་ཀྱང་ བྱ། ཁམས་ཤེས་ཀྱང་བྱ། རང་བཞིན་ཞེས་ཀྱང་བྱའོ། །རིགས་གཞན་ལས་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་ནི། ཉན་རང་རྣམ་གཉིས་ཀྱི་རིགས་ནི་དམན་པ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་བྱང་བ་ཙམ་གྱིས་རིགས་རྣམ་ 2-13-6a པར་དག་པར་འགྱུར་བའི་ཕྱིར་རོ། །ཐེག་པ་ཆེན་པོའི་རིགས་ནི་མཆོག་ཡིན་ཏེ། སྒྲིབ་པ་གཉིས་ཆར་བྱང་བས་རིགས་རྣམ་པར་དག་པར་འགྱུར་བའི་ཕྱིར་རོ། །དེས་ན་ཐེག་པ་ཆེན་པོའི་རིགས་དེ་རིགས་ཐམས་ཅད་ ལས་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ཡིན་ནོ། །རིགས་ཀྱི་རྣམ་པ་ནི། རིགས་སད་པ་དང་། མ་སད་པའོ། །དེ་ལ་རིགས་སད་པ་ནི། འབྲས་བུ་ཡང་དག་པར་གྲུབ་པ་ཞེས་བྱ་སྟེ་རྟགས་དམིགས་པའོ། །རིགས་མ་སད་པ་ནི། འབྲས་བུ་ཡང་དག་པར་མ་གྲུབ་པ་ཞེས་བྱ་སྟེ་རྟགས་མ་དམིགས་པའོ། །འོ་ན་རིགས་དེ་རྐྱེན་ཅིས་སད་པར་འགྱུར་ཞེ་ན། འགལ་བའི་རྐྱེན་དང་ནི་བྲལ། མཐུན་པའི་རྐྱེན་གྱིས་ཟིན་ན་ནི་རིགས་སད་པར་འགྱུར་ཏེ། དེ་ལས་བཟློག་ན་རིགས་ མི་སད་པར་གནས་སོ། །དེ་ལ་འགལ་བའི་རྐྱེན་བཞི་སྟེ། མི་ཁོམ་པར་སྐྱེས་པ་དང་། །བག་ཆགས་མེད་པ་དང་། ལོག་པར་ཞུགས་པ་དང་། སྒྲིབ་པའི་ཉེས་པའོ། །མཐུན་པའི་རྐྱེན་གཉིས་ཏེ། ཕྱི་དམ་པའི་ཆོས་སྟོན་པ་གཞན་ གྱི་རྐྱེན་དང་། ནང་ཚུལ་བཞིན་ཡིད་ལ་བྱེད་པ་དགེ་བའི་ཆོས་ལ་འདུན་པ་ལ་སོགས་པའོ། །རིགས་ཀྱི་རྟགས་ནི། བྱང་ཆུབ་སེམས་དཔའི་རིགས་མཚོན་པར་བྱེད་པའི་མཚན་མ་སྟེ། ཇི་སྐད་དུ། ཆོས་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་བཞིན་ནོ། །ཞེས་གསུངས་པ་ལྟ་བུའོ། །འོ་ན་མཚན་མ་ཇི་ལྟ་བུ་ཞེ་ན། གཉེན་པོ་ལ་མ་ལྟོས་པར་ལུས་ངག་ རང་བཞིན་གྱིས་འཇམ་པ་དང་། སེམས་གཡོ་སྒྱུ་ཤས་ཆུང་བ་དང་། སེམས་ཅན་ལ་བྱམས་ཤིང་དང་བ་དག་ཡིན་ནོ། །དེ་ལྟར་ཆོས་བཅུ་པའི་མདོ་ལས། མི་རྩུབ་བརླང་བ་མ་ཡིན་ལ། །གཡོ་དང་སྒྱུ་ནི་རྣམ་སྤངས་ཤིང་། །སེམས་ 2-13-6b ཅན་ཀུན་ལ་རབ་དང་བ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་གསུངས་སོ། །ཡང་ན་སྦྱོར་བ་ཅི་བྱེད་ཀྱི་སྔོན་རོལ་ནས། སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། དཀའ་བ་སྤྱོད་པ་ལ་ཇི་མི་སྙམ་དུ་ བཟོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཡང་དག་པར་སྤྱོད་པའོ། །དེ་ལྟར་མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་ པར་བྱ། །ཞེས་གསུངས་སོ། །དེ་ལྟར་ན་རིགས་ལྔ་པོ་དེ་ལས། ཐེག་པ་ཆེན་པོའི་རིགས་ཡོད་པ་ནི། སངས་རྒྱས་ཀྱི་ཉེ་བའི་རྒྱུ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཀྱང་མཐར་སངས་རྒྱས་ཐོབ་པས་ན་རིང་བའི་རྒྱུ་ ཡིན་ནོ། །རིགས་མ་ངེས་པ་ནི། ཁ་ཅིག་ཉེ་བའི་རྒྱུ། ཁ་ཅིག་རིང་བའི་རྒྱུ་ཡིན་ནོ། །རིགས་ཆད་པའི་རིགས་ཀྱང་། ཡུན་རིང་བ་ལ་དགོངས་པ་ཙམ་ལས། གཏན་ནས་བྱང་ཆུབ་མི་ཐོབ་པ་མིན་པས་ཤིན་ཏུ་རིང་བའི་རྒྱུ་ཡིན་ནོ། །དེས་ན་སེམས་ཅན་ལ་རིགས་ དེ་རྣམས་ཡོད་པའི་ཕྱིར་ན་ཡང་། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནོ། །དེ་ལྟར་རྒྱུ་མཚན་གསུམ་གྱིས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་བསྟན་ཏོ། །དེ་ཡང་དཔེ་ཇི་ལྟར་ཡོད་ན། དངུལ་རྡོ་ལ་དངུལ་ གནས་པའམ། ཏིལ་ལ་ཏིལ་མར་གནས་པའམ། འོ་མ་ལ་མར་གནས་པ་ལྟར་ཡོད་དོ། །དེས་ན་དངུལ་རྡོ་ལ་དངུལ་བསྒྲུབ་ཏུ་བཏུབ་པའམ། ཏིལ་ལ་ཏིལ་མར་བསྒྲུབ་ཏུ་བཏུབ་པའམ། འོ་མ་ལ་མར་བསྒྲུབ་ཏུ་བཏུབ་པ་ལྟར། སེམས་ཅན་ལ་སངས་རྒྱས་བསྒྲུབ་ཏུ་བཏུབ་པ་ཡིན་ནོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས་རྒྱུའི་ལེའུ་སྟེ་དང་པོའོ།། །། 2-13-7a རྟེན་ནི་མི་ལུས་རིན་ཆེན་མཆོག །ཅེས་པ་ལ། འོ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ན། དམྱལ་བ་ཡི་དྭགས་ལ་སོགས་པ་ལྔ་ཆར་གྱིས་སངས་རྒྱས་བསྒྲུབ་ཏུ་ནུས་པ་ཅིག་ ཡིན་ནམ་ཞེ་ན། མ་ཡིན་ཏེ། མི་ལུས་རིན་པོ་ཆེ་ཞེས་བྱ་བ། ལུས་དལ་འབྱོར་རྣམ་གཉིས་དང་ལྡན་པ། སེམས་དད་པ་རྣམ་གསུམ་དང་ལྡན་པ་འདི། སངས་རྒྱས་བསྒྲུབ་པའི་རྟེན་གྱི་གང་ཟག་ཏུ་བཟང་ངོ་། །དེ་འཆད་པ་ལ་སྡོམ་ནི། དལ་བ་དང་ནི་འབྱོར་བ་དང་། །ཡིད་ཆེས་འདོད་དང་དང་བ་སྟེ། །ལུས་ནི་གཉིས་དང་སེམས་ནི་གསུམ། །དོན་ལྔ་ཡིས་ནི་རྟེན་མཆོག་བསྡུས། །ཞེས་པ་སྟེ། དེ་ལ་དལ་བ་ནི་མི་ཁོམ་པ་བརྒྱད་དང་བྲལ་བའོ། །མི་ཁོམ་པ་ བརྒྱད་ནི། མདོ་དྲན་པ་ཉེར་བཞག་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་སོ། །འདི་དག་ཇི་ལྟར་ མི་ཁོམ་པ་ཡིན་ཞེ་ན། དམྱལ་བ་ནི་རྟག་ཏུ་སྡུག་བསྔལ་བའི་རང་བཞིན་ཡིན་པའི་ཕྱིར་དང་། ཡི་དྭགས་ནི་སེམས་འཚིག་པའི་རང་བཞིན་ཡིན་པའི་ཕྱིར་དང་། དུད་འགྲོ་ནི་ཀུན་ཏུ་རྨོངས་པ་ཤས་ཆེ་བའི་ཕྱིར། དེ་དག་གསུམ་ཆར་ཡང་ ངོ་ཚ་མེད་པ་དང་། ཁྲེལ་མེད་པས་རྒྱུད་མ་རུངས་པར་གྱུར་བའི་ཕྱིར། ཆོས་ཉམས་སུ་ལེན་པའི་གོ་སྐབས་མེད་པ་ཡིན་ནོ། །ལྷ་ཚེ་རིང་པོ་ཞེས་བྱ་བ་ནི། འདུ་ཤེས་མེད་པ་སྟེ། དེར་འཇུག་པའི་རྣམ་ཤེས་འཁོར་དང་བཅས་པ་རྒྱུན་ ཆད་པའི་ཕྱིར་ཆོས་ཉམས་སུ་ལེན་པའི་གོ་སྐབས་མེད་པ་ཡིན་ནོ། །ཡང་ན་འདོད་ཁམས་ཀྱི་ལྷ་རང་ཡིན་ཏེ། མི་ལ་ལྟོས་ན་ལྷ་ཚེ་རིང་བའི་ཕྱིར་རོ། །ཡང་ན་ལྷ་ཐམས་ཅད་ཀྱང་མི་ཁོམ་པ་ཡིན་ཏེ། གནས་སྐབས་ཀྱི་ 2-13-7b བདེ་བ་ལ་ཆགས་ནས་དགེ་བ་ལ་འབད་པ་མི་ཁོམ་པས་སོ། །དེ་བས་ན་ད་ལྟ་མིའི་སྡུག་བསྔལ་བག་ཙམ་པ་འདི་ལ་ཡོན་ཏན་ཡོད་པ་ཡིན་ཏེ། འཁོར་བ་ལ་སྐྱོ་བ་སྐྱེ་བར་འགྱུར། རང་གི་ང་རྒྱལ་ཞི་བར་འགྱུར། སེམས་ཅན་ལ་ སྙིང་རྗེ་སྐྱེ་བར་འགྱུར། སྡིག་པའི་ལས་ལ་འཛེམ་ཞིང་དགེ་བ་ལ་དགའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་ བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཞེས་གསུངས་སོ། །དེ་ལྟར་ན་འགྲོ་བ་རིགས་བཞི་ལ་དལ་བ་མེད་པར་བཤད་པ་ཡིན་ནོ། །མི་ཡིན་དུ་ཟིན་ཡང་། ཀླ་ཀློ་ནི་སྐྱེས་བུ་དམ་པ་དང་ཕྲད་པར་དཀའ་བའི་ཕྱིར་རོ། ། ལོག་ལྟ་ཅན་ནི་དགེ་བ་ལ་མཐོ་རིས་དང་ཐར་པའི་རྒྱུར་མ་མཐོང་བའི་ཕྱིར་རོ། །སངས་རྒྱས་ཀྱིས་སྟོང་པའི་འཇིག་རྟེན་དུ་སྐྱེས་པ་ནི། བྱ་བ་དང་བྱ་བ་མ་ཡིན་པ་སྟོན་པར་བྱེད་པ་མེད་པའི་ཕྱིར་རོ། །ལྐུགས་པ་ནི་ལེགས་པར་བཤད་པ་དང་ ཉེས་པར་བཤད་པའི་ཆོས་རང་ཉིད་ཀྱིས་ཤེས་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་བརྒྱད་པོ་དེ་དག་དང་བྲལ་བ་ནི་དལ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བའོ། །འབྱོར་པ་ནི། རང་གི་འབྱོར་པ་ལྔ་དང་། གཞན་གྱི་འབྱོར་པ་ལྔ་སྟེ་བཅུའོ། ། དེ་ལ་རང་གི་འབྱོར་པ་ལྔ་ནི། ཇི་སྐད་དུ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པ་རྣམས་སོ། །དེ་ལ་མི་ཉིད་ནི། མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་པ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་ལྡན་པའོ། ། ཡུལ་དབུས་སུ་སྐྱེས་པ་ནི། སྐྱེས་བུ་དམ་པ་རྣམས་ལ་བརྟེན་དུ་ཡོད་པའི་སར་སྐྱེས་པའོ། །དབང་པོ་ཚང་བ་ནི། གླེན་པ་དང་ལྐུགས་པ་མ་ཡིན་པ་སྟེ། དགེ་བའི་ཆོས་བསྒྲུབ་པའི་སྐལ་པ་ཡོད་པའོ། །གནས་ལ་དད་པ་ནི། སྟོན་ 2-13-8a པས་གསུངས་པའི་དམ་ཆོས་འདུལ་བ་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ལ་དད་པའོ། །ལས་ཀྱི་མཐའ་མ་ལོག་པ་ནི། ཚེ་འདི་ལ་མཚམས་མེད་པའི་ལས་མ་བྱས་པའོ། །གཞན་གྱི་འབྱོར་པ་ལྔ་ནི། སངས་ རྒྱས་འཇིག་རྟེན་དུ་བྱོན་པ་དང་། དམ་པའི་ཆོས་བསྟན་པ་དང་། ཆོས་བསྟན་པ་རྣམས་གནས་པ་དང་། ཆོས་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ཡོད་པའོ། །དེ་ལྟར་རང་གཞན་གཉིས་ཀྱི་བཅུ་ པོ་དེ་དག་དང་ལྡན་པ་ནི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞེས་བྱའོ། །དེ་ལྟར་དལ་འབྱོར་རྣམ་གཉིས་འཛོམ་པ་དེ་མི་ལུས་རིན་པོ་ཆེ་ཡིན་ནོ། །ཅིའི་ཕྱིར་དེ་ལ་རིན་པོ་ཆེ་ཞེས་བྱ་ཞེ་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་པ་སྟེ། རྙེད་པར་དཀའ་བས་ན་རིན་པོ་ཆེ་ཞེས་བྱའོ། །ཕན་འདོགས་ཆེ་བས་ན་རིན་པོ་ཆེ་ཞེས་བྱའོ། །དེ་ལ་རྙེད་པར་དཀའ་བ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མིར་གྱུར་བ་ནི་དཀའ་བ་སྟེ། །མི་སྲོག་ཐོབ་པའང་དཀའ་བ་ཡིན། །དམ་པའི་ཆོས་ ཐོབ་དཀའ་བ་སྟེ། །སངས་རྒྱས་འབྱུང་བའང་དཀའ་བ་ཡིན། །ཞེས་གསུངས་པ་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་ལས་ཀྱང་། མིར་སྐྱེ་བ་ནི་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་ བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ་བ་ལགས་སོ། །ཞེས་གསུངས་པ་འང་། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། མི་ཁོམ་པ་བརྒྱད་ལས་ བཟློག་པའང་རྙེད་པར་དཀའ། མིར་གྱུར་པ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་དཀའ། སངས་རྒྱས་འབྱུང་བའང་རྙེད་པར་དཀའ། དབང་པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའ། སངས་ 2-13-8b རྒྱས་ཀྱི་ཆོས་ཉན་པ་ཡང་རྙེད་པར་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པ་དཀའ། ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ། ཡང་དག་པའི་ཚུལ་རྗེས་སུ་བསྟན་པ་ཉེ་བར་བསྒྲུབ་པ་ཡང་རྙེད་པར་ དཀའ། ཡང་དག་པའི་འཚོ་བ་ཡང་རྙེད་པར་དཀའ། མིའི་འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པ་ཡང་རྙེད་པར་དཀའ། ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། དལ་ འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་སོ། །དེ་ཡང་དཔེ་ཇི་ལྟར་རྙེད་པར་དཀའ། གང་ཟག་གང་གིས་རྙེད་པར་དཀའ། རྒྱུ་མཚན་ཅིའི་ཕྱིར་རྙེད་པར་དཀའ་ཞེ་ན། དེ་ལ་དཔེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ པ་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་པ་ལྟར་རོ། །གང་ནས་གསུངས་ན་ཡང་དག་པའི་ལུང་ལས་ ཏེ། ཇི་སྐད་དུ། ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ། དེར་མི་ཞིག་གིས་གཉའ་ཤིང་བུ་ག་གཅིག་པ་ཅིག་བོར་བ་རླུང་གིས་ཕྱོགས་བཞིར་འཕྱོའོ། །དེ་ན་རུས་སྦལ་ཞར་བ་ལོ་སྟོང་ཕྲག་དུ་མ་ཐུབ་པ་ཞིག །ཅེས་བྱ་བ་ལ་སོགས་པ་གསུངས་ སོ། །གང་ཟག་ནི་ངན་སོང་གསུམ་དུ་སྐྱེས་པ་རྣམས་ཀྱིས་རྙེད་པར་དཀའ་བ་ཡིན་ནོ། །དེས་རྒྱུ་མཚན་ཅིའི་ཕྱིར་རྙེད་པར་དཀའ་ན་དལ་འབྱོར་གྱི་ལུས་ནི་རྒྱུ་དགེ་བ་བསགས་པས་ཐོབ་པ་ཡིན་ལ། ངན་སོང་གསུམ་དུ་སྐྱེས་པས་ནི་དགེ་བའི་ ལས་གསོག་མི་ཤེས་པར་རྟག་ཏུ་སྡིག་པ་འབའ་ཞིག་ལ་སྤྱོད་པའི་ཕྱིར་རོ། །དེས་ན་ངན་སོང་གསུམ་དུ་སྐྱེས་ཀྱང་སྡིག་པ་ཤས་ཆུང་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བསགས་པ་ཅིག་གིས་རྙེད་པ་ཡིན་ནོ། །ཕན་འདོགས་ 2-13-9a པ་ཆེ་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །ཞེས་གསུངས་ཏེ། དེ་ལ་སྐྱེས་བུ་ནི་རྒྱ་གར་གྱི་སྐད་དུ་ན། པུ་རུ་ཥ་བྱ་བ་ཡིན་ལ། པུ་རུ་ཥའི་སྒྲ་ནི་སྟོབས་ སམ་ནུས་པ་ལ་འཇུག་སྟེ། དལ་འབྱོར་གྱི་ལུས་ལ་མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་སྟོབས་སམ་ནུས་པ་ཡོད་པས་སྐྱེས་བུ་ཞེས་བྱ་བ་ཡིན་ནོ། །དེ་ཡང་ནུས་པ་རབ་འབྲིང་གསུམ་ཡོད་པས། སྐྱེས་བུ་ཡང་རབ་འབྲིང་གསུམ་ ཡོད་པ་ཡིན་ནོ། །དེ་ལྟར་ཡང་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ཡང་སྐྱེས་བུ་ཆུང་ངུ་ལ་རང་ཉིད་ངན་སོང་དུ་མི་ལྟུང་བར་ལྷ་མི་ཐོབ་པའི་ནུས་ པ་ཡོད་པ་ཡིན་ནོ། །དེ་ལྟར་ཡང་། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་བཤད། །ཅེས་གསུངས་སོ། །སྐྱེས་བུ་འབྲིང་ལ་རང་ཉིད་འཁོར་བ་ལས་ གྲོལ་ནས་ཞི་བདེའི་གོ་འཕང་ཐོབ་པའི་ནུས་པ་ཡོད་པ་ཡིན་ནོ། །དེ་ལྟར་ཡང་། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་བཟློག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། ། ཞེས་གསུངས་སོ། །སྐྱེས་བུ་རབ་ལ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པའི་ནུས་པ་ཡོད་པ་ཡིན་ནོ། །དེ་ལྟར་ཡང་། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་སོ། །ཡང་ཕན་འདོགས་པ་ཆེ་བར་སློབ་དཔོན་ཙནྡྲ་གོ་མིའི་ཞལ་ནས་ཀྱང་། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཞིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་ 2-13-9b བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་ འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་ཏེ། དལ་འབྱོར་གྱི་མི་ལུས་འདིས་མི་དགེ་བ་སྤོང་ནུས་པ། དགེ་བ་སྒྲུབ་ནུས་པ། འཁོར་བའི་རྒྱ་མཚོ་ལས་རྒལ་ནུས་པ། བྱང་ཆུབ་ཀྱི་ལམ་ལ་བགྲོད་ནུས་པ། རྫོགས་པའི་སངས་ རྒྱས་ཐོབ་ནུས་པ་ཡིན་ནོ། །དེས་ན་ལྷ་དང་ཀླུ་ལ་སོགས་པ་འགྲོ་བ་གཞན་ལས་ཁྱད་པར་དུ་འཕགས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བས་ཀྱང་ལྷག་པར་གྱུར་པ་ཡིན་ནོ། །དེ་ལྟར་ན་དལ་འབྱོར་གྱི་མི་ལུས་འདི་རྙེད་པར་དཀའ་ཞིང་ ཕན་འདོགས་ཆེ་བས་རིན་པོ་ཆེ་ཞེས་བྱའོ། །དེ་ལྟར་རྙེད་པར་དཀའ་ཞིང་ཕན་འདོགས་པ་ཆེ་ཡང་འཇིག་པར་ཤིན་ཏུ་སླ་སྟེ། ཚེ་སྲོག་ལ་གསོས་མ་འདེབས་མཁན་ནི་མེད། འཆི་བའི་རྐྱེན་ནི་མང་། དུས་སྐད་ཅིག་མ་ནི་མི་སྡོད་པའི་ཕྱིར་ རོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་གསུངས་སོ། །དེས་ན་ རྙེད་པར་དཀའ་ཚོད་དམ། འཇིག་པར་སླ་ཚོད་དམ། ཕན་འདོགས་ཆེ་ཚོད་དེ་ལྟར་ལགས་པས། ལུས་ལ་གྲུའི་འདུ་ཤེས་བཞག་ལ་འཁོར་བའི་རྒྱ་མཚོ་ལས་ཅི་སྒྲོལ་བྱེད་དགོས་སོ། །དེ་ལྟར་ཡང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་སོ། །ལུས་ལ་འོག་རྟའི་འདུ་ཤེས་བཞག་ལ། འཁོར་བ་སྡུག་བསྔལ་གྱི་འཕྲང་ལས་ཅི་ཐར་བྱའོ། །དེ་ལྟར་ཡང་། 2-13-10a མི་ལུས་གཙང་མའི་རྟ་བཞོན་ནས། །འཁོར་བའི་སྡུག་བསྔལ་འཕྲང་ལས་བྲོས། །ཞེས་གསུངས་སོ། །ལུས་ལ་གཡོག་གི་འདུ་ཤེས་བཞག་ལ་དགེ་བའི་ལས་ལ་བཀོལ་བར་བྱའོ། །དེ་ལྟར་ཡང་། མི་འོ་ཅོག་གི་ལུས་འདི་ནི། ། བཀོལ་བར་བྱ་བ་ཉིད་དུ་ཟད། །ཅེས་གསུངས་སོ། །དེ་ལྟར་བྱེད་པ་ལ་ཡང་དད་པ་དགོས་ཏེ། དད་པ་མེད་ན་དཀར་པོའི་ཆོས་རྒྱུད་ལ་མི་སྐྱེ་གསུང་། དེ་ལྟར་ཡང་འཕགས་པ་ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། ། དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་དང་། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་། སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། །སངས་རྒྱས་བྱང་ཆུབ་ ཤེས་པར་མི་ནུས་སོ། །ཞེས་གསུངས་སོ། །དེས་ན་དད་པ་བསྐྱེད་པར་བྱ་སྟེ། འཕགས་པ་རྒྱ་ཆེ་རོལ་པ་ལས་ཀྱང་། བཀའ་སྩལ་པ། ཀུན་དགའ་བོ། དད་པ་ལ་སྦྱོར་བར་གྱིས་ཤིག །འདི་ནི་དེ་བཞིན་གཤེགས་པས་གསོལ་བ་ འདེབས་པའོ། །ཞེས་གསུངས་སོ། །འོ་ན་དད་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དད་པ་ལ་དབྱེ་ན་གསུམ་ཡོད་དེ། ཡིད་ཆེས་པའི་དད་པ། འདོད་པའི་དད་པ། དང་བའི་དད་པའོ། །དེ་ལ་ཡིད་ཆེས་པའི་དད་པ་ནི། ཡུལ་ ལས་དང་འབྲས་བུ་དང་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། དེ་ཡང་དགེ་བའི་ལས་ཀྱི་འབྲས་བུ་འདོད་ཁམས་ཀྱི་བདེ་བ་འབྱུང་བར་ཡིད་ཆེས། མི་དགེ་བའི་ལས་ཀྱི་འབྲས་བུ་འདོད་ཁམས་ཀྱི་ སྡུག་བསྔལ་འབྱུང་བར་ཡིད་ཆེས། མི་གཡོ་བའི་ལས་ཀྱི་འབྲས་བུ་ཁམས་གོང་མ་གཉིས་ཀྱི་བདེ་བ་འབྱུང་བར་ཡིད་ཆེས། ཀུན་འབྱུང་གི་བདེན་པ་ཞེས་བྱ་བ་ལས་དང་ཉོན་མོངས་པ་སྤྱད་པས། སྡུག་བསྔལ་གྱི་བདེན་པ་ཞེས་བྱ་ 2-13-10b བ་ཟག་བཅས་ཀྱི་ཕུང་པོ་ལྔ་ཐོབ་པར་ཡིད་ཆེས་པའོ། །འདོད་པའི་དད་པ་ནི། བླ་ན་མེད་པའི་བྱང་ཆུབ་དེ་ཉིད་ཁྱད་པར་ཅན་དུ་མཐོང་ནས། དེ་ཐོབ་པའི་ཆེད་དུ་གུས་པ་དང་ལྡན་པས་ལམ་ལ་སློབ་པའོ། །དང་བའི་དད་པ་ནི། ཡུལ་དཀོན་ མཆོག་གསུམ་ལ་བརྟེན་ནས་སྐྱེ་བ་ཡིན་ཏེ། ལམ་སྟོན་པར་བྱེད་པ་སངས་རྒྱས་དཀོན་མཆོག་དང་། ལམ་དུ་གྱུར་པ་ཆོས་དཀོན་མཆོག་དང་། ལམ་སྒྲུབ་པའི་གྲོགས་སུ་གྱུར་པ་དགེ་འདུན་དཀོན་མཆོག་ལ་མོས་ཤིང་གུས་ལ་སེམས་ དང་བའོ། །དེ་ལྟར་ཡང་ཆོས་མངོན་པ་ལས། དད་པ་གང་ཞེ་ན། ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་། སེམས་དང་བའོ། །ཞེས་གསུངས་སོ། །ཡང་རིན་ཆེན་ ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་གསུངས་ཏེ། དེ་ལ་འདུན་པས་ཆོས་ལས་མི་འདའ་བ་ནི། འདོད་ཆགས་ ཀྱི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་ན་རེ། ཁྱོད་ལ་ཟས་ནོར་རམ། བུད་མེད་དམ། རྒྱལ་སྲིད་ལ་སོགས་པའི་བྱ་དགའ་ཆེན་པོ་སྟེར་གྱི་ཆོས་ཐོང་ཟེར་ཡང་མི་གཏོང་བའོ། །ཞེ་སྡང་གིས་ཆོས་ལས་མི་འདའ་བ་ནི། ཁོང་ཁྲོ་ བའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་གིས་བདག་ལ་སྔར་ཡང་གནོད་པ་ཆེན་པོ་བྱས་ལ། ད་རུང་ཡང་གནོད་པ་ཆེན་པོ་བྱེད་དུ་བྱུང་ཡང་ཆོས་མི་གཏོང་བའོ། །འཇིགས་པས་ཆོས་ལས་མི་འདའ་བ་ནི། བྲེད་པའི་ ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་འགའ་ཞིག་ན་རེ། ཁྱོད་ཆོས་མི་གཏོང་ན་དཔའ་བོ་སུམ་བརྒྱ་བཀྲལ་ནས། ཉིན་རེ་བཞིན་ཁྱོད་ཀྱི་ལུས་ལས་ཤ་སྲང་ལྔ་ལྔ་གཅོད་ཟེར་ཡང་ཆོས་མི་གཏོང་བའོ། །རྨོངས་པས་ཆོས་ལས་མི་ 2-13-11a འདའ་བ་ནི། མི་ཤེས་པའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་འགའ་ཞིག་ན་རེ། ལས་མི་བདེན། འབྲས་བུ་མི་བདེན། དཀོན་མཆོག་གསུམ་མི་བདེན། ཁྱོད་ཆོས་བྱས་ནས་ཅི་བྱེད། ཆོས་ཞོག་ཟེར་ཡང་ཆོས་ མི་གཏོང་བའོ། །དེ་ལྟར་རྣམ་པ་བཞི་དང་ལྡན་པ་དེ་དད་པ་ཅན་ཡིན། ངེས་ལེགས་བསྒྲུབ་པའི་སྣོད་མཆོག་ཡིན་ནོ། །དེ་ལྟར་དད་པ་དེ་དག་ཡོད་ན་ཕན་ཡོན་དཔག་ཏུ་མེད་དེ། སྐྱེས་བུ་མཆོག་གི་སེམས་སྐྱེ་བ་ཡིན། མི་ཁོམ་པ་རྣམས་ སྤོང་བ་ཡིན། དབང་པོ་རྣོ་ཞིང་གསལ་བ་ཡིན། ཚུལ་ཁྲིམས་མི་ཉམས་པ་ཡིན། ཉོན་མོངས་པ་འཇིལ་བ་ཡིན། བདུད་ཀྱི་སྤྱོད་ཡུལ་ལས་འདའ་བ་ཡིན། ཐར་པའི་ལམ་རྙེད་པར་འགྱུར་བ་ཡིན། དགེ་བ་རྒྱ་ཆེན་པོ་གསོག་པ་ཡིན། སངས་རྒྱས་མང་པོ་མཐོང་བ་ཡིན། སངས་རྒྱས་ཀྱིས་བྱིན་གྱིས་རློབ་པ་ཡིན། དེ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་ངོ་། །དེ་ལྟར་ཡང་དཀོན་མཆོག་ཏ་ལའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཞིང་། ། སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་པ་ལ་སོགས་པ་གསུངས་སོ། །ཡང་དད་པ་ཡོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེའི་དྲུང་དུ་ བྱོན་ནས་ཆོས་སྟོན་པར་བྱེད་དོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིག་ནས། དེའི་དྲུང་དུ་གཤེགས་ཏེ། བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་སྟོན་ཏོ། །ཞེས་སོ། །དེ་ལྟར་ན་མི་ལུས་རིན་པོ་ཆེ་ཞེས་བྱ་བ་ལུས་དལ་འབྱོར་རྣམ་པ་གཉིས་དང་ལྡན་པ། སེམས་དད་པ་རྣམ་པ་གསུམ་དང་ལྡན་པ་དེ། བླ་མེད་ཀྱི་བྱང་ཆུབ་ 2-13-11b སྒྲུབ་པའི་རྟེན་གྱི་གང་ཟག་ཡིན་ནོ། །དམ་པའི་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས་རྟེན་གྱི་ལེའུ་སྟེ་གཉིས་པའོ།། །། རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན། །ཞེས་པ་ལ། དེ་ལྟར་རྟེན་ཕུན་སུམ་ཚོགས་པ་དང་ལྡན་ཡང་། རྐྱེན་དགེ་བའི་བཤེས་གཉེན་གྱིས་མ་བསྐུལ་ན། སྔར་གྱི་བྱ་བ་ངན་པ་ལ་གོམས་ཤིང་། བག་ཆགས་བརྟས་པའི་སྟོབས་ཀྱིས་བྱང་ ཆུབ་ཀྱི་ལམ་ལ་འཇུག་པར་དཀའོ། །དེས་ན་དགེ་བའི་བཤེས་གཉེན་བསྟེན་པར་བྱ་སྟེ། སྡོམ་ནི། འཐད་པ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །བསྟེན་པའི་ཐབས་དང་ཕན་ཡོན་ཏེ། །ལྔ་ཡིས་བཤེས་གཉེན་བསྟེན་ པ་བསྡུས། །ཞེས་པའོ། །དེ་ལ་དང་པོ་དགེ་བའི་བཤེས་གཉེན་བསྟེན་དགོས་པའི་འཐད་པ་ནི་གསུམ་སྟེ། ལུང་དང་། རིགས་པ་དང་། དཔེའོ། །དེ་ལ་ལུང་ནི། འཕགས་པ་སྡུད་པ་ལས། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་ དག་གིས། །བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཡི་ཕྱིར་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་གསུངས་སོ། །འཕགས་པ་བརྒྱད་སྟོང་པ་ལས་ཀྱང་། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་གསུངས་སོ། །རིགས་པ་ནི། ཐམས་ཅད་མཁྱེན་པ་ཐོབ་པའི་གང་ཟག་དེ་ཆོས་ཅན། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་བསྟེན་དགོས་པར་དམ་བཅའ། རང་ཉིད་ཀྱིས་ཚོགས་གསོག་པ་དང་། སྒྲིབ་པ་སྦྱོང་མི་ཤེས་པའི་ཕྱིར། ཞེས་པ་ནི་གཏན་ཚིགས་སོ། །མཐུན་པའི་དཔེ་ 2-13-12a དུས་གསུམ་གྱི་སངས་རྒྱས་བཞིན་ནོ། །བཟློག་པའི་དཔེ་རང་སངས་རྒྱས་བཞིན་ནོ། །དེའི་དོན་བཤད་ན། བདག་ཅག་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་ ཐམས་ཅད་གསོག་དགོས་ཤིང་། དེ་གསོག་པའི་ཐབས་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཕྱིར་དང་། ཉོན་མོངས་པ་དང་། ཤེས་བྱས་བསྡུས་པའི་སྒྲིབ་པ་ཐམས་ཅད་སྤོང་དགོས་ལ། དེ་སྤོང་བའི་ཐབས་དགེ་བའི་བཤེས་གཉེན་ལ་ རག་ལུས་པའི་ཕྱིར་རོ། །དཔེ་ནི། དགེ་བའི་བཤེས་གཉེན་ནི་ལམ་རྒྱུས་མེད་ལ་འགྲོ་དུས་ཀྱི་ལམ་མཁན་ལྟ་བུའམ། འཇིགས་པའི་ས་ཕྱོགས་ལ་འགྲོ་དུས་ཀྱི་སྐྱེལ་མ་ལྟ་བུའམ། ཆུ་བོ་ཆེན་པོ་ལས་རྒལ་དུས་ཀྱི་མཉན་པ་ལྟ་བུ་ཡིན་ནོ། །དེ་ལ་ དཔེ་དང་པོ་བཤད་ན། ལམ་རྒྱུས་མེད་ལ་འགྲོ་བའི་ཚེ་ལམ་མཁན་མེད་ན། ལམ་ནོར་དོགས་དང་། གོལ་དོགས་དང་། འཁྱར་དོགས་ཡོད་དོ། །ལམ་མཁན་དང་འགྲོགས་ན་ལམ་ནོར་དོགས་དང་། གོལ་དོགས་དང་། འཁྱར་དོགས་མེད་དེ་གོམ་ པ་ཆུད་མ་ཟོས་པར་བསྡིས་སར་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་ཞུགས་ནས་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བ་ལ། ལམ་མཁན་དང་འདྲ་བའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མེད་ན། གལ་ཏེ་མུ་ སྟེགས་པའི་ལམ་དུ་ནོར་དོགས་ཡོད། གལ་ཏེ་ཉན་ཐོས་ཀྱི་ལམ་དུ་གོལ་དོགས་ཡོད། གལ་ཏེ་རང་སངས་རྒྱས་ཀྱི་ལམ་དུ་འཁྱར་དོགས་ཡོད། ལམ་མཁན་དང་འདྲ་བའི་དགེ་བའི་བཤེས་གཉེན་དང་འགྲོགས་ན། ལམ་ལ་ནོར་དོགས་དང་། གོལ་དོགས་དང་། འཁྱར་དོགས་མེད་པར་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་པར་འགྱུར་རོ། །དེ་ལྟར་ཡང་དཔལ་འབྱུང་གི་རྣམ་ཐར་ལས། དགེ་བའི་བཤེས་གཉེན་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འཛུད་པས་ལམ་མཁན་ལྟ་བུའོ། ། 2-13-12b ཞེས་གསུངས་སོ། །དཔེ་གཉིས་པ་བཤད་ན། འཇིགས་པའི་ས་ཕྱོགས་ནི་ཆོམ་རྐུན་ནམ། གཅན་གཟན་ལ་སོགས་པའི་འཚེ་བ་དང་བཅས་པ་ཡིན་ནོ། །དེ་ལ་འགྲོ་བའི་ཚེ་སྐྱེལ་མ་མེད་ན། ལུས་སམ་སྲོག་གམ་ལོངས་སྤྱོད་ལ་ཉེ་ཞོ་བྱུང་ དོགས་ཡོད་ལ། སྐྱེལ་མ་བཙན་པོ་དང་འགྲོགས་ན་ཉེ་ཞོ་མེད་པར་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ལམ་དུ་ཞུགས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་ཅིང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འགྲོ་བ་ལ་སྐྱེལ་མ་དང་འདྲ་ བའི་དགེ་བའི་བཤེས་གཉེན་མེད་ན། ཆོམ་རྐུན་དང་འདྲ་བའི་ནང་གི་རྣམ་རྟོག་གམ་ཉོན་མོངས་པ་དང་། ཕྱིའི་བདུད་དང་ལོག་འདྲེན་ལ་སོགས་པས་དགེ་བའི་ནོར་འཕྲོགས་དོགས་ཡོད། བདེ་འགྲོའི་སྲོག་གཅོད་དོགས་ཡོད་དོ། །དེ་ལྟར་ ཡང་། ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི། །གླགས་རྙེད་གྱུར་ན་དགེ་འཕྲོག་ཅིང་། །བདེ་འགྲོའི་སྲོག་ཀྱང་གཅོད་པར་བྱེད། །ཅེས་གསུངས་སོ། །སྐྱེལ་མ་དང་འདྲ་བའི་དགེ་བའི་བཤེས་གཉེན་དང་མ་བྲལ་ན་དགེ་བའི་ནོར་མི་འཆོར། བདེ་འགྲོའི་ སྲོག་མི་ཆད་པར་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་པར་འགྱུར་རོ། །དེ་ལྟར་ཡང་དཔལ་འབྱུང་གི་རྣམ་ཐར་ལས། བྱང་ཆུབ་སེམས་དཔའི་བསོད་ནམས་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྲུངས་པའོ། །ཞེས་གསུངས་ པ་དང་། དགེ་བསྙེན་མ་མི་གཡོ་བའི་རྣམ་ཐར་ལས་ཀྱང་། དགེ་བའི་བཤེས་གཉེན་རྣམས་ནི་བདག་ཅག་ཐམས་ཅད་མཁྱེན་པའི་གནས་སུ་ཕྱིན་པར་སྐྱེལ་བས་སྐྱེལ་མ་ལྟ་བུའོ། །ཞེས་གསུངས་སོ། །དཔེ་གསུམ་པ་བཤད་ན། ཆུ་བོ་ ཆེན་པོ་རྒལ་བའི་ཚེ་མཉན་པ་མེད་པར་གྲུའམ་གཟིངས་སུ་ཞུགས་ཀྱང་། ཕར་ཀར་མི་ཕྱིན་པར་ཆུ་ཉིད་དུ་བྱིང་བའམ། ཆུ་ཉིད་ཀྱིས་ཁྱེར་བར་འགྱུར་ལ། མཉན་པ་ཡོད་ན་དེའི་འབད་རྩོལ་གྱིས་ཕར་ཀར་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་འཁོར་ 2-13-13a བའི་རྒྱ་མཚོ་ལས་རྒལ་བའི་ཚེ། མཉན་པ་དང་འདྲ་བའི་དགེ་བའི་བཤེས་གཉེན་མེད་ན། དམ་པའི་ཆོས་ཀྱི་གྲུ་གཟིངས་ལ་ཞུགས་ནས་ཕྱིན་ཡང་། འཁོར་བ་ཉིད་དུ་བྱིང་ཞིང་འཁོར་བའི་རྒྱུན་གྱིས་ཁྱེར་རོ། །དེ་ལྟར་ཡང་། སྐྱ་ བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་གསུངས་སོ། །དེས་ན་མཉན་པ་དང་འདྲ་བའི་དགེ་བའི་བཤེས་གཉེན་བསྟེན་པར་བྱས་ན་འཁོར་བའི་རྒྱ་མཚོའི་ ཕ་རོལ་མྱ་ངན་ལས་འདས་པའི་སྐམ་སར་ཕྱིན་པར་འགྱུར་རོ། །དེ་ལྟར་ཡང་སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་ནི་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བས་ན་མཉན་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་བས་ན་ལམ་མཁན་ ནམ་སྐྱེལ་མའམ། མཉན་པ་ལྟ་བུའི་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དགེ་བའི་བཤེས་གཉེན་གྱི་དབྱེ་བ་ནི་བཞི་སྟེ། དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོ་དང་། དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ དང་། དགེ་བའི་བཤེས་གཉེན་སངས་རྒྱས་སྤྲུལ་པའི་སྐུ་དང་། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་དག་ཀྱང་རང་གི་གནས་སྐབས་དང་སྦྱར་ཏེ། རང་ལས་དང་པོ་པའི་དུས་སུ་སངས་རྒྱས་དང་ས་ཆེན་པོ་ལ་གནས་ པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟེན་པའི་ནུས་པ་མེད་པས། དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོ་ལ་བསྟེན་པའོ། །རང་ལས་ཀྱི་སྒྲིབ་པ་ཕལ་ཆེར་དག་ཙ་ན། དགེ་བའི་བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ བསྟེན་པར་ནུས་པའོ། །རང་ཚོགས་ལམ་ཆེན་པོ་ཡན་ཆད་ལ་གནས་ཙ་ན། དགེ་བའི་བཤེས་གཉེན་སངས་རྒྱས་སྤྲུལ་པའི་སྐུ་ལ་བསྟེན་པར་ནུས་པའོ། །རང་ས་ཆེན་པོ་ལ་གནས་ཙ་ན། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་པའི་སྐུ་ 2-13-13b ལ་བསྟེན་པར་ནུས་པའོ། །དེ་ལྟར་བཞི་ལས་རང་ལ་དྲིན་གང་ཆེ་ན། བདག་ཅག་དང་པོ་ལས་དང་ཉོན་མོངས་པའི་མུན་ཁང་ན་འདུག་པའི་ཚེ། དགེ་བའི་བཤེས་གཉེན་གོང་མ་རྣམས་བསྟེན་པ་བས། ཞལ་མཐོང་བ་ཙམ་ཡང་མེད་པ་ ལས། དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོ་དང་མཇལ་བས། དེའི་གསུང་གི་སྒྲོན་མེས་ལམ་སྣང་བར་བྱས་ནས། དགེ་བའི་བཤེས་གཉེན་གོང་མ་རྣམས་དང་མཇལ་བར་འགྱུར་ཏེ། དེས་ན་ནངས་ཀྱི་དྲིན་ཆེ་བ་ནི་དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོ་ཡིན་ནོ། ། དགེ་བའི་བཤེས་གཉེན་བཞི་པོ་དེའི་མཚན་ཉིད་འཆད་པ་ལ། སངས་རྒྱས་ནི་སྒྲིབ་པ་རྣམ་པ་གཉིས་སྤངས་པས་ནི་སྤངས་པ་ཕུན་སུམ་ཚོགས་པ་ཡིན། མཁྱེན་པ་རྣམ་པ་གཉིས་མངའ་བས་ན་ཡེ་ཤེས་ཕུན་སུམ་ཚོགས་པ་ཡིན་ནོ། །དགེ་བའི་ བཤེས་གཉེན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། ས་དང་པོ་ནས་ས་བཅུ་པའི་བར་གྱི་སྤངས་པ་དང་ཡེ་ཤེས་ཅི་རིགས་སུ་མངའོ། །ཁྱད་པར་དུ་ཡང་ས་བརྒྱད་པ་ཡན་ཆད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། གཞན་ རྗེས་སུ་འཛིན་པའི་དབང་བཅུ་ལ་མངའ་བརྙེས་པ་ཡིན་ཏེ། ཚེ་ལ་དབང་བ་དང་། དེ་བཞིན་དུ་སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་ལ་དབང་བའོ། །དེ་ལ་ཚེ་ལ་ དབང་བ་ནི་ཇི་སྲིད་འདོད་པ་དེ་སྲིད་དུ་གནས་པར་ནུས་སོ། །སེམས་ལ་དབང་བ་ནི་བདག་ཉིད་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ནུས་པའོ། །ཡོ་བྱད་ལ་དབང་བ་ནི་སེམས་ཅན་རྣམས་ལ་ཡོ་བྱད་རིན་པོ་ཆེ་དཔག་ཏུ་མེད་པའི་ ཆར་འབེབས་ནུས་པའོ། །ལས་ལ་དབང་བ་ནི་ཁམས་དང་། ས་དང་། འགྲོ་བ་དང་། སྐྱེ་གནས་དང་། གནས་སྐབས་གཞན་དུ་མྱོང་བར་འགྱུར་བའི་ལས་རྣམས་གཞན་དུ་སྦྱོར་ནུས་པའོ། །སྐྱེ་བ་ལ་དབང་བ་ནི་བསམ་གཏན་ལ་གནས་ཤིང་ཡོངས་སུ་མ་ 2-13-14a ཉམས་བཞིན་དུ་འདོད་པའི་ཁམས་སུ་སྐྱེ་བར་ནུས་ལ། དེར་སྐྱེས་ནས་ཀྱང་དེའི་ཉེས་པས་མི་གོས་པའོ། །མོས་པ་ལ་དབང་བ་ནི་ས་ལ་སོགས་པ་ཆུ་ལ་སོགས་པར་མོས་ནའང་བསྒྱུར་ནུས་པའོ། །སྨོན་ལམ་ལ་ དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་འདེབས་ཤིང་། དེ་མངོན་པར་གྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི་སེམས་ཅན་འདུན་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་ དཔག་ཏུ་མེད་པ་ནི་སྟོན་ནུས་པའོ། །ཡེ་ཤེས་ལ་དབང་བ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་རྣམས་རབ་ཀྱི་མཐར་ཕྱིན་པར་མཁྱེན་པའོ། །ཆོས་ལ་དབང་བ་ནི་ཅི་རིགས་པར་ཅི་ཙམ་དུ་སེམས་ཅན་ཐམས་ཅད་ལ། མིང་དང་ཚིག་དང་ ཡི་གེའི་ཚོགས་གཞན་དང་གཞན་དག་གིས་མདོ་ལ་སོགས་པའི་ཆོས་རྣམ་པར་བཞག་ནས། ཅིག་ཆར་གསུང་གཅིག་གིས་སོ་སོའི་སྐད་དང་མཐུན་པའི་སེམས་ཡོངས་སུ་ཚིམ་པར་བྱེད་ནུས་པའོ། །དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོའི་མཚན་ཉིད་ཀྱང་ ཡོན་ཏན་བརྒྱད་དང་ལྡན་པའམ། ཡང་ན་བཞི་དང་ལྡན་པའམ། ཡང་ན་གཉིས་དང་ལྡན་པའོ། །དེ་ལ་དང་པོ། བྱང་ཆུབ་སེམས་དཔའི་ས་ལས། དེ་ལ་རྣམ་པ་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་རྣམ་པ་ ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བརྒྱད་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མང་དུ་ཐོས་པ་དང་། རྟོགས་པ་དང་ལྡན་པ་དང་། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ དང་། མི་འཇིགས་པ་དང་ལྡན་པ་དང་། བཟོད་པ་དང་ལྡན་པ་དང་། ཡིད་ཡོངས་སུ་མི་སྐྱོ་བ་ཡིན་པ་དང་། ཚིག་གི་བྱ་བ་དང་ལྡན་པའོ། །ཞེས་གསུངས་སོ། །གཉིས་པ་ནི་མདོ་སྡེ་རྒྱན་ལས། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང་། །གཟུང་འོས་ 2-13-14b དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་གསུངས་ཏེ། མང་དུ་ཐོས་པས་སྟོན་པ་རྒྱ་ཆེ་བ་དང་། ཤེས་རབ་ཆེ་བས་གཞན་གྱི་ཐེ་ཚོམ་གཅོད་པ་དང་། སྐྱེས་བུ་དམ་པའི་ལས་བྱེད་པས་ ཚིག་གཟུང་བར་འོས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ཀྱི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་སྟོན་པའོ། །གསུམ་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། ། ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས་ཏེ། ཐེག་པ་ཆེན་པོའི་དོན་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའོ། །དེ་ལྟ་བུའི་ དགེ་བའི་བཤེས་གཉེན་རྙེད་ནས་བསྟེན་པའི་ཐབས་ལ་གསུམ་སྟེ། བཀུར་སྟི་དང་རིམ་གྲོའི་སྒོ་ནས་ཇི་ལྟར་བསྟེན་པ་དང་། མོས་པ་དང་། གུས་པའི་སྒོ་ནས་ཇི་ལྟར་བསྟེན་པ་དང་། བསྒྲུབ་པ་དང་ནན་ཏན་གྱི་སྒོ་ནས་ཇི་ལྟར་བསྟེན་པའོ། །དང་པོ་ ལ་གཉིས་ལས། བཀུར་སྟིས་ཇི་ལྟར་བསྟེན་པ་ནི། ཕྱག་འཚལ་བ་དང་། མྱུར་དུ་ལྡང་བ་དང་། ལུས་འདུད་པ་དང་། སྐོར་བ་བྱ་བ་དང་། གདུང་བའི་སེམས་ཀྱིས་དུས་སུ་སྨྲ་བ་དང་། ངོམས་པ་མེད་པའི་སེམས་ཀྱིས་ཡང་དང་ཡང་དུ་བལྟ་ བ་ལ་སོགས་པ་སྟེ། དཔེར་ན་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པ་བཞིན་ནོ། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། དགེ་བའི་བཤེས་གཉེན་བལྟ་བ་ལ་ངོམས་པ་མེད་པར་གྱིས་ཤིག །དེ་ ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་རྣམས་ནི་མཐོང་བར་དཀའོ། །འབྱུང་བར་དཀའོ། །མཇལ་བར་དཀའོ། །ཞེས་གསུངས་སོ། །རིམ་གྲོས་ཇི་ལྟར་བསྟེན་པ་ནི། ཆོས་དང་མཐུན་པའི་ཟས་དང་། གོས་དང་། མལ་ཆ་དང་། སྟན་དང་། 2-13-15a བསྙུན་གྱི་གསོ་སྨན་དང་། ནོར་ལ་སོགས་པའི་ཡོ་བྱད་ཀྱིས་ལུས་དང་སྲོག་ལ་མི་ལྟ་བར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་སྟེ། དཔེར་ན་འཕགས་པ་རྟག་ཏུ་ངུས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་ པ་བཞིན་ནོ། །དཔལ་འབྱུང་གི་རྣམ་ཐར་ལས་ཀྱང་། སངས་རྒྱས་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱས་པས་ཐོབ་བོ། །ཞེས་གསུངས་སོ། །མོས་པ་དང་། གུས་པས་ཇི་ལྟར་བསྟེན་པ་ནི། དགེ་བའི་བཤེས་གཉེན་ལ་ སངས་རྒྱས་ཀྱི་འདུ་ཤེས་བཞག་ལ། ཇི་སྐད་གསུངས་པའི་བཀའ་མི་གཅོག་པ་དང་། མོས་པ་དང་། གུས་པ་དང་། དང་བ་བསྐྱེད་པ་སྟེ། དཔེར་ན་པཎ་ཆེན་ནཱ་རོ་པས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པ་བཞིན་ནོ། །རྒྱལ་ བའི་ཡུམ་ལས་ཀྱང་། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ནན་ཏན་དུ་གུས་པ་བསྐྱེད་པར་བྱའོ། །ཕངས་པར་བྱའོ། །རབ་ཏུ་དང་བར་བྱའོ། །ཞེས་གསུངས་སོ། །གཞན་ཡང་དགེ་བའི་བཤེས་གཉེན་གྱི་ཐབས་མཁས་པའི་སྤྱོད་པ་ལ་ཡང་། ལོག་པར་རྟོག་པ་སྤོང་ཞིང་ལྷག་པར་ཡང་གུས་པ་བསྐྱེད་པ་སྟེ། དཔེར་ན་རྒྱལ་པོ་མེའི་རྣམ་ཐར་བཞིན་ནོ། །བསྒྲུབ་པ་དང་ནན་ཏན་གྱི་སྒོ་ནས་ཇི་ལྟར་བསྟེན་པ་ནི། དགེ་བའི་བཤེས་གཉེན་དེའི་ཆོས་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པ་གསུམ་གྱི་སྒོ་ནས་བསྒྲུབ་པ་དང་། ནན་ཏན་དུ་བྱེད་ པ་སྟེ། དགེ་བའི་བཤེས་གཉེན་མཆོག་ཏུ་མཉེས་པར་འདིས་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བརྟན་པ་ཇི་སྐད་བསྟན་པ་བསྒྲུབ་པ་དེས། །དེ་ཡི་སེམས་ནི་ཡང་དག་མགུ་བར་བྱེད། །ཅེས་གསུངས་སོ། ། དགེ་བའི་བཤེས་གཉེན་མགུ་ན་སངས་རྒྱས་ཐོབ་པར་འགྱུར་ཏེ། དཔལ་འབྱུང་གི་རྣམ་ཐར་ལས་ཀྱང་། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་བོ། །ཞེས་གསུངས་སོ། །དགེ་བའི་བཤེས་ 2-13-15b གཉེན་ལ་ཆོས་ཞུ་བ་དེ་ཡང་། སྦྱོར་བ་དང་དངོས་གཞི་མཇུག་གསུམ་འཛོམ་པའི་ཚུལ་གྱིས་ཞུ་བ་སྟེ། དེ་ཡང་སྦྱོར་བ་ལ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཞུའོ། །དངོས་གཞི་ལ་རང་ལ་ནད་པའི་འདུ་ཤེས་དང་། ཆོས་ལ་སྨན་ གྱི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང་། ཆོས་ལ་ནན་ཏན་དུ་ཉམས་སུ་ལེན་པ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པས་ཞུའོ། །མཇུག་ཏུ་ནི་སྣོད་ཁ་སྦུབས་ལྟ་བུ་དང་། སྣོད་ཞབས་རྡོལ་ལྟ་བུ་དང་། སྣོད་དུག་ཅན་ལྟ་བུའི་སྐྱོན་སྤང་བར་བྱའོ། །དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་ནི། དཔལ་འབྱུང་གི་རྣམ་ཐར་ལས་ཀྱང་། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། ངན་སོང་ དུ་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྲུང་བའི་བྱང་ཆུབ་སེམས་དཔའ་ནི། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྐྱངས་པའི་བྱང་ཆུབ་སེམས་དཔའ་ནི། ཐེག་པ་ཆེན་ པོའི་ཆོས་ལས་མི་ལྡོག་གོ། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། སོ་སོ་སྐྱེ་བོའི་ས་ལས་ཡོངས་སུ་འདའོ། །ཞེས་གསུངས་སོ། །རྒྱལ་བའི་ཡུམ་ལས་ཀྱང་། དགེ་བའི་བཤེས་གཉེན་ གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། །དམ་པའི་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། དགེ་བའི་བཤེས་ གཉེན་བསྟེན་པའི་ལེའུ་སྟེ་གསུམ་པའོ།། །།ཐབས་ནི་དེ་ཡི་གདམས་ངག་སྟེ། །ཞེས་པ་ལ། འོ་ན་བདག་ཅག་ལ་རྒྱུ་སངས་རྒྱས་ཀྱི་སྙིང་པོ་ཡང་ཡོད། འཁོར་བ་ཐོག་མ་མེད་པ་ 2-13-16a ནས་བརྒྱུད་པའི་མདོ་མདོར་རྟེན་མི་ལུས་རིན་ཆེན་ཡང་རྙེད་ཅིང་། རྐྱེན་དགེ་བའི་བཤེས་གཉེན་དང་ཕྲད་འོང་བ་ལ། དེ་སྔ་སངས་རྒྱས་མ་ཐོབ་པ་སྐྱོན་ཅི་ཞིག་བྱུང་བ་ཡིན་ཞེ་ན། དེ་ནི་བདག་ཅག་ལ་སོགས་པ་རྣམས་ སངས་རྒྱས་མི་ཐོབ་པའི་གེགས་བཞིའི་དབང་དུ་གྱུར་པའི་ཉེས་སྐྱོན་ཡིན་ནོ། །འོ་ན་སངས་རྒྱས་མི་ཐོབ་པའི་གེགས་བཞི་པོ་དེ་གང་ཞེ་ན། ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པ་དང་། སྲིད་པའི་བདེ་བ་ལ་ཆགས་པ་ དང་། ཞི་བའི་བདེ་བ་ལ་ཆགས་པ་དང་། སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པའོ། །གེགས་བཞི་པོ་དེ་གང་གིས་སེལ་ན། དགེ་བའི་བཤེས་གཉེན་གྱི་གདམས་ངག་ཐོས་ནས་དེ་ཉམས་སུ་བླངས་པས་སེལ་ལོ། །དགེ་བའི་བཤེས་གཉེན་གྱི་གདམས་ངག་དེ་ཅི་ཙམ་ཞིག་ ཞེ་ན། སྡོམ་ནི། མི་རྟག་སྒོམ་དང་འཁོར་བ་ཡི། །ཉེས་དམིགས་ལས་འབྲས་བཅས་པ་དང་། །བྱམས་དང་སྙིང་རྗེ་སྒོམ་པ་དང་། །བྱང་ཆུབ་སེམས་བསྐྱེད་ཆོས་རྣམས་ཏེ། །དེ་ལྟར་རྣམ་པ་བཞི་ཡིས་ནི། །དེ་ཡི་གདམས་ངག་ཐམས་ ཅད་བསྡུས། །ཤེས་པ་སྟེ། མི་རྟག་པ་སྒོམ་པའི་གདམས་ངག་དང་། འཁོར་བའི་ཉེས་དམིགས་ལས་འབྲས་དང་བཅས་པ་སྒོམ་པའི་གདམས་ངག་དང་། བྱམས་པ་དང་སྙིང་རྗེ་སྒོམ་པའི་གདམས་ངག་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ པའི་གདམས་ངག་རྣམས་ཡིན་ནོ། །དེ་ལ་མི་རྟག་པ་བསྒོམས་པས་ནི་ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །འཁོར་བའི་ཉེས་དམིགས་ལས་འབྲས་དང་བཅས་པ་བསྒོམས་པས་ནི། སྲིད་པའི་བདེ་ བ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །བྱམས་པ་དང་སྙིང་རྗེ་བསྒོམས་པས་ནི་ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་རྣམས་ནི་སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་ 2-13-16b པའི་གཉེན་པོར་འགྱུར་བ་ཡིན་ཏེ། སྐྱབས་འགྲོ་ནས་བཟུང་ནས་བདག་མེད་རྣམ་གཉིས་ཀྱི་དོན་སྒོམ་པ་མན་ཆད་དམ། ཡང་ན་ལམ་ལྔ་ས་བཅུ་མན་ཆད་སེམས་བསྐྱེད་ཀྱི་ཆོས་སུ་འོང་བ་ཡིན་ནོ། །དེ་ཡང་ཆོས་ཁ་ཅིག་ནི་སེམས་ བསྐྱེད་ཀྱི་རྟེན། ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་དམིགས་པ། ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་ཆོ་ག །ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་བསླབ་བྱ། ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་ཕན་ཡོན། ཆོས་ཁ་ཅིག་ནི་སེམས་བསྐྱེད་ཀྱི་ འབྲས་བུ་སྟེ། ཐེག་པ་ཆེན་པོའི་ཆོས་ནི་སེམས་བསྐྱེད་ལ་མ་འདུས་པ་མེད་དོ། །དེས་ན་གདམས་ངག་དེ་དག་ཐམས་ཅད་དགེ་བའི་བཤེས་གཉེན་ལས་འབྱུང་ཞིང་། དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡིན་ནོ། །འཕགས་པ་སྡོང་ པོ་བཀོད་པའི་མདོ་ལས་ཀྱང་། དགེ་བའི་བཤེས་གཉེན་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སོ། །ཞེས་དང་། ཐམས་ཅད་མཁྱེན་པ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་རག་ལས། ཞེས་གསུངས་སོ། །དེ་ལ་དང་པོ་ ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོ་མི་རྟག་པ་བསྒོམ་པ་བཤད་པར་བྱ་སྟེ། དེ་ཡང་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ནོ། །སངས་རྒྱས་ཀྱི་ཞལ་ནས་ཀྱང་། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། ། ཞེས་གསུངས་སོ། །དེ་ཡང་ཇི་ལྟར་མི་རྟག་ན། བསགས་པའི་ཐ་མ་ནི་འཛད། བསླང་བའི་ཐ་མ་ནི་འགྱེལ། འཕྲད་པའི་ཐ་མ་ནི་འབྲལ། གསོན་པའི་ཐ་མ་ནི་འཆི་བ་ཡིན་ནོ། །དེ་ལྟར་ཡང་ཆེད་དུ་བརྗོད་པའི་ཚོམས་ལས། བསགས་ པ་ཀུན་གྱི་མཐའ་འཛད་ཅིང་། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བར་འགྱུར། །ཞེས་གསུངས་སོ། །དེ་ཡང་ཇི་ལྟར་སྒོམ་ན། སྡོམ་ནི། དབྱེ་བ་དང་ནི་སྒོམ་ 2-13-17a ཐབས་དང་། །བསྒོམས་པ་ཡི་ནི་ཕན་ཡོན་ཏེ། །རྣམ་པ་གསུམ་པོ་དེ་དག་གིས། །མི་རྟག་སྒོམ་པ་ཡོངས་སུ་བསྡུས། །ཤེས་པའོ། །དེ་ལ་དབྱེ་བ་ནི་གཉིས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་། ནང་བཅུད་ཀྱི་ སེམས་ཅན་མི་རྟག་པའོ། །ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་ལའང་གཉིས་ཏེ། རགས་པའི་མི་རྟག་པ་དང་། ཕྲ་བའི་མི་རྟག་པའོ། །ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལ་ཡང་གཉིས་ཏེ། གཞན་མི་རྟག་པ་དང་། རང་མི་རྟག་པའོ། ། དེ་དག་སྒོམ་པའི་ཐབས་ལ། དང་པོ་ཕྱི་སྣོད་ཀྱི་རགས་པའི་མི་རྟག་པ་ནི་མ་གི་རླུང་གི་དཀྱིལ་འཁོར་ནས་ཡ་གི་བསམ་གཏན་བཞིའི་གནས་མན་ཆད་པོ་འདི། རྟག་པའི་རང་བཞིན་སྲ་མཁྲང་ཅན་འགྱུར་བ་མེད་པ་མ་ཡིན་ཏེ། རེས་འགའ་ནི་བསམ་གཏན་ དང་པོ་མན་ཆད་མེས་འཇིག །རེས་འགའ་ནི་བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག །རེས་འགའ་ནི་བསམ་གཏན་གསུམ་པ་མན་ཆད་རླུང་གིས་འཇིག་པ་ཡིན་ནོ། །དེ་ལ་མེས་བཤིག་པའི་དུས་སུ་ཐལ་བ་ཙམ་ཡང་མི་ལུས་ཏེ། དཔེར་ན་མར་ཚིག་པ་བཞིན་ནོ། །ཆུས་བཤིག་པའི་དུས་སུ་སྙིགས་མ་ཙམ་ཡང་མི་ལུས་ཏེ། དཔེར་ན་ལན་ཚྭ་ཆུ་ལ་ཐིམ་པ་བཞིན་ནོ། །རླུང་གིས་བཤིག་པའི་དུས་སུ་ལྷག་མ་ཙམ་ཡང་མི་ལུས་ཏེ། དཔེར་ན་ཐལ་བ་རླུང་གིས་ཁྱེར་བ་ བཞིན་ནོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་སོ། །བསམ་གཏན་བཞི་པའི་གནས་ནི། མེ་ཆུ་རླུང་གསུམ་ གྱིས་མི་འཇིག་སྟེ། ནང་གི་སེམས་ཅན་ཤི་འཕོས་པ་དང་རང་འཇིག་པ་ཡིན་ནོ། །དེ་ལྟར་ཡང་། མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་བྱུང་འཇིག་ཕྱིར། །ཞེས་གསུངས་སོ། །དེ་ཡང་ད་རེས་འཇིག་རྟེན་གྱི་ཁམས་ 2-13-17b འདི་མེ་ཡིས་འཇིག་པར་མངོན་ཏེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བསྐལ་པ་གཅིག་ལོན་ནས་ནི་འཇིག་རྟེན་འདི། །ནམ་མཁའ་རང་བཞིན་ནམ་མཁར་འགྱུར་བར་འོང་། །ལྷུན་པོ་དག་ཀྱང་འཇིག་ཅིང་རྣམ་པར་འཚིག །ཅེས་གསུངས་ སོ། །གཉིས་པ་ཕྲ་བའི་མི་རྟག་པ་ནི། དུས་བཞིའི་འགྱུར་བས་མི་རྟག་པ་དང་། ཉི་ཟླ་ཤར་ནུབ་ཀྱིས་མི་རྟག་པ་དང་། སྐད་ཅིག་མས་མི་རྟག་པའོ། །དེ་ལ་དང་པོ་ནི། ནམ་ཟླ་དཔྱིད་བྱུང་བའི་སྟོབས་ཀྱིས་སྣོད་ཀྱི་འཇིག་རྟེན་འདི། ས་གཞི་ ཡང་འབོལ་པོ། ཁ་དོག་ཀྱང་དམར་པོ། རྩྭ་ཤིང་སྔ་སྔོ་ཡང་ཁ་འབུས་ཏེ། དེ་ཡང་མི་རྟག་འགྱུར་བའི་དུས་ཤིག་ཡོང་ངོ་། །ནམ་ཟླ་དབྱར་བྱུང་བའི་སྟོབས་ཀྱིས་ས་གཞི་ཡང་རློན་པ། ཁ་དོག་ཀྱང་སྔོན་པོ། རྩྭ་ཤིང་སྔ་སྔོ་ཡང་ལོ་འདབ་ རྒྱས་ཏེ། དེ་ཡང་མི་རྟག་འགྱུར་བའི་དུས་ཤིག་འོང་ངོ་། །ནམ་ཟླ་སྟོན་བྱུང་བའི་སྟོབས་ཀྱིས་ས་གཞི་ཡང་མཁྲང་པོ། ཁ་དོག་ཀྱང་སེར་པོ། རྩྭ་ཤིང་སྔ་སྔོ་ཡང་འབྲས་བུ་སྨིན་ཏེ། དེ་ཡང་མི་རྟག་འགྱུར་བའི་དུས་ཤིག་འོང་ངོ་། །ནམ་ཟླ་ དགུན་བྱུང་བའི་སྟོབས་ཀྱིས་ས་གཞི་ཡང་འཁྱགས་པ། ཁ་དོག་ཀྱང་སྐྱ་ལམ། རྩྭ་ཤིང་སྔ་སྔོ་ཡང་སྐམས་ཤིང་ཆག་སྟེ། དེ་ཡང་མི་རྟག་འགྱུར་བའི་དུས་ཤིག་འོང་ངོ་། །ཉི་ཟླ་ཤར་ནུབ་ཀྱིས་མི་རྟག་པ་ནི། ཉིན་མོ་བྱུང་བའི་སྟོབས་ཀྱིས་སྣོད་ ཀྱི་འཇིག་རྟེན་འདི་ཡང་དཀར་ཞིང་གསལ་ལ། མཚན་མོ་བྱུང་བའི་སྟོབས་ཀྱིས་ནག་ལ་འཐིབ་སྟེ། དེ་ཡང་མི་རྟག་འགྱུར་བའི་བརྡའོ། །སྐད་ཅིག་མས་མི་རྟག་པ་ནི། སྐད་ཅིག་མ་སྔ་མའི་དུས་ཀྱི་སྣོད་ཀྱི་འཇིག་རྟེན་དེ་སྐད་ཅིག་མ་ཕྱི་མའི་དུས་ན་ མི་གནས་སོ། །གནས་པ་ལྟར་འདུག་པ་ནི་འདྲ་བ་གཞན་འབྱུང་ཡིན་ཏེ། དཔེར་ན་འབབ་ཆུའི་རྒྱུན་བཞིན་ནོ། །ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལ་གཉིས་ལས། དང་པོ་གཞན་མི་རྟག་པ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ 2-13-18a མི་རྟག་པ་ཡིན་ཏེ། འཕགས་པ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །ཞེས་གསུངས་སོ། །རང་མི་རྟག་པ་ནི། བདག་ཉིད་ཀྱང་བསྡད་དབང་མེད་དེ་འགྲོ་དགོས་པ་ཡིན་ནོ། །དེ་ཡང་རང་ རྒྱུད་ལ་བརྟག་པ་དང་། གཞན་རྒྱུད་ལ་སྦྱར་བ་གཉིས་སུ་ཤེས་པར་བྱའོ། །དེ་ལ་དང་པོ་ནི་འདི་ལྟར་བསྒོམ་སྟེ། འཆི་བ་བསྒོམ་པ་དང་། འཆི་བའི་མཚན་ཉིད་བསྒོམ་པ་དང་། ཚེ་འཛད་པ་བསྒོམ་པ་དང་། འབྲལ་བར་བསྒོམ་པའོ། །དེ་ལ་ འཆི་བ་བསྒོམ་པ་ནི། བདག་འཇིག་རྟེན་འདིར་ཡུན་རིང་པོར་མི་སྡོད་ཕྱི་མ་ཕན་ཆད་དུ་འགྲོ་བ་ཡིན་སྙམ་དུ་བསམ་པའོ། །འཆི་བའི་མཚན་ཉིད་བསྒོམ་པ་ནི། བདག་གི་སྲོག་འདི་ནི་ཟད། དབུགས་འདི་ནི་འགག །ལུས་འདི་ནི་རོའི་ རྣམ་པར་འགྱུར། སེམས་འདི་ནི་གཞན་ཞིག་ན་ཕར་འཁྱམས་དགོས་པ་ཡིན་སྙམ་དུ་བསམ་པའོ། །ཚེ་འཛད་པ་བསྒོམ་པ་ནི། ན་ནིང་ནས་ད་ཕན་ཆད་ལ་ལོ་གཅིག་སོང་སྟེ། དེ་ཙམ་གྱིས་ཚེ་འུད་ཀྱིས་ཐུང་དུ་སོང་། ཁ་སིང་ནས་མདང་ ཕན་ཆད་ལ་ཟླ་བ་གཅིག་ལོན་ཏེ། དེ་ཙམ་གྱིས་ཚེ་འུད་ཀྱིས་ཐུང་དུ་སོང་། ཁ་ཙང་ནས་དེ་རིང་བར་ལ་ཞག་གཅིག་ལོན་ཏེ། དེ་ཙམ་གྱིས་ཚེ་འུད་ཀྱིས་ཐུང་དུ་སོང་ངོ་། །ད་ཅི་ནས་ད་ལྟ་ཕན་ལ་དར་ཅིག་སོང་སྟེ། དེ་ཙམ་གྱིས་ཚེ་ཐུང་དུ་སོང་ བ་ཡིན་སྙམ་དུ་བསམ་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གོད་གྱུར་ཞིང་། །སྣོན་པ་གུད་ནས་ཡོད་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། ། ཞེས་གསུངས་སོ། །འབྲལ་བ་བསྒོམ་པ་ནི། ད་ལྟ་ཡོད་པའི་བདག་གི་ཉེ་འབྲེལ་དང་། ནོར་རྫས་དང་། ལུས་ལ་སོགས་པའི་རྩིས་པོ་ཆེ་འདི་རྣམས་དང་ཡང་བདག་རྟག་ཏུ་འགྲོགས་སུ་མི་འོང་སྟེ། མྱུར་དུ་འབྲལ་བ་ཡིན་སྙམ་ 2-13-18b དུ་བསམ་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཐམས་ཅད་བོར་ཏེ་ཆས་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །ཤེས་པ་ལ་སོགས་པ་གསུངས་སོ། །ཡང་ན་འཆི་བ་དགུ་ཕྲུགས་ཀྱི་ཚུལ་དུ་བསྒོམ་སྟེ། བདག་ངེས་པར་འཆི། ནམ་འཆི་ཆ་མེད་པར་འཆི། ཅིས་ཀྱང་མི་སྟོངས་པར་འཆི་སྙམ་དུ་བསམ་པའོ། །དེ་ཡང་ངེས་པར་འཆི་བ་ལ་རྒྱུ་མཚན་གསུམ་སྟེ། སྔར་མ་ཤི་བར་ལུས་པ་མེད་པའི་ཕྱིར་དང་། ལུས་འདུས་བྱས་ཡིན་པའི་ཕྱིར་ དང་། ཚེ་སྐད་ཅིག་གིས་འཛད་པའི་ཕྱིར་ངེས་པར་འཆིའོ། །དེ་ལ་སྔར་མ་ཤི་བར་ལུས་པ་མེད་པས་ངེས་པར་འཆི་བ་ནི། སློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་སོ། །དེས་ན་དྲང་སྲོང་རྫུ་འཕྲུལ་ཅན་མངོན་ཤེས་དཔག་ཏུ་མེད་པ་དང་ལྡན་པ་རྣམས་ཀྱང་། མི་འཆི་བའི་ས་ཕྱོགས་སུ་འབྲོས་ས་དང་ཐར་ས་མི་རྙེད་པར་ཐམས་ཅད་ འཆི་བ་ཡིན་ཏེ། འོ་སྐོལ་ལྟ་ཅི་སྨོས། དེ་ལྟར་ཡང་། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པར། །ས་དེར་འགྲོ་བར་མི་ནུས་སོ། །ཞེས་གསུངས་སོ། །དེར་མ་ཟད་ཀྱི་ འཕགས་པ་རང་སངས་རྒྱས་དང་། ཉན་ཐོས་ཆེན་པོ་དགྲ་བཅོམ་པ་རྣམས་ཀྱང་མཐར་སྐུ་ལུས་གཏོང་ན། འོ་སྐོལ་ལྟ་ཅི་སྨོས། དེ་ལྟར་ཡང་ཆེད་དུ་བརྗོད་པའི་ཚོམས་ལས། གང་ཡང་རང་སངས་རྒྱས་རྣམས་དང་། །སངས་རྒྱས་རྣམས་ ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེར་མ་ཟད་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རྡོ་རྗེའི་རང་བཞིན་ལྟ་བུ་ཡང་ 2-13-19a སྐུ་ལུས་འཇོག་ན། འོ་སྐོལ་ལྟ་ཅི་སྨོས། དེ་ལྟར་ཡང་སློབ་དཔོན་དཔའ་བོའི་ཞལ་ནས། ཇི་སྙེད་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་ མེད་འདྲ་བའི། །ལུས་ཅན་གཞན་ལ་ལྟ་ཅི་སྨོས། །ཞེས་གསུངས་སོ། །ལུས་འདུས་བྱས་ཡིན་པའི་ཕྱིར་ངེས་པར་འཆི་བ་ནི། གང་འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཡིན་ལ། འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་གསུངས་སོ། །དེས་ན་ལུས་འདི་འདུས་མ་བྱས་མ་ཡིན་ཞིང་། འདུས་བྱས་ཡིན་པས་ན་མི་རྟག་སྟེ་ངེས་པར་འཆིའོ། །ཚེ་ སྐད་ཅིག་གིས་འཛད་པའི་ཕྱིར་ན་ངེས་པར་འཆི་བ་ནི། ཚེ་སྐད་ཅིག་མ་རེ་རེ་འདས་ཤིང་འཆི་བའི་ཕྱོགས་སུ་ཉེར་སོང་བ་ཡིན་ཏེ། དེ་མི་མངོན་ཡང་དེ་དང་ཆ་འདྲ་བ་དཔེར་ན། རྩལ་པོ་ཆེས་མདའ་འཕངས་པའམ། རི་གཟར་གྱི་ངོས་ནས་ཆུ་འབབ་ པའམ། གསོད་སར་ཁྲིད་པའི་བཙོན་བཞིན་དུ་ཚེ་མྱུར་དུ་འདའ་བ་ཡིན་ནོ། །དེ་ལ་དཔེ་དང་པོ་སྐྱེས་བུ་རྩལ་པོ་ཆེས་མདའ་འཕངས་པ་ནི་བར་སྣང་ལ་གཞི་གཅིག་ཏུ་སྐད་ཅིག་ཀྱང་མི་སྡོད་དེ། བསྡིས་པའི་ཕྱོགས་སུ་མྱུར་དུ་ཕྱིན་པ་ལྟར། ཚེ་ཡང་ སྐད་ཅིག་ཀྱང་མི་སྡོད་པར་མྱུར་དུ་འཆི་བ་ཡིན་ནོ། །དེ་ལྟར་ཡང་། དཔེར་ན་སྐྱེས་བུ་རྩལ་ཅན་གྱིས། །རྒྱུད་ལ་སྤྲིངས་ནས་མདའ་བསྐུར་བ། །མི་སྡོད་བསྡིས་སར་མྱུར་དུ་ཕྱིན། །མི་རྣམས་ཚེ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །ཡང་ དཔེ་གཉིས་པ་རི་གཟར་གྱི་ངོས་ནས་ཆུ་འབབ་པ་དེ་སྐད་ཅིག་ཀྱང་མི་སྡོད་པར་རྒྱུག་པ་ལྟར། མི་ཚེ་ཡང་སྡོད་དུ་མི་བཏུབ་པ་ལྷག་པར་གསལ་བ་ཡིན་ནོ། །དེ་ལྟར་ཡང་འདུས་པ་རིན་པོ་ཆེ་ཏོག་ལས། གྲོགས་དག་ཚེ་འདི་མྱུར་འགྲོ་སྟེ། ། 2-13-19b རི་གཟར་ཆུ་དྲག་མགྱོགས་འདྲ་ན། །བྱིས་པའི་སྐྱེ་བོས་མི་ཤེས་ཏེ། །མི་མཁས་ལོངས་སྤྱོད་དྲེགས་པས་མྱོས། །ཤེས་གསུངས་སོ། །ཚོམས་ལས་ཀྱང་། ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་དུ། །ཕྱིར་མི་ལྡོག་པར་འགྲོ་བར་འགྱུར། །ཞེས་ གསུངས་སོ། །དཔེ་གསུམ་པ་གསོད་སར་ཁྲིད་པའི་བཙོན་ནི། གོམ་པ་རེ་རེ་བོར་ཞིང་འཆི་བ་ལ་བསྙེན་པ་ལྟར། འོ་སྐོལ་གྱི་ཚེ་ཡང་དེ་དང་འདྲའོ། །དེ་ལྟར་ཡང་འཕགས་པ་ལྗོན་ཤིང་གི་མདོ་ལས། གསོད་སར་ཁྲིད་པའི་བཙོན་བཞིན་དུ། ། གོམ་རེ་བོར་ཞིང་འཆི་དང་ཉེ། །ཞེས་གསུངས་སོ། །ཚོམས་ལས་ཀྱང་། དཔེར་ན་ངེས་པར་གསོད་པ་དག །གོམ་པ་གང་དང་གང་བོར་བ། །གསོད་པའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། ། ནམ་འཆི་ཆ་མེད་པའི་ཚུལ་གྱིས་འཆི་བ་ལ་ཡང་རྒྱུ་མཚན་གསུམ་སྟེ། ཚེ་ལ་ངེས་པ་མེད་པའི་ཕྱིར་དང་། ལུས་ལ་སྙིང་པོ་མེད་པའི་ཕྱིར་དང་། འཆི་བའི་རྐྱེན་མང་བའི་ཕྱིར་ནམ་འཆི་ཆ་མེད་པར་འཆིའོ། །དེ་ལ་དང་པོ་ནི་འགྲོ་བ་གཞན་ནམ། གླིང་གཞན་གྱི་མི་ཚེ་ལ་ངེས་པ་ཡོད་ཀྱང་། འོ་སྐོལ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་དེ། ཆོས་མངོན་པ་མཛོད་ལས་ཀྱང་། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་གསུངས་སོ། །དེ་ཡང་ཇི་ལྟར་ངེས་པ་ མེད་ན། ཚོམས་ལས། ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་ རབ་ཏུ་འགྲོ་འགྱུར་ཏེ། །ཞེས་གསུངས་པ་ལྟར་རོ། །ལུས་ལ་སྙིང་པོ་མེད་པ་ནི། ལུས་འདི་ལ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ལས་མ་གཏོགས་པའི་སྙིང་པོ་སྲ་མཁྲང་གཅིག་ཀྱང་མེད་དེ། ཇི་སྐད་དུ་སྤྱོད་འཇུག་ལས། ཐོག་མར་ལྤགས་པའི་ 2-13-20a རིམ་པ་འདི། །རང་གི་བློ་ཡིས་ཐ་དད་ཕྱེ། །ཤ་ཡང་རུས་པའི་དྲ་བ་ལས། །ཤེས་རབ་མཚོན་གྱི་གུད་དུ་ཕྱེ། །རུས་པ་རྣམས་ཀྱང་ཕྱེ་བྱས་ནས། །རྐང་གི་བར་དུ་བལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། ། བདག་ཉིད་ཀྱིས་ནི་བལྟ་བར་གྱིས། །ཞེས་གསུངས་སོ། །འཆི་བའི་རྐྱེན་མང་བ་ནི། རང་གཞན་ཐམས་ཅད་ལ་འཆི་བའི་རྐྱེན་དུ་མ་གྱུར་པ་མེད་དེ། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་བརྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་སོ། །ཅིས་ཀྱང་མི་སྟོངས་པར་འཆི་བ་ལ་ཡང་རྒྱུ་མཚན་གསུམ་སྟེ། ནོར་ཟས་ཀྱིས་མི་སྟོངས་ པ་དང་། གཉེན་བཤེས་ཀྱིས་མི་སྟོངས་པ་དང་། རང་གི་ལུས་ཀྱིས་མི་སྟོངས་པའོ། །དེ་ལ་ནོར་ཟས་ཀྱིས་མི་སྟོངས་པ་ནི། ཇི་སྐད་དུ་སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་ འཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། ཞེས་གསུངས་སོ། །དེ་ལྟར་ནོར་ཟས་ཀྱིས་འཆི་བ་ལ་མི་སྟོངས་པར་མ་ཟད་དེ། འདི་ཕྱི་གཉིས་ཀ་རུ་གནོད་པ་ཡིན་ནོ། །དེ་ལ་ཚེ་འདིར་གནོད་པ་ནི། ནོར་ཟས་ཀྱི་ཕྱིར་འཐབ་རྩོད་ དང་། རྐུ་བསྲུང་བྲན་གྱི་སྡུག་བསྔལ་འབྱུང་ལ། ཕྱི་མ་དེའི་རྣམ་སྨིན་གྱིས་ངན་སོང་དུ་སྐྱུར་བ་ཡིན་ནོ། །དེ་ལ་གཉེན་བཤེས་ཀྱིས་མི་སྟོངས་པ་ནི། ཇི་སྐད་དུ་སྤྱོད་འཇུག་ལས། འཆི་བའི་དུས་ལ་བབ་པ་ན། །བུ་རྣམས་སྐྱབས་སུ་མི་འགྱུར་ ཞིང་། །ཕ་ཡང་མ་ཡིན་གཉེན་འདུན་མིན། །ཁྱོད་ལ་སྐྱབས་སུ་འགྱུར་བ་མེད། །ཅེས་གསུངས་སོ། །དེ་ལྟར་གཉེན་འདུན་གྱིས་འཆི་བ་ལ་མི་སྟོངས་པར་མ་ཟད་དེ་འདི་ཕྱི་གཉིས་ཀ་རུ་གནོད་པ་ཡིན་ནོ། །དེ་ལ་ཚེ་འདི་ལ་གནོད་པ་ནི། 2-13-20b དེ་རྣམས་ཤི་དོགས་ན་དོགས་ཕམ་གྱིས་དོགས་ནས་སྡུག་བསྔལ་ཆེ་ལ། ཕྱི་མ་དེའི་རྣམ་པར་སྨིན་པས་ངན་སོང་དུ་བསྐྱུར་བ་ཡིན་ནོ། །རང་གི་ལུས་ཀྱིས་མི་སྟོངས་པ་ནི། ལུས་ཀྱི་ཡོན་ཏན་གྱིས་མི་སྟོངས་པ་དང་། ལུས་རང་གི་དངོས་ པོས་མི་སྟོངས་པའོ། །དེ་ལ་དང་པོ་ནི། དཔའ་ཞིང་ཤེད་ཆེ་ཡང་འཆི་བ་མི་བཟློག །གཟེ་ཞིང་བང་མགྱོགས་ཀྱང་འཆི་བ་ལ་བྲོས་པས་མི་ཐར། མཛངས་ཤིང་སྨྲ་མཁས་ཀྱང་བཤད་བྱང་གིས་མི་ཐར་ཏེ། དཔེར་ན་ཉི་མ་རིའི་ཕག་ཏུ་འགྲོ་བ་ ལ་སུས་ཀྱང་བཤོལ་འདེབས་པའམ། བཟུང་བར་མི་ནུས་པ་དང་འདྲའོ། །ལུས་རང་གི་དངོས་པོས་མི་སྟོངས་པ་ནི། ཇི་སྐད་དུ་སྤྱོད་འཇུག་ལས། དཀའ་བ་མང་པོས་བསྒྲུབས་པ་ཡི། །ཟས་དང་གོས་ཀྱིས་བསྐྱངས་པའི་ལུས། །ཁྱོད་དང་ མི་འགྲོགས་བྱ་ཁྱིས་ཟ། །ཡང་ན་འབར་བའི་མེ་ཡིས་འཚིག །ཡང་ན་ཆུ་ཡི་ནང་དུ་འདྲུལ། །ཡང་ན་ས་ཡི་དོང་དུ་སྦ། །ཞེས་གསུངས་སོ། །དེ་ལྟར་ལུས་འདིས་འཆི་བ་ལ་མི་སྟོངས་པར་མ་ཟད་དེ་འདི་ཕྱི་གཉིས་ཀར་གནོད་པ་ཡིན་ནོ། ། དེ་ལ་ཚེ་འདིར་གནོད་པ་ནི། ལུས་འདིས་ན་མི་བཟོད། ཚ་མི་བཟོད། གྲང་མི་བཟོད། བཀྲེས་མི་བཟོད། སྐོམ་མི་བཟོད། རྒྱབ་ཀྱིས་དོགས། བསད་ཀྱིས་དོགས། བཅིངས་ཀྱིས་དོགས། བཤུས་ཀྱིས་དོགས་ནས་སྡུག་བསྔལ་དུ་ཆེ་ལ། ཕྱི་མ་ལུས་འདིའི་ལན་གྱོག་གིས་ངན་སོང་དུ་བསྐྱུར་བ་ཡིན་ནོ། །གཞན་རྒྱུད་དང་སྦྱར་བ་ནི། གཞན་ཤི་བ་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་། སེམས་ལ་དྲན་པ་ཀུན་ཀྱང་རང་ལ་སྦྱར་ཞིང་བསྒོམ་པའོ། །དེ་ལ་གཞན་ཤི་བ་ མིག་གིས་མཐོང་བ་དང་སྦྱར་ན། རང་གི་ཉེ་དུ་ལ་སོགས་པ་ལུས་ནི་སྟོབས་དང་ལྡན། བྱད་བཞིན་མདངས་དང་ལྡན། ཚོར་བ་ནི་བདེ་བ་དང་ལྡན། འཆི་བ་ཡིད་ཀྱི་དགུ་ལ་མི་བྱེད་པ་ཅིག །དེ་རིང་ལྟ་བུ་འཆི་ནད་ཀྱིས་བཏབ་ནས། ལུས་ཀྱི་སྟོབས་ 2-13-21a ཤོར་ནས་ཙོག་པུ་ཡང་མི་ནུས། བྱད་ཀྱི་བཀྲག་ཤོར་ཏེ། འོམ་པོ་བཀྲག་མེད་དུ་སོང་། ཚོར་བ་སྡུག་བསྔལ་ཏེ་ན་ཚ་ལ་ཚུགས་ཐབས་མེད། ཟུག་གཟེར་ལ་ཚུགས་པ་མེད། སྨན་དང་དཔྱད་ཀྱང་མ་ཟུག །ཆོ་ག་དང་རིམ་ གྲོས་ཀྱང་མ་ཕན། འཆི་བར་ནི་ཤེས་བྱ་ཐབས་ནི་མེད། གཉེན་གྱི་ཐ་མས་ནི་བསྐོར། ཟས་ཀྱི་ཐ་མ་ནི་ཟ། གཏམ་གྱི་ཐ་མ་ནི་ཟློ་ཙ་ན། བདག་ཀྱང་འདིའི་རང་བཞིན་ཅན། འདིའི་ཆོས་ཅན། འདིའི་མཚན་ཉིད་ཅན། ཆོས་ཉིད་འདི་ལས་མ་འདས་པ་ ཡིན་སྙམ་དུ་བསམ། དེ་ནས་དེ་དབུགས་ཆད་ནས་དེ་རིང་ཕན་ཆད་ཇི་ལྟར་གཅེས་པ་ཁྱིམ་དེར་མེད་དུ་མི་བཏུབ་པ་ཞིག་ཡིན་ཀྱང་། ད་རོ་དེ་ཁྱིམ་དེར་ཞག་གཅིག་ཀྱང་བཞག་མ་འོས་པར། མལ་དུ་ཁུར་ཐག་ཤར་གྱིས་བྲེས་ནས། ཁྲེས་པོ་སྦྲགས་ ཏེ་རོ་ཁུར་གྱིས་ཁུར་ནས་ཕྱིར་འདོན་པའི་ཚེ། ལ་ལས་ནི་རོ་དེ་ལ་འཇུ་ཞིང་འཕྱང་བ་ལྟར་བྱེད། ཁ་ཅིག་ནི་ངུ་ཞིང་གུམ་པ་ལྟར་བྱེད། ཁ་ཅིག་ནི་འབོག་ཅིང་བརྒྱལ་བ་ལྟར་བྱེད་ལ། གཞན་ཁ་ཅིག་ན་རེ་འདི་ནི་ས་ཡིན། འདི་ནི་རྡོ་ཡིན། ཁྱོད་དེ་ལྟར་ བྱེད་པ་ཅོལ་ཆུང་བ་སྐད་ཟེར། རོ་དེ་ནི་ཐེམ་པ་ཐལ་གྱིས་བརྒལ་ནས། ད་ནི་རྣམ་པ་ཐམས་ཅད་དུ་ནང་དུ་མི་ལྡོག་པ་མཐོང་ཙ་ན། བདག་ཀྱང་སྔར་བཞིན་དུ་བསམ། དེ་ནས་རོ་དེ་དུར་ཁྲོད་དུ་བསྐྱལ་ནས་འབུས་གཞིགས་པ་དང་། ཁྱི་དང་ལྕེ་སྤྱང་ ལ་སོགས་པས་ཟོས་པ་དང་། རྐེང་རུས་འཐོར་བ་ལ་སོགས་པ་མཐོང་ཙ་ན། བདག་ཀྱང་སྔར་བཞིན་དུ་བསམ་མོ། །གཞན་ཤི་བ་རྣ་བས་ཐོས་པ་དང་སྦྱར་ན། ཆེ་གེ་མོ་ཤི་ལོ་ཟེར་བའམ། དེ་ན་ཤི་བའི་རོ་གཅིག་འདུག་ལོ་ཟེར་བ་ཐོས་ཙ་ན། བདག་ཀྱང་སྔར་བཞིན་དུ་བསམ་མོ། །གཞན་ཤི་བ་སེམས་ལ་དྲན་པ་དང་སྦྱར་ན། རང་གི་ཡུལ་དང་། གྲོང་དང་། ཁྱིམ་དུ་རྒན་གཞོན་རང་དང་འགྲོགས་འགྲོགས་པ་ཇི་སྙེད་ཅིག་ཤི་སྟེ། དེ་ཀུན་བསམས་ལ་རིང་པོར་མི་ཐོགས་པར་བདག་ཀྱང་ 2-13-21b སྔར་བཞིན་དུ་བསམ་མོ། །དེ་ལྟར་ཡང་མདོ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་སོ། །མི་རྟག་ པ་བསྒོམས་པའི་ཕན་ཡོན་ནི། འདུས་བྱས་ཐམས་ཅད་མི་རྟག་པར་གོ་ནས་ཚེ་འདི་ལ་མངོན་ཞེན་ལྡོག་པ་ཡིན་ནོ། །གཞན་ཡང་དད་པའི་གསོས་འདེབས། བརྩོན་འགྲུས་ཀྱི་གྲོགས་བྱེད། ཆགས་སྡང་དང་མྱུར་དུ་བྲལ་ནས་ཆོས་མཉམ་ པ་ཉིད་རྟོགས་རྐྱེན་བྱེད་པ་ཡིན་ནོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། འདུས་བྱས་མི་རྟག་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ལྟར་མི་རྟག་པར་ཤི་ཡང་ཅི་ལྟོ་སྟེ། ཡང་སྐྱེ་བར་འགྱུར་བ་མ་ཡིན་ནམ། སྐྱེས་ཙ་ན་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་སྟེ་འོང་། བདག་ལ་དེས་ཅི་མ་ཆོག་སྙམ་ན། དེ་ནི་སྲིད་པའི་བདེ་བ་ལ་ཆགས་པ་ཡིན་ནོ། །དེའི་ གཉེན་པོར་འཁོར་བའི་ཉེས་དམིགས་སྒོམ་པ་བཤད་པར་བྱ་སྟེ། སྡོམ་ནི། འདུ་བྱེད་ཀྱི་ནི་སྡུག་བསྔལ་དང་། །དེ་བཞིན་འགྱུར་བའི་སྡུག་བསྔལ་དང་། །སྡུག་བསྔལ་གྱི་ནི་སྡུག་བསྔལ་ཏེ། །གསུམ་གྱིས་འཁོར་བའི་ཉེས་དམིགས་བསྡུས། །ཤེས་པ་སྟེ། དེ་ལྟར་སྡུག་བསྔལ་གསུམ་པོ་དེ། དཔེའི་སྒོ་ནས་བཤད་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི་འབྲས་མ་སྨིན་པ་དང་འདྲའོ། །འགྱུར་བའི་སྡུག་བསྔལ་ནི། འབྲས་ཆེན་དུག་དང་འདྲེས་པ་ཟ་བ་དང་འདྲའོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི། འབྲས་ཀྱི་ སྟེང་དུ་ཕོལ་བྱུང་བ་དང་འདྲའོ། །ཡང་སྡུག་བསྔལ་གསུམ་པོ་དེ་རང་གི་ངོ་བོའི་སྒོ་ནས་བཤད་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི། ཚོར་བ་བཏང་སྙོམས་པ་ཡིན་ནོ། །འགྱུར་བའི་སྡུག་བསྔལ་ནི། ཚོར་བ་བདེ་བ་ཡིན་ནོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི། 2-13-22a ཚོར་བ་སྡུག་བསྔལ་ཡིན་ནོ། །ཡང་སྡུག་བསྔལ་དེ་གསུམ་མཚན་ཉིད་ཀྱི་སྒོ་ནས་བཤད་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི། ཉེ་བར་ལེན་པའི་ཕུང་པོ་འདི་བླངས་པ་ཙམ་གྱིས་སྡུག་བསྔལ་དང་ལྡན་པ་ཡིན་ནོ། །དེ་ཡང་སོ་སོ་སྐྱེ་བོ་ རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་འདི་མ་ཚོར་ཏེ། དཔེར་ན། རིམས་ནད་དྲག་པོས་ཟིན་ཙ་ན། རྣ་བ་ལ་སོགས་པ་ལུས་ཀྱི་ན་ཚ་ཁལ་ཁོལ་ཡོད་པ་མི་ཚོར་བ་བཞིན་ནོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པ་རྣམས་ཀྱིས་འདུ་ བྱེད་ཀྱི་སྡུག་བསྔལ་འདི་གཟིགས་ཏེ། དཔེར་ན། རིམས་ནད་ཕལ་ཆེར་སོས་ཙ་ན། རྣ་བ་ལ་སོགས་པ་ལུས་ཀྱི་ན་ཚ་ཁལ་ཁོལ་ཡོད་པ་ཚོར་བ་བཞིན་ནོ། །དཔེ་གཞན་ཡང་། སྤུ་ཉག་མ་གཅིག་ལག་མཐིལ་ན་འདུག་ན་མི་བདེ་བ་དང་། སྡུག་བསྔལ་མེད་དེ། དེ་ཉིད་མིག་ཏུ་སོང་ན་མི་བདེ་བ་དང་སྡུག་བསྔལ་བསྐྱེད་དོ། །དེ་བཞིན་དུ་འདུ་བྱེད་ཀྱི་སྡུག་བསྔལ་འདི་སོ་སོ་སྐྱེ་བོ་ལ་ཡོད་ཀྱང་སྡུག་བསྔལ་དུ་མི་ཚོར་ཏེ། འཕགས་པ་རྣམས་ལ་སྡུག་བསྔལ་དུ་ཆེའོ། །དེ་ལྟར་ཡང་ མཛོད་ཀྱི་ཊཱི་ཀ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་སྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་གསུངས་སོ། །གཉིས་པ་འགྱུར་བའི་སྡུག་བསྔལ་ནི། འཁོར་བའི་བདེ་བ་ཇི་སྙེད་པ་ཐམས་ཅད་མཐར་འགྱུར་ནས་སྡུག་བསྔལ་དུ་འགྲོ་བས་ན། འགྱུར་བའི་སྡུག་བསྔལ་ཞེས་བྱའོ། ། དེ་ལྟར་ཡང་སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ལྷའི་རྒྱལ་སྲིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །མི་རྣམས་ཀྱི་རྒྱལ་སྲིད་ཀྱང་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །ཞེས་གསུངས་སོ། །དེས་ན་མིའི་རྒྱལ་པོ་འཁོར་ལོས་བསྒྱུར་ 2-13-22b བ་ལྟ་བུའི་སྤྱོད་ཡུལ་ཐོབ་ཀྱང་། མཐར་སྡུག་བསྔལ་དུ་འགྱུར་ཏེ། བཤེས་སྤྲིང་ལས་ཀྱང་། འཁོར་ལོ་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་སོ། །དེར་མ་ཟད་ལྷའི་དབང་པོ་ བརྒྱ་བྱིན་ལྟ་བུའི་ལུས་དང་ལོངས་སྤྱོད་ཐོབ་ཀྱང་། མཐར་འཆི་འཕོ་ཞིང་ལྟུང་བ་ཡིན་ཏེ། ཇི་སྐད་དུ། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང་། །ཞེས་གསུངས་སོ། །དེར་མ་ཟད་ལྷའི་ རྒྱལ་པོ་ཚངས་པ་ལ་སོགས་པ་ལྟ་བུ་འདོད་པའི་འདོད་ཆགས་དང་བྲལ་ནས། བསམ་གཏན་སྙོམས་འཇུག་གི་བདེ་བ་ཐོབ་ཀྱང་མཐར་ལྟུང་བ་ཡིན་ཏེ། ཇི་སྐད་དུ། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་ གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་སྡུག་བསྔལ་གྱི་སྡུག་བསྔལ་ནི། སྤྱིར་ཉེ་བར་ལེན་པའི་ཕུང་པོ་འདི་བླངས་པ་རང་གིས་སྡུག་བསྔལ་ཡིན་པའི་སྟེང་དུ། སྡུག་ངལ་ཆེན་པོར་ མངོན་པ་རྣམས་ཡིན་ནོ། །དེ་ཡང་ངན་འགྲོའི་སྡུག་བསྔལ་དང་། བདེ་འགྲོའི་སྡུག་བསྔལ་གཉིས་སུ་ཤེས་པར་བྱའོ། །དེ་ལ་དང་པོ་བཤད་ན། ངན་སོང་ནི། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ཡིན་ནོ། །དེ་དག་རེ་རེ་བཞིན་དབྱེ་ན་དུ་ཡོད་ པ་དང་། གནས་གང་ན་གནས་པ་དང་། སྡུག་བསྔལ་ཅི་མྱོང་བ་དང་། ཚེ་ཇི་སྲིད་ཐུབ་པ་དང་བཞི་བཞིས་ཤེས་པར་བྱའོ། །དེ་ལ་དམྱལ་བ་ལ་དབྱེ་ན། ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད་དེ་བཅུ་དྲུག །ཉི་ཚེ་བ་དང་། ཉེ་འཁོར་ བ་གཉིས་ཏེ་བཅོ་བརྒྱད་དོ། །ཚ་བའི་དམྱལ་བ་འདི་དག་གནས་གང་ན་གནས་ན། འཛམ་བུའི་གླིང་འདིའི་འོག་ན་གནས་ཏེ། འདི་ནས་དེར་འགྲོ་བ་མང་བའི་ཕྱིར་རོ། །དེ་ཡང་། འོག་ན་མནར་མེད་པའི་སེམས་ཅན་དམྱལ་བ་གནས་སོ། ། 2-13-23a དེའི་སྟེང་ན་ཡར་ལ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་སོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་ པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །ཞེས་གསུངས་སོ། །དེ་དག་གིས་སྡུག་བསྔལ་ཅི་མྱོང་ན། སྒྲ་འཇུག་པའི་རྒྱུ་མཚན་དང་ཐུན་མོང་དུ་བསྟན་པར་བྱ་སྟེ། དེ་ལ་དང་པོ་ཡང་སོས་ནི། དམྱལ་བ་གཅིག་ལ་གཅིག་ཕན་ཚུན་བཏགས་ ཕུག་བཅད་ཅིང་བསད་ནས། རླུང་གྲང་མོ་ལངས་པས་ཡང་སོས་པར་འགྱུར་རོ། །དེ་ལྟར་ཚེ་མ་ཟད་ཀྱི་བར་དུའོ། །ཐིག་ནག་ནི་གང་དུ་ཐིག་ནག་པོ་བཏབ་ནས། སོག་ལེ་མེ་རབ་ཏུ་འབར་བས་གཤག་པ་དང་། སྟ་རེ་མེ་རབ་ཏུ་འབར་བས་གཞོག་པར་ བྱེད་དེ། ཇི་སྐད་དུ། ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། །སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཞོག །ཅེས་གསུངས་སོ། །བསྡུས་འཇོམས་ནི། རིའི་བར་དུ་བསྡུས་ཤིང་འཇོམས་པ་དང་། ལྕགས་ཀྱི་ཨན་འདར་གྱི་བར་དུ་ བསྡུས་ཤིང་འཇོམས་པའོ། །དེ་ལ་དང་པོ་ནི། གང་དུ་ཕྱོགས་གཉིས་ནས་རི་བོ་ལུག་གི་གདོང་པ་ལྟ་བུ་གཉིས་འོངས་ནས་སེམས་ཅན་དེ་དག་འཇོམས་པར་བྱེད་དོ། །དེ་ནས་རི་དེ་གཉིས་ཕྱིར་གྱེས་པ་དང་རླུང་གྲང་མོ་ལངས་པས་ལུས་སྔ་མ་ལྟར་སོས། ། ཡང་འཇོམས་ཏེ་དེ་ཀ་ལྟར་བྱེད་པའོ། །དེ་ལྟར་ཡང་སློབ་སྤྲིང་ལས། རི་དང་མཉམ་ལུག་རུ་རིང་འཇིགས་སུ་རུང་བ་གཉིས། །འདུས་པའི་ཕྲག་ཏུ་ལུས་ཀུན་ཕྱེ་མར་བརླག་ཅིང་འཇོམས། །ཞེས་སོགས་གསུངས་སོ། །ཁ་ཅིག་ལྕགས་ ཀྱི་ཨན་འདར་གྱི་བར་དུ་བཙིར་བས་ཁྲག་གི་རྒྱུན་ཆུ་བོ་བཞི་ཙམ་པ་འབབ་བོ། །དེ་ལྟར་ཡང་། ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱི་མ་ཞིབ་མོ་བཞིན་དུ་རྡུལ་དུ་རློག །ཅེས་གསུངས་སོ། །ངུ་འབོད་ནི་སེམས་ཅན་བསྲེགས་ 2-13-23b པ་རྣམས་སྐྲག་པའི་འོ་དོད་འབྱིན་པའོ། །ངུ་འབོད་ཆེན་པོ་ནི་ལྷག་པར་ང་རོ་འབྱིན་པའོ། །ཚ་བ་ནི། མེ་ལ་སོགས་པས་གདུང་བར་བྱེད་པ་སྟེ། ཁྲོ་ཆུ་ཁོལ་མ་ཁར་བླུགས་པས་ཁོག་པ་འཚིག་པ་དང་། ཡང་མཚོན་རྩེ་གཅིག་པ་ཚེར་མ་ ཅན་གྱིས་བཤང་ལམ་ནས་སྤྱི་བོར་འབིགས་པའོ། །རབ་ཏུ་ཚ་བ་ནི། ཁྱད་པར་དུ་གདུང་བར་བྱེད་པ་སྟེ། ཁྲོ་ཆུ་ཁོལ་མ་ལ་སོགས་པས་པགས་པ་མིན་པ་རྣམས་བསྲེགས་ནས། བུ་ག་དགུ་ནས་མེ་འབྱུང་བ་དང་། ཡང་མཚོན་རྩེ་གསུམ་པས་ བཤང་ལམ་དང་རྐང་མཐིལ་གཉིས་ནས་སྤྱི་བོ་དང་དཔུང་པ་གཉིས་སུ་འབིགས་པའོ། །དེ་ལྟར་ཡང་། དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པ་ཡི། །ཁུ་བ་འབར་བས་འཁྲིགས་པ་ལྡུད་པར་བགྱིད། །ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་ འབར་བ། །ཚེར་མ་ཅན་ལ་ཀུན་ཏུ་རྒྱུད་པར་བགྱིད། །ཅེས་གསུངས་སོ། །མནར་མེད་པའི་སེམས་ཅན་དམྱལ་བ་ནི། ལྕགས་ཀྱི་ཁང་པ་མེ་རབ་ཏུ་འབར་བ་དང་། ཆུ་ཞེང་དང་། གནམ་འཕང་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་ཡོད་པའི་ ནང་ནས་ལྕགས་ཟངས་དཔག་ཚད་དུ་མ་ཡོད་པའི་ནང་དུ་ཁྲོ་ཆུ་དང་ཟངས་ཆུ་བླུགས་ཏེ། དེར་བཅུག་ནས་ཕྱོགས་བཞི་ནས་མི་བཟད་པའི་མེས་བསྐོལ་བར་བྱེད་པའོ། །དེ་ལྟར་ཡང་། ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་ དུ། །སྤྱིའུ་ཚུགས་འབྲས་ཀྱི་ཐུག་པ་བཞིན་དུ་འཚོད། །ཅེས་གསུངས་སོ། །སྡུག་བསྔལ་བར་མཚམས་མེད་པས་ན་མནར་མེད་པ་ཞེས་བྱའོ། །དེ་དག་གི་ཚེ་ཡང་ཇི་སྲིད་དུ་ཐུབ་ཅེ་ན། མངོན་པ་མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་གསུངས་ཏེ། རྒྱལ་ཆེན་རིགས་བཞིའི་ཚེ་ཚད་གང་ཡིན་པ་དེ་ནི་དམྱལ་བ་ཡང་སོས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེ་སུམ་ཅུ་ལ་ཟླ་ 2-13-24a བ་གཅིག །ཟླ་བ་བཅུ་གཉིས་ལ་ལོར་བརྩིས་པའི་ཡང་སོས་ཀྱིས་རང་ལོ་ལྔ་བརྒྱ་ཐུབ་བོ། །མི་ལོ་ལྟར་ན་བྱེ་བ་ཁྲག་འབུམ་དྲུག་ཁྲི་ཉིས་སྟོང་ཡོད་དོ། །དེ་བཞིན་དུ་ལྷ་སུམ་ཅུ་རྩ་གསུམ་པ་དང་། དམྱལ་བ་ཐིག་ནག་སྦྱར་བས་ དམྱལ་བ་དེས་རང་ལོ་སྟོང་ཐུབ་སྟེ། མི་ལོ་ལྟར་ན་བྱེ་བ་འབུམ་ཕྲག་བཅུ་གཉིས་དང་། བྱེ་བ་ཕྲག་དགུ་ཁྲི་དྲུག་སྟོང་ཡོད་དོ། །ལྷ་འཐབ་བྲལ་བ་དང་དམྱལ་བ་བསྡུས་འཇོམས་སྦྱར་བས་དམྱལ་བ་དེས་རང་ལོ་ཉིས་སྟོང་ཐུབ་སྟེ། མི་ལོ་ལྟར་ན་ བྱེ་བ་ཁྲག་བྱེ་བ་གཅིག་དང་། བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་ཡོད་དོ། །ལྷ་དགའ་ལྡན་པ་དང་། དམྱལ་བ་ངུ་འབོད་སྦྱར་བས་དམྱལ་བ་དེས་རང་ལོ་བཞི་སྟོང་ཐུབ་སྟེ། མི་ལོ་ལྟར་ན་བྱེ་བ་ཁྲག་བྱེ་བ་བརྒྱད་དང་། བྱེ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་བཞི་སྟོང་ཡོད་དོ། །ལྷ་འཕྲུལ་དགའ་བ་དང་། དམྱལ་བ་ངུ་འབོད་ཆེན་པོར་སྦྱར་བས་དམྱལ་བ་དེས་རང་ལོ་བརྒྱད་སྟོང་ཐུབ་སྟེ། མི་ལོ་ལྟར་ན་བྱེ་བ་ཕྲག་བྱེ་བ་དྲུག་ཅུ་རྩ་དྲུག་དང་། བྱེ་བ་ཕྲག་ས་ཡ་ གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ཡོད་དོ། །གཞན་འཕྲུལ་དབང་བྱེད་པ་དང་། དམྱལ་བ་ཚ་བ་སྦྱར་བས་དེས་རང་ལོ་ཁྲི་དྲུག་སྟོང་ཐུབ་སྟེ། མི་ལོ་ལྟར་ན་ལོ་བྱེ་བ་ཕྲག་བྱེ་བ་ལྔ་བརྒྱ་དང་། བྱེ་བ་ཕྲག་བྱེ་བ་བཅུ་དང་། བྱེ་བ་ཕྲག་ས་ཡ་བརྒྱད་ དང་། བྱེ་བ་ཕྲག་བཞི་འབུམ་དང་། བྱེ་བ་ཕྲག་ཁྲི་དྲུག་སྟོང་ཡོད་དོ། །དམྱལ་བ་རབ་ཏུ་ཚ་བས་ནི་ཚེ་བར་གྱི་བསྐལ་པ་ཕྱེད་ཐུབ་བོ། །མནར་མེད་པས་ནི་ཚེ་བར་གྱི་བསྐལ་པ་གཅིག་ཐུབ་བོ། །དེ་ལྟར་ཡང་། རབ་ཏུ་ཚ་ཕྱེད་མནར་མེད་ནི། བར་གྱི་བསྐལ་པའོ། །ཞེས་གསུངས་སོ། །ཉེ་འཁོར་གྱི་དམྱལ་བ་ནི། དམྱལ་བ་བརྒྱད་པོ་དེ་དག་གི་ཕྱོགས་བཞི་ན་ཡོད་དེ། དེ་ཡང་ཐོག་མར་མེ་མ་མུར་པུས་ནུབ་ཙམ་ཡོད་ལ། སེམས་ཅན་དེ་དག་གནས་ཚོལ་དུ་འགྲོ་བ་ན། དེ་དག་ 2-13-24b གིས་རྐང་པ་བཞག་ན་ནི་པགས་པ་དང་། ཤ་དང་། ཁྲག་ཀུན་ཞིག་པར་འགྱུར་རོ། །རྐང་པ་བཏེག་ན་དེ་དག་སོས་པར་འགྱུར་ཏེ། དེ་ནི་ལྷག་པ་དང་པོའོ། །དེའི་དྲུང་ཉིད་དུ་རོ་མྱགས་མི་གཙང་བའི་འདམ་རྫབ་དག་ཏུ་འབུ་ལུས་དཀར་ ཞིང་། མགོ་ནག་ལ་མཆུ་རྣོ་བ་དག་གནས་ཤིང་། དེ་དག་གིས་སེམས་ཅན་དེ་དག་གི་རུས་པའི་བར་དུ་འབིགས་པར་བྱེད་པ་སྟེ། དེ་ནི་ལྷག་པ་གཉིས་པའོ། །དེའི་དྲུང་ཉིད་ན་སྤུ་གྲི་གཏམས་པའི་ལམ་པོ་ཆེ་དང་། རལ་གྲི་ལོ་མའི་ནགས་ཚལ་ དང་། ཁྱི་བསྲེ་བོ་དང་། ལྕགས་ཀྱི་ཤལ་མ་ལི་དང་། ཁྭ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་གནོད་པ་བྱེད་པ་སྟེ། དེ་ནི་ལྷག་པ་གསུམ་མོ། །དེའི་དྲུང་ན་ཆུ་བོ་རབ་མེད་ཐལ་ཆུ་ཁོལ་མས་གང་བ་སྟེ། དེར་སེམས་ཅན་དེ་དག་འཚོད་ལ། འགྲམ་ན་སྐྱེས་བུ་ལག་ན་མཚོན་ཐོགས་པས་འགོག་སྟེ། དེ་ནི་ལྷག་པ་བཞི་པའོ། །དེ་ལྟར་ཡང་། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། ། ཞེས་གསུངས་སོ། །ཅི་སྐྱེས་བུའི་ཆ་བྱད་ཅན་གྱི་སྲུང་མ་དང་། ཁྭ་ལྕགས་ཀྱི་མཆུ་ཅན་ལ་སོགས་པ་དམྱལ་སྲུང་གི་འཁོར་དེ་དག་སེམས་ཅན་ཡིན་ནམ་མ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་སེམས་ཅན་ཡིན་པར་འདོད། མདོ་སྡེ་པ་རྣམས་ སེམས་ཅན་མ་ཡིན་པར་འདོད། རྣལ་འབྱོར་སྤྱོད་པ་དང་མར་པ་དང་མི་ལ་ཡབ་སྲས་ཀྱི་བཞེད་པ་ནི་སེམས་ཅན་སྡིག་པ་བྱས་པའི་དབང་གིས་རང་གི་སེམས་ཉིད་དེ་ལྟར་སྣང་བར་འདོད། དོན་འདི་དང་མཐུན་པར་སྤྱོད་འཇུག་ལས། སེམས་ཅན་ དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་འབྱུང་ངོ་། ། 2-13-25a གྲང་བའི་དམྱལ་བ་བརྒྱད་ནི། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་པ་ཅན་དང་། སོ་ཐམ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ ལྟར་གས་པའོ། །དེ་ལྟར་ཡང་། ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །ཞེས་གསུངས་སོ། །འདི་དག་གནས་གང་ན་གནས་ཤེ་ན། འཛམ་བུ་གླིང་འདི་ཉིད་ཀྱི་འོག་ན་དམྱལ་བ་ཆེན་པོ་རྣམས་ཀྱི་ཐད་ཀ་ན་གནས་སོ། །དེ་དག་གིས་སྡུག་ བསྔལ་ཅི་ཞིག་མྱོང་ཞེ་ན། སྒྲ་འཇུག་པའི་རྒྱུ་མཚན་དང་ཐུན་མོང་དུ་བསྟན་པར་བྱ་སྟེ། དང་པོ་གཉིས་ནི་གྲང་བ་མི་བཟད་པས་ཉེན་པས་ལུས་ལ་ཆུ་བུར་བྱུང་བ་དང་། ཆུ་བུར་བརྡོལ་བ་ལྟ་བུར་གྱུར་བ་སྟེ། ལུས་འགྱུར་བ་ལས་མིང་དུ་ བཏགས་སོ། །བར་པ་གསུམ་སོ་ཐམ་ཐམ་དང་། ཨ་ཆུ་དང་། ཀྱི་ཧུད་ནི་གྲང་བ་མི་བཟད་པས་ཉེན་པས་སྒྲ་འགྱུར་བ་ལས་བཏགས་པའོ། །པགས་པ་སྔོ་ཞིང་། ཁ་ལྔའམ་དྲུག་ཏུ་གས་པ་ནི་ཨུཏྤལ་ལྟར་གས་པའོ། །སྔོ་བ་ལས་ཐལ་ནས་དམར་ཞིང་། ཁ་བཅུའམ་དེ་ལས་ལྷག་པར་ གས་པ་ནི་པདྨ་ལྟར་གས་པའོ། །ཤིན་ཏུ་དམར་བར་གྱུར་ནས་ཁ་བརྒྱའམ་དེ་ལས་ལྷག་པར་གས་པ་ནི་པདྨ་ལྟར་ཆེར་གས་པའོ། །ཕྱི་མ་འདི་གསུམ་ཡང་ལུས་འགྱུར་བ་ལས་མིང་དུ་བཏགས་པའོ། །དེ་དག་གི་ཚེ་ཇི་སྲིད་ཐུབ་ཅེ་ན། བཅོམ་ལྡན་འདས་ཀྱིས་དེ་དག་དཔེ་ཙམ་དུ། དགེ་སློང་དག་དཔེར་ན། འདི་ན་ཡུལ་མ་ག་དྷའི་ཏིལ་སྦྱང་ཁལ་བརྒྱད་ཅུ་འགྲོ་བ་ཞིག་ཏིལ་གྱིས་བྱུར་བུར་བཀང་སྟེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་ཏིལ་རེ་རེ་ཕྱིར་བོར་ན། དགེ་སློང་དག་རིམ་པ་དེས་ན། ཡུལ་མ་ག་དྷའི་ཏིལ་སྦྱང་ཁལ་བརྒྱད་ཅུ་པོ་དེ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་བ་ནི་ཆེས་མྱུར་གྱིས། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ། །དགེ་སློང་དག་ 2-13-25b ཆུ་བུར་ཅན་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་ཆུ་བུར་བརྡོལ་བ་ཅན་གཅིག་ཡིན་ནོ། །ཞེས་པ་ནས། དགེ་སློང་དག་པདྨ་ལྟར་གས་པ་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ། པདྨ་ལྟར་གས་པ་ཆེན་པོ་གཅིག་ཡིན་ནོ། །ཞེས་གསུངས་སོ། །སློབ་དཔོན་དབྱིག་གཉེན་གྱིས་ དེའི་དོན་བསྡུས་ནས་བསྟན་པ་ནི། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་ཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་པ་སྟེ། དེས་ན་ཆུ་བུར་ཅན་གྱིས་ཏིལ་སྦྱང་གང་ངོ་། །ཆུ་བུར་ བརྡོལ་བ་ཅན་གྱིས་ཉི་ཤུའོ། །སོ་ཐམ་ཐམ་གྱིས་བཞི་བརྒྱའོ། །ཨ་ཆུ་ཟེར་བས་སྟོང་ཕྲག་བརྒྱད་ཡིན་ནོ། །ཀྱི་ཧུད་ཟེར་བས་འབུམ་ཕྲག་གཅིག་དང་དྲུག་ཁྲི་ཡིན་ནོ། །ཨུཏྤལ་ལྟར་གས་པས་ས་ཡ་ཕྲག་གསུམ་དང་། འབུམ་ཕྲག་གཉིས་ སོ། །པདྨ་ལྟར་གས་པས་བྱེ་བ་ཕྲག་དྲུག་དང་། ས་ཡ་ཕྲག་བཞི་ཡིན་ནོ། །པདྨ་ཆེན་པོ་ལྟར་གས་པས་ཏིལ་སྦྱང་ཐེར་འབུམ་ཕྲག་གཅིག་དང་། དུང་ཕྱུར་ཕྲག་གཉིས་དང་། བྱེ་བ་ཕྲག་བཞི་ཡིན་ནོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་ནི་མང་པོ་ འམ་གཉིས་སམ་གཅིག་གམ། སོ་སོའི་ལས་དག་གིས་གྲུབ་པ་ཡིན་ཏེ། དེ་དག་གི་རྣམ་པའི་བྱེ་བྲག་དུ་མ་ཡོད་དོ། །འདིའི་གནས་ལ་ངེས་པ་མེད་དེ། ཆུ་བོ་དང་། རི་དང་། མྱ་ངན་གྱི་ཕྱོགས་དང་། གཞན་དག་དང་། ས་འོག་དང་། ཁ་ཅིག་ མིའི་ཡུལ་ན་གནས་ཏེ། འཕགས་པ་མཽའུ་གལ་གྱི་བུས་གཟིགས་པ་ལྟ་བུའོ། །དེ་བཞིན་དུ་མྱ་ངམ་གྱི་ཕྱོགས་སུ་བཙུན་པ་དགེ་འདུན་འཚོས་གཟིགས་པ་ལྟ་བུའོ། །འདིའི་ཚེ་ཚད་ལ་ངེས་པ་མེད་པའོ། །སེམས་ཅན་དམྱལ་བའི་སྡུག་བསྔལ་ བཤད་ཟིན་ཏོ། །ཡི་དྭགས་ལ་དབྱེ་ན་ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་དང་། དེ་ལས་འཕྲོས་པའི་ཡི་དྭགས་སོ། །དེ་དག་གང་ན་གནས་ཤེ་ན། ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་ནི། འཛམ་བུ་གླིང་གི་འོག་དཔག་ཚད་ལྔ་བརྒྱ་བཅད་པ་ 2-13-26a ན་ཡོད་དོ། །འཕྲོས་པའི་ཡི་དྭགས་ནི་མྱ་ངམ་གྱི་ཕྱོགས་ལ་སོགས་པ་ངེས་པ་མེད་པར་གནས་སོ། །འཕྲོས་པའི་ཡི་དྭགས་ལ་དབྱེ་ན་གསུམ་སྟེ། ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པ་དང་། ནང་གི་སྒྲིབ་པ་ཡོད་པ་དང་། ཟས་སྐོམ་ལ་སྒྲིབ་པ་ཡོད་པའོ། །དེ་དག་གིས་སྡུག་བསྔལ་ཅི་མྱོང་ཞེ་ན། ཡི་དྭགས་རྫུ་འཕྲུལ་ཅན་ཁ་ཅིག་གིས་ནི་ལྷའི་དཔལ་ལྟ་བུ་ཡང་ཉམས་སུ་མྱོང་ངོ་། །ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པས་ནི། ཟས་སྐོམ་ལ་རྣག་ཁྲག་ཏུ་མཐོང་བ་ དང་། གཞན་གྱིས་འགོག་པར་མཐོང་ནས་བཟའ་བཏུང་གི་དབང་མེད་པའོ། །ནང་གི་སྒྲིབ་པ་ཡོད་པ་ནི། གཞན་གྱིས་མི་འགོགས་ཀྱང་། རང་གིས་བཟའ་བ་དང་བཏུང་བར་མི་ནུས་པ་སྟེ། ཇི་སྐད་དུ། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། ། ལྟོ་བ་རི་ཡི་ཁྱོན་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་གསུངས་སོ། །ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ལ་ཡང་གཉིས། མེ་ལྕེའི་ཕྲེང་བ་ཅན་དང་། ལྗན་ལྗིན་ ཟ་བའོ། །དེ་ལ་དང་པོ་ནི་ཟོས་པ་དང་། འཐུངས་པ་ཙམ་གྱིས་འཚིག་པར་འགྱུར་རོ། །གཉིས་པ་ནི་ཕྱི་ས་དང་། གཅིན་འཐུང་བ་དང་། རང་གི་ཤ་བཅད་ཅིང་ཟ་བའོ། །དེ་ཡང་མྱ་ངམ་གྱི་ཕྱོགས་སུ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་མཐོང་བ་ལྟ་ བུའོ། །ཡི་དྭགས་ཀྱི་ཚེ་ཇི་སྲིད་ཐུབ་ཅེ་ན། མི་རྣམས་ཀྱི་ཟླ་བ་གཅིག་གང་ཡིན་པ་ཡི་དྭགས་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེ་ཟླ་བ་དང་ལོར་བརྩིས་པའི་ལོ་ལྔ་བརྒྱ་ཐུབ་བོ། །དེ་ལྟར་ཡང་། ཡི་དྭགས་རྣམས། ཟླ་བ་ཉིན་ཞག་གི་ལྔ་ བརྒྱ། །ཞེས་གསུངས་སོ། །དུད་འགྲོ་ལ་དབྱེ་ན། རྐང་མང་དང་། རྐང་བཞི་དང་། རྐང་གཉིས་དང་། རྐང་མེད་དང་བཞིའོ། །འདི་དག་གང་ན་གནས་ཤེ་ན། ཆུ་དང་། ཐང་དང་། ནགས་མཐའི་སྤྱོད་ཡུལ་དག་ཡིན་ནོ། །དེ་ཡང་གནས་ 2-13-26b ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོ་ཡིན་ནོ། །དེ་དག་གིས་སྡུག་བསྔལ་ཅི་མྱོང་ཞེ་ན། བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་། བསད་བཅད་ཀྱི་སྡུག་བསྔལ་དང་། གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་ལོ། །དེ་ལ་དང་པོ་ནི། མིའི་དབང་དུ་གྱུར་པའི་དུད་ འགྲོ་རྣམས་ཏེ། ཇི་སྐད་དུ། དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། །ཞེས་གསུངས་སོ། །གཉིས་པ་ནི་རི་དྭགས་ལ་སོགས་པ་རྣམས་ཏེ། ཇི་སྐད་དུ། ཁ་ཅིག་མུ་ཏིག་བལ་དང་ རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །ཞེས་གསུངས་སོ། །གསུམ་པ་ནི། ཕལ་ཆེར་ཕྱིའི་རྒྱ་མཚོ་ལ་གནས་པ་རྣམས་ཏེ། ཇི་སྐད་དུ། ཟས་སུ་གདོང་དུ་གང་བབ་ཟ། །ཞེས་གསུངས་སོ། །དུད་འགྲོའི་ ཚེ་ཇི་སྲིད་ཐུབ་ཅེ་ན། ངེས་པ་མེད་དེ། ཡུན་རིང་ཤོས་ཀྱིས་བར་གྱི་བསྐལ་པ་རེ་རེ་ཐུབ་པ་ཡང་ཡོད་དོ། །དེ་ལྟར་ཡང་། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་གསུངས་སོ། །ངན་འགྲོའི་སྡུག་བསྔལ་བཤད་ཟིན་ཏོ། ། བདེ་འགྲོའི་སྡུག་བསྔལ་ལ་གསུམ་སྟེ། མིའི་སྡུག་བསྔལ་དང་། ལྷ་མིན་གྱི་སྡུག་བསྔལ་དང་། ལྷའི་སྡུག་བསྔལ་ལོ། །དེ་ཡང་མི་ལ་སྡུག་བསྔལ་བརྒྱད་ཡོད་དེ། ཇི་སྐད་དུ། མངལ་འཇུག་གི་མདོ་ལས། དེ་བཞིན་དུ་སྐྱེ་བ་ཡང་ སྡུག་བསྔལ་ལོ། །རྒ་བ་ཡང་སྡུག་བསྔལ་ཡིན་ནོ། །ན་བ་ཡང་སྡུག་བསྔལ་ཡིན་ནོ། །འཆི་བ་ཡང་སྡུག་བསྔལ་ཡིན་ནོ། །སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་བསྔལ་ཡིན་ནོ། །གང་ འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ཡིན་ནོ། །ཡོད་པ་བསྲུང་དཀའ་བ་ཡང་སྡུག་བསྔལ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་སྐྱེ་བ་ནི་གཞན་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་ལ། དེ་ཡང་སྐྱེ་གནས་བཞི་ལས་སྐྱེ་བར་གསུངས་ 2-13-27a ཀྱང་ཕལ་ཆེར་མངལ་ནས་སྐྱེའོ། །འདིའི་དབང་དུ་བྱས་ན། དང་པོ་སྲིད་པ་བར་དོ་ནས་མངལ་དུ་འཇུག་ཁར་ཡང་སྡུག་བསྔལ་འདི་ལྟར་ཡོད་དེ། བར་དོའི་སྲིད་པ་ཐམས་ཅད་རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ ལ་འགྲོ་ཞིང་ལྷའི་མིག་བཞིན་དུ་སྐྱེ་གནས་ཐག་རིང་པོ་ཡང་མཐོང་བར་ནུས་སོ། །དེ་ཡང་ལས་ཀྱི་དབང་གིས་ལོག་པའི་སྣང་བ་བཞི་འཆར་ཏེ། དཔེར་ན་རླུང་ཆེན་པོ་ལངས་པ་དང་། ཆར་ཆེན་པོ་བབ་པ་དང་། ནམ་དམུག་པ་དང་། སྐྱེ་བོ་ མང་པོའི་སྒྲ་ཅ་ཅོ་འཇིགས་སུ་རུང་བ་གྲགས་པ་ལྟ་བུའི་སྤྱོད་ཡུལ་དུ་ཤར་བས། ལས་བཟང་ངན་ཇི་ལྟ་བ་བཞིན་དུ་ཡང་དག་པ་མ་ཡིན་པའི་འདུ་ཤེས་བཅུ་འབྱུང་བར་འགྱུར་ཏེ། བདག་ནི་གཞལ་མེད་ཁང་དུ་འཇུག་གོ་སྙམ་པ་དང་། ཁང་ པ་བརྩེགས་པའི་སྟེང་དུ་འཛེག་གོ་སྙམ་པ་དང་། ཁྲི་ལ་འཛེག་གོ་སྙམ་པ་དང་། རྩྭའི་སྤྱིལ་པོར་འཇུག་གོ་སྙམ་པ་དང་། ལོ་མའི་ཁྱིམ་དུ་འཇུག་གོ་སྙམ་པ་དང་། རྩྭ་གསེབ་ཏུ་འཛུལ་ལོ་སྙམ་པ་དང་། ནགས་ཀྱི་ནང་དུ་འཇུག་གོ་སྙམ་ པ་དང་། རྩིག་པའི་བུ་གར་འཛུལ་ལོ་སྙམ་པ་དང་། སོག་མའི་གསེབ་ཏུ་འཛུལ་ལོ་སྙམ་དུ་སེམས་པ་སྟེ། དེ་ལྟར་སེམས་པ་དང་། ཕ་མ་འཁྲིག་པ་སྤྱོད་པ་དེ་ཐག་རིང་པོ་ནས་ཀྱང་མཐོང་ནས་དེར་འགྲོ་སྟེ། དེ་ཡང་བསོད་ནམས་ ཆེར་བསགས་པ། སྐྱེ་གནས་མཐོན་པོ་འཛིན་པ་རྣམས་ཀྱིས་ནི་གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་ལ་སོགས་པར་མཐོང་ནས་དེར་རྒྱུག་གོ། བསོད་ནམས་འབྲིང་དུ་བསགས་པ་དང་། སྐྱེ་གནས་འབྲིང་དུ་འཛིན་པ་ རྣམས་ཀྱིས་ནི་རྩྭའི་སྤྱིལ་བུ་ལ་སོགས་པར་མཐོང་ནས་དེར་རྒྱུག་གོ། བསོད་ནམས་མ་བསགས་པ་སྐྱེ་གནས་ངན་པ་འཛིན་པ་རྣམས་ཀྱིས་ནི། རྩིག་པའི་བུ་ག་ལ་སོགས་པར་མཐོང་ནས་དེར་རྒྱུག་གོ། དེར་ཕྱིན་པ་དང་། 2-13-27b གལ་ཏེ་རང་ཕོར་སྐྱེ་བ་ཡིན་ན་མ་ལ་ཆགས་པ་སྐྱེ་ལ། ཕ་ལ་ཞེ་སྡང་སྐྱེ་བར་འགྱུར་རོ། །གལ་ཏེ་རང་མོར་སྐྱེ་བ་ཡིན་ན། ཕ་ལ་ཆགས་པ་སྐྱེ་ལ། མ་ལ་ཞེ་སྡང་སྐྱེ་བར་འགྱུར་རོ། །ཆགས་སྡང་གཉིས་ཀྱིས་ཕ་མའི་མི་གཙང་བའི་རྫས་ དང་བར་དོའི་ཤེས་པ་འདྲེས་སོ། །དེ་ནས་བཟུང་ནས་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་དུ་མངལ་དུ་གནས་པར་གསུངས། ཁ་ཅིག་ནས་ཟླ་བ་བརྒྱད་དམ། ཟླ་བ་དགུའམ། ཟླ་བ་བཅུའི་བར་དུ་གནས་པར་ཡང་གསུངས་སོ། །ཁ་ཅིག་ ལ་མ་ངེས་ཏེ་ལོ་དྲུག་ཅུའི་བར་དུ་མངལ་དུ་བསྡད་པ་ཡང་ཡོད་དོ། །དེ་ཡང་ཞག་བདུན་ཕྲག་དང་པོའི་ཚེ་མའི་མངལ་དུ། ཟངས་ཚ་བའི་ནང་དུ་བཙོས་ཤིང་བརྔོས་པ་ཙམ་དུ། ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་ལྷན་ཅིག་ཏུ་སྡུག་བསྔལ་མི་ བཟད་པ་མྱོང་སྟེ། དེ་ནི་མེར་མེར་པོ་ཞེས་བྱའོ། །དེའི་དབྱིབས་ནི་འབྲས་ཀྱི་ཁུ་བའམ། ཞོའི་སྤྲིས་མ་དང་འདྲའོ། །དེ་ནས་ཞག་བདུན་ཕྲག་གཉིས་པ་ལ་མའི་མངལ་ནས་ཀྱང་། ཀུན་དུ་རེག་པ་ཞེས་བྱ་བའི་རླུང་བྱུང་ནས་མངལ་ལ་ རེག་པས་ཁམས་རྣམ་པ་བཞི་མངོན་དུ་སྣང་བར་འགྱུར་ཏེ། དེ་ནི་ནུར་ནུར་པོ་ཞེས་བྱའོ། །དེའི་དབྱིབས་ནི་ཞོ་ཀའམ། མར་འཁྱགས་པ་དང་འདྲའོ། །དེ་ནས་ཞག་བདུན་ཕྲག་གསུམ་པ་ལ་མའི་མངལ་ནས། མཛོད་ཀ་ཞེས་ བྱ་བའི་རླུང་བྱུང་ནས། མངལ་དེ་ལ་རེག་པས་ཁམས་བཞི་པོ་དག་ཤིན་ཏུ་མངོན་དུ་སྣང་བར་འགྱུར་ཏེ། དེ་ནི་ལྟར་ལྟར་པོ་ཞེས་བྱའོ། །དེའི་དབྱིབས་ནི་ལྕགས་ཀྱི་ཐུར་མའམ། སྲིན་བུ་གྲོག་མ་དང་འདྲའོ། །དེ་བཞིན་དུ་སྦྱར་ཏེ་ ཞག་བདུན་ཕྲག་བདུན་པ་ལ་མའི་མངལ་ནས། འཁྱིལ་བར་བྱེད་པ་ཞེས་བྱ་བའི་རླུང་བྱུང་སྟེ། རླུང་དེས་མངལ་ལ་རེག་པས་ལག་པ་གཉིས་དང་། རྐང་པ་གཉིས་འབྱུང་བར་བྱེད་དེ། དེའི་ཚེ་སྐྱེས་བུ་སྟོབས་དང་ལྡན་པས་ཡན་ 2-13-28a ལག་ནས་འཐེན་ནས་སྐྱེས་བུ་གཞན་ཞིག་གིས། དབྱུག་པས་གདལ་བ་སྙམ་བྱེད་པའི་སྡུག་བསྔལ་འབྱུང་ངོ་། །དེ་བཞིན་དུ་སྦྱར་ཏེ། ཞག་བདུན་ཕྲག་བཅུ་གཅིག་པ་ལ་མའི་མངལ་ནས། བུ་ག་སྣང་བ་ཞེས་བྱ་བའི་རླུང་ བྱུང་ནས། མངལ་ལ་རེག་པས་བུ་ག་དགུ་པོ་འབྱུང་བར་འགྱུར་ཏེ། དེའི་ཚེ་རྨ་གསར་པ་མཛུབ་མོས་སློང་བ་ཙམ་གྱི་སྡུག་བསྔལ་ཡོད་དོ། །གཞན་ཡང་མས་ཟས་མ་སྙོམས་ཤིང་གྲང་བ་བརྟེན་ན། གཅེར་བུ་ཆབ་རོམ་དུ་བསྐྱུར་བ་ཙམ་གྱི་ སྡུག་བསྔལ་ཡོད་དོ། །དེ་བཞིན་དུ། ཁ་ཟས་ཤིན་ཏུ་ཚ་བ་དང་། ཤིན་ཏུ་སྐྱུར་བ་ལ་སོགས་པས་ཀྱང་སྡུག་བསྔལ་བསྐྱེད་དོ། །ཟས་ཤིན་ཏུ་མང་བ་ཟོས་པའི་དུས་སུ་བྲག་བར་དུ་བཙིར་བ་ལྟ་བུའི་སྡུག་བསྔལ་ཡོད་དོ། །ཟས་ཉུང་ངུ་ཟོས་པའི་དུས་ སུ་ནམ་མཁའ་ལ་སྤྱང་ལ་བཏང་བ་ལྟ་བུའི་སྡུག་བསྔལ་ཡོད་དོ། །དྲག་ཏུ་སོང་བའམ། མཆོངས་པ་བྱས་སམ། བརྡེག་འཆོས་ན་རི་བོའི་ངོས་ལ་འདྲིལ་བ་ལྟ་བུའི་སྡུག་བསྔལ་ཡོད་དོ། །འཁྲིག་ཆགས་མང་དུ་སྤྱོད་པའི་ཚེ། ཚེར་ལྕག་གིས་ བྲབས་པ་ལྟ་བུའི་སྡུག་བསྔལ་ཡོད་དོ། །ཞག་བདུན་ཕྲག་སོ་བདུན་པ་ལ་ནི་མངལ་ཉིད་དུ་ཤེས་པས་མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་དང་། མུན་ནག་གི་འདུ་ཤེས་དང་། བཙོན་རའི་འདུ་ཤེས་དང་། ཡོངས་སུ་སྐྱོ་ནས་ ཕྱིར་འབྱུང་བའི་འདུ་ཤེས་སྐྱེ་བར་འགྱུར་རོ། །ཞག་བདུན་ཕྲག་གསུམ་ཅུ་རྩ་བརྒྱད་པ་ལ་མའི་མངལ་ནས། མེ་ཏོག་སྡུད་པ་ཞེས་བྱ་བའི་རླུང་བྱུང་སྟེ། རླུང་དེས་མངལ་ན་གནས་པ་དེ་བསྒྱུར་ནས་སྐྱེ་བའི་སྒོ་ལོགས་སུ་ཕྱོགས་པར་བྱེད་དོ། །དེའི་ཚེ་ ལྕགས་ཀྱི་འཁྲུལ་འཁོར་ལ་སྐྱོན་པ་ལྟ་བུའི་སྡུག་བསྔལ་ཡོད་དོ། །དེ་ལྟར་དུས་དེ་སྲིད་དུ་མངལ་གྱི་དྲོད་ཟངས་ཚ་བ་དང་། རབ་ཏུ་ཚ་བ་ལྟ་བུས་ནི་བཙོས་ཤིང་བརྔོས། རླུང་མི་འདྲ་བ་ཉི་ཤུ་རྩ་བརྒྱད་ཀྱིས་ནི་རེག་ཅིང་བསྐྱོད། མའི་ཁྲག་ 2-13-28b ལ་སོགས་པའི་དྭངས་མས་ནི་སྤེལ་ཞིང་བསྐྱེད་པས། མེར་མེར་པོ་ནས་བཟུང་ནས་ལུས་ཀུན་རྫོགས་པའི་བར་དུ་གྱུར་ཏོ། །དེ་ལྟར་ཡང་མངལ་འཇུག་གི་མདོ་ལས། དང་པོ་མེར་མེར་པོ་ལས་ནི། །ཤ་ཡི་ཆུ་བུར་སྐྱེ་བར་འགྱུར། །ཆུ་བུར་ལས་ནི་ ལྟར་ལྟར་སྐྱེ། །ལྟར་ལྟར་པོ་ནི་མཁྲང་བར་འགྱུར། །མཁྲང་བ་རྣམ་པར་འགྱུར་ནས་ནི། །མགོ་དང་ཡན་ལག་བཞི་སྐྱེས་པས། །རུས་པ་འདུས་ནས་ལུས་གྲུབ་པ། །ཐམས་ཅད་ལས་ཀྱི་རྒྱུ་ལས་བྱུང་། །ཞེས་གསུངས་སོ། །དེ་ནས་ཁ་ཐུར་ དུ་ལྟ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་ལུས་དེ་མགོ་ཐུར་དུ་བཟློག་ནས་ལག་པ་བརྐྱང་སྟེ་ཕྱིར་འབྱུང་བར་འགྱུར་རོ། །དེའི་ཚེ་ལྕགས་ཀྱི་འཇུར་མིག་ནས་འདྲེན་པ་ལྟ་བུའི་སྡུག་བསྔལ་ཡོད་དོ། །ཁ་ཅིག་མངལ་ཉིད་དུ་ཤི་ནས་འབྱུང་བར་འགྱུར་ རོ། །ཁ་ཅིག་མ་དང་མཉམ་དུ་འཆི་བར་འགྱུར་རོ། །ཡང་དེ་བཙས་ནས་ས་ལ་ལྟུང་བའི་དུས་སུ་ཚེར་ཁུང་དུ་བསྐྱུར་བ་ཙམ་གྱི་སྡུག་བསྔལ་ཡོད་དོ། །ཕྱིས་པའི་དུས་སུ་པགས་པ་བཤུས་ནས་རྩིག་ཟུར་ལ་བྲད་པ་ཙམ་གྱི་སྡུག་བསྔལ་ཡོད་དོ། །དེར་ ཡུན་དེ་སྲིད་དུ་གནས་ཏེ། ན་ཚ་ཆེ་ཆུང་དེ་འདྲ། དོག་མི་དོག་དེ་འདྲ། མུན་པ་ནག་མི་ནག་དེ་འདྲ། གཙང་མི་གཙང་དེ་འདྲ་སྟེ། ད་ལྟ་ཅི་ཙམ་འདོད་པ་ཆེ་བ་ཅིག་ཡིན་ཡང་མི་གཙང་བའི་དོད་དུ་ཁྱོད་ཞག་གསུམ་སྡོད། ཁ་བཅད་ལ་བཞག་ ཞག་གསུམ་གྱི་ནང་པར་གསེར་སྲང་གསུམ་སྦྱིན་གྱི་ཟེར་ན་སུས་ཀྱང་མི་ནུས་ཏེ། མངལ་གྱི་སྡུག་བསྔལ་ནི་དེ་ལས་ཐུའོ། །དེ་ལྟར་ཡང་སློབ་སྤྲིང་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་གཅེར་བས་འགགས། །རབ་ཏུ་དོག་པ་མུན་ནག་འཐིབས་པོར་ འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམས་ལ་སྡུག་བསྔལ་ཆེན་པོར་བརྣག་དགོས་སོ། །ཞེས་གསུངས་སོ། །དེ་ལ་ཡིད་ཆེས་ན་ལན་གཅིག་མངལ་དུ་འཇུག་པ་ཡང་སུས་ནུས་སྙམ་དུ་བསམ་ 2-13-29a མོ། །རྒ་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ། མདོར་ན་བཅུ་ཐམ་པའོ། །དེ་ཡང་གཟུགས་ཡོངས་སུ་འགྱུར་བ་དང་། སྐྲ་ཡོངས་སུ་འགྱུར་བ་དང་། པགས་པ་ཡོངས་སུ་འགྱུར་བ་དང་། ཁ་དོག་ཡོངས་སུ་འགྱུར་བ་དང་། མཐུ་སྟོབས་ཡོངས་སུ་འགྱུར་བ་དང་། གཟི་བརྗིད་ཡོངས་སུ་འགྱུར་བ་དང་། བསོད་ནམས་ཡོངས་སུ་འགྱུར་བ་དང་། ནད་མེད་པ་ཡོངས་སུ་འགྱུར་བ་དང་། སེམས་ཡོངས་སུ་འགྱུར་བ་དང་། གནས་སྐབས་འདས་ཤིང་ཚེའི་ འཇུག་བརྟུལ་བའོ། །དེ་ལ་གཟུགས་ཡོངས་སུ་འགྱུར་བ་ནི། སྔར་གྱི་གཟུགས་དྲང་ཞིང་བརྟན་ལ་མཁྲང་པ་དེ་འགྱུར་ནས། སྒུར་པོ་ཀྱོག་པོ་འཁར་བས་རྟེན་དགོས་པར་འགྲོ་བའོ། །སྐྲ་ཡོངས་སུ་འགྱུར་བ་ནི། སྔར་གྱི་སྐྲ་ནག་ སིང་བ་བུང་བའི་མདོག་ལྟ་བུ་དེ་འགྱུར་ནས། སྐྲ་དཀར་བ་དང་། སྤྱི་ཐེར་ལ་སོགས་པར་འགྲོ་བའོ། །པགས་པ་ཡོངས་སུ་འགྱུར་བ་ནི། སྔར་གྱི་པགས་པ་སྲབ་ལ་འཇམ་པ། ཡུལ་ཝཱ་ར་ཎཱ་སཱིའི་ཕྲ་རས་སམ། རྒྱའི་ནང་དར་ ལྟ་བུ་དེ་འགྱུར་ནས། མཐུག་ལོ་ཀོབ་པ། འཇུར་མཐུག་དང་། གཉེར་མའི་ཕུང་པོ། ཟངས་གདུབ་སྣ་མ་བཞིན་དུ་འགྱུར་བའོ། །ཁ་དོག་ཡོངས་སུ་འགྱུར་བ་ནི། སྔར་གྱི་ཁ་དོག་བཀྲག་མདངས་དང་ལྡན་པ། མེ་ཏོག་ པདྨ་ཁ་བྱེ་མ་ཐག་པ་ལྟ་བུ་དེ་འགྱུར་ནས། སྔོ་ཁོག་སྐྱ་ཁོག་པོ་མེ་ཏོག་རྙིང་པ་བཞིན་དུ་འགྲོ་བའོ། །མཐུ་སྟོབས་ཡོངས་སུ་འགྱུར་བ་ནི། སྔར་གྱི་ནུས་པ་དང་སྤྲོ་སེམས་འགྱུར་ནས་འགྲོ་བ་སྟེ། ལུས་ཀྱི་ཤེད་ཆད་པས་དཀའ་ལས་གང་ཡང་ མི་ནུས། སེམས་ཀྱི་སྟོབས་ཉམས་པས་བྱ་བ་གང་ལ་ཡང་སྤྲོ་བ་ཆུང་། དབང་པོ་རྣམས་ཀྱི་ནུས་པ་ཟད་པས་ཡུལ་མི་འཛིན་པའམ། གཞན་དུ་འཛིན་པར་འགྲོ་བའོ། །གཟི་བརྗིད་ཡོངས་སུ་འགྱུར་བ་ནི། སྔར་གཞན་གྱིས་བསྟོད་ 2-13-29b ཅིང་བཀུར་བ་དེ་འགྱུར་ནས། རང་བས་ངན་པས་ཀྱང་བརྙས་ཆོས་བྱེད། དོན་མེད་ཀྱི་མིའི་སྙིང་དུ་ཡང་མི་སྡུག །བྱིས་པས་སྡིགས་མོར་ཆེ། བུ་ཚའི་རྐང་འདྲེན་དུ་ཆེ་བར་འགྲོའོ། །བསོད་ནམས་ཡོངས་སུ་འགྱུར་བ་ནི། སྔར་གྱི་ ལོངས་སྤྱོད་དང་ཟ་ཐང་ཐམས་ཅད་བྲི་ནས། ལུས་ཀྱིས་དྲོན་པོ་མི་མྱོང་། ཁས་ཞིམ་པོ་མི་མྱོང་། ཁྱད་པར་དུ་གང་མེད་པ་དེ་ཟ་སྙིང་འདོད་དེ། ཚོལ་མཁན་དང་། སྟེར་མཁན་ཡང་ཤིན་ཏུ་དཀའོ། །ནད་མེད་པ་ཡོངས་སུ་འགྱུར་བ་ནི། ནད་ཆེ་ཤོས་རྒས་ནད་ཀྱིས་ཐེབས་པས། ནད་གཞན་ཐམས་ཅད་ཀྱང་དེས་དྲངས་ནས་སྡུག་བསྔལ་བའོ། །སེམས་ཡོངས་སུ་འགྱུར་བ་ནི། སྨྲས་པ་དང་། བྱས་པ་ཀུན་དེ་མ་ཐག་ཏུ་བརྗེད་ཅིང་། བཅོས་པ་དང་འཁྲུལ་པར་འགྱུར་བའོ། ། གནས་སྐབས་འདས་ཤིང་ཚེའི་མཇུག་བརྟུལ་བ་ནི། དབུགས་ཀྱང་བརྫངས་ཤིང་སྒྲ་ངར་ངར་པོ་འབྱུང་། འདུ་བྱེད་ཐམས་ཅད་རྙིང་པས་འཆི་བ་ལ་ཉེ་བའོ། །དེ་ལྟར་ཡང་འཕགས་པ་རྒྱ་ཆེ་རོལ་པ་ལས། རྒས་པས་གཟུགས་ སྡུག་གཟུགས་ནི་མི་སྡུག་བྱེད། །རྒས་པས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་ཉམས། །རྒས་པས་བདེ་བ་འཕྲོག་ཅིང་སྡུག་བསྔལ་སྐྱེད། །རྒས་པས་འཆི་བྱེད་རྒས་པས་མདངས་ཀྱང་འཕྲོག །ཅེས་གསུངས་སོ། །ན་བའི་སྡུག་ བསྔལ་ཡང་དཔག་ཏུ་མེད་དེ། མདོར་ན་བདུན་ཡོད་དོ། །དེ་ཡང་ཟུག་དྲག་པོས་བཏབ་པའི་སྡུག་བསྔལ་དང་། དཔྱད་རྩུབ་མོ་བྱེད་པའི་སྡུག་བསྔལ་དང་། སྨན་ཚ་བ་བརྟེན་པའི་སྡུག་བསྔལ་དང་། བཟའ་བཏུང་སྙིང་ལ་འདོད་ པ་འགོག་པའི་སྡུག་བསྔལ་དང་། སྨན་པའི་ངོ་བསྲུང་བའི་སྡུག་བསྔལ་དང་། ཡོ་བྱད་ཟད་པའི་སྡུག་བསྔལ་དང་། ཤི་དོགས་པའི་སྡུག་བསྔལ་རྣམས་ཡོད་དོ། །དེ་ལྟར་ཡང་འཕགས་པ་རྒྱ་ཆེ་རོལ་པ་ལས། ནད་བརྒྱ་མང་དང་ 2-13-30a ནད་འཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཙེས་ཏེ་མི་ཡི་ཡི་དྭགས་བཞིན། །ཞེས་གསུངས་སོ། །འཆི་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དེ་བཞིན་དུ་ འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེན་ནི་མེད། ནད་ཀྱིས་ནི་གདུངས། ཁ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལས་ནི་མི་ནུས། ཁ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ནི་ལུས་ལ་གོས། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོར། མལ་གྱི་ཐ་མ་ན་ནི་ཉལ། འཁོར་བའི་རྒྱུན་དུ་ནི་ནུབ། གཤིན་རྗེའི་མིས་ནི་འཇིགས་སྐྲག །དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ ནི་གདངས། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། རྒྱ་མཚོ་ཆེན་པོས་ནི་འཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ ཕྱོགས་སུ་ནི་འགྲོ། ནོར་བགོ་བཤའ་བྱར་ནི་མེད། ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་བུ་ཞེས་ནི་ཟེར་ཏེ་དེའི་ཚེ་རྒྱལ་པོ་ཆེན་པོ་ཆོས་མ་གཏོགས་པ་སྐྱབས་དང་། མགོན་དང་། དཔུང་གཉེན་ནི་གཞན་མེད་དོ། །ཞེས་གསུངས་སོ། །སྡུག་པ་དང་ བྲལ་བའི་སྡུག་བསྔལ་ནི། ཕ་མ་བུ་ཚ་ལ་སོགས་པ་ཡིད་ལ་བཅགས་པ་ཤི་བའི་ཚེ། མྱ་ངན་དང་། གདུང་བ་དང་། སྨྲེ་སྔགས་དང་། ངུ་འབོད་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། །མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ནི། དགྲ་ སྡང་བས་ཉེན་པའི་ཚེ། འཐབ་རྩོད་ཀྱི་སྡུག་བསྔལ་ཡོད་དེ། འཐབ་རྩོད་དང་། རྡེག་འཚོག་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དོ། །སྡུག་བསྔལ་ཕྱི་མ་གཉིས་ནི་གོ་སླའོ། །ལྷ་མིན་ལ་ལྷའི་སྡུག་བསྔལ་དང་ཆ་མཚུངས་པའི་སྟེང་དུ་ 2-13-30b ང་རྒྱལ་དང་། ཕྲག་དོག་དང་། འཐབ་རྩོད་ཀྱི་སྡུག་བསྔལ་ཡོད་དོ། །དེ་ལྟར་ཡང་། ལྷ་མིན་དག་ནི་རང་བཞིན་གྱི་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །ཞེས་གསུངས་སོ། །འདོད་ཁམས་ཀྱི་ལྷ་ལ་ཡང་ལྷ་མིན་དང་འཐབ་ པའི་སྡུག་བསྔལ་དང་། འདོད་པས་མ་ངོམས་པའི་སྡུག་བསྔལ་དང་། དཔའ་བཀོང་བའི་སྡུག་བསྔལ་དང་། བཅད་པ་དང་། དྲལ་བ་དང་། གསོད་པ་དང་། སྤྱུགས་པ་དང་། འཆི་འཕོ་བ་དང་། ལྟུང་བའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། ཇི་སྐད་དུ། ལྷའི་བུ་འཆི་བ་ན་ལྟས་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། གོས་དྲི་མ་ཅན་དུ་འགྱུར། མེ་ཏོག་གི་ཕྲེང་བ་རྙིང་པར་འགྱུར། མཆན་ཁུང་གཉིས་ནས་རྔུལ་འབྱུང་བར་འགྱུར། ལུས་ལ་དྲི་ང་བ་འབྱུང་བར་འགྱུར། རང་གི་སྟན་ལ་མི་ དགའ་བར་འགྱུར། ཞེས་གསུངས་སོ། །གཟུགས་ཁམས་དང་། གཟུགས་མེད་ཀྱི་ཁམས་ན་ནི་སྡུག་བསྔལ་དེ་དག་མེད་དེ། འོན་ཀྱང་འཆི་འཕོ་བ་དང་། གནས་ལ་རང་དབང་མེད་པའི་ཕྱིར། གནས་ངན་ལེན་གྱི་སྡུག་བསྔལ་ཡོད་དོ། ། དེ་ལྟ་བུའི་བདེ་འགྲོ་དང་མཐོ་རིས་དེ་དག་ཀྱང་ལས་ཟད་པ་དང་ངན་སོང་དུ་ལྷུང་བ་ཡིན་ནོ། །དེས་ན་འཁོར་བའི་གནས་འདི་ནི་སྡུག་བསྔལ་ཆེན་པོའི་རང་བཞིན་མེ་འབར་བའི་ཁང་པ་ལྟ་བུ་ཡིན་ཏེ། མངལ་འཇུག་གི་མདོ་ལས་ཀྱང་། ཀྱེ་མ་ ཀྱི་ཧུད། སྲིད་པ་འཁོར་བའི་རྒྱ་མཚོ་འདི་ནི་འབར་བ། རབ་ཏུ་འབར་བ། མཆོག་ཏུ་འབར་བ། ཤིན་ཏུ་མཆོག་ཏུ་འབར་བ་ཡིན་པས། སེམས་ཅན་འགའ་ཙམ་ཡང་དེས་མ་བཅོམ་པ་མེད་དོ། །རབ་ཏུ་འབར་བར་བྱེད་པའི་མེ་གང་ ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བའི་མེ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་མེ་དག་གིས་རྟག་ཏུ་སྲེག་ཅིང་ 2-13-31a འབར་བར་བྱེད་པས། འགའ་ཙམ་ཡང་དེ་ལས་ཐར་པ་མེད་དོ། །ཞེས་གསུངས་སོ། །དེ་ལྟར་འཁོར་བའི་ཉེས་དམིགས་དེ་དག་ཤེས་པས། སྲིད་པའི་བདེ་བ་ལས་བློ་ལྡོག་པ་ཡིན་ནོ། །དེ་ལྟར་ཡང་། ཡབ་སྲས་མཇལ་ བའི་མདོ་ལས། འཁོར་བའི་ཉེས་དམིགས་མཐོང་བ་ན། །སྐྱོ་བའི་སེམས་ནི་རབ་ཏུ་སྐྱེ། ཁམས་གསུམ་བཙོན་ར་འཇིགས་པས་ན། །བརྩོན་པའི་སེམས་ཀྱིས་སྤོང་བར་བྱེད། །ཅེས་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་དོན་དེ་ལྟར་ གསུངས་ཏེ། ཇི་སྐད་དུ། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་གསུངས་སོ། །དམ་ ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། འཁོར་བའི་སྡུག་བསྔལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ལྟར་བཤད་པའི་སྡུག་བསྔལ་དེ་དག་རྒྱུ་ཅི་ལས་བྱུང་སྙམ་ན། ཟག་བཅས་ཀྱི་ལས་ལས་བྱུང་བར་ཤེས་པར་བྱའོ། །དེ་ལྟར་ཡང་མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་སོ། །སྙིང་རྗེ་པདྨ་དཀར་པོ་ལས། འཇིག་རྟེན་ ནི་ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པའོ། །སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ལས་ཀྱང་། འཇིག་རྟེན་སྣ་ཚོགས་ལས་ ལས་སྐྱེས། །ཤེས་གསུངས་སོ། །ལས་དེ་ཡང་ཅི་ཞིག་ཡིན་ཞེ་ན། སེམས་པའི་ལས་དང་། བསམ་པའི་ལས་གཉིས་ཡིན་ནོ། །དེ་ལྟར་ཡང་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ལས་གང་ཞེ་ན། སེམས་པའི་ 2-13-31b ལས་ཀྱང་། བསམ་པའི་ལས་ཏེ། ཞེས་གསུངས་སོ། །མངོན་པ་མཛོད་ལས་ཀྱང་། ལས་ནི་སེམས་པ་དང་དེས་བྱས། །ཤེས་གསུངས་སོ། །རྩ་ཤེ་ལས་ཀྱང་། དྲང་སྲོང་མཆོག་གིས་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། ། ཞེས་གསུངས་སོ། །དེ་གཉིས་རང་ཇི་ལྟ་བུ་ཡིན་ཞེ་ན། སེམས་པའི་ལས་ནི་ཡིད་ཀྱི་ལས་ཡིན་ནོ། །སེམས་པས་བསྐྱེད་པ་གང་ཡིན་པ་དེ་ནི་བསམ་པའི་ལས་ཡིན་ཏེ། ལུས་དང་ངག་གི་ལས་སུ་རིག་པར་བྱའོ། །དེ་ལྟར་ཡང་མངོན་པ་མཛོད་ལས། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་དག་གི་ལས། །ཞེས་གསུངས་སོ། །དེ་ལྟ་བུའི་ལས་དང་། དེས་བསྐྱེད་པའི་འབྲས་བུ་འཆད་པ་ལ། སྡོམ་ནི། དབྱེ་བ་དང་ནི་མཚན་ཉིད་དང་། །བདག་གིར་བྱ་དང་བགོ་སྐལ་སྤྱོད། ། ཆུང་ལས་ཆེར་སྨིན་ཆུད་མི་ཟ། །དྲུག་པོ་དེས་ནི་ལས་འབྲས་བསྡུས། །ཞེས་པའོ། །དེ་ལ་དང་པོ་ལས་འབྲས་ཀྱི་དབྱེ་བ་ནི་གསུམ་དུ་ཤེས་པར་བྱ་སྟེ། བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས་དང་། བསོད་ནམས་ཀྱི་ལས་རྒྱུ་འབྲས་དང་། མི་གཡོ་བའི་ལས་རྒྱུ་འབྲས་སོ། །གཉིས་པ་དབྱེ་བ་སོ་སོའི་མཚན་ཉིད་འཆད་པ་ལ། དང་པོ་བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས་ནི། སྤྱིར་མང་ན་ཡང་ལས་ཀྱི་ལམ་གྱིས་བསྡུས་པ་མི་དགེ་བ་བཅུ་སྟེ། ལུས་ཀྱི་སྒོ་ནས་སྲོག་ གཅོད་ལ་སོགས་པ་གསུམ། ངག་གི་སྒོ་ནས་བརྫུན་ལ་སོགས་པ་བཞི་དང་། ཡིད་ཀྱི་སྒོ་ནས་བརྣབ་སེམས་ལ་སོགས་པ་གསུམ་མོ། །དེ་ལྟར་རེ་རེ་ལ་ཡང་དོན་གསུམ་གསུམ་སྟེ། དབྱེ་བ་དང་། འབྲས་བུ་དང་། ཁྱད་པར་རོ། །དེ་ལ་ དང་པོ་སྲོག་གཅོད་པ་ལ་དབྱེ་ན་གསུམ་སྟེ། འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། ཞེ་སྡང་གི་སྒོ་ནས་སྲོག་གཅོད་པ་དང་། གཏི་མུག་གི་སྒོ་ནས་སྲོག་གཅོད་པའོ། །དེ་ལ་དང་པོ་ནི། ཤ་དང་། པགས་པ་ལ་སོགས་པའི་ཕྱིར་རམ། 2-13-32a རྩེད་མོའི་ཕྱིར་རམ། ནོར་གྱི་ཕྱིར་རམ། བདག་གམ། མཛའ་བོ་ཡོངས་སུ་བསྐྱང་བའི་ཕྱིར་སྲོག་གཅོད་པའོ། །གཉིས་པ་ནི། འཁོན་ཞུགས་པ་དང་། འགྲན་ཟླར་གྱུར་པ་ལྟ་བུ་ལ་ཞེ་སྡང་སྐྱེས་ནས་སྲོག་གཅོད་པའོ། །གསུམ་ པ་ནི། མཆོད་སྦྱིན་ལ་སོགས་པའོ། །དེའི་འབྲས་བུ་ལ་ཡང་གསུམ་སྟེ། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། དབང་གི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི། སེམས་ཅན་དམྱལ་བར་སྐྱེ་བར་ འགྱུར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་བཀྲ་མི་ཤིས་ཤིང་གཟི་བརྗིད་ཆུང་བའི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། སྲོག་གཅོད་པའི་ནང་ནས་ཕ་ ཡང་ཡིན་ལ། དགྲ་བཅོམ་པ་ཡང་ཡིན་པ་དེའི་སྲོག་གཅོད་པ་སྡིག་ཆེ་བའོ། །མ་བྱིན་པར་ལེན་པ་ལ་དབྱེ་ན་གསུམ་སྟེ། མཐུས་མ་བྱིན་པར་ལེན་པ་དང་། འཇབ་བུས་མ་བྱིན་པར་ལེན་པ་དང་། གཡོ་སྒྱུས་མ་བྱིན་པར་ལེན་པའོ། ། དེ་ལ་དང་པོ་ནི། སྙད་མེད་པར་བཙན་འཕྲོགས་བྱེད་པའོ། །གཉིས་པ་ནི། ཁང་པ་འབིགས་པ་ལ་སོགས་པས་མ་ཚོར་བར་རྐུ་བའོ། །གསུམ་པ་ནི། བྲེ་སྲང་ལ་སོགས་པ་ལ་ཟོལ་ཟོག་བྱེད་པའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་སད་སེར་མང་བའི་སར་སྐྱེ་བར་འགྱུར་རོ། ། ཁྱད་པར་ནི། མ་བྱིན་པར་ལེན་པའི་ནང་ནས་བླ་མ་དང་། དཀོན་མཆོག་གི་ནོར་ལ་མ་བྱིན་པར་ལེན་པ་སྡིག་པ་ཆེ་བའོ། །འདོད་པས་ལོག་པར་གཡེམ་པ་ལ་དབྱེ་ན་གསུམ་སྟེ། རིགས་ཀྱིས་བསྲུང་བ་དང་། བདག་པོས་བསྲུང་བ་དང་། ཆོས་ 2-13-32b ཀྱིས་བསྲུང་བའོ། །དེ་ལ་དང་པོ་ནི། མ་དང་སྲིང་མོ་ལ་སོགས་པ་ལ་ལོག་པར་སྤྱད་པའོ། །གཉིས་པ་ནི། ཁྱོའམ་རྒྱལ་པོ་ལ་སོགས་པས་བདག་ཏུ་བྱས་པའི་བུད་མེད་ལ་ལོག་པར་སྤྱད་པའོ། །གསུམ་པ་ལ་ལྔ་སྟེ། རང་གི་ཆུང་མ་ཡིན་ ཡང་། ཡན་ལག་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། དུས་མ་ཡིན་པ་དང་། ཚོད་མ་ཡིན་པ་དང་། རིགས་པ་མ་ཡིན་པར་སྤྱད་པའོ། །དེ་ལ་དང་པོ་ཡན་ལག་མ་ཡིན་པ་ནི། ཁ་དང་བཤང་ལམ་དུ་སྤྱད་པའོ། །ཡུལ་མ་ཡིན་པ་ནི། བླ་མའི་ཉེ་འཁོར་རམ། གཙུག་ལག་ཁང་ངམ། མཆོད་རྟེན་གྱི་དྲུང་ངམ། མང་པོ་འདུས་པའི་སར་སྤྱད་པའོ། །དུས་མ་ཡིན་པ་ནི། གསོ་སྦྱོང་ལ་གནས་པའི་དུས་སམ། སྦྲུམ་མའམ། ནུ་ཞོ་འཐུང་བའམ། སྣང་བ་ཡོད་པའི་དུས་སུ་ སྤྱད་པའོ། །ཚོད་མ་ཡིན་པ་ནི། གྲངས་ལྔ་ལས་ལྷག་པར་སྤྱད་པའོ། །རིགས་པ་མ་ཡིན་པ་ནི། བརྡེག་ཅིང་སྤྱོད་པའོ། །ཡང་ན་ཕོའམ། མ་ནིང་གི་ཁའམ་བཤང་ལམ་དུ་སྤྱད་པའོ། །དེའི་འབྲས་བུ་ནི་གསུམ་ལས། རྣམ་པར་ སྨིན་པའི་འབྲས་བུ་ནི། ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་གལ་ཏེ་མིར་སྐྱེས་ན་ཡང་དགྲ་སྡང་བ་ཅན་གྱི་ཆུང་མར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་ས་རྡུལ་ཤས་ཆེ་བར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། འདོད་ལོག་གི་ནང་ནས་མ་ཡང་ཡིན་ལ། དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་ལོག་པར་སྤྱད་པ་སྡིག་ཆེའོ། །བརྫུན་དུ་སྨྲ་བ་ལ་དབྱེ་ན་གསུམ་སྟེ། ཕམ་པའི་བརྫུན་དང་། བརྫུན་ཆེན་པོ་དང་། བརྫུན་ཕྲ་མོའོ། །དེ་ལ་དང་པོ་ནི། མི་ཆོས་བླ་མའི་བརྫུན་སྨྲ་བའོ། །གཉིས་པ་ནི། བདག་དང་གཞན་ལ་ཕན་གནོད་ཡོད་པའི་བརྫུན་སྨྲ་བའོ། །གསུམ་པ་ནི། ཕན་གནོད་མེད་པའི་བརྫུན་སྨྲ་བའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། 2-13-33a དུད་འགྲོར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་སྐུར་བ་འདེབས་པ་མང་བར་འགྱུར་རོ། །དབང་གི་འབྲས་བུ་ནི། ཁ་དྲི་མི་ཞིམ་པར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། བརྫུན་གྱི་ ནང་ནས་དེ་བཞིན་གཤེགས་པ་ལ་བསྐུར་པ་བཏབ། བླ་མ་ལ་ཡང་བརྫུན་ཚིག་སྨྲས་ན་ཉེས་པ་རྣམས་ཀྱི་ནང་ནས་དེ་ཆེའོ། །ཕྲ་མ་ལ་དབྱེ་ན་གསུམ་སྟེ། བཙན་ཕྲ་དང་། གཞོགས་ཕྲ་དང་། ལྐོག་ཕྲའོ། །དེ་ལ་དང་པོ་ནི། མཛའ་བོ་ གཉིས་ངོ་རང་དུ་ཕྲལ་བའོ། །གཉིས་པ་ནི། གཞོགས་སློང་བྱས་ནས་མཛའ་བོ་དང་ཕྲལ་བའོ། །གསུམ་པ་ནི། ལྐོག་ཏུ་དབྱེན་བྱས་ཏེ་ཕྲལ་བའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། དམྱལ་བར་སྐྱེ་ བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་མཛའ་བོ་དང་འབྲལ་བར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་མཐོ་དམའ་ཅན་གྱི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། ཕྲ་མའི་ནང་ནས་འཕགས་པའི་དགེ་ འདུན་ལ་མི་སྙན་པ་བརྗོད་པ་སྡིག་ཆེའོ། །ཚིག་རྩུབ་ལ་དབྱེ་ན་གསུམ་སྟེ། ངོར་རྩུབ་པ་དང་། གཞོགས་ཏེ་རྩུབ་པ་དང་། བརྒྱུད་དེ་རྩུབ་པའོ། །དེ་ལ་དང་པོ་ནི། ཕ་རོལ་པ་ལ་དངོས་སུ་ངན་མཚང་སྣ་ཚོགས་སྨྲ་བའོ། །གཉིས་པ་ ནི། ཡ་མ་བརླའམ། ཀྱལ་ཀ་དང་བསྲེས་ནས་ཕ་རོལ་པོ་ལ་ཚིག་ངན་སྣ་ཚོགས་སྨྲ་བའོ། །གསུམ་པ་ནི། ཁོའི་མཛའ་བོ་ལ་སོགས་པའི་དྲུང་དུ་ངན་མཚང་སྣ་ཚོགས་སྨྲ་བའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ ནི། དམྱལ་བར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་ཡིད་དུ་མི་འོང་བའི་སྒྲ་སྣ་ཚོགས་ཐོས་པར་འགྱུར་རོ། །དབང་གི་འབྲས་བུ་ནི། ཡུལ་ཚ་སྒོ་ཅན་དང་། ཡུལ་སྐམས་ས་ཅན་དང་། སྡིག་ཤས་ཅན་གྱི་སར་ 2-13-33b སྐྱེ་བར་འགྱུར་རོ། །ཁྱད་པར་ནི། ཚིག་རྩུབ་ཀྱི་ནང་ནས་ཕ་མའམ། འཕགས་པ་རྣམས་ལ་གནོད་པའི་ཚིག་སྨྲ་བ་སྡིག་ཆེའོ། །ངག་ཀྱལ་པ་ལ་དབྱེ་ན་གསུམ་སྟེ། ལོག་པའི་ངག་ཀྱལ་དང་། འཇིག་རྟེན་པའི་ངག་ཀྱལ་དང་། བདེན་ པའི་ངག་ཀྱལ་ལོ། །དེ་ལ་དང་པོ་ནི། མུ་སྟེགས་པའི་བཟླས་བརྗོད་དང་ཁ་ཏོན་ལ་སོགས་པའོ། །གཉིས་པ་ནི། བྲེ་མོའི་གཏམ་ལ་སོགས་པའོ། །གསུམ་པ་ནི། མ་གུས་པ་དང་སྣོད་མ་ཡིན་པ་ལ་ཆོས་བཤད་པའོ། །དེའི་ འབྲས་བུ་ལ་ཡང་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི་དུད་འགྲོར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་བདག་ཉིད་ཀྱི་ཚིག་མི་བཙུན་པར་འགྱུར་རོ། །དབང་གི་འབྲས་བུ་ནི། དུས་དབྱར་དགུན་ ལོག་པ་ཅན་དུ་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། ངག་ཀྱལ་གྱི་ནང་ནས་ཆོས་འདོད་པ་རྣམས་གཡེངས་པར་བྱེད་པ་སྡིག་ཆེ་བའོ། །བརྣབ་སེམས་ལ་དབྱེ་ན་གསུམ་སྟེ། བདག་གི་ལ་བརྣབ་སེམས་པ་དང་། གཞན་གྱི་ལ་བརྣབ་སེམས་པ་ དང་། གཉིས་ཀ་མ་ཡིན་པ་ལ་བརྣབ་སེམས་པའོ། །དེ་ལ་དང་པོ་ནི། བདག་ཉིད་ཀྱི་ཆོ་རིགས་དང་། གཟུགས་བྱད་དང་། ཡོན་ཏན་དང་། ནོར་རྫས་ལ་ཞེན་ཅིང་ཆགས་པ་སྟེ། བདག་ལྟ་བུ་མེད་སྙམ་དུ་སེམས་པའོ། །གཉིས་པ་ ནི། ཕ་རོལ་པོའི་ཕུན་སུམ་ཚོགས་པ་ལ་ཆགས་པ་སྟེ། འདི་བདག་གི་ཡིན་ན་ཅི་མ་རུང་སྙམ་དུ་སེམས་པའོ། །གསུམ་པ་ནི། ས་འོག་གི་ནོར་ལ་སོགས་པ་བདག་དང་གཞན་གྱིས་དབང་བྱར་མེད་པ་ལ་ཆགས་པ་སྟེ། བདག་དབང་ན་ཅི་མ་ རུང་སྙམ་དུ་སེམས་པའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ན་ཡང་འདོད་ཆགས་ཤས་ཆེ་བར་འགྱུར་རོ། །དབང་གི་ 2-13-34a འབྲས་བུ་ནི། ཡུལ་འབྲུ་ངན་པའི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། བརྣབ་སེམས་ཀྱི་ནང་ནས་ཡང་དག་པར་སྤོང་བ་རྣམས་ཀྱི་རྙེད་པ་འཕྲོག་པར་འདོད་པའི་སེམས་འདི་སྡིག་ཆེའོ། །གནོད་སེམས་ལ་དབྱེ་ན་གསུམ་སྟེ། ཞེ་སྡང་གི་ཆ་ལས་བྱུང་བའི་གནོད་སེམས་དང་། ཕྲག་དོག་གི་ཆ་ལས་བྱུང་བའི་གནོད་སེམས་དང་། འཁོན་འཛིན་གྱི་ཆ་ལས་བྱུང་བའི་གནོད་སེམས་སོ། །དེ་ལ་དང་པོ་ནི། གཡུལ་ངོ་ལྟ་བུར་ཕ་རོལ་པོ་ལ་ཞེ་སྡང་སྐྱེས་ནས་གསོད་པར་ སེམས་པའོ། །གཉིས་པ་ནི། འགྲན་ཟླ་ལྟ་བུ་གོང་དུ་ཤོར་གྱིས་དོགས་པའི་བསམ་པས་གསོད་པ་ལ་སོགས་པར་སེམས་པའོ། །གསུམ་པ་ནི། སྔར་བདག་ལ་གནོད་པ་བྱས་པ་ལྟ་བུ་ལ་མདུད་པར་བཟུང་ནས་བསད་པ་ལ་སོགས་པར་སེམས་ པའོ། །དེའི་འབྲས་བུ་ལ་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། དམྱལ་བར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་ནི། གལ་ཏེ་མིར་སྐྱེས་ན་ཡང་ཞེ་སྡང་ཤས་ཆེ་བར་འགྱུར་རོ། །དབང་གི་འབྲས་བུ་ནི། ཟས་ཁ་ཞིང་རྩུབ་པའི་ སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། གནོད་སེམས་ཀྱི་ནང་ནས་མཚམས་མེད་པ་གཤོམ་པར་བྱེད་པ་འདི་སྡིག་ཆེའོ། །ལོག་པར་ལྟ་བ་ལ་དབྱེ་ན་གསུམ་སྟེ། ལས་འབྲས་ལ་ལོག་པར་ལྟ་བ་དང་། བདེན་པ་ལ་ལོག་པར་ལྟ་བ་དང་། དཀོན་མཆོག་ལ་ལོག་པར་ལྟ་བའོ། །དེ་ལ་དང་པོ་ནི། ལས་དགེ་སྡིག་དེ་འབྲས་བུ་བདེ་སྡུག་གི་རྒྱུར་མི་འདོད་པའོ། །གཉིས་པ་ནི། ལམ་གྱི་བདེན་པ་ཉམས་སུ་བླངས་ཀྱང་འགོག་པའི་བདེན་པ་མི་ཐོབ་པར་འདོད་པའོ། ། གསུམ་པ་ནི། དཀོན་མཆོག་གསུམ་མི་བདེན་པར་ལྟ་ཞིང་སྐུར་པ་འདེབས་པའོ། །དེའི་འབྲས་བུ་ལ་ཡང་གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། དུད་འགྲོར་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། 2-13-34b གལ་ཏེ་མིར་སྐྱེས་ན་ཡང་གཏི་མུག་ཤས་ཆེ་བར་འགྱུར་རོ། །དབང་གི་འབྲས་བུ་ནི། །འབྲས་བུ་ཡེ་མེད་པའི་སར་སྐྱེ་བར་འགྱུར་རོ། །ཁྱད་པར་ནི། ལོག་ལྟའི་ནང་ནས་ལྟ་བས་གཟིངས་པ་འདི་སྡིག་ཆེའོ། །དེ་ལ་རྣམ་སྨིན་གྱི་འབྲས་བུ་དེ་དག་ནི་སྤྱིར་བསྟན་ པའི་དབང་དུ་བྱས་པ་ཡིན་ནོ། །བྱེ་བྲག་ཏུ་ཕྱེ་ན་གསུམ་སྟེ། ཉོན་མོངས་པའི་སྒོ་ནས་རྣམ་པར་བཞག་པ་དང་། གྲངས་ཀྱི་སྒོ་ནས་རྣམ་པར་བཞག་པ་དང་། ཡུལ་གྱི་སྒོ་ནས་རྣམ་པར་བཞག་པའོ། །དེ་ལ་དང་པོ་ནི། ཞེ་སྡང་གི་ སྒོ་ནས་མི་དགེ་བ་དེ་དག་སྤྱད་ན་དམྱལ་བར་སྐྱེ་བར་འགྱུར་རོ། །འདོད་ཆགས་ཀྱི་སྒོ་ནས་སྤྱད་ན་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །གཏི་མུག་གི་སྒོ་ནས་སྤྱད་ན་དུད་འགྲོར་སྐྱེ་བར་འགྱུར་རོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཆགས་པས་ ཡི་དྭགས་འགྲོ་བར་འགྱུར། །ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྱུར། །ཞེས་གསུངས་སོ། །གྲངས་ཀྱི་སྒོ་ནས་རྣམ་པར་བཞག་པ་ནི། མི་དགེ་བ་དཔག་ཏུ་མེད་པ་སྤྱད་པས་དམྱལ་བར་སྐྱེ་བར་འགྱུར་རོ། ། མང་པོ་སྤྱད་པས་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །འགའ་ཙམ་སྤྱད་པས་དུད་འགྲོར་སྐྱེ་བར་འགྱུར་རོ། །ཡུལ་གྱི་སྒོ་ནས་རྣམ་པར་བཞག་པ་ནི། ཡུལ་ཁྱད་པར་ཅན་ལ་བརྟེན་ནས་སྤྱད་ན་དམྱལ་བར་སྐྱེ་བར་འགྱུར་རོ། །ཡུལ་འབྲིང་པོ་ལ་ བརྟེན་ནས་སྤྱད་ན་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །ཡུལ་ཐ་མ་ལ་བརྟེན་ནས་སྤྱད་ན་དུད་འགྲོར་སྐྱེ་བར་འགྱུར་རོ། །དེ་དག་གིས་བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས་བསྟན་ཏེ། རིན་ཆེན་ཕྲེང་བ་ལས། ཆགས་དང་ཞེ་སྡང་གཏི་མུག་དང་། ། དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་ལས་ནི་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་སོ། །བསོད་ནམས་ཀྱི་ལས་རྒྱུ་འབྲས་ལ། ལས་ནི། མི་དགེ་བ་བཅུ་པོ་དེ་སྤངས་པ་ནི་དགེ་བ་བཅུ་ཡིན་ལ། གཞན་ 2-13-35a ཡང་འཇུག་པའི་ལས་དང་བསྟུན་ན། གཞན་གྱི་སྲོག་འདོན་པ་དང་། སྦྱིན་པ་རྒྱ་ཆེན་པོ་གཏོང་བ་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། བདེན་པ་དྲང་པོར་སྨྲ་བ་དང་། གཞན་མི་མཛའ་བ་རྣམས་སྡུམ་པ་དང་། ཞི་དེས་དང་། གསོང་པོར་སྨྲ་བ་དང་། དོན་དང་ལྡན་པའི་ཚིག་སྨྲ་བ་དང་། ཆགས་པ་ཆུང་ཞིང་ཆོག་ཤེས་པར་བྱ་བ་དང་། བྱམས་པ་ལ་སོགས་པ་སྒོམ་པ་དང་། ཡང་དག་པའི་དོན་ལ་འཇུག་པའོ། །དེའི་འབྲས་བུ་ཡང་ གསུམ་ལས། རྣམ་པར་སྨིན་པའི་འབྲས་བུ་ནི། འདོད་པའི་ཁམས་ཀྱི་ལྷ་དང་མིའི་ནང་དུ་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། སྲོག་གཅོད་པ་སྤངས་ཤིང་། གཞན་གྱི་སྲོག་འདོན་པས་ཚེ་རིང་བར་འགྱུར་རོ། །ཞེས་ པ་ལ་སོགས་པ་སྦྱར་རོ། །དབང་གི་འབྲས་བུ་ནི། སྲོག་གཅོད་པ་སྤངས་པས་དངོས་པོ་རྣམས་བཟང་ཞིང་མཐུ་ཆེ་བའི་སར་སྐྱེ་བར་འགྱུར་རོ། །ཞེས་པ་ལ་སོགས་པ་སྦྱར་རོ། །དེ་དག་གིས་བསོད་ནམས་ཀྱི་ལས་རྒྱུ་འབྲས་བསྟན་ཏེ། རིན་ ཆེན་ཕྲེང་བ་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་དུ་བདེ་བ་དག །ཅེས་གསུངས་སོ། །མི་གཡོ་བའི་ལས་རྒྱུ་འབྲས་ནི། རྒྱུ་སྙོམས་ འཇུག་གི་བསམ་གཏན་བསྒོམས་པས། འབྲས་བུ་སྐྱེ་བའི་བསམ་གཏན་ཐོབ་པ་སྟེ། དེ་ལ་སྙོམས་འཇུག་གི་བསམ་གཏན་ནི་ཉེར་བསྡོགས་བརྒྱད་དང་། བསམ་གཏན་གྱི་དངོས་གཞི་བརྒྱད་དང་། བསམ་གཏན་ཁྱད་པར་ཅན་ནོ། །འབྲས་ བུ་སྐྱེ་བའི་བསམ་གཏན་ནི། གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལྷ་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷའོ། །དེ་དག་གི་རྒྱུ་འབྲས་ཐད་ཀར་སྦྱར་ན། དགེ་བ་བཅུ་སྤྱད་པ་ནི་སྤྱིར་རོ། །འཕེན་བྱེད་བསམ་གཏན་དང་པོའི་ 2-13-35b ཉེར་བསྡོགས་མི་ལྕོགས་པ་མེད་པ་བར་ཆད་མེད་པའི་ལམ་བསྒོམས་ནས། རྫོགས་བྱེད་བསམ་གཏན་དང་པོའི་དངོས་གཞི་རྟོག་དཔྱོད་དང་། དགའ་བདེ་དང་བཅས་པའི་ཏིང་ངེ་འཛིན་བསྒོམས་པས་ཚངས་རིས་ཀྱི་ལྷར་སྐྱེའོ། །བསམ་གཏན་ཁྱད་པར་ ཅན་བསྒོམས་པས་ཚངས་པ་ཆེན་པོར་སྐྱེའོ། །འཕེན་བྱེད་བསམ་གཏན་གཉིས་པའི་ཉེར་བསྡོགས་བར་ཆད་མེད་པའི་ལམ་བསྒོམས་ནས། རྫོགས་བྱེད་བསམ་གཏན་གཉིས་པའི་དངོས་གཞི་རྟོག་དཔྱོད་ནི་སྤངས་ལ། དགའ་བདེ་དང་ལྡན་པའི་ ཏིང་ངེ་འཛིན་བསྒོམས་པས། འོད་ཆུང་ལ་སོགས་པ་བསམ་གཏན་གཉིས་པའི་ལྷར་སྐྱེའོ། །དེ་བཞིན་དུ་འཕེན་བྱེད་ཉེར་བསྡོགས་རྣམས་འགྲེ་བར་བྱའོ། །རྫོགས་བྱེད་བསམ་གཏན་གསུམ་པའི་དངོས་གཞི་དགའ་བ་སྤངས་ལ་བདེ་བ་དང་ ལྡན་པའི་ཏིང་ངེ་འཛིན་བསྒོམས་པས་དགེ་ཆུང་ལ་སོགས་པའི་བསམ་གཏན་གསུམ་པའི་ལྷར་སྐྱེའོ། །རྫོགས་བྱེད་བསམ་གཏན་བཞི་པའི་དངོས་གཞི་རྟོག་དཔྱོད་དང་དགའ་བདེ་སྤངས་པའི་ཏིང་ངེ་འཛིན་བསྒོམས་པས་སྤྲིན་མེད་ལ་སོགས་ པ་བསམ་གཏན་བཞི་པའི་ལྷར་སྐྱེའོ། །བསམ་གཏན་བཞིས་དབེན་པ་ལས་སྐྱེས་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དེ། དེ་བསྒོམས་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེའོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་དེ། དེ་བསྒོམས་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེའོ། །དེ་ལས་དབེན་པ་ལས་སྐྱེས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དེ། དེ་བསྒོམས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེའོ། །དེ་ལས་དབེན་ པ་ལས་སྐྱེས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ། དེ་བསྒོམས་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷར་སྐྱེའོ། །དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ཡང་ལམ་གང་ཡིན་ན། ས་འོག་མ་ལ་ཡིད་འབྱུང་བ་ཡིན་ 2-13-36a ཏེ། འདོད་ཆགས་དང་བྲལ་བར་འགྲོ་བའི་ཕྱིར་རོ། །ཅི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དེ་དག་ཀྱང་ནམ་མཁའ་ལ་སོགས་པ་ཉིད་ལ་དམིགས་པས་དེའི་ཕྱིར་དེ་སྐད་དུ་བྱའམ་ཞེ་ན་མ་ཡིན་ཏེ། དང་ པོ་གསུམ་ནི་སྙོམས་པར་འཇུག་པའི་ཚེ་ནམ་མཁའ་མཐའ་ཡས་སོ། །ཤེས་པ་ལ་སོགས་པར་ཡིད་ལ་བྱེད་པས་དེ་སྐད་ཅེས་མིང་དུ་བཏགས་ཀྱི། ཕྱིས་སྙོམས་པར་ཞུགས་ཟིན་ནས་དེ་ཉིད་ཡིད་ལ་བྱེད་པ་མ་ཡིན་ནོ། །ཕྱི་མ་ནི་འདུ་ཤེས་དམན་ པའི་སྒོ་ནས་མིང་དུ་བྱས་པ་སྟེ། འདུ་ཤེས་གསལ་བ་ཡོད་པ་མ་ཡིན་མེད་པ་ཁོ་ན་ཡང་མ་ཡིན་ནོ། །ལར་དངོས་གཞི་བརྒྱད་པོ་ཐམས་ཅད་དགེ་བའི་སེམས་རྩེ་གཅིག་པ་ཡིན་ནོ། །དེ་དག་གིས་མི་གཡོ་བའི་ལས་རྒྱུ་འབྲས་བསྟན་ཏེ། རིན་ ཆེན་ཕྲེང་བ་ལས། བསམ་གཏན་ཚད་མེད་གཟུགས་མེད་ཀྱིས། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་གསུངས་སོ། །དེ་ལྟར་ན་འཁོར་བའི་དངོས་པོ་འདི་སྐྱེད་མཁན་ཟག་བཅས་ཀྱི་ལས་གསུམ་པོ་དེ་ཡིན་ནོ། །དོན་ གསུམ་པ་ལས་བདག་གིར་བྱ་བ་ཞེས་བྱ་བ་ནི། ལས་རང་གིས་བྱས་པའི་འབྲས་བུ་ལ་རང་སྤྱོད་པ་སྟེ། བྱེད་པ་པོ་ཟིན་པའི་ཕུང་པོ་ཉིད་ལ་སྨིན་གྱི་གཞན་ལ་མ་ཡིན་པའོ། །དེ་ལྟར་ཡང་མངོན་པ་ཀུན་ལས་བཏུས་པ་ལས། ལས་ བདག་གིར་བྱ་བ་ཇི་ལྟ་བུ་ཞེ་ན། རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་ཏེ། གཞན་དག་དང་ཐུན་མོང་མ་ཡིན་པ་དེ་ནི་བདག་གི་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལྟར་མ་ཡིན་ན་ལས་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པའི་ཉེས་པར་ཡང་འགྱུར་རོ། །དེས་ན་མདོ་ལས་ཀྱང་། ལྷ་སྦྱིན་ཉིད་ཀྱིས་བྱས་པའི་ལས་ནི། ས་དང་། ཆུ་ལ་སོགས་པ་ལ་མི་སྨིན་གྱི། དེ་ཉིད་ཀྱི་ཟིན་པའི་ཕུང་པོ་དང་སྐྱེ་མཆེད་འབའ་ཞིག་ལ་སྨིན་ 2-13-36b པར་འགྱུར་ཏེ། གཞན་སུ་ཞིག་ལ་སྨིན་པར་འགྱུར། ཞེས་གསུངས་སོ། །དོན་བཞི་པ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བྱ་བ་ནི་ལས་དགེ་སྡིག་བྱས་པའི་འབྲས་བུ་བདེ་སྡུག་མི་འཁྲུལ་བར་མྱོང་བ་སྟེ། དགེ་བའི་ལས་བསགས་པས་ འབྲས་བུ་བདེ་བ་མྱོང་ཞིང་། སྡིག་པའི་ལས་བསགས་པས་འབྲས་བུ་སྡུག་བསྔལ་མྱོང་བའོ། །དེ་ལྟར་ཡང་མངོན་པ་ཀུན་ལས་བཏུས་པ་ལས། ཇི་ལྟར་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ཞེ་ན། རང་གིས་བྱས་པའི་རྣམ་པར་སྨིན་ པ་མྱོང་བ་སྟེ། དགེ་བ་དང་མི་དགེ་བའི་ལས་སོ་སོའི་བགོ་སྐལ་ལ་སྤྱོད་པའི་ཕྱིར་རོ། །ཞེས་གསུངས་སོ། །དྲན་པ་ཉེ་བཞག་ཆུང་བ་ལས་ཀྱང་། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་ དགེ་བའི། །ལས་དང་འབྲས་བུ་གསལ་བར་བསྟན། །ཞེས་གསུངས་སོ། །དེ་པས་ཞུས་པའི་མདོ་ལས་ཀྱང་། ས་བོན་ཚ་བ་རྣམས་ལ་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལ་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། ། དཔེ་ཟླ་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་རྣམ་སྨིན་མངར་བ་ཡང་། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་གསུངས་སོ། །དོན་ལྔ་པ་ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོར་སྨིན་པ་ནི། སྡིག་པའི་ལས་ ཀྱི་དབང་དུ་བྱས་ན། སེམས་ཀྱི་སྐད་ཅིག་གི་གྲངས་ཀྱི་བསྐལ་པར་དམྱལ་བ་མྱོང་བར་གསུངས་པ་ཡང་ཡོད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་ བསྐྱེད་པར་བྱེད་པ་ནི། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པ་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་སོ། །ངག་གི་ཉེས་པ་རེ་རེ་ཙམ་གྱིས་སྐྱེ་བ་ལྔ་བརྒྱ་ལ་སོགས་པར་སྡུག་བསྔལ་མྱོང་ 2-13-37a བར་འགྱུར་བར་གསུངས་པ་ཡང་ཡོད་དོ། །ཚོམས་ལས་ཀྱང་། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། ། ཞེས་གསུངས་སོ། །དགེ་བའི་ལས་ཆུང་ངུས་ཀྱང་འབྲས་བུ་ཆེན་པོ་འབྱིན་ཏེ། ཚོམས་ལས་ཀྱང་། བསོད་ནམས་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ ཕུན་ཚོགས་སྨིན་པ་བཞིན། །ཞེས་གསུངས་སོ། །དོན་དྲུག་པ་ལས་ཆུད་མི་ཟ་བ་ཞེས་བྱ་བ་དེ་ནི། ལས་དེའི་གཉེན་པོ་སྐྱེས་པ་མ་གཏོགས་པ། བསྐལ་པ་མཐའ་ཡས་པར་ཡང་འབྲས་བུ་མ་སྨིན་པར་བརླག་པའམ། ཆུད་ཟ་བར་མི་ འགྱུར་ཏེ། བག་ལ་ཉལ་ཡུན་རིང་དུ་གནས་པ་དག་ཀྱང་ཅི་ཞིག་ལྟར་ལ་རྐྱེན་དང་ཕྲད་ན་འབྲས་བུ་འབྱིན་པར་འགྱུར་རོ། །དེ་ལྟར་འཁོར་བའི་སྡུག་བསྔལ་ལ་འཇིགས་ཤིང་ལས་འབྲས་ལ་ཡིད་ཆེས་ཙ་ན། ཇི་སྐད་དུ། སྲིད་པའི་བདེ་ ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་བཟློག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པ་ལྟར་སྐྱེས་བུ་འབྲིང་གི་བློ་སྐྱེས་པ་ཡིན་ཏེ། དཔེར་ན་རྒྱལ་པོ་ཀྲྀ་ཀྲྀའི་བུ་མོ་བདུན་ལྟ་ བུའོ། །དེ་ལྟར་ཡང་མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་སོ། །དྲན་པ་ ཉེར་བཞག་ཆུང་བ་ལས་ཀྱང་། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་སོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ 2-13-37b ཆེའི་རྒྱན་ལས། ལས་འབྲས་ཡོངས་སུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ད་ནི་ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་བྱམས་པ་དང་སྙིང་རྗེ་བསྒོམ་པ་བཤད་པར་བྱ་སྟེ། དེ་ལ་ཞི་བའི་བདེ་བ་ལ་ཆགས་པ་ཞེས་བྱ་བ་ནི། བདག་ཉིད་འབའ་ཞིག་མྱ་ངན་ལས་འདས་པ་ཐོབ་པར་འདོད་ཅིང་། སེམས་ཅན་ལ་བརྩེ་བ་མེད་པས་གཞན་དོན་མི་བྱེད་པ་སྟེ། ཐེག་པ་དམན་པ་དག་ཡིན་ནོ། །དེ་ལྟར་ཡང་། བདག་གི་དོན་ ཕྱིར་གཞན་དོན་ནི། །མང་པོ་དག་ཀྱང་བཏང་བྱ་སྟེ། །རང་དོན་ཆེད་ཆེར་ཤེས་གྱུར་ན། །རང་གི་དོན་གྱི་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །བྱམས་པ་དང་སྙིང་རྗེ་རྒྱུད་ལ་སྐྱེས་ན་སེམས་ཅན་ལ་ཆགས་པས་རང་གཅིག་པུ་གྲོལ་ བར་མི་ཕོད་དོ། །དེས་ན་བྱམས་པ་དང་སྙིང་རྗེ་བསྒོམ་པར་བྱ་སྟེ། སློབ་དཔོན་འཇམ་དཔལ་གྲགས་པའི་ཞལ་ནས་ཀྱང་། ཐེག་པ་ཆེན་པོ་པས་བྱམས་པ་དང་སྙིང་རྗེ་དང་སྐད་ཅིག་ཀྱང་འབྲལ་བར་མི་བྱ་སྟེ། ཞེས་དང་། གཞན་ གྱི་དོན་ནི་བྱམས་པ་དང་སྙིང་རྗེས་རྗེས་སུ་གཟུང་གིས། ཞེ་སྡང་གིས་ནི་མ་ཡིན་ཏེ། ཞེས་གསུངས་སོ། །དེ་ལ་དང་པོ་བྱམས་པ་ལ། སྡོམ་ནི། དབྱེ་བ་དམིགས་ཡུལ་རྣམ་པ་དང་། །སྒོམ་ཐབས་འབྱོངས་ཚད་ཡོན་ཏན་ཏེ། ། དེ་ལྟར་དྲུག་པོ་འདི་དག་གིས། །བྱམས་པ་ཚད་མེད་ཡོངས་སུ་བསྡུས། །ཞེས་པའོ། །དེ་ལ་དང་པོ་དབྱེ་བ་ནི་གསུམ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་ བྱམས་པའོ། །དེ་དག་ཀྱང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། སེམས་ཅན་ལ་དམིགས་པའི་བྱམས་པ་ནི། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པའི་བྱམས་པ་ནི། སྤྱོད་པ་ལ་ 2-13-38a ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་པ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཞེས་གསུངས་སོ། །དེ་ལ་སྐབས་ འདིར་བྱམས་པ་དང་པོ་དེ་བཤད་ན། དེའི་དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་དོ། །རྣམ་པ་ནི། བདེ་བ་དང་ཕྲད་པར་འདོད་པའི་བློའོ། །དེ་སྒོམ་པའི་ཐབས་ནི། རྩ་བ་དྲིན་དྲན་པ་ལ་རག་ལས་པས་སེམས་ཅན་གྱི་དྲིན་ བསམ་མོ། །དེ་ལ་ཚེ་འདི་ལ་དྲིན་ཆེ་ཤོས་རང་གི་མ་ཡིན་ཏེ། མའི་དྲིན་ཅི་ཙམ་ཡོད་ཅེ་ན། ལུས་བསྐྱེད་པའི་དྲིན་དང་། དཀའ་བ་སྤྱད་པའི་དྲིན་དང་། སྲོག་བྱིན་པའི་དྲིན་དང་། འཇིག་རྟེན་བསྟན་པའི་དྲིན་དང་བཞི་ཡོད་དོ། ། དེ་ལྟར་ཡང་འཕགས་པ་བརྒྱད་སྟོང་པ་ལས། ཅིའི་ཕྱིར་ཞེ་ན། མ་འདིས་བདག་ཅག་བསྐྱེད་པ། འདིས་ནི་དཀའ་བ་བྱེད་པ། བདག་ཅག་གི་སྲོག་བྱིན་པ། འཇིག་རྟེན་ཀུན་སྟོན་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་ ལུས་བསྐྱེད་པའི་དྲིན་ནི། བདག་ཉིད་ཀྱི་ལུས་འདི་དང་པོ་ནས་བོངས་ཚོད་རྫོགས་པ། ཤ་ལུས་རྒྱས་པ། ཁ་དོག་ལེགས་པ་ཅིག་བྱུང་བར་མི་གདའ་སྟེ། མའི་ལྟོ་བར་མེར་མེར་ནུར་ནུར་གྱི་རང་བཞིན་ལས་ཁད་ཀྱིས་ངང་རིམ་གྱིས་ མའི་ཤ་ཁྲག་གི་བཅུད་ཀྱིས་ནི་བསྐྱེད། ཟས་ཀྱི་དྭངས་མས་ནི་སྤེལ། ངོ་ཚ་དང་། ན་ཚ་དང་། སྡུག་བསྔལ་ཐམས་ཅད་བཟོད་པར་བྱས་པ་ལས་གྲུབ་པ་ཡིན། ཕྱིར་སྐྱེས་ནས་ཀྱང་། ཆུང་ཕུད་བུ་ཙམ་ནས་གསོ་སྐྱོང་བྱས་ནས། ཆེ་གཡག་པོ་ཙམ་དུ་བསྐྱེད་པ་ཡིན་ནོ། །དཀའ་བ་སྤྱད་པའི་དྲིན་ནི། བདག་ཅག་དང་པོ་ནས་གོས་གྱོན། རྒྱན་བཏགས། ནོར་སྐལ་བཟུང་། རྒྱགས་ཕྱེ་ཁུར་ནས་འོངས་པར་མི་གདའ། ཁ་གྲོད་ཟུང་ཅིག་མ་ལགས་པ་ནོར་རྫས་ 2-13-38b ཀྱི་དངོས་པོ་ཅི་ཡང་མེད་པར་སྟོང་སང་ངེ་བྱས་ནས། འདྲིས་པ་མི་གཅིག་ཀྱང་མེད་པར་ངོ་མི་ཤེས་ཀྱི་ཡུལ་དུ་འོངས་པའི་དུས་སུ། མས་ལྟོགས་སུ་མ་བཅུག་པར་ཟས་བྱིན། སྐོམ་དུ་མ་བཅུག་པར་བཏུང་བ་བླུད། འཁྱགས་སུ་མ་བཅུག་ པར་གོས་བསྐོན། ཕོངས་པར་མ་བཞག་པར་ནོར་བྱིན། །དེ་ཡང་རང་ལ་མི་མཁོ་བ་བུ་ལ་བྱིན་པ་ལྟ་བུ་མ་ཡིན་ཏེ། རང་གིས་ཟ་མ་བྲ། བཏུང་མ་བྲ། གོན་མ་བྲ། ཚེ་འདིའི་བདེ་བའི་དོན་དུ་ཡང་སྤྱད་མ་ཕོད། ཕྱི་མ་ཕན་ཆོད་ཀྱི་ལོངས་ སྤྱོད་ཀྱི་དོན་དུ་ཡང་གཏོང་མ་ཕོད་པ་ཡིན་ཏེ། དོན་ལ་རང་གི་ཚེ་འདི་ཕྱི་གཉིས་ཀའི་བདེ་བ་ལ་མ་བལྟས་པར་བུ་གསོ་སྐྱོང་བྱས་པ་ཡིན་ནོ། །དེ་ཡང་བདེ་དལ་གྱིས་རྙེད་པ་ལྟ་བུ་མ་ཡིན་ཏེ། སྡིག་སྡུག་ངལ་ཆད་སྣ་ཚོགས་ཀྱིས་བསྒྲུབས་ ནས་བུ་ལ་བྱིན་པ་ཡིན་ནོ། །སྡིག་པ་ལ་སོང་ན། ཉ་པ་དང་། བཤན་པ་ལ་སོགས་པ་མི་དགེ་བ་སྣ་ཚོགས་བྱས་ནས་བུ་གསོས་པ་ཡིན་ནོ། །སྡུག་བསྔལ་ལ་སོང་ན། ཚོང་སྤོགས་དང་། ཞིང་ལས་ལ་སོགས་པ་བྱེད་བྱེད་ནས། ཉིན་ མཚན་དུ་བ་མོ་ལྷམ་དུ་གྱོན། སྐར་ཆེན་ཞྭར་གྱོན། བྱིན་པ་རྟར་ཞོན། སྣལ་མ་ལྕག་ཏུ་བྲབས། བྱིན་ཤ་ཁྱི་ལ་བྱིན། གདོང་ཤ་མི་ལ་བྱིན་ནས་བསགས་ཀྱིན་བུ་ལ་བྱིན་པ་ཡིན། གཞན་ཡང་རང་རེའི་ཕ་མ་དང་བླ་མ་ལ་སོགས་པ་ དྲིན་ཅན་གང་བས་ཀྱང་། ཅིར་མི་འོང་སུ་ཡིན་ཆ་མེད་པོ་དེ་ལ་གཅེས་པར་བྱས་ཏེ། བྱམས་པའི་མིག་གིས་ནི་བལྟས། འཇམ་པའི་དྲོད་ཀྱིས་ནི་བསྲོས། སོར་བཅུའི་ཁ་ལ་ནི་གཡེངས། སྙན་པའི་ངག་གིས་ནི་བོས་ཏེ། དགའོ། ། ཨའོ། །འབར་རེ། དགོས་སེ། ལུ་ལུ། ཨ་མའི་སྐྱིད་པོ་ལགས་སམ། ཞེས་པ་ལ་སོགས་པ་སྨྲས་པ་ཡིན་ནོ། །སྲོག་བྱིན་པའི་དྲིན་ནི། བདག་ཅག་དང་པོ་ནས་ད་ལྟ་འདྲ་བའི་ཁ་ལག་འཕྲོད་པ། དཀའ་ལས་ཅི་ཡང་ནུས་པའི་ཤེད་པོ་ཆེ་ 2-13-39a ཅིག་བྱུང་བར་མི་གདའ། སྲིན་བུ་ཁོ་ན་འདྲ་བའི་ཉ་རེ་ཉོ་རེ། འཁོས་མེད་པོ། བསམ་བརླག་པོ་ཅིག་བྱུང་བ་ལ། མས་དེ་མ་བོར་བར་ཞབས་ཏོག་བྱས། པང་དུ་བླངས། མེ་ཆུ་ལས་བསྐྱབས། གཡང་ས་ལས་བཟུང་། གནོད་པ་ནི་བསལ། རིམ་གྲོ་ནི་བྱས་ཏེ། ཤི་དོགས། ན་དོགས་ནས། མོ་དང་། རྩིས་དང་། གཏོ་དང་། ཀློག་པ་དང་། ཆོ་ག་ལ་སོགས་པ་བསམ་གྱིས་མི་ཁྱབ་ཅིང་། བློས་མི་འཁྱུད་པ་བྱས་ནས་བུའི་སྲོག་བཏོན་པ་ཡིན་ ནོ། །འཇིག་རྟེན་བསྟན་པའི་དྲིན་ནི། བདག་ཅག་དང་པོ་ནས་མི་ཤེས་དགུ་ཤེས་པོ། མཐོང་གོམས་ཅན། སྒོ་དྲག་པོ་ཅིག་འདིར་ཡོང་བར་མི་གདའ། བཤེས་གཉེན་གྱི་རིགས་ལ་ཆོ་ངེས་འབོད་པ་དང་། རྐང་ལག་གཡོབ་ པ་ཅིག་མ་ལགས་པ་ཅི་ཡང་མི་ཤེས་པ་ཅིག་ཡིན་པ་ལ། ཟ་མི་ཤེས་པའི་དུས་སུ་ཟ་བ་བསླབས། གོན་མི་ཤེས་པའི་དུས་སུ་གོན་པ་བསླབས། འགྲོ་མི་ཤེས་པའི་དུས་སུ་འགྲོ་བ་བསླབས། སྨྲ་མི་ཤེས་པའི་དུས་སུ་སྨྲ་བ་བསླབས་ ཏེ། ཨ་གྱིས་དང་། ཨ་མ་གྱིས་དང་། ཞེས་བྱ་བ་ལ་སོགས་པ་དང་། བཟོ་རིག་པ་ལ་སོགས་པ་ཡོན་ཏན་སྣ་ཚོགས་བསླབས་ནས། མི་མཉམ་པ་དང་ནི་མཉམ། མི་མཚུངས་པ་དང་ནི་མཚུངས་པར་བྱས་པ་ཡིན་ནོ། །དེ་ཡང་ ད་རེས་ཀྱི་མ་བྱས་པར་མ་ཟད་དེ། འཁོར་བ་ཐོག་མ་མེད་པ་ནས་འཁོར་བས་ན། ལན་གྲངས་དཔག་ཏུ་མེད་པར་མ་བྱས་པ་ཡིན་ནོ། །དེ་ལྟར་ཡང་འཁོར་བ་ཐོག་མ་མེད་པའི་མདོ་ལས། འཇིག་རྟེན་གྱི་ཁམས་ཀྱི་ས་རྡོ་དང་། རྩི་ཤིང་ དང་། ནགས་ཚལ་ཐམས་ཅད་རྒྱ་ཤུག་གི་ཚིག་གུ་ཙམ་དུ་སྐྱེས་བུ་གཅིག་གིས་བྱས་ལ། སྐྱེས་བུ་གཉིས་པས་དེ་རྣམས་གྲངས་སུ་བགྲངས་པས་ཟད་པའི་དུས་སྲིད་ཀྱི། སེམས་ཅན་གཅིག་གིས་བདག་གི་མ་བྱས་པ་ནི་བགྲང་བར་མི་ནུས་སོ། ། 2-13-39b ཞེས་གསུངས་སོ། །བཤེས་སྤྲིང་ལས་ཀྱང་། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་སོ། །དེ་ལྟར་མ་བྱས་རེས་ཀྱིས་དྲིན་སྔ་མ་ལྟར་བཞག་པ་ཡིན་ནོ། ། དེ་བས་ན་མ་དེའི་དྲིན་དཔག་ཏུ་མེད་པ་ཡོད་པས། དེ་སྙིང་དུ་སྡུག་ཅིང་ཕན་པ་དང་། བདེ་བར་འདོད་པའི་བློ་གཤའ་མ་ཅི་སྐྱེར་བསྒོམ་མོ། །དེ་ནས་དེར་མ་ཟད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་མ་བྱས་ལ། མ་བྱས་ཚད་སྔ་མ་ཁོ་ན་ལྟར་དྲིན་ ཅན་ཡིན་ཏེ། དེ་ཡང་སེམས་ཅན་གྱི་རྒྱའི་ཚད་ནི་ཅི་ཙམ་ཞེ་ན། ནམ་མཁའི་མཐས་གར་ཁྱབ་སེམས་ཅན་གྱིས་ཁྱབ་པ་ཡིན་ནོ། །དེ་ལྟར་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པ། ། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །དེས་ན་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ལ་ཕན་པ་དང་བདེ་བར་འདོད་པའི་བློ་གཤའ་མ་ཅིག་ཅི་སྐྱེར་སྒོམ་མོ། །དེ་སྐྱེས་ན་བྱམས་པ་དངོས་ཡིན་ཏེ། མདོ་སྡེ་རྒྱན་ལས་ ཀྱང་། བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །བུ་གཅིག་པ་ལ་བྱ་བ་བཞིན། །རྐང་གི་ཁོང་ནས་བྱམས་པ་ཆེ། །དེ་ལྟར་རྟག་ཕན་བྱེད་པར་འདོད། །ཅེས་གསུངས་སོ། །བྱམས་པའི་ཤུགས་ཀྱིས་མིག་ནས་མཆི་མ་འཁྲུག་པའམ། ལུས་ ཀྱི་སྤུ་ལྡང་བར་བྱེད་ན་བྱམས་པ་ཆེན་པོ་ཡིན་ནོ། །དེ་ལྟ་བུ་སེམས་ཅན་ཐམས་ཅད་ལ་མཉམ་ཀད་ཀྱིས་སྐྱེས་ཙ་ན། བྱམས་པ་ཚད་མེད་པ་ཡིན་ནོ། །འབྱོངས་པའི་ཚད་ནི་རང་བདེ་བར་འདོད་པའི་བློ་མེད་པར་སེམས་ཅན་ཁོ་ན་བདེ་བར་འདོད་ཙ་ན་བྱམས་ པ་འབྱོངས་པ་ཡིན་ནོ། །དེ་བསྒོམས་པའི་ཡོན་ཏན་ནི་དཔག་ཏུ་མེད་དེ། ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམ་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། ། 2-13-40a བྱམས་པའི་སེམས་དང་གྲངས་ལ་ཆར་མི་ཕོད། །ཅེས་གསུངས་སོ། །བྱམས་པ་དར་ཅིག་བསྒོམས་པའི་བསོད་ནམས་ཀྱང་དཔག་ཏུ་མེད་དེ། རིན་ཆེན་ཕྲེང་བ་ལས་ཀྱང་། རྗེའུ་ཚོང་སུམ་བརྒྱའི་ཁ་ཟས་དག ། ཉིན་རེ་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གི། བསོད་ནམས་དག་ལ་ཆར་མི་ཕོད། །ཅེས་གསུངས་སོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ཕན་ཡོན་བརྒྱད་ཐོབ་སྟེ། རིན་ཆེན་ཕྲེང་བ་ལས། ལྷ་མི་བྱམས་པར་ འགྱུར་བ་དང་། །དེ་དག་གིས་ཀྱང་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ། །ཞེས་གསུངས་སོ། །ཡང་རང་གི་སྲུང་བར་ཡང་བྱམས་པ་སྒོམ་པ་འདི་བཟང་བ་ཡིན་ཏེ། བྲམ་ཟེ་སྦྱིན་པ་ཆེན་པོ་བཞིན་ནོ། །གཞན་གྱི་སྲུང་བར་ཡང་བྱམས་པ་སྒོམ་པ་འདི་ བཟང་བ་ཡིན་ཏེ། རྒྱལ་པོ་བྱམས་པའི་སྟོབས་བཞིན་ནོ། །དེ་ལྟར་བྱམས་པ་ལ་འབྱོངས་པས། སྙིང་རྗེ་འབྱོངས་པ་ལ་ཚེགས་མེད་པ་ཡིན་ནོ། །སྙིང་རྗེ་ལ་སྡོམ་ནི། དབྱེ་བ་དམིགས་ཡུལ་རྣམ་པ་དང་། །སྒོམ་ཐབས་འབྱོངས་ ཚད་ཡོན་ཏན་ཏེ། །དེ་ལྟར་དྲུག་པོ་འདི་དག་གིས། །སྙིང་རྗེ་ཚད་མེད་ཡོངས་སུ་བསྡུས། །ཞེས་པའོ། །དེ་ལ་དབྱེ་ན་གསུམ་སྟེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་ མེད་པའི་སྙིང་རྗེའོ། །དེ་ལ་དང་པོ་ནི། སེམས་ཅན་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་ལ་སོགས་པ་མཐོང་བས་སྙིང་རྗེ་སྐྱེ་བའོ། །གཉིས་པ་ནི། རང་འཕགས་པའི་བདེན་པ་བཞི་ལ་གོམས་ཙ་ན། རྒྱུ་འབྲས་རྣམ་གཉིས་ཤེས་ 2-13-40b ནས། རྟག་པ་དང་རིལ་པོར་འཛིན་པ་ལས་བློ་བཟློག་སྟེ། སེམས་ཅན་གཞན་རྒྱུ་འབྲས་མི་ཤེས་པར་རྟག་པ་དང་རིལ་པོར་འཛིན་པ་རྣམས་ལ་རེ་འཁྲུལ་སྙམ་དུ་སྙིང་རྗེ་སྐྱེ་བའོ། །གསུམ་པ་ནི། རང་མཉམ་པར་བཞག་ནས། ཆོས་ཐམས་ ཅད་སྟོང་པ་ཉིད་དུ་རྟོགས་ཙ་ན། སེམས་ཅན་དངོས་འཛིན་ཅན་རྣམས་ལ་ཁྱད་པར་དུ་སྙིང་རྗེ་སྐྱེ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །གོམས་པའི་སྟོབས་ཀྱིས་རྫོགས་པ་ན། །དངོས་འཛིན་གདོན་གྱིས་ ཟིན་པ་ལ། །ཁྱད་པར་དུ་ཡང་སྙིང་རྗེ་སྐྱེ། །ཞེས་གསུངས་སོ། །དེ་གསུམ་ལས་སྐབས་འདིར་ནི་སྙིང་རྗེ་དང་པོ་དེ་སྒོམ་པའོ། །དེའི་དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་དོ། །རྣམ་པ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བར་ འདོད་པའི་བློའོ། །དེ་སྒོམ་པའི་ཐབས་ནི། རྩ་བའི་མ་ལ་སྦྱར་ནས་སྒོམ་པ་སྟེ། དེ་ཡང་བདག་གི་རྩ་བའི་མ་དེ་ས་ཕྱོགས་འདི་ན་སྐྱེས་བུ་གཞན་དག་གིས་བཅད་ཅིང་གཏུབས་པའམ་བཙོས་ཤིང་བསྲེགས་པའམ། ཡང་ན་ཤིན་ཏུ་འཁྱགས་ནས་ ལུས་ལ་ཆུ་བུར་དུ་གྱུར་ཏེ། བརྡོལ་ནས་ཀྱང་གས་ཏེ་འདུག་ན་ཤིན་ཏུ་སྙིང་རྗེའོ། །དེ་བཞིན་དུ་དམྱལ་བར་སྐྱེས་པའི་སེམས་ཅན་འདི་རྣམས་བདག་གི་མ་ཡིན་ངེས་ན། སྡུག་བསྔལ་དེ་ལྟ་བུས་ནི་གནད་གཅོད་ན། ཅི་སྟེ་སྙིང་རྗེ་མི་སྐྱེ་སྟེ། དེ་དག་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །ཡང་བདག་གི་མ་དེ་ས་ཕྱོགས་འདི་ན་བཀྲེས་ཤིང་སྐོམ་པས་ནི་ཉེན། ན་ཞིང་ཚ་བས་ནི་གཟིར། འཇིགས་ཤིང་ཉམ་ང་བས་ནི་དཔའ་འཁོངས་ནས་འདུག་ན་ཤིན་ ཏུ་སྙིང་རྗེའོ། །དེ་བཞིན་དུ་ཡི་དྭགས་སུ་སྐྱེས་པའི་སེམས་ཅན་འདི་རྣམས་ཀྱང་བདག་གི་མ་ཡིན་ངེས་ན། སྡུག་བསྔལ་དེ་ལྟ་བུས་ནི་གཡེན་སྤྱོ་ན། ཅི་སྟེ་སྙིང་མི་རྗེ་སྟེ། དེ་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །ཡང་ 2-13-41a བདག་གི་མ་དེ་ཕྱོགས་འདི་ན་རྒས་ཤིང་དམན་པའམ། གཞན་དག་གིས་དབང་མེད་པར་བཀོལ་ཞིང་སྤྱད་པའམ། རྡེག་ཅིང་འཚོག་པའམ། བསད་ཅིང་བཅད་པ་ལ་སོགས་པ་བྱེད་ཅིང་འདུག་ན་སྙིང་རྗེའོ། །དེ་བཞིན་ དུ་དུད་འགྲོར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་བདག་གི་མ་ཡིན་ངེས་ན། སྡུག་བསྔལ་དེ་ལྟ་བུས་ནི་ཉམ་ཐག་ན། ཅི་སྟེ་སྙིང་མི་རྗེ་སྟེ། དེ་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །ཡང་བདག་གི་མ་དེ་དཔག་ཚད་སྟོང་ དུ་ལྷུང་བའི་གཡང་ས་ཆེན་པོ་ན་འདུག །ཟོན་ནི་མི་ཤེས། གཡང་ས་ལ་འགྲོའོ་ཞེས་སྦྲོན་མཁན་ནི་མེད། དེ་ནས་ལྷུང་བ་དང་སྡུག་བསྔལ་ཆེན་པོ་མྱོང་ཞིང་ཡར་འཐོན་དུས་མེད་པའི་གཡང་སར་ལྷུང་ལ་ཁད་འདུག་ན། ཤིན་ཏུ་སྙིང་རྗེའོ། ། དེ་བཞིན་དུ་ལྷ་དང་མི་དང་ལྷ་མ་ཡིན་གསུམ་ཡང་ངན་སོང་གི་གཡང་ས་ཆེན་པོ་ན་འདུག །ཟོན་སྡིག་པ་མི་དགེ་བ་ནི་སྤོང་མི་ཤེས། དགེ་བའི་བཤེས་གཉེན་གྱིས་ནི་མ་ཟིན། ལྷུང་བ་དང་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་ཞིང་འཐོན་ པར་དཀའ་བས་ན་ཅི་སྟེ་སྙིང་མི་རྗེ་སྟེ། དེ་རྣམས་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་མོ། །འབྱོངས་པའི་ཚད་ནི། རང་ལ་གཅེས་པར་འཛིན་པའི་གདོས་ཐག་ཆོད་ནས། སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་ དང་བྲལ་བར་འདོད་པའི་བློ་ཚིག་ཙམ་མ་ཡིན་པ་སྐྱེས་ན་སྙིང་རྗེ་འབྱོངས་པ་ཡིན་ནོ། །དེ་བསྒོམས་པའི་ཡོན་ཏན་དཔག་ཏུ་མེད་དེ། སྤྱན་རས་གཟིགས་ཀྱི་རྟོགས་པ་བརྗོད་པ་ལས། ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ ཅད་ལག་མཐིལ་དུ་བཞག་པ་ལྟ་བུར་འགྱུར་ཏེ་གཅིག་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་ 2-13-41b རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེ། དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །ཞེས་ གསུངས་སོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བྱམས་པས་སེམས་ཅན་རྣམས་བདེ་ བ་ཐོབ་པར་འདོད་ཅིང་། སྙིང་རྗེས་སྡུག་བསྔལ་དང་བྲལ་བར་འདོད་ཙ་ན། རང་གཅིག་པུ་ཞི་བདེ་ཐོབ་པར་མི་སྤྲོ་སྟེ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་དགའ་བས་ཞི་བ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཡིན་ནོ། །དེ་ལྟར་ན་བྱམས་ སྙིང་རྗེ་རྒྱུད་ལ་སྐྱེས་པས། རང་ལས་གཞན་གཅེས་པར་འཛིན་ཙ་ན། ཇི་སྐད་དུ། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་ སྐྱེས་བུ་མཆོག་གི་བློ་སྐྱེས་པ་ཡིན་ཏེ། དཔེར་ན་བྲམ་ཟེ་སྦྱིན་པ་ཆེན་པོ་ལྟ་བུའོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། བྱམས་པ་དང་སྙིང་རྗེ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། ད་ནི་སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པའི་གཉེན་པོར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་རྣམས་བཤད་པར་བྱ་སྟེ། སྡོམ་ནི། རྟེན་དང་ངོ་བོ་དབྱེ་བ་དང་། །དམིགས་པ་རྒྱུ་དང་བླང་ཡུལ་དང་། །ཆོ་ག་ཕན་ཡོན་ཉེས་ དམིགས་དང་། །འཆོར་རྒྱུ་བཅོས་ཐབས་བསླབ་བྱ་སྟེ། །བཅུ་དང་གཉིས་པོ་འདི་དག་གིས། །བྱང་ཆུབ་མཆོག་གི་སེམས་བསྐྱེད་བསྡུས། །ཞེས་པའོ། །དེ་ལ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྟེན་གྱི་གང་ཟག་ནི། ཐེག་པ་ཆེན་ 2-13-42a པོའི་རིགས་དང་ལྡན་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་དང་། སོ་སོར་ཐར་པའི་སྡོམ་པ་རིགས་བདུན་གང་རུང་གཅིག་དང་ལྡན་པ་དང་། སྨོན་པའི་སེམས་བསྐྱེད་པ་རྣམས་ནི། འཇུག་པའི་སེམས་ བསྐྱེད་ཀྱི་རྟེན་ཡིན་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་མན་ཆད་དང་ལྡན་པ་ནི། སྨོན་པའི་སེམས་བསྐྱེད་ཀྱི་རྟེན་གྱི་གང་ཟག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇུག་པ་བྱེད་པ་ལ་སྨོན་པ་སྔོན་དུ་འགྲོ་དགོས་པར་བྱང་ཆུབ་སེམས་དཔའི་ས་ལས་ བཤད་པ་དང་། སྨོན་པའི་སྔོན་དུ་སྐྱབས་འགྲོ་འགྲོ་དགོས་པར་བྱང་ཆུབ་ལམ་སྒྲོན་ལས་བཤད་པ་དང་། ཡང་འཇུག་པའི་རྟེན་དུ་སོ་སོར་ཐར་པའི་སྡོམ་པ་དགོས་པར་བྱང་ཆུབ་ལམ་སྒྲོན་ལས་བཤད་པ་དང་། སོ་སོར་ཐར་པའི་སྡོམ་པ་ལེན་པ་ལ་ཡང་། སྐྱབས་འགྲོ་དགོས་པར་ཆོས་མངོན་པ་མཛོད་ལས་བཤད་པ་དང་། ཐེག་པ་ཆེན་པོའི་རིགས་མེད་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྱང་མི་སྐྱེ་བར་བྱང་ཆུབ་སེམས་དཔའི་ས་ལས་བཤད་པ་སྟེ། དེས་ན་དེ་དག་ཐམས་ཅད་འབྲེལ་ཞིང་ཚོགས་ དགོས་སོ། །དེ་ལ་དང་པོ་བཤད་ན། སྤྱིར་ཐེག་པ་ཆེན་པོའི་རིགས་ཡོད་པ། བྱེ་བྲག་ཏུ་རིགས་སད་པ་ཅིག་དགོས་ཏེ། རྒྱས་པར་གོང་དུ་བསྟན་པ་བཞིན་ཤེས་པར་བྱའོ། །དོན་གཉིས་པ་སྐྱབས་འགྲོ་བཤད་ན། སྐྱབས་སུ་འགྲོ་ས་འདི་ཡང་ འཇིག་རྟེན་གྱི་དྲག་རྩལ་ཅན་ཚངས་པ་དང་། ཁྱབ་འཇུག་དང་། མ་ཧཱ་དེ་བ་ལ་སོགས་པའམ། རང་རང་གི་ཡུལ་གྱི་རིའམ། བྲག་གམ། མཚོའམ། ལྗོན་ཤིང་ལ་སོགས་པ་ལ་གནས་པའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ལ་སྐྱབས་སུ་ འགྲོ་བར་བྱའམ་ཞེ་ན། དེ་ཀུན་གྱིས་ཀྱང་སྐྱབས་མི་ཐུབ་པས་སྐྱབས་གནས་མ་ཡིན་ཏེ། ཇི་སྐད་དུ་མདོ་ལས། འཇིག་རྟེན་རྣམས་ནི་རི་དང་ནི། །ནགས་ཚལ་དང་ནི་མཆོད་གནས་ཀྱི། །ཀུན་དགའ་དང་ནི་རྡོ་བ་དང་། །ལྗོན་ཤིང་ལྷ་ལ་ 2-13-42b སྐྱབས་འགྲོ་བ། །སྐྱབས་དེ་གཙོ་བོར་མ་ཡིན་ཞིང་། །ཞེས་གསུངས་སོ། །འོ་ན་ཕ་མ་གཉིས་དང་གཉེན་གྲོགས་ལ་སོགས་པ་རང་ལ་བརྩེ་ཞིང་ཕན་པར་དགའ་བ་རྣམས་ལ་སྐྱབས་སུ་འགྲོའམ་ཞེ་ན། དེས་ཀྱང་སྐྱབས་སུ་མི་ཐུབ་སྟེ། འཇམ་ དཔལ་རྣམ་པར་རོལ་པའི་མདོ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། ཅེས་གསུངས་སོ། །དེ་ཀུན་གྱིས་སྐྱབས་སུ་མི་ཐུབ་པ་ ཅིའི་ཕྱིར་ཞེ་ན། སྐྱབས་ཐུབ་པ་ནི་ཁོ་རང་འཇིགས་པ་ལས་ཐར་པ་སྡུག་བསྔལ་མེད་པ་ཅིག་དགོས་ཏེ། དེ་ཀུན་ཡང་འཇིགས་པ་ལས་མ་ཐར་ཞིང་། སྡུག་བསྔལ་དང་བཅས་པའི་ཕྱིར་རོ། །དེས་ན་སྡུག་བསྔལ་ལས་གཏན་དུ་ཐར་པ་སངས་རྒྱས་ ལས་མེད། སངས་རྒྱས་སྒྲུབ་པའི་ལམ་ཆོས་ལས་མེད། ཆོས་བྱེད་པའི་གྲོགས་པོ་དགེ་འདུན་ལས་མེད་པས་ཁོང་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་ལྟར་ཡང་། འཇིགས་གྱུར་འཇིགས་པ་སེལ་མཛད་ཅིང་། །སྐྱབས་མེད་སྐྱོབ་ པའི་སངས་རྒྱས་དང་། །ཆོས་དང་ཚོགས་མཆོག་དགེ་འདུན་ལ། །དེ་རིང་སྐྱབས་སུ་འགྲོ་བར་གྱིས། །ཞེས་གསུངས་སོ། །འོ་ན་ཁོང་ལ་སྐྱོབ་པའི་ནུས་པ་མངའ་ཡང་། བདག་གིས་སྐྱབས་སུ་ཕྱིན་པས་སྐྱོབ་ངེས་སམ་སྙམ་ནས་ཐེ་ཚོམ་མི་ཟ་ སྟེ། མདོ་སྡེ་མྱ་ངན་འདས་ཆེན་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེས་ན་དེ་གསུམ་ལ་སྐྱབས་སུ་འགྲོ་བ་འཆད་པ་ལ། སྡོམ་ནི། དབྱེ་བ་རྟེན་དང་ ཡུལ་དང་དུས། །བསམ་པ་ཆོ་ག་བྱེད་པའི་ལས། །བསླབ་བྱ་དང་ནི་ཕན་ཡོན་ཏེ། །དོན་རྣམས་དགུ་ཡིས་སྐྱབས་འགྲོ་བསྡུས། །ཤེས་པའོ། །དེ་ལ་དང་པོ་སྐྱབས་འགྲོའི་དབྱེ་བ་ནི་གཉིས་ཏེ། ཐུན་མོང་གི་སྐྱབས་འགྲོ་དང་། ཁྱད་པར་ 2-13-43a གྱི་སྐྱབས་འགྲོའོ། །རྟེན་གྱི་གང་ཟག་ལ་ཡང་གཉིས་ལས། ཐུན་མོང་བའི་རྟེན་གྱི་གང་ཟག་ནི། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང་། དཀོན་མཆོག་གསུམ་ལ་ལྷར་འཛིན་པ་རྣམས་སོ། ། ཁྱད་པར་ཅན་གྱི་རྟེན་གྱི་གང་ཟག་ནི། ཐེག་པ་ཆེན་པོའི་རིགས་ཅན་ལྷ་མིའི་ལུས་རྣམ་པར་དག་པ་ཐོབ་པ་རྣམས་སོ། །ཡུལ་ལ་ཡང་གཉིས་ལས། ཐུན་མོང་བའི་ཡུལ་འཆད་པ་ལ། སངས་རྒྱས་དཀོན་མཆོག་ནི། སྤངས་པ་དང་། ཡེ་ཤེས་དང་། ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་སོ། །ཆོས་དཀོན་མཆོག་ལ་ཡང་གཉིས་ལས། བསྟན་པའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །རྟོགས་པའི་ཆོས་ནི་ལམ་གྱི་བདེན་པ་དང་། འགོག་པའི་བདེན་པའོ། །དགེ་འདུན་དཀོན་མཆོག་ལ་གཉིས་ལས། སོ་སོའི་སྐྱེ་བོའི་དགེ་འདུན་ནི། དགེ་སློང་རྣམ་པར་དག་པ་བཞི་ཡན་ཆད་ཚོགས་པ་ཡིན་ལ། འཕགས་པའི་དགེ་འདུན་ནི། སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་ པོ་དག་གོ། ཁྱད་པར་གྱི་ཡུལ་ནི། མདུན་ན་བཞུགས་པའི་ཡུལ་དང་། མངོན་པར་རྟོགས་པའི་ཡུལ་དང་། དེ་ཁོ་ན་ཉིད་ཀྱི་ཡུལ་དང་གསུམ་མོ། །དེ་ལ་མདུན་ན་བཞུགས་པའི་ཡུལ་ནི། སངས་རྒྱས་ནི་དེ་བཞིན་གཤེགས་པའི་སྐུ་ གཟུགས། ཆོས་ནི་ཐེག་པ་ཆེན་པོའི་པོ་ཏི། དགེ་འདུན་ནི་བྱང་ཆུབ་སེམས་དཔའི་དགེ་འདུན། མངོན་པར་རྟོགས་པའི་ཡུལ་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །ཆོས་ནི་དམ་པའི་ཆོས་ཞི་བ་དང་མྱ་ངན་ལས་འདས་པའོ། ། དགེ་འདུན་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །དེ་ཁོ་ན་ཉིད་ཀྱི་ཡུལ་གྱི་དབང་དུ་བྱས་ན། སྐྱབས་སུ་འགྲོ་བའི་ཡུལ་ནི་སངས་རྒྱས་ཉག་ཅིག་ཡིན་ནོ། །དེ་ལྟར་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ 2-13-43b ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་སོ། །འོ་ན་སངས་རྒྱས་ཀྱིས་གཏན་གྱི་སྐྱབས་ཐུབ་པ་ཅིའི་ཕྱིར་ཞེ་ན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་ཏེ། ཐུབ་པ་རྣམས་སྐྱེ་འགག་ མེད་པ། རྣམ་པར་བྱང་བ། འདོད་ཆགས་དང་བྲལ་བ་སྟེ། ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་ན་ཡང་དམ་པའི་སྐྱབས་ཡིན་ལ། ཐེག་པ་གསུམ་གྱི་ཚོགས་ཀྱང་ཆོས་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་ དམ་པའི་སྐྱབས་ཡིན་ནོ། །འོ་ན་ཆོས་དང་དགེ་འདུན་གཉིས་གཏན་གྱི་སྐྱབས་མ་ཡིན་ནམ་ཞེ་ན། རྒྱུད་བླ་མ་ལས། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་ཅིའི་ཕྱིར་ གཏན་གྱི་སྐྱབས་གནས་མ་ཡིན་ཞེ་ན། ཆོས་ལ་གཉིས་ཡོད་པ་ལས། བསྟན་པའི་ཆོས་ནི་མིང་གི་ཚོགས་དང་ཡི་གེའི་ཚོགས་ཡིན་པས། ལམ་བགྲོད་ཟིན་ནས་གཟིངས་ལྟར་སྤང་བྱ་ཡིན་པས། གཏན་གྱི་སྐྱབས་མ་ཡིན་པའོ། ། རྟོགས་པའི་ཆོས་ལ་ཡང་གཉིས་ལས། ལམ་གྱི་བདེན་པ་ནི་འདུས་བྱས་ཡིན་པས་མི་རྟག་སྟེ། བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་སྐྱབས་མ་ཡིན་ནོ། །འགོག་པའི་བདེན་པ་ནི། ཉན་ཐོས་པའི་ལུགས་ཀྱི་མར་མེ་ཤི་བ་ལྟར་རྒྱུན་ཆད་དུ་འདོད་ པས། མེད་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་པའོ། །དགེ་འདུན་ནི་ཁོ་རང་ཡང་འཁོར་བས་འཇིགས་ནས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཏེ། འཇིགས་བཅས་ཡིན་པས་གཏན་གྱི་སྐྱབས་མ་ཡིན་ནོ། །དེ་ལྟར་ཡང་ རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་སློབ་དཔོན་ཐོགས་ 2-13-44a མེད་ཀྱི་ཞལ་ནས་ཀྱང་། མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ སོ། །ཞེས་གསུངས་སོ། །འོ་ན་གོང་དུ་སྐྱབས་གསུམ་དུ་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་གདུལ་བྱ་དྲང་བའི་ཐབས་སུ་བྱུང་བ་ཡིན་ཏེ། ཐར་པ་ཆེན་པོའི་མདོ་ལས། མདོར་ན་སྐྱབས་ནི་གཅིག་སྟེ་ཐབས་ཀྱིས་ནི་གསུམ་མོ། །ཞེས་ གསུངས་སོ། །ཐབས་ཀྱིས་གསུམ་དུ་ཇི་ལྟར་བཞག་ཅེ་ན། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་དང་། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་ བཞག་པ་ཡིན། །ཞེས་གསུངས་ཏེ། ཡོན་ཏན་གསུམ་དང་། ཐེག་པ་གསུམ་དང་། བྱེད་པ་གསུམ་དང་། མོས་པ་གསུམ་གྱི་དབང་དུ་བྱས་ནས་བཞག་པ་ཡིན་ནོ། །དེ་ཡང་སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ། བྱང་ཆུབ་སེམས་དཔའི་ཐེག་ པའི་གང་ཟག་དང་། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན་སངས་རྒྱས་སྐྱབས་ཡིན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སོ། །སྟོན་པའི་ཡོན་ཏན་བསྟན་པའི་དོན་ དུ། རང་རྒྱལ་གྱི་ཐེག་པའི་གང་ཟག་དང་། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན། ཆོས་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཞེས་པའོ། །སློབ་པའི་ཡོན་ཏན་ བསྟན་པའི་དོན་དུ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པའི་དབང་དུ་བྱས་ན་དགེ་འདུན་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའོ། །དེ་ལྟར་དོན་ 2-13-44b རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས། སྐྱབས་གསུམ་རྣམ་པར་བཞག་པ་འདི་ནི། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཙམ་དུ་སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་གཞུག་པའི་དོན་དུ་གསུངས་པ་ཡིན་ནོ། །དུས་ལ་ཡང་གཉིས་ ལས། ཐུན་མོང་བའི་དུས་ནི། དུས་འདི་ནས་བཟུང་ནས་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་བའོ། །ཁྱད་པར་ཅན་ནི། དུས་འདི་ནས་བཟུང་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། །བསམ་པ་ལ་ཡང་གཉིས་ ལས། ཐུན་མོང་བ་ནི། རང་གཅིག་པུའི་སྡུག་བསྔལ་མ་བཟོད་པའི་བསམ་པའོ། །ཁྱད་པར་ཅན་ནི། གཞན་གྱི་སྡུག་བསྔལ་མ་བཟོད་པའི་བསམ་པས་སོ། །ཆོ་ག་ལ་ཡང་གཉིས་ལས། ཐུན་མོང་གི་ཆོ་ག་ནི་དང་པོ་སློབ་མས་སློབ་དཔོན་ ལ་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་དཀོན་མཆོག་གསུམ་གྱི་རྟེན་གྱི་སྤྱན་སྔར་མཆོད་པ་འབུལ་བ་སྔོན་དུ་བཏང་ནས་སམ། ཡང་ན་དེ་མ་འཛོམ་ན་དཀོན་མཆོག་གསུམ་ནམ་མཁའ་ལ་དམིགས་ཏེ། ཡིད་ཀྱིས་ཕྱག་དང་མཆོད་པ་ཕུལ་ ནས། སློབ་དཔོན་གྱིས་རྗེས་སུ་སློབ་མས་འདི་སྐད་བརྗོད་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག ། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྙིང་ཐག་པ་ནས་ལན་གསུམ་བཟླས་པའོ། །ཁྱད་པར་ཅན་གྱི་ཆོ་ག་ནི། སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་ལས། དང་པོ་ནི། དགེ་བའི་བཤེས་གཉེན་བསྟེན་དུ་རུང་བ་ལ། 2-13-45a མཎྜལ་མེ་ཏོག་དང་བཅས་པ་ཕུལ་ལ། གསོལ་བ་གདབ། དེ་ནས་དགེ་བའི་བཤེས་གཉེན་དེས། སློབ་མ་དེ་ཐེག་པ་ཆེན་པོའི་རིགས་དང་ལྡན་ཞིང་། སྣོད་ལྡན་དུ་འདུག་ན་ཁས་བླངས་ཤིང་ནུབ་དང་པོར་དཀོན་མཆོག་གི་ རྟེན་བཀྲམ། མཆོད་པ་བཤམས། སྐྱབས་སུ་སོང་བའི་ཕན་ཡོན་དང་། མ་སོང་བའི་ཉེས་དམིགས་བཤད་དོ། །ནུབ་གཉིས་པ་ལ་དངོས་གཞིའི་ཆོ་ག་བྱ་སྟེ། དང་པོ་མདུན་ན་བཞུགས་པའི་ཡུལ་ལ་དཀོན་མཆོག་དངོས་ཀྱི་འདུ་ ཤེས་བསྐྱེད་ནས། ཕྱག་དང་མཆོད་པ་ཕུལ་ལ། སློབ་དཔོན་གྱི་རྗེས་སུ་འདི་སྐད་བརྗོད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་ མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ། ཞི་བ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་ མངོན་པར་རྟོགས་པའི་ཡུལ་སྤྱན་དྲངས་ལ། མངོན་སུམ་དང་འདྲ་བར་དམིགས་ཏེ། ཕྱག་དང་མཆོད་པ་ཕུལ་ལ། ད་ཅི་བྱེད་ཁྱེད་མཁྱེན་སྙམ་པའི་བསམ་པས། གོང་ལྟར་སྐྱབས་འགྲོ་ལན་གསུམ་བྱའོ། །དེ་ནས་དེ་ཁོ་ན་ ཉིད་ཀྱི་ཡུལ་ལ། འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་ཕྱག་དང་མཆོད་པ་ཕུལ་ལ་སྐྱབས་སུ་འགྲོ་བ་ནི། ཆོས་ཐམས་ཅད་གདོད་མ་ནས་བདག་མེད་ཅིང་ཅིའི་ངོ་བོར་ཡང་མ་གྲུབ་པས། སངས་རྒྱས་དང་། ཆོས་དང་། 2-13-45b དགེ་འདུན་ཡང་དེ་བཞིན་དུ་མཐོང་བར་བྱ་སྟེ། དེ་ནི་མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས་ཡིན་ནོ། །དེ་ལྟར་ཡང་མ་དྲོས་པས་ཞུས་པའི་མདོ་ལས། ཟང་ཟིང་མེད་པའི་སེམས་ཀྱིས་སྐྱབས་སུ་སོང་བ་གང་ཞེ་ན། ཆོས་ ཐམས་ཅད་མེད་པར་ཤེས་ནས་གཟུགས་སུ་མ་ཡིན། མཚན་དུ་མ་ཡིན། ཆོས་སུ་མ་ཡིན་པར་སངས་རྒྱས་ཡང་དག་པར་མཐོང་བ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བའོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་སོང་བར་མཐོང་བ་ ནི། ཆོས་ལ་སྐྱབས་སུ་སོང་བའོ། །འདུས་བྱས་དང་། འདུས་མ་བྱས་གཉིས་སུ་མེད་པར་མཐོང་བ་ནི། དགེ་འདུན་ལ་སྐྱབས་སུ་སོང་བའོ། །ཞེས་གསུངས་སོ། །ནུབ་གསུམ་པ་ལ་རྗེས་ཀྱི་ཆོ་ག་སྟེ། དཀོན་མཆོག་ལ་གཏང་ རག་གི་མཆོད་པར་ཕུལ་བའོ། །བྱེད་པའི་ལས་ནི། མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་པ་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས་ཏེ། དེ་ཡང་ཐུན་མོང་གི་སྐྱབས་འགྲོས་ནི། འཚེ་བ་ཐམས་ཅད་དང་། ངན་སོང་གསུམ་དང་། ཐབས་མ་ཡིན་པ་དང་། འཇིག་ཚོགས་ལ་ལྟ་བ་རྣམས་ལས་སྐྱོབ་པའོ། །ཁྱད་པར་ཅན་གྱི་སྐྱབས་འགྲོས་ནི། ཐེག་པ་དམན་པ་མན་ཆད་ཀུན་ ལས་སྐྱོབ་པའོ། །བསླབ་བྱ་ལ། སྤྱིའི་བསླབ་བྱ་གསུམ། བྱེ་བྲག་གི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་དགུ་ཡོད་དོ། །དེ་ལ་དང་པོ་ནི། དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་ཞིང་། ཐ་ན་རང་ཟས་ཅི་ཟ་བའི་ ཕུད་ཀྱིས་ཀྱང་མཆོད་པ་དང་། སྲོག་དང་། བྱ་དགའི་ཕྱིར་ཡང་དཀོན་མཆོག་མི་སྤང་བ་དང་། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ལ་བསླབ་བོ། །བྱེ་བྲག་གི་བསླབ་བྱ་གསུམ་ལས། སངས་རྒྱས་ 2-13-46a ལ་སྐྱབས་སུ་སོང་བས་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་སྟེ། མདོ་མྱ་ངན་འདས་ཆེན་ལས། སངས་རྒྱས་དག་ལ་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་ཡང་ལྷ་རྣམས་གཞན་དག་ལ། །སྐྱབས་ སུ་གསོལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་མི་བྱེད་པ་སྟེ། མདོ་ལས་ཀྱང་། དམ་པའི་ཆོས་ལ་སྐྱབས་སོང་ན། །གནོད་ཅིང་འཚེ་བའི་སེམས་དང་བྲལ། །ཞེས་ གསུངས་སོ། །དགེ་འདུན་ལ་སྐྱབས་སུ་སོང་བས་མུ་སྟེགས་ཅན་ལ་མི་བརྟེན་པ་སྟེ། མདོ་ལས་ཀྱང་། དགེ་འདུན་ལ་ནི་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །ཞེས་གསུངས་སོ། །ཆ་མཐུན་པའི་བསླབ་བྱ་གསུམ་ལས། སངས་རྒྱས་དཀོན་མཆོག་གི་རྟེན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཐ་ན་ཚ་ཚའི་ཆག་དུམ་ཡན་ཆད་ལ་གུས་པར་བྱ་བ་དང་། ཆོས་དཀོན་མཆོག་གི་རྟེན་དམ་ཆོས་ཀྱི་པོ་ཏི་དང་གླེགས་བམ། ཐ་ན་དེའི་ཡི་གེ་འབྲུ་རེ་ཡན་ཆད་ལ་གུས་པར་ བྱ་བ་དང་། དགེ་འདུན་དཀོན་མཆོག་གི་རྟེན་སྟོན་པའི་ཆ་ལུགས་དང་། ཐ་ན་སེར་པོའི་ལྷན་པ་བཏབ་པ་ཡན་ཆད་ལ་གུས་པར་བྱའོ། །སྐྱབས་སུ་སོང་བའི་ཕན་ཡོན་ལ་བརྒྱད་དེ། ནང་པ་སངས་རྒྱས་པར་ཚུད་པ་དང་། སྡོམ་པ་ཐམས་ཅད་ ཀྱི་རྟེན་དུ་འགྱུར་བ་དང་། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཟད་པར་འགྱུར་བ་དང་། མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པ་དང་། བསམ་པའི་དངོས་པོ་ཐམས་ཅད་འགྲུབ་པ་དང་། རྒྱུ་བསོད་ནམས་ཆེན་པོ་དང་ལྡན་པར་ འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །དོན་གསུམ་པ་སོ་སོར་ཐར་པའི་སྡོམ་པ་ནི། རྫས་སུ་ནི་བཞི། རྟེན་དུ་ནི་བརྒྱད་ཡོད་པ་ལས། འདིར་བསྙེན་གནས་མ་ 2-13-46b གཏོགས་པའི་རིས་བདུན་པོ་གང་རུང་གཅིག་བླང་བའོ། །དེ་ལ་སོ་སོར་ཐར་པ་རིས་བདུན་ནི། དགེ་སློང་ཕ་མ་གཉིས། དགེ་སློབ་མ་དང་གསུམ། དགེ་ཚུལ་ཕ་མ་གཉིས་ཏེ་ལྔ། དགེ་བསྙེན་ཕ་མ་གཉིས་ཏེ་བདུན་ནོ། །དེ་ལྟར་ཡང་ བྱང་ཆུབ་སེམས་དཔའི་ས་ལས། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པའི་རིས་བདུན་པོ་དེ། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཚུལ་ཁྲིམས་ གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ། །ཞེས་གསུངས་སོ། །འོ་ན་འཇུག་པའི་སེམས་བསྐྱེད་ཀྱི་དོན་དུ་སོ་སོར་ཐར་པའི་སྡོམ་པ་དགོས་པ་ཅི་ཞེ་ན། དཔེ་དང་། ལུང་དང་། འཐད་པ་སྟེ། རྒྱུ་མཚན་གསུམ་གྱི་སྒོ་ནས་རྟེན་དུ་དགོས་པར་རིག་པར་བྱའོ། །དེ་ལ་དང་པོ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་དེ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བའི་གནས་ནི། ལུད་དང་ལྗན་ལྗིན་ལ་སོགས་པ་མི་གཙང་བས་ཁྱབ་ པའི་ས་ཕྱོགས་མ་ཡིན་ཏེ། ཁང་བཟང་ལེགས་པར་བྱི་དོར་བྱས་པ་རིན་པོ་ཆེ་ལ་སོགས་པའི་རྒྱན་དུ་མས་སྤྲས་པ་ཡིད་དུ་འོང་བ་ཅིག་ཡིན་པ་ལྟར། བྱང་ཆུབ་ཀྱི་སེམས་ཀྱི་རྒྱལ་པོ་དེ་ཡང་བསྐྱེད་ཅིང་བཞུགས་སུ་གསོལ་བའི་གནས་ནི། ལུས་ངག་ཡིད་གསུམ་མི་དགེ་བ་ལས་མི་སྡོམ་པ་དང་། སྡིག་པའི་དྲི་མས་གོས་པའི་རྒྱུད་ལ་མ་ཡིན་ཏེ། ལུས་ངག་ཡིད་གསུམ་སྡིག་པའི་དྲི་མ་དང་བྲལ་བ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ལེགས་པར་བརྒྱན་པའི་ལུས་ལ་བསྐྱེད་ཅིང་བཞུགས་ སུ་གསོལ་བ་ཡིན་པའོ། །ལུང་ནི། མདོ་སྡེ་རྒྱན་གྱི་སེམས་བསྐྱེད་པའི་སྐབས་ལས། སྡོམ་པ་རྒྱ་ཆེན་དེ་ཡི་རྟེན། །ཞེས་གསུངས་ཏེ། དེ་ཡང་བསྙེན་གནས་ཀྱི་སྡོམ་པ་ནི། ཉིན་ཞག་གཅིག་པའི་སྡོམ་པ་ཡིན་པས་རྒྱ་ཆུང་ལ། 2-13-47a རིས་བདུན་པོ་དེ་ནི་དེ་ལྟར་མ་ཡིན་པས་སྡོམ་པ་རྒྱ་ཆེན་པོ་སྟེ། དེས་ན་རིས་བདུན་ནི་སེམས་བསྐྱེད་ཀྱི་རྟེན་དུ་གསུངས་པ་ཡིན་ནོ། །བྱང་ཆུབ་ལམ་སྒྲོན་ལས་ཀྱང་། སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་ཏེ། སོ་སོར་ཐར་པ་རིས་བདུན་ལས་གང་རུང་གཅིག་རྟེན་དུ་བཤད་པའོ། །འཐད་པ་ནི། སོ་སོར་ཐར་པའི་སྡོམ་པ་ནི་གཞན་ལ་གནོད་པ་གཞི་ དང་བཅས་པ་སྤོང་བ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་གཞན་ལ་ཕན་འདོགས་པ་ཡིན་ཏེ། གནོད་པ་ལས་མ་ལོག་པར་ཕན་གདགས་ཐབས་མེད་པའི་ཕྱིར་རོ། །གལ་ཏེ་གཞན་དག་ན་རེ། སོ་སོར་ཐར་པའི་སྡོམ་པ་དེ། བྱང་ཆུབ་ སེམས་དཔའི་སྡོམ་པ་སྐྱེ་བའི་རྟེན་དུ་མི་འཐད་དེ། ཟ་མ་དང་། མ་ནིང་དང་། ལྷ་ལ་སོགས་པ་ལ་སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་བ་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེ་བར་བཤད་པའི་ཕྱིར་རོ། །གནས་པའི་རྟེན་དུ་ཡང་མི་འཐད་དེ། སོ་སོར་ ཐར་པ་ནི་ཤི་འཕོས་པས་གཏོང་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་དེས་མི་གཏོང་བའི་ཕྱིར་རོ་ཞེ་ན། ལན་ནི། སོ་སོར་ཐར་པའི་སྡོམ་པ་ལ་བསམ་པའི་ཁྱད་པར་གྱི་རིགས་གསུམ་ཡོད་དེ། རིས་བདུན་པོ་དེ་ཁམས་གསུམ་གྱི་བདེ་བར་འདོད་པའི་ བསམ་པས་བླངས་ན་ལེགས་སྨོན་གྱི་ཚུལ་ཁྲིམས་ཤེས་བྱ་ལ། རང་གི་སྡུག་བསྔལ་གཏན་དུ་སྤང་བར་འདོད་པའི་བསམ་པས་བླངས་ན། ཉན་ཐོས་ཀྱི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཤེས་བྱའོ། །བྱང་ཆུབ་ཆེན་པོ་ཐོབ་པར་འདོད་ པའི་བསམ་པས་བླངས་ན། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཤེས་བྱའོ། །དེ་ལ་སྔ་མ་གཉིས་པོ་ནི། ཟ་མ་དང་། མ་ནིང་དང་། ལྷ་ལ་སོགས་པ་ལ་མི་སྐྱེ་བའི་ཕྱིར་དང་། ཤི་འཕོས་ནས་གཏོང་བའི་ཕྱིར་དང་། ཉམས་ 2-13-47b ན་སླར་གསོ་མི་རུང་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་མ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི། ཟ་མ་དང་། མ་ནིང་དང་། ལྷ་ལ་སོགས་པ་ལ་ཡང་ཡོད་པ་དང་། ཤི་འཕོས་ཀྱང་མི་གཏོང་བ་དང་། ཉམས་ན་སླར་གསོ་རུང་བའི་ཕྱིར། སྐྱེ་བའི་རྟེན་ཡང་ཡིན་ལ་གནས་པའི་རྟེན་ཡང་ཡིན་ནོ། །དེས་ན་མདོ་སྡེ་རྒྱན་གྱི་འགྲེལ་པ་ལས་ཀྱང་། སེམས་དེའི་རྟེན་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་རྟེན་ནོ། ། ཞེས་གསུངས་སོ། །ཡང་ན་སྐྱེ་བའི་རྟེན་དུ་དགོས་ལ། གནས་པའི་རྟེན་དུ་ངེས་པ་མེད་དེ། དཔེར་ན་ཟག་པ་མེད་པའི་སྡོམ་པ་སྐྱེ་བའི་རྟེན་དུ། བསམ་གཏན་གྱི་སྡོམ་པ་དགོས་ཀྱང་། གནས་པའི་རྟེན་དུ་ངེས་པ་མེད་པ་ལྟ་བུའོ། ། ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་སྡོམ་པ་དེ་ཡང་། ལེན་པའི་ཆོ་ག་ནི་ལོགས་སུ་མི་དགོས་ཏེ། སྔར་ཉན་ཐོས་ཀྱི་བསླབ་པ་བླངས་པ་ཉིད་ཀྱིས་བསམ་པ་ཁྱད་པར་ཅན་གྱི་ཟིན་ན། གནས་གྱུར་ནས་བྱང་ཆུབ་སེམས་ དཔའི་སྡོམ་པར་འགྱུར་བ་ཡིན་ཏེ། དམན་པའི་སེམས་བཏང་ཡང་སྤོང་བའི་སེམས་པ་མ་དོར་བའི་ཕྱིར་རོ། །དེ་ལྟར་ཐེག་པ་ཆེན་པོའི་རིགས་དང་ལྡན་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ། སོ་སོར་ཐར་པའི་སྡོམ་པ་རིས་བདུན་ ལས་གང་རུང་གཅིག་དང་ལྡན་པ་སྟེ། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྟེན་གྱི་གང་ཟག་ཡིན་ནོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། སྐྱབས་སུ་འགྲོ་ཞིང་སྡོམ་པ་བཟུང་བའི་ལེའུ་སྟེ་བརྒྱད་པའོ།། །། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་ཉིད་ནི། གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། 2-13-48a ཅེས་གསུངས་སོ། །བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་དབྱེ་ན་གསུམ་སྟེ། དཔེའི་སྒོ་ནས་དབྱེ་བ་དང་། ས་མཚམས་ཀྱི་སྒོ་ནས་དབྱེ་བ་དང་། མཚན་ཉིད་ཀྱི་སྒོ་ནས་དབྱེ་བའོ། །དེ་ལ་དང་པོ་ནི། བྱང་ཆུབ་ཀྱི་སེམས་དེ་ཉིད་སོ་སོ་སྐྱེ་བོ་ནས་སངས་རྒྱས་ཀྱི་སའི་བར་དུ་དབྱེ་བ་དཔེས་བསྟན་པ་འཕགས་པ་བྱམས་པས་གསུངས་ཏེ། ཇི་སྐད་དུ། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་ མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་སོ། །དཔེ་ ཉི་ཤུ་རྩ་གཉིས་པོ་འདི་དག་ནི། དོན་འདུན་པ་ནས་ཆོས་སྐུའི་བར་དུ་ཡིན་ཏེ། དེ་ཡང་ལམ་ལྔ་དང་སྦྱར་ན། འདུན་པ་དང་ལྡན་པ་ནི། ས་དང་འདྲ་སྟེ། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་བྱེད་པའོ། །བསམ་པ་དང་ལྡན་ པ་ནི་གསེར་དང་འདྲ་སྟེ། བྱང་ཆུབ་ཀྱི་བར་དུ་མི་འགྱུར་བའོ། །ལྷག་པའི་བསམ་པ་དང་ལྡན་པ་ནི། ཟླ་བ་ཚེས་པ་དང་འདྲ་སྟེ། དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་བའོ། །དེ་གསུམ་ནི་ཚོགས་ལམ་ཆུང་ངུ་དང་ འབྲིང་དང་ཆེན་པོ་ཉིད་ཀྱི་ལས་དང་པོ་པའི་སས་བསྡུས་པའོ། །སྦྱོར་བ་དང་ལྡན་པ་ནི། མེ་དང་འདྲ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སྒྲིབ་པའི་བུད་ཤིང་སྲེག་པར་བྱེད་པའོ། །དེ་ནི་སྦྱོར་བའི་ལམ་གྱིས་བསྡུས་པའོ། །སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་གཏེར་ཆེན་པོ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའོ། །ཚུལ་ཁྲིམས་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་བྱེད་པའོ། །བཟོད་པ་ 2-13-48b དང་ལྡན་པ་ནི། རྒྱ་མཚོ་ཆེན་པོ་དང་འདྲ་སྟེ། མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་པས་མི་འཁྲུག་པའོ། །བརྩོན་འགྲུས་དང་ལྡན་པ་ནི། རྡོ་རྗེ་དང་འདྲ་སྟེ། མི་ཤིགས་པ་ཉིད་ཀྱིས་ན་སྲ་བའོ། །བསམ་གཏན་དང་ལྡན་པ་ནི། རིའི་རྒྱལ་པོ་དང་འདྲ་སྟེ། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའོ། །ཤེས་རབ་དང་ལྡན་པ་ནི། སྨན་དང་འདྲ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཞི་བར་བྱེད་པའོ། །ཐབས་དང་ལྡན་པ་ནི། དགེ་བའི་བཤེས་གཉེན་ དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའོ། །སྨོན་ལམ་དང་ལྡན་པ་ནི། ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའོ། །སྟོབས་དང་ལྡན་པ་ནི། ཉི་མ་ དང་འདྲ་སྟེ། གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཀྱི་སྒྲ་དབྱངས་དང་འདྲ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའོ། །དེ་ལྟར་བཅུ་ནི་རིམ་པ་ལྟར་རབ་ཏུ་དགའ་བ་ལ་སོགས་ པ་ས་བཅུས་བསྡུས་ཏེ། མཐོང་བའི་ལམ་དང་། སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །མངོན་པར་ཤེས་པ་དང་ལྡན་པ་ནི། རྒྱལ་པོ་ཆེན་པོ་དང་འདྲ་སྟེ། མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པའོ། །བསོད་ནམས་དང་ཡེ་ཤེས་ དང་ལྡན་པ་ནི། བང་མཛོད་དང་འདྲ་སྟེ། ཚོགས་མང་པོའི་མཛོད་དུ་གྱུར་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་ལྡན་པ་ནི། ལམ་པོ་ཆེ་དང་འདྲ་སྟེ། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་ པས་སོ། །སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་ནི། བཞོན་པ་དང་འདྲ་སྟེ། འཁོར་འདས་གང་དུ་ཡང་མི་བཏང་བར་བདེ་བླག་ཏུ་འགྲོ་བའོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི། བཀོད་མའི་ཆུ་དང་འདྲ་སྟེ། ཐོས་པ་དང་མ་ཐོས་པའི་ 2-13-49a ཆོས་འཛིན་པས་མི་ཟད་པའོ། །དེ་ལྟར་ལྔ་ནི་བྱང་ཆུབ་སེམས་དཔའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའོ། །ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་ནི། སྒྲ་སྙན་པ་ཐོས་པ་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་ལ་སྙན་ པར་སྒྲོགས་པའོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི། ཆུ་བོའི་རྒྱུན་དང་འདྲ་སྟེ། གཞན་གྱི་དོན་བྱ་བ་མི་ཉམས་པའོ། །ཆོས་ཀྱི་སྐུ་དང་ལྡན་པ་ནི། སྤྲིན་དང་འདྲ་སྟེ། དགའ་ལྡན་གྱི་གནས་སུ་བཞུགས་པ་ལ་སོགས་པ་སྟོན་པའི་ སྒོ་ནས། སེམས་ཅན་གྱི་དོན་དུ་བྱ་བ་རྣམས་དེ་ལ་རག་ལས་པའོ། །དེ་ལྟར་གསུམ་ནི་སངས་རྒྱས་ཀྱི་སས་བསྡུས་པ་སྟེ། དེ་ལྟར་ན་ཉི་ཤུ་རྩ་གཉིས་པོ་ལས་དང་པོ་པའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་སོ། ། ས་མཚམས་ཀྱི་སྒོ་ནས་དབྱེ་བ་ནི་བཞི་སྟེ། མོས་པ་དང་ལྡན་པའི་སེམས་བསྐྱེད་དང་། ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་དང་། རྣམ་པར་སྨིན་པའི་སེམས་བསྐྱེད་དང་། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དོ། །དེ་ལ་དང་པོ་ ནི། མོས་པས་སྤྱོད་པའི་སས་བསྡུས་པ་རྣམས་སོ། །གཉིས་པ་ནི། ས་དང་པོ་ནས་བདུན་པའི་བར་དག་གོ། གསུམ་པ་ནི། ས་བརྒྱད་པ་ནས་བཅུ་པའི་བར་དག་གོ། བཞི་པ་ནི། སངས་རྒྱས་ཀྱི་སའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་སོ། །མཚན་ཉིད་ཀྱི་སྒོ་ནས་དབྱེ་ན་གཉིས་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ཡང་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །ཞེས་གསུངས་སོ། ། 2-13-49b འོ་ན་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཅི་ཙམ་ཞིག་སྙམ་ན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གསལ་ལ་མི་གཡོ་བ་སྤྲོས་པའི་མཐའ་དང་བྲལ་བའོ། །དེ་ལྟར་ཡང་མདོ་སྡེ་དེ་ཉིད་ལས། དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ ལས་འདས་པ། སྤྲོས་པའི་མཐའ་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་ཡུལ་ཅན། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་ཤིན་ཏུ་གསལ་བའོ། །ཞེས་གསུངས་སོ། །འོ་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ དེ་ཅི་ཙམ་ཞིག་ཡིན་སྙམ་ན། ཡང་མདོ་སྡེ་དེ་ཉིད་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སྙིང་རྗེས་སེམས་ཅན་མཐའ་དག་འཁོར་བ་ནས་འདོན་པར་དམ་བཅས་པའོ། །ཞེས་གསུངས་སོ། །དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ནི་ཆོས་ཉིད་ཀྱིས་ཐོབ་པ་ ཡིན་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཡིན་པར་མདོ་སྡེ་རྒྱན་ལས་བཤད་དོ། །དོན་དམ་བྱང་ཆུབ་ཀྱི་སེམས་དེ་གནས་སྐབས་གང་ན་ཡོད་ཅེ་ན། ས་དང་པོ་རབ་ཏུ་དགའ་བ་ཡན་ཆད་ན་ཡོད་དོ། །དེ་ལྟར་ཡང་ མདོ་སྡེ་རྒྱན་གྱི་འགྲེལ་པ་ལས། དོན་དམ་པའི་སེམས་བསྐྱེད་པ་དེ་ཡང་ས་དང་པོ་རབ་ཏུ་དགའ་བ་ལ་ཡིན་པས། ཤེས་གསུངས་སོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་དབྱེ་ན་གཉིས་ཏེ། སྨོན་པའི་སེམས་དང་། འཇུག་པའི་ སེམས་སོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །སྨོན་འཇུག་གཉིས་ཀྱི་ ཁྱད་པར་འདི་ལ་ཡང་བཞེད་པ་ཐ་དད་པ་མང་སྟེ། འཕགས་པ་འཇམ་དཔལ་ནས། སློབ་དཔོན་ཀླུ་སྒྲུབ་ནས་མར་ལ་བརྒྱུད་པའི་སློབ་དཔོན་ཞི་བ་ལྷས་ནི། སྨོན་པ་ནི་འགྲོ་བར་འདོད་པ་དང་འདྲ་སྟེ། རྫོགས་པའི་སངས་རྒྱས་ཐོབ་ 2-13-50a པར་འདོད་པའི་དོན་བསམ་པ་ཡིན་ལ། འཇུག་པ་ནི་འགྲོ་བ་དངོས་དང་འདྲ་སྟེ། སངས་རྒྱས་བསྒྲུབ་པའི་སྦྱོར་བ་ཡིན་པར་བཞེད་དོ། །དེ་ལྟར་ཡང་སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ ཇི་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཤེས་གསུངས་སོ། །འཕགས་པ་བྱམས་པ་ནས། སློབ་དཔོན་ཐོགས་མེད་ན་མར་ལ་བརྒྱུད་པའི་ཇོ་བོ་གསེར་གླིང་པ་ནི། སྨོན་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་འབྲས་བུ་ལ་དམ་བཅའ་ལེན་པ་ཡིན་ལ། འཇུག་པ་ནི་སངས་རྒྱས་ཀྱི་རྒྱུར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ་སྙམ་དུ་རྒྱུ་ལ་དམ་བཅའ་ལེན་པར་བཞེད་པའོ། ། དོན་དེ་དང་མཐུན་པར་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། སེམས་བསྐྱེད་པ་ནི་རྣམ་པ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང་། ཁྱད་པར་དུ་འཕགས་པའོ། །དེ་ལ་ཁྱད་པར་ཅན་མ་ཡིན་པ་ནི། ཀྱེ་མའོ་བདག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཅིག་སྙམ་པའོ། །ཁྱད་པར་དུ་འཕགས་པ་ནི། དེ་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཅིག་སྙམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། ། ཞེས་གསུངས་སོ། །དེ་ལྟར་དཔེ་དང་། ས་མཚམས་དང་། མཚན་ཉིད་ཀྱི་སྒོ་ནས་སེམས་བསྐྱེད་ཀྱི་དབྱེ་བ་བཤད་ཟིན་ཏོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་དམིགས་པ་ནི། བྱང་ཆུབ་དང་སེམས་ཅན་གྱི་དོན་ལ་དམིགས་པའོ། །དེ་ལྟར་ཡང་ བྱང་ཆུབ་སེམས་དཔའི་ས་ལས། དེ་ལྟ་བས་ན། སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་བྱང་ཆུབ་ལ་དམིགས་པ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་ཡེ་ཤེས་ 2-13-50b ཚོལ་བར་དམིགས་པ་སྟེ། མདོ་སྡེ་རྒྱན་གྱི་སེམས་བསྐྱེད་ཀྱི་སྐབས་ནས་ཀྱང་། དེ་བཞིན་དེ་ཡི་ཡེ་ཤེས་ཚོལ་བར་དམིགས་པའོ། །ཞེས་གསུངས་སོ། །སེམས་ཅན་ལ་དམིགས་པ་ཞེས་བྱ་བ་ཡང་། སེམས་ཅན་གཅིག་གམ། གཉིས་སམ། འགའ་ཙམ་མ་ཡིན་ཏེ། ནམ་མཁས་གར་ཁྱབ་ན་སེམས་ཅན་གྱིས་ཁྱབ། དེས་གར་ཁྱབ་པ་ན་ལས་དང་ཉོན་མོངས་པས་ཁྱབ་ལ། དེས་གང་ན་ཁྱབ་པ་ན་སྡུག་བསྔལ་གྱིས་ཁྱབ་པས། དེ་རྣམས་ཀྱི་སྡུག་བསྔལ་བསལ་བར་བྱ་བའི་ཆེད་དུ་སེམས་བསྐྱེད་ པའོ། །དེ་ལྟར་ཡང་བཟང་སྤྱོད་སྨོན་ལམ་ལས། ནམ་མཁའི་མཐས་གཏུགས་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། ། ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུ་ནི། ཆོས་བཅུ་པའི་མདོ་ལས། རྒྱུ་བཞིས་སེམས་དེ་སྐྱེ་བར་འགྱུར་ཏེ། སེམས་དེ་ཉིད་ཀྱི་ཕན་ཡོན་མཐོང་བ་དང་། དེ་བཞིན་གཤེགས་པ་ལ་དད་པ་དང་། སེམས་ཅན་གྱི་སྡུག་ བསྔལ་མཐོང་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བསྐུལ་བའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ས་ལས་ཀྱང་རྒྱུ་བཞིར་གསུངས་ཏེ། ཇི་སྐད་དུ། དེ་ལ་རྒྱུ་བཞི་གང་ཞེ་ན། རིགས་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་དང་པོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ནི། བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་གཉིས་པའོ། །སེམས་ཅན་རྣམས་ལ་ སྙིང་རྗེ་བ་ནི། བྱང་ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་གསུམ་པའོ། །འཁོར་བའི་སྡུག་བསྔལ་དང་དཀའ་བ་སྤྱད་པའི་སྡུག་བསྔལ་ཡུན་རིང་བ་རྣམ་པ་སྣ་ཚོགས་པ། དྲག་པ། བར་ཆད་མེད་པས་ཀྱང་མི་འཇིགས་པ་འདི་ནི་བྱང་ 2-13-51a ཆུབ་སེམས་དཔའི་སེམས་སྐྱེ་བའི་རྒྱུ་བཞི་པའོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ནི། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་པ་དང་། དོན་དམ་པའི་སེམས་བསྐྱེད་པ་གཉིས་རྒྱུ་སོ་སོར་གསུངས་ཏེ། དེ་ལ་ དང་པོ་ནི། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་བྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་ཏེ། གཞན་གྱིས་བསྟན་པའི་སེམས་བསྐྱེད་ ཅེས་པ་ནི། གཞན་གྱི་རྣམ་པར་རིག་བྱེད་ལས་སེམས་སྐྱེ་བ་གང་ཡིན་པ་དེ་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཞེས་ཀྱང་བྱ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་ཏེ་དགེ་བའི་བཤེས་གཉེན་གྱི་ངོར་ སྐྱེ་བ་ཡོད་དོ། །རྒྱུའི་སྟོབས་ལས་ཏེ་རིགས་ཀྱི་མཐུས་སྐྱེ་བ་ཡང་ཡོད་དོ། །དགེ་བའི་རྩ་བའི་སྟོབས་ལས་ཏེ། དེའི་རིགས་རྒྱས་པའི་སྒོ་ནས་སྐྱེ་བ་ཡང་ཡོད་དོ། །ཐོས་པའི་སྟོབས་ལས་ཏེ། ཆོས་ཀྱི་རྣམ་གྲངས་དེ་དང་དེ་བཤད་པ་ན་སྐྱེ་བ་ཡང་ ཡོད་དོ། དགེ་བ་ལ་གོམས་པ་ལས་ཏེ་ཚེ་འདི་ཉིད་ལ་རྟག་ཏུ་ཉན་པ་དང་འཛིན་པ་དང་འཆང་བ་ལ་སོགས་པ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་མི་བརྟན་ལ། རྒྱུ་ལ་སོགས་པའི་སྟོབས་ལས་ནི་བརྟན་པར་འབྱུང་བའོ། ། དོན་དམ་པའི་སེམས་སྐྱེ་བའི་རྒྱུ་ནི། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་ཏེ། ལུང་དང་། བསྒྲུབ་པ་དང་། རྟོགས་པའི་ཁྱད་པར་དག་གིས་བསྐྱེད་པའོ། །བྱང་ཆུབ་ཀྱི་སེམས་དེ་བླང་བའི་ཡུལ་ནི། སློབ་དཔོན་ཡོད་པའི་ལུགས་དང་། མེད་པའི་ལུགས་གཉིས་ཡིན་ཏེ། དེ་ཡང་སློབ་དཔོན་དེའི་སྤྱན་སྔར་འགྲོ་བ་ལ་སྲོག་ 2-13-51b གམ་ཚངས་པར་སྤྱོད་པའི་བར་ཆད་མེད་ན། ས་ཐག་རིང་ཡང་སློབ་དཔོན་ཡོད་པ་ཡིན་པས་དེའི་སྤྱན་སྔར་ཕྱིན་ལ་ཡུལ་དེ་ལས་བླང་བའོ། །སློབ་དཔོན་གྱི་མཚན་ཉིད་ཀྱང་། སྡོམ་པ་འབོགས་པའི་ཆོ་ག་ལ་མཁས་པ་དང་། རང་ཉིད་སྡོམ་པ་ཐོབ་ ལ་མ་ཉམས་པར་གནས་པ་དང་། ལུས་ངག་གི་རིག་བྱེད་ཀྱི་དོན་གོ་བར་ནུས་པ་དང་། ཟང་ཟིང་ལྷུར་མི་བྱེད་པར་བརྩེ་བས་སློབ་མ་སྐྱོང་བའོ། །དེ་ལྟར་ཡང་བྱང་ཆུབ་ལམ་སྒྲོན་ལས། ཡང་དག་མཚན་ཉིད་ལྡན་པ་དང་། །བླ་མ་བཟང་ལ་སྡོམ་པ་ བླང་། །སྡོམ་པའི་ཆོ་ག་ལ་མཁས་དང་། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ས་ལས་ཀྱང་། བྱང་ཆུབ་སེམས་དཔའི་ སྨོན་ལམ་བཏབ་པའི་ཕྱིར། ཆོས་མཐུན་པ། སྡོམ་པ་བླངས་པ། མཁས་པ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་པ་དང་། གོ་བར་ནུས་པ། ཞེས་གསུངས་སོ། །དེ་ལྟ་བུའི་བླ་མ་དེ་ཐག་ཉེ་བ་ན་བཞུགས་ཀྱང་དེའི་སྤྱན་སྔར་འགྲོ་བ་ལ་ སྲོག་གམ། ཚངས་པར་སྤྱོད་པ་ལ་བར་ཆད་ཡོད་ན། བླ་མ་མེད་པ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་སྨོན་འཇུག་གང་ལེན་པའི་ཚིག་རྣམས་སྙིང་ཐག་པ་ནས་ལན་གསུམ་བརྗོད་པས་སྨོན་པའམ་འཇུག་ པ་དེ་ཐོབ་བོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་ས་ལས། གལ་ཏེ་ཡོན་ཏན་དེ་དག་དང་ལྡན་པའི་གང་ཟག་མེད་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར། བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། ཞེས་གསུངས་སོ། །བླ་མ་དང་སྐུ་གཟུགས་གཉིས་ཀ་མ་རྙེད་ན། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་བསྒོམས་ནས། སྨོན་པའམ་ 2-13-52a འཇུག་པའི་ཚིག་རྣམས་ལན་གསུམ་བརྗོད་པས་ཐོབ་བོ། །དེ་ལྟར་ཡང་བསླབ་པ་ཀུན་ལས་བཏུས་པ་ལས། ཡང་དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་རྣམས་མངོན་སུམ་དུ་བསྒོམས་ནས། སྡོམ་པ་བདག་ཉིད་ཀྱི་སྟོབས་དང་སྦྱར་ལ་བླང་སྟེ། ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་དེ་བླང་བའི་ཆོ་ག་ནི། བླ་མ་མཁས་པ་དག་གི་བརྒྱུད་པའི་མན་ངག་ལས། ཚུལ་ལུགས་ཐ་ དད་པ་དུ་མ་སྣང་ངོ་། །དེ་ལྟར་སྣང་ཡང་ནི། འདིར་འཕགས་པ་འཇམ་དཔལ་ནས་སློབ་དཔོན་ཀླུ་སྒྲུབ་ན་མར་ལ་བརྒྱུད་པ་སློབ་དཔོན་ཞི་བ་ལྷའི་ལུགས་དང་། འཕགས་པ་བྱམས་པ་ནས་སློབ་དཔོན་ཐོགས་མེད་ན་མར་བརྒྱུད་པ། ཇོ་བོ་གསེར་གླིང་པའི་ ལུགས་དང་གཉིས་སུ་ཤེས་པར་བྱའོ། །དེ་ཡང་འཕགས་པ་འཇམ་དཔལ་ནས་སློབ་དཔོན་ཀླུ་སྒྲུབ་ན་མར་བརྒྱུད་པ་སློབ་དཔོན་ཞི་བ་ལྷའི་ལུགས་ལྟར་ན་གསུམ་སྟེ། སྦྱོར་བའི་ཆོ་ག་དང་། དངོས་གཞིའི་ཆོ་ག་དང་། རྗེས་ཀྱི་ཆོ་གའོ། །དང་པོ་ལ་དྲུག་སྟེ། མཆོད་ པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་བསྔོ་བའོ། །དེ་ལ་དང་པོ་མཆོད་པ་ འབུལ་བ་འདི་ཡང་། ཡུལ་དང་མཆོད་པ་གཉིས་སུ་ཤེས་པར་བྱའོ། །དེ་ཡང་ཡུལ་ནི། དཀོན་མཆོག་མངོན་སུམ་ན་བཞུགས་པ་ལ་མཆོད་པ་དང་། མངོན་སུམ་ན་མི་བཞུགས་པ་ལ་མཆོད་པ་གཉིས་བསོད་ནམས་མཉམ་པར་ བཤད་པས། མངོན་སུམ་དུ་གྱུར་པ་དང་། མ་གྱུར་པ་ཐམས་ཅད་ཡུལ་དུ་བྱས་ལ་མཆོད་དོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ 2-13-52b ལ་གོས་ལ་སོགས། །མངོན་སུམ་མངོན་སུམ་མིན་པར་མཆོད། །ཅེས་གསུངས་སོ། །མཆོད་པ་ལ་ཡང་གཉིས་ལས། བླ་ན་ཡོད་པའི་མཆོད་པ་དང་། བླ་ན་མེད་པའི་མཆོད་པའོ། །དང་པོ་ལ་གཉིས་ཏེ། ཟང་ཟིང་གི་མཆོད་པ་དང་། སྒྲུབ་ པའི་མཆོད་པའོ། །དང་པོ་ནི། ཕྱག་གི་མཆོད་པ་དང་། བསྟོད་པའི་མཆོད་པ་དང་། རྫས་རིམ་པར་བཤམས་པའི་མཆོད་པ་དང་། བདག་པོས་ཡོངས་སུ་མ་བཟུང་བའི་རྫས་ཕུལ་དུ་བྱུང་བའི་མཆོད་པ་དང་། བློས་སྤྲུལ་པའི་མཆོད་པ་དང་། ལུས་དབུལ་བའི་མཆོད་པ་སྟེ། དེ་དག་རྒྱས་པར་ཤེས་པར་བྱའོ། །སྒྲུབ་པའི་མཆོད་པ་ནི། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྒོམ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་བཀོད་པས་མཆོད་པའོ། །བླ་ན་མེད་ པའི་མཆོད་པ་ནི། དམིགས་པ་དང་བཅས་པའི་མཆོད་པ་དང་། དམིགས་པ་མེད་པའི་མཆོད་པའོ། །དེ་ལ་དང་པོ་ནི། བྱང་ཆུབ་ཀྱི་སེམས་སྒོམ་པ་སྟེ། ཇི་སྐད་དུ། མཁས་པས་བྱང་ཆུབ་སེམས་བསྒོམས་ན། །རྒྱལ་བ་སྲས་དང་བཅས་ པ་ལ། །མཆོད་པ་འདི་ནི་དམ་པ་སྟེ། །ཞེས་གསུངས་སོ། །དམིགས་པ་མེད་པའི་མཆོད་པ་ནི། བདག་མེད་ཀྱི་དོན་སྒོམ་པ་སྟེ། མཆོད་པའི་མཆོག་ཡིན་ནོ། །དེ་ལྟར་ཡང་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་ལེའུ་ལས། བྱང་ ཆུབ་འདོད་པའི་བྱང་ཆུབ་སེམས་དཔའ་ཡིས། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །མེ་ཏོག་སྤོས་དང་དེ་བཞིན་ཟས་སྐོམ་དག །ཕུལ་ནས་མི་མཆོག་སངས་རྒྱས་མཆོད་པ་བས། །གང་གིས་གང་ལ་བདག་དང་སྲོག་དང་ནི། །གང་ཟག་མ་ མཆིས་དེ་འདྲའི་ཆོས་འདི་དག །ཐོས་ནས་དེ་ལ་འོད་གསལ་བཟོད་ཐོབ་པ། །དེ་ཡིས་མི་མཆོག་དམ་པ་མཆོད་པ་ལགས། །ཞེས་གསུངས་སོ། །སེང་གེ་སྒྲ་ཆེན་གྱི་མདོ་ལས་ཀྱང་། གང་འདུ་ཤེས་དང་མཚན་མ་སྐྱེད་པར་མི་བྱེད་པ་དེ་ནི། 2-13-53a དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །བླང་དོར་མེད་པ་དང་། གཉིས་སུ་མེད་པར་འཇུག་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དངོས་པོ་མེད་པ་མཚན་ཉིད་ ཡིན་པས། དེ་ནི་དངོས་པོའི་འདུ་ཤེས་ལ་གནས་པས་མཆོད་པར་བླང་བ་མ་ཡིན་ནོ། །ཞེས་གསུངས་སོ། །མཆོད་པ་འབུལ་བ་བཤད་ཟིན་ཏོ། །གཉིས་པ་ནི། སྡིག་པ་བཤགས་པ་བཤད་ན། སྤྱིར་དགེ་སྡིག་ཐམས་ཅད་ཡིད་ཀྱི་ཀུན་སློང་ ལ་རག་ལས་ཏེ། ཡིད་གཙོ་བོ་ཡིན། ལུས་ངག་བྲན་ཡིན་ནོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཆོས་རྣམས་ཡིད་ནི་སྔོན་འགྲོ་བས། །ཡིད་ནི་གཙོ་བོ་ཞེས་གྲགས་པས། །ཞེས་གསུངས་སོ། །དེས་ན་ཡིད་ཆགས་སྡང་ ལ་སོགས་པ་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་ནས། མཚམས་མེད་པ་ལྔའམ། །དེ་དང་ཉེ་བ་ལྔའམ། མི་དགེ་བ་བཅུའམ། སྡོམ་པ་དང་། དམ་ཚིག་ཉམས་པ་ལ་སོགས་པ་རང་གིས་བྱས་པ་དང་། གཞན་བྱེད་དུ་བསྩལ་ པ་དང་། བྱེད་པ་ལ་རྗེས་སུ་ཡི་རང་བ་རྣམས་སྡིག་པ་མི་དགེ་བ་ཞེས་བྱ་སྟེ། དེར་མ་ཟད་ཡིད་ཆགས་སྡང་དང་། ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ཡང་མི་དགེ་བ་ཡིན་ནོ། ། དེ་དག་གི་འབྲས་བུ་ནི་སྡུག་བསྔལ་འབྱུང་བ་ཡིན་ཏེ། དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་ གསུངས་སོ། །སྤྱོད་འཇུག་ལས་ཀྱང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཤེས་གསུངས་སོ། །དེས་ན་སྡིག་པ་ 2-13-53b ཐམས་ཅད་བཤགས་པར་བྱའོ། །བཤགས་པས་འདག་ངེས་སམ་སྙམ་ན། ཤིན་ཏུ་ཡང་ངེས་ཏེ། མདོ་མྱ་ངན་འདས་ཆེན་ལས། སྡིག་པ་བྱས་ནས་ཀྱང་ཕྱིས་འགྱོད་དེ་ཕྱིར་འཆོས་ན། ཆུ་རྙོགས་པ་ཅན་ནོར་བུ་ཆུ་དྭངས་ཀྱིས་དྭངས་པའམ་ སྤྲིན་དང་བྲལ་ནས་ཟླ་བ་གསལ་བ་དང་འདྲའོ། །ཞེས་པ་དང་། དེ་བས་ན་སྡིག་པ་ལ་འགྱོད་ཅིང་མ་བཅབས་པར་བཤགས་ན་ཇི་ལྟ་བུ་ཡང་བྱང་བར་འགྱུར་རོ། །ཞེས་གསུངས་སོ། །བཤགས་ལུགས་ཇི་ལྟར་བཤགས་ན། སྟོབས་རྣམ་ པ་བཞིའི་སྒོ་ནས་བཤགས་སོ། །དེ་ལྟར་ཡང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་ཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཤེས་གསུངས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་ལ་ འགྱོད་པ་དྲག་པོ་བསྐྱེད་ནས་ཡུལ་གྱི་སྤྱན་སྔར་མཐོལ་བཤགས་བྱེད་པའོ། །དེ་ཡང་ཇི་ལྟར་འགྱོད་པར་བྱ་ཞེ་ན། འགྱོད་པ་སྐྱེད་ལུགས་རྣམ་པ་གསུམ་སྟེ། དོན་མེད་པར་བརྟགས་ལ་འགྱོད་པ་སྐྱེད་པ་དང་། འཇིགས་པར་བརྟགས་ལ་འགྱོད་ པ་སྐྱེད་པ་དང་། མྱུར་དུ་འབྲལ་དགོས་པར་བརྟགས་ལ་འགྱོད་པ་སྐྱེད་པའོ། །དེ་ལ་དང་པོ་ནི། བདག་གིས་བྱས་པའི་སྡིག་པ་དེ་ཡང་རེས་འགའ་དགྲ་འདུལ་བའི་ཆེད་དུ་བྱས། རེས་འགའ་གཉེན་བསྐྱང་བའི་ཆེད་དུ་བྱས། རེས་འགའ་ ལུས་གནས་པའི་ཆེད་དུ་བྱས། རེས་འགའ་རྫས་བསག་པའི་ཆེད་དུ་བྱས་ཏེ། བདག་ཤི་ནས་འཇིག་རྟེན་ཕྱི་མར་སྐྱེས་འདེགས་པའི་ཚེ། དགྲ་དང་གཉེན་དང་ཡུལ་དང་ལུས་དང་ནོར་རྫས་རྣམས་བདག་དང་མི་འགྲོགས་པར། ལས་ངན་གྱི་ 2-13-54a སྡིག་སྒྲིབ་རྣམས་བདག་དང་འགྲོགས་ནས་གང་དུ་སྐྱེ་བ་དེར་གཤེད་མར་ལྡང་བ་ཡིན་ནོ། །དེ་ལྟར་ཡང་། ཁྱིམ་བདག་དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་དང་ རྩ་ལག་ཚོགས་རྣམས་ཀྱང་། །ཤི་བའི་རྗེས་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། ཞེས་དང་། ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུས་སུ། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །བདག་ཉིད་གཅིག་པུས་སྡུག་ བསྔལ་མྱོང་བར་འོང་། །དེ་དག་དེ་ཚེ་བདག་གི་སྐལ་མི་ལེན། །ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། ཐམས་ཅད་བོར་ཏེ་ཆས་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའ་དོན་གྱི་ཕྱིར། །སྡིག་ པ་རྣམ་པ་སྣ་ཚོགས་བྱས། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །མི་མཛའ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །ཞེས་གསུངས་སོ། །དེས་ན་ སྡིག་པ་ནི་དགྲ་གཉེན་གཉིས་དང་། ལུས་ལོངས་སྤྱོད་གཉིས་ཏེ་དེ་བཞིའི་ཆེད་དུ་བྱས་པ་ལ། དེ་བཞི་དང་བདག་ཡུན་དུ་འགྲོགས་སུ་མེད་པས་ན། སྡིག་པ་ཉིད་ཚེགས་ཆེ་ལ་དོན་ཆུང་བར་བསམས་ནས་འགྱོད་པ་དྲག་པོ་བསྐྱེད་དོ། ། གལ་ཏེ་དོན་མེད་ཀྱང་དེས་བདག་ལ་གནོད་པར་མི་འགྱུར་སྙམ་ན། དོན་གཉིས་པ་སྡིག་པའི་འབྲས་བུ་དེས་འཇིགས་པར་བརྟགས་ལ་འགྱོད་པར་བྱ་སྟེ། དེ་ཡང་སྡིག་པ་བྱས་པ་དེ་འཆི་ཀའི་ཚེ་འཇིགས་པ་དང་། ཤི་བའི་ཚེ་འཇིགས་ པ་དང་། ཤི་བའི་འོག་ཏུ་འཇིགས་པ་དང་གསུམ་མོ། །དེ་ལ་དང་པོ་ནི་སྡིག་པ་ཅན་རྣམས་འཆི་ཀའི་དུས་སུ་ཡང་། གནད་གཅོད་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་མྱོང་སྟེ། ཇི་སྐད་དུ། བདག་ནི་མལ་ན་འདུག་བཞིན་དུ། ། 2-13-54b གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་། །སྲོག་གཅོད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་སོ། །དེ་ནས་ཤི་བའི་ཚེ་འབྲས་བུ་འཇིགས་པ་ནི། གཤིན་རྗེའི་ཕོ་ཉ་སྐྱེས་བུ་ནག་པོ་ མ་རུངས་པ་ཞགས་པ་ཐོགས་པས་ནི་མགུལ་ནས་བཅིངས་ཤིང་དམྱལ་བའི་གནས་སུ་ཁྲིད། དབྱུག་པ་དང་། ཤང་ལང་ལ་སོགས་པ་མཚོན་ཆ་ཐོགས་པ་རྣམས་ཀྱིས་ནི་ཕྱི་ནས་གཙེས་ཏེ། གནོད་པ་དུ་མ་འབྱུང་ངོ་། །དེ་ལྟར་ཡང་། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་གསུངས་སོ། །སློབ་སྤྲིང་ལས་ཀྱང་། དུས་ཀྱི་ཞགས་པས་སྐེ་ནས་བཏགས་ཏེ་ གཤིན་རྗེའི་མི། །གཏུམ་མོ་རྣམས་ཀྱིས་དབྱུག་པས་བདའ་ཞིང་འཁྲིད་པར་འགྱུར། །ཞེས་གསུངས་སོ། །གཤིན་རྗེའི་ཕོ་ཉ་ལ་བདག་མི་འཇིགས་སོ་སྙམ་ན། ཇི་སྐད་དུ། སྐྱེ་བོ་ཡན་ལག་གཅོད་པའི་སར། །དེ་རིང་ཁྲིད་པའང་བྲེད་ གྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔར་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་ སྨོས་ཅི་དགོས། །ཞེས་གསུངས་སོ། །ཤི་བའི་འོག་རོལ་དུ་སྡིག་པའི་འབྲས་བུ་འཇིགས་པ་ནི། དམྱལ་བ་ཆེན་པོར་ལྷུང་ནས། བཙོ་བསྲེག་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་རོ། །དེས་ན་ཤིན་ ཏུ་འཇིགས་ཏེ། ཇི་སྐད་དུ། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། ། 2-13-55a ཞེས་གསུངས་སོ། །དེ་ལྟར་སྡིག་པའི་འབྲས་བུ་དེ་ཤིན་ཏུ་འཇིགས་པས་ན་འགྱོད་པ་བསྐྱེད་པར་བྱའོ། །གསུམ་པ་བཤད་ན། སྡིག་པ་དེ་ཡང་དུས་ཕྱིས་བཤགས་པས་ཆོག་གམ་སྙམ་ན། མི་ཆོག་སྟེ་མྱུར་དུ་བཤགས་ དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། སྡིག་པ་མ་བྱང་བའི་འོག་ཏུ་བདག་འཆི་དོགས་ཡོད་དོ། །དེ་ལྟར་ཡང་། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ ཏུ་གསོལ། །ཞེས་གསུངས་སོ། །སྡིག་པ་མ་བྱང་བར་བདག་མི་འཆིའོ་སྙམ་ན། འཆི་བདག་གི་བདུད་དེས་བདག་གི་སྡིག་པ་བྱང་བ་དང་མི་བྱང་བའི་ཚིས་མི་བྱེད་པར། གླགས་གང་རྙེད་ཀྱིས་སྲོག་འཕྲོག་པས་ནམ་འཆི་ངེས་པ་མེད་པའོ། །དེ་ལྟར་ཡང་། ཡིད་བརྟན་མི་རུང་འཆི་བདག་འདིས། །བྱས་དང་མ་བྱས་མི་སྡོད་པར། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་གསུངས་སོ། །དེས་ན་ཚེ་སྲོག་ལ་བློ་ལྟོས་མེད་དེ། སྡིག་པ་མ་བྱང་བར་འཆི་དོགས་ཡོད་པས་མྱུར་དུ་སྦྱང་ དགོས་སོ། །དེས་ན་གྱོད་ཁ་དེ་ལ་ཐུག་པས་ན་འགྱོད་པར་བྱའོ། །དེ་ལྟར་རྒྱུ་མཚན་གསུམ་གྱིས་སྡིག་པ་ལ་འགྱོད་པ་བསྐྱེད་ལ། ཡུལ་ཁྱད་པར་ཅན་དང་ཕལ་པོ་ཆེའི་སྤྱན་སྔར་མཐོལ་ཞིང་བཤགས་པར་བགྱིའོ། །དེ་ལྟར་རྣམ་པ་སུན་འབྱིན་པ་ཀུན་ ཏུ་སྤྱོད་པའི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ཁ་དྲག་པོའི་བུ་ལོན་འོང་བ་ལ་མ་འཁོར་ནས་ཞུ་བ་བྱས་པ་དང་འདྲ། །ཞེས་གསུངས་སོ། །སྔོན་མི་གདུང་བ་སོར་མོའི་ཕྲེང་བ་ཅན་ཞེས་བྱ་བ་མི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་བསད་པའི་མི་སྡིག་ཅན་ཞིག་ཀྱང་། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་ཉམས་སུ་བླངས་པས། སྡིག་པ་བྱང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་ 2-13-55b མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོར་དགེ་བ་སྤྱོད་པའོ། །དེས་ཟག་པ་ཟད་པར་བྱེད་དེ། མངོན་པ་ཀུན་ལས་བཏུས་པ་ལས་ཀྱང་། མི་ མཐུན་པའི་ཕྱོགས་ཀྱི་ལས་ནི། གཉེན་པོའི་ལས་སྟོབས་དང་ལྡན་པར་ལྟ་སྟེ། མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་འཕངས་སུ་ཟིན་ཀྱང་། གཉེན་པོའི་སྟོབས་ཀྱིས་གཞན་དུ་བསྒྱུར་བའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ཡང་དེ་བཞིན་ གཤེགས་པའི་མཛོད་ལས་ནི། སྟོང་པ་ཉིད་བསྒོམས་པས་སྡིག་པ་བྱང་བར་གསུངས་སོ། །རྡོ་རྗེ་གཅོད་པ་ལས་ནི། མདོ་སྡེ་ཟབ་མོ་བཏོན་པས་སྡིག་པ་བྱང་བར་གསུངས་སོ། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་དང་། དཔུང་བཟང་གིས་ ཞུས་པའི་མདོ་ལས་ནི། གསང་སྔགས་ཀྱི་བཟླས་པ་བྱས་པས་སྡིག་པ་བྱང་བར་གསུངས་སོ། །མེ་ཏོག་བརྩེགས་པའི་གཟུངས་ལས་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པས་སྡིག་པ་བྱང་བར་གསུངས་སོ། །དེ་བཞིན་གཤེགས་ པའི་སྐུ་གཟུགས་ཀྱི་ལེའུ་ལས་ནི། སྐུ་གཟུགས་བཞེངས་པས་སྡིག་པ་བྱང་བར་གསུངས་སོ། །གཞན་ཡང་ཆོས་ཉན་པ་དང་། ཀློག་པ་དང་། བྲི་བ་ལ་སོགས་པ་དགེ་བའི་ལས་གང་མོས་བྱེད་པ་སྟེ། དེས་སྡིག་པ་བྱང་བར་གསུངས་སོ། ། དེ་ལྟར་ཡང་འདུལ་བ་ལུང་ལས། གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ལས་བྱུང་བ་བཞིན། །འཇིག་རྟེན་འདི་དེར་སྣང་བར་འགྱུར། །ཞེས་གསུངས་སོ། །འོ་ན་སྡིག་པའི་གཉེན་པོར་དགེ་བ་བྱེད་ པ་དེ་ཡང་སྡིག་པ་ཇི་སྙེད་བྱས་པ་དེ་སྙེད་ཀྱི་དགེ་བ་བྱ་དགོས་སམ་ཞེ་ན། མ་ཡིན་ཏེ། མྱ་ངན་འདས་ཆེན་གྱི་མདོ་ལས། དགེ་བ་གཅིག་བྱས་ཀྱང་སྡིག་པ་མང་པོ་འཇོམས་ཏེ། ཞེས་དང་། རྡོ་རྗེ་ཆུང་ངུས་རི་རབ་བམ། མེ་ཆུང་ངུས་རྩྭ་ཤིང་ 2-13-56a ངམ། དུག་ཆུང་ངུས་སེམས་ཅན་འཇོམས་པ་ལྟར། དགེ་བ་ཆུང་ངུས་ཀྱང་སྡིག་པ་ཆེན་པོ་འཇོམས་པས་ན། དོན་དུ་གཉེར་བ་ཆེན་པོ་ཉིད་དོ། །ཅེས་གསུངས་སོ། །གསེར་འོད་དམ་པའི་མདོ་ལས་ཀྱང་། གང་གིས་ བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་སྡིག་པའི་འདག་པ་ནི། དཔེར་ན་ངན་སྐྱུགས་ཀྱི་འདམ་རྫབ་ཏུ་ཆུད་པའི་གང་ཟག་ཅིག་འདམ་རྫབ་ནས་ཕྱུང་ནས་ཁྲུས་བྱས་ཏེ་དྲི་བཟང་པོ་བྱུགས་པ་དང་འདྲ། ཅེས་གསུངས་སོ། །སྔོན་ཁྱེའུ་བདེ་བྱེད་ཅེས་བྱ་བ་མ་བསད་པའི་སྡིག་ཅན་ཞིག་ཀྱང་། གཉེན་པོ་ ཀུན་ཏུ་སྤྱོད་པའི་སྟོབས་ཉམས་སུ་བླངས་པས་སྡིག་པ་དག་ནས་ལྷར་སྐྱེས་ཏེ། འཕགས་པ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ། །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་ སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །ཉེས་པ་ལས་ཟློག་པའི་སྟོབས་ནི། རྣམ་སྨིན་གྱིས་འཇིགས་ནས། ཕྱིན་ཆད་སྡིག་པ་འཕྲོ་གཅོད་དེ་སྡོམ་པའོ། །དེ་ལྟར་ ཡང་། འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ཉེས་པ་ལས་ཟློག་པའི་ སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ཆུ་རྒྱུན་གནོད་པ་ཅན་གྱི་འོལ་ཁ་བསྒྱུར་བ་དང་འདྲ། ཞེས་གསུངས་སོ། །སྔོན་གཅུང་དགའ་བོ་ཞེས་བྱ་བ་བུད་མེད་ལ་ཆགས་པའི་སྡིག་ཅན་ཞིག་ཀྱང་ཉེས་པ་ལས་ཟློག་པའི་སྟོབས་ཉམས་སུ་བླངས་ 2-13-56b པས་སྡིག་པ་དག་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། ། ཞེས་གསུངས་སོ། །རྟེན་གྱི་སྟོབས་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དེ་ལྟར་ཡང་དཀོན་མཆོག་ལ་སྐྱབས་འགྲོ་བྱས་པས་སྡིག་པ་འདག་པ་ནི། ཕག་མོའི་རྟོགས་པ་བརྗོད་པ་ལས། གང་ དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་ཐོབ་བོ། །ཞེས་པ་ལ་སོགས་པ་གསུངས་སོ། །མྱ་ངན་འདས་ཆེན་གྱི་མདོ་ལས་ཀྱང་། དཀོན་མཆོག་གསུམ་ལ་སྐྱབས་སོང་བས། ། འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་སྡིག་པ་འདག་པ་ནི། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ། །ཉེས་པ་ ཐམས་ཅད་བསྲེག་པར་བྱེད་པས་བསྐལ་པའི་མེ་ལྟ་བུའོ། །ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། ། དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་སོ། །དེ་ལྟར་རྟེན་གྱི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་སྐྱབས་འགྲོ་བྱས་པའི་དཔེ། ཁ་ཉེན་པོས་དབང་པོ་ཆེ་ལ་འཇུས་པའམ། དུག་སེམས་བསྐྱེད་པའི་དཔེ། ལ་སྔགས་ཀྱིས་བཏབ་པ་དང་འདྲ། ཅེས་གསུངས་སོ། །སྔོན་ རྒྱལ་བུ་མཐོང་ལྡན་ཞེས་བྱ་བ་ཕ་བསད་པའི་སྡིག་ཅན་ཞིག་ཀྱང་རྟེན་གྱི་སྟོབས་ཉམས་སུ་བླངས་པས། སྡིག་པ་དག་ནས་བྱང་ཆུབ་སེམས་དཔར་འགྱུར་ཏོ། །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་ 2-13-57a གྱུར་བ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །དེ་ལྟར་སྟོབས་དེ་དག་རེ་རེས་ཀྱང་སྡིག་པ་འདག་ པར་འགྱུར་ན། བཞི་ཀས་བཤགས་ན་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་ལྟར་བཤགས་པས་སྡིག་པ་དག་པའི་རྟགས་རྨི་ལམ་དུ་ཡོང་སྟེ། སྐུལ་བྱེད་ཀྱི་གཟུངས་ལས། རྨི་ལམ་ན་ཟས་ངན་སྐྱུག་པ་དང་། ཞོ་དང་འོ་མ་ལ་སོགས་པ་འཐུང་བ་ དང་། ཉི་མ་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་། མི་ནག་པོ་ཐུབ་པ་དང་། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་། གླང་པོ་དང་། ཁྱུ་མཆོག་དང་། རི་དང་ སེང་གེའི་ཁྲི་དང་། ཁང་བཟང་གི་སྟེང་དུ་འཛེགས་པ་དང་། ཆོས་ཉན་པ་ལ་སོགས་པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་ཏེ། ཞེས་གསུངས་སོ། །སྡིག་པ་བཤགས་པ་བཤད་ཟིན་ཏོ། །དགེ་བ་ལ་རྗེས་སུ་ཡི་རང་བ་ནི། གཞན་དག་དུས་གསུམ་གྱིས་ བསྡུས་པའི་དགེ་བ་བྱེད་པ་པོ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་བསྒོམ་པ་སྟེ། དེ་ཡང་འདས་པའི་དུས་སུ་ཕྱོགས་ཐམས་ཅད་དུ་བྱོན་པའི་སངས་རྒྱས་དཔག་ཏུ་མེད་པ། བགྲང་བ་ལས་འདས་པ། བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཀྱིས་དང་པོ་ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ་ཚོགས་རྣམ་པ་གཉིས་བསགས་ཤིང་། སྒྲིབ་པ་རྣམ་གཉིས་སྦྱངས་ནས། མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང་། སངས་རྒྱས་ནས་ཀྱང་དམ་པའི་ཆོས་ཀྱི་འཁོར་ལོ་ བསྐོར་ཏེ། གདུལ་བྱ་རྣམས་སྨིན་པར་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང་། མྱ་ངན་ལས་འདས་ནས་ཀྱང་བསྟན་པ་མ་ཞིག་གི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང་། དེ་དག་གི་བར་སྐབས་སུ་བྱང་ཆུབ་ 2-13-57b སེམས་དཔའ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དང་། འཕགས་པ་རང་སངས་རྒྱས་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དང་། འཕགས་པ་ཉན་ཐོས་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་དགེ་བའི་རྩ་བ་ གང་ལགས་པ་དང་། སོ་སོ་སྐྱེ་བོ་རྣམས་ཀྱི་དགེ་བའི་རྩ་བ་བསགས་པ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ་སྙམ་དུ་སྤྲོ་བ་བསྒོམ་པའོ། །དེ་བཞིན་དུ་ད་ལྟར་དང་མ་འོངས་པའི་དེ་དག་གི་དགེ་བ་ལ་ཡང་དེ་བཞིན་དུ་སྦྱར་ལ། རྗེས་སུ་ཡི་རང་བསྒོམ་པའོ། །དེ་ལྟར་ཡང་། སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། །རྒྱལ་སྲས་ས་ལའང་ཡི་རང་ངོ་། །ཞེས་པ་ལ་སོགས་པ་གསུངས་སོ། །རྗེས་སུ་ཡི་རང་བ་བཤད་ཟིན་ཏོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ད་ལྟར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དག །ཆོས་དཀོན་མཆོག་བཙུན་པར་བྱ་བའི་ཕྱིར་རམ། གསོལ་བ་འདེབས་པ་པོའི་བསོད་ནམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་མི་གསུང་བ་མང་པོ་ཡོད་དོ། །དེ་དག་ ལ་དམིགས་ལ་ཆོས་གསུང་བར་ཞུ་བ་འབུལ་བའོ། །དེ་ལྟར་ཡང་། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་ གསུངས་སོ། །མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། ད་ལྟར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡང་སངས་རྒྱས་དང་། རྟག་པར་ལྟ་བ་རྣམས་སུན་དབྱུང་བའམ། ལེ་ལོ་ཅན་རྣམས་བརྩོན་འགྲུས་བསྐྱེད་ པའི་ཕྱིར་མྱ་ངན་ལས་འདའ་ཁ་མ་མང་པོ་ཡོད་དེ། དེ་དག་ལ་དམིགས་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའོ། །དེ་ལྟར་ཡང་། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་ 2-13-58a པར་མི་འགོད་ཕྱིར། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །ཞེས་གསུངས་སོ། །བསྐུལ་ཞིང་གསོལ་བ་གདབ་པ་བཤད་ཟིན་ཏོ། །དགེ་བའི་རྩ་བ་བསྔོ་བ་ནི་སྔར་བྱས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་ ཐམས་ཅད་ཀྱི་སྡུག་བསྔལ་བསལ་ཞིང་བདེ་བ་སྒྲུབ་པའི་རྒྱུར་གྱུར་ཅིག་པར་བསྔོ་བའོ། །དེ་ལྟར་ཡང་། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་བསལ་ བར་ཤོག །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་བསྔོ་བ་བྱ་སྟེ། དེ་ཡན་ཆད་ཀྱིས་སྦྱོར་བའི་ཆོ་ག་བཤད་ཟིན་ཏོ། །དངོས་གཞིའི་ཆོ་ག་ནི། དམ་བཅའ་ཚིག་ཏུ་བརྗོད་པ་སྟེ། དེ་ལྟར་ཡང་བསླབ་བཏུས་ནས་གསུངས་པ་ལྟར། རྗེ་བཙུན་འཇམ་དཔལ་སྔོན་རྒྱལ་པོ་ནམ་མཁའ་ཞེས་བྱ་བ་གྱུར་པ་ན། སངས་རྒྱས་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སེམས་བསྐྱེད་དང་སྡོམ་པ་སྟབས་ཅིག་ཏུ་མནོས་པ་བཞིན་དུ། བདག་ཅག་གིས་ཀྱང་སྟབས་ཅིག་ཏུ་ནོད་པར་བྱ་སྟེ། ཇི་སྐད་དུ། འཁོར་བ་ཐོག་མ་མེད་པ་ཡི། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །འཇིག་རྟེན་མགོན་པོའི་སྤྱན་སྔ་འདིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་ལ་སོགས་པ་ ལན་གསུམ་བརྗོད་པའོ། །ཡང་ན་བྱང་ཆུབ་སྤྱོད་འཇུག་ནས་གསུངས་པ་ལྟར་མདོར་བསྡུས་པའི་ཚིག་གིས་ནོད་པར་བྱ་སྟེ། ཇི་སྐད་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་ པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་ལན་གསུམ་བརྗོད་པའོ། །གལ་ཏེ་ 2-13-58b སེམས་བསྐྱེད་དང་སྡོམ་པ་བཟུང་བ་གཉིས་སོ་སོར་ལེན་པར་འདོད་ན། གང་ལེན་པའི་ཚིག་དེ་བརྗོད་པས་བླང་ངོ་། །དངོས་གཞིའི་ཆོ་ག་བཤད་ཟིན་ཏོ། །རྗེས་ཀྱི་ཆོ་ག་ནི། དཀོན་མཆོག་ལ་གཏང་རག་གི་མཆོད་པ་ཕུལ་ལ། དོན་ཆེན་པོའི་ བསམ་པས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ལྟར་ཡང་། དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བཟུང་ནས། །མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །ཞེས་པ་ ལ་སོགས་པ་གསུངས་སོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་སློབ་དཔོན་ཞི་བ་ལྷའི་ལུགས་བཤད་ཟིན་ཏོ། །འཕགས་པ་བྱམས་པ་ནས་སློབ་དཔོན་ཐོགས་མེད་ན་མར་བརྒྱུད་པའི། ཇོ་བོ་གསེར་གླིང་པའི་ལུགས་ལྟར་ན་གཉིས་ཏེ། སྨོན་པའི་སེམས་བསྐྱེད་པ་དང་། འཇུག་པའི་སྡོམ་པ་གཟུང་བའོ། །དང་པོ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། །རྗེས་སོ། །སྦྱོར་བ་ལ་གསུམ་སྟེ། གསོལ་བ་གདབ་པ་དང་། ཚོགས་བསགས་པ་དང་། སྐྱབས་འགྲོ་ཁྱད་པར་ ཅན་བྱ་བའོ། །དེ་ལ་དང་པོ་ནི། སེམས་བསྐྱེད་པར་འདོད་པའི་སློབ་མ་དེས། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་སྤྱན་སྔར་ཕྱིན་ལ་ཕྱག་བྱའོ། །དགེ་བའི་བཤེས་གཉེན་དེས་ཀྱང་སློབ་མ་དེ་ལ་གདམས་ངག་བྱས་ལ་དེ་འཁོར་ བ་ལ་སྐྱོ་བ་བསྐྱེད། སེམས་ཅན་ལ་སྙིང་རྗེ་བསྐྱེད། སངས་རྒྱས་ལ་འདོད་པ་བསྐྱེད། དཀོན་མཆོག་ལ་དད་པ་བསྐྱེད། བླ་མ་ལ་གུས་པ་བསྐྱེད་པར་བྱའོ། །དེ་ནས་སློབ་མ་དེས་སློབ་དཔོན་གྱིས་རྗེས་སུ་འདི་སྐད་དུ། སློབ་ དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དང་པོར་ 2-13-59a བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་། སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་མཛད་དུ་ གསོལ། །ཞེས་ལན་གསུམ་བརྗོད་དོ། །གཉིས་པ་ཚོགས་བསགས་པ་ནི། དང་པོར་བླ་མ་དཀོན་མཆོག་ལ་ཕྱག་བྱའོ། །དེ་ནས་དངོས་སུ་བཤམས་པའི་མཆོད་པ་དང་། མཆོད་པ་འབྱོར་ཚད་དུ་བློས་སྤྲུལ་པ་ལ་སོགས་པ་འབུལ་ལོ། །དེ་ཡང་ དགེ་ཚུལ་གྱི་སྡོམ་པ་ནི་མཁན་སློབ་ལས་ཐོབ། དགེ་སློང་གི་སྡོམ་པ་ནི་དགེ་འདུན་ལས་ཐོབ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ནི། བསོད་ནམས་ཀྱི་ཚོགས་བསགས་པ་ལས་ཐོབ་པ་ཡིན་གསུངས། དེ་ལྟར་ཡང་རང་ལ་འབྱོར་བ་ཆེ་ བར་ཡོད་ན་དངོས་སུ་ཆུང་བས་མི་འོང་སྟེ། ཆེ་བར་བཏང་དགོས་པ་ཡིན་ནོ། །སྔོན་གྱི་བྱང་ཆུབ་སེམས་དཔའ་འབྱོར་བ་ཆེ་བ་རྣམས་ཀྱིས་ཀྱང་ཆེར་བཏང་སྟེ། གཙུག་ལག་ཁང་བྱེ་བ་ཙམ་ཕུལ་ནས་སེམས་བསྐྱེད་པ་ཡང་ཡོད་དོ། །དེ་ལྟར་ཡང་ བསྐལ་པ་བཟང་པོའི་མདོ་ལས། བདེ་གཤེགས་གྲགས་སྦྱིན་འཛམ་གླིང་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་ཏོག་དེ་ལ། །གཙུག་ལག་ཁང་ནི་བྱེ་བ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་ གསུངས་སོ། །ཡང་འབྱོར་བ་ཆུང་ན་དངོས་པོ་ཉུང་ཟད་ཙམ་ཅིག་ཕུལ་བས་ཆོག་པ་ཡིན་ནོ། །སྔོན་གྱི་བྱང་ཆུབ་སེམས་དཔའ་འབྱོར་བ་ཆུང་བ་རྣམས་ཀྱིས་དངོས་པོ་ཅུང་ཟད་ཙམ་བཏང་བ་ཡིན་ཏེ། རྩ་ཉག་མ་གཅིག་གི་སྒྲོན་མེ་ཕུལ་ནས་སེམས་ བསྐྱེད་པ་ཡོད་དོ། །དེ་ལྟར་ཡང་། བདེ་གཤེགས་འོད་འཕྲོ་གྲོང་ཁྱེར་བརྟེན་པའི་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་འོད་དེ་ལ། །རྩ་ཡི་སྒྲོན་མེ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས་སོ། ། 2-13-59b ཡང་འབྱོར་བ་མེད་པར་གྱུར་ན་ཐབས་ཆག་མི་དགོས་ཏེ། ཕྱག་ལན་གསུམ་འཚལ་བ་ཙམ་གྱིས་ཀྱང་ཆོག་གོ། སྔོན་གྱི་བྱང་ཆུབ་སེམས་དཔའ་འབྱོར་བ་མེད་པ་དག་གིས་ཀྱང་ཐལ་མོ་ལན་གསུམ་སྦྱར་ནས་སེམས་བསྐྱེད་པ་ཡང་ཡོད་དོ། ། དེ་ལྟར་ཡང་། དེ་བཞིན་གཤེགས་པ་ཡོན་ཏན་ཕྲེང་ལྡན་གྱིས། །དེ་བཞིན་གཤེགས་པ་བགྱིད་ལྡན་བཞུད་དེ་ལ། །སངས་རྒྱས་ཕྱག་འཚལ་ཐལ་མོ་ལན་གསུམ་སྦྱར། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས་སོ། ། གསུམ་པ་སྐྱབས་འགྲོ་ཁྱད་པར་ཅན་ནི། གོང་དུ་བཤད་པ་བཞིན་འདིར་བྱའོ། །དངོས་གཞི་ལ། སློབ་དཔོན་གྱིས་སློབ་མ་ལ་གདམས་ངག་འདི་ལྟར་བྱ་སྟེ། སྤྱིར་ནམ་མཁའི་ཁམས་ཀྱིས་གར་ཁྱབ་ན། སེམས་ཅན་གྱིས་ཁྱབ་ནས་ ཡོད་པ་ཡིན། སེམས་ཅན་གྱིས་གར་ཁྱབ་ན་ཉོན་མོངས་ཀྱིས་ཁྱབ་ནས་ཡོད་པ་ཡིན། ཉོན་མོངས་ཀྱི་གར་ཁྱབ་ན་ལས་ངན་གྱིས་ཁྱབ་ནས་ཡོད་པ་ཡིན། ལས་ངན་གྱིས་གར་ཁྱབ་ན་སྡུག་བསྔལ་གྱིས་ཁྱབ་ནས་ཡོད་པ་ཡིན། སྡུག་བསྔལ་ ཅན་གྱི་སེམས་ཅན་དེ་དག་ཐམས་ཅད་བདག་གི་ཕ་མ་ཤ་སྟག་ཡིན། ཕ་མ་ཐམས་ཅད་དྲིན་ཅན་ཁོ་ན་ཡིན། དེས་ན་བདག་གི་ཕ་མ་དྲིན་ཅན་འདི་རྣམས་འཁོར་བའི་རྒྱ་མཚོ་ཆེན་པོར་ནི་བྱིང་། སྡུག་བསྔལ་དཔག་ཏུ་མེད་པས་ནི་གཟིར། མགོན་སྐྱབས་ བྱེད་མཁན་ནི་མེད། ཤིན་ཏུ་འོ་རེ་བརྒྱལ། ཉོན་རེ་མོངས། འདི་རྣམས་བདེ་བ་དང་ཕྲད་ན་ཅི་མ་རུང་ན། སྡུག་བསྔལ་དང་བྲལ་ན་ཅི་མ་རུང་ན་སྙམ་དུ་བྱམས་སྙིང་རྗེ་དར་ཅིག་སེམས་སུ་གཞུག་གོ། དེ་ནས་ཡང་ད་ལྟ་བདག་གིས་འདི་རྣམས་ཀྱི་དོན་ བྱ་བར་མི་ནུས་པས། ད་འདི་རྣམས་ཀྱི་དོན་བྱ་བའི་ཆེད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ། ཉེས་པ་ཐམས་ཅད་ཟད་པ། ཡོན་ཏན་ཐམས་ཅད་རྫོགས་པ། འགྲོ་བ་མཐའ་དག་གི་དོན་བྱ་བར་ནུས་པ། དེ་བདག་གིས་ 2-13-60a ཐོབ་པར་བྱའོ་སྙམ་དུ་སེམས་སུ་གཞུག་གོ། དེ་ནས་སློབ་མ་དེས་སློབ་དཔོན་གྱི་རྗེས་སུ་འདི་སྐད་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱིས། དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སེམས་ཅན་མ་བསྒྲལ་ བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད་པས་བླངས་བར་འགྱུར་རོ། །དེ་ཡང་སེམས་ཅན་མ་རྒལ་བ་རྣམས་ཞེས་པ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཏེ་ངན་སོང་གི་སྡུག་བསྔལ་རྒྱ་མཚོ་ལྟ་བུ་ལས་ མ་རྒལ་བའི་ཕྱིར་རོ། །བསྒྲལ་བ་ཞེས་པ་ནི། དེ་དག་མངོན་མཐོའི་ལམ་ལ་བཀོད་ནས་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ། ལྷ་མིའི་གོ་འཕང་ཐོབ་པར་བྱ་བའོ། །མ་གྲོལ་བ་རྣམས་ཞེས་པ་ནི། ལྷ་དང་མིའི་འགྲོ་བ་རྣམས་ 2-13-60b ཏེ། ཉོན་མོངས་པའི་འཆིང་བ་ལྕགས་སྒྲོག་ལྟ་བུ་ལས་མ་གྲོལ་བའི་ཕྱིར་རོ། །གྲོལ་བ་ཞེས་པ་ནི། དེ་དག་ངེས་ལེགས་ཀྱི་ལམ་ལ་བཀོད་ནས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་ཐར་པའི་གོ་འཕང་ཐོབ་པར་བྱ་བའོ། །དབུགས་མ་ཕྱིན་པ་ཞེས་པ་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཏེ་ཐེག་པ་ཆེན་པོར་དབུགས་མ་ཕྱིན་པའི་ཕྱིར་རོ། །དབུགས་དབྱུང་བ་དང་ཞེས་པ་ནི། དེ་དག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ལྟ་སྤྱོད་དུ་དབུགས་ཕྱུང་སྟེ་ས་བཅུ་གོ་འཕང་ཐོབ་པར་བྱའོ། ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཞེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་པ་ནི། དེ་དག་ས་ལམ་རྣམས་ལ་རིམ་པར་བཀོད་ནས་ཡོངས་ སུ་མྱ་ངན་ལས་འདའ་བ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའོ། །སླད་དུ་ཞེས་པ་ནི། དགོས་ཆེད་ཀྱི་དོན་དེ་རྣམས་གྲུབ་པར་བྱ་བའི་ཕྱིར་སངས་རྒྱ་བར་དམ་བཅའ་བའོ། །རྗེས་ནི་དོན་ཆེན་པོ་གྲུབ་པའི་བསམ་པས་དགའ་བ་དང་། སྤྲོ་བ་རྒྱ་ ཆེན་པོ་ཡང་བསྒོམ་དུ་གཞུག བསླབ་བྱ་རྣམས་ཀྱང་བརྗོད་དོ། །དེ་ལྟར་སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། སེམས་ཅན་གྱི་ཆེད་དུ་བྱང་ཆུབ་འདོད་པ་དང་། བྱང་ཆུབ་ཐོབ་ནས་སེམས་ཅན་བསྒྲལ་བར་འདོད་པ་དང་། བྱང་ཆུབ་དང་སེམས་ཅན་ལ་དམིགས་པ་དང་། དེ་དག་གི་དོན་དུ་དཔའ་ཞིང་སྙིང་སྟོབས་ལྡན་པར་མཐོང་བའོ། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་བཤད་ཟིན་ཏོ། །འཇུག་པའི་སྡོམ་པ་གཟུང་བ་ལ་ཡང་གསུམ་སྟེ། སྦྱོར་བ་ དང་། དངོས་གཞི་དང་། རྗེས་སོ། །དང་པོ་ལ་བཅུ་སྟེ། གསོལ་བ་གདབ་པ་དང་། བར་ཆད་ཐུན་མོང་བ་དྲི་བ་དང་། ལྟུང་བའི་ལྕི་ཡང་བརྗོད་པ་དང་། ཉམས་པའི་ཉེས་དམིགས་དང་། བླངས་པའི་ཕན་ཡོན་དང་། ཚོགས་ 2-13-61a བསགས་པ་དང་། བར་ཆད་ཐུན་མོང་མ་ཡིན་པ་དྲི་བ་དང་། བསྐུལ་བ་དང་། བསམ་པ་ཁྱད་པར་ཅན་བསྐྱེད་པ་དང་། བསླབ་པ་མདོར་བརྗོད་པའོ། །དངོས་གཞི་ནི། སློབ་མས་སྡོམ་པ་ལེན་པའི་སེམས་བསྐྱེད་ལ། སློབ་ དཔོན་གྱིས་རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་དང་། མ་འོངས་པའི་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་དང་། ད་ལྟ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་དང་། བསླབ་པའི་གཞི་གང་དག་དང་། ཚུལ་ཁྲིམས་གང་དག་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང་། ད་ལྟར་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེར་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ ཁྲིམས་ད་ང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལེན་པར་འདོད་དམ། ཞེས་ལན་གསུམ་དྲིས་ལ། སློབ་མས་ཀྱང་འཚལ་ལགས། ཞེས་ལན་གསུམ་བརྗོད་དོ། །རྗེས་ལ་ཆོས་དྲུག་སྟེ། མཁྱེན་པར་གསོལ་བ་དང་། ཡེ་ཤེས་ གཟིགས་པར་འཇུག་པའི་ཕན་ཡོན་དང་། སྡོམ་པ་གྱ་ཚོམས་སུ་མི་བསྒྲག་པ་དང་། བསླབ་པ་མདོར་བསྡུས་ནས་གོ་བར་བྱ་བ་དང་། བཀའ་དྲིན་དྲན་པའི་མཆོད་པ་དང་། དགེ་བའི་རྩ་བ་བསྔོ་བའོ། །འཇུག་པའི་སྡོམ་པ་བཟུང་བ་བཤད་ 2-13-61b ཟིན་ཏོ། །དེ་དག་གིས་ཇོ་བོ་གསེར་གླིང་པའི་ལུགས་བཤད་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་གཉིས་ཏེ། གྲངས་སུ་ཆད་པ་དང་། གྲངས་སུ་མ་ཆད་པའོ། །དང་པོ་ལ་གཉིས་ཏེ། སྨོན་པའི་སེམས་བསྐྱེད་པའི་ཕན་ཡོན་དང་། འཇུག་པའི་སེམས་བསྐྱེད་པའི་ཕན་ཡོན་ནོ། །དང་པོ་ལ་བརྒྱད་དེ། ཐེག་པ་ཆེན་པོར་ཆུད་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། སྡིག་པ་ཐམས་ཅད་རྩད་ནས་གཅོད་པར་འགྱུར་བ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བ་ཚུགས་པར་འགྱུར་བ་དང་། བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་བ་དང་། མྱུར་དུ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་བའོ། །དེ་ལ་དང་པོ་བཤད་ན། གང་ལ་བྱང་ཆུབ་མཆོག་གི་སེམས་ཅིག་མ་སྐྱེས་ན། །དེ་ལྟར་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང་ཐེག་པ་ཆེན་པོའི་ཁོངས་སུ་མི་ཚུད་ལ། ཐེག་པ་ཆེན་པོར་མ་ཚུད་ན་རྫོགས་པའི་ སངས་རྒྱས་མི་ཐོབ་བོ། །གང་ལ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ་དང་ཐེག་པ་ཆེན་པོ་པར་ཚུད་པ་ཡིན་ནོ། །བྱང་ས་ལས་ཀྱང་། སེམས་དེ་བསྐྱེད་མ་ཐག་ཏུ་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ཏེ། ཞེས་གསུངས་སོ། ། གཉིས་པའི་དོན་བཤད་ན། སྨོན་པའི་སེམས་ཞེས་བྱ་བ་སངས་རྒྱས་ཐོབ་པར་འདོད་པའི་བློ་མེད་ན། བྱང་ཆུབ་སེམས་དཔའི་བསླབ་པ་ཞེས་བྱ་བ་ཚུལ་ཁྲིམས་གསུམ་པོ་སྐྱེ་བའམ་གནས་པའི་དོན་མེད་ལ། སངས་རྒྱས་ཐོབ་པར་འདོད་པའི་བློ་དེ་ ཡོད་ན་ཚུལ་ཁྲིམས་གསུམ་པོ་དེ་སྐྱེ་ཞིང་གནས་པ་ཡིན་པས་སེམས་དེ་བསླབ་པའི་རྟེན་ཡིན་ནོ། །བྱང་ས་ལས་ཀྱང་། སེམས་བསྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ཀྱི་རྟེན་ཡིན་ཏེ། ཞེས་གསུངས་སོ། །གསུམ་པའི་དོན་ 2-13-62a བཤད་ན། སྡིག་པའི་གཉེན་པོ་དགེ་བ་ཡིན་ལ། དགེ་བའི་ནང་ནས་མཆོག་ཏུ་གྱུར་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེས་ན་གཉེན་པོ་སྐྱེས་ན་མི་མཐུན་པའི་ཕྱོགས་ཟད་པར་གྱུར་པ་ཆོས་ཉིད་ཡིན་ནོ། །དེ་ལྟར་ཡང་། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་སོ། །བཞི་པའི་དོན་བཤད་ན། སེམས་ཅན་གྱི་རྒྱུད་ས་གཞི་ལྟ་བུ་ལ་བྱམས་སྙིང་རྗེའི་རླན་དང་འབྲེལ་ཞིང་། བྱང་ཆུབ་ཀྱི་ སེམས་རྩ་བ་ལྟ་བུ་འདི་ཚུགས་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡལ་འདབ་རྒྱས་ཤིང་། རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་སྨིན་ནས་སེམས་ཅན་གྱི་ཕན་བདེ་འབྱུང་བ་ཡིན་ཏེ། དེས་ན་བྱང་སེམས་འདི་སྐྱེས་ན་སངས་རྒྱས་ ཀྱི་རྩ་བ་ཚུགས་པ་ཡིན་ནོ། །བྱང་ས་ལས་ཀྱང་། སེམས་བསྐྱེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ། །ཞེས་གསུངས་སོ། །ལྔ་པ་བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་བ་ནི། དཔའ་སྦྱིན་གྱིས་ཞུས་ པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །དྲུག་པ་སངས་རྒྱས་ཐམས་ཅད་ མཉེས་པར་འགྱུར་བ་ནི། དཔའ་སྦྱིན་གྱིས་ཞུས་པའི་མདོ་ལས། གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཡོངས་བཀང་སྟེ། །བདེ་གཤེགས་རྣམས་ལ་ཕུལ་བ་བས། ། གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་སོ། །བདུན་པ་སེམས་ཅན་ཐམས་ཅད་ལ་ཕན་པས་འགྱུར་བ་ནི། ཇི་སྐད་དུ། 2-13-62b འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། འཇིག་རྟེན་པ་ཐམས་ཅད་ལ་ཕན་པ་བརྟེན་ལྟ་བུའོ། །ཞེས་གསུངས་སོ། །བརྒྱད་པ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ནི། བྱང་ས་ལས། སེམས་དེ་སྐྱེས་ན་མཐའ་གཉིས་ ལ་མི་གནས་ཏེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །འཇུག་པའི་སེམས་བསྐྱེད་པའི་ཕན་ཡོན་ནི་བཅུ་སྟེ། སྔ་མ་བརྒྱད་པོའི་སྟེང་དུ། རང་དོན་རྒྱུན་ཆགས་སུ་འབྱུང་བ་དང་། གཞན་དོན་ སྣ་ཚོགས་སུ་འབྱུང་བའོ། །དེ་ལ་དང་པོ་ནི། འཇུག་པའི་སེམས་དེ་བསྐྱེད་ནས་སྔར་དང་མི་འདྲ་སྟེ། རང་ཉིད་གཉིད་ཀྱིས་ལོག་གམ། བརྒྱལ་བར་གྱུར་ཏམ། བག་མེད་པར་སྤྱོད་དམ། དེ་ལ་སོགས་པའི་དུས་ཐམས་ཅད་དུ་ཡང་ བསོད་ནམས་ཀྱི་ཤུགས་རྒྱུན་མི་ཆད་པར་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་ མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །གཞན་དོན་སྣ་ཚོགས་འབྱུང་བ་ནི། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་སེལ། བདེ་བ་ནི་སྒྲུབ། ཉོན་མོངས་པ་ནི་གཅོད་པ་སྟེ། དེ་ལྟར་ཡང་སྤྱོད་འཇུག་ ལས། གང་ཞིག་བདེ་བས་ཕོངས་པ་དང་། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་པ་དང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་། །གཏི་མུག་ཀྱང་ནི་སེལ་བྱེད་དང་། །དེ་དང་དགེ་མཚུངས་ག་ལ་ཡོད། ། དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲ་ག་ལ་ཡོད། །ཅེས་གསུངས་སོ། །གྲངས་སུ་མ་ཆད་པ་ནི། འདི་ནས་བཟུང་ནས་སངས་རྒྱས་ཀྱི་བར་གྱི་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན་ཏེ། བགྲང་གིས་མི་ལང་ངོ་། །བྱང་ཆུབ་ 2-13-63a ཀྱི་སེམས་དོར་བའི་ཉེས་དམིགས་ནི་གསུམ་སྟེ། ཉེས་པས་ངན་འགྲོར་འགྲོ་བ་དང་། ཉེས་པས་གཞན་དོན་ལས་ཉམས་པ་དང་། ཉེས་པས་ས་ཐོབ་པ་ལ་ཡུན་རིང་དུ་ཐོགས་པའོ། །དེ་ལ་དང་པོ་ནི། དམ་ བཅའ་མ་བསྒྲུབས་ཏེ་སེམས་བསྐྱེད་ཤོར་ན་སེམས་ཅན་བསླུས་པར་སོང་བས། དེའི་རྣམ་སྨིན་ངན་སོང་དུ་སྐྱེ་བའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །ཞེས་གསུངས་སོ། །ཉེས་པས་གཞན་དོན་མི་ནུས་པ་ནི། ཇི་སྐད་དུ། འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལས་དམན། །ཞེས་གསུངས་སོ། ། ས་ཐོབ་པ་ལ་ཡུན་རིང་དུ་ཐོགས་པ་ནི། ཇི་སྐད་དུ། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་གསུངས་སོ། །བྱང་ཆུབ་ ཀྱི་སེམས་བསྐྱེད་འཆོར་བའི་རྒྱུ་ནི་གཉིས་ཏེ། སྨོན་པ་འཆོར་བའི་རྒྱུ་དང་། འཇུག་པ་འཆོར་བའི་རྒྱུའོ། །དེ་ལ་དང་པོ་ནི། སེམས་ཅན་བློས་སྤངས་པ་དང་། ནག་པོའི་ཆོས་བཞི་བསྟེན་པ་དང་། མི་མཐུན་པའི་སེམས་བསྐྱེད་པས་ འཆོར་རོ། །འཇུག་པའི་སྡོམ་པ་འཆོར་བའི་རྒྱུ་ནི། བྱང་ས་ལས། ཕམ་པའི་གནས་ལྟ་བུའི་ཆོས་བཞི་ཀུན་ནས་དཀྲིས་པ་ཆེན་པོ་སྤྱད་ན་འཆོར་བར་བཤད་དོ། །ཀུན་ནས་དཀྲིས་པ་འབྲིང་དང་། ཆུང་ངུ་སྤྱད་པ་ནི་ན་སྨད་ཙམ་དུ་ བཤད་དོ། །སྡོམ་པ་ཉི་ཤུ་པ་ལས། དེའི་སྟེང་དུ་སྨོན་པའི་སེམས་བསྐྱེད་ཤོར་བས་ཀྱང་འཆོར་བར་བཤད་དོ། །རྣམ་པར་གཏན་ལ་དབབ་པ་བསྡུ་པ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་གཏོང་བའི་རྒྱུ་བཞི་གསུངས་སོ། ། 2-13-63b སྔ་མ་གཉིས་པོ་དང་། བསླབ་པ་ཕུལ་བ་དང་། ལོག་ལྟ་སྐྱེས་པའོ། །སློབ་དཔོན་ཞི་བ་ལྷའི་ཞལ་ནས་ཀྱང་མི་མཐུན་པའི་སེམས་སྐྱེས་པས་ཀྱང་སྡོམ་པ་གཏོང་ངོ་། །ཞེས་གསུངས་སོ། །ཤོར་ན་ཕྱིར་བཅོས་པའི་ཐབས་ནི། སྨོན་ པའི་སེམས་བསྐྱེད་ཤོར་ན་སླར་བླངས་པས་སོར་ཆུད་དོ། །འཇུག་པའི་སྡོམ་པ་ཤོར་བ་ལ་ཡང་། སྨོན་པའི་སེམས་ཤོར་བས་འཇུག་པ་ཤོར་བ་དེ་ནི། སྨོན་པ་སོར་ཆུད་པས་འཇུག་པ་ཡང་རང་བཞིན་གྱིས་སོར་ཆུད་དོ། །རྒྱུ་གཞན་གྱིས་ སྡོམ་པ་ཤོར་བ་ནི། སླར་ལེན་དགོས་སོ། །ཕམ་པའི་གནས་ལྟ་བུ་བཞི་ལ་ཀུན་ནས་དཀྲིས་པ་འབྲིང་དང་ཆུང་ངུ་སྤྱད་པ་ནི་བཤགས་པས་ཆོག་གོ། དེ་ལྟར་ཡང་སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་ འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོང་བདག་སེམས་བཞིན། །ཞེས་གསུངས་སོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། བྱང་ཆུབ་ཀྱི་སེམས་ ཡོངས་སུ་བཟུང་བའི་ལེའུ་སྟེ་དགུ་པའོ།། །།བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཀྱི་བསླབ་བྱ་ནི་གཉིས་ཏེ། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ་དང་། འཇུག་ པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱའོ། །དེ་ལ་དང་པོ་འཆད་པ་ལ། སྡོམ་ནི། སེམས་ཅན་བློས་མི་བཏང་བ་དང་། །སེམས་དེའི་ཕན་ཡོན་དྲན་བྱ་དང་། །ཚོགས་གཉིས་བསགས་པར་བྱ་བ་དང་། ། ཡང་ཡང་བྱང་སེམས་སྦྱང་བ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་ཏེ། །ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །ཞེས་པའོ། །དེ་དག་ཀྱང་དང་པོ་ནི། བྱང་ཆུབ་ཀྱི་སེམས་དེ་མི་འཆོར་བའི་ཐབས་སོ། ། 2-13-64a གཉིས་པ་ནི། བྱང་ཆུབ་ཀྱི་སེམས་དེ་མི་ཉམས་པའི་ཐབས་སོ། །གསུམ་པ་ནི། བྱང་ཆུབ་ཀྱི་སེམས་དེའི་སྟོབས་བསྐྱེད་པའི་ཐབས་སོ། །བཞི་པ་ནི། བྱང་ཆུབ་ཀྱི་སེམས་དེ་འཕེལ་བའི་ཐབས་སོ། །ལྔ་པ་ནི། བྱང་ཆུབ་ཀྱི་སེམས་དེ་མི་བརྗེད་པའི་ཐབས་སོ། །དེ་ལ་དང་པོ་སེམས་ཅན་ བློས་མི་བཏང་བ་ལ་བསླབ་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་དེ་མི་འཆོར་བའི་ཐབས་བཤད་ན། མ་དྲོས་པས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ ཆོས་རྣམས་ཡོངས་སུ་འཛིན་ཏོ། །ཆོས་གཅིག་པོ་གང་ཞེ་ན། སེམས་ཅན་བློས་ཡོངས་སུ་མི་བཏང་བའི་སེམས་སོ། །ཞེས་གསུངས་ཏེ། དེ་ཡང་སེམས་ཅན་གང་དག་གིས་བདག་ལ་མི་རིགས་པ་ཞིག་བྱས་པས། བདག་དེ་ལ་སེམས་རྒྱང་ བསྲིངས་ནས། ཤ་ཚ་བ་དང་བྲལ་ཏེ་ཕྱིན་ཆད་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཡང་མི་གདགས། གནོད་པ་བཟློག་པའི་དུས་བྱུང་ཡང་མི་བཟློག་སྙམ་པའི་སེམས་བསྐྱེད་པ་ནི་སེམས་ཅན་བློས་བཏང་བ་ཡིན་ནོ། །དེ་ཡང་སེམས་ཅན་ཐམས་ཅད་ བློས་བཏང་བ་ལ་ཟེར་རམ། གཅིག་ཙམ་བློས་བཏང་བ་ལ་ཡང་ཟེར་ཞེ་ན། སེམས་ཅན་ཐམས་ཅད་བློས་སྤངས་པ་ནི་ཉན་རང་རྣམ་གཉིས་མ་ཡིན་པ། ཁྲ་དང་སྤྱང་ཀི་ལ་ཡང་མི་འོང་སྟེ། དེས་ན་སེམས་ཅན་གཅིག་ཙམ་བློས་བཏང་བས་ཀྱང་ཐུན་ ཚོད་ཀྱི་ནང་ཁོངས་སུ་གཉེན་པོས་མ་སླེབ་ན་བྱང་སེམས་འཆོར་རོ། །དེ་ལྟར་སེམས་ཅན་བློས་སྤོང་ཞིང་བསླབ་བྱ་གཞན་ལ་གནས་ནས་བྱང་ཆུབ་སེམས་དཔར་ཁས་ལེན་པ་ནི་ཤིན་ཏུ་མི་འཐད་དེ། དཔེར་ན་བུ་གཅིག་པུ་བསད་ནས་བུའི་རྫས་གསོག་ པ་དང་འདྲའོ། །དེ་བས་ན་སེམས་ཅན་བདག་ལ་ཕན་འདོགས་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་ག་ན་འཆོར་ཏེ། གནོད་པ་བྱེད་པ་ལ་འཆོར་དོགས་ཡོད་པས། དེ་ལ་ཁྱད་པར་དུ་སྙིང་རྗེ་བསྐྱེད་པས་ཕན་བདེ་བསྒྲུབ་པར་བྱའོ། །འདི་ནི་དམ་པ་རྣམས་ 2-13-64b ཀྱི་ཆོས་ལུགས་ཡིན་ཏེ། ཇི་སྐད་དུ། ཕན་བཏགས་ལན་དུ་གནོད་བྱས་ན། །ཡང་ལན་སྙིང་རྗེ་ཆེན་པོས་བསླན། །འཛམ་བུའི་གླིང་གི་སྐྱེས་མཆོག་ནི། །ཉེས་པའི་ལན་ཡང་ལེགས་པས་ལྡོན། །ཞེས་གསུངས་སོ། །གཉིས་ པ་སེམས་བསྐྱེད་པའི་ཕན་ཡོན་དྲན་པར་བྱ་བ་ལ་བསླབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་མི་ཉམས་པའི་ཐབས་དེ་བཤད་ན། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་ པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ་ལས་བྱམས་པས་རབ་ཏུ་བཤད། །ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ཡང་མདོ་དེ་ལས་སེམས་བསྐྱེད་པའི་ཕན་ཡོན་དཔེ་ཉིས་བརྒྱ་སུམ་ཅུ་ཙམ་གྱི་སྒོ་ནས་གསུངས་པ་ལ། དེ་དག་ཐམས་ ཅད་ཕན་ཡོན་གྱི་སྒོ་ཆེན་པོ་བཞིར་འདུས་པ་ཡིན་གསུངས། དེ་ཡང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །དབུལ་བ་ཐམས་ཅད་སེལ་བར་བྱེད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །ཞེས་པ་ ལ་སོགས་པ་ནི་རང་དོན་འབྱུང་བའི་ཕན་ཡོན་ནོ། །འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པས་ན་གནས་ལྟ་བུའོ། །འགྲོ་བ་ཐམས་ཅད་བརྟེན་པས་རྟེན་ལྟ་བུའོ། །ཞེས་པ་ལ་སོགས་པ་ནི་གཞན་དོན་འབྱུང་བའི་ཕན་ཡོན་ནོ། ། ཉོན་མོངས་པའི་དགྲ་ལས་རྒྱལ་བར་བྱེད་པས་མདུང་ལྟ་བུའོ། །སྡུག་བསྔལ་གྱི་ལྗོན་ཤིང་རབ་ཏུ་གཅོད་པར་བྱེད་པས་སྟ་རེ་ལྟ་བུའོ། །ཞེས་པ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པའི་ཕན་ཡོན་ནོ། །བསམ་པ་ཐམས་ ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །འདོད་པ་ཐམས་ཅད་ཡོངས་སུ་སྒྲུབ་པར་བྱེད་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཞེས་པ་ལ་སོགས་པ་ནི་མཐུན་པའི་ཕྱོགས་ཐམས་ཅད་འགྲུབ་པའི་ཕན་ཡོན་ནོ། ། 2-13-65a དེ་ལྟ་བུའི་ཕན་ཡོན་དེ་དག་ཐམས་ཅད་དྲན་པར་བྱས་པས་ཕན་ཡོན་ཅན་གྱི་བྱང་ཆུབ་ཀྱི་སེམས་དེ་ལ་རྩིས་ཆེ་ཞིང་མཆོག་ཏུ་འཛིན་པར་འགྱུར། དེ་ལྟར་གྱུར་པས་ཉམས་སུ་བླང་ནས་སེམས་དེ་མ་ཉམས་པར་སྐྱོང་བར་ འགྱུར་བ་ཡིན་ནོ། །དེས་ན་ཕན་ཡོན་ནི་དེ་དག་རྟག་ཏུ་དྲན་པར་བྱ་ཞིང་། ཐ་ན་ཐུན་ཚོད་ཀྱི་ནང་ཁོངས་སུ་ཡང་ལན་རེ་དྲན་པར་བྱའོ། །གསུམ་པ་ཚོགས་གཉིས་བསག་པར་བྱ་བ་ལ་བསླབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་བསྐྱེད་པའི་ ཐབས་དེ་བཤད་ན། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། བསོད་ནམས་ཡེ་ཤེས་རང་བཞིན་གྱི། །ཚོགས་ནི་ཡོངས་སུ་རྫོགས་པའི་རྒྱུ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ཡང་བསོད་ནམས་ཀྱི་ཚོགས་ནི་ཆོས་སྤྱོད་བཅུ་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ཐབས་ཀྱི་ཆ་འདི་དག་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ནི་དེ་དག་འཁོར་གསུམ་ཡོངས་དག་ཏུ་ཤེས་པ་ལ་སོགས་པ་ཤེས་རབ་ཀྱི་ཆ་འདི་དག་ཡིན་ཏེ། དེ་ལྟར་ཚོགས་གཉིས་བསགས་པས་རང་གི་ རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་སྐྱེ་བ་ཡིན་ནོ། །དེས་ན་ཚོགས་གཉིས་པོ་དེ་རྟག་ཏུ་བསག་ཅིང་། ཐ་ན་སྔགས་ཐུང་ཅིག་བཟློས་པ་ཡང་ཚོགས་གཉིས་ཚང་དུ་བཏུབ་པས་ཐུན་ཚོད་ཀྱི་ནང་ཁོངས་སུ་ཡང་ལན་རེ་བསག་པར་བྱའོ། །ཚོགས་ ཀྱི་གཏམ་ལས་ཀྱང་། དེ་རིང་བདག་གིས་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་གང་བྱ་དང་། །སེམས་ཅན་ཕན་པར་གང་བྱ་ཞེས། །བྱང་ཆུབ་སེམས་དཔས་རྟག་ཏུ་བསམ། །ཞེས་གསུངས་སོ། །བཞི་པ་ཡང་དང་ཡང་དུ་བྱང་ཆུབ་ཀྱི་ སེམས་སྦྱང་བ་ལ་བསླབ་པ་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་དེ་འཕེལ་བའི་ཐབས་དེ་བཤད་ན། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་ཏུ་འཕེལ་བྱ་ཞིང་། ། 2-13-65b ཞེས་གསུངས་སོ། །དེ་ཡང་བྱང་ཆུབ་རྒྱུའི་སེམས་སྦྱང་བ་དང་། བྱང་ཆུབ་དངོས་ཀྱི་སེམས་སྦྱང་བ་དང་། བྱང་ཆུབ་སྤྱོད་པའི་སེམས་སྦྱང་བ་དང་གསུམ་དུ་ཤེས་པར་བྱའོ། །དེ་གསུམ་ལ་སྦྱངས་པས་བྱང་ཆུབ་ཀྱི་སེམས་དེ་འཕེལ་བ་ཡིན་ནོ། ། དེ་ལ་དང་པོ་ནི། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེའི་སེམས་རྟག་ཏུ་བསམ་པའམ། ཐ་ན་ཡང་ཐུན་ཚོད་ཀྱི་ནང་དུ་ལན་རེ་བསམ་པའོ། །བྱང་ཆུབ་དངོས་ཀྱི་སེམས་སྦྱང་བ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་ པའི་བློས། ཉིན་ལན་གསུམ་མཚན་ལན་གསུམ་དུ་བསམ་པའམ། སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པར་བྱ་བའམ། ཐ་ན་ཐུན་ཚོད་ཀྱི་ནང་ཁོངས་སུ། ཇོ་བོས་མཛད་པའི་སེམས་བསྐྱེད་ཆོ་ག་ལས་གསུངས་པ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་ སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་པའོ། །བྱང་ཆུབ་སྤྱོད་པའི་སེམས་སྦྱང་བ་ལ་གཉིས་ཏེ། གཞན་ ལ་ཕན་བཏགས་པའི་སེམས་སྦྱང་བ་དང་། རང་གི་རྒྱུད་དག་པའི་སེམས་སྦྱང་བའོ། །དེ་ལ་དང་པོ་ནི། རང་གི་ལུས་དང་ལོངས་སྤྱོད་དང་དུས་གསུམ་གྱི་དགེ་བ་ཐམས་ཅད་གཞན་གྱི་ཕན་བདེའི་དོན་དུ་བསྔོ་ཞིང་བཏང་བའི་སེམས་བསྐྱེད་ པའོ། །རང་གི་རྒྱུད་དག་པའི་སེམས་སྦྱང་བ་ནི། རྟག་ཏུ་ཚུལ་ཁྲིམས་ལ་བསྔོ་བགྲང་བྱ་ཞིང་སྡིག་པ་དང་ཉོན་མོངས་པ་ལ་འཛེམ་པའོ། །ལྔ་པ་ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་བརྟེན་པ་ལ་བསླབ་པ་ཞེས་བྱ་བ། བྱང་ཆུབ་ ཀྱི་སེམས་དེ་མི་བརྗེད་པའི་ཐབས་དེ་བཤད་ན། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བརྗོད་པའི་བསླབ་པ་ཡོངས་སུ་བསྲུང་། །ཞེས་གསུངས་སོ། །བསླབ་པ་གང་ནས་བཤད་ན། འོད་སྲུང་ 2-13-66a གིས་ཞུས་པའི་མདོ་ལས། དེ་ཡང་ནག་པོའི་ཆོས་བཞི་ནི། ཇི་སྐད་དུ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་ལ་སོགས་ པ་གསུངས་སོ། །དེ་དག་གི་དོན་བསྡུ་ན། བླ་མ་དང་མཆོད་པར་འོས་པ་སླུས་པ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་ བརྗོད་པ་དང་། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པའོ། །དཀར་པོའི་ཆོས་བཞི་ཡང་། ཇི་སྐད་དུ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན། ཞེས་པ་ལ་སོགས་པ་གསུངས་སོ། །དེ་དག་གི་དོན་བསྡུ་ན། ཤེས་བཞིན་དུ་སྲོག་གི་ཕྱིར་ཡང་བརྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ ཅད་དགེ་བ་ལ་འགོད་ཅིང་དེ་ཡང་ཐེག་པ་ཆེན་པོའི་དགེ་བ་ལ་འགོད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ཅིང་དེའི་ཡོན་ཏན་ཕྱོགས་བཅུར་བརྗོད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་ སྒྱུས་མ་ཡིན་པར་ལྷག་པའི་བསམ་པས་གནས་པར་བྱ་བའོ། །དེ་ལ་ནག་པོའི་ཆོས་དང་པོ་དེའི་དོན་བཤད་ན། བླ་མ་དང་། མཁན་པོ་དང་། སློབ་དཔོན་དང་། སྦྱིན་གནས་ལ་སོགས་པ་མཆོད་འོས་དག་ལ་བསླུ་སེམས་ཀྱིས་བརྫུན་སྨྲས་ ཏེ་མགོ་བསྐོར་ན། དེ་དག་གིས་ཚོར་རུང་མ་ཚོར་རུང་། དགྱེས་རུང་མ་དགྱེས་རུང་། ཁམ་ཆེ་རུང་ཆུང་རུང་། མགོ་འཁོར་རུང་མ་འཁོར་རུང་། ཐུན་ཚོད་ལས་འདས་པར་གཉེན་པོས་མ་སླེབ་ན་བྱང་སེམས་འཆོར་རོ། །དེའི་གཉེན་ 2-13-66b པོར་དཀར་པོའི་ཆོས་དང་པོ། ཤེས་བཞིན་དུ་སྲོག་གི་ཕྱིར་ཡང་བརྫུན་མི་སྨྲ་བ་དེ་ལ་གནས་པར་བྱའོ། །ནག་པོའི་ཆོས་གཉིས་པ་དེ་བཤད་ན། གཞན་དག་གིས་དགེ་བའི་ལས་བྱས་པ་ལ། འགྱོད་པ་བསྐྱེད་ དུ་གཞུག་པའི་བསམ་པས་འགྱོད་པ་བསྐྱེད་པ་སྟེ། ཁོ་འགྱོད་པ་སྐྱེས་སྤྱན་སྔ་བ་དང་བྱ་ཡུལ་བའི་ཞལ་ནས་ཐེག་ཆེན་གྱི་ལས་གསུངས། རྒྱ་ཡོན་བདག་གིས་ཐེག་པ་ཆེ་ཆུང་གང་ཡང་འདྲ་གསུང་། སྦྱིན་པའི་དབང་དུ་བྱས་ན། སྦྱིན་པ་བྱས་པ་དེ་ལ་བྱ་བྱེད་ནི་བཟང་སྟེ། སང་གནང་ལྟོགས་པར་སོང་ནས། སྤྲང་དགོས་པར་མཆི་ཡི་ཟེར་བ་ལ་སོགས་པ་ལྟ་བུའོ། །རུང་མ་སྐྱེས་རུང་། ཐུན་ཚོད་ཀྱི་ནང་ཁོངས་སུ་གཉེན་པོས་མ་སླེབ་ན་བྱང་སེམས་འཆོར་རོ། །དེའི་གཉེན་པོར་དཀར་པོའི་ཆོས་གཉིས་པ་སེམས་ཅན་ཐམས་ཅད་དགེ་བ་ལ་ འགོད་ཅིང་། དེ་ཡང་ཐེག་པ་ཆེན་པོའི་དགེ་བ་ལ་འགོད་པ་ལ་འབད་པར་བྱའོ། །ནག་པོའི་ཆོས་གསུམ་པ་དེ་བཤད་ན། སེམས་བསྐྱེད་པའི་གང་ཟག་གཅིག་ལ་ཞེ་སྡང་པས་དེའི་སྐྱོན་བརྗོད་པ་སྟེ། དེ་ཡང་ཐ་མལ་གྱི་སྐྱོན་ནས་བརྗོད་ཀྱང་རུང་། ཆོས་ ཀྱི་སྐྱོན་ནས་བརྗོད་ཀྱང་རུང་། ངོར་ཡང་རུང་། ལྐོག་ཏུ་ཡང་རུང་། དམིགས་ཀྱིས་ཕྱེས་ཀྱང་རུང་། མ་ཕྱེས་ཀྱང་རུང་། འཇམ་པོས་ཀྱང་རུང་། རྩུབ་པོས་ཀྱང་རུང་། ཐོས་ཀྱང་རུང་། མ་ཐོས་ཀྱང་རུང་། དགའ་ཡང་རུང་། མ་དགའ་ ཡང་རུང་སྟེ། ཐུན་ཚོད་ཀྱི་ནང་ཁོངས་སུ་གཉེན་པོས་མ་སླེབ་ན་བྱང་སེམས་འཆོར་རོ། །དེའི་གཉེན་པོར་དཀར་པོའི་ཆོས་གསུམ་པ། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ཅིང་། དེའི་ཡོན་ ཏན་ཕྱོགས་བཅུར་བརྗོད་པ་དེ་ལ་འབད་པར་བྱའོ། །ནག་པོའི་ཆོས་བཞི་པ་དེ་བཤད་ན། སེམས་ཅན་གང་ཡང་རུང་བ་ལ་གཡོ་སྒྱུའི་བསམ་པས་ཟོལ་ཟོག་ཅིག་བྱས་པ་སྟེ། ཁོས་ཚོར་རུང་། མ་ཚོར་རུང་། ཁོ་ལ་གནོད་རུང་མ་གནོད་རུང་། ཐུན་ 2-13-67a ཚོད་ཀྱི་ནང་ཁོངས་སུ་གཉེན་པོས་མ་སླེབ་ན། བྱང་སེམས་འཆོར་བའོ། །དེའི་གཉེན་པོར་དཀར་པོའི་ཆོས་བཞི་པ། སེམས་ཅན་ལ་ལྷག་པའི་བསམ་པས་གནས་པར་བྱ་བ་ཞེས་པ་རང་དོན་ལ་མ་འཁྲིས་པར་ཕན་གདགས་ པར་འདོད་པའི་བསམ་པ་དེ་བྱའོ། །དམ་པའི་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ་ནི་རྣམ་པ་གསུམ་ཡིན་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །དེ་ལྟར་ཡང་བྱང་ཆུབ་ལམ་སྒྲོན་ལས། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་ནས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར། །ཞེས་གསུངས་སོ། །དེ་ལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་ པ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་གསུམ་ཡིན་ནོ། །ལྷག་པ་སེམས་ཀྱི་བསླབ་པ་ནི་བསམ་གཏན་ཡིན་ནོ། །ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི་ཤེས་རབ་ཡིན་ནོ། །བརྩོན་འགྲུས་ནི་གསུམ་ཆར་གྱི་གྲོགས་ཡིན་ ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ ཡང་གཏོགས། །ཤེས་གསུངས་སོ། །དེའི་ཕྱིར་ན། སྡོམ་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། །དེ་ལྟར་རྣམ་པ་དྲུག་པོ་འདིས། །འཇུག་པའི་སེམས་བསྐྱེད་བསླབ་བྱ་ 2-13-67b བསྡུས། །ཞེས་པའོ། །ལག་བཟངས་ཀྱིས་ཞུས་པའི་མདོ་ལས་ཀྱང་། ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་ རྟག་པར་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཀྱང་བསྡུས་དོན་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པ་ལ་གཉིས་ཀྱིས་ཤེས་ པར་བྱའོ། །དང་པོ་བསྡུས་དོན་རྣམ་པར་བཞག་པ་ལ། སྡོམ་ནི། གྲངས་ངེས་གོ་རིམ་ངེས་པ་དང་། །མཚན་ཉིད་དང་ནི་ངེས་ཚིག་དང་། །རབ་ཏུ་དབྱེ་དང་བསྡུ་བ་སྟེ། །དྲུག་གིས་ཕ་རོལ་ཕྱིན་དྲུག་བསྡུས། །ཞེས་པའོ། ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྲངས་ངེས་པ་ནི། མངོན་མཐོ་དང་ངེས་ལེགས་ཀྱི་དབང་དུ་བྱས་པ་སྟེ། མངོན་མཐོའི་དོན་གསུམ་དང་། ངེས་ལེགས་ཀྱི་དོན་གསུམ་མོ། །དེ་ལ་མངོན་མཐོའི་དོན་གསུམ་ནི། ལོངས་སྤྱོད་ཀྱི་དོན་དུ་སྦྱིན་པའོ། ། ལུས་ཀྱི་དོན་དུ་ཚུལ་ཁྲིམས་སོ། །འཁོར་གྱི་དོན་དུ་བཟོད་པའོ། །ངེས་ལེགས་ཀྱི་དོན་གསུམ་ནི། ཡོན་ཏན་འཕེལ་བར་བྱེད་པའི་དོན་དུ་བརྩོན་འགྲུས་སོ། །ཞི་གནས་ཀྱི་དོན་དུ་བསམ་གཏན་ནོ། །ལྷག་ མཐོང་གི་དོན་དུ་ཤེས་རབ་བོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་ནི་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །གོ་རིམ་ངེས་པ་ནི། རྒྱུད་ 2-13-68a ལ་སྐྱེ་བའི་གོ་རིམ་སྟེ། སྦྱིན་པས་ལོངས་སྤྱོད་ལ་མི་བལྟ་བར་ཚུལ་ཁྲིམས་ཡང་དག་པར་ལེན་ནོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་པར་འགྱུར་རོ། །བཟོད་པ་དང་ལྡན་པས་བརྩོན་འགྲུས་རྩོམ་ནུས་སོ། །བརྩོན་ འགྲུས་བརྩམ་ན་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་ན་དམན་པ་དང་མཆོག་གི་གོ་རིམ་སྟེ། གང་དམན་པ་ནི་སྔོན་དུ་བསྟན་ལ་མཆོག་ཏུ་གནས་པ་ནི་ ཕྱིས་བསྟན་པའོ། །ཡང་ན་ཕྲ་བ་དང་རགས་པའི་གོ་རིམ་སྟེ། གང་རག་རགས་སུ་གྱུར་པ་འཇུག་སླ་སླ་ན་སྔོན་དུ་བསྟན་ལ། གང་ཕྲ་ཕྲར་གྱུར་པ་འཇུག་དཀའ་དཀའ་ནི་ཕྱིས་བསྟན་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སྔ་མ་ལ་ བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པས་གནས་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཚན་ཉིད་ནི་ རྣམ་པ་བཞི་ལྡན་ཡིན་ཏེ། མི་མཐུན་པའི་ཕྱོགས་ཉམས་དམས་པར་བྱེད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པ་དང་། འདོད་པ་ཐམས་ཅད་རྫོགས་པར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ པ་རྣམ་པ་གསུམ་མོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། ། ཞེས་པ་ལ་སོགས་པ་གསུངས་སོ། །ངེས་ཚིག་ནི། དབུལ་བ་འདོར་བར་བྱེད་པས་ན་སྦྱིན་པའོ། །བསིལ་བ་ཐོབ་པར་བྱེད་པས་ན་ཚུལ་ཁྲིམས་སོ། །ཁྲོ་བ་བཟོད་པར་བྱེད་པས་ན་བཟོད་པའོ། །མཆོག་ལ་སྦྱོར་བར་བྱེད་པས་ན་ 2-13-68b བརྩོན་འགྲུས་སོ། །ཡིད་ནང་དུ་འཛིན་པར་བྱེད་པས་ན་བསམ་གཏན་ནོ། །འདིས་དོན་དམ་པ་ཤེས་པས་ན་ཤེས་རབ་བོ། །འདི་རྣམས་ཀྱིས་འཁོར་བའི་ཕ་རོལ་མྱ་ངན་ལས་འདས་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ཡང་། མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས་སོ། །རབ་ཏུ་དབྱེ་བ་ནི། སྦྱིན་པའི་སྦྱིན་པ། སྦྱིན་པའི་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་ཡང་དྲུག་དྲུག་ཏུ་དབྱེ་སྟེ། དེ་ལྟར་སུམ་ཅུ་རྩ་དྲུག་གོ། དེ་ལྟར་ཡང་མངོན་རྟོགས་རྒྱན་ལས། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། ། གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་གསུངས་སོ། །བསྡུ་བ་ནི་ཚོགས་རྣམ་པ་གཉིས་སུ་བསྡུས་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་བསོད་ནམས་ཀྱི་ཚོགས་ཡིན། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ ཡིན། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གསུམ་ཚོགས་གཉིས་ཀར་གཏོགས་པ་ཡིན་ནོ། །དེ་ལྟར་མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་ པོ་གཞན་ནི་གཉིས་ཀའི་སྟེ། །ཞེས་གསུངས་སོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་བཞག་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། ཡན་ལག་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། སྡོམ་ནི། སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །སྤེལ་དང་དག་པར་བྱ་བ་དང་། ། 2-13-69a འབྲས་བུ་དང་ནི་དོན་བདུན་གྱིས། །སྦྱིན་པའི་ཕ་རོལ་ཕྱིན་བསྡུས་སོ། །ཞེས་པའོ། །དེ་ལ་དང་པོ་བཤད་ན། གང་ཞིག་སྦྱིན་པ་དང་མི་ལྡན་ན་རང་ཡང་རྟག་ཏུ་བཀྲེན་པས་སྡུག་བསྔལ་ཏེ། ཕལ་ཆེར་ཡི་དྭགས་སུ་ སྐྱེ་ལ། གལ་ཏེ་མི་ལ་སོགས་པར་སྐྱེས་ན་ཡང་། དབུལ་ཞིང་ཕོངས་ནས་ཉམ་ཐག་པར་འགྱུར་བའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་གསུངས་སོ། །འདུལ་བ་ལུང་ལས་ཀྱང་། གྲོ་བཞིན་སྐྱེས་ལ་ཡི་དྭགས་ཀྱིས་ལན་བཏབ་པ། བདག་ཅག་སེར་སྣས་འཇུངས་པ་ཅན། །སྦྱིན་པ་ཅུང་ཟད་མ་བཏང་སྟེ། །བདག་ཅག་ཡི་ དྭགས་འཇིག་རྟེན་ལྷགས། །ཞེས་འབྱུང་ངོ་། །ཡང་སྦྱིན་པ་དང་མི་ལྡན་ན། གཞན་དོན་ཡང་མི་ནུས་ལ། བྱང་ཆུབ་ཀྱང་མི་ཐོབ་བོ། །དེ་ལྟར་ཡང་། སྦྱིན་གཏོང་མ་མྱོང་ལོངས་སྤྱོད་མེད། །སེམས་ཅན་བསྡུ་བར་ཡོངས་མི་ ནུས། །བྱང་ཆུབ་ཐོབ་པ་ལྟ་ཅི་སྨོས། །ཞེས་གསུངས་སོ། །དེ་ལས་བཟློག་སྟེ་སྦྱིན་པ་དང་ལྡན་ན་རང་ཡང་སྐྱེ་བ་ཐམས་ཅད་དུ་ལོངས་སྤྱོད་དང་ལྡན་ནས་བདེ་བ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་ དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །བཤེས་སྤྲིང་ལས་ཀྱང་། སྦྱིན་པ་ཚུལ་བཞིན་བསྩལ་གྱིས་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་ མཆོག་མ་མཆིས་སོ། །ཞེས་གསུངས་སོ། །དབུ་མ་འཇུག་པ་ལས་ཀྱང་། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་ 2-13-69b དང་པོར་སྦྱིན་པའི་གཏམ་མཛད་དོ། །ཅེས་གསུངས་སོ། །ཡང་སྦྱིན་པ་དང་ལྡན་ན་གཞན་དོན་བྱ་བ་ཡང་ནུས་ཏེ། སྦྱིན་པས་བསྡུས་ནས་དམ་ཆོས་ལ་དགོད་དུ་ཡོད་དོ། །དེ་ལྟར་ཡང་། སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ ཡོངས་སྨིན་བྱེད། །ཅེས་གསུངས་སོ། །ཡང་སྦྱིན་པ་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་ཀྱང་བསྒྲུབ་པར་སླ་བ་ཡིན་ནོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྦྱིན་པ་གཏོང་ལ་བྱང་ཆུབ་རྙེད་མི་དཀའ། །ཞེས་གསུངས་སོ། ། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་བོ། །ཞེས་གསུངས་སོ། །ཡང་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། བྱིན་པའི་ཡོན་ཏན་དང་མ་བྱིན་པའི་སྐྱོན་རྣམས་སྤེལ་མར་ གསུངས་ཏེ། ཇི་སྐད་དུ། གང་བྱིན་པ་དེ་ནི་བདག་གི་ཡིན་ནོ། །གང་ཁྱིམ་ན་བཞག་པ་དེ་ནི་བདག་གི་མ་ཡིན་ནོ། །གང་བྱིན་པ་དེ་ནི་སྙིང་པོ་ཅན་ནོ། །གང་ཁྱིམ་ན་བཞག་པ་དེ་ནི་སྙིང་པོ་མེད་པའོ། །གང་བྱིན་པ་དེ་ནི་བསྲུང་མི་འཚལ་ བའོ། །གང་ཁྱིམ་ན་བཞག་པ་དེ་ནི་བསྲུང་འཚལ་བའོ། །གང་བྱིན་པ་དེ་ནི་འཇིགས་པ་མེད་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་འཇིགས་པ་དང་བཅས་པའོ། །གང་བྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའོ། །གང་ཁྱིམ་ན་བཞག་ པ་དེ་ནི་བདུད་ཀྱི་ཕྱོགས་ཉེ་བར་སྟོན་པའོ། །གང་བྱིན་པ་དེ་ནི་ལོངས་སྤྱོད་ཆེན་པོར་འགྱུར་རོ། །གང་ཁྱིམ་ན་བཞག་པ་དེ་ནི་ལོངས་སྤྱོད་ཆེན་པོར་མི་འགྱུར་རོ། །གང་བྱིན་པ་དེ་ནི་ལོངས་སྤྱོད་ཟད་མི་ཤེས་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་ ཟད་པར་འགྱུར་རོ། །ཞེས་པ་ལ་སོགས་པ་གསུངས་སོ། །སྦྱིན་པའི་ངོ་བོ་ནི་མ་ཆགས་པའི་སེམས་ཀྱིས་བདོག་པ་ཡོངས་སུ་གཏོང་བའོ། །དེ་ལྟར་ཡང་བྱང་ས་ལས། སྦྱིན་པའི་ངོ་བོ་ཉིད་གང་ཞེ་ན། མ་ཆགས་པ་དང་ལྷན་ཅིག་སྐྱེས་ 2-13-70a པའི་སེམས་གང་ཡིན་པ་དང་། དེས་ཀུན་ནས་བསླང་པས་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའོ། །ཞེས་གསུངས་སོ། །སྦྱིན་པ་ལ་དབྱེ་ན་གསུམ་སྟེ། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་ པ་དང་། ཆོས་ཀྱི་སྦྱིན་པའོ། །དེ་ལ་ཟང་ཟིང་གི་སྦྱིན་པས་ནི་གཞན་གྱི་ལུས་བརྟན་པར་བྱེད་པའོ། །མི་འཇིགས་པའི་སྦྱིན་པས་ནི་གཞན་གྱི་སྲོག་བརྟན་པར་བྱེད་པའོ། །ཆོས་ཀྱི་སྦྱིན་པས་ནི་གཞན་གྱི་སེམས་བརྟན་པར་བྱེད་པའོ། །ཡང་ སྦྱིན་པ་དང་པོ་གཉིས་ཀྱིས་ནི་གཞན་ལ་ཚེ་འདིའི་བདེ་བ་སྒྲུབ་པ་ཡིན་ལ། ཆོས་ཀྱི་སྦྱིན་པས་ནི་ཕྱི་མའི་བདེ་བ་སྒྲུབ་པ་ཡིན་ནོ། །དེ་དག་སོ་སོའི་མཚན་ཉིད་བཤད་ན། དང་པོ་ཟང་ཟིང་གི་སྦྱིན་པ་ལ་གཉིས་ཏེ། མ་དག་པའི་སྦྱིན་པ་དང་། དག་པའི་སྦྱིན་པའོ། །དེ་ཡང་དང་པོ་ནི་སྤང་བར་བྱ་བའོ། །གཉིས་པ་ནི་ཉམས་སུ་བླང་བར་བྱ་བའོ། །དེ་ལ་ཡང་མ་དག་པའི་སྦྱིན་པ་ནི་བཞི་སྟེ། བསམ་པ་མ་དག་པ་དང་། དངོས་པོ་མ་དག་པ་དང་། ཞིང་མ་དག་པ་དང་། ཐབས་མ་ དག་པ་དང་། །དེ་ལ་བསམ་པ་མ་དག་པ་ནི། ལོག་པའི་བསམ་པ་དང་། དམན་པའི་བསམ་པའོ། །དེ་ལ་ལོག་པའི་བསམ་པས་སྦྱིན་པ་གཏོང་བ་ནི། གཞན་ལ་གནོད་པའི་ཕྱིར་སྦྱིན་པ་དང་། ཚེ་འདིའི་གྲགས་པ་འདོད་པའི་ ཕྱིར་སྦྱིན་པ་དང་། གཞན་དང་འགྲན་པའི་ཕྱིར་སྦྱིན་པའོ། །དེ་གསུམ་ཡང་བྱང་ཆུབ་སེམས་དཔས་སྤང་སྟེ། ཇི་སྐད་དུ་བྱང་ས་ལས། བྱང་ཆུབ་སེམས་དཔའ་ནི་གཞན་དག་བསད་པའམ། བཅིང་པའམ། ཆད་པས་ བཅད་པའམ། གོ་རར་གཞུག་པའམ། བསྐྲད་པའི་ཕྱིར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའ་ནི་གྲགས་པ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་པ་དང་། བྱང་ཆུབ་ 2-13-70b སེམས་དཔའ་ནི་གཞན་ལ་འགྲན་པའི་ཕྱིར་ཡང་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་གསུངས་སོ། །དམན་པའི་སྦྱིན་པ་ནི། ཚེ་ཕྱི་མ་ལ་དབུལ་གྱིས་དོགས་ནས་སྦྱིན་པ་དང་། ལྷ་མིའི་ལུས་དང་ལོངས་སྤྱོད་འདོད་ནས་སྦྱིན་པའོ། ། དེ་གཉིས་ཀ་ཡང་བྱང་ཆུབ་སེམས་དཔས་མི་བྱ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ནི་དབུལ་པོར་འགྱུར་དུ་དོགས་པའི་འཇིགས་པས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་པ་དང་། བྱང་ཆུབ་སེམས་དཔའ་ནི་བརྒྱ་བྱིན་ཉིད་དང་། འཁོར་ལོས་སྒྱུར་བ་ཉིད་དང་། དབང་ཕྱུག་ལ་བརྟེན་ཞིང་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ཞེས་གསུངས་སོ། །མ་དག་པའི་སྦྱིན་པ་གཞན་རྣམས་ཀྱང་། བྱང་ས་ལས་སྤང་བར་གསུངས་ཏེ། དེ་དག་གི་དོན་བསྡུ་ན། དངོས་པོ་མ་ དག་པ་སྤང་བ་ནི། བྱང་ཆུབ་སེམས་དཔས་རིན་ཆེན་ཕྲེང་བ་ལས། གང་ལ་དུག་ནི་ཕན་གྱུར་ན། །དེ་ལ་དུག་ཀྱང་སྦྱིན་པར་བྱ། །ཁ་ཟས་མཆོག་ཀྱང་མི་ཕན་ན། །དེ་ལ་དེ་ནི་སྦྱིན་མི་བྱ། །སྦྲུལ་གྱིས་ཟིན་པ་ཇི་ལྟ་བུར། །སོར་མོ་བཅད་པ་ཕན་བཤད་པ། །དེ་ནི་ཐུབ་པས་གཞན་ཕན་ལ། །མི་བདེ་བ་ཡང་བྱ་བར་གསུངས། །དུག་དང་མེ་དང་མཚོན་ཆ་ལ་སོགས་པ། ལེན་པ་པོ་ཁོ་རང་ལ་གནོད་པར་བྱ་བའམ། ཕ་རོལ་ལ་གནོད་པའི་ཕྱིར་སློང་ན་སྦྱིན་པར་མི་བྱེད་དོ། །རྒྱ་དང་རྔོན་གྱི་འཁྲུལ་འཁོར་དང་དེའི་ཐབས་ ལ་སོགས་པ་མདོར་ན་ གནོད་པར་འགྱུར་བ་དང་སྡུག་བསྔལ་དུ་འགྱུར་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །ཕ་དང་མ་སྦྱིན་པར་མི་བྱེད་དོ། །ཕ་དང་མ་གཏའ་མར་འཇུག་པར་མི་བྱེད་ དོ། །བུ་དང་ཆུང་མ་ལ་སོགས་པ་མི་དགའ་བཞིན་དུ་གཞན་འདོད་པ་རྣམས་ལ་སྦྱིན་པར་མི་བྱེད་དོ། །ལོངས་སྤྱོད་མང་པོ་ཡོད་བཞིན་དུ་ཉུང་ངུ་སྦྱིན་པར་མི་བྱེད་དོ། །བསགས་པའི་སྦྱིན་པ་མི་བྱེད་དོ། །ཞིང་མ་དག་པ་སྤང་བ་ནི། 2-13-71a བདུད་རིགས་ཀྱི་ལྷ་མཐོ་འཚམ་པའི་བསམ་པའི་ལུས་སློང་ན་ཡང་། རང་གི་ལུས་དང་ཡན་ལག་གསེ་ཞིང་སྦྱིན་པར་མི་བྱེད་དོ། །བདུད་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཅན་ནམ། སྨྱོས་པ་དང་སེམས་འཁྲུགས་ པའི་སེམས་ཅན་རྣམས་ལ་ཡང་ལུས་སྦྱིན་པར་མི་བྱེད་དོ། །དེ་དག་ནི་འདོད་པའི་དངོས་པོ་མེད་དེ། སེམས་ལ་རང་དབང་མེད་པའི་ཕྱིར་བླ་བརྡོལ་ཙམ་དུ་ཟད་དོ། །སེམས་ཅན་འགྲངས་ངོམས་ཅན་ལ་ཡང་བཟའ་བཏུང་སྦྱིན་པར་མི་བྱེད་ དོ། །ཐབས་མ་དག་པ་སྤང་བ་ནི། མི་དགའ་བ་དང་ཁྲོས་པ་དང་འཁྲུགས་པས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །ངན་པ་ལ་བརྙས་པ་དང་། མ་གུས་པ་དང་སྦྱར་ཏེ་སྦྱིན་པ་སྦྱིན་པར་མི་བྱེད་དོ། །སློང་བ་ལ་ཡང་འཕྱ་བ་དང་། སྡིགས་ པ་དང་། དཔའ་བཀོང་བས་སྦྱིན་པ་སྦྱིན་པར་མི་བྱེད་དོ། །དག་པའི་སྦྱིན་པ་ཉམས་སུ་བླང་བ་ལ་དོན་གསུམ་སྟེ། དངོས་པོ་དང་། ཞིང་དང་། ཐབས་སོ། །དང་པོ་ལ་ཡང་གཉིས་ཏེ། ནང་གི་དངོས་པོ་དང་། ཕྱིའི་དངོས་ པོའོ། །དེ་ལ་ནང་གི་དངོས་པོ་ནི། རང་གི་ལུས་སུ་གཏོགས་པ་སྟེ། དེ་ལྟར་ཡང་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། ཡོད་དེ་ཡོད་ན་ལག་པ་འདོད་པ་ལ་ལག་པ་སྦྱིན་ནོ། །རྐང་པ་འདོད་པ་ལ་རྐང་པ། མིག་འདོད་པ་ལ་ མིག །ཤ་འདོད་པ་ལ་ཤ། ཁྲག་འདོད་པ་ལ་ཁྲག །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བདག་གཞན་མཉམ་པའི་བློ་མ་སྐྱེས་པའི་དུས་སུ་ལུས་རིལ་པོར་བཏང་གིས། ལུས་བསེལ་ ཞིང་མི་བཏང་ངོ་། །དེ་ལྟར་ཡང་སྤྱོད་འཇུག་ལས། སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་བཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དོན་དུ། །དོན་ཆེན་འགྲུབ་པའི་རྒྱུར་བཏང་ངོ་། །ཞེས་གསུངས་སོ། །ཕྱིའི་དངོས་པོ་ནི། 2-13-71b བཟའ་བ་དང་བཏུང་བ་དང་། བགོ་བ་དང་བཞོན་པ་དང་། བུ་དང་ཆུང་མ་ལ་སོགས་པ་ཆོས་བཞིན་དུ་བསྒྲུབས་པ་རྣམས་སོ། །དེ་ལྟར་ཡང་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། ཕྱི་རོལ་གྱི་དངོས་པོ་འདི་ལྟ་སྟེ། ནོར་དང་། འབྲུ་དང་། དངུལ་དང་། གསེར་དང་། རིན་པོ་ཆེ་དང་། རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། བུ་དང་། བུ་མོ་དང་། ཞེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་ནི་ཕྱི་ནང་གི་དངོས་པོ་བདོག་ཚད་བཏང་བར་གནང་ཏེ། མདོ་ སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་ལུས་དང་ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་ཡོངས་མེད་དོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ནི་གཞན་ཐམས་ཅད་བཏང་གི། ཆོས་གོས་གསུམ་པོ་དེ་ནི་སྦྱིན་ པར་མ་གནང་ངོ་། །དེ་ལྟར་ཡང་སྤྱོད་འཇུག་ལས། ཆོས་གོས་གསུམ་མ་གཏོགས་པ་སྦྱིན། །ཞེས་གསུངས་ཏེ། ཆོས་གོས་རྣམས་བྱིན་ན་གཞན་དོན་ཉམས་པར་འགྱུར་བས་སོ། །ཞིང་ནི་བཞི་ལས། ཡོན་ཏན་གྱི་ཁྱད་པར་དུ་ བྱས་པའི་ཞིང་ནི། བླ་མ་དང་དཀོན་མཆོག་ལ་སོགས་པའོ། །ཕན་བཏགས་པས་ཁྱད་པར་དུ་བྱས་པའི་ཞིང་ནི། ཕ་དང་མ་ལ་སོགས་པའོ། །སྡུག་བསྔལ་བས་ཁྱད་པར་དུ་བྱས་པའི་ཞིང་ནི། ནད་པ་དང་། མགོན་མེད་པ་ལ་སོགས་ པའོ། །གནོད་པ་བྱེད་པས་ཁྱད་པར་དུ་བྱས་པའི་ཞིང་ནི་དགྲ་ལ་སོགས་པའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཡོན་ཏན་དང་ནི་ཕན་འདོགས་ཞིང་། །ཞེས་པ་ལ་སོགས་པ་གསུངས་སོ། །སྦྱིན་པ་གཏོང་བའི་ཐབས་ནི། བསམ་པ་ཕུན་སུམ་ ཚོགས་པས་སྦྱིན་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པས་སྦྱིན་པའོ། །དེ་ལ་དང་པོ་ནི་སྙིང་རྗེས་ཀུན་ནས་བསླངས་ནས་བྱང་ཆུབ་དང་སེམས་ཅན་གྱི་དོན་དུ་སྦྱིན་པའོ། །སྦྱོར་བ་ཕུན་སུམ་ཚོགས་པས་སྦྱིན་པ་ནི། ཇི་སྐད་དུ། བྱང་ཆུབ་སེམས་ 2-13-72a དཔའ་ནི་དད་པ་དང་། བཀུར་སྟི་དང་། རང་གི་ལག་པ་དང་། དུས་ལ་བབ་པ་དང་། གཞན་ལ་མི་གནོད་པར་སྦྱིན་པ་སྦྱིན་པར་བྱེད་དོ། །ཞེས་བྱང་ས་ལས་གསུངས་སོ། །དེ་ལ་དང་པོ་ནི། དུས་གསུམ་ དུ་དགའ་བ་དང་ལྡན་པ་སྟེ། སྦྱིན་པའི་སྔ་རོལ་དུ་ཡིད་དགའ་བ། སྦྱིན་པའི་ཚེ་སེམས་དང་བ་དང་། བྱིན་ཟིན་ནས་འགྱོད་པ་མེད་པའོ། །བཀུར་སྟི་ནི་གུས་པས་སྦྱིན་པའོ། །རང་གི་ལག་པ་ནི་གཞན་ལ་མ་བཅོལ་བར་སྦྱིན་པའོ། ། དུས་ལ་བབ་པ་ནི་རང་གིས་ཐོབ་པའི་དུས་སུ་སྦྱིན་པའོ། །གཞན་ལ་མི་གནོད་པ་ནི། རང་གི་འཁོར་དང་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ལ་མི་གནོད་པར་སྦྱིན་པའོ། །དེ་ཡང་རང་གི་རྫས་ཡིན་ཡང་རྫས་སྒྲུབ་པའི་འཁོར་རྣམས་ གདོང་མཆི་མ་དང་བཅས་པར་གྱུར་ན་ཡང་སྦྱིན་པར་མི་བྱེད་དོ། །ཡོངས་སུ་འཛིན་པ་དང་བཅས་པའི་ནོར་འཕྲོགས་སམ། བརྐུས་སམ། བསྙོན་ནས་ཀྱང་སྦྱིན་པར་མི་བྱེད་དོ། །ཡང་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ཕྱིར་ཞིང་སྦྱིན་པ་དང་། ཕྱོགས་མི་བྱེད་པར་སྦྱིན་པ་དང་། འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། དེ་ལ་ཕྱིར་ཞིང་སྦྱིན་པ་ཞེས་པ་ནི། སྦྱིན་བདག་གི་ཁྱད་པར་ཏེ་ཡང་དང་ཡང་དུ་སྦྱིན་པའོ། ། ཕྱོགས་མི་བྱེད་པར་སྦྱིན་པ་ཞེས་པ་ནི། ཞིང་གི་ཁྱད་པར་ཏེ་ཞིང་ལ་ཕྱོགས་རིས་མེད་པར་སྦྱིན་པའོ། །འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་ཞེས་པ་ནི། དངོས་པོའི་ཁྱད་པར་ཏེ་ལེན་པ་པོའི་བསམ་པ་དང་མཐུན་པར་ཅི་འདོད་པ་སྦྱིན་པའོ། ། ཟང་ཟིང་གི་སྦྱིན་པ་བཤད་ཟིན་ཏོ། །མི་འཇིགས་པའི་སྦྱིན་པ་ནི། ཆོམ་རྐུན་གྱི་འཇིགས་པ་དང་། གཅན་གཟན་གྱི་འཇིགས་པ་དང་། ནད་དང་ཆུ་ལ་སོགས་པས་འཇིགས་པ་དག་གི་སྐྱབས་བྱེད་པའོ། །དེ་ལྟར་ཡང་བྱང་ས་ལས། 2-13-72b མི་འཇིགས་པ་སྦྱིན་པ་ནི། སེང་གེ་དང་སྟག་དང་ཆུ་སྲིན་འཛིན་འཁྲི་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངས་སུ་བསྐྱབ་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །མི་འཇིགས་ པའི་སྦྱིན་པ་བཤད་ཟིན་ཏོ། །ཆོས་ཀྱི་སྦྱིན་པ་ལ་དོན་བཞི་སྟེ། སྦྱིན་པའི་ཡུལ་དང་། བསམ་པ་དང་། ཆོས་དངོས་དང་། ཆོས་བསྟན་པའི་ཐབས་སོ། །དེ་ལ་ཡུལ་ནི། ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཆོས་འདོད་པ་རྣམས་ལ་སྦྱིན་པའོ། ། བསམ་པ་ནི་ངན་པ་སྤངས་ཤིང་བཟང་པོ་བསྟེན་པ་སྟེ། དེ་ཡང་བསམ་པ་ངན་པ་སྤང་བ་ནི། རྙེད་བཀུར་དང་བསྟོད་གྲགས་ལ་སོགས་པ་ཟང་ཟིང་གི་སེམས་དང་བྲལ་བས་ཆོས་སྟོན་པའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། ཟང་ཟིང་མེད་པར་འགྲོ་ལ་ཆོས་ནི་རྗེས་སུ་སྟོན། །ཞེས་གསུངས་སོ། །འོད་སྲུང་གིས་ཞུས་པའི་མདོ་ལས་ཀྱང་། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་སྦྱིན་བྱེད་རྒྱལ་བས་རབ་ཏུ་བསྔགས། །ཞེས་གསུངས་སོ། ། བསམ་པ་བཟང་པོ་བརྟེན་པ་ནི། སྙིང་རྗེས་ཀུན་ནས་བསླངས་ནས་ཆོས་སྟོན་པའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། སྡུག་བསྔལ་ཟད་པར་བྱ་ཕྱིར་འཇིག་རྟེན་ཆོས་སྦྱིན་བྱེད། །ཅེས་གསུངས་སོ། །ཆོས་དངོས་ནི། མདོ་ལ་སོགས་པའི་དོན་མ་ནོར་བ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། བྱང་ས་ལས། ཆོས་ཀྱི་སྦྱིན་པ་ནི། ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་དང་། རིགས་པར་ཆོས་སྟོན་པ་དང་། བསླབ་པའི་གཞི་ཡང་དག་པར་འཛིན་དུ་འཇུག་པ་ སྟེ། ཞེས་གསུངས་སོ། །ཆོས་བསྟན་པའི་ཐབས་ནི། ཆོས་ཞུ་བ་ལ་དེ་མ་ཐག་ཏུ་བཤད་པར་མི་བྱ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་ 2-13-73a བསླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཞེས་དང་། འཕྲལ་དུ་བརྗོད་པར་མི་བྱའོ། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས་ སོ། །དེས་ན་ཆོས་འཆད་པའི་ཚེ་ཡང་ས་ཕྱོགས་གཙང་མ་ཡིད་དུ་འོང་བར་བཤད་པར་བྱ་སྟེ། དམ་ཆོས་པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་གདན་ནི་རབ་ཏུ་བཤམས་བཏིང་སྟེ། །ཞེས་ གསུངས་སོ། །དེར་ཆོས་ཀྱི་ཁྲི་ལ་བསྡད་ལ་བཤད་པར་བྱ་སྟེ། ཇི་སྐད་དུ། བཅོས་བུ་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང་། །ཞེས་གསུངས་སོ། །རང་ཡང་ཁྲུས་བྱ། གོས་ ལེགས་པར་བགོས། གཙང་སྦྲ་བྱས། སྤྱོད་ལམ་གཟབ་པས་ཆོས་བཤད་པར་བྱའོ། །དེ་ལྟར་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་སྨྲ་བས་གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་གཟོབ་པ་དང་། ལེགས་པར་བཀྲུས་ པ་དང་། ལེགས་པར་གོས་བགོ་བར་བྱའོ། །ཞེས་གསུངས་སོ། །དེ་ལྟར་འཁོར་ནི་འཁོད། ཁྲི་ལ་ནི་བསྡད་པའི་ཚེ་ཐོག་མར་བར་ཆད་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར། བདུད་ཀྱི་ནུས་པ་གཞོམ་པའི་སྔགས་བརྗོད་པར་བྱ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། འདི་ལྟ་སྟེ། ཏདྱ་ཐཱ། ཤ་མེ་ཤ་མ་ཝ་ཏི། ཤ་མི་ཏ་ཤ་ཏྲུཾ། ཨཾ་ཀུ་རེ། མཾ་ཀུ་རེ། མཱ་ར་ཛི་ཏེ་ཀ་རོ་ཊེ། ཀེ་ཡཱུ་རེ། ཏེ་ཛོ་ཝ་ཏི། ཨོ་ལོ་ཡ་ནི། བི་ཤུདྡྷ་ནིརྨ་ལེ་མ་ལཱ་པ་ན་ཡེ། ཁུ་ཁུ་རེ། ཁ་ཁ་ གྲ་སེ། གྲ་ས་ནེ། ཨོ་མུ་ཁི། པ་རཾ་མུ་ཁི། ཨ་མུ་ཁི། ཤ་མི་ཏཱ་ནི། སརྦ་གྲ་ཧ་བནྡྷ་ནཱ་ནེ། ནི་གྲི་ཧི་ཏྭ། སརྦ་པཱ་ར་པྲ་ཝཱ་དི་ན། བི་མུཀྟ་མཱ་ར་པཱ་ཤ སྠཱ་པི་ཏྭ། བུདྡྷ་མུ་དྲ། ཨ་ནུ་དྒ་ཏི་ཏཱ། སརྦ་མཱ་རེ། པུ་ཙ་ 2-13-73b རི་ཏ་པ་རི་ཤུདྡྷེ། བི་གཙྪནྟུ། སརྦ་མཱ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ། སྔགས་ཀྱི་ཚིག་འདི་དག་སྔོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱས་ན། དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་ཀྱི་རིགས་ཀྱི་ལྷ་རྣམས་མཐོ་འཚམ་པའི་ ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་གིས་ཀྱང་བར་ཆད་བྱེད་པར་མི་ནུས་སོ། །དེ་ནས་ཆོས་ཀྱི་ཚིག་འབྲེལ་བ་གསལ་བ་རན་པ་བཤད་པར་བྱའོ། །ཆོས་ཀྱི་སྦྱིན་པ་བཤད་ཟིན་ཏོ། །སྦྱིན་པ་སྤེལ་བ་ནི། སྦྱིན་པ་ གསུམ་པོ་དེ་དག་ཉུང་ངུ་ཡིན་ཡང་མང་པོར་སྒྱུར་བའི་ཐབས་ཡོད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མཁས་པ་ནི། སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད་དེ། ཡེ་ཤེས་ཀྱི་སྟོབས་ཀྱིས་ ལྷག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་གསུངས་སོ། །དེ་ལ་ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་པ་ཞེས་པ་ནི། འཁོར་གསུམ་ཡོངས་དག་ ཏུ་ཤེས་པ་སྟེ། སྦྱིན་པ་བྱེད་པ་པོ་ཡང་སྒྱུ་མ་ལྟ་བུ། སྦྱིན་པའི་དངོས་པོ་ཡང་སྒྱུ་མ་ལྟ་བུ། སྦྱིན་པར་བྱེད་པའི་ཡུལ་ཡང་སྒྱུ་མ་ལྟ་བུའོ། །སྦྱིན་པའི་བསོད་ནམས་མང་པོ་འབྱུང་བའི་དོན་དུ། ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་པ་ཞེས་པ་ནི། སྦྱིན་པ་གང་གཏོང་ཡང་། དང་པོར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་གཏོང་། བར་དུ་སྦྱིན་པའི་དངོས་པོ་ལ་ཞེན་པ་མེད། མཐར་སྦྱིན་པའི་རྣམ་སྨིན་ལ་རེ་བ་དང་བྲལ་ན། སྦྱིན་པའི་བསོད་ནམས་རྒྱས་པར་ཐོབ་བོ། །འཕགས་པ་སྡུད་པ་ལས་ཀྱང་། སྦྱིན་པ་བྱིན་ནས་དངོས་ལ་གནས་པ་མེད་པར་བྱེད། །དེ་ནི་ ནམ་དུའང་རྣམ་པར་སྨིན་ལ་རེ་བ་མེད། སྦྱིན་པར་བྱེད་པ་ཡང་རྒྱུ་མ་ལྟ་བུ། སྦྱིན་པར་བྱེད་པའི་ཡུལ་ཡང་རྒྱུ་མ་ལྟ་བུའོ། །དེ་ལྟར་གཏོང་བ་མཁས་པས་ཐམས་ཅད་གཏོང་བ་སྟེ། །ཆུང་ངུ་བཏང་ལ་མང་པོར་དཔག་ཏུ་མེད་པར་འགྱུར། །ཞེས་གསུངས་སོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་ཅེས་པ་ནི། 2-13-74a སྦྱིན་པ་དེ་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ན་དཔག་ཏུ་མེད་པར་འགྱུར་བའི་དོན་ཏོ། །དེས་ན་བྱང་ས་ལས། འབྲས་བུ་ལ་ལྟ་ཞིང་སྦྱིན་པ་སྦྱིན་པར་ཡང་མི་བྱེད་དོ། །སྦྱིན་པ་ཐམས་ ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །ཅེས་གསུངས་སོ། །བསྔོ་བས་ནི་འཕེལ་བ་གཅིག་པུར་མ་ཟད་ཀྱིས། མི་ཟད་པར་ཡང་འགྱུར་ཏེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ ཤཱ་ར་དྭ་ཏིའི་བུ། དཔེར་ན་ཆུ་ཐིགས་པ་གཅིག་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་པའི་མཐར་ཐུག་པའི་བར་དུ་བར་མ་དོར་ཟད་པ་མེད་དོ། །དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པ་ནི། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་ དུ་བར་མ་དོར་འགའ་ཡང་ཟད་པར་མི་འགྱུར་རོ། །ཞེས་གསུངས་སོ། །སྦྱིན་པ་དག་པར་བྱེད་པ་ནི། བསླབ་པ་ཀུན་ལས་བཏུས་པ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །ཞེས་ གསུངས་ཏེ། སྦྱིན་པ་དེ་དག་སྟོང་པས་ཟིན་པ་ནི་འཁོར་བའི་རྒྱུར་མི་འགྲོ་ལ། སྙིང་རྗེས་ཟིན་པ་ནི་ཐེག་པ་དམན་པའི་རྒྱུར་མི་འགྲོ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་འབའ་ཞིག་གི་རྒྱུར་འགྲོ་བས་ན་དག་པའོ། ། དེ་ལ་སྟོང་པས་ཟིན་པ་ནི། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། སྦྱིན་པ་ལ་སྟོང་པ་ཉིད་ཀྱི་རྒྱ་བཞིས་གདབ་པར་གསུངས་ཏེ། ཇི་སྐད་དུ། དེ་རྒྱ་བཞིས་བཏབ་ནས་སྦྱིན་པར་བྱེད་དེ། བཞི་གང་ཞེ་ན། ནང་ ལུས་སྟོང་པ་ཉིད་ཀྱི་རྒྱས་གདབ་པ་དང་། ཕྱིའི་ལོངས་སྤྱོད་སྟོང་པ་ཉིད་ཀྱི་རྒྱས་གདབ་པ་དང་། སེམས་ཡུལ་ཅན་སྟོང་པ་ཉིད་ཀྱི་རྒྱས་གདབ་པ་དང་། ཆོས་བྱང་ཆུབ་སྟོང་པ་ཉིད་ཀྱིས་རྒྱས་གདབ་པ་སྟེ། རྒྱ་བཞི་པོ་དེ་དག་ 2-13-74b གི་རྒྱས་བཏབ་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །ཅེས་གསུངས་སོ། །སྙིང་རྗེས་ཟིན་པ་ནི། སེམས་ཅན་རྣམས་ཀྱི་སྤྱི་འམ་བྱེ་བྲག་གི་སྡུག་བསྔལ་མ་བཟོད་ནས་སྦྱིན་པའོ། །སྦྱིན་པའི་འབྲས་བུ་ནི། མཐར་ཐུག་དང་གནས་ སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་ཡང་བྱང་ས་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །གནས་སྐབས་སུ་ནི་ཟང་ཟིང་གི་སྦྱིན་པ་བཏང་བས། མི་འདོད་ཀྱང་རང་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར། གཞན་ཡང་སྦྱིན་པས་བསྡུས་ནས་མཆོག་ལ་སྦྱོར་བ་བྱེད་ནུས་སོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་གསུངས་སོ། །བྱང་ས་ལས། ཟས་བྱིན་པས་ནི་སྟོབས་ཅན་འགྱུར། །གོས་བྱིན་པས་ནི་ཁ་དོག་ལྡན། །བཞོན་པ་ བྱིན་པས་བདེ་འགྱུར་བརྟན། །མར་མེ་བྱིན་པས་མིག་དང་ལྡན། །ཞེས་གསུངས་སོ། །མི་འཇིགས་པའི་སྦྱིན་པ་བཏང་བས་ནི་བདུད་དང་བར་ཆད་ཀྱིས་མི་ཚུགས་པར་འགྱུར་བའོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། འཇིགས་ལ་མི་ འཇིགས་སྦྱིན་པ་ཡིས། །བདུད་རྣམས་ཀུན་གྱིས་མི་ཚུགས་ཤིང་། །སྟོབས་པོ་ཆེ་ཡི་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །ཆོས་ཀྱི་སྦྱིན་པ་བཏང་བས་ནི་སངས་རྒྱས་དང་མྱུར་དུ་མཇལ་ནས་འགྲོགས་པ་དང་། འདོད་པ་ཐམས་ཅད་མྱུར་དུ་ 2-13-75a ཐོབ་བོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཆོས་ཉན་པ་ལ་སྦྱིན་པ་དག །སྒྲིབ་པ་མེད་པར་བྱས་པ་ཡིས། །སངས་རྒྱས་རྣམས་དང་འགྲོགས་པ་ཉིད། །འདོད་པ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་སོ། ། དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། སྡོམ་ནི། སྐྱོན་ཡོན་རྣམ་གཉིས་བསྟན་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །སྤེལ་དང་དག་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བསྡུས། །ཤེས་པའོ། ། དེ་ལ་དང་པོ་བཤད་ན། གང་ཞིག་སྦྱིན་པ་དང་ལྡན་ཡང་ཚུལ་ཁྲིམས་དང་མི་ལྡན་ན། དེས་ལྷ་མི་རྣམ་པར་དག་པ་ལྟ་བུའི་ལུས་ཕུན་སུམ་ཚོགས་པ་མི་ཐོབ་བོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། ། སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་མི་ལྡན་ན་དམ་པའི་ཆོས་དང་མི་ཕྲད་དོ། །དེ་ལྟར་ཡང་ཚུལ་ཁྲིམས་དང་ལྡན་པའི་མདོ་ལས། ཇི་ལྟར་མིག་མེད་གཟུགས་མཐོང་མི་འགྱུར་བ། །དེ་ བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་མི་ལྡན་ན་ཁམས་གསུམ་འཁོར་བ་ལས་མི་ཐར་རོ། །དེ་ལྟར་ཡང་མདོ་དེ་ཉིད་ལས། ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་མི་ལྡན་ན་སངས་རྒྱས་ཀྱི་ལམ་མ་ཚང་བས་བླ་མེད་ཀྱི་བྱང་ཆུབ་མི་ཐོབ་བོ། །དེ་དག་ལས་བཟློག་སྟེ་ཚུལ་ཁྲིམས་དང་ལྡན་ན་ལུས་ཕུན་སུམ་ཚོགས་པ་ཐོབ་བོ། །དེ་ལྟར་ 2-13-75b ཡང་འཕགས་པ་སྡུད་པ་ལས། ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་ལྡན་ན། བདེ་ལེགས་ཐམས་ཅད་ཀྱི་གཞི་ཐིངས་པ་ཡིན་ནོ། ། དེ་ལྟར་ཡང་བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཤེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་ལྡན་ན་ཞིང་ས་གཤིན་པ་དང་འདྲ་སྟེ། དེ་ལ་བརྟེན་ནས་ཡོན་ཏན་ གྱི་ལོ་ཐོག་ཐམས་ཅད་འཕེལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་ ལྡན་ན་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཡང་སྐྱེའོ། །དེ་ལྟར་ཡང་ཟླ་བ་སྒྲོན་མའི་མདོ་ལས། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་ལྡན་ན་སྨོན་ལམ་ཅི་ བཏབ་པ་འགྲུབ་བོ། །དེ་ལྟར་ཡང་ཡབ་སྲས་མཇལ་བའི་མདོ་ལས། ཚུལ་ཁྲིམས་རྣམ་དག་གང་བསྲུང་བས། །སྨོན་ལམ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་ལྡན་ན་བྱང་ཆུབ་བསྒྲུབ་པར་སླ་བ་ཡིན་ནོ། ། དེ་ལྟར་ཡང་མདོ་དེ་ཉིད་ལས། ཁྲིམས་གཙང་ཕན་འདོགས་མང་བས་ན། །བྱང་ཆུབ་གྲུབ་པ་ཡོངས་མི་དཀའ། །ཞེས་གསུངས་སོ། །དེ་ལ་སོགས་པའི་ཡོན་ཏན་ཡོད་དེ། ཇི་སྐད་དུ། ཚུལ་ཁྲིམས་དང་ལྡན་པའི་མདོ་ལས། ཚུལ་ཁྲིམས་ ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཅེས་པ་ལ་སོགས་པ་གསུངས་སོ། །ཚུལ་ 2-13-76a ཁྲིམས་ཀྱི་ངོ་བོ་ནི་ཡོན་ཏན་བཞི་ལྡན་ཡིན་ཏེ། ཇི་སྐད་དུ་བྱང་ས་ལས། ཡོན་ཏན་བཞི་དང་ལྡན་པ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཕ་རོལ་ལས་ལེགས་པར་ཡང་དག་པར་བླངས་ པ་དང་། བསམ་པ་ཤིན་ཏུ་རྣམ་པར་དག་པ་དང་། ཉམས་པར་གྱུར་ན་ཕྱིར་གསོ་བར་བྱེད་པ་དང་། མི་ཉམས་པར་བྱ་བའི་ཕྱིར་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པའོ། །ཞེས་གསུངས་ཏེ། ཡོན་ཏན་བཞི་པོ་འདི་དག་ཀྱང་མདོར་བསྡུས་ ན། ལེན་པ་དང་བསྲུང་བ་གཉིས་སོ། །དེ་ལ་ལེན་པ་ནི་ཚིག་དང་པོའོ། །བསྲུང་བ་ནི་ཚིག་ཕྱི་མ་གསུམ་མོ། །ཚུལ་ཁྲིམས་ལ་དབྱེ་ན་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་དང་པོ་ནི་སེམས་གནས་པར་བྱེད་པའོ། །གཉིས་པ་ནི་རང་རྒྱུད་ཀྱི་ཆོས་སྨིན་པར་བྱེད་པའོ། །གསུམ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །དེ་དག་སོ་སོའི་མཚན་ཉིད་བཤད་ན། སྡོམ་པའི་ཚུལ་ཁྲིམས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལ་ཐུན་མོང་བ་ནི། སོ་སོར་ཐར་པ་རིས་བདུན་པོའོ། །དེ་ལྟར་ཡང་བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི། སོ་སོར་ཐར་པའི་ སྡོམ་པ་ཡང་དག་པར་བླངས་པ། རིས་བདུན་པོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། དེ་ཡང་ཁྱིམ་པ་དང་ རབ་ཏུ་བྱུང་བའི་ཕྱོགས་ལ་ཅི་རིགས་པར་རིག་པར་བྱའོ། །ཞེས་གསུངས་སོ། །འདི་དག་ཀྱང་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན་ཏེ། དེ་ཡང་སོ་སོར་ཐར་པ་རང་རྐྱ་བ་ནི་རང་དོན་དུ་ལོག་པ་ཡིན་ལ། བྱང་ཆུབ་སེམས་ 2-13-76b དཔའ་ནི་གཞན་དོན་དུ་ལོག་པ་ཡིན་ནོ། །དེ་ལྟར་ཡང་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། དེ་རྒྱལ་སྲིད་ཀྱི་ཕྱིར་ཚུལ་ཁྲིམས་མི་བསྲུང་། མཐོ་རིས་ཀྱི་ཕྱིར་མ་ཡིན། བརྒྱ་བྱིན་གྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། ལོངས་ སྤྱོད་ཀྱི་ཕྱིར་མ་ཡིན། དབང་ཕྱུག་གི་ཕྱིར་མ་ཡིན། གཟུགས་ཀྱི་ཕྱིར་མ་ཡིན། དེ་བཞིན་དུ་སྦྱར་ཏེ། དམྱལ་བའི་འཇིགས་པས་འཇིགས་ནས་ཚུལ་ཁྲིམས་བསྲུང་བ་མ་ཡིན། དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་དང་། གཤིན་ རྗེའི་འཇིག་རྟེན་གྱིས་འཇིགས་སྐྲག་པས་ཚུལ་ཁྲིམས་བསྲུང་བ་མ་ཡིན་ཏེ། གཞན་དུ་ན་སངས་རྒྱས་ཀྱི་ཚུལ་ལ་དགོད་པའི་ཕྱིར་ཚུལ་ཁྲིམས་བསྲུང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དོན་དུ་གཉེར་བས་ཚུལ་ཁྲིམས་བསྲུང་ ངོ་། །ཞེས་གསུངས་སོ། །ཐུན་མོང་མ་ཡིན་པ་ལ། སློབ་དཔོན་ཞི་བ་ལྷ་ནི། ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ནས། རྒྱལ་པོའི་རྩ་བའི་ལྟུང་བ་ལྔ། བློན་པོའི་རྩ་བའི་ལྟུང་བ་ལྔ། ལས་དང་པོ་པའི་རྩ་བའི་ལྟུང་བ་བརྒྱད་དེ། མིང་དུ་བཅོ་བརྒྱད། རྫས་སུ་བཅུ་བཞི་པོ་སྤོང་བ་ལ་བསླབ་པའོ། །ཞེས་བཞེད་དོ། །དེ་ལྟར་ཡང་། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་ པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་ པ་དང་། །གྲོང་ལ་སོགས་པ་འཇིག་པ་དག །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང་། ། 2-13-77a སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེན་པོར་སྦྱོར་བ་དང་། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་ དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིགས་བཅད་རྒྱུ་ཡི་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །དཀོན་མཆོག་གསུམ་ནི་སྦྱིན་བྱེད་དང་། །སྦྱིན་པ་ ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་གསུངས་སོ། ། ཇོ་བོ་གསེར་གླིང་པ་ནི། བྱང་ཆུབ་སེམས་དཔའི་སའི་རྗེས་སུ་འབྲངས་ནས། ཕམ་པའི་གནས་ལྟ་བུ་བཞི་དང་། ཉེས་བྱས་བཞི་བཅུ་རྩ་དྲུག་སྤོང་བ་ལ་བསླབ་པའོ། །ཞེས་བཞེད་དོ། །དེ་ལ་ཕམ་པའི་གནས་ལྟ་བུ་བཞི་ནི། བྱང་སའི་དོན་བསྡུས་པ་སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་ པར། །ཁྲོས་ནས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་སོ། །ཉེས་བྱས་བཞི་བཅུ་རྩ་དྲུག་ཀྱང་དེ་ཉིད་ལས། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་ པའི་སེམས་ཀྱི་རྗེས་སུ་འཇུག །ཅེས་པ་ལ་སོགས་པ་གསུངས་སོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པའི་འོག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར་ལུས་དང་ངག་གི་ 2-13-77b དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། མདོར་བསྡུས་ན། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན་ནོ། །དེ་ཡང་གང་ཞེ་ན། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་བརྟེན་ཞིང་གནས་ནས། ཐོས་པ་དང་ བསམ་པ་དང་སྒོམ་པ་དང་གཅིག་པུར་དགའ་བ་ལ་བརྩོན་པར་བྱེད་དོ། །བླ་མ་རྣམས་ལ་བཀུར་སྟི་དང་རིམ་གྲོ་བྱེད་པ་དང་། ནད་པ་ལ་རིམ་གྲོ་དང་ནད་གཡོག་བྱེད་པ་དང་། ལེགས་པར་སྦྱིན་ཞིང་ཡོན་ཏན་བསྒྲག་པ་དང་། གཞན་གྱི་བསོད་ནམས་ ལ་ཡི་རང་ཞིང་བརྙས་པ་ལ་བཟོད་པ་དང་། དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་འདེབས་པ་དང་། དཀོན་མཆོག་མཆོད་ཅིང་བརྩོན་འགྲུས་རྩོམ་པ་དང་། བག་ཡོད་པར་གནས་པ་དང་། བསླབ་པ་དྲན་པ་དང་། ཤེས་བཞིན་གྱིས་བསྲུང་བ་དང་ དབང་པོའི་སྒོ་བསྲུང་ཞིང་ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། སྐྱེས་བུ་དམ་པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། རང་གི་འཁྲུལ་པ་ལ་བརྟགས་ནས་དེ་འཆགས་ ཤིང་གཏོང་བ་སྟེ། དེ་ལྟ་བུའི་ཆོས་རྣམས་བསྒྲུབ་པ་དང་། བསྲུང་བ་དང་། རྣམ་པར་འཕེལ་བར་བྱེད་པ་ནི། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱ་བའོ། །ཞེས་གསུངས་སོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། མདོར་ བསྡུས་ན་རྣམ་པ་བཅུ་གཅིག་ཏུ་རིག་པར་བྱ་སྟེ། གང་ཞེ་ན། བྱང་ས་ལས། བྱ་བ་དོན་དང་ལྡན་པ་ལ་གྲོགས་སུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། ཐབས་མི་ཤེས་པ་ལ་རིག་པ་ སྟོན་པ་དང་། བྱས་པ་བཟོ་ཞིང་ཚོར་ཏེ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལས་བསྲུང་བ་དང་། སྡུག་བསྔལ་བ་རྣམས་ཀྱི་མྱ་ངན་སེལ་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབ་པ་དང་། ཆོས་ཀྱི་འཁོར་ལེགས་ 2-13-78a པར་སྡུད་པ་དང་། སེམས་དང་མཐུན་པར་འཇུག་པ་དང་། ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱིས་སྐྲག་པ་དང་། འདུན་པར་བྱེད་པའོ། །ཞེས་གསུངས་ སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གཞན་དད་ཅིང་རང་མི་ཉམས་པར་བྱ་བའི་ཆེད་དུ། སྒོ་གསུམ་གྱི་འདུ་བྱེད་མ་དག་པ་སྤོང་ཞིང་། དག་པ་གསུམ་བརྟེན་པར་བྱའོ། །དེ་ལ་ལུས་ཀྱི་འདུ་བྱེད་མ་དག་པ་ནི། དགོས་པ་དང་བྲལ་བའི་ མཆོང་རྒྱུག་ལ་སོགས་པ་དམུ་རྒོད་ཀྱི་སྤྱོད་པ་སྟེ་དེ་དག་སྤང་ངོ་། །འདུ་བྱེད་དག་པ་ནི། དལ་བ་དང་འཇམ་པ་ལ་གནས་ཏེ། བཞིན་འཛུམ་པ་དང་བཅས་པར་བྱའོ། །དེ་ལྟར་ཡང་། དེ་ལྟར་རང་དབང་ཡོད་ཀྱིས་ཏེ། །རྟག་ཏུ་འཛུམ་ པའི་བཞིན་དུ་གྱིས། །ཁྲོ་གཉེར་ངོ་འཛུམ་ཡོངས་སྤོངས་ཏེ། །འགྲོ་བའི་བཤེས་དང་གསོང་པོར་གྱིས། །ཞེས་གསུངས་སོ། །གཞན་བལྟ་བའི་ཚེ་ཇི་ལྟར་བལྟ་ན། མིག་གིས་སེམས་ཅན་བལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག ། སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་དུ་བལྟ། །ཞེས་གསུངས་པ་ལྟར་རོ། །འདུག་པའི་ཚེ་ཇི་ལྟར་འདུག་ན། རྐང་པ་བརྐྱངས་ཏེ་མི་འདུག་ཅིང་། །ལག་པ་མཉམ་པར་མི་མཉེའོ། །ཞེས་གསུངས་པ་ལྟར་རོ། ། ཟས་ཟ་བའི་ཚེ་ཇི་ལྟར་ཟ་ན། ཡང་ཇི་སྐད་དུ། ཁ་བཀང་བ་དང་སྒྲ་བཅས་དང་། །ཁ་གདངས་ནས་ནི་བཟའ་མི་བྱ། །ཞེས་གསུངས་པ་ལྟར་རོ། །སྤྱོད་ལམ་གྱི་ཚེ་ཇི་ལྟར་བྱ་ན། ཁྲི་ལ་སོགས་པ་བབ་བཅོལ་དུ། །སྒྲ་དང་བཅས་པས་མི་འདོར་ རོ། །སྒོ་ཡང་དྲག་ཏུ་མི་དབྱེ་སྟེ། །རྟག་ཏུ་བཅོམ་སྐྱུང་དགའ་བར་བྱ། །ཞེས་གསུངས་པ་ལྟར་རོ། །ཉལ་བའི་ཚེ་ཇི་ལྟར་ཉལ་ན། ཇི་སྐད་དུ། མགོན་པོ་མྱ་ངན་འདས་གཟིམས་ལྟར། །འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཅེས་ 2-13-78b གསུངས་པ་ལྟར་རོ། །ངག་གི་འདུ་བྱེད་མ་དག་པ་ནི། སྨྲ་བ་མང་པོ་དང་། སྨྲ་བ་རྣོན་པོ་སྤངས་པའོ། །དེ་ཡང་སྨྲ་བ་མང་པོའི་ཉེས་པ་ནི། འཕགས་པ་དཀོན་མཆོག་སྤྲིན་ལས་གསུངས་ཏེ། ཇི་སྐད་དུ། བྱིས་པ་དམ་པའི་ཆོས་ལས་ རབ་ཏུ་ཉམས། །སེམས་ནི་མི་མཉེན་རབ་ཏུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག་དང་རབ་ཏུ་རིང་། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། རྟག་ཏུ་བླ་མ་རྣམས་ལ་གུས་པ་མེད། །སྦགས་པའི་གཏམ་དག་ལ་ནི་དགའ་བ་སྐྱེ། ། སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། ཞེས་པ་ལ་སོགས་པ་གསུངས་སོ། །སྨྲ་བ་རྣོན་པོའི་ཉེས་པ་ནི། ཟླ་བ་སྒྲོན་མའི་མདོ་ལས། གང་གིས་འཁྲུལ་པ་ཅི་མཐོང་ཡང་། །དེ་ དག་ཉེས་པར་མི་བསྒྲག་སྟེ། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ལ་ལྟུང་བ་གླེང་ན་བྱང་ཆུབ་དང་ རིང་དུ་འགྱུར་རོ། །ཕྲག་དོག་གིས་གླེང་ན་བྱང་ཆུབ་དང་རིང་དུ་འགྱུར་རོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་སྨྲ་བ་མང་པོ་དང་། རྣོན་པོ་སྤང་བར་བྱའོ། །ངག་གི་འདུ་བྱེད་དག་པར་ཇི་ལྟར་སྨྲ་ཞེ་ན། ཇི་སྐད་དུ། སྨྲ་ན་ཡིད་ ཕབས་འབྲེལ་བ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤང་བ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་གསུངས་པ་ལྟར་རོ། །ཡིད་ཀྱི་འདུ་བྱེད་མ་དག་པ་ནི། རྙེད་པ་དང་བཀུར་སྟི་ལ་ཞེན་པ་དང་། གཉིད་དང་ རྨུགས་པ་ལ་ཆགས་པ་ལ་སོགས་ཡིན་ནོ། །དེ་ཡང་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་ཉེས་པ་ནི། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་བསྐྱེད་པར་ 2-13-79a བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཞེ་སྡང་བསྐྱེད་པར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཏི་མུག་བསྐྱེད་པར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཡོ་བསྐྱེད་པར་རིག་པར་བྱའོ། །རྙེད་པ་དང་བཀུར་ སྟི་ནི་སངས་རྒྱས་ཐམས་ཅད་ཀྱིས་མི་གནང་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཕ་རོལ་འབྲིད་པའི་སྨད་འཚོང་མ་དང་འདྲ་བར་བརྟག་པར་བྱའོ། །ཞེས་པ་ལ་སོགས་ པ་གསུངས་སོ། །རྙེད་པ་རྙེད་ཀྱང་ངོམས་པར་མི་འགྱུར་ཏེ། ཡབ་སྲས་འཇལ་བའི་མདོ་ལས། རྨི་ལམ་རྨིས་པའི་ཆུ་ལྟ་བུར། །འཐུངས་ཀྱང་ངོམས་པར་མི་འགྱུར་བ། །དེ་ལྟར་འདོད་པའི་ཡོན་ཏན་རྣམས། །བསྙེན་ན་ངོམས་པར་མི་འགྱུར་ རོ། །ཞེས་གསུངས་སོ། །དེ་ལྟར་བརྟགས་ནས་འདོད་པ་ཆུང་བར་བྱ། ཆོག་ཤེས་པར་བྱའོ། །གཉིད་ལ་དགའ་བའི་ཉེས་པ་ཡང་། ཇི་སྐད་དུ། གང་ཞིག་གཉིད་དང་རྨུགས་ལ་དགར་གྱུར་པ། །དེ་ཡིས་ཤེས་རབ་ཤིན་ཏུ་ཉམ་ཆུང་འགྱུར། ། དེ་ཡིས་བློ་ཡང་ཡོངས་སུ་ཉམ་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་དེ་ཉམས་འགྱུར། །ཞེས་པ་དང་། གང་ཞིག་གཉིད་དང་རྨུགས་ལ་དགའ་གྱུར་པ། །མི་ཤེས་ལེ་ལོ་སྙོམ་ལས་ཤེས་རབ་འཆལ། །དེ་ལ་མི་མ་ཡིན་པས་གླགས་རྙེད་ དེ། །ནགས་ན་གནས་པའི་ཚེ་ན་འཚེ་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་དེ་དག་སྤང་བར་བྱའོ། །ཡིད་ཀྱི་འདུ་བྱེད་དག་པ་ནི། དད་པ་ལ་སོགས་པ་སྔར་བསྟན་པ་དེ་དག་ལ་གནས་པར་བྱའོ། །ཚུལ་ཁྲིམས་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བསྟན་པ་ལྟར་རོ། །ཚུལ་ཁྲིམས་དག་པར་བྱེད་པ་ནི། སྟོང་པ་ཉིད་དང་སྙིང་རྗེས་ཟིན་པ་སྟེ་གོང་དུ་བསྟན་པ་ལྟར་རོ། །ཚུལ་ཁྲིམས་ཀྱི་འབྲས་བུ་ནི། མཐར་ཐུག་དང་ 2-13-79b གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །གནས་སྐབས་སུ་ནི་མི་འདོད་ཀྱང་འཁོར་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་སྟེ། དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་ བུ་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔས་ལྷ་དང་མིའི་དཔལ་ཕུན་སུམ་ཚོགས་པ་མྱོང་བར་མི་འགྱུར་བ་གང་ཡང་མེད་དོ། །ཅེས་གསུངས་སོ། །འཁོར་བའི་བདེ་སྐྱིད་དེས་ཀྱང་ཟིལ་གྱིས་མི་ནོན་པར་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་ འགྱུར་ཏེ། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལས་ཡོངས་སུ་མི་ཉམས་ཏེ། དེ་ལ་ཡང་བག་ཡོད་ཅིང་བྱང་ཆུབ་འདོད་པ་ཡིན་ནོ། །བརྒྱ་ བྱིན་ལས་ཡོངས་སུ་མི་ཉམས་ཏེ། དེ་ལ་ཡང་བག་ཡོད་ཅིང་བྱང་ཆུབ་འདོད་པ་ཡིན། ཞེས་པ་ལ་སོགས་པ་གསུངས་སོ། །ཡང་ཚུལ་ཁྲིམས་དང་ལྡན་པ་དེ་མི་དང་མི་མ་ཡིན་པ་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར་བར་འགྱུར་ཏེ། ཇི་སྐད་དུ། དེ་ཉིད་ལས། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ལྷ་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན། ཀླུ་རྣམས་ཀྱིས་རྟག་ཏུ་བསྔགས་པ་ཡིན། གནོད་སྦྱིན་རྣམས་ཀྱིས་རྟག་ཏུ་བསྟོད་པ་ཡིན། དྲི་ཟ་རྣམས་ཀྱིས་ རྟག་ཏུ་མཆོད་པ་ཡིན། བྲམ་ཟེ་དང་རྒྱལ་རིགས་དང་། ཚོང་དཔོན་དང་ཁྱིམ་བདག་རྣམས་ཀྱིས་རྟག་ཏུ་གསོལ་བ་ཡིན། སངས་རྒྱས་རྣམས་ཀྱིས་རྟག་ཏུ་དགོངས་པ་ཡིན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་རྟག་ཏུ་དབང་ 2-13-80a བསྐུར་བ་ཡིན། ཞེས་པ་ལ་སོགས་པ་གསུངས་སོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ། སྡོམ་ནི། སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །སྤེལ་དང་དག་པ་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །བཟོད་པའི་ཕ་རོལ་ཕྱིན་བསྡུས་ སོ། །ཞེས་པའོ། །དེ་ལ་དང་པོ་བཤད་ན། གང་ཞིག་སྦྱིན་པ་ཚུལ་ཁྲིམས་གཉིས་དང་ལྡན་ཡང་བཟོད་པ་དང་མི་ལྡན་ན། དེ་ལ་ཁོང་ཁྲོ་སྐྱེའོ། །ཁོང་ཁྲོ་སྐྱེས་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྔར་བྱས་ཀྱི་དགེ་བ་ཐམས་ཅད་དུས་ གཅིག་ལ་ཟད་པར་འགྱུར་རོ། །དེ་ལྟར་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཁོང་ཁྲོ་ཞེས་བྱ་བ་ནི། བསྐལ་པ་བརྒྱ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་འཇོམས་པ་སྟེ། ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། བསྐལ་པ་ སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་སོ། །ཡང་བཟོད་པ་དང་མི་ལྡན་ན། ཞེ་སྡང་ཁོང་དུ་ཞུགས་པས། མདའ་དུག་ཁོང་དུ་ཞུགས་པ་དང་འདྲ་སྟེ། ཡིད་ལ་ཟུག་རྔུ་ལངས་ནས་དགའ་བདེ་དང་ཞི་བ་མི་མྱོང་སྟེ། ཐ་མ་གཉིད་ཀྱང་མི་ཕེབས་པའོ། །དེ་ལྟར་ཡང་། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བ་ཉམས་མི་མྱོང་། །དགའ་ དང་བདེ་བའང་མི་ཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །ཞེས་པ་དང་། མདོར་ན་ཁྲོ་བ་བདེར་གནས་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །ཡང་བཟོད་པ་དང་མི་ལྡན་ན། ཁོང་དུ་ཞེ་སྡང་ཞུགས་པས་ 2-13-80b ཕྱི་རོལ་དུ་ཁྲོ་གཏུམ་འབྱུང་སྟེ། དེས་མཛའ་བཤེས་དང་གཡོག་འཁོར་ཐམས་ཅད་སྐྱོ་ཞིང་སུན་ནས། ནོར་ཟས་བྱིན་ཡང་འཁོར་དུ་མི་བཏུབ་བོ། །དེ་ལྟར་ཡང་དེ་ཡི་མཛའ་བཤེས་སྐྱོ་བར་འགྱུར། །སྦྱིན་པས་བསྡུས་ཀྱང་རྟེན་མི་བྱེད། ། ཅེས་གསུངས་སོ། །ཡང་བཟོད་པ་དང་མི་ལྡན་ན། བདུད་ཀྱིས་གླགས་རྙེད་ནས་བར་ཆད་འཇུག་གོ། དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སེམས་སྡང་བར་གྱུར་པ་ལ་བདུད་ཀྱིས་གླགས་རྙེད་ནས་བར་ཆད་འཇུག་གོ ། ཞེས་གསུངས་སོ། །ཡང་བཟོད་པ་དང་མི་ལྡན་ན། སངས་རྒྱས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་མ་ལོངས་པས་བླ་མེད་ཀྱི་བྱང་ཆུབ་མི་ཐོབ་བོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། སྡང་ཞིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། ། ཅེས་གསུངས་སོ། །དེ་ལས་བཟློག་སྟེ་བཟོད་པ་དང་ལྡན་ན། དེ་ཉིད་དགེ་བའི་རྩ་བ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །དེ་ལྟར་ཡང་། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། ། སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་གསུངས་སོ། །ཡང་བཟོད་པ་དང་ལྡན་ན། གནས་སྐབས་སུ་ཡང་བདེ་ལེགས་ཐམས་ཅད་ཐོབ་བོ། །དེ་ལྟར་ཡང་། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་ གསུངས་སོ། །ཡང་བཟོད་པ་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་ཐོབ་བོ། །དེ་ལྟར་ཡང་ཡབ་སྲས་མཇལ་བའི་མདོ་ལས། ཁྲོ་བ་སངས་རྒྱས་ལམ་མིན་ཞེས། །རྟག་ཏུ་བྱམས་པ་སྒོམ་པ་ན། །བྱང་ཆུབ་དེ་ལས་སྐྱེ་བར་འགྱུར། །ཞེས་གསུངས་སོ། ། བཟོད་པའི་ངོ་བོ་ནི། ཇི་མི་སྙམ་པ་སྟེ། བྱང་ས་ལས། ཟང་ཟིང་མེད་པའི་སེམས་དང་། སྙིང་རྗེ་འབའ་ཞིག་གིས་ཇི་མི་སྙམ་པ་གང་ཡིན་པ་འདི་ནི། མདོར་བསྡུས་ན། བྱང་ཆུབ་སེམས་དཔའི་བཟོད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། ། 2-13-81a ཞེས་གསུངས་སོ། །བཟོད་པ་ལ་དབྱེ་ན་གསུམ་སྟེ། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་ པའོ། །དེ་ལ་དང་པོ་ནི། གནོད་པ་བྱེད་པའི་སེམས་ཅན་གྱི་རང་བཞིན་ལ་དཔྱད་ནས་བཟོད་པར་བྱེད་པའོ། །གཉིས་པ་ནི། སྡུག་བསྔལ་གྱི་ངོ་བོ་ལ་དཔྱད་ནས་བཟོད་པར་བྱེད་པའོ། །གསུམ་པ་ནི། ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་ པ་ཉིད་ལ་སོ་སོར་བརྟགས་པའི་སྒོ་ནས་བཟོད་པར་བྱེད་པའོ། །ཡང་དང་པོ་གཉིས་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་བཟོད་པ་སྒོམ་པ་ཡིན། ཕྱི་མ་དོན་དམ་གྱི་དབང་དུ་བྱས་པའོ། །དེ་དག་སོ་སོའི་མཚན་ཉིད་བཤད་ན། དེ་ལ་དང་པོ་ནི། བདག་གམ་བདག་གི་བ་ལ་བརྡེག་པ་དང་། གཤེ་བ་དང་། ཁྲོ་བ་དང་། མཚང་འབྲུ་བ་ལ་སོགས་པ་མི་འདོད་པ་བྱེད་པ་དང་། འདོད་པའི་བགེགས་བྱེད་པ་བདག་གིས་བཟོད་པར་བྱེད་པའོ། །དེ་ལ་བཟོད་པ་གང་ཞེ་ན། མི་འཁྲུག་པ་དང་། ཕྱིར་གནོད་ པ་མི་བྱེད་པ་དང་། སེམས་ལ་མི་འཛིན་པ་གང་ཡིན་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་ཡང་། སློབ་དཔོན་ཞི་བ་ལྷའི་ལྟར་ན། གཞན་དག་བདག་ལ་གནོད་པར་བྱེད་པ་དེ། ཁོ་ལ་རང་དབང་མེད་པར་བརྟག་པ་དང་། རང་གི་ལས་ཀྱི་ཉེས་པ་ བརྟག་པ་དང་། ལུས་ཀྱི་ཉེས་པར་བརྟག་པ་དང་། སེམས་ཀྱི་ཉེས་པར་བརྟག་པ་དང་། སྐྱོན་ཅན་ཁྱད་མེད་དུ་འགྱུར་བ་བརྟག་པ་དང་། ཕན་འདོགས་པར་བརྟག་པ་དང་། དྲིན་ཆེ་བར་བརྟག་པ་དང་། སངས་རྒྱས་མཉེས་པར་བརྟག་པ་དང་། ཕན་ཡོན་ཆེ་བར་བརྟགས་ལ་བཟོད་པར་བྱ་བར་གསུངས་སོ། །དེ་ལ་དང་པོ་ནི། ལྷ་སྦྱིན་ལྟ་བུ་བདག་ལ་གནོད་པར་བྱེད་པ་དེ་ནི་ཞེ་སྡང་གིས་རང་དབང་མེད་ལ། ཞེ་སྡང་ནི་ཡུལ་ཡིད་དུ་མི་འོང་བས་དབང་མེད་དེ། དེས་ན་ཁོ་ལ་རང་དབང་མེད་ 2-13-81b པ་ཡིན་པས། བདག་གིས་ལན་བྱ་བར་མི་རིགས་སོ། །དེ་ལྟར་ཡང་། དེ་ལྟར་ཐམས་ཅད་གཞན་གྱི་དབང་། །དེ་ཡི་དབང་གིས་དེ་དབང་མེད། །དེ་ལྟར་ཤེས་ན་སྤྲུལ་ལྟ་བུའི། །དངོས་པོ་ཀུན་ལ་མི་ཁྲོ་འགྱུར། །ཞེས་གསུངས་སོ། ། རང་གི་ལས་ཀྱི་ཉེས་པར་བརྟག་པ་ནི། བདག་གིས་ད་ལྟ་མྱོང་བའི་གནོད་པ་འདི། ཁོ་ན་འདྲ་བ་གཅིག་སྐྱེ་བ་སྔ་མ་ལ་བྱས་པས་གནོད་པ་འདི་བྱུང་བ་ཡིན། དེས་ན་རང་གི་ལས་ངན་གྱིས་ཉེས་པས་ན་གཞན་ལ་ལན་བྱ་བར་མི་རིགས་སོ། ། དེ་ལྟར་ཡང་། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཤེས་གསུངས་སོ། །རང་གི་ལུས་ཀྱི་ཉེས་པར་བརྟག་པ་ནི། རང་ལུས་འདི་མེད་ན་ཕ་རོལ་པོས་མཚོན་ཆ་ལ་སོགས་པ་བརྡེག་ས་མི་རྙེད་དེ། དེས་ན་ལུས་འདི་ཡོད་པས་གནོད་པ་དེ་བྱུང་བ་ཡིན་ལ། གཞན་ལ་ལན་བྱ་བར་མི་རིགས་སོ། །དེ་ལྟར་ཡང་། དེ་ཡི་མཚོན་དང་བདག་གི་ལུས། །གཉིས་ ཀ་སྡུག་བསྔལ་རྒྱུ་ཡིན་ཏེ། །དེས་མཚོན་བདག་གིས་ལུས་ཕྱུང་ན། །གང་ཞིག་ལ་ནི་ཁྲོ་བར་བྱ། །ཞེས་གསུངས་སོ། །སེམས་ཀྱི་ཉེས་པར་བརྟག་པ་ནི། རང་སེམས་འདིས་ལུས་བཟང་པོ་གཞན་གྱིས་གནོད་པར་བྱ་བ་མི་འཛིན་པར། ལུས་ ངན་པ་གཟེར་དག་ཅན་བཟུང་བས་གནོད་པས་ཚུགས་པ་ཡིན། དེས་ན་རང་གི་སེམས་ཀྱིས་ལན་པས། གཞན་ལ་ལན་བྱ་བར་མི་རིགས་སོ། །དེ་ལྟར་ཡང་། ཤུ་བ་མི་ཡི་གཟུགས་འདྲ་བ། །རེག་ཏུ་མི་བཟོད་སྡུག་བསྔལ་ཅན། ། སྲེད་ལྡོངས་བདག་གིས་བཟུང་གྱུར་ན། །དེ་ལ་གནོད་པ་སུ་ལ་ཁྲོ། །ཞེས་གསུངས་སོ། །སྐྱོན་ཅན་ཁྱད་མེད་དུ་འགྱུར་བར་བརྟག་པ་ནི། ཇི་སྐད་དུ། ལ་ལ་རྨོངས་ཏེ་ཉེས་པ་བྱེད། །ལ་ལ་རྨོངས་ཏེ་ཁྲོས་གྱུར་ན། །དེ་ལ་སྐྱོན་མེད་གང་ 2-13-82a གིས་བྱ། །སྐྱོན་དང་བཅས་དེ་གང་ཞིག་ཡིན། །ཞེས་གསུངས་ཏེ། དེས་ན་སྐྱོན་ལ་འཛེམས་ལ་བཟོད་པར་བྱའོ། །ཕན་འདོགས་པར་བརྟག་པ་ནི། གནོད་བྱེད་ལ་བརྟེན་ནས་བཟོད་པ་སྒོམ། བཟོད་པ་བསྒོམས་ པས་སྡིག་པ་བྱང་། སྡིག་པ་བྱང་བས་ཚོགས་རྫོགས། ཚོགས་རྫོགས་པས་འཚང་རྒྱ་སྟེ། དེས་ན་གནོད་བྱེད་འདི་དོན་གྱིས་ཕན་འདོགས་ཆེན་པོ་ཡིན་པས་བཟོད་པར་བྱའོ། །དེ་ལྟར་ཡང་། འདི་དག་ལ་ནི་བརྟེན་བཅས་ནས། ། བཟོད་པས་བདག་སྡིག་མང་དུ་བྱང་། །ཞེས་པ་ལ་སོགས་པ་གསུངས་སོ། །དྲིན་ཆེ་བར་བརྟག་པ་ནི། བྱང་ཆུབ་བསྒྲུབ་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མེད་དུ་མི་བཏུབ་ལ། བཟོད་པ་སྒོམ་པ་ལ་གནོད་བྱེད་མེད་དུ་མི་བཏུབ་སྟེ། དེས་ན་ གནོད་བྱེད་འདི་ཆོས་ཀྱི་གྲོགས་པོ་དྲིན་ཅན་ཡིན་པས་གནོད་པ་ལ་བཟོད་པར་བྱའོ། །དེ་ལྟར་ཡང་། བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པ། །བདག་གིས་དགྲ་ལ་དགའ་བར་བྱ། །འདི་དག་བདག་གིས་བསྒྲུབས་པས་ན། །དེ་ཕྱིར་བཟོད་པའི་འབྲས་ བུ་འདི། །ཐོག་མར་འདི་ལ་བརྡར་འོས་ཏེ། །འདི་ལྟར་དེ་ནི་བཟོད་པའི་རྒྱུ། །ཞེས་གསུངས་སོ། །སངས་རྒྱས་མཉེས་པར་བརྟག་པ་ནི། ཇི་སྐད་དུ། གཞན་ཡང་གཡོ་མེད་གཉེན་གྱུར་པ། །ཕན་པ་དཔག་མེད་མཛད་རྣམས་ལ། ། སེམས་ཅན་མགུ་བྱ་མ་གཏོགས་པ། །གཞན་གང་ཞིག་གིས་ལན་ལོན་འགྱུར། །ཞེས་གསུངས་སོ། །ཕན་ཡོན་ཆེ་བར་བརྟག་པ་ནི། ཇི་སྐད་དུ། འདི་དག་མགུ་བྱ་མང་པོ་ཞིག །འདི་ལྟར་ཕུན་སུམ་ཕ་རོལ་ཕྱིན། །ཞེས་གསུངས་སོ། ། བྱང་ས་ལས། འདུ་ཤེས་ལྔ་བསྐྱེད་ལ་བཟོད་པ་སྒོམ་པར་གསུངས་ཏེ། ཇི་སྐད་དུ། གནོད་པ་བྱེད་པ་དེ་ལ་སྙིང་དུ་སྡུག་པའི་འདུ་ཤེས་དང་། ཆོས་ཙམ་དུ་རྗེས་སུ་འབྲང་བའི་འདུ་ཤེས་དང་། མི་རྟག་པའི་འདུ་ཤེས་དང་། །སྡུག་ 2-13-82b བསྔལ་བའི་འདུ་ཤེས་དང་། ཡོངས་སུ་བཟུང་བའི་འདུ་ཤེས་སོ། །ཞེས་གསུངས་སོ། །དེ་ལ་དང་པོ་ནི། ད་ལྟ་གནོད་བྱེད་ཀྱི་སེམས་ཅན་འདི་སྔོན་གྱི་ཚེ་རབས་གཞན་དུ་ཕ་མའམ། སྤུན་ཟླའམ། སློབ་དཔོན་མ་བྱས་པ་ནི་མེད་ལ། དེ་དག་གིས་བདག་ལ་ཕན་པར་བྱས་པ་ནི་གྲངས་ཀྱིས་མི་ཆོད་པས། ད་ལྟ་གནོད་པ་འདི་འདྲ་བ་ལ་བདག་ལན་བྱེད་པ་མི་འཐད་སྙམ་དུ་སྙིང་དུ་སྡུག་པའི་འདུ་ཤེས་ཀྱིས་བཟོད་པར་བྱའོ། །ཆོས་ཙམ་དུ་རྗེས་སུ་འབྲང་བའི་འདུ་ཤེས་ནི། གནོད་པར་ བྱེད་པ་འདི་ནི་རྐྱེན་ལ་རག་ལས་པ་དང་། འདུ་ཤེས་ཙམ་ཆོས་ཙམ་དུ་ཟད་དོ། །འདི་ལ་ནི་གཤེ་བར་བྱེད་པའམ། བརྡེག་པ་དང་། མཚང་འབྲུ་བ་དང་། བརྒྱད་བཀག་བྱེད་པའི་བདག་གམ་སེམས་ཅན་ནམ་སྲོག་གམ། སྐྱེ་བ་པོ་གང་ཡང་མེད་དོ། ། སྙམ་དུ་བསམས་ནས་བཟོད་པར་བྱེད་པའོ། །མི་རྟག་པའི་འདུ་ཤེས་ནི། སེམས་ཅན་ནི་མི་རྟག་སྟེ་འཆི་བའི་ཆོས་ཅན་ཡིན་ལ། གནོད་པའི་མཆོག་ནི་སྲོག་དང་འབྲལ་བ་ཡིན་ཏེ། དེ་ལྟར་ན་སེམས་ཅན་རང་བཞིན་གྱིས་འཆི་བས་སྲོག་བཅད་ མི་དགོས་སྙམ་དུ་བསམས་ནས་བཟོད་པར་བྱེད་པའོ། །སྡུག་བསྔལ་བའི་འདུ་ཤེས་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱིས་ཉེན་ལ། བདག་གིས་དེ་དག་བསལ་བར་བྱའི་སྡུག་བསྔལ་བསྒྲུབ་པར་མི་བྱའོ་སྙམ་སྟེ། དེ་ཉིད་སྡུག་ བསྔལ་བའི་འདུ་ཤེས་ཀྱིས་གནོད་པ་ལ་བཟོད་པར་བྱེད་པའོ། །ཡོངས་སུ་བཟུང་བའི་འདུ་ཤེས་ནི། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱའོ། །ཞེས་སེམས་ཅན་ཐམས་ཅད་ཆུང་མའི་ཚུལ་དུ་ཡོངས་སུ་བཟུང་སྟེ། དེ་ལྟར་ཡོངས་སུ་བཟུང་ནས་གནོད་པ་ཕྲན་ཚེགས་ལ་ལན་བྱེད་པར་མི་རིགས་སོ་སྙམ་ནས་བཟོད་པར་བྱེད་པའོ། །གཉིས་པ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ནི། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་སྡུག་བསྔལ་རྣམས་ཀྱིས་མི་སྐྱོ་བར་དགའ་བའི་ 2-13-83a སེམས་ཀྱིས་དང་དུ་བླང་བའོ། །དེ་ཡང་བྱང་ས་ལས། གནས་ལ་བརྟེན་པའི་སྡུག་བསྔལ་ལ་སོགས་སྡུག་བསྔལ་བརྒྱད་དང་དུ་བླང་བར་གསུངས་སོ། །དེ་ཡང་དོན་གྱིས་འདི་རྣམས་ཡིན་ཏེ། རབ་ཏུ་བྱུང་ནས་ཆོས་གོས་དང་ བསོད་སྙོམས་ལ་སོགས་པའི་རྩོལ་བའི་སྡུག་བསྔལ་དང་། དཀོན་མཆོག་དང་བླ་མ་མཆོད་ཅིང་བསྙེན་བཀུར་བ་དང་། ཆོས་ཉན་པ་དང་། བཤད་པ་དང་། ཁ་ཏོན་དང་། བསྒོམ་པ་དང་། ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། སེམས་ཅན་གྱི་དོན་སྔ་མ་བཞིན་དུ་བཅུ་གཅིག་པོ་དེ་བྱེད་པ་ལ་སོགས་པ་རྩོལ་བ་ལས་བྱུང་བའི་སྡུག་བསྔལ་ཏེ། ངལ་བ་དང་། དུབ་པ་དང་། ཚ་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པ་དང་། སེམས་ཀྱི་འཁྲུག་པ་ལ་སོགས་པ་ཐམས་ཅད་ཀྱིས་ མི་སྐྱོ་བར་དང་དུ་ལེན་པའོ། །དེ་ཡང་དཔེར་ན། ནད་དྲག་པོའི་སྡུག་བསྔལ་ཞི་བར་བྱ་བའི་ཆེད་དུ་གཏར་གས་ནད་འཆོས་པ་ལ་སོགས་པའི་སྡུག་བསྔལ་དང་དུ་ལེན་པ་བཞིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་བསྒྲུབ་པ་ཡི། ། སྡུག་བསྔལ་འདི་ནི་ཚོད་ཡོད་དེ། །ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར། །ལུས་རྨ་གཏོད་པའི་སྡུག་བསྔལ་བཞིན། །ཞེས་གསུངས་སོ། །དེ་ལྟར་ཆོས་ཀྱི་སྡུག་བསྔལ་དང་དུ་བླངས་ནས་འཁོར་བའི་གཡུལ་ངོ་བཟློག་ཅིང་ཉོན་མོངས་པའི་ དགྲ་འཇོམས་པ་ནི་དཔའ་བོ་ཆེན་པོ་ཡིན་ནོ། །ཐ་མལ་པའི་དགྲ་རང་བཞིན་གྱིས་འཆི་བ་བསད་པ་ནི་འཇིག་རྟེན་ན་དཔའ་བོར་གྲགས་ཀྱང་དེ་ལྟ་མ་ཡིན་ཏེ། རོ་ལ་མཚོན་བརྡེག་པ་དང་འདྲའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། སྡུག་བསྔལ་ཐམས་ཅད་ ཁྱད་བསད་ནས། །ཞེ་སྡང་ལ་སོགས་དགྲ་འཇོམས་པ། །དེ་དག་རྒྱལ་བྱེད་དཔའ་བོ་སྟེ། །ལྷག་མ་རོ་ལ་གསོད་པ་ཡིན། །ཞེས་གསུངས་སོ། །གསུམ་པ་ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་ནི། བྱང་ས་ལས། དཀོན་མཆོག་གི་ 2-13-83b ཡོན་ཏན་ལ་སོགས་པ་གནས་བརྒྱད་ལ་མོས་པ་ཡིན་པར་གསུངས་སོ། །ཡང་དེ་ཁོ་ན་ཉིད་ཀྱི་དོན་བདག་རྣམ་པ་གཉིས་ཀྱིས་སྟོང་པའི་རང་བཞིན་ལ་མོས་ཤིང་བཟོད་པའོ། །བཟོད་པ་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བསྟན་པ་ལྟར་རོ། །བཟོད་པ་དག་པར་བྱེད་པ་ནི། སྟོང་པ་དང་། སྙིང་རྗེས་ཟིན་པ་སྟེ། གོང་དུ་བསྟན་པ་ལྟར་རོ། །བཟོད་པའི་འབྲས་བུ་ནི། མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་ པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་ཡང་བྱང་ས་ལས། བཟོད་པ་རྒྱ་ཆེ་ཞིང་ཚད་མེད་ལ་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱུང་བ་འདི་དག་ལ་བརྟེན་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །གནས་སྐབས་སུ་ནི་དེ་ལ་མ་དམིགས་ཀྱང་། ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་པ་དང་། ནད་མེད་པ་དང་། སྙན་གྲགས་དང་། ཚེ་རིང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ ཐོབ་བོ། །དེ་ལྟར་ཡང་སྤྱོད་འཇུག་ལས། འཁོར་ཚེ་བཟོད་པས་མཛེས་སོགས་དང་། །ནད་མེད་པ་དང་གྲགས་པ་ཡིས། །ཤིན་ཏུ་ཡུན་རིང་འཚོ་བ་དང་། །འཁོར་ལོས་སྒྱུར་བའི་བདེ་རྒྱས་ཐོབ། །ཅེས་གསུངས་སོ། །དམ་ཆོས་ཡིད་ བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། སྡོམ་ནི། སྐྱོན་ ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །སྤེལ་དང་དག་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་བསྡུས་སོ། །ཞེས་པའོ། །དེ་ལ་དང་པོ་བཤད་ 2-13-84a ན། གང་ཞིག་སྦྱིན་པ་ལ་སོགས་པ་དེ་དག་དང་ལྡན་ཡང་། བརྩོན་འགྲུས་མེད་ན་ལེ་ལོ་ཅན་ཡིན་ཏེ། ལེ་ལོ་ཡོད་ན་དགེ་བ་མི་འགྲུབ། གཞན་དོན་མི་ནུས། བྱང་ཆུབ་མི་ཐོབ་བོ། །དེ་ལྟར་ཡང་བློ་གྲོས་རྒྱ་ མཚོས་ཞུས་པའི་མདོ་ལས། ལེ་ལོ་ཅན་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་ལ་ནི་གཞན་དོན་བྱ་བ་མེད་དོ། །ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ཞེས་གསུངས་སོ། །དེ་ལས་བཟློག་ སྟེ། བརྩོན་འགྲུས་དང་ལྡན་ན། དཀར་པོའི་ཡོན་ཏན་ཐམས་ཅད་མི་འགྲིབ་ཅིང་འཕེལ་བར་འགྱུར་རོ། །དེ་ལྟར་ཡང་། སྡུད་པ་ལས། བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་ བང་མཛོད་རྙེད་པར་འགྱུར། །ཞེས་གསུངས་སོ། །ཡང་བརྩོན་འགྲུས་དང་ལྡན་ན། འཇིག་ཚོགས་ཀྱི་རི་བོ་ལས་རྒལ་ནུས་པ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། །ཞེས་ གསུངས་སོ། །ཡང་བརྩོན་འགྲུས་དང་ལྡན་ན་བླ་མེད་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་འཚང་རྒྱ། །ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ ཀྱང་། བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ། །ཞེས་གསུངས་སོ། །གང་པོས་ ཞུས་པའི་མདོ་ལས་ཀྱང་། རྟག་ཏུ་བརྩོན་འགྲུས་གང་བརྩམས་པ། །དེ་ལ་བྱང་ཆུབ་ཡོང་མི་དཀའ། །ཞེས་གསུངས་སོ། །བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་སྤྲོ་བའོ། །དེ་ལྟར་ཡང་། ཆོས་མངོན་པ་ཀུན་ལས་བཏུས་པ་ལས། 2-13-84b བརྩོན་འགྲུས་གང་ཞེ་ན། ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བའོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་གྱི་འགྲེལ་པ་ལས་ཀྱང་། དགེ་ལ་ཡང་དག་སྤྲོ་བ་དང་། །ཞེས་བྱ་བ་ནི་ངོ་བོ་ཉིད་དེ། ཞེས་གསུངས་སོ། །དེ་ཡང་ མི་མཐུན་པའི་ཕྱོགས་ལེ་ལོའི་གཉེན་པོ་ཞེས་པ་ལ། ལེ་ལོ་ལ་གསུམ་སྟེ། སྙོམ་ལས་ཀྱི་ལེ་ལོ་དང་། སྒྱིད་ལུག་པའི་ལེ་ལོ་དང་། སྨད་པའི་ལེ་ལོའོ། །དེ་ལ་སྙོམ་ལས་ཀྱི་ལེ་ལོ་ནི། ཉལ་བ་དང་། གཉེས་པ་དང་། གཉིད་ལ་ སོགས་པ་ཡིད་དལ་གྱི་བདེ་བ་ལ་ཆགས་པ་སྟེ། དེ་དག་སྤང་བར་བྱའོ། །དེ་ཅིའི་ཕྱིར་སྤང་ཞེ་ན། ཚེ་ལ་ལོང་མེད་པའི་ཕྱིར་རོ། །དེ་ལྟར་ཡང་མདོ་ལས། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་བསྒྲུབ་པར་མི་བྱེད། ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། མྱུར་བ་ཉིད་དུ་འཆི་འགྱུར་བས། །ཇི་སྲིད་དུ་ནི་ཚོགས་ བསག་བྱ། །ཞེས་གསུངས་སོ། །འཆི་ཁར་ཚོགས་བསགས་པས་ཆོག་གམ་སྙམ་ན། དུས་ཐུག་ནས་བསག་ལོང་མི་འོང་སྟེ། ཇི་སྐད་དུ། དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པས་ཅི་ཞིག་བྱ། །ཅེས་གསུངས་སོ། །དགེ་ བ་མ་ཟིན་གྱི་བར་དུ་བདག་ནི་མི་འཆིའོ་སྙམ་ན། བློ་ལྟོས་མེད་དེ། ཇི་སྐད་དུ། ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་གསུངས་སོ། ། འོ་ན་སྙོམ་ལས་ཀྱི་ལེ་ལོ་དེ་ཇི་ལྟར་སྤང་ན། པང་དུ་སྦྲུལ་འོང་བ་ལྟར་འདོར་བའམ། མགོ་ལ་མེ་ཤོར་བ་གསོད་པ་ལྟར་སྤང་ངོ་། །དེ་ལྟར་ཡང་སྤྱོད་འཇུག་ལས། དེ་བས་པང་དུ་སྦྲུལ་འོང་ན། །ཇི་ལྟར་རིངས་པར་ལྡང་བ་ལྟར། ། 2-13-85a དེ་བཞིན་གཉིད་དང་སྙོམ་འོང་ན། །མྱུར་དུ་དེ་དག་བཟློག་པར་བྱ། །ཞེས་གསུངས་སོ། །བཤེས་སྤྲིང་ལས་ཀྱང་། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་ མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཤེས་གསུངས་སོ། །སྒྱིད་ལུག་པའི་ལེ་ལོ་ནི། བདག་ལྟ་བུ་ངན་པས་འབད་པ་བྱས་ཀྱང་བྱང་ཆུབ་ག་ལ་ཐོབ་སྙམ་ནས་སེམས་ཞུམ་པ་ཡིན་ཏེ། དེ་ལྟར་ དུ་ཞུམ་མི་དགོས་པས་སྒྱིད་ལུག་དེ་སྤང་བར་བྱའོ། །ཇི་ལྟར་ཞུམ་མི་དགོས་སྙམ་ན། ཇི་སྐད་དུ། སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། ། བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་གསུངས་པ་ལྟར་རོ། །སྨད་པའི་ལེ་ལོ་ནི། དགྲ་འདུལ་བ་དང་རྫས་བསགས་པ་ལ་སོགས་པ་མི་དགེ་བ་ལ་ཆགས་པ་དག་ཡིན་ཏེ། ། དེ་དག་སྡུག་བསྔལ་གྱི་དངོས་ཀྱི་རྒྱུ་ཡིན་པས་སྤང་བར་བྱའོ། །བརྩོན་འགྲུས་ལ་དབྱེ་ན་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཆོག་པར་མི་འཛིན་པའི་བརྩོན་འགྲུས་སོ། །དེ་ལ་དང་པོ་ནི། བསམ་ པ་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། སྦྱོར་བ་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། དེ་གཉིས་མཐར་ཕྱིན་པའི་ཡན་ལག་གོ། དེ་དག་སོ་སོའི་མཚན་ཉིད་བཤད་ན། གོ་ཆའི་བརྩོན་འགྲུས་ནི། དུས་འདི་ནས་ བཟུང་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་མ་བཀོད་ཀྱི་བར་དུ། བདག་གིས་དགེ་བའི་བརྩོན་འགྲུས་མི་འདོར་རོ་སྙམ་དུ་གོ་ཆ་གྱོན་པ་སྟེ། དེ་ལྟར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ་བསམ་གྱིས་མི་ཁྱབ་པའི་ 2-13-85b གོ་ཆ་བགོ་བར་བྱ་སྟེ། འཁོར་བའི་ཐ་མ་ཅི་ཙམ་པར་བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་ལྷོད་པར་མི་བྱ་སྟེ། ཞེས་གསུངས་སོ། །གོ་ཆ་བཀོད་པ་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔས་སེམས་ཅན་རྣམས། །བསྡུ་ཕྱིར་ གོ་ཆ་བགོ་བར་བྱ། །སེམས་ཅན་ཚད་ནི་མེད་པའི་ཕྱིར། །གོ་ཆ་བགོས་པ་ཚད་མེད་དོ། །ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་ཀྱང་། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་བགོ། དེ་བསྐལ་པ་འདི་ སྙེད་ཅིག་ཏུ་གོ་ཆ་མི་བགོ་ཞེས་བསྐལ་པ་བགྲང་བས་བྱང་ཆུབ་མི་ཚོལ་གྱི། བསམ་གྱིས་མི་ཁྱབ་པའི་གོ་ཆ་གོན་པར་བྱེད་དོ། །ཞེས་གསུངས་སོ། །བྱང་ས་ལས། བདག་གིས་སེམས་ཅན་གཅིག་སྡུག་བསྔལ་ལས་ཐར་བར་བྱ་བའི་ ཕྱིར་བསྐལ་པ་སྟོང་དང་མཉམ་པར་སེམས་ཅན་དམྱལ་བ་ཁོ་ནར་གནས་དགོས་ན་ཡང་བདག་སྤྲོ་བར་བྱེད་དེ། དུས་ཡུན་ཆེས་ཐུང་བ་དང་། སྡུག་བསྔལ་ཆེས་ཆུང་བ་ལྟ་ཅི་སྨོས་སྙམ་པ་དེ་ལྟ་བུ་ནི། བྱང་ཆུབ་སེམས་དཔའི་གོ་ཆའི་བརྩོན་འགྲུས་ ཡིན་ཏེ། ཞེས་གསུངས་སོ། །སྦྱོར་བའི་བརྩོན་འགྲུས་ལ་གསུམ་སྟེ། ཉོན་མོངས་པ་སྤངས་པ་ལ་བརྩོན་འགྲུས་བྱ་བ་དང་། དགེ་བ་བསྒྲུབ་པ་ལ་བརྩོན་འགྲུས་བྱ་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་བརྩོན་འགྲུས་བྱ་བའོ། །དེ་ལ་ དང་པོ་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། དེ་དག་གིས་ཀུན་ནས་བསླངས་པའི་ལས་རྣམས་ནི་སྡུག་བསྔལ་གྱི་རྩ་བ་ཡིན་པས་དུས་ཡུན་རིང་པོ་དང་། སྒོ་གསེས་སུ་བྱིན་གྱིས་བརླབ་ཅིང་ཅི་མི་འབྱུང་བྱེད་པ་ཡིན་ནོ། །དེ་ ལྟར་ཡང་སྤྱོད་འཇུག་ལས། ཉོན་མོངས་ཚོགས་ཀྱི་ཁྲོད་གནས་ན། །རྣམ་པ་སྟོང་དུ་སྲན་གཟུགས་ཏེ། །ཝ་ལ་སོགས་པས་སེང་གེ་བཞིན། །ཉོན་མོངས་ཚོགས་ཀྱིས་མི་ཚུགས་བྱ། །ཞེས་གསུངས་སོ། །དེ་ཡང་དཔེ་ཇི་ལྟར་སྒྲིམ་ 2-13-86a ན། ཇི་སྐད་དུ། ཡུངས་མར་གང་བའི་སྣོད་བསྐུར་ལ། །རལ་གྲི་ཐོགས་ལ་དྲུང་བསྡད་དེ། །བོ་ན་གསོད་སྡིགས་འཇིགས་པ་ལྟར། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་བསྒྲིམ། །ཞེས་གསུངས་པ་ལྟར་རོ། །དགེ་བ་ བསྒྲུབ་པ་ལ་བརྩོན་པར་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལུས་དང་སྲོག་ལ་ཡང་མི་ལྟ་བར་འབད་པར་བྱེད་པའོ། །དེ་ཡང་ཇི་ལྟར་འབད་ན། བརྩོན་འགྲུས་རྣམ་པ་ལྔས་འབད་པར་བྱ་སྟེ། རྟག་ཏུ་བྱེད་པའི་བརྩོན་འགྲུས་དང་། གུས་པ་ བྱེད་པའི་བརྩོན་འགྲུས་དང་། མི་གཡོ་བའི་བརྩོན་འགྲུས་དང་། མི་ལྡོག་པའི་བརྩོན་འགྲུས་དང་། ང་རྒྱལ་མེད་པའི་བརྩོན་འགྲུས་སོ། །དེ་ལ་རྟག་ཏུ་བྱེད་པའི་བརྩོན་འགྲུས་ཞེས་བྱ་བ་ནི། རྒྱུན་མ་ཆད་པར་བྱེད་པ་སྟེ། དཀོན་མཆོག་ སྤྲིན་ལས་ཀྱང་། འདི་ལ་བྱང་ཆུབ་སེམས་དཔའ་སྤྱོད་ལམ་ཐམས་ཅད་དུ་བརྩོན་འགྲུས་བརྩམས་པ་ན། ཅི་ནས་ལུས་སྐྱོ་བར་མི་འགྱུར་བ་དང་། སེམས་སྐྱོ་བར་མི་འགྱུར་བ་དེ་ལྟར་རྩོམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་རྟག་པའི་བརྩོན་འགྲུས་ ཞེས་བྱའོ། །ཞེས་གསུངས་སོ། །གུས་པར་བྱེད་པའི་བརྩོན་འགྲུས་ནི། དགའ་བཞིན་སྤྲོ་བཞིན་མྱུར་དུ་བྱེད་པ་སྟེ། ཇི་སྐད་དུ། དེ་ལྟར་ལས་ཚར་ཕྱིན་བྱའི་ཕྱིར། །ཉི་མ་ཕྱེད་དུས་གདུངས་པ་ཡི། །གླང་ཆེན་མཚོར་ཕྲད་འཇུག་པ་ལྟར། །ལས་ དེ་ལ་ཡང་འཇུག་པར་བྱ། །ཅེས་གསུངས་པ་ལྟར་རོ། །མི་གཡོ་བའི་བརྩོན་འགྲུས་ནི། རང་རྣམ་རྟོག་དང་། ཉོན་མོངས་པ་དང་། སྡུག་བསྔལ་གྱིས་གནོད་པ་ཐམས་ཅད་ཀྱིས་མི་གཡོ་བར་བྱེད་པའོ། །མི་ལྡོག་པའི་བརྩོན་འགྲུས་ནི། གཞན་ གྱིས་འཚེ་བ་དང་། དམུ་རྒོད་དང་། འཁྲུག་པ་དང་། ལྟ་བའི་སྙིགས་མ་ལ་སོགས་པ་མཐོང་བས་མི་ལྡོག་པ་སྟེ། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་འབྱུང་བ་ལྟར་རོ། །ང་རྒྱལ་མེད་པའི་བརྩོན་འགྲུས་ནི། བརྩོན་འགྲུས་བརྩམས་པ་དེས་ 2-13-86b མཐོ་བར་སེམས་པ་མེད་པའོ། །ད་ནི་གསུམ་པ་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་ནི། བྱ་བ་ལ་གྲོགས་མེད་པའི་གྲོགས་བྱ་བ་ལ་སོགས་པ་བཅུ་གཅིག་པོ་ལ་འབད་པར་བྱེད་པ་ཡིན་ནོ། །དེ་དག་གིས་སྦྱོར་བའི་བརྩོན་འགྲུས་བཤད་ནས། ཆོག་ པར་མི་འཛིན་པའི་བརྩོན་འགྲུས་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་བ་ལ་ངོམས་ཆོག་མེད་པར་འབད་པ་སྟེ། དེ་ལྟར་ཡང་། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ ཀྱིས་ལྟ་ཅི་སྟེ་ངོམས། །ཞེས་གསུངས་སོ། །བརྩོན་འགྲུས་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བཤད་པ་ལྟར་རོ། །བརྩོན་འགྲུས་དག་པར་བྱེད་པ་ནི། སྟོང་པ་ཉིད་དང་སྙིང་རྗེས་ཟིན་ པ་སྟེ་གོང་དུ་བསྟན་པ་ལྟར་རོ། །བརྩོན་འགྲུས་ཀྱི་འབྲས་བུ་ནི། མཐར་ཐུག་དང་གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་བྱང་ས་ལས། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་ སོ། །གནས་སྐབས་ཀྱི་འབྲས་བུ་ནི། འཁོར་བ་ན་གནས་པའི་ཚེ་ཡང་སྲིད་པའི་བདེ་བ་མཆོག་རྣམས་ཐོབ་བོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་ཐོབ། །ཅེས་གསུངས་སོ། །དམ་ཆོས་ཡིད་བཞིན་ གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ། སྡོམ་ 2-13-87a ནི། སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །སྤེལ་དང་དག་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །བསམ་གཏན་ཕ་རོལ་ཕྱིན་བསྡུས་སོ། ། ཞེས་པའོ། །དེ་ལ་དང་པོ་བཤད་ན། གང་ཞིག་སྦྱིན་པ་ལ་སོགས་པ་དང་ལྡན་ཡང་། བསམ་གཏན་དང་མི་ལྡན་ན། དེ་རྣམ་པར་གཡེང་བའི་དབང་དུ་གྱུར་ནས་སེམས་ཉོན་མོངས་པའི་མཆེ་བས་རྨས་པར་འགྱུར་རོ། །དེ་ལྟར་ཡང་སྤྱོད་ འཇུག་ལས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཤེས་གསུངས་སོ། །ཡང་བསམ་གཏན་དང་མི་ལྡན་ན་མངོན་ཤེས་མི་སྐྱེ་ལ། མངོན་ཤེས་མ་སྐྱེས་ན་སེམས་ཅན་གྱི་དོན་མི་ནུས་སོ། །དེ་ལྟར་ཡང་ བྱང་ཆུབ་ལམ་སྒྲོན་ལས། ཞི་གནས་གྲུབ་པ་མ་ཡིན་པས། །མངོན་ཤེས་འབྱུང་བ་མ་ཡིན་ལ། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་པ་མིན། །ཞེས་གསུངས་སོ། །ཡང་བསམ་གཏན་དང་མི་ལྡན་ན། ཤེས་རབ་མི་སྐྱེས། ཤེས་རབ་མ་སྐྱེས་ན་བྱང་ཆུབ་མི་ཐོབ་བོ། །དེ་ལྟར་ཡང་བཤེས་སྤྲིང་ལས། བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །ཅེས་གསུངས་སོ། །དེ་ལས་བཟློག་སྟེ་བསམ་གཏན་དང་ལྡན་ན་དངོས་པོ་དམན་པ་ལ་ཞེན་ པ་འདོར། མངོན་པར་ཤེས་པ་འབྱུང་། ཏིང་ངེ་འཛིན་གྱི་སྒོ་མང་པོ་རྒྱུད་ལ་སྐྱེ་བའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིགས་དང་མངོན་པར་ཤེས་དང་ཏིང་འཛིན་ མངོན་པར་འགྲུབ། །ཅེས་གསུངས་སོ། །ཡང་བསམ་གཏན་དང་ལྡན་ན་དེས་ཤེས་རབ་བསྐྱེད་ནས་རང་གི་ཉོན་མོངས་པ་ཐམས་ཅད་འཇོམས་པ་ཡིན་ནོ། །དེ་ལྟར་སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་ 2-13-87b རྣམ་པར་འཇོམས་པར་ཤེས་བྱས་ནས། །ཞེས་གསུངས་སོ། །ཡང་བསམ་གཏན་དང་ལྡན་ན་ཡང་དག་པའི་དོན་མཐོང་ཞིང་སེམས་ཅན་ལ་སྙིང་རྗེ་སྐྱེའོ། །དེ་ལྟར་ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་ བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོར་འཇུག་གོ། ཞེས་གསུངས་སོ། །ཡང་བསམ་གཏན་དང་ལྡན་ན། གདུལ་བྱ་ཐམས་ཅད་བྱང་ ཆུབ་ལ་འགོད་ནུས་པ་ཡིན་ནོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བསམ་གཏན་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད། །ཅེས་གསུངས་སོ། །བསམ་གཏན་གྱི་ངོ་བོ་ནི། ཞི་གནས་ཀྱི་རང་བཞིན་སེམས་ནང་དུ་དགེ་བ་ལ་ རྩེ་གཅིག་ཏུ་གནས་པའོ། །དེ་ལྟར་ཡང་བྱང་སའི་བསམ་གཏན་གྱི་ངོ་བོ་ཉིད་བསྟན་པའི་སྐབས་ནས། སེམས་རྩེ་གཅིག་པ་དགེ་བ་ལ་སེམས་གནས་པ། ཞེས་གསུངས་སོ། །དེ་ལྟ་བུའི་བསམ་གཏན་དེ་ཡང་མི་མཐུན་པའི་ཕྱོགས་རྣམ་པར་ གཡེང་བ་སྤངས་པ་ལས་ཐོབ་པ་ཡིན་པས། དང་པོ་རྣམ་པར་གཡེང་བ་སྤང་བར་བྱའོ། །དེ་ཡང་རྣམ་པར་གཡེང་བ་སྤང་བ་ནི་དབེན་པ་སྟེ། ལུས་འདུ་འཛི་ལས་དབེན་པ་དང་། སེམས་རྣམ་པར་རྟོག་པ་ལས་དབེན་པར་བྱའོ། །དེ་ལྟར་ ཡང་སྤྱོད་འཇུག་ལས། ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་རྟོག་པ་མི་འབྱུང་སྟེ། །ཞེས་གསུངས་སོ། །དེ་ལ་དང་པོ་ལུས་འདུ་འཛི་ལས་རྣམ་པར་དབེན་པར་བྱ་བ་དོན་དྲུག་གིས་ཤེས་པར་བྱ་སྟེ། འདུ་འཛིའི་མཚན་ཉིད་ དང་། འདུ་འཛིའི་རྒྱུ་དང་། འདུ་འཛིའི་ཉེས་པ་དང་། དབེན་པའི་མཚན་ཉིད་དང་། དབེན་པའི་རྒྱུ་དང་། དབེན་པའི་ཡོན་ཏན་ནོ། །དེ་ལ་འདུ་འཛིའི་མཚན་ཉིད་ནི། བདག་བུ་དང་ཆུང་མ་དང་འཁོར་དང་ལོངས་སྤྱོད་དང་ལྷན་ཅིག་ཏུ་ 2-13-88a གཡེངས་པའོ། །འདུ་འཛིའི་རྒྱུ་ནི། ཆགས་པ་སྟེ་བུ་སྨད་དང་གཡོག་འཁོར་ལ་སོགས་པ་སེམས་ཅན་ལ་ཆགས་པ་དང་། ཟས་ནོར་ལ་སོགས་པ་རྙེད་པ་ལ་ཆགས་པ་དང་། བསྟོད་པ་ལ་སོགས་པ་སྙན་ གྲགས་ལ་ཆགས་པས་འདུ་འཛི་མི་སྤོང་བ་ཡིན་ནོ། །དེ་ལྟར་ཡང་། ཆགས་པའི་ཕྱིར་དང་རྙེད་སོགས་ལ། །སྲེད་པས་འཇིག་རྟེན་མི་སྤོང་སྟེ། །ཞེས་གསུངས་སོ། །འདུ་འཛིའི་ཉེས་པ་ནི། སྤྱི་དང་བྱེ་བྲག་གཉིས་སུ་ཤེས་པར་ བྱའོ། །དེ་ལ་སྤྱིའི་དབང་དུ་བྱས་ན། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བྱམས་པ་འདུ་འཛིའི་ཉེས་དམིགས་ཉི་ཤུ་པོ་འདི་དག་ཡིན་ཏེ། ཉི་ཤུ་གང་ཞེ་ན། ལུས་ཀྱིས་མ་བསྡམས་པ་ཡིན། ངག་གིས་མ་བསྡམས་ པ་ཡིན། ཡིད་ཀྱིས་མ་བསྡམས་པ་ཡིན། ཉོན་མོངས་པ་ཆེ་བ་ཡིན། འཇིག་རྟེན་པའི་གཏམ་གྱིས་ཀྱང་གོས་པ་ཡིན། བདུད་ཀྱིས་གླགས་རྙེད་པ་ཡིན། བག་མེད་པ་ལ་བརྟེན་པ་ཡིན། ཞི་གནས་དང་ལྷག་མཐོང་མི་ཐོབ་ པ་ཡིན། ཞེས་པ་ལ་སོགས་པ་གསུངས་སོ། །བྱེ་བྲག་གི་དབང་དུ་བྱས་ན། སེམས་ཅན་ལ་ཆགས་པའི་ཉེས་པས་ནི་བྱང་ཆུབ་མི་ཐོབ་བོ། །དེ་ལྟར་ཡང་། ཟླ་བ་སྒྲོན་མའི་མདོ་ལས། འདོད་པ་དག་ནི་རབ་ཏུ་བསྟེན་བྱེད་ཅིང་། །བུ་དང་ ཆུང་མ་དག་ལ་སྲེད་བསྐྱེད་ནས། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེས། །ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་ཐོབ། །ཅེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། སེམས་ཅན་ཉིད་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་ བསྒྲིབ། །ཅེས་གསུངས་སོ། །དེས་ན་དེ་ལ་ཆགས་པ་སྤང་བར་བྱ་སྟེ། ཇི་སྐད་དུ། དེས་ཀྱང་བདག་དོན་མི་བྱེད་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་བྱོལ་བར་བྱ། །ཞེས་གསུངས་སོ། །དེ་དག་སྤངས་པའི་ 2-13-88b ཕན་ཡོན་ཡང་། ཟླ་བ་སྒྲོན་མའི་མདོ་ལས། བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ལས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་ནི་རྙེད་མི་དཀའ། །ཞེས་གསུངས་སོ། །རྙེད་པ་དང་གྲགས་པ་ལ་ཆགས་པའི་ཉེས་པ་ཡང་ གཉིས་ཏེ། རྙེད་གྲགས་དེ་གཏན་དུ་གཟུང་བར་མི་ནུས་པ་དང་། དེ་དག་གིས་སྡུག་བསྔལ་བསྐྱེད་པའོ། །དང་པོ་ནི། སྤྱོད་འཇུག་ལས། རྙེད་དང་གྲགས་པའི་ཚོགས་བཅས་ཏེ། །གང་དུ་འགྲོ་བའི་གཏོལ་མེད་དོ། །ཞེས་གསུངས་སོ། ། གཉིས་པ་ཡང་དེ་ཉིད་ལས། གང་དང་གང་ལ་ཆགས་གྱུར་པ། །དེ་དང་དེ་བསྡོངས་སྟོང་འགྱུར་དུ། །སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་། །ཞེས་གསུངས་སོ། །དབེན་པའི་མཚན་ཉིད་ནི། འདུ་འཛི་དེ་དག་དང་བྲལ་བའོ། །དབེན་པའི་རྒྱུ་ནི། གཅིག་པུར་དགོན་པར་གནས་པའོ། །དེ་ལ་དགོན་པ་ཞེས་བྱ་བ་ནི། དུར་ཁྲོད་དམ་ནགས་གསེབ་བམ་བྱ་སྐྱིབས་སམ་ཐང་ལ་སོགས་པ་གང་ཡིན་ནའང་ཡིན་ཏེ། གཞུ་འདོམ་ལྔ་བརྒྱ་སྲིད་དུ་ཡོད་པ་དེ་ལ་རྒྱང་གྲགས་བྱ་བ་ཡིན་ལ། གྲོང་ལས་ རྒྱང་གྲགས་གཅིག་ཕན་ཆད་འདས་པ་དེ་ལ་དགོན་པ་བྱ་བ་ཡིན་ནོ། །ཆོས་མངོན་པ་མཛོད་ལས་ཀྱང་། གཞུ་འདོམ་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །ཅེས་གསུངས་སོ། །དབེན་པའི་ཡོན་ཏན་ནི། བྱང་ཆུབ་དང་སེམས་ ཅན་གྱི་ཆེད་དུ། འདུ་འཛི་ལས་བྲོས་ཏེ་དགོན་པ་བསྟེན་ན་ཡོན་ཏན་མང་སྟེ། སངས་རྒྱས་རྣམས་ལ་བསྙེན་བཀུར་གྱི་མཆོག་ཏུ་འགྱུར་བ་དང་། འཁོར་བ་ལ་ཡིད་འབྱུང་བར་འགྱུར་བ་དང་། འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་བར་འགྱུར་བ་དང་། ཉོན་མོངས་པ་མི་འཕེལ་བ་དང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའོ། །དེ་ལ་དང་པོ་བཤད་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཟས་སྐོམ་དང་། མེ་ཏོག་ལ་སོགས་པའི་མཆོད་པ་སྣ་ཚོགས་ཕུལ་བ་བས། བྱང་ཆུབ་ཀྱི་སེམས་ཀྱིས་ 2-13-89a སེམས་ཅན་གྱི་དོན་དུ་དགོན་པར་བསྡད་པའི་བསམ་པས། དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་ཙམ་ལ་མཉེས་པ་ཡིན་ནོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། མེ་ཏོག་ སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་ལ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་འབྱུང་སེམས་ཅན་གྱི། །དོན་དུ་དགོན་པར་གནས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་ བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་སོ། །འཁོར་བ་ལས་ཡིད་འབྱུང་བ་དང་། ཆོས་བརྒྱད་དང་བྲལ་བ་དང་། ཉོན་མོངས་པ་མི་འཕེལ་བ་ཡང་། མདོ་སྡེ་དེ་ཉིད་ལས། དེ་བཞིན་འདུས་བྱས་རྟག་ཏུ་ཡིད་འབྱུང་འགྱུར། །དེ་ནི་འཇིག་ རྟེན་ཅི་ལའང་འདོད་པ་མེད། །ཟག་པ་རྣམས་ནི་རྣམ་པར་འཕེལ་མི་འགྱུར། །ཞེས་གསུངས་སོ། །དགོས་པ་རྣམས་ཀྱི་གཙོ་བོ་ཏིང་ངེ་འཛིན་མྱུར་དུ་སྐྱེ་བ་ཡང་། མདོ་སྡེ་དེ་ཉིད་ལས། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་ཞིང་ ནགས་ཁྲོད་བསྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་གསུངས་སོ། །ལུས་འདུ་འཛི་ལས་དབེན་པ་བཤད་ཟིན་ཏོ། །སེམས་རྣམ་པར་རྟོག་པ་ལས་དབེན་པར་བྱ་ བ་ནི་དགོན་པར་བསྡད་ལ། བདག་དགོན་པར་འོང་བ་འདི་ཅིའི་ཕྱིར་འོངས་སྙམ་དུ་བསམ་པར་བྱའོ། །དེ་ལ་བདག་དགོན་པར་འོངས་བ་འདི་གྲོང་དང་གྲོང་ཁྱེར་ལ་སོགས་པ་གཡེང་བའི་ས་ཕྱོགས་ནས་འཇིགས་ཤིང་སྐྲག་ནས་བྲོས་ཏེ། དགོན་པར་ འོངས་པ་ཡིན་ནོ། །དེ་ཡང་ཅིས་འཇིགས་ན། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། འདུ་འཛིས་འཇིགས་ཤིང་སྐྲག་གོ། རྙེད་པ་དང་བཀུར་སྟིས་འཇིགས་ཤིང་སྐྲག་གོ། སྡིག་པའི་གྲོགས་པོས་འཇིགས་ཤིང་ 2-13-89b སྐྲག་གོ། མི་དགེ་བའི་བཤེས་གཉེན་གྱིས་འཇིགས་ཤིང་སྐྲག་གོ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱིས་འཇིགས་ཤིང་སྐྲག་གོ། ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ། དམྱལ་བ་དང་ ཡི་དྭགས་དང་དུད་འགྲོ་གསུམ་གྱིས་འཇིགས་ཤིང་སྐྲག་གོ། བདག་དེ་ལྟ་བུས་འཇིགས་ཤིང་སྐྲག་ནས་དགོན་པར་འོངས་སོ། །ཅེས་གསུངས་སོ། །དེ་ལྟར་འཇིགས་ཤིང་སྐྲག་ནས། ད་ལྟ་བདག་དགོན་པ་ན་ལུས་ངག་ཡིད་གསུམ་ཅི་བྱེད་ ཅིང་འདུག་སྙམ་དུ་བརྟག་པར་བྱའོ། །དེ་ལ་བདག་དགོན་པ་ན་ལུས་ཀྱིས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་བྱེད་ཅིང་འདུག་ན། འོ་ན་བདག་གཅན་གཟན་དང་། རྔོན་པ་དང་། ཆོམ་རྐུན་དང་ཡང་ཁྱད་མེད་ན། དེས་འདོད་པའི་དོན་ ཅང་འགྲུབ་བམ་སྙམ་དུ་བསམས་ལ་དེ་ལས་བཟློག་པར་བྱའོ། །ངག་ལ་བརྟགས་ལ་བདག་དགོན་པ་ན་ངག་འཁྱལ་དང་། ཕྲ་མ་དང་ངན་སྨྲས་ལ་སོགས་པ་སྨྲ་ཞིང་འདུག་ན། འོ་ན་བདག་རྨ་བྱ་དང་ནེ་ཙོ་དང་འཇོལ་མོ་དང་ཅོ་ག་ལ་སོགས་པ་དང་ ཡང་ཁྱད་མེད་ན། དེས་འདོད་པའི་དོན་ཅང་འགྲུབ་བམ་སྙམ་དུ་བསམས་ལ་དེ་ལས་བཟློག་པར་བྱའོ། །སེམས་ལ་བརྟགས་ལ་བདག་དགོན་པ་ན་འདོད་ཆགས་དང་། ཞེ་སྡང་དང་། ཕྲག་དོག་ལ་སོགས་པ་སེམས་ཤིང་འདུག་ན། འོ་ན་བདག་རི་དྭགས་དང་། སྤྲ་དང་སྤྲེའུ་དང་དོམ་དང་དྲེད་ལ་སོགས་པ་དང་ཁྱད་མེད་ན། དེས་འདོད་པའི་དོན་ཅང་འགྲུབ་བམ་སྙམ་དུ་བསམས་ལ་དེ་ལས་བཟློག་པར་བྱའོ། །སེམས་རྣམ་པར་རྟོག་པ་ལས་དབེན་པར་བྱ་བ་བཤད་ཟིན་ཏོ། །དེ་ལྟར་ལུས་སེམས་གཉིས་དབེན་ པས་རྣམ་པར་གཡེང་བ་མི་འབྱུང་ངོ་། །རྣམ་པར་གཡེང་བ་མེད་པས་བསམ་གཏན་ལ་འཇུག་པ་ཡིན་ནོ། །དེ་ནས་རང་གི་སེམས་སྦྱང་བར་བྱ་སྟེ། དེ་ཡང་རང་ཉོན་མོངས་པ་ཤས་གང་ཆེ་བརྟགས་ལ་དེའི་གཉེན་པོ་བསམ་པར་བྱའོ། །དེ་ 2-13-90a ཡང་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པ་སྒོམ་པའོ། །ཞེ་སྡང་གི་གཉེན་པོ་ནི་བྱམས་པ་སྒོམ་པའོ། །གཏི་མུག་གི་གཉེན་པོ་ནི་རྟེན་འབྲེལ་སྒོམ་པའོ། །ཕྲག་དོག་གི་གཉེན་པོ་ནི་བདག་གཞན་མཉམ་པ་སྒོམ་པའོ། །ང་རྒྱལ་ གྱིས་གཉེན་པོ་ནི་བདག་གཞན་རྗེ་བ་སྒོམ་པའོ། །ཉོན་མོངས་པ་ཆ་མཉམ་དུ་རགས་པའམ་རྣམ་རྟོག་མང་ན་རླུང་སྒོམ་པའོ། །དེ་ལ་རང་འདོད་ཆགས་ཆེ་ན་མི་སྡུག་པ་བསྒོམ་ན་འདི་ལྟར་བྱ་སྟེ། དང་པོ་རང་གི་ལུས་འདི་ཤ་དང་ཁྲག་དང་། ལྤགས་པ་ དང་། རུས་པ་དང་། རྐང་དང་། ཆུ་སེར་དང་། མཁྲིས་པ་དང་། བད་ཀན་དང་སྣབས་དང་། མཆིལ་མ་དང་། ཕྱི་ས་ལ་སོགས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་ཡིན་སྙམ་དུ་བསམ། དེ་ནས་དུར་ཁྲོད་དུ་སོང་སྟེ། རོ་དུར་ཁྲོད་ དུ་བསྐྱལ་བ་ཤི་ནས་ཞག་གཅིག་ལོན་པ། དེ་བཞིན་དུ་ཤི་ནས་གཉིས་དང་། གསུམ་དང་། བཞི་དང་། ལྔ་ལོན་པ། རྣམ་པར་བམ་པ་དང་། རྣམ་པར་སྔོས་པ་དང་། རྣམ་པར་གནགས་པ་དང་། རྣམ་པར་འབུས་གཞིགས་པའི་རོ་ མཐོང་ནས། བདག་གི་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན། དེ་ལྟ་བུའི་ཆོས་ཅན། ཆོས་ཉིད་དེ་ལས་མ་འདས་པ་ཡིན་སྙམ་དུ་སྦྱར་རོ། །ཡང་ཤི་བའི་རོ་དུར་ཁྲོད་དུ་བསྐྱལ་བ་ཀེང་རུས་ལ་ཤའི་རི་ཆགས་པ་དང་། རྒྱུས་པའི་དྲྭ་བ་བྲང་བྲེང་དུ་ འདུག་པ་དང་། ཀེང་རུས་དུམ་བུ་དུམ་བུར་གྱེས་པ་དང་། ཤི་ནས་ལོ་དུ་མ་ལོན་པ་རུས་པ་དུང་གི་མདོག་ལྟ་བུར་འགྱུར་པ་དང་། ཐི་བའི་མདོག་ལྟར་གྱུར་པ་མཐོང་ན་ཡང་། བདག་གི་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན། དེ་ལྟ་བུའི་ཆོས་ཅན། ཆོས་ཉིད་དེ་ལས་མ་འདས་པ་ཡིན་སྙམ་དུ་སྦྱར་རོ། །ཡང་རང་ཞེ་སྡང་ཤས་ཆེ་ན་དེའི་གཉེན་པོར་བྱམས་པ་སྒོམ་པ་ལ། སྤྱིར་བྱམས་པ་གོང་དུ་བཤད་པ་ལྟར་གསུམ་ཡོད་པ་ལས། འདིར་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་སྟེ། གང་ 2-13-90b ཐོག་མར་སྙིང་དུ་སྡུག་པའི་སེམས་ཅན་ལ་ཕན་པ་དང་བདེ་བ་བསྒྲུབ་པ་བསམ་པར་བྱེད་ཅིང་། དེ་དང་མཐུན་པའི་བྱམས་པ་དེ་ཉེ་བར་བསྒྲུབ་པའོ། །དེའི་འོག་ཏུ་འདྲེས་པ་རྣམས་ལའོ། །དེའི་འོག་ཏུ་ཐ་མལ་པ་རྣམས་ལའོ། །དེའི་འོག་ཏུ་ཉེ་འཁོར་ བ་རྣམས་ལའོ། །དེའི་འོག་ཏུ་རང་གི་གྲོང་ན་གནས་པ་རྣམས་ལའོ། །དེ་ནས་ཤར་ལ་སོགས་པ་ཕྱོགས་བཅུར་ཡང་དེ་བཞིན་དུ་བསྒོམ་མོ། །ཡང་རང་གཏི་མུག་ཤས་ཆེ་ན་དེའི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་སྒོམ་པ་ནི། སཱ་ལུ་ལྗང་ པའི་མདོ་ལས། དགེ་སློང་གང་ཞིག་གིས་སཱ་ལུ་ལྗང་པ་འདི་ཤེས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་སོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དེས་ཆོས་ཤེས་སོ། །གང་གིས་ཆོས་ཤེས་པ་དེས་སངས་རྒྱས་ཤེས་སོ། །ཞེས་ གསུངས་སོ། །དེ་ཡང་ལུགས་ནས་འབྱུང་བ་ལྟར་འཁོར་བའི་རྟེན་འབྲེལ་དང་། ལུགས་ལས་ལྡོག་པ་མྱ་ངན་ལས་འདས་པའི་རྟེན་འབྲེལ་གཉིས་ཡོད་དོ། །དང་པོ་ལ་ཡང་གཉིས་ཏེ། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ནང་རྟེན་ཅིང་ འབྲེལ་བར་འབྱུང་བའོ། །འདི་ལ་ཡང་གཉིས་ཏེ། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་བཅས་པ་དང་། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བའོ། །དེ་ལ་དང་པོ་ནི། དགེ་སློང་དག་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་ པས་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་འདི་ནི་ཁམས་ཀྱི་དབང་དུ་བྱས་ན་འདོད་ཁམས་སུའོ། །སྐྱེ་གནས་ཀྱི་དབང་དུ་བྱས་ན་མངལ་སྐྱེས་པའོ། །དེ་ཡང་ཐོག་མ་ཁོ་ནར་ཤེས་བྱ་ལ་ 2-13-91a རྨོངས་པའི་མ་རིག་པ་ཞེས་བྱ་བ་གྲུབ་སྟེ། དེས་ཀུན་ནས་བསླངས་ནས་ཟག་བཅས་ཀྱི་ལས་དགེ་བའམ་མི་དགེ་བའམ་མི་མངོན་པར་འདུ་བྱེད་དེ། དེ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱའོ། །ལས་དེའི་ས་བོན་བསྒོས་པའི་ སེམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །ལས་ཀྱི་སྟོབས་ཀྱིས་སེམས་ཕྱིན་ཅི་ལོག་ཏུ་བསྒྱུར་ནས། མའི་མངལ་དུ་ཉིང་མཚམས་སྦྱར་ནས་ནུར་ནུར་པོ་ལ་སོགས་པ་འགྱུར་ཏེ་དེ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་ གཟུགས་ཞེས་བྱའོ། །མིང་དང་གཟུགས་དེ་ཉིད་འཕེལ་བས་མིག་དང་རྣ་བ་ལ་སོགས་པའི་དབང་པོ་རྣམས་རྫོགས་པར་འགྱུར་ཏེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །མིག་ལ་སོགས་པའི་དབང་པོ་དང་ཡུལ་ དང་རྣམ་པར་ཤེས་པ་གསུམ་འདུས་ནས་ཡོངས་སུ་སྤྱད་པ་ནི། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །ཇི་ལྟར་རེག་པ་བྱུང་བ་དེ་ལྟར་བདེ་བའམ་སྡུག་བསྔལ་ལམ་བཏང་སྙོམས་སུ་མྱོང་བའི་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ ཚོར་བ་ཞེས་བྱའོ། །ཚོར་བ་མྱོང་བ་ལ་དགའ་བ་དང་། ཞེན་པ་དང་། ལྷག་པར་ཞེན་པ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །དེ་ལྟར་ཞེན་པ་ལ་བྲལ་བར་མ་གྱུར་ཅིག་སྙམ་དུ་མི་གཏོང་བ་དང་ཕྱིར་ཞིང་དོན་དུ་གཉེར་བ་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་ བྱའོ། །དེ་ལྟར་དོན་དུ་གཉེར་བ་ན། ཡང་སྲིད་པ་བསྐྱེད་པའི་ལས་ལུས་དང་ངག་དང་ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་གྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་ སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མངོན་དུ་གྲུབ་པའི་ཕུང་པོ་འཕེལ་བ་དང་། སྨིན་པ་ནི་རྒས་པ་དང་། འཇིག་པ་ནི་འཆི་བ་ཡིན་ཏེ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །འཆི་བ་ནི་རྨོངས་པས་མངོན་པར་ཞེན་ཅིང་ཆགས་པ་དང་བཅས་པའི་ 2-13-91b ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་སོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ། །ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་ བའོ། །གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུགས་པ་ཞེས་བྱའོ། །དེ་ཡང་དུམ་བུ་གསུམ་དུ་ཤེས་པར་བྱའོ། །མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ནི་ཉོན་མོངས་པ་ཡིན་ནོ། །འདུ་བྱེད་དང་སྲིད་པ་ གཉིས་ནི་ལས་ཡིན་ནོ། །རྣམ་པར་ཤེས་པ་ལ་སོགས་པ་བདུན་ནི་སྡུག་བསྔལ་ཡིན་ནོ། །དེ་ལྟར་ཡང་དབུ་མ་རྟེན་འབྱུང་ལས། ཡན་ལག་བྱེ་བྲག་བཅུ་གཉིས་གང་། །དུམ་བུ་གསུམ་དུ་ཤེས་པར་བྱ། །ཐུབ་པས་རྟེན་འབྱུང་གསུངས་ དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་དང་། །གསུམ་པོ་དག་ཏུ་ཟད་པར་འདུས། །དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་གསུངས་སོ། །ཡང་དཔེར་ན་ མ་རིག་པ་ནི་ས་བོན་འདེབས་མཁན་ལྟ་བུའོ། །ལས་ནི་ཞིང་ས་ལྟ་བུའོ། །རྣམ་པར་ཤེས་པ་ནི་ས་བོན་ལྟ་བུའོ། །སྲེད་པ་ནི་རླན་ལྟ་བུའོ། །མིང་དང་གཟུགས་ནི་མྱུ་གུ་ལྟ་བུའོ། །གཞན་ནི་ཡལ་ག་དང་ལོ་མ་ལ་སོགས་པ་ལྟ་བུའོ། །གལ་ཏེ་ མ་རིག་པ་མ་བྱུང་ན་འདུ་བྱེད་ཀྱང་མི་མངོན་ཞིང་། དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་ཡང་མི་མངོན་པ་ཞིག་ན། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་གྲུབ་པར་འགྱུར་བས་ན། སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་ པར་གྲུབ་པར་འགྱུར་རོ། །དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ། །འདུ་བྱེད་རྣམས་ནི་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་བསྒྲུབས་སོ་སྙམ་དུ་ཡང་མི་སེམས་པ་ནས། 2-13-92a དེ་བཞིན་དུ་སྐྱེ་བ་ཡང་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །རྒ་ཤི་ཡང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འོན་ཀྱང་མ་རིག་པ་ ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་གྲུབ་ཅིང་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་སྐྱེ་བ་ཡོད་པས་རྒ་ཤིའི་བར་དུ་མངོན་པར་གྲུབ་ཅིང་འབྱུང་བར་འགྱུར་བ་ནས། དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་གྲུབ་ཅིང་འབྱུང་བར་ འགྱུར་ཏེ། དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་བཅས་པར་བལྟའོ། །ཡང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་ཡང་འབྲེལ་བ་ཡིན་ཏེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པ་སྟེ་ཁམས་ དྲུག་ཏུ་འདུས་པའི་ཕྱིར་རོ། །དེ་ལ་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་སྒྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ། །ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཞེས་བྱའོ། །ཟོས་པ་དང་འཐུངས་པ་ལ་སོགས་པ་འཇུགས་ བྱེད་པ་འདི་ནི་མེའི་ཁམས་ཤེས་བྱའོ། །དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི་ཁམས་ཞེས་བྱའོ། །ལུས་ཀྱི་ནང་བསྲུབས་ཡོད་པ་འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་། ཟག་བཅས་ ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི་ནང་གི་ཁམས་དྲུག་ཚང་བར་གྱུར་པ་ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་ཁམས་ དྲུག་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་སྲ་བ་ལ་སོགས་པ་སྒྲུབ་བོ་སྙམ་དུ་མི་སེམས་སོ། །ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ལས་ཡོངས་སུ་སྐྱེ་བར་འགྱུར་རོ། ། 2-13-92b དེ་ཡང་རྟེན་འབྲེལ་བཅུ་གཉིས་པོ་འདི་ཚེ་དུ་ལ་རྫོགས་ཤེ་ན། འཕགས་པ་ས་བཅུ་པའི་མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནི་སྔོན་གྱི་མཐའ་ལ་ལྟོས་པའོ། །རྣམ་པར་ཤེས་པ་ནས་ཚོར་བའི་བར་ནི་ད་ལྟ་བྱུང་བ་ལ་ལྟོས་ པའོ། །སྲེད་པ་དང་སྲིད་པའི་བར་ནི་ཕྱི་མ་ལ་ལྟོས་པ་སྟེ། དེ་ཕན་ཆད་ཀྱང་རབ་ཏུ་འབྱུང་ངོ་། །ཞེས་གསུངས་སོ། །ལུགས་ལས་བཟློག་པ་མྱ་ངན་ལས་འདས་པའི་རྟེན་འབྲེལ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་དུ་རྟོགས་པས་མ་ རིག་པ་འགག་པར་འགྱུར་ལ། དེ་འགགས་པས་རྒ་ཤིའི་བར་དུ་རིམ་གྱིས་འགག་སྟེ། ཇི་སྐད་དུ། དེ་ནས་མ་རིག་པ་འགགས་པས་འདུ་བྱེད་འགག །ཅེས་བྱ་བ་ནས། སྐྱེ་བ་འགགས་པས། རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་ འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཞེས་གསུངས་སོ། །རང་ཕྲག་དོག་ཤས་ཆེ་ན་ དེའི་གཉེན་པོར་བདག་གཞན་མཉམ་པར་སྒོམ་པ་ནི། བདག་བདེ་བ་འདོད་པ་བཞིན་དུ་སེམས་ཅན་གཞན་ཡང་བདེ་བ་འདོད་ལ། བདག་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་གཞན་ཡང་སྡུག་བསྔལ་མི་འདོད་པས་ན། བདག་དང་ སེམས་ཅན་གཅེས་པ་མཉམ་པོར་བསྒོམ་མོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། ། ཞེས་གསུངས་སོ། །རང་ང་རྒྱལ་ཤས་ཆེ་ན་དེའི་གཉེན་པོར་བདག་གཞན་རྗེ་བ་སྒོམ་པ་ནི། བྱིས་པ་སེམས་ཅན་རྣམས་ཀྱིས་རང་ཁོ་ན་གཅེས་པར་བཟུང་ནས་རང་ཚིས་བྱས་པས་འཁོར་བ་ན་སྡུག་བསྔལ་ལ། སངས་རྒྱས་རྣམས་ཀྱིས་ 2-13-93a གཞན་གཅེས་པར་བཟུང་ནས་གཞན་དོན་ཁོ་ན་མཛད་པས་སངས་རྒྱས་ཐོབ་བོ། །དེ་ལྟར་ཡང་། བྱིས་པས་རང་དོན་བྱས་པ་དང་། །ཐུབ་པས་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཤེས་ གསུངས་སོ། །དེས་ན་བདག་གཅེས་པར་འཛིན་པ་དེ་ནི་སྐྱོན་ཅན་དུ་ཤེས་པར་བྱས་ལ་བདག་འཛིན་དོར། གཞན་གཅེས་པར་འཛིན་པ་དེ་ཡོན་ཏན་དུ་ཤེས་པར་བྱས་ལ་གཞན་བདག་ཏུ་བྱའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བདག་ཉིད་ སྐྱོན་ཅན་གཞན་དག་ལ། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་ཏུ་འཛིན་པ་དོར་བ་དང་། །གཞན་བླང་བ་ནི་བསྒོམ་པར་བྱ། །ཅེས་གསུངས་སོ། །རང་ཉོན་མོངས་པ་ཆ་མཉམ་པའམ། རྣམ་པར་རྟོག་པ་ཤས་ཆེ་ན་རླུང་ལ་བསླབ་ སྟེ། བགྲང་བ་དང་རྗེས་འགྲོ་ལ་སོགས་པ་དྲུག་སྒོམ་མོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་གསུངས་སོ། ། ཉོན་མོངས་པ་དེ་དག་སྤང་སྒྲུབ་བསྒྱུར་གསུམ་མེད་པར་ཉམས་སུ་ལེན་པ་གསང་སྔགས་ཀྱི་ལུགས་སམ། མར་པ་ཡབ་སྲས་ཀྱི་ཕྱག་སྲོལ་དང་བཞེད་པ་ནི་ཞལ་ལས་ཤེས་པར་བྱ་ཞིང་། ལྷན་ཅིག་སྐྱེས་སྦྱོར་དང་དཔལ་ནཱ་རོ་པའི་ཆོས་དྲུག་ རྣམས་ལས་ཤེས་པར་བྱའོ། །དེ་དག་ནི་སེམས་སྦྱོང་བའི་རིམ་པ་སྟེ་བསམ་གཏན་ལ་འཇུག་པར་བྱེད་པའོ། །བསམ་གཏན་དངོས་ལ་དབྱེ་ན་གསུམ་སྟེ། མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་དང་། ཡོན་ཏན་སྒྲུབ་པའི་ བསམ་གཏན་དང་། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །དེ་ཡང་དང་པོ་ནི་རང་གི་རྒྱུད་སྣོད་དུ་རུང་བར་བྱེད་པའོ། །གཉིས་པ་ནི་རང་སྣོད་དུ་རུང་ནས་སངས་རྒྱས་ཀྱི་ཆོས་སྒྲུབ་པའོ། །གསུམ་པ་ནི་སེམས་ཅན་གྱི་དོན་བྱེད་པའོ། ། 2-13-93b དེ་དག་སོ་སོའི་མཚན་ཉིད་བཤད་ན། དང་པོར་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ནི། བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ལུས་སེམས་ ཤིན་ཏུ་སྦྱངས་པ་བསྐྱེད་པ། མཆོག་ཏུ་རབ་ཏུ་ཞི་བ། རློམ་སེམས་དང་བྲལ་བ། རོ་མྱོང་བ་མེད་པ། མཚན་མ་ཐམས་ཅད་དང་བྲལ་བ་གང་ཡིན་པ་འདི་ནི། དེ་དག་གི་ཚེ་འདི་ལ་བདེ་བར་གནས་པ་ཡིན་པར་རིག་པར་བྱའོ། །ཞེས་ གསུངས་སོ། །དེ་ལ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ནི། ཡོད་མེད་ལ་སོགས་པར་རྟོག་པའི་ཡིད་ཀྱི་གྱ་གྱུ་མེད་པར་རྩེ་གཅིག་ཏུ་གནས་པའོ། །ལུས་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པ་ཞེས་པ་ནི། ལུས་དང་སེམས་ཀྱི་གནས་ ངན་ལེན་ཐམས་ཅད་འཇིག་པའོ། །མཆོག་ཏུ་རབ་ཏུ་ཞི་བ་ཞེས་པ་ནི། ངང་གིས་འཇུག་པའོ། །རློམ་སེམས་དང་བྲལ་བ་ཞེས་པ་ནི། ལྟ་བའི་ཉོན་མོངས་པ་དང་བྲལ་བའོ། །རོ་མྱོང་བ་མེད་པ་ཞེས་པ་ནི། སྲིད་པའི་ཉོན་མོངས་པ་མེད་པའོ། ། མཚན་མ་དང་བྲལ་བ་ཞེས་པ་ནི། གཟུགས་ལ་སོགས་པའི་ལོངས་སྤྱོད་དང་བྲལ་བའོ། །ཡང་ཐམས་ཅད་ཀྱི་སྒོ་ལྟར་ན། བསམ་གཏན་བཞི་སྟེ། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ། ། དེ་ལ་བསམ་གཏན་དང་པོ་ནི། རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ནི། དགའ་བ་དང་ལྡན་པའོ། །བསམ་གཏན་གསུམ་པ་ནི། སིམ་པ་བདེ་བ་དང་ལྡན་པའོ། །བསམ་གཏན་བཞི་པ་ནི་བཏང་ སྙོམས་དང་ལྡན་པའོ། །ཡོན་ཏན་སྒྲུབ་པའི་བསམ་གཏན་ལ་གཉིས་ཏེ། ཐུན་མོང་མ་ཡིན་པ་དང་། ཐུན་མོང་བའོ། །དེ་ལ་དང་པོ་ནི། སྟོབས་བཅུའི་རིགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ 2-13-94a པ་ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མིང་ཙམ་ཡང་མི་ཤེས་ན། སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་བ་རྣམས་སོ། །ཐུན་མོང་བ་ནི། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པ་དང་། ཟད་པར་གྱི་སྐྱེ་མཆེད་དང་། སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་ཉན་ཐོས་དང་ཐུན་མོང་བ་རྣམས་སོ། །དེ་ཡང་མིང་ཐུན་མོང་བ་ཡིན་གྱི་རང་གི་ངོ་བོ་མཚུངས་པ་ནི་མ་ཡིན་ནོ། །སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནི། བསམ་གཏན་གང་ལ་བརྟེན་ནས་ལུས་དཔག་ཏུ་མེད་པ་སྤྲུལ་ཏེ། སེམས་ཅན་གྱི་དགོས་པའི་གྲོགས་བྱེད་པ་ལ་སོགས་པ་བཅུ་གཅིག་པོ་བྱེད་པའི་བསམ་གཏན་ནོ། །འོ་ན་ཞི་གནས་དང་ལྷག་མཐོང་ཞེས་གྲགས་པ་ལ། ཞི་གནས་ནི་ ཅི་ཙམ། ལྷག་མཐོང་ནི་ཅི་ཙམ་ཞེ་ན། དེ་ལ་ཞི་གནས་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་འཇོག་པ་དེའོ། །ལྷག་མཐོང་ནི་དེའི་རྗེས་ལ་བྱ་བ་དང་བྱ་བ་མ་ཡིན་པར་ཤེས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ དེའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་གསུངས་སོ། །དེ་ཡང་ ཞི་གནས་ནི་བསམ་གཏན་དངོས་སོ། །ལྷག་མཐོང་ནི་ཤེས་རབ་ཀྱི་ཆའོ། །བསམ་གཏན་སྤེལ་བ་ནི། ཡེ་ཤེས་དང་། ཤེས་རབ་དང་། བསྔོ་བ་གསུམ་གྱིས་སྤེལ་བ་སྟེ། གོང་དུ་བསྟན་པ་ལྟར་རོ། །བསམ་གཏན་དག་ པར་བྱེད་པ་ནི། སྟོང་པ་དང་སྙིང་རྗེས་ཟིན་པ་སྟེ། གོང་དུ་བསྟན་པ་ལྟར་རོ། །བསམ་གཏན་གྱི་འབྲས་བུ་ནི། མཐར་ཐུག་དང་། གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི། བླ་ན་མེད་པའི་བྱང་ཆུབ་ 2-13-94b ཐོབ་སྟེ། དེ་ལྟར་ཡང་བྱང་ས་ལས། བྱང་ཆུབ་སེམས་དཔས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། །གནས་སྐབས་སུ་འདོད་ཆགས་དང་བྲལ་བའི་ལྷའི་ལུས་ཐོབ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་ དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །ཅེས་གསུངས་སོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། སྡོམ་ནི། སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། ། ཕྱེ་བ་སོ་སོའི་མཚན་ཉིད་དང་། །ཤེས་དང་གོམས་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །ཤེས་རབ་ཕ་རོལ་ཕྱིན་བསྡུས་སོ། །ཤེས་པའོ། །དེ་ལ་དང་པོ་བཤད་ན། བྱང་ཆུབ་སེམས་དཔའ་གང་ཞིག་སྦྱིན་ པ་ལ་གནས་པ་ནས། བསམ་གཏན་གྱི་བར་དུ་ལྡན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། དེས་ཐམས་ཅད་མཁྱེན་པའི་གོ་འཕང་མི་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ལོང་ཁྲིད་མེད་པའི་ལོང་བའི་ཚོགས་ཀྱིས་ཡིད་ ལ་འདོད་པའི་གྲོང་ཁྱེར་དུ་བགྲོད་པར་མི་ནུས་པ་དང་འདྲའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ 2-13-95a ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་སོ། །དེ་ལས་བཟློག་སྟེ་ཤེས་རབ་དང་ལྡན་ན། ལོང་ཁྲིད་ཀྱིས་ལོང་བའི་ཚོགས་གྲོང་ཁྱེར་དུ་ཁྲིད་པ་ལྟར་ སྦྱིན་པ་ལ་སོགས་པ་དགེ་བའི་ཚོགས་ཐམས་ཅད་སངས་རྒྱས་ཀྱི་ལམ་དུ་བསྒྱུར་ནས། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བོ། །དེ་ལྟར་ཡང་དབུ་མ་འཇུག་པ་ལས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་ གཅིག་གིས་འདོད་པ་ཡི། །ཡུལ་དུ་ཁྲིད་པ་དེ་བཞིན་ཤེས་རབ་ཀྱིས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་བར་ཁྲིད། །ཅེས་གསུངས་སོ། །འཕགས་པ་སྡུད་པ་ལས་ཀྱང་། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་གསུངས་སོ། །འོ་ན་ཤེས་རབ་ཁོ་ནས་ཆོག་མོད། སྦྱིན་པ་ལ་སོགས་པའི་ཐབས་རྣམས་ཅི་དགོས་ཤེ་ན། མི་ཆོག་སྟེ། བྱང་ཆུབ་ལམ་སྒྲོན་ལས། ཐབས་དང་ བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་གསུངས་སོ། །འོ་ན་ཐབས་ཤེས་ཡ་བྲལ་དུ་ཉམས་སུ་བླངས་ན་གང་དུ་འཆིང་ཞེ་ན། བྱང་ཆུབ་ སེམས་དཔས་ཐབས་དང་བྲལ་བའི་ཤེས་རབ་བརྟེན་ན། ཉན་ཐོས་ཀྱི་འདོད་པའི་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་དེར་ལྷུང་ནས་བཅིངས་པ་བཞིན་དུ་འགྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ། །དེ་ཡང་ ཐེག་པ་གསུམ་དུ་འདོད་པའི་ལུགས་ཀྱིས་ནི་གཏན་དུ་དེར་བཅིངས་པར་འདོད་ལ། ཐེག་པ་གཅིག་ཏུ་འདོད་པས་ཀྱང་བསྐལ་པ་ཆེན་པོ་བརྒྱད་ཁྲིད་བཞི་སྟོང་དུ་དེར་བཅིངས་པར་འདོད་དོ། །ཤེས་རབ་དང་བྲལ་བའི་ཐབས་བརྟེན་ན་ཡང་བྱིས་པ་སོ་སོ་སྐྱེ་བོའི་ 2-13-95b ས་ལས་མི་འདའ་བས། འཁོར་བ་ཉིད་དུ་བཅིངས་པ་ཁོ་ནར་འགྱུར་བའོ། །དེ་ལྟར་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པར་འཆིང་ལ། ཤེས་རབ་དང་བྲལ་བའི་ ཐབས་ཀྱིས་འཁོར་བར་འཆིང་བས་ཟུང་དུ་འབྲེལ་བ་ཞིག་དགོས་སོ། །ཤེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ནི་གང་། ཐར་པ་ནི་གང་ཞེ་ན། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ། །ཞེས་གསུངས་སོ། ། དེས་ན་ཐབས་དང་ཤེས་རབ་ཡ་བྲལ་དུ་ཉམས་སུ་ལེན་པ་ནི་བདུད་ཀྱི་ལས་ལ་སྤྱོད་པ་ཡིན་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། བདུད་ཀྱི་ལས་ནི་གཉིས་ཏེ། ཤེས་རབ་དང་བྲལ་བའི་ཐབས་དང་། ཐབས་དང་བྲལ་བའི་ ཤེས་རབ་སྟེ། བདུད་ཀྱི་ལས་སུ་ཤེས་པས་སྤང་བར་བྱའོ། །ཞེས་གསུངས་སོ། །ཡང་དཔེར་ན། ཡིད་ལ་འདོད་པའི་གྲོང་ཁྱེར་དུ་འགྲོ་བར་འདོད་པ་ལ་ལམ་བརྟག་པའི་མིག་དང་། ས་གཅོད་པའི་རྐང་པ་གཉིས་འཛོམ་ དགོས་པ་ལྟར། མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ལ། ཤེས་རབ་ཀྱི་མིག་དང་ཐབས་ཀྱི་རྐང་པ་གཉིས་ཟུང་དུ་འབྲེལ་དགོས་པ་ཡིན་ནོ། །ག་ཡ་གོ་རིའི་མདོ་ལས་ཀྱང་། ཐེག་པ་ཆེན་པོའི་ལམ་མདོར་ བསྡུ་ན་གཉིས་ཏེ། ཐབས་དང་ཤེས་རབ་བོ། །ཞེས་གསུངས་སོ། །ཡང་ཤེས་རབ་དེ་ཡང་རང་དགར་མི་སྐྱེ་སྟེ། དཔེར་ན་ཤིང་ཉུང་ཟད་ཙམ་ལ་མེ་སྦར་ཡང་། མེ་ཆེ་ལ་ཡུན་རིང་བ་མི་འབྱུང་ལ། ཤིང་ཤིན་ཏུ་སྐམ་ཞིང་ 2-13-96a མང་བ་བསགས་ནས་མེ་སྦར་ན། མེ་ཆེ་ལ་ཡུན་རིང་བ་བསད་ཀྱང་མི་སོད་པ་འབྱུང་ངོ་། །དེ་བཞིན་དུ་བསོད་ནམས་ཉུང་ཟད་ཙམ་ལས་མ་བསགས་པ་ལ་ཤེས་རབ་ཆེན་པོ་མི་སྐྱེ་ལ། སྦྱིན་པ་དང་ཚུལ་ཁྲིམས་ལ་ སོགས་པའི་བསོད་ནམས་ཆེན་པོ་བསགས་པ་ལ་ཤེས་རབ་ཆེན་པོ་འབྱུང་སྟེ། སྒྲིབ་པ་ཐམས་ཅད་སྲེག་གོ། དེས་ན་ཤེས་རབ་ཉིད་ཀྱི་ཆེད་དུ་སྦྱིན་པ་ལ་སོགས་པ་བརྟེན་དགོས་སོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཡན་ལག་ འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་འབྱུང་ངོ་། །ཤེས་རབ་ཀྱི་ངོ་བོ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དེ་ལྟར་ཡང་མངོན་པ་ཀུན་ལས་བཏུས་པ་ལས། ཤེས་རབ་གང་ཞེ་ན། ཆོས་ རབ་ཏུ་རྣམ་པར་འབྱེད་པའོ། །ཞེས་གསུངས་སོ། །ཤེས་རབ་ལ་དབྱེ་ན། མདོ་སྡེ་རྒྱན་གྱི་འགྲེལ་པ་ལས་རྣམ་པ་གསུམ་གསུངས་ཏེ། འཇིག་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་བོ། །དེ་དག་སོ་སོའི་མཚན་ཉིད་བཤད་ན། འཇིག་རྟེན་པའི་ཤེས་རབ་ནི། གསོ་བ་རིག་པ་དང་། གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། བཟོ་རིག་པ་སྟེ། རིག་པའི་ གནས་བཞི་པོ་དག་ལ་བརྟེན་ནས་སྐྱེས་པའི་ཤེས་རབ་གང་ཡིན་པ་དེའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་གཉིས་པོ་ནང་རིག་པ་ཞེས་བྱ་བ་དམ་པའི་ཆོས་ལ་བརྟེན་ནས་སྐྱེས་པའི་ཤེས་རབ་གང་ཡིན་པའོ། །དེ་ཡང་དང་པོ་འཇིག་ རྟེན་ལས་འདས་པ་དམན་པའི་ཤེས་རབ་ནི། ཉན་ཐོས་དང་རང་རྒྱལ་བ་དག་གི་ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་སྟེ། ཉེ་བར་ལེན་པའི་ཕུང་པོ་འདི་མི་གཙང་བ་དང་། སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་ 2-13-96b མེད་པར་རྟོགས་པའོ། །གཉིས་པ་འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་ནི། ཐེག་པ་ཆེན་པོའི་ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཉིད་སྐྱེ་བ་མེད་པ། གཞི་ མེད་རྩ་བྲལ་དུ་ཤེས་པའོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པར་ཤེས་པ་གང་ལགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །ཤེས་གསུངས་སོ། ། འཕགས་པ་སྡུད་པ་ལས་ཀྱང་། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་ལམ་སྒྲོན་ལས་ཀྱང་། ཕུང་པོ་ཁམས་དང་སྐྱེ་ མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ལས། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཅེས་གསུངས་སོ། །ཤེས་རབ་ཤེས་པར་བྱ་བ་ནི། ཤེས་རབ་ལ་གསུམ་ཡོད་པ་ལས། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་དེ་ཤེས་པར་བྱེད་དགོས་པ་ཡིན་ནོ། །དེ་འཆད་པ་ལ་དོན་རྣམ་པ་དྲུག་གིས་སྟོན་ཏེ། དངོས་པོར་འཛིན་པ་དགག་པ་དང་། དངོས་མེད་དུ་འཛིན་པ་དགག་པ་དང་། མེད་པར་འཛིན་པའི་ སྐྱོན་དང་། འཛིན་པ་གཉིས་ཆར་གྱི་སྐྱོན་དང་། གྲོལ་བར་འགྱུར་བའི་ལམ་དང་། གྲོལ་བའི་རང་བཞིན་མྱ་ངན་ལས་འདས་པའོ། །དེ་ལ་དང་པོ་དངོས་པོར་འཛིན་པ་དགག་པ་ནི། ཇོ་བོའི་བྱང་ཆུབ་ལམ་སྒྲོན་དུ། ཡོད་པ་ སྐྱེ་བར་རིགས་མིན་ཏེ། །མེད་པའང་ནམ་མཁའི་མེ་ཏོག་བཞིན། །ཞེས་པ་ལ་སོགས་པ་གཏན་ཚིགས་ཆེན་པོ་རྣམས་ཀྱིས་དཔྱད་ནས་གསུངས་ཏེ། ལམ་རིམ་དུ་གསུང་ཙ་ན། དངོས་པོའམ་དངོས་འཛིན་ཐམས་ཅད་ 2-13-97a བདག་གཉིས་སུ་འདུས་ལ། བདག་གཉིས་པོ་དེ་རང་བཞིན་གྱིས་སྟོང་ཉིད་ཡིན་པར་གསུངས་སོ། །འོ་ན་བདག་རྣམ་པ་གཉིས་སམ། སེམས་ཞེས་བྱ་བ་གང་ཡིན་ན། གང་ཟག་གི་བདག་ཅེས་བྱ་བ་ དང་། ཆོས་ཀྱི་བདག་ཅེས་བྱ་བའོ། །དེ་ལ་གང་ཟག་གི་བདག་གམ་སེམས་ཞེས་བྱ་བ་དེ་གང་ཡིན་ན། འདི་ལའང་འདོད་ལུགས་མང་སྟེ། དོན་ལ་གང་ཟག་ཅེས་བྱ་བ་ནི། རིག་པ་དང་བཅས་པའི་ཉེ་བར་ལེན་པའི་ཕུང་པོའི་ རྒྱུན་ནམ་མི་བྱེད་དགུ་བྱེད་རིག་རིག་གྱུ་གྱུ་པོ་འདི་ཡིན་ནོ། །དེ་ལྟར་ཡང་མདོ་སིལ་བུ་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །གྱ་གྱུ་འཕྲོ་བ་འདི་རང་ཡིན། །ཞེས་གསུངས་སོ། །གང་ཟག་དེ་ལ་རྟག་པ་དང་གཅིག་པུར་བཟུང་ ནས་ང་དང་བདག་ཏུ་ཞེན་ཅིང་ཆགས་པ་དེ་ལ་གང་ཟག་གི་བདག་གམ་སེམས་ཞེས་བྱ་སྟེ། བདག་དེས་ནི་ཉོན་མོངས་པ་བསྐྱེད་དོ། །ཉོན་མོངས་པ་དེས་ལས་བསྐྱེད་དོ། །ལས་ཀྱིས་སྡུག་བསྔལ་བསྐྱེད་དོ། །དེས་ན་སྡུག་བསྔལ་ དང་ཉེས་པ་ཐམས་ཅད་ཀྱི་རྩ་བ་ནི་བདག་གམ་སེམས་དེ་ཡིན་ནོ། །དེ་ལྟར་ཡང་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ ཅད་འབྱུང་བར་འགྱུར། །ཞེས་གསུངས་སོ། །ཆོས་ཀྱི་བདག་དེ་གང་ཡིན་ན། དེ་ལ་ཆོས་ཞེས་པ་ནི། ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་སོ། །ཅིའི་ཕྱིར་དེ་དག་ལ་ཆོས་ཞེས་བྱ་ཞེ་ན། དེ་དག་རང་ གི་མཚན་ཉིད་འཛིན་པའི་ཕྱིར་རོ། །དེ་ལྟར་ཡང་མདོ་སིལ་བུ་ལས། མཚན་ཉིད་འཛིན་ལ་ཆོས་ཞེས་བྱ། །ཅེས་གསུངས་སོ། །དེ་ལྟར་གཟུང་འཛིན་གཉིས་པོ་དངོས་པོར་བཟུང་ནས་ཞེན་པ་ནི་ཆོས་ཀྱི་བདག་ཅེས་བྱའོ། ། 2-13-97b བདག་དེ་གཉིས་རང་བཞིན་གྱིས་སྟོང་ཉིད་ཡིན་པར་འཆད་པ་ལ། དང་པོར་གང་ཟག་གི་བདག་དགག་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ་ལས། བདག་ཡོད་བདག་གིར་ཡོད་ཅེས་པ། །འདི་ནི་དམ་ པའི་དོན་དུ་ལོག །ཅེས་གསུངས་ཏེ། བདག་དེ་དོན་དམ་པར་མ་གྲུབ་པའི་དོན་ཏོ། །གལ་ཏེ་བདག་གམ་སེམས་དོན་དམ་པར་གྲུབ་ནས་ཡོད་ན། བདེན་པ་མཐོང་བའི་དུས་ན་ཡང་ཡོད་དགོས་པ་ལ། བདེན་པ་མཐོང་བའི་ སེམས་ཀྱིས་ངོ་བོ་མཐོང་བའི་དུས་ན་བདག་དེ་མེད་པས་ན་མ་གྲུབ་པ་ཡིན་ནོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། གང་ཕྱིར་ཡང་དག་ཇི་ལྟ་བ། །ཡོངས་སུ་ཤེས་པས་གཉིས་མི་འབྱུང་། །ཞེས་གསུངས་ཏེ། དེ་ལ་ཡང་དག་པ་ཇི་ལྟ་བ་ ཤེས་པ་ནི་བདེན་པ་མཐོང་བའམ་སེམས་སམ། གཉིས་མི་འབྱུང་བ་ནི་བདག་དང་བདག་གིར་འཛིན་པ་མི་འབྱུང་བའོ། །ཡང་གལ་ཏེ་བདག་གམ་སེམས་དེ་ཡོད་པར་གྱུར་ན་རང་ལས་སྐྱེ་བའམ། གཞན་ལས་སྐྱེ་བའམ། གཉིས་ཀ་ལས་ སྐྱེ་བའམ། དུས་གསུམ་ལས་སྐྱེ་བ་ཞེས་བརྟག་པར་བྱའོ། །དེ་ལ་རང་ལས་མི་སྐྱེ་སྟེ། རང་གྲུབ་ཟིན་ནམ་མ་ཟིན། གྲུབ་མ་ཟིན་ན་རྒྱུར་མི་རུང་ལ། གྲུབ་ཟིན་ན་འབྲས་བུར་མི་རུང་ཞིང་། རང་ལ་རང་བྱེད་པ་འགལ་བས་སོ། ། གཞན་ལས་ཀྱང་མི་སྐྱེ་སྟེ། དེ་ནི་རྒྱུ་མ་ཡིན་པའི་ཕྱིར་རོ། །རྒྱུ་ཇི་ལྟར་མ་ཡིན་ན། འདི་ལྟར་རྒྱུ་ནི་འབྲས་བུ་ལ་ལྟོས་པ་ཡིན་པས་ཇི་སྲིད་འབྲས་བུ་མ་བྱུང་བ་དེ་སྲིད་ནི་རྒྱུ་མ་ཡིན་ནོ། །གང་གི་ཚེ་རྒྱུ་མ་ཡིན་པ་དེའི་ཚེ་འབྲས་བུ་ཡང་མི་སྐྱེ་ བས་སྔ་མ་ཁོ་ན་བཞིན་ནོ། །གཉིས་ཀ་ལས་ཀྱང་མི་སྐྱེ་སྟེ། ཕྱོགས་གཉིས་ཀ་སྔར་བཤད་པ་ལྟར་སྐྱོན་ཅན་ཡིན་པའི་ཕྱིར་རོ། །དུས་གསུམ་ལས་ཀྱང་མི་སྐྱེ་སྟེ། འདས་པས་མི་བསྐྱེད་པ་ནི་དེ་ཉིད་ས་བོན་རུལ་པ་ནུས་པ་ཟད་པ་ 2-13-98a བཞིན་ནོ། །མ་འོངས་པས་མི་བསྐྱེད་པ་ནི་མོ་གཤམ་གྱི་བུ་བཞིན་ནོ། །ད་ལྟར་བས་མི་བསྐྱེད་པ་ནི་ཕན་གདགས་བྱ་འདོགས་བྱེད་མི་འཐད་པས་སོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། དེ་ནི་རང་གཞན་གཉིས་ ཀ་དང་། །དུས་གསུམ་ཉིད་དུ་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །ཞེས་གསུངས་ཏེ། མ་ཐོབ་པ་ནི་མི་བསྐྱེད་པའི་དོན་ཏོ། །ཡང་ན་འདི་ལྟར་གོ་བར་བྱ་སྟེ། བདག་ཅེས་བྱ་བ་དེ་རང་གི་ལུས་ལ་ཡོད་དམ། སེམས་ ལ་ཡོད་དམ། མིང་ལ་ཡོད་ཅེས་བརྟག་པར་བྱའོ། །ལུས་འདི་འབྱུང་བ་བཞིའི་རང་བཞིན་ཡིན་ཏེ། དེ་ལ་ལུས་ཀྱི་སྲ་བ་ནི་ས་ཡིན། གཤེར་བ་ནི་ཆུ་ཡིན། དྲོད་ནི་མེ་ཡིན། དབུགས་དང་གཡོ་འགུལ་ནི་རླུང་ཡིན་ནོ། །དེ་ ལྟར་འབྱུང་བ་བཞི་ལ་བདག་གམ་སེམས་མེད་དེ། དཔེར་ན་ཕྱི་རོལ་གྱི་ས་ཆུ་ལ་སོགས་པའི་འབྱུང་བ་བཞི་ལ་བདག་གམ་སེམས་མེད་པ་བཞིན་ནོ། །སེམས་ལ་བདག་ཡོད་དོ་ཞེ་ན། སེམས་ནི་ཅིར་ཡང་མ་གྲུབ་སྟེ་རང་གཞན་གཉིས་ཀས་ མ་མཐོང་བའི་ཕྱིར་རོ། །དེས་ན་སེམས་རང་མ་གྲུབ་པས། བདག་གྲུབ་པ་མེད་དོ། །མིང་ལ་བདག་གམ་སེམས་ཡོད་དོ་ཞེ་ན། མིང་ནི་གློ་བུར་དུ་བཏགས་པ་ཡིན་ཏེ། རྫས་སུ་ཡང་མ་གྲུབ་ལ། བདག་དང་ཡང་འབྲེལ་བ་ མེད་དོ། །དེ་ལྟར་ན་རྒྱུ་མཚན་གསུམ་གྱི་སྒོ་ནས་གང་ཟག་གི་བདག་གམ་སེམས་མ་གྲུབ་པར་བསྟན་ཏོ། །ད་ནི་ཆོས་ཀྱི་བདག་དགག་པ་ལ་གཉིས་ཏེ། ཕྱི་གཟུང་བའི་ཡུལ་མ་གྲུབ་པར་བསྟན་པ་དང་། ནང་འཛིན་པའི་སེམས་མ་གྲུབ་ པར་བསྟན་པའོ། །དེ་ལ་དང་པོ་བཤད་ན། ཁ་ཅིག་ཕྱི་གཟུང་བའི་ཡུལ་དངོས་པོར་གྲུབ་པར་འདོད་དེ། དེ་ཡང་བྱེ་བྲག་ཏུ་སྨྲ་བ་ན་རེ། རྡུལ་ཕྲ་རབ་ཀྱི་ངོ་བོ་ཟླུམ་གོང་ཆ་ཤས་མེད་པ་ཞིག་རྫས་སུ་ཡོད། དེ་དག་ཚོགས་པ་ནི་ 2-13-98b གཟུགས་ལ་སོགས་པའི་ཡུལ་འདི་ཡིན་ཏེ། དེ་ཡང་རྡུལ་དེ་རྣམས་སིལ་བུར་སོ་སོར་བསྐོར་བ་བར་དང་བཅས་པར་ཡོད་དེ། ད་ལྟ་ཕྱོགས་གཅིག་ཏུ་སྣང་བ་ནི་དཔེར་ན་གཡག་རྔ་དང་ནེའུ་སིང་གི་ཚུལ་ལྟར་ཡིན། མི་འགྱེས་ པ་ནི་སེམས་ཅན་གྱི་ལས་ཀྱི་བསྡུས་པ་ཡིན། ཞེས་ཟེར་རོ། །མདོ་སྡེ་པ་ན་རེ། རྡུལ་དེ་དག་ཀྱང་བསྐོར་བ་བར་མེད་པ་འབྱར་ལ་མ་རེག་པར་ཡོད་ཅེས་ཟེར་རོ། །དེ་ལྟར་འདོད་ཀྱང་དེ་མ་གྲུབ་སྟེ། རྡུལ་དེ་གཅིག་ཏུ་ཡོད་དམ་དུ་མར་ ཡོད། གཅིག་ཡིན་ན་རྡུལ་དེ་ལ་ཕྱོགས་ཆའི་དབྱེ་བ་ཡོད་དམ་མེད། ཕྱོགས་ཆའི་དབྱེ་བ་ཡོད་ན་ཤར་ནུབ་དང་ལྷོ་བྱང་དང་སྟེང་འོག་གི་ཆ་སྟེ། ཆ་དྲུག་ཏུ་སོང་བས་གཅིག་ཏུ་འདོད་པ་ཉམས་སོ། །ཕྱོགས་ཆའི་དབྱེ་བ་མེད་ན་དངོས་པོ་ ཐམས་ཅད་ཀྱང་རྡུལ་གཅིག་གི་ངོ་བོར་འགྱུར་དགོས་ན་དེ་ལྟར་ཡང་མ་ཡིན་ཏེ། མངོན་སུམ་གྱི་བསལ་བ་ཡོད་དོ། །དེ་ལྟར་ཡང་། ཉི་ཤུ་པའི་རབ་ཏུ་བྱེད་པ་ལས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །དུ་མ་ཡིན་ནོ་ཞེ་ན། གཅིག་གྲུབ་ན་གཅིག་བསགས་པའི་དུ་མ་གྲུབ་ཏུ་རུང་བ་ལས། གཅིག་མ་གྲུབ་པས་དེ་བསགས་པའི་དུ་མ་ཡང་ མ་གྲུབ་བོ། །དེས་ན་རྡུལ་ཕྲ་རབ་རྫས་སུ་མ་གྲུབ་པས་དེའི་རང་བཞིན་ཕྱིའི་ཡུལ་འདི་ཡང་མ་གྲུབ་བོ། །འོ་ན་ད་ལྟ་མངོན་སུམ་དུ་སྣང་ཞིང་འདུག་པ་འདི་ཅི་ཡིན་སྙམ་ན་འདི་ནི་རང་སེམས་ཉིད་འཁྲུལ་ནས་ཕྱི་རོལ་གྱི་ཡུལ་དུ་སྣང་བ་འདི་རང་ གི་སེམས་ལ་དེ་ལྟར་དུ་ཤར་བས་སྣང་བ་ཡིན་ནོ། །དེ་ལྟར་ཡིན་པར་ཅིས་ཤེས་ན། ལུང་དང་། རིགས་པ་དང་། དཔེ་དང་གསུམ་གྱིས་ཤེས་པར་བྱའོ། །དེ་ལ་ལུང་ནི། ཕལ་པོ་ཆེའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག ། 2-13-99a ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་སོ། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པའོ། །ཞེས་གསུངས་སོ། །རིགས་པ་ནི། ཕྱི་སྣང་བ་འདི་ཆོས་ཅན་སེམས་ཀྱི་འཁྲུལ་སྣང་ཡིན་པར་དམ་བཅའ། མེད་པ་སྣང་ཞིང་་མིའི་རྭའམ་བསྒོམས་པའི་ལྗོན་ཤིང་ལྟ་བུ། འདུགཔའི་ཕྱིར། ཞེས་པ་ནི་གཏན་ ཚིགས་སོ། །དེ་བཞིན་དུ་ཡོད་པ་མི་སྣང་བའི་སྣང་བ་རྐྱེན་གྱི་སྟོབས་ཀྱིས་འགྱུར་བ་དང་། ཕྱིར་དང་། སྣང་བ་འགྱུར་བསྒོམས་པའི་སྟོབས་ཀྱིས་འགྱུར། ཞིང་འགྲོ་བའི་ཕྱིར་དང་། སྣང་བ་རིགས་དྲུག་གི། ཐ་དད་པའི་ཕྱིར་སྣང་བ་འདི་སེམས་ཀྱི་འཁྲུལ་སྣང་ཁོ་ན་ཡིན་ནོ། །དཔེ་ནི། རྨི་ ལམ་དང་སྒྱུ་མ་ལ་སོགས་པ་བཞིན་ནོ། །དེ་དག་གིས་ཕྱི་གཟུང་བའི་ཡུལ་མ་གྲུབ་པར་བསྟན་ནོ། །གཉིས་པ་བཤད་ན། ཁ་ཅིག་ནང་ འཛིན་པའི་སེམས་རང་རིག་རང་རྒྱལ་བ་དང་སེམས་ཙམ་པས། རང་གསལ་དུ་དངོས་སུ་གྲུབ་པར་འདོད་དོ། །དེ་ལྟར་འདོད་ཀྱང་དེ་མ་གྲུབ་པའི་རྒྱུ་མཚན་གསུམ་སྟེ། སེམས་དེ་སྐད་ཅིག་མར་བརྟགས་པས་མ་གྲུབ་པ་དང་། སེམས་དེ་སུས་ཀྱང་མཐོང་བ་མེད་པས་དངོས་ སུ་མ་གྲུབ་པ་དང་། ཡུལ་མེད་པས་སེམས་མ་གྲུབ་པའོ། །དེ་ལ་དང་པོ་ནི། ཁྱོད་འདོད་པའི་སེམས་རང་རིག་རང་གསལ་དེ་སྐད་ཅིག་ཏུ་ཡོད་དམ། དུ་མར་ཡོད། སྐད་ཅིག་ཏུ་ཡོད་ཅེ་ན། དེ་ལ་ དུས་གསུམ་གྱི་ཆ་ཤས་ཡོད་དམ་དེ་ལ་དུས་གསུམ་གྱི་ཆ་ཤས་མེད། དང་པོ་ལྟར་ན་སྐད་ཅིག་མ་མ་གྲུབ་སྟེ་དུ་མར་ཐལ་ལོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་མཐའ་ 2-13-99b དབུས་བརྟག་དགོས། །དེ་ལྟར་སྐད་ཅིག་གསུམ་བརྟགས་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཤེས་གསུངས་སོ། །དེ་ལ་དུས་གསུམ་གྱི་ཆ་ཤས་མེད་ན་སྐད་ཅིག་མ་དེ་དངོས་མེད་དུ་ཐལ་ལོ། །དེས་ན་སྐད་ ཅིག་མ་མ་གྲུབ་པས་སེམས་ཀྱང་མ་གྲུབ་བོ། །དུ་མར་ཡོད་དོ་ཞེ་ན། སྐད་ཅིག་གྲུབ་ན་སྐད་ཅིག་བསགས་པའི་དུ་མ་གྲུབ་ཏུ་རུང་བ་ལ། སྐད་ཅིག་མ་གྲུབ་པས་དེ་བསགས་པའི་དུ་མ་ཡང་མ་གྲུབ་བོ། །དུ་མ་མ་གྲུབ་པས་སེམས་ཀྱང་ མ་གྲུབ་བོ། །དོན་གཉིས་པ་བཤད་ན། སེམས་ཞེས་བྱ་བ་འདི་ལུས་ཀྱི་ཕྱི་ནང་བར་གསུམ་སྟོད་སྨད་གང་དུ་གནས་པ་བཙལ། གཟུགས་སམ་ཁ་དོག་ཅི་ལྟར་འདུག་པ་ལེགས་པར་བརྟགས་ལ། ངེས་ཤེས་ཅི་སྐྱེས་སུ་ཚོལ་བ་དང་། དམིགས་རིམ་སྤོ་བ་ལ་སོགས་པ་ཞལ་ལས་ཤེས་པ་ལྟར་ཚོལ། །དེ་ཅི་ལྟར་བཙལ་ཡང་མ་མཐོང་མ་རྙེད་ན། མཐོང་རྒྱུའམ་ཁ་དོག་དངོས་པོའི་མཚན་མ་ཅུང་ཟད་ཀྱང་མེད། ཡོད་པ་དེ་མ་མཐོང་མ་རྙེད་པ་མ་ཡིན། འཚོལ་བ་པོ་ རང་བཙལ་རྒྱུའམ། འཚོལ་མཁན་རང་བློའི་ཡུལ་ལས་འདས་པ། སྨྲ་བསམ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པ་ཡིན་པས་གང་དུའང་བཙལ་བས་མི་མཐོང་སྟེ། ཇི་སྐད་དུ་འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་སེམས་ ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ལ་ཡང་མི་དམིགས་སོ། །འོད་སྲུང་སེམས་ནི་དཔྱད་དུ་མེད། བསྟན་དུ་མེད་པ། བརྟེན་དུ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་ པའོ། །འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་གསུངས་སོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་མདོ་ལས་ཀྱང་། དེ་ཕྱིར་སེམས་ནི་གསོག་དང་ 2-13-100a གསོབ། །ཡོད་པ་མིན་པར་རབ་ཤེས་ནས། །དེ་ལ་སྙིང་པོར་མི་བཟུང་སྟེ། །དེ་དག་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས། །དེ་དག་ལ་ནི་གྲུབ་པ་མེད། །ཆོས་རྣམས་ཐམས་ཅད་ བཏགས་པ་སྟེ། །རང་བཞིན་དེ་ལྟར་རབ་ཏུ་བསྟན། །མཐའ་གཉིས་ཟིལ་གྱིས་མནན་ནས་སུ། །མཁས་རྣམས་དབུ་མར་སྤྱོད་པར་བྱེད། །ངོ་བོ་ཉིད་ཀྱིས་ཆོས་སྟོང་པ། །དེ་ནི་བྱང་ཆུབ་ལམ་ཡིན་ཏེ། །ངས་ཀྱང་དེ་ནི་ བསྟན་པ་ཡིན། །ཞེས་གསུངས་སོ། །ཆོས་ཉིད་མི་གཡོ་བའི་མདོ་ལས་ཀྱང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ། རྟོག་པ་དང་ མི་རྟོག་པའི་ཡུལ་ལས་འདས་པའོ། །ཞེས་གསུངས་སོ། །དེས་ན་སེམས་དེ་སུས་ཀྱང་མ་མཐོང་བས་ན། རང་རིག་རང་གསལ་དུ་བརྗོད་པ་དོན་མེད་དོ། །བྱང་ཆུབ་སྤྱོད་འཇུག་ལས་ཀྱང་། གང་ཚེ་འགས་ཀྱང་མཐོང་མེད་ ན། གསལ་བའམ་ནི་མི་གསལ་བ། །མོ་གཤམ་བུ་མོའི་འགྱིང་བག་བཞིན། །དེ་ནི་བརྗོད་ཀྱང་དོན་མེད་དོ། །ཞེས་གསུངས་སོ། །ཏཻ་ལོ་པས་ཀྱང་། ཀྱཻ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ ཀྱི་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །དོན་གསུམ་པ་བཤད་ན། ཡང་གོང་དུ་བཤད་པ་ལྟར་གཟུགས་ལ་སོགས་པ་ཕྱིའི་ཡུལ་མ་གྲུབ་པས་ན། དེ་འཛིན་པའི་ནང་གི་སེམས་ཀྱང་མ་གྲུབ་སྟེ། ཆོས་ཀྱི་དབྱིངས་ ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་ལས་ཀྱང་། སེམས་འདི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། བཙོད་ཁའམ། ཤེལ་གྱི་ཁ་དོག་ལྟ་བུའམ། ཡང་དག་པའམ། 2-13-100b ཡང་དག་པ་མ་ཡིན་པའམ། རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཞིག་ཅེས་སོ་སོར་རྟོགས་ཤིག །སེམས་ནི་གཟུགས་ཅན་མ་ཡིན་ པ། བསྟན་དུ་མེད་པ། སྣང་བ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་བྱེད་མ་ཡིན་པས། ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་པའི་ཕྱིར། ཡོངས་སུ་དག་པ། ཡོངས་ སུ་མ་གྲུབ་པ་ཡིན་ཞིང་དེ་ལ་རྣམ་པར་གྲོལ་བ་མེད་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །བྱང་ཆུབ་སྤྱོད་འཇུག་ལས་ཀྱང་། ཤེས་བྱ་མེད་ན་ཅི་རིག་ནས། །གང་གིས་ཤེས་པ་དེ་རྗོད་བྱེད། །ཅེས་པ་དང་། དེས་ན་ཤེས་བྱ་ཉེར་གནས་པ། མེད་པར་ཤེས་པ་མེད་ཅེས་ངེས། །ཤེས་གསུངས་སོ། །དེ་དག་གི་ནང་འཛིན་པའི་སེམས་མ་གྲུབ་པར་བསྟན་ཏེ། དེ་ལྟར་དངོས་པོར་འཛིན་པ་བཀག་ནས། དོན་གཉིས་པ་དངོས་མེད་དུ་ འཛིན་པ་དགག་པ་ལ། གལ་ཏེ་བདག་གཉིས་པོ་དེ་དངོས་པོ་ཅིར་ཡང་མ་གྲུབ་པས་དངོས་མེད་ཅིག་ཡིན་ནམ་ཞེ་ན། དེ་ནི་དངོས་མེད་དུ་ཡང་མ་གྲུབ་སྟེ། ཅི་ལྟར་ཞེ་ན། བདག་གཉིས་པོའམ། སེམས་དེ་སྔར་དངོས་པོར་ཡོད་པ་ ལ། ཕྱིས་མེད་པ་ཡིན་ན་དངོས་མེད་ཅེས་བྱར་རུང་སྟེ། བདག་གཉིས་སམ། སེམས་ཤེས་བྱ་བའི་ཆོས་ཡེ་ནས་རང་བཞིན་གྱིས་མ་གྲུབ་པས་ན། དངོས་པོར་ཡོད་པ་དང་མེད་པའི་མཐའ་ལས་འདས་སོ། །ས་ར་ཧ་པས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་ན་དེ་བས་ཀྱང་ནི་བླུན། །ཞེས་གསུངས་སོ། །ལང་ཀར་གཤེགས་པ་ལས་ཀྱང་། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་ཡོངས་སུ་བཟུང་བ་མེད། ། 2-13-101a ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཅེས་གསུངས་སོ། །རིན་ཆེན་ཕྲེང་བ་ལས་ཀྱང་། གང་ཚེ་དངོས་པོ་མི་རྙེད་པ། །དེ་ཚེ་དངོས་མེད་ག་ལ་འགྱུར། །ཞེས་གསུངས་སོ། ། དོན་གསུམ་པ་མེད་པར་འཛིན་པའི་སྐྱོན་འཆད་པ་ལ། འོ་ན་དོན་དངོས་པོར་འཛིན་པ་ནི་འཁོར་བའི་རྩ་བར་འདུག་ན། དངོས་མེད་དུ་བལྟས་ན་འཁོར་བ་ལས་གྲོལ་བར་འགྱུར་བ་མིན་ནམ་ཞེ་ན། སྔ་མ་བས་ཕྱི་མ་སྐྱོན་ཆེ་སྟེ། ས་ར་ཧས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བ་སྟེ། །དངོས་མེད་འཛིན་ན་དེ་བས་ཀྱང་ནི་བླུན། །ཞེས་གསུངས་སོ། །ཇི་སྐད་དུ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་སླའི། མངོན་པའི་ང་ རྒྱལ་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཇི་སྐད་དུ། སྟོང་པ་ཉིད་ལ་བལྟ་ཉེས་པས། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་སོ། །རྩ་བ་ཤེས་རབ་ལས་ཀྱང་། གང་ དག་སྟོང་པ་ཉིད་བལྟ་བ། །དེ་དག་གསོར་མི་རུང་བར་གསུངས། །ཞེས་གསུངས་སོ། །གསོར་ཅི་ལྟར་མི་རུང་ཞེ་ན། དཔེར་ན་ནད་པ་ལ་འཁྲུ་སྨན་བཏང་བས། ནད་དང་འཁྲུ་སྨན་གཉིས་ཆར་འཁྲུས་ན་ནད་སོས་པ་ཡིན་ལ། ནད་ འཁྲུས་ནས་འཁྲུས་སྨན་མ་ཞུ་ན། ནད་པ་གསོར་མི་རུང་སྟེ་འཆི་བར་འགྱུར་རོ། །དེ་བཞིན་དུ་དངོས་པོར་བལྟ་བ་དེ་སྟོང་ཉིད་བསྒོམས་པས་བུད་ཀྱང་། སྟོང་ཉིད་ལ་ཞེན་ཅིང་བལྟ་ན། སྟོང་པའི་བདག་པོ་སྟོང་པར་འགྲོ་སྟེ། ངན་འགྲོར་ཕྱོགས་པར་ འགྱུར་བའོ། །རིན་ཆེན་ཕྲེང་བ་ལས་ཀྱང་། ཡོད་པ་པོ་ནི་བདེ་འགྲོར་འགྲོ། མེད་པ་པོ་ནི་ངན་འགྲོར་འགྲོ། ཞེས་གསུངས་སོ། །དེ་ལ་སྔ་མ་བས་ཕྱི་མ་སྐྱོན་ཆེའོ། །དོན་བཞི་པ་འཛིན་པ་གཉིས་ཆར་གྱི་སྐྱོན་འཆད་པ་ལ། དོན་ 2-13-101b ལ་ཡོད་པར་འཛིན་པ་དང་། མེད་པར་འཛིན་པ་གཉིས་ཆར་སྐྱོན་ཅན་ཡིན་ཏེ། རྟག་ཆད་གཉིས་ཀྱི་མཐར་ལྟུང་བའི་ཕྱིར། །རྩ་བ་ཤེས་རབ་ལས་ཀྱང་། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་ གསུངས་སོ། །རྟག་ཆད་ཀྱི་མཐར་ལྟུང་བ་ནི་རྨོངས་པའོ། །རྨོངས་པ་ནི་འཁོར་བ་ལས་གྲོལ་བར་མི་འགྱུར་བའོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས་ཀྱང་། དེ་ལྟར་སྨིག་རྒྱུ་ལྟ་བུ་ཡི། །འཇིག་རྟེན་ཡོད་པའམ་མེད་པ་ཞེས། ། འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །ཞེས་གསུངས་སོ། །དོན་ལྔ་པ་གྲོལ་བར་འགྱུར་བའི་ལམ་འཆད་པ་ལ། འོ་ན་གང་གིས་གྲོལ་ཞེ་ན། མཐའ་ལ་མི་གནས་པ་དབུ་མའི་ལམ་གྱིས་གྲོལ་བར་ འགྱུར་རོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། ཡང་དག་ཅི་བཞིན་ཡོང་ཆོས་ཐམས་ཅད་ཡེ་ནས་སྐྱེ་མེད་དུ། ཤེས་པ། །གཉིས་ལ་རྟག་ཆད་མི་བརྟེན་འཁོར་བ་ལས་ཐར་བར་འགྱུར། །ཞེས་པ་དང་། དེས་ན་གཉིས་རྟག་ཆད་གཉིས་ཀྱི་མཐའ་ལ། མི་བརྟེན་པས་གྲོལ། །ཞེས་གསུངས་སོ། །རྩ་བའི་ཤེས་རབ་ལས་ ཀྱང་། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་སོ། །འོ་ན་མཐའ་གཉིས་སྤང་བའི་དབུ་མ་ཉིད་ཅི་ལྟ་བུ་ཡིན་སྙམ་ན། འཕགས་ པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་བྱང་ཆུབ་སེམས་དཔས་ཚུལ་བཞིན་དུ་ཆོས་ལ་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། དབུ་མའི་ལམ་ཆོས་རྣམས་ལ་སོ་སོ་ཡང་དག་པར་རྟོགས། འོད་སྲུང་དབུ་མའི་ལམ་ཆོས་རྣམས་ ལ་སོ་སོར་རྟོགས་པ་གང་ཞེ་ན། དེ་བཞིན་དུ་སྦྱར་ཏེ། འོད་སྲུང་རྟག་ཅེས་བྱ་བ་ནི་མཐའ་གཅིག་གོ། མི་རྟག་ཅེས་བྱ་བ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་ 2-13-102a མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། འོད་སྲུང་འདི་ནི། དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོགས་པ་ཞེས་བྱའོ། །འོད་སྲུང་བདག་ཅེས་བྱ་བ་ནི་མཐའ་གཅིག་གོ ། བདག་མེད་ཅེས་བྱ་བ་ནི་མཐའ་གཉིས་སོ། །དེ་བཞིན་དུ་སྦྱར་ཏེ། འོད་སྲུང་འཁོར་བ་ཞེས་བྱ་བ་འདི་ནི་མཐའ་གཅིག་གོ། མྱ་ངན་ལས་འདས་པ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུ་མ་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་ བསྟན་དུ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོགས་པ་ཞེས་བྱའོ། །ཞེས་གསུངས་སོ། །ཞི་བ་ལྷས་ཀྱང་། ནང་ཡང་སེམས་མིན་ ཕྱི་མིན་ཞིང་། །གཞན་དུ་ཡང་ནི་རྙེད་མ་ཡིན། །འདྲེས་མིན་ལོགས་སུ་གར་མེད་དེ། །འདི་ནི་ཅུང་ཟད་མིན་དེའི་ཕྱིར། །སེམས་ཅན་རང་བཞིན་མྱ་ངན་འདས། །ཞེས་གསུངས་སོ། །དེས་ན་མཐའ་གཉིས་ལ་མི་རྟོག་ཅིང་དབུ་མའི་ ལམ་བྱས་ཀྱང་། དབུ་མ་ཉིད་ལ་ཡང་བརྟག་ཏུ་མེད་དེ། དོན་ལ་དེར་འཛིན་གྱི་ཤེས་པ་དང་བྲལ་བ་བློ་ལས་འདས་པར་གནས་པའོ། །ཇོ་བོས་ཀྱང་། དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་ སེམས་ནི་མི་སྐྱེས་ཤིང་མི་འབྱུང་། ད་ལྟར་གྱི་སེམས་ནི་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་པ། དབྱིབས་དང་བྲལ་བ་ནི་ནམ་མཁའ་དང་འདྲ་བར་མ་གྲུབ་བོ། །ཞེས་གསུངས་སོ། །མངོན་རྟོགས་རྒྱན་ལས་ཀྱང་། ཚུ་རོལ་ ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་སོ། །དོན་དྲུག་པ་གྲོལ་བའི་རང་བཞིན་མྱ་ངན་ལས་འདས་པའི་རང་ 2-13-102b བཞིན་འཆད་པ་ལ། འོ་ན་འཁོར་བའི་ཆོས་ཐམས་ཅད་དངོས་པོའམ། དངོས་མེད་གང་དུ་ཡང་མ་གྲུབ་པ་ཡིན་ན། མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་དངོས་པོ་ཅིག་ཡིན་ནམ། དངོས་མེད་ཅིག་ཡིན་ཞེ་ན། དམིགས་པ་ ཅན་ལ་ལ་དག་མྱ་འདས་དངོས་པོར་ཡོད་པ་སྙམ་དུ་སེམས་སོ། །དེ་མ་ཡིན་ཏེ་རིན་ཆེན་ཕྲེང་བ་ལས། མྱ་ངན་འདས་པ་དངོས་མེད་པའང་། །མིན་ན་དངོས་པོ་ག་ལ་ཡིན། །ཞེས་གསུངས་སོ། །གལ་ཏེ་དངོས་པོ་ཡིན་ན་མྱ་ ངན་ལས་འདས་པ་འདུས་བྱས་སུ་འགྱུར་རོ། །འདུས་བྱས་ཡིན་ན་མཐར་འཇིག་པར་འགྱུར་རོ། །དེས་ན་རྩ་བ་ཤེས་རབ་ལས། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །ཞེས་པ་ལ་སོགས་ པ་གསུངས་སོ། །དངོས་པོ་མེད་པའང་མ་ཡིན་ཏེ། དེ་ཉིད་ལས། དེ་ལ་དངོས་མེད་ཡོད་མ་ཡིན། །ཞེས་གསུངས་སོ། །འོ་ན་ཅི་ཙམ་ལ་བྱ་ཞེ་ན། དངོས་པོར་འཛིན་པ་དང་། དངོས་མེད་དུ་འཛིན་པའི་བློ་ཐམས་ ཅད་ཟད་པ། བློ་འདས་བརྗོད་བྲལ་དེ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལྟར་ཡང་། རིན་ཆེན་ཕྲེང་བ་ལས། དངོས་པོ་དངོས་པོར་མེད་འཛིན་པ། །ཟད་པ་མྱ་ངན་འདས་ཤེས་བྱ། །ཞེས་གསུངས་སོ། །བྱང་ཆུབ་སེམས་ དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་སོ། །འཕགས་པ་ ཚངས་པས་ཞུས་པའི་མདོ་ལས་ཀྱང་། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི། གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ། གཡོ་བ་ཐམས་ཅད་དང་བྲལ་བའོ། །ཞེས་གསུངས་སོ། །དམ་པའི་ཆོས་པདྨ་དཀར་པོ་ 2-13-103a ལས་ཀྱང་། འོད་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པ་ནི་མྱ་ངན་ལས་འདས་པའོ། །ཞེས་གསུངས་སོ། །དེ་ལྟར་མྱ་ངན་ལས་འདས་པ་དེ་ནི། བློ་ཡི་འཇུག་པ་ཞི་བ་ཙམ་ལས་མ་གཏོགས་ པའི་སྐྱེ་འགག་གམ། སྤང་ཐོབ་ལ་སོགས་ཆོས་གང་དུ་ཡང་གྲུབ་པ་མེད་དོ། །དེ་ལྟར་རྩ་བ་ཤེས་རབ་ལས། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་ པའོ། །ཞེས་གསུངས་སོ། །དེ་ལྟར་སྐྱེ་འགག་གམ། སྤང་ཐོབ་ལ་སོགས་པ་གང་ཡང་མེད་པས་ན། མྱ་ངན་ལས་འདས་པ་དེ་ལ་རང་གིས་བྱས་པའམ། བཅོས་པའམ། བསྒྱུར་བ་མེད་དོ། །དེ་ལྟར་ཡང་ནམ་མཁའ་ རིན་པོ་ཆེའི་མདོ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་ལྟར་ཤེས་རབ་བམ། རང་ སེམས་ཤེས་པར་བྱ་བའི་ཚིག་དེ་དག་ཀྱང་། རྟོག་པས་བཅད་པའི་ངོས་ནས་ཡིན་ལ། ཤེས་རབ་བམ། སེམས་ཀྱི་དོན་ནི་ཤེས་པར་བྱ་བའམ། བརྗོད་པར་བྱ་བ་ལས་འདས་པ་ཡིན་ནོ། །དེ་ལྟར་ཡང་། རབ་ཀྱི་རྩལ་གྱིས་ རྣམ་པར་གནོན་པས་ཞུས་པའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་གིས་ཀྱང་བརྗོད་པར་བྱ་བ་མ་ཡིན་ཏེ། ཚིག་ཐམས་ཅད་ལས་འདས་པའོ། །ཞེས་གསུངས་སོ། །སྒྲ་གཅན་འཛིན་གྱིས་ ཡུམ་ལ་བསྟོད་པ་ལས་ཀྱང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཤེས་ 2-13-103b རབ་ཤེས་པར་བྱ་བ་བཤད་ཟིན་ཏོ། །ད་ནི་སེམས་སམ་ཤེས་རབ་དེ་གོམས་པར་བྱ་བ་འཆད་དེ། འོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན། ཤེས་པ་དེ་ལ་གོམས་པར་བྱ་བ་ཅང་དགོས་སམ་ཞེ་ན་དགོས་ཏེ། དཔེར་ན་དངུལ་རྡོ་ དེ་དངུལ་གྱི་རང་བཞིན་ཡིན་ཡང་། བཞུ་བཏུལ་མ་བྱས་ཀྱི་བར་དུ་དངུལ་མི་སྣང་། དངུལ་ཆུ་འདོད་ན་དངུལ་རྡོ་དེ་བཞུ་བཏུལ་བྱ་དགོས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ཡེ་ནས་རང་བཞིན་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ ཡིན་ཡང་། སེམས་ཅན་རྣམས་ལ་དངོས་པོ་སྣ་ཚོགས་སུ་སྣང་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་བས་ཤེས་པ་དང་གོམས་པར་བྱ་དགོས། དེས་ན་གོང་ལྟར་ཤེས་པར་བྱས་ནས། དེ་གོམས་པར་བྱེད་པ་ལ་བཞི་སྟེ། སྔོན་ འགྲོ་དང་། མཉམ་བཞག་དང་། རྗེས་ཐོབ་དང་། གོམས་རྟགས་སོ། །དེ་ལ་སྔོན་འགྲོ་ནི། སེམས་རྣལ་དུ་དབབ་པའོ། །ཅི་ལྟར་དབབ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དབེན་པའི་མལ་སྟན་བརྟན་པར་བྱ། འདུ་འཛི་མེད་པ་ལ་དགའ་བར་བྱ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པར་སྐྱིལ་ཀྲུང་བཅས་ཏེ་འདུག་ནས། ཤེས་པ་ལ་སོགས་པ་དང་། ཕྱག་རྒྱ་ ཆེན་པོའི་སྔོན་འགྲོ་ལྟར་བྱའོ། །དེ་ནས་མཉམ་པར་བཞག་པའི་ཐབས་རྣམས་ཀྱང་། ཕྱག་རྒྱ་ཆེན་པོ་ཁྲིད་ལུགས་ལྟར་བྱས་ནས། ཡོད་མེད་བླང་དོར་ཅི་ལ་ཡང་མི་སེམས་པར་འབད་རྩོལ་དང་བྲལ་བར་བཞག་གོ ། དེ་ལྟར་ཡང་ཏཻ་ལོ་པས་མི་མནོ་མི་བསམ་མི་ཤེས་ཤིང་། །མི་སྒོམ་མི་དཔྱད་རང་སར་བཞག །ཅེས་གསུངས་སོ། །སེམས་ཉིད་ངལ་གསོར་ཡང་། བུ་ཉོན་ཁྱོད་གང་རྣམ་པར་རྟོག །འདིར་བདག་མ་བཅིངས་མ་ 2-13-104a གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་དགར་ནི། །ཀྱེ་ཧོ་དུབ་པ་ངལ་སོས་ཤིག །ཅེས་གསུངས་སོ། །ཀླུ་སྒྲུབ་ཀྱིས་ཀྱང་། གླང་ཆེན་ལོབ་ནས་སེམས་ཚུགས་ཚུད་པ་ལྟར། །འགྲོ་འོང་བཅད་ན་ ངང་གིས་དལ་བ་སྟེ། །འདི་ལྟར་རྟོགས་སོ་ང་ལ་ཆོས་ཅི་དགོས། །ཞེས་དང་། ཡང་དེ་ཉིད་ཀྱིས། གར་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་ནི་ སྐྱེ་མེད་རང་བཞིན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་གསུངས་སོ། །རི་ཁྲོད་དབང་ཕྱུག་གིས་ཀྱང་། གང་ལའང་སྐྱོན་དུ་མི་ལྟ་ཞིང་། །ཅི་ཡང་མ་ཡིན་ཉམས་སུ་བླང་། །དྲོད་རྟགས་ལ་སོགས་ འདོད་མི་བྱ། །སྒོམ་དུ་མེད་པར་བསྟན་མོད་ཀྱང་། །ལེ་ལོ་བཏང་སྙོམས་དབང་མི་གཏོང་། །རྒྱུན་དུ་དྲན་པར་བསྒོམ་པར་བྱ། །ཞེས་གསུངས་སོ། །སྒོམ་དོན་གྲུབ་པ་ལས། སྒོམ་པའི་ཚེ་ན་ཅི་ཡང་མི་སྒོམ་སྟེ། །ཐ་སྙད་ཙམ་དུ་དེ་ ལ་སྒོམ་ཞེས་བྱ། །ཞེས་གསུངས་སོ། །ས་ར་ཧ་པས་ཀྱང་། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཞེས་གསུངས་སོ། །ཇོ་བོས་ཀྱང་། ཟབ་ཅིང་སྤྲོས་ བྲལ་དེ་ཉིད་དོ། །འོད་གསལ་འདུས་མ་བྱས་པ་གང་། །མ་སྐྱེས་མ་འགག་གདོད་ནས་དག །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་དབྱིངས་མཐའ་དང་དབུས་མེད་པ། །བློ་མིག་ཞིབ་མོས་རྟོག་བྲལ་བས། །བྱིང་རྒོད་རབ་ རིབ་མེད་པར་ལྟ། །ཞེས་དང་། ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་བཞག །ཅེས་གསུངས་སོ། །དེ་ལྟར་བཞག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱ་བའི་ཐབས་ཕྱིན་ཅི་མ་ལོག་ 2-13-104b པ་ཡིན་ནོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། ཆོས་གང་ལ་ཡང་བླང་བའམ། གཟུང་བའམ། དོར་བ་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་ལགས་སོ། །གང་ཅི་ལ་ཡང་ མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །གང་ལ་ཡང་མི་སེམས་རྣམ་པར་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལགས་སོ། །ཞེས་གསུངས་སོ། །འཕགས་པ་བརྒྱད་སྟོང་ པ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་གང་ཡང་མི་སྒོམ་པ་ལགས་སོ། །ཤེས་གསུངས་སོ། །ཡང་མདོ་སྡེ་དེ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་ནམ་མཁའ་སྒོམ་པ་ལགས་སོ། ། ཞེས་གསུངས་སོ། །འོ་ན་ནམ་མཁའ་ཅི་ལྟར་བསྒོམ་ན། ཡང་མདོ་སྡེ་དེ་ཉིད་ལས། ནམ་མཁའ་རྟོག་པ་མེད་པ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོག་པ་མེད་པ་ཉིད་དོ། །ཅེས་གསུངས་སོ། །འཕགས་པ་སྡུད་པ་ ལས་ཀྱང་། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །སློབ་དཔོན་ངག་གི་དབང་ཕྱུག་གི་ཞལ་ནས་ཀྱང་། བསམ་བྱ་བསམ་པར་མི་བྱ་ཞིང་། ། བསམ་མིན་པ་ཡང་མི་བསམ་མོ། །བསམ་དང་བསམ་མིན་མ་བསམས་ན། །དེ་ནས་སྟོང་ཉིད་མཐོང་བར་འགྱུར། །ཞེས་གསུངས་སོ། །སྟོང་པ་ཉིད་ཅི་ལྟ་བུར་མཐོང་ཞེ་ན། ཇི་སྐད་དུ། ཆོས་ཡང་དག་པར་སྡུད་པའི་ མདོ་ལས། སྟོང་པ་ཉིད་མཐོང་བ་ནི་མཐོང་བ་མ་མཆིས་པའོ། །ཞེས་པ་དང་། བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཐོང་བ་ནི་ཡང་དག་པར་མཐོང་བའོ། །ཞེས་པ་དང་། འགའ་ཡང་མཐོང་བ་མེད་པ་ནི། དེ་ཁོ་ན་ཉིད་ 2-13-105a མཐོང་བའོ། །ཞེས་གསུངས་སོ། །དབུ་མ་བདེན་ཆུང་ལས་ཀྱང་། མ་མཐོང་བ་ནི་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཤེས་གསུངས་སོ། །འཕགས་པ་སྡུད་པ་ལས་ ཀྱང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཅི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་སོ། །རྗེས་ཐོབ་ ཐམས་ཅད་སྒྱུ་མ་ལྟ་བུར་ལྟ་ཞིང་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཅི་ནུས་སུ་བསགས་པའོ། །དེ་ལྟར་ཡང་འཕགས་པ་སྡུད་པ་ལས། གང་ཞིག་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་ གཞན་དུ་མི་བྱེད་པ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཞིང་། ། རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཅི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་སོ། །སྤྱོད་པའི་དེ་ཁོ་ན་ཉིད་ལས་ཀྱང་། མི་རྟོག་དྲན་པའི་བློ་ཡོད་ཀྱང་། ། བསོད་ནམས་ཚོགས་ནི་རྒྱུན་མི་བཅད། །ཅེས་གསུངས་སོ། །དེ་ལྟར་གོམས་པ་དང་། མཉམ་རྗེས་གཉིས་ཀྱང་ཐ་མི་དད་དུ་འགྱུར་ཞིང་རློམ་སེམས་དང་བྲལ་བར་འགྱུར་རོ། །དེ་ལྟར་ཡང་། བདག་ཉིད་མཉམ་པར་བཞག་ཅིའམ་ལངས་ ཞེས་རློམ་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོད་ཤེས་ཕྱིར། །ཞེས་གསུངས་སོ། །དེ་ལྟར་དོན་དམ་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ངང་ལ་དར་ཅིག་ཙམ་གནས་ན་བསྐལ་པའི་བར་དུ་ཉན་པའམ། 2-13-105b ཀློག་པའམ་དགེ་བའི་རྩ་བ་སྦྱིན་པ་ལ་སོགས་པ་བྱས་པ་པས་བསོད་ནམས་དཔག་ཏུ་མེད་པ་ཆེ་བ་ཡིན་ནོ། །དེ་ལྟར་ཡང་། །དེ་ཁོ་ན་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་ གཏོགས་ཙམ་ཅིག་ཏུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་ན་བསོད་ནམས་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་གཞན་ལ་ནན་ཏན་གྱིས་གདམས་པར་བྱའོ། །ཤཱ་རིའི་བུ་གང་སངས་རྒྱས་སུ་ལུང་བསྟན་པའི་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ལ་གནས་པ་ཤ་སྟག་གོ། ཅེས་གསུངས་སོ། །རྟོགས་པ་ཆེན་པོ་རྒྱས་པའི་མདོ་ལས་ཀྱང་། ཐང་ཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་པ་ཡི་ མི་རྣམས་ལ། །སྲོག་བྱིན་པ་བས་འདི་དོན་ཆེ། །ཞེས་གསུངས་སོ། །གཙུག་ཏོར་ཆེན་པོའི་མདོ་ལས་ཀྱང་། བསྐལ་པ་མང་པོའི་བར་དུ་ཐོས་དང་བསམ་པ་བས་ནི། ཉིན་གཅིག་ཆོས་ཀྱི་དོན་བསྒོམས་པས་བསོད་ ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་འབྲལ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དད་པ་ལ་འཇུག་པའི་མདོ་ལས་ཀྱང་། ཁམས་གསུམ་གྱི་སེམས་ཅན་གྱིས་ཇི་ སྲིད་འཚོའི་བར་དུ་འཚོ་བའི་ཡོ་བྱད་ཀྱི་ཚོགས་བསགས་པ་བས། རྣལ་འབྱོར་པས་སྟོང་པ་ཉིད་ཐུན་གཅིག་བསྒོམ་པ་བསོད་ནམས་ཆེའོ། །ཞེས་གསུངས་སོ། །སྟོང་པ་ཉིད་ཀྱི་དོན་ཡིད་ལ་མི་གནས་ན། གཞན་དགེ་བ་དེ་དག་ གིས་བདག་གྲོལ་བ་མི་ཐོབ་པར་བསྟན་ཏེ། ཆོས་འབྱུང་བ་མེད་པར་བསྟན་པའི་མདོ་ལས། ཡུན་རིང་དུས་སུ་ཚུལ་ཁྲིམས་སྲུང་བྱེད་ཅིང་། །བསྐལ་པ་བྱེ་བར་བསམ་གཏན་བསྟེན་བྱས་ཀྱང་། །ཡང་དག་དོན་གྱི་མཐའ་འདི་མ་རྟོགས་ན། ། 2-13-106a བསྟན་པ་འདི་ལ་དེ་དག་གྲོལ་མི་འགྱུར། །ཅི་ཡང་མེད་པའི་ཆོས་འདི་སུས་ཤེས་པ། །ནམ་ཡང་དེ་ནི་ཆོས་ཀུན་ཆགས་མི་འགྱུར། །ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས་ཀྱང་། ཏིང་ འཛིན་བསྒོམས་པས་ཐེ་ཚོམ་གཅོད་འགྱུར་གྱིས། །དེ་མ་གཏོགས་པ་གཞན་གྱིས་ནུས་མ་ཡིན། །དེ་བས་ཏིང་འཛིན་སྒོམ་པ་མཆོག་ཡིན་གྱིས། །མཁས་པ་དག་གིས་དེ་ལ་ནན་ཏན་བྱ། །ཅེས་པ་དང་། ཡང་དེ་ཉིད་ལས། ཆོས་བྲི་བ་དང་། ཀློག་པ་དང་། ཉན་པ་དང་། འཆད་པ་དང་། ཁ་ཏོན་བསྐལ་པར་བྱས་པ་བས། ཉི་མ་གཅིག་བསྒོམས་པ་བསོད་ནམས་ཆེའོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྟོང་པ་ཉིད་ཀྱི་དོན་དང་ལྡན་ན། ཆོས་འདི་ ལ་མ་འདུས་པ་གཅིག་ཀྱང་མེད་དོ། །སྐྱབས་སུ་འགྲོ་བ་ཡང་ཡིན་ཏེ། མ་དྲོས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ནི་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པར་ ཤེས། གཟུགས་སུ་མ་ཡིན། མཚན་དུ་མ་ཡིན། ཆོས་སུ་མ་ཡིན་པར་དེ་བཞིན་གཤེགས་པས་ཡང་དག་པར་རྗེས་སུ་མ་མཐོང་བ་དེ་ལྟ་བུ་ནི། ཟང་ཟིང་མེད་པའི་སེམས་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། ། དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་སྟེ། དེ་ལྟར་ཆོས་ཐམས་ཅད་ཀྱི་དབྱིངས་རྗེས་སུ་སོང་བ་མཐོང་སྟེ། དེ་ལྟར་ མཐོང་བ་དེ་ལྟ་བུ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །གང་ཆོས་ཀྱི་དབྱིངས་འདུས་མ་བྱས་པར་སྒོམ་པ་དང་། ཉན་ཐོས་ཀྱི་ཐེག་པ་འདུས་མ་བྱས་པར་བརྟེན་པ་དང་། འདུས་བྱས་དང་། འདུས་ 2-13-106b མ་བྱས་པ་གཉིས་སུ་མེད་པ་འདི་ལྟ་བུ་ནི། ཟང་ཟིང་མེད་པའི་སེམས་ཀྱིས་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་དེ་ཉིད་ཡིན་ཏེ། སེམས་བསྐྱེད་ཆེན་པོའི་མདོ་ལས། འོད་སྲུང་ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་། ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་གསུངས་སོ། །བསྐྱེད་རིམ་ལྷ་བསྒོམ་པ་དང་སྔགས་ཀྱི་བཟླས་པ་ བརྗོད་ཀྱང་འདི་ཡོད་ན་ཚང་བར་གསུངས། དེ་ཡང་གང་ནས་གསུངས་ན། ཀྱཻ་རྡོ་རྗེ་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་རྣམས་ ཡང་དག་གནས། །རྣམ་སྣང་མི་སྐྱོད་དོན་གྲུབ་དང་། །རིན་ཆེན་དཔག་མེད་སེམས་དཔའོ། །ཞེས་གསུངས་སོ། །སངས་རྒྱས་མཉམ་སྦྱོར་ལས། གཟུགས་བརྙན་ལུགས་མ་ལ་སོགས་ལས། །རྣལ་འབྱོར་འབྱུང་བར་མི་ འགྱུར་གྱིས། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །ཅེས་གསུངས་སོ། །རྡོ་རྗེ་རྩེ་མོ་ལས་ཀྱང་། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། ། ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཡིན། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །ཅེས་གསུངས་སོ། །སྦྱིན་སྲེག་བྱེད་པ་ཡང་དེ་ཉིད་ལ་འདུས་པ་ཡིན་ཏེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། གང་གི་ཕྱིར་ན་སྦྱིན་སྲེག་ནི། །དངོས་གྲུབ་དམ་པ་སྟེར་བ་དང་། །རྣམ་རྟོག་འཇོམས་ཕྱིར་སྦྱིན་སྲེག་སྟེ། །ཤིང་སོགས་བསྲེགས་པས་སྦྱིན་སྲེག་མིན། །ཞེས་གསུངས་སོ། །ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་འདི་ཉིད་ 2-13-107a ལ་ཚང་སྟེ། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས། སྟོང་པ་ཉིད་ལས་མ་གཡོས་ན། །ཕ་རོལ་ཕྱིན་པ་དྲུག་འདུས་སོ། །ཤེས་གསུངས་སོ། །ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས་ཀྱང་། མི་བསམ་པ་ནི་སྦྱིན་པའོ། །ཐ་དད་ལ་མི་གནས་པ་ནི་ཚུལ་ཁྲིམས་སོ། །བྱེ་བྲག་མི་འབྱེད་པ་ནི་བཟོད་པའོ། །བླང་དོར་མེད་པ་ནི་བརྩོན་འགྲུས་སོ། །མ་ཆགས་པ་ནི་བསམ་གཏན་ནོ། །མི་རྟོག་པ་ནི་ཤེས་རབ་བོ། །ཞེས་ གསུངས་སོ། །སའི་སྙིང་པོའི་མདོ་ལས་ཀྱང་། མཁས་པས་སྟོང་ཉིད་ཆོས་སྒོམ་པ་ནི། །འཇིག་རྟེན་ཀུན་ལ་མི་བརྟེན་མི་གནས། །སྲིད་པ་ཀུན་ལ་གནས་པར་མ་ཡིན། །རྣམ་པར་དག་པའི་ཚུལ་ཁྲིམས་སྲུང་ངོ་། །ཞེས་ གསུངས་སོ། །ཡང་དེ་ཉིད་ལས། ཆོས་རྣམས་ཐམས་ཅད་རོ་གཅིག་མཐུན་པར་སྟོང་པ་མཚན་མ་མེད་པའི་ཞི་བའི་སེམས་ནི་ཅི་ཡང་མི་གནས་མི་ཆགས། བཟོད་པ་འདི་ནི་ཕན་ཡོན་ཆེར་བར་འགྱུར་རོ། །མཁས་པས་བརྩོན་ འགྲུས་བརྩམས་པ་དག་ནི་ཆགས་པ་ཐམས་ཅད་རིང་དུ་སྤངས་སྟེ། སེམས་ནི་ཅི་ལ་ཡང་མི་གནས་མི་ཆགས། །ཡང་དག་བསོད་ནམས་ཞིང་ཞེས་དེ་ལ་བྱ། །སེམས་ཅན་ཀུན་ལ་ཕན་དང་བདེ་བའི་ཕྱིར། །ཏིང་འཛིན་སྒོམ་ ཞིང་ཁུར་ལྗི་ཡང་བལྟ་སྟེ། །ཀུན་ནས་ཉོན་མོངས་ཐམས་ཅད་སེལ་བ་དེ་ནི་ཡང་དག་མཁས་པས་མཚན་ཉིད། །ཅེས་གསུངས་སོ། །ཕྱག་འཚལ་བ་ཡང་འདི་ཉིད་ཡིན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། ཅི་ལྟར་ ཆུ་ལ་ཆུ་བཞག་དང་། །ཅི་ལྟར་མར་ལ་མར་བཞག་ལྟར། །རང་གིས་རང་རིག་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་སོ། །ཡང་འདི་ཉིད་ཡོད་ན་མཆོད་པ་ཡང་ཡིན་ཏེ། ཡབ་ 2-13-107b སྲས་མཇལ་བའི་མདོ་ལས། སྟོང་ཉིད་ཆོས་ལ་རྟེན་བྱེད་ཅིང་། །སངས་རྒྱས་སྤྱོད་ཡུལ་གང་མོས་པ། །དེ་དག་སྟོན་པ་མཆོད་པ་སྟེ། །མཆོད་པ་འདི་ནི་བླ་ན་མེད། །ཅེས་གསུངས་སོ། །བདུད་རྩི་གསང་བའི་རྒྱུད་ ལས། མཉེས་པ་དོན་གྱི་མཆོད་པ་སྟེ། །སྤོས་སོགས་ཕུལ་བས་མཉེས་པ་མེད། །རང་སེམས་ལས་སུ་རུང་བ་དག །མཉེས་པའི་མཆོད་པ་ཆེན་པོའོ། །ཞེས་གསུངས་སོ། །ཡང་འདི་ཉིད་དང་ལྡན་ན། སྡིག་ པ་བཤགས་པ་ཡང་འདི་རང་ཡིན་ཏེ། ལས་རྣམ་པར་དག་པའི་མདོ་ལས། གང་ཞིག་བཤགས་པ་འདོད་བྱེད་ཅིང་། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །འདི་ནི་འགྱོད་ཚངས་མཆོག་ ཡིན་ནོ། །ཞེས་གསུངས་སོ། །ཡང་དོན་འདི་ཉིད་ལ་ཚུལ་ཁྲིམས་དམ་ཚིག་སྲུང་བ་ཡང་ཚང་སྟེ། ལྷའི་བུས་ཞུས་པའི་མདོ་ལས། གང་ལ་སྡོམ་པ་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་པ་དེ་ནི། མྱ་ངན་ལས་འདས་ པའི་ཚུལ་ཁྲིམས་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་སོ། །འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུའང་མ་བྲེགས། ཆོས་གོས་ཀྱང་མ་གོན། ཚུལ་ ཁྲིམས་ཀྱང་མ་མནོས་མོད་ཀྱང་། འཕགས་པའི་ཆོས་ཉིད་དང་ལྡན་པ་དེ་ཉིད་དོན་དམ་པའི་དགེ་སློང་ཞེས་བྱའོ། །ཞེས་གསུངས་སོ། །ཡང་དོན་དེ་ཉིད་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པ་གསུམ་ཡང་ཚང་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། མ་བཅོས་རྣལ་མའི་ཟས་ཤིག་ཟོས་གྱུར་ན། །གྲུབ་མཐའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར། །བྱིས་པས་མ་རྟོགས་ཐ་སྙད་ཚིག་ལ་རྟེན། །ཐམས་ཅད་རང་གི་སེམས་ཀྱི་མཚན་ 2-13-108a ཉིད་ཡིན། །ཞེས་གསུངས་སོ། །ས་ར་ཧ་པས་ཀྱང་། ཀློག་པ་དེ་ཡིན་འཛིན་དང་སྒོམ་པ་དེ་ཡིན་ཏེ། །བསྟན་ཆོས་སྙིང་ལ་འཆང་བའང་དེ་ཡིན་ནོ། །དེ་ལ་མཚོན་པའི་ལྟ་བ་ཡོད་མིན་ཏེ། །ཞེས་གསུངས་སོ། ། ཡང་དོན་དེ་ཉིད་གཏོར་མ་ཆོས་སྤྱོད་ཀྱང་ཡིན་ཏེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། མཆོད་དང་གཏོར་མ་ལ་སོགས་པ། །ལས་དང་བྱ་བ་སྣ་ཚོགས་ཀུན། །སེམས་ཀྱི་དེ་ཉིད་རྙེད་གྱུར་པས། །ཐམས་ཅད་འདི་ཡིས་ སྡུད་པར་ངེས། །ཞེས་གསུངས་སོ། །འོ་ན་ངོ་བོའམ་སེམས་ཉིད་གཅིག་པུར་སྒོམ་པ་ལ་དེ་དག་ཐམས་ཅད་འདུས་ན། ཐབས་ཀྱི་རིམ་པ་མང་དུ་གསུངས་པ་དག་འབྱུང་བ་ཅི་ལྟར་ཡིན་ཞེ་ན། གནས་ལུགས་ལ་རྨོངས་པའི་སྐལ་ པ་དམན་པ་རྣམས་ཁྲིད་པའི་ཕྱིར་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྒྱུ་རྐྱེན་འབྲེལ་བར་བཤད་པ་དང་། །རིམ་པར་འཇུག་པ་བསྟན་པ་ཡང་། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་ གྲུབ་པའི་ཆོས་འདི་ལ། །རིམ་གྱིས་སྦྱོང་བ་ཅི་ཞིག་ཡོད། །ཅེས་གསུངས་སོ། །བདེ་མཆོག་སྡོམ་པ་འབྱུང་བ་ལས་ཀྱང་། འདི་ལྟར་བདག་ཉིད་མཁའ་མཚུངས་ལྟར། །རྟག་ཏུ་གྲོལ་བའི་བདག་ཉིད་ཐོབ། །ཅེས་གསུངས་ སོ། །ནམ་མཁའ་རིན་པོ་ཆེའི་མདོ་ལས་ཀྱང་། ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་མ་ཞུགས་ཀྱི་བར་ལ། ས་དང་ལམ་ཐ་དད་མོད་ཀྱི། ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་ཕྱིན་ནས། ས་དང་ལམ་ཅུང་ཟད་ཀྱང་བགྲོད་དུ་མེད་དོ། །ཞེས་ གསུངས་སོ། །ཇོ་བོས་ཀྱང་། གཅིག་ཏུ་མཉམ་བཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར་མི་བྱ། །ཞེས་གསུངས་སོ། །ཤེས་རབ་གོམས་པའི་རྟགས་ནི། དགེ་བ་ལ་བག་ཡོད་པར་འགྱུར། ཉོན་མོངས་པ་ཤས་ 2-13-108b ཆུང་བར་འགྱུར། སེམས་ཅན་ལ་སྙིང་རྗེ་སྐྱེ་བར་འགྱུར། སྒྲུབ་པ་ལ་ནན་ཏན་བྱེད་པར་འགྱུར། གཡེང་བ་ཐམས་ཅད་སྤང་བར་འགྱུར། ཚེ་འདི་ལ་མི་ཆགས་ཤིང་ཞེན་པ་མེད་པར་འགྱུར་རོ། །དེ་ལྟར་ཡང་རིན་ཆེན་ ཕྲེང་བ་ལས། སྟོང་པ་ཉིད་ལ་གོམས་པ་ཡིས། །དགེ་བ་དག་ལ་བག་ཡོད་ཐོབ། །ཅེས་པ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་འབྲས་བུ་ནི། མཐར་ཐུག་དང་། གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་ མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ལྟར་ཡང་ཤེས་རབ་བདུན་བརྒྱ་པ་ལས། འཇམ་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །གནས་སྐབས་སུ་ནི། བདེ་ལེགས་ཐམས་ཅད་འབྱུང་སྟེ། ཇི་སྐད་དུ། འཕགས་པ་སྡུད་པ་ལས། སངས་རྒྱས་སྲས་དང་ཉན་ཐོས་ རང་རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཅི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་གསུངས་སོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ལྟར་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བསླབ་བྱ་དེ་དག་ ལ་ནན་ཏན་བྱས་པས། བྱང་ཆུབ་སེམས་དཔའི་ས་ལམ་རྣམས་རིམ་གྱིས་བགྲོད་པར་འགྱུར་རོ། །དེ་ལ་ལམ་བཤད་ན། སྡོམ་ནི། ཚོགས་ཀྱི་ལམ་དང་སྦྱོར་ལམ་དང་། །མཐོང་བའི་ལམ་དང་སྒོམ་ལམ་དང་། ། 2-13-109a ཡོངས་སུ་མཐར་ཕྱིན་པ་ཡི་ལམ། །ལྔ་ཡིས་ལམ་རྣམས་ཡོངས་སུ་བསྡུས། །ཤེས་གསུངས་སོ། །དེ་ལྟར་ལམ་ལྔ་པོ་དེ་བྱང་ཆུབ་ལམ་སྒྲོན་གྱི་གཞུང་ལྟར་ན་ཡང་། དང་པོ་སྐྱེས་བུ་ཆུང་འབྲིང་ གཉིས་ཀྱི་ཆོས་བསྒོམས་ནས་ཞི་གནས་བརྟན་པར་བྱ་བ་དང་། དེ་ནས་སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་པ་དང་། དེ་ནས་ཚོགས་གཉིས་བསག་པ་ལ་འབད་པར་བསྟན་པ་དེ་རྣམས་ཀྱི་ཚོགས་ལམ་ལེགས་པར་བསྟན་པ་ ཡིན་ནོ། །རིམ་གྱི་དྲོད་སོགས་ཐོབ་བྱས་ནས། །ཤེས་པས་ནི། སྦྱོར་ལམ་བསྟན་པ་ཡིན་ནོ། །རབ་དགའ་ལ་སོགས་ཐོབ་གྱུར་ཏེ། །ཞེས་པས་ནི། མཐོང་ལམ་དང་སྒོམ་ལམ་དང་མཐར་ཕྱིན་པའི་ལམ་བསྟན་པ་ཡིན་ནོ། ། དེ་ལ་ཚོགས་ལམ་ནི། རིགས་དང་ལྡན་པ་གཅིག་གིས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སློབ་དཔོན་ལས་གདམས་ངག་མནོས་ནས། དྲོད་ཀྱི་ཡེ་ཤེས་མ་སྐྱེས་ཀྱི་བར་དུ་དགེ་བ་ལ་འབད་པ་བྱེད་ཚད་རྣམས་ཡིན་ནོ། །དེའི་ སྐབས་སུ་རྟོགས་པ་དང་མོས་པ་ལས་གྱུར་པ་དང་། ལྷག་པར་འདོད་པ་ལས་གྱུར་པ་དང་། ཐོབ་པ་ལས་གྱུར་པ་བཞིར་བྱའོ། །དེ་དག་ཅིའི་ཕྱིར་ཚོགས་ལམ་ཞེས་བྱ་ཅེ་ན། དྲོད་ལ་སོགས་པ་རྟོགས་པ་སྐྱེ་བའི་སྣོད་དུ་རུང་བར་ བྱ་བའི་ཕྱིར། དགེ་བའི་ཚོགས་སོགས་པར་བྱེད་པས་ན་ཚོགས་ལམ་ཞེས་བྱའོ། །དེ་དག་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཞེས་ཀྱང་བྱའོ། །གནས་སྐབས་དེ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དབང་དུ་བྱས་ན། དྲན་པ་ཉེ་ བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། ཆོས་བཞི་གསུམ་བཅུ་གཉིས་བསྒོམ་པའོ། །དེ་ལ་དྲན་པ་ཉེ་བར་བཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་བཞག་པ་དང་། ཚོར་ 2-13-109b བ་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར་བཞག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པ་སྟེ། དེ་དག་ནི་ཚོགས་ལམ་ཆུང་ངུའི་དུས་སོ། །ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་དང་། མ་སྐྱེས་ པ་མི་བསྐྱེད་པ་དང་། གཉེན་པོ་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་འཕེལ་བར་བྱེད་པ་སྟེ། དེ་དག་ནི་ཚོགས་ལམ་འབྲིང་གི་དུས་སུའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཏེ། དེ་དག་ནི་ཚོགས་ལམ་ཆེན་པོའི་དུས་སུའོ། །སྦྱོར་བའི་ལམ་ནི་ཚོགས་ལམ་རབ་ཀྱི་མཐར་ཕྱིན་པའི་རྗེས་ལ། བདེན་པ་བཞི་རྟོགས་པ་དང་ རྗེས་སུ་མཐུན་པ་ངེས་འབྱེད་ཡན་ལག་རྣམ་བཞི་ཞེས་བྱ་བ་སྐྱེ་བ་སྟེ། དྲོད་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་ཆོས་མཆོག་རྣམས་སོ། །དེ་དག་ལ་ཅིའི་ཕྱིར་ན་སྦྱོར་ལམ་ཞེས་བྱ་ཅེ་ན། བདེན་པ་མངོན་པར་རྟོགས་ པ་ལ་སྦྱོར་བའི་དོན་གྱིས་ན་སྦྱོར་ལམ་ཞེས་བྱའོ། །དེ་ཡང་དྲོད་དང་རྩེ་མོའི་གནས་སྐབས་ན་དབང་པོ་ལྔ་དང་ལྡན་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་ པོ་དང་། ཤེས་རབ་ཀྱི་དབང་པོའོ། །བཟོད་པ་དང་། འཇིག་རྟེན་ཆོས་ཀྱི་མཆོག་གི་གནས་སྐབས་ན་སྟོབས་ལྔ་དང་ལྡན་ཏེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་ གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །མཐོང་བའི་ལམ་ནི། འཇིག་རྟེན་ཆོས་ཀྱི་མཆོག་གི་རྗེས་ཐོགས་སུ། འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ཞི་གནས་དང་། ལྷག་མཐོང་མཚུངས་པར་ལྡན་པ་ 2-13-110a དང་བཅས་པ་སྟེ། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ ཤེས་པ་ལ་སོགས་པ་བདེན་པ་བཞི་པོ་རེ་རེ་ལ་བཞི་བཞི་སྟེ། བཟོད་པ་དང་ཤེས་པ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་ནོ། །དེ་དག་ལ་ཅིའི་ཕྱིར་མཐོང་བའི་ལམ་ཞེས་བྱ་ཞེ་ན། སྔོན་མ་མཐོང་བའི་ འཕགས་པའི་བདེན་པ་མཐོང་བས་ན་མཐོང་བའི་ལམ་ཞེས་བྱའོ། །གནས་སྐབས་དེ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག །བརྩོན་འགྲུས་ཡང་དག །དགའ་བ་ཡང་དག །ཤིན་ཏུ་སྦྱངས་ པ་ཡང་དག །ཏིང་ངེ་འཛིན་ཡང་དག །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། སྒོམ་ལམ་ནི། མཐོང་ལམ་སྐྱེས་པའི་རྗེས་ཐོག་ནས་བཟུང་སྟེ། དེ་ལ་འཇིག་རྟེན་པའི་ལམ་དང་། འཇིག་རྟེན་ལས་འདས་ པའི་ལམ་གཉིས་སོ། །དེ་ལ་འཇིག་རྟེན་པའི་སྒོམ་ལམ་ནི། འཇིག་རྟེན་པའི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་སོ། །འདི་དག་བསྒོམས་པ་ལ་དགོས་པ་གསུམ་ཡོད་དེ། སྒོམ་སྤང་གི་ཉོན་མོངས་རྣམས་ མགོ་གནོན་པར་བྱེད་པ་དང་། ཚད་མེད་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པར་བྱེད་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱི་རྟེན་བྱེད་པའོ། །འཇིག་རྟེན་ལས་འདས་པའི་སྒོམ་ལམ་ནི། ཡེ་ཤེས་གཉིས་ 2-13-110b ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་རྗེས་སུ་འབྲང་བ་དང་བཅས་པ་སྟེ། དེ་ཡང་མཐོང་བའི་ལམ་དུ་བདེན་པ་བཞི་པོ་རེ་རེ་ལ་བཟོད་པ་དང་ཤེས་པ་བཞི་བཞི་སྟེ། བཅུ་དྲུག་ཏུ་མཐོང་བ་ལ་བཟོད་པ་བརྒྱད་ནི་མཐོང་ལམ་ དུ་མཐོང་བ་དེས་ཆོག །ཤེས་པ་བརྒྱད་པོ་ནི་སྒོམ་ལམ་དུ་བསམ་གཏན་བཞི་དང་། གཟུགས་མེད་གསུམ་གྱི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་སྒོ་ནས་ཞི་གནས་དང་ལྷག་མཐོང་གོམས་པར་བྱེད་པའོ། །དེ་ཡང་ཆོས་ཉིད་ རྟོགས་པ་རྣམས་གོམས་པར་བྱེད་པ་ནི་ཆོས་ཤེས་པའི་ཕྱོགས་ཡིན་ལ། ཡེ་ཤེས་རྟོགས་པ་རྣམས་གོམས་པར་བྱེད་པ་ནི་རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་ཡིན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི། འདུ་ཤེས་ཀྱི་ རྒྱུ་བ་ཡོངས་སུ་མི་གསལ་བའི་ཕྱིར་འཇིག་རྟེན་པ་ཉིད་དོ། །དེ་དག་ལ་ཅིའི་ཕྱིར་སྒོམ་པའི་ལམ་ཞེས་བྱ་ཅེ་ན། མཐོང་ལམ་དུ་རྟོགས་པའི་དེ་ཁོ་ན་ཉིད་སྒོམ་པ་གོམས་པར་བྱེད་པས་ན། སྒོམ་ལམ་ཞེས་བྱའོ། །གནས་སྐབས་ དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ལྡན་ཏེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་ བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནོ། །མཐར་ཕྱིན་པའི་ལམ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ལ་སྐྱེས་པ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་རང་བཞིན་ནོ། །དེ་ལ་རྡོ་རྗེ་ལྟ་བུའི་ ཏིང་ངེ་འཛིན་ནི། སྒོམ་ལམ་གྱི་མཐའི་སྤོང་བའི་ལམ་གྱི་གནས་སྐབས་ཏེ། སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །ཏིང་ངེ་འཛིན་དེ་ཡང་བར་ཆད་མེད་པ། སྲ་བ། བརྟན་པ། རོ་གཅིག་ 2-13-111a པ། ཁྱབ་པས་ན་རྡོ་རྗེ་ལྟ་བུ་ཞེས་བཏགས་པའོ། །དེ་ལ་བར་ཆད་མེད་པ་ནི་རྐྱེན་འཇིག་རྟེན་པའི་སྤྱོད་པས་འཕན་མི་ཕྱིན་པའི་ཕྱིར་རོ། །བསྲ་བ་ནི། སྒྲིབ་པ་ཐམས་ཅད་ཀྱིས་མི་ཤིགས་པས་སོ། །བརྟན་ པ་ནི་རྣམ་རྟོག་གིས་མི་བསྐྱོད་པས་སོ། །རོ་གཅིག་པ་ནི་རྣམ་པར་རོ་གཅིག་པས་སོ། །ཁྱབ་པ་ནི་ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །ཏིང་ངེ་འཛིན་དེའི་རྗེས་ལ་སྐྱེས་པའི་ཟད་པ་ཤེས་པ་ནི། རྒྱུ་ཀུན་ འབྱུང་ཟད་པའི་དབང་གིས་བདེན་པ་བཞི་ལ་དམིགས་པའི་ཡེ་ཤེས་སོ། །མི་སྐྱེ་བ་ཤེས་པ་ནི། འབྲས་བུ་སྡུག་བསྔལ་སྤངས་པའི་དབང་གིས་བདེན་པ་བཞི་ལ་དམིགས་པའི་ཡེ་ཤེས་སོ། །ཡང་ན་རྒྱུ་ཟད་པ་དང་འབྲས་བུ་མི་སྐྱེ་བ་ ལ་དམིགས་པའི་ཡེ་ཤེས་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པའོ། །དེ་དག་ལ་ཅིའི་ཕྱིར་མཐར་ཕྱིན་པའི་ལམ་ཞེས་བྱ་ཞེ་ན། བསླབ་པ་མཐར་ཕྱིན་པ་ཡིན་ཞིང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བས་ན་མཐར་ཕྱིན་ པའི་ལམ་ཞེས་བྱའོ། །གནས་སྐབས་དེ་ན་མི་སློབ་པའི་ཆོས་བཅུ་ཡོད་དེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས། མི་སློབ་པའི་ཏིང་ངེ་འཛིན་གྱི་བར་དང་། མི་སློབ་པའི་རྣམ་པར་གྲོལ་བ་དང་། མི་སློབ་པའི་ཡང་དག་ པའི་ཡེ་ཤེས་སོ། །མི་སློབ་པའི་ཆོས་བཅུ་པོ་དེ་ཡང་ཟག་མེད་ཀྱི་ཕུང་པོ་ལྔའི་དབང་དུ་བྱས་པ་སྟེ། དེ་ལ་མི་སློབ་པའི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་ དག་པའི་དྲན་པ་དང་། ཏིང་ངེ་འཛིན་དང་། གཉིས་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། རྩོལ་བ་དང་གསུམ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་རྣམ་པར་གྲོལ་བ་ནི་རྣམ་པར་ 2-13-111b གྲོལ་བའི་ཕུང་པོའོ། །ཡང་དག་པའི་ཤེས་པ་ནི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། ལམ་གྱི་རྣམ་པར་བཞག་པ་བསྟན་པའི་ལེའུ་སྟེ་ བཅོ་བརྒྱད་པའོ།། །།ལམ་ལྔ་པོ་དེ་དག་ལ་ས་དུ་ཡོད་ཅེ་ན། སྡོམ་ནི། ལས་དང་པོ་དང་མོས་སྤྱོད་དང་། །བྱང་ཆུབ་སེམས་དཔའི་ས་བཅུ་དང་། །སངས་རྒྱས་ས་སྟེ་དེ་ ལྟར་ན། །བཅུ་དང་གསུམ་གྱིས་ས་རྣམས་བསྡུས། །ཤེས་སོ། །ས་དེ་རྣམས་ནི། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །ཞེས་གསུངས་ཏེ། རབ་དགའ་ནི་ས་དང་པོ་ཡིན་ལ། ལ་སོགས་ཀྱིས་ནི་འོག་གི་ས་གཉིས་དང་གོང་གི་ས་བཅུ་བསྡུས་སོ། །དེ་ལ་ལས་དང་པོ་པའི་ས་ནི། ཚོགས་ལམ་གྱི་གནས་སྐབས་ཏེ། རང་གི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་ཡིན་པས་སོ། །མོས་པས་སྤྱོད་པའི་ས་ནི་སྦྱོར་ལམ་ གྱི་གནས་སྐབས་ཏེ། སྟོང་ཉིད་ཀྱི་དོན་ལ་མོས་པ་བྱེད་པ་ཙམ་ཡིན་པས་སོ། །དེའི་དུས་ན་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་དང་། མཐོང་སྤང་གི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་ཏུ་ བཏགས་པ་རྣམས་མི་འབྱུང་བར་མགོ་གནོན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བཅུ་ནི་ས་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རོ། །དེ་ལྟར་ཡང་འཕགས་པ་ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་བཅུ་ པོ་འདི་ནི་བྱང་ཆུབ་སེམས་དཔའི་ས་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཞེས་བྱ་བ་དང་། ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལ་ས་དང་པོ་རབ་ཏུ་དགའ་བ་ནི། མཐོང་ལམ་སྐྱེས་པའི་གནས་སྐབས་ 2-13-112a ཏེ། སྟོང་ཉིད་ཀྱི་དོན་དངོས་སུ་རྟོགས་པའོ། །ས་གཉིས་པ་ནས་བཟུང་ནས་བཅུ་པའི་བར་ནི། སྒོམ་ལམ་གྱི་གནས་སྐབས་ཏེ། ས་དང་པོར་རྟོགས་པའི་དེ་ཁོ་ན་ཉིད་དེ་ལ་གོམས་པར་བྱེད་པའོ། ། བྱང་ཆུབ་སེམས་དཔའི་ས་བཅུ་པོ་དེ་དག་ཀྱང་སྤྱིའི་ཆོས་དང་། བྱེ་བྲག་གི་ཆོས་གཉིས་ཀྱིས་ཤེས་པར་བྱའོ། །དེ་ལ་སྤྱིའི་ཆོས་ནི་གསུམ་སྟེ། སའི་ངོ་བོ་དང་སའི་ངེས་ཚིག་དང་ས་བཅུར་དབྱེ་བའི་རྒྱུ་མཚན་ནོ། །དེ་ལ་ སའི་ངོ་བོ་ནི། ཆོས་བདག་མེད་པ་མངོན་སུམ་དུ་རྟོགས་པའི་ཤེས་རབ་གྲོགས་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་སློབ་པའི་རྒྱུད་ཀྱིས་བསྡུས་པའོ། །སའི་ངེས་ཚིག་ནི། ས་དེ་དང་དེའི་གནས་སྐབས་ཀྱི་ཡོན་ཏན་གྱི་ཆོས་ཀྱི་རྟེན་བྱེད་པའམ། ས་གོང་མ་གོང་མ་སྐྱེད་པར་བྱེད་པས་ན། ས་ཞེས་བྱའོ། །སའི་ངེས་ཚིག་གི་དཔེ་ནི་ཡེ་ཤེས་དེ་ལ་གནས་ཤིང་ལོངས་སྤྱོད་པས་ན་ས་སྟེ་དཔེར་ན་བ་གླང་གི་ལྷས་བཞིན་ནོ། །ཡེ་ཤེས་དེ་ཉིད་བགྲོད་པས་ན་ས་ཏེ། དཔེར་ན་རྟ་དཀྱུས་ས་ བཞིན་ནོ། །ཡེ་ཤེས་དེ་ཡོན་ཏན་གྱི་ཆོས་ཐམས་ཅད་སྐྱེ་འཁྲུང་གི་གཞིར་གྱུར་པས་ན་ས་ཏེ། དཔེར་ན་ཞིང་ས་བཞིན་ནོ། །ས་བཅུར་དབྱེ་བའི་རྒྱུ་མཚན་ནི། ཡོངས་སུ་སྦྱོང་བའི་ཁྱད་པར་གྱིས་ས་བཅུར་ཕྱེ་བའོ། །བྱེ་བྲག་གི་ཆོས་ནི་ས་རེ་རེ་ཞིང་ ཁྱད་པར་དགུ་དགུས་བསྟན་ཏེ། མིང་གི་ཁྱད་པར་དང་། ངེས་ཚིག་གི་ཁྱད་པར་དང་། ཡོངས་སུ་སྦྱོང་བའི་ཁྱད་པར་དང་། ཉམས་སུ་བླང་བྱའི་ཁྱད་པར་དང་། རྣམ་པར་དག་པའི་ཁྱད་པར་དང་། རྟོགས་པའི་ཁྱད་པར་དང་། སྤངས་པའི་ཁྱད་པར་དང་། སྐྱེ་བའི་ཁྱད་པར་དང་། མཐུའི་ཁྱད་པར་རོ། །དེ་ལ་ས་དང་པོའི་མིང་གི་ཁྱད་པར་ནི། རབ་ཏུ་དགའ་བའོ། །ངེས་ཚིག་གི་ཁྱད་པར་ནི། ས་དེ་ཐོབ་པ་དང་བྱང་ཆུབ་ལ་ཉེ་ཞིང་སེམས་ཅན་གྱི་དོན་གྲུབ་པས་རབ་ཏུ་དགའ་བར་ 2-13-112b འགྱུར་བས་ན་རབ་ཏུ་དགའ་བའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཅེས་གསུངས་སོ། ། ཡོངས་སུ་སྦྱོང་བའི་ཁྱད་པར་ནི། གཞི་ཐམས་ཅད་ལ་གྱ་གྱུ་མེད་པའི་བསམ་པ་ལ་སོགས་པ། ཆོས་བཅུ་ལ་སྦྱངས་པས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་མངོན་རྟོགས་རྒྱན་ལས། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་ པོ་ཐོབ་འགྱུར་ཏེ། །ཞེས་པ་ལ་སོགས་པ་གསུངས་སོ། །ཉམས་སུ་བླང་བྱའི་ཁྱད་པར་ནི། །ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས། སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་ཁྱད་པར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ ཆེ་སྟེ། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་འདོད་དོ། །དེ་ལྟར་ཡང་འཕགས་པ་ས་བཅུ་པའི་མདོ་ལས། ས་དང་པོའི་ཐད་ཀ་ལས། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ལས། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་མི་བསྒྲུབ་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །རྣམ་པར་དག་པའི་ཁྱད་པར་ནི། ཇི་སྐད་དུ། ས་བཅུ་པ་ལས། ས་རབ་ཏུ་དགའ་བ་འདི་ལ། མཐོང་བ་རྒྱ་ཆེན་པོ་དང་། སྨོན་ལམ་ གྱི་སྟོབས་ཀྱིས་སངས་རྒྱས་མང་པོ་སྣང་བར་འགྱུར་ཏེ། སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་སྣང་བར་འགྱུར་རོ། །དེ་དག་མཐོང་ནས་ལྷག་པའི་བསམ་པ་རྒྱ་ ཆེན་པོས་མཆོད་པར་བྱེད། བསྟི་སྟང་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དེའི་དགེ་འདུན་གྱི་ཚོགས་ལ་ཡང་རི་མོར་བྱེད་དོ། །དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །སངས་རྒྱས་དེ་དག་ལས་ཀྱང་ 2-13-113a ཆོས་ཉན་པ་དང་། ལེན་པ་དང་། འཛིན་པར་བྱེད་དོ། །ཆོས་དེ་དག་ཀྱང་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །བསྡུ་བའི་དངོས་པོ་བཞིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་གསུངས་ སོ། །དེ་ལྟར་ན། བསྐལ་པ་མང་པོར་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ། མཆོད་ཅིང་རྗེས་སུ་བཟུང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་དང་། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ། རྒྱུ་གསུམ་པོ་དེས་ དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་བ་ཡིན་ནོ། །དེ་ཡང་ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་དག་གིས། ཅི་ཙམ་ཅི་ཙམ་དུ་མེར་བསྲེགས་པས། དེ་ཙམ་དེ་ཙམ་དུ་བྱང་བ་དང་། ཡོངས་སུ་ དག་པ་དང་། ཅི་དགར་ལས་སུ་རུང་བར་འགྱུར་རོ། །དེ་བཞིན་དུ་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་རབ་ཏུ་བྱང་བ་དང་ཡོངས་སུ་དག་པ་དང་། ཅི་དགར་ལས་སུ་རུང་བར་འགྱུར་རོ། །ཞེས་གསུངས་སོ། ། རྟོགས་པའི་ཁྱད་པར་ནི། སྤྱིར་ས་བཅུ་པོ་འདི་རྣམས་མཉམ་བཞག་ལ་རྟོགས་པ་གཅིག་ཏུ་མཚུངས་མོད་ཀྱི། རྗེས་ཀྱི་ངེས་པ་འདྲེན་པའི་བྱེ་བྲག་ལ་ལྟོས་ནས་སོ་སོར་ཡོད་དོ། །སོ་སོར་བཅུ་པོ་དེ་བཤད་ན། ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་ ཏུ་འགྲོ་བའི་དོན་དུ་རྟོགས་ཏེ། དེས་བདག་གཞན་མཉམ་པ་ཉིད་རབ་ཏུ་ཐོབ་བོ། །དེ་ལྟར་ཡང་དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་ཞེས་གསུངས་སོ། །སྤངས་པའི་ཁྱད་པར་ནི། ས་དེ་ལ་ཉོན་མོངས་པའི་སྒྲིབ་པའི་དབང་དུ་ བྱས་ན། མཐོང་སྤངས་ཀྱི་ཉོན་མོངས་པ་བརྒྱད་ཅུ་རྩ་གཉིས་ཡོད་པ་ལས། མ་ལུས་པར་སྤངས་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པའི་དབང་དུ་ན་རྣམ་པ་གསུམ་ཡོད་པ་ལས། ལྤགས་ཤུན་ལ་ཡོད་པ་ལྟ་བུ་རྣམས་སྤངས་ 2-13-113b པ་ཡིན་ནོ། །འཇིགས་པ་ལྔ་དང་ཡང་བྲལ་ལོ། །འཕགས་པ་ས་བཅུ་པའི་མདོ་ལས་ཀྱང་། ས་རབ་ཏུ་དགའ་བ་འདི་ཐོབ་མ་ཐག་ཏུ་འཇིགས་པ་ལྔ་པོ་གང་ཡིན་པ་འདི་ལྟ་སྟེ། འཚོ་བ་མེད་པའི་འཇིགས་པའམ། ཚིགས་སུ་ བཅད་པ་མེད་པའི་འཇིགས་པའམ། འཆི་བའི་འཇིགས་པའམ། ངན་འགྲོའི་འཇིགས་པའམ། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་དེ་དག་ཐམས་ཅད་དེ་ལ་མེད་པ་ཡིན་ནོ། །ཞེས་གསུངས་སོ། །སྐྱེས་བའི་ཁྱད་པར་ ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་འཛམ་བུའི་གླིང་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་སེལ་ལོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བ་ ལས། དེ་ཡི་རྣམ་པར་སྨིན་པས་ནི། །འཛམ་གླིང་དབང་ཕྱུག་ཆེན་པོར་འགྱུར། །ཞེས་གསུངས་སོ། །སྐྱེ་བའི་ཁྱད་པར་གསུངས་པ་འདི་དག་ཀྱང་རང་བཞིན་ལ་བསམས་ཀྱི། གཞན་དོན་ནི་གང་ལ་གང་འདུལ་དུ་རྣམ་ པ་དུ་མར་ཡང་ཀུན་ཏུ་སྟོན་ཏེ། སྐྱེས་པའི་རབས་ལས་གསུངས་པ་བཞིན་ནོ། །མཐུའི་ཁྱད་པར་ནི། ཇི་སྐད་དུ། རབ་ཏུ་དགའ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། འདོད་པས་བརྩོན་འགྲུས་རྩོམ་སྟེ། རབ་ཏུ་བྱུང་ན་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་ བར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། སྔོན་གྱི་མཐའ་ 2-13-114a དང་། ཕྱི་མའི་མཐའི་བསྐལ་པ་བརྒྱ་ཡང་རབ་ཏུ་ཤེས་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་ཀྱི་སྤྲུལ་པ་བརྒྱ་ཀུན་ཏུ་སྟོན་པ་དང་། ལུས་རེ་རེ་བཞིན་ཡང་བྱང་ཆུབ་སེམས་དཔའི་འཁོར་ བརྒྱ་བརྒྱ་དང་ལྡན་པར་ཀུན་ཏུ་སྟོན་པའོ། །ཞེས་གསུངས་སོ། །ས་གཉིས་པའི་མིང་གི་ཁྱད་པར་ནི། དྲི་མ་མེད་པའོ། །ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པ་ཞེས་ བྱའོ། །དེ་ལྟར་ཡང་། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བརྗོད། །ཅེས་གསུངས་སོ། །ཡོངས་སུ་སྦྱོང་བའི་ཁྱད་པར་ནི། ཚུལ་ཁྲིམས་དང་བྱས་པ་གཟོ་བ་ལ་སོགས་པ་ཡོངས་སྦྱོང་བརྒྱད་ཀྱིས་ ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །ཞེས་པ་ལ་སོགས་པ་གསུངས་སོ། །ཉམས་སུ་བླང་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་ དཔའ་དེས། སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས། དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་དག་གིས་ཚུར་གྱིས་བཀུས་ནས་མེར་བཅུག་ན། དེ་བས་ཀྱང་དྲི་མ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ནི། སྔར་བས་ཀྱང་ཆེས་རྣམ་པར་དག་པ་དང་། བྱང་བ་དང་ལས་སུ་རུང་བར་འགྱུར་རོ། །ཞེས་གསུངས་སོ། །རྟོགས་པའི་ཁྱད་པར་ནི། ས་དེ་ལ་ 2-13-114b ཆོས་ཀྱི་དབྱིངས་མཆོག་གི་དོན་དུ་རྟོགས་ཏེ། དེས་འདི་སྙམ་དུ། བདག་གིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང་བ་མངོན་པར་བསྒྲུབ་པ་ལ་བརྩོན་པར་བྱའོ་སྙམ་མོ། །དེ་ལྟར་ཡང་། མཆོག་གི་དོན་ཞེས་གསུངས་སོ། ། སྤངས་པའི་ཁྱད་པར་ནི། ས་གཉིས་པ་ནས་བཟུང་ནས་བཅུ་པའི་བར་འདིས་ཉོན་མོངས་པའི་སྒྲིབ་པའི་དབང་དུ་བྱས་ན། སྒོམ་སྤང་གི་ཉོན་མོངས་པ་བཅུ་དྲུག་ཡོད་པ་ལས། དེ་རྣམས་ཀྱི་ས་བོན་ཙམ་ནི་མི་སྤོང་བར་འཇོག་ལ། མངོན་གྱུར་རྣམས་ནི་མགོ་ནོན་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པའི་དབང་དུ་བྱས་ན་སྤྲི་ལ་ཡོད་པ་ལྟ་བུ་རྣམས་སྤོང་བ་ཡིན་ནོ། །སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ། ཕལ་ཆེར་གླིང་བཞི་ལ་དབང་ བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་མི་དགེ་བ་བཅུའི་ལས་ལས་བཟློག་ནས་དགེ་བ་བཅུའི་ལས་ལ་འགོད་དོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ནི། །དཔལ་ལྡན་རིན་ཆེན་བདུན་དག་གིས། ། འགྲོ་ཕན་འཁོར་ལོས་སྒྱུར་བར་འགྱུར། །ཞེས་གསུངས་སོ། །མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་སྟོང་ཐོབ་པ་ལ་སོགས་པ་དང་སྦྱར་རོ། །ས་གསུམ་པའི་མིང་གི་ཁྱད་པར་ནི་འོད་བྱེད་པའོ། །ངེས་ ཚིག་གི་ཁྱད་པར་ནི། ས་དེ་ལ་ཆོས་དང་ཏིང་ངེ་འཛིན་གྱི་སྣང་བ་གསལ་བ་དང་། གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པས་ན་འོད་བྱེད་པ་ཞེས་བྱའོ། །དེ་ལྟར་ཡང་། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། ། ཞེས་གསུངས་སོ། །ཡོངས་སུ་སྦྱོང་བའི་ཁྱད་པར་ནི། ཐོས་པས་མི་ངོམས་པ་ལ་སོགས་ཆོས་ལྔ་ལ་བསླབས་པས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང་། །ཞེས་ 2-13-115a པ་ལ་སོགས་པ་གསུངས་སོ། །ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་ཁྱད་པར་དུ་བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་ མཁས་པའི་ལག་ན་བསྲེལ་ན། དང་པོའི་སྲང་གྲངས་ཀྱི་ཚད་ལས་ཉུང་དུ་མི་འགྲོ་བར། སྐྱོན་དང་དྲི་མ་ཐམས་ཅད་ཟད་པར་བྱེད་དོ། །དེ་བཞིན་དུ་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ནི་མི་འགྲིབ་པར་ གནས་ཤིང་། ཤིན་ཏུ་དག་པ་དང་བྱང་བ་དང་ལས་སུ་རུང་བར་འགྱུར་རོ། །ཞེས་གསུངས་སོ། །རྟོགས་པའི་ཁྱད་པར་ནི། ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་ཀྱི་དབྱིངས་དེའི་རྒྱུ་མཐུན་པའི་ཆོས་དོན་གྱི་མཆོག་ཏུ་ རྟོགས་ཏེ། དེས་ཚིགས་སུ་བཅད་པ་རེ་རེ་ཙམ་ཐོས་པའི་ཕྱིར་ཡང་མེའི་འོབས་སྟོང་གསུམ་ཙམ་དུ་བདག་ཉིད་མཆོང་བར་བྱེད་དོ། །དེ་ལྟར་ཡང་། རྒྱུ་མཐུན་མཆོག་གི་དོན་ཉིད་དང་། །ཞེས་གསུངས་སོ། །སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འདོད་པའི་འདོད་ཆགས་ཟློག་པ་ལ་མཁས་སོ། །དེ་ལྟར་ཡང་། ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདོད་པའི་ འདོད་ཆགས་ཟློག་པ་ཡིན། །ཞེས་གསུངས་སོ། །མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་འབུམ་ཐོབ་པ་ལ་སོགས་པ་སྦྱར་རོ། །ས་བཞི་པའི་མིང་གི་ཁྱད་པར་ནི། འོད་འཕྲོ་བའོ། །ངེས་ཚིག་གི་ཁྱད་ 2-13-115b པར་ནི། ས་དེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་ཡེ་ཤེས་ཀྱི་འོད་འཕྲོ་བས། སྒྲིབ་པ་གཉིས་བསྲེགས་པས་ན་འོད་འཕྲོ་བ་ཞེས་བྱའོ། །དེ་ལྟར་ཡང་། འདི་ལྟར་བྱང་ཆུབ་མི་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ ལྟ་བུ། །དེ་ལྡན་ཕྱིར་ན་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །ཞེས་གསུངས་སོ། །ཡོངས་སུ་སྦྱོང་བའི་ཁྱད་པར་ནི། དགོན་པར་གནས་པར་བྱ་བ་ལ་སོགས་པ་བཅུས། ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། ནགས་ གནས་འདོད་ཆུང་ཆོག་ཤེས་དང་། །སྦྱངས་པ་ཡང་དག་སྡོམ་བསྟེན་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་ སུ་ལེན་ཡང་ཁྱད་པར་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེ་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་རྒྱན་གྱི་རྣམ་པར་བྱས་པ་ནི། རྒྱན་དུ་མ་བྱས་པའི་གསེར་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ དེ་ཡང་། ས་འོག་མ་དག་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཡོངས་སུ་ འཛིན་པ་མེད་པའི་དོན་དུ་རྟོགས་ཏེ། འདི་ལྟར་ཆོས་ལ་སྲེད་པ་ཡང་ལྡོག་གོ། དེ་ལྟར་ཡང་། ཡོངས་སུ་འཛིན་པ་མེད་དོན་དང་། །ཞེས་གསུངས་སོ། །སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་ 2-13-116a དཔའ་དེ་ཕལ་ཆེར་ལྷའི་རྒྱལ་པོ་རབ་འཐབ་བྲལ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ཀྱི་ལྟ་བ་འཇོམས་པ་ལ་མཁས་སོ། །དེ་ལྟར་ཡང་། རབ་འཐབ་བྲལ་གནས་ལྷ་རྒྱལ་འགྱུར། །འཇིག་ ཚོགས་ལྟ་བ་རབ་བྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། །ཞེས་གསུངས་སོ། །མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བྱེ་བ་ཐོབ་པ་ལ་སོགས་པ་སྦྱར་རོ། །ས་ལྔ་པའི་མིང་གི་ཁྱད་པར་ ནི། ཤིན་ཏུ་སྦྱང་དཀའ་བའོ། །ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་སེམས་ཅན་སྨིན་པར་བྱེད་པ་ལ་བརྩོན་ཡང་སེམས་ཅན་གྱི་ལོག་པར་སྒྲུབ་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། དེ་གཉིས་ཀ་བྱ་དཀའ་བའི་ཕྱིར་སྦྱང་ དཀའ་བ་ཅེས་བྱའོ། །དེ་ལྟར་ཡང་། སེམས་ཅན་དོན་ནི་སྒྲུབ་པ་དང་། །རང་གི་སེམས་ཀྱང་བསྲུང་བས་ན། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་གསུངས་སོ། །ཡོངས་སུ་ སྦྱོང་བའི་ཁྱད་པར་ནི། རྙེད་སོགས་ཀྱི་དོན་དུ་ཁྱིམ་པ་དང་འདྲིས་པར་བྱེད་པ་ལ་སོགས་བཅུ་སྤངས་པས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། འདྲིས་དང་ཁྱིམ་ལའང་འཁྲེན་པ་དང་། །འདུ་འཛིར་གྱུར་པའི་གནས་དང་ནི། ། ཞེས་པ་ལ་སོགས་པ་གསུངས་སོ། །ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ ཆེ་བར་གསུངས་སོ། །རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་ 2-13-116b བྱི་དོར་བྱས་པ་དེ་ལ་རིན་པོ་ཆེ་སྤུགས་གིས་སྤྲས་ན་མཚུངས་པ་མེད་པའི་ཕྱིར། དེ་མ་ཡིན་པའི་གསེར་དག་གིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཐབས་ཤེས་རབ་གཉིས་ ཀྱིས་དཔྱད་པས་རྣམ་པར་དག་སྟེ། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ དེས་རྒྱུད་ཐ་དད་མེད་པའི་དོན་རྟོགས་ཏེ། མཉམ་པ་ཉིད་བཅུ་ཤེས་སོ། །དེ་ལྟར་ཡང་། རྒྱུད་རྣམས་ཐ་དད་མེད་པ་དང་། །ཞེས་གསུངས་སོ། །སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ། ཕལ་ ཆེར་ལྷའི་རྒྱལ་པོ་དགའ་ལྡན་དུ་སྐྱེ་བར་འགྱུར་ཏེ། མུ་སྟེགས་རྣམས་ཀྱི་ལྟ་བ་ཟློག་པ་ལ་མཁས་པའོ། །དེ་ལྟར་ཡང་། དེ་ཡང་རྣམ་པར་སྨིན་པས་ནི། །དགའ་ལྡན་གནས་ཀྱི་ལྷ་རྒྱལ་འགྱུར། །མུ་སྟེགས་བྱེད་པ་ཐམས་ཅད་ཀྱི། ། ཉོན་མོངས་ལྟ་གནས་ཟློག་པར་བྱེད། །ཅེས་གསུངས་སོ། །མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བྱེ་བ་ཕྲག་སྟོང་ཐོབ་པ་ལ་སོགས་པ་སྦྱར་རོ། །ས་དྲུག་པའི་མིང་གི་ཁྱད་པར་ནི། མངོན་དུ་ གྱུར་པའོ། །ངེས་ཚིག་གི་ཁྱད་པར་ནི། ས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། འཁོར་འདས་གཉིས་ལ་མི་གནས་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མངོན་དུ་གྱུར་བས་ན། མངོན་དུ་གྱུར་པ་ཞེས་ བྱའོ། །དེ་ལྟར་ཡང་། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་མངོན་དུ་གྱུར་བའི་ཕྱིར། །མངོན་དུ་གྱུར་བའི་ས་ཞེས་བཤད། །ཅེས་གསུངས་སོ། །ཡོངས་སུ་སྦྱོང་བའི་ཁྱད་པར་ནི། 2-13-117a སྦྱིན་པ་ལ་སོགས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པ་དང་། ཉན་རང་ལ་འདོད་པ་ལ་སོགས་ཆོས་དྲུག་སྤང་པ་ལ་བསླབ་པ་སྟེ། དེ་ལྟར་བཅུ་གཉིས་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། སྦྱིན་དང་ ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །ཞེས་པ་ལ་སོགས་པ་གསུངས་སོ། །ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས། སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ ལེན་ཡང་། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་རིན་པོ་ཆེ་བཻཌཱུརྱས་སྤྲས་ན་མཚུངས་པ་མེད་པའི་ཕྱིར་དེ་མ་ཡིན་པའི་གསེར་ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ ཡང་ཐབས་དང་ཤེས་རབ་ཀྱིས་དཔྱད་པས་རྣམ་པར་དག་ཅིང་འོད་གསལ་ཏེ། དེ་མ་ཡིན་པའི་ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་ པ་དེས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་མ་ཡིན་པའི་དོན་དུ་རྟོགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གང་ཀུན་ནས་ཉོན་མོངས་པའམ། གང་རྣམ་པར་དག་པར་འགྱུར་བའི་ཆོས་གང་ཡང་མེད་པར་ཤེས་སོ། །དེ་ལྟར་ ཡང་། ཉོན་མོངས་རྣམ་དག་མིན་དོན་དང་། །ཞེས་གསུངས་སོ། །སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ལྷའི་རྒྱལ་པོ་རབ་འཕྲུལ་དགར་སྐྱེ་བར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་མངོན་པའི་ 2-13-117b ང་རྒྱལ་ཟློག་པ་ལ་མཁས་སོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ནི། །ལྷ་ཡི་རྒྱལ་པོ་རབ་འཕྲུལ་དགའ། །ཉན་ཐོས་རྣམས་ཀྱིས་མི་འཕྲོག་པ། །ལྷག་པའི་ང་རྒྱལ་ཅན་ཞི་བྱེད། །ཅེས་གསུངས་སོ། ། མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་བྱེ་བ་ཕྲག་འབུམ་ཐོབ་པ་ལ་སོགས་པ་སྦྱར་རོ། །ས་བདུན་པའི་མིང་གི་ཁྱད་པར་ནི། རིང་དུ་སོང་བའོ། །ངེས་ཚིག་གི་ཁྱད་པར་ནི། ས་དེ་བགྲོད་པ་གཅིག་པའི་ ལམ་དང་འབྲེལ་བའི་ཕྱིར་རིང་དུ་སོང་བ་ཡིན་ཏེ་སྤྱོད་པའི་མཐར་སོང་བའི་ཕྱིར་རོ། །དེ་ལྟར་ཡང་། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་གསུངས་སོ། །ཡོངས་སུ་སྦྱོང་བའི་ཁྱད་པར་ ནི། བདག་ཏུ་འཛིན་པ་ལ་སོགས་ཉི་ཤུ་སྤངས་ནས། དེ་ལས་བཟློག་པའི་ཆོས་རྣམ་ཐར་སྒོ་གསུམ་ཤེས་པ་ལ་སོགས་པ་ཉི་ཤུ་བརྟེན་པས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། བདག་དང་སེམས་ཅན་འཛིན་པ་དང་། ། ཞེས་པ་དང་། རྣམ་ཐར་སྒོ་གསུམ་ཤེས་པ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས། སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་ གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་ན་ཤིན་ཏུ་མཛེས་ཏེ། དེ་མ་ཡིན་པར་འཛམ་བུ་གླིང་པའི་རྒྱན་ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་བདུན་པ་ལ་གནས་ 2-13-118a པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཆེས་རྣམ་པར་དག་པས། ཉན་རང་དང་དེ་མ་ཡིན་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་ སོ། །རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཐ་དད་དུ་མེད་པའི་དོན་རྟོགས་ཏེ། མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་མི་འབྱུང་ངོ་། །དེ་ལྟར་ཡང་། ཐ་དད་མེད་པའི་དོན་ཉིད་དང་། ། ཞེས་གསུངས་སོ། །སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ལྷའི་རྒྱལ་པོ་དབང་བསྒྱུར་དུ་འགྱུར་ཏེ། ཉན་རང་གི་མངོན་པར་རྟོགས་པ་སྒྲུབ་པ་ལ་མཁས་སོ། །དེ་ལྟར་ཡང་། དེ་ཡི་ རྣམ་པར་སྨིན་པས་ནི། །དབང་བསྒྱུར་ལྷའི་རྒྱལ་པོར་འགྱུར། །འཕགས་པའི་བདེན་པ་མངོན་རྟོགས་པའི། །སློབ་དཔོན་ཁྱུ་མཆོག་ཆེན་པོར་འགྱུར། །ཞེས་གསུངས་སོ། །མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ ཞིག་ལ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཐོབ་པ་ལ་སོགས་པ་སྦྱར་རོ། །ས་བརྒྱད་པའི་མིང་གི་ཁྱད་པར་ནི། མི་གཡོ་བའོ། །ངེས་ཚིག་གི་ཁྱད་པར་ནི། མཚན་མ་ལ་རྩོལ་བའི་འདུ་ཤེས་དང་། མཚན་མ་མེད་པ་ལ་ རྩོལ་བའི་འདུ་ཤེས་ཀྱིས་མི་གཡོ་བའི་ཕྱིར་རོ། །དེ་ལྟར་ཡང་། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཅེས་མངོན་པར་བརྗོད། །ཅེས་གསུངས་སོ། །ཡོངས་སུ་སྦྱོང་བའི་ཁྱད་པར་ནི། སེམས་ཅན་ཐམས་ཅད་ ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་སོགས་པ་ཡོངས་སུ་སྦྱོང་བ་བརྒྱད་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་རྩེ་བ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། ། 2-13-118b ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས། སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །རྣམ་པར་དག་ པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པས་རྒྱན་དུ་ཟིན་པར་བྱས་ཏེ། འཛམ་བུའི་གླིང་གི་ བདག་པོའི་མགོའམ་མགུལ་པར་བཏགས་ན། འཛམ་བུ་གླིང་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱན་གྱི་དམ་པ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་ཤིན་ཏུ་ རྣམ་པར་དག་པའི་ཕྱིར། ཉན་རང་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པའི་བར་དག་གིས་མི་འཕྲོག་པ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་སོ། །རྟོགས་པའི་ཁྱད་པར་ནི། ས་འདི་ལ་གནས་པ་དེས་ ཆོས་ཐམས་ཅད་རྣམ་པར་རྟོག་པའི་འདུ་ཤེས་དང་བྲལ་ཞིང་ནམ་མཁའ་དང་འདྲ་བར་ཁོང་དུ་ཆུད་པས་སྟོང་ཉིད་སྐྱེ་མེད་ཀྱི་དོན་ལ་མི་དངངས་མི་སྐྲག་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ བྲི་བ་མེད་ཅིང་། འཕེལ་བ་མེད་པའི་དོན་རྟོགས་ཏེ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་བྲི་བའམ། འཕེལ་བ་མི་མཐོང་བའོ། །དེ་ལྟར་ཡང་། བྲི་མེད་འཕེལ་བ་མེད་དོན་དང་། །ཞེས་གསུངས་སོ། ། ཡང་། དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་གསུངས་ཏེ། རྣམ་པར་མི་རྟོག་པ་ལ་དབང་བ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ལས་ལ་དབང་བ་དང་བཞི་ཡོད་པ་ལས། ས་བརྒྱད་ 2-13-119a པ་ལ་གནས་པ་དེས། རྣམ་པར་མི་རྟོག་པ་ལ་དབང་བ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བའི་གནས་ཉིད་དུ་རྟོགས་སོ། །གཞན་ཡང་ས་བརྒྱད་པ་ལ་གནས་པ་དེས། དབང་རྣམ་པ་བཅུ་ཡང་ཐོབ་པར་ གསུངས་སོ། །དེ་ལ་དབང་རྣམ་པ་བཅུ་ནི། ཚེ་ལ་དབང་བ་དང་། དེ་བཞིན་དུ། སེམས་ལ། ཡོ་བྱད་ལ། ལས་ལ། སྐྱེ་བ་ལ། སྨོན་ལམ་ལ། མོས་པ་ལ། རྫུ་འཕྲུལ་ལ། ཡེ་ཤེས་ལ། ཆོས་ལ་དབང་བའོ། །སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་སྟོང་སྤྱི་ཕུད་ལ་དབང་བའི་རྒྱལ་པོ་ཚངས་པར་འགྱུར་ཏེ། དགྲ་བཅོམ་པ་དང་། རང་རྒྱལ་བ་ལ་སོགས་པའི་དོན་གཏན་ལ་འབེབས་པའོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པས་ ནི། །སྟོང་གི་བདག་པོ་ཚངས་པར་འགྱུར། །དགྲ་བཅོམ་རང་སངས་རྒྱས་སོགས་ཀྱི། །དོན་གཏན་འབེབས་ལ་འཕྲོག་པ་མེད། །ཅེས་གསུངས་སོ། །མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་སྟོང་ གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་པ་ལ་སོགས་པ་སྦྱར་རོ། །ས་དགུ་པའི་མིང་གི་ཁྱད་པར་ནི། ལེགས་པའི་བློ་གྲོས་སོ། །ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་སོ་སོ་ཡང་དག་པར་རིག་པའི་བློ་གྲོས་བཟང་བའི་ཕྱིར་རོ། ། དེ་ལྟར་ཡང་། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་གསུངས་སོ། །ཡོངས་སུ་སྦྱོང་བའི་ཁྱད་པར་ནི། སྨོན་ལམ་མཐའ་ཡས་པ་ལ་སོགས་པ་བཅུ་གཉིས་ཀྱིས་ས་དེ་ཐོབ་པ་ཡིན་ནོ། ། དེ་ལྟར་ཡང་། སྨོན་ལམ་དག་ནི་མཐའ་ཡས་དང་། །ལྷ་ལ་སོགས་པའི་སྐད་ཤེས་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས། སྤྱིར་ཕ་རོལ་ཏུ་ 2-13-119b ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་གསུངས་སོ། །རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྦྲམ་དེ་ཉིད་གསེར་མགར་མཁས་པས་རྒྱན་དུ་བྱས་པ་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་མགོའམ་མགུལ་དུ་བཏགས་ན། ཁམས་ཀྱི་རྒྱལ་པོ་རྣམས་དང་། གླིང་བཞི་པའི་སེམས་ཅན་རྣམས་ཀྱི་རྒྱན་ གྱི་དམ་པ་རྣམས་ཀྱི་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་བརྒྱན་པ། ཉན་རང་ཐམས་ཅད་དང་ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །རྟོགས་པའི་ཁྱད་པར་ནི། དབང་བཞི་པོ་དེ་ལས་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པའི་ཕྱིར་རོ། །སོ་སོ་ཡང་དག་ པར་རིག་པ་གང་ཞེ་ན། འཕགས་པ་ས་བཅུ་པའི་མདོ་ལས། སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ ཡང་དག་པར་རིག་པ་རྟག་པར་རྒྱུན་དུ་འབྱུང་ངོ་། །ཞེས་གསུངས་སོ། །སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ལ་དབང་བའི་ལྷའི་རྒྱལ་པོ་ཚངས་ པར་འགྱུར་ཏེ། དྲིས་པ་ཐམས་ཅད་ཀྱི་ལན་འདེབས་པར་བྱེད་དོ། །དེ་ལྟར་ཡང་། དེ་ཡི་རྣམ་པར་སྨིན་པ་ནི། སྟོང་གཉིས་བདག་པོ་ཚངས་པར་འགྱུར། །སེམས་ཅན་བསམ་པ་དྲིས་པ་ལས། །དགྲ་བཅོམ་སོགས་ 2-13-120a ཀྱིས་འཕྲོག་པ་མེད། །ཅེས་གསུངས་སོ། །མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་པ་ལ་སོགས་ པ་སྦྱར་རོ། །ས་བཅུ་པའི་མིང་གི་ཁྱད་པར་ནི། ཆོས་ཀྱི་སྤྲིན་ནོ། །ངེས་ཚིག་གི་ཁྱད་པར་ནི། ས་དེ་ལ་གནས་པས་ནི་སྤྲིན་བཞིན་དུ་ཆོས་ཀྱི་ཆར་ཕབ་ནས། སེམས་ཅན་གྱི་ཉོན་མོངས་པའི་རྡུལ་ཕྲ་རབ་ཞི་བར་བྱེད་པས་ན་ཆོས་ཀྱི་ སྤྲིན་ནོ། །ཡང་ན་སྤྲིན་བཞིན་དུ་ཏིང་ངེ་འཛིན་དང་གཟུགས་ཀྱི་སྒོ་ཐོབ་པའི་ཆོས་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེ་ལྟར་ཡང་། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ ཀྱི་སྤྲིན། །ཞེས་གསུངས་སོ། །ཡོངས་སུ་སྦྱོང་བའི་ཁྱད་པར་ནི། མངོན་རྟོགས་རྒྱན་ལས་མ་བསྟན་ཏེ། འཕགས་པ་ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་དེ་ལྟར་ས་དགུའི་བར་དུ་ཤེས་ བྱ་ཚད་མེད་པ་ལ་རྣམ་པར་བརྟགས་པའི་བློས་ཤིན་ཏུ་རྣམ་པར་ཕྱེ་བ། རྣམ་པར་འབྱེད་པ། ཞེས་པ་ལ་སོགས་པ་ཡོངས་སུ་སྦྱོང་བ་བཅུས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཐོབ་པར་གསུངས་སོ། །རྣམ་པ་ ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཞེས་པ་ནི་ས་བཅུ་པའོ། །ས་བཅུ་པ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཟེར་བ་ཅི་སྟེ་ཞེ་ན། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ ཕྱོགས་བཅུའི་སངས་རྒྱས་ཀྱིས། བྱམས་པ་དང་བྱམས་པའི་ཊཱི་ཀ་ལས་ཀྱང་དེ་ལྟར་གསུངས། གསང་སྔགས་ནས་ས་བཅུ་པའི་མཐར་བྱང་ཆུབ་སེམས་དཔའ་དེ་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་དབང་བསྐུར་བས་འཚང་རྒྱ་བར་གསུངས་པ་དེ་དང་། འདིར་སྨོས་པ་གཉིས་གཅིག་ 2-13-120b པ་ཡིན་ཏེ། དྲི་བ་ལན་མི་འདྲ་ཡང་དོན་ལ་འགལ་བ་མེད་དོ། །འོད་ཟེར་གྱིས་དབང་བསྐུར་བའི་ཕྱིར་ཏེ། རྒྱས་པར་ནི་ས་བཅུ་པའི་མདོ་ལས་ཤེས་པར་བྱའོ། །རིན་ཆེན་ཕྲེང་བ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི། །འོད་ ཟེར་དབང་གིས་དབང་བསྐུར་ཕྱིར། །ཞེས་གསུངས་སོ། །ཉམས་སུ་བླང་བྱའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཆེས་ཤས་ཆེ་བར་གསུངས་སོ། །རྣམ་པར་དག་པའི་ཁྱད་པར་ནི། སྔར་བཤད་པ་ལྟར་རྒྱུ་གསུམ་པོ་དེས་དེའི་དགེ་བའི་རྩ་བ་རྣམ་པར་དག་པར་འགྱུར་ཏེ། ཇི་སྐད་དུ། དཔེར་ན་ལྷའི་རྒྱན་ཆེན་པོ་མཁན་པོ་དང་བཟོ་བོས་མ་བྱས་པ། ནོར་བུ་རིན་པོ་ཆེས་སྤྲས་པ་དེ་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་མགོའམ་མགུལ་དུ་བཏགས་ན། དེ་མ་ཡིན་པའི་ལྷ་དང་མིའི་རྒྱན་གྱི་རྣམ་པ་དག་གིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྒྱུ་དེ་ དག་ཀྱང་། སེམས་ཅན་ཐམས་ཅད་དང་། ཉན་རང་ཐམས་ཅད་དང་། ས་དགུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །ཞེས་གསུངས་སོ། །རྟོགས་པའི་ཁྱད་པར་ནི། དབང་བཞི་པོ་ དེ་དག་ལས། ལས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། ཇི་ལྟར་བཞེད་པ་བཞིན་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །སྐྱེ་བའི་ཁྱད་པར་ནི། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལྷའི་རྒྱལ་པོ་དབང་ཕྱུག་ ཆེན་པོར་འགྱུར་ཏེ། སེམས་ཅན་དང་། ཉན་རང་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པ་ལ་མཁས་པའོ། །དེ་ལྟར་ཡང་། །དེ་ཡི་རྣམ་པར་སྨིན་པས་ནི། །གནས་གཙང་ལྷ་ཡི་བདག་པོར་འགྱུར། ། 2-13-121a བསམ་ཡས་ཡེ་ཤེས་ཡུལ་གྱི་བདག །དབང་ཕྱུག་ཆེན་པོ་མཆོག་ཡིན་ནོ། །ཞེས་གསུངས་སོ། །མཐུའི་ཁྱད་པར་ནི། སྐད་ཅིག་ཐང་ཅིག་ཡུད་ཙམ་དག་ལ་ཏིང་ངེ་འཛིན་གྱི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་ བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་ཅིང་སྙོམས་པར་འཇུག་པ་ལ་སོགས་པ་སྦྱར་རོ། །གཞན་ཡང་བ་སྤུའི་ཁུང་བུ་རེ་རེ་ལས་ཀྱང་། གྲངས་ལས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་ཚད་མེད་པ་དང་ བཅས་པ་སྐད་ཅིག་ལ་སྟོན་པར་ནུས་སོ། །ལྷ་དང་མི་ལ་སོགས་པའི་འགྲོ་བ་མང་པོ་སྟོན་ནུས་སོ། །གདུལ་བྱ་གང་ལ་གང་འདུལ་དུ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། རྒྱལ་པོ་དང་། ཉན་རང་དང་། དེ་བཞིན་ གཤེགས་པའི་གཟུགས་སུ་གནས་ནས་ཆོས་སྟོན་པར་ནུས་སོ། །དེ་ལྟར་ཡང་། དབུ་མ་འཇུག་པ་ལས། བ་སྤུའི་ཁུང་ནས་རྫོགས་པའི་སངས་རྒྱས་རྣམས། །གྲངས་མེད་བྱང་ཆུབ་སེམས་དཔའི་འཁོར་བཅས་དང་། །གཞན་ ཡང་ལྷ་དང་མི་དང་ལྷ་མ་ཡིན། །སྐད་ཅིག་སྐད་ཅིག་སྟོན་པར་ནུས་པ་ཡིན། ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ས་བཅུ་བཤད་ཟིན་ཏོ། །སངས་རྒྱས་ཀྱི་ས་ནི་མཐར་ཕྱིན་པའི་ལམ་གྱི་གནས་སྐབས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། སྐྱེས་པས་སྒོམ་སྤང་གི། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྙིང་པོ་ལ་ཡོད་པ་ལྟ་བུ་ཅིག་ཅར་དུ་སྤོང་བའོ། །དེ་ལྟར་ས་དེ་དག་ཀྱང་། བསྐལ་པ་གྲངས་མེད་པ་གསུམ་གྱིས་བགྲོད་པར་འགྱུར་ཏེ། ཇི་སྐད་དུ། བྱང་ས་ལས། དེ་དག་ཐམས་ཅད་ནི་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་འགྲུབ་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོས་ནི། མོས་པས་སྤྱོད་པ་ལས་ཡང་དག་པར་འདས་ 2-13-121b ནས་རབ་ཏུ་དགའ་བ་ལ་གནས་པ་ཐོབ་སྟེ། དེ་ཡང་རྟག་ཏུ་འབད་པས་ཐོབ་ཀྱི་མི་འབད་པས་ནི་མ་ཡིན་ནོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གཉིས་པས་ནི། ས་རབ་ཏུ་དགའ་བ་ནས་ས་བདུན་པ་རིང་དུ་སོང་བའི་བར་ལས་འདས་ ཏེ། ས་བརྒྱད་པ་མི་གཡོ་བ་ཐོབ་པར་འགྱུར་རོ། །དེ་ནི་ངེས་པ་ཁོ་ན་སྟེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དེས་ངེས་པར་འབད་པའི་ཕྱིར་རོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་པས་ནི། ས་བརྒྱད་ པ་དང་། དགུ་པ་ལས་ཡང་དག་པར་འདས་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པར་འགྱུར་རོ། །སུ་བརྩོན་འགྲུས་རྩོམ་པ་ཆེན་པོས་སྦྱོར་བ་དེའི་ནང་ན་ལ་ལ་ནི་བར་གྱི་བསྐལ་པ་མང་པོ་ཞིག་ཏུ་འདུམས་པར་བྱེད་དོ། །ལ་ལ་ནི་ བསྐལ་པ་ཆེན་པོ་དག་གི་བར་དུ་འདུམས་པར་བྱེད་ཀྱི། གྲངས་མེད་པ་འདུམས་པར་བྱེད་པ་ནི་འགའ་ཡང་མེད་པར་རིག་པར་བྱའོ། །ཞེས་གསུངས་སོ། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། སའི་ རྣམ་བཞག་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།འབྲས་བུ་རྫོགས་སངས་རྒྱས་ཀྱི་སྐུ། །ཞེས་པ་ལ། དེ་ལྟར་ས་ལམ་རྣམས་ཡོངས་སུ་བགྲོད་པར་གྱུར་པ་ལས་སྐུ་ གསུམ་གྱི་ངང་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་ལམ་སྒྲོན་ལས་ཀྱང་། སངས་རྒྱས་བྱང་ཆུབ་ཡུན་མི་རིང་། །ཞེས་གསུངས་སོ། །སངས་རྒྱས་དེ་ཡང་། སྡོམ་ནི། རང་བཞིན་སྒྲ་དོན་དབྱེ་བ་དང་། ། རྣམ་བཞག་གྲངས་ངེས་མཚན་ཉིད་དང་། །ཁྱད་པར་དང་ནི་དོན་བདུན་གྱིས། །རྫོགས་སངས་རྒྱས་ཀྱི་སྐུ་རྣམས་བསྡུས། ཤེས་པའོ། །དེ་ལ་དང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ནི། སྤངས་པ་ 2-13-122a ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ་སྤངས་པ་ཕུན་སུམ་ཚོགས་པ་ནི། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ས་དང་ལམ་རྣམས་སུ་སུན་ཕྱུང་ནས་རྡོ་རྗེ་ལྟ་ བུའི་ཏིང་ངེ་འཛིན་གྱི་མཇུག་ཐོག་ཏུ་མ་ལུས་པར་སྤངས་པ་སྟེ། དེ་ཡང་སྙོམས་འཇུག་གི་སྒྲིབ་པ་ལ་སོགས་པ་ནི་སྒྲིབ་པ་གཉིས་པོ་དེའི་དབྱེ་བར་ཟད་པས། གཉིས་པོ་དེ་སྤངས་པས་སྒྲིབ་པ་ཐམས་ཅད་སྤངས་པ་ཡིན་ནོ། ། ཡེ་ཤེས་ཕུན་སུམ་ཚོགས་པ་ལ་བཞེད་པ་ཐ་དད་དེ། དེ་ལ་ཁ་ཅིག་ན་རེ། སངས་རྒྱས་ལ་རྣམ་རྟོག་ཀྱང་མངའ། ཡེ་ཤེས་ཀྱང་མངའ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སངས་རྒྱས་ལ་རྣམ་རྟོག་ནི་མི་མངའ་ལ་ཅི་ཡང་ས་ལེ་མཁྱེན་པའི་ ཡེ་ཤེས་ནི་མངའ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཡེ་ཤེས་རྒྱུན་ཆད་པ་ཡིན་ཞེས་ཟེར་རོ། །ཁ་ཅིག་ན་རེ་སངས་རྒྱས་ལ་ཡེ་ཤེས་ཡོད་མ་མྱོང་བ་ཡིན་ཞེས་ཟེར་རོ། །དེ་ཡང་མདོ་དང་བསྟན་བཅོས་གཉིས་ཆར་གྱི་གཞུང་ལས་ནི་སངས་ རྒྱས་ཀྱི་ཡེ་ཤེས་བཤད་དེ། ཇི་སྐད་དུ། འཕགས་པ་སྡུད་པ་ལས། དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག །རེག་པར་འདོད་ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས། །ཞེས་གསུངས་སོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པ་སྟེ། ཞེས་གསུངས་སོ། །ཡང་དེ་ཉིད་ཀྱི་ལེའུ་ཉེར་གཅིག་པ་ལས་ཀྱང་། བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡོད་དོ། །ཞེས་གསུངས་སོ། །མདོ་གཞན་ལས་ཀྱང་ཡེ་ཤེས་བཤད་པ་མང་པོ་ཡོད་དོ། ། 2-13-122b བསྟན་བཅོས་ཀྱི་དབང་དུ་བྱས་ན། མདོ་སྡེ་རྒྱན་ལས་ཀྱང་། ཇི་ལྟར་ཉི་མའི་འོད་ཟེར་གཅིག །བྱུང་ན་འོད་ཟེར་ཀུན་འབྱུང་བ། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང་། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །ཅེས་སོགས་དང་། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོགས། །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་གསུངས་སོ། །བསྟན་བཅོས་གཞན་ལས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་བཤད་དོ། །གཞུང་དེ་ དག་ལ་བརྟེན་ནས་ཁ་ཅིག་སངས་རྒྱས་ལ་ཡེ་ཤེས་མངའ་བར་བཞེད་དོ། །དེ་ཡང་མངའ་ལུགས་བཤད་ན། ཡེ་ཤེས་དེ་མདོར་བསྡུ་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཡིན་ལ། དེ་ལ་ཇི་ལྟ་ བ་མཁྱེན་པའི་ཡེ་ཤེས་ནི། དོན་དམ་མཁྱེན་པ་སྟེ། སྔར་བརྗོད་པ་ལྟར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐར་ཐུག་པ་དེ་ཁོ་ན་ཉིད་ཡོངས་སུ་གོམས་པ་ལས། ཡུལ་གྱི་སྤྲོས་པ་མ་ལུས་པར་བཅད་པ་ན། བློའི་འཇུག་པ་མཐའ་ དག་རབ་ཏུ་ཞི་བས། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་དང་། ཡེ་ཤེས་སྤྲོས་པ་མེད་པ་གཉིས་རོ་གཅིག་པས། ཆུ་ལ་ཆུ་བཞག་པའམ་མར་ལ་མར་བཞག་པ་ལྟར་དབྱེར་མེད་པའམ། གཟུགས་ཅི་ཡང་མ་མཐོང་བ་ལ་ནམ་མཁའ་ མཐོང་བར་བསྙད་པ་ལྟར་རམ། སྣང་བ་མེད་པའི་ཤེས་རབ་ཆེན་པོ་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ། དེ་ལྟར་ཡང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་ བྱ་སྤྲོས་བྲལ་དེ་ཉིད་དང་། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །ཅེས་པ་དང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ 2-13-123a ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་གསུངས་སོ། །ཇི་སྙེད་པ་ མཁྱེན་པའི་ཡེ་ཤེས་ཀུན་རྫོབ་ཐ་སྙད་པའི་དོན་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་སྒྲིབ་པའི་ས་བོན་ཐམས་ཅད་བཅོམ་པས་ཤེས་རབ་ཆེན་པོར་གྱུར། དེའི་སྟོབས་ཀྱིས་ཤེས་བྱའི་ཚོགས་ དུས་གསུམ་གྱིས་བསྡུས་པའི་དོན་མཐའ་དག་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་མཁྱེན་ཞིང་གཟིགས་པ་ཡིན་ནོ། །མདོ་ལས་ཀྱང་སངས་རྒྱས་ཀྱིས་ཀུན་རྫོབ་མཁྱེན་པར་བཤད་དེ། ཇི་སྐད་དུ། རྨ་བྱའི་མདོངས་ནི་གཅིག་ པུ་ཡི། །རྒྱུ་ཡི་རྣམ་པ་ཐ་དད་པ། །ཀུན་མཁྱེན་མིན་པའི་ཤེས་བྱ་མིན། །དེ་ཤེས་པ་ནི་ཀུན་མཁྱེན་སྟོབས། །ཤེས་གསུངས་སོ། །རྒྱུད་བླ་མ་ལས་ཀྱང་། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་ གཟིགས་ནས་ནི། །ཞེས་གསུངས་སོ། །དེ་ཡང་ཇི་ལྟར་མཁྱེན་ཞིང་གཟིགས་ན་དངོས་འཛིན་ལྟ་བུ་མ་ཡིན་ཏེ། སྒྱུ་མ་ལྟ་བུ་མཁྱེན་ཞིང་གཟིགས་པ་ནི། དེ་ལྟར་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས། དཔེར་ན་སྒྱུ་མ་ མཁན་པོ་འགའ། །སྒྱུ་མ་ཐར་པར་བྱ་ཕྱིར་བརྩོན། །གང་ཕྱིར་དེ་ནི་མངོན་ཤེས་པས། །སྒྱུ་མ་ལ་ནི་དེ་མི་ཆགས། །དེ་བཞིན་སྲིད་གསུམ་སྒྱུ་མ་ལྟར། །རྫོགས་པའི་བྱང་ཆུབ་མཁས་པས་མཁྱེན། །ཞེས་གསུངས་སོ། ། ཡབ་སྲས་མཇལ་བའི་མདོ་ལས་ཀྱང་། སྒྱུ་མ་མཁན་པོས་སྒྱུ་སྤྲུལ་པ། །སྒྱུ་མ་ལགས་པར་འཚལ་བས་ན། །དེ་ལ་རྨོངས་པར་འགྱུར་མ་ལགས། །ཁྱོད་ཀྱིས་འགྲོ་ཀུན་དེ་བཞིན་གཟིགས། །ཐམས་ཅད་གཟིགས་ 2-13-123b ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །ཡང་ཁ་ཅིག་ན་རེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ། དོན་དམ་མཁྱེན་པ་ནི་མངའ་ལ། ཇི་སྙེད་པ་མཁྱེན་པའི་ ཡེ་ཤེས་ཞེས་བྱ་བ། ཀུན་རྫོབ་མཁྱེན་པ་མི་མངའོ། །དེ་ལྟར་མཁྱེན་རྒྱུ་ཡོད་པ་ལ་མ་མཁྱེན་པ་ནི་མ་ཡིན་ཏེ། མཁྱེན་རྒྱུ་ཀུན་རྫོབ་མེད་པས་དེ་མཁྱེན་པའི་ཡེ་ཤེས་མེད་པའོ། །དེ་ཡང་ཀུན་རྫོབ་ནི་ཉོན་མོངས་པ་ཅན་གྱི་ མ་རིག་པས་རྒྱུ་བྱས་པའི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ལ་སྣང་། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པས་རྒྱུ་བྱས་པའི་འཕགས་པ་གསུམ་ལ་སྣང་སྟེ། དཔེར་ན་མིག་ནད་ཅན་ལ་སྐྲ་ཤད་དང་རབ་རིབ་སྣང་བ་ལྟ་བུ་ཡིན། སངས་རྒྱས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཏུ་མ་རིག་པ་སྤངས་ནས། ཆོས་འགའ་ཡང་མཐོང་བ་མེད་པའི་ཚུལ་དུ་དེ་ཁོ་ནའི་དོན་གཟིགས་པས། ཀུན་རྫོབ་འཁྲུལ་པ་འདི་སངས་རྒྱས་ལ་མི་མངའ་སྟེ། དཔེར་ན་ མིག་ནད་དག་པའི་གང་ཟག་ལ་སྐྲ་ཤད་དང་རབ་རིབ་མི་སྣང་བ་ལྟ་བུའོ། །དེས་ན་ཀུན་རྫོབ་སྣང་བ་འདི་མ་རིག་པའི་དབང་གིས་ཡིན་པས། འཇིག་རྟེན་ལ་ལྟོས་ནས་བཞག་པར་ཟད་ཀྱི། སངས་རྒྱས་ལ་ལྟོས་ནས་མེད་པས་ དེ་མཁྱེན་པའི་ཡེ་ཤེས་ཀྱང་མེད་པ་ཡིན་ནོ། །གལ་ཏེ་སངས་རྒྱས་ལ་སྣང་བ་དང་བཅས་པའི་བློ་ཡོད་ན། འཁྲུལ་པའི་ཡུལ་སྣང་བས་སངས་རྒྱས་ཉིད་ཀྱང་འཁྲུལ་བཅས་སུ་འགྱུར་ལ། ཐུབ་པ་ཆེན་པོ་རྣམས་རྟག་ཏུ་མཉམ་པར་ བཞག་པ་ལ་སོགས་པའི་ལུང་དང་ཡང་འགལ་ལོ། །རྒྱ་ཆེ་རོལ་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས། དུས་ཐམས་ཅད་མཉམ་པར་བཞག་གོ། ཅེས་གསུངས་སོ། །ཞེས་ཟེར་རོ། །དེ་ལ་འདོད་པ་སྔ་མ་བ་ན་རེ། རྗེས་ཐོབ་ཡིན་པ་ཙམ་གྱིས་གཡེང་ 2-13-124a བ་ལ་སོགས་པར་མི་འགྱུར་བས། རྟག་ཏུ་མཉམ་པར་བཞག་པ་ལ་སོགས་པའི་ལུང་དང་ཡང་མི་འགལ་ལོ། །ཞེས་གསུངས་སོ། །འཁྲུལ་ཡུལ་སྣང་བ་ཙམ་འཁྲུལ་པར་བརྗོད་པ་ཡང་མི་འཐད་དེ། གཞན་གྱི་ ཤེས། ངོའི་འཁྲུལ་ཡུལ་ཐམས་ཅད་སྣང་ཡང་། དེ་འཛིན་པའི་བློས་མ་ལུས་པ་འཁྲུལ་པ་ཉིད་དུ་ཤེས་བཞིན་དུ། འགྲོ་བ་རྣམས་ཀྱི་མཐོ་རིས་དང་། བྱང་གྲོལ་གྱི་རྒྱུད་ཉིད་དུ་བརྟེན་པར་ཟད་པས་འཁྲུལ་བཅས་སུ་ག་ལ་འགྱུར། དེས་ན། འཁྲུལ་པ་ཙམ་དུ་ཤེས་པ་ན། །མ་འཁྲུལ་ཉིད་དུ་ངེས་པར་བཟུང་། །ཞེས་གསུངས་སོ། །ཤེས་ཟེར་རོ། །ཡང་ཁ་ཅིག་ན་རེ། བདེན་ཞེན་མེད་པའི་ཀུན་རྫོབ་ཡུལ་དུ་བྱས་པ་ལ་ཚད་མའི་གནོད་པ་མེད་ལ། གནོད་པ་མེད་པ་དེ། སངས་རྒྱས་ཀྱི་ཡུལ་དུ་བྱས་ཀྱང་འཁྲུལ་པར་མི་འགྲོ། ཞེས་ཀྱང་ཟེར་རོ། །དེས་ན་འདོད་པ་སྔ་མ་ནི། ཇི་སྙེད་པ་ཞེས་བྱ་བ་སངས་རྒྱས་ལ་རྗེས་ཐོབ་ཀྱི་ཡེ་ཤེས་མངའ་བར་འདོད་པ་སྟེ། ཇི་སྐད་དུ། སྔ་མ་ ཇི་ལྟར་མཁྱེན་པ་ནི། །འཁྲུལ་མེད་མཉམ་བཞག་བློ་འཇུག་མེད། །ཕྱི་མ་ཇི་སྙེད་མཁྱེན་པ་ནི། །འཁྲུལ་སྣང་རྗེས་ཐོབ་བློ་འཇུག་ཅན། །ཞེས་གསུངས་སོ། །འདོད་པ་ཕྱི་མ་ནི། སངས་རྒྱས་ལ་རྗེས་ཐོབ་ཀྱི་ཡེ་ཤེས་མི་མངའ་བར་ འདོད་པ་སྟེ། འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་མདོ་ལས། དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་གང་ཡང་ཐུགས་སུ་ཆུད་པ་མཁྱེན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཁྱེན་པར་བྱ་བའི་ཡུལ་གང་ ཡང་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །གཞན་ལས་ཀྱང་། མུ་སྟེགས་བྱེད་པ་ཁ་ཅིག་ནི། །ཐར་པར་འགྲོ་དང་ལྡན་ཞེས་སྨྲ། །ཁྱོད་ནི་ཞི་བར་གཤེགས་གྱུར་ནས། །ཞུགས་གུམ་ལྟ་བུ་བགྲང་དུ་མེད། །ཅེས་གསུངས་སོ། །དེ་ལྟར་ 2-13-124b ན་འདོད་པ་ཐ་དད་པ་རྣམས་བཤད་ཟིན་ཏོ། །དགེ་བཤེས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་ནི་ཆོས་ཀྱི་སྐུ་ཡིན་ལ། ཆོས་ཀྱི་སྐུ་ཞེས་བྱ་བ་ནི། ནོར་བ་ཐམས་ཅད་ཟད་པའམ། རང་བཞིན་ལོག་པ་ཙམ་ ཞིག་ལ། དེ་སྐད་དུ་ཐ་སྙད་བྱས་པ་ཙམ་ཡིན། དོན་ལ་ཆོས་སྐུ་སྐྱེ་མེད་སྤྲོས་བྲལ་ཡིན་ནོ། །རྗེ་བཙུན་མི་ལའི་བཞེད་ཀྱི། ཡེ་ཤེས་བྱ་བ་ཡང་། དེ་ལྟར་ཤེས་པ་བཟོ་བཅོས་མ་ཕོག་པ་འདི་ལ་ཡོད་མེད་དམ། རྟག་ཆད་ སོགས་ཚིག་དང་བློ་ལས་འདས་པ་འདི་རང་ཡིན། འདི་ལ་ཅི་ལྟར་བརྗོད་ཀྱང་འགལ་བ་མ་ཡིན་པས། ཡེ་ཤེས་ཀྱང་དེ་ལྟ་བུ་ཡིན་ཏེ། མཁས་སུ་རེ་བའི་བློས་བྱས་པས། སངས་རྒྱས་རང་ལ་ཞུས་ཀྱང་ཕྱོགས་གཅིག་པ་གཅིག་གསུང་ དུ་ཡོད་མི་སྙམ། ཆོས་སྐུ་བློ་འདས་སྐྱེ་མེད་སྤྲོས་བྲལ་ཡིན། ང་ལ་མ་དྲི། སེམས་ལ་ལྟོས་དང་། དེ་འདྲ་ཅིག་ཡིན་གསུངས་པས་དེ་ལྟར་དུ་བཞེད་པ་མེད་པ་བཞིན་ནོ། །མདོ་སྡེ་རྒྱན་ལས་ཀྱང་། ཐར་པ་ནོར་བ་ཟད་ ཙམ་ཉིད། །ཅེས་གསུངས་སོ། །དེས་ན་སངས་རྒྱས་ནི་ཆོས་ཀྱི་སྐུ་ཡིན་ལ། ཆོས་སྐུ་ནི་སྐྱེ་མེད་སྤྲོས་བྲལ་ཡིན་པས་ཡེ་ཤེས་མི་མངའོ། །འོ་ན་མདོ་ལས་ཡེ་ཤེས་གཉིས་གསུངས་པ་དང་འགལ་ལོ། །ཞེ་ན། མི་ འགལ་ཏེ། མིག་གི་རྣམ་པར་ཤེས་པ་སྔོར་སྣང་དུ་སྐྱེས་པ་ལ། སྔོན་པོ་མཐོང་ཞེས་ཟེར་བ་བཞིན་དུ། ཡེ་ཤེས་ཉིད་ཆོས་ཀྱི་དབྱིངས་སུ་གྱུར་པ་ལ་ཇི་ལྟ་བ་མཁྱེན་པར་བཞེད་ལ། ཇི་སྙེད་པ་མཁྱེན་པ་ཀུན་རྫོབ་ཡིན་ པས་གདུལ་བྱའི་སྣང་བ་ལ་འཇོག་པས་ན། ལུགས་འདི་བདེ་བ་ཡིན་ཞེས་གསུང་ངོ་། དེ་ལྟར་ན་སྤངས་པ་ཕུན་སུམ་ཚོགས་པའམ། ཡེ་ཤེས་ཕུན་སུམ་ཚོགས་པ་དེ་སངས་རྒྱས་ཀྱི་ངོ་བོའམ་རང་བཞིན་ནོ། །རྒྱུད་བླ་ 2-13-125a མ་ལས་ཀྱང་། སངས་རྒྱས་ཉིད་དུ་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་སྤངས་པ་དང་། །ཡེ་ཤེས་གཉིས་ཀྱི་མཚན་ཉིད་དོ། །ཞེས་གསུངས་སོ། །མདོ་སྡེ་ རྒྱན་ལས་ཀྱང་། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཞིང་། །གནས་འགྱུར་ཆོས་དཀར་ཡོན་ཏན་མཆོག་ལྡན་ཐོབ་པ་སངས་རྒྱས་ ཉིད། །ཅེས་གསུངས་སོ། །སྒྲའི་དོན་བཤད་ན། ཅིའི་ཕྱིར་སངས་རྒྱས་ཤེས་བྱ་ཅེ་ན། མ་རིག་པ་གཉིད་དང་འདྲ་བ་ལས་སངས་ནས། ཤེས་བྱ་གཉིས་ལ་བློ་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །དེ་ལྟར་ཡང་ མ་རིག་གཉིད་ལས་སངས་ཕྱིར་དང་། །བློ་རྒྱས་གཉིས་ཕྱིར་སངས་རྒྱས་ཡིན། །ཞེས་གསུངས་སོ། །དེ་ལ་མ་རིག་པའི་གཉིད་ལས་སངས་ཤེས་པའི་དོན་ནི། སྔར་བཤད་པའི་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ནོ། ། ཤེས་བྱ་ལ་བློ་རྒྱས་ཤེས་པ་ཡང་སྔར་བཤད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཉིད་དོ། །དབྱེ་བ་བཤད་ན། སངས་རྒྱས་ལ་དབྱེ་བ་ན་སྐུ་རྣམ་པ་གསུམ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། ། དེ་ལྟར་ཡང་། མདོ་གསེར་འོད་དམ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །ཞེས་གསུངས་སོ། །འོ་ན་ལུང་ཁ་ཅིག་ ལས་སྐུ་གཉིས་སུ་བཤད་པ་དང་། སྐུ་བཞིར་བཤད་པ་ཡང་ཡོད། སྐུ་ལྔར་བཤད་པ་ཡང་ཡོད་དོ་ཞེ་ན། དེ་ལྟར་བཤད་ཀྱང་ཐམས་ཅད་སྐུ་གསུམ་པོ་དེ་རང་དུ་འདུས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས་ཀྱང་། སྐུ་གསུམ་དག་གིས་ 2-13-125b སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་པར་བྱ། །ཅེས་གསུངས་སོ། །སྐུ་གསུམ་གྱི་རྣམ་པར་བཞག་པ་བཤད་ན། ཆོས་ཀྱི་སྐུ་ནི་སངས་རྒྱས་དངོས་ཡིན་ཏེ། འཕགས་པ་བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པ་ ནི་གཟུགས་ཀྱི་སྐུར་མི་བལྟ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ། །ཞེས་གསུངས་སོ། །མདོ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། རྒྱལ་བའི་དབང་པོ་གཟུགས་ཀྱི་སྐུར་མི་བལྟ། །ཞེས་གསུངས་སོ། །གཟུགས་སྐུ་གཉིས་ ནི་ཆོས་ཀྱི་སྐུའི་བྱིན་རླབས་དང་། གདུལ་བྱའི་སྣང་བ་དང་། སྔོན་གྱི་སྨོན་ལམ་ལས་གྲུབ་པའི་སྐུ་སྟེ། དེ་གསུམ་འཛོམ་པ་ལས་བྱུང་བར་ཤེས་པར་བྱའོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་འབའ་ཞིག་ལས་བྱུང་བ་ཡིན་ན་ནི། ཆོས་ཀྱི་དབྱིངས་ཀྱིས་སེམས་ཅན་ཀུན་ལ་ཁྱབ་པས། ཀུན་འབད་པ་མེད་པར་གྲོལ་བར་རིགས་པའམ། ཡང་ན་སེམས་ཅན་ཀུན་སངས་རྒྱས་དང་ཞལ་མཇལ་བར་རིགས་ཏེ། དེ་ལྟར་ཡང་མི་འདུག་པས་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ གཅིག་པུ་ལས་བྱུང་བ་མ་ཡིན་ནོ། །གདུལ་བྱའི་སྣང་བ་འབའ་ཞིག་ཡིན་ན་ནི། མེད་པ་སྣང་བ་དེ་ལོག་ཤེས་ཡིན་ལ། ལོག་ཤེས་ལ་བརྟེན་ནས་སངས་རྒྱས་ན། སེམས་ཅན་རྣམས་ཀྱིས་ཐོག་མ་མེད་པ་ནས་ལོག་ཤེས་ལ་སྤྱད་ ནས། དེ་ཙམ་ཀུན་སངས་རྒྱས་ཟིན་པར་རིགས་ཏེ། དེ་ལྟར་མི་འདུག་པས་གདུལ་བྱའི་སྣང་བ་གཅིག་པུ་ཡང་མ་ཡིན་ནོ། །སྨོན་ལམ་འབའ་ཞིག་ལས་བྱུང་བ་ཡིན་ན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྨོན་ལམ་ལ་མངའ་ བརྙེས་སམ་མ་བརྙེས། མ་བརྙེས་ན་ཐམས་ཅད་མཁྱེན་པར་ཡང་མི་འགྱུར་ལ། བརྙེས་ན་སྨོན་ལམ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉེ་རིང་མེད་པར་བཏབ་པས། སྨོན་ལམ་གྱི་སྒོ་ནས་ཀུན་འབད་པ་མེད་པར་གྲོལ་བར་རིགས་སྟེ། 2-13-126a དེ་ལྟར་ཡང་མི་འདུག་པས། སྨོན་ལམ་གཅིག་པུ་ལས་བྱུང་བ་ཡང་མ་ཡིན་ནོ། །དེས་ན་གཟུགས་སྐུ་གཉིས་ནི། གསུམ་པོ་དེ་འཛོམ་པའི་མཐུ་ལས་བྱུང་བ་ཡིན་ནོ། །སྐུ་གསུམ་དུ་གྲངས་ངེས་པའི་རྒྱུ་ མཚན་ནི། དགོས་པ་ལ་ལྟོས་པའི་གྲངས་ཏེ། རང་དོན་དུ་ཆོས་སྐུ་ཡིན་ལ། གཞན་དོན་དུ་གཟུགས་སྐུ་རྣམ་གཉིས་ཡིན་ནོ། །དེ་ལ་ཆོས་སྐུས་རང་དོན་ཅི་ལྟར་བྱེད་ན། ཆོས་ཀྱི་སྐུ་དེ་ཐོབ་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ ཡིན་པས། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་བོས་པ་བཞིན་དུ་འདུ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཆོས་སྐུ་དེ་ཐོབ་པར་མ་ཟད་དེ། ཆོས་ཀྱི་སྐུ་དེ་ལ་མོས་པ་བྱས་པ་དང་། ཅུང་ཟད་རྟོགས་པ་ དང་། ཕྱོགས་གཅིག་རྟོགས་པ་དང་། ཕལ་ཆེར་རྟོགས་པ་རྣམས་ཀྱང་ཡོན་ཏན་རིམ་པ་ལྟར། ཅུང་ཟད་དང་། མང་པོ་དང་། དུ་མ་དང་། དཔག་ཏུ་མེད་པ་དང་ལྡན་ནོ། །དེ་ལ་འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་ཏིང་ངེ་འཛིན་དང་། མངོན་ཤེས་དང་། མཐུ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་ཆོས་ཀྱི་སྐུ་ལ་མོས་པ་བྱས་པའི་ཡོན་ཏན་ཡིན་ནོ། །འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱི་སྤངས་པ་དང་། མངོན་ཤེས་དང་། རྫུ་འཕྲུལ་ལ་སོགས་པ་ཐམས་ ཅད་ནི་ཆོས་ཀྱི་སྐུ་ཅུང་ཟད་རྟོགས་པའི་ཡོན་ཏན་ཡིན་ནོ། །འཕགས་པ་རང་སངས་རྒྱས་དགྲ་བཅོམ་པ་རྣམས་ཀྱི་སྤངས་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་ལ་སོགས་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུ་ཕྱོགས་གཅིག་རྟོགས་པའི་ ཡོན་ཏན་ཡིན་ནོ། །བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་ཀྱི་སྤངས་པ་དང་། ཏིང་ངེ་འཛིན་དང་། མངོན་ཤེས་ལ་སོགས་པ་ཐམས་ཅད་ཀྱང་། ཆོས་ཀྱི་སྐུ་ཕལ་ཆེར་རྟོགས་པའི་ཡོན་ཏན་ཡིན་ནོ། །གཞན་དོན་ 2-13-126b གཟུགས་སྐུ་རྣམ་གཉིས་ཡོད་པས་བཞག་པ་ཡིན་ཏེ། དག་པའི་གདུལ་བྱའི་ངོས་ལ་ལོངས་སྐུའོ། །མ་དག་པའི་གདུལ་བྱའི་ངོས་ལ་སྤྲུལ་སྐུའོ། །དེས་ན་སངས་རྒྱས་ལ་སྐུ་རྣམ་པ་གསུམ་དུ་ངེས་སོ། །སྐུ་གསུམ་པོ་སོ་སོའི་མཚན་ ཉིད་འཆད་པ་ལ། ཆོས་ཀྱི་སྐུ་ཞེས་པ་དེ་ཡང་། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་དོན་རྟོགས་པས། ནོར་བ་ཐམས་ཅད་ཟད་པའམ། འཁྲུལ་ངོར་སྣང་བའི་རང་བཞིན་ལོག་པ་ཙམ་ཞིག་ལ། ཆོས་ཀྱི་སྐུ་ཞེས་ཐ་སྙད་བཏགས་པ་ ཙམ་ཡིན་གྱིས། དོན་གྱི་ངོ་བོ་ལ་ཆོས་ཀྱི་སྐུ་དང་། ཆོས་ཀྱི་སྐུའི་མཚན་ཉིད་དང་། མཚན་གཞིར་གྲུབ་པ་གང་ཡང་མི་མངའ་བའི་ཕྱིར། བླ་མ་མི་ལས་གསུངས་པ་དེ་ཀ་ལྟར་ཡིན་ནོ། །ལྡོག་པའི་སྒོ་ནས་བཤད་ན་ཆོས་ཀྱི་སྐུ་ མཚན་ཉིད་བརྒྱད་དང་ལྡན་ཏེ། མཉམ་པ་དང་། ཟབ་པ་དང་། རྟག་པ་དང་། གཅིག་པ་དང་། ཡང་དག་པ་དང་། གཙང་བ་དང་། འོད་གསལ་བ་དང་། ལོངས་སྤྱོད་རྫོགས་པ་དང་འབྲེལ་བའོ། །དེ་ལ་མཉམ་པ་ནི། སངས་ རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཟབ་པ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བས་རྟོགས་པར་དཀའ་བའི་ཕྱིར་རོ། །རྟག་པ་ནི། འདུས་མ་བྱས་པས་ཐོག་མཐའ་བར་གསུམ་དུ་སྐྱེ་འགག་དང་བྲལ་བའི་ཕྱིར་རོ། ། གཅིག་པ་ནི། དབྱིངས་དང་ཡེ་ཤེས་ཐ་མི་དད་པས་དབྱེར་མེད་པའི་ཕྱིར་རོ། །ཡང་དག་པ་ནི། སྒྲོ་སྐུར་གཉིས་ཀྱི་མཐའ་ལས་འདས་པས་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །གཙང་བ་ནི། སྒྲིབ་པ་ཉོན་མོངས་ཤེས་བྱ་སྙོམས་འཇུག་གི་གསུམ་གྱི་དྲི་མ་དང་བྲལ་བའི་ཕྱིར་ རོ། །འོད་གསལ་བ་ནི། རྟོག་པ་མེད་པ་སྟེ་རྣམ་པར་མི་རྟོག་པས་མི་རྟོག་པ་དེ་ཉིད་དུ་དམིགས་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པ་དང་འབྲེལ་བ་ནི། ཡོན་ཏན་རྒྱ་ཆེན་པོའི་བདག་ཉིད་ཀྱི། 2-13-127a ལོངས་སྤྱོད་རྫོགས་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་ བཞིན་གང་ཡིན་དེ་རྟོགས་པས། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང་། རང་བཞིན་སྐུ་ནི་མཉམ་པ་དང་། །ཕྲ་ཞིང་ལོངས་སྤྱོད་རྫོགས་འབྲེལ་དང་། །ཞེས་གསུངས་སོ། ། ལོངས་སྤྱོད་རྫོགས་པའི་སྐུ་ཡང་མཚན་ཉིད་བརྒྱད་དང་ལྡན་ཏེ། འཁོར་དང་། ཞིང་དང་། སྐུ་དང་། མཚན་དང་། ཆོས་དང་། མཛད་པ་དང་། ལྷུན་གྱིས་གྲུབ་པ་དང་། རང་བཞིན་མེད་པའོ། །དེ་ལ་གང་དང་ལྷན་ ཅིག་ཏུ་སྤྱོད་པའི་འཁོར་ནི། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། གང་དུ་ལོངས་སྤྱོད་པའི་ཞིང་ནི། ཞིང་ཁམས་ཡོངས་སུ་དག་པའོ། །གང་གིས་ལོངས་སྤྱོད་པའི་སྐུ་ནི། དཔལ་རྣམ་པར་སྣང་ མཛད་ལ་སོགས་པའོ། །གང་དང་ལྡན་པའི་མཚན་ནི། སྐུ་དེ་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའོ། །གང་ལ་རྫོགས་པར་ལོངས་སྤྱོད་པའི་ཆོས་ནི། ཐེག་པ་ཆེན་པོ་འབའ་ ཞིག་གོ། གང་མཛད་པའི་འཕྲིན་ལས་ནི། རྒྱལ་སྲས་ལུང་སྟོན་པ་ལ་སོགས་པ་མཛད་པའོ། །ལྷུན་གྱིས་གྲུབ་པ་ནི། མཛད་པ་ལ་སོགས་པ་དེ་དག་ཐམས་ཅད་ལ་འབད་པ་དང་བྲལ་ཏེ། ནོར་བུའི་རྒྱལ་པོ་ལྟར་ལྷུན་ གྲུབ་ཏུ་འབྱུང་བའོ། །རང་བཞིན་མེད་པ་ནི། སྐུ་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་། ཤེལ་གྱི་ཁ་དོག་ལྟར་སྣ་ཚོགས་ཀྱི་རང་བཞིན་དང་བྲལ་བའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། ལོངས་སྤྱོད་རྫོགས་པ་ཁམས་ 2-13-127b ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་གིས་ཐ་དད་དོ། །ཅེས་གསུངས་སོ། །མངོན་རྟོགས་རྒྱན་ལས་ཀྱང་། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་ བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་སོ། །སྤྲུལ་པའི་སྐུ་ཡང་མཚན་ཉིད་བརྒྱད་དང་ལྡན་ཏེ། རྟེན་དང་། རྒྱུ་དང་། ཞིང་དང་། དུས་དང་། རང་བཞིན་དང་། འཇུག་པར་བྱེད་པ་དང་། སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པའོ། །དེ་ལ་རྟེན་ནི། ཆོས་ཀྱི་སྐུ་སྟེ་གཡོ་བ་མེད་བཞིན་དུའོ། །རྒྱུ་ནི། འགྲོ་བ་མཐའ་དག་ལ་ཕན་པར་བཞེད་པའི་སྙིང་རྗེ་ ཆེན་པོ་ལས་བྱུང་བའོ། །ཞིང་ནི། ཡོངས་སུ་དག་པའི་ཞིང་དང་ཡོངས་སུ་མ་དག་པའི་ཞིང་ཡང་ངོ་། །དུས་ནི། འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་ཆད་པའོ། །རང་བཞིན་ནི། སྤྲུལ་པ་གསུམ་གྱི་གཟུགས་ཀྱིས་ཏེ། བཟོ་སྤྲུལ་པ་པི་ཝང་ལེན་པ་ལ་སོགས་པ་བཟོ་སྣ་ཚོགས་དཔེ་མེད་པར་མཁས་ཤིང་སྦྱོར་བ་དང་། སྐྱེ་བ་སྤྲུལ་པ་རི་བོང་ལ་སོགས་ལུས་དམན་པ་སྣ་ཚོགས་ཀྱང་ལེན་པ་དང་། མཆོག་གི་སྤྲུལ་པ་དགའ་ལྡན་ནས་གཤེགས་པ་དང་། ལྷུམས་སུ་འཇུག་པ་ནས། ཞི་བ་ཆེན་པོར་གཤེགས་པའི་བར་སྟོན་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། ། རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་སོ། །རྒྱུད་བླ་མ་ལས་ཀྱང་། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་ 2-13-128a བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་ལ་དགྱེས་རོལ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོ་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་ པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་སོ། །འཇུག་པར་བྱེད་པ་ནི། འཇིག་ རྟེན་ཐ་མལ་པ་དག་ཅི་རིགས་པར་མྱ་ངན་ལས་འདས་པ་རྣམ་པ་གསུམ་ལ་འདུན་ཞིང་འཇུག་པར་བྱེད་པའོ། །སྨིན་པར་བྱེད་པ་ནི། ལམ་ལ་ཞུགས་པ་རྣམས་ཚོགས་ཡོངས་སུ་སྨིན་པར་བྱེད་པའོ། །གྲོལ་བར་བྱེད་པ་ནི། དགེ་ བས་ཡོངས་སུ་སྨིན་པ་དག་སྲིད་པའི་འཆིང་བ་ལས་གྲོལ་བར་བྱེད་པའོ། །དེ་ལྟར་རྒྱུད་བླ་མ་ལས། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །ཞེས་གསུངས་སོ། །དེ་ལྟར་བརྒྱད་ པོ་དེ་སྤྲུལ་པའི་སྐུའི་མཚན་ཉིད་དོ། །མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་པ། །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་གསུངས་སོ། ། ཁྱད་པར་ནི་གསུམ་སྟེ། །མཉམ་པའི་ཁྱད་པར་དང་། རྟག་པའི་ཁྱད་པར་དང་། སྣང་བའི་ཁྱད་པར་རོ། །དེ་ལ་དང་པོ་མཉམ་པའི་ཁྱད་པར་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི། རྟེན་ཆོས་ཀྱི་དབྱིངས་ཐ་དད་ མེད་པས་མཉམ་པའོ། །སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་དགོངས་པ་ཐ་དད་མེད་པས་མཉམ་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་ནི་འཕྲིན་ལས་ཐུན་མོང་དུ་གྱུར་པས་མཉམ་པའོ། །དེ་ལྟར་ 2-13-128b ཡང་མདོ་སྡེ་རྒྱན་ལས། དེ་དག་རྟེན་དང་དགོངས་པ་དང་། །འཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །ཅེས་གསུངས་སོ། །རྟག་པའི་ཁྱད་པར་ནི། ཆོས་ཀྱི་སྐུ་དོན་དམ་པར་སྐྱེ་འགག་དང་བྲལ་བའི་བདག་ཉིད་ཡིན་པས་རང་བཞིན་ གྱིས་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་ལོངས་སྤྱོད་རྒྱུན་ཆད་པ་མེད་པའི་ཕྱིར་རྒྱུན་གྱིས་རྟག་པའོ། །སྤྲུལ་པའི་སྐུ་ནི་མི་སྣང་བར་གྱུར་ནས་ཀྱང་ཡང་དང་ཡང་དུ་སྟོན་པ་སྟེ། རིགས་མཐུན་རྒྱུན་ཆད་ཀྱང་འཚམས་པའི་ དུས་ལས་མི་ཡོལ་བར་འབྱུང་བའི་ཕྱིར་བྱ་བ་བྱེད་པ་རྟག་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་ཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་གསུངས་སོ། །སྣང་བའི་ཁྱད་པར་ནི། ཆོས་ཀྱི་དབྱིངས་ལ་ཤེས་ བྱའི་སྒྲིབ་པ་དག་པས་ནི་ཆོས་སྐུ་སྣང་ངོ་། །ཉོན་མོངས་པའི་སྒྲིབ་པ་དག་པས་ནི་ལོངས་སྐུ་སྣང་ངོ་། །ལས་ཀྱི་སྒྲིབ་པ་དག་པས་ནི་སྤྲུལ་སྐུ་སྣང་ངོ་། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། འབྲས་བུ་རྫོགས་པའི་སངས་ རྒྱས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།འཕྲིན་ལས་རྟོག་མེད་འགྲོ་དོན་མཛད། །ཅེས་པ་ལ། འོ་ན་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བར་དུ་ལམ་ཉམས་སུ་ལེན་པ་ དང་། མཐར་འབྲས་བུ་སངས་རྒྱས་འདོད་པ་ཐམས་ཅད་ནི་སེམས་ཅན་གྱི་སྡུག་བསྔལ་བསལ་ཞིང་བདེ་བ་བསྒྲུབ་པའི་དོན་ཆེད་ཁོ་ན་ཡིན་ན། སངས་རྒྱས་པའི་ཚེ། རྣམ་རྟོག་དང་འབད་རྩོལ་མི་མངའ་བར་འདུག་པས། སེམས་ ཅན་གྱི་དོན་ཅང་འབྱུང་ངམ་སྙམ་ན། སངས་རྒྱས་ལ་འབད་རྩོལ་དང་རྣམ་རྟོག་མི་མངའ་བཞིན་དུ། འགྲོ་དོན་ལྷུན་གྲུབ་དང་རྒྱུན་མི་ཆད་པར་འབྱུང་ངོ་། །དེ་ཡང་ཇི་ལྟར་འབྱུང་བ་བཤད་ན། སྡོམ་ནི། སྐུ་ནི་རྟོག་མེད་འགྲོ་དོན་མཛད། ། 2-13-129a དེ་བཞིན་གསུང་དང་ཐུགས་ཀྱང་ནི། །རྟོག་པ་མེད་པར་འགྲོ་དོན་མཛད། །གསུམ་གྱིས་སངས་རྒྱས་འཕྲིན་ལས་བསྡུས། །ཤེས་པའོ། །དེ་ཡང་སྐུ་གསུང་ཐུགས་རྣམ་རྟོག་མེད་པས་སེམས་ཅན་གྱི་དོན་ མཛད་པ་དེ་དཔེ་དང་སྦྱར་ནས། རྒྱུད་བླ་མ་ལས་གསུངས་ཏེ། ཇི་སྐད་དུ། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་ གསུངས་སོ། །དེ་ལ་བརྒྱ་བྱིན་དུ་སྣང་བ་བཞིན་ཞེས་པ་ནི། སྐུ་རྟོག་པ་མེད་པས་འགྲོ་དོན་མཛད་པའི་དཔེ་སྟེ། དཔེར་ན་ལྷ་དབང་བརྒྱ་བྱིན་དེ། ལྷའི་བུ་མོའི་ཚོགས་དང་བཅས་ནས་རྣམ་པར་རྒྱལ་བའི་ཁང་བཟང་ན་བཞུགས་ པ་ལ། ཁང་བཟང་དེ་བཻཌཱུརྱའི་རང་བཞིན་དག་ཅིང་དང་བ་ཡིན་པས། བརྒྱ་བྱིན་གྱི་གཟུགས་བརྙན་ཁང་བཟང་གི་ཕྱི་རོལ་དུ་སྣང་བ་འབྱུང་ངོ་། །དེར་ས་གཞི་ལ་གནས་པའི་སྐྱེས་པ་དང་བུད་མེད་གཞན་དག་གིས་བརྒྱ་བྱིན་གྱི་གཟུགས་བརྙན་དང་ ལོངས་སྤྱོད་ཀྱི་གཟུགས་བརྙན་མཐོང་ནས། ངེད་ཀྱང་མྱུར་དུ་འདི་ལྟར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང་དེའི་དོན་དུ་དགེ་བ་ལ་འབད་པས་ཤི་འཕོས་ནས་དེར་སྐྱེའོ། །གཟུགས་བརྙན་སྣང་བ་དེ་ལ་རྣམ་རྟོག་མེད་ཅིང་གཡོ་བ་མེད་དོ། ། དེ་བཞིན་དུ་དོན་ཆེན་པོ་ལ་ཉེ་བར་ཞུགས་པ་དད་པ་ལ་སོགས་པ་སྒོམ་པ་ལ། རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་མཚན་དཔེས་བརྒྱན་པ། འཆག་པ་དང་བཞེངས་པ་དང་བཞུགས་པ་དང་གཟིམས་པ་དང་ཆོས་གསུང་བ་དང་མཉམ་ པར་བཞག་པ་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་པ་མཛད་པ་མཐོང་བར་འགྱུར་ལ། དེ་སྣང་བས་དེ་ལ་དད་ཅིང་འདུན་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་དེའི་རྒྱུ་སེམས་བསྐྱེད་པ་ལ་སོགས་པ་ལ་འཇུག་པས། མཐར་སངས་རྒྱས་ཐོབ་པར་ 2-13-129b འགྱུར་རོ། །སྐུར་སྣང་བ་དེ་ནི་རྣམ་རྟོག་མེད་ཅིང་གཡོ་བ་མེད་དོ། །དེ་ལྟར་ཡང་། ཇི་ལྟར་བཻཌཱུརྱ་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། ། ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་སོ། །དེས་ན་སྐུ་རྣམ་རྟོག་མེད་པས་འགྲོ་དོན་མཛད་པའོ། །ལྷའི་རྔ་བཞིན་ཞེས་པ་ནི། གསུང་རྣམ་རྟོག་མེད་པས་འགྲོ་དོན་མཛད་པའི་དཔེ་སྟེ། དཔེར་ ན་རྣམ་པར་རྒྱལ་བའི་ཁང་བཟང་གི་སྟེང་ན། ལྷའི་རྔ་ཆོས་ཀྱི་ཤུགས་འཆང་ཞེས་བྱ་བ། ལྷ་རྣམས་ཀྱི་སྔོན་གྱི་དཀར་པོའི་ལས་ཀྱི་མཐུ་ཡིས་གྲུབ་པ་ཞིག་ཡོད་དེ། དེ་རྣམ་པར་རྟོག་པ་མེད་བཞིན་དུ། འདུས་བྱས་ཐམས་ཅད་ ནི་མི་རྟག་པའོ། །ཞེས་པ་ལ་སོགས་པའི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ། །སྐད་ཀྱིས་བག་མེད་པའི་ལྷ་རྣམས་བསྐུལ་ལོ། །དེ་ལྟར་ཡང་། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། ། རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་ནས་ཡང་། །ཆོས་ཀྱི་རྔས་ནི་སྐུལ་བྱེད་ལྟར། །ཞེས་གསུངས་སོ། །དེ་བཞིན་དུ་འབད་རྩོལ་དང་བྲལ་ཞིང་རྟོག་དཔྱོད་མེད་ཀྱང་། སངས་རྒྱས་ཀྱི་གསུང་གིས་ སྐལ་ལྡན་རྣམས་ལ་ཇི་ལྟར་འཚམ་པའི་ཆོས་སྟོན་ཏོ། །དེ་ལྟར་ཡང་། དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ 2-13-130a ཆོས་སྟོན་ཏོ། །ཞེས་གསུངས་སོ། །དེས་ན་གསུང་རྣམ་རྟོག་མེད་པས་འགྲོ་དོན་མཛད་པའོ། །སྤྲིན་བཞིན་ཞེས་པ་ནི། ཐུགས་རྣམ་རྟོག་མེད་པས་འགྲོ་དོན་མཛད་པའི་དཔེ་སྟེ། དཔེར་ན་དབྱར་གྱི་ དུས་ན་འབད་རྩོལ་མེད་པར་ནམ་མཁའ་ལ་སྤྲིན་ཚོགས་ཏེ། རྣམ་རྟོག་མེད་པར་ཆར་ས་ལ་བབས་ནས་ལོ་ཐོག་ལ་སོགས་པ་ཕུན་སུམ་ཚོགས་པ་སྐྱེད་དོ། །དེ་ལྟར་ཡང་། ཇི་ལྟར་དབྱར་གྱི་དུས་ན་སྤྲིན། ལོ་ཐོག་ཕུན་སུམ་ ཚོགས་པའི་རྒྱུ། །ཆུ་ཡི་ཕུང་པོ་འབད་མེད་པ། །ས་ལ་མངོན་པར་འབབ་པ་ལྟར། །ཞེས་གསུངས་སོ། །དེ་བཞིན་དུ་ཐུགས་ཀྱི་འཕྲིན་ལས་རྣམ་རྟོག་མེད་པར་ཆོས་ཀྱི་ཆར་གདུལ་བྱ་ལ་བབས་པས། དགེ་བའི་ལོ་ཐོག་ སྨིན་པར་བྱེད་དོ། །དེ་ལྟར་ཡང་། དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དོན་དུ་ལོ་ཐོག་རྒྱུན། །རྣམ་པར་རྟོག་པ་མེད་པར་འབེབས། །ཤེས་གསུངས་སོ། །དེས་ན་ཐུགས་ རྣམ་རྟོག་མེད་པས་འགྲོ་དོན་མཛད་དོ། །ཚངས་པ་བཞིན་ཞེས་པ་ནི། དཔེར་ན་ལྷའི་རྒྱལ་པོ་ཚངས་པ་དེ། །ཚངས་པའི་གནས་ནས་མ་འཕོས་བཞིན་དུ། ལྷའི་གནས་ཐམས་ཅད་དུ་གནས་པར་སྟོན་ཏོ། །དེ་བཞིན་དུ་སངས་ རྒྱས་ཀྱང་ཆོས་ཀྱི་སྐུ་ལས་མ་བསྐྱོད་བཞིན་དུ། གདུལ་བྱ་རྣམས་ལ་མཛད་པ་བཅུ་གཉིས་ལ་སོགས་པར་སྤྲུལ་ནས་དོན་མཛད་དོ། །དེ་ལྟར་ཡང་། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་ གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཅེས་ 2-13-130b གསུངས་སོ། །ཉི་མ་བཞིན་ཞེས་བྱ་བ་ནི། དཔེར་ན་ཉི་མའི་འོད་ཟེར་གྱིས་རྟོག་པ་མེད་པར་དུས་གཅིག་ཅར་དུ། པདྨ་ལ་སོགས་པ་མེ་ཏོག་གི་བྱེ་བྲག་དཔག་ཏུ་མེད་པའི་ཁ་འབྱེད་པར་བྱེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཀྱི་འོད་ ཟེར་གྱིས་རྣམ་རྟོག་དང་འབད་རྩོལ་མེད་བཞིན་དུ། གདུལ་བྱ་རིགས་དང་མོས་པ་དཔག་ཏུ་མེད་པའི་བློའི་པདྨ་དཀར་པོའི་ཕྱོགས་སུ་ཁ་འབྱེད་པར་མཛད་དོ། །དེ་ལྟར་ཡང་། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་ཅིག་ཅར་ སྤྲོས་པ་ཡི། །པདྨ་རྒྱས་པར་བྱེད་པ་དང་། །གཞན་དང་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །གདུལ་བྱའི་སྐྱེ་བོའི་པདྨ་ལ། །རྣམ་པར་རྟོག་པ་མེད་པར་འཇུག ། ཅེས་གསུངས་སོ། །ཡང་དཔེར་ན། ཉི་མ་དེའི་གཟུགས་བརྙན་སྣོད་དྭངས་པ་ཐམས་ཅད་དུ་ཅིག་ཅར་འཆར་བ་ལྟར། སངས་རྒྱས་གདུལ་བྱ་སྣང་བ་དག་པ་ཐམས་ཅད་ལ་ཅིག་ཅར་དུ་འཆར་རོ། །དེ་ལྟར་ཡང་། གང་ཕྱིར་གདུལ་བྱ་དག་ པ་ཡིན། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །ཞེས་གསུངས་སོ། །ཡིད་བཞིན་ནོར་བུ་ཞེས་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་རྣམ་རྟོག་མེད་ ཀྱང་། གསོལ་བ་བཏབ་པས་ཅི་དགོས་འབད་པ་མེད་པར་འབྱུང་བ་ལྟར། སངས་རྒྱས་ལ་བརྟེན་ནས་ཉན་ཐོས་ལ་སོགས་པ་བསམ་པ་ཐ་དད་པ་རྣམས་ཀྱི་དོན་འགྲུབ་པའོ། །དེ་ལྟར་ཡང་། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་ མེད་ཀྱང་ཅིག་ཅར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི། །བསམ་པ་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་གྱུར་ཀྱང་། །དེ་ནི་དེ་ལ་ 2-13-131a རྣམ་མི་རྟོག །ཅེས་གསུངས་སོ། །དེ་བཞིན་དུ་སྒྲ་བརྙན་དང་། ནམ་མཁའ་དང་། ས་གསུམ་གྱིས་ཀྱང་རྣམ་རྟོག་མེད་པར་འགྲོ་དོན་མཛད་པའི་དཔེ་བསྟན་ཏོ། །དམ་ཆོས་ཡིད་བཞིན་གྱི་ནོར་ བུ་ཐར་པ་རིན་པོ་ཆེའི་རྒྱན་ལས། སངས་རྒྱས་ཀྱི་ཕྲིན་ལས་བསྟན་པའི་ལེའུ་སྟེ། ཉི་ཤུ་རྩ་གཅིག་པའོ།། །། དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ཞེས་བྱ་བ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་བཤད་པ་འདི་ནི་བནྡེ་དར་མ་སྐྱབས་ཀྱིས་བསྐུལ་བའི་ངོར། ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་བཀོད་པ་རྫོགས་སོ།། །། ཡི་གེ་པ་ཡང་དར་མ་སྐྱབས་ཀྱིས་བགྱིས་པའོ། །དམ་ཆོས་ཡིད་བཞིན་ནོར་བུ་ཡི། །རྟོག་མེད་འགྲོ་བའི་དོན་འབྱུང་བ། །ཁྱོད་ཉིད་བྲིས་པའི་བསོད་ནམས་ཀྱིས། །འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཤོག ། བཀའ་འབུམ་ཡོངས་རྫོགས་ཐར་རྒྱན་དང་བཅས་པ་འདི་ནི། སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས། ཉིས་སྟོང་གསུམ་བརྒྱ་གོ་བརྒྱད་དང་། མགོན་པོ་འདི་ཉིད་བལྟམས་ནས། བཞི་བརྒྱད་ཞི་ གཉིས་ལོན། ཆོས་ཀྱི་དབྱིངས་སུ་ཞུགས་ནས། གསུམ་བརྒྱ་རེ་བདུན་རྗོགས་པ་ཡི། ལྕགས་ཕོ་འབྲུག་གི་ལོ། དབྱུག་པ་ཟླ་བའི་ཚེས་བཅྭ་ལྔ་ལ། བཀའ་འབུམ་ཡོངས་རྫོགས་གྲངས་མེད་པ་ སྤེལ་བའི་ཕྱིར་དུ། རྗེ་ཉིད་ཀྱི་དབོན་པོ་སྤྱན་སྔ། ཆོས་ཀྱི་རྗེ་བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ་རི་བོ་ཤནྟི་ཡི་མགུལ། བསྒོམ་ 2-13-131b སྡེ་ཆོས་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་དུ་པར་དུ་བགྱིས་པའོ། །ཐར་རྒྱན་གྱི་པར་འགའ་ཞིག་ལས། ཡིད་བརྟན་གྱི་ཕྱི་མོ་མ་རྙེད་ཟེར་ནས། ཆོས་བརྗོད་ཀྱི་སྐབས་དང་བར་རྣམས་སུ་ཡང་ མི་ལ་ཡབ་སྲས་ཀྱི་བཞེད་པ་དང་། མར་པ་ཡབ་སྲས་ཀྱི་བཞེད་པས། དམིགས་རིམས་སྤོ་བ་ལ་སོགས་དང་། །ཁྱད་པར་དུ་བསམ་གཏན་གྱི་ལེའུ་དང་། ཤེས་རབ་ཀྱི་ལེའུ། ས་ལམ་གྱི་ལེའུ་ལ་སོགས་པ་ རྣམས་སུ། བཅུག་པ་དང་གཏོན་པ་ལ་སོགས་པའི་བསྲེ་སླད་མང་དུ་བྱས་ནའང་། ལུགས་དེ་ལ་བདེན་པ་ཡིན་མོད། འོན་ཀྱང་བཀའ་འབུམ་ཡོང་རྗོགས་ཐར་རྒྱན་དང་བཅས་པ་འདི་རྣམས། བཀའ་ཆག་ཆུ་བོ་ གཉིས་ཀྱི་ལམ་རིམ་དུ་མ་གོ་བའི་གཏམ་མོ།། །།ཞུ་དག་ལེགས་པས་འཁྲུལ་པའི་སྐྱོན་སེལ་བའི། །རིག་པའི་རལ་གྲི་གཡུལ་ལས་རྒྱལ་བ་ཡི། །ཐེ་ཚོམ་དྲ་བ་མཐའ་དག་གསལ་བ་འདི། །ཤཱ་ཀྱའི་དགེ་སློང་ ཡེ་ཤེས་དབང་ཕྱུག་ཡིན། །ཡེ་གེ་བ་ནི་ཀུན་དགའ་རིན་ཆེན་ཡིན། ། རིག་བྱེད་བརྐོས་ལ་མཁས་པ་སྤྲུལ་སྐུར་བྱོན། །དཔལ་འབྱོར་དར་རྒྱས་དཔོན་བསམ་པ་དང་ནི། །བི་ཤྭ་ཀརྨའི་རྣམ་པར་སྤྲུལ་པ་ཡི། །མཁས་པར་བཏུས་པ་བཅུ་ཕྲག་གསུམ་ གྱིས་བརྐོས། །ཤེས་བྱ་བརྐོས་ལ་འདྲན་ཟླ་ཅང་མཆིས་སམ། །ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ། །དབྱེར་མེད་འཁོར་འངས་ཡོངས་སུ་རྫོགས། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། 2-13-132a ཆོས་སྐུ་མཆོག་གི་བཀྲ་ཤིས་ཤོག །རྣམ་སྣང་ཡེ་ཤེས་གངས་ཆེན་མཚོ། །མི་འཁྲུགས་རྒྱལ་པོ་ལ་སོགས་པ། རྒྱལ་ བ་སྲས་བཅས་འཁོར་གྱིས་བསྐོར། །ལོངས་སྤྱོད་རྫོགས་པའི་བཀྲ་ཤིས་ཤོག །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །བསྐལ་བཟངས་སངས་ རྒྱས་སྟོང་གི་དབུས། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ། །སྤྲུལ་སྐུ་མཆོག་གི་བཀྲ་ཤིས་ཤོག །སྐུ་གསུམ་ལྷུན་གྲུ་པ་ཡོངས་རྗོགས་ཤིང་། ། ཡི་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །ངོ་བོ་ཉིད་ཀྱིས་ཐམས་ཅད་མཁྱེན། །སྐུ་བཞི་ཡོངས་རྫོགས་བཀྲ་ཤིས་ཤོག །དགས་པོ་ལྷ་རྗེ་འགྲོ་བའི་ མགོན། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་ སེམས་ཀྱི་ཕྲིན་ལས་ཀྱི། །ཐུགས་རྗའི་འོད་ཟེར་ཕྱོགས་མེད་འཕྲོ། །བཅྭ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་འཇིག་རྟེན་བཀྲ་ཤིས་ཤོག ། བཀྲ་ཤིས་དཔལ་འབར་འཇམ་གླིང་རྒྱན་དུ་ཤོག །མངྒ་ལཾ་བྷ་ཝནྟུ། ཤུ་བྷཾ།། །། 2-13-132b empty page