2-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ། ༼ཁ༽ 2-1-2 དཀར་ཆག འགོ་བརྗོད། .......................................༡ རྒྱུ་འབྲས་ཐེག་པ་མཆོག་གི་གནས་ལུགས་ཟབ་མོའི་དོན་རྣམ་པར་ངེས་པ་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་ འཇིགས་མེད་གདོང་ལྔའི་ང་རོ་ཞེས་བྱ་བ། ......................༡ མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། ......................༣ རྩ་བའི་ས་བཅད་དང་པོ། མདོ་ཕར་ཕྱིན་ཐེག་པའི་གཞི་ལམ་འབྲས་གསུམ་བཤད་པ། .....................༧ ས་བཅད་དང་པོ། གཞིའི་ཟབ་མོའི་གནས་ལུགས་བཤད་པ། ............༧ ལེའུ་དང་པོ། གཞི་ཁྱད་པར་བའི་གནས་ལུགས་དངོས། ...............༧ (གཅིག) དབྱིངས་དེ་བཞིན་ཉིད་ཀྱི་ཚུལ་དངོས། ..................༨ ཀུན་གཞིའི་ཡེ་ཤེས་ཡིན་ཚུལ། .............................༩ དབྱིངས་རིག་དབྱེར་མེད་ཀྱི་བརྟན་གཡོ་ཀུན་ཁྱབ་ཡིན་ཚུལ། ...........༡༢ དོན་དམ་ཆོས་ཉིད་ཀྱི་དཀོན་མཆོག་གསུམ་ག་ཡིན་ཚུལ། .............༡༦ གཤེགས་སྙིང་དུ་དཔེས་བསྟན་ཚུལ། ........................༢༡ རང་བཞིན་གནས་རིགས་དང་དོན་གཅིག་ཡིན་ཚུལ། ...............༦༢ དོན་དམ་ཆོས་སྐུའི་གནས་སྐབས་གསུམ་དུ་བཞུགས་ཚུལ། ............༦༥ དེ་བཞིན་ཉིད་ཀྱི་གནས་སྐབས་གསུམ་དུ་བཞུགས་ཚུལ། .............༦༩ གཞི་འབྲས་དབྱེར་མེད་ཀྱི་མྱང་འདས་ཆོས་སྐུ་ཡིན་ཚུལ། .............༧༡ ཆོས་སྐུའི་ཡོན་ཏན་ཀུན་འདུས་སུ་ཡོད་ཚུལ། ....................༧༦ ཚུལ་དེ་ལྟར་དུ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དགོངས་པ་བཀྲལ་ཚུལ། ..........༩༠ (གཉིས། ) དེ་ལ་དོགས་པ་ལེགས་བསལ་བྱེད་པ། ................༩༩ 2-1-3 <༡> བཀའ་དང་དགོངས་འགྲེལ་གྱི་ཚིག་ལ་དོགས་བསལ་བྱེད་པ། ......༡༠༠ <༢> ཕྱི་ནང་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་བསལ། ......༡༠༧ { ༡ } ཕྱི་རོལ་པའི་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་སེལ། .......༡༠༨ { ༢ } ནང་པའི་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་སེལ། .......༡༡༥ གཉིས་པ་མཚན་ཉིད་དགུ་ལྡན་དུ་སྒྲུབ་པ། ....................༡༢༧ གསུམ་པ། ཡོངས་གྲུབ་དགུའི་ངོ་བོར་བཞུགས་ཚུལ། ..............༡༣༧ ལེའུ་གཉིས་པ། ཞར་བྱུང་དེར་བརྟེན་གཞི་སྤྱིའི་རྣམ་གཞག་མདོ་ཙམ་འཆད་པ། ..............................༡༤༤ ལེའུ་གསུམ་པ། འཕྲོས་དོན་གྱི་ཚུལ་བཤད་བྱ་གཞན་འཆད་པ། ........༡༤༨ འཁོར་བ་རགས་ཕྲའི་རྩ་བ་ལ་དཔྱད་པ། .....................༡༤༨ བག་ཆགས་གཏན་གྱི་བགོ་གཞི་ལ་དཔྱད་པ། ...................༡༥༣ (༣)སྟོང་ཚུལ་གཉིས་ཀྱི་ཁྱད་པར་ལ་དཔྱད་པ། .................༡༥༧ (༤)བདེན་པ་གཉིས་ཀྱི་ཁྱད་པར་ལ་དཔྱད་པ། .................༡༦༢ (༥)གྲུབ་མཐའ་འོག་གོང་ཡིན་ལུགས་ལ་དཔྱད་པ། ...............༡༦༩ ས་བཅད་གཉིས་པ། ལམ་གྱི་ཟབ་མོའི་གནས་ལུགས་བཤད་པ། ........༡༧༥ དང་པོ། ལམ་གྱི་སྤང་བྱ་ངོས་བཟུང་བ། ......................༡༧༧ གཉིས་པ། དེའི་གཉེན་པོ་ལམ་བཤད་པ། .....................༡༨༠ (༡)ལམ་གྱི་རྟོགས་བྱའི་གཙོ་བོ་གཏན་ལ་འབེབས་པ། .............༡༨༠ ༡ གང་ཟག་གི་བདག་མེད་གཏན་ལ་འབེབས་ཚུལ། ...............༡༨༡ ༢ ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ། .................༡༨༨ (༢)རྟོགས་བྱེད་ལམ་གྱི་ཡིན་ལུགས་བཤད་པ། .................༢༠༤ ས་བཅད་གསུམ་པ། འབྲས་བུའི་ཟབ་མོའི་གནས་ལུགས་བཤད་པ། ......༢༣༦ དང་པོ། སྐུ་བཤད་པ། ...............................༢༣༩ གཉིས་པ། ཡེ་ཤེས་བཤད་པ། ...........................༢༤༨ གསུམ་པ། ཡོན་ཏན་བཤད་པ། .........................༢༦༠ 2-1-4 བཞི་པ། འཕྲིན་ལས་བཤད་པ། ..........................༢༦༢ རྩ་བའི་ས་བཅད་གཉིས་པ། ཞར་བྱུང་སྔགས་རྡོ་རྗེ་ཐེག་པའི་གཞི་ ལམ་འབྲས་གསུམ་བཤད་པ། ...........................༢༦༥ ས་བཅད་དང་པོ། ཐོག་མར་རྒྱུ་འབྲས་ཐེག་པའི་ཁྱད་པར། ...........༢༦༥ ལེའུ་དང་པོ། རྒྱུ་འབྲས་ཐེག་པའི་མཐར་ཐུག་གི་གནས་ལུགས་གཅིག་ཚུལ། ............................༢༦༦ ལེའུ་གཉིས་པ། གནས་སྐབས་སློབ་ལམ་གྱི་ཁྱད་པར་མི་འདྲ་ཚུལ། ......༢༧༣ ས་བཅད་གཉིས་པ། བར་དུ་འབྲས་བུའི་ཐེག་པ་དངོས། ............༢༧༧ དང་པོ། གཞིའི་གནས་ལུགས། ..........................༢༧༧ གཉིས་པ། ལམ་གྱི་གནས་ལུགས། ........................༣༡༣ གསུམ་པ། འབྲས་བུའི་གནས་ལུགས། ......................༣༣༥ ས་བཅད་གསུམ་པ། ཐ་མར་དེ་ལས་འཕྲོས་ཏེ་བཤད་བྱ་ཡོངས་རྫོགས་ཀྱི་མཇུག་བསྡུ་བ། .....................༣༥༩ དབུ་མ་གཞན་སྟོང་གི་ཕན་ཡོན་མདོར་བསྡུས་བཤད་པ་དད་པའི་གཏེར། .....................................༣༦༥ 2-1-5 ༄༅། །རྒྱུ་འབྲས་ཐེག་པ་མཆོག་གི་གནས་ལུགས་ཟབ་ མོའི་དོན་རྣམ་པར་ངེས་པ་རྗེ་ཇོ་ནང་པ་ཆེན་ པོའི་རིང་ལུགས་འཇིགས་མེད་གདོང་ ལྔའི་ང་རོ་ཞེས་བྱ་བ་ བཞུགས་སོ། ། 2-1-6 2-1-7 མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། ༄༅། །ༀ་སྭ་སྟི། ན་མོ་གུ་རུ་དྷཱརྨ་དྷཱ་ཏུ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ རྒྱུ་དང་འབྲས་བུའི་ཐེག་པ་ མཆོག་གི་གནས་ལུགས་ཟབ་མོའི་དོན་རྣམ་པར་ངེས་པ་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་ འཇིགས་མེད་གདོང་ལྔའི་ང་རོ་ཞེས་བྱ་བ། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་སྒོ་གསུམ་ གུས་པ་ཆེན་པོའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ ཏུ་གསོལ། འོད་གསལ་གདོད་ནས་ལྷུན་གྲུབ་ནང་རིག་དབྱིངས། ། རང་བྱུང་ཡེ་ཤེས་དོན་དམ་རྣམ་ཀུན་གཟིགས། ། ཀུན་རྫོབ་སྤྲོས་པ་གཤིས་ནས་དྭངས་པའི་སྐུ། ། ཡེ་བཞུགས་བདེ་གཤེགས་སྙིང་པོ་རྒྱལ་གྱུར་ཅིག ། གཞི་འབྲས་དབྱེར་མེད་ཆོས་ཀྱི་སྐུ་ཉིད་གཞི་ཡི་དུས་ན་ཆོས་ཉིད་ཚུལ། ། ལམ་གྱི་གནས་སྐབས་རྣལ་འབྱོར་བློ་ཚོད་རང་མདངས་རིམ་པས་མངོན་གྱུར་ཅིང༌། ། གདོད་མའི་གནས་ལུགས་མི་གནས་མྱང་འདས་དྲི་མའི་སྦུབས་ལས་ཡོངས་གྲོལ་བ། ། གང་ལ་འབྲས་ཐོབ་ཐ་སྙད་ཙམ་ལས་དོན་ལ་དབྱེར་མེད་ཆོས་དབྱིངས་གཅིག ། ཀུན་ནས་རྟོག་པའི་སྣང་ཆ་རྒྱུ་མཚན་མིང་གི་རྣམ་པའི་སྤྲོས་པ་གཤིས་ནས་དྭངས་ཡ༷ང་ འོད་གསལ་རྣམ་ཀུན་གཟུགས་བཟང་འཛིན། ། 2-1-8 ཡང་དག་ཡེ་ཤེས་ངོ་བོར་རིམ་མངོན་བྱས་ལས་ཆོས་ཉིད་རང་མདངས་ཆེས་ཆེར་བཀྲ་ ཡ༷ང་དྲི་མས་གདོད་ནས་གོས་མིན་པ། ། གློ་བུར་སྣང་གྲགས་རྣམ་འགྱུར་གང་དག་རང་བཞིན་གཤིས་སུ་ཇི་བཞིན་བདེན་པ་མིན་ ཡང་དེ་བཞིན་ཉིད་དེ་འགྱུར་བ་མེད། ། གནས་ལུགས་གཞི་དབྱིངས་ཡེ་ཤེས་ཆེན་པོ་ཐེར་ཟུག་གཡུང་དྲུང་རིས་སུ་ཆད་པ་མིན་ ཡ༷ང་འཁྲུལ་སྣང་འདི་ཀུན་བརྫུན་པའི་ཟོལ། ། ཀུན་ནས་བཏགས་པ་མེད་བཞིན་སྣང་བ་གཞན་གྱི་དབང་ལས་འགྱུར་བག་ཉིད། ། ཡེ་ནས་གཤིས་སུ་གྲུབ་མ་མྱོང་བར་བག་ཆགས་སྣང་བའི་ཟློས་གར་ཙམ། ། གང་འདིརྣལ་འབྱོར་རིམ་པས་རབ་དྭངས་གནས་ལུགས་འོད་གསལ་རྣམ་ཀུན་པ། ། ཡོངས་གྲུབ་གདོད་མའི་ཆོས་དབྱིངས་མཆོག་གིས་དགེ་མཚན་སྣང་བའི་དགའ་སྟོན་ ཕོབ། ། ཆོས་སྐུ་གཅིག་ལས་རྒྱལ་ཀུན་མཛད་བཟང་འཆར། ། རང་སྣང་ཞིང་དང་འོག་མིན་གནས་མཆོག་སོགས། ། རྣམ་བཀོད་འདྲ་མིན་མཐའ་ཡས་དུས་ཀུན་ངོམ། ། གང་ལས་ཐུབ་དབང་མཆོག་སྤྲུལ་འགྲོ་འདྲེན་གཙོ། ། རྒྱལ་བའི་སྲས་ཆེན་གསང་བདག་རྡོ་རྗེ་འཛིན། ། བརྩེ་ཆེན་འཕགས་མཆོག་ལག་ན་པད་དཀར་འཆང༌། ། རྡོ་རྗེ་སྙིང་པོ་ལ་སོགས་སེམས་དཔའ་ཆེ། ། གཙོ་འཁོར་ཚུལ་གྱིས་བཞུགས་ལ་གུས་ཕྱག་འཚལ། ། གདོད་མ་ཆོས་སྐུ་མངོན་དུ་གྱུར་ཟིན་ཀྱང༌། ། 2-1-9 སེམས་དཔའ་ཆེན་པོ་རྒྱལ་ཚབ་མི་ཕམ་མགོན། ། རྒྱལ་བའི་དགོངས་ཟབ་དེ་ཉིད་ལེགས་ཕྱེ་བ། ། ཐེག་མཆོག་ཆོས་ཀྱི་ཉིན་བྱེད་ཀླུ་སྒྲུབ་ཞབས། ། གདམས་ངག་ཟབ་དོན་ལེགས་མནོས་ས་གསུམ་བརྙེས། ། འཕགས་ཆེན་དམ་པའི་གོ་འཕང་ལེགས་འཛིན་པ། ། ངེས་དོན་བསྟན་པའི་ཤིང་རྟའི་སྲོལ་ཕྱེ་བའི། ། ཐོགས་མེད་མཆེད་བཅས་དང་བའི་ཡིད་ཀྱིས་མཆོད། ། རྒྱལ་ཚབ་སེམས་དཔའ་མཆོག་གི་བཞེད་དགོངས་དགོངས་པ་ཇི་བཞིན་དུ། ། ཀུ༷ན་ནས་མཁྱེ༷ན་པའི་ཤེ༷ས་ར༷བ་རྣམ་ངེས་ངེས་དོན་བསྟན་པའི་བདག ། རྟག་བརྟན་སྙིང་པོའི་ལེགས་ལམ་རྒྱ༷ལ་མཚ༷ན་མཚན་སྙན་རྒྱས་མཛད་རྗེ། ། གངས་ལྗོངས་དཔ༷ལ་དུ་སྔོན་མེད་སྲོལ་བཟང་བཟ༷ང་པོ༷་སྤེལ་བྱེད་མགོན། ། གང་གི་ལུགས་བཟང་འཛིན་ལ་ཟླ་མེད་པ། ། མདོ་སྔགས་ཟབ་དགོངས་ངེས་དོན་མཐར་ཐུག་ཏུ། ། དྲི་བྲལ་ལུང་རིགས་ལམ་ནས་རྒྱས་མཛད་གཉེན། ། ཟབ་གསང་མངའ་བདག་སྒྲོལ་མགོན་རྗེ་ལ་འདུད། ། ཡང་དག་ལམ་དང་ལམ་མིན་ལེགས་མཚོན་ཞིང༌། ། ཟབ་མོའི་དོན་ལ་ཡིད་ཆེས་འདྲེན་བྱེད་ཕུལ། ། བདག་བློའི་རྨོངས་མུན་སེལ་བའི་ཉི་གཞོན་ཆེ། ། བཤེས་གཉེན་མཆོག་གི་བཀའ་དྲིན་ཡང་ཡང་དྲན། ། ཁྱད་པར་དུས་ཀུན་རེ་ལྟོས་བྱ་བའི་ཡུལ། ། 2-1-10 འཕྲིན་ལས་མྱུར་མ་དཔའ་མོ་འཇིགས་སྐྱོབས་ལྷ། ། གང་གི་ཐུགས་རྗེས་གཟིགས་པ་གཡེལ་མེད་པས། ། ལེགས་བརྩམས་མཐར་ཕྱིན་བར་ཆད་གཡུལ་རྒྱལ་མཛོད། ། གང་ཞིག་གནས་ལུགས་ཟབ་མོའི་དེ་ཉིད་ཡོངས་གྲུབ་གདོད་ནས་འགྱུར་བ་མེད། ། གང་འདི་དོན་དམ་ཐེར་ཟུག་རང་བཞིན་མི་གནས་མྱང་འདས་རྟག་པའི་ཁམས། ། གང་ལ་བདག་ཉིད་དམ་པའི་ཡོན་ཏན་ཡོངས་རྫོགས་ཕར་ཕྱིན་ཐེག་པ་ལས། ། གང་ཉིད་སངས་རྒྱས་རྟག་དང་གསང་ཆེན་ཐེག་པར་འགྱུར་མེད་བདེ་བར་བསྟན། ། གནས་ཚུལ་འདི་ལས་བརྩམས་ཏེ་བརྗོད་བྱ་གང༌། ། ཕར་ཕྱིན་རྒྱུ་ཡི་ཐེག་པའི་ཟབ་གསང་གནད། ། ངེས་དོན་དབུ་མ་ཆེན་མོའི་གཞུང་བཤད་དང༌། ། ཞར་བྱུང་འབྲས་ཐེག་ཟབ་གནད་བཅས་ཏེ་བརྗོད། ། དེ་ལ་འདིར་གང་བཤད་པར་བྱ་བ་དེ་ཡང་བདག་ཅག་གི་སྟོན་པས་ཆོས་ཕུང་བརྒྱད་ཁྲི་ བཞི་སྟོང་བཀའ་བསྩལ་པ་ཐམས་ཅད་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ ཀྱི་ཐེག་པ་གཉིས་སུ་འདུ་བས་དེ་དག་གི་ཟབ་གནད་ངེས་གསང་སྙིང་པོ་མཐར་ཐུག་པ་ནི་ དགོངས་པ་ཉག་གཅིག་ལ་འབབ་པ་ཁོ་ན་སྟེ་དེའི་ཚུལ་གདུལ་བྱ་སོ་སོའི་ཁམས་དབང་ལ་ ལྟོས་ཏེ་ཉམས་ལེན་མི་འདྲ་བའི་སྒོ་ནས་གནས་སྐབས་ཐ་དད་པའི་ཚུལ་གྱིས་ཐེག་པ་གསུམ་ གྱི་གནས་ལུགས་རྟོགས་ཚུལ་ཡང་སོ་སོར་བྱུང་ཞིང༌། གྲུབ་པའི་མཐའ་ཡང་མི་འདྲ་བ་དུ་མ་ རིམ་པས་གྱེས་ཏེ་རང་སྡེའི་གྲུབ་མཐའ་བཞིའི་རྣམ་གཞག་ཉེ་བར་འཕགས་ཡུལ་དུ་དར་ལ། དེ་ལས་བོད་འདིར་བྱུང་བ་ཡང་ཐེག་ཆེན་གྲུབ་མཐའི་དབུ་མའི་གནས་ལུགས་རྟོགས་ཚུལ་ མན་ངག་འདྲ་མིན་ལ་བརྟེན་ནས་ཕྱག་རྫོགས་དབུ་མའི་ལྟ་གྲུབ་སོ་སོ་བ་ལས་ངེས་དོན་དབུ་ 2-1-11 མ་ཆེན་པོའི་ཚུལ་ཁྱད་པར་བའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བ་པོ་ནི་རྗེ་ཇོ་ནང་པ་ཆེན་པོ་ སྟེ། གང་དེའི་རང་ལུགས་ལས་བརྩམས་ཏེ་མདོ་སྔགས་ཀྱི་དབུ་མ་གཞན་སྟོང་གི་ཟབ་དོན་གྱི་ གནད་རིམ་པར་ཕྱེ་བ་ལ། སྐབས་དོན་གྱི་བརྗོད་བྱ་མདོ་ཕར་ཕྱིན་ཐེག་པའི་གཞི་ལམ་འབྲས་ བུའི་ཟབ་གནད་ཀྱི་རིམ་པ་བཤད་པ་དང༌། ཞར་བྱུང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་ གསུམ་གྱི་ཟབ་གནད་ཅུང་ཟད་ཕྱེ་བའོ། ། རྩ་བའི་ས་བཅད་དང་པོ། མདོ་ཕར་ཕྱིན་ཐེག་པའི་གཞི་ལམ་འབྲས་གསུམ་བཤད་པ། དང་པོ་ལ། གཞིའི་ཟབ་མོའི་གནས་ལུགས་བཤད་པ་དང༌། ལམ་གྱི་ཟབ་མོའི་གནས་ ལུགས་བཤད་པ་དང༌། འབྲས་བུའི་ཟབ་མོའི་གནས་ལུགས་བཤད་པ་དང་གསུམ་མོ། ། ས་བཅད་དང་པོ། གཞིའི་ཟབ་མོའི་གནས་ལུགས་བཤད་པ། ལེའུ་དང་པོ། གཞི་ཁྱད་པར་བའི་གནས་ལུགས་དངོས། དང་པོ་ལ། སྐབས་འདིའི་བཤད་བྱ་གཙོ་བོ་གཞི་ཁྱད་པར་བའི་གནས་ལུགས་དངོས་ དང༌། ཞར་བྱུང་དེར་རྟེན་གཞི་སྤྱིའི་རྣམ་གཞག འཕྲོས་དོན་གྱི་ཚུལ་བཤད་བྱ་གཞན་དང་ གསུམ་མོ། །དང་པོ། གཞི་དབྱིངས་གཤེགས་སྙིང་གི་ཡིན་ལུགས། དང་པོ་ལ། གཞི་དབྱིངས་ གཤེགས་སྙིང་གི་ཡིན་ལུགས། དེ་མཚན་ཉིད་དགུ་ལྡན་དུ་སྒྲུབ་པ། ཡོངས་གྲུབ་དགུའི་ངོ་བོར་ བཞུགས་ཚུལ་དང་གསུམ། དང་པོ་ལ། དབྱིངས་དེ་བཞིན་ཉིད་ཀྱི་ཚུལ་དངོས་དང༌། དེ་ལ་ དོགས་པ་ལེགས་བསལ་བྱེད་པའོ། ། (གཅིག) དབྱིངས་དེ་བཞིན་ཉིད་ཀྱི་ཚུལ་དངོས། 2-1-12 དང་པོ་ནི། རྗེ་ཇོ་ནང་པ་ཆེན་པོའི་དགོངས་བཞེད་ལྟར་གྱི་རང་ལུགས་ནི་གཞི་འབྲས་ དབྱེར་མེད་ཀྱི་དོན་དམ་པའི་རང་བྱུང་ཡེ་ཤེས་ཆེན་པོ་ངེས་པ་དོན་གྱི་སྐུ་གསུམ་རང་ཆས་ སུ་ཡོད་པའི་གནས་ལུགས་མཐར་ཐུག་པ་ཡོན་ཏན་གངྒཱའི་རྡུལ་གྲངས་ལས་ཀྱང་རྣམ་པར་ འདས་པའི་ཆོས་ཀྱི་མཛོད་ཆེན་པོ་ཞིག་ཏུ་རྒྱལ་བའི་བཀའ་ལུང་གིས་བསྔགས་པ་ལྟར་གྱི་ འཇིགས་མེད་སེང་གེའི་སྒྲ་ཆེན་པོ་ལེགས་པར་བསྒྲགས་པ་དེའི་དགོངས་དོན་ཇི་ལྟ་བ་བཞིན་ བཤད་ཁུལ་བགྱི་བ་དེས་ན། གདོད་ནས་རང་བྱུང་དོན་དམ་སྐུ་གསུམ་གྱི་བདག་ཉིད་གང་ ཞིགསེམས་ཅན་གྱི་ཤེས་རྒྱུད་ལ་ལྟོས་ནས་མི་གསལ་བར་སྙིང་པོའི་ཚུལ་དུ་ཡེ་ནས་བཞུགས་ པ་དེ་གཞིའི་གནས་ལུགས་གཤེགས་སྙིང་གི་དོན་ཡིན་པ་སྟེ། དེ་ལ་ཡང་གཞི་དབྱིངས་གནས་ ལུགས་ཉིད་ཆོས་ཉིད་ཟབ་མོ་ཀུན་གཞིའི་ཡེ་ཤེས་ཡིན་ཚུལ། དབྱིངས་རིག་དབྱེར་མེད་ཀྱི་ བརྟན་གཡོ་ཀུན་ཁྱབ་ཡིན་ཚུལ། དེ་ཉིད་དོན་དམ་ཆོས་ཉིད་ཀྱི་དཀོན་མཆོག་གསུམ་ཀ་ཡིན་ ཚུལ། དེ་ཉིད་གཤེགས་སྙིང་དུ་དཔེས་བསྟན་ཚུལ། དེ་ཉིད་རང་བཞིན་གནས་རིགས་དང་དོན་ གཅིག་པ་ཡིན་ཚུལ། དེ་ཉིད་དོན་དམ་ཆོས་སྐུའི་གནས་སྐབས་གསུམ་དུ་བཞུགས་ཚུལ། དེ་ ཉིད་དེ་བཞིན་ཉིད་ཀྱི་གནས་སྐབས་གསུམ་དུ་བཞུགས་ཚུལ། དེ་ཉིད་གཞི་འབྲས་དབྱེར་མེད་ ཀྱི་མྱང་འདས་ཆོས་སྐུ་ཡིན་ཚུལ། དེ་ཉིད་ཆོས་སྐུའི་ཡོན་ཏན་ཀུན་འདུས་སུ་ཡོད་ཚུལ། ཚུལ་ དེ་ལྟར་དུ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དགོངས་པ་བཀྲལ་ཚུལ་དང་བཅུའི་སྒོ་ནས་ལུང་རིགས་ཉུང་ བསྡུས་བཅས་འཆད་པར་བྱ་བ་ལས། ༡ ཀུན་གཞིའི་ཡེ་ཤེས་ཡིན་ཚུལ། དང་པོ་ཀུན་གཞིའི་ཡེ་ཤེས་ཡིན་ཚུལ་ལ། ལུང་རིགས་གཉིས་ལས། དང་པོ་ནི་དེང་ སྐབས་བཅོམ་ལྡན་འདས་ཀྱི་གནས་ལུགས་ཀྱི་དོན་སྟོན་པ་ན་གཞི་དབྱིངས་གཤེགས་སྙིང་ 2-1-13 གི་ཚུལ་བསྟན་པའི་སྣོད་དུ་གྱུར་པའི་གདུལ་བྱ་དབང་རྣོན་ཆེས་སྨིན་པ་རྣམས་ལ་འདི་ལྟར་ བསྟན་པ་འཇིག་རྟེན་གསུམ་པོའམ་ཁམས་གསུམ་གྱི་རྣམ་པའི་སྣང་བ་མི་འདྲ་བ་དངོས་སུ་ འཆར་བའི་གཞི་རྩ་བའི་རྣམ་ཤེས་ས་བོན་ཐམས་ཅད་པ་དེའི་ཡང་གཞིར་གྱུར་བའི་གདོད་ ནས་བཞུགས་པའི་རང་བྱུང་ཡེ་ཤེས་དོན་དམ་པའི་རྣམ་པར་དཀར་བ་དགེ་བ་མཐར་ཐུག་གི་ ངོ་བོ་དེ་ནི་བདེ་གཤེགས་སྙིང་པོ་ཡང་ཡིན་ཞིང་དེ་ལ་ཀུན་གཞིའི་ཡེ་ཤེས་ཀྱི་སྒྲས་ཀྱང་དུས་ གསུམ་གྱི་རྒྱལ་བ་དག་གིས་ལེགས་པར་གསུངས་པའང་ཚུལ་དེ་སྟོན་པའི་སྣོད་དུ་མ་གྱུར་པ་ དག་གིས་མི་ཤེས་པ་ཡིན་ཏེ། རྒྱན་སྟུག་པོའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞི་སྒྲས། །དེ་བཞིན་གཤེགས་ རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་དང༌། །བློ་ཞན་རྣམས་ཀྱིས་མི་ཤེས་ སོ། །ཞེས་གསུངས་པའིཕྱིར། གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་པའི་ དགེ་བར་གྱུར་བའི་ཡེ་ཤེས་དེའི་ཚུལ་རྟོག་གེའི་བློས་སྤྱོད་ཡུལ་མ་ཡིན་ཞིང་གཤེགས་སྙིང་ དེའི་གནས་ཚུལ་ནི་བེམ་པོའམ་ཅང་མེད་ཀྱི་སྟོང་རྐྱང་མེད་དགག་ཙམ་དུ་ཟད་པ་མ་ཡིན་པར་ སེམས་རང་བཞིན་གྱིས་འོད་གསལ་པའི་ཡེ་ཤེས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་དོན་ དམ་རང་བྱུང་གི་ཡེ་ཤེས་དགེ་ཚོགས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། ལང་ཀར་ གཤེགས་པའི་མདོ་ལས་ཀྱང༌། དེ་བཞིན་གཤེགས་པའི་སྙིང་པོ་དགེ། །རྟོག་གེ་ཅན་གྱི་སྤྱོད་ ཡུལ་མིན། །ཞེས་པ་དང༌། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་ སྙིང་པོ་དགེ། །ཞེས་སོགས་གསུངས་པའི་ཕྱིར། མདོ་སྡེ་དེའི་དགོངས་པ་དེ་ལྟར་དུ་འཕགས་པ་ ཐོགས་མེད་ཞབས་ཀྱིས་ཀྱང་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་དམ་གཤེགས་ སྙིང་དེ་ཅང་མེད་སྟོང་རྐྱང་ལུང་མ་བསྟན་མ་ཡིན་པར་རང་བཞིན་དོན་དམ་པའི་དགེ་བ་རྣམ་ པར་དག་པ་བླ་མེད་ཉིད་དུའང་གསུངས་པ་ཡིན་ཏེ། ཉིད་ཀྱི་ཞལ་སྔ་ནས་ཀྱང༌། དོན་དམ་ 2-1-14 པའི་དགེ་བ་གང་ཞེ་ན་དེ་བཞིན་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། རང་ བཞིན་ཆོས་ཉིད་དེ་བཞིན་ཉིད་དེ། ཆོས་ཅན། ཁྱོད་ཆོས་ཅན་མཐའ་དག་གི་རྟེན་ནམ་གཞིའི་ ཚུལ་དུ་ཐོག་མ་མེད་པའི་དུས་ནས་གནས་པ་ཡིན་ཏེ། དོན་དམ་པའི་རང་བཞིན་གནས་ ལུགས་དེ་ནི་གདོད་མ་ནས་གང་ལའང་མ་བརྟེན་པར་གཤིས་ལུགས་མཐར་ཐུག་གི་ཚུལ་དུ་ རང་ཆས་སུ་ཡོད་པ་གང་ཞིགཀུན་རྫོབ་གློ་བུར་བ་ཐམས་ཅད་ནི་དེའི་རྣམ་འགྱུར་གྱི་ཚུལ་ཙམ་ དུ་འཁྲུལ་ངོར་སྣང་བའི་སྒོ་ནས་རང་བཞིན་གྱི་ངོ་བོ་མེད་ཀྱང་སྒྱུ་མ་ལྟ་བུའི་ཚུལ་དུ་མཁའ་ལ་ སྣོད་བཅུད་བརྟེན་པ་ལྟར་གནས་ལུགས་ཆོས་ཉིད་ལ་བརྟེན་ནས་བསླུ་བ་འབའ་ཞིག་པར་ གྲུབ་པའིཕྱིར། གཤིས་ཀྱི་གནས་ལུགས་དེ་ལྟ་བུ་དེ། ཆོས་ཅན། དོན་དམ་རང་བྱུང་གི་ཡེ་ཤེས་ ཀྱི་ངོ་བོར་གནས་ལུགས་མཐར་ཐུག་ཏུ་ངེས་པར་གྲུབ་སྟེ། གནས་ལུགས་དེ་བཞིན་ཉིད་དེ་ ལུང་མ་བསྟན་གྱི་མེད་དགག་མ་ཡིན་པར་རྣམ་དཀར་ལེགས་ཚོགས་བསོད་ནམས་མཆོག་གི་ གནས་ལུགས་ཡིན་པའིཕྱིར་ཏེ། དེ་དོན་དམ་པའི་དགེ་བ་ཡིན་པའི་ཕྱིར། ཡང་གནས་ལུགས་ དེ་བཞིན་ཉིད་དེ། ཆོས་ཅན། དེ་དོན་དམ་པའི་དགེ་བ་ངེས་པར་ཡིན་དགོས་ཏེ། གནས་ལུགས་ དེ་རྣམ་པར་དག་པའི་ལམ་སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་གང་ཞིགདེའི་སྤྱོད་ ཡུལ་གྱི་གནས་ལུགས་དེ་བཞིན་ཉིད་དེ་མེད་དགག་སྟོང་རྐྱང་ཙམ་དུ་ཟད་པ་ཡིན་ན་དབྱིངས་ དེ་དག་པའི་སྐུ་དང་ཡེ་ཤེས་ཀྱི་རྣམ་པ་མཐའ་ཡས་པའི་བདག་ཉིད་དུ་མི་འཐད་པར་ཅང་མེད་ རི་བོང་རྭ་དང་འདྲ་བར་འགྱུར་བའི་ཕྱིར། གནས་ལུགས་མཆོག་དེ་དོན་དམ་པའི་དགེ་བ་ཡིན་ ན་རང་བྱུང་ཡེ་ཤེས་ཀྱི་ཡིན་ལུགས་ཡིན་པར་གྲུབ་སྟེ། མེད་དགག་སྟོང་རྐྱང་ཙམ་གྱིས་ཅི་ཡང་ མ་གྲུབ་པ་ལ་དོན་དམ་པའི་དགེ་བར་མི་འཐད་ཅིང་དེ་དོན་དམ་མཆོག་གི་དགེ་བ་ཡིན་ཕྱིན་ ཟག་པ་མེད་པའི་ཡེ་ཤེས་ཀྱི་དབྱིངས་ཤིག་ལས་གཞན་དུ་འོས་མ་མཆིས་པའིཕྱིར་རོ། ། ༢ དབྱིངས་རིག་དབྱེར་མེད་ཀྱི་བརྟན་གཡོ་ཀུན་ཁྱབ་ཡིན་ཚུལ། 2-1-15 གཉིས་པ་དབྱིངས་རིགས་དབྱེར་མེད་ཀྱི་བརྟན་གཡོ་ཀུན་ཁྱབ་ཡིན་ཚུལ་ལ། ལུང་ རིགས་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཀྱིས་དོན་དམ་པ་འདུས་མ་བྱས་ཀྱི་ གཞིའི་དབྱིངས་དེ་གདོད་ནས་ཆོས་ཅན་ཀུན་དང་འབྲེལ་བ་རང་བཞིན་ལ་རྣམ་དབྱེར་འབྱེད་ དུ་མེད་པ་ཆོས་དང་ཆོས་ཅན་འབྲལ་དུ་མེད་པའི་རང་བཞིན་རྣམ་པར་དག་པའི་མྱང་འདས་ ཀྱི་དབྱིངས་འདུས་མ་བྱས་དངོས་ཡིན་གྱི་གནས་གཞིའི་རྟེན་ཡིན་ཞིང་དེ་ཡང་གསར་བྱུང་མྱང་ འདས་ཀྱི་རྟེན་དུ་གྱུར་པ་དང༌། ཀུན་རྫོབ་འདུས་བྱས་ཕན་ཚུན་མ་འབྲེལ་བ། རྣམ་དབྱེ་དང་ བཅས་པ་སོ་སོར་བྲལ་བའི་ཚུལ་དུ་གནས་པ་གང་ཡིན་པ་དག་གི་ཡང་གཞི་རྟེན་གྱི་ཚུལ་ཙམ་ དུ་ཡེ་ནས་རང་ཆས་སུ་ངེས་པར་འགྱུར་བ་མེད་པའི་ཚུལ་དུ་རང་བཞིན་དམ་པ་རྣམ་དག་ཆེན་ པོ་དེ་བཞིན་གཤེགས་པའི་སྙིང་པོར་བཞུགས་པར་གསུངས་པ་ཡིན་ཏེ། སྙིང་པོའི་མདོ་ལས། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའིསྙིང་པོ་ནི་འབྲེལ་བ་རྣམ་པར་དབྱེ་བ་ མེད་པ། བྲལ་མི་ཤེས་པ། འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ། རྣམ་པར་དབྱེ་བ་དང་ བཅས་པའི་ཆོས། བྲལ་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གཞི་དང༌། གནས་དང་ རྟེན་ལགས་སོ། །ཞེས་གསུངས་པའི་ཕྱིར། ཐོག་མ་མེད་པའི་དུས་ནས་ཆོས་ཐམས་ཅད་ཀྱི་ རང་བཞིན་མཆོག་གི་གནས་ལུགས་ཀྱི་དབྱིངས་དེ་ཡོད་པས་འགྲོ་བ་འཁོར་བའི་ཕྱོགས་དང༌། མྱང་འདས་ཐར་བ་ཕྱོགས་ཀྱི་ཆོས་ཚུལ་མ་ལུས་པ་འབྱུང་ཞིང་དེ་དག་གི་གཞིརྟེན་ཉག་གཅིག་ ནི་ཆོས་དབྱིངས་ཉིད་ལས་གཞན་གང་ཡང་མེད་ཚུལ་གཞན་ཡང་འདི་ལྟར་རྒྱལ་བ་ཉིད་ཀྱི་ བཀའ་བསྩལ་པ་ཡིན་ཏེ། ཆོས་མངོན་གྱི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ ཐོབ་པ་ཡིན། །ཞེས་གསུངས་པའི་ཕྱིར། དགོངས་པ་དེ་ལུགས་ལྟར་གྱི་དཔེར་ན་འཇིག་རྟེན་ 2-1-16 གྱི་སྣོད་བཅུད་གང་དག་ནམ་མཁའ་ལས་སྐྱེ་འཇིག་བྱེད་པ་ལྟར་ཆོས་ཉིད་འདུས་མ་བྱས་ ལས་དབང་པོ་སོགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྐྱེ་འཇིག་སྣ་ཚོགས་བྱེད་བཞིན་དུ་བྱུང་ ཡང་ནམ་མཁའ་ལ་འབྱུང་བ་གཞན་གྱིས་གནོད་པ་མི་ནུས་པ་བཞིན་རང་བཞིན་འོད་གསལ་ གཞི་དབྱིངས་དོན་དམ་པ་ཉིད་ལ་ཀུན་རྫོབ་ན་རྒ་འཆི་བ་སོགས་ཀྱིས་མི་གནོད་ཅིང་གོས་པ་ མེད་ལ། འབྱུང་བ་ས་ནི་ཆུ་དང་ཆུ་ནི་རླུང་དང་རླུང་ནི་ནམ་མཁའ་ལ་བརྟེན་པ་ཡིན་ཡང་ནམ་ མཁའ་ནི་དེ་དག་གང་ལ་བརྟེན་པ་མིན་པ་བཞིན་ཕུང་པོ་དང་ཁམས་དབང་རྣམས་ལས་ཉོན་ ལ་བརྟེན་ལས་ཉོན་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལ་བརྟེན། ཚུལ་མིན་གྱི་རྟོག་པ་སེམས་ རང་བཞིན་གྱིས་འོད་གསལ་བའི་གཞི་དབྱིངས་ལ་དེ་ལུགས་ལྟར་བརྟེན་ཀྱང་དབྱིངས་དེ་ ཉིད་ནི་དེ་དག་གང་ལའང་མི་བརྟེན་ཞིང་ཉེས་པ་དེ་གང་གིས་མ་གོས་པའི་རང་བཞིན་དྭངས་ པ་ཆེན་པོར་རྒྱལ་ཚབ་མི་ཕམ་པས་ཀྱང་གསུངས་པ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་འཇིག་ རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ ཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང༌། །ན་དང་རྒ་བའི་མེས་མི་འཚིག །ས་ནི་ཆུ་ལ་ཆུ་ རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། །ས་ཡི་ཁམས་ ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་ གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་ བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་ རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་གསུངས་པའི་ཕྱིར། གཉིས་པ་ནི། གཞི་ དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ། ཆོས་ཅན། ཡེ་གདོད་མ་ནས་འཁོར་འདས་གཉིས་ ཀྱི་གཞིར་ལེགས་པར་གྲུབ་པ་ཡིན་ཏེ། དབྱིངས་དེ་ཉིད་འཁོར་བ་ཀུན་རྫོབ་ཀྱི་ཆོས་ཉིད་ཡིན་ 2-1-17 པའི་སྒོ་ནས་དེ་ཕྱོགས་ཀྱི་གཞི་ཡིན་པ་གང་ཞིགམྱང་འདས་དོན་དམ་པའི་རང་གཤིས་ནམ་ ཡང་མི་འགྱུར་བའི་གནས་ལུགས་ཡིན་པ་ཉིད་ཀྱིས་ཀྱང་གློ་བུར་དྲི་བྲལ་དེའི་གཞིར་ལེགས་ པར་སོང་བ་ཡིན་པའི་ཕྱིར། གཞན་ཡང་གཞིའི་དེ་བཞིན་གཤེགས་པའི་སྙིང་པོ། ཆོས་ཅན། ཁྱོད་ཉིད་ཀུན་གཞི་གནས་ལུགས་སུ་མེད་ན་འཁོར་བ་ཀུན་ཉོན་ཕྱོགས་དང༌། ཐར་བ་རྣམ་ བྱང་ཕྱོགས་ཀྱི་ཆོས་ཚུལ་གང་ཡང་བཞག་ཏུ་མེད་དེ༌། གསེར་ལས་གཡའ་ལྟར། ཡེ་གཞི་ཆོས་ དབྱིངས་ཡོད་པ་ལ་བརྟེན་ནས་འཁོར་བ་ཀུན་ཉོན་གྱི་རྟེན་འབྲེལ་ལེགས་པར་ཤར་བ་གང་ ཞིགརྣམ་པར་བྱང་བའི་ཆོས་དོན་དམ་པའི་ཐར་པ་མི་གནས་པའི་མྱང་འདས་ཀྱང་དབྱིངས་ དེ་ཀ་ཉིད་ལས་གཞན་དུ་མ་དམིགས་ཤིང་དེ་ལ་བརྟེན་ནས་གློ་བུར་དྲི་བྲལ་ཡང་བྱུང་བ་ཡིན་ པའི་ཕྱིར། ཁྱབ་སྟེ། འཁོར་འདས་གཉིས་ཀ་གཞི་དབྱིངས་ཉིད་ལ་རག་ལས་པ་ཁོ་ན་ཡིན་ན་ དབྱིངས་མེད་སྲིད་ན་དེ་གཉིས་ཀྱི་རྣམ་གཞག་གང་ཡང་འཇོག་ཏུ་མེད་པའི་ཕྱིར། དེར་ཐལ། རྟེན་མེད་ན་བརྟེན་པ་མེད་ངེས་སུ་ཆོས་ཉིད་ཀྱིས་གནས་པའི་ཕྱིར། གཞན་ཡང་ཆོས་དབྱིངས་ ཆོས་ཅན། ཁྱོད་ལ་ཀུན་རྫོབ་ཀྱི་ཆོས་མཐའ་དག་བརྟེན་ཀྱང་ཁྱོད་དེ་དག་ལ་བརྟེན་དགོས་ པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་ཁམས་ལ་འཇིག་རྟེན་གྱི་སྣོད་བཅུད་མཐའ་དག་བརྟེན་ ནས་གནས་ཀྱང་ནམ་མཁའ་ནི་དེ་དག་ལ་མི་གནས་པས་འཇིག་རྟེན་སྐྱེ་འཇིག་ཇི་ལྟར་བྱེད་ ཀྱང་སྟོང་བའི་དབྱིངས་ཐོག་རེག་བྲལ་ཙམ་དེ་ནི་ནམ་ཡང་འགྱུར་བ་མེད་པ་ཇི་ལྟ་བ་བཞིན་ ཀུན་རྫོབ་མཐའ་དག་གི་ཆོས་ཉིད་དེ་བཞིན་ཉིད་དེ་ནི་གདོད་ནས་ཇི་ལྟར་བཞུགས་པ་དེ་ག་ ལྟར་ལས་ཀུན་རྫོབ་དག་གི་འགྱུར་བག་ཇི་ལྟར་ངོམ་ཡང་གནས་སྐབས་གཞན་དུ་འགྱུར་བ་ ནམ་ཡང་མི་སྲིད་པའི་ཕྱིར། དེས་ན་དེ་འདྲའི་དོན་གྱི་གནས་ལུགས་དེ། ཆོས་ཅན། ཀུན་རྫོབ་ མཐའ་དག་གི་རང་གཤིས་སུ་ངེས་པར་བདེན་པ་ཡིན་ཏེ། ཀུན་རྫོབ་རྣམ་འགྱུར་གློ་བུར་བ་ གང་དག་ནི་བཅོས་མ་བརྫུན་ཙམ་ཡ་མ་བརླར་ཤར་བས་མི་བདེན་པ་གང་ཞིགགནས་ལུགས་ 2-1-18 རང་གི་སྡོད་ལུགས་ནི་དུས་ཀུན་ཏུ་ནམ་ཡང་རིས་སུ་ཆད་པ་མེད་པར་འཕགས་པའི་སོ་སོར་ རང་རིག་ཡེ་ཤེས་མཆོག་གི་ཡུལ་དུ་ངེས་པར་བདེན་པའི་ཕྱིར། ༣ དོན་དམ་ཆོས་ཉིད་ཀྱི་དཀོན་མཆོག་གསུམ་ག་ཡིན་ཚུལ། གསུམ་པ་དེ་ཉིད་དོན་དམ་ཆོས་ཉིད་ཀྱི་དཀོན་མཆོག་གསུམ་ག་ཡིན་ཚུལ་ལ། ལུང་ རིགས་གཉིས་ལས། དང་པོ་དོན་དམ་པའི་སངས་རྒྱས་ཞེས་བྱ་བ་ནི་གཞན་སྣང་གི་ཀུན་རྫོབ་ གཟུགས་སྐུ་མཐོང་བྱའི་ཡུལ་གྱུར་བ་དེ་མ་ཡིན་པར་འདིའོ་ཞེས་ཕྱོགས་གཅིག་ཏུ་རིས་སུ་ བཅད་དུ་མེད་པར་རང་བྱུང་གདོད་ནས་བཞུགས་པའི་རྟག་པ་ཀུན་ཁྱབ་ནམ་མཁའ་ལྟ་བུའི་ གཞི་དབྱིངས་དེ་ཉིད་ཡིན་པ་དང་དོན་དམ་པའི་ཆོས་ཞེས་བྱ་བའང་ཚིག་གིས་བརྗོད་དེ་ཇི་ བཞིན་མཉན་དུ་མེད་པར་གཤིས་ཀྱི་རང་བཞིན་དྭངས་པའི་འོད་གསལ་དག་པའི་དབྱིངས་ ཉིད་ལས་གཞན་དུ་མེད་པ་དང༌། དོན་དམ་པའི་དགེ་འདུན་ཞེས་བྱ་བའང་དོན་དམ་པར་ན་ འོད་གསལ་འདུས་མ་བྱས་པའི་གནས་ལུགས་བསལ་བཞག་མེད་པ་ཇི་བཞིན་སོ་སོར་རང་ གིས་རིག་པ་ཉིད་དེ་ཡིན་པས་འཕགས་ཚོགས་འདུས་པ་ལྟ་བུའི་བསྙེན་བཀུར་བའི་ཡུལ་ ཕྱོགས་ཚན་པ་ཞིག་ཏུ་སྒོས་སུ་མེད་པས་སྐྱབས་གསུམ་དོན་གྱི་དམ་པ་གང་ཞིག་ཡིན་ན་གཞི་ དབྱིངས་གནས་ལུགས་མཐར་ཐུག་པ་ཉིད་ལས་མི་འདའ་བ་ཡིན་ཏེ། ལྷག་བསམ་བསྟན་ པའི་ལེའུར། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་ལྟ་ བར་མི་ནུས་སོ། ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ་དེ་ནི་རྣ་བས་མཉན་པར་མི་ནུས་ སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་ངག་དང་སེམས་ཀྱིས་ བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་དོན་དམ་མཆོག་ གསུམ་གྱི་ཡིན་ལུགས་དོན་དམ་པའི་སངས་རྒྱས་དང་དེ་བཞིན་གཤེགས་པའི་རང་བཞིན་ 2-1-19 ཇི་ལྟ་བ་དེ་གང་ཞེ་ན་གདོད་མའི་སངས་རྒྱས་དེ་བཞིན་གཤེགས་པ་ནི་རྒྱུ་རྐྱེན་གང་གིས་མ་ བྱས་པར་རང་བྱུང་ཡེ་ནས་བཞུགས་ཤིང་དུས་འཁོར་བ་ཇི་སྲིད་དུ་ཀུན་ནས་ཁྱབ་ཅིང་ནམ་ ཡང་འགྱུར་བ་མི་མངའ་བའི་སྤྲོས་བྲལ་ནམ་མཁའ་ལྟབུའི་ཀུན་ཁྱབ་རྟག་པའི་གནས་ལུགས་ མཐར་ཐུག་པ་དང༌། དོན་དམ་པའི་ཆོས་ནི་ཀུན་ནས་ཞི་བ་ཆེན་པོ་འོད་གསལ་ཉེས་ཀུན་ གཤིས་ནས་མེད་པའི་མི་གནས་འགོག་པ་སྐྱེ་འཇིག་དང་བྲལ་བའི་རང་བཞིན་དེ་ཉིད་དང༌། དོན་དམ་པའི་དགེ་འདུན་ཡང་ནང་རིག་འགྱུར་མེད་ཀྱི་གཤིས་རྐྱེན་གང་གིས་མ་བྱས་པའི་ རྟག་པའི་གནས་ལུགས་དེ་ཡིན་པས་དོན་གྱི་གནས་ཚོད་ལ་ཡེ་གཞིའི་དབྱིངས་ལས་ལོགས་ ན་དོན་དམ་པའི་སྐྱབས་གསུམ་མེད་པ་ཡིན་ཏེ། མྱང་འདས་ཆེན་པོར་སངས་རྒྱས་ཀྱི་རང་ བཞིན་ནི་འདུས་མ་བྱས་པས་ན་རྟག་པ་ཞེས་བྱའོ། །ནམ་མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་ པ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །རྟག་པ་ནི་ཆོས་སོ། །ཆོས་ནི་ དགེ་འདུན་ནོ། །དགེ་འདུན་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །ཞེས་ གསུངས་པའི་ཕྱིར། དོན་དམ་མཆོག་གསུམ་གྱི་ངོ་བོ་དེ་སོ་སོར་རིས་སུ་ཐ་དད་དུ་གཅོད་པ་ མེད་པར་གདོད་མ་ནས་ལེགས་བཞུགས་གཞི་དབྱིངས་ཆེན་པོ་གཅིག་གི་རང་བཞིན་ལ་རྣམ་ པ་སོ་སོར་དགོས་དབང་གིས་བསྟན་པ་ཙམ་ལས་མེད་པར་དོན་གྱི་གཉུག་མའི་ཡེ་ཤེས་ནམ་ ཡང་འཕོ་མེད་གཞོམ་བྲལ་གྱི་ངོ་བོ་ཉག་གཅིག་ལ་མཚན་གྱི་རྣམ་གྲངས་ཙམ་ཡིན་ཏེ། མདོ་ དེ་ཉིད་ལས། རིགས་ཀྱི་བུ་གཞན་ཡང་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་རྟག་ཏུ་དྲན་ ཞིང་ནན་ཏན་བྱའོ། །ཆོས་རྣམ་པ་གསུམ་པོ་འདི་ནི་ཐ་དད་པ་མ་ཡིན་པའི་མཚན་ཉིད། མི་ རྟག་པ་མ་ཡིན་པའི་མཚན་ཉིད། མི་འཕོ་བའི་མཚན་ཉིད་དོ། །གང་ཞིག་ཆོས་རྣམ་པ་གསུམ་ པོ་འདི་ལ་ཐ་དད་པར་འདུ་ཤེས་ན་སྐྱེ་བོ་དེ་ནི་སྐྱབས་སུ་འགྲོ་བ་གསུམ་ལ་མི་གནས་པ། ཚུལ་ 2-1-20 ཁྲིམས་དང་མི་ལྡན་པ་ཞེས་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་ མི་ནུས་སོ། །གང་གིས་བསམ་གྱིས་མི་ཁྱབ་པ་དེ་ལ། རྟག་པའི་འདུ་ཤེས་ཀྱིས་ནན་ཏན་བྱེད་ ན། དེ་ནི་སྐྱབས་སུ་འགྲོ་བའི་གནས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དགོངས་པ་དེ་དང་ མཐུན་པར་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་འདོད་ཆགས་དང་བྲལ་བ་ མཐར་ཕྱིན་པའི་ཟག་མེད་ཀྱི་ཆོས་སྐུ་ཐེག་གསུམ་གྱི་སྤངས་རྟོགས་མཐར་ཐུག་པའི་གཞིའི་ གནས་ལུགས་གང་ཡིན་པ་དེ་ནི་དམ་པའི་དོན་དུ་ན་འགྲོ་བ་མཐའ་ཡས་པ་སྡུག་བསྔལ་ལས་ སྐྱོབ་ཅིང་འཇིག་པ་མེད་པ་རྟག་པའི་སྐྱབས་གནས་མཆོག་ངེས་པ་དོན་གྱི་སངས་རྒྱས་ཉག་ གཅིག་ཡིན་པར་ཡང་རྒྱལ་ཚབ་མི་ཕམ་པས་གསུངས་པ་ཡིན་ཏེ། དམ་པའི་དོན་དུ་འགྲོ་བ་ ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་ དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གཞི་དབྱིངས་སྤྲོས་བྲལ་ གྱི་གནས་ལུགས་དེ་ཆོས་ཅན། ཁྱོད་དོན་དམ་པའི་མཆོག་གསུམ་གྱི་ངོ་བོར་གྲུབ་པ་ཡིན་ ཏེ། གཞིའི་གནས་ལུགས་ལ་དོན་དམ་པའི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཆ་ནས་ སངས་རྒྱས་སུ་བརྗོད་པ་དང༌། སྤྲོས་ཀུན་ཉེ་བར་ཞི་བའི་སྒོ་ནས་འགོག་པ་མཆོག་ཏུ་གྱུར་པའི་ ཆ་ནས་ཆོས་སུ་བརྗོད་པ་དང༌། དབྱིངས་དྭངས་པ་དེ་ཉིད་སོ་སོར་རང་གིས་རིག་པའི་ཡེ་ཤེས་ ཀྱི་ཡུལ་དུ་མངོན་སུམ་དུ་བྱས་པའི་ཆ་ནས་དགེ་འདུན་དུ་བརྗོད་པ་ཡིན་པའི་ཕྱིར། དྲི་བྲལ་ ནང་དབྱིངས་དེ་ཉིད་ཆོས་ཅན། དོན་དམ་རྟག་པའི་ངོ་བོར་ཡེ་ནས་བཞུགས་པ་ཡིན་ཏེ། གཞི་ ཐོག་མ་ནས་རྒྱུ་དང་རྐྱེན་གང་གིས་གསར་དུ་བྱས་པ་མ་ཡིན་པར་རང་བྱུང་ལྷུན་གྱིས་གྲུབ་ པའི་ཚུལ་དུ་ཀུན་རྫོབ་ཀྱི་ཆོས་མཐའ་དག་གི་སྲོག་དང་མགོན་དུ་དུས་ཐམས་ཅད་ན་ནམ་ཡང་ འགྱུར་མེད་དུ་བཞུགས་པའི་ཕྱིར། མི་བསླུ་གཏན་གྱི་སྐྱབས་གནས་གསུམ་པོ་དེ་ཆོས་ཅན། དོན་དམ་གྱི་ཡིན་ལུགས་ལྟར་ན་དབྱིངས་ཟབ་མོ་གཅིག་གི་ངོ་བོར་ངེས་པ་ལས་རྒྱུད་ཐ་དད་ 2-1-21 པ་གསུམ་དུ་ཡོད་པ་མ་ཡིན་ཏེ། གཞི་དབྱིངས་གཅིག་ཉིད་དོན་དམ་པའི་རྣམ་པ་ཐམས་ཅད་ མངོན་པར་བྱང་ཆུབ་པའི་གནས་ལུགས་དོན་གྱི་སངས་རྒྱས་དང་སོ་སོར་རང་རིག་ཡེ་ཤེས་ ཀྱི་སྤྱོད་ཡུལ་ཟབ་མོའི་ཡང་དག་འགོག་པའི་ཆོས་དང༌། སྣང་སྟོང་དམ་པའི་རང་བཞིན་ཟུང་ འཇུག་ཏུ་ཡོད་པ་ཇི་བཞིན་རིག་པའི་དགེ་འདུན་དང་གསུམ་པོ་གཞི་དབྱིངས་གཅིག་གི་རང་ བཞིན་འབའ་ཞིག་ཏུ་ངེས་པ་གང་ཞིགདོན་དམ་པར་ན་དེ་ལས་གཞན་པའི་གནས་ལུགས་ཀྱི་ སྐྱབས་གཞན་མ་དམིགས་པའི་ཕྱིར། ཀུན་རྫོབ་ཙམ་དུ་ན་དགོས་དབང་གིས་སྐྱབས་གསུམ་ སོ་སོ་བ་ཡང་ཐམས་ཅད་མཁྱེན་པ་མཆོག་གིས་ལེགས་པར་བཞག་པ་ཡིན་ཏེ། སྐྱབས་སྟོན་ པ་པོ་སངས་རྒྱས་དང༌། སྐྱབས་དངོས་ཆོས་དང༌། སྐྱབས་སྒྲུབ་པའི་ཟླ་གྲོགས་དགེ་འདུན་ཏེ་ དེ་འདྲ་གསུམ་གྱི་སྒོ་ནས་ཀྱང་རྣམ་གཞག་རྒྱས་པ་ཡོད་པའི་ཕྱིར། དེས་ན་གནས་ལུགས་གཞི་ དབྱིངས། ཆོས་ཅན་ངེས་པ་དོན་གྱི་སྐྱབས་མཆོག་གཅིག་གྱུར་ཡིན་ཏེ། རྒྱལ་ཀུན་ཆོས་སྐུ་ཉག་ གཅིག་གི་གཤིས་ལུགས་མཐར་ཐུག་དོན་དམ་པའི་སྐྱབས་གསུམ་དབྱེར་མེད་ཀྱི་ངོ་བོའི་མི་ གནས་པའི་མྱང་འདས་གཞི་དབྱིངས་གཅིག་པུར་གྱུར་པ་ཡིན་པའི་ཕྱིར། ༤ གཤེགས་སྙིང་དུ་དཔེས་བསྟན་ཚུལ། བཞི་པ་དེ་ཉིད་གཤེགས་སྙིང་དུ་དཔེས་བསྟན་ཚུལ་ལ། ལུང་རིགས་གཉིས་ལས། དང་ པོ་དོན་དམ་བདེ་བར་གཤེགས་པའི་སྙིང་པོ་གང་དེའི་ཡིན་ལུགས་རྟག་ཁྱབ་གཅིག་པུའི་རང་ བཞིན་གཞི་འབྲས་དབྱེར་མེད་གདོད་ནས་དྲི་བྲལ་ཉིད་དུ་བདེན་ནའང་གཞི་དུས་ཀྱི་སེམས་ ཅན་སོ་སོ་ལ་ལྟོས་ནས་སྣང་ཚུལ་ལས་བརྩམས་ཏེ་ཡིན་ལུགས་བརྗོད་ན། ཇི་ལྟར་མི་དབུལ་ བོའི་ཁྱིམ་གྱི་འོག་ཏུ་གཏེར་ཆེན་པོ་དངོས་སུ་ཡོད་ཀྱང་མི་དབུལ་བོ་དེས་རང་ཁྱིམ་དུ་ལོན་ པའི་ཐབས་མ་བྱས་ན་དབུལ་བ་མི་སེལ་ལ་ཐབས་དེ་ལྷ་མིག་ལྡན་པའི་ངག་ལ་བརྟེན་ནས་ 2-1-22 ལེགས་པར་བསྒྲུབ་ན་མི་དེའི་དབུལ་བ་སེལ་བ་ལྟར་སེམས་ཅན་གང་དག་གི་རྒྱུད་ན་དེ་བཞི་ པོ་དོན་དམ་པའི་སངས་རྒྱས་དངོས་སྟོབས་བཅུ་མི་འཇིགས་པ་སོགས་ཡོན་ཏན་མཐའ་ཡས་ པའི་བདག་ཉིད་དུ་བཞུགས་པ་དེ་ཡང་བག་ལ་ཉལ་ནུས་པ་ཙམ་མ་ཡིན་པར་དེ་འདྲའི་ཡོན་ ཏན་ལྡན་པའི་སངས་རྒྱས་དངོས་ཡིན་ཡང་མངོན་དུ་གྱུར་བའི་ཐབས་ལ་མ་བརྩོན་ན་སེམས་ ཅན་དེ་དག་སངས་རྒྱས་སུ་མི་འགྱུར་ལ་རྒྱལ་བའི་ལེགས་གསུང་གི་བཀའ་ལ་བརྟེན་ནས་ མངོན་བྱེད་ཐབས་དེ་ལེགས་པར་འབད་ན་ནང་དབྱིངས་དེ་ཉིད་རིམ་པས་མངོན་དུ་གྱུར་ཏེ་ སེམས་ཅན་དེ་ཀུན་སངས་རྒྱས་སུ་ངེས་པར་འགྱུར་པའི་ཚུལ་དཔེ་དང་བཅས་ཞིབ་རྒྱས་སུ་ སྟོན་པ་མཆོག་གིས་དཔལ་གྱི་མགུར་ནས་བསླུ་བ་མེད་པའི་བཀའ་ལེགས་པར་བསྩལ་པ་ ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོར། རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ། དཔེར་ན་མི་དབུལ་པོ་ཞིག་གི་ཁྱིམ་གྱི་ནང་གི་མཛོད་ཀྱི་འོག་གི་ས་ལ་གཏེར་ཆེན་པོ་དབྱིག་ དང་གསེར་གྱིས་གང་བ་མཛོད་ཀྱི་ཚད་ཙམ་ཞིག་མི་བདུན་སྲིད་ཀྱི་སས་གཡོགས་པའི་འོག་ན་ ཡོད་ལ། གཏེར་ཆེན་པོ་དེས་མི་དབུལ་པོ་དེ་ལ་འདི་སྐད་དུ། ཀྱེ་མི་ང་ནི་གཏེར་ཆེན་པོ་སྟེ་སས་ གཡོགས་ཤིང་འདུག་གོ་ཞེས་མི་སྨྲ་སྟེ། འདི་ལྟ་སྟེ་གཏེར་ཆེན་པོ་ནི་སེམས་ཀྱི་ངོ་བོ་ཉིད་ཀྱི་ སེམས་ཅན་མ་ཡིན་པའོ། །མི་དབུལ་པོ་ཁྱིམ་གྱི་བདག་པོ་དེ་ནི་དབུལ་བའི་སེམས་ཀྱིས་རྗེས་ སུ་སེམས་ཤིང་དེ་ཉིད་ཀྱི་སྟེང་ན་རྣམ་པར་རྒྱུ་ཡང༌། སའི་འོག་ན་གཏེར་ཆེན་པོ་ཡོད་པ་དེ་མ་ ཐོས་མི་ཤེས་མ་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་ པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་ སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་ གཏེར་ཆེན་པོ་ཡོད་ཀྱང་སེམས་ཅན་དེ་དག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་ལ་ ཆགས་པའི་སྡུག་བསྔལ་བས་འཁོར་བ་ན་འཁོར་ཏེ། ཆོས་ཀྱི་གཏེར་ཆེན་པོ་དེ་མ་ཐོས་པས་ 2-1-23 ཐོབ་པར་མ་གྱུར་ཅིང་ཡོངས་སུ་སྦྱངས་པའི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་ དག་དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་སྟེ། བྱང་ཆུབ་སེམས་དཔའི་ནང་དུ་འདི་ ལྟ་བུའི་ཆོས་ཀྱི་གཏེར་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་ནོ། །དེ་དག་ཀྱང་ཆོས་ཀྱི་གཏེར་ཆེན་ པོ་དེ་ལ་མོས་ནས་རྐོ་སྟེ་དེའི་ཕྱིར་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་བྱ་སྟེ། ཆོས་ཀྱི་གཏེར་ཆེན་པོ་ལྟ་བུར་གྱུར་ནས་ སེམས་ཅན་རྣམས་ལ་སྔོན་མ་བྱུང་བ་སྔོན་མ་བྱུང་བའི་གཏན་ཚིགས་ཀྱི་རྣམ་པ་དང་དཔེ་དང་ བྱེད་པའི་གཏན་ཚིགས་དང་བྱ་བ་རྣམས་སྟོན་པ་གཏེར་ཆེན་པོའི་མཛོད་ཀྱི་སྦྱིན་བདག་ཆགས་ པ་མེད་པའི་སྤོབས་པ་དང་ལྡན་ཞིང་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མང་ པོའི་མཛོད་དུ་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་དག་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་མིག་ཡོངས་སུ་དག་ པས་སེམས་ཅན་ཐམས་ཅད་དེ་ལྟ་བུར་མཐོང་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་ཡོངས་སུ་སྦྱངས་ པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ ཡང་དབུལ་པོའི་ཁྱིམ་འོག་གི་གཏེར་ལྟར་སེམས་ཅན་དག་གི་ཡིད་ནང་དུ་དེ་བཞིན་གཤེགས་ པ་དོན་དམ་སངས་རྒྱས་དངོས་བཞུགས་ཚུལ་དེ་དང་མཐུན་པར་མྱང་འདས་ཆེན་པོ་ལྷའི་ཟླ་ བས་བསྒྱུར་བ་ལས་ཀྱང་དེལྟར་གསུངས་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཅི་ལགས་སྲིད་པ་ ཉི་ཤུ་རྩ་ལྔ་བདག་མཆིས་ཞེས་བགྱིའམ་མ་མཆིས་ཞེས་བགྱི། བཀའ་སྩལ་པ། བདག་ཅེས་བྱ་ བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ནོ། །སངས་རྒྱས་ཀྱི་ཁམས་ནི་སེམས་ཅན་ཐམས་ ཅད་ལ་ཡོད་མོད་ཀྱི། དེ་ཡང་ཉོན་མོངས་པའི་རྣམ་པ་རྣམས་ཀྱིས་བསྒྲིབས་ཏེ་བདག་ཉིད་ལ་ ཡོད་བཞིན་དུ་སེམས་ཅན་རྣམས་ཀྱིས་མཐོང་བར་མ་ནུས་སོ། །འདི་ལྟ་སྟེ་དཔེར་ན་གྲོང་ཁྱེར་ 2-1-24 ཆེན་པོ་ཞིག་གི་དབུལ་པོའི་ཁྱིམ་ཞིག་ན་གསེར་གྱི་གཏེར་ཟད་མི་ཤེས་པ་ཞིག་ཡོད་ལ་དེ་ལ་ བུད་མེད་དབུལ་མོ་ཞིག་འདུག་པ་དེས་ཀྱང་བདག་གི་ཁྱིམ་གྱི་སའི་འོག་ན་གཏེར་ཡོད་པར་ མི་ཤེས་ཏེ། དེར་ཐབས་དང་ལྡན་པའི་མི་ཞིག་གིས། བུད་མེད་དེ་ལ་སྨྲས་པ་ཞེས་སོགས་ནས་ དེ་བཞིན་དུ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི། སེམས་ཅན་ཐམས་ཅད་ལ་ ཡོད་ལ་མཐོང་བར་མ་ནུས་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལ་གཏེར་ཡོད་པ་ དང་འདྲའོ། །རིགས་ཀྱི་བུ་ད་ངས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ ཡོད་དེ་ཞེས་ཡང་དག་པར་བསྟན་པར་བྱ་སྟེ། ཇི་ལྟར་དབུལ་མོ་དེས་གཏེར་ཆེན་པོ་ཡོད་ཀྱང་ མི་ཤེས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ ཡང་ཉོན་མོངས་པའི་རྣམ་པས་བསྒྲིབས་པས་སེམས་ཅན་རྣམས་ཀྱིས་མི་ཤེས་ཤིང་མ་མཐོང་ ནས་དེ་དག་ལ་དེ་བཞིན་གཤེགས་པས་བསྟན་ཏེ་དེ་དག་མགུ་ནས་དེ་བཞིན་གཤེགས་པ་ལ་ སྐྱབས་སུ་འགྲོའ།ོ།ཞེས་གསུངས་པའི་ཕྱིར། གཞི་དབྱིངས་སེམས་ཅན་གྱི་ཁམས་ན་ཡོད་ ཚུལ་ཆེས་གསལ་བ་དེ་དང་མཐུན་པར་དཔེ་བྲག་སྲ་བའི་འོག་ཏུ་རིན་པོ་ཆེ་དངུལ་གསེར་རྡོའི་ སྙིང་པོ་སྣ་ཚོགས་དུ་མས་གང་བའི་ཕུག་ན་ཡིད་བཞིན་གྱི་ནོར་བུ་གནས་པ་ལྟར་ཀུན་རྟོག་ འདུ་བྱེད་ཀྱི་རྣམ་པ་ཀུན་ནས་གཉིས་སུ་འཛིན་པའི་ཉོན་མོངས་པའི་སྦུབས་ན་དོན་དམ་རྣམ་ པར་མི་རྟོག་པའི་དབྱིངས་ཆེན་པོ་གདོད་ནས་བཞུགས་པ་དེ་ཉིད་ཇི་བཞིན་མངོན་དུ་བྱ་བར་ འདོད་པའི་བྱང་སེམས་དག་གིས་འབད་པའི་བརྩོན་པ་ཆེར་བསྐྱེད་དེ་མངོན་བྱེད་ལམ་ཉེ་བར་ སྒོམ་པའི་སྐབས་ན་གཉེན་པོ་ལམ་དང་ཡུལ་སྟོང་ཉིད་སོགས་དང་འབྲས་བུ་ཐོབ་པ་རྣམས་ཀྱི་ གནས་སྐབས་མཚན་མའི་རྟོག་པ་རྣམས་ལ་ཆེད་འཛིན་མེད་པར་མཐར་ཐུག་གི་དབྱིངས་ འབའ་ཞིག་ལ་ངེས་པར་རེག་པ་འདི་གལ་ཆེ་བའི་ཚུལ་དང་བཅས་རྒྱས་པར་རྣམ་པར་མི་རྟོག་ པ་ལ་འཇུག་པའི་གཟུངས་མདོར་བཅོམ་ལྡན་འདས་ཀྱིས་ལེགས་པར་བཀའ་བསྩལ་པ་ཡིན་ 2-1-25 ཏེ། ཇི་སྐད་དུ། རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་བྲག་ཤིན་ཏུ་མཁྲེགས་ཤིང་སྲ་བའི་ འོག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་འོད་གསལ་བ་འདི་ལྟ་སྟེ། དངུལ་ རིན་པོ་ཆེ་དང་གསེར་རིན་པོ་ཆེ་དང་རྡོའི་སྙིང་པོ་རིན་པོ་ཆེ་ཐ་དད་པས་ཡོངས་སུ་གང་བའི་ གཏེར་ཆེན་པོ་ཞིག་ཡོད་ལ་དེ་ནས་གཏེར་ཆེན་པོ་འདོད་པའི་མི་ལ་ལ་ཞིག་འོངས་པ་དེ་ལ་ གཏེར་ཆེན་པོ་མངོན་པར་ཤེས་པའི་མིས་འདི་སྐད་དུ། ཀྱེ་སྐྱེས་བུ་བྲག་གཅིག་ཏུ་མཁྲེགས་ ཤིང་སྲ་བ་དེའི་འོག་ན་རིན་པོ་ཆེ་འོད་གསལ་བས་ཡོངས་སུ་གང་བའི་རིན་པོ་ཆེའི་གཏེར་ཆེན་ པོ་ཡོད་དེ། དེའི་འོག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཡོད་ཀྱི་ཁྱོད་ཀྱིས་ཐོག་མ་ ཁོ་ནར་རྡོའི་རང་བཞིན་ཐམས་ཅད་རྐོས་ཤིགདེ་རྐོས་དང་དངུལ་དུ་སྣང་བའི་རྡོ་ཁྱོད་ལ་སྣང་ བར་འགྱུར་ཏེ། དེ་ལ་ཁྱོད་ཀྱིས་གཏེར་ཆེན་པོར་འདུ་ཤེས་མི་བྱའི། དེ་ཡོངས་སུ་ཤེས་པར་ བྱོས་ཏེ་རྐོས་ཤིག་དེ་རྐོས་དང་གསེར་དུ་སྣང་བའི་རྡོ་སྣང་བར་འགྱུར་ཏེ་དེ་ལ་ཡང་ཁྱོད་ཀྱིས་ གཏེར་ཆེན་པོར་འདུ་ཤེས་མི་བྱའི། དེ་ཡང་ཡོངས་སུ་ཤེས་པར་བྱོས་ཏེ་རྐོས་ཤིགདེ་རྐོས་དང་ རིན་པོ་ཆེ་སྣ་ཚོགས་སུ་སྣང་བའི་རྡོ་སྣང་བར་འགྱུར་ཏེ། དེ་ལ་ཡང་ཁྱོད་ཀྱིས་གཏེར་ཆེན་པོར་ འདུ་ཤེས་མི་བྱའི། དེ་ཡང་ཡོངས་སུ་ཤེས་པར་བྱོས་ཏེ་རྐོས་ཤིགཀྱེ་སྐྱེས་བུ་ཁྱོད་ཀྱིས་དེ་ལྟར་ བརྩོན་པར་བྱས་ན་བརྐོ་བའི་མངོན་པར་འདུ་བྱ་བ་མེད་ཅིང་འབད་མི་དགོས་པར་ཡིད་ བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་མཐོང་བར་འགྱུར་རོ། །ཡིད་བཞིན་གྱི་ནོར་བུ་ རིན་པོ་ཆེའི་གཏེར་ཆེན་པོ་དེ་རྙེད་ན་ཁྱོད་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་བར་འགྱུར་ཏེ། བདག་དང་གཞན་གྱི་དོན་ལ་མཐུ་ཡོད་པར་འགྱུར་རོ། །ཞེས་སྨྲ་བ་ལྟར་རིགས་ཀྱི་བུ་དག་ཇི་ ཙམ་དུ་དོན་འདི་ཤེས་པར་བྱ་བའི་ཕྱིར་འདི་དཔེར་བྱ་སྟེ་བྲག་གཅིག་ཏུ་མཁྲེགས་ཤིང་སྲ་བ་ ཞེས་བྱ་བ་དེ་ནི་འདུ་བྱེད་ཀྱི་རྣམ་པ་ཀུན་ནས་ཉོན་མོངས་པ་དང༌། གཉིས་ལ་སོ་སོར་ཉེ་བར་ གནས་པའི་ཚིག་བླ་དྭགས་སོ། །འོག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་ 2-1-26 ཞེས་བྱ་བ་དེ་ནི་རྣམ་པར་མི་རྟོག་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཡིད་བཞིན་གྱི་ནོར་བུ་ རིན་པོ་ཆེའི་གཏེར་ཆེན་པོ་འདོད་པའི་མི་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཚིག་བླ་དྭགས་སོ། །གཏེར་ཆེན་པོ་མངོན་པར་ཤེས་པའི་མི་ཞེས་བྱ་བ་དེ་ནི་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་ སོ། །བྲག་ཅེས་བྱ་བ་དེ་ནི་རང་བཞིན་ལ་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །རྐོས་ཤིག་ཅེས་བྱ་བ་དེ་ནི་ཡིད་ལ་མི་བྱེད་པའི་ཚིག་བླ་དྭགས་སོ། །དངུལ་དུ་སྣང་བའི་རྡོ་ ཞེས་བྱ་བ་དེ་ནི་གཉེན་པོ་ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །གསེར་དུ་སྣང་བའི་རྡོ་ཞེས་བྱ་བ་དེ་ནི་སྟོང་པ་ཉིད་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་ མ་རྣམས་ཀྱི་ཚིག་བླ་དྭགས་སོ། །རིན་པོ་ཆེ་སྣ་ཚོགས་སུ་སྣང་བའི་རྡོ་ཞེས་བྱ་བ་དེ་ནི་འཐོབ་པ་ ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་ཚིག་བླ་དྭགས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ ཆེའི་གཏེར་ཆེན་པོ་རྙེད་ཅེས་བྱ་བ་དེ་ནི་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པའི་ཚིག་བླ་ དྭགས་སོ། །རིགས་ཀྱི་བུ་དག་དེ་ལྟར་དཔེ་ཉེ་བར་བཀོད་པ་འདིས་རྣམ་པར་མི་རྟོག་པའི་ དབྱིངས་སུ་འཇུག་པ་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པའི་ཕྱིར། མདོ་དེ་དག་སོགས་ ངེས་དོན་ཐ་མའི་གསུང་རབ་མཐའ་དག་གིས་གཤེགས་སྙིང་བཞུགས་ཚུལ་གསུངས་པ་དེ་ ལུགས་ལྟར་སྤྱིར་ན་ཞལ་མཐུན་པའི་དགོངས་དོན་ཇི་ལྟ་བ་བཞིན་དུ་རྒྱལ་ཚབ་མི་ཕམ་པས་ ཀྱང་ཚུལ་དེ་ཁོ་ན་ལྟར་དགོངས་པའི་དོན་ལེགས་པར་བསྡུས་ཏེ་བཀྲལ་བ་ལས། དགོངས་པ་ བླངས་ནས་གཞན་དུ་འཆད་པའི་ཚུལ་གྱིས་མ་གསུངས་པ་ནི་ཤེས་ངེས་པར་སླ་བའི་གསུང་ ཚིག་དབུལ་པོའི་ཁྱིམ་འོག་གི་གཏེར་དང་མཚུངས་པའི་ཆོས་གཏེར་སེམས་ཅན་གྱི་ཡིད་ཁྱིམ་ དུ་ཡོད་ཚུལ་དངོས་གསལ་ལྟར་གྱི་རྒྱུད་བླའི་དགོངས་འགྲེལ་མཛད་པ་ནི་འདི་ལྟར་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་གྱུར་པ་མི་ལ་ནི། །རིན་ 2-1-27 ཆེན་གཏེར་བདག་ཡོད་ཅེས་བརྗོད་པར་མི་བྱེད་དེ་ནི་མི་ཡིས་ཤེས་མིན་ལྟར། །དེ་བཞིན་ཆོས་ གཏེར་ཡིད་ཀྱི་ཁྱིམ་གནས་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་སྟེ། །དེ་དག་རྣམས་ཀྱིས་དེ་ ཐོབ་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་བལྟམས། །ཞེས་དབུལ་ཁྱིམ་འོག་གི་གཏེར་ ལྟར་སེམས་ཅན་དག་གི་ཡིད་ནང་གི་ཆོས་གཏེར་དེ་དོན་དུ་གཉེར་བ་རྣམས་ལ་དེ་ཐོབ་པའི་ ཕྱིར་དུ་དེའི་ཡིན་ལུགས་དང་དེ་ཐོབ་པའི་ཐབས་ཚུལ་ཇི་བཞིན་སྟོན་པ་ནི་དྲང་སྲོང་སངས་ རྒྱས་ཡིན་པར་གསུངས་པས་ཀྱང་ཤེས་ནུས་པའི་ཕྱིར། ཡང་སྟོན་པ་མཆོག་གི་དཔལ་གྱི་ མགུར་ནས་འདི་ལྟར་ཁོང་དང་འདྲ་བའི་དེ་བཞིན་གཤེགས་པའི་དོན་དམ་ཡེ་ཤེས་ཀྱི་ གཟུགས་སྐུ་སེམས་ཅན་གྱི་ཉོན་མོངས་པའི་སྦུབས་ན་དངོས་སུ་སྐྱིལ་མོ་ཀྲུང་དང་བཅས་ཏེ་ བཞུགས་པར་ཆེས་གསལ་བའི་བཀའ་བསྩལ་བ་གཞན་ཡང་ཡོད་དེ། དེ་བཞིན་གཤེགས་ པའི་སྙིང་པོའི་མདོ་ལས་རིགས་ཀྱི་བུ་དག་སེམས་ཅན་ཉོན་མོངས་པའི་སྦུབས་སུ་གྱུར་པ། དེ་ དག་གི་ནང་ན་ང་འདྲ་བར་ཡེ་ཤེས་དང་ལྡན་པའི་དེ་བཞིན་གཤེགས་པ་མང་པོ་འཁོད་ཅིང་ སྐྱིལ་མོ་ཀྲུང་བཅས་ནས་མི་གཡོ་བར་འཁོད་པ་མཐོང་སྟེ་ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་ མོངས་པ་ཅན་ཏུ་གྱུར་པ་དེ་དག་གི་ནང་ན་དེ་བཞིན་གཤེགས་པའི་ཆོས་ཉིད་མི་གཡོ་ཞིང་སྲིད་ པའི་འགྲོ་བ་ཐམས་ཅད་ཀྱིས་མ་གོས་པ་དག་མཐོང་ནས་དེ་བཞིན་གཤེགས་པ་དེ་དག་ནི་ང་ དང་འདྲའོ། །ཞེས་ལེགས་པར་གསུངས་པའི་བཀའ་བསླུ་མེད་དུ་གྲུབ་ཅིང་དེ་ལུགས་ལྟར་ ཟབ་གསང་སྙིང་པོའི་དོན་ལ་ངེས་པ་དྲངས་ཏེ་ཡིད་ཆེས་པའི་གནས་སུ་ཆེས་ཤིན་ཏུ་གཟུང་ རིགས་པའི་ཕྱིར། དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དཔེ་མི་འདྲ་བ་གཞན་ རྒྱལ་བ་གང་གི་ཞལ་ནས། འདི་ལྟར་ཁ་དོག་ངན་ཅིང་དྲི་ང་བའི་པདྨ་ཁ་མ་ཕྱེ་ཞིང་མ་གྱེས་པའི་ ནང་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་ལེགས་མཛེས་འདུག་པ་ལྟར་སེམས་ཅན་གྱི་ཉོན་ མོངས་པའི་སྦུབས་སུ་དེ་བཞིན་གཤེགས་སྙིང་བཞུགས་ཚུལ་གྱི་ངེས་གསང་གི་ཟབ་བཀའ་ 2-1-28 ཡང་འདི་ལྟར་གནང་བ་ཡིན་ཏེ། སྙིང་པོའི་མདོ་དེ་ཉིད་ལས། རིགས་ཀྱི་བུ་དག་དེ་བཞིན་ གཤེགས་པའི་མིག་ནི་དེ་ལྟར་མཛེས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་མིག་དེས་སེམས་ ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་ངོ༌། །རིགས་ཀྱི་བུ་དག་འདི་ལྟ་ སྟེ་དཔེར་ན་སྐྱེས་བུ་ལྷའི་མིག་ཅན་ལ་ལ་ཞིག་གིས་འདི་ལྟར་ཁ་དོག་ངན་ཅིང་འདི་ལྟར་དྲི་ང་ བའི་པདྨ་ཁ་མ་ཕྱེ་ཞིང་མ་གྱེས་པ་དག་ལ་བལྟས་ཏེ། དེའི་དབུས་དང་པདྨའི་སྙིང་པོ་ལ་དེ་ བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་པར་རིག་ནས་དེ་བཞིན་གཤེགས་ པའི་གཟུགས་ལྟ་བར་འདོད་དེ། དེ་བཞིན་གཤེགས་པའི་གཟུགས་ཡང་དག་པར་སྦྱངས་པའི་ ཕྱིར་དང༌། པདྨའི་འདབ་མ་ཁ་དོག་ངན་ཅིང་དྲི་ང་ལ་སྨད་པར་འོས་པ་དེ་དག་འབྱེད་ཅིང་སེལ་ བ་དེ་བཞིན་དུ་རིགས་ཀྱི་བུ་དག་དེ་བཞིན་གཤེགས་པས་ཀྱང་སངས་རྒྱས་ཀྱི་མིག་གིས་ སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་ནས། སེམས་ཅན་དེ་ དག་གི་འདོད་ཆགས་དང་ཞེསྡང་དང་གཏི་མུག་དང་སྲིད་པ་དང་མ་རིག་པའི་ཉོན་མོངས་པའི་ སྦུབས་དབྱེ་བའི་ཕྱིར་ཆོས་སྟོན་ནོ། །དེ་བསྒྲིབས་པའི་དེ་བཞིན་གཤེགས་པ་རྣམས་ཡང་དག་ པ་ཉིད་དུ་གནས་སོ། །ཞེས་གསུངས་པའི་ཕྱིར། དགོངས་པ་དེ་ཁོ་ན་ལྟར་རྒྱལ་ཚབ་ཀྱིས་ཀྱང་ ལེགས་པར་འགྲེལ་ཏེ། དཔེ་པདྨ་ངན་པའི་ནང་གི་བདེ་གཤེགས་སྐུ་གཟུགས་མཐོང་ཐབས་ ལ་དེ་གཡོས་པའི་འདབ་མ་གཅོད་དགོས་པ་ལྟར་ཉོན་མོངས་དྲི་མའི་སྦུབས་སུ་བསྒྲིབས་པའི་ སངས་རྒྱས་ཀྱི་སྙིང་པོ་མངོན་དུ་བྱེད་པ་ལ་དེ་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་གང་དག་ངེས་པར་ བཅོམ་དགོས་པའི་དོན་དུ་ཇི་བཞིན་གསུངས་ཏེ། ངེས་དོན་གྱི་མདོ་ཕྱི་མ་དག་གི་དགོངས་ འགྲེལ་རྒྱུད་བླ་མ་ལས། ཇི་ལྟར་མི་སྡུག་པདྨ་ཟུམ་ལ་བདེ་བར་གཤེགས་པ་ནི། །དེ་ཡི་ཁོངས་ གནས་ལྷ་མིག་མཐོང་ནས་འདབ་མ་གཅོད་བྱེད་ལྟར། །ཆགས་སྡང་སོགས་དྲི་སྦུབས་ བསྒྲིབས་རྫོགས་སངས་སྙིང་པོ་འགྲོ་གཟིགས་ཏེ། །ཐུགས་རྗེས་ཐུབ་པ་དེ་བཞིན་སྒྲིབ་པ་དེ་ 2-1-29 ནི་འཇོམས་པར་མཛད། །ཅེས་གསུངས་པའི་ཚུལ་གྱིས་ངེས་དོན་གྱི་དགོངས་པ་ལེགས་པར་ བཀྲལ་བའི་ཕྱིར། དེ་བཞིན་དུ་རྒྱལ་བ་དང་རྒྱལ་ཚབ་གཉིས་ཀྱིས་ངེས་དོན་ཟབ་མོའི་གནད་ གསང་རྩ་འགྲེལ་ཤན་སྦྱར་གྱི་སྒོ་ནས་ཇི་ལྟར་གསུངས་པའི་ཚུལ་རགས་བསྡུས་འགའ་ཞིག་ འདིར་འགོད་ན། མཉམ་མེད་རྒྱལ་བ་བདག་ཅག་གི་སྟོན་པ་མཆོག་གིས་གློ་བུར་དྲི་མ་དང་ གཤིས་རང་བཞིན་འོད་གསལ་བ་གཤེགས་སྙིང་གི་ཚུལ་ནི་ཇི་ལྟར་དཔེ་སྦྲང་མ་མང་པོའི་ དབུས་ཀྱི་སྦྲང་རྩིའི་དྭངས་བཅུད་ལྟར་སྲིད་གསུམ་སེམས་ཅན་དག་གི་སེམས་ཉོན་མོངས་པ་ དུ་མའི་དབུས་ན་དོན་དམ་དེ་བཞིན་གཤེགས་དངོས་བཞུགས་པར་སངས་རྒྱས་ཀྱི་མཁྱེན་ པས་ཇི་བཞིན་གཟིགས་ཕྱིར་འཇིག་རྟེན་ན་སྦྲང་རྩི་ལེན་པའི་ཐབས་ལ་འབད་པ་བཞིན་ལམ་ སྒོམ་པ་པོ་གང་དག་གིས་རང་རང་གི་སེམས་གཤིས་ཀྱི་གཤེགས་སྙིང་མངོན་དུ་གྱུར་བའི་ ཐབས་ཁོང་ནས་ལེགས་པར་འདོམས་བཞིན་རྗེས་འཇུག་རྣམས་ཀྱིས་དེ་ལྟར་དུ་ལེགས་པར་ བརྩོན་དགོས་ཚུལ་བཅས་ཀྱང་གསུངས་པ་ཡིན་ཏེ། སྙིང་པོའི་མདོ་ལས། ཇི་ལྟར་འདི་ན་སྦྲང་ ཚང་ཡོད་པ་ལས། །བུང་བས་ཀུན་ཏུ་བསྲུངས་ཤིང་སྦས་གྱུར་པ། །མི་གང་སྦྲང་རྩི་འདོད་པས་ དེ་མཐོང་ནས། །དེ་ཡིས་བུང་བ་རབ་ཏུ་སྐྲོད་པར་བྱེད། །དེ་བཞིན་འདིར་ཡང་སྦྲང་ཚང་ལྟ་བུ་ ནི། །སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་དོ། །དེ་དག་ཉོན་མོངས་བྱེ་བ་མང་པོ་སྟེ། །ཉོན་མོངས་དབུས་ན་དེ་བཞིན་གཤེགས་འདུག་མཐོང༌། །ང་ཡང་སངས་རྒྱས་རྣམ་པར་སྦྱང་ དོན་དུ། །བུང་བ་སྐྲོད་པ་ལྟ་བུར་ཉོན་མོངས་སེལ། །ཞེས་སོགས་གསུངས་པའི་ཕྱིར། དེ་དག་ གི་དགོངས་འགྲེལ་དུ་རྒྱལ་ཚབ་ཆེན་པོས་ཀྱང་སངས་རྒྱས་མཆོག་གི་མཁྱེན་སྤྱན་གྱིས་རིགས་ ཁམས་ཡེ་ཤེས་སྦྲང་རྩི་འདྲ་བ་ཇི་བཞིན་གཟིགས་པ་དེ་མངོན་དུ་བྱ་བ་ལ་སྒྲིབ་བྱེད་སྦྲང་མ་ལྟ་ བུ་དེ་ཀུན་ནས་སྤང་བར་བྱེད་དགོས་ཚུལ་དེ་ལུགས་ཁོ་ན་ལྟར་དགོངས་དོན་བཀྲལ་བ་ཡིན་ ཏེ། རྒྱུད་བླ་མ་ལས། སྦྲང་རྩི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་བསྒྲིབས་སྦྲང་རྩི་དོན་གཉེར་ 2-1-30 མིས། །སྦྲང་མ་དེ་དག་བསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩི་བྱ་བྱེད་པ། །དེ་བཞིན་ ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཉོན་མོངས་སྦྲང་མ་དང་ འདྲ་དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་སྐྱེས་བུ་བཞིན། །ཞེས་སོགས་བཞིན་དགོངས་དོན་ ཇི་བཞིན་འགྲེལ་བར་མཛད་པའི་ཕྱིར། ཡང་རྒྱལ་བ་མཆོག་གིས་ཇི་ལྟར་འབྲས་ས་ལུ་ཕུབ་ མར་གནས་པ་ལྟར་གཞིའི་སེམས་ཅན་ལ་དོན་དམ་སངས་རྒྱས་བཞུགས་པ་ཁོང་གི་མཁྱེན་ པས་མཐོང་ནས་དེའི་དྲི་མ་སྦྱངས་ཐབས་སྟོན་ཅིང༌། སེམས་ཅན་མཐའ་དག་ལ་ཁོང་འདྲའི་ཡེ་ ཤེས་ཆོས་སྐུའི་ངོ་བོར་གྱུར་པའི་ཆོས་ཉིད་ངེས་པར་བཞུགས་ཚུལ་ཆེས་གསལ་ལེགས་པར་ གསུངས་པ་ཡིན་ཏེ། མདོ་དེ་ཉིད་ལས། ཇི་ལྟར་འབྲུའམ་ས་ལུའི་འབྲས་ཀྱང་རུང༌། །ཅི་ཙེའམ་ ནི་འོན་ཏེ་ནས་ཀྱང་རུང༌། །ཅི་སྲིད་བར་དུ་དེ་དག་ཕུབ་བཅས་པ། །དེ་སྲིད་བར་དུ་བྱ་བ་མི་ བྱེད་དེ། །དེ་དག་གིས་ནི་བརྡུངས་ནས་ཕུབ་བསལ་ན། །བྱ་བ་རྣམ་པ་མང་པོ་དག་ཀྱང་བྱེད། །སྙིང་པོ་ཕུབ་མ་ལྡན་པ་དེ་དག་ནི། །སེམས་ཅན་རྣམས་ལ་བྱ་བ་མི་བྱེད་དོ། །དེ་བཞིན་སེམས་ ཅན་ཀུན་གྱི་སངས་རྒྱས་ཀྱང༌། །ཉོན་མོངས་རྣམས་ཀྱིས་ཁེབས་པར་ངས་མཐོང་ནས། །ངས་ ནི་དེ་དག་རྣམ་པར་སྦྱངས་པ་དང༌། །སངས་རྒྱས་མྱུར་འཐོབ་བྱ་ཕྱིར་ཆོས་སྟོན་ནོ། །སེམས་ ཅན་ཀུན་ལ་ང་འདྲའི་ཆོས་ཉིད་ནི། །ཉོན་མོངས་བརྒྱ་ཡིས་དཀྲིས་ནས་གང་ཡོད་པ། །དེ་ནི་ རྣམ་སྦྱངས་ཐམས་ཅད་ཇི་ལྟ་བུར། །རྒྱལ་བར་མྱུར་འགྱུར་བྱ་ཕྱིར་ཆོས་སྟོན་ནོ། །ཞེས་སོགས་ གསུངས་པའི་ཕྱིར། དེ་དག་གི་དགོངས་འགྲེལ་དུ་རྒྱལ་ཚབ་ཀྱིས་ས་ལུ་ཕུབ་མར་གནས་ལྟར་ སེམས་ཅན་ལ་ཡོད་པའི་ཆོས་ཀྱི་དབང་ཕྱུག་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་དེ་ཉིད་ གྲོལ་བའི་ཐབས་སོགས་ཀྱི་སྒོ་ནས་དེ་ལྟར་ལེགས་པར་བཀྲལ་བ་ཡིན་ཏེ། བསྟན་བཅོས་དེ་ ཉིད་ལས། ཇི་ལྟར་ས་ལུ་བྲ་བོ་ནས་འབྲས་སྙིང་པོ་སྦུབས་ལས་མ་བྱུང་གྲ་མ་ཅན། །ལེགས་ པར་མ་བསྒྲུབས་མི་རྣམས་ཀྱིས་ནི་སྤྱད་བྱ་བཟའ་བ་ཞིམ་པོར་མི་འགྱུར་ལྟར། །དེ་བཞིན་ 2-1-31 སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་ཉོན་མོངས་སྦུབས་ལས་མ་གྲོལ་ལས། །ཉོན་མོངས་ བཀྲེས་པས་ཉེན་པའི་འགྲོ་ལ་ཆོས་ཀྱི་དགའ་བའི་རོ་སྟེར་འགྱུར་བ་མིན། །ཞེས་སོགས་ཀྱི་དེ་ དོན་ཇི་བཞིན་འགྲེལ་བའི་ཕྱིར། ཡང་རྒྱལ་བས་གསེར་གྱི་གར་བུ་ཉལ་ཉིལ་གྱི་ནང་དུ་ལྷུང་ ནས་གནས་པ་བཞིན་སེམས་ཅན་རྣམས་ཡུན་རིང་བོར་ཉོན་མོངས་པས་རྟག་ཏུ་ནོན་ཀྱང་ཉོན་ མོངས་དེ་ཀུན་གློ་བུར་འབྲལ་རུང་དང་སེམས་གཤིས་རང་བཞིན་འོད་གསལ་པ་ལེགས་པར་ སྦྱངས་ཏེ་མངོན་དུ་འགྱུར་རུང་གི་ཚུལ་དེ་སངས་རྒྱས་ཀྱི་མཁྱེན་པས་གཟིགས་ཏེ་དེ་སྦྱོང་བྱེད་ ཐབས་ཀྱི་ཆོས་སྟོན་པ་ཡིན་ཚུལ་ལེགས་པར་གསུང་བ་སྟེ། ཇི་སྐད་དུ། ཇི་ལྟར་མི་ཡི་གསེར་ གྱི་གར་བུ་ནི། ཉལ་ཉིལ་རྣམ་པའི་ནང་དུ་ལྷུང་གྱུར་ལ། །དེར་དེ་ལོ་ནི་མི་ཉུང་བ་བཞིན་དུ། །དེ་ལྟར་གནས་ཀྱང་མི་འཇིག་ཆོས་ཅན་ནོ། །ལྷ་ཡིས་ལྷ་ཡི་མིག་གིས་དེ་མཐོང་ནས། །རྣམ་ པར་སྦྱངས་ཕྱིར་གཞན་ལ་སྨྲས་པ་ནི། །འདི་ན་རིན་ཆེན་མཆོག་གི་གསེར་ཡོད་པ། །རྣམ་པར་ སྦྱོངས་ལ་དེས་ནི་བྱ་བ་གྱིས། །དེ་བཞིན་ངས་ནི་སེམས་ཅན་ཐམས་ཅད་ཀྱང༌། །ཉོན་མོངས་ རྣམས་ཀྱིས་ཡུན་རིང་རྟག་ནོན་མཐོང༌། །དེ་དག་གི་ནི་གློ་བུར་ཉོན་མོངས་ཤེས། །རང་བཞིན་ སྦྱངས་ཕྱིར་ཐབས་ཀྱིས་ཆོས་སྟོན་ནོ། །ཞེས་སོགས་གསུངས་པའི་ཕྱིར། དེ་དག་གི་དགོངས་ པ་རྒྱལ་ཚབ་ཀྱིས་ལྗན་ལྗིན་ནང་གི་གསེར་ལྟར་ཉོན་མོངས་སྦུབས་ནང་གི་དོན་དམ་རྫོགས་ པའི་སངས་རྒྱས་དེ་ཇི་བཞིན་རྒྱལ་བས་གཟིགས་ནས་མངོན་དུ་གྱུར་བྱེད་ཀྱི་ཆོས་བསྟན་པ་དེ་ ལུགས་ལྟར་དུ་འགྲེལ་ཏེ། ཇི་སྐད་དུ། ཇི་ལྟར་ལྗན་ལྗིན་རུལ་བའི་ནང་དུ་ལྷུང་བའི་གསེར་ནི་ ལྷ་ཡིས་མཐོང་གྱུར་ནས། ཀུན་ཏུ་དག་པར་བྱ་ཕྱིར་མཆོག་ཏུ་མཛེས་པ་མི་ལ་ནན་གྱིས་སྟོན་པ་ ལྟར། དེ་བཞིན་རྒྱལ་བས་ཉོན་མོངས་མི་གཙང་ཆེན་པོར་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ། སེམས་ཅན་རྣམས་ལ་གཟིགས་ནས་དེ་དག་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ནོ། །ཞེས་ པ་ལྟར་འདམ་རྫབ་དྲི་མའི་ནང་གི་གསེར་དག་པ་བཞིན་ཉོན་མོངས་ཡིད་ནང་གི་དོན་དམ་ 2-1-32 པའི་སངས་རྒྱས་དངོས་བཞུགས་ཚུལ་ཇི་བཞིན་པ་གསུངས་པས་ཀྱང་ཤེས་ནུས་པའིཕྱིར། ཡང་རྒྱལ་བས་སྦ་ཡི་འབྲས་བུའི་ནང་གི་མྱུ་གུ་ལྟར་སེམས་ཅན་གང་དག་གི་ཡིད་ནང་དུ་བདེ་ གཤེགས་ཆོས་སྐུ་ཡོད་པར་སངས་རྒྱས་མཆོག་གི་སྤྱན་གྱིས་ལེགས་པར་མཐོང་ནས་དེ་ཉོན་ མོངས་སྦུབས་ལས་མངོན་བྱེད་ཐབས་ལ་བརྩོན་ན་རྣམ་དཀར་དགེ་རྩ་ལྗོན་བཟང་ཇི་བཞིན་ གཞན་སྣང་ངོར་ཆེས་ཆེར་གསར་དུ་འཕེལ་བའི་ཚུལ་གྱིས་ནང་དབྱིངས་ཆོས་སྐུ་རིམ་པས་ མངོན་དུ་བྱས་ནས་ལྷར་བཅས་འགྲོ་བའི་སྐྱབས་སུ་ངེས་པར་འགྱུར་བའི་ཚུལ་འདི་ལྟར་ གསུངས་པ་སྟེ། ཇི་སྐད་དུ། ཇི་ལྟར་སྦ་ཡི་འབྲས་བུ་ཐམས་ཅད་ནི། ནང་ན་སྦ་ཡི་མྱུ་གུ་ཡོད་པ་ སྟེ། །ཏ་ལ་དང་ནི་འཛམ་བུ་ཀུན་ལའང་ཡོད། །ནང་ན་ཡོད་པའི་འབྲས་བུ་བསྐྱེད་ནས་སྐྱེ། །དེ་ བཞིན་ཆོས་ཀྱི་དབང་ཕྱུག་འདྲེན་པ་ཡང༌། །སེམས་ཅན་ཐམས་ཅད་སྦ་ཡི་ས་བོན་འདྲ། །དེ་ ཀུན་ནང་ན་བདེ་གཤེགས་སྐུ་ཡོད་པར། །ཟག་མེད་སངས་རྒྱས་སྤྱན་ནི་དམ་པས་མཐོང༌། །སྦུབས་བཤིག་མ་གྱུར་དེ་ནི་སེམས་ཅན་བརྗོད། །མི་ཤེས་ནང་ན་གནས་ཀྱང་རློམ་སེམས་ མེད། །ཏིང་འཛིན་ཐོབ་སྟེ་གནས་ནས་རབ་ཞི་སྟེ། །དེ་ལ་གཡོ་བ་ཅི་ཡང་ཡོད་མ་ཡིན། །དཔེར་ ན་སྡོང་ཆེན་ས་བོན་ལས་བྱུང་ལྟར། །སེམས་ཅན་འདི་དག་ཇི་ལྟར་འཚང་རྒྱ་ཞིང༌། །ལྷ་དང་ བཅས་པའི་འཇིག་རྟེན་སྐྱབས་འགྱུར་ཞེས། །ཡོངས་སུ་སྦྱངས་པའི་དོན་དུ་ཆོས་གཏམ་སྨྲ། །ཞེས་སོགས་གསུངས་པའི་ཕྱིར། དེ་དག་གི་དགོངས་པ་རྒྱལ་ཚབ་ཀྱིས་འབྲས་སྦུབས་གསེབ་ ནས་ལྗོན་ཤིང་སྐྱེ་བ་ལྟར་སེམས་ཅན་གྱི་ཉོན་མོངས་པའི་ཡིད་ཀྱི་ནང་དུ་ཆུད་པའི་དམ་པའི་ དོན་གྱིསངས་རྒྱས་དངོས་དང་དེ་མངོན་བྱེད་པ་རྒྱས་པའི་རིགས་ཀྱི་རྣམ་པར་དཀར་བའི་ས་ བོན་གཞན་སྣང་ངོར་རིམ་པས་འཕེལ་ཏེ་གཤིས་ཀྱི་གནས་ལུགས་གདོད་མའི་དབྱིངས་ལ་ཇི་ བཞིན་རེག་པའི་ཚུལ་དེ་ཁོ་ན་ལྟར་དུ་ལེགས་པར་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཆུ་དང་ཉི་ མའི་འོད་དང་རླུང་དང་ས་དུས་ནམ་མཁའི་རྐྱེན་རྣམས་ཀྱིས། ཏ་ལ་དང་ནི་མྲའི་འབྲས་སྦུབས་ 2-1-33 གསེབ་ནས་ཤིང་སྐྱེ་ཇི་ལྟ་བར། །སེམས་ཅན་ཉོན་མོངས་འབྲས་ལྤགས་ནང་ཆུད་རྫོགས་ སངས་ས་བོན་མྱུ་གུ་ཡང༌། །དེ་བཞིན་དགེ་རྐྱེན་དེ་དང་དེ་ལས་ཆོས་མཐོང་འཕེལ་བར་གྱུར་ བ་ཡིན། །ཞེས་པའི་ཚུལ་གྱིས་ཇི་བཞིན་འགྲེལ་བའི་ཕྱིར། ཡང་རྒྱལ་བས་གསེར་གཟུགས་ འཇིམ་པས་གཡོགས་པ་ལྟར་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ཤུན་པ་ལྟ་བུའི་སྦུབས་ཀྱི་ ནང་ན་སངས་རྒྱས་ཀྱི་ཡེ་ཤེས་ཡོད་པར་མཁྱེན་པས་གཟིགས་པ་ཡིན་ཚུལ་གསུངས་པ་འདི་ ལྟར་ཡིན་ཏེ། ཇི་སྐད་དུ། དེ་བཞིན་ངས་ནི་སེམས་ཅན་ཐམས་ཅད་ཀྱང༌། །གསེར་གཟུགས་ འཇིམ་པས་གཡོགས་པ་འདྲ་བ་སྟེ། །ཕྱི་རོལ་ཤུན་པ་ཉོན་མོངས་སྦུབས་ཡིན་ལ། །ནང་ན་ སངས་རྒྱས་ཡེ་ཤེས་ཡོད་པར་མཐོང༌། །ཞེས་སོགས་ཀྱིས་སེམས་ཅན་མཐའ་དག་ལ་སངས་ རྒྱས་ཀྱི་ཡེ་ཤེས་ཡོད་པར་གསུངས་པའི་ཕྱིར། དེ་དག་གི་དགོངས་པ་རྒྱལ་ཚབ་ཀྱིས་དྲི་མ་ མེད་པའི་གསེར་བཟང་གི་ཁམས་ས་ཡི་ནང་དུ་ཚུད་པར་གྱུར་པ་ལྟར་སེམས་ཅན་མཐའ་དག་ གི་སེམས་རྒྱུད་དྲི་མ་གློ་བུར་བའི་ནང་ན་ཀུན་ནས་ཞི་བ་ཆེན་པོའི་ཡེ་ཤེས་ཡོད་པ་རིམ་གྱིས་ཇི་ བཞིན་མངོན་བྱེད་ཐབས་ཀྱི་ལམ་སྒོམ་པའི་སྟོབས་ཀྱིས་སྒྲུབ་བྱེད་ལེགས་པར་བསལ་ཏེ་ནང་ རིག་གི་ཡེ་ཤེས་མངོན་དུ་བྱ་དགོས་ཚུལ་དེ་ལུགས་ལྟར་གྱི་དགོངས་འགྲེལ་མཛད་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་དྲི་མེད་གསེར་འབར་ལས་བྱས་ས་ཡི་ནང་དུ་ཚུད་གྱུར་གཟུགས། །ཞི་དེ་ རང་བཞིན་མཁས་པས་རིག་ནས་ས་དག་སེལ་བར་བྱེད་པ་ལྟར། །དེ་བཞིན་ཀུན་མཁྱེན་དག་ པས་གསེར་འདྲ་ཞི་བའི་ཡིད་ནི་མཁྱེན་གྱུར་ནས། །ཆོས་མཛད་ཚུལ་གྱིས་བརྡེག་སྤྱད་སྒྲུབ་ པས་སྒྲིབ་པ་དག་ནི་སེལ་བར་མཛད། །ཅེས་པའི་ཚུལ་གྱི་འགྲོ་ཀུན་ཡེ་ཤེས་སྙིང་པོ་ཅན་དུ་ ལེགས་པར་འགྲེལ་བ་དེའི་ཕྱིར། གཞན་ཡང་སྙིང་པོའི་མདོ་སོགས་ངེས་དོན་གྱི་སྡེ་སྣོད་ རྣམས་སུ་གསུངས་པ་སྙིང་པོའི་བཞུགས་ཚུལ་གྱིས་དཔེ་དྲི་མ་དང་སྙིང་པོ་རིམ་པར་མཚོན་ བྱེད་གོས་ཧྲུལ་ནང་གི་རྒྱལ་བའི་སྐུ་གཟུགས་དང་བུད་མེད་ངན་མའི་ལྟོ་བར་མི་བདག་ཡོད་པ་ 2-1-34 དང་མཚུངས་པའི་ཚུལ་གྱིས་སེམས་ཅན་ཀུན་ལ་གཤེགས་སྙིང་དོན་དམ་པའི་སངས་རྒྱས་ ཅང་མེད་སྟོང་རྐྱང་ཙམ་མམ་ནུས་པ་འབྱུང་རུང་བག་ཉལ་ཙམ་དུ་མ་ཟད་པར་གདོད་ནས་ བཞུགས་པའི་རྟག་པ་ཐེར་ཟུག་གི་བདག་ཉིད་འོད་གསལ་འདུས་མ་བྱས་པའི་ཡེ་ཤེས་ཀྱི་སྐུ་ གསུམ་ཡེ་གཞི་ཆོས་ཉིད་དུ་ལེགས་པར་བཞུགས་པའི་ངེས་གསང་ཟབ་མོ་རྒྱལ་བ་མཆོག་གི་ དགོངས་པ་མཐར་ཐུག་པའི་ངེས་དོན་གྱི་ཡིན་ལུགས་རྒྱལ་ཚབ་མི་ཕམ་པས་ཚུལ་དེ་ཁོ་ན་ ལྟར་ངེས་པ་དོན་གྱི་ཡིན་ལུགས་མཐར་ཐུག་ཏུ་སྒྲ་ཇི་བཞིན་པར་དྲི་མ་ཅན་གྱི་གོས་ཀྱིས་ གཏུམས་པའི་དེ་བཞིན་གཤེགས་ཀྱི་རིན་པོ་ཆེའི་སྐུ་གཟུགས་ལྟ་བུའི་འགྲོ་རྒྱུད་དུ་རིགས་ ཁམས་སྙིང་པོ་དོན་དམ་པའི་སངས་རྒྱས་བཞུགས་ཚུལ་དང༌། བུད་མེད་ངན་མའི་ལྟོ་བར་མི་ བདག་བཞིན་འཁོར་བར་བཅིངས་པ་གང་དག་ལ་རང་བཞིན་གྱིས་བདག་ཡིད་ནང་ན་གདོད་ ནས་བཞུགས་པའི་འོད་གསལ་དུ་གནས་པའི་མགོན་སངས་རྒྱས་ཉིད་ཇི་བཞིན་ངེས་པར་ ཡོད་པའི་དོན་དེ་ག་ལྟར་ལེགས་པར་བསྡུས་འགྲེལ་གྱི་ཚུལ་དུ་བཀྲལ་བས་ཡིད་ཆེས་ཀྱི་ གནས་བླ་མེད་དུ་གྲུབ་སྟེ། ལེགས་པར་གསུངས་པའི་བསྟན་བཅོས་དེ་ཉིད་ལས། ཇི་ལྟར་ རིན་ཆེན་རང་བཞིན་དེ་བཞིན་གཤེགས་སྐུ་དྲི་ངན་གོས་གཏུམས་པ། །ལམ་གནས་ལྷ་ཡི་མིག་ གིས་མཐོང་ནས་ཐར་ཕྱིར་མི་ལ་སྟོན་པ་ལྟར། །དེ་བཞིན་ཉོན་མོངས་གོས་ཧྲུལ་གྱིས་གཏུམས་ འཁོར་བའི་ལམ་ན་གནས་པའི་ཁམས། །དུད་འགྲོ་ལ་ཡང་གཟིགས་ནས་ཐར་པར་བྱ་ཕྱིར་ རྒྱལ་བ་ཆོས་སྟོན་ཏོ། །ཞེས་དང༌། ཇི་ལྟར་བུད་མེད་ལུས་ལ་དྲི་བཅས་གོས་གྱོན་མི་སྡུག་ གཟུགས་ལྡན་པ། །ས་བདག་མངལ་ན་གནས་ཀྱང་མགོན་མེད་ཁང་པར་སྡུག་བསྔལ་མཆོག་ མྱོང་ལྟར། །དེ་བཞིན་བདག་རང་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་བློ་ལྡན་པ། །འགྲོ་བ་ཉོན་མོངས་དབང་གིས་ཡིད་མ་ཞི་བས་སྡུག་བསྔལ་གཞི་ལ་གནས། །ཞེས་རིམ་པས་ ཚུལ་དེ་ལེགས་ཕྱེ་མཛད་པ་བཞིན་ཡིན་པའི་ཕྱིར། དེ་ལྟ་བུའི་སྒོ་ནས་རྒྱལ་བ་རྫོགས་པའི་ 2-1-35 སངས་རྒྱས་ཉིད་ཀྱི་ངེས་དོན་གྱི་དགོངས་པ་མཐར་ཐུག་ཇི་བཞིན་རྒྱལ་ཚབ་མི་ཕམ་མཆོག་ གིས་མདོ་ཕྱི་མའི་དགོངས་འགྲེལ་སོགས་སུ་ངེས་དོན་ལེགས་བསྡུས་ཚུལ་གྱིས་གཏན་ལ་ ཕབ་པའི་ལུང་ཞལ་ཤིན་ཏུ་གསལ་བ་མང་པོ་བཞུགས་ནའང་རེ་ཞིག་དེ་ཙམ་དུ་བྱས་ལ། ཡིན་ ལུགས་དེ་ལྟར་སྟོན་པ་སངས་རྒྱས་ཉིད་ཀྱིས་མཁྱེན་སྤྱན་དྲི་མ་མེད་པས་སེམས་ཅན་མཐའ་ དག་ལ་བདེ་གཤེགས་སངས་རྒྱས་དངོས་རང་བྱུང་གི་ཚུལ་དུ་གདོད་ནས་གཞི་འཁོར་བ་ཉོན་ མོངས་ཀྱི་སྦུབས་ན་ལེགས་པར་བཞུགས་ཚུལ་སྤྱིའི་སྒོ་ནས་བཀའ་བསྩལ་ཁྱད་པར་དུ་ འཕགས་པ་དང༌། བྱེ་བྲག་མཐའ་བཅད་པའི་ཚུལ་གྱིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་ གཏོགས་པ་གང་དག་ལའང་ཡིད་དྲི་བཅས་ཀྱི་ནང་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ཆོས་སྐུ་ དངོས་གནས་ཁོང་དང་འདྲ་བ་ཡོད་པ་ནམ་ཡང་འགྱུར་བ་མེད་པའི་ངེས་ཚིག་གིས་བཀའ་ བསྩལ་བ་འདི་ལྟར་ཡིན་ཏེ། སྙིང་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཉིད་སངས་རྒྱས་ཉིད་རང་བྱུང་ཉིད་ཉོན་མོངས་པའི་ སྦུབས་ཀྱི་ཤུན་པས་དཀྲིས་ཤིང་གནས་པར་མཐོང་ངོ༌། །ཞེས་པ་དང༌། རིགས་ཀྱི་བུ་དག་ཐ་ ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀྱང་རུང་སྟེ། སེམས་ཅན་ཉོན་མོངས་པ་སྣ་ཚོགས་ ཀྱིས་དཀྲི་བར་དཀྲིས་པར་གྱུར་པ་རྣམས་ཀྱི་ནང་ན་ཡང་དེ་བཞིན་གཤེགས་པའི་ལུས་ང་ཅི་ འདྲ་བ་ཡོད་པར་མཐོང་ངོ༌། །ཞེས་སོགས་ངེས་པའི་དོན་ལ་ཞལ་ཤིན་ཏུ་གསལ་བའི་འཁོར་ ལོ་ཐ་མའི་སྡེ་སྣོད་ཀྱི་གསུང་རབ་ཤིན་ཏུ་མང་བའི་ཕྱིར་རོ། །དེ་སོགས་ངེས་དོན་རྫོགས་ལྡན་ རང་ལུགས་ཀྱི་བཀའ་དང་བསྟན་བཅོས་ཚད་ལྡན་ཁྱད་འཕགས་ཀྱི་ལུང་ཤིན་ཏུ་རྒྱ་ཆེ་མོད་ཀྱི་ འདིར་ཡི་གེ་མང་བར་འཇིགས་ནས་རེ་ཞིག་དེ་ཙམ་མོ། ། གཉིས་པ་ལ་འཕགས་པ་མཆོག་གིས་གཟིགས་པ་ལྟར་གྱི་རིགས་སྒྲུབ་དང༌། ཡིན་ ལུགས་དཔྱོད་པའི་རིགས་ཤེས་ཀྱིས་ངེས་པ་ལྟར་གྱི་རིགས་སྒྲུབ་དང༌། རྒྱལ་ཚབ་མཆོག་གི་ 2-1-36 དགོངས་འགྲེལ་གྱིས་ཇི་བཞིན་བཀྲལ་ལྟར་གྱི་རིགས་སྒྲུབ་དང་གསུམ་ལས། དང་པོ་འཕགས་པ་མཆོག་གིས་གཟིགས་པ་ལྟར་གྱི་རིགས་པས་སྒྲུབ་ཚུལ་ནི། ཚུལ་དེ་ ལྟ་བུའི་རྒྱལ་བ་མཆོག་གི་བཀའ་རྒྱལ་ཚབ་མི་ཕམ་པས་ཇི་ལྟར་བཀྲལ་བ་ལྟར་ཀུན་ནས་རྫོབ་ པའི་ཆོས་མཐའ་དག་གི་རང་བཞིན་ཆོས་ཅན་ལ་ཆོས་ཉིད་ཀྱི་ཚུལ་དུ་ཀུན་ཁྱབ་ཆ་མེད་སྤྲོས་ པ་ཀུན་བྲལ་གྱི་ཡེ་གཞི་དྭངས་པ་ཆེན་པོ་གདོད་ནས་འོད་གསལ་ཞིང་ནམ་ཡང་མི་འགྱུར་བའི་ ཐེར་ཟུག་རྟག་བརྟན་གཡུང་དྲུང་ཆོས་ཀྱི་སྐུ་ཆ་མེད་གཅིག་པུ་བསམ་གྱིས་མི་ཁྱབ་པའི་ཆེས་ གསང་བའི་ཡུལ་ཆེན་པོ་མཉམ་མེད་རྒྱལ་བ་ཉག་གཅིག་ཁོ་ནའི་ཡེ་ཤེས་མཆོག་གི་སྤྱོད་ཡུལ་ དུ་ངེས་པ་དེ་བས་ན། འདིར་བཤད་བྱའི་རིགས་པའི་ལམ་ནི། ཆེས་ཟབ་པའི་གནས་ལུགས་ གཞི་འབྲས་དབྱེར་མེད་ཀྱི་ཀུན་ཁྱབ་གདོད་ནས་བཞུགས་པའི་ཡེ་ཤེས་ཆོས་སྐུ་དེ། ཆོས་ ཅན། ཁྱོད་གཞི་སེམས་ཅན་དང་འབྲས་བུ་སངས་རྒྱས་བར་གྱི་སྤྱི་ནོར་ཆོས་སྐུ་ཆེན་པོ་ཆ་མེད་ ཀུན་ཁྱབ་ཏུ་ངེས་པར་ཡེ་གདོད་མ་ནས་བཞུགས་པ་ཡིན་ཏེ། ཉེས་པའི་འཁྲུལ་བ་མཐའ་དག་ དྲུངས་ནས་ཕྱུངས་ཟིན་ཅིང་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མཐར་ཐུག་པ་ ཆ་མཐའ་དག་ཡོངས་སུ་རྫོགས་ཤིང་མ་ཚང་བ་མེད་པ་ཇི་བཞིན་རྣམ་པ་ཀུན་ནས་བསླུ་མེད་ དུ་མངོན་སུམ་གཟིགས་པ་ནི་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཉག་གཅིག་ལས་གཞན་དུ་མ་ དམིགས་པ་གང་ཞིགདེ་འདྲའི་ཡེ་ཤེས་མཆོག་གིས་གནས་ལུགས་ཇི་བཞིན་གཟིགས་ཚུལ་དེ་ ནི་གདོད་ནས་གཞི་འབྲས་དབྱེར་མེད་ཀྱི་ཀུན་ཁྱབ་གཅིག་པུའི་ཆོས་སྐུ་ཡེ་གཞི་ཆོས་དབྱིངས་ ཆེན་པོ་ཉིད་དེ་སངས་རྒྱས་ཀྱིས་ཇི་བཞིན་གཟིགས་པ་དང་སེམས་ཅན་གྱི་རང་སྣང་དྲི་མ་གློ་ བུར་བས་བསྒྲིབས་ནས་ཡིན་ལུགས་མ་མཐོང་བ་ཙམ་ལས་དོན་ལ་གཉིས་མེད་ཡེ་ཤེས་ཆེན་ པོ་གཅིག་ཉིད་ལས་མེད་པར་ཀུན་ཁྱབ་གཞི་དབྱིངས་གཅིག་པུ་ཁོ་ནར་ངེས་པར་གཟིགས་ པའི་ཕྱིར། དེར་ཐལ། ཚུལ་དེ་ལུགས་ལྟར་གྱི་མདོ་སྔགས་ཀྱི་ཟབ་དཀའ་དགོངས་འགྲེལ་དང་ 2-1-37 བཅས་ཁྱད་དུ་འཕགས་པའི་རྫོགས་ལྡན་ཆོས་མཆོག་གི་སྡེ་སྣོད་ཀྱི་གསུང་རབ་མཐའ་ཡས་ པ་ལེགས་པར་བཞུགས་པ་ཉིད་ཀྱི་ཕྱིར། རྩ་བར་ཁྱབ་སྟེ། རྒྱལ་བ་མཆོག་གི་ཀུན་གཟིགས་ མཁྱེན་པ་བཟང་པོའི་གཟིགས་ཚུལ་གྱིས་གནས་ལུགས་ཟབ་མོདེ་ཁོ་ན་ཉིད་ཇི་བཞིན་པ་ ལེགས་པར་འཇོག་དགོས་ཀྱི་གཞན་དུ་རྟོག་གེ་མཚན་འཛིན་གྱི་བློས་དཔྱད་པ་ལྟར་གནས་ ལུགས་བཞག་ན་མཚན་འཛིན་གྱི་བསམ་པའི་ཡུལ་ལས་གཞི་དབྱིངས་ཉིད་རྣམ་པར་འདས་ པས་དེ་ཉིད་ཀྱི་ངོ་བོ་ཇི་བཞིན་འཇོག་མི་ཐུབ་པ་མ་ཟད་ཞེན་པའི་བློ་སྒོ་ལྟར་སྤྱིའི་མཚན་མ་ ལྟ་བུའི་སྣང་ཡུལ་ཙམ་ལས་གཞི་དབྱིངས་བསམ་མི་ཁྱབ་པའི་ངོ་བོ་ཇི་བཞིན་པ་ནམ་ཡང་ འཆར་ཐུབ་པའི་གོ་སྐབས་མེད་པའི་ཕྱིར་ཏེ། དཔེར་ན་ཐ་སྙད་དཔྱོད་པའི་རྟོག་བློས་བུམ་པའི་ རིགས་སྤྱིའི་ཚུལ་ལ་བསམ་ཚེ་བུམ་གསལ་རྣམས་ལ་བུམ་སྤྱི་རྗེས་སུ་འགྲོ་བ་སྤྱི་ཙམ་ནས་སྣང་ ཡང་རྟོག་བློ་དེ་ལ་སྐབས་དེར་ཆ་དང་ཆ་ཅན་གྱི་སྣང་བ་དང་རྫས་སོ་སོར་སྣང་བ་སོགས་སྤྲོས་ པ་ཉི་ཚེ་བའི་མཚན་མར་རློམ་པའི་ཆ་མང་པོ་ཡོད་པ་བཞིན་འོལ་སྤྱིས་དཔྱད་པས་དོན་དམ་ གནས་ལུགས་རྣམ་པ་ཐམས་ཅད་པའི་ཚུལ་དེ་དཔྱོད་ཁུལ་བྱས་ཀྱང་སྤྲོས་མཚན་གྱི་སྤྱི་ཡལ་ ཡལ་ཙམ་ལས་དམ་པའི་དོན་གྱི་གནས་ལུགས་ལ་ནམ་ཡང་རེག་མི་ནུས་པའི་ཕྱིར། དེས་ན་ དེ་འདྲའི་གཞི་དབྱིངས་ཆོས་ཀྱི་སྐུ་དེ། ཆོས་ཅན། ཁྱོད་དུས་གསུམ་གྱི་སངས་རྒྱས་གང་དག་ ལ་ཇི་བཞིན་སྒྲིབ་མེད་གཟིགས་པའི་ཆ་ནས་མངོན་དུ་གྱུར་ཏེ་སངས་རྒྱས་པ་ཡིན་ཏེ། རྒྱལ་ བ་གང་དག་ནི་གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་མཐོང་བའི་སྒྲིབ་བྱེད་ཀྱི་དྲི་མ་ཉོན་མོངས་ པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རང་རང་གི་ལམ་ གྱིབདེན་པ་མཆོག་དེ་དག་གིས་རིང་མོ་ནས་ལེགས་པར་བཅོམ་སྟེ་གནས་ལུགས་དེ་བཞིན་ ཉིད་མཐར་ཐུག་པ་ཇི་བཞིན་གཟིགས་པའི་གོ་འཕང་བླ་ན་མེད་པ་ལ་ལེགས་པར་བཞུགས་ པའི་ཕྱིར། དེ་འདྲའི་ཆོས་སྐུ་དེ། ཆོས་ཅན། ཁྱོད་སེམས་ཅན་མཐའ་དག་ལ་ཇི་བཞིན་མཐོང་བ་ 2-1-38 ལ་སྒྲིབ་བྱེད་མཐའ་དག་མ་སྤངས་པས་དེ་ཉིད་ཀྱི་ངོ་བོ་མངོན་དུ་གྱུར་མ་ཐུབ་པའི་ཆ་ནས་དྲི་ མའི་སྦུབས་ནང་གི་སངས་རྒྱས་ཀྱི་སྙིང་པོ་ཉིད་དུ་སོང་བའང་ཡིན་ཏེ། གདོད་ནས་ཀུན་ཁྱབ་ ཏུ་བཞུགས་པའི་ཆོས་སྐུ་རང་གི་ངོ་བོ་ལ་དྲི་མ་ནམ་ཡང་ཡོད་མི་སྲིད་ཀྱང་སེམས་ཅན་རང་རང་ ལ་ལྟོས་ནས་དྲི་མ་སྲབ་མཐུག་གི་རིམ་པས་དེ་མངོན་དུ་གྱུར་པ་ལ་སྒྲིབ་བྱེད་དུ་གྱུར་ཏེ་འགྲོ་ བ་འཁྲུལ་ཚབས་གང་ཆེ་བ་དག་ལ་དབུལ་པོའི་ཁྱིམ་འོག་གི་གཏེར་ལྟར་དངོས་སུ་བྱེད་ལས་ མི་མངོན་པར་གཞི་དབྱིངས་ཉིད་གདོད་ནས་འདུ་འབྲལ་མེད་ཀྱང་སེམས་ཅན་དག་གི་དྲི་མ་ ཡིད་ཀྱི་ནང་དུ་ཆུད་པའི་སངས་རྒྱས་སྙིང་པོའི་ཚུལ་དུ་སོང་བའི་ཕྱིར། དེ་བས་ན་གཞིའི་ཆོས་ སྐུ་དེ་སེམས་ཅན་ལ་ལྟོས་ནས་དེ་བཞིན་གཤེགས་པའི་སྙིང་པོ་དང་སངས་རྒྱས་ལ་ལྟོས་ནས་ དེ་བཞིན་གཤེགས་པའི་ཆོས་སྐུ་ཉིད་དུ་གྲུབ་སྟེ། གཞི་དབྱིངས་དེ་ཉིད་སྒྲིབ་པ་ཅན་གྱི་སེམས་ ཅན་དག་གི་རང་སྣང་ལ་དྲི་བཅས་སུ་མཐོང་སྟེ་གཙོ་བོར་འཁྲུལ་སྣང་འབའ་ཞིག་ལ་སྤྱོད་ པར་བྱེད་པ་གང་ཞིག་སངས་རྒྱས་རྣམས་ནི་དྲི་མ་མེད་པའི་དབྱིངས་མངོན་དུ་གྱུར་ནས་ཡིན་ ལུགས་དོན་དམ་ཆོས་སྐུ་དང་གཉིས་མེད་དུ་སོང་ཞིང་གཞན་སྣང་ངོར་གདུལ་བྱ་དང་འཚམ་ པར་གང་འདུལ་གྱི་མཛད་པ་རབ་འབྱམས་འབད་མེད་ལྷུན་གྲུབ་ཏུ་སྟོན་པའིཕྱིར། དཔེར་ ན་མཁའ་དབྱིངས་ཀྱི་ཉིན་བྱེད་འོད་ཟེར་ཀུན་ལ་འཕྲོ་བ་དེ་སྤྲིན་གྱིས་ཁེབས་པའི་གྲོང་ཁྱེར་ བ་དག་ལ་ལྐོག་ཏུ་གྱུར་ཀྱང་སྤྲིན་དང་བྲལ་བའི་གྲོང་ཁྱེར་བ་དག་གི་མངོན་སུམ་དུ་གྱུར་བ་ བཞིན་ནོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་གཞི་འབྲས་ དབྱེར་མེད་ཀུན་ཁྱབ་རྟག་པའི་ཆོས་སྐུའི་ཚུལ་ལ་ཐ་སྙད་སྒྲ་རྟོག་གི་དབང་བཙན་པར་བྱས་ ནས་ཞེ་ཐག་པས་སྨོད་པ་ནི་མི་རུང་སྟེ། དེ་ལྟར་བྱས་ན་གཞིའི་ཆོས་སྐུ་གནས་ལུགས་མཐར་ ཐུག་དེ་ཆད་པར་ལྟ་བའི་སྒོ་ནས་སྐུར་འདེབས་མི་བཟད་པས་ཐར་པ་རྒྱང་རིང་དུ་བྱས་ཏེ་རྒྱས་ པའི་རིགས་ཀྱི་རྩ་བ་ཆད་པར་འགྱུར་བའི་ཕྱིར་རོ། ། 2-1-39 གཉིས་པ་ཡིན་ལུགས་དཔྱོད་པའི་རིགས་ཤེས་ཀྱིས་ངེས་པ་ལྟར་གྱི་རིགས་པས་སྒྲུབ་ ཚུལ་ནི། སེམས་ཅན་མཐའ་དག་གི་སེམས་ཀྱི་དྲི་མ་དེ། ཆོས་ཅན། ནམ་ཡང་འབྲལ་མི་རུང་ བའི་རང་བཞིན་ཞིག་མ་ཡིན་པར་ཐལ། སེམས་ཀྱི་དྲི་མ་གང་དག་མེ་ལ་ཚ་བ་ལྟར་རང་བཞིན་ འབྲལ་མེད་ཅིག་མ་ཡིན་པར་ཆུ་ལ་རྙོག་ལྟར་གློ་བུར་དུ་གནས་པ་ཞིག་ཡིན་པའི་ཕྱིར། དེར་ ཐལ། སེམས་གསལ་རིག་གི་ངོ་ན་ཆགས་སོགས་ཀྱི་ཞེན་རྟོགས་མཆེད་པ་རྣམས་ནི་དུས་རྒྱུན་ མངོན་གྱུར་མེད་པར་རེ་ཞིག་པ་ཡིན་ཚུལ་འཇིག་རྟེན་རང་ག་བ་བསམ་ཤེས་དག་གི་མྱོང་བས་ གྲུབ་པ་གང་ཞིགལམ་སྒོམ་པ་དག་གིས་ནི་དྲི་མ་གང་དག་ས་བོན་བཅས་རིམ་གྱིས་སྤངས་ ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ནི་རྟེན་འབྲེལ་མི་བསླུ་བའི་འཆར་སྒོ་བསྙོན་དུ་ མེད་པའི་ཕྱིར། དེས་ན་སེམས་ཅན་གང་དག་གི་སེམས་གཤིས་དེ། ཆོས་ཅན། ཁྱོད་དྲི་མ་གང་ ཡང་མ་ཞུགས་པའི་རང་གཤིས་ཤིག་ཡིན་ཤིན་ཏུ་རུང་སྟེ། ཁྱོད་ཀྱི་དྲི་མ་དེ་ཆུའི་རྙོག་ལྟར་རང་ བཞིན་ལ་མ་ཞུགས་པ་གང་ཞིགདྲི་མེད་ཆུའི་རང་གཤིས་གཙང་བ་ལྟར་དྲི་བྲལ་རིག་པའི་རང་ གཤིས་ཀྱང་ཀུན་ཉོན་རྨོངས་མུན་གྱིས་མ་བསླད་པའི་འོད་གསལ་ཤེས་རིག་དྭངས་པ་གཙང་ བདག་དམ་པའི་རང་བཞིན་ཞིག་ཏུ་ངེས་པའི་ཕྱིར། དེལྟར་དྲི་མ་མ་ཞུགས་པའི་ཆར་གྱུར་བའི་ སེམས་གཤིས་དེ། ཆོས་ཅན། དྲིབྲལ་དྭངས་པའི་ནང་རིག་འགྱུར་མེད་དུ་ལེགས་པར་གྲུབ་སྟེ། ཐོག་མ་མེད་པའི་དུས་ནས་རང་བྱུང་གི་ཡེ་ཤེས་ཆགས་སོགས་དྲི་མས་བསླད་མ་ཞུགས་པའི་ སེམས་གཤིས་དྲི་མེད་དེ་ནི་བག་ཆགས་ཐམས་ཅད་པ་རྩ་བའི་རྣམ་ཤེས་ལས་ཀྱང་འདས་ པའི་འོད་གསལ་ཤེས་རིག་ཅིག་ཏུ་གྲུབ་པ་ཡིན་དགོས་ལ། དེ་ནི་ད་ལྟ་འགྲོ་བ་རང་ག་བ་དག་ གིས་ནི་རྣམ་ཤེས་གསལ་རིག་ཙམ་མྱོང་བ་མ་གཏོགས་གོ་རྒྱུ་ཅི་ཡང་མེད་པར་མཚན་འཛིན་ འཁྲུལ་སྣང་གི་སྦུབས་སུ་མི་མངོན་པར་ཡེ་ནས་འདུ་འབྲལ་མེད་པའི་ཕྱིར། དེ་འདྲའི་དྲི་བྲལ་ དྭངས་པའི་ནང་རིགས་དེ། ཆོས་ཅན། རང་གི་ཆ་ལ་དྲི་མ་མཐའ་དག་ཡེ་ནས་མེད་པའི་ཡེ་ 2-1-40 ཤེས་ཡིན་ཏེ། རང་གཤིས་གདོད་མ་ནས་རང་བྱུང་དུ་ཡོད་པའི་དྲི་མ་ཀུན་བྲལ་གྱི་ཤེས་རིག་ ཡིན་པའི་ཕྱིར། དེ་འདྲའིདྲི་མེད་ཡེ་ཤེས་མཆོག་དེ། ཆོས་ཅན། སྐུ་གསུམ་རང་ཆས་སུ་རྫོགས་ པའི་བདག་ཉིད་དུ་འོས་ཤིངའཐད་པ་ཡིན་ཏེ། དྲི་མ་ཀུན་དང་བྲལ་བའི་ཡེ་ཤེས་ཡིན་ན་ཉི་མ་ དང་འོད་ཟེར་བཞིན་སྐུ་གསུམ་འབྲལ་མེད་དུ་ངེས་པར་ཡོད་པའི་ཕྱིར་ཏེ། དྲི་མ་མཐའ་དག་ དང་བྲལ་བའི་ཡེ་ཤེས་ཤིག་ཡིན་ཕྱིན་དེ་སྐུ་གསུམ་གྱི་བདག་ཉིད་མིན་པར་སྒྲུབ་བྱེད་ཀྱི་རྒྱུ་ མཚན་ཡང་དག་ཚད་མས་དམིགས་སུ་མེད་པའི་ཕྱིར། དེ་ལྟར་སྐུ་གསུམ་ཡེ་ནས་རྫོགས་པའི་ གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་དེ། ཆོས་ཅན། གཞན་དུ་མི་འགྱུར་བའི་བདག་ཉིད་རྟག་ པའི་དོན་དང་ལྡན་པ་ཡིན་ཏེ། དོན་དམ་ལྷག་མེད་མྱང་འདས་ཀྱི་དབྱིངས་སུ་ནམ་ཡང་མི་ཟད་ པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ཕྱིར། ཡང་དེ་ཆོས་ཅན། གཏན་དུ་མི་བསླུ་སྐྱབས་ ཀྱི་བདག་ཉིད་བརྟན་པའི་དོན་དང་ཡང་ལྡན་ཏེ། འཁོར་བའི་མཐའི་བར་དུ་རྒྱུན་མི་ཆད་ཅིང་ ཀུན་ལ་རྗེས་སུ་འཇུག་པའི་ཕྱིར། ཡང་དེ་ཆོས་ཅན། སྲིད་ཞི་གཉིས་མེད་ཀྱི་ཆོས་ཉིད་ཞི་བའི་ དོན་དང་ལྡན་ཏེ། མཐའ་གཉིས་གང་དུའང་ཕྱོགས་རིས་སུ་མ་ཆད་པར་མཉམ་པ་ཉིད་ཀྱི་རང་ བཞིན་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ནམ་ཡང་འཇིག་པ་མེད་པའི་གཡུང་དྲུང་གི་དོན་ དང་ཡང་ལྡན་པ་ཡིན་ཏེ། རྒྱུ་དང་རྐྱེན་གང་གིས་འདུས་མ་བྱས་ཤིང་ཡེ་ནས་རང་བྱུང་དུ་ཡོད་ པ་ཉིད་ཀྱི་ཕྱིར། དེ་ལྟ་བུའི་སྐུ་གསུམ་གྱི་བདག་ཉིད་གཞི་དབྱིངས་དེ། ཆོས་ཅན། བདེན་ དངོས་སུ་འཛིན་པས་བདག་གཉིས་སུ་སྒྲོ་བཏགས་པ་ལྟར་གྱི་དགག་བྱ་གང་ཟག་དང་ཆོས་ཀྱི་ བདག་གི་སྤྲོས་པས་སྟོང་ཞིང་བདག་མེད་པ་ཡིན་ཏེ། དེ་འདྲའི་བདག་གཉིས་ཀྱི་སྤྲོས་པ་ མཐའ་དག་དང་བྲལ་བའི་སྤྲོས་མེད་ཞི་བ་ཆེན་པོའི་དབྱིངས་ནས་དོན་དམ་པའི་སྐུ་གསུམ་ཡེ་ ནས་ཡོངས་སུ་རྫོགས་པའི་ཚུལ་གྱིས་སྣང་ལ་རང་བཞིན་མེད་པ་བསམ་གྱིས་མི་ཁྱབ་པའི་ གནས་ལུགས་མཆོག་གི་ངེས་པ་དོན་གྱི་སངས་རྒྱས་ཡིན་པའི་ཕྱིར། དེས་ན་དེ་ནི་རྣམ་ཐར་སྒོ་ 2-1-41 གསུམ་གྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཡིན་ཏེ། ཀུན་རྫོབ་ཀྱིས་བསྡུས་པའི་ངོ་བོ་རྒྱུ་འབྲས་ཀྱི་ མཚན་མ་མཐའ་དག་གིས་ཡེ་ནས་སྟོང་ཞིང་གཤིས་ལུགས་ཡེ་ཤེས་ཀྱི་རོལ་པ་མཐའ་ཡས་ པས་རྣམ་པ་ཀུན་ནས་མི་སྟོང་བའི་སྟོང་ཉིད་ཆེན་པོ་ཡིན་པའི་ཕྱིར། རྒྱུ་མཚན་དེ་དག་གི་ཕྱིར་ ན་གཞི་དབྱིངས་དེ་བཞིན་ཉིད་དེ་དགག་བྱ་བཀག་ཕྱོགས་དང་དོན་དམ་སྣང་ཕྱོགས་ཀྱི་ཆ་ ནས་མེད་དགག་མ་ཡིན་དགག་གི་ཐ་སྙད་ཙམ་རེ་བྱ་མོད་ཀྱང་དོན་གྱི་ཡིན་ལུགས་ནི་རྟོག་ གེའི་སྒྲ་རྟོག་གིས་བརྗོད་འཛིན་ལྟར་གྱི་མཚན་མར་ཞེན་པ་ནི་རྣམ་པ་ཀུན་ནས་མི་རུང་ཞིང་ གདོད་མའི་ནང་དབྱིངས་ཀྱི་ངོ་བོ་ཇི་བཞིན་པ་ནི་འཕགས་པའི་སོ་སོར་རང་རིག་པའི་ཡེ་ཤེས་ ཀྱི་སྤྱོད་ཡུལ་འབའ་ཞིག་གོ། །འདིར་ཁ་ཅིག་སྟོང་ཉིད་རྟག་པ་དང་ཡེ་ཤེས་ཡིན་པ་གཉིས་མི་ འགལ་ལམ། ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། སྤྱིར་ཚད་མའི་རིགས་ལམ་ལྟར་གྱི་རྟག་པ་རྫས་ མེད་དང་ཡེ་ཤེས་རྫས་ཡོད་ཀྱི་ཡིན་པ་ནི་འགལ་ཡང་དེ་ནི་རིགས་པའི་དབང་ཕྱུག་གིས་ཐ་ སྙད་ཀྱི་ཚུལ་ལ་གསུངས་པ་ཡིན་ལ་འདིར་ནི་དོན་དམ་པའི་ཡིན་ལུགས་ལ་ཤིན་ཏུ་བདེན་པ་ འཕགས་པའི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་དང་མཐུན་པར་རྣམ་གཞག་ བྱེད་པ་སྟེ། དེ་ཡང་སྤྱིར་ཐ་སྙད་སྤྱིའི་ཚུལ་བེམ་ཤེས་གང་རུང་གི་རྫས་ཀྱི་དངོས་པོ་རྒྱུ་རྐྱེན་ གྱིས་འདུས་བྱས་སྐད་ཅིག་གི་མི་རྟག་པ་ཕན་ཚུན་ལྟོས་པའི་རྟེན་འབྲེལ་དུ་མ་སྤུངས་པའི་ཕུང་ པོ་རང་རིགས་འཛིན་པའི་ཁམས་ཤེས་པ་སྐྱེ་ཞིང་མཆེད་པའི་སྐྱེ་མཆེད་སོགས་ནི་ཀུན་རྫོབ་ སྤྲོས་བཅས་ཀྱི་ཡུལ་འབའ་ཞིག་ཏུ་ངེས་པས་དེ་དག་གི་ཚུལ་སོ་སོར་འབྱེད་པའང་གཙོ་བོར་ འཇིག་རྟེན་ལ་ལྟོས་ཏེ་ཐ་སྙད་དཔྱོད་པའི་བློ་སྤྲོས་མཚན་ཅན་གྱིས་ཤེས་བྱའི་ཡིན་ལུགས་ཀྱི་ གྲུབ་པའི་མཐའ་སོ་སོར་འཇོག་པ་ལ་རག་ལས་པས་ཚུལ་དེ་ལུགས་ཀྱི་ཐ་སྙད་ཀྱི་རྣམ་གཞག་ ཚད་མའི་གཞུང་ལུགས་སུ་རིགས་པ་ཡང་དག་གིས་གཏན་ལ་གཙོ་བོར་འབེབས་པའི་ཚུལ་ ལྟར་ན། ཐ་སྙད་ཚད་མ་ཡང་དག་པས་སྤྲོས་མཚན་དང་བཅས་ཤེས་བྱའི་ཡིན་ལུགས་དཔྱོད་ 2-1-42 ཚེ་ནི་གཟུགས་ནས་རྣམ་མཁྱེན་གྱི་ཆོས་ཐམས་ཅད་དངོས་པོ་དངོས་མེད་དང་ཕུང་ཁམས་ སོགས་གོང་དུ་བཤད་པ་རྣམས་ལས་འགའ་ཞིག་ཡིན་མིན་ཅི་རིགས་དང་འགའ་ཞིག་མ་ཡིན་ པ་མི་སྲིད་པའི་ཚུལ་གྱི་རྣམ་གཞག་བྱེད་དགོས་ཤིང་དེ་ནི་གཙོ་བོར་སྒྲ་དང་རྟོག་པ་མངོན་སུམ་ ཕལ་བ་ཅི་རིགས་པ་དབང་བཙན་པར་བྱས་པ་ཡིན་ལ། འདིར་ངེས་དོན་དབུ་མའི་རང་ལུགས་ ཐུན་མོང་མ་ཡིན་པ་ནི། སྤྱིར་ན་བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་གང་དག་ལས་དོན་ དམ་གནས་ལུགས་གཤིས་ཀྱི་ཆོས་ཉིད་དེ་བདེན་པའི་དོན་མི་བསླུ་བ་དང་གཞན་ཀུན་རྫོབ་ ཀྱིས་བསྡུས་པ་མཐའ་དག་ནི་འཁྲུལ་སྣང་གི་ངོར་ལྟོས་ཏེ་བྱ་བྱེད་མི་བསླུ་བ་དང་བསླུ་བའི་ ཁྱད་པར་ལས་ཡང་ལོག་གི་རྣམ་གཞག་དཔེ་རྨི་ལམ་གྱི་ཡུལ་སྣང་བཞིན་འཁྲུལ་ངོའི་སྣང་ ཙམ་ལས་ངོ་བོ་བདེན་པ་ཅི་ཡང་མེད་པ་རྒྱལ་བ་མཆོག་གིས་མཁྱེན་པས་གཟིགས་ཚུལ་ལ་ ལྟོས་ནས་འཁོར་འདས་ཀྱི་རྣམ་གཞག་དེ་ལུགས་ལྟར་གཤིས་ཀྱི་གནས་ལུགས་གང་ཡིན་དང་ གློ་བུར་གྱི་འགྱུར་བ་གང་ཡིན་གྱི་ཚུལ་སོ་སོར་འཇོག་པའི་སྐབས་ལ་ནི་གནས་ལུགས་དོན་ དམ་གྱི་ངོ་བོ་གཤིས་ནས་རང་བཞིན་བདེན་པ་དང་ཀུན་རྫོབ་ཀྱིས་བསྡུས་པ་རྣམས་ངོ་བོ་ བརྫུན་པར་གྲུབ་པའི་མཐའ་བྱ་བའི་སྒོ་ནས་བདེན་གཉིས་ངོ་བོ་གཅིག་དང་ཐ་དད་གང་དུའང་ མེད་པར་རང་ལུགས་ཀྱི་ཞལ་བཞེས་མཛད་ཅིང་ཁྱད་པར་དོན་དམ་གནས་ལུགས་ཀྱི་ངོ་བོ་ འཕགས་པ་མཆོག་གི་སོ་སོར་རང་རིག་ཡེ་ཤེས་དམ་པའི་ངོར་མི་བསླུ་བདེན་པ་མཐར་ཐུག་ཏུ་ ཡང་དག་སྤྲོས་པ་ཀུན་བྲལ་གྱི་དབྱིངས་རྣམ་པ་ཐམས་ཅད་པ་འབའ་ཞིག་ཏུ་དངོས་སྣང་རྟེན་ འབྲེལ་ཕུང་ཁམས་སོགས་ཀྱི་མཚན་མ་གང་གིས་མ་བསླད་པའི་དོན་དམ་གྱི་སྣང་ཚུལ་དང་ མཐུན་པར་རང་བྱུང་འདུས་མ་བྱས་པ་ཉག་གཅིག་ལས་དོན་དམ་གྱི་དབྱིངས་ཉིད་རྟེན་འབྲེལ་ རྫས་ཀྱི་སྐད་ཅིག་མ་དང་དངོས་མེད་རྟོག་བཏགས་སོགས་ཀྱི་སྤྲོས་ཚོགས་ཉི་ཚེ་བ་མཐའ་ དག་ལས་རྣམ་པར་འདས་པ་དང༌། ཀུན་རྫོབ་རྣམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ 2-1-43 རང་བཞིན་བརྫུན་པ་བསླུ་བའི་ཆོས་ངོ་བོ་མི་བདེན་ཞིང་འགྲོ་བ་རང་ག་བ་དག་ལ་བདེན་ བདེན་ལྟར་སྣང་ནས་གནས་སྐབས་དེ་ལ་ལྟོས་ནས་རྒྱུ་འབྲས་བླང་དོར་བྱ་བྱེད་སོགས་ལའང་ ཡང་ལོག་གི་ཁྱད་འབྱུང་བ་ནི་དཔེར་ན་རྨི་ལམ་གྱི་ཡུལ་ལ་སྐབས་དེར་ལྟོས་བརྟན་མི་བརྟན་ གྱིས་ཡང་ལོག་ཕྱེ་བ་བཞིན་ནོ། །དེས་ན་རང་ལུགས་ཀྱི་ཐ་སྙད་འཇོག་ཚུལ་ཚད་མའི་རིགས་ ལམ་གྱི་བབ་དང་མཐུན་པར་བྱས་ནས་འཆད་ནའང་དེ་ག་ལྟར་དུ་ལེགས་པར་བཤད་དུ་ཡོད་ པས་སྤྱིར་སྒྲ་རྟོག་གིས་བརྗོད་འཛིན་གྱི་དབང་དུ་བྱས་ཕྱིན་བདེན་གཉིས་གང་ལའང་རྟེན་ འབྲེལ་གྱིས་ཁྱབ་པ་དང་དངོས་པོ་དངོས་མེད་ཀྱི་ཟླས་ཕྱེ་བ་སོགས་རིགས་གཞུང་སྤྱིའི་འགྲོས་ ལྟར་སྦྱར་ན་ཆོག་མོད། ཡེ་ཤེས་མཆོག་གིས་གཟིགས་ཚུལ་ལྟར་ན་བདེན་གཉིས་ཀྱིས་བསྡུས་ པ་གང་དག་གི་ཡིན་ལུགས་གོང་དཀྱུས་སུ་བཀོད་པ་ལྟར་རོ། །དེ་ལྟ་བུའི་ངེས་པ་དོན་གྱི་ གནས་ལུགས་ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་དོན་དམ་མི་གནས་པའི་མྱང་ འདས་དེ། ཆོས་ཅན། རང་བཞིན་གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། གཞི་དབྱིངས་ཆོས་ཀྱི་སྐུ་ཡེ་ནས་བཞུགས་པའི་སྤྲོས་བྲལ་ཆ་མེད་གཅིག་པུའི་ཡེ་ཤེས་གང་དེ་ ནི་རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མས་ནམ་ཡང་མ་གོས་པའི་གཙང་བ་ དང༌། བདག་གཉིས་སུ་སྒྲོ་བཏགས་པ་ལྟར་གྱི་མཚན་མའི་སྤྲོས་པ་ཉེ་བར་ཞི་བས་དམ་པའི་ བདག་དང༌། སྡུག་ཀུན་གྱི་བག་ལ་ཉལ་ཤིན་ཏུ་ཕྲ་བ་དང་བཅས་པས་གཤིས་ལ་མ་གོས་པའི་ བདེ་བ་དང༌། སྲིད་ཞི་མཉམ་ཉིད་ཀྱི་གཞི་དབྱིངས་ཉག་གཅིག་ཏུ་ཐོག་མ་མེད་པ་ནས་མཐའ་ མེད་ཀྱི་བར་ནམ་ཡང་ཆད་པ་མི་མངའ་བས་རང་བཞིན་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ ཕྱིར་རོ། །དེས་ན་གཞི་འབྲས་དབྱེར་མེད་ཀྱི་དེ་བཞིན་ཉིད་དེ་ཆོས་སྐུ་མཐར་ཐུག་ཏུ་ལེགས་ པར་གྲུབ་བོ། །གསུམ་པ་རྒྱལ་ཚབ་མཆོག་གིས་དགོངས་འགྲེལ་གྱིས་ཇི་བཞིན་བཀྲལ་ལྟར་ གྱི་རིགས་པས་སྒྲུབ་ཚུལ་ནི། འདིར་ཁ་ཅིག་གིས། སེམས་ཅན་རང་ག་བ་དག་གི་རྒྱུད་ལ་ 2-1-44 སེམས་བདེན་སྟོང་མེད་དགག་སྟོང་རྐྱང་ཙམ་ལ་འཁོར་ལོ་ཐ་མའི་མདོ་རྣམས་སུ་ཡེ་ཤེས་སུ་ བཏགས་ནས་གསུངས་པ་ཡིན་པས་དེ་སྒྲ་ཇི་བཞིན་མ་ཡིན་པའི་དྲང་དོན་དགོངས་པ་ཅན་ ཡིན་ཕྱིར་ངེས་དོན་སྒྲ་ཇི་བཞིན་པར་བཟུང་དུ་མི་རུང་ངོ༌། །ཞེ་ན། དེའི་ཚུལ་ནི་རྒྱལ་བ་ཉིད་ཀྱི་ བཀའ་ཐ་མའི་གསུང་རབ་ལས་སེམས་ཅན་ལ་ཡེ་ཤེས་ཡོད་པར་བཀའ་སྩལ་པ་ཇི་ལྟ་བ་ བཞིན་གྱི་དགོངས་དོན་རྒྱལ་ཚབ་མི་ཕམ་མཆོག་གིས་བསྡུས་འགྲེལ་གྱི་ཚུལ་གྱིས་ལེགས་ པར་བཀྲལ་བ་ན་རྩ་བ་གསུང་རབ་བཀའ་ཡི་སྒྲ་ཇི་བཞིན་པ་བསྡུས་པའི་ཚུལ་གྱིས་ངེས་དོན་ སྙིང་པོའི་ཚུལ་ལེགས་ཕྱེ་མཛད་པ་ལགས་ཀྱི་སྒྲས་ཟིན་ལས་དགོངས་པ་གཞན་དུ་བླངས་ནས་ དོན་ལོག་པ་ཞིག་བཤད་བྱར་མཛད་པ་གཏན་ནས་མ་ཡིན་ཏེ། རྒྱལ་བ་ཉིད་ཀྱི་དགོངས་པ་ རྒྱལ་ཚབ་ཀྱིས་ལེགས་པར་ཕྱེ་བ་ཡང་སེམས་ཅན་མཐའ་དག་ལ་སངས་རྒྱས་ཀྱི་ཡེ་ཤེས་ མཉམ་པོར་ཞུགས་ནས་རང་བཞིན་དྲི་མ་མེད་པ་སངས་རྒྱས་དངོས་དང་མི་གཉིས་པའི་ བདག་ཉིད་གདོད་མ་ཆོས་ཉིད་དུ་རང་ཆས་སུ་ཡོད་ཚུལ་རྩ་བའི་བཀའ་ཡིས་ཅི་གསུངས་ བཞིན་གྱི་བསྡུས་དོན་གྱི་དགོངས་འགྲེལ་མཛད་པ་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སངས་ རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །ཞེས་ མཐར་ཐུག་གི་འབྲས་བུ་རྫོགས་པའི་སང༷ས་རྒྱ༷ས་སྟོབས་བཅུ་མངའ་བ་མཆོག་གི་དོན་དམ་ པའི་ཡེ༷་ཤེ༷ས་ཡོངས་རྫོགས་གཞི་དུས་ཀྱི་སེམ༷ས་ཅ༷ན་མཐའ་དག་ལ་ཉེ་རིང་གི་ཁྱད་མེད་པར་ ཆོས་ཅན་ལ་ཆོས་ཉིད་ཀྱི་ཚུལ་དུ་སེམས་གློ་བུར་དྲི་མའི་ཚོགས་ཀྱི་སྦུབས་ན་ཡང་དག་པར་ ཞུགས་ཤིང་ཁྱབ་པའི་རྒྱུ་མཚན་དེའི་ཕྱ ༷ ིར་ན་སེམས་ཅན་དག་གི་སེམས་ར༷ང་བཞི༷ན་གྱིས་འོད་ གསལ་ཞིང་དྲི༷་མ༷་མེ༷ད་པའི་ནང་རིག་འགྱུར་མེད་དེ༷་ནི༷་འབྲས་བུའི་ཡེ་ཤེས་ཆོས་སྐུ་དང་རྣམ་ པ་ཀུན་ཏུ་གཉི༷ས་སུ་མེ༷ད་པའི་ངོ་བོ་ཉིད་ཡིན་པར་འདོད་དེ་སངས་རྒྱས་དང་སེམས་ཅན་གྱི་ གཞིའི་ཆོས་ཉིད་གཅིག་པ་ཉིད་ཀྱིས་སོ། །ཞེས་པའི་ཚུལ་གྱིས་དགོངས་དོན་བསྡུས་འགྲེལ་ 2-1-45 མཛད་པའི་ཕྱིར། ཡང་ཁ་ཅིག་སེམས་ཅན་གྱི་སེམས་བདེན་སྟོང་མེད་དགག་ཙམ་ལ་མྱང་ འདས་ཀྱི་མདོ་སོགས་ལས་དགོས་དབང་གིས་ཆོས་སྐུ་དེ་བཞིན་གཤེགས་པ་སོགས་ཀྱི་ མཚན་སྨོས་པ་ཙམ་ལས་དོན་ཇི་བཞིན་པ་མ་ཡིན་ནོ་སྙམ་ན། དེ་ལྟར་དོན་ཇི་བཞིན་མ་ཡིན་ན་ རྒྱལ་ཚབ་ཀྱིས་དགོངས་དོན་དེ་ལས་ལོགས་སུ་བཀྲལ་དགོས་ཀྱང་མ་བཀྲལ་བར་རྒྱལ་བས་ གསུངས་པ་ཇི་སྐད་ལྟར་དུ་བཀྲལ་བས་ཀྱང་ཡིན་ལུགས་གང་ཡིན་ལེགས་པར་ཤེས་ནུས་པ་ ཡིན་ཏེ། རྒྱལ་ཚབ་དམ་པས་མྱང་འདས་མདོ་སོགས་ཀྱི་དགོངས་དོན་འགྲེལ་སྐབས་སེམས་ ཅན་གྱི་སྙིངཔོ་ཉིད་དོན་དམ་སངས་རྒྱས་ཀྱི་ཆོས་སྐུ་དང་དེ་བཞིན་གཤེགས་པ་དང་འཕགས་ པའི་བདེན་པ་དང་མྱ་ངན་ལས་འདས་པ་དངོས་ཡིན་པར་རྒྱལ་བས་ཇི་སྐད་བཀའ་བསྩལ་པ་ ལྟར་གྱི་དགོངས་འགྲེལ་ལེགས་བསྡུས་མཛད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། གང་ཕྱིར་དེ་ནི་ ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །དེ་ ཕྱིར་ཉི་དང་ཟེར་བཞིན་ཡོན་ཏན་དབྱེར་མེད་པས། །སངས་རྒྱས་ཉིད་ལས་མ་གཏོགས་མྱ་ ངན་འདས་པ་མེད། །ཅེས་གཞི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་དོན་དམ་པའི་ ཡོན་ཏན་ཀུན་གྱི་གཏེར་དུ་གདོད་ནས་རང་བྱུང་དུ་ཡོད་པ་ག༷ང་གི་ཕྱི༷ར་གཞི་དབྱིངས་དེ༷་ནི༷་ སྟོབས་སོགས་དོན་དམ་པའི་ཡོན་ཏན་དང་དབྱེར་མེད་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོ༷ས་ སྐུ༷་ཡིན་པ་དང་དབྱིངས་དེ༷་ནི༷་ཆོས་ཉིད་རང་གསལ་གྱིས་མངོན་དུ་གྱུར་པས་དེ༷་བཞི༷ན་ གཤེ༷གས་པ་ཡིན་པ་དང༌། དབྱིངས་དེ་ནི་ནམ་ཡང་བསླུ་མེད་གཞན་དུ་མི་འགྱུར་བར་ འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པས་འཕ༷གས་པ༷འི་བདེ༷ན་པ༷་ཡིན་པ་དང༌། དབྱིངས་དོ༷ན་ད༷མ་དེ་ཉིད་ཡེ་གདོད་མ་ནས་རང་བཞིན་གྱིརྣམ་པར་དག་ཅིང་གློ་བུར་གྱི་དྲི་ མས་མ་བསླད་པར་ཉེ་བར་ཞི་བས་མྱ༷་ང༷ན་ལས་འད༷ས་པ་ཡིན་པའི་རྒྱུ་མཚན་དེ༷འི་ཕྱི༷ར་ན་ དཔེར་ཉི༷་མ་དང་འོད་ཟེར་བཞིན་དོན་དམ་པའི་སྟོབས་བཅུ་སོགས་ཡོ༷ན་ཏན་མཐའ་ཡས་པ་ 2-1-46 དང་གདོད་ནས་དབྱེ༷ར་མེ༷ད་རང་བྱུང་དུ་གྲུབ་པ༷ས་ན་དེ་འདྲའི་རྫོགས་པའི་ས༷ངས་རྒྱས༷་དེ་ ཉི༷ད་ལས་མ་གཏོ༷གས་པའི་མྱ་ངན་ལས་འད༷ས་པ༷་མཚན་ཉིད་པ་གཞན་ག༷ང་ཡང་མེ༷ད་པར་ མདོའི་སྒྲས་ཟིན་ལྟར་ལེགས་པར་འགྲེལ་བའི་ཕྱིར། ཡང་ཁ་ཅིག་འདི་སྙམ་སྟེ། སྙིང་པོའི་མདོ་ སོགས་ལས་དཔེ་དགུས་གཤེགས་སྙིང་བསྟན་པ་ནི་སེམས་ཅན་རྣམས་ཀྱི་སེམས་བདེན་སྟོང་ མེད་དགག་ཙམ་དང་རྒྱས་འགྱུར་ཀྱི་ནུས་པ་ཙམ་ཁོ་ན་ལ་དགོངས་ནས་དགོས་དབང་གིས་དེ་ ལྟར་གསུངས་ཀྱི་དོན་གྱི་གནས་ཚོད་ལ་སེམས་ཅན་དག་གི་རྒྱུད་ལ་དོན་དམ་ཆོས་ཉིད་ཀྱི་ སངས་རྒྱས་དངོས་ཡོད་པ་སེམས་ལ་ཤོང་དཀའ་བས་དེ་ལུགས་ལྟར་ཚད་མས་མ་གྲུབ་པར་ བསམ་ནས་མདོ་དེ་དག་གི་སྒྲས་ཟིན་ཇི་བཞིན་མ་ཡིན་པའི་དྲང་དོན་དགོངས་པ་ཅན་ནོ་ཞེ་ན། འདིའི་ཚུལ་ཡང་རྒྱལ་ཚབ་མི་ཕམ་པས་སྙིང་པོའི་མདོ་སོགས་ཀྱི་དགོངས་པ་འགྲེལ་ལུགས་ ཀྱང་དཔེ་དགུའི་བསྟན་བྱ་ངོས་འཛིན་སྐབས་དང་པོ་དཔེ་གསུམ་གྱིས་སངས་རྒྱས་ཀྱི་ཆོས་སྐུ་ དང་བར་བ་དཔེ་གཅིག་གིས་གནས་ལུགས་དེ་བཞིན་ཉིད་དང་ཐ་མ་དཔེ་ལྔས་སྐུ་གསུམ་ མངོན་དུ་འགྱུར་རུང་གི་དོན་དམ་ཆོས་དབྱིངས་དང་རྣམ་དཀར་རྒྱས་འགྱུར་གྱི་རིགས་ལེགས་ པར་བསྟན་པའི་ཚུལ་རྒྱལ་བའི་དགོངས་པ་བཞིན་འགྲེལ་བར་མཛད་པ་ཡིན་ཏེ། རྒྱལ་ཚབ་ མཆོག་གིས་མཛད་པའི་འཁོར་ལོ་ཐ་མའི་དགོངས་འགྲེལ་རྒྱུད་བླ་མ་ལས། འདི་ཡི་རང་ བཞིན་ཆོས་སྐུ་དང༌། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས། མདོ་ལས་གསུངས་པའི་གཤེགས་སྙིང་གི་དཔེ་དགུ་ པོ་དེས་དེ་བཞིན་གཤེགས་པའི་སྙིང་པོ་འདི༷་ཡི༷་ཡིན་ལུགས་དང་མི་གཉིས་པའི་བདག་ཉིད་ ར༷ང་བཞི༷ན་ཆོས་ཀྱི་སྐུ་ད༷ང་གནས་ལུགས་དེ༷་བཞི༷ན་ཉི༷ད་དང་སྐུ་གསུམ་མངོན་དུ་འགྱུར་རུང་ གི་རིགས་ཀྱི་ངོ་བོ་དང་བཅས་པའི་རང་བཞིན་གྱི་ཆོས་ཚུལ་ཡ༷ང་བསྟན་པས་མདོར་ན་བརྗོད་ བྱ་གསུམ་སྟེ། བསྟན་པར་བྱ་བའི་དོན་ནི་དེ་དག་ཡིན་ལ། སྟོན་བྱེད་ཀྱི་དཔེ་གང་དང་གང་ཞེ་ 2-1-47 ན་སྐབས་འདིའི་གོ་རིམ་དེ༷་ནི༷་དང་པོ་སངས་རྒྱས་ཀྱི་སྐུ་གཟུགས་དང་སྦྲང་རྩི་དང་འབྲས་བུའི་ སྙིང་པོའི་དཔེ་གསུམ་གྱིས་གཞི་དབྱིངས་དེ་བཞིན་གཤེགས་པའི་ཆོས་སྐུ་ཉིད་དུ་བསྟན་ལ། བར་བ་གསེར་གྱི་དཔེ་གཅིག་གིས་ནི་གནས་ལུགས་མཐར་ཐུག་དེ་བཞིན་ཉིད་དུ་བསྟན་ཅིང༌། ཐ་མའི་དཔེ་ལྔ་ལས་དང་པོ་གཏེར་གྱི་དཔེས་ནི་རང་བཞིན་དུ་གནས་པའི་ཆོས་ཀྱི་དབྱིངས་ རྣམ་པར་དག་པའི་རིགས་དང༌། གཉིས་པ་ཤིང་ལྗོན་པའི་དཔེ་དེ་གསར་ཏུ་ཡང་དག་པར་ བླངས་པ་ལས་བྱུང་པའི་དགེ་བ་ཐར་བའི་ཆ་དང་མཐུན་པས་མཆོག་ཏུ་རྒྱས་འགྱུར་གྱི་རིགས་ དང་དེ་འདྲའི་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་དེ་གཉིས་ལས་ནི་རིམ་ པར་དྲི་མ་སྦྱངས་ཚེ་དོན་དམ་པའི་ངོ་བོ་ཉིད་སྐུ་དང་གཞན་ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་ རྣམས་ཇི་བཞིན་མངོན་དུ་གྱུར་འོང་བ་ཡིན་པས་ཚུལ་དེ་ལུགས་ལྟར་གྱི་དཔེ་ལྷག་མ་རིན་པོ་ ཆེའི་སྐུ་གཟུགས་ཀྱིས་དོན་དམ་ངོ་བོ་ཉིད་ཀྱི་སྐུ་དང༌། འཁོར་ལོས་བསྒྱུར་བས་ལོངས་སྤྱོད་ རྫོགས་པའི་སྐུ་དང༌། གསེར་གཟུགས་ཀྱིས་སྤྲུལ་པའི་སྐུ་དཔེ་ཅན་བརྗོད་བྱའི་དོན་དུ་བྱས་ཏེ་ ལེགས་པར་བསྟན་པ་ཡིན་པས་དེ་ལུགས་བཞིན་མདོ་ལས་གསུངས་པའི་དཔེ༷་དང་པོ་གསུ༷མ་ དང་བར་པ་གཅིག་ད༷ང་ནི༷་ཐ་མ་ལྔརྣམས་ཀྱི༷ས་ནི༷་སྟོན་ཚུལ་ཤེ༷ས་པ༷ར་བྱ༷འོ། །ཞེས་མདོའི་ ཚིག་སྒྲ་ཇི་བཞིན་པར་བྱས་ནས་གཞི་དུས་སུ་སྐུ་གསུམ་གྱི་བདག་ཉིད་གཞི་དབྱིངས་ཀྱི་ཚུལ་ ལེགས་པར་གསུངས་པས་ཀྱང་དོན་དམ་ཆོས་ཉིད་ཀྱི་ཁམས་ཅང་མེད་སྟོང་རྐྱང་ཙམ་དུ་མ་ ཟད་པར་སྟོང་གཞི་རྣམ་པ་ཐམས་ཅད་པའི་ཡིན་ལུགས་སུ་ཡོད་པ་ལ་ཆེས་ངེས་པ་གསལ་ བོར་འདྲོངས་ཤིན་ཏུ་ནུས་པའི་ཕྱིར། དེལྟ་བུའི་གཞི་ལ་འབྲས་བུ་དང་གཉིས་སུ་མེད་པར་ གདོད་ནས་བཞུགས་པའི་དོན་དམ་ཆོས་ཀྱི་སྐུ་གཅིག་པུ་དེ། ཆོས་ཅན། ཁྱོད་བརྟན་གཡོ་སྲིད་ ཞི་ཀུན་ལ་ཆ་མེད་ཀུན་འགྲོའི་ཚུལ་དུ་ཁྱབ་པའི་ཆོས་ཉིད་ཀྱི་གཞི་དབྱིངས་ཆེན་པོ་ཉག་ གཅིག་ཡིན་ཏེ། ཆོས་ཀྱི་དབྱིངས་དེ་ཤེས་བྱ་ཀུན་ལ་ཉེ་རིང་མེད་པར་ཁྱབ་པའི་ཆོས་ཉིད་ 2-1-48 གཅིག་པུར་ངེས་པའི་ཕྱིར་དང༌། སྤྱིར་ནའང་ཆོས་ཐམས་ཅད་ཀྱི་གཤིས་གནས་ལུགས་ཀྱི་ ཚུལ་དོན་དམ་དབྱིངས་གཉིས་སུ་འགྱུར་བ་མེད་པའི་བདག་ཉིད་གཅིག་པའི་ཕྱིར་དང༌། སེམས་ཀྱི་སྣང་ཆ་ཁོ་ན་ལས་གཞན་པའི་ཕྱི་རོལ་གྱི་དོན་མ་གྲུབ་པའི་ཕྱིར་དང༌། དེ་འདྲའི་ ཆོས་ཅན་སེམས་ཀྱི་རང་བཞིན་དུ་ཆོས་ཉིད་འོད་གསལ་བ་ཆ་མེད་གཅིག་གིས་ཁྱབ་པའི་ཕྱིར་ རོ། །རྟགས་དང་པོ་གྲུབ་སྟེ། སྲིད་ཚད་ཀྱི་ཤེས་པར་བྱ་བ་ལ་དོན་དམ་པའི་བདེན་པ་ནི་གནས་ ལུགས་རང་གི་གཤིས་ལས་མ་འདས་ཤིང་ཀུན་རྫོབ་ཀྱི་རྣམ་པ་མཐའ་དག་གི་རང་བཞིན་གྱི་ གནས་ལུགས་སམ་ཆོས་ཉིད་ཀྱང་དོན་དམ་ཆོས་དབྱིངས་དེ་ཉིད་ལས་གཉིས་སུ་མ་དམིགས་ པའི་ཕྱིར། གཉིས་པ་གྲུབ་སྟེ། ཆོས་ཉིད་དོན་དམ་པའི་གཤིས་ལུགས་རང་ཉིད་ཀྱི་ངོ་བོ་ཡེ་ ནས་གཅིག་ཏུ་བདེན་པ་དང་ཀུན་རྫོབ་པ་རྣམས་ཀྱང་རང་རང་གི་ངོ་བོ་མེད་པར་དོན་དམ་ པའི་གཤིས་དེ་ཉིད་ལས་ཤར་ཙམ་དུ་ཟད་པའི་ཕྱིར། གསུམ་པ་གྲུབ་སྟེ། གང་དུ་སྣང་བ་འདི་ དག་ཐམས་ཅད་ནི་ནང་ཤེས་པའི་སྣང་ཆར་ཤར་ཙམ་ལས་ཕྱི་དོན་དུ་གྲུབ་པ་ནི་དངོས་གཅིག་ ཡིད་ཐ་དད་པའི་རིགས་པ་སོགས་རིགས་པ་ཡང་དག་གིས་ལེགས་པར་ཁེགས་པའི་ཕྱིར། བཞི་པ་གྲུབ་སྟེ། དེ་འདྲའི་རྣམ་ཤེས་ཀྱི་སྣང་བ་གང་དག་གི་འཆར་གཞི་དངོས་ནི་རྩ་བའི་ཀུན་ གཞིའི་རྣམ་པར་ཤེས་པ་དང་དེའི་ཡང་ཕུགས་ཀྱི་འཆར་གཞི་གནས་ལུགས་མཐར་ཐུག་པ་ནི་ རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་རང་བྱུང་འདུས་མ་བྱས་པའི་དབྱིངས་ཉག་གཅིག་ ཏུ་རྣམ་པར་ངེས་པའི་ཕྱིར་རོ། །འཁོར་འདས་ཀྱི་དྭངས་མ་སྲོག་གི་བཅུད་ཆེན་པོ་ཡེ་གཞི་ མཆོག་གི་དབྱིངས་ཆོས་སྐུ་དེ་འདྲ་དེ་རྟོགས་པའི་ཚུལ་ཇིལྟར་ཞེ་ན། དེ་ཡང་རྟོགས་ཚུལ་འདྲ་ མིན་འདི་ལྟར་ཡོད་དེ། འཁོར་བའི་སེམས་ཅན་རང་ག་བ་དག་གིས་ནི་མཐོང་ཞིང་རྟོགས་པར་ མི་འགྱུར་ཡང་ལམ་ལ་སློབ་པ་ཉན་ཐོས་སོགས་ཀྱིས་དད་པས་རྟོགས་པར་བྱ་བ་ཙམ་དང༌། ཐེག་ཆེན་ས་བདུན་པ་བ་མན་ཆད་ཀྱིས་ནི་མངོན་སུམ་ཇི་བཞིན་མི་རྟོགས་ཀྱང་དཔེར་ན་བང་ 2-1-49 མཛོད་ཀྱི་ནང་གི་ནོར་བུ་བཞིན་ཕྱོགས་མགོ་ཐིངས་པ་ཙམ་དུ་མཐོང་ལ། དག་ས་ལ་གནས་པ་ དག་གིས་ཟུར་ཙམ་འོལ་སྤྱི་ཙམ་མཐོང་བ་ཡིན་ལ། དེ་བཞིན་གཤེགས་པས་ནི་ཆོས་ཀྱི་གནས་ ལུགས་མཐའ་དག་མ་ཚང་བ་མེད་པར་ཇི་བཞིན་གཟིགས་པ་ཡིན་པས་རྟོགས་ཚུལ་མཐོ་ དམན་གྱི་རིམ་པ་དེ་ལྟར་དུ་གནས་པའི་ཕྱིར། དེ་འདྲའི་རྟོགས་བྱའི་ཆོས་ཀྱི་དབྱིངས་ཀྱི་ གནས་ལུགས་དེ་དགག་བྱ་སྤྲོས་པ་བཀག་ཕྱོགས་ནས་མེད་དགག་ཡིན་ཡང་རྟོག་བློའི་ངོའི་ ཅང་མེད་ཙམ་དུ་ཟད་པ་དེ་ཡིན་མི་དགོས་ཏེ། འདིའི་དགག་བྱ་བཀག་ཕྱོགས་ནི་འཕགས་ པའི་མཉམ་བཞག་གི་སྤྱོད་ཡུལ་དུ་སྤྲོས་པ་མཐའ་དག་ཟད་སོང་བའི་དབྱིངས་དེ་ཡིན་པས་ རྟོག་བློ་སྤྱི་སྣང་གི་ངོར་ཤར་བའི་ཅང་མེད་སྟོང་རྐྱང་ཙམ་དེ་དང་གནམ་ས་བཞིན་ཁྱད་ཆེན་པོ་ ཡོད་པའི་ཕྱིར། དབྱིངས་ཀྱི་གནས་ལུགས་དེ་སྟོང་གཞི་དོན་དམ་པའི་རྣམ་པ་ཐམས་ཅད་པའི་ ཆ་ནས་མ་ཡིན་དགག་ཡིན་ཡང་སྒྲ་རྟོག་གིས་བརྗོད་འཛིན་གྱིས་མཚན་མར་དམིགས་ཞེན་ ལྟར་དེ་ཡིན་མི་དགོས་ཏེ། དོན་དམ་རྣམ་པ་ཐམས་ཅད་པ་དེ་འཕགས་པའི་མཉམ་བཞག་ གིས་གཟིགས་ཚུལ་ལྟར་དུ་ཡིན་ལུགས་འཇོག་པ་གང་ཞིག་དེའི་ངོར་རྟོག་བློ་ལྟར་དགག་བྱ་ ཞིག་བཀག་ཤུལ་དུ་ཚུར་བསྒྲུབས་ནས་འཛིན་པའི་མཚན་འཛིན་མཐའ་དག་གཤིས་ནས་ ཡོངས་སུ་དྭངས་པའི་ཕྱིར། ཡེ་གཞི་ཆོས་དབྱིངས་ཉིད་རང་ལུགས་ལ་རྟེན་འབྲེལ་དུ་འཇོག་པ་ མ་ཡིན་ཏེ། དབྱིངས་དེ་སྒྲ་རྟོག་གི་ངོ་ཙམ་དུ་ཕན་ཚུན་ལྟོས་གྲུབ་ཀྱི་རྟེན་འབྲེལ་དུ་འཆར་ རིགས་ཀྱང་དོན་དམ་གཉིས་མེད་ཡེ་ཤེས་ཀྱི་ངོར་ནི་ཀུན་རྫོབ་ལྟོས་གྲུབ་ཀྱི་མཚན་མ་སོགས་ སྤྲོས་པ་མཐའ་དག་དང་ལེགས་པར་བྲལ་བའི་ཕྱིར། དེ་སྐབས་འདིར་ཁམས་དང་སྐྱེ་མཆེད་ དུ་འཇོག་པའང་མ་ཡིན་ཏེ། གཞི་དབྱིངས་ཆོས་ཉིད་དེ་ཐུན་མོང་སྒྲ་རྟོག་གིས་ཐ་སྙད་འཇོག་ ཚུལ་ལ་ལྟོས་ན་ཁམས་དང་སྐྱེ་མཆེད་དུ་བཞག་ནས་དེར་བསྡུ་བ་ཡོད་ཀྱང་ཐུན་མིན་ཡེ་ཤེས་ མཆོག་གིས་གཟིགས་ཚུལ་ལྟར་ན་སྤྲོས་པ་དེ་གང་གིས་ནམ་ཡང་མ་གོས་པ་ཆེས་འཐད་པའི་ 2-1-50 ཕྱིར། དེ་རྟག་པ་ཉིད་དུ་གྲུབ་སྟེ། དབྱིངས་ཀྱི་ཡེ་ཤེས་ཀུན་རྫོབ་ཐ་སྙད་ཀྱི་བློས་གཞལ་ན་སྐད་ ཅིག་དུ་མའི་སྐྱེ་འགག་གི་ཕྲེང་བ་ཅན་དུ་བློ་དེའི་ངོ་ཙམ་དུ་གྲུབ་ཀྱང་གཉིས་མེད་ཡེ་ཤེས་སྤྲོས་ པ་ཀུན་བྲལ་གྱི་གཟིགས་ངོར་ནི་རང་བྱུང་སྐད་ཅིག་གཅིག་པ་དོན་དམ་གྱི་རྣམ་པ་ཐམས་ཅད་ པ་སྐྱེ་འགག་གི་སྤྲོས་མཚན་གང་ཡང་མེད་པ་ནམ་ཡང་མི་འགྱུར་བའི་ཡེ་གཞི་རྟག་པ་ཉིད་དུ་ ངེས་པར་གྲུབ་པའི་ཕྱིར། དེ་འདུས་མ་བྱས་ཡིན་ཏེ། དབྱིངས་གདོད་མའི་གནས་ལུགས་ཉིད་ རྟོག་བློའི་འཆར་ཚུལ་ལ་གསར་གྲུབ་འདུས་བྱས་ཀྱི་སྣང་བ་ཡོད་རུང་ཡང་སོ་སོར་རང་རིག་ ཡེ་ཤེས་མཆོག་ལ་ནི་གདོད་ནས་ཡེ་གཞི་རང་བྱུང་གི་ངོ་བོ་རྣམ་ཀུན་པ་དེ་རྒྱུརྐྱེན་སྤྲོས་པ་གང་ གིས་ཀྱང་མ་གོས་པ་ཁོ་ནར་གཟིགས་པའི་ཕྱིར། དེ་དངོས་པོ་དངོས་མེད་གང་ཡང་མ་ཡིན་ཏེ། གཞི་དབྱིངས་ཉིད་ཐ་སྙད་བློས་དངོས་པོ་དང་དངོས་མེད་གང་ཡིན་བརྟགས་ན་དེ་གཉིས་གང་ རུང་ལས་མ་འདས་པར་སྣང་ཡང་གཉིས་མེད་ཡེ་ཤེས་དམ་པའི་གཟིགས་སྒོ་ལ་ནིརྫས་ཀྱི་ དངོས་པོ་དངོས་མེད་གང་གི་སྤྲོས་པ་དང་ཡང་རྣམ་པར་བྲལ་བའིཕྱིར་ཏེ། དེའི་གཟིགས་ངོར་ དོན་དམ་སྤྲོས་མེད་ཀྱི་དབྱིངས་འབའ་ཞིག་ཏུ་ངེས་པར་གཟིགས་པའི་ཕྱིར་རོ། །གཞི་དབྱིངས་ དེ་ལྟ་བུ་དེ་ཆོས་ཉིད་ཀྱི་ཚུལ་དུ་ཡེ་གཞི་ཆ་མེད་ཀུན་འགྲོའི་བདག་ཉིད་ཀྱིས་ཆོས་ཅན་མཐའ་ དག་ལ་མཉམ་པོར་ཁྱབ་པ་ཡིན་ཏེ། ཀུན་རྫོབ་ཀྱི་རྣམ་པ་གང་དག་ནི་མི་འདྲ་བ་སྣ་ཚོགས་ པའི་མཚན་མ་སོ་སོར་འཛིན་པ་བདེན་མེད་སྒྱུ་མ་ལྟ་བུའི་སྣང་ཙམ་དུ་ཤར་བ་ཡིན་ལ། གནས་ ལུགས་དོན་དམ་ནི་ཀུན་ནས་རྣམ་པ་ཐམས་ཅད་པ་ཞེས་པ་ཆ་གང་ལྟར་ཡང་རྣམ་ཀུན་ཡོངས་ སུ་རྫོགས་པ་འབའ་ཞིག་ལས་སོ་སོར་ཕྱེ་བ་ཅུང་ཟད་ཀྱང་དམིགས་སུ་མེད་པའི་གཞི་དབྱིངས་ ཉག་མ་གཅིག་ཏུ་གདོད་ནས་རང་བྱུང་དུ་ངེས་ཤིང་དེ་འདྲའི་ཆོས་ཉིད་གཅིག་པུ་དེས་ཆོས་ ཅན་མ་ལུས་ཤིང་ལུས་པ་མེད་པ་དེ་དག་ལ་ཉེ་རིང་མེད་པར་རྗེས་སུ་ཞུགས་ནས་གཤིས་ཀྱི་ གནས་ལུགས་གཉིས་མེད་ཡེ་ཤེས་ཆེན་པོ་གཅིག་ཏུ་ཡང་ངེས་པའི་ཕྱིར། དེས་ན་དེ་བཞིན་ 2-1-51 གཤེགས་པའི་སྙིང་པོར་གྱུར་བའི་ངེས་དོན་གྱི་གཞི་དབྱིངས་དེ་ནི་བརྟན་པ་སྣོད་དང་གཡོ་བ་ བཅུད་དུ་གཏོགས་པ་ཀུན་གྱི་རང་བཞིན་ཆོས་ཉིད་མཆོག་གི་དྭངས་བཅུད་ཀྱི་སྲོག་དང་ མགོན་དུ་ལེགས་པར་བཞུགས་པ་ཡིན་ནོ། ། ༥ རང་བཞིན་གནས་རིགས་དང་དོན་གཅིག་ཡིན་ཚུལ། ལྔ་པ་དེ་ཉིད་རང་བཞིན་གནས་རིགས་དང་དོན་གཅིག་པ་ཡིན་ཚུལ་ལ། ལུང་རིགས་ གཉིས་ལས། དང་པོ་ནི་དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་གཞི་ དབྱིངས་དེ་ག་ཉིད་ནི་སེམས་ཅན་དག་གི་ཡིད་ནང་དུ་རང་བཞིན་གྱིས་གནས་པའི་རིགས་ སུ་སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ་ཡང་ཇི་ལྟར་རྡོ་ཡི་ཕྱེ་མའི་ནང་དུ་ས་ལེ་སྦྲམ་གནས་པ་ བཞིན་འཇིག་རྟེན་པ་དག་གི་དྲི་བཅས་ཀྱི་རྣམ་པར་ཤེས་པ་གློ་བུར་བའི་སྦུབས་སུ་དེ་བཞིན་ གཤེགས་པའི་རིགས་དོན་དམ་པའི་སངས་རྒྱས་དངོས་བཞུགས་པ་དེ་ས་ལེ་སྦྲམ་ལ་ལེགས་ སྦྱངས་ཀྱི་བྱ་བ་ལྟར་སེམས་ཀྱི་སྙིང་པོ་མངོན་དུ་བྱ་བའི་ཐབས་བྱས་ན་ཇི་བཞིན་མངོན་དུ་ གྱུར་འོང་བའི་ཚུལ་ཆེས་གསལ་བར་མཛད་པ་འདི་ལྟར་ཡིན་ཏེ། བཀའ་ལས། ཇི་ལྟར་རྡོ་ཡི་ ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་བ། །ཡོངས་སུ་སྦྱངས་པས་དེ་མཐོང་བཞིན། །འཇིག་རྟེན་ ལ་ནི་དེ་བཞིན་གཤེགས། །ཞེས་སོགས་གསུངས་པའི་ཕྱིར། ཡང་རྒྱལ་བ་ཉིད་ཀྱིས་སེམས་ ཅན་དག་ལ་འཁོར་བའི་ཐོག་མ་མེད་ཀྱང་ཐ་མ་ལྡན་པའི་གནད་དོན་གང་ལ་ཐུག་ན་ཇི་ལྟར་ འཇིམ་པས་གཡོགས་པའི་གསེར་གཟུགས་ལྟར་སེམས་ཅན་གྱི་སེམས་ནང་ན་རང་བཞིན་ གྱིས་རྣམ་པར་དག་ཅིང་འོད་གསལ་བའི་རང་བྱུང་ཡེ་ཤེས་རྟག་པའི་བདག་ཉིད་ཅན་ཐོག་ མེད་ནས་གློ་བུར་དྲི་མའི་སྦུབས་སུ་ཇི་བཞིན་མི་གསལ་བར་བསྒྲིབས་ཕྱིར་འགྲོ་བ་འཁྲུལ་ སྣང་ཅན་དག་གིས་མི་མཐོང་བ་མ་གཏོགས་དོན་ལ་འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན་ཤ་ 2-1-52 སྟག་མ་ཡིན་པ་གཅིག་ཀྱང་མེད་པས་འགྲོ་བ་མཐའ་དག་འཁོར་བ་མཐའ་ཅན་དུ་ངེས་སོ་ཞེས་ གསུངས་པ་ཡིན་ཏེ། བཀའ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་ དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །ཇི་ལྟར་ གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་སོགས་གསུངས་པའི་ཕྱིར། མདོ་དེ་དག་ གི་དགོངས་པའི་སངས་རྒྱས་ཀྱི་རིགས་ཞེས་པའང་སེམས་ཀྱི་རང་བཞིན་ཅང་མེད་དང་རྗེས་ ནས་འབྱུང་རུང་གི་ནུས་པ་ཙམ་གོ་ཅི་ཡང་མི་ཆོད་པ་དེ་ཙམ་ལ་བྱེད་པ་མ་ཡིན་པར་སེམས་ ཅན་དག་གི་སེམས་གཤིས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀུན་ལ་ཁྱད་མེད་དུ་བཞུགས་པ་རང་ བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པ་དངོས་ཉིད་ལ་བྱེད་པས་འགྲོ་ཀུན་སྙིང་ པོ་ཅན་དུ་རྒྱལ་ཚབ་མཆོག་གིས་མདོའི་དགོངས་འགྲེལ་གྱི་ཚུལ་དུ་གསུངས་པའང་འདི་ལྟར་ ཡིན་པ་སྟེ། ཇི་སྐད་དུ། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པའི་དོན་ དུའང་གནས་པའི་ཕྱིར། གཉིས་པ་ནི། དེ་བཞིན་གཤེགས་པའི་སྙིང་པོ། ཆོས་ཅན། ཁྱོད་ ལ་རང་བཞིན་གནས་རིགས་སུ་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་གདོད་མ་ནས་དོན་དམ་ པའི་སངས་རྒྱས་དངོས་ཀྱི་རང་བཞིན་དུ་ཇི་བཞིན་གནས་པའི་དེ་བཞིན་གཤེགས་དངོས་ ཀྱི་རིགས་ཡིན་པའི་ཕྱིར། དེར་ཐལ། གཞི་དབྱིངས་དེ་ཉིད་གཞི་འཁོར་བའི་སྐབས་སུའང་ དོན་དམ་པའི་རང་བྱུང་སངས་རྒྱས་དངོས་མཚན་དཔེ་གསལ་རྫོགས་ཀྱི་ངོ་བོར་ལེགས་པར་ གདོད་ནས་བཞུགས་པ་ཡིན་གྱི་སངས་རྒྱས་རིགས་འདྲ་རྗེས་མཐུན་པ་ཙམ་ལ་གོ་གཏན་ནས་ མི་རུང་བའི་ཕྱིར། དེར་ཐལ། གནས་ལུགས་དོན་གྱི་སངས་རྒྱས་གཞི་འབྲས་དབྱེར་མེད་ཀྱི་ ངོ་བོ་སྔར་གཞི་དུས་ཇི་ལྟ་བ་ཕྱིས་འབྲས་བུའི་དུས་སྐབས་ཀྱང་དེ་ཁོ་ན་ལྟར་ལས་ནམ་ཡང་ འགྱུར་མ་མྱོང་བའི་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར། གཞན་ཡང་ཆོས་དབྱིངས་གཤེགས་ 2-1-53 སྙིང་མཆོག་དེ། ཆོས་ཅན། རང་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་གཞི་དུས་ནས་རང་ བྱུང་གི་ངོ་བོ་དུས་ནམ་ཡང་རྟག་པའི་བདག་ཉིད་དུ་ངེས་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཐོག་མ་ མེད་པའི་དུས་ནས་རང་བྱུང་གི་ཡེ་ཤེས་རང་རིག་རང་གསལ་གྱི་བདག་ཉིད་དུ་ནམ་ཡང་ཉེས་ སྐྱོན་གང་གིས་ཀྱང་གོས་མ་མྱོང་བར་རང་ཆས་སུ་ཡོད་པ་གང་ཞིགདེ་ཐོག་མ་དང་ཐ་མ་མེད་ པའི་བར་དུ་ནམ་ཡང་འཕོ་འགྱུར་མི་མངའ་བའི་བདག་ཉིད་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སེམས་ཅན་ནས་སངས་རྒྱས་ཀྱི་བར་གྱི་སྤྱི་ནོར་ངེས་པ་དོན་གྱི་ཆོས་སྐུ་གཉིས་མེད་ཡེ་ཤེས་ ཆེན་པོ་ཐོག་མཐའ་དང་བྲལ་བའི་རང་བཞིན་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཐོག་མཐའ་ མེད་པའི་ཀུན་ཁྱབ་ཡེ་ཤེས་གཅིག་པུ་དེ་འདྲ་ནི་ནམ་དུ་ཡང་ཐེར་ཟུག་པའི་ངོ་བོ་ལས་གཞན་ དུ་འགྱུར་མི་སྲིད་པའི་ཕྱིར་རོ། ། ༦ དོན་དམ་ཆོས་སྐུའི་གནས་སྐབས་གསུམ་དུ་བཞུགས་ཚུལ། དྲུག་པ་དེ་ཉིད་དོན་དམ་ཆོས་སྐུའི་གནས་སྐབས་གསུམ་དུ་བཞུགས་ཚུལ་ལ། ལུང་ རིགས་གཉིས་ལས། དང་པོ་ནི། སྤྱིར་ན་དཔེ་ནམ་མཁའ་གཟུགས་སུ་སྣང་བ་ཐམས་ཅད་དུ་ ཞུགས་པ་བཞིན་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་ཐམས་ཅད་ལ་ཀུན་དུ་ཞུགས་ པའི་སྒོ་ནས་ཁྱབ་ཚུལ་རྒྱལ་བ་ཉིད་ཀྱིས་བཀའ་བསྩལ་པ་ཡིན་ཏེ། གསང་བ་བསམ་མི་ཁྱབ་ པའི་མདོ་ལས། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་ སེམས་ཅན་དུ་སྣང་བ་ཐམས་ཅད་དུ་རབ་ཏུ་ཞུགས་པའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ ན་ནམ་མཁའི་ནང་དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ། །ཞི་བའི་བློ་གྲོས་དེ་ བཞིན་དུ་དེ་བཞིན་གཤེགས་པའི་སྐུའི་ནང་དུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་འདུས་ 2-1-54 སོ། །ཞེས་གསུངས་པའི་ཕྱིར། མདོ་དེའི་དགོངས་དོན་མི་ཕམ་པས་ཀྱང་ཇི་ལྟར་རྟོག་མེད་ ནམ་མཁའ་གཟུགས་ཅན་མཐའ་དག་ལ་རྗེས་སུ་སོང་བ་ལྟར་སེམས་ཅན་དག་གི་སེམས་ཀྱི་ རང་བཞིན་དུ་དྲི་མེད་དབྱིངས་དེ་ཡང་རྗེས་སུ་སོང་ཞིང་དེ་སྤྱིའི་མཚན་ཉིད་འཁོར་འདས་ཀུན་ ལ་ཁྱབ་པར་བཞུགས་པ་ནི་དཔེར་ན་གཟུགས་ཀྱི་རྣམ་པ་དམན་པར་མཆོག་གསུམ་ལ་ནམ་ མཁས་ཇི་ལྟར་ཁྱབ་པ་བཞིན་ཡིན་པར་གསུངས་ཏེ། དགོངས་འགྲེལ་རྒྱུད་བླ་མ་ལས། ཇི་ ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་ དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །དེ་སྤྱིའི་མཚན་ཉིད་ཉེས་པ་དང༌། །ཡོན་ ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང༌། །བར་མ་མཆོག་ལ་ནམ་ མཁའ་བཞིན། །ཞེས་པ་ལྟར་གྱི་དགོངས་འགྲེལ་རྒྱལ་ཚབ་ཀྱིས་མཛད་པའི་ཕྱིར། ཁྱད་པར་ གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་དེ་ཉིད་གཞི་འཁོར་བའི་གནས་སྐབས་དང་ལམ་བྱང་ཆུབ་ སེམས་དཔའི་གནས་སྐབས་དང་འབྲས་བུ་སངས་རྒྱས་ཀྱི་གནས་སྐབས་གསུམ་གྱི་སྒོ་ནས་ ཐ་དད་པ་གསུམ་དུ་དབྱེ་བ་ཙམ་ལས་དོན་ལ་གཞིའི་ཆོས་སྐུ་གཅིག་ཉིད་ལས་གཞན་དུ་མེད་ ཚུལ་རྒྱལ་བ་མཆོག་གིས་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་ མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ། འཁོར་བའི་རྒྱུན་གྱིས་ཁྱེར་བ་ཐོག་ མ་དང་ཐ་མ་མེད་པའི་འཁོར་བའི་འཁོར་བར་འཆི་བ་དང་སྐྱེ་བ་དག་ཏུ་འཁོར་བ་ནི་སེམས་ ཅན་གྱི་ཁམས་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ ལ་སྐྱོ་བར་གྱུར་བ་འདོད་པའི་ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ། ཕ་རོལ་ཏུ་ཕྱིན་ པ་བཅུའི་ཁོངས་སུ་གཏོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བྱང་ཆུབ་ཀྱི་དོན་དུ་ སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་ མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ། སྡུག་བསྔལ་ཐམས་ཅད་ལས་འདས་ 2-1-55 པ། ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ་དག་པ། རྣམ་པར་དག་པ། མཆོག་ ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་བྱ་བའི་ ས་ལ་བཞུགས་པ། ཤེས་བྱའི་ས་ཐམས་ཅད་ལ་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ་ སྒྲིབ་པ་མེད་པའི་ཆོས་ཅན། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་ པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་ དོ། །ཞེས་སོགས་ཀྱིས་གསལ་བར་བསྟན་པ་ལྟར་ཡིན་པའི་ཕྱིར། དེའི་དགོངས་པ་རྒྱལ་ཚབ་ མཆོག་གིས་ཀྱང་མ་དག་པ་སེམས་ཅན་གྱི་གནས་སྐབས་དང་མ་དག་དག་པ་བྱང་ཆུབ་སེམས་ དཔའི་གནས་སྐབས་དང་ཤིན་ཏུ་རྣམ་དག་དེ་བཞིན་གཤེགས་པའི་གནས་སྐབས་དང་གསུམ་ གྱིས་དབྱེ་ཚུལ་ཙམ་ལས་དོན་ལ་ཆོས་སྐུ་གཅིག་ཚུལ་ཡང་དེལྟར་དུ་མཛད་དེ། དགོངས་ འགྲེལ་མཆོག་ལས་ཀྱང༌། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་པ་ ལྟར་དུ་བསྡུས་འགྲེལ་མཛད་པའི་ཕྱིར། གཉིས་པ་ནི། གཤེགས་སྙིང་དང་དོན་གཅིག་པའི་ཆོས་སྐུ་ཆེན་པོ། ཆོས་ཅན། ཁྱོད་ སྤྲོས་བྲལ་ཆོས་དབྱིངས་ཀྱི་ངོ་བོར་དེ་བཞིན་གཤེགས་པ་དེ་སེམས་ཅན་ཀུན་ལ་ཁྱབ་པའི་ ཚུལ་ཡོད་དེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་དུ་སྤྲོས་པ་ཀུན་བྲལ་གྱི་ཆོས་ དབྱིངས་བཞུགས་པ་མ་ཟད་བརྟན་པ་སྣོད་དང་འཁོར་འདས་སྤྱིའི་དྭངས་བཅུད་དུ་ཡང་ དབྱིངས་དེ་ག་ཆ་མེད་གཅིག་པུ་ཉིད་དུ་གཤིས་ལུགས་སུ་ཇི་ལྟ་བ་བཞིན་ངེས་པའི་ཕྱིར། དེ་ འདྲའི་ཡེ་གཞི་ཆོས་སྐུ་དེ། ཆོས་ཅན། འགྲོ་བ་བཟང་ངན་ཐམས་ཅད་ལ་ཉེ་རིང་མེད་པར་ཁྱད་ མེད་དུ་བཞུགས་པ་ཡིན་ཏེ། སེམས་ཅན་སངས་རྒྱས་དང་བཅས་པའི་སྤྱི་ནོར་ཆོས་སྐུ་ཀུན་ ཁྱབ་ཉག་གཅིག་ཡིན་པའི་ཕྱིར། དེ་ལྟ་བུའི་གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་ཉག་གཅིག་ 2-1-56 དེ། ཆོས་ཅན། གཞི་ལམ་འབྲས་བུའི་གནས་སྐབས་སོ་སོའི་སྣང་ཚུལ་ཙམ་ལས་དོན་ལ་ཆོས་ སྐུ་གཅིག་ལས་མེད་དེ། གཞིའི་ཆོས་སྐུ་གཅིག་ཉིད་འཁོར་བའི་གནས་སྐབས་ཀྱི་འགྲོ་བ་དག་ ལ་འཁྲུལ་སྣང་གིས་བསྒྲིབས་པའི་རྣམ་པ་དང༌། ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ དག་ལ་ལམ་གྱི་ཆོས་རང་རང་དང་འཚམ་པའི་རྣམ་པ་དང་འབྲས་བུ་མངོན་གྱུར་གྱི་དེ་བཞིན་ གཤེགས་པ་ལ་ཆོས་སྐུའི་རང་མདངས་གཞི་འབྲས་དབྱེར་མེད་ཀྱི་དོན་དམ་རྣམ་པ་ཐམས་ ཅད་པའི་ངོ་བོ་ཇི་བཞིན་པ་གཟིགས་ཚུལ་ཏེ་དེ་འདྲའི་ཆོས་སྐུ་མཐོང་ཚུལ་འདྲ་མིན་ཙམ་ལས་ གཤིས་ཀྱི་གནས་ལུགས་ཆོས་སྐུ་དངོས་ཀྱི་རང་མདངས་དེ་ཐོག་བར་མཐའ་གསུམ་དུ་གཅིག་ ཁོ་ན་ལས་བཟང་ངན་གྱི་འགྱུར་བག་མེད་པའི་ཡེ་གཞིའི་དབྱིངས་འབའ་ཞིག་ཏུ་ནམ་ཡང་མི་ འགྱུར་བའི་ཕྱིར་རོ། ། ༧ དེ་བཞིན་ཉིད་ཀྱི་གནས་སྐབས་གསུམ་དུ་བཞུགས་ཚུལ། བདུན་པ་དེ་ཉིད་དེ་བཞིན་ཉིད་ཀྱི་གནས་སྐབས་གསུམ་དུ་བཞུགས་ཚུལ་ལ། ལུང་ རིགས་གཉིས་ལས། དང་པོ་ནི་གོང་དུ་བཤད་པའི་ཆོས་སྐུ་ཇི་ལྟ་བ་བཞིན་དེ་དང་གནད་ གཅིག་པའི་གནས་ལུགས་དེ་བཞིན་ཉིད་ཀྱང་རྒྱལ་བས་ཡུམ་གསུམ་ལས་གནས་སྐབས་ཀྱི་ དབྱེ་བ་ཆོས་སྐུའི་སྐབས་ལྟར་རྒྱས་པར་གསུངས་པའི་ལུང་ནི་འདིར་མང་དོགས་པས་མ་སྤྲོས་ ལ། གཞན་ཡང་དེ་བཞིན་ཉིད་དེ་དུས་གསུམ་དང་ཐེག་དམན་ཉན་རང་སློབ་མི་སློབ་དང་ཐེག་ ཆེན་བྱང་སེམས་རྒྱལ་བ་དང་བཅས་པ་སོགས་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་གཤིས་གནས་ ལུགས་གཉིས་སུ་མེད་པའི་གཅིག་པ་དྲི་མེད་རྣམ་དག་ཏུ་རྒྱལ་བ་ཉིད་ཀྱིས་དཔལ་གྱི་མགུར་ ནས་ལེགས་གསུང་གནང་བ་ཡིན་ཏེ། ཡོན་ཏན་རིན་ཆེན་སྡུད་པར། འདས་པའི་དེ་བཞིན་ ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟ་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ 2-1-57 ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་ བྲག་མེད། །ཅེས་སོགས་རྒྱས་པར་གསུངས་པ་ཉིད་ཀྱི་ཕྱིར། དེའི་དགོངས་པ་རྒྱལ་ཚབ་ཀྱིས་ འབྲས་བུ་སངས་རྒྱས་ཀྱི་རང་བཞིན་དག་པའི་དེ་བཞིན་ཉིད་དེ་གཞི་འཁོར་བས་བསྡུས་པའི་ གཟུགས་ལ་སོགས་པའི་དག་པ་དེ་བཞིན་ཉིད་དུ་རྣམ་དབྱེ་མེད་པར་གཅིག་པས་དེ་གཉིས་ ཐ་དད་དུ་མཚན་འཛིན་གྱིས་གཅོད་མི་རུང་བའི་ཚུལ་གྱིས་བསྡུས་འགྲེལ་མཛད་པ་ཡིན་ཏེ། མངོན་རྒྱན་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་ གཉིས་ཐ་དད་མ་ཡིན་ཅིང༌། །དཔྱད་དུ་མེད་པས་དག་པར་བརྗོད། །ཅེས་སོགས་ལྟར་གྱི་ ལེགས་བསྡུས་བྱས་པ་ཉིད་ཀྱི་ཕྱིར། གཉིས་པ་ནི། གཞི་དབྱིངས་དེ་བཞིན་ཉིད་དེ། ཆོས་ཅན། ཁྱོད་བརྟན་གཡོ་འཁོར་འདས་ཀུན་གྱི་དག་པ་གཅིག་ཉིད་དུ་ངེས་ཏེ། །ཀུན་ཏུ་རྫོབ་པའི་རྣམ་ འགྱུར་ཇི་ལྟར་ངོམ་ཡང་གཞི་དབྱིངས་ཀྱི་རྣམ་པར་དག་པའི་དོན་དམ་ཆོས་ཉིད་དེ་གཅིག་ཏུ་ ངེས་པ་གང་ཞིགདེ་འདྲ་ལ་གཞན་སྣང་ངོར་གནས་སྐབས་ཀྱི་ཐ་དད་དུ་ཕྱེ་ན་མ་གཏོགས་དོན་ གྱི་ངོ་བོ་ལ་རྣམ་དབྱེ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་རྫོབ་ཀྱི་ངོ་བོར་གྱུར་བའི་བླང་དོར་ གྱི་ཚུལ་རྣམ་བྱང་ཐར་པ་ཕྱོགས་དང་ཀུན་ཉོན་འཁོར་བ་ཕྱོགས་ཀྱི་རྣམ་པ་སོ་སོར་ཡོད་ཀྱང་ དེ་དག་ཀུན་གྱི་དོན་དམ་པའི་གནས་ལུགས་ཆོས་ཉིད་གཅིག་ལས་མེད་པའི་ཕྱིར། གཉིས་ པ་གྲུབ་སྟེ། དོན་གྱི་གནས་ཚོད་ལ་གནས་ལུགས་གཅིག་ལས་མེད་ན་དེ་ལ་དབྱེ་བ་ནི་གནས་ སྐབས་གཞན་སྣང་ངོར་ཙམ་དུ་ཟད་པའི་ཕྱིར་རོ། ། ༨ གཞི་འབྲས་དབྱེར་མེད་ཀྱི་མྱང་འདས་ཆོས་སྐུ་ཡིན་ཚུལ། བརྒྱད་པ་དེ་ཉིད་གཞི་འབྲས་དབྱེར་མེད་ཀྱི་མྱང་འདས་ཆོས་སྐུ་ཡིན་ཚུལ་ལ། ལུང་ རིགས་གཉིས་ལས། དང་པོ་ནི། མྱ་ངན་ལས་འདས་པ་ཞེས་བྱ་བ་སྤངས་རྟོགས་མཐར་ཕྱིན་ 2-1-58 པའི་གནས་འཇིགས་མེད་བག་ཚ་བ་བྲལ་བས་ཆོས་ཀྱི་དེ་ཉིད་ཟབ་མོ་སྟོན་པ་འབྲས་བུ་ གནས་ལུགས་མཐར་ཐུག་ཏུ་ངེས་ཤིང་བཟོད་པའི་ཐོགས་མེད་ཀྱི་མཐུ་མངའ་བའི་ཏིང་ངེ་ འཛིན་འོད་གསལ་དྭངས་མའི་བཅུད་རྟོགས་དཀའི་གནས་དེ་ནི་སྔར་མེད་གསར་བྱུང་ཞིག་ མ་ཡིན་པར་གདོད་ནས་བཞུགས་པའི་གཞིའི་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པ་གཞི་ དང་འབྲས་བུ་སོ་སོའི་དབྱེ་བ་དོན་གྱི་གནས་ལུགས་ལ་མེད་པ་ཉིད་ཀྱི་ཚུལ་རྒྱལ་བས་བཀའ་ བསྩལ་པ་སྟེ། མྱང་འདས་ཆེན་པོའི་མདོ་ལས། མོའུ་འགལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ ནི་ཚིག་གི་ཐ་སྙད་དོ། །རྐང་བའི་རྗེས་སོ། །མཐར་ཕྱིན་པའི་གནས་སོ། །འཇིགས་པ་མེད་ པའོ། །སྟོན་པ་ཆེན་པོའ།ོ།འབྲས་བུ་ཆེན་པོའ།ོ།མཐར་ཕྱིན་པའི་ཡེ་ཤེས་སོ། །བཟོད་པ་ ཆེན་པོའ།ོ།ཐོགས་པ་མེད་པའི་ཏིང་ངེ་འཛིན་ནོ། །ཆོས་ཀྱི་དབྱིངས་ཆེན་པོའ།ོ།ཟིལ་དངར་ གྱི་རོའ།ོ།མཐོང་དཀའ་བ་ཡིན་ནོ། །ཞེས་པ་ལྟར་གྱི་ཕྱིར། གཞན་ཡང་ཆོས་ཀྱི་སྐུ་ཞེས་བྱ་ བའང་གཞིའི་དེ་བཞིན་གཤེགས་པའི་སྙིང་པོ་དང་དོན་གྱི་གནད་གཅིག་ཅིང་དེ་ལས་ཡོན་ ཏན་མཐའ་ཡས་པ་མངོན་དུ་གྱུར་འོང་ཚུལ་དང་གཞི་ལམ་འབྲས་གསུམ་དབྱེར་མེད་ཀྱི་ངོ་བོ་ དེ་རྟག་བདག་བདེ་བ་དག་པའི་རང་བཞིན་དུ་ངེས་པར་ཡོད་ཚུལ་རྒྱས་པར་གསུངས་པའང་ ཡིན་ཏེ། གསེར་འོད་དམ་པའི་མདོ་ལས། ཆོས་སྐུ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་སྣ་ ཚོགས་མངོན་དུ་གྱུར་པའོ། །རིགས་ཀྱི་བུ་སྐུ་འདི་ནི་རྒྱུ་དང་སྤྱོད་ཡུལ་དང་གནས་དང་འབྲས་ བུ་དང་གཞི་ཉིད་ལ་བརྟེན་པ་བསམ་གྱིས་མི་ཁྱབ་པ་སྟེ། དེ་མངོན་པར་ཤེས་ན་སྐུ་དེ་ཉིད་ཐེག་ པ་ཆེན་པོའ།ོ།དེ་ཉིད་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ སྟེ། སྐུ་དེ་ལ་བརྟེན་ནས་སེམས་དང་པོ་བསྐྱེད་པ་དང༌། ས་ཡོངས་སུ་སྦྱོང་བའི་སེམས་མངོན་ པར་འབྱུང་སྟེ། ས་ལས་མི་ལྡོག་པའི་སེམས་ཀྱང་མངོན་དུ་འགྱུར་བ་དང༌། སྐྱེ་བ་གཅིག་གིས་ ཐོགས་པ་ལ་གནས་པའི་སེམས་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། དེ་བཞིན་གཤེགས་ 2-1-59 པའི་དགོངས་པ་ཡང་མངོན་པར་འབྱུང༌། དེ་བཞིན་གཤེགས་པའི་དམ་པའི་ཆོས་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་མངོན་ དུ་འགྱུར་རོ། །ཆོས་ཀྱི་སྐུ་དེ་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཆེན་པོ་ ཡང་མངོན་དུ་འབྱུང་བར་འགྱུར་རོ། །ཆོས་ཀྱི་སྐུ་འདི་ལ་བརྟེན་ནས་ཡེ་ཤེས་ཆེན་པོ་ཐམས་ ཅད་ཀྱང་སྣང་བར་འགྱུར་རོ། །དེ་ལྟ་བས་ན་སྐུ་གཉིས་ནི་ཏིང་ངེ་འཛིན་དང་ཡེ་ཤེས་ལ་བརྟེན་ ནས་འབྱུང་བར་འགྱུར་རོ། །ཆོས་ཀྱི་སྐུ་འདི་རང་གི་ངོ་བོ་ཉིད་ལ་བརྟེན་པས་རྟག་པ་ཞེས་ བྱའོ། །བདག་ཅེས་བྱའོ། །ཏིང་ངེ་འཛིན་ཆེན་པོ་ལ་བརྟེན་པས་ན་བདེ་བ་ཞེས་བྱའོ། །ཡེ་ཤེས་ ཆེན་པོ་ལ་བརྟེན་པས་ན་རྣམ་པར་དག་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྟག་ པར་བདེ་བ་དང་རྣམ་པར་དག་པ་ལ་མངའ་བརྙེས་ཤིང་བཞུགས་པའོ། །ཞེས་པས་གསལ་བ་ ལྟར་ཡིན་པའི་ཕྱིར། དེ་ལྟ་བུའི་གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་སྔར་མེད་གསར་བཞག་ མི་དགོས་ཤིང་གཤིས་ལ་དྲི་མ་རང་དག་ཡིན་པས་སྔར་ཡོད་ཀྱི་དྲི་མའང་གཤིས་སུ་བསལ་ དུ་མེད་ཅིང་མཐར་ཐུག་གི་བྱང་ཆུབ་ཇི་ལྟ་བ་བཞིན་དུ་གཞི་དུས་ཀྱི་སྐབས་ན་ཆོས་སྐུའི་ངོ་བོ་ མྱང་འདས་འདི་ནི་འདོད་པའི་དོན་ཀུན་སྒྲུབ་བྱེད་དུ་ངེས་པར་བཞུགས་པའི་ཚུལ་གྱི་གསང་ བའི་མན་ངག་གི་ངེས་དོན་གྱི་ཟབ་གནད་ཅིག་ཀྱང་མི་ཕམ་པས་མངོན་རྒྱན་དུ་སྒོམ་ལམ་ འཆད་པའི་སྐབས་སུ་ཇི་བཞིན་མངོན་པ་སྟེ། ཇི་སྐད་དུ། བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ། །བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །འདི་ནི་འདོད་པའི་དོན་ སྒྲུབ་བྱེད། །ཅེས་པ་སྟེ། བྱང་སེམས་འཕགས་པ་སྒོམ་ལམ་པའི་རྒྱུད་ཀྱི་བསྒོ༷མ་ཞེ༷ས་བྱ༷་བ༷འི་ ལ༷མ་གྱི༷ས་ནི༷་དོན་དམ་པར་ན་རང་བཞིན་ཆོས་སྐུའི་གཤིས་ལ་སྤང་བྱ་ཅི༷་ཞི༷ག་ཉ༷མས་ཤི༷ང་ ཆོས་སྐུ་ཡེ་ནས་བཞུགས་པ་ཉིད་ལས་ལོགས་སུ་ཐོབ་བྱ་ཅི༷་ཞི༷ག་ཐོ༷བ་དགོས་ཏེ་མི་དགོས་སོ་ དོན་གྱི་ཡིན་ལུགས་ལྟར་ན་མཐར་ཐུག་གི་བྱ༷ང་ཆུ༷བ་ཇི༷་ལྟ༷ར་གནས་པ་དེ༷་བཞི༷ན་དུ༷་གཞིའི་ 2-1-60 ཆོས་སྐུ་འདི༷་ནི༷་སེམས་ཅན་ཀུན་གྱི་ཡིད་ནང་དུ་རང་རང་གི་འདོ༷ད་པ༷འི་དོ༷ན་མཐའ་དག་ སྒྲུབ༷་བྱེ༷ད་དུ་སེམས་ཅན་གང་ལ་ཆོས་སྐུ་ཅི་རིགས་སུ་མངོན་དུ་གྱུར་སྐབས་དེ་ལ་དེ་ལུགས་སུ་ ངེས་པར་རྗེན་ཆར་དུ་མངོན་ཡང་དེ་ལྐོག་གྱུར་གྱི་དུས་སུ་ནི་འཁྲུལ་སྣང་གིས་བསྒྲིབས་ནས་ མི་མཐོང་བ་ཙམ་དུ་ཟད་དོ། །ཞེས་པ་ལྟ་བུའི་ཚུལ་གྱིས་ངེས་དོན་ཟབ་མོའི་ཚུལ་སྟོན་བྱེད་ཀྱི་ དགོངས་འགྲེལ་དུའང་འགྱུར་རུང་བའི་ཕྱིར། གཉིས་པ་ནི། གཞི་འབྲས་དབྱེར་མེད་ཀྱི་དོན་ དམ་མི་གནས་པའི་མྱང་འདས་ཡེ་ནས་འགྲོ་བ་ཀུན་ལའང་བཞུགས་པ་དེ་ཆོས་ཅན། ཁྱོད་ཀྱི་ རང་བཞིན་གཞི་དུས་སུ་ཇི་བཞིན་བཞུགས་པ་དེ་ཉིད་འཕེལ་འགྲིབ་མེད་པར་འབྲས་དུས་སུ་ མངོན་དུ་གྱུར་བ་ཙམ་ཡིན་ཏེ། འབྲས་བུའི་ཡེ་ཤེས་མཆོག་གི་གཟིགས་ངོར་རང་སྣང་ངེས་ པའི་དོན་གྱི་ཡིན་ལུགས་ལ་ནི་གཞིའི་ཆོས་སྐུ་དོན་དམ་པའི་རྣམ་པ་ཡོངས་སུ་རྫོགས་པ་དེ་ ཉིད་ཉག་གཅིག་ལས་གཞན་གང་དུ་ཡང་དུས་ཀུན་དམིགས་པ་མེད་པའི་ཕྱིར། དེ་འདྲའི་དོན་ དམ་མྱང་འདས་དེ། ཆོས་ཅན། གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་ཉིད་དུ་ལེགས་པར་གྲུབ་སྟེ། དོན་དམ་གྱི་ཡིན་ལུགས་ལ་ལྟོས་ན་གཞིའི་དབྱིངས་རྣམ་པ་ཐམས་ཅད་པ་གདོད་མ་ནས་རང་ བྱུང་དུ་ཡོད་པ་དེ་ག་ཉིད་འབྲས་བུའི་དུས་སུ་མངོན་དུ་གྱུར་བ་མ་གཏོགས་ལྷག་པའི་གསར་ བྱུང་གིཁྱད་ཆོས་གང་ཡང་མེད་པའི་ཕྱིར། དེར་ཐལ། ལམ་སྒྲུབ་པ་པོའི་བློ་ངོ་ལ་ལྟོས་ན་དོན་ དམ་དབྱིངས་ཀྱི་རྣམ་པ་གང་དག་ཇེ་གསལ་དུ་སོང་བའི་ཆ་ནས་གསར་བྱུང་དུ་སྣང་ཡང་དོན་ ལ་གཉུག་མའི་དབྱིངས་རང་གི་གཤིས་ལ་འཕེལ་འགྲིབ་སོགས་ཀྱི་འགྱུར་བ་ཅུང་ཙམ་མེད་ པར་གནས་ལུགས་མི་འགྱུར་བ་ཁོ་ན་ཉིད་ཀྱི་ཕྱིར། གཞན་ཡང་གཞིའི་དོན་དམ་ཆོས་ཀྱི་སྐུ་ དེ། ཆོས་ཅན། ཁྱོད་ཀྱང་གཞི་འབྲས་དབྱེར་མེད་ཀྱི་རྣམ་པ་ཐམས་ཅད་པ་ཉིད་དུ་ངེས་པར་ གྲུབ་སྟེ། ཁྱོད་ལ་དོན་དམ་རྣམ་ཀུན་ལྡན་པའི་མྱང་འདས་དང་ཆོས་སྐུ་མཚན་གྱི་རྣམ་གྲངས་ ཙམ་ཡིན་པར་གསུངས་པ་གང་ཞིགདེ་ཡིན་ན་གཞི་འབྲས་དབྱེར་མེད་ལས་མ་འདས་པའི་ 2-1-61 ཕྱིར་དང་པོགྲུབ་སྟེ། གཞི་དབྱིངས་ཉག་གཅིག་ལ་མྱང་འདས་ཀྱི་མདོ་སོགས་སུ་དོན་དམ་ མྱང་འདས་དང་ཡེ་ཤེས་ཆོས་སྐུ་མཚན་གྱི་རྣམ་གྲངས་ཀྱི་ཚུལ་དུ་ཡང་ཡང་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གནས་ལུགས་དེ་འདྲའི་དོན་གྱི་སྡོད་ལུགས་ལ་གཞི་དང་འབྲས་བུ་སོ་སོའི་ ཆ་རྣམ་པ་ཀུན་ནས་མི་འཐད་པའི་ཕྱིར། དེ་འདྲའི་གཞི་དབྱིངས་ཆོས་སྐུ་དྲི་བཅས་སེམས་ཀྱི་ སྦུབས་སུ་ཡེ་ནས་ཡོད་པའི་རྟེན་འབྲེལ་ལས་ཚུལ་དེའི་རྣམ་པ་སྒོམ་པ་སོགས་ལམ་སྒྲུབ་པ་ལ་ འབད་ན་གཞིའི་གནས་ལུགས་དང་ཉེ་བའི་མདངས་འོད་སྒྲུབ་པ་པོ་རང་རང་དང་འཚམ་པའི་ ལམ་གྱི་རྣམ་པ་ཇི་བཞིན་རིམ་པས་མངོན་པའང་ཡིན་ཏེ། སེམས་གཤིས་འོད་གསལ་བའི་ ཆོས་ཉིད་མངོན་དུ་བྱེད་ཐབས་ཀྱི་མན་ངག་འདྲ་མིན་ལ་བརྟེན་ན་གཞིའི་ཆོས་ཉིད་ལ་རིམ་ གྱིས་གསལ་སྣང་ཇེ་ཆེར་མཆེད་པ་ནི་རྟེན་འབྲེལ་མི་བསླུ་བའི་འཆར་སྒོ་བཀག་ཀྱང་འགོག་ མི་ནུས་པ་ལྟ་བུ་ཡིན་པའི་ཕྱིར་རོ། ། ༩ ཆོས་སྐུའི་ཡོན་ཏན་ཀུན་འདུས་སུ་ཡོད་ཚུལ། དགུ་པ་དེ་ཉིད་ཆོས་སྐུའི་ཡོན་ཏན་ཀུན་འདུས་སུ་ཡོད་ཚུལ་ལ། ལུང་རིགས་གཉིས་ལས། དང་པོ་ནི་དེ་ལྟ་བུའི་འཁོར་འདས་ཀྱི་གཞིར་གྱུར་པའི་ཆོས་སྐུ་དེ་ལ་དོན་དམ་པའི་བདེན་པ་ དང་སེམས་ཅན་གྱི་ཁམས་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་ཆོས་ཀྱི་སྐུ་རྣམས་ཀྱི་ མཚན་གྱི་རྣམ་གྲངས་བཅོམ་ལྡན་འདས་ཉིད་ཀྱིས་ལེགས་པར་གསོལ་བ་ཡིན་ཏེ། ཆོས་ དབྱིངས་འགྲིབ་འཕེལ་མེད་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་ རྟོགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་ནི་འདི་ནི་སེམས་ཅན་གྱི་ཁམས་ ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་ པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ 2-1-62 ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་གསུངས་པའི་ཕྱིར། ཚུལ་དེ་ལུགས་ཀྱི་གཞི་དབྱིངས་ ཆོས་སྐུ་དེ་ནི་སངས་རྒྱས་ཀྱི་ས་བོན་ཙམ་མམ་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་ཙམ་མ་ཡིན་ པར་ཚད་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ཚུལ་ངེས་པ་ དོན་གྱི་ཡིན་ལུགས་སུ་རྒྱལ་བ་རང་ཉིད་ཀྱི་དཔེ་དཔེ་ཅན་དང་སྦྱར་ནས་ཞིབ་རྒྱས་སུ་ལེགས་ པར་བཀའ་བསྩལ་བ་ཡིན་ཏེ། ངེས་དོན་མདོ་མཆོག་དམ་པ་ལས། གང་གི་ཕྱིར་གང་ལ་དེ་ བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ ཅན་གྱི་རིས་ན་འགའ་ཡང་མེད་དེ། འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་ པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་ པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ༌། །ཀྱེ་རྒྱལ་བའི་སྲས་ འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་ལྡན་ པའི་དར་ཡུག་ཆེན་པོ་ཅིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྫོགས་པར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ་ཁོར་ ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ། སྟོང་ གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་ གི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི་སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་བའི་འཇིག་ རྟེན་གྱི་ཁམས་ཀྱི་ཚད་དུ་ནི་གླིང་བཞི་བའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི་ རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི་འཛམ་བུའི་གླིང༌། ཤར་གྱི་ལུས་འཕགས་གླིང་གི་ ཚད་དུ་ནི་ལུས་འཕགས་གླིང༌། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་ཚད་དུ་ནི་ནུབ་ཀྱི་བ་ལང་སྤྱོད་ ཀྱི་གླིང༌། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཚད་དུ་ནི་བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི་རི་ རབ། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ 2-1-63 ཁང༌། འདོད་པ་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་འདོད་པ་ན་སྤྱོད་པའི་ལྷའི་ གཞལ་ཡས་ཁང༌། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་ན་སྤྱོད་ པའི་ལྷའི་གཞལ་ཡས་ཁང་བྲིས་སོ། །དར་ཡུག་ཆེན་པོ་དེ་ཡང་ཆུ་ཞིང་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་དུ་གྱུར་ལ། དར་ཡུག་ཆེན་པོ་དེ་ཡང་རྡུལ་ཕྲ་རབ་ ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་ པོ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཙམ་གྱི་དར་ཡུག་ ཆེན་པོ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ། མཛངས་པ། གསལ་བ། ཡིད་གཞུངས་པ། དེར་ཉེ་བར་ཞུགས་པའི་དཔྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་ཏེ། དེ་ཡི་མིག་ལྷ་ ཡིར་གྱུར་ཅིང་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཞིག་ལ། དེའི་ལྷའི་མིག་གིས་རྣམ་ པར་བལྟས་ཏེ། འདི་ལྟ་བུར་གྱུར་བའི་དར་ཡུག་ཆེན་པོ་འདི་རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ ཉིད་ལ་གནས་ཏེ་སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་ སེམས་ཏེ། ཀྱེ་མའོ་གང་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་མཐུས་རྡུལ་ཕྲ་རབ་ཀྱི་ རྡུལ་འདི་ཕྱེ་སྟེ་དར་ཡུག་ཆེན་པོ་འདི་འགྲོ་བ་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་སྙམ་པས། དེ་བརྩོན་པ་ཆེན་པོའི་སྟོབས་ཀྱིས་མཐུ་བསྐྱེད་དེ་རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་ བསམ་པ་ཇི་ལྟ་བ་བཞིན་དུ་དར་ཡུག་ཆེན་པོ་དེ་འགྲོ་བ་མཐའ་དག་ལ་ཉེ་བར་འཚོ་བར་བྱེད་ ཅིང༌། གཅིག་ལ་ཇི་ལྟ་བ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལ་དེ་ཁོ་ན་བཞིན་ བྱེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས། ཚད་མེད་པའི་ཡེ་ ཤེས། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་ སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ ཀྱིརྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟར་མོད་ 2-1-64 ཀྱི་འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ ཤེས་མི་ཤེས་རབ་ཏུ་མི་ཤེས་ཤིང༌། ཉམས་སུ་མི་མྱོང༌། མངོན་དུ་མི་བྱེད་དོ། །དེས་ན་དེ་ བཞིན་གཤེགས་པའི་ཆགས་པ་མེད་པའི་ཡེ་ཤེས་ཀྱིས། དེ་བཞིན་གཤེགས་པ་ཆོས་ཀྱི་ དབྱིངས་སེམས་ཅན་ཐམས་ཅད་ལ་གནས་པ་རྣམ་པར་གཟིགས་ནས་སློབ་དཔོན་གྱི་འདུ་ ཤེས་སུ་གྱུར་ཏེ། ཀྱེ་མ། མ་ལ་སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་ དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ཞུགས་པ་ དག་སྟེ། གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས། འདུ་ ཤེས་ཀྱིས་བྱིས་པའི་འཆིང་བ་མཐའ་དག་བསལ་བར་བྱ་སྟེ། ཇི་ལྟར་རང་ཉིད་འཕགས་པའི་ ཡེ་ཤེས་ཀྱི་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས། དེ་བཞིན་གཤེགས་ པའི་ཡེ་ཤེས་སོ་སོར་མངོན་པར་ཤེས་ཤིང་དེ་བཞིན་གཤེགས་པ་དང་མཉམ་པ་ཉིད་རྗེས་སུ་ ཐོབ་པ་བཞིན་དུ་དེ་བཞིན་གཤེགས་པས་ལམ་བསྟན་པས། འདུ་ཤེས་ཀྱིས་བྱིས་པའི་འཆིང་ བ་ཐམས་ཅད་བཟློག་པར་བྱེད་དོ། །འདུ་ཤེས་ཀྱི་འཆིང་བ་ཐམས་ཅད་ལོག་པ་དག་ལ་ནི་དེ་ བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་དེ་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་ རོ། །ཞེས་པ་རྣམས་ཀྱིས་གནས་ལུགས་ཀྱི་སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན་དང་རྣམ་པ་ཚད་ མེད་པ་དེ་རྣམས་སེམས་ཅན་ཐམས་ཅད་ལ་མ་ཚང་བ་མེད་པར་བཞུགས་ཚུལ་ཆེས་གསལ་ བཤད་མཛད་ཅིང་དེ་ལ་ཡིད་གཉིས་ཀྱི་བློ་སྐྱེ་བའི་གོ་སྐབས་ཀྱང་མེད་པར་བྱས་པའི་ཕྱིར། ཡང་རྒྱལ་བ་གང་ཉིད་ཀྱི་དེ་འདྲའི་གཞིའི་ཆོས་སྐུ་ལ་སངས་རྒྱས་ཀྱི་ཆོས་གངྒཱའི་བྱེ་སྙེད་ལས་ འདས་པ་དང་ལྡན་པར་ཡང་གསུངས་ཏེ། དཔལ་ཕྲེང་གིས་ཞུས་པའི་མདོ་ལས། རྣམ་པར་ དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་ པ་དང་ལྡན་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། བཅོམ་ལྡན་འདས་དེ་ 2-1-65 བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་ བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། གཞན་ ཡང་རང་བཞིན་གྱིས་རྣམ་པར་དག་པའི་སངས་རྒྱས་དེ་ཉིད་སྟོབས་བཅུ་དང་མི་འཇིགས་པ་ དང་ཏིང་ངེ་འཛིན་ཚད་མེད་པ་ལ་སོགས་པ་ཆོས་སྐུའི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་ དུ་རྒྱལ་བ་གང་གིས་བསླུ་བ་མེད་པའི་བཀས་ལེགས་གསུངས་གནང་བ་ཡིན་ཏེ། མྱང་འདས་ ཆེན་པོར་ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་ བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་གསུམ་དང༌། དཔའ་ བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་གྱི་རྣམ་གྲངས་བྱེ་བ་ཕྲག་བརྒྱད་ཁྲི་རྣམས་དང༌། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལྔ་ལ་ སོགས་པ་ཏིང་ངེ་འཛིན་གྱི་རྣམ་གྲངས་སུམ་ཁྲིལྔ་སྟོང་རྣམས་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ ལ་སོགས་པ་ཏིང་ངེ་འཛིན་གྱི་རྣམ་གྲངས་བཞི་སྟོང་ལྔ་བརྒྱ་རྣམས་དང༌། ཐབས་ཀྱི་ཏིང་ངེ་ འཛིན་ཚད་མེད་མཐའ་ཡས་པ་རྙེད་དང༌། དེ་ལྟ་བུ་ལ་སོགས་པ་ཆོས་ནི་དེ་བཞིན་གཤེགས་ པའི་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ནི་དངོས་པོ་ རྣམ་པ་བདུན་དང་ལྡན་ཏེ། རྟག་པ་དང་བདག་དང་བདེ་བ་དང༌། ཡོངས་སུ་དག་པ་དང་ཡང་ དག་པ་དང་བདེན་པ་དང་དགེ་བ་སྟེ་དེ་ནི་རྣམ་པར་ཕྱེས་ནས་ལན་བཏབ་པ་ཞེས་བྱའོ། །ཞེས་ དང༌། རིགས་ཀྱི་བུ་དཔེར་ན་ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི་མེད་ཅེས་བྱར་མི་རུང་ངོ༌། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ་བུས་པ་མ་རབས་ཐམས་ཅད་ཀྱིས་མི་མཐོང་ མོད་དེ་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ༌། །རིགས་ཀྱི་བུ་སངས་རྒྱས་ཀྱི་ རང་བཞིན་ནི་འདི་ལྟ་སྟེ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང་དྲན་པ་ ཉེ་བར་བཞག་པ་གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་པ་ཡང་ཉོན་ 2-1-66 མོངས་པ་ཡོངས་སུ་བཅོམ་ན་གདོད་མཐོང་བར་འགྱུར་རོ། །ལོག་སྲེད་ཅན་དག་ནི་ལོག་སྲེད་ ཡོངས་སུ་བཅོམ་ན་གདོད་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང་དྲན་ པ་ཉེ་བར་བཞག་པ་གསུམ་འཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །ཞེས་གསུངས་པའི་ཕྱིར། ཡང་དེ་བཞིན་གཤེགས་པ་ཉིད་ཀྱི་བཀའ་ལས་དོན་དམ་པའི་ཆོས་ཉིད་ཀྱི་མཚན་དཔེ་མཐའ་ ཡས་པ་ལ་སོགས་པ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་མང་པོ་ཅན་སངས་རྒྱས་ཀྱི་དབྱིངས་ སམ་དབྱིངས་ཀྱི་སངས་རྒྱས་དེ་ཉིད་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་གདོད་ ནས་རང་ཆས་སུ་ཡོད་པ་གཞན་ཡང་འདི་ལྟར་གསུངས་ཏེ། འཕགས་པ་སོར་ཕྲེང་ལ་ཕན་ པའི་མདོར་ཡང༌། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ནན་ཏན་དུ་བཙལ་ཀྱང༌། དེ་བཞིན་ གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་ དོ། །ཞེས་དེ་བཞིན་སྦྱར་ཏེ་སེམས་ཅན་ཐམས་ཅད་ལ་གདོད་ནས་བཞུགས་པའི་མ་བྱུང་བའི་ དབྱིངས་སངས་རྒྱས་ཀྱི་མཚན་དཔེ་དང་རྟག་པའི་དབྱིངས་སངས་རྒྱས་ཀྱི་མཚན་དཔེ་དང་ ཐེར་ཟུག་གི་དབྱིངས་སངས་རྒྱས་ཀྱི་མཚན་དཔེ་དང་གཡུང་དྲུང་གི་དབྱིངས་སངས་རྒྱས་ཀྱི་ མཚན་དཔེ་དང་ན་རྒ་འཇིག་བྲལ་གྱི་དབྱིངས་སངས་རྒྱས་ཀྱི་མཚན་དཔེ་དང་མི་ཤིགས་དྲི་ མེད་ཀྱི་དབྱིངས་སངས་རྒྱས་ཀྱི་མཚན་དཔེ་སྟེ་དོན་དམ་པའི་མཚན་དཔེ་མཐའ་ཡས་པས་ བརྒྱན་པའི་ཡེ་གདོད་མ་ནས་བཞུགས་པའི་གནས་ལུགས་དོན་གྱི་སངས་རྒྱས་ཀྱི་རང་བཞིན་ དཔེར་ན་ཆུ་དང་འབྲུ་མར་བསྲེས་པ་བཞིན་ལྷན་ཅིག་ཏུ་གནས་ཀྱང་གཤིས་མ་འདྲེས་པ་རང་ བཞིན་དང་རྣམ་འགྱུར་གྱི་ཚུལ་དུ་ཡེ་ནས་བཞུགས་པ་དང་དེ་ཡང་རང་བཞིན་གྱིས་འོད་ གསལ་བ་བུམ་ནང་གི་མར་མེ་བཞིན་གློ་བུར་དྲི་མའི་སྦུབས་སུ་ཡོད་ཚུལ་རྒྱས་པར་གསུངས་ 2-1-67 ཤིང་དེ་སོགས་དོན་དམ་པའི་ཡོན་ཏན་གྱི་མཛོད་ཆེན་གཞི་འབྲས་དབྱེར་མེད་ཀྱི་ཚུལ་འཁོར་ ལོ་ཐ་མའི་ངེས་དོན་གྱི་སྡེ་སྣོད་ཀྱི་བཀའ་རྣམས་སུ་ཞལ་མཐུན་པར་རྒྱ་ཆེར་གསུངས་པའི་ ཕྱིར། རྫོགས་ལྡན་མདོ་མཆོག་དེ་དག་གི་དགོངས་པ་རྒྱ་ཆེན་པོ་གང་དག་རྒྱལ་ཚབ་མི་ཕམ་ པས་ལེགས་བསྡུ་བྱས་ནས་སེམས་ཅན་ནས་སངས་རྒྱས་ཀྱི་བར་གྱི་སྤྱི་ནོར་གཞི་འབྲས་ དབྱེར་མེད་ཀྱི་ཆོས་སྐུ་འོད་གསལ་འདུས་མ་བྱས་པའི་དབྱིངས་དེ་ཉིད་དང་ནམ་ཡང་དབྱེར་ མེད་པར་འཇུག་པའི་ཆུ་བོ་གངྒཱའི་ཀླུང་གི་རྡུལ་སྙེད་ལས་འདས་པའི་སངས་རྒྱས་གང་དག་གི་ གསང་བ་གསུམ་གྱི་ཡོན་ཏན་གྱི་ཆོས་རྣམས་ཀུན་ནས་མི་ལྡན་པ་མེད་ཅིང་ཡོན་ཏན་མཐའ་ ཡས་པའི་གཏེར་དུ་ཡེ་གདོད་མ་ནས་རང་ཆས་སུ་ཡོད་པའི་ཚུལ་གྱིས་བཀའ་ཡི་ངེས་དོན་ཟབ་ མོའི་དགོངས་པ་བསྡུས་འགྲེལ་མཛད་པ་ཡིན་ཏེ། ཇི་སྐད་དུ། འོད་གསལ་བྱས་མིན་དབྱེར་ མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་ རྣམས་ཀུན་དང་ལྡན་པ་ཉིད། །ཅེས་པ་ལྟ་བུའི་ཚུལ་གྱིས་རྒྱལ་བའི་གསུང་རབ་བཀའི་ དགོངས་དོན་ཇི་བཞིན་དུ་འགྲེལ་ཞིང༌། རྒྱལ་ཚབ་དངོས་ཀྱིས་རྗེས་སུ་བཟུང་བ་ཐོགས་མེད་ སྐུ་མཆེད་རྗེས་འབྲང་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དག་གིས་གཙོས་ངེས་དོན་གྱི་བསྟན་པ་ གསལ་བྱེད་ཆེན་པོ་ཡོངས་སུ་གྲགས་པ་དེ་ཀུན་གྱིས་ཀྱང་ཐུགས་ཀྱི་དགོངས་མཐིལ་མཐར་ ཐུག་ཏུ་བྱས་ནས་དེ་ལུགས་ལྟར་གྱི་བཤད་དང་སྒྲུབ་པས་སྲོལ་ལེགས་འཛིན་མཛད་ཅིང་རྒྱ་ ཆེར་སྤེལ་བའང་མཛད་པའིཕྱིར་རོ། ། གཉིས་པ་ནི། གཞིའི་རང་བྱུང་གི་ཡེ་ཤེས་ཆེན་པོ་བསམ་ཁྱབ་དཀའ་བ་འགྲོ་ཀུན་གྱི་རྒྱུད་ ལ་སྤྱི་ནོར་དུ་བཞུགས་པ་དེ། ཆོས་ཅན། ཁྱོད་སེམས་ཅན་རེ་རེ་ལ་ལྟོས་ནའང་རྡུལ་ཕྲན་ལ་ དར་ཡུག་ཆེན་པོ་བཅུག་པ་ལྟར་བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི་རོལ་པ་མཐའ་ཡས་ཤིང་མུ་ མཐར་ཐུག་པ་རེ་དྲི་བཅས་གློ་བུར་བའི་སེམས་ཀྱི་རྣམ་པ་རིས་སུ་ཆད་པ་རེ་རེའི་གཤིས་ཀྱི་ 2-1-68 ཆོས་ཉིད་དུ་ཡོད་ངེས་པར་རུང་བ་ཡིན་ཏེ། གཞི་དབྱིངས་ཆོས་སྐུ་ཡེ་ཤེས་ཀྱི་མཛོད་ཆེན་པོ་ གང་ཉིད་གཅིག་པུ་ལ་གློ་བུར་འཁྲུལ་སྣང་འདྲ་མིན་གྱི་དབང་གིས་ལོག་པའི་སྣང་ཆ་སོ་སོའི་ ཡོ་ལང་ལ་ཞེན་འཛིན་གྱིས་བཅིངས་པའི་འགྲོ་བ་ཉི་ཚེ་བ་གང་དག་སྣང་ལུགས་ལས་དབང་ སོ་སོའི་རྐྱེན་གྱིས་འདྲ་དང་མི་འདྲ་སྣ་ཚོགས་པས་དུས་ཀུན་བསླུ་བར་བྱེད་བཞིན་གནས་པ་ གང་ཞིགནམ་ཞིག་རང་རང་གིས་གྲོལ་ལམ་བསྒོམ་པའི་སྐལ་བ་དང་ལྡན་ཚེ་གསར་བསྐྱེད་ ཀྱི་ལམ་བདེན་སོ་སོ་ལ་ལྟོས་ནས་གཞིའི་ཡེ་ཤེས་ཆེན་པོ་གཅིག་པུ་ཁོ་ནར་ངེས་ཀྱང་ལམ་ལ་ སློབ་པ་རྣམས་རང་རང་དང་འཚམ་པའི་ཡེ་ཤེས་ཀྱི་རོལ་བ་འདྲ་མིན་རེ་མངོན་དུ་གྱུར་འོང་ བའི་ཆ་ནས་གཞན་སྣང་ངོ་ཙམ་དུ་ཡེ་ཤེས་ཆོས་སྐུ་སོ་སོའི་གོ་འཕང་ཐོབ་པའི་ཐ་སྙད་ཙམ་ བྱས་པ་ལ་བསམ་ན་སེམས་ཅན་རེ་རེའི་རྒྱུད་ན་ཡེ་ཤེས་ཆོས་སྐུ་བསམ་ཁྱབ་དཀའ་བ་རེ་ ངེས་པར་བཞུགས་པའི་གོ་ལེགས་པར་ཆོད་པའི་ཕྱིར། ཁྱབ་སྟེ། གཞི་ལ་བཞུགས་པའི་ཡེ་ ཤེས་རྣམ་པ་ཐམས་ཅད་པའི་གཅིག་པུ་གནས་ལུགས་མཐར་ཐུག་པའི་ཚུལ་དང་དེ་འཁྲུལ་ སྣང་སོ་སོའི་དབང་ལས་ཤར་བའི་སེམས་ཅན་རྒྱུད་ཐ་དད་པ་གང་དག་གིས་ལམ་སྒོམ་པའི་ སྐབས་ཀྱི་མཐོང་ལུགས་སོ་སོ་དང་བཅས་པའི་ངེས་པ་དོན་གྱི་ཡིན་ལུགས་བསམ་མི་ཁྱབ་ པའི་གནད་གསང་ཟབ་མོ་རྒྱལ་སྲས་ཆེས་དབང་རྣོན་གང་དག་གི་སྤྱོད་ཡུལ་ཉག་གཅིག་དེ་ རྒྱལ་བ་ཉིད་ཀྱིས་ཁོང་གི་དགོངས་པ་མཐར་ཐུག་ཏུ་ངེས་དོན་ལྷུག་པ་གསལ་བཤད་ཞིབ་རྒྱས་ སྟོང་གསུམ་དར་ཡུག་གི་མདོར་བཀའ་ལེགས་བསྩལ་མཛད་པའི་ཕྱིར། རྩ་བའི་རྟགས་ཀྱང་ གྲུབ་སྟེ། དཔེར་ན་མཁའ་དབྱིངས་སུ་གནས་པའི་ཉིན་བྱེད་སྣང་བའི་དཀྱིལ་འཁོར་དེ་རྒྱང་ རིང་ཐུང་དང་སྒྲིབ་བྱེད་སྲབ་མཐུག་སོགས་ཀྱིས་མཐོང་ལུགས་འདྲ་མིན་འབྱུང་བ་ལྟར་གཞི་ དབྱིངས་ཡེ་ཤེས་ཆོས་སྐུ་ཉིད་དེ་ལམ་སྒོམ་ཚུལ་དང་དྲི་མ་སྲབ་མཐུག་གི་བྱེད་པ་སོགས་ཀྱིས་ དེ་མཐོང་ཚུལ་ཡང་མི་འདྲ་བ་སྣ་ཚོགས་འབྱུང་རིགས་པའི་ཕྱིར་རོ། །དེ་འདྲའི་གཞི་དབྱིངས་ 2-1-69 དོན་དམ་པའི་ཡེ་ཤེས། ཆོས་ཅན། གནས་ལུགས་མཐར་ཐུག་ཏུ་ནམ་ཡང་མི་བསླུ་བ་ཡིན་ཏེ། དེ་བཞིན་གཤེགས་པའི་ཆགས་པ་མེད་པའི་ཡེ་ཤེས་ཀྱིས་རང་བྱུང་གི་འོད་གསལ་ཡེ་ཤེས་ དྭངས་པའི་དབྱིངས་རྣམ་ཀུན་པ་གནས་ལུགས་ཀྱི་ཚུལ་དུ་སེམས་ཅན་ཐམས་ཅད་ལ་ཡེ་ནས་ རང་ཆས་སུ་ཡོད་པ་ཉིད་དེཉེ་བར་གཟིགས་པའི་ཕྱིར། དེར་ཐལ། གཞི་དབྱིངས་ཡེ་ཤེས་ གཅིག་ཉིད་སེམས་ཅན་དང་སངས་རྒྱས་ཀྱི་སྤྱི་ནོར་དེ་སེམས་ཅན་ཕྱོགས་ཀྱི་ལམ་ལ་སློབ་པ་ དག་གི་རང་སྣང་ལ་སེམས་ཅན་རེ་རེ་ལ་དེ་སྙེད་ཀྱི་ཆོས་སྐུ་རྣམ་པ་ཐམས་ཅད་པར་སྣང་བ་ དང་སངས་རྒྱས་ལ་ཐམས་ཅད་ཀྱི་ཆོས་སྐུ་གཅིག་པ་ཉིད་དུ་སྣང་བའི་ཚུལ་གྱིས་དོན་དམ་རྣམ་ ཀུན་པ་དེ་ཇི་བཞིན་གཟིགས་པ་ལས་སེམས་ཅན་གྱི་སྣང་ཚུལ་གཙོ་བོར་བྱས་ཏེ་ངེས་པ་དོན་ གྱི་གནས་དེ་དར་ཡུག་གི་མདོར་གཤིས་ཇི་བཞིན་པ་ལྷུག་པར་བཀའ་བསྩལ་པ་ཉིད་ཀྱིས་ ཕྱིར། གནས་ལུགས་ཀྱི་ཚུལ་དེ་ལྟར་སྟོན་པའི་ངེས་དོན་གྱི་མདོ་སྡེ་མཆོག་དེ། ཆོས་ཅན། ཐ་ མ་དོན་དམ་ལེགས་ཕྱེའི་ཆོས་འཁོར་དུ་གཏོགས་པའི་ཆ་ནས་ངེས་དོན་མཐར་ཐུག་སྟོན་བྱེད་ ཀྱི་སྡེ་སྣོད་ཡང་དག་ཡིན་རིགས་ཏེ། སྤྱིར་བཀའ་འཁོར་ལོ་གསུམ་གྱིས་ཆོས་ཀྱི་གནས་ལུགས་ ཀྱི་དོན་སྟོན་པ་ན་དང་པོས་གང་ཟག་གི་བདག་མེད་སོགས་གནས་ལུགས་རགས་པ་ཙམ་ དང༌། བར་བས་ཆོས་ཀྱི་བདག་མེད་སོགས་གནས་ལུགས་དང་པོའི་བསྟན་བྱ་ལས་ཅུང་ཕྲ་ ཞིང༌། ཐ་མས་དོན་དམ་གྱི་གཤིས་ཇི་བཞིན་པའི་ཚུལ་དེ་ལེགས་ཕྱེ་མཛད་པའི་སྒོ་ནས་བསྟན་ རིམ་ལྟར་ན་མདོ་མཆོག་འདི་ཉིད་ཀྱང་བཀའ་ཐ་མར་གཏོགས་པས་གནས་ལུགས་དོན་དམ་ གྱི་ཡིན་ལུགས་མཐར་ཐུག་དེ་ཇི་བཞིན་འདིས་བསྟན་བྱ་ཡིན་དགོས་ཀྱི་གནས་སྐབས་དེ་ ཉིད་ཙམ་དེ་ཆེད་དུ་སྟོན་པ་སྐབས་སུ་མ་བབ་ཅིང་དེ་ལུགས་ལྟར་བསྟན་པ་ལ་དགོས་པ་ཆེར་ མི་འདུག་པས་བསྟན་ཚུལ་དེ་འདྲ་བྱེད་མི་རིགས་པའི་ཕྱིར། སྟོང་གསུམ་དར་ཡུག་གི་དཔེས་ གཞིའི་གནས་ལུགས་ཀྱི་ངེས་དོན་སྟོན་པའི་སྡེ་སྣོད་དེ། ཆོས་ཅན། ཁྱོད་ཀྱིས་ཟབ་པའི་གནས་ 2-1-70 མཐར་ཐུག་སྟོན་པའི་ཆ་ནས་སྒྲ་ཇི་བཞིན་མ་ཡིན་པའི་དྲང་དོན་དགོངས་པ་ཅན་མ་ཡིན་པར་ གྲུབ་སྟེ། དྲང་དོན་སྒྲ་ཇི་བཞིན་མ་ཡིན་པ་ནི་མཐར་ཐུག་གི་དོན་དེ་སྐབས་དེར་བསྟན་པའི་ སྣོད་དུ་མ་གྱུར་པ་ལ་དེ་སྐབས་ཀྱི་གདུལ་བྱ་རིམ་གྱིས་ཁ་དྲང་པའི་ཆེད་ཙམ་དུ་སྒྲས་ཟིན་ཇི་ བཞིན་མ་ཡིན་པར་གསུངས་པ་དེ་ཡིན་པ་གང་ཞིགམདོ་མཆོག་འདིས་ནི་མཐར་ཐུག་གི་ཟབ་ པའི་དོན་ཇི་བཞིན་བསྟན་པའི་སྣོད་དུ་གྱུར་པ་རྣམས་ལ་གཞིའི་ཆོས་ཉིད་ཀྱི་ཡིན་ལུགས་ རྣལ་འབྱོར་བ་ལ་སྣང་ཚུལ་ཇི་བཞིན་པ་དེ་གབ་སྦས་མེད་པར་སྒྲས་ཟིན་ལྟར་དུ་ལེགས་པར་ བསྟན་པའི་ཕྱིར། དེ་འདྲའི་སྡེ་སྣོད་དམ་པ་དེ། ཆོས་ཅན། ཁྱོད་ཀྱི་གདུལ་བྱ་ཆེས་དབང་ རྣོན་དག་ལ་ཁམས་དབང་དེ་མཐུན་གྱི་དོན་བསྟན་པའི་ཆ་ནས་ཀྱང་དྲང་དོན་གྱི་མདོ་མ་ཡིན་ པར་གྲུབ་སྟེ། སྐབས་དེའི་གདུལ་བྱ་ཆེས་དབང་རྣོན་རྒྱལ་སྲས་ཐེག་པ་མཐའ་དག་གིས་རྒྱུད་ ལེགས་པར་སྦྱངས་ཟིན་པས་ཐུགས་རྒྱུད་སྨིན་མ་རག་ཏུ་གྱུར་པ་གང་དག་གི་ཁམས་དབང་ དང་མཐུན་པའི་དོན་ནི་གནས་ལུགས་ཆེས་ཟབ་པ་མཐར་ཐུག་ཡིན་རིགས་ཤིང༌། དེ་འདྲ་ ཡིན་ན་ཐོག་མར་ཟབ་དོན་བློར་མི་ཤོང་བས་བསྟན་པ་ལ་ཁ་དྲང་ཆེད་ཙམ་དུ་བྲིད་ཐབས་ཀྱི་ སྒྲས་ཟིན་ཇི་བཞིན་མ་ཡིན་པ་གསུང་དགོས་དོན་མེད་ཅིང་གནས་ལུགས་མཐར་ཐུག་གི་ཟབ་ མོའི་དོན་དེ་ཇི་བཞིན་མ་སྦས་ཤིང་སྒྲས་ཟིན་ལྟར་དུ་གསལ་བཤད་མཛད་པའི་སྐབས་སུ་ཆེས་ ཤིན་ཏུ་ནས་ཀྱང་བབ་འདུག་པའི་ཕྱིར། དེ་ལྟ་བུའི་ངེས་དོན་མཐར་ཐུག་སྟོན་བྱེད་ཀྱི་མདོ་སྡེ་ དག་གིས་བསྟན་བྱའི་གཞིའི་ཆོས་སྐུ་དེ་ལའང་རང་བཞིན་གནས་ཚུལ་གྱི་ཆོས་སྐུ་དང་གློ་བུར་ སྣང་ཚུལ་གྱི་ཆོས་སྐུ་གཉིས་བཞག་ཏུ་ཡོད་དེ། དང་པོ་རང་བཞིན་གནས་ཚུལ་གྱི་ཆོས་སྐུ་ཞེས་ བྱ་བ་ཡང་ཡེ་གདོད་མ་ནས་བཞུགས་པའི་གཞི་འབྲས་དབྱེར་མེད་ཀྱི་རང་བཞིན་དྭངས་པ་ ཆེན་པོ་སྐུ་ཞིང་ཡེ་ཤེས་ཀྱི་མཚར་བཀོད་འབྱམས་ཀླས་པ་ཀུན་ནས་རྣམ་པ་ཐམས་ཅད་པའི་ བདག་ཉིད་ཆོས་སྐུ་བརྟན་གཡོ་ཀུན་ལ་ཁྱབ་པ་ཉག་གཅིག་དེ་ཡིན་པ་གང་ཞིགགཉིས་པ་གློ་ 2-1-71 བུར་སྣང་ཚུལ་གྱི་ཆོས་སྐུ་ཞེས་པའང༌། རྒྱས་པའི་རིགས་ཀྱི་རྣམ་པར་དཀར་བ་གསར་བསྐྲུན་ རིམ་གྱིས་ཆེས་ཆེར་འཕེལ་བ་ལ་བརྟེན་ནས་ལམ་སྒོམ་པ་པོ་དང་གདུལ་བྱའི་གཞན་སྣང་ངོ་ ཙམ་ལ་དྲི་མེད་ཡེ་ཤེས་གསར་བྱུང་གི་རྣམ་པས་མཐར་ཐུག་གི་བར་དུ་འཕེལ་བར་སྣང་བ་དེ་ ཡིན་པའིཕྱིར། དེར་ཐལ། སྔ་མ་དོན་དམ་རང་བྱུང་གི་ཚུལ་གྱིས་རྫོགས་སངས་རྒྱས་པ་རང་ ཉིད་ཁོ་ནའི་སྤྱོད་ཡུལ་གྱི་ཀུན་ནས་རྣམ་པ་ཐམས་ཅད་པའི་སྤྲོས་བྲལ་དབྱིངས་ཀྱི་རང་སྣང་ རྣམ་དག་དང་ཕྱི་མ་དེ་ལམ་སྒོམ་པ་པོ་གང་དག་གི་ཉམས་མྱོང་མཐོ་དམན་གྱི་སྣང་ལུགས་དང་ གདུལ་བྱ་གཞན་གྱི་སྣང་ངོར་ཡང་ཡེ་ཤེས་ཆོས་སྐུའི་ཡིན་ལུགས་ཕྱོགས་ཙམ་སྣང་བ་ཡོད་ པས་དེ་ལུགས་ལྟར་གྱི་གཞན་སྣང་ངོར་ཤར་བའི་ཀུན་རྫོབ་ཀྱི་རྣམ་པ་ཅན་དེ་ཡིན་པས་དེ་ གཉིས་ལ་བདེན་གཉིས་ཀྱི་ཁྱད་པར་ཡོད་པ་ཉིད་ཀྱི་ཕྱིར་ཏེ། གནས་ཚུལ་གྱི་ཆོས་སྐུ་དོན་དམ་ བདེན་པ་ཡིན་པ་གང་ཞིག་སྣང་ཚུལ་གྱི་ཆོས་སྐུ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་རོ། །དེ་ ལས་དོན་དམ་གནས་ཚུལ་གྱི་ཆོས་སྐུ་དེ། ཆོས་ཅན། ཁྱོད་ལ་གདོད་ནས་རང་བྱུང་གི་ཚུལ་དུ་ དོན་དམ་བྲལ་སྨིན་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་ཡིན་ཏེ། ཁྱོད་ཡེ་ནས་དོན་དམ་རྒྱལ་བའི་ སྐུ་གསུམ་རང་ཆས་སུ་རྫོགས་པ་གང་ཞིགདེ་འདྲ་ལ་དོན་དམ་བྲལ་བའི་ཡོན་ཏན་སྟོབས་བཅུ་ མི་འཇིགས་སོགས་དང་སྨིན་པའི་ཡོན་ཏན་མཚན་བཟང་དཔེ་བྱད་ཀྱི་རྣམ་པ་ཀུན་ནས་ཚང་ བ་ཆོས་ཉིད་ཡིན་པའི་ཕྱིར། ཀུན་རྫོབ་སྣང་ཚུལ་གྱི་ཆོས་སྐུ་དེ། ཆོས་ཅན། གསར་བྱུང་གི་ ཚུལ་གྱིས་འཆར་བ་ཡིན་ཏེ། ཁྱོད་རྒྱས་འགྱུར་གྱི་རིགས་ལ་བརྟེན་ནས་གཞན་སྣང་ངོར་རིམ་ གྱིས་འཕེལ་བར་སྣང་བའི་ཕྱིར་རོ། ། ༡༠ ཚུལ་དེ་ལྟར་དུ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དགོངས་པ་བཀྲལ་ཚུལ། བཅུ་པ་ཚུལ་དེ་ལྟར་དུ་ཀླུ་སྒྲུབ་ཡབ་སྲས་ཀྱིས་དགོངས་པ་བཀྲལ་ཚུལ་ལ། ལུང་རིགས་ 2-1-72 གཉིས་ལས། དང་པོ་ནི། རྒྱལ་བའི་དགོངས་པ་མཐར་ཐུག་ངེས་དོན་ཟབ་མོའི་ལུགས་དེ་ག་ ལྟར་དེ་དབུ་མ་བ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཞེད་དམ་མི་བཞེད་ཅེ་ན། དེ་ནི་རྒྱལ་བའི་ དགོངས་པ་མཐར་ཐུག་རྒྱལ་ཚབ་མི་ཕམ་པས་ཇི་ལྟར་བཀྲལ་བ་ལྟར། སློབ་དཔོན་ཆེན་པོ་ འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་ལེགས་པར་བཞེད་པ་སྟེ། དེའི་ཚུལ་ཡང་སློབ་དཔོན་ཀླུ་སྒྲུབ་ ཀྱིས་འཁོར་ལོ་ཐ་མའི་མདོ་དེ་དག་གི་དགོངས་པ་འགྲེལ་སྐབས་སུ་དོན་དམ་དབྱིངས་ཀྱི་ ཡིན་ལུགས་གཞི་གང་ཞིག་འཁོར་བ་ཤར་བའི་རྟེན་གྱི་རྒྱུར་གྱུར་པ་དེ་ཉིད་ལམ་ལ་སློབ་པས་ གློ་བུར་དྲི་མ་སྦྱངས་པའི་ཐབས་བྱས་པ་ལས་གཞིའི་གནས་ལུགས་རང་བཞིན་གྱིས་གཤིས་ དག་པ་དེ་ཉིད་མངོན་དུ་གྱུར་པ་ཁོ་ན་དེ་མྱང་འདས་དང་ཆོས་ཀྱི་སྐུ་ཡིན་ཅིང་དེ་འདྲའི་གཞི་ འབྲས་དབྱེར་མེད་ཀྱི་ཆོས་སྐུ་དེ་འཁོར་བའི་དུས་སུ་འོ་མ་ལ་མར་གྱི་སྙིང་པོ་ལྟར་ཉོན་མོངས་ པ་དང་འདྲེས་པས་མི་མཐོང་ལ། ཇིལྟར་འོ་མ་བསྲུབས་པ་སོགས་ཀྱིས་སྦྱངས་པས་མར་གྱི་ སྙིང་པོ་དྲི་མེད་མངོན་པ་ལྟར་སེམས་ཀྱི་ཉོན་མོངས་སྦྱངས་པས་གཞིའི་ཆོས་དབྱིངས་ཤིན་ ཏུ་དྲི་མ་མེད་པའི་ཉེས་སྐྱོན་གང་གིས་གདོད་ནས་གོས་མ་མྱོང་བ་ཇི་བཞིན་མངོན་དུ་འགྱུར་ འོང་བ་ཡིན་པའི་ཚུལ་གྱིས་རྒྱལ་བའི་དགོངས་པ་རྒྱལ་ཚབ་ཀྱིས་བཀྲལ་བ་དང་མཐུན་པར་ ལེགས་པར་བཀྲལ་བ་ཡིན་ཏེ། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་ བ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་ དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་ འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་ སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་ འགྱུར། །ཞེས་གསུངས་པ་ལྟར་གྱིས་རྒྱལ་བའི་དགོངས་འགྲེལ་མཛད་པའི་ཕྱིར། དེ་འདྲའི་ གཞིའི་ཆོས་དབྱིངས་དེ་ནི་སྐྱེ་འགག་དང་བྲལ་ཞིང༌། གཤིས་ལ་ཀུན་ཉོན་གྱིས་མ་གོས་པ་ 2-1-73 འཁོར་བའི་ཐོག་མ་དང་བར་དང་མཐའི་གནས་སྐབས་ཐམས་ཅད་དུ་རང་བཞིན་དྲི་མ་ཀུན་ དང་བྲལ་བ་དཔེར་ན་རིན་པོ་ཆེ་བཻཌཱུརྱ་འོད་གསལ་བ་རྡོ་ཡི་ནང་དུ་གནས་སྐབས་འོད་ཕྱིར་ མི་མངོན་པ་ལྟར་ཉོན་མོངས་པས་བསྒྲིབས་ཅིང་གཡོགས་པའི་ནང་དབྱིངས་དྲི་བྲལ་དེ་ཡང་ འཁོར་བར་འཁྲུལ་སྣང་ཅན་དག་གི་ངོར་གསལ་མི་ཐུབ་ཅིང་མི་མངོན་པ་དེ་ཡང་མྱ་ངན་ལས་ འདས་ཚེ་ཇི་བཞིན་མངོན་དུ་གྱུར་ཚུལ་སློབ་དཔོན་ཀླུས་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཆོས་ ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམ་ཀུན་ཏུ་ཉོན་ མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཇི་ལྟར་རིན་ཆེན་བཻཌཱུརྱ། །དུས་རྣམ་ཀུན་ཏུ་ འོད་གསལ་ཡང༌། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་ གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་གསུངས་པའི་ཕྱིར། དེ་འདྲའི་ གཞི་དབྱིངས་དེ་ཅང་མེད་ཙམ་དུ་ཟད་པ་མ་ཡིན་པར་དཔེར་ན་དྲི་མེད་ཉི་ཟླའི་དཀྱིལ་འཁོར་ ལ་སྒྲིབ་བྱེད་སྤྲིན་ཁུག་སྣ་དུ་བ་གཟའ་སྒྲ་གཅན་གྱི་གདོང༌། རྡུལ་འཚུབ་སོགས་ཀྱིས་བསྒྲིབ་ ན་ཇི་བཞིན་མི་གསལ་བ་ལྟར་རང་བཞིན་དག་པའི་དབྱིངས་དེ་ཡང་སྟོང་རྐྱང་ཙམ་མ་ཡིན་ པར་རང་བཞིན་གྱིས་འོད་གསལ་བའི་སེམས་རྣམ་ཀུན་པ་དེ་གློ་བུར་དྲི་མ་གོང་སྨོས་ཀྱི་དཔེ་ ཅན་འདོད་ཆགས་གནོད་སེམས་ལེ་ལོ་རྒོད་པ་ཐེ་ཚོམ་ལྔ་པོས་བསྒྲིབས་ནས་ཇི་བཞིན་གཞི་ དུས་སུ་མི་གསལ་ཚུལ་དང༌། དཔེར་ན་མེས་བསྲེག་མི་ནུས་པའི་རིན་པོ་ཆེའི་གོས་དྲི་མ་ཅན་ མེས་སྦྱངས་པ་ན་དྲི་མ་ཚིག་ཅིང་གོས་མི་ཚིག་པ་ལྟར་ནང་དབྱིངས་སྟོང་རྐྱང་ཙམ་མིན་པའི་ འོད་གསལ་བའི་སེམས་རྣམ་ཀུན་པ་དེ་ཆགས་སོགས་ཀྱི་དྲི་མ་དག་གིས་གཡོགས་པ་ན་ཡེ་ ཤེས་ཀྱི་མེས་དྲི་མ་བསྲེགས་ཤིང་རང་བཞིན་འོད་གསལ་བའི་སེམས་དེ་ཉམས་མེད་དུ་མངོན་ དུ་གྱུར་ཚུལ་བཅས་ལེགས་པར་སློབ་དཔོན་ཀླུས་གསུངས་པའང་ཡིན་ཏེ། ཇི་སྐད་དུ། དྲི་མེད་ 2-1-74 ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་སྣ་དུ་བ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་ པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་ སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཇི་ལྟར་ མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ འཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་ དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་གསུངས་པའི་ ཕྱིར། དེ་འདྲའི་འོད་གསལ་བའི་སེམས་གཞི་དུས་སུ་ཡོད་པ་དེ་དཔེར་ན་སའི་དཀྱིལ་ན་ཆུ་ གཙང་དྲི་མེད་གནས་པ་ལྟར་སེམས་ཅན་གྱི་དྲི་མ་ཉོན་མོངས་པའི་སྦུབས་ནང་དུ་ངོ་བོ་ཇི་ལྟར་ དུ་ཡོད་ན་ཡེ་ཤེས་ཆེན་པོ་དྲི་མ་མེད་པའི་ངོ་བོ་ཉིད་དུ་ཡེ་ནས་མི་འགྱུར་བར་ཡོད་ཚུལ། ཀླུས་ གསུངས་པ་སྟེ། ཇི་སྐད་དུ། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་པ་ དེའི་ཕྱིར། གདོད་ནས་བཞུགས་པའི་ཡེ་ཤེས་དེ་འདྲ་དེ་གཞི་དུས་སུ་དོན་དམ་པའི་ཡོན་ཏན་ ཡོངས་སུ་རྫོགས་ཚུལ་དཔེར་ན་བུམ་ནང་གི་མར་མེ་གསལ་བའི་ཆ་ཀུན་ནས་རྫོགས་ཀྱང་ བུམ་པ་མ་བཅག་བར་ཕྱི་རུ་མི་མངོན་པ་ལྟར་གཞི་སེམས་ཅན་གྱི་ཉོན་མོངས་པའི་སྦུབས་ནང་ ན་བཞུགས་པའི་ཆོས་དབྱིངས་ཡེ་ཤེས་ཆེན་པོ་དེ་ཡེ་ཤེས་རང་སྣང་གི་ཡོན་ཏན་མཐའ་དག་ རང་ཆས་སུ་གདོད་ནས་ཡོད་ཀྱང་སྒྲིབ་བྱེད་དྲི་མའི་སྦུབས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ མ་བཅོམ་པར་ཇི་བཞིན་མི་མཐོང་ཞིང་དེས་དེ་ལྟར་ལེགས་པར་བཅོམ་ཚེ་དབྱིངས་དེ་ཉིད་ཇི་ བཞིན་མངོན་དུ་གྱུར་བའི་ཚུལ་ཡང་སློབ་དཔོན་གྱིས་གསུངས་པ་འདི་ལྟར་ཡིན་ཏེ། ཇི་སྐད་ དུ། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་ བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ། །ཕྱོགས་ནི་གང་དང་གང་དག་ནས། 2-1-75 །བུམ་པ་བུ་ག་གཏོད་གྱུར་པ། །དེ་དང་དེ་ཡིཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་ འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་ན། །དེ་ཚེ་དེ་ནི་ནམ་མཁའ་ ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་དང༌། གཞན་ཡང་བུད་མེད་སྦྲུམ་མའི་ལྟོ་ནང་ གི་བུ་ལྟར་ཉོན་མོངས་སྦུབས་ནང་གི་ཆོས་དབྱིངས་གཞི་དུས་སུ་མི་མཐོང་ཚུལ། ཇི་ལྟར་སྦྲུམ་ མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཞེས་དང༌། གཞི་འབྲས་དབྱེར་མེད་ཀྱི་ཚུལ་དཔེར་ ན་ཆུ་ལ་དྲོ་གྲང་གི་གནས་སྐབས་ཀྱིས་མིང་ཐ་དད་ཙམ་ལས་དོན་གྱི་ཆུ་གཅིག་ཡིན་པ་ལྟར་ གཞི་དབྱིངས་ཀྱི་རང་བཞིན་ལ་ཉོན་མོངས་པའིདྲི་མ་ཡོད་མེད་ཀྱི་གནས་སྐབས་ཙམ་ལས་ དོན་གྱི་ཡིན་ལུགས་གཞི་དང་འབྲས་བུ་དབྱེར་མེད་པའི་ཆོས་དབྱིངས་ཉག་གཅིག་ཁོ་ན་ལས་ མེད་པའི་ཚུལ། ཇི་ལྟར་སོ་ཀའི་དུས་སུ་ཆུ། །དྲོའོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་ དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲ་བས་གཡོགས་པ་ལ། །སེམས་ ཅན་ཞེས་ནི་བརྗོད་པ་སྟེ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་ བྱེད། །ཅེས་དང༌། དེ་འདྲའི་ཆོས་དབྱིངས་དོན་དམ་པའི་བདེན་པ་མཚན་མའི་སྤྲོས་པ་བྲལ་བ་ དེ་ཉིད་དེ་བཞིན་གཤེགས་པ་ཀུན་གྱི་གནས་རང་བཞིན་ཆོས་སྐུ་ཆེན་པོ་གཅིག་ཏུ་ངེས་ཚུལ། འདི་ནི་དོན་དམ་བདེན་པ་སྟེ། །སྣང་བ་མེད་ཅིང་མཚན་མ་མེད། །དོན་དམ་བདེན་པ་ཞེས་བྱ་ བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་པ་ལ་སོགས་པ་འཁོར་ལོ་ཐ་མའི་དགོངས་ དོན་རྒྱལ་ཚབ་མཆོག་གིས་བཀྲལ་བ་དང་ཆེས་མཐུན་པའི་ལེགས་པར་བཤད་པའི་དགོངས་ འགྲེལ་ཀླུའི་ཞབས་ཀྱི་རང་ལུགས་མང་བའི་ཕྱིར། སློབ་དཔོན་གང་གི་ཐུགས་སྲས་འཕགས་ པ་ལྷས་ཀྱང་ཚུལ་དེ་ལྟར་གྱི་སྲོལ་ལེགས་པར་འཛིན་པ་ཡིན་ཏེ། ཇི་སྐད་དུ། བུམ་ནང་གི་མར་ མེ་བུམ་པ་བཅག་པས་མངོན་པ་ལྟར་སེམས་ཅན་གྱི་ལུས་ནང་གི་ཡེ་ཤེས་བླ་མའི་ཞལ་གྱི་མན་ 2-1-76 ངག་གིས་ལེགས་ཕྱེ་མཛད་ཚུལ། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་དུ་ནི་སྣང་མི་ འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་ པ་རང་ལུས་ཉིད། །དེ་ཉིད་མར་མེ་ལྟ་བུ་ཉིད། །བླ་མའི་ཁ་ཡིས་ལེགས་བཅག་ན། །སངས་ རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་སློབ་དཔོན་ ཀླུའི་དངོས་སློབ་རྒྱུད་འཛིན་དུ་མས་དེ་ལུགས་ངེས་དོན་ཟབ་མོའི་སྲོལ་ལེགས་པར་བཟུང་ངོ༌། ། གཉིས་པ་ནི། དབུ་མའི་ཤིང་རྟའི་སྲོལ་འབྱེད་མཆོག་དེ། ཆོས་ཅན། ཁྱོད་ཀྱིས་འཁོར་ ལོ་ཐ་མའི་བསྟན་དོན་གནས་ལུགས་མཐར་ཐུག་གཞི་དབྱིངས་དེ་བཞིན་གཤེགས་པའི་སྙིང་ པོ་འབའ་ཞིག་ལ་གཞོལ་བའི་ཚུལ་དུ་དགོངས་འགྲེལ་ལེགས་པར་མཛད་པ་ཡིན་ཏེ། བཀའ་ ཐ་མའི་དགོངས་དོན་སློབ་དཔོན་གྱིས་དབུ་མ་བསྟོད་ཚོགས་ཀྱི་སྒོ་ནས་ལེགས་པར་བཀྲལ་བ་ ན་གཞིའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེ་གཞི་འབྲས་དབྱེར་མེད་མཐར་ཐུག་གི་མྱང་འདས་དང་ གཅིག་པ་དེ་ཡང་མེད་དགག་ཅང་མེད་ཙམ་དུ་ཟད་པ་མ་ཡིན་པར་རང་བཞིན་འོད་གསལ་ བའི་སེམས་ཡེ་ཤེས་ཆེན་པོ་ནམ་ཡང་ཟད་པ་མི་མངའ་བའི་ཡོན་ཏན་མཐའ་ཡས་པར་རང་ ཆས་སུ་དོན་དམ་པའི་གནས་ལུགས་ཉིད་དུ་བདེན་པ་དེ་བཞིན་གཤེགས་པ་དུས་གསུམ་དུ་ བྱོན་པ་ཀུན་གྱི་ཡེ་ཤེས་ཆོས་སྐུ་ཉག་གཅིག་གི་གནས་སུ་ལེགས་པར་གཏན་ལ་ཕབ་པ་གང་ ཞིགཚུལ་དེ་ལུགས་ལྟར་ནི་རྒྱལ་ཚབ་མཆོག་གིས་བཀའ་ཐ་མའི་དགོངས་པ་འགྲེལ་ཚུལ་ དང་མཐུན་པའི་གཞི་དབྱིངས་གཤེགས་སྙིང་འབའ་ཞིག་ལ་གཞོལ་བའི་གནས་ལུགས་དེ་ ཁོ་ན་ཉིད་ཀྱི་ཚུལ་ཇི་ལྟ་བ་བཞིན་ལེགས་པར་བཤད་པ་ཡིན་པའི་ཕྱིར། སློབ་དཔོན་འདིས་ ཚུལ་དེ་ལྟར་དུ་འཆད་ཀྱང་ངེས་པར་རིགས་པ་ཡིན་ཏེ། དབུ་མ་པ་ཆེན་པོ་འདི་ནི་བཀའ་ཐ་ མའི་དགོངས་འགྲེལ་བསྟོད་ཚོགས་ཀྱིས་ཆད་མཐའ་བཀག་ནས་ཡོད་ཕྱོགས་ལེགས་པར་ 2-1-77 བསྒྲུབས་པ་དང་བཀའ་བར་བའི་དགོངས་འགྲེལ་རིག་ཚོགས་ཀྱིས་རྟག་མཐའ་བཀག་ནས་ དགག་ཕྱོགས་ལེགས་བསྒྲུབས་མཛད་ནས་མཐའ་བྲལ་གྱི་དབུ་མ་མཆོག་གི་སྲོལ་ཕྱེ་ཞིང་ ཆེས་དར་རྒྱས་སུ་བྱེད་པའི་སློབ་དཔོན་ཆེན་པོ་ཡིན་པའི་ཕྱིར་ཏེ། དེ་ལུགས་ལྟར་དུ་རྒྱལ་ བའི་ལུང་གིས་ཡོད་མེད་ཀྱི་མཐའ་འགོག་པའི་སྒོ་ནས་ལྟ་བའིཕྱོགས་ཉེ་བར་འཛིན་པའི་སློབ་ དཔོན་དུ་ཆེར་བསྔགས་མཛད་པའི་ཕྱིར། དེས་ན་རྒྱལ་ཚབ་མཆོག་རྗེས་འབྲང་བཅས་དང་ སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་རྣམས་དགོངས་པ་རོ་གཅིག་པའི་སྒོ་ནས་རྒྱལ་བའི་བསྟན་པ་ ཆེས་གསལ་བར་མཛད་པའི་རྒྱན་སོ་སོར་གྱུར་བ་ཡིན་ཏེ། རྒྱལ་ཚབ་རྗེས་འབྲང་བཅས་ཀྱིས་ བཀའ་ཐ་མ་གཙོ་བོར་གྱུར་བའི་རྒྱལ་བསྟན་ཆེས་གསལ་མཛད་ཅིང༌། སློབ་དཔོན་ཡབ་སྲས་ ནི་བཀའ་བར་པ་གཙོ་བོར་གྱུར་པའི་རྒྱལ་བསྟན་གསལ་མཛད་དུ་གྱུར་པས་གང་ལྟར་ཡང་ འཁོར་ལོ་གསུམ་གྱི་བསྟན་དོན་གྱི་གནས་ལུགས་ལ་དགོངས་པ་གཅིག་ཅིང་ཞལ་མི་མཐུན་ པ་གང་ཡང་མེད་པའི་ཕྱིར། འདིར་ཁ་ཅིག་རྒྱལ་ཚབ་རྗེས་འབྲང་བཅས་ཀྱིས་ཀུན་བཏགས་ གཞན་དབང་གིས་བསྡུས་པ་བདེན་མེད་དང་ཡོངས་གྲུབ་བདེན་པའི་ཚུལ་དུ་གསུངས་ཤིང། སློབ་དཔོན་ཡབ་སྲས་ཆོས་ཐམས་ཅད་བདེན་མེད་འདྲ་མཉམ་དུ་གསུངས་པས་དེ་དག་ དགོངས་པ་ཇི་ལྟར་གཅིག་སྙམ་ན། སྐྱོན་མེད་དེ། སྔ་མ་དག་གིས་ཀུན་རྫོབ་ཀྱིས་བསྡུས་པ་ མཐའ་དག་བདེན་མེད་དང་དོན་དམ་ཡོངས་གྲུབ་གནས་ལུགས་མཐར་ཐུག་ཏུ་བདེན་པར་ གསུངས་ལ། ཕྱི་མས་ཀྱང་དེ་ལྟར་དུ་དོན་ལ་བཞེད་ཀྱང་རིག་ཚོགས་ཀྱིས་ཆོས་ཀུན་བདེན་ མེད་འདྲ་མཉམ་དུ་གཏན་ལ་ཕབ་པ་ནི་ཀུན་རྫོབ་ཀྱི་སྣང་བ་ལ་ལྟོས་ནས་ཆོས་ཀུན་ལ་མཚན་ མ་བདེན་པར་འཛིན་པ་གཅོད་བྱེད་ཙམ་གྱི་ཆེད་ཡིན་པས་དོན་ལ་དགོངས་པ་མི་གཅིག་ པ་མེད་པའི་ཕྱིར། ཚུལ་དེ་སྤྲོས་པས་ཆོག་གོ། །དེ་ལྟ་བུའི་ཡེ་གཞི་བདེ་གཤེགས་སྙིང་པོའི་ བཞུགས་ཚུལ་གཞི་འབྲས་དབྱེར་མེད་ཀྱི་དོན་དམ་པའི་ཆོས་ཀྱི་སྐུ་མཐའ་ཡས་པའི་ཡོན་ཏན་ 2-1-78 གྱི་གཏེར་ཆེན་པོ་གདོད་མ་ཉིད་ནས་ལྷུན་གྲུབ་ཏུ་རང་བྱུང་སྤྱི་གཞི་གཅིག་གི་ཚུལ་དུ་བཞུགས་ པ་ལ་དགོངས་ནས་རྗེ་ཇོ་ནང་པ་ཆེན་པོའི་ཞལ་སྔ་ནས་ཀྱང༌། གལ་ཏེ་འདི་ནི་སངས་རྒྱས་ཀྱི་ ས་བོན་ཙམ་ལ་དགོངས་པའམ། ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་ཙམ་གྱི་སྟོང་པ་ཉིད་ལ་ དགོངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་ཚད་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ ཏན་མཐའ་ཡས་པ་དང་ལྡན་པ་ལ་གསུངས་པའི་ཕྱིར། ཞེས་གཞི་དབྱིངས་ཉིད་སངས་རྒྱས་ ཀྱི་ཡེ་ཤེས་ཡོན་ཏན་མཐའ་ཡས་པ་དང་ལྡན་པར་ཞལ་བཞེས་མཛད་ཅིང༌། དེ་ལུགས་ལྟར་ རྗེ་སྒྲོལ་མགོན་ཞབས་ཀྱིས་ཀྱང༌། བཅོམ་ལྡན་ཤཱཀྱ་སེང་གེའི་ཆོས་སྐུ་དེ། །སངས་རྒྱས་ཡོན་ ཏན་ཀུན་གྱི་རྒྱན་དང་ལྡན། །བདག་གི་ལུས་ངག་ཡིད་ལ་དེ་ཉིད་ཁྱབ། །ལུས་ངག་ཡིད་ནི་ ལོག་སྣང་འཁྲུལ་སྣང་ཙམ། །ཞེས་པ་ལ་སོགས་པས་ཞིབ་རྒྱས་ཀྱིས་གཞི་དུས་སུ་སངས་རྒྱས་ ཡེ་ཤེས་ཆོས་སྐུ་དངོས་བཞུགས་ཀྱི་ཚུལ་དབུ་མ་ཡིད་བཞིན་ནོར་བུར་གཏན་ལ་ལེགས་ཕབ་ མཛད་དོ། ། (གཉིས། ) དེ་ལ་དོགས་པ་ལེགས་བསལ་བྱེད་པ། གཉིས་པ་དེ་ལ་དོགས་པ་ལེགས་བསལ་བྱེད་པ་ལ། བཀའ་དང་དགོངས་འགྲེལ་གྱི་ ཚིག་ལ་དོགས་པ་ལེགས་བསལ་བྱེད་པ་དང༌། ཕྱི་ནང་གྲུབ་མཐའི་རྟག་མཐའ་དང་འདྲ་བར་ དོགས་པ་ལེགས་བསལ་བྱེད་པ་གཉིས་ལས། <༡> བཀའ་དང་དགོངས་འགྲེལ་གྱི་ཚིག་ལ་དོགས་བསལ་བྱེད་པ། དང་པོ་ལ། བཀའ་དང༌། དགོངས་འགྲེལ་གྱི་ཚིག་ལ་དོགས་བསལ་གཉིས་ལས། དང་ པོ་ལ་དོགས་པ་འགོད་པ་དང༌། དེ་ལེགས་བསལ་བྱེད་པ་གཉིས་ལས། དང་པོ་ནི། དེ་བཞིན་ གཤེགས་པའི་སྙིང་པོ་ཡེ་གཞི་ཆོས་ཉིད་དུ་བཞུགས་ཚུལ་གོང་དུ་བཤད་པ་དེ་དག་ལ། ཁ་ 2-1-79 ཅིག་གིས་འདི་ལྟར་ཟེར་ཏེ། འཁོར་ལོ་ཐ་མ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སོགས་ ཀྱིས་གཤེགས་སྙིང་བསྟན་པ་དེ་སྒྲ་ཇི་བཞིན་མ་ཡིན་པར་སྟོང་པ་ཉིད་ཙམ་ལ་དགོངས་ནས་ གཞན་མུ་སྟེགས་བྱེད་རྣམས་བསྟན་པ་ལ་ཁ་དྲང་པའི་ཆེད་ཙམ་དུ་དེ་ལྟར་གསུངས་པ་ཡིན་ ཏེ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས་ཞུས་པ། བཅོམ་ལྡན་འདས་ཀྱིས་མདོ་ གཞན་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་ འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་ དང་ལྡན་པ་སེམས་ཅན་ཐམས་ཅད་གྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་ འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར། ཕུང་ པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་ དང་གཏི་མུག་གི་ཟིལ་གྱིས་ནོན་པ། ཡོངས་སུ་དག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ། བརྟན་པ། ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་ སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱིས་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་ འདས་མུ་སྟེགས་བྱེད་རྣམས་ཀྱང༌། རྟག་པ། བྱེད་པ། ཡོན་ཏན་མེད་པ། ཁྱབ་པ་མི་འཇིག་ པའོ། ཞེས་བདག་དུ་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་ གྲོས་ཆེན་པོ་ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་ཅན་གྱིས་བདག་དུ་ སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློགྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ ངན་ལས་འདས་པ་དང༌། མ་སྐྱེས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་ པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས་བྱིས་པ་ རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་པའི་དོན་དུ་དེ་བཞིན་ 2-1-80 གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང༌། ད་ལྟར་བྱུང་བའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །ཞེས་དང༌། བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་ མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་ གཤེགས་པའི་སྙིང་པོ་སྟོན་ཏེ། ཞེས་སོགས་ཀྱིས་གཤེགས་སྙིང་དྲང་དོན་དགོངས་པ་ཅན་དུ་ བསྟན་པའི་ཕྱིར། ཞེ་ན། གཉིས་པ་དེ་ལེགས་བསལ་བྱེད་པ་སྟེ། ལང་གཤེགས་མདོ་ལས་ བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཞུས་པའི་ལན་བཀའ་བསྩལ་ བའི་སྙིང་པོའི་དོན་དེ། ཆོས་ཅན། ཅང་མེད་སྟོང་རྐྱང་ཙམ་དུ་ཟད་པ་མ་ཡིན་ཏེ། སྐབས་དེའི་ རྒྱལ་བས་བཀའ་བསྩལ་པའི་སྙིང་པོའི་དོན་སྟོང་པ་ཉིད་ནི་ཀུན་རྫོབ་སྤྲོས་པས་གདོད་ནས་ སྟོང་པ་དང༌། ཡང་དག་པའི་མཐའ་ནི་གཞི་དབྱིངས་ཆོས་སྐུ་གཤིས་ནས་དྭངས་ཤིང་གསལ་ བའི་རང་བྱུང་ཡེ་ཤེས་ཡང་དག་གནས་ལུགས་མཆོག་གི་མཐའ་དང༌། མྱ་ངན་ལས་འདས་པ་ ནི་སྡུག་བསྔལ་ཕྲ་རགས་ལས་གྲོལ་བ་ཆེན་པོའི་ཡེ་ཤེས་ཀྱི་དབྱིངས་ཉེས་པ་ཀུན་དང་བྲལ་བ་ སྟེ་དེ་འདྲའི་སྟོང་ཉིད་ཡང་དག་མཐའ་མི་གནས་པའི་མྱང་འདས་དོན་དམ་དེ་ཀུན་རྫོབ་སྤྲོས་ པའི་ངོ་བོར་མ་སྐྱེས་ཤིང་སྤྲོས་མཚན་སྨོན་པའི་རྒྱུ་དང་འབྲས་བུ་ཉི་ཚེ་བ་གང་གི་ཕྱོགས་སུ་མ་ ཆད་པའི་རང་བཞིན་གཤིས་ལུགས་དག་མཉམ་ཆེན་པོ་དེ་ཉིད་སྐབས་དེའི་སྙིང་པོའི་གོ་དོན་ ཡིན་པ་གང་ཞིག དེ་ཡིན་ན་གོང་དུ་བཤད་པ་ལྟར་གྱི་ཡོན་ཏན་མཐའ་ཡས་པའི་ཀློང་ཆེ་བ་ ཡེ་གཞི་དབྱིངས་ཆོས་སྐུ་ཉིད་དང་མི་གཉིས་པས་ན་དེ་ཅང་མེད་སྟོང་རྐྱང་ཙམ་དུ་ག་ལ་ཟད་ ཅིང་དེ་འདྲར་གྱུར་པ་གནས་མེད་པའི་ཚོད་དུ་འདུག་ལ། དེ་ཡེ་ཤེས་མཐའ་ཡས་པའི་གཏེར་ ཆེན་པོ་དོན་དམ་པའི་རྣམ་པ་ཐམས་ཅད་པ་ཉིད་དུ་རྟག་པར་ཐེར་ཟུག་གི་ངོ་བོར་གྲུབ་པའི་ 2-1-81 ཕྱིར། དེས་ན་བཅོམ་ལྡན་འདས་ཀྱི་ཞུས་ལན་སྙིང་པོའི་དོན་སྟོང་པ་ཉིད་ཀྱི་གོ་དོན་ནི་སྟོང་ རྐྱང་ཅང་མེད་ཙམ་དུ་མ་ཟད་པར་གཞན་ཀུན་རྫོབ་སྤྲོས་པ་མཐའ་དག་གིས་སྟོང་ཡང་རང་ བཞིན་དོན་དམ་པའི་རྣམ་པ་ཐམས་ཅད་པའི་གནས་ལུགས་རང་གི་གཤིས་ཀྱིས་ནམ་ཡང་ མི་སྟོང་བའི་ཡེ་གཞི་བདེ་གཤེགས་སྙིང་པོ་དངོས་དེ་ཡིན་པས་དེ་ཅང་མེད་དུ་གོ་མི་རུང་ཞིང་ དེ་ལྟར་གོ་ན་ཉེས་པ་ཆེན་པོའི་གནས་སུ་འགྱུར་རོ། །ཚུལ་དེ་ལྟ་བས་ན་ཞུས་ལན་གྱིས་སྙིང་ པོའི་དོན་རྣམ་པར་ཕྱེ་བ་ན་དོན་དམ་སྙིང་པོའི་གནས་ལུགས་དེ་མཚན་འཛིན་གྱིས་བདེན་ དངོས་སུ་ཞེན་པ་གཅོད་པའི་ཆེད་དུ་རྣམ་ཐར་སྒོ་གསུམ་གྱི་སྟོང་པ་ཉིད་ཡིན་པར་བསྟན་གྱི་ གནས་ལུགས་གཤེགས་སྙིང་སྟོང་རྐྱང་ཙམ་དུ་བསྟན་པ་ནི་གཏན་ནས་མ་ཡིན་ལ། གནས་ ལུགས་ལ་མཚན་འཛིན་གྱིས་བདེན་ཞེན་མ་ཆོད་ན་དེ་ལ་བདག་ཏུ་ཞེན་པའང་སྐྱེ། དེ་མ་ཟད་ ཕྱི་བས་སྒྲོ་བཏགས་ལྟར་གྱི་བདག་འཛིན་ཀུན་བཏགས་ཀྱང་སྐྱེར་འོང་བས་ཉེས་པའི་གནས་ སུ་འགྱུར་བ་ལ་དགོངས་ནས་གཤེགས་སྙིང་སྤྲོས་མཚན་གྱིས་སྟོང་པ་ཉིད་དུ་བསྟན་ལ། སྟོང་ པས་བདག་གཏན་ཆད་དུ་དོགས་ནས་ཧ་ཅང་སྟོང་ཆེས་པ་ལ་འཇིགས་སྐྲག་སྤང་པའི་ཆེད་དུ་ གཞིའི་དོན་དམ་པའི་སྙིང་པོའི་ཚུལ་ཡང་རྒྱས་པར་བསྟན་ཅིང༌། གཞན་མུ་སྟེགས་པ་གནས་ སྐབས་ཀུན་རྫོབ་སྤྲོས་པའི་བདག་ཏུ་ཞེན་པ། མཐར་ངེས་དོན་ལ་སྔོན་ལས་ཀྱི་འཕྲོ་ཡོད་པ་ གང་དག་ཀྱང་རིམ་གྱིས་ངེས་པའི་དོན་ཁོང་དུ་ཆུད་པར་བྱ་ཆེད་ཐབས་མཁས་གནས་ལུགས་ དམ་པའི་བདག་གི་ཚུལ་དུ་སྙིང་པོའི་དོན་བསྟན་པས་ཟབ་དོན་གྱི་གནས་ལ་རིམ་པས་དྲངས་ ཏེ་དོན་མཆོག་དང་ལྡན་པར་བྱས་པ་ནི་དེའི་དགོས་པ་ཕུན་སུམ་ཚོགས་པའོ། །རྒྱུ་མཚན་དེ་ དག་གི་ཕྱིར་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ཉིད་ཡིན་ཀྱང་མེད་དགག་ཙམ་དུ་མ་ ཟད་པ་དང་དེའི་ཚུལ་མུ་སྟེགས་བྱེད་དྲངས་པའི་ཆེད་དུ་བསྟན་ཀྱང་དེ་དག་ངེས་དོན་གྱི་ལམ་ ལ་འགོད་པའི་དགོས་པ་ཡོད་ཅིང་བསྟན་བྱའི་དོན་ཇི་བཞིན་པ་བསྟན་པ་ཡིན་གྱི་སྒྲས་ཟིན་ 2-1-82 དང་མི་མཐུན་པའི་དོན་གཞན་ལོག་པ་མིན་ཡང་ཡིན་པ་སྐད་སྟོན་པའི་དྲང་དོན་དུ་གསུངས་ པར་ནི་མི་འགྱུར་རོ། ། གཉིས་པ་དགོངས་འགྲེལ་གྱི་ཚིག་ལ་དོགས་བསལ་ལ། དོགས་པ་འགོད་པ་དང༌། དེ་ བསལ་བ་གཉིས་ལས། དང་པོ་ནི། འདིར་ཁ་ཅིག་ན་རེ། རྒྱལ་ཚབ་མི་ཕམ་པས་དགོངས་འགྲེལ་རྒྱུད་བླར་ བཀའ་བར་པས་ཆོས་རྣམས་སྒྱུ་མ་ལྟ་བུའི་བདེན་མེད་དུ་གསུངས་ནས་ཐ་མས་སེམས་ཅན་ལ་ སྙིང་པོ་ཡོད་པར་གསུངས་པ་ནི་སྒྲ་ཇི་བཞིན་མ་ཡིན་པར་སྤྱིར་ཐེག་ཆེན་ལམ་ལ་སེམས་ཞུམ་ པའི་ཉེས་པ་དང༌། སེམས་ཅན་དམན་པ་ལ་བརྙས་པའི་ཉེས་པ་དང༌། ཡང་དག་མིན་འཛིན་ གྱི་ཉེས་པ་དང༌། ཡང་དག་པའི་ཆོས་ལ་སྐུར་འདེབས་ཀྱི་ཉེས་པ་དང༌། བདག་ཅག་ལྷག་པའི་ ང་རྒྱལ་གྱི་ཉེས་པ་སྟེ་སྐྱོན་དེ་ལྔ་བྱང་སེམས་ཀྱིས་སྤང་བའི་དོན་དུ་གསུངས་པ་ཙམ་ལས་དོན་ ཇི་བཞིན་མིན་པའི་ཚུལ་དུ་དགོངས་འགྲེལ་མཛད་དེ། ཇི་སྐད་དུ། སྤྲིན་དང་རྨི་ལམ་སྒྱུ་བཞིན་ དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་ རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །སེམས་ཞུམ་སེམས་ ཅན་དམན་པ་བརྙས་པ་དང༌། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་གསུངས་པ་ ཉིད་ཀྱི་ཕྱིར། ཞེ་ན། གཉིས་པ་དེ་བསལ་བ་ནི། རྒྱུད་བླས་དགོངས་པ་འགྲེལ་ཚུལ་དེ། ཆོས་ ཅན། ཁྱོད་ཀྱིས་བཀའ་ཐ་མས་སྙིང་པོ་བསྟན་པ་དེ་དྲང་དོན་སྒྲ་ཇི་བཞིན་མིན་པར་འགྲེལ་ པ་མ་ཡིན་ཏེ། འཁོར་ལོ་ཐ་མའི་དགོངས་འགྲེལ་རྒྱུད་བླ་མའི་གཞུང་འདིས་བསྟན་བྱ་མཆོག་ གསུམ་རིགས་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་འཕྲིན་ལས་ཏེ་རྡོ་རྗེའི་གནས་པ་བདུན་གྱི་ སྒོ་ནས་དབུ་ཞབས་ཀུན་ཏུ་དོན་དམ་གཞི་འབྲས་དབྱེར་མེད་གཞིར་བཞག་གི་ཆ་ནས་འཁོར་ 2-1-83 ལོ་ཕྱི་མའི་དགོངས་པའི་ཟབ་དོན་གཙོ་བོར་ཕྱེ་བ་གང་ཞིགདེ་ལས་སྐབས་འདིའི་གཞུང་ཚིག་ གིས་ཀྱང་བཀའ་བར་པས་ཆོས་རྣམས་བདེན་མེད་དང་ཐ་མས་སེམས་ཅན་ལ་སྙིང་པོ་ཡོད་ པར་བསྟན་པའི་དགོས་པ་བྱང་སེམས་ཀྱི་སྐྱོན་ལྔ་སྤང་བའི་ཆེད་དུ་ཡིན་ཚུལ་ཞིབ་པར་བསྟན་ གྱི་བཀའ་ཐ་མས་སྙིང་པོ་བསྟན་པ་དྲང་དོན་ཡིན་པར་བཀྲལ་བའི་གསུང་ཟུར་ཙམ་ཡང་མ་ བྱུང་བའི་ཕྱིར། དང་པོ་གྲུབ་སྟེ། གཞུང་འདིས་ཐོག་མར་དཀོན་མཆོག་གསུམ་གྱི་རྣམ་གཞག་ དང༌། དེ་ནས་རིགས་ཁམས་དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་དང༌། དེ་ནས་གཞི་འབྲས་ དབྱེར་མེད་ཀྱི་སྒོ་ནས་བྱང་ཆུབ་མངོན་དུ་བྱ་ལུགས་དང༌། དེ་ནས་དེའི་ཡོན་ཏན་འཕྲིན་ལས་ ཀྱི་ཚུལ་དང་བཅས་ལེགས་པར་ཕྱེ་བ་ལས། དང་པོ་མཆོག་གསུམ་གྱི་སྐབས་སུ། འདུས་མ་ བྱས་ཤིང་ལྷུན་གྱིས་གྲུབ་པའི་རང་བྱུང་གི་དོན་དམ་པའི་མྱང་འདས་ཀྱིས་གཞི་བཟུང་རིགས་ ཁམས་སྙིང་པོ་ཡེ་བཞུགས་ཀྱི་ཚུལ་རྒྱས་པར་ཕྱེས་ནས་ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན་དུ་ ནམ་ཡང་འགྱུར་བ་མེད་པའི་ཆོས་ཉིད་དེ་འབྲས་བུ་ཆོས་སྐུ་བྱང་ཆུབ་ཀྱི་ངོ་བོར་མངོན་དུ་བྱས་ ནས་རང་སྣང་དང་གཞན་སྣང་གིས་བསྡུས་པའི་ཡོན་ཏན་དང་འཕྲིན་ལས་ནམ་ཡང་ཟད་མེད་ རྒྱན་གྱི་འཁོར་ལོ་རྟག་པར་རྒྱུན་མི་ཆད་པའི་ཚུལ་དང་བཅས་ཞིབ་རྒྱས་སུ་ལེགས་པར་གཏན་ ལ་ཕབ་པའི་ཕྱིར། གཉིས་པ་གྲུབ་སྟེ། སྐབས་འདིའི་གཞུང་ཚིག་སྤྲིན་དང་རྨི་ལམ་སྒྱུ་བཞིན་ སོགས་ཀྱིས་བསྟན་ཚུལ་ནི་རྒྱལ་བས་འཁོར་ལོ་བར་བས་ཤེས་བྱའི་ཆོས་ཐམས་ཅད་རྣམ་པ་ ཀུན་ནས་སྟོང་ཞིང་མི་བདེན་པའི་ཚུལ་དུ་གསུངས་ནས་སླར་ཡང་འཁོར་ལོ་ཐ་མའི་སྐབས་ འདིར་རྒྱལ་བ་ཉིད་ཀྱིས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྙིང་པོ་རྟག་བརྟན་འགྱུར་ མེད་དུ་ངེས་པར་ཡོད་ཅེས་གསུངས་པའི་དགོས་དོན་ཅི་ཞེ་ན་སེམས་ཞུམ་དམན་བརྙས་ཡང་ དག་མིན་འཛིན་ཡང་དག་ཆོས་ལ་སྐུར་བ་ལྷག་པའི་ང་རྒྱལ་ཏེ་དེ་འདྲའི་སྐྱོན་ལྔ་པོ་བྱང་ཆུབ་ སེམས་དཔས་ལེགས་པར་སྤང་བའི་དགོས་དོན་དེ་ཡིན་ནོ་ཞེས་གཞུང་དེས་ཐ་མས་སྙིང་པོ་ 2-1-84 བསྟན་པའི་དགོས་དོན་སྟོན་པ་ཡིན་གྱི་སྙིང་པོ་དེ་དྲང་དོན་བརྫུན་པ་དོན་ལ་མེད་པའི་ལོག་ པ་ཞིག་ཏུ་དངོས་སུ་སྟོན་པ་ལྟ་ཅི་ཚིག་ཟུར་ཙམ་གྱིས་ཀྱང་དེ་འདྲ་སྟོན་ཉམས་ཀུན་ནས་མེད་ པ་ཆེས་གསལ་བ་ལྟར་ཡིན་པའི་ཕྱིར། དེས་ན་གཞུང་འདིས་བཀའ་ཐ་མས་གཤེགས་སྙིང་ བསྟན་པ་དེ་དགོངས་པ་གང་གི་ཕྱིར་ཡིན་ན་བྱང་སེམས་ཀྱིས་སྐྱོན་ལྔ་སྤང་བའི་དགོས་པ་དེའི་ ཕྱིར་ཡིན་པས་འདིར་ཐ་མས་སྙིང་པོ་བསྟན་པའི་དགོས་པ་ཡོད་ཚུལ་ཇི་བཞིན་སྟོན་གྱི་དེས་ སྙིང་པོ་དྲང་དོན་དུ་བསྟན་པར་བསྒྲུབ་པ་མ་ཡིན་པའི་ཚུལ་དེ་ལེགས་པར་གྲུབ་བོ། ། <༢> ཕྱི་ནང་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་བསལ། གཉིས་པ་ཕྱི་ནང་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་པ་ལེགས་ བསལ་བྱེད་པ་ལ། ཕྱི་རོལ་པའི་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་སེལ་དང༌། ནང་པའི་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་སེལ་དང༌། གཉིས་ལས། <༡> ཕྱི་རོལ་བའི་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་སེལ། དང་པོ་ནི། འདིར་ཁ་ཅིག་ངེས་དོན་དབུ་མའི་ལུགས་དེ་གཞན་སྡེ་གྲངས་ཅན་པ་དང་ འདྲ་བས་གྲུབ་མཐའ་ཡང་དག་མ་ཡིན་ནོ་ཞེ་ན། དེ་ལ་འདིལྟར་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་ དོགས་གཞི་འདི་ལ་དྲི་བ་གཉིས་ཐོག་མར་སླར་ཡང་འདྲི་སྟེ། དེ་ཡང་སྤྱིར་ངེས་དོན་དབུ་མའི་ རང་ལུགས་དེ་གྲངས་ཅན་དང་ཕྱོགས་མཐུན་ཙམ་ལ་བསམ་ནས་དེ་ལྟར་དོགས་སམ། གྲངས་ ཅན་གྱི་ལྟ་བ་དངོས་དང་འདྲ་བའམ་སྙམ་ནས་དེ་ལྟར་དོགས་ཚིག་སྨྲ་བ་ཡིན། དང་པོ་ལྟར་ ན་ནི་སྤྱིར་ཕྱི་ནང་གི་གྲུབ་མཐའ་རྣམས་ཕྱོགས་རེ་འདྲ་བ་ནི་དུ་མ་ཡོད་ཀྱང་དེ་ཙམ་གྱིས་དེ་ གཉིས་རྣམ་པ་ཀུན་ནས་འདྲ་བའི་སྐྱོན་ཅན་དུ་མི་འགྱུར་ཏེ། ཕྱོགས་རེ་འདྲ་བའི་ཕྱི་ནང་གི་ གྲུབ་མཐའ་ནི་རང་སྡེ་ཉན་ཐོས་སྡེ་གཉིས་གཞན་སྡེ་བྱེ་བྲག་པ་དང་ཕྱོགས་རེ་འདྲ་ཚུལ་ཡོད་ 2-1-85 པ་དང༌། དེ་བཞིན་དུ་སེམས་ཙམ་རྣམ་རྫུན་པ་དང་གྲངས་ཅན་ཕྱོགས་ཙམ་རེ་མཚུངས་ཚུལ་ དང༌། དབུ་མ་རང་རྒྱུད་པ་དང་དབང་ཕྱུག་པ་ཕྱོགས་རེ་ཙམ་དང༌། ཐལ་འགྱུར་བ་དང་ཁྱབ་ འཇུག་པ་ཕྱོགས་མཚུངས་ཅུང་ཟད་རེ་འགྲིག་པ་འདྲ་བ་ཡོད་ཀྱང་དེ་ཙམ་གྱིས་དེ་དག་དང་ ཀུན་ནས་འདྲ་མི་དགོས་པར་གསུངས་པ་ལྟར་འདིར་ཡང་རང་ལུགས་དེ་སྤྱིར་གྲངས་ཅན་དང་ ཕྱོགས་རེའི་ཆ་ཙམ་གྱི་བཤད་སྒྲོས་རེ་འགྲིག་ཙམ་གྱིས་ནི་དེ་དང་རྣམ་པ་ཀུན་ནས་འདྲ་མི་ དགོས་པ་ནི་མྱོང་གྲུབ་ཤེས་སླ་བ་ལྟར་ཡིན་པའི་ཕྱིར་ཏེ། དཔེར་ན་ཕྱི་རོལ་པའི་གཞུང་ལུགས་ ཁྱབ་འཇུག་གི་ཞག་ལྔ་པ་ཞེས་བྱ་བ་ལས། མིང་ཙམ་ལས་ནི་རབ་འདས་ཤིང༌། །དངོས་དང་ དངོས་མེད་རྣམ་པར་སྤངས། །དབྱུང་དང་བསྡུ་ལས་ངེས་གྲོལ་བ། །དེ་ནི་ནོར་ལྷའི་བུ་ཞེས་བྱ། །དངོས་ལ་དངོས་མེད་ཡོད་མ་ཡིན། །དངོས་མེད་ལའང་དངོས་ཉིད་མེད། །དངོས་དང་དངོས་ མེད་རྣམ་གྲོལ་བར། །གང་གིས་ཤེས་དེ་དེ་ཉིད་རིག །ཅེས་ཁྱབ་འཇུག་གི་རྣམ་པར་གྱུར་བ་ གང་དག་མིང་ཙམ་གྱིས་བཞག་པ་ཁོ་ན་ལས་བདེན་པའི་ངོ་བོ་ལས་འདས་ཤིང༌། དོན་དམ་ པར་ན་དངོས་དང་དངོས་མེད་ཀྱི་ངོ་བོ་གང་དག་བདེན་པའི་རྣམ་པ་ཀུན་ནས་མེད་པ། ཁྱབ་ འཇུག་གི་ཞི་བའི་དེ་ཉིད་ནི་རྣམ་པར་འགྱུར་བའི་འདི་སྣང་གི་དངོས་པོ་ཕར་དབྱུང་བ་དང་ ཚུར་བསྡུ་བ་གང་དག་གིས་དོན་ལ་ངེས་པར་གྲོལ་བའི་ལྷ་ཆེན་ཡིན་ཞིང་དེ་ཡང་ནོར་ལྷའི་བུ་ སྟེ་ནོར་ལྷའི་བུ་དེ་ཉིད་ཀྱི་རང་བཞིན་ནི། དོན་གྱི་ཞི་བ་ལྟར་ན་དངོས་དང་དངོས་མེད་གང་ དག་བདེན་པའི་དངོས་པོ་གང་ཡང་མེད་པར་རང་བཞིན་བདེན་དངོས་དེ་ཀུན་ལས་རྣམ་པར་ གྲོལ་བའི་དབྱིངས་འབའ་ཞིག་ཡིན་པས་དེ་མངོན་དུ་གྱུར་ན་དེ་ཁོ་ན་ཉིད་མངོན་དུ་གྱུར་ཚུལ་ བཤད་པ་དང་སྒྲོས་བསྒྲིག་ན་རང་སྟོང་དབུ་མ་པའི་ལུགས་ཀྱི་དངོས་པོ་དངོས་མེད་མཐའ་ དག་བདེན་དངོས་སུ་མེད་པའི་ཆོས་སྐད་ཙམ་དང་ཡང་འགྲིག་རུང་རུང་ལྟ་བུར་སྣང་བ་ཡོད་ ཀྱང་དེ་ཙམ་གྱིས་དབུ་མའི་ལུགས་གཞན་སྡེ་དེ་དང་རྣམ་པ་ཀུན་ནས་འདྲ་མི་དགོས་པ་བཞིན་ 2-1-86 འདིར་ཡང་ཕྱོགས་རེས་འདྲ་མཚུངས་ཙམ་གྱིས་དེ་ཁོ་ན་ལྟར་འགྱུར་བར་ག་ལ་རུང་སྟེ་མི་རུང་ བའི་ཕྱིར། གཉིས་པ་ལྟར་ན་འདི་ལའང༌། གཞི་དབྱིངས་རྟག་ཁྱབ་གཅིག་པུ་དེགྲངས་ཅན་ལུགས་ ཀྱི་བདག་གཙོ་དང་འདྲ་བའི་དོགས་པ་མེད་ཚུལ། རང་བཞིན་དམ་པའི་བདག་དང་གཞན་ སྡེས་སྒྲོ་བཏགས་ཀྱི་བདག་གཉིས་འདྲ་བའི་དོགས་པ་མེད་ཚུལ་གཉིས་ལས། དང་པོ་ནི། གཞི་དབྱིངས་སྤྲོས་བྲལ་རང་བྱུང་གི་ཆོས་སྐུ་དེ། ཆོས་ཅན། ཁྱོད་འཁོར་འདས་ཀུན་ལ་རྟག་ ཁྱབ་གཅིག་པུའི་རང་བཞིན་ཡིན་ཡང་གྲངས་ཅན་ཞེ་འདོད་ཀྱི་བདག་གཙོ་དང་འདྲ་བའི་ དོགས་པ་མེད་དེ། སྤྲོས་བྲལ་རང་བྱུང་ཆོས་སྐུ་མངོན་དུ་གྱུར་བྱེད་ཀྱི་ཡེ་ཤེས་དེ་གང་ཞིག་ཡིན་ ན་སངས་རྒྱས་འཕགས་པའི་རྒྱུད་ཀྱི་གཉིས་མེད་དོན་དམ་གཟིགས་པའི་སོ་སོར་རང་རིག་ཡེ་ ཤེས་ཉག་གཅིག་ཡིན་པ་གང་ཞིག་ཡེ་ཤེས་དེའི་ངོར་ནི་སྤྲོས་བྲལ་ཆོས་སྐུ་དེ་རང་དང་གཉིས་ མེད་མ་ཟད་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་ཡེ་ནས་བཞུགས་པ་འཁོར་འདས་ཀུན་ལ་རྟག་ ཁྱབ་གཅིག་པུ་རྣམ་ཀུན་པ་ཀུན་རྫོབ་ཀྱི་སྤྲོས་པ་གང་གིས་གོས་མ་མྱོང་བ་ཞིག་ཏུ་ངེས་པར་ གཟིགས་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་འཕགས་པའི་ཡེ་ཤེས་ཉག་གཅིག་གིས་གཟིགས་ ཚུལ་དེ་ཡང་ཀུན་རྫོབ་སྤྲོས་མཚན་གྱིས་ནམ་ཡང་མ་བསླད་པར་དབྱིངས་དོན་དམ་རྣམ་པ་ ཐམས་ཅད་པར་ཆ་གང་ནས་ཀྱང་རིས་སུ་ཆད་པ་མེད་པར་ཐམས་ཅད་ནས་ཐམས་ཅད་དུ་ རྣམ་ཀུན་གྱི་ངོ་བོ་ཉག་གཅིག་ཏུ་སོང་སྟེ་ཆ་གང་ཐད་ནས་སྤུ་རིས་སོ་སོར་མཚོན་དུ་མེད་ཅིང་ སྤྲོས་བྲལ་གྱི་དབྱིངས་དེ་ཉིད་ལས་རྣམ་བཅས་རྣམ་ཀུན་པའི་རྣམ་པ་ཀུན་ཀྱང་ནམ་ཡང་ འགོག་མི་ནུས་པའི་སྣང་སྟོང་དམ་པའི་ཡིན་ལུགས་དེ་མཚན་འཛིན་གྱི་བློ་མཐའ་དག་གི་སྤྱོད་ ཡུལ་ལས་རྣམ་པར་འདས་ཤིང་རྟོག་གེས་ཀུན་ནས་བསམ་ཁྱབ་དཀའ་བ་གང་ཞིགགྲངས་ ཅན་ཞེ་འདོད་ཀྱི་བདག་གཙོའི་ཡིན་ལུགས་ནི་སྒྲ་རྟོག་སྤྲོས་ཞེན་གྱིས་ཚུགས་ཐུབ་བདེན་པའི་ 2-1-87 རང་བཞིན་ཤེས་རིག་རྟག་རྫས་ཀྱི་བདག་དང་བེམ་སྟོང་རྟག་རྫས་རང་བཞིན་གཙོ་བོ་སྟེ་དེ་ འདྲའི་ཤེས་རིག་བདག་སྐྱེས་བུ་ཀུན་ལ་ཁྱབ་པ་དང་རང་བཞིན་གཙོ་བོ་བརྟན་གཡོ་མཐའ་ དག་གྲུབ་བྱེད་དུ་རྟག་རྫས་ཆ་མེད་ཀུན་ཁྱབ་ཏུ་ཞེན་རྟོག་གིས་དམིགས་ཕུག་ནས་བཟུང་སྟེ་ ཆེད་དུ་ནན་གྱིས་བཏགས་དོན་བཙལ་ནས་བརྟགས་ཤིང་དཔྱད་དེ་གྲུབ་པའི་མཐའ་ཞེ་ཐག་ པ་ནས་ཞེན་འཛིན་དམ་པོས་ཆེད་དུ་འཆིང་བཞིན་འཇོག་པ་ཡིན་པས་འཕགས་པའི་ཡེ་ཤེས་ མཆོག་གིས་གནས་ལུགས་ཀྱི་དོན་འཇོག་ཚུལ་དང་སྒྲ་རྟོག་ཞེན་པ་ཅན་གྱིས་ནན་ཚུགས་ ཀྱིས་ཕྱིན་ཅི་ལོག་གི་སྒྲོ་བཏགས་པའི་ཚུལ་གཉིས་གནམ་ས་ལས་ཀྱང་ཁྱད་པར་ཆེ་ཞིང་སྣང་ མུན་ལས་ཀྱང་བཟང་ངན་ཡོད་པའི་ཕྱིར། དེར་ཐལ། དོན་དམ་གཟིགས་པའི་ཡེ་ཤེས་ནམ་ མཁའ་ལྟར་ཡངས་པའི་ངོར་དོན་དམ་སྣང་སྟོང་གི་འཆར་སྒོ་ཀུན་ནས་རྣམ་པ་ཐམས་ཅད་པ་ སྣང་བ་ལ་རང་བཞིན་མཚན་འཛིན་གྱིས་མ་བསླད་པས་སྤྲོས་བྲལ་འབའ་ཞིག་པར་ཅིར་ཡང་ འཆར་དུ་རུང་བ་སྒྲ་དང་རྟོག་པའི་ཡུལ་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་འབྱམས་ཀླས་པ་ དང༌། ཀུན་རྫོབ་སྒྲ་རྟོག་གིས་ནན་ཞེན་ཚུགས་ཐུབ་ཏུ་དམིགས་ཕུགས་ནས་ཆ་སོ་སོར་བཅད་ དེ་མཚན་མ་བདེན་དངོས་ཀྱི་སྤྲོས་པ་དམ་ཧྲིང་ངེ་བའི་ཡུལ་ཉི་ཚེ་བ་ཞེ་འདོད་ཀྱིས་སྒོས་སུ་ རྟག་ཚུགས་བརྟན་པའི་རྫས་ཀྱི་དངོས་པོར་གྲུབ་པར་བྱས་པ་ཉེས་རྩ་མཚན་འཛིན་གྱི་ཡུལ་དུ་ གྱུར་པ་གཉིས་སྤྱི་རིགས་ཙམ་དང་ཆ་ཕྲ་བ་གང་ཐད་ནས་ནམ་ཡང་ཅུང་ཙམ་འདྲ་བའི་སྐབས་ ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་རངབཞིན་དམ་པའི་བདག་དང་གཞན་སྡེས་ སྒྲོ་བཏགས་ཀྱི་བདག་གཉིས་འདྲ་བའི་དོགས་པ་མེད་ཚུལ་ནི། སྤྱིར་བདག་ཅེས་བྱ་བའི་གོ་ ལུགས་ལ་གཉིས་ཏེ། ཆོས་དབྱིངས་སྤྲོས་བྲལ་རྣམ་ཀུན་པ་དེ་གཉིས་མེད་སོ་སོར་རང་རིག་ཡེ་ ཤེས་ཀྱི་ཡུལ་དུ་གནས་ལུགས་དོན་དམ་པའི་བདག་ཉིད་དུ་བདེན་པ་ལ་རང་བཞིན་དམ་པའི་ བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཇོག་ཚུལ་ཞིག་དང་ཐོག་མེད་ནས་བདག་ལྟ་སོགས་ 2-1-88 ལ་གོམས་ཆ་བརྟན་པའི་དབང་དང་གྲུབ་མཐའ་ངན་པས་བློ་བསྒྱུར་བའི་དབང་གིས་རང་ ཤུགས་ཀྱིས་མཚན་མར་འཛིན་པའི་རྟོག་པ་མཆེད་དེ་ཕྱི་ནང་གི་ཆོས་མཐའ་དག་ལ་ཚུགས་ ཐུབ་ཏུ་འཛིན་པ་སྤྱི་དང་ཁྱད་པར་གྲུབ་མཐའི་དབང་གིས་ཀུན་ནས་བཏགས་པའི་བདག་ གཙོ་ལྟ་བུའི་ཡུལ་ཕྱིན་ཅི་ལོག་བཏགས་དོན་བཙལ་ནས་བརྟགས་དཔྱད་ཀྱིས་འཇོག་སྐབས་ ཀྱི་ཤེས་རིག་ང་བདག་རྟག་གཅིག་རང་དབང་བར་ཞེན་པའི་ཡུལ་གྱི་དགག་བྱ་སྤྲོས་མཚན་ ཚབས་ཆེ་བ་དེ་ཉེས་ཀུན་གྱི་རྩ་བ་ང་བདག་ཏུ་འཛིན་པའི་ཞེན་ཡུལ་གྱི་དགག་བྱའི་བདག་དང་ ཆོས་རྣམས་ཀྱི་རང་བཞིན་རྟག་རྫས་བེམ་པོ་ཆ་མེད་ཀྱི་གཙོ་བོ་ཞེས་བྱ་བའི་ཆོས་ཀྱི་དེ་ཉིད་ དེ་ཕྱིན་ཅི་ལོག་ཏུ་ཞེན་པའི་ཡུལ་གྱི་ཆོས་བདག་སྤྲོས་མཚན་ཅན་ཀུན་བཏགས་ཕྱོགས་གཙོ་ བོར་གྱུར་པའི་འཇོག་ཚུལ་ཏེ་དོན་དམ་ཆོས་ཉིད་ཀྱི་བདག་དམ་པའི་ཚུལ་དང་ཀུན་རྫོབ་ཉེས་ རྩའི་ཞེན་ཡུལ་གྱི་དགག་བྱའི་བདག་གི་ཚུལ་གཉིས་ཡོད་པས་སྔ་མ་འགལ་འདུའི་སྐྱོན་མེད་ གནས་ལུགས་དང་ཕྱི་མ་འགལ་འདུའི་ཕུང་པོ་ཉེས་རྩའི་ཞེན་ཡུལ་ཡིན་ནོ། །ཚུལ་དེ་ལྟར་ ངེས་པར་བྱས་ནས་སྐབས་ཀྱི་བརྗོད་བྱ་ནི། དེ་ལྟ་བས་ན་གནས་ལུགས་དོན་དམ་པའི་བདག་ དང་ཀུན་རྫོབ་དགག་བྱའི་བདག་གཉིས་ཆོས་ཅན། ཁྱོད་གཉིས་ལ་བདག་ཅེས་བྱ་བའི་མིང་ ཙམ་འདྲ་བ་ལས་དོན་གྱི་ཚུལ་རྣམ་པ་ཀུན་ཏུ་མི་འདྲ་སྟེ། གནས་ལུགས་དོན་དམ་པའི་བདག་ ནི་སྤྲོས་བྲལ་ཆོས་ཀྱི་དབྱིངས་རྟོག་གེས་བསམ་ཁྱབ་དཀའ་བ་ཀུན་ནས་རྣམ་པ་ཐམས་ཅད་ པ་དེ་ཡིན་པ་གང་ཞིགཀུན་རྫོབ་དགག་བྱའི་བདག་ནི་མཚན་རྟོག་གིས་ཞེན་པ་ལྟར་གྱི་ཡུལ་ ཕྱིན་ཅི་ལོག་གི་གང་ཟག་དང་ཆོས་ཀྱི་བདག་གང་རུང་དུ་གཏོགས་པ་ཉེས་རྩའི་ཞེན་ཡུལ་གྱི་ དགག་པར་བྱ་དགོས་ཀྱི་བདག་དོན་ལ་མི་སྲིད་པ་དེ་ཡིན་པའི་ཕྱིར། དེས་ན་བདག་དེ་གཉིས་ ལ་འདྲ་བའི་དོགས་པ་བཟུང་བའི་གནས་ཡོད་པ་མིན་ཏེ། གནས་ལུགས་དོན་དམ་པའི་བདག་ ནི་སྤྲོས་བྲལ་བའི་རྣམ་པར་མི་རྟོག་པའི་དབྱིངས་ནས་ཆ་དང་བཅས་པའི་རྣམ་པར་ཕྱོགས་ 2-1-89 རིས་སུ་གཅོད་པའི་སྤུ་རིས་སོ་སོའི་ཆའི་མཚན་མར་འཆར་བ་མེད་པར་དོན་དམ་སྤྲོས་པས་ མ་གོས་པར་འཆར་ལུགས་ཇི་བཞིན་པ་ནི་རང་བཞིན་གྱི་གཞི་དབྱིངས་ཉག་མ་གཅིག་གི་ ཆ་དེར་ཀུན་ནས་དོན་དམ་པའི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འདིལྟ་བུའོ་ཞེས་ ཕྱོགས་ཚན་སྒེར་བཅད་དུ་མཚན་མའི་རིས་སུ་གཅོད་པའི་ཡུལ་གང་ཡང་མི་འདུག་པའི་ཀུན་ ནས་དོན་དམ་པའི་ཆ་གཅིག་ལ་དོན་དམ་མཆོག་གི་རྣམ་པ་ཆ་མ་ཚང་བ་མེད་པའི་གཤིས་ ཀྱི་གནས་ལུགས་མཐར་ཐུག་པ་བསམ་གྱིས་མི་ཁྱབ་པའི་དོན་དམ་གྱི་དབྱིངས་འབའ་ཞིག་ པ་ཡིན་ལ། ཀུན་ནས་རྫོབ་པ་དོན་ལ་མི་སྲིད་པའི་དགག་བྱའི་བདག་ནི་སྤྲོས་མཚན་ཅན་གྱི་ ཞེན་པ་ཉེས་པ་ཀུན་གྱི་རྩ་བར་གྱུར་པའི་བློ་ཕྱིན་ཅི་ལོག་གིས་ཆེད་དུ་ཀུན་ནས་བཏགས་པའི་ སྤྲོས་པ་མཚན་མར་ཚུགས་སུ་ཐུབ་པའི་དངོས་སྣང་དོན་ལ་མི་སྲིད་པ་ཞིག་མཚན་འཛིན་གྱི་ བློས་བཅོས་ནས་ཆེད་དུ་འཛིན་པ་དམ་པོས་ནན་ཞེན་གྱིས་དཀྲིས་པའི་ཞེན་ཡུལ་ཉི་ཚེ་བ་ ཕྱོགས་རིས་ཆད་པའི་བྱེ་བྲག་གི་ཆར་གྱུར་པའི་མཚན་མའི་འཛིན་སྒོ་ཞིག་ཡིན་པས་དེ་གཉིས་ ཀྱི་ཡིན་ལུགས་ཇི་བཞིན་པའི་དོན་ལ་རེག་ནུས་ན་འོད་གསལ་ཡེ་ཤེས་ཀྱི་ཁྱད་ཆོས་ཆེས་ངོ་ མཚར་བ་དང་རྨོངས་མུན་གྱི་ཡུལ་ཕྱིན་ཅི་ལོག་གི་རང་མཚང་ངན་པའི་སྐྱོན་གྱི་ཕུང་པོ་གཉིས་ ཆ་གང་ཐད་ནས་འདྲ་བའི་སྐབས་མེད་པ་ནི་སྨོས་ཀྱང་མ་དགོས་པའི་གནས་ཚོད་དུ་འདུག་ པའིཕྱིར། གཞན་ཡང་དེ་གཉིས། ཆོས་ཅན། འདྲ་བའི་སྐབས་མེད་དེ། དོན་དམ་པ་དང་ཀུན་ རྫོབ་པའི་ཁྱད་པར་ཡོད་པའི་ཕྱིར། ཡང་ཆོས་ཅན་དང་གསལ་བ་སྔར་ལྟར་ལས། ཡེ་ཤེས་ དང་རྣམ་ཤེས་ཀྱི་ཡུལ་ཡིན་པའི་སྒོ་ནས་ཁྱད་པར་ཡོད་པའི་ཕྱིར། ཡང་ཆོས་ཅན་དང་གསལ་ བ་སྔར་ལྟར་ལས། འཇོག་བྱེད་འཕགས་པའི་ཡེ་ཤེས་དང་འཇིག་རྟེན་པའི་རྣམ་པར་ཤེས་པ་ གཉིས་ཡིན་པས་དེ་གཉིས་ཀྱི་སྣང་ཚུལ་ལ་བཟང་ངན་གྱི་ཁྱད་པར་ཆེས་འཐད་པའི་ཕྱིར། དེ་ བཞིན་དུ་མཚན་འཛིན་གྱི་ཡུལ་མ་ཡིན་པ་དང་ཡིན་པ། རྟོག་བློའི་ཡུལ་མ་ཡིན་པ་དང་ཡིན་པ། 2-1-90 ཀུན་རྫོབ་པའི་བློའི་ཡུལ་མ་ཡིན་པ་དང་ཡིན་པ་སོགས་ཀྱི་སྒོ་ནས་ཀྱང་བཟང་ངན་གྱི་ཁྱད་ འབྱེད་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་མོ། ། <༢> ནང་པའི་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་སེལ། གཉིས་པ་ནང་བའི་གྲུབ་མཐའི་རྟག་མཐའ་དང་འདྲ་བར་དོགས་སེལ་ལ། སྤྱིར་ནང་བ་ པའི་ཉེས་རྩའི་བདག་འཛིན་གཉིས་ཀྱི་ཞེན་ཡུལ་དང་འདྲ་བར་དོགས་སེལ་དང༌། ཁྱད་པར་ དངོས་སྨྲའི་སེམས་ཙམ་རྣམ་བརྫུན་པ་དང་ཀུན་ནས་འདྲ་བར་དོགས་སེལ་གཉིས་ལས། དང་པོ་ནི། ཡང་ཁ་ཅིགའདིར་དག་པའི་བདག་ཡེ་ཤེས་དམ་པའི་སྤྱོད་ཡུལ་དང་ཉེས་ རྩའི་བདག་འཛིན་གཉིས་ཀྱི་ཞེན་ཡུལ་གྱི་བདག་གཉིས་ལ་མི་འདྲ་བའི་ཁྱད་པར་ཅི་ཞེ་ན། དེ་ དག་གི་ཁྱད་པར་བཤད་པར་བྱ་ན་འདི་བཞིན་ཡིན་ཏེ། དང་པོ་དག་པའི་བདག་ནི་འཕགས་ པ་མཆོག་གི་ཡེ་ཤེས་སྤྲོས་བྲལ་གྱི་གཟིགས་ངོར་ཀུན་རྫོབ་མཚན་མས་མ་གོས་པའི་སྣང་བ་ རྣམ་ཀུན་པ་སྤྲོས་མཚན་མཐའ་དག་ཞི་བའི་དབྱིངས་ནས་དོན་དམ་པའི་སྣང་སྟོང་ཟུང་འཇུག་ གི་ཚུལ་བསམ་མི་ཁྱབ་པའི་གནས་ལུགས་ཤེར་ཕྱིན་དམ་པའི་བདག་ཡིན་པ་གང་ཞིག གཉིས་པ་ཀུན་རྫོབ་ཀྱི་བདག་གཉིས་ནི་སེམས་ཅན་རང་ག་བ་གང་དག་ལ་སྔོན་གོམས་ ཀྱི་དབང་གིས་རང་ཤུགས་ཀྱིས་ལྷན་ཅིག་ཏུ་སྐྱེས་པའམ་གྲུབ་མཐའི་དབང་གིས་ཀུན་ནས་ བཏགས་པའི་བདག་ཏུ་འཛིན་པ་སྐྱེས་ཏེ་གཙོ་བོར་ལྷན་སྐྱེས་ལ་བརྟེན་ཡུལ་ཕྱིན་ཅི་ལོག་ཏུ་ སྒྲོ་བཏགས་པའི་དོན་ལ་མི་སྲིད་པའི་བདག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འཕགས་པའི་ སྤྲོས་བྲལ་མི་རྟོག་པའི་ངོར་དོན་དམ་བདག་གི་དབྱིངས་རྣམ་པ་ཐམས་ཅད་པ་དེ་སྤྲོས་མེད་ འབའ་ཞིག་གི་ངང་ནས་ཇི་བཞིན་རྗེས་ཀྱི་བློས་བརྗོད་མི་ཤེས་པའི་འཆར་ཚུལ་ཁྱད་པར་བའི་ སྒོ་ཕུན་སུམ་ཚོགས་པ་སོ་སོར་རང་རིག་དམ་པ་ཉག་གཅིག་གི་སྤྱོད་ཡུལ་དུ་ལེགས་པར་ངེས་ 2-1-91 པའི་ཕྱིར། གཉིས་པ་གྲུབ་སྟེ། སེམས་ཅན་རྣམས་ལ་བདག་ཏུ་འཛིན་པ་ལྷན་སྐྱེས་དང་ཀུན་ བཏགས་གང་ཡང་རུང་སྟེ་རང་རང་གི་འཛིན་ཚུལ་ང་བདག་ཚུགས་ཐུབ་པའམ་རང་བཞིན་ གྱིས་གྲུབ་པའང་རང་སྐྱ་བ་དང་རྟག་གཅིག་རང་དབང་ཅན་གང་གི་ངོ་བོར་ཞེན་འདུག་པའི་ ཞེན་ཡུལ་དེ་དག་ནི་དགག་བྱ་གང་ཟག་གི་བདག་ཅེས་བྱ་བ་དང༌། ཕུང་ཁམས་ཀྱིས་བསྡུས་ པའི་ཆོས་གང་དག་བདེན་དངོས་སམ་རང་ཚུགས་ཐུབ་པའམ་རང་བཞིན་གྱིས་གྲུབ་པར་ཞེན་ པའི་ཡུལ་གྱི་སྤྲོས་མཚན་བདེན་དངོས་དེ་དགག་བྱ་ཆོས་བདག་ཅེས་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཁྱད་པར་དངོས་སྨྲའི་སེམས་ཙམ་རྣམ་རྫུན་པ་དང་ཀུན་ནས་འདྲ་བར་དོགས་སེལ་ ནི། ཁ་ཅིག་འདི་སྙམ་སྟེ། ངེས་དོན་དབུ་མ་ཞེས་བྱ་བ་དེ་ནི་ཕྱི་དོན་མི་འདོད་ཅིང་ཤེས་པའི་ གཤིས་ལ་དྲི་མ་མེད་པར་འདོད་པས་ཚུལ་དེ་དངོས་སྨྲའི་སེམས་ཙམ་རྣམ་རྫུན་དྲི་མེད་པ་དང་ ཁྱད་པར་ཀུན་ནས་ཡོད་པར་མ་མཐོང་བས་དེའི་ཁྱད་པར་ཇི་ལྟར་ཡིན་སྙམ་ན། དེ་ལ་ངེས་ དོན་དབུ་མའི་རང་ལུགས། ཆོས་ཅན། དངོས་སྨྲའི་སེམས་ཙམ་རྣམ་རྫུན་པ་དང་ཁྱད་པར་ ཤིན་ཏུ་ཆེ་བ་ཡིན་ཏེ། འདིར་རང་ལུགས་ཀྱིས་ཕྱི་དོན་མི་བཞེད་ཚུལ་དེ་ཡང་ནང་ཀུན་གཞིའི་ རྣམ་པར་ཤེས་པ་བག་ཆགས་སྣ་ཚོགས་ཀྱིས་ཉེ་བར་དཀྲུགས་པས་དེ་ལུགས་ཀྱི་སྣང་བ་སྣ་ ཚོགས་པ་ཕྱི་རོལ་དོན་གྱི་དངོས་པོ་བེམ་ཚུགས་བཟུང་བའི་ཡུལ་འདྲ་མིན་གང་དག་བདེན་ བདེན་གྱི་ཚུལ་དུ་གནས་པ་འདྲ་བ་འདི་དག་མི་བདེན་ཞིང་བསླུ་བའིདངོས་སྣང་རྟེན་ཅིང་ འབྲེལ་འབྱུང་གི་འཆར་སྒོ་སྣ་ཚོགས་པ་རྣམ་པར་ཤེས་པའི་ཡུལ་ཡུལ་ཅན་གྱིས་བསྡུས་པ་ ཀུན་ཀྱང་སྒྱུ་མའི་འཕྲུལ་དང་རྨི་ལམ་གྱི་ཡུལ་སྣང་བཞིན་བདེན་དངོས་སུ་གྲུབ་པ་གང་ཡང་ མེད་ཀྱང་སྣང་བ་འཁྲུལ་བའི་ཡུལ་ཙམ་དུ་བྱ་བྱེད་བསླུ་མེད་དུ་འབྱུང་བ་ཙམ་དུ་ཟད་པ་ལ་ བཞེད་པ་གང་ཞིགདངོས་སྨྲའི་སེམས་ཙམ་རྣམ་རྫུན་པས་ནི་ནང་རྣམ་པར་ཤེས་པ་གསལ་བ་ ཙམ་དེ་བདེན་པ་ཚུགས་ཐུབ་པའི་དངོས་པོ་ཡིན་ཞིང་དེབྱ་བ་བྱེད་པའི་དངོས་པོ་བདེན་པར་ 2-1-92 གྲུབ་པ་ཡིན་ལ་དོན་ལ་ཡོད་ཕྱིན་བདེན་དངོས་དེ་འདྲ་བ་རེ་དགོས་ཀྱི་བདེན་མེད་འཁྲུལ་སྣང་ ཙམ་གྱིས་ཡོད་གོ་མི་ཆོད་ཅིང༌། རྨི་ལམ་འཁྲུལ་སྣང་གིས་རྨི་ལམ་སྐབས་ཙམ་ལས་དོན་ལ་ གོ་མི་ཆོད་པ་ལྟར་འཇིག་རྟེན་པ་དག་གི་བག་ཆགས་ཀྱིས་སྣང་བའི་ཕྱི་དོན་འདྲ་མིན་རྣམས་ ནི་འཁྲུལ་ངོའི་སྐབས་འབའ་ཞིག་ཙམ་ལས་དོན་གྱི་ཐ་སྙད་ལ་ཇི་བཞིན་འཇོག་ཏུ་མེད་པར་ གཏན་མེད་འདྲ་བ་ཙམ་དུ་འདོད་པའི་ཕྱིར། ཁྱབ་སྟེ། དབུ་མའི་རང་ལུགས་ལ་ཕྱི་དོན་བདེན་ དངོས་སུ་གྲུབ་པ་མེད་པར་རྟེན་འབྱུང་མི་བསླུ་བའི་སྣང་ཙམ་གྱི་ཐ་སྙད་འཁོར་འདས་ཀྱི་ཡིན་ ལུགས་བསྙོན་མེད་དུ་ཅི་དགར་འཇོག་ནུས་པ་གང་ཞིགདངོས་སྨྲའི་སེམས་ཙམ་རྣམ་རྫུན་ པས་ནི་དེ་འདྲའི་ཐ་སྙད་ཇི་བཞིན་པ་འཇོག་མི་ནུས་པའིཕྱིར། གཞན་ཡང་དེ་གཉིས་ཀྱི་མི་ འདྲ་བའི་ཁྱད་པར་ཆེས་འཐད་པའི་རྒྱུ་མཚན་བཞག་ཏུ་ཡོད་དེ། འདིར་དབུ་མའི་རང་ལུགས་ ཀྱི་དྲི་བྲལ་གྱི་སེམས་ཞེས་བྱ་བ་དེ་ནི་རྣམ་ཤེས་ཀྱི་རྒྱལ་ཁམས་ལས་ཀུན་ནས་བརྒལ་བའི་ ནང་དབྱིངས་གཞིའི་འོད་གསལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་གདོད་ནས་ཤིན་ཏུ་དག་ པའི་བདག་ཉིད་དེ་ཡིན་པ་གང་ཞིགདངོས་སྨྲའི་རྣམ་རྫུན་པའི་དྲི་མེད་ཀྱི་ཚུལ་དེ་ནི་རྣམ་པར་ ཤེས་པའི་ཆོས་ལས་མ་འདས་པའི་ཀུན་གཞི་གསལ་རིག་ཙམ་གྱི་ངོ་བོ་ལ་གློ་བུར་ཉོན་མོངས་ མངོན་གྱུར་པ་རེ་ཞིག་དྭངས་པའི་ཆར་གྱུར་བ་ཙམ་གྱི་རྣམ་ཤེས་གསལ་རིག་ཡུལ་གང་གིས་ གསལ་བར་ལྡེ་ཁ་མ་བསྒྱུར་བ་ཙམ་ལ་འདོད་པས་ལུགས་དེ་གཉིས་ཀྱི་དྲི་མེད་ཅེས་པ་མིང་ ཙམ་འདྲ་བ་ཁོ་ན་མ་གཏོགས་དོན་གྱི་ཡིན་ལུགས་ལ་གཏན་མི་འདྲ་ཞིང་སྣང་བ་དང་མུན་པ་ བཞིན་དུ་ཡོད་པའི་ཕྱིར། དང་པོགྲུབ་སྟེ། རང་ལུགས་ཀྱི་དྲི་བྲལ་དྭངས་པའི་རིག་པ་ཞེས་ བྱ་བ་དེ་ནི་གནས་ལུགས་གདོད་ནས་བཞུགས་པའི་རང་བྱུང་ཡེ་ཤེས་རྣམ་ཀུན་པ་དཔེར་ བྱ་ཀུན་ལས་རྣམ་པར་འདས་ཤིང་རང་གཤིས་དག་པ་གཉིས་ལྡན་གྱི་དོན་དམ་པའི་སངས་ རྒྱས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དངོས་པོར་སྨྲ་བའི་ལུགས་ཀྱི་དེ་ནི་ཀུན་གཞིའི་རྣམ་ 2-1-93 ཤེས་གསལ་རིག་ཙམ་ཡུལ་གང་གིརྐྱེན་གྱིས་མ་བསྒྱུར་བ་ཐ་མལ་ཤེས་པའི་སྣང་ཆར་གྱུར་པ་ འཁོར་བའི་བག་ཆགས་ཐམས་ཅད་ཀྱི་གཞི་དེ་ཉིད་ལས་མ་འདས་པའི་ཕྱིར། དེས་ན་གདོད་ ནས་བཞུགས་པའི་ཀུན་ཁྱབ་ཡེ་ཤེས་ཀྱི་གཞི་དྲི་བྲལ་དུ་བཞེད་པ་དང༌། འཁོར་བ་ཕྱོགས་ཀྱི་ ས་བོན་ཐམས་ཅད་པའི་བགོ་གཞི་ཀུན་གཞིའི་རྣམ་པར་ཤེས་པ་གསལ་ཙམ་པ་རྣམ་ཤེས་ཀྱི་ གཞི་ཉོན་མོངས་སོགས་ཀྱི་རྩུབ་རེག་བྲལ་ཙམ་ལ་དྲི་མེད་དུ་འདོད་པའི་ཆ་ནས་གྲུབ་མཐའ་ གོང་འོག་གི་ཁྱད་པར་ཆེན་པོ་ཡོད་དོ། །སྤྱིར་ནའང་ངེས་དོན་དབུ་མ་པ་དང་སེམས་ཙམ་རྣམ་ རྫུན་པའི་གྲུབ་མཐའི་སྤྱི་ཁོག་ནས་ཀྱང་མི་འདྲ་བའི་གྲུབ་མཐའ་གོང་འོག་གི་ཁྱད་པར་ཆེན་ པོའི་ཡིན་ལུགས་འཇོག་མཚམས་སོ་སོར་ངེས་པའང་ཡིན་ཏེ། ངེས་དོན་དབུ་མའི་རང་ལུགས་ ལ་ཡེ་གཞི་ཆོས་དབྱིངས་ཀུན་ཁྱབ་དོན་དམ་པའི་གནས་ལུགས་དེ་གཤིས་ཀྱི་དེ་ཁོ་ན་ཉིད་ ཇི་བཞིན་པ་འཕགས་པའི་སོ་སོར་རང་རིག་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་དོན་དམ་ཡང་དག་ པའི་མཐའ་བླ་ན་མེད་པའི་མྱང་འདས་གཅིག་པུ་ཉིད་དུ་ངེས་པར་བདེན་པ་དང༌། གཞན་ཀུན་ རྫོབ་ཀྱི་ཆར་གཏོགས་རྣམ་པར་ཤེས་པའི་སྣང་ཆ་འཁྲུལ་བའི་ཡོ་ལང་མཐའ་དག་ནི་མི་བདེན་ པ་རྫུན་ཅིང་བསླུ་བ་རྟེན་ཅིང་འབྲེལ་འབྱུང་གི་འཆར་སྒོ་མ་འགག་སྣང་ཙམ་དུ་ཟད་པ་ཆུ་ཟླ་ ལྟ་བུའི་བདེན་མེད་འབའ་ཞིག་ཏུ་བཞེད་ལ། སེམས་ཙམ་རྣམ་རྫུན་པའི་ལུགས་ལ་ཕྱི་དོན་ བེམ་དངོས་དང་ཀུན་བཏགས་ཀྱི་ཆ་འགའ་རེ་འགོག་པ་ཙམ་ལས་རྣམ་པར་ཤེས་པ་གསལ་ རིག་གི་ངོ་བོར་གྱུར་བའི་ཤེས་པ་མཐའ་དག་ནི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་གཞན་དབང་ གི་དངོས་པོ་ཤེས་རྫས་མཚན་འཛིན་གྱི་ཡུལ་གྱི་བདེན་དངོས་ཚུགས་ཐུབ་ཏུ་དམ་འཆའ་བའི་ རྣམ་པར་ཤེས་པའི་དངོས་པོ་བདེན་གྲུབ་ཏུ་སྨྲ་བའི་གྲུབ་མཐའ་བ་ཡིན་པའི་ཕྱིར། ཁྱབ་སྟེ། དབུ་མ་ཆེན་པོའི་ཚུལ་གཞི་དབྱིངས་ཡེ་ཤེས་དོན་དམ་དུ་བདེན་པ་དང་རྣམ་ཤེས་འཁྲུལ་སྣང་ དང་བཅས་པ་རྣམ་པ་ཀུན་ནས་མི་བདེན་པའི་ཚུལ་ལེགས་པར་ཕྱེས་ནས་རང་ལུགས་འཇོག་ 2-1-94 པ་དང༌། རྣམ་རྫུན་དངོས་སྨྲ་བའི་ལུགས་ལ་ཕྱི་དོན་སོགས་ཀུན་བཏགས་ཀྱི་ཆ་ཉུང་ཤས་རེ་ མ་གཏོགས་འཁྲུལ་སྣང་ཅན་གྱི་རྣམ་པར་ཤེས་པ་སྤྱིའི་ཁོག་མཐའ་དག་བདེན་དངོས་ཚུགས་ ཐུབ་ཏུ་བཏགས་དོན་འཚོལ་ཏེ་ཇི་བཞིན་རྙེད་པའི་ཚུལ་དུ་རང་ལུགས་འཇོག་པས་དབུ་མ་ ཆེན་པོའི་ལུགས་ཏེ་ཀུན་རྫོབ་མ་ལུས་པ་བཏགས་དོན་མི་འཚོལ་བར་མ་བརྟགས་ཉམས་ དགའི་བློ་ངོར་སྣང་ཚུལ་གྱིས་འཇོག་ཅིང་དོན་དམ་གནས་ལུགས་ཉིད་འཕགས་པའི་ཡེ་ཤེས་ ཀྱིས་གཟིགས་ཚུལ་གྱིས་འཇོག་པའི་ཆ་ནས་ནང་བའི་གྲུབ་མཐའ་ཀུན་གྱི་ཡང་རྩེར་སོན་ ཞིང༌། དངོས་སྨྲའི་ལུགས་ནི་རྣམ་པར་ཤེས་པ་མཐའ་དག་བདེན་དངོས་སུ་དམ་བཅས་ཏེ་དེ་ དག་ཀུན་གྱི་ཚུལ་བཏགས་དོན་བཙལ་ནས་རྙེད་པའི་དོན་རང་ངོས་ནས་གྲུབ་པའི་རྣམ་ཤེས་ གསལ་རིག་བདེན་པ་ཚུགས་ཐུབ་པའི་རྣམ་གཞག་འདི་སྣང་མཚན་འཛིན་དམིགས་བཅས་ ཀྱི་སྣང་ཚུལ་ལ་བརྟེན་ནས་འཇོག་པའི་རང་སྡེའི་གྲུབ་མཐའ་འོག་མ་དངོས་པོར་སྨྲ་བའི་གྲལ་ དུ་ཚུད་ནས་དབུ་མ་བར་མི་རུང་བ་ཡིན་པའི་ཆ་ནས་གྲུབ་མཐའ་མཐོ་དམན་གྱི་ཁྱད་ངེས་པར་ བྱུང་བ་ཉིད་ཀྱི་ཕྱིར། གཞན་ཡང་བདེན་གཉིས་ཀྱི་ཆ་ནས་མི་འདྲ་བའིཁྱད་པར་ཆེ་སྟེ། དོན་ དམ་པའི་སེམས་འོད་གསལ་བའི་རང་བྱུང་གི་གནས་ལུགས་རྩལ་ཏུ་བཏོན་ནས་འཆད་པའི་ ངེས་དོན་དབུ་མའི་གྲུབ་མཐའ་དང༌། ཀུན་རྫོབ་རྣམ་ཤེས་ཀྱི་སེམས་གསལ་རིག་གི་ངོ་བོའི་ཡིན་ལུགས་རྩལ་ཏུ་བཏོན་པའི་ དངོས་སྨྲ་རྣམ་རྫུན་པའི་གྲུབ་མཐའ་གཉིས་འདྲ་ལུགས་གང་ཐད་ནས་མེད་པའི་ཕྱིར་ཏེ། དོན་ དམ་འོད་གསལ་བའི་སེམས་དང་ཀུན་རྫོབ་རྣམ་ཤེས་ཀྱི་སེམས་གཉིས་ལ་ཁྱད་པར་ཆེན་པོ་ ཡོད་པའི་ཕྱིར་ཏེ། དོན་དམ་སེམས་མཆོག་གནས་ལུགས་ཆོས་དབྱིངས་ཡེ་ཤེས་ཡིན་པ་གང་ ཞིགཀུན་རྫོབ་སེམས་ནི་གློ་བུར་དྲི་མའི་སྤྲོས་ཚོགས་ཡིན་པའི་ཕྱིར། རྒྱུ་མཚན་དེ་དག་གི་ ཕྱིར་ན་ངེས་དོན་ཟབ་གནད་ཀྱི་རང་ལུགས་འཛིན་པའི་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་ 2-1-95 མ་ཆེན་པོའི་ལུགས་བཟང་རྨད་དུ་བྱུང་བའི་བླ་མེད་དེ། ཆོས་ཅན། ཁྱོད་ནང་པ་སངས་རྒྱས་ པའི་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཆོས་ཚུལ་སྨྲ་བའི་གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག་ ངེས་པ་དོན་གྱི་དབུ་མ་ཆེན་པོ་ཉིད་དུ་ངེས་པར་གྲུབ་སྟེ། ངེས་དོན་གྱི་དབུ་མ་ཆེན་པོའི་ཚུལ་ མཆོག་གི་ངེས་པ་དེ་ནི་ཀུན་རྫོབ་ཀྱི་བདག་གཉིས་སོགས་རྣམ་པར་ཤེས་པའི་སྣང་བ་མཚན་ མར་དམིགས་བཅས་ཀྱི་སྤྲོས་སྣང་མཐའ་དག་དོན་གྱི་གནས་ལུགས་ལ་མེད་ཅིང་རྣམ་ཤེས་ ཀྱི་སྣང་ཆ་ཐ་སྙད་པ་གང་དག་ཀྱང་རྨི་ལམ་གྱི་ཡུལ་སྣང་བཞིན་བདེན་མེད་སྣང་ཙམ་དུ་ཟད་ པའི་རྟེན་འབྱུང་བསླུ་མེད་རྣམ་གཞག་མིང་རྐྱང་བཏགས་ཡོད་ཀྱི་ངོ་བོ་འབའ་ཞིག་ལས་གང་ ཡང་མ་དམིགས་པས་ཀུན་ཏུ་རྟག་པའི་རྫས་རང་དབང་བའི་བདག་དང་རང་བཞིན་ཚུགས་ ཐུབ་པའི་རྣམ་ཤེས་ཀྱི་སྣང་ཆ་ཞིག་གཏན་ནས་གྲུབ་མ་མྱོང་པའི་ཆ་ནས་ཀུན་རྫོབ་རྟག་པའི་ མཐའ་ཀུན་དང་བྲལ་བ་གང་ཞིགགཤིས་ཀྱི་གདོད་མ་མཆོག་གི་ཆོས་ཉིད་ཀྱི་གནས་ལུགས་ ཆེན་པོ་ཡེ་གཞི་ཀུན་ཁྱབ་ཡེ་ཤེས་ཀྱི་དབྱིངས་ནམ་ཡང་རིས་སུ་མ་ཆད་པའི་དོན་དམ་པའི་ རྣམ་ཀུན་རང་བཞིན་དག་པའི་ཤེར་ཕྱིན་མཐར་ཐུག་པ་དེ་ནི་རང་དང་གཉིས་མེད་དོན་དམ་ སོ་སོར་རང་རིག་ཡེ་ཤེས་ཀྱིས་རང་དང་རྣམ་པ་ཀུན་ནས་གཉིས་སུ་མེད་ངེས་དག་མཉམ་ཡེ་ ཤེས་ཉག་གཅིག་ཏུ་ཇི་བཞིན་མངོན་དུ་བྱས་པའི་སྤྲོས་བྲལ་དམ་པའི་སྤྱོད་ཡུལ་ཁོ་ན་ཉིད་དུ་ ནམ་ཡང་མི་བསླུ་བའི་ངེས་པ་དོན་གྱི་སྡོད་ལུགས་དེ་ཡང་དག་པའི་མཐའ་གནས་ལུགས་བསླུ་ མེད་ཀྱི་བདེན་པ་ཉག་གཅིག་ཡིན་པའི་ཆ་ནས་དོན་དམ་ཆད་པའི་མཐའ་ཀུན་དང་བྲལ་བའི་ མཐའ་གཉིས་སྤངས་པའི་ངེས་དོན་དབུ་མ་ཆེན་པོ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་རྫོབ་རྟག་ པའི་མཐའ་དང་དོན་དམ་ཆད་པའི་མཐའ་དེ་འདྲ་སེལ་ནུས་པ་ནི་རང་སྡེ་ཐལ་རང་མན་ཆད་ ཀྱི་གྲུབ་མཐའ་འོག་མ་ཀུན་ན་ནམ་ཡང་མེད་པའི་ཕྱིར། དེར་ཐལ། ཐལ་རང་གི་དབུ་མ་པ་ རྣམས་ཀྱིས་ནི་ཀུན་རྫོབ་སྟོང་ཕྱོགས་ནས་གནས་ལུགས་དཔྱིས་ཕྱིན་པའི་ཡིན་ལུགས་གཏན་ 2-1-96 ལ་ལེགས་པར་འབེབས་ནུས་ཀྱང་དོན་དམ་སྣང་ཕྱོགས་ཀྱི་གནས་ལུགས་ཡེ་ཤེས་དབྱིངས་ ཀྱི་རྣམ་པ་ཀུན་ནས་ཐམས་ཅད་པ་དེ་ཇི་བཞིན་ལེགས་ཕྱེ་མཛད་མ་ནུས་པ་ཡིན་ན་རྣམ་ཤེས་ བདེན་གྲུབ་དུ་སྨྲ་བའི་དངོས་སྨྲའི་སེམས་ཙམ་པ་དང་བེམ་ཤེས་མཐའ་དག་བདེན་དངོས་ སུ་དམ་འཆའ་བའི་ཉན་ཐོས་སྡེ་བ་མདོ་སྡེ་བ་དང་བྱེ་བྲག་སྨྲ་བ་རྣམས་བདེན་གཉིས་མཐའ་ བྲལ་གྱི་དོན་དེ་འདྲ་བློས་མི་འཆུན་པ་ནི་སྨོས་ཀྱང་མ་དགོས་པས་ཀུན་གྱི་ཡང་རྩེ་ཟླ་བྲལ་གྱི་ གྲུབ་པའི་མཐའ་ནི་ངེས་དོན་དབུ་མ་ཉིད་དུ་ལེགས་པར་གྲུབ་པའི་ཕྱིར་རོ། །ཚུལ་དེ་ལུགས་ ལ་ཉེ་བར་དགོངས་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་གང་ཉིད་ཀྱིས་ཀྱང་དཔལ་གྱི་མགུར་ ནས་ཚངས་པའི་དབྱངས་ཀྱིས་བསླུ་མེད་ཀྱི་བཀའ་ཐ་མའི་བསྟན་དོན་ངེས་དོན་དབུ་མ་ཆེན་ པོའི་ལུགས་དེ་སྤྱིར་ནང་པའི་གྲུབ་མཐའ་ཐེག་ཆེན་སྡེ་བ་དངོས་སྨྲའི་སེམས་ཙམ་པས་ཕྱི་དོན་ བདེན་དངོས་ཙམ་འགོག་ཅིང་དེ་ལས་ཀྱང་གོང་མར་འདའ་བའི་བེམ་ཤེས་མཐའ་དག་བདེན་ མེད་དུ་སྨྲ་བའི་སྣང་མེད་དབུ་མ་ཐལ་རང་གི་གྲུབ་མཐའ་བྱུང་ཞིང་སྣང་མེད་ཙམ་དེ་ལས་ཀྱང་ འདའ་བར་མ་བྱས་ན་ཐེག་པ་ཆེན་པོའི་གནས་ལུགས་མཐར་ཐུག་ངེས་དོན་དབུ་མའི་ཚུལ་ ཇི་བཞིན་མི་མཐོང་བར་གསུངས་པའི་སྒོ་ནས་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་རྩེ་ མོར་གྱུར་པ་བླ་ན་མ་མཆིས་པའི་ངེས་པ་དོན་གྱི་གནས་ལུགས་མཐར་ཐུག་པའི་དབུ་མ་ཆེན་ པོར་ལེགས་སྒྲུབ་མཛད་པ་ཡིན་ཏེ། ལང་ཀར་གཤེགས་མདོ་ལས། སེམས་ཙམ་ལ་ནི་བརྟེན་ ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་པ་གོང་ལྟར་སོགས་ གསུངས་པའི་བསྟན་དོན་ལ་དེ་ལུགས་ལྟར་ཇི་བཞིན་གནས་པ་ཉིད་ཀྱི་ཕྱིར། དེས་ན་བཀའ་ ཐ་མའི་དགོངས་འགྲེལ་བྱམས་ཆོས་བཅས་ཀྱི་མཚན་ཉིད་གསུམ་བསྟན་པས་དེ་དག་དངོས་ 2-1-97 སྨྲའི་སེམས་ཙམ་ཉིད་ཀྱི་བཀའ་དང་དགོངས་འགྲེལ་དུའང་བསམ་པར་མི་བྱ་སྟེ། སྤྱིར་མཚན་ ཉིད་གསུམ་པོའི་ཚུལ་དངོས་སྨྲའི་སེམས་ཙམ་ཁོ་ནའི་ཁྱད་ཆོས་མ་ཡིན་པར་དབུ་སེམས་སྤྱིའི་ ཆོས་ཀྱི་ཚུལ་རྣམ་པ་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་ཏེ། བཀའ་བར་ཐས་ཐུན་མོང་དུ་ བསྟན་པའི་མཚན་ཉིད་གསུམ་གྱི་ཚུལ་འཇོག་ཏུ་ཡོད་པའི་ཕྱིར་ཏེ། བཀའ་ཐ་མས་མཚན་ཉིད་ གསུམ་ཇི་སྐད་བསྟན་པ་ལྟར་བར་བ་ལས་ཀྱང་བསྟན་པའི་ཕྱིར་ཏེ། ཡུམ་བར་བའི་བྱམས་ ཞུས་ཀྱི་ལེའུ་དང༌། ཤེར་ཕྱིར་ལྔ་བརྒྱ་པར་ཡང་བསྟན་པའི་ཕྱིར་ཏེ། བྱམས་ཞུས་ཀྱི་ལེའུ་ལས། བྱམས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་རབ་ཏུ་འབྱེད་མཁས་པ་ལ་གནས་ པའི་བྱང་ཆུབ་སེམས་དཔས་རྣམ་པ་གསུམ་གྱིས་གཟུགས་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ ཤེས་པར་བྱའོ། །ཞེས་སོགས་ཀྱིས་རྒྱས་པར་གསུངས་ཤིང༌། ཤེར་ཕྱིན་ལྔ་བརྒྱ་པ་ལས་ཀྱང༌། རབ་འབྱོར་གཟུགས་ནི་དངོས་པོ་མེད་པ་དང༌། དངོས་པོ་ངན་པ་དང༌། དངོས་པོ་ཡོད་པའོ། །ཞེས་སོགས་ཀྱིས་ཚུལ་དེ་མཐུན་གོང་སྨོས་བཞིན་དུ་རྒྱས་པར་གསུངས་པའི་ཕྱིར། དེ་བཞིན་ དུ་རྒྱལ་ཚབ་ཀྱི་དགོངས་འགྲེལ་བྱམས་ཆོས་རྣམས་ལས་དབུས་མཐའ་རྣམ་འབྱེད་སོགས་ ཕྱི་མ་འགའ་ཞིག་དངོས་སྨྲའི་སེམས་ཙམ་ཁོ་ནའི་རང་གཞུང་དུ་བཟུང་བར་མི་བྱ་སྟེ། དེ་དག་ ལས་བཀའ་བར་ཐའི་དགོངས་པ་ཇི་ལྟ་བར་མཚན་ཉིད་གསུམ་གྱི་དོན་ལེགས་པར་བཀྲལ་ པས་ནི་དབུ་སེམས་སྤྱིའི་འདོད་པ་ལྟར་ལས་སེམས་ཙམ་ཁོ་ནའི་རང་གཞུང་དུ་མི་འགྱུར་ ལ། ཁྱད་པར་དགོངས་འགྲེལ་དེ་དག་ལས། ཐམས་ཅད་མིང་ཙམ་ཁོ་ན་སྟེ། ཞེས་ཀུན་རྫོབ་ ཀྱིས་བསྡུས་པ་ཐམས་ཅད་མིང་རྐྱང་བཏགས་ཡོད་ཀྱི་བདེན་མེད་དུ་བསྟན་པ་དང༌། ཆོས་ཀྱི་ དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། ཞེས་དང༌། ཆོས་ཀྱི་དབྱིངས་ ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན། །གཉིས་ནི་གློ་བུར་བྱུང་བ་སྟེ། །ཞེས་ཆོས་དབྱིངས་ཉིད་གནས་ལུགས་མཐར་ཐུག་ཏུ་བདེན་པ་མ་གཏོགས་ཀུན་རྫོབ་ཀྱི་ 2-1-98 ཆོས་གང་དག་བདེན་དངོས་སུ་ཡོད་པ་མིན་པའི་ཚུལ་དེ་ཡང་ཡོངས་སུ་གྲུབ་པའི་བདག་ཉིད་ ཆོས་དབྱིངས་རང་བཞིན་རྣམ་དག་དེ་སྤྲོས་བྲལ་མཁའ་བཞིན་གྱི་གཤིས་སུ་བདེན་པ་དང་ གཞན་ཀུན་བཏགས་གཞན་དབང་གིས་བསྡུས་པ་ཐམས་ཅད་གློ་བུར་རྟེན་འབྱུང་བདེན་མེད་ དུ་གཏན་ལ་ཕབ་པའི་སྒོ་ནས་དབུ་མའི་ཚུལ་ཆེས་གསལ་བར་བསྟན་པ་ལ་སོགས་པའི་ཕྱིར། དེ་ལྟར་མཚན་ཉིད་གསུམ་གྱི་ཆོས་སྐད་ནི་སྤྱིར་ན་བཀའ་བར་ཐ་རྣམས་དང་དགོངས་འགྲེལ་ བྱམས་ཆོས་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པའི་གཞུང་ལུགས་རྣམས་སུ་ལན་ གྲངས་དུ་མར་བྱུང་ཞིང༌། དེ་མ་ཟད་འཕགས་པ་ཀླུའི་སེམས་འགྲེལ་དུའང་ཀུན་བཏགས་ གཞན་དབང་ཡོངས་གྲུབ་སྟེ་མཚན་ཉིད་གསུམ་གྱི་ཚུལ་ལེགས་པར་གསུངས་ཏེ། ཇི་སྐད་དུ། ཀུན་བཏགས་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་དག་ནི། །སྟོང་ཉིད་བདག་ ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བཏགས་པ་ཡིན། །ཞེས་སོགས་གསུངས་པའི་ཕྱིར། ཚུལ་ དེ་བཞིན་དུ་སློབ་དཔོན་དེའི་རྗེས་འབྲང་གྲགས་ཆེན་མང་པོས་གཞུང་ལུགས་སོ་སོར་ཡང་ ལན་མང་དུ་གསུངས་པ་ཡོད་དོ། །སྐབས་ཀྱི་བཤད་བྱ་དེ་དག་གིས་ཀྱང་རང་རེའི་བླ་མ་རྒྱལ་ བ་གཉིས་པ་རྗེ་ཇོ་ནང་པ་ཆེན་པོ་ཉིད་དང་གང་དེའི་བརྒྱུད་འཛིན་འཇམ་དཔལ་དབྱངས་ དངོས་སྒྲོལ་མགོན་ཞབས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་རང་བློས་གང་ལྕོགས་རེ་ཅུང་ཟད་ བསྒྲུབས་ཁུལ་བགྱིས་པའོ། ། གཉིས་པ། མཚན་ཉིད་དགུ་ལྡན་དུ་སྒྲུབ་པ། གཉིས་པ་དེ་མཚན་ཉིད་དགུ་ལྡན་དུ་སྒྲུབ་པ་ནི། དེ་ལྟ་བུའི་ངེས་པ་དོན་གྱི་ཡིན་ལུགས་ ཡེ་གཞི་འོད་གསལ་བདེ་གཤེགས་སྙིང་པོ་འཁོར་འདས་ཀྱི་དྭངས་བཅུད་ཆེན་པོ་དབྱིངས་ དོན་དམ་མཆོག་གི་རྣམ་པ་ཐམས་ཅད་པ་གཞི་དང་འབྲས་བུ་གཉིས་སུ་མེད་པ་ཀུན་ཁྱབ་རྟག་ 2-1-99 པ་ཆ་མེད་ཀུན་ཏུ་འགྲོ་བའི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་གི་གཞིའི་ གནས་ལུགས་གདོད་ནས་འགྱུར་མེད་དོན་དམ་མྱང་འདས་ཡེ་ཤེས་ཆོས་སྐུའི་བདག་ཉིད་ དེ་ཁོ་ན་ཉིད་སྤྲོས་པ་ཀུན་བྲལ་གྱི་གཞི་དབྱིངས་གཅིག་པུར་ངེས་པ་དེ་ལ་དོན་ཡིན་ལུགས་ ཀྱི་གཤིས་ལ་ནི་མཚན་ཉིད་མི་འདྲ་བའིརྣམ་པའི་དབྱེ་བ་སོ་སོར་འབྱེད་དུ་མེད་ཀྱང་ཆོས་ དོན་ལ་ཇི་བཞིན་དཔྱོད་པའི་བློ་ཤེས་རབ་ཀྱི་རྣམ་པ་ཟུར་བས་ཇི་ལྟ་བ་བཞིན་དཔྱོད་ཚུལ་གྱི་ དབང་དུ་བྱས་ནས་མཚན་ཉིད་ཀྱི་རྣམ་པ་མི་འདྲ་བའི་གོ་ཉམས་ཀྱི་ཁྱད་པར་ཡོངས་སུ་གཅོད་ པའི་མཚན་ཉིད་བཞི་དང་རྣམ་པར་བཅད་པའི་མཚན་ཉིད་གཉིས་དང་ཐུན་མོང་གི་རྣམ་པའི་ མཚན་ཉིད་གསུམ་སྟེ་དགུའོ། །དེ་ཡང་ཡེ་གདོད་མ་ནས་རང་བཞིན་འགྱུར་མེད་དུ་གནས་པའི་ གནས་ལུགས་གཞིའི་ཆོས་ཀྱི་དབྱིངས་ཆེན་པོ་དེ་ནི་རང་བྱུང་འདུས་མ་བྱས་པར་རང་བཞིན་ ལྷུན་གྱིས་གྲུབ་པའི་ཆོས་ཉིད་དུ་གཤིས་སུ་དུས་སྔ་མ་ན་ཡོད་པ་དེ་ག་ཉིད་དུ་ཕྱི་མ་མཐའ་མེད་ ཀྱི་བར་རང་གཤིས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དེ་འགྱུར་པའི་སྐྱེ་འགག་གི་རྣམ་པ་ཅུང་ ཟད་ཀྱང་མེད་པར་ཤུགས་འབྱུང་དེ་ཉིད་ལ་ནམ་དུས་ཀྱང་མི་གཅིག་པ་མེད་ངེས་སུ་རྟག་པ་ ཉིད་ཀྱི་མཚན་ཅན་དང༌། གཞི་འཁོར་བ་དང་འབྲས་བུ་མྱ་ངན་ལས་འདས་པའི་བར་དུ་གདོད་ མ་གཤིས་ཀྱི་ཆོས་ཉིད་ནང་དབྱིངས་ཡེ་ཤེས་ཆེན་པོ་ཉག་གཅིག་འོད་གསལ་དྭངས་པའི་ ནང་རིག་བཅུད་ཀྱི་སྲོག་ཆེན་པོ་འཁོར་འདས་གཉིས་ཀྱི་གཞི་གཅིག་པུར་ངེས་པའི་དབྱིངས་ འབའ་ཞིག་པའི་རང་བཞིན་ཀུན་ལ་ཁྱབ་པའི་མཚན་ཉིད་ཅན་དང༌། འཕགས་པ་མཆོག་གི་ དོན་གྱི་དམ་པ་གནས་ལུགས་ཇི་བཞིན་མངོན་དུ་གྱུར་བའི་སོ་སོར་རང་རིག་ཆེས་ཁྱད་པར་བ་ ཉིད་ཀྱིས་རང་དང་གཉིས་མེད་ཀྱི་ཚུལ་དུ་ཤིན་ཏུ་གསལ་ཞིང་དྭངས་པའི་བདག་ཉིད་དུ་རྣམ་ པར་རིག་པར་བྱ་བའི་རིག་པའི་མཚན་ཉིད་ཅན་དང༌། འཁོར་བ་དང་མྱང་འདས་ཀྱིས་བསྡུས་ པ་མཐའ་དག་གི་རང་བཞིན་དག་པའི་བདག་ཉིད་གནས་ལུགས་དོན་དམ་པའི་རྣམ་པ་མཐའ་ 2-1-100 ཡས་ཤིང་མུ་མཐར་ཐུག་པ་ཀུན་གྱི་ཚུལ་མ་ཚང་བ་མེད་པ་ཆ་གང་ནས་ཀྱང་ནམ་ཡང་རིས་སུ་ ཆད་མེད་དུ་ཅིག་ཆར་འཆར་པའི་དོན་དམ་པའི་རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅན་ཏེ་ ཡིན་ལུགས་ཀྱི་ཚུལ་བཞི་པོ་ནི་ཡོངས་གཅོད་ཀྱི་མཚན་ཉིད་ཡིན་ལ། དེ་འདྲའི་དམ་པའི་དོན་ གྱི་གཞི་དབྱིངས་དེ་ཉིད་ཀྱི་རང་གཤིས་ལ་རང་བཞིན་ངོ་བོ་ཉིད་ཀྱིས་སྤྲོས་ཚོགས་མཐའ་དག་ དྭངས་ཤིང་ཀུན་ནས་རྣམ་པར་དག་པའི་སྤྲོས་པའི་མཚན་མ་དང་བྲལ་བའི་མཚན་ཉིད་ཅན་ དང༌། གཤིས་ཀྱི་རང་བཞིན་ལ་དྲི་མ་ཀུན་ནས་མེད་ཀྱང་གློ་བུར་སྤྲོས་པའི་མཚན་མ་གང་དག་ གིས་གོས་སྲིད་དམ་སྙམ་ན་དེ་ཡང་རྣམ་པ་ཀུན་ཏུ་གོས་པ་མིསྲིད་པའི་དྲི་མ་གློ་བུར་བ་དག་ གིས་ནམ་ཡང་བསླད་ཞུགས་མ་མྱོང་བའི་སྤྲོས་མཚན་གྱིས་མ་གོས་པའི་མཚན་ཉིད་ཅན་ཏེ་ གཉིས་པོ་ནི་རྣམ་བཅད་ཀྱི་མཚན་ཉིད་ཡིན་ཅིང༌། དེ་ལྟ་བུའི་དབྱིངས་དོན་དམ་པའི་རྣམ་པ་ ཐམས་ཅད་པའི་སྣང་ཕྱོགས་ཡོངས་གཅོད་ཀྱི་ཕྱོགས་དང༌། སྤྲོས་པའི་མཚན་མ་མཐའ་དག་ བྲལ་བའི་དགག་ཕྱོགས་རྣམ་བཅད་ཀྱི་ཕྱོགས་གཉིས་པོ་ནི་སོ་སོར་བ་མེད་པར་དོན་དམ་ དབྱིངས་གཅིག་པུའི་གཤིས་ཏེ་རང་བཞིན་རྣམ་པ་ཐམས་ཅད་པའི་དོན་དམ་གྱི་ངོ་བོ་ཡོངས་ རྫོགས་ཀྱང་ཡིན་སྤྲོས་མཚན་གང་གིས་མ་གོས་པའང་ཡིན་པས་དོན་དམ་སྣང་སྟོང་དེ་གཉིས་ དབྱེར་མེད་འབའ་ཞིག་ལས་མེད་ཀྱང་ཡེ་ཤེས་ཀྱིས་གཟིགས་ཚུལ་ལྟར་གྱི་གོ་བ་བླངས་ན་དེ་ འདྲའི་སྣང་སྟོང་གཉིས་ལྷན་ཅིག་ཏུ་ཕན་ཚུན་རང་བཞིན་གཅིག་པའི་ཚུལ་དུ་ཡོད་པའི་ཟུང་དུ་ འཇུག་པའི་མཚན་ཉིད་ཅན་དང༌། གཞི་འབྲས་དབྱེར་མེད་ཀྱི་གཞི་དབྱིངས་ཉིད་སེམས་ཅན་ ནས་སངས་རྒྱས་ཀྱི་བར་གྱི་དབྱིངས་དེ་བཞིན་ཉིད་ལ་བཟང་ངན་མེད་ཅིང་སྔ་ཕྱི་གཉིས་སུ་ མེད་པའི་སྔར་གྱི་དེ་ཇི་ལྟ་བ་ཕྱིས་ཀྱི་དེ་ཡང་ངེས་པར་ཡིན་པ་ལ་ཁྱད་པར་མེད་ཅིང་ཀུན་ནས་ མི་འདྲ་བ་བཞག་ཏུ་མེད་པའི་རང་བཞིན་གྱི་རིགས་ཀྱི་མཚན་ཉིད་ཅན་དང༌། གཞིའི་དུས་ན་ གློ་བུར་དྲི་མའི་སྦུབས་ན་ནང་རིག་འགྱུར་མེད་ཀྱི་རང་བཞིན་འོད་གསལ་བའི་གདོད་ནས་ 2-1-101 རྣམ་པར་དག་པ་ཤུན་པའི་དབུས་ཀྱི་སྙིང་པོ་ལྟར་ཡེ་ནས་རང་བྱུང་དུ་འདུས་མ་བྱས་པའི་ཡིན་ ལུགས་གཞི་དུས་སུ་མི་གསལ་བའི་ཚུལ་དུ་ཡོད་པའི་ཁམས་དོན་གྱི་རྣམ་པའི་མཚན་ཉིད་ཅན་ ཏེ་གསུམ་པོ་ནི་ཐུན་མོང་གི་མཚན་ཉིད་ཡིན་ནོ། །མཚན་ཉིད་དེལྟ་བུ་དགུའི་བདག་ཉིད་ཅན་ གྱི་བདེ་གཤེགས་སྙིང་པོའི་ཚུལ་དེ་ལ། ལུང་རིགས་གཉིས་ལས། དང་པོ་ནི། རྒྱལ་བའི་ངེས་དོན་ཟབ་མོའི་བཀའི་དགོངས་པ་རྒྱལ་ཚབ་མི་ཕམ་པས་ ལེགས་པར་བཀྲལ་བའི་གསུང་རབ་ལས་བདེ་གཤེགས་སྙིང་པོ་དེ་ཉིད་གོང་དུ་བཤད་པ་ལྟར་ རྟག་ཁྱབ་རིག་པ་རྣམ་ཀུན་པ་སྟེ་ཡོངས་གཅོད་ཀྱི་མཚན་ཉིད་བཞི་དང་སྤྲོས་བྲལ་སྐྱོན་གྱིས་ མ་གོས་པ་སྟེ་རྣམ་བཅད་ཀྱི་མཚན་ཉིད་གཉིས་དང་ཟུང་འཇུག་རིགས་ཁམས་ཏེ་ཐུན་མོང་ གི་མཚན་ཉིད་གསུམ་རྣམས་ཀྱི་ཚུལ་རིམ་གྱིས་གསུངས་པ་འདི་ལྟ་སྟེ། མི་ཕམ་མཆོག་གི་ གསུང་རབ་ལས། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་ཀུན་རྫོབ་ཉེས་པ་ གློ་བུར་བ་དང་དོན་དམ་པའི་ཡོན་ཏན་རང་བཞིན་ཉིད་དུ་ལྡན་པས་ཆོས་དབྱིངས་གཤེགས་ སྙིང་དེ་སྔར་བཞིན་ཕྱིས་དེ་བཞིན་གྱི་འགྱུར་མེད་རྟག་པའི་ངོ་བོ་དང༌། དེ་སྤྱིའི་མཚན་ཉིད་ ཉེས་པ་དང༌། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང༌། །བར་ མ་མཆོག་ལ་ནམ་མཁའ་བཞིན། །ཞེས་ཆོས་དབྱིངས་གཤེགས་སྙིང་དེའི་སྤྱིའི་མཚན་ཉིད་ ནི་ཀུན་ཉོན་ཕྱོགས་ཀྱི་ཉེས་པ་དང་རྣམ་བྱང་ཕྱོགས་ཀྱི་ཡོན་ཏན་ཀུན་ལ་ཁྱབ་ཅིང་དཔེར་ན་ གཟུགས་ཀྱི་རྣམ་པ་ཀུན་ལ་སྤྲོས་བྲལ་དུ་ཁྱབ་པའི་ནམ་མཁའ་དང་མཚུངས་པའི་ཀུན་ཁྱབ་ཀྱི་ ངོ་བོ་དང༌། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་ལུས་ཅན་ དག་གི་ཡིད་ནང་གི་ཁམས་དེ་མེད་དགག་ཙམ་དུ་མ་ཟད་པར་ཟག་མེད་ཀྱི་ཤེས་རིག་དྭངས་ མའི་བཅུད་ལྟ་བུའི་རིག་པའི་ངོ་བོ་དང༌། སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ 2-1-102 ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་ཕྱིན་དྲུག་སོགས་རྣམ་ པར་བྱང་བའི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་རང་བཞིན་དོན་དམ་པའི་རྣམ་ཀུན་མཆོག་ལྡན་གྱི་ སྟོང་པའི་གཟུགས་ཀྱི་རྣམ་པ་ཐམས་ཅད་པའི་ངོ་བོ་སྟེ་ཡོངས་གཅོད་ཀྱི་མཚན་ཉིད་བཞི་དང༌། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འགག་མེད་འབྲི་བར་མི་འགྱུར་ཞིང༌། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་གྱུར་དེ་ནི་དོན་དམ་མཚན། །ཞེས་དབྱིངས་དེ་ཉིད་ཀུན་རྫོབ་ཀྱི་ངོ་བོར་ཡོད་པ་མིན། དོན་དམ་ཀྱི་ངོ་བོར་མེད་པའང་མིན། དེ་གཉིས་གཅིག་དང་ཐ་དད་གང་དུ་མིན། གདོད་མའི་དོན་དམ་དེ་སྐྱེ་འགག་དང་འཕེལ་ འགྲིབ་མེད་ཅིང་དོན་དམ་ལ་གསར་དུ་དག་པ་མེད་ཀྱང་ཀུན་རྫོབ་གློ་བུར་དྲི་མ་དག་པར་བྱ་ དགོས་པའི་མཚན་ཉིད་བཅུ་པོའི་ཚུལ་གྱིས་དེ་ཁོ་ན་ཉིད་སྤྲོས་བྲལ་གྱི་ངོ་བོ་དང༌། ཇི་ལྟར་ ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། །ཅེས་དཔེར་ན་ནམ་མཁའ་ཤིན་ཏུ་ ཕྲ་བའི་ཕྱིར་གཟུགས་ཅན་ཀུན་ལ་རྗེས་སུ་སོང་ཡང་དེ་དག་གིས་གོས་མིན་ལྟར་སེམས་ཅན་ ཐམས་ཅད་ཀྱི་རང་བཞིན་སེམས་ཀྱི་ཆོས་ཉིད་དེ་སེམས་ཅན་ཀུན་ལ་ཁྱབ་ཀྱང་དྲི་མས་ཅུང་ ཙམ་མ་གོས་པའི་སྤྲོས་ཚོགས་ཀྱི་སྐྱོན་གང་གིས་མ་གོས་པའི་ངོ་བོ་སྟེ་རྣམ་བཅད་ཀྱི་མཚན་ ཉིད་གཉིས་དང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་ གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་རྣམ་དབྱེའི་ མཚན་ཉིད་ཅན་གྱི་ཀུན་རྫོབ་དག་གིས་སྟོང་ཡང་རྣམ་དབྱེའི་སྤྲོས་པ་མེད་པའི་མཚན་ཉིད་ ཅན་བླ་མེད་དོན་དམ་རྣམ་ཀུན་པས་ནམ་ཡང་མི་སྟོང་པའི་ཟུང་འཇུག་གི་ངོ་བོ་དང༌། རྫོགས་ སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སེམས་ཅན་གང་དག་ལ་དོན་དམ་གནས་ ལུགས་ཀྱི་རྫོགས་སངས་རྒྱས་པའི་སྐུ་ཡོན་ཏན་མཐའ་ཡས་པ་འཕྲོ་བའི་དེ་བཞིན་ཉིད་དེ་གཞི་ 2-1-103 དང་འབྲས་བུའི་དུས་ཀྱི་སོ་སོར་དབྱེ་བར་བྱ་མི་ནུས་པའི་ནང་དབྱིངས་ཀྱི་རིགས་ཁམས་ཀུན་ ནས་འདྲ་བ་ལུས་ཅན་མཐའ་དག་ལ་ཡོད་ཕྱིར་སེམས་ཅན་ཀུན་རྟག་ཏུ་སངས་རྒྱས་ཀྱི་སྙིང་ པོ་རང་བཞིན་གྱིས་གནས་པའི་རིགས་ཅན་གྱི་ཚུལ་གྱིས་རིགས་ཀྱི་ངོ་བོ་དང༌། ས་ལ་རིན་ ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་ རྣམས་ལ་དེ་བཞིན་ཁམས་དེ་གནས། །ཞེས་ས་ཡི་སྦུབས་སུ་རིན་པོ་ཆེའི་གཟུགས་ཇི་ལྟ་བར་ གློ་བུར་དྲི་མའི་ནང་ན་དེ་བཞིན་གཤེགས་སྙིང་གནས་ཚུལ་གྱིས་དོན་དམ་པའི་ཁམས་ལེགས་ པར་བསྟན་པ་ལ་སོགས་པའི་ཕྱིར་རོ། །གཉིས་པ་ནི། གཞི་དབྱིངས་བདེ་བར་གཤེགས་པའི་ སྙིང་པོ། ཆོས་ཅན། ཁྱོད་གདོད་ནས་བཞུགས་པའི་རང་བཞིན་རྟག་པ་ཆེན་པོའི་མཚན་ཉིད་ ཅན་ཡིན་ཏེ། སྤྱིར་ཆོས་གང་ཡིན་ཀྱང་འགྱུར་ཞིང་གློ་བུར་བ་གང་དག་ནི་ཀུན་རྫོབ་པའི་ཆོས་ སུ་ངེས་ལ་གནས་ལུགས་གཤེགས་སྙིང་ནི་དེ་དག་གི་ཆོས་ཉིད་ཀྱི་ཚུལ་དུ་རང་བྱུང་འདུས་ མ་བྱས་པའི་འགྱུར་མེད་ཁོ་ནའི་ངོ་བོ་ཉིད་དུ་ཇི་བཞིན་པར་ངེས་པའི་ཕྱིར། ཡང་དེ་ཆོས་ ཅན། འཁོར་འདས་ཀྱིས་བསྡུས་པ་ཐམས་ཅད་ལ་ཀུན་ནས་ཁྱབ་པའི་མཚན་ཉིད་ཅན་ཡིན་ ཏེ། ཆོས་དབྱིངས་ཀྱི་གཤིས་ལུགས་དེ་རྟོག་བློའི་སྣང་ཚུལ་ལྟར་ཆ་བཅས་ཤིག་ཡིན་ཕྱིན་ཞེན་ རྟོག་གི་ངོའི་སྤྱི་སྣང་རྗེས་སུ་འགྲོ་བ་ཙམ་གྱིས་ཁྱད་པར་བཞག་ཙམ་ལས་དོན་ལ་ཇི་བཞིན་ ཁྱབ་ཚུལ་མེད་ཀྱང་གནས་ལུགས་ཀྱི་གཤིས་ཇི་བཞིན་པ་ནི་ཀུན་ནས་རྣམ་པ་ཐམས་ཅད་ པ་རིས་སུ་ཆད་པའི་ཆ་ཀུན་དང་བྲལ་ཞིང་ཆོས་ཅན་མཐའ་དག་གི་ཆོས་ཉིད་གཞི་དབྱིངས་ ཉག་གཅིག་སྤྲོས་བྲལ་འབའ་ཞིག་པ་འཕགས་པའི་མཉམ་བཞག་དམ་པའི་སྤྱོད་ཡུལ་དོན་ གྱི་གནས་ལུགས་སུ་ཁྱབ་ཚུལ་བསམ་ཁྱབ་དཀའ་བའི་རང་བཞིན་མཐར་ཐུག་ཏུ་བཞུགས་ པ་ཉིད་ཀྱི་ཕྱིར། ཡང་དེ་ཆོས་ཅན། སོ་སོར་རང་རིག་ཡེ་ཤེས་མཆོག་གི་མཚན་ཉིད་ཅན་ཡིན་ ཏེ། གནས་ལུགས་དམ་པའི་རང་བཞིན་དེ་ནི་རྣམ་པར་ཤེས་པའི་རྒྱལ་ཁམས་ལས་ཀུན་ལས་ 2-1-104 བརྒལ་བའི་གཞི་དབྱིངས་ཡེ་ཤེས་ཀུན་ནས་དག་པ་མཆོག་གི་རྒྱལ་ཁམས་ཆེན་པོ་གནས་ ལུགས་དོན་དམ་པའི་ཤེས་དང་ཤེས་བྱ་དབྱེར་མེད་པ་རང་བཞིན་གྱིས་སྤངས་རྟོགས་ཡོངས་ སུ་རྫོགས་པའི་རྒྱལ་བའི་མཁྱེན་པ་དང་མི་གཉིས་པའི་ཡོན་ཏན་ཟད་པ་མེད་པའི་གཏེར་ ཆེན་པོ་ཉིད་དུ་ངེས་པའི་ཕྱིར། ཡང་དེ་ཆོས་ཅན། ཀུན་ནས་རྣམ་པ་ཐམས་ཅད་པའི་མཚན་ ཉིད་ཅན་ཡིན་ཏེ། ཀུན་རྫོབ་རྣམ་ཤེས་ཀྱི་སྣང་ཆ་མཐའ་དག་གི་རང་བཞིན་གཤིས་ཀྱི་ཡིན་ ལུགས་མཐར་ཐུག་པ་ནི་རང་བྱུང་དོན་དམ་ཡེ་ཤེས་ཆེན་པོ་ཉག་གཅིག་ཆོས་ཉིད་ཀྱི་ཚུལ་དུ་ ཆོས་ཅན་ཀུན་རྫོབ་མཐའ་དག་གི་རང་བཞིན་གཅིག་པ་ཉིད་དུ་བཞུགས་པས་ཤེས་བྱ་ཐམས་ ཅད་ཀྱི་དོན་དམ་གྱི་རྣམ་པ་མཐའ་དག་ལེགས་པར་འཛིན་པའི་ཕྱིར། ཡང་དེ་ཆོས་ཅན། སྤྲོས་ པ་མཐའ་དག་དང་བྲལ་བའི་མཚན་ཉིད་ཅན་ཡིན་ཏེ། ཆོས་དབྱིངས་རང་བཞིན་དག་པའི་ གཤིས་ལ་གདོད་མ་ནས་སྤྲོས་མཚན་ཅི་ཡང་ཡོད་མ་མྱོང་བའི་ཕྱིར། ཡང་དེ་ཆོས་ཅན། གློ་ བུར་དྲི་མའི་སྐྱོན་གྱིས་མ་གོས་པའི་མཚན་ཉིད་ཅན་ཡིན་ཏེ། ཆོས་དབྱིངས་དག་པའི་རང་ བཞིན་ལ་གློ་བུར་སྐྱོན་གང་གིས་ཀྱང་འཕྲལ་དུ་བསླད་པ་མེད་པའི་ཆ་ནས་འདིར་སྤྲོས་པས་ མ་གོས་པ་ཡིན་རུང་པའི་ཕྱིར། ཡང་དེ། ཆོས་ཅན། རང་བཞིན་སྟོང་པ་དང་མི་སྟོང་པ་ཟུང་ དུ་འཇུག་པའི་མཚན་ཉིད་ཅན་ཡིན་ཏེ། ཡེ་གཞི་ཆོས་དབྱིངས་ཀྱི་གཤིས་ལུགས་ལ་གཞན་ ཀུན་རྫོབ་གློ་བུར་དྲི་མ་མཐའ་དག་གིས་གདོད་ནས་སྟོང་ཞིང་རང་བཞིན་དོན་དམ་པའི་ཡིན་ ལུགས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་རང་གཟུགས་ཆེས་གསལ་ཞིང་དྭངས་པའི་ བདག་ཉིད་ཀྱིས་མི་སྟོང་པའི་སྟོང་མི་སྟོང་ཟུང་དུ་འཇུག་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། རང་བཞིན་གྱི་རིགས་ཀྱི་མཚན་ཉིད་ཅན་ཡིན་ཏེ། གཞི་འབྲས་དབྱེར་མེད་ཀྱི་དེ་བཞིན་ཉིད་ དབྱིངས་རྣམ་པ་ཐམས་ཅད་དུས་ཀུན་ནས་འདྲ་བའི་རང་བཞིན་ཤིན་ཏུ་རྣམ་པར་དག་པའི་ བདག་ཉིད་ཡིན་པའི་ཕྱིར། ཡང་དེ། ཆོས་ཅན། དོན་དམ་རང་བཞིན་གྱིས་དག་པའི་ཁམས་ 2-1-105 ཀྱི་མཚན་ཉིད་ཅན་ཡིན་ཏེ། གཞི་དུས་གློ་བུར་དྲི་མའི་སྦུབས་ཀྱི་ནང་རིག་འགྱུར་མེད་སེམས་ ཅན་ལ་མི་གསལ་བའི་ཚུལ་དུ་ཡེ་བཞུགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། ཚུལ་དེ་ལྟ་བུའི་གཞི་ དབྱིངས་བདེ་གཤེགས་སྙིང་པོ་མཚན་ཉིད་དགུ་ལྡན་གྱི་ཡིན་ལུགས་དེ་ཇི་བཞིན་འཇོག་པའི་ ཚུལ་ཡོད་དེ། དོན་དམ་གྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་རང་བྱུང་རྣམ་ཀུན་པ་སྤྲོས་ མཚན་མཐའ་དག་ཉེ་བར་ཞི་བའི་མྱང་འདས་ཀྱི་ཆོས་སྐུ་དེ་ཇི་ལྟ་བ་བཞིན་སྒྲིབ་མེད་མངོན་དུ་ གྱུར་པའི་སངས་རྒྱས་འཕགས་པ་མཆོག་གི་མི་རྟོག་ཡེ་ཤེས་ཆེན་པོས་གཟིགས་ཚུལ་གྱི་ཁྱད་ པར་ལྟར་རྒྱལ་བ་ཉིད་ཀྱིས་ཇི་སྐད་བཀའ་བསྩལ་བ་བཞིན་སྐབས་དེའི་ཆེད་དུ་བྱ་བའི་གདུལ་ བྱ་སྐལ་པ་དང་ལྡན་པ་དག་གིས་ཆོས་ཚུལ་ཇི་བཞིན་དཔྱོད་པའི་བློ་ཤེས་རབ་ཀྱིས་གོ་ཉམས་ ཀྱི་ཁྱད་པར་ལེགས་འབྱེད་མཛད་པ་ལྟར་གྱི་གཞི་དབྱིངས་གཅིག་པུའི་ཡིན་ལུགས་ལ་མཚན་ ཉིད་ཀྱི་རྣམ་པ་དགུའི་རྣམ་གཞག་ཇི་བཞིན་རྒྱལ་ཚབ་མཆོག་གིས་ཀྱང་ལེགས་བསྒྲུབས་ མཛད་པ་ལྟར་འདིར་ཡང་མཚན་ཉིད་ཀྱི་རྣམ་བཞག་ཉུང་བསྡུས་སུ་བྱས་པ་ཉིད་ཀྱི་ཕྱིར་རོ། ། གསུམ་པ། ཡོངས་གྲུབ་དགུའི་ངོ་བོར་བཞུགས་ཚུལ། གསུམ་པ་ཡོངས་གྲུབ་དགུའི་ངོ་བོ་བཞུགས་ཚུལ་ནི། ཆོས་དབྱིངས་བདེ་བར་གཤེགས་ པའི་སྙིང་པོ་གཞི་འབྲས་དབྱེར་མེད་དུ་བཞུགས་པ་དེ་ཉིད་རྒྱལ་བའི་དོན་དམ་གནས་ལུགས་ ཇི་བཞིན་གཟིགས་པའི་མཁྱེན་ངོལྟར་གྱི་གཞིའི་ཡིན་ལུགས་མཐར་ཐུག་པའི་ཚུལ་གདོད་ ནས་རང་བྱུང་དུ་དོན་དམ་པའི་ངོ་བོ་ཉིད་དུ་ཡོངས་སུ་གྲུབ་པའི་ཚུལ་རྒྱལ་བ་གང་ཉིད་ཀྱིས་ དཔལ་གྱི་མགུར་ནས་བཀའ་བསྩལ་པའི་དོན་གྱི་ཡིན་ལུགས་གཞིའི་ཆོས་ཅན་མཐའ་དག་གི་ རང་བཞིན་ངེས་པ་དོན་གྱི་སྡོད་ལུགས་དེ་ཁོ་ན་ཉིད་ཆ་མེད་གཅིག་པུར་གྱུར་པ་གང་དེ་ནི་ཆོས་ ཐམས་ཅད་ཀྱི་གཤིས་ཇི་བཞིན་པ་ཁོ་ན་ལྟར་གྱི་དེ་བཞིན་ཉིད་དང༌། ཕྱིན་ཅི་མ་ལོག་པའི་ 2-1-106 ཡིན་ལུགས་དག་པའི་གཞི་མ་ནོར་བ་དང༌། གནས་ལུགས་དེ་ལས་རྣམ་པ་ཀུན་ཏུ་གཞན་དུ་ འགྱུར་མི་སྲིད་པའི་གཞན་མ་ཡིན་པ་དང༌། ཆོས་ཅན་མཐའ་དག་གི་རང་བཞིན་ཤིན་ཏུ་དག་ པའི་ཆོས་ཀྱི་དེ་ཁོ་ན་ཉིད་དུ་ངེས་པའི་ཆོས་ཉིད་དང༌། གདོད་ནས་རྣམ་པར་དག་པའི་ཆོས་ མཐའ་ཡས་པའི་ཀློང་དུ་གྱུར་པའི་ཆོས་དབྱིངས་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་ པ་དོན་གྱི་གནས་ལུགས་སུ་ནམ་ཡང་བཞུགས་པའི་ཆོས་ཀྱི་གནས་དང༌། ཀུན་རྫོབ་སྤྲོས་ པའི་སྐྱོན་གང་གིས་མ་གོས་པའི་ཆོས་སྐྱོན་མེད་པ་དང༌། གནས་ལུགས་ཀུན་གྱི་ཆེས་མཐར་ ཐུག་ཏུ་གྱུར་པའི་ཡང་དག་མཐའ་དང་སྒྲ་དང་རྟོག་པའི་སྤྱོད་ཡུལ་ལས་རྣམ་པར་འདས་པའི་ བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ་ཡོངས་གྲུབ་དགུའི་ངོ་བོ་ཉིད་དུ་ཡེ་གདོད་མ་ནས་རང་ བཞིན་དག་པ་དོན་དམ་བདེན་པའི་བདག་ཉིད་དུ་ངེས་པར་བཞུགས་པ་དེ་ལ། ལུང་རིགས་ གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་གང་ཉིད་ཀྱིས་ཐུགས་ཀྱིས་གཟིགས་པ་ཇི་བཞིན་ གནས་ལུགས་ཡོངས་སུ་གྲུབ་པ་རྣམ་པ་དགུའི་རྣམ་གཞག་རྒྱལ་བའི་ཡུམ་ལས་ལེགས་པར་ བཀའ་བསྩལ་པ་ཡིན་ཏེ། ཇི་སྐད་དུ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་ གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་དེ་དག་གི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་ བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་ དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་དེ་བཞིན་ཉིད་དུ་གནས་ཏེ། ཞེས་སོགས་རྒྱས་པར་ གསུངས་པ་ལྟར་གྱི་ཕྱིར། གཉིས་པ་ནི། ཆོས་ཀྱི་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་གཞི་འབྲས་དབྱེར་ མེད་དུ་ཡེ་ནས་བཞུགས་པ་དེ། ཆོས་ཅན། ཁྱོད་ཀུན་རྫོབ་ཀྱི་སྤྲོས་པ་ཇི་ལྟར་སྣང་བ་བཞིན་ མི་བདེན་པ་རྨི་ལམ་དང་ཆོས་མཚུངས་པ་གང་དག་གིས་ཡེ་ནས་སྟོང་ཞིང་གནས་ལུགས་དེ་ 2-1-107 བཞིན་ཉིད་ཀྱི་ནམ་ཡང་མི་སྟོང་པའི་དོན་དམ་མཆོག་ཏུ་ཡོངས་སུ་གྲུབ་པ་ཡིན་ཏེ། ཡེ་གཞི་ གཤིས་ལུགས་ཇི་བཞིན་པ་དུས་ཀུན་འཇིག་པ་མེད་པའི་རང་བཞིན་དུ་རྟག་པར་ཡོངས་སུ་ གྲུབ་པ་ཉིད་ཀྱི་ཕྱིར། ཡང་དེ། ཆོས་ཅན། ཁྱོད་ནོར་ཞིང་འཁྲུལ་སྣང་གི་ཆ་སྒྱུ་མ་དང་མཚུངས་ པ་མཐའ་དག་གིས་སྟོང་ཞིང་གནས་ལུགས་མ་ནོར་བས་མི་སྟོང་པའི་དོན་དམ་མཆོག་ཏུ་ ཡོངས་སུ་གྲུབ་པ་ཡིན་ཏེ། གཞི་དབྱིངས་ཀྱི་རང་མདངས་ལ་ཕྱིན་ཅི་ལོག་གིས་གདོད་ནས་ སྟོང་ཞིང་རང་བཞིན་དམ་པའི་དོན་གཤིས་སུ་ལེགས་པར་གྲུབ་པའི་ཕྱིར། ཡང་དེ། ཆོས་ཅན། ཁྱོད་སྣང་གནས་མི་མཐུན་པ་སྨིག་སྒྱུ་འདྲ་བ་དག་གིས་སྟོང་ཞིང་རང་བཞིན་གཞན་མ་ཡིན་ པའི་ཆོས་ཀྱིས་མི་སྟོང་པའི་དོན་དམ་མཆོག་ཏུ་ཡོངས་སུ་གྲུབ་པ་ཡིན་ཏེ། རང་བཞིན་དག་ པ་ལ་སྣང་གནས་མི་མཐུན་པའི་འགྱུར་བག་མེད་པའི་གཞི་དབྱིངས་དག་པ་གཅིག་ཏུ་ངེས་ པའིཕྱིར། ཡང་དེ། ཆོས་ཅན། ཁྱོད་དེ་མ་ཡིན་ལ་དེར་སྣང་གི་ཆུ་ཟླ་ལྟ་བུས་སྟོང་ཞིང་གནས་ ལུགས་ཆོས་ཉིད་ཀྱིས་མི་སྟོང་པའི་དོན་དམ་མཆོག་ཏུ་ཡོངས་སུ་གྲུབ་པ་ཡིན་ཏེ། ལོག་སྣང་ བྲལ་བའི་ཆོས་ཀུན་གྱི་གནས་ཚུལ་ཇི་བཞིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཡང་དེ། ཆོས་ ཅན། ཁྱོད་དོན་མེད་དྲི་ཟའི་གྲོང་ཁྱེར་དང་འདྲ་བའི་ཀུན་རྫོབ་པས་སྟོང་ཞིང་གནས་ལུགས་ ཆོས་དབྱིངས་ཀྱིས་མི་སྟོང་པའི་དོན་དམ་མཆོག་ཏུ་ཡོངས་སུ་གྲུབ་པ་ཡིན་ཏེ། དོན་དུ་མི་ བདེན་པའི་སྤྲོས་པ་བྲལ་བའི་སྟོབས་སོགས་རྣམ་བྱང་གི་ཆོས་མཐའ་ཡས་པའི་ཀློང་དུ་ངེས་ པར་གྱུར་པའི་ཕྱིར། ཡང་དེ། ཆོས་ཅན། ཁྱོད་ཡུན་ཐུང་ཞིང་བསླུ་བའི་ཆོས་བྲག་ཆ་ལྟ་བུས་ སྟོང་ཞིང་གནས་ལུགས་ཆོས་ཀྱི་གནས་ཉིད་ཀྱིས་མི་སྟོང་པའི་དོན་དམ་མཆོག་ཏུ་ཡོངས་སུ་ གྲུབ་པ་ཡིན་ཏེ། ཡུན་ཐུང་བསླུ་ཆོས་ལས་རྣམ་པར་འདས་པའི་དུས་ཐམས་ཅད་དུ། ཡོངས་ སུ་གྲུབ་པའི་གནས་ལུགས་མཐར་ཐུག་པ་ཡིན་པའི་ཕྱིར། ཡང་དེ། ཆོས་ཅན། ཁྱོད་མ་ངེས་ པའི་དངོས་པོ་མིག་ཡོར་འདྲ་བས་སྟོང་ཞིང་གནས་ལུགས་ཆོས་སྐྱོན་མེད་པ་ཉིད་ཀྱིས་མི་ 2-1-108 སྟོང་པའི་དོན་དམ་མཆོག་ཏུ་ཡོངས་སུ་གྲུབ་པ་ཡིན་ཏེ། མ་ངེས་པའི་དངོས་མཚན་གཤིས་ན་ མི་འདུག་པའི་ཕྱིར་མི་ལྡོག་པའི་ངེས་པ་བདེན་དོན་མཆོག་ཏུ་གྲུབ་པའི་ཕྱིར། ཡང་དེ། ཆོས་ ཅན། ཁྱོད་རྣམ་པར་འཕོ་བའི་ཆོས་གཟུགས་བརྙན་ལྟ་བུས་སྟོང་ཞིང་གནས་ལུགས་ཡང་དག་ མཐས་མི་སྟོང་པའི་དོན་དམ་མཆོག་ཏུ་ཡོངས་སུ་གྲུབ་པ་ཡིན་ཏེ། ཡུལ་དང་བློ་ཡི་འཕོ་འགྱུར་ དང་བྲལ་བའི་དེ་ཁོ་ན་ཉིད་དོན་དམ་པའི་ཡིན་ལུགས་སུ་ལེགས་པར་གྲུབ་པའི་ཕྱིར། ཡང་ དེ། ཆོས་ཅན། ཁྱོད་སྤྲུལ་པ་ལྟ་བུའི་རྫུན་ཅིང་བསླུ་བའི་ཆོས་གང་དག་གིས་སྟོང་ཞིང་གནས་ ལུགས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཉིད་ཀྱིས་རྣམ་པ་ཀུན་ཏུ་མི་སྟོང་པའི་དོན་དམ་ མཆོག་ཏུ་ཡོངས་སུ་གྲུབ་པ་ཡིན་ཏེ། གཤིས་ཀྱི་རང་བཞིན་ཀུན་རྫོབ་བསླུ་ཆོས་ཀྱིས་རྣམ་པ་ ཀུན་ནས་མ་གོས་པའི་རྟོག་གེའི་ཡུལ་ལས་འདས་ཤིང་སོ་སོར་རང་རིག་དམ་པའི་སྤྱོད་ཡུལ་ ཁོ་ནར་ངེས་པའི་ཕྱིར། དེ་ལྟ་བུའི་ཡོངས་གྲུབ་གནས་ལུགས་དགུའི་ངོ་བོ་དེ་ནི་དོན་སོ་སོར་ མེད་ཅིང་གཞི་དབྱིངས་གཅིག་ཉིད་སངས་འཕགས་ཀྱི་དོན་དམ་གཟིགས་ངོའི་ཚུལ་ལྟར་ ཡིན་ལུགས་དཔྱོད་པའི་བློ་ལ་ཇི་བཞིན་གསལ་ཆེད་རྒྱལ་བ་ཉིད་ཀྱིས་མིང་གི་རྣམ་གྲངས་ དེ་ལུགས་ལྟར་བཀའ་བསྩལ་པའོ། །དེ་ལྟར་བཤད་པའི་གཞི་དབྱིངས་ཆོས་ཉིད་དེ་བཞིན་ གཤེགས་པའི་སྙིང་པོ་ལེགས་བཞུགས་ཀྱི་ཚུལ་དེ་ནི་མཐའ་གཉིས་དང་བྲལ་བའི་ལྟ་བ་ཡ་ མཚན་པ་ཆེས་རྨད་དུ་བྱུང་བའི་དབུ་མའི་ལུགས་བཟང་གོང་ན་མེད་པ་ཉིད་དུ་ངེས་པར་གྲུབ་ སྟེ། སྤྱིར་ལྟ་བ་མཐའ་གཉིས་དང་བྲལ་བའི་ཚུལ་ལ་ཀུན་རྫོབ་ཀྱི་གང་ཟག་གི་བདག་གིས་ སྟོང་པས་ཡོད་མཐའ་སྤངས་ཤིང་ཐ་སྙད་ཀྱི་གང་ཟག་བདེ་སྡུག་མྱོང་བ་པོ་སྣང་ཙམ་གྱིས་མེད་ མཐའ་སྤངས་པའི་གང་ཟག་གི་བདག་མེད་ཙམ་ལ་ལྟོས་པའི་དབུ་མ་དང༌། ཆོས་བདག་མེད་ པའི་ཚུལ་ལ། ཕྱི་དོན་ཀུན་བཏགས་ཀྱི་ཆོས་བདེན་པས་སྟོང་པས་ཡོད་མཐའ་དང་འཁྲུལ་ ངོར་སྣང་ཙམ་གྱི་བྱ་བྱེད་མི་བསླུ་བས་མེད་མཐའ་སྤངས་པའི་ཀུན་རྫོབ་ཙམ་ལ་ལྟོས་པའི་ 2-1-109 དབུ་མ་དང༌། དོན་གྱི་ཡིན་ལུགས་ལ་ཕྱི་དོན་བེམ་པོ་མེད་པས་ཡོད་མཐའ་དང་སེམས་ལ་ བག་ཆགས་སྣ་ཚོགས་པའི་སྣང་བ་ཙམ་གྱི་དོན་བྱེད་ནུས་སུ་ཡོད་པས་མེད་མཐའ་སྤངས་པའི་ རྣལ་འབྱོར་པའི་ཀུན་རྫོབ་དབུ་མའམ་གཞན་དབང་ཀུན་རྫོབ་བདེན་པ་ལ་ལྟོས་པའི་དབུ་ མ་དང༌། ནང་སེམས་དེ་ཡང་རང་བཞིན་གང་དུ་ཡང་གྲུབ་པ་མེད་པས་ཡོད་མཐའ་དང་དེའི་ ཡུལ་ཡུལ་ཅན་གྱི་སྣང་ཆ་ཐམས་ཅད་དུ་གསལ་བར་འཆར་བས་མེད་མཐའ་སྤངས་པའི་རྣམ་ གྲངས་ཙམ་གྱི་དོན་དམ་དབུ་མ་ངེས་དོན་ལ་འཇུག་པའི་སྒོ་ཙམ་དུ་གནས་པའི་དབུ་མ་དང༌། ཀུན་རྫོབ་ཀྱིས་བསྡུས་པ་གཟུང་བ་ཀུན་བཏགས་དང་འཛིན་པ་གཞན་དབང་གཉིས་ཀ་བདེན་ པར་མེད་པས་ཡོད་མཐའ་དང༌། གོང་སྨོས་ལྟར་གྱི་གནས་ལུགས་ཡོངས་གྲུབ་དེ་བཞིན་ཉིད་ དེ་གཤིས་ལུགས་དོན་དམ་དུ་ངེས་པར་བདེན་པས་མེད་མཐའ་སྤངས་པའི་ངེས་པ་དོན་གྱི་ དབུ་མ་རྣམས་ཡོད་པ་ལས་རྒྱལ་བའི་དགོངས་པ་མཐར་ཐུག་ངེས་དོན་ཆེས་ཤིན་ཏུ་ཟབ་མོའི་ གནས་གསང་ཆེན་བླ་མེད་ཀྱི་ཐེག་པ་ལ་ཉེ་བའི་ཕྱིར་མི་ལྡོག་པའི་གཏམ་གྱིས་བརྗོད་བྱ་གོང་ ན་མེད་པ་ནི་ངེས་དོན་དབུ་མ་ཆེན་པོ་འདི་ཉིད་ལས་གཞན་གང་ཡང་ཡིན་པར་ཚད་མས་མ་ དམིགས་པའི་ཕྱིར་རོ། །དེ་ལྟར་དུ་གཏན་ལ་ཕབ་པའི་ཡེ་གཞི་ཆོས་ཉིད་བདེ་གཤེགས་སྙིང་ པོ་དེ་ཉིད་གདོད་ནས་གཞི་འབྲས་དབྱེར་མེད་དུ་ངེས་པར་བཞུགས་པས་ཐོག་མ་གཞི་དུས་ སུ་འཁྲུལ་སྣང་འཁོར་བའི་རྣམ་པ་ལས་མི་མཐོང་བ་དང་ལམ་གྱི་དུས་སུ་གཞི་དབྱིངས་ཉིད་ དང་ཉེ་བའི་མདངས་འོད་དེ་ཉིད་ལམ་དུ་ཤར་ཏེ་ཅུང་ཟད་རེ་གསལ་སྣང་གི་རིམ་པས་མཐོང་ བ་དང་མཐར་ཐུག་འབྲས་བུའི་སྐབས་སུ་གདོད་ནས་ལྷུན་གྲུབ་སྐྱེ་མེད་རྣམ་པ་ཐམས་ཅད་ པའི་ཆ་ཡོངས་སུ་རྫོགས་པ་ཀུན་ནས་སྒྲིབ་མེད་མངོན་དུ་གཟིགས་ནས་དོན་དམ་པའི་ཡེ་ཤེས་ དབྱིངས་ཀྱི་རྒྱ་མཚོ་ཆེན་པོ་ཉག་གཅིག་ཏུ་དབྱེར་མེད་རོ་མཉམ་དུ་སོང་ནས་སྔར་སློབ་པའི་ སྐབས་ཀྱི་རྒྱུད་ཐ་དད་པའི་སེམས་དཔའ་གང་དག་རྟེན་རང་སྣང་གི་ཆོས་སྐུའི་ངོ་བོར་གྱུར་ 2-1-110 ཏེ་གནས་ལུགས་དོན་གྱི་རྟོགས་པ་ཆེན་པོ་གཅིག་ཏུ་གྱུར་ནས་རང་སྣང་གི་མཛད་ཆེན་ཡང་ གཅིག་ཏུ་འདྲེས་ཤིང་རྟེན་དེ་ལ་བརྟེན་ནས་ལྷུན་གྲུབ་རྟག་པར་རྒྱུན་མི་ཆད་པའི་གཞན་སྣང་ གི་མཛད་པས་གང་འདུལ་གྱི་གདུལ་བྱ་སེམས་ཅན་རྒྱ་ཆེན་པོས་རང་རང་དང་འཚམ་པར་ཉེ་ བར་ཟབ་དང་རྒྱ་ཆེར་སྤྱད་པ་ཆེན་པོ་འབྱུང་བ་ཡིན་ཏེ། རྒྱལ་ཚབ་མི་ཕམ་པའི་ཞལ་སྔ་ནས་ ཀྱང༌། སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །བརྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་ གཅིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་ པ་ཆེ། །ཞེས་གསུངས་པའི་དོན་གྱི་བསྟན་བྱ་ལྟར་ཡིན་པའི་ཕྱིར། དེ་ལྟ་བས་ན་གཞི་འབྲས་ དབྱེར་མེད་ཀྱི་གནས་ལུགས་ཉག་མ་གཅིག་དེ་སངས་རྒྱས་ཀུན་གྱི་མངོན་དུ་གྱུར་ཅིང་སེམས་ ཅན་མཐའ་དག་གི་ཤེས་རྒྱུད་དྲི་མས་བསྒྲིབས་ནས་རང་རང་ལ་ལྟོས་ནས་འགའ་ཞིག་གིས་ གཏན་ནས་མི་མཐོང་ཞིང་ལ་ལས་གསལ་སྣང་ཅུང་ཟད་རང་འཚམ་རེ་ལ་སྤྱད་པ་དང་མཐར་ ཐུག་ལ་ཉེ་བའི་སེམས་དཔའ་ཆེན་པོ་དག་གིས་ཆེས་གསལ་བར་མཐོང་བའི་རིམ་པ་འབྱུང་བ་ ཡིན་ཞིང་དེ་ལྟར་གཞི་གནས་ལུགས་དོན་གྱི་སྙིང་པོ་དེ་ཁ་ཅིག་གི་ཞེ་འདོད་བཞིན་དྲང་དོན་མི་ བདེན་པའི་དོན་ལ་མེད་པ་ཡིན་ན་དོན་དམ་པའི་ཆོས་ཉིད་གཞི་ནས་མེད་སྲིད་ན་དེ་ལ་རྣམ་ པ་ཀུན་ནས་བརྟེན་པའི་ཆོས་ཅན་མཐའ་དག་ཀྱང་མེད་པར་འགྱུར་བས་ཚུལ་དེ་ལུགས་ལྟར་ ན་བདེན་པ་གཉིས་ཀྱིས་བསྡུས་པ་ཐམས་ཅད་གཏན་ནས་མི་སྲིད་པ་རི་བོང་རྭ་དང་ངེས་པར་ མཚུངས་པའི་ཆད་པ་ཆེན་པོའི་མཐའ་ལ་གནས་པར་གྱུར་པས་དེ་རིགས་ལ་དོགས་ཟོན་བྱ་ འོས་སོ། །དེ་ལྟར་བཤད་བྱ་གཙོ་བོ་གཞི་ཁྱད་པར་བའི་གནས་ལུགས་དོན་དམ་པ་རང་བྱུང་དེ་ བཞིན་གཤེགས་པའི་སྙིང་པོ་གཞི་འབྲས་དབྱེར་མེད་དུ་བཞུགས་པའི་ཚུལ་ངེས་དོན་འཁོར་ ལོ་ཐ་མའི་བཀའ་དང་དགོངས་འགྲེལ་ཁྱད་འཕགས་རྫོགས་ལྡན་ཆོས་མཆོག་དམ་པའི་རང་ ལུགས་ལྷད་མེད་ཀྱི་སྲོལ་ལེགས་ཕྱེ་མཛད་པའི་རྗེ་ཇོ་ནང་པ་ཆེན་པོ་ཀུན་མཁྱེན་རྟོན་པ་བཞི་ 2-1-111 ལྡན་ཞབས་པ་དང༌། གང་གི་བརྒྱུད་པའི་སྲོལ་བཟང་སླར་ཡང་ནུབ་མེད་ཀྱི་བསྟན་པའི་ཉི་མ་ གཅིག་གྱུར་རྗེ་བཙུན་འཇམ་དབྱངས་ཀུན་དགའ་སྙིང་པོ་སྟེ་གངས་ལྗོངས་ཀྱི་ངེས་དོན་བསྟན་ པའི་མངའ་བདག་གང་རྣམ་གཉིས་ཀྱི་གསུང་རབ་ཀྱི་དགོངས་པ་དང་མཐུན་པར་རྒྱུ་ཕར་ཕྱིན་ ཐེག་པའི་ངེས་དོན་སྙིང་པོའི་དོན་དམ་པའི་གཞི་ཁྱད་པར་བའི་ཚུལ་མདོ་ཙམ་བརྗོད་ཟིན་ཏོ། ། ལེའུ་གཉིས་པ། ཞར་བྱུང་དེར་བརྟེན་གཞི་སྤྱིའི་རྣམ་གཞག་མདོ་ཙམ་འཆད་པ། གཉིས་པ་ཞར་བྱུང་དེར་བརྟེན་གཞི་སྤྱིའི་རྣམ་གཞག་མདོ་ཙམ་འཆད་པ་ནི། གོང་དུ་ ཇི་སྐད་བཤད་པའི་ངེས་དོན་སྙིང་པོའི་དོན་དམ་པའི་གཞིཁྱད་པར་བ་ཡེ་གདོད་མ་ནས་ བཞུགས་པའི་ཆོས་དབྱིངས་སྤྲོས་བྲལ་བདེ་གཤེགས་སྙིང་པོའི་གཤིས་ཀྱི་གནས་ལུགས་རང་ བྱུང་འདུས་མ་བྱས་པ་ཆ་མེད་ཀུན་ཁྱབ་ཀྱི་བདག་ཉིད་གཅིག་པུ་དེ་འཁོར་བ་དང་མྱ་ངན་ལས་ འདས་པའི་རང་བཞིན་སྤྱིའི་གཤིས་ལུགས་སུ་གྱུར་པའི་ཡེ་གཞི་སྲིད་གསུམ་དྭངས་པ་ཆེན་ པོ་བསམ་གྱིས་མི་ཁྱབ་པའི་ཟབ་གནད་ངེས་པ་དོན་གྱི་གསང་ཆེན་གྱི་གནས་མཐར་ཐུག་པ་ ཉིད་དུ་ངེས་པ་ཡིན་ལ། དེ་ལྟ་བུའི་གཞི་དབྱིངས་དོན་དམ་པའི་གནས་ལུགས་འོད་གསལ་ཡེ་ ཤེས་ཆེན་པོ་ཆོས་ཉིད་རང་བཞིན་དག་པ་དྲི་མེད་གསེར་བཟང་གི་ཁམས་ལྟ་བུ་ལས་གློ་བུར་ དྲི་མ་རྣམ་ཤེས་ཀྱི་སྣང་ཆ་འཁྲུལ་སྣང་སྣ་ཚོགས་པ་གཡའ་ལྟ་བུ་འབྱུང་བས་གསེར་ལ་གཡའ་ ལྟར་རང་བཞིན་ཆོས་ཉིད་ལ་རྣམ་འགྱུར་ཆོས་ཅན་མཐའ་དག་བརྟེན་པ་ཡིན་ཡང་དེ་དེ་དག་ གི་གཞི་རྟེན་ཙམ་ལས་བསྐྱེད་བྱེད་ཀྱི་རྒྱུར་མི་འགྱུར་བ་ནི་དཔེར་ན་ནམ་མཁས་འཇིག་རྟེན་ གྱི་གཟུགས་ཅན་མཐའ་དག་གི་རྟེན་བྱེད་ཀྱང་དེས་དེ་དག་བསྐྱེད་པར་བྱེད་པ་ཡིན་མི་དགོས་ 2-1-112 པ་བཞིན་ནོ། །དེས་ན་དོན་དམ་གནས་ལུགས་ཀྱི་གཞི་ལས་ཀུན་རྫོབ་སྤྲོས་པའི་གཞི་མ་ ལུས་པ་བྱུང་ཞིང་དེ་ཡང་གཞིའི་དག་མཉམ་ཡེ་ཤེས་ཆེན་པོའི་གཞི་དེ་ཉིད་ལ་བརྟེན་ནས་གློ་ བུར་གྱི་དྲི་མའི་ཚུལ་དུ་གནས་པ་རྣམ་པར་ཤེས་པའི་སྣང་བའི་ཆ་འཁྲུལ་སྣང་ཀུན་ངེས་པར་ བྱུང་བའི་ཚུལ་ནི་འདིར་བཤད་པར་བྱ་བ་སྟེ། དེ་ལའང་ཀུན་རྫོབ་རྣམ་པར་ཤེས་པའི་འཁྲུལ་ སྣང་གིས་བསྡུས་པའི་གཞི་གང་དག་ལ་འཆད་ཚུལ་གྱི་སྒོ་མི་འདྲ་བ་དུ་མ་ཡོད་ཀྱང་འདིར་ རང་ལུགས་ལ་ནི་ངེས་དོན་འཁོར་ལོ་ཐ་མའི་སྡེ་སྣོད་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ ལས་བཅོམ་ལྡན་འདས་ཅི་ལགས་སྲིད་པ་ཉི་ཤུ་རྩ་ལྔ་བདག་མཆིས་ཤེས་བགྱིའམ་མ་མཆིས་ ཤེས་བགྱི་ཞེས་སོགས་སྲིད་པ་ཉེར་ལྔའི་ཡིན་ལུགས་བཅས་ལེགས་པར་གསུངས་པ་ལྟར་ཐ་ མའི་སྡེ་སྣོད་གཞན། རྔ་བོ་ཆེའི་མདོ་དང༌། དཔལ་ཕྲེང་གིས་ཞུས་པའི་མདོ་སོགས་སུ་ཞལ་ མཐུན་པར་ཤེས་བྱ་ལ་སྲིད་པའི་ཆོས་ཡིན་ཚད་མདོ་ཙམ་དུ་བསྡུས་པ་ཉི་ཤུ་རྩ་ལྔ་གསུངས་ པའི་ཚུལ་གྱིས་ཀུན་རྫོབ་མདོ་ཙམ་འཆད་པ་སྟེ། དེ་ཡང༌། ཆོས་མངོན་པ་ལས། ཕུང་པོ་དང་ ནི་སྐྱེ་མཆེད་དང༌། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །ཞེས་གསུངས་པ་ལྟར། ཕུང་ པོ་ལྔའི་ནང་གི་གཟུགས་ཀྱི་ཕུང་པོ་དང༌། སྐྱེ་མཆེད་བཅུ་གཉིས་ཀྱི་ནང་གི་ཡིད་ཀྱི་སྐྱེ་མཆེད་ དང༌། ཁམས་བཅོ་བརྒྱད་ཀྱི་ནང་གི་ཆོས་ཀྱི་ཁམས་ཏེ། དེ་གསུམ་གྱིས་སྣང་ཞིང་གྲགས་པའི་ ཤེས་བྱའི་ཆོས་ཐམས་ཅད་བསྡུས་ནས་བསྟན་པ་ཡིན་ལ། བསྟན་ཚུལ་དེ་ལྟར་གྱིས་ཤེས་ བྱའི་ཆོས་སྲིད་ཚད་ལ་ཉེར་ལྔའི་གྲངས་བགྲང་ཚུལ་ཡང་ཐོག་མར་དབྱེ་གཞི་ཕུང་ཁམས་སྐྱེ་ མཆེད་གསུམ་དང༌། ཕུང་པོ་དེ་དག་ལས་གཟུགས་ཕུང་ལ་འབྱུང་བའི་ཁམས་དང༌། སྣོད་ཀྱི་ འཇིག་རྟེན་དང༌། བཅུད་ཀྱི་སེམས་ཅན་གྱི་གཟུགས་གསུམ་དུ་དབྱེ་བས་གསུམ་དང༌། ཡང་ གོང་གི་སྐྱེ་མཆེད་དག་ལས་ཡིད་ཀྱི་སྐྱེ་མཆེད་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ གསུམ། ཡང་ཁམས་དག་ལས་ཆོས་ཀྱི་ཁམས་ལ། མཚན་གཞིའི་ཆོས་དང༌། མཚན་ཉིད་ཀྱི་ 2-1-113 ཆོས་དང༌། དངོས་མེད་ཀྱི་ཆོས་དང་གསུམ། ཆོས་ཁམས་དག་ལས་མཚན་གཞི་ལ་ཚོར་བའི་ ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ་དང་གསུམ། མཚན་ཉིད་ལ་ཡང་ཡུལ་ལ་ བཏགས་པ་དང༌། དུས་ལ་བཏགས་པ་དང༌། དངོས་ལ་བཏགས་པ་དང་གསུམ། དངོས་མེད་ ལ་ཡང་དངོས་པོ་གཞན་འགྱུར་གྱི་དངོས་མེད་དང༌། དངོས་པོ་ལ་བརྟེན་པའི་དངོས་མེད་དང༌། མིསྲིད་པའི་དངོས་མེད་དང་གསུམ། དེ་ལྟར་གྱི་ཤེས་བྱ་ཉེར་གཅིག་དང༌། དེ་དག་གི་སྟེང་དུ་ ཐུན་མོང་གི་ལམ་དང༌། ཐུན་མོང་མ་ཡིན་པའི་ལམ་དང༌། རྒྱལ་བའི་གནས་སུ་བགྲོད་བྱེད་ཀྱི་ ལམ་དང་གསུམ་སྟེ། དེ་ལྟ་བུའི་ཤེས་བྱ་ཉེར་བཞི་པོ་དེ་དག་ནི་རྒྱུ་རྐྱེན་དུ་མ་འདུས་ནས་བྱས་ པའི་འདུས་བྱས་ཀྱི་ཆར་གཏོགས་པ་ཡིན་ལ། དེ་དག་གི་རང་བཞིན་གཤིས་ཀྱི་གནས་ལུགས་ དེ་བཞིན་ཉིད་གཞི་དབྱིངས་འོད་གསལ་རང་བྱུང་གི་ཡེ་ཤེས་གོང་དུ་གསལ་བར་བཤད་པ་དེ་ ཉིད་ནི་དོན་གྱི་འདུས་མ་བྱས་ཉག་གཅིག་ཏུ་འཇོག་པ་ཡིན་ནོ། །དེ་དང་བཅས་པའི་སྲིད་ཚད་ ཀྱི་ཤེས་བྱ་ཉེར་ལྔ་པོ་དེ་དག་ནིརྫོགས་ལྡན་གྱི་ཆོས་ལས་བྱུང་བའི་གཞི་སྤྱིའི་རྣམ་གཞག་གི་ བསྡོམས་སུ་ལེགས་པར་བྱས་པ་ནི་ས་བོན་ཙམ་ལས་མ་སྤྲོས་པ་ཡང་ཡི་གེ་མང་བར་དོགས་ སོ། །དེ་ཡན་ཆད་ཀྱི་རྫོགས་ལྡན་ཆོས་མཆོག་རང་ལུགས་གཞི་གཉིས་ཀྱི་རྣམ་བཤད་ཉུང་ བསྡུས་སོང་ཟིན་ཏོ། ། ལེའུ་གསུམ་པ། འཕྲོས་དོན་གྱི་ཚུལ་བཤད་བྱ་གཞན་འཆད་པ། གསུམ་པ་འཕྲོས་དོན་གྱི་ཚུལ་བཤད་བྱ་གཞན་འཆད་པ་ལ། འཁོར་བ་རགས་ཕྲའི་རྩ་བ་ ལ་དཔྱད་པ། བག་ཆགས་གཏན་གྱི་བགོ་གཞི་ལ་དཔྱད་པ། སྟོང་ཚུལ་གཉིས་ཀྱི་ཁྱད་པར་ལ་ དཔྱད་པ། བདེན་པ་གཉིས་ཀྱི་ཁྱད་པར་ལ་དཔྱད་པ། གྲུབ་མཐའ་འོག་གོང་ཡིན་ལུགས་ལ་ 2-1-114 དཔྱད་པ་དང་ལྔ་ལས། (༡) འཁོར་བ་རགས་ཕྲའི་རྩ་བ་ལ་དཔྱད་པ། དང་པོ་ནི། འཁོར་བ་རགས་པ་ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་ལས་ཤར་བའི་རྣམ་སྨིན་ ཉེ་བར་ལེན་པའི་ཕུང་པོ་ཐོག་མེད་ནས་རིམ་པར་བསྐྱེད་པ་གང་དག་གི་རྟེན་འབྲེལ་ཡན་ལག་ བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་དེ་འཁོར་བ་རགས་པའི་རྩ་བ་སྟེ། དེ་ཡང་རང་ལུགས་ལ་ བདེན་བཞིའི་དེ་ཁོ་ན་ཉིད་དམ་རྒྱུ་འབྲས་རྟེན་འབྲེལ་གྱི་དོན་ལ་རྨོངས་ཤིང་མི་ཤེས་པའི་བློ་ ཤེས་པ་མི་གསལ་བའི་རྣམ་ཅན་དོན་དེ་དག་ཕྱོགས་ཙམ་ཡང་མི་རིག་པའི་རྣམ་པར་རྟོག་པ་ རྨོངས་ཙམ་ཞིག་ཡིན་ལ་ཐོག་མའི་མ་རིག་པ་དེ་རྨོངས་ཙམ་དེ་འདྲ་ཡིན་ཀྱང་ཁམས་གསུམ་དུ་ འཕེན་བྱེད་ཀྱི་མ་རིག་པ་ནི་འཇིག་ལྟ་དང་འབྲེལ་པ་ཅན་ཁོ་ནར་འབྱུང་བས་ན་མ་རིག་པ་ནི་ རྣམ་པ་མི་གསལ་བས་དེའི་ཕྱོགས་ནས་མ་སྨོས་པར་འཇིག་ལྟ་རྣམ་པ་གསལ་ཞིང་ངོ་ཤེས་སླ་ བའི་ཕྱིར་དེ་ཕྱོགས་ནས་སྨོས་ཏེ་ཀླུ་སྒྲུབ་ཆོས་ཀྱི་གྲགས་པ་སོགས་ཀྱིས་རྟེན་འབྲེལ་གྱི་ཐོག་ མའི་མ་རིག་པ་འཇིག་ལྟ་ལ་ངོས་འཛིན་མཛད་དོ། །དེ་འདྲའི་རྨོངས་ཙམ་གྱི་མ་རིག་པ་དེ། ཆོས་ཅན། ཁྱོད་འཁོར་བ་རགས་པ་འཕེན་བྱེད་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་ མའི་མ་རིག་པ་ཡིན་ཏེ། མ་རིག་པ་དེ་འདྲ་ལ་བརྟེན་ནས་སྒོ་གསུམ་གྱི་འདུ་བྱེད་དུ་གཏོགས་ པའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ་པོ་གང་རུང་ གསོག་པའི་འདུ་བྱེད་ཀྱི་ལས་འབྱུང་ཞིང༌། མ་རིག་པས་ཀུན་ནས་བསླངས་པའི་ལས་དེ་བྱས་ མ་ཐག་ཏུ་ཀུན་གཞིའི་རྣམ་ཤེས་དེ་ལས་དེའི་བག་ཆགས་དང་ས་བོན་ཅན་དུ་གྱུར་པ་ན་དེའི་ མཐུ་ལས་ཚོགས་དྲུག་གི་རྣམ་ཤེས་རྣམས་ཀྱང་བག་ཆགས་དེས་བསླད་པའི་ནུས་པ་ཅན་དུ་ གྱུར་ཏེ་ལས་བསགས་པའི་ཚེ་དེ་ཉིད་དང་བར་དོའི་གནས་སྐབས་ཀྱི་རྣམ་ཤེས་འགྱུར་བ་ཅན་ དེ་ནི་རྣམ་ཤེས་ཀྱི་ཡན་ལག་སྟེ་དེ་ཉིད་མངལ་དུ་སྐྱེ་བ་བཟུང་མ་ཐག་པ་ན་ཚོར་འདུ་འདུ་བྱེད་ 2-1-115 རྣམ་ཤེས་དེ་མིང་བཞིའི་ཕུང་པོ་དང་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ཀྱི་འབྱུང་བ་ དང་འབྱུང་འགྱུར་རྣམས་ནི་གཟུགས་ཀྱི་ཕུང་པོ་སྟེ་དེ་ལྟར་མིང་གཟུགས་ཀྱི་ཡན་ལག་འགྲུབ་ ལ། དེ་དག་འཕེལ་བ་ལས་མིག་སོགས་སྐྱེ་མཆེད་དྲུག་གི་ཡན་ལག་འབྱུང་ཞིང་མངལ་ནས་ བཙས་རྗེས་སུ་དབང་པོ་དྲུག་དང་ཡུལ་དྲུག་དང་རྣམ་ཤེས་དྲུག་རྣམས་འདུས་ཏེ་ཡུལ་ཀྱི་རྣམ་ པ་ལ་བརྟེན་ནས་ཤེས་པ་འགྱུར་བའི་རེག་པ་འབྱུང་བའི་ཡན་ལག་འགྲུབ་སྟེ། དེ་ལ་བརྟེན་ ནས་བདེ་སྡུག་བཏང་སྙོམས་གང་རུང་ཉམས་སུ་མྱོང་བའི་ཚོར་བའི་ཡན་ལག་འབྱུང་ཞིང༌། དེ་ལ་བརྟེན་ནས་ཚོར་བདེ་ལ་འདོད་སྲེད་དང་ཚོར་སྡུག་ལ་འདོར་སྲེད་དང་ཚོར་བ་བཏང་ སྙོམས་ལ་དགའ་སྲེད་ཀྱི་རྣམ་པས་སྲེད་པའི་ཡན་ལག་འབྱུང་བའི་སྒོ་ནས་སྲིད་པ་ཆེར་འཕེལ་ བ་ལས་བདེ་སྡུག་བཏང་སྙོམས་ཀྱི་རྒྱུ་རྣམས་ལ་འདོར་ལེན་བྱེད་འདོད་ཀྱི་ལེན་པའི་ཡན་ ལག་ཀྱང་འབྱུང་སྟེ་དེས་ཀྱང་སྲིད་པ་ཕྱི་མ་འཕེན་ནུས་ཀྱི་ལས་གསོག་པའམ། སྔར་འཕངས་ ཟིན་པའི་ལས་ཀྱིས་བག་ཆགས་གསོས་བཏབ་ནས་སྐྱེ་བ་འགྲུབ་པ་ལ་མངོན་དུ་ཕྱོགས་པར་ བྱེད་པའི་སྲིད་པའི་ཡན་ལག་འགྲུབ་སྟེ་དེ་ལ་བརྟེན་ནས་སྐྱེ་བ་ཕྱི་མའི་ཕུང་པོ་གྲུབ་པའི་སྐྱེ་ བའི་ཡན་ལག་བཟུང་ནས་དེ་ཉིད་ཁམས་འགྱུར་བའི་ན་བ་དང་ན་ཚོད་འགྱུར་བའི་རྒས་པ་ དང༌། སྲོག་འགྱུར་བའི་འཆི་བ་དང༌། ལུས་སེམས་གདུང་བྱེད་ཀྱི་མྱ་ངན་དང༌། ཟས་སོགས་ ཀྱིས་ཕོངས་པས་སྨེ་སྔགས་འདོན་པ་ཡིད་མི་བདེ་བ་སོགས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ འབའ་ཞིག་པ་འདི་ངེས་པར་འབྱུང་སྟེ་རྒ་ཤི་ཆ་ཤས་བཅས་ཀྱི་ཡན་ལག་ཡོངས་སུ་རྫོགས་ པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་རང་ལུགས་ལ་གོང་ལྟར་རྨོངས་ ཙམ་གྱི་མ་རིག་པ་དེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མར་གྱུར་པའི་སྒོ་ནས་འཁོར་ བ་རགས་པའི་རྩ་བ་ཉིད་དུ་ལེགས་པར་གྲུབ་བོ། །འཁོར་བ་ཕྲ་བ་རྣམ་བྱང་ཕྱོགས་ཀྱི་རྟེན་ འབྲེལ་ལས་ཤར་བའི་ཟག་པ་མེད་པའི་ཡིད་ལུས་ཐེག་ཆེན་འཕགས་པའི་ས་ཐོབ་པ་ནས་ 2-1-116 བཟུང་ཆུང་འབྲིང་ཆེ་བའི་ཡིད་ལུས་རིམ་གྱིས་ཐོབ་པ་གང་དག་སྐྱེད་བྱེད་ཀྱི་རྣམ་པར་བྱང་ བའི་རྟེན་འབྲེལ་གྱི་ཐོག་མའི་མ་རིག་པ་དེ་འཁོར་བ་ཕྲ་བའི་རྩ་བ་སྟེ། དེ་ཡང་རང་ལུགས་ ལ་སྙིང་པོའི་དོན་དང་སྤྲོས་བྲལ་གྱི་ཚུལ་ལ་རྨོངས་ཤིང་ཇི་བཞིན་མི་ཤེས་པའི་བློ་མི་གསལ་ བའི་རྣམ་པ་ཅན་གྱི་རྨོངས་ཙམ་གྱི་མ་རིག་པ་ཞིག་གོ། །དེ་འདྲའི་རྨོངས་ཙམ་གྱི་མ་རིག་པ་ དེ། ཆོས་ཅན། ཁྱོད་འཁོར་བ་ཕྲ་བ་འཕེན་བྱེད་ཀྱི་རྣམ་བྱང་རྗེས་མཐུན་གྱི་རྟེན་འབྲེལ་དག་ གི་ཐོག་མའི་མ་རིག་པ་ཡིན་ཏེ། མ་རིག་པ་དེ་འདྲ་ལ་བརྟེན་ནས་ཁམས་གསུམ་ལས་འདས་ པ་རྣམ་པར་བྱང་བ་རྗེས་མཐུན་པའི་འཁོར་བ་འཇུག་ཚུལ་གྱི་རྟེན་འབྲེལ་བཅུ་གཉིས་རིམ་ པར་ཤར་ཚུལ་ཡང་སྙིང་པོའི་དོན་སོགས་ལ་རྨོངས་ཙམ་གྱི་མ་རིག་པས་ཀུན་ནས་བསླངས་ཏེ་ ཟག་མེད་ཡིད་ལུས་གསུམ་འགྲུབ་བྱེད་ཀྱི་བག་ཆགས་ཀུན་གཞིའི་མཚན་ཉིད་མ་ཚང་བའམ་ རྣམ་བྱང་གི་ཆར་གཏོགས་པའི་ཀུན་གཞི་ཉིད་ལ་བཞག་སྟེ་དེ་འདྲའི་ས་བོན་ཅན་དུ་གྱུར་པའི་ རྣམ་པར་བྱང་བའི་ཤེས་པ་ཉིད་རྣམ་བྱང་གི་མིང་གཟུགས་སྐྱེ་མཆེད་ཀྱི་རྣམ་པར་ཤར་ཏེ་རྐྱེན་ དེ་ལ་བརྟེན་ནས་རྣམ་པར་བྱང་བའི་རེག་ཚོར་གྱིས་དེ་མཐུན་ཟག་པའི་སྐྱོན་གྱིས་མ་གོས་ པའི་སྲེད་ལེན་གྱི་རྣམ་པ་ཙམ་སྙིང་རྗེ་དང་སྨོན་ལམ་གྱི་ཤུགས་དབང་གིས་ཟག་མེད་ཡིད་ཀྱི་ ལུས་རང་རང་དང་འཚམ་པ་མངོན་པར་བསམ་བཞིན་སྤྲུལ་པའམ་འགྲུབ་པར་བྱེད་མ་རག་ པའི་རྣམ་བྱང་གི་སྲིད་ལས་ཀྱིརྣམ་པས་ཟག་མེད་ཡིད་ལུས་ཁྱད་པར་བ་རྣམ་པ་གསུམ་པོ་ཅི་ རིགས་ཀྱིས་གདུལ་བྱ་འདུལ་བའི་མཛད་འཕྲིན་བཀོད་བསྡུ་རྒྱ་ཆེན་འབྱུང་ཡང་སངས་རྒྱས་ ཀྱི་མཛད་པ་དང་འཕྲིན་ལས་ལ་ལྟོས་ན་སློབ་པ་དག་གི་མཛད་འཕྲིན་རྒྱ་མི་ཆེ་ཞིང་རླབས་ ཆུང་བའི་ཚུལ་དུ་གནས་པར་བྱེད་པ་ལ་སོགས་པའིཕྱིར། དེ་འདྲའི་མ་རིག་པ་རགས་པ་དང་ ཕྲ་བ་གཉིས་ནི་སོ་སྐྱེས་གནས་སྐབས་སུ་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱེད་ཚུལ་གྱིས་ གནས་པས་མ་རིག་པ་ཕྲ་མོས་ཀྱང་འཁོར་བ་རགས་པ་འཕེན་བྱེད་ཀྱི་གྲོགས་བྱེད་ལ་ནམ་ 2-1-117 ཞིག་ལམ་སྒོམ་སྟོབས་ཀྱིས་མ་རིག་པ་རགས་པ་ཟད་པའི་སྐབས་ན་ད་དུང་མ་རིག་པ་ཕྲ་མོ་ ལྷག་ཡོད་པའི་ཚུལ་གྱིས་འཁོར་བ་ཕྲ་མོའམ་སྡུག་བདེན་ཕྲ་མོ་སྐྱེད་བྱེད་ཀྱི་རྩ་བར་གྱུར་ཅིང་ དེ་ཡང་ཇེ་ཕྲ་རིམ་གྱིས་འགྲོ་བའི་སྒོ་ནས་སངས་རྒྱས་པ་ན་དེ་གཏན་ཟད་དུ་སོང་བ་ཡིན་ལ་དེ་ བར་དུ་མི་ཟད་ཅིང་སྡུག་བདེན་ཕྲ་མོའམ་འཁོར་བ་ཕྲ་མོའི་ཆར་གཏོགས་པ་དག་གི་རྒྱུའིརྩ་ བ་ཉིད་དུ་ཡོད་རུང་བ་དེས་ན་དེ་འདྲའི་རྨོངས་ཙམ་གྱི་མ་རིག་པ་དེ་ཚུལ་དེ་ལུགས་ལྟར་དུ་ འཁོར་བ་ཕྲ་མོའི་རྩ་བ་ཉིད་དུ་ལེགས་པར་གྲུབ་བོ། །དེལྟ་བུའི་མ་རིག་པ་རགས་པ་དང་ཕྲ་ བ་གཉིས་པོ། ཆོས་ཅན། ཁྱོད་གཉིས་འབྱུང་བའི་ཐོག་མའི་མཐའ་ཡང་བློས་བྱས་ཀྱི་རྣམ་པར་ རྟོག་པ་ཆེས་ཕྲ་བ་ལ་ཐུག་པ་ཡིན་ཏེ། ཆོས་ཀྱི་གནས་ཚུལ་རགས་ཕྲ་དེ་འདྲ་ལ་རྨོངས་པའི་བློ་ ནི་བློས་བྱས་རྟོགས་ཚོགས་ཆེས་ཕྲ་བ་གཤིས་ནས་དྭངས་མི་ཐུབ་པའི་རང་ཤུགས་འཇུག་པའི་ དབང་གིས་འབྱུང་བ་ཡིན་གྱི་བློས་བྱས་རྟོག་པའི་རིགས་གཞི་ནས་ཟད་ན་རྨོངས་པ་དེ་འདྲ་ རྣམ་པ་ཀུན་ནས་འབྱུང་མི་རིགས་པའི་ཕྱིར། དེས་ན་བློས་བྱས་རྟོག་རིགས་ཆེས་ཕྲ་བ་དེ་ཉིད་ ནི་དྲི་མ་ཐམས་ཅད་ཀྱི་བག་ཉལ་རྩ་བའི་མཐར་ཐུག་པ་ཡིན་ཏེ། མཚན་མར་འཛིན་པའིརྟོག་ པའི་རིགས་ཆེས་ཕྲ་བ་བཅོས་མའི་རྣམ་པར་གནས་པ་དེ་ཡོད་པའི་དབང་གིས་རྨོངས་པ་ཉོན་ མོངས་པའི་རྟོག་ཚོགས་རགས་པ་རྣམས་དང༌། དེ་དག་གིས་བསྐྱེད་པའི་ལས་སྣང་འཁྲུལ་པ་ ཚབས་ཆེན་གང་དག་སོ་སྐྱེས་ཀྱི་སྐབས་སུ་བྱུང་ཞིང་འཕགས་ལམ་གྱིས་ཉོན་མོངས་རང་ག་བ་ དང་དེ་དག་གིས་བསྐྱེད་པའི་འཁྲུལ་སྣང་དག་པར་བྱས་ཀྱང་ད་དུང་རྨོངས་པ་ཕྲ་མོ་ལ་བརྟེན་ ནས་བྱུང་བའི་སེམས་ཅན་གྱི་ལས་སྣང་དག་མ་ཐུབ་པ་མང་པོ་ཡོད་པ་ནི་དེ་དག་འབྱུང་བའི་ རྐྱེན་སྔར་ལས་ཀྱང་ཆེས་ཤིན་ཏུ་ཕྲ་བ་ལྷག་ཡོད་པའི་ཕུགས་ཀྱི་བློས་བྱས་ཕྲ་བའི་རྟོག་རིགས་ བཅོམ་མ་ཐུབ་པའི་གནད་ལ་ངེས་པར་ཐུག་པའི་ཕྱིར་རོ། ། (༢) བག་ཆགས་གཏན་གྱི་བགོ་གཞི་ལ་དཔྱད་པ། 2-1-118 གཉིས་པ་བག་ཆགས་གཏན་གྱི་བགོ་གཞི་ལ་དཔྱད་པ་ནི། ཀུན་མཁྱེན་ཇོ་ནང་པ་ཆེན་ པོས། མངོན་རྒྱན་ཊཱིཀྐ་མདོ་ལུགས་མར། འདི་ལྟར་གསུངས་ཏེ། གལ་ཏེ་སེམས་བསྐྱེད་ལ་ སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཆོས་ཀྱི་དབྱིངས་ཡིན་ན་ཐོག་ མར་ཐར་བའི་ས་བོན་དང་དེ་ནས་རིམ་གྱིས་རྣམ་བྱང་གི་བག་ཆགས་ཐམས་ཅད་ཀུན་གཞི་ རྣམ་པར་ཤེས་པ་ལ་འཇོག་ཅིང་དེ་ལ་རྟེན་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྣང་བ་ དང་མུན་པའི་རྟེན་གཅིག་ཏུ་མི་རུང་བ་བཞིན་དུ་སྤང་བྱ་དང༌། གཉེན་པོའི་ཆོས་དག་འཇུག་ པའི་རྟེན་ཀུན་གཞི་གཉིས་ཡོད་པའི་ཕྱིར་རོ། །གཉིས་པོ་གང་ཞེ་ན། ཀུན་གཞིའི་རྣམ་ཤེས་ དང༌། ཀུན་གཞིའི་ཡེ་ཤེས་སོ། །ཞེས་སོགས་ཞིབ་རྒྱས་ཀྱིས་སྤང་བྱ་ཀུན་ཉོན་ཕྱོགས་དང་ གཉེན་པོརྣམ་བྱང་ཕྱོགས་ཀྱི་བག་ཆགས་ཀྱི་རྟེན་གཞི་ལ་ཀུན་གཞིའི་རྣམ་ཤེས་དང་ཡེ་ཤེས་ སོ་སོར་བཞག་པར་མཛད་ཅིང༌། རྗེ་བཙུན་རིན་པོ་ཆེས། དབུ་མ་ཐེག་མཆོག་རྒྱས་པའི་རྩ་ བར། འཁོར་དང་ལམ་གྱི་གཞིར་གྱུར་ཀུན་གཞི་སྟེ། །ཞེས་དང༌། དེའི་ཐད་ཀྱི་ཊཱིཀ་ཟིན་དུ་ཡང་ ཀུན་གཞིའི་སྟེང་དུ་ཀུན་ནས་ཉོན་མོངས་པའི་བག་ཆགས་བཞག་པ་ལས་འཁོར་བ་འབྱུང་བ་ དང༌། རྣམ་བྱང་གི་ས་བོན་བཞག་པ་ལས་མྱང་འདས་འཐོབ་པར་འགྱུར་བའི་ཕྱིར། འཁོར་ འདས་གཉིས་ཀའི་གཞིར་གྱུར་པ་ཡིན་ལ། ཞེས་དང༌། ཡང་ཀུན་གཞི་ཉིད་ལ་འཁོར་འདས་ ཐམས་ཅད་འབྱུང་བའི་ནུས་པ་ཡོད་ཚུལ་བཤད་སྐབས། དེའི་ཊཱིཀ་ཟིན་ལས། འདི་ལ་འགའ་ ཞིག་ཏུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཟག་པ་དང་བཅས་པ་རྣམས་ཀྱི་གནས་ ཞེས་ཟག་པ་མེད་པའི་ཆོས་ཀྱི་གནས་མ་ཡིན་པར་བཤད་མོད་ཀྱང་རང་ལུགས་ལ་ཟག་མེད་ ལམ་གྱི་བདེན་པ་རྣམས་ཀྱི་གནས་ཡིན་པས་ན་ཞེས་སོགས་གསུངས་པ་ལྟར་ན་སྔ་མ་ཀུན་ མཁྱེན་ཉིད་ཀྱི་རང་ལུགས་ལ་ཀུན་གཞིའི་རྣམ་ཤེས་ཉིད་ཀུན་བྱང་གཉིས་ཀའི་བག་ཆགས་ གཏན་གྱི་བགོ་གཞིར་མི་རུང་བ་དང་ཕྱི་མ་རྗེ་བཙུན་ཡབ་སྲས་ཀྱི་གསུང་ཟུར་ལྟར་ན་དེལྟར་ 2-1-119 རུང་ངམ་སྙམ་པའི་གནས་ཡོད་ཕྱིར་དེ་དག་གི་དགོངས་པ་འགལ་མེད་ཀྱི་ཚུལ་ལ་ཅུང་ཙམ་ དཔྱད་པ་སྟེ། སྤྱིར་ཀུན་གཞིའི་རྣམ་ཤེས་མཚན་ཉིད་པ་ཁམས་གསུམ་འཁོར་བ་གང་རུང་དུ་ འཕེན་པའི་ཀུན་ཉོན་རྒྱུ་འབྲས་སུ་སྦྱོར་བའི་གཞིར་གྱུར་པ་དེ་ནི་ཐེག་དམན་དགྲ་བཅོམ་དང་ ཐེག་ཆེན་འཕགས་ལམ་ཐོབ་པ་ན་ཇི་བཞིན་མེད་པར་གྱུར་ནས་དེ་ཡན་གྱི་ཐེག་ཆེན་འཕགས་ པའི་སྐབས་སུ་ཀུན་གཞི་འཇོག་པ་དེ་ནི་ཀུན་གཞིའི་རྣམ་ཤེས་མཚན་ཉིད་པ་མ་ཡིན་པར་རྣམ་ བྱང་གི་ཕྱོགས་ཡེ་ཤེས་ཀྱི་ཆར་གཏོགས་པའི་ཀུན་གཞི་ཡིན་ལ། དེ་འདྲའི་ཀུན་གཞི་དེ་ལ་ ཀུན་གཞིའི་རྣམ་ཤེས་དངོས་གནས་མཚན་ཉིད་པ་ཐེག་ཆེན་སོ་སྐྱེས་མན་ཆད་ཀྱི་རྒྱུད་ལ་ཡོད་ པ་ཞིག་དང༌། ཀུན་གཞི་མཚན་ཉིད་པ་མིན་པའི་རྣམ་བྱང་ཡེ་ཤེས་ཀྱི་ཆར་གཏོགས་པ་ཐེག་ ཆེན་འཕགས་ལམ་གྱི་སྐབས་ན་ཡོད་པ་ཞིག་དང་གཉིས་ཡོད་པས་སྔ་མ་དེ་སྤང་བྱ་ཀུན་ཉོན་ ཕྱོགས་ཀྱི་ས་བོན་གྱི་རྟེན་གཞི་དང་ཕྱི་མ་དེ་གཉེན་པོ་རྣམ་བྱང་ཕྱོགས་ཀྱི་ས་བོན་གྱི་རྟེན་གཞི་ ཡིན་པས་དེ་གཉིས་སྤྱིར་ཀུན་གཞིའི་རིགས་ཙམ་དུ་འདྲ་ཡང་སྔ་མ་ཉིད་རྣམ་ཤེས་ཕྱོགས་དང་ ཕྱི་མ་ཡེ་ཤེས་ཀྱི་ཕྱོགས་སུ་གཏོགས་པའི་ཁྱད་པར་ཡོད་ཕྱིར་ཚུལ་དེ་ལུགས་ལྟར་ཀུན་བྱང་ གི་བག་ཆགས་གཏན་གྱི་བགོ་གཞི་རྣམ་ཤེས་དང་ཡེ་ཤེས་ཀྱི་ཀུན་གཞི་ངོ་ཐད་ཀྱི་ཆ་སོ་སོར་ ཕྱེས་ནས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གང་གིས་ཞིབ་རྒྱས་ཀྱི་ལེགས་པར་བཤད་པ་གནང་ ཞིང༌། ཚུལ་དེ་ལྟར་དོན་ལ་ཡིན་ཞིང་ཞིབ་རྒྱས་ཀྱི་གསལ་ཆ་དེ་ག་ན་ཆེས་ཡོད་པས་རྗེ་བཙུན་ ཡབ་སྲས་ཀྱིས་དེའི་དགོངས་དོན་འཆད་ཚེ་ཀུན་གཞི་རིགས་འདྲ་སྤྱི་ཕྱོགས་ནས་གནས་ སྐབས་ཙམ་ལ་འཁོར་འདས་ཀྱི་རྟེན་གཞི་ཡིན་ཚུལ་དང་ཁྱད་པར་གཞི་དབྱིངས་སྙིང་པོ་ཉིད་ ལ་ཀུན་གཞིའི་མཚན་གྱིས་མདོ་ལས་བར་སྐབས་དགོས་དབང་གིས་ཡང་ཡང་བརྗོད་ཅིང་ མཐར་གཏུགས་ན་ཚུལ་དེ་ལུགས་ཀྱི་ཡེ་གཞི་དེ་ཉིད་འཁོར་འདས་ཀྱི་གཞི་དོན་དམ་གྱི་གནས་ ལུགས་གཅིག་པུ་ཉིད་དུ་ངེས་པར་འདྲོངས་ཆེད་ཀུན་གཞི་སྤྱི་རིགས་ངོ་ཐད་ཙམ་དང་ཕུགས་ 2-1-120 ཀྱི་སྡོད་ལུགས་གཉིས་ཀ་ནས་འཁོར་འདས་ཀྱི་གཞི་ཡིན་པར་བཤད་པས་གཙོ་བོ་ངེས་དོན་ སྙིང་པོའི་གཞི་དབྱིངས་ཉིད་ལ་སྙེགས་ཚུལ་གྱིས་ཟབ་གནད་ཀྱི་མདོ་འགགས་ལེགས་བཀྲོལ་ མཛད་པར་སྣང་བས་ཀུན་མཁྱེན་རྟོན་པ་བཞི་ལྡན་ཆེན་པོའི་བཞེད་དགོངས་ཀྱི་གཏིང་ལེགས་ པར་དཔོགས་ཏེ་ངེས་དོན་ཟབ་མོའི་དོན་རྗེན་ཆར་དུ་ལེགས་པར་གསལ་བར་མཛད་པ་པོ་རྗེ་ འཇམ་མགོན་བླ་མ་ཡབ་སྲས་ཉིད་དུ་ངེས་པས་དེ་དག་དགོངས་པ་འགལ་མེད་མ་ཟད་རྗེ་ཇོ་ ནང་པ་ཆེན་པོའི་དགོངས་བཞེད་ཆེས་གསལ་གྱི་ཟབ་དོན་གྱི་རོ་བཅུད་ལྷག་པར་མྱོང་རྒྱུ་ཡོད་ ངེས་སུ་འདུག་པའི་ཕྱིར། དེས་ན་སྤྱིར་ཀུན་གཞི་སྤྱི་ཙམ་ལ་བསམ་ན་འཁོར་འདས་གཉིས་ ཀྱི་བག་ཆགས་ཡང་འཛིན་པ་ཡིན་ལ་བྱེ་བྲག་ཏུ་ཕྱེ་ན་ཀུན་གཞིའི་རྣམ་ཤེས་ཀྱི་ཆ་ཉོན་མོངས་ ཕྱོགས་ཀྱི་བག་ཆགས་འཛིན་པ་དང་ཀུན་གཞི་ཡེ་ཤེས་ཀྱི་ཆ་རྣམ་བྱང་ཕྱོགས་ཀྱི་བག་ཆགས་ འཛིན་པ་གཉིས་ཀྱང་ཡོད་ཆོགམདོ་ལས་དགོས་དབང་གིས་ཀུན་གཞིའི་སྒྲས་བསྟན་པའི་རང་ བཞིན་དོན་དམ་པའི་སྙིང་པོ་ནི་གློ་བུར་དྲི་མ་འཁོར་བ་དང་གསར་བྱུང་གི་ལམ་དང་དྲི་མ་དག་ པའི་ཆའིརྣམ་བྱང་གི་ལམ་འབྲས་ཀྱི་རྟེན་དུ་གྱུར་པའང་དཔེར་ན་ནམ་མཁའ་དེ་སྤྲིན་སྲབ་ མཐུག་ཐམས་ཅད་ཀྱི་རྟེན་ཡིན་པ་ལྟ་བུ་སྟེ་དེ་ལྟ་བུའི་གཞིའི་གནས་ལུགས་སྙིང་པོ་ཉིད་ཆོས་ ཉིད་དང་རྩ་བའི་རྣམ་ཤེས་ཀུན་གཞི་གསལ་རིག་དག་པ་ཆོས་ཅན་གཞིའི་ཆོས་ཉིད་དང་རྣམ་ དབྱིབས་ཕྱོགས་མཚུངས་སུ་ཡོད་པ་དེ་སྐབས་འདིའི་གྲུབ་དོན་ནོ། ། (༣) སྟོང་ཚུལ་གཉིས་ཀྱི་ཁྱད་པར་ལ་དཔྱད་པ། གསུམ་པ་སྟོང་ཚུལ་གཉིས་ཀྱི་ཁྱད་པར་ལ་དཔྱད་པ་ནི། དེ་ལྟར་སྲིད་ཚད་ཀྱི་ཤེས་བྱ་ ལ་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་ནི་རང་བཞིན་དོན་དམ་པའི་གཞི་དབྱིངས་ ཉག་གཅིག་དང་རྣམ་པར་འགྱུར་བ་ཙམ་གྱི་ཆོས་ནི་གློ་བུར་བའི་ཀུན་རྫོབ་བསླུ་བ་སྣང་ཙམ་ དུ་བདེན་པ་འདི་སྣང་འཁྲུལ་ངོའི་བྱ་བྱེད་མི་བསླུ་བ་གཉིས་སུ་ཁ་ཚོན་ཆོད་ཕྱིར་གཤིས་ཀྱི་ 2-1-121 གནས་ལུགས་བདེན་པ་གང་ཡིན་བཅོས་མར་མི་འཐད་ལ་གློ་བུར་སྣང་ཙམ་ཁོ་ནར་གནས་ པ་གང་ཡིན་གནས་ལུགས་བདེན་པར་མི་འཐད་པས་སྟོང་གཞི་གཞན་སྟོང་ཡིན་ན་སྟོང་བྱ་ རང་སྟོང་ཡིན་མི་རིགས་ཤིང་སྟོང་བྱ་རང་སྟོང་ཡིན་ན་སྟོང་གཞི་གཞན་སྟོང་ཡིན་མི་རིགས་ པའི་ཚུལ་དུ་ཡོད་པ་ཡིན་ནོ། །དེ་ལྟར་ན་རང་བཞིན་གནས་ལུགས། ཆོས་ཅན། རང་སྟོང་ མ་ཡིན་ཏེ། ཁྱོད་རང་བཞིན་གཤིས་ལུགས་བདེན་པས་ནམ་ཡང་མི་སྟོང་པའི་ཕྱིར། དེ་ཆོས་ ཅན་གཞན་སྟོང་ཡིན་ཏེ། ཁྱོད་ཀྱི་རང་གཤིས་ལ་གློ་བུར་བཅོས་མའི་སྤྲོས་པ་མཐའ་དག་གིས་ གདོད་ནས་སྟོང་པའི་ཕྱིར། རྣམ་འགྱུར་གློ་བུར་བ་དགཆོས་ཅན། རང་སྟོང་ཡིན་ཏེ། རང་རང་ གི་རྣམ་པར་སྣང་བ་གང་དག་འཁྲུལ་ངོའི་བྱ་བ་བྱེད་ཙམ་ལས་རང་རང་གི་ངོ་བོས་གདོད་ནས་ སྟོང་པའི་ཕྱིར། ཡང་དེ། ཆོས་ཅན། གཞན་སྟོང་ཡང་ཡིན་ཏེ། རྣམ་པར་འགྱུར་པའི་བཅོས་ མ་གང་དག་ལ་གཞན་མ་བཅོས་གནས་ལུགས་ཀྱི་ངོ་བོར་ཡང་གྲུབ་པས་སྟོང་པའི་ཕྱིར། དོན་ དམ་དངོས་གནས་ཡིན་ན་རང་སྟོང་མ་ཡིན་ཅིང༌། གཞན་སྟོང་ཡིན་པས་ཁྱབ་སྟེ། དོན་དམ་ དངོས་གནས་ཡིན་པ་ལ་ནི་གནས་ལུགས་ཡེ་གཞི་ཆོས་དབྱིངས་ཉག་གཅིག་ལས་མེད་པ་གང་ ཞིགདེ་ནི་རང་གི་ངོ་བོས་མི་སྟོང་པར་གཞན་ཀུན་རྫོབ་ཀྱིས་སྟོང་པ་ཁོ་ནར་ངེས་པའི་ཕྱིར། སྤྱིར་དོན་དམ་དུ་གཏོགས་པ་ཡིན་ན་རང་སྟོང་མ་ཡིན་པས་མ་ཁྱབ་སྟེ། རྣམ་གྲངས་པའི་ དོན་དམ་དེ་ཡང་དོན་དམ་གྱི་གྲངས་སུ་གཏོགས་ཀྱང་དེ་གནས་ལུགས་གཤིས་སུ་མི་བདེན་ པའི་ཕྱིར། ཀུན་རྫོབ་ཡིན་ན་རང་སྟོང་ཡིན་པས་ཁྱབ་སྟེ། ཀུན་རྫོབ་ལ་རང་གི་ངོ་བོས་མི་སྟོང་ པ་མེད་པའི་ཕྱིར། ཀུན་རྫོབ་ཡིན་ན་གཞན་སྟོང་ཡང་ཡིན་པས་ཁྱབ་སྟེ། ཀུན་རྫོབ་ཡིན་ཚད་ གཞན་དོན་དམ་གནས་ལུགས་ཡིན་པ་ལས་རྣམ་པ་ཀུན་ཏུ་སྟོང་པ་ཤ་སྟག་ཡིན་པའི་ཕྱིར། དོན་དམ་གཞན་སྟོང་ཡིན་ན་རང་སྟོང་མ་ཡིན་པས་ཁྱབ་སྟེ། གནས་ལུགས་གཞན་སྟོང་ཡིན་ པ་ལ་ནི་རང་གི་ངོ་བོས་ནམ་ཡང་མི་སྟོང་ཞིང༌། དགག་བྱ་གཞན་ཞིག་གིས་སྟོང་པ་འབའ་ཞིག་ 2-1-122 ཡིན་པའི་ཕྱིར། རང་སྟོང་ཡིན་ན་གཞན་སྟོང་ཡང་ཡིན་ཆོག་སྟེ། རང་གི་ངོ་བོས་གང་སྟོང་པ་ དེ་དག་དགག་བྱ་གཞན་གྱིས་སྟོང་ཚུལ་ཡང་འཇོག་ཏུ་རུང་བ་ཁོ་ནར་སྣང་བའིཕྱིར་རོ། །དེས་ ན་རང་སྟོང་གཞན་སྟོང་གཉིས་པོ། ཆོས་ཅན། ཁྱོད་གཉིས་ཀྱི་ཡིན་པ་འཇོག་ཏུ་ཡོད་དེ། ཀུན་ རྫོབ་གསལ་རིག་གི་སྣང་ཆའི་བུམ་པ་དེ་ཀུན་རྫོབ་རང་གི་ངོ་བོས་སྟོང་པའི་སྟེང་དུ་དོན་དམ་ གཞན་གྱི་ངོ་བོས་ཀྱང་སྟོང་པའི་ཕྱིར་ཏེ། དེ་འདྲའི་བུམ་པ་དེ་རང་གི་ངོ་བོ་དོན་དམ་པར་ན་ ཅི་ཡང་མེད་པ་གང་ཞིགདེ་གཞན་དོན་དམ་པའི་ཡིན་ལུགས་སུའང་གྲུབ་ཚུལ་མེད་པའི་ཕྱིར། དེ་ལྟར་ན་རང་སྟོང་གཞན་སྟོང་གཉིས་མི་འགལ་ཏེ། ཁྱོད་གཉིས་ཀྱི་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། ཀུན་རྫོབ་ཀྱིས་བསྡུས་པ་གང་དག་རང་སྟོང་དང་གཞན་སྟོང་གཉིས་ཀ་ཡིན་པའི་ ཕྱིར། དེར་ཐལ། ཀུན་རྫོབ་ཕྱོགས་ཡིན་ཚད་ལ་རང་རང་གི་ངོ་བོས་སྟོང་པ་དང་དོན་དམ་པ་ གཞན་གྱི་གནས་ལུགས་ཀྱིས་སྟོང་པ་གཉིས་ཀར་དུ་འདུག་པའི་ཕྱིར། ཀུན་རྫོབ་དང་རང་ སྟོང་ཡིན་ཁྱབ་མཉམ་ཡིན་ཏེ། ཀུན་རྫོབ་ཡིན་ན་རང་སྟོང་ཡིན་པས་ཁྱབ། རང་སྟོང་ཡིན་ན་ ཀུན་རྫོབ་ཡིན་པའི་ཁྱབ་པའི་ཕྱིར། དོན་དམ་དང་གཞན་སྟོང་གཉིས་ཡིན་ཁྱབ་མཉམ་མ་ ཡིན་ཏེ། དོན་དམ་ཡིན་ན་གཞན་སྟོང་ཡིན་པས་ཁྱབ་ཀྱང་གཞན་སྟོང་ཡིན་ན་དོན་དམ་ཡིན་ པས་མ་ཁྱབ་པའི་ཕྱིར་ཏེ། དོན་དམ་ཡིན་ན་གཞན་ཀུན་རྫོབ་ཀྱིས་སྟོང་པ་མ་ཡིན་པ་མེད་ཅིང་ ཀུན་རྫོབ་ཡིན་ན་རང་དང་གཞན་གཉིས་ཀས་སྟོང་པར་ངེས་པའི་ཕྱིར། དེས་ན་ཀུན་རྫོབ་ཀྱི་ སྟེང་དུ་རང་སྟོང་གཞན་སྟོང་གི་ཡིན་པ་ཡོད་ཀྱང་དོན་དམ་གྱི་སྟེང་དུ་དེ་གཉིས་ཀྱི་ཡིན་པ་མེད་ དེ། ཀུན་རྫོབ་རྣམས་རང་སྟོང་གཞན་སྟོང་གཉིས་ཀ་ཡིན་པ་གང་ཞིགདོན་དམ་ཉིད་གཞན་ སྟོང་ཁོ་ནར་ངེས་པའི་ཕྱིར། འོན་ཀྱང་ཆོས་ཅན་གང་ཡིན་ལ་ཆོས་ཉིད་རང་ཆས་སུ་ཡོད་ཀྱང་ གཅིག་དེ་བཅོས་མ་དང་ཅིག་ཤོས་གཉུག་མའིཁྱད་པར་ཡོད་པའི་དབང་གིས་ཕྱོགས་གཅིག་ ནས་སྟོང་ཚུལ་གཉིས་ཡིན་དང་ཕྱོགས་གཅིག་ནས་སྟོང་ཚུལ་གཅིག་གི་སྒོ་ནས་གོ་བ་ཐ་སྙད་ 2-1-123 བདེན་པ་ཙམ་དཔྱོད་ངོར་འབྱུང་རུང་བ་ཡིན་ནོ། །རང་ལུགས་ལ་ཤེས་བྱ་ཡིན་ན་སྟོང་ཉིད་ ཡིན་པས་ཁྱབ་སྟེ། གོང་སྨོས་ཀྱི་སྟོང་ཚུལ་ཀུན་བཏགས་པའི་ཤེས་བྱ་རྣམས་ནི་མེད་པའི་སྟོང་ ཉིད་དང་གཞན་དབང་གི་ཤེས་བྱ་རྣམས་ནི་ཡོད་པའི་སྟོང་ཉིད་དང་ཡོངས་གྲུབ་ཀྱི་ཤེས་བྱ་ནི་ རང་བཞིན་སྟོང་པ་ཉིད་དུ་འཇོག་པའི་ཕྱིར། སྟོང་ཉིད་དེ་དག་ལ་ཁྱད་པར་ཡོད་དེ། སྟོང་ཉིད་ སྔ་མ་གཉིས་དོན་དམ་གྱི་ཆར་གཏོགས་རྣམ་གྲངས་པ་ཙམ་དང་ཕྱི་མ་ནི་དོན་དམ་དངོས་ཡིན་ པའི་ཕྱིར། དེས་ན་ཤེས་བྱ་ལ་དོན་དམ་དངོས་ཀྱི་སྟོང་ཉིད་ཡིན་པ་དང་མ་ཡིན་པ་གཉིས་དང་ རྣམ་གྲངས་པ་ལའང་ཡིན་མིན་དེ་འདྲ་གཉིས་རེ་ཡོད་ཆོག་གོ། །དེ་ལྟ་བུའི་སྟོང་ཚུལ་གཉིས་ ཀྱི་སྟོང་ཉིད་སྟོན་བྱེད་བཀའ་བར་ཐ་གཉིས་ཏེ། དེ་ལས་དང་པོས་གཙོར་བསྟན་རང་སྟོང་གི་ ཡིན་ལུགས་ནི་ཀུན་རྫོབ་རང་ངོས་ནས་སྟོང་པ་དེ་ག་ཉིད་ཡིན་ལ་དེ་ཡང་སྲས་བཅས་རྒྱལ་ བའི་བཞེད་དགོངས་ཀྱི་རང་སྟོང་ཡིན་ཅིང་འདིའི་སྟོང་ཚུལ་ཡང་ཀུན་རྫོབ་སྤྲོས་པ་རང་རང་ གི་ངོ་བོ་སྟོང་པའི་གཞི་ལ་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི་ཞལ་ནས། གང་ལ་གང་མེད་པ་དེ་ནི་ དེས་སྟོང་ངོ༌། །འདི་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་ཡོད་དོ། །ཞེས་གསུངས་པ་ལྟར་ གཞི་དབྱིངས་དོན་དམ་པའི་ཆོས་ཉིད་གང་ལ་ཆོས་ཅན་ཀུན་རྫོབ་ཀྱི་སྤྲོས་པ་གང་ཡང་མེད་པ་ དེ་ནི་ཀུན་རྫོབ་ཁོ་ན་དེས་སྟོང་པ་ཡིན་ཞིང་སྟོང་ཚུལ་འདི་ལ་ལྷག་མར་གྱུར་པའི་ཡེ་གཞི་ཆོས་ དབྱིངས་དོན་དམ་པ་གང་ཡིན་དེ་ནི་གདོད་མ་ནས་རྣམ་པ་ཀུན་ཏུ་མི་སྟོང་པར་ཡོད་པ་ཁོ་ནའི་ ཚུལ་དུ་གནས་པས་བཀའ་བར་བས་བསྟན་དོན་གྱི་སྟོང་གཞི་ལ་ངེས་དོན་གཞན་སྟོང་གི་དོན་ དམ་རྣམ་ཀུན་པ་ཡོད་པའི་ཆ་ནས་བར་བའི་དགོངས་པ་ཐ་མ་དང་མི་འགལ་ཚུལ་དང་བཀའ་ ཐ་མས་ཀྱང་སྟོང་གཞི་དོན་དམ་རྣམ་ཀུན་པ་ཡེ་ཤེས་ཆོས་སྐུའི་ངོ་བོ་ཆེད་དུ་བསྟན་ཀྱང་དེ་ དག་ཀུན་རྫོབ་སྤྲོས་པ་མཐའ་དག་གིས་སྟོང་པ་འབའ་ཞིག་གི་རང་བཞིན་ཡིན་པའི་ཆ་ནས་ཐ་ མའི་དགོངས་པ་བར་བ་དང་མི་འགལ་བའི་ཚུལ་དུ་གནས་པ་ལྟར་བཀའ་དེ་དག་གི་དགོངས་ 2-1-124 འགྲེལ་བྱེད་པོ་བྱམས་ཀླུའི་དགོངས་པ་ཡང་དེ་འདྲའི་རང་སྟོང་གཞན་སྟོང་གཉིས་སུ་གཅིག་ པར་ངེས་པའོ། ། (༤) བདེན་པ་གཉིས་ཀྱི་ཁྱད་པར་ལ་དཔྱད་པ། བཞི་པ་བདེན་པ་གཉིས་ཀྱི་ཁྱད་པར་ལ་དཔྱད་པ་ནི། སྤྱིར་ཀུན་རྫོབ་བཅོས་མ་གློ་བུར་བ་ གང་དག་དོན་དམ་གཉུག་མ་ཡེ་གཞིའི་གནས་ལུགས་སུ་མི་རུང་ཞིང་དེ་འདྲའི་གནས་ལུགས་ ཉིད་ཀྱང་བཅོས་མར་གཏན་ནས་མི་འཐད་པའི་ཕྱིར་ན་བདེན་པ་གཉིས་པོ་གང་ཐད་ནས་ཕན་ ཚུན་ཡིན་པ་ཡོད་མི་རིགས་པའི་ཚུལ་དུ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཡུལ་སོ་སོར་ངེས་པ་ཉིད་དོ། །དེ་ལྟར་གྱི་ཀུན་རྫོབ་བདེན་པ། ཆོས་ཅན། ཁྱོད་དོན་དམ་བདེན་པ་མ་ཡིན་ཏེ། ཁྱོད་གཤིས་ ཀྱི་གནས་ལུགས་སུ་ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་མི་བདེན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་ རང་བཞིན་ནི་རྣམ་ཤེས་འཁྲུལ་ངོ་ཙམ་དུ་ཟད་པ་གང་ཞིགའཕགས་པ་མཆོག་གི་ཡེ་ཤེས་ཀྱི་ གཟིགས་ངོར་ནམ་ཡང་མ་གྲུབ་པའི་ཕྱིར། ཀུན་རྫོབ་བདེན་པ་ཡིན་ན་རྣམ་ཤེས་འཁྲུལ་ངོ་ ཙམ་དུ་ཟད་པས་ཁྱབ་སྟེ། ཀུན་རྫོབ་བདེན་པ་ལ་ཡེ་ཤེས་མཆོག་གི་གཟིགས་ངོར་བདེན་ཐུབ་ པ་གཅིག་ཀྱང་མི་འདུག་པའི་ཕྱིར། ཀུན་རྫོབ་བདེན་པ་ཡིན་ན་དོན་དམ་བདེན་པ་མ་ཡིན་ པས་ཁྱབ་སྟེ། དེ་ཡིན་ན་རྣམ་ཤེས་འཁྲུལ་ངོར་ཟད་ཙམ་གྱིས་ཁྱབ་པ་གང་ཞིག །དེ་འདྲའི་ འཁྲུལ་ངོའི་སྣང་ཆ་དེ་འཕགས་པ་མཆོག་གི་ཡེ་ཤེས་ཀྱི་གཟིགས་ངོར་བདེན་ལུགས་མེད་པའི་ ཕྱིར། དང་པོ་གྲུབ་སྟེ། ཀུན་བཏགས་རྣམས་ནི་རྣམ་ཤེས་འཁྲུལ་ངོར་ཀུན་རྫོབ་ཙམ་དུ་ཟད་ པ་དང༌། གཞན་དབང་རྣམས་ནི་རྣམ་ཤེས་འཁྲུལ་ངོ་ལ་ཀུན་རྫོབ་བདེན་པ་ཙམ་དུ་ཟད་པ་ ཡིན་པས་སྔ་མ་ཀུན་བཏགས་རྣམས་ལས་མཚན་ཉིད་ཡོངས་སུ་ཆད་པ་རྣམས་ནི་འཇིག་རྟེན་ ན་གཏན་མེད་དུ་གྲགས་པ་དང་རྣམ་གྲངས་པའི་ཀུན་བཏགས་རྣམས་སྤྱིར་རྣམ་ཤེས་འཁྲུལ་ ངོའི་ཤར་ཆ་ཙམ་ཡིན་ཡང་འཇིག་རྟེན་གྲགས་པ་དང་བསྟུན་པའི་མ་བརྟགས་ཉམས་དགའི་ 2-1-125 བློ་ངོར་ཀུན་རྫོབ་ཙམ་དུ་གོ་ཆོད་པའི་བྱ་བྱེད་མི་བསླུ་བ་དང་རང་ལུགས་ཀྱི་གཞན་དབང་རྣམ་ ཤེས་ཀྱི་རྫས་གང་དག་ནི་དངོས་སྨྲའི་སེམས་ཙམ་གྱི་ཞེ་འདོད་ལྟར་གྱི་བདེན་དངོས་མ་ཡིན་ པར་ཀུན་རྫོབ་ཏུ་བདེན་པ་ཙམ་ལས་བདེན་དངོས་གང་ཡང་མེད་པར་རང་བཞིན་རྟེན་ཅིང་ འབྲེལ་འབྱུང་སྣང་ཙམ་སྒྱུ་མ་ལྟ་བུའི་ཡིན་ལུགས་ཏེ་དེ་འདྲའི་ཀུན་གཞན་གཉིས་རྣམ་ཤེས་ འཁྲུལ་ངོར་གྲུབ་ཚུལ་མི་འདྲ་བའི་སྒོ་ནས་སྣང་བ་ཙམ་དུ་ཟད་པ་ཡིན་པའི་ཕྱིར། གཉིས་པ་ གྲུབ་སྟེ། དེ་ལྟ་བུའི་ཀུན་རྫོབ་ཀྱིས་བསྡུས་པ་མཐའ་དག་ནི་རྣམ་ཤེས་ཀྱི་རྒྱལ་ཁམས་ལས་ བརྒལ་ནས་ཡེ་ཤེས་ཀྱི་རྒྱལ་ཁམས་ལ་ཕྱིན་ཏེ་འཕགས་པའི་ཡེ་ཤེས་དམ་པ་འཁྲུལ་སྣང་ཀུན་ ཟད་ཀྱི་གཟིགས་ངོར་ནི་རྣམ་ཤེས་ཀྱི་སྣང་ཆ་མ་ལུས་པའི་ཀུན་རྫོབ་ཕྱོགས་དེ་འདྲ་རྣམས་ ཀྱང་མཐའ་དག་དབྱིངས་སུ་དྭངས་ནས་གནས་ལུགས་དོན་དམ་པ་འབའ་ཞིག་གི་ཚུལ་གྱིས་ ཆོས་ཐམས་ཅད་ཇི་བཞིན་མཁྱེན་པའིཕྱིར། གནས་ལུགས་དོན་དམ་བདེན་པ། ཆོས་ཅན། ཁྱོད་ཀུན་རྫོབ་བདེན་པ་མ་ཡིན་ཏེ། དེ་རྣམ་ཤེས་འཁྲུལ་བའི་སྤྱོད་ཡུལ་ལས་འདས་པའི་ ཕྱིར། ཁྱབ་སྟེ། རྣམ་ཤེས་འཁྲུལ་བའི་སྣང་ཆ་གཏན་ནས་མ་ཡིན་པ་ལ་ཀུན་རྫོབ་བདེན་པ་ ཞིག་ཡིན་ཚུལ་ནམ་ཡང་མེད་པའི་ཕྱིར། དོན་དམ་བདེན་པ་ཡིན་ན་འཕགས་པའི་ཡེ་ཤེས་ མཆོག་གི་གཟིགས་ངོར་བདེན་པས་ཁྱབ་སྟེ། དོན་དམ་བདེན་པ་ལ་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ དུ་མཐའ་གཅིག་ཏུ་ངེས་པའིཕྱིར། དོན་དམ་བདེན་པ་ཡིན་ཕྱིན་ཀུན་རྫོབ་བདེན་པ་ཡིན་མི་ རུང་སྟེ། དེ་གཉིས་ཡེ་ཤེས་དང་རྣམ་ཤེས་གཉིས་ཀྱི་ཡུལ་སོ་སོར་ངེས་པ་ཉིད་ཀྱི་ཕྱིར་ཁྱབ་སྟེ། རྣམ་ཤེས་ཡེ་ཤེས་ཀྱི་ཡུལ་སོ་སོར་ངེས་ན་དེ་གཉིས་ཀྱི་མཐོང་ཚུལ་མུན་པ་དང་སྣང་བ་བཞིན་ དུ་རྣམ་པ་ཀུན་ནས་འགལ་བའི་ཕྱིར། སྤྱིར་ཀུན་རྫོབ་བདེན་པ་དང་རྣམ་གྲངས་པའི་དོན་དམ་ པ་ཐུན་མོང་བའི་ཚུལ་ལ་ནི་རྟེན་འབྲེལ་སྟོང་པའི་ཐད་ནས་ཕན་ཚུན་གཅིག་གཅིག་གིས་ཡིན་ པ་ཡོད་པའི་དོན་གོ་ཚུལ་ཡོད་དེ། ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་ 2-1-126 སྤྱིར་རྟེན་འབྱུང་སྒྱུ་མ་ལྟ་བུ་ཡིན་པའི་གནད་ཀྱིས་དོན་དམ་དཔྱོད་པའི་བློས་རིག་པ་དུ་མས་ ཆོས་རྣམས་བདེན་མེད་དུ་གཏན་ལ་འབེབས་ཚེ་ཡང་གཟུང་འཛིན་གཉིས་བསྡུས་ཀྱི་རྟོག་ པའི་ཡུལ་མཐའ་དག་ལ་དམིགས་ནས་དེ་ལྟར་དཔྱོད་པ་ཁོ་ན་ཡིན་པས་ཚུལ་དེ་ལུགས་ལྟར་ ན་བློས་བྱས་རྟོག་པའི་ཡུལ་གྱིས་བསྡུས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་མཐའ་དག་ སྟོང་པ་རྟེན་འབྱུང་གི་དོན་དང་རྟེན་འབྱུང་སྟོང་པའི་དོན་དུ་ངེས་ཤེས་ཁྱད་པར་བ་འདྲོང་དུ་ ཡོད་པའི་ཆ་ནས་སྣང་ཚུལ་དེ་ལུགས་ཀྱི་བདེན་པ་གཉིས་བསྡུས་མཐའ་དག་སྟོང་པ་དང་རྟེན་ འབྲེལ་ཕན་ཚུན་འགལ་མེད་ཁོ་ནར་ངེས་པས་བདེན་མེད་ཀྱི་ཆོས་ཐམས་ཅད་ལ་རྟེན་འབྲེལ་ གྱིས་ཁྱབ་ཅིང་རྟེན་འབྲེལ་གང་ཡིན་བདེན་གྲུབ་ཀྱིས་སྟོང་པ་ཡིན་པས་ཀྱང་ཁྱབ་དགོས་ པའིཕྱོགས་ནས་རྟེན་འབྲེལ་དང་སྟོང་པའི་ཡིན་པ་ཡོད་པའི་ཕྱིར། རང་ལུགས་ཐུན་མོང་མ་ ཡིན་པའི་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་དངོས་ཀྱི་ཡིན་ལུགས་ནི་འཕགས་པ་ མཆོག་གི་ཡེ་ཤེས་ཀྱི་གཟིགས་ཚུལ་ལྟར་ཐ་སྙད་བདེན་ཙམ་དཔྱོད་པའི་ཚད་མས་བདེན་རྫུན་ འབྱེད་པ་ཡིན་པས་དེལྟར་ན་ཀུན་རྫོབ་བདེན་པ་རྣམ་ཤེས་ཁོ་ནའི་ཡུལ་དུ་བདེན་པ་དང་དོན་ དམ་བདེན་པ་ཡེ་ཤེས་ཁོ་ནའི་ཡུལ་དུ་བདེན་པའི་ཆ་ནས་བདེན་གཉིས་ཀྱིརྣམ་པ་ཤིན་ཏུ་མི་ མཐུན་པ་མ་ཟད་ཀུན་རྫོབ་ཀྱིས་བསྡུས་པ་ཐམས་ཅད་རྟེན་འབྲེལ་ཡིན་གྱི་དོན་དམ་བདེན་ པ་གནས་ལུགས་སྤྲོས་བྲལ་གྱི་དབྱིངས་དེ་ནི་རྣམ་ཤེས་རྟོག་རིགས་ཀྱི་སྤྱོད་ཡུལ་ལས་འདས་ པའི་གནད་ཀྱི་རྟེན་འབྲེལ་གྱི་སྤྲོས་པ་གང་ཡང་མི་དམིགས་པའི་གཤིས་ཀྱི་རང་བཞིན་དྭངས་ པ་རྣམ་ཀུན་པའི་བདག་ཉིད་དུ་ངེས་པར་བདེན་པ་ཡིན་པས་རྣམ་ཤེས་ཀྱི་སྣང་བ་གང་ཡིན་ ཀུན་རྫོབ་ཀྱི་ཕྱོགས་དང་ཡེ་ཤེས་ཀྱི་སྣང་བ་གང་ཡིན་དོན་དམ་གྱི་ཕྱོགས་སོ་སོར་ངེས་པས་ན་ རྣམ་ཤེས་ཡེ་ཤེས་གཉིས་སྤང་གཉེན་གྱི་ཚུལ་དུ་ཡོད་པས་དེ་གཉིས་ཀྱི་སྤྱོད་ཡུལ་གཉིས་ཀྱང་ དེ་ལུགས་ལྟར་འགལ་བར་གནས་པ་དེ་བས་ན། རང་ལུགས་བདེན་གཉིས་ཆོས་ཅན། ཕན་ 2-1-127 ཚུན་ནས་ཡིན་པ་ཡོད་མི་རུང་སྟེ། རྣམ་ཤེས་ཀྱི་སྣང་ཆ་གང་ཡིན་ཡེ་ཤེས་ཀྱི་སྣང་ཆ་མ་ཡིན་པ་ གང་ཞིགཡེ་ཤེས་ཀྱི་སྣང་ཆ་རྣམ་ཤེས་ཀྱི་དེ་མིན་ཚུལ་ཡང་དེ་དང་འདྲ་བའི་ཕྱིར། དང་པོ་གྲུབ་ སྟེ། སློབ་འཕགས་མ་ཟད་སངས་འཕགས་ཀྱི་མཉམ་བཞག་ཡེ་ཤེས་མཆོག་གིས་ཀྱང་རྣམ་ ཤེས་འཁྲུལ་སྣང་མཐའ་དག་མི་སྣང་བར་དོན་དམ་ཡེ་ཤེས་ཀྱི་སྤྱོད་ཡུལ་འབའ་ཞིག་སྣང་བའི་ སྒོ་ནས་རྣམ་ཤེས་གཞན་གྱི་སྣང་ཆ་དེ་ཀུན་ཤུགས་ལ་མཁྱེན་པ་ཡིན་པས་ཐེག་ཆེན་སློབ་མི་ སློབ་པའི་འཕགས་པ་དག་གི་དོན་དམ་གཟིགས་པའི་ངོར་རྣམ་ཤེས་ཀྱི་སྣང་ཆ་ཀུན་རྫོབ་པའི་ ངོ་བོ་གང་ཡང་འཆར་དུ་མེད་པའི་ཕྱིར། འདིའི་ཚུལ་འོག་འབྲས་བུའི་སྐབས་སུའང་ཞིབ་པར་ འཆད། གཉིས་པ་གྲུབ་སྟེ། ཡེ་ཤེས་ཀྱི་སྣང་ཆ་དོན་དམ་པའི་གནས་ལུགས་ཇི་བཞིན་པ་རྣམ་ ཤེས་ཀྱི་བསམ་ཁྱབ་དཀའ་བའི་ཡུལ་དུ་ངེས་པའི་ཕྱིར། དེ་འདྲའི་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ཕྱོགས་རེ་རེ་ལ་སྣང་སྟོང་ཟུང་འཇུག་ གི་དོན་འཇོག་ཚུལ་ཡོད་དེ། ཀུན་གཞན་གྱིས་བསྡུས་པའི་ཀུན་རྫོབ་མཐའ་དག་སྒྱུ་མ་ལྟར་ སྣང་ཙམ་ལས་དོན་ལ་བདེན་དངོས་ཀྱི་སྟོང་པའི་ཆ་ནས་ཀུན་རྫོབ་ཕྱོགས་ཀྱི་སྣང་སྟོང་ཟུང་ འཇུག་དང་དོན་དམ་དབྱིངས་ཤིན་ཏུ་དྭངས་པའི་རྣམ་པ་གནས་ལུགས་ཀྱི་སྣང་ཆ་ཉིད་ཀུན་ རྫོབ་ཀྱི་སྤྲོས་ཚོགས་དག་གིས་སྟོང་ཆ་ནས་དོན་དམ་ཕྱོགས་ཀྱི་སྣང་སྟོང་ཟུང་འཇུག་དང༌། དེ་ འདྲའི་འཇོག་ཚུལ་གཉིས་ཡོད་པའི་ཕྱིར། དེ་འདྲའི་དབྱིངས་དོན་དམ་དེ་ཡང་ཐོག་མར་བདེན་ དངོས་སུ་ཞེན་པའི་ཞེན་སྟངས་རིགས་པས་དཔྱད་དེ་བདེན་པར་མཚན་འཛིན་གྱི་འཛིན་ སྟངས་སུན་ཕྱུངས་ནས་ཀུན་རྫོབ་ཀྱི་བདག་གཉིས་བཀག་སྟེ་སྤྲོས་བྲལ་སྟོང་པ་ཉིད་ལ་ངེས་ པ་འདྲོང་བར་བྱས་ནས་གཟོད་གཞི་དབྱིངས་དོན་དམ་པའི་གནས་ལུགས་ལ་རྣམ་པར་མི་ རྟོག་པས་མཉམ་པར་བཞག་སྟེ་ཇི་བཞིན་མཐོང་དགོས་པས་ངེས་དོན་དབུ་མའི་རང་ལུགས་ ཀྱི་གཞིའི་དབྱིངས་མཐར་ཐུག་པ་ཉིད་དེ་སྟོང་ཉིད་བསྒྲུབ་པའི་རིགས་པ་སྔོན་དུ་བཏང་ནས་ 2-1-128 གྲུབ་དོན་ཡིན་པ་དང༌། སྤྱིར་ན་དེ་འདྲའི་ཤེས་བྱའི་ཡིན་ལུགས་ལ་རང་བཞིན་གཤིས་ཀྱི་ གནས་ལུགས་དང་གློ་བུར་བཅོས་མའི་ཚུལ་གྱི་ཐ་སྙད་བདེན་པ་སོ་སོར་དཔྱོད་པའི་ཚད་མས་ ཀྱང་ཇི་བཞིན་དཔྱོད་སྐབས་གནས་ལུགས་མཐར་ཐུག་གི་བདེན་པ་ལ་ངེས་ཤེས་དེ་ལུགས་ འབྱུང་དུ་ཡོད་པས་ཚད་མ་དེས་ཀྱང་ལེགས་པར་གྲུབ་པ་ཡིན་ལ། འོན་ཀྱང་རང་ལུགས་ལ་ ཀུན་རྫོབ་ཙམ་དུ་གྲུབ་པ་དང་ཀུན་རྫོབ་བདེན་པར་གྲུབ་པ་གཉིས་འཇིག་རྟེན་པའི་བློ་ངོ་དང་ རྣལ་འབྱོར་པའི་ཐ་སྙད་དཔྱོད་པའི་བློ་ལ་གཙོ་བོར་ལྟོས་པ་ཙམ་གྱི་ཚད་མས་གྲུབ་པའང་ཡིན་ ཆོག་གོ། །དེ་ལྟ་བུའི་གཞི་དབྱིངས་དོན་དམ་བདེན་པ་ཉིད་གཞི་འབྲས་དབྱེར་མེད་ཀྱི་ཚུལ་དུ་ སེམས་ཅན་ལ་བཞུགས་པ་ཡིན་ཀྱང་སེམས་ཅན་སངས་རྒྱས་སུ་ཐལ་མི་དགོས་པ་ནི་སེམས་ ཅན་གང་དག་གི་ཆོས་ཉིད་དེ་སངས་རྒྱས་ཡིན་གྱི་ཆོས་ཅན་དེ་སངས་རྒྱས་མ་ཡིན་པས་ སེམས་ཅན་སངས་རྒྱས་སུ་འགྱུར་དོན་མེད་ལ་ཆོས་ཉིད་ཇི་ལྟར་ཡིན་པ་དེ་ལྟར་ཆོས་ཅན་ཡང་ ཡིན་དགོས་ན་རང་སྟོང་པ་དག་གི་ལུགས་ལ་སེམས་ཅན་གྱི་སེམས་བདེན་སྟོང་གི་ཆོས་ཉིད་ དེ་མེད་དགག་རྟག་པ་ཡིན་པས་ཆོས་ཅན་སེམས་ཅན་དེ་ཡང་མེད་དགག་རྟག་པར་འགྱུར་ དགོས་ཀྱང་དེ་འདྲ་མི་རིགས་པ་དང་མཚུངས་ཤིང༌། གཞན་ཡང་སེམས་ཅན་གྱི་རྒྱུད་ལ་སངས་ རྒྱས་དང་དེའི་ཡོན་ཏན་བཞུགས་པས་དེར་ཐལ་ན་གདན་ཁྲི་ལ་སངས་རྒྱས་བཞུགས་པ་ན་ གདན་ཁྲིས་ཀྱང་ཤེས་བྱ་ཐམས་ཅད་ཤེས་པར་ཐལ་དགོས་ཀྱང་མི་སྲིད་པ་ལྟར་རོ། །དེ་འདྲའི་ ཆོས་ཉིད་དང་ཆོས་ཅན་གཉིས་མེ་དང་ཚ་བ་ལྟར་མ་ཡིན་པར་ནམ་མཁའ་སྤྲིན་དང་གསེར་ གཡའ་དང་ཆུ་རྙོག་ལྟར་ཡིན་པས་ཆོས་ཉིད་རང་བཞིན་སྤྲོས་པ་མེད་བཞིན་གཤིས་ནས་དོན་ དམ་པའི་ཡོན་ཏན་རང་ཆས་སུ་ཡོད་ཅིང་དེ་ཡང་དྲི་མ་གང་གིས་མ་བསླད་པའི་ཤིན་ཏུ་དྭངས་ པ་ཆེན་པོ་སྤྲོས་བཅས་ཀྱི་རྣམ་པ་མེད་ཀྱང་སྤྲོས་མེད་ཀྱི་རྣམ་པ་ཡོངས་སུ་རྫོགས་པའི་འགལ་ འདུ་སྐྱོན་མེད་ཀྱི་དེ་བཞིན་གཤེགས་པ་རང་བྱུང་དོན་དམ་པའི་ཆོས་སྐུ་ཉིད་དུ་ལེགས་པར་ 2-1-129 གྲུབ་པའོ། ། (༥) གྲུབ་མཐའ་འོག་གོང་ཡིན་ལུགས་ལ་དཔྱད་པ། ལྔ་པ་གྲུབ་མཐའ་འོག་གོང་ཡིན་ལུགས་ལ་དཔྱད་པ་ནི། འདིར་རང་གཞན་གྱི་གྲུབ་ མཐའི་བཟང་ངན་གྱི་ཤན་ཕྱེ་བ་སྟེ། དེ་ཡང་གཞན་སྡེ་མུ་སྟེགས་པའི་གྲུབ་མཐའ་ལ་བཟང་ ངན་གྱི་ཁྱད་པར་འཇོག་ཏུ་ཡོད་དེ་སྤྱིར་མུ་སྟེགས་བྱེད་ལ་ཐར་ལམ་མེད་པར་མཚུངས་ཀྱང་ ཁྱད་པར་འགའ་ཞིག་གི་ཆ་ནས་མཆོག་དམན་ཡོད་པ་ཡང་རྒྱང་འཕེན་པ་སོགས་མེད་པར་ ལྟ་བ་ཅན་ལས་འབྲས་ལ་སྐུར་བ་འདེབས་པ་སོགས་དང༌། འཚེ་བ་ཆོས་ཀྱི་གཙོ་བོར་སྨྲ་བ་ རྣམས་ལ་མཐོ་རིས་ཀྱི་ལམ་རྣམ་དག་མེད་པའི་ཆ་ནས་དམན་པ་དང༌། གྲངས་ཅན་པ་དང༌། གཅེར་བུ་པ་སོགས་འགའ་ཞིག་ལ་སྡིག་སྤོང་དགེ་སྒྲུབ་དང༌། བསམ་གཟུགས་ཀྱི་ཏིང་ངེ་ འཛིན་སྒོམ་པ་ཡོད་པས་མཐོ་རིས་ཀྱི་ལམ་ཡོད་པའི་ཆ་ནས་མཆོག་ཏུ་བཞག་རིགས་པའི་ ཕྱིར། རང་སྡེ་བྱེ་མདོ་གཉིས་ལ་གྲུབ་མཐའ་མཐོ་དམན་གྱི་ཁྱད་པར་འཇོག་ཏུ་ཡོད་དེ། སྤྱིར་ ཐེག་དམན་སྡེ་བ་གཉིས་ཀར་ཐར་ལམ་ཇི་བཞིན་ཡོད་པ་དང་ཐེག་ཆེན་གྱི་མདོ་བཀར་ཁས་ མི་ལེན་པར་མཚུངས་ཀྱང་རང་སྡེ་བྱེ་སྨྲ་སྤྱིས་ཤེས་བྱ་ལ་དངོས་པོས་ཁྱབ་པར་འདོད་པའི་ དབང་གིས་ལྡན་མིན་འདུ་བྱེད་ཐམས་ཅད་དང༌། ནམ་མཁའ་སོགས་འདུས་མ་བྱས་གསུམ་ དང་འདས་མ་འོངས་རྣམས་རང་རང་སོ་སོ་ནས་རྫས་སུ་གྲུབ་ཅིང་བདེན་པར་གྲུབ་པ་རེ་རེར་ འདོད་པ་དང་ཁྱད་པར་མང་བཀུར་སྡེ་བ་སོགས་ཀྱིས་འདུས་བྱས་རྣམས་མཐར་འཇིག་པས་ མི་རྟག་པ་ཡིན་ཡང་སྐད་ཅིག་གིས་འཇིག་པ་མིན་པ་དང༌། མུ་སྟེགས་བྱེད་ཀྱི་བཏགས་པའི་ ང་བདག་རྟག་པ་གཅིག་པུ་རང་དབང་ཅན་དེ་འདྲ་མེད་ཀྱང་སྤྱིར་ང་བདག་ཙམ་ཞིག་རྫས་ གྲུབ་དང་བདེན་གྲུབ་ཏུ་འདོད་པ་སོགས་ཀྱི་ཆ་ནས་རང་སྡེ་གྲུབ་མཐའ་དམན་པ་དང༌། མདོ་ སྡེ་བས་ཤེས་བྱ་ལ་དངོས་བཏགས་ཀྱི་རབ་དབྱེ་བྱེད་པའི་དབང་གིས་ལྡན་མིན་དང་འདུས་ 2-1-130 མ་བྱས་གང་དག་བློས་བཏགས་པ་ཙམ་ཡིན་པས་བཏགས་ཡོད་བདེན་མེད་དང་འདས་མ་ འོངས་ཀྱི་ཆོས་ཀྱང་བཏགས་ཡོད་ཙམ་དང༌། སྤྱིར་ང་བདག་ཙམ་རང་སྐྱ་བའི་རྫས་སུ་གྲུབ་པ་ གང་ཡང་མེད་པར་གདགས་གཞི་ཕུང་པོ་ལ་བཏགས་ཙམ་དུ་འདོད་པ་སོགས་ཀྱི་ཆ་ནས་བྱེ་ སྨྲ་ལས་གྲུབ་མཐའ་ཁྱད་པར་དུ་འཕགས་པར་འཇོག་ཏུ་རུང་བའི་ཕྱིར། ཉན་ཐོས་སྡེ་གཉིས་ ཀས་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བར་མི་འདོད་པ་དང་འདོད་པའི་ཁྱད་པར་ཡོད་པ་མ་ གཏོགས་ཕྱི་དོན་གྱི་བེམ་པོ་བདེན་གྲུབ་ཏུ་འདོད་པ་ནི་མཐུན་ནོ། །ཐེག་ཆེན་སྡེ་བ་དབུ་སེམས་ གཉིས་ལའང་གྲུབ་མཐའ་མཐོ་དམན་གྱི་ཁྱད་པར་ཡོད་དེ། སྤྱིར་ཐེག་ཆེན་སྡེ་བ་གཉིས་ཀར་ ཐེག་ཆེན་གྱི་མདོ་རྣམས་བཀར་བཞེད་པ་ཙམ་མཐུན་ཡང་དངོས་སྨྲའི་སེམས་ཙམ་པས་གཟུང་ འཛིན་རྫས་སོ་སོས་སྟོང་པར་རྟོགས་པའི་དབང་གིས་ལྡན་མིན་འདུས་མ་བྱས་རྣམས་མ་ཟད་ གཟུང་བ་ཕྱི་དོན་གྱི་དངོས་པོ་ཡང་བདེན་མེད་དུ་རྟོགས་པའི་ཕྱོགས་ནས་ཉན་ཐོས་སྡེ་གཉིས་ ལས་འཕགས་ཀྱང་ནང་འཛིན་པ་རྣམ་པར་ཤེས་པའི་ངོ་བོ་དེ་བདེན་གྲུབ་ཏུ་དམ་འཆའ་བ་ དང༌། གཟུང་བ་ཕྱི་དོན་གྱི་རྫས་མེད་པར་འཛིན་པ་ཁོ་ན་ཙམ་གྱི་རྣམ་ཤེས་ཉིད་ལ་གཉིས་ མེད་ཡེ་ཤེས་སུ་རློམ་པའི་ཆ་ནས་གོང་དབུ་མ་ལ་ལྟོས་ན་གྲུབ་མཐའ་དམན་པ་དང༌། དབུ་མ་ པ་དག་གིས་ནི་དེ་འདྲའི་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་དངོས་ སུ་གྲུབ་པ་གང་ཡང་མེད་པའི་སྤྲོས་བྲལ་ནམ་མཁའ་ལྟ་བུའི་གཤིས་རང་བཞིན་སྟོང་པ་འབའ་ ཞིག་ཏུ་ངེས་ཀྱང་སྣང་ཙམ་རྟེན་འབྱུང་མི་བསླུ་བའི་འཁོར་འདས་ཀྱི་རྣམ་གཞག་ལེགས་པར་ འཇོག་པས་མཐའ་གཉིས་དང་བྲལ་བའི་དབུ་མའི་ཡིན་ལུགས་ཀྱི་ཕྱོགས་ཉེ་བར་འཛིན་པའི་ ཆ་ནས་དངོས་སྨྲའི་སེམས་ཙམ་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཕྱིར། གྲུབ་མཐའ་གོང་ མ་དབུ་མའི་ལུགས་ལའང་རྣམ་གྲངས་པའི་དབུ་མ་དང༌། ངེས་དོན་གྱི་དབུ་མ་གཉིས་ལ་ དམའ་བ་དང་མཐོ་བའི་ཁྱད་པར་འཇོག་ཏུ་ཡོད་དེ། རྣམ་གྲངས་སྣང་མེད་པའི་དབུ་མ་ཐལ་ 2-1-131 རང་གཉིས་ཀས་བདེན་པ་གཉིས་ཀྱིས་བསྡུས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ ཐམས་ཅད་དོན་དམ་པར་ན་ཅིར་ཡང་བདེན་པར་གྲུབ་པ་མེད་པའི་སྟོང་པ་ཁོ་ན་དང་ཐ་སྙད་ ཙམ་དུ་རང་རང་གི་ངོ་བོམི་བསླུ་བའི་རྟེན་འབྱུང་འཇོག་པའི་ཐད་ནས་རྣམ་ཤེས་ཀྱི་དངོས་པོ་ བདེན་གྲུབ་ཏུ་སྨྲ་བ་ལས་ལྷག་ཀྱང་ཀུན་རྫོབ་ཀྱིས་བསྡུས་པའི་གཟུང་འཛིན་གྱི་ཆར་གཏོགས་ པ་ཁོ་ན་བདེན་མེད་དང༌། དོན་དམ་པ་གནས་ལུགས་གཤིས་ཀྱི་རང་བཞིན་གཞི་འབྲས་ དབྱེར་མེད་ཀྱི་ནང་དབྱིངས་ཆོས་སྐུ་འཁོར་འདས་ཀུན་ཁྱབ་རྟག་བརྟན་ཐེར་ཟུག་གི་ཆོས་ ཉིད་ནམ་ཡང་འགྱུར་མེད་དུ་བདེན་པའི་ཟབ་གནད་ཇི་བཞིན་མ་དགོངས་པའི་ཐད་ནས་དབུ་ མ་ཆེན་པོ་ལ་ལྟོས་ན་གྲུབ་མཐའ་དམའ་བ་དང༌། ངེས་དོན་དབུ་མ་ཆེན་པོའི་རང་ལུགས་ལ་ ནི་ནང་དབྱིངས་ངེས་པ་དོན་གྱི་ཕྲ་བའི་དབུ་མ་མཐར་ཐུག་པ་ཇི་བཞིན་དགོངས་པའི་དབང་ གིས་ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པའི་ཆོས་མཐའ་དག་ལས་ཕྱི་རོལ་དོན་གྱི་དངོས་ པོ་གང་ཡང་མེད་པར་ནང་ཀུན་གཞིའི་ས་བོན་གྱི་དབང་གི་སྣ་ཚོགས་པའི་ཡུལ་དུ་མར་སྣང་ བའི་འཁྲུལ་སྣང་འབའ་ཞིག་པ་མ་བརྟགས་ཉམས་དགའ་འཇིག་རྟེན་པའི་ངོ་ཙམ་དུ་རྨི་ལམ་ གྱི་ཡུལ་བཞིན་འབྱུང་ཞིང༌། ནང་རྣམ་པར་ཤེས་པ་གང་དག་གིས་བསྡུས་པ་ཀུན་ཀྱང་གསལ་ རིག་རྟེན་འབྱུང་རྐྱེན་ལས་ཤར་བས་རྫས་སྣང་གི་དངོས་པོ་སྣང་ཙམ་བདེན་མེད་འབའ་ཞིག་ ཏུ་ཟད་པ་དང༌། ཡེ་གཞི་དོན་དམ་པ་གདོད་མ་ཆོས་ཉིད་ཀྱི་གནས་ལུགས་སྐུ་གསུམ་རང་ ཆས་སུ་རྫོགས་པ་འཁོར་འདས་ཀུན་གྱི་སྲོག་གི་དྭངས་མ་བརྟན་གཡོ་ཀུན་ཁྱབ་ཀྱི་ཐེར་ཟུག་ རྟག་པའི་ཆོས་སྐུ་ཀུན་རྫོབ་སྤྲོས་པ་མཐའ་དག་གིས་སྟོང་པས་རང་བཞིན་སྤྲོས་བྲལ་ཆེན་པོ་ གཤིས་ཀྱི་དབུ་མ་སྒྲོ་སྐུར་ཀུན་བྲལ་གྱི་དེ་ཉིད་མཐར་ཐུག་སོ་སོར་རང་རིག་མཉམ་བཞག་ དམ་པའི་སྤྱོད་ཡུལ་ཁོ་ནར་དུས་དང་རྣམ་པ་ཀུན་ཏུ་ཡོངས་སུ་བདེན་པ་ནམ་ཡང་མི་བསླུ་བའི་ གནས་འབའ་ཞིག་པའི་ངེས་པ་དོན་གྱི་གྲུབ་པའི་མཐའ་ཉེ་བར་འཛིན་པས་གཞན་ཐམས་ 2-1-132 ཅད་ཀྱི་ཡང་རྩེར་གྱུར་པ་ལ་ལེགས་པར་བཞུགས་པའི་ཕྱོགས་ནས་རང་སྡེའི་གྲུབ་མཐའ་ཀུན་ གྱི་གོང་མ་ཆེས་མཆོག་ཏུ་གྱུར་པའི་ཁྱད་འཕགས་ཟླ་བྲལ་གྱི་ལྟ་གྲུབ་ཕུན་སུམ་ཚོགས་པའི་ ཕྱིར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་འཁོར་ལོ་ཐ་མའིརྗེས་འབྲང་གི་ངེས་དོན་དབུ་མ་ཆེན་པོ་ འདི་ཉིད་ནང་པ་སངས་རྒྱས་པའིགྲུབ་མཐའ་སྨྲ་བ་བཞིའི་རྩེ་མོ་དབུ་མའི་ནང་གི་ཡང་མཐར་ ཐུག་པ་རྒྱལ་བའི་དགོངས་མཐིལ་ཟབ་མོ་རྟོགས་དཀའི་གནས་ཕྲ་བ་ནང་གི་དབུ་མ་ངེས་དོན་ སྙིང་པོའི་རང་ལུགས་ལེགས་པར་འཛིན་པ་ཉིད་དུ་གྲུབ་བོ། །དེ་ལྟར་བཤད་པའི་དོན་གང་ དག་ནི་རང་ལུགས་ཐུན་མོང་མ་ཡིན་པའི་ངེས་དོན་གྱི་གཞི་དབྱིངས་གཅིག་པུ་འཁོར་འདས་ ཀྱི་དྭངས་མའི་བཅུད་དུ་ཡེ་གདོད་མ་ནས་རང་བྱུང་དུ་དོན་དམ་རྣམ་པ་ཐམས་ཅད་པའི་ངོ་བོར་ གཞི་འབྲས་དབྱེར་མེད་ཀྱི་ཚུལ་དུ་ཀུན་ནས་ཁྱབ་པར་བཞུགས་པ་དེ་ཉིད་ལ་བརྟེན་ནས་ནམ་ མཁའ་ལས་སྤྲིན་དང་གསེར་ལས་གཡའ་ལྟར་ཐུན་མོང་ཀུན་རྫོབ་ཀྱིརྣམ་པ་གློ་བུར་བའི་ཆོས་ སྲིད་པ་ཉེར་བཞིའི་སྣང་བ་སོགས་སྣང་ཚུལ་སྣ་ཚོགས་པ་འདི་ཀུན་ནམ་ཞིག་འཁྲུལ་སྣང་མ་ ཟད་ཀྱི་བར་དུ་འབྱུང་བར་འགྱུར་ཞིང་སྔོན་ཡང་ཐོག་མེད་ནས་ད་ལྟ་ཡན་དུ་བྱུང་ཟིན་དང་ འབྱུང་བཞིན་པ་ཅི་རིགས་ཀྱི་སྒོ་ནས་རྟེན་འབྱུང་གི་འཆར་སྒོ་ནམ་ཡང་འགོག་ཏུ་མེད་པའི་ ཚུལ་ལྟར་འདིར་ཡང་ཐོག་མར་རང་ལུགས་ཐུན་མིན་གྱི་གཞི་བཤད་ནས་གཟོད་ཐུན་མོང་གི་ གཞི་ས་བོན་ཙམ་དང་དབྱེ་ཚུལ་སྣ་ཚོགས་པ་དང་བཅས་གལ་ཆེན་མ་གཏོགས་བསྡུས་ཅི་ཐུབ་ བྱས་པའི་སྒོ་ནས་རང་བློའི་ཚོད་ཙམ་བཤད་ཁུལ་བགྱིས་པ་སྟེ་དེ་ཡང་རྗེ་རྒྱལ་བ་གཉིས་པ་ ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བཞེད་གཞུང་གིས་གཞི་བྱས་འཇམ་མགོན་བླ་མ་སྒྲོལ་མགོན་ ཡབ་སྲས་ཀྱི་གསུང་རབ་ཀྱིས་མཐའ་བརྒྱན་ཏེ་ཚུལ་དེ་ལུགས་ཀྱིརྒྱུའི་ཐེག་པའི་ངེས་དོན་དབུ་ མའི་རང་ལུགས་དང་མཐུན་པའི་གཞིའི་ཟབ་མོའི་གནས་ལུགས་ཉུང་ཙམ་བཤད་ཟིན་ཏོ། ། སྨྲས་པ། 2-1-133 ཤིན་ཏུ་ཕྲ་བ་ནམ་མཁའི་གཟུགས་བཟང་བཞིན། ། སྲིད་མིན་དོན་དམ་སྲིད་པ་ཀུན་གྱི་གཟུགས། ། སྤྲོས་པའི་རྣམ་མེད་སྤྲོས་བྲལ་རྣམ་ཀུན་པ། ། རང་རིག་ཡེ་ཤེས་ཉིད་ལས་གཞན་གྱིས་མིན། ། དབྱིངས་འདི་མི་འགྱུར་གློ་བུར་འགྱུར་བག་ཚུལ། ། སྣ་ཚོགས་གཟུང་འཛིན་རིས་སུ་འཆར་བ་ཡང༌། ། ཇི་བཞིན་སྣང་མིན་ས་བོན་འཕྲུལ་ལས་ཤར། ། དེ་གང་རྣམ་ཤེས་འཛིན་པའི་སྤྱོད་ཡུལ་ཙམ། ། གཟི་འབར་ནོར་བུར་ཉི་འོད་འཕོས་པ་ལྟར། ། རྣམ་རིག་བག་ཆགས་རྐྱེན་གྱིས་བསྒྱུར་པའི་མདངས། ། སྣ་ཚོགས་སྣང་བའི་རྟེན་འབྱུང་འགགས་མེད་པ། ། ཐ་དད་ལས་ཀྱིས་ཅི་དགར་བསྐྲུན་འདི་རྨད། ། ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ས་བཅད་གཉིས་པ། ལམ་གྱི་ཟབ་མོའི་གནས་ལུགས་བཤད་པ། རྩ་བའི་ས་བཅད་གཉིས་པ་ལམ་གྱི་ཟབ་མོའི་གནས་ལུགས་བཤད་པ་ལ། མཚམས་སྦྱར་ བ་དང༌། བཤད་བྱ་དངོས་དང་གཉིས་ལས། དང་པོ་ནི། གོང་དུ་ཇི་སྐད་བཤད་པ་ལྟར་གྱི་གཞི་དབྱིངས་དོན་དམ་པའི་རྣམ་པ་ཡོངས་ 2-1-134 སུ་རྫོགས་པའི་བདག་ཉིད་ཡེ་གཞི་རང་བྱུང་ཆོས་ཀྱི་སྐུ་གནས་ལུགས་དེ་བཞིན་གཤེགས་ པའི་སྙིང་པོ་ཐེར་ཟུག་གཡུང་དྲུང་དུ་གདོད་ནས་གཞི་འབྲས་གཉིས་སུ་མེད་པར་ཀུན་ཁྱབ་ རྟག་པ་ཉིད་དུ་ཆ་མེད་རིས་སུ་གཅོད་དུ་མི་བཏུབ་པའི་ཆོས་དབྱིངས་ཆེན་པོ་ཀུན་རྫོབ་ཀྱི་སྤྲོས་ པ་མཐའ་དག་དང་བྲལ་ཡང་རང་གཤིས་དག་པའི་སྣང་བ་རབ་འབྱམས་ཤིན་ཏུ་དྭངས་པ་ པྲ་ཕབ་སྣང་བརྙན་ཇི་བཞིན་བརྗོད་མི་ཤེས་པ་སྒྲ་དང་རྟོག་པའི་ཡུལ་ལས་རྣམ་པར་འདས་ པའི་ཆོས་ཉིད་ཀྱི་དབྱིངས་འབའ་ཞིག་སྲིད་ཞི་ཀུན་ནས་མཉམ་པ་ཉིད་རང་བཞིན་ཞི་བ་ཆེན་ པོའི་ཡིན་ལུགས་སྔ་ཕྱིར་དུས་ཀུན་བཟང་ངན་གྱི་ཁྱད་པར་གཏན་ནས་མེད་པ་དག་མཉམ་ གཅིག་པུ་ཉིད་དུ་ངེས་པ་ཡིན་ནའང་དབྱིངས་གཅིག་ཉིད་སངས་རྒྱས་དང་སེམས་ཅན་གྱི་ མཐོང་ཚུལ་ཐ་དད་པ་ཇི་བཞིན་གཟིགས་པ་དང་ལོག་པར་མཐོང་བ་གཉིས་ཀྱི་ཁྱད་པར་ལས་ སེམས་ཅན་མཐའ་དག་ལ་ཆོས་ཉིད་ཆོས་ཅན་གྱི་ཚུལ་དུ་ཡེ་ནས་ལྷན་ཅིག་ཏུ་གནས་ཀྱང་ ཀུན་རྟོགས་གློ་བུར་འཁྲུལ་བའི་དབང་གིས་མི་མཐོང་ཞིང་དེའི་ཚུལ་ལ་རྨོངས་པ་ཡིན་ལ། དེ་ ལྟར་རྨོངས་བྱེད་དེརྐྱེན་གང་གིས་བྱས་ན་གནས་ལུགས་ཀྱི་དོན་ལ་བློ་མི་གསལ་བའི་རྨོངས་ པ་མ་རིག་པ་དང་དེ་ལ་བརྟེན་པའི་ཕྱིན་ཅི་ལོག་གི་རྟོག་པ་མང་པོ་དང་དེ་ལས་ཀུན་ཉོན་སྣ་ ཚོགས་པ་མི་མཐུད་དེ་བྱུང་བ་དེ་དག་གིས་སྒྲིབ་བྱེད་བྱས་ཏེ་འཁོར་བར་འཁོར་བ་གང་དག་ འཁྲུལ་པའི་ཡོ་ལང་ལ་ཨ་འཐས་ཀྱི་ཞེན་པས་ཉེ་བར་བཅིངས་ནས་སྡུག་བསྔལ་གསུམ་པོ་ཅི་ རིགས་ཀྱིས་ཀུན་ནས་སུན་པ་བསྐྱེད་དེ་ཤིན་ཏུ་ཉམ་ཐག་གི་གནས་འབའ་ཞིག་ཏུ་དུས་དང་ རྣམ་པ་ཐམས་ཅད་པར་སོས་དལ་བའི་སྐབས་མེད་པར་བྱེད་པ་ཡིན་ཞིང༌། དེ་འདྲའི་སེམས་ ཅན་གང་དག་གིས་ནམ་ཞིག་ལམ་བསྒོམ་པའི་སྐལ་བ་ཡོད་ཚེ་སེམས་ཅན་རང་རང་ལ་ལྟོས་ ནས་ཁམས་དང་དབང་པོའི་རིམ་པས་རང་རྒྱུད་ཀྱི་སྒྲིབ་པ་དག་དཀའ་སླ་ཡོད་པའི་དབང་ གིས་རིགས་ཅན་གསུམ་གྱི་ལམ་ཡང་རང་རང་ལ་གནས་སྐབས་སུ་ཉམས་སུ་བླངས་ན་སྐྱེ་ 2-1-135 ཐུབ་མི་ཐུབ་ཅི་རིགས་ཡོད་པས་སེམས་ཅན་དེ་དག་ཀྱང་དེ་ལུགས་ལྟར་གྱི་རིགས་སོར་སོར་ ངེས་མ་ངེས་ཡོད་པ་ཡིན་པས་ཁམས་དབང་དེ་མཐུན་གྱི་ལམ་ཉམས་སུ་ལེན་དགོས་ཤིང༌། དེ་ ལྟར་ཉམས་སུ་བླངས་པས་གཞིའི་གནས་ལུགས་རང་གི་ངོ་བོ་སྔ་ཕྱི་ཐམས་ཅད་ཤིན་ཏུ་རྣམ་ དག་ཁོ་ན་ལས་མེད་ཀྱང་ལམ་བསྒོམ་པ་པོའི་གང་ཟག་རང་རང་གི་རྒྱུད་ཀྱི་དྲི་མ་སྲབ་མཐུག་ གི་བྱེད་པས་དེ་དག་ལ་གཞིའི་ཆོས་ཉིད་ཀྱི་མཐོང་ཚུལ་འདྲ་མིན་འབྱུང་དུ་ཡོད་ཅིང་གནས་ སྐབས་ཙམ་རེ་མ་གཏོགས་མཐར་གཏུགས་ན་སེམས་ཅན་ཡིན་ན་སངས་རྒྱས་ཀྱི་སྙིང་པོ་ ཅན་ཡིན་པས་ཁྱབ་ཕྱིར་སེམས་ཅན་ལ་སངས་རྒྱ་རུང་མ་ཡིན་པ་གཅིག་ཀྱང་མེད་པས་གཞི་ ན་བཞུགས་པའི་དེ་བཞིན་གཤེགས་པའི་སྙིང་པོ་མངོན་བྱེད་ཀྱི་ཐབས་གསར་དུ་བསྐྱེད་པའི་ ལམ་ཉམས་སུ་ལེན་དགོས་པ་ནི་སྐབས་ནམ་འགྲིག་ལ་གལ་ཤིན་ཏུ་ཆེའོ། ། དང་པོ། ལམ་གྱི་སྤང་བྱ་ངོས་བཟུང་བ། གཉིས་པ་བཤད་བྱ་དངོས་ལ། ལམ་གྱི་སྤང་བྱ་ངོས་བཟུང་བ་དང༌། དེའི་གཉེན་པོ་ ལམ་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་སྒྲིབ་པ་ཞེས་བྱ་བ་ཡང་ཐར་བ་དང་ཐམས་ཅད་ མཁྱེན་པ་ལ་གེགས་བྱེད་པའི་ཆ་ནས་བཞག་ཅིང༌། དེ་ཡང་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀྱི་ ནང་དུ་སྒྲིབ་པ་ཐམས་ཅད་འདུས་པ་ཡིན་ཏེ། སྙོམས་འཇུག་གི་སྒྲིབ་པ་སོགས་སྒྲིབ་པ་ཐམས་ ཅད་དེ་གཉིས་གང་རུང་ཡིན་པས་མ་ཁྱབ་ཀྱང་དེ་གཉིས་གང་རུང་གི་ཕྱོགས་སུ་འདུ་ཆོག་པའི་ ཕྱིར། དེ་འདྲའི་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀྱིས་ཀུན་རྫོབ་གཞན་སྣང་ལྟར་ན་ཐར་པ་དང་ ཐམས་ཅད་མཁྱེན་པ་གཉིས་སྔར་མེད་གསར་ཐོབ་ཀྱི་གེགས་བྱེད་པ་དང་དོན་དམ་པའི་ཡིན་ ལུགས་ལྟར་ན་གཞི་དབྱིངས་ཆོས་ཉིད་རྣམ་ཀུན་པ་དེ་ཐེག་པ་ཆེ་ཆུང་གི་བློ་དང་འཚམ་པར་ ཇི་བཞིན་མངོན་དུ་གྱུར་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་ཉིད་དུ་བྱེད་ཕྱིར་ཀུན་རྫོབ་པའི་ཐར་པ་ཐོབ་ 2-1-136 པ་དང་དོན་དམ་དབྱིངས་ཀྱི་གནས་ལུགས་དེ་ལྟར་དུ་མཐོང་བ་ལ་གཙོ་བོར་གེགས་བྱེད་པའི་ སྒྲིབ་པ་ཉོན་སྒྲིབ་དང་ཀུན་རྫོབ་པའི་ཐམས་ཅད་མཁྱེན་པ་ཐོབ་པ་དང་དོན་དམ་དབྱིངས་ཀྱི་ གདོད་མའི་གནས་ལུགས་ཆ་ཡོངས་རྫོགས་སུ་མཐོང་བ་ལ་གཙོ་བོར་གེགས་བྱེད་པའི་སྒྲིབ་ པ་ཤེས་སྒྲིབ་ཡིན་ཏེ། རྒྱལ་ཚབ་མི་ཕམ་པས། ཉོན་མོངས་སྤང་ཕྱིར་ཆགས་པ་མེད། །ཤེས་ བྱའི་སྒྲིབ་པ་དག་པའི་ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །གཉིས་མེད་ལུས་སུ་རུང་བའི་ ཕྱིར། །རྩུབ་པའི་རེག་དང་བྲལ་པ་ཡིན། །ཞེས་གོང་ལྟར་བདེན་གཉིས་ཀྱི་རྣམ་པའི་ཐར་པ་ ཐོབ་མངོན་བྱེད་པ་ལ་གེགས་སུ་གྱུར་པའི་ཉོན་མོངས་པའི་སྒྲིབ་པ་སྤངས་པས་དེ་ལུགས་ལྟར་ གྱི་ཐར་པ་ཐོབ་ཅིང་མངོན་དུ་གྱུར་པ་ལ་སྒྲིབ་བྱེད་ཆགས་པའི་དྲི་མ་མེད་པ་དང་བདེན་གཉིས་ རྣམ་པའི་ཐམས་ཅད་མཁྱེན་པ་ཐོབ་མངོན་གྱི་གེགས་ཤེས་སྒྲིབ་རྣམ་པར་དག་པས་དེ་ལྟར་གྱི་ ཐམས་ཅད་མཁྱེན་པ་ཐོབ་ཅིང་མངོན་དུ་གྱུར་པ་ལ་སྒྲིབ་བྱེད་ཐོགས་པའི་དྲི་མ་མེད་པའི་སྒོ་ ནས་དྲི་མ་དེ་གཉིས་དང་བྲལ་བའི་ལས་རུང་མཆོག་ཏུ་གྱུར་པས་རྩུབ་རེག་སྤྲོས་པ་ཀུན་བྲལ་ གྱི་གདོད་མའི་གཞི་དབྱིངས་ཉག་གཅིག་ཏུ་གྲོལ་བར་གསུངས་པ་ལ་སོགས་པའི་ཕྱིར། དེ་ ལྟ་བུའི་སྒྲིབ་པ་གཉིས་པོ་གང་ལ་ངོས་འཛིན་པ་ཡིན་ཞེ་ན། དེ་ཡང་བདེན་པ་བཞིའི་གནས་ ལུགས་སྤྱི་དང་ཁྱད་པར་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང༌། དེ་ལས་བྱུང་བའི་འཇིག་ ལྟ་སོགས་ཕྱིན་ཅི་ལོག་པའི་ལྟ་བ་རྣམས་དང༌། དེ་རྣམས་ལས་ཆགས་སྡང་རྨོངས་གསུམ་གྱི་ སྒོ་ནས་སེར་སྣ་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་རྣམ་པར་རྟོག་པ་རྣམས་ནི་ཉོན་ སྒྲིབ་ཡིན་ཏེ། རྒྱལ་ཚབ་མཆོག་གིས། སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་ སྒྲིབ་པར་འདོད། །ཅེས་གསུངས་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོའི་གནས་ཚུལ་ དང་གནས་ལུགས་སྤྲོས་བྲལ་ལ་རྨོངས་པའི་མ་རིག་པ་དང༌། དེ་ལས་བྱུང་བའིབྱ་བྱེད་ལས་ ཀྱི་འཁོར་གསུམ་བདེན་དངོས་སུ་རྣམ་པར་རྟོག་པ་ལ་སོགས་པ་དང༌། དུག་གསུམ་གྱི་བག་ 2-1-137 ཆགས་ཤིན་ཏུ་ཕྲ་མོ་སོགས་ནི་ཤེས་སྒྲིབ་ཡིན་ཏེ། རྒྱལ་ཚབ་ཀྱིས༌། འཁོར་གསུམ་རྣམ་པར་ རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་པའི་ཕྱིར། དེ་འདྲའི་སྒྲིབ་པ་ གཉིས་ཀྱི་རང་བཞིན་ལ་ཁྱབ་བྱེད་དུ་ཡོད་པ་ནི་ལམ་འབྲས་སོགས་ལ་མཚན་མར་དམིགས་ པའི་བློས་བྱས་ཀྱི་རྟོགས་རིགས་ཀྱི་ཆ་ཅི་རིགས་ཏེ། ཀུན་ཉོན་དག་ལ་བློས་བྱས་རྟོག་རིགས་ ཀྱི་ཆ་ཚབས་ཆེ་བ་དང༌། ཤེས་སྒྲིབ་ཏུ་གཏོགས་པ་གང་དག་ལ་ནི་བློས་བྱས་རྟོག་རིགས་ཀྱི་ཆ་ ཇེ་ཕྲར་སོང་བའི་སྒོ་ནས་མཐར་ཐུག་གི་བར་དུ་ཡོད་རིགས་པའི་ཕྱིར་རོ། ། གཉིས་པ། དེའི་གཉེན་པོ་ལམ་བཤད་པ། གཉིས་པ་དེའི་གཉེན་པོ་ལམ་བཤད་པ་ལ། ལམ་གྱི་རྟོགས་བྱའི་གཙོ་བོ་གཏན་ལ་ འབེབས་པ་དང༌། རྟོགས་བྱེད་ལམ་གྱི་ཡིན་ལུགས་བཤད་པ་གཉིས་ལས། (༡) ལམ་གྱི་རྟོགས་བྱའི་གཙོ་བོ་གཏན་ལ་འབེབས་པ། དང་པོ་ནི། སྤྱིར་གཞི་དབྱིངས་དག་མཉམ་གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་ཡེ་ནས་ སེམས་ཅན་སངས་རྒྱས་ཀྱི་བར་གྱི་དོན་དམ་གནས་ལུགས་ཉག་མ་གཅིག་ཏུ་ནམ་ཡང་འགྱུར་ བ་མེད་པ་དེ་ག་ཉིད་གང་ཟག་ལམ་སྒོམ་པ་པོ་གང་དག་གི་རང་རང་གི་བློ་ཚོད་དང་མཐུན་ པར་དེ་ལུགས་ལྟར་གྱི་མངོན་དུ་བྱེད་ཐབས་ལ་རང་རང་གིས་ལམ་བསྒོམ་པ་འབད་པའི་སྒོ་དུ་ མ་ནས་བྱེད་དགོས་པ་སྟེ། དེ་ཡང་ཐེག་ཆེན་ལྟར་ན་ཐོག་མར་འཁོར་བའི་ཆོས་ལ་ཞེན་པ་ཅི་ རིགས་པ་བཟློག་པའི་ཕྱིར། མི་རྟག་པ་དང་སྡུག་བསྔལ་གྱི་ངེས་འབྱུང་སྒོམ་པ་དང༌། དེ་ནས་ རང་དོན་ཡིད་བྱེད་སྤོང་ཞིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བརྟེན་པར་བྱ་བ་སོགས་ཀུན་རྫོབ་ ཕྱོགས་ཀྱི་ལམ་རང་བློས་གང་ལྕོགས་ལ་སློབ་ཅིང༌། དེ་ནས་ཀུན་རྫོབ་ལ་ཞེན་པ་རགས་པ་ རྣམས་སྤོང་པའི་ཕྱིར་ཀུན་རྫོབ་རྣམས་བདེན་མེད་དུ་གཏན་ལ་ཕབ་ནས་བསྒོམ། དེ་དག་ལ་ 2-1-138 ཞེན་པ་ཕྲ་མོ་རྣམས་སྤོང་ཆེད་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་མཐའ་དག་དབྱིངས་སུ་བསྡུས་ ནས་མི་རྟོག་པ་བསྒོམ་པས་རིམ་གྱིས་གནས་ལུགས་བདེ་གཤེགས་སྙིང་པོ་དོན་དམ་པའི་ དབྱིངས་སྤྲོས་བྲལ་མི་རྟོག་ཆེན་པོའི་རང་ཞལ་ངེས་པར་མཇལ་བར་འགྱུར་བས་ལམ་སྒོམ་ ཚད་ཡོངས་གྲུབ་གདོད་མའི་ཆོས་ཉིད་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཀྱི་སྐུ་དེ་ཉིད་དང་ མཇལ་བའི་ཕྱིར་མ་ཡིན་པ་མེད་དོ། །དེས་ན་ལམ་གྱི་རྟོག་བྱ་གཙོ་བོ་ལ་སྤྱིར་བདག་མེད་ དཔྱད་སྒོམ་དང་སྤྲོས་བྲལ་མི་རྟོག་པ་ལ་འཇོག་སྒོམ་གྱི་ཚུལ་གཉིས་ཡོད་པ་ཡིན་ནའང་རྒྱུ་ ཕར་ཕྱིན་ཐེག་པའི་སྐབས་འདིར་ནི་གདུལ་བྱའི་དབང་གིས་གཙོ་བོར་དཔྱད་སྒོམ་བྱས་ནས་ མཐར་མི་རྟོག་པའི་དབྱིངས་ལ་འཇོག་པ་ཆེས་མང་བ་འབྱུང་བས་ཚུལ་དེ་ལུགས་ལྟར་གྱིས་ ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པའི་ཆོས་མཐའ་དག་ལ་ཞེན་པ་རགས་པ་སྤོང་ཆེད་ཀུན་ རྫོབ་རྣམས་ལས་ནང་གང་ཟག་གི་ངོ་བོ་ང་བདག་དང་དེ་མིན་ལྷག་མའི་ཀུན་རྫོབ་ཀྱི་ཆོས་ གང་དག་ལ་བདེན་དངོས་སུ་ཞེན་པ་འགོག་ཐབས་ལ་འདིར་བདག་མེད་གཉིས་གཏན་ལ་ འབེབ་ཚུལ་ཅུང་ཟད་འཆད་པ་སྟེ། དེ་ལ་གང་ཟག་གི་བདག་མེད་གཏན་ལ་འབེབས་ཚུལ་ དང༌། ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་གཉིས་ལས། ༡ གང་ཟག་གི་བདག་མེད་གཏན་ལ་འབེབས་ཚུལ། དང་པོ་ནི་སྤྱིར་བདག་ཅེས་བྱ་བ་ལ་གོ་ལུགས་འདྲ་མིན་ཡོད་དེ་གནས་ལུགས་དོན་དམ་ པའི་བདག་དང་ཞེན་རྟོག་གིས་ཀུན་ནས་བཏགས་པའི་བདག་གཉིས་སོ། །དེ་ལས་སྔ་མ་ནི་ འཕགས་པའི་སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་གནས་ལུགས་དོན་དམ་བདེན་པ་ཟག་ མེད་ཡོན་ཏན་མཐའ་ཡས་པའི་ཀློང་ཆེན་པོ་རྣམ་བྱང་དག་པ་མཐར་ཐུག་དང་ཕྱི་མ་ནི་མེད་པ་ ལ་ཡོད་པར་ཞེན་པའི་ཀུན་རྟོག་མཚན་འཛིན་གྱིས་བཏགས་ཆ་ཙམ་དུ་ཟད་པ་སྣང་ཆ་དེ་ལ་ 2-1-139 བརྟེན་ནས་ལྟ་ངན་དང་ཉོན་མོངས་ཀྱི་རིགས་མཐའ་དག་འབྱུང་བའི་ཉེས་པའི་རྩ་བར་གྱུར་ པ་སྟེ། དེ་འདིར་བཤད་པར་བྱ་བའི་དོན་ཡིན་ལ། དེ་འདྲའི་བདག་གཞི་མ་གྲུབ་པ་དེ་ནི་ཀུན་ རྫོབ་པའི་སྲིད་པ་མིན་པའི་བདག་ཅེས་བྱ་ཞིང༌། དེའི་ཚུལ་ཡང་ལོག་ཞེན་གྱི་འཛིན་སྟངས་ཀྱི་ ཡུལ་དུ་གྱུར་པའི་བཏགས་ཆ་འཆར་ལུགས་ནི་གང་ལ་ཡང་མ་ལྟོས་པར་ཚུགས་ཐུབ་ཏུ་གནས་ པ་འཁྲང་ཐང་ངེ་བ་འཛིན་ཞེན་དམ་པའི་ནན་གྱིས་ཞེན་པའི་ཡུལ་ཞིག་སྟེ། དེ་ལྟར་གྱི་ཞེན་ ཡུལ་ཚུགས་ཐུབ་དེའི་ནང་གང་ཟག་གམ་ང་བདག་གི་སྟེང་དུ་ཤར་ཏེ་ང་བདག་ཚུགས་ཐུབ་ཏུ་ བཟུང་ནས་དེ་ལྟར་ནན་གྱིས་ཞེན་པའི་ཡུལ་དེ་ནི་གང་ཟག་གི་བདག་ཅེས་བྱ་ལ། དེ་ལའང་ གྲུབ་མཐའི་དབང་གིས་དེ་འདྲའི་བདག་དེ་ཁྱད་ཆོས་དུ་མ་ཅན་དུ་ཆེད་ཀྱིས་བཟུང་བ་ལྟ་བུ་དེ་ བདག་འཛིན་ཀུན་བཏགས་ཀྱི་ཡུལ་དང༌། གྲུབ་མཐས་བློས་བསྒྱུར་བ་ལ་མ་ལྟོས་པར་འགྲོ་ བ་རང་ག་བ་དག་ལ་རང་ཤུགས་ཀྱིས་ང་བདག་ཚུགས་ཐུབ་ཏུ་སྣང་བ་ལྟ་བུ་དེ། བདག་འཛིན་ ལྷན་སྐྱེས་ཀྱི་ཡུལ་ཏེ། དེ་ལྟར་དུ་རིམ་པར་འཛིན་པ་གཉིས་ཀྱང་བདག་འཛིན་ཀུན་བཏགས་ དང་ལྷན་སྐྱེས་སོ། །དེ་འདྲའི་བདག་འཛིན་གྱི་ཞེན་སྟངས་ལྟར་གྱི་ཡུལ་མེད་པ་དེ་གང་ཟག་ གི་བདག་མེད་པ་སྟེ། བདག་དེ་འདྲ་མེད་པར་གཏན་ལ་འབེབས་ཚུལ་ནི། བཅོམ་ལྡན་འདས་ ཉིད་ཀྱི་དཔལ་གྱི་མགུར་ནས་དམ་བཅའ་རྣམ་བཞིའི་ཚུལ་གྱིས་གང་ཟག་གི་བདག་མེད་ བསྟན་ཏེ། སེམས་ཅན་རྣམས་ཕུང་པོ་ལྔ་ལ་དམིགས་ནས་ང་བདག་ཚུགས་ཐུབ་ཏུ་འཛིན་ཅིང་ སྒྲོ་འདོགས་པར་བྱེད་ཀྱང་ཕུང་པོའི་ཚོགས་པ་རྣམས་ལ་གང་ཟག་གི་བདག་དེ་འདྲ་མེད་པའི་ དམ་བཅའ་དང་པོ་དང༌། ཕུང་པོ་རྣམས་ཀྱང་གང་ཟག་གི་བདག་ཚུགས་ཐུབ་ལ་ཡོད་པ་མ་ ཡིན་པའི་དམ་བཅའ་གཉིས་པ་དང༌། དེ་འདྲའི་ང་བདག་ཚུགས་ཐུབ་ཏུ་ཞེན་པའི་རྟོག་པས་ བཟུང་བ་བཞིན་དུ་བདག་དང་ཕུང་པོ་དེ་དག་གང་ཡང་མེད་པའི་དམ་བཅའ་གསུམ་པ་དང༌། འོན་ཀྱང་ཐ་སྙད་ལས་འབྲས་ཀྱི་རྟེན་དུ་བཏགས་པ་ཙམ་གྱི་བདག་ཕུང་དེ་དག་མེད་པའང་མ་ 2-1-140 ཡིན་པའི་དམ་བཅའ་བཞིས་ང་བདག་རྟག་པ་སྒྲོ་འདོགས་ཀྱི་མཐའ་དང་ཆད་པ་སྐུར་འདེབས་ ཀྱི་མཐའ་སེལ་བའི་ཚུལ་གྱིས་ལེགས་པར་གསུངས་པའི་ཕྱིར་ཏེ། མདོ་ལས། ཕུང་པོ་རྣམས་ ལ་བདག་མེད་དེ། །ཕུང་པོ་རྣམས་ཀྱང་བདག་ལ་མེད། །རྣམ་རྟོག་བཞིན་དུ་དེ་དག་མེད། །དེ་ དག་མེད་པའང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཚུལ་དེ་ལུགས་ལྟར་ང་བདག་ཚུགས་ ཐུབ་གང་ལ་མ་ལྟོས་པའི་རང་དབང་བར་ཞེན་པ་བཞིན་དུ་ལུས་ཅན་རྣམས་བཟུང་བྱ་ཉེར་ ལེན་གྱི་ཕུང་པོ་ལ་བརྟེན་ནས་ང་བདག་ཏུ་འཛིན་པའི་འཛིན་སྟངས་ཀྱི་བཟུང་ཆར་གྱུར་པའི་ གང་ཟག་གི་བདག་དེ་དོན་ལ་ཡོད་ན་དེ་གང་ཟག་གི་བདག་ཏུ་ལྟ་བའི་ཤེས་པ་དེ་ཡིན་ནམ། གང་ཟག་ཏུ་སྒྲོ་འདོགས་པའི་གཞི་ཕུང་པོ་དེའམ། དེ་གཉིས་ལས་གཞན་པ་ཞིག་ཡིན་བརྟག་ པར་བྱ་སྟེ། དང་པོ་ལྟར་ན། བདག་ཏུ་ལྟ་བའི་ཤེས་པ་ཉིད་གང་ཟག་གི་བདག་མ་ཡིན་ཏེ། དེ་ ལ་བདག་གི་མཚན་ཉིད་དང་མི་ལྡན་པའི་ཕྱིར་ཏེ། བདག་ནི་རྟག་པ་ཡིན་ལ་ཤེས་པ་ཉིད་ནི་ མི་རྟག་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ངན་པར་གནས་པ་ཉེར་ཕུང་ལྔ་ཡང་གང་ཟག་ གི་བདག་མ་ཡིན་ཏེ། དེ་དང་ཡང་བདག་གཉིས་མཚན་ཉིད་མི་འདྲ་བའི་ཕྱིར་ཏེ། བདག་ནི་ རྟག་གཅིག་རང་དབང་བའི་གང་ལ་མ་ལྟོས་པར་སྣང་ལ། ཕུང་པོ་མི་རྟག་དུ་མ་གཞན་དབང་ ཅན་གྱི་ལྟོས་བཅས་ཡིན་པའི་ཕྱིར། གསུམ་པ་ལྟར་ན། བདག་ལྟའི་ཤེས་པ་ཉིད་དང༌། ཕུང་ པོ་གཉིས་ཀ་ལས་ཀྱང་གཞན་དུ་ཡོད་པ་མ་ཡིན་ཏེ། དེ་ལྟར་ཡོད་ན་མངོན་སུམ་ལ་སྣང་དུ་རུང་ བ་ལ་དེ་ལྟར་མི་སྣང་བའི་ཕྱིར། དེས་ན་གཟུང་བྱ་གང་ཟག་གི་བདག་དེ་འདྲ་དངོས་གནས་ལ་ མེད་ཀྱང་དེ་ལྟར་དུ་ཡོད་པར་འཛིན་པ་ནི་ནོར་བ་ཕྱིན་ཅི་ལོག་གི་བློ་ཡིན་པས་དེ་ལྟར་གྱི་དྲི་ མ་ཕྱིན་ཅི་ལོག་གཉེན་པོའི་སྟོབས་ཀྱིས་ཟད་ཙམ་དེ་ཀུན་རྫོབ་གཞན་སྣང་གི་ངོར་ཤར་བའི་ བྲལ་འབྲས་ཐར་པ་འགོག་བདེན་དུ་འཇོག་པས་ན་ཚུལ་དེ་ལུགས་ལྟར་དུ་རྒྱལ་ཚབ་མི་ཕམ་ པས་འདི་ལྟར་གསུངས་པ་ཡིན་ཏེ། མདོ་སྡེ་རྒྱན་དུ། བདག་ཏུ་ལྟ་བའི་བདག་ཉིད་བདག་ 2-1-141 མཚན་མིན། །ངན་པར་གནས་མིན་མཚན་ཉིད་མི་འདྲའི་ཕྱིར། །གཉིས་ལས་གཞན་མེད་དེ་ ནི་ནོར་བ་སྐྱེ། །དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས་པའི་ཕྱིར། གཏན་ལ་ འབེབས་ཚུལ་དེ་དང་གནད་མཐུན་པར་མགོན་པོ་ཀླུ་སྒྲུབ་ཀྱིས་གང་ཟག་གི་བདག་མེད་པ་ གཏན་ལ་ལེགས་པར་ཕབ་པའི་ཚུལ་ཡང་བརྟག་ལུགས་བཞི་སྟེ། བདག་ཕུང་གཅིག་དང་ཐ་ དད་དུ་བརྟག་ཚུལ། སྔ་ཕྱི་ལ་བརྟག་ཚུལ། ཉེ་བར་ལེན་པོ་དང་བླང་བྱ་ལ་བརྟག་ཚུལ། ཚོགས་ པ་ལ་བརྟག་ཚུལ་དང་བཞི་ལས། དང་པོ་ནི། གལ་ཏེ་ཕུང་པོ་ལྔ་པོ་གང་ཟག་གི་བདག་ཡིན་ན་ཕུང་པོ་སྐྱེ་འཇིག་ཅན་ཡིན་ པ་བཞིན་ཏུ་བདག་ཀྱང་སྐྱེ་འཇིག་ཅན་མི་རྟག་པའི་རང་བཞིན་དུ་ཐལ་བར་འགྱུར་དགོས་ ན་དེ་ཡང་མི་འཐད་དེ། བདག་འཛིན་གྱིས་རྟག་པར་ཞེན་པ་དང་འགལ་བའི་ཕྱིར། གལ་ཏེ་ གང་ཟག་གི་བདག་ཕུང་པོ་རྣམས་ལས་རྫས་གཞན་ཏུ་གྱུར་པ་ཡིན་ན་དེ་ལ་ཕུང་པོའི་མཚན་ ཉིད་གང་ཡང་མེད་པར་འགྱུར་ན་དེ་ཡང་འཐད་པ་མ་ཡིན་ཏེ། ཐ་སྙད་རང་དགའི་བློ་ལ་ཚོར་ སོགས་ཕུང་པོ་བདག་གི་ཡིན་པར་སྣང་བ་བསྙོན་དུ་མེད་པའི་ཕྱིར། གཉིས་པ་སྔ་ཕྱི་ལ་བརྟག་ཚུལ་ནི། སྐྱེས་བུ་ལྷས་བྱིན་ལྟ་བུ་དེ་ལྷ་ལས་ཚེ་འཕོས་ནས་ མིར་སྐྱེས་པར་གྱུར་པ་དེའི་ཚེ་ལྷར་གྱུར་པའི་བདག་དང་མིར་གྱུར་པའི་བདག་གཉིས་གཅིག་ ཡིན་ནམ་ཐ་དད་ཡིན། གལ་ཏེ་ལྷར་གྱུར་པའི་བདག་དེ་མིར་གྱུར་པའི་བདག་དེ་དང་གཅིག་ པ་དེ་ལྟར་ན་བདག་དེརྟག་པར་འགྱུར་ཡང་ལྷ་མི་གནས་ལུས་ལོངས་སྤྱོད་ཆེ་ཆུང་གི་ཁྱད་ཆེར་ མཐོང་བས་དེ་གཉིས་གཅིག་པ་མི་སྲིད་པས་སོ། །གལ་ཏེ་ལྷར་གྱུར་པའི་བདག་དེ་མིར་གྱུར་ པའི་བདག་ལས་གཞན་ཡིན་ན་བདག་མི་རྟག་པར་ཐལ་ཏེ། ལྷའི་དུས་ཀྱི་བདག་འགག་སྟེ་ མིར་གྱུར་པའི་བདག་སྐྱེས་པའི་ཕྱིར། གསུམ་པ་ཉེ་བར་ལེན་པོ་དང་བླང་བྱ་ལ་བརྟག་ཚུལ་ནི། ཉེ་བར་ལེན་པ་པོ་ནི་གང་ཟག་གི་བདག་ཡིན་ལ། དེས་ཉེ་བར་བླང་བར་བྱ་བ་ནི་ཕུང་པོ་ལྔ་པོ་ 2-1-142 ཡིན་ཅིང༌། དཔེར་ན་ལྷའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཚོགས་པ་ཞིག་ལས་མིར་སྐྱེས་པའི་ ཚེ་ཉེ་བར་བླང་བྱ་མིའི་ཕུང་པོ་ལྔ་ཉེ་བར་འཛིན་པ་བཞིན་ཏེ། དེ་འདྲའི་ལེན་པོ་དང་བླང་བྱ་ གཉིས་གཅིག་ཐ་དད་ཇི་ལྟར་ཡིན་བརྟགས་ན། དེ་གཉིས་གཅིག་གོ་སྙམ་པ་བྱུང་ན། ཉེ་བར་ ལེན་བྱ་ཕུང་པོ་ཉིད་ལེན་པོ་གང་ཟག་གི་བདག་ཏུ་ངེས་པར་མི་རིགས་ཏེ། ལེན་པོ་གང་ཟག་ གི་བདག་ནི་རྟག་གཅིག་རང་དབང་བར་བདེན་པ་ཡིན་ལ། བླང་བྱ་ཉེར་ཕུང་དེ་དག་འབྱུང་ བ་དང་འཇིག་པའི་བདག་ཉིད་ཀྱི་གཞན་དབང་ཅན་རྫུན་པ་ཉིད་དུ་ངེས་པའི་ཕྱིར། དེས་བླང་ བྱ་ལེན་པོ་མིན་པར་གྲུབ་ལ། གང་ཟག་གི་བདག་དེ་ནི་ཉེ་བར་ལེན་བྱའི་ཕུང་པོ་ལས་གཞན་ དུ་འཐད་པ་ཉིད་ཀྱང་མ་ཡིན་ཏེ། དེ་ལྟར་ཡོད་ན་མངོན་སུམ་གྱིས་དམིགས་སུ་རུང་ཡང་མ་ དམིགས་པའི་ཕྱིར་དང༌། ཐ་སྙད་གནོད་མེད་ཀྱི་བློ་ངོར་ཡང་བདག་ཕུང་འབྲེལ་བ་ཅན་དུ་སྣང་ བའི་ཕྱིར། བཞི་པ་ཚོགས་པ་ལ་བརྟག་ཚུལ་ནི། དཀོན་བརྩེགས་མདོའི་ནང་ཚན་ཡབ་སྲས་མཇལ་ བའི་མདོ་ལས་བསྟན་པ་ལྟར། ལུས་སེམས་ཀྱི་ཚོགས་པ་ལ། སྐྱེས་བུ་ཞེས་འདོགས་པ་ཡིན་ ཞིང༌། ལུས་སེམས་ཀྱི་ཚོགས་པ་ཡང༌། ལུས་ཀྱི་ཤ་དང༌། པགས་པ་དང༌། རུས་པ་ལ་སོགས་ པ་རྣམས་ནི་ས་ཁམས་དང༌། ཁྲག་དང༌། ཆུ་སེར་དང༌། རྔུལ་ལ་སོགས་པ་རྣམས་ནི་ཆུ་ཁམས་ དང༌། ལུས་ཀྱི་དྲོད་ནི་མེ་ཁམས་དང༌། དབུགས་ལ་སོགས་པའི་གཡོ་བ་ནི་རླུང་ཁམས་དང༌། ལུས་ཀྱི་ཁོང་སྟོང་ལ་སོགས་པ་ནི་ནམ་མཁའ་དང༌། མིང་བཞིའི་ཕུང་པོ་རྣམས་ནི་རྣམ་ཤེས་ ཀྱི་ཁམས་ཏེ། ཁམས་དྲུག་འདུས་པའི་ཚོགས་པ་ལ་སྐྱེས་བུ་ཞེས་བཏགས་པ་ཡིན་གྱི། སྐྱེས་ བུ་རྫས་ཡོད་ཅིག་ཡོད་ན། ས་ཁམས་ལ་སོགས་པ་རེ་རེ་བཞིན་སྐྱེས་བུ་ཡིན་ན༷་ནི་སྐྱེས་བུ་ དྲུག་སོགས་དུ་མར་ཐལ་བ་དང༌། ཁམས་དྲུག་གི་ནང་ནས་ས་ཁམས་ལྟ་བུ་ཞིག་སྐྱེས་བུ་ཡིན་ ལ། གཞན་རྣམས་སྐྱེས་བུ་མ་ཡིན་ན་ནི་དྲུག་པོ་དེརྣམས་ལ་གཅིག་སྐྱེས་བུ་ཡིན་གྱི། གཞན་ 2-1-143 རྣམས་ལ་མ་ཡིན་ནོ། །ཞེས་འདོར་ལེན་བྱུང་བའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་རོ། །དེས་ ན་སྐྱེས་བུ་ནི་དོན་དམ་པར་ན་ས་ཡང་མ་ཡིན། ཆུ་ཡང་མ་ཡིན། མེ་མ་ཡིན། རླུང་ཁམས་མ་ ཡིན། ནམ་མཁའི་ཁམས་མ་ཡིན། རྣམ་ཤེས་ཀྱང་མ་ཡིན་ཏེ། ཁམས་དྲུག་པོ་ཀུན་མ་ཡིན་ན་ ནི། དེ་ལས་གཞན་དུ་སྐྱེས་བུ་རྫས་གྲུབ་གང་ན་ཡང་དམིགས་སུ་མེད་པའི་ཕྱིར། ཞེས་ཚུལ་དེ་ ལྟ་བུའི་སྒོ་ནས་བདག་མེད་གཏན་ལ་ལེགས་པར་ཕབ་པ་སྟེ། དབུ་མ་རྩ་བ་ཤེས་རབ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་ གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །གལ་ཏེལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་ འགྱུར། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །ཉེ་བར་ལེན་ཉིད་བདག་ མ་ཡིན། །དེ་དག་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླངས་པ་ཅི་ལྟ་བུར། །ཉེ་བར་ལེན་པོ་ ཡིན་པར་འགྱུར། །བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །སྐྱེས་ བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང༌། །ཞེས་རྒྱལ་ཚབ་བྱམས་མགོན་དང་དགོངས་གནད་གཅིག་ པའི་ཚུལ་གྱིས་གང་ཟག་གི་བདག་མེད་གཏན་ལ་ལེགས་པར་ཕབ་ནས་རྒྱལ་བའི་དགོངས་ འགྲེལ་མཛད་པ་ཉིད་ཀྱི་ཕྱིར་རོ། ། ༢ ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ། གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་ལ། དགག་བྱ་ཆོས་བདག་ངོས་ བཟུང་བ་དང༌། བདག་དེ་མེད་པར་གཏན་ལ་འབེབས་ཚུལ་དངོས་གཉིས་ལས། དང་པོ་ནི་ རང་ལུགས་ལ་དགག་བྱ་ཆོས་ཀྱི་བདག་འདོགས་བྱེད་ཀྱི་ཡུལ་ཅན་ཕྱིན་ཅི་ལོག་གི་བློ་ཆོས་ ཀྱི་བདག་འཛིན་དེ་གང་ཡིན་ན། ཡུལ་གང་བཟུང་བདེན་དངོས་སུ་ཞེན་པའམ་ཡུལ་གང་དག་ 2-1-144 འཛིན་བྱ་དངོས་པོ་དམིགས་བྱར་གྱུར་པའི་མཚན་མ་ཆེ་ཆུང་ཅི་རིགས་ཤིག་ཡོད་འཛིན་ཀུན་ ནས་ལྡོག་ཏུ་མི་བཏུབ་པའི་རྣམ་པ་ཅན་གྱི་རང་ཡུལ་ཚུགས་ཐུབ་རང་བཞིན་གྱིས་གྲུབ་པར་ དོན་གྱི་སྣང་ཞེན་དུ་མཚན་མར་དམིགས་མཁན་ཞིག་ཡིན་ལ། དེས་ཇི་ལྟར་སྣང་བཟུང་གི་ འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་རང་ཡུལ་གང་ལ་ལྟོས་མེད་ཀྱི་རྣམ་པ་ཅན་ཚུགས་ཐུབ་པར་ རང་བཞིན་གྱིས་མཚན་མ་ཅི་རིགས་རེས་གཅོད་ཀྱི་རྣམ་པ་ཅན་དུ་གྲུབ་པ་དེ་ག་ཉིད་དེ་སྐབས་ འདིའི་དགག་བྱ་ཆོས་བདག་ཅེས་བྱ་བ་དེ་ཡིན་ནོ། ། གཉིས་པ་བདག་དེ་མེད་པར་གཏན་ལ་འབེབས་ཚུལ་དངོས་ལ། རྟོག་པས་བཏག་ཡོད་ སྤྱིའི་ཕྱོགས་ནས་ཆོས་བདག་བདེན་མེད་དུ་གཏན་ལ་འབེབས་ཚུལ་དང༌། ཀུན་བཏགས་ ཕྱི་དོན་དང་གཞན་དབང་གཉིས་བསྡུས་ཀྱི་ཕྱོགས་ནས་ཆོས་བདག་བདེན་མེད་དུ་གཏན་ལ་ འབེབས་ཚུལ་གཉིས་ལས། དང་པོ་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་བློ་ལ་སྣང་བའི་རང་གི་ འཛིན་སྟངས་ཀྱི་ཡུལ་དེ་མ་ཡིན་ལ་དེར་སྣང་གི་ཆ་འདྲའི་སྤྱི་དེ། ཆོས་ཅན། ཁྱོད་ཇི་ལྟར་སྣང་ བ་ལྟར་གྱི་བདེན་པ་མ་ཡིན་ཏེ། རྟོག་ངོར་ཤར་བའི་རང་ཡུལ་གྱི་སྤྱི་དེ་རང་ཡུལ་དངོས་དེ་ རྣམ་པ་ཀུན་ནས་མ་ཡིན་ཅིང་དོན་གྱི་ཡིན་ལུགས་ན་རང་ཡུལ་དངོས་དང་འབྲེལ་ཅི་ཡང་མེད་ པའི་སྤྱི་སྣང་རྟོག་ངོར་ཤར་ཙམ་ཁོ་ནར་ཟད་པའི་ཕྱིར། རང་གི་གསལ་བ་དུ་མ་ལ་རྗེས་སུ་ འགྲོ་བར་སྣང་བའི་སྣང་བཏགས་གཅིག་ཏུ་འདྲེས་པའི་རིགས་སྤྱི་དེ། ཆོས་ཅན། ཁྱོད་དོན་ལ་ རྗེས་སུ་འགྲོ་བ་པོ་སྣང་ཙམ་ལས་བདེན་པ་གང་ཡང་མེད་དེ། ཁྱོད་གསལ་བ་རྣམས་ལ་རྗེས་ སུ་འགྲོ་བའི་སྤྱི་སྣང་རྟོག་བློའི་སྣང་ཚུལ་གྱིས་བཞག་པ་ཙམ་མ་གཏོགས་དོན་གྱི་གནས་ཚོད་ ལ་རྗེས་འགྲོ་རང་དབང་བའིརྫས་གང་ཡང་མ་དམིགས་པའི་ཕྱིར། མིང་དོན་གྱི་འབྲེལ་བ་ རྣམས། ཆོས་ཅན། བརྡ་སྦྱོར་རྟོག་ངོར་སྣང་བ་ལྟར་དོན་ལ་མི་བདེན་ཏེ་བརྡ་རྟོག་ལ་ནི་མིང་ དོན་གཉིས་དོན་གྱི་གནས་ཚོད་ལ་འབྲེལ་ཞིང་དེ་གཉིས་ངོ་བོ་གཅིག་པར་སྣང་ཡང༌། དེ་སྣང་ 2-1-145 ལུགས་ཇི་བཞིན་དུ་བདེན་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟར་དོན་ལ་བདེན་པ་ཡིན་ན་མིང་མ་ བཏགས་པའི་སྔ་རོལ་ནས་མིང་བློ་སྐྱེ་བར་ཐལ་བ་དང༌། མིང་དུ་མར་འཇུག་པའི་དོན་གཅིག་ དུ་མར་ཐལ་བ་དང༌། མིང་གཅིག་དུ་མའི་དོན་ལ་འཇུག་པ་རྣམས་ཀྱང་གཅིག་ཏུ་ཐལ་བ་སྟེ་ གནོད་བྱེད་དེ་གསུམ་གྱིས་གནོད་པར་འཕགས་པ་ཐོགས་མེད་ཀྱིས་ཐེག་ཆེན་བསྡུས་པར་ བཤད་པའི་ཕྱིར་ཏེ། དེ་ཉིད་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །སོགས་གསུངས་པ་དེའི་ ཕྱིར། དངོས་པོ་རགས་པར་གྲུབ་པ་གང་དག ཆོས་ཅན། ཁྱོད་ཀྱི་གནས་ཚུལ་བདེན་པར་ སྣང་ཡང་བདེན་པ་མ་ཡིན་ཏེ། ཁྱོད་ཆ་ཤས་དུ་མ་འདུས་པ་ལ་གཅིག་ཏུ་འཁྲུལ་བ་ཙམ་ཡིན་ པའི་ཕྱིར་ཏེ། ཆ་ཤས་དུ་མ་གཅིག་ཏུ་བདེན་ན་སྐྱེས་བུའི་ལག་པ་སོགས་ཡན་ལག་གི་ཆ་ཤས་ གཅིག་གཡོ་ན་ལུས་ཐམས་ཅད་གཡོ་བར་ཐལ་བ་སོགས་ཀྱིས་གནོད་པར་རིགས་པའི་དབང་ ཕྱུག་གིས་ཚད་མའི་གཞུང་ལུགས་སུ་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། ལག་སོགས་གཡོ་ན་ ཐམས་ཅད་དག །གཡོ་བར་འགྱུར་ཕྱིར་འགལ་བ་ཅན། །ཞེས་གསུངས་པའི་ཕྱིར། དངོས་པོ་ དག་གི་རྒྱུན་དང་ཚོགས་པ་རྣམས། ཆོས་ཅན། སྣང་ཙམ་ལས་བདེན་པར་མེད་དེ། སྐད་ཅིག་ དུ་མ་སྒྲིགས་ཆགས་སུ་འཇུག་ཙམ་གྱི་རྒྱུན་དང་དངོས་པོ་དུ་མ་འདུས་ཙམ་ལ་ཚོགས་པ་ཞེས་ བཏགས་ཙམ་ལས་རྒྱུན་དང་ཚོགས་པ་རང་རང་གི་ངོ་བོ་བདེན་པ་གང་ཡང་མེད་པའི་ཕྱིར་ཏེ། ཞི་བ་ལྷས། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་ལ་སོགས་བཞིན་བརྫུན། །ཞེས་ ཕྲེང་ལྡོག་དུ་མ་བསྒྲིགས་པའི་རྒྱུད་དང་དམག་མི་མང་པོ་འདུས་པའི་དམག་ཚོགས་སོགས་མི་ བདེན་པའི་རྫུན་པར་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། འདས་མ་འོངས་པའི་དུས་ཞེས་བྱ་བ་ དེ་ཡང༌། ཆོས་ཅན། ཕན་ཚུན་ལྟོས་པ་ཙམ་གྱི་བློས་བཏགས་ཙམ་ཡིན་ཏེ། ད་ལྟ་བ་ལ་ལྟོས་ ནས་སྔ་ཕྱི་གཉིས་སུ་དེ་ལྟར་བློས་བཞག་ཙམ་དུ་ཟད་པའི་ཕྱིར་ཏེ། དེལྟར་དུ་མ་ཟད་པར་ དུས་གཉིས་རང་རང་གི་ངོ་བོ་བདེན་པར་ཡོད་ན་འདས་པ་བདེན་པས་སྐྱེས་ཟིན་སླར་ཡང་སྐྱེ་ 2-1-146 བར་ཐལ་བ་དང་འགག་ཟིན་སླར་ཡང་འཇིག་པ་ཐལ་བ་སོགས་ཀྱིས་གནོད་ཅིང༌། མ་འོངས་ པ་བདེན་པས་རང་དུས་དང་ད་ལྟའི་སྐབས་གཉིས་ཆར་དུ་མ་འོངས་པའི་དངོས་པོ་ཡོད་པས་ འབྲས་བུ་འབྱིན་པར་འགྱུར་བ་སོགས་ཀྱིས་གནོད་པའི་ཡང་ཕྱིར་རོ། ། གཉིས་པ་ཀུན་བཏགས་ཀྱི་ཕྱི་དོན་དང་གཞན་དབང་གཉིས་བསྡུས་ཀྱི་ཕྱོགས་ནས་ཆོས་ བདག་བདེན་མེད་དུ་གཏན་ལ་འབེབས་ཚུལ་ལ། ཕྱི་དོན་བདེན་མེད་དུ་གཏན་ལ་འབེབས་ ཚུལ་དང༌། གཞན་དབང་བདེན་མེད་དུ་གཏན་ལ་འབེབས་ཚུལ་གཉིས་ལས། དང་པོ་ནི། སྣང་ ཞིང་སྲིད་པས་བསྡུས་པའི་ཆོས་འདི་དག་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་ལས་ལོགས་ སུ་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྣང་བ་འདི་རྣམས་བློ་དང་ལྷན་ཅིག་ཁོ་ན་ཉིད་དུ་ དམིགས་པར་ངེས་པའི་ཕྱིར་ཏེ། གཟུགས་སྒྲ་སོགས་ཡུལ་གང་དང་གང་སྣང་བ་ཐམས་ཅད་ སེམས་ཅན་གང་ཡང་རུང་བ་ཞིག་གི་མིག་ཤེས་ལ་སོགས་པའི་རང་རང་སྣང་བའི་ཤེས་པ་རེ་ དང་ལྷན་ཅིག་ཁོ་ནར་དམིགས་པ་ཡིན་གྱི་ཡུལ་གྱི་སྣང་བ་ཁོ་ན་ཡན་གར་དུ་ཡོད་གཏན་ནས་ མི་སྲིད་པའི་ཕྱིར། གཞན་ཡང་འདི་སྣང་གི་དངོས་པོ་རྣམས། ཆོས་ཅན། ནང་སེམས་ཀྱི་སྣང་ ཆའམ་དེའི་བདག་ཉིད་ཡིན་ཏེ། ནང་ཀུན་གཞིའི་སྟེང་གི་བག་ཆགས་སྣ་ཚོགས་པའི་དབང་ གི་ཡུལ་སྣང་སྣ་ཚོགས་ཤར་བ་ཙམ་ལས་ཕྱི་རོལ་གྱི་དོན་གང་ཡང་མེད་པའི་ཕྱིར། དཔེར་ན་ རྨི་ལམ་གྱི་ཡུལ་སྣང་བཞིན་ནོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་ངེས་དོན་དབུ་མའི་ཤིང་རྟ་ཆེན་ པོ་འཕགས་པ་ཐོགས་མེད་ཀྱིས་ཕྱི་དོན་མེད་པའི་ཡིན་ལུགས་དཔེར་ན་དངོས་པོ་མཚོ་ལྟ་བུ་ གཅིག་ཉིད་སྤྱིར་ཡི་དྭགས་རྣམས་ལ་རྣག་ཁྲག་ཏུ་སྣང་བ་དང༌། བྱེ་བྲག་ཡི་དྭགས་ཕྱིའི་སྒྲིབ་ པ་ཅན་ལ་དེ་ཉིད་བྱེ་ཐང་དུ་སྣང་བ་དང༌། ཉ་ལྟ་བུའི་དུད་འགྲོ་ལ་འདུག་གནས་ཁང་བཟང་ དུ་སྣང་བ་དང༌། མི་རྣམས་ལ་རླན་ཞིང་གཤེར་བ་ཆུའི་དངོས་པོར་སྣང་བ་དང༌། ལྷ་རྣམས་ལ་ བདུད་རྩིར་སྣང་བ་དང༌། གཞན་ཡང་ལས་སྣང་སོ་སོ་ལ་སྣང་འོས་ཇི་ལྟར་རིགས་རིགས་སུ་ 2-1-147 དམྱལ་བ་རྣམས་ལ་ཁྲོ་ཆུར་སྣང་བ་སོགས་སྣང་གཞིའི་དངོས་པོ་གཅིག་ལ་སྣང་མཁན་ལས་ སྣང་མི་འདྲ་བ་སོ་སོའི་ཡིད་ཐ་དད་པའི་དབང་གིས་རང་རང་ལ་དེ་དང་དེའི་རྣམ་པར་སྣང་ བའི་ཚུལ་ཡང་དཔེར་ན་འཇིག་རྟེན་པ་ལ་ཅི་ཡང་གོ་མི་ཆོད་པའི་ཤར་ཆ་ཙམ་དུ་ཟད་པ་དངོས་ པོ་མི་འདྲ་བ་སྣ་ཚོགས་གསལ་སྣང་དུ་ཤར་ཙམ་ལྟ་བུ་མ་ཡིན་པར་འགྲོ་བ་རང་རང་ལ་གང་ སྣང་པ་དེ་དང་དེའི་དོན་བྱེད་ནུས་ཅན་དུ་ཡོད་པའི་སྒོ་ནས་རང་རང་ལ་ཕན་གནོད་དེ་ལུགས་ ལྟར་བསྙོན་མེད་དུ་འབྱུང་བ་མ་གཏོགས་ཕྱི་ཡུལ་སྟེང་ནས་གྲུབ་པ་ཅི་ཡང་མེད་པས་ཕྱི་རོལ་ གྱི་དོན་མ་གྲུབ་པར་བཞེད་པའི་ཚུལ་གྱིས་ཞིབ་རྒྱས་སུ་ལེགས་པར་གསུངས་པ་སྟེ། ཐེག་ བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་ གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་སོགས་ཀྱི་སྐབས་དོན་ གོང་སྨོས་ལྟར་དང༌། གཞན་ཡང་འབྲས་བུ་མཆོག་ཐོབ་པ་གང་དག་གི་ཐུགས་ངོར་སྣང་ཚུལ་ ཁྱད་པར་བ་སྣ་ཚོགས་ཡོད་ཚུལ་དང་འཕགས་པའི་མཉམ་བཞག་གིས་གཟིགས་ཚུལ་སོགས་ ཀྱི་རིགས་པ་ཡང་དག་པས་ཕྱི་དོན་མེད་པར་གཏན་ལ་ཕབ་པའི་ཕྱིར། དེ་ལྟར་གྱི་ཕྱི་དོན་མེད་ ཚུལ་སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱིས་ཀྱང་ཕྱི་དོན་བེམ་པོའི་གོང་བུར་རགས་ པ་རྩོམ་བྱེད་གཟུགས་ཅན་གྱི་ཆུང་མཐར་ཐུག་པ་རྡུལ་ཕྲ་རབ་ལའང་དོན་གྱི་ཡིན་ལུགས་ན་ཆ་ མེད་དུ་དཔྱད་མི་བཟོད་པ་ཕྱོགས་བཞི་དང་སྟེང་འོག་གི་ངོས་ཐད་སོ་སོར་བསྟན་པའི་ཆ་དྲུག་ དང༌། དེ་འདྲའི་རེ་རེ་ལའང་ཆ་དྲུག་ཏུ་འགྱུར་བ་ཐུག་མེད་བྱས་ཀྱང་ཆོག་ལ། ཡང་ན་དེ་འདྲའི་ ཕྱོགས་ཆ་དྲུག་པོ་དོན་དམ་པར་རྡུལ་ཕྲ་རབ་ལ་སྦྱར་ན་ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར་དགོས། དེ་ལྟར་ན་ཕྲ་རབ་ཀྱི་རྡུལ་དེ་རྡུལ་དྲུག་གི་ཚོད་དུ་ལོངས་པས་གཟུགས་ཅན་གྱི་ཆུང་མཐར་ ཐུག་པ་མིན་དགོས་དེ་མིན་ན་དེ་ལས་ཆུང་བ་ངོས་འཛིན་དུ་མེད་པས་གོང་བུ་རགས་པ་རྩོམ་ བྱེད་མེད་པར་འགྱུར་ལ་ཡང་ན་ཆ་དྲུག་པོ་དེ་དག་ཀྱང་རྡུལ་ཕྲན་ལ་ཡོད་ཀྱང་གོ་ས་གཅིག་ཁོ་ 2-1-148 ན་ལས་རགས་པར་འགྱུར་མི་དགོས་ན་རྡུལ་ཕྲན་གྱི་ཕྱོགས་དྲུག་པོ་ཀུན་ནས་གཅིག་ཏུ་སོང་ ཞིང་དེ་འདྲ་ཇི་ལྟར་བསགས་ཀྱང་རགས་པའི་དངོས་པོ་ནམ་ཡང་མི་རེད་པར་རྡུལ་མང་པོ་ བསགས་པའི་གོང་བུ་རགས་པའི་ཚད་ཀྱང་རྡུལ་ཕྲན་ཙམ་དུ་འགྱུར་བས་གང་ལྟར་རྡུལ་ཕྲ་ རབ་ཆ་མེད་ཅིག་དོན་ལ་མེད་ཀྱང་བློས་ཆ་ཕྲ་རགས་སུ་ཕྱེ་བ་ཙམ་གྱི་བཏགས་ཡོད་ཡིན་ཚུལ་ གྱིས་ཕྱི་དོན་མེད་པར་སྒྲུབ་པ་ཡིན་ཏེ། ཉི་ཤུ་པའི་རབ་བྱེད་ལས། དྲུག་གི་གཅིག་ཆར་སྦྱར་ བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ ཕྲན་ཙམ་དུ་འགྱུར། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་གཞན་དབང་བདེན་མེད་ དུ་གཏན་ལ་འབེབས་ཚུལ་ནི། ནང་རྣམ་པར་ཤེས་པ་གང་དག་བདེན་པར་མེད་པ་སྟེ། དེ་ ཡང་ཕྱི་དོན་བདེན་པར་མེད་པ་དེ་ལྟར་ན་ནང་རྣམ་ཤེས་ལ་ཕྱི་དོན་དུ་སྣང་བའི་རྣམ་པའི་ཆར་ གྱུར་བའི་གཟུང་རྣམ་དང་འཛིན་རྣམ་གྱི་ཆ་མང་པོ་ཕན་ཚུན་གྲངས་མཉམ་པ་གང་དག་ཀྱང་ བདེན་པར་མེད་པ་ཡིན་ཏེ། དེ་དག་ལའང་རགས་པའི་དངོས་པོ་ལ་ཆ་ཤས་ཀྱིས་དཔྱད་པ་ བཞིན་བྱས་ན་བདེན་པ་གང་ཡང་རྙེད་དུ་མེད་པའི་ཕྱིར། རྣམ་ཤེས་ཀྱི་རྣམ་པ་སྣ་ཚོགས་མང་ པོ་དེ་འདྲ་གཟུང་འཛིན་གཉིས་སུ་མེད་པར་རྣམ་པ་གཅིག་གི་ཚུལ་དེ་ཡང་མི་བདེན་ཏེ། དེ་ འདྲའི་ཤེས་རྣམ་ལའང་ཆ་དང་ཆ་ཅན་འཐད་པས་ཆ་ཤས་མང་པོ་བདེན་ན་ཆ་ཅན་གཅིག་པ་ བདེན་ཚུལ་མེད་ཅིང༌། ཆ་ཅན་གཅིག་པ་བདེན་ན་ཆ་ཤས་མང་པོ་བདེན་ཚུལ་མེད་པ་གཅིག་ དང་དུ་མ་ཕན་ཚུན་སྤང་པའི་དངོས་འགལ་གྱི་དབང་གིས་ཡིན་པའི་ཕྱིར། རྣམ་ཤེས་ཀྱི་རྣམ་ པ་དེ་འདྲ་གང་ཐད་ནས་མི་བདེན་ཞིང་དེ་མ་ཟད་རྣམ་པ་དེ་དག་དང་འབྲེལ་བའི་འཛིན་ཆར་ གྱུར་བའི་རྣམ་ཤེས་གསལ་རིག་གི་ངོ་བོ་ཡང་བདེན་པ་མ་ཡིན་ཏེ། མགོན་པོ་ཀླུས། རྣམ་ཤེས་ ལ་སྐད་ཅིག་དུ་མའི་ཆ་ཕྱེས་ནས་བདེན་མེད་དུ་གཏན་ལ་ཕབ་ཅིང་སྐད་ཅིག་མ་དེ་དག་ལས་ ཀྱང་ཇི་ལྟར་སྐད་ཅིག་མ་གཅིག་ལ་ཡང་མཐའི་ཆ་ཡོད་པ་དེ་བཞིན་ཐོག་མའི་ཆ་དང་དབུས་ 2-1-149 ཀྱི་ཆ་སྟེ་གསུམ་དུ་བརྟག་དགོས་ཤིང༌། དེ་ལྟར་གྱི་ཐོག་དབུས་མཐའ་གསུམ་གྱི་སྐད་ཅིག་མ་ རེ་རེ་ལའང་དེ་ལུགས་ལྟར་གསུམ་རེ་བརྟག་པ་སོགས་ཐུག་མེད་ཀྱིས་འཇིག་རྟེན་པའི་རྣམ་ པར་ཤེས་པ་སྐད་ཅིག་མ་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་དགོས་ཚུལ་ཡང་གསུངས་ ཏེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་པ། །དེ་བཞིན་ཐོག་དང་དབུས་ བརྟག་དགོས། །དེ་ལྟར་སྐད་ཅིག་གསུམ་བརྟག་ཕྱིར། །འཇིག་རྟེན་སྐད་ཅིག་གནས་པ་མིན། །ཅེས་པ་ལྟར་གྱི་ཕྱིར་རོ། །དེ་དག་ནི་རྣམ་ཤེས་བདེན་གྲུབ་ཏུ་འདོད་པའི་སེམས་ཙམ་རྣམ་ བདེན་རྫུན་གྱི་ཞེ་འདོད་ལྟར་གཞན་དབང་བདེན་དངོས་གང་དུའང་མ་གྲུབ་པའི་ཚུལ་མདོ་ ཙམ་མོ། །དེ་ལྟར་ཀུན་གཞན་གྱིས་བསྡུས་པ་མཐའ་དག་བདེན་མེད་དུ་གཏན་ལ་འབེབས་ ནུས་པའི་དབུ་མའི་གཏན་ཚིགས་ཀྱི་གཙོ་བོ་ནི་རང་ལུགས་ལ་དགག་བྱ་བདེན་གྲུབ་ཀྱི་ངོ་བོ་ འགོག་པ་གཅིག་དུ་བྲལ་གྱི་རིགས་པ་དང༌། ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གི་ རིགས་པ་གཉིས་ཡིན་ཅིང་མུ་བཞི་སྐྱེ་འགོག་དང་རྟེན་འབྲེལ་གྱི་རིགས་པ་གཉིས་རྣམ་གྲངས་ ཙམ་གྱི་གཏན་ཚིགས་སུ་བཞེད་པ་སྟེ། དེ་ཡང་དབུ་མའི་གཞུང་ལུགས་ལས་བྱུང་བའི་གཏན་ ཚིག་དག་གི་རྩ་བར་གྱུར་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བའི་མཆོད་བརྗོད་དུ། གང་ གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་ པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་ བསྟན་པ། །ཞེས་གསུངས་པ་ལྟར། རྩ་བའི་གཏན་ཚིགས་རྣམ་པ་བཞི་སྟེ། དེ་ཡང་ཕྱི་ནང་གི་ དངོས་པོ་འདི་རྣམས་ཆོས་ཅན། མཐར་འགག་པ་དང༌། བར་དུ་གནས་པ་མེད་དེ། དང་པོར་ སྐྱེ་བ་མེད་པའི་ཕྱིར། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས། ཆོས་ཅན། ཐ་དད་དུ་གྲུབ་པ་མིན་ ཏེ། གཅིག་པ་མེད་པའི་ཕྱིར་དང༌། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས། ཆོས་ཅན། འོང་བ་ མེད་དེ་སོང་བ་མ་གྲུབ་པའི་ཕྱིར་དང༌། ཡང་ཕྱི་ནང་གི་དངོས་པོ་འདིརྣམས། ཆོས་ཅན། ཆད་ 2-1-150 པ་མེད་དེ། རྟག་པ་མེད་པའི་ཕྱིར། ཞེས་ཡིན་ལུགས་དཔྱད་ངོར་བཀོད་པ་བཞི་པོ་འདི་རྣམས་ རྩ་བའི་གཏན་ཚིགས་བླ་ན་མེད་པ་ཡིན་ཏེ། དབུ་མའི་གཞུང་གི་གཏན་ཚིགས་ཀྱི་རྣམ་གྲངས་ མཐའ་ཡས་པ་དག་ཀྱང་བཞི་པོ་འདི་རྣམས་ཁོ་ནའི་རྗེས་འབྲང་ཡིན་པའི་ཕྱིར་རོ། །རྩ་བ་དེ་ ལས་བྱུང་བའི་རང་ལུགས་ཀྱི་གཏན་ཚིགས་གཙོ་བོ་གཉིས་སྐབས་འདིར་བཤད་པར་བྱ་སྟེ། དེ་ལ་ངོ་བོ་འགོག་པ་གཅིག་དུ་བྲལ་དང༌། ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གཉིས་ ལས། དང་པོ་ལ། རྩ་སྦྱོར་འགོད་པ། ཕྱོགས་ཆོས་སྒྲུབ་པ། ཁྱབ་པ་སྒྲུབ་པ། སྒྲུབ་ངག་བཀོད་ པ་དང་བཞི་ལས། དང་པོ་ནི། ཕྱི་རྒོལ་ཡང་དག་སྣང་གྲགས་ཀྱི་ཆོས་བདེན་གྲུབ་ཏུ་འཛིན་པའི་ངོར་སྔ་རྒོལ་ གྱིས་གཏན་ཚིགས་འདི་ལྟར་བཀོད་དགོས་ཏེ། ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། རང་གི་ངོ་བོ་བདེན་པར་གྲུབ་པ་མ་ཡིན་ཏེ། དངོས་པོ་འདི་ཀུན་རྣམ་པར་ཤེས་པའི་ཡུལ་སྣང་ གྲགས་ཀྱི་ཆོས་ཡིན་པ་གང་ཞིགབདེན་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར། ཞེས་དེ་ལྟར་བཀོད་པས་ཕྱི་རྒོལ་གྱི་ངོར་དངོས་པོ་རྣམས་བདེན་གྲུབ་ཡིན་སྙམ་པའི་དོགས་པ་ སེལ་ཏེ་རྗེས་དཔག་བསྐྱེད་པར་བཞེད། གཉིས་པ་ཕྱོགས་ཆོས་སྒྲུབ་པ་ནི། ཕྱི་རྒོལ་དེའི་ངོར་སྐབས་དེར་དེ་སྒྲུབ་ཀྱི་རྟགས་དེ་ཆོས་ ཅན་ལ་གྲུབ་ཚུལ་གྱི་ཕྱོགས་ཆོས་མ་ངེས་པ་ལ། སྣང་གྲགས་གཞིར་བཞག་པའི་ཕྱི་ནང་གི་ དངོས་པོ་འདི་རྣམས་བདེན་པའི་གཅིག་ཏུ་མ་གྲུབ་སྟེ། དེ་འདྲའི་དངོས་པོ་གང་ལ་ཡང་ཆ་ཤས་ ཅན་འབའ་ཞིག་ལས་མེད་པ་གང་ཞིག་ཆ་ཤས་དུ་མ་ཅན་ལ་བདེན་པའི་གཅིག་ཏུ་གྲུབ་ཚུལ་ ནམ་ཡང་མི་འཐད་པའི་ཕྱིར། ཕྱི་ནང་གི་དངོས་པོ་འདི་རྣམས་བདེན་པའི་དུ་མར་ཡང་མ་གྲུབ་ སྟེ། བདེན་པའི་དུ་མ་བདེན་པའི་གཅིག་བསགས་པ་ལས་བྱུང་དགོས་པ་གང་ཞིགབསགས་ བྱ་བདེན་པའི་གཅིག་དེ་མ་གྲུབ་ཚུལ་བཤད་མ་ཐག་པ་ལྟར་གྱི་ཕྱིར། སྤྱིར་ན་གཅིག་དང་དུ་ 2-1-151 མ་ཕན་ཚུན་སྤང་བའི་དངོས་འགལ་ཡིན་ཏེ། དེ་གཉིས་ཡིན་པ་དང་གང་ཡང་མ་ཡིན་པའི་ཕུང་ སུམ་ཤེས་བྱ་ལ་མི་སྲིད་པའི་ཕྱིར་རོ། །དེས་སྐབས་ཀྱི་རྒོལ་བའི་ངོར་བདེན་པའི་གཅིག་མེད་ པས་བདེན་པའི་དུ་མ་ཡང་མ་གྲུབ་པ་ཙམ་དུ་མ་ཟད་བློས་བཏགས་ཙམ་གྱི་དུ་མ་སྣང་བ་ནི་ རང་ངོས་ནས་མེད་བཞིན་སྣང་བའི་རྫུན་པ་ཉིད་དུ་ཡང་གྲུབ་བོ། ། གསུམ་པ་ཁྱབ་པ་སྒྲུབ་པ་ལ། རྗེས་ཁྱབ་སྒྲུབ་པ་དང༌། ལྡོག་ཁྱབ་སྒྲུབ་པ་གཉིས་ལས། དང་པོ་ནི། ཕྱི་རྒོལ་དེའི་ངོར་བདེན་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ཀྱང་དེ་གཉིས་ ལས་གཞན་པའི་བདེན་གྲུབ་ཀྱི་དངོས་པོ་ཞིག་ཏུ་གྲུབ་ཚུལ་སྲིད་དམ་སྙམ་ནས་རྗེས་ཁྱབ་ མ་ངེས་པ་ལ། བདེན་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་ན་རང་བཞིན་གྱིས་བདེན་ པར་མ་གྲུབ་པས་ཁྱབ་སྟེ། བདེན་ཚུལ་དེ་གཉིས་གང་རུང་ལས་གཞན་གང་ཡང་མ་དམིགས་ པའི་ཕྱིར། དེས་སྐབས་ཀྱི་རྒོལ་བའི་ངོར་ཕྱི་ནང་གི་དངོས་པོ་རྣམས་བདེན་པའི་གཅིག་དུ་མ་ གང་རུང་མ་ཡིན་ན་བརྫུན་པས་ཁྱབ་པ་ཉིད་དུ་གྲུབ་བོ། །ཁྱབ་སྒྲུབ་ཀྱི་དཔེ་ནི་མེ་ལོང་ནང་ གི་གཟུགས་བརྙན་དེ་མེ་ལོང་ལས་གཞན་དང་གཅིག་ཏུ་ཡང་མ་གྲུབ་པའི་རྟགས་ཀྱིས་རང་ བཞིན་གྱིས་མ་གྲུབ་པར་སྒྲུབ་པ་ལྟ་བུ་དེའོ། ། གཉིས་པ་ལྡོག་ཁྱབ་སྒྲུབ་པ་ནི། སྐབས་དེའི་ཕྱི་རྒོལ་ངོར་གང་བདེན་པར་གྲུབ་པ་ལ་ བདེན་པའི་གཅིག་དུ་མ་གང་རུང་ཡིན་པས་ཁྱབ་ཚུལ་གྱིལྡོག་ཁྱབ་མ་ངེས་པ་ལ། རང་བཞིན་ གྱིས་བདེན་པར་གྲུབ་པ་ཡིན་ན་བདེན་པའི་གཅིག་དང་དུ་མ་གང་རུང་ཡིན་པ་ལས་འོས་མེད་ པས་ཁྱབ་སྟེ། སྣང་གྲགས་ཀྱི་ཤེས་བྱ་ལ་བདེན་ཚུལ་དེ་གཉིས་ཀྱིས་ཁ་ཚོན་ཆོད་པའི་ཕྱིར། དེའི་སྐབས་དེའི་རྟགས་དེ་སྒྲུབ་ཆོས་ཀྱི་མི་མཐུན་ཕྱོགས་ལ་མེད་པར་ངེས་སོ། ། བཞི་པ་སྒྲུབ་ངག་བཀོད་པ་ནི། སྐབས་དེའི་ཕྱི་རྒོལ་ལ་སྦྱོར་བ་མ་བཀོད་ཀྱང་གང་བདེན་ པའི་གཅིག་དང་དུ་མ་གང་རུང་དང་བྲལ་ན་རང་བཞིན་གྱིས་བདེན་པར་མེད་པས་ཁྱབ། 2-1-152 དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཕྱི་ནང་གི་དངོས་པོ་འདི་ཡང་བདེན་པའི་ གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར། རང་བཞིན་གྱི་བདེན་པར་མེད་ཅེས་སྒྲུབ་པའི་ ངག་ཏུ་བཀོད་པས་ཕྱི་རྒོལ་དེའི་ངོར་ཕྱི་ནང་གི་དངོས་པོ་རང་བཞིན་གྱིས་བདེན་པར་མ་གྲུབ་ པར་ངེས་པའི་རིགས་ཤེས་རྗེས་དཔག་སྐྱེ་བར་བཞེད་དོ། །དེ་ལྟར་གཅིག་དུ་བྲལ་གྱི་རིགས་ པ་ལ་ངོ་བོ་འགོག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིགས་པ་དེ་དགག་བྱ་བདེན་དངོས་ ཀྱི་ངོ་བོ་འགོག་བྱེད་ཀྱི་གཏན་ཚིགས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའིཕྱིར། གཉིས་པ་ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་ལ། རྩ་སྦྱོར་འགོད་པ། ཕྱོགས་ཆོས་ སྒྲུབ་པ། ཁྱབ་སྒྲུབ། སྒྲུབ་ངག་བཞི་ལས། དང་པོ་ནི། ཕྱི་ནང་གི་དངོས་པོ་འདི་རྣམས། ཆོས་ ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། རང་བཞིན་གྱི་བདག་ལས་ཀྱང་མི་སྐྱེ། གཞན་ལས་ཀྱང་ མི་སྐྱེ། གཉིས་ཀ་ལས་ཀྱང་མི་སྐྱེ། རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར། ཞེས་པའི་རྩ་སྦྱོར་འགོད་ པའོ། ། གཉིས་པ་ཕྱོགས་ཆོས་སྒྲུབ་པ་ནི། མིག་སོགས། ཆོས་ཅན། རང་བཞིན་གྱིས་བདག་ལས་ མི་སྐྱེ་སྟེ། མིག་སོགས་བདག་ཉིད་གྲུབ་ཟིན་སླར་ཡང་སྐྱེ་མི་དགོས་པ་གང་ཞིགབདག་ཉིད་མ་ གྲུབ་པའི་སྔོན་དུ་བདག་ཉིད་སྐྱེད་བྱེད་དུ་གྲུབ་པ་འགལ་བའི་ཕྱིར། གཞན་ཡང་དེ། ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཁྱོད་སྐྱེ་བ་རྐྱེན་གཞན་ལ་ལྟོས་པ་མངོན་སུམ་དུ་མཐོང་ བའི་ཕྱིར། ཡང་མིག་སོགས། ཆོས་ཅན། རང་བཞིན་གྱི་གཞན་ལས་སྐྱེ་བ་ཡང་མ་ཡིན་ཏེ། རང་ གི་རྒྱུར་རུང་བའི་ས་བོན་ལ་ལྟོས་པའི་ཕྱིར། གཞན་ཡང་དེ། ཆོས་ཅན། དོན་དམ་པར་གཞན་ ཞིག་ཟིན་དང་མ་ཞིག་པ་གང་ལས་ཀྱང་སྐྱེ་མི་རིགས་ཏེ། ཞིག་ཟིན་གྱི་རྒྱུ་གཞན་ལས་དོན་ དམ་པར་སྐྱེ་ན་རྒྱུ་མེད་ལས་སྐྱེ་བར་ཐལ་བ་དང་མ་ཞིག་པའི་རྒྱུ་གཞན་ལས་དོན་དམ་པར་སྐྱེ་ ན་རྒྱུ་འབྲས་དུས་མཉམ་དུ་འགྱུར་བའི་ཕྱིར། ཡང་མིག་སོགས། ཆོས་ཅན། རང་བཞིན་གྱིས་ 2-1-153 བདག་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། གཉིས་ཀ་ལས་སྐྱེ་ན་གོང་ལྟར་གྱི་སྐྱོན་ འཇུག་ཅིང༌། གོང་བཞིན་བདག་སྐྱེ་གཞན་སྐྱེ་ཁེགས་ན་འདིར་ཡང་གཉིས་སྐྱེ་ཤུགས་ལའང་ ཁེགས་པའི་ཕྱིར། ཡང་མིག་སོགས། ཆོས་ཅན། རྒྱུ་མེད་ལས་སྐྱེ་བ་ནམ་ཡང་མི་འཐད་དེ། དེ་ ལྟར་སྐྱེ་ན་དུས་རྟག་ཏུ་སྐྱེ་བར་ཐལ་བའམ་ནམ་གྱི་ཚེ་ཡང་འབྲས་བུ་མི་སྐྱེ་བར་ཐལ་བའི་ཕྱིར། གཞན་ཡང་མིག་སོགས་དངོས་པོ་རྣམས་རྒྱུ་མེད་ཡིན་པ་ནི་ཤིན་ཏུ་འགལ་ཏེ། དངོས་རྣམས་ རེས་འགའ་སྐྱེ་བར་མངོན་སུམ་དུ་མཐོང་བ་གང་ཞིག་དེ་དག་རང་རྒྱུ་ལས་སྐྱེ་བར་ཡང་འཇིག་ རྟེན་ཀུན་ན་གྲགས་པའི་ཕྱིར་རོ། ། གསུམ་པ་ཁྱབ་སྒྲུབ་རྗེས་ལྡོག་གཉིས་ནི། མཐའ་བཞི་གང་རུང་ལས་མི་སྐྱེ་ན་རང་བཞིན་ གྱིས་སྐྱེ་བ་མེད་པས་ཁྱབ་སྟེ། དངོས་པོར་ངོ་བོ་ཉིད་ཀྱིས་སྐྱེ་ན་མཐའ་བཞི་པོ་གང་ཡང་རུང་བ་ ལས་སྐྱེ་བར་ངེས་པའི་ཕྱིར། རང་བཞིན་གྱིས་སྐྱེ་ན་མཐའ་བཞི་གང་རུང་ལས་སྐྱེས་དགོས་པ་ ལས་གཞན་དུ་རིགས་པ་མིན་པས་ཁྱབ་སྟེ། སྣང་གྲགས་ཀྱི་དོན་དམ་པར་སྐྱེ་ཚུལ་དེ་བཞི་གང་ རུང་དུ་ངེས་པ་ཡིན་པའི་ཕྱིར་རོ། ། བཞི་པ་སྒྲུབ་ངག་ནི། གང་མཐའ་བཞི་ལས་མི་སྐྱེ་ན་རང་བཞིན་གྱིས་སྐྱེ་བ་མེད་པས་ ཁྱབ། དཔེར་ན་རུས་སྦལ་གྱི་སྤུ་བཞིན། ཕྱི་ནང་གི་དངོས་པོ་འདི་དག་ཀྱང་མཐའ་བཞི་ལས་ སྐྱེ་བ་མེད་པའི་ཕྱིར། རང་བཞིན་གྱིས་སྐྱེ་བ་མེད་ཅེས་པ་སྟེ། དེ་ཡང་མཐའ་བཞི་ལས་མི་ སྐྱེ་བའི་རྟགས་གྲུབ་པའི་དུས་ན་ཕྱི་རྒོལ་དེའི་ངོར་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་གྲུབ་ ཟིན་པ་ཡིན་ཡང༌། སྒྲུབ་ངག་དེ་འདྲ་བཀོད་དེ་ཚུལ་གསུམ་རྟགས་ལམ་དུ་འཕང་བ་ན་མཐའ་ བཞི་པོ་ལས་མི་སྐྱེ་བ་དེ་ལ་རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་ཐ་སྙད་སྒྲུབ་པར་བྱེད་ཅེས་རང་ ལུགས་སུ་བཞེད་པས་འདི་དང་གོང་གི་སྐབས་སུའང་དེ་ལུགས་ལྟར་རོ། །དེ་འདྲའི་མཐའ་ བཞི་སྐྱེ་འགོག་གི་རིགས་པ་ལ་ཁྱད་པར་འགོག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིགས་ 2-1-154 པ་དེ་དགག་བྱ་བདེན་གྲུབ་ཀྱི་ཁྱད་པར་འགོག་བྱེད་ཀྱི་གཏན་ཚིགས་ཡིན་པའིརྒྱུ་མཚན་གྱིས་ དེ་ལྟར་བརྗོད་པའི་ཕྱིར། ཆོས་བདག་མེད་པར་སྒྲུབ་པའི་རིགས་པའི་གཙོ་བོ་དེ་གཉིས་རང་ ལུགས་སུ་རིགས་པའི་དབང་ཕྱུག་གི་གཞུང་དང་མཐུན་པར་ཐ་སྙད་སྣང་ཙམ་མི་བསླུ་བའི་ སྟེང་ནས་འཇོག་པ་ལས་གཞན་རྟེན་འབྲེལ་དང་མུ་བཞི་སྐྱེ་འགོག་གི་རིགས་པ་སོགས་མི་ འཇོག་པ་ཡང་རྟེན་འབྲེལ་ལྟོས་གྲུབ་ཀྱི་རིགས་པ་དེ་ཀུན་བཏགས་ཀྱི་ཆོས་རྣམས་ཁེགས་ བྱེད་ཡིན་མོད། གཞན་དབང་དངོས་པོའི་ངོ་བོ་དཔྱོད་བྱེད་སྟོབས་ལྡན་མིན་པ་དང་མུ་བཞི་ སྐྱེ་འགོག་གི་རིགས་པ་སོགས་ཀྱང་འཕྲོས་དོན་ཕྲ་མོ་ཙམ་ཡིན་པས་གཏན་ཚིགས་ཀྱི་གཙོ་ བོ་མ་ཡིན་པར་བཞེད་ཅིང༌། སྤྱིར་ཆོས་ཐམས་ཅད་དེ་འདྲའི་གང་ཟག་དང་ཆོས་ཀྱི་བདག་ མེད་པ་ཡིན་པས་བདག་མེད་གཉིས་ཀྱི་དགག་བྱའི་ཁྱད་པར་ཡང་ང་བདག་དང་བདེན་གྲུབ་ ཀྱི་དགག་བྱ་ལྡོག་ཕྱོགས་ནས་བདག་མེད་དེ་གཉིས་འཇོག་ལ། དེ་ཡང་ཀུན་རྫོབ་གཟུང་ འཛིན་གྱིས་བསྡུས་པ་གང་དག་ལ་དགག་བྱ་དེ་གཉིས་ཀྱིས་སྟོང་ཙམ་ནི་བདག་གཉིས་ཀྱི་ སྟོང་པ་རྣམ་གྲངས་ཙམ་དང་བདག་གཉིས་ཀྱིས་བསྡུས་པའི་ཀུན་རྫོབ་མཐའ་དག་གིས་སྟོང་ པའི་གཞི་དབྱིངས་དེ་བཞིན་ཉིད་དེ་དོན་དམ་པའི་སྟོང་ཉིད་དངོས་ཡིན་པས་དེ་ལུགས་ལྟར་ གྱི་སྟོང་གཞི་ཡང་ཆོས་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་གང་ཟག་བདག་གི་སྤྲོས་པ་ དྭངས་པའི་རྟག་པ་ཡིན་པའི་ལྡོག་ཆ་ནས་གང་ཟག་གི་བདག་མེད་ཀྱི་སྟོང་གཞི་དང་གནས་ ལུགས་དོན་དམ་པ་དེ་ཉིད་ཆོས་བདག་སྤྲོས་ཚོགས་ཀྱི་མ་གོས་པའི་རྣམ་པ་ཀུན་ལྡན་ཤེས་བྱ་ ཐམས་ཅད་ལ་ཁྱབ་པའི་རང་བཞིན་ཡིན་པའི་ལྡོག་ཆ་ནས་ཆོས་བདག་མེད་པའི་སྟོང་གཞིར་ འཇོག་པའང་ཡིན་ནོ། ། དེ་ལྟར་མདོ་ཙམ་བཤད་པའི་བདག་མེད་གཉིས་རིགས་པས་གཏན་ལ་འབེབས་ཚུལ་ནི། ཕར་ཕྱིན་ཐེག་པར་སློབ་པ་དག་གིས་ཐོག་མར་ཀུན་རྫོབ་མཐའ་དག་ལ་མཚན་འཛིན་རགས་ 2-1-155 པ་གཅོད་བྱེད་ཀྱི་ཐབས་ཡིན་ཞིང༌། དེ་ནས་སྤྲོས་བྲལ་རྣམ་པར་མི་རྟོག་པས་གཞིའི་གནས་ ལུགས་ངེས་པ་དོན་དམ་གྱི་མི་རྟོག་ཡེ་ཤེས་ཆེན་པོའི་དབྱིངས་དེ་གར་མཉམ་བཞག་གཅིག་ ཆོད་ཀྱིས་ཡེ་གཞི་བདེ་གཤེགས་སྙིང་པོ་ནང་དབྱིངས་ཆོས་སྐུའི་རང་ཞལ་ རིམ་པས་མཇལ་དགོས་པ་ཡིན་ནའང་འདིའི་ཚུལ་འོག་སྔགས་ལམ་གྱི་སྐབས་སུ་ཅུང་ ཟད་འབྱུང་བར་འགྱུར་རོ། །འདི་དག་ལ་བཤད་དགོས་མང་ཡང་ཡི་གེར་འཇིགས་སོ། ། (༢) རྟོགས་བྱེད་ལམ་གྱི་ཡིན་ལུགས་བཤད་པ། གཉིས་པ་རྟོགས་བྱེད་ལམ་གྱི་ཡིན་ལུགས་བཤད་པ་ལ། མངོན་རྟོགས་རྡོ་རྗེའི་གནས་ པའི་ལམ་གྱིས་ཡེ་གཞི་ཆོས་སྐུ་མངོན་དུ་བྱེད་ཚུལ་དང༌། ལམ་དང་སའི་རིམ་པ་བགྲོད་ཚུལ་ གྱིས་ཡེ་གཞི་ཆོས་སྐུ་མངོན་དུ་བྱེད་ཚུལ་གཉིས་ལས། [༡]མངོན་རྟོགས་ལམ་གྱིས་ཆོས་མངོན་བྱེད་ཚུལ། དང་པོ་ལ། མངོན་པར་རྟོགས་པ་བརྒྱད་ཀྱི་ལམ་ལས་ཆོས་སྐུ་མངོན་བྱེད་ཚུལ་དང༌། རྡོ་ རྗེའི་གནས་པ་བདུན་གྱི་ལམ་ལས་ཆོས་སྐུ་མངོན་བྱེད་ཚུལ་གཉིས་ལས། དང་པོ་ནི། བཀའ་ འཁོར་ལོ་བར་བ་ཤེར་ཕྱིན་གྱི་མདོ་སྡེ་རྣམས་དང་དེ་དག་གི་དགོངས་འགྲེལ་ཁྱད་འཕགས་ ཀྱི་གཞུང་ལུགས་དག་གི་ཤིན་ཏུ་གསང་ཞིང་སྦས་པའི་དོན་མཐར་ཐུག་པ་ནི་འཁོར་འདས་ དག་མཉམ་གྱི་ཡེ་གདོད་མ་ནས་བཞུགས་པའི་ཀུན་ཁྱབ་དོན་དམ་པའི་ཡེ་ཤེས་ཆོས་ཀྱི་སྐུ་ གཞི་འབྲས་དབྱེར་མེད་ཀྱི་འོད་གསལ་ཆོས་ཉིད་བདེ་གཤེགས་སྙིང་པོ་གནས་ལུགས་ངེས་ པ་དོན་གྱི་མཁྱེན་པ་གསུམ་ངོ་བོ་ནམ་ཡང་དབྱེར་མེད་པ་ཅན་གྱི་བདག་ཉིད་དེ་ཁོ་ན་ཉག་ མ་གཅིག་ཏུ་ངེས་པ་ཡིན་ལ། དེ་འདྲའི་གཞིའི་དོན་དམ་པའི་གནས་ལུགས་དེ་ནི་གཞི་ཤེར་ ཕྱིན་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་མཁྱེན་པ་གསུམ་ 2-1-156 ངོ་བོ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ཉིད་དང༌། གང་ཟག་སོ་སོའི་རྒྱུད་ལ་ཡོད་པ་ངོ་བོ་ཐ་ དད་པའི་མཁྱེན་པ་གསུམ་གང་ཡིན་པ་དེ་གཉིས་རྟེན་དང་བརྟེན་པ་ཡིན་པས་སྔ་མ་ནི་གང་ ལ་བསླབ་པར་བྱ་བའི་གཞིའམ་ཡུལ་མཁྱེན་པ་གསུམ་ཡིན་ཅིང༌། ཕྱི་མ་དེ་ལ་འཇུག་པའམ་ སློབ་པར་བྱེད་པའི་ཐབས་མཁྱེན་པ་གསུམ་ཡིན་ནོ། །དེས་ན་གཞི་དབྱིངས་དོན་དམ་གཉུག་ མ་རང་བྱུང་གཞི་འབྲས་དབྱེར་མེད་ཀྱི་ཆོས་ཉིད་ཡེ་བཞུགས་མཁྱེན་གསུམ་ངོ་བོ་གཉིས་མེད་ ཀྱི་འགོག་བདེན་དེ། ཆོས་ཅན། གང་ཟག་སོ་སོས་སྦྱོར་བཞིའི་ལམ་སྒོམ་སྟོབས་ཀྱིས་ལམ་ བདེན་མཐར་ཐུག་གི་མཁྱེན་གསུམ་གསར་བྱུང་གི་ཚུལ་གྱིས་གདོད་མ་ཆོས་ཉིད་དོན་དམ་ པའི་མཁྱེན་གསུམ་འབྲས་བུ་ཆོས་སྐུའི་རྣམ་པར་ཇི་བཞིན་མངོན་དུ་གྱུར་ཚུལ་ཡོད་དེ། ལམ་ སྒོམ་པ་པོ་གང་དག་གིས་ཐོག་མར་ཐོབ་བྱ་གནས་ལུགས་མཐར་ཐུག་གི་མཁྱེན་གསུམ་ལས་ ཤར་བའི་ལམ་བདེན་མཐར་ཐུག་གི་མཁྱེན་པ་མ་ལུས་ཤིང་ལུས་པ་མེད་པའི་ཤེས་བྱ་ཐམས་ ཅད་ཀྱི་རང་རང་སོ་སོའི་ངོ་བོ་འབྲས་བུ་རྒྱུ་རྐྱེན་བཅས་ཀྱི་ཡིན་ལུགས་མ་ལུས་པ་དེ་དག་ཡེ་ ཤེས་གཅིག་གིས་ཅིག་ཅར་མཁྱེན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ཐེག་པ་ཆེན་ པོའི་མཉམ་རྗེས་ཀྱི་ཡེ་ཤེས་ཆེན་པོ་སྐྱེ་འགག་གནས་གསུམ་ལ་སོགས་པའི་སྤྲོས་པ་ཐམས་ ཅད་རང་སར་ཞི་བའི་རྣམ་པའམ་སྤྲོས་པའི་མཚན་མ་སྟོབས་བྲི་ནས་སྤྲོས་མེད་དང་འདྲ་རུང་ དུ་གྱུར་པ་གང་དག་སོ་སོར་རང་རིག་པའི་ཚུལ་ལམ་རང་གཞན་གྱི་རྣམ་པར་ཇི་བཞིན་ཤེས་ པའི་ལམ་ཤེས་པ་ཉིད་དང༌། གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གང་ཟག་གི་བདག་བྱེད་ པོ་རྟག་དངོས་སོགས་ཀྱིས་གདོད་མ་ནས་ངེས་པར་སྟོང་ཞིང་དེ་འདྲའི་བདག་མེད་པ་ཇི་ལྟ་བ་ བཞིན་ཤེས་པའི་གཞི་ཤེས་པ་ཉིད་དང་དེ་འདྲའི་མཁྱེན་པ་གསུམ་ཐོབ་བྱར་དམིགས་ཏེ་ཀུན་ རྫོབ་ཀྱི་མཁྱེན་པ་གསུམ་གྱི་རྣམ་པ་རང་བཞིན་གདོད་ནས་སྟོང་པར་མཚུངས་ཀྱང་མཁྱེན་ གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་སོ་སོའི་མཚན་ཉིད་མི་འདྲ་བ་རྣམས་མ་འདྲེས་ཤིང་མ་ 2-1-157 འཛིངས་པར་བློས་རྟོགས་ནས་ཐམས་ཅད་སྤྲོས་པ་དང་བྲལ་བར་རོ་སྙོམ་ཤིང་སེམས་དངོས་ པོ་གང་ལ་ཡང་མི་གནས་པར་ཡིད་ལ་མི་བྱེད་པའི་ཚུལ་གྱིས་མཁྱེན་རྣམ་ཡོངས་སུ་རྫོགས་ པར་སྒོམ་པའི་རྣམ་རྫོགས་སྦྱོར་བ་དང༌། དེ་འདྲའི་རྣམ་པ་ཡོངས་རྫོགས་བསྡུས་སྒོམ་བྱས་པ་ དེ་ཤིན་ཏུ་བྱང་བས་ཤུགས་འབྱུང་ལ་འཇུག་པའི་སྐབས་དེའི་ཡོན་ཏན་རྣམས་སྒྲུབ་ཅིང་རྣམ་ པ་གཅིག་ལ་ཡང་རྟོགས་ཚུལ་མི་འདྲ་བ་དུ་མའི་སྒོ་ནས་ཤེས་རབ་ཀྱི་སྣང་བ་སྤེལ་བའི་ཕྱིར་ སྒོམ་པའི་རྩེ་མོའི་སྦྱོར་བ་དང༌། ཚུལ་དེ་ལུགས་ཀྱི་བསྡུས་སྒོམ་ཁྱད་པར་བ་དེ་ཉིད་མ་ཉམས་ བཞིན་ཏུ་རིམ་པ་མི་འདྲ་བ་སྣ་ཚོགས་ལ་བསླབས་པས་སྔར་ལས་ཆེས་འཕེལ་བའི་རྒྱུན་དེ་ ཉིད་བྱང་ཞིང་བརྟན་པར་བྱེད་པའི་མཐར་གྱིས་སའི་སྦྱོར་བ་དང༌། དེ་ལྟར་དུ་ཡུན་རིང་པོར་ ཡང་ཡང་སྒོམ་པས་ནམ་ཞིག་གི་མཐར་སྤྲོས་པ་དང་བྲལ་བ་རབ་ཏུ་ཞི་བ་རབ་ཏུ་དབེན་པའི་ ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ཀྱང་ཅིག་ཅར་ཤེས་པའི་ ནུས་པ་ཐོབ་པས་ལམ་གྱིས་བསྡུས་པའི་ཡེ་ཤེས་དང་ཡོན་ཏན་དང་དགེ་བའི་ཆོས་ཐམས་ ཅད་ཀྱི་ངོ་བོར་གྱུར་ཅིང་འབྲས་བུ་སངས་རྒྱས་ཀྱིས་བསྡུས་པའི་ཆོས་རྣམས་ཀྱི་རྣམ་ཆ་མཐའ་ དག་གཟུགས་བརྙན་གྱི་ཚུལ་དུ་ཤར་བས་ཆོས་ཐམས་ཅད་སྐད་ཅིག་གཅིག་གིས་རྟོགས་ནུས་ པའི་སློབ་པའི་ལམ་མཐར་ཐུག་པ་སྐད་ཅིག་མའི་སྦྱོར་བ་དང་དེ་འདྲའི་སྦྱོར་བ་བཞིའི་སྒོ་ ནས་ཤེས་བྱ་མཐའ་དག་གི་གནས་ལུགས་ཡེ་གདོད་མ་ནས་བཞུགས་པའི་བརྟན་གཡོ་ཀུན་ ཁྱབ་རང་བྱུང་དོན་དམ་པའི་ཡེ་ཤེས་ཆོས་སྐུ་དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་ཀུན་དང་བྲལ་ ནས་ཇི་བཞིན་མངོན་དུ་གྱུར་པ་ན་ཡོན་ཏན་དང་དགེ་ཆོས་མ་ལུས་པ་གཅིག་ཏུ་འདུས་པའི་སྤྱི་ གཟུགས་རྒྱལ་བ་རང་སྣང་ལ་གདོད་ནས་གཞི་འབྲས་དབྱེར་མེད་ཀྱི་ཡིན་ལུགས་ཁོ་ནའི་ཚུལ་ དང་གཞན་སྣང་ངོར་ལམ་བདེན་མཐར་ཐུག་གི་ཡེ་ཤེས་ཆོས་སྐུ་སྐུ་བཞི་མཛད་འཕྲིན་བཅས་ གསར་ཐོབ་ཀྱི་ཚུལ་ཙམ་དུ་འབྲས་བུ་ཆོས་ཀྱི་སྐུ་དེ་ལུགས་ལྟར་ལེགས་པར་ཐོབ་པ་ཡིན་པའི་ 2-1-158 ཕྱིར་རོ། །དེས་ན་དོན་དམ་གྱི་གནས་ཚོད་དུ་གཞི་འབྲས་དབྱེར་མེད་ཀྱི་གནས་ལུགས་དོན་ དམ་རང་བྱུང་གི་མཁྱེན་པ་གསུམ་པོ་གཤིས་ནས་དག་མཉམ་ཆེན་པོའི་ངོ་བོར་ཡོད་པ་དེ་ ག་ཉིད་གང་ཟག་སོ་སོས་སྦྱོར་བཞི་སྒོམ་སྟོབས་ཀྱིས་རང་རང་གི་རྒྱུད་ཀྱི་དྲི་མ་ལེགས་པར་ སྦྱངས་པ་ན་འབྲས་བུ་ཆོས་སྐུའི་རྣམ་པར་མངོན་དུ་གྱུར་པ་ཡིན་པར་གྲུབ་བོ། །གཉིས་པ་རྡོ་ རྗེའི་གནས་པ་བདུན་གྱི་ལམ་ལས་ཆོས་སྐུ་མངོན་བྱེད་ཚུལ་ནི། བཀའ་ཐ་མའི་ངེས་དོན་མདོ་ སྡེ་དགོངས་འགྲེལ་གྱི་གཞུང་ལུགས་དང་བཅས་པས་ངེས་པ་དོན་གྱི་ཟབ་གསང་གི་གནད་ཇི་ བཞིན་བཀྲོལ་ཏེ་མ་སྦས་ཤིང་གསལ་བར་བསྟན་པ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ ཐུག་པ་ཡེ་གཞི་ཆོས་ཉིད་བདེ་གཤེགས་སྙིང་པོ་སྟེ། དེ་ཡང་དོན་དམ་པའི་སྐྱབས་གསུམ་ མཐར་ཐུག་པ་མི་གནས་པའིམྱང་འདས་ཡིན་ཞིང་དེ་གང་ལས་ཐོབ་ན་གཞིའི་ཆོས་དབྱིངས་ དེ་ཉིད་མངོན་དུ་གྱུར་པའི་སྒོ་ནས་ཐོབ་ཀྱི་སྔར་མེད་གསར་བྱུང་གིས་ཐོབ་པ་མེད་ལ། ཆོས་ དབྱིངས་མངོན་དུ་གྱུར་པ་དེ་ག་ཉིད་བྱང་ཆུབ་ཆེན་པོ་ཡིན་ཞིང་དེ་ཡང་ཉི་མ་དང་འོད་ཟེར་ བཞིན་རྣམ་པར་བྱང་བའི་ཡོན་ཏན་དང་འཕྲིན་ལས་མཐའ་ཡས་པ་རང་ཆས་སུ་ཡོད་པ་ཡིན་ ནོ། ། དེས་ན་སྐྱབས་གནས་མཐར་ཐུག་ཐོབ་པའི་ཚུལ་དེ། ཆོས་ཅན། ས་བོན་ལ་མྱུ་གུ་ལྟར་ སྔར་མེད་གསར་བྱུང་མ་ཡིན་པར་སྤྲིན་སྦུབས་ཀྱི་ཉི་མ་བཞིན་ཡེ་གཞི་ཆོས་ཉིད་ཀྱི་དོན་དམ་ པའི་སྐྱབས་གནས་དེ་སྒྲིབ་བྱེད་ཀྱིདྲི་མ་བྲལ་བ་ན་རང་ཞལ་ཇི་བཞིན་མངོན་དུ་གྱུར་པའི་ཚུལ་ གྱིས་ཇི་ལྟ་བ་བཞིན་ལེགས་པར་ཐོབ་པའི་ཚུལ་ཡོད་པ་ཡིན་ཏེ། དེ་ཡང་ཐོབ་པར་བྱ་བ་རང་ གཞན་གྱི་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་དོན་དང༌། འདོད་ཆགས་དང་ བྲལ་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དམ་པའི་ཆོས་ཀྱི་དོན་དང༌། ཡེ་ཤེས་གཉིས་ དང་ལྡན་པས་ཕྱིར་མི་ལྡོག་པའི་ཚོགས་འཕགས་པའི་དགེ་འདུན་གྱི་དོན་དང༌། དེ་འདྲའི་ 2-1-159 སྐྱབས་གསུམ་པོ་གང་ལས་ཐོབ་ན་གཞི་སེམས་ཅན་གྱི་ཁམས་སམ་དབྱིངས་རང་བཞིན་གྱིས་ རྣམ་པར་དག་པ་འོད་གསལ་གདོད་ནས་བཞུགས་པའི་ཆོས་སྐུ་རང་གཤིས་ལ་དྲི་མ་གང་གིས་ གོས་མ་མྱོང་ཡང་སེམས་ཅན་གྱི་ཤེས་རྒྱུད་ཀྱི་དྲི་མའི་དབང་གིས་མཐོང་མ་ནུས་པ་ལ་གཉེན་ པོ་ལམ་བདེན་བསྐྱེད་དེ་གློ་བུར་གྱི་དྲི་མ་བསལ་བར་བྱས་པ་ན་གཞི་དབྱིངས་ཉིད་བླ་མེད་ བྱང་ཆུབ་མཆོག་གི་ངོ་བོར་མངོན་དུ་གྱུར་ནས་དེ་དང་རང་ཆས་སུ་འབྲེལ་བའི་དོན་དམ་པའི་ སྟོབས་བཅུ་སོགས་བྲལ་བའི་ཡོན་ཏན་དང་མཚན་བཟང་སོགས་སྨིན་པའི་ཡོན་ཏན་མཐའ་ དག་དང་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ནམ་ཡང་རྒྱུན་མི་ཆད་པ་དང་བཅས་པ་རྣམས་ཀྱང་ ཀུན་ནས་རྣམ་པ་ཐམས་ཅད་པའི་ཚུལ་དུ་དེ་བཞིན་གཤེགས་པ་ཉིད་ཀྱི་རང་སྣང་ངོར་ཇི་ བཞིན་གཟིགས་ཏེ་གཞི་འབྲས་དབྱེར་མེད་ཉིད་དུ་མངོན་པར་བྱང་ཆུབ་ཅིང་དོན་དམ་པའི་ སངས་རྒྱས་དེ་ལུགས་ལྟར་གདོད་ནས་བསལ་བཞག་མེད་པ་དེ་ག་ཉིད་ལེགས་པར་མངོན་དུ་ གྱུར་པ་ཉིད་ཀྱི་ཕྱིར། དེས་ན་འཐོབ་བྱ་མཐར་ཐུག་ཐོབ་པ་ཡང་དོན་གྱི་གནས་ཚོད་ལྟར་ན་ཡེ་ བཞུགས་གཞི་དབྱིངས་ཆོས་སྐུ་ཉིད་མངོན་དུ་གྱུར་པ་ལས་ལོགས་ཀྱི་ཐོབ་བྱ་བཙལ་དུ་མེད་ ངེས་སུ་ལེགས་པར་གྲུབ་བོ། །དེ་དག་གིས་མངོན་རྒྱན་དང་རྒྱུད་བླའི་དགོངས་པ་གཅིག་ཏུ་ བསྒྲུབས་ཁུལ་བགྱིས་སོ། ། [༢] ལམ་དང་སའི་རིམ་པ་བགྲོད་ཚུལ། གཉིས་པ་ལམ་དང་སའི་རིམ་པ་བགྲོད་ཚུལ་གྱིས་ཡེ་གཞི་ཆོས་སྐུ་མངོན་དུ་བྱེད་ཚུལ་ ལ། ལམ་གྱི་བགྲོད་ཚུལ་གྱིས་མངོན་བྱེད་ཚུལ་དང༌། སའི་བགྲོད་ཚུལ་གྱིས་མངོན་བྱེད་ཚུལ་ གཉིས་ལས། <༡>ལམ་གྱི་བགྲོད་ཚུལ་མངོན་བྱེད། 2-1-160 དང་པོ་ནི། དེ་ལྟར་གོང་དུ་བཤད་པའི་གཞིའི་སྐབས་ལྟར་གཞི་འབྲས་དབྱེར་མེད་ཀྱི་ དོན་དམ་ཆོས་སྐུ་དེ་མི་གནས་པའི་མྱང་འདས་མཐར་ཐུག་ཡིན་པས་དེ་ཇི་བཞིན་མངོན་དུ་ གྱུར་པ་ལས། ལོགས་ཀྱི་བླ་མེད་བྱང་ཆུབ་ཀྱི་གོ་འཕང་ཞེས་བྱ་བ་གཞན་ཐག་རིང་པོ་ནས་ འཐོབ་བྱ་ཞིག་ལོག་ལོག་པོ་ཅི་ཡང་མེད་པས་དེ་འདྲའི་གཞིའི་ཆོས་སྐུ་དེ་སེམས་ཅན་རང་ ག་བའི་དུས་སུ་སྒྲིབ་བྱེད་གང་གིས་སྒྲིབ་ན་གློ་བུར་གྱི་དྲི་མ་རྣམ་ཤེས་ཚོགས་བརྒྱད་ཀྱིས་ བསྡུས་པའི་གཞན་དབང་གང་དག་དང་རྩ་བའི་རྣམ་ཤེས་ཀྱིས་བག་ཆགས་སྣ་ཚོགས་འཛིན་ པའི་དབང་གིས་ཕྱི་རོལ་གྱི་དོན་མི་འདྲ་བ་མང་པོར་ཀུན་བཏགས་པའི་སྣང་ཆ་རྣམས་ཀྱིས་ གཞིའི་ཆོས་སྐུ་མཐོང་བ་ལ་གེགས་བྱས་ཏེ་སྒྲིབ་བྱེད་ཀྱི་དྲི་མར་གྱུར་པ་ཡིན་ལ། དེ་ལྟར་ན་ ཆོས་སྐུ་མངོན་དུ་བྱ་བར་འདོད་པའི་གྲོལ་བ་དོན་དུ་གཉེར་བ་གང་དག་གིས་ནི་དེ་འདྲའི་དྲི་ མ་རྣམས་སེལ་བྱེད་ཀྱི་ཐབས་ལ་ངེས་པར་བརྩོན་དགོས་ཤིང༌། ཐབས་དེ་ཡང་ཇི་ལྟ་བུ་ཞིག་ དགོས་ན་འཁྲུལ་བ་ཅན་རྣམ་པར་ཤེས་པ་དང་རྣམ་ཤེས་དེ་དག་གི་སྣང་ཆ་ཀུན་བཏགས་པ་ མཐའ་དག་གཞོམ་ཐུབ་པ་ཞིག་དགོས་པ་ལ་དེ་འདྲ་གཞོམ་བྱེད་ཀྱང་ལས་དང་པོ་བ་རྣམས་ ཀྱིས་ཐོག་མར་ཀུན་རྫོབ་ཕྱོགས་ཀྱི་གཞན་དབང་ཀུན་བཏགས་གཉིས་བསྡུས་ཀྱི་ཆོས་མཐའ་ དག་མཚན་མ་བདེན་དངོས་སུ་བདག་འཛིན་གཉིས་ཀྱིས་ཞེན་པར་བྱས་ནས་རང་རང་གི་ ཡུལ་ཡང་དེའི་འཆར་ཚུལ་ཅི་རིགས་ལས་ཤར་བའི་དེ་ལུགས་ལྟར་རང་ཚུགས་ཐུབ་པའི་ འཁྲང་ཐང་ངེ་བ་ཉིད་དུ་ཤར་འོང་བ་ཡིན་ཅིང༌། དེ་འདྲའི་རང་ཡུལ་དུ་སྣང་བའི་ཆ་གང་དག་ ནི་བདག་འཛིན་གཉིས་ཀྱི་འཛིན་སྟངས་ཀྱི་ཡུལ་ཕྱིན་ཅི་ལོག་དགག་བྱ་བདག་ཅེས་བྱ་བ་ དེ་ཡིན་ལ། དགག་བྱ་དེ་དག་ནི་དོན་ལ་མེད་པ་ཡིན་ཡང་མེད་པ་ལ་ལོག་འཛིན་གྱི་འཁྲུལ་ དབང་གིས་སྣང་ཆ་ཡིན་པས་དེ་དག་རང་རང་གི་ངོ་བོ་དོན་གྱི་སྡོད་ལུགས་ལ་ཅི་ཡང་མེད་ པས་ཀུན་རྫོབ་དེ་རྣམས་རང་ངོས་ནས་མ་གྲུབ་པའང་ཡིན་ཞིང༌། དེ་ལྟ་བུའི་ཀུན་རྫོབ་འཁྲུལ་ 2-1-161 བའི་ཡུལ་ཡུལ་ཅན་མ་ལུས་པ་དོན་དམ་གཟིགས་པའི་ངོ་ན་རང་རང་གི་ངོ་བོ་ནམ་ཡང་མེད་ ངེས་ཀྱི་འཁྲུལ་སྣང་ཁོ་ན་ཡིན་པས་གནས་ལུགས་ཆོས་སྐུ་མངོན་དུ་གྱུར་པ་ལ་ཡོད་མི་རུང་བ་ དེ་འདྲའི་སྒྲིབ་བྱེད་ཀྱི་དྲི་མ་རང་བཞིན་གཤིས་ལ་གདོད་ནས་མ་ཞུགས་པའི་གློ་བུར་བ་སྣང་ ཙམ་བདེན་མེད་རྟེན་འབྱུང་སྒྱུ་མ་ལྟ་བུའི་གནས་ཚུལ་གང་དག་གི་རྩ་བ་ནི་བློས་བྱས་རྣམ་ པར་རྟོག་པ་ཕྲ་རགས་ལ་ཐུག་ཕྱིར་དེ་ལེགས་པར་བསལ་བྱེད་ཀྱི་ལམ་མཆོག་ནི་སློབ་པས་ གསར་དུ་བསྐྱེད་པའི་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་ཉིད་ཡིན་ཞིང༌། དེ་ཡང་ཐོག་མ་ནས་ ལས་དང་པོ་བ་རྣམས་ཀྱི་རྒྱུད་ལ་འབྱོར་མི་འབྱོར་ཅི་རིགས་ཡོད་པས་ཁམས་དབང་དམན་པ་ དང་འབྲིང་གི་རིགས་ཀྱི་ལམ་སྒྲུབ་པོ་གང་དག་གིས་ཀུན་རྫོབ་སྤྲོས་མཚན་རགས་པ་གཅོད་ བྱེད་ལ་གོང་དུ་བཤད་པ་ལྟར་གྱི་བདག་མེད་གཉིས་གཏན་འབེབས་ཀྱི་ཚུལ་དབུ་མ་རིག་ ཚོགས་ལས་བྱུང་བ་ལྟར་ཉམས་སུ་ལེན་དགོས་པས་དེ་ལྟར་དུ་རང་ལུགས་ལའང་ཕར་ཕྱིན་ ཐེག་པར་སློབ་པ་རྣམས་མང་ཕྱོགས་ནས་ལམ་ལ་སློབ་ཚུལ་སྤྱིའི་ཚུལ་ཡིན་པ་དེ་བས་ན་སྒོམ་ སྟོབས་ཀྱིས་ངེས་འབྱུང་གི་བསམ་པ་བཅོས་མིན་སྐྱེས་པ་ན་སྤྱིར་ཐེག་པ་ཐུན་མོང་གི་ཚོགས་ ལམ་ཙམ་ལ་ཞུགས་པ་དང༌། ཀུན་རྫོབ་སེམས་བསྐྱེད་མཚན་ཉིད་པ་བཅོས་མིན་སྐྱེས་པའི་ཚེ་ ཐེག་ཆེན་ཚོགས་ལམ་དུ་ཞུགས་པ་ཡིན་ཞིང༌། དེ་ནས་བཟུང་ཐེག་པ་ཆེན་པོའི་གནས་སྐབས་ ཀུན་ཏུ་ཐོས་བསམ་སྒོམ་གསུམ་བྱ་བའི་ཡུལ་སྤྱིར་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་ སོགས་ལམ་སྤྱིའི་རྣམ་པ་མཐའ་ཡས་ཤིང་ཁྱད་པར་སྤྲོས་བྲལ་མི་རྟོག་པ་ཉིད་ལམ་ཐམས་ ཅད་ཀྱིསྲོག་རྩ་ལྟ་བུའི་སྙིང་པོར་བྱས་ཏེ་དེ་བསྐྱེད་པའི་ཡན་ལག་ཏུ་ལམ་གཞན་མཐའ་དག་ གིས་བྱས་ནས་སྤྱི་ལ་ཐོས་བསམ་སོགས་བྱེད་ཅིང་ཡང་སྒོས་སུ་སྤྲོས་བྲལ་མི་རྟོག་པའི་འཇུག་ སྒོ་ཀུན་རྫོབ་མཐའ་དག་ལ་མཚན་འཛིན་རགས་པ་གཅོད་བྱེད་བདག་མེད་གཉིས་གོང་ལྟར་ ཇི་བཞིན་སྒོམ་པ་ལྷུར་བླངས་པས་ཚོགས་ལམ་དུ་སྙིང་པོའི་ཆོས་སྐུ་སྒྲིབ་བྱེད་ཀུན་རྫོབ་གཟུང་ 2-1-162 འཛིན་གྱིས་བསྡུས་པའི་ཆོས་ཀུན་བདག་གཉིས་ཀྱིས་སྟོང་པ་གཙོ་བོར་གྱུར་པའི་མཁྱེན་རྣམ་ སྤྱི་ལ་སྒྲ་སྤྱི་ཤས་ཆེ་བའི་སྒོ་ནས་ངེས་པ་རྙེད་ཅིང་སྦྱོར་ལམ་དུ་གནས་ལུགས་སྙིང་པོ་སྒྲིབ་བྱེད་ གཟུང་འཛིན་གཉིས་ཀྱི་མཚན་མའི་དངོས་སྣང་རིམ་གྱིས་འགོག་པའི་སྒོ་ནས་གཟུང་འཛིན་ གཉིས་བྲལ་གྱི་སྤྲོས་མེད་ཕྱོགས་ཀྱི་དབྱིངས་ལ་དོན་སྤྱི་དང་བཅས་གསལ་སྣང་རིམ་པར་ ཐོན། མཐོང་ལམ་དུ་དེ་འདྲའི་གཟུང་འཛིན་གྱི་སྤྲོས་པ་བྲལ་བའི་སྟོང་ཕྱོགས་དེ་སྒྲིབ་བྱེད་དོན་ སྤྱིའི་རིགས་ཀུན་དང་བྲལ་ནས་མངོན་དུ་གྱུར་ཏེ་ས་དང་པོ་ཐོབ། དེ་ནས་བཟུང་མ་དག་ས་ བདུན་སྒོམ་ལམ་སྐོར་གྱི་རིང་ལ་གནས་ལུགས་སྤྲོས་བྲལ་སྟོང་ཕྱོགས་ཀྱི་ཆ་རིམ་པས་མངོན་ དུ་བྱེད་པའི་ཡེ་ཤེས་ཀྱི་སྣང་བ་འཕེལ་ཞིང་སྣང་ཕྱོགས་གནས་ལུགས་དོན་དམ་པའི་རྣམ་པ་ ཐམས་ཅད་པའི་ཆོས་སྐུའི་དབྱིངས་ནི་མངོན་སུམ་དུ་མ་མཐོང་བར་མཛོད་ནང་གི་ནོར་བུ་ བཞིན་ཕྱོགས་མགོ་ཐིངས་ཙམ་གྱི་ཡིད་དཔྱོད་འཇུག་ལ། དག་སར་གནས་པའི་སྒོམ་ལམ་པ་ དག་གིས་ཟུར་ཙམ་འོལ་སྤྱི་ཙམ་གྱི་སྒོ་ནས་སྔར་ལས་ཅུང་ཟད་རྟོགས་ཚབས་ཆེ་བ་ཡིན་ཅིང༌། དེ་ནས་སྣང་ཕྱོགས་དོན་དམ་ཆོས་སྐུའི་ཆ་ཡོངས་སུ་རྫོགས་པ་ཇི་བཞིན་གཟིགས་པ་ནི་མཐར་ ཐུག་གི་མི་སློབ་ལམ་སངས་རྒྱས་ཉག་གཅིག་གི་ས་ཁོ་ནའོ། །ཚུལ་དེ་དང་མཐུན་པར་ས་བཅུ་ རིམ་གྱིས་བགྲོད་པའི་སྐབས་སུའང་མ་དག་ས་བདུན་མན་ཆད་དུ་གནས་ལུགས་ཀུན་རྫོབ་ སྟོང་ཕྱོགས་ནས་རིམ་པས་མངོན་ཅིང༌། དོན་དམ་སྣང་ཕྱོགས་ནས་ཕྱོགས་མགོ་ཙམ་ལས་མི་ རྟོགས་ལ། དག་ས་གསུམ་དུ་དེ་ལས་ཅུང་ལྷག་གི་ཟུར་ཙམ་དོན་དམ་པའི་སྣང་ཕྱོགས་རྟོགས་ པའི་སྒོ་ནས་མཐར་ཐུག་དེ་བཞིན་གཤེགས་པའི་གོ་འཕང་གི་སྐབས་དོན་དམ་སྣང་ཕྱོགས་ གཞི་དབྱིངས་ཆོས་ཉིད་བདེ་གཤེགས་སྙིང་པོ་ཇི་བཞིན་ཆ་མ་ལུས་པ་མངོན་དུ་གྱུར་པ་ཡིན་ པའི་ཚུལ་ཡང་དེ་ལྟར་དུ་ཤེས་པར་བྱའོ། ། དེ་འདྲའི་སྤྱི་དོན་མདོ་ཙམ་ངེས་པར་བྱས་ནས་སྐབས་ཀྱི་ལམ་བཤད་པ་ལ་ལྔ་སྟེ། ཚོགས་ 2-1-163 ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའམ་མི་སློབ་ལམ་མོ། །དང་པོ་ནི། འདིར་ཐེག་ཆེན་གྱི་དབང་དུ་བྱས་ན་བྱང་སེམས་ལས་དང་པོ་བའི་རྒྱུད་ཀྱི་ཐར་བའི་ཆ་དང་ མཐུན་པའི་ཀུན་རྫོབ་དང་དོན་དམ་པའི་རྣམ་པ་ཅན་གྱི་རྣམ་པར་དཀར་བའི་དགེ་བ་རྣམ་ གྲོལ་གཞི་དབྱིངས་མཆོག་གི་དེ་ཉིད་མངོན་བྱེད་ཀྱི་ཐབས་ཚོགས་ཁྱད་པར་བ་བསགས་པ་ དམ་པའི་འཇུག་ངོགས་སུ་གྱུར་པ་ཞིག་སྟེ། དེ་ཡང་རང་ལུགས་ལ་ཐེག་ཆེན་སེམས་བསྐྱེད་ ཀྱི་ངོ་བོ་ནི་དེ་སྟོན་བྱེད་ཡུམ་མདོ་མི་ཕམ་དགོངས་འགྲེལ་བཅས་ཀྱི་བཞེད་དོན་ལྟར་གཞན་ དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་ལ་བཞེད་ཅིང༌། དེ་ལའང་སྨོན་འཇུག་གི་དབྱེ་ བའི་ཚུལ་ཡང་རྫོགས་ལྡན་རང་ལུགས་ཐུན་མིན་ལྟར་ན་གཞན་སེམས་ཅན་འཁོར་བའི་བདེ་ འབྱོར་སོགས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་འགོད་པའམ་བདེ་བའི་གནས་སུ་ འགྲོ་འདོད་པའི་གཞན་དོན་འདོད་པ་སྨོན་སེམས་དང་དེ་འདྲའི་གཞན་དོན་སྒྲུབ་ཆེད་ནམ་ ཡང་ཉམས་པ་མི་མངའ་བའི་མཐར་ཐུག་གི་བྱང་ཆུབ་རང་གིས་བསྒྲུབ་པར་འདོད་པ་འཇུག་ སེམས་སུ། རྗེ་ཇོ་ནང་པ་ཆེན་པོའི་བཞེད་པ་སྟེ། ཉིད་ཀྱིས་མཛད་པའི་མངོན་རྒྱན་ཊཱིཀར། སྨོན་པ་དང་འཇུག་པའི་ཁྱད་པར་ཡང་རང་གཞན་གྱི་དབྱེ་བ་ལས་གཞན་དོན་འདོད་པ་སྨོན་ པའི་སེམས་དང༌། བྱང་ཆུབ་འདོད་པ་འཇུག་པའི་སེམས་ཡིན་ཏེ། འཇིག་རྟེན་མགོན་པོ་སྤྱན་ རས་གཟིགས་ཀྱི་ཞལ་སྔ་ནས། འཇིག་པའི་སེམས་དང་སྨོན་པ་ཡི་ནི་སེམས་ཉིད་དེ། །དེ་ གཉིས་དག་ལ་དབྱེ་བ་དེ་ནི་ཅུང་ཟད་ཡོད། །འགྲོ་བར་འདོད་པ་དང་ནི་འགྲོ་བ་ཉིད་ཡིན་ཏེ། །གང་ཡང་བྱེ་བྲག་དེ་ནི་སེམས་ཀྱི་དབང་ཉིད་དོ། །འཁོར་བའི་བདེ་བ་སྨོན་པ་ཡི་ནི་སེམས་ ཡིན་ཏེ། །དཔག་མེད་བསྐལ་པ་རུ་ནི་གཞན་གྱི་དོན་ཕྱིར་རོ། །མ་ཉམས་བདེ་བ་འཇུག་པ་ཡི་ ནི་སེམས་ཡིན་ལ། །མྱ་ངན་འདས་པའི་མཐར་ཐུག་དེ་བཞིན་བདག་གི་དོན། །ཞེས་གསུངས་ པའི་ཕྱིར། འདིར་ཡང་དེ་དང་དགོངས་པ་གཅིག་ཏུ་གོ་དགོས་སོ། །ཞེས་སོགས་གསུངས་པའི་ 2-1-164 ཕྱིར། སྤྱིར་ཐུན་མོང་ལྟར་ན་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་བློ་ལ་སྤྱོད་པ་ཕྱིན་དྲུག་ དང་འབྲེལ་མ་འབྲེལ་གྱིས་སྨོན་འཇུག་འཇོག་ཅིང་དེ་ཡང་ཤེར་ཕྱིན་སྒྲུབ་པའི་སེམས་བསྐྱེད་ ལ་སྤྲོས་བྲལ་གྱི་ལྟ་བ་སྔོན་སོང་དགོས་པར་ཡང་བཞེད་པ་ཡིན་ཏེ། རྗེ་བཙུན་རིན་པོ་ཆེས། སྔོན་མེད་ལེགས་བཤད་དུ། སེམས་བསྐྱེད་ནི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་ འདོད་པ་ལ་ངོས་འཛིན་པ་ནི་སྤྱིར་བཏང་ཙམ་ཡིན་ལ། དེ་ཙམ་ཞིག་ནི་སྨོན་པ་སེམས་བསྐྱེད་ ཙམ་ཡང་ཡིན་ནོ། །དེ་ཡང་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲེལ་ན་ནི་འཇུག་པ་སེམས་ བསྐྱེད་ཅེས་བྱ་སྟེ། གང་འཇུག་པ་ཡོད་པ་དེ་ལ་སྨོན་སེམས་ཀྱང་ཡོད་དོ། །སེམས་བསྐྱེད་ ཙམ་ནི་དེ་ལྟར་ཡིན་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་སེམས་བསྐྱེད་དུ་འགྱུར་ བ་ལ། སྤྲོས་བྲལ་གྱི་ལྟ་བ་སྔོན་དུ་སོང་བ་དགོས་ཤིང་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ སྟོང་ཉིད་ལ་བརྟེན་ནས་སྙིང་རྗེ་འཇུགདེས་ཀུན་ནས་བསླངས་ཏེ་སེམས་བསྐྱེད་པ་ཡིན་པས། དངོས་གཞིའི་དུས་སུ་ཡང་དངོས་སམ་རྗེས་མཐུན་ཅི་འདྲ་ཡང་འཁོར་གསུམ་རྣམ་པར་མི་རྟོག་ པའི་སྟོང་ཉིད་ཀྱིས་ཟིན་པ་ཞིག་དགོས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་ཐེག་ ཆེན་སེམས་བསྐྱེད་བཅོས་མིན་སྐྱེས་པ་ན་ཐེག་ཆེན་ཚོགས་ལམ་དུ་ཞུགས་པ་ཡིན་ལ། དེ་ནས་ ཚོགས་ལམ་དུ་ལམ་དེར་གནས་དག་གིས་བཤེས་གཉེན་མཆོག་ལས་ཐུན་མོང་དང༌། ཐུན་ མོང་མ་ཡིན་པའི་བསླབ་སྡོམ་ལེགས་པར་བླངས་ནས་ཇི་བཞིན་མི་ཉམས་པར་བསྲུངས་ཏེ་ ནང་དུ་ཡང་དག་འཇོག་པ་ཡང་སེམས་གནས་དགུ་བསྟེན་ཉེས་པ་ལྔ་སྤང༌། གཉེན་པོ་འདུ་ བྱེད་བརྒྱད་བསྟེན་པ་སོགས་གཞུང་ལུགས་སྤྱི་མཐུན་ལྟར་ལས་འདིར་ཐོས་བསམ་སོགས་ གཙོ་བོར་བྱ་ཡུལ་མཁྱེན་རྣམ་སྤྱི་དང་ཁྱད་པར་ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པ་གང་ དག་གང་ཟག་དང་ཆོས་ཀྱི་བདག་མེད་པར་རིགས་པ་ཡང་དག་གིས་གཏན་ལ་ཕབ་ནས་ བདག་མེད་གཉིས་ཀྱི་དོན་ལ་མཉམ་པར་འཇོག་ཅིང༌། བདག་གཉིས་ཀྱིས་སྟོང་གཞི་གནས་ 2-1-165 ལུགས་དོན་དམ་བདེ་གཤེགས་སྙིང་པོ་ཀུན་ཁྱབ་གདོད་ནས་རྟག་པ་གཤིས་ལུགས་མཐར་ ཐུག་པ་དེ་ཁོ་ན་ཉིད་ལ་ངེས་པར་ཡིད་ཆེས་གཞིར་བཞག་གི་ངང་ནས་ལམ་གྱི་ཚུལ་ལ་ཐོས་ བསམ་གཙོ་བོར་གྱུར་པའི་སྐབས་ཀྱི་ལམ་ཡིན་ལ། དེ་ལ་ཚོགས་ལམ་ཆུང་ངུ༌། འབྲིང༌། ཆེན་ པོ། གསུམ་ལས། དང་པོའི་སྐབས་སུ་ནི་སངས་རྒྱས་ཐོབ་པའི་རྒྱུ་བསྐལ་ཆེན་གྲངས་མེད་ གསུམ་གྱི་མགོ་ཚུགས་པ་ཡིན་ཞིང༌། འདི་དུས་སུ་ལུས་མི་གཙང་བ་དང་ཚོར་བ་སྡུག་བསྔལ་ བ་དང་སེམས་མི་རྟག་པ་དང་ཆོས་བདག་མེད་པ་ལ་མཉམ་པར་བཞག་ནས་དེ་དག་མི་བརྗེད་ པའི་དྲན་པ་ཉེ་བར་བཞག་པ་བཞིའི་སྒོ་ནས་ཀུན་རྫོབ་ཀྱི་བདག་གཉིས་འགོག་པ་གཙོ་བོར་ བྱས་སྟོང་གཞི་དོན་དམ་དབྱིངས་ལ་ཡིད་ཆེས་དང་བཅས་ལམ་རྣམས་ལ་ཐོས་བསམ་གཙོ་ བོར་བྱ་བའི་སྐབས་སྦྱོར་ལམ་སྐྱེ་བའི་དུས་མ་ངེས་པའོ། ། གཉིས་པ་འབྲིང་བོའི་སྐབས་སུ་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་པ་རྣམས་ གནས་པ་དང་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་སྐྱེས་པ་རྣམས་སྤོང་བའི་ཡང་ དག་སྤོང་བཞིའི་བརྩོན་འགྲུས་ཀྱི་སྒོ་ནས་བདག་གཉིས་འགོག་པ་དང་སྟོང་གཞིའི་དབྱིངས་ ལ་ཡིད་ཆེས་ཀྱིས་ཐོས་བསམ་གཙོར་བྱེད་སྐབས་སྦྱོར་ལམ་ཚེ་ཕྱི་མ་ཕན་དུ་སྐྱེ་ངེས་པའོ། །གསུམ་པ་ཆེན་པོའི་སྐབས་སུ་འདུན་པས་གུས་པར་སྦྱོར་བ་དང་བརྩོན་འགྲུས་ཀྱིས་རྟག་ ཏུ་རྒྱུན་མི་འཆད་པ་དང་སེམས་པས་ཏིང་ངེ་འཛིན་སྒོམ་པའི་ས་བོན་བརྟས་པར་བྱེད་པ་དང་ དཔྱོད་པས་ཆོས་ཀྱི་གནས་ལུགས་རབ་ཏུ་འབྱེད་པའི་ལྷག་མཐོང་ལ་བརྟེན་ནས་རྫུ་འཕྲུལ་ གྱི་རྟེན་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་བཞིའི་སྒོ་ནས་བདག་གཉིས་འགོག་པ་དང་སྟོང་ གཞིའི་དབྱིངས་ལ་ཡིད་ཆེས་ཀྱི་སྒོ་ནས་རང་ལུགས་ལ་ཞི་ལྷག་ཟུང་འབྲེལ་གྲུབ། ཆོས་རྒྱུན་ གྱི་ཏིང་ངེ་འཛིན་ཆུང་ངུ་ཐོབ་པས་སངས་རྒྱས་མང་པོའི་ཞལ་མཇལ་གསུང་ཐོས་ཀྱི་སྣང་བ་ བྱུང་ཞིང་སྦྱོར་ལམ་ཚེ་དེར་སྐྱེ་བར་ངེས་པའོ། །གཉིས་པ་སྦྱོར་ལམ་ནི་ཚོགས་བསགས་པ་ 2-1-166 ལས་མོས་པས་སྤྱོད་པ་རྣམས་ཀྱིས་ངེས་པར་འབྱེད་པ་མཐོང་ལམ་གྱི་ཆ་དང་མཐུན་པའི་དགེ་ རྩ་ཐོག་མར་གནས་ལུགས་སྟོང་ཕྱོགས་ཀྱི་ཆ་མངོན་དུ་བྱེད་པ་ལ་སྦྱོར་ཞིང་དེ་ནས་རིམ་པས་ རྣམ་པར་གྲོལ་བ་དོན་དམ་དབྱིངས་མངོན་དུ་བྱེད་པའི་འཇིག་ངོགས་སུ་གྱུར་པའི་ལམ་སྟེ། དེ་ ལའང་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་ལས། དང་པོ་ནི། མདོ་རྒྱན་ལས། བྱང་ཆུབ་ སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པའི། །དོན་ཀུན་རབ་ཏུ་མི་ མཐོང་ངོ༌། །ཞེས་གསུངས་པ་ལྟར་ཚོགས་ལམ་ཆེན་པོའི་རྟོགས་པ་ཐོབ་པའི་བྱང་སེམས་དེས་ ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པ་སྤྱི་དང་ཁྱད་པར་བཟུང་བ་ཕྱོགས་ལ་བདེན་དངོས་སུ་ ཞེན་པ་བཀག་སྟེ་བདག་མེད་པའི་དོན་ལ་གཙོ་བོར་མཉམ་པར་གཞག་པས་ནང་འཛིན་པ་ ཡིད་ཀྱིས་བརྗོད་པའམ་བཏགས་ཙམ་མ་གཏོགས་པའི་ཕྱི་རོལ་གྱི་དོན་ཀུན་མི་མཐོང་ཞིང་ མེད་པར་གཏོགས་པས་ཀུན་བཏགས་ཐམས་ཅད་དང་ཁྱད་པར་གཟུང་བ་ཕྱི་རོལ་གྱི་དོན་ རྣམས་གདོད་མ་ནས་མ་གྲུབ་པ་ལ་གསལ་སྣང་ཆུང་ངུ་སྐྱེས་པའི་སྐབས་ཀྱི་ལམ་མོ། །གཉིས་ པ་རྩེ་མོ་ནི། དེ་ཉིད་ལས། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་རྟག་ ཏུ་རྩོམ། །ཞེས་གསུངས་པ་ལྟར་ཀུན་རྫོབ་སྤྱི་དང་ཁྱད་པར་གཟུང་བ་ཕྱོགས་ལ་སྔར་བཞིན་ བདག་མེད་པ་སྒོམ་པས་གཟུང་བ་མེད་པར་རྟོགས་པའི་ཆོས་ཀྱི་སྣང་བ་སྔ་མ་ལས་འཕེལ་ བར་བྱ་ཆེད་བརྩོན་འགྲུས་བརྟན་པོ་རྟག་ཏུ་རྩོམ་པས་གསལ་སྣང་འབྲིང་དུ་སྐྱེ་ཤིང་འདིར་ ཏིང་ངེ་འཛིན་གྱི་ལུས་གྲུབ་པ་དང་རྫུ་འཕྲུལ་སྟོབས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ མང་རིམ་གྱིས་མྱུར་བར་བགྲོད་ནུས་སོ། །གསུམ་པ་བཟོད་པ་ནི། དེ་ཉིད་ལས། དེ་ནས་དོན་དུ་ སྣང་བ་ཀུན། །སེམས་སུ་རབ་ཏུ་སྣང་བར་འགྱུར། །ཞེས་གསུངས་པ་ལྟར་གཟུང་བ་མེད་པའི་ ཆོས་སྣང་སྔར་ལས་འཕེལ་ཏེ་སྣང་བ་ཐམས་ཅད་སེམས་སུ་ཐག་ཆོད་དེ་སེམས་ཀྱི་སྣང་ཆ་ ཙམ་དུ་རྟོགས་ཤིང་གཟུང་བར་མཚན་འཛིན་གྱི་གཡེང་བ་སྤོང་བར་འགྱུར་ཞིང་ཆོས་ཀྱི་སྣང་ 2-1-167 བ་ལ་གསལ་སྣང་རབ་ཀྱི་མཐར་ཕྱིན་པ་སྐྱེས་ཤིང་དེས་སྟོབས་ཀྱིས་འཛིན་པ་བདེན་མེད་ལ་ ཡང་གསལ་སྣང་ཕྱོགས་ཙམ་སྐྱེ་བའི་སྐབས་ཀྱི་ལམ་རྣམས་སོ། །བཞི་པ་ཆོས་མཆོག་ནི། དེ་ ཉིད་ལས་དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་གསུངས་པ་ལྟར་ སྦྱོར་ལམ་ཆོས་མཆོག་ཐོབ་ཚེ་ད་ནི་རྗེས་དེ་མ་ཐག་ནས་མཐོང་ལམ་བར་ཆད་མེད་པའི་ཏིང་ ངེ་འཛིན་ལ་མྱུར་དུ་རེག་པར་འགྱུར་བའི་འཇིག་རྟེན་པའི་ལམ་གྱི་མཐར་ཐུག་གི་སྐབས་ཡིན་ ཞིང༌། མཉམ་བཞག་ཏུ་གཟུང་འཛིན་གྱི་རྟོག་པ་མངོན་གྱུར་འགག་ཅིང་འཛིན་པ་རང་བཞིན་ མེད་པ་ལ་གསལ་སྣང་ཙམ་པོ་མཐར་སོན་པ་དང་རྗེས་ཐོབ་ཏུ་སྣང་བ་སྒྱུ་མ་ལྟར་འཆར་ཞིང་ སྐབས་འདིར་ཆོས་ཀྱི་སྒོའི་ཏིང་ངེ་འཛིན་ཆེན་པོ་ཐོབ་ལ། ཏིང་ངེ་འཛིན་གྱི་ལུས་ཐོབ་པ་ནས་ བཟུང་རྣམ་པར་འཕྲུལ་བ་རྒྱ་ཆེ་ཞིང་དབང་རྣོན་ཁོ་ནའི་སྐབས་ཐོབ་ཅིང་ཐབས་མཁས་ཀྱི་ ཁྱད་པར་ཡང་ཆེས་མང་ལ། དེ་ཡང་དྲོད་རྩེ་གཉིས་སུ་དད་པ་འདུན་པ་བརྩོན་འགྲུས་དྲན་པ་ ཏིང་ངེ་འཛིན་ཤེས་རབ་ལྔས་རྣམ་བྱང་ལ་དབང་བྱེད་པས་དབང་པོ་ལྔ་དང་བཟོད་ཆོས་གཉིས་ ཀྱི་སྐབས་སུ་དེ་ལྔ་སྟོབས་སུ་གྱུར་པས་རང་རང་གི་མི་མཐུན་ཕྱོགས་མངོན་གྱུར་མི་འབྱུང་ བས་གཉེན་པོ་ལ་མི་བརྫི་བའི་སྟོབས་ཐོབ་པའོ། ། གསུམ་པ་མཐོང་ལམ་ནི། འཇིག་རྟེན་པའི་ལམ་མཐར་ཐུག་པ་སྦྱོར་ལམ་ཆོས་མཆོག་གི་ མཇུག་ཐོག་ཏུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་ པ་མཐའ་དག་རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་མཚན་བྲལ་བའི་དབྱིངས་སྟོང་པའི་ ཕྱོགས་ཉིད་མངོན་སུམ་དུ་གསར་དུ་མཐོང་ཞིང་རྣམ་པར་གྲོལ་བ་རང་གི་ངོས་སྐལ་གྱི་སྤང་བྱ་ གློ་བུར་དྲི་མ་ཅི་རིགས་དག་ཅིང་རིམ་གྱིས་དོན་དམ་ཆོས་དབྱིངས་རྣམ་ཀུན་པའང་མངོན་དུ་ གྱུར་བྱེད་ཀྱི་འཇུག་ངོགས་སུ་གྱུར་པའི་རྣམ་པར་དཀར་བའི་ལམ་སྟེ། རྒྱན་ལས། དེ་ནི་དེ་ནི་ འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་ 2-1-168 གཉིས་དང་བྲལ་བ་ཐོབ། །ཅེས་གསུངས་པ་ལྟར་རོ། །མཐོང་ལམ་ལ། ཆོས་བཟོད། ཆོས་ཤེས། རྗེས་བཟོད། རྗེས་ཤེས་ཀྱི་སྐད་ཅིག་མ་བཞི་ལས། དང་བོ་ནི། སྡུག་ཀུན་གཉིས་དང་འགོག་ ལམ་གཉིས་ཏེ་བཞི་ལ་དམིགས་ནས་སོ་སོའི་མཐོང་སྤང་གི་སྒྲིབ་པ་སྤོང་བའི་ཡེ་ཤེས་ཀྱི་ཆ་ བཞི་ནི་ཆོས་བཟོད་བཞིའོ། །གཉིས་པ་ཆོས་ཤེས་ནི། བདེན་བཞི་སོ་སོའི་མཐོང་སྤང་གི་སྒྲིབ་ པ་དེ་བཞི་སྤངས་ནས་ཀྱང་རྣམ་པར་གྲོལ་བ་ཉམས་སུ་མྱོང་བར་བྱེད་པའི་ཡེ་ཤེས་བཞི་ནི་ ཆོས་ཤེས་བཞིའོ། །གསུམ་པ་རྗེས་བཟོད་ནི། སྔར་གྱི་ཆོས་བཟོད་དང་ཆོས་ཤེས་ཀྱི་སྐད་ཅིག་ གཉིས་པོའི་ཡེ་ཤེས་དེ་གཉིས་བཞི་ཚན་གཉིས་བཞི་ཚན་གཅིག་ཏུ་བྱས་པ་རྣམས་འཕགས་ པའི་ཆོས་རྣམས་ཀྱི་རྒྱུར་རྟོགས་པའི་ཡེ་ཤེས་བཞི་ནི་རྗེས་བཟོད་བཞིའོ། །བཞི་པ་རྗེས་ཤེས་ ནི། དེ་འདྲའི་ཆོས་བཟོད་ཆོས་ཤེས་རྗེས་བཟོད་ཀྱི་སྐད་ཅིག་གསུམ་པོ་བཞི་ཚན་གསུམ་བཞི་ ཚན་གཅིག་ཏུ་བྱས་པ་དག་རང་རིག་པའི་ཚུལ་གྱིས་འཛིན་པའི་ཡེ་ཤེས་བཞི་ནི་རྗེས་ཤེས་ བཞི་སྟེ་དེ་འདྲའི་བཟོད་ཤེས་བྱ་རྫོགས་ཀྱི་སྐད་ཅིག་མ་བཅུ་དྲུག་རིམ་ཅན་དུ་སྐྱེ་ཞིང་ཡེ་ཤེས་ དེ་དག་ཐོབ་པ་དང་ལྷན་ཅིག་ས་དང་པོ་ཡང་ཐོབ་ཅིང་རྒྱལ་སྲས་མཆོག་གཞན་ཀུན་དང་ མཉམ་པའི་འཇིག་རྟེན་ལས་འདས་པ་ཡིན་ཏེ། དེ་ཉིད་ལས། དེ་ནས་དེས་ནི་ས་དང་པོར། །བྱང་ཆུབ་སེམས་དཔའ་དེའི་བདག་ཉིད། །ཀུན་དང་མཉམ་དང་འཇིག་རྟེན་ལས། །འདས་ པའི་ཡེ་ཤེས་བླ་མེད་ཐོབ། །ཅེས་གསུངས་པ་ལྟར་རོ། །གཞན་ཡང་འདིར་རྣམ་བྱང་ཆོས་ཀྱི་ དམིགས་རྣམ་མི་བརྗེད་པའི་དྲན་པ་ཡན་ལག་ཕྱི་མ་རྣམས་འབྱུང་བའི་གནས་ཀྱི་ཡན་ལག་ དང་ཆོས་རབ་རྣམ་འབྱེད་རྣམ་པར་མི་རྟོག་པའི་ཡེ་ཤེས་ངོ་བོ་ཉིད་ཀྱི་ཡན་ལག་དང་ལམ་ལ་ སྤྲོ་བའི་བརྩོན་འགྲུས་བགྲོད་བྱ་མཐར་ཐུག་པར་འགྲོ་བས་ངེས་པར་འབྱུང་བའི་ཡན་ལག་ དང་དགའ་བ་སེམས་རྒྱུད་རབ་ཏུ་ཚིམ་པར་བྱེད་པས་ཕན་ཡོན་གྱི་ཡན་ལག་དང་ཤིན་སྦྱངས་ གནས་ངན་ལེན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་བས་ཉོན་མོངས་མེད་པའི་གཞིའི་ 2-1-169 ཡན་ལག་དང་ཏིང་ངེ་འཛིན་གནས་འགྱུར་ཐོབ་པས་གནས་གང་དུ་མི་འགྱུར་བས་ཉོན་མོངས་ མེད་པའི་གནས་ཀྱི་ཡན་ལག་དང་བཏང་སྙོམས་ཆགས་སྡང་སོགས་དང་བྲལ་ནས་རང་གི་ངོ་ བོ་ཉོན་མོངས་མེད་པའི་ཡན་ལག་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་ཇི་བཞིན་སྒོམ་ཞིང་དེ་ལྟར་ མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཉིད་མངོན་སུམ་དུ་མཐོང་བའི་མཉམ་བཞག་ དང་རྗེས་ཐོབ་ཡོན་ཏན་དཔག་མེད་དང་ལྡན་པ་སྟན་ཐོག་གཅིག་ལ་འབྱུང་སྟེ་རང་གི་ངོས་ སྐལ་གྱི་སྤང་བྱ་ཡང་གང་ལམ་དུ་བསྒྱུར་བའི་ཉོན་མོངས་རྣམས་མ་གཏོགས་ཁམས་གསུམ་ གྱི་ཉོན་མོངས་ཐམས་ཅད་དང་མཐོང་སྤང་གི་རིགས་ཤེས་སྒྲིབ་ཀུན་བཏགས་རྣམས་དང་ བསམ་གཟུགས་ཀྱི་དངོས་གཞིའི་སྙོམས་འཇུག་ལ་གེགས་བྱེད་ཀྱི་སྒྲིབ་པ་བྱིང་རྒོད་སོགས་ དང་ལས་སྒྲིབ་ལ་སོགས་པ་སྒྲིབ་པ་མང་པོའི་ས་བོན་མངོན་གྱུར་བཅས་སྤངས་ཤིང་དེ་འདྲའི་ མཐོང་ལམ་མཉམ་རྗེས་གཉིས་ཀར་སྦྱོར་ལམ་མན་གྱིས་བརྒྱ་སྟོང་གི་ཆ་ལ་བསྐྲུན་མི་ནུས་ པ་གནས་ལུགས་ཆོས་ཉིད་སྤྲོས་བྲལ་རྣམ་བཅད་ཕྱོགས་ཀྱི་མཚན་ཉིད་རྟོགས་ཀྱང་ཡོངས་ གཅོད་ཕྱོགས་ཀྱི་མཚན་ཉིད་རང་སྟོབས་ཀྱིས་མ་རྟོགས་ལ་འོན་ཀྱང་སངས་རྒྱས་ཀྱི་གསུང་ ལ་བརྟེན་ནས་ཕྱོགས་ཙམ་རྟོགས་ཤིང་འཁོར་བའི་ཕུང་པོ་སྤངས་པ་དང་མཚན་དཔེ་རྗེས་ མཐུན་ཅན་གྱི་ཡིད་ལུས་དངོས་གྲུབ་པ་དང་ཉན་རང་གི་སྤངས་རྟོགས་ཡོངས་སུ་རྫོགས་པའོ། །བཞི་པ་སྒོམ་ལམ་ནི། སྔར་མཐོང་ལམ་དུ་བདེན་བཞིའི་ཆོས་ཉིད་སྤྲོས་བྲལ་སྟོང་ཕྱོགས་ནས་ མངོན་དུ་མཐོང་ཟིན་དེ་ཉིད་གོམས་པར་བྱེད་པའི་སྒོ་ནས་རང་གི་ངོས་སྐལ་གྱི་སྤང་བྱའི་དྲི་མ་ ཅི་རིགས་ལས་རྣམ་པར་གྲོལ་ཞིང་གཞི་དབྱིངས་དོན་དམ་པའི་གནས་ལུགས་ཀྱང་རིམ་གྱིས་ མངོན་དུ་འགྱུར་བྱེད་ཀྱི་འཇུག་ངོགས་སུ་གྱུར་པའི་རྣམ་པར་དཀར་བའི་ལམ་སྟེ། དེ་ལའང་ གཉེན་པོ་ཆུང་རིམ་གྱིས་སྤང་བྱ་ཆེ་རིམ་ནས་སྤོང་བའི་ཚུལ་གྱིས་སྒོམ་ལམ་སྐོར་དགུར་ཕྱེ་བ་ ཡིན་ཏེ། མངོན་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ 2-1-170 ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འདི་ལ་ མཉམ་རྗེས་གཉིས་ཡོད་ཅིང་དེ་ལས་མཉམ་བཞག་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ དེས་ནི་རང་རྒྱུད་ཀྱི་སངས་རྒྱས་མངོན་བྱེད་ཐབས་ཀྱི་ལམ་རྣམས་སྦྱངས་ཤིང་རྗེས་ཐོབ་དག་ པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །འདིའི་སྐབས་སུ་འཕགས་ལམ་ཡང་ དག་པའི་ལྟ་བ་སྔར་མཐོང་ལམ་དུ་ཇི་ལྟར་མངོན་དུ་བྱས་པའི་དེ་ཁོ་ན་ཉིད་དེ་སླར་ཡང་ངེས་ པར་འཛིན་པ་ཡོངས་སུ་གཅོད་པའི་ཡན་ལག་དང༌། ཡང་དག་པའི་རྟོག་པ་རང་གིས་ཇི་ལྟར་ རྟོགས་པའི་དོན་ངག་ཏུ་བརྗོད་པའི་ཀུན་སློང་གཞན་ལ་གོ་བྱེད་ཀྱི་ཡན་ལག་ཡིན་ཞིང༌། ཡང་ དག་པའི་ངག་གིས་འབེལ་གཏམ་གྱིས་ཆོས་དོན་གཏན་ལ་དབབ་པས་གཞན་རྣམས་ལྟ་བ་ རྣམ་དག་ཏུ་ཡིད་ཆེས་པ་དང༌། ལས་ཀྱི་མཐས་སྤྱོད་ལམ་ཕུན་ཚོགས་ཀྱིས་གཞན་རྣམས་ཚུལ་ ཁྲིམས་རྣམ་དག་ཏུ་ཡིད་ཆེས་པ་དང༌། ཡང་དག་པའི་འཚོ་བས་ལོག་འཚོ་ཐམས་ཅད་སྤངས་ པས་གཞན་རྣམས་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པ་སྟེ་ཡིད་ཆེས་པར་བྱེད་པའི་ཡན་ལག་ གསུམ་དང༌། ཡང་དག་པའི་རྩོལ་བས་ལམ་སྒོམ་སྟོབས་ཀྱིས་སྒྲིབ་པ་རྣམས་རིམ་གྱིས་སྤོང་ བ་དང༌། ཡང་དག་པའི་དྲན་པས་ཞི་གནས་སོགས་ཀྱི་རྒྱུ་མཚན་མི་བརྗེད་པའི་སྒོ་ནས་བྱིང་ རྒོད་ཀྱི་སྐབས་མི་འབྱེད་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་གྱིས་སྙོམས་འཇུག་གི་སྒྲིབ་པ་ སྤངས་ནས་མངོན་ཤེས་སོགས་སྒྲུབ་པ་སྟེ་སྒྲིབ་པ་རྣམ་སྦྱོང་གི་ཡན་ལག་གསུམ་དང་འཕགས་ པའི་ལམ་ཡན་ལག་བརྒྱད་ཀ་སྒོམ་ལམ་གྱི་ངོ་བོ་ཡིན་ལ། རྒྱན་ལས། དེ་ནས་དེ་ནི་ལྷག་མ་ ཡིན། །ས་རྣམས་སྒོམ་པའི་ལམ་འདི་ལ། །ཞེས་གསུངས་པ་ལྟར་མཐོང་ལམ་རྗེས་ཐོབ་དང་ བཅས་པས་ས་དང་པོའི་ཕྱེད་ལ་སྦྱོར་ཞིང་ས་དང་པོའི་ཕྱེད་ཕྱི་མ་ནི་སྒོམ་ལམ་ཡིན་ནོ། ། ལྔ་པ་མཐར་ཕྱིན་པའམ་མི་སློབ་ལམ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ གནས་ངན་ལེན་ཐམས་ཅད་སྤངས་ཤིང་གནས་མ་ལུས་པ་ཡོངས་སུ་གྱུར་པས་སྤངས་པ་དང་ 2-1-171 རྟོགས་པ་མཐར་ཕྱིན་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐར་ཐུག་པ་སྟེ། འདི་ལ་དབྱེ་ན་ཇི་ ལྟ་བ་རྟོགས་པའི་ཡེ་ཤེས་དང༌། ཇི་སྙེད་པ་རྟོགས་པའི་ཡེ་ཤེས་སོགས་དབྱེ་ཚུལ་དུ་མ་ཡོད་ ཅིང༌། དེ་འདྲའི་གནས་གཞན་གྱུར་པ་མཐར་ཐུག་པ་སྤངས་རྟོགས་ཡོངས་རྫོགས་མཛད་ཕྲིན་ མཐའ་མེད་པའི་གོ་འཕང་ཞིག་ཡིན་ཏེ། རྒྱན་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོགས་པའི་ མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་དང༌། །ཞེས་སོགས་ཞིབ་པར་གསུངས་པ་ལྟར་རོ། །ལམ་དེ་དག་ཀུན་རྫོབ་གཞན་སྣང་ངོར་གསར་ བྱུང་གིས་བསྐྱེད་དེ་མཐར་ཕྱིན་པ་ན་གདོད་མའི་དབྱིངས་གཞིའི་གནས་ལུགས་འོད་གསལ་ བདེ་གཤེགས་སྙིང་པོ་རང་བྱུང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་དག་པ་གཉིས་ལྡན་གཅིག་གི་ངོ་ བོ་མངོན་དུ་གྱུར་བའམ་ངེས་པ་དོན་གྱི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་བཤད་པའི་ ཚོགས་ལམ་གྱི་ཡོན་ཏན་རྣམ་པར་དག་པའི་ཕན་ཡོན་ལྔ་སོགས་དང་སྦྱོར་ལམ་གྱི་ཡོན་ཏན་ སངས་རྒྱས་དཔག་མེད་ཡུན་རིང་བསྙེན་བཀུར་བ་སོགས་དང་མཐོང་ལམ་གྱི་ཡོན་ཏན་རང་ གཞན་མཉམ་ཉིད་ཁྱད་པར་བ་རྟོགས་པ་སོགས་དང་སྒོམ་ལམ་གྱི་ཡོན་ཏན་ས་བཅུ་རིམ་གྱིས་ བགྲོད་པའི་ཡོན་ཏན་མཐའ་ཀླས་པ་སོགས་དང་མི་སློབ་ལམ་གྱི་ཡོན་ཏན་མཛད་པ་ལྷུན་ གྱིས་གྲུབ་པ་སོགས་བཤད་དགོས་མང་ན་རེ་ཞིག་དེ་ཙམ་དུ་བྱས་སོ། ། [༢]སའི་བགྲོད་ཚུལ་མངོན་བྱེད། གཉིས་པ་སའི་བགྲོད་ཚུལ་གྱིས་མངོན་བྱེད་ཚུལ་ལ། ས་རྣམས་ཀྱི་ངོ་བོ་དང༌། དེ་དག་ གིས་ཆོས་དབྱིངས་རྟོགས་ཚུལ་གཉིས་ལས། དང་པོ་ནི། སྤྱིར་ས་ཞེས་བྱ་བ་ནི་ཡོན་ཏན་ མང་པོའི་རྟེན་བྱེད་པའི་ཡེ་ཤེས་ཤིག་སྟེ། དེ་ཡང་རྒྱལ་ཚབ་ཆེན་པོས་གསུངས་པ། བྱང་ཆུབ་ སེམས་དཔའ་ལྟ་བ་རྣམ་པར་དག །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་བཞག །ཆོས་ 2-1-172 ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་དག་པ་ཐ་དད་ང་རྒྱལ་མེད། །སྐད་ཅིག་ གཅིག་བློ་ཐོབ་པ་བཏང་སྙོམ་པ། །ཞིང་རྣམས་སྦྱོང་བ་སེམས་ཅན་སྨིན་བྱེད་པ། །མཁས་པ་ མཐུ་ཆེན་ལུས་ཡོངས་རྫོགས་པ་དང༌། །ངེས་པར་བསྟན་ལ་མཁས་པར་དབང་བསྐུར་ཡིན། །ཞེས་པ་ལྟར་འདིར་མདོ་ཙམ་འཆད་པ་ལ། གོང་དུ་བཤད་པ་བཞིན་མཐོང་ལམ་དུ་ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་སྐབས་སུ་ ཆོས་ཉིད་མངོན་སུམ་དུ་རྟོགས་ཕྱིར་ལྟ་བ་རྣམ་པར་དག་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ ཡང་དག་པ་ཐོབ་ཅིང་ཕར་ཕྱིན་བཅུ་ལས་སྦྱིན་པའི་ཕར་ཕྱིན་གཙོ་བོར་སྤྱོད་པའོ། ། ས་གཉིས་པ་དྲི་མ་མེད་པའི་སྐབས་སེམས་ཀྱིས་ཉེས་ལྟུང་ཕྲ་མོ་ཙམ་ཡང་ཀུན་ཏུ་སྤྱོད་པ་ མེད་ཅིང༌། དེ་འདྲའི་ཉེས་ལྟུང་མེད་པ་ལ་ངང་གིས་འཇུག་པ་ཡིན་གྱི་བསྒྲིམ་མི་དགོས་པའི་ ཕྱིར་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པའི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པའོ། ། ས་གསུམ་པ་འོད་བྱེད་པའི་སྐབས་བསམ་གཟུགས་སོགས་ཐུན་མོང་གི་ཏིང་ངེ་འཛིན་ མང་པོ་སྔར་ནས་ཐོབ་ཟིན་མོད། འོན་ཀྱང་འདིར་གཞན་མུ་སྟེགས་དང་ཉན་རང་རྣམས་དང་ ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པ་བསམ་གཟུགས་སོགས་དང་རིགས་མཐུན་པའི་ཏིང་ངེ་ འཛིན་དཔག་མེད་བསྒྲུབས་ཤིང་དེ་དག་ལ་མཉམ་པར་འཇོག་ཅིང་ལུང་གི་ཆོས་ལ་ཡིད་ཆེས་ པའི་དད་པ་བླ་ལྷག་ཏུ་འཕེལ་ཡང་ལུང་ཆོས་ལ་ད་དུང་སྲེད་པ་ཅུང་ཟད་མ་ལོག་པར་ཡོད་ པའོ། ། ས་བཞི་པ་འོད་འཕྲོ་བའི་སྐབས་བྱང་སེམས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་བྱང་ཆོས་སོ་ བདུན་གྱི་ཁྱད་པར་མི་འདྲ་བ་མཐའ་ཡས་པ་ཐོབ་ཅིང་བརྗོད་བྱ་རྗོད་བྱེད་ཀྱི་ཆོས་ལ་ཐ་དད་ པའི་ང་རྒྱལ་སྤངས་ནས་མངོན་ཞེན་ཆེས་སྲབ་སྟེ་བརྡ་ཙམ་དུ་རྟོགས་ཕྱིར་ལུང་གི་ཆོས་ལ་སྲེད་ པ་ལོག་ཀྱང་དད་པ་ཆེས་འཕེལ་བའོ། ། 2-1-173 ས་ལྔ་པ་སྦྱང་དཀའ་བའི་སྐབས་བདེན་བཞིའི་དོན་ཉན་རང་རྣམས་ཀྱིས་མིང་ཙམ་ཡང་ རྟོགས་མ་མྱོང་བའི་དོན་གྱི་རྣམ་པ་དུ་མའི་རབ་དབྱེ་དང་འཇུག་ལྡོག་གི་དེ་ཁོ་ན་ཉིད་མཐའ་ ཡས་པ་རྟོགས་ཕྱིར་གནས་ལུགས་གདོད་མའི་ཆོས་ཉིད་སྤྲོས་བྲལ་དུ་དོན་ལ་མཉམ་པ་ཉིད་ ཀྱི་ཚུལ་གྱིས་སྣོད་བཅུད་ཐམས་ཅད་རྒྱུད་ཐ་དད་པར་འཛིན་པ་ལོག་སྟེ་རྒྱུད་ལ་ང་རྒྱལ་སྤངས་ པའོ། ། ས་དྲུག་པ་མངོན་དུ་གྱུར་པའི་སྐབས་ཐེག་དམན་དང་ཐུན་མོང་མ་ཡིན་པའི་ཀུན་རྫོབ་ འཁོར་བ་ཕྱོགས་ཀྱི་རྟེན་འབྲེལ་དང་དོན་དམ་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་འཇུག་ལྡོག་གི་ རིམ་པ་དང་དེ་དག་གི་གནས་ལུགས་རང་བཞིན་སྤྲོས་བྲལ་རོ་མཉམ་ལ་ཤིན་ཏུ་གོམས་པར་ བྱས་པས་ཀུན་བྱང་ཐ་དད་དུ་ལྟ་བའི་ང་རྒྱལ་སྤངས་ཏེ་དེ་གཉིས་སྤྲོས་བྲལ་སྟོང་པར་རྟོགས་ ཚུལ་སྔར་བས་ཀྱང་ཆེས་ལྷག་པའི་ཁྱད་པར་ཐོབ་པའོ། །ས་བདུན་པ་རིང་དུ་སོང་བའི་སྐབས་ བསྒྲིམ་པའི་རྩོལ་བ་ཡོད་ཀྱང་དེ་ལས་གཞན་པའི་ཡུལ་རྣམས་ལ་དེ་དང་དེའི་རྣམ་པའི་མཚན་ མར་འཛིན་པ་ཆེས་ཉེ་བར་ཞི་བའི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་རྟག་ཏུ་གནས་པའི་ མཐུས་སྐད་ཅིག་སྐད་ཅིག་ལ་བྱང་ཆོས་སོ་བདུན་སོགས་ཆོས་སྒོ་མཐའ་ཡས་པ་ཅིག་ཅར་ རྒྱུད་ལ་བསྐྱེད་པའི་མཐུ་ཐོབ་པའོ། །དེ་དག་ལས་ས་སྔ་མ་དྲུག་རྒྱུ་དང་ཕྱི་མ་འདི་འབྲས་བུར་ འཇོག་པའི་རྣམ་གཞག་ཀྱང་བྱུང༌། ས་བདུན་པོ་དེ་དག་གི་སྐབས་ཀུན་རྫོབ་ཀྱིས་སྟོང་པའི་སྤྲོས་བྲལ་རྣམ་བཅད་ཕྱོགས་ ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་ཚབས་ཇེ་ཆེ་དང་སྟོང་གཞི་དོན་དམ་རྣམ་ཀུན་པའི་ཡོངས་ གཅོད་ཀྱི་གནས་ལུགས་ལའང་དེ་ལྟར་རེག་པའི་ཉེ་ཕྱོགས་ཇེ་ཟབ་ཏུ་འགྲོ་བ་ཡིན་ཞིང་ས་ དྲུག་མན་ལ་མཚན་པའི་རྣམ་རྟོག་མི་འདོད་ཀྱང་འབྱུང་བའི་སྐབས་ཡོད་ལ་ས་འདིར་ནི་དེ་ལྟ་ བུ་འབྱུང་བ་མེད་པས་འདོད་པས་བསྐྱེད་ན་མ་གཏོགས་མཚན་མ་མེད་པ་ཉིད་ལ་གནས་ནུས་ 2-1-174 པ་ཡིན་ནོ། ། ས་བརྒྱད་པ་མི་གཡོ་བའི་སྐབས་འབད་རྩོལ་མེད་པར་མཚན་མེད་ཀྱི་དབྱིངས་སུ་ལྷུན་ གྱིས་གྲུབ་པར་གནས་ཕྱིར་མངོན་པར་རྟོགས་པ་དང་ཡེ་ཤེས་རྒྱུན་ཆད་པ་མེད་པས་ཕྱིར་མི་ ལྡོག་པ་གནས་ལུགས་སྤྲོས་བྲལ་གྱི་དབྱིངས་ལ་ངེས་པ་ཆེས་ཟབ་མོའི་མི་སྐྱེ་བའི་ཆོས་ལ་ བཟོད་པ་ཆེན་པོ་ཐོབ་ཅིང༌། འབད་རྩོལ་མེད་ཕྱིར་བཏང་སྙོམས་ཞེས་གསུངས་པ་ཡིན་ལ། སྐྱེས་བུ་གཅིག་གི་རྒྱུད་བསྡུས་ཀྱི་ཀུན་གཞིའི་དམིགས་ཡུལ་དུ་གང་གྱུར་ཚད་རིགས་མཐུན་ པ་གཅིག་གི་ཕྱོགས་སུ་བྱས་པ་དེ་འདྲའི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཅིག་ ཅར་ལུས་སྟོན་ནུས་པས་ཞིང་རྣམ་པར་སྦྱོང་བ་ལ་དབང་ཐོབ་པ་ཡིན་ནོ། །ས་དགུ་པ་ལེགས་ པའི་བློ་གྲོས་ཀྱི་སྐབས་ཆོས་དོན་ངེས་ཚིག་སྤོབས་པ་བཞི་སོ་སོར་ཡང་དག་པར་རིག་པ་བཞི་ ཐོབ་སྟེ་སེམས་ཅན་མཐའ་ཡས་པའི་རང་རང་གི་བསམ་པ་དང་མཚུངས་པར་ཆོས་སྟོན་པ་ ལ་སོགས་པའི་སྒོ་ནས་ཕན་པ་རྒྱ་ཆེན་བསྒྲུབས་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་ དབང་ཐོབ་པའང་ཡིན་ནོ། ། ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པའི་སྐབས་སུ་མངོན་ཤེས་ལ་སོགས་པའི་མཐུ་ཕུལ་བྱུང་ དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཚད་མེད་ཐོབ་པའི་ཕྱིར་ཆོས་ཀྱི་ལུས་ཡོངས་སུ་རྫོགས་ པ་དང་དགའ་ལྡན་དུ་སྐྱེ་བ་སྟོན་པ་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པའི་མཛད་པ་སངས་ རྒྱས་དང་ཆ་འདྲ་བ་སྟོན་པ་ལ་དབང་ཐོབ་ཅིང༌། ས་འདི་ཐོབ་ནས་མི་རིང་བར་འོད་ཟེར་ཆེན་ པོའི་དབང་བསྐུར་འབྱུང་ཞིང་སྤྱིར་ན་དག་ས་གསུམ་དུ་སྔར་ཆོས་ཉིད་སྤྲོས་བྲལ་རྣམ་བཅད་ ཕྱོགས་མངོན་དུ་བྱས་པ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་པའི་ཁར་སྟོང་གཞི་དོན་དམ་ རྣམ་པ་ཐམས་ཅད་པ་ཡོངས་གཅོད་ཀྱི་ཕྱོགས་ཀྱང་ཟུར་ཙམ་ནས་རྒྱ་ཇེ་ཆེར་མངོན་ཏེ་ངེས་ ཆ་ཇེ་བཟང་དུ་རིམ་གྱིས་སོང་ནས་ད་ལྟ་ས་བཅུ་པའི་དུས་འདིར་དུས་གསུམ་གྱི་སངས་རྒྱས་ 2-1-175 ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྟོགས་པ་དང་གཞི་དབྱིངས་དོན་དམ་བདེ་བར་ གཤེགས་པའི་སྙིང་པོའི་རང་གཤིས་གནས་ལུགས་ཀྱི་མཚན་ཉིད་རང་སྟོབས་ཀྱིས་མངོནུ་ སུམ་དུ་རྟོགས་ཀྱང་ད་དུང་གནས་ལུགས་ཀྱི་ཆ་རྣམ་པ་ཀུན་ནས་ཡོངས་སུ་རྫོགས་པ་མཐར་ ཐུག་དངོས་དེ་ཅུང་མིན་པས་དེ་སྐབས་སངས་རྒྱས་ཀུན་གྱི་འཕྲིན་ལས་དང་ལྷན་ཅིག་སྤྱོད་ པ་ཡིན་ཡང་ཕྱོགས་ཙམ་ནས་དེ་འདྲ་ཡིན་གྱི་གདོད་མའི་ཆོས་སྐུ་ཆ་མཐའ་དག་རྣམ་པ་ཀུན་ ནས་མངོན་དུ་གྱུར་ཟིན་པའི་མཐར་ཐུག་གི་གོ་འཕང་བླ་མེད་དེ་ད་དུང་ཅུང་ཐོབ་པ་ནིམ་ཡིན་ ལ། སྤྱིར་ས་དང་པོ་ཐོབ་པ་ནས་བརྩམས་ཏེ་སྦྱིན་པའི་ཕར་ཕྱིན་ལྷག་པ་ནས་བཟུང་ས་བཅུ་ ལ་རིམ་གྱིས་ཕར་ཕྱིན་བཅུ་ལྷག་ཅིང༌། ས་དང་པོ་ནས་མ་དག་པའི་ལུས་གནས་གྱུར་ཡིད་ཀྱི་ རང་བཞིན་གྱི་ལུས་དང་རང་སྣང་གི་ཞིང་ཁམས་ཕུན་སུམ་ཚོགས་པ་གྲུབ་ལ། ས་བདུན་པ་ རྫོགས་མཚམས་ནས་མཚན་དཔེས་བརྒྱན་པའི་ལུས་མཆོག་དང་འོག་མིན་གྱི་ཞིང་ཁམས་ རྗེས་མཐུན་པར་སྤྱོད་ཅིང་ས་བཅུ་པར་འོག་མིན་ཞིང་དངོས་ལ་བགྲོད་ནས་ས་བཅུ་པའི་ མཐར་ཞིང་དེ་ཉིད་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒྲུབས་ནས་ལོངས་སྐུའི་རྟེན་ལ་མངོན་ པར་སངས་རྒྱས་པ་ཡིན་ཅིང༌། དེ་འདྲའི་ས་བཅུ་པོའི་སྐབས་སུ་འགྲོ་དོན་ལ་ཁམས་གསུམ་དུ་ སྐྱེ་བ་སྟོན་པ་སོགས་ནི་རྣམ་པར་འཕྲུལ་བ་ཙམ་ཡིན་ལ། ས་བཅུའི་བྱང་སེམས་ཀྱིས་མཛད་པ་ བཅུ་གཉིས་ཀྱི་རྣམ་འཕྲུལ་སྟོན་པ་ཡོད་ཅིང༌། དེ་ཡང་འོག་མིན་དུ་ས་བཅུ་པ་བས་སྤྱད་པ་སྤྱོད་ ཅིང་དེའི་རྣམ་འཕྲུལ་ལ་དགའ་ལྡན་ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་བར་དུ་འབྱུང་ ལ་འོག་མིན་དུ་ནམ་ཞིག་སངས་རྒྱས་ཐོབ་ཚེ་རྣམ་པར་འཕྲུལ་བ་དེ་དག་ཀྱང་གཞིའི་འོག་མིན་ པ་དང་མཉམ་དུ་བྱང་ཆུབ་ཐོབ་ནས་ཆོས་འཁོར་སྐོར་བ་སོགས་ཀྱི་མཛད་པ་སྟོན་པ་ཡང་ཡོད། འོན་ཀྱང་འོག་མིན་དུ་སངས་རྒྱས་པའི་རྗེས་སུ་གདུལ་བྱའི་མོས་བློ་དང་འཚམ་པར་སོ་སོའི་ མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཤས་ཆེ་བའོ། ། 2-1-176 གཉིས་པ་དེ་དག་གིས་ཆོས་དབྱིངས་རྟོགས་ཚུལ་ནི་རྒྱལ་ཚམ་མི་ཕམ་མགོན་གྱིས་དབུས་ མཐར་གསུངས་པ་ལྟར་ཏེ། དེ་ཡང་འཕགས་པས་མཉམ་བཞག་ཏུ་ཆོས་ཉིད་རྟོགས་པའི་ སྟོབས་ཀྱི་རྗེས་ཐོབ་ཏུ་ངེས་པ་དེ་ལུགས་འདྲེན་ཚུལ་གྱིས་བཞག་པ་སྟེ། ས་དང་པོའི་སྐབས་ སུ་གནས་ལུགས་ཆོས་དབྱིངས་སྤྲོས་པ་བྲལ་ཕྱོགས་ནས་ཀུན་ཏུ་འགྲོ་བའི་དོན་བདག་གཞན་ མཐའ་དག་ལ་སྤྲོས་བྲལ་ཆོས་དབྱིངས་ཉིད་ཀུན་ཁྱབ་ཀྱི་ཚུལ་དུ་རྟོགས་པ་དང༌། ས་གཉིས་ པར་མཆོག་གི་དོན་ཆོས་དབྱིངས་ཉིད་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་རང་བཞིན་གྱིས་ འོད་གསལ་བར་མཐོང་ནས་དེ་འདྲའི་དབྱིངས་དེ་མངོན་དུ་བྱེད་ཐབས་ལ་འབད་སྙམ་སྐྱེ་བ་ དང༌། ས་གསུམ་པར་རྒྱུ་མཐུན་པའི་དོན་གྱི་མཆོག་ཆོས་དབྱིངས་སྤྲོས་བྲལ་རྟོགས་པ་ལས་ གསུང་རབ་འབྱུང་ཞིང་གསུང་རབ་ལས་ཀྱང་ཆོས་དབྱིངས་རྟོགས་པར་འགྱུར་བས་དེ་འདྲའི་ ལུང་གི་ཆོས་ཚིག་བཞི་གཅིག་གི་དོན་དུ་སྟོང་གསུམ་མེས་གང་བར་ཡང་མཆོང་ནས་བརྒལ་ བར་སྤྲོ་བ་དང༌། ས་བཞི་པར་ཡོངས་སུ་འཛིན་པ་མེད་པའི་དོན་སྤྲོས་བྲལ་ཆོས་དབྱིངས་ཉིད་ གཟུང་འཛིན་མ་ལུས་པ་དང་རྣམ་པར་བྲལ་བའི་གཞི་དབྱིངས་ཉག་གཅིག་ཏུ་ཁོང་དུ་ཆུད་ པས་བྱང་ཆུབ་ཕྱོགས་ཀྱི་ཆོས་རྒྱ་ཆེན་ཐོབ་པ་དང༌། ས་ལྔ་པར་བདག་དང་གཞན་མཐའ་དག་ གི་རྒྱུད་ཀྱི་ཆོས་དབྱིངས་སྤྲོས་པ་ཀུན་བྲལ་གྱི་དབྱིངས་གཅིག་པུ་དེ་ནམ་ཡང་གཉིས་སུ་མེད་ པ་ཉིད་དུ་ངེས་ཕྱིར་ཐ་དད་པ་མེད་པར་རྟོགས་པ་དང༌། ས་དྲུག་པར་ཀུན་བྱང་མ་ཡིན་པའི་ དོན་གཞིའི་ཆོས་ཀྱི་དབྱིངས་སྤྲོས་པ་མཐའ་དག་གིས་གདོད་ནས་སྟོང་ཞིང་རང་བཞིན་གྱིས་ རྣམ་པར་དག་པས་ཀུན་ཉོན་དང་རྣམ་བྱང་གི་ཆ་དོན་གྱི་ངོ་བོ་ལ། ཕྱེ་རྒྱུ་མེད་པར་རྟོགས་པ་ དང༌། ས་བདུན་པར་ཐ་དད་མེད་པའི་དོན་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་དབྱིངས་ སྤྲོས་བྲལ་གྱི་རྣམ་པ་དེ་ལ་མཚན་མ་ཐ་དད་པ་མེད་པར་སྤྲོས་མེད་འབའ་ཞིག་ཏུ་རྟོགས་པ་ དང༌། མ་དག་ས་བདུན་མན་དུ་ཆོས་ཀྱི་དབྱིངས་སྤྲོས་བྲལ་སྟོང་ཕྱོགས་ནས་རིམ་གྱིས་མངོན་ 2-1-177 དུ་བྱེད་ཅིང༌། དག་པའི་ས་ནས་སྤྲོས་བྲལ་སྟོང་པའི་དབྱིངས་དེའི་ངང་ནས་གཤིས་ཀྱི་གནས་ ལུགས་དོན་དམ་རྣམ་ཀུན་པའི་རྣམ་ཆ་དང་ཁྱད་ཆོས་ཅི་རིགས་ཅུང་ཙམ་རྟོགས་པའི་སྒོ་ནས་ ས་བརྒྱད་པར་བྲི་འཕེལ་མེད་པའི་དོན་ཡེ་གཞི་དོན་དམ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དེ་ཐོག་མ་ ཀུན་ནས་ཉོན་མོངས་པའི་སྐབས་ན་ཅང་མེད་ཀྱི་རྣམ་པའང་ས་བོན་བག་ཉལ་ཙམ་དུ་མ་ཟད་ པར་དོན་དམ་རྣམ་ཀུན་པའི་རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོ་ནམ་ཡང་བྲི་བ་མེད་པར་རང་ ཆས་སུ་ཡོད་པ་དང་རྣམ་པར་བྱང་བའི་སྐབས་ནའང་སྔར་གྱི་གཞི་དབྱིངས་དོན་དམ་ཆོས་སྐུ་ དེ་ཉིད་ལས་སྔར་མེད་གསར་དུ་འཕེལ་བ་ཅི་ཡང་མེད་པར་གཞི་འབྲས་དབྱེར་མེད་ཀྱི་ཚུལ་ ཕྱོགས་ཙམ་སྔར་བས་ལྷག་རྟོགས་པ་དང༌། ས་དགུ་པར་ས་བརྒྱད་པ་ལས་ཀྱང་སྟོང་གཞི་ དོན་དམ་པའི་ཡིན་ལུགས་རྟོགས་ཚུལ་ཟབ་པའི་སྒོ་ནས་སོ་སོར་ཡང་དག་པར་རིག་པ་བཞི་ ལ་དབང་བའི་ཚུལ་གྱིས་འོད་གསལ་གཤེགས་སྙིང་གི་གནས་ལུགས་ལ་ཆེས་ཉེ་བར་གྱུར་ཏེ་ ནང་དབྱིངས་ཤིན་ཏུ་དྭངས་པའི་དོན་དམ་པའི་རྣམ་ཆ་ཆེས་གསལ་བའི་གཟིགས་སྟོབས་རྒྱ་ ཆེ་བས་མཐོང་བ་དང༌། ས་བཅུ་པར་ཇི་ལྟར་འདོད་པ་བཞིན་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ ཅན་མཐའ་ཡས་པའི་དོན་མཛད་བཞིན་ཡེ་གཞི་ཆོས་ཉིད་བདེ་གཤེགས་སྙིང་པོ་དོན་དམ་ པའི་ཡོན་ཏན་ཐམས་ཅད་གདོད་མ་རང་ཆས་སུ་ཡོད་པའི་མཚན་ཉིད་རྣམས་ཀྱང་སྤྱིའི་ཕྱོགས་ ནས་རང་སྟོབས་ཀྱིས་མངོན་དུ་གྱུར་པ་ཡིན་ནོ། ། དེ་ལྟར་ས་བཅུ་པོའི་སྐབས་སུ་ཆོས་དབྱིངས་མཐོང་ཚུལ་མི་འདྲ་བ་བྱུང་བ་དག་ནི་ལམ་ སྒོམ་པ་པོའི་གང་ཟག་རྣམས་ཀྱི་རང་རང་ལ་ཡོད་པའི་ཆོས་ཉིད་མཐོང་བ་ལ་སྒྲིབ་བྱེད་ཀྱི་ དྲི་མ་སྲབ་མཐུག་གི་དབང་ལས་སྣང་བའི་ཚུལ་དེ་ལྟར་བྱུང་བ་ཡིན་གྱི་དོན་གནས་ཚོད་ལ་ ནི་གཞི་འབྲས་དབྱེར་མེད་ཀྱི་ཆོས་སྐུ་དོན་དམ་པའི་བདེན་པ་སྐུ་གསུམ་རང་ཆས་སུ་ཡོད་པ་ ཡེ་གདོད་མ་ནས་ཆོས་ཅན་སེམས་ཅན་མཐའ་དག་ལ་ཆོས་ཉིད་ཀྱི་ཚུལ་དུ་རང་གཤིས་དག་ 2-1-178 མཉམ་ཆེན་པོར་བཞུགས་པ་དེ་ག་ཉིད་ལ་ལམ་དང་འབྲས་བུའི་སྒོ་ནས་བཟང་ངན་གྱི་དབྱེ་ བ་གང་ཡང་མེད་མོད་ཀྱང་དཔེར་ན་ཉིན་བྱེད་འོད་སྟོང་རྟག་འབར་ཡང་སྒྲིབ་བྱེད་སྤྲིན་སྲབ་ མཐུག་གིས་གསལ་མི་གསལ་སྤྲིན་འོག་གི་གྲོང་ཁྱེར་བ་དག་ལ་འབྱུང་དུ་རུང་བ་ལྟར་གཞི་ དབྱིངས་སྒྲིབ་བྱེད་གློ་བུར་དྲི་མ་སྲབ་མཐུག་གིས་དྲི་བཅས་གང་ཟག་རྣམས་ལ་དབྱིངས་དེ་ གསལ་མི་གསལ་ངེས་པར་འབྱུང་རིགས་པའོ། །གཞན་ཡང་ས་དེ་དག་གིས་སྐབས་སུ་རྣམ་ སྨིན་འཛིན་ཚུལ་གྱི་ཁྱད་པར། ཚོགས་ཀྱི་ཁྱད་པར། ཡོན་ཏན་གྱི་ཁྱད་པར། སྐྱེ་བ་ལེན་ཚུལ་ གྱི་ཁྱད་པར། ཡིད་ལུས་ཀྱི་ཁྱད་པར། མཚན་མ་སྤངས་པའི་ཚུལ། ལུང་བསྟན་ཐོབ་པའི་ ཚུལ་སོགས་འདི་སྐོར་ལ་བཤད་བྱ་ཆེ་ཡང་དེ་ཙམ་མོ། །དེ་དག་གིས་རྗེ་ཇོ་ནང་པ་ཆེན་པོའི་ དགོངས་བཞེད་འཇམ་དགོན་བླ་མ་གང་ཉིད་ཀྱིས་ཇི་ལྟར་བཀྲལ་བཞིན་ལམ་གྱི་གནས་ ལུགས་ཟབ་མོ་མདོ་ཙམ་བརྗོད་ཟིན་ཏོ། ། སྨྲས་པ། འོད་གསལ་ནང་དབྱིངས་ཆོས་སྐུ་ཉིན་བྱེད་དབང༌། ། གློ་བུར་དྲི་མ་ཆུ་འཛིན་ཟོལ་གྱིས་བསྒྲིབས། ། དེ་བསལ་ཐབས་མཆོག་ལམ་གྱི་གནས་ལུགས་ཆེ། ། དྲི་བཞོན་དལ་བའི་རྒྱུན་བཞིན་སྐྲུན་ཅིག་ཀྱེ། ། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ས་བཅད་གསུམ་པ། འབྲས་བུའི་ཟབ་མོའི་གནས་ལུགས་བཤད་པ། རྩ་བའི་ས་བཅད་གསུམ་པ་འབྲས་བུའི་ཟབ་མོའི་གནས་ལུགས་བཤད་པ་ནི་ཡེ་གཞི་ 2-1-179 དོན་དམ་པའི་གནས་ལུགས་ངེས་པ་དོན་གྱི་སངས་རྒྱས་མིགནས་མྱང་འདས་ཆེན་པོ་ཟབ་ ཡངས་དག་པའི་ཆོས་ཀྱི་རྣམ་བྱང་གི་ཡོན་ཏན་མཐའ་ཡས་པ་གདོད་ནས་རང་ཆས་སུ་ཉི་མ་ དང་ཟེར་བཞིན་ནམ་ཡང་འབྲལ་མེད་ཀྱི་ངོ་བོར་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པ་དེ་ ག་ཉིད་དེང་སྐབས་ཀྱི་མངོན་དུ་འགྱུར་བྱ་མཐར་ཐུག་པ་གཞི་འབྲས་དབྱེར་མེད་མཆོག་གི་ བྲལ་འབྲས་དངོས་དེ་ཡིན་ཞིང༌། དེ་ནི་དོན་གྱི་ཡིན་ལུགས་ལ་རང་གཤིས་དག་པ་གཉིས་ཀྱི་ རང་བཞིན་ནམ་ཡང་མི་འགྱུར་བའི་ཤིན་ཏུ་དྭངས་པ་འབའ་ཞིག་ཏུ་ངེས་པས་གཞི་དུས་སུ་ བཞུགས་པའི་བྲལ་འབྲས་ཆོས་སྐུ་རང་གི་ངོ་བོ་ལ་ལྟོས་ན་དྲི་མ་སྔར་ཡོད་པ་དང་ཕྱིས་བསལ་ བ་གང་ཡང་མེད་ཀྱང་སེམས་ཅན་དག་གི་རྒྱུད་བསྡུས་ཀྱི་དྲི་མ་ལ་ཆུང་འབྲིང་ཆེ་གསུམ་མི་འདྲ་ བ་སྣ་ཚོགས་ཀྱི་དབང་གིས་རང་རང་གི་གཞི་ལ་བཞུགས་པའི་ཆོས་སྐུ་ལྐོག་ཏུ་གྱུར་ཚབས་ ཆུང་འབྲིང་ཆེ་གསུམ་དེ་ལུགས་ལྟར་ཡོད་པས་དྲི་མ་དེ་གསུམ་སེལ་བྱེད་ཀྱི་ལམ་ལ་ཉན་ཐོས་ རང་རྒྱལ་བྱང་སེམས་ཏེ་ཐེག་པ་གསུམ་གྱི་ལམ་ཡང་དེ་ལྟར་དུ་ཡོད་པ་ཡིན་ལ། སེམས་ཅན་ དག་གིས་ཀྱང་རང་རང་གི་ཁམས་དབང་དང་མཐུན་པའི་ལམ་སྒོམ་པའི་སྐལ་བ་འགྲིག་ཚེ་ དེ་ལུགས་ལྟར་བསྒོམ་པས་གཞིའི་ཆོས་སྐུར་རང་ངོས་ནས་བཟང་ངན་མེད་ཀྱང་གང་ཟག་ རང་སྣང་འཁྲུལ་བ་ཚབས་ཆུང་འབྲིང་ཆེ་གསུམ་གྱི་དབང་གིས་དག་པ་བྲལ་འབྲས་བྱང་ཆུབ་ ཀྱང་ཐ་འབྲིང་རབ་ཀྱི་རྣམ་པ་མི་འདྲ་བ་ཚུལ་དེ་མཐུན་མངོན་དུ་གྱུར་འོང་ཞིང་དེ་ལས་ཐེག་ ཆེན་གྱི་བླ་མེད་བྱང་ཆུབ་མངོན་དུ་འགྱུར་བྱ་ཡང་གནས་ལུགས་དོན་དམ་དབྱིངས་ཉིད་གདོད་ ནས་བཞུགས་པ་དེ་ག་རང་སྣང་གིས་མངོན་དུ་གྱུར་པའི་ཕྱོགས་དེ་ངོ་བོ་ཉིད་སྐུ་དོན་དམ་ཉག་ གཅིག་དང་དེ་ལ་གདོད་ནས་རང་རིག་རང་གསལ་གྱི་ཡེ་ཤེས་སུ་ཡོད་པའི་ཕྱོགས་དེ་དོན་ དམ་པའི་ཡེ་ཤེས་ཆོས་སྐུ་དང་གཞན་སྣང་ངོར་དེ་མངོན་དུ་གྱུར་ཕྱོགས་ནས་ཀུན་རྫོབ་པའི་ ཡེ་ཤེས་ཆོས་སྐུར་འཇོག་ཅིང༌། གདོད་ནས་བཞུགས་པའི་རང་བྱུང་གི་ཆོས་སྐུ་དེ་ལ་བརྟེན་ 2-1-180 ནས་རྒྱལ་བ་རང་སྣང་གི་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བ་རབ་འབྱམས་དེ་དོན་དམ་པའི་ ལོངས་སྐུ་དང་དེ་གདུལ་བྱ་གཞན་སེམས་དཔའ་ཆེན་པོ་གང་དག་གིས་མཐོང་བའི་ཡུལ་དུ་ གྱུར་པའི་ལོངས་སྐུའི་བཀོད་པ་དེ་ཀུན་རྫོབ་པའི་ལོངས་སྐུ་དང་གནས་ལུགས་ལོངས་སྐུ་དེ་ ལ་བརྟེན་ནས་རང་སྣང་གི་སྤྲུལ་བའི་སྐུའི་བཀོད་པ་འབྱམས་ཀླས་དག་དོན་དམ་པའི་སྤྲུལ་ སྐུ་དང་དེ་གཞན་གདུལ་བྱ་ཐུན་མོང་གི་ངོར་རང་རང་དང་འཚམ་པར་སྣང་བ་དེ་རྣམས་ཀྱང་ ཀུན་རྫོབ་པའི་སྤྲུལ་བའི་སྐུར་འཇོག་པ་ཡིན་པར་ཤེས་པར་བྱས་ནས་དེ་ལྟ་བུའི་སྐུ་བཞི་ལ་ དོན་དམ་པའི་ཕྱོགས་རྣམས་བྲལ་འབྲས་དང་ཀུན་རྫོབ་པའི་ཕྱོགས་རྣམས་བསྐྱེད་འབྲས་སུ་ འཇོག་པ་སྟེ། དེ་འདྲའི་མཐར་ཐུག་གི་འབྲས་བུ་སྐུ་བཞི་ལས་སྔ་མ་དོན་དམ་ཁོ་ན་དང་ཕྱི་མ་ གསུམ་མཛད་འཕྲིན་བཅས་ལ་རང་སྣང་གཞན་སྣང་གིས་དབྱེ་བའི་དོན་དམ་དང་ཀུན་རྫོབ་ པའི་ཕྱོགས་གཉིས་རེ་ཡོད་པས་དེ་ལུགས་ལྟར་གྱི་འབྲས་བུ་དེ་ལ་སྐུ་དང༌། ཡེ་ཤེས་དང༌། ཡོན་ཏན་དང༌། འཕྲིན་ལས་བཞི་ལས། དང་པོ། སྐུ་བཤད་པ། དང་པོ་ལ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་བའི་སྐུ་དང་ བཞི་ལས། དང་པོ་ནི། ཡེ་གདོད་མ་ནས་བཞུགས་པའི་དོན་དམ་ཆོས་ཉིད་བདེ་གཤེགས་སྙིང་པོའི་ རང་མདངས་ངེས་པ་དོན་གྱི་གཞི་འབྲས་དབྱེར་མེད་ཀྱི་རང་བཞིན་གནས་ལུགས་བདེ་བ་ མཆོག་གི་བདག་ཉིད་རང་བྱུང་ཡེ་ཤེས་ཆེན་པོ་གཤིས་ནས་དག་པ་གཉིས་དང་རང་ཆས་སུ་ ལྡན་པའི་དྲི་མ་མེད་པའི་གཞི་དབྱིངས་དེ་བཞིན་ཉིད་ཁོ་ན་འདིར་བྲལ་འབྲས་སུ་གཞག་བྱ་སྟེ། འདི་ལ་ལུང་རིགས་གཉིས་ལས། དང་པོ་ནི། གདོད་ནས་རང་བྱུང་དུ་ཡོད་པའི་དོན་དམ་པའི་དབྱིངས་དེ། ཆོས་ཅན། ཁྱོད་ 2-1-181 གཤིས་ཀྱི་གནས་ལུགས་མཐར་ཐུག་བདེན་པ་གཅིག་པུ་དོན་དམ་པའི་མི་གནས་པའི་མྱང་ འདས་ངོ་བོ་ཉིད་སྐུར་ལེགས་པར་གྲུབ་པ་ཡིན་ཏེ། མདོ་ལས། བདེན་པ་ནི་གཅིག་པུ་གཉིས་ མ་ཡིན་པ་སྟེ། འདིལྟ་སྟེ། འགོག་པའི་བདེན་པའོ། །ཞེས་སོགས་གསུངས་པའི་ཕྱིར། དེ་ འདྲའི་དབྱིངས་དེ། ཆོས་ཅན། ཁྱོད་ཐོག་མཐའ་བར་གསུམ་དུ་སྐྱེ་འཇིག་གནས་གསུམ་བྲལ་ བས་འདུས་མ་བྱས་པའི་མཚན་ཉིད་དང༌། ཟག་མེད་ཀྱི་དབྱིངས་དང་མཐར་ཕྱིན་པའི་ཡེ་ཤེས་ གཅིག་ཏུ་འདྲེས་པས་རྣམ་དབྱེར་མེད་པའི་མཚན་ཉིད་དང་ཡོད་མེད་སོགས་ལས་གྲོལ་བས་ སྒྲོ་སྐུར་གྱི་མཐའ་ གཉིས་སུ་ལྷུང་བ་མེད་པའི་མཚན་ཉིད་དང༌། ཉོན་ཤེས་སྙོམས་འཇུག་གི་སྒྲིབ་པ་གསུམ་ དང་བྲལ་བའི་མཚན་ཉིད་དང༌། དྲི་མ་མེད་ཅིང་རྣམ་རྟོག་གི་སྤྱོད་ཡུལ་དུ་མེད་པར་ཆོས་ དབྱིངས་རང་བཞིན་འཕགས་པ་མཆོག་གི་གཟིགས་ངོར་ལེགས་པར་བདེན་པའི་མཚན་ཉིད་ ཅན་གྱི་བྲལ་འབྲས་ཡིན་ཏེ། རྒྱལ་ཚབ་ཀྱིས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེ་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་ རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་གསུངས་པའི་དོན་ལ་ གནས་པའི་ཕྱིར། འདི་ལ་རང་ངོས་ནས་དབྱེ་བ་མེད་ཀྱང་དེ་མངོན་བྱེད་པའི་སྣང་ལུགས་ལྟར་ ན། རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་གཉིས་སོ། ། གཉིས་པ་ནི། རང་བཞིན་དེ་ཁོ་ན་ཉིད་དེ། ཆོས་ཅན། གདོད་ནས་རང་བྱུང་དུ་གྲུབ་ པའི་དོན་དམ་ངོ་བོ་ཉིད་སྐུ་གཞི་འབྲས་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོར་ལེགས་པར་གྲུབ་ སྟེ། ཆོས་ཐམས་ཅད་ཀྱི་གཤིས་ལུགས་མཐར་ཐུག་པ་དེ་ཡེ་ནས་དག་མཉམ་དུ་ཡོད་པ་གང་ ཞིགགཤིས་དེ་ཡང་ཅང་མེད་སྟོང་རྐྱང་ཙམ་དུ་མ་ཟད་པར་དོན་དམ་མཆོག་གི་སྐུ་གསུམ་རྣམ་ པར་བྱང་བའི་ཆོས་ཁམས་རྒྱ་མཚོ་ལྟ་བུའི་ཡོན་ཏན་ཀུན་ངེས་པར་རང་ཆས་ཉིད་དུ་རྫོགས་ 2-1-182 པའི་ཕྱིར། རྟགས་འདི་སྤྲོས་ན་ཆོག་ཀྱང་གོང་བཤད་དག་གིས་ཅུང་ཟད་ཤེས་ནུས་པས་དེ་ཙམ་ དུ་བཞགདེས་ན་ངོ་བོ་ཉིད་སྐུ་དེ་ཅང་མེད་ཀྱི་མེད་དགག་ཙམ་མ་ཡིན་པར་དག་ཆེན་ཡེ་ཤེས་ མཆོག་གི་གནས་ལུགས་ཡེ་ནས་བཞུགས་པའི་ཁྱབ་བདག་དམ་པ་ཉིད་དུ་གྲུབ་པོ། །གཉིས་ པ་ཡེ་ཤེས་ཆོས་སྐུ་ནི། དོན་དམ་རང་བྱུང་གི་ཡེ་ཤེས་ཀྱི་ཕྱོགས་གདོད་ནས་གཞི་འབྲས་དབྱེར་ མེད་ཉིད་དུ་ནམ་ཡང་འགྱུར་མེད་ཡོན་ཏན་ཀུན་ལྡན་དུ་བཞུགས་པ་དེ་མངོན་བྱ་བའི་རང་ སྣང་གིས་དེ་ལུགས་ཇི་བཞིན་དང་གཞན་སྣང་ལྟར་ན་སྟོབས་བཅུ་མི་འཇིགས་པ་སོགས་ཡོན་ ཏན་མཐའ་ཡས་པའི་གཏེར་གྱུར་རྣམ་པར་བྱང་བའི་ཡེ་ཤེས་ཆོས་ཀྱི་སྐུ་གསར་བསྐྱེད་ཀྱི་རྣམ་ པའི་འབྲས་བུ་སྟེ། དེ་ལ་ལུང་རིགས་གཉིས་ལས། དང་པོ་ནི། གདོད་ནས་བཞུགས་པའི་ རང་བྱུང་གི་ཡེ་ཤེས་ཆེན་པོ་དང་དེ་ལ་སྣང་ཚུལ་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་ཀུན་ འདུས་པའི་བདག་ཉིད་རང་བཞིན་ཤེར་ཕྱིན་དང་མི་གཉིས་པའི་ཡེ་ཤེས་མཐར་ཐུག་པ་དེ་ཡེ་ ཤེས་ཆོས་ཀྱི་སྐུ་ཡིན་ཏེ། མདོ་ལས། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་ པ་སངས་རྒྱས་ཀྱི་ཡོན་ཏན་འདུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་ ཅིང་ཐ་མི་དད་པར་གྱུར་པ་ནི་ཆོས་ཀྱི་སྐུའོ། །ཞེས་སོགས་གསུངས་པ་ལྟར་གྱི་ཕྱིར། དེ་འདྲའི་ ཡེ་ཤེས་ཆོས་སྐུ་དེ་ཡང་སྤངས་རྟོགས་མཐར་ཕྱིན་པའི་རྣམ་པར་གྲོལ་བ་ཆེན་པོ་རང་གཞན་ གྱི་དོན་ཕུན་ཚོགས་འགྲུབ་པ་བསམ་གྱིས་མི་ཁྱབ་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་གཞན་ སྣང་ངོར་གསར་ཐོབ་ཀྱི་ཚུལ་དུ་བསྐྱེད་འབྲས་མཐར་ཐུག་ཏུ་བཞག་པའང་ཡིན་ཏེ། རྒྱལ་ ཚབ་ཀྱིས། རྣམ་གྲོལ་ཆོས་ཀྱི་སྐུ་དག་གིས། །རང་དང་གཞན་གྱི་དོན་བསྟན་ཏེ། །རང་གཞན་ དོན་རྟེན་དེ་ལ་ནི། །བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། །ཞེས་སོགས་ཀྱིས་སྤངས་རྟོགས་ མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཀྱི་བསྐྱེད་འབྲས་ལེགས་པར་བསྟན་པའིཕྱིར། དེ་འདྲའི་ ཡེ་ཤེས་ཆོས་སྐུ་ལ་དོན་དམ་པ་དང་ཀུན་རྫོབ་པའི་སྤངས་རྟོགས་རང་ཆས་དང་གསར་བྱུང་ 2-1-183 གི་རིམ་པས་ནམ་མཁའ་ལྟ་བུའི་སྤངས་པ་དང་ཉི་མ་ལྟ་བའི་ཡེ་ཤེས་ཀྱི་རྟོགས་པ་ཟུང་འཇུག་ ཏུ་ཡོད་ཚུལ་ཡང་མི་ཕམ་མཆོག་གིས་གསུངས་པ་སྟེ། ཇི་སྐད་དུ། སངས་རྒྱས་ཉིད་ནི་དབྱེར་ མེད་པ། །དག་པའི་ཆོས་ཀྱི་རབ་ཕྱེ་བ། །ཉི་མ་མཁའ་བཞིན་ཡེ་ཤེས་དང༌། །སྤངས་པ་གཉིས་ ཀྱི་མཚན་ཉིད་དོ། །ཞེས་སོགས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །དེ་འདྲའི་ཡེ་ཤེས་ཆོས་ སྐུ་ལ་བསྡུས་པར་དབྱེ་ན། ཇིལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་དང༌། འབྲིང་དུ་དབྱེ་ན་ཡེ་ ཤེས་ལྔ་དང༌། རྒྱས་པར་དབྱེ་ན་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ཏུ་བྱས་ནའང་རུང་མོད། འདིར་དེ་དག་སྤྱིར་མི་འཆད་ལ་འགའ་རེ་ཉུང་ཙམ་འོག་ཏུ་ཡང་འབྱུང་ངོ༌། ། གཉིས་པ་ནི། སངས་རྒྱས་ཀྱི་གསང་བ་གསུམ་གྱིས་བསྡུས་པའི་ཡོན་ཏན་མཐའ་དག་ གི་གཞིར་གྱུར་པའི་སྤྲོས་པ་ཀུན་བྲལ་གྱི་ཡེ་ཤེས། ཆོས་ཅན། ཁྱོད་ཀྱི་གནས་ཚུལ་དངོས་ནི་ གདོད་ནས་བཞུགས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་གི་བྲལ་འབྲས་ཆོས་ ཉིད་ཡིན་ཡང་སྣང་ཚུལ་ཆོས་ཅན་ཡེ་ཤེས་ཀྱི་སྣང་བ་གསར་དུ་རྒྱས་པའི་ཆ་ནས་མཐར་ཐུག་ བསྐྱེད་འབྲས་ཀྱང་ཡིན་རུང་སྟེ། དོན་གྱི་སྡོད་ལུགས་དོན་དམ་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ རྣམ་པ་ཐམས་ཅད་པའི་དེ་ཁོ་ན་ཉིད་ནི་དྲི་མ་སྤངས་པས་མངོན་དུ་འགྱུར་བྱ་ཀུན་ཁྱབ་གནས་ ལུགས་མཐར་ཐུག་གི་ཆོས་ཉིད་དུ་ངེས་པ་གང་ཞིགདེ་ལ་སྣང་ཚུལ་གྱི་རྣམ་པར་བྱང་བའི་ཇི་ ལྟ་ཇི་སྙེད་ཀྱི་ཀུན་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་ཆེས་གསར་བྱུང་གི་ ཚུལ་ཏུ་རྒྱས་པའི་ཕྱོགས་ནི་སློབ་ལམ་གྱིས་བསྐྱེད་འབྲས་སུ་ངེས་པར་རིགས་ཤིང་འཐད་པ་ ཉིད་ཀྱི་ཕྱིར། དེས་ན་ཡེ་ཤེས་ཆོས་ཀྱི་སྐུ་ལའང་གནས་ལུགས་དོན་དམ་པ་དང་དེར་བརྟེན་ ཀུན་རྫོབ་པའི་ཕྱོགས་གཉིས་ཡོད་པར་གྲུབ་བོ། ། གསུམ་པ་ལོངས་སྤྱོད་རྫོགས་སྐུ་ནི། རང་བྱུང་དོན་དམ་པ་གནས་ལུགས་ཀྱི་རང་སྣང་ དག་པའི་གཙོ་འཁོར་སྣོད་བཅུད་རྣམ་པ་ཐམས་ཅད་པ་དང་དེ་ལ་གདུལ་བྱ་མཆོག་གི་གཞན་ 2-1-184 སྣང་ཁྱད་པར་བའི་གཙོ་འཁོར་སྣོད་བཅུད་དག་སྣང་གིས་བསྡུས་པའི་གཟུགས་སྐུ་དག་ཞིང་ གི་བཀོད་པ་ཕུན་ཚོགས་དང་བཅས་པ་སྟེ། འདི་ལ་ལུང་རིགས་གཉིས་ལས། དང་པོ་ནི། གཞིའི་དོན་དམ་ཆོས་སྐུའི་མཐུ་དེ་ཉིད་ལ་བརྟེན་ནས་རྒྱལ་བ་རང་སྣང་གི་ སྐུ་ཞིང་ཕུན་ཚོགས་ཀྱི་བཀོད་པ་དང་གཞན་སྣང་གིས་བསྡུས་པའི་སྐུ་ཞིང་ཕུན་ཚོགས་ཀྱི་ ལོངས་སྤྱོད་རྫོགས་པའི་གཟུགས་སྐུ་མཐར་ཐུག་པ་དེ་ལོངས་སྐུ་ཉིད་དུ་རྒྱལ་བ་རང་ཉིད་ ཀྱིས་ལེགས་པར་བཀའ་བསྩལ་པ་ཡིན་ཏེ། མདོ་ལས། སྔར་གྱི་ཆོས་སྐུའི་རྗེས་དེ་མ་ཐག་ ནས། དེའི་བྱིན་རླབས་ལས་བྱུང་བ་དེའི་གཞི་ལ་བརྟེན་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཞེས་གསུངས་པའི་ཕྱིར། དེ་འདྲའི་ལོངས་སྐུ་དེ་ལས་ཟབ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ འོད་ཟེར་གྱི་སྣང་བ་འགྱེད་པས་གསུང་གི་བརྗོད་པ་རྒྱུན་མི་ཆད་པ་དང༌། མཚན་དཔེ་མངའ་ བའི་སྐུའི་སྣང་བ་རྒྱུན་མི་ཆད་པ་སྟོན་པའི་སྒོ་ནས་གདུལ་བྱ་མཆོག་རྣམས་ལ་རྣམ་པར་གྲོལ་ བའི་དོན་སྒྲུབ་པ་ལ་ལེགས་པར་བརྩོན་པའི་མཛད་པ་རྒྱུན་མི་ཆད་པ་ནོར་བུས་རེ་འདོད་སྐོང་ བ་བཞིན་འབད་མེད་ལྷུན་གྲུབ་ཏུ་འཇུག་བཞིན་སྣ་ཚོགས་པའི་སྤྲུལ་བ་སྟོན་ཡང་དེའི་རང་ བཞིན་ཁོ་ནར་མི་བདེན་པའི་རྣམ་ཀུན་མཆོག་གི་བཀོད་པ་ཅན་ཡང་ཡིན་ཏེ། རྒྱལ་ཚབ་ཀྱིས། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་སྒྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་ཡིན། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་དུ་གནས་པའི་ཕྱིར། ལོངས་སྐུ་ལ་གཉིས་ཏེ། གོང་དུ་ བཤད་པའི་ཆོས་སྐུ་དེ་ཉིད་སངས་རྒྱས་རང་སྣང་ལ་སྐུ་མཚན་དཔེ་ཅན་རྣམ་པ་ཐམས་ཅད་པ་ དང༌། གསུང་བརྗོད་བྲལ་སྒྲ་དབྱངས་ཐམས་ཅད་པ་དང༌། འཁོར་དང༌། ཞིང་དང༌། མཆོད་ པའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་པར་འཆར་བ་གནས་ཚུལ་གྱི་ལོངས་སྐུ་དང༌། གཞིའི་དོན་དམ་པའི་ལོངས་སྐུ་ཁོ་ན་ལ་དམིགས་པ་ཡིན་ཡང་དེའི་གནས་ཚུལ་ལས་གཞན་ 2-1-185 དུ་སྣང་བ་ས་བཅུའི་སེམས་དཔའ་རྣམས་ལ་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་གནས་འཁོར་བཅས་ པའི་སྣང་བ་གང་དག་སྣང་ཚུལ་གྱི་ལོངས་སྐུ་དང་གཉིས་ཡོད་དོ། ། གཉིས་པ་ནི། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་དེ། ཆོས་ཅན། ཁྱོད་ལ་དོན་དམ་ པ་དང་ཀུན་རྫོབ་ཀྱིས་རབ་ཏུ་ཕྱེ་བའི་དོན་འཇོག་ཏུ་ཡོད་དེ། བདེ་བར་གཤེགས་པ་མཆོག་ གི་རང་སྣང་དག་པ་ཉག་གཅིག་གིས་བསྡུས་པའི་སྟོན་འཁོར་དག་ཞིང་ཕུན་ཚོགས་ཀྱི་བཀོད་ པ་ཀུན་དེ་དོན་དམ་སོ་སོར་རང་རིག་ཆེན་པོའི་ངོ་བོ་འབའ་ཞིག་ཏུ་ངེས་པ་གང་ཞིག་གཞན་ གདུལ་བྱ་དག་པ་ས་བཅུའི་རྒྱལ་སྲས་དག་གི་སྤྱོད་ཡུལ་གྱི་སྐུ་ཞིང་དག་སྣང་གློ་བུར་གྱི་རྣམ་པ་ ཅན་དེ་ཀུན་རྫོབ་ཀྱི་ཕྱོགས་སུ་གཏོགས་པའི་ཕྱིར། དེས་ན་ལོངས་སྐུ་ལ་བདེན་པ་གཉིས་ཀྱི་ ཁྱད་ངེས་པར་འབྱེད་དུ་ཡོད་པར་གྲུབ་བོ། ། བཞི་པ་སྤྲུལ་པའི་སྐུ་ནི། ལོངས་སྐུ་གཉིས་པོ་དེ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གནས་ ལུགས་དང་སྣང་ཆའི་ཚུལ་དུ་སྤྲུལ་སྐུའི་སྐུ་གཟུགས་མཛད་འཕྲིན་འཁོར་ཞིང་དང་བཅས་ ཐམས་ཅད་ཅིག་ཅར་རྟག་ཏུ་འཆར་བ་ཞིག་སྟེ། འདི་ལའང་ལུང་རིགས་གཉིས་ལས། དང་པོ་ནི། ལོངས་སྐུ་གཉིས་ལ་བརྟེན་ནས་ངེས་པར་བྱུང་བ་གདུལ་བྱ་ཐུན་མོང་གི་ངོར་ ཇི་ལྟར་མོས་པ་བཞིན་དུ་རང་རང་དང་འཚམ་པའི་རྣམ་བཀོད་སྣ་ཚོགས་པ་འདྲ་མིན་དུ་མར་ སྣང་བའི་སྒོ་ནས་གང་འདུལ་གྱི་མཛད་པ་ཉེ་བར་སྟོན་པའི་གནས་སྣང་གི་མཆོག་སྤྲུལ་རྣམ་པ་ གཞན་དང་བཅས་སྤྲུལ་པའི་སྐུའི་ཕྱོགས་སུ་གཏོགས་པ་ཡིན་ཏེ། མདོ་ལས། སྔར་གྱི་ལོངས་ སྐུའི་འཕྲོ་དེ་ཉིད་དུ། དེའི་བྱིན་རླབས་ལས་ངེས་པར་འབྱུང་བ་གདུལ་བྱ་ལ་ཇི་ལྟར་མོས་པ་ འབྱུང་བ་ནི་སྤྲུལ་པའི་སྐུ་ཡིན་ནོ། །ཞེས་སོགས་གསུངས་པའི་ཕྱིར། དེ་འདྲའི་སྤྲུལ་པའི་སྐུ་ ཕྱོགས་གཏོགས་བཅས་དེ། ཆོས་ཅན། ཁྱོད་གདུལ་བྱ་ཐུན་མོང་གི་རིམ་པ་ལམ་མ་ཞུགས་ རྣམས་ལམ་ལ་འཇུག་པར་མཛད་པ་དང་ལམ་ཞུགས་རྣམས་ཐེག་ཆེན་ལ་བཀོད་ནས་སྨིན་ 2-1-186 པར་མཛད་པ་དང་སྨིན་པ་རྣམས་དག་པའི་ས་ལ་རིམ་གྱིས་བཀོད་ནས་རྣམ་པར་གྲོལ་བར་ ལུང་སྟོན་པར་མཛད་པའི་འཕྲིན་ལས་ཕུན་ཚོགས་ཀྱི་རྒྱུར་གྱུར་པ་དང་དེ་ལ་དངོས་བརྒྱུད་ ཅི་རིགས་ཀྱིས་ཉེ་བར་བྱེད་པའི་སྤྲུལ་པ་རབ་འབྱམས་གང་དག་ནི་སྤྲུལ་སྐུའམ་དེའི་ཕྱོགས་ སུ་གཏོགས་པ་ཡིན་ཏེ། རྒྱལ་ཚབ་མཆོག་གིས། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་ མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་སོགས་ཀྱིས་འགྲོ་ཕན་གྱི་མཛད་པ་དེ་ འདྲའི་སྒོ་ནས་རྟག་པར་ནམ་མཁར་གནས་པའི་གཟུགས་ཀྱི་ཁམས་བཞིན་སྤྲུལ་པའི་བཀོད་ པ་རྒྱུན་ནམ་ཡང་མི་ཆད་པར་གསུངས་པ་ཉིད་ཀྱི་ཕྱིར་རོ། །སྤྲུལ་སྐུ་ལ་སྒྲས་བརྗོད་རིགས་ ཀྱིས་དབྱེ་ན། མཆོག་བཟོ་སྐྱེ་བ་གསུམ་གྱི་སྤྲུལ་སྐུའི་ཐ་སྙད་ཙམ་བྱས་ཀྱང་རུང་མོད་དོན་གྱི་ ཡིན་ལུགས་ཀྱི་ཚུལ་ནི་གོང་དུ་བཤད་པའི་ལོངས་སྐུ་དག་གི་གཟུགས་བརྙན་གྱི་ཚུལ་དུ་སྤྲུལ་ པ་བྱུང་བ་གནས་གཙང་སྟེང་གི་ནམ་མཁར་འོག་མིན་གཉིས་པ་དབང་ཕྱུག་ཆེན་པོའི་གནས་ སུ་འོད་ལུས་བརྫུས་ཏེ་སྐྱེས་པའི་ཚུལ་དུ་སངས་རྒྱས་སྤྲུལ་པའི་སྐུ་བྱུང་སྟེ་འཛམ་གླིང་བྱེ་བ་ ཕྲག་བརྒྱ་རྣམས་སུ་སྤྲུལ་སྐུས་མཛད་པ་ཇི་ཙམ་སྟོན་པ་ཐམས་ཅད་འོག་མིན་གནས་བཞུགས་ ཀྱི་སྤྲུལ་སྐུ་དེས་ཀྱང་འོག་མིན་མཆོག་གི་གནས་དེར་གཟུགས་བརྙན་གྱི་ཚུལ་དུ་སྟོན་པར་ མཛད་པ་ཡིན་ལ། དེ་ལྟ་བུའི་འོག་མིན་དུ་བཞུགས་པ་དེ་མཆོག་གི་སྤྲུལ་སྐུ་ཆེན་པོ་ཡིན་པས་ དེ་འདྲའི་མཆོག་སྤྲུལ་ཆེན་པོ་དང༌། ནམ་མཁར་ཟླ་བ་གཅིག་ཤར་བ་ན་ཆུ་ཀླུང་བྱེ་བ་ཕྲག་ བརྒྱར་གཟུགས་བརྙན་རེ་རེ་འཆར་བ་བཞིན་འོག་མིན་གནས་བཞུགས་དེས་མཛད་པ་བསྟན་ པའི་གཟུགས་བརྙན་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་བྱུང་བ་ནི་མཆོག་གི་སྤྲུལ་སྐུ་ ཆུང་ངུ་ཡིན་པས་དེ་འདྲའི་མཆོག་སྤྲུལ་ཆུང་ངུ་དང་གཉིས་ཡོད་ཅིང༌། དེ་ལས་གོང་དུ་བཤད་ པའི་སངས་རྒྱས་ཀྱི་རང་སྣང་གི་གནས་ཚུལ་གྱི་སྤྲུལ་པའི་སྐུ་དེ་སྤྲུལ་པའི་སྐུ་ཡིན་གྱི་སྤྲུལ་པ་ 2-1-187 ཙམ་ནི་མ་ཡིན་ལ། འདིར་སྤྲུལ་སྐུ་ཆེ་ཆུང་གཉིས་ནི་སྤྲུལ་པ་དངོས་ཡིན་ཡང་སྐུ་ནི་སྣང་ཚུལ་ གྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ནི། དེ་འདྲའི་སྤྲུལ་པའི་སྐུ་དེ། ཆོས་ཅན། དོན་དམ་པ་ དང་ཀུན་རྫོབ་པའི་ཕྱོགས་གཉིས་སུ་དབྱེར་རུང་པའང་ཡིན་ཏེ། སངས་རྒྱས་རང་སྣང་གི་སྤྲུལ་ སྐུ་དངོས་དེ་ཆོས་ཉིད་གཉུག་མ་དོན་དམ་གཤིས་ཀྱི་གནས་ལུགས་རང་རིག་ཡེ་ཤེས་ཁོ་ནའི་ ཡུལ་དུ་ངེས་པ་གང་ཞིག་སྣང་ཚུལ་གྱིས་གང་བཞག་པའི་སྤྲུལ་པའི་སྐུ་རྣམས་ནི་གསར་བྱུང་ གློ་བུར་གཞན་དུ་སྣང་བ་ཀུན་རྫོབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་ཅན་ཡིན་པའི་ཕྱིར། དེས་ ན་སྤྲུལ་སྐུ་ལ་རང་བྱུང་དང་གཞན་བྱུང་གི་བདེན་པ་གཉིས་སུ་དབྱེར་ཡོད་པ་ཉིད་དུ་གྲུབ་བོ། ། གཉིས་པ། ཡེ་ཤེས་བཤད་པ། གཉིས་པ་ཡེ་ཤེས་ལ། ཡེ་ཤེས་ལྔའི་ངོ་བོ་ངོས་བཟུང་བ། ཡེ་ཤེས་ཀྱི་ཡུལ་ལ་དཔྱད་པ་ གཉིས་ལས། དང་པོ་ལ། དངོས་དང༌། རིགས་པས་དཔྱད་པ་གཉིས་ལས། དང་པོ་ནི། གཞི་དབྱིངས་ དོན་དམ་པའི་དེ་བཞིན་ཉིད་འགྱུར་མེད་ཡོངས་གྲུབ་དེ་ཉིད་ནི་གདོད་ནས་རང་བྱུང་ཡེ་ཤེས་ ལྔའི་ངོ་བོར་རྟག་ཏུ་བཞུགས་པ་ཡིན་པས་དོན་དམ་སངས་རྒྱས་རང་བྱུང་གི་ཡེ་ཤེས་ལྔ་དང་ ཀུན་རྫོབ་གཟུགས་སྐུ་གཉིས་ཡང་དག་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་བདག་ ཉིད་དུ་ཡོད་པས་གཟུགས་སྐུ་དེ་གཉིས་ལ་མི་སློབ་པའི་ཡེ་ཤེས་གསར་བྱུང་བཞི་ དང་ཡང་ལྡན་པ་སྟེ། དེ་ཡང་ཡེ་ཤེས་ལྔ་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ ལུགས་དེ་བཞིན་ཉིད་སྤྲོས་པ་མཐའ་དག་དང་བྲལ་བའི་རང་བྱུང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ མཐར་ཐུག་པ་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ཏེ། མདོ་རྒྱན་ལས། ཆོས་རྣམས་ཀུན་གྱི་དེ་ བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། 2-1-188 ཡེ་ཤེས་གཞན་གསུམ་གྱི་ངོ་བོར་གྱུར་པ་ངར་འཛིན་གྱི་རྣམ་པ་མེད་པ་ཡུལ་གྱི་སྒོ་ནས་ཡོངས་ སུ་མ་ཆད་པ་དུས་ཀྱི་སྒོ་ནས་རྟག་ཏུ་ལྡན་པ། སྒྲིབ་པ་དང་བྲལ་བས་ཤེས་བྱ་ཀུན་ལ་མ་རྨོངས་ པ། རྣམ་པའི་དངོས་པོ་སྤྲོས་བཅས་སུ་མེད་ཕྱིར་ཤེས་བྱ་དག་ལ་སྒོས་སུ་དམིགས་མཚན་ གྱིས་མངོན་དུ་ཕྱོགས་པ་མ་ཡིན་པ་ཡེ་ཤེས་གཞན་གསུམ་རྟེན་པའི་གཞིར་གྱུར་པའི་ཡེ་ཤེས་ དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ། དེ་ཉིད་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་དང༌། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་ གསུངས་པའི་ཕྱིར། གསུམ་པ་ནི། སྲིད་ཞིའི་མཐའ་ལ་མི་གནས་པར་འཁོར་འདས་མཉམ་ པ་ཉིད་དུ་ཐུགས་སུ་ཆུད་པའི་ཡེ་ཤེས་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ། དེ་ཉིད་ལས། མི་ གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར། བཞི་པ་ནི། ཆོས་ཐམས་ཅད་ཐོགས་པ་མེད་པར་མཁྱེན་ཞིང་གདུལ་བྱ་ལ་སྟོན་པ་གང་ལ་ཡང་ རྣམ་པ་ཀུན་ནས་མངའ་བརྙེས་པའི་ཡེ་ཤེས་དེ་སོ་སོར་རྟོགས་པའི་ཡེ་ཤེས་ཡིན་ཏེ། དེ་ཉིད་ ལས། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་གསུངས་པའི་ ཕྱིར། ལྔ་པ་ནི། འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲུལ་པ་དཔག་མེད་སྤྲུལ་ནས་སེམས་ཅན་གྱི་ དོན་སྣ་ཚོགས་བསྒྲུབ་པའི་ཡེ་ཤེས་དེ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ཏེ། དེ་ཉིད་ལས། བྱ་བ་ གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་ པ་ཡིས། །སེམས་ཅན་ཀུན་དོན་བསྒྲུབ་པའོ། །ཞེས་གསུངས་པའིཕྱིར་རོ། །དེ་ལྟ་བུའི་ཡེ་ ཤེས་ལྔ་པོ་རྒྱུ་གང་ལས་མངོན་དུ་གྱུར་པ་དང་བྱུང་བའི་ཚུལ་ནི་སློབ་ལམ་དུ་ཏིང་ངེ་འཛིན་ཟབ་ མོ་སྒོམ་པ་ལས་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་ཅིང༌། དེ་བཞིན་དུ་ཆོས་མང་ཐོས་ཤིང་ འཛིན་པ། བདག་གཞན་མཉམ་ཉིད་སྒོམ་པ། ཆོས་གསལ་བར་བསྟན་པ། གཞན་གྱི་དོན་ བསྒྲུབ་པ་བཞི་ལས་རིམ་པར་མེ་ལོང་མཉམ་ཉིད་སོར་རྟོགས་བྱགྲུབ་བཞིའི་ཡེ་ཤེས་རྣམས་ 2-1-189 དོན་དམ་པའི་དབང་དུ་བྱས་ན་མངོན་དུ་གྱུར་ཅིང༌། ཀུན་རྫོབ་ལྟར་ན་གསར་ཐོབ་ཀྱི་ཚུལ་དུ་ བྱུང་ལ། ཆོས་དབྱིངས་ཡེ་ཤེས་གདོད་ནས་དག་པ་ཉིད་ནི་སྔ་མ་ཇི་བཞིན་ཕྱིས་སུའང་དེ་ལྟར་ དུ་འགྱུར་བ་མེད་པའི་ཕྱིར་ན་དེའི་ངོས་ནས་གནས་གྱུར་དུ་འཇོག་པ་མེད་ཀྱང་གཞན་སྣང་དྲི་ བྲལ་གྱི་ཆ་ནས་དྲི་མེད་དུ་གནས་འགྱུར་འཇོག་ལ་གཞན་བཞིའི་ཡེཤེས་རྣམས་ལ་གཞི་དུས་ ཀྱི་ཀུན་གཞིའི་རྣམ་ཤེས་མེ་ལོང་དང་ཉོན་ཡིད་མཉམ་ཉིད་དང་ཡིད་ཀྱི་རྣམ་ཤེས་སོར་རྟོགས་ དང་སྒོ་ལྔའི་རྣམ་ཤེས་བྱགྲུབ་ཡེ་ཤེས་སུ་གནས་གྱུར་པའི་ཡིན་ལུགས་སུ་འཇོག་པ་རྣམས་ནི་ ཀུན་རྫོབ་ཀྱི་དབང་དུ་བྱས་པ་སོགས་བཤད་དགོས་མང་ཡང་དེ་ཙམ་མོ། །གཉིས་པ་རིགས་ པས་དཔྱད་པ་ནི། ཆོས་དབྱིངས་ཡེ་ཤེས་ཆོས་ཅན། ཁྱོད་དོན་དམ་པའི་བདེན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཇི་བཞིན་པ་ནི་ཡེ་གཞིའི་རང་བྱུང་ཡེ་ཤེས་སྤྲོས་བྲལ་ཉིད་ དུ་ངེས་པ་གང་ཞིག་དེ་ནི་འཕགས་པའི་སོ་སོར་རང་རིག་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་རྣམ་ པར་ངེས་པའི་ཕྱིར། ཁྱབ་སྟེ། འཕགས་པའི་སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་ན་ དོན་དམ་བདེན་པ་ཡིན་དགོས་པའི་ཕྱིར་རོ། །ཡེ་ཤེས་གཞན་བཞི་པོ། ཆོས་ཅན། ཕར་ཕྱིན་ ཐེག་པར་གཞན་སྣང་ལྟར་ཡང་དག་ཡེ་ཤེས་ལམ་བདེན་འདུས་བྱས་ཀུན་རྫོབ་ཏུ་གཙོ་བོར་ གསུངས་ཀྱང་གསང་ཆེན་ཐེག་པའི་ལུགས་དང་དོན་གྱི་ཡིན་ལུགས་ལ་ནི་བདེན་པ་གཉིས་ སུ་དབྱེར་རུང་སྟེ། མི་ཕམ་པའི་འཁོར་ལོ་ཐ་མའི་དགོངས་འགྲེལ་དུ་ཆོས་དབྱིངས་ཡེ་ཤེས་ གནས་ལུགས་འགྱུར་མེད་ཡོངས་གྲུབ་དོན་དམ་དུ་གཞིར་བཞག་མཛད་ནས་ཡེ་ཤེས་གཞན་ བཞི་ཡང་དག་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ལམ་བདེན་འདུས་བྱས་སུ་གཙོ་བོར་ གསུངས་པ་གང་ཞིག སྔགས་ཀྱི་ཐེག་པའི་སྐབས་དང་དོན་གྱི་ཡིན་ལུགས་ལ་སངས་རྒྱས་ རང་སྣང་ངེས་པ་དོན་གྱི་རང་བྱུང་གི་ཡེ་ཤེས་བྲལ་འབྲས་དོན་དམ་པ་ལྔ་དང༌། གཞན་དུ་སྣང་ ཞིང་གཞན་བྱུང་གསར་དུ་བསྐྱེད་པའི་བསྐྱེད་འབྲས་ཀུན་རྫོབ་པའི་ཕྱོགས་སུ་གཏོགས་པའི་ 2-1-190 ཡེ་ཤེས་བཞི་སོགས་ཀྱི་དབྱེ་བ་ཆེས་འཐད་པ་ཉིད་ཀྱི་ཕྱིར་རོ། ། གཉིས་པ་ཡེ་ཤེས་ཀྱི་ཡུལ་ལ་དཔྱད་པ་ནི། ཀུན་གཟིགས་བདེ་གཤེགས་མཆོག་གི་དོན་ དམ་སྤྲོས་བྲལ་གྱི་མཁྱེན་པ་བཟང་པོའི་ཡེ་ཤེས་མཐར་ཐུག་པ་དེ། ཆོས་ཅན། ཁྱོད་ཀྱིས་ བདེན་པ་གཉིས་ཀྱིས་བསྡུས་པ་མ་ལུས་ཤིང་ལུས་པ་མེད་པ་དེ་དག་སྒྲིབ་བྱེད་དང་བྲལ་བར་ མངོན་སུམ་ཅིག་ཅར་དུ་ལེགས་པར་མ་འདྲེས་པར་ཇི་བཞིན་གཟིགས་ཤིང་མཁྱེན་པ་ཡིན་ཏེ། བདེ་གཤེགས་མཆོག་གི་ཡེ་ཤེས་ཀྱི་གཟིགས་པ་ཤེས་བྱའི་གནས་མཐའ་དག་ལ་ནམ་ཡང་ འགོག་ཏུ་མེད་པའི་ཕྱིར། དེར་ཐལ། དེ་ཤེས་བྱའི་ཆོས་ཀྱི་རྣམ་པ་ཐམས་ཅད་ཅིག་ཆར་མཁྱེན་ པའི་མཐར་ཐུག་གི་ཡེ་ཤེས་བླ་མེད་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་མཁྱེན་པའི་ཡེ་ཤེས་ མཆོག་ཉིད་ཐོབ་པ་ལ་གེགས་བྱེད་པའི་སྒྲིབ་པའི་ཆ་མ་ལུས་པ་སྒོམ་ལམ་རྡོ་རྗེལྟ་བུའི་ཏིང་ངེ་ འཛིན་གྱི་བར་ཆད་མེད་པའི་ལམ་དེས་སྔ་རོལ་ནས་རྩ་བ་དྲུང་ནས་ངེས་པར་ཕྱུང་ཟིན་པ་ཉིད་ ཀྱི་བྲལ་བ་དང་བསྐྱེད་འབྲས་སུ་གྲུབ་པའི་ཕྱིར། འདིར་ཁྱབ་སྟེ། རང་བྱུང་ཡེ་ཤེས་མཆོག་དེ་ མངོན་དུ་བྱེད་པ་དང་དེའི་སྣང་བ་ལས་གཞན་སྣང་ངོར་ཤར་བའི་མི་སློབ་ལམ་གྱི་བདེན་པ་ གསར་ཐོབ་བྱེད་པ་ལ་གེགས་ཐམས་ཅད་གཤིས་ནས་ངེས་པར་དྭངས་ཤིང་རྩ་བ་དྲུང་ནས་ འབྱིན་ན་དེའི་དབང་གིས་ཆོས་ཉིད་དོན་དམ་ཡེ་ཤེས་མཐོང་བ་དང་ཆོས་ཅན་ཀུན་རྫོབ་ཡེ་ ཤེས་གསར་ཐོབ་པ་གཉིས་མི་འོང་རང་དབང་མེད་པ་རྟེན་འབྲེལ་གྱི་གནས་ཚུལ་ནམ་ཡང་ བསླུ་མེད་དུ་ངེས་པར་མཐོང་བའི་ཕྱིར་རོ། །དེ་འདྲའི་བདེ་གཤེགས་མཆོག་གི་ཡེ་ཤེས་ཀྱིས་ བདེན་པ་གཉིས་ལེགས་པར་གཟིགས་ཤིང་མཁྱེན་ཚུལ་ཡོད་དེ། མཐར་ཐུག་གི་ཟག་མེད་ མཁྱེན་པ་སྤྲོས་ཀུན་ཞི་བ་ཉིད་ཀྱིས་གནས་ལུགས་དོན་དམ་པའི་རྣམ་པ་ཐམས་ཅད་ནི་ཀུན་ ནས་རྣམ་པ་ཐམས་ཅད་པའི་ཚུལ་གྱིས་ཇི་བཞིན་སྣང་ཞིང་མངོན་དུ་གྱུར་པའི་སྒོ་ནས་སྤྲོས་ མེད་རྣམ་ཀུན་པ་ཉིད་དུ་ལེགས་པར་གཟིགས་ཤིང་མཁྱེན་པ་གང་ཞིག་ཡེ་ཤེས་དེས་དེ་འདྲའི་ 2-1-191 དོན་དམ་རྣམ་ཀུན་པ་དེ་དངོས་སུ་སྣང་བའི་སྒོ་ནས་གཟིགས་ཚེ་གཟིགས་བྱ་དོན་དམ་གནས་ ལུགས་དེ་ཀུན་རྫོབ་མཐའ་དག་གི་ཆོས་ཉིད་དུ་སོང་བའི་གནད་ཀྱིས་ཆོས་ཉིད་དོན་དམ་ དངོས་སུ་གཟིགས་སྟོབས་ཀྱིས་དེའི་ཆོས་ཅན་དུ་ཡོད་པའི་ཀུན་རྫོབ་མ་ལུས་པ་དག་ཀྱང་ ཤུགས་ཀྱིས་ངེས་པར་ཇི་བཞིན་མཁྱེན་ཅིང་གཟིགས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དོན་ དམ་གཟིགས་པའི་ཡེ་ཤེས་མཆོག་གིས་གནས་ལུགས་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་ ཆོས་ཉིད་མཐར་ཐུག་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་དེ་ཤིན་ཏུ་དྭངས་ཤིང་གསལ་བ་དག་ པ་རབ་འབྱམས་ཀྱི་སྣང་བ་འགལ་འདུ་སྐྱོན་མེད་ཀྱི་རང་བཞིན་དཔེར་བྱ་ཀུན་ལས་འདས་ པའི་གཤིས་ལུགས་ངེས་པ་དོན་གྱི་བདེན་པ་མཐར་ཐུག་ཏུ་ངེས་པར་གཟིགས་ཤིན་ཏུ་རུང་ བའི་ཕྱིར། གཉིས་པ་གྲུབ་སྟེ། དོན་དམ་གཟིགས་པའི་གཟིགས་སྣང་གི་ངོར་ཉིན་བྱེད་འོད་ སྟོང་འབར་བའི་ཉེ་ཆར་མུན་པ་ཕྲ་མོའི་གནས་མེད་པ་བཞིན་འཁྲུལ་སྣང་ཀུན་རྫོབ་པའི་རྫུན་ རིས་ཕྲ་མོ་ཙམ་ཡང་རང་རང་གི་ངོ་བོ་གང་དག་རྣམ་ཤེས་འཁྲུལ་སྣང་ཙམ་དུ་ཟད་པ་འབའ་ ཞིག་ལས་མེད་པའི་གནད་ཀྱིས་དོན་དམ་གཟིགས་པའི་སྣང་ཡུལ་དུ་རྣམ་པ་ཀུན་ནས་མི་ བདེན་ཞིང་ངོ་བོ་གང་ཡང་མེད་ངེས་སུ་སོང་བས་སྣང་བྱར་ཡེ་ནས་མ་གྲུབ་པས་དོན་དམ་ གཟིགས་པའི་ཡེ་ཤེས་ཀྱིས་དོན་དམ་སྣང་བས་མཁྱེན་ཅིང༌། ཀུན་རྫོབ་མི་སྣང་བས་མཁྱེན་པ་ ལས་འོས་མེད་པ་ཡིན་པའི་ཕྱིར། དེ་ཡང་དོན་དམ་གཟིགས་པའི་དོན་དམ་པ་དངོས་སུ་སྣང་ བའི་སྒོ་ནས་མཁྱེན་སྟོབས་ཀྱིས་ཀུན་རྫོབ་རྣམས་དངོས་སུ་མི་སྣང་ཡང་ཤུགས་ལ་ཇི་བཞིན་ ལེགས་པར་གཟིགས་ཤིང་མཁྱེན་པ་ཡིན་ཆོག་སྟེ། དོན་དམ་གཟིགས་པ་དེས་དཔེར་ན་བུམ་ པའི་ཆོས་ཉིད་འོད་གསལ་ཡེ་ཤེས་ཀྱི་རང་བཞིན་དེ་དངོས་སུ་སྣང་བ་ན་སྣང་བྱ་དེ་ཉིད་ཀུན་ རྫོབ་ཀྱི་བུམ་པའི་ཆོས་ཉིད་དུ་སོང་བའི་གནད་ཀྱིས་ཆོས་ཅན་ཀུན་རྫོབ་བུམ་པ་རང་གི་ངོ་བོ་ དོན་དམ་གཟིགས་པའི་སྣང་བྱར་མ་གྲུབ་ཀྱང་དེའི་ཆོས་ཉིད་དོན་དམ་པ་མཐོང་བྱར་གྱུར་ 2-1-192 པའི་ཕྱོགས་ནས་ཆོས་ཅན་བུམ་པ་ཤུགས་ལ་རྣམ་པ་སྣང་དུ་མེད་པའི་ཚུལ་གྱི་ཀུན་རྫོབ་པའི་ བུམ་པའི་ཆ་ཡང་ཇི་བཞིན་ལེགས་པར་མཁྱེན་རིགས་པ་ལྟར་ཆོས་ཉིད་ཆོས་ཅན་གྱི་ཚུལ་དུ་ ཡོད་པའི་བདེན་པ་གཉིས་ཀྱིས་བསྡུས་པ་མཐའ་དག་ཀུན་གཟིགས་ཡེ་ཤེས་མཆོག་གིས་སྣང་ བ་དང་མི་སྣང་བས་མཁྱེན་ཅིང་གཟིགས་ཚུལ་དེ་ཁོ་ན་བཞིན་ཏུ་གནས་པའི་ཕྱིར། དོན་དམ་ པ་དང་ཀུན་རྫོབ་པ་གཉིས་ཡེ་ཤེས་མཆོག་དེ་འདྲ་ལ་སྣང་མི་སྣང་གི་རྒྱུ་མཚན་འཇོག་ཏུ་ཡོད་ དེ། དོན་དམ་པའི་ངོ་བོ་གང་དག་ཡེ་ཤེས་དམ་པའི་ཡུལ་དུ་བདེན་པ་དང་ཀུན་རྫོབ་པ་ཀུན་ རྣམ་ཤེས་འཁྲུལ་ངོ་ཙམ་ལས་ཡེ་ཤེས་ཀྱི་སྣང་ངོར་ངོ་བོ་བདེན་པ་གང་ཡང་མ་དམིགས་པའི་ རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དོན་དམ་ཆོས་ཉིད་དང་ ཀུན་རྫོབ་ཆོས་ཅན་དུ་སོང་བའི་ཚུལ་གྱིས་དོན་དམ་དངོས་སུ་སྣང་བའི་སྒོ་ནས་མཁྱེན་པ་དང་ ཀུན་རྫོབ་རྣམས་ཡེ་ཤེས་ལ་དངོས་སུ་སྣང་བ་མིན་ཡང་འགྲོ་བ་གང་དག་གི་རྣམ་ཤེས་ལ་ དངོས་སུ་རྣམ་པ་སྣ་ཚོགས་སུ་སྣང་བ་མཐའ་དག་ཇི་བཞིན་ངེས་པར་མཁྱེན་པ་སྟེ། དཔེར་ན་ མངོན་ཤེས་དང་ལྡན་པ་ཞིག་གིས་གང་ཟག་གཞན་གྱི་རྨི་ལམ་ལ་ཇི་ལྟར་སྣང་བ་བཞིན་ མཁྱེན་མཁན་རང་ཉིད་ལ་གཉིད་མེད་པས་རྨི་ལམ་གྱི་སྣང་བ་དངོས་བཞིན་ཡུལ་དང་བཅུད་ ཀྱི་སྣང་བ་སྣ་ཚོགས་པའི་ཆ་ནས་མི་སྣང་བར་རྨི་བ་པོའི་ཤེས་པ་དེ་སྣང་བ་དེ་དང་དེའི་རྣམ་ པར་ཤར་བ་ཙམ་གྱི་ཤེས་པའི་ཕྱོགས་ནས་ཇི་བཞིན་མངོན་སུམ་དུ་མཐོང་བ་བཞིན་ནོ། །འདིར་ཁ་ཅིག་ན་རེ། མ་དག་པའི་སྣོད་བཅུད་སངས་རྒྱས་ལ་སྣང་ཚུལ་ཡོད་དེ། རང་དང་ རྒྱུད་གཅིག་པའི་སེམས་ཅན་གྱི་སྐྱེ་ཤི་ལ་སོགས་པ་རྣམས་དང་ལས་ཀྱི་བདག་འབྲས་མ་དག་ པའི་སྣོད་རྣམས་དཔེར་ན་མདང་རྨི་ལམ་དུ་མེས་བསྲེག་པ་སོགས་ཀྱི་སྣང་བ་བྱུང་བ། ད་ ནངས་གཉིད་སད་པ་ན་འཁྲུལ་རྒྱུ་གཉིད་མེད་པས་ཞེན་པ་མི་སྐྱེ་ཡང༌། རྨི་ལམ་གྱི་ཡུལ་སྣང་ རྣམས་མ་འདྲེས་པར་དྲན་པ་བཞིན་དུ་སྣང་ལ་རང་ལས་རྒྱུད་ཐ་དད་པའི་འཁོར་བ་པ་རྣམས་ 2-1-193 ཀྱི་འཁོར་བའི་རྒྱུ་འབྲས་རྣམས། ད་ལྟ་རང་ལས་རྒྱུད་ཐ་དད་པའི་གང་ཟག་གཉིད་དུ་སོང་ བའི་རྨི་ལམ་སྣ་ཚོགས་པ་རང་གིས་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་ཤེས་ན་ཁོའི་ འཁྲུལ་རྒྱུ་གཉིད་ངེད་རང་ལ་ཡོད་མི་དགོས་པར་ཁོ་ལ་སྣང་བ་ལ་ལྟོས་ནས་སྣང་བ་བསྙོན་དུ་ མེད་པ་ལྟར་སངས་རྒྱས་ཀྱིས་ཀྱང་འཁོར་བའི་རྒྱུ་འབྲས་རྣམས་དེ་ལྟར་གཟིགས་པའི་ཕྱིར། ཞེ་ན། དེ་ལའང་བརྗོད་པར་བྱ་སྟེ། རང་དང་རྒྱུད་གཅིག་པའི་སེམས་ཅན་གྱི་སྐྱེ་ཤི་སོགས་ མཁྱེན་ཚུལ་གྱི་དཔེ་མདང་གི་རྨི་ལམ་ད་ནངས་སད་པའི་སྐབས་སུ་དྲན་པ་ལྟར་ཡིན་ན་མདང་ གི་རྨི་ལམ་ད་ནངས་སད་སྐབས་རྟོག་བློའི་ངོར་དྲན་ཚེ་མདང་གི་རྨི་ལམ་གྱི་སྤྱི་དེ་དེ་མ་ཡིན་ལ་ དེར་སྣང་གི་རྣམ་པས་དྲན་པ་རྟོག་བཅས་ཀྱི་ངོར་སྣང་བ་ཡིན་པས་དེ་འདྲའི་སྤྱིར་སྣང་སངས་ རྒྱས་ཀྱི་མཁྱེན་པ་ལ་ཡོད་མི་རིགས་ཤིང༌། རང་དང་རྒྱུད་ཐ་དད་པའི་འཁྲུལ་སྣང་མཁྱེན་ཚུལ་ གྱི་དཔེ་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་གྱི་རྨི་ལམ་ཤེས་པ་ལྟར་ཡིན་ན་དེ་ འདྲའི་མངོན་ཤེས་ཀྱིས་གཞན་གྱི་རྨི་ལམ་ཤེས་ཚུལ་ཡང་རྨི་བ་པོའི་ལོག་སྣང་གི་སྣོད་བཅུད་ སྣ་ཚོགས་པའི་སྣང་ཆ་གང་དག་ནི་གཉིད་ཀྱིས་བསླད་པའི་འཁྲུལ་སྣང་ཡིན་པས་གཉིད་ཀྱིས་ མ་བསླད་པའི་མངོན་ཤེས་ལ་འཁྲུལ་སྣང་གི་ཆ་དེ་དག་སྣང་དོན་མེད་ལ། སྣང་ཆ་དེ་དག་གི་ རྣམ་པར་ཤར་བའི་རྨི་ལམ་པའི་ཡིད་ཤེས་རང་མཚན་པ་ནི་དེ་འདྲའི་མངོན་ཤེས་ལ་སྣང་ཡང་ དེ་ནི་ཤེས་པ་དངོས་གནས་ཀྱི་ཆ་ཡིན་པས་དེ་སྣང་བས་ལོག་སྣང་གི་ཆ་སྣང་མི་དགོས་ལ་འོན་ ཀྱང་རྨི་ལམ་གྱི་ཡིད་ཤེས་དེ་ལོག་སྣང་དེ་དག་གི་རྣམ་ལྡན་དུ་སྐྱེས་པས་དེ་འདྲའི་རྨི་ལམ་གྱི་ ཤེས་པ་དེ་མངོན་ཤེས་ལ་དངོས་སུ་སྣང་བའི་སྒོ་ནས་ལོག་སྣང་གི་ཆ་དེ་དག་དངོས་སུ་སྣང་བ་ མིན་ཡང་ཇི་བཞིན་ཤེས་སོང་བ་མྱོང་བས་གྲུབ་པ་ལྟར་ཡིན་པས་དཔེ་དེ་ལྟར་དུ་སངས་རྒྱས་ ཀྱི་ཡེ་ཤེས་ཀྱིས་དོན་དམ་སྣང་བས་མཁྱེན་པ་དང་ཀུན་རྫོབ་མི་སྣང་བས་མཁྱེན་པའི་ཚུལ་ གཉིས་ནི་ཡོད་ངེས་པར་རུང་ལ། དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ནི་འཁྲུལ་བ་མཐའ་དག་ཟད་ 2-1-194 པའི་བློ་གྲོས་ཀྱི་མཁྱེན་མཆོག་ཡིན་པས་དེ་མ་ཡིན་ལ་དེར་སྣང་དང་དེ་མེད་ལ་ཡོད་འཛིན་ནི་ རྣམ་པ་ཀུན་ཏུ་མི་སྲིད་ཕྱིར་རྨི་ལམ་སད་དུས་དྲན་པའི་ངེས་རྟོག་བཞིན་དོན་སྤྱི་སྣང་ཡུལ་དུ་ བྱས་ནས་དེ་མིན་ལ་དེར་སྣང་མེད་ཀྱང་གཞན་སེམས་མཁྱེན་པའི་མངོན་ཤེས་ཀྱིས་གཞན་ གྱིརྨི་ལམ་སྣང་བའི་ཡིད་ཤེས་དངོས་སུ་སྣང་བས་རྟོགས་པའི་ཤུགས་ཀྱིས་དེ་ལ་སྣང་ཆ་ལོག་ པ་དག་གི་ཚུལ་དངོས་སུ་སྣང་བ་མེད་ཀྱང་ཇི་བཞིན་རྟོགས་ནུས་པ་བཞིན་འཁྲུལ་ཟད་བློ་ གྲོས་མཆོག་གི་ཡེ་ཤེས་ཀྱིས་དོན་དམ་བདེན་པ་ཆོས་ཉིད་ཀྱི་ཚུལ་དུ་དངོས་སུ་སྣང་བས་ མཁྱེན་པ་དང་མཉམ་དུ་ཀུན་རྫོབ་བདེན་པ་རྣམས་དངོས་སུ་སྣང་བ་མེད་ཀྱང་ཆོས་ཅན་གྱི་ ཚུལ་དུ་ངོ་བོ་འཁྲུལ་སྣང་འབའ་ཞིག་ལས་སྣང་དུ་རུང་བ་ཅི་ཡང་མེད་ངེས་སུ་ལེགས་པར་ གཟིགས་ཤིང་མཁྱེན་པའི་ཚུལ་འདི་རང་ལུགས་ཀྱི་དགོངས་བཞེད་ལྟར་ཡིན་པ་ཡང་ཀུན་ མཁྱེན་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་པོའི་ཞལ་སྔ་ནས་ཀྱང་ཀུན་རྫོབ་མཐའ་དག་གིས་ སྟོང་པའི་ཡེ་གཞི་ཆོས་དབྱིངས་དོན་དམ་པའི་རྣམ་པ་ཐམས་ཅད་པའི་ཆོས་ཉིད་ཡོངས་གྲུབ་ དངོས་སུ་སྣང་ནས་སངས་རྒྱས་ཀྱིས་ལེགས་པར་མཁྱེན་པས་དེ་དང་མཉམ་དུ་ཀུན་རྫོབ་ཀྱི་ ཆོས་རྣམས་སྣང་བ་མེད་པར་ཤུགས་ལ་མཁྱེན་པའི་ཚུལ་གྱིས་ཆོས་ཐམས་ཅད་མཁྱེན་པ་ཡིན་ ཚུལ་གོ་ན་དགོངས་ཆེན་གྱི་དོན་མཐོང་ཚུལ་དང༌། ཆོས་ཐམས་ཅད་མཁྱེན་ན་དེ་དག་སྣང་ དགོས་པས་ཁྱབ་པ་མེད་པ་སོགས་ཀྱིས་ཟབ་མོའི་གནས་གཏན་ལ་ཕབ་པ་ཡིན་ཏེ། དབུ་མ་ ཆེན་པོའི་དགོངས་འགྲེལ་ཁྱད་འཕགས་ཀྱི་གཞུང་ལུགས་ངེས་དོན་རྒྱ་མཚོ་ལས། དེས་ན་ ཆོས་ཐམས་ཅད་ཀྱིས་དབེན་པའི་གཞི་ཆོས་ཉིད་ཡོངས་གྲུབ་དངོས་སུ་སྣང་ནས་མཁྱེན་པས་ ཆོས་རྣམས་མེད་པར་ཤུགས་ལ་མཁྱེན་པའི་ཕྱིར། དེ་ལ་ཆོས་ཐམས་ཅད་མཁྱེན་པ་ཞེས་ གསུངས་ཏེ་དེ་ལྟར་མཐོང་ན་ཡང་དགོངས་པ་ཆེན་པོའི་དོན་ཡང་དག་པ་མཐོང་བ་ཡིན་ནོ། །དེ་ལྟར་མི་སྣང་བཞིན་དུ་མཁྱེན་པ་འདི་དག་ལ་དགོངས་ནས། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས་ 2-1-195 མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། ཞེས་གསུངས་ཏེ། ཆོས་རྣམས་མི་སྣང་བཞིན་དུ་ མཁྱེན་ཞེས་པའི་དོན་ནོ། །ཞེས་པ་ལ་སོགས་པའི་སྒོ་ནས་རྨད་བྱུང་ལུང་རིགས་རྒྱ་ཆེ་བ་དང་ བཅས་པས་ཞིབ་རྒྱས་སུ་གསུངས་པའི་ཕྱིར། ཚུལ་དེ་ལུགས་ལྟར་གྱི་དགོངས་པ་ཇི་བཞིན་ སྐྱོང་བའི་ཚུལ་གྱིས་རྗེ་འཇམ་མགོན་བླ་མ་སྒྲོལ་མགོན་ཞབས་ཀྱིས་ཀྱང་རང་ལུགས་ལས་ གཞན་དུ་སྨྲ་བ་རྣམས་ཀྱི་དེ་ཉིད་ཇི་བཞིན་གསུངས་པ་སྟེ། སྔོན་མེད་ལེགས་བཤད་ལས། ཁ་ ཅིག་སངས་རྒྱས་ཀྱིས་མ་དག་པའི་སྣང་བ་ཐམས་ཅད་གཟིགས་ཀྱང༌། བདེན་འཛིན་མེད་ པས་མ་འཁྲུལ་བ་ཡིན་ནོ་སྐད་ཟེར་བ་ནི། སྐྱེས་བུ་འདི་ནི་ཆོམ་པོས་བཟུང་བས་ཆོ་ངེ་འདེབས་ མོད་ཀྱི། ནོར་འཕྲོག་རྒྱུ་མེད་པས་སྡུག་བསྔལ་མེད་དོ་ཞེས་ཟེར་བ་དང༌། སྒྱུ་མའི་ཆ་རྒྱུས་ཤེས་ པའི་མི་འདིས་ནི། །སྒྱུ་མ་སྤྲུལ་པའི་ཁང་པ་མཐོང་མོད་ཀྱི། །སྒྱུ་མར་ཤེས་པའི་ཕྱིར་མ་འཁྲུལ་ ལོ། །ཞེས་ཟེར་བ་དང་འདྲ་སྟེ་ཆོ་ངེ་འདེབས་པ་ཉིད་སྡུག་བསྔལ་ཐོབ་པའི་རྟགས་ཡིན་པ་ དང༌། སྒྱུ་མའི་ཁང་བཟང་མཐོང་བ་ཉིད་དབང་པོ་བསླད་པའི་འཁྲུལ་བ་ཡིན་ན། འཁྲུལ་པའི་ ངོས་འཛིན་བློས་བཅོས་མ་གཞན་ཞིག་གསར་དུ་རྣམ་པར་བཞག་ནས། དེ་མེད་པས་འཁྲུལ་ བ་མེད་དོ་ཞེས་བརྗོད་ཀྱང་མི་མཛེས་པ་ལྟར། ཞེས་སོགས་རྒྱས་པར་གསུངས་པ་ཉིད་ཀྱི་ཕྱིར་ རོ། །འདི་སྐོར་གྱི་སྐབས་སྤྱིར་ཡེ་ཤེས་ཀྱིས་མཁྱེན་པ་དང་གཟིགས་པ་དོན་གཅིག་པའི་དབང་ དུ་བྱས་པ་ཡིན་ཀྱང་རྗེ་བཙུན་རིན་པོ་ཆེས་མ་དག་པའི་སྣང་བ་ཐམས་ཅད་གཟིགས་ཀྱང་ཞེས་ གསུངས་པའི་གཟིགས་ཞེས་པ་ནི་སྤྱིར་མཁྱེན་པ་ཙམ་གྱིས་མི་ཆོག་པར་དངོས་སུ་སྣང་བ་ལ་ གོ་དགོས་པ་ལྟ་བུ་སྐབས་ཐོབ་ཀྱི་གོ་བ་ལེན་ཚུལ་ཤེས་དགོས་སོ། ། གསུམ་པ། ཡོན་ཏན་བཤད་པ། གསུམ་པ་ཡོན་ཏན་ལ། ཡོན་ཏན་གྱི་ངོ་བོ་མིང་ཙམ་སྨོས་པ། དེ་ལ་རིགས་པས་དཔྱད་ 2-1-196 པའོ། །དང་པོ་ནི། སངས་རྒྱས་ཀྱི་ཡོན་ཏན་སློབ་འཕགས་དང་ཐུན་མོང་དུ་བཞག་པ་བཅུ་ཡོད་ དེ། ཚད་མེད་བཞི་དང༌། རྣམ་ཐར་བརྒྱད་དང༌། ཟད་པར་བཅུ་དང༌། ཟིལ་གནོན་བརྒྱད་དང༌། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང༌། སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་དང༌། མངོན་ ཤེས་དྲུག་དང༌། སོ་སོར་ཡང་དག་པ་རིག་པ་བཞི་དང༌། ཡེ་ཤེས་ཡོངས་སུ་དག་པ་བཞི་དང༌། མཚན་དཔེའི་ཡོན་ཏན་དང་བཅུ་ལས་སྔ་མ་དགུ་ཐེག་ཆེན་སློབ་འཕགས་སྤྱི་དང་ཕྱི་མ་ནི་བྱང་ འཕགས་ས་བརྒྱད་པ་བ་ཡན་ཆད་དང་ཐུན་མོང་དུ་བཞག་པའི་ཕྱིར། སངས་རྒྱས་རང་ཉིད་ཀྱི་ ཐུན་མོང་མ་ཡིན་པའི་ཡོན་ཏན་སྡེ་ཚན་དགུ་ཡོད་དེ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་ དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། སྲུང་བ་མེད་པ་རྣམ་པ་གསུམ་དང༌། བསྙེལ་བ་ མེད་པའི་ཆོས་ཉིད་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་པའི་ཡེ་ཤེས་དང༌། འགྲོ་བ་རྣམས་ལ་ཉིན་མཚན་དུས་དྲུག་ཏུ་གཟིགས་པའི་ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་དགུ་པོ་དེ་ སངས་རྒྱས་རང་གི་སྒོས་ཆོས་ཀྱི་ཡོན་ཏན་སློབ་པ་གང་དག་ཐུན་མོང་མ་ཡིན་པར་བཞག་པའི་ ཕྱིར་རོ། །འདི་རྣམས་ཀྱི་ཐུན་མོང་གི་ངོ་བོ་སྤྱི་ནི་སྔ་ཕྱིའི་གཞུང་ལུགས་མང་པོ་ན་ཆེས་རྒྱས་པ་ ལྟར་ལས་འདིར་རེ་ཞིག་ཚིག་ཚོགས་མང་བས་མ་སྤྲོས་སོ། ། གཉིས་པ་ནི། ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པ་དེ་དག་ཆོས་ཅན། ཁྱོད་རྣམས་ ཀྱང་བདེན་པ་གཉིས་ཀྱི་སྒོ་ནས་སོ་སོར་དབྱེ་བ་ཡོད་རུང་སྟེ། གདོད་མ་ཆོས་ཉིད་དོན་དམ་ པའི་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་བཅུ་དགུ་པོ་དེ་དག་ཡེ་ནས་སྤྲོས་བྲལ་གཞི་དབྱིངས་ ཉག་གཅིག་གི་རང་བཞིན་དུ་ཡོད་པ་ནི་དོན་དམ་བདེན་པ་ཡིན་པ་གང་ཞིགགཞན་སྣང་སློབ་ ལམ་གྱིས་གསར་བསྐྱེད་བྲལ་སྨིན་གྱི་ཡོན་ཏན་གྱི་ཕྱོགས་མཐའ་ཡས་པ་གང་དག་གློ་བུར་ ཀུན་རྫོབ་པའི་བདེན་པ་ཉིད་དུ་ངེས་པའི་ཕྱིར་རོ། །དེས་ན་ཡོན་ཏན་བཅུ་དགུ་པོ་རང་བྱུང་ 2-1-197 དང་གཞན་བྱུང་གི་བདེན་གཉིས་ཀྱི་ཆར་དབྱེ་རུང་བ་ཉིད་དུ་གྲུབ་བོ། ། བཞི་པ། འཕྲིན་ལས་བཤད་པ། བཞི་པ་འཕྲིན་ལས་ལ། འཕྲིན་ལས་མདོ་ཙམ་བཀོད་པ། དེ་དག་ལ་རིགས་པས་དཔྱད་ པ་གཉིས་ལས། དང་པོ་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་སངས་ རྒྱས་ཀྱི་འཕྲིན་ལས་ཏེ། དེ་ཡང་ཆོས་སྐུའི་བདག་རྐྱེན་དང་ཐུགས་རྗེ་ཆེན་པོ་ལས་ནམ་ཡང་ ཟད་པ་དང་རྒྱུན་ཆད་པ་མེད་པར་འཁོར་བ་ཇི་སྲིད་བར་འབྱུང་བ་ཡིན་ཞིང༌། འདི་ལ་མངོན་ རྒྱན་ལས་གསུངས་པའི་འཕྲིན་ལས་བསྡུ་ཚུལ་དང༌། རྒྱུད་བླ་ལས་འཕྲིན་ལས་དབྱེ་བ་དགུ་ གསུངས་ཚུལ་གཉིས་ལས། དང་པོ་ནི། མངོན་རྒྱན་ལས་འཕྲིན་ལས་ཉེར་བདུན་གསུངས་པ་ འདིར་གསུམ་དུ་བསྡུས་ཚུལ་ཡོད་དེ། འགྲོ་བ་རྣམས་ཀྱི་ངན་སོང་གསུམ་གྱི་སྡུག་བསྔལ་ཆུང་ བ་དང་གཏན་ནས་ཟད་པར་མཛད་དེ་འཁོར་བའི་བདེ་དགེ་ཕུན་སུམ་ཚོགས་པ་ལ་འགོད་པ་ དང༌། བདེ་འགྲོ་བ་རྣམས་ཉན་ཐོས་དང་རང་རྒྱལ་གྱི་གོ་འཕང་ལ་འགོད་པ་དང༌། ཉན་རང་ རྣམས་བླ་ན་མེད་པའི་བྱང་ཆུབ་མཆོག་ལ་གདུལ་བྱ་རྣམས་རང་རང་གི་ཁམས་དང་དབང་ པོའི་རིམ་པས་འགོད་པར་མཛད་པ་དང་གསུམ་དུ་མ་འདུས་པ་མེད་པའི་ཕྱིར། གཉིས་པ་ རྒྱུད་བླ་མ་ལས་འཕྲིན་ལས་དབྱེ་བ་དགུ་གསུངས་ཚུལ་ཡོད་དེ། དེ་བཞིན་གཤེགས་པས་མི་ རྟོག་བཞིན་དུ་སྐུའི་སྣང་བ་སྟོན་པ་བརྒྱ་བྱིན་བཞིན་དང༌། འབད་པ་མེད་པར་ཆོས་གསུངས་ པ་ལྷའི་རྔ་བཞིན་དང༌། མཁྱེན་བརྩེས་ཀུན་ལ་ཁྱབ་པའི་སྤྲིན་བཞིན་དང༌། ཆོས་སྐུ་ལས་མ་ གཡོས་བཞིན་སྤྲུལ་པ་སྟོན་པ་ཚངས་པ་བཞིན་དང༌། ཡེ་ཤེས་ཀྱི་སྣང་བ་འཕྲོ་བ་ཉི་མ་བཞིན་ དང༌། ཐུགས་ཀྱི་གསང་བ་ཡིད་བཞིན་གྱི་ནོར་བུ་བཞིན་དང༌། གསུང་གི་གསང་བ་སྒྲ་བརྙན་ བཞིན་དང༌། སྐུའི་གསང་བ་ནམ་མཁའ་བཞིན་དང༌། ཐུགས་རྗེས་འཇུག་ཚུལ་ས་གཞི་བཞིན་ 2-1-198 གྱི་འཕྲིན་ལས་དབྱེ་བ་དགུ་གསུངས་པའིཕྱིར། གཞན་ཡང་སྐུས་རྫུ་འཕྲུལ་སྟོན་པ་སོགས་ སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། གསུང་གིས་ཆོས་སྟོན་པ་སོགས་གསུང་ཀུན་ཏུ་བརྗོད་པའི་ ཆོ་འཕྲུལ་དང༌། ཐུགས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་སོགས་ཐུགས་རྗེས་སུ་ བསྟན་པའི་ཆོ་འཕྲུལ་སོགས་བཤད་བྱ་ཡོད་ཀྱང་དེ་ཙམ་དུ་བྱས། གཉིས་པ་ནི། དེ་བཞིན་ གཤེགས་པ་ཉིད་ཀྱི་འཕྲིན་ལས་གང་དག་ཆོས་ཅན། རང་བྱུང་དང་གཞན་བྱུང་གི་ཁྱད་འཇོག་ ཏུ་ཡོད་དེ། རྒྱལ་བ་རང་སྣང་འབའ་ཞིག་པས་བསྡུས་པའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་ པའི་ཡུལ་རྣམས་ནི་དོན་དམ་རང་བྱུང་དུ་ངེས་པ་གང་ཞིགགཞན་གདུལ་བྱ་རབ་འབྲིང་ཐ་ གསུམ་རང་རང་དང་འཚམ་པའི་སྤྱོད་ཡུལ་གྱི་མཛད་འཕྲིན་གང་དག་ནི་ཀུན་རྫོབ་གཞན་ བྱུང་གི་མཛད་འཕྲིན་ཡིན་པའི་ཕྱིར་རོ། །དེས་ན་མཛད་འཕྲིན་ལའང་བདེན་གཉིས་སུ་དབྱེར་ ཡོད་པར་གྲུབ་བོ། །དེ་དག་གིས་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་གང་དང་རྗེ་བཙུན་ཐམས་ཅད་ མཁྱེན་པའི་དགོངས་བཞེད་ལྟར་གྱི་རང་ལུགས་ཇི་ལྟ་བ་བཞིན་གྱི་འབྲས་བུའི་གནས་ལུགས་ ཟབ་མོའི་ཆ་ཅུང་ཟད་བཤད་པ་དང་སྤྱི་བསྡོམས་ཀྱི་ས་བཅད་དང་པོ་མདོ་ཕར་ཕྱིན་ཐེག་པའི་ གཞི་ལམ་འབྲས་བུའི་ཟབ་གནད་ཀྱི་རིམ་པ་ཅུང་ཟད་བཤད་ཟིན་ཏོ། ། སྨྲས་པ། གནས་ལུགས་ཡོངས་གྲུབ་གཞི་དབྱིངས་དེ་བཞིན་ཉིད། ། གདོད་ནས་རང་བྱུང་དོན་དམ་རྣམ་ཀུན་པ། ། སྤྲོས་མཚན་རྫུན་རིས་གཤིས་ནས་རབ་དྭངས་ཤིང༌། ། དག་ཆེན་ཡེ་ཤེས་རྒྱ་མཚོའི་ཀློང་འདི་རྨད། ། རང་བཞིན་དག་མཉམ་ཆོས་སྐུ་ཉག་གཅིག་ཀྱང༌། ། འགྲོ་ངོར་འཁྲུལ་སྣང་དབང་གིས་རྐྱེན་སྣ་ཚོགས། ། 2-1-199 ཡུལ་ལ་སད་པས་གཞན་དབང་སྣང་བའི་ཆ། ། སྣ་ཚོགས་འདྲ་མིན་བཀོད་ཡུལ་ཅི་དགར་ངོམ། ། ཀུན་སྣང་སྒྱུ་འདྲ་ལས་ཀྱང་སྒྱུ་མའི་འཕྲུལ། ། ཆེས་བརྫུན་ཆུ་ཟླའི་རོལ་གར་ཉེར་བརྟག་པ། ། ཨེ་མ་འདིས་ཀྱང་སྣང་ཙམ་བརྫུན་ཚུགས་འཛིན། ། བྱིས་རྣམས་འདི་ལ་ངོ་བོ་ཉིད་དུ་རློམས། ། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། རྩ་བའི་ས་བཅད་གཉིས་པ། ཞར་བྱུང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་བཤད་པ། རྩ་བའི་སྤྱི་བསྡོམས་ཀྱི་ས་བཅད་གཉིས་པ་ཞར་བྱུང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་ འབྲས་གསུམ་གྱི་ཟབ་གནད་ཅུང་ཟད་དབྱེ་བ་ལ། ཐོག་མར་རྒྱུ་འབྲས་ཐེག་པའི་ཁྱད་པར་ དང༌། བར་དུ་འབྲས་བུའི་ཐེག་པ་དངོས་དང༌། ཐ་མར་དེ་ལས་འཕྲོས་པའི་བཤད་བྱ་ཡོངས་ རྫོགས་ཀྱི་མཇུག་བསྡུ་བ་དང་གསུམ་ལས། ས་བཅད་དང་པོ། ཐོག་མར་རྒྱུ་འབྲས་ཐེག་པའི་ཁྱད་པར། དང་པོ་ལ། རྒྱུ་འབྲས་ཐེག་པའི་མཐར་ཐུག་གི་གནས་ལུགས་གཅིག་ཚུལ། གནས་ སྐབས་སློབ་ལམ་གྱི་ཁྱད་པར་མི་འདྲ་ཚུལ་དང་གཉིས་ལས། ལེའུ་དང་པོ། རྒྱུ་འབྲས་ཐེག་པའི་མཐར་ཐུག་ 2-1-200 གི་གནས་ལུགས་གཅིག་ཚུལ། དང་པོ་ནི། གནས་ལུགས་དོན་དམ་ཉག་གཅིག་གི་དབང་དུ་བྱས་ན་རྒྱུ་འབྲས་ཐེག་པའི་ སྐབས་ཀྱི་རྒྱུ་དང་འབྲས་བུ་ཞེས་པ་ཀུན་རྫོབ་ཀྱི་རྒྱུ་འབྲས་ནི་མ་ཡིན་གྱི་རྒྱུ་འབྲས་གཞན་ཞེས་ པ་དོན་དམ་པའི་རྒྱུ་འབྲས་ཀྱི་ཚུལ་ཏེ། འདི་ནི་གཞི་འབྲས་དབྱེར་མེད་གདོད་མ་ཆོས་སྐུ་ཉིད་ ཡིན་པས་འགལ་འདུ་སྐྱོན་མེད་ཀྱི་གནས་ལུགས་དོན་དམ་སྤྲོས་མེད་ཀྱི་རྣམ་ཆ་གཅིག་ལ་ རྣམ་པ་ཀུན་ཡོངས་སུ་རྫོགས་པའི་སྒོ་ནས་རང་བཞིན་དྭངས་པའི་རྣམ་པ་མཆོག་ཀུན་ནས་ ལྡན་པ་ཁོ་ན་ལས་མི་ལྡན་པའི་ཆ་ཕྱོགས་རེ་བ་གཏན་ནས་མེད་པས་རྣམ་པ་ཀུན་ལྡན་རྣམ་ པ་མེད་པ་དང་ཀུན་རྫོབ་གཟུགས་ཀྱི་མཚན་མ་སོ་སོར་གཅོད་ནམ་ཡང་མི་ནུས་ཀྱང་གནས་ ལུགས་ཤིན་ཏུ་ཕྲ་ཞིང་འོད་གསལ་རྣམ་ཀུན་པའི་གཟུགས་སྲིད་གསུམ་དྭངས་པའི་དབྱིངས་ སྤྲོས་བྲལ་གྱི་རང་མདངས་བཟང་པོ་དུས་ཐམས་ཅད་དུ་འགོག་པ་མེད་པས་གཟུགས་མེད་ གཟུགས་བཟང་དམ་པ་པོའི་བདག་ཉིད་ཀྱི་གནས་ལུགས་མཐར་ཐུག་གི་དོན་དམ་པའི་ བདེན་པ་སྟེ། དེ་ལའང་གནས་ལུགས་སྤྲོས་པ་སྟོང་ཕྱོགས་ནས་དམིགས་པ་དང་བཅས་པའི་ ཡུལ་གྱི་རང་བཞིན་སྟོང་པ་ཉིད་ཀྱི་ཆ་དེ་སྐབས་འདིའི་དོན་དམ་པའི་རྒྱུ་དང༌། རང་བཞིན་ སྤྲོས་མེད་ཀྱི་དབྱིངས་དེ་ཉིད་ལས་ཤིན་ཏུ་ཕྲ་ཞིང་དྭངས་པའི་མཚར་བཀོད་ཀྱིརྣམ་པ་ཀུན་ ནས་རྫོགས་པའི་རང་བྱུང་ལྷུན་གྲུབ་ཀྱི་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དེ་སྐབས་འདིའི་ དོན་དམ་པའི་འབྲས་བུ་ཡིན་ཞིང༌། དེ་གཉིས་ཀྱང་དོན་གྱི་གནས་ཚོད་ལ་གཞི་དབྱིངས་རང་ བྱུང་ཡེ་ཤེས་ཉག་གཅིག་ལས་རྣམ་པ་ཀུན་ནས་གཉིས་སུ་མེད་ཅིང་གཞན་ཀུན་རྫོབ་སྤྲོས་ པ་མཐའ་དག་གིས་སྟོང་པས་གཞན་སྟོང་ངེས་པ་དོན་གྱི་ཡིན་ལུགས་ཆེ་བ་ཆ་མེད་ཀུན་འགྲོ་ སྐད་ཅིག་རྣམ་བྲལ་གྱི་ཟག་མེད་བདེ་ཆེན་ནམ་མཁའ་བཞིན་སྤྲོས་མེད་ཀུན་ལ་དག་མཉམ་དུ་ ཡོད་པས་ཁྱབ་བདག་མཆོག་གི་བརྟན་གཡོ་འཁོར་འདས་ཀྱི་དྭངས་བཅུད་འོད་གསལ་བྱང་ 2-1-201 ཆུབ་སེམས་ཀྱི་ཡེ་བཞུགས་དོན་དམ་པའི་དཀྱིལ་འཁོར་རབ་འབྱམས་ཆོས་ཉིད་གཉུག་མའི་ ལྷ་ཚོགས་མཐའ་ཀླས་པའི་རྣམ་པར་དོན་གྱི་གནས་ལུགས་སུ་ངེས་པར་བདེན་པས་ན་རང་ བཞིན་དེའི་སྟོང་ཕྱོགས་ཆོས་དབྱིངས་དང་ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་དང་རྣམ་ ཐར་སྒོ་གསུམ་གྱི་སྟོང་ཉིད་དང་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ ཆ་ནས་མདོཕྱོགས་བཀའ་བར་པའི་སྡེ་སྣོད་རྣམས་སུ་རྣམ་བཅད་དགག་ཕྱོགས་ནས་གཙོར་ བསྟན་དང་ངེས་དོན་ཕྱིར་མི་ལྡོག་པའི་གཏམ་བཀའ་ཐ་མའི་མདོ་སྡེ་རྣམས་སུ་སྣང་ཕྱོགས་ ཆོས་དབྱིངས་དོན་དམ་པའི་རྣམ་པ་ཐམས་ཅད་པའི་ཡོངས་གཅོད་སྒྲུབ་པའི་ཕྱོགས་ནས་ཀུན་ རྫོབ་མེད་པ་དང་དོན་དམ་ཡོད་པའི་ཁྱད་ལེགས་པར་ཕྱེས་ནས། བསྟན་ཀྱང་བཀའ་བར་ཐ་ དེ་དག་གིས་སྤྱིར་གནས་ལུགས་ཆོས་དབྱིངས་རྣམ་མེད་རྣམ་བཅས་ཀྱི་ཆ་གང་བསྟན་ཐམས་ ཅད་དོན་དམ་པའི་རྒྱུ་སྟོང་པ་ཉིད་ཀྱི་ཕྱོགས་ནས་བསྟན་པ་ཡིན་ལ་སྔགས་ཕྱོགས་རྒྱུད་སྡེ་ རིན་པོ་ཆེ་རྣམས་སུ་གཞིའི་གནས་ལུགས་རང་བྱུང་སྟོང་པ་ཉིད་ཀྱི་ཡེ་ཤེས་འགྱུར་མེད་བདེ་ བ་ཆེན་པོའི་ངོ་བོར་གདོད་ནས་རྟག་ཏུ་བཞུགས་པ་དེ་དང་པོའི་སངས་རྒྱས་དང་རྡོ་རྗེ་སེམས་ དཔའ་དང་རྡོ་རྗེ་འཆང་དང་དོན་དམ་པའི་དགའ་བ་ཆེན་པོ་དང་འདོད་ཆགས་ཆེན་པོ་སོགས་ དང་ལྷན་ཅིག་སྐྱེས་སྐུ་ཕྱག་རྒྱ་ཆེན་མོ་ལ་སོགས་པ་དང་དོན་དམ་ཐབས་ཤེས་ཟུང་འཇུག་གི་ ངོ་བོ་འཁོར་ལོ་བདེ་མཆོག་རྡོ་རྗེ་ཕག་མོ་དང་དགྱེས་པ་རྡོ་རྗེ་བདག་མེད་ལྷ་མོ་དང་དུས་ཀྱི་ འཁོར་ལོ་སྣ་ཚོགས་ཡུམ་ཆེན་སོགས་གནས་ལུགས་དོན་དམ་བདེ་སྟོང་ཟུང་འཇུག་གི་རྒྱུད་ སྡེ་རབ་འབྱམས་ཀྱི་ལྷ་ཚོགས་གཉུག་མ་ཆོས་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལས་དབང་ཡུལ་ བཅས་ཀྱི་བདེ་གཤེགས་ཡབ་ཡུམ་སེམས་དཔའ་ཡབ་ཡུམ་རྡོརྗེ་རྣམ་བཞི་ལ་སོགས་པ་ཆེས་ མཐའ་ཀླས་པའི་དོན་དམ་ཡེ་ཤེས་ཀྱི་ལྷ་ཀུན་ནས་ཕྱག་དང་ཞབས་སོགས་རྣམ་པ་ཐམས་ཅད་ པའི་བདག་ཉིད་རང་བཞིན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཕྱོགས་ནས་སྔར་ཕར་ 2-1-202 ཕྱིན་ཐེག་པའི་སྡེ་སྣོད་རྣམས་དང་མི་འདྲ་བར་ཆེས་གསལ་ཞིང་ཟབ་པའི་སྒོ་ནས་ལེགས་པར་ བསྟན་པ་ཡིན་པས་མདོ་དང་སྔགས་ཀྱི་སྡེ་སྣོད་ཀྱིས་བསྟན་བྱའི་གནས་ལུགས་མཐར་ཐུག་ ཡེ་གཞི་ཆོས་དབྱིངས་རང་བྱུང་ཡེ་ཤེས་ཆེན་པོ་ཉག་གཅིག་ཏུ་དགོངས་པའི་འབབ་སྟེགས་ གཅིག་ཀྱང་མདོ་སྔགས་གཉིས་ཀྱིས་བསྟན་ཚུལ་རིམ་པར་དོན་དམ་པའི་རྒྱུ་སྟོང་པ་ཉིད་ཀྱི་ ཕྱོགས་དང་དོན་དམ་པའི་འབྲས་བུ་མི་འགྱུར་བའི་བདེ་བ་ཆེན་པོའིཕྱོགས་ནས་གཙོ་ཆེར་ བསྟན་ལུགས་ཀྱི་ཁྱད་པར་སོ་སོར་ཡོད་པས་བསྟན་བྱ་གནས་ལུགས་དོན་དམ་པའི་རྒྱུ་འབྲས་ དོན་ལ་གཉིས་མེད་རོ་མཉམ་ཡིན་ནའང་བསྟན་ཚུལ་ཙམ་གྱི་སྒོ་ནས་ཁྱད་སྟངས་འབྱེད་པ་ ཡིན་ཕྱིར་རྒྱུ་སྟོང་པ་ཆེན་པོ་གཙོ་ཆེར་བསྟན་པའི་ཆ་ནས་རྒྱུའི་ཐེག་པ་དང་འབྲས་བུ་བདེ་བ་ ཆེན་པོ་གཙོ་ཆེར་བསྟན་པའི་ཆ་ནས་འབྲས་བུའི་ཐེག་པ་ཞེས་འཇོག་པ་ཡིན་ནོ། ། དེ་ལྟ་བུའི་རྒྱུ་འབྲས་ཐེག་པའི་མཐར་ཐུག་གི་གནས་ལུགས་གཅིག་ཚུལ་ལ། ལུང་རིགས་ གཉིས་ལས། དང་པོ་ནི། དོན་དམ་རྒྱུ་དང་འབྲས་བུའི་གནས་ལུགས་སམ་སྟོང་པ་ཉིད་མི་ འགྱུར་བདེ་བ་ཟུང་དུ་འཇུག་པའི་ཡེ་གཞི་རང་བྱུང་ཡེ་ཤེས་ཆེན་པོ། ཆོས་ཅན། གནས་ལུགས་ ཟུང་འཇུག་མཐར་ཐུག་ཉག་གཅིག་ལ་རྒྱུ་ཕར་ཕྱིན་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་ གཉིས་ལས་བསྟན་ཚུལ་གྱི་ཁྱད་པར་ཙམ་ལས་དོན་ལ་གཉུག་མ་ཟུང་འཇུག་གཅིག་ཏུ་ངེས་ ཚུལ་ཡོད་དེ། གནས་ལུགས་མཐར་ཐུག་དེ་ཁོན་ཉིད་དོན་དམ་དབྱིངས་གཅིག་པུ་ལ་མདོ་ ཕྱོགས་ཀྱི་སྡེ་སྣོད་ལས་ཆོས་དབྱིངས་ལ་སོགས་པའི་མཚན་གྱི་རྣམ་གྲངས་དུ་མ་དང་སྔགས་ ཕྱོགས་ཀྱི་སྡེ་སྣོད་ལས་འོད་གསལ་བྱང་ཆུབ་སེམས་མཆོག་མི་འགྱུར་བདེ་བ་སོགས་མཚན་ ཀྱི་ཁྱད་པར་ཙམ་གྱི་རྣམ་གྲངས་སོ་སོར་གསུངས་པ་གང་ཞིགགང་ལྟར་ཡང་དོན་གྱི་གནས་ ལུགས་མཐར་ཐུག་ལ་ཡེ་གཞི་དོན་དམ་ཉག་གཅིག་ལས་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ངེས་དོན་གྱི་མདོ་སྡེ་སྤྱི་དང་ཁྱད་པར་རྒྱན་སྟུག་པོ་བཀོད་པའི་མདོ་ལས། དེ་བཞིན་གཤེགས་ 2-1-203 པ་ནི་རྟག་པ་བརྟན་པ་ཐེར་ཟུག་པ་མི་འཇིག་པ་སྟེ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པའི་རྣལ་ འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྒྲགས་པ་མྱ་ངན་ ལས་འདས་པ་དབྱིངས་དང་ནམ་མཁའ་ལྟ་བུར་མི་འཇིག་པ་སྟེ། མྱ་ངན་ལས་འདས་པའི་སྒྲ་ ཆོས་ཀྱི་དབྱིངས་ཀྱི་ཚིག་གིས། འདས་པ་དང་བྱུང་བ་དང་འབྱུང་བའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱིས་བསྟན་ཏོ། །འདི་ལྟར། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་འདི་ ནི་དེ་བཞིན་གཤེགས་པའོ། །ཞེས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། ཆོས་ཀྱི་དབྱིངས་ ཉིད་བཅོམ་ལྡན་འདས་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། ཕལ་བོ་ཆེ་ལས། ཆོས་དབྱིངས་ དམ་པ་དེ་བཞིན་གཤེགས་པ་སྟེ། །ཞེས་དང༌། བདེ་གཤེགས་སྙིང་པོ་བྱང་ཆུབ་འདི་ལ་ལྟོས། །ཞེས་པ་ལ་སོགས་པའི་སྒོ་ནས་གནས་ལུགས་དེ་བཞིན་ཉིད་དེ་ཆོས་ཉིད་དང་ཆོས་དབྱིངས་ སོགས་ཀྱི་ཆ་ནས་བསྟན་པ་གང་ཞིགགནས་ལུགས་དེ་ཉིད་གསང་ཆེན་བླ་མེད་ཀྱི་ཐེག་པ་སྤྱི་ དང་ཁྱད་པར་རྒྱུད་རྡོ་རྗེ་ཕྲེང་བར། དབྱིངས་ནི་བྱང་ཆུབ་སེམས་སུ་གསུངས། ཞེས་དང༌། སཾ་ བྷུ་ཊར། དྲི་མེད་ཤེལ་དང་མཚུངས་པའི་འོད། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ ལྔ་ཡི་དངོས་པོ་ཉིད། །ཅེས་དང༌། ཡེ་ཤེས་གྲུབ་པ་ལས་ཀྱང༌། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་སོགས་ཀྱི་སྒོ་ནས་སྔར་ཕར་ཕྱིན་ཐེག་པར་བསྟན་པའི་ དབྱིངས་ཡེ་གཞི་དེ་ཉིད་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བའི་དོན་དམ་རང་ བྱུང་ཡེ་ཤེས་ལྔའི་བདག་ཉིད་མི་འགྱུར་བདེ་ཆེན་གདོད་ནས་རྟག་པའི་རང་བཞིན་གྱི་ཆ་ནས་ བསྟན་པ་ཡིན་པའིཕྱིར། རྩ་རྟག་གཉིས་པ་རྗེས་སུ་འབྱུང་ངོ༌། །གཉིས་པ་ནི། གཞི་དབྱིངས་དེ་ ཁོ་ན་ཉིད། ཆོས་ཅན། མདོ་སྔགས་ཀྱི་ཐེག་པས་བསྟན་ཚུལ་གྱི་ཁྱད་པར་ཙམ་ལས། བསྟན་ བྱ་མཐར་ཐུག་གཅིག་དུ་ངེས་པ་ཡིན་ཏེ། མདོ་སྔགས་ཀྱིས་བསྟན་བྱ་གནས་ལུགས་མཐར་ 2-1-204 ཐུག་གཅིག་པུ་དེ་ཉིད་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ཕྱོགས་དང་མི་འགྱུར་བདེ་བ་ཆེན་པོའི་ ཡེ་ཤེས་ཀྱི་ཕྱོགས་ནས་གཙོ་ཆེར་བསྟན་པའི་ཁྱད་པར་ཙམ་ལས་གནས་ལུགས་མཐར་ཐུག་ ཡེ་གཞི་དོན་དམ་པའི་དབྱིངས་གཅིག་པུ་དེ་ཉིད་ལས་གཉིས་སུ་མ་དམིགས་པའི་ཕྱིར། དེར་ ཐལ། མདོ་དང་སྔགས་ཀྱི་སྡེ་སྣོད་རྣམས་སུ་ཆོས་ཉིད་གནས་ལུགས་ཀྱི་མཚན་མི་འདྲ་བའི་ རྣམ་གྲངས་བརྗོད་ཚུལ་ཇི་སྙེད་བཞུགས་སོ་ཅོག་ཀྱང་གདུལ་བྱའི་ཁམས་དབང་མི་འདྲ་ བའི་དབང་གིས་གང་འདུལ་གྱི་ཆོས་སྒོ་གསུང་གི་བརྗོད་སྒྲོས་དེ་འཚམ་གྱིས་རྒྱུ་ཐེག་སྐབས་ ཆོས་ཉིད་གནས་ལུགས་དེ་ཆོས་དབྱིངས་སྤྲོས་བྲལ་དོན་དམ་རྣམ་ཀུན་པའི་ཕྱོགས་ཙམ་དང་ འབྲས་ཐེག་སྐབས་དེ་འདྲའི་ཆོས་དབྱིངས་དེ་སྤྲོས་མེད་ཡིན་པ་གཞིར་བཞག་གི་སྒོ་ནས་འོད་ གསལ་བྱང་ཆུབ་སེམས་ཀྱི་རང་བཞིན་མི་འགྱུར་བདེ་ཆེན་རིགས་ཀུན་གྱི་ཁྱབ་བདག་གདོད་ མའི་མགོན་པོ་དང་པོའི་སངས་རྒྱས་མཆོག་དོན་དམ་པའི་ལྷ་ཚོགས་རབ་འབྱམས་དྭངས་ ཤིང་ཤིན་ཏུ་ཕྲ་བ་པྲ་ཕབ་པའི་སྣང་བརྙན་རབ་ཏུ་གསལ་བ་བཞིན་ཆེས་ཁྱད་མཚར་གྱི་བཀོད་ པ་ཡོངས་སུ་རྫོགས་ཤིང་ཀུན་ནས་རྣམ་པ་ཐམས་ཅད་པའི་ཚུལ་དུ་རང་གཤིས་ཇི་བཞིན་པ་ མ་སྦས་གསལ་བར་བསྟན་པ་ཡིན་པས་གཞི་དབྱིངས་གནས་ལུགས་གཅིག་པུའི་ཁྱད་ཆོས་ ཡོངས་སུ་མ་རྫོགས་པ་དང་རྫོགས་པའི་བསྟན་ཚུལ་ཙམ་ལས་དོན་དམ་པར་ན་སྟོང་པ་དང་ བདེ་ཆེན་ཟུང་དུ་འཇུག་པའི་གནས་ལུགས་མཐར་ཐུག་གཅིག་གི་སྟོང་ཆ་དང་བདེ་ཆ་ཙམ་མ་ གཏོགས་དོན་དམ་ཟུང་འཇུག་གཅིག་གི་རང་གཤིས་ཁོ་ན་ཉིད་དུ་དགོངས་བབ་ཀྱི་གནད་དེ་ བཞིན་ཉིད་གཞི་དབྱིངས་འབའ་ཞིག་པ་གཅིག་ཏུ་ངེས་པར་ཐུག་པའི་ཕྱིར་རོ། །དེས་ན་རྒྱུ་ ཕར་ཕྱིན་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཀྱི་མཐར་ཐུག་གི་གནས་ལུགས་ གཅིག་པ་ཉིད་དུ་གྲུབ་བོ། ། ལེའུ་གཉིས་པ། གནས་སྐབས་སློབ་ལམ་ 2-1-205 གྱི་ཁྱད་པར་མི་འདྲ་ཚུལ། གཉིས་པ་གནས་སྐབས་སློབ་ལམ་གྱི་ཁྱད་པར་མི་འདྲ་ཚུལ་ནི། དེལྟར་མདོ་སྔགས་སྡེ་ སྣོད་དག་གིས་དགོས་དབང་གིས་བསྟན་ཚུལ་མི་འདྲ་བའི་ཁྱད་པར་ཡོད་པས་གདུལ་བྱ་ཡང་ དབང་པོ་རྟུལ་པོ་དང་རྣོན་པོའིཁྱད་དེ་ལུགས་ལྟར་ཡོད་ཕྱིར་ལམ་ཉམས་ལེན་གྱི་སྐབས་སུ་ མདོས་གདུལ་བྱ་རྣམས་ལམ་ཉམས་ལེན་བྱེད་ཚེ་སྔགས་ལ་ལྟོས་ན་མན་ངག་ཞན་པ་དང་ ཐབས་ཀྱང་ཉུང་བ་དང་བྱ་བ་ཡང་དཀའ་ངལ་ཅན་དང་གདུལ་བྱ་རང་ངོས་ནས་དབང་པོ་ཡང་ རྟུལ་པོའི་རང་བཞིན་དུ་ཡོད་པས་ཟུང་འཇུག་མཐར་ཐུག་མྱུར་ནས་མངོན་བྱེད་ཀྱི་འཇུག་སྒོ་ མི་གསལ་ཞིང་ཐབས་ཟབ་མོའི་ཉེ་ལམ་མ་ཡིན་པར་བསྐལ་པ་དུ་མར་འགོར་བའི་ལམ་ཡིན་ པས་རིང་ལམ་རྒྱུའི་ཐེག་པ་དང་སྔགས་ཀྱིས་གདུལ་བྱ་གང་དག་ནི་ལམ་ཉམས་ལེན་གྱི་དུས་ ན་མན་ངག་ཁྱད་པར་བས་བཟང་བ་དང་ཐབས་ཀྱང་རྒྱ་ཆེ་བ་དང་བྱ་བ་ཡང་ཚེགས་ཆུང་ངུས་ དོན་ཆེན་འགྲུབ་པ་དང་གདུལ་བྱ་རང་ངོས་ནས་དབང་པོ་ཆེས་རྣོ་བའི་དབང་གིས་ཟུང་འཇུག་ མཐར་ཐུག་མྱུར་ནས་མངོན་བྱེད་ཀྱི་འཇུག་སྒོ་ཆེས་གསལ་ཞིང་ཐབས་མི་ཟབ་པའི་རིང་ལམ་ མ་ཡིན་པར་གདུལ་བྱ་རབ་རྣམས་སྙིགས་དུས་ཀྱི་ཚེ་གཅིག་ལས་མི་འགོར་བའི་ལམ་ཡིན་ པས་ཉེ་ལམ་འབྲས་བུའི་ཐེག་པ་དང་གཉིས་ཡོད་པས་ཚུལ་དེལྟར་སློབ་ལམ་ལ་མི་འདྲ་བའི་ ཁྱད་པར་ཡོད་པ་ཡིན་ནོ། །ཁྱད་པར་དེ་ལུགས་ལྟར་ལུང་རིགས་གཉིས་ལས། དང་པོ་ནི། རྒྱུ་ དང་འབྲས་བུའི་ཐེག་པའི་ལམ་གྱི་གནས་སྐབས་ན། ཆོས་ཅན། གོང་དུ་བཤད་པ་བཞིན་ གནས་ལུགས་མཐར་ཐུག་གི་དོན་གཅིག་པུར་ངེས་ཀྱང་མན་ངག་ཐབས་བྱ་བ་གདུལ་བྱ་ བཞིའི་སྒོ་ནས་མི་ཟབ་པ་དང་ཟབ་པའི་ཁྱད་པར་འཇོག་ཏུ་ཡོད་པ་ཡིན་ཏེ། སློབ་དཔོན་ཀ་མ་ ལ་ཤི་ལས་ཚུལ་གསུམ་སྒྲོན་མེར་གསུངས་པ། ཇི་སྐད་དུ། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་ 2-1-206 པ་ཁྱད་པར་འཕགས། །ཞེས་སོགས་ཀྱི་དོན་ལྟར་དུ་ལེགས་པར་གནས་པའི་ཕྱིར། གཉིས་པ་ ནི། དེ་འདྲའི་མདོ་སྔགས་ལམ་གྱི་ཁྱད་པར། ཆོས་ཅན། ཇི་བཞིན་ལེགས་པར་འབྱེད་དུ་ཡོད་ དེ། ཕར་ཕྱིན་ཐེག་པར་གཞི་དབྱིངས་ཟབ་མོ་མངོན་བྱེད་ཐབས་བདག་མེད་གཉིས་སོགས་ སྒོམ་ཚུལ་གྱི་མན་ངག་དུ་མ་དང་ཕར་ཕྱིན་བསྡུ་དངོས་སོགས་ཐབས་ཀྱི་སྤྱོད་པ་དང་བསྐལ་པ་ ཆེན་པོ་མང་པོའི་བར་ཚོགས་ཡུན་རིང་བསགས་དགོས་པ་དང༌། གདུལ་བྱ་ཡང་ཐེག་དམན་ གྱི་རིགས་ཅན་དག་ལས་དབང་པོ་རྣོ་ཞིང་སྙིང་སྟོབས་ཆེ་བའི་སྒོ་ནས་རང་ལམ་ལ་སློབ་པར་ བྱེད་པ་གང་ཞིགགསང་ཆེན་བླ་མེད་ཀྱི་ཐེག་པར་གཞི་དབྱིངས་ཀྱི་གནས་ལུགས་མཐར་ཐུག་ མངོན་དུ་བྱེད་ཐབས་སྔར་ཕར་ཕྱིན་ཐེག་པའི་སྐབས་ལས་ཆེས་ཟབ་པས་དཔེར་ན་སྔགས་ ཀྱི་རྡོ་རྗེ་སློབ་དཔོན་གྱིས་དབང་བཞི་པའི་ཡེ་ཤེས་བརྡ་ཐབས་ཀྱིས་སྐལ་པ་དང་ལྡན་པའི་ སློབ་མའི་རྒྱུད་ལ་ཇི་བཞིན་འབྱོར་བར་བཅས་པ་ལྟ་བུ་གནས་ལུགས་ཟབ་མོ་རང་རིག་རང་ གསལ་དུ་སྤྲོས་བྲལ་མི་རྟོག་པ་ལ་མཉམ་པར་འཇོག་ཐབས་ཆེས་ཁྱད་པར་བའི་མན་ངག་ལ་ མ་རྨོངས་ཤིང་བློ་གྲོས་ཤིན་ཏུ་རྒྱས་པས་མན་ངག་གི་རིམ་པ་དེ་འདྲ། ཇི་སྐད་དུ། གང་གི་དྲིན་ གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །ཞེས་པ་ ལྟར་རྡོ་རྗེ་སློབ་དཔོན་མཆོག་གི་བཀའ་དྲིན་ལས་མན་ངག་ཐོབ་པའི་སློབ་མ་ལ་ཡེ་ཤེས་དམ་ པའི་འཇུག་སྒོ་སྐད་ཅིག་ལ་སྩོལ་ཞིང་རྒྱུད་ལ་འབྱོར་བར་བྱེད་པ་ལྟ་བུའི་སྒོ་ནས་བླ་མེད་ལམ་ གྱི་མན་ངག་ཟབ་མོ་གཅིག་ཙམ་ལའང་ཕར་ཕྱིན་ཐེག་པའི་སྐལ་པ་མང་པོའི་ལམ་སྒོམ་ཚུལ་ གྱིས་ཆ་ཙམ་བསྐྲུན་མི་ནུས་པ་ལྟ་བུའི་མན་ངག་ཁྱད་པར་བ་དང་སྔར་གྱི་རྒྱུ་ཐེག་ལས་ཟབ་ པའི་ལམ་འདིར་དྲུག་ལྡན་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པས་ཡེ་ཤེས་ཀྱི་ འཇུག་སྒོ་འཕྲལ་དུ་ཆེར་འཕེལ་བར་བྱེད་པའི་ཐབས་ཁྱད་པར་བ་དང༌། རྒྱུའི་ཐེག་པ་དང་མི་ འདྲ་བའི་ཟབ་ཁྱད་སྔགས་ཀྱི་གདུལ་བྱ་སྐལ་ལྡན་ཅིག་ཅར་པ་རྣམས་སྙིགས་དུས་ཀྱི་ཚེ་ཐུང་ 2-1-207 གཅིག་དང་དེ་མིན་དབང་པོ་འབྲིང་ཐ་དག་ཀྱང་མི་ཚེ་བཅུ་དྲུག་ལས་མི་འགྱང་པར་གདོད་མ་ ཟུང་འཇུག་ཆོས་སྐུའི་ངོ་བོར་གྲོལ་ངེས་ཀྱི་ལམ་བཟང་བྱ་སླ་བའི་ཁྱད་པར་དང༌། གསང་ཆེན་ བླ་མེད་ཀྱི་གདུལ་བྱ་རྣམས་རང་ངོས་ནས་ཕར་ཕྱིན་ཐེག་པའི་གདུལ་བྱ་གང་ལས་ཆེས་དབང་ པོ་རབ་ཏུ་སྨིན་ཅིང་གྲོལ་ལ་ཉེ་བ་ཅན་གྱི་དབང་རྣོན་གྱི་དབང་དུ་བྱས་པའི་ཁྱད་པར་དང༌། དེ་ འདྲའི་ཁྱད་ཆོས་བཞིས་མཚོན་སྒོ་གང་ཐད་ནས་རྒྱུ་ཐེག་གི་སློབ་ལམ་ལས་འབྲས་ཐེག་གི་ སློབ་ལམ་ཆེས་ཁྱད་པར་དུ་འཕགས་བྱེད་མཐའ་ཡས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་རྒྱུ་འབྲས་ ཀྱི་ཐེག་པ་ལ་ཁྱད་པར་ཆེན་པོ་ཡོད་ན་དེ་དག་གི་ཆ་ནས་སྤྱིར་བཏང་ཐེག་པ་དེ་གཉིས་ལ་མི་ ཟབ་པ་དང་ཟབ་པའི་ཁྱད་པར་ཡང་དེ་ལྟར་དུ་ཆེན་པོ་ཡོད་པར་འཇོག་ཤིན་ཏུ་རིགས་པའི་ ཕྱིར་རོ། །དེས་ན་གནས་སྐབས་སློབ་ལམ་གྱི་ཁྱད་པར་ལ་རྒྱུ་ཕར་ཕྱིན་ཐེག་པ་མཐར་ཐུག་ གི་ཟུང་འཇུག་ལ་རིང་ལམ་མི་ཟབ་པ་དང་གསང་ཆེན་བླ་མེད་ཀྱི་ཐེག་པ་མཐར་ཐུག་གི་ཟུང་ འཇུག་ལ་ཉེ་ལམ་ཟབ་པའི་ཁྱད་ཡོད་པས་མདོ་སྔགས་སྤྱི་ལ་ཁྱད་ཡོད་པར་ཡང་གྲུབ་བོ། ། སྨྲས་པ། གཉུག་ཁམས་ནང་དབྱིངས་ལྷན་སྐྱེས་བདེ་ཆེན་ཉིད། ། རྒྱུ་འབྲས་ཐེག་པའི་ལམ་བཟང་སོ་སོ་ལས། ། བྱ་བ་དཀའ་སླའི་ཐབས་ཚུལ་མི་འདྲ་བས། ། གནས་ལུགས་མངོན་ལ་བུལ་མྱུར་ཆོས་ཀྱི་ཚུལ། ། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ས་བཅད་གཉིས་པ། བར་དུ་འབྲས་བུའི་ཐེག་པ་དངོས། 2-1-208 གཉིས་པ་བར་དུ་འབྲས་བུའི་ཐེག་པ་དངོས་ལ། གཞིའི་གནས་ལུགས། ལམ་གྱི་གནས་ ལུགས། འབྲས་བུའི་གནས་ལུགས་གསུམ་ལས། དང་པོ། གཞིའི་གནས་ལུགས། དང་པོ་ལ། དོན་དམ་ཡེ་ཤེས་ཀྱི་གཞིའི་གནས་ལུགས་དངོས་དང༌། དེར་བརྟེན་ཀུན་ རྫོབ་རྣམ་ཤེས་ཀྱི་གཞི་གཉིས་ལས། ༡ དོན་དམ་ཡེ་ཤེས་ཀྱི་གཞིའི་གནས་ལུགས་དངོས། དང་པོ་ནི། སྔར་རྒྱུ་ཕར་ཕྱིན་ཐེག་པའི་སྐབས་སུ་ཇི་སྐད་བསྟན་པའི་གཞིའི་གནས་ ལུགས་ཆོས་ཀྱི་དབྱིངས་སྤྲོས་བྲལ་དོན་དམ་པའི་རྣམ་པ་ཡོངས་སུ་རྫོགས་པ་དེ་ཉིད་འདིར་ འབྲས་བུ་གསང་སྔགས་བླ་མེད་ཀྱི་ཐེག་པའི་སྐབས་སུའང་མཚན་གྱི་རྣམ་གྲངས་སྔར་དང་མི་ འདྲ་བ་རྡོ་རྗེ་འཆང་ཆེན་དང་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་འཇིགས་བྱེད་དང་ཧེ་རུ་ཀ་དཔལ་ དང་དུས་ཀྱི་འཁོར་ལོ་དང་དང་པོའི་སངས་རྒྱས་སོགས་དོན་དམ་པའི་ལྷ་དང་སྣ་ཚོགས་ཡུམ་ ལ་སོགས་པའི་དོན་དམ་གཉུག་མ་རང་བྱུང་གི་ལྷ་མོ་རྣམས་ཀྱི་མཚན་དག་གིས་བླ་མེད་ཐེག་ པའི་རྒྱུད་སྡེ་གཞན་དང་གཞན་དག་དུ་སྟོན་པ་སྐུ་བཞིའི་དབང་ཕྱུག་གིས་རྡོ་རྗེ་ཟབ་མོའི་ སྔགས་རྒྱུད་ཀྱིས་ལེགས་པར་བསྟན་པ་ཡིན་ཏེ། རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས། རྡོ་རྗེ་ ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་ལ་སོགས་མཚན། །སྣ་ཚོགས་ཡུམ་གྱི་མིང་སོགས་ཀྱིས། །རྒྱུད་གཞན་ དག་ཏུ་བདག་གིས་བསྟན། །ཞེས་པ་ལ་སོགས་པའི་སྒོ་ནས་རྒྱུད་ཐམས་ཅད་ཀྱི་བདག་པོ་རྡོ་ རྗེ་འཆང་ཧེ་རུ་ཀའི་གཟུགས་ཀྱིས་འགྱུར་མེད་རྡོ་རྗེའི་བཀའ་ཚིག་གིས་ངེས་པ་དོན་གྱི་གསང་ ཆེན་སྔགས་ཀྱི་ཡེ་གཞི་དེ་དོན་དམ་རང་བྱུང་གཉུག་མའི་ལྷ་ཚོགས་རབ་འབྱམས་ཀུན་རྫོབ་ 2-1-209 རྣམ་ཤེས་ཀྱི་སྣང་ཆ་དག་གིས་གདོད་ནས་སྟོང་པས་སྔགས་ཀྱི་གཞན་སྟོང་རང་བཞིན་གཤིས་ སུ་བདེན་ཞིང་གློ་བུར་སྤྲོས་པས་མ་གོས་པས་སྒྲོ་སྐུར་ཀུན་བྲལ་གྱི་ཆེས་ཤིན་ཏུ་ཕྲ་བ་ནང་གི་ དབུ་མར་ལེགས་པར་བསྟན་པ་ཉིད་ཀྱི་ཕྱིར། རྒྱུ་མཚན་དེས་ན་རྒྱུ་དང་འབྲས་བུའི་ཐེག་པའི་ མཐར་ཐུག་གི་གནས་ལུགས་གཞི་དབྱིངས་ཆོས་སྐུ་གཅིག་ཉིད་ལ་མདོ་སྔགས་གྱི་སྡེ་སྣོད་སོ་ སོར་དགོས་དབང་གིས་མཚན་གྱི་རྣམ་གྲངས་མི་འདྲ་བ་དུ་མས་བསྟན་པ་གང་དག་ལ་རྣམ་ འབྱོར་སློབ་པ་རྣམས་ཀྱིས་ཇི་བཞིན་མི་ཤེས་པའི་དབང་གིས་མིང་དོན་རྟོག་བློ་ལ་སྣང་ཚུལ་ ལྟར་དོན་ལོག་པ་གཞི་ནས་ངོ་བོ་ཐ་དད་པ་ཉིད་དུ་ཞེན་པར་མི་བྱ་བར་བླ་མ་དམ་པའི་མན་ ངག་གིས་གསེར་བཞིན་བརྟགས་ཏེ་ཚིག་ཙམ་ལ་མི་འཆེལ་ཞིང་དོན་ལ་ངེས་པར་ཡིད་རྟོན་ པར་བྱེད་དགོས་པ་སྟེ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། དེའི་ཕྱིར་ དངོས་པོ་གཅིག་ལ་ཡང་མིང་སྣ་ཚོགས་བསྟན་པ་ལ་རྣལ་འབྱོར་པ་རྣམས་ཀྱིས་མིང་གི་རྣམ་ པར་རྟོག་པ་མི་བྱ་སྟེ། བླ་མ་དམ་པའི་མན་ངག་གིས་གསེར་བཞིན་དུ་ལེགས་པར་བརྟགས་ ཏེ་དོན་ལ་རྟོན་པ་ལ་སྟོན་པ་ཉིད་ལས་སོ། །ཞེས་པ་སོགས་ཀྱིས་ཞིབ་རྒྱས་སུ་གསུངས་པ་གང་ དག་གི་དགོངས་པ་ཡང་དེ་ལྟར་གནས་པའི་ཕྱིར། དེལྟ་བུའི་སྐབས་འདིར་བཤད་བྱའི་འབྲས་ ཐེག་གསང་སྔགས་ཀྱི་དོན་དམ་ཡེ་ཤེས་ཀྱི་གཞིའི་ཡིན་ལུགས་ལུང་རིགས་གཉིས་ལས། (༡) ལུང་གིས་སྒྲུབ་ཚུལ། ཨ དང་པོ་ལ། གསང་ཆེན་ཐེག་པ་མཆོག་གི་གཞི་རྒྱུད་ངོས་བཟུང་བ། དེ་ཉིད་དོན་དམ་པའི་ སྐུ་དང་ཡེ་ཤེས་ཀྱི་རྣམ་པར་བཞུགས་ཚུལ་གཉིས་ལས། དང་པོ་ནི། སྔར་ཕར་ཕྱིན་ཐེག་པར་ བསྟན་པའི་གཞི་དབྱིངས་ཉིད་འདིར་སྔགས་ཀྱི་ཐེག་པར་རང་བཞིན་གྱི་རིགས་དང་གཞིའི་ རྒྱུད་ཉིད་དེ་གདོད་མ་ནས་སྐྱེ་འཇིག་དང་བྲལ་བའི་ཟབ་གསང་སྔགས་ཀྱི་ཡེ་གཞི་ཆེན་པོ་ ཆོས་ཉིད་སྤྲོས་བྲལ་གཉུག་མ་དོན་དམ་གྱི་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་གཅིག་པུར་ 2-1-210 དཔལ་ཧེ་རུ་ཀ་རྒྱུད་ཀྱི་མངའ་བདག་གིས་རྡོ་རྗེའི་སྔགས་རྒྱུད་ཟབ་མོར་བཀའ་བསྩལ་པ་ཡིན་ ཏེ། དཔལ་གསང་བ་འདུས་པ་ལས། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ ཞེས་བརྗོད་དེ། །མི་འཇིག་སྐྱེ་བ་མེད་གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །ཅེས་ གསུངས་པའི་ཕྱིར། དེ་འདྲའི་གཞིའི་རྒྱུད་དམ་རིགས་ཀྱི་དབྱེ་བ་ཡང་རྡོར་སེམས་སོགས་ རིགས་དྲུག་དང་དེ་བསྡུས་པས་རིགས་ལྔར་འགྱུར་ཞིང༌། སྐུ་གསུང་ཐུགས་ཀྱི་རིགས་གསུམ་ དང་འབྱུང་བ་དང་ཕུང་པོ་ལྔའི་རིགས་ལྔ་ཚན་གཉིས་སོགས་རིགས་ཀྱི་དབྱེ་བ་རྒྱས་བསྡུས་སྣ་ ཚོགས་ཆེས་མང་པོ་རྒྱུད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་མཆོག་གི་བླ་མེད་ཀྱི་སྔགས་རྒྱུད་དུ་མར་ ཡང་ཡང་གསུངས་པའི་རྩ་འགྲེལ་སྔགས་གཞུང་མང་པོ་ཡོད་དེ། དཔལ་ཀྱཻ་རྡོ་རྗེའི་རྒྱུད་དུ། རིགས་ནི་རྣམ་པ་དྲུག་བརྗོད་ཅིང༌། །མདོར་བསྡུས་པས་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་ དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །རིགས་དང་འབྱུང་བ་ལྔ་རྣམས་དང༌། །ཕུང་ པོ་ལྔ་ཡི་རང་བཞིན་གྱི། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་ པར་བྱ། །ཞེས་སོགས་ཀྱིས་གོང་སྨོས་རྣམས་དང༌། གཞན་ཡང་རྒྱུད་དེར་རིགས་ཀྱི་དབྱེ་བ་ སྟོང་ཕྲག་དུ་མ་དང་གངྒཱའི་བྱེ་སྙེད་ཀྱི་རིགས་མཐའ་ཡས་པ་སོགས་ཆེས་མང་པོར་གསུངས་ ཤིང༌། དེ་དང་མཐུན་པར་རྒྱུད་སྡེ་གཞན་དོན་དམ་པའི་མཚན་བརྗོད་པ་ལས་ཀྱང༌། གསང་ སྔགས་རིགས་ཆེན་ཐམས་ཅད་དང༌། །སོགས་རྒྱས་པར་གསུངས་པ་དང་མཐུན་པར་དང་པོའི་ སངས་རྒྱས་སུའང༌། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་དང་རིགས་ བརྒྱའོ། །ཞེས་སོགས་གསུངས་པའི་དགོངས་དོན་བསྡུས་པའི་རྒྱུད་ཀྱིརྒྱལ་པོ་ལས། དགོངས་ པ་གཅིག་པར་འདི་སྐད། གཙུག་ཏོར་སྟོང་པ་ལྔ་སྟེ་རིགས་གསུམ་དག་ཀྱང་དེ་བཞིན་སྐུ་དང་ གསུང་དང་ཐུགས་ཀྱི་རྡོ་རྗེའོ། །ཞེས་པ་ལ་སོགས་པས་རྒྱུད་དོན་བསྡུས་པ་རྣམས་ཀྱི་དགོངས་ འགྲེལ་རྗེ་བཙུན་སྤྱན་རས་གཟིགས་ཀྱིས་མཛད་དེ། རྒྱས་འགྲེལ་ཆེན་མོ་ནས། འདིར་རིགས་ 2-1-211 གསུམ་གྱི་བདག་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོ་ལ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ ཞལ་གསུམ་པ་བརྗོད་པར་བྱ་བའོ། །རིགས་བཞིའི་བདག་ཉིད་ལ་སྐུ་དང་གསུང་དང་ཐུགས་ དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཞལ་བཞི་པ་བརྗོད་པར་བྱ་བའོ། །ཞེས་སོགས་རིགས་དང་ གཞིརྒྱུད་སྟོན་པའི་སྔགས་ཀྱི་སྡེ་སྣོད་ཆེས་མང་བའི་ཕྱིར། དེ་ལྟ་བུའི་ཡེ་གཞིརིགས་ཀྱི་ངོ་བོ་ དེ་བཞིན་ཉིད་ཆོས་སྐུ་གསང་ཆེན་བླ་མེད་སྐབས་ཀྱི་གཞིའིརྒྱུད་ཆེན་པོ་དེ་གཞི་འབྲས་དབྱེར་ མེད་ནམ་མཁའ་ལྟར་ཀུན་ལ་ཁྱབ་པ་འགྱུར་མེད་བདེ་ཆེན་ཕུན་ཚོགས་ཀྱི་རང་བཞིན་འོད་ གསལ་ཕྱག་རྒྱ་ཆེན་པོ་དོན་དམ་པའི་སངས་རྒྱས་དངོས་སུ་བཞུགས་པ་སྟེ། མཁའ་འགྲོ་མ་རྡོ་ རྗེ་གུར་ལས། ནམ་མཁའི་ཁམས་ནི་ཇི་སྙེད་དང༌། །འཇིག་རྟེན་ཁམས་ནི་སྟོང་ཕྲག་ན། །བདེ་ ཆེན་ཕུན་ཚོགས་ཕྱག་རྒྱ་ཆེ། །སངས་རྒྱས་ནམ་མཁའ་འདྲ་བར་བཞུགས། །ཞེས་སོགས་ ཀྱི་དགོངས་པ་ལྟར་དོན་ལ་གནས་པའི་ཕྱིར། དེས་ན་རྒྱུ་ཐེག་སྐབས་ཀྱི་གཞི་དབྱིངས་ཉིད་ འབྲས་ཐེག་གི་སྐབས་སུ་གཞི་དང་འབྲས་བུའི་ངོ་བོ་མི་གཉིས་པའི་རང་བཞིན་གྱི་རིགས་འོད་ གསལ་ཕྱག་ཆེན་དུ་བསྟན་པ་དེ་ག་ཉིད་གསང་ཆེན་ཐེག་པ་མཆོག་གི་གཞི་རྒྱུད་ཀྱི་ངོ་བོ་ཡིན་ ནོ། ། གཉིས་པ་དེ་ཉིད་དོན་དམ་པའི་སྐུ་དང་ཡེ་ཤེས་ཀྱི་རྣམ་པར་བཞུགས་ཚུལ་ནི་གོང་དུ་ བཤད་པའི་གསང་ཆེན་བླ་མེད་སྔགས་ཀྱི་གཞི་རྒྱུད་དོན་དམ་གནས་ལུགས་འགྱུར་མེད་ཀྱི་ངོ་ བོ་རྡོ་རྗེ་དེ་ནི་གཉུག་མ་ངེས་དོན་གྱིརྡོར་སེམས་སོགས་ལྷ་ཚོགས་དུ་མ་སྣ་ཚོགས་པ་དོན་དམ་ པའི་རང་གཤིས་དེ་ཉིད་ཀུན་རྫོབ་རྣམ་ཤེས་ཀྱི་སྣང་ཆ་མཐའ་དག་ལས་རྣམ་པར་གྲོལ་བས་ སྟོང་གཞི་གཞན་མཆོག་དོན་དམ་པའི་ཡོན་ཏན་མཐའ་དག་གི་གཏེར་གྱུར་གཞན་སྣང་ངོར་ མཛད་པ་མཐའ་ཡས་པ་ཀུན་ནས་སྤྲོས་པའི་རྣལ་འབྱོར་ཆེན་པོ་དྲི་མེད་ཡེ་ཤེས་རབ་ཏུ་ གསལ་བ་རྟོག་བཅས་མཚན་མའི་སྤྲོས་པ་བྲལ་བས་ཆོས་དབྱིངས་བདེ་ཆེན་སྔགས་ཀྱི་གཞན་ 2-1-212 སྟོང་བཅོས་མ་དང་གཉུག་མའི་ཁྱད་པར་ལས་ཡོད་མེད་ཀྱི་མཐའ་དང་བྲལ་བས་ངེས་དོན་ ཆེས་ཤིན་ཏུ་ཕྲ་བ་ནང་གི་དབུ་མ་འཁོར་འདས་ཀུན་ཁྱབ། ཆ་མེད་གཅིག་པུའི་བདག་ཉིད་ སྔགས་རྒྱུད་སྟོན་པ་པོས་ཟབ་མོའི་ངེས་གསང་གི་ཚུལ་དུ་དགོངས་པ་མཐར་ཐུག་གི་དེ་ཉིད་ ལེགས་པར་རྡོ་རྗེའི་ཚིག་གིས་བཀའ་བསྩལ་པ་ཡང་འདི་བཞིན་ཡིན་ཏེ། དགོངས་པ་ལུང་ སྟོན་པའི་རྒྱུད་ལས། རྡོ་རྗེ་དེ་ནི་རྡོ་རྗེ་སེམས། །རྡོ་རྗེ་འཇིག་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་ དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ཐུབ་པ་ཆེ། །ཀུན་ཏུ་བཟང་པོ་འཇམ་དཔལ་དང༌། །སྣ་ཚོགས་རྣམ་པ་རྣམ་པར་གྲོལ། །སྣ་ཚོགས་ཡོན་ཏན་ཚོགས་ཀྱི་གཞི། །ཀུན་ནས་སྤྲོས་པའི་ རྣལ་འབྱོར་ནི། །རྣལ་འབྱོར་ཆེན་པོ་དྲི་མ་མེད། །ཡེ་ཤེས་དེ་ཉིད་གསལ་བ་ནི། །རྟོག་པ་མེད་ ཅིང་གནས་པ་མེད། །ཆོས་དབྱིངས་འགྲོ་བ་ཞེས་ཤད་དོ། །ཞེས་སོགས་རྒྱས་པར་ངེས་དོན་ གནས་ལུགས་ཆེས་ཤིན་ཏུ་ནས་ཀྱང་གསང་བའི་དེ་ཉིད་དགོངས་པ་མཐར་ཐུག་པ་ལུང་སྟོན་ པའི་ཚུལ་དུ་གསུངས་པའི་ཕྱིར། དེ་འདྲའི་སྔགས་ཀྱི་གཞི་རྒྱུད་ངེས་གསང་གི་དེ་ཉིད་མཐར་ ཐུག་པ་དེ་དོན་དམ་པའི་སྟོང་ཉིད་རང་རིག་ཡེ་ཤེས་ཆེན་པོ་འོད་གསལ་བསམ་མི་ཁྱབ་པའི་ སེམས་སངས་རྒྱས་ཀྱི་ཡེ་ཤེས་ཉིད་དུ་ངེས་པར་བླ་མེད་ཀྱི་རྒྱུད་སྡེ་དུ་མས་ཞལ་མཐུན་པར་རྡོ་ རྗེའི་ཚིག་འགྱུར་བ་མི་མངའ་བས་ཡང་ཡང་གསུངས་པ་ཡང་འདི་ལྟ་སྟེ། རྒྱུད་རྡོར་ཕྲེང་དུ། སྟོང་པ་ཉིད་དང་རང་རིག་དང༌། ཐམས་ཅད་བདག་ཉིད་རྟག་བཞུགས་པ། །རྣལ་འབྱོར་ གཅིག་པས་རྟོགས་པ་སྟེ། །རྟོག་གེ་བ་ཡི་སྤྱོད་ཡུལ་མིན། །ཞེས་སྟོང་པ་ཉིད་རང་རིག་ཡེ་ཤེས་ གཅིག་གི་སྒོ་ནས་གདོད་ནས་སེམས་ཅན་ཐམས་ཅད་ལ་རྟག་པར་བཞུགས་པའི་ངེས་གསང་ ཟབ་མོ་རྣལ་འབྱོར་མཆོག་གི་སྤྱོད་ཡུལ་ལས་རྟོག་གེ་བའི་སྤྱོད་ཡུལ་མིན་ཚུལ་གསུངས་པ་ དང༌། རྡོ་རྗེ་གདན་བཞིའི་རྒྱུད་ལས། སྙིང་པོ་མེད་པའི་སྙིང་པོ་རྣམས། །བདུད་རྩི་ཆུ་ཤིང་སྙེ་ མ་བཞིན། །དབུས་སུ་གནས་པའི་ཡེ་ཤེས་ནི། །ཡེ་ཤེས་གཟུགས་ནི་གཟུགས་མེད་དོ། །ཞེས་ 2-1-213 སྙིང་པོ་མེད་པ་འཁོར་བའི་ཆོས་གློ་བུར་བའི་སྦུབས་སུ་ཆོས་དབྱིངས་གཞན་མཆོག་སྔགས་ གཞི་འོད་གསལ་བདེ་གཤེགས་སྙིང་པོ་བདུད་རྩི་དང་ཆུ་ཤིང་གི་སྙེ་མ་རང་རང་འདུག་སྦུབས་ སུ་གནས་པ་བཞིན་སེམས་ཅན་དག་གི་ཡིད་ཀྱི་དབུས་སུ་གནས་ལ་དེ་ཡང་ཡེ་ཤེས་ཆེན་པོའི་ ངོ་བོ་དོན་དམ་པའི་རྣམ་པ་ཀུན་གྱི་རང་གཟུགས་ཆེས་ཤིན་ཏུ་ཕྲ་ཞིང་དྭངས་གསལ་མི་འགྱུར་ བདེ་ཆེན་རྣམ་ཀུན་མཆོག་ལྡན་གྱི་རང་བཞིན་ལ་ཀུན་རྫོབ་པའི་གཟུགས་དག་གིས་གདོད་ ནས་སྟོང་པའི་གཞན་སྟོང་དུ་གསུངས་པ་དང༌། བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས་ ཀྱང༌། བསམ་གྱིས་མི་ཁྱབ་སེམས་དེ་ཡང༌། །བསམ་པ་ཀུན་གྱི་བརྗོད་ལས་འདས། །སྣ་ ཚོགས་རྟོག་པས་རྟོག་པ་མེད། །ཆགས་མེད་བདེ་བ་ཆེན་པོ་སྟེ། །ཞེས་རང་བཞིན་གྱིས་འོད་ གསལ་བའི་བསམ་མི་ཁྱབ་བའི་དག་ཆེན་མཆོག་གི་ངོ་བོའི་ཤིན་ཏུ་དྭངས་པའི་སེམས་དེ་སྒྲ་ རྟོག་གིས་བརྗོད་འཛིན་ལས་འདས་པས་ཞེན་རྟོག་དང་ཟག་བཅས་ཀྱི་ཆགས་པ་གང་གིས་ གོས་པ་མེད་པའི་མི་འགྱུར་བའི་བདེ་བ་ཆེན་པོ་ཉིད་དུ་གསུངས་པ་དང༌། མངོན་བརྗོད་བླ་ མའི་བླ་མ་ལས་ཀྱང༌། དེ་ནི་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ ཉིད་ཐམས་ཅད་མཁྱེན་བྱེད་དེ། །ལུས་ཅན་ཀུན་ལ་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་བཤད། །ཅེས་སྲོག་ལྡན་སེམས་ཅན་མཐའ་དག་གི་ སེམས་ཀྱི་དྭངས་མའི་སྲོག་དེ་ཉིད་མི་འགྱུར་དམ་པ་དོན་དམ་པའི་རྣམ་པ་ཐམས་ཅད་མཁྱེན་ པའི་རང་བྱུང་ཡེ་ཤེས་དེ་ལུས་ཅན་ཀུན་གྱི་སྙིང་ནང་དུ་གནས་པའི་སངས་རྒྱས་ཀྱི་ཡེ་ཤེས་ དངོས་གནས་ཧེ་རུ་ཀ་དཔལ་ཆེན་པོ་ཉིད་དུ་སྔགས་རྒྱུད་སྟོན་པ་མཆོག་གིས་བཀའ་བསྩལ་བ་ སོགས་བླ་མེད་སྦས་རྒྱུད་དུ་མར་ཞལ་མཐུན་གཞན་ཡང་ཆེས་མང་བའི་ཕྱིར། འདི་དག་ལ་ རྒྱུད་སྡེ་དེ་དག་ལས་སེམས་ཅན་ཀུན་གྱི་ལུས་ནང་དུ་ཡེ་ཤེས་དང་དོན་དམ་པའི་ལྷ་ཡོད་པར་ གསུངས་པ་སྒྲས་ཟིན་ཇི་བཞིན་མིན་ལས་ཆེ་སྙམ་དུ་ཡང་བསམ་པར་མི་བྱ་སྟེ། དཔེར་ན་ཀྱཻའི་ 2-1-214 རྡོར་བསྡུས་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་གསུངས་པའི་ དགོངས་འགྲེལ་འཕགས་པ་རྡོརྗེ་སྙིང་པོས་མཛད་པ་ན་རྩ་བའི་རྒྱུད་ཀྱི་སྒྲས་ཟིན་ཡེ་ཤེས་ ཞེས་པ་དེ་ཡེ་ཤེས་དངོས་གནས་སྒྲ་ཇི་བཞིན་པ་ཉིད་དུ་འགྲེལ་བར་མཛད་པ་མ་ཟད་ཡེ་ཤེས་ དེ་ཉིད་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུ་ཀུན་ཁྱབ་ཆོས་སྐུ་དངོས་ཡིན་པའི་ཚུལ་དུ་ དགོངས་འགྲེལ་ཆེས་གསལ་བར་མཛད་པ་ཡིན་ཏེ། དེའི་ཐད་ཀྱི་རྡོ་རྗེ་སྙིང་འགྲེལ་ལས། ཨེ་ ཝཾ་གི་ཡི་གེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནི་ལུས་ལ་གནས་ཏེ་ལྟེ་བར་གནས་པའོ། །དེ་ལྟར་ན་ལུས་གནས་ཡེ་ཤེས་ཆེན་པོ་ནི། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པར་གྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དང༌། ལུས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་རྟོག་པ་དང་བྲལ་བའི་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡེ་ཤེས་རྟོག་པའི་དྲ་བ་དང་བྲལ་ཞེས་པ་ངེས་པའོ། །དེ་ཉིད་རྡོ་རྗེ་ སེམས་དཔའ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱེད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ། །དངོས་པོ་ ཀུན་ལ་ཁྱབ་པ་པོ། །ཞེས་པ་ཕུང་པོ་དྲུག་རྣམས་དང༌། ཁམས་དྲུག་རྣམས་དང༌། དབང་པོ་ དྲུག་རྣམས་དང༌། ཡུལ་དྲུག་རྣམས་དང༌། ལས་ཀྱི་དབང་པོ་དྲུག་རྣམས་དང༌། ལས་ཀྱི་དབང་ པོའི་བྱ་བ་དྲུག་རྣམས་ཏེ་དངོས་པོ་འདི་རྣམས་ལ་ཁྱབ་པ་པོ་ཡེ་ཤེས་ཀྱི་སྐུའོ། །ལུས་ལ་གནས་ ཀྱང་ལུས་སྐྱེས་མིན། །ཞེས་པ་སྐྱེ་བ་དང་འཇིག་པའི་དངོས་པོ་མེད་པའིཕྱིར། ཞེས་པས་ འགྲེལ་ཚུལ་མཛད་པ་ཉིད་ཀྱིས་ཀྱང་ཇི་བཞིན་ཤེས་ནུས་ཤིང་གཞན་ཡང་སེམས་འགྲེལ་ གཞན་གཉིས་སོགས་དགོངས་འགྲེལ་ཁྱད་འཕགས་དག་གིས་སྔགས་རྒྱུད་ཀྱི་དགོངས་པའི་ ཟབ་གསང་གི་ངེས་དོན་གནས་ལུགས་ཀྱི་ཚུལ་དེ་ལྟར་དུ་ཆེས་གསལ་བར་བཀྲལ་བ་ཕལ་ཆེ་ བ་ཉིད་ཀྱི་ཕྱིར། རྒྱུད་སྡེ་དེ་དག་གིས་དེ་ལྟར་བསྟན་པར་བྱས་པའི་དོན་དམ་པའི་སྔགས་གཞི་ དེ་ཉིད་ཀྱི་ཚུལ་ཡང་ཀུན་རྫོབ་པའི་རྒྱུ་འབྲས་འགག་པས་དོན་དམ་པའི་རྒྱལ་བའི་ཆོས་སྐུ་ 2-1-215 གཞན་མཆོག་དག་ཆེན་གྱི་ངོ་བོ་སྐུ་གསུང་ཐུགས་མི་འགྱུར་བདེ་བ་ཕུང་ཁམས་ཡུལ་དབང་ ལས་དང་བྱ་བ་དང་བཅས་པ་ཀུན་རྫོབ་རྣམ་ཤེས་ཀྱི་སྣང་ཆའི་སྤྲོས་པ་ཀུན་དང་རྣམ་པར་ བྲལ་བའི་དོན་དམ་གནས་ལུགས་ཀྱི་གཞན་མཆོག་དག་པ་ཆ་ཕྱོགས་རེ་བའི་མཚན་མ་མེད་ པ་ཀུན་ནས་ཕྱག་ཞབས་སྤྱན་ཞལ་དབུ་སྙན་སོགས་རྣམ་པ་ཐམས་ཅད་པ་ཉིད་ཀྱི་ཆ་ཀུན་ནས་ རྫོགས་པ་འབའ་ཞིག་པའི་བདག་ཉིད་ཆ་མེད་གཅིག་པུ་མཚན་མའི་སྤྲོས་པ་ཀུན་བྲལ་གྱི་ ཀུན་ཁྱབ་གཙང་བདག་བདེ་དང་རྟག་པའི་ཆོས་སྐུ་དང་དོན་གཅིག་པ་ཅན་དུ་ཡང་སྔགས་རྒྱུད་ ཀྱི་མངའ་བདག་རྒྱལ་བ་རྡོ་རྗེ་འཆང་གིས་ཟབ་དགོངས་མཐར་ཐུག་པའི་ཚུལ་དུ་ངེས་པར་ བཀའ་བསྩལ་པ་ཡིན་ཏེ། རྩ་རྒྱུད་འབུམ་ཕྲག་ལྔ་པ་ལས། རྒྱུ་དང་འབྲས་བུ་འགག་པ་ཡིས། །རྒྱལ་བའི་དབང་པོའི་སྐུ་གཞན་ཡིན། །སྐུ་གསུང་ཐུགས་དང་བདེ་བ་གཞན། །ཕུང་པོའི་ ཚོགས་ནི་གཞན་ཡིན་ཏེ། །ས་ཡི་ཁམས་ལ་སོགས་པ་གཞན། །ཡུལ་དང་དབང་པོ་རྣམ་པར་ གཞན། །དེ་བཞིན་ལས་ཀྱི་དབང་པོ་དང༌། །ལས་ཀྱི་དབང་པོ་བྱ་བ་གཞན། །ཀུན་ནས་ཕྱག་ དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་ཞལ་དང་དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་ དང༌། །ཐམས་ཅད་དུ་ནི་ཁྱད་པར་བཞུགས། །ཞེས་སོགས་ཀྱིས་ངེས་པ་དོན་གྱི་གཤིས་ལུགས་ སྔགས་གཞིའི་སྡོད་ལུགས་ཇི་བཞིན་པ་ཤིན་ཏུ་གསང་བའི་གནས་རྡོ་རྗེའི་ཚིག་གིས་མ་སྦས་ པར་གསལ་བསྟན་བྱས་པའི་ཕྱིར། དེ་ལུགས་ལྟར་གྱི་གཉུག་མ་སྔགས་ཀྱི་ཡེ་གཞི་དོན་དམ་ པའི་དེ་ཁོ་ན་ཉིད་ཀྱི་ཚུལ་ཟབ་མོ་ཤ་སྟག་ངེས་པར་སྟོན་པའི་བླ་མེད་རྒྱུད་སྡེ་ཀུན་གྱི་རྩེར་གྱུར་ སྒྱུ་འཕྲུལ་དྲྭ་བའི་རྩ་རྒྱུད་རྒྱས་པ་ཤོ་ལོ་ཀ་ཁྲི་དྲུག་སྟོང་པ་ལས་ཏིང་ངེ་འཛིན་དྲྭ་བའི་ལེའུ་ཁོལ་ དུ་བྱུང་བ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས་ཀྱང༌། ཟབ་ མོའི་སྔགས་གཞིའི་དེ་ཉིད་རྒྱས་པར་སྟོན་པའི་སྐབས་ཀྱི། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་དང༌། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཞེས་དང༌། རྣམ་ 2-1-216 པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་པ་ལ་སོགས་པའི་རྒྱུད་ཚིག་ཡོངས་རྫོགས་ཀྱིས་སྔགས་ ཀྱི་གཞི་རྒྱུད་དོན་དམ་པའི་སངས་རྒྱས་ཐོག་མཐའ་མེད་པའི་རང་བཞིན་དང་པོའི་སངས་རྒྱས་ རྒྱུ་རྐྱེན་གང་ལས་མ་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་ཡེ་གདོད་མ་ནས་རང་བྱུང་དུ་ཡོད་པ་རྣམ་པར་ རྟོག་པའི་མཚན་མའི་སྤྲོས་པ་ཀུན་དང་བྲལ་བར་དོན་དམ་པའི་ཡོན་ཏན་མཐའ་དག་རང་ ཆས་སུ་ལྷུན་གྱིས་གྲུབ་པ་དེ་སྡུག་གུ་འཇིག་རྟེན་གསུམ་ན་མཛེས་པའི་དོན་དམ་གཟུགས་ བརྙན་མ་ལུས་པ་འཆང་བ་དེ་ཡང་སྤྲོས་མེད་ཀྱི་རྣམ་པ་ཀུན་དང་ལྡན་ཡང་སྤྲོས་བཅས་ཀྱི་རྣམ་ པ་གང་ཡང་མེད་པ་བཞིན་ཀུན་རྫོབ་ཀྱི་སྲིད་པ་གཤིས་ནས་དྭངས་ཀྱང་དོན་དམ་པའི་སྲིད་ གསུམ་དྭངས་མའི་ངོ་བོར་གནས་ཤིང་ཆ་དང་བཅས་པའི་ཕྱོགས་རེ་བའི་ཀུན་རྫོབ་མཚན་ མའི་གཟུགས་ཀྱི་རྣམ་པ་མེད་ཀྱང་རྣམ་པ་ཀུན་ནས་ཆ་མེད་གཅིག་ལ་རྣམ་པ་ཀུན་ཡོངས་ རྫོགས་ཀྱི་རྣམ་པ་རེ་རེ་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པས་ཀུན་ནས་རྣམ་པ་ཐམས་ཅད་ པ་བསམ་གྱིས་མི་ཁྱབ་པ་སྒྲ་རྟོག་གི་ཡུལ་ལས་ངེས་པར་འདས་པ་འཇིག་རྟེན་གསུམ་ན་དོན་ དམ་པའི་ཡེ་ཤེས་མཆོག་གི་སྐུ་གཞོན་ལུས་གཅིག་པུ་ཉིད་དུ་གཞིར་བྱས་པའི་སྔགས་གཞིའི་ དེ་ཁོ་ན་ཉིད་རྣམ་ཀུན་པ་ནི་དོན་དམ་པའི་རྒྱལ་བ་རིགས་དྲུག་དང་དོན་དམ་སྒྱུ་འཕྲུལ་དྲྭ་བས་ མངོན་བྱང་ཆུབ་པ་དང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་དོན་དམ་མཆོག་གི་ཆོས་ དབྱིངས་མེ་ལོང་སོར་རྟོག་མཉམ་ཉིད་བྱ་གྲུབ་ཀྱི་ཡེ་ཤེས་རང་བྱུང་དུ་ཡོད་པ་ལྔའི་བདག་ཉིད་ དུ་ཡེ་ནས་བཞུགས་པ་ཡིན་པས་ངེས་པ་དོན་གྱི་གནས་ལུགས་དོན་དམ་པ་ཉག་གཅིག་དེ་ ལུགས་ལྟར་ཡོངས་སུ་རྫོགས་པ་ཉིད་ཇི་ལྟ་བ་བཞིན་དུ་ངེས་གསང་ཟབ་མོའི་ཚུལ་དུ་ལེགས་ པར་བསྟན་པ་ཡིན་ཏེ། ཟབ་མོའི་ངེས་དོན་གྱི་རྒྱུད་འདིའི་དགོངས་དོན་ཇི་བཞིན་མཁྱེན་པ་ འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གིས་རྒྱུད་འདིའི་དགོངས་པའི་ཟབ་དོན་ མཁྱེན་པའི་རྡོ་རྗེའི་མངོན་ཤེས་ཀྱིས་དགོངས་དོན་ཇི་བཞིན་འབྱེད་པའི་ཚུལ་ཡང་ཐོག་མར་ 2-1-217 རྒྱུད་འདིའི་བསྟན་བྱ་སྤྱིར་ངོས་བཟུང་བ་ན། སྐད་ཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་ རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་སོ་ཞེས་པས་དོན་དམ་གནས་ལུགས་ཀྱི་དེ་ཁོ་ན་ ཉིད་འབའ་ཞིག་གིས་གཞི་བཟུང༌། དེ་ཡང་ཀུན་རྫོབ་ཀྱི་གཞི་མ་ཡིན་པར་སྔགས་ཀྱི་ཚུལ་ ཐམས་ཅད་ཀྱི་ངེས་པ་དོན་གྱི་གནས་ལུགས་ཀྱི་གཞི་དོན་དམ་པ་ཉག་གཅིག་གི་ཚུལ་ཡིན་ པར་གོ་བའི་ཆེད། དེས་ན་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ཡང་དག་པར་ བརྗོད་པར་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་སྔགས་ཀྱི་ཐེག་པ་ཡང་དག་པར་བསྟན་ ཏོ། །ཞེས་དང༌། དེ་ཁོ་ན་ཉིད་མཆོག་གི་དང་པོའི་སངས་རྒྱས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ དང་མི་གཉིས་པར་གོ་བའི་ཆེད། དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་ པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་ མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །ཞེས་སོགས་དང༌། ཁྱད་པར་ མཚན་ཡང་དག་པར་བརྗོད་པའི་སྔགས་རྒྱུད་དེའི་བསྟན་བྱ་ཁྱད་པར་བ་མི་འགྱུར་བདེ་བ་ དོན་དམ་པའི་ངོ་བོ་དམིགས་ཀྱིས་བསལ་བ། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ ལས། བཅོམ་ལྡན་འདས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་སྙིང་པོར་གྱུར་པ་ནི་གསོལ་བ་འདེབས་པ་དང་བཅས་པའི་ཚིགས་སུ་བཅད་ པ་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་རབ་ཏུ་བསྟན་ཏོ། །ཞེས་ངེས་དོན་སྙིང་ པོའི་གནས་ལུགས་དོན་དམ་པ་རྒྱུད་འདིའི་བསྟན་བྱར་ངེས་པར་བྱས་ནས་རྒྱུད་དོན་ཟབ་མོ་ ཇི་བཞིན་ལེགས་པར་སྟོན་བྱེད་སོ་སོར་མཐར་ཆགས་སུ་ངོས་བཟུང་ཙམ་གྱི་མཐར་རྒྱུད་དོན་ གྱི་སྙིང་པོ་མདོར་བསྡུས་ཏེ་བརྗོད་པ་ཐེག་པ་ཐམས་ཅད་ཀྱི་སྙིང་པོ་ཀུན་བཟང་མཆོག་མི་ འགྱུར་གྱི་བདེ་ཆེན་ནམ་མཁའ་ལྟར་ཁྱབ་པ་རང་བཞིན་རྣམ་པ་ཐམས་ཅད་པའི་འོད་གསལ་ ཐོག་མཐའ་མེད་པས་རང་བྱུང་གདོད་ནས་བཞུགས་པ་དོན་དམ་པའི་ཀུན་ནས་མཁྱེན་པ་ཆེན་ 2-1-218 པོ་སྤྲོས་ཚོགས་ཀྱིས་མ་གོས་ཤིང་ངོ་བོ་ངང་གིས་འཇུག་པའི་ཏིང་ངེ་འཛིན་དང་གཟུངས་སྣ་ ཚོགས་པའི་རྟེན་གྱུར་ནོར་བུ་སོགས་བཞིན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་བྱེད་ ཀྱི་ཡིན་ལུགས་ཇི་བཞིན་འཕགས་པ་མཆོག་གི་སོ་སོར་རང་རིག་ཡེ་ཤེས་ལས་གཞན་གང་གི་ སྤྱོད་ཡུལ་དུ་མ་གྱུར་པ་སེམས་ཅན་མཐའ་ཀླས་པ་མཆོག་ཏུ་ཞི་བར་བྱེད་པ་སྲིད་གསུམ་གྱིས་ མཆོད་བྱ་གཅིག་པུ་དོན་དམ་གནས་ལུགས་ཀྱི་བདེ་ཆེན་ཉིད་དུ་རྣལ་འབྱོར་བ་དག་གིས་ཤེས་ ནས་དོར་བར་བྱ་མི་འོས་ཚུལ་ཡང༌། ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པ་འདི་རྣམས་ ཀྱིས་ཐེག་པ་ཐམས་ཅད་ལས་ཕྱུངས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ་ཀུན་ཏུ་ བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཀུན་ ནས་སྣང་བར་བྱེད་པ། རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་བསགས་པ་ཟབ་ཅིང་རྒྱ་ཆེ་བའི་ གཟུགས་འཆང་བ་རང་བཞིན་གྱིས་འོད་གསལ་བ་ཐོག་མ་དང་ཐ་མ་མེད་པ་བདག་དང་ བདག་གི་བའི་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ་ དུས་ཐམས་ཅད་པ་ཀུན་ནས་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མཁྱེན་ པ་འཁོར་བའི་བག་ཆགས་ལས་རྣམ་པར་གྲོལ་བ་འགྲོ་བ་དང་འོང་བ་དང་བྲལ་བ་སྤྲོས་པ་ མེད་པའི་ངོ་བོར་རང་གི་ངང་གིས་འཇུག་ཅིང་འཕེལ་བའི་ཏིང་ངེ་འཛིན་དང༌། གཟུངས་སྣ་ ཚོགས་པ་རྣམས་ཀྱི་རྟེན་བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་ བུ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཐུབ་པ་ ཆེན་པོ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་མཆོག་ཏུ་ཞི་བར་ མཛད་པ་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་གཟུགས་བརྙན་ལྟ་བུ་སྟེ་སྲིད་པ་གསུམ་གྱིས་མཆོད་པར་བྱ་ བ་རྣལ་འབྱོར་བའི་ཡེ་ཤེས་རང་རིག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་འདི་ཉིད་ནི་རྣལ་ འབྱོར་པས་དོར་བར་མི་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་པ་ལ་སོགས་ 2-1-219 པའི་འགྲེལ་ཆེན་གྱིས་བཀྲལ་ཚུལ་གུང་བསྒྲིགས་ན་རྒྱུད་འདིའི་བསྟན་བྱ་གནས་ལུགས་དོན་ དམ་ཉག་གཅིག་ཏུ་ཇི་བཞིན་ངེས་ནུས་པའི་ཕྱིར། ཇི་སྐད་བསྟན་པའི་སྔགས་གཞི་དང་པོའི་ སངས་རྒྱས་དེ་སེམས་ཅན་གྱི་སྐབས་ལམ་ལ་སློབ་ཚེ་མངོན་དུ་འགྱུར་བྱའི་ཚུལ་བླ་མ་རྡོ་རྗེ་ སློབ་དཔོན་གྱི་ཞལ་གྱི་གདམས་པ་ལ་བརྟེན་ནས་དོན་དམ་པའི་ཐར་བ་མཆོག་གི་སླད་དུ་ སློབ་མ་རྣམས་ཀྱིས་བཙལ་དགོས་ཤིང༌། དེ་ཡང་རྣལ་འབྱོར་པ་རང་རང་གི་ལུས་ནང་སེམས་ ཀྱི་ཆོས་ཉིད་དོན་དམ་རང་བྱུང་གི་སངས་རྒྱས་ལས་ལོགས་ཀྱི་ཐར་བ་སྟེར་བྱེད་ཀྱི་སངས་ རྒྱས་གཞན་གང་ཡང་མེད་ཅིང༌། སྤྱིར་ན་སེམས་ཅན་རྣམས་ལ་བཞུགས་པའི་རང་བཞིན་འོད་ གསལ་གྱི་སེམས་ཆེན་པོ་དེ་དོན་དམ་སངས་རྒྱས་དངོས་ཡིན་པ་དེ་ལས་སངས་རྒྱས་ཆེན་པོ་ གཞན་འཇིག་རྟེན་ཁམས་ན་མེད་པས་དེ་འདྲའི་སངས་རྒྱས་མངོན་བྱེད་ཐབས་ཀྱིས་མཉེས་ པར་བྱས་ནས་སྲིད་རྩ་གཅོད་བྱེད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གོམས་པར་བྱ་དགོས་ ཚུལ་བཅས་སྦས་རྒྱུད་ཀུན་ལས་ཁྱད་པར་དུ་འཕགས་པ་དཔལ་ལྡན་བསྡུས་པའི་རྒྱུད་ཀྱི་རྒྱལ་ པོ་ལས་ཇི་སྐད་གསུངས་པ་སྟེ། དེ་ཉིད་ལས། དེའི་ཕྱིར་བླ་མའི་ཞབས་ལ་གནས་པའི་རྣལ་ འབྱོར་པ་རྣམས་ཀྱིས་ནི་ཐར་བའི་སླད་དུ་བཙལ་བར་བྱ། །ལུས་ལས་མ་གཏོགས་གང་ཞིག་ ཁྱབ་བྱེད་ཐར་བ་སྟེར་བའི་སངས་རྒྱས་གཞན་ན་འགའ་ཡང་ཡོད་མ་ཡིན། །སེམས་ཅན་ རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ ཡིན། །དེ་རྣམས་མཉེས་པར་བྱས་ནས་དཔག་མེད་སྲིད་པར་གཅོད་པར་བྱེད་དེ་རྣམ་པར་མི་ རྟོག་པ་ལས་སོ། །ཞེས་སོགས་སྔ་ཕྱི་དུ་མར་ཞིབ་རྒྱས་སུ་ཡེ་བཞུགས་སྔགས་གཞི་ཟབ་མོ་ སྟོན་བྱེད་ཡང་ཡང་བྱུང་བའི་ཕྱིར། གཞན་ཡང་རྒྱུད་དེར་ཀུན་རྫོབ་རྣམ་ཤེས་ཀྱིས་བསྡུས་པ་ དག་ལས་རྣམ་པར་འདས་པའི་གཞན་མཆོག་དོན་དམ་དབྱིངས་ཀྱི་སངས་རྒྱས་གཤེགས་པ་ རྡོར་སེམས་རྣམ་སྣང༌། རིན་འབྱུང༌། སྣང་མཐའ། དོན་གྲུབ་སྟེ་རྒྱལ་བ་ཡབ་ལྔ་དང༌། གཞན་ 2-1-220 མཆོག་དོན་དམ་དབྱིངས་ཀྱི་གཤེགས་མ་སྣ་ཚོགས་ཡུམ། སྤྱན་མ། མཱ་མ་ཀཱི།གོས་དཀར་མོ། སྒྲོལ་མ་སྟེ་རིགས་ཀྱི་ཡུམ་ལྔའི་ངོ་བོ་དོན་དམ་པའི་དེ་བཞིན་གཤེགས་པ་དང་གཤེགས་མ་ གདོད་ནས་ཆོས་ཉིད་དུ་བཞུགས་ཚུལ། རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་དུས་མཐའི་སྤྲིན་ དང་མཚུངས་པ་ཧེ་རུ་ཀར་ནི་བྱུང་བར་འགྱུར། །ཞེས་སོགས་ཀྱི་དགོངས་དོན། འཇིག་རྟེན་ དབང་ཕྱུག་གི་དུས་འཁོར་འགྲེལ་ཆེན་ལས། སྔར་གསུངས་པའི་རྡོ་རྗེ་སེམས་དཔའ་དེ་ཉིད་ གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ནག་པོའི་ཧེ་རུ་ཀར་ནི་བྱུང་བར་གྱུར་ པའང༌། འཕོ་བ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པར་ཤེས་པ་གཞན་དེ་ནི་ཧེ་རུ་ཀ་སྟེ། ཞེས་ རྣམ་ཤེས་ཀུན་རྫོབ་པ་དག་པའི་གཞི་གཞན་མཆོག་དོན་དམ་དབྱིངས་ཀྱི་ཧེ་རུ་ཀར་གསུངས་ པ་སོགས་རྒྱུད་རྩ་འགྲེལ་གཉིས་ཀ་ནས་དོན་དམ་གཞན་མཆོག་གི་རྒྱལ་བ་ཡབ་ཡུམ་གདོད་ མ་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པ་ཞིབ་རྒྱས་སུ་གསུངས་ཤིང་ཁྱད་པར་འགྲེལ་ཆེན་ལས། འདིར་ཀུན་རྫོབ་ཀྱི་ཆོས་འགགས་པར་གྱུར་པ་ན་གཞན་འདུ་བྱེད་ལ་སོགས་པ་དེ་དག་རྣམས་ སོ། །ཞེས་ཀུན་རྫོབ་ཀྱི་ཕུང་པོ་དང་ཁམས་ལྔ་དག་པའི་གཞི་དོན་དམ་པའི་གཞན་མཆོག་གི་ དེ་བཞིན་གཤེགས་པ་ཡབ་ཡུམ་ལྔ་ལྔར་གསུངས་སོ། །ཚུལ་དེ་དག་དང་མཐུན་པར་ཀུན་རྫོབ་ ཀྱི་རྣམ་ཤེས་དབང་ཡུལ་སོགས་འགགས་པས་དོན་དམ་གཞན་མཆོག་གི་ཤེས་པ་ཡུལ་དབང་ སོགས་མངོན་དུ་གྱུར་ཚུལ། རྡོ་རྗེ་སྙིང་པོའི་དགྱེས་རྡོར་གྱི་འགྲེལ་ཆེན་ལས་ཀྱང༌། དངོས་ པོའི་འཆིང་བ་དེས་རྣམ་པར་ཤེས་པ་དང་མིག་ལ་སོགས་པ་བཅིངས་པའོ། །དེ་ཡོངས་སུ་ཤེས་ པས་གྲོལ་བར་གྱུར་པ་ནི་ཡུལ་དང་དབང་པོ་རྣམས་འགགས་པ་ནི་ཡོངས་སུ་ཤེས་པ་ཞེས་ བྱའོ། །དེ་བས་ན་དངོས་པོ་ཉིད་ཀྱིས་གྲོལ་བར་འགྱུར་བ་ནི་མིག་ལ་སོགས་པ་རྣམས་ཀྱིས་ འདས་པ་དང་མ་འོངས་པའི་ཡུལ་རྣམས་ཀྱི་རང་བཞིན་མཐོང་བས་རྣམ་པར་ཤེས་པ་དྲུག་ དག་གྲོལ་བར་འགྱུར་རོ། །རྣམ་པར་ཤེས་པ་དེ་ནི་གཞན་ཡིན་ནོ། །ཞེས་བཅོམ་ལྡན་འདས་ 2-1-221 ཀྱིས་བཀའ་བསྩལ་པའོ། །ཞེས་པ་ལ་སོགས་པ་ཞིབ་པར་གསུངས་པའོ། །གཞན་ཡང་སྤྱན་ རས་གཟིགས་དབང་ཕྱུག་གི་འགྲེལ་ཆེན་ལས། སྔགས་ཀྱི་གཞིརྒྱུད་དག་པ་དེ་ཀུན་རྫོབ་ ཆགས་རྟོག་གི་དྲི་མས་སྟོང་གཞི་རང་བཞིན་དོན་དམ་པའི་ངོ་བོ་ཉིད་སྐུ་དང༌། ཀུན་རྫོབ་ གཉིད་འཐུག་གི་དྲི་མས་སྟོང་གཞི་རང་བཞིན་དོན་དམ་པའི་ཡེ་ཤེས་ཆོས་སྐུ་དང༌། ཀུན་རྫོབ་ རྨི་ལམ་གྱི་དྲིམས་སྟོང་གཞི་རང་བཞིན་དོན་དམ་པའི་ལོངས་སྤྱོད་རྫོགས་སྐུ་དང༌། ཀུན་རྫོབ་ སད་སྣང་གི་དྲི་མས་སྟོང་གཞི་རང་བཞིན་དོན་དམ་པའི་སྤྲུལ་པའི་སྐུ་ཉིད་དེ་དོན་དམ་རང་ བྱུང་གི་གཉུག་མ་ཆོས་ཉིད་ཀྱི་སྐུ་བཞིར་ཡང་གསུངས་པ་སྟེ། འགྲེལ་ཆེན་དེ་ཉིད་ལས། འདིར་ སེམས་ཀྱི་རྡོ་རྗེ་རྣམ་པ་བཞི་རྣམ་པར་དག་པ་ནི་སྐུ་བཞིའི་མཚན་ཉིད་དུ་འགྱུར་ཏེ། བཟོད་ པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བགོས་པ་བྷ་ག་དང་དབང་པོའི་བདག་ ཉིད་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ཐམས་ཅད་མཁྱེན་པ་ཞེས་ བྱའོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་དངོས་པོ་མེད་པའི་ སེམས་ནི་ཆོས་ཀྱི་སྐུ་སྟེ། ཡེ་ཤེས་སྐུ་ཞེས་བྱའོ། །སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ ལམ་གྱི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཉིན་མོར་བྱེད་ པའི་སྐུ་ཞེས་བྱའོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་ པོ་མེད་པའི་སེམས་ནི་སྤྲུལ་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་བྱའོ། །ཞེས་པ་ ལྟར་ཡིན་པའི་ཕྱིར་རོ། །དེ་ལྟར་གྱི་གཞི་རྒྱུད་དག་པ་དོན་དམ་པའི་སངས་རྒྱས་དེ་སེམས་ཅན་ ཐམས་ཅད་ལ་ཡོད་ཅིང༌། དེ་མེད་པའི་སེམས་ཅན་མི་སྲིད་པ་དང་སེམས་ལས་གཞན་པའི་ སངས་རྒྱས་མེད་ཚུལ་ཀྱཻའི་རྡོར་གྱི་རྒྱུད་ལས་ཀྱང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང༌། རང་ དང་རང་གི་རྟོག་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ 2-1-222 ནོ། །ཞེས་དང༌། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། སངས་རྒྱས་གཞན་དུ་བསྟན་དུ་ མེད། །ཅེས་སོགས་རྒྱས་པར་གསུངས་ཤིང་དེ་འདྲའི་གཞི་རྒྱུད་རང་བཞིན་གྱིས་རྣམ་པར་ དག་པའི་རིགས་དེ་ཉིད་རིགས་དྲུག་གི་བདག་ཉིད་གནས་ལུགས་དོན་དམ་གཞན་མཆོག་གི་ ལྷ་དངོས་གནས་སུ་རྡོ་རྗེ་སྙིང་པོའི་འགྲེལ་བར་ཡང་གསུངས་པ་སྟེ། དེ་ཉིད་ལས། དེ་ལྟར་ རིགས་དྲུག་གི་བདག་ཉིད་ཅན་གྱི་ཧེ་རུ་ཀ་དུས་ཀྱི་འཁོར་ལོ་སྟེ་དེ་ཁོ་ན་དང་པོའི་སངས་རྒྱས་ ཞེས་ཀྱང་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །འདིར་ཁ་ཅིགརྒྱུ་ཐེག་གི་སྐབས་ངེས་ དོན་གྱི་མདོ་སྡེ་ལས་གཤེགས་སྙིང་གི་མཚན་གྱིས་གཞི་དབྱིངས་དེ་ཁོ་ན་ཉིད་བསྟན་ལ། འབྲས་ཐེག་གི་སྐབས་སུ་དང་པོའི་སངས་རྒྱས་སོགས་ཀྱི་མཚན་གྱི་རྣམ་གྲངས་ཁྱད་པར་བ་ འགའ་ཞིག་ལས་གཤེགས་སྙིང་གི་མཚན་གྱིས་སྔགས་ཀྱི་གཞི་རྒྱུད་བསྟན་པ་ཡོད་དམ་མེད་ ཅེ་ན། དེ་ཡང་སྔགས་རྒྱུད་རྣམས་སུ་སྙིང་པོའི་མཚན་སྒྲས་གསུངས་པའང་མང་སྟེ། རྒྱུད་རྡོ་རྗེ་ རྩེ་མོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དག །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །ཉོན་ མོངས་འདམ་གྱིས་མ་གོས་པ། །རྡོ་རྗེ་པདྨའི་དབང་བསྐུར་ཡིན། །ཞེས་དེ་བཞིན་གཤེགས་ པའི་སྙིང་པོ་ཆོས་དབྱིངས་ཀྱི་ཚུལ་གྱིས་སེམས་ཅན་ཀུན་ལ་ཁྱད་མེད་དུ་བཞུགས་ཀྱང་སེམས་ ཅན་གྱི་ཉོན་མོངས་དྲི་མས་མ་གོས་པ་དོན་དམ་ཐབས་ཤེས་ཟུང་འཇུག་གི་རང་བཞིན་ཉིད་དུ་ གདོད་ནས་ཡོད་པར་གསུངས་པ་དང༌། དགོངས་པ་ལུང་སྟོན་པའི་རྒྱུད་དུ། སྙིང་པོ་ཞེས་ནི་ སངས་རྒྱས་ཀྱི། །ཆོས་ཉིད་དག་པ་འདི་ཡིན་ཞིང༌། །སྔགས་ཀྱི་སྤྱོད་དོན་སྤྱོད་རྣམས་ཀྱི། །བྱང་ ཆུབ་སྤྱོད་པའི་མཆོག་འདི་ཡིན། །ཞེས་སངས་རྒྱས་ཀྱི་སྙིང་པོ་ཆོས་ཉིད་དག་པའི་རང་བཞིན་ འདི་སྔགས་ཀྱི་སྤྱོད་པ་ཟབ་མོ་སྤྱོད་པ་དག་གི་བྱང་ཆུབ་སྤྱོད་པ་མཆོག་གི་དོན་ཡིན་པར་ གསུངས་པ་དང༌། དོན་དམ་པའི་མཚན་བརྗོད་དུའང༌། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་ དོན་དམ་ཡེ་ཤེས་ཀྱི་སྐུ་དེ་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གསུངས་པ་ 2-1-223 དང༌། བསྡུས་པའི་རྒྱུད་རྒྱལ་ལས་ཀྱང༌། སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་ འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། ཞེས་སེམས་ཀྱི་རང་བཞིན་དག་པའི་སྙིང་པོ་དེ་ མཐོང་བ་ལ་གེགས་བྱེད་ཀྱི་དྲི་མ་གློ་བུར་བ་དག་ན་སྙིང་པོ་ཅན་གྱི་མི་དེརྒྱལ་བའི་དབང་པོར་ འགྱུར་གྱི་དེ་ལས་གཞན་དུ་སངས་རྒྱས་ཐོབ་ཚུལ་མེད་པར་གསུངས་པ་དང༌། རྗེ་བཙུན་སྤྱན་ རས་གཟིགས་ཀྱི་འགྲེལ་ཆེན་ལས་ཀྱང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་གཅིག་ཏུ་འདྲེས་པར་ གྱུར་པའིརྣལ་འབྱོར་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་སྟེ། ཞེས་སྟོང་ཆེན་ཡིག་ལྔ་ གཅིག་གྱུར་ཨེ་ཡིག་རྣམ་ཀུན་མཆོག་ལྡན་གྱི་གཞི་དབྱིངས་དེ་བཞིན་ཉིད་ཀྱི་རྣལ་འབྱོར་དེ་ གཤེགས་སྙིང་དུ་གསུངས་པ་ལ་སོགས་པའིཕྱིར། དེ་ལྟ་བུའི་གཞི་རྒྱུད་དོན་དམ་བདེ་ གཤེགས་སྙིང་པོ་དེར་རང་བྱུང་གཉུག་མའི་སྐུ་བཞི་དང་གསུམ་གྱི་བདག་ཉིད་ཀུན་ལ་ཁྱབ་ པའི་ངེས་པ་དོན་གྱི་གནས་ལུགས་རྟོགས་དཀའི་གནས་ཟབ་མོ་ཉིད་དུ་ཕྱག་རྡོར་གྱི་འགྲེལ་ བར་གསུངས་པ་སྟེ། དེ་ཉིད་ལས། ཡེ་ཤེས་འདི་ནི་ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་ སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུ་གཅིག་ཏུ་ འདྲེས་པར་གྱུར་པ་འཇིག་རྟེན་གསུམ་མཐོ་རིས་དང་ས་སྟེང་དང་ས་འོག་རྣམས་སུ་ཆོས་ ཐམས་ཅད་ལ་ཡང་དག་པར་གནས་པ། བསོད་ནམས་དམན་པ་རྣམས་ཀྱིས་རྙེད་པར་དཀའ་ བའོ། །ཞེས་གསུངས་པའི་ཕྱིར་དང༌། གཞན་ཡང་ཕྱག་རྡོར་གྱི་བདེ་མཆོག་བསྟོད་འགྲེལ་ ལས། སྔགས་གཞི་ཟབ་མོའི་གནས་ལུགས་དེ་འདྲ་བ་ཡང་དོན་དམ་པའི་རྣམ་པ་ཀུན་དང་ ལྡན་ཡང་ཀུན་རྫོབ་པའི་རྣམ་པ་མེད་པའི་གཞི་འབྲས་དབྱེར་མེད་ཀྱི་རང་བཞིན་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་གསུངས་པ་ཡང༌། འབྲེལ་བ་དེ་ཉིད་ ལས། དེ་ལྟར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཞེས་པ་ལ་སོགས་པ་ལྟར་དང༌། 2-1-224 གཞི་རྒྱུད་དེ་ཕྱག་རྒྱ་ཆེན་པོ་རྣམ་ཀུན་མཆོག་གི་ཤེར་ཕྱིན་དེ་བཞིན་ཉིད་ཡིན་པ་གཞིར་བྱས་ པ་གང་དེ་དོན་དམ་པའི་རྡོ་རྗེ་རྣལ་འབྱོར་མ་རིགས་ལྡན་མ་དང་པདྨ་ཅན་དུ་རྒྱུད་ལས་བསྟན་ ཚུལ་སླར་ཡང་འགྲེལ་བ་དེ་ཉིད་ལས། དེ་ནི་རྡོ་རྗེ་རྣལ་འབྱོར་མ་རང་གི་སེམས་ཀྱི་སྣང་བ་ ཙམ་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྟོང་པ་ཉིད་དང་དེ་བཞིན་ཉིད་དང་རིགས་ལྡན་མ་དང་པདྨ་ཞེས་བརྗོད་པར་བྱའོ། །ཞེས་ སོགས་ས་བཅུའི་སེམས་དཔའ་ཆེན་པོ་དག་གིས་མཛད་པའི་སེམས་འགྲེལ་རྣམས་ལས་ངེས་ དོན་ཟབ་མོའི་སྒོ་ལེགས་པར་ཕྱེ་བའི་ཚུལ་ཆེས་མང་མོད་འདིར་རེ་ཞིག་དེ་ཙམ་དུ་བྱས་ལ། དེ་ ལྟར་གསང་ཆེན་བླ་མེད་ཐེག་པའི་སྔགས་ཀྱིརྒྱུད་སྡེ་རྣམས་དང་དེ་དག་གི་དགོངས་འགྲེལ་ ཁྱད་འཕགས་དང་བཅས་པས་ཇི་སྐད་བསྟན་པ་བཞིན་ཟབ་དགོངས་མངོན་དུ་གྱུར་པའི་ འཕགས་ཡུལ་གྱི་གྲུབ་དབང་མཐའ་དག་གི་སྤྱི་མེས་ཆེན་པོ་དཔལ་ལྡན་ས་ར་ཧས་ཀྱང༌། ངེས་ དོན་གསང་བ་ཟབ་མོའི་གནས་ལུགས་ཇི་བཞིན་པ་དེ་ནི་མཁས་པ་སྡེ་སྣོད་འཆད་པ་དག་ གིས་ཀྱང་རྟོགས་དཀའ་བ་གསང་ཆེན་ཐེག་པའི་སྔགས་ཀྱི་གཞི་རྒྱུད་གཞི་འབྲས་དབྱེར་མེད་ སེམས་ཅན་དག་གི་ལུས་ནང་ཡིད་ཀྱི་སྦུབས་སུའང་གཉུག་མ་རང་བྱུང་ལྷན་སྐྱེས་ཡེ་ཤེས་ཀྱི་ ཚུལ་དུ་ཡེ་ནས་བཞུགས་པའི་ཚུལ་ངེས་དོན་ཟབ་གསང་གི་གནད་ཇི་བཞིན་བླ་མའི་མན་ངག་ གིས་ལེགས་པར་ཁོང་དུ་ཆུད་ནས་རྟོགས་ནུས་ན་གནས་ལུགས་གདོད་མའི་སངས་རྒྱས་ཟུང་ འཇུག་མཐར་ཐུག་གི་གོ་འཕང་དེ་རིང་དུ་མི་བཞུགས་པས་སྐྱེས་བུ་གང་དག་གྲོལ་བའི་ཚེ་གོ་ འཕང་གཞན་ཐག་རིང་གང་དུ་འགྲོ་བ་མེད་པར་རང་རྒྱུད་ལ་གདོད་ནས་རང་ཆས་སུ་ཡོད་ པའི་གཉུག་མ་དོན་གྱི་ཟུང་འཇུག་གི་རང་ཞལ་མཇལ་བ་ཙམ་དུ་ཟད་པའི་ཚུལ་མཁས་རློམ་ རྟོག་གེ་ཕལ་བས་མ་རྟོགས་པའི་ཡིན་ལུགས་དང་བཅས་པས་གསང་ཆེན་བླ་མེད་ཀྱི་དགོངས་ ཟབ་ཇི་བཞིན་ལེགས་པར་བཀྲལ་བ་ཡང་འདི་ལྟ་སྟེ། ཉིད་ཀྱི་ཞལ་སྔ་ནས། མཁས་པ་བསྟན་ 2-1-225 བཅོས་འཆད་པ་ཐམས་ཅད་ཀྱིས། །ལུས་ནང་སངས་རྒྱས་ཡོད་པ་མ་རྟོགས་སོ། །དེ་ལྟར་ རྟོགས་ནའང་གང་དུ་འགྲོ་བ་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་སོགས་ གསུངས་པ་ཉིད་ཀྱི་ཕྱིར། ཚུལ་དེ་ལུགས་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་དགོངས་སུའང་ སྔགས་ལམ་ལ་སློབ་པ་གང་དག་སྙིང་ནང་དུ་གནས་པའི་གཞོམ་མེད་ཀྱི་བདེ་ཆེན་གློ་བུར་དྲི་ མའི་རྙོག་བྲལ་དོན་དམ་སངས་རྒྱས་བྱང་ཆུབ་ཀྱི་ངོ་བོ་དེ་བླ་མའི་མན་ངག་ལ་བརྟེན་ནས་སྐད་ ཅིག་དག་གིས་ཇི་བཞིན་མངོན་དུ་བྱེད་པའི་སྒོ་ནས་ཐོབ་པའི་ཚུལ་དེ་རང་ལུགས་སུ་ཆེས་ འཐད་ཅིང་གནས་ལུགས་མཐར་ཐུག་ཟབ་མོའི་ངེས་གསང་དུ་ལེགས་པར་མཛད་པ་ཡིན་ཏེ། རིམ་པ་བཞི་པ་ལས། ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་ པར་འགྱུར་ཞེས་སོགས་ཀྱིས་དོན་དམ་བདེ་ཆེན་ཡེ་བཞུགས་མཆོག་གི་སངས་རྒྱས་བྱང་ཆུབ་ ཏུ་གཏན་ལ་ཕབ་པའི་ཕྱིར། དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་པ་གང་གི་སྐབས་སུའང་བདེན་ གཉིས་ཀྱི་རྣམ་དབྱེ་འདི་ཞིབ་པར་ཤེས་ན་ཐུབ་པ་མཆོག་གི་བཀའི་དགོངས་པ་ལ་མི་རྨོངས་ པས་ལེགས་པར་ཇི་བཞིན་ཁྱད་འབྱེད་ནུས་ཤིང་མདོ་སྔགས་གང་གི་སྐབས་ལ་བདེན་གཉིས་ ཀྱི་ཁྱད་ཤེས་པ་གང་དག་ནི་མ་ལུས་པའི་ཚོགས་བསགས་སྟོབས་ཆེ་བ་ཅན་དུ་གྱུར་ཏེ་རིམ་ གྱིས་མཐར་ཐུག་གི་གོ་འཕང་ལ་འགྲོ་བ་ཉིད་དུ་ངེས་པ་སྟེ། ཇི་སྐད་དུ། བདེན་གཉིས་རྣམ་ དབྱེ་ཤེས་པ་དང༌། །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ཅན། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་ སོགས་བཤད་བྱ་མང་ཡང་མང་དོགས་ཀྱིས་མ་སྤྲོས་སོ། ། (༢) རིགས་པས་སྒྲུབ་ཚུལ། གཉིས་པ་ནི། དེ་ཡང་གཞིའི་ཡིན་ལུགས་ལ། ཆོས་ཅན། རང་བཞིན་དང་གློ་བུར་དྲི་མའི་ 2-1-226 ཁྱད་པར་ལས་མིང་གི་རྣམ་གྲངས་སོ་སོར་བགྲང་དུ་ཡོད་དེ། རང་ལུགས་ལ་རང་བཞིན་རྣམ་ དག་འོད་གསལ་བའི་མིང་གི་རྣམ་གྲངས་ནི། མི་རྟོག་པ། ཡེ་ཤེས། མྱང་འདས། དོན་དམ། ལྷན་སྐྱེས་ཡེ་ཤེས། འཇིག་རྟེན་འདས་པ། སྤྲོས་པའི་གཟུགས་མེད་པ། སངས་རྒྱས། འདུས་ མ་བྱས་པ། དུས་གསུམ་ལས་འདས་པ། ཕུང་པོ་དང་བྲལ་བ། རྟེན་འབྲེལ་ལས་འདས་པ། སྐྱེ་ འགག་ཀུན་བྲལ། འགྱུར་བ་མེད་པ། ཆོས་ཉིད། དབུ་མའི་ལམ། སྤང་དུ་མི་རུང་བ། གཞོམ་དུ་ མེད་པ། ཟག་མེད་བདེ་ཆེན། འགོག་པའི་བདེན་པ། སྙིང་པོ། མ་བཅོས་པ། སྒྲོ་མ་བཏགས་ པ། རྣམ་པར་སྦྱངས་པ། མཚན་མ་མེད་པ། སྤྲོས་པ་མེད་པ། རྣམ་པར་བྱང་བ། དབུགས་འགྱུ་ བ་དང་བྲལ་བ། བདག་ཏུ་འཛིན་པ་དང་བྲལ་བ། སྨོན་པ་མེད་པ། མངོན་པར་འདུ་བྱེད་དང་ བྲལ་བ་རྣམས་ཡིན་པ་གང་ཞིགགློ་བུར་དྲི་མ་འོད་གསལ་མ་ཡིན་པའི་མིང་གི་རྣམ་གྲངས་ ཀྱང་དེ་དག་ལས་བཟློག་པ་སྟེ་རིམ་པ་ལྟར་རྣམ་པར་རྟོག་པ། རྣམ་ཤེས། འཁོར་བ། ཀུན་ རྫོབ། མ་རིག་པ། འཇིག་རྟེན་པ། སྤྲོས་པའི་གཟུགས་བཅས། བདུད། འདུས་བྱས། དུས་ གསུམ་གྱིས་བསྡུས་པ། ཕུང་པོ་དང་བཅས་པ། རྟེན་ཅིང་འབྲེལ་འབྱུང༌། སྐད་ཅིག་གིས་སྐྱེས་ ཤིང་འགག་པ། འགྱུར་བའི་རང་བཞིན། ཆོས་ཅན། མཐར་ལྷུང་བ། སྤང་དུ་རུང་བ། གཞོམ་ དུ་ཡོད་པ། སྡུག་བསྔལ་ལས་མ་འདས་པ། སྡུག་ཀུན་གྱི་བདེན་པ། ཤུན་པ། བཅོས་མ། སྒྲོ་ བཏགས་པ། ཀུན་ནས་མ་དག་པ། མཚན་མ་དང་བཅས་པ། སྤྲོས་པ་དང་བཅས་པ། ཀུན་ ནས་ཉོན་མོངས་པ། དབུགས་འགྱུ་བ་དང་བཅས་པ། བདག་ཏུ་འཛིན་པ་དང་བཅས་པ། སྨོན་ པ་དང་བཅས། མངོན་པར་འདུ་བྱེད་པ་དང་བཅས་པ་རྣམས་ཡིན་པའི་ཕྱིར། དེ་དག་གི་སྒྲ་ བཤད་ནི་གོང་སྨོས་དག་གིས་ཤེས་ནུས་པས་འདིར་མང་བས་མ་བྲིས་ལ། དེ་ལས་རང་བཞིན་ འོད་གསལ་དང་དོན་དམ་བདེན་པ་དངོས་གཉིས་ཡིན་ཁྱབ་མཉམ་ཡིན་ཡང་འོད་གསལ་དེ་ ཉིད་རྣམ་གྲངས་པའི་དོན་དམ་ཙམ་དེ་ནི་ཡིན་མི་དགོས་ཏེ། རང་བཞིན་འོད་གསལ་ཡིན་ན་ 2-1-227 དོན་དམ་བདེན་པ་དངོས་ཡིན་པས་ཁྱབ་པ་དང་དོན་དམ་བདེན་པ་དངོས་གནས་ལ་རང་ བཞིན་འོད་གསལ་མ་ཡིན་པ་ཡང་མེད་པ་གང་ཞིགརང་བཞིན་འོད་གསལ་དོན་དམ་རྣམ་ ཀུན་པ་དེ་རང་སྟོང་ལུགས་ཀྱི་དགག་བྱ་བཀག་ཙམ་དུ་ཟད་པའི་སྟོང་རྐྱང་ཅང་མེད་ཅིག་ནི་ ཡིན་མི་རིགས་པའི་ཕྱིར། གློ་བུར་དྲི་མ་དང་ཀུན་རྫོབ་པ་ཡིན་ཁྱབ་མཉམ་མ་ཡིན་ཏེ། རང་ ལུགས་ལ་གློ་བུར་དྲི་མ་ལ་སྤང་བྱ་མ་ཡིན་པ་མེད་པ་གང་ཞིགཀུན་རྫོབ་ཀྱི་ཆར་གཏོགས་པའི་ ལམ་བདེན་གཞི་གྲུབ་པའིཕྱིར། དེས་ན་རང་བཞིན་འོད་གསལ་དེ་གོང་དུ་བཤད་པ་ལྟར་གྱི་ ཡེ་གཞི་རང་བྱུང་ཡེ་ཤེས་དོན་དམ་ཆོས་ཀྱི་སྐུ་ཉག་གཅིག་ཏུ་གྲུབ་བོ། །དེ་འདྲའི་རང་བཞིན་ འོད་གསལ་ཡེ་ཤེས་ཆོས་སྐུ་དེ་ཆོས་ཅན། གཞི་འབྲས་དབྱེར་མེད་ཀྱི་གནས་ལུགས་ཕྱག་རྒྱ་ ཆེན་པོ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་གཤིས་ཀྱི་དེ་ཉིད་མཐར་ཐུག་ཤེས་བྱ་ཀུན་གྱི་གནས་ ལུགས་སུ་རྒྱས་འདེབས་བྱེད་ཀྱི་ཡེ་གཞི་གཅིག་ཏུ་ངེས་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་ ལ་ཇི་བཞིན་མངོན་དུ་གྱུར་ཀྱང་སེམས་ཅན་ལ་མངོན་དུ་མ་གྱུར་པའི་ཀུན་རྫོབ་ཆོས་ཅན་གྱི་ ཆོས་ཉིད་དོན་དམ་གྱི་བདེན་པ་ཡིན་ཏེ། རང་བཞིན་འོད་གསལ་ཆོས་སྐུ་དེ་ཉིད་སངས་རྒྱས་ ཀྱིས་མར་མེ་སྣང་ཡུལ་དུ་ཡོད་པ་ལྟར་ཇི་བཞིན་མངོན་དུ་གཟིགས་པ་གང་ཞིགསེམས་ཅན་ གང་དག་ལ་ཆོས་སྐུ་བུམ་ནང་གི་མར་མེ་ལྟར་ཇི་བཞིན་མི་མཐོང་བར་ལྐོག་ཏུ་གྱུར་པའི་ཕྱིར། ཡང་དེ་འདྲའི་རང་བཞིན་འོད་གསལ་ཡེ་ཤེས་ཆོས་སྐུ། ཆོས་ཅན། གཞི་འབྲས་དབྱེར་མེད་ཀྱི་ རང་བྱུང་རྡོ་རྗེ་སེམས་དཔའ་ཡིན་ཏེ། གཞི་དང་འབྲས་བུའི་སྐབས་ཀུན་ལ་ཁྱད་མེད་དུ་ཡེ་ ནས་བཞུགས་པའི་བདེ་སྟོང་མི་ཤིགས་པའི་དོན་དམ་བྱང་ཆུབ་སེམས་མཆོག་ཏུ་ངེས་པའི་ ཕྱིར། དེ་ཆོས་ཅན། སངས་རྒྱས་ལ་ཇི་བཞིན་མངོན་ཡང་སེམས་ཅན་ལ་ལྐོག་གྱུར་གྱི་ཆོས་ ཅན་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་ཏེ། སངས་རྒྱས་ཀྱིས་མངོན་སུམ་སྣང་ཡུལ་གྱི་ནོར་བུ་ལྟར་ ཆོས་སྐུ་མངོན་དུ་གཟིགས་ཀྱང་སེམས་ཅན་གྱིས་མི་གཙང་བས་གཡོགས་པའི་ནོར་བུ་བཞིན་ 2-1-228 ཇི་བཞིན་མི་མཐོང་བའིཕྱིར། ཡང་རང་བཞིན་འོད་གསལ་ཆོས་སྐུ། ཆོས་ཅན། གཞི་འབྲས་ དབྱེར་མེད་ཀྱི་རྡོ་རྗེ་འཆང་ཆེན་ཡིན་ཏེ། དོན་དམ་ཟུང་འཇུག་ཆེན་པོའི་ངོ་བོར་གདོད་ནས་ རྟག་པའི་ཁྱབ་བདག་ཏུ་ངེས་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་ལ་མངོན་ཡང་སེམས་ཅན་ ལ་ལྐོག་གྱུར་གྱི་ཆོས་ཅན་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་ཏེ། སངས་རྒྱས་ཀྱིས་མངོན་སུམ་ ཡུལ་སྣང་གི་གསེར་གྱི་གོང་བུ་བཞིན་དེ་མངོན་དུ་གཟིགས་ཀྱང་སེམས་ཅན་འདམ་རྫབ་ཀྱིས་ གཡོགས་པའི་གསེར་གོང་བཞིན་ཇི་བཞིན་མི་མཐོང་བའི་ཕྱིར། ཡང་རང་བཞིན་འོད་གསལ། ཆོས་ཅན། གཞི་འབྲས་དབྱེར་མེད་ཀྱི་དང་པོའི་སངས་རྒྱས་ཡིན་ཏེ། ཡེ་གདོད་མ་ནས་ཐོག་ མཐའ་བྲལ་བའི་སྤངས་རྟོགས་ཡོངས་རྫོགས་དོན་དམ་གནས་ལུགས་ཀྱི་ཚུལ་དུ་ངེས་པར་ གྲུབ་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་སེམས་ཅན་ལ་མངོན་ལྐོག་གི་ཚུལ་དུ་ཡོད་དེ། དེ་ གཉིས་ལ་ལོངས་སུ་སྤྱོད་པའི་གཏེར་དང་དབུལ་པོའི་ཁྱིམ་འོག་གི་གཏེར་བཞིན་དེ་མངོན་དུ་ གྱུར་མ་གྱུར་ཡོད་པའི་ཕྱིར། ཡང་རང་བཞིན་འོད་གསལ། ཆོས་ཅན། གཞི་འབྲས་དབྱེར་མེད་ ཀྱི་དུས་ཀྱི་འཁོར་ལོ་ཡིན་ཏེ། གདོད་མ་ནས་འཁོར་འདས་ཀུན་གྱི་དྭངས་མའི་སྲོག་བཅུད་མི་ འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་དང་འོད་གསལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་ རྒྱ་ཆེན་པོ་གཉིས་མེད་རོ་མཉམ་ཉིད་དུ་རྟག་བརྟན་གཡུང་དྲུང་ཐེར་ཟུག་ཏུ་ངེས་པར་བཞུགས་ པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་དང་སེམས་ཅན་ལ་མངོན་ལྐོག་གི་རྣམ་པར་བཞུགས་ ཚུལ་ཡོད་དེ། དེ་བཞིན་གཤེགས་པ་ཉིད་ཀྱི་སྤྲིན་བྲལ་མཁའ་ལ་ཉི་ཟླའི་དཀྱིལ་འཁོར་ལྟར་ སྒྲིབ་མེད་དུ་གཟིགས་པ་དང༌། སེམས་ཅན་འཁྲུལ་སྣང་ཅན་དག་གིས་སྤྲིན་སྦུབས་ཀྱི་ཉི་ཟླ་ བཞིན་ནམ་ཡང་མི་མཐོང་བ་ཉིད་ཀྱི་ཕྱིར། ཡང་རང་བཞིན་འོད་གསལ། ཆོས་ཅན། གཞི་ འབྲས་དབྱེར་མེད་ཀྱི་དགྱེས་པ་རྡོ་རྗེ་ཡིན་ཏེ། དོན་དམ་གཉུག་མའི་རང་བཞིན་ཟག་བྲལ་མི་ འགྱུར་བདེ་ཆེན་རྣམ་ཀུན་པའི་ངོ་བོར་རྟག་ཏུ་བཞུགས་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་ 2-1-229 སེམས་ཅན་གྱི་མཐོང་ཚུལ་ཐ་དད་ཡིན་ཏེ། སངས་རྒྱས་ཉིད་ཀྱིས་ཤུན་པ་བྲལ་བའི་སྙིང་པོ་ ལྟར་དང་སེམས་ཅན་གྱིས་ཤུན་སྦུབས་ཀྱི་འབྲས་བཞིན་མངོན་ལྐོག་ཐ་དད་པའི་གཟིགས་ མཐོང་གི་ཚུལ་དམིགས་པའི་ཕྱིར། ཡང་རང་བཞིན་འོད་གསལ་ཆོས་ཅན། གཞི་འབྲས་དབྱེར་ མེད་ཀྱི་བདེ་མཆོག་འཁོར་ལོ་ཡིན་ཏེ། ཤིན་ཏུ་དྭངས་པའི་བདེ་ཆེན་རྣམ་ཀུན་པ་དེ་གཉུག་མ་ ཀུན་ཏུ་བཟང་པོའི་གསང་གསུམ་རྒྱན་གྱི་འཁོར་ལོ་ནམ་ཡང་འགག་མེད་དུ་ཤར་བའི་ཕྱིར། དེ་ཆོས་ཅན། སངས་རྒྱས་སེམས་ཅན་གྱི་གཟིགས་མཐོང་ཐ་དད་དུ་ངེས་ཏེ། ཀུན་མཁྱེན་ མཆོག་གིས་སྦྲང་མ་མེད་པའི་སྦྲང་རྩི་བཞིན་རྗེན་པར་གཟིགས་ཤིང་སེམས་ཅན་གང་དག་ གིས་སྦྲང་མས་གཡོགས་པའི་རྩི་ལྟར་མཐོང་མི་ནུས་པའི་ཕྱིར། ཡང་རང་བཞིན་འོད་གསལ། ཆོས་ཅན། གཞི་འབྲས་དབྱེར་མེད་ཀྱི་མ་ཧཱ་མ་ཡཱ་ཡིན་ཏེ། གདོད་ནས་སྤྲོས་བྲལ་བདེ་ཆེན་ ཉིད་རྣམ་ཀུན་གཟུགས་མེད་གཟུགས་བཟང་དམ་པར་སྲིད་མེད་སྲིད་པར་སྣང་བའི་འགལ་ འདུ་སྐྱོན་མེད་ཀྱི་འཕྲུལ་ཆེན་མཆོག་གི་བདག་ཉིད་དུ་ལེགས་པར་བཞུགས་པའི་ཕྱིར། དེ་ ཆོས་ཅན། སངས་རྒྱས་དང་སེམས་ཅན་ལ་སྣང་མི་སྣང་གཉིས་སུ་བྱུང་སྟེ། མཁྱེན་བཟང་ མཆོག་གིས་སངས་རྒྱས་ཀྱི་གསེར་གཟུགས་ལྷང་ངེ་བ་བཞིན་དང་དྲི་བཅས་སེམས་ཀྱི་པདྨ་ ངན་པའི་སྦུབས་ཀྱི་སྐུ་གཟུགས་ལྟར་མཐོང་མི་མཐོང་གི་ཁྱད་ལྷག་པར་འཐད་པའི་ཕྱིར། ཡང་ རང་བཞིན་འོད་གསལ། ཆོས་ཅན། གཞི་འབྲས་དབྱེར་མེད་ཀྱི་རྡོ་རྗེ་གདན་བཞི་ཡིན་ཏེ་དོན་ དམ་རང་བྱུང་གི་གདོད་ནས་གྲུབ་པའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྣམ་པར་མཐའ་ཀླས་འཕོ་ མེད་གཞོམ་བྲལ་རྟག་བརྟན་ཐེར་ཟུག་ཏུ་ཆོས་ཉིད་ཀྱིས་གྲུབ་པའི་ཕྱིར། དེ་ཆོས་ཅན། སངས་ རྒྱས་སེམས་ཅན་ལ་ལྟོས་ན་ཇི་བཞིན་མཐོང་མི་མཐོང་མི་འདྲ་སྟེ། སངས་རྒྱས་སེམས་ཅན་ ཀྱིས་ཆོས་སྐུ་མཐོང་མི་མཐོང་ནི་དཔེར་ན་དངུལ་དཀར་དག་པའི་མེ་ལོང་མངོན་སུམ་པ་དང་ ས་རྡུལ་མཐུག་པོས་གཡོགས་པའི་དེ་འདྲའི་མེ་ལོང་གཉིས་གསལ་མི་གསལ་ཡོད་པ་བཞིན་ 2-1-230 སངས་རྒྱས་སེམས་ཅན་གཉིས་ལ་ལྟོས་ན་དྲི་མ་ཀུན་བྲལ་གྱི་ཆོས་སྐུ་དང་གློ་བུར་དྲི་བཅས་ཀྱི་ ཆོས་སྐུ་གཉིས་མཐོང་ཚུལ་ཐ་དད་དུ་དོན་གྱི་གནས་ལུགས་ཆོས་སྐུ་གཅིག་ལས་མེད་ཀྱང་ སྐྱེས་བུའི་ཤེས་རྒྱུད་དག་མ་དག་གི་དབང་གིས་གཅིག་གིས་མཐོང་བ་ཅིག་ཤོས་ཀྱིས་མི་ མཐོང་བ་ངེས་པར་འབྱུང་ཆོག་པའི་ཕྱིར། ཡང་རང་བཞིན་འོད་གསལ། ཆོས་ཅན། གཞི་ འབྲས་དབྱེར་མེད་ཀྱི་རྡོ་རྗེ་མཁའ་འགྲོ་ཡིན་ཏེ། དོན་དམ་སྟོང་ཆེན་དགའ་མ་རང་བཞིན་ གནས་ལུགས་ཀྱི་ཕྱག་རྒྱ་ཆེན་མོ་མཆོག་ཏུ་གྲུབ་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་སེམས་ ཅན་གྱི་སྣང་ཚུལ་མི་མཚུངས་ཏེ། གྲུབ་པའི་རལ་གྲི་ཤུབས་དང་བྲལ་མ་བྲལ་ལྟར་སངས་རྒྱས་ དང་སེམས་ཅན་ལ་མཐོང་མི་མཐོང་གི་ཁྱད་པར་འབྱུང་བའི་ཕྱིར། ཡང་རང་བཞིན་འོད་ གསལ། ཆོས་ཅན། གཞི་འབྲས་དབྱེར་མེད་ཀྱི་རྡོ་རྗེ་ཕག་མོ་ཡིན་ཏེ། རང་བྱུང་ཆོས་ཉིད་ཀྱི་ བདེ་བ་ཆེན་པོར་གྲུབ་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་སེམས་ཅན་མཐོང་ཚུལ་མི་གཅིག་ སྟེ། ནམ་མཁའ་སྤྲིན་དང་བྲལ་མ་བྲལ་བཞིན་དེ་གཉིས་ལ་མངོན་ལྐོག་གི་མཐོང་ཚུལ་ཐ་དད་ པའིཕྱིར། ཡང་རང་བཞིན་འོད་གསལ། ཆོས་ཅན། གཞི་འབྲས་དབྱེར་མེད་ཀྱི་དོན་དམ་རྒྱལ་ བ་རིག་གསུམ་མགོན་པོའི་རྣམ་པར་ཡང་བཞུགས་པ་ཡིན་ཏེ། གདོད་ནས་བཞུགས་པའི་ གནས་ལུགས་དོན་དམ་པའི་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་མངའ་བདག་ཡེ་ནས་ཡིན་པའི་ ཕྱིར། དེ་དག་ཆོས་ཅན། སངས་རྒྱས་སེམས་ཅན་ལ་མཐོང་མི་མཐོང་ཁྱད་ཡོད་དེ། གྲུབ་ པའིརྡོ་རྗེ་ཤུབས་གཡོགས་དང་བྲལ་མ་བྲལ་བཞིན་དེ་གཉིས་ལ་སྒྲིབ་བྱེད་མེད་པ་དང་ཡོད་ པའང་དེ་ལྟར་དུ་མཚུངས་པའི་ཕྱིར། གཞན་ཡང་རང་བཞིན་འོད་གསལ། ཆོས་ཅན། གཞི་ འབྲས་དབྱེར་མེད་ཀྱི་ལྷ་ཚོགས་སྔགས་དང་དཀྱིལ་འཁོར་གྱི་རྣམ་པ་རབ་འབྱམས་ཡོངས་ རྫོགས་ཀྱི་བདག་ཉིད་ཡིན་ཏེ། ཆོས་ཐམས་ཅད་ཀྱི་སྲོག་དང་མགོན་དུ་རང་བཞིན་དོན་དམ་ པའི་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་རྣམ་ཀུན་པར་གདོད་ནས་རྟག་ཏུ་བཞུགས་པ་ཉིད་ 2-1-231 ཀྱི་ཕྱིར། དེ་དག་ཀྱང་སངས་རྒྱས་སེམས་ཅན་ལ་སྣང་ཚུལ་མི་མཐུན་པ་དཔེར་ན་ནམ་མཁའི་ གཟའ་སྐར་དག་སྒྲིབ་བྱེད་སྤྲིན་སོགས་དང་བྲལ་མ་བྲལ་གྱི་དབང་གིས་ཇི་བཞིན་གསལ་མི་ གསལ་འབྱུང་བ་བཞིན་གནས་ལུགས་དོན་དམ་དབྱིངས་ཀྱི་ལྷ་སྔགས་དཀྱིལ་འཁོར་རབ་ འབྱམས་དག་མཉམ་ཡེ་གཞི་གཅིག་པུ་དེ་སྒྲིབ་གཉིས་ཀུན་སངས་པའི་ཐམས་ཅད་མཁྱེན་ སྤྱན་མཆོག་གིས་སྒྲིབ་མེད་མངོན་དུ་གཟིགས་མོད་ཀྱང་རྣམ་ཤེས་འཁྲུལ་སྣང་ལ་སྤྱོད་པའི་ སེམས་ཅན་གང་དག་གི་ཤེས་རྒྱུད་ངན་པས་བསྒྲིབས་ཏེ་ཇི་བཞིན་མཐོང་བའི་ཡུལ་དུ་མ་གྱུར་ པའོ། །དོན་དམ་བདེ་སྟོང་ཟུང་འཇུག་གི་གནས་ལུགས་དེ་དགཆོས་ཅན། དོན་དམ་རང་ངོས་ ནས་མི་སྟོང་ཞིང་ཀུན་རྫོབ་གཞན་ངོས་ནས་སྟོང་པའི་ངེས་དོན་སྔགས་ཀྱི་དབུ་མ་གཞན་སྟོང་ ཉིད་ཡིན་ཏེ། གནས་ལུགས་ཟུང་འཇུག་དག་མཉམ་དོན་དམ་པའི་རང་གཟུགས་ལྷ་སྔགས་ དཀྱིལ་འཁོར་རྒྱ་མཚོས་ཡེ་ནས་མི་སྟོང་པས་ཆད་མཐའ་ལས་ངེས་པར་གྲོལ་བ་གང་ཞིགཀུན་ རྫོབ་རྣམ་ཤེས་འཁྲུལ་སྣང་གིས་བསྡུས་པའི་སྤྲོས་མཚན་མཐའ་དག་གིས་རྣམ་པ་ཀུན་ནས་ སྟོང་པས་རྟག་མཐའ་ལས་ཀྱང་གྲོལ་བའི་དབུ་མ་ཆེན་པོ་ཡིན་པའི་ཕྱིར། དེས་ན་རང་ལུགས་ སུ་ཤེས་བྱ་ལ་བེམ་ཤེས་གཉིས་སུ་དབྱེ་བ་དེ་ཕུང་གསུམ་སེལ་བའི་དབྱེ་བ་ཡིན་ཏེ། སྤྱིར་ཤེས་ པ་ལ་ཡེ་ཤེས་དང་རྣམ་ཤེས་གཉིས་ཡེ་ཤེས་ལའང་ཡོངས་གྲུབ་དེ་བཞིན་ཉིད་ཀྱི་ཡེ་ཤེས་རང་ བྱུང་ཆོས་སྐུ་དོན་དམ་བདེན་པ་དང་ཡང་དག་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ནི་གསར་བྱུང་ལམ་ བདེན་ཀུན་རྫོབ་བདེན་པ་དང་རྣམ་ཤེས་ལ་རྣམ་པར་ཤེས་པ་མཐའ་དག་དང་དེ་དག་གི་སྣང་ ཆ་བཏགས་ཡོད་ཀྱི་རིགས་ཐམས་ཅད་ཀྱང་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་གང་རུང་ གིས་བསྡུས་པ་ཡིན་པས་མདོར་ན་ཡེ་ཤེས་རྣམ་ཤེས་མཐའ་དག་ཤེས་པ་ཁོ་ན་དང་དེ་མིན་ བཏགས་ཡོད་ཀྱི་རིགས་ཐམས་ཅད་ཤེས་མིན་བེམ་པོར་ངེས་པས་ཤེས་བྱ་ལ་བེམ་ཤེས་ གཉིས་ཡིན་གཉིས་མིན་གང་གི་ཕུང་གསུམ་མེད་པའི་ཕྱིར་རོ། ། 2-1-232 ༢ དེར་བརྟེན་ཀུན་རྫོབ་རྣམ་ཤེས་ཀྱི་གཞི། གཉིས་པ་དེར་བརྟེན་ཀུན་རྫོབ་རྣམ་ཤེས་ཀྱི་གཞི་ནི། སྔགས་གཞུང་གཞན་དུ་ཤེས་པར་ བྱ་བ་ལས་འདིར་འཆད་པའི་སྐབས་མིན་ཡང་སྤྱིར་ཡིན་ལུགས་ཙམ་ནི། གོང་དུ་བཤད་པའི་ གསང་ཆེན་ཐེག་པའི་སྔགས་གཞིའི་གནས་ལུགས་ཆོས་ཉིད་ཀྱི་ཚུལ་དུ་ཡེ་ནས་བཞུགས་པ་ དེ་ལས་ནམ་མཁའ་ལས་སྤྲིན་དང་གསེར་ལས་གཡའ་དང་ཆུ་ལས་རྙོག་ལྟར་རང་བཞིན་དག་ མཉམ་ཡིན་ཡང་གློ་བུར་རྣམ་ཤེས་ཀྱི་སྣང་ཆ་འཁོར་བའི་སྐྱེ་འཆི་བར་དོ་གསུམ་དང་སྐྱེ་བ་ལ་ དྲུག་ལྡན་རྡོ་རྗེའི་ལུས་ལ་རྩ་རླུང་ཐིག་ལེ་གསུམ་སོགས་རྩ་བའིརྣམ་ཤེས་བག་ཆགས་ཀྱིས་ དཀྲུགས་པས་ལས་སྣང་སྣ་ཚོགས་སོ་སོར་སྣང་བའི་འཁྲུལ་སྣང་བརྟན་དང་གཡོ་བས་བསྡུས་ པ་མཐའ་དག་ནི་ཡེ་གཞི་གནས་ལུགས་ལ་བརྟེན་པའི་ཀུན་རྫོབ་རྣམ་ཤེས་ཀྱི་གཞི་ཞེས་ བྱ་སྟེ། འདི་ལ་རིགས་པས་དཔྱད་ན། དེར་བརྟེན་ཀུན་རྫོབ་རྣམ་ཤེས་འཁྲུལ་སྣང་གི་གཞི་ ཀུན། ཆོས་ཅན། གནས་ལུགས་ཀྱི་གཞི་ལས་གང་དག་ཤར་ཚུལ་ཡོད་དེ། ཡེ་གཞིའི་ངོ་བོ་ དེ་གལ་ཏེ་མེད་སྲིད་ན་ནམ་མཁའ་མེད་ན་འཇིག་རྟེན་གྱི་བཀོད་པ་འབྱུང་ཚུལ་མེད་པ་བཞིན་ རྣམ་ཤེས་ཀྱི་སྣང་བ་མཐའ་དག་འབྱུང་མི་སྲིད་ཀྱང་ཡེ་གཞི་ཆོས་ཉིད་ཀྱི་ཡེ་ཤེས་ཡོད་པས་ ཆོས་ཅན་རྣམ་ཤེས་ཀྱི་སྣང་བ་ནམ་མཁའ་ལ་འཇིག་རྟེན་ལྟར་བྱུང་ཡང་ནམ་མཁས་འཇིག་ རྟེན་བསྐྱེད་པའི་ཐ་སྙད་མེད་པ་ལྟར་ཆོས་ཉིད་ཀྱིས་ཆོས་ཅན་བསྐྱེད་པ་མ་ཡིན་མོད། འོན་ ཀྱང་ནམ་མཁའ་ལ་བརྟེན་ནས་འཇིག་རྟེན་བྱུང་བ་ལྟར་ཆོས་ཉིད་ལ་བརྟེན་ནས་ཆོས་ཅན་ དག་ཀྱང་བྱུང་བ་ནི་ཡིན་ལ། དེ་འདྲ་ཡིན་ཡང་ནམ་མཁའ་ལ་འཇིག་རྟེན་གྱི་དྲི་མས་གོས་པ་ མིན་པ་བཞིན་ཆོས་ཉིད་ལའང་ཆོས་ཅན་གྱི་དྲི་མས་གོས་མི་སྲིད་ཅིང་རང་བཞིན་དག་མཉམ་ 2-1-233 འབའ་ཞིག་པའི་ངོ་བོ་ཉིད་དུ་ངེས་ཀྱང་སེམས་ཅན་གང་དག་ལ་ཡེ་ནས་དག་ཆེན་རང་བྱུང་གི་ ཡེ་ཤེས་སྐུ་དང་དཀྱིལ་འཁོར་གྱི་བཀོད་པ་རབ་འབྱམས་པའི་ཚུལ་དུ་ཆོས་ཅན་གྱི་རང་བཞིན་ ཆོས་ཉིད་ཡིན་པའི་སྒོ་ནས་ནམ་ཡང་གཡེལ་མེད་ལྷན་ཅིག་ཏུ་འགྲོགས་ནའང་ཇི་བཞིན་ངོ་མ་ ཤེས་པའི་རྨོངས་དབང་གིས་བློས་བྱས་མཚན་འཛིན་གྱི་རྟོག་པ་དང༌། དེ་ལས་ཚུལ་མིན་ཡིད་ བྱེད་ཀྱི་ཀུན་རྟོག་ཡོད་པ་ལ་སྐུར་འདེབས་དང་མེད་པ་ལ་སྒྲོ་འདོགས་དང་ང་བདག་ཏུ་ལྟ་བ་ དང་ཆགས་སྡང་སོགས་ཀུན་ཉོན་མུ་མཐུད་ཐོག་མེད་ནས་བྱུང་བའི་གོམས་ཆ་བརྟན་པའི་སྒྲིབ་ བྱེད་ཤིན་ཏུ་མཐུག་པས་འཁྲུལ་སྣང་ཅན་གང་དག་གིས་འཁྲུལ་བ་མ་ཟད་བར་དུ་མཐོང་མི་ ནུས་པ་ཡིན་པའི་ཕྱིར། དེས་ན་གཞི་ཡེ་ཤེས་ཡེ་ནས་རང་ཆས་སུ་ཡོད་པ་ལ་བརྟེན་ནས་རྣམ་ ཤེས་སྣང་ཆ་དང་བཅས་པའི་རྣམ་པ་དག་ཤར་བའོ། །དེ་དག་གིས་ཆོས་རྗེ་ཇོ་ནང་པ་ཆེན་པོའི་ རིང་ལུགས་ཀྱི་སྔགས་གཞིའི་གནས་ལུགས་མདོ་ཙམ་བརྗོད་ཟིན་ཏོ། །སྨྲས་པ། རྣམ་ཀུན་ རང་གཟུགས་པྲ་ཕབ་བརྒྱད་ལྡན་པ། མི་འགྱུར་བདེ་བའི་འཇོ་སྒེག་ངོམ་པ་ཅན། །ཀུན་ནས་ རབ་དྭངས་འོད་གསལ་དམ་པའི་གཤིས། །རབ་འབྱམས་དཀྱིལ་འཁོར་རོལ་བ་ཟད་མེད་ གཏེར། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གཉིས་པ། ལམ་གྱི་གནས་ལུགས། གཉིས་པ་ལམ་གྱི་གནས་ལུགས་ནི། སྤྱིར་ན་དེ་ལྟར་གོང་དུ་བཤད་པའི་གསང་ཆེན་བླ་ མེད་ཐེག་པའི་ཡེ་གཞི་ཀུན་ཁྱབ་བདེ་སྟོང་ཟུང་འཇུག་གི་དབྱིངས་མངོན་དུ་བྱེད་པའི་ཐབས་ ཀྱི་ལམ་གནས་ལུགས་སྤྲོས་བྲལ་མི་རྟོག་ཡེ་ཤེས་ཀྱིས་གཙོས་ཐབས་ཤེས་ཀྱི་ལམ་སྒོམ་ཚུལ་ གྱི་རིམ་པ་ཟབ་མོ་གང་དག་སྟེ། དེ་ཡང་གཞི་དབྱིངས་ཟུང་འཇུག་སྤྲོས་པ་ཀུན་བྲལ་རང་རིག་ འོད་གསལ་དྭངས་པའི་གཤིས་ལུགས་དེ་ཇི་བཞིན་མངོན་དུ་བྱེད་པ་ནི་མདོ་སྔགས་གང་གི་ 2-1-234 སྐབས་སུ་གནད་དུ་ངེས་པར་ཆེ་བས་དེ་ལྟར་ན་ལས་དང་པོ་བ་དག་གིས་ཐོག་མ་ཉིད་ནས་ གཞིའི་ངེས་དོན་གྱི་གནས་ལུགས་སྤྲོས་བྲལ་རང་རིག་རང་གསལ་རྣམ་པར་མི་རྟོག་ཆེན་པོ་ དང་རྣམ་པ་མཐུན་པའི་མཉམ་བཞག་མི་རྟོག་པ་ནི་རྒྱུད་སྨིན་ལ་ཉེ་བའི་སྐལ་བ་ཅན་འགའ་ལ་ བླ་མའི་གདམས་ངག་གི་བྱིན་རླབས་ཕོག་ཅིང་བརྡས་ཡེ་ཤེས་ཇི་བཞིན་ངོ་འཕྲོད་པ་རེ་ཡོད་ ན་མ་གཏོགས་སྤྱིར་བཏང་ཕལ་ཆེ་བའི་དབང་དུ་ན་སྐྱེ་དཀའ་བའི་ཚོད་དུ་འདུག་པས་ཐབས་ ཀྱིས་རིམ་པར་བསླབ་དགོས་ལ། དེ་ལའང་གང་ཟག་སོ་སོའི་ཁམས་དབང་མི་འདྲ་བའི་དབང་གིས་རང་བློ་དང་འཚམ་པ་ ཉིད་གལ་ཆེ་མོད། འོན་ཀྱང་མདོ་སྔགས་སྤྱིའི་འགྲོས་ལ་མཚན་མ་བདེན་དངོས་སུ་འཛིན་པ་ ཀུན་ནས་གཅོད་དཀའ་བའི་དབང་དུ་བྱས་ནས་ཐོག་མར་གནས་ལུགས་ལྟ་བའི་འཇུག་སྒོར་ བདག་མེད་གཉིས་གཏན་ལ་འབེབས་བྱེད་དབུ་མའི་གཞུང་ལུགས་ལས་བྱུང་བ་བཞིན་དཔྱད་ སྒོམ་གཙོར་བྱེད་ཀྱིས་མཐར་མི་རྟོག་དངོས་གནས་ལ་འཇུག་པ་ཆེས་མང་ན་སྤྱིར་བཏང་ནས་ དེ་ལུགས་ལྟར་ལམ་གྱི་གོ་རིམ་ཡང་སྤྲོས་བྲལ་མི་རྟོག་ཡེ་ཤེས་སྐྱེ་ཞིང་གཞིའི་གནས་ལུགས་ མངོན་བྱེད་ཐབས་སུ་ལེགས་པ་ཡིན་ནའང་འདིར་གསང་ཆེན་བླ་མེད་ཐེག་པ་འབྲས་བུའི་ སྐབས་འདིར་མན་ངག་ཟབ་མོ་བླ་མས་བྱིན་རླབས་ཆེས་མྱུར་འབེབས་ཤིང་ནང་རིག་ཡེ་ཤེས་ རྗེན་ཆར་བ་ངོ་སྤྲད་པའི་ཉམས་མྱོང་གི་སྒོ་ཁྱད་པར་བ་ཡོད་ཅིང་རྡོ་རྗེའིསློབ་མ་དག་ཀྱང་རྒྱུ་ ཐེག་གི་སྐབས་ཀྱི་གདུལ་བྱ་ལས་དབང་པོ་ཆེས་རྣོ་བ་སོགས་སྒོ་དུ་མ་ནས་བཟང་བའི་གནད་ ཀྱིས་མཚན་འཛིན་ཆེ་བ་འགའ་ཞིག་ལ་སྔོན་དུ་རིགས་པས་བདག་མེད་དཔྱད་སྒོམ་གྱིས་ མཚན་འཛིན་རྩེ་གཞིལ་བ་ལྟ་བུ་དམིགས་བསལ་ཡོད་མོད་ཀྱང༌། བླ་མེད་སྔགས་ཀྱི་གདུལ་བྱ་ སྤྱི་ཕྱོགས་ནས་བླ་མའི་མན་ངག་གི་ཐབས་ལ་བརྟེན་ནས་འཇོག་སྒོམ་གནས་ལུགས་མི་རྟོག་ པ་དངོས་གནས་དེ་གར་འཇུག་ཏེ་སྤྲོས་བྲལ་རང་རིག་རང་གསལ་ཆེན་པོའི་ངང་ཇི་བཞིན་ 2-1-235 བསྐྱངས་ནས་གཞིའི་གཉུག་མ་དོན་གྱི་ཡེ་ཤེས་ལ་མྱུར་ནས་རེག་པའི་གསང་ལམ་བཙལ་བ་ ཉིད་འབྲས་ཐེག་སྐབས་ཀྱི་ལམ་ཉམས་ལེན་དུས་ཀྱི་གནད་རྩ་ཆེ་ཤོས་རྒྱུད་སྡེ་རྣམས་དང་ འགྲེལ་བ་ཁྱད་འཕགས་བཅས་ཀྱི་དགོངས་མཐིལ་ཟབ་མོའི་གནད་གསང་དང་སྔགས་རྒྱུད་ ཀྱི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་པའི་དབང་ཕྱུག་མཐའ་ཡས་པའི་ཐུགས་བཅུད་གདམས་ ཟབ་ཀྱི་ཉིང་ཁུ་ཉམས་མྱོང་གནད་དུ་ཐེབས་ངེས་ཡིན་པས་ཚུལ་དེ་ལུགས་ལྟར་འདིར་བཤད་ བྱ་ལམ་གྱི་གནས་ལུགས་དངོས་ནི་སྤྲོས་བྲལ་མི་རྟོག་རང་རིག་རང་གསལ་ཆེན་པོ་ཉིད་དུ་ ངེས་པ་དེ་བས་ན་དོན་འདི་ལ། ལམ་གྱི་གནས་ལུགས་དངོས་སྤྲོས་བྲལ་མི་རྟོག་ཡེ་ཤེས་དང༌། དེ་གསང་ཆེན་ཐེག་པའི་ཐབས་མཁས་ལམ་གྱི་རིམ་པས་ཇི་ལྟར་མངོན་བྱེད་ཚུལ་གཉིས་ ལས། ༡ ལམ་གྱི་གནས་ལུགས་དངོས། དང་པོ་ནི། གོང་དུ་རྒྱས་པར་བཤད་པ་ལྟར་ཡེ་གཞི་ཆོས་ཀྱི་དབྱིངས་གདོད་ནས་དྲི་བྲལ་ དག་ཆེན་ཡེ་ཤེས་རྣམ་པར་རྟོག་པའི་ཆ་མཐའ་དག་རང་གཤིས་ནས་རབ་ཏུ་དྭངས་པའི་རིག་ པ་རང་གསལ་གྱི་རྟོག་མེད་ཞི་བའི་གནས་ལུགས་རྣམ་ཀུན་དོན་དམ་པའི་རང་བཞིན་གཤིས་ ཀྱི་དེ་ཉིད་དུ་རང་བྱུང་ལྷུན་གྱིས་གྲུབ་པའི་རང་མདངས་འོད་གསལ་བའི་ཤེས་པ་ནི་ལམ་གྱི་ གནས་ལུགས་སྤྲོས་བྲལ་མི་རྟོག་པ་མཐར་ཐུག་སྟེ། དེ་ཡང་ལམ་སློབ་པ་དག་གིས་རང་བཞིན་ གནས་ལུགས་དེ་ཉིད་ངོ་བོ་ལམ་བྱེད་ཀྱི་ཚུལ་དུ་གཞི་དབྱིངས་རང་གསལ་ཞི་བ་ཆེན་པོ་ བཅོས་མ་མཐའ་དག་བྲལ་བའི་རིག་པ་རང་གསལ་འཛིན་མེད་འགྱུ་རྟོག་གི་འཆིང་བ་གཤིས་ ནས་རང་དྭངས་སུ་བྱ་བའི་ངང་རང་བབས་ཤུགས་འབྱུང་གིས་བསྐྱངས་ཏེ་བླ་མའི་མན་ངག་ བཞིན་དབྱིངས་ཀྱི་ཡེ་ཤེས་སྤྲོས་བྲལ་མི་རྟོག་པ་ལ་མཉམ་པར་བཞག་ནས་ནང་དབྱིངས་ཀྱི་ 2-1-236 སྤྲོས་བྲལ་མི་རྟོག་ཡེ་ཤེས་ཆ་ཅི་རིགས་པར་རང་རང་དང་འཚམ་པ་རེ་མངོན་དུ་བྱ་བའི་ཉམས་ ལེན་ཐོག་ཏུ་གནད་འཁེལ་བྱ་ཚུལ་སྔགས་ཀྱི་གཞུང་ལུགས་སོ་སོར་མན་ངག་འདྲ་མིན་གྱི་སྒོ་ སྣ་ཚོགས་ཡོད་པ་དག་དེ་རྣམས་ལས་ཤེས་དགོས་ཤིང༌། འདིར་འཆད་པར་བྱ་བ་རང་ལུགས་ ཀྱི་སྤྲོས་བྲལ་མི་རྟོག་པའི་ཚུལ་ཙམ་སྟེ། དེ་ལའང་ལུང་རིགས་གཉིས་ལས། དང་པོ་ནི། གདོད་ མའི་གནས་ལུགས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེས་མཆོག་ཏུ་གྱུར་པ་གང་དེ་མངོན་བྱེད་ ཐབས་ཀྱི་མཆོག་ནི་སྤྲོས་བྲལ་མི་རྟོག་རང་རིག་རང་གསལ་ཆེན་པོ་ཟུང་དུ་འཇུག་པའི་ཏིང་ངེ་ འཛིན་ཁྱད་པར་བ་བླ་མའི་མན་ངག་གིས་བཞག་ཐབས་ཟབ་མོས་ཇི་བཞིན་ངོ་སྤྲད་དེ་ཉམས་ ལེན་བྱས་པ་ལས་བྱུང་བའི་མཉམ་བཞག་ནམ་མཁའ་ལྟ་བུའི་རྣལ་འབྱོར་མཆོག་རྣམ་པར་མི་ རྟོག་པའི་དབྱིངས་ལ་ཞུགས་ནས་སྒོམ་པ་ལྷུར་ལེན་པ་ཉིད་ཡིན་པས་དེ་འདྲའི་དངོས་གྲུབ་ མཆོག་ནི་མི་རྟོག་རང་རིག་གི་ཏིང་ངེ་འཛིན་གྱིས་སྤྲོས་བྲལ་མི་རྟོག་པར་མཉམ་བཞག་བྱས་ པས་གནས་ལུགས་ཀྱི་རང་མདངས་མངོན་དུ་གྱུར་ཏེ་ཐོབ་ངེས་ལ་ཡིད་གཉིས་མི་དགོས་ཚུལ་ དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས་འདི་ལྟར་གསུངས་པ་སྟེ། དེ་ཡང་དེ་ཉིད་ལས། ཕྱག་རྒྱ་ཆེན་ པོའི་དངོས་གྲུབ་ཆེ། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །རྣམ་རྟོག་མེད་པར་ཞུགས་ནས་ ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར། དེ་འདྲའི་མི་རྟོག་མཆོག་ཀྱང་ ཀུན་རྟོག་མཐའ་དག་གི་བཞོན་པའི་གཡོ་བྱེད་རོ་རྐྱང་གི་རྒྱུ་བ་བཅད་ནས་དབུ་མར་གནས་ པའི་རྣམ་རྟོག་མེད་པའི་ཡེ་ཤེས་ཀྱི་རླུང་ཆེན་པོར་དབྱེར་མེད་རོ་མཉམ་དུ་བྱེད་པའི་རྣལ་ འབྱོར་གྱིས་སྤྲོས་བྲལ་ཐུགས་ཀྱི་རྡོ་རྗེ་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་ དུ་བྱེད་དགོས་ཤིང་དེ་ཡང་དྲུག་ལྡན་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་ཐབས་མཁས་ཀྱིས་གནད་དུ་ བསྣུན་པ་ལས་ཡེ་ཤེས་ཆེན་པོ་མངོན་པའི་ལམ་གྱི་རྐྱེན་ཉེ་བར་བསྒྲུབ་དགོས་ཚུལ་དཔལ་ གསང་བ་འདུས་པ་ལས་འདི་ལྟར་གསུངས་པ་ཡིན་ཏེ། དེ་ཉིད་ལས། རྣམ་པར་རྟོག་པའི་རླུང་ 2-1-237 གཉིས་ནི། །དེ་ནས་རྣམ་པར་བཅད་ནས་འགྲོ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །སྐུ་གསུང་ རྡོ་རྗེས་བཅད་ནས་ནི། །རྣམ་རྟོག་མེད་པའི་བདེ་བ་སྟེར། །སྔགས་ཀྱི་དེ་ཉིད་ཀྱིས་ནི་ཐོབ། །ཅེས་གསུངས་པའི་ཕྱིར། ཐབས་མཁས་ཀྱི་ལམ་དེ་འདྲ་ལ་བརྟེན་ནས་འདོད་པའི་རྣམ་རྟོག་ མཐའ་དག་སྤངས་ཏེ་རིག་པ་རང་གསལ་གྱི་དབྱིངས་སུ་བཅོས་ཞེན་ཀུན་བྲལ་གྱིས་མཉམ་ བཞག་གི་སྦྱོར་བའི་ཏིང་ངེ་འཛིན་རང་བབ་ཤུགས་འབྱུང་ལ་ཆུ་བོའི་རྒྱུན་བཞིན་གནས་པ་ འདི་གལ་ཤིན་ཏུ་ཆེ་བའི་ཚུལ་ཡང་སྟོན་པ་རྡོ་རྗེ་འཆང་ཉིད་ཀྱི་བཀའ་བསྩལ་པ་ཡིན་ཏེ། རྒྱུད་ ཁ་སྦྱོར་ལས། འདོད་པ་ཐམས་ཅད་རབ་སྤངས་ཏེ། །མཁས་པས་རང་རིག་ཙམ་གྱིས་ནི། །སྦྱོར་བའི་མཐར་ཐུག་བསམ་གཏན་གནས། །ཉིན་དང་མཚན་དུ་གོམས་པར་མཛོད། །ཅེས་ གསུངས་པའི་ཕྱིར། སྤྲོས་བྲལ་མི་རྟོག་ཡེ་ཤེས་ཇི་བཞིན་སྒོམ་ནུས་ན། མཆོག་གི་དངོས་གྲུབ་ ལ་ཐེ་ཚོམ་མེད་ངེས་ཀྱི་ཚུལ་སླར་ཡང་འདི་ལྟར་གསུངས་ཏེ། དེ་ཉིད་ལས། རྟོག་པའི་གནས་ ནི་བཏང་ནས་སུ། །བློ་ལྡན་གང་ཞིག་མི་རྟོག་གནས། །ཐུགས་ཀྱི་རྡོ་རྗེས་གསུངས་པ་བཞིན། །དེ་ལ་དངོས་གྲུབ་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར། རྣམ་པར་རྟོག་པ་མ་སྤངས་ན་ འཁོར་བ་ལས་མི་ཐར་ཅིང་དེ་སྤངས་ན་སྡུག་བསྔལ་མེད་པའི་ཞི་བ་མཆོག་གི་གནས་སུ་འགྲོ་ ངེས་ཀྱི་ཚུལ་རྒྱུད་དེ་ཉིད་ལས་ཀྱང་གསུངས་པ་འདི་ལྟ་སྟེ། དེ་ཉིད་ལས། རྟོག་པས་དམྱལ་ བར་འགྲོ་འགྱུར་ཞིང༌། །འགྲོ་དྲུག་རྒྱ་མཚོར་འཁོར་བར་འགྱུར། །རྟོག་པ་ལས་ནི་རྣམ་གྲོལ་ ན། །དྲི་མེད་ཞི་བའི་གནས་སུ་འགྲོ། །ཞེས་གསུངས་པའི་ཕྱིར། རྣམ་པར་མི་རྟོག་པ་ཇི་བཞིན་ བསྒོམ་པས་ལས་རླུང་མཐའ་དག་ཀྱང་དབུ་མར་ལེགས་པར་འཆིང་ཐུབ་པ་ཡིན་ཏེ། མི་གཡོ་ བླ་མེད་ཀྱི་རྒྱུད་ལས། སེམས་ནི་འཆིང་པར་འགྱུར་བ་ཡིས། །རླུང་ཡང་འཆིང་བར་འགྱུར་ བའོ། །ཞེས་སོགས་གསུངས་པའི་ཕྱིར། སྡུག་བསྔལ་གྱི་རྒྱུར་གྱུར་པའི་རྣམ་པར་རྟོག་པ་དག་ མ་སྤངས་པར་སངས་རྒྱས་ཐོབ་ཚུལ་མེད་པ་ཡིན་ཏེ། རྣམ་སྣང་མངོན་བྱང་གི་རྒྱུད་ལས། རྟོག་ 2-1-238 པ་སྡུག་བསྔལ་རྒྱུར་གྱུར་པ། །ཇི་སྲིད་མ་སྤངས་བར་དུ་ནི། །འཇིག་རྟེན་འདི་ན་སངས་རྒྱས་ མིན། །ཀུན་མཁྱེན་ཞེས་ཀྱང་མི་བྱའོ། །ཞེས་གསུངས་པའིཕྱིར། མཐར་ཐུག་ཀུན་མཁྱེན་ མཆོག་གི་གོ་འཕང་ཐོབ་འདོད་དག་གིས་སྤྲོས་བྲལ་མི་རྟོག་པ་ཇི་བཞིན་སྒོམ་པ་ལ་རྟག་པར་ ལྷུར་ལེན་གྱིས་འབད་པ་བྱ་དགོས་ཚུལ་སླར་ཡང་རྒྱུད་དེ་ཉིད་ལས་འདི་ལྟར་གསུངས་ཏེ། ཀུན་མཁྱེན་གོ་འཕང་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་ གྱུར་པ། །དེ་ལ་རྟག་ཏུ་བརྩོན་པར་བྱ། །ཞེས་གསུངས་པའིཕྱིར། སྒྲིབ་གཉིས་ཀྱི་རྩ་བ་རྟོག་པ་ ཡིན་པས་རྟོག་པ་མཐའ་དག་སྤངས་པས་མཐར་ཐུག་གི་ཀུན་མཁྱེན་མཆོག་ངེས་པར་ཐོབ་ ཚུལ་རྒྱུད་སཾ་བུ་ཊ་ལས་འདི་ལྟར་གསུངས་ཏེ། དེ་ཉིད་ལས། རྟོག་པ་ཐམས་ཅད་ཡང་དག་ སྤངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་ གསུངས་པའི་ཕྱིར། ཡེ་གཞི་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་ཚུལ་ཡང་ཀུན་ཏུ་རྟོག་པ་ མཐའ་དག་སྤངས་པའི་སྒོ་ནས་རྣམ་པར་མི་རྟོག་པ་སྤྲོས་བྲལ་ཆོས་དབྱིངས་ཉག་གཅིག་ཏུ་ རང་རིག་རང་གསལ་གྱི་ལྟ་བས་ཇི་བཞིན་རྗེན་ཆར་དུ་ལེགས་པར་བལྟ་ནུས་ན་ཆོས་དབྱིངས་ དོན་དམ་པའི་རྣམ་པ་ཀུན་གྱི་མཆོག་སྐུ་དང་ཡེ་ཤེས་ཀྱི་རོལ་བ་འབྱམས་ཀླས་པ་ཀུན་ནས་ རྣམ་པ་ཐམས་ཅད་པའི་གཟིགས་སྣང་ནམ་ཡང་འགོག་པ་མེད་པའི་ཚུལ་རྒྱུད་ཐམས་ཅད་ཀྱི་ མངའ་བདག་སྟོན་པ་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་དཔལ་གྱི་མགུར་ནས་རྡོ་ རྗེའི་ཚིག་འགྱུར་བ་མེད་པས་བཀའ་བསྩལ་པ་ཡིན་ཏེ། དོན་དམ་པའི་མཚན་བརྗོད་པ་ལས། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ ཟད་མི་ཤེས། །ཞེས་གསུངས་པ་སོགས་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ཟབ་མོའི་གནད་ གསང་ཆེས་མང་བའི་ཕྱིར། ཚུལ་དེ་དང་མཐུན་པར་རྣམ་པར་རྟོག་པའི་སྒོམ་ལས་འདས་པའི་ སྟོང་གཟུགས་ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ་བའི་རང་བཞིན་དེ་གཟུང་འཛིན་གྱི་མཚན་མ་ 2-1-239 གང་དང་ཡང་མ་འདྲེས་པར་སྒྲ་རྟོག་གི་ཡུལ་གྱི་རྣམ་པར་མེད་པའི་སྤྲོས་བྲལ་འབའ་ཞིག་ཏུ་ཇི་ བཞིན་མངོན་བྱེད་ཐབས་ཀྱིས་མཉམ་པར་འཇོག་དགོས་ཚུལ་འཕགས་པ་འཇིག་རྟེན་དབང་ ཕྱུག་གི་ཞལ་སྔ་ནས་ལེགས་པར་གསུངས་པ་སྟེ། རྒྱས་འགྲེལ་དྲི་མེད་འོད་ལས། རྣམ་རྟོག་ སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་ དང༌། །རྟོག་དང་བརྗོད་པ་རྣམ་པར་སྤངས། །ཞེས་པ་ལ་སོགས་པ་གནས་ལུགས་མི་རྟོག་ཡེ་ ཤེས་ཆེན་པོ་ཇི་བཞིན་ཉམས་སུ་ལེན་ཚུལ་ཞིབ་རྒྱས་སུ་གསུངས་པ་ཉིད་ཀྱི་ཕྱིར། དེ་ཉིད་དང་ ཞལ་མཐུན་པར་གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང་ལེགས་པར་གསུངས་ཏེ། ཉིད་ཀྱི་མཛད་པའི་རྒྱུད་འགྲེལ་ལས། དེའི་ཕྱིར་སོ་སོར་སྡུད་པ་བསྒོམ་པ་ལ་རྣམ་པར་རྟོག་ པའི་བསྒོམ་པ་དམིགས་སུ་མེད་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་ སོགས་མདོ་སྔགས་གནད་གཅིག་པར་སྤྲོས་བྲལ་མི་རྟོག་པ་ལྟ་བའི་གཞི་རྩ་མཐར་ཐུག་ གཅིག་པུར་ངེས་ཚུལ་རྒྱས་པར་གསུངས་པའི་ཕྱིར། དེ་དག་གི་དགོངས་པ་མངོན་གྱུར་གྱི་ གྲུབ་པའི་དབང་ཕྱུག་དཔལ་ས་ར་ཧས་ཀྱང་སྤྲོས་བྲལ་མི་རྟོག་པ་བསམ་མེད་ཀྱི་རྣལ་འབྱོར་ མཆོག་དཔལ་ལྡན་བླ་མའི་མན་ངག་ཇི་ལྟ་བ་བཞིན་ལེགས་པར་འབད་ན་བདེ་སྟོང་ལྷན་ཅིག་ སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པའི་སྒོ་ནས་འབྱུང་བར་ཐེ་ཚོམ་མེད་པར་ཡང་གསུངས་པ་སྟེ། ཉིད་ཀྱི་ཞལ་ནས། བསམ་དང་བསམ་བྱ་ཡོངས་སུ་སྤངས་ནས་ནི། །ཇི་ལྟར་བུ་ཆུང་ཚུལ་དུ་ འདུག་པ་ཡིས། །བླ་མ་དམ་པའི་ལུང་ལ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ ཚོམ་མེད། །ཅེས་གསུངས་པའི་ཕྱིར། དེ་འདྲའི་བླ་མའི་མན་ངག་བཞིན་བསམ་མེད་ཀྱི་རྣལ་ འབྱོར་སྐྱོང་ཚེ་གདོད་ནས་དག་པའི་རང་བཞིན་གཞི་དབྱིངས་སྤྲོས་བྲལ་ནམ་མཁའི་གནས་ ལུགས་ལ་རང་རིག་ཡེ་ཤེས་ཀྱིས་འཛིན་པ་ཀུན་བྲལ་གྱིས་ཡང་ཡང་བལྟས་པས་སྤྲོས་མཚན་ མཐའ་དག་གི་མཐོང་སྣང་འགག་བཞིན་འོད་གསལ་གནས་ལུགས་ཇེ་གསལ་དུ་ངེས་པར་ 2-1-240 འགྱུར་ཚུལ་གྲུབ་པའི་དབང་ཕྱུག་གིས་རྡོ་རྗེའི་ཚིག་ལས་སླར་ཡང་གསུངས་ཏེ། ཇི་སྐད་དུ། གདོད་ནས་དག་པའི་རང་བཞིན་ནམ་མཁའ་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་དགག་ པར་འགྱུར། །ཞེས་སོགས་ཀྱིས་ཕྱིར། འོད་གསལ་གནས་ལུགས་ཀྱི་མཐོང་ཚུལ་ཡང་དོན་ དམ་ཆོས་ཉིད་ཀྱི་རང་གཟུགས་རྣམ་པ་ཐམས་ཅད་པ་རྣམ་ཀུན་མཆོག་གི་བཀོད་པ་ཆེས་ཤིན་ ཏུ་དྭངས་ཤིང་གསལ་བ་ཕྲ་བའི་ལུས་སྣ་ཚོགས་པ་ཀུན་ནས་འཛིན་པའི་འཆར་སྒོ་གང་དག་ བེམ་རྫས་རེག་མཐོང་གི་རྣམ་པ་མེད་པར་ཡིད་མིག་རླུང་གསུམ་གྱི་གཡོ་བྱེད་འགོག་པས་ གཤིས་ཀྱི་གནས་ལུགས་ཀྱི་རང་ཞལ་རང་རིག་ཡེ་ཤེས་ལ་མངོན་པ་ཡིན་ཚུལ་རྡོ་རྗེའི་ཉམས་ མགུར་གྱིས་ཇི་བཞིན་གསུངས་པ་ཡང་འདི་ལྟ་སྟེ། གྲུབ་པའི་དབང་ཕྱུག་ཉིད་ཀྱི་ཞལ་ནས། སྔོན་མེད་དཔྱིད་འབྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་མཐོང་རེག་བྱར་མེད་ས་ར་ཧ། །མིག་མི་འཛུམ་པར་ལྟ་དང་མི་བསམ་དང༌། །རླུང་འགོག་པ་ནི་བླ་མ་དམ་པས་གསུངས། ཞེས་པ་ལ་སོགས་པ་ཆེས་མང་བའི་ཕྱིར། དེ་ལྟར་དུ་སློབ་དཔོན་ཀླུས་ཀྱང་བླ་མེད་ཐེག་པའི་ སྐབས་སུ་སྣང་མཆེད་ཐོབ་པའི་སྟོང་པ་གསུམ་རྣམ་པར་དག་པའི་རང་བཞིན་གཉུག་མའི་ཡེ་ ཤེས་འོད་གསལ་བ་སྤྲོས་ཚོགས་ཐམས་ཅད་ཀྱིས་སྟོངས་པའི་གཤིས་དག་པ་དྭངས་གསལ་ གྱི་རྨད་དུ་བྱུང་བ་ཆེན་པོ་དེ་བླ་མའི་མན་ངག་ལ་བརྟེན་ནས་རྡོ་རྗེའི་སློབ་མ་དག་གིས་ཇི་ བཞིན་མཐོང་དགོས་ཚུལ་འདི་ལྟར་གསུངས་ཏེ། གསང་འདུས་རིམ་ལྔ་ལས། ཐམས་ཅད་ སྟོང་པ་རྨད་པོ་ཆེ། །དྭངས་ཤིང་གསལ་བ་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནི་དེ་ ནས་གསལ་མཐོང་འགྱུར། །ཞེས་གསུངས་པ་ལ་སོགས་པའི་ཕྱིར། དེ་འདྲའི་གཉུག་མའི་ཡེ་ ཤེས་མངོན་བྱེད་སྐབས་གཟུང་འཛིན་གཉིས་མེད་ཀྱི་ཟུང་འཇུག་དམ་པའི་རྣལ་འབྱོར་ཞིག་ གནད་དུ་ཆེ་ཚུལ་སླར་ཡང་གསུངས་པ་འདི་བཞིན་ཏེ། ཟུང་འཇུག་གི་རིམ་པ་ལས། གཟུང་བ་ དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་བྱེད་བློ་ཡོད་པ། །དེ་ནི་ 2-1-241 ཟུང་འཇུག་ཅེས་བྱར་བཤད། །ཅེས་གསུངས་པའི་ཕྱིར། དེ་ལྟར་ཉམས་ལེན་སྒོམ་པའི་སྐབས་ དག་གི་མཉམ་བཞག་གི་ཚུལ་ཡང་ཡུལ་གང་ལའང་སེམས་ཀྱིས་དམིགས་པ་མེད་ཅིང་འཛིན་ མེད་སྤྲོས་བྲལ་འབའ་ཞིག་པས་གནས་པ་སྟོང་པ་ནམ་མཁའི་མཚན་ཉིད་ཅན་གྱི་རྣལ་འབྱོར་ བསྒོམ་ནུས་ན་དེ་ནི་ནམ་མཁའི་རྣལ་འབྱོར་ཟབ་མོ་ཡིན་པའི་ཚུལ་ཡང་སླར་གསུངས་ཏེ། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས་ཀྱང༌། སེམས་ལ་དམིགས་པ་མེད་པ་ཡིས། །གནས་པ་ནམ་ མཁའི་མཚན་ཉིད་ཅན། །དེ་དག་སྟོང་ཉིད་བསྒོམ་པ་ནི། །ནམ་མཁའ་སྒོམ་པར་བཞེད་པ་ ཡིན། །ཞེས་སོགས་གསུངས་པ་ལ་སོགས་པ་གཞན་ཡང་ཆེས་མང་བ་ཉིད་ཀྱི་ཕྱིར། འདིར་ འབྲས་ཐེག་གི་སྐབས་གཅིག་ཏུ་མ་ཟད་པར་རྒྱུ་ཐེག་དང་བཅས་པའི་སྐབས་ཐམས་ཅད་དུ་ལྟ་ བའི་མཆོག་འབྲས་བུར་གྱུར་པ་ནི་སྤྲོས་བྲལ་མི་རྟོག་པ་ཁོ་ན་ཡིན་ཞིང་དེ་ཇི་བཞིན་སྐྱེ་བའི་ ཐབས་མཚན་འཛིན་གཅོད་བྱེད་ཀྱི་རིགས་པའི་སྒོ་རྣམ་གྲངས་མང་པོ་བཀའི་དགོངས་འགྲེལ་ ཀླུ་ཐོགས་ཀྱི་གཞུང་ལུགས་སོ་སོར་བྱུང་བ་ཇི་བཞིན་གྱིས་ཀུན་རྫོབ་མཚན་མའི་བདག་དགག་ པར་བྱ་བ་སོགས་ལམ་ཡན་ལག་ཇི་སྙེད་པ་ཐམས་ཅད་མི་རྟོག་མཆོག་གི་ཡེ་ཤེས་བསྐྱེད་ པའམ་མངོན་དུ་གྱུར་པའི་ཐབས་འབའ་ཞིག་ཏུ་ངེས་པས་ཚུལ་དེ་ལུགས་ལ་དགོངས་ནས་ རྒྱལ་ཚབ་མི་ཕམ་མཆོག་གིས་ཀྱང་ཕར་ཕྱིན་ཐེག་པའི་དགོངས་འགྲེལ་ཁྱད་འཕགས་རྣམས་ སུ། མངོན་པར་ཞེན་པའི་རྟོག་པ་ཡང་དག་སྤང་བར་བྱ། ཞེས་པ་ལ་སོགས་པ་མདོ་སྔགས་ གང་གི་སྐབས་སུའང་རྣམ་རྟོག་ཉེས་པའི་རྩ་བ་ཆེན་པོར་གསུངས་ནས་དེ་འགོག་བྱེད་ཀྱི་ གཉེན་པོ་སྤྲོས་བྲལ་མི་རྟོག་པ་ཉིད་ལྟ་བའི་རྒྱལ་པོ་ཉིད་དུ་ཆེར་བསྔགས་མཛད་པ་ཆེས་མང་ ནའང་འདིར་རེ་ཞིག་དེ་ཙམ་དུ་བཞག་གོ། གཉིས་པ་ནི། སྒྲིབ་པ་གཉིས་ཀྱི་གཞིར་གྱུར་པའི་རྣམ་པར་རྟོག་པ་དེ་ཆོས་ཅན། ཁྱོད་ སྒྲིབ་པ་མཐའ་དག་གི་གཞིར་ཇི་ལྟར་གྱུར་བའི་ཚུལ་ལེགས་པར་བརྗོད་དུ་ཡོད་པ་ཡིན་ཏེ། 2-1-242 སྤྱིར་སྒྲིབ་གཉིས་ཀྱི་ཕྱོགས་སོ་སོར་དབྱེ་ན་བདེན་པའི་གནས་ལུགས་ལ་རྨོངས་ཙམ་གྱི་མ་ རིག་པ་དང༌། གང་ཟག་གི་བདག་འཛིན་དང་དེ་ལས་བྱུང་བའི་ཆགས་སྡང་སོགས་རྩ་བ་དང༌། ཉེ་བའི་ཉོན་མོངས་སུ་གཏོགས་པ་གང་དག་ནི་ཉོན་སྒྲིབ་ཡིན་ལ། གནས་ལུགས་གཤེགས་ སྙིང་དང་སྤྲོས་བྲལ་ཟབ་མོའི་དོན་ལ་རྨོངས་ཙམ་གྱི་མ་རིག་པ་དང་དེ་ལས་བྱུང་བའི་ཆོས་ཀྱི་ བདག་ཏུ་འཛིན་པ་འཁོར་གསུམ་བདེན་དངོས་སུ་རྟོག་ཅིང་འཛིན་པ་ལ་སོགས་པ་ནི་ཤེས་ སྒྲིབ་ཀྱི་ཚུལ་གོང་ལྟར་ཡིན་པས་དེ་གཉིས་ཀྱི་རྩ་བར་གྱུར་བ་བདེན་པ་དང་གནས་ལུགས་ མཐར་ཐུག་གི་དོན་ལ་བློ་མི་གསལ་བའི་རྨོངས་པ་དེ་གཉིས་ཀྱང་བློས་བྱས་ཀྱི་རྟོག་པ་མཚན་ མར་རིས་སུ་གཅོད་པ་ཕྲ་བ་རེས་དབང་གིས་རང་ཡུལ་གྱི་དོན་མི་གསལ་བ་ཡིན་གྱི་མཚན་ མར་རིས་གཅོད་ཀྱི་རིགས་བློས་བྱས་རྟོག་བློ་ཀུན་ནས་ཟད་ན་རྣམ་པ་མ་ལུས་པ་འབད་མེད་ ལྷུན་གྲུབ་ཀྱིས་ཅིག་ཆར་མཁྱེན་པ་ལ་གེགས་མཐའ་དག་ཟད་ཕྱིར་དེ་ལུགས་ལྟར་མི་མཁྱེན་ པ་མི་སྲིད་པས་ན་རྨོངས་པ་ཀུན་གྱི་གཞི་རྩ་བློས་བྱས་རྟོག་བློ་ཉིད་ལ་ཐུག་ཡོད་པ་ཚད་མས་ དམིགས་པ་ཉིད་ཀྱི་ཕྱིར། དེ་ལྟར་ན་སྒྲིབ་པ་གཉིས་ཀྱི་གཞིར་གྱུར་པའི་རྟོག་པ་ནི་ཡུལ་གང་ ལ་དམིགས་པ་ན་ཆེད་ཀྱི་འགྱུ་རྟོག་རགས་པ་ཡོད་མེད་གང་ཡིན་ཀྱང་མཚན་མར་སོ་སོར་ གཅོད་པའི་རྩོལ་བ་ཅི་རིགས་དང་བཅས་པའི་རང་ཡུལ་གྱི་ཕྱོགས་གཅིག་ལ་འཛིན་སྒོ་མིལྷོད་ ཅིང་རིས་སུ་ཆད་འདུག་པའི་བློ་ཕྱོགས་རེ་བའི་རྣམ་པ་ཅན་ཞིག་ཡིན་ནོ། །དེའི་གཉེན་པོ་སྤྲོས་ བྲལ་མི་རྟོག་པའི་ཡེ་ཤེས། ཆོས་ཅན། ཁྱོད་ཀྱི་ངོ་བོ་ཇི་བཞིན་བཤད་དུ་ཡོད་དེ། གཞི་དབྱིངས་ མཐར་ཐུག་གི་སྤྲོས་བྲལ་མི་རྟོག་རང་བྱུང་ཡེ་ཤེས་མངོན་ཐབས་སུ་དེའི་ངོ་བོ་ལམ་དུ་བྱེད་ པའི་ཚུལ་གྱིས་སློབ་པའི་དུས་སུ་མཚན་མར་སོ་སོར་གཅོད་པའི་རྩོལ་བའི་རིགས་མཐའ་དག་ རང་དྭངས་སུ་བྱས་ཏེ་དུས་གསུམ་དུ་གཏོགས་པའི་འགྱུ་སྒོ་རགས་པ་མ་ཟད་ཆེས་ཕྲ་མོའི་རང་ ཡུལ་གྱི་ཆ་གང་ལའང་ཕྱོགས་གཅིག་པའི་འཛིན་སྒོ་གང་ཡང་མེད་པར་རིས་སུ་མ་ཆད་པའི་ 2-1-243 འཛིན་མེད་ཕྱོགས་ལྷུང་དང་བྲལ་བའི་ཉམས་ཡངས་ཤིང་ཤིན་ཏུ་རྒྱ་ཆེ་བའི་སྤྲོས་བྲལ་དག་ པའི་རྣལ་འབྱོར་ཞིག་བླ་མའི་མན་ངག་གི་ཇི་བཞིན་ངོ་སྤྲོད་པ་དེ་ཉིད་རྩ་བྲལ་ལྷུན་གྲུབ་ཏུ་ རང་ཤུགས་ཀྱིས་བསྐྱངས་ཏེ་རིམ་གྱིས་ལམ་བདེན་མཐར་ཐུག་གི་སྐབས་གནས་ལུགས་སྤྲོས་ བྲལ་མི་རྟོག་པའི་ངོ་བོར་གྱུར་ཏེ་ཇི་བཞིན་མངོན་སུམ་དུ་རྣམ་པ་ཡོངས་རྫོགས་རྗེན་ཆར་གྱི་ ཚུལ་གྱིས་ལྷང་ངེར་གྱུར་པའི་བར་ལས་འདིར་གཉེན་པོ་གང་གྱུར་པ་གནས་ལུགས་ཉིད་སློབ་ པའི་དུས་རྣམས་ཆ་ཇི་བཞིན་གསལ་མི་ཐུབ་པའི་ལམ་གྱི་སྣང་ཆར་གྱུར་པའི་ཆེའི་སྤྲོས་བྲལ་ མི་རྟོག་པའི་ཕྱོགས་རྣལ་འབྱོར་བའི་ཉམས་མྱོང་གི་བློ་ཚོད་དང་བསྟུན་པའི་སློབ་ལམ་རྣམས་ རང་རང་གི་ངོས་སྐལ་གྱི་སྤང་བྱ་དག་གི་གཉེན་པོར་སོང་བའི་ཆ་ནས་དེ་དང་དེའི་གཉེན་པོ་ ཉིད་དུ་རིགས་ཤིང་འཐད་པ་ཡིན་པའི་ཕྱིར། དེས་ན་གནས་ལུགས་ཡེ་བཞུགས་ཀྱི་སྤྲོས་བྲལ་ མི་རྟོག་པའི་ཡེ་ཤེས་ཆེན་པོ། ཆོས་ཅན། རང་གི་སྡོད་ལུགས་ཀྱི་ཚུལ་དང་སློབ་པའི་སྣང་ཚུལ་ གཉིས་འཇོག་ཏུ་ཡོད་པ་ཡིན་ཏེ། གནས་ལུགས་རང་གི་སྡོད་ལུགས་གཞི་འབྲས་དབྱེར་མེད་ ཀྱི་དོན་དམ་བདེན་པ་ཉག་གཅིག་ཏུ་ངེས་པ་གང་ཞིགསློབ་པའི་སྣང་ཚུལ་ལ་གནས་ལུགས་ཀྱི་ རང་མདངས་ཕྱོགས་ཙམ་མངོན་པའི་དོན་དམ་གྱི་སྣང་ཆ་དང་རྣམ་ཤེས་རྒྱུད་བསྡུས་ཀྱི་རང་ སྣང་ཡེ་གཞིའི་ཆ་ཀུན་ཇི་བཞིན་མི་གསལ་བའི་ཀུན་རྫོབ་འཁྲུལ་སྣང་གི་ཆ་གཉིས་ཡོད་པའི་ ཕྱིར། དེར་ཐལ། དཔེར་ན་སྤྲིན་སྲབ་མོའི་སྦུབས་ཀྱི་ཉི་འོད་སྤྲིན་མདངས་ལ་འཕོས་ནས་དེས་ དངོས་སུ་མུན་པ་བཅོམ་པ་བཞིན་ནང་དབྱིངས་དོན་དམ་ཡེ་ཤེས་ཀྱི་གསལ་མདངས་རྣལ་ འབྱོར་བའི་རྒྱུད་བསྡུས་ཀྱི་ཤེས་ངོར་འཕོས་པ་ཉིད་ཀྱིས་ཀྱང་ཚུལ་དེ་ལུགས་ལྟར་རང་རྒྱུད་ ངོས་སྐལ་གྱི་དྲི་མ་རྟོག་ཚོགས་ཀུན་ལེགས་པར་གཞོམ་པའི་ཕྱིར། དེ་ལྟར་ན་རྣལ་འབྱོར་པའི་ བློ་ངོར་འཕོས་པའི་ལམ་གྱི་ཆ་དེ་ཉིད་དེ་གཉེན་པོ་སྤྲོས་བྲལ་མི་རྟོག་པར་འཇོག་པ་ཡིན་ཏེ། དེས་དངོས་སུ་སློབ་ལམ་དུ་སྤང་བྱ་རྟོག་ཚོགས་རྣམས་སྤོང་བྱེད་ཀྱི་གཉེན་པོབྱེད་པའི་ཕྱིར། 2-1-244 དངོས་སུ་གཉེན་པོ་དེ་ལྟར་བྱེད་པ་ཡང་ཕུགས་ཀྱི་གནད་གནས་ལུགས་ཡེ་ཤེས་ཀྱི་མདངས་ འོད་འཕོས་པ་ལ་ཐུག་པས་ཉེས་རྩ་རྟོག་ཚོགས་གཞོམ་པར་བྱེད་ནུས་པ་ནི་ཡེ་གཞི་གནས་ ལུགས་ཡེ་ཤེས་ཆེན་པོའི་སྟོབས་ཁོ་ནར་དོན་གྱི་གནས་ཚོད་དུ་ངེས་ཕྱིར་གནས་ལུགས་མེད་ ན་དྲི་མ་གློ་བུར་བ་དང་དེ་སྤངས་པ་གང་ཡང་བྱེད་པ་མེད་དོ། །དེ་འདྲའི་གཉེན་པོ་སྤྲོས་བྲལ་ མི་རྟོག་པ་དེ། ཆོས་ཅན། ཁྱོད་ཉེས་རྩ་རྟོག་ཚོགས་མཐའ་དག་བཅོམ་པའི་གཉེན་པོ་མཆོག་ཏུ་ ལེགས་པར་གྲུབ་སྟེ། ཉེས་པ་ཀུན་ནས་ཉོན་མོངས་པ་དག་གི་གཞིར་གྱུར་པའི་རྣམ་པར་རྟོག་ པ་དང་འཛིན་སྟངས་དངོས་སུ་འགལ་བའི་གཉེན་པོ་མཐར་ཐུག་པ་ཁྱོད་དུ་ངེས་པའི་ཕྱིར། དེར་ཐལ། རྟོག་པ་གང་དག་རང་རང་གི་ཡུལ་སོ་སོར་གཅོད་པའི་མཚན་མར་དམིགས་པ་ཅི་ རིགས་དང་བཅས་པ་ཁོ་ན་ཡིན་ལ་སྤྲོས་བྲལ་མི་རྟོག་པ་ནི་དེ་དག་གི་མི་མཐུན་ཕྱོགས་སྤྲོས་ པའི་ཆ་མཐའ་དག་བྲལ་བའི་སོ་སོར་རང་རིག་ཡེ་ཤེས་ཡིན་པས་ཀུན་རྟོག་ཐམས་ཅད་རྩ་བ་ ནས་འཇོམས་བྱེད་ཀྱི་གཉེན་པོ་སྟོབས་དང་ལྡན་པའི་བླ་མེད་དུ་ལུང་དང་རིགས་པས་གྲུབ་པ་ ཉིད་ཀྱི་ཕྱིར། དཔེར་ན་མུན་པའི་ཁྲོད་དུ་ཉིན་བྱེད་ཀྱི་འོད་མདངས་ཆེས་ཟིལ་བཟོད་དཀའ་ བ་ལྷག་པ་བཞིན་ནོ། །ལམ་གྱི་གནས་ལུགས་དེ་འདྲའི་སྤྲོས་བྲལ་མི་རྟོག་ཡེ་ཤེས་གོམས་པ་ རབ་ཀྱི་མཐར་ཕྱིན་པ་ན་གཞི་དབྱིངས་གནས་ལུགས་ཉིད་དང་དབྱེར་མེད་རོ་མཉམ་ཡང་ ཡིན་ཏེ། གཞིའི་གནས་ལུགས་དོན་དམ་ཡེ་ཤེས་རང་བྱུང་བ་གཅིག་པུ་ཉིད་མི་གསལ་བ་དང་ གསལ་བའི་ཁྱད་ཙམ་ལས་དོན་ལ་མི་རྟོག་ཡེ་ཤེས་ཀྱི་ཆ་ལ་ཁྱད་པར་མེད་པའི་ཕྱིར། མཐར་ ཐུག་གི་རོ་མཉམ་གཅིག་པུ་གཉུག་མ་ལྷན་ཅིག་སྐྱེས་པའི་རང་བྱུང་ཡེ་ཤེས་གནས་ལུགས་མི་ རྟོག་པ་དེ། ཆོས་ཅན། ཁྱོད་ཡེ་ནས་གཞི་འབྲས་དབྱེར་མེད་དུ་ངེས་པའི་གནས་ལུགས་ཉག་ གཅིག་གི་རང་བཞིན་ཡིན་ཏེ། སེམས་ཅན་ནས་སངས་རྒྱས་ཀྱི་བར་གྱི་དོན་དམ་ཆོས་ཉིད་ ཀྱི་ཆོས་སྐུ་སྤྱི་ནོར་ཆེན་པོ་གཅིག་ཏུ་ཡེ་གདོད་མ་ནས་བཞུགས་པའི་ཕྱིར། གནས་སྐབས་ 2-1-245 ལམ་གྱི་སྤྲོས་བྲལ་མི་རྟོག་མཆོག་དེ། ཆོས་ཅན། འཇིག་རྟེན་ཕ༷ལ་པ༷འི་མི༷་རྟོ༷ག་པ༷་གང་གིས་ ནམ་ཡང་འགྲན་མེད་ཀྱི་ལྟ་བའི་རྒྱལ་པོ་ཟླ་བྲལ་ཡིན་ཏེ། འཇིག་རྟེན་པའི་བསམ་གཏན་དང་ པོའི་སྙོམས་འཇུག་ནི་འོག་སའི་འདོད་རྟོག་ཙམ་བཀག་ནས་རང་སའི་ཏིང་ངེ་འཛིན་གྱི་རོ་ལ་ ཆགས་པ་སོགས་ལྷག་མའི་གཟུགས་ཁམས་པའི་སྙོམས་འཇུག་གསུམ་དང་གཟུགས་མེད་ ཀྱི་བཞི་རྣམས་ནི་རང་རང་གི་འོག་སའི་མཚན་རྟོག་རགས་པ་ཙམ་ཆེད་དུ་བཀག་ནས་རང་ རང་གི་ས་བའི་ཏིང་ངེ་འཛིན་གྱི་རོ་མྱང་ཞིང་ཆགས་ཞེན་གྱི་འཛིན་པ་ཆེས་མ་ལྷོད་པ་ཤ་སྟག་ དང་ཧྭ་ཤང་གི་ལྟ་བ་བསམ་མེད་ཧར་སྒོམ་སོགས་དང་གཞན་སྡེའི་རྟོག་ཚོགས་རགས་པ་ཞི་ བའི་མི་རྟོག་པ་ལ་སོགས་པ་ནི་ཕྱོགས་རེར་ཞེན་རྟོག་གི་ཆ་བཀག་ཀྱང་ཕྱོགས་གང་ཡང་རུང་ བ་རེ་ལ་མཚན་མར་ཞེན་རྟོག་མ་ཆོད་པ་མ་ཟད་རང་རང་གི་ཞེ་འདོད་འདྲ་མིན་གྱི་ཁྱད་པར་ ལས་མཚན་མ་སྣ་ཚོགས་སུ་ཞེན་ལུགས་འདྲ་མིན་གྱི་སྒོ་ཆེས་མང་བས་ཀུན་ནས་དཀྲིས་པའི་ འཆིང་བ་དམ་པོ་ཅན་འབའ་ཞིག་ཏུ་ངེས་ལ། སྤྲོས་བྲལ་རྣམ་པར་མི་རྟོག་པ་ནི་ཁམས་གསུམ་ གྱི་རྣམ་པར་རྟོག་པ་མཐའ་དག་དང་རང་གི་དམིགས་པའི་ཆ་གང་ལའང་མཚན་མའི་རིས་སུ་ གཅོད་པ་རྣམ་པ་ཀུན་ཏུ་མ་དམིགས་ཤིང་རང་བཞིན་སྤྲོས་བྲལ་ནམ་མཁའི་རྣལ་འབྱོར་ཆེན་ པོ་རྒྱ་ཆད་ཕྱོགས་སུ་མ་ལྷུང་བ་དག་མཉམ་རང་རིག་ཡེ་ཤེས་ཆེས་འོད་གསལ་བ་ཉེས་རྟོགས་ མ་ལུས་པ་འཇོམས་བྱེད་ཀྱི་གཉེན་པོ་འཇིག་རྟེན་ལས་འདས་པ་བླ་མེད་དུ་ངེས་པས་འཇིག་ རྟེན་ལས་མ་འདས་པ་དང་འདས་པ་སྤྲོས་བཅས་རྣམས་དང་སྨོས་མ་ཐག་པའི་སྤྲོས་མེད་ཀྱི་ཆ་ གཉིས་ནི་མཐུན་པ་མ་ཟད་མུན་པ་དང་སྣང་བ་བཞིན་དུ་གནོད་བྱ་གནོད་བྱེད་ཀྱི་ལྷན་ཅིག་མི་ གནས་འགལ་ཡིན་པའི་ཕྱིར་རོ། ། དེ་དག་གི་ཚུལ་ལས་ཁ་ཅིགགསང་ཆེན་ཐེག་པའི་སྤྲོས་བྲལ་མི་རྟོག་ཡེ་ཤེས་ཀྱི་གཟུགས་ ངོའི་སྟོང་གཟུགས་རྣམས་ལ་དོགས་པ་འདི་ལྟར་སྐྱེ་སྲིད་དེ་ཕར་ཕྱིན་ཐེག་པའི་སྐབས་ལང་ 2-1-246 གཤེགས། རྒྱན་སྟུག་པོའི་མདོ་གཉིས་ལས། བསམ་གཏན་བཞིའི་སྐབས་སུ། རྣལ་འབྱོར་ཅན་ གྱི་བརྩོན་བྱས་ན། །ཟླ་བ་ཉི་མའི་དབྱིབས་འདྲ་དང༌། །འོད་དང་པདྨ་ལྟ་བུ་དང༌། །རི་མོའི་ནམ་ མཁའི་མེ་འདྲ་མཐོང༌། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། །ཉན་ཐོས་དང་ནི་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྷུང་བར་བྱེད། །ཅེས་གསུངས་པ་སོགས་ ཀྱི་ལུང་དོན་ལ་འཁྲུལ་ནས་ལམ་གྱི་རྟགས་སྣང་སྟོང་གཟུགས་ལ་བརྟེན་ནས་མུ་སྟེགས་ཅན་ དང་ཐེག་དམན་དུ་གོལ་བར་འགྱུར་རམ་སྙམ་པ་བྱུང་ན། དེ་ལྟར་བསམ་པར་མི་བྱ་སྟེ། ལུང་ དེའི་སྐབས་ཀྱི་བསམ་གཏན་བཞི་ཡང་གང་ཟག་གི་བདག་མེད་སོགས་སྒོམ་པ་བྱིས་པ་ཉེར་ སྤྱོད་དང་བདག་མེད་གཉིས་དོན་རྟོག་དཔྱོད་ཀྱིས་སོ་སོར་རྟོག་པ་ཆོས་རབ་འབྱེད་པ་དང༌། སྦྱོར་ལམ་ཡན་དུ་དེ་བཞིན་ཉིད་ལ་གསལ་སྣང་ཐོབ་པ་དེ་བཞིན་ཉིད་དམིགས་དང༌། དེ་ བཞིན་ཉིད་མངོན་སུམ་དུ་མཐོང་བའི་མཉམ་བཞག་དེ་བཞིན་གཤེགས་དགེའི་བསམ་གཏན་ དང་བཞི་པོ་ཡིན་ལ། སྐབས་ཀྱི་ལུང་དོན་ཡང་དེ་འདྲའི་བསམ་གཏན་གསུམ་མན་ཆད་དུ་ མཐོང་སྣང་གི་རྟགས་ཟླ་ཉིའི་དབྱིབས་སོགས་མཐོང་བ་དང༌། མུ་སྟེགས་དང་ཐུན་མོང་གི་ བསམ་གཟུགས་ཀྱི་ཏིང་ངེ་འཛིན་ཡང་མང་དུ་འཆར་ཞིང༌། བསམ་གཏན་བཞི་པའི་དུས་སུ་ ཡང་ཉན་རང་དང་ཐུན་མོང་གི་ཏིང་ངེ་འཛིན་ཀྱང་མང་དུ་འབྱུང་ལ་དེ་དག་གི་སྐབས་གང་དུ་ ཡང་རྣམ་རྟོག་དང་འབྲེལ་བའི་ཀུན་རྫོབ་འཁྲུལ་སྣང་གི་ཆ་ཤས་རེ་ཡོད་ཆོག་ཅིང་ཁྱད་པར་དེ་ དག་ལ་ལས་དང་པོ་བའི་སྐབས་མཚན་འཛིན་མངོན་ཞེན་སོགས་ཀྱིས་ཆེས་བསླད་པར་བྱས་ ན་མུ་སྟེགས་ཅན་དང་ཐེག་དམན་གང་རུང་དུ་ལྷུང་ཉེན་ཡོད་པར་གསུངས་པ་ཡིན་གྱི་སྤྱིར་ རྟག་སྣང་དེ་དག་གིས་ལམ་ལོག་པར་ཁྲིད་པར་གསུངས་པ་མ་ཡིན་པའི་ཕྱིར། སྤྱིར་རྟགས་ སྣང་འཆར་ཚུལ་ཡང་ལས་རླུང་རགས་འབྲིང་ཕྲ་བ་གསུམ་ཅི་རིགས་འགག་ཚུལ་གྱི་བྱེད་པས་ ཐ་འབྲིང་རབ་གསུམ་ཡོད་མོད་ཀྱང་བླ་མེད་ཐེག་པའི་གསང་ལམ་གྱི་རྟགས་ཇི་བཞིན་པ་ 2-1-247 རྣམས་ནི་ཐབས་ཆེས་ཁྱད་པར་ཅན་གྱི་སྟོབས་ལས་བྱུང་ཕྱིར་སྟོང་གཟུགས་ཀྱི་གཙོ་བོ་རྣམས་ དོན་དམ་ཆོས་ཉིད་ཀྱི་རང་མདངས་སུ་ངེས་ཕྱིར་རྟགས་སྣང་ཕལ་བ་རྣམས་དང་དོན་དམ་དང་ ཀུན་རྫོབ་ཀྱི་ཁྱད་ཆེས་ཡོད་པས་སོ། །འདི་དག་ལ་ཞིབ་དཔྱད་ཡོད་ནའང་མང་བས་བཞག ༢ ཐབས་མཁས་ལམ་གྱི་རིམ་པས་བྱེད་ཚུལ། གཉིས་པ་གསང་ཆེན་ཐེག་པའི་ཐབས་མཁས་ལམ་གྱི་རིམ་པས་ཇི་ལྟར་མངོན་བྱེད་ ཚུལ་ནི་རྒྱས་པར་སྔགས་གཞུང་སོ་སོར་ཤེས་དགོས་ཤིང་འདིར་ས་བཅད་མ་སྟོང་ཙམ་ལས་ ཆེར་སྤྲོས་པའི་སྐབས་མིན་པས་དེ་ལུགས་ལྟར་ན་གོང་དུ་བཤད་པའི་ལམ་གྱི་གནས་ལུགས་ སྤྲོས་བྲལ་མི་རྟོག་པ་དེ་འདིར་གསང་ཆེན་བླ་མེད་ཀྱི་ཐེག་པ་མཐའ་དག་གི་ལམ་གྱི་སྲོག་ཏུ་ བྱས་ནས་སྔགས་གཞུང་དག་གི་ལམ་གྱི་རིམ་པ་མན་ངག་སོ་སོའི་རིམ་པ་དང་བཅས་ཆེས་ མང་བར་བཞུགས་པ་དག་ལས་གཙོ་བོར་གྱུར་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་ འདུས་རིམ་ལྔ་སོགས་ལས་བྱུང་བ་ལྟར། ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་རིམ་པ་རྣམས་དང༌། སློབ་དཔོན་དྲིལ་བུ་པའི་ལུགས་ཀྱི་བདག་ བྱིན་རླབས་པ། སྣ་ཚོགས་རྡོ་རྗེ། ནོར་བུ་འགེངས་པ། ཛ་ལནྡྷ་ར་བསམ་མི་ཁྱབ་པ་རྣམས་ དང༌། སློབ་དཔོན་ནག་པོ་སྤྱོད་པའི་ལུགས་ཀྱི་རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ ཀྱི་རིམ་པ། གསང་བའི་རིམ་པ་རྣམས་སོགས་བླ་མེད་སྦས་པའི་རྒྱུད་དག་གི་ཟབ་དོན་ལམ་ གྱི་རིམ་པ་ཆེས་མང་པོ་དང་ཁྱད་པར་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་རང་ལུགས་ཀྱི་ལམ་རིམ་ པ་གཉིས་སྤྱི་དང་ཁྱད་པར་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་སོར་བསམ་སྐུ་རྡོ་རྗེའི་རྣལ་འབྱོར། སྲོག་འཛིན་གསུང་རྡོ་རྗེའི་རྣལ་འབྱོར་དྲན་ཏིང་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་སྟེ་རྒྱུད་ སྡེ་སོ་སོའི་ལམ་གྱི་རིམ་པ་མི་འདྲ་བ་དེ་དག་ཀྱང་དོན་གནད་ཀྱི་དགོངས་པ་གཅིག་པའི་ཚུལ་ 2-1-248 གྱིས་ཡེ་གཞི་སྔགས་ཀྱི་རྒྱུད་ཟུང་འཇུག་བདེ་སྟོང་ལྷན་ཅིག་སྐྱེས་པའི་གཉུག་མ་རང་བྱུང་སྤྲོས་ བྲལ་མི་རྟོག་པའི་ཡེ་ཤེས་ཉག་གཅིག་མངོན་དུ་བྱེད་ཐབས་ཀྱི་ཚུལ་ལས་མ་འདས་པས་ཀུན་ གྱི་ཟབ་གནད་ལམ་གྱི་རིམ་པ་ཡང་མིང་ཐ་དད་པའི་རྣམ་གྲངས་ཙམ་ལས་ལམ་གྱི་ངོ་བོ་ཡང་ སྙིང་མི་གཅིག་པ་མེད་པ་ཁོ་ན་ལྟ་བུ་སྟེ། འདི་ལ་རིགས་པས་དཔྱད་ན། གསང་ཆེན་ལམ་གྱི་ རིམ་པ་དེ་དག་ཆོས་ཅན། ཁྱོད་དག་གིས་ནང་དབྱིངས་དོན་གྱི་ཟུང་འཇུག་མཐར་ཐུག་པ་ཉིད་ ལམ་གྱི་རིམ་པ་དོན་གནད་ཀྱི་ངོ་བོ་མཐུན་པའི་སྒོ་ནས་ཇི་ལྟར་མངོན་དུ་བྱེད་ཚུལ་ཡོད་དེ། སློབ་དཔོན་ཀླུའི་ལུགས་ཀྱི་ལུས་དབེན་དང༌། དྲིལ་བུའི་ལུགས་ཀྱི་ས་བོན་མེད་པའི་བདག་ བྱིན་རླབས་པ་དང༌། ནག་པོའི་ལུགས་ཀྱི་རྒྱུད་ཀྱི་རིམ་པ་དང༌། དུས་འཁོར་ལུགས་ཀྱི་སྐུ་རྡོ་ རྗེའི་རྣལ་འབྱོར་རྣམས་ཀྱིས་སྔགས་རྒྱུད་ཡེ་བཞུགས་ཀྱི་ཟུང་འཇུག་དེ་སྤྲོས་བྲལ་མི་རྟོག་པ་ དང་སྟོང་གཟུགས་རྣམ་ཀུན་པ་དབྱེར་མེད་རོ་མཉམ་ཆེན་པོའི་རང་བཞིན་དག་པའི་སྐུའི་རྣམ་ པར་མངོན་དུ་བྱེད་པ་དང༌། ཀླུའི་ལུགས་ཀྱི་ངག་དབེན་སེམས་དབེན་གཉིས་དང༌། དྲིལ་ བུའི་ལུགས་ཀྱི་ས་བོན་དང་བཅས་པའི་བདག་བྱིན་རླབས་པ་སྣ་ཚོགས་རྡོ་རྗེའི་རིམ་པ་གཉིས་ དང༌། ནག་པོའི་ལུགས་ཀྱི་སྔགས་ཀྱི་རིམ་པ་དང༌། ཡེ་ཤེས་ཀྱི་རིམ་པའི་སྟོད་ཙམ་དང༌། དུས་ འཁོར་ལུགས་ཀྱི་གསུང་རྡོ་རྗེའི་རྣལ་འབྱོར་རྣམས་ཀྱིས་སྔགས་རྒྱུད་ཡེ་བཞུགས་ཟུང་འཇུག་ སྲོག་གཟུགས་བདེ་བའི་ངོ་བོ་དང་དབྱེར་མེད་རྣམ་ཀུན་དག་མཉམ་གྱི་གཞོམ་མེད་གསུང་གི་ རྣམ་པར་མངོན་དུ་བྱེད་པ་དང༌། ཀླུའི་ལུགས་ཀྱི་སྒྱུ་ལུས་འོད་གསལ་ཟུང་འཇུག་གསུམ་དང༌། དྲིལ་བུའི་ལུགས་ཀྱི་ནོར་བུ་འགེངས་པ་ཛ་ལནྡྷ་ར་བསམ་མི་ཁྱབ་པ་གསུམ་དང༌། ནག་པོའི་ ལུགས་ཀྱི་ཡེ་ཤེས་ཀྱི་རིམ་པའི་སྨད་དང་གསང་བའི་རིམ་པ་གཉིས་དང༌། དུས་འཁོར་ལུགས་ ཀྱི་ཐུགས་རྡོ་རྗེའི་རྣལ་འབྱོར་རྣམས་ཀྱིས་སྔགས་རྒྱུད་ཡེ་བཞུགས་ཟུང་འཇུག་ཉིད་བེམ་རྗེས་ ཡེ་ཤེས་ཀྱི་ལུས་སུ་གནས་སྣང་འགྱུར་ཏེ་རིམ་གྱིས་འོད་གསལ་རྡོ་རྗེའི་སྐུ་དངོས་སུ་གྱུར་ནས་ 2-1-249 སྤྲོས་བྲལ་མི་རྟོག་ཆོས་དབྱིངས་ཀྱི་གནས་ལུགས་དང་མི་གཉིས་པ་སྔགས་ཀྱི་གཞི་རྒྱུད་ངེས་ པ་དོན་གྱི་ཟུང་འཇུག་མཐར་ཐུག་ཏུ་རྣམ་པ་ཡོངས་རྫོགས་ཇི་བཞིན་མངོན་དུ་བྱས་ནས་གཞི་ འབྲས་དབྱེར་མེད་ཀྱི་ཐུགས་ཆོས་སྐུ་གཅིག་གི་དགོངས་པ་རོ་མཉམ་དུ་གྱུར་པ་སོགས་སྔགས་ རྒྱུད་དེ་དག་གི་ལམ་གྱི་རིམ་པ་མིང་འདོགས་ཐ་དད་ཙམ་མ་གཏོགས་དོན་གྱི་གནད་དགོངས་ པ་གཅིག་ཁོ་ན་ལ་གཞོལ་ཞིང་འབབ་པའི་ཕྱིར་རོ། །དེ་དག་གིས་ཆོས་རྗེ་ཇོ་ནང་པ་ཆེན་པོའི་ རང་ལུགས་ལྟར་སྔགས་ལམ་གྱི་གནས་ལུགས་མདོ་ཙམ་སོང་ཟིན་ཏོ། །སྨྲས་པ། གནས་ལུགས་ཆོས་དབྱིངས་མི་འགྱུར་བདེ་ཆེན་ཉིད། ། དཔག་ཡས་རྒྱུད་སྡེ་དོན་དམ་ལྷའི་འཁོར་ལོ། ། གདོད་ནས་ཡོངས་རྫོགས་གཤིས་ལ་རྨོངས་དེ་གང༌། ། ལམ་བཟང་འཕྲུལ་གྱིས་ཇི་བཞིན་མངོན་འདིམཚར། ། ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གསུམ་པ། འབྲས་བུའི་གནས་ལུགས། གསུམ་པ་འབྲས་བུའི་གནས་ལུགས་ནི། ཡེ་གཞི་སྔགས་རྒྱུད་དོན་དམ་རང་བྱུང་གི་ཟུང་ འཇུག་དེ་ཉིད་གོང་དུ་བཤད་པ་བཞིན་གདོད་ནས་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་རང་བྱུང་ ཡེ་ནས་ཀུན་ཏུ་བཟང་པོ་ཀུན་གྱི་བདག་ཉིད་ཆེན་པོ་འཁོར་འདས་ཀུན་ལ་ཆོས་ཉིད་དམ་ པའི་ཚུལ་དུ་ཆ་མེད་ཀུན་འགྲོ་གཅིག་པུས་རྟག་པར་ཁྱབ་པ་ཉིད་ཀྱི་རང་གཤིས་ལ་ཐོག་བར་ མཐའ་གསུམ་དུས་རྣམ་ཐམས་ཅད་དུ་བཟང་ངན་གྱི་བྱེ་བྲག་འབྱེད་དུ་མེད་པར་རང་བཞིན་ ཆེས་དག་མཉམ་འབའ་ཞིག་ཡིན་པ་ལ་གནས་ལུགས་དེའི་ཆོས་ཅན་གྱི་ཚུལ་དུ་ཡོད་པའི་ སེམས་ཅན་གྱི་ཤེས་རྒྱུད་དེ་ཉིད་མཐར་ཐུག་ལ་རྨོངས་པའི་འཁྲུལ་སྣང་ཅན་གང་དག་གིས་ 2-1-250 ནམ་ཞིག་ལམ་ཡང་དག་པ་ལ་སློབ་པའི་དུས་འགྲིག་པ་གང་གི་ཚེ་ལམ་གྱི་སྟོབས་ཀྱིས་ཤེས་ རྒྱུད་ངན་པའི་འཁྲུལ་སྣང་རིམ་པས་སངས་པ་ན་མཐོང་སྣང་ཡང་རྣལ་འབྱོར་སློབ་པ་རང་ རང་གི་བློ་ཚོད་དང་འཚམ་པའི་མི་ཟབ་ཟབ་པ་དང་དམན་མཐོ་སྣ་ཚོགས་པ་ཡོད་པའི་དབང་ གིས་གཞིའི་ཆོས་ཉིད་དག་མཉམ་ཉིད་དེ་ཅུང་ཟད་དག་པ་དང་ཆེས་དག་པ་ཆེས་ཤིན་ཏུ་དག་ པའིརྣམ་པར་མཐོང་བའི་སྒོ་ནས་མཐར་ཐུག་གི་དོན་དམ་གཞི་དབྱིངས་མངོན་དུ་བྱེད་དགོས་ པ་དེ་བས་ན་གཞིའི་གནས་ཚུལ་དང་རྣལ་འབྱོར་བའི་མཐོང་ཚུལ་གཉིས་ཀྱི་ཆ་ནས་རང་ བཞིན་བྲལ་འབྲས་དང་གློ་བུར་བསྐྱེད་འབྲས་སུ་འཇོག་དགོས་ཤིང༌། དེ་ཡང་འདིར་བཤད་ བྱ་གཙོ་བོ་དོན་དམ་པའི་རང་བཞིན་བྲལ་བའི་འབྲས་བུ་དང༌། ཞར་བྱུང་མཚོན་ཙམ་ཀུན་ རྫོབ་གློ་བུར་བའི་བསྐྱེད་འབྲས་གཉིས་ལས། ༡ བཤད་བྱ་གཙོ་བོ་དོན་དམ་རང་བཞིན་བྲལ་འབྲས། དང་པོ་ལ། དོན་དམ་པའི་སྐུ་དང༌། ཡེ་ཤེས་དང༌། ཡོན་ཏན་དང༌། འཕྲིན་ལས་བཞི་ ལས། དང་པོ་ནི། གདོད་ནས་རང་བྱུང་ལྷུན་གྱིས་གྲུབ་པའི་གནས་ལུགས་དོན་དམ་བདེ་སྟོང་ ཟུང་འཇུག་གི་ཤིན་ཏུ་དྭངས་ཤིང་འོད་གསལ་བའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་གཞི་ འབྲས་དབྱེར་མེད་དང་པོའི་སངས་རྒྱས་ཆོས་སྐུ་རྟག་བརྟན་ཞི་བ་གཡུང་དྲུང་ཐེར་ཟུག་གི་ངོ་ བོ་འགྱུར་མེད་ལྷན་སྐྱེས་དོན་དམ་མཆོག་གི་སྐུ་གཅིག་པུ་དང༌། དོན་དམ་པའི་གནས་ལུགས་ ཀྱི་སྐུ་དེ་ཉིད་ལ་རང་བྱུང་འོད་གསལ་ཡེ་ཤེས་ཆེན་པོ་དང་ཤིན་ཏུ་ཕྲ་ཞིང་དྭངས་པའི་རྣམ་ ཀུན་དོན་དམ་པའི་རང་གཟུགས་ཆེས་ངོ་མཚར་བ་བསམ་གྱིས་མི་ཁྱབ་པའི་ཡུལ་གཉིས་ཀྱི་ སྒོ་ནས་དོན་དམ་པའི་ཆོས་སྐུ་དང་གཟུགས་ཀྱི་སྐུ་གཉིས་དང༌། དེ་འདྲའི་གནས་ལུགས་ཀྱི་ རང་བྱུང་ཡེ་ཤེས་ཉིད་ཀྱི་སྐུ་དང་དོན་དམ་རང་གཟུགས་རང་སྣང་དག་པའི་ལོངས་སྐུ་དང་རང་ 2-1-251 སྣང་གི་སྤྲུལ་པ་མཆོག་གི་སྐུ་སྟེ་དོན་དམ་པའི་སྐུ་གསུམ་གྱི་རྣམ་གཞག་འཇོག་ཏུ་ཡོད་ཅིང༌། དེ་དག་ཏུ་མ་ཟད་སྐུ་བཞི་དང་ལྔ་དང་དྲུག་སོགས་འཇོག་ཚུལ་གཞན་ཡང་ཆེས་མང་མོད་ཀྱང་ འདིར་ནི་སྐུ་བཞི་ལྔ་དྲུག་གི་ཡིན་ལུགས་མདོ་ཙམ་འཆད་པ་སྟེ། དེ་ཡང་ཡེ་གཞི་གནས་ལུགས་ མཆོག་གི་ཟུང་འཇུག་དོན་དམ་པའི་དེ་ཁོ་ན་ཉིད་དོན་དམ་ཆགས་པ་ཆེན་པོ་ཀུན་རྫོབ་ཀྱི་ ཆགས་པས་ནམ་ཡང་མ་གོས་པ་ཐབས་ཤེས་ཀྱི་སྤྲོས་མཚན་གང་གི་ངོ་བོར་རིས་སུ་གཅོད་དུ་ མེད་པའི་རང་གཤིས་སྤྲོས་བྲལ་དག་པའི་བདེ་སྟོང་ལྷན་སྐྱེས་རང་བྱུང་བ་ཉག་མ་གཅིག་གི་ཆ་ དེ་དོན་དམ་ངོ་བོ་ཉིད་ལྷན་སྐྱེས་ཀྱི་སྐུ་དང༌། དོན་དམ་རྣམ་ཀུན་པའི་ཤེས་རབ་ཐབས་ཀྱི་རང་ བཞིན་ཆེན་པོ་ངེས་པར་སྤྲོས་མཚན་གྱི་རྟག་མི་རྟག་གཅིག་དུ་མ་དངོས་པོ་དངོས་མེད་གང་ གི་མཚན་ཉིད་དུ་མ་གྲུབ་པས་རང་བཞིན་གསལ་བ་ལ་སྤྲོས་ཚོགས་ཀྱི་མུན་པ་བྲལ་བའི་དག་ ཆེན་འབའ་ཞིག་པའི་ཆ་དེ་དོན་དམ་ཆོས་སྐུ་དང༌། རང་བཞིན་དག་མཉམ་གཞོམ་མེད་གསུང་ རྣམ་པ་ཐམས་ཅད་པ་སྒྲ་བརྙན་ལྟ་བུའི་ངོ་བོ་ཉིད་ཀྱིས་སྤྲོས་མེད་སེམས་ཅན་མཐའ་ཡས་ པ་ལ་སྒྲ་སྐད་དེ་སྙེད་ཀྱིས་ཆོས་སྟོན་བྱེད་དག་གི་གནས་ལུགས་སུ་གྱུར་པའི་ཆ་དེ་དོན་དམ་ ལོངས་སྐུ་དང༌། རང་བྱུང་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་གཤིས་ཉིད་ ལས་ཤར་བའི་རྣམ་པར་འཕྲུལ་བ་ཆེན་པོ་སེམས་ཅན་གང་དག་སྨིན་བྱེད་ཀྱི་སླད་དུ་རང་རང་ གི་མོས་པ་སྣ་ཚོགས་དང་མཐུན་པའི་བསམ་པའི་རེ་འདོད་རྫོགས་པར་མཛད་པའི་སྤྲུལ་པ་ མཆོག་གི་བཀོད་པ་གང་དག་གི་གནས་ལུགས་སུ་གྱུར་པའི་ཆ་དེ་དོན་དམ་པའི་སྤྲུལ་སྐུ་ཡིན་ ཏེ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་ལས། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་ འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་ པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་ པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ། །སེམས་ཅན་རྣམས་ནི་སྨིན་ 2-1-252 པའི་སླད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །ཞེས་གསུངས་ ཤིང༌། དེ་དག་གི་དོན་གསལ་བྱེད་འགྲེལ་ཆེན་ལས་ཀྱང༌། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་མོས་པ་སྣ་ཚོགས་ལས། །རང་རང་བསམ་པས་སེམས་ཅན་གྱིས། །མཐོང་བ་སྤྲུལ་པའི་ མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་འདི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །མི་རྟག་ པ་མིན་རྟག་པའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་ པའང་མིན། །འདི་ནི་རྟེན་བྲལ་ཆོས་སྐུའོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང༌། །ཆགས་དང་ ཆགས་བྲལ་རྣམ་པར་སྤངས། །ཤེས་རབ་མ་ཡིན་ཐབས་ཀྱང་མིན། །འདི་ནི་ངོ་བོ་ཉིད་སྐུ་ གཞན། །ཞེས་གསུངས་པའི་སྒོ་ནས་རྩའགྲེལ་ཤན་སྦྱར་གྱི་ཚུལ་གྱིས་རང་བྱུང་དོན་དམ་པའི་ ངོ་བོ་ཉིད་སྐུའམ་ལྷན་སྐྱེས་ཀྱི་སྐུ་དང་སྤྲོས་བྲལ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་ དང་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་བཞི་པོ་རྩ་ཚིག་ཡས་རིམ་དང་འགྲེལ་ཚིག་མས་རིམ་གྱིས་ རྩ་འགྲེལ་དུ་སྦྱར་བ་ཉིད་ཀྱི་ཕྱིར། ཡང་གནས་ལུགས་ཟུང་འཇུག་དེ་དོན་དམ་པའི་སངས་ རྒྱས་ཀྱི་སྐུ་ལྔའི་བདག་ཉིད་དུ་བཞུགས་ཚུལ་ཡང་གཉུག་མ་གདོད་ནས་དག་པའི་རང་བྱུང་ ཡེ་ཤེས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་བདག་ཉིད་དེ་དོན་དམ་རྣམ་པ་ཐམས་ཅད་པའི་ གཟུགས་ཕུང་མཐའ་ཡས་པའི་བདག་དམ་པའི་རང་བཞིན་གྱི་སྤྲུལ་པའི་སྐུ་དང༌། དོན་དམ་ སྒྲ་སྐད་ཐམས་ཅད་པའི་སྒྲ་ཡི་ཕུང་པོ་མཐའ་ཡས་པའི་བདག་དམ་པའི་རང་བཞིན་གྱི་ལོངས་ སྤྱོད་རྫོགས་པའི་སྐུ་དང༌། དོན་དམ་ཆོས་རྣམ་པ་ཐམས་ཅད་པའི་ཆོས་ཀྱི་ཕུང་པོ་མཐའ་ཡས་ པའི་བདག་དམ་པའི་རང་བཞིན་གྱི་ཆོས་ཀྱི་སྐུ་དང༌། དོན་དམ་ཡེ་ཤེས་ཀྱི་རྣམ་པ་ཐམས་ཅད་ པའི་ཡེ་ཤེས་ཀྱི་ཕུང་པོ་མཐའ་ཡས་པའི་བདག་དམ་པའི་རང་བཞིན་གྱི་ཡེ་ཤེས་ཀྱི་སྐུ་དང༌། དོན་དམ་བདེ་ཆེན་གྱི་རྣམ་པ་ཐམས་ཅད་པའི་བདེ་བའི་ཕུང་པོ་མཐའ་ཡས་པའི་བདག་དམ་ 2-1-253 པའི་རང་བཞིན་གྱི་བདེ་བའི་སྐུ་གདོད་ནས་འགྱུར་བ་མེད་པའི་མཆོག་ཏུ་ཡེ་ནས་དག་མཉམ་ འབའ་ཞིག་གི་ངོ་བོར་བཞུགས་པ་ཡིན་ཏེ། དོན་དམ་མཚན་བརྗོད་ལས། སངས་རྒྱས་སྐུ་ལྔའི་ བདག་ཉིད་ཅན། ཞེས་གསུངས་པའི་དགོངས་དོན་གསལ་བྱེད་ལྟ་འདོད་མདོར་བསྟན་ལས་ ཀྱང༌། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ། སྒྲ་ཡི་ཕུང་པོ་ མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུར་རབ་བསྒྲགས། །ཡེ་ཤེས་ཕུང་པོ་མཐའ་ཡས་པ། །བདག་གི་ཡེ་ཤེས་ སྐུ་རབ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག །ཅེས་གསུངས་པའི་སྒོ་ནས་དོན་དམ་པའི་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་ཡེ་ཤེས་ཀྱི་སྐུ་བདེ་བའི་ སྐུ་ལྔ་པོ་རྩ་བའི་མདོར་བསྟན་དང་འགྲེལ་བས་གསལ་བཤད་མཛད་པའི་ཕྱིར། ཡང་གནས་ ལུགས་ཀུན་ཁྱབ་ཟུང་འཇུག་ཉིད་ཡེ་གདོད་མ་ནས་ཆོས་ཅན་ཀུན་རྫོབ་ཀྱི་གཟུགས་ཀྱི་རང་ བཞིན་དག་པའི་ཆོས་ཉིད་དོན་དམ་གྱི་འཁོར་ལོའི་རིགས་རྣམ་པར་སྣང་མཛད་དང༌། དེ་ བཞིན་དུ་ཆོས་ཅན་ཀུན་རྫོབ་ཚོར་བའི་རང་བཞིན་དག་པའི་ཆོས་ཉིད་དོན་དམ་རིན་ཆེན་གྱི་ རིགས་རིན་ཆེན་འབྱུང་ལྡན་དང༌། ཆོས་ཅན་ཀུན་རྫོབ་འདུ་ཤེས་ཀྱི་རང་བཞིན་དག་པའི་ཆོས་ ཉིད་དོན་དམ་གྱི་པདྨའི་རིགས་སྣང་བ་མཐའ་ཡས་དང༌། ཆོས་ཅན་ཀུན་རྫོབ་འདུ་བྱེད་ཀྱི་རང་ བཞིན་དག་པའི་ཆོས་ཉིད་དོན་དམ་གྱི་རལ་གྲིའི་རིགས་དོན་ཡོད་གྲུབ་པ་དང༌། ཆོས་ཅན་ ཀུན་རྫོབ་ཡེ་ཤེས་ཀྱི་རང་བཞིན་དག་པའི་ཆོས་ཉིད་དོན་དམ་གྱི་རྡོ་རྗེའི་རིགས་རྡོ་རྗེ་སེམས་ དཔའ་དང༌། ཆོས་ཅན་ཀུན་རྫོབ་རྣམ་ཤེས་ཀྱི་རང་བཞིན་དག་པའི་ཆོས་ཉིད་དོན་དམ་གྱི་གྲི་ གུག་གི་རིགས་མི་བསྐྱོད་པ་རྣམས་ཀྱི་ངོ་བོར་ཡང་རྟག་ཏུ་བཞུགས་པ་ཡིན་ཏེ། བསྡུས་པའི་ རྒྱུད་རྒྱལ་ལས། འཁོར་ལོ་སྲིད་གསུམ་ཀུན་ནས་དྭངས་པ་ཞེས་པའོ། །བདེ་བ་རིན་ཆེན་འདི་ ཡི་ཆགས་པ་ཉིད་དག་ནི། པད་མའོ་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་དག་ཀྱང་ཡེ་ཤེས་སྐུ་ 2-1-254 ཆེན་རྣམ་པར་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ཏེ་འདི་ དག་རྣམས་ཀྱིས་སྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་དབང་པོ་ལ་སོགས་མཁའ་བཞིན་ རོ་མཉམ་དེ་དག་རྣམས་ཀྱང་དེ་བཞིན་རིག་པར་བྱ། །ཞེས་ཆོས་ཅན་ཀུན་རྫོབ་ཀྱི་ཕུང་པོ་ དྲུག་གི་ཆོས་ཉིད་དོན་དམ་པའི་རྒྱལ་བ་རིགས་དྲུག་ཡིན་པ་བཞིན་ཀུན་རྫོབ་པའི་ཁམས་དང་ དབང་པོ་སོགས་ཀྱི་ཆོས་ཉིད་ཀྱང་དོན་དམ་པའི་རྒྱལ་བ་དྲུག་གི་སྐུར་བཞུགས་ཚུལ་དེ་འདྲའི་ སྒོ་ནས་ཀུན་རྫོབ་ཀྱི་དྲུག་ཚན་གང་དག་མི་བདེན་པ་རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་ཞིང་དོན་ དམ་ཆོས་དབྱིངས་ཀྱི་རིགས་དྲུག་པོ་གཤིས་ལུགས་ཇི་བཞིན་བདེན་ངེས་ཀྱི་གནས་ལུགས་ མཐར་ཐུག་གི་ཚུལ་དུ་ངོ་བོ་ནམ་ཡང་མི་སྟོང་པའི་སྔགས་ཀྱི་ཡེ་གཞི་ངེས་པ་དོན་ཀྱི་གཞན་ སྟོང་དུ་བཞུགས་པའི་གསང་དོན་ཇི་བཞིན་བསྟན་པའི་ཕྱིར་རོ། ། གཉིས་པ་དོན་དམ་པའི་ཡེ་ཤེས་ནི། ཡེ་གཞི་རང་བྱུང་དོན་དམ་པའི་ཡེ་ཤེས་ལྔ་གདོད་ ནས་བཞུགས་ཚུལ་ཡང་རང་བྱུང་ཡེ་ཤེས་ཆེན་པོ་ཉིད་དེ་གདོད་ནས་སྤྲོས་ཀུན་བྲལ་བའི་སྟོང་ པ་ཉིད་ཆེན་པོ་ཡིན་པས་ཀུན་རྫོབ་དངོས་སྣང་གི་བཏགས་ཡོད་ཀྱི་གཟུགས་བེམ་དུ་མ་གྲུབ་ པར་རང་བཞིན་སྤྲོས་ཚོགས་ཀྱིས་སྟོང་ཡང་ཅང་མེད་སྟོང་རྐྱང་དུ་མ་ཟད་པར་མེ་ལོང་ལ་ གཞོན་ནུ་མས་པྲ་ཕབ་པའི་སྣང་བརྙན་བཞིན་སྤྲོས་མེད་རྣམ་པ་ཀུན་གྱི་བདག་ཉིད་དུ་རང་ གཤིས་ཆེས་གསལ་བའི་རང་བྱུང་ཡེ་ཤེས་ཀྱི་ཆ་དེ་དོན་དམ་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ ཏེ། དུས་འཁོར་རྩ་བའི་རྒྱུད་རྒྱལ་ལས། སྟོང་པ་ལ་ནི་དངོས་པོའི་ཚོགས། །བརྟགས་པའི་ གཟུགས་སྤངས་བེམ་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡི་བཞིན། །ཞེས་གསུངས་པའི་ཕྱིར། ཡང་ཡེ་གཞི་གནས་ལུགས་ཀྱི་ཟུང་འཇུག་མཆོག་དེ་ཀུན་རྫོབ་ཀྱི་ དངོས་སྣང་མཐའ་དག་རང་བཞིན་དག་མཉམ་དུ་སོང་ནས་གནས་ལུགས་དོན་དམ་པའི་ དངོས་གཅིག་རྣམ་ཀུན་པ་གདོད་ནས་འགྱུར་མེད་དུ་བཞུགས་པས་ཡེ་ཤེས་ཀྱི་དག་སྣང་ཆད་ 2-1-255 པ་མེད་བཞིན་རྣམ་པར་ཤེས་པའི་སྣང་ཆ་ཀུན་ནས་དག་ཅིང་རྟག་པ་མ་ཡིན་པའི་རང་བྱུང་ཡེ་ ཤེས་ཀྱི་ཆ་དེ་དོན་དམ་པའི་མཉམ་ཉིད་ཡེ་ཤེས་ཡིན་ཏེ། རྒྱུད་དེ་ཉིད་ལས། དངོས་ཀུན་ མཉམ་པ་ཉིད་གྱུར་ནས། །དངོས་པོ་གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་ བ། །ཆད་པ་མ་ཡིན་རྟག་པའང་མིན། །ཞེས་གསུངས་པའི་ཕྱིར། ཡང་ཡེ་གཞི་ཟུང་འཇུག་ཉིད་ ཀུན་རྫོབ་བརྗོད་བྱེད་ཀྱི་ཡི་གེའི་སྤྲོས་པ་མེད་ཀྱང་དོན་དམ་གཉིས་མེད་ཡེ་ཤེས་ཆེན་པོ་ཨ་ ཡིག་གཞི་དབྱིངས་ཉིད་དོན་དམ་པའི་མིང་གི་བདག་ཉིད་ཐམས་ཅད་དུ་ཡེ་ནས་གཤིས་སུ་ ལྷུན་གྲུབ་ཏུ་རྫོགས་པའི་གདོད་ནས་མི་འགྱུར་ཆེན་པོ་དོན་དམ་རང་བྱུང་ཡེ་ཤེས་ཀྱི་གནས་ ཐོབ་པ་སྤྲོས་བཅས་མིང་མེད་དང་མིང་ཅན་གང་གིས་མ་བསླད་པའི་རང་བཞིན་དག་པའི་ཡེ་ ཤེས་ཀྱི་ཆ་དེ་དོན་དམ་པའི་སོར་རྟོགས་ཡེ་ཤེས་ཡིན་ཏེ། རྒྱུད་དེ་ཉིད་ལས། མིང་གི་བདག་ ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལས་ཡང་དག་བྱུང༌། །མི་འགྱུར་ཆེན་པོའི་གནས་ཐོབ་པ། །མིང་མེད་མིང་ཅན་དག་ཀྱང་མེད། །ཅེས་གསུངས་པའི་ཕྱིར། ཡང་ཡེ་གཞི་ཟུང་འཇུག་ཉིད་ གདོད་ནས་མ་སྐྱེས་དག་པའི་ཆོས་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་འདུ་བྱེད་སྤྲོས་པའི་མཚན་མ་ ཀུན་བྲལ་གྱི་དབྱིངས་རང་གི་ངོས་ནས་སྔར་མེད་གསར་ཐོབ་ཀྱི་སངས་རྒྱས་བྱང་ཆུབ་དང་ སྔར་ཡོད་ཕྱིས་སུ་མེད་པ་ཅན་གྱི་སེམས་ཅན་སྲོག་ཅེས་བྱ་བ་གང་ཡང་མེད་ཅིང་དག་མཉམ་ འབའ་ཞིག་གི་ཡེ་ཤེས་ཀྱི་ཆ་དེ་དོན་དམ་པའི་བྱ་གྲུབ་ཡེ་ཤེས་ཡིན་ཏེ། རྒྱུད་དེ་ཉིད་ལས། སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་རྣམས་ལ་ཡང༌། །སངས་རྒྱས་ཉིད་མེད་བྱང་ ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་གསུངས་པའི་ཕྱིར། ཡང་ཡེ་གཞི་ཟུང་ འཇུག་མཆོག་དེ་ཉིད་ཀུན་རྫོབ་རྣམ་ཤེས་ཀྱི་ཆོས་མཐའ་དག་ལས་འདས་ཤིང་རང་བྱུང་ཡེ་ ཤེས་ཡེ་ནས་དྲི་མ་གང་གིས་གོས་པ་མེད་པའི་རང་བཞིན་གྱིས་འོད་གསལ་བའི་གནས་ ལུགས་དོན་དམ་པའི་ཆོས་མ་ལུས་པའི་རྣམ་པ་ཡོངས་སུ་རྫོགས་པའི་ཆོས་དབྱིངས་དེ་བཞིན་ 2-1-256 ཉིད་ཀྱི་ཡེ་ཤེས་ཀྱི་ཆ་དེ་དོན་དམ་པའི་ཆོས་དབྱིངས་ཡེ་ཤེས་ཡིན་ཏེ། རྒྱུད་དེ་ཉིད་ལས། རྣམ་ པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་ རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས། །ཞེས་གསུངས་པའི་ཕྱིར། གསུམ་པ་ དོན་དམ་པའི་ཡོན་ཏན་ནི། རང་བཞིན་གཤིས་ལུགས་སྔགས་གཞི་ཟབ་མོ་བདེ་སྟོང་ཟུང་ འཇུག་གི་རང་མདངས་ལས་མངོན་པར་ཤེས་པའི་ཡོན་ཏན་མངོན་ཚུལ་ཡང་གཉུག་མ་བདེ་ ཆེན་གྱི་ཡེ་ཤེས་དོན་དམ་པའི་དཀྱིལ་འཁོར་གྱི་གཙོ་བོ་ཐབས་ཀྱི་རང་བཞིན་དུ་བཞུགས་ པའིརྣམ་པ་ཀུན་ལྡན་གྱི་སྐུ་དང་སྒྲ་སྐད་ཐམས་ཅད་པའི་གསུང་དང༌། དོན་དམ་ཆོས་ཀུན་ གཟིགས་པའི་ཐུགས་གསུམ་གྱི་མཐུ་ལས་རྣལ་འབྱོར་བ་དག་ལ་ལྷའི་སྤྱན་དང་ལྷའི་རྣ་བ་དང་ གཞན་སེམས་ཤེས་པའི་མངོན་ཤེས་གསུམ་དང༌། གཉུག་མ་རྣམ་ཀུན་མཆོག་ལྡན་སྟོང་པ་ ཉིད་ཀྱི་ཡེ་ཤེས་དོན་དམ་པའི་དཀྱིལ་འཁོར་གྱི་གཙོ་མོ་ཤེས་རབ་ཀྱི་རང་བཞིན་དུ་བཞུགས་ པའི་དེ་འདྲའིརྣམ་པ་ཐམས་ཅད་པའི་སྐུ་གསུང་ཐུགས་གསུམ་གྱི་མཐུ་ལས་རྣལ་འབྱོར་བ་ དག་ལ་སྔོན་གནས་རྗེས་དྲན་དང་རྫུ་འཕྲུལ་དང༌། ཐམས་ཅད་རང་བཞིན་བདེ་མཉམ་མཆོག་ གཞོམ་དུ་མེད་པའི་མངོན་ཤེས་གསུམ་དང་དེ་འདྲའི་མངོན་ཤེས་དྲུག་དང་གཞན་ཡང་མངོན་ ཤེས་ཀྱི་ཁྱད་པར་མང་པོ་བཅས་མངོན་དུ་གྱུར་པའི་སྐབས་ཀྱི་གཞིའི་དོན་དམ་པའི་ཐབས་ ཤེས་ཟུང་འཇུག་གི་གསང་བ་གསུམ་ཚན་གཉིས་ཏེ་གནས་ལུགས་དྲུག་གི་ཆར་གྱུར་པའི་རང་ བྱུང་ཡེ་ཤེས་ཀྱི་ངོ་བོ་གང་དག་ནི་དོན་དམ་པའི་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་ཡིན་ཏེ། བསྡུས་པའི་རྒྱུད་རྒྱལ་ལས། གཙོ་བོའི་སྐུ་ཡི་མཐུ་ལས་རྣལ་འབྱོར་པ་རྣམ་དག་གི་མཆོག་གི་ ལུས་ལ་ལྷའི་སྤྱན་དུ་འགྱུར། །དེ་ཡི་གསུང་གི་མཐུ་ལས་རྣ་བ་དེ་ཡི་ཐུགས་ལས་གཞན་གྱི་སྙིང་ ལ་གནས་པ་ཤེས་པར་འགྱུར། །ཤེས་རབ་སྐུ་ཡི་མཐུ་ལས་རྣམ་གསུམ་སྲིད་པ་ལ་གནས་སྔོན་ གྱི་སྐྱེ་བ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཀྱི་ནི་གསུང་གི་མཐུ་ལས་མཁའ་མཉམ་ཐམས་ 2-1-257 ཅད་དུས་སུ་ཀུན་འགྲོའི་རྫུ་འཕྲུལ་དུ་རབ་འགྱུར། །ཤེས་རབ་ཐུགས་ཀྱི་རང་བཞིན་ལས་ནི་ གང་ཞིག་བདེ་མཉམ་ཐམས་ཅད་དུས་སུ་གཞོམ་དུ་མེད་པར་འགྱུར། །ཞེས་སོགས་རྒྱས་པར་ གསུངས་པའི་ཕྱིར། བཞི་པ་དོན་དམ་པའི་འཕྲིན་ལས་ནི། གཞི་དབྱིངས་སྔགས་ཀྱི་དེ་ཉིད་ ཟབ་མོ་གདོད་ནས་བཞུགས་པའི་དོན་དམ་ཟུང་འཇུག་བྲལ་འབྲས་ཆོས་སྐུ་ཉག་གཅིག་ལས་ རྟག་པར་གཡོ་བ་མི་མངའ་བའི་ལྷུན་གྱིས་གྲུབ་པའི་མཛད་པ་བཟང་པོ་ནམ་ཡང་དུས་ཀུན་ཏུ་ རྒྱུན་ཆད་པ་མེད་པའི་ཚུལ་དཔེར་ན་ཟླ་བ་དང་ཆུ་ཤེལ་ལས་རྟོག་པ་མེད་བཞིན་རང་ཤུགས་ ཀྱིས་ཆུ་འབྱུང་བ་བཞིན་གནས་ལུགས་དོན་དམ་པའི་རྒྱལ་བའི་བདག་པོ་དོན་དམ་རྣམ་ཀུན་ མཁྱེན་པ་རྟོག་མེད་ཡེ་ནས་ལྷུན་གྲུབ་པའི་ཆོས་ཀྱི་སྐུ་ལས་རྟོག་པས་འབད་མེད་ཀྱི་ངང་ནས་ མཐའ་ཡས་པའི་གདུལ་བྱ་གང་དག་ལ་རང་རང་དང་འཚམ་པར་ཟབ་རྒྱས་ཀྱི་ཆོས་རྒྱུན་ངེས་ པར་འབྱུང་ཞིང༌། ཟླ་བ་ཆུ་ཤེལ་ལས་བྱུང་བའི་ཆུ་ས་ལ་གནས་པའི་ས་བོན་གྱི་ཁམས་དག་ལ་ ཞུགས་ནས་རོ་མཉམ་དུ་གྱུར་ཏེ་འབྲས་བུ་སྣ་ཚོགས་བསྐྱེད་པའི་ཕན་འདོགས་པ་བཞིན་དོན་ དམ་རྒྱལ་བའི་ཆོས་གང་དག་གདུལ་བྱ་སེམས་ཅན་རྣམས་ཀྱི་དག་པའི་སེམས་ལ་ཉེ་བར་ ཞུགས་ཏེ་རོ་མཉམ་པའི་སྒོ་ནས་གདུལ་བྱ་རང་རང་གི་ཁམས་དབང་སྔོན་ལས་སོགས་དང་ མཐུན་པའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྤེལ་བར་མཛད་པའི་རང་བཞིན་ལྷུན་ གྲུབ་ཀྱི་མཛད་བཟང་དུས་འཁོར་མོར་འབྱུང་བའི་གཤིས་ཀྱི་གནས་ལུགས་སུ་གྱུར་པའི་དག་ མཉམ་འབའ་ཞིག་པའི་ཆ་དེ་དོན་དམ་པའི་འཕྲིན་ལས་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། དཔལ་ ལྡན་ཟླ་བ་དང་ནི་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་བ། །དེ་བཞིན་ འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་བརྟེན་ཐམས་ཅད་མཁྱེན་པའི་ཆོས་འཛག་ སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་འགྱུར་བ་ཇི་བཞིན་ཉིད་དུ་ཆོས་ དག་ནི། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱིས་རྣམ་པ་མང་པོར་འགྱུར་ཏེ་སྔོན་གྱི་ 2-1-258 ལས་ཀྱི་མཐུ་ལས་སོ། །ཞེས་སོགས་གསུངས་པ་ལྟར་དོན་དམ་དབྱིངས་གཅིག་པུའི་མཐུ་ ལས་རང་སྣང་ལ་བསམ་མི་ཁྱབ་པའི་ཚུལ་གྱིས་མཛད་འཕྲིན་གང་འདུལ་གྱི་གདུལ་བྱ་གཞན་ སྣང་ངོར་འབད་མེད་ལྷུན་གྱིས་གྲུབ་པར་འཁོར་བ་ཇི་སྲིད་གནས་ཀྱི་བར་ནམ་དུ་ཡང་རིས་སུ་ མ་ཆད་པར་འཇུག་པ་ཉིད་ཀྱི་ཕྱིར། དེ་འདྲའི་མཛད་པ་ཀུན་ཀྱང་རྨི་ལམ་གྱི་ཡུལ་སྣང་བཞིན་ གང་འདུལ་གྱི་མཛད་པ་འཇུག་ཡུལ་གྱི་གདུལ་བྱ་རང་རང་གི་སྔོན་བསགས་ཀྱི་བསོད་ནམས་ རབ་འབྲིང་ཐ་མ་ཅི་རིགས་དང་ལྡན་པའི་དབང་གིས་རང་སེམས་ཀྱི་སྣང་བ་དེ་ལུགས་ལྟར་གྱི་ རྣམ་པ་སྣ་ཚོགས་འབྱུང་བ་མ་གཏོགས་དོན་གྱི་གནས་ལུགས་ཆོས་སྐུ་རང་བྱུང་གི་ཆོས་ཉིད་ཀྱི་ ངོ་བོ་ནི་དུས་ནམ་དུ་ཡང་སྐྱེ་འགག་སོགས་སྤྲོས་པ་གང་གི་ཕྱོགས་རིས་སུ་མ་ཆད་པའི་དག་ མཉམ་འབའ་ཞིག་གཅིག་པུ་ཉིད་དུ་ངེས་པ་སྟེ། འགྲེལ་ཆེན་དྲི་མེད་འོད་ལས། དེའི་ཕྱིར་ སེམས་ཅན་རྣམས་ཀྱི་སྐྱེ་བ་གཞན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་རྨི་ལམ་དུ་མ་སྐྱེས་པའི་ ལུས་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་ཡི་སྣང་བ་དང་གསུང་གི་སྣང་བར་འགྱུར་རོ། །ཇི་ལྟར་ རྨི་ལམ་དུ་སློབ་མ་རྣམས་ཀྱིས་མཁན་པོ་མཐོང་ནས་ཐེ་ཚོམ་གྱི་དོན་འདྲི་བར་བྱེད་ཅིང༌། མཁན་པོས་ཀྱང་སློབ་མ་རྣམས་ཀྱི་ཐེ་ཚོམ་མེད་པར་བྱེད་ཀྱང་དེ་ན་མཁན་པོ་མེད་དེ་སློབ་མ་ རྣམས་ཀྱི་སེམས་ཀྱི་བག་ཆགས་ཀྱི་སྣང་བའོ། །དེ་བཞིན་དུ་སེམས་ཅན་བསོད་ནམས་དང་ ལྡན་པ་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་སྟེ། བཅོམ་ལྡན་འདས་ནི་སྐྱེས་པ་མ་ཡིན་ཅིང་ འགག་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་དེ་ལྟར་བཤད་པའི་དོན་དམ་དབྱིངས་ ཀྱི་སྐུ་དང་ཡེ་ཤེས་ཡོན་ཏན་འཕྲིན་ལས་དང་བཅས་པ་གང་དག་ནི་གནས་ལུགས་དོན་དམ་ འདུས་མ་བྱས་ཀྱི་ངེས་དོན་ཉག་གཅིག་ཡིན་གྱི་ཀུན་རྫོབ་པའི་སྐུ་དང་ཡེ་ཤེས་ཡོན་ཏན་ འཕྲིན་ལས་སུ་ནི་མི་འགྱུར་བ་ཡིན་ཏེ། གསང་ཆེན་ཐེག་པའི་སྔགས་ཀྱི་གཞི་འབྲས་དབྱེར་ མེད་ཀྱི་བྲལ་འབྲས་རྒྱུད་སྡེ་དག་གིས་འདིར་བསྟན་པ་གང་དག་ནི་དོན་དམ་གནས་ལུགས་ཀྱི་ 2-1-259 དབང་དུ་བྱས་ནས་བསྟན་པ་ལས་ཀུན་རྫོབ་པའི་གཟུགས་སྐུ་སོགས་ཀྱི་དབང་དུ་བྱས་པ་མིན་ པ་ལ་དགོངས་ནས་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང༌། འདི་སྐད་དུ་སངས་ རྒྱས་བཅོམ་ལྡན་འདས་གཟུགས་ཀྱི་སྐུར་མི་འགྱུར་ཏེ་གང་གི་ཕྱིར་ནམ་མཁའ་ལས་བྱུང་བའི་ ཕྱིར་དང༌། རང་བྱུང་བའི་ཕྱིར་དང༌། རྣམ་པ་ཀུན་ལྡན་རྣམ་པ་མེད་པའི་ཕྱིར་དང༌། ཞེས་པ་ ནས། མཁའ་ལྟར་མཉམ་པ་ཉིད་ལ་གནས་པའི་ཕྱིར་རོ། །ཞེས་པའི་བར་གྱི་བླ་མེད་སྔགས་ རྒྱུད་ཀྱི་བསྟན་བྱའི་མཐར་ཐུག་གི་འབྲས་བུ་ངེས་དོན་དོན་དམ་པའི་སངས་རྒྱས་ཉིད་དུ་ གཏན་ལ་ལེགས་པར་ཕབ་པ་ཡིན་པའི་ཕྱིར། དེལྟ་བུའི་གཞི་འབྲས་དབྱེར་མེད་ཀྱི་མཐར་ ཐུག་གི་སྐུ་དང་ཡེ་ཤེས་སོགས་ནི་སྦྱང་བྱ་ཀུན་རྟོག་གིས་བཞོན་པའི་ལས་རླུང་མཐའ་དག་ མངོན་གྱུར་ཙམ་རེ་ཞིག་འགག་པས་མི་ཆོག་པར་གཞི་ནས་གཏན་འགགས་སུ་སོང་སྟེ་སྦྱང་བྱ་ དྲི་མ་ཟད་པའི་སྦྱང་གཞི་དོན་དམ་རང་བྱུང་གི་སྐུ་དང་ཡེ་ཤེས་སོགས་གཞི་ན་བཞུགས་པ་དེ་ ག་ཉིད་ཀྱི་ཚུལ་དུ་མངོན་དུ་གྱུར་པ་ཡིན་ཏེ། མཐར་ཐུག་གི་སྐུ་དང་ཡེ་ཤེས་སོགས་མངོན་དུ་ གྱུར་པ་ལ་ལས་རླུང་མཐའ་དག་གཏན་འགག་དགོས་པར་དཔལ་གསང་བ་འདུས་པའི་རྒྱུད་ དུ། རླུང་ནི་ཐམས་ཅད་འགོག་པ་ཡང༌། །ཡང་དག་རིག་པ་བདག་གིས་བཤད། །ཅེས་སོགས་ གསུངས་ཤིང༌། རྒྱུད་རྒྱལ་ལས་ཀྱང༌། རླུང་དང་ཟླ་བ་ཉི་མ་འགག་པར་གྱུར་ན་རྣམ་པར་ཤེས་ པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར། །ཞེས་སོགས་ཀྱིས་རོ་རྐྱང་གི་རྒྱུ་བ་ལས་རླུང་ཐིག་ལེ་ བཅས་མཐའ་དག་ལེགས་པར་འགག་དགོས་པར་ཞིབ་རྒྱས་སུ་གསུངས་པ་སོགས་བླ་མེད་ཀྱི་ རྒྱུད་སྡེ་མང་པོར་དེ་ལུགས་ལྟར་ཡང་ཡང་བྱུང་བ་གང་ཞིགརྒྱུད་ལས། སྲིད་པ་ངོ་བོ་ཉིད་ཀྱིས་ དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་ དམ་པ་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར་སྦྱང་བྱ་དྲི་མ་སྦྱང་བའི་གཞི་དོན་དམ་པའི་ སྲིད་པ་ངོ་བོ་ཉིད་ཀྱིས་དག་ཅིང་ཀུན་རྫོབ་པའི་སྲིད་པ་ཀུན་དང་བྲལ་བའི་རང་བཞིན་དག་ 2-1-260 ཆེན་མཆོག་གི་སེམས་དཔའ་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པ་དེ། རྒྱུད་རྒྱལ་ལས། ཐེར་ཟུག་ ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །ཞེས་གསུངས་པ་ལྟར་གྱི་གནས་ལུགས་དོན་དམ་པའི་སྐུའི་རྣམ་ཆ་མ་ལུས་པ་ཡོངས་སུ་ རྫོགས་ཤིང་དེ་ཡང་ཀུན་ནས་རྣམ་པ་ཐམས་ཅད་པ་ཉིད་དུ་ཡེ་གདོད་མ་ནས་གཞི་འབྲས་ དབྱེར་མེད་དུ་བཞུགས་པ་དེ་ཉིད་ལས་རླུང་མཐའ་དག་དེས་བསྐྱེད་ཀྱི་འཁྲུལ་སྣང་བཅས་ གཏན་ཟད་དུ་ལམ་ཡང་དག་གིས་བྱས་པ་ན་ཇི་བཞིན་མངོན་དུ་གྱུར་པའང་ཡིན་པའི་ཕྱིར་རོ། །དེ་དག་ནི་སྔགས་བླ་མེད་ཀྱི་བྲལ་འབྲས་དོན་དམ་གནས་ལུགས་ཀྱི་སྐུ་དང་ཡེ་ཤེས་སོགས་ བཞུགས་ཚུལ་ཉུང་བསྡུས་ཙམ་སྟེ་འདིས་བླ་མེད་ཀུན་ལ་འགྲེས་དགོས་པ་ལས་ཆེར་སྤྲོས་ན་ མང་བས་འཇིགས་སོ། །རྒྱུད་སྡེ་འོག་མ་རྣམས་ཀྱང་གནས་ལུགས་མཐར་ཐུག་བླ་མེད་དང་ གཅིག་མོད་ཀྱང་ལམ་ཉམས་ལེན་སྐབས་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་སོགས་ སྒོམ་ཚུལ་དང་སྤྱོད་པའི་ཁྱད་པར་མཐོ་དམན་གྱི་རིམ་པ་མི་འདྲ་བ་ཡོད་ནའང་འདིར་ཆེར་ བཤད་སྐབས་ཀྱང་མིན་པ་དང་ཡི་གེའང་མང་དོགས་ནས་མ་སྤྲོས། དེ་འདྲའི་རང་བཞིན་དག་ པའི་གསང་ཆེན་མཆོག་གི་བྲལ་འབྲས་ཡེ་བཞུགས་མཐར་ཐུག་གི་ཟུང་འཇུག་དེ་གཞི་འབྲས་ དབྱེར་མེད་ཉིད་དུ་ལུང་རིགས་གཉིས་ལས། དང་པོ་ནི། བླ་མེད་ཐེག་པའི་ལམ་གྱིས་མངོན་དུ་ འགྱུར་བྱ་མཐར་ཐུག་གི་བྲལ་འབྲས་ཟུང་འཇུག་དེ་རང་བཞིན་འོད་གསལ་བའི་སེམས་ གཅིག་པུ་དོན་དམ་གཉུག་མའི་ཡེ་ཤེས་ལྔ་དང་རིགས་ལྔའི་བདག་ཉིད་གོང་སྨོས་དག་ལས་ རིགས་ཀྱི་ཁྱད་པར་གཞན་ཆེས་མང་པོ་རྣལ་འབྱོར་པའི་བློས་རྟོགས་ཚུལ་གྱི་དབང་གིས་ འབྱེད་ཀྱང་དོན་དམ་པར་ན་རང་བཞིན་དག་མཉམ་གྱི་བདེ་ཆེན་མཆོག་ཏུ་གཞི་འབྲས་དབྱེར་ མེད་ཉིད་དུ་ངེས་པ་ཡིན་ཏེ། དགྱེས་རྡོར་གྱི་རྒྱུད་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལས། །ལྔ་ཡི་གཟུགས་ཀྱི་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ 2-1-261 ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །ཅེས་གསུངས་ པའི་ཕྱིར། དེ་འདྲའི་གནས་ལུགས་བྲལ་འབྲས་ཟུང་འཇུག་དག་ཆེན་མཆོག་དེ་དོན་དམ་པའི་ སངས་རྒྱས་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་པ་ཀུན་གྱི་གནས་གཅིག་པ་འདི་ཉིད་ཀུན་ ཉོན་འཁོར་བ་དང་རྣམ་བྱང་ཐར་བ་གཉིས་ཀྱི་ཡེ་གཞི་འཁོར་འདས་རོ་མཉམ་གྱི་གཞི་འབྲས་ དབྱེར་མེད་ཀྱང་ཡིན་ཏེ། ཀྱེ་རྡོ་རྗེ་དེ་ཉིད་ལས་ཀྱང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ དང༌། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་ འདས་པ་ཉིད། །ཅེས་གསུངས་པའི་ཕྱིར། དོན་དམ་པའི་ཐབས་ཤེས་ཟུང་འཇུག་གི་སྔགས་ཀྱི་ བྲལ་འབྲས་དེ་ཡང་གནས་ལུགས་དོན་དམ་སྟོང་ཆེན་གྱི་ཕྱག་རྒྱ་ལས་ངོ་བོ་ཉིད་ཀྱིས་བྱུང་ བའི་གཞི་འབྲས་གཉིས་སུ་དབྱེར་མེད་པའི་འབྲས་མཆོག་དམ་པ་རང་བཞིན་དོན་དམ་རྣམ་ ཀུན་པ་ཀུན་རྫོབ་ཀྱི་ཤེས་རབ་ལས་མ་སྐྱེས་པས་རང་བྱུང་འདུས་མ་བྱས་པ་རྟེན་འབྲེལ་ལས་ རྣམ་པར་འདས་པའི་ཤེར་ཕྱིན་བླ་མེད་ཀྱི་ཡེ་ཤེས་ཡིན་ཏེ། དུས་འཁོར་རྩ་བའི་རྒྱུད་ལས། ཤེས་རབ་རྒྱུད་ལས་མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན། །དེ་ཕྱིར་ཡེ་ཤེས་རྒྱུ་ སྐྱེས་མིན། །ཤེས་རབ་ཡེ་ཤེས་བླ་ན་མེད། །ཅེས་གསུངས་པའི་ཕྱིར། བྲལ་འབྲས་ཟུང་འཇུག་ ཆེན་པོ་རང་བཞིན་ཆོས་སྐུའི་གནས་ཚུལ་ཡང་དཔེར་ན་གྲིབ་མས་བསྒྲིབས་པ་ལ་ཟླ་བ་ ཉམས་པ་དང་རྫོགས་པ་ཞེས་བརྗོད་ཀྱང་དོན་ལ་ཟླ་བའི་དཀྱིལ་འཁོར་ཉིད་བྲི་བ་དང་འཕེལ་ བ་མེད་པར་གནས་པ་ལྟར་གཉེན་པོ་ཡེ་ཤེས་ཀྱི་གློ་བུར་དྲི་མ་མ་བཅོམ་པ་དང་བཅོམ་པ་དག་ ལ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཆད་པ་དང་རྫོགས་པར་མི་མཁས་པ་འགའ་ཞིག་གིས་བརྟགས་ ཀྱང༌། དོན་དམ་ཡེ་ཤེས་དེ་ནམ་ཡང་ཆད་པ་དང་འཕེལ་བ་མེད་པར་ཅི་ལྟར་སྔར་བཞིན་ཕྱིས་ དེ་བཞིན་དུ་འགྱུར་བ་མེད་པའི་ཆོས་ཉིད་དུ་རྟག་པར་བཞུགས་པ་ཡིན་ཏེ། རྩ་བའི་རྒྱུད་ཀྱི་ དུམ་བུ་དབང་མདོར་བསྟན་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་ 2-1-262 པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་ པ་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། །ཞེས་སོགས་གསུངས་པའིཕྱིར། དེ་འདྲའི་ དོན་དམ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་མཐར་ཐུག་གི་བྲལ་འབྲས་དེ་སྔགས་ རྒྱུད་སྟོན་པ་པོ་མཆོག་གིས་རྡོ་རྗེ་སེམས་དཔའ་ཆེན་པོ་དང་བྱང་ཆུབ་སེམས་དཔའ་དང་དམ་ ཚིག་སེམས་དཔའ་གང་དག་གི་ངོ་བོར་དོན་དམ་ཆོས་ཉིད་ཀྱིས་གདོད་ནས་བཞུགས་པར་ གསུངས་པ་དེ་ཀུན་རྫོབ་ཀྱི་དངོས་པོ་མེད་ཅིང་དོན་དམ་རང་གཤིས་མཆོག་གི་ངོ་བོ་དངོས་དེ་ མེད་པ་ཡང་མ་ཡིན་པར་ནམ་ཡང་མི་འགྱུར་བའི་ཐོག་མ་གཞི་དུས་དང་ཐ་མ་འབྲས་བུའི་དུས་ ཀྱི་དབྱེ་བ་མེད་པའི་རང་བཞིན་ཞི་བ་ཆེན་པོ་ཟུང་འཇུག་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་ ཉིད་ཡིན་ཏེ། འགྲེལ་ཆེན་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །དེ་བཞིན་གཤེགས་ པས་རྡོ་རྗེ་སེམས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །དམ་ཚིག་སེམས་དཔར་ གསུངས་པ་གང༌། །དངོས་དང་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཞེས་གསུངས་པའི་ཕྱིར། གཞན་ཡང་འཕགས་པ་ འཇིག་རྟེན་དབང་ཕྱུག་གིས་གཞི་དུས་ཀྱི་གློ་བུར་དྲི་མ་ཟད་པས་ནང་དབྱིངས་དོན་དམ་ སངས་རྒྱས་མངོན་དུ་གྱུར་པ་བྲལ་འབྲས་ཡིན་པ་ནི་དཔེར་ན་ཆུ་ཤིང་ཉམས་པ་ལས་དེའི་ འབྲས་བུ་མངོན་དུ་གྱུར་ཅིང་སྨིན་པ་དང་མཚུངས་པར་ཡང་གསུངས་ཏེ། ཉིད་ཀྱི་ཞལ་སྔ་ནས། །འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཡིན་འབྲས་ཏེ། །ཆུ་ ཤིང་གི་ནི་འབྲས་བུ་སྨིན་པ་དག །ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་བཞིན། །ཞེས་ སོགས་གསུངས་པའི་ཕྱིར། སྔགས་རྒྱུད་རྩ་འགྲེལ་དེ་དག་གི་དགོངས་པ་ལྟར་རང་བཞིན་ གྱིས་འོད་གསལ་བའི་ཆོས་ཉིད་ཀྱི་སེམས་གཅིག་པུ་འཁོར་འདས་གཉིས་ཀྱི་ཡེ་གཞི་མཐར་ 2-1-263 ཐུག་ཏུ་གྱུར་པའི་གནས་ལུགས་ཉག་གཅིག་ཏུ་དཔལ་ས་ར་ཧས་ཀྱང་གསུངས་པ་ཡིན་ཏེ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འགྲོ་བ། །འདོད་ པའི་འབྲས་བུ་སངས་རྒྱས་སྟེར་བྱེད་པའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་སྔགས་ཀྱི་བྲལ་འབྲས་མཐར་ཐུག་གི་གནས་ལུགས་གཞི་ འབྲས་དབྱེར་མེད་ཡིན་པ་ལྟར་ཕར་ཕྱིན་ཐེག་པར་ཡང་མཐར་ཐུག་གི་ངེས་པ་དོན་གྱི་མྱང་ འདས་དེ་གཞི་འབྲས་དབྱེར་མེད་གཞི་དུས་སུ་དོན་དམ་སྤྲོས་བྲལ་རང་བཞིན་འོད་གསལ་བ་ དེ་ཉིད་མཁའ་ལ་ཉི་མ་བཞིན་གློ་བུར་དྲི་མ་སྤྲིན་སྦུབས་ལྟ་བུའི་ནང་ན་དོན་དམ་སངས་རྒྱས་ ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་དུ་གདོད་ནས་བཞུགས་པ་ཉིད་མི་རྟོག་ཡེ་ཤེས་ཀྱི་ ལམ་གྱིས་མངོན་དུ་བྱེད་དགོས་ཚུལ་རྒྱལ་ཚབ་མི་ཕམ་མཆོག་གིས་འདི་ལྟར་གསུངས་ཏེ། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ ཤེས་དག་ལ་བརྟེན་ནས་འཐོབ། །ཅེས་གསུངས་པའི་ཕྱིར་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་ དེ་ལྟར་དུ་དགོངས་པ་གཅིག་པའི་ཚུལ་གྱིས་སྙིང་པོ་མེད་པའི་འཁོར་བ་ཉོན་མོངས་པའི་གློ་ བུར་དྲི་མའི་སྦུབས་ཀྱི་གཟེབ་དང་བྲལ་བར་གྱུར་ན་ཉོན་མོངས་དང་བྲལ་བའི་འབྲས་བུ་གཞི་ དུས་སུ་གདོད་ནས་བཞུགས་པའི་སངས་རྒྱས་དོན་དམ་པ་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པ་དེ་ ཉིད་ཀུན་རྫོབ་ཆོས་ཅན་གྱི་ཚུལ་དུ་གནས་པའི་ལུས་ཅན་གང་དག་གི་རང་གཞན་ལ་ཕན་པའི་ སྨན་མཆོག་གི་བདུད་རྩིར་གྱུར་ནས་གནས་ལུགས་དོན་དམ་པའི་བྲལ་འབྲས་ཇི་བཞིན་ མངོན་དུ་བྱེད་པར་ཡང་གསུངས་ཏེ། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས། སྙིང་པོ་མེད་པའི་ འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། 2-1-264 །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་སོགས་གསུངས་པའི་ཕྱིར་རོ། ། གཉིས་པ་ནི། དེ་ལྟར་གྱི་དོན་དམ་པའི་སྐུ་དང་ཡེ་ཤེས་སོགས། ཆོས་ཅན། གདོད་ནས་ གཞི་འབྲས་དབྱེར་མེད་ཉིད་དུ་ངེས་པར་གྲུབ་སྟེ། །ཡེ་ནས་དོན་དམ་པའི་སྐུ་སོགས་དག་ མཉམ་དུ་ཡོད་པ་ལ་སྒྲུབ་བྱེད་ཡང་དག་ཡོད་ཅིང་གནོད་བྱེད་གང་ཡང་མེད་པ་གང་ཞིགདེ་ ལྟར་དུ་གྲུབ་པའི་གདོད་མའི་སྐུ་སོགས་ཡོད་ན་གཞི་འབྲས་དབྱེར་མེད་ཡིན་ངེས་པར་དགོས་ པའི་ཕྱིར། དང་པོ་གྲུབ་སྟེ། དོན་དམ་གདོད་མའི་སྐུ་སོགས་ཡེ་བཞུགས་ཀྱི་ཚུལ་ངེས་དོན་ གྱི་མདོ་སྡེ་རྣམས་དང་བླ་མེད་ཀྱི་རྒྱུད་སྡེ་གང་དག་ཏུ་ཆེས་རྒྱ་ཆེར་བྱུང་ཚུལ་གོང་དུ་རྒྱས་པར་ བཤད་པ་དག་གིས་ཤེས་ནུས་པས་ལུང་ཡང་དག་གིས་གྲུབ་པ་ཡིན་ལ། སྤྱིར་སེམས་ཅན་ དག་གི་རྒྱུད་ཀྱི་དྲི་མ་རྣམས་གློ་བུར་བ་འབྲལ་རུང་ཁོ་ནར་ངེས་པ་དང༌། སེམས་ཅན་ནས་ སངས་རྒྱས་ཀྱི་བར་དུ་ཤེས་པ་ཙམ་ནམ་ཡང་མི་ཟད་པ་དང༌། གཞི་འབྲས་དབྱེར་མེད་ཀྱི་ཡིན་ ལུགས་དོན་དམ་གཟིགས་པ་མཆོག་གིས་ཇི་བཞིན་དེ་ལུགས་ཁོ་ནར་མངོན་སུམ་དུ་གཟིགས་ པ་ལ་སོགས་པའི་སྒོ་ནས་རིགས་པ་ཡང་དག་གིས་ཀྱང་ལེགས་པར་གྲུབ་པའི་ཕྱིར། གཉིས་ པ་གྲུབ་སྟེ། གདོད་ནས་གྲུབ་པའི་རང་བྱུང་གི་སྐུ་སོགས་དོན་གྱི་གནས་ཚོད་དུ་ཇི་བཞིན་ བདེན་པ་ཡིན་ན་གདོད་མའི་སྐུ་སོགས་ནི་ཡེ་ནས་དག་མཉམ་འབའ་ཞིག་པ་དོན་དམ་ཆོས་ ཉིད་ཀྱིས་སྤངས་རྟོགས་རང་ཆས་སུ་ཡོངས་རྫོགས་ཡིན་པས་སྔ་མ་ཇི་བཞིན་ཕྱིས་སུའང་ དེ་ག་ཁོ་ན་ལྟར་དུ་ཡིན་ཤིན་ཏུ་རིགས་པའི་ཕྱིར་རོ། །དེ་སོགས་བཤད་བྱ་མང་ཡང་ཡི་གེར་ འཇིགས་སོ། ། ༢ ཞར་བྱུང་མཚོན་ཙམ་གློ་བུར་བའི་བསྐྱེད་འབྲས། གཉིས་པ་ཞར་བྱུང་མཚོན་ཙམ་ཀུན་རྫོབ་གློ་བུར་བའི་བསྐྱེད་འབྲས་ནི་གོང་ཕར་ཕྱིན་ 2-1-265 ཐེག་པར་བཤད་ཟིན་པའི་སངས་རྒྱས་ཀྱི་མེ་ལོང་ཡེ་ཤེས་སོགས་ཡེ་ཤེས་བཞི་དང་གདུལ་ བྱ་གཞན་སྣང་ངོར་ཤར་བའི་གཟུགས་སྐུ་རྣམ་གཉིས་ཡོན་ཏན་འཕྲིན་ལས་དང་བཅས་པ་ རྣམས་ཏེ་མདོ་སྔགས་གང་གི་སྐབས་སུའང་མཐར་ཐུག་དོན་དམ་རང་བྱུང་ཡེ་ཤེས་གཞི་ འབྲས་དབྱེར་མེད་ཀྱི་ཚུལ་དུ་མངོན་དུ་གྱུར་སྐབས་གང་འདུལ་གྱི་གདུལ་བྱ་མཐའ་ཡས་པ་ དག་གི་རང་རང་དང་འཚམ་པའི་ཡེ་ཤེས་དང་སྐུའི་སྣང་བ་ཡོན་ཏན་འཕྲིན་ལས་བཅས་ཀྱི་ མཛད་རིམ་བཀོད་པ་སྣ་ཚོགས་པ་ཀུན་རྫོབ་གཞན་བྱུང་གིས་བསྡུས་པ་ཐམས་ཅད་ཡིན་ཞིང༌། འདི་དག་གི་ཚུལ་རྒྱུ་ཐེག་གི་སྐབས་སུའང་ཅུང་ཟད་བཤད་ཟིན་ཅིང་རྒྱས་པར་གཞུང་ལུགས་ གཞན་དུ་ཤེས་དགོས་ཏེ། འདིར་རྒྱས་པར་མི་འཆད་ལ་ཚུལ་དེ་དག་ཏུ་རིགས་པས་མདོ་ ཙམ་དཔྱད་ན། སློབ་ལམ་དུ་དོན་དམ་རང་བྱུང་དང་ཀུན་རྫོབ་གཞན་བྱུང་གིཁྱད་འཇོག་ཏུ་ ཡོད་དེ། སློབ་ལམ་དུས་ཀྱི་གཞིའི་གནས་ལུགས་རང་གི་ཚུལ་དེ་དོན་དམ་རང་བྱུང་ཡིན་པར་ འཇོག་པ་གང་ཞིགསློབ་པའི་རྣལ་འབྱོར་པ་རང་རང་གི་སྣང་བའི་མཐོང་ཚུལ་དེ་ཀུན་རྫོབ་ གཞན་བྱུང་དུ་འཇོག་པ་ཡིན་པའི་ཕྱིར། མི་སློབ་ལམ་གྱི་མངོན་དུ་འགྱུར་བྱ་གནས་ལུགས་ དོན་དམ་ཟུང་འཇུག་མཐར་ཐུག་གིས་བསྡུས་པ་དེ། ཆོས་ཅན། ཁྱོད་མཐར་ཐུག་ལ་ལྟོས་ནས་ དོན་དམ་རང་བྱུང་གི་ཡེ་ཤེས་ཉིད་དུ་ངེས་ཏེ། གང་དེ་གནས་ལུགས་མཐར་ཐུག་རང་བཞིན་ གྱིས་འོད་གསལ་བའི་ཟུང་འཇུག་ཆེན་པོ་ཉག་གཅིག་ཏུ་བསྡུས་པར་གདོད་ནས་གྲུབ་པའི་ ཕྱིར། མི་སློབ་སྐབས་ཀྱི་གདུལ་བྱའི་སྣང་ངོར་གྱི་ཡེ་ཤེས་སྐུ་སོགས། ཆོས་ཅན། ཀུན་རྫོབ་ གཞན་བྱུང་ཉིད་དུ་ངེས་ཏེ། དེ་དག་གང་འདུལ་གྱི་གདུལ་བྱ་གཞན་དག་ལ་སྔར་མེད་གསར་ བྱུང་གི་ཚུལ་དུ་སྣང་བའི་ཡེ་ཤེས་དང་སྐུ་སོགས་ཡིན་པས་ཀུན་རྫོབ་གཞན་བྱུང་དུ་བཞག་པའི་ ཕྱིར། གདོད་མ་དང་པོའི་ཆོས་སྐུ་ཇི་བཞིན་མངོན་དུ་གྱུར་པའི་དེ་བཞིན་གཤེགས་པ་མཆོག་ དེ། ཆོས་ཅན། རང་སྣང་དང་གཞན་སྣང་གི་སྐུ་དང་ཡེ་ཤེས་ཀྱི་མཛད་འཕྲིན་ཐམས་ཅད་ནི་ 2-1-266 འབད་མེད་ལྷུན་གྲུབ་ཏུ་ནམ་ཡང་མཐའ་ཡས་པའི་གདུལ་བྱ་ཀུན་ལ་རེས་འཇོག་མེད་པར་ མཐའ་དག་ལ་སྙོམ་པའི་ཁྱབ་བརྡལ་ཐུགས་རྗེ་ཆེན་པོའི་མཛད་བཟང་ཆེས་བླ་ན་མེད་པའི་ རྨད་དུ་བྱུང་བ་ཡང་ཡིན་ཏེ། ཆོས་སྐུ་ཟུང་འཇུག་དོན་དམ་པ་ཉག་གཅིག་རང་སྣང་གི་དགོངས་ པ་འབའ་ཞིག་ལ་སྐུ་དང་ཡེ་ཤེས་དང་ཡོན་ཏན་དང་འཕྲིན་ལས་མཐའ་ཀླས་པ་ཆེས་གསང་ བ་ལས་ཀྱང་གསང་བའི་གནས་མཐར་ཐུག་པ་ཀུན་ནས་རྣམ་པ་ཐམས་ཅད་པ་བསམ་མི་ཁྱབ་ པའི་ཡུལ་རྟག་པར་རྒྱན་གྱི་འཁོར་ལོ་ཐེར་ཟུག་གཡུང་དྲུང་གི་ཆོས་ཉིད་གདོད་ནས་འགྱུར་ མེད་མཆོག་ཏུ་བཞུགས་པ་གང་ཞིགདོན་དམ་པའི་གནས་ལུགས་དེ་དང་མཉམ་ཏུ་རྟག་པར་ འཁོར་མོ་ཡུག་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་གང་འདུལ་གྱི་མཛད་པ་གཞན་སྣང་གི་ཡུལ་ དུ་གྱུར་པ་ཆེས་མཐའ་ཡས་པ་དག་ཀྱང་མཛད་པ་ལྷུན་གྲུབ་ཐུགས་རྗེ་ནུས་མཐུ་དུས་ལས་མི་ ཡོལ་བར་རྣམ་པ་ཀུན་ཏུ་ཆད་པ་མི་མངའ་བའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་སྔགས་འབྲས་ཀྱི་ གནས་ལུགས་དང་བཅས་རྫོགས་པར་གྲུབ་སྟེ། དེ་དག་གིས་ནི་ཆོས་རྗེ་ཇོ་ནང་པ་ཆེན་པོ་དང་ འཇམ་མགོན་བླ་མ་མཆོག་གི་རང་ལུགས་ལས་བརྩམས་ཏེ་རང་བློས་གང་དཔོག་པའི་ཚོད་ ཙམ་ངེས་པར་བརྗོད་ཁུལ་བགྱིས་ནས་རྩ་བའི་སྤྱི་སྡོམ་གྱི་ས་བཅད་གཉིས་པ་ཞར་བྱུང་འབྲས་ ཐེག་གི་གཞི་ལམ་འབྲས་གསུམ་གྱི་ཟབ་གནད་ཅུང་ཟད་ཕྱེ་བའི་ཚུལ་དེ་རྫོགས་པར་བྱས་ ཟིན་ཏོ། ། སྨྲས་པ། མ་ལུས་རིགས་ཀྱི་བདག་པོའི་སྤྱི་དཔལ་ཆེ། ། གདོད་མ་དང་པོའི་སངས་རྒྱས་ཟུང་འཇུག་སྐུ། ། དོན་དམ་གཟུགས་མེད་གཟུགས་བཟང་སྣང་བའི་གར། ། ཀུན་རྫོབ་འགལ་འདུའི་གྲངས་སུ་གཏོགས་པ་མིན། ། 2-1-267 ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། ས་བཅད་གསུམ་པ། ཐ་མར་དེ་ལས་འཕྲོས་ཏེ་བཤད་བྱ་ཡོངས་རྫོགས་ཀྱི་མཇུག་བསྡུ་བའོ། ། གསུམ་པ་ཐ་མར་བཤད་བྱ་འདིའི་མཇུག་བསྡུ་བ་ཡང་རྒྱུ་ཕར་ཕྱིན་ཐེག་པ་དང་འབྲས་ བུ་བླ་མེད་ཀྱི་ཐེག་པ་ཞར་བྱུང་བསྡུས་པའི་ཚུལ་གྱི་གཞི་ལམ་འབྲས་བུའི་རྣམ་གཞག་ངེས་ དོན་རྫོགས་ལྡན་གཞན་སྟོང་དབུ་མའི་རིང་ལུགས་འདི་བདག་ཅག་གི་སྟོན་པ་བསྟན་པ་ ཡོངས་རྫོགས་ཀྱི་མངའ་བདག་ལྷ་མི་འགྲོ་བ་མཐའ་དག་གི་བླ་མ་མ་འདྲིས་པའི་མཛའ་ བཤེས་གཅིག་གྱུར་གང་གིས་བཀའ་འཁོར་གསུམ་གྱི་མཐར་ཐུག་ངེས་དོན་ཟབ་གནད་སྟོན་ པའི་མདོ་མཆོག་ཁྱད་འཕགས་དུ་མ་དང༌། དེ་དག་གི་དགོངས་འགྲེལ་མཆོག་གྱུར་རྒྱལ་ ཚབ་བྱམས་པས་བྱམས་ཆོས་རྣམས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་བསྟོད་ཚོགས་སོགས་ དང༌། འཕགས་པ་ཐོགས་མེད་ཀྱིབྱམས་ཆོས་དག་གི་དགོངས་འགྲེལ་དང་དབྱིག་གཉེན་ གྱིས་དགོངས་འགྲེལ་མང་པོ་དང༌། འཕགས་པ་ལྷས་ཀྱང་འགྲེལ་བཤད་དུ་མ་དང༌། གཞན་ ཡང་འཕགས་ཡུལ་གྱི་པཎ་གྲུབ་དུ་མས་འགྲེལ་བཤད་མང་དུ་བཞུགས་པ་དག་རྩ་འགྲེལ་ ཤན་སྦྱར་གྱི་སྒོ་ནས་ལུང་རིགས་ཁས་ལེན་ཡང་དག་གི་འཛིན་མཚམས་བཅས་དང༌། སྔགས་ ཕྱོགས་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ངེས་དོན་རྫོགས་ལྡན་གནས་ལུགས་དོན་དམ་བདེ་སྟོང་ ཟུང་འཇུག་གི་རྒྱུད་སྡེའི་ལྷཚོགས་སྔགས་དང་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་རྣམ་པ་ ཐམས་ཅད་པར་ཡེ་གདོད་མ་ནས་རྟག་བཞུགས་མཛད་པར་བསྟན་པའི་སྔགས་རྒྱུད་དུ་མ་ དང༌། དེ་དག་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་གྱིས་བཀྲལ་ཚུལ་དང༌། འཕགས་ ཡུལ་གྱི་དཔལ་ས་ར་ཧ་ཆེན་པོའི་རྡོ་རྗེའི་ཉམས་མགུར་དང༌། ཀླུ་སྒྲུབ་ཀྱིས་གསང་འདུས་རིམ་ 2-1-268 ལྔ། དྲིལ་བུ་པ། ནག་པོ་སྤྱོད་པ་སོགས་གྲུབ་ཆེན་དུ་མས་ངེས་དོན་ཟབ་མོའི་གནས་ལུགས་ འོད་གསལ་དོན་དམ་ལྷ་ཚོགས་རབ་འབྱམས་ཀྱི་དཀྱིལ་འཁོར་སྐུ་དང་ཡེ་ཤེས་ཡོན་ཏན་ འཕྲིན་ལས་མཐའ་ཀླས་པ་རྟག་བརྟན་ཐེར་ཟུག་ཞི་བ་གཡུང་དྲུང་ཆོས་ཉིད་རང་བྱུང་བདེ་ ཆེན་འགྱུར་མེད་ཀྱི་ངོ་བོ་སེམས་ཅན་གང་དག་གིརྣམ་ཤེས་ཀྱི་སྦུབས་སུ་ཡེ་ནས་བཞུགས་ པའི་གསང་གནད་མཁས་པ་སྡེ་སྣོད་འཆད་པ་དག་གི་རྟོགས་པར་དཀའ་བ་ཆེས་གསང་བ་ ལས་ཀྱང་གསང་བ་ཟབ་མོ་འདི་སྐལ་ལྡན་གྱི་གདུལ་བྱ་དབང་རྣོན་རྒྱུད་སྨིན་ལ་ཉེ་བ་གང་ དག་གིས་བླ་མའི་མན་ངག་ལ་བརྟེན་ནས་ཇི་བཞིན་རྟོགས་པ་དག་གིས་འགྲེལ་བཤད་ཁྱད་ འཕགས་རྣམས་ཀྱི་གནད་གསང་བསྟན་པ་ལ་བརྟེན་ནས་ངེས་པ་རང་བྱན་ཆུད་ཅིང་གངས་ ཅན་ཁྲོད་དུ་རྫོགས་ལྡན་ཆོས་མཆོག་ངེས་དོན་དབུ་མ་ཆེན་པོའི་ཆོས་ཀྱི་དུང་སྒྲ་སྔར་མེད་ ཆེས་ཆེར་སྒྲོགས་པར་མཛད་པ་ཆོས་ཀྱི་རྗེ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་རྟོན་པ་བཞི་ལྡན་ ཞབས་པ་དང༌། གང་དེའི་ངེས་དོན་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་འཇམ་མགོན་ བླ་མ་ཀུན་དགའ་སྙིང་པོ་རྣམ་གཉིས་ཀྱི་རིང་ལུགས་ཐུན་མོང་མ་ཡིན་པའི་ཁས་ལེན་འཛིན་ མཚམས་གཞིར་བྱས་ཏེ་སླར་ཡང་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མའི་གསང་གནད་ བསྟན་པའི་མདོ་སྔགས་ཀྱི་རྒྱ་གཞུང་ཁྱད་འཕགས་དུ་མ་རྩ་འགྲེལ་ཤན་སྦྱར་བྱས་ཏེ། རང་ ལུགས་ཀྱི་རྣམ་གཞག་རིག་ལམ་ཡང་དག་ཏུ་དྲངས་ཏེ་མདོ་སྔགས་ཀྱི་གསང་གནད་དོན་དམ་ ཆོས་ཉིད་བདེ་གཤེགས་སྙིང་པོ་ལྷ་སྔགས་རྒྱ་མཚོས་ཡེ་ནས་མི་སྟོང་པས་ཆད་མཐའ་ལས་ ངེས་པར་གྲོལ་བ་དང༌། ཀུན་རྫོབ་རྣམ་ཤེས་འཁྲུལ་སྣང་གི་བསྡུས་པའི་སྤྲོས་མཚན་མཐའ་ དག་གི་རྣམ་པ་ཀུན་ནས་སྟོང་པས་རྟག་མཐའ་ལས་ཀྱང་གྲོལ་བའི་མཐའ་གཉིས་ཀུན་བྲལ་ གྱི་ངེས་དོན་དབུ་མ་ཆེན་པོའི་རང་ལུགས་འཐད་ལྡན་དུ་སྒྲུབ་པར་བྱས་ཏེ་ཁས་ལེན་འཛིན་ མཚམས་ཡང་དག་པའི་སྒོ་ནས་རྒྱུ་དང་འབྲས་བུའི་ཐེག་པ་མཆོག་གི་གནས་ལུགས་ཟབ་མོའི་ 2-1-269 དོན་རྣམ་པར་ངེས་པ་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ་ཞེས་ བྱ་བའི་རྣམ་པར་བཤད་པ་བདག་ཅག་གི་དཔལ་ལྡན་བླ་མ་ཤར་འཛམ་ཐང་པ་ངག་དབང་ བློ་གྲོས་གྲགས་པས་མཛད་པ་གང་དག་ནི་ཆེས་ངོ་མཚར་བའི་ཟླ་བྲལ་གྱི་ལེགས་བཤད་བླ་ ན་མེད་པ་ཡིན་ཏེ། སྤྱིར་ངེས་དོན་དབུ་མའི་རང་ལུགས་ཀྱི་ལེགས་བཤད་གསུང་རབ་མཆོག་ ཏུ་གྱུར་པ་ཆེས་མང་མོད། དེ་དག་གཞུང་ཚན་འཐོར་ཐབས་སུ་བཞུགས་ཤིང་དེང་དུས་དང་ མཐུན་པའི་གཞུང་བཤད་ཡོངས་རྫོགས་ཚང་བ་རང་ལག་ཏུ་འབྱོར་བ་འདི་ལྟ་བུ་བསྡུ་ཁུལ་ བྱས་པ་ལགས། འདིར་སྨྲས་པ། མ་སྨད་ཟབ་པའི་མཐར་ཐུག་ཆོས་དབྱི༷ངས་དབྱི༷ངས་ཀྱི་རང་བཞིན་ཤེར་ཕྱིན་མ། ། ཀུན་ནས་རྣམ་པར་དག་པའི་ཡེ་ཤེ༷ས་ཤེས་རབ་མཆོག་གི་རྣམ་པ་ཀུན། ། ཕྲ་བའི་རང་བཞིན་དྲི་བྲལ་རབ་དྭང༷ས་དྭང༷ས་གསལ་རྣམ་ཀུན་གཟུགས་བཟང་ཕྲ། ། འོད་གསལ་ཆོས་ཉིད་དག་ཆེན་རབ་འབྱ༷མས་འབྱ༷མས་ཀླས་དོན་དམ་སྣང་བའི་འོད། ། རྒྱུ་འབྲས་ཐེག་པའི་གནས་ལུགས་ངེས་དོན་ཇི་བཞིན་གསལ་མཛད་རྟོན་བཞིལྡན་པ་ རིགས་ལྡན་སྤྲུལ་པའི་སྐུ། ། གང་གི་ངེས་དོན་བསྟན་པའི་རྒྱན་གཅིག་འཇམ་དབྱངས་ངུར་སྨྲིག་གར་གྱི་རྣམ་རོལ་རྗེ་ བཙུན་སྒྲོལ་བའི་མགོན། ། རྣམ་གཉིས་མཆོག་གི་རོལ་གར་ཆོས་ཀྱི་སྤྱན་ལྡན་བཤེས་གཉེན་མཆོག་ཏུ་བྱོན་པ་མ་ཏི་ ཀིརྟི་རྗེས། ། ལེགས་བཤད་ངེས་དོན་ཟབ་མོའི་གནད་གསང་བཀྲོལ་བས་ཆོས་མཛོད་རྒྱ་མཚོའི་སྒོ་ བརྒྱ་འབྱེད་པའི་ལྡེ་མིག་བྱས། ། བྱིའུའི་གཤོག་པས་མཁའ་མཐའ་གཞལ་བ་བཞིན། ། 2-1-270 བྱིས་བློ་ཟབ་དོན་བསྡུ་ལ་སྤོབས་པ་ཆུང༌། ། འདི་ལ་ཉེས་ཆ་གང་མཆིས་མཁས་ལ་བཤགས། ། ལེགས་ཆ་སྲིད་ན་རྣམ་གསུམ་མཆོད་སྤྲིན་བསྟར། ། འདིར་བསགས་རྣམ་པར་དག་པ་ཟླ་ཤེལ་ཀུན་ད་ལྟར་དཀར་བ། ། དྲི་མེད་བསོད་ནམས་རབ་ཏུ་དཀར་བའི་ཕུང་པོ་ཇི་མཆིས་དེས། ། ལུས་ཅན་ཀུན་ལ་ཕན་པའི་སྨན་མཆོག་བདུད་རྩི་གཅིག་གྱུར་པ། ། གཞི་དབྱིངས་ཆོས་ཉིད་བདེ་གཤེགས་སྙིང་པོའི་རང་ཞལ་མྱུར་མངོན་གྱུར། ། ཁྱད་པར་འདིར་ཞུགས་ལེགས་པའི་མཐུན་རྐྱེན་དུ། ། ཡིག་རིས་འབྲི་ཞིང་ཤོག་བུའི་བྱ་ལས་སོགས། ། སྒོ་གང་ཐད་ནས་ལྷུར་ལེན་གང་འབད་ཀུན། ། སྔགས་རིགས་ཞིང་དུ་གཤེགས་སྙིང་དོན་རྟོགས་ཤོག ། རྟག་བརྟན་གཡུང་དྲུང་ཐེར་ཟུག་བདེ་གཤེགས་ སྙིང་པོ་གདོད་ནས་འགྱུར་མེད་དམ་པའི་བདག ། ཆོས་ཅན་ཀུན་གྱི་རང་གཤིས་དོན་དམ་དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་རྒྱ་མཚོའི་ གནས། ། ཡེ་ནས་ཡི་དམ་མཆོག་གསུམ་མཁའ་འགྲོ་བསྟན་སྲུང་ཡོངས་ཀྱི་ངོ་བོར་གྲུབ་པ་ཉིད། ། ཀུན་རྫོབ་སྒྱུ་མའི་གནས་ལུགས་གཅིག་པུར་བདེན་པ་ངེས་ཀྱང་ཟབ་ཆོས་རྟག་འཕེལ་ ཤོག ། ཅེས་རྒྱུ་འབྲས་ཐེག་པ་མཆོག་གི་གནས་ལུགས་ཟབ་མོའི་དོན་རྣམ་པར་ངེས་པ་རྗེ་ཇོ་ ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ་ཞེས་བྱ་བ་ཀྲུང་ཧྭ་མི་དམངས་ 2-1-271 རྒྱལ་ཁབ་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་གཙོ་འཛིན་ཆེ་བ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་ རྒྱལ་མཚན་གྱིས་བཀའ་གནང་ལྟར་ཀྲུང་གོའི་བཀའ་བསྟན་དཔེ་སྡུར་ཅུས་ཀྱི་ཀྲུའུ་རིན་ཐུ༷བ་ བསྟ༷ན་ལུང་རིགས་སྨྲ་བའི་ཉི༷་མ༷འི་ཞལ་གསུང་བཞིན་བོད་ས་འབྲུག་ལོའི་ཟླ་༡ཚེས་༢༦ལ་ ཞུ་བ་པོ་གྲྭ་བཙུན་མདོ་རྒྱུད་དང་གསུང་དབྱངས་ཟུང་གིས་བྱས་ཏེ་ངག་དབང་ཡོན་ཏན་བཟང་ པོས་བསྒྲིགས་པ་ལྟར་ཡི་གེ་པ་ནི་གྲགས་པ་རྒྱལ་མཚན་དང་ཚེ་རིང་རྡོ་རྗེ་གཉིས་ཀྱིས་བགྱིས་ པ་སྟེ། རང་གཞན་ཀུ༷ན་ལ་ཕན་བདེ་འཕེ༷ལ་བའི་ཕྱིར། ། སྤར་བསྐྲུན་བྱས་པའི་རབ་དཀར་བསོད་ནམས་ཀྱིས། ། འགྲོ་ཀུན་སྒྲིབ་གཉིས་རྣམ་པར་རབ་དག་ནས། ། མཐར་ཐུག་སྐུ་བཞིའི་རང་ཞལ་མྱུརབ་་མངོན་ཤོག ། ལེགས་བྱས་གསེར་ལྡན་དཀྱིལ་འཁོར་རབ་ཡངས་པར། ། རྣམ་དག་དྲི་མེད་ཀུན་དའི་པད་ཚལ་བཞད། ། རྐང་དྲུག་གཞོན་ནུའི་སྒྲིབ་གཉིས་ལེགས་བསལ་ཕྱིར། ། འཁོར་གསུམ་རྣམ་པར་དག་པའི་རྒྱུར་གྱུར་ཅིག ། ཅེས་པའི་སྤར་བྱང་སྨོན་ཚིག་ཕན་བདེ་སྤེལ་བྱེད་ཅེས་བྱ་བ་འདི་བློ་བཟང་ཆོས་འཕེལ་ གྱིས་སྦྱར་བའོ།། །།རྒྱལ་བསྟན་ངེས་དོན་སྙིང་པོ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། 2-1-272 ༄༅། །དབུ་མ་གཞན་སྟོང་གི་ཕན་ཡོན་མདོར་ བསྡུས་བཤད་པ་དད་པའི་གཏེར་ བཞུགས་སོ། ། ༄༅། །ཐུབ་པའི་དབང་པོས་གདུལ་བྱའི་ཁམས་བཞིན་དུ། །འཁོར་ལོ་གསུམ་གྱི་བརྗོད་ བྱ་སྟོན་པའི་ཚུལ། །ཡོད་དང་མེད་དང་ཡོད་མེད་ལེགས་པར་ཕྱེས། །རིམ་གསུམ་ཆོས་ལས་ཕྱི་ མ་མཆོག་ཏུ་གསུངས། །རྒྱལ་གསུང་ཕྱི་མའི་དགོངས་པ་འགྲེལ་བ་ལ། །རྒྱལ་བས་ལུང་བསྟན་ ཀུན་མཁྱེན་ཇོ་ནང་པས། །རྒྱལ་བསྟན་ཡང་རྩེ་གཞན་སྟོང་དབུ་མའི་སྲོལ། །རྒྱལ་བ་བཞིན་དུ་ གངས་ཅན་ལྗོངས་འདིར་ཕྱེས། །གང་དེའི་སྲོལ་འཛིན་སྒྲོལ་མགོན་ཡབ་སྲས་ཀྱིས། །ཐར་ འདོད་རྟག་ཆད་ལམ་དུ་མི་ཞུགས་པར། །ངེས་དོན་དབུ་མའི་སྐྱེད་ཚལ་ཉམས་དགའ་བར། །འཁྲིད་ཕྱིར་ཐེག་མཆོག་དབུ་མའི་ཕན་ཡོན་བཤད། །འདིར་བཤད་པའི་ཕན་ཡོན་གྱི་ཚུལ་ནི་ སྤྱིར་ངེས་དོན་གྱི་མདོ་སྡེ་ཆེས་མང་པོ་ལས་ཟབ་མོའི་དེ་ཉིད་ལ་མོས་ཤིང་དད་པ་ལ་སོགས་ པའི་ཕན་ཡོན་མཐའ་ཡས་པ་གསུངས་པ་རྣམས་ཀྱི་མཐའ་ནི་རྒྱལ་བ་རང་ཉིད་ཀྱི་མཁྱེན་སྤྱན་ གྱིས་གཟིགས་ཀྱང་མཐའ་ཆོད་དཀའ་བ་ཙམ་དུ་གྱུར་ཅིང་ཁྱད་པར་ངེས་པ་དོན་གྱི་གནས་ ལུགས་མཐར་ཐུག་གཞི་དབྱིངས་ཆོས་ཉིད་བདེ་གཤེགས་སྙིང་པོ་ཀུན་ཁྱབ་རྟག་བརྟན་གཡུང་ དྲུང་གི་ངེས་གསང་ཟབ་མོའི་ཚུལ་འདི་ལ་མོས་ནས་དད་པ་ལ་སོགས་པའི་བགྱི་བ་གང་བྱས་ དག་ནི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ཚུལ་གཞན་ལ་མོས་ཤིང་དད་པ་སོགས་ལས་ཆེས་བརྒྱ་ 2-1-273 སྟོང་གི་ཆར་ཡང་མི་ཕོད་པའི་རབ་དཀར་བསོད་ནམས་ཀྱི་ཕུང་པོ་ཚད་ཇི་བཞིན་མཐའ་དག་ སངས་རྒྱས་ཉིད་ཀྱི་མཁྱེན་པས་ཀྱང་མ་ལུས་ཤིང་ཟད་པའི་ཚུལ་དུ་མཁྱེན་དུ་མེད་པར་ནམ་ ཡང་མི་ཟད་པའི་བསོད་ནམས་ཀྱི་གཏེར་ཆེན་པོ་མཐར་ཐུག་པ་མེད་ངེས་སུ་ཇི་བཞིན་ གཟིགས་པ་ཉིད་ཀྱི་ཕྱིར་སྤྱིར་ངེས་དོན་སྙིང་པོའི་ཚུལ་ལ་མོས་པ་སོགས་ཀྱི་རྣམ་པར་དཀར་ བ་རྒྱ་མཚོ་ལྟ་བུའི་མཐའ་སུ་ཡིས་དཔོག་མི་ནུས་མོད་འོན་ཀྱང་མཐའ་མེད་པའི་ཕན་ཡོན་ཆེས་ མང་པོ་དག་ལས་འདིར་ཆེས་ཕྲ་བ་ལས་ཀྱང་ཕྲ་མོའི་ཆ་མཚོན་ཙམ་འགོད་པ་སྟེ། དེ་ཡང་སྙིང་ པོ་རྟག་པ་སེམས་ཅན་ལ་ཡོད་པར་ཡིད་ཆེས་པ་དང་གཞན་གྱིས་བསྟན་པ་ཐོས་པ་དང༌། ཚུལ་ དེ་རང་གིས་གཞན་ལ་བསྟན་པ་དང་ངེས་དོན་ཟབ་མོའི་གླེགས་བམ་བཀླག་ལ་མཆོད་པ་ སོགས་བྱས་པའི་ཕན་ཡོན་ཡང་འཕགས་པ་སོར་ཕྲེང་གི་མདོ་ལས་གསུངས་པ་འདི་ལྟ་སྟེ། དེ་ བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་ འཇིག་རྟེན་ན་བདེ་བའིརྣམ་པ་མཆོག་རྣམས་དང༌། ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་སྔོན་བྱུང་བ་དང་ ད་ལྟ་དང་མ་འོངས་པ། དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། མཐོ་རིས་ དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ་ཞེས་དང༌། དེ་བཞིན་གཤེགས་ པ་རྟག་པའོ་ཞེས་བསྟན་པ་མི་འཆི་བའི་ཚིག་འདི་ལས་ཤེས་རབ་ཆེན་པོ་སྐྱེ་སྟེ། དེ་ལྟར་སྟོན་ པ་ཤེས་རབ་དང་ལྡན་པ་དེ་ནི་སངས་རྒྱས་ཡིན་ནོ། །ཞེས་དང༌། ལེགས་སོ་ལེགས་སོ་དེ་ བཞིན་གཤེགས་པའི་སྙིང་པོ་སྟོན། །ལེགས་བརྗོད་གང་བགྱིད་དེ་བཞིན་གཤེགས་པའི་སྙིང་ པོ་ཐོབ། །མེ་སྦྱིན་ལྟ་བུར་སྒྲ་བརྙན་ཐེག་ཆེན་མདོ་སྡེ་བཀླག །མིའམ་ཅི་དང་དྲི་ཟའི་རྔ་དང་རྔ་ ཕྲན་དང༌། །སིལ་སྙན་དག་གིས་གླེག་བམ་ལ་ཡང་མཆོད་པར་བགྱི། །སེམས་ཅན་གང་རྣམས་ དེ་ལྟར་རྟག་ཏུ་མཆོད་བགྱིད་པ། །དེ་དག་འཇིག་རྟེན་དུ་ནི་ཁོར་མོར་མི་གཅིག་པུ། །ཕྱི་དུས་ 2-1-274 སངས་རྒྱས་འགྱུར་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལ་སོགས་པས་སྙིང་པོ་ རྟག་པ་ལ་ཡིད་ཆེས་པ་དེའི་ཚུལ་རང་གིས་ཐོས་པ་གཞན་ལ་སྟོན་པ་ངེས་དོན་གྱི་སྡེ་སྣོད་ བཀླག་མཆོད་སོགས་ཀྱི་ཕན་ཡོན་རྒྱ་ཆེར་གསུངས་པ་དང་ཡང་བཅོམ་ལྡན་འདས་ཀྱིས་ནམ་ ཞིག་དུས་ཤིན་ཏུ་སྙིགས་མའི་སྐབས་བསྟན་པ་ནུབ་པ་ལ་ཉེ་བའི་དུས་དམ་པའི་ཆོས་ཉམས་ སྨད་ནས་དེ་ཕན་འཇིག་རྟེན་གྱི་ཁམས་འདིར་དམ་ཆོས་ལོ་བརྒྱད་ཅུ་ལས་མི་གནས་པར་གྱུར་ པའི་ཚེ་འཕགས་པ་འཇམ་དཔལ་གྱི་སྙིང་པོ་རྟག་པའི་གཏམ་སྲོག་ལ་མི་བལྟ་བར་བྱ་དཀའ་ བའི་ལས་ཀྱིས་རྒྱ་ཆེར་སེམས་ཅན་ལ་བསྟན་པར་བྱས་ན་དོན་རྒྱ་ཆེར་ངེས་པར་འབྱུང་བ་ལ་ དགོངས་ནས་དེ་ལུགས་ལྟར་གྱི་བཀའ་སྩལ་པ་ཡང་འདི་ལྟ་སྟེ། མདོ་དེ་ཉིད་ལས། འཇམ་ དཔལ་ཁྱོད་ལྟ་བུ་ནི་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་གྱུར་པའི་ཚེ་དམ་པའི་ ཆོས་ཀྱི་ཁུར་ཆེན་པོ་ཁྱེར་ཏེ་བདག་གིས་དམ་པའི་ཆོས་ཕྲག་པར་བཀུར་རོ་སྙམ་ནས་འཛམ་ བུའི་གླིང་དང་གླིང་ཕྲན་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ རྟག་པ་ཐེར་ཟུག་ཞི་བ་གཡུང་དྲུང་ཡིན་ནོ་ཞེས་རང་གི་སྲོག་ཀྱང་བཏང་སྟེ་རབ་ཏུ་བསྟན་པར་ བྱའོ། །ཞེས་སོགས་ཀྱིས་དུས་ཐ་མར་སྙིང་པོ་རྟག་པའི་ངེས་དོན་གྱི་གཏམ་བཟང་པོས་འགྲོ་ དོན་བྱེད་དགོས་ཚུལ་དང་དེ་ལྟར་བྱེད་མཁན་གྱི་སེམས་དཔའ་མང་པོ་ལྷོ་ཕྱོགས་ཀྱི་རྒྱུད་དུ་ འབྱུང་བར་ལུང་བསྟན་བཅས་རྒྱ་ཆེར་གསུངས་པ་དང༌། ཡང་རྒྱལ་བ་ཉིད་ཀྱིས་འཇིག་རྟེན་གྱི་ ཁམས་འདིར་ཕྱོགས་གང་དག་ཏུ་དུས་མཐའ་དམ་ཆོས་འཇིག་ལ་ཉེ་སྐབས་སྙིང་པོ་རྟག་པའི་ དོན་བསྟན་པ་དང་དེའི་ཕྱོགས་འཛིན་པ་དང་བཅས་ཡོད་ཚད་ཐམས་ཅད་ཤིན་ཏུ་བྱ་དཀའི་ བསོད་ནམས་ཆེན་པོའི་ལས་བྱེད་པ་ཤ་སྟག་ཏུ་ངེས་ཚུལ་འཕགས་པ་སོར་མོའི་ཕྲེང་བ་ལ་ བཀའ་སྩལ་པ་ཡང་འདི་བཞིན་ཏེ། མདོ་དེ་ཉིད་ལས། སོར་མོའི་ཕྲེང་བ་དེ་བཞིན་གཤེགས་ པ་ཡང་ཤིན་ཏུ་དཀའ་བ་མཛད་པ་ཡིན་ཏེ། ནམ་མ་འོངས་པའི་དུས་ན་དམ་པའི་ཆོས་ལོ་ 2-1-275 བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ་ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་ པའི་སྙིང་པོ་སྟོན་པ་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་ཅིང་ཤིན་ཏུ་བྱ་དཀའ་བ་ བྱེད་པའོ། །སེམས་ཅན་གང་དག་དེའི་ཕྱོགས་འཛིན་པ་དེ་དག་ཀྱང་ཤིན་ཏུ་བྱ་དཀའ་བ་བྱེད་ པར་བསྟན་ཏོ། །ཞེས་པ་ལ་སོགས་པ་གསུངས་པ་དང༌། གཞན་ཡང་དེ་བཞིན་གཤེགས་པའི་ སྙིང་པོའི་གཏམ་ཐོས་པའི་ཕན་ཡོན་མདོ་དེ་ཉིད་ལས་གསུངས་པ། དེ་བཞིན་གཤེགས་པའི་ སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང༌། གཙེ་བ་མེད་པ་དང༌། ཚེ་རིང་བ་ དང༌། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ། གཡུང་དྲུང་ ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོབ་པས་དེའི་ཚུལ་ཐོས་ པ་ཐམས་ཅད་འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་རྟག་པར་འགྱུར་རོ། །ཞེས་སོགས་དང༌། བཅོམ་ལྡན་འདས་ཉིད་ཀྱིས་གཞན་གང་དག་གིས་སྙིང་པོ་རྟག་པའི་དོན་ལེགས་པར་སྟོན་པ་ རྣམས་ལ་ཆེ་བསྔགས་དང་དེ་ལྟར་དུ་མི་སྟོན་པར་སྙིང་པོའི་དོན་ལས་ཕྱིར་ཕྱོགས་པ་དག་ལ་ སྐྱོན་བརྗོད་མཛད་པ་ཡང༌། མདོ་དེ་ཉིད་ལས། ཆོས་སྟོན་པར་འདོད་པས་འདི་ལྟར་བསྟན་ཏེ། དེ་བཞིན་གཤེགས་པ་རྟག་པ་དང་ཡང་དག་པ་ཉིད་དུ་བསྔགས་པར་བྱའོ། །དེ་ལྟར་མི་སྟོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་འདོར་བ་དེ་དག་ནི་དཔེར་ན་གདོལ་བ་རྒྱལ་པོའི་བ་གླང་ལྟ་ བུ་དེ་ལ་སེང་གེའི་ཁྲི་ཡང་མི་འོས་སོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། ཡང་སྟོན་པ་ མཆོག་གིས་དོན་དམ་སངས་རྒྱས་འདུས་མ་བྱས་དོན་གྱི་ཡིན་ལུགས་མ་ནོར་བའི་ཚུལ་དེ་མིན་ པར་སྟོན་པ་ལ་ཉེས་དམིགས་ཆེ་ཞིང་དེལྟར་དུ་ཇི་བཞིན་སྟོན་པ་རྣམས་ཕན་ཡོན་མཚན་དཔེ་ ལྡན་པའི་མཐར་ཐུག་གི་སྐུ་མྱུར་ནས་ཐོབ་པར་གསུངས་པ་སྟེ། མྱང་འདས་ཆེན་པོ་ལས། དེ་ བས་ན་འཇམ་དཔལ་རིགས་ཀྱི་བུ་དག་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པ་རྣམས་ནི་སངས་རྒྱས་ བཅོམ་ལྡན་འདས་ལ་འདུས་བྱས་རྣམས་དང་མཐུན་པར་མི་ལྟའོ། །འཇམ་དཔལ་མུ་སྟེགས་ 2-1-276 ཅན་ངན་པར་ལྟ་བ་ནི་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་མཐུན་ནོ་ཞེས་སྨྲའི་ཚུལ་ ཁྲིམས་བསྲུང་བའི་དགེ་སློང་དག་ནི་དེ་ལྟར་དེ་བཞིན་གཤེགས་པ་ལ་འདུས་བྱས་པར་ཡིན་ པར་མི་ལྟའོ། །ཅི་སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་ནོ་ཞེས་བརྗོད་ན། དེ་ནི་བརྫུན་ དུ་སྨྲ་བ་ཡིན་ཏེ། གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་རིག་པར་བྱ་བ་ ནི་ཇི་ལྟར་གང་ཟག་བདག་གི་ཁྱིམ་ན་གནས་པ་བཞིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་ པ་ལ་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས་འདུས་བྱས་ཞེས་བརྗོད་པར་མི་ བྱའོ། །འཇམ་དཔལ་དེང་སླན་ཆད་འཁོར་བར་འཁོར་བ་ན་ཤེས་པ་མེད་པ་སྤངས་ཏེ་ཡང་ དག་པའི་ཡེ་ཤེས་བཙལ་བར་བྱའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ་སྟེ་གང་ཞིག་ དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་ཚུལ་དུ་ལྟ་ན་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་མྱུར་ དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་གསུངས་པ་དང༌། ཡང་དེ་བཞིན་གཤེགས་པ་འདུས་མ་བྱས་ཀྱི་མཚན་ཉིད་དུ་གཞན་ལ་བསྟན་པའི་ཕན་ཡོན་ རིང་མིན་བྱང་ཆུབ་ཆེན་པོ་ཐོབ་ཚུལ། མདོ་དེ་ཉིད་ལས་གསུངས་པ་ཡང༌། ཇི་ལྟར་མེས་ཚིག་ པའི་གང་ཟག་དེ་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པས། གོས་ཀྱིས་ལུས་གཡོགས་པ་དང༌། བསམ་ པ་དེ་དགེ་བས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས། ཚངས་པའི་རྒྱལ་པོ་དང༌། འཁོར་ལོས་ བསྒྱུར་བའི་རྒྱལ་པོར་གྱུར་ཏེ། རྟག་ཏུ་གནས་བདེ་བར་སྐྱེས་ཀྱི་ངན་སོང་དུ་མ་སྐྱེས་སོ། དེ་ བཞིན་དུ་ཁྱོད་ཀྱང་དེ་བཞིན་གཤེགས་པ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བརྗོད་པས། ཕྱི་མ་ མ་འོངས་པའི་དུས་སུ་གདོན་མི་ཟ་བར་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་ བརྒྱད་ཅུ་དང་མ་འདྲེས་པའི་ཆོས་བཅོ་བརྒྱད་དང༌། ཚེ་ཚད་མེད་པ་དང༌། འཁོར་བར་མི་ གནས་པ་དང༌། རབ་ཏུ་བདེ་བ་དང༌། རིང་པོར་མི་ཐོགས་པར་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཐོབ་པར་འགྱུར་རོ། །ཞེས་པ་ལྟར་དང༌། དེ་བཞིན་གཤེགས་པ་རྟག་པར་ཡིད་ཆེས་ཤིང་ 2-1-277 དད་པའི་ཕན་ཡོན་ཤིན་ཏུ་དཀོན་པའི་མཆོག་ཏུ་གྱུར་ཅིང་བསྐལ་པ་མང་པོར་ངན་སོང་དུ་མི་ ལྟུང་བར་མདོ་དེ་ཉིད་ལས་གསུངས་པ། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་དུ་ཡིད་ ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམ་བཱ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ ནས་གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་མི་ལྟུང་བར་རིག་ པར་བྱའོ། །ཞེས་པ་ལྟར་དང༌། ངེས་དོན་ཟབ་མོའི་དེ་ཉིད་ཀྱི་གཏམ་ནི་སེང་གེའི་སྒྲ་ཡིན་ཅིང་ དེ་ལས་གཞན་མི་རྟག་སྡུག་བསྔལ་སོགས་ཀྱི་གཏམ་ནི་དེ་མ་ཡིན་ཚུལ། མདོ་དེ་ཉིད་ལས། དེ་ ལ་སེང་གེའི་སྒྲ་སྒྲོགས་པ་ནི་ཆོས་ཐམས་ཅད་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་ མེད་པ། ཡོངས་སུ་མ་དག་པ། ཞེས་མི་འཆད་དེ། དེ་བཞིན་གཤེགས་པ་རྟག་པ། བདེ་བ། བདག་དང་ཡོངས་སུ་དག་པ་འབའ་ཞིག་འཆད་དོ། །ཞེས་གསུངས་པ་སོགས་དང༌། ཡང་ སེམས་ཅན་ཀུན་ལ་གཤེགས་སྙིང་ཡོད་པར་གཞན་ལ་བསྟན་པའི་ཕན་ཡོན། སྡིག་ལས་ གྲངས་མེད་བྱས་པ་རྣམས་སྨིན་ལ་ཉེ་ཞིང་བཟློག་དཀའ་བའི་གནས་སུ་གྱུར་པ་ནའང་སྡུག་ བསྔལ་ཕྲ་མོ་ཙམ་གྱིས་སྨིན་གོ་ཆོད་ཅིང་སྒྲིབ་པ་བྱང་ངེས་སུ་འགྱུར་ཚུལ། མདོ་མྱང་འདས་ ལས། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་པར་བྱེད་ པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་ པའི་རིགས་ཀྱི་བུ་དེ་དག་ནི་སྡིག་པའི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང་ རིམས་ཀྱིས་བཏབ་པ་དང༌། ཟུག་རྔུ་དང་སྐུར་པ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ལ། གཞན་ཡང་བྱང་སེམས་ཀྱིས་བསྐལ་པ་བྱེ་བ་སྟོང་ ཕྲག་བརྒྱད་དུ་ཕར་ཕྱིན་ལྔ་ལ་སྤྱད་པ་བས་དེ་བཞིན་གཤེགས་པ་རྟག་པའོ་སྙམ་དུ་མོས་པ་ ཙམ་བྱས་པའི་བསོད་ནམས་གྲངས་མེད་བསྐྱེད་ཚུལ། ཡོན་ཏན་ཡེ་ཤེས་བསམ་མི་ཁྱབ་པའི་ 2-1-278 མདོ་ལས། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱད་པ་བས་འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་ བཞིན་གཤེགས་པ་ནི་རྟག་པའོ་སྙམ་དུ་མོས་པར་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་ གྲངས་མེད་པར་བསྐྱེད་དོ། །ཞེས་སོགས་གསུངས་པ་དང༌། སྤྲིན་ཆེན་མདོར། བྱང་ཆུབ་ སེམས་དཔའ་སྤྲིན་ཆེན་སྙིང་པོས། བཅོམ་ལྡན་འདས་ཉིད་ལ་ངེས་དོན་སྙིང་པོ་རྟག་པའི་དོན་ ལས་བརྩམས་ཏེ་དྲི་བ་མང་པོ་ཞུས་པའི་ལན་གྱི་སྐབས། བཅོམ་ལྡན་འདས་ཀྱིས་ངེས་དོན་ ཟབ་མོའི་དྲི་བ་ལ་ཆེ་བསྔགས་བཀའ་བསྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་དང་འཚམ་པའི་ཚིག་གི་དོན་ཕྲ་ཞིང་ཟབ་མོའི་ཚིག་ དང་ཡི་གེ་སྤེལ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་སྙིང་པོ་དེ་བཞིན་གཤེགས་པའི་ཡོན་ཏན་ གྱི་ཆེ་བ་ཉིད་རྟག་པའི་མཚན་ཉིད་དམ་པའི་ཆོས་བསྟན་པའི་གཏེར་དང་འདྲ་བ་དག་གིས་ མཚུངས་པ་མེད་པའི་མདོའི་རྒྱལ་པོའི་གཏེར་དང༌། དམ་པའི་ཆོས་བསྟན་པའི་གཏེར་དང་ སེམས་ཅན་ཐམས་ཅད་ཀྱི་བདུད་རྩི་མི་ཟད་པའི་གཏེར། དེ་བཞིན་གཤེགས་པ་ལ་ཞུས་པ་ ལེགས་ཏེ། སེམས་ཅན་ཐམས་ཅད་ཀྱི་གཏེར་བརྟན་པར་བཞུགས་པ་ངས་བཤད་པར་བྱའོ། །ཞེས་སོགས་ཀྱིས་གཟེངས་བསྟོད་ཆེས་ཁྱད་པར་བ་མཛད་ཅིང་དེ་ལུགས་ལྟར་གཞན་ཡང་ ངེས་དོན་གནས་ལུགས་ལ་ཐོས་བསམ་སོགས་ཀྱི་ཕན་ཡོན་སྙིང་པོའི་མདོར་ཞིབ་རྒྱས་སུ་ བཀའ་བསྩལ་པའི་མཐར་སླར་ཡང་གསུངས་པ། ང་ཡང་སྔོན་ནི་སྤྱད་པ་སྤྱོད་པའི་ཚེ། །བདེ་ བར་གཤེགས་པ་སེང་གེའིརྒྱལ་མཚན་ལས། །མདོ་སྡེ་འདི་ཡི་མིང་ནི་ཐོས་པར་གྱུར། །གུས་ པར་བྱས་ཏེ་ཐོས་ནས་ཐལ་མོར་སྦྱར། །ང་ནི་ལེགས་པར་བྱས་པའི་ལས་དེ་ཡིས། །བྱང་ཆུབ་ དམ་པ་མྱུར་དུ་ཐོབ་པར་གྱུར། །དེ་བས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །རྟག་ཏུ་ མདོ་མཆོག་འདི་ནི་གཟུང་བར་བྱ། །ཞེས་སོ། །གཞན་ཡང་སྔོན་གྱི་དེ་བཞིན་གཤེགས་པ་རྟག་ 2-1-279 ཏུ་འོད་ཟེར་གཏོང་ཞེས་བྱ་བས་གདན་གཅིག་ལ་འདུག་བཞིན་དུ་བསྐལ་པ་ཆེན་པོ་ལྔ་བརྒྱར་ དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་འདི་དཔེ་འབུམ་ཕྲག་དུ་མས་བསྟན་པ་ན་ཕྱོགས་བཅུ་ ཀུན་ཏུ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཡང་ཚོར་ཆུང་ངུས་གོ་ བར་གྱུར་ཅིང་ཐ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་མིང་ཐོས་པ་དེ་དག་ཐམས་ཅད་ ཀྱང་རིམ་གྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་སངས་རྒྱས་ཐོབ་པར་གསུངས་པ་ལ་ སོགས་པ་ཕན་ཡོན་མཐའ་ཀླས་པའི་ཚུལ་ངེས་དོན་གྱི་མདོ་སྡེ་རྣམས་སུ་ཆེས་མང་ངོ༌། །དེ་ ལུགས་ཀྱི་ཚུལ་དང་མཐུན་པར་རྒྱལ་ཚབ་མི་ཕམ་པས་རྒྱལ་བའི་སྤྱོད་ཡུལ་ངེས་དོན་ཟབ་ མོའི་ཚུལ་ལ་མོས་པ་ཙམ་ཡོད་པས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཚོགས་ཀྱི་སྣོད་དུ་གྱུར་ཏེ་ བསམ་མི་ཁྱབ་པའི་ཡོན་ཏན་ཅན་ཡེ་གཞི་ཆོས་དབྱིངས་ཟབ་མོའི་ཚུལ་ལ་དགའ་བའི་སྟོབས་ ཀྱིས་སེམས་ཅན་ཀུན་གྱི་རྣམ་པར་དཀར་བའི་བསོད་ནམས་ཆེས་མང་པོ་ཟིལ་གྱིས་གནོན་ ནུས་པའི་དགེ་རྩ་དཔག་མེད་མངའ་བའི་ཕན་ཡོན་ཡང་གསུངས་པ་སྟེ། རྒྱུད་བླ་མ་ལས། བློ་ ལྡན་རྒྱལ་བའི་ཡུམ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །བསམ་ མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་ གནོན། །ཞེས་སོགས་དང་གཞན་ཡང་ཆོས་ཀྱི་རྒྱལ་པོ་ཆེས་མང་མཆོད་པའི་དགེ་རྩ་དང་ བསྐལ་པ་དུ་མར་སྦྱིན་སོགས་ཀྱི་རྣམ་དཀར་རྒྱ་ཆེ་བའི་བསགས་སྒོ་ལས་ཀྱང་ངེས་དོན་ཟབ་ མོའི་ཚིག་ཙམ་ཐོས་ཤིང་ཐོས་ནས་དེ་ལ་མོས་པ་ཙམ་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ཆེས་ མང་ཐོབ་པར་འགྱུར་བ་སོགས་ཕན་ཡོན་དུ་མ་འབྱུང་ཚུལ་གསུངས་པ་ཡོད་ཀྱང་འདིར་མང་ དོགས་ནས་མ་བྲིས་ལ། དེ་ལྟ་བུའི་ངེས་དོན་ཟབ་མོ་སྟོན་པའི་མདོ་དང་དགོངས་འགྲེལ་ཁྱད་ འཕགས་ལས་ཇི་སྐད་བསྟན་པ་ལྟར་གྱི་ཕན་ཡོན་བཞིན་གངས་རིའི་ལྗོངས་འདིར་ངེས་དོན་ བསྟན་པའི་མངའ་བདག་གཅིག་གྱུར་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྲོལ་འཛིན་ཆེན་པོ་ 2-1-280 རང་རེའི་རྗེ་བླ་མ་འཇམ་དབྱངས་གཞོན་ནུ་ཟུར་ཕུད་ལྔ་པ་བཤེས་གཉེན་མི་གཟུགས་སུ་ འཕོས་པ། ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་གང་གི་ཞལ་སྔ་ནས་ ཀྱང་ངེས་དོན་གྱི་གནས་ལུགས་བདེ་གཤེགས་སྙིང་པོའི་དེ་ཉིད་ལ་དད་དེ་མོས་ཤིང་ཇི་བཞིན་ བསྒོམ་ནུས་ན་དགེ་རྩ་སྨིན་པའི་དབང་པོ་རབ་རྣམས་ཀྱི་གནས་ལུགས་དེ་ཅིག་ཅར་རྟོགས་པ་ དང་དེ་ལས་དབང་པོ་འབྲིང་ཐ་རྣམས་ཀྱིས་རང་རང་དང་འཚམ་པའི་ཀུན་ཏུ་སྤྱོད་པས་རིམ་ གྱིས་དེ་ལུགས་ལྟར་མངོན་དུ་གྱུར་པ་ཡིན་ལ། དེར་མ་ཟད་སྙིང་པོའི་གཏམ་ཐོས་པ་སོགས་ཀྱི་ བགྱི་བ་ཆ་ཤས་ཙམ་གྱིས་ཀྱང་སྔོན་མཚམས་མེད་ཀྱི་སྡིག་བྱས་པ་བྱང་ཞིང་སྡིག་པ་ལ་སྤྱོད་ བཞིན་པ་རྣམས་ཀྱང་ཟབ་མོའི་གནས་ཚུལ་འདི་ལ་དད་ན་རྣམ་སྨིན་རིང་དུ་དོར་ཞིང་ཟད་ པར་བྱེད་པ་དང་བག་མེད་པའི་དབང་གྱུར་འདོད་ཡོན་ལ་བརྟེན་པ་དག་ཀྱང་མི་འཆིང་བར་ གྲོལ་བ་དང་ཚུལ་ཁྲིམས་ཉམས་ཀྱང་ལྷ་ཡུལ་དུ་འགྲོ་བ་དང་སངས་རྒྱས་རྣམས་ཀྱི་སྐུའི་སྣང་ བ་འབྱུང་བ་སོགས་ཕན་ཡོན་གཞན་ལས་ཁྱད་པར་དུ་འཕགས་པ་བསམ་གྱིས་མི་ཁྱབ་པ་ གསུངས་པ་སྟེ། དེ་ཡང་ཉིད་ཀྱིས་མཛད་པའི་དབུ་མ་ཡིད་བཞིན་ནོར་བུ་ལས། བདེ་གཤེགས་ སྙིང་པོ་དད་པས་རྟོགས་པར་བྱ། །གལ་ཏེ་ཟབ་མོའི་དོན་ལ་མོས་ཤིང་བསྒོམ། །དགེ་བའི་རྩ་ བ་སྨིན་ན་ཅིག་ཅར་རྟོགས། །གཞན་དུ་རྣམ་ཀུན་སྤྱོད་པས་རིམ་གྱིས་ཐོབ། །ཆ་ཤས་ཀྱིས་ ཀྱང་དོན་ཆེན་འགྱུར་བ་སྟེ། །སྔོན་དུ་མཚམས་མེད་བྱས་པའང་འདི་ཡིས་གྲོལ། །སྡིག་ལ་སྤྱོད་ བཞིན་པ་ཡང་འདིར་དད་ན། །རྣམ་སྨིན་རིང་དུ་སྐྲོད་ཅིང་ཟད་པར་བྱེད། །བག་མེད་སྲེད་པའི་ དབང་གྱུར་ཡུལ་ལྔ་ལ། །རྟག་ཏུ་བརྟེན་པའང་མི་འཆིང་གྲོལ་བ་ཡོད། །བརྟུལ་ཞུགས་ཉམས་ པའང་ལྷ་ཡུལ་འགྲོ་བ་དང༌། །སངས་རྒྱས་རྣམས་ཀྱི་སྐུ་ཡི་སྣང་བ་འབྱུང༌། །འདི་ལ་དད་པའི་ ཡོན་ཏན་བསམ་མི་ཁྱབ། །ཅེས་པ་ལྟར་དང༌། གཞན་ཡང་ཐམས་ཅད་རང་སྟོང་ཁོ་ནར་ལྟ་ བའི་ཤེར་མདོ་སྐྱེ་བར་སྦྱངས་པ་བས་ཆོས་ཚུལ་འདི་ལ་མོས་པས་ལན་ཅིག་བཀླག་པའང་ 2-1-281 བསོད་ནམས་ཆེས་མཆོག་ཅིང་མི་མཐུན་གེགས་རྣམས་སེལ་སྟོབས་ཆེ་བ་དང༌། །ཐམས་ཅད་ རང་སྟོང་ཁོ་ནར་སྟོན་པའི་གཞུང་ལ་ཐོས་སོགས་ཀྱིས་ལོ་བརྒྱར་འབད་པ་ལས་ངེས་དོན་ཟབ་ མོ་སྟོན་པའི་བྱམས་ཆོས་ལྟ་བུའི་གླེགས་བམ་སྤྱི་བོར་བླངས་པས་བྱང་ཆུབ་ལ་ཉེ་ཞིང༌། ཐམས་ ཅད་རང་སྟོང་ཁོ་ནར་ལྟ་བུའི་སྒོ་ནས་དེ་ལྟར་སྟོན་པའི་གཞུང་ལ་ཐོས་སོགས་ཀྱིས་འབད་ཀྱང་ ངན་འགྲོའི་ལམ་ཡང་མ་ཁེགས་པ་དང་གནས་ལུགས་ཟབ་མོའི་ཆོས་ཚུལ་འདི་ལ་ཡིད་ཀྱི་ མོས་ཙམ་ཡོད་པ་མ་གཏོགས་ཐོས་སོགས་ཀྱི་བརྩོན་པ་བྲལ་བ་ལའང་མངོན་མཐོ་ལྷའི་ གནས་སུ་འགྲོ་བའི་མཚན་མ་མངོན་གྱུར་ཡོད་པར་གྲགས་པ་ལྟར་དོན་ལ་གྲུབ་པ་སོགས་ ཀྱིས་མཚོན་གནས་སྐབས་མཐར་ཐུག་གི་ཕུན་ཚོགས་གཞན་ལས་ཁྱད་འཕགས་འབྱུང་ཚུལ་ ཡང༌། ཉིད་ཀྱིས་མཛད་པའི་ཐེག་མཆོག་ཤིན་ཏུ་རྒྱས་པ་ལས། དོན་དམ་རང་སྟོང་ལྟ་བའི་ ཤེར་ཕྱིན་མདོ། །སྐྱེ་བར་སྦྱངས་པ་བས་ཀྱང་ཚུལ་འདི་ལ། །མོས་པ་ལན་ཅིག་བཀླག་པའང་ ཆེས་མཆོག་ཉིད། །མི་མཐུན་གེགས་རྣམས་སེལ་བར་ཀུན་ཏུ་མཐོང༌། །རང་སྟོང་མཁས་པའི་ གཞུང་ལ་ཐོས་བསམ་སྒོམ། །ལོ་བརྒྱར་འབད་ལས་བྱམས་པའི་གཞུང་ལུགས་ཀྱི། །གླེགས་ བམ་སྤྱི་བོར་བླངས་པའང་བྱང་ཆུབ་ཉེ། །དེར་འབད་ངན་འགྲོའི་ལམ་ཡང་མ་ཁེགས་དང༌། །འདིར་མོས་བརྩོན་པ་བྲལ་བའང་ལྷར་འགྲོ་བའི། །མཚན་མ་མངོན་གྱུར་གྲགས་ཤིང་གྲུབ་ ཕྱིར་ཏེ། །བདེ་དང་ཕུན་ཚོགས་ཐར་པའང་དེ་དང་མཚུངས། །སྐལ་བཟང་ཡོད་ན་ལམ་འདིར་ འབད་པར་རིགས། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། །འདིར་དེ་ལྟར་དུ་བཀོད་ པའི་ཕན་ཡོན་རྣམས་ནི་ས་བོན་གྱི་ཆ་ཙམ་སྟེ། གཞན་དུ་རྒྱས་པར་ན་མྱང་འདས་ཆེན་པོ་ལས། སེམས་ཅན་གང་དག་སྔོན་ཆུ་ཀླུང་དགའ་བསྐྱེད་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་ སེམས་བསྐྱེད་ན་དུས་ངན་པའི་ཚེ་ངེས་དོན་གྱི་སྡེ་སྣོད་ལ་སྐུར་བ་མི་འདེབས་པ་དང༌། ཀླུང་ གང་གཱ་གཅིག་གི་བྱེ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་ 2-1-282 ཆོས་འདི་ལ་མོས་པར་འགྱུར་བ་དང༌། དེ་བཞིན་དུ་གང་གཱ་གཉིས་ཀྱིས་ཆོས་འདི་ལ་དད་མོས་ འཆང་ཀློག་སོགས་བྱེད་པ་དང༌། གསུམ་གྱིས་ཆོས་འདི་དད་མོས་ཀྱིས་འཆང་ཀློག་འབྲི་བ་ སོགས་ནས་དེ་འདྲ་བརྒྱད་ཀྱི་བར་ལ་འགྲེས་སྦྱར་བས་གོང་སྨོས་དག་གི་སྟེང་དུ་ངེས་དོན་ ཟབ་མོའི་དོན་བཅུ་དྲུག་གི་ཆ་གཅིག་ཙམ་དང༌། དེ་འདྲའི་ཆ་བརྒྱད་དང་བཅུ་བཞི། ཇི་བཞིན་ རྫོགས་པའི་བར་རང་གིས་རིམ་གྱིས་རྟོགས་ཤིང་གཞན་ལ་དེ་ལུགས་ལྟར་སྟོན་ཅིང་ཟབ་དོན་ ལ་འཇུག་བསྐུལ་སོགས་བྱེད་པར་གསུངས་པ་ལ་སོགས་པའི་མདོ་སྡེ་ཟབ་མོའི་ལུང་ཆེས་ མཐའ་ཀླས་པ་བཞུགས་མོད་འདིར་ཡི་གེ་མང་དོགས་ནས་དེ་ཙམ་ལས་མ་བྲིས་སོ། ། སྨྲས་པ། དགེ་འདིས་སྐྱེ་ཀུན་བསྟན་པ་མཆོག་དང་མཇལ། །དམ་ཆོས་སྨྲ་ལ་འཇིགས་ མེད་སེང་གེར་གྱུར། །བསྟན་ལ་རྒོལ་བའི་གླང་པོའི་ཚོགས་འཇོམས་དང༌། །ཐུབ་བསྟན་ གངས་རི་སྐྱོང་བའི་བྱེད་པོར་ཤོག །ཅེས་དབུ་མ་གཞན་སྟོང་གི་ཕན་ཡོན་མདོར་བསྡུས་བཤད་ པ་དད་པའི་གཏེར་ཞེས་བྱ་བ་འདི་ཡང༌། བློ་དམན་འགའ་ལ་ཕན་ཕྱིར་ངག་དབང་ཡོན་ཏན་ བཟང་པོས་གོང་མའི་གསུང་ལས་བཏུས་ཏེ་བྲིས་པའོ།། །།