3-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ༼ག༽ 3-1-2 3-1-3 དཀར་ཆག དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་ དངོས་གྲུབ་ཉེར་འཚོ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་གའི་རྣམ་བཤད་བདུད་རྩིའི་རྒྱ་མཚོ། 3-1-4 3-1-5 ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་ རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ་ ཞེས་བྱ་བ་བཞུགས། ༄༅། །ༀ་སྭཱསྟི། གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ་ཞེས་བྱ་བ། དཔལ་ ལྡན་བླ་མ་དམ་པ་རྣམས་དང་དབྱེར་མ་མཆིས་པ་སྐུ་བཞིའི་བདག་ཉིད་དང་པོའི་སངས་རྒྱས་ དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། ། གང་གསུང་བདུད་རྩིའི་ཆ་ཤས་ཙམ། །རྣ་བའི་བུམ་པར་ལྷུང་བས་ཀྱང༌། །སྲིད་གསུམ་ མཆོག་ཏུ་བདེ་བའི་སར། །འགོད་མཛད་རྩ་བའི་བླ་མར་འདུད། །མཐའ་དག་བདེ་བར་ གཤེགས་ཀུན་འདུས་པ་དུས་འཁོར་ལོ། །རྩོད་དུས་འགྲོ་ལ་མཁས་བཙུན་བཟང་པོའི་བཤེས་ གཉེན་ཚུལ། །སྟོན་མཛད་སྲིད་གསུམ་འདི་ན་དོལ་པོ་པ་ཞེས་གྲགས། །ཀུན་མཁྱེན་ཤེས་རབ་ རྒྱལ་མཚན་དེ་ལ་སྤྱི་བོས་འདུད། །གང་ཞིག་མཆོག་ཏུ་མི་འགྱུར་ལྷན་སྐྱེས་ལང་ཚོ་རྒྱས་པའི་ སྐུ། །རྣམ་པ་ཀུན་ལྡན་འཁོར་ལོའི་དབང་མོར་གདོད་ནས་རྟག་པར་རོལ། །ཀུན་ཁྱབ་སྲིད་ པའི་བདག་པོ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས། །འཁོར་དང་མྱ་ངན་འདས་པའི་དཔལ་གྱུར་དེ་ ལ་ཕྱག་འཚལ་ལོ། །ཐུགས་རྗེས་གདུལ་དཀའ་འདུལ་མཛད་འཇིགས་བྱེད་ཧེ་རུ་ཀ་དཔལ་ ནི། །རྡོ་རྗེའི་མཁའ་འགྲོ་མ་ཚོགས་དང་བཅས་ཁྲོ་བོའི་རྒྱལ་རྣམས་ལ། །ཡང་དག་བཏུད་ནས་ དེ་རྗེས་དཀྱིལ་འཁོར་འཁོར་ལོ་ཐམས་ཅད་ལའང༌། །སྤྱི་བོས་འདུད་དོ་སྲིད་འདིར་བགེགས་ 3-1-6 རྣམས་ཞི་ཞིང་དགེ་ལེགས་མཛོད། ། ཟླ་བ་བཟང་ལ་ཤཱཀྱ་སེངྒེས་གསུངས་དོན་འཇམ་དཔལ་གྱིས་ནི་དྲང་སྲོང་ཚོགས་རྣམས་ ལའོ། །མཐའ་དག་གྲོལ་བའི་རྒྱུར་གསུངས་འཇིག་རྟེན་མགོན་པོས་དེ་དོན་གསལ་བྱེད་རྒྱས་ འགྲེལ་རྒྱ་མཚོ་ལས། །ཐིགས་པའི་ཚུལ་དུ་ཅུང་ཟད་བླངས་ནས་དག་པའི་རྣལ་འབྱོར་ཆ་ཙམ་ ཡི་གེའི་ལམ་དུ་བྱ། །མཁས་དང་མཁས་མིན་མང་པོས་ཡང་ཡང་བཤད་མོད་གཞན་གྱིས་ བསྐུལ་དང་རང་སེམས་དག་ཕྱིར་ཡིན། །དེ་བས་དེ་རིང་འདི་འདྲ་སྦྱོར་བ་ལ། །བདེན་དང་བློ་ གྲོས་ལྡན་རྣམས་བཟོད་པར་མཛོད། །གང་ལ་སྐྱོན་སྤངས་ཡོན་ཏན་ཀུན་ལྡན་ཚིག །རྒྱ་ཆེར་ སྟོན་དེ་འཕགས་མཆོག་ཁོ་ནས་ཡིན། །བདག་ཉིད་ཀྱིས་ནི་ཇི་ལྟར་གོ །དེ་ལྟར་གཞན་ལ་སྟོན་ མོད་ཀྱི། །ཕྱོགས་འཛིན་ཕྲག་དོག་འགྲན་སེམས་དང༌། །གཡོ་སྒྱུ་མེད་ཕྱིར་ཡིད་རབ་བདེ། ། དེ་ཡང་སྲིད་ཞི་ཀུན་ལ་ཁྱབ་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཁྱབ་པ་དང་རྟག་པའི་སྐུ་ཅན་ བདེ་བར་གཤེགས་པའི་སྙིང་པོའི་རང་གཟུགས་ནི། ཕྱོགས་བཅུ་དུས་གསུམ་དུ་གཤེགས་པའི་ སངས་རྒྱས་བཅོམ་ལྡན་འདས་མ་ལུས་པ་ཟུང་འཇུག་རོ་མཉམ་དུ་བཞུགས་པའི་བདག་ཉིད་ དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་རིས་མེད་པ་ཉིད་དོ། །དེ་ཉིད་ཀྱི་རང་བཞིན་ཆོས་ ཐམས་ཅད་ཀྱི་སྲོག་དང་མགོན་དང་དྭངས་མ་དང་བཅུད་དང་སྙིང་སྟོབས་དང་གནས་དང་ གཞི་དང་རྟེན་གྱི་ཚུལ་དུ་གདོད་ནས་རྟག་ཏུ་བཞུགས་པ་ཡིན་ལ། སེམས་ཅན་རྣམས་ཀྱི་བདེ་ བ་དམ་པའི་རྒྱུར་བརྟན་གཡོ་ཐམས་ཅད་ཀྱི་རྣམ་པས་འགྲོ་བའི་དོན་སྤྱོད་པའང་ཡིན་མོད་ཀྱི། དེ་དག་སོ་སོའི་གནས་སྐབས་དང་ཁྱད་པར་ལ་བལྟོས་ནས་འགྲོ་བ་རྣམས་ཀྱི་སྡུག་བསྔལ་ སེལ་བ་པོ་དང༌། བདེ་བ་སྐྱེད་པ་པོ་རྣམས་དང་སྣ་ཚོགས་པའི་རིག་པ་དང༌། གྲུབ་པའི་མཐའ་ དུ་མ་སྟོན་པ་པོ་དང༌། སྐྱེ་བོ་རྣམས་ཀྱི་ལས་དང་བྱ་བ་དང༌། ལམ་སྟོན་པ་པོ་མཐའ་ཡས་པ་ བྱུང་བ་དག་ཀྱང་གདོད་མའི་མགོན་པོ་དེ་ཉིད་ཀྱི་རྣམ་འགྱུར་དུ་གསལ་བར་བསྔགས་ཏེ། 3-1-7 དེ་སྐད་དུ་ཡང་རྒྱུད་ཀྱི་རྒྱལ་པོ་ལས། ཐིག་ལེ་ནུས་མ་མིག་སྨན་དག་དང་མཁའ་ལྡིང་ལྷ་ ཡི་ཆུ་བོ་མེ་སྦྱིན་དང་ནི་འདོད་འཇོ་དང༌། །རྫོང་དང་གློག་དང་རིག་པ་བཟང་པོ་འགྱུར་མེད་ མཆོག་གི་ཆ་དང་ལྷ་ཡི་སྐད་དང་ལུས་མེད་ཏེ། །ཡང་དག་རྒྱུ་བའི་གཟུགས་འདི་རྣམས་ཀྱིས་ས་ ལ་འཇུག་པར་འགྱུར་རོ་རྒྱལ་བ་ཡི་ནི་ཡེ་ཤེས་སྐུ། །བྱུང་བར་གྱུར་དང་བྱུང་དང་འབྱུང་འགྱུར་ རིག་བྱེད་རྟོག་གེ་ལ་སོགས་བསྟན་བཅོས་མཐའ་དག་རབ་ཏུ་སྨྲ། །ཞེས་གསུངས་ཤིང༌། ཕལ་ པོ་ཆེ་དང་དཀོན་མཆོག་ཏ་ལ་སོགས་མདོ་སྡེ་དུ་མ་ཞིག་ལས་ཀྱང་རྣམ་པ་འདི་ལྟ་བུ་མང་དུ་ གསུངས་སོ། །དེ་ལྟ་བས་ན་ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞི་ལ་སོགས་པ་ལྟ་ཅི་སྨོས། ཕྱི་རོལ་གྱི་གཞུང་ལུགས་ཐ་དད་པ་དང༌། བཟོའི་གནས་ལ་སོགས་པ་རིག་པའི་འཇུག་སྒོ་མ་ ལུས་པའང་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱི་ཡེ་ཤེས་ལས་བྱུང་བའི་འཕྲིན་ལས་ཀྱི་རྣམ་ འགྱུར་ཙམ་དུ་ནི་རིག་པར་བྱ་ལ། དེའི་ཕྱིར་འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ བྱུང་བའི་མཁས་པར་འདོད་པ་མང་པོ་ཞིག་རང་ཉིད་དུལ་བར་རློམ་ཞིང་ཁས་ལེན་ལ། གཞན་ གྱི་ལྟ་བ་དང་རིག་པ་དང་སྤྱོད་ཚུལ་དང་ངང་ཚུལ་ལ་སྡང་སྨྲས་འབའ་ཞིག་གིས་མི་ཚེ་རིལ་པོ་ དུས་འདའ་བར་བྱེད་པ་ནི་ཤིན་ཏུ་མི་མཁས་ཤིང་དམ་པའི་སྤྱོད་ཚུལ་བཏང་བར་གསལ་ལོ། ། འོན་ཀྱང་རྒྱལ་བའི་བསྟན་པ་ཡང་བཟང་ཞིང༌། དེ་ལས་ཕྱི་རོལ་ཏུ་གྱུར་པ་དག་ཀྱང་དེ་དང་ འདྲ་བར་བཟང་ངོ་སྙམ་དུ་སེམས་སུ་རུང་བ་ལྟ་ག་ལ་ཞིག་སྟེ། དེ་བཞིན་གཤེགས་པའི་འཕྲིན་ ལས་གང་ལ་གང་འདུལ་དུ་འཇུག་པ་ཡིན་པས་ལོག་པར་མོས་ཤིང་རྣམ་པར་གྲོལ་བའི་སྐལ་ བ་མེད་པ་དག་ལ་ཡང་དག་པའི་ལམ་དངོས་སུ་སྟོན་པར་མི་འགྱུར་བར་རྣམ་པ་གཞན་དང་ ཚུལ་གཞན་གྱིས་འཇིག་རྟེན་པའི་ལམ་ཙམ་ཞིག་སྟོན་པ་ཡིན་ཏེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོས། ས་སྟེང་གི་སྐྱེ་འགྲོ་ཐམས་ཅད་ལ་བྱ་ དགའ་དང༌། ཁ་ཟས་ཀྱི་ཁྱད་པར་མཐའ་ཡས་པ་དག་སྩོལ་བར་མཛད་པ་ན། ཁྱི་དང་ཕག་ 3-1-8 ལ་སོགས་པ་དག་ལ་ནི་རིན་པོ་ཆེ་དང༌། ལྷ་རྫས་ཀྱི་གོས་དང༌། གླང་པོ་ལ་སོགས་པའི་ཐེག་ པ་དང་ཁ་ཟས་རོ་བརྒྱ་བ་དག་གིས་ཅི་ཞིག་བྱ། གཞན་དུ་ན་ལྷག་མའི་ཟས་དང་སྨད་པའི་ དངོས་པོ་དག་གིས་ཚིམ་པར་བྱེད་དེ། རང་ཉིད་མངོན་སུམ་དུ་དེ་དག་ལ་ལག་བདར་ཏེ་སྟེར་ བར་ཡང་མི་བྱེད་དོ། །དེ་ལྟར་འདིར་ཡང་དེ་བཞིན་གཤེགས་པས་འགྲོ་བ་ཐམས་ཅད་ཀྱི་དོན་ མཛད་པ་ན། བྱང་ཆུབ་རྣམ་པ་གསུམ་གྱི་སྐལ་བ་དང་ལྡན་པ་རྣམས་དེ་དང་དེ་ལ་འགོད་ཅིང༌། མཐོ་རིས་ཀྱི་སྐལ་བ་ཅན་ལ་འཇིག་རྟེན་པའི་ལམ་སྟོན་ལ། དེའི་སྐལ་བའང་མེད་ན་ངན་ འགྲོའི་གནས་ཉིད་དུ་བདེ་བ་ཕྲ་མོ་དང༌། སྡུག་བསྔལ་ཆུང་ངུར་སྒྱུར་བ་དང་ཆེར་མི་སྐྱེད་པའི་ ཐབས་ཙམ་ཡང་འབྱུང་བར་འགྱུར་རོ། །དེས་ན་མུ་སྟེགས་བྱེད་ལ་སོགས་པ་རྣམས་ཀྱི་རྟག་པ་ དང་ཆད་པའི་མཐའ་སྟོན་པའི་གཞུང་ལུགས་དེ་དག་ཀྱང་ཤིན་ཏུ་རྨོངས་པའི་གང་ཟག་ལ་བློ་ གྲོས་ཀྱི་འཇུག་པ་གསར་དུ་སྐྱེ་བའི་རྒྱུ་ཡིན་པས། གནས་སྐབས་ཀྱི་བདེ་བ་ཕྲ་མོ་ཡང་སྐྱེད་ལ། བློ་གྲོས་ཤིན་ཏུ་བྱང་བའི་ཚེ་ཡང་དག་པའི་ལམ་དང་སྤྱོད་པ་ལའང་འཇུག་པར་འགྱུར་བའི་ སྐབས་ཡོད་པས། རྒྱལ་བའི་འཕྲིན་ལས་ཀྱི་འཇུག་པ་ནི་ཡིན་ཅིང༌། ཐར་པའི་ལམ་གྱི་སྐལ་ བ་མེད་པའི་ཕྱིར་རྒྱལ་བས་དེ་དག་ལ་ཐར་ལམ་བསྟན་པ་ཡང་མ་ཡིན་ལ། སྐྱོན་ཀུན་སྤངས། ཡོན་ཏན་ཀུན་རྫོགས། སངས་རྒྱས་ཉིད་ཅེས་འཇིག་རྟེན་དུ་གྲགས་པའི་སྐུའི་རྣམ་པས་ཀྱང་ དེ་རྣམས་ལ་དངོས་སུ་གསུང་བར་མི་མཛད་དེ། ལྷ་དང་དྲང་སྲོང་དང་དཀའ་ཐུབ་པ་དང་རྟོག་ གེ་བ་དག་ལ་བྱིན་གྱིས་བརླབས་པའམ། དེ་དག་གི་གཟུགས་སུ་སྤྲུལ་ནས་སྟོན་པར་མཛད་ དོ། །དེ་ལྟར་ཡང་རྒྱུད་ལས། རིག་བྱེད་མཐའ་ལས་གསང་བ་འདི་དག་ཚངས་པ་ཡིས་ནི་རྣལ་ འབྱོར་པ་རྣམས་དག་ལ་མངོན་བརྗོད་ཀྱང༌། །དུས་ཀྱིས་ཤེས་པ་རབ་ཉམས་ཐུབ་པ་རྣམས་ ཀྱིས་འདིར་ནི་སྲོག་ཆགས་རྣམས་ལ་གསོད་པ་དག་ཀྱང་བསྟན། །མི་རྣམས་མཐོ་རིས་དོན་དུ་ དེ་ལ་རབ་ཏུ་འཇུག་སྟེ་དམྱལ་བ་དར་པའི་འབྲས་བུ་སྟེར་བར་འགྱུར། །སོལ་བ་འོ་མའི་རྒྱུན་ 3-1-9 གྱིས་མངོན་པར་བཀྲུས་པ་འདིར་ནི་ཟླ་བའི་མདོག་ཏུ་འགར་ཡང་འགྱུར་མ་ཡིན། །ཞེས་རིག་ བྱེད་ལ་སོགས་པའི་གཞུང་འགའ་ཞིག་སྦས་པའི་དོན་མ་འཁྲུལ་པ་ཡོད་ཀྱང་སྐལ་བ་དང་མི་ ལྡན་པའི་ངོར་ཆེས་ཤིན་ཏུ་གབ་པ་ཐལ་ཆེས་ཏེ། ཚིག་དོན་དངོས་བསྟན་ལ་གྲོལ་བའི་ལམ་ཏེ་ གསལ་བར་མ་བསྟན་པ་ལྟ་ཅི་སྨོས། ལོག་པའི་ལམ་དུ་མ་སྟོན་པ་ལྟར་ཡང་བྱུང་བ་སྐལ་མེད་ རྣམས་ཀྱིས་མ་ཤེས་ཏེ། གཞུང་དེ་ལ་ཡིད་བརྟན་འཆའ་བའི་རྗེས་འཇུག་རྣམས་ཕྱིན་ཅི་ལོག་ ལ་ཞུགས་པ་ཡིན་ཞེས་ཀྱང་གསུངས་ལ། དེས་ན་ནང་ལེ་ལས། ཡན་ལག་དང་བཅས་རིག་ བྱེད་དྲན་པའི་གཞུང་དང་བཅས་དང་རྟོག་གེ་གྲུབ་པའི་མཐར་ལྡན་འཇིག་རྟེན་དུ། །སྙན་ངག་ མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན་ཡང་རིག་པ་ མིན། །རིག་པ་ཞེས་པ་ནང་རིག་འགྱུར་མེད་ཀྱང་སྟེ་འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་ རབ་གསུངས་ཉིད། །ཅེས་གསུངས་པ་ལྟར། དངོས་སུ་ན་སངས་རྒྱས་ཀྱིས་བསྟན་པ་ཁོ་ན་ ཐར་བའི་ལམ་སྟོན་པ་ཡིན་གྱི། གྲོལ་བའི་ཐབས་སྟོན་པ་གཞན་མེད་ལ། དེ་ཡང་ཐེག་པ་གསུམ་གྱི་ལམ་ཞེས་བརྗོད་མོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ ཀྱི་ཐེག་པ་ནི། མྱ་ངན་ལས་འདས་པའི་ལམ་དང་འབྲས་བུ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། དངོས་སུ་ལམ་གྱི་ཆ་ཤས་དུམ་བུ་ཉེ་ཚེ་ཙམ་བསྟན་པ་དང༌། འབྲས་བུ་ཐར་བའི་ཆ་ཤས་ཙམ་ ཐོབ་པ་ཡིན་པ་དང༌། མཐར་ཐུག་ཐེག་པ་ཆེན་པོ་ལ་གཞོལ་དགོས་པའི་ཕྱིར་རང་སྐྱ་མ་ཐུབ་ པས། དགོས་པའི་དབང་གིས་ཐེག་པ་གསུམ་དུ་གསུངས་ཀྱང་གཉིས་པོ་ཐེག་པ་ཆེན་པོའི་ ལམ་དུ་འདུས་པའི་ཕྱིར་ཤིན་ཏུ་ཆེས་ཐ་དད་པའི་རིམ་པ་གསུམ་ཡོད་པ་མ་ཡིན་ནོ། །ཐེག་པ་ ཆེན་པོ་དེ་ལ་ཡང་འབྲས་བུ་མཐར་ཐུག་བགྲོད་བྱེད་ཀྱི་ལམ་རྫོགས་པར་མི་འབྱུང་བ་ཕ་རོལ་ ཏུ་ཕྱིན་པའི་ཐེག་པ་དང༌། མཐར་ཐུག་བགྲོད་བྱེད་ཀྱི་ལམ་རྫོགས་པ་སྔགས་ཀྱི་ཐེག་པ་གཉིས་ ཞེས་འབྱུང་བའང༌། ཕ་རོལ་ཏུ་ཕྱིན་པའི་ལམ་དང་འབྲས་བུའི་རྣམ་པ་ཐམས་ཅད་སྔགས་ཀྱི་ 3-1-10 ཐེག་པར་ཚང་ལ། རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ནི་དེ་ལ་མེད་པའི་ ལྷག་པོ་ཡིན་ཅིང༌། དོད་ཐུབ་ཀྱང་བཞག་ཏུ་མེད་པས་དོན་གྱི་སྒོ་ནས་ཐེག་པ་ཆེན་པོ་མདོ་སྡེའི་ ཚུལ་ཡང་སྔགས་ཀྱི་ཚུལ་དུ་འདུས་སོ། །དེ་ལ་འདིར་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ནང་ ནས་རྒྱུད་ཐམས་ཅད་ཀྱི་ཡང་རྩེར་གྱུར་པ། དཔལ་ལྡན་དུས་ཀྱི་འཁོར་ལོ་སྟེ། དེ་ཡང་རྒྱུད་ ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་ལས། ཤེས་རབ་རྒྱུད་ནི་ཤར་ནས་སླར་ཡང་རྣལ་འབྱོར་རྗེས་སུ་ རིག་པ་ཉིད་ནི་ནུབ་ཀྱི་ཞལ་ལས་སོ། །གཡས་ཀྱི་ཞལ་ནས་རྒྱལ་བའི་བདག་པོས་རྣལ་འབྱོར་ རྒྱུད་གསུངས་གཡོན་གྱི་ཞལ་ནས་བྱ་བ་ལ་སོགས་སོ། །ཞེས་གསུངས་པ་སོགས་ཁོངས་ནས། སྤྱོད་པའི་རྒྱུད་དང་རྟོག་པའི་རྒྱུད་ལ་སོགས་པ་བསྡུས་པ་ཡིན་ལ། རྣལ་འབྱོར་རྗེས་སུ་རིག་པ་ ནི་མཚོན་བྱེད་དེ་རྣལ་འབྱོར་བླ་མེད་ལས་ཐབས་ཀྱི་རྒྱུད་རྣམས་སོ། ། དེ་ལ་བྱ་སྤྱོད་རྟོག་པ་གསུམ་ནི་གཙང་སྦྲ་ལ་སོགས་པ་ལུས་ཀྱི་བྱ་བ་གཙོ་བོར་སྟོན་པའི་ ཕྱིར། དཔལ་དུས་ཀྱི་འཁོར་ལོའི་གཡོན་ཞལ་སྐུ་རྡོ་རྗེའི་འཕྲིན་ལས་ཡིན་པས་དེས་གསུངས་ པ་དང༌། རྣལ་འབྱོར་གྱི་རྒྱུད་རྣམས་ནི་འདོད་ཆགས་བདེ་བ་ཆེན་པོ་ཅུང་ཟད་རྒྱས་པའི་ལམ་ ཉིད་ཀྱི་ཕྱིར་གཡས་ཞལ་དམར་པོས་ཀྱང་མཚོན་ལ། སྔགས་ཀྱི་ཡིག་འབྲུའི་དངོས་གྲུབ་ཉིད་ མཐར་ཐུག་ཏུ་སྟོན་པའི་ཕྱིར། གཡས་ཞལ་གསུང་རྡོ་རྗེས་གསུངས་པ་དང༌། རྣལ་འབྱོར་རྗེས་ སུ་རིག་པ་དང་འདུས་པ་ལ་སོགས་པ་ཐབས་རྒྱུད་རྣམས་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ ཉིད་ཡེ་ཤེས་རྡོ་རྗེ་དེ་ཁོང་དུ་སྦས་པའི་ཟ་མ་ཏོག་བསྐྱེད་རིམ་བྱ་བ་དང་བཅས་པ་གཙོ་བོར་ སྟོན་པའི་ཕྱིར། རྒྱབ་ཞལ་ཡེ་ཤེས་རྡོ་རྗེས་གསུངས་པ་དང༌། བདེ་མཆོག་དང་དགྱེས་རྡོར་ལ་ སོགས་པ་རྣལ་འབྱོར་མ་རྒྱུད་རྣམས་མི་འགྱུར་བའི་བདེ་བ་ཆེན་པོའི་ཟ་མ་ཏོག་ཐུགས་རྡོ་རྗེའི་ ལམ་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པའི་སྣང་བ་ནུབ་པ་ཅན་དེ་ཉིད་གཙོ་བོར་སྟོན་ པའི་ཕྱིར། མདུན་ཞལ་ཐུགས་རྡོ་རྗེའི་འཕྲིན་ལས་ཡིན་པ་དང་དེས་གསུངས་པའོ། ། 3-1-11 དེ་ལྟར་ན་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལས་ཆེས་མཆོག་ཏུ་གྱུར་པ། བཞི་པ་རྣལ་ འབྱོར་བླ་ན་མེད་པ་ཡིན་ལ། དེ་ལ་ཡང་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་ལས་བྱིན་རླབས་ མྱུར་བའི་སྒོ་ནས་རྣལ་འབྱོར་མའི་རྒྱུད་མཆོག་ཡིན་ཅིང༌། དཔལ་དུས་ཀྱི་འཁོར་ལོ་ནི། རྣལ་ འབྱོར་མ་རྒྱུད་ཁྱད་པར་ཅན་ཡིན་ཡང་གོང་དུ་གསུངས་པ་ལྟར་གྱི་ཞལ་རེ་རེའི་ཕྱོགས་སུ་ལྷུང་ བ་མ་ཡིན་པར་ཞལ་བཞིའི་སྤྱི་བོའམ་ཡང་ན་སྐུ་ལུས་དང་མཚུངས་པར་བསྟན་པ་སྟེ། དེ་ཡང་ དཔལ་གྱི་མགུར་ནས་གསུངས་པའི་རྒྱུད་རྣམས་ལ་སྤྱི་ལྡོག་ནས་བཟང་ངན་གྱི་དབྱེ་བ་མི་ཐུབ་ ཀྱང༌། རྗོད་བྱེད་ཚིག་གི་དངོས་བསྟན་སྒྲ་ཇི་བཞིན་པ་ལ། བརྗོད་བྱ་ཟབ་མི་ཟབ་དང་རྒྱ་ཆེ་ ཆུང་གི་ཁྱད་པར་ནི་ངེས་པར་འབྱུང་དུ་རུང་བ་ལས། དུས་ཀྱི་འཁོར་ལོ་ནི་ལྷག་པར་ཟབ་ཅིང་ རྒྱ་ཆེ་བ་ཡིན་ནོ། །དེ་ཡང་ཕྱི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་སྐར་རྩིས་ཀྱི་རིམ་པ་སོགས་ དང༌། ནང་རྡོ་རྗེ་ལུས་ཀྱི་སྐྱེ་གནས་འཇིག་ཚུལ་སོགས་གཞི་གཏན་ལ་འབེབས་ཚུལ་ཡང་ གཞན་པས་རྒྱ་ཆེ་ཞིང༌། གྲུབ་མཐའི་དབྱེ་བ་དང་རང་ལུགས་ཀྱི་འཁོར་བ་འཇུག་ཟློག་སོགས་ གཞིའི་གནས་ཚུལ་གཏན་ལ་འབེབས་ཚུལ་གཞན་པས་ཟབ་པའང་ཡིན་ལ། སྨིན་བྱེད་ དབང་གི་དུས་ན་ཆུ་སོགས་ཀྱི་དབང་ལ་རྒྱུད་གཞན་རྣམས་ལ་རྒྱལ་བ་རིགས་ལྔ་ཙམ་ལས་མ་ གསུངས་པ་ལ། འདིར་ལྷ་བཞི་བཅུ་རྩ་དྲུག་སོགས་ཀྱི་དག་པ་མཛད་པས། གཞན་པས་འདི་ རྒྱ་ཆེ་ཞིང་ཟབ་ལ་རྒྱུད་སྨིན་ཚབས་ཆེ་བ་དང༌། དབང་གོང་མའི་གནས་སྐབས་ཀུན་ན་བཞི་ པ་ཕྱག་རྒྱ་ཆེན་པོའི་དབང་རྒྱུད་གཞན་དུ་མི་གསལ་ཞིང་བསྡུས་པ། འདིར་རྒྱས་ཤིང་གསལ་ བར་གསུངས་པས་ཆེས་ཟབ་པ་དང༌། གཞན་ནས་མ་བཤད་པའི་རྡོ་རྗེ་སློབ་དཔོན་བདག་པོ་ དང་བདག་པོ་ཆེན་པོའི་དབང་དག་གསུངས་པས། སློབ་དཔོན་གྱི་དབང་ལ་ཟབ་པ་དང་རྒྱ་ཆེ་ བ་གཉིས་ཀར་གྱི་སྒོ་ནས་མཆོག་ཏུ་གྱུར་པ་དང༌། བསྐྱེད་རིམ་ལ་ཡང་ཕ་རྒྱུད་དང་མ་རྒྱུད་གཞན་ཐམས་ཅད་ཀྱི་ཟབ་གནད་གཅིག་ཏུ་ 3-1-12 འདུས་པས་མཆོག་ཏུ་གྱུར་པ་དང༌། བཟླས་པ་སོགས་ལ་ཐུན་མོང་མ་ཡིན་པའི་ཟབ་གནད་ ཐོར་བུ་དུ་མ་ཡོད་པ་དང༌། ཟབ་གནད་ཀྱི་གཙོ་བོ་ཚེ་གཅིག་ལ་འཚང་རྒྱ་བའི་ཉེ་ལམ་རྡོ་རྗེའི་ རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ ཉིད་ཕྱག་རྒྱ་ཆེན་པོ་དང༌། མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པའི་ལམ་དབང་བཞི་པའི་ཡེ་ ཤེས་དེ་ནི་རྒྱུད་རྒྱལ་གཞན་རྣམས་སུ་གབ་ཅིང་མི་གསལ་བ་དང་བརྡ་ཐབས་དང༌། ཟུར་ཙམ་ གྱིས་མཚོན་པ་དང༌། མིང་ཙམ་དང༌། མཚན་ཉིད་མདོར་བསྡུས་ཙམ་གྱིས་མཚོན་པ་ལས་མ་ གསུངས་པ་ལ། འདིར་རྒྱས་ཤིང་གསལ་ལ་ཐང་མར་བརྡལ་བ་ཡིན་ནོ། །དེ་བཞིན་དུ་འབྲས་ བུའི་བཞུགས་ཚུལ་གྱི་སྒོ་ནས་ཀྱང༌། གཞན་ལས་གསལ་པོར་མི་འབྱུང་བའི་ཟབ་ཁྱད་དུ་མ་ དང་བཅས་པ་གསལ་བོར་གསུངས་པ་ཡིན་ཅིང༌། དེར་མ་ཟད་རྒྱུད་གཞན་ཐམས་ཅད་ཀྱི་མི་ གསལ་བ་གསལ་བྱེད་བླ་ན་མེད་པ་ཡང་འདི་ཡིན་ལ། ཐེག་པ་གཞན་ཐམས་ཅད་ཀྱི་དགོངས་ དོན་ཡང་འདིར་གཏན་ལ་ཕབ་པས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ནང་ན་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ནི་རྒྱུད་ རྒྱལ་དུས་ཀྱི་འཁོར་ལོ་འདིའོ། །ཡང་བཀའ་རྒྱུད་སྡེ་རྣམས་རྟོགས་དཀའ་བས། དགོངས་ འགྲེལ་མཁན་པོའི་གཞུང་ལ་བརྟེན་ནས་རྟོགས་དགོས་པར་འདོད་པ་ཡང་མང་ན། དགོངས་ འགྲེལ་གྱི་གཞུང་ཡང་ལུགས་འདི་ཉིད་ཆེས་མཆོག་ཏུ་གྱུར་པ་སྟེ། {རྒྱུད་ཀྱི་རྒྱལ་པོ་གཞན་ རྣམས་ལ་ནི་འཕགས་པའི་ཡུལ་གྱི་པཎྜི་ཏ་ཕལ་པ་དང༌། སྒྲུབ་པ་པོ་ནུས་པ་ཅུང་ཟད་ཐོབ་པས་ བཤད་པ་དང༌། ཐུན་མོང་གི་དངོས་གྲུབ་ཙམ་ཐོབ་པའི་གྲུབ་ཐོབ་ཀྱིས་བཤད་པའང་མང་ལ། འཕགས་པའི་ས་ཐོབ་པའམ་མཆོག་གི་དངོས་གྲུབ་ཐོབ་པར་གྲགས་པ་རྣམས་ཀྱང་སྔར་མིའི་ འགྲོ་བ་སོ་སོ་སྐྱེ་བོའི་རྟེན་ལ་སྐབས་དེར་མཆོག་གསར་དུ་བརྙེས་པ། འཕགས་པའི་ས་དང་པོ་ ལྟ་བུ་ཐོབ་པ་ཡང་ཡོད། མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པའི་སྦྱོར་ལམ་གྱི་ས་ཐོབ་ 3-1-13 པ་ལ་མཆོག་ཐོབ་པར་བྱས་པའང་ཡོད་ཀྱི། དགོངས་འགྲེལ་མཁན་བཟང་ཤོས་རྣམས་ཀྱང་ དེ་ཙམ་ཞིག་ཡིན་ལ། འདིར་ནི་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང༌། ལྟ་འདོད་ མདོར་བསྟན་དང༌། དོན་དམ་བསྙེན་པ་ལ་སོགས་པ་ནི། ངེས་པའི་དོན་དུ་རྫོགས་པའི་སངས་ རྒྱས་ཉིད་གདུལ་བྱའི་སྣང་ངོར་ཚུལ་སྟོན་པའི་རྣམ་པའི་དབང་དུ་བྱས་ན་ས་བཅུའི་དབང་ ཕྱུག་སྤྱན་རས་གཟིགས་དང་རྡོ་རྗེའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པ་རྒྱལ་སྲས་ཐུ་བོ་ རྣམས་ཀྱིས་རྒྱུད་དོན་གསལ་བར་མཛད་པའི་བསྟན་བཅོས་ཡིན་པས་སོ། །དེས་ན་སེམས་ འགྲེལ་སྐོར་གསུམ་སོགས་འདི་དག་ནི། བསྡུས་པའི་རྒྱུད་གཞན་རྣམས་ལ་བཤད་རྒྱུད་ཅེས་ བྱ་བ། རྩ་བའི་རྒྱུད་ཀྱི་དོན་འགྲེལ་སྟོན་པ་ཉིད་ཀྱིས་གསུངས་པའི་རང་འགྲེལ་ལྟ་བུ་དེ་དག་ དང་ཁུངས་ཆེ་ཆུང་ལ་ཁྱད་པར་མེད་པ་ལས་གོ་བདེ་ཞིང་ཚིག་དོན་གསལ་བའི་ཕྱོགས་ནས་ འདི་དག་ངོ་མཚར་ཆེ་ཆེ་ཙམ་ཡིན་ནོ། ། དེ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆོས་ཀྱི་དབྱིངས་ཀྱི་གནས་སུ་འོ་སྐོལ་གྱི་ སྟོན་པ་ཤཱཀྱ་སེངྒེས་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བཟང་སོགས་སྔགས་ཀྱི་ཐེག་པའི་ གདུལ་བྱ་རྣམས་ལ་དངོས་སུ་གསུངས་པའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང༌། དེའི་རྣམ་ པར་བཤད་པ་ཟླ་བཟང་ཉིད་ཀྱིས་མཛད་པ་སྟོང་ཕྲག་དྲུག་ཅུ་པ་སོགས་ནི། འཕགས་པའི་ ཡུལ་དང་གངས་རིའི་ཁྲོད་སོགས་ཆུ་བོ་སཱི་ཏའི་ལྷོ་ཕྱོགས་འདིར་མི་ཡུལ་གྱི་འགྲོ་བའི་དོན་དུ་ མ་བྱོན་ཏེ་དབང་མདོར་བསྟན་སོགས་ཆ་ཤས་ཉེ་ཚེ་ཙམ་ནི་མ་གཏོགས་སོ། །འཕགས་པའི་ ཡུལ་དུ་ཇི་ཙམ་དར་ཞིང་ཡོད་པ་དེ་ཐམས་ཅད་བོད་ཡུལ་འདིར་བྱོན་པ་མ་ཡིན་མོད། འོན་ ཀྱང་གཙོ་ཆེ་བ་རྣམས་ནི་འདིར་ཡང་ཡོད་པ་ལས། དེ་དག་ཀྱང་གང་ཞེ་ན། རྩ་བའི་རྒྱུད་ཀྱི་ དུམ་བུ་ངེས་དོན་ཕྱོགས་གཅིག་པ་དབང་མདོར་བསྟན་དང༌། བསྡུས་རྒྱུད་ལེའུ་ལྔ་པ་འཕྲེང་ འཛིན་སྡེབ་སྦྱོར་གྱི་ཚིགས་བཅད་སྟོང་སུམ་ཅུ་ལྷག་བཅས་དང༌། བསྡུས་པའི་རྒྱུད་ཕྱི་མ་ 3-1-14 རྣམས་ནི་ཡོངས་སུ་གྲགས་པ་རྒྱུད་ཀྱི་མཚན་འབྱར་བ་ཡིན་ལ། འཇམ་དཔལ་གྲགས་པའི་ གསུང་ལྟ་འདོད་མདོར་བསྟན་དང༌། པདྨ་དཀར་པོའི་གསུང་དོན་དམ་བསྙེན་པ་དང༌། གཞན་ ཡང་རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་སོགས་གཞུང་ཕྲན་ཅི་རིགས་དེ་དག་ཀྱང༌། རྒྱུད་ ཀྱི་མཚན་མ་འབྱར་མོད། དོན་གྱིས་རྒྱུད་དུ་ནི་གཏོགས་སོ། །དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ དྲི་མེད་འོད་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་པ་རྫོགས་པར་དངོས་སུ་ཡོད་པ་དང༌། ཀྱཻ་རྡོ་རྗེའི་ འགྲེལ་པ་རྡོ་རྗེ་སྙིང་པོས་མཛད་པ་དང༌། འཁོར་ལོ་སྡོམ་པའི་འགྲེལ་པ་ཕྱག་ན་རྡོ་རྗེས་མཛད་ པ་གཉིས་ནི། ཡོངས་རྫོགས་ཀྱི་ཚད་ཤླཽ་ཀ་སྟོང་ཕྲག་དྲུག་པ་རེར་བཤད་ཀྱང༌། རྒྱ་བོད་གཉིས་ སུ་འགྲོ་བའི་དོན་གྱི་ཕྱིར་སྤྱོད་པ་ནི། སྟོད་ཀྱི་ཆ་ནས་ཉུང་ཟད་རེ་ཡིན་མོད། འདི་གཉིས་རེ་ རེས་ཀྱང་དོན་གྱི་སྙིང་པོའི་ཆ་ནས་རྒྱུད་དོན་རྫོགས་པར་འགྲེལ་བ་སྟེ། གསང་སྔགས་ཀྱི་གཞི་ ལམ་འབྲས་བུའི་རིམ་པ་ཆ་ཚང་རྫོགས་པ་རེ་བསྟན་ནོ། །དེ་དག་དང་འཁོར་ལོ་སྡོམ་པའི་སྒྲུབ་ ཐབས་ཕྱག་ན་རྡོ་རྗེས་མཛད་པ་དང༌། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རིགས་ལྡན་ཁྱབ་འཇུག་ སྦས་པས་མཛད་པ་སོགས་ཀྱང་རྒྱུད་ཀྱི་འགྲེལ་བཤད་དང༌།} སྒྲུབ་ཐབས་ཞེས་པའི་ཐ་སྙད་ ཀྱིས་གོ་བཀག་སྟེ། རྒྱུད་ཀྱི་མཚན་མ་འབྱར་ཡང་དོན་གྱིས་རྒྱུད་དང་མཚུངས་པ་ཉིད་དོ། ། དེ་ལ་ཁ་ཅིག་འདི་སྙམ་དུ་སངས་རྒྱས་ཀྱི་བསྟན་པའི་དབང་དུ་བྱས་ནས། དེ་བཞིན་ གཤེགས་པ་མྱ་ངན་ལས་མ་འདས་གོང་དུ་བྱུང་བ་ནི་བཀའ་དང༌། དེའི་རྗེས་སུ་བྱུང་བ་ནི་ དགོངས་འགྲེལ་གྱི་བསྟན་བཅོས་སུ་འཇོག་དགོས་པས་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ ཀྱང་སྟོན་པ་ནས་ལོ་དྲུག་བརྒྱའི་ཕྱིས་སུ་བྱུང་བའི་ཕྱིར་དགོངས་འགྲེལ་ཁོ་ནའོ་སྙམ་ན། འདི་ ནི་ཚིག་དང་དོན་གཉིས་ཀའི་སྒོ་ནས། རྩ་བའི་རྒྱུད་ཉིད་ལས་འབྱུང་བ་བསྡུས་པ་ཁོ་ན་སྟེ། ཉི་ མའི་ཤིང་རྟས་གསོལ་བ་བཏབ་པ་སོགས་ཁ་སྐོང་གི་ཚིག་ཤོ་ལོ་ཀ་འགའ་ཞིག་མ་གཏོགས་ ཤོ་ལོ་ཀ་སྟོང་དང་སུམ་ཅུ་རྩ་རྒྱུད་ལས་བཏུས་པའི་ཚིག་ཁོ་ན་ལ། སྡེབ་སྦྱོར་གྱི་དབང་གིས་ 3-1-15 གོ་རིམ་བསྒྲིགས་མཚམས་བསྒྱུར་བ་ཙམ་ནི་ཡོད་མོད། དེ་ནི་སྡུད་པ་པོའི་བསམ་པས་མདོ་ རྒྱུད་གཞན་ཐམས་ཅད་ལ་ཡང་ཡོད་དོ། །སངས་རྒྱས་ཀྱི་བཀའ་རྒྱ་ཆེན་པོ་ལས་ཚིག་ཉུང་ངུའི་ ཚུལ་དུ་བསྡུ་བ་དེ་ལྟ་བུ། དུས་ཕྱིས་སོ་སོ་སྐྱེ་བོས་བྱས་ན་བཀའ་ཡིན་པར་མི་འགྲོ་བ་སྲིད་མོད་ ཀྱང༌། འཕགས་པ་འཇམ་དཔལ་གྱིས་མཛད་པ་ཡིན་པས། སྡུད་པ་པོས་བཀའ་བསྡུས་པ་དང་ ཁྱད་པར་མེད་པས་བཀའ་མ་ཡིན་པར་མི་འགྲོའོ། །དེ་ལས་ཀྱང་ཁྱད་པར་དུ་གྱུར་པའི་རྒྱུ་ མཚན་གྱི་གཙོ་བོ་སྟོན་པ་ཉིད་ཀྱིས་རྩ་བའི་རྒྱུད་དུ་ལུང་བསྟན་པ་ཉིད་ཀྱི་ཕྱིར་བཀའ་ཡིན་ཏེ། འཕགས་པར་ལུང་བསྟན་པའི་གང་ཟག་དེ་འཕགས་པ་ཡིན་པར་ཐེ་ཚོམ་མེད་པ་བཞིན་ནོ། ། དེ་ཡང་ཇི་ལྟ་བུ་ཞེ་ན། འཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། ། ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་ པོས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་པོ་ཡང་འདི། །ཞེས་གསུངས་པའི་ཕྱིར་རོ། །དྲི་མེད་ འོད་སོགས་ནི་གོང་དུ་བརྗོད་པ་ལྟར་དོན་གྱིས་ན་བཤད་རྒྱུད་ཉིད་དུ་འགྱུར་ཞེས་སྨྲ་ཡི། སྔོན་ ནས་ད་ལྟའི་བར་དུ་རྒྱུད་ཀྱི་ཐ་སྙད་མི་བྱེད་པའི་ཕྱིར། བདག་ཅག་གིས་ཀྱང་རྒྱུད་ཀྱི་ཐ་སྙད་ གསར་དུ་སྦྱོར་བར་མི་བྱེད་དེ་དགོས་པ་མེད་པའི་ཕྱིར་རོ། །དེ་ལས་རྒྱུད་ཀྱི་རྒྱལ་པོ་འགྲེལ་བ་ དང་བཅས་པ་འདི་ལ་བོད་ཀྱི་ཕྱོགས་འདིར་ལོ་ཙཱ་བ་ཐ་དད་པས་བསྒྱུར་བའི་འགྱུར་མི་གཅིག་ པ་ཤིན་ཏུ་མང་བར་བྱུང་སྟེ། གྱི་ཇོ་རྨ་ལོ་འབྲོ་གཉན་མང་འོར་དང༌། །འ་ཞ་རྭ་ལོ་ག་རོང་ཙ་མི་ དང༌། །སྤོང་ཞོ་ཁེར་རྒང་ལྡིང་རི་གྲགས་མིང་བཞི། །རོང་གླིང་སེ་ལོ་ལོ་ཆུང་བསོད་ཡེ་དང༌། ། བློ་གྲོས་སྙིང་པོ་ཆག་ལོ་ཡར་ལུངས་པ། །དེ་རྣམས་ལོ་པཎ་སྡེབས་པའི་འགྱུར་ཡིན་ཏེ། །ཁ་ ཅིག་གཞི་འགྱུར་ཁ་ཅིག་འགྱུར་བཅོས་ཡིན། །འགོས་ལོ་ཁུག་པས་བསྒྱུར་ཞེས་འགའ་ཞིག་ ཟེར། །ཤོང་སྟོན་ཐང་སྟོན་དཔང་ལོའི་འགྱུར་རྣམས་ནི། །པཎྜི་ཏ་ལ་མ་ཉན་རྩལ་འགྱུར་ཡིན། ། ལོ་ཙཱ་བློ་གྲོས་གཉིས་ཀྱིས་བསྒྱུར་བ་ནི། །དུས་གསུམ་སངས་རྒྱས་ཀུན་མཁྱེན་ཆེན་པོ་ཡི། ། 3-1-16 བཀའ་ཡིས་བསྐུལ་ཞིང་གསུང་དང་བསྟུན་པའི་ཕྱིར། །རྩལ་འགྱུར་ཡིན་ཡང་བྱིན་རླབས་ གཟི་བྱིན་ལྡན། །འགྱུར་གསར་རྣམས་ཀྱི་ནང་ནས་འདི་ཉིད་མཆོག །གོ་བདེ་ཚིག་ལམ་ ལེགས་ཤིང་གསལ་བ་ཡིན། །དེ་དག་ཀྱང་འདི་ལྟ་སྟེ། ཐོག་མ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་ འགྱུར་ཏེ་འདི་ལ་འགྱུར་མངས་སུ་གྲགས། དེ་ནས་རྨ་དགེ་བའི་བློ་གྲོས། འབྲོ་ལོ་ཙཱ་བ་གཉེལ་ ཙེར་ཤེས་རབ་གྲགས། གཉན་ལོ་ཙཱ་བ་དར་མ་གྲགས། མང་འོར་བྱང་ཆུབ་ཤེས་རབ། འ་ཞ་ རྒྱ་གར་བརྩེགས། རྭ་ལོ་ཙཱ་བ་ཆོས་རབ། སྟེང་པ་ལོ་ཙཱ་ག་རོང་ཚུལ་ཁྲིམས་འབྱུང་གནས། བུ་ རང་ལོ་ཆུང་གྲགས་འབྱོར་ཤེས་རབ། གྲགས་པའི་མིང་གི་མཐའ་ཅན་བཞི་ནི། ཙ་མི་སངས་ རྒྱས་གྲགས། སྤོང་ཞོ་གསལ་བ་གྲགས། ཁེར་རྒང་འཁོར་ལོ་གྲགས། ལྡིང་རི་ཆོས་གྲགས་སོ། ། ཡང་རོང་གླིང་ལོ་ཙཱ་བ་རྡོ་རྗེ་དབང་ཕྱུག །སེ་ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ། ལོ་ཙཱ་བ་བསོད་ ནམས་ཡེ་ཤེས། ལོ་ཙཱ་བ་བློ་གྲོས་སྙིང་པོ། ཆག་ལོ་ཆོས་རྗེ་དཔལ། ཡར་ལུངས་ཤུད་ཀེ་གྲགས་ པ་རྒྱལ་མཚན་ཏེ། དེ་རྣམས་ཀྱིས་རྒྱ་གར་གྱི་པཎ་གྲུབ་ལ་དབང་མན་ངག་བཤད་པ་རྣམས་ ཞུས་ཏེ་བསྒྱུར་བ་ཡིན་པས། ཕལ་ཆེར་བྱིན་རླབས་དང་ལྡན་པ་ཡིན་ཡང་རྭ་འབྲོ་ཙཱ་མི་ཆག་ ལོའི་ལུགས་རྣམས་མ་གཏོགས། གཞན་རྣམས་ལ་བརྒྱུད་པ་རིང་དུ་མ་དར་བ་འདྲའོ། །པཎ་ ཆེན་ཟླ་མགོན་གྱི་རང་འགྱུར་དང་གཉོས་ཁ་རག་ལོ་ཙཱའི་འགྱུར་དང་ཁྱུང་པོ་ཆོས་བརྩོན་གྱི་ འགྱུར་ཡང་ཡོད་པར་གྲགས་ལ། འབྲོ་སེང་དཀར་དང༌། མཚུར་དབྱིག་གི་སྙིང་པོ་ལ་སོགས་ པས་ཀྱང་སེམས་འགྲེལ་སྐོར་ཅི་རིགས་པར་འགྱུར་ཟེར། དེ་དག་ཀྱང་བར་སྐབས་ཀྱི་མཁས་ པ་ཆོས་ཀྱི་སྤྱན་ཡངས་འགའ་རེས་གཟིགས་པའི་དབང་དུ་བྱས་ལ། བདག་གིས་མཐོང་བ་ནི་ རྭ་འབྲོ་གྱི་རྨ་འ་ཞ་ལོ་ཆུང་མང་འོར་ཙ་མི་ཆག་ལོ་ཤུད་ཀེ་ཤོང་དཔངས་ཇོ་འགྱུར་རྣམས་སོ། ། བར་སྐབས་སུ་ཙ་མི་དང་ཆག་ལུགས་ཀྱང་དར་རབ་བྱུང་མོད། དཔལ་དུས་ཀྱི་འཁོར་ལོ་ལ་ བོད་ཁམས་འདིར་རྭ་འབྲོའི་ལུགས་གཉིས་པོ་འཕྲིན་ལས་ཀྱི་སྒོ་འགྲན་ཟླ་མེད་པ་ཡིན་ཅིང༌། 3-1-17 འབྲོ་བ་ལ་སྒྲུབ་པའི་བཀའ་བབས། རྭ་བ་ལ་བཤད་པའི་བཀའ་བབས་ཟེར་བ་ཡང་ཕྱོགས་ མཐུན་རུང་ཡིན་ཏེ། རྭ་ལུགས་འཛིན་པ་ལ་རྒྱུད་བཤད་ཤིན་ཏུ་དར་ཞིང་འཕྲིན་ལས་ཆེ་ལ། འབྲོ་ལུགས་པ་རྣམས་ལ་གྲུབ་པ་བརྙེས་པ་ཆེས་མང་དུ་བྱུང་བའང་ཡིན་ནོ། །ལོ་ཙཱ་བ་འགོས་ ཁུག་པས་ཕྱག་རྡོར་སྟོད་འགྲེལ་བསྒྱུར་བ་ནི་ཡོད་ལ། དུས་འཁོར་རྩ་འགྲེལ་བསྒྱུར་བའི་ཐོག་ མ་ནི། གྱི་ཇོ་ཉིད་ཡིན་པར་ཀུན་ཏུ་གྲགས་ཤིང༌། སྔོན་གྱི་ཆེན་པོ་ཐམས་ཅད་ཞལ་འཆམ་པས་ འགོས་ཀྱིས་བསྒྱུར་བ་མེད་པར་སེམས་ལ། སློབ་དཔོན་གཞོན་ནུ་དཔལ་བ་སོགས་ཡོད་སྐད་ གསུང་བ་གལ་ཏེ་བདེན་སྲིད་ན་གྱི་ཇོ་དང་དུས་མཉམ་ཙམ་ཡིན་གྱི་ཆེས་སྔ་བ་མིན་ནོ། །ཤོང་ ཐང་དཔང་གསུམ་གྱི་འགྱུར་ནི། རྒྱུད་འགྲེལ་གྱི་དོན་ལ་རང་བློས་དཔྱད་ཅིང༌། བོད་སྟེན་ རྣམས་ལ་དྲི་གཏུགས་བྱེད་བཞིན་དུ་སྒྲ་ལ་མཁས་པའི་སྒོ་ནས་འགྱུར་བཅོས་བྱས་པ་ཡིན་གྱི། ། རྭ་འབྲོ་ཙཱ་ཆག་བཞི་ལས་བརྒྱུད་པ་ལོགས་སུ་ནི་མེད་ལ། བློ་གྲོས་ཀྱི་རྩལ་གྱིས་དཔྱད་པའི་ བཤད་པ་དང་ལག་ལེན་མི་འདྲ་བ་ནི་ཡོད་དོ། །དེ་རྗེས་ཇོ་ནང་འགྱུར་དུ་གྲགས་པ་ལོ་ཙཱ་བ་ རྣམ་གཉིས་ཀྱིས་བསྒྱུར་བ་ནི། ཤོང་འགྱུར་སྒྲ་དོན་འགྲིག་ཅིང་ཚིག་སྦྱོར་ལེགས་པར་ཡོད་པ་ ལ། ད་དུང་དོན་གྱི་ཆ་གནད་དུ་མ་ཕྱིན་པ་ཡོད་པ་རྣམས་ལ་འགྱུར་རྙིང་རྣམས་དང་དཔང་ འགྱུར་སོགས་ལའང་གཏུགས། སྒྲ་དོན་ལ་མཁས་པས་ལེགས་པར་དཔྱད་ཅིང་འགྱུར་བཅོས་ ཀྱང་མཛད་ལ། གནད་ཆེ་ས་མང་པོར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་འགྱུར་བཅོས་ མཛད་པ་ཡིན་པས་འགྱུར་གསར་གཞན་རྣམས་ལས་ཆེས་བྱིན་རླབས་ཆེའོ། །དེ་ཕྱིན་ཆད་ ནས་ཀྱང་འགྱུར་བཅོས་ཐན་ཐུན་བྱེད་མཁན་བྱུང་ཟེར་ཏེ། བྱུང་བ་ཙམ་དུ་ཟད་ཀྱི་བཤད་སྒྲུབ་ ཀྱིས་གཏན་ལ་ཕབ་པ་མེད་དོ། །རྒྱུད་ཕྱི་མ་གཉན་ལོ་དང་ཤེའུ་ལོ་ཙཱ་བས་བསྒྱུར་བ། ཕྱིས་ཇོ་ ནང་ལོ་ཙཱ་བ་བློ་གྲོས་དཔལ་གྱིས་ཤོ་ལོ་ཀ་བཅུ་གཅིག་འགྱུར་ཆད་བསབས་ཤིང༌། གཞན་ལ་ འགྱུར་བཅོས་ཡང་དག་པར་མཛད་དོ། །དོན་དམ་བསྙེན་པ་པཎ་ཆེན་ཟླ་མགོན་གྱི་རང་འགྱུར་ 3-1-18 ཉིད་གཙོ་བོ་ཡིན་ལ། འགྱུར་བཅོས་གཞན་ཡང་ཡོད། འཇམ་དཔལ་གྲགས་པའི་ལྟ་འདོད་ མདོར་བསྟན་ནི། ཀུན་མཁྱེན་ཆེན་པོ་ཇོ་ནང་པའི་ཐུགས་སྲས་ཀུན་སྤངས་ཆོས་གྲགས་དཔལ་ བཟང་གིས་བསྒྱུར་བའོ། །གཞན་ཡང་དཔལ་དུས་ཀྱི་འཁོར་ལོའི་ཕྱོགས་ལ་དགོངས་འགྲེལ་ གྱི་བསྟན་བཅོས་མང་རབ་འགྱུར་ཏེ། དབང་མདོར་བསྟན་གྱི་འགྲེལ་པ་དོན་དམ་བསྡུས་པ་ ཞེས་བྱ་བ། ནཱ་རོ་པས་མཛད་པ་དང༌། དུས་ཞབས་པ་ཞེས་བྱ་བས་མཛད་པ་དང༌། མཛད་བྱང་ མེད་པ་ཕྱིས་བུ་སྟོན་གྱིས་བསྒྱུར་བ་དང༌། རྣམ་རྒྱལ་དཔལ་བཟང་པོས་མཛད་པ་དཔང་ལོས་ བསྒྱུར་བ་དང༌། སཱ་དྷུ་པུ་ཏྲས་མཛད་པ་རྗེ་སྦོབ་བརྡར་བའི་འགྱུར་ཏེ་འགྲེལ་པ་ལྔ་ཡོད་པ། ཕྱི་ མ་གསུམ་པོ་ནི་དང་པོའི་རྗེས་འབྲང་ངོ༌། །དབང་གི་རབ་བྱེད་ཀྱི་འགྲེལ་པ་རྒྱ་གར་དཱ་རི་ཀ་ པས་བྱས་པ་དང༌། དཀའ་འགྲེལ་པདྨ་ཅན་དང༌། དུས་འཁོར་གྱི་སྒྲུབ་ཐབས་ཡན་ལག་བཞི་ པ་དང༌། ཡན་ལག་བཅུ་གཅིག་པ་གཉིས་དཀྱིལ་ཆོག་ཡིད་འོང་འཕྲེང་བ་སྟེ། བཞི་པོ་དེ་ རྣམས་པཎྜི་ཏ་དུས་ཞབས་པ་ཞེས་བྱ་བས་མཛད་དོ། །མདོར་བསྡུས་དང་པོ་ལ་སློབ་དཔོན་མི་ གཡོ་སྙིང་པོས་བཤད་སྦྱར་སྙིང་པོ་སྣང་བ་ཞེས་བྱ་བ་མཛད་པ་དང༌། སཱ་དྷུ་པུ་ཏྲས་མཛད་པའི་ སྒྲུབ་ཐབས་དང་དཀྱིལ་ཆོག་གཉིས། བལ་བོ་མཻ་ཏྲི་པས་མཛད་པའི་སྒྲུབ་ཐབས་དང༌། ལྷན་ སྐྱེས་ཀྱི་སྒྲུབ་ཐབས་རོལ་པའི་རྡོ་རྗེ་དང་དུས་ཞབས་པས་མཛད་པ་གཉིས། མཚན་བརྗོད་ སྒྲུབ་ཐབས་ཞེས་བྱ་བ་བྱང་ཆུབ་སེམས་དཔས་མཛད་ཟེར་བ་གཅིག སྙིང་པོ་རྒྱན་ཞེས་བྱ་བ་ རྫོགས་རིམ་གཙོ་བོར་སྟོན་པའི་སྒྲུབ་ཐབས་བྲམ་ཟེ་བསོད་སྙོམས་པས་མཛད་པ་དུས་འཁོར་ གྱི་མན་ངག་གི་གཞུང་ཆུང་དུས་ཞབས་པས་མཛད་པ། སྦྱོར་དྲུག་གི་གཞུང་དཔེ་མེད་འཚོས་ མཛད་པ། དེའི་འགྲེལ་བ་ཉི་མ་དཔལ་གྱིས་མཛད་པ། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་ བ་ཡེ་ཤེས་སྤྱན་སྒྲུབ་ཉི་ཟླ་སྒྲུབ་པ། དུས་ཞབས་སྙན་བརྒྱུད། སྦས་པ་མིག་འབྱེད་རྩ་འགྲེལ། སྦྱོར་དྲུག་གི་མན་ངག་ཙི་ལུ་བས་མཛད་པ། ཤཱ་བཱ་རིའི་གཞུང་ཆུང༌། ཙ་མིའི་སྦྱོར་འཕྲེང༌། བི་ 3-1-19 བྷུ་ཏིའི་ནང་གི་སྙེ་མ། རྩ་ལྷུང་གི་གཞུང་བྱང་ཆུབ་སེམས་དཔས་མཛད་ཟེར་བ་གཅིག །དུས་ འཁོར་གྱི་སྡོམས་ཚིག་དང༌། དུས་འཁོར་ལ་འཇུག་པ་ཞེས་བྱ་བ་ཨ་བྷ་ཡཱ་ཀ་རས་མཛད་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ་རྩིས་ཀྱི་གཞུང་ཆུང་གསུམ། གཞན་ཡང་རབ་གནས་ ཚོགས་འཁོར་སྦྱིན་སྲེག རྣལ་འབྱོར་མའི་གཏོར་ཆོག སཱ་དྷུ་ཀིརྟིས་བྱས་པའི་བསྟོད་པ་རྒྱུན་ ཆགས་རྣམས་ཡོད་ལ། རྒྱུད་གཞན་གྱི་སྐོར་དུས་འཁོར་ལུགས་སུ་བཀྲལ་བ་ལ། མཚན་ བརྗོད་ཀྱི་འགྲེལ་བ་བདུད་རྩིའི་ཐིགས་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་ཡོད། དཔེ་མེད་ འཚོས་མཛད་ཟེར་བའི་མཚན་བརྗོད་ཀྱི་འགྲེལ་བ་ཚིགས་བཅད་མ་འདི་ཕལ་ཆེར་དེ་དང་ བཤད་པ་མཐུན་ལ། པདྨ་དཀར་པོས་མཛད་ཟེར་བའི་མཚན་བརྗོད་ཀྱི་འགྲེལ་བ་འདི་བཤད་ སྒྲོས་དེ་དང་མི་མཐུན་ཡང་དུས་འཁོར་ལུགས་ཡིན་ཅིང༌། དེ་གཉིས་ཀ་བོད་རྩོམ་ནི་མིན་པ་ འདྲའོ། །རིགས་ལྡན་འཇམ་དཔལ་གྲགས་པས་མཛད་ཟེར་བའི་འགྲེལ་པ་དང༌། ཕན་ཡོན་ གྱི་འགྲེལ་པ་ནི་བོད་རྩོམ་ཟངས་མར་འདུག་ཅིང༌། བསྟན་འགྱུར་སྒྲིག་མཁན་རྣམས་ཀྱིས་ དུས་འཁོར་ཕྱོགས་ཀྱི་སྡེབས་སུ་བཅུག་མོད། དུས་འཁོར་གྱི་ལུགས་ཡེ་མིན་ནོ། །ཡང་རྒྱུད་ཀྱི་ ངོ་བོ་མི་གཅིག་པའི་དབང་གིས་བསྟན་བཅོས་འགྱུར་རོ་ཚལ་བསྡུ་བ་པོ་རྣམས་ཀྱིས་དུས་ འཁོར་གྱི་ཆོས་སྐོར་ལ་མ་བཅུག་འདུག་ཀྱང༌། དགོངས་པ་གཅིག་པའི་ཕྱིར་འདིའི་ཆོས་སྐོར་ ཡིན་ངེས་ལ་རྡོ་རྗེ་སྙིང་འགྲེལ་ནི་རྟག་གཉིས་ཀྱི་ལེའུ་ཐོག་མ་ལྔའི་འགྲེལ་བ་ཡིན་ཅིང༌། ཕྱག་ རྡོར་སྟོད་འགྲེལ་ནི་བདེ་མཆོག་རྩ་རྒྱུད་ལེའུ་དང་པོའི་ཤོ་ལོ་ཀ་ཕྱེད་དང་བཅུ་གཅིག་གི་འགྲེལ་ པ་ཡིན་ནོ། །དེ་བཞིན་དུ་བདེ་མཆོག་གི་སྒྲུབ་ཐབས་ཕྱག་ན་རྡོ་རྗེས་མཛད་པ་དང༌། ཕག་མོ་ བཅུ་གསུམ་མའི་སྒྲུབ་ཐབས་ཁྱབ་འཇུག་སྦས་པས་མཛད་པ་དང༌། དེའི་དཀྱིལ་ཆོག་འཇིགས་ མེད་ལྷས་མཛད་པ་དང༌། ད་རི་ཀ་པའི་གཞུང་ཕྲན་གཉིས་ཙམ་དང༌། དགྱེས་རྡོར་གྱི་དཀའ་ འགྲེལ་ནཱ་རོ་འགྲེལ་ཆེན་དུ་གྲགས་པ་དང༌། རྡོ་རྗེ་སྙིང་པོའི་སྨད་འགྲེལ་དུ་གྲགས་པ་ཁ་ 3-1-20 འཕངས་ཡིན་པ་དེ་ཡང་སྟེ། དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བ་ལ་དེ་ཙམ་ཞིག་འགྱུར་བ་ མཐོང་ངོ༌། །གཞན་ཕྱིས་བསྒྱུར་བ་དང༌། སྔ་རོལ་ནས་འགྱུར་ཡང་མ་རྙེད་པ་གཞན་མང་དུ་ ཡོད་སྲིད་ནའང་གྲགས་ཆེ་བ་ནི་དེ་དག་གོ །ཆོས་འབྱུང་ཞི་བའི་སྒྲུབ་ཐབས་ནི་པཎྜི་ཏ་ནགས་ རིན་གྱི་དུས་སུ་འགྱུར་བར་གྲགས་ཆེ་ཡང་མ་མཐོང་ལ། ཡང་ཙ་མིའི་རྒྱུད་གསུམ་དུ་གྲགས་པ་ བླ་མའི་ཡོན་ཏན་ཡོངས་བཟུང་དང༌། ཅེ་སྤྱང་ཚོགས་རོལ་དང༌། གླུ་གར་གྱི་རྒྱུད་ཏེ་གསུམ་པོ་ ནི། མཁས་པ་ཆེན་པོ་རྣམས་བོད་ཀྱིས་རྩམས་རྒྱུད་ཡིན་པར་བཞེད་པས་ཚིག་གི་ཕྱོགས་ནས་ དེ་ལྟར་ཡིན་ཡང༌། དོན་གྱི་ཆ་ནས་སྐུར་པ་གདབ་པར་མི་བྱའོ། །དེ་དག་ལས་དབང་མདོར་ བསྟན་གྱི་འགྲེལ་པ་དོན་དམ་བསྡུས་པ་ནི། ནཱ་རོ་པའི་གསུང་རྒྱུན་ཙམ་ཡིན་ནམ་སེམས་ཏེ་ རྩོམ་པ་རང་ནི་མིན་པ་འདྲ་ལ། སྤྱིར་རྣམ་དཔྱོད་དང་མཐོང་རྒྱ་ཆེ་བའི་པཎྜི་ཏ་ཞིག་གིས་བྱས་ འདུག་ཅིང༌། ལེགས་བཤད་ཀྱང་མང་མོད། སྐབས་སུ་མི་བབ་པའི་བཤད་པ་དང༌། སེམས་ འགྲེལ་དང་མི་མཐུན་པ་ཡང་ཅུང་ཟད་ཡོད་དོ། །ནཱ་རོ་པའི་རྩོམ་པ་ཡིན་དུ་ཆུག་ཀྱང་སློབ་ དཔོན་དེ་སྐུ་ཚེ་དེ་ལ་ཕྲ་མོ་རྣམས་གྲུབ་ཅིང༌། གྲོང་འཇུག་སོགས་ཐུན་མོང་གི་དངོས་གྲུབ་ཆུང་ ངུ་བརྙེས་པ་ཙམ་ཡིན་པས། སེམས་འགྲེལ་དང་མི་མཐུན་པ་རྣམས་དོར་བྱ་ཡིན་གྱི། འདི་ན་ གཞན་མཁས་པར་གྲགས་པ་གང་དག་སེམས་འགྲེལ་དང་འདྲ་བར་རྩི་བ་མང་པོ་འདུག་ཀྱང་ གནད་མ་དགོངས་པ་སྟེ། གསེར་དང་ར་གན་མཉམ་པར་མ་རྩི་ཤིག རྒྱུད་སྡེ་གཞན་ས་བཅུའི་ བྱང་ཆུབ་སེམས་དཔའི་གསུང་གིས་དགོངས་འགྲེལ་མེད་པ་རྣམས་ལ་ཐེབས་གཞན་མེད་ པའི་ཕྱིར། སོ་སོ་སྐྱེ་བོ་མཁས་པ་ལས་དང་པོ་པ་ལ་ཡང་རྩིས་སུ་བྱེད་པའི་སྐབས་མང་ཞིང༌། ནུས་པ་ཅི་རིགས་པ་བརྙེས་པ་རྣམས་ལ་ལྷག་པར་ཡང་རྩིས་སུ་བྱེད་དགོས་མོད། ཆོས་འདི་ལ་ ནི་སེམས་དཔའ་ཆེན་པོ་རྣམས་ཀྱི་བཤད་པ་ཐང་མར་བརྡལ་བ་ཡོད་ཕྱིན་ཆད་པན་ཆུང་དང་ གྲུབ་ཆུང་གི་ཚིག་ཟུར་ལ་འཇུ་དགོས་པ་མ་ཡིན་ནོ། །དུས་ཞབས་པས་མཛད་ཟེར་བ་ཀུན་ 3-1-21 ཡང་རྒྱུད་སྤྱན་འདྲེན་པ་པོ་གྲུབ་ཐོབ་དུས་འཁོར་བ་འཇམ་པའི་རྡོ་རྗེ་དང༌། ཙི་ལུ་བར་གྲགས་ པ་གྲུབ་ཐོབ་དྷརྨཱ་ནནྡ་དང༌། པི་ཊྭཱ་ཙརྱ་བསོད་སྙོམས་པ་འོད་བྱེད་སྦས་པ་རྣམས་ཀྱིས་མཛད་ པ་ནི་མ་ཡིན་ལ། གལ་ཏེ་དེ་རྣམས་ཀྱིས་མཛད་ན་རྒྱུད་སྤྱན་འདྲེན་པ་པོ་ཉིད་ཀྱི་ཕྱིར་ཁུངས་ ཚད་མར་བྱེད་དགོས་ཀྱང༌། དེ་རྣམས་ཀྱིས་མཛད་པའི་རྡོ་རྗེའི་གླུ་རེ་རེ་ཙམ་མ་གཏོགས། བསྟན་བཅོས་གཞན་ནི་མེད་པར་གྲགས་ཤིང་དོན་ལ་ཡང་གནས་སོ། །ཡང་རྒྱུད་སྡེ་གཞན་གྱི་ བཤད་སྒྲུབ་ཆེར་མི་མཛད་པར་དུས་འཁོར་ཁོ་ནའི་བཤད་སྒྲུབ་རྩལ་དུ་འདོན་པའི་སློབ་ དཔོན་སུ་བྱུང་ཡང་སློབ་དཔོན་དུས་འཁོར་བ་ཞེས་ཟེར་ལ། དེ་ལ་ཞེ་ས་སྦྱར་བས་སློབ་དཔོན་ དུས་འཁོར་ཞབས་ཞེས་འབྱུང་བའི་ཕྱིར། དུས་ཞབས་པ་ཞེས་པ་འདི་ལ་སྣ་ཚོགས་པ་ཡོད་ ཅིང༌། ཙི་ལུ་བ་དང༌། བསོད་སྙོམས་པས་མཛད་ཟེར་བའི་གཞུང་ཕྲན་འདི་ཀུན་ཡང་མཚན་ གྱིས་བྱིན་གྱིས་བརླབས་པ་ཁོ་ནའོ། །སློབ་དཔོན་ནཱ་རོ་པ་ནི་བདེ་དགྱེས་སོགས་རྒྱུད་སྡེ་ གཞན་ལ་རྩལ་འདོན་མཛད་པར་གྲགས་ཤིང་གྲུབ་ལ། དེ་དང་དེའི་རྒྱུད་འཛིན་ཡང་མང་ ཞིང༌། རང་ཡང་ཁས་ལེན་བཞིན་དུ་ནཱ་རོ་པ་དུས་འཁོར་ཞབས་ཆུང་བའོ་ཟེར་བ་ནི་འབྲེལ་ མེད་པའི་ཕྱོགས་ཞེན་ཐལ་ཆེས་པའི་མུ་ཅོར་ཏེ། རྒྱུ་མཚན་དེ་ལྟར་ཡིན་པའི་ཕྱིར་ན་མཐར་ གཏུགས་ན་དུས་འཁོར་མིན་པ་མི་ཤེས་ཟེར་བར་འགྲོ་ཉེན་ཡོད་པས། བསྟོད་ར་མི་གཏོང་ དགུ་གཏོང་བྱེད་པར་འདོད་ཀྱང་སྨད་པར་སོང་བ་ཡིན་ནོ། །སློབ་དཔོན་ཨ་བྷ་ཡཱ་ཀ་རས་དུས་ འཁོར་ལ་གཞུང་ཕྲན་མང་དུ་མཛད་པར་གྲགས་ཤིང༌། བོད་དུ་ཡང་གོང་དུ་སྨོས་པ་ལྟར་ཐན་ ཐུན་འགྱུར་ལ། ལོ་ཙཱ་བ་གྲགས་པའི་མཐའ་ཅན་བཞི་ཅར་ཁོང་གི་ཐུགས་སྲས་ཡིན་ཅིང༌། བཞི་ཀས་འདིའི་གཞུང་འགྲེལ་འབད་ནས་བསྒྱུར་བའི་ཕྱིར། ཁ་ཅིག་ཨ་བྷ་ཡཱ་ཀ་ར་དུས་ འཁོར་གཙོ་བོར་མི་བྱེད་དོ་ཟེར་བ་ཡང་རྫུན་འབའ་ཞིག་གོ །ཡང་ཀྱཻ་རྡོ་རྗེའི་འགྲེལ་བ་རྡོ་རྗེའི་ ཚིག་བསྡུས་ཞེས་བྱ་བ་འདི་རྫོགས་རིམ་ངེས་དོན་གྱི་བཤད་པ་མང་ཞིང༌། བཤད་པ་བཟང་ 3-1-22 བར་ཡང་ཡོད་ལ། རྫོགས་རིམ་ཐམས་ཅད་དུས་འཁོར་ལུགས་ལྟར་བཀྲལ་བ་ཡིན་མོད་ཀྱི། འདི་ཡང་ནཱ་རོ་པས་མཛད་པར་འདོད་པ་དང་མི་འདོད་པ་གཉིས་སྔོན་ཡང་བྱུང་ལ། དེ་ལ་བོད་ ཁ་ཅིག་ས་སྐྱ་པཎྜི་ཏས་དཔྱལ་ལོ་ལ་ཕྲག་དོག་མཛད་ནས་ནཱ་རོའི་གསུང་མིན་ཞེས་བསྒྲགས་ ཟེར་ཡང་མི་བདེན་པར་སྣང་སྟེ། དེའི་རྒྱ་དཔེ་བདག་གིས་མཐོང་བ་གཅིག་ན་ཡང༌། ཁ་ཆེ་ ཆེན་པོ་བྱང་ཆུབ་རྡོ་རྗེས་མཛད་ཟེར་བ་སྣང་བ་དོན་དུ་གཉེར་ན་རྒྱ་དཔེ་དེ་ཡང་བསྟན་པར་ བྱའོ། །དེ་ལྟར་ན་དཔལ་དུས་ཀྱི་འཁོར་ལོའི་དགོངས་འགྲེལ་གྱི་གཞུང་རྣམས་ལའང་མཆོག་ དང་མཆོག་མིན་གྱི་དབྱེ་བ་ཤེས་པར་བྱའོ། །བོད་ཀྱི་དུས་འཁོར་བ་མང་པོ་དག་སཱ་དྷུ་པུ་ཏྲ་ དང་འཇིགས་མེད་འབྱུང་གནས་གཉིས། སཱ་དྷུ་པུ་ཏྲ་མཆོག་ཡིན་པར་བཟུང་ནས། ཐ་ན་ལུང་ འདྲེན་ཚུན་ཆོད་ལ་ཡང༌། ཨ་བྷ་ཡའི་སྔོན་དུ་དེ་འདྲེན་ཅི་ཐུབ་བྱེད་པ་མཐོང་སྟེ། སཱ་དྷུ་པུ་ཏྲ་དེ་ ནི་ཨ་བྷ་ཡའི་རྗེས་འབྲང་ཡིན་པ་མ་ཤེས་པའོ། །དེ་ཅིས་མངོན་ཞེ་ན། དེས་མཛད་པའི་དུས་ འཁོར་གྱི་དཀྱིལ་ཆོག་ན། རྡོ་རྗེ་འཕྲེང་བའི་ཁ་སྐོང་ཁོ་ན་མང་བའི་ཕྱིར་དང༌། ཚེས་ལྷའི་ཁ་ དོག་རྣལ་འབྱོར་རྫོགས་འཕྲེང་བཞིན་མེད་ཀྱང༌། གཞན་ཕལ་ཆེར་མཐུན་ཅིང༌། དེ་ནི་ འཇིགས་མེད་འབྱུང་གནས་ཀྱི་རྗེས་སུ་བྱུང་བའང་ཡིན་པས་སོ། །ཡང་འཇིགས་མེད་ནི་ཤིང་ རྟ་ཆེན་པོ་མཚུངས་བྲལ་ཡིན་ལ། གཅིག་ཤོས་ཕྱོགས་རེའི་བློ་གྲོས་ཅན་ཡིན་པའང་གོ་དགོས་ ལ། དེ་ལྟར་ན་སློབ་དཔོན་ཆེ་ཆུང་དང༌། གཞུང་བཟང་ངན་དང༌། ཁུངས་ཆེ་ཆུང་གི་དབྱེ་བ་ ཤེས་པ་གལ་ཆེའོ། །རྒྱུད་འགྲེལ་སྒྱུར་བྱེད་ལོ་ཙཱ་བ་ནི་གོང་དུ་སྨོས་པ་ལྟར་ཡིན་ལ། གཞན་ ཡང་པཎ་ཆེན་ཤཱཀྱ་ཤྲཱི་དང་། བི་བྷུ་ཏི་ཙནྡྲ་དང༌། རཏྣ་རཀྵི་ཏ་ལ་སོགས་པ་ཕྱོགས་འདིར་དབང་ དང་རྒྱུད་བཤད་གསལ་བར་མཛད་པ་དང༌། རྒ་ལོ་ཙཱ་བ་དང༌། ཏྲེ་བོ་ཤེས་རབ་དཔལ་ལ་ སོགས་པ་མན་ངག་རྣལ་འབྱོར་ཡན་ལག་དྲུག་པའི་རྐང་ཚུགས་པ་ཇི་སྙེད་ཅིག་བྱུང་ངོ༌། །དེ་ དག་ལས་རིགས་ལྡན་སྤྲུལ་པའི་སྐུ་ཆོས་རྗེ་ཡབ་སྲས་བཞི་པོའི་སྐབས་སུ། རྭ་འབྲོ་ཙ་མི་ཆག་ 3-1-23 ལོ་ཤཱཀྱ་ཤྲཱི་བི་བྷུ་ཏི་ལོ་གྲགས་པའི་ལུགས་སོགས་དབང་བཀའ་དང་རྒྱུད་བཤད་བཀའ་མ་ ནུབ་པ་ཐམས་ཅད་གསན་ཅིང༌། རྫོགས་རིམ་བརྒྱུད་པ་མི་འདྲ་བ་བཅུ་བདུན་སོགས་བཀའ་ ཡོད་ལྷད་མེད་ཐམས་ཅད་གཅིག་ཏུ་འདུས་པར་མཛད་པ་ཡིན་ལ། འོན་ཀྱང་གྲུབ་ཐོབ་བརྒྱུད་ པ་ཡིན་པ་དང༌། ཉམས་མྱོང་བྱིན་རླབས་བརྒྱུད་པའི་དབང་ལས་པཎ་ཆེན་ཟླ་མགོན་གྱི་ བཀའ་སྲོལ་འབྲོ་ལུགས་འདི་ཉིད་སྙིང་གི་ཐིག་ལེར་བཀོད་ནས་བླ་མ་རྣམས་ལ་གསོལ་བ་ འདེབས་པར་མཛད་ཅིང༌། རྫོགས་རིམ་ནི་བི་བྷུ་ཏི་ཙནྡྲའི་ཉེ་བརྒྱུད་ལ་ཡང་ཤིན་ཏུ་རྩིས་སུ་ མཛད་དོ། །དེ་དག་ཀྱང་གདུལ་བྱ་གཞན་ངོ་དང་བསྟུན་ཏེ། ཁ་ན་མ་ཐོ་བ་སྤང་ཞིང༌། རྩོད་ པའི་དུས་ཀྱི་ཐ་མ་འདི་ལྟ་བུར་མིའི་རྟེན་ཅན་གྱི་བླ་མ་དམ་པ་ཁོ་ན་རྗེས་འཇུག་གདུལ་བྱ་ རྣམས་ལ་བྱིན་རླབས་འཇུག་པའི་སྒོར་གཟིགས་ནས། བརྒྱུད་པ་བཟང་ཚད་འདུས་པར་ མཛད་པ་ཡིན་གྱི། བྱིན་རླབས་བཀའ་བབས་ཀྱི་བརྒྱུད་པ་གཅིག་གིས་ཆོག་མ་ཤེས་པ་ཡང་མ་ ཡིན་ལ། དེ་ལས་ཀྱང་ལྷག་པར་དཔལ་ཇོ་ནང་པའི་ཆོས་རྗེ་ཡབ་སྲས་ལྔའམ་དྲུག་རྣམས་ས་ བཅུའི་དབང་ཕྱུག་རིགས་ལྡན་རྣམས་ཀྱི་སྤྲུལ་པར་ཐེ་ཚོམ་མེད་པ་དང༌། ཡང་སྒོས་སུ་དུས་ གསུམ་སངས་རྒྱས་ཀུན་མཁྱེན་ཆེན་པོ་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཞེས་ ཕྱོགས་ཐམས་ཅད་དུ་སྙན་པའི་སྒྲ་དབྱངས་ཀྱིས་ཁྱབ་པ་འདི་ནི། བཅོམ་ལྡན་འདས་དཔལ་ དུས་ཀྱི་འཁོར་ལོ་ཉིད་འགྲོ་བའི་དོན་དུ་བཤེས་གཉེན་དམ་པའི་ཚུལ་བཟུང་བ་ཡིན་པས། ཆོས་འདི་དང་ཆོས་གཞན་གང་དག་ལ་བྱིན་རླབས་དང་ལྡན་པའི་བརྒྱུད་པ་ཐ་དད་པ་དང༌། ལེགས་པར་བཤད་པའི་ཟབ་དོན་གྱི་རྣམ་གྲངས་གཞན་དེ་ཀུན་ནི་ཆུ་ཀླུང་བྱེ་བ་ཕྲག་བརྒྱ་ལྟ་ བུ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་རང་ཉིད་ཀྱི་ངེས་དོན་གྱི་བསྟན་པའི་བབས་དང༌། བྱིན་རླབས་ ཀྱི་བཀའ་བབས་ནི་རྒྱ་མཚོ་ཆེན་པོ་བདུན་དང་འདྲ་བ་ཡིན་པས། རང་ལུགས་ལ་བྱིན་རླབས་ ཀྱི་བཀའ་བབས་གཞན་ལས་འཚོལ་མི་དགོས་སོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་ 3-1-24 བསྐྱེད་རིམ་གྱི་རྣམ་པར་བཤད་པ་ལས། ཟབ་མོའི་ཆོས་ལ་འཇུག་སྒོ་བསྟན་པའི་སྡེ་ཚན་ཏེ་ དང་པོའོ།། །། དེ་ལྟ་བུའི་དཔལ་དུས་ཀྱི་འཁོར་ལོ་དེ་ཡང་ཕྱི་ནང་གཞན་གསུམ་གྱི་རིམ་པ་ལས་ བརྩམས་ཏེ་རྟོགས་པར་བྱ་དགོས་ན། འདིར་ནི་གཞན་གྱི་རིམ་པའོ། །དེ་ཡང་སྨིན་བྱེད་ཀྱི་ དབང་དང༌། གྲོལ་བྱེད་ཀྱི་ལམ་དང༌། གྲོལ་བ་འབྲས་བུ་སྟེ་གསུམ་མམ་ཀུན་ཁྱབ་ཆོས་ཉིད་ བདེ་བར་གཤེགས་པའི་སྙིང་པོ་སྟེ་བཞིའོ། ། སྐབས་འདིར་གཉིས་པ་གྲོལ་བྱེད་ལམ་གྱི་དབང་དུ་བྱས་ན། གྲོལ་བྱེད་ལམ་སྤྱི་ལྡོག་ ནས་གཏན་ལ་དབབ་པ་དང༌། སྒྲུབ་ཐབས་ཀྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ གྲོལ་བྱེད་ལམ་གྱི་ངོ་བོ། ནང་སེལ་གཉིས་སུ་དབྱེ་བ། ཕྱེ་བ་སོ་སོའི་རང་བཞིན། རང་བཞིན་ དོན་ལྡན་གྱི་མཚན་ཉིད། ཉམས་ལེན་སྒྲུབ་པའི་དགོས་པ། གྲངས་དང་གོ་རིམ་ངེས་པ། དབང་ ལམ་འབྲས་བུའི་སྦྱོར་ཚུལ་ཏེ་བདུན་ནོ། །དང་པོ་ནི། སྤྱིར་ཐེག་པ་གསུམ་གྱི་ལམ་ཐམས་ཅད་ གྲོལ་བྱེད་ཀྱི་ལམ་ཡིན་ཡང༌། གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་ཕྱོགས་འདིར་སྐབས་ སུ་བབ་པ་སྨིན་གྲོལ་གཉིས་ཀྱི་ཟླས་ཕྱེ་བའི་གྲོལ་བྱེད་ལམ་གྱི་ངོ་བོ་ཅི་ཞེ་ན། གཞི་སྒྱུར་བའི་ ལམ་ཁྱད་པར་ཅན་ལ་འཇོག་པ་ཡིན་ནོ། །དེ་ལ་ཐེག་པ་སྤྱི་ལ་གྲགས་པའི་གནས་གྱུར་དང༌། སྔགས་པ་ཕལ་ལ་གྲགས་པའི་གཞི་སྒྱུར་བ་དང༌། ཆོས་འདི་ལ་གྲགས་པའི་སྒྲིབ་བྲལ་དུ་བྱེད་ པ་ཞེས་པ་རྣམས་དོན་གྱི་འགངས་འདྲ་བ་ཡིན་ནོ། །དེ་ཡང་གཞི་ཞེས་བྱ་བ་ནི། འཁོར་བ་ སྣོད་བཅུད་ཀྱི་འཇིག་རྟེན། ཕུང་ཁམས་སྐྱེ་མཆེད་ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་ ལས་ཉོན་སྡུག་བསྔལ་གསུམ་གྱིས་བསྡུས་པ་འདི་དག་ཡིན་ལ། གཞི་དེ་ལ་དམིགས་ནས་རེ་ རེ་བཞིན་རྣམ་པ་འགལ་བའི་གཉེན་པོས་མཐར་དེ་དང་དེའི་སྣང་བ་འགགས་པའི་སྟོང་པ་ལ་ སྦྱོར་བར་བྱེད་པ་ནི་གཞི་སྤོང་བའི་ལམ་ཡིན་ལ། འདིར་ནི་དེ་ལྟ་བུ་མ་ཡིན་ཏེ། གཞིའི་ཆོས་དེ་ 3-1-25 རྣམས་ཉིད་ལ་དམིགས་ནས། སྣང་ཆ་དེ་རྩ་བ་ནས་བཀག་པའི་སྣང་མེད་ཁོ་ན་ལ་མཐར་སྐྱེལ་ བ་མི་བྱེད་དེ། ལྷ་སྐུ་དང་བདེ་ཆེན་ལ་སོགས་པ་གཞིའི་ཆོས་དེ་ཉིད་དང་རྣམ་པ་ཕྱེད་འདྲ་བ་ ཙམ་དུ་བསྒྱུར་ནས། སྣང་བཅས་ཀྱི་ཡེ་ཤེས་དེ་ཉིད་བསྒོམས་པས། གཞིའི་གནས་ཚུལ་རྟོགས་ པར་བྱེད་པ་ཡིན་ནོ། །དེ་ལ་འདི་ལྟར་གོ་དགོས་ཏེ། སྤྱིར་མདོ་སྔགས་ཐེག་པ་གསུམ་གྱི་ལམ་ ཀུན་ལ་ཡང༌། གཞི་སྤོང་བ་དང༌། གཞི་སྒྱུར་བའི་ཆ་ཤས་གཉིས་ཀ་འདྲེས་མར་ཡོད་མོད་ཀྱི། ། ཐེག་དམན་གཉིས་ནི་གཞི་སྤོང་བ་ཁོ་ན་ཤས་ཆེ་ལ། ཐེག་ཆེན་མདོ་ལུགས་སུ་ཡང་ཅུང་ཞིག་ སྤོང་བ་གཙོ་ཆེ་ཞིང༌། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་དུ་ཆ་མཉམ་པ་ཙམ་ཡིན་ལ། ཐེག་པ་བླ་ ན་མེད་པ་འདིར་སྒྱུར་བ་ཉིད་ཆེས་མང་ཞིང་ལྷག་པར་གཙོ་ཆེ་བས། གང་ཞིག་གཙོ་ཆེ་བ་དེའི་ སྒོ་ནས་བཞག་གོ །དེ་ཡང་དཔེར་ན་དུག་གི་སྡོང་པོ་ཞིག་ལ། ལོ་འདབ་གཅོད་པ་དང༌། རྩ་ བ་འབྱིན་པ་དང༌། མེས་སྲེག་པ་ལ་སོགས་པས་དུག་མེད་པར་བྱེད་པ་ནི་གཞི་སྤོང་བའི་དཔེ་ ཡིན་ཏེ་དེའི་ལུགས་ལ་ཐ་མལ་གྱི་ལུས་འདི་དག་པར་བྱེད་པ་ལ་དཔེར་མཚོན་ན། དང་པོར་ ལུས་ཀྱི་སྣང་བ་བཀག་པའི་སྣང་མེད་ལ་མཉམ་པར་འཇོག་མི་ཐུབ་པའི་སྐབས། ལུས་འདི་མི་ གཙང་བ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བྱེད་པ་པོས་སྟོང་པ་སོགས་སྒོམ་ལ། དེ་དག་ཀྱང་ལུས་ཀྱི་སྣང་བ་ནུབ་པར་བྱེད་པའི་རིང་རྒྱུ་ཙམ་ཡིན་ཏེ། མི་གཙང་བས་ལུས་སྲ་བ་ མ་ཡིན་པ་མི་བརྟན་པའི་རྒྱུ་དང༌། སྡུག་བསྔལ་བས་ལུས་ཀྱི་སྣང་བ་མི་འདོད་པ་དང༌། མི་རྟག་ པས་སྐད་ཅིག་རེ་རེ་བཞིན་འཇིག་པས་ལུས་ཀྱི་སྣང་བ་ཤར་ནས་སྡོད་ལོང་མེད་པ་དང༌། སྟོང་ པས་ན་གང་ཟག་གཅིག་གིས་དབང་བསྒྱུར་ནས་ལུས་ཡོད་པར་བྱེད་པ་འགོག་པའི་ཕྱིར་རོ། ། དེ་དག་གི་གནས་སྐབས་སུ་ཡང་བདག་མེད་ཡིད་ཡུལ་དུ་བྱེད་པ་ཡོད་མོད་ཀྱི། གསལ་བར་ མངོན་དུ་བྱེད་མི་ནུས་སོ། །དེ་ལ་གོམས་ནས་ཕྱིས་ཐེག་དམན་ལྟར་ན་གང་ཟག་གི་བདག་ མེད་དེ། ལུས་དེ་མི་བརྟན་པར་མ་ཟད། དེ་ལ་དངོས་པོ་གཅིག་པུ་རང་རྐང་ཚུགས་པ་མེད་ 3-1-26 པས་ང་བདག་མེད་པར་མཐོང་ནས་དེར་སྣང་བ་ཟད་པ་དང༌། ཐེག་ཆེན་ལ་ཆོས་ཀྱི་བདག་ མེད་ཏེ། དེ་ཡང་མི་གཙང་མི་རྟག་སྡུག་བསྔལ་སྟོང་པའི་ཕྱིར་སྣང་བ་ཙམ་མ་གཏོགས། རྟག་ ཚུགས་ཐུབ་པ་མེད་པར་ཤེས་ཏེ། ལུས་ནམ་ཡང་གདོད་ནས་མ་གྲུབ་པ་ཙམ་ལ་བློ་བཞག་པ་ ན། ཡིད་ཡུལ་དུ་སྣང་བ་ཅི་ཡང་མེད་པ་ཞིག་ལ་གནས་པར་འགྱུར་རོ། །དེས་ན་དམིགས་པའི་ རྣལ་འབྱོར་རེ་རེ་བཞིན་ཐོག་མར་ཁྱད་གཞི་ལུས་ལ་དམིགས་ནས་བསྒོམས་ཀྱང་དེ་མ་ཐག་ཏུ་ ལུས་ཀྱི་སྣང་བ་འགགས་པའི་སྣང་མེད་ལ་ཡང་ཡང་གཏོད་པར་བྱེད་ཅིང༌། དེ་ཉིད་དང་པོར་ གསལ་སྣང་ཙམ་དང༌། ཕྱིས་མངོན་དུ་ཕྱོགས་པས་སྒྲུབ་པར་བྱེད་དེ། དུག་རྩ་བ་ནས་བཅོམ་ སྟེ་མི་སྣང་བར་བྱེད་པ་བཞིན་ནོ། །ཐེག་དམན་གང་ཟག་གི་བདག་མེད་ཙམ་སྒོམ་པར་བྱེད་ པ་ལ་ལུས་གདོད་ནས་སྟོང་པར་རྟོགས་པ་ནི་མེད་མོད། དེའི་འཇིག་རྟེན་འདས་པའི་མཉམ་ གཞག་ཏུ་ཐ་མལ་ལུས་ཀྱི་སྣང་བ་དམིགས་པར་མི་བྱེད་དོ། །དེ་ལྟར་ན་ལུས་ནི་མཚོན་བྱེད་དེ་ ཆོས་ཐམས་ཅད་སྦྱར་རོ། །གཞི་མི་སྤོང་བར་སྒྱུར་བའི་དཔེ་ནི། དུག་གི་སྡོང་པོ་ལ་སྔགས་དང་ སྨན་སོགས་རེག་པའི་ཁྱད་པར་གྱིས་བསྒྲུབས་པས། དེའི་ཉེས་པ་རྣམས་ནི་སངས། ཡོན་ཏན་ དཔག་ཏུ་མེད་པ་དང་ལྡན་པའི་སྨན་མཆོག་ཕུན་སུམ་ཚོགས་པའི་སྡོང་པོར་གྱུར་པ་ནི། དུག་ ལ་སྐྱོན་དུ་མི་བལྟ་ཞིང༌། བསྲེག་བཅད་ལ་སོགས་པ་མ་དགོས་པར་སྡོང་པོ་དེའི་རིགས་རྒྱུན་ ཡང་མ་ཆད་ལ། ཡལ་ག་ལོ་འདབ་ཀྱི་ཕྱི་དབྱིབས་ལ་རྣམ་འགྱུར་ཆེན་པོ་མེད་ཀྱང༌། ནུས་པ་ དང་བྱེད་ལས་ཤིན་ཏུ་མི་འདྲ་བར་བསྒྱུར་བས་གཞི་དུག་གི་སྡོང་པོ་བསྲེག་བཅད་ཀྱིས་སྤོང་བ་ མི་དགོས་པར་རྫས་སྔགས་ཀྱི་སྦྱོར་བས་ནུས་པ་དང་མཚན་ཉིད་ཐམས་ཅད་བསྒྱུར་བ་ཡིན་ནོ། ། དེ་བཞིན་དུ་འདིར་ཡང་སྤོང་སེམས་ཞེ་བཅད་དང༌། ཉེས་དམིགས་མཐོང་བའི་ཆགས་བྲལ་ དང༌། སྟོང་ཉིད་ཀྱི་སྒོ་ནས་སྣང་བ་ཡལ་དུ་གཞུག་པ་སོགས་གཙོ་བོར་མི་སྤྱོད་དེ། དགོས་པའི་ དབང་གིས་ལམ་གྱི་ཡན་ལག་ཕྲ་མོ་རེ་རེ་ཙམ་ནི་མ་གཏོགས་སོ། །དེས་ན་རང་གི་ལུས་ལ་ 3-1-27 དམིགས་ནས་དག་སྣང་ལྷའི་རྣམ་པ་དམིགས་པས་སྒོམ་པ་དང༌། རྫོགས་རིམ་གྱི་སྐབས་ལུས་ སྟོང་གཟུགས་དང་མི་འགྱུར་བའི་བདེ་བར་སྒྲུབ་པ་སོགས་གཞི་དུས་ལུས་ཀྱི་སྣང་བ་དང་ཕྱེད་ ཙམ་རྣམ་པ་མཐུན་ཏེ། བསྐྱེད་རིམ་ལ་ཞལ་ཕྱག་གཞལ་མེད་ཁང་སོགས་གནས་དང་ལུས་ ཀྱི་རྣམ་པར་མཚུངས་པ་དང༌། རྫོགས་རིམ་ལ་སྟོང་གཟུགས་ཀྱི་སྐུ་དང་ཞིང་ཁམས་འཆར་བ་ དང༌། བདེ་བ་ལུས་དང་མཉམ་པ་སོགས་ཀྱི་ཕྱིར་རོ། །ཕྱེད་ཙམ་ཅིག་ཤོས་ཀྱི་ཆ་ནས་རྣམ་པ་ འགལ་ཏེ། བསྐྱེད་རིམ་ལ་ཐ་མལ་གྱི་རྣམ་པ་དང་འགལ་བའི་དཀྱིལ་འཁོར་གྱི་རྣམ་པ་དང་། རྫོགས་རིམ་ལ་རྡུལ་ཆོས་ཀྱི་རྣམ་པ་དང་འགལ་བའི་ཡེ་ཤེས་ཀྱི་རྣམ་པ་དང༌། འགྱུར་བའི་རྣམ་ པ་དང་འགལ་བའི་མི་འགྱུར་བའི་བདེ་བ་ལ་སོགས་པ་ཡིན་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ཀྱང༌། རྣམ་པ་འགལ་བ་དང་འཛིན་སྟངས་མི་མཐུན་ པའི་ཐ་སྙད་མཛད་དེ། དེ་དང་རྣམ་པ་འགལ་བར་གྱུར་པའི་ཡིད། །ཅེས་དང༌། གང་ཞིག་ གང་དང་མི་མཐུན་པ་དག་ཏུ། །ཞེས་བཤད་པ་ལྟ་བུའོ། །འོ་ན་རྣམ་པ་འགལ་བའི་ཕྱིར་གཞི་ སྤོང་བར་མི་འགྱུར་རམ་སྙམ་ན། གཞིའི་ཆོས་ལ་སྤོང་སེམས་དང་མི་མཐུན་པར་འཛིན་པ་ མེད་དེ། གཞིའི་ཆོས་དེ་ཉིད་ལ་དམིགས་གཏད་བྱས་ནས་དེ་དག་སྒྲུབ་པའི་ཚུལ་གྱིས་བསྒོམ་ པའི་ཕྱིར། གཞི་སྤོང་བར་མི་འགྱུར་ཏེ། དཔེར་ན་དབུལ་པོའི་སྐྱེ་བོ་རྣམས་ཀྱི་སྲོག་ཕྲལ་ནས་ མི་དབུལ་པོ་མེད་པར་བྱེད་པ་ལྟ་བུ་མ་ཡིན་གྱི། དབུལ་པོ་ལ་ནོར་དང་ཡོ་བྱད་མང་པོ་སྦྱིན་ ཏེ། ཕྱུག་པོར་བསྒྱུར་ནས་དབུལ་པོ་མེད་པར་བྱེད་པ་བཞིན་ནོ། །དེས་ན་མི་དབུལ་པོ་དེའི་ སྟེང་གི་མིའི་དངོས་པོ་ཙམ་ཞིག་ནི་གཞི་དངོས་ཡིན་ལ། དེའི་ཁྱད་ཆོས་སྐྱོན་དུ་གྱུར་པ་བཀྲེན་ པ་དེ་བཟློག་ཅིང༌། ཁྱད་གཞི་མིའི་དངོས་པོ་ལ་ནམ་ཡང་གནོད་པ་མེད་པར་ཕུན་སུམ་ཚོགས་ པ་གཞན་ཡང་ཐོབ་པ་དང་འདྲ་བ་ཡིན་ནོ། །ཡང་འོ་ན་མི་སྤོང་བ་ཞེས་པས་སྐྱོན་མི་སྤོང་བའི་ ཕྱིར་ལམ་དུ་མི་འགྱུར་རོ་སྙམ་ན། སྐྱོན་མི་སྤོང་བ་ག་ལ་ཞིག་སྟེ། གཞི་སྤོང་བའི་ལམ་ལས་ 3-1-28 ཀྱང་འདི་ལྷག་པར་སྐྱོན་སྤོང་ཚུལ་སྟོབས་ཆེའོ། །དེས་ན་མི་སྤོང་བ་ཞེས་པ་ནི། སྐྱོན་དུ་བལྟ་བ་ དང་། མི་འཕྲོད་པར་འཛིན་པ་དང༌། སྤོང་སེམས་ཀྱིས་ཆེད་དུ་གཉེར་ནས་སྤོང་བ་མ་ཡིན་པའི་ དོན་ཏེ། དཔེར་ན་སྐྱེས་བུ་ཞིག་གིས་སྐྱེས་བུ་གང་ཡང་རུང་བ་ལ། སྐྱོན་རྟོག་པ་དང༌། འཁོན་ པ་དང༌། དེ་ལས་གུད་དུ་འགྲོ་བ་ལ་དེས་དེ་སྤངས་སོ་ཞེས་བརྗོད་ཀྱི། སྐྱེས་བུ་དེ་དེ་ལ་དགའ་ བའི་བློ་མ་དོར་བཞིན་དུ་རང་བོར་པ་ལ་སྤངས་བའི་ཐ་སྙད་མི་འཇུག་པ་བཞིན་ནོ། །དེས་ན་ ལུས་ཀྱི་ཆོས་ཉིད་ཡེ་ཤེས་ཀྱི་ལྷ་སྐུར་གདོད་ནས་གྲུབ་ཅིང༌། དེ་ལ་བརྟེན་ནས་བྱུང་བའི་དྲི་མ་ ཡིན་པའི་ཕྱིར། མེ་ལོང་གི་གཡའ་མེ་ལོང་གི་གཟུགས་དང་ཕྱོགས་འདྲ་ཙམ་དུ་འབྱུང་བ་ལྟར། ། རྡོ་རྗེའི་སྐུ་དང་རྣམ་པ་ཕྱོགས་འདྲ་རུང་ཙམ་དུ་ལུས་དེ་ཡང་བཞིན་ལག་དབང་པོ་དང་བཅས་ པའི་རྣམ་པར་ཤར། དེའི་ཚེ་རྣལ་འབྱོར་པས་ལུས་དང་ལུས་ཀྱི་ཆོས་ཉིད་གཉིས་རྣམ་པ་འདྲ་ བའི་འདྲ་ཆོས་ལྷའི་རྣལ་འབྱོར་བསྒོམས་པས་ཐ་མལ་གྱི་ལུས་ཀྱི་རིགས་རྒྱུན་དེ། གནས་གྱུར་ ནས་ལམ་གྱིས་བསྡུས་པའི་ཡེ་ཤེས་ལྷ་སྐུའི་རྣམ་པ་ཅན་དུ་གྱུར་པ་ནི། དཔེར་ན་སྔགས་བཏབ་ པས་དུག་གི་ནུས་པ་སྨན་མཆོག་གི་ནུས་པ་གྱུར་པ་ལྟ་བུའོ། ། ལམ་དུས་ཀྱི་ལྷ་སྐུ་དེ་གོམས་པ་ན། ཐ་མལ་ལུས་ཀྱི་སྣང་བའི་དྲི་མ་ཀུན་དག་པའི་ཚེ། ལམ་ཡང་དབྱིངས་སུ་ཐིམ་ནས་ཆོས་ཉིད་ཀྱི་སྐུ་རྡོ་རྗེ་མངོན་འགྱུར་དུ་ཐོབ་པར་འགྱུར་ཏེ། ཚུལ་འདི་ཆོས་གཞན་ཐམས་ཅད་ལ་ཡང་རིགས་བསྒྲེའོ། །དཔེར་ན་འདོད་ཆགས་ཀྱི་ཆོས་ཉིད་ བདེ་བ་འགྱུར་མེད་རྣམ་པ་ཐམས་ཅད་པ་ཡིན། དེ་ལ་བརྟེན་ནས་བྱུང་བའི་ཕྱིར། འདོད་ ཆགས་ཉིད་ཀྱང་བདེ་བ་གནས་ལུས་ལོངས་སྤྱོད་ཀྱི་རྣམ་པ་ཅན་དུ་ཤར། དེ་ཡང་བདེ་བ་ འགྱུར་བཅས་དང༌། རྣམ་པ་ཐ་མལ་བ་ཡིན་མོད་ཀྱི། རྣལ་འབྱོར་པས་འདོད་ཆགས་དང་ ཆོས་ཉིད་བདེ་བ་རྣམ་བཅས་ཙམ་དུ་མཚུངས་པའི་ཆ་ནས་གཟུང་སྟེ། ཞུ་བདེ་འགྱུར་མེད་ དང༌། སྟོང་གཟུགས་ཀྱི་སྐུའམ། བསྐྱེད་རིམ་གྱི་ལྷ་སྐུ་གནས་དང་མཆོད་པར་བཅས་པའི་རྣམ་ 3-1-29 པ་ཅན་ཚོགས་པ་གཅིག་ཏུ་ཡང་ཡང་བསྒྲུབས་པས་སྔར་གྱི་འདོད་ཆགས་ཀྱི་རིགས་རྒྱུན་དེ་ ཡོན་ཏན་དུ་གྱུར་ནས་ཞུ་བདེ་འགྱུར་མེད་ཀྱི་ལྷ་སྐུའམ། ལམ་གྱི་ཆས་བསྡུས་པའི་མི་འགྱུར་ བའི་བདེ་བར་འགྲོ་ཚུལ་སྒྲུབ་པ་པོ་ཉམས་རྟོགས་མཐོ་དམན་དང་བསྟུན་མོད། གང་ལྟར་ཡང་ ལམ་གྱི་བདེ་བ་རྣམ་བཅས་དེ་བསྒོམས་པས་ནམ་ཞིག་འདོད་ཆགས་ཀྱི་བག་ཆགས་རང་ཟད་ པ་ན། ཆོས་ཉིད་ཀྱི་བདེ་བ་རྣམ་པ་ཐམས་ཅད་པ་དེ་ཐོབ་པ་ཡིན་ཏེ། ཉོན་མོངས་ལམ་བྱེད་ ཀྱི་གནད་མཐར་ཐུག་པ་ཡང་འདི་ཁོ་ནའོ། །དེ་དག་གི་ཚེ་ལུས་དང་འདོད་ཆགས་ལ་སྨོད་པ་ དང༌། མི་མཐུན་པར་བལྟ་བ་དང༌། སྤོང་སེམས་ཀྱིས་སྤོང་པ་དང༌། བློ་ཐག་བཅད་ནས་རྒྱང་ སྐྱུར་གྱི་ཚུལ་མི་བྱེད་པས་ཉོན་མོངས་མི་སྤོང་བ་དང༌། ལུས་མི་སྤོང་བ་ཞེས་ཐ་སྙད་བྱེད་ལ། ལུས་དང་འདོད་ཆགས་ནམ་གནས་གྱུར་པའི་མཚམས་ནས་ཆེས་ཤིན་ཏུ་སྤངས་པའང་ཡིན་ མོད་ཀྱི། རང་སྤངས་ལ་སོང་བ་ལས་གཞན་དུ་ཆེད་གཉེར་གྱིས་སྤངས་པ་མ་ཡིན་ནོ། །གཞིའི་ མཆོག་ལུས་དང་འདོད་ཆགས་ཀྱི་ཆོས་ཉིད་ལ་དམིགས་ནས་སྤོང་བའི་དམིགས་གཏད་མི་ བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ལུས་དང་འདོད་ཆགས་ཀྱི་རྫས་རྒྱུན་ལ་དམིགས་ནས་ཆེད་ དུ་སྤོང་བ་དང་མི་མཐུན་པར་འཛིན་པ་མེད་པས། གཞི་ལུས་དང་འདོད་ཆགས་ཀྱི་རྫས་རྒྱུན་ མི་སྤོང་ལ། ལུས་དང་འདོད་ཆགས་ཀྱི་སྟེང་དུ་སྣོན་ཁ་དང༌། ལོངས་སྤྱོད་དགའ་སྟོན་གྱི་ཚུལ་ དུ་ལྷ་སྐུ་དང་བདེ་བ་རྣམ་བཅས་བསྒོམས་པས། ལུས་ཀྱི་སྡུག་བསྔལ་དང༌། འདོད་ཆགས་ ཀྱིས་སེམས་རྒྱུད་མ་རུངས་པར་བྱེད་པའི་ཆ་དེ་བཟློག་ནས། ལྷ་སྐུ་དང་བདེ་བ་ཁྱད་པར་ཅན་ རྒྱུན་མི་འཆད་པར་ཤར་བ་ན། ལུས་དང་འདོད་ཆགས་ཀྱི་རྫས་རྒྱུན་དེ་གཉིས་ཀྱང༌། ལྷ་སྐུ་ དང་བདེ་བར་གནས་འགྱུར་བའི་ཕྱིར་གཞི་བསྒྱུར་བ་ཞེས་བྱའོ། །དེ་ལྟར་ན། གཞི་བསྒྱུར་ བའི་མིང་ཙམ་ཞིག་སྔགས་པར་འདོད་པ་ཀུན་གྱི་ཁ་ན་རྒྱུ་ཡང་དོན་ནི་མཁས་རློམ་ཕལ་གྱིས་ ཀྱང་ཕྱོགས་མཐོང་ཙམ་ལས་གསལ་དག་ཏུ་གོ་བ་ཞིག་མི་འདུག་པས་འདིར་རྗེན་ཆེར་དུ་ 3-1-30 བཤད་དོ། །གཞི་བསྒྱུར་བའི་ལམ་ཞེས་པའི་དོན་དེ་ལྟར་ཡིན་ལ། ཁྱད་པར་ཅན་ཞེས་བྱ་བ་ ནི། འདོད་ཆགས་ཆེན་པོའི་ལམ་ཡིན་པ་སྟེ། དེ་ཡང་ཐེག་དམན་གྱི་ལམ་ནི་ཆགས་བྲལ་ཁོ་ན་ དང༌། ཐེག་ཆེན་མདོ་ནི་ཆགས་བྲལ་ཤས་ཆེ་བ་དང༌། རྒྱུད་སྡེ་འོག་མའི་ལམ་ནི་ཆ་མཉམ་པ་ ཙམ་དང༌། འདིར་ནི་ཆགས་ཆེན་གྱི་ལམ་ཆེས་གཙོ་བོར་གྱུར་པའོ། །དེ་ལྟར་ན་འདུས་པ་ཕྱི་མ་ ལས། གསང་སྔགས་ཀྱི་དོན་ཡིད་སྐྱོབ་པ་ལ་བཤད་པ་དང༌། དཔལ་དྲི་མ་མེད་པའི་འོད་ལས་ ཀྱང༌། རྡོ་རྗེ་ཐེག་པ་ཞེས་པའི་རྡོ་རྗེའི་དོན་ཆོས་འདི་ཉིད་ཀྱི་རང་ལུགས་ལས་བྱུང་བའི་སྟོང་ ཉིད་སྙིང་རྗེ་དབྱེར་མེད་དམ། བདེ་སྟོང་དབྱེར་མེད་ལ་བཤད་དེ། ཡིད་སྐྱོབ་པའི་དོན་ནི་ལམ་ སྒྱུར་བ་དང༌། བདེ་སྟོང་དབྱེར་མེད་ནི་ཆགས་ཆེན་གྱི་དོན་ཡིན་ནོ། ། གཉིས་པ་ནང་སེལ་གཉིས་སུ་དབྱེ་བ་ནི། འོ་ན་དེ་འདྲ་བའི་ལམ་དེ་ལ་རང་འབྲས་དངོས་ གྲུབ་སྒྲུབ་ཚུལ་རྣམ་པ་གཉིས་ཀྱི་དབྱེ་བ་རྟོགས་པའི་ཕྱིར། བསྐྱེད་པའི་རིམ་པ་དང༌། རྫོགས་ པའི་རིམ་པ་གཉིས་སུ་དབྱེའོ། །དེ་གཉིས་ཀྱི་སྒྲ་དོན་ནི། བསྐྱེད་རིམ་གྱི་སྐད་དོད་ཨུཏྤཏྟི་ཀྲ་མ་ ཞེས་པ་ལ། ཨུཏྤཏྟི་བསྐྱེད་པ་སྟེ་གསར་དུ་བཅོས་པའི་དོན་ཡིན་པ་དང༌། རྫོགས་རིམ་གྱི་སྐད་ དོད་ནིཥྤནྣ་ཀྲ་མ་ཞེས་པའི་ནིཥྤནྣ་ནི་རྫོགས་པ་སྟེ། རྩོལ་མེད་ཤུགས་བྱུང་དུ་འབྱུང་བའི་དོན་ ཡིན་ལ། དེ་གཉིས་ཀའི་ཀྲ་མ་ནི་རིམ་པ་སྟེ་ལམ་གྱི་གོ་རིམ་མམ། ཐབས་ཡིན་པའི་དོན་ནོ།། །། གསུམ་པ་དབྱེ་བ་སོ་སོའི་རང་བཞིན་ནི། རྒྱུད་ལས། ལྷ་ཡི་དམིགས་པ་གང་ཡིན་མངོན་ སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །ཞེས་གསུངས་པ་ལྟར། བསྐྱེད་ རིམ་གྱི་ངོ་བོ་ནི་རྗེས་སུ་དཔག་པའི་ལྷའི་རྣལ་འབྱོར་ཡིན་ལ། རྫོགས་རིམ་གྱི་ངོ་བོ་ནི། མངོན་ སུམ་གྱི་ལྷའི་རྣལ་འབྱོར་རོ། །དེ་ལ་རྗེས་སུ་དཔག་པའི་དོན་ནི། གཞན་ལས་རྒྱུ་མཚན་དྲན་ པའི་ངེས་ཤེས་ཀྱི་ཁྱད་པར་ལ་འཇོག་པ་ལྟར། འདིར་ཡང་བྲིས་སྐུ་སོགས་ལ་བལྟ་བ་དང༌། 3-1-31 ཚིག་ཏུ་བརྗོད་པ་ལས་དངོས་སུ་ཐོས་པའི་དོན་བསམས་ཏེ། སྔར་གྱི་མཐོང་ཐོས་དང་རྗེས་སུ་ མཐུན་པར་དེ་མ་ཡིན་ཡང་དེ་དང་འདྲ་བའི་རྣམ་པ་ཤར་བའོ། །དེ་ནི་རྒྱུད་ལས། མངོན་སུམ་ མེད་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པའི་དོན། ། ཅེས་གསུངས་ཏེ། བྲིས་སྐུ་ལ་སོགས་པའི་རྣམ་པ་ལས་རྗེས་སུ་དཔགས་ནས། ལྷའི་སྐུ་ནི་ འདི་འདྲའོ་ཞེས་ཡིད་ཀྱི་སྣང་ངོར་གསར་དུ་བཅོས་པ་ཙམ་ལས། གནས་ལུགས་ལ་ཞུགས་ པའི་དེ་ཁོ་ན་ཉིད་མ་ཡིན་ནོ། །རྫོགས་པའི་རིམ་པ་ནི། ཇི་སྐད་དུ། མངོན་སུམ་དག་ནི་དེ་ཉིད་ སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་ནམ་མཁའ་ལ་ སྐར་མ་ཤར་བའི་དཔེ་འདིས་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་ཤར་བའི་དོན་དང༌། སྐར་ མའི་གཟུགས་བརྙན་རྟོགས་པས་བསྒོམ་མི་དགོས་པར་མིག་གིས་དངོས་སུ་མཐོང་བ་ལྟར་ རྫོགས་རིམ་གྱི་ལྷ་ནི་སྟོང་པར་བློས་གསར་དུ་སྒོམ་པ་ལ་མ་བལྟོས་པར་སྟོང་པའི་ངང་ལས་ ཤར་ཞིང་ཤར་ནས་ཀྱང་སྟོང་པའི་རང་བཞིན་ལས་མ་འདས་པར་གནས་པ་དང་། སྟོང་པ་དང་ ལྷ་སྐུ་གཉིས་ཀར་རྣམ་རྟོག་གིས་བརྟགས་པ་མ་ཡིན་པར་དངོས་སུ་མྱོང་བའི་ཡུལ་དུ་བྱུང་བས་ ན། མོས་པ་ཡིད་བྱེད་ཀྱི་རྣལ་འབྱོར་ཙམ་མ་ཡིན་པར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །ཡང་ འགའ་ཞིག་འདི་སྙམ་དུ། དེ་ཁོ་ན་ཉིད་ནི་དོན་དམ་པ་ཡིན་ལ། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ དེ་ཡང་མངོན་སུམ་དུ་རྟོགས་པ་ལ་བྱེད་ན་ནི། སོ་སྐྱེའི་རྫོགས་རིམ་མེད་པར་འགྱུར་ཞིང༌། དམིགས་པའི་ཡུལ་མ་ནོར་བའི་སྒོ་ནས་བྱེད་ན་ནི། བསྐྱེད་རིམ་ཀྱང་དེ་ཁོ་ན་ཉིད་ཀྱི་ཡིད་བྱེད་ དུ་མི་འགྱུར་རམ། རང་བཞིན་སྟོང་པ་ཉིད་དུ་ཤེས་པ་ཡོད་པས་སོ་སྙམ་ན། མ་ཡིན་ཏེ་འདིར་ རེ་ཞིག་དེ་ཁོ་ན་ཉིད་ཅེས་པ་དོན་དམ་བདེན་པ་ཉག་གཅིག་ལ་འཇོག་མི་དགོས་ཏེ། འདུས་ བྱས་མི་རྟག་པར་སྒོམ་པ་སོགས་དེ་ཡིན་པ་ལྟར། ཀུན་རྫོབ་འཁོར་བའི་རང་བཞིན་གནས་ 3-1-32 ལུགས་ནི་སྣང་བཅས་ཀྱི་ཡེ་ཤེས་ཡིན་པ་ལ། དེ་དང་མཐུན་པའི་གསལ་སྣང་ཤར་བ་གནས་ ཚུལ་དང་ཤིན་ཏུ་མཐུན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཡིན་ལ། སྣང་ཆ་དེ་མ་བརྟགས་ པར་དངོས་སུ་སྣང་བའི་ཕྱིར། རྫོགས་པའི་རིམ་པ་ལ་མངོན་སུམ་ཞེས་བྱའོ། །བསྐྱེད་རིམ་ ནི་དངོས་པོའི་རང་བཞིན་དཀྱིལ་འཁོར་དུ་གནས་པ་དེ་ལ་དམིགས་པ་ཙམ་ཡིན་ཀྱང༌། དེ་ དང་རྣམ་པ་དང་མཚན་ཉིད་མི་མཐུན་པ་ཆེ་བའི་ཕྱིར། དེ་ཁོ་ན་ཉིད་མིན་པ་ཞེས་གསུངས་ལ། གོང་དུ་སྨོས་པ་ལྟར་རྟོག་སྒོམ་ཉིད་ཀྱི་ཕྱིར། མཆོག་ཏུ་བཟང་ཡང་རྗེས་དཔག་ལས་མ་འདས་ སོ། །འོ་ན་ལུས་ཀྱི་ཆོས་ཉིད་ལྷ་སྐུའི་རྣམ་པ་ཅན་དུ་གནས་པར་ཁྱེད་འདོད་ན་ཅིའི་ཕྱིར་བསྐྱེད་ རིམ་དེ་ཁོ་ན་ཉིད་ཡིད་བྱེད་མ་ཡིན། འཛིན་སྟངས་དང་གནས་ཚུལ་མཐུན་པས་སོ་སྙམ་ན། དེ་ ཁོ་ན་ཉིད་ཡིད་བྱེད་ཙམ་ཡིན་དུ་ཆུག་ཀྱང༌། རྣམ་པར་རྟོག་པའི་རབ་རིབ་ཅན་གྱི་ཕྱིར་དེ་ཁོ་ ན་ཉིད་རྣལ་འབྱོར་དུ་བྱེད་མི་ནུས་ལ། སྒྲུབ་པ་པོ་དེས་ལུས་ཀྱི་ཆོས་ཉིད་མངོན་སུམ་དུ་ནི་མ་ མཐོང༌། གསལ་སྣང་ཡང་མ་སྐྱེས་པས་ཆོས་ཉིད་ལྷ་སྐུར་སྒོམ་པ་སོགས་སུ་རློམ་ཀྱང༌། ཆོས་ ཉིད་ལ་བསྒོམས་པར་མ་སོང་དེའི་དོན་སྤྱི་ལ་བསྒོམས་པར་སོང་བས། དོན་སྤྱི་ནི་ལྷའི་སྐུར་ མེད་པའི་ཕྱིར། ཡུལ་དང་རྣམ་པ་མཐུན་པ་མ་ཡིན་ནོ། །ཡང་ཆོས་ཉིད་ཅེས་བྱ་བ་མིང་རྐྱང་ གཅིག་ལ་དམིགས་ན་དེ་ལྟར་འགྱུར་ཡང༌། ལུས་འདི་ཉིད་ལྷར་སྒོམ་པའམ། འདི་སྟོང་པར་ སྦྱངས་པའི་ཤུལ་དུ་ལྷ་བསྒོམས་པས་གནས་ལུགས་ལ་རེག་པར་འགྱུར་སྙམ་ནའང༌། མ་དག་ པའི་ལུས་འདི་ཡང་ལྷ་སྐུ་མ་ཡིན་ལ། འདི་སྦྱངས་པའི་ཤུལ་ཡིད་ངོའི་སྟོང་པ་དེ་ཡང་ལྷ་སྐུ་མ་ ཡིན་པས། དེ་འདྲ་དེ་ལྷ་སྐུར་སྒོམ་པ་གནས་ཚུལ་དང་མཐུན་པ་མ་ཡིན་ནོ། །རྫོགས་རིམ་མ་ བརྟགས་པར་རང་ཤར་བའི་ལྷ་སྐུ་ནི་ཐམས་ཅད་ཀྱང་གནས་ལུགས་དོན་དམ་པའི་ལྷ་སྐུའི་ ཆ་ཤས་ཙམ་དངོས་སུ་ཤར་བའང་ཡིན་ལ། འགའ་ཞིག་རྐྱེན་གྱིས་བྱུང་བ་ཡིན་དུ་ཆུག་ཀྱང༌། གནས་ལུགས་ཀྱི་ལྷ་དེ་དང་ཤིན་ཏུ་འདྲ་བའི་ཕྱིར་དང༌། རྣམ་རྟོག་གི་རྩོལ་བ་དང་བྲལ་བའི་ 3-1-33 ཕྱིར། སྔ་མ་དང་མི་འདྲ་སྟེ་ལུས་དང་ལུས་ཀྱི་བཤུལ་དང༌། ཆོས་ཉིད་ཀྱི་དོན་སྤྱི་སོགས་ལ་མི་ བསྒོམ་སྟེ། ཆོས་ཉིད་དངོས་སམ་དེའི་སྣང་བརྙན་ལ་རྗེན་པར་སྒོམ་པའི་ཕྱིར་རོ། །གནས་ འདི་ལ་ཁྱད་པར་དུ་ཡང་དོན་དམ་ཆོས་ཉིད་ཀྱི་ལྷ་སྐུ་རྣམ་བཅས་མི་འདོད་པ་རྣམས་ལ་ནི། བསྐྱེད་རིམ་ནམ་དུ་ཡང་དེ་ཁོ་ན་ཉིད་ཡིད་བྱེད་དུ་འགྱུར་བའི་དྲི་ཙམ་ཡང་མེད་དེ། ཐ་མལ་གྱི་ ལུས་སམ། དེ་སྦྱངས་པའི་ཤུལ་ཙམ་མམ། དེའི་ཆོས་ཉིད་སྟོང་པ་ཙམ་མམ། རིག་སྟོང་ཟུང་ འཇུག་ཙམ་མམ། འབྲས་བུ་སངས་རྒྱས་འབྱུང་བའི་ནུས་པ་ཙམ་མམ་གང་ལ་དམིགས་ནས་ བསྒོམས་ཀྱང་འདྲ་སྟེ། མཚན་དཔེའི་རྣམ་པ་ཅན་གྱི་ལྷ་སྐུར་མེད་པའི་ཕྱིར་རོ། །འགའ་ཞིག་ ལྟར་མ་འོངས་པ་ཐོབ་འགྱུར་གྱི་ལྷ་སྐུ་ལ་བསྒོམ་སྙམ་ན། མ་འོངས་པའི་ཆོས་ད་ལྟ་བའི་དུས་ ན་ནམ་དུའང་མེད་པའི་ཕྱིར་དང༌། འདི་ནི་དུས་ཤིན་ཏུ་རིང་པོས་ཆོད་པའི་ཕྱིར། ཡིན་པ་ལ་ ཡིན་པར་འདུ་ཤེས་པའི་དེ་ཁོ་ན་ཉིད་ཡིད་བྱེད་དེ་ཕྱོགས་སུ་ཡང་མ་བྱུང་སྟེ་མ་འོངས་པ་ད་ལྟ་ བར་སྒོམ་པའམ། ད་ལྟ་བ་དེ་མ་འོངས་པར་བསྒོམ་པའི་ལོག་རྟོག་ཤིན་ཏུ་ཐ་ཆད་པར་འགྱུར་ རོ།། །། བཞི་པ་རང་བཞིན་དོན་ལྡན་གྱི་མཚན་ཉིད་ནི། མངོན་སུམ་དང་རྗེས་དཔག་གི་ལམ་དེ་ དག་ལ་ཁྱད་ཆོས་ཇི་ལྟ་བུ་ཞེ་ན། བསྐྱེད་རིམ་ལ་རྣམ་རྟོག་གིས་བརྟགས་པའི་ལྷ་སྐུ་ཡིན་པ་ ཙམ་གྱིས་བསྐྱེད་རིམ་དུ་མ་ངེས་ཀྱང༌། ཁྱད་གཞི་རྣམ་རྟོག་གིས་བརྟགས་པའི་ལྷ་སྐུ་ལ་ཁྱད་ ཆོས་ཆོ་གའི་ཁྱད་པར་རྒྱལ་བས་སྔགས་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་གི་རིམ་པ་ཚང་ བ། ངོ་བོའི་ཁྱད་པར་ཐུན་མོང་མ་ཡིན་པའི་ཞུ་བདེའི་ཆ་ཤས་དང་སྟོང་ཉིད་ཀྱིས་རྒྱས་བཏབ་ པ། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ ཀྱི་མཐུ་སྐྱེད་པར་བྱེད་པ་སྟེ། ཁྱད་པར་བཞི་ལྡན་ནམ། འཇུག་པའི་ཁྱད་པར་སློབ་དཔོན་གྱིས་ བྱིན་གྱིས་བརླབས་པ་སྟེ་ལྔ་ལྡན་ནོ། །ཁྱད་པར་གཉིས་པ་དང་གསུམ་པ་ནི། བསྐྱེད་རིམ་གྱི་ 3-1-34 ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ལ། གཞན་རྣམས་ནི་རྒྱུད་སྡེ་བཞིའི་ལྷའི་རྣལ་འབྱོར་ ཐམས་ཅད་ལ་དགོས་སོ། །དག་རྫོགས་སྨིན་གསུམ་ཞེས་བྱ་བ་ནི། གཞི་འཁོར་བའི་སྲིད་པ་ སྐྱེ་བའི་རིམ་པ་རྣམས་འདྲ་མཚུངས་ཀྱི་སྒོ་ནས་དག་པར་བྱེད་པ་དང༌། འབྲས་བུ་སངས་རྒྱས་ ཀྱི་ཆོས་རྣམས་རྣམ་པ་མཚུངས་པའི་སྒོ་ནས་རྫོགས་པ་སྟེ་ཐོབ་པར་བྱེད་པའི་རྒྱུ་དང༌། ལམ་ གོང་མ་རྫོགས་རིམ་བསྒོམ་པའི་གཞི་འདིངས་ཤིང་རྒྱུད་སྨིན་པར་བྱེད་པ་རྣམས་སོ། །རྫོགས་ པའི་རིམ་པ་ལ་ནི། ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཁྱད་ཆོས་རྒྱུའི་ཁྱད་པར་རྡོ་རྗེ་ ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད། རྣམ་ པའི་ཁྱད་པར་བདེ་བ་ཆེན་པོ་དང་སྟོང་གཟུགས་ལྷན་ཅིག་པ་སྟེ། ཁྱད་པར་གསུམ་ལྡན་ནོ། ། འདིའི་རང་བཞིན་ནི་རྣལ་འབྱོར་ཡན་ལག་དྲུག་པའི་མན་ངག་གི་ཡི་གེ་དང༌། བཤད་འབུམ་ དུ་གཏན་ལ་ཕབ་ཟིན་པ་ལས་ཤེས་པར་བྱའོ།། །། ལྔ་པ་ཉམས་ལེན་སྒྲུབ་པའི་དགོས་པ་ནི། དཔལ་དྲི་མ་མེད་པའི་འོད་ལས། དེ་ནས་ དཀྱིལ་འཁོར་དུ་ཞུགས་པ་ལས་འཇིག་རྟེན་པའི་དབང་སྦྱིན་པས་བསོད་ནམས་ཀྱི་ཚོགས་ཀྱི་ དོན་བྱེད་པ་ནི་དགོས་པའོ། །ཤེས་རབ་ཆེན་པོ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ སྦྱིན་པས་རིས་མེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དང༌། བསོད་ནམས་དང་ཡེ་ཤེས་ ཀྱི་ཚོགས་ཀྱི་དོན་བྱེད་པ་ནི། དགོས་པའི་དགོས་པ་སྟེ་ཞེས་གསུངས་པ་དང༌། གཞན་ཡང་སྔ་ ཕྱིར་དེ་ལྟར་གསུངས་པ་མང་སྟེ། ལས་ཚོགས་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་གཙོ་བོར་ བྱས་པས་རང་གཞན་གྱི་བསོད་ནམས་རྒྱ་ཆེན་པོ་གསོག་པ་དང༌། གང་ཟག་གི་དབང་པོའི་ ཁྱད་པར་ལས་མང་པོ་ཞིག་བསྐྱེད་རིམ་མེད་པར་རྫོགས་རིམ་གྱི་རྟོགས་པ་བསྐྱེད་མི་ནུས་ པའི་རིགས་ལ་རྫོགས་རིམ་གྱི་རྟོགས་པའི་རྒྱུད་སྦྱང་བའི་དོན་དང༌། ཁ་ཅིག་རྫོགས་རིམ་ཁོ་ ན་བསྒོམས་པས་ཡེ་ཤེས་སྐྱེ་རུང་ཙམ་ཡིན་ཡང༌། བསྐྱེད་རིམ་སྔོན་དུ་སོང་བའམ། སྦྲགས་ཏེ་ 3-1-35 བསྒོམས་ན་རྫོགས་རིམ་གྱི་ཡེ་ཤེས་མྱུར་དུ་སྐྱེ་བ་དང༌། བོགས་ཆེ་བའི་རིགས་ཅན་ལ་རྫོགས་ རིམ་མྱུར་དུ་སྐྱེད་པ་དང༌། ལྷག་པར་སྐྱེད་པའི་དོན་དང༌། འགའ་ཞིག་ཚེ་དེ་ལ་རྫོགས་རིམ་ སྒོམ་པར་མི་ནུས་པ་དང༌། མི་མོས་པའི་རིགས་ཅན་དག་རྗེས་སུ་བཟུང་བ་དང༌། རྫོགས་པའི་ རིམ་པའི་རྣལ་འབྱོར་པ་ལའང་བསྐྱེད་རིམ་གྱིས་བོགས་འབྱིན་པའི་གནས་སྐབས་ཡོད་པས་ བསྐྱེད་པའི་རིམ་པ་བསྒོམ་པར་བསྟན་པའི་དགོས་པ་ནི་དེ་དག་ཡིན་ནོ། །སྐབས་འདིར་ལས་ ཚོགས་ནི། ལས་ཆེན་བརྒྱད་དང་བཅུ་གཉིས་ལ་སོགས་པ་མཐའ་ཡས་པ་རྣམས་སོ། །དངོས་ གྲུབ་ནི་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་སྟེ་ཐུན་མོང་གི་དངོས་གྲུབ་འབའ་ཞིག་གོ །ཆུང་ངུ་ནི་ གྲུབ་པ་བརྒྱད་ལ་སོགས་པའོ། །འབྲིང་པོ་ནི་ལྷ་མིན་ནམ་ཀླུ་སོགས་དང་སྐལ་བ་མཉམ་པ་ས་ འོག་གི་རིག་འཛིན་དང༌། གནོད་སྦྱིན་སྲིན་པོ་དྲི་ཟ་མིའམ་ཅི་སོགས་དང་སྐལ་བ་མཉམ་པའི་ ས་སྟེང་གི་རིག་འཛིན་དང༌། འདོད་ལྷ་རིགས་དྲུག་སོ་སོ་དང་སྐལ་བ་མཉམ་པའི་ས་བླའམ། མཁའ་སྤྱོད་ཀྱི་རིག་འཛིན་གསུམ་མོ། །ཆེན་པོ་ནི་འོག་མིན་གྱི་མཐར་ཐུག་པ་གཟུགས་ ཁམས་གནས་རིགས་བཅུ་དྲུག་གི་ལྷ་སོ་སོ་དང་སྐལ་བ་མཉམ་པའི་རིག་འཛིན་ནོ། །རྣམ་པར་ སྨིན་པའི་མི་ལུས་འདི་མ་སྤངས་པར་གནས་གྱུར་ཏེ། གཟུགས་མེད་ཁམས་ཀྱི་ལྷར་འགྱུར་ བ་གསལ་བར་མ་བཤད་པས། དེའི་རིག་འཛིན་གྱི་ཐ་སྙད་མི་འཆད་མོད། རྗེས་མཐུན་པ་ནི་ ཡོད་པར་མངོན་ཏེ། འོན་ཀྱང་ལུགས་འདི་ལ་འོག་མིན་གྱི་རིག་འཛིན་ལས་རྟོགས་པ་མཐོ་ བ་ནི་མ་ཡིན་པར་ཤེས་པར་བྱའོ། །གང་དག་གཟུགས་མེད་ཁམས་ལ་གཟུགས་ཅན་གཏན་ ནས་མེད་པ་དང༌། བར་དོ་མེད་པ་སོགས་ཉན་ཐོས་སྡེ་བ་ཐམས་ཅད་ཡོད་སྨྲའི་གྲུབ་མཐའ་ དུས་འཁོར་གྱི་སྐབས་སུ་ཡང་ཨུ་ཚུགས་སུ་འཁྱེར་བ་ནི། རྒྱུད་ལས། གཟུགས་མེད་ཁམས་ལ་ གནས་འཇིག་རྟེན་ཁམས་ཀྱི་ངེས་པ་བཤད་པ་དང༌། འགྲེལ་ཆེན་མདོར་བསྡུས་གཉིས་པར། ཁམས་གསུམ་གྱིས་ཕྱག་བྱས་པ། ཞེས་པའི་སྐབས་སུ། གཟུགས་མེད་ཁམས་པས་ཀྱང་ཕྱག་ 3-1-36 བྱས་པར་བཤད་པ་སོགས་དང་འགལ་ཏེ་ལུས་གཏན་ནས་མེད་ན། གནས་ཀྱི་དགོས་པ་སྟོང་ པ་དང༌། ཕྱག་ཇི་ལྟར་འཚལ། འདི་དག་གིས་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ངེས་པོར་མ་ བཀླགས་ཤིང༌། ཐེག་ཆེན་རྒྱུད་བླའི་འགྲེལ་བར་ཐོགས་མེད་ཀྱིས་དྲངས་པའི་མདོ་སྡེའི་ལུང་ མང་པོ་ལའང་རང་བཟོའི་ཞུས་དག་བྱས་ཏེ་དག་པ་རྣམས་མ་དག་པར་བཅོས་སོ། །ལས་དང་ དངོས་གྲུབ་འདི་དག་བསྐྱེད་རིམ་པས་ཆེད་ཀྱིས་བསྒྲུབ་དགོས་ལ། རྫོགས་རིམ་པས་སྲོག་ གཟུགས་གྲུབ་ན་ལས་ཚོགས་རྣམས་འབད་མེད་དུ་འགྲུབ་ཅིང༌། གྲུབ་པ་བརྒྱད་སོགས་ཀྱང་ འདོད་ན་ཅི་བདེར་འགྲུབ་ལ། རྗེས་དྲན་ཚུན་ཆད་ཐུན་མོང་གི་རིག་འཛིན་དེ་དག་ཀྱང་འགྲུབ་ པ་ཡོད་དོ། །རྫོགས་པའི་རིམ་པ་བསྒོམས་པའི་དགོས་པ་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་ གྲུབ་ཀྱི་གོ་འཕང་བསྒྲུབ་པའི་ཕྱིར་ཏེ། དེ་ཡང་གཞན་དུ་བཤད་ཟིན་ཏོ།། །། དྲུག་པ་གྲངས་དང་གོ་རིམ་ངེས་པ་ནི། སྤྱིར་གཞི་སྒྱུར་བའི་ལམ་རིམ་པ་གཉིས་པོ་འདི་ ལ་གནས་སྐབས་བཞི་དང༌། ཕྱི་ནང་གི་ཟླ་བའི་ཆ་བཅུ་དྲུག་སྦྱོང་བར་བྱེད་པའི་ལམ་ཚང་བ་ དང༌། རྡོ་རྗེ་བཞི་ལམ་བྱེད་དང༌། འགྱུར་མེད་ཀྱི་དགའ་བ་བཅུ་དྲུག་སྒྲུབ་པར་བྱེད་པའི་ཐབས་ རྣམས་རྣམ་གྲངས་ཆ་ཚང་བའི་གྲངས་ངེས་ནི་ངེས་པར་དགོས་ཏེ། རྫོགས་རིམ་ལ་ནི་དེ་དག་ དངོས་སུ་ཡོད་ཅིང༌། བསྐྱེད་རིམ་ལ་ནི་རྣམ་པ་འདྲ་བ་དང་གཞི་འདིངས་པའི་སྒོ་ནས་འབྲེལ་ པས་ལམ་དུ་བྱེད་པ་དགོས་སོ། །དེ་ལྟར་ཡང༌སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱི་ནི། །དེ་ ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན། །ལམ་ དང་བྲལ་བས་ཐོབ་པ་མ་ཡིན་ནོ། །ཞེས་གསུངས་ཏེ། རྫོགས་རིམ་གྱི་སྒོ་ནས་འབྲས་བུ་མཆོག་ གི་དངོས་གྲུབ་ཐོབ་པ་ལ་གནས་སྐབས་བཞི་སྦྱོང་བྱེད་དང༌། རྡོ་རྗེ་བཞི་ལམ་དུ་བྱེད་པ་དང༌། འགྱུར་བཅས་ཀྱི་ཐིག་ལེ་བཅུ་དྲུག་བཀག་ནས་འགྱུར་མེད་ཀྱི་ཐིག་ལེ་བཅུ་དྲུག་སྒྲུབ་པའི་ ཐབས་རྣམས་མང་མི་དགོས་ཤིང་ཉུང་ན་མི་འདུ་བའི་གྲངས་ངེས་སོ། །བསྐྱེད་རིམ་གྱི་སྒོ་ནས་ 3-1-37 རིག་པ་འཛིན་པའི་དངོས་གྲུབ་སྒྲུབ་པ་ལའང་མོས་སྒོམ་གྱི་རྒྱུ་ལས་བྱུང་བའི་གསལ་སྣང་ཅན་ གྱི་ཏིང་ངེ་འཛིན་ལ། དེ་དག་གི་རྣམ་པ་ལམ་བྱེད་ཚང་དགོས་པ་ཡང་མང་མི་དགོས་ཤིང་ཉུང་ ན་མི་འདུ་བའི་གྲངས་ངེས་སོ། །འདི་དག་ནི་ངེས་ཅན་ཡིན་ལ། རྫོགས་པའི་སངས་རྒྱས་ཐོབ་ པར་བྱེད་པ་ལ་ལམ་བསྐྱེད་རྫོགས་གཉིས་སུ་གྲངས་ངེས་པར་བྱེད་པ་ནི་དགོས་པ་ལ་བལྟོས་ པའི་གྲངས་ངེས་ཏེ། འགའ་ཞིག་ལ་རྫོགས་རིམ་ཁོ་ནས་ཆོག་པའི་ཕྱིར། ཉུང་ན་མི་འདུ་བ་ ཡང་མཐའ་གཅིག་ཏུ་མ་ཡིན་ལ། ཚོགས་ཀྱི་སྒོ་དུ་མ་ནས་གསག་དགོས་པའི་ཕྱིར་དང༌། རྒྱུད་ སྦྱང་བ་སྔོན་དུ་གཏོང་དགོས་པའི་རིགས་ཅན་སོགས་ལ་གཉིས་པོ་ལས་མང་བ་མི་དགོས་པ་ ཡང་མ་ཡིན་ནོ། །འོན་ཀྱང་ཐེག་པ་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ནི་ཡིན་ལ། དབང་པོ་རྣོ་ བརྟུལ་གཉིས་ཀྱི་ཟླས་ཕྱེ་བའི་བརྟུལ་པོར་གྱུར་པ་རྣམས་ཀྱི་དབང་དུ་བྱས་ནས། བསྐྱེད་རིམ་ ལམ་གྱི་སྔོན་འགྲོ་དང༌། རྫོགས་རིམ་ལམ་དངོས་གཞི་ཡིན་པའི་རིམ་པ་དང༌། སྤྱིར་ཡེ་ཤེས་ ཚོགས་ཀྱི་གཞི་འདིངས་པ་བསོད་ནམས་ཀྱི་ཚོགས་ཡིན་ཞིང༌། འདིར་ཡེ་ཤེས་ཀྱི་ཚོགས་ཁྱད་ པར་ཅན་རྣམ་པ་ཐམས་ཅད་པའི་ཡེ་ཤེས་སྐྱེ་བའི་གེགས་བསལ་བའི་རྒྱུར་བསོད་ནམས་ཀྱི་ ཚོགས་བསྐྱེད་པའི་རིམ་པ་བསྒོམ་པར་འདོད་པའི་ཕྱིར། སྔོན་འགྲོ་དངོས་གཞིའམ། རྟེན་ བརྟེན་པའི་སྒོ་ནས་གཉིས་སུ་གྲངས་ངེས་དང༌། ཚོགས་གཉིས་རྒྱུ་འབྲས་ཀྱི་སྒོ་ནས་གཉིས་ སུ་གྲངས་ངེས་པའང་ཡིན་ལ། དེ་བཞིན་དུ་བདེན་པ་གཉིས་ཀྱི་རིམ་པས་ཀྱང་གྲངས་ངེས་ཏེ། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་གནས། ། འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །དེ་བཞིན་དུ། རྡོ་རྗེ་ ཅན་དག་གིས་བསྟན་པ། རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང༌། ། རྫོགས་པ་ཡི་ཡང་རིམ་ཉིད་དོ། ཞེས་གསུངས་ནས། དེ་ལ་དེང་སང་ཕལ་གྱིས་གོ་ལུགས་ལྟར་ ཀུན་རྫོབ་དང༌། དོན་དམ་ཞེས་བྱ་བ། ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་དང༌། དོན་དམ་སྤྲོས་ 3-1-38 བྲལ་ཙམ་གྱི་དབང་དུ་བྱས་པའི་སྒོ་ནས་རིམ་པ་གཉིས་འཇོག་པ་ནི་མ་ཡིན་ཏེ། གཉིས་ཀས་ གཉིས་ཀ་དམིགས་པའི་ཡུལ་དུ་ནི་བྱེད་ཅིང༌། བདེན་གཉིས་འཇོག་བྱེད་མཐར་ཐུག་ཡང་དེ་ ཙམ་ལ་མ་བལྟོས་པའི་ཕྱིར་རོ། །ཀུན་རྫོབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང༌། དོན་དམ་ མི་འགྱུར་བའི་བདེ་བ་ལ་ཡང་མི་བཞག་སྟེ། ཐེག་པ་འདིའི་བདེན་གཉིས་མཐར་ཐུག་དེ་ཡིན་ ཀྱང༌། དངོས་སུ་ལམ་དུ་བྱེད་པའི་སྒོ་ནས། དེ་གཉིས་ཀར་རྫོགས་རིམ་གྱིས་གཙོ་ཆེ་ཆུང་མེད་ པར་སྒྲུབ་དགོས་ལ། བསྐྱེད་རིམ་གྱིས་དངོས་སུ་ནི་གཉིས་ཀར་བྱེད་མི་ནུས། མོས་པས་ལམ་ དུ་བྱེད་པ་ལ་ནི། གཙོ་ཆེ་ཆུང་གི་ཁྱད་པར་མེད་པར་ཆ་མཉམ་དུ་སྤྱོད་དགོས་པས་སོ། །དེས་ན་ ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང༌། དོན་དམ་འཇིག་རྟེན་འགག་པའི་རིམ་པ་ལ་སྦྱར་ ཏེ། བསྐྱེད་རིམ་ཀུན་རྫོབ་བདེན་པའི་རྣལ་འབྱོར་དང༌། རྫོགས་རིམ་དོན་དམ་བདེན་པའི་ རྣལ་འབྱོར་ཞེས་བྱའོ། །འོ་ན་བསྐྱེད་རིམ་གྱི་ཆ་འགའ་ཞིག་ཀྱང་འཆི་བ་དང་སྦྱོར་བ་སོགས་ ཡོད་པས་སྐྱེ་བའི་རིམ་པ་ཀུན་རྫོབ་ཁོ་ན་སྦྱོང་བྱེད་དུ་ཇི་ལྟར་འཐད་སྙམ་ན། བདེན་ཏེ་འོན་ ཀྱང་སྐྱེ་བ་དང་འགག་པ་ཞེས་བྱ་བ། གནས་སྐབས་དེ་དང་དེའི་ཁྱད་པར་ཙམ་ཡིན་གྱི། གཞི་ དང་དངོས་པོ་སོ་སོར་གྲུབ་པ་མེད་དོ། །དེ་ལྟ་ན་འདུས་བྱས་ཐམས་ཅད་རྟག་ཏུ་སྐྱེ་བ་ཡང་ ཡིན་ཞིང༌། རྟག་ཏུ་འཇིག་པ་ཡང་ཡིན་པས་སྐྱེ་འཇིག་འདི་དག་མཚན་ཉིད་ཀྱི་ཆོས་ཡིན་གྱི། རང་གི་ངོ་བོ་ཉིད་ཀྱིས་སམ་རྫས་ཀྱི་མཚན་གཞིའི་ཆོས་སུ་མི་འགྱུར་རོ། །དེས་ན་འགྲོ་བ་གང་ ཞིག་སྐྱེ་བ་བཟུང་ནས་ཚེ་ཟད་པའི་མཐར་ཐུག་པ་སྐད་ཅིག་རེ་རེ་རང་རང་གི་ངོ་ཐོག་དེ་ན་སྐྱེ་ བའི་མཚན་ཉིད་ཅན་ཤ་དག་ཀྱང་ཡིན་ལ། ཡང་དུས་དེ་ཉིད་དུ་འགག་ཅིང་འཇིག་པའི་མཚན་ ཉིད་ཅན་འབའ་ཞིག་ཀྱང་ཡིན་པའི་ཕྱིར། སྐྱེས་བུའི་སྐྱེ་བ་དེ་ལ་ཚེ་སྟོད་སྨད་ལྟ་བུར་ཁྱད་གཞི་ སོ་སོར་ཕྱེ་ནས། སྐྱེ་འཇིག་གི་ཆ་སོ་སོ་ལ་སྦྱོར་རྒྱུ་མེད་དོ། །དེས་ན་འཆི་བ་ནི་འཇིག་པའི་ མཚན་ཉིད་ཅན་ཡིན་པར་སོ་སོ་སྐྱེ་བོའི་མངོན་སུམ་གྱིས་གྲུབ་ཅིང་ཀུན་ཏུ་གྲགས་པ་ལྟར་ཡང་ 3-1-39 ཡིན་མོད་ཀྱི། རིགས་པར་ན་སྐྱེ་བའི་མཚན་ཉིད་ཅན་ཡང་ཡིན་ཏེ། འཆི་བའི་གནས་སྐབས་ རང་ཉིད་གསར་དུ་སྐྱེས་པའི་ཕྱིར་རོ། །དེས་ན་འཆི་བ་ནི་དངོས་པོ་གཞན་ཞིག་པའི་གནས་ སྐབས་ལ་བཏགས་མོད། འཆི་བ་རང་ཉིད་ཞིག་པའི་ཆ་ལ་མི་འདོགས་ཏེ། འཆི་བ་ཉིད་སྐྱེ་ ཞིང་གནས་པའི་ཆ་ལ་འཇོག་པས་ན། ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་ཉིད་དུ་འཇོག་པ་ ལ་མི་འགལ་ལོ། །དེའི་ཕྱིར་སྦྱང་བྱ་སེམས་ཅན་གྱི་འཆི་བ་བར་དོ་སྐྱེ་བ་གསུམ་འབྲེལ་ཆགས་ སུ་འབྱུང་བ་གཅིག་ལ་དངོས་པོ་རྣམས་སྐྱེད་པའི་བྱ་བ་ཡང་རྒྱུན་མི་ཆད་ཅིང༌། རང་དུས་ཀྱི་ སྐད་ཅིག་གཉིས་པར་འཇིག་པའི་ཆོས་ཀྱང་རྒྱུན་མི་ཆད་པར་ཡོད་པ་ལས། སྐྱེད་ཅིང་སྐྱེ་བའི་ ཕྱོགས་ཀྱི་རྣམ་པ་དང་མཐུན་པར་མོས་སྒོམ་བྱེད་པའི་རྣལ་འབྱོར་ནི་བསྐྱེད་རིམ་ཡིན་ལ། སྐད་ཅིག་རེ་རེར་ཀུན་རྫོབ་ཀྱི་དངོས་པོ་དེ་རྣམས་འགག་ཅིང་སྟོང་པར་ཐིམ་པའི་རིམ་པ་དང་ རྣམ་པ་མཐུན་པར་མངོན་སུམ་དངོས་སམ་རྗེས་མཐུན་གྱི་ཚུལ་གྱིས་སྒོམ་པ་ནི་རྫོགས་པའི་ རིམ་པའོ། །དངོས་སུ་ན་སྐྱེ་འཇིག་གཉིས་ཀར་ཀུན་རྫོབ་དང་འཁོར་བ་ཡིན་མོད་ཀྱི། གསར་ དུ་སྐྱེ་བ་ནི་འཁོར་བ་བྱུང་བ་དངོས་ཡིན་ལ། དེ་དང་དེ་འགགས་པ་ནི་འགགས་པ་དེ་ཉིད་ཀྱི་ ཆ་ནས་འཁོར་བའི་ཆོས་དེ་དག་ཐིམ་པ་ཡིན་པས་མྱ་ངན་ལས་འདས་པ་དང་ཆོས་འདྲ་ཞིང༌། རྣམ་པ་ཕྱོགས་མཚུངས་པའི་སྒོ་ནས་དོན་དམ་ཞེས་བཞག་གོ །འོ་ན་རྫོགས་རིམ་གྱི་སྐབས་ སུ་ཡེ་ཤེས་ཀྱི་སྣང་བ་སྐྱེད་པ་མ་ཡིན་ནམ་ཞེ་ན་ཡིན་མོད་ཀྱི། རྣམ་རྟོག་གི་རྒྱུ་ལས་སྐྱེད་པ་ནི་ ཀུན་རྫོབ་འབའ་ཞིག་པ་དང༌། འཇིག་རྟེན་སྐྱེད་པ་ཁོ་ན་ཡིན་ལ། མ་བརྟགས་པར་ཤར་བའི་ ཡེ་ཤེས་ཀྱི་སྣང་བ་ཡང་ངེས་པར་དཔྱད་ན་ཀུན་རྫོབ་དོན་དམ་གཉིས་ཀའི་ཆ་ཡོད་མོད་ཀྱི། དོན་དམ་གཙོ་བོ་ཡིན་ཅིང༌། སྲིད་པ་སྐྱེད་པའི་རིམ་པ་མ་ཡིན་ནོ། །དེས་ན་སྐབས་འདིར་ཀུན་ རྫོབ་དོན་དམ་ཞེས་པ། སྦྱང་བྱ་གཞི་འཁོར་བའི་ཆོས་ཁོ་ན་ལས་ཕྱེ་བའི་སྐྱེ་བ་ཀུན་རྫོབ་དང༌། འཇིག་པ་དོན་དམ་ཉིད་ཡིན་པ། སྦྱོང་བྱེད་ལམ་རིམ་པ་གཉིས་ཀྱིས་སྦྱོང་བས། སྐབས་འདིའི་ 3-1-40 བདེན་གཉིས་ཀྱི་གྲངས་ངེས་ནི་དེ་ལྟར་ཡིན་ལ། དེ་ཡང་གཙོ་བོའི་དབང་དུ་བྱས་ཀྱི་གཉིས་ ཀས་གཉིས་ཀ་མི་སྦྱོང་བ་ནི་མ་ཡིན་མོད། ཤིན་ཏུ་མཐར་གཏུགས་པ་ན་སྐྱེ་འཆི་གཉིས་ཀར་ རྫོགས་རིམ་གྱིས་སྦྱོང་བ་ཡིན་མོད་ཀྱང༌། རེ་ཞིག་དེ་སྒོམ་པའི་སྐལ་བ་མེད་པ་ལ་དང་པོ་ཉིད་ ནས་ཀྱང་བསྐྱེད་རིམ་ནི། འཁོར་བ་སྐྱེད་པའི་རྣམ་རྟོག་མགོ་གནོན་གྱི་གཉེན་པོ་སྟོབས་ཆེན་ པོ་དང་ལྡན་པ་ཡིན་ལ། འཇིག་པའི་རྣམ་རྟོག་གི་ཡང་གཉེན་པོ་ཅི་ཡང་ཅུང་ཟད་ཙམ་བྱེད་ མོད་ཀྱི། སྐྱེད་པའི་ཕྱོགས་ལ་འཇུག་པ་ཙམ་གྱི་སྟོབས་མི་བྱེད་པ་དང༌། བསྐྱེད་རིམ་གྱི་ལམ་ ཡང་གང་ཟག་འགའ་ཞིག་ལ་གནས་སྐབས་འགའ་ཞིག་ཏུ་ངེས་པར་དགོས་པའི་ཡང་ཕྱིར། དགོས་པ་འདི་ལ་བལྟོས་ནས་རིམ་པ་གཉིས་ཞེས་གྲངས་ངེས་སུ་མཛད་པའོ།། །། གཉིས་པོའི་གོ་རིམ་ངེས་པ་ནི། རྡོ་རྗེ་སྙིང་འགྲེལ་ལས། དང་པོར་རེ་ཞིག་ཞིང་དག་ཕྱིར། ། ཁྲེ་ཙེ་རྣམས་ནི་བཏབ་པར་འགྱུར། །ཕྱི་ནས་དག་པའི་ཞིང་ལ་ནི། །ས་ལུའི་འབྲས་ནི་ཐོབ་ པའོ། །ཞེས་སོགས་དཔེར་མཛད་པ་དང༌། རྣམ་རྟོག་རྒྱ་རུ་ཚུད་པ་ཡི། །འགྲོ་བ་གསུམ་པོ་རྣམ་ གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་བ། །དེ་དང་དེའི་ཐབས་བསྟན་ནོ། །རྣམ་རྟོག་བག་ ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་སྟོན། །རྣམ་རྟོག་རང་བཞིན་ཤེས་པ་ན། ། མི་རྟོག་པ་ལ་རྣམ་འཇུག་བྱ། །ཞེས་གསུངས་ཤིང༌། དགྱེས་རྡོར་ལ་སོགས་པའི་རྒྱུད་གཞན་ ལས་ཀྱང༌། དེ་ལྟར་གསུངས་པ་མང་སྟེ། དབང་རྟུལ་དང་པོའི་ལས་ཅན་ཤིན་ཏུ་མང་པོ་ཞིག་ ཚེ་འདིར་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་སྐལ་བ་མེད་པ་དང༌། ཅུང་ཟད་ཡོད་དུ་ཆུག་ཀྱང་ བསྐྱེད་རིམ་སྔོན་དུ་མ་སོང་བར་རྫོགས་རིམ་གྱི་རྟོགས་པ་དངོས་མི་སྐྱེ་བའི་དབང་དུ་མཛད་ ནས། དང་པོར་བསྐྱེད་རིམ་བརྟན་པ་ཐོབ་ཀྱི་བར་དུ་བསྒོམས། དེ་ནས་རྫོགས་པའི་རིམ་པ་ སྒོམ་པ་སྟེ། བརྟེན་པའི་ཚུལ་དུ་ཉམས་སུ་ལེན་པའམ། དང་པོར་བསྐྱེད་རིམ་ཅུང་ཟད་གོམས་ པར་བྱས་ནས། ཕྱིས་བསྐྱེད་རྫོགས་སྦྲགས་ཏེ་སྒོམ་པ་སྔོན་འགྲོ་དངོས་གཞིའི་ཚུལ་དུ་བྱེད་ 3-1-41 པའམ། དང་པོ་ཉིད་ནས་ཐུན་གྱི་སྟོད་ལ་བསྐྱེད་རིམ་དང༌། སྨད་ལ་རྫོགས་རིམ་སྒོམ་པ་ལྟ་བུ་ གཅིག་གྲོགས་གཅིག་ཤོས་ཀྱིས་བྱེད་པ་གྲོགས་དང་གྲོགས་ཅན་གྱི་ཚུལ་གྱིས་སྒྲུབ་པ་རྣམས་ ཀྱང་། དང་པོར་བསྐྱེད་རིམ་བསྒོམས་ཤིང༌། ཕྱིས་རྫོགས་རིམ་སྒོམ་པའི་ཚུལ་ཁོ་ན་ལས་ཕྱེ་བ་ ཡིན་ལ་ཤིན་ཏུ་དམན་པ་ཚེ་འདིར་རྫོགས་རིམ་གཏན་ནས་བསྒོམ་མི་ནུས་པ་དག ཚེ་འདིར་ བསྐྱེད་རིམ་བསྒོམས་ཤིང༌། ཕྱི་མ་རྫོགས་རིམ་སྒོམ་པ་ཡང་ཡོད་པ། དེ་ཡང་བསྐྱེད་རྫོགས་ གོ་རིམ་སྔ་མ་དང་འདྲ་སྟེ། རིག་པ་ནི་སུ་ཞིག་རྫོགས་རིམ་གྱི་ཡེ་ཤེས་ཐུན་མོང་མ་ཡིན་པ་རྒྱུད་ ལ་སྐྱེས་ཟིན་པ་དེ་ལ་བོགས་འབྱིན་གྱི་གནས་སྐབས་སྲིད་མཐའ་ཙམ་ལ་དུས་ཡུད་ཙམ་ལན་ རེ་ལན་གཉིས་མ་གཏོགས། བསྐྱེད་རིམ་སྒོམ་པ་མི་འབྱུང་སྟེ། རྫོགས་རིམ་དངོས་གཞིའི་ཡེ་ ཤེས་སྐྱེས་ནས། བསྐྱེད་རིམ་བསྒོམས་པ་ལ་ཕལ་ཆེར་དུ་དགོས་པ་མེད་པའི་ཕྱིར་རོ། །དེས་ ན་རིམ་པ་གཉིས་ཀར་བསྒོམ་དགོས་ཕྱིན་ཆད། སྤྱིར་བཏང་དུ་དང་པོར་བསྐྱེད་རིམ་དང་ཕྱིས་ རྫོགས་རིམ་བསྒོམ་པ་ཡིན་ཞིང༌། ཞིང་ཐ་རྒོད་བཏུལ་ནས་དང་པོར་འབྲུ་ངན་པ་བཏབ་སྟེ་ ཞིང་དུལ་བར་བྱས་པའི་རྗེས་སུ་ས་ལུ་ལ་སོགས་པའི་བཟང་འབྲུ་འདེབས་པར་བྱེད་པ་བཞིན་ དུ། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་མཐར་ཕྱིན་པར་བྱེད་པའམ། བསྐྱེད་རིམ་ཅི་རིགས་པ་ སྔོན་དུ་གཏོང་པ་ཡིན་ལ། སྐྱེ་བ་དང་པོ་ལ་བསྐྱེད་རིམ་ཁོ་ན་བསྒོམས་ཤིང༌། ཕྱི་མ་ལ་རྫོགས་ རིམ་སྒོམ་པ་ཡང་དེའི་རིགས་ཡིན་ནོ། །དང་པོ་ཉིད་ནས་ཆ་མཉམ་དུ་སྒོམ་པ་རྣམས་ཀྱང་དཔེ་ དེས་མཚོན་པའི་རིགས་སུ་ཡང་ཅུང་ཟད་ནི་འགྱུར་ཏེ། ཐུན་སྟོད་དང་ཐུན་སྨད་ཀྱི་དུས་སྔ་ཕྱི་ ལ་ཡང་རྒྱུད་འགྱུར་བའི་ཁྱད་པར་བསྟེན་པས་སེམས་རྒྱུད་སྨིན་པའི་ཚུལ་ཡོད་དགོས་པའི་ ཕྱིར་ཏེ། ཕྲ་མོ་སྐད་ཅིག་རེ་རེ་ནས་རྒྱུད་སྨིན་ཚུལ་མི་འབྱུང་ན། ཡུན་རིང་ལོན་པ་ལ་ཡང་མི་ འབྱུང་བའི་རིག་པས་སོ། །འོན་ཀྱང་གཙོ་བོར་དཔེ་དེས་བསྟན་པའི་དོན་དུ་མི་འཇོག་ཀྱང༌། དགོས་དོན་གྱི་སྒོ་ནས་འདྲ་བ་ཡིན་ཏེ། བསྐྱེད་རིམ་བརྟན་པའི་རྗེས་སུ་རྫོགས་རིམ་བརྟན་ 3-1-42 ན་མི་རིང་བར་རྫོགས་རིམ་གྱི་དངོས་གཞི་ཡེ་ཤེས་སྐྱེ་བ་བཞིན་དུ་ཐོག་མ་ཉིད་ནས་བསྐྱེད་ རྫོགས་འབྲེལ་ཆགས་སུ་བསྒོམས་པས། ནམ་ཞིག་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་ རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བ་དུས་མཉམ་དུ་འབྱུང་བ་དེ་དུས་ཀྱི་རྫོགས་རིམ་དངོས་གཞིའི་ ཉམས་རྟོགས་དེ་དང་། བསྐྱེད་རིམ་བརྟན་རྗེས་ནས་རྫོགས་རིམ་འགོ་བརྩམས་པ་ལས་བྱུང་ བའི་དངོས་གཞིའི་ཡེ་ཤེས་དེ་ལ་བཟང་ངན་ཁྱད་པར་ཡེ་མེད་དོ། །དེས་ན་འདི་ནི་རྫོགས་རིམ་ གྱི་དམིགས་པ་ས་བོན་ལྟ་བུ་དང༌། བསྐྱེད་རིམ་གྱི་སྒོམ་པ་ཆུ་ལུད་ལྟ་བུའི་དཔེ་དང་སྦྱར་བར་ བྱའོ། །དེ་ཚེ་གཉིས་པོ་ཆ་མཉམ་དུ་སྒོམ་མམ། བསྐྱེད་རིམ་ཤས་ཆེ་བ་ཙམ་སྒོམ་ཀྱང་རུང༌། རྫོགས་རིམ་ཉིད་གཙོ་བོར་བསྒོམས་པར་འགྲོ་སྟེ། རྒྱལ་རིགས་གཅིག་དང༌། སྐྱེ་བོ་ཕལ་པ་ གཅིག་གམ་མང་པོ་འཛོམ་ཡང་རུང་སྟེ། ཕྲད་མ་ཐག་པ་ནས་རྒྱལ་རིགས་གཙོ་བོར་འགྱུར་བ་ བཞིན་ནོ། །ད་ལྟའི་གང་ཟག་ལ་སྒོམ་ཚུལ་འདི་ཡང་ཤིན་ཏུ་ལེགས་པ་ཡིན་མོད། འགའ་ཞིག་ འདི་སྙམ་དུ། རྒྱུད་གཞུང་ཐམས་ཅད་ཀྱི་དགོངས་པ་ནི། བསྐྱེད་རིམ་བརྟན་ནས་རྫོགས་རིམ་ སྒོམ་པ་ཡིན་ལ། ཆ་མཉམ་དུ་སྒོམ་པ་འདི་འདྲ་བསྐྱེད་རིམ་མི་སྒོམ་པར་རྫོགས་རིམ་ལ་ཅང་ འཇུས་བྱེད་པ་ལས་བཟང་ཞིང་དགག་བྱ་ཆུང་ཡང༌། སྔ་མ་ལྟ་བུའི་ཕན་ཡོན་མེད་ལ། བོད་ ཀྱི་གསང་སྔགས་པ་ཕལ་ཆེར་དང༌། རྒྱ་གར་བ་འགའ་ཞིག་འདོད་དུ་ཆུག་ཀྱང་རང་འདོད་ དང་བླ་ཆོས་ཙམ་མོ་སྙམ་པ་དག་ཀྱང་སྣང་མོད། རེ་ཞིག་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་སྒྲུབ་ ཐབས་ལེའུ་ལས། བསྐྱེད་རིམ་དངོས་གཞི་ཡན་ལག་བཞི་པོ་ནི་སོང༌། དཀྱིལ་འཁོར་བསྡུ་བ་ སོགས་རྗེས་ཀྱི་ཆོ་ག་མ་གསུངས་པའི་སྐབས་དེར་རྫོགས་རིམ་སྒོམ་ཚུལ་རྒྱས་པར་གསུངས་ པའི་ཕྱིར་དང༌། དུས་འཁོར་ཉིད་ཀྱི་སྒྲུབ་ཐབས་སཱ་དྷུ་པུ་ཏྲས་མཛད་པ་དང༌། དགྱེས་རྡོར་གྱི་ སྒྲུབ་ཐབས་མཚོ་སྐྱེས་དང༌། བདག་མེད་མའི་སྒྲུབ་ཐབས་བདུད་རྩི་འོད་དང༌། སྒྱུ་འཕྲུལ་ ཆེན་པོའི་སྒྲུབ་ཐབས་ཀུ་ཀུ་རི་པས་མཛད་པ་གསུམ་སོགས་སྒྲུབ་ཐབས་ཁུངས་ཅན་ཤིན་ཏུ་ 3-1-43 མང་བ་ལས་གནས་སྐབས་དེར་རྫོགས་རིམ་གྱི་རྣམ་གཞག་གསུངས་པས་རྫོགས་རིམ་དེ་དག་ བར་སྐབས་དེར་བསྒོམ་རྒྱུ་མ་ཡིན་ན། དེར་གསུངས་པ་དགོས་པ་མེད་པར་འགྱུར་བའི་ཕྱིར་ རོ། །གལ་ཏེ་གཞུང་དེ་དག་ཏུ་བསྐྱེད་རིམ་དང་རྫོགས་རིམ་ཞེས་ལམ་རིམ་པ་གཉིས་ཀྱི་རྣམ་ གཞག་སྟོན་པ་ཙམ་ཡིན་ན་ནི། བསྐྱེད་རིམ་གྱི་བྱ་བ་རྣམས་རྫོགས་པའི་རྗེས་སུ་རྫོགས་རིམ་ སྟོན་པར་རིགས་ཀྱི། གསེབ་ཚགས་སུ་བསྟན་པ་འདིས་ནི་དོན་ཚན་འཁྲུགས་ཤིང༌། གཞུང་ དགོད་པ་ལ་མི་མཁས་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེ་དག་ཀྱང་ཆེད་དུ་བྱ་བའི་གདུལ་ བྱའི་ནང་ཚན་དབང་པོ་བརྟུལ་འབྲིང་རྣོན་པོ་གསུམ་གྱི་དབང་དུ་བྱས་ཀྱི། ད་ལྟའི་སྔགས་པ་ ཕལ་ཆེར་ཐོས་པའི་སྐལ་བ་ཅན་ཙམ་སྟེ། ཐེག་པ་གང་དུ་ཡང་རིགས་མ་ངེས་པ་སྟེས་དབང་ གིས་སྔགས་ལ་ཞུགས་པ་ཡིན་པས། འདི་དག་ལ་ནི་རྫོགས་རིམ་དངོས་གཞི་སྐྱེད་དཀའ་བ་ བཞིན་དུ་བསྐྱེད་རིམ་དངོས་ཀྱང་སྐྱེ་དཀའ་ལ་རྗེས་མཐུན་ཙམ་ནི་གཉིས་ཀར་སྐྱེར་རུང་བས་ གང་མོས་པ་ལ་ཞུགས་པས་གདུལ་བྱ་དེ་ཉིད་ལ་བལྟོས་པའི་དོན་ཁྱད་པར་ཅན་འགྲུབ་ཀྱི། སྔ་ ཕྱིའི་གོ་རིམ་ངེས་པ་མེད་དེ། གཽ་ཌ་བཞད་གད་མཁན་གྱི་རྩོད་པའི་དཔེ་བཞིན་ནོ།། །། བདུན་པ་དབང་ལམ་འབྲས་བུའི་སྦྱོར་ཚུལ་ནི་རྒྱས་པར་གཞན་ལས་ཤེས་པར་བྱ་དགོས་ མོད། འདིར་ཟུར་ཙམ་བརྗོད་ན། དབང་གིས་ཇི་ལྟར་སྨིན་པ་ལྟར་དེ་དང་རྗེས་སུ་མཐུན་པའི་ ལམ་བསྒོམ་པས། འབྲས་བུ་ཡང་དེ་དང་མཐུན་པ་འགྲུབ་ལ། ལམ་ཉིད་ལ་རིམ་པ་གཉིས་ཀྱི་ བསྐྱེད་རིམ་གྱི་ཡན་ལག་ཇི་ལྟར་བསྒོམས་པ་དེ་ཐམས་ཅད་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བར་ འགྱུར་བའི་རྒྱུད་སྦྱང་ཐབས་སུ་འགྲོ་ཚུལ་ཤེས་དགོས་ཏེ། བསྐྱེད་རིམ་ལ་བཅུ་དྲུག་བཞིའི་ རབ་ཏུ་དབྱེ་བ་དགོས་པའི་ཕྱིར་རོ། །དེ་ལ་བྱིས་པ་འཇུག་པའི་དབང་བདུན་ནི། བསྐྱེད་ རྫོགས་གཉིས་ཀའི་ཐུན་མོང་དུ་སྨིན་པར་བྱེད་པ་ཡིན་ཡང་གཙོ་བོར་བསྐྱེད་རིམ་གྱི་སྨིན་བྱེད་ ཡིན་ལ། བསྐྱེད་རིམ་དངོས་ཀྱི་སྨིན་བྱེད་ཞེས་ཀྱང་བྱ་སྟེ། སོ་སོར་ཕྱེ་ན་ཆུ་དང་ཅོད་པན་གྱི་ 3-1-44 དབང་ནི་དཀྱིལ་འཁོར་རྒྱལ་མཆོག་དང༌། དར་དཔྱངས་དང་དྲིལ་བུའི་དབང་ནི་ལས་རྒྱལ་ མཆོག་དང༌། བརྟུལ་ཞུགས་དང་མིང་གི་དབང་གི་ཐིག་ལེའི་རྣལ་འབྱོར་དང༌། རྗེས་གནང་ནི་ ཕྲ་མོའི་རྣལ་འབྱོར་གྱི་སྨིན་བྱེད་དོ། །དབང་གོང་མ་རྣམས་ནི་བསྐྱེད་རིམ་གྱི་སྨིན་བྱེད་མ་ཡིན་ ཀྱང༌། བསྐྱེད་རིམ་ལ་གནས་པའི་རྣལ་འབྱོར་པས་གོང་མ་བཞི་བླངས་པ་ན། བསྐྱེད་རིམ་གྱི་ དྲི་མ་སྦྱོང་བའི་དག་བྱེད་ཀྱི་དབང་དུ་ནི་འགྱུར་ཏེ། དེའི་ཚེ་ཡང་དག་གཙོ་བོར་བསྐྱེད་རིམ་ ཡན་ལག་བཞི་དང་དབང་བཞི་རིམ་ཅན་དུ་སྦྱར་རོ། །རྫོགས་རིམ་གྱི་གཞི་འདིངས་པའི་སྨིན་ བྱེད་དུ་འགྲོ་ཚུལ་ནི། དཀྱིལ་འཁོར་རྒྱལ་མཆོག་སོར་བསམ་གྱི་སྨིན་བྱེད། ལས་རྒྱལ་མཆོག་ སྲོག་འཛིན་གྱི་སྨིན་བྱེད། ཐིག་ལེའི་རྣལ་འབྱོར་རྗེས་དྲན་གྱི་སྨིན་བྱེད། ཕྲ་མོའི་རྣལ་འབྱོར་ ཏིང་ངེ་འཛིན་གྱི་སྨིན་བྱེད་དེ། དེ་ལྟར་ན་གྲོལ་བྱེད་དངོས་རྫོགས་རིམ་ཡིན་ལ། བསྐྱེད་རིམ་ ནི་དེའི་སྔོན་འགྲོའམ་ཆ་ལག་ལྟ་བུར་འགྱུར་བའི་ཕྱིར། དེའི་ཁོངས་སུ་བསྡུ་བ་ཡིན་གྱི་གྲོལ་ བྱེད་དངོས་མ་ཡིན་ནོ། ། འབྲས་བུའི་སྐབས་ས་ལ་སྦྱར་ན། དབང་བདུན་ས་བདུན་གྱི་དག་པ་དང་སྦྱར་བ་ལྟར་ མངོན་བྱང་ལྔ་དང་སྙིང་རྗེའི་དབང་དང་དམ་ཚིག་གི་དཀྱིལ་འཁོར་དང༌། ཡེ་ཤེས་པ་གཞུག་ པ་དང༌། མཁའ་གསང་གནས་དྲུག་དང་བཅས་པ་བྱིན་གྱིས་བརླབ་པ་དང༌། ཐིག་ལེའི་རྣལ་ འབྱོར་དངོས་དང༌། ཕྲ་མོའི་རྣལ་འབྱོར་ཏེ། བདུན་པོ་དེ་རྣམས་ས་བདུན་དང་སྦྱོར་ཞིང༌། ཆུ་ ཅོད་བུམ་དབང་གི་སྔོན་འགྲོ་དང༌། དར་དྲིལ་གསང་དབང་དང༌། མིང་བརྟུལ་ཤེར་དབང་ དང༌། རྗེས་གནང་བཞི་པའི་སྔོན་འགྲོ་ཡིན་པའི་རིག་པ་སྦྱར་ཏེ། ས་དང་པོ་དང་གཉིས་པ་ནི་ རང་ས་དེར་བརྒྱད་པ་དང་རྣམ་པ་མཐུན་པ་དང༌། གསུམ་བཞི་གཉིས་ནི་དགུ་པ་དང༌། ལྔ་དྲུག་ གཉིས་ནི་བཅུ་པ་དང༌། བདུན་པ་ནི་བཅུ་གཅིག་བཅུ་གཉིས་དང་ཆོས་མཚུངས། དེ་ལ་འཇིག་ རྟེན་པའི་དབང་བཞི་པ་དང་ས་གཉིས་སྦྱོར་ཚུལ་ནི། འདི་ལྟར་གོ་དགོས་ཏེ། ལམ་གྱི་ས་ 3-1-45 བཅུ་གཅིག་ལ་དབང་བཅུ་གཅིག་གིས་ཐོབ་ཐང་བགོས་པས་དབང་རེས་ས་རེ་ཐོབ་པ་ལས། འཇིག་རྟེན་ལས་འདས་པའི་བཞི་པའི་སྐལ་བ་ས་བཅུ་གཅིག་པ་ཡིན་ཞིང༌། ས་གཞན་རྣམས་ སྔ་མ་རྫོགས་ནས་ཕྱི་མ་ལ་མུ་འབྱོར་འགྲོ་བ་ཡིན་ལ། དེ་ལས་གཞན་པའི་བར་དེར་འབྲས་བུ་ ཐོབ་སྐལ་མེད་དེ། ས་ཕྱི་མ་ཉིད་སྔ་མའི་འབྲས་བུ་ཡིན་པའི་ཕྱིར་རོ། ། ས་བཅུ་གཅིག་པ་ལ་ནི། དེའི་རྗེས་སུ་སློབ་ལམ་གྱི་ས་ཐོབ་རྒྱུ་མེད་ཅིང༌། དབང་ཡང་ བཞི་པ་ལས་བཟང་བའི་ལྷག་པོ་བསྐུར་རྒྱུ་མེད་པས། ད་དུང་བགྲོད་བྱའི་ལམ་གྱི་ས་ལ་དབང་ སྦྱོར་རྒྱུ་ཡོད་དམ་སྙམ་ན་མེད་དོ། །འོན་ཀྱང་ས་དེ་དང་འབྲེལ་ཆགས་སུ་མི་སློབ་པའི་ལམ་ བྱུང་བ། དེ་ནི་ལམ་གྱི་མི་བཏགས་ཀྱང་འབྲས་བུ་ཁོ་ན་ཡིན་པ་དང༌། འབྲས་བུ་དེ་ཡང་དངོས་ སུ་ས་བཅུ་གཅིག་པ་ཉིད་ཀྱི་དངོས་འབྲས་ཡིན་པའི་ཕྱིར། རྒྱུ་ས་བཅུ་གཅིག་པ་དང༌། འབྲས་ བུ་ས་བཅུ་གཉིས་གཉིས་ཀར་འདས་པའི་དབང་བཞི་པ་ཁོ་ནའི་ཐོབ་སྐལ་དུ་བྱུང་ངོ༌། །འཇིག་ རྟེན་པའི་དབང་རྣམས་དང་མི་མཚུངས་ཏེ། དཔེར་ན་ས་བརྒྱད་པ་བུམ་དབང་གི་ཐོབ་བསྐལ་ ཡིན་ལ། བརྒྱད་པའི་དངོས་འབྲས་དགུ་པ་ཡིན་ཡང༌། དེ་གསང་དབང་གིས་ཐོབ་པས་བུམ་ དབང་ལ་མི་སྦྱོར་ལ། འཇིག་རྟེན་འདས་པའི་དབང་བཞི་པ་ལ་ནི། རང་གིས་ཐོབ་སྐལ་བཅུ་ གཅིག་པའི་དངོས་འབྲས་བཅུ་གཉིས་པ་ཡིན་ལ། བཞི་པ་ལས་བཟང་བའི་དབང་གཞན་ཞིག་ ཡོད་ན། དེའི་ཐོབ་སྐལ་དུ་དེ་འགྱུར་ཡང་དེ་འདྲ་མེད་པས་སོ། །དེས་ན་བཞི་པའི་དངོས་ཀྱི་ སྐལ་བ་ལམ་བཅུ་གཅིག་པ་དང༌། རྒྱུ་ལམ་ལས་འབྲས་བུ་སངས་རྒྱས་འབྱུང་བའི་ཕྱིར་ཤུགས་ ཀྱིས་ཐོབ་པ་བཅུ་གཉིས་པ་ཡང་ཡིན་ནོ། །དེས་ན་དབང་རྣམས་སློབ་པའི་ས་ཁོ་ན་ལ་སྦྱོར་ བའི་དབང་དུ་བྱས་ནས། དབང་བཅུ་གཅིག་ས་བཅུ་གཅིག་དང་སྦྱོར་དགོས་པས། འཇིག་ རྟེན་པའི་བཞི་པ་བཅུ་གཅིག་པ་དང་སྦྱོར་བ་ཤིན་ཏུ་མི་འཐད་དོ། །དེའི་ཕྱིར་དངོས་སུ་མི་སྦྱོར་ ཡང་བརྒྱུད་པས་འབྲེལ་བའི་དབང་དུ་བྱས་ནས། དཀྱིལ་འཁོར་རྒྱལ་མཆོག་དང་བརྒྱད་པ། 3-1-46 ལས་རྒྱལ་མཆོག་དང་དགུ་པ། ཐིག་ལེའི་རྣལ་འབྱོར་དང་བཅུ་པ། ཕྲ་མོའི་རྣལ་འབྱོར་དང་ བཅུ་གཅིག་པ། དེའི་ཤུགས་ལས་བཅུ་གཉིས་པ་དང་ཡང་སྦྱོར་རོ། །འབྲས་བུ་མཐར་ཐུག་ གི་སྐབས་དང་སྦྱར་ན། བསྐྱེད་རིམ་ཡན་ལག་བཞི་པོ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ ཐུགས་ཡེ་ཤེས་རྡོ་རྗེ་དང་སྦྱོར་ཏེ། འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ། །ཞེས་པ་དཔལ་ དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་རྣམ་པར་བཤད་པ་ལས་རིམ་པ་གཉིས་ཀྱི་སྤྱིའི་དོན་ བཤད་པ་སྟེ་སྡེ་ཚན་གཉིས་པའོ།། །། ད་ནི་གཉིས་པ་སྒྲུབ་ཐབས་ཀྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ། གང་གིས་སྒྲུབ་པའི་ གང་ཟག་གང་དུ་སྒྲུབ་པའི་གནས། ཇི་ཙམ་བར་དུ་སྒྲུབ་པའི་དུས། ཇི་ལྟར་སྒྲུབ་པའི་ཐབས། དེ་ལྟར་བསྒྲུབས་པའི་འབྲས་བུ་སྟེ་ལྔ་ལས། དང་པོ་ནི། རྒྱུད་ལས། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་ སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་ བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་ གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་སློབ་མའི་མཚན་ཉིད་ གསུངས་པ་རྣམས་ཕལ་ཆེར་ཚང་བ་དང༌། ཁྱད་པར་དུ་ཡང་དཀོན་མཆོག་གསུམ་ལ་སྐྱབས་ སུ་སོང་ཞིང༌། འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པར་ཡོངས་སུ་བྱེད་པའི་འགྲོ་བ་རྣམས་ བྱང་ཆུབ་མཆོག་ལ་འགོད་པར་འདོད་པའི་ཁུར་ཁྱེར་བ། རྡོ་རྗེ་ཐེག་པའི་ཚུལ་ལ་ལྷག་པར་ མོས་པ་དང་ལྡན་པས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་རབ་ཏུ་ཞུགས་ཏེ་ དབང་བསྐུར་བ་རྣམ་པ་བདུན་ཐོབ་ཅིང༌། རྩ་བའི་ལྟུང་བ་བཅུ་བཞི་ཕྱོགས་མཐུན་དང་བཅས་ པས་ཤིན་ཏུ་མ་གོས་ཤིང༌། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་སོགས་པ་དམ་ཚིག་དང་སྡོམ་པ་ 3-1-47 ལ་ཡང་དག་པར་གནས་པའོ། །ཡན་ལག་བཞི་ཚང་བའི་བསྐྱེད་རིམ་བསྒོམ་དུ་རུང་བ་ཙམ་ ལ། དེ་ཙམ་གྱིས་ཆོག་ལ། དག་བྱ་དག་བྱེད་ཁྱད་པར་ཅན་སྦྱར་ཏེ་སྒོམ་ན་ནི་བསྐྱེད་རིམ་ འབའ་ཞིག་སྒོམ་ནའང༌། གོང་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དེ་དག་ཐོབ་པ་ ནི་དགོས་ཏེ། གཞི་འབྲས་ཀྱི་བཞུགས་ཚུལ་ཐུན་མོང་མ་ཡིན་པ་རྣམས་དང༌། རྫོགས་རིམ་གྱི་ རྟེན་དུ་ཇི་ལྟར་འགྱུར་བའི་ཚུལ་ཤེས་ནས། དེ་དག་སྦྱར་ཏེ་མོས་སྒོམ་དུ་བྱེད་པ་ལ། དེ་རྣམས་ ལེགས་པར་ཐོས་ཤིང་གོ་བ་ཅིག་དགོས། དེ་ལ་དབང་དེ་དག་བསྐུར་དགོས་པའི་ཕྱིར་རོ། །དེ་ ལས་ཀྱང་བསྐྱེད་རིམ་ལ་གཙོ་བོར་བྱེད་ཀྱང་རིམ་གཉིས་འབྲེལ་ཅན་སྒོམ་པ་ལ་ནི། དབང་ བཅུ་གཅིག་པོ་ཐོབ་པ་མེད་དུ་མི་རུང་བའི་ཡན་ལག་གོ ། །། གཉིས་པ་ནི་གནས་སྤྱིའི་དབང་དུ་བྱས་ནས། རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ ཞིང༌། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པ། །དེར་ནི་རྣལ་ འབྱོར་ཡང་དག་བརྩམ། །ཞེས་གསུངས་ཤིང༌། སྒོས་ཀྱི་གནས་ནི་བསྡུས་རྒྱུད་ལས། གང་དུ་ སེམས་ནི་རབ་ཏུ་ཚིམ་པར་འགྱུར་བ་དེར་ནི་བསྒྲུབ་པར་བྱའོ་མི་ཡི་བདག་པོ་ཀྱེ། ངེས་པར་འཇམ་ པའི་མལ་ཆ་དག་དང་གདན་ལ་ཉེ་བར་འདུག་ནས་སྔར་བརྗོད་བསྲུང་བ་བྱས་ནས་ནི། །ཞེས་ གསུངས་ཏེ། རྒྱུན་གྱི་ཉམས་ལེན་དང་བསྙེན་པའི་སྐབས་སུ། སྐྱེད་མོས་ཚལ་ལ་སོགས་པའི་ གནས་ངེས་པ་མི་དགོས་ཏེ། གང་དུ་ཡིད་དགའ་ཞིང་ཉེར་འཚེ་མེད་པ་དེར་བསྒོམ་མོ།། །། གསུམ་པ་ནི་མཐའ་གཅིག་ཏུ་མ་ངེས་ཀྱང༌། བསྐྱེད་རིམ་ཉིད་གཙོ་བོར་བྱེད་པ་དང༌། ཐུན་ མོང་གི་དངོས་གྲུབ་ཐོབ་པར་འདོད་པ་དང༌། ལས་ཕྲ་མོ་ཙམ་ལ་དམིགས་ཀྱང་འགྲུབ་ཚུལ་ ཁྱད་པར་ཅན་དུ་གྲུབ་པར་འདོད་པ་དག་གིས་ཇི་སྲིད་ལྷའི་གསལ་སྣང་ལ་བརྟན་པ་མ་ཐོབ་ བར་དུ་བསྒོམ་མོ། །འཁྲུལ་འཁོར་དང་སྦྱིན་སྲེག་ལ་སོགས་པའི་ལས་ཕལ་པ་ཙམ་ཞིག་སྒྲུབ་ པར་བྱེད་པ་ལ་ནི། དམ་ཚིག་དང་ལྡན་ཞིང་བརྟུལ་བ་དང་བཅས་པས་དམིགས་པ་ལ་ཡིད་ 3-1-48 ཤུགས་དྲག་པོ་ཡོད་ན། གསལ་སྣང་ལ་བརྟན་པ་མ་ཐོབ་ཀྱང༌། སྔགས་བྱེ་བ་བཟླས་ན་འགྲུབ་ པར་འགྱུར་བས་དུས་དེ་སྲིད་དུ་བསྒོམས་པར་བྱའོ།། །། བཞི་པ་ཇི་ལྟར་སྒྲུབ་པའི་ཐབས་ལ་གང་གིས་སྒྲུབ་པའི་ཐབས་ཆོ་གའི་རིམ་པ་དང༌། གང་བསྒྲུབ་པར་བྱ་བའི་ཡུལ་དཀྱིལ་འཁོར་གྱི་རབ་ཏུ་དབྱེ་བ་དང༌། གོ་རིམ་ལ་གཞན་གྱིས་ བརྟགས་པའི་མཐའ་འགོག་པའོ།། །། དང་པོ་ལ་ཡང་གཉིས་ཏེ། སྒྲུབ་ཐབས་ཀྱི་ཆིངས་ཟུར་ཙམ་སྨོས་པ་དང༌། མངོན་རྟོགས་ རྒྱས་པའི་རིམ་པ་རྣམ་པར་ངེས་པའོ། །དང་པོ་ནི། སྤྱིར་རྣལ་འབྱོར་ཕྱི་ནང་གི་རྒྱུད་ཀུན་ལས། དང་པོ་ལ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་ གསུམ་དུ་གསུངས་བ་མང་པོ་ཡོད་ལ། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་དཔལ་གསང་བ་ འདུས་པའི་རྒྱུད་ཕྱི་མ་ལས། བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། ། སྒྲུབ་པ་ཡང་ནི་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་བསྙེན་པ། ཉེར་སྒྲུབ། སྒྲུབ་ པ། སྒྲུབ་ཆེན་བཞི་གསུངས་ཤིང༌། དེ་ལ་ཏིང་ངེ་འཛིན་ཕྲུགས་གཅིག་གི་རིམ་པ་དང༌། བྱ་བའི་ རིམ་པ་ལ་བལྟོས་པ་གཉིས་ཡོད་ཀྱང༌། སྐབས་འདིར་ཏིང་ངེ་འཛིན་ཕྲུགས་གཅིག་གི་རིམ་ པ་ལ་བལྟོས་པའོ། །དེ་བཞིན་དུ་གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ལས། དང་པོར་རྣལ་ འབྱོར་བསྒོམ་པར་བྱ། །རྗེས་སུ་རྣལ་འབྱོར་གཉིས་པར་རོ། །ཤིན་ཏུ་རྣལ་འབྱོར་གསུམ་པར་ ཏེ། །རྣལ་འབྱོར་ཆེན་པོ་བཞི་པར་རོ། །ཞེས་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང༌། ཤིན་ ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་སྟེ་བཞི་གསུངས་སོ། །རྒྱུད་དེ་དག་ལས་འབྱུང་བའི་ མན་ངག་གི་རིམ་པ་རྣམས་དང༌། རྒྱུད་ཀྱི་རྒྱལ་པོ་འདིར་གསུངས་པ་རྣམས་ནི་མིང་མཚུངས་ ཀྱང་དོན་མི་འདྲ་བར་བྱུང་མོད། འོན་ཀྱང་འདི་ནས་གསུངས་པའི་ཡན་ལག་བཞིའི་སྒྲུབ་ ཐབས་ལ། རྒྱུད་གཞན་དེ་དག་ལས་འབྱུང་བའི་མན་ངག་གི་དོན་དེ་དག་ཀྱང་ཚང་བ་ནི་ཡིན་ 3-1-49 ནོ། །དེ་ཡང་སྨྲོས་ཤིག་ཅེ་ན། རྒྱུད་འདི་ལས་འབྱུང་བའི་ཡན་ལག་བཞི་ནི། སྟོང་པ་སྔོན་དུ་ འགྲོ་བའི་མངོན་བྱང་ལྔ་ལས་གཙོ་བོ་སྐྱེད་ཅིང༌། འཁོར་གྱི་ལྷ་ཚོགས་སྤྲོ་བ་ནི། དག་བྱ་ལུས་ ཀྱི་རྩ། དག་བྱེད་དཀྱིལ་འཁོར་རྫོགས་པར་སྤྲོ་བ་ཙམ་ཡིན་པས་དཀྱིལ་འཁོར་རྒྱལ་མཆོག་ ཅེས་བྱ། ཡང་ཞུ་བ་གླུས་བསྐུལ་ནས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་ཏེ་དམ་ཚིག་པའི་ ལྷ་ཚོགས་སྤྲོས། ཡེ་ཤེས་པ་དགུག་གཞུག་བྱས། རིགས་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་ བརླབས། དབང་བསྐུར་བ་དང་རྒྱས་བཏབ་རྣམས་བྱེད་པ་ནི། སྦྱང་བྱ་ལས་ཀྱི་རྒྱུ་རླུང་རྒྱུ་བ་ དང༌། ལས་དབང་བྱ་བ་ལ་འཇུག་པ་སྦྱོང་བའི་ཕྱིར་དང༌། གནས་སྐབས་སུ་ཡང་ཡེ་ཤེས་སྤྱན་ འདྲེན་དང་དབང་བསྐུར་སོགས་ལས་ཀྱི་ཆོ་ག་མི་འདྲ་བ་དུ་མ་འཇུག་པའི་ཕྱིར། ལས་རྒྱལ་ མཆོག་ཅེས་བྱའོ། །དེ་ནས་རིག་མ་དང་མཉམ་པར་སྦྱར་བའི་རྗེས་ཆགས་ཀྱི་བདེ་བ་ཙམ་སྒོམ་ པ་ནི། ཐིག་ལེའི་བདེ་བ་མྱོང་མ་གྲུབ་གོང་དུ་ཆེད་དུ་དོན་གཉེར་གྱི་ཡུལ་བདེ་བ་ཡིན་ཀྱང༌། དེ་ ལ་དངོས་སུ་དམིགས་མི་ཐུབ་ལ། རྒྱུ་ཐིག་ལེ་གཡོ་བ་ལ་དངོས་སུ་དམིགས་ནུས་ཤིང་རྩོལ་ བའི་ཕྱིར། ཐིག་ལེའི་རྣལ་འབྱོར་ཞེས་བྱའོ། །དེ་ནས་ཕྲ་མོ་ནི་སྤང་བྱའི་དབང་དུ་བྱས་ན། འཕོ་ བའི་བདེ་བ་ལན་ཅིག་མྱོང་ཟིན་པ་ན། བདེ་བ་དེ་ལ་དམིགས་ཐུབ་པས་འཕོ་བའི་བདེ་བ་ཡང་ ཡང་མྱོང་བར་བྱེད་པས་ན་བདེ་བ་ལ་དམིགས་པ་ཞེས་བྱ། ལམ་གྱི་དུས་ན་འཕོ་བ་བཀག་སྟེ། བདེ་བ་ལ་སེམས་གཏང་ནས་ལྷ་སྐུ་ཕྲ་མོ་སྤྲོ་བའི་ཕྱིར། བདེ་བ་ལ་དམིགས་པ་ཕྲ་མོའི་རྣལ་ འབྱོར་ཞེས་བྱའོ། །དེ་རྣམས་བསྙེན་སྒྲུབ་ཡན་ལག་བཞི་ཞེས་བྱ་སྟེ་དཀྱིལ་འཁོར་རྒྱལ་མཆོག་ བསྙེན་པ། ལས་རྒྱལ་མཆོག་ཉེར་སྒྲུབ། ཐིག་ལེའི་རྣལ་འབྱོར་སྒྲུབ་པ། ཕྲ་མོའི་རྣལ་འབྱོར་ སྒྲུབ་པ་ཆེན་པོའོ། །རྒྱུད་གཞན་དེ་དག་གི་ལུགས་ནི། གཙོ་བོ་སྐྱེད་པའི་ཆོ་ག་དང་པོ་སྦྱོར་བ། འཁོར་ཚོགས་སྤྲོ་བ་དཀྱིལ་འཁོར་རྒྱལ་མཆོག ཆོ་ག་ལྷག་མ་རྣམས་ལས་རྒྱལ་མཆོག་ཡིན་ན། དེ་དག་གི་ལུགས་ཀྱི་དང་པོ་སྦྱོར་བ་ནི། འདིར་ཡང་རྒྱུ་རྡོ་རྗེ་འཆང་གཙོ་བོ་ནུས་མ་དང་བཅས་ 3-1-50 པ་སྐྱེད་པ་ལ་ཚང༌། དེའི་རྗེས་ནས་ཡེ་ཤེས་པ་གཞུག་པའི་བར་དཀྱིལ་འཁོར་རྒྱལ་མཆོག་ དང༌། དེ་མན་ཆད་ལས་རྒྱལ་མཆོག་ཏུ་འགྱུར་རོ། །དེ་བཞིན་དུ་གསང་བ་འདུས་པ་བ་རྣམས་ ཀྱི་ལུགས་ལ་གཙོ་འཁོར་གང་ཡིན་ཡང་རུང་དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་བསྲེ་བ་ནི་ བསྙེན་པ། སྐྱེ་མཆེད་བྱིན་རླབས་ནི་ཉེར་སྒྲུབ། སྐུ་གསུང་ཐུགས་བྱིན་རླབས་སྒྲུབ་པ། དབང་ བསྐུར་བ་སྒྲུབ་ཆེན་དུ་བཞེད་པས། འདིའི་ལུགས་ཀྱི་རྒྱལ་མཆོག་དང་པོ་དང༌། གཉིས་པའི་ ཡང་ཡེ་ཤེས་པ་གཞུག་པ་ཡན་ཆད་དེའི་ལུགས་ཀྱི་བསྙེན་པའི་ཡན་ལག །ཡི་གེ་དགོད་པ་ དང་རྒྱས་བཏབ་བཞི་ཉེར་སྒྲུབ། སྐུ་གསུང་ཐུགས་བྱིན་རླབས་སྒྲུབ་པ། རིགས་བདག་གི་རྒྱས་ འདེབས་སྒྲུབ་ཆེན་དུ་འགྱུར་རོ། ། ཡང་གཤིན་རྗེ་གཤེད་ལས་གསུངས་པའི་རྣལ་འབྱོར་བཞི་ནི། རྒྱུ་རྡོ་རྗེ་འཛིན་པའི་སྐོར་ རྣལ་འབྱོར་དང་པོ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་རྗེས་སུ་རྣལ་འབྱོར། འཁོར་ ཚོགས་སྤྲོ་བ་ཤིན་ཏུ་རྣལ་འབྱོར། ལྷག་མ་དབང་བསྐུར་མཆོད་བསྟོད་སོགས་རྣལ་འབྱོར་ཆེན་ པོར་གསུངས་ན། འདིའི་རྒྱལ་མཆོག་དང་པོ་དེའི་ལུགས་ཀྱི་རྣལ་འབྱོར་དང༌། ཞུ་བ་གླུས་ བསྐུལ་བ་གཙོ་བོ་ཡབ་ཡུམ་བཞེངས་པ་དང་བཅས་པ་རྗེས་སུ་རྣལ་འབྱོར། འཁོར་ཚོགས་སྤྲོ་ བ་དང་ཡེ་ཤེས་པ་གཞུག་པ་ཤིན་ཏུ་རྣལ་འབྱོར། དེ་མན་ཆད་རྣལ་འབྱོར་ཆེན་པོ་དང་འབྱོར་ རོ། །ཡང་རྡོ་རྗེ་གུར་ལས། ཕོ་བྲང་སངས་རྒྱས་རྣམ་སྣང་མཛད། །རྗེས་སུ་ཆགས་པ་རྡོ་རྗེ་ སེམས། །དབང་ནི་མི་བསྐྱོད་རྡོ་རྗེ་དག །བདུད་རྩི་མྱང་བ་འོད་དཔག་མེད། །མཆོད་པ་དོན་ ཡོད་གྲུབ་པ་སྟེ། །བསྟོད་པ་རིན་ཆེན་འབྱུང་ལྡན་ཡིན། །ཞེས་ཡན་ལག་དྲུག་བཤད་པ་རྣམས་ འདི་ལ་ཚང་ཚུལ་གཞན་རྣམས་གོ་བླ། བདུད་རྩི་མྱང་བ་ནི། སྔོན་འགྲོ་དང་རྗེས་ཀྱི་སྐབས་ ན་ཡོད་ཅིང༌། གཞན་ཡང་འདི་ནི་དོན་གྱི་གནས་ལ་གནད་ཆེ་ཤོས་མིན་ནོ། །ཡང་གསང་ བ་འདུས་པའི་རྒྱུད་ཕྱི་མ་དང༌། དགྱེས་རྡོར་དང་། གཤེད་དམར་གྱི་རྒྱུད་རྣམས་ལས། དང་ 3-1-51 པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་ རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་པ་ལྟར། རྒྱུད་ཀྱི་རྒྱལ་པོ་འདི་ལས་ ཀྱང༌། དང་པོར་སྟོང་ཉིད་བྱང་ཆུབ་ངེས་པར་སླར་ཡང་དེ་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་ འཛིན། །དེ་ནས་གཟུགས་ནི་སྐྱེད་ཅིང་རབ་མཆོག་རོ་ཡི་རིགས་རྣམས་དག་གིས་ཡི་གེ་དགོད་ པ་ཉིད་ཡིན་ཏེ། །ཆུ་ཡི་གཏེར་གྱི་རྡོ་རྗེ་འདི་ནི་སྤྱི་ཡི་བསྙེན་པར་འགྱུར་བ་སྒྲུབ་པ་དག་ནི་དབུ་ མ་ཡང༌། །འདི་ལ་ཐབས་ནི་རྣམ་པ་བཞིར་འགྱུར་དམན་པ་བརྟན་པ་སྒྲུབ་པ་ཡན་ལག་དག་ ལ་དེ་བཞིན་ཉིད། །ཅེས་གསུངས་ཏེ། དང་པོ་སྟོང་ཉིད་བྱང་ཆུབ་ནི་འཆི་སྲིད་དང་བར་སྲིད་ དག་བྱེད། སྟོང་ཉིད་རྣམ་བཅས་སུ་སྒོམ་པ་སྟེ་འདིར་འགྲེལ་ཆེན་ལས། སྟོང་པ་ཉིད་ཀྱི་སྐད་ ཅིག་མ་གཅིག་པོ་སྲིད་པ་གསུམ་མཐོང་བ་ཞེས་གསུངས་པས། དཔྱད་པའི་ཡུལ་གྱི་སྟོང་ཉིད་ མ་ཡིན་ནོ།། །། གཉིས་པ་ས་བོན་བསྡུ་བ་ནི། ཀུན་གཞི་རྣམ་ཤེས་ཀྱི་ཟླ་བ་ཐིག་ལེ་འཛིན་པ་སྟེ། མངལ་ དུ་ཐིག་ལེའི་དབུས་སུ་བར་དོའི་རྣམ་ཤེས་ཞུགས་ཟིན་པ་མཚོན་བྱེད་ས་བོན་ཕྱག་མཚན་ནམ། ཆོ་ག་གསུམ་མམ། མངོན་བྱང་ལྔའི་དང་པོ་བཞི་ལ་སོགས་པའོ།། །། གསུམ་པ་གཟུགས་རྫོགས་པ་ནི་མངལ་དུ་ཟླ་བ་བདུན་གྱིས་ལུས་རགས་པ་རྫོགས་པ་ སྦྱོང་བྱེད་ལྷའི་སྐུ་རྫོགས་པ་སྟེ་མངོན་བྱང་དང་སྦྱར་ན་ལྔ་པའོ།། །། བཞི་པ་ཡི་གེ་འགོད་པ་ནི། རོ་ཡི་རིགས་ཏེ་རིགས་དྲུག་རྣམས་ཀྱི་ཡི་གེ་དྲུག་སྐུ་ལ་དགོད་ པར་བཤད་པ་མིག་ལ་སོགས་པ་རྣམས་གཟུགས་ལ་སོགས་པའི་ཡུལ་ལ་རབ་ཏུ་འཇུག་པ་ དང༌། ཕུང་ཁམས་དྲུག་ལ་སོགས་པ་སྦྱོང་བ་སྟེ། དེ་རྣམས་ལ་སྟོང་པ་ཉིད་ལས་བྱང་ཆུབ་པ། ས་བོན་བསྡུ་བ་ལས་བྱང་ཆུབ་པ། གཟུགས་རྫོགས་པ་ལས་བྱང་ཆུབ་པ། ཡི་གེ་འགོད་པ་ ལས་བྱང་ཆུབ་པ་ཞེས་བྱ་ན། དེ་དག་འདི་རང་ལ་བལྟོས་པའི་ཐུགས་གསུང་སྐུ་དང་ཡེ་ཤེས་ 3-1-52 རྡོ་རྗེའི་རྣལ་འབྱོར། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་གྱི་ཆ་ཤས་ཏེ། འདི་ཅུང་ཟད་ རྒྱས་པའི་དབང་དུ་བྱས་ནས་དུས་འཁོར་ལས་གསུངས་པའི་ལྷ་དཔའ་བོ་གཅིག་པ་རེའི་རྣལ་ འབྱོར་ཚུན་ཆོད་ལ་ཚང་བར་བྱེད་དགོས་པའི་མངོན་རྟོགས་ཀྱི་ཆིངས་ཡིན་ལ། དེ་ཙམ་ནི་སྤྱི་ ལྡོག་ནས་བསྙེན་པ་སྟེ། དམན་པའམ་བསྡུས་པ་ཡིན་ཅིང༌། དེའི་སྟེང་དུ་སྒྲུབ་པ་དག་ནི་ཞེས་ པ་དག་གི་སྒྲས་ཉེར་སྒྲུབ་དང༌། སྒྲུབ་པ་གཉིས་བསྣན་པ་སྟེ། སྒྲུབ་ཆེན་ཡང་ཤུགས་ལ་བསྟན་ ནོ། །དེ་ཡང་ཇི་ལྟ་བུ་སྙམ་ན། དང་པོ་སྲོག་རྫོགས་པའི་དོན་དུ་ཡེ་ཤེས་དགུག་གཞུག་དང༌། གཉིས་པ་སྐུ་གསུང་ཐུགས་བྱིན་རླབས་དང༌། གསུམ་པ་དབང་བསྐུར་རིགས་བདག་གིས་ རྒྱས་བཏབ་པ་དང༌། བཞི་པ་ཕྲ་ཐིག་སོགས་ཇི་ལྟར་འོས་པ་བསྣན་ན། དབུ་མ་སྟེ་ཆོ་ག་འབྲིང་ པོའམ་བརྟན་པའི་རྣལ་འབྱོར་ཞེས་བྱའོ། །དེ་ལྟ་བུའི་སྒྲུབ་པ་དེ་ཡང་སྦྱང་བྱ་བཞིར་འདུས་ཏེ། དམ་ཡེ་བསྲེ་བ་ནི་བཙས་པའི་དུས་ཀྱི་བྱིས་པ་དང༌། སྐུ་གསུང་ཐུགས་བྱིན་རླབས་ནི་སོ་སྐྱེས་ པ་ནས་བརྩམས་ཏེ་འབྲིང་པོའི་བྱིས་པ་དང༌། དབང་བསྐུར་ནས་ཐིག་ལེའི་རྣལ་འབྱོར་གྱི་ བར་ནི། སོ་ལྷུངས་ནས་གཞོན་ནུའི་གནས་སྐབས་དང༌། ཕྲ་མོའི་རྣལ་འབྱོར་ནི་སོ་སྐྱེས་ནས་ ལོ་བཅུ་དྲུག་གི་མཐར་རིགས་བརྒྱུད་སྤྲོ་བ་ལ་སོགས་པ་སྦྱོང་ངོ༌། །འདི་དག་ནི་གཙོ་བོ་འཁོར་ དང་བཅས་པའི་དཀྱིལ་འཁོར་མི་སྒོམ་པའི་དབང་དུ་བྱས་པའམ། གཙོ་འཁོར་ཡོད་ཀྱང་ཞུ་ བ་གླུས་བསྐུལ་དང༌། དཀྱིལ་འཁོར་ལན་གཉིས་སྤྲོ་བ་མེད་པའི་དབང་དུ་བྱས་པའོ། །ཐབས་ རྣམ་པ་བཞི་ཞེས་བྱ་བ་ནི། སྒྲུབ་པ་གསུམ་གྱི་སྐབས་རྣམས་བྱིས་པ་ལ་སོགས་པའི་གནས་ སྐབས་བཞི་པོ་སྦྱོང་བྱེད་དེ། དམན་པ་ཞེས་པ་སྔར་གྱི་བྱང་ཆུབ་བཞི་བསྐྱེད་ཀྱི་སྟེང་དུ། ཆོ་ག་ བཞི་པོ་དེ་བསྣན་པ་ནི་བརྟན་པ་སྟེ་འབྲིང་པོའོ། །འགྲེལ་ཆེན་ལས། ལྷ་ཐམས་ཅད་ལ་ཡན་ ལག་རྣམ་པ་བཞིར་རྣལ་འབྱོར་པས་བསྒོམ་པར་བྱའོ། །ཞེས་གསུངས་པས། ལྷ་རེ་རེའི་རྣལ་ འབྱོར་ལ་ཡང་བསྡུས་འབྲིང་དེ་གཉིས་གང་རུང་རེ་སྒོམ་དགོས་ལ་དཀྱིལ་འཁོར་རྒྱས་པ་དང༌། 3-1-53 ཆོ་ག་རྒྱས་པ་ལའང་དེ་དག་ཤུགས་ལ་ཚང་བ་དགོས་ཞེས་པ་སྟེ། ཚང་ཚུལ་ཇི་ལྟར་བྱེད་ཅེ་ན། ཞུ་བ་གླུས་བསྐུལ་དང༌། འཁོར་ཚོགས་ལན་གཅིག་གམ། ལན་གཉིས་གང་སྤྲོ་ཡང་གསུམ་པ་ གཟུགས་བརྙན་རྫོགས་པའི་ཡན་ལག་གི་སྐབས་དེར་བསྣོན་པ་ཡིན་ཅིང༌། ཡི་གེ་དགོད་པ་ནི་ ཡེ་ཤེས་པ་གཞུག་པའི་སྔ་ཕྱི་གང་དུ་བྱས་ཀྱང་འདྲ་སྟེ། མངོན་རྟོགས་ཆེན་མོ་གཅིག་ལ་སྤྱིར་ ནས་ཚང་བ་ཙམ་གྱིས་ཆོག་གོ །ཁ་ཅིག་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ངེས་པར་ ཆུག་དགོས་ཞེས་པ་ནི། སྤྱིའི་བསྙེན་པ་ཞེས་གསུངས་པའི་དོན་མ་གོ་བའོ། །དེས་ན་འོག་ཏུ་ འཆད་འགྱུར་གྱི་ཡན་ལག་བཞིའི་དབང་དུ་བྱས་ན། དཀྱིལ་འཁོར་རྒྱལ་མཆོག་ཡོངས་རྫོགས་ དང༌། ལས་རྒྱལ་མཆོག་གི་དམ་ཚིག་པ་སྐྱེད་པ་ཡན་ཆད་བྱང་ཆུབ་དང་པོ་གསུམ་ཡིན་ལ། དེ་ མན་ཆད་ཡི་གེ་དགོད་པའི་རིགས་སུ་གཏོགས་པ་ཡིན་ནོ། །ཡང་བསྙེན་པ་བྱང་ཆུབ་བཞི་དང་ སྒྲུབ་པ་ཆོ་ག་བཞི་སྟེ། བརྒྱད་ཀྱིས་བསྡུས་པའི་ཆོ་ག་འབྲིང་པོ་ཡང་ཡན་ལག་བཞིའི་རྣལ་ འབྱོར་རྒྱས་པ་དང་སྦྱོར་ཚུལ་སྔ་མས་རིགས་བསྒྲེས་ཏེ་གོ་ནུས་ལ། ཡན་ལག་བཞི་རྒྱས་པའི་ ཆིངས་ནི་འོག་ཏུ་འཆད་པར་འགྱུར་རོ། །སྐབས་འདིར་སྟོང་ཉིད་བྱང་ཆུབ་སོར་སྡུད་དང༌། དེ་ ནས་བསམ་གཏན་དང་སྲོག་འཛིན་པར་ས་བོན་བསྡུ་བ་དང༌། རྗེས་དྲན་གཟུགས་བརྙན་ སྐྱེད་པ་དང༌། ཏིང་ངེ་འཛིན་ཡི་གེ་དགོད་པའི་བར་དུ་སྦྱོར་བར་མཛད་པ་འདི་ལྟ་བུ་གཞན་ ཡང་མང་སྟེ། བསྐྱེད་པའི་རིམ་པའི་གནས་སྐབས་གང་དང་གང་ཡིན་པ་རྣམས་རྫོགས་རིམ་ གྱི་ཡེ་ཤེས་སྐྱེད་པའི་རྒྱུད་སྦྱང་ཐབས་སུ་སྟོན་པའི་ཁུངས་མང་ངོ༌། །དེ་བཞིན་དུ། བདུད་རྩི་ ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ། ། སོ་སོར་སྡུད་པ་ལ་སོགས་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བའི་སྒྲུབ་པར་འགྱུར། ། དགའ་བ་ལ་སོགས་རྣམས་ཀྱི་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་གྱུར་པ་སྒོམ་པ་སྒྲུབ་པར་ འགྱུར། །ཤེས་རབ་ལ་སྦྱར་གང་ཚེ་འཕོ་མེད་ཕྲ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ 3-1-54 ཆེན་པོར་འགྱུར། །ཞེས་རྫོགས་རིམ་གྱི་སྐབས་སུ་བལྟོས་མེད་བཞི་དང་བུམ་ཅན་སོགས་སྔོན་ འགྲོ་བསྙེན་པ་དང༌། རྫོགས་རིམ་ཡན་ལག་དང་པོ་བཞི་ཉེར་སྒྲུབ་པ་དང༌། རྗེས་དྲན་སྒྲུབ་ པ། ཏིང་ངེ་འཛིན་སྒྲུབ་ཆེན་དུ་བཤད་པའང་བྱུང་ལ། ཡང་བཤད་ཚུལ་གཅིག་ལ་དམ་རྫས་ བསྟེན་ཅིང་ཁ་དག་པ་སྔོན་དུ་འགྲོ་བས་རྡོ་རྗེ་བཞི་པོ་ལམ་དུ་བྱེད་པའི་ལྷའི་རྣལ་འབྱོར་རྒྱས་ བསྡུས་གང་རུང་བསྒོམས་ཏེ། བཟླས་པ་བྱེད་པ་བསྙེན་པར་གསུངས་ཤིང༌། གཞན་རྣམས་ སྔ་མ་དང་འདྲ་བས་བསྐྱེད་རྫོགས་གཉིས་ཀ་བསྙེན་སྒྲུབ་ཡན་ལག་བཞི་ཕྲུགས་གཅིག་གིས་ བསྡུས་པ་ཡང་མཛད་དོ། །ཡང་འདི་སྙམ་དུ་བྱང་ཆུབ་བཞི་བསྐྱེད་ནི། དཀྱིལ་འཁོར་རྒྱལ་ མཆོག་ཁོ་ན་ལས་ཕྱེ་བ་མ་ཡིན་ན། བསྙེན་སྒྲུབ་ཡན་ལག་བཞི་བཞི་བཅུ་དྲུག་ཏུ་རྩི་བ་མེད་ པར་འགྱུར་རོ་སྙམ་ན། དཀྱིལ་འཁོར་རྒྱལ་མཆོག་གི་བསྙེན་པ་ཉེར་སྒྲུབ་ཅེས་སོགས་བཞི་ བཞི་བཅུ་དྲུག་ནི་མཐའ་གཅིག་ཏུ་རྩི་ཡང་མི་དགོས་ལ། བརྩིས་ཀྱང་འགལ་བ་མེད་དེ་ཡི་གེ་ འགོད་པའི་དོད་ང་རྒྱལ་བཟུང་བའམ། སྙིང་རྗེའི་དབང་བསྐུར་སོགས་གཞན་ཡོད་པས་དེ་ཁོ་ ན་ལ་བློ་རྩེ་གཏོད་མི་དགོས་སོ། །རྡོ་རྗེ་བཞི་ལ་ནང་ཚན་རྡོ་རྗེ་བཞི་བཞིས་ཕྱེ་བ་ནི་ངེས་པར་ རྩི་དགོས་མོད། དཀྱིལ་འཁོར་རྒྱལ་མཆོག་ལ་བྱང་ཆུབ་བཞི་མ་ཚང་ཡང་དེ་ལ་ཁྱད་མེད་དོ། ། ཅིའི་ཕྱིར་ཞེ་ན། འཁོར་གྱི་ལྷ་ཚོགས་སྤྲོ་བ་མན་ཆད་ཡེ་ཤེས་རྡོ་རྗེའི་ལམ་ཡིན་པས། ཐུགས་ གསུང་སྐུ་དང་ཡེ་ཤེས་ཀྱི་རིམ་པ་ཚང་བ་དང༌། རྒྱལ་མཆོག་གཉིས་པར་དམ་ཡེ་དབང་བསྐུར་ རྒྱས་གདབ་རྣམས་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རིམ་པ་ཚང་བ་དང༌། ཐིག་ལེའི་རྣམ་འབྱོར་ དང༌། ཕྲ་མོའི་རྣལ་འབྱོར་གྱི་དགའ་བ་བཞི་དང་འབྲས་བུ་བཞི་ལའང་དེ་དག་སྦྱོར་བའི་ཕྱིར་ བཅུ་དྲུག་གོ །ཡང་འགྲེལ་ཆེན་ལས་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང༌། ཆོས་ ཀྱི་འཁོར་ལོ་བསྐོར་བའི་དོན་དུ་མངལ་དུ་འཇུག་པའི་ཚུལ་གྱིས་བསྐྱེད་པའི་རིམ་པས་བཅོམ་ ལྡན་འདས་ཀྱི་སྒྲུབ་ཐབས་གསུངས་པ། ཞེས་པའང་འདིས་འབྲས་བུ་ལ་སྦྱོར་ཚུལ་གསལ་ 3-1-55 བར་བསྟན་པ་ཡིན་ནོ། །འོན་ཀྱང་ཁ་ཅིག་འདི་སྐད་ཅེས། ཚོགས་གསོག་དང་པོ་གྲངས་མེད་ གསུམ་དང༌། གཉིས་པ་དགའ་ལྡན་ནས་འཕོ་བ། གཞལ་ཡས་ཁང་ཡུམ་གྱི་ལྷུམས་སུ་ཙན་ དན་གྱི་ཁང་བཟངས་གྲུབ་པ། མངོན་བྱང་ལྔས་སྐུ་རྫོགས་པ་ལྷུམས་ན་བཞུགས་པ། ཞུ་བ་ གླུས་བསྐུལ་ནས་བཞེངས་ཏེ་དམ་ཚིག་གི་འཁོར་ལོ་སྤྲོ་བ་ནི་སྐུ་བལྟམས་པ། ཡེ་ཤེས་པ་དང་ རོ་མཉམ་པ་ནི། ཕྱོགས་ཕྱོགས་སུ་གོམས་པ་བདུན་པོར་ནས་སེངྒེའི་སྒྲ་བསྒྲགས་པ། དབང་ བསྐུར་རྒྱས་བཏབ་ནི་སྐུ་ཁྲུས་གསོལ་ནས་ཁྱིམ་དུ་བཞུགས་པའི་མཐའི་བར་དང༌། ཐིག་ལེའི་ རྣལ་འབྱོར་ནི་དཀའ་ཐུབ་ནས་བདུད་བཅོམ་པའི་བར་དང༌། ཕྲ་མོའི་རྣལ་འབྱོར་ནི་སངས་ རྒྱས་ནས་ཆོས་འཁོར་བསྐོར་བའི་བར་རོ། །ཞེས་འདོད་ཀྱང་གཞལ་ཡས་ཁང་ལ་མངལ་སྦྱང་ བའོ་ཞེས་གསུངས་པས། དེ་ཡན་ཆད་ཙམ་མི་འགལ་ཡང་གཞན་རྣམས་ཤིན་ཏུ་མི་འགྲིག་ པས་བློས་བཏགས་སུ་ཟད་དོ། །རང་ལུགས་ནི་སྦྱང་བྱ་དང༌། རྫོགས་རིམ་ལ་བརྟེན་ནས་དེ་ དང་དེའི་འབྲས་བུ་གོ་བར་ནུས་པས་དོན་གྱི་གཙོ་བོ་ནི་འོག་ནས་རྒྱས་པར་འཆད་པ་བཞིན་ ཡིན་ལ། འདིར་ཞོར་བྱུང་དུ་བཤད་ན་སྔར་གྱི་ལུང་གི་འཕྲོས་དང་སྦྱོར་ཏེ། གཙོ་བོ་བསྐྱེད་པ་ སྐུ་བལྟམས་པ་དང༌། འཁོར་གྱི་ལྷ་ཚོགས་སྤྲོ་བ་ཁྱིམ་ན་གནས་པའི་མཛད་པ་དང༌། ཞུ་བ་གླུས་ བསྐུལ་དཀའ་སྤྱད་དང༌། སླར་བཞེངས་པ་སངས་རྒྱས་པ་དང༌། དམ་ཚིག་གི་དཀྱིལ་འཁོར་སྤྲོ་ བ་འཁོར་ཚོགས་སྐྱེད་པ་དང༌། ཡེ་ཤེས་པ་བསྲེ་བ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། དབང་ བསྐུར་རྒྱས་བཏབ་འགྲོ་བ་རྣམས་བྱང་ཆུབ་གསུམ་ལ་བཀོད་པ་དང༌། ཐིག་ཕྲ་གཉིས་ཆགས་ ཆེན་གྱི་གདུལ་བྱ་འདུལ་བའི་དོན་དུ་སྔགས་ཀྱི་འཁོར་ལོ་སྐོར་བའོ། །ཞེས་སྦྱར་ན་འཛམ་བུའི་ གླིང་དུ་སྤྲུལ་པའི་སྐུ་བྱུང་བ་དང་མཚུངས་པར་བསྟན་པས་ལེགས་ལ། སྤྱིར་ནི་དཔལ་དུས་ ཀྱི་འཁོར་ལོའི་རྒྱུད་གསུངས་པ་ན་རྣམ་ཐར་བཞི་ནས་ཉེར་བསྡུའི་བར་གྱི་རིམ་པ་འདི་དག་ མངོན་སུམ་དུ་བསྟན་ཅིང༌། བཟླས་པའི་ཐད་དུ་གདུལ་བྱ་རྣམས་ལ་དབང་བསྐུར་ཞིང་རྒྱུད་ 3-1-56 བཤད་པ་ཡིན་པས་མངོན་རྟོགས་འདི་ལྟར་སྒོམ་པ་འདི། སངས་རྒྱས་ཆགས་བྲལ་གྱི་མཛད་ པའི་གསེབ་ནས་རིགས་མཐུན་རྟགས་ཏེ་སྦྱོར་དགོས་པ་མ་ཡིན་ཏེ། འདི་ཉིད་ཡོངས་རྫོགས་ སྤྲུལ་སྐུའི་མཛད་པ་དང་མཐུན་པའི་རྣམ་པ་ལམ་བྱེད་ཡིན་པའི་ཕྱིར་རོ།། །། གཉིས་པ་མངོན་རྟོགས་རྒྱས་པའི་རིམ་པ་རྣམ་པར་ངེས་པ་ནི། རེ་ཞིག་དཀྱིལ་འཁོར་ རྒྱས་པ་ཆོ་ག་རྒྱས་པའི་སྒོ་ནས་སྒོམ་པར་བྱེད་པའི་དབང་དུ་བྱས་ཏེ་བཤད་ན། མཆོག་ཏུ་མི་ འགྱུར་བའི་ཡེ་ཤེས་གྲུབ་པ་ལས་འདི་སྐད་ཅེས། འོ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དེ་ཁོ་ན་ཉིད་རིག་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས། དང་པོར་བསྲུང་བའི་འཁོར་ལོ་ བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ལྷའི་ས་བོན་གྱི་ཡི་གེ་ བསམ་ཞིང༌། རྣམ་པར་ཐར་བའི་སྒོ་ལ་སོགས་པ་དག་པར་བྱས་ནས་ནམ་མཁའི་མཐིལ་དུ་ཡེ་ ཤེས་ཀྱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་སད་པར་བྱས་ཏེ། དེ་ རྣམས་ལ་སྔགས་པས་མཆོད་པ་བྱས་ནས་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་ སུ་ཡི་རང་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བདག་ཉིད་ཀྱི་དངོས་པོ་དབུལ་བ་ དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། ལམ་ལ་བརྟེན་པ་དང༌། སྟོང་ཉིད་ལ་དམིགས་པར་ བྱའོ། །དེ་ནས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པར་བྱ་སྟེ། དེའི་དབུས་ སུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞིའོ། །ཡང་ན་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་ པས། རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་དང་ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་པའམ་ རྡོ་རྗེའི་གུར་རོ། །དེ་ནས་སྐུ་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་མཚན་ཉིད་ཐམས་ ཅད་ཡང་དག་པར་རྫོགས་པ་ཟླ་བ་དང་ཉི་མའི་གདན་དང་ལྡན་པའོ། །ཡང་ན་པཾ་ཡིག་ཡོངས་ སུ་གྱུར་པ་ལས་པདྨ་དང༌། ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རམ། ར་ ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨཱ་ལི་དང་ཀཱ་ལི་ལས་ཟླ་ 3-1-57 བ་དང་ཉི་མ་དང་ཡེ་ཤེས་ཀྱི་ས་བོན་གྱི་ཡི་གེ་རྣམས་ཀྱིས་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་ དང༌། སོ་སོར་རྟོག་པ་དང༌། བྱ་བ་སྒྲུབ་པ་དང༌། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ ཏེ༌། ཡེ་ཤེས་ལྔའི་བདག་ཉིད་ཀྱི་ལྷའི་གཟུགས་བསྒོམ་པར་བྱའོ། །དེ་ནས་སྐུ་དང་གསུང་དང་ ཐུགས་ཀྱི་རྡོ་རྗེ་ཤེས་རབ་ཀྱི་ཆགས་པས་ཞུ་བ་ལ་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་རྣམས་ཀྱིས་ རབ་ཏུ་བསྐུལ་ཏེ༌། སླར་ཡང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པ་རང་གི་མཚན་ མ་ལས་རྫོགས་པའོ། །དེ་ནས་དཀྱིལ་འཁོར་ལ་ལྷའི་ཚོགས་སྤྲོ་བ་དང༌། ཡེ་ཤེས་ཀྱི་དཀྱིལ་ འཁོར་ལོ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། མཉེས་པ་དང༌། དམ་ཚིག་གི་ དཀྱིལ་འཁོར་ལ་རོ་མཉམ་པར་བྱེད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་དང༌། ལྷ་ མོ་རྣམས་ཀྱིས་དབང་བསྐུར་བ་དང༌། རྡོ་རྗེའི་ཅོད་པན་དང༌། རྒྱན་དང་ལྡན་པ་དང༌། རྡོ་རྗེ་ སེམས་དཔའི་ང་རྒྱལ་གཟུགས་སུ་སྔགས་པས་བདག་ཉིད་བསྒོམ་པར་བྱའོ། །ཞེས་གསུངས་ པ་ནི། རྒྱུད་འདིའི་ལུགས་ཀྱི་བསྐྱེད་རིམ་རྒྱས་པའི་རྐང་གྲངས་མཐའ་དག་གསལ་བར་བསྟན་ པ་ཡིན་ནོ། །འདི་ཙམ་ནི་རྒྱུད་འདི་ཉིད་ལས་གསུངས་པའི་ཚིག་ཟིན་གྱི་དཀྱིལ་འཁོར་གསལ་ བར་བསྟན་པ་བཅུ་གཉིས་པོ་མཐའ་དག་ལ་ཆོ་ག་རྒྱས་པ་སྦྱོར་ཚུལ་ཡིན་ལ། གསང་འདུས་ དང་སྒྱུ་དྲ་སོགས་ཐབས་རྒྱུད་ཀྱི་དཀྱིལ་འཁོར་ལ་འབྱུང་བཞི་ཡོངས་སུ་བྱུང་བ་ལས་གཞལ་ ཡས་ཁང་དང༌། སྡོམ་པ་ཆེ་ཆུང་མ་རྒྱུད་ཀྱི་དཀྱིལ་འཁོར་ལ་འབྱུང་བཞི་རི་རབ་ཀྱི་སྟེང་དུ་ གཞལ་ཡས་ཁང་བསྒོམ། གཙོ་བོའི་གདན་པདྨ་ཟླ་ཉི་ཙམ་དུ་གསུངས་པ་ཡང་དཀྱིལ་འཁོར་ བཅུ་གཉིས་པོ་སྤྱི་འགྲོའི་དབང་དུ་བྱས་པའོ། །རྒྱུད་འདི་ལས་འབྱུང་བའི་དཀྱིལ་འཁོར་མཐའ་ དག་ལ་རིམ་པ་ནི་ཁོ་ན་དགོས་པ་མ་ཡིན་ཅིང༌། དཀྱིལ་འཁོར་བཅུ་གཉིས་པོ་ཐུགས་དཀྱིལ་ ལ་སོགས་པ་ལ་ཡང་ཆོ་ག་འབྲིང་དང་བསྡུས་པའི་སྐབས་འདི་དག་མཐའ་དག་ཚང་བར་སྦྱོར་ མི་དགོས་པའི་སྐབས་མང་ངོ༌། །འོན་ཀྱང་སྐབས་འདིར་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ 3-1-58 ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་སྒྲུབ་ཐབས་ཆོ་གའི་རིམ་པ་རྒྱས་པ་སྦྱར་བའི་དབང་ དུ་བྱས་ནས། བསྐྱེད་རིམ་གྱི་སྔོན་དུ་འགྲོ་བའི་རིམ་པ། དངོས་གཞི་ཡན་ལག་བཞིའི་རྣལ་ འབྱོར། རྗེས་བཟླས་པ་མཆོད་གཏོར་དང་བཅས་པའོ།། །། དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་སོ། །ཐུན་ མོང་བ་ནི། རྒྱུད་གཞུང་ལས་གསལ་བར་མེད་ཀྱང༌། བླ་མ་དམ་པ་རྣམས་ཀྱི་མན་ངག་སྟེ། དུས་ད་ལྟའི་རྣལ་འབྱོར་པ་རྣམས་ལ་གལ་ཆེ་བའང་ཡིན་ནོ། །དེ་ལ་སྐྱབས་འགྲོ་སེམས་ བསྐྱེད་སྤྱི་དང་མཐུན་ཅིང༌། གོ་དོན་རྣམས་འཁྲིད་ཡིག་ལས་འབྱུང་བ་ལྟར་ཡིན། རྡོར་སེམས་ ཀྱི་རྣལ་འབྱོར་ནི། རྒྱུད་རྣམས་ལས་ཐུན་མཚམས་སུ་སྒོམ་བཟླས་བྱེད་པར་གསུངས་ཏེ། ལྷག་ཆད་ཁ་བསྐང་བ་དང༌། ཐུན་གྱི་སྐབས་སུ་སྒོམ་བཟླས་བྱས་པའི་བྱིན་རླབས་བརྟན་བྱེད་ དང༌། ལྷའི་ཐུགས་རྒྱུད་སྐུལ་བའི་གསོལ་འདེབས་ཀྱི་དོན་དུ་ཡིན་ལ། གཙོ་བོར་སྡིག་སྒྲིབ་ དང་ཉེས་ལྟུང་སྦྱང་ཕྱིར་དུ་ཡིན་པ། སྤྱིར་ཐུན་མཚམས་གང་ལ་བྱས་ཀྱང་རུང་མོད་ཀྱི། ཐུན་ མཚམས་གཞན་ལ་ལོང་སྐབས་དང་བསྟུན་ཅིང༌། ཐུན་ལ་འཇུག་པའི་ཐོག་མར་ངེས་ཅན་དུ་ སྦྱོར་བ་བླ་མ་རྣམས་ཀྱིས་ཕྱག་ལེན་དུ་བཏབ་པའི་རྒྱུན་ཡིན་པས། འདི་ཉིད་ཁོ་ན་ཁུངས་སུ་ ཆེ་ཡི། གནས་གཞི་རྙིང་པའི་དཔེ་འཁྱམས་གཡེངས་པའི་ཁུངས་འཚོལ་མི་དགོས་སོ། །འདི་ ལ་རིགས་ལྡན་སྤྲུལ་པའི་སྐུ་ཀུན་སྤངས་ཆེན་པོའི་འཁྲིད་ཡིག་ན་ཡུམ་དམར་མོར་མཛད་པ་ ཞིག་ཡོད་དེ། མཆོག་བརྙེས་དེ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་དང༌། རིགས་ལྡན་རྣམས་ཀྱི་གསུང་ གི་སྣང་བ་ལས་བྱུང་བའི་མན་ངག་ཡིན་པས་དེ་ལྟ་བུ་ཡང་བསྒོམ་པར་བྱ་ལ། ཡང་འབྲོ་བའི་ བླ་མ་གོང་མ་རྣམས་དང་སྲེག་པ་ལུང་པའི་ཡི་གེ་དང༌། ཙ་མི་དང་རྒ་ལོའི་མན་ངག་གི་རྒྱུན་ སོགས་ཡིག་བརྒྱའི་སྒོམ་བཟླས་རྙིང་མ་ཕལ་ཆེར་ན་སྤྱི་དང་མཐུན་པ་ཉིད་ཡོད་པ་ལྟར་ཀུན་ མཁྱེན་ཆོས་ཀྱི་རྒྱལ་པོ་ཐུགས་སྲས་རྣམས་དང་བཅས་པའང་ཕྱག་ལེན་ལ་འདེབས་པར་ 3-1-59 མཛད་པ་ནི་དཀྱུས་སུ་བཤད་པ་ལྟར་ཡིན་ཅིང༌། དེ་ལ་རྡོ་རྗེ་སེམས་དཔའ་ཞི་བར་བྱས་ནས་ བཛྲ་ས་ཏྭའི་མཚན་བཅུག་པ་དང༌། རྡོར་སེམས་རོལ་པའི་ཁྲོ་བོ་ཧེ་རུ་ཀར་བྱས་ནས། ཧེ་རུ་ ཀའི་ཡིག་བརྒྱ་བཟླ་བ་གདམ་ཁ་ཡིན་པས་གཉིས་པོ་གང་བྱས་ཀྱང་འདྲ་མོད། གཙོ་བོ་དུས་ ཀྱི་འཁོར་ལོ་རོལ་པའི་ཁྲོ་བོའི་ཚུལ་དུ་བཞུགས་པས། འདིར་ཡང་རྡོར་སེམས་ཧེ་རུ་ཀ་ཉིད་ གཙོ་བོར་མཛད་དོ། །དེས་ན་འདིར་ཧེ་རུ་ཀའི་ཡིག་བརྒྱའི་སྒོམ་བཟླས་འདི་ནི། བདེ་མཆོག་ མངོན་བརྗོད་བླ་མ་ལས་གསུངས་ཤིང༌། རྒྱ་བོད་ཀྱི་རྡོ་རྗེ་འཛིན་པ་ཕལ་ཆེར་ལ་སྤྱི་ཁྱབ་ཏུ་ གྲགས་པའི་ཉི་ཟླ་ལྟ་བུ་ཡིན་པས་འདི་ལ་གོལ་ས་ཡེ་མེད། དེ་ཉིད་གསང་བ་སྤྱིའི་ཆོ་ག་ཡིན་ པས་རིགས་མཐུན་མི་མཐུན་གྱི་རྒྱུད་སྣ་ཚོགས་པ་ལ་འཇུག་པའི་ཕྱིར་འདི་ཁོ་ན་བསྒོམ་པ་ རིགས་སོ། །འོ་ན་ལྟེ་བར་ཧོཿཡིག་བྱེད་པས་དུས་འཁོར་ཁོ་ནའི་ལུགས་སུ་བཀྲལ་བ་མིན་ ནམ་སྙམ་ན། ཁ་སྐོང་ཕྲ་མོ་ནི་སྣ་ཚོགས་ནས་བྱས་ཀྱང་ཆོག་པའི་སྐབས་ཡོད་པས། མངོན་ བརྗོད་བླ་མའི་ཆོ་ག་ལ་དུས་འཁོར་གྱིས་ཁ་སྐོང་དུ་ཅིས་ཀྱང་རུང་སྟེ། དུས་འཁོར་ལ་ཡང་དེ་ ཉིད་བསྡུས་པ་སོགས་རྒྱུད་སྡེ་གཞན་གྱིས་ཁ་སྐོང་དུ་རུང་གིན་འདུག་པའི་ཕྱིར་དང༌། ཡང་ལྟེ་ བར་ཧོཿ ཡིག་ཡེ་ཤེས་རྡོ་རྗེའི་ངོ་བོ་ནི། མངོན་བརྗོད་བླ་མ་ཉིད་ལས་ཀྱང་བཤད་པས་དུས་ འཁོར་ལས་ཁ་བསྐང་བ་ཡིན་པར་ཡང་མ་ངེས་སོ། །དེས་ན་གང་དག་འདིའི་དཀྱིལ་འཁོར་གྱི་ ལྷ་ཚོགས་ལས་བྱུང་བའི་རྡོར་སེམས་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་བསྒོམས་ནས་སྔགས་ ཡིག་བརྒྱ་བཟླ་བ་ནི། གང་ནས་ཀྱང་མ་བཤད་ཅིང་གཉིས་བསྲེས་པས་གཉིས་མིན་དུ་སོང་བ་ ནགས་ཀྱི་མི་བླུན་པོས་མེ་དང་ཆུ་བསྲེས་པའི་དཔེ་དང་འདྲའོ། །དེས་ན་སྔགས་ཡི་གེ་བརྒྱ་པ་ གསུངས་པའི་རྒྱུད་ལས་སྒྲུབ་ཐབས་སྐུའི་རྣམ་འགྱུར་དེ་འདྲ་གསུངས་པ་མེད་ལ། རྡོར་སེམས་ སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་གསུངས་པའི་སྐབས་ཀྱི་སྔགས་ལ་ཡིག་བརྒྱ་གསུངས་པ་ ནམ་ཡང་མེད་པས་འབྲེལ་མེད་ཁོ་ན་དང༌། འཁོར་ལོ་སྒྱུར་དྲུག་གི་གཙོ་བོ་རྡོར་སེམས་ཧེ་རུ་ 3-1-60 ཀ་དཀར་པོ་འདི་དང༌། སྔགས་ཧེ་རུ་ཀའི་ཡིག་བརྒྱ་སྦྱར་ནས་དབང་གི་ཆུ་རྒྱུན་གྱིས་སྡིག་སྒྲིབ་ བཀྲུ་བའི་དམིགས་པ་བྱས་ན། ཉེས་ལྟུང་སྦྱོང་བ་ལ་བསྔགས་པར་བཤད་པ་ཡིན་གྱི། སྤྱི་ལྡོག་ ནས་ལྷ་རྡོ་རྗེ་སེམས་དཔའ་ཡིན་པ་ཙམ་གྱིས་མི་བསྐྱོད་པ་དང་རྣམ་སྣང་སོགས་ལས་སྒྲིབ་ སྦྱོང་ལ་བསྔགས་པའི་རྒྱུ་མཚན་མེད་དེ། མི་འཁྲུགས་པ་དང་ཀུན་རིག་རྣམ་སྣང་གིས་མཚོན་ ནོ། །སྔགས་ཀྱང་ཧེ་རུ་ཀའི་ཡིག་བརྒྱ་དེ་གོང་དུ་སྨོས་པའི་རྡོར་སེམས་དེའི་སྔགས་སུ་འགྱུར་ ལ། རྡོར་སེམས་ཡིན་ཚད་ལ་སྦྱོར་བ་མ་ཡིན་ཏེ། ཁ་སྦྱོར་དང་མཉམ་སྦྱོར་དང་ཟླ་གསང་ཐིག་ ལེ་སོགས་ཀྱིས་མཚོན་ནོ། །དེས་ན་དེ་འདྲའི་རིགས་ཀྱི་བློ་བཟོ་སྤངས་ཏེ། བླ་མའི་མན་ངག་ ཁུངས་དང་ལྡན་པ་ལ་འཇུག་པར་བྱའོ།། །། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། སྲུང་བའི་འཁོར་ལོ་ཡན་ལག་དང་བཅས་ པ་དང༌། ཚོགས་བསག་རྣམ་པ་གཉིས་སོ། །དང་པོ་ལ་གོ་རིམ་ངེས་པ་དང༌། སོ་སོའི་གོ་དོན་ གཉིས་སོ། །དང་པོ་ནི་སྤྱིར་ལུས་ངག་ཡིད་གསུམ་གྱི་སྐྱོན་སྦྱང་བའི་དོན་དུ་རྡོ་རྗེའི་ཞལ་དག་ པ་དང༌། གཞི་ལམ་འབྲས་གསུམ་རང་གཞན་གྱི་རྒྱུད་ཀྱིས་བསྡུས་པ་མཐའ་དག་ལས་རིགས་ བྱེ་བྲག་པ་རྣམས་རིགས་དྲུག་ཏུ་མ་འདུས་པ་མེད་ཅིང༌། དེ་དག་ཁྱབ་བྱེད་ཀྱི་ཡེ་ཤེས་སུ་བྱིན་ གྱིས་རློབ་པའི་ཕྱིར་རིགས་དྲུག་དགོད་པ་དང༌། རིགས་ཁྱབ་བྱེད་རྣམས་སྤྱིར་རྡོ་རྗེ་བཞི་དང༌། ཁྱད་པར་དུ་ཡེ་ཤེས་རྡོ་རྗེ་ཉིད་དུ་འདུས་ལ། དེ་ཐམས་ཅད་སྤྱིར་རྡོ་རྗེ་བཞི་དང༌། ཁྱད་པར་ཡེ་ ཤེས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་རློབ་པ་ནི་རྡོ་རྗེ་བཞིས་བྱིན་གྱིས་བརླབ་པའམ། མཆོག་ གི་ཕྱག་རྒྱས་བྱིན་གྱིས་རློབ་པའོ། །སྤྱི་ལྡོག་ནས་འདི་རྣམས་བསྒོམས་པས་ཀྱང་བར་ཆད་ སེལ་བྱེད་དང་མི་མཐུན་པའི་ཕྱོགས་སྲུང་ཞིང་བཟློག་པར་འགྱུར་བ་ནི་ཡིན་མོད་ཀྱང༌། སྲུང་ བ་ཁོ་ནའི་ཕྱིར་མ་ཡིན་པས། དེ་དག་སྲུང་འཁོར་གྱི་ཆོ་ག་དངོས་སུ་མི་འགྱུར་མོད། །ཆོ་ག་ ཤིན་ཏུ་རྒྱས་པའི་ལུགས་ལ་གང་ལ་སྲུང་བ་བྱེད་རྒྱུའི་གཞི་སྒྲུབ་པ་ཡིན་པས་སྲུང་འཁོར་གྱི་ 3-1-61 སྔོན་འགྲོའི་ཚུལ་དུ་སྦྱོར་བ་ཡིན་ནོ། །ཡན་ལག་དྲུག་འགོད་པ་ནི། སྲུང་འཁོར་དངོས་གཞིའི་ ཆོ་གའི་ཆ་ལག་དངོས་མིན་ཀྱང༌། སྤྱིར་ནས་འདི་རང་སྲུང་བའི་ཆོ་ག་ཁྱད་འཕགས་ཡིན་ལ། བདུད་ཚོགས་སྲེག་པའི་སྔོན་འགྲོར་བདག་ཉིད་སྲུང་བ་བརྟན་པོ་དགོས་པའི་ཕྱིར་དེ་དང་ འབྲེལ་བ་ཡིན་ནོ། །ཆོ་ག་རྒྱས་པའི་སྐབས་འདིར་སྔར་ཡོད་ཀྱི་བདུད་རྣམས་བསྲེགས་པའི་ རྗེས་སུ་ཕྱིན་ཆད་མི་འཇུག་པའི་ཕྱིར་སྲུང་འཁོར་སྒོམ་པ་ཡིན་པས། བདུད་ཚོགས་སྲེག་པའང་ སྲུང་འཁོར་དངོས་གཞིའི་ཡན་ལག་ཏུ་འབྲེལ་ཞིང་གོ་རིམ་ཀྱང་ཐོག་མ་སྲེག་པ་ལེགས་སོ། ། ཕྱིས་ཀྱི་ཕལ་ཆེར་ཞིག་བསྲེགས་པས་མ་ཚིག་པར་བྲོས་པ་རྣམས་ཕྱིས་ཕུར་བུས་འདེབས་ ཟེར་ཏེ། དངོས་པོ་ལ་ཚིག་མི་དགོས་ཤིང༌། ཕུར་བུས་འདེབས་ཀྱང་མི་དགོས་ལ། སྒྲུབ་པ་ པོའི་བློ་སྣང་ལ་ཐམས་ཅད་བསྲེགས་པ་དང་ཐམས་ཅད་ཕུར་བུས་གདབ་པ་ཡིན་པས་བར་ ཆད་བཟློག་པའི་སྒོ་མི་འདྲ་བ་ཡང་ཡང་སྒོམ་པ་ཡིན་གྱི། ཁ་ཅིག་བསྲེགས་ཁ་ཅིག་ཕུར་བུས་ གདབ་པ་མ་ཡིན་ཏེ། དེ་ལྟར་དགོས་ན་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །དེ་ལ་སྲུང་འཁོར་ སྟོན་བྱེད་རྡོ་རྗེའི་ཚིག་ནི་འདི་ལྟ་སྟེ། དཔལ་ལྡན་རྡོ་རྗེ་རྣམས་ཀྱིས་ཕྱོགས་ཀུན་ཏུ་གནས་ མཐའ་དག་བདུད་ཀྱི་ཚོགས་ནི་ངེས་པར་བསྲེག་བྱ་སྟེ། །ཕྱིས་ནས་འཁོར་ལོའི་རྩིབས་བཅུ་ རྣམས་ལ་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་ཚོགས་ནི་བསྒོམ་པར་བྱ། །འཁོར་ལོའི་ དབུས་སུ་གཉིས་ལྷག་རྒྱལ་བའི་ཕྱག་དང་དུས་ཀྱི་ཞལ་ལྡན་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས། ། དེ་ནས་བླ་མའི་ངེས་པ་དང་ལྡན་གང་ཞིག་ཅུང་ཟད་འདོད་པ་སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ། ། རྡོ་རྗེ་གསུམ་གྱི་ས་ཡི་དཀྱིལ་འཁོར་ལ་གནས་རྭ་བ་གསུམ་ནི་རིང་དུ་མཐོང་བའི་མཐའ་རུ་ སྟེ། །ཐོ་རངས་གྲིབ་མ་ཡི་ནི་མཐའ་རུ་ས་གཞིའི་གནས་ལས་ནམ་མཁའ་དག་ལ་རྡོ་རྗེ་ བརྩེགས་པའོ། །དབུས་སུ་ཆུ་སྐྱེས་ཉི་མའི་ཁྲུ་སྟེ་ལྟེ་བ་གདན་དང་བཅས་པ་དག་ཀྱང་དུས་ཀྱི་ ཁྲུར་འགྱུར་རོ། །དེ་ཡི་སྟེང་དུ་བདག་ཉིད་ཉེས་པ་དག་དང་རྣམ་པར་བྲལ་བ་རྣལ་འབྱོར་པ་ 3-1-62 ཡིས་བསྒོམ་པར་བྱ། །ས་ཡི་ཕྱོགས་རྣམས་སུ་འདིར་དང་པོ་རྡོ་རྗེ་གསུམ་གྱིས་ཞིང་སྐྱོང་རྣམས་ ལ་གཏོར་མ་སྦྱིན་བྱ་སྟེ། །ཕྱི་ནས་རྡོ་རྗེ་བཞི་ཡིས་ཕྱོགས་དང་ཕྱོགས་བྲལ་ལ་གནས་བདུད་ཀྱི་ ཚོགས་ནི་ངེས་པར་བསྲེག་པར་བྱ། །ཞེས་ས་ཆོག་གི་སྐབས་སུ་གསུངས་ཏེ། དཔལ་ལྡན་རྡོ་རྗེ་ སོགས་ཀྱིས་ལུས་ལ་རྡོ་རྗེ་བཀོད་ནས་བདུད་སྲེག་པ་བསྟན། ཕྱི་ནས་འཁོར་ལོ་སོགས་ཀྱིས་ སྲུང་འཁོར་གྱི་ལྷ་ཁྲོ་བོ་བཅུ་བསྟན་པས་ཤུགས་བསྟན་འགྲེལ་བར་གསུངས་པ་སྲུང་མ་དྲུག་ཅུ་ གང་ཡིན། འཁོར་ལོའི་དབུས་སུ་སོགས་ཀྱིས་རྡོ་རྗེ་ཤུགས་སྒོམ་པ་དང༌། དེ་ལས་དང་དངོས་ གྲུབ་ཐམས་ཅད་སྒྲུབ་བྱེད་དུ་བསྟན་ནོ། །འདིར་ཅུང་ཟད་འདོད་པ་ཞེས་གསུངས་པ། འཁོར་ གང་འདོད་སྤྲོ་བ་དང༌། ས་ཆོག་ཙམ་ལ་འབྲུ་གནོན་པ་ནི། འགྲེལ་ཆེན་དུ་སྐབས་དེར་དགོས་ པའི་དབང་གིས་ཅུང་ཟད་འདོད་པའི་མཚན་གཞི་བཟུང་བ་ལ་མཚན་ཉིད་བསྟན་པར་འཁྲུལ་ པ་སྟེ། རྒྱུད་དོན་རྒྱ་ཆེན་པོ་དེ་ཕྲ་མོ་ཕྱོགས་གཅིག་པར་བསྡུས་པ་ནི་ལེགས་པར་མི་འགྱུར་ལ། རྡོ་རྗེ་གསུམ་གྱི་སོགས་སྲུང་འཁོར་གྱི་རྭ་བ་དང་ཁང་བརྩེགས་གཙོ་བོའི་གདན་དང་བཅས་ པའོ། །སའི་ཕྱོགས་ཞེས་སོགས་གཏོར་མ་སྦྱིན་པ་དང༌། དེ་རྗེས་བདུད་སྲེག་པའི་སྔ་ཕྱིའི་ འབྲེལ་ཡང་བསྟན་ནོ། །ཡང་རྒྱུད་ལས། དེ་དག་ཀུན་ལ་གསོལ་བ་བཏབ་ནས་སེང་ལྡེང་རང་ བཞིན་སྲ་བའི་ཕུར་བུ་རྣམས་ཀྱིས་ས་ལ་གདབ། །ཕྱོགས་ཀྱི་ཁྲོ་བོ་མཚོན་ཆ་ལྡན་པ་རྣམས་ནི་ ཕྱོགས་ཀྱི་ཆ་རུ་བསྲུང་བའི་དོན་དུ་དགོད་པར་བྱ། །ཞེས་ས་ཆོག་གི་སྐབས་སུ་ཕུར་གདབ་ གསུངས་པའི་ཆོ་ག་དེ་ཉིད་དགོས་དོན་མཚུངས་པའི་ཕྱིར། སྲུང་འཁོར་རྒྱས་པའི་སྐབས་སུ་ སྦྱོར་དགོས་ཏེ། སྲུང་མ་དྲུག་ཅུ་བསྒོམས་པའི་མཛད་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །སྔོན་ འགྲོའི་ཆོས་འདི་རྣམས་ཀྱི་གོ་རིམ་ངེས་པ་ནི། དྲི་མེད་འོད་ཀྱི་ལུང་གིས་རྟོགས་པར་ཡང་བྱ་ དགོས་ན། དེ་ཡང་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམ་པར་སྦྱོང་བར་བྱེད་པའི་སྔགས་ ཀྱི་ཚིག་རྣམས་སུ་འགྱུར་ཏེ། ཞེས་པ་ནས། མགོ་བོ་ལ་སོགས་པས་བཟུང་བར་བྱའོ། །ཞེས་ 3-1-63 པའི་བར་དུ་རྡོ་རྗེའི་ཞལ་དག་པ་དང༌། རིགས་དྲུག་དགོད་པ་དང༌། རྡོ་རྗེ་བཞི་ཡིས་དག་པར་ བྱེད་པ་དང༌། ཡན་ལག་དྲུག་དགོད་པ་རྣམས་བར་མ་ཆད་པར་སྔ་ཕྱིར་རིམ་ཅན་དུ་གསུངས་ པས། དེ་བཞི་པོའི་གོ་རིམ་ངེས་པ་དང༌། ཆོ་ག་འདི་དག་རྩ་བའི་རྒྱུད་ལས་གསུངས་པའི་དོན། འགྲེལ་ཆེན་དུ་ནག་དུམ་གྱི་ཚུལ་དུ་གསུངས་པ་མ་གཏོགས། བསྡུས་རྒྱུད་དུ་དངོས་བསྟན་གྱི་ ཚིག་གིས་ཟིན་པ་ནི་མེད་ལ། འོན་ཀྱང་དང་པོ་རྡོ་རྗེ་གསུམ་གྱི་ཞེས་པ་དང༌། ཕྱི་ནས་རྡོ་རྗེ་ བཞི་ཡིས་ཞེས་པའི་འགྲེལ་བ་ལ་གཙོ་བོ་ཉིད་ཀྱི་ཕྱིར་གསུངས་པའོ། །ཞེས་འབྱུང་བ་རྣམས་ ཀྱིས་ཤུགས་ལ་འཕངས་པ་ནི་ཡིན་ནོ། །ཡང་དཔལ་ལྡན་རྡོ་རྗེ་རྣམས་ཡན་ལག་ལ་དགོད་ པར་བྱ་སྟེ། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ཞེས་པ་ནས། སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ་ ཞེས་པ་ནི་ངེས་པའོ་ཞེས་པའི་བར་ཏེ། ཕུར་གདབ་མ་གཏོགས་སྲུང་འཁོར་གྱི་ཆོ་ག་ལྷག་མ་ རྣམས་རྒྱས་པར་གསུངས་པ་ལས་གོ་རིམ་དངོས་ནི་འདི་སྐད་ཅེས། དེ་ལྟར་གཏོར་མ་བྱིན་ ནས་གནས་ཀྱི་བདག་པོ་གཤེགས་ཏེ། དེ་ནས་སྔར་གསུངས་པའི་ཆོ་གས་བདུད་ཀྱི་ཚོགས་ བསྲེགས་ནས་སྲུང་བའི་འཁོར་ལོ་རྣམ་པར་བསམ་མོ། །ཞེས་གཏོར་མ་སྦྱིན་པ་དང༌། བདུད་ ཚོགས་སྲེག་པ་དང༌། སྲུང་འཁོར་རྒྱས་པ་སྒོམ་པ་རྣམས་རིམ་ཅན་དུ་གསུངས་ལ། དེའི་དེ་མ་ ཐག་པའི་རྗེས་སུ་སྲུང་མ་དྲུག་ཅུ་ལ་གཏོར་མ་འབུལ་བ་དང༌། སྲུང་འཁོར་གྱི་ལྷ་རྣམས་ གཤེགས་པ་གསུངས་པས། སྲུང་འཁོར་གྱི་རྗེས་ཆོག་གཉིས་པོ་གསལ་བར་བྱུང་ལ། འོག་ཏུ་ སྲུང་འཁོར་གྱི་སྔགས་རྣམས་ཕྱོགས་གཅིག་ཏུ་གསུངས་པའི་སྐབས། ༀ་ཧཱུཾ་ཀྲོ་དྷ་ཨིནྡྲོ྅་ཧཾ། སོགས་གཙོ་བོའི་ང་རྒྱལ་བཟུང་བའི་སྔགས་ཀྱི་དེ་མ་ཐག་ཏུ་ཕུར་གདབ་ལ་སོགས་པའི་ སྔགས་མེད་པར། ༀ་ཧཾ་སོགས་ཁྲོ་བོ་རྣམས་ལ་བཀའ་བསྒོ་བ་དང༌། སྲུང་འཁོར་གྱི་ང་རྒྱལ་ བཟུང་བའི་སྔགས་གསུངས་པས། དེ་དག་སྲུང་འཁོར་གྱི་ལྷ་རྣམས་བསྐྱེད་ཟིན་ཕུར་གདབ་ སོགས་ཀྱི་ལས་མ་བྱས་པའི་སྔོན་རོལ་ཏུ་དེ་རྣམས་བྱེད་དགོས་པར་གསལ། ཁ་ཅིག་ཕུར་ 3-1-64 གདབ་བྱས་པའི་རྗེས་སུ་གཙོ་བོའི་ང་རྒྱལ་འཛིན་པ་དང༌། ཁྲོ་བོ་ལ་བཀའ་བསྒོ་བ་ནི། ལས་ ཟིན་པའི་རྗེས་སུ་སླར་ཡང་ལས་ལ་བསྐུལ་བ་འབྲེལ་མེད་ཅིང༌། སྐབས་འདིར་སྲུང་བའི་ལས་ བྱེད་རྒྱུའི་གཙོ་བོ་ཕུར་གདབ་ཉིད་ཡིན་པའི་ཡང་ཕྱིར་རོ། །སྔགས་གསུངས་པའི་རིམ་པ་ཙམ་ ལ་མཐའ་གཅིག་ཏུ་གོ་རིམ་ངེས་པ་མེད་ཀྱང་ཕལ་ཆེར་གོ་རིམ་དུ་གནས་སོ། །ཕུར་བུ་རྣམས་ བསྲུངས་པའི་དོན་དུ་ཁྲོ་བོ་བཅུ་འགོད་པར་གསུངས་པ་ནི། ས་ཆོག་གི་སྐབས་སོགས་ཕྱི་རོལ་ མཚན་མ་རྫས་ཀྱི་ཕུར་བུ་བཏབ་པའི་དབང་དུ་བྱས་ནས། དེ་ལ་སྲུང་བ་དགོས་པས་དེ་ལྟར་ མཛད་པ་ཡིན་ལ། ཏིང་ངེ་འཛིན་ཁོ་ནས་བཏབ་པའི་ཕུར་བུ་ལ་ཡང་སྲུང་བྱེད་ཀྱི་ལྷ་འགོད་ དགོས་ན་ཧ་ཅང་ཐལ་བར་འགྱུར་ཏེ། གཞལ་མེད་ཁང་དང་ལྷ་ཚོགས་རེ་རེ་ལ་ཡང་སྲུང་ མཁན་དགོས་པར་འགྱུར་རོ། །དེའི་ཕྱིར་འགའ་ཞིག་དེ་འདྲ་བྱེད་པ་ཐལ་ཆེས་ལ་ཏིང་ངེ་ འཛིན་གྱི་ཕུར་བུ་ནི་གཏན་དུ་མེད་ཅིང་ཐོགས་པ་མེད་པ་བགེགས་ཀྱིས་མཐོང་བར་མི་ནུས་ ཤིང༌། མཐོང་ཡང་ཕུར་བུ་འདོན་པ་སོགས་ཅི་ལྟར་ནུས་བསམ་པར་བྱའོ། །ཁ་ཅིག་ཕུར་ གདབ་བྱེད་པ་ནི། ས་ཆོག་སོགས་ཀྱི་སྐབས་སུ་ཡིན་གྱི་སྲུང་འཁོར་གྱི་ཡན་ལག་ཏུ་འབྲེལ་བ་ མ་ཡིན་ནོ་ཞེས་ཟེར་བ་ནི། འགྲེལ་ཆེན་ལས། འཆད་བར་འགྱུར་བའི་རིམ་པས་བདུད་དང་ བགེགས་དང་ལོག་འདྲེན་རྣམས་ཕུར་བུས་གདབ་པའི་དོན་དང༌། གནས་སྲུང་བའི་དོན་དུ་ བསྔགས་པས་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །ཞེས་གསུངས་པའི་དོན་མ་རྟོགས་པར་ ཟད་ལ། ཁ་ཅིག་བདུད་བསྲེགས་པའི་དེ་མ་ཐག་སྲུང་འཁོར་གྱི་སྔོན་དུ་ཕུར་གདབ་བྱེད་ དགོས་ཏེ། བདུད་གཞོམ་པའི་སྔགས་གསུངས་པའི་རྗེས་ཉིད་དུ་ཕུར་གདབ་གསུངས་པའི་ ཕྱིར་རོ། །ཞེས་ཟེར་བ་ནི་ས་ཆོག་དང་བདག་བསྐྱེད་ཀྱི་དབྱེ་བ་མ་ཕྱེད་པར་ཟད་དེ། དེའི་ཐད་ ནས་གསུངས་པའི་རིམ་པ་འདི་རྣམས་བདག་བསྐྱེད་སྲུང་འཁོར་གྱི་སྐབས་སུ་ཡང་དགོས་ན། དེ་དག་གི་སྔོན་དུ་སའི་ལྷ་མོའི་ཆོ་ག་དང༌། ཕུར་གདབ་ཀྱི་དེ་མ་ཐག་ཏུ་སྟང་སྟབས་གསུངས་ 3-1-65 པ་རྣམས་ཀྱང་དགོས་པར་འགྱུར་ལ། གོང་དུ་དྲངས་པའི་འགྲེལ་ཆེན་གྱི་ལུང་དང་ཤིན་ཏུ་ འགལ་ཏེ། ཕུར་བུས་གདབ་པའི་དོན་དུ་སྲུང་འཁོར་བསྒོམ། ཞེས་པ་སྔར་སྲུང་འཁོར་ བསྒོམས་པ་དེ་ཕྱིས་ཕུར་གདབ་བྱེད་པའི་དོན་དུ་ཡིན་ཞེས་པ་ཡིན་པ་ལ། ཕྱིས་སྲུང་འཁོར་ བསྒོམ་པའི་དོན་དུ་སྔར་ཕུར་བུ་འདེབས་ཞེས་རིམ་པ་ཕྱིན་ཅི་ལོག་ཏུ་སོང་འདུག་པའི་ཕྱིར་རོ། ། དེས་ན་སྲུང་འཁོར་གྱི་ཆོ་ག་མཐའ་རྒྱས་ཀྱི་སྐབས་སུ། ཁྲོ་བོ་རྣམས་ལ་བཀའ་བསྒོ་བ་ནི་ཟིན། གཏོར་མ་འབུལ་བ་མ་བྱས་པའི་སྔོན་དུ་ཕུར་གདབ་བྱེད་དགོས་པར་གྲུབ་བོ། །ཡང་རྡོ་རྗེའི་ ཞལ་དག་པའི་སྔོན་དུ་འགྲེལ་ཆེན་ལས་འདི་སྐད་ཅེས་འབྱུང་སྟེ། འདིར་དང་པོར་སྒྲུབ་ཐབས་ ཀྱི་ལེའུ་ལས་འཆད་པར་འགྱུར་བའི་རིམ་པས་ཁ་རྣམ་པར་དག་པ་དང༌། དེ་བཞིན་གཤེགས་ པ་རྣམས་མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བདག་ཉིད་ཀྱི་དངོས་པོ་འབུལ་བ་དང༌། བྱང་ཆུབ་ཀྱི་ སེམས་བསྐྱེད་པ་དང༌། ལམ་ལ་བརྟེན་པ་བྱས་ཏེ། དེ་ནས་སྟོང་པ་ཉིད་ལ་དམིགས་པ་བྱས་ ནས། ལྷ་རྫོགས་པར་བྱ་བའི་དོན་དུ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམ་པར་སྦྱོང་བ་ ཞེས་སོགས་གསུངས་པ་ལ་རྒྱ་བོད་མང་པོ་ཞིག་གོ་བ་ལོག་སྟེ། རྡོ་རྗེའི་ཞལ་དག་པའི་སྔོན་དུ་ ཁ་དག་པ་དང༌། བསོད་ནམས་ཚོགས་གསོག་དང༌། སྟོང་ཉིད་ལ་དམིགས་པ་རྣམས་བྱེད་པ་ ནི། ཁ་དག་པ་ལན་གཉིས་སུ་འགྱུར་བའི་སྐྱོན་དང་བཅས་ཤིང༌། ཚིག་དོན་ཕྱིན་ཅི་ལོག་ཏུ་གོ་ བ་སྟེ། འདིར་དོན་དངོས་ནི་རྒྱུན་བཤགས་དང་སྟོང་ཉིད་སྒོམ་པ་སྔོན་དུ་འགྲོ་བའི་དངོས་གཞི་ དཀྱིལ་འཁོར་གྱི་ལྷ་རྣམས་རྫོགས་པར་བྱེད་པ་ལ། རྡོ་རྗེའི་ཞལ་དག་པ་ནས་ཡན་ལག་དྲུག་ དགོད་པའི་བར་འདི་དེ་རྣམས་ཀུན་གྱི་ཐོག་མར་སྔོན་དུ་འགྲོ་དགོས། ཞེས་པ་ཙམ་ཞིག་ཡིན་ པས་དོན་དུ་ཞེས་པའི་ཚིག་གི་ནུས་པ་མ་གོ་བ་དེ་དག་ལྷ་རྫོགས་པར་བྱ་བའི་དོན་དུ་རྡོ་རྗེ་བཞི་ སྦྱོང་བར་བྱེད་ཅེས་རྡོ་རྗེའི་ཞལ་དག་པའི་གྲུབ་འབྲས། རང་ལྷ་གཙོ་རྐྱང་ཕྱག་གཉིས་པའི་ 3-1-66 གཅིག་ཏུ་སོང་བར་འདོད་པ་ནི་ཆེས་བླུན་ཅིང༌། སྟོང་པར་སྦྱངས་མ་ཐག་པའི་རྗེས་སུ་སླར་ ཡང་ཐ་མལ་པའི་ལུས་ཟླ་འོད་ཀྱིས་སྦྱངས་ནས་ལྷར་བསྒྱུར་ཞིང༌། ཡང་དེ་མ་ཐག་ཏུ་སྭ་བྷཱ་ ཝས་སྦྱོང་བ་སོགས་ཆོ་ག་མ་དག་པ་ཡིན་པར་རྟོགས་པར་བླ་ལ། འགའ་ཞིག་བསོད་ནམས་ ཚོགས་གསོག་དང་ཡེ་ཤེས་ཚོགས་གསོག་གི་བར་དུ་ཡིག་བརྒྱའི་སྒོམ་བཟླས་བྱེད་ཅིང༌། དེ་ མ་ཐག་སྟོང་པར་སྦྱངས། ཡང་རང་ཉིད་ལྷར་བསྐྱེད་ནས་ཞལ་དག་པ་བྱེད་པའང་མཐོང་སྟེ། འདི་འདྲ་རྒྱ་བོད་ཀྱི་རྡོ་རྗེ་འཛིན་པ་སུས་ཀྱང་མཐོང་ཐོས་མ་བྱུང་བའི་ཆོ་གའི་གོ་རིམ་སྟེ། ཆེས་ གད་མོའི་གནས་སོ། །དེས་ན་སྒྲུབ་ཐབས་ལེའུ་ལས་འཆད་པར་འགྱུར་བའི་ཁ་དག་པ་ཞེས་པ་ ནི། རྒྱུད་ལས། ངེས་པར་འཇམ་པའི་མལ་ཆ་དག་དང་གདན་ལ་ཉེ་བར་འདུག་ནས་སྔར་ བརྗོད་སྲུང་བ་བྱས་ནས་ནི། །དང་པོར་སྙིང་གར་ཟླ་བའི་དབུས་སུ་དེ་ཉིད་འོད་ཟེར་སྣ་ཚོགས་ རྣམས་ནི་ཕྱོགས་བཅུར་བསྒོམ་པར་བྱ། ཁ་ལ་སོགས་པ་དག་པ་བྱས་ནས་སླར་ཡང་ནམ་ མཁའ་དག་ལ་སྤྲོས་པའི་རྒྱལ་བ་རྣམས་ལ་ནི། །མཆོད་པ་རྣམ་པ་སྣ་ཚོགས་བྱ་སྟེ་ཞེས་སོགས་ གསུངས་ཤིང༌། འགྲེལ་པར་སྔོན་དུ་ཁ་ལ་སོགས་པ་དག་པར་བྱས་ནས་ཏེ་བདུད་རྩི་ལྔའི་ རིལ་བུ་ཁ་རུ་བཅུག་པས་ཁ་དག་པར་འགྱུར་རོ། །དེ་བཞིན་དུ་སྔར་གསུངས་པའི་མཆོག་གི་ ཕྱག་རྒྱས་མགོ་བོ་ནས་བརྩམས་ཏེ་ཞེས་སོགས་གསུངས་པ་ནི། དབང་ལེར་རྡོ་རྗེའི་ཞལ་དག་ པའི་སྔགས་དང་ཏིང་ངེ་འཛིན་གསུངས་ཀྱང༌། རྫས་མ་གསུངས་པ་དེ་འདིར་བདུད་རྩི་རིལ་བུ་ རྫས་སུ་གསུངས་ཤིང༌། མཆོག་གི་ཕྱག་རྒྱས་སྦྱང་བ་མཚོན་བྱེད་དུ་བྱས་ནས། ཆོས་བཞི་པོ་དེ་ དག་སྲུང་འཁོར་གྱི་སྔོན་དུ་གཏོང་བ་དང༌། སྔར་བརྗོད་སྲུང་བ་བྱས་ནས་ཞེས་གསུངས་པས་ དེ་རྗེས་སྲུང་བ་བྱེད་པར་གསུངས་པ་ཡིན་ཏེ། དེ་ནས་སྲུང་བའི་རྗེས་སུ་བསོད་ནམས་ཚོགས་ གསོག་ཡན་ལག་བདུན་པ་དང༌། སྟོང་ཉིད་སྔོན་དུ་འགྲོ་བས་དངོས་གཞི་ལྷའི་རྣལ་འབྱོར་ བསྒོམ་དགོས་པ་ཡིན་པ་ལ། སྟོང་པ་དང་ལྷའི་རྣལ་འབྱོར་བསྒོམ་པའི་སྔོན་དུ་ཆོ་ག་རྒྱས་པའི་ 3-1-67 སྐབས། སྟོང་པ་དང་ལྷ་སྒོམ་པའི་བར་ཆད་ཞི་བ་སོགས་ཀྱི་ཡན་ལག་རྡོ་རྗེའི་ཞལ་དག་པ་ སོགས་འདི་ལྟར་བསྒོམ་དགོས་སོ་ཞེས་རྒྱས་བཤད་མཛད་པ་ཡིན་གྱི། ཡན་ལག་བདུན་པ་ དང་སྟོང་ཉིད་སོགས་ཀྱི་རྗེས་སུ་སླར་ཡང་ཞལ་དག་པ་སོགས་བསྒོམ་དགོས་པའི་དོན་ཡིན་ ན། སྒྲུབ་ཐབས་ལེའུ་ལས་འཆད་པར་འགྱུར་བའི་ལྷ་སྒོམ་པ་ནི། དངོས་གཞི་དཀྱིལ་འཁོར་ གྱི་འཁོར་ལོ་ཉིད་ཡིན་པས། རྡོ་རྗེའི་ཞལ་དག་པ་ལ་སོགས་པ་འདི་དག་དངོས་གཞིའི་རྗེས་ སུ་བྱེད་དགོས་པར་ཐལ་བས་རྗེས་ཀྱི་ཆོ་གར་འགྱུར་རོ། །དེས་ན་སཱ་དྷུ་པུ་ཏྲ་སོགས་ཀྱིས་ བཤད་པ་ནི། རྒྱ་གར་གྱི་པཎྜི་ཏ་ཕལ་པ་ལ་ཉེས་བཤད་ཀྱང་མང་དུ་ནི་འབྱུང་ལ། འོན་ཀྱང་པཎྜི་ཏ་དེས་འགྲེལ་ཚིག་འདི་དག་མ་རྟོགས་པ་ནི་མིན་ལ་རག་ཀྱང༌། དཀྱིལ་ འཁོར་དངོས་གཞི་ཐུགས་དཀྱིལ་ལམ་སྐུ་གསུང་ཐུགས་ཡོངས་རྫོགས་ལྟ་བུ་མི་སྒོམ་པར་ རྡོ་རྗེ་ཤུགས་སྲུང་མ་དྲུག་ཅུ་དང་བཅས་པའི་སྲུང་འཁོར་ཉིད་ཀྱི་མངོན་རྟོགས་ཉམས་ལེན་ མཐིལ་དུ་བྱེད་པ་རྣམས་ལ་ཕན་ཐོགས་པའི་ཕྱིར་དུ་དེ་ལྟར་མཛད་དམ་སེམས་མོ། །འོན་ཀྱང་ དེ་ལྟ་བུའི་ཚུལ་ལ་ཁ་དག་པའི་སྔོན་དུ་ཚོགས་གསོག་བྱེད་པ་མི་ལེགས་ལ། དེ་ནི་བདུད་སྲེག་ པའི་ཆོ་གའི་གོང་འོག་གང་རུང་དུ་སྦྱར་ན་ལེགས་པ་ལས། དེའི་ནང་ནས་ཀྱང་འོག་ཏུ་སྦྱར་ བ་ཉིད་ལྷག་པར་བཟང་ངོ༌། །ཡང་འགྲེལ་ཆེན་ལས། དང་པོར་རེ་ཞིག་སློབ་དཔོན་གྱིས་རང་ གི་ལུས་དང་གནས་སྲུང་བ་བསམ་པར་བྱ་སྟེ། ཞེས་སྲུང་བ་སྔ་ཕྱི་འདི་དག་ཐམས་ཅད་བདག་ སྲུང་དང༌། གནས་སྲུང་གཉིས་སུ་བསྡུས་ཏེ་གསུངས་ལ། སྲུང་འཁོར་དངོས་གཞི་གནས་སྲུང་ བ་ཡིན་པར་གསུངས་པས། ཤུགས་ལ་ཡན་ལག་དྲུག་འགོད་པ་དང་བདུད་ཚོགས་གཞོམ་པ་ གཙོ་བོར་བདག་སྲུང་ཡིན་པར་གྲུབ་བོ། །གཞུང་འགྲེལ་ལས་གསལ་ཁ་མེད་ཀྱང་རྣལ་འབྱོར་ སྲུང་བ་ནི། གཙོ་བོར་ཕུར་གདབ་ཡིན་པར་གསལ་ཞིང༌། སྔ་མ་འགའ་ཞིག་ཀྱང་བཞེད་ལ། གཞན་རྣམས་ཆོ་གའི་ཡན་ལག་གོ །གཙོ་བོར་དེ་བཞིན་ཡིན་ཡང་བདུད་སྲེག་པ་དང༌། སྲུང་ 3-1-68 འཁོར་དངོས་དང༌། ཕུར་གདབ་རྣམས་ལ་ཆ་ཤས་ཀྱི་སྒོ་ནས་ནི་རེ་རེ་བཞིན་ཡང་སྲུང་བ་ གསུམ་ཀ་ཚང་ངོ༌། ། དེ་ལ་བདག་སྲུང་བ་ནི། རང་གི་ལུས་ངག་ཡིད་གསུམ་ལ་གདོན་གྱིས་བསྐུལ་བའི་གནོད་ པ་དང༌། ནད་ལ་སོགས་པ་ལུས་ངག་གི་གནོད་པ་གཞན་ཡང་སྲུང་བའོ། ། གནས་སྲུང་བ་ནི། ཇི་ཙམ་འདོད་པའི་ཡུལ་ཕྱོགས་དེ་ཚུན་ཆད་དུ་རྣལ་འབྱོར་པ་རང་ཉིད་ ལ་བརྟེན་པ་རྣམས་ལ་མི་དང་མི་མ་ཡིན་པ་དང་འབྱུང་བའི་གནོད་པ་སྲུང་བ་སྟེ། ནོར་དང་ གཡོག་འཁོར་དང་གྲོགས་དང་ཡོ་བྱད་སོགས་ལ་བརྟེན་པའི་བར་ཆད་སྲུང་བའོ། །སེམས་ ཅན་ལས་ཐ་དད་ལ་སྤྱོད་པའི་ཕྱིར། རང་ལ་བརྟེན་པ་མ་ཡིན་པ་ལ་སྲུང་བའི་རྣམ་གཞག་མི་ བྱེད་ཅིང༌། ཡམས་ནད་དང་ལོ་ཉེས་ལ་སོགས་པ་སྒྲུབ་པའི་བར་ཆད་ཡིན་པས་བསྲུང་ཞེས་ ཀྱང་ཁ་ཅིག་འདོད་དོ། །རྣལ་འབྱོར་སྲུང་བ་ནི། ཏིང་ངེ་འཛིན་སེམས་ཀྱི་བར་ཆད་སྔོན་གྱི་ ལས་དང་བག་ཆགས་ལས་བྱུང་བ་ཁོ་ནའི་གཉེན་པོ་ཡིན་ཏེ། སྲུང་བ་དེའི་གཙོ་བོ་ནི་སྟོང་ཉིད་ སྙིང་རྗེ་གཉིས་ཡིན་པར་བཤད་ལ། དེས་ན་བདག་གི་རྣམ་པར་རྟོག་པ་ནི། འདིར་ཞལ་དག་ པ་སོགས་གསུམ་ཡང་རྣལ་འབྱོར་སྲུང་བ་ཉིད་ཡིན་ནོ་སྙམ་མོ། །དེ་ལྟར་ན་སྲུང་འཁོར་གྱི་གོ་ རིམ་ངེས་པས་སྤྱིའི་གོ་བ་རྙེད་པར་འགྱུར་རོ།། །། གཉིས་པ་སོ་སོའི་གོ་དོན་བཤད་པ་ནི། སྲུང་འཁོར་ཤིན་ཏུ་རྒྱས་པའི་ཆོ་ག་ལ། སྔོན་ འགྲོ་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་རྡོ་རྗེའི་ཞལ་དག་པ། རིགས་དྲུག་དགོད་པ། རྡོ་ རྗེ་བཞི་དག་པ། ཡན་ལག་དྲུག་དགོད་པ། གནས་ཀྱི་བདག་པོ་ལ་གཏོར་མ་སྦྱིན་པ། བདུད་ ཚོགས་གཞོམ་པ་སྟེ་དྲུག་གོ ། །། དང་པོ་ནི་ཐོག་མར་ནང་མཆོད་བྱིན་རླབས་བྱ་སྟེ། རྒྱས་པ་དང་འབྲིང་པོ་འོག་ཏུ་འཆད་ ལ། བསྡུས་པ་ནི། བསངས་སྦྱངས་ཡི་གེ་བཞིས་བྱིན་གྱིས་རློབ་པ་ཡིན་ན། སྤྱིར་རྒྱུད་ཀྱི་རྒྱལ་ 3-1-69 པོ་འདིའི་ལུགས་ལ་སྦྱང་སྤེལ་སྤར་བདུད་རྩིར་བྱེད་པ་བཞི་པོའི་ཕྱག་རྒྱ་དང་སྔགས་དང༌། ཡི་ གེ་འབྲུ་བཞིའི་ཏིང་ངེ་འཛིན་རྣམས་ཉིད་བྱིན་རླབས་ཀྱི་གཙོ་བོ་ཡིན་གྱི། དམ་རྫས་བསྐྱེད་ པ་དང་བུད་པ་དང་འབར་བ་དང་བསྐོལ་བ་སོགས་ནི། ཆོ་ག་རྒྱས་པའི་ཡན་ལག་ཙམ་ཡིན་ མོད་གཙོ་ཆུང་བར་བཞེད་ལ། ལག་མཐིལ་དུ་རྡོ་རྗེའི་བཞི་ཞལ་གསུམ་ཕྱག་དྲུག་པ་བསྐྱེད་ པ་སོགས་ནི་སྤྲོས་པ་ལ་དགའ་བ་ཙམ་དུ་ཟད་པས་ངེས་པར་དགོས་པ་མིན་ཅིང༌། དེས་ན་ སྣོད་གང་ཡང་རུང་བར་རྫས་གཅིག་གམ་ཇི་ལྟར་འོས་པ་ཚོགས་པ་ལ་བྱིན་གྱིས་བརླབས་ པས་ཆོག་གོ །དེ་ནས་ནང་མཆོད་མྱངས་ཏེ། ༀ་ཨཱཿཧཱུྃ་སོགས་ཀྱི་སྔགས་བརྗོད། གཙུག་ཏོར་ གྱི་སྟེང་དུ་བཾ་ཡིག་སོགས་ཀྱི་དམིགས་པ་བསྒོམ། སྔགས་ལན་གསུམ་བརྗོད་པ་གལ་ཆེ་ཞིང་ དམིགས་པ་ཡང་ལན་གསུམ་བྱེད་པ་ཡིན། བོད་ཀྱི་ལུགས་ལ་དམིགས་པ་ངག་ཏུ་འདོན་པ་ ལྟར་ན་ཚིག་བྱང་ལན་གཅིག་གིས་ཆོག་གོ ། འདིར་ལས་སོ་སོའི་སྐབས་སུ་ཞི་རྒྱས་ལ་ཟླ་བ་སྒོམ་པ་ཡིན་ལ། ཟླ་བའི་དོད་ལ་བསད་ བསྐྲད་ལ་ཡཾ་ལས་བྱུང་བའི་སྒྲ་གཅན། རྨོངས་རེངས་ལ་ལཾ་ལས་བྱུང་བའི་དུས་མེ། དབང་ དགུག་ལ་རཾ་ལས་བྱུང་བའི་ཉི་མ་རྣམས་སོ་སོའི་ཁམས་ཀྱི་མདོག་ཅན་དང༌། །སླར་གསོ་བ་ ལ་ཧཾ་ལས་བྱུང་བའི་ནམ་མཁའི་དཀྱིལ་འཁོར་ལྗང་ཁུ་སོགས་གསུངས་པས། ཁ་ཅིག་གནས་ སྐབས་ཀུན་ཏུ་ཟླ་བ་ཁོ་ན་བྱེད་པར་འདོད་པ་དང༌། གཞན་དག་ལས་ཐམས་ཅད་པ་ལ་ལྗང་གུ་ ཡིན་པས་དཀྱུས་སུ་སྒོམ་པ་ལ་ལྗང་ཁུ་འཐད་ཅེས་ཟེར་བ་གཉིས་ཀ་མི་རུང་སྟེ། བསད་བསྐྲད་ སོགས་ལ་དཀར་པོ་མི་རུང་བ་དང༌། སླར་གསོ་བ་ཁོ་ན་ལ་ལྗང་ཁུར་བཤད་པས་ལས་ཐམས་ ཅད་པའི་དོན་སླར་གསོ་བ་ཙམ་མ་ཡིན་པའི་ཕྱིར་རོ། །ཡང་འདི་ཡིག་བརྒྱའི་སྒོམ་བཟླས་ ཀྱི་ཚབ་ཡིན་ཟེར་བ་ཡང་མི་འཐད་དེ། འདི་ནི་བདུད་རྩི་མྱངས་བས་ཁ་དག་པར་བྱེད་པའི་ སྐབས་ཀྱི་དམིགས་པ་ཙམ་ཡིན་པའི་ཕྱིར་དང༌། སྔགས་འདི་ལ་རིང་དུ་བཟླས་བརྗོད་བྱེད་པ་ 3-1-70 ཡང་མ་བཤད་པའི་ཕྱིར་རོ། །ཁ་ཅིག་རང་ཉིད་དུས་འཁོར་དུ་གསལ་བ་ལ་དེ་ལྟར་བསྒོམས་ པས། ལུས་ཟླ་དཀྱིལ་གྱི་རྣམ་པར་སོང་བར་བྱེད་པ་ཡང་དཔེ་དང་དོན་ནོར་ནས་རང་གར་ སྨྲས་པ་ཙམ་ཡིན་ནོ། །འདིར་དྲི་མ་མེད་པའི་ལུས་སུ་གྱུར་པའི་དོན་ནི། རྣམ་པ་ཐ་མལ་གྱི་ ལུས་ལ་ཤ་ཁྲག་སོགས་སྤངས་པའི་འོད་ལུས་དཀར་པོར་བསམ་པའོ། །ཞི་རྒྱས་ཀྱི་ལས་ལ་བཾ་ ཡིག་ལས་སྐྱེས་པའི་ཟླ་བ་བསྐྱེད་པ་ཡིན་ལ། དཀྱུས་ཀྱི་ཉམས་ལེན་མཆོག་སྒྲུབ་ཅེས་གྲགས་ པའི་སྐབས་འདིར་ཡང་ཕལ་ཆེར་ཞི་རྒྱས་དང་མཐུན་པར་མཛད་པ་མང་གི ། ལས་ཐམས་ཅད་ པ་དང་བསྟུན་པ་ཉུང་བས་དཀར་པོ་ཉིད་རིགས་སོ། །འོ་ན་མཆོག་སྒྲུབ་པ་ཞེས་པ་ཅི་སྙམ་ན། རིང་རྒྱུའི་རྣམ་གྲངས་ཙམ་ཡིན་པའི་ཕྱིར། མཆོག་གི་དངོས་གྲུབ་ལ་བཤད་ཀྱང་མི་རུང་བ་ མེད་མོད། འདིར་དངོས་གྲུབ་སྤྱི་ཁྱབ་ལ་མཆོག་གི་མིང་བཏགས་པ་ཡང་མང་བ་ལྟར་ལས་ཕྲ་ མོ་ཙམ་ལ་རག་མ་ལུས་པར་ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་ལ་དམིགས་པའི་དོན་ཡང་ ཡིན་ནོ། །འདི་དང་ཕྱི་མ་རིགས་དྲུག་དགོད་པའི་མཚམས་སྦྱོར་བའི་ཚུལ་དུ་མཐར་སྭ་བྷཱ་ཝའི་ སྔགས་བརྗོད་དེ་སྟོང་པར་བསམ་མོ།། །། གཉིས་པ་ནི་སྟོང་པའི་ངང་ལས་རང་སྐད་ཅིག་གིས་དུས་ཀྱི་འཁོར་ལོ་ཕྱག་གཉིས་པ་ ཐུན་མཚམས་ཀྱི་ལྷ་སྐུ་ལྟ་བུར་བསྒོམས་པའི་གནས་དྲུག་ཏུ་རིགས་དྲུག་གསལ་འདེབས་པ་ ཡིན་ལ། སྐབས་འདིར་རིགས་དྲུག་པོ་ཡབ་རྐྱང་ཁོ་ན་ཡིན་ཏེ། འདི་ལུས་ཀྱི་རྣམ་དག་གི་རྩ་ བ་ཁོ་ན་སྒོམ་པའི་སྐབས་ཡིན་པས། ཡལ་ག་རྣམ་གྲངས་སྤྲོ་བའི་སྐབས་མིན་ལ། འདི་སྐབས་ ཀྱི་དྲུག་ཀར་ཁྱབ་བྱེད་རིགས་དྲུག་ཡིན་ཏེ། རྡོ་རྗེ་བཞི་རིགས་ཀུན་ལ་ཁྱབ་བྱེད་དུ་ངེས་ལ། འདིའི་དང་པོ་བཞི་པོ་རྡོ་རྗེ་བཞིར་བཤད་པ་ཉིད་ཀྱིས་ཤེས་སོ། །དེས་ན་འདི་ནི་ཕུང་པོ་དྲུག་ ཁོ་ན་སྦྱོང་བྱེད་ཀྱི་རྒྱལ་བ་རིགས་དྲུག་མ་ཡིན་ཏེ། ཕུང་ཁམས་སྐྱེ་མཆེད་མ་ལུས་པ་གཅིག་ཏུ་ བསྡོམས་པ་ལུས་ངག་ཡིད་བདེ་བ་སྟོང་པ་རིག་པ་རྣམས་རྣམ་པར་དག་པའི་རིགས་དྲུག་ཡིན་ 3-1-71 པས། དཔེར་མཚོན་ན་འདིའི་སྐབས་ཀྱི་འོད་དཔག་མེད་ལ། རིགས་བྱེ་བྲག་པའི་རྡོར་སེམས་ ལྷ་སོ་དྲུག་པོ་ཐམས་ཅད་ཀྱི་ཆ་ཤས་གཙོ་ཆེ་ཆུང་མེད་པར་ཚང་བ་སྟེ། དེ་ཐམས་ཅད་ཀྱི་སྐུའི་ སྣང་ཆ་ཡིན་པ་སོགས་གཞན་ལའང་སྦྱར་ཏེ། མདོར་ན་སྐབས་འདིར་ཐབས་དང་ཤེས་རབ་ དབྱེ་བ་གཏན་ནས་མེད་པ་མཚོན་ཕྱིར་རེ་རེ་བཞིན་གཅིག་པུའི་སྐུའོ། །ཞེས་པ་ནི་བྱིན་རླབས་ བརྒྱུད་པའི་མན་ངག་གོ ། །། གསུམ་པ་ནི། མཆོག་གི་ཕྱག་རྒྱས་དག་པར་བྱེད་པ་ཞེས་ཀྱང་བྱ་སྟེ། འདི་ལ་ལག་པ་ སྦྱོང་བ་དངོས་དང༌། ཡི་གེ་འགོད་པས་ལག་པ་བྱིན་གྱིས་བརླབ་པ་དང༌། རྡོ་རྗེའི་ཕྱག་རྒྱས་ ལུས་སྦྱང་བ་དང༌། ང་རྒྱལ་བཟུང་བ་སྟེ་དོན་ཚན་བཞི་ཡོད་པ་ལས། ༀ་ཧྲ་སརྦ་ཨ་ཏྲ་སོགས་ སྔགས་བརྗོད་ཅིང་ལག་པ་ཉེད་པ་ནི་ལག་པ་སྦྱོང་བའོ། །གསུམ་པའི་སྐབས་སུ་རྡོ་རྗེའི་ཕྱག་ རྒྱ་གཙུག་ཏོར་ནས་རྐང་སེན་གྱི་བར་དུ་རེག་པ་ནི། དང་པོ་སྤྱི་གཙུག་ཏུ་རྡོ་རྗེ་རྩེ་ལྔ་པའི་རྩེ་མོ་ རེག་པ་ནས་བརྩམས་ཏེ། ལུས་ཀྱི་གཡོན་དང་རྐང་པ་དང༌། ཡང་ཡར་ལྡོག་སྟེ་གཡས་ཀྱི་ཆ་ ལ་རེག་པའི་གཡས་སྐོར་དུ་བྱེད་པ་ཡིན་ལ། གཞན་རྣམས་གོ་བླ་ཞིང༌། འགའ་ཞིག་ལག་པ་ ལ་བཀོད་པའི་ཡི་གེ་རྣམས་དང༌། ཉི་ཟླ་སྒྲ་གཅན་ལ་དག་སྦྱོར་མང་པོ་བྱེད་པ་ནི་སྤྲོས་བཤད་ ཙམ་དུ་ཟད་དེ་འདིར་བཏང་སྙོམས་སུ་བཞག་མོད། དོན་ལ་ལག་པ་བྱིན་རླབས་ཉིད་ཡིན་གྱི། སྦྱང་བྱ་སྦྱོང་བྱེད་མང་པོ་བྱེད་པ་དོན་མེད་དོ། །སྤྲོས་བཤད་བྱས་ན་ཨ་ཨི་རི་ཨུ་ལའི་དོན་ཁོ་ན་ ལ་ཟད་པ་མེད་མོད། སྐབས་སུ་གང་བབ་པ་དེ་ཙམ་བཤད་ན་ལེགས་སོ།། །། གསུམ་པ་ཡན་ལག་དྲུག་དགོད་པ་ལ། ཧྲ་ནི་གཞོམ་དུ་མེད་པ་དྲག་པོའི་ས་བོན་ཡིན་ པས། དུས་འཁོར་ཁྲོ་བོའི་སྔགས་ཀྱི་རྩ་བར་འགྱུར་ཞིང༌། དེ་ཉིད་སྲོག་ཏུ་དབྱངས་དྲུག་སྟེང་ དུ་ཀླད་སྐོར་ཡེ་ཤེས་སྟོང་པ་དང་སྦྱར་བས། འབྲུ་རེ་རེ་བཞིན་དབྱངས་ཀྱི་ཕྱོགས་ལ་དབྱངས་ ཟླ་ཕྱེད་ཐིག་ལེ་སྟེ་རྡོ་རྗེ་གསུམ་དང༌། གསལ་བྱེད་ཧ་དང་ར་བརྩེགས་པ་ཉིད་ཡེ་ཤེས་རྡོ་རྗེའོ། ། 3-1-72 དེས་ན་དཀྱུས་སུ་བཤད་པ་འདི་མཁའ་འགྲོ་རྒྱ་མཚོར་གོ་ཆ་དྲུག་གིས་གནས་དྲུག་བྱིན་གྱིས་ རློབ་པ་བཤད་པ་དང་གནད་གཅིག་གོ་ཞེས་ཁ་ཅིག་ཟེར་བ་ཡང་དོན་དང་མཐུན་ཏེ་གོ་ཆའི་ དཔའ་བོ་དྲུག་དང་གནད་གཅིག་གོ །དེ་ཡང་སྙིང་ཁ་དང༌། སྤྱི་བོ་དང༌། སྤྱི་གཙུག་རྣམས་ གནས་དང་གོ་རིམ་གཅིག་ཅིང༌། དེར་བཞི་པ་ཕྲག་པའི་དོད་དུ་འདིར་ལྔ་པ་ཡན་ལག་སྟེ་ལུས་ ཐམས་ཅད་ལ་རེག་པ་ཡིན་ལ། དེའི་ལྔ་པ་དང་འདིའི་བཞི་པ་མིག་སྟེ་གནད་གཅིག་པ་དང༌། དྲུག་པ་ནི་འདིར་དངོས་སུ་དགེ་བའི་ལས་ལ་གཡོན་པ་དང༌། མི་དགེ་བའི་ལས་ལ་གཡས་ པའི་མཐེབ་འཛུག་གིས་སེ་གོལ་ཕྱོགས་བཅུར་བརྡབ་པ་ཡིན་ཡང༌། ཚིགས་ཆེན་བརྒྱད་ལ་ འགོད་པ་དང་གནད་གཅིག་སྟེ། འདིར་མཚོན་ཆ་ཞེས་གསུངས་ཤིང༌། སྡོམ་པའི་བཤད་རྒྱུད་ རྣམས་ལས་ཕཊ་ཧཾ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ་ཞེས་འབྱུང་བའི་ཕྱིར་རོ། །དེས་ན་གོ་ ཆ་ཙམ་ནི་རང་ཉིད་སྲུང་བའི་དོན་ཡིན་ལ། མཚོན་ཆ་ནི་དེར་མ་ཟད་ཕ་རོལ་པོའི་དུག་མཚོན་ མེ་སོགས་སམ། དེ་དང་འདྲ་བའི་སྔགས་དང་སྦྱོར་བ་ངན་པ་ཉིད་འཇིག་པའོ། །དེའི་ཆེད་དུ་སེ་ གོལ་ཕྱི་རོལ་ཏུ་བརྡབ་པ་ཡིན་གྱི། བསྲུང་རྒྱུ་ནི་འདིར་ཡང་རང་ལུས་ཉིད་ཡིན་པས་ཡན་ལག་ དྲུག་ཅེས་པ་ལུས་ཀྱི་ཡན་ལག་ཉིད་ལ་འཇོག་པ་འཐད་ཀྱི། ཕྱིས་བྱུང་ཁ་ཅིག་ལྟར་དང་པོ་ལྔ་ པོ་རང་ལུས་སྲུང་བར་འདུག་ཀྱང་ཕྱི་མ་འདི་ཕྱི་རོལ་ཏུ་བསྲུང་རྒྱུ་ཞིག་ཡིན་ནམ་སྙམ་ནས། ཕྱོགས་མཚམས་སྲུང་བ་ལུས་ཀྱི་ཡན་ལག་ཏུ་མི་རུང་ཞེས་ཟེར་ཞིང༌། གཙོ་བོའི་ལས་རྣམས་ སྒྲུབ་པའི་སྔགས་ཀྱི་ཡན་ལག་ཡིན་ཞེས་ཟོལ་ཐབས་ཀྱིས་སྨྲ་སྟེ་གཡོ་སྒྱུའི་སྦྱོར་བ་ཤིན་ཏུ་མི་ འཐད་མོད། དེ་སྐད་སྨྲ་བ་དེ་ལ་རང་ལུགས་འཇོག་རྒྱུ་མི་འདུག་པས་འགོག་ཀྱང་མི་དགོས་སོ། ། འདིར་འགྲེལ་ཆེན་དུ་ཡན་ལག་དྲུག་དགོད་ཚུལ་མི་འདྲ་བ་གཉིས་གསུངས་ཤིང༌། དཀྱུས་ ལ་བྱེད་པ་འདི་ནི་བསྲུང་བའི་དོན་དུ་རྩ་རྒྱུད་ནས་གསུངས་པའི་དགོངས་པ། འགྲེལ་པར་ ནག་དུམ་དུ་བཀོད་པ་ཡིན་ལ། ལུགས་གཅིག་ཤོས་དེ་སྒྲུབ་ལེར། མགོ་དང་མགྲིན་པ་སྙིང་ 3-1-73 ག་ལྟེ་གསང་གཙུག་ཏོར་དུ་ནི་རང་གི་རྡོ་རྗེ་རྣམས་ཀྱི་ཡན་ལག་དགོད། །གཉིས་ཀའི་རིགས་ ལ་གནས་པའི་ཡན་ལག་སྒོ་རྣམས་ཀྱིས་ནི་གཉིད་ཀྱི་དུས་དང་མཆོད་དང་འཁྲིག་པ་ལ། ཞེས་ གསུངས་ཏེ་སྙིང་གའི་སྒྲས་ལྟེ་བར་ཧྲཱ་དང༌། མགོ་བོའི་སྒྲས་སྙིང་གར་ཧཱུཾ་དང༌། སྤྱི་གཙུག་གི་ སྒྲས་མགྲིན་པར་ཧྲཱ་དང༌། ཡན་ལག་ཐམས་ཅད་ཀྱི་བརྡས་མགོ་བོར་ཧྲིཾ་དང༌། མིག་གི་བརྡས་ གཙུག་ཏོར་དུ་ཧྲཾ་དང༌། མཚོན་ཆའི་བརྡས་གསང་གནས་སུ་ཧྲཱཿསྟེ། འཁོར་ལོ་དྲུག་ལ་སྲོག་གི་ ཡི་གེ་རྣམས་འབྱུང་བ་ཁམས་མཐུན་གྱི་སྦྱོར་ཚུལ་གཅིག་ཀྱང་མཛད་དེ། རྩ་རྒྱུད་ལས་སྙིང་ག་ སོགས་སུ་གསུངས་པ། དངོས་བསྟན་དེ་ཡང་དྲང་དོན་མཚོན་ཆ་ཙམ་གྱི་དོན་ཡིན་མོད། ངེས་ དོན་ནང་ཁམས་དྲུག་གི་དག་པ་དང་སྦྱར་ན། ཕྱི་མ་ལྟར་དགོས་པ་ལ་རྩ་རྒྱུད་ལས་སྙིང་ག་ སོགས་དྲུག་གི་སྒྲས་བསྟན་པ་དགོངས་པ་ཅན་སྒྲ་ཇི་བཞིན་པ་མ་ཡིན་པར་བཀྲལ་ན་ཕྱི་མ་ ལྟར་འོང་ཞེས་པའི་དོན་ཡིན་གྱི། ཁ་ཅིག་སྨྲ་བ་ལྟར་འགྲེལ་པས་འགྲེལ་པ་རང་ཉིད་དགོངས་ པ་ཅན་དུ་འཆད་པ་དང༌། སྙིང་གའི་སྒྲས་ལྟེ་བ་བསྟན་ཞེས་པ་ལྟེ་བའི་སྒྲས་སྙིང་ག་བསྟན་པའི་ དོན་དུ་འཆད་པའི་གོ་ཟློག་ཏུ་སྨྲ་བ་དེ་འདྲ་སྤང་བར་བྱ་ལ། རྩ་རྒྱུད་ལས་སྙིང་ག་སོགས་སུ་ བཤད་པ། བསྡུས་རྒྱུད་ལས་ལྟེ་བ་སོགས་སུ་གསུངས་པ་དང་སྦྱོར་བས་དོན་གྱི་གནད་གཅིག་ གོ་ཞེས་པའོ། །འོན་ཀྱང་འཁོར་ལོ་དྲུག་ཏུ་རིགས་དྲུག་གི་སྔགས་དངོས་ནི། ཐབས་ཤེས་ རིགས་དྲུག་གི་དབྱངས་དྲུག་པོ་རྣམས་ངེས་པའི་དོན་ཞེས་གསུངས་ཏེ་ངེས་པ་ཅན་གྱི་དོན་ ཡིན་ལ། དགོས་པའི་དབང་གིས་གཞན་སྣ་ཚོགས་སུ་སྦྱར་བ་ལ་ངེས་པ་མེད་དོ། །ཞེས་འཆད་ པ་ནི་གཉིས་ཀའི་རིགས་ལ་གནས་པའི་ཞེས་སོ། །གཉིས་པོ་དེ་ལ་དགོངས་པ་དགོངས་མིན་ དྲང་ངེས་སོ་སོར་འཇོག་པའི་དོན་གཞན་མེད་ཀྱང་སྔ་མ་རྒྱུད་སྡེ་གཞན་ལས་འབྱུང་བ་དང་གོ་ བསྟུན་པ་དང༌། ཕྱི་མ་དུས་འཁོར་ཉིད་ཀྱི་ངེས་གནས་ཀྱི་དོན་ཡིན་ཞེས་པ་ཙམ་ཞིག་ཡིན་པས་ གཉིས་པོ་གང་རུང་རེས་ཆོག་ཀྱང༌། འདི་ན་ཁ་ཅིག་གཉིས་ཀ་བྱེད་པ་ནི་སྤྱིར་ཡང་ལྷག་པོ་ 3-1-74 ཤོར་བ་ཡིན་ཅིང༌། སྒོས་སུ་ཡང་གང་རུང་གཅིག་ལ་ཡིད་མ་ཆེས་པའི་རྣམ་འགྱུར་དུ་སྣང་བས་ སྤང་བར་བྱའོ། །ༀ་སརྦ་ཏ་ཐཱ་སོགས་སྔགས་ཕྱི་མ་ནི། དྲུག་པོ་དེ་རྣམས་ཀྱི་ང་རྒྱལ་ཕྱོགས་ གཅིག་ཏུ་བཟུང་བ་ཙམ་མོ།། །། ལྔ་པ་ནི་སྤྱིར་བདག་བསྐྱེད་སྒྲུབ་ཐབས་ཉམས་ལེན་ཙམ་གྱི་གནས་སྐབས་སུ། ཡུལ་ བདག་གྲོང་བདག་གི་གཏོར་མ་སྐབས་འདིར་མ་བྱས་ཀྱང་ཆོག་མོད། བྱས་ན་ལེགས་པའི་ ཡན་ལག་ཡིན་ནོ། །འགའ་ཞིག་ལྟར་ཡུལ་བདག་གྲོང་བདག་གི་གཏོར་མ་ནི་ས་ཆོག་གི་ སྐབས་སུ་ཡིན་གྱི། སྐབས་འདིར་བྱེད་དུ་མི་རུང་ཟེར་བ་ནི་མ་ཡིན་ཏེ། དེ་ལྟར་འདོད་པ་པོ་ ཉིད་སྒྲུབ་ཐབས་ཀྱི་འགོར་སྔོན་འགྲོ་གཏོར་མ་ངེས་པར་བྱེད་པ་དང་ནང་འགལ་ལོ། །སྒྲུབ་ མཆོད་ལྟ་བུའི་བདག་བསྐྱེད་ལ་ནི་ངེས་པར་དགོས་ལ། དཀྱུས་ལ་ཡང་སྔོན་འགྲོ་གཏོར་མའི་ ཆོ་ག་ཡིན་པས་འགྲུབ་ན་ལེགས་སོ། །འདིའི་གཏོར་མ་བྱིན་རླབས་ནི། བསངས་སྦྱངས་སྔོན་ དུ་འགྲོ་བས་དམ་རྫས་ཉིད་ལ་དམིགས་ཏེ། ༀ་ༀ་བཛྲ་ཙནྡྲ་སོགས་སྔགས་བཞི་དང༌། ཕྱག་རྒྱ་ བཞི་དང༌། ཡིག་འབྲུ་བཞིའི་ཏིང་འཛིན་གྱིས་ཆོག་གི ། འཇིག་རྟེན་ཕལ་པ་ལ་དམ་རྫས་བཅུའི་ དབྱེ་བ་མི་དགོས་སོ། །དེ་ཡང་ཟླ་བས་རྩྭ་ཤིང་སོགས་དངོས་པོ་ཀུན་གྱི་དུག་སེལ་བ་དང་འདྲ་ བར། ༀ་གྱིས་རྫས་སྦྱོང་བ་དང༌། ཉི་མས་རོ་ནུས་སྨིན་ཅིང་རྒྱས་པར་བྱེད་པ་དང་འདྲ་བར་ ཨཱཿཡིས་སྤེལ་བ་དང༌། སྒྲ་གཅན་གྱིས་དངོས་པོ་རྣམས་ཀྱི་མདངས་དང་ནུས་པ་མ་འདྲེས་པ་ གསེལ་བར་བྱེད་པ་ལྟར་ཧཱུཾ་གིས་འབར་བ་དང༌། མཁའ་ལྡིང་དང་དུས་མེ་གཉིས་ཀར་དུག་ བདུད་རྩིར་བྱེད་པ་སོགས་དངོས་པོ་སྒྱུར་བའི་ནུས་པ་ཅན་ཡིན་པའི་ཕྱིར། མཁའ་ལྡིང་གི་ ཕྱག་རྒྱ་དང་ཧོཿཡིག་གིས་བདུད་རྩིར་བྱེད་པའོ། །འགའ་ཞིག་ཟླ་བ་མི་འགྱུར་བའི་བདེ་བས་ འགྱུར་བཅས་སྦྱོང་བ་དང༌། གཏུམ་མོ་འབར་བས་བདུད་རྩི་ཞུ་བ་དང༌། དུས་མེ་གཏུམ་མོའི་ མེས་བདེ་བ་འབར་བར་བྱེད་ཅེས་སོགས་ངེས་དོན་གྱི་བཤད་པར་རློམ་པ་ནི་རྟོག་བཟོ་འབའ་ 3-1-75 ཞིག་གོ །ཡུལ་བདག་གྲོང་བདག་ལ་མིང་མི་ཤེས་ན། ཡུལ་བདག་ཅེས་སམ། གནས་འདིའི་ བདག་པོ་ཞེས་སོགས་བརྗོད་པས་ཆོག་ཅིང༌། ཤེས་ན་མིང་དངོས་བརྗོད་ཀྱང་རུང་མོད། ཡང་ འགྲེལ་པ་ལས། མིང་གི་ཡི་གེ་མཉམ་པ་སྟེ་ཁ་འཆམ་ན། ཡི་གེ་ཐོག་མཐའ་གཉིས་བསྡུས་ པ། མ་ཧཱ་ཀཱ་ལ་ལ། མ་ལ་ཞེས་པ་ལྟ་བུ་དང༌། མིང་གི་ཡི་གེ་མི་མཉམ་ཞིང༌། ཡི་གེ་མང་ན་ ཐོག་བར་མཐའ་གསུམ་ནས་ཡི་གེ་རེ་བསྡུས་པ། དཎྜ་བྷཻ་ར་བ་ཞེས་པ་ལ་ད་བྷེ་བ་ཞེས་པ་ལྟ་ བུ་བརྗོད་པ་ཡིན་པར་བཤད་ལ། དེ་ལས་ཡུལ་བདག་ནི་མ་ག་དྷ་ན་གནས་པའི་ཡུལ་བདག་ ས་པ་རི་ཝ་ར་ཞེས་པ་ལྟ་བུ། གྲོང་བདག་ནི་རྒྱལ་པོའི་ཁབ་ན་གནས་པ་ས་པ་རི་ཝ་ར་ཞེས་ པ་ལྟ་བུ་སྟེ། ཡུལ་དང་གྲོང་ནི་སྤྱི་དང་བྱེ་བྲག་གི་ཁྱད་པར་རོ། །ས་ཆོག་སོགས་ཀྱི་སྐབས་སུ་ འདི་བྱེད་པ་ནི། བདུད་སྲེག་པ་དང༌། ཁྲོ་བོ་སྤྲོ་བ་དང༌། ཕུར་བུས་བཏབ་པ་དང༌། སྟང་སྟབས་ བྱེད་པ་སོགས་ཀྱི་སྐབས་སུ་གནོད་བྱེད་མ་ཡིན་པའི་གཞིར་གནས་རྣམས་ལ། འཕོག་ཐུག་མི་ འབྱུང་བའི་ཕྱིར་དང༌། ལས་ཀྱི་གྲགས་འཆོལ་བའི་ཕྱིར་ཡང་ཡིན་ནོ། །གོང་དུ་དྲངས་པ་ལྟར་ རྒྱུད་ལས་རྡོ་རྗེ་གསུམ་གྱི་ཞེས་འབྱུང་བ་ནི། རྡོ་རྗེ་གསུམ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ པས་གཏོར་མ་སྦྱིན་ཞེས་པའི་དོན་ཡིན་ན། དེ་ནི་ཡན་ལག་དྲུག་དགོད་པ་ཡན་ཆད་བྱས་པས་ འགྲུབ་བོ། །ཡང་ན་ༀ་ཨཱཿཧཱུྃ་གིས་མགོ་དྲངས་པའི་གཏོར་སྔགས་ཀྱིས་སྦྱིན་ཞེས་པའི་དོན་དུ་ ཡང་འགྱུར་རོ།། །། དྲུག་པ་ནི་རྡོ་རྗེ་བཞི་པོ་རྣམས་ཀྱིས་ཞེས་འབྱུང་བ། མདོར་བསྡུ་ན་གཙོ་བོའི་དོན་ལ། དཔྲལ་མགྲིན་སྙིང་ལྟེ་བཞིའི་རྡོ་རྗེ་ལས་མེ་སྤྲོས་པ་ཙམ་གྱིས་ཀྱང་ཆོག་ལ། གཞན་དུ་ན་ དཀྱུས་བཞིན་ཐམས་ཅད་སྒོམ་མོ། །དེ་ཡང་ཕལ་ཆེར་གོ་བླ་ལ། དོན་བསྡུ་ན་འཁོར་ལོ་དྲུག་ གི་རྩ་བྱིན་གྱིས་བརླབ་པ། ལས་དང་བྱ་བའི་འཁོར་ལོ་ལྷན་ཅིག་བྱིན་གྱིས་བརླབ་པ། དབང་ པོ་དྲུག་བྱིན་གྱིས་བརླབ་པ། ལས་དབང་དྲུག་བྱིན་གྱིས་བརླབ་པ་སྟེ། རྡོ་རྗེ་དགོད་པ་ལ་དོན་ 3-1-76 ཚན་བཞི་ཡིན་ལ། དེ་ལྟར་བདག་ཉིད་ཅེས་པ་མན་ཆད་བདུད་སྲེག་པ་དངོས་སོ། །འདིའི་ སྔགས་ནི་རྡོ་རྗེ་མེ་ཞེས་བྱ་བའི་ཁྲོ་བོའི་སྔགས་ཡིན་པས། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས་དང་ གཅིག་པར་བླ་མ་གོང་མ་རྣམས་བཞེད་དོ། །རྡོ་རྗེའི་རྭ་རྣམས་ཀྱི་གྲངས་ནི་ལྷག་པོ་རེ་རེ་རྩ་ འཁོར་གྱི་ལྟེ་བའི་ཡིན་ལ། གཞན་རྣམས་རྩ་འདབ་ཀྱི་གྲངས་སོ། །ལྕེ་དང་ལྕེ་ཆུང་ཞེས་པའི་ ལྕེ་ནི་རོ་མྱོང་བྱེད་ལྕེ་དབང་ཡིན་ཞིང༌། དེའི་རྡོ་རྗེའི་ལྕེའི་རྩ་བའི་ཕྱོགས་སུ་འགོད་ལ། ལྕེ་དང་ རྐན་དག་ལ་ཞེས་པ་ནི། ངག་སྨྲ་བའི་ལས་དབང་གི་ལྕེ་སྟེ། དེའི་རྡོ་རྗེ་ལྕེའི་རྩེ་མོ་ལ་འགོད་ ཅིང༌། ཡིད་ཀྱི་རྩ་ཨ་ཝ་དྷཱུ་ཏི་དང༌། ཁུ་བའི་རྩ་དུང་ཅན་མ་དང༌། གཙུག་ཏོར་དང་མགོ་བོ་ཞེས་ པའི་མགོ་བོ་ནི། འཚོགས་ཀའམ། སྐྲ་མཚམས་དང༌། གསང་བ་ནི་ལྟེ་འོག་སོར་བརྒྱད་ཀྱི་ལུས་ ཀྱི་དབུས་ཡིན་ཅིང༌། དཔྲལ་བའི་རྡོ་རྗེ་རྩེ་མོ་བཅུ་བདུན་པ་ནི། རྩ་འཁོར་དངོས་སྤྱི་བོ་བདེ་ བ་ཆེན་པོའི་འཁོར་ལོ་ཡིན་པས། དཔྲལ་བའི་དཀྱིལ་དང་མཐོ་དམན་མཉམ་པ་ལ་དཔྲལ་ བ་ཞེས་བརྗོད་མོད། རྩ་འཁོར་དེ་དཔྲལ་བའི་ངོས་ལ་ཟུར་ལངས་སུ་གནས་པ་མ་ཡིན་ཀྱང༌། འདིར་དམིགས་པས་བསྒྱུར་ཏེ། མེ་སྤྲོ་བ་བླ་བའི་དོན་དུ་དེ་ལྟར་བསྒོམ་དགོས་ཞེས་ཀྱང་ཟེར་ རོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་པར་བཤད་པ་ལས། སྤྱི་ཆིངས་དང་ སྔོན་འགྲོ་སྣ་ཚོགས་པའི་སྡེ་ཚན་ཏེ་གསུམ་པའོ།། །། གཉིས་པ་སྲུང་འཁོར་དངོས་གཞི་ལ། རྟེན་གྱི་སྲུང་འཁོར་བསྐྱེད་པ། གཙོ་བོ་རྡོ་རྗེ་ཤུགས་ བསྐྱེད་པ། ཕྱག་རྒྱ་དང་ཕྱག་མཚན་དགོད་པ། བཀའ་སྦྱིན་པོའི་ང་རྒྱལ་འཛིན་པ། འཁོར་ ཚོགས་སྤྲོ་བ། སྲུང་འཁོར་གྱི་ང་རྒྱལ་བཟུང་སྟེ་བཀའ་བསྒོ་བ། གནོད་བྱེད་ལ་ཕུར་བུས་ གདབ་པ་སྟེ་བདུན་ནོ།། །། དང་པོ་ནི། ཧཾ་ལས་བྱུང་བའི་ནམ་མཁའི་རང་བཞིན་ཞེས་པ་ནས། དེ་དང་མཉམ་པའི་ཉི་ མའི་གདན་ཞེས་པའི་བར་ཏེ། འབྱུང་བཞིའི་དཀྱིལ་འཁོར་འོག་གཞལ་ཡས་ཁང་གི་སྐབས་ 3-1-77 སུ་འཆད་པར་འགྱུར་བ་དང་འདྲ་ལ། སྣ་ཚོགས་རྡོ་རྗེ་ཁ་སྦྱར་བས་ཞེས་པ་ཡང་ཁ་ཅིག་དཀྱིལ་ འཁོར་རེ་རེའི་སྟེང་དུ་ཁ་སྦྱོར་རེ་དང༌། འོག་ཏུ་ཁ་སྦྱོར་རེ་འདོད་པ་དང༌། གཞན་དག་འོག་དང་ སྟེང་དུ་རེ་རེ་ཀ་ཡིན་ཀྱང་ཆོད་ཆེ་བས་འབྱུང་བཞི་སོ་སོའི་དབུས་སུ་རྒྱ་གྲམ་གཉིས་པོ་རེག་པ་ དེ་གཉིས་ཁ་སྦྱོར་ཞེས་བྱ་ལ། འོག་དངོས་གཞིའི་སྐབས་སུ་མ་རེག་པའོ། །ཞེས་འདོད་ཀྱང༌། འདི་དང་འོག་གི་དངོས་གཞིའི་སྐབས་ལ་ཚིག་གི་བརྗོད་ཚུལ་མི་གཅིག་པ་ཙམ་ལས་དོན་ལ་ ཁྱད་པར་མེད་དོ། །དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པ་ཞེས་སོགས་ནི། དངོས་གཞིའི་ སྐབས་སུ་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་གཞལ་མེད་ཁང་སྒོམ་པ་འཁོར་ལོ་སྡོམ་ པ་སོགས་མ་རྒྱུད་མང་པོ་དང་མཐུན་ཅིང༌། སྲུང་འཁོར་གྱི་སྐབས་འདིར་འབྱུང་བཞི་ཡོངས་ སུ་གྱུར་པ་ལས་ཁང་བརྩེགས་སོགས་སྒོམ་པ། གསང་འདུས་ལ་སོགས་པ་ཕ་རྒྱུད་གྲགས་ཆེ་ བ་རྣམས་དང་མཐུན་ཞེས་གསུངས་པ་ནི། རྒྱུད་སྡེ་གཞན་གྱི་ཆོ་ག་འདིར་དྲངས་པའི་དོན་མ་ ཡིན་གྱི། དུས་འཁོར་རང་གི་ཆོ་གའི་བབས་ལ་དེ་བཞིན་དུ་ཡོད་པ། རྒྱུད་དེ་དག་ལས་འབྱུང་ བ་དང་ཚུལ་འདྲའོ་ཞེས་འདྲ་ཚུལ་གསུངས་པ་ཡིན་ནོ། །ཤེས་རིན་པ་སོགས་འབྱུང་བཞི་གྱུར་ པའི་གཞལ་ཡས་ཁང་དང༌། འབྱུང་བཞིའི་སྟེང་དུ་གཞལ་ཡས་ཁང་སྒོམ་པ། ཕ་མ་སོ་སོའི་ རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཚུལ་སོགས་སྨིན་གྲོལ་གྱི་སྐབས་ཐམས་ཅད་དུ་ བླ་མེད་རིགས་གསུམ་གྱི་དབྱེ་བ་ཤིན་ཏུ་མང་བ་ཡོད་སྐད་དང༌། ཕན་ཚུན་གོ་བསྟུན་པ་མང་ པོ་ཡོད་ཚུལ་སོགས་དོན་མེད་ཀྱི་བཤད་པ་མང་པོས་སློབ་མ་རྣམས་ཀྱི་བློ་གྲོས་གྲོན་དུ་བྱེད་ པ་མང་དུ་བྱུང་མོད། དེང་སང་རྗེས་འཇུག་མེད་ཅིང་དགོས་པ་ཆུང་བས་འདིར་དགག་སྒྲུབ་ མ་སྨོས་སོ། །གང་ལྟར་ཡང་འདིར་འབྱུང་བཞི་གཅིག་ཏུ་གྱུར་པ་ལས་རྡོ་རྗེའི་ས་གཞི་ཤིན་ཏུ་ ཡངས་ཤིང་རྒྱ་ཆེ་ལ་འཐུག་ཅིང་དཔངས་མཐོ་བ་དབུས་ཀྱི་ཆ་ལ་རྡོ་རྗེའི་ཁང་བརྩེགས་སུམ་ ཐོག་ཅན་དང༌། དེའི་ཕྱི་རོལ་རྡོ་རྗེའི་རྭ་བ་སྟེ་ལྕགས་རི་ཕྱི་ནང་གཉིས་ཡོད་པ་ལས། ནང་མ་ 3-1-78 རྩིག་པ་རིམ་པ་གསུམ་དང་། ཕྱི་མ་རྩིག་པ་རིམ་པ་ལྔ་ཡོད་པ། དེ་དག་དཀྱིལ་འཁོར་དངོས་ གཞིའི་སྐབས་ཀྱི་རྩིག་པ་དང་འདྲ་ལ། འོན་ཀྱང་རྩིག་པ་ཕྱི་ནང་གི་རིམ་པ་ལ་ནི། ལུགས་ འབྱུང་ལུགས་ཟློག་གི་རིམ་པ་གང་བྱས་ཀྱང་འདྲ་བར་མངོན་ཏེ། སྲུང་བ་ནི་ཞི་བར་འདུས་ལ། བཟློག་པ་ལ་ཞི་དྲག་གཉིས་ཀར་ཡོད་ཅིང༌། ཕུར་གདབ་ནི་དྲག་པོ་ཡིན་པའི་ཕྱིར་རོ། །དེ་ལ་ རྭ་བ་ལྔ་པའི་ལྕགས་རི་ནི་རྡོ་རྗེའི་ས་གཞི་དེ་ཉིད་ཀྱི་མཐའ་སྐོར་མཚམས་སུ་ཡོད་ཅིང༌། རྡོ་ རྗེའི་ས་གཞི་དེ་ཡང་ཟླུམ་པོ་ཕྱེད་གཤགས་ཁ་གྱེན་དུ་བསྟན་པའི་རྣམ་པ་ཅན་ཡིན་ལ། རྭ་བའི་ སྟེང་དུ་གུར་ཕུབ་པས་གུར་རྭ་བ་དང་བཅས་པ་ཡང་ཕྱི་ནས་བལྟས་ན་ཟླུམ་པོ་ཕྱེད་གཤགས་ ཀྱི་རྣམ་པ་ཅན་ལྷུང་བཟེད་རྒྱ་གར་མ་ལྟ་བུ་སྟེ་དེ་གཉིས་ཁ་སྦྱར་བས་དབྱིབས་ཟླུམ་པོ་ཡིན་ ལ། དྲ་བའི་འགྲམ་མན་ཆད་ཀྱི་ས་གཞིའི་ཕྱི་རོལ་ཐམས་ཅད་དུ་མདུང་གི་རྭ་བ་རྩེ་མོ་ཕྱིར་ བསྟན་དང༌། སྟེང་གི་གུར་མཐའ་སྐོར་གྱི་རྭ་བ་དང་བཅས་པའི་ཕྱི་རོལ་ཐམས་ཅད་མདའི་དྲ་ བས་བསྐོར་བ་སྟེ་མདའ་དྲ་ནི་སྤྱི་དང་འདྲའོ། །དེའི་དབུས་སུ་རྡོ་རྗེའི་ས་སྟེགས་ཕྱོགས་བཞི་ མཚམས་བཞིར་སྒོ་གཏོད་པ། འོག་གཞི་རྡོ་རྗེའི་ས་གཞིའི་སྟེང་དུ་ཁོང་སྟོང་ཁང་པ་འདྲ་བ་ མཐའ་སྐོར་ཟླུམ་པོ། དེའི་སྟེང་གི་མཐའ་སྐོར་དུ་ལྕགས་རི་རྩིག་པ་རིམ་གསུམ་ཅན་དེའི་སྟེང་ གི་ཡང་གུར་སོགས་སྔར་དང་འདྲ། འདི་ལ་ཡང་མདུང་དང་མདའི་རྭ་བ་སྔར་བཞིན་འགོད་ པའམ། བསྡུ་ན་མ་བཀོད་ཀྱང་ཆོག་གོ །དེ་ལྟར་བྱེད་པའི་ལུགས་ལ་དེའི་ནང་ཟླུམ་པོའི་ཚད་ དུ་ས་གཞི་ཟླུམ་པོ་ཕྱེད་བཀས་ལྟ་བུའི་འོག་མཐའ་དང་ས་གཞིའི་བར་ལ་མདུང་དང༌། སྲུངས་ མ་ཉིས་སྦྲག་བར་མཚམས་དང་བཅས་པ་ཤོང་བའི་བར་སྟོངས་ཡོད་པ། དེས་ན་ས་སྟེགས་ ལ་རྒྱའི་ཕྱེད་ལ་བར་སྟོངས་དེས་ལྷག་པའི་དཔངས་སོ། །དེའི་སྟེང་གི་དབུས་ཀྱི་ས་གཞི་ལ་སྔ་ མ་དང་འདྲ་བའི་རྡོ་རྗེའི་ས་སྟེགས་ཁོང་སྟོང་གི་སྟེང་དུ་ཁང་པ་བརྩེགས་པ་བསམ་མོ། །ཁང་ པ་བརྩེགས་པའི་ཁ་དོག་ནི། ཕྱོགས་མདོག་གམ་ལྗང་ཁུའོ། །དེ་ལ་ཡུལ་འཁོར་གྱི་མཚམས་ 3-1-79 སུ་རྭ་བ་ལྔ་དང༌། ས་དང་ནམ་མཁའ་འབྱར་བར་སྣང་བའི་མཚམས་སུ་རྭ་བ་གསུམ་དང༌། ཁང་བརྩེགས་ཁྲུ་ཉིས་བརྒྱ་པ་ཞེས་པ་རྣམས་དཀྱིལ་འཁོར་གྱི་ས་ཆོག་སོགས་ཕྱིའི་བྱ་བ་དང་ འབྲེལ་བ་རྣམས་ལ་ཆོ་ག་མ་གྲོལ་གྱི་བར་དུ་ཡུལ་ཕྱོགས་དེར་བགེགས་མི་འཇུག་པའི་དོན་དུ། དེ་ལྟར་བཤད་པ་ཡིན་གྱི་རྒྱུན་གྱི་རྣལ་འབྱོར་ལ་ཚད་དེ་ལྟར་ངེས་པ་མེད་མོད། དེ་ལྟར་བྱེད་ ནའང་མི་འགལ་ལོ། །འདིར་གྱི་ཇོ་སོགས་འགྱུར་རྙིང་འགའ་ལས། ཁང་བརྩེགས་ཁྲུ་ཉིས་ སྟོང་པ་ཞེས་པའང་ཡོད་པ་ཉིས་བརྒྱ་དང་ཉིས་སྟོང་གང་ཡིན་བརྟག་པར་བྱ་བའི་གནས་ཅུང་ ཟད་ཡོད་དོ། །དེ་ལ་ས་དང་ནམ་མཁའ་འབྱར་བར་སྣང་བ་ཞེས་པ་དང༌། ཐོ་རངས་ནས་ནི་ གྲིབ་མའི་མཚམས་སུ་ཞེས་པའི་དོན་བོད་འདིར་ཕྱིས་རྣམ་གྲངས་ཅལ་ཅོལ་སྨྲ་བ་མང་ཡང༌། སྙིང་པོ་འདི་ཡིན་ཏེ། རྒྱ་གར་ལྟ་བུ་ས་སྙོམས་ཤིང་རི་མེད་པའི་དབང་དུ་བྱས་ནས། རི་རྩེ་དང་ མཁར་གྱི་རྩེ་སོགས་མིན་པ་ཐང་དཀྱིལ་ནས་བལྟས་ན་ཐོ་རངས་ཀྱི་མཐར་ཉི་མ་འཆར་བའི་ ཚེ་ས་འདི་ལྟ་བུའི་ཐད་ནས་ཉི་མ་ཤར་རོ། །གྲིབ་མ་སྟེ་ཉི་མ་ནུབ་པའི་ཚེ་ས་འདིའི་ཐད་ཀར་ཉི་ མ་ནུབ་བོ་སྙམ་པ་འབྱུང་བའི་ས་ཐང་དེ་ཉིད་ཤར་ནུབ་ཏུ་གནམ་ས་འབྱར་བ་ལྟ་བུར་སྣང་བའི་ ས་མཚམས་ཡིན་ཞིང༌། ལྷོ་བྱང་དུ་ཡང་དེ་དང་འདྲ་བས་ཟླུམ་པོར་སྣང་ངོ༌། །ཞེས་བྱ་སྟེ། འདི་ ལ་དཔག་ཚད་བཅུ་གཉིས་ཀྱི་ཚད་ཟླུམ་པོར་བསྐོར་བ་ཡོད་ཅེས་པཎྜི་ཏ་གང་བའི་རྡོ་རྗེ་གསུང་ ངོ༌། །ཡུལ་འཁོར་ནི་ཁ་ཅིག་རང་དང་སྡེ་གཅིག་པས་བཟུང་བའི་ཡུལ་འཁོར་ལ་འཇོག་དགོས་ ཟེར་ཏེ། དེ་ནི་སྤྱིར་ཡང་ཚད་མ་ངེས་ཤིང༌། སྒོས་སུ་སྒྲུབ་པ་པོ་མཐའ་དབུས་གང་དུ་སྡོད་ མ་ངེས་པས་ཚད་བཟུང་དཀའ་ན། འོན་ཀྱང་འདི་ནི་དེ་འདྲ་མ་ཡིན་པར་ངེས་ཅན་ཏེ། སྔོན་ མ་ལས་ཉིས་འགྱུར་གྱི་ཚད་ཙམ་ཕྱི་རོལ་ཏུ་བསྐོར་བར་བྱས་ན་ལེགས་ཏེ། རྒྱ་གར་རྒྱ་ནག་ སོགས་ཡུལ་བཟང་པོ་རྣམས་སུ་རྒྱལ་ཁམས་ཞེས་པ་གྲོང་འབུམ་གྱི་ས་ཡུལ་ཡང་དེ་ཙམ་ཡོད་ དོ་ཞེས་གསུང་ངོ༌། །ཚད་ངེས་ཅན་བྱེད་ན་དེ་ལྟར་འཐད་ལ། དེ་དག་ཚད་སྟོན་པ་ཡིན་གྱི་རང་ 3-1-80 སྡོད་སའི་མཐོང་ཡུལ་དང་བསྟུན་པ་མིན་པས། ཡུལ་གང་དུ་སྒོམ་ཀྱང་འདྲའོ། ཁ་ཅིག་ཡུལ་ འཁོར་གྱི་མཚམས་བསྲུང་བྱ་རྒྱ་ཆེ་ཆུང་དང༌། གནམ་ས་འབྱར་བར་སྣང་བའི་མཚམས་ལུང་པ་ ཡངས་དོག་གིས་མ་ངེས་པར་འགྲོ་ཟེར་བ་ནི་ཤིན་ཏུ་འཁྲུལ་ཏེ། དེ་ལྟར་ན་ཕུག་པ་ཟབ་མོ་ན་ གནས་པ་ན། གནམ་ས་འབྱར་བར་སྣང་བ་གཏན་ནས་མེད་པ་དང༌། རི་དྲུང་ན་གནས་པ་ལ་ ཡོན་པོར་སྣང་བ་དང༌། རྭ་བ་ལྔ་པ་དང༌། གསུམ་པ་དེ་དང་དེའི་མཚམས་སུ་གསུངས་པ་ཡིན་ པས། རྭ་བ་དེ་གཉིས་ཕྱི་ནང་ངེས་མེད་དང༌། བསྣོལ་མ་ལ་སོགས་པར་ཐལ་བར་འགྱུར་བའི་ ཕྱིར་རོ། །དེས་ན་ཐང་ཡངས་ལ་ས་གཞི་ཟླུམ་པོར་སྣང་བའི་ཚད་དང་ཡུལ་འཁོར་བཟང་པོ་ ཞིག་ཏུ་གྲོང་ཁྱེར་མ་ཡིན་པའི་ཐོར་བུ་གྲོང་འབུམ་འཆགས་ཐུབ་པའི་ཡུལ་ཕྱོགས་ཀྱི་ཚད་ཙམ་ བསྒོམ་པའི་དོན་ཡིན་ཅིང༌། དེས་ན་གྲིབ་མ་ཞེས་པའང༌། ཉི་མ་ནུབ་སའི་མཚམས་ལ་ཟེར་གྱི། ཁང་པའི་གྲིབ་མས་གང་དུ་སླེབ་པ་ལ་ངོས་འཛིན་པ་ནི། ཟླུམ་པོར་སྣང་བ་དང་ཤིན་ཏུ་འགལ་ ལོ། །དེས་ན་སྐབས་འདིའི་ས་གཞི་དང་རྭ་བ་རིམ་གསུམ་དང་ཚད་འདི་དག་ལ། བོད་ཀྱི་ ཕྱོགས་འདིར་ཕྱི་རབས་ཀྱི་དུས་སུ་རྣམ་རྟོག་མི་འདྲ་བ་ཇི་སྙེད་ཅིག་བྱུང་འདུག་ཀྱང༌། དོན་ལ་ མི་གནས་པ་ཤ་སྟག་ཏུ་འདུག་ཅིང༌། དགག་སྒྲུབ་ཀྱང་འགངས་ཆུང་བས་འདོད་པ་བསྐྱར་བ་ ལ་དགོས་པ་མི་སྣང་ངོ༌། །རྭ་བ་འགོད་པའི་སྔགས་ལ་ༀ་ཨཱཿཧཱུྃ་རཿཞེས་འབྱུང་བ་ནི་རྡོ་རྗེ་བཞི་ དང་ཉི་ཟླ་སྒྲ་དུས་བཞིའི་ས་བོན་ཡིན་པས། ལྕགས་རི་གཉིས་ཅར་རྡོ་རྗེ་བཞིའི་རང་བཞིན་དུ་ བྱིན་གྱིས་རློབ་པར་བྱས་ཀྱང་རུང༌། ཡང་ན་འབྲུ་གསུམ་རྭ་བ་ནང་མ་དང༌། རཿཡིག་ཡེ་ཤེས་ རྡོ་རྗེ་རྭ་བ་ཕྱི་མའི་ས་བོན་དུ་བྱས་ཀྱང་འགལ་བ་མེད་དོ། །ཁང་བརྩེགས་ཁྲུ་ཉིས་བརྒྱ་པ་ཞེས་ པ་ནི། ཞིབ་རྩིས་ཀྱི་དབང་དུ་བྱས་ན་ཁྲུ་བརྒྱད་ཀྱིས་དམན་པ། ཞེས་གསུང་པའང་ཡོད་ལ། འོན་ཀྱང་འདིར་ཁྲུ་ཉིས་བརྒྱ་ཞེས་པ། རྒྱ་དཔངས་གཉིས་ལས་རྒྱ་ཚད་སྟོན་པར་གསལ་ཏེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་རྣམ་པར་གཞག་པ་སོགས་ཀྱིས་རིགས་འགྲེ་བས་ 3-1-81 སོ། །ཐོག་རིམ་པ་གཅིག་ལ་དེའི་རྒྱ་ཕྱེད་དཔངས་སུ་བྱ་ལ། བརྩེགས་མ་གསུམ་ཀར་ཡང་དེ་ དང་འདྲ་ཞིང༌། སོ་སོའི་ཐོག་གི་རྔམས་དང༌། སྟེང་མ་ལ་ཧར་མི་སོགས་བཀོད་ན། ཉིས་འགྱུར་ གྱིས་དཔངས་མཐོ་བར་འགྱུར་རོ། །ཁྲོ་བོ་བཅུའི་བཞུགས་གནས་རྩིབས་བཅུའི་འཁོར་ལོ་མི་ བྱེད་ན། ཁང་བརྩེགས་བར་མའི་དབུས་སུ་གཙོ་བོའི་གདན་ཉིད་བྱེད་ལ། དེའི་ཚེ་རྡོ་རྗེ་ཤུགས་ ཀྱི་བཞུགས་གདན་འཁོར་ལོ་རྩིབས་བརྒྱད་དང༌། པདྨ་འདབ་བརྒྱད་འདམ་ཁ་ཡིན་ཅིང༌། རྩིག་པའི་ནང་ལ་མ་རེག་ཙམ་གྱི་ཕྱོགས་མཚམས་བརྒྱད་དུ་ཁྲོ་བོ་བརྒྱད་དང༌། གཙོ་བོའི་དབུ་ ཐོག་དྲང་ཐད་མ་ཡིན་པར་ཅུང་ཟད་ཤར་དུ་འཕགས་པའི་སྟེང་ཁང་ནང་དུ་ཁྲོ་བོ་གཙུག་ཏོར་ གྱི་གདན་དང༌། དེ་བཞིན་དུ་འོག་ཁང་ནང་གི་རྡོ་རྗེའི་ས་གཞིའི་མིང་ཅན་ས་མཐིལ་ལ་ཉེ་བར་ ཁྲོ་བོ་གནོད་མཛེས་ཀྱི་གདན་བྱའོ། །གལ་ཏེ་ཁང་བརྩེགས་ཀྱི་ནང་དུ་འཁོར་ལོ་རྩིབས་བཅུ་ པ་ཡང་སྒོམ་ན། ཁང་བརྩེགས་འོག་མ་དང་བར་མ་གཉིས་ཀའི་ཐོག་གི་དབུས་སུ། ཁང་པའི་ ཐོག་རྒྱའི་སུམ་ཆའི་ཚད་ཙམ་གྱི་མཐོངས་ཀ་ཟླུམ་པོ་བྱ། མཐོངས་ཀ་གཉིས་ཀྱི་བར་དུ་འཁོར་ ལོའི་ལྟེ་བ་ཟླུམ་པོ་དང༌། བར་ཁང་གི་དབུས་སྐེད་མཚམས་དྲང་ཐད་དུ་འཁོར་ལོའི་རྩིབས་ བརྒྱད་པོ་རྣམས་རྩེ་མོ་རྩིག་པ་ལ་མ་རེག་ཙམ་དང༌། སྟེང་འོག་གི་རྩིབས་སྦུབས་ཅན་གཉིས་ སྟེང་འོག་གི་ཁང་བརྩེགས་ཀྱི་ནང་དུ་བྱུང་ནས། སྟེང་གི་རྩེ་མོ་སྟེང་ཐོག་ལ་ལྟེ་ཁུང་དང༌། འོག་ གི་རྩེ་མོ་ས་གཞིའི་ནང་དུ་ལྟེ་ཁུང་ཡོད་པ་ལ་ཆུག་པའོ། །འཁོར་ལོ་དེའི་ལྟེ་བ་སྦུབས་སྟོང་གི་ ནང་དུ་གཙོ་བོའི་གདན་དང༌། འོག་གི་རྩིབས་ཀྱི་སྦུབས་སྟོང་གི་ནང་འོག་ཕྱོགས་ལ་ཉེ་བ་སྦོམ་ ཕྲའི་མཚམས་ཙམ་དུ་འོག་གི་ཁྲོ་བོ་དང༌། སྟེང་གི་ཐོག་ལ་ཉེ་བའི་རྩིབས་སྦོམ་ཕྲའི་མཚམས་ ཙམ་དུ་སྟེང་གི་ཁྲོ་བོ་བཞུགས་པས་དེ་དང་མཚམ་པའི་གདན་དང༌། ཕྱོགས་མཚམས་ཀྱི་ རྩིབས་རལ་གྲིའི་རྩེ་མོ་བཅད་པ་ལྟ་བུའི་སྟེང་སོ་སོའི་དཀྱིལ་དྲང་ཐད་དུ་ཕྱོགས་མཚམས་ཀྱི་ ཁྲོ་བོ་རྣམས་ཀྱི་གདན་ནོ། །པདྨ་ཁྲུ་བཅུ་གཉིས་པ་དང༌། ཉི་མ་ཁྲུ་བཞི་པ་ཞེས་པ་རྡོ་རྗེ་ཤུགས་ 3-1-82 ཀྱི་སྐུ་ཚད་ཇི་ཙམ་ཡིན་པ་དེའི་ཁྲུའོ། །ལྷག་མ་དཀྱུས་ཉིད་ཀྱིས་གོ་བླའོ།། །། གཉིས་པ་ནི་སྒྲུབ་ལེ་ལས། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ནི་གཉིས་ལྷག་རྒྱལ་བའི་ཕྱག་ དང་རིག་བྱེད་ཞལ་དང་ཞབས་གཉིས་པ། །དམར་སེར་སྤྱན་དང་དབུ་སྐྲ་དམར་སེར་རྒྱལ་ བའི་བདག་པོའི་ཅོད་པན་མཆེ་བ་རྣོན་པོ་གཙིགས་པ་སྟེ། །སྦྲུལ་གྱི་རྒྱན་དང་རབ་མཆོག་སྟག་ གི་པགས་པའི་ཤམ་ཐབས་དང་ནི་གཙོ་བོ་བཞིན་དུ་མཚོན་ཆའི་ཕྱག །སྤྱི་བོར་མཐའ་དག་ རྒྱལ་བའི་རིགས་ཀྱི་ཐོད་པ་ཁ་དོག་ལྔ་རྣམས་དག་གི་འཕྲེང་བ་ངེས་པར་བཅིངས། །དྲི་མེད་ འོད་ཟེར་འཕྲོ་བ་སྣ་ཚོགས་ཆུ་སྐྱེས་ཉི་མའི་སྟེང་དུ་དཀྱིལ་འཁོར་སྣ་ཚོགས་མདོག་ལ་ནི། ། ཞབས་གཉིས་དག་གིས་འབྱུང་པོའི་མགོན་པོ་ལྷག་པའི་སྟོབས་ཀྱིས་མནན་ཅིང་གཡས་ བརྐྱང་སྟབས་ཀྱིས་ཡང་དག་གནས། །ཞེས་གསུངས་པ་ལྟར་ཏེ། དེ་ལ་རྒྱུད་ཚིག་འདི་ཁོ་ནའི་ འགྲེལ་པར་ཧཱུཾ་དང་རྡོ་རྗེ་ལས་བསྐྱེད་པ་ཡང་བཤད་ཅིང༌། དེ་ནི་སྒྲུབ་ཐབས་ལོགས་པའི་ དབང་དུ་བྱས་པ་ཡིན་ལ། སྲུང་འཁོར་གྱི་སྐབས་སུ་ས་བོན་འབའ་ཞིག་ལས་བསྐྱེད་པས་ཀྱང་ ཆོག་སྟེ། ལར་དེ་གཉིས་འདམ་ང་ཡིན་མོད། མངོན་བྱང་ལྔ་བསྐྱེད་སོགས་ཐོབ་ཐང་མེད་དོ། ། དེ་ལ་གཞན་རྣམས་གོ་བླ་ལ། རྒྱལ་བའི་བདག་པོ་མི་བསྐྱོད་པར་ཡིན་པར་བཤད་པས་མི་ བསྐྱོད་པའི་ཅོད་པན་ཅན་ནོ། །མཆེ་བ་རྣོན་པོ་གཙིགས་པ་ཞེས་པས་ཤིན་ཏུ་ཁྲོས་པར་བསྟན་ པའི་ཕྱིར་རོ། །སྐུ་ཡང་ཅུང་ཟད་སྦོམ་ཐུང་ངོ༌། །གཉིས་ཀྱིས་ལྷག་པའི་རྒྱལ་བ་ཉི་ཤུ་རྩ་བཞིའི་ ཕྱག་ཞེས་པས་ཕྱག་ཉེར་དྲུག་ཐ་མ་གཉིས་ཀྱིས་གླང་ལྤགས་འཛིན་པའོ། །དམར་སེར་སྤྱན་ ཞེས་པ་ནི་གུར་གུམ་མདོག་མ་ཡིན་གྱི་མེ་འོད་ལྟར་དམར་པོའོ། །ཐོད་པ་ཁ་དོག་ལྔ་ཞེས་པ་ཁ་ དོག་རིགས་ཀྱི་དོན་ཡིན་པས། རྒྱལ་བ་རིགས་ལྔ་མཚོན་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར་ཁ་དོག་ རང་ཡང་ལྔར་བྱེད་པ་མི་འགལ་ལོ། །དཀྱིལ་འཁོར་སྣ་ཚོགས་མདོག་ལ་ཞེས་པ་ནི། རྡོ་རྗེ་ ཤུགས་ཉིད་ལོགས་སུ་སྒོམ་པའི་དབང་དུ་མཛད་ནས། གཞལ་ཡས་ཁང་ཕྱོགས་མདོག་གི་ 3-1-83 དོན་ཡིན་མོད། སྐབས་འདིར་ཡང་རྡོ་རྗེའི་ས་གཞི་དང་ཁང་བརྩེགས་ལ་སྦྱོར་དུ་རུང་ངོ༌། ། འབྱུང་པོའི་མགོན་པོ་ནི། ཡི་དྭགས་ཀྱི་མགོན་པོ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ཡིན་པར་ གསུངས་ཤིང༌། འདིའི་རྗེས་སུ་འབྱུང་པོ་རྣམས་ཀྱི་གཙོ་བོ་གང་ཡིན་པ་དེ་དང་དེ་ཞབས་འོག་ ཏུ་མནན་པ་བསྒོམས་པས། དེ་རྣམས་འཁོར་བཅས་འགྲུབ་པར་འགྱུར་ཞེས་ལོགས་སུ་ གསུངས་པས། གཞན་གྱིས་མི་ཐུབ་པ་ཞབས་འོག་ཏུ་གནོན་པ་ནི། དཀྱུས་ཀྱི་རྣལ་འབྱོར་ལ་ ཡིན་གྱི། འགའ་ཞིག་གི་འདོད་པ་ལྟར་འབྱུང་པོ་སྒྲུབ་པ་ཁོ་ནའི་སྐབས་མ་ཡིན་ནོ། །ཡང་སྒྲུབ་ ལེའི་བརྒྱ་སོ་གཅིག་པ་དང་སོ་གཉིས་པར། རྡོ་རྗེ་འཇིགས་བྱེད་ཐོད་པ་ཅན་གྱི་སྒྲུབ་ཐབས་ གསུངས་པ་ན་འདི་སྐད་ཅེས། ཕྱོགས་ནི་ལྷག་པ་ལས་བྱུང་བུང་བ་དང་ནི་གསེར་དང་མཚུངས་ པ་གཡས་དང་གཅིག་ཤོས་དག་གིས་ནི། ཕུང་པོའི་བདུད་ཉིད་གླང་ཆེན་པགས་པ་དག་ཀྱང་ མ་ལུས་བཤུས་ཏེ་རྐང་པ་ཟུང་ཞིག་དག་ནས་འཛིན། །ལྷ་མིན་དབང་པོའི་ཁྲག་གི་ཐོད་པ་རབ་ མཆོག་ཕྱག་མཐིལ་ན་ཏེ་འཆི་བདག་བདུད་ཀྱི་གདོང་གི་ཕྱག །ཉོན་མོངས་བདུད་ནི་ཞབས་ ཀྱིས་བསྒྱེལ་བ་གཉིས་ལྷག་རྒྱལ་བའི་ཕྱག་ཅན་གཞན་གྱི་དོན་དུ་བསྒོམ་པར་བྱ། །དེ་ལ་ཡུམ་ ནི་ཞལ་གཅིག་ཟུང་གི་ཕྱག་གི་པདྨ་དག་ལ་གྲི་གུག་དཔལ་ལྡན་ཐོད་པ་སྟེ། །ཞེས་གསུངས་ ཤིང༌། ཡུམ་གྱི་མཚན་ཡང་སྐབས་འདིར་སྣ་ཚོགས་ཡུམ་ཉིད་དོ། །འདི་དང་སྡོམ་ཆེན་གྱི་གཙོ་ བོ་ཕལ་ཆེར་རྣམ་པ་མཚུངས་ཤིང༌། དེ་དང་རྡོ་རྗེ་ཤུགས་ཀྱང་ཕལ་ཆེར་རྣམ་པ་མཚུངས་པར་ གསུངས་པས། ཡུམ་གྱིས་འཁྱུད་པའི་ཁྱད་པར་མ་གཏོགས། འཇིགས་བྱེད་ཐོད་པ་ཅན་གྱི་ སྐབས་སུ་གསུངས་པ་རྣམས་འདིར་ཡང་ཚང་བར་བྱའོ། །དེས་ན་ཕྱག་ལྷག་མ་གཉིས་ཀྱི་ གཡས་པ་བུང་པ་ལྟར་གནག་པ་དང༌། གཡོན་པ་གསེར་གྱི་ཁ་དོག་དང་མཚུངས་པ། དེས་ཕུང་ པོའི་བདུད་བཅོམ་ཡང་ཕུང་པོའི་བདུད་ཀྱི་ཤུལ་ལམ་གནས་ངན་ལེན་གྱི་དྲི་མའི་ལྷག་མ་ཆ་ ཙམ་ཡོད་དོ་ཞེས་པའི་བརྡ་གླང་ལྤགས་འཛིན་པ་དང༌། ལྷའི་བུའི་བདུད་བཅོམ་པའི་ཆ་ཤས་ 3-1-84 ལུས་པའི་བརྡར། ལྷ་མིན་དབང་པོའི་ཐོད་པ་ལྷ་མིན་དེ་ཉིད་ཀྱི་ཁྲག་གིས་གང་བ་གཡས་ནག་ པོས་འཛིན་པ་དང༌། འཆི་བདག་གི་བདུད་བཅོམ་ཟིན་ཀྱང་དེའི་ཆ་ཤས་གནས་པས་ནི། འཆི་ བདག་བདུད་ཉིད་ཀྱི་གདོང་སྟེ་མགོ་བོ་ཕྱག་གཡོན་པ་ན་གནས་པའོ། །ཉོན་མོངས་པའི་ བདུད་བཅོམ་པའི་ལྷག་མ་ཆ་ཙམ་ནི། ཡི་དྭགས་ཞབས་འོག་ཏུ་བསྒྱེལ་བར་བཤད་པའི་ཡི་ དྭགས་ནི། རྡོར་ཤུགས་ཉིད་ཀྱི་སྐབས་སུ་ཡི་དྭགས་ཀྱི་དབང་པོ་གཞན་གྱིས་མི་ཐུབ་པ་ལ་ བཤད་པའི་ཉིད་ཡིན་པས། ཉོན་མོངས་བདུད་ཅེས་པ་སྐབས་གཞན་དུ་དྲག་པོ་དང་འདོད་ལྷ་ ལ་ཟེར་བའི་ཁ་སྐྱུགས་འདིར་འཁྱེར་བར་མི་བྱ་སྟེ། དེས་ན་རྐང་པ་བཅུ་དྲུག་པའི་མཱ་ར་ཀླེ་ཤ་ ཞེས་པ་ཡང་རྣམ་པ་གཅིག་ཏུ་ན་འདིར་ཉོན་མོངས་བདུད་ཅེས་པ་དང་དོན་གཅིག་ཏུ་རུང་བས་ ང་རྒྱལ་ཅན་རྣམས་བག་ཡོད་འཚལ་ལོ། །སྤྱིར་ནི་དུས་འཁོར་ཁྲོས་པ་འདི་དག་ལ་ཡང་དྲག་ པོ་དང་འདོད་ལྷ་ཙམ་ཞབས་འོག་ཏུ་མནན་པ་དང༌། ཡི་དྭགས་དབང་པོ་ཁོ་ན་ཞབས་འོག་ཏུ་ མནན་པ་དང༌། གསུམ་ག་མནན་པ་རྣམས་འདམ་ཁ་ཙམ་དུ་འགྱུར་ཡང་རྡོ་རྗེ་ཤུགས་ལ་ དམིགས་ཀྱི་བསལ་བ་ཡི་དྭགས་ཀྱི་གདན་ཡིན་པས། འདི་ནི་ཤིན་ཏུ་གལ་ཆེ་ལ། ཐུན་མོང་མ་ ཡིན་པ་འདི་དག་ལྷག་པོར་བྱས་ནས། ལྷག་མ་དུས་འཁོར་དཀྱུས་དང་མཚུངས་པར་བྱེད་ དགོས་པས་དྲག་པོ་འདོད་ལྷ་གཉིས་ཀྱང་ཞབས་འོག་ཏུ་གནོན་པ་ལེགས་པའི་ཡན་ལག་ཡིན་ ནོ། །དེའི་ཚེ་ཡི་དྭགས་ཀྱི་གདན་ཉི་གདན་ལ་ཁྱབ་པའི་ཚུལ་གྱི་འོག་ཏུ་བྱ་ལ། དེའི་སྟེང་དུ་ལྷ་ གཉིས་པོ་ཞབས་གཡས་གཡོན་རེ་རེས་བརྫིས་པར་བྱ་སྟེ། ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་ ཐུགས་དཀྱིལ་སྒྲུབ་ཐབས་ཀྱི་དགོངས་པ་ཡང་ཡིན་ལ། ཐུགས་དམ་བྲིས་སྐུ་ལ་ཡང་ཡོད་ཅིང༌། ཡང་ན་བདུད་ཉོན་གྱི་ངོ་བོ་ཡི་དྭགས་ཆེན་པོར་བྱེད་པར་ཡང་གསུངས་སོ། །ཕྱིས་བྱུང་བ་ བྱམས་གླིང་པ། ཤེས་རིན་པ། སྒྲུབ་ཐབས་པད་ཞལ་རྗེས་འབྲང་དང་བཅས་པ། ཆོས་གྲགས་ པ་ལ་སོགས་པ་བསྐྱེད་རིམ་གྱི་རྣམ་བཤད་བྱེད་པ་མང་པོ་ཞིག །འཆི་བདག་བདུད་ཀྱི་མགོ་བོ་ 3-1-85 ནི་ཕྱག་ཉེར་བཞི་པོའི་ནང་གི་ཚངས་མགོ་དང༌། ལྷ་མིན་དབང་པོའི་ཐོད་ཁྲག་ཕྱག་གཡོན་ གཉིས་པ་ན་འཛིན་པའི་ཐོད་ཁྲག་དང༌། ཞབས་འོག་ཏུ་མནན་པ་ཡང་དྲག་པོ་འདོད་ལྷ་གཉིས་ ཁོ་ནར་ནན་གྱིས་སྒྲུབ་པའི་ཉེས་བཤད་ཀྱི་འཕྲེང་བ་རིང་པོར་སྤེལ་བ་དེ་དག་ནི་རིགས་ལྡན་ ཀུན་མཁྱེན་ཆེན་པོའི་ལེགས་བཤད་ལ་ཕྲག་དོག་གི་དབང་གིས་རྒྱུད་འཁྲུགས་ཤིང༌། རང་ ཉིད་བག་ཙམ་མོས་ཕྱོགས་ཡོད་པའི་མཁས་པ་འགའ་ཞིག་གིས་ཕོ་རུས་སུ་བྱས་པར་སྣང་ ཡང་བྱུང་རྒྱལ་དུ་སྨྲ་བ་ཞིག་སྟེ། ཕྱོགས་ནི་ལྷག་པ་ཞེས་སོགས་ཀྱི་ཚིག་འདི་རྣམས་ཀྱིས་དུས་ འཁོར་ཕྱག་ཉེར་བཞི་པ་ལ་མེད་པའི་ལྷག་པོའམ་མི་འདྲ་བའི་ཁྱད་པར་སྟོན་པ་ཁོ་ན་ཡིན་ པའི་ཕྱིར་དང༌། ཁྱེད་ལྟར་ན་ཕྱག་ཉེར་བཞི་པ་འཆི་བདག་དང་ཉོན་མོངས་པ་དང༌། ལྷའི་བུའི་ བདུད་ཀྱི་ལྷག་མ་ནི་ཡོད། ཕུང་པོའི་བདུད་ཀྱི་ལྷག་མ་གཏན་ནས་མེད་པ་མཚོན་བྱེད་དུ་ འདོད་དགོས་པ་ལས། བདུད་བཞི་པོ་བཅོམ་ན་བཅོམ་མཉམ་ཡིན་པས་མོ་གཤམ་གྱི་བུའི་ མཚོན་བྱེད་དམ་ཅི། ཡང་དངོས་སུ་དེ་ལྟར་མི་སྲིད་ཀྱང་རྒྱུ་འབྲས་ཀྱི་མཚོན་དོན་ཡོད་སྙམ་ན། འདི་ལ་ཁྱེད་རྣམས་ཀྱི་རྒྱུ་འབྲས་གོ་ལོག་ཏུ་འགྱུར་ཏེ། རྒྱུ་ལས་ཉོན་ལས་འབྲས་བུ་ཕུང་པོ་ འབྱུང་བས་སྔར་གྱི་འབྲས་བུའི་འཕྲོས་ལས་ཕུང་པོའི་རྒྱུན་ཡོད་ལ། ཉོན་མོངས་འགགས་ཟིན་ པ་ནི་སྲིད་ཀྱི། ཕུང་པོ་སྤངས་ཤིང་འགགས་ནས་ཉོན་མོངས་ཡོད་པའང་མི་སྲིད་ལ། ཁྱད་པར་ དུ་ཡང་ཕུང་པོ་སྤངས་ནས་འཆི་བདག་མ་སྤངས་པ་ནམ་ཡང་མི་སྲིད་དེ། ཕུང་པོ་མེད་ན་སུ་ ཞིག་འཆི་བར་འགྱུར། ཚུལ་སྟོན་པའོ་སྙམ་ན། རི་བོང་རྭའི་ཚུལ་བསྟན་པ་ལ་དགོས་པ་ཅི། ཚུལ་སྟོན་པར་ཁྱེད་ཅག་ཐམས་ཅད་དང་འོ་སྐོལ་མཚུངས་ཤིང༌། གཞན་ཡང་སྔགས་པ་ཐམས་ ཅད་མཚུངས་པར་སྨྲ་མོད་ཀྱི། དེ་ལའང་འཇིག་རྟེན་དང་མཐུན་པའི་ནང་འགལ་མེད་པ་ དགོས་ཏེ། སངས་རྒྱས་ཀྱི་སྤྲུལ་པ་སྨད་འཚོང་མར་བསྟན་པ་དེས། ཚུལ་དེ་བཟུང་བའི་ཕྱིར་ ཆགས་བྲལ་གྱི་ཆོས་སྟོན་པ་པོ་དང༌། རབ་ཏུ་བྱུང་བ་རྣམས་ཀྱི་མཁན་པོ་དང༌། སློབ་དཔོན་ 3-1-86 བྱེད་པར་ནམ་ཡང་མི་འགྱུར་རོ། །གང་དག་སངས་རྒྱས་རྣམས་དགྲ་བཅོམ་པའི་ཚུལ་བཟུང་ ནས་སེམས་ཅན་གྱི་དོན་བྱེད་པ་དེས་ནི། སྐུ་དེས་མཚོན་ཆ་ཐོགས་ནས་གཡུལ་དུ་ཞུགས་ཏེ་ གདུག་པ་ཅན་གསོད་པར་ནམ་ཡང་མི་སྲིད་དོ། །དེས་ན་སངས་རྒྱས་ཀྱི་ཡེ་ཤེས་དངོས་ནི་ སེམས་ཅན་རྣམས་ཀྱིས་སྦྱོང་ཡུལ་དུ་མ་གྱུར་ལ། སྨད་འཚོང་མར་སྤྲུལ་པ་དང༌། ཆགས་བྲལ་ གྱིས་ཆོས་སྟོན་པ་གཉིས་ཀར་ཚུལ་སྟོན་ཡིན་པར་མཉམ་ཡང་གཞི་གཅིག་ལ་མི་འདུ་ཞིང༌། དགྲ་བཅོམ་པ་དང་དམག་དཔོན་དུ་སྤྲུལ་པ་གཉིས་ཚུལ་ཙམ་བསྟན་པར་མཚུངས་ཀྱང་དངོས་ པོ་གཅིག་ལ་མི་འདུའོ། །དེ་བཞིན་དུ་འདིར་ཡང་ཕུང་པོའི་ལྷག་སྤངས་པ་དང༌། འཆི་བདག་ དང་ཉོན་མོངས་པའི་ལྷག་མ་མ་སྤངས་པ་གཉིས་ཚུལ་སྟོན་མཉམ་པོ་ཡིན་དུ་ཆུག་ཀྱང་བསྒོམ་ བྱ་ལྷའི་རྣམ་པ་གཅིག་གི་དག་པ་ལ་མི་འགྲིག་པ་གོ་བར་གྱིས་ཤིག །གཞན་ཡང་དུས་ཀྱི་ འཁོར་ལོའི་བསྐྱེད་རིམ་རྣམ་བཤད་བྱེད་པ་པོ་དུས་ཕྱིས་བྱུང་བ་ཕལ་ཆེར་འདི་རྣམས་ཤིན་ཏུ་ མཁས་སོ་ཞེས་གྲགས་པ་དང་ལྡན་ཡང་ཐམས་ཅད་ལ་ཐུན་མོང་དུ་གནས་པའི་སྐྱོན་ནི་དངོས་ གནས་དང་། བསྐྱེད་རིམ་གྱི་མོས་སྒོམ་གཉིས་པོ་དབྱེ་བ་མ་ཕྱེད་པར་ཆོས་སྐད་དམུ་མ་གོ་བའི་ དགག་སྒྲུབ་ཅལ་ཅོལ་མང་པོ་ཞིག་འདུག་པ་འཆད་པར་འགྱུར་བ་འདི་ལྟར་གོ་ན་མུན་པ་ སངས་བར་འགྱུར་རོ། །དེ་ཡང་ཅི་ཞེ་ན། བསྐྱེད་རིམ་ལ་གསལ་སྣང་མ་ཐོབ་པའི་མོས་སྒོམ་ རབ་རིབ་ཙམ་ནི་རྣམ་པ་དང་དོན་སྤྱི་འདྲེས་པ་ཁོ་ན་ཡིན་ལ། སྐྱེས་བུ་གཅིག་ལ་དུས་སྐབས་ གཅིག་ཏུ་གསལ་སྣང་ཤར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཡང་རྒྱུད་ཚོད་བཟང་ ངན་ནི་མེད་དེ་ཐམས་ཅད་སྒྲུབ་པ་པོ་རང་གི་སེམས་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །དེ་དག་ ནི་རྣལ་འབྱོར་པ་རང་གི་ཡིད་ལ་ཤར་བའི་ཏིང་ངེ་འཛིན་གྱིས་སྤྱོད་ཡུལ་གྱི་གཟུགས་ཙམ་ཡིན་ པས། དངོས་གནས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ཡང་མ་ཡིན་ནོ། །འཇིག་ རྟེན་ལས་འདས་པ་ཡང་མ་ཡིན་ཏེ། འཁོར་བ་པའི་སེམས་ཀྱི་སྣང་བརྙན་ཡིན་པའི་ཕྱིར་རོ། ། 3-1-87 འཇིག་རྟེན་པའི་ལྷ་ཞེས་ཀྱང་མི་བྱ་སྟེ། དེ་དག་ལ་རྒྱུད་སོ་སོ་བ་གཞན་གྱིས་བསྡུས་པ་མེད་ པས་རྣལ་འབྱོར་བ་དེའི་རང་གི་སེམས་སྣང་ཁོ་ན་ལ་འཇིག་རྟེན་པའི་ལྷའི་ཐ་སྙད་མི་འཇུག་ པའི་ཕྱིར་དང༌། གཞན་ཡང་གསུང་རབ་རྣམས་རྣམ་བྱང་གི་དམིགས་པར་བཤད་པ་དང་འདི་ འདྲ་བས་ཟག་བཅས་དངོས་དང་འཇིག་རྟེན་པ་དངོས་སུའང་མི་འཇོག་གོ །རེ་ཞིག་འཇིག་ རྟེན་ཀུན་རྫོབ་ཉིད་ཀྱི་དབང་དུ་བྱས་ནས་ཐུན་མོང་གི་གྲུབ་པ་ཆེན་པོའམ། མཆོག་མ་ཐོབ་ཀྱི་ བར་དུ་སྒྲུབ་པ་པོ་རང་ཉིད་ལྷ་ཡིན་པར་མི་འཇོག་ལ། ཡེ་ཤེས་ཀྱི་ལྷ་དང་འཇིག་རྟེན་པའི་ལྷ་ ཞེས་བཏགས་པ་ཐམས་ཅད་སྒྲུབ་པ་པོ་ཉིད་ལས་རྒྱུད་གཞན་པ་ལ་ཐ་སྙད་འདོགས་སོ། །ཐུན་ མོང་གི་གྲུབ་པ་ཆེན་པོ་དེ་ཐོབ་ན་ནི། སྒྲུབ་པ་པོ་རང་ཉིད་སྔགས་ཀྱི་ལྷར་འགྱུར་ལ། དེ་རང་གི་ ངོ་བོ་འཁོར་བ་ལས་མ་འདས་པའི་ཕྱིར་འཇིག་རྟེན་པ་ཡིན་ཡང༌། སྔར་བཤད་པ་དང་རྒྱུ་ མཚན་མཚུངས་པའི་ཕྱིར་འཇིག་རྟེན་པའི་ལྷ་ཞེས་ཀྱང་མི་བརྗོད་དོ། །མཆོག་གི་དངོས་གྲུབ་ ཐོབ་པ་ན་རྣལ་འབྱོར་པ་དེ་ཉིད་ཡེ་ཤེས་ཀྱི་ལྷ་ཡིན་ཏེ། དེ་ལའང་སློབ་པ་དང་མི་སློབ་པ་ གཉིས་ཡོད་མོད། སློབ་པས་ཀྱང་ཡེ་ཤེས་གཅིག་ལས་དཀྱིལ་འཁོར་མཐའ་ཡས་པ་སྤྲོ་ནི་ནུས་ སོ། །ཡང་དཀྱིལ་འཁོར་སེམས་ཀྱི་སྣང་བ་ཙམ་ཞེས་བརྗོད་པ་ན། ཁ་ཅིག་འདི་ལྟར་སེམས་པ་ སྲིད་དེ། ཕྱི་རོལ་དོན་འགོག་གི་རིག་པས་སྣང་བ་ཐམས་ཅད་རང་སེམས་གཅིག་པུ་ལས་མ་ འདས་པར་འཇོག་དགོས་པའི་ཕྱིར། འཇིག་རྟེན་པའི་ལྷར་འགྱུར་བ་ལ་རང་སེམས་ཀྱི་སྣང་བ་ མ་ཡིན་པ་མི་དགོས་སྙམ་ན། འདིར་འཆད་པ་རྣམས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་ བསྟུན་དགོས་ཀྱི། ཕྱི་རོལ་དོན་འགོག་གི་རིག་པ་སོགས་བརྟགས་དོན་འཚོལ་བྱེད་ཀྱི་རིག་པ་ དང་བསྟུན་པ་མི་དགོས་སོ། །སྤྱིར་རིག་པ་དེ་དང་བསྟུན་ན་འཇིག་རྟེན་གྱི་ལྷ་ཞེས་བྱ་བ་མ་ གྲུབ་པའི་ཕྱིར། དེ་དེར་འགྱུར་བ་ག་ལ་སྲིད། ཡང་དོན་དམ་ཡེ་ཤེས་ཀྱི་ལྷའི་དཀྱིལ་འཁོར་ལ་ ནམ་དུ་ཡང་དབྱེ་བ་ཡོད་པ་མ་ཡིན་མོད། རྣམ་པ་ཐམས་ཅད་པ་ཉིད་ཀྱི་ཕྱིར་གྲངས་དང་ཁ་ 3-1-88 དོག་ཚད་དང་ས་བོན་ངེས་པ་མཐའ་གཅིག་ཏུ་འཇོག་མི་ནུས་ལ། ཀུན་རྫོབ་གཟུགས་སྐུའི་ དཀྱིལ་འཁོར་གྱི་འཁོར་ལོ་ལ་ནི། ཡེ་ཤེས་གཅིག་གི་རྣམ་འཕྲུལ་ཐ་དད་པར་བསྟན་པ་ཡང་ ཡོད། སྔོན་གྱི་ལུས་རྗེས་འབྲང་བའི་སྒོ་ནས་རྒྱུད་ཐ་དད་པའི་ཐ་སྙད་གདགས་སུ་རུང་བ་ཡང་ ཡོད། གཙོ་བོ་སངས་རྒྱས་ལ་འཁོར་སློབ་པ་དང་སོ་སོ་སྐྱེ་བོའང་ཡོད་པའི་ཕྱིར། རྒྱུད་ཐ་དད་ པའི་ལྷ་ཚོགས་ཀྱང་ཡོད་པས་ཐམས་ཅད་རྒྱུད་གཅིག་ཏུ་མ་ངེས་སོ། །དེས་ན་ཁ་ཅིག་གསང་ སྔགས་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ཡིན་ན། རྒྱུད་གཅིག་པ་ཁོ་ནས་ཁྱབ་པ་ཡིན་ནོ་ ཞེས་རྒྱུ་མཚན་དང༌། རྣམ་དབྱེ་གང་ཡང་མི་ཤེས་ཤིང་མ་གོ་བཞིན་དུ་ཡུས་ཆེན་པོས་འོ་དོད་ འབོད་པ་ནི། བླུན་ཅིང་བློ་ཁུལ་དོག་པའི་རྣམ་འགྱུར་ཁོ་ནའོ། །ཡང་རྣལ་འབྱོར་བླ་ན་མེད་པ་ ཁོ་ནའི་དབང་དུ་བྱས་ན། སྔོན་སྟོན་པས་རྒྱུད་གསུངས་པའི་དུས་ཆེད་དུ་བྱ་བའི་གདུལ་བྱ་ རྣམས་དཀྱིལ་འཁོར་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དེའི་དབང་དུ་བྱས་ན། གང་ལ་ དབང་བསྐུར་བའི་ཡུལ་གྱི་འཁོར་དེ་དག་ཕལ་ཆེར་རང་རྒྱུད་པ་རྒྱུད་ཐ་དད་པ་ཡིན་ཡང༌། དབང་བསྐུར་གང་ལས་ཐོབ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དེ་དག་ཐམས་ཅད་རྒྱུད་གཅིག་ པའི་རྣམ་གཞག་གཙོ་ཆེ་ཡང་ཐུན་མོང་མ་ཡིན་པ་གསང་བ་ལས་བཤད་པ་ལྟ་བུ་རྒྱུད་ཐ་དད་ པར་བཤད་པའང་ཡོད་དོ། །ཡང་འཁོར་ཚོགས་གཞན་ཐམས་ཅད་གཙོ་བོས་སྤྲུལ་པ་ངེས་ པར་ཡིན་པ་རྣམས་ལའང་དཀྱིལ་འཁོར་འདིའི་དབང་དུ་བྱས་ན་རིགས་དང་རིགས་ཅན་གྱི་ སྤྲུལ་པའི་རིམ་པ་རྣམས་ཀྱང་མ་འཆོལ་བར་བྱུང་བ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་སྒྲུབ་པ་ པོས་མོས་པ་སྒོམ་པའི་ཚུལ་ཡང༌། སྔོན་སྟོན་པས་ཇི་ལྟར་དཀྱིལ་འཁོར་བསྟན་པ་ལྟར། རང་ གི་ཡིད་ཀྱིས་བསྒོམས་པའི་དཀྱིལ་འཁོར་དེ་ཡང་རྒྱལ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་ ཡིན་པ་དང༌། གཙོ་བོས་ཀྱང་འཁོར་རྣམས་སྤྲུལ་པ་ཡིན་པ་དང༌། འཁོར་རྣམས་ནང་ཚན་དུ་ ཡང་རིགས་དང་རིགས་ཅན་དམིགས་བསལ་གསུངས་པ་རྣམས་བློ་སྦྱོང་བའི་དོན་དུ་དེ་དང་ 3-1-89 དེའོ་ཞེས་རློམ་ཚོད་དུ་ཡེ་ཤེས་གཅིག་གི་དཀྱིལ་འཁོར་དུ་ང་རྒྱལ་བྱེད་པ་ཡིན་ནོ། །དེ་ཡང་གོ་ ཞིང་ནུས་ན་རང་གི་ཡིད་ངོར་ཤར་བའི་དཀྱིལ་འཁོར་ལ། སྟོན་པ་ཤཱཀྱ་ཐུབ་པ་དུས་འཁོར་གྱི་ དཀྱིལ་འཁོར་དུ་བཞེངས་པ་དེ་ཡིན་པར་རློམ་པ་ཙམ་དུ་མ་ཟད། དེ་ཡང་ལོངས་སྐུ་དང༌། ལོངས་སྐུ་ཡང་ཆོས་ཉིད་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པ་ལས་བྱུང་བ་ཡིན་པས་གནས་ སྐབས་ཀྱི་ལོངས་སྐུ་དང༌། ཆོས་དབྱིངས་ཀྱི་དཀྱིལ་འཁོར་ཡིན་པར་ཡང་མོས་དགོས་མོད། དེ་ཐམས་ཅད་མོས་པས་སྒོམ་ཚུལ་ཡིན་པས། དངོས་གནས་ལ་སྒྲུབ་པ་པོ་རང་གི་ཤེས་པའི་ སྣང་བ་ཙམ་ཡིན་གྱི། སྤྲུལ་ལོངས་ཆོས་གསུམ་པོ་གང་ཡང་མ་ཡིན་ལ། དེ་དག་རྒྱུད་ལ་སྣང་ བའི་ཆ་ཡིན་གྱི། སྐྱེས་བུའི་རྒྱུད་དངོས་མ་ཡིན་པས་གཙོ་འཁོར་དེ་དག་ལ་རྒྱུད་གཅིག་དང་ཐ་ དད་ཀྱི་ཐ་སྙད་གང་ཡང་མི་འཇུག་སྟེ། གཙོ་འཁོར་རེ་རེ་ཞིང་རྣལ་འབྱོར་བའི་རྒྱུད་གཅིག་ལ་ གནས་པ་ཙམ་ཡིན་མོད། རེ་རེ་བཞིན་རྒྱུད་དུ་གྲུབ་པ་ཙམ་ཡང་མེད་པའི་ཕྱིར་རོ། །སྒྲུབ་པ་ པོའི་རྒྱུད་གཅིག་པོས་བསྡུས་པ་ཡིན་ཀྱང་གང་ཟག་གཅིག་ལ་དུས་གཅིག་ཏུ་ཡིད་ངོར་ཤར་ བའི་ལྷ་མཉམ་པོ་ལ་མོས་པ་སྦྱོར་ཚུལ་མ་གཏོགས་དངོས་གནས་ལ་གཙོ་བོས་འཁོར་སྤྲུལ་པ་ ལ་སོགས་པ་མི་འཐད་དོ། །དེ་བཞིན་དུ་དོན་དམ་ལ་ཡང་ཆོས་ཉིད་ཡེ་ཤེས་ཀྱི་ཨཱ་ལི་ཀཱ་ལི་ དང༌། ལྷ་སྐུ་ངོ་བོ་གཅིག་པའི་ཕྱིར་སྔ་ཕྱི་དང་རྒྱུ་འབྲས་མེད་མོད་ཀྱི། རྣམ་པའི་སྒོ་ནས་རྒྱུ་དང་ འབྲས་བུའི་ཚུལ་དུ་གནས་ལ། གཞན་སྣང་ལོངས་སྤྲུལ་གཉིས་ཀར་གྱི་གནས་སྐབས་སུ་རྒྱུ་ ཨཱ་ལི་ཀཱ་ལིའི་ཡེ་ཤེས་ལས་འབྲས་བུ་ལྷ་སྐུའི་ཡེ་ཤེས་དངོས་སུ་བྱུང་བར་ཁས་ལེན་མོད། རྣལ་ འབྱོར་པས་དེ་དང་རྣམ་པ་མཐུན་པ་ལམ་དུ་བྱེད་དུས་སྐད་ཅིག་དང་པོར་ཨཱ་ལི་ཀཱ་ལི་ བསྒོམས། གཉིས་པར་གཅིག་ཏུ་འདྲེས་པ་བསྒོམས། གསུམ་པར་ལྷ་སྐུ་བསྒོམས་ནས་སྔ་མ་ སྔ་མ་རྒྱུར་བྱས་ནས་ཕྱི་མ་ཕྱི་མ་འབྲས་བུར་བྱུང་དེ་སྙམ་དུ་གཟུགས་སྐུའི་རྣམ་འཕྲུལ་དང་ མཐུན་པར་ང་རྒྱལ་བྱེད་པ་ཡིན་གྱི། སྐད་ཅིག་དང་པོར་ཨཱ་ལི་ཀཱ་ལིའི་རྣམ་པ་ཤར་བ་དེའི་ 3-1-90 རིགས་རྒྱུན་གཉིས་པ་འདྲེས་པ་དང༌། གསུམ་པ་ལྷ་སྐུའི་རྣམ་པ་ཅན་དུ་སོང་བ་མ་ཡིན་ཏེ། དེ་ གསུམ་པོ་ནི་རང་རང་གི་སྐད་ཅིག་སྔ་ལོགས་ཀྱི་རིག་པ་དང་ཡིད་བྱེད་འཛོམ་པས་རྒྱུ་བྱས། རང་དང་དུས་མཉམ་གྱི་རིག་པ་ལ་འབྲས་བུ་གསལ་བ་གསལ་སྣང་དུ་ཤར་པ་ཙམ་ཡིན་པའི་ ཕྱིར་རོ། །དཔེར་ན་ནགས་ཚལ་ཤིན་ཏུ་ཆེ་བས་ས་ཕྱོགས་སྟེང་ཤོད་མེད་པར་ཁྱབ་ཀྱང་ཤིང་ སྡོང་གཅིག་གི་ཡལ་འདབ་ལས་ཤིང་སྡོང་གཅིག་ཤོས་སྐྱེ་བ་མ་ཡིན་གྱི། ཤིང་ཐམས་ཅད་ས་ ལས་སྐྱེས་པ་ཁོ་ན་ཡིན་ལ། ཤིང་རྣམས་འབྲེལ་པ་ལྟར་སྣང་བ་འཁྲུལ་བ་ཡིན་པ་བཞིན་དུ། གསལ་སྣང་ངམ་མི་གསལ་བའི་སྣང་བ་ཅན་གང་ཡིན་ཀྱང༌། ཡུལ་སྣང་བའི་བློ་ཐམས་ཅད་ ནང་གི་རིག་པ་ལས་རེ་རེ་བཞིན་གཅིག་སྐྱེས་གཉིས་སྐྱེས་སུ་བྱུང་བ་ཡིན་གྱི། ཡུལ་སྣང་སྐད་ ཅིག་མ་སྔ་མ་ལས་ཡུལ་སྣང་སྐད་ཅིག་མ་ཕྱི་མ་བྱུང་བ་ནི་མ་ཡིན་པས་སྒོམ་ཆེན་པ་མང་པོ་ དག་རྟོག་པ་ལ་རྗེས་འཐུད་མེད་པར་འདོད་པ་ཡང་དོན་འདིའི་སྒོ་ནས་འཐད་པ་ཡིན་ནོ། ། དེས་ན་སྒྲུབ་པ་པོས་དངོས་སུ་བསྒོམས་པའི་དཀྱིལ་འཁོར་དེ་ནི་རང་གཅིག་པུའི་སེམས་ཀྱི་ སྣང་བ་ཡིན་པས། ལྷ་ཚོགས་ལ་ངོ་བོ་བཟང་ངན་མེད་ཀྱང་སྔགས་དང་རྣམ་པ་སོ་སོ་ཡིན་པའི་ རྟེན་འབྲེལ་གྱིས་ལྷ་དེ་དག་ལ་བྱེད་ལས་དང་ཕན་ཡོན་སོ་སོར་ཡོད་དོ། །འབྲས་བུ་སྤྲུལ་སྐུ་ལ་ དུས་སྐབས་དང་རྣམ་པ་ཐ་དད་འབྱུང་བ་དང༌། རྒྱུད་གཅིག་ཀྱང་འཕྲིན་ལས་ཐ་དད་དུ་འབྱུང་ བ་ཀུན་ལ་གྲགས། དེ་བཞིན་དུ་རྣལ་འབྱོར་པས་སྣང་བ་ཐམས་ཅད་ལྷ་སྐུར་མོས་དགོས་ཀྱང་ མཚན་ཉིད་གཏན་ལ་འབེབས་དུས་མོས་དེ་དབང་བཙན་པར་བྱས་ན་ཤིན་ཏུ་འཁྲུལ་ཏེ། མ་ དག་པའི་སྣང་བ་འདི་དག་དངོས་གནས་ལ་ལྷ་སྐུ་ནི་མ་ཡིན་ནོ། །ལས་སྣང་ཀུན་རྫོབ་དང་ལྷ་ སྐུ་དོན་དམ་ལྟར་ན་དེ་དེ་ཡིན་པའི་གོ་སྐབས་མེད་ལ། གཉིས་ཀ་ཀུན་རྫོབ་མཉམ་པོ་ཡིན་པ་ ལ་ཡིན་མིན་གྱི་ཁྱད་བྱེད་ན། ཟླ་གཉིས་སུ་སྣང་བ་དེ་ཟླ་གཉིས་མིན་སྐྲ་ཤད་དོ་ཞེས་སྨྲ་བ་དང་ འདྲ་ཞིང༌། ཀུན་རྫོབ་ཡང་ལོག་གི་དབྱེ་བ་ཡོད་ནའང་དེ་དེ་ཡིན་མི་སྲིད་དོ། །འོ་ན་ཅི་ཞེ་ན། 3-1-91 འདི་རྣམས་ཀྱི་ཆོས་ཉིད་དོན་དམ་པའི་དཀྱིལ་འཁོར་ཡིན་པ་ལ་རྣལ་འབྱོར་པས་ཆོས་ཉིད་ དངོས་སུ་མ་དམིགས་ཀྱང་དངོས་པོ་དེ་དང་དེའི་ཐད་ན་ཆོས་ཉིད་རེ་རེ་ཡོད་པའི་ཕྱིར་རིམ་ གྱིས་མོས་པ་ཡིད་བྱེད་དང་གནས་ལུགས་གཉིས་ཕྱོགས་མཚུངས་པ་ལྟག་འཕྲོད་དེ། མ་དག་ པའི་སྣང་བ་དབྱིངས་སུ་དག་པར་འགྱུར་པ་ཡིན་ནོ། །དེས་ན་མོས་པ་ཡིད་བྱེད་དང༌། དེ་ཁོ་ན་ ཉིད་ཡིད་བྱེད་ཅེས་གསུང་རབ་ཀུན་ལ་གྲགས་པ་ཡིན་པས། དེའི་དབྱེ་བ་མ་ཤེས་ན་བོད་རྒྱུག་ ཀྱཻ་རྡོར་དུ་འདོད་པའི་དཔེར་འགྲོའོ། །དེ་ལྟར་ཤེས་པ་ན་རྣལ་འབྱོར་པས་བསྒོམས་པའི་རྡོ་རྗེ་ ཤུགས་ལ་སྒྲིབ་པའི་ལྷག་མ་དངོས་གནས་ལ་ཡོད་མེད་དང༌། ཚུལ་སྟོན་ཡིན་མིན་སོགས་ཀྱི་ དགག་སྒྲུབ་མཐའ་ཡས་པ་བྱུང་བ་རྣམས་འདི་ལའང་རྗེས་སུ་བརྗོད་པ་ཡོད། དེས་ན་ངན་པའི་ མུན་པས་ཁྱབ། ཅེས་པ་དེའོ། །དེས་ན་ཡང་དག་པའི་དུས་ཀྱི་འཁོར་ལོ་དང༌། རྡོ་རྗེ་འཇིགས་ བྱེད་དང༌། རྡོ་རྗེ་ཤུགས་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རང་བཞིན་གཅིག་པ་ ཁོ་ན་གནས་པ་སྨོས་ཀྱང་མ་དགོས་ལ། དེ་ནི་ཀུན་ལ་སྔོན་ཉིད་ནས་གྲགས་པ་ཡིན་པས། རྡོ་ རྗེ་འཇིགས་བྱེད་དང་རྡོ་རྗེ་ཤུགས་གཅིག་པར་ཐང་བརྡོལ་བ་ཁྱེད་རྣམས་དེ་སྐད་སྨྲ་བ་དེ་ གཞན་གྱི་སྐྱོར་བཟློས་རྟིང་མ་ཞིག་ཡིན་པ་འདུག་ལ། རྣམ་པ་ཐ་དད་དུ་སྒོམ་པའི་སྐབས་ འདིར་གཟུགས་སྐུའི་སྐབས་སུ་ཡང་ཚུལ་ཐ་དད་དུ་སྟོན་ཅིང༌། རྣལ་འབྱོར་བས་མ་བཅོས་པ་ ལ་ཡང་དེ་དང་དེར་མོས་པ་བྱེད་དགོས་པ་ཡིན་ནོ། །དེས་ན་དུས་འཁོར་ཕྱག་ཉེར་བཞི་པ་ནི། སྒྲིབ་གཉིས་ཐམས་ཅད་དངོས་གནས་ལ་ཡང་སྤངས་ཤིང༌། སྤངས་པའི་ཚུལ་ཡང་སྟོན་པའི་ ལོངས་སྐུ་དུས་ཀྱི་འཁོར་ལོ་མཚོན་པར་བྱེད་པའི་རྣམ་པ་ཡིན་ལ། ཡིན་པ་ལྟར་རྣལ་འབྱོར་ བས་སྒོམ་པ་ལ་ཡང་དེར་མོས་པ་བྱེད་དགོས་སོ། ། ཕྱག་ཉེར་དྲུག་པ་ནི། བདུད་བཞི་སོགས་སྒྲིབ་གཉིས་དོན་ལ་སྤངས་ཀྱང༌། གཞན་སྣང་དུ་ སྤངས་ལྡན་གྱི་ཚུལ་དུ་དེའི་ལྷག་མ་ཅུང་ཟད་དང་འགྲོགས་པའི་ཚུལ་སྟོན་པ། སྤྲུལ་སྐུ་འགྲོ་བ་ 3-1-92 དྲུག་ཏུ་སྟོན་པའི་དུས་ཀྱི་འཁོར་ལོ་མཚོན་བྱེད་དུ་བྱས་ནས། ཕྱག་ཉེར་དྲུག་པ་སྒོམ་པའི་ཚེ། བདག་དུས་འཁོར་སྤྲུལ་པའི་སྐུ་ཡིན་ཅིང༌། དངོས་གནས་ལྷག་བཅས་མིན་ཡང་ཚུལ་སྟོན་ ལྷག་བཅས་ཡིན་ནོ་ཞེས་གཞན་ལ་བརྡ་སྟོན་པའི་ཚུལ་ཡང་འདི་དང་འདི་དག་གོ་ཞེས་ང་རྒྱལ་ བཟུང་དགོས་ལ། གཞན་གྱི་དོན་དུ་བསྒོམ་པར་བྱ་ཞེས་པ་ཡང་མ་རུངས་བ་འདུལ་བ་སོགས་ ཀྱི་ཕྱིར། ད་ལྟ་ལྷའི་རྣལ་འབྱོར་སྒོམ་པ་ལའང༌། གཞན་དོན་གྱི་འཕྲིན་ལས་སྣ་ཚོགས་སྒྲུབ་པ་ ལ། ཕྱག་ཉེར་དྲུག་པ་བསྔགས་པའི་དོན་ཏེ་གསད་བསྐྲད་རྨོངས་རེངས་དང་དཔའ་བོའི་རིམ་ པ་ལ་ངེས་པ་ཁོ་ནའོ། །དེའི་ཤུགས་ལས་མ་དག་པའི་འགྲོ་བའི་དོན་སྤྱོད་པ་ལ་སྤྲུལ་པའི་སྐུ་ བསྔགས་པ་བསྟན་མོད། སྤྱིར་ནས་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀར་རྣམ་པ་ཐམས་ཅད་ པའི་སྐུ་ཡིན་ཅིང༌། འདིར་སྐབས་སུ་བབ་པ་དུས་འཁོར་གྱི་ལྷའི་དབང་དུ་བྱས་ན། ཞི་དྲག་དང་ ཕྱག་མང་ཉུང་གི་དབྱེ་བས་ངེས་པ་སོགས་ངོ་བོའི་སྟེང་ནས་བཞག་ཏུ་མེད་ཀྱང༌། སྟོན་པ་ཉིད་ ཀྱི་གདུལ་བྱ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་མཚོན་བྱེད་ཀྱི་ལྷ་སྒོམ་ན་འདི་ལྟར་སྒོམས། སྤྲུལ་སྐུ་ལམ་བྱེད་ཀྱི་ལྷ་སྒོམ་ན་ཚུལ་འདི་ལྟ་བུ་གྱིས་ཤིག་ཅེས་གདམས་ཤིང་བྱིན་གྱིས་ བརླབས་པ་དེ་བཞིན་དུ་བསྒོམ་དགོས་པ་ཡིན་པས། ཕྱག་ཉེར་བཞི་པ་སྣ་ཚོགས་གཙོ་བོ་ བསྒོམས་ན། ལོངས་སྐུ་ལམ་དུ་བྱས་པར་འགྱུར་ཞིང༌། ཉེར་དྲུག་པ་ཧེ་རུ་ཀ་བསྒོམས་ན་སྤྲུལ་ སྐུ་ལམ་དུ་བྱས་པར་འགྱུར་བ། སྔགས་རྒྱུད་སྦྱོར་བ་པོ་སངས་རྒྱས་ཉིད་ཀྱི་བྱིན་རླབས་ཀྱི་མཐུ་ ལས་ཡིན་ནོ། །དེའི་ཚེ་དུས་འཁོར་ཧེ་རུ་ཀའི་སྐབས་འདིར་གླང་ལྤགས་ཕུང་པོའི་བདུད་ཀྱི་ ལྷག་མ་མཚོན་བྱེད་དུ་སྟོན་པ་སངས་རྒྱས་ཉིད་ཀྱི་ཐུགས་ཀྱིས་སྦྱར་བས་དེ་ལྟར་འགྲོ་བ་ཡིན་ གྱི། སྤྱིར་ཁྲོ་བོའི་ན་བཟའ་གླང་ལྤགས་ཐམས་ཅད་དེར་འགྲོ་བ་མ་ཡིན་ཏེ། གླང་ལྤགས་དང་ ཕུང་པོའི་བདུད་ལ་དངོས་པོའི་འབྲེལ་བ་མེད་པའི་ཕྱིར་རོ། །འདིར་སྒྲིབ་པའི་ཆ་ཙམ་ཞེས་ པས་རང་རྒྱུད་ལ་སྒྲིབ་པའི་ཆ་ཤས་ཅུང་ཟད་ལུས་པ་མཚོན་པར་བྱེད་ན་ས་བཅུ་པ་པ་དང་ 3-1-93 འགྲིག་ཅིང༌། སྒྲིབ་པའི་ལྷག་མ་ཡོད་པར་གཞན་སྣང་དུ་སྟོན་པ་ཁོ་ན་དང་སྦྱར་ན། སངས་ རྒྱས་སྤྲུལ་པའི་སྐུ་ལ་འགྲིག་པས་རྡོ་རྗེ་ཤུགས་དང་རྡོ་རྗེ་འཇིགས་བྱེད་གཉིས་གཅིག་མི་ གཅིག་གཞི་དེ་ལ་བརྟེན་ནས་དཔྱད་པ་བྱ་དགོས་ཀྱི་ཚིག་ཙམ་ལ་སྙིང་པོ་མེད་དེ། དཔལ་དུས་ འཁོར་ཉིད་ཀྱང་རང་སྣང་དུ་སངས་རྒྱས་ཀུན་འདུས་ཀྱི་ཡེ་ཤེས་དང༌། གཞན་སྣང་དུ་སངས་ རྒྱས་ལོངས་སྐུ་དང༌། སྤྲུལ་སྐུ་དང༌། ས་བཅུ་པ་སོགས་དཀྱིལ་འཁོར་གཅིག་ཉིད་དུའང་སྣ་ ཚོགས་སྟོན་པར་འགྱུར་ལ། དེའི་ཚེ་རྒྱུད་གཅིག་ཀྱང་སྤྲུལ་པ་སྤྲུལ་གཞི་ཐ་དད་ཡིན་པས། རྣམ་པ་ཀུན་ཏུ་གཅིག་ཁོ་ན་ཡིན་པའི་ཨུར་གནོན་མི་རུང་སྟེ། ནུས་མ་བརྒྱད་དང་རབ་གཏུམ་ མ་བཞིན་ནོ། །དེའི་ཕྱིར་སྒྲ་པ་ཤེས་རབ་རིན་ཆེན་པ། རྡོ་རྗེ་ཤུགས་དང་འཇིགས་བྱེད་ལ་ལྡོག་ པ་ཐ་དད་ཀྱང་མེད་དོ་ཟེར་བ་ནི། རྟོག་གེ་པའི་སྟོང་ཤོབ་ཁ་ཐལ་ནས་རྟོག་གེའི་ལུགས་དང་ འགལ་བ་སྟེ། དེ་གཉིས་ཆོས་ཅན་ལྡོག་པ་ཐ་དད་ཏེ། མིང་གི་དོན་ཐ་དད་པའི་ཕྱིར། བྱས་པ་ དང་མི་རྟག་པ་བཞིན་ནོ། །ཞེས་བྱའོ། །གདུག་པ་སྐྲག་པར་བྱེད་པ་དང༌། ཤུགས་སྟོབས་ཆེན་ པོ་དང་ལྡན་པ་གཉིས་ལྡོག་པ་ཐ་དད་པར་མངོན་དུ་གྱུར་པ་སྟེ། འདིས་ནི་མཚན་གཞི་གཅིག་ པ་དང་ལྡོག་པ་གཅིག་པའི་དབྱེ་བ་མ་ཕྱེད་པར་ཟད་དོ། །དེ་ལ་རང་ལུགས་རྣམ་པར་གཞག་ ན། སྤྱི་ལྡོག་ནས་རྡོ་རྗེ་ཤུགས་དང༌། རྡོ་རྗེ་འཇིགས་བྱེད་དང༌། སྡོམ་པ་ཆེན་པོའི་དུས་འཁོར་ཧེ་ རུ་ཀ་རྣམས་སྐབས་དེ་དང་དེའི་སྒྲུབ་ཐབས་ཅུང་ཟད་མི་འདྲ་བ་ཙམ་ལས་ཐུགས་རྒྱུད་གཅིག་ པ་སྨོས་མ་དགོས། ལྷའི་ངོ་བོ་ཡང་གཅིག་ཏུ་འཇོག་ཅིང༌། སྐབས་ཐོབ་སོ་སོ་དང་སྦྱར་ན་རྣམ་ གྲངས་ལྷ་རིགས་ཐ་དད་དེ། འཇིགས་བྱེད་ཧེ་རུ་ཀ་ནི་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ཡིན་ཅིང༌། རྡོར་སེམས་ཀྱི་རིགས་གཙོ་ཆེ་བས་དུས་འཁོར་ཁོ་ན་སྟེ། དེའི་ཕྱིར་བཙུན་མོ་ལ་ཡང་སྣ་ཚོགས་ ཡུམ་ལས་གཞན་པའི་ཐ་སྙད་མི་མཛད་ལ། སྡོམ་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་འགྱུར་ཏེ་ཧེ་ རུ་ཀ་དངོས་ཡིན་པས་མི་བསྐྱོད་པའི་རིགས་གཙོ་ཆེ་སྟེ་དེའི་ཕྱིར་ཡུམ་ལའང་རྡོ་རྗེ་མཁའ་འགྲོ་ 3-1-94 མའི་ཐ་སྙད་གཙོ་བོར་འཇུག་གོ །རེ་ཤིག་དེ་གཉིས་སངས་རྒྱས་ཁོ་ནར་བྱ་ལ། ཁྲོ་བོའི་དབང་ པོ་རྡོ་རྗེ་ཤུགས་ནི་རྡོ་རྗེ་སེམས་དཔའི་རིགས་ཀྱི་ཁྲོ་བོར་གྱུར་པས་རིགས་ཐམས་ཅད་པ་ཉིད་ ཀྱི་ཕྱིར་དང༌། སངས་རྒྱས་དང་ཁྲོ་བོའི་ཆ་བྱད་གཉིས་ཀར་འཛིན་པ་སྟེ། སངས་རྒྱས་ཁྲོས་ པའི་ཧེ་རུ་ཀ་ཡང་ཡིན་ལ། བྱང་ཆུབ་སེམས་དཔའ་ཁྲོས་པའི་ཁྲོ་བོའི་སྡེ་ཚན་ལ་ཡང་གཏོགས་ པས། རྡོར་སེམས་དང་ཀུན་བཟང་གཉིས་ཀར་གྱི་རིགས་སུ་གསུངས་པའི་རྒྱུ་མཚན་དེ་ཡིན་ ལ། ཡུམ་ལའང་ཁྲོ་མོའི་དབང་ཕྱུག་ཅེས་ལོགས་སུ་ཐ་སྙད་མཛད་དོ། །དེས་ན་འདིར་རྗེ་ ཕྱོགས་པ་སོགས་ཀྱིས་ཁྲོ་བོ་རྣམས་ས་བཅུ་པ་སྒྲིབ་པའི་ལྷག་མ་དང་བཅས་པ་ཞེས་གསུངས་ པ་ལ། བླུན་པོ་མཁས་འདོད་ཅན་རྣམས་རྡོ་རྗེ་འཇིགས་བྱེད་ཀྱང་དེར་ཐལ་ཏེ། ཁྲོ་བོ་ཡིན་ པའི་ཕྱིར་ཞེས་ཟེར་བ་ནི། དོན་མ་གོ་བའམ་ཚིག་འཁྲི་ཙམ་མོ། །དེའི་རྒྱུ་མཚན་ཡང་ལྷ་ཞི་ཁྲོ་ གཉིས་ཀྱིས་ཟླས་ཕྱེ་བའི་ཁྲོ་བོ་དང༌། གཤེགས་ཁྲོ་སེམས་དཔའ་གསུམ་གྱིས་ཟླས་ཕྱེ་བའི་ཁྲོ་ བོའི་དབྱེ་བ་ཕྱེ་སྟེ་སྨྲ་དགོས་པ་ལས། རྗེ་ཕྱོགས་ལས་རྣམ་རྒྱལ་པས་ཁྲོ་བོ་རྣམས་ས་བཅུ་པའི་ ཕྱིར་སྒྲིབ་པའི་ཆ་ཙམ་ཡོད་གསུང་པ་ནི་གསུམ་གྱིས་ཟླས་ཕྱེ་བའི་ཁྲོ་བོ་ལས་དགོངས་པ་ལ། ཁྱེད་ཀྱིས་ཞི་ཁྲོ་གཉིས་ཀྱིས་ཟླས་ཕྱེ་བའི་ཁྲོ་བོ་ལས་བརྩམས་ཏེ་སྨྲས་བའི་ཕྱིར་རོ། །དེས་ན་ སྡོམ་ཆེན་དགྱེས་རྡོར་འཇིགས་བྱེད་ཐོད་པ་ཅན་སོགས་ཞི་ཁྲོ་གཉིས་ཀྱིས་ཟླས་ཕྱེ་བའི་ཁྲོ་བོ་ ཡིན་ཀྱང༌། གཤེགས་ཁྲོ་སེམས་གསུམ་གྱིས་ཟླས་ཕྱེ་བའི་གཤེགས་པ་ཡིན་གྱི་ཁྲོ་བོ་མ་ཡིན་ ནོ། །གཞན་ཡང་དགྱེས་རྡོར་ལ་སོགས་པ་ལ་སྒྲིབ་པའི་ཆ་ཙམ་ཡོད་པར་གསུངས་པ་ཡང་གཙོ་ བོར་སྤྲུལ་སྐུ་མཚོན་བྱེད་དུ་འཇོག་དགོས་ཤིང༌། ས་བཅུ་པ་མཚོན་བྱེད་དུ་བཞག་ཀྱང་སྤྱིར་ནི་ འགལ་བ་མེད་དེ། ས་བཅུ་པ་བ་མཚོན་བྱེད་ཡིན་ན་དངོས་གནས་ལ་ས་བཅུ་པ་བ་ཡིན་མི་ དགོས་པའི་ཕྱིར་དང༌། རྒྱུད་སྟོན་པ་པོ་ལ་ནི་འགལ་བ་མེད་དེ། འཇམ་དཔལ་གྲགས་པ་ཚུལ་ སྟོན་ལ་བྱང་ཆུབ་སེམས་དཔའ་ཡིན་ཡང་བསྡུས་རྒྱུད་སྟོན་པ་པོ་ཡིན་པའི་ཕྱིར་རོ། །དེས་ན་རྡོ་ 3-1-95 རྗེ་སྙིང་འགྲེལ་གྱི་མཆོད་བརྗོད་དུ། ཉོན་མོངས་ཤེས་བྱ་བསྡུས་དང་སྦྱར་བ་བྲང་འགྲོ་ཕྱག་རྒྱ་ སྟག་གི་པགས་པ་ཡིས། གང་ལ་བདུད་སོགས་སྒྲིབ་རྣམས་ཆ་ཙམ་ལྟ་བུ་སེམས་ཅན་དོན་དུ་ བརྒྱན་དེ་ལ། །ཞེས་འབྱུང་བ་ནི། སེམས་ཅན་དོན་དུ་ཞེས་པས་གདུལ་བྱ་གཞན་སྣང་དུ་སྟེ། སྤྲུལ་སྐུ་ཉིད་དུ་སྟོན་པར་གསལ་བས་གཞུང་ཚིག་འདིས་ཕྱིས་ཀྱི་གྲགས་པ་ཅན་གྱི་བླུན་པོ་ རྣམས། ཀྱཻ་རྡོར་ལོངས་སྐུ། བདེ་མཆོག་སྤྲུལ་སྐུ་ཟེར་བའི་རང་འཚང་བསྒྲགས་པ་ཡིན་ནོ། །དེ་ ལ་འདིར་དུས་འཁོར་བ་སྔ་ཕྱི་ཕལ་ཆེར་རྡོ་རྗེ་ཤུགས་དང་འཇིགས་བྱེད་གཅིག་པར་འདོད་ལ། དེ་ཡང་སྔ་རབས་པ་རྣམས་དཔྱད་པ་མ་བྱས་པར་ཁས་ལེན་ཅིང༌། ཀུན་མཁྱེན་ཆེན་པོ་ཡང་དེ་ ལྟར་བཞེད་ལ། ཕྱི་རབས་པ་རྣམས་དཔྱད་པ་ཆེ་ཞིང་དཔྱད་འབྲས་མ་དག་ལ། རིག་པ་ལྟར་ སྣང་གི་སྒོ་ནས་གཅིག་པར་ཁས་ལེན་ནོ། །ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་དང༌། གཞན་ བདག་ཆེན་པ་སོགས་ཁ་ཅིག་ནི་སྒྲུབ་ཐབས་དང་ཆོ་གའི་སྒོ་ནས་དེ་གཉིས་རྣམ་པ་ཐམས་ཅད་ དུ་མི་གཅིག་པར་བཞེད་དོ། །སྤྲུལ་གཞི་དུས་ཀྱི་འཁོར་ལོ་ལས་དེ་དག་སྤྲུལ་པ་དང༌། ཐུགས་ རྒྱུད་ཀྱི་སྒོ་ནས་གཅིག་པར་ནི་སྔ་ཕྱི་ཐམས་ཅད་འདོད་པས་གོང་དུ་སྨོས་པའི་རྣམ་བཤད་ མཁན་དེ་རྣམས་ཐུགས་རྒྱུད་མི་གཅིག་པའི་ཁས་བླངས་ལ་སྐྱོན་གཏོང་པ་ནི་ཕྱོགས་སྔ་མེད་ པའི་ཐལ་འགྱུར་ཡིན་ལ། སྐབས་དེར་ཐུགས་རྒྱུད་གཅིག་ཀྱང་སྐུའི་རྣམ་པ་ཐ་དད་འབྱུང་བའི་ སྒྲུབ་བྱེད་མང་པོ་འགོད་ཅིང༌། དེ་འདྲ་མི་འབྱུང་བར་འདོད་མཁན་ཡོད་པ་ལྟར་བྱས་ནས་ དགག་པ་མང་པོ་གཏོང་བའང་དེ་དང་འདྲའོ། །སྐབས་འདིར་རང་ལུགས་ནི་རིགས་ལྡན་སྤྲུལ་ པའི་སྐུ་ཀུན་མཁྱེན་དོལ་པོ་པ་གང་བཞེད་པ་དེ་ཉིད་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་ཁས་ བླངས་དགོས་ཏེ་སྤྱིར་ཆོ་ག་དང་སྒྲུབ་ཐབས་ཀྱི་སྒོ་ནས་རྡོ་རྗེ་ཤུགས་དང་རྡོ་རྗེ་འཇིགས་བྱེད་ཐ་ དད་དུ་བྱེད་དགོས་པའི་གནས་སྐབས་ཅུང་ཟད་ཡོད་ཀྱང་ཆོ་གའི་གནས་སྐབས་ཕལ་ཆེར་དུ་ གཅིག་པར་བྱ་སྟེ། རྗེ་ཕྱོགས་པ་ཉིད་ཀྱིས་ཀྱང་ཡེ་ཤེས་འཁོར་ལོ་རྡོ་རྗེ་ཤུགས་ཀྱིས་བཀུག་ 3-1-96 པའི་སྐབས་ༀ་བཛྲ་བྷཻ་ར་བ་ཨ་ཀཪྵ་ཡ་ཛཿ ཞེས་རྡོ་རྗེ་འཇིགས་བྱེད་ཀྱི་མཚན་གྱིས་གསུངས་ པའི་ཕྱིར་དང༌། འགྲེལ་ཆེན་ལས། སྡོམ་ཆེན་དང་རྡོ་རྗེ་ཤུགས་གཅིག་པར་གསུངས་པས་ཀྱང་ གྲུབ་བོ། །སྐབས་འགའ་ཞིག་ཏུ་ཆོ་གའི་སྒོ་ནས་མི་གཅིག་པའི་ཚུལ་དུ་སྒྲུབ་པ་ལའང་འགལ་ བ་མེད་དེ། དཔེར་ན་ནག་པོ་ཆེན་པོ་ལྟ་བུ་ཕོ་ཉ་གཅིག་ཉིད་ལའང་ལྷ་དང་ཀླུ་དང་བདུད་དང་ གནོད་སྦྱིན་ལ་སོགས་པའི་ཚུལ་དུ་སྒྲུབ་པ་དང༌། འཇིག་རྟེན་པ་ལྟར་སྒྲུབ་པ་དང༌། འདས་པ་ ལྟར་སྒྲུབ་པ་སོགས་སྣ་ཚོགས་པ་འབྱུང་བ་བཞིན་ནོ། །སྒྲུབ་ཚུལ་ཐ་དད་པའི་ཚེ་ཐ་དད་པའི་ རྣམ་གཞག་དང༌། གཅིག་ཏུ་སྒྲུབ་པའི་ཚེ་གཅིག་པའི་རྣམ་གཞག་བྱ་དགོས་ཀྱི་གནས་ཚུལ་ནི་ བསམ་གྱིས་མི་ཁྱབ་བོ། །སྒྲུབ་ཚུལ་ཐ་དད་དེ་ལྟར་ཡིན་ཀྱང་ཐུན་མོང་གི་ཆོ་ག་རྣམས་གཅིག་ གིས་བསྒྲུབས་པས་ཆོག་པ་བཞིན། ཕྱག་རྒྱ་རྒྱན་བཀོད་ལ་སོགས་པའི་ཆོ་གའི་ཡན་ལག་ རྣམས་འདྲ་བར་སྦྱོར་དུ་རུང་ངོ༌། །དེ་ལ་ཡེ་ཤེས་དགུག་གཞུག་དང༌། ཀླུ་དང་འབྱུང་པོ་སྒྲུབ་པ་ སོགས་དང༌། ལས་ཚོགས་རྒྱས་པ་སོགས་ལ་སེམས་དཔའ་ཁྲོ་བོའི་ཚུལ་གྱིས་སྒྲུབ་པ་ཡིན་ པས་འཇིགས་བྱེད་དང་སོ་སོ་ཡིན་ལ། སྲུང་འཁོར་གྱི་གཙོ་བོའམ། རྡོ་རྗེ་ཤུགས་ཉིད་དཀྱིལ་ འཁོར་གྱི་གཙོ་བོར་བྱེད་པ་དང༌། སྡོམ་ཆེན་ལ་སོགས་པའི་གནས་སྐབས་ན་སངས་རྒྱས་ཁྲོ་བོ་ ཉིད་དུ་སྒྲུབ་པ་ཡིན་པས། འཇིགས་ཤུགས་དེ་གཉིས་གཅིག་པ་ཉིད་དུ་བྱེད་དོ། །གནད་འདི་ ཤེས་ན་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཆེན་པོ་དང༌། རྗེ་ཕྱོགས་པ་གཉིས་དགོངས་པའི་གཏད་ མཚམས་ལ་འགལ་བ་མི་འདུག་མོད། གནས་སྐབས་བརྗོད་ཚུལ་ཐ་དད་དུ་བྱུང་བ་སྔ་མའི་ གསུང་བཞིན་སྐྱོང་དགོས་ཏེ། ཕྱོགས་དང་སྒོ་ཐམས་ཅད་ནས་ཚད་མར་གྱུར་པ་དང༌། ཤིང་ རྟའི་སྲོལ་འབྱེད་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱང་ཚུལ་ སྟོན་ཐ་སྙད་ཀྱི་ཚུལ་གྱིས་གཙོ་བོ་སངས་རྒྱས་ཀུན་འདུས་དང༌། གཤེགས་པ་ཡབ་ཡུམ་རྒྱུད་ སོ་སོ་བའི་སངས་རྒྱས་ཀྱི་ཚུལ་དང༌། སེམས་དཔའ་ཡབ་ཡུམ་ས་བཅུ་ཁྱད་པར་ཅན་ལ་གནས་ 3-1-97 པ་དང༌། ཁྲོ་བོ་ཁྲོ་མོ་རྣམས་ས་བཅུ་དབང་བསྐུར་ཐོབ་པ་ཙམ་པོ་ལ་གནས་པ་དང༌། གསུང་གི་ རྣལ་འབྱོར་མ་ནས་རབ་གཏུམ་མའི་བར་རྣམས་ལུས་འཇིག་རྟེན་གྱི་ལྷ་ལ་སེམས་རྒྱུད་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་ཡེ་ཤེས་ཇི་ལྟར་འོས་འོས་སུ་སྐྱེས་པའི་ཚུལ་ དང༌། གྲུབ་པ་དང་འབྱུང་པོ་རྣམས་ཕལ་ཆེར་འཇིག་རྟེན་ལས་མ་འདས་པའི་ཚུལ་དུ་བྱས་ ནས། ངོ་བོ་རྒྱལ་བའི་ཡེ་ཤེས་གཅིག་ཉིད་རྣམ་པ་གང་ལ་གང་འདུལ་གྱི་སྒོ་ནས་ཚུལ་སྟོན་ལ་ དེ་དང་དེར་བསྟན་པའོ་ཞེས་ང་རྒྱལ་བསྐྱེད་དགོས་པ་ཡིན་པས། ཀུན་རྫོབ་གནས་སྐབས་ཀྱི་ རིམ་པ་ལ་བཟང་ངན་གཏན་ནས་མེད་པའང་མ་ཡིན་ཏེ། གཙོ་བོའི་གནས་སུ་ཀླུ་ལྟ་བུ་ཞིག་ བཀོད་དེ་སྒོམ་བཟླས་བྱས་ན་དངོས་གྲུབ་མི་འགྲུབ་པར་མ་ཟད་བྱུར་ཆགས་ཆེན་པོའི་རྒྱུར་ འགྱུར་བ་དག་ཡོད་དོ། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས་ནི། ཁྲོ་བོའི་སྡེ་ཚན་དུ་བྱེད་པའི་ཚེ་ རིགས་གཉིས་བཟུང་བའི་དགོས་པ་ལ། ཁྲོ་བོ་གཞན་ལས་རྒྱུད་མཐོ་བ་སྟེ་བྱང་སེམས་ཞི་བ་ རྣམས་དང་མཉམ་པར་བྱེད། དེའི་ཚེ་སངས་རྒྱས་རྗེས་མཐུན་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཁྲོ་ བོ་ཧེ་རུ་ཀའི་མཚན་ཡང་འདོགས་ལ། ཁྲོ་བོ་གཞན་རྣམས་ལ་ནི་ཧེ་རུ་ཀའི་མཚན་མི་སྦྱོར་རོ། ། དེ་ལྟར་བཤད་པ་རྣམས་གོ་ན། འདི་དག་གི་སྐབས་ཀྱི་དགག་སྒྲུབ་རྩོད་པ་མང་པོ་དེ་རྣམས་ བརྒལ་ལན་གྱི་སྤྲོས་པ་མི་དགོས་པར་དབྱིངས་སུ་ཞི་འགྲོ་བའི་ཕྱིར། ཅུང་ཟད་ཞིབ་ཏུ་བཤད་ པ་ཡིན་གྱི། ད་ནི་ཤིན་ཏུ་སྤྲོས་པས་ཆོག་གོ ། དམིགས་པའི་རིམ་པ་རྣམས་དཀྱུས་ཀྱིས་གསལ་ ལ་རྡོ་རྗེ་ཤུགས་ཀྱི་སྐུ་མདོག་ནི་མཐིང་ནག་ཏུ་བྱ་བ་ཡིན་ཏེ། དུས་འཁོར་དུ་སྔོན་པོ་དང་ནག་ པོ་ཁམས་ཐ་དད་པའི་དབང་གིས་ཐ་དད་དུ་བཞག་པ་ཤས་ཆེ་ཡང་རེས་འགའ་གཅིག་ཏུ་ གསུངས་པའང་ཡོད་མོད་ཀྱི། སྲུང་འཁོར་གྱི་སྐབས་འདིར་ནག་པོ་བསྔགས་སོ།། །། གསུམ་པ་ནི། ཕྱག་རྒྱ་མཚོན་ཆ་རྒྱན་རྣམས་དགོད་པའི་དོན་ལ་མང་པོ་ཞིག་གི་བློ་ལ་ ཐོག་མར་རྒྱན་དང་ཕྱག་མཚན་ཅི་ཡང་མེད་པ་ཞིག་བསྒོམས་ནས། སྔགས་དེ་དང་དེས་གོས་ 3-1-98 རྒྱན་མཚོན་ཆ་རྣམས་བསྐྱེད་དེ། སྐུ་ལ་བསྐོན་ཅིང་ཕྱག་ཏུ་གཏོང་བའོ་སྙམ་དུ་སེམས་པ་ནི། དགོངས་དོན་མ་གོ་ཞིང་དམ་པའི་གསུང་ངག་མེད་པར་དཔེ་སྒྲོགས་ཙམ་ལ་ང་རྒྱལ་ཞིང་ཡིད་ ཚིམ་པའི་སྐྱོན་ཡིན་ལ། དེས་ན་དེ་དང་དེར་བྱིན་གྱིས་བརླབས་ཤིང་ས་བོན་དང་སྔགས་ཀྱི་ སྟོབས་ལས་མཐུ་ཆེན་དུ་བྱས་པ་ཉིད་བྱིན་རླབས་དགོད་པ་ཡིན་པས་དགོད་པའི་དོན་དེ་ལྟར་ དུ་ཤེས་པར་བྱའོ། །རྣ་རྒྱན་གཉིས་ཀྱི་ས་བོན་ཧཾ་ཧཿསྐེ་རགས་ཀྱི་ས་བོན་ཨཾ། མགུལ་རྒྱན་གྱི་ ས་བོན་ཨཿལག་གདུབ་ཀྱི་ས་བོན་ཨ་ཨཱཿཞབས་གདུབ་ཀྱི་ས་བོན་ཧ་ཧཱ། ཐོད་སྐམ་གྱི་དབུ་ རྒྱན་དང༌། གཙུག་གི་ནོར་བུ་ཕྱོགས་གཅིག་ཏུ་བསྡོམས་པའི་ས་བོན་ཧཾ་ཡིན་ལ། སྐུ་ལ་བྱུགས་ པའི་ཐལ་ཆེན་གྱི་ས་བོན་ནི་བཾ་ཡིན་ནོ། །ས་བོན་བཅུ་པོ་ནི། ཁམས་ལྔ་དང་ཕུང་པོ་ལྔ་རྣམ་ པར་དག་པའམ། རླུང་བཅུ་རྣམ་པར་དག་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་རང་བཞིན་ཡིན་པ་དང༌། གནས་ཀྱི་དབྱེ་བས་དེ་རྣམས་ཕྱག་རྒྱ་བཅུ་ཡིན་ལ། རིགས་མཚུངས་པའི་དབང་དུ་བྱས་ན་རྣ་ རྒྱན་མགུལ་རྒྱན། སྐེ་རགས། ཕྱག་གདུབ། ཞབས་གདུབ། སྤྱི་བོའི་ནོར་བུ་ཐལ་བ་སྟེ་རྣམ་ གྲངས་བདུན་བྱུང་ནའང༌། ལག་གདུབ་རྐང་གདུབ་གཅིག་ཏུ་བསྡོམས་པས་ཕྱག་རྒྱ་དྲུག་གོ ། དེ་དག་ཕར་ཕྱིན་དྲུག་དག་པ་སྟེ། གཙུག་གི་ནོར་བུ་སྦྱིན་པ། རྣ་རྒྱན་བཟོད་པ། གདུབ་བུ་ ཚུལ་ཁྲིམས། མགུལ་རྒྱན་བརྩོན་འགྲུས། སྐེ་རགས་བསམ་གཏན། ཐལ་ཆེན་ཤེས་རབ་ཅེས་ བྱ་བའམ། ཡང་ན་སྐེ་རགས་དང་མགུལ་རྒྱན་ཡང་གཅིག་ཏུ་བསྡོམས་ནས་བརྩོན་འགྲུས་དང་ སྦྱར། མཆོད་ཕྱིར་ཐོགས་བསམ་གཏན་དུ་བྱེད་པའང་སྣང་ངོ༌། །རྡོ་རྗེ་དར་དཔྱངས་ཀྱི་སྟེང་ དུ་རྡོ་རྗེ་ཟླ་བ་ཕྱེད་པ་དང་བཅས་པ་ནི་ཟླ་ཕྱེད་དར་དཔྱངས་ཞེས་བྱ་སྟེ། དེ་ལ་དར་དཔྱངས་ ནི་ཐོད་པའི་འཕྲེང་བའི་རྩ་བཅིངས་ཀྱི་འོག་ཏུ་ཆུག་པའི་སྣམ་བུའི་ངོས་ནས་རྣ་ལྟག་གཡས་ གཡོན་དུ་དར་དཔྱངས་པ་ཡིན་ལ། ཟླ་ཕྱེད་ཀྱང་རལ་པའི་གཡོན་ངོས་ཀྱི་ཟླ་བ་ཕྱེད་པ་མ་ ཡིན་ཏེ། དར་དཔྱངས་དང་འབྲེལ་བར་དབུས་སུ་དབྱུག་པ་བསྒྲེང་བའི་རྩེ་ལ་ཟླ་ཕྱེད་ནོར་བུས་ 3-1-99 མཚན་པའོ། །དེའི་ས་བོན་ཨཾ་ཡིག་ཡིན་ལ། མཆོད་ཕྱིར་ཐོགས་ཏེ་སེ་རལ་ཁ་ནི། ཨ་ཨཱཿཨཾ་ ཞེས་རྡོ་རྗེ་གསུམ་རྣམ་པར་དག་པའི་རང་བཞིན་གྱི་ཡི་གེ་ལས་བྱུང་བའི་དོན་ཏེ། སྔགས་དོན་ ལ་སརྦ་སྭཱ་ར་ཨེ་ཀ་ཞེས་པ་ལྟར་ན་དབྱངས་ཐམས་ཅད་གཅིག་པ་ཞེས་པ་ཡིན་ན། དབྱངས་ ཐམས་ཅད་ཀྱི་རྩ་བ་ཨ་ཡིག་ཡིན་ཞེས་པའོ། །ཡང་རྒྱ་བོད་ཀྱི་དཔེ་གཞན་དུ་བཛྲ་སྭཱ་ར་ཨེ་ཀ་ ཞེས་འབྱུང་བ་ལྟར་ན། རྡོ་རྗེའི་དབྱངས་གཅིག་པུ་སྟེ་རྩ་བ་མི་འགྱུར་བའི་དབྱངས་ཨ་ཐུང་ཁོ་ ན་ལ། ཏྲི་སྭཱ་ར་ཞེས་དབྱངས་གསུམ་སྟེ་ཚེག་དྲག་དང་ཀླད་སྐོར་བསྣན་པ་དང༌། མ་བསྣན་ པའི་ངེས་པས་གཅིག་ལས་གསུམ་དུ་ཕྱེ་ཞེས་པའོ། །དེ་ཡང་དོན་དམ་མི་འགྱུར་བའི་ཡེ་ཤེས་ གཅིག་ཉིད་རྡོ་རྗེ་གསུམ་དུ་སྣང་བའི་བརྡ་སྟེ། ཚངས་སྐུད་ལ་མདུད་པ་གསུམ་ཡོད་པའི་ངེས་ པས་ས་བོན་གསུམ་མོ། །དེ་ལྟར་ན་རྣ་རྒྱན་གཉིས་གཅིག་ཏུ་བསྡོམས་པ་དང༌། མགུལ་རྒྱན་ སྐེ་རགས་གཅིག་ཏུ་བསྡོམས་པ་དང༌། གདུ་བུ་བཞི་གཅིག་ཏུ་བསྡོམས་པ་དང༌། ནོར་བུ་དང་ ཐལ་བ་གཅིག་ཏུ་བསྡོམས་པ་དང༌། ཟླ་ཕྱེད་དར་དཔྱངས་དང་ཚངས་སྐུད་རྣམས་ལ་ཕྱག་ རྒྱ་དྲུག་ཅེས་བྱ་སྟེ། ཕར་ཕྱིན་དྲུག་དག་པའོ། །དེ་ཡང་ནོར་བུ་དང་ཐལ་བ་སྦྱིན་པ། རྣ་རྒྱན་ བཟོད་པ། གདུབ་བུ་ཚུལ་ཁྲིམས། མགུལ་སྐེད་བརྩོན་འགྲུས། མཆོད་ཕྱིར་ཐོགས་བསམ་ གཏན། དར་དཔྱངས་ཤེས་རབ་བོ། །ཡང་ཕྱག་རྒྱ་ལྷག་མ་བཞི་ནི། སྟག་ལྤགས་ཀྱི་ས་བོན་ ཀྵཿཡིག་མ་རུངས་པ་འཇོམས་པའི་ཕྱིར་སྲིན་པའི་ས་བོན་དང༌། ལྟེ་འོག་ནས་སྐུལ་བྱེད་ཀྱི་ གཏུམ་མོ་སྦར་བར་བྱེད་པ་མཚོན་ནོ། །བདུད་རིགས་བརྒྱའི་མགོ་བོའི་འཕྲེང་བ་ལ་ས་བོན་ ཧཾ་ཀྵཿནི་བདེ་བ་ཆེན་པོ་དང༌། སྟོང་པ་ཟུང་དུ་འཇུག་པས་བདུད་ཐམས་ཅད་བཅོམ་པ་མཚོན་ ལ། སྐབས་གཞན་དུ་མགོ་འཕྲེང་གི་སྔགས་དང་མཁའ་འགྲོ་མའི་འཕྲེང་སྔགས་གཅིག་པར་ གསུངས་པའང་ཡོད་ཅིང༌། འདིར་ཡང་སུམ་ཅུ་དང་བདུན་ཅུ་ཞེས་འབྱུང་ལ། དང་པོར་སྡེ་ པ་དྲུག་གི་གསལ་བྱེད་སུམ་ཅུ་དབྱེ་གཞི་རྩ་བའི་ཚུལ་དུ་བཞག་པ་དང༌། དེའི་སྟེང་དུ་ཧ་སྡེ་ 3-1-100 བསྣན་ཏེ་སུམ་ཅུ་སོ་ལྔ་ལ་རིང་ཐུང་གཉིས་ཀྱིས་ཕྱེ་བའི་བདུན་ཅུ་ནི་ནང་སེལ་དབྱེ་བའི་ཚུལ་ ཏེ། བདུན་ཅུ་དང་སུམ་ཅུ་བསྡོམས་པའི་གསལ་བྱེད་བརྒྱ་ཐམས་པའི་རང་བཞིན་གྱི་མགོ་ འཕྲེང་ངོ༌། །དབུ་རྒྱན་ཐོད་སྐམ་ལྔའི་ས་བོན་ནི། ཧ་ཡིག་བདེ་བ་ཆེན་པོའི་རང་བཞིན་ལ་རྩ་ བའི་དབྱངས་ལྔ་ཞུགས་པ་ཕུང་པོ་ལྔ་དག་པའི་ཡེ་ཤེས་མཚོན་ནོ། །དེ་ལྟར་གསུམ་གྱི་སྟེང་དུ་ འོག་གི་གླང་ལྤགས་བསྣན་པས་འདིར་བཞི་དང༌། གོང་གི་དྲུག་སྟེ་ཕ་རོལ་ཏུ་ཕྱིན་པ་བཅུ་དག་ པའི་ཕྱག་རྒྱ་བཅུ་ལས་དྲུག་ནི་བཤད་ཟིན། སྟག་ལྤགས་ནི་མངོན་པའི་ང་རྒྱལ་ཏེ་དངོས་པོར་ འཛིན་པ་སྤངས་པའི་སྒོ་ནས་ཐབས་མཁས་ཀྱི་འགྲོ་བའི་དོན་སྤྱོད་པ་ཐབས་ཀྱི་ཕར་ཕྱིན་དང༌། མགོ་འཕྲེང་ནི་བདུད་བཞི་འཇོམས་པའི་སྟོབས་ཀྱི་ཕར་ཕྱིན་ཏེ། རླུང་བཅུ་རྣམ་པར་དག་ པའི་སྟོབས་བཅུ་ལ་ཁམས་ལྔ་ཐབས་ཤེས་ཀྱི་དབྱེ་བ་བཅུས་རེ་རེ་བཞིན་ཕྱེ་བ། སྟོབས་བརྒྱ་ སྟེ་དེས་བདུད་རིགས་མ་དག་པའི་ཕུང་ཁམས་བཅུ་ལ་རེ་རེ་བཞིན་ལས་རླུང་བཅུའི་བྱེད་པ་ འཇུག་པ་བརྒྱ་ཕྲག་རྣམས་བཅོམ་པ་དང༌། ཐོད་སྐམ་གྱི་དབུ་རྒྱན་ནི་ཤའི་ར་རི་བྲལ་ཞིང་རུས་ པ་སྲ་བ་ལྟར། སྐྱོན་དག་པའི་སྨོན་ལམ་གྱི་འབྲས་བུ་ནི་གཞན་དུ་མི་འགྱུར་བས་སྨོན་ལམ་ གྱི་ཕར་ཕྱིན་དང༌། གླང་ལྤགས་ནི་ཡེ་ཤེས་ཀྱི་ཕར་ཕྱིན་ནོ། །དེ་རྣམས་གནས་ཀྱི་དབྱེ་བས་ ཕྱག་རྒྱ་བཅུ་དྲུག་སྟོང་ཉིད་བཅུ་དྲུག་རྣམ་པར་དག་པར་འགྱུར་ཏེ། རྣ་རྒྱན་གཉིས་ཕྱག་གདུབ་ གཉིས། ཞབས་གདུབ་གཉིས། མགུལ་སྐེད་གཉིས་སོ་སོ་དང༌། ནོར་བུ་ཐལ་བ་གཉིས་སོ་སོ་ དང༌། ཟླ་ཕྱེད་དང་དར་དཔྱངས་སོ་སོར་བགྲངས་པས་གྲངས་བཅུ་དྲུག་ཏུ་འགྱུར་རོ། །ཕྱག་ མཚན་རྣམས་ལ་གཡས་ཀྱི་ཕྱག་མཚན་རྣམས་དམར་ཆ་མཚོན་པའི་ཀྵཿཡིག་དང༌། ཤེས་རབ་ ཀྱི་ཕྱོགས་མཚོན་པའི་རྣམ་བཅད་དང༌། དྲག་པོ་མེ་མཚོན་པའི་རཾ་ཡིག་གོ །གཡོན་གྱི་ཕྱག་ མཚན་རྣམས་དཀར་ཆ་མཚོན་པའི་ཧ་ཡིག་དང༌། ཐབས་ཀྱི་ཀླད་སྐོར་དང་ཞི་བ་ཆུ་མཚོན་ པའི་བ་ཡིག་རྣམས་ཚོགས་པ་ཡིན་ལ། ཤེས་རབ་རྣམས་བསམ་པ་ཐབས་མཚོན་པའི་ཕྱིར་ས་ 3-1-101 བོན་རྣམས་ཐུང་ངུ་དང༌། ཐབས་ཀྱི་ཡི་གེ་ཧོཿཡིག་སྦྱར་ལ། ཐབས་རྣམས་བསམ་པ་ཤེས་རབ་ ཡིན་པའི་ཕྱིར། ས་བོན་རིང་པོ་དང་ཤེས་རབ་ཀྱི་ཡི་གེ་ཧོཿཕྲཻཾ་སྦྱར་བ་ཡིན་ནོ། །གཞན་ཐམས་ ཅད་ལ་བཛྲ་སྔོན་དུ་འགྲོ་བ་ཡིན་པ་ལ་ཚངས་མགོ་ལ་མེད་པ་ནི། ཙ་ཏུར་བེ་ཏ་སྭ་བྷཱ་ཝ་ཞེས་ པ་ཉིད་བཛྲ་གྱི་དོད་དེ། རིག་བྱེད་བཞིའི་རང་བཞིན་ཞེས་པའོ། །གླང་ལྤགས་ཀྱི་ས་བོན་ལ་ ཀྵཿཡིག་བཅུ་གཉིས་གཡས་ཀྱི་ཕྱག་མཚན་བཅུ་གཉིས་ཀྱི་ས་བོན་དང༌། ཧ་ཡིག་བཅུ་གཉིས་ གཡོན་གྱི་ས་བོན་བཅུ་གཉིས་ཀྱི་ཕྱག་མཚན་ཡིན་པས་ཕྱག་ཐ་མ་གཉིས་ཕྱག་གཞན་རྣམས་ ཀྱི་ཆ་ཤས་ལས་བྱུང་བ་དང༌། ཕྱག་མཚན་གླང་ལྤགས་ལ་ཕྱག་མཚན་གཞན་ཐམས་ཅད་ཀྱི་ཆ་ ཤས་ཚང་བ་སྟེ། དེ་ཡང་དུས་སྦྱོར་བཅུ་གཉིས་ཀྱི་རླུང་དང༌། ལས་རླུང་འཕོ་ཆེན་བཅུ་གཉིས་ འགགས་པའི་ཡེ་ཤེས་ཀྱི་ས་བཅུ་གཉིས་ཐབས་དང་ཤེས་རབ་ཀྱིས་ཕྱེ་བ་རྣམས་མཚོན་ཅིང་ ཧ་ཀྵ་རེ་རེ་བཞིན་དབྱངས་རིང་ཐུང་དྲུག་དྲུག་སྟེ་བཅུ་གཉིས་ཀྱིས་ཕྱེ་བ་ནི། འགྱུར་མེད་ཀྱི་ ཐིག་ལེ་དྲུག་ཐབས་དང་ཤེས་རབ་ཀྱིས་ཕྱེ་བའི་ཡེ་ཤེས་ཏེ། དེ་ལྟར་ན་དོན་དམ་ཐབས་ཤེས་ དབྱེར་མེད་ཀུན་ཏུ་འོད་ལ་སོགས་པའི་ས་བཅུ་གཉིས་གཅིག་ཏུ་གྱུར་པའི་ཡེ་ཤེས་ནི་ཡེ་ཤེས་ ཀྱི་ཕར་ཕྱིན་དངོས་ཡིན་ལ། ཀུན་རྫོབ་ཏུ་ཁྲོ་བོ་ཆེན་པོས་བགེགས་ཀྱི་རྒྱལ་པོ་ལོག་འདྲེན་ བཅོམ་པ་དང༌། དོན་དམ་པར་ཡེ་ཤེས་དེས་སྒྲིབ་པ་གསུམ་པོ་ཆར་གཏོགས་དང་བཅས་པའི་ བགེགས་བཅོམ་པ་ནི་གླང་ལྤགས་ཀྱིས་མཚོན་ནོ། །དེ་བཞིན་དུ་ཀླུ་བཅུ་པོ་རྣམས་ཀྱིས་བརྒྱན་ པ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་བཅུ་ཚན་གྱི་ཆོས་རྣམས་རྣམ་པར་དག་པར་དོན་ གྱི་ཤེས་པར་བྱའོ། །འདིར་ཀླུ་རྒྱལ་བའི་ས་བོན་ཧུཾ་ཐུང་དང༌། རྣམ་པར་རྒྱལ་བའི་ས་བོན་ཧཱུྃ་ ཡིག་རིང་པོར་མཛད་དོ། །དེ་ལྟར་ཕྱག་རྒྱ་དྲུག་ནི་རུས་རྒྱན་ཡིན་ལ། ཀླུ་རྣམས་ནི་སྦྲུལ་གདུག་ པའི་གཟུགས་ཁ་དོག་མངོན་རྟོགས་ནས་འབྱུང་བ་དང་མཐུན་པ། ཕྱག་རྒྱ་དྲུག་པོ་ལ་སྦྲུལ་གྱི་ ལུས་རྣམས་ཅུང་ཟད་དཀྲིས་ཤིང་མགོ་རྣམས་གདེངས་ཀ་བྱས་ཏེ་ཕྱིར་ལྟ་བའོ། །ཞལ་ཕྱག་ལ་ 3-1-102 སོགས་པའི་དག་པ་གཞན་རྣམས་དཔལ་དུས་ཀྱི་འཁོར་ལོ་ཉིད་དང་འདྲ་ལ། འདིར་ས་བོན་ ཅན་གྱི་སྔགས་ཀྱིས་བྱིན་གྱིས་རློབས་པ་ཡིན་གྱི། སྐབས་འདིར་ས་བོན་ལས་བསྐྱེད་པ་ནི་མ་ ཡིན་ནོ།། །། བཞི་པ་ནི། ༀ་ཧཱུྃ་ཀྲོ་དྷ་ཨིནྡྲོ་ཧཾ། ཞེས་སོགས་ཏེ། ང་ཉིད་ཁྲོ་བོ་ཐམས་ཅད་ཀྱི་དབང་པོ་ ཡང་ཡིན་ལ། ཡེ་ཤེས་ཀྱི་ཁྲོ་བོ་གཞན་རྣམས་ལ་བཀའ་སྦྱིན་པ་པོའོ། །ཞེས་ང་རྒྱལ་བཟུང་བ་ ཉིད་དེ་འདི་ནི་གཙོ་བོ་ཁོ་ནའི་ང་རྒྱལ་འཛིན་པ་ཡིན་པས་འཁོར་རྣམས་མ་སྤྲོས་པའི་སྔོན་དུ་ བྱེད་པ་ཉིད་བཟང་ངོ༌།། །། ལྔ་པ་འཁོར་ཚོགས་སྤྲོ་བ་ལ། འཁོར་ཚོགས་མཁའ་ནང་ནས་སྤྲོ་ན། རྡོ་རྗེ་ཤུགས་ཡུམ་ ཅན་དུ་དགོས་ཀྱང༌། འདིར་ཐུགས་ཀ་ཁོ་ན་ནས་སྤྲོ་བར་གསུངས་པས་གཙོ་བོ་ཡང་ཡབ་རྐྱང་ ཡིན་པར་ཞོར་ལ་རྟོགས་སོ། །དེ་ལ་ཁྲོ་བོའི་སྡེ་ཚན་ནས་འབྱུང་པོའི་སྡེ་ཚན་གྱི་བར་དུ་རིམ་ པ་དྲུག་ཡོད་པ་ལས། དང་པོ་ཁྲོ་བོ་བཅུ་སྤྲོ་བ་ནི། རང་ཉིད་རྡོ་རྗེ་ཤུགས་ཀྱི་ང་རྒྱལ་དུ་གནས་ པའི་ཐུགས་ཀར་ཧ་ཡ་ར་ཝ་ལ་བརྩེགས་པའི་རང་བཞིན་གྱི་ཡི་གེའི་གོང་བུ་བསྒོམ་པར་བྱ་ སྟེ། འདིའི་དོན་ལ་ལྔ་བརྩེགས་གཅིག་ཏུ་སྒོམ་པ་དང༌། ཧ་ཧ་ཡ་ཡ་སོགས་བརྩེགས་པ་བསྒོམ་ ཞེས་པ་དང༌། ཧ་ཧ་ཡི་ཡི་སོགས་སྒོམ་པར་འདོད་པ་དང༌། བརྩེགས་མའི་ཡི་གེ་དེ་ཉིད་ནས་ ལྷ་གཉིས་ཚན་གཉིས་ཚན་བསྐྱེད་ཟིན་པ་ན། རིམ་པས་ཟད་ནས་བཅུ་ཅར་སྤྲོས་ཟིན་པ་ན། ཉི་མའི་དཀྱིལ་འཁོར་སྟོང་པར་སོང་བར་འདོད་པ་མང་མོད་ཀྱང༌། ཐུགས་ཀའི་ས་བོན་ལས་ ཧ་ཧ་སོགས་ཡི་གེ་དེ་དག་སྤྲོ་བ་ཡིན་གྱི། ཐུགས་ཀའི་ས་བོན་ཉིད་བགོ་བཤའ་བྱས་ནས་ལྷར་ འགྲོ་བ་མིན་ནོ། །དེས་ན་ཧ་ཡ་ར་ཝ་ལ་ཐུང་ངུ་བརྩེགས་པ་ནི། གཙོ་བོ་ཉིད་ཀྱི་ས་བོན་ཧཱུྃ་ཡིག་ གི་རྣམ་འགྱུར་ཡིན་པར་ཤེས་པར་བྱ་སྟེ། ལྷ་སོ་སོ་སྤྲོ་བའི་དོན་དུ་ཡི་གེའི་གཟུགས་ཐ་དད་ པར་བསྒྱུར་བ་ཡིན་ནོ། །དེས་ན་ལྔ་བརྩེགས་ཀྱི་སྟེང་མ་ཧ་ཡིག་ལས་ཧ་ཐུང་ལྗང་ཁུ་དང་། ཧཱ་ 3-1-103 རིང་སྔོན་པོ་སྤྲོས། སྟེང་འོག་གི་ཁྲོ་བོར་གྱུར་ཏེ་རྣ་བ་གཡོན་ནས་སྟེང་གི་དང༌། གཡས་ནས་ འོག་གི་ཁྲོ་བོ་སྤྲོས་ཏེ། སྟེང་འོག་གི་རྩིབས་ལ་བཀོད་ཟིན་པ་ན། ཧཱ་ཡིག་གི་འོག་གི་ཡ་ལས་ ཡི་རིང་ཐུང་གཉིས་སྤྲོས། ཐུང་ངུ་ཤར་གྱི་ཁྲོ་བོ་དང༌། རིང་བོ་ཤར་ལྷོ་མཚམས་ཀྱི་ཁྲོ་བོར་ གྱུར། ཤར་བ་སྣ་བུག་གཡོན་དང༌། ཤར་ལྷོ་བ་སྣ་བུག་གཡས་ནས་སྤྲོས་ཏེ། སོ་སོའི་ཕྱོགས་ སུ་རང་རང་གི་གདན་ལ་འགོད་དོ། །དེས་གཞན་རྣམས་ལའང་མཚོན་ཏེ། བྱང་གི་ཁྲོ་བོ་ལྕེའི་ དབུས་རོ་མྱང་བའི་སྒོ་དང༌། བྱང་ཤར་བ་ཆུ་ལམ་དང༌། ནུབ་པ་བཤང་ལམ་དང༌། ནུབ་བྱང་ པ་གཙུག་ཏོར་གྱི་བུ་ག་རྩ་དབུ་མའི་ཕྱི་རོལ་གྱི་སྒོ་ནས་སྤྲོ་བ་ཡིན་ནོ། །ཁྲོ་བོ་སྤྲོ་བའི་བྱ་བ་ རྫོགས་ནས་ཟད་པར་སྤྲོ་བ་ལ་བབ་པ་ན། སྔར་གྱི་ཧ་ཡ་ར་ཝ་ལ་བརྩེགས་པའི་གོང་བུ་དེ། ང་ ཉ་ཎ་མ་ན་བརྩེགས་པའི་གོང་བུར་གྱུར་ཏེ། ཡི་གེ་སྟེང་མ་ང་ལས་ང་ངཱ་གཉིས་སྤྲོ་བ་དང༌། ཉ་ ལས་ཉི་ཉཱི་སྤྲོ་བ་སོགས་ཐུགས་ཀའི་ས་བོན་བསྒྱུར་བ་དང༌། ཇི་ལྟར་སྤྲོ་བའི་ཚུལ་རྣམས་འབྱུང་ པོའི་བར་དུ་ཐམས་ཅད་ལ་རིགས་འགྲེའོ། །བརྩེགས་མའི་ཡི་གེ་ལྔ་པོའི་ཁ་དོག་ནི། སྟེང་ནས་ རིམ་པས་ལྗང་ནག་དམར་དཀར་སེར་བའི་རིམ་པ་ཁོ་ནའོ། །སྐབས་འདིར་ནུབ་བྱང་གི་ལྷ་ རྣམས་ཐམས་ཅད་ས་ཆུ་འདྲེས་མ་ལས་གཙོ་བོར་ས་ཁམས་པ་ཉིད་ཡིན་པ་ལ། གཙུག་ཏོར་ གྱི་སྒོ་ནམ་མཁའི་ཁམས་ལས་སྤྲོ་བ་ཇི་ལྟ་བུ་ཞེ་ན། དོན་གྱི་གཙོ་བོ་སྒོ་བཅུ་པོ་ལ་ལྷ་བཅུས་ བགོ་བཤའ་བྱས་པའི་ཐོབ་སྐལ་དུ་བྱུང་བ་ཉིད་ཡིན་ཡང༌། འདྲ་ཆོས་ཅུང་ཟད་སྦྱོར་ལུགས་ ལ། ཁ་ཅིག་མཁའ་ཁམས་ཐབས་ཀྱི་ཐུགས་ཡིན་ལ། ཐབས་ཀྱི་བསམ་པ་ཤེས་རབ་ཡིན་ ཅིང༌། ཐུགས་ཀྱི་རིགས་ཀྱི་བསམ་པ་ལུས་ཡིན་པས་ཤེས་རབ་ཀྱི་ལུས་ས་ཁམས་པའི་ལྷ་དེ་ ཐབས་ཀྱི་ཐུགས་ནམ་མཁའི་སྒོ་ནས་སྤྲོའོ། །ཞེས་འཆད་པའང་ཡོད་ལ། ཡང་ནོར་ལས་རྒྱལ་ གྱི་རླུང་གཙུག་ཏོར་དུ་གནས་བཅས་ནས་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་ཅིང༌། དེ་ས་ཁམས་གཙོ་ཆེ་བ་ཡིན་པས་རྒྱུ་མཚན་དེའི་སྒོ་ནས་སྐབས་འདིར་གཙུག་ཏོར་གྱི་སྒོ་ས་ 3-1-104 ཁམས་སུ་འཇོག་པ་ཡིན། ཞེས་འཆད་དེ་གཉིས་ཀ་ལྟར་ཡང་མི་འགལ་བ་འདྲ་མོད། ད་དུང་ ཁུངས་དཔྱད་པར་བྱའོ། །ཁྲོ་བོ་བཅུ་པོ་རྣམས་ཀྱི་ཞལ་ཕྱག་གི་གྲངས་ལ་དཔྱད་ན། ཁ་ཅིག་ མཚམས་དང་སྟེང་འོག་གི་ཁྲོ་བོ་རྣམས་ཞལ་གཅིག་ཕྱག་བཞི་པ་ཁོ་ནར་བྱེད་དགོས་ཞེས་དེ་ རྣམས་ཞལ་གསུམ་ཕྱག་དྲུག་པ་མ་བཤད་དོ་སྙམ་དུ་སེམས་པ་དང༌། འགའ་ཞིག་བཅུ་ཀར་ ཞལ་གསུམ་ཕྱག་དྲུག་པ་ཁོ་ན་ལས་གཞན་མི་རུང་པའོ་ཞེས་སེམས་པ་དང༌། གཞན་དག་ ཕྱོགས་དང་སྟེང་གི་ཁྲོ་བོ་ཞལ་གསུམ་པ་དང༌། མཚམས་དང་འོག་གི་རྣམས་ཞལ་གཅིག་པའོ་ ཞེས་སེམས་ན། རེ་རེ་ཞིང་རང་རང་གི་འདོད་པ་ལ་འགལ་བ་ཆེར་མེད་ཀྱང༌། དེ་དག་མཐའ་ གཅིག་ཏུ་སོ་སོར་ཞེན་ནས། གཞན་དག་འགོག་པ་ནི་མི་རིགས་སོ། །དེ་ཡང་འགྲེལ་ཆེན་ལས། སྲུང་འཁོར་གྱི་སྐབས་ཁྲོ་བོ་གཙུག་ཏོར་ལ་འཆང་པར་འགྱུར་བའི་སྐུ་མདོག་ཕྱག་མཚན་ཞེས་ གསུངས་པ་ནི། སྒྲུབ་ལེར་གསུངས་པའི་གནས་སྐབས་གཉིས་ཀར་ལ་ཡང་ཁ་འཕངས་པ་ ཡིན་མོད་ཀྱི། གཙོ་བོར་སྐུ་དཀྱིལ་གྱི་སྐབས་ལ་སྦྱོར་དགོས་པས་སྟེང་སོགས་ཁྲོ་བོ་དྲུག་པོ་ རྣམས་ཕྱག་བཞི་པའང་ཡིན་ལ། ཐུགས་དཀྱིལ་གྱི་ཁྲོ་བོ་གཙུག་ཏོར་ཞལ་གསུམ་ཕྱག་དྲུག་ པར་བཤད་པས་སྟེང་དང་ཕྱོགས་བཞི་ཞལ་གསུམ་པ་དང༌། འོག་དང་མཚམས་བཞི་ཞལ་ གཅིག་པར་བྱས་ཀྱང་རུང་བ་དང༌། སྒྲུབ་ལེའི་རོ་ལངས་སྒྲུབ་པའི་དཀྱིལ་འཁོར་སྐབས་ནས། ཕྱི་རོལ་རེ་ཁ་གསུམ་ལ་ཕྱོགས་བཅུའི་དཀྱིལ་འཁོར་དུ་ནི་དེ་བཞིན་ཁྲོ་བོའི་མཚན་མ་རྣམས། ། ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་རྣམས་སུའོ། །ལྷ་མོ་ རྣམས་ཀྱི་ཇི་ལྟ་བ་དེ་བཞིན་ཕྱོགས་བྲལ་རྣམས་སུའོ། །སྟེང་དུ་གཙུག་ཏོར་གྱི་རྡོ་རྗེ་དང༌། འོག་ ཏུ་གནོད་མཛེས་ཀྱི་དགྲ་སྟ་སྟེ་ཞེས་འབྱུང་བས་མཚམས་དང་སྟེང་འོག་གི་ཁྲོ་བོ་རྣམས་ཀྱང་ ཞལ་གསུམ་ཕྱག་དྲུག་པ་མཚམས་རྣམས་རང་རང་གི་ཕྱོགས་དང་མཚུངས་ཤིང༌། གཙུག་ཏོར་ མི་བསྐྱོད་པ་དང་གནོད་མཛེས་རྡོ་རྗེ་སེམས་དཔའ་དང་འདྲ་བར་འདིས་བསྟན་པ་ཡིན་ལ། 3-1-105 སྟེང་འོག་མཚམས་རྣམས་ཁྲོ་བོ་ཕྱག་བཞི་པ་ཡིན་ན། སྟེང་དུ་རྡོ་རྗེ་དང་འོག་ཏུ་དགྲ་སྟ་དང༌། མཚམས་རྣམས་སུ་ཡུམ་བཞི་དང་མཐུན་པའི་ཕྱག་མཚན་འབྱུང་བ་མི་རིགས་པའི་ཕྱིར་རོ། ། གཞན་ཡང་སྲུང་འཁོར་གྱི་སྐབས་སུ་ཁྲོ་བོ་བཅུ་བཀོད་པའི་རྗེས་སུ་སྙིང་པོའི་དཀྱིལ་འཁོར་ དགོད་པའོ་ཞེས་ཐུགས་དཀྱིལ་གྱི་དོད་ཐུབ་པའི་ལྷར་བཤད་པ་དང༌། དུས་འཁོར་ནས་བཤད་ པའི་དཀྱིལ་འཁོར་ལ་འཁོར་གྱི་དཀྱིལ་འཁོར་རིམ་པ་གཅིག་པ་ལ། ཕྱོགས་དང་མཚམས་ ཀྱི་དབྱེ་བ་ཕྱེད་ནས་ཞལ་ཕྱག་གི་གྲངས་སྡེ་ཚན་གཉིས་སུ་ཕྱེ་བ་གནས་སྐབས་གཞན་ན་མི་ འདུག་ཅིང༌། མཐར་བྱེད་བཞི་ལ་ཞལ་གསུམ་པར་ངེས་པའི་རིག་པ་སྦྱར་ན། སྲུང་འཁོར་གྱི་ ཁྲོ་བཅུ་ནི། ཞལ་གསུམ་ཕྱག་དྲུག་པར་བྱེད་པ་ཉིད་འཐད་པ་བཟང་ཞིང༌། འཇུག་པའང་བདེ་ བས་འདི་ཉིད་གཙོ་བོར་བྱའོ། །རྣལ་འབྱོར་རྫོགས་འཕྲེང་ལས་ཀྱང༌། ཞལ་གསུམ་ཕྱག་དྲུག་ པ་ཉིད་དུ་མཛད་དེ། དེས་ན་གང་དག་སྐུ་དཀྱིལ་གྱི་ལྷའི་ཕྱོགས་མདོག་འཐད་པ་ཅུང་ཟད་ཆུང་ བའི་ཕྱོགས་དེ། རྫོགས་འཕྲེང་གི་ལུགས་སུ་གཞུང་འཛུགས་ཤིང༌། སྲུང་འཁོར་གྱི་ཁྲོ་བཅུ་ ཐམས་ཅད་ཞལ་གསུམ་པ་རྫོགས་འཕྲེང་ལས་འབྱུང་བ་འཐད་པ་མང་བའི་ཕྱོགས་དེ་འགོག་ པ་ནི། གཞུང་གཞན་དང་འཕྲེང་བ་གཉིས་ལ་གདམ་ང་བྱས་རེས་ཀྱིས་འདམ་ཁ་ཤིན་ཏུ་ནོར་ བའོ། །ཁྲོ་བོ་བཅུ་པོ་རྣམས་ཀྱི་གདན་གྱི་ཁྱད་པར་ནི། ཉི་མའི་བུ་ལོན་དག་པས་ཐམས་ཅད་ ཉི་མའི་གདན་དང༌། ཚེས་ཀྱི་ནོར་དང་བུ་ལོན་གྱི་དབྱེ་བས་ཁྲོ་བོ་བཅུ་པོ་ཐམས་ཅད་ཟླ་བའི་ གདན་ལ་གནས་པ་དང༌། ལུས་ཀྱི་དབྱེ་བས་ཕྱོགས་རྣམས་ཟླ་བ། མཚམས་རྣམས་ཉི་མ། བསམ་པའི་དབྱེ་བས་དེ་གོ་ཟློག་པ་དང༌། ལྷོ་དང་ལྷོ་ནུབ། ནུབ་དང་ནུབ་བྱང་དུ་ཉི་མ། ཤར་ དང་ཤར་ལྷོ། བྱང་དང་བྱང་ཤར་ཟླ་བའི་གདན་ཏེ་གདན་གྱི་རྣམ་གྲངས་འགོད་ཚུལ་གདམ་ ང་ཅན་ལྔ་གསུངས་ཀྱང༌། ཉི་རྐང་བཅུ་གཅིག་རྣམ་པར་དག་པ་མཚོན་པའི་ཁྲོ་བོ་གཙོ་འཁོར་ བཅུ་གཅིག་ཉི་གདན་ལ་བཞུགས་པ་ཉིད་གཙོ་བོར་མཛད་དོ། །དོན་ཚན་གཉིས་པ་ཟད་པར་ 3-1-106 སྤྲོ་བའི་སྐབས། རྭ་བ་སྔ་མ་རྣམས་ནི། ཟད་པར་རྣམས་ནི་རྣལ་འབྱོར་མ་བརྒྱད་དང་ཕོ་མོ་མ་ གཏོགས་རྣམ་པ་མཚུངས་པར་མཛད་པ་དང༌། རོང་པ་རྣམས་ཐབས་ཤེས་སུ་སྦྱོར་བའི་ཕྱིར་ ཁྲོ་བོ་བཅུ་དང་མཚུངས་པར་མཛད་པ་དང༌། ལྷོ་པ་གྲུབ་སེང་སོགས་མཉམ་གཞག་གི་ཕྱག་ རྒྱ་ཅན་དུ་མཛད་པ་དང༌། ཤོང་བློ་བརྟན་སོགས་གྲུབ་པའི་གཟུགས་སམ་འབྱུང་བའི་དཀྱིལ་ འཁོར་འདམ་ཁ་མཛད་པ་དང༌། ཁ་ཅིག་ཞི་བའི་ལས་ཀྱི་ལྷ་མོ་སོགས་ལས་བཞིའི་ལྷ་མོ་དང་ མཐུན་པར་བཞེད་པ་དང༌། བླ་མ་བསོད་ནམས་འོད་ཟེར་པ་ཡུམ་ལྔ་དང་རྣམ་པ་མཐུན་པར་ མཛད་པ་སོགས་སྔ་རབས་པ་རྣམས་ལ་ལུགས་སྣ་ཚོགས་བྱུང་འདུག་ཅིང༌། བི་བྷཱུ་ཏི་ཙནྡྲའི་ མཆན་བུ་ལ་ཕྱག་གཉིས་ཀར་གྱིས་གྲི་གུག་འཛིན་པར་བཤད་ཅེས་མཁས་མཆོག་བུ་སྟོན་ གསུང་ངོ༌། །དེ་རྣམས་ཐམས་ཅད་ལ་ཕྱི་མ་རྣམས་ཀྱིས་དགག་སྒྲུབ་མང་དུ་བྱེད་པ་ཞིག་སྣང་ ན་ཡང༌། ཕལ་ཆེར་རྒྱལ་བའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པའི་སྐྱེས་བུ་དམ་པ་ཡིན་ པས། རང་རང་གི་བླ་མའི་མན་ངག་ལ་བརྟེན་པ་ཡིན་ཏེ་འོང་བས་དེ་ལྟར་སོ་སོར་སྒོམ་པ་ལ་ འགལ་བ་མེད་དོ། །དེ་ཡང་རྒྱུད་ཀྱི་དངོས་བསྟན་གསལ་པོར་གསུངས་པ་དང་འགལ་ན་ནི་ ཤིན་ཏུ་མི་འཐད་པས་འགོག་དགོས་ཀྱང༌། དངོས་བསྟན་མི་གསལ་བ་རྣམས་ལ་མན་ངག་ཁོ་ ན་གཙོ་བོར་བྱེད་དགོས་པའི་ཕྱིར་རོ།། །། རང་ལུགས་ནི། ཟད་པར་རྣམས་མཉམ་གཞག་གི་ཕྱག་རྒྱས་གསུངས་པ་ཉིད་འཐད་དེ། ཟད་པར་གཞན་རྣམས་གཟུགས་ཁམས་ཀྱི་ལྷ་དང༌། ཟད་པར་སྟོང་པ་གཉིས་པོ་གཟུགས་ མེད་ཁམས་ཀྱི་ལྷའི་རྣམ་པ་ཡིན་ཅིང༌། ཁམས་དེ་དག་གི་ལྷ་རྣམས་ལུས་ཀྱི་བྱ་བྱེད་རྣམ་འགྱུར་ སྣ་ཚོགས་མེད་པར་སྐྱིལ་ཀྲུང་དང་མཉམ་གཞག་གི་ཚུལ་གྱིས་རྟག་ཏུ་གནས་སོ་ཞེས་གྲགས་ ཤིང༌། གྲགས་པ་དེ་ཡང་རྣལ་འབྱོར་ཅན་རྣམས་ཀྱིས་མཐོང་བ་བརྒྱུད་པའི་གཏམ་ཡིན་པ་ དང༌། རང་གཞན་སྡེ་པ་ཕྱི་ནང་གི་བསམ་གཏན་པ་ཐམས་ཅད་ཀྱང༌། སྤྱོད་ལམ་དེ་ལྟ་བུ་དང་ 3-1-107 མཚུངས་པ་ཡང་ཐུན་མོང་གི་སྒྲུབ་བྱེད་ལྷ་མཉམ་གཞག་པ་དེ་དག་དང་སྤྱོད་ལམ་མཚུངས་ པར་སྟོན་པ་ཡིན་པས་སོ། །དེ་བཞིན་དུ་རང་ལུགས་ཀྱི་བླ་མ་བརྒྱུད་པའི་མན་ངག་ཀྱང་གཙོ་ བོར་འདི་ཉིད་ཡིན་ནོ། །དེ་ལ་སྟེང་གི་ཟད་པར་ནི། ཁང་བརྩེགས་ཀྱི་སྟེང་གི་ནམ་མཁའ་ལ་ འགོད་ཅིང༌། འོག་གི་ཟད་པར་ནི། ཁང་བརྩེགས་ཀྱི་ས་སྟེགས་ཁོང་སྟོང་དུ་གནས་པའི་ནང་དུ་ འགོད་དོ། །ཕྱོགས་སྐྱོང་སྤྲོ་བའི་སྐབས་ཚངས་པ་ལྗང་ཁུ་སོགས་སྐུ་དཀྱིལ་གྱི་ལྷ་དང་ཁ་དོག་ མི་འདྲ་བ་འབྱུང་བ་ལ་དོགས་དཔྱོད་བྱེད་པ་མང་པོ་སྣང་བ་ནི། རྟོག་དཔྱོད་ཁ་ཐལ་བའི་ དོགས་པ་མ་ལངས་དགུ་ལངས་པའི་ཚུལ་མ་གཏོགས། གནས་སྐབས་དང་དགོས་པ་ཐ་དད་ ཡིན་པས་དོགས་སེལ་འགལ་སྤོང་མི་དགོས་ལ། ནོར་སྦྱིན་གྱི་གདན་ལ་གཞལ་མེད་ཁང་པ་ དང༌། ཤིང་རྟ་དང་འཁོར་ལོ་སོགས་འགྱུར་མི་གཅིག་པ་རྣམས་སུ་སྣ་ཚོགས་འབྱུང་བའི་དོན་ ནི། དེའི་རྒྱ་སྐད་བི་མཱ་ན་ཞེས་འབྱུང་སྟེ། དེ་ཡང་ལྷའི་གནས་ན་ཉི་ཟླ་སྐར་གསུམ་བཞིན་དུ་ རང་གང་འདོད་སར་གཞལ་མེད་ཁང་ཉིད་འགྲོ་བ་ཞིག་ཡོད་པ། དཔེར་ན་དཔུང་བཟང་ནས་ བཤད་པ་བཞིན་ཏེ་ཕྱི་ནང་ཀུན་ལ་གྲགས་སོ། །དེ་ལ་ཤིང་རྟ་འཁོར་ལོ་མེད་པ་དང༌། ཡོད་ ཀྱང་འདྲེན་བྱེད་མེད་པ་དང༌། འདྲེན་བྱེད་ཀྱང་ཡོད་པ་སོགས་ཅི་རིགས་པའོ། །མིའི་ཡུལ་དུ་ ནི་དེ་དང་མཚུངས་པའི་རྣམ་པ་ཅན་བི་མཱ་ནར་གྲགས་པ་ནི། འཁོར་ལོ་དང་འདྲེན་བྱེད་མེད་ པར་འགྲོ་མ་ཐུབ་པས་ངེས་པར་སྨད་ཤིང་རྟ་འཁོར་ལོའི་རྣམ་པ་ལ་དངོས་ཤིང་ཁང་ངམ། ཡོལ་ཁང་བྱས་པ། ཐོག་གཅིག་གམ། གཉིས་སམ་གསུམ་ལ་སོགས་པ་འབྱུང་སྟེ། འདྲེན་བྱེད་ ཀྱིས་འདྲེན་པར་བྱེད་དོ། །འདིར་ཡང་འཁོར་ལོ་མེད་ན་ཁང་པ་ཙམ་གྱིས་བཞོན་པ་ཡིན་པར་ མི་མཚོན་པས་འཁོར་ལོས་དྲངས་པའི་ཁང་བརྩེགས་སོ། །གཟའ་རྣམས་སྤྲོ་བའི་སྐབས་སུ་རྭ་ བ་རྙིང་པ་རྣམས་ཐབས་ཤེས་ཡིན་པའི་ཕྱིར་གཟའ་ཕྱོགས་སྐྱོང་དང་འདྲ་བར་བཞེད། ཡང་ རོང་པ་ཤེར་སེང་སྦྱིན་སྲེག་གི་ལས་སོ་སོའི་མེ་ལྷ་དང་ཕྱག་མཚན་མཐུན་པ་ལ་ཁ་དོག་བསྒྱུར་ 3-1-108 བར་བཞེད་པ་དང༌། ཁ་ཅིག་གཟའ་སྐར་གྱི་དཀྱིལ་འཁོར་གྱི་རྣམ་པ་ཟླུམ་པོར་བཞེད་པ་ སོགས་སྣ་ཚོགས་བྱུང་ཡང་ཞལ་ཕྱག་གི་རྣམ་པ་མེད་པ་ནི་ཟླ་སྟོབས་ཀྱི་རིག་པས་མི་འཐད་ལ། གཞན་རྣམས་མན་ངག་ངེས་ཅན་ཡིན་ན་མི་འགལ་ཞིང༌། ཡིག་རིགས་ཀྱི་འགྲོས་དེད་པའི་ཕོ་ ཚོད་ཙམ་ཀ་ཡིན་ན་ཅིར་ཡང་མི་རུང་ངོ༌། །དེས་ན་རང་ལུགས་ནི་གཟའ་རྣམས་ཀྱི་ཕྱག་མཚན་ སོགས་གསང་སྔགས་པ་སྤྱི་ལ་ཡོངས་སུ་གྲགས་པ་དང་མཐུན་པ་ལ་སྐུ་མདོག་དངོས་བསྟན་ དུ་གསལ་བ་ལྟར་མཛད་ཅིང༌། འདི་ཉིད་འབྲོ་ལུགས་པ་སོགས་ལོ་པཎ་མཁས་པ་མང་པོའི་ མན་ངག་ཞལ་མཐུན་པའང་ཡིན་ནོ། །བོད་དུ་ཕྱིས་བྱུང་བ་དུས་འཁོར་གྱི་བསྐྱེད་རིམ་ལ་རྣམ་ བཤད་བྱེད་པ་རྣམས་ནི། སྔར་གྱི་ལུགས་དེ་དག་ཐམས་ཅད་ལ་སྐྱོན་བརྗོད་ཅི་ལྕོགས་ཀྱིས་ བྱས་ནས་རང་ལུགས་འཇོག་པ་ན། སྒྲུབ་ཐབས་པད་ཞལ་པ་རྗེས་འབྲང་དང་བཅས་པ་ནི། འགྲེལ་ཆེན་དུ་ཨི་ཡིག་ཡོངས་སུ་གྱུར་པ་ལས་རལ་གྲི་སྟེ། དེ་ཡོངས་སུ་གྱུར་པ་ལས་ལྷའམ་ ལྷ་མོ་ཕྱག་ན་རལ་གྲིར་འགྱུར་རོ། །ཞེས་སོགས་གསུངས་པས་དམིགས་བསལ་མེད་པའི་ལྷ་ རླུང་ཁམས་པ་རྣམས་རལ་གྲི་དང་། མེ་ཁམས་པ་རྣམས་ནོར་བུའམ་མདའ་དང༌། ཆུ་ཁམས་པ་ རྣམས་པདྨའམ་ཨུཏྤལ་དང༌། ས་ཁམས་པ་རྣམས་འཁོར་ལོ་དང༌། མཁའ་ཡེ་གཉིས་ལའང་རྡོ་ རྗེ་དང་གྲི་གུག་ཐོབ་པས་ཟད་པར་རྣམས་མཁའ་ཁམས་ཀྱི་ལྷ་ཡིན་པས་ཕྱག་མཚན་གྲི་གུག་ ཡིན་ཅིང༌། །བི་བྷཱུ་ཏའི་མཆན་བུ་ལ་ཡོད་ཟེར་བ་དེའང་སྟེས་དབང་འགྲིག་ནས་རྒྱབ་རྟེན་དུ་ སྦྱོར་ལ། གཟའ་རྣམས་མེ་ཁམས་ཀྱི་ལྷ་ཡིན་པས་རིན་པོ་ཆེའམ་མདའ་འཛིན་པའོ། །ཞེས་ ཟེར་ཞིང་བདག་ཉིད་སྒྲོག་པ་ལྷུར་བྱེད་དོ། །ཡང་བྱམས་གླིང་ཤེས་རིན་ཆོས་གྲགས་པ་སོགས་ མགྲིན་གཅིག་པར་ལུགས་དེ་ཡང་བཀག་ནས་ལུང་ཁུངས་དེ་ཉིད་ལ་གོ་བ་མི་འདྲ་བ་བཙལ་ ནས་ཟད་པར་དང་གཟའ་ཕྱོགས་ཀྱི་དབྱེ་བས་ནག་པོ་གཉིས་རལ་གྲི་དང༌། དམར་པོ་གཉིས་ མདའ་འཛིན་པ་སོགས་འདོད་ཅིང་། དེ་རྣམས་གཅིག་ལ་གཅིག་བྲིས་བཤུས་ལྟ་བུར་འདུག་ 3-1-109 ཀྱང་གཞན་རྣམས་ཀྱིས་རྒྱུད་འགྲེལ་གྱི་དོན་མ་ཤེས་ལ། རང་རང་གི་བློ་གྲོས་ཀྱིས་གསར་དུ་ རྙེད་པ་ལྟར་ཤིན་ཏུ་སྤྱོམས་པར་སྒྲོག་གོ །ཆེན་པོ་རྣམ་རྒྱལ་གྲགས་པ་ནི་ཁྲོ་བོ་ལ་ཕྱག་མཚན་ གསུངས་ཟད་པར་ལ་མ་གསུངས། ཕྱོགས་སྐྱོང་ལ་གསུངས། གཟའ་ལ་མ་གསུངས། ཀླུ་ལ་ གསུངས་ནས་འབྱུང་པོ་ལ་མི་གསུང་བར་རིགས་པ་ལ་དེར་ཕྱག་མཚན་གསུངས་པས་འདི་ཐ་ མའི་གསལ་བྱེད་དུ་སྦྱར་ནས། སྔར་མ་གསུངས་པ་གཉིས་པོ་ཡང་འདི་དང་འདྲའོ། །ཞེས་གོ་ བའི་ཆེད་ཡིན་ཅིང༌། སྔ་རབས་པ་ཁ་ཅིག་ཀྱང་དེ་ལྟར་བཞེད་དོ། །ཞེས་འཆད་དོ། །སྔ་རབས་ པ་དེ་སུ་ཞིག་ཞེས་བཙལ་བར་བྱ་ལ། ཚད་ལྡན་གཞན་གྱི་བཤད་པ་དང་མན་ངག་བརྒྱུད་པ་ ཡིན་ན། དེ་ཡང་མི་འགལ་ཞིང་ལེགས་ལེགས་འདྲ་བ་ཞིག་སྣང་ངོ༌། །འོན་ཀྱང་ཕྱི་རབས་པའི་ ལུགས་དེ་རྣམས་ཐམས་ཅད་རང་ཉིད་ཀྱིས་རྒྱུད་འགྲེལ་སྒྲུབ་དཀྱིལ་སྣ་ཚོགས་ལ་བལྟས་ནས་ བློས་དཔྱད་དེ་དོན་ཐོབ་ལ་འདི་ལྟ་བུ་ཞིག་དགོས་སོ་ཞེས་མཐའ་གཞན་འགོག་པའི་ཚུལ་ གྱིས་བསྒྲུབ་པ་ལས། གཞན་ཚད་ལྡན་གྱི་ལུང་གི་ཁུངས་དང་རིག་པའི་སྒྲུབ་བྱེད་དང༌། མན་ ངག་གི་རྒྱུན་སོགས་ཡེ་མི་སྣང་བས་ཡིད་བརྟན་ཐུབ་པར་མི་འདུག་གོ །ཁྱད་པར་དུ་ཡང་ དམིགས་བསལ་མེད་པའི་ལྷ་རྣམས་ལ་འབྱུང་བའི་ཁམས་ཀྱི་རིགས་དེད་ནས་ཕྱག་མཚན་དེ་ བཞིན་དུ་བྱེད་ཅེས་པ་ནི། སྒྲུབ་ལེའི་ཚིགས་བཅད་བརྒྱ་ཞེ་གསུམ་པར་ཨི་ར་ཨུ་ལཱི་དེ་བཞིན་ ཉིད་དུ་རབ་གསལ་ཡ་ར་ལ་ཝ་རླུང་མེ་ཆུ་དང་ས་རྣམས་སོ། །ཞེས་པའི་འགྲེལ་བ་ལ་བསམ་ པར་སྣང་ཡང་འདི་ནི་ཞི་སོགས་ལས་རྣམས་སྒྲུབ་པའི་སྐབས་ཀྱི་མཁའ་ནང་ནས་སྤྲོས་པའི་ལྷ་ ཚོགས་འགའ་ཞིག་གི་ཕྱག་མཚན་སྟོན་པ་ཡིན་གྱི། དུས་འཁོར་གྱི་རྒྱུད་ལས་གསུངས་པའི་ལྷ་ དམིགས་བསལ་མེད་པ་ཐམས་ཅད་ཀྱི་ཕྱག་མཚན་སྟོན་པ་མ་ཡིན་ནོ། །དེའི་ཕྱིར་སྒྲུབ་ཐབས་ པད་ཞལ་བས་དམིགས་བསལ་མེད་པའི་ལྷའི་ཕྱག་མཚན་སྟོན་པ་ཡིན་ཞེས་བསྒྲགས་པ་ན། གཞན་མང་པོའང་དཔྱད་པ་མེད་པར་འུར་ལངས་ཏེ་དེ་ཡིན་པ་གཞིར་བཞག་ཏུ་ནི་བྱས། 3-1-110 ལུགས་དེའི་རྗེས་སུ་འབྲང་བར་ཡང་མ་འདོད་དེ། ལུགས་དེའི་ཕྱེད་ལ་དགག་པ་མང་དུ་བྱས་ ནས་ཕྱེད་རང་ལུགས་སུ་བྱས་པར་སྣང་ངོ༌། །ལུགས་ཕྱི་མ་དེའི་ཚིག་རྣམས་ཀྱང་རིགས་པ་མ་ ཡིན་ཏེ། འགྲེལ་ཆེན་དུ། སྲུང་འཁོར་གྱི་སྐབས་འདིར་གཙུག་ཏོར་འཁོར་ལོས་བསྒྱུར་བ་དང་ འབྱུང་པོ་མ་བཏོགས། གང་ལའང་ཕྱག་མཚན་མ་གསུངས་པས་ཕྱོགས་སྐྱོང་ལ་གསུངས་ གཟའ་ལ་མ་གསུངས་སོགས་ཀྱི་རྣམ་གཞག་མི་འཐད་ཅིང༌། དེའི་ཕྱིར་འབྱུང་པོའི་དེ་མཐའི་ གསལ་བྱེད་ཡིན་ན། ཁྲོ་བོ་གཙུག་ཏོར་མ་གཏོགས་སྲུང་མ་སྡེ་དྲུག་ཐམས་ཅད་གྲི་ཐོད་འཛིན་ པར་འགྱུར་ལ། ཡང་ཁྲོ་བོ་ཕྱོགས་སྐྱོང་ཀླུ་སོགས་ལ་སྐབས་གཞན་དུ་བཤད་པས་སོ་སྙམ་ན། འདི་ནི་དང་པོ་དབང་ལེར་བཤད་ལ། དེ་དག་སྒྲུབ་ལེར་གསུངས་པ་ཡིན་པས་ཐ་མའི་གསལ་ བྱེད་དང་པོར་འབྱུང་བ་ངོ་མཚར་ཆེའོ། །དེས་ན་གཟའ་དང་ཟད་པར་སྤྱི་ཁྱབ་ཏུ་གྲགས་པ་ལ་ དགོངས་ནས་གསལ་བར་མ་མཛད་པའོ། ཁ་ཅིག་མེ་ལྷ་གཟའ་དག་དང་བསྟུན་དུ་མི་རུང་ བའི་རྒྱུ་མཚན་བོད་སྐད་དུ་གཟའ་ཞེས་གཅིག་ལས་མེད་ཀྱང་རྒྱ་སྐད་དུ་བ་ར་དང་གྲ་ཧ་ཞེས་ པ་དོན་ཡང་ཐ་དད་དེ། གཟའ་བདུན་མེ་ལྷའི་ལྕེར་བཤད་པ་ལྟ་བུ་ཝ་ར་ཏེ་རེས་གཟའ་ཡིན་ ལ། རེས་གཟའ་རྣམས་ཉི་མ་ཉིད་ཀྱི་ནང་ཚན་ལས་ཕྱེ་བ་ཡིན་ཅིང༌། ཁྱིམ་བདག་གི་མེ་ལྕེ་ བདུན་པར་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །འདིར་བཤད་པ་འདི་རྣམས་གྲ་ཧ་སྟེ། རྒྱ་སྐད་ ལ་སྤྱོད་པའི་གཟའོ་ཞེས་འཆད་དེ་ཅུང་ཟད་དོན་དང་འབྲེལ་བར་ཡང་སྣང་ངོ༌། །འབྱུང་པོ་སྤྲོ་ བའི་སྐབས་རོ་ལངས་ནི་ལྷའི་སྲིན་པོ་སྟེ་འཇིགས་བྱེད་དགུའམ་མགོན་པོ་ནག་པོ་ལྟ་བུ་ཡིན་ ལ། གྲུལ་བུམ་ནི་གཤིན་རྗེ་སྟེ་གཏོར་སྔགས་ཀྱི་སྐབས་སུ་བི་ཀྲི་ཏ་མུ་ཁ་རྣམ་པར་འགྱུར་བའི་ གདོང་སྟེ། གཤིན་རྗེའི་སྔགས་དང་མཐུན་པར་ཡང་མཛད་དོ། །མིའམ་ཅི་དང་སྐྱེས་བུའམ་ཅི་ བྲམ་ཟེའི་གཞུང་ལུགས་ལས་དོན་གཅིག་པར་བཤད་ཀྱང༌། འདིར་ནི་དེ་གཉིས་འགྲོ་བའི་ རིགས་དང་སྤྱོད་ཡུལ་གཅིག་པ་ལས་གཟུགས་མཛེས་ཤིང་སྤྱོད་པ་ལྷ་དང་མཚུངས་པ་ནི་ 3-1-111 མིའམ་ཅི་དང༌། མགོ་བརྙན་སོགས་གཟུགས་མི་གདུག་ཅིང་སྤྱོད་པ་སྲིན་པོ་དང་མཚུངས་པ་ནི་ སྐྱེས་བུའམ་ཅིའོ། །འབྱུང་པོ་བྱ་རྒོད་ཀྱི་གདོང་པ་ཅན་ཞེས་པའི་འབྱུང་པོ་ནི། སྤྱི་མིང་བྱེ་བྲག་ ལ་ཐོགས་པ་སྟེ། ཀུན་ཏུ་རྒྱུ་བའི་བགེགས་ཀྱི་རྒྱལ་པོའོ། །ཡི་དྭགས་ནི་ཡི་དྭགས་དམངས་ རིགས་ཀྱི་གཙོ་བོ་ཡིན་ཅིང༌། འབྱུང་པོ་བརྒྱད་གཞན་རྣམས་གདོང་བརྙན་ཡིན་ལ། མཁའ་ ལྡིང་ནི་འདབ་ཆགས་ཀྱི་མཆུ་སོགས་གདོང་བརྙན་གྱི་དོད་རང་བཞིན་གྱིས་གྲུབ་མོད། སྐྱེས་ བུའི་ལུས་ལ་གཤོག་པ་དང་འཇུག་སྒྲོ་ཡོད་པའོ། །དེ་ལྟར་ན་སྲུང་མ་འདི་རྣམས་ལས་ཁྲོ་བོ་ རྣམས་འཁོར་ལོ་རྩིབས་བཅུ་བསྒོམས་ན་འཁོར་ལོའི་རྩིབས་དང༌། མ་བསྒོམས་ན་ཁང་ བརྩེགས་ཀྱི་རྩིག་པ་ལ་ཅུང་ཟད་ཉེ་བར་བཞུགས་ཤིང༌། ཟད་པར་ལ་སྟེང་འོག་བཤད་ཟིན། ཟད་པར་གཞན་རྣམས་ཁང་བརྩེགས་བར་མའི་ཐད་ཀྱི་ཕྱི་རོལ་གྱི་རྩིག་པ་དང་ཧ་ཅང་མི་རིང་ བའི་ཕྱོགས་མཚམས་བརྒྱད་ཀྱི་ནམ་མཁའ་ལ་འབྱུང་བའི་གདན་ལ་བཞུགས་པ་ཡིན། དེ་ བཞིན་དུ་ཕྱོགས་སྐྱོང་རྣམས་རྩིག་པ་རིམ་པ་གསུམ་པའི་རྭ་བའི་ནང་ལ་མ་རེག་ཙམ་དང༌། གུར་ནང་མའི་སྟེང་ཕྱོགས་ལ་མ་རེག་ཙམ་གྱི་ནམ་མཁའ་དང༌། རྭ་བ་གསུམ་པ་ཉིད་ཀྱི་རྡོ་ རྗེའི་ས་སྟེགས་ཁོང་སྟོང་གི་ནང་འོག་གཞི་ལ་རེག་པར་བཞུགས་པ་ཡིན་ལ། གཟའ་རྣམས་དེ་ དག་གི་ཐད་ཀྱི་རྭ་བའི་ཕྱི་རོལ་ཏུ་བཞུགས་པས་གཞན་རྣམས་གོ་སླ། འོག་གི་དུས་མེ་ནི་འོག་ གི་ཕྱོགས་སྐྱོང་བཞུགས་ས་ནས་ཐོག་གི་རིམ་པ་གཅིག་གི་འོག་རྡོ་རྗེ་ས་གཞིའི་ནང་དུ་ཆུག་ ཙམ་ན་བཞུགས་པའོ། །དེའི་རིག་པ་ཀླུ་ལ་སྦྱར་ཏེ་གཞན་རྣམས་རྭ་བ་ལྔ་པའི་ནང་དང་གུར་ འོག་ན་བཞུགས་པ་གོ་བླ་ཞིང༌། འོག་གི་ཀླུ་ནི་སྒོ་ང་ཕྱེད་པ་འདྲ་བའི་རྡོ་རྗེའི་གཞིའི་དབུས་ཀྱི་ སྦུབས་སྟོང་ལ་གནས་ཏེ། འབྱུང་པོ་བཅུ་ཡང་གཞན་རྣམས་སྔ་མ་གཟའ་དང་འདྲ་ལ། གྲུལ་ བུམ་ནི་རྡོ་རྗེའི་ས་གཞི་ཟླུམ་པོའི་མཐའ་རང་གི་ཕྱོགས་ལ་ནང་དུ་སྦུབས་སྟོང་ཕྱི་ངོས་ལ་ གནམ་སྒོ་ལྟ་བུ་ཡོད་པའི་སྟེང་དུ་བཞུགས་པ་སྟེ། འོག་ཕྱོགས་ཀྱི་ལྷ་རྣམས་ཐམས་ཅད་ས་འོག་ 3-1-112 ཏུ་གནས་པ་ཡིན་ཅིང༌། ས་འོག་གི་འཇིག་རྟེན་ནི་བར་བར་ན་སྦུབས་སྟོང་ཕུག་པའི་རྣམ་པ་ལྟ་ བུ་ཡིན་པས། དེ་དང་མཐུན་པར་འདིར་ཡང་སྒོམ་པ་ཡིན་ནོ། །འདིར་ཟད་པར་དང་ཁྲོ་བོ་ གཟའ་དང་ཕྱོགས་སྐྱོང༌། ཀླུ་དང་འབྱུང་པོ་རྣམས་ཡང་དག་པའི་སྦྱོར་བས་སྦྱོར་ཞེས་གསུངས་ པས། བོད་ཕལ་ཆེར་ཁང་བརྩེགས་དང་རྭ་བའི་ནང་གི་ལྷ་རྣམས་ཞལ་ཕྱིར་བསྟན་ཏེ་རྩིག་པ་ ལ་ཕྱོགས་པ་དང༌། ཕྱིའི་ལྷ་རྣམས་ནང་དུ་བལྟས་ཏེ་རྩིག་པ་ལ་ཕྱོགས་པའོ། །ཞེས་འདོད་པ་ ནི། ལུགས་དང་ཤིན་ཏུ་མི་མཐུན་ལ། ཡང་ཁ་ཅིག་ཕྱི་ནང་གཉིས་ཀར་གྱི་ལྷ་རྒྱབ་རྩིག་པ་ལ་ བརྟེན་པ་ཡིན་པས་སྦྱོར་བའི་དོན་རྒྱབ་སྦྱོར་བའོ་ཞེས་པ་ཡང༌། སྔ་མ་ལས་ཅུང་ཟད་ལེགས་ ཀྱང་དོན་དང་འགལ་ཞིང༌། སྦྱོར་བའི་དོན་ལྷ་སྐུ་སྦྱོར་བ་ལ་འདོད་ཕྱིར་ལུགས་དེ་གཉིས་ཀ་ ཡང་རྩིག་པས་བར་ཆོད་པས་ལྷ་སྐུ་ལ་ཁ་སྦྱོར་གྱི་དོན་མི་འགྲིག་གོ །དེས་ན་ཁ་སྦྱོར་གྱི་དོན་ ནི། ལྷ་དེ་རྣམས་ཀྱི་ཁམས་མཁའ་ཡེ་ཐབས་ཤེས། རླུང་མེ་ཐབས་ཤེས། ས་ཆུ་ཐབས་ཤེས་ཏེ་ དེ་ཡང་མཐུན་སྦྱོར་ཡིན་པས། སྒྲུབ་པ་པོའི་ལུས་ཀྱི་ཁམས་མི་འཁྲུག་ཅིང་ཁ་སྦྱོར་དུ་གནས་ པའི་རྟེན་འབྲེལ་དུ་འཆད་པའི་དོན་ཡིན་གྱི། ལྷ་ཞལ་སྤྲོད་དང་རྒྱབ་སྤྲོད་གང་གི་དོན་དུ་ཡང་ མི་འགྱུར་རོ། །དེས་ན་འཁོར་དྲུག་ཅུ་དང་པོར་བསྐྱེད་པའི་དུས་ཞལ་ནང་བསྟན་ཁོ་ན་བསྐྱེད་ ནས་སྲུང་བ་ཡིན་ན་རེ་ཁའི་རྒྱུན་ལ་གནས་པ་དང༌། བཟློག་པ་ཡིན་ན་བཀའ་བསྒོས་པའི་རྗེས་ སུ་ཞལ་ཕྱིར་བསྒྱུར་བའོ།། །། དྲུག་པ་འཁོར་ལོའི་ང་རྒྱལ་བཟུང་ཞིང་བཀའ་བསྒོ་བ་ནི། ༀ་བཛྲ་རཀྵ་ཙཀྲ་སོགས་ཏེ་ འདི་ལ་མང་པོ་ཞིག་ཁྲོ་བོ་ལ་བཀའ་བསྒོས་པའི་རྗེས་སུ་ང་རྒྱལ་འཛིན་པར་བྱེད་པ་དང༌། དེའི་ཡང་སྔོན་དུ་ཕུར་གདབ་བྱེད་པ་སོགས་ནི་འགྲེལ་པའི་དངོས་བསྟན་ལ་སྔགས་གོ་རིམ་ མ་ངེས་པར་སྣ་ཚོགས་གསུངས་པ་རྣམས་གོ་རིམ་ངེས་ཅན་དུ་བཟུང་བའི་སྐྱོན་ཏེ་དེ་ནི་སྤྱིར་ ཉེར་མཁོའི་སྔགས་རྣམས་སྡེ་ཚན་དུ་མཛད་པ་ཙམ་ཡིན་ཅིང༌། ད་ལྟ་གླེགས་བམ་ལ་བྲིས་ 3-1-113 པའི་གོ་རིམ་ཇི་ལྟ་བ་ཁོ་ན་རང་བྱེད་དགོས་ན། རྭ་བ་དང་ཁང་བརྩེགས་བསྐྱེད་པའི་རྗེས་སུ་ འབྱུང་བཞིའི་དཀྱིལ་འཁོར་བསྐྱེད་དགོས་པར་འགྱུར་ཏེ། འགྲེལ་པར་སྔགས་རྣམས་སྔ་ཕྱི་ དེ་བཞིན་དུ་བཀོད་པའི་ཕྱིར་རོ། །དེས་ན་གཙོ་བོའི་ང་རྒྱལ་འཛིན་པ་སྐབས་འདི་དག་ཏུ་བྱེད་ པ་ཡང་མི་ལེགས་ཏེ། འཁོར་རྣམས་བསྐྱེད་ཟིན་པའི་རྗེས་སུ་གཙོ་བོ་རང་ཉིད་གཅིག་པུའི་ང་ རྒྱལ་འཛིན་པ་ནི། ལུགས་དང་ཡང་མི་མཐུན་ཞིང་སྒྲུབ་ཐབས་གཞན་ལའང་དེ་འདྲའི་རིགས་ མི་སྣང་བའི་ཕྱིར་རོ། །སྐབས་འདིའི་སྲུང་འཁོར་གྱི་ང་རྒྱལ་འཛིན་པ་ནི། འདི་མན་ཆད་ཕུར་ འདེབས་ལ་སོགས་པ་སྲུང་འཁོར་གྱི་མཛད་པ་ཡིན་གྱི། སྲུང་བའི་འཁོར་ལོ་དངོས་ནི་སྲུང་མ་ དྲུག་ཅུ་བསྐྱེད་ཟིན་པ་ན་གྲུབ་པ་ཡིན་པས། སྐབས་འདི་ཉིད་དུ་སྲུང་འཁོར་གྱི་ང་རྒྱལ་འཛིན་ པ་ཉིད་ལེགས་ཏེ། དེ་དང་དེའི་བྱ་བའི་གཙོ་བོ་གྲུབ་པ་ན་དེ་དང་དེའི་ང་རྒྱལ་འཛིན་པ་འབྱུང་ བ་ནི། གཞན་མང་པོ་ཞིག་ལའང་སྣང་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་གྲུབ་པ་ཡིན་སྙམ་ན། ཡུལ་འཁོར་སྲུང་བ་ནས་འབྱུང་པོ་རྣམས་བཀོད་པའི་བར་གྱི་གནས་སྲུང་བ་རྒྱས་པར་གྲུབ་ པ་ཁོ་ནར་མ་ཟད་སྒྲུབ་པ་པོ་རང་ཉིད་གཙོ་བོར་གྱུར་པའི་བསྲུང་བྱ་རྣམས་ཀྱི་ལུས་ངག་ཡིད་ གསུམ་གྱི་སྲུང་བ་བླ་ན་མེད་པ་ཡང་ཡིན་ཏེ། ཡིད་གཟུང་འཛིན་གཉིས་ཀྱི་དྲི་མ་གདོད་ནས་ དག་པ་རང་བཞིན་གྱིས་འོད་གསལ་བ་རྡོ་རྗེ་ལྟར་འགྱུར་བ་མེད་པ་མཚོན་པ་ནི་ཁང་བརྩེགས་ ཡིན་ལ། སེམས་དེ་ལ་ནམ་མཁའ་དང་ཡེ་ཤེས་རོ་མཉམ་དུ་འཇུག་པ་ལྟར་ཁམས་དེ་གཉིས་ རྣམ་པར་དག་པའི་རང་བཞིན་ཁྲོ་བོ་དང་ཟད་པར་གྱི་སྐུར་བཞེངས་ནས་ཡིད་ལ་བརྟེན་པའི་ སྐྱོན་དང་མི་མཐུན་ཕྱོགས་མཐའ་དག་སྲུང་བར་འགྱུར་བ་དང༌། ངག་གི་རང་བཞིན་ཉི་ཟླ་སྒྲ་ གཅན་གྱི་དབུགས་ཀྱི་ངོ་བོ་རྭ་བ་གསུམ་ལྡན་གྱི་ལྕགས་རི་ས་སྟེགས་གུར་དང་བཅས་པ་ཡིན་ ལ། ངག་སྨྲ་བར་བྱེད་པ་ནི་ངག་གི་རྒྱུའི་རླུང་དྲོད་ཀྱི་རང་བཞིན་རྣམས་བསྐྱོད་པ་ལས་འབྱུང་ བ་བཞིན་དུ་རྣམ་པར་དག་པའི་མེ་རླུང་ཕྱོགས་སྐྱོང་དང་གཟས་ངག་ལ་བརྟེན་པའི་མི་མཐུན་ 3-1-114 ཕྱོགས་ཐམས་ཅད་སྲུང་ཞིང་སེལ་བ་དང་། ལུས་ནི་འབྱུང་བ་ལྔ་རགས་པ་འདུས་པའི་བདག་ ཉིད་ཡིན་པས་དེ་མཚོན་པ་རྭ་བ་ལྔ་ལྡན་གྱི་ལྕགས་རི་ས་གཞི་གུར་བཅས་ལ་ལུས་བརྟན་པའི་ བྱ་བ་བྱེད་པ་ས་དང༌། འཕེལ་བར་བྱེད་པ་ཆུ་ཡིན་པ་ལྟར་དེ་གཉིས་རྣམ་པར་དག་པའི་ཆ་ཀླུ་ དང་འབྱུང་པོར་བཞེངས་ནས་ལུས་ལ་བརྟེན་པའི་བར་ཆད་ཐམས་ཅད་སྲུང་ཞིང་བཟློག་པར་ མཛད་པ་ཡིན་ནོ། །མཐར་གཏུགས་ན་དངོས་བརྒྱུད་ཀྱི་ཁྱད་པར་ཅུང་ཟད་བཞག་པ་ཙམ་མ་ གཏོགས་བར་ཆད་ཐམས་ཅད་ཀྱང་ཡིད་ཀྱི་བར་ཆད་དུ་འདུས་པ་ལྟར་སྲུང་བཟློག་ཐམས་ ཅད་ཀྱང་ཡིད་ཀྱི་སྲུང་བཟློག་ཏུ་འདུས་ཤིང༌། ཁམས་ཀྱི་དབྱེ་བའི་ཁྱད་པར་སོགས་རྒྱས་པ་ སྒོམ་པར་ནུས་ན། ཕན་ཡོན་རྣམ་གྲངས་དུ་མ་འབྱུང་བ་ལ་རྣོ་མྱུར་གྱི་ཁྱད་པར་དུ་མ་ཡོད་པ་ མ་གཏོགས། སྤྱིར་གཞན་ལྔ་བཅུ་པོ་ཡང་ཁྲོ་བོ་བཅུར་འདུས་པས་སྲུང་འཁོར་བསྡུས་པའི་ གནས་སྐབས་སུ་ཁྲོ་བོ་བཅུ་གཅིག་ཁོ་ནས་ཆོག་པ་ཡིན་ནོ། ཁྲོ་བོ་རྣམས་ལ་བཀའ་བསྒོ་བ་ནི། བཀའ་སྩོལ་བ་པོ་རྡོ་རྗེ་ཤུགས་ཉིད་ཀྱིས་གསུངས་པ་སྟེ། སྔགས་དོན་ནི་གོ་བླ་ཞིང་གཞན་དུ་ འཆད་པར་འགྱུར་རོ།། །། བདུན་པ་ཕུར་བུས་གདབ་པ་ནི། དེ་དག་གིས་ཀྱང་ཞེས་པ་ནས། བྲོས་པར་གྱུར་གྱི་བར་ ཡིན་ཏེ་དཀྱུས་ཙམ་གོ་བླ་ལ། དོན་གྱི་ཁོག་འདི་ལྟར་ཡིན་ཏེ། ཡེ་ལེ་ལས། སྲིད་པ་གསུམ་གྱི་ གནས་སུ་བདུད་རྣམས་དག་ལ་བསྣུན་པ་ངེས་པར་དབྱུག་པ་སྔོན་པོས་བྱེད་པ་སྟེ། །བཅིང་ བ་ཁྲོ་བོ་མི་གཡོ་དུས་མཐའི་ཉི་མ་དང་མཚུངས་མཐའ་ཡས་བརྩོན་འགྲུས་ཀྱིས་ནི་ཕུར་བུས་ གདབ། །འདོད་པས་དེ་ཡི་བརྩོན་འགྲུས་ཉམས་པར་ས་གཞི་ལ་གནས་རེངས་པར་བྱེད་པ་ གནོད་མཛེས་ཉིད་ཀྱིས་སོ། །གཙུག་ཏོར་གྱིས་ནི་རྫུ་འཕྲུལ་ཉམས་པ་རབ་ཏུ་གསལ་ཞིང་ ངེས་པར་སྔར་བཞིན་ཁྲོ་བོའི་ལྷ་མོ་རྣམས། །ཞེས་གསུངས་ཏེ། དངོས་སུ་བགེགས་འཇོམས་ པའི་ཚུལ་ཡིན་ལ། བགེགས་རྣམས་འགུགས་པར་བྱེད་པ་བགེགས་མཐར་བྱེད་ཀྱི་ཐུགས་ཀ་ 3-1-115 ནས་ཕོ་ཉ་དཔག་ཏུ་མེད་པ་སྤྲོས། དབྱུག་སྔོན་གྱི་ཐུགས་ཀ་ནས་དབྱུག་སྔོན་མང་པོ་སྤྲོས་ཏེ། བགེགས་རྣམས་ལ་བསྣུན་པས་བརྒྱལ་ཞིང་འགྱེལ་བ། མི་གཡོ་བ་ལས་མི་གཡོ་བ་སྤྲོས་པ་ རྣམས་ཀྱིས་ཞགས་པས་བཅིངས། ཕོ་ཉ་རྣམས་ཀྱི་ལྕགས་ཀྱུ་བཏབ་སྟེ་ཚུར་དྲངས། གཙུག་ ཏོར་ལ་གཙུག་ཏོར་སྤྲོས་པ་རྣམས་ཀྱིས་དེ་དག་གི་རྫུ་འཕྲུལ་ཉམས་པར་བྱས་ཤིང༌། འདོད་ རྒྱལ་སྤྲོས་པ་རྣམས་ཀྱིས་དེ་དག་གི་བརྩོན་འགྲུས་ཏེ། ལུས་ངག་ཡིད་གསུམ་གྱི་སྟོབས་ བཅོམས་ནས་རྭ་བ་ལྔ་པའི་ཕྱི་འཚམས་ཀྱི་ས་གཞི་ལ་ཁྲོན་པ་གྲུ་གསུམ་ཟབ་མོ་རྣམས་ཀྱི་ནང་ དུ་བཅུག གནོད་མཛེས་སྤྲུལ་པ་རྣམས་ཀྱིས་བདུད་བགེགས་དེ་དག་ལུས་ངག་ཡིད་གསུམ་ སྒུལ་བསྐྱོད་མི་ཤེས་པར་རེངས་པར་བྱེད་པ་དེ་ལ་གཙོ་བོའི་ཐུགས་ཀ་ནས་སྤྲོས་པའི་ཕུར་ བུའི་ལྷ་བྱུང་བ་རྣམས་ཁྲོ་བོ་མཐའ་ཡས་བརྩོན་འགྲུས་སྟོབས་པོ་ཆེས་བླངས་ནས། བགེགས་ རྣམས་ཀྱི་ལུས་ལ་ཕུར་བུས་འདེབས་ཤིང༌། རེངས་བྱེད་གཤིན་རྗེ་མཐར་བྱེད་ཀྱིས་ཐོ་བས་ རྡུང་བ་ཡིན་ནོ། །གསལ་ཁ་མེད་ཀྱང་རྨུགས་བྱེད་ཀྱིས་བགེགས་རྣམས་ཕྱིན་ཆད་ལྡང་དུ་ མེད་པ་དང༌། ཁེངས་བྱེད་ཀྱིས་དེ་རྣམས་འོད་གསལ་དུ་བཅུག་ནས་གནས་སྤོར་བ་ཡིན་ནོ། ། ཞེས་གྲུབ་ཆེན་ཡུ་མོ་ཡབ་སྲས་ཀྱི་གསུང་སྒྲོས་དང་བླ་མའི་མན་ངག་ལས་འབྱུང་བའི་ཕྱིར། མཆོག་ཏུ་ཡིད་ཆེས་པས་བསྒོམ་པར་བྱའོ། །ཡང་ན་ཕྱོགས་བཅུའི་ཕུར་བུ་ཕྱོགས་བཅུའི་ཁྲོ་ བོས་འདེབས་པ་ཡང་བཤད་དེ་གདམ་ཀའོ། །སྐབས་འདིར་རྫས་ཀྱི་ཕུར་བུ་མེད་པའི་ཕྱིར། བསངས་སྦྱངས་སོགས་ཆོ་གའི་ཡན་ལག་རྣམས་མི་དགོས་ལ། ས་བོན་ཙམ་དང་ཆོ་ག་གསུམ་ བསྐྱེད་དང༌། སྐད་ཅིག་གིས་བསྐྱེད་པ་གང་འོས་བྱེད་པ་ཡིན། ཕུར་བུའི་ཁྲོ་བོའི་སྐུ་ནི་ཁ་ཅིག་ ཁྲོ་བོ་བཅུ་པོ་ཉིད་ལ་ཞལ་མདོག་ཉིས་འགྱུར་བྱེད་པ་ནི། གང་ནས་ཀྱང་མ་བཤད་ཅིང་རིག་ པས་ཀྱང་མི་ཐོབ་ལ། ལུང་དང་ཡང་འགལ་ལོ། །ཁུངས་མེད་པ་དངོས་སུ་གྲུབ། རིག་པས་ མི་ཐོབ་སྟེ་སྟོབས་པོ་ཆེ་ཉིད་སྟོབས་པོ་ཆེས་འདེབས་པ་མི་མཛེས་ཤིང༌། ཁྲོ་བོ་གཞན་རྣམས་ 3-1-116 ཀྱི་འཕྲིན་ལས་དེ་ཡོད་པ་བཞིན་དུ་གཙོ་བོའི་ཐུན་མོང་མ་ཡིན་པའི་འཕྲིན་ལས་ཅིག་དགོས་པ་ ཆད་པར་འགྱུར་བའི་ཕྱིར་རོ། །ལུང་དང་ཡང་འགལ་ཏེ་སྔགས་དོན་ལ་བསམས་ན། ཕུར་བུའི་ ཁྲོ་བོ་ནི་ཁྲོ་བོ་ལོགས་པ་ཡིན་གྱི། བཅུ་པོ་གང་དུའང་མི་གཏོགས་པར་གསལ་བ་དང༌། ཇི་ སྐད་དུ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །རིགས་དྲུག་རྣམས་ཀྱི་ཡོངས་དག་པ། །ཞེས་ ཞལ་དྲུག་པོ་རིགས་དྲུག་དང་ཁམས་དྲུག་དག་པ་ཡིན་པ་ལ། ལྗང་དམར་དཀར། ལྗང་དམར་ དཀར་བའི་ཞལ་དྲུག་ཅེས་བྱས་ན་ལྗང་ཁུ་གཉིས་ནམ་མཁའ། དམར་པོ་གཉིས་མེ། དཀར་པོ་ གཉིས་ཆུར་སོང་བས་ཁམས་དྲུག་གི་དག་པ་བརྩི་རྒྱུ་མ་བྱུང་བའི་ཕྱིར་རོ། །དེས་ན་ཁྲོ་བོ་འདི་ ནི་གཙོ་བོ་དུས་འཁོར་རམ། རྡོ་རྗེ་ཤུགས་ཉིད་ཀྱི་རྣམ་འཕྲུལ་རྡོ་རྗེ་ཕུར་བུ་ཞེས་ཁྲོ་བོ་ལོགས་ པར་བྱ་སྟེ། རྣམ་པ་དབང་ཆོག་ཏུ་བཤད་ཟིན་པ་ལྟར་རམ། ཡང་ན། ཞལ་བཞི་ཕྱོགས་མདོག ཞལ་སྟེང་མ་གཉིས་ལྗང་ཁུ། ཕྱག་མཚན་རྡོར་སེམས་དང་འདྲ། ཐོག་མར་ཞབས་དྲུག་ཡོད་ པ་བསྒོམ། ཕྱིས་དེ་བསྒྱུར་ཏེ་ལྟེ་བ་མན་ཆད་ཕུར་ཤམ་དུ་སོང་ནས་བགེགས་ལ་འདེབས་པ་ ཡིན་ལ། དེས་ན་ཕུར་བུ་སྒྲུབ་པ་ནི་གཙོ་བོའི་འཕྲིན་ལས་ཏེ་འདི་ལ་བར་སྐབས་སུ་བྱུང་བ་ ལ་ལ་ཞབས་དྲུག་པོ་བགེགས་གན་ཀྱལ་དུ་བསྒྱེལ་བའི་འཁོར་ལོ་དྲུག་ལ་མནན་པའི་ཚུལ་ གྱིས་ཕུག་པ་ལ་ཕུར་བུའི་དོན་དུ་འདོད་པ་དང༌། ཞབས་རེ་རེ་ཕུར་བུའི་དཔལ་དུ་སོང་བར་ འདོད་པ་དང༌། གཞན་དག་ཞབས་གཉིས་བརྐྱང་སྟེ་རྩེ་མོ་སྤྲད། བཞི་པོས་གར་སྟབས་བྱས་ པས་ཕུར་བུའི་གཟུགས་ཡིན་ཞེས་རྡོ་རྗེ་མཁའ་འགྲོ་རྩ་འགྲེལ་ན། ཕུར་བུའི་གཟུགས་ཞེས་པ་ གར་སྟབས་སུ་བཀྲལ་བ་ཞིག་ཡོད་པ། བློ་ལ་བཞག་པའི་འཆལ་གཏམ་དེ་དག་མི་འཐད་པ་ རྟོགས་པ་བླའོ། །ཅི་ཡིས་ཞེ་ན། ཡུ་བ་གཅིག་ལ་རྩེ་མོ་དྲུག་ཡོད་པའི་ཕུར་བུ་སྔོན་མ་བྱུང་བའི་ གཏམ་ཡིན་ཅིང༌། མཚོན་ཆའི་གཟུགས་སུ་མེད་པར་ཞབས་དངོས་ཀྱིས་འབིགས་པར་བྱེད་ པ་ཡང་འཇིག་རྟེན་ཚུལ་དང་མི་མཐུན་པའི་ཕྱིར་རོ། །མཚན་བརྗོད་དང་དུས་འཁོར་ལས། ཁྲོ་ 3-1-117 བོ་གདོང་དྲུག་ལ་བསྔགས་པ་ཆེ་བ་ཞིག་ཡོད་ཀྱང༌། ད་ལྟ་ལག་ལེན་ལ་ཐེབས་ངེས་ཤེས་པ་ ཕུར་བུའི་ཁྲོ་བོ་འདི་གཅིག་པུ་ཡིན་པས། གནད་ཆེ་ས་ནས་མ་འཆུགས་པ་གལ་ཆེ་ཞིང༌། སྐྱོ་ མ་སྔ་བཙན་གྱི་ཞེན་པས་བསླུ་བར་འགྱུར་ཏ་རེ། ས་ཆོག་གི་སྐབས་སྤྲོས་པ་བྱེད་པའི་སྐབས་ ཀྱང་ཕུར་བུ་བཅུ་སྲུང་མཁན་ཁྲོ་བོ་བཅུས་བྱེད་པས་འདེབས་མཁན་ཀྱང་དེ་རྣམས་ཀྱིས་བྱེད་ པ་ཚུལ་དང་མཐུན་པའི་དབང་དུ་བྱས་པ་ཡིན་གྱི། གང་འདེབས་རྒྱུའི་ཕུར་བུ་ནི་འདི་ཡིན་ གྱི་ཁྲོ་བོ་བཅུ་པོ་མ་ཡིན་ནོ། །ཡང་ཕྱིས་ཀྱི་རྒྱ་དཔེ་འགའ་ལས་ཀྱང༌། ཞབས་དྲུག་དང་ཕུར་ བུའི་རྣམ་པ་འགལ་བར་བསམས་ཏེ། ཥཊ་ཙ་ར་ཎ་ཞེས་པ་སརྦ་ཙ་ར་ཎ་ཞེས་པ་དང༌། སརྦཱ་ བྷ་ར་ཎ་ཞེས་བཅོས་ཏེ། སྦྲུལ་གྱི་ཞབས་ཞེས་ཕུར་ཤམ་དང༌། སྦྲུལ་གྱིས་བརྒྱན་པ་ཞེས་པར་ བྱས་སྣང་ཡང་སྔོན་གྱི་ལོ་པཎ་ཆེན་པོ་རྣམས་ཀྱི་དཔེ་ལ་གང་ཡོད་པ་དེ་དག་པ་ཤས་ཆེ་ཞིང༌། འདིར་དྲུག་ཚན་དུ་མཉམ་པའི་ཕྱིར། ཞལ་དྲུག་ཕྱག་དྲུག་གི་ཟླ་སྡེབས་སུ་ཞབས་དྲུག་ཀྱང་ ཐོབ་ལ། སྡོམ་གསུམ་པ་དང་སྒྱུ་འཕྲུལ་དྲྭ་བ་སོགས་ལས་ཀྱང་ཁྲོ་བོ་འདི་ལྟར་གསུངས་པ་ དང་གནད་གཅིག་པ་ཞིག་ཡོད་དོ། །དེ་ཡང་སྨོས་ཤིག་ཅེ་ན། དུས་ཀྱི་འཁོར་ལོ་ནི། སེམས་ དཔའ་རིགས་ཉི་ཚེ་བ་ཙམ་མ་ཡིན་པའི་རིགས་ཀུན་ཁྱབ་བདག་འཇམ་དཔལ་རྡོ་རྗེ་འཆང་ གི་ངོ་བོ་ཡིན་པས། དེའི་རིགས་ཀྱི་ཁྲོ་བོ་ཡང་མཐར་བྱེད་བཞིའི་ནང་ཚན་ལྟ་བུ་རིགས་ཉི་ཚེ་ བ་མ་ཡིན་པས་འཁོར་ལོའི་དབང་ཕྱུག་གཤིན་རྗེ་གཤེད་དང་དགོས་དོན་བྱ་བ་ངོ་བོ་རྣམས་ གཅིག་པར་འགྱུར་རོ། །དེ་ཉིད་ཀྱིས་ན་འགྲེལ་ཆེན་ལས་མཚན་བརྗོད་ཁོ་ན་དཔང་པོར་ མཛད་པ་དང༌། འཇམ་དཔལ་ཇི་ལྟར་བ་བཞིན་དུ་སློབ་དཔོན་ཡང་དེ་ལྟར་བལྟ་ཞེས་གསུངས་ པ་དང༌། བསྡུས་རྒྱུད་གསུང་པ་པོ་ཡང་འཇམ་དཔལ་ཡིན་པ་དང༌། འཁྲུལ་འཁོར་གྱི་སྐབས་ ཀྱང་འཇམ་དཔལ་དང་གཤིན་རྗེ་གཤེད་ཀྱི་སྔགས་ཁོ་ན་འབྱུང་བའི་རྒྱུ་མཚན་དེ་ལྟར་ཡིན་ ནོ། །རིགས་ཉི་ཚེ་བ་དང་འཁོར་ལོའི་དབང་ཕྱུག་དེ་དག་ངོ་བོ་ཐ་དད་པ་མིན་ཀྱང་སྔགས་རྒྱུད་ 3-1-118 སྦྱོར་ལུགས་དང༌། སྒྲུབ་ཚུལ་ཐ་དད་པའི་དབང་གིས་སོ་སོར་གྱུར་པར་ཤེས་པར་བྱའོ། །སྨད་ ཕུར་བུའི་དབྱིབས་ནི། མདུང་གི་དབྱིབས་ཅན་ཡིན་ལ། དེ་ཡང་ཟླུམ་པོ་ཟླ་ཁམ་གྲུ་གསུམ་ལ་ སོགས་པའང་ཡིན་མོད་ཀྱི། སྐབས་འདིར་རེངས་པའི་ལས་ལ་བསྔགས་པའི་ཕྱིར། ཟུར་བཞི་ པར་འདོད་ཅིང༌། ཕུར་བུ་ཐོ་བས་བརྡུང་ཚུལ་དུ་བྱས་པས་བགེགས་རྣམས་ཀྱི་འཁོར་ལོ་དྲུག་ གི་འབིགས་པར་བྱེད་པའི་ཚུལ་ནི། བགེགས་རྣམས་བཅིངས་ཏེ་ཙོག་ཙོག་པུར་འདུག་པའི་ སྤྱི་བོ་ནས་བཏབ་པས། གསང་གནས་ཀྱི་བར་དུ་འཁོར་ལོ་དྲུག་གི་ལྟེ་བ་ཐལ་ཕྱུང་དུ་སོང་ ནས་རྡོ་རྗེའི་ས་གཞི་ལ་སྦྲགས་པར་བསམ་པའོ། །འདིར་ཐོག་མའི་མེ་སྔགས་དང༌། བར་དུ་ རྒྱན་དང་ཕྱག་མཚན་དགོད་པ་དང༌། ཕུར་བུ་དང་ཐོ་བའི་སྔགས་ཀྱིས་སྐབས་འདི་དག་ཏུ་སོ་ སོའི་ཕྱག་རྒྱ་འཆའ་བའི་ལུགས་ཀྱང་འདུག་སྟེ། བཤད་ཚོད་མེད་པས་ངེས་པར་དགོས་པ་ནི་ མ་ཡིན་ཀྱང་མི་འབྲེལ་པའང་མིན་པས་ཇི་ལྟར་མོས་པར་བྱའོ། །དེའི་རྗེས་སུ་སྤྲོ་ན་བགེགས་ རྣམས་འཇོམས་པའི་ཕྱིར། རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས་པ་ཡང་ཅི་རིགས་པར་ བཟླའོ། །སྤྱིར་སྲུང་འཁོར་གྱི་སྐབས་ནས་བཟླས་པ་མ་གསུངས་པས་ངེས་པར་བཟླ་དགོས་ པ་ནི་མིན་ལ། དེ་བཞིན་དུ་མཚན་མ་ངན་པ་བཟློག་པའི་སྐབས། སྲུང་འཁོར་ཚོགས་བསག་ སྔོན་འགྲོར་བྱས་པའི་རྗེས་ལ་དངོས་གཞི་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་སྒོམ་པའི་སྐབས། སྔགས་དབང་རྒྱས་པར་གསུངས་པ་དེ་འདིར་ཡང་སྦྱོར་མོད་ཀྱི་མི་རུང་བ་རང་ཏ་མ་ཡིན་ཀྱང༌། ཧ་ཅང་སྤྲོས་པ་ལ་དགའ་ཆེས་བར་ཟད་དེ་དངོས་གཞི་ལས་རྒྱལ་མཆོག་གི་སྐབས་སུ་ཡང་ སྔགས་དབང་རྒྱས་པ་ལེན་པ་དང་མི་ལེན་པ་འདམ་ཁ་ཅན་ཡིན་ན། སྲུང་འཁོར་ནི་ཆོ་གའི་ ཡན་ལག་ཡིན་པས་རྒྱས་པ་དེ་སྐབས་སུ་བབ་མ་བབ་བསམ་དགོས་ཤིང༌། འདིའི་རིགས་ མཐར་གཏུགས་ན་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང༌། ཐུན་མཚམས་ཀྱི་ལྷའི་སྐབས་སུ་ ཡང་བདག་འཇུག་རྒྱས་པ་ལེན་པའི་ལག་ལེན་ཡོད་ཉེན་གདའོ། །དེས་ན་ཉམས་ལེན་ལ་བློ་ 3-1-119 རྩེ་མི་གཏོང་བར་གསང་སྒྲོགས་ཀྱི་གཞི་རྩ་ཆོག་གྲྭ་སྒྲིག་པར་གྲགས་པ་ལ་བློ་རྩེ་གཏད་ནས་ བོད་ཀྱི་ཕྱོགས་འདིར་བར་སྐབས་ཤིག་ཁྱེད་ཅག་གི་དཀྱིལ་འཁོར་འདི་ནི་ཆོ་ག་ཡང་སྟེ་ཞེས་ ཁྱད་དུ་གསོད་ཅིང༌། ཁོ་བོ་ཅག་གི་ཆོ་ག་འདི་བརྫིའོ། །དེ་བས་ཀྱང་འདི་ཚོགས་ཆེའོ། །འདི་ ལ་ནི་ཞག་འདི་སྙེད་ཅིག་འགོར་རོ་ཞེས་འདོན་པ་མང་བ་ཁོ་ན་ངོམ་ཞིང་དོན་དུ་གཉེར་བ་ཞིག་ བྱུང་སྣང་ངོ༌། །འདི་ལྟ་བུ་བོད་དུ་མ་ཟད། ཕྱིས་བྱུང་བའི་རྒྱལ་བལ་གྱི་པཎྜི་ཏ་ཅི་རིགས་ལ་ ཡང་སྣང་སྟེ། མདོར་ན་ཚིག་འདོན་མང་བ་དང༌། ལག་ལེན་གྱོང་བ་ཙམ་གྱིས་སྐྱོན་ཡོན་གང་ དུའང་སྒྲུབ་མི་ཐུབ་པས། དགོས་ངེས་ཤེས་པ་མ་ཆད་ཅིང༌། མི་དགོས་པ་མ་ལྷག་པའི་འཚམ་ པ་ཉིད་བཟང་ངོ༌།། །། གསུམ་པ་སྲུང་འཁོར་གྱི་རྗེས་ཀྱི་ཆོ་ག་ནི་གཏོར་མ་འབུལ་བ་དང༌། མཆོད་བསྟོད་ གསོལ་བཏབ་དང་། གཤེགས་སུ་གསོལ་བ་རྣམས་ཡིན་པ་ལས། གཞན་རྣམས་དཀྱུས་བཞིན་ གོ་བླ་ལ། གཏོར་མ་ཐུན་མོང་དུ་གཅིག་གམ། གཙོ་བོ་དང་སྡེ་དྲུག་སྟེ་བདུན་ནམ། ལྷ་གྲངས་ དང་མཉམ་པ་སོགས་ཇི་ལྟར་འོས་པའོ། །དམིགས་པ་ནི། སྤྱན་འདྲེན་པའི་ཕྱག་རྒྱ་ཡོད་པ་ ལྟར། རང་རང་གི་སྐུ་ལས་སྐུ་གཉིས་པ་རེ་ཆད་ནས་བྱོན་ཏེ། གཏོར་སྣོད་དང་ཉེ་བའི་སྟེང་ གི་ཆ་ལ་བཞུགས་ནས། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ། དེ་མ་ཐག་རྩ་ བའི་སྐུ་ལ་ཐིམ་པར་བསམ་མོ། །གཞུང་ནས་གསལ་བར་མ་གསུངས་ཀྱང་བླ་མའི་མན་ངག་ ཏུ། ༀ་ཨཱཿཧཱུྃ་བཛྲ་བྷཻ་ར་ཝ་སོགས་ཀྱིས་གཙོ་བོ་ལ་འབུལ་བ་ནི་རྒྱུད་འགྲེལ་ལས་ཁྲོ་བོ་བཅུ་ ལ་འབུལ་བར་གསུངས་པའི་ཤུགས་བསྟན་ལ་ཐོབ་པའང་ཡིན་ཅིང༌། ཤིན་ཏུ་གལ་ཡང་ཆེ་ སྟེ། ཁྲོ་བོའི་མཆོད་པ་ཐུན་མོང་མ་ཡིན་པ་གཏོར་མ་ཡིན་པར་གསུངས་ལ། རྡོ་རྗེ་ཤུགས་ཁྲོ་ བོའི་གཙོ་བོ་ཡིན་པའི་ཕྱིར་རོ། །སྤྱིར་རྗེས་ཀྱི་སྐབས་འདིར་མཆོད་བསྟོད་ནི་མེད་མི་རུང་ཡིན་ ལ། གཏོར་མ་དང་གསོལ་གདབ་ནི་འགྲུབ་ན་ལེགས་པའི་ཡན་ལག་ཡིན་པས་ངེས་པར་བྱེད་ 3-1-120 དགོས་ཀྱང༌། མ་བྱས་ན་ཆོ་ག་ཆད་པའི་ཡན་ལག་ཏུ་མི་འགྱུར་བས་རྒྱུན་གྱིས་ཉམས་ལེན་ ལ་མ་གྲུབ་ཀྱང་བླའོ། །དེ་ནས་གཤེགས་སུ་གསོལ་བ་ཡང་དཀྱུས་བཞིན་ལས་སྲུང་འཁོར་ ཙམ་མ་གཏོགས་དངོས་གཞི་གཞན་མི་བསྒོམ་ན། རྭ་གུར་ས་གཞི་ཁང་བརྩེགས་རྣམས་ཀྱང་ ལྷ་རྣམས་བསྡུས་པའི་རྗེས་སུ་རང་ལུས་ལ་བསྡུ་བའམ་རང་རང་གི་ལྷ་དང་ལྷན་ཅིག་བསྡུ་བ་ གཉིས་བྱུང་བ་ལས་སྔ་མ་ལེགས་སོ། ། སྒྲུབ་ཐབས་དངོས་གཞི་དང་སྦྲེལ་ཏེ་སྒོམ་པ་ལ་ནི། སྐབས་དེར་དེ་དག་བསྡུ་བ་མི་དགོས་ ཏེ། ཡེ་ཤེས་ཚོགས་བསོག་གི་སྐབས་སུ་སྣོད་བཅུད་ཀྱི་སྣང་བ་རྣམས་དང་ལྷན་ཅིག་ཏུ་སྦྱངས་ བས་ཆོག་གོ །དེ་ལྟར་ན་སྒྲུབ་ཐབས་འདིའི་སྲུང་འཁོར་གྱི་རིམ་པ་ལ། བསྡུས་རྒྱུད་ཀྱི་དངོས་ བསྟན་བསྡུས་པ། ཁྲོ་བོ་བཅུ་ཙམ་དང༌། རྩ་རྒྱུད་ཀྱི་དགོངས་པ་བཞིན་འགྲེལ་བས་རྒྱས་པར་ ཁ་བསྐང་བ། གོང་དུ་བཤད་པ་ལྟར་མཐའ་རྒྱས་སུ་བྱེད་པ་གཉིས་ཡིན་ལ། དེའི་བསྡུས་པ་ ནི། སྲུང་འཁོར་རྟེན་གྱི་དཀྱིལ་འཁོར་སྔར་བཤད་པ་ལྟ་བུའི་རྒྱས་པ་དང་མཐུན་པར་བསྒོམས་ ཀྱང་རུང་བ་བསྡུས་རྒྱུད་ཀྱི་དངོས་བསྟན་ཡང་ཡིན་ལ། འདི་ལའང་འཁོར་ལོ་ཡོད་མེད་གདམ་ ཀའོ། །ཡང་འབྱུང་བཞི་ལས་གྱུར་པའི་རྡོ་རྗེའི་གུར་དང་ས་གཞི་ཙམ་གྱི་དབུས་སུ་སྒོམ་པའམ། འབྱུང་བཞི་ཙམ་ཡང་མི་བྱེད་པར་ཧཱུྃ་ལས་ས་གཞི་རྭ་གུར་བསྐྱེད་དེ། དེའི་དབུས་སུ་འཁོར་ ལོ་རྩིབས་བཅུ་པ་བསྒོམས་པས་ཀྱང་རུང་ངོ༌། །བསྡུས་པ་ཕྱི་མ་འདི་ལ་ངེས་པར་འཁོར་ལོ་ རྩིབས་བཅུ་བསྒོམ་དགོས་ཤིང༌། ལྷག་མ་སྔར་བཞིན་སྦྱོར་བའམ། ཆོ་ག་བསྡུས་པ་ཉིད་ཀྱི་ ཕྱིར་ཕྱག་མཚན་རྒྱན་བཀོད། ཕུར་གདབ་བཟླས་པ་སོགས་སྤངས་ཤིང༌། གཏོར་མའང་ཁྲོ་ བཅུ་ཉིད་ལ་ཕུལ་བས་ཆོག་ལ། ཉེ་བར་བསྡུ་བའི་ཚེ། ཁྲོ་བོ་བཅུ་ཀར་གསང་བའི་འཁོར་ལོར་ བསྡུ་བ་དཀྱུས་བཞིན་ནམ། ཡང་ན་འདི་ལ་ལྷ་རྣམ་གྲངས་གཞན་མེད་པས་ཁྲོ་བོ་བཅུ་པོ་ཉིད་ ཁམས་དྲུག་དང་བསྟུན་ཏེ་འཁོར་ལོ་དྲུག་ཏུ་བསྡུའོ། །གལ་ཏེ་སྲུང་འཁོར་དེ་གཉིས་ཀ་སྒོམ་པ་ 3-1-121 ལ་མི་སྤྲོ་ན། གོང་གི་བདུད་སྲེག་པ་ཙམ་གྱིས་ཀྱང་གོ་ཆོད་ལ། རང་ཉིད་དུས་ཀྱི་འཁོར་ལོར་ གསལ་བའི་ཐུགས་ཀ་ནས་ཁྲོ་བོ་བཅུ་དང་ཕུར་བུ་སྤྲོས་ཏེ། ཕུར་གདབ་ཙམ་བྱས་པས་ཀྱང་ སྲུང་འཁོར་གྱི་བྱ་བ་འགྲུབ་པ་དང༌། ཡང་ཁ་དག་པ་ནས་ཡན་ལག་དྲུག་དགོད་པའི་བར་གྱིས་ ཀྱང་བདག་དང་རྣལ་འབྱོར་བ་སྲུང་བ་འགྲུབ་ཅིང༌། དེ་རྗེས་ཚོགས་གསག་གཉིས་ལ་འཇུག དངོས་གཞིའི་སྐབས་རྡོ་རྗེའི་གུར་བསྒོམས་པས་གནས་སྲུང་གྲུབ་པའི་ཕྱིར། བསྡུས་པ་ལ་ དེ་ཙམ་གྱིས་ཀྱང་ཆོག་པའི་ལུགས་ཡིན་ནོ། །དེ་དག་ཀྱང་དཀྱིལ་འཁོར་སྒོམ་པའི་དབང་དུ་ བྱས་ཀྱི་གཙོ་རྐྱང་སོགས་ལ་སྒྲུབ་ཐབས་ཕྲ་མོ་གཞན་གྱིས་རིགས་འགྲེ་བ་ལས་ཁྲིགས་བཀོད་ ཀྱི་སྤྲོས་པ་མི་དགོས་སོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་པར་བཤད་པ་ ལས། སྲུང་བའི་འཁོར་ལོའི་སྡེ་ཚན་ཏེ་བཞི་པའོ།། །། གཉིས་པ་ཚོགས་གསག་པ་ལ། བསོད་ནམས་ཀྱི་ཚོགས་གསག་པ་དང་། ཡེ་ཤེས་ཀྱི་ ཚོགས་གསག་པ་གཉིས་ལས། དང་པོ་ནི། རྟེན་ངེས་པ་སྒྲུབ་པ། ཚོགས་ཞིང་སྤྱན་འདྲེན་པ། བདུན་རྣམ་པར་དག་པ། ལམ་བསྟེན་པ་སྟེ་བཞི་ལས། དང་པོ་ནི་རང་ཉིད་སྔར་རྡོ་རྗེ་ཤུགས་ ཀྱི་རྣམ་པ་ཅན་དེ་ཉིད་སྐད་ཅིག་གིས་དཔལ་དུས་ཀྱི་འཁོར་ལོའི་སྐུར་གྱུར་པར་བསམ་མོ། ། སྐབས་འདིར་ཞལ་ཕྱག་མང་ཉུང་ངེས་པ་ནི་མེད་དེ། རང་གི་བློ་ནུས་དང་བསྟུན་པས་ཆོག་ པས་ཕྱག་གཉིས་པ་ནས་ཉེར་བཞི་པའི་བར་ཇི་ལྟར་འོས་པ་ཡིན་ལ། ཁ་སྦྱོར་གྱི་སྐུ་མ་ཡིན་ཏེ་ ཡབ་རྐྱང་ཁོ་ནའོ། །དེའི་ཐུགས་ཀར་འགོད་རྒྱུ་ལ། དབང་ལེ་ལས་སྣ་ཚོགས་པདྨ་དང་ཟླ་བ་ གསུངས་ཤིང༌། སྒྲུབ་ལེ་ལས། པདྨ་དམར་པོ་གསུངས་པ་གཉིས་སྤྱིར་འདམ་ཁ་ཡིན་ཀྱང༌། ལྷ་ དབང་དུ་བྱེད་པའི་རྒྱུ་མཚན་དང༌། མངོན་རྟོགས་ཀྱི་སྐབས་སུ་སྒྲུབ་ལེ་གཙོ་ཆེར་བྱེད་དགོས་ པ་མང་བས་དཀྱུས་ཀྱི་ཉམས་ལེན་ལ་དམར་པོར་སྒོམ་མོ། །གཞན་རྣམས་གོ་བླ། ཡན་ལག་ དང་པོ་ཕྱག་འཚལ་བ་སོང་བའི་རྗེས་སུ། རང་གི་སྙིང་གར་ཟླ་བའི་སྟེང་དུ་གཟུངས་མ་བཅུ་ 3-1-122 གཉིས་ཀྱི་ས་བོན་སྡེ་པ་དྲུག་གི་ཡི་གེ་བརྩེགས་པ་རིང་ཐུང་གི་དབྱེ་བས་བཅུ་གཉིས་པོ་རྣམས་ བཀོད་དེ་དེ་རྣམས་མཆོད་ལྷ་བཅུ་གཉིས་སུ་སོང༌། སྙིང་ག་ནས་ཕྱིར་སྤྲོས་པ་ན། ལྷ་མོ་རེ་ ལས་ཀྱང་གཟུངས་མ་དཔག་ཏུ་མེད་པ་སྤྲུལ་ཏེ། མདུན་དུ་བཞུགས་པའི་བླ་མ་དང༌། དཀྱིལ་ འཁོར་གྱི་ལྷ་ཚོགས་ལ་མཆོད་པར་བསམ་དགོས་ཤིང༌། ཡན་ལག་ལྷག་མ་རྣམས་དཀྱུས་ཉིད་ ན་གསལ་བ་བཞིན་ནོ།། །། བཞི་པ་ལམ་བསྟེན་པ་ནི། བྱང་ཆུབ་མཆོག་གི་སེམས་དང་ནི། །ཞེས་སོགས་ཏེ། བྱང་ ཆུབ་ཏུ་སེམས་བསྐྱེད་པ་དང༌། གཞན་དོན་གྱི་ཁུར་ཁྱེར་བའི་ལྷག་བསམ་དང༌། བདག་དང་ བདག་གིར་འཛིན་པ་སྤངས་པའི་ཡེ་ཤེས་བདག་མེད་རྟོགས་པའི་ཤེས་རབ་སྟེ་རྩ་བ་གསུམ་ པོ་དྲན་པར་བྱས་ནས་སློབ་པར་དམ་འཆའ་བ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། ཚངས་པའི་ གནས་པ་ཚད་མེད་བཞི་དང༌། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་ མཐུན་པ་སྟེ་བསྡུ་དངོས་བཞི་དང་། མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་དང༌། འགྱོད་པ་ དང༌། ལེ་ལོ་དང༌། གཉིད་དང༌། རྒོད་པ་དང༌། ཐེ་ཚོམ་སྟེ་སྒྲིབ་པ་ལྔ་སྤངས་པ་དང༌། འདོད་ ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཏེ་ཉོན་མོངས་བཞི་སྤོང་བ་དང༌། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་དང༌། ལྟ་བའི་ཟག་པ་སྟེ་ཟག་པ་བཞི་སྤོང་བ་ ལ་བསླབ་པར་དམ་འཆའ་བའོ། །དེ་ལྟར་ལམ་བསྟེན་པ་ལ། རྩ་བ་གསུམ་དང་ཕྱིན་བཅུ་ ཚད་མེད་བཞི། །དགེ་བཅུ་སྒྲུབ་དང་སྒྲིབ་ལྔ་ཉོན་མོངས་བཞི། །ཟག་བཞི་སྤོང་བ་ཞེས་པ་སྡེ་ ཚན་བདུན། །བརྒྱད་པ་ཚོགས་གསུམ་སྒྲུབ་པའི་ཡན་ལག་ཡིན། །ཞེས་སྡོམས་སུ་བྱ་སྟེ། དེ་ ལྟར་ལམ་གྱི་སྡེ་ཚན་བརྒྱད་ལས། རྩ་བ་གསུམ་པོ་ནི། ཚོགས་གསུམ་པོ་རེ་རེའི་རྒྱུར་སྦྱར་ཏེ། སེམས་བསྐྱེད་ནི་ཚུལ་ཁྲིམས་དང༌། ལྷག་བསམ་ནི་བསོད་ནམས་དང༌། བདག་འཛིན་སྤོང་ བ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་རྩ་བ་ཡིན་ལ། མི་དགེ་བཅུ་སྒྲིབ་པ་ལྔ་ཉོན་མོངས་བཞི་རྣམས་སྤོང་ 3-1-123 བ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་ཡན་ལག་དང༌། ཚད་མེད་དང་བསྡུ་དངོས་ནི་བསོད་ནམས་ཀྱི་ ཚོགས་དང༌། ཟག་བཞི་སྤོང་བ་དང༌། ཕྱིན་བཅུ་ལ་བསླབ་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཕར་ ཕྱིན་བཅུ་ལ་ཐུན་མོང་བ་སྤྱི་དང༌། ཁྱད་པར་བ་ནོར་རྣམས་སྤངས་པས་སྦྱིན་པ་ཞེས་སོགས་ དང་སྦྱོར་ཞིང༌། གཞི་རྩ་བ་གསུམ་ལ་བརྟེན་ནས་ལམ་གྱི་ངོ་བོ་གཞན་ཕན་གྱི་བསོད་ནམས་ དང༌། བདེ་སྟོང་གི་ཡེ་ཤེས་དང༌། འཕོ་མེད་ཀྱི་ཚུལ་ཁྲིམས་གསུམ་ལ་སློབ་ཅིང༌། དེའི་ཕྱིར་དུ་ བླང་དོར་གྱི་ཡུལ་ཐབས་སམ་ལམ་གྱི་རྣམ་གྲངས་དེ་དག་བསྒྲུབ་པར་བྱའོ། །ཞེས་པ་ཡིན་ནོ། ། འདིར་སྒྲིབ་པ་ལྔ་ལ། ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་ རྣམས་ཀྱིས་ཀྱང་། །ཞེས་མདོར་བསྡུས་དང་བོར་གསུངས་ཤིང༌། འགྱོད་གཉིད་རྨུགས་རྒོད་ ཐེ་ཚོམ་ཞེས་སྐབས་འདིར་གསུངས་ལ། མདོ་ལས། རྒོད་འགྱོད་གཉིས་གཅིག་ཏུ་བསྡོམས། གཉིད་རྨུགས་གཉིས་གཅིག་ཏུ་བསྡོམས། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། ཐེ་ཚོམ་སྟེ་བློ་རིས་བདུན་ལ་སྒྲིབ་པ་ལྔར་གསུངས་ན། ཁ་ཅིག་འདིར་འདོད་འདུན་གནོད་ སེམས་གཉིས་པོ་རྒོད་པའི་ནང་དུ་འདུས་པར་དགོངས་པ་ཡིན་ནོ་ཞེས་འཆད་པ་དང༌། ཁ་ ཅིག་དེ་གཉིས་ཐེག་པ་འདིར་བསམ་གཏན་གྱི་སྒྲིབ་པར་མ་ངེས་ཞེས་འཆད་པ་བྱུང་ནའང་སྔ་ མ་ལེགས་སོ། །ཟག་པ་ཡང་མངོན་པ་ལས། ཟག་པར་མ་ཡིན་གྲོགས་མེད་རྣམས། །འཇོག་ པའི་རྗེས་སུ་མི་མཐུན་ནོ། །ཞེས་ཟག་པ་གསུམ་གྱི་རྣམ་གཞག་ཁོ་ན་བྱེད་པའང་ཡོད་མོད་ ཀྱི། འདིར་ནི་ཆུ་བོ་སྦྱོར་བ་སོགས་དང་མཚུངས་པར། ཟག་པ་བཞིའི་རྣམ་གཞག་མཛད་པ་ ལས་ཐོག་མས་འདི་མི་འགོག་སྟེ། ཐེག་པའི་ཁྱད་པར་ལས་བརྩམས་ཏེ་གོང་མ་ཉིད་མཆོག་ ཏུ་གོ་དགོས་སོ། །དེ་ལྟར་ན་བསོད་ནམས་ཚོགས་གསོག་འདི། ཏིང་ངེ་འཛིན་དངོས་གཞི་ ལ་འཇུག་པའི་སྔོན་དུ་ཕྱག་མཆོད་བསྐུལ་བ་གསོལ་གདབ་སོགས་ཀྱི་སྒོ་ནས་ཡེ་ཤེས་ཀྱི་ལྷ་ མཉེས་པ་དང༌། སྡིག་བཤགས་ཡི་རང་བསྔོ་བ་ལམ་བསྟེན་སོགས་ཀྱིས་རྒྱུད་སྦྱོང་ཞིང༌། དེ་ 3-1-124 ཐམས་ཅད་ཀྱིས་སྔགས་ཀྱི་ལྷ་དང་སྔགས་འགྲུབ་པའི་རྒྱུ་དགེ་རྩ་གསར་པ་གསོག རྙིང་པ་ ལ་ལ་གསོས་འདེབས་ཤིང་རྒྱས་པར་བྱེད། ལ་ལ་སྔར་དགེ་རྩ་ཕལ་པ་ཡིན་པ་དེ་སྔགས་ཀྱི་ དངོས་གྲུབ་ཐོབ་པའི་ཐུན་མོང་མ་ཡིན་པའི་རྒྱུར་འགྱུར་བ་སོགས་སྒོམ་བཟླས་ཀྱི་རྣལ་འབྱོར་ ལ་འཕྲལ་ཉིད་དུ་ཕན་འདོགས་པའི་ཐབས་བླ་ན་མེད་པའོ། །རྡོ་རྗེའི་ཞལ་དག་པ་ནས་འདིའི་ བར་དུ་སྤྱིར་ཆོ་ག་དེ་དང་དེ་ལ་དགོས་པ་ཁྱད་པར་ཅན་རེ་ཡོད་ཀྱང༌། སྦྱང་བྱ་སྦྱོང་བྱེད་སྦྱངས་ འབྲས་སྦྱོར་བར་བཤད་པ་མེད་པས་ངེས་ཅན་སྦྱོར་ནི་མི་དགོས་ལ། ཡང་བསྐྱེད་རིམ་གཞན་ གྱི་བཤད་སྒྲོས་དང་བསྟུན་ནས། སྦྱང་བྱ་སྐྱེ་བ་ཕྱི་མ་འཕེན་བྱེད་ཀྱི་ལས་གསོག་པ་དང༌། སྦྱངས་འབྲས་སློབ་ལམ་དུ་ཚོགས་གསུམ་རྫོགས་པའི་ཐབས་ལ་སློབ་པ་དང༌། རྫོགས་རིམ་ གྱི་སྔོན་འགྲོའི་རྟོགས་པ་བསྐྱེད་པའི་གཞི་འདིངས་པའོ། །ཞེས་བཤད་ཀྱང་འགལ་བ་མེད་ དོ། །དེ་ཡན་ཆད་སྔོན་འགྲོའི་རྐང་གྲངས་ལ། སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་ཞལ་དག་ དང༌། །རིགས་དྲུག་ལག་སྦྱོང་ཡན་ལག་དྲུག་དགོད་དང༌། གནས་བདག་གཏོར་མ་ལུས་ལ་རྡོ་ རྗེ་དགོད། །བདུད་གཞོམ་སྲུང་འཁོར་རྟེན་དང་གཙོ་བོ་བསྐྱེད། །རྒྱན་དགོད་འཁོར་ཚོགས་ སྤྲོ་དང་བཀའ་བསྒོ་དང༌། །ཕུར་གདབ་བཟླས་པ་གཏོར་མ་མཆོད་བསྟོད་དང༌། །གཤེགས་ གསོལ་ཚོགས་ཞིང་སྤྱན་འདྲེན་མཆོད་པ་བདུན། །ལམ་བསྟེན་ཞེས་པ་ཉི་ཤུ་རྩ་གསུམ་ལ། ། སྲུང་འཁོར་སྐབས་སུ་ང་རྒྱལ་བཟུང་བ་གཉིས། །འཁོར་ཚོགས་སྤྲོ་ལ་དབྱེ་ན་སྡེ་ཚན་དྲུག །ཁ་ ཅིག་ཁ་དག་པ་དང་རྡོ་རྗེས་སྦྱོང༌། །སོ་སོར་འདྲེན་པ་འཁྲུལ་པ་ཡིན་ཕྱིར་སྤང༌། །ཞེས་བྱ་ལ། ཡང་ན་འཆད་འགྱུར་ཡེ་ཤེས་ཀྱི་ཚོགས་ཀྱང་བསྣན་ཏེ། རྡོ་རྗེའི་ཞལ་དག་རིགས་དྲུག་དགོད་ པ་དང༌། །རྡོ་རྗེ་བཞི་དང་ཡན་ལག་དྲུག་རྣམས་དགོད། །བདུད་ཚོགས་གཞོམ་ཞིང་སྲུང་བའི་ འཁོར་ལོ་བསྒོམ། །མཁའ་ལ་རྒྱལ་བའི་ཚོགས་རྣམས་རྟོགས་བྱས་ཏེ། །བླ་མེད་མཆོད་པ་རྣམ་ པ་བདུན་གྱིས་མཆོད། །ལམ་བསྟེན་སྟོང་པ་ཉིད་ལ་དམིགས་པའོ། །ཞེས་སྔོན་འགྲོ་བཅུའི་ཐ་ 3-1-125 སྙད་མཛད་དེ་ཤིན་ཏུ་ལེགས་སོ།། །། གཉིས་པ་ཡེ་ཤེས་ཚོགས་གསོག་ནི། བཤད་མ་ཐག་པའི་སྔོན་འགྲོ་བཅུ་ལས། བཅུ་པ་ སྟོང་ཉིད་ལ་དམིགས་པ་སྟེ། དངོས་གཞི་དཀྱིལ་འཁོར་རྒྱལ་མཆོག་གི་ནང་དུ་བསྡུས་ཀྱང་ རུང་མོད་ཀྱི། འདི་ཡེ་ཤེས་ཚོགས་གསོག་ཡིན་ལ། ཚོགས་གསག་རྣམས་སྔོན་འགྲོའི་ཆོས་ སུ་སྤྱི་ཁྱབ་ཏུ་གྲགས་པ་དང༌། རྒྱུད་འགྲེལ་འདི་ཉིད་དུ་ཡང་སྔོན་འགྲོའི་རྣམ་གྲངས་ཉིད་དུ་ གསུངས་བའི་ཕྱིར། རེ་ཞིག་སྔོན་འགྲོ་ཉིད་ཀྱི་ཐ་སྙད་འདོགས་ཤིང༌། སྔོན་འགྲོ་རྣམ་པ་བཅུ་ ལས་གཞན་རྣམས་འཁོར་དང་འདི་གཙོ་བོ་ཡིན་པར་རིག་པར་བྱའོ། །འདི་ལའང་བཞི་སྟེ། སྟོང་ཉིད་ཀྱི་དོན་བསམ་པ། འོད་གསལ་དུ་བསྡུ་བའི་རིམ་པ། དངོས་གཞི་སྟོང་ཉིད་ལ་མཉམ་ པར་འཇོག་པ། རྗེས་ང་རྒྱལ་བཟུང་བ་སྟེ་བཞིའོ། །དང་པོ་ནི་འགྲེལ་ཆེན་ལས། དེ་ནས་རྣམ་ པར་ཐར་པ་བཞི་བསྒོམ་པར་བྱ་སྟེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་ པ་དང༌། མངོན་པར་འདུས་མ་བྱས་པ་བསྒོམ་པར་བྱའོ། །རྒྱུ་བ་དང་མི་རྒྱུ་བ་དང་བཅས་པའི་ ཁམས་གསུམ་པོ་ཚིགས་སུ་བཅད་པ་འདིས་རྣམ་པར་དཔྱད་པར་བྱ་སྟེ། དངོས་པོ་མེད་ལ་ སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མིན་པས། །སྒོམ་པ་ དམིགས་སུ་མེད་པའོ། །ཞེས་པའོ། །འདིའི་དོན་ནི་འཆད་པར་འགྱུར་བ་ལས་བརྗོད་པར་ བྱའོ། །ཞེས་གསུངས་ཏེ། རྣམ་ཐར་བཞིའི་དོན་ཡིད་ལ་བསམས་ཤིང༌། ཚིགས་བཅད་དེ་དག་ ནས་བརྗོད་དགོས་པར་གསུངས་ལ། དེ་ཡང་སྟོང་ཉིད་གོ་ཡུལ་དུ་གཏན་ལ་ཕབ་སྟེ། རང་ གཞན་སྣང་བ་ཐམས་ཅད་ལ་རྣམ་ཐར་བཞིའི་དོན་གྱི་རྣམ་པ་ལྷང་སྟེ་ཤར་བ་ཞིག་དགོས་ སོ། །དེ་ཡང་བསྡུས་རྒྱུད་ལས། སྟོང་པ་དངོས་པོའི་ངོ་བོའི་རང་བཞིན་འགྲོ་བ་མཐའ་དག་ འདི་ནི་དངོས་པོ་དག་གིས་རྣམ་པར་དམན། །དེ་ལས་སངས་རྒྱས་བྱང་ཆུབ་མེད་ཅིང་གཞན་ ཕན་སྙིང་རྗེ་དག་དང་མཚན་མའི་དམ་བཅའ་མེད་པ་སྟེ། །ཞེས་རྣམ་ཐར་གསུམ་པོའི་ངོས་ 3-1-126 འཛིན་གསལ་བར་གསུངས་ཏེ། སྟོང་པ་ཉིད་ཀྱི་དོན་ནི། བརྟན་གཡོའི་འགྲོ་བ་མཐའ་དག་ འདི་རྣམས་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གི་འཁྲུལ་འཁོར་དངོས་པོ་སོ་སོའི་ངོ་བོ་མཚན་ ཉིད་ཀྱི་རང་བཞིན་དུ་སྣང་ཡང་གཟུགས་སོགས་དངོས་པོ་སོ་སོ་དེ་དང་དེ་དག་རང་གི་ངོ་བོར་ མ་གྲུབ་པས་དངོས་པོ་རང་ཉིད་རང་གི་ངོ་བོས་རྣམ་པར་དབེན་པའོ། །མཚན་མ་མེད་པ་ནི་ སྣང་གྲགས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་རྒྱུ་མཚན་དེ་ལས་སངས་རྒྱས་ཀྱི་བྱང་ཆུབ་ གསར་དུ་ཐོབ་པར་སྣང་བ་ཡང་སྣང་བ་དེ་འཁྲུལ་པའི་ཆ་ཤས་སུ་རྟོགས་ཏེ། གདོད་མའི་ཆོས་ དབྱིངས་ཁོ་ན་སངས་རྒྱས་ཡིན་པ་མ་གཏོགས། ཐོབ་བྱ་འབྲས་བུའི་མཚན་ཉིད་ཅན་གྱི་སངས་ རྒྱས་ཀྱི་བྱང་ཆུབ་ཀྱང་བདེན་པར་མེད་ཅིང༌། འཁོར་བ་ལུས་སེམས་གནས་དོན་ཐམས་ཅད་ ཀྱང་འཁྲུལ་སྣང་ཙམ་མ་གཏོགས། གནས་ཚུལ་ལ་གང་ཡང་མ་གྲུབ་པས་སེམས་ཅན་གཞན་ ལ་ཕན་འདོགས་ཤིང་སྡུག་བསྔལ་སྤོང་འདོད་ཀྱི་སྙིང་རྗེ་ཡང་འཁྲུལ་ངོར་སྒྱུ་མ་ལྟ་བུའི་སྣང་ བ་ཤར་བ་མ་གཏོགས། གཞན་དངོས་པོ་གང་ཡང་མེད་ཅེས་པ་ནི་མཚོན་བྱེད་དེ། །རྒྱུ་འཁོར་ བའི་གནས་སྐབས་ལས་འབྲས་བུ་མྱང་འདས་དང༌། རྒྱུ་རང་ཉིད་བྱང་ཆུབ་ཐོབ་པས་འབྲས་ བུ་སེམས་ཅན་སྨིན་གྲོལ་བྱེད་པ་སོགས་སྤྱིར་རྒྱུ་འབྲས་ལ་སོགས་པའི་མཚན་མ་ཐམས་ཅད་ མེད་པ་དང༌། སྒོས་སུ་འབྲས་བུའི་མཚན་མ་རྣམས་ཀྱང་ལྟོས་འཇོག་གི་དབང་གིས་རྒྱུར་ བསྡུས་ནས། རྒྱུའི་མཚན་མ་མེད་པ་ཞེས་བྱའོ། །སྨོན་པ་མེད་པ་ནི། སེམས་ཅན་སྒྲོལ་བའི་ ཕྱིར་སངས་རྒྱས་ཐོབ་པར་བྱའོ་ཞེས་པ་ལྟ་བུས་མཚོན་པའི་གང་དང་གང་གི་བྱ་བའི་འབྲས་བུ་ སྟེ་ཐོབ་བྱ་འབྲས་བུའི་དངོས་པོ་ཐམས་ཅད་གནས་ཚུལ་ལ་ཅུང་ཟད་ཀྱང་མ་གྲུབ་པས་མཚན་ མ་ལ་དམིགས་ཤིང་སྨོན་པའི་དམ་བཅའ་མེད་པ་སྟེ། གསུམ་པོ་དེ་ཡང་གནས་ཚུལ་ལ་དེ་དང་ དེ་མེད་ཙམ་མ་ཡིན་ཏེ། སྤྲོས་པ་དེ་དག་སྤངས་བའི་དབྱིངས་དང་ཡེ་ཤེས་དབྱེར་མེད་དེ་ཡིན་ ལ། དེ་འདྲ་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་རྣམ་ཐར་གསུམ་དངོས་ཡིན་ན་སྐབས་ 3-1-127 འདིར་གསུམ་པོའི་དོན་ལ་སེམས་ངེས་པར་འཛིན་པས་འཇོག་པ་དེ། རྣམ་ཐར་གསུམ་གྱི་ སྒྲུབ་པའམ་རྗེས་མཐུན་པ་ཡིན་ནོ། །དངོས་པོ་མེད་ལ་སོགས་ཚིགས་བཅད་ཀྱི་དོན་ལ། །ཐུན་ མོང་ལྟར་ན་ཚིག་རྐང་དང་པོས་སྟོང་པ་ཉིད། གཉིས་པས་མཚན་མེད། གསུམ་པས་སྨོན་ མེད་བསྟན་ཅིང༌། བཞི་པ་དོན་བསྡུ་བའོ། །དང་པོ་ནི། དངོས་པོ་ལྟ་ཞོག་དངོས་མེད་དེ་ཡང་ མི་བསྒོམ་ཞེས་པ་དང༌། གཉིས་པ་ནི་རྒྱུ་འབྲས་སུ་ཞེན་ནས་མི་བསྒོམ་སྟེ། རྒྱུ་འབྲས་མ་གྲུབ་ པའི་ཕྱིར་དེ་ཉིད་སྒོམ་པ་ནི་མཚན་མ་སྒོམ་པ་མིན་ཞེས་དང༌། གསུམ་པ་ནི་རང་ལས་ཕྱི་རོལ་ ཏུ་སྣང་བའི་དངོས་པོ་རྣམས་གདོད་ནས་དངོས་པོར་མ་གྲུབ་པའི་ཕྱིར། བྱ་བྱེད་འདིས་འབྲས་ བུ་འདིར་འགྱུར་བར་བྱའོ་སྙམ་པའི་སྨོན་པའི་ཡུལ་སྟོང་པའོ། །བཞི་པ་ནི། དངོས་པོའི་སྒོམ་ པ་དབྱིངས་སུ་ཞིག་སྟེ་དམིགས་པར་མི་འགྱུར་ཞེས་པའི་དོན་དུ་སྒྲོན་གསལ་ལས་བཤད་པ་ དང་དོན་གཅིག་གོ །འོན་ཀྱང་འདིའི་ཐུན་མོང་མ་ཡིན་པ་ལྷག་པོ་ནི། དངོས་པོ་མེད་པ་ནམ་ མཁའ་དང་སྟོང་གཟུགས་ལ་ཡིད་བྱེད་ཀྱི་སྒོམ་པ་མེད་པར་འཇོག་ཅིང༌། མཚན་མའི་སྒོམ་ པ་ནི་ཡང་དག་པའི་སྒོམ་པ་མ་ཡིན་ལ། དེ་ལྟར་སྟོང་གཟུགས་ཡེ་ཤེས་ཀྱི་དངོས་པོ་ཞེས་བྱ་ བ་དེ་ནི་དངོས་པོ་ཡིན་ན་དམིགས་པ་དང་བཅས་པར་འགྱུར་ཡང་འདི་དངོས་པོ་མ་ཡིན་པས་ འདི་ལ་སྒོམ་པ་ནི་དམིགས་སུ་མེད་པའོ། །ཞེས་པའི་དོན་ཡིན་ཏེ། སྔར་སྟོང་ཉིད་ཀྱི་དོན་རྣམ་ རྟོག་གིས་ཡིད་ལ་དྲན་པར་བྱས་ནས། འཆད་པར་འགྱུར་བ་ལྟར་འོད་གསལ་དུ་བསྡུས་པའི་ འཇུག་ཏུ་གོ་ཡུལ་ཙམ་ལ་མ་བཞག་པར་དབྱིངས་སྤྲོས་པ་དང་བྲལ་བ་དེ་ལ་འཛིན་པ་རྣམ་ རྟོག་མེད་པར་འཇོག་ཅེས་པའི་དོན་ཡིན་ལ། འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ་ཞེས་ གསུངས་པའི་འཆད་འགྱུར་ནི། སྒྲུབ་ལེའི་སོར་སྡུད་སོགས་དང༌། ཡེ་ཤེས་ལེའུའི་མཆོག་མི་ འགྱུར་དང༌། གཞན་ཡང་རྒྱུད་ཚིག་གི་གནས་སྐབས་མང་པོ་ལ་དགོངས་པ་སྟེ། གཙོ་བོར་ སོར་སྡུད་མི་རྟོག་པའི་རྣལ་འབྱོར་ལ་དགོངས་ཀྱི། གྲུབ་མཐའ་སྡེ་བཞིའི་ནང་གི་དབུ་མའི་སྡེ་ 3-1-128 པ་པ་རྣམས་ཀྱི་འདོད་ཚུལ་ཙམ་ལ་དགོངས་པ་ནི་ག་ལ་ཞིག་སྟེ། དེ་ཡིན་ན་སྔར་བཤད་ཟིན་ པ་ལས་ཤེས་པར་བྱའོ་ཞེས་གསུང་པར་རིགས་ཏེ། ལྟ་བ་དེ་ནི་ནང་ལེའི་འཇུག་ཏུ་ཅི་རིགས་ པར་གསུངས་ཀྱི། འདི་མན་ཆད་དུ་མ་གསུངས་ཤིང༌། དེར་མ་ཟད་འགོག་པར་ཡང་མཛད་དོ། ། ཡང་རྒྱུད་ཚིག་སྔ་མའི་འཕྲོས་ལས། མཐའ་དག་དེ་ལྟར་ཤེས་ནས་དེ་ལྟ་ན་ཡང་མི་ཡི་བདག་ པོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །དཔག་མེད་ཡོན་ཏན་དཀྱིལ་འཁོར་དབང་པོ་དཀྱིལ་འཁོར་ ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པར་བྱ། །ཞེས་གསུངས་ཏེ། མཐའ་དག་དེ་ ལྟར་ཤེས་ནས་ཞེས་པས་བཞི་པ་འདུས་མ་བྱས་ཀྱི་རྣམ་ཐར་ཟུར་གྱིས་འཕངས་སོ། །འདུས་ མ་བྱས་ཀྱི་དོན་དེ་བཞིན་གཤེགས་པའི་སྙིང་པོ་གདོད་ནས་ལྷུན་གྱིས་གྲུབ་པ། རྒྱུ་རྐྱེན་ལས་ གྲོལ་ཞིང༌། སྤྲོས་བྲལ་རྟག་པའི་གནས་ལུགས་དེ་ཡིན་ཀྱང་དེ་ཉིད་རྣམ་ཐར་གསུམ་ཀར་ལ་ ཁྱབ་ཅིང་དབྱེ་བ་མེད་པས་གསུམ་པོ་ཉིད་འདི་ཡིན་ལ་འདི་ཡང་གསུམ་པོ་ཉིད་ཡིན་པའི་ཕྱིར། དེ་ལྟར་ཞེས་སྔ་མ་དང་འདྲ་བར་གསུངས་པ་ཡིན་ཅིང༌། གནས་ལུགས་བདེ་གཤེགས་སྙིང་ པོ་དེ་ཉིད་སྤྲོས་བྲལ་ཡིན་པའི་ཕྱིར་སྟོང་ཉིད་དང༌། གང་གིས་ཀྱང་མ་བསྐྱེད་པའི་ཕྱིར་མཚན་ མེད་དེ་རྒྱུ་འབྲས་དང་བྲལ་བའི་ཕྱིར་དང༌། ཡང་དེ་ཉིད་རྫོགས་པའི་བྱང་ཆུབ་ཏུ་གདོད་ནས་ བཞུགས་པའི་ཕྱིར། དགོས་དོན་གསར་དུ་སྒྲུབ་པའི་བྱ་བྱེད་སྤངས་པས་སྨོན་མེད་དོ། །དེས་ ན་ངོ་བོའི་སྒོ་ནས་གཅིག་ཡིན་ཀྱང་རྣམ་པ་ལྡོག་ཆའི་སྒོ་ནས་སྔ་མ་གསུམ་དགག་ཕྱོགས་དང༌། འདི་སྒྲུབ་ཕྱོགས་ཡིན་ལ། གཞན་དག་འདུས་མ་བྱས་ཀྱི་དོན་སབ་ཏ་སུབ་ཏ་གཞན་དུ་འཆད་ པ་ལ་སྙིང་པོ་མེད་དོ། །དེ་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྩ་བྲལ་ཉིད་ཀྱི་ཕྱིར་སྤོང་རྒྱུ་མེད་ ལ། དོན་དམ་གྱི་ཡེ་ཤེས་གདོད་ནས་གྲུབ་པའི་ཕྱིར། སྒྲུབ་རྒྱུ་མེད་པ་དེ་ལྟ་བུ་གནས་ལུགས་ ལ་ཡིན་ན་ཡང་འཁྲུལ་ངོར་སེམས་ཀྱི་དྲི་མ་སྦྱང་བ་དང༌། གནས་སྐབས་སུ་ལས་དང་དངོས་ གྲུབ་འཇིག་རྟེན་པ་སྣ་ཚོགས་པས་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་དང༌། ཕུགས་སུ་ 3-1-129 ཡང་གཟུགས་སྐུ་གསར་དུ་བསྒྲུབས་ཏེ་སེམས་ཅན་ལ་ཆོས་སྟོན་པའི་རྒྱུ་ཁྱད་པར་ཅན་དུ་ འགྱུར་བའི་ཕྱིར་དུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྐྱེད་རིམ་རྣམ་རྟོག་གི་སྒོ་ནས་ཀྱང་ བསྒོམ་པར་བྱའོ། །ཞེས་པ་སྟེ། དེ་ལ་ཡེ་ཤེས་ཚོགས་གསོག་རྣམ་ཐར་གསུམ་གྱི་སྒོ་ནས་བྱེད་ པའི་རྒྱུ་མཚན་དེའི་འབྲས་བུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་སྒོམ་པར་སྦྱར་ཏེ་གསུངས་པ་ ཡིན་པས་མདོར་བསྟན་པ་ཡིན་ལ། ང་རྒྱལ་བཟུང་བ་ལ་བཞི་པ་འདུས་མ་བྱས་ཀྱང་གསུངས་ པ་བཞིན་དཀྱིལ་འཁོར་ཡང་བདེ་བ་ཆེན་པོའི་འཁོར་ལོ་དང་སྦྱར་བར་བྱའོ། །ཡང་ན་ལྷ་སྐུ་དང་ ས་བོན་དང་སྟོང་པ་དང་བདེ་བ་རྣམས་ལ་དཀྱིལ་འཁོར་བཞི་ཞེས་བཤད་ཀྱང་རུང་ངོ༌།། །། གཉིས་པ་ནི། རྣམ་ཐར་བཞིའི་དོན་བསྒོམས་པ་དེས་ཕྱི་སྣོད་བཅུད་གཞན་རྣམས་རང་ ཤུགས་ཀྱིས་མི་དམིགས་པར་འགྱུར་ལ། ནང་ལུས་ཀྱི་དབང་དུ་བྱས་ནས་བདག་ཉིད་ཀྱི་ལུས་ ལ་གནས་པའི་ཆུ་ཁམས་ཀྱིས་མི་ཉམས་པ་སོགས་གོ་སླ་ལ། རླུང་ནམ་མཁའ་ལ་ཐིམ་པའི་ རྗེས་སུ། རྒྱུད་ལས། སེམས་ནི་མེ་དང་མུན་པའི་མཐའ་སྟེ་ཡུལ་དང་རྣམ་པར་བྲལ་བ་དབུས་ ཀྱི་ས་ལ་བཞག་པར་བྱ། །ཞེས་གསུངས་པ་ཡིན་པས། མེ་དང་མུན་པའི་མཐའ་ཞེས་པ་ཡན་ ཆད་འོད་གསལ་དུ་འཇུག་པའོ། །དེ་དག་གི་སྦྱང་བྱ་ནི། ལུས་ཅན་རྣམས་འཆི་བ་དང་ཉེ་བའི་ གནས་སྐབས་སུ་བབ་པ་ན། གཟུགས་སོགས་ཡུལ་དང་མིག་སོགས་དབང་པོ་དང༌། གནས་ འཇིག་རྟེན་ཁམས་ཀྱི་སྣང་བ་རྣམས་རིམ་གྱིས་ཐིམ་པ་ནི། རྣམ་ཐར་བཞིའི་དོན་ཡིད་བྱེད་ཀྱི་ སྒོ་ནས་བསྒོམས་པས་སྦྱོང་ལ། དེ་ནས་ལུས་ཀྱི་ཆུ་ཁམས་བསིལ་ལ་རྩུབ་པ་དེ་ཁྱབ་བྱེད་ཀྱི་ རླུང་གིས་ལུས་ཀྱི་ཆ་ཤས་ཀུན་དང༌། ཁྱད་པར་སྲོག་འཛིན་པའི་གནས་ཀུན་ཏུ་དྲངས་བས་ཁ་ ཟས་ཀྱི་དྭངས་སྙིགས་ཕྱེ་སྟེ་དྭངས་མ་ཁྱབ་པར་བྱེད་པ་དང༌། མདངས་སྟོབས་ཀྱི་རྒྱུར་གྱུར་ པའི་མེ་དྲོད་རྣམས་ཉམས་པར་བྱེད་ཅིང༌། དེ་ཉམས་པས་རུས་པ་དང་ས་ལ་སོགས་པ་སྲ་བའི་ ཁམས་ཀྱི་སྟོབས་ཉམས་སྟེ་དེ་དག་གིས་སེམས་རྟེན་ཅིང་འཚོ་བར་ནུས་པ་ཡང་རིམ་གྱིས་ 3-1-130 ཉམས། དེ་ལྟར་སའི་སྟོབས་ཉམས་པ་ན། ཆུའི་དྭངས་མ་ལུས་སེམས་སྡུད་ཅིང་འཚོ་བར་ བྱེད་པ་ཞིག་ཡོད་པ་དེའང་གསར་བ་མ་འཕེལ་ཞིང་སྔར་རྒྱུན་ཡོད་པ་རྣམས་རླུང་གིས་སྐམ་ པར་བྱེད། དེ་ནས་རླུང་དེ་དག་ཀྱང་སྡོང་ཟླ་གཞན་མེད་པས་རིམ་གྱིས་དེངས་པར་འགྱུར་ཏེ་ རྩ་སྦུབས་ཀྱི་ནམ་མཁར་ཐིམ་པ་ཡིན་ལ། དེ་ཡན་ཆད་ལ་ཆུའི་ཁམས་ཀྱིས་མེ་ཉམས་པ་ནི། ཆུ་ཁམས་ནད་རིགས་ཀུན་དང་འདྲེས་པས་མེ་དྲོད་ཉམས་པར་བྱེད་པ་ཙམ་ཡིན་པས་འཆི་ བའི་སྔ་རོལ་སྔ་མོ་ནས་འབྱུང་སྟེ། དབང་ཡུལ་ཅུང་ཟད་ཐིམ་པའི་སྐབས་མན་ངག་གཞན་ ལས་རགས་པ་ཐིམ་པར་འཆད་པའི་དུས་དེ་ཙམ་ཡིན་ལ། ས་ཆུ་ལ་ཐིམ་པ་ནི་སྤྱི་དང་འདྲ་ བའི་འབྱུང་བའི་ཐིམ་ཚུལ་དང༌། ཆུ་རླུང་གིས་བསྐམས་པར་བྱས་པ་ན། མེ་རླུང་སྟེ་སྦྲགས་ པས་བསྐམས་པ་ཡིན་ཅིང༌། སྔར་ཉམས་པར་བཤད་པའི་མེ་ནི་མེ་རགས་པ་ཕོ་བའི་མེ་དྲོད་ སོགས་ཡིན་ལ། འདིར་མེ་དང་རླུང་སྡེབས་པའི་མེ་ནི་ཕྲ་བ་རྩ་ནང་གི་དྲོད་ཡིན་པས་མི་གཅིག་ ལ། ཆུ་ཐིམ་ཞིང་བསྐམས་པའི་རྗེས་སུ་མེ་དེ་ཡང་རང་དང་ལྷན་ཅིག་པའི་རླུང་གི་ནང་དུ་བག་ ལ་ཞ། དེ་རྗེས་རླུང་ཡང་དེངས་པ་ཡིན་པས་རླུང་གིས་ཆུ་བསྐམས་ཞེས་པས་ཆུ་ཁམས་དེ་མེ་ རླུང་གཉིས་ཀར་ལ་ཐིམ་པ་ཡིན་ཡང་མེའི་བགོ་སྐལ་དུ་བྱས་རླུང་ནམ་མཁའ་ལ་ཐིམ་ཞེས་པ་ མེ་རླུང་དང་རླུང་ནམ་མཁའ་ལ་ཐིམ་པས་གཉིས་ཀ་བསྡུས་པ་ཡིན་ཏེ། མེ་རླུང་འདྲེས་པ་དེ་ སྟོབས་ཇེ་ཆུང་ཇེ་ཆུང་ལ་སྔོན་ལ་མེའི་ནུས་པ་ཟད། དེ་རྗེས་མི་རིང་བར་རླུང་ཡང་ཐིམ་པ་ཡིན་ པས་སྐབས་དེའི་ཐོག་མ་མེ་རླུང་གཉིས་ཀའི་ཐིམ་ཚུལ་ཡོད་ཀྱང༌། མེའི་སྐལ་བར་ཐོབ་པས་ མེ་རླུང་ལ་ཐིམ་པའི་སྐབས་ཡིན་པ་དང༌། མེ་ཟད་པའི་རྗེས་སུའང་ལུས་པའི་རླུང་རྣམས་ནམ་ མཁའ་ལ་ཐིམ་པ་ནི་རླུང་ཁོ་ནའི་སྐལ་བ་ཡིན་པས་རླུང་ནམ་མཁའ་ལ་ཐིམ་པའོ། །དེས་ན་ སྐབས་གཞན་དུ་ས་ཆུ་མེ་རླུང་གི་ཐིམ་ཚུལ་གསུངས་པ་དང་འདི་མི་འགལ་བར་མ་ཟད་འདིས་ དེ་གསལ་བར་བྱེད་པའི་རྒྱུ་མཚན་ཡང་དེ་བཞིན་ཡིན་ནོ། །འདིར་མེ་ལོགས་སུ་མི་སྨོས་པའི་ 3-1-131 རྒྱུ་མཚན་མེ་རགས་པ་རྣམས་སྔ་རོལ་ཏུ་ཉམས་ཟིན་ནས་རིང་ཞིག་ལོན་པས་སྐབས་འདིར་ སྟོབས་ཆུང་བ་ལ་དགོངས་པའོ། །དེས་ན་དམིགས་པས་སྒོམ་ཚུལ་ལ་གནོད་བྱེད་ཆུ་དང་ གཞོམ་བྱ་མེ་ས་ཆུ་རླུང་བཞིའི་རིམ་པ་ལས་མི་དགོས་ཀྱང་སྦྱང་བྱའི་སྐབས་འདིར་གནོད་བྱེད་ རགས་པ་རླུང་ཆུ་གཉིས་དང༌། ཐིམ་རིམ་འབྱུང་བ་ལྔ་ཅར་ཚང་བ་ཡིན་ནོ། །ཁ་ཅིག་དབུ་མའི་ ནང་གི་ཆུ་མེ་ས་རླུང་གི་ཟློག་ཚུལ་དང་སྦྱོར་བ་ནི་སྤྱིར་མི་ལེགས་པ་མིན་ཀྱང༌། སྐབས་འདིའི་ རྒྱུད་འགྲེལ་དང་མི་མཐུན་ནོ། །དེ་ལྟར་ནམ་མཁའ་ཡང་ཡེ་ཤེས་ལ་ཐིམ་པའི་འོག་ཏུ་བཤང་ གཅིའི་རྩ་དུང་ཅན་མར་འགགས་ཤིང༌། རོ་རྐྱང་ཡང་དབུ་མར་འགགས་པ་ན་མུན་པ་དབུ་མ་ དང་མེ་དུང་ཅན་ཡང་གཅིག་ཏུ་འདྲེས་པའི་མཐའ་སྟེ། གནས་སྐབས་དེར་འཆི་བ་འོད་གསལ་ སྣང་མེད་ཀྱི་ཆ་མངོན་དུ་བྱེད་དོ། །དེ་དག་སྦྱངས་འབྲས་ལ་སྦྱར་ན། ཀུན་རྫོབ་ཐམས་ཅད་ བདེན་མེད་དུ་གཟིགས་ཤིང༌། མ་དག་པའི་ཕུང་ཁམས་ཐམས་ཅད་ཆོས་ཉིད་དུ་ཐིམ་པ་ཙམ་ མཚོན། རྫོགས་རིམ་གྱི་སྨིན་ཚུལ་ནི། རྣམ་ཐར་སྒོ་བཞི་ལྟོས་མེད་བཞི་ལྡན། ཐིམ་རིམ་གྱི་ མཐར་ནམ་མཁའ་སྒོམ་པ་ཕྱིའི་ནམ་མཁའ། མེ་དང་མུན་པའི་མཐའ་ནང་གི་ནམ་མཁའ་སྟེ་ སོར་སྡུད་ཀྱི་རྣལ་འབྱོར་རོ།། །། གསུམ་པ་འོད་གསལ་སྟོང་ཉིད་ལ་མཉམ་པར་འཇོག་པ་ནི། ཡུལ་དང་རྣམ་པར་བྲལ་བ་ དབུས་ཀྱི་ས་ལ་བཞག་པར་བྱ་ཞེས་པས་བསྟན་ཏེ། ཡུལ་དང་རྣམ་པར་བྲལ་བ་ནི་སྤྲོས་བྲལ་ དང་སྟོང་གཟུགས་རོ་གཅིག་པ་དངོས་པོ་དང་དངོས་མེད་གཉིས་ཀ་མ་ཡིན་པའི་དབུས་ཀྱི་ ས་ལ་བཞག་ཅེས་པའོ། །དེ་ལྟར་ན་སྟོང་པ་འདི་ནི་སྤྲོས་པ་དང་བྲལ་ཙམ་མ་ཡིན་ཏེ། དབུས་ ཀྱི་ས་ཞེས་པས་དོན་དམ་པའི་སྣང་སྟོང་ཟུང་འཇུག་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དོ། ། འདིས་སྦྱང་བྱ་འཆི་བ་འོད་གསལ་སྣང་བཅས་ཀྱི་ཆ་རྣམས་སྦྱོང་ཞིང༌། སྦྱངས་འབྲས་སྤྲོས་པ་ ཐམས་ཅད་སྤངས་ཀྱང་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་ཆོས་སྐུ་དངོས་མཚོན་ལ། རྫོགས་རིམ་ལ་ 3-1-132 སོར་སྡུད་ཀྱི་གནས་སྐབས་དང་པོ་མུན་པ་ལས་འདས་ནས་རྟགས་སྣང་སྣ་ཚོགས་པ་འཆར་བ་ མཚོན་ནོ།། །། བཞི་པ་ནི། དེ་ལྟར་བསྒོམས་པ་ལ་དམིགས་ནས། ཤུ་ནྱ་ཏ་སོགས་རྣམ་ཐར་བཞིའི་ང་ རྒྱལ་བྱེད་པ་ཡིན་པ། སྔ་མ་ལས་ལངས་པའི་རྗེས་ཐོབ་ཡིན་པས་བར་དོ་སྦྱོང་བྱེད་དེ་དོན་ འབྲེལ་ཆགས་པའི་སྒོ་ནས་འདིར་ཡང་བརྗོད་ཀྱི། དངོས་གཞི་དཀྱིལ་འཁོར་རྒྱལ་མཆོག་ དངོས་སུ་གཏོགས་པས་ད་ལྟ་ཉིད་དུའང་ཅུང་ཟད་འཆད་པར་འགྱུར་རོ། །ཡང་དེ་ཙམ་དུ་མ་ ཟད་སྟོང་ཉིད་ལ་དམིགས་པའི་སྐོར་འདི་དག་ཐམས་ཅད་དངོས་གཞིར་ཡང་བྱེད་པའི་རྒྱུ་ མཚན་ནི་འདི་རྣམས་བྱང་ཆུབ་རྣམ་པ་བཞིའི་ནང་ནས་སྟོང་ཉིད་བྱང་ཆུབ་དངོས་ཡིན་ཅིང༌། དེ་ཉིད་ནང་རྫོགས་རིམ་ལ་སོར་སྡུད་དང་སྦྱོར་བར་ཡང་གསུངས་པས་ཤེས་སོ།། །། གཉིས་པ་དངོས་གཞི་ལ། ལྷའི་རྣལ་འབྱོར་གྱི་རིམ་པ་ཇི་ལྟར་སྒོམ་པའི་ཚུལ་གྱི་རིམ་ པའི་གཙོ་བོ་ནི་སྐབས་འདིར་བསྙེན་སྒྲུབ་ཡན་ལག་བཞིར་གསུངས་ཏེ། ཡེ་ལེའི་བཅུ་གཉིས་ པར་མངལ་གྱི་ལུས་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་མཆོག་ བསྙེན་པའི་ཡན་ལག་གོ །ངག་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལས་རྒྱལ་མཆོག་དང་ཉེ་བར་ སྒྲུབ་པའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེ་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐིག་ལེའི་རྣལ་འབྱོར་ དང་སྒྲུབ་པའོ། ཁུ་བ་འཕོ་བ་ན་བདེ་བ་བསྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཕྲ་མོའི་རྣལ་འབྱོར་དང་ སྒྲུབ་པ་ཆེན་པོའོ། །ཞེས་འགྲེལ་ཆེན་ལས་འབྱུང་སྟེ། དེས་ན་སྐུ་རྫོགས་པ་བསྙེན་པའི་ཡན་ ལག་དཀྱིལ་འཁོར་རྒྱལ་མཆོག གསུང་རྫོགས་པ་ཉེར་སྒྲུབ་ཀྱི་ཡན་ལག་ལས་རྒྱལ་མཆོག ། ཐིག་ལེ་རྫོགས་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར། བདེ་བ་རྫོགས་པ་སྒྲུབ་པ་ཆེན་ པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་ཏེ་བཞིའོ།། །། དང་པོ་ལ་དཀྱིལ་འཁོར་རྒྱལ་མཆོག་དངོས་བཤད་པ་དང༌། དེའི་ངག་དབྱེའི་རིམ་པ་ 3-1-133 རྣམས་བཤད་པ་གཉིས་སོ། །དང་པོ་ལ་ཐུན་མོང་མ་ཡིན་པའི་སྟོང་ཉིད་སྒོམ་པ། རྟེན་གཞལ་ ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་རྫོགས་པ། མཛད་པ་སྙིང་རྗེའི་དབང་བསྐུར་ཏེ་བཞི་ལས། དང་པོ་ནི། གོང་དུ་བཤད་མ་ཐག་པ་ལྟར་གང་ཡང་མི་དམིགས་པ་རྣམ་མེད་ཀྱི་སྟོང་ཉིད་ལས་ ལངས་ཏེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་དམིགས་ནས་སྔགས་ཀྱི་ང་རྒྱལ་བཟུང་བ་ བཞི་པོ་བྱེད་ཅིང༌། དེའི་རྒྱུན་ཅུང་ཟད་སྐྱོང་བ་སྟེ། འདི་དག་ལ་རྣལ་འབྱོར་པ་སོ་སོར་སྡུད་ པའི་ཉམས་མྱོང་ཅུང་ཟད་སྐྱེས་པ་ཞིག་གིས། འདི་བསྒོམས་ན་སྟོང་གཟུགས་ཀྱི་སྣང་བ་ཁྱད་ པར་ཅན་དངོས་སུ་འབྱུང་བས་དེ་ལ་དམིགས་ཏེ་སྒོམ་པ་ཡིན་ལ། རྫོགས་རིམ་མ་བསྒོམ་པ་ དག་གིས་རྫོགས་རིམ་གྱི་གནས་སྐབས་སུ་དེ་ལྟ་བུ་འབྱུང་བར་འགྱུར་བ་དེར་མོས་པ་བྱེད་པ་ སྟེ། དེ་ལྟར་ན་ཕྱོགས་ཐམས་ཅད་ཀུན་ཏུ་ཁྱབ་པའི་སྟོང་གཟུགས་སུ་མོས་པ་འདི་ནི། འོག་ ནས་འབྱུང་བ་ལྟར་བསྒོམ་རྒྱུའི་དཀྱིལ་འཁོར་ཐམས་ཅད་སྟོང་གཟུགས་ལས་གྲུབ་པ་དག་པ་ ཡེ་ཤེས་ཀྱི་སྣང་བར་མོས་པའི་ཚུལ་དུ་ཤུགས་ལ་རྟོགས་པའི་ཕྱིར་ཡིན་ལ། བསྐྱེད་རིམ་གྱི་ སྐབས་འདིར་ཐོག་མར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མོས་སྒོམ་ཁོ་ན་དང༌། ཕྱིས་གོམས་ནས་ ཡེ་ཤེས་ཀྱི་དཀྱིལ་འཁོར་རྗེས་མཐུན་པའམ་འདྲ་འབག་ལམ་དུ་བྱེད་ནུས་པ་ཡིན་ནོ།། །། གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ལ། རྟེན་གཞལ་ཡས་ཁང་ཉིད་སྒོམ་ཚུལ་དང༌། དེའི་ཕྱི་ནང་གཞན་གསུམ་གྱི་དག་སྦྱོར་བསྟན་པའོ། །དང་པོ་ལ་འོག་གཞི་འཇིག་རྟེན་གྱི་ ཁམས་བཤད་པ། བཞུགས་གནས་གཞལ་མེད་ཁང་བཤད་པ། སོ་སོའི་གདན་གྱི་རིམ་པ་སྟེ་ གསུམ་ལས། དང་པོ་ནི། རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་སྒོམ་པ་ནས། འཇིག་རྟེན་གྱི་ ཁམས་སྔ་མ་བཞིན་དུ་གྲུབ་པར་གྱུར་ཞེས་པའི་བར་རོ། །ཆོས་འབྱུང་ནམ་མཁའི་ཁམས་ཞེས་ པའི་སྐབས་སུ། འགྲེལ་བར། འདིར་ཕྱི་དང་ནང་དུ་བསྐྱེད་པའི་མཚན་མ་ནི། ནམ་མཁའི་ ཁམས་མཐའ་ཡས་པ་དང༌། ཤེས་རབ་ཀྱི་ཆོས་འབྱུང་གྲུ་གསུམ་མོ། །ཕྱི་རོལ་ཏུ་མིའི་ཡུལ་ལ་ 3-1-134 རྡོ་རྗེའི་རང་བཞིན་རྩིབས་བཅུ་ཟླུམ་པོ་སྟེ་ནང་དུ་མའི་ལུས་སོ། །ཞེས་འབྱུང་བས་ཆོས་འབྱུང་ གྲུ་གསུམ་ངེས་པར་བསྒོམ་དགོས་པ་དང་། དེའི་ནང་དུ་རྩིབས་བཅུ་པ་ངེས་པར་བསྒོམ་དགོས་ པ་ཡིན་ནམ་སྙམ་ན། ལར་ནི་དེ་ལྟར་སྒོམ་པ་ཡང་མི་འགལ་མོད། གྲུ་གསུམ་ཞེས་གསུངས་པ་ བསྐྱེད་རིམ་གྱི་སྐབས་སུ་ཆོས་འབྱུང་གྲུ་གསུམ་མཐའ་གཅིག་ཏུ་བསྒོམ་དགོས་པའི་ངེས་པ་ སྟོན་པ་མིན་ཏེ། འདིར་ཆོས་འབྱུང་ནམ་མཁའི་ཁམས་སྒོམ་པ་ནི། སྦྱང་བྱ་ཕྱི་འཇིག་རྟེན་ ཁམས་ལ་སྦྱར་ན། འཇིག་རྟེན་གྱི་ཁམས་འཆགས་པའི་གནས་ནམ་མཁའ་མཐའ་མེད་དང་ སྦྱོར། ནང་ལུས་ལ་སྦྱར་ན་ཤེས་རབ་སྟེ་མའི་ཆོས་འབྱུང་སྐྱེ་གནས་གྲུ་གསུམ་དང་སྦྱོར་ཞེས་པ་ ཡིན་ལ། རྩིབས་བཅུ་ཟླུམ་པོ་སྒོམ་པ་ནི། མིའི་ཡུལ་ཞེས་ཐ་སྙད་མཛད་པའི་དོན་ཕྱི་འཇིག་ རྟེན་ཁམས་ལ་སྦྱར་ན། རྒྱུད་ལས། དེ་ཡི་ཕྱི་རོལ་སྟོང་པ་གཅིག་པུ་སྲིད་པ་གསུམ་བྲལ་ཡོན་ ཏན་མེད་ཅིང་དེ་ཉིད་ཀྱིས་དམན་པ། །ཞེས་གསུངས་པ་ལྟར་གྱི་འཇིག་རྟེན་ཁམས་ཀྱི་མཐའ་ སྟོང་པའི་ཁོར་ཡུག་གིས་བསྐོར་བ་དང༌། ནང་ལ་སྦྱར་ན་མའི་ལུས་པོ་ཞེས་པའི་དོན་ནོ། ། འཇིག་རྟེན་ཁམས་ཀྱི་སྟོང་པའི་ཁོར་ཡུག་ལ་རྩིབས་བཅུ་ཟླུམ་པོ་ཇི་ལྟར་འཐད་སྙམ་ན། ཟླུམ་ པོ་ནི་དེའི་གཟུགས་དངོས་ཡིན་ལ། རྩིབས་བཅུའི་མཚོན་དོན་ཕྱོགས་བཅུའོ། །ནམ་མཁའ་དེ་ ནི་རྡོ་རྗེའི་གུར་གྱི་མིང་ཅན་ཏེ། གཞོམ་གཞིག་དང་བྲལ་བའི་ཕྱིར་རྡོ་རྗེ་དང༌། སྟེང་འོག་ ཕྱོགས་མཚམས་ཀུན་ཏུ་བསྐོར་བའི་ཕྱི་གུར་གྱི་ཐ་སྙད་ཀྱང་བཞག་གོ །དེས་ན་སྒྲུབ་ཐབས་ དཔག་བསམ་ལྗོན་ཤིང་ལས། དེ་ཡང་ཕྱི་ནང་གི་དངོས་པོ་རྣམས་སྐྱེ་བའི་གནས་ནི། ནམ་ མཁའི་ཁམས་དང་ཤེས་རབ་ཀྱི་ཆོས་འབྱུང་ངོ༌། །དེ་ཉིད་ཀྱིས་ན་ཕྱི་རོལ་ཏུ་མི་ཡུལ་ལ་རྡོ་རྗེའི་ གུར་དང༌། ནང་དུ་མའི་ལུས་ཏེ་ཞེས་རྒྱུད་འགྲེལ་གྱི་དགོངས་པ་ཇི་ལྟ་བ་བཞིན་དུ་གསུངས་ སོ། །དེས་ན་ཕྱི་ནང་གི་དབྱེ་བ་ཡང༌། ཕྱི་འཇིག་རྟེན་ཁམས་དང་བསྟུན་ན་རྩིབས་བཅུའི་ཕྱི་ རོལ་གྱི་ནམ་མཁའ་ཆོས་འབྱུང་དང༌། རྩིབས་བཅུ་པ་ཉིད་དེའི་ནང་དུ་སྒོམ་པ་ཡིན་ཏེ། ནམ་ 3-1-135 མཁའ་མཐའ་མེད་ཀྱི་དབུས་ན་འཇིག་རྟེན་ཁམས་ཀྱི་ནམ་མཁའི་ཁོར་ཡུག་ཡོད་པས་སོ། ། ནང་ལུས་དང་བསྟུན་ན། རྩིབས་བཅུའི་ནང་གི་ནམ་མཁའ་ཆོས་འབྱུང་ཡིན་ཏེ། སྐྱེ་གནས་ ལུས་ཀྱི་ཆ་ཤས་ནང་ཚན་ཡིན་པའི་ཕྱིར། ལུས་ཀྱི་ཕྱི་རོལ་ཏུ་འཐད་པ་མ་ཡིན་པས་སོ། །དེས་ ན་དེ་གཉིས་འདམ་ཁ་ཡིན་པའི་ཕྱིར། གཅིག་གིས་གཅིག་ཤོས་མི་འགོག་ཀྱང་དུས་མཉམ་དུ་ སྒོམ་མི་དགོས་པས་ཆོས་འབྱུང་ནམ་མཁའི་ཁམས་ཉིས་སྦྲག་གི་རྣམ་པ་མི་སྒོམ་ཞིང༌། མན་ ངག་གི་ཁྱད་པར་ཡིན་ན་མ་གཏོགས། གྲུ་གསུམ་གྱི་རྣམ་པ་ཡང་བསྒོམ་མི་དགོས་ཏེ། ནམ་ མཁའི་ཁམས་ཟླུམ་པོ་ཉིད་ཆོས་འབྱུང་ཟླུམ་པོའོ། །ཡང་རྣམ་པ་གཅིག་ཏུ་ན་རྩིབས་བཅུ་ཟླུམ་ པོ་ཉིད་ཆོས་འབྱུང་ཟུར་བཅུ་པར་བཤད་ཀྱང་ཆོག་པའི་སྐབས་ཤིག་ཡོད་དེ། རྒྱལ་བའི་བདག་ པོ་ཀུན་མཁྱེན་ཆེན་པོའི་ཐུགས་དཀྱིལ་སྒྲུབ་ཐབས་ལས། སྟོང་པའི་ངང་ལས་ནམ་མཁའི་ དབྱིངས་སུ་ཡཾ་ལས་རླུང་ཞེས་སོགས་གསུངས་པའི་དགོངས་པའང་ཡིན་མོད། རེ་ཞིག་མི་ འཆད་དོ། །དེས་ན་སྔར་གྱི་སྟོང་ཉིད་རྣམ་བཅས་ཕྱོགས་ཆ་ཉེ་རིང་མེད་པ་དེའི་ངང་ནས་འོད་ ཀྱི་རང་བཞིན་ཟླུམ་པོ་ཁོང་སྟོང་ཕྱི་ལ་འཁོར་ལོ་རྩིབས་བཅུ་འདྲ་བའི་རྩིབས་སྐྱེས་པ། ནམ་ མཁའི་ཁམས་ཀྱི་ཕྱིར་ཁ་དོག་ལྗང་ཁུའམ། དྭངས་ཤིང་ཐོགས་པ་མེད་པའི་ཕྱིར་ཁ་དོག་མི་ གསལ་བར་བྱས་ཀྱང་རུང༌། སྣོད་ཀྱི་འཇིག་རྟེན་ལ་ཡོད་པའི་དག་པ་དང་སྦྱར་བའི་ཚད་ནི། དཔག་ཚད་འབུམ་ཕྲག་ཕྱེད་དེ་རྩིབས་སོ་སོའི་རྩེ་མོ་ནས་ཟླུམ་པོའི་ནང་མཐའི་བར་གྱི་ཕྱི་ནང་ ལ་སྲབ་འཐུག་གི་ཚད་དུ་ཤེས་པར་བྱའོ། །སྤྱིར་དེའི་ཤར་མཐའ་ནས་ནུབ་མཐའི་བར་གྱི་ཚད་ ནི། དཔག་ཚད་འབུམ་ཕྲག་ལྔའི་དག་པ་ཅན་ཡིན་ཏེ། ཟླུམ་པོ་ཉིད་ཀྱི་ཕྱིར་ཕྱོགས་གང་ལ་ གཞལ་ཡང་དེ་ལྟ་བུ་ཡིན་པས་མཐའ་སྐོར་དུ་འབུམ་ཕྲག་བཅོ་ལྔའོ། །འདིའི་ནང་གི་ཁོང་སྟོང་ ཟླུམ་པོ་ཡིན་ཅིང༌། དེའི་ནང་གི་ཚད་ཀྱང་དཔག་ཚད་འབུམ་ཕྲག་བཞིའི་དག་པ་ཅན་ཡིན་པ་ དང༌། ཕྱི་རོལ་ཡང་རྩིབས་ཀྱི་རྩེ་མོ་དང་ཚད་མཉམ་པར་བསྐོར་བ་འོད་ཀྱི་རང་བཞིན་ཟླུམ་པོ་ 3-1-136 ཡིན་ལ། དེའི་བར་དུ་ཁ་དོག་མི་གཅིག་པའི་འོད་རྩིབས་ཀྱི་གཟུགས་ཅན་སྒོམ་པ་ཡིན་པས། རྩིབས་དང་ཟླུམ་པོ་ཐོགས་བཅས་དང༌། བར་སྟོངས་ཐོགས་མེད་ཀྱི་དབྱེ་བ་མི་བྱེད་པར་ ཐམས་ཅད་འོད་ཀྱི་རང་བཞིན་མཐོང་བའི་སྤྱོད་ཡུལ་དུ་ཡོད་ལ། རེག་ཐོགས་མེད་པར་འཇའ་ ཚོན་ཁ་དོག་མི་འདྲ་བ་ལྟ་བུའི་འོད་ཀྱི་རེ་ཁའི་རྩིབས་སྒོམ་པའོ། །དེའི་ནང་དུ་ཆོས་འབྱུང་དང་ སྦྱོར་ན་སྟོང་པ་ཟླུམ་པོ་དེ་ཉིད་ཡིན་ལ། ཕྱི་རོལ་ཏུ་སྒོམ་ན་ནམ་མཁའ་མཐའ་མེད་པར་མོས་ ཏེ། ཟླུམ་པོའི་རྣམ་པ་སྒོམ་མོ། །དེ་རྣམ་ཐར་སྒོ་གསུམ་མཚོན་པའི་གྲུ་གསུམ་དུ་གཞན་ལས་ བཤད་མོད། འདིར་ནི་ནམ་མཁའ་མཐའ་མེད་པ་ལ་ཕྱོགས་མཚམས་གང་ལའང་ཐག་རིང་ ཐུང་མེད་པའི་ཕྱིར། མཚོན་བྱེད་ཟླུམ་པོར་བྱེད་པ་འོས་སོ། །རྩིབས་བཅུ་བྱས་པའི་དགོས་པ་ ཕྱོགས་བཅུ་སྦྱོང་བ་དང༌། བར་ཆད་སྲུང་བའི་དོན་ཡང་ཡིན་ཏེ། སྔར་སྲུང་འཁོར་གྱི་དུས་སུ་ རྩིབས་བཅུ་བསྒོམས་ན་ནི། བར་སྐབས་སུ་སྟོང་པར་སྦྱངས་ཀྱང་སླར་ཡང་རྣམ་པ་ཀུན་ལྡན་ གྱི་སྟོང་པར་ཤར་བའི་ཚེ། དེའི་དྭངས་མའི་གཟུགས་གྲུབ་པ་ཡིན་པས་སྔ་རབས་པ་འགའ་ ཞིག་འདིའི་རྩིབས་བཅུ་སྔར་གྱི་སྲུང་འཁོར་གྱི་རྩིབས་བཅུའི་རྒྱུན་གནས་པ་ཡིན་པར་བཞེད་ པའང་ནོར་བ་མ་ཡིན་ནོ། །ཁ་ཅིག་རྩིབས་བཅུ་འདི་ཨ་ལས་བསྐྱེད་དགོས་ཏེ། རྒྱ་གཞུང་གི་ བཤད་ཁུངས་ཀྱང་ཡོད་ལ། འདི་མེད་ན། ན་དཱའི་མཚོན་དོན་ཨ་ཡིག་མ་ཚང་པའི་ཕྱིར། རྣམ་ བཅུ་དབང་ལྡན་མ་ཚང་བར་འགྱུར་རོ་ཟེར་ན། དེ་ནི་མ་ཡིན་ཏེ་རྩིབས་བཅུའམ་ཆོས་འབྱུང་ནི་ ཕྱི་རོལ་ཀྱི་ནམ་མཁའ་ཡིན་ལ། རྣམ་བཅུ་དབང་ལྡན་གྱི་ནམ་མཁའ་ནི་ཕྱི་རོལ་མ་ཡིན་པར་ གཞན་དགུ་པོ་ལ་འདྲེས་ཏེ་གནས་པ་ཡིན་པས། ན་དཱའི་བརྡ་ཐབས་ཀྱིས་མཚོན་དགོས་པ་ བྱུང་བ་ཡིན་ཞིང༌། འདིར་ཡང་ཡ་སོགས་ཡི་གེ་བདུན་པོ་སྲོག་མེད་མ་ཡིན་པར་རེ་རེ་བཞིན་ དབྱངས་ཨ་ཡིག་དང་སྦྱར་བ་ཉིད་ཡི་གེའི་རྣམ་བཅུ་དབང་ལྡན་གྱི་ཨ་ཡིག་གོ །འོ་ན་དེ་དག་ ལ་ཟླ་ཕྱེད་ཐིག་ལེ་ན་དཱའང་ཡོད་པས་ཉི་མ་དང་སྒྲ་གཅན་གྱི་ས་བོན་ལྷག་པར་འགྱུར་སྙམ་ན། 3-1-137 ཀུན་ཏུ་ཡེ་ཤེས་དང་ནི་སྟོང་པའོ་ཞེས་གསུངས་པའི་དོན་གྱིས་དེ་དག་ལ་ཀླད་སྐོར་སྦྱར་བ་ ཡིན་གྱི། རྣམ་བཅུ་དབང་ལྡན་གྱི་ནང་ཚན་སྐུ་དང་ཡེ་ཤེས་ནམ་མཁའ་གསུམ་མཚོན་བྱེད་མ་ ཡིན་པའི་ཕྱིར་སྐྱོན་དེ་མེད་དོ། །སྤྱིར་རྩིབས་བཅུའི་ནམ་མཁའ་མའི་ལུས་དང༌། དེའི་ནང་སྐྱེ་ གནས་སུ་སྦྱར་བའི་ལུགས་གཅིག་དང༌། ནམ་མཁའ་མཐའ་མེད་ལུས་དང་རྩིབས་བཅུ་སྐྱེ་ གནས་ལ་སྦྱར་བ་དང་། དེ་གོ་ཟློག་པ་སོགས་སྦྱོར་ཚུལ་སྣ་ཚོགས་ཤིག་ཡོད་དོ། །འབྱུང་བཞིའི་ དཀྱིལ་འཁོར་བསྐྱེད་ཚུལ་གཞན་ནི་གོ་བླ། དཀྱིལ་འཁོར་བཞི་ཅར་ཟླུམ་པོ་ཡིན་ཅིང༌། དཔངས་སུ་འབུམ་ཕྲག་ཕྱེད་ཕྱེད་དོ། །བཀྲ་ཤིས་ཀྱིས་མཚོན་པ་ཞེས་པའི་བཀྲ་ཤིས་ནི་སྭ་སྟི་ ཀ་སྟེ་གཡུ་དྲུང་རིས་སོ། །འདི་རྣམས་ཕྱི་འཇིག་རྟེན་ཁམས་ལ་ཡོད་པ་ལྟར་གཅིག་ནང་དུ་ གཅིག་ཆུག་ཅིང་སྟེང་ཁང་མཉམ་པ་སྒོ་ང་ཕྱེད་གཤགས་ཀྱི་རྣམ་པ་བསྒོམས་ཀྱང་ལེགས་ལ་ ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་བཞེད་པ་ལྟར་དཀྱིལ་འཁོར་སྒོམ་པའི་ཚེ་མཆོད་རྟེན་བང་རིམ་ བཞི་པ་ཟླུམ་པོ་ལྟར་བསྒོམས་ཀྱང་རུང་ངོ༌། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཇི་ལྟར་ལུས་ལ་ དེ་བཞིན་གཞན། རྡུལ་ཚོན་གྱི་ནི་དཀྱིལ་འཁོར་ལའོ། །ཞེས་གསུངས་པ་ནི། ཕྱི་ནང་གཞན་ གསུམ་ལ་དེ་དང་དེའི་དོད་རེ་ཡོད་པའི་དོན་ཡིན་གྱི། རྣམ་པ་ཐམས་ཅད་དུ་འདྲ་བ་དགོས་ པའི་དོན་མ་ཡིན་ནོ། །སྟེང་འོག་ཏུ་སྣ་ཚོགས་རྡོ་རྗེ་རེ་རེས་མཚན་པ་ནི། ཕྱི་འཇིག་རྟེན་ལྟར་ན་ བསྐལ་པའི་བར་དུ་བརྟན་པར་གནས་པ་དང༌། གཞན་ཡེ་ཤེས་ལྟར་ན་དྭངས་མ་མི་འགྱུར་ བའི་ངོ་བོར་གནས་པ་མཚོན་ནོ། །དེའི་སྟེང་དུ་རི་རབ་ཉིད་བསྒོམ་གྱི་རི་མཚོ་གླིང་གཞན་ རྣམས་བསྒོམ་མི་དགོས་སོ། །རི་རབ་རྩ་བ་སྟོང་ཕྲག་བཅུ་དྲུག་པ་རྩེ་མོ་ཇེ་རྒྱས་སྟོང་ཕྲག་ལྔ་ བཅུ་པ་ཞེས་བརྗོད་དགོས་ཀྱང་རྩ་བ་ནས་ཅུང་ཟད་ཇེ་རྒྱས་སུ་སོང་ཞིང༌། དབུས་ཀྱི་རྩེ་མོའི་ གནས་རི་རབ་ཀྱི་སྙིང་པོ་ཞེས་བྱ་བ་དེ་ཡིན་པས་སྟོང་ཕྲག་ཉེར་ལྔ་ཡིན་ལ། སྟོང་ཕྲག་ལྔ་བཅུ་ ནི་རྭ་རྣམས་ཀྱི་ཕྱི་མཐའི་ནམ་མཁའ་ལ་བསྐོར་བའི་དབང་དུ་བྱས་པ་ལ་གུང་ནས་ཕྱེད་ 3-1-138 གཤགས་ཀྱི་ཚད་དང༌། རྭ་རྣམས་སྐྱེ་བའི་གཞི་རྟེན་ཟླུམ་པོའི་རྒྱ་ལ་བརྩིས་པ་ཡིན་ཏེ། ལྷུན་ པོའི་དཔག་ཚད་སྟོང་ཕྲག་བརྒྱ་ལས། ཕྱེད་སྟེང་མ་སྟོང་ཕྲག་ལྔ་བཅུའི་མཚམས་ནས་རྭ་རྣམས་ སྐྱེ་བའི་གཞི་འཕེལ་ཁ་ཕྱིར་སྐྱེ་བ་ཡིན་ལ། དེའི་སྟེང་དུ་རྩེ་མོ་ལྔ་པ་བྱུང་བའོ། །དེ་ཙམ་ཞིག་ སྒོམ་དོན་གོ་བ་ལ་གལ་ཆེ་བས་སྨོས་ཀྱི་རྒྱས་པར་གཞན་དུ་ཤེས་པར་བྱའོ། །རི་རབ་དེའི་ཤར་ ཕྱོགས་ཨིནྡྲ་ནཱི་ལ་དང༌། ལྷོ་པདྨ་རཱ་ག བྱང་ཟླ་བ་ཆུ་ཤེལ། ནུབ་ཀརྐེ་ཏ་ན་ཏེ་དྭངས་ཤེལ་སེར་ པོ། དབུས་ཏེ་རྩ་བ་ནས་རྩེ་མོའི་བར་གྱི་རི་རབ་ཀྱི་སྙིང་པོ་ན་རིན་པོ་ཆེ་མ་ར་ཀ་ཏ་ཏེ་ལྗང་ ཁུའོ། །དེའི་སྟེང་དུ་སྣ་ཚོགས་པདྨ་ནི་རི་རབ་ཀྱི་ལྟེ་བ་ཉིད་དང་རྒྱ་མཉམ་པ་སྟེ། ལྷག་མ་ནི་གོ་ བླ། དེ་ནས་དེ་དག་ཐམས་ཅད་གཅིག་ཏུ་འདུས་ཏེ། རྣམ་བཅུ་དབང་ལྡན་བརྩེགས་པའི་ཡི་གེ་ ཉིད་དུ་གྱུར། དེ་ལས་འཇིག་རྟེན་གྱི་ཁམས་རྣམ་པ་སྔ་མ་ལྟ་བུ་གཅིག་ཅར་གྲུབ་པ་ཡིན་ཏེ། ཡཾ་ རཾ་སོགས་སོ་སོ་ལས་རེ་རེ་སྐྱེས་པ་མ་ཡིན། རེ་རེ་བཞིན་ཡི་གེ་བཅུ་པོའི་ཆ་ཐམས་ཅད་ལས་ སྐྱེས་པའོ། །སྤྱིར་ལྔར་དྲངས་པ་ལྟར་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་དང་ལྷུན་པོའི་ སྟེང་དུ་ཁང་པ་བརྩེགས་པའམ། རྡོ་རྗེའི་གུར་རོ་ཞེས་འཇིག་རྟེན་གྱི་ཁམས་ལན་ཅིག་བསྐྱེད་ པས་ཆོག་པའི་སྐབས་ཀྱང་ཡོད་མོད་ཀྱི། སྒྲུབ་ཐབས་ལེའུའི་རྒྱས་བཤད་ཀྱི་སྐབས་འདིར་ ལན་གཉིས་བསྐྱེད་ཚུལ་གསུངས་པ་བསྙོན་དུ་མེད་པས། རྩེས་ཐང་པ་གཞོན་ནུ་དཔལ་བ་ ཚིག་དེ་དག་རྒྱས་བཤད་དང་དོན་བསྡུ་ཡིན་ཞེས་ཚར་གཅིག་ལས་མི་བསྐྱེད་པར་འདོད་པ་ནི། སྐྱོགས་བཤད་ཟད་མའོ། །ཡང་སྐབས་འདིར་འགྲེལ་ཆེན་ལས། དེ་རྣམས་ཀྱི་ནང་གི་དག་པ་ གསུངས་པའི་སྐབས། གསང་བའི་པདྨ་ནི་བཅོམ་ལྡན་འདས་ཀྱི་པདྨ་བཞིན་ནོ། །ཞེས་ གསུངས་པ་ནི། པདྨའོ་ཞེས་མི་གསུང་བར་བཞིན་ནོ་ཞེས་འདྲ་བར་བཤད་པ་ཁོ་ནས་རི་རབ་ ཀྱི་སྟེང་གི་པདྨའི་མཚོན་དོན་མའི་གསང་བའི་པདྨ་ནི་བཅོམ་ལྡན་འདས་ཀྱི་བཞུགས་གདན་ པད་གདན་དང་མཚོན་དོན་འདྲའོ། །ཞེས་པ་ཙམ་ཡིན་པས། རྣམ་བཅུ་དབང་ལྡན་གྱི་པདྨ་ 3-1-139 དང༌། གཙོ་བོའི་གདན་གྱི་པདྨ་གཅིག་པ་དང་མི་གཅིག་པའི་ལུགས་གཉིས་ཀ་ལ་མི་འགལ་ ཞིང༌། འཇིག་རྟེན་གྱི་ཁམས་གྲུབ་ཅེས་གསུངས་པ་དང༌། སྔ་མ་བཞིན་དུ་གྲུབ་ཅེས་བཞེད་པ་ ལའང་འདི་དག་འགལ་བ་མེད་དེ། འབྱུང་བཞི་རི་རབ་དང་བཅས་པ་ཙམ་ལ་འཇིག་རྟེན་གྱི་ ཁམས་ཀྱི་ཐ་སྙད་འཇུག་པའི་ཕྱིར་རོ། །ཁ་ཅིག་པདྨ་ཉི་ཟླ་གསུམ་གཙོ་བོའི་གདན་ཡིན་ན། གཙོ་བོའི་གདན་ༀ་ལས་བསྐྱེད་པ་སོགས་གསུངས་པས་རྣམ་བཅུ་དབང་ལྡན་མ་ཚང་བར་ འགྱུར་རོ་ཟེར་བ་ནི། བསྐྱེད་ཐེངས་སྔ་མ་ཇི་ལྟར་བྱས་མ་དྲན་པ་དང༌། ཕྱི་མ་རྣམ་བཅུ་དབང་ ལྡན་ཡོངས་རྫོགས་གཅིག་ཏུ་འདྲེས་པ་ལས་འབྱུང་བཞི་རི་རབ་བསྐྱེད་པའི་ཚུལ་མ་གོ་བའི་ བབ་ཅོལ་ཡིན་ནོ། ། འོན་ཀྱང་པདྨ་ཉི་ཟླ་སྒྲ་གཅན་རྣམས་གཞལ་ཡས་ཁང་གུར་དང་བཅས་པའི་གདན་དུ་ བྱེད་པ་དང༌། འབྱུང་བཞི་རི་རབ་ཀྱི་སྟེང་དུ་གུར་བྱས་ནས། པདྨ་སོགས་གཙོ་བོའི་གདན་ དུ་བྱེད་པ་ལུགས་གཉིས་ཅར་ཡང་རུང་བ་ཡིན་པས་གཅིག་གིས་གཅིག་དགག་པར་མི་བྱའོ། ། པདྨ་སོགས་རྡོ་རྗེའི་གུར་གྱི་གདན་དུ་བྱེད་ཀྱང་ལྷུན་པོའི་སྟེང་གི་རྡོ་རྗེའི་ས་གཞི་ཞེས་བརྗོད་ པ་ལ་འགལ་བ་མེད་པའི་སྐབས་ཀྱང་སྲིད་དེ། དེ་རྣམས་རྡོ་རྗེའི་ས་གཞི་ཆེན་པོས་ནོན་ཏེ། དབུས་ཀྱི་ཆ་པདྨ་སོགས་ཡོད་སའི་ཐད་དེ་མ་གཏོགས། རྡོ་རྗེའི་གཞི་ཐམས་ཅད་ལྷུན་པོ་ལ་ ཐུག་ཅིང་པདྨ་སོགས་མི་མངོན་པར་བསྒྲིབས་པའི་ཕྱིར་རོ།། །། གཉིས་པ་བཞུགས་གནས་གཞལ་མེད་ཁང་བཤད་པ་ལ། རྡོ་རྗེའི་གུར་བཤད་པ། དཀྱིལ་ འཁོར་གྱི་རྒྱ་ཚད་བཤད་པ། དཔངས་ཚད་བཤད་པ། རྒྱན་བཤད་པ། ཁ་དོག་བཤད་པ་སྟེ་ལྔ་ ལས། དང་པོ་ནི་རི་རབ་ཀྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེའི་གུར་བསྒོམ་པར་བྱ་སྟེ། དཔལ་དྲི་མེད་འོད་ ལས། དེ་བཞིན་དུ་དེའི་སྟེང་དུ་ཁང་པ་བརྩེགས་པ་ཀུན་ནས་དྲི་མེད་འོད་ཟེར་འཕྲོ་བའམ། རྡོ་རྗེ་ལས་སྐྱེས་ཏེ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེའི་གུར་ཏེ་ཡུམ་གྱི་སྐྱེ་གནས་སུ་ནི་རྡོ་རྗེ་དང་ 3-1-140 བཅས་པདྨ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །དེ་ཉིད་ཀྱིས་ནི་ཡང་ན་རྡོ་རྗེའི་རང་བཞིན་ གྱི་གུར་རོ། །ཞེས་གསུངས་པས་དགོས་དོན་གཅིག་པ་ལ་རྣམ་པ་མི་འདྲ་བ་གཉིས་གདམ་ཁ་ ཡིན་ཏེ། སྲུང་བའི་དོན་དུ་རྡོ་རྗེའི་ཁང་བརྩེགས་ཏེ་ཁང་བཟང་སྒོ་བཅད་པ་ཡངས་ཤིང་རྒྱ་ཆེ་ བ་སྒོམ་པ། དེའི་ཚེ་ཁང་པའི་འོག་གཞི་རྡོ་རྗེའི་ས་གཞི་དང༌། རྩིག་པ་དང་ཐོག་རྭ་གུར་གྱི་དོད་ དུ་འགྱུར་ལ། ཡང་ན་རྡོ་རྗེའི་གུར་ཉིད་བསམ་སྟེ། དེ་ལ་གུར་གྱི་སྐད་དོད་པཉྩར་ཞེས་བྱ་བ་དྲ་ བ་དང༌། གཟེབ་མ་དང༌། ཟ་མ་ཏོག་ལྟ་བུའི་སྣོད་ལའང་འཇུག་ཅིང༌། དེ་ལྟ་བུ་རྒྱ་གར་བ་ཕལ་ པ་ཀུན་ལའང་གྲགས་པ་ལྟར་ཡིན་པས། རྡོ་རྗེའི་ས་གཞི་གཞལ་ཡས་ཁང་གི་རྟེན་དུ་གྱུར་པ་ དེ་དང༌། རྡོ་རྗེའི་རྭ་བ་ཡང་ཡོད་མོད། སྐབས་འདིར་ཐམས་ཅད་ལ་གུར་གྱི་སྒྲས་བརྗོད་པར་ མཛད་དེ། དཔེར་ན་ཟ་མ་ཏོག་ཅེས་བྱ་བ་སྤྱི་མིང་ཡིན་པས། དེའི་མཐིལ་དང་ལོགས་དང་ཁ་ ཁེབས་ལ་སོ་སོར་དབྱེ་བ་མེད་པ་བཞིན་ནོ། །དེས་ན་དཀྱིལ་འཁོར་སྤྱི་དང་མཐུན་པར་རི་རབ་ ཀྱི་རྩེ་མོ་ལ་རེག་མཚམས་སུ་རྡོ་རྗེ་ཁོ་ན་འབྲེལ་བའི་རང་བཞིན་གྱི་ས་གཞི་དང༌། ཐད་ཀར་ ཡང་དེ་ཉིད་རྩིག་པའི་ཚུལ་དུ་གྱེན་དུ་ལངས་པའི་རྣམ་པ་དང༌། རྩེ་མོ་ནང་དུ་གུག་ཅིང་སྟེང་ ཕྱོགས་སུ་འདུས་ནས་གཅིག་ཏུ་འདྲེས་པའི་སྟེང་ཐོག་སྟེ་རྒྱུད་གཞན་གྱི་སྒྲུབ་ཐབས་རྣམས་ ལས་གུར་དུ་གྲགས་པ་དེ་ཡང་ཡིན་ཅིང༌། ཁ་དོག་ནི་ལྗང་ཁུ་ཁོ་ནའམ་སྔོན་པོ་ཁོ་ནའམ་འོག་ གཞི་སྔོ་ལ་འཁོར་ཡུག་དང་སྟེང་ལྗང་ཁུར་བྱས་ཀྱང་རུང་ལ། ཕྱིས་གཞལ་མེད་ཁང་རྫོགས་པ་ ན་འདིའི་རྭ་བ་ཉིད་རྡོ་རྗེའི་འཕྲེང་བ་ཡིན་པར་ཤེས་ཏེ། གལ་ཏེ་གུར་གྱི་ནང་དུ་བར་ཆད་པའི་ རྡོ་རྗེའི་རྭ་བ་གཞན་ཡིན་ན། དེ་ལས་མེ་དཔུང་མཐའ་མེད་དུ་འཕྲོ་བ་མི་རུང་བའི་ཕྱིར་དང༌། རྡོ་རྗེའི་གུར་ལ་མེ་འབར་བ་ནི། དཀྱིལ་འཁོར་ཀུན་གྱི་སྤྱི་ལུགས་སུ་སྣང་བའི་ཕྱིར་རོ། །དེས་ ནས་གུར་ཞེས་པ་སྟེང་འོག་ཐད་ཀ་གསུམ་ལ་སྤྱི་མིང་དུ་འཇུག་པ་གོ་བའི་ཚེ། སྐབས་འདིར་ཁ་ ཅིག་གུར་མ་གཏོགས་ས་གཞི་དང་རྭ་བའི་གསལ་ཁ་མ་གསུངས་ཞེས་པ་དང༌། ས་གཞི་ཡང་ 3-1-141 དོན་གྱིས་ཐོབ་ཅེས་པ་དང༌། རྡོ་རྗེའི་ས་གཞི་བྱ་བ་གཞན་མེད་དེ་རི་རབ་ཀྱི་སྟེང་གི་གཞི་ཡིན་ ཞེས་པ་དང་། དེའི་རྒྱུ་མཚན་རླུང་དཀྱིལ་ནས་རི་རབ་ཀྱི་བར་རྡོ་རྗེར་བྱིན་གྱིས་བརླབས་པའི་ ཕྱིར་ཟེར་བ་ལ་སོགས་པ་དང་། རྡོ་རྗེ་ས་གཞི་ནི་པདྨ། གུར་ནི་རྡོ་རྗེ་དག་པའོ་ཞེས་སོགས་ངེས་ མེད་རང་ག་བའི་འཁྲུལ་པ་རྣམས་གཞི་མེད་དུ་སངས་པར་འགྱུར་ལ། ཁང་པ་བརྩེགས་པ་ ནི་འགྱུར་རྙིང་གཞན་འགའ་རེར་གཞལ་མེད་ཁང་ཉིད་ལ་གསུང་པ་ལྟ་བུར་ཡོད་ཅིང༌། དེའི་ དོན་འཆད་པ་ན། བོད་སྔ་མ་རྣམས་ཡང་ན་སྲུང་འཁོར་རྡོ་རྗེའི་གུར་མེད་པའི་གཞལ་མེད་ཁང་ བསྒོམ་ཞེས་པའི་དོན་དུ་འཆད་ཅིང་གུར་བསྒོམས་པའི་ཚེ། དེ་ཉིད་ཐབས་ཀྱི་རྡོ་རྗེ་དག་པ་ བཞིན་དུ་གུར་མ་བསྒོམས་ན་གཞལ་མེད་ཁང་རྡོ་རྗེའི་དག་པའོ། །ཞེས་འཆད་དོ། ། རྣམ་པ་གཅིག་ཏུ་ན་དེ་ཡང་དཔྱད་གཞིར་འགྱུར་བར་སྣང་མོད། རེ་ཞིག་དཔྱད་པ་དོར་ རོ། །འོན་ཀྱང་ཉམས་ལེན་གྱི་རྒྱུན་ལ། དེ་འདྲ་མི་མཛད་ཅིང༌། འདམ་ཁ་སྔ་མ་ཁང་པ་ཡང་མི་ མཛད་པར་གུར་ཁོ་ནར་མཛད་ལ། རྡོ་རྗེའི་དྲ་མིག་དང་མདའ་དྲ་ལ་སོགས་པ་ནི་ལུགས་འདི་ ལ་མ་བཤད་པས་མི་དགོས་སོ། །ཁ་ཅིག་ཁང་བརྩེགས་བྱ་བ་གསུང་དང་ཐུགས་ཀྱི་དཀྱིལ་ འཁོར་གྱི་གཞི་རྡོ་རྗེའི་ས་སྟེགས་ཁོང་སྟོང་ཅན་ལ་འདོད་པ་ཡང་མི་ལེགས་ཏེ། དེ་ནི་གཞལ་ ཡས་ཁང་ཉིད་ཀྱི་ནང་ཚན་ཡིན་པས། ཕྱིས་གཞལ་མེད་ཁང་ཉིད་དང་ལྷན་ཅིག་བསྐྱེད་པར་ བྱ་དགོས་ཀྱི་འདིར་མི་བསྐྱེད་པས་སོ།། །། གཉིས་པ་གཞལ་ཡས་ཁང་པའི་རྒྱ་ཚད་བཤད་པ་ནི། གུར་བསྐྱེད་པའི་རྗེས་སུ་ༀ་དང་ བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་དགོས་ཤིང༌། དེ་ཡང་ཡི་གེ་གཉིས་པོ་གདམ་ཁ་ཡིན་གྱི། ཕྱི་ རོལ་ཁང་བརྩེགས་དང་གུར་གྱི་དབྱེ་བ་ལ་སྦྱོར་རྒྱུ་མེད་དོ། །མཆོད་པའི་ས་གཞིའི་བཅལ་ དང༌། འཁོར་ཡུག་ལ་སོགས་པ་ཡང་གཞལ་ཡས་ཁང་གི་ཆ་ལག་ཡིན་པས་ས་བོན་གཅིག་ པོ་དེ་ལས་སྐྱེས་པའོ། །དེ་ལ་སྐུ་དཀྱིལ་གྱི་རྩིག་པའི་ནང་མཐའ་ལ་དཔག་ཚད་འབུམ་ཕྲག་ 3-1-142 བཞི། དེའི་ཕྱེད་གསུང་དཀྱིལ་ལ་འབུམ་ཕྲག་གཉིས། དེའི་ཕྱེད་ཐུགས་དཀྱིལ་ལ་འབུམ་ ཕྲག་གཅིག དེའི་ཕྱེད་ནི་བདེ་ཆེན་འཁོར་ལོ་ལ་སྟེ་བྲི་ཆ་ལྟར་ན་རྡོ་རྗེའི་འཕྲེང་བ་ལྗང་ཁུ་ཚུན་ ཆོད་ཡིན་ལ། སྒོམ་དོན་ལ་དེ་དང་ཚང་མཉམ་པའི་འོག་གཞི་ལ་འཇོག་དགོས་ཏེ་དཔག་ཚད་ འབུམ་ཕྲག་ཕྱེད་དོ། །དེའི་དབུས་སུ་གཙོ་བོའི་པདྨའི་གནས་གྲུ་བཞི་པ། རྡོ་རྗེའི་འཕྲེང་བ་ ནག་པོའི་ནང་མཐའ་དང་ཚད་མཉམ་པ་དེ་ནི་སྔ་མའི་ཡང་ཕྱེད་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ ལྔ་སྟེ། གཙོ་བོའི་པདྨ་ནི་དེའི་སྟེང་དུ་ཟླུམ་པོར་བསྐོར་བས་ཕྱོགས་བཞི་ལ་ས་གཞི་དང་པདྨ་རྒྱ་ ཆེ་ཆུང་མཉམ་པ་དང༌། མཚམས་བཞི་ལ་གྲུ་ཆད་ཀྱི་སྒོ་ནས་ས་གཞི་ཕྱིར་ལྷག་པའོ། །དེ་ལྟར་ དཔག་ཚད་ཀྱི་ཚད་བཤད་པ་ནི། ཕྱི་འཇིག་རྟེན་ཁམས་ཀྱི་དག་པའི་ཕྱོགས་གཅིག་དང་བསྟུན་ པ་དང༌། སོ་སོའི་ཚད་ངེས་ཅན་གོ་བའི་ཕྱིར་བཤད་པ་ཡིན་གྱི། ཚད་དེ་ཁོ་ནར་བསྒོམ་དགོས་ པ་མིན་ཏེ་འཆད་པར་འགྱུར་རོ། །དེ་ཡང་སྐུ་དཀྱིལ་གྱི་རྩིག་པའི་ནང་ལ་སྐུ་དཀྱིལ་རང་གི་ ཆ་ཆེན་ནམ་སྒོ་ཚད་བརྒྱད་ཡོད་ལ། རྩིག་པ་ལ་སྒོ་ཚད་བཞི་ཆ་སྟེ་ཆ་ཕྲན་ཕྱེད་དང་གཉིས་སོ། ། དེའི་ཕྱི་རོལ་སྟེགས་བུ་འདོད་སྣམ་ལ་སྒོ་ཚད་ཕྱེད་དེ་ཆ་ཕྲན་གསུམ་མོ། །དེའི་ཕྱི་རོལ་མཆོད་ པའི་ས་གཞི་ལ་སྒོའི་རྩིག་གདོང་དང་ཁང་ཚད་ཀྱི་ཚངས་ཐིག་གི་གནས་ནས་ཕྱི་ལ་སྒོ་ཚད་ གཉིས་ཀྱི་ཐད་དང་ནང་གི་སྒོ་གླེག་འཛུགས་ས་ནས་སྒོ་ཚད་བཞི་འདས་པ་དང༌། ཡང་འདོད་ སྣམ་ཚུན་གྲུ་བཞི་དང་ཕྱི་རོལ་ཟླུམ་པོ་ཉིད་ཀྱི་ཕྱིར། གཞན་རྣམས་ཀྱི་བར་ཐག་ངེས་མེད་དུ་ འགྱུར་ཡང་འདོད་སྣམ་གྱི་ཟུར་རྩེ་ནས་སྒོ་ཚད་ཕྱེད་འདས་པའི་ཚད་ལ་མཆོད་པའི་ས་གཞི་ ཟླུམ་པོར་བསྐོར་བའོ། །འདི་བྲི་ཆ་ལ་ཚངས་ཐིག་ཟད་མཚམས་མྱོས་སྲུང་སྟེང་མ་ནས་བསྲོར་ དགོས་པ་དེ་ཡིན་ཅིང༌། དེའི་ཕྱི་རོལ་ཏུ་སའི་འཁོར་ཡུག་གི་ཞེང་སྒོ་ཚད་ཕྱེད། ཆུ་མེ་རླུང་ གསུམ་སྒོ་ཚད་རེ་རེ། ནམ་མཁའི་འཁོར་ཡུག་ཀྱང་སྒོ་ཚད་ཕྱེད་ཡིན་མོད། དངོས་སུ་ན་དབུས་ སུ་ཆ་ཕྲན་གཅིག་རྡོ་རྗེའི་རྭ་བ་ཡིན་པས། རྭ་བའི་ནང་གི་ནམ་མཁའ་མཚོན་བྱེད་ལ་ནང་དུ་ཆ་ 3-1-143 ཕྲན་གཅིག་དང༌། ཕྱི་རོལ་གྱི་ནམ་མཁའ་མཚོན་བྱེད་དུ་ཕྱི་རོལ་ཏུ་ཡང་ཆ་ཕྲན་གཅིག་གི་ནམ་ མཁའི་ཁོར་ཡུག་གོ །འོད་ཟེར་གྱི་འཁོར་ཡུག་ནི། འོག་གཞི་རྡོ་རྗེའི་ས་གཞིའི་འོག་ཕྱོགས་ ཀྱི་དབུས་ནས་གཡས་གཡོན་དུ་གྱེད་དེ། ས་གཞིའི་མཐའ་ནས་ཡར་འབར་ནས་ནམ་མཁའི་ ཁོར་ཡུག་གི་སྟེང་ནས་ཚུར་བརྒལ་ནས། རྭ་གུར་ཐམས་ཅད་ལ་འབར་བ་ཕྱི་རོལ་རྒྱང་རིང་དུ་ འགྲོ་བ་ཡིན་པས། བྲི་ཆ་ལ་སྒོ་ཚད་དམ་སྒོ་ཚད་ཕྱེད་སོགས་ཇི་ལྟར་འོས་པ་ལས་མི་བྱེད་ཀྱང༌། བསྒོམ་བྱ་ལ་ཐག་རིང་དུ་འགྲོ་བ་ནི་དགོས་ཀྱང་ཚད་ངེས་པ་མེད་དོ། །འཁོར་ཡུག་གི་ཚད་ངེས་ པ་ཡང་གཙོ་བོར་བྲི་ཆའི་དབང་དུ་བྱས་ནས་ཕྱི་ནང་གི་དག་སྦྱོར་མཛད་པ་ཡིན་གྱི། སྒོམ་དོན་ ལ་ནི་ངེས་ཅན་ཡང་རུང་མོད་ཀྱི། མཐའ་གཅིག་ཏུ་ངེས་པ་མེད་པར་ཡང་མངོན་ཏེ། དུར་ཁྲོད་ ཀྱི་ཡོ་བྱད་དང་གྲུབ་པ་འབྱུང་པོའི་ཚོགས་པ་ཤོང་བའི་གནས་ཀྱི་ཕྱིར་དང༌། གུར་དང་གཞལ་ མེད་ཁང་ཤིན་ཏུ་ཉེ་བར་དགོས་པའི་ངེས་པ་ཡང་མེད་པའི་ཕྱིར་རོ། །དཀྱིལ་འཁོར་གསུམ་ གྱི་རྩིག་པའི་ནང་དུ་དཀྱིལ་འཁོར་གསུམ་པོ་སོ་སོ་རང་གི་ཆ་ཕྲན་རེ་རེ་དཔངས་ཆུང་ཡིན་ལ། དེ་རྣམས་ཀྱི་ནང་དུ་སྐུ་དཀྱིལ་ལ་རང་གི་སྒོ་ཚད་ཕྱེད། གསུང་དཀྱིལ་ལ་རང་གི་སྒོའི་སུམ་ཆ། ཐུགས་དཀྱིལ་ལ་རང་གི་སྒོའི་སུམ་གཉིས་ཀྱི་ཞེང་ཚད་ཅན་གྱི་ལྷ་སྣམ་དང༌། སོ་སོའི་ནང་ དུ་དཀྱིལ་འཁོར་ནང་མའི་རྡོ་རྗེའི་ས་སྟེགས་ལ་ཐུག་གི་བར་དུ་མཚོན་ས་ཞེས་བྱ་ལ་འདི་ལ་ གཞན་དག་སྤངས་ཆེན་ཟེར་གྱི་འདུག་ནའང༌། སྤངས་པའི་ཐ་སྙད་མི་ཐོབ་པས་མི་ལེགས་སོ། ། བྲི་ཆ་ལ་ནང་མའི་ཀྲ་མ་ཤིཪྵ་ཡོད་པའི་ཐད་དུ་ཚུན་ཆད་གསུང་དཀྱིལ་དང་ཐུགས་དཀྱིལ་ ལ་སྟེགས་བུའི་རྒྱ་ཚད་ཡིན་པས་འདོད་སྣམ་གྱི་ཕྱི་ངོས་སུ་སྒོ་ཚད་གཅིག་དང་བཞི་ཆ་རེ་ཡིན་ མོད། ཕྱོགས་རེ་རེར་དབུས་ཀྱི་སུམ་ཆ་ལ་གློ་འབུར་སྒོ་ཚད་ཕྱེད་ཙམ་རེ་ཐད་ཀར་འཕགས་པ་ དགོས་ཏེ། སྐས་འཛུགས་པ་དང༌། རྟ་བབས་ཀྱི་ཀ་བ་འཛུགས་པ་དང༌། བསྐོར་བ་སོགས་ལ་ འཇུག་པའི་ལམ་དགོས་པའི་དོན་དང༌། སྒོ་ཁང་ཕྱི་རོལ་ཏུ་འཕགས་པ་དང་མཐུན་པར་མཛེས་ 3-1-144 པའི་ཆེད་དུའོ། །བདེ་ཆེན་འཁོར་ལོ་ལ་ནི་བྱ་བ་གཞན་དེ་དག་མི་དགོས་ཀྱང་ཐེམ་སྐས་ཀྱི་ དོན་དུ་གློ་འབུར་ཅུང་ཟད་བྱའོ།། །། གསུམ་པ་དཔངས་ཚད་ནི། སྤྱིར་དཀྱིལ་འཁོར་གྱི་དཔངས་ཚད་ལ་མཐའ་གཅིག་ཏུ་ངེས་ པ་མེད་ཀྱང་བཟོ་ཉེས་སྤངས་པའི་ཚད་ལེགས་པོ་གཅིག་ལ་སྲོག་ཤིང་མ་བཅོལ་ན་ཧ་ཅང་ ཐལ་བར་འགྱུར་བས། རེ་ཞིག་རྒྱལ་བ་ཀུན་གྱི་བདག་པོ་ཀུན་མཁྱེན་དོལ་པོ་པའི་བཞེད་པ་ ནི། སྐུ་དཀྱིལ་གྱི་རྩིག་པའི་ནང་གི་རྒྱ་སྒོ་ཚད་བརྒྱད། དེའི་ཕྱེད་དཔངས་སུ་བྱ་ན། དེ་ཡང་ ཐོག་འོག་ཁོ་ན་ལ་མི་བརྩི་བར་རྒྱ་ཕུབས་བྱེད་ན་ཐོག་གི་མཐིལ་ལམ། མི་བྱེད་ན་ཀྲ་མ་ཤིཪྵའི་ རྩེའི་བར་དུ་བརྩིའོ། །འོ་ན་རྒྱ་ཚད་ནང་ལ་བྱེད་པའི་ཚེ། དཔངས་ཐོག་འོག་ལ་རྩིབ་དང༌། དཔངས་ཐོག་རྩེ་ལ་རྩི་ན་རྒྱ་ཡང་ཕྱི་མཐའ་ལ་བྱེད་དགོས་སམ་སྙམ་པ་དང༌། རྒྱ་ཕུབས་བྱེད་ པ་དང་མི་བྱེད་པའི་དབྱེ་བས་མདའ་ཡབ་མན་ཆད་ལ་མཐོ་དམའ་བྱས་ན་རྩིག་པའི་དཔངས་ ལ་མཐོ་དམའ་ངེས་མེད་དུ་འགྱུར་སྙམ་ན། བཟོ་ཉེས་འགོག་པའི་སླད་དུ་དགོས་པའི་དབང་ གིས་དཔངས་ཀྱི་ངེས་པ་བྱས་པ་ཡིན་གྱི། གཅིག་ཏུ་དཔངས་ལ་ངེས་པ་མེད་དོ་ཞེས་པ་འདི་ གཅིག་པུ་གོ་བས་འདིའམ་འདི་འདྲ་བའི་དོགས་པ་ཐམས་ཅད་སེལ་བར་འགྱུར་རོ། །དེས་ ན་རྩིག་པའི་དཔངས་ལ་སྒོ་ཚད་གསུམ། ཕ་གུ་དྲ་ཕྱེད་ཐོག་མཐིལ་ཀྲ་མ་ཤིཪྵ་སྦྲགས་པ་ལ་ སྒོ་ཚད་གཅིག་སྟེ་བཞིར་བྱས་ཀྱང་རུང་ལ། ཡང་རྩིག་པའི་དཔངས་ལ་སྒོ་ཚད་གཉིས་དང་ཆ་ གསུམ། ཕ་གུ་ལ་བཞི་ཆ་གཅིག དྲ་ཕྱེད་ཀྱི་ས་ལ་སྒོ་ཕྱེད། རྒྱ་ཕུབས་ཀྱི་སྟེང་འོག་ལ་སྒོ་ཕྱེད། ཤར་བུ་མདའ་ཡབ་ལོགས་སུ་མི་བརྩི་སྟེ། མདའ་ཡབ་ནི་རྒྱ་ཕུབས་ཀྱི་དཔངས་ལ་གཏོགས་ པ་དང༌། ཤར་བུ་ཡང་ཐོག་སའི་ཐད་དང༌། དྲ་ཕྱེད་ཀྱི་དཔངས་ལ་མཐུས་པ་ཡིན་ནོ། །དེ་ཉིད་ དཀྱིལ་འཁོར་ནང་མ་གཉིས་ལའང་རང་རང་གི་སྒོ་ཚད་གཞལ་བས་ཁྱད་པར་མེད་ལ། སྐུའི་ རྩིག་པའི་ནང་དུ་དཔངས་ཆུང་ནི་སྒོ་ཁང་དང་མཐོ་དམའ་མེད། ལྷ་སྣམ་ས་སྟེགས་ཀྱི་ཚུལ་ 3-1-145 དུ་འོག་གཞིའི་སྟེང་དུ་བརྩིགས་པ་ཡིན་ཅིང༌། དཔངས་སུ་སྒོའི་བཅུ་གཉིས་ཆའམ་བརྒྱད་ཆ་ ཙམ་བྱའོ། །དེ་ནས་མཚོན་ས་ནི་མཐིལ་ལ་བབས་པའི་གཞི་དཔངས་ཆུང་དང་ཐད་མཉམ་ ཡིན། རྒྱ་ཕུབས་བྱེད་དམ་མི་བྱེད་རུང་འདྲ་སྟེ། ལྷ་སྣམ་གྱི་ནང་མཐའ་ལ་ཀ་བ་བཙུགས་ནས་ ཕྱིའི་གསེར་གདུང་དང་ཐད་མཉམ་པར་འཕྱམས་བཏང་བའི་སྟེང་ནས་ཐོག་འབུབས་པ་ཡིན་ ལ། དེ་ཡང་ལྷ་སྣམ་ནོན་པའི་འཁོར་ཕིབས་གཡབས་སྐོར་དུ་བྱེད་ཅིང༌། རྒྱ་ཕུབས་ཀྱི་རྣམ་ པར་བྱེད་ནའང༌། ལྷ་སྣམ་གྱི་ཐད་དུ་མཐོ་ས་ཡོང་བའི་རྒྱ་ཕུབས་ཕྱེད་པའི་རྣམ་པར་བྱས་ན། ཆུ་རྣམས་ཕྱི་རོལ་ཏུ་འགྲོ་ཞིང༌། ནང་དུའང་མཛེས་པར་མངོན་ཏེ། འོན་ཀྱང་ལག་ལེན་པ་ཕལ་ ཆེར་ཕྱི་ནང་གཉིས་ཀར་ལ་གཞོལ་པ་བྱེད་པར་སྣང་ངོ༌། །དེ་ལྟ་མོད་ཀྱི་གཙོ་བོའི་གནས་མ་ གཏོགས། གཞན་རྣམས་ཐོག་བཅལ་བསྒྲིགས་ཉིད་བྱས་ན། རྒྱ་གར་ལུགས་དང་མཐུན་ཅིང་ དགོས་དོན་འགྲུབ་ཕྱིན་ཆད་ཚེགས་ཆུང་བས་ལེགས་སོ་སྙམ་པ་ནི་ཁོ་བོའི་རྣམ་པར་རྟོག་པའོ། ། མཚོན་སའི་ཐང་ཐོག་མེད་པས་མཐོངས་ཀ་ལྟ་བུ་ཡིན་ལ། དེའི་དབུས་སུ་རིན་པོ་ཆེའི་གར་བུ་ གྲུ་བཞི་པ་རྡོ་རྗེའི་ས་སྟེགས་དེ་ནི་རྒྱ་ཚད་གོང་དུ་བཤད་ཟིན་པ་ལྟར་ལ་དཔངས་སུ་སྐུ་དཀྱིལ་ གྱི་སྒོ་ཚད་བཞི་པ་བྱས་པས་སྐུའི་མདའ་ཡབ་ཀྱི་རྩེའམ། རྒྱ་ཕུབས་ཀྱི་ཐོག་མཐིལ་དང་མཐོ་ དམན་མཉམ་པ་ཡིན་ནོ། །དེའི་སྟེང་དུ་གསུང་དཀྱིལ་སྔར་བཞིན་ཕུབ། དཔངས་ནི་གསུང་ དཀྱིལ་རང་གི་སྒོ་ཚད་བཞི་ཡིན་ཀྱང༌། སྐུའི་སྒོ་ཚད་གཉིས་ཡིན་པས་དཔག་ཚད་འབུམ་ ཕྲག་གཅིག་གི་དག་པ་སྦྱོར་ལ། གསུང་དཀྱིལ་གྱི་མཚོན་སའི་དབུས་སུ། ཐུགས་དཀྱིལ་གྱི་ གཞི་གསུང་དཀྱིལ་གྱི་མདའ་ཡབ་ཀྱི་རྩེ་དང་དཔངས་མཉམ་པ། དེའི་སྟེང་དུ་ཐུགས་དཀྱིལ་ བརྩིགས་ཏེ་དཔངས་ནི། ཐུགས་དཀྱིལ་ཉིད་ཀྱི་སྒོ་ཚད་བཞི་ཡིན་ཀྱང་སྐུ་དཀྱིལ་གྱི་གཅིག་ ཡིན་པས་དཔག་ཚད་འབུམ་ཕྲག་ཕྱེད་མཚོན་པའོ། །གཞན་སྔ་མ་དང་འདྲ། ཐུགས་ཀྱི་མཚོན་ སའི་དབུས་སུ་བདེ་ཆེན་འཁོར་ལོའི་གཞི་རྡོ་རྗེའི་ས་སྟེགས་དཔངས་སུ་ཐུགས་དཀྱིལ་གྱི་ 3-1-146 ཐོག་དཔངས་དང་མཉམ་པ། དེའི་སྟེང་དུ་ཕྱོགས་བཞིར་ཀ་བ་བཞི་བཞི་བཙུགས་པ་མཚམས་ བཞིར་གདུང་སོགས་དྲས་ཀྱི་ཁ་སྦྱར་བ་ལྟ་བུ་སྟེ། དེ་དག་ཀ་བའི་སྟེང་དུ་གདུང་ལྗང་ཁུ་བཀོད་ པ་ཡིན་པ་ལ་སྒོམ་དོན་གྱི་སྐབས་རིན་པོ་ཆེ་གཅིག་ལས་གྲུབ་པ་ཡིན་ལ། བློས་སློང་གི་བཀོད་ པ་ཆུང་ངུ་བཞེངས་པ་སོགས་ལ་དེ་ཙམ་གྱིས་ཆོག་ཅིང་དཀའ་གནས་མེད་ཀྱང༌། བཀོད་པའི་ ཁང་བཟངས་གཞོང་ན། དེ་ཙམ་གྱིས་ནང་མི་ཐེག་པས་ཟུར་བཞིར་གདུང་སྣེ་འགལ་བའི་རྩིག་ པ་བརྟན་པོ་གཡས་གཡོན་དུ་ཆ་ཕྲན་རེ་རེ་ཙམ་རེ་ངེས་པར་དགོས་སོ། །དེ་ནས་དེའི་ནང་ ཐུགས་དཀྱིལ་ཉིད་ཀྱི་ཆ་ཆེན་གཉིས་པའི་ཐད་བདེ་གཤེགས་འཕར་མ་ཉིད་ཀྱིས་ཡོངས་སུ་ བསྐོར་བ། དབུས་སུ་ཐུགས་ཀྱི་སྒོ་ཚད་ལ་བདེ་གཤེགས་འཕར་མ་ལས་ཅུང་ཟད་མཐོ་བ་ས་ སྟེགས་གྲུ་བཞིའི་རྣམ་པ་ཅན་ཏེ། དེ་ལ་དཔངས་ཚད་ངེས་པ་མ་གསུངས་ཀྱང་ཐུགས་ཀྱི་སྒོའི་ བཞི་ཆ་ཙམ་བྱས་ན་ལེགས་པས། རྒྱ་དཔངས་དེ་འདྲ་བའི་ཕྱི་མཐའ་ལ་རེག་པར་བཙུགས་ པའི་ངོས་བཞི་ལ་ཀ་བ་གཉིས་གཉིས་དང༌། ཟུར་བཞི་ལ་རེ་རེ་ཏེ་བཅུ་གཉིས་ཀྱི་སྟེང་དུ་གདུང་ ནག་པོའམ་སྔོན་པོ་བཀལ། དེ་དང་གདུང་ལྗང་ཁུའི་སྟེང་ནས་འཕྱམས་བཏང་སྟེ་ཐོག་ཕུབ། ཤར་བུ་དང་མདའ་ཡབ་ནི་གདུང་ལྗང་ཁུའི་ཕྱི་འདི་ལའང་དགོས་པར་མངོན་ཏེ། ཕྱོགས་ ཐམས་ཅད་དུ་འཕྱོང་གཡབས་གྲུ་བཞིར་བསྐོར་བ་འདྲ་བ་ཞིག་ཡོད། བདེ་གཤེགས་འཕར་ མའི་ཐོག་དཔངས་ཀྱི་ཚད་ནི་ཐུགས་དཀྱིལ་གྱི་སྒོ་ཚད་གཉིས་ཏེ། དཔག་ཚད་སྟོང་ཕྲག་ཉེར་ ལྔའི་དག་པར་སྦྱོར་རྒྱུ་ཡིན། གཙོ་བོའི་གནས་ལ་བསྐོར་བའི་ཀ་བ་བཅུ་གཉིས་པོའི་སྟེང་དུ་ཀ་ ཐོག་ཀ་བཞག་གི་ཀ་ཐུང་བཅུ་གཉིས་དང༌། དེའི་སྟེང་དུ་གདུང་དང་བྲེ་འདེགས་སོགས་བཏང་ སྟེ། དབུས་རྒྱ་ཕིབས་ཧར་མིའི་རྣམ་པར་བྱས་ཤིང༌། བདེ་གཤེགས་འཕར་མའི་ཐོག་མཐིལ་ ནས། གཙོ་བོའི་གནས་ཀྱི་ཐོག་རྒྱ་ཕུབས་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གི་རྩེ་མོའི་བར་དུ་ དཔངས་ལ་བདེ་གཤེགས་འཕར་མའི་ཐོག་དཔངས་ཉིད་དང་མཉམ་སྟེ་དཔག་ཚད་སྟོང་ཕྲག་ 3-1-147 ཉེར་ལྔའི་དག་པ་ཅན་{ཡིན་}ནོ། །དེ་ལྟར་ན་གཙོ་བོའི་གནས་ཀྱི་ཐོགས་དཔངས་ལ་སྟོང་ ཕྲག་ཉེར་ལྔ། བདེ་གཤེགས་འཕར་མ་ལའང་སྟོང་ཕྲག་ཉེར་ལྔ། ཐུགས་དཀྱིལ་ལ་སྟོང་ཕྲག་ ལྔ་བཅུ། གསུང་དཀྱིལ་ལ་འབུམ་ཕྲག་གཅིག སྐུ་དཀྱིལ་ལ་འབུམ་ཕྲག་གཉིས་ཏེ་འབུམ་ ཕྲག་བཞི་ཡིན་པས་སྐུ་དཀྱིལ་གྱི་རྩ་ཐིག་ཚུན་ཆོད་རྒྱ་དཔངས་མཉམ་པའོ། །འདོད་སྣམ་གྱི་ རིགས་གསུམ་ནི་རང་རང་གི་རྩིག་པའི་ཕྱི་རོལ་ཀྱི་རྩ་བའི་ཕྱོགས་སུ་བརྩེགས་པ་ཡིན་པས། དཀྱིལ་འཁོར་གྱི་དཔངས་ལ་ལོགས་པར་མི་འདྲེན་ཡང་དེ་ཉིད་ཀྱི་དཔངས་ནི་སྒོའི་བཞི་ ཆའམ་ཕྱེད་ཀྱི་ཚད་དུ་བྱེད་པ་གཉིས་ཀ་ཡོད་དེ་མི་འགལ་ཡང་བཞི་ཆར་བྱའོ། །འདོད་སྣམ་ ཚུན་ཆོད་གཞལ་ཡས་ཁང་གི་གཞི་དང་། ཕྱིའི་མཆོད་པའི་ས་གཞི་ལ་མཐོ་དམན་གྱི་གསལ་ ཁ་གསུངས་པ་མེད་ཀྱང་ཅུང་ཟད་ཙམ་ནང་མ་མཐོ་བར་བྱེད་ན་ལེགས་པས་སྒོ་ཚད་གཅིག་གི་ བཞི་ཆ་སོགས་ཇི་ལྟར་འོས་པ་བྱ་ལ། གསལ་ཁ་མེད་པས་རྣམ་པ་གཅིག་ཏུ་ན་མ་བྱས་ཀྱང་ ཆོག་གོ །དེའི་ཕྱི་རོལ་སའི་འཁོར་ཡུག་གི་བར་གྱི་རེ་ཁ་ནི་མཆོད་པའི་གཞི་ཉིད་ལ་གཏོགས་ ཏེ། གཞན་རྣམས་ཀྱང་སོ་སོའི་མཐའི་རེ་ཁ་དེ་རང་རང་གི་འཁོར་ཡུག་ནང་མ་ལ་གཏོགས་པ་ ཡིན་པས། ད་ལྟ་གཅད་ཀྱི་རེ་ཁ་འབྲི་བའི་གནས་སུ་སོ་སོའི་རྭ་བ་རྣམས་སྟེང་དུ་སོ་སོའི་གཞི་ ལས་ཆ་ཕྲན་རེ་ཙམ་འཕགས་པར་བྱ་ལ། གཞན་མཆོད་པའི་ས་གཞི་དང་འཁོར་ཡུག་བཞི་ པོ་ཐམས་ཅད་ཁད་མཉམ་པར་བྱའོ། །དེ་ལ་འཁོར་ཡུག་བཞིའི་ཐད་དུ་འོག་གཞི་རྡོ་རྗེའི་ས་ གཞི་འོབས་བྲུས་པ་ལྟར་ས་གཞི་རྐོང་མོར་ཡོད་པ། ས་ཆུ་མེ་རླུང་གིས་གང་བའི་རྣམ་པ་ཡིན་ ཏེ། རླུང་གི་ཕྱི་རོལ་ཏུ་འོག་རྡོ་རྗེའི་ས་གཞི་ལ་དབུས་ཀྱི་ཆ་ལ་རྡོ་རྗེའི་རྭ་བ་ལྕགས་རི་མཐོན་ པོ་དང༌། རྭ་བའི་ཕྱི་ནང་གི་འཁོར་ཡུག་ལ་དངོས་སུ་ནམ་མཁའ་ས་སྟོངས་ཡིན་ཅིང༌། འོན་ ཀྱང་འོད་ཟེར་ལྗང་ཁུའི་རྣམ་པས་ཁྱབ་པ་ནི། ནམ་མཁའི་འཁོར་ཡུག་ཅེས་བྱའོ། །དེ་བས་ན་ རྡོ་རྗེའི་ས་གཞི་དེ་སྟེང་དུ་མཐོ་དམའི་ཁྱད་པར་མ་གཏོགས། རྡོ་རྗེའི་རྭ་བ་འཁོར་ཡུག་གི་གཞི་ 3-1-148 རྟེན་དགོས་པའི་བར་དུ་ཡོད་པར་མ་ཟད། རྭ་བའི་ཕྱི་རོལ་ཏུ་ཡང་ཁ་ཁྱེར་ལྟ་བུར་ཡོད་པའི་ སྟེང་དུ་ནམ་མཁའི་ཁོར་ཡུག་ཕྱི་མ་སྐུའི་སྒོ་དྲུག་ཆ་ཡང་ཡོད་ཅིང༌། དེ་དང་ཁ་ད་ཆད་དུ་མ་སོང་ བར་དེ་ལས་ཀྱང་ཅུང་ཟད་རིང་བ་ལ་ཡང་ཁོར་མོར་ཡོད་པས་དེ་ལ་མེ་ལྕེ་འབར་བའི་ཚུལ་དུ་ ཡོད་དོ།། །། བཞི་པ་ནི། རྒྱན་གཞན་རྣམས་གཞལ་ཡས་ཁང་སྤྱི་དང་འདྲ། གཞལ་ཡས་ཁང་གི་ཟུར་ ལ་སྣ་ཚོགས་རྡོ་རྗེས་བརྒྱན་པ་ནི། ཟུར་གྱི་དབུས་སམ་རྩ་བའི་ཕྱོགས་གང་ཡང་རུང་བར་སྣ་ ཚོགས་རྡོ་རྗེ་གྱེན་ལངས་ཀྱི་ཚུལ་དུ་གཡས་གཡོན་གྱི་ངོས་ལ་ཕྱེད་ཕྱེད་སྤར་བཏབ་པ་ལྟ་བུའི་ ཚུལ་གྱིས་འབུར་དོད་དུ་ཡོད་པ་ཡིན་ལ། སྒོ་དང་སྒོ་མཁྱུད་ཀྱི་མཚམས་རྩིགས་པའི་ཕྱི་རུ་ འདོད་སྣམ་གྱི་སྟེང་དུ་ཟླ་བ་ཕྱེད་པའི་རྣམ་པ་ལ་གནས་པའི་རིན་པོ་ཆེ་ཟུར་དགུ་པའི་དབྱིབས་ ཅན་གྱིས་སྤྲས་པ་ཡིན་ཅིང༌། དེ་བཞིན་དུ་བྱང་ཤར་གྱི་ཟུར་ཐད་ཁོ་ནའི་སའི་དཀྱིལ་འཁོར་གྱི་ སྟེང་ཐད་སྐུ་དཀྱིལ་གྱི་མདའ་ཡབ་དང་མཐོ་དམན་མཉམ་པ་ཙམ་གྱི་ནམ་མཁའ་ལ་ཟླ་བ་ཉ་ གང་བ་དང༌། ལྷོ་ནུབ་ཀྱི་ཟུར་ཐད་རང་གི་མཐོ་དམན་དེ་ཙམ་གྱི་ནམ་མཁའ་ལ་ཉི་མ་གནས་ པ་སྟེ། དཀྱིལ་འཁོར་འབྲི་བའི་སྐབས་སུ་དེའི་ཐད་ཀྱི་སའི་འཁོར་ཡུག་མདའ་ཡབ་དང་ཤར་ བུས་བསྒྲིབས་པས། བྱང་ཤར་གྱི་ནང་ངོས་དང༌། བདེན་བྲལ་གྱི་ཕྱི་རྒྱབ་ལྟ་བུར་འབྲི་དགོས་ ཀྱང༌། སྒོམ་དོན་ནི་འདིར་བཤད་པ་བཞིན་ནོ། །རྟ་བབས་ནི་སྒོ་ཁང་གི་སྟེང་དུ་བཀལ་བ་ སྟེ། འདེགས་བྱེད་ཀྱི་ཀ་བ་བཞི་སྤྱི་དང་མཐུན་པར་བཙུགས་པའི་སྟེང་དུ། གདུང་ཁོར་ཡུག་ཏུ་ བཀལ། དེའི་སྟེང་དུ་ཐོག་ཕུབ་ཅིང༌། ཕྱིའི་འཕྱམས་སྣ་སོགས་མི་མངོན་པར་ཤིང་ལེབ་ཀྱིས་ བསྒྲིགས་པ་ཡང་བྲི་ཆ་སོགས་ཀྱི་དོན་ལ་གདུང་གི་དཔངས་སུ་ཀ་བ་རྩི། སྒོ་གདོང་ཕྱོགས་ལ་ སྒོ་གཡབས་ཆ་གསུམ་དུ་བཏང་བའི་མཚམས་གཉིས་སུ་རྒྱན་གྱི་ཀ་བ་བཙུགས་ཤིང༌། དེའི་ སྟེང་ནས་སྒོ་མཁྱུད་སྒོ་འགྲམ་གྱི་མཚམས་སུ་འཕྲེད་གདུང་རེ་ཡང་བཏང་། ཐོག་ཕུབས་པ་ 3-1-149 དེའི་སྟེང་དུ་ཕྱི་ཕྱོགས་སུ་སྒོའི་བཞི་ཆ་བོར་བ་གཡས་གཡོན་དུ་རྩིག་པའི་ཐད་དང༌། དབུས་ ཀྱི་གཡས་གཡོན་དུ་འཕྲེང་གདུང་གཉིས་ཀྱི་སྟེང་དུ་ཀ་བ་བཙུགས། ཀ་བ་ལས་ཅུང་ཟད་ ཕྱིར་འཕགས་པར་མྱོས་སྲུང་བཏང༌། ཡང་གདུང་རིང་བར་གྱི་འཕྲེད་གདུང༌། ཐོག་འབུབས་ ལུགས་སོགས་གོང་བཞིན་བྱས་པ་ལ་བརྩེགས་མ་གཉིས་པའི་ཁང་པ་བྱ་ཞིང༌། གསུམ་པ་ལ་ ཡང་གཞན་དེས་རིགས་འགྲེ་ཞིང༌། སྟེང་དུ་ཧར་མི་རྟ་རྒྱབ་ཀྱི་རྣམ་པ་བྱའོ། །སྒོ་ཁང་གི་སྟེང་ བརྩེགས་མ་དང་པོའི་ཟུར་ཀ་བཞིའི་ལོགས་ལ་ཀ་རྒྱན་གྱི་ཚུལ་དུ་རྒྱུ་རིན་པོ་ཆེ་ལས་བརྐོས་ པའི་གླང་སེང་བརྩེགས་མ་དང༌། བརྩེགས་མ་བར་མ་དང་གོང་མ་ལ་ཤཱ་ལ་བྷཉྩི་ཀ་ཞེས་བྱ་བ་ ཀ་རྒྱན་དུ་བྱེད་པའི་ཤཱ་ལ་བྷཉྩི་ཀ་ནི་ཁ་ཅིག་མིའམ་ཅིའི་བུ་མོ། ཁ་ཅིག་ནི་ཅེ་སྤྱང་གསོད་བྱེད། ཁ་ཅིག་ནི་རྟེན་བྱེད་ཐུར་མ། ཞེས་སོགས་སྣ་ཚོགས་སྨྲ་ཡང༌། ལྷ་མོའི་གཟུགས་ཅན་དུ་ བྱེད་པ་རྣམས་དོན་ལ་མ་ནོར་ཞིང༌། མིའམ་ཅི་སོགས་ཕོའམ་ཀ་བ་ཕུར་བུའི་གཟུགས་འདྲ་བ་ སོགས་འདོད་པ་ནི་འཁྲུལ་ཏེ། དོན་ནི་སྔོན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱུང་བའི་སྐབས། སྐྱེད་མོས་ཚལ་དུ་ཞག་མང་པོར་རྩེ་བ་ན། རིན་པོ་ཆེ་ལས་བཅོས་པའི་ཁང་བཟངས་ཀྱི་ཐོག་ འདེགས་བྱེད་ལ། ཀ་བའི་ཚབ་མ་མིའམ་ཅི་མོ་དངོས་ཀྱིས་བྱེད་པ་དག་བྱུང་བའི་བཀོད་ པ། ཕྱིས་འཁྲེགས་ཤིང་བཟང་པོའམ། རྡོ་ལ་ཀ་བ་བྱེད་པ་ནི་ཕྱི་དབྱིབས་བཟོ་རྩེད་ལྷ་མོའི་ རྣམ་པ། ཞུའི་ངོས་ལ་ལག་པ་གཉིས་ཀྱིས་གདུང་འདེགས་ཚུལ་བྱེད་པ་བརྐོས་པའི་ཀ་བའི་ ཁྱད་པར་དེའི་མིང་ལ་ཤཱ་ལ་བྷཉྩི་ཀ་ཟེར་རོ། །རྣམ་པ་ལྷ་མོའི་གཟུགས་བརྙན་བརྐོས་པ་ཡིན་ གྱི། སེམས་ཅན་དངོས་མིན་ནོ། །དེ་བཞིན་དུ་སྐུའི་རྟ་བབས་ཀྱི་བརྩེགས་མ་འོག་མའི་འཁོར་ ལོའི་གཡས་སུ་རི་དྭགས་ཕོ་དང་གཡོན་དུ་མོ་དང་། བྱང་ཆུབ་ཤིང་གི་གཡས་གཡོན་གྱི་མིའམ་ ཅི་ཕོ་མོ་ཡང་རིན་པོ་ཆེ་ལས་བྱས་པའི་གཟུགས་བརྙན་ཡིན། རྔ་བོ་ཆེའི་གཡས་ཀྱི་དབྱུག་ པ་ནི། དབྱུ་གུ་རིན་པོ་ཆེའི་ཏོག་ཅན་ཡིན། གཡོན་གྱི་ཐོ་བ་ཡང་རྡོ་རྗེས་མཚན་པ་སོགས་ཀྱི་ 3-1-150 སྤྲོས་པ་མི་དགོས། དབྱུ་གུའི་རྩེ་མོ་ལ་ཏོག་གྲུ་བཞི་ཡོད་པའམ། ཡང་ན་སྤྱི་དང་མཐུན་པའོ། ། མཆོད་པའི་ས་གཞིན་ལ་མཆོད་པ་སྣ་ཚོགས་ནི་གོ་བླ། མེ་རླུང་གི་འཁོར་ཡུག་གི་མཚམས་ ལ་དུར་ཁྲོད་ཅེས་གསུངས་པ་ནི། མེའི་འཁོར་ཡུག་གི་ཕྱེད་ཕྱི་མ་དང༌། རླུང་གི་དཀྱིལ་འཁོར་ གྱི་ཕྱེད་ནང་མ་ལ་དུར་ཁྲོད་གནས་པའམ་ཡང་ན་གཡོ་བའི་དཀྱིལ་འཁོར་ལ་གནས་དུར་ ཁྲོད་ཅེས་གསུངས་པས་མེ་དཀྱིལ་ལ་མེད་པར་རླུང་དཀྱིལ་ཡོངས་རྫོགས་ལ་བཀོད་ཀྱང་རུང་ སྟེ་འདམ་ཁ་ཡིན། འབྱུང་པོ་རྣམས་རླུང་དཀྱིལ་གྱི་ཕྱེད་ཕྱི་མ་ལ་གནས་པས། དུར་ཁྲོད་ས་ གཞི་ལ་འབྱུང་པོའི་ཚོགས་ཞེས་པ་དང་ཡང་འགྲིག་གོ །དཀྱུས་ལྟར་ན་གྲུབ་པ་འབྱུང་པོའི་ ཚོགས་དུར་ཁྲོད་ཀྱི་ཕྱི་རོལ་ཏུ་གནས་པ་ཡིན་ཅིང༌། རླུང་དཀྱིལ་ཁོ་ན་ལ་བྱེད་པའི་ཚེ། རབ་ གཏུམ་མ་རྣམས་ནང་མཚམས་ལ་བཞུགས་པ་ཕྱོགས་སྐྱོང་གི་དོད་མིན་པར་ལྷག་པོ་ཡིན་ནོ། ། ཕྱོགས་སྐྱོང་སོགས་དུར་ཁྲོད་གཞན་དང་འདྲ། འཁོར་ཡུག་འགོད་ནའང་རླུང་གི་ཕྱེད་ཕྱི་མ་ དེར་འགོད་དོ། །དཀྱུས་ལྟར་ན་དུར་ཁྲོད་དུ་ཕྱོགས་སྐྱོང་ཞིང་སྐྱོང་མི་འགོད། རབ་གཏུམ་མ་ ཉིད་དེའི་དོད་ཡིན། གང་ལྟར་ན་ཡང་དུར་ཁྲོད་གཞན་རྣམས་སྤྱི་དང་འདྲའོ། །འགའ་ཞིག་ཕ་ རྒྱུད་ལྟར་དུར་ཁྲོད་མེད་པའང་མིན། མ་རྒྱུད་ལྟར་རྒྱས་པའང་མིན། ཀེང་རུས་སོགས་ཐོར་རེ་ བ་བྲིས་ཀྱང་འགལ་བ་མེད་ཟེར་བ་དང༌། ཁ་ཅིག་འཁོར་ལོ་དཀར་དམར་བརྒྱད་པོ་དང་དུར་ ཁྲོད་ཀྱི་དོན་ཡིན་གྱི། གཞན་མི་དགོས་ཟེར་བ་སོགས་བྱུང་རྒྱལ་དུ་སྨྲ་བ་དེ་དག་གིས་ཅི་ཞིག་ བྱ་སྟེ། འདི་ལ་དུར་ཁྲོད་དངོས་མི་འབྲི་བའི་སྲོལ་ཞིག་ཀྱང་བྱུང་བ་ནི། སྐལ་བ་དང་མི་ལྡན་པ་ འདུས་པའི་ནང་དུ་དུར་ཁྲོད་མི་འབྲི་ཞེས། རྒྱ་གར་དུ་བར་སྐབས་ཤིག་དེ་ལྟར་དར་བའི་རྒྱུན་ ཡིན་པ་ལས། དེ་ལ་ནི་དུས་འཁོར་དུ་མ་ཟད་གཞན་ལའང་འདྲའོ། །རོ་དང་བྱ་དང་གཅན་ གཟན་དང༌། ཀེང་རུས་སོགས་གང་ཡང་མེད་པའི་ས་སྟོང་ལ་དུར་ཁྲོད་ཀྱི་ཐ་སྙད་མི་འཇུག་ པས་སྒོམ་པའི་ཚེ་ངེས་པར་དུར་ཁྲོད་དུ་བྱ་ཞིང༌། རྡུལ་ཚོན་འབྲི་བའི་ཚེ་དུར་ཁྲོད་བཞག་ཀྱང་ 3-1-151 འགལ་བ་མེད་པའི་སྐབས་ཤིག་བྱུང་མོད། རྒྱ་བལ་དུ་བཞེངས་པའི་དུས་འཁོར་གྱི་དཀྱིལ་ ཐང་ཕལ་ཆེར་ལའང་དུར་ཁྲོད་རྒྱས་པར་བྲིས་སྣང་ངོ༌།། །། ལྔ་པ་ནི། གཙོ་བོའི་པདྨ་ཉིད་ལྗང་ཁུ་དང༌། དེའི་འོག་གཞི་ནི་སྔོན་པོར་ངེས་པར་བྱ་ཞིང༌། བདེ་ཆེན་འཁོར་ལོ་རིམ་གྱིས་སྔོན་པོར་བྱས་ཀྱང་མི་འགལ་ལ། ཕྱོགས་མདོག་ཏུ་བྱས་ཀྱང་ནི་ རུང་ངོ༌། །གང་འོག་གཞི་སྔོན་པོ་ཡིན་པ་དེའི་སྟེང་ཐོག་ཀྱང་ལྗང་ཁུ་ཡིན་ལ། བདེ་ཆེན་འཁོར་ ལོ་རིམ་གྱི་སྔོན་པོར་བྱས་ན། དེའི་ས་སྟེགས་ཀྱི་ལོགས་ཀྱང་སྔོན་པོའོ། །གཞན་འོག་གཞི་ དང་སྟེང་ཐོག་ཐམས་ཅད་གཙོ་བོའི་ཞལ་གྱིས་དབྱེ་བས། ཤར་ནག་ལྷོ་དམར་སོགས་ཕྱོགས་ མདོག་ཡིན་ཅིང༌། ལྷ་སྣམ་དང་འདོད་སྣམ་དཀར་པོར་འབྱུང་བ་ནི། དེའི་འོག་གཞི་ཕྱོགས་ མདོག་ཡིན་ཡང་དེའི་སྟེང་དུ་དཀར་པོ་བརྩེགས་པ་སྟེ། དཔེར་ན་རྩིག་པ་རྣམས་དང་འདྲའོ། ། མཆོད་པའི་ས་གཞི་ཡང་སྐུ་དཀྱིལ་དངོས་ལ་འབྲེལ་པ་ཡིན་པས་སྐུ་དཀྱིལ་གྱི་ལྷ་སྣམ་དང་ འདྲ་བར་ཕྱོགས་མདོག་བྱ་སྟེ། འདི་ཐམས་ཅད་འོག་གཞི་རྡོ་རྗེའི་ས་གཞི་སྔོན་པོ་ཡིན་ཡང༌། དེའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་པའི་བཅལ་བཀྲམ་པའི་ཁ་དོག་ཡིན་པས། རི་རབ་ཀྱི་ཁ་ དོག་དང་རྡོ་རྗེའི་ས་གཞིའི་ཁ་དོག་ཡིན་པར་འདོད་པ་ནི་འཁྲུལ་ལོ། །དེས་ན་མཆོད་པའི་ས་ གཞི་ནག་འཇམ་སེར་འཇམ་ལྗང་ཁུ་སོགས་རྒྱ་བོད་གཉིས་ཀར་དུ་བྱུང་ཞིང༌། སྒྲ་གཅན་གྱི་ དཀྱིལ་འཁོར་ཡིན་པ་དང༌། རྡོ་རྗེའི་ས་གཞི་ཡིན་པ་སོགས་སྒྲུབ་བྱེད་དུ་འགོད་ཀྱང༌། རྒྱུད་ཀྱི་ དགོངས་པ་ལས་ཕྱིར་ཕྱོགས་པ་ཡིན་ལ། བླ་མའི་མན་ངག་ཡིན་ན་མཐའ་གཅིག་ཏུ་མི་འགལ་ བ་ཡང་སྲིད་དོ། །ཁོར་ཡུག་ཆེན་པོ་ལྔ་ནི་འབྱུང་བ་སོ་སོའི་མདོག་ཡིན་ལ། རྡོ་རྗེའི་རྭ་བ་སྔོན་པོ་ ཡིན་ཞིང༌། མེ་ལྕེའི་ཕྲེང་བ་ཡང་ཁ་དོག་ལྔའམ་དྲུག་སྤེལ་མར་བྱེད་པ་ཡིན་གྱི། ཕྱོགས་བགོས་ པ་ལྟ་བུར་འདོད་མཁན་ཡོད་ཀྱང་མ་ཡིན་ནོ། །གསུང་དང་སྐུའི་རྩིག་པ་རྣམས་ཞི་རྒྱས་དབང་ དགུག་སོགས་དགེ་བའི་ལས་ལ་ནམ་མཁའ་རླུང་མེ་ཆུ་ས་ཞེས་སྐྱེ་རིམ་དང་མཐུན་པར་བྱེད་ 3-1-152 དགོས་པ་ལ། རིམ་པ་དེ་ཡང་གང་གཙོ་ཆེ་བ་དེ་ཐོག་མར་དགོས་ཤིང༌། དེ་ཡང་ནང་གཙོ་བས་ ནང་ནས་ཕར་བརྩི་དགོས་ཀྱི། ཕྱི་རོལ་ནས་ཚུར་མི་བརྩིའོ། །དྲག་པོའི་ལས་ལ་དེ་ལས་ཟློག་ པ་སྡུད་རིམ་དགོས་པ་ཡིན་ཡང་དབང་བསྐུར་རབ་གནས་བསྙེན་པ་ལ་སོགས་པའི་སྐབས་ཞི་ རྒྱས་དང་མཐུན་པ་ཡིན། ཐུགས་དཀྱིལ་ལ་ནི་འགྲེལ་པར་དཀར་པོ་དམར་པོ་ནག་པོ་ཞེས་ གསུངས་པ་ཙམ་གྱིས་ནང་ནས་དཀར་དམར་ནག་གསུམ་ཡིན་ཞེས། རྒྱ་བོད་ཀྱི་མཁས་པ་ ཆེ་བ་འགའ་ཞིག་ཀྱང་བཞེད་ཅིང༌། ཁ་ཅིག་དེའི་རྒྱབ་སྐྱོར་སྒྲུབ་བྱེད་དུ་བསམས་ནས། དང་ པོར་ལུས་དེ་ནས་ངག་དེ་ནས་སེམས་འགྲུབ་ཅེས་སོགས་མངོན་ལྐོག་ཐམས་ཅད་དང་འགལ་ བའི་འབྲེལ་མེད་སྨྲ་བ་དང་། ཡང་ཁ་ཅིག་རྭ་བ་རིམ་གསུམ་སྐུ་གསུང་ཐུགས་གསུམ་མཚོན་ པ་ཡིན་ལ། སྐུ་ཕྱི་རོལ་དང་ཐུགས་ནང་དུ་ཡོད་པའི་ངེས་པ་མེད་དེ། ནོར་བུར་ཐུགས་དང་ གསང་བར་གསུང་ཞེས་པ་དང་འདྲའོ། །ཞེས་ཟེར་རོ། །དེ་ནི་ཐུགས་གསུང་སྐུ་ཞེས་པ་སྐྱེ་རིམ་ ཡིན་པ་དང༌། སྐུ་གསུང་ཐུགས་ཞེས་པ་སྡུད་རིམ་ཡིན་པ་མ་གོ་བའི་ཚུལ་དུ་སྣང་སྟེ། དེ་ཡང་ མངལ་སྐྱེས་དང་པོར་ལུས་ལེན་པ་ན་བར་སྲིད་ཞིག་ཙམ་ན་སེམས་དང༌། དེ་ལས་ལུས་ལེན་ པའི་རླུང་སྐྱེས་པ་ན་ངག་དང༌། རླུང་སེམས་ཕ་མའི་ས་བོན་ལ་ཞུགས་པ་ལུས་ཏེ། རྩ་བའི་ཡིད་ ངག་ལུས་སྐྱེ་རིམ་དང༌། སྒོ་གསུམ་རྣམ་འགྱུར་ཅན་འཆགས་པའི་དུས་ནའང་མངལ་དུ་ཟླ་བ་ གཅིག་ཡིད་ཙམ་དང༌། དེ་རྗེས་རླུང་ཆགས་པ་ངག་དང༌། དེའི་འོག་ཏུ་བཞིན་ལག་དབང་པོ་ ཤ་རུས་སོགས་རྒྱས་པར་ཆགས་པ་ལུས་ཏེ། དེ་ལྟར་ན་ལུས་ངག་ཡིད་ཅེས་པ་སྐྱེ་བའི་རིམ་པ་ མ་ཡིན་གྱི། སྐྱེ་བ་བསྐྱེད་པའི་གོ་རིམ་ནི་ཡིད་ངག་ལུས་ཀྱི་རིམ་པའོ། །མངལ་སྐྱེས་མི་རྣམས་ འཆི་བའི་དུས་ན་ལུས་རགས་པའི་ཚོར་བ་འགགས་ཀྱང༌། རླུང་ད་དུང་མ་འགགས་པས་ངག་ ཡོད་པ་དང༌། རླུང་འགགས་ནས་རྗེས་སུ་འཆི་སེམས་ལ་གནས་པ་ཡིན་པའི་ཕྱིར་དང༌། དེའི་ སྣང་མཆེད་ཐོབ་གསུམ་ཡང་ལུས་ངག་ཡིད་ཀྱི་གོ་རིམ་གྱི་ཕྱིར་སྡུད་རིམ་ཁོ་ནའོ། །ཁ་ཅིག་ 3-1-153 དགེ་བའི་ལས་ལ་སྐྱེ་རིམ་དང་། དྲག་པོའི་ལས་ལ་སྡུད་རིམ་ཡིན་པས་བསྙེན་པ་དང་དབང་ བསྐུར་བ་སོགས་ནི་ཐམས་ཅད་ཀྱི་ཐུན་མོང་ཡིན་པས་ན། ཐུགས་དཀྱིལ་ལ་སྡུད་རིམ་དང༌། སྐུ་གསུང་ལ་སྐྱེ་རིམ་བྱེད་དོ། །ཞེས་ཟེར་ན་བྱེད་པ་འགལ་བའི་ལས་ཀྱི་ཆོས་འདྲེས་པ་ནི་ ལས་གང་ཡང་མི་འགྲུབ་པའི་རྒྱུ་ཡིན་གྱི། ཐུན་མོང་གི་འགྲུབ་བྱེད་དུ་མི་འགྱུར་རོ། །དེས་ན་ རང་ལུགས་ཀྱི་བཞེད་པ་ཐུགས་དཀྱིལ་ལ་ཡང་ནང་ནས་རིམ་པས་ནག་དམར་དཀར་བའི་ རྩིག་པ་ཉིད་ཡིན་ནོ། །ཡང་རྒྱ་གར་བ་ལ་ལ་དང༌། བོད་རྙིང་མ་ཁ་ཅིག་དང༌། ཕྱི་མ་འགའ་ རེ་ཡང་གཞལ་ཡས་ཁང་གི་འོག་གཞི་རེ་མིག་དགུར་བགོས་པ་ལྟ་བུར་ཕྱོགས་མཚམས་ཆ་ མཉམ་པར་བྱས་ནས་ཤར་དང་ཤར་ལྷོ་ནག་པོ་ཞེས་སོགས་ཤར་གྱི་རྟ་བབས་འདེགས་པའི་ ཀ་བ་བྱང་མ་ནས། ལྷོའི་ཀ་བ་ཤར་མས་བར་མཚམས་ནག་པོར་བྱེད་པ་སོགས་གཞན་རྣམས་ ལའང་རིགས་བསྒྲེ་བར་འདོད་དོ། །དེ་ཡང་རྣམ་པ་གཅིག་ཏུ་རྣམ་གྲངས་ཙམ་ལའང་མི་རུང་ངོ་ ཞེས་ཁ་ཚོམ་རང་ཏ་མི་གཅོད་མོད་དེ། འོན་ཀྱང་དེའི་སྒྲུབ་བྱེད་དུ་གཙོ་བོའི་ཞལ་གྱི་དབྱེ་བས་ རྡུལ་ཚོན་གདབ་ཅེས་གསུངས། ཞེས་དང་ལྷ་མཚན་གྱི་སྐབས་སུ་ཡང་གཙོ་བོའི་ཞལ་གྱི་དབྱེ་ བས་ཤར་དང་མེ་ནག་པོ་ཞེས་སོགས་གསུངས་པས། ས་གཞི་ཡང་མཚོན་པར་ནུས་ཟེར་བ་ནི། ལྷ་མཚན་ལྗང་ཁུ་དང་སྔོན་པོའི་ས་རྣམས་ཀྱང་ལྗང་སྔོན་དུ་ཐལ་བར་འགྱུར་བ་དང༌། ཕྱིས་ཀྱི་ འགའ་ཞིག་གཙོ་བོའི་སྐུ་ལ་གཡས་འགྱིང་ཡོད་པས་རྩ་ཞལ་གྱི་ཤར་དང་ཤར་ལྷོ་གཉིས་ཀར་ ཁྱབ་པས་དེ་ལྟར་འབྱུང་བ་ཡིན་ཟེར་བ་ནི། འགྱིང་ཞལ་ལ་སྟེང་དང་འོག་ཏུ་གཡོ་བའི་རྣམ་ པ་བྱུང་ཡང་། གཡས་གཡོན་དུ་ཞལ་རས་བསྒྱུར་བ་ལ་མི་དགོས་པས་དེ་ཡང་མ་འབྲེལ་བའོ། ། དེས་ན་རྒྱ་བོད་ཀྱི་དུས་འཁོར་བ་ཆེས་ཆེ་བ་ཐམས་ཅད་ཟུར་ཐིག་མཚམས་ལ་ཕྱོགས་མདོག་ གི་དབྱེ་བ་འཇོག་ཅིང༌། དེ་ཉིད་ཡོངས་སུ་གྲགས་པའི་རྒྱུད་སྡེའི་དཀྱིལ་འཁོར་ཐམས་ཅད་ ལས་ཀྱང་འབྱུང་བས་རང་ལུགས་ལ་ཟུར་ཐིག་མཚམས་ཀྱི་ཕྱོགས་མདོག་གི་དབྱེ་བ་བྱེད་དོ། ། 3-1-154 གཞན་ཡང་ཡེ་ཤེས་ལེའུ་བརྒྱ་ཞེ་གཅིག་པའི་སྐབས། ཞལ་བརྒྱད་པ་གསུངས་པ་ན། ནུབ་ བྱང་གི་ཞལ་སེར་སྐྱའམ་དཀར་སེར་ཕྱེད་པས་རྒྱས་པའི་ལས་སྒྲུབ་པ་དང༌། ལྷོ་ནུབ་ཀྱི་ཞལ་ དམར་སེར་གྱིས་རྨོངས་པ་དང༌། ཤར་ལྷོའི་ཞལ་དམར་ནག་གིས་དབང་དང༌། བྱང་ཤར་གྱི་ ཞལ་ནག་དཀར་གྱིས་བསྐྲད་པ་འགྲུབ་པར་གསུངས་ཤིང༌། དེས་ན་འདིར་བྱང་དང་བྱང་ཤར་ ཞི་རྒྱས་སུ་མ་མཛད་པར་བྱང་དང་ནུབ་བྱང་ཞི་རྒྱས་སུ་མཛད་པ་སོགས་དང༌། དེའི་ཚེ་བྱང་ དང་ནུབ་བྱང་གཉིས་ཀ་དཀར་པོར་མ་མཛད་པར། ནུབ་བྱང་དཀར་སེར་འདྲེས་པའམ་ཕྱེད་ གཟུགས་གང་བྱས་ཀྱང་འདྲ་སྟེ། ནུབ་བྱང་གི་ས་གཞི་ཕྱེད་དཀར་བ་དང་ཕྱེད་སེར་པོར་བྱེད་ པ་ཡིན་པར་ཤིན་ཏུ་གསལ་ཏེ། དེས་གཞན་རྣམས་ལའང་རིགས་འགྲེའོ། །དེ་ལྟར་ཡང༌། ཞི་ ལ་དཀར་པོའི་ཞལ་ཏེ་དང་པོར་རྒྱས་པ་ལ་ནི་དཀར་དང་གསེར་མཚུངས་ཐུན་ཚོད་ལག་པ་ལ། རེངས་ལ་སེར་པོ་མེའི་ཐུན་ལའོ་རྨོངས་ལ་གསེར་དང་ཉི་མཚུངས་ཆུ་གཏེར་ལ་ཏེ་དགུག་པ་ ལ། །ཞེས་སོགས་གསུངས་པའོ།། །། གསུམ་པ་ལྷ་སོ་སོའི་གདན་བཤད་པ་ལ། གཙོ་བོའི་བཞུགས་གནས་ཀྱི་པདྨ་སྣ་ཚོགས་ པདྨ་ནི་ལྗང་ཁུ་ཡིན་ལ། དེ་ཡང་ཁ་དོག་ཁྲ་བོ་སྣ་ཚོགས་པར་ཡོད་པ་མཚོན་བྱེད་ཡིན་ཞེས་ འཆད་པ་ནི་མི་ལེགས་ཏེ། ཁྲ་བོ་དང་ལྗང་ཁུ་ལ་སྒོམ་པ་དང་འབྲི་བ་དང༌། བརྡ་དང་དོན་གྱི་སྒོ་ ནས་དཀའ་བ་དང་བླ་བའི་ཁྱད་པར་གང་ཡང་མེད་པས། དེ་འདྲ་བའི་བརྡ་ཐབས་ལ་དགོས་ པ་མེད་དེ། ཁྲ་བོ་ཡིན་ན་ཁྲ་བོ་ཉིད་བྲིས་པས་ཆོག་པ་ལ་མཚོན་བྱེད་ལྗང་ཁུས་ཅི། དེས་ན་ ནམ་མཁའི་ཁམས་སམ་འབྱུང་བ་ལྔའི་འདུས་པ་མཚོན་པ་ནི་ཡིན་ལ། ཁ་དོག་ནི་ལྗང་ཁུ་ཉིད་ དེ། དེའི་སྟེང་དུ་ཟླ་བ་ཉི་མ་སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་སྟེ། དབང་ལེའི་དྲུག་ཅུ་རྩ་བཞི་པའི་འགྲེལ་པར་ལྟེ་བའི་སྟེང་དུ་ཨཾ་ཨཿཨ་ཟླ་བ་ཉི་མ་སྒྲ་གཅན་གྱི་ གདན་རྣམས་སོ། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་གསུམ་རྩེག་ཉིད་སྒོམ་པ་གཙོ་ཆེ་བ་ 3-1-155 ཡིན་ལ། རྒྱུད་ལས། དཔལ་ལྡན་ༀ་ཡིག་ལས་སྐྱེས་རྒྱལ་བའི་བདག་པོའི་པདྨར་ཟླ་བ་ཉི་མ་ མེ་ཡི་སྟེང་དུ་ནི། །དྲག་པོ་ལུས་མེད་གཉིས་ཀྱི་སྙིང་གར་རྒྱལ་བའི་དབང་པོ་ཤིན་ཏུ་རོལ་པའི་ ཞབས་ནི་གཡས་བརྐྱང་སྟབས། །ཞེས་གསུངས་པའི་མེ་ཡི་སྟེང་དུ་ནི་ཞེས་པ་ཡན་ཆད་གཞལ་ ཡས་ཁང་གི་གདན་ནི་མ་ཡིན་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའི་སྐབས་ཀྱི་གཙོ་བོའི་པདྨ་ བསྐྱེད་པ་བསྟན་ཏེ། ༀ་ཡིག་ལས་སྐྱེས་ཞེས་པའི་ངེས་པས་སོ། །འགྲེལ་པར། ཟླ་བ་ཉི་མ་མེ་ ཡི་སྟེང་དུ་ནི་ཞེས་པ་ལ་ལ་ན་དང༌། ར་ས་ན་དང༌། ཨ་ཝ་དྷཱུ་ཏིའི་སྟེང་དུ་དྲག་པོ་ལུས་མེད་ གཉིས་ཀྱི་ཞེས་པ་བདུད་དང་ཉོན་མོངས་པའི་ཕྱོགས་ཏེ། གཡོན་དང་གཡས་ཀྱི་རབ་ཏུ་འབབ་ པ་དག་གི་སྙིང་གར་ཞེས་གསུངས་པ་ལྟར་ཏེ། མདོར་ན་ས་བོན་ཀྱི་སྐབས་སུ་གསུམ་དང༌། དག་པ་ལ་ཡང་རྩ་གསུམ་གྱི་དག་པ་ཁོ་ན་གསུངས་པའི་ཕྱིར་དང༌། གོང་དུ་གཞལ་ཡས་ཁང་ གི་རྟེན་བསྐྱེད་པའི་སྐབས་ཀྱི་ཚིག་ལ། སྟོང་པ་རླུང་མེ་ཆུ་དང་ས་དང་ལྷ་ཡི་རི་བོ་ཆུ་སྐྱེས་ཟླ་བ་ ཉི་མ་མེ་རྣམས་ནི། ཞེས་པའི་མེ་ཞེས་པའི་འགྲེལ་པར་དེའི་སྟེང་དུ་ཐིག་ལེ་ཡོངས་སུ་གྱུར་པ་ ལས་མེ་ཞེས་པ་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་མཐིང་སྟེ། ཞེས་གསུངས་པ་དང་རིག་པ་ མཚུངས་པ་སོགས་ཀྱི་སྒོ་ནས་རྒྱུད་འགྲེལ་དངོས་བསྟན་གྱི་དགོངས་པའི་གཙོ་བོ་གདན་ དཀྱིལ་འཁོར་གསུམ་རྩེག་ཉིད་དེ། དེས་ན་འགའ་ཞིག་འདི་སྐད་དུ་ཕྱི་རོལ་ཏུ་ཡང་གཟའ་ འཛིན་གྱི་དུས་ཉི་ཟླ་སྒྲ་གཅན་གསུམ་བརྩེགས་པ་ཡིན་པ་ལས། སྒྲ་གཅན་མགོ་མཇུག་གཉིས་ ཀར་གྱིས་དུས་གཅིག་ཏུ་འཛིན་པ་མི་སྲིད་པས། སྐབས་འདིར་སྒྲ་གཅན་དུས་མེ་བརྩེགས་པ་ ནི་མི་འཐད་ལ། ཉི་ཟླ་བརྩེགས་པ་གཟས་བཟུང་བ་ན། རེས་འགའ་སྒྲ་གཅན་མགོ་དང་རེས་ འགའ་སྒྲ་གཅན་མཇུག་གིས་འཛིན་པ་ལྟར། དེ་གཉིས་གང་རུང་རེ་སྒོམ་པ་ཡིན་པ་ལས། གཙོ་བོར་ཨ་ཝ་དྷཱུ་ཏི་ཉིད་ཡིན་པའི་དག་སྦྱོར་གྱི་དབང་ལས་སྒྲ་གཅན་མགོ་ཉིད་སྒོམ་པར་ བཞེད་པ་ཡང་རྒྱུ་མཚན་དང་བཅས་པ་བརླིང་པོར་བརྗོད་པའོ།།དེ་ལྟ་མོད་ཀྱི་ཟླ་ཉིའི་ཟླས་ 3-1-156 དྲངས་པའི་དཀྱིལ་འཁོར་གསུམ་དུ་བྱེད་པའི་ཚེ། དུས་མེའི་དཀྱིལ་འཁོར་བཀོད་ན་དེ་ཁ་དོག་ སེར་པོ་ཡིན་པས། སྤྱི་ཁྱབ་ཏུ་འཇུག་པའི་རྡོ་རྗེ་གསུམ་གྱི་ཁ་དོག་དཀར་དམར་མཐིང་གསུམ་ མམ། ཐབས་ཤེས་སོ་སོའི་སྐུ་གསུང་ཐུགས་དང་སྦྱར་བ་སོགས་ཁ་དོག་གི་ཆ་ནས་མི་འགྲིག་ པས་སྒྲ་གཅན་མཐིང་ཁ་ཉིད་བྱའོ། །ཡང་ཁ་ཅིག་འདི་སྐད་ཅེས་ས་བོན་ཨ་ཐུང་གསུངས་པ་ ནི། སྒྲའི་གཞུང་ལས་ཨ་ཐུང་ངུས་ཨ་རིང་ཐུང་གཉིས་ཀར་མཚོན་པ་བཤད་ཅིང༌། ཁམས་ ལེའི་ཟུང་བདུན་གྱི་སྐབས། ཨ་རིང་ཐུང་གཉིས་སྒྲ་གཅན་དུས་མེའི་ས་བོན་དུ་བཤད་པས་ཨཾ་ ཨཿཨ་ཞེས་པ་ཉིད་ཀྱིས་ཉི་ཟླ་སྒྲ་དུས་བཞི་ཅར་བསྟན་པ་འཐད་ལ། དེའི་ཕྱིར་དཀྱིལ་འཁོར་ བཞི་བརྩེགས་དགོས་སོ་ཞེས་དང༌། རིག་པའི་རྣམ་གྲངས་གཞན་རྩ་དབུ་མ་དང་དུང་ཅན་མ་ ཡང་འབྲེལ་བ་དང༌། སྒྲ་གཅན་དུས་མེ་ཡང་ལྷ་གཅིག་ཉིད་ཀྱི་མགོ་གཞུག་ཡིན་ན། སྒྲ་གཅན་ ནམ་མེ་ཞེས་གཅིག་བརྗོད་པ་ཉིད་ཀྱིས་གཉིས་ཀར་གོ་སྟེ། ལུས་མ་མོ་མེད་པའི་མགོ་རེ་ གཞུག་རེ་གདན་དུ་མི་རུང་བའི་ཕྱིར་ཞེས་ཀྱང་སྨྲ་ལ། ལུང་གིས་སྒྲུབ་བྱེད་དུ་རོ་མཉམ་གྱི་ སྐབས་ན། བདེ་བ་ཆེན་པོ་ལ་མེའི་སྟེང་དུ་སྟེ། ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་མེའི་ དཀྱིལ་འཁོར་གྱི་སྟེང་དུའོ། །ཞེས་གསུངས་ཤིང་། ཡེ་ལེའི་ཉིས་བརྒྱ་སོ་ལྔ་པར། སྒྲ་གཅན་མེ་ དང་ཟླ་བ་ཉི་མ་བཞི་པོར་བརྗོད་དེ་ས་ཆུ་སྲེག་གཟའ་རླུང་དང་སྟོང་བ་གང༌། །ཞེས་པ་རྩ་ འགྲེལ་གྱིས་ཀྱང་བསྟན་ནོ། །ཞེས་ཟེར་རོ། །དེ་ལྟར་སྨྲ་བའི་མཐའ་གཅིག་ཏུ་ངེས་པར་གདན་ ཉི་ཟླ་སྒྲ་དུས་བཞི་བརྩེགས་དགོས་པའི་སྒྲུབ་བྱེད་དེ་དག་ནི་ལྟར་སྣང་སྟེ། ཡེ་ལེའི་ལུང་དེ་ནི་ རིགས་ཅན་གྱི་རྒྱུད་དང་མཐུན་པར་མཛད་དེ་ཕྱིའི་བྱེད་པོར་བཏགས་པའི་དངོས་པོ་རྣམས་ རང་གི་ལུས་ལ་ཚང་ཚུལ་བཤད་པའི་སྐབས་ཡིན་པས་མ་འབྲེལ་ལོ། །དེ་ཡང་ཉི་ཟླ་སྒྲ་དུས་ བཞི་འབྱུང་བ་ལྔ། གཟའ་བཅུ་ལས་ལྷག་མ་དྲུག གླིང་བཞི་འདོད་ཡོན་ལྔ། ཡོན་ཏན་གསུམ་ རྣམས་ནང་ལུས་ལ་ཚང་ཚུལ་བརྩི་བ་ཙམ་སྟེ། འདི་དག་གི་སྙིང་པོའི་དོན་བསྡུས་པའི་ཉམས་ 3-1-157 ལེན་གྱི་སྐབས་སུ་སྦྱོར་ཚུལ་ནི་གཞན་ཡོད་དོ། །འོ་ན་སྐབས་དེར་འདི་རྣམས་ཀྱི་སྦྱོར་བ་ནི་ བཞི་པོ་སྟེ་གདན་བཞིའོ། །ཞེས་གསུངས་པས་སོ་སྙམ་ན། དེ་ནི་རིགས་ཅན་གྱི་རྒྱུད་ཀྱི་ལྷ་ རྣམས་ཀྱི་སོ་སོའི་གདན་དུ་བྱེད་རྒྱུ་ཉི་ཟླ་སྒྲ་དུས་བཞི་པོ་དེ་ཡིན། །ཞེས་པའི་དོན་ཡིན་གྱི། དུས་ཀྱི་འཁོར་ལོའི་བཞུགས་གདན་སྟོན་པའང་མིན་ལ་བརྩེགས་པའི་དོན་ཡང་མིན་ནོ། །རོ་ མཉམ་གྱི་སྐབས་ཀྱི་ལུང་དེ་སྒྲུབ་བྱེད་བརླིང་བ་ལྟར་སྣང་ཡང༌། རྭ་དང་ཤོང་གིས་འགྱུར་ལས་ དེ་བཞིན་དུ་བྱུང་མོད། རང་ལུགས་ཀྱི་འགྱུར་དང༌། འ་ཞ་སོགས་འགྱུར་རྙིང་འགའ་ལས། སྒྲ་ གཅན་ནམ་དུས་མེའི་དཀྱིལ་འཁོར་ཞེས་འབྱུང་ལ། དེའི་ནམ་གྱི་སྒྲ་ཡང་དོན་གཅིག་མིང་གི་ རྣམ་གྲངས་སུ་སྟོན་པའི་ཚིག་ཡིན་པས་བཞི་རྩེག་བཀག་པ་ཡིན་ལ། དཀྱིལ་འཁོར་གཉིས་ འདམ་ཁའི་ཚིག་ཀྱང་མ་ཡིན་ནོ། །ཡང་གཅིག་ཏུ་ར་ཧུ་ཀཱ་ལཱགྣི་ཞེས་གཅིག་ཏུ་སྟོན་པའང་ཡིན་ ཏེ་སངས་རྒྱས་ཐུབ་པ་ཞེས་པ་བཞིན་ནོ། །རྩ་དབུ་མ་དང་དུང་ཅན་མ་རྒྱུད་གཅིག་ཏུ་འབྲེལ་ ཀྱང་མདུད་པ་ཤིན་ཏུ་དམ་པས་བཀག་པ་དང༌། ཁམས་དང་བྱེད་ལས་ཤིན་ཏུ་མི་མཚུངས་ པས། རྒྱུད་འདིའི་ལུགས་ལ་རྩའི་གཙོ་མོ་དྲུག་ཅེས་སོ་སོར་མཛད་པ་ཉིད་གཙོ་ཆེ་ལ། སྒྲ་ གཅན་དང་དུས་མེ་ཡང་ཕྱི་ན་ཡོད་པའི་ལྷ་དེ་རྒྱུད་གཅིག་ཀྱང་སྔོན་སྟོད་སྨད་ཆད་དེ་སྲོག་ གཉིས་སུ་གྱུར་ནས་སྟོད་སྨད་སོ་སོར་གནས་ནས་བྱ་བ་བྱེད་པར་གྲགས་ཤིང༌། གཟའ་བཅུའི་ སྐབས་ལྷ་སོ་སོ་རེ་རེ་རྐང་ཐུབ་ཏུ་བྱེད་དགོས་པའི་ཕྱིར་དང༌། དེ་དག་དང་མཐུན་པར་རྒྱུད་སྡེ་ གཞན་གྱི་སྒྲུབ་ཐབས་མང་པོར་ཡང་སྒྲ་གཅན་ཁོག་སྟོད་ལས་མེད་པ་ཞེས་འབྱུང་བ་ཡིན་ནོ། ། ལུས་དང་བྲལ་བའི་མགོ་གཞུག་གཅིག་ཁོ་ན་འགོད་པ་མི་རིགས་ཞེས་པ་ནི་ཁྱེད་རང་ལ་ཡང་ མཚུངས་ཏེ། ཁྱེད་ཀྱི་ལུགས་ལ་སྒྲ་གཅན་ནི་མགོ་བོ་དང༌། དུས་མེ་ནི་མཇུག་མ་ཁོ་ན་ཡིན་ན། ལུས་མ་མོ་མེད་པའི་མགོ་གཞུག་ཁོ་ན་མནན་པར་སོང་བའི་ཕྱིར་རོ། །སྒྲའི་གཞུང་གི་སྒྲུབ་ བྱེད་དེ་ཡང་ཤིན་ཏུ་མི་འབྲེལ་ཏེ། དེ་ནི་གཞུང་རྩོམ་པ་ལ་ཚིག་ཉུང་བའི་ཕྱིར་ཏེ། ཨུཏ་ཀྱིས་སྡེ་ 3-1-158 དང་བཅས་པའོ། །ཞེས་པ་ལྟ་བུར་སྒྲ་གཞུང་གི་བརྡ་ཆད་དང་ཡི་གེའི་བསྡུ་བ་རྣམས་ནི། དོན་ མང་པོ་ཚིག་ཉུང་ངུ་ལ་འདུ་བའི་ཕྱིར་སྒྲ་མཁན་རྣམས་ཀྱིས་གསར་དུ་སྦྱར་བ་ཡིན་གྱི་དངོས་པོ་ ལ་ཞུགས་པ་མ་ཡིན། ཀུ་ཡིག་གིས་ཀ་སྡེ་མཚོན་ནའང་ཀུ་ཡིག་དེ་ཀ་ཁ་ག་གྷ་ང་མ་ཡིན་པའི་ ཕྱིར་རོ། །དེས་ན་དེ་དག་ནི་ཡིག་ཚོགས་ཆུང་བའི་ཕྱིར། བློས་བཅོས་ཏེ་སྦྱར་བ་ཡིན་ལ་འདིར་ ནི་ཨཱ་ཡིག་རིང་པོ་གཅིག་ལྷག་པོར་འབྲི་བ་ལ་དཀའ་ཚེགས་མེད་པའི་ཕྱིར་དང་། སྙན་བརྒྱུད་ དུ་སྦས་པ་ཡིན་ནོ་ཞེས་ཀྱང་བརྗོད་པའི་གནས་མེད་པའི་ཕྱིར་དང༌། དངོས་པོའི་གནས་ཐབས་ ལ་ཨ་ཐུང་དེ་ཨ་རིང་ཐུང་གཉིས་ཀ་ཡིན་པ་ནམ་དུ་ཡང་མི་འཐད་པའི་ཕྱིར་རོ།།དེས་ན་རང་ ལུགས་ནི། རྒྱུད་འགྲེལ་གྱི་དགོངས་པ་དུས་མེ་ལོགས་སུ་མི་བྱེད་པ་ཉིད་དེ། ཕྱི་རོལ་ཏུ་ཡང་ དུས་མེ་ལས་སྒྲ་གཅན་ཉིད་ལྷག་པར་གྲགས་ཤིང༌། ནང་དུ་ཡང་རྩ་དུང་ཅན་མ་ལས་ཀྱང་ཨ་ ཝ་དྷཱུ་ཏི་གཙོ་ཆེ་བ་དང༌། གཞན་བསྐྱེད་རིམ་ལ་ཡང་འཁོར་ལོ་སྡོམ་པའི་ཞབས་ཀྱིས་འཇིགས་ བྱེད་ཆེན་པོ་མནན་པ་སོགས་དང་གནད་གཅིག་པའི་ཕྱིར་འདིར་ཡང་ངོ༌། །དེ་ལྟ་ན་ཡང་ཨ་བྷ་ ཡའི་འཕྲེང་བ་གཉིས་དང༌། སཱ་དྷུ་པུ་ཏྲ་ལ་དང༌། བསྟོད་པ་རྒྱུན་ཆགས་སོགས་ལས་དཀྱིལ་ འཁོར་བཞི་བརྩེགས་སུ་བཤད་དོ་སྙམ་ན། སློབ་དཔོན་དེ་དག་གིས་རང་རང་གི་བླ་མའི་མན་ ངག་ལ་བརྟེན་ཏེ་སྦྱར་བ་ཡིན་ན་མི་འགལ་ཏེ། མན་ངག་ལས་བྱུང་བ་དགག་ཏུ་མེད་པའི་ཕྱིར་ རོ། །འོན་ཀྱང་རྒྱུད་འགྲེལ་གྱི་དགོངས་པ་དངོས་མ་ཡིན་ཅིང༌། འོ་སྐོལ་ཐམས་ཅད་སློབ་ དཔོན་དེ་དག་གི་སྲོལ་ཀ་བྱིན་རླབས་ཀྱི་རྒྱུན་ལ་བརྟེན་ཏེ། ཆོས་འདི་ལ་འཇུག་པ་ཡང་མ་ཡིན་ པར་མཚུངས་པས། རང་ལུགས་ལ་དེ་མི་མཛད་པ་བཟང་ལ། སློབ་དཔོན་དེ་དག་གི་བྱིན་ རླབས་ཀྱི་རྒྱུན་ལ་བརྟེན་པ་ཡིན་ན། དེའི་ལུགས་བཞིན་བྱེད་པ་ལེགས་མོད་ཀྱང༌། རྒྱུད་ འགྲེལ་གྱི་དགོངས་པ་མ་ཡིན་ཕྱིན་ཆད། རྭ་འབྲོ་སོགས་ལ་བྱིན་རླབས་རེ་ཞིང༌། སློབ་དཔོན་ གཞན་གྱི་ལུགས་འཛིན་པ་ནི་ངོ་མཚར་ཅན་གྱི་སྲོལ་ཀ་ཞིག་གོ །འོན་ཀྱང་འཇིགས་མེད་ 3-1-159 འབྱུང་གནས་བཞེད་པ་དེ་ལ་ཁོང་རང་གི་བླ་མའི་མན་ངག་དང༌། ལྷའི་སྟོབས་ལས་བྱུང་བའི་ མཚོན་དོན་དག་སྦྱོར་གྱི་ཁྱད་པར་གཞན་ཡོད་དེ། ཁྱེད་ཅག་ཉི་ཟླ་སྒྲ་དུས་ཀྱི་དཀྱིལ་འཁོར་ བཞི་རྩེག་ལ་ཞེན་འཐེན་པ་རྣམས་ཀྱིས་ནི་ཕྱོགས་ཙམ་ཡང་མ་རིག་གོ །འདི་ཡང་ཁོ་བོས་ གཞན་དུ་བཤད་ཟིན་པས་མི་སྤྲོའོ། །གོང་གི་ལུང་ཚིག་གིས་བདག་བསྐྱེད་ཀྱི་སྐབས་འདིར་ གཙོ་བོའི་པདྨ་ཡང་ༀ་ལས་བསྐྱེད་པ་ཉིད་གཙོ་ཆེ་ལ། ཡི་གེ་ལྔ་བརྩེགས་ལས་བསྐྱེད་པ་ མདུན་བསྐྱེད་རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་ཁོ་ན་ལ་གལ་ཆེ་བ་དང༌། ཡང་མོས་པའི་ཁྱད་ པར་གྱིས་བདག་མདུན་གང་ལ་ཡང་པཾ་ལས་བསྐྱེད་ཀྱང་རུང་བ་ཡིན་ནོ། །ད་ནི་འཁོར་གྱི་ གདན་བཤད་ན་ཐུགས་དཀྱིལ་རྩིག་པའི་ནང་གི་ལྷ་རྣམས་པདྨའི་གདན་ལ་བཞུགས་པ་ཡིན་ ཅིང༌། དེ་ཡང་རྒྱུད་ལས། དེ་ཡི་དབུས་སུ་རྡོ་རྗེའི་ས་ལ་ནོར་བུའི་འོད་ཟེར་ཚོགས་ཀྱིས་དཀྱིལ་ འཁོར་རྣམ་པར་འཕྲོ་བ་སྟེ། །ༀ་ཡིག་ཡེ་ཤེས་ལས་སྐྱེས་རྒྱལ་བ་མཆོག་གི་པདྨ་ཟླ་བ་དང་ནི་ ཉི་མ་དག་གི་གདན། །ཕྱི་རོལ་ཏུ་ནི་གསུང་གི་དཀྱིལ་འཁོར་ནོར་གྱི་པདྨ་འདི་ནི་ཟླ་བ་ཉི་མས་ རྣམ་པར་དམན། །ཕྱི་རོལ་ཕྱོགས་དང་ཟུར་གྱི་ཆར་ནི་ཉིན་མོར་བྱེད་པའི་པདྨ་སྒོ་ཡི་དབུས་སུ་ ཤིང་རྟ་རྣམས། །ཞེས་གསུངས་ཤིང༌། ལྷའི་གདན་གྱི་པདྨ་ཐམས་ཅད་དམ། ཡང་ན་ཐུགས་ དཀྱིལ་གྱི་ལྷ་རྣམས་ཀྱི་པདྨ་ཟླ་ཉི་ནི་ས་བོན་ལས་བསྐྱེད་ཅིང༌། གདན་གཞན་རྣམས་སྐད་ཅིག་ གིས་སྐྱེད་དོ། །དེ་ལ་པདྨའི་ས་བོན་ༀ་དུ་འགྱུར་ཚུལ་ནི། ཇི་སྐད་དུ། རྩ་བ་སྡོང་བུ་དག་ནི་ཨ་ ཡིག་འདབ་མ་དང་ནི་དེ་བཞིན་གེ་སར་རྣམས་ཀྱང་ཨུ་ཡིག་གོ །དབུས་སུ་དཔལ་ལྡན་ལྟེ་བ་ དང་ནི་ཟླ་བ་ཉི་མ་རྣམ་གཉིས་རྐང་པའི་གནས་དག་མ་ཡིག་གོ །ཞེས་གསུངས་ཏེ། ཐུགས་ དཀྱིལ་གྱི་པདྨ་ཐམས་ཅད་ངེས་པར་སྡོང་བུ་དང་བཅས་པ་ཡིན་ལ། དེའི་རྩ་བ་དང་སྡོང་བུའི་ ས་བོན་ཨ་ཡིག་དང༌། འདབ་མ་དང་གེ་སར་གྱི་ས་བོན་ཨུ་ཡིག་དང༌། ལྟེ་བའི་ས་བོན་མ་སྲོག་ མེད་དམ་ཀླད་སྐོར་རོ། །ཨ་ཨུ་མ་གསུམ་མཚམས་སྦྱར་བས་ༀ་སྟེ་པདྨའི་ས་བོན་དང༌། 3-1-160 འགྲེལ་པར། ཟླ་བའི་གདན་ནི་མ་ཡིག་ལས་སོ། །ཉི་མའི་གདན་ནི་ཡང་ན་ར་ཡིག་ལས་སོ། ། ཞེས་གསུངས་པས། ཉི་ཟླ་གཉིས་པོ་མ་ཡིག་ཁོ་ན་ལས་བསྐྱེད་ཀྱང་རུང་ལ། ཡང་ན་ཟླ་བ་མ་ ཡིག་དང་ཉི་མ་ར་ཡིག་ལས་སྐྱེད་དོ། དེ་ཡང་སྒྲུབ་ལེའི་ཉི་ཤུ་པ་དང་ཉེར་གཅིག་པའི་སྐབས་ སུ་བཤད་པ་ལྟར། སྐབས་དེ་དང་དེར་གཙོ་བོར་གྱུར་པའི་ལྷ་དང་ལྷ་མོ་ནག་པོ་དང༌། དཀར་ པོ་རྣམས་ལ་ཟླ་གདན་བྱེད་དེ། དཀར་པོའི་ཆོས་ཀྱི་ཕྱིར་དང༌། དམར་པོ་དང་སེར་པོ་ལ་ཉི་ གདན་བྱ་སྟེ། རྡུལ་གྱི་ཆོས་ཀྱི་ཕྱིར་རོ། ཡང་ན་ཤར་དང་བྱང་དང་སྟེང་ན་གནས་པ་རྣམས་ཟླ་ གདན། ལྷོ་དང་ནུབ་དང་འོག་ན་གནས་པ་རྣམས་ཉི་གདན། ཡང་ན་མཚམས་ལ་གནས་པ་ལ་ ཟླ་གདན། ཕྱོགས་ན་གནས་པ་ལ་ཉི་གདན་ནོ། །དེ་ལྟར་གང་སྦྱར་ཀྱང་རུང་བ་ལས། བདེ་ གཤེགས་འཕར་མ་ལ་ཕྱོགས་ཕྱོགས་མཚམས་ཀྱི་དབྱེ་བ་དང༌། གཞན་རྣམས་ལ་ཇི་ལྟར་འོས་ པ་སྦྱར་བས་འགྲུབ་པོ། །ཇི་ལྟར་སྒོམ་པའི་ཚུལ་ནི་མངོན་རྟོགས་དཀྱུས་ཉིད་ན་གསལ་ལོ། ། དེ་ལྟར་ན་ཐུགས་དཀྱིལ་ལ་གཙོ་བོའི་གདན་ནི་པདྨ་ཟླ་ཉི་སྒྲ་གཅན་ལྷ་སྟེ་ལྔ་བརྩེགས་སམ་ ལྷ་གཉིས་ཡོད་པས་དོན་ལ་དྲུག་ཀྱང་ཡིན་ལ། ཐུགས་དཀྱིལ་གྱི་ལྷ་གཞན་རྣམས་སྡོང་བུ་དང་ བཅས་པའི་པདྨ་ཟླ་ཉི་གང་རུང་དང་བཅས་པའི་གདན་ནོ། །བུམ་པ་བཅུ་དང་རྡོ་རྗེ་བཞི་ལ་ པདྨའི་གདན་ཁོ་ན་ཡིན་ཅིང་། གལ་ཏེ་ཐུགས་དཀྱིལ་རྐྱང་པ་སྒོམ་པའི་དུས་ན་སྒོ་སྐྱོང་གི་ཁྲོ་ བོ་བཞི་ཁོ་ན་བྱེད་པ་དང༌། འོག་གི་སྒོ་ཡོད་པའི་དབང་དུ་བྱས་ནས་སྟེང་འོག་གཉིས་ཏེ་ཁྲོ་བོ་ དྲུག་བྱེད་པའི་སྐབས་ཀྱང་ཡོད་ལ། འོན་ཀྱང་ཕྱོགས་བཞི་དང་སྟེང་གི་ཁྲོ་བོ་སྟེ་ལྔ་བྱེད་པ་ཉིད་ གཙོ་ཆེ་སྟེ། གང་ལྟར་ཡང་ཐུགས་དཀྱིལ་གྱི་ལྷ་ལ་བཀོད་ཕྱིན་སྟེང་འོག་གི་ཁྲོ་བོ་ལ་ཤིང་རྟ་མི་ བྱ་སྟེ། པདྨ་ཉི་ཟླའི་གདན་ཁོ་ནའོ། །རང་ལུགས་ལ་གསུང་གི་རྣལ་འབྱོར་མ་དང༌། སྐུའི་ཚེས་ ལྷའི་པདྨ་རྣམས་ལ་ཡང་སྡོང་བུ་ཅུང་ཟད་ཡོད་པར་བྱ་ལ། སྲོག་ཆགས་ཀྱི་སྟེང་དུ་པདྨ་བྱེད་པ་ རྣམས་ཀྱི་ལུགས་ལ་ནི། སྡོང་བུ་བྱེད་པའི་ཐབས་མེད་མོད། ལུགས་དེ་ནི་མི་ལེགས་སོ། །དེ་ 3-1-161 ལ་རྒྱ་གཞུང་སྒྲུབ་ཐབས་ཁ་ཅིག་དང༌། ཤོང་འགྱུར་སོགས་སུ་སྲོག་ཆགས་ཀྱི་སྟེང་དུ་པདྨ་ཡོད་ ཀྱང༌། རང་ལུགས་ལོ་ཙཱ་བ་རྣམ་གཉིས་ཀྱི་འགྱུར་ལ། འདིར་ཤར་གྱི་པདྨའི་ལྟེ་བ་ལ། ཙ་ མུཎྜའི་གདན་ཡི་དྭགས་ཆེན་པོ་དམར་པོའོ། །ཞེས་པ་དང༌། བདེན་བྲལ་གྱི་པདྨར་གདན་ནི་ ཡི་དྭགས་དམར་པོའོ། །ཞེས་འབྱུང་བ་ལྟར་ཡིན་ལ། །དེ་ལ་ཕྱིས་ཀྱི་མཁས་པ་རང་ཉིད་དྲན་ དགུ་ངག་ནས་སྨྲ་བའི་རྒྱས་འགེབས་གཞན་ལ་བྱེད་པ་དག་རང་གི་འདོད་པས་འགྱུར་ནན་ གྱིས་བཅོས་པའོ་སྙམ་པ་སྣང་ནའང་མ་ཡིན་ཏེ། འབྲོ་འགྱུར་ཟང་མ་ལས་འདིར་ཤར་གྱི་ཙ་ མུཎྜ་ལ་ཡི་དྭགས་དམར་པོ་ཆེན་པོའི་གདན་ནི་པདྨའི་ལྟེ་བ་ལའོ། །ཞེས་དང༌། བདེན་བྲལ་གྱི་ པདྨའི་གདན་ལ་ཡི་དྭགས་དམར་པོའོ། །ཞེས་འབྱུང་བ་དང༌། རྭ་འགྱུར་ལས་ཀྱང༌། ཤར་དུ་ པདྨའི་ལྟེ་བར་ཡི་དྭགས་དམར་པོའི་གདན་ལ་ཙ་མུཎྜིའོ་ཞེས་འབྱུང་ཞིང༌། འ་ཞ་རྒྱ་གར་ བརྩེགས་ཀྱི་འགྱུར་ལས་ཀྱང༌། འདིར་ཤར་དུ་ཡི་དྭགས་ཆེན་པོ་དམར་པོའི་གདན་པདྨའི་ལྟེ་ བར་རོ་ཞེས་དང༌། བདེན་བྲལ་གྱི་པདྨའི་གདན་ལ་ཡི་དྭགས་དམར་པོའོ་ཞེས་འབྱུང་ཞིང༌། གྱི་ ཇོའི་འགྱུར་ལས་ནི། ཤར་དུ་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཡི་དྭགས་ཆེན་པོ་དམར་པོ་ གནས་པ་ནི། རྒན་བྱད་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིའོ། །ཞེས་དང༌། བདེན་བྲལ་གྱི་པདྨ་ ལ་ཡི་དྭགས་དམར་པོའོ། །ཞེས་སོགས་འབྱུང་སྟེ། ཕྱིས་འགྱུར་ཡར་ཀླུངས་པས། འདིར་ཤར་ དུ་ཡི་དྭགས་དམར་པོའི་གདན་ཙ་མུཎྜའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལའོ་ཞེས་བཤད། གྱི་ཇོའི་ལྟར་ ན། པདྨའི་སྟེང་དུ་གཙོ་འཁོར་ཐམས་ཅད་ལ་སྲོག་ཆགས་ཀྱི་གདན་རེ་རེ་བྱེད་པར་གསལ་ ཞིང༌། རྒྱ་གར་དུ་བཞེངས་པའི་བྲིས་སྐུ་འགའ་ལའང་དེ་བཞིན་མཐོང་མོད། གཙོ་འཁོར་ གདན་མཉམ་དུ་འགྱུར་བའི་སྐྱོན་ཡོད་པས། དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྐབས་འདིར་དེ་ ནི་མི་འདོད་མོད། འགྱུར་དེ་དག་ཐམས་ཅད་པདྨ་འོག་དང་སྲོག་ཆགས་སྟེང་ན་ཡོད་པར་ མཐུན་ནོ། །འགའ་ཞིག་རྒྱ་དཔེ་ལ་པྲེ་ཏོ་པ་ར་ཀ་མ་ལ་ཞེས་སྲོག་ཆགས་ཀྱི་སྟེང་ན་པདྨའི་སྐད་ 3-1-162 དོད་ཡོད་ཅེས་ཡུས་ཡུས་པོར་བྱེད་ཀྱང་དེ་ལྟ་བུའི་རྒྱ་དཔེ་ཡོད་པ་ཁོ་ནས། དེ་དང་མཐུན་པའི་ འགྱུར་བྱུང་བ་ཡིན་པ་དང༌། རྒྱུ་མཚན་དེ་ལས་ཆེས་ལྷག་པ་རྫོགས་འཕྲེང་དང་རྡོར་འཕྲེང་ སོགས་སུ་ཡང་སྲོག་ཆགས་རྣམས་པདྨའི་འོག་ཏུ་བཤད་མོད། རྒྱ་དཔེ་ཀུན་ཡང་གཅིག་པ་ཁོ་ ནར་མེད་དེ་སྣ་ཚོགས་སུ་ཡོང་གིན་སྣང་བ་དང༌། སློབ་དཔོན་ཁོང་གཉིས་ལ་དེ་ལྟ་བུའི་གཞུང་ བཤད་དང་མན་ངག་བྱུང་བ་ཡིན་གྱི། དེ་ཉིད་སྤྱི་ཁྱབ་ནས་ཀུན་ལ་སྦྱོར་དུ་རུང་བ་མ་ཡིན་ནོ། ། དེས་ན་རྣལ་འབྱོར་རྫོགས་འཕྲེང་ལས། གཤིན་རྗེ་གཤེད་ནག་པོ་ལ་ཡང་མ་ཧེའི་སྟེང་དུ་པད་ ཉིད་སོགས་བཤད་འདུག་ཀྱང༌། གཞུང་གཞན་ལ་བརྟེན་ནས་དེ་ལྟར་འདོད་མི་དགོས་པ་ལྟར་ འདིར་ཡང་མཚུངས་སོ། །དེས་ན་འགྱུར་རྙིང་ཕལ་ཆེ་བར་པདྨའི་སྟེང་དུ་སྲོག་ཆགས་འབྱུང་ བས། དུས་འཁོར་བ་རྙིང་པའི་རྒྱ་དཔེ་རྣམས་ལ་དེ་ཉིད་ཡོད་པ་མང་པར་གྲུབ་ལ། དེའི་ཕྱིར་ སྤྱིར་ནས་ལུགས་འདིའི་རྗེས་སུ་འབྲང་བ་ལེགས་ཤིང༌། རྣམ་པ་ཡང་ལུགས་དང་མཐུན་པ་ དང༌། གཙོ་འཁོར་གྱི་གདན་གྱི་ཆེ་བའི་ཁྱད་པར་སོགས་ཕན་ཡོན་དུ་མ་ཡོད་ལ། ཁྱད་པར་དུ་ བྱིན་རླབས་བླ་མ་བརྒྱུད་པའི་མན་ངག་ཀྱང་འདི་ཁོ་ན་ཡིན་པས། ཅལ་ཅོལ་ལ་ཡིད་སྨོན་མི་ བྱའོ། །སྐུའི་སྒོ་སྐྱོང་གི་ཁྲོ་བོ་རྣམས་ལ་ཤིང་རྟའི་གདན་ཡོད་པའི་ཤིང་རྟ་ནི་ཁྲོ་མོ་རྣམས་ཀྱི་ བཞུགས་གནས་ཡིན་ཅིང༌། དེའི་ཕྱིར་ཁྲོ་མོ་རྣམས་ཞལ་ཕྱིར་གཟིགས་ཡིན་པས་དེ་དང་མཐུན་ པར་ཤིང་རྟའི་གདོང་ཕྱིར་བསྟན་ཅིང༌། འདྲེན་བྱེད་ཀྱི་སྲོག་ཆགས་རྣམས་ཀྱང་ཕྱི་ལ་འགྲོ་བའི་ ཚུལ་ལྟ་བུར་གནས་པ་ཡིན་ཅིང༌། སྟེང་འོག་གི་གཉིས་པོ་ཤར་དང་ནུབ་ཏུ་ཕྱོགས་པས་ཅུང་ ཟད་གྱེན་དང་ཅུང་ཟད་ཐུར་དུ་ཕྱོགས་པའི་སྲོག་ཆགས་དང༌། ཤིང་རྟ་ཐད་ཀར་གནས་པའོ། ། དེ་ལ་མཁའ་ལྡིང་ཨ་ནཱི་ལ་ཞེས་གནས་པ་ནི། ཨ་ནཱི་ལ་རླུང་གི་མིང་ཡིན་པས་མཁའ་ལྡིང་གི་ རྒྱལ་པོ་རླུང་ལྟར་མགྱོགས་པས་རླུང་ཞེས་བཏགས་པ་ཡིན་ལ། ཁ་དོག་ལྔ་པ་ནི་ཡེ་ཤེས་ཁྱུང་ ཁྲའི་རིགས་པ་སྦྱོར། འདི་ཡང་ཁྲོ་བའི་ཉམས་ཅན་ཡིན་ཞེས་ཁ་ཅིག་འདོད་དོ། །སེངྒེ་རྐང་པ་ 3-1-163 བརྒྱད་པ་ནི། སེངྒེ་ཤ་ར་བྷ་སྟེ་སེངྒེ་ཁ་དོག་ནག་པོའམ་སྔོན་པོ་དཔུང་པ་གཉིས་དང་དཔྱི་མགོ་ གཉིས་སུ་བྱའི་གཤོག་པ་སེར་པོའམ་ཁྲ་བོ་ཆུང་ངུ་རེ་ཡོད་པའོ། ཁྲོ་བོ་འདི་དག་ལ་གདན་པདྨ་ དང་ཉི་ཟླ་འདོད་པའང་བྱུང་མོད་ཀྱི། མ་བཤད་པ་ཉིད་སྒྲུབ་བྱེད་ཡིན་པའི་ཕྱིར་མི་དགོས་སོ། ། འོ་ན་པདྨ་གདན་ཅན་གྱི་ལྷ་མ་ཡིན་ནམ་སྙམ་ན་ཡིན་མོད་ཀྱི། པདྨ་གདན་ཅན་གྱི་རྣམ་གཞག་ ནི། དཔལ་ལྡན་རྒྱུ་སྐར་གྱི་ལྷ་ཚོགས་ཀྱི་དབང་དུ་བྱས་པའི་དཀྱིལ་འཁོར་གཞན་ཡིན་པས་ ཕན་ཚུན་བསྲེ་བར་མི་བྱའོ། །ཀླུ་རྣམས་ཀྱི་གདན་སྐབས་འདིར་ངག་འདོན་ལ་མེད་ཀྱང་དུས་ འདིར་བསྒོམ་དགོས་མོད། འདིར་རླུང་གི་དཀྱིལ་འཁོར་ཟླུམ་པོ། ཆུའི་དཀྱིལ་འཁོར་ཟླ་གམ་ དུ་བྱེད་པ་ཉིད་མི་འགལ་ཏེ། ཡོངས་སུ་གྲགས་པ་སྤྱི་ཁྱབ་ཀྱི་ལུགས་ལ། འདི་གཉིས་གོ་ཟློག་ པར་བཤད་པ་བཞིན་དུ། རྒྱུད་འདིར་ཡང་ཅི་རིགས་པ་གསུངས་མོད་ཀྱི། བཞུགས་སྟངས་ཀྱི་ དག་པའི་སྐབས་སུ་ཟླུམ་པོའི་འདུག་སྟངས་ཟླུམ་པོ་རླུང་དང༌། པདྨའི་འདུག་སྟངས་ཟླ་གམ་ གྱི་དབྱིབས་ཅན་ཏེ། ཆུའི་དག་པར་གསུངས་པས་རླུང་ཟླུམ་པོ་དང༌། ཆུ་ཟླ་གམ་ཡང་ནོར་བ་ མིན་པས། རྒྱུད་འགྲེལ་གྱི་སྐབས་གང་དང་གང་ལས་དེ་དང་དེ་ལྟར་གསུངས་པ་དེ་ལ་བཅོས་ ཀ་མི་དགོས་སོ། །རབ་གཏུམ་མ་རྣམས་ཀྱི་གདན་ལ་འགྲེལ་ཆེན་རྭ་འགྱུར་ལས། འཁོར་ལོའི་ སྟེང་དུ་ཁྭ་གདོང་མའི་བྷེ་རུཎྜའོ། །ཞེས་པ་དང༌། འ་ཞ་འགྱུར་ལས་ཀྱང༌། བྱ་རོག་གདོང་མའི་ འཁོར་ལོའི་སྟེང་དུ་བྷེ་རུཎྜའོ། །ཞེས་འབྱུང་བས་སྤྱི་ལྡོག་ནས་དེ་ཡང་མི་འགལ་ཙམ་དུ་མངོན་ པས། བོད་དུ་ཕྱིས་བྱུང་བའི་དུས་འཁོར་བ་མང་པོ་རྣལ་འབྱོར་མ་བརྒྱད་སོགས་ཀྱི་པདྨའི་ འོག་ཏུ་སྲོག་ཆགས་དགོས་པའི་རྒྱུ་མཚན་རབ་གཏུམ་མའི་འཁོར་ལོའི་འོག་ཏུ་སྲོག་ཆགས་ ཡོད་ལ། འཁོར་ལོ་དེ་པདྨའི་དོད་ཡིན་པའི་ཕྱིར་ཟེར་བ་ནི། རྟགས་ཕྱི་མ་ནི་སྤྱིར་ནས་མ་གྲུབ་ ལ། འགྱུར་རྙིང་དེ་གཉིས་ལྟར་ན་རྟགས་སྔ་མ་ཡང་མ་གྲུབ་བོ། །ཡང་འབྲོ་འགྱུར་དང་ཤོང་ དཔང་ཇོ་ནང་འགྱུར་རྣམས་ན། དེ་བཞིན་དུ་བྱ་རོག་གདོང་མའི་འཁོར་ལོའི་འོག་ཏུ་བྷེ་རུཎྜ་ 3-1-164 དང༌། ཞེས་འབྱུང་ཞིང༌། ཙ་མི་དང་ཡར་ཀླུངས་པ་སོགས་ཀྱང་དེ་དང་འདྲ་བས་འདི་དག་ཀྱང་ རྒྱ་དཔེ་མི་འདྲ་བའི་ཁྱད་པར་ཡིན་ནོ། །ཡང་ཁ་ཅིག་རྣལ་འབྱོར་མ་སོགས་ལའང་པདྨའི་སྟེང་ དུ་སྲོག་ཆགས་འདོད་པ་བཞིན་འདིར་ཡང་མཚུངས་པ་དོད་ཐུབ་ཡིན་པས། འཁོར་ལོའི་འོག་ ཏུ་སྲོག་ཆགས་མི་འཐད་ཅེས་ཟེར་ལ། དེ་ལ་ཁ་ཅིག་གིས་རྣལ་འབྱོར་མ་སོགས་ཀྱི་པད་འདབ་ ལ་འཁོར་གྱི་ལྷ་ཚོགས་ཡོད་ལ། རབ་གཏུམ་མའི་འཁོར་ལོ་ལ་དེ་འདྲ་མེད་པས་དེའི་ཁྱད་དོ། ། ཞེས་ལན་བཏབ་པ་ན། ཤེས་རིན་པ་སོགས་ཁ་ཅིག་འཁོར་ལོ་པདྨའི་དོད་ཡིན་པས་པདྨ་དང་ འཁོར་ལོ་སྟེང་འོག་གང་དུ་བྱེད་ཀྱང་འདྲ་བར་གྲུབ་ཟིན་པ་ལ་འཁོར་ཡོད་མེད་ཀྱི་ཁྱད་སྨྲ་བ་ ནི། ཁྱབ་པ་ལ་དངོས་སྐྱོན་སོང་ཡང་ཆོས་ཅན་མི་འདྲའོ་ཞེས་ཟེར་པ་དང་འདྲ་ཞེས་ཁྱད་དུ་ གསོད་ན་དེ་ནི་ཤབ་ཤོབ་ཡིན་ཏེ། འཁོར་ལོ་པདྨའི་དོད་ཡིན་པར་ཁས་བླངས། གང་དོད་ མཚུངས་ཀྱི་དངོས་པོ་དེ་དོད་དང་ས་ཁུལ་གཅིག་ཏུ་འཇོག་དགོས་པས་ཁྱབ་ཅེས་སྨྲས་ན་ཏ་ འདྲ་བར་གྲུབ་ཟེར་བ་ཁྱེད་ཀྱི་དེ་བདེན་སྲིད་ན། དེ་དག་འདྲ་བར་མ་གྲུབ་འཁོར་ལོ་པདྨའི་ དོད་དུ་ཡང་ཁས་མ་བླངས་ཏེ། ལྷ་སྡེ་ཚན་སོ་སོ་ལ་གདན་མི་འདྲ་བའི་ཁྱད་པར་ནི་ཡོད་ཀྱི། ཕན་ཚུན་འདྲ་བའི་དོད་ཁོ་ན་བརྩི་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །དོད་ཡིན་ཀྱང་ས་ ཡུལ་མཚུངས་པར་འཇོག་དགོས་པས་ཀྱང་མ་ཁྱབ་སྟེ། ཤར་ཕྱོགས་ཀྱི་ལྷ་རྣམས་ཀྱི་གདན་གྱི་ དོད་ནུབ་ཕྱོགས་ཀྱི་ལྷ་རྣམས་ཀྱི་གདན་དེ་ཡིན་མོད་ཀྱི། ནུབ་ཕྱོགས་ཀྱི་ལྷའི་གདན་ཤར་དུ་ འགོད་མི་དགོས་པ་བཞིན་ནོ། །ཡང་བསོད་ནམས་རྣམ་རྒྱལ་བ་ནི། སྤྱིར་འཁོར་ལོ་པདྨ་དོད་ མཚུངས་པས་འཁོར་ལོ་འོག་ཏུ་བྱེད་དགོས་ལ། རབ་གཏུམ་མོའི་འཁོར་ལོའི་རྩིབས་ལའང་ དཔལ་ལྡན་རྒྱུ་སྐར་གྱི་སྐབས་སུ་འཁོར་འགོད་དགོས་པའི་སྐབས་ཡོད་དོ་ཟེར་ཡང༌། དེ་ལྟ་ བུའི་གསལ་ཁ་ནི་ཡེ་མེད་ན། གང་ལས་རྙེད་ཅེས་བརྟག་གོ ། དེས་ན་དེ་དག་གིས་དགོས་ངེས་ ཤེས་པའི་གནད་མ་གོ་སྟེ། རང་ལུགས་ནི་རབ་གཏུམ་མ་རྣམས་ལ་འཁོར་ལོ་བྱེད་པ་ནི། 3-1-165 ཕྱོགས་མཚམས་ཀྱི་གདུག་པ་ཅན་ཚར་གཅོད་པའི་དོན་ཡིན་པས། སྲུང་འཁོར་གྱི་འཁོར་ལོ་ དང་གནད་གཅིག་ལ། དེ་ཉིད་ས་གཞི་ལ་རེག་ན་སྐོར་བ་མི་བདེ་བ་དང༌། སྲོག་ཆགས་ཀྱི་སྟེང་ དུ་མ་རེག་པར་གནས་ན་སྐོར་བའི་བྱ་བ་བྱེད་བླ་བའི་ཕྱིར། རབ་གཏུམ་ལ་སྲོག་ཆགས་ཀྱི་ སྟེང་དུ་འཁོར་ལོ་བྱེད་པ་ཉིད་ལེགས་སོ། །སྟེང་འོག་གི་རབ་གཏུམ་མའི་ཤིང་རྟ་ནི། སྟེང་འོག་ ནི་ཁྲོ་བོའི་ཤིང་རྟ་དང་རྣམ་པ་ཤིན་ཏུ་འདྲ་བ་ཡིན་པ་ལ་ཆེ་ཆུང་གི་ཁྱད་པར་ཡོད་པས་སྟེང་ འོག་གི་ཁྲོ་བོའི་ཤིང་རྟ་དངོས་ལ་རབ་གཏུམ་མ་འགོད་པ་ནི་མི་ལེགས་སོ། །འདིར་གོ་བླ་བའི་ དགོས་པ་ཡོད་པས་འཕྲོས་དོན་དུ་བཤད་ཀྱི། རྟེན་གྱི་དཀྱིལ་འཁོར་སྒོམ་པའི་སྐབས་འདིར་ ཤིང་རྟ་འདྲེན་བྱེད་རྣམས་མ་གཏོགས་པདྨ་དང་འཁོར་ལོའི་སྟེང་འོག་གི་སྲོག་ཆགས་རྣམས་ བསྒོམ་མི་དགོས་ལ། དེ་དག་ནི་ཕྱིས་ལྷ་བསྐྱེད་པ་དང་དུས་མཉམ་དུ་བསྒོམ་སྟེ། གཙོ་བོའི་ ཞབས་འོག་གི་ལྷ་བཞིན་ནོ། །དེའི་ཕྱིར་སྲོག་ཆགས་དེ་རྣམས་ས་བོན་ལས་བསྐྱེད་པའང་མི་ དགོས་ཏེ། ཤིང་རྟ་དང་། དེ་འདྲེན་པའི་སྲོག་ཆགས་དང་། བདུད་དང་དྲག་པོ་བཞིན་ནོ། །འོན་ ཀྱང་སྣོད་བཅུད་ཐམས་ཅད་ཀྱི་མིང་ཡིག་དང་པོ་སོ་སོའི་ས་བོན་ཡིན་པའི་ཕྱིར་སྒོམ་མོ་སྙམ་ ན། དེ་ལྟ་ན་གཞལ་ཡས་ཁང་གི་ཀ་བ་དང་རྟ་བབས་དང་རྩིག་པ་དང་རྒྱན་གྱི་ཁྱད་པར་ལ་ སོགས་པ་ཀུན་ལའང་དེ་བཞིན་དུ་སྦྱར་ན་ལེགས་པར་འགྱུར་རམ་ཅི། དེའི་ཕྱིར་ཧ་ཅང་སྤྲོས་ པ་བོར་ལ་རན་པར་བྱའོ།། །། གཉིས་པ་ཕྱི་ནང་གཞན་གྱི་དག་སྦྱོར་བཤད་པ་ལ་ཕྱིའི་དག་སྦྱོར་གྱི་དོགས་པ་བཅད། ནང་དང་གཞན་གྱི་དག་པ་དྲན་ཚུལ་ལོ། །དང་པོ་ནི། དབང་ལེ་ང་གཉིས་པར། སྙིང་པོ་ནས་ ནི་སྒོ་ཡི་དང་པོའི་མཚམས་ཀྱིས་ནོར་ལྡན་མར་འགྱུར་འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་ ལ། སྒོ་ནས་ཙར་ཙི་ཀཱ་མཐར་སུམ་འགྱུར་གདེངས་ཅན་རེ་མིག་རྣམས་ཀྱི་ལན་ཚྭའི་རིན་ཆེན་ གནས་སུ་འགྱུར། །དེ་ནས་རྒྱལ་བའི་དབང་པོའི་རེ་མིག་གིས་ཀྱང་མི་ཡི་དཀྱིལ་འཁོར་དེ་ 3-1-166 ནས་དེ་བཞིན་རླུང་དུ་འགྱུར། །དེ་ཡི་ཕྱི་རོལ་ཏུ་ནི་དེ་དག་རྣམ་པར་དག་པའོ་ས་ཆུ་སྲེག་ཟ་ རླུང་རྣམས་བལྟ་བར་བྱ། །ཞེས་གསུངས་པ་དང༌། སྐུ་དཀྱིལ་དཔག་ཚད་འབུམ་ཕྲག་བཞི་ པར་བཤད་པ་སོགས་ཀྱིས་འཇིག་རྟེན་ཁམས་མཉམ་གྱི་དཀྱིལ་འཁོར་ཞེས་བྱ་བ་བསྟན་པར་ འདོད་པ་དང༌། ཡེ་ཤེས་ལེའུར། མཐའ་དག་རི་ཡི་བདག་པོའི་ཤར་ནི་དག་པའི་ཨིནྡྲ་ནཱི་ལ་ལྷོ་ ནི་པདྨ་རཱ་ག་སྟེ། །ནུབ་ནི་ཀརྐེ་ཏ་ན་སེར་པོ་བྱང་ནི་རི་བོང་འཛིན་པ་ལྟར་དཀར་ཟླ་བ་ཆུ་ཤེལ་ ལོ། །དབུས་ནི་ལྗང་ཁུ་དེ་ཡི་ནང་དུ་ཆུད་པ་འདིར་ནི་དཀྱིལ་འཁོར་ཆེན་པོ་དེའི་སྙིང་པོ་སྟེ། ། དང་པོར་ཐུགས་ཀྱི་རང་བཞིན་དེ་ནས་དབུས་མ་ལས་ནི་ཉིས་འགྱུར་དག་ཀྱང་གསུང་གི་རང་ བཞིན་ནོ། །དེ་ནས་གཞན་ནི་ཉིས་འགྱུར་དག་སྟེ་མདའ་ལ་བཅུ་ཡིས་བསྒྱུར་བར་གྱུར་པའི་ དཔག་ཚད་སྟོང་ཕྲག་གོ །དེའི་ཕྱི་རོལ་དུས་རྣམས་དག་གིས་འཁོར་ལོའི་ངོ་བོ་དེ་ནས་འཇིག་ རྟེན་ཁམས་ཀྱི་རང་བཞིན་ནོ། །ཞེས་གསུངས་པས། ལྷུན་པོའི་སྟེང་མཉམ་གྱི་དཀྱིལ་འཁོར་ ཞེས་བྱ་བ་བསྟན་པར་འདོད་ཅིང༌། ཡང་ཡེ་ལེར། ལྷུན་པོར་གནས་པ་ལ་ཡང་རྒྱལ་བའི་ བདག་པོའི་སོར་མོ་ཕྱེད་ནི་དཔག་ཚད་སྟོང་ཕྲག་དག་ཏུ་འགྱུར། །དེ་བཞིན་ལྷ་ཡི་རི་བོ་དག་ནི་ ལུས་ཀྱི་ཚད་དུ་འགྱུར་ཏེ་རྒྱར་ནི་ཕྱེད་ཀྱི་ཚད་ཡིན་ནོ། །དེ་ཡི་སྟེང་དུ་རྡོ་རྗེའི་རྣམ་པ་བརྩེགས་ པ་ཆ་གསུམ་པ་སྟེ་དེ་ཡི་ཡང་ནི་ཕྱེད་དུ་འགྱུར། །དེ་བཞིན་འོག་ཏུ་འཛིན་མ་ཆུ་དང་མེ་དང་རླུང་ དང་མེ་ལྕེ་དང་བཅས་རྡོ་རྗེ་འཕྲེང་བའོ། །ཞེས་གསུངས་པས་ལྷུན་པོའི་ཕྱེད་མཉམ་གྱི་དཀྱིལ་ འཁོར་བསྟན་ནོ་ཞེས་གྲག་གོ །དེ་དག་གི་དོན་ནི། དཀྱིལ་འཁོར་གང་གི་སྒོ་ཚད་གཉིས་ནི་ཁྲུ་ ཡིན་ཏེ། ཁྲུ་རེ་ནི་ཕྱི་རོལ་འཇིག་རྟེན་ཁམས་ལ་དཔག་ཚད་འབུམ་ཕྲག་རེའི་དག་པ་དང་སྦྱོར་ བ་ཡིན་ནོ། །དེས་ན་བྲིས་པའི་དཀྱིལ་འཁོར་ལ་ཁྲུ་གཅིག་ནས་སྟོང་གི་བར་སོགས་སྤྱིར་སྒྲུབ་ པ་པོའི་ལག་ཁྲུའི་ཚད་ལ་ངེས་པ་མེད་ཀྱང༌། དཀྱིལ་འཁོར་རང་ཉིད་ཀྱི་ཁྲུ་བཞི་པར་ངེས་ཏེ་ དཔག་ཚད་འབུམ་ཕྲག་བཞི་དང་དག་པ་སྦྱོར་དགོས་པས་སོ། །དེས་ན་དབུས་ནས་ཐུགས་ 3-1-167 དཀྱིལ་གྱི་སྒོའི་ཐད་ཀྱི་རྩ་ཐིག་གི་མཚམས་ཚུན་ཆད་ཕྱོགས་གཉིས་སྡོམས་པ་ནི། ཁྲུ་གང་ཡིན་ པས་ནོར་ལྡན་མ་སྟེ་སའི་དཀྱིལ་འཁོར་ཚུན་ཆད་དག་པ་ཡིན་ལ། དེའི་ཕྱིར་གཙོ་བོའི་པདྨ་ སོར་ཕྱེད་བཅུ་གཉིས་པ་སྟེ་སོར་དྲུག་པ་ནི། དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ལྷུན་པོའི་སྙིང་པོ་ སྟེ། རྭ་དབུས་མའི་རྩ་བའི་སྦོམས་དང་མཉམ་པ་ཡིན་ཅིང༌། སྟེང་དུ་ལྷུན་པོའི་རྭའི་ཁོར་ཡུག་ གམ། རྭའི་གཞི་རྟེན་ལ་རྩི་ཡང་རུང་སྟེ། ལྷུན་པོའི་སྟེང་གི་རྒྱ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ དང༌། འོག་ཏུ་ནི་གླིང་མཚོ་རི་དྲུག་གནོན་པ་སྟེ། བདེ་གཤེགས་འཕར་མ་དང་དག་པ་སྦྱོར་བ་ ཡིན་ནོ། །དེ་ནས་ཐུགས་ཀྱི་ཚོན་ས་ལྷ་སྣམ་དཔངས་ཆུང་རྣམས་ས་དཀྱིལ་དང་སྦྱོར་ལ། དེ་ ནས་གསུང་དཀྱིལ་གྱི་སྒོའི་རྩིག་པའི་ནང་ཚུན་ཆོད། སུམ་འགྱུར་གདེངས་ཅན་ཏེ། བརྒྱད་ གསུམ་ཉི་ཤུ་རྩ་བཞིའི་རེ་མིག་གིས་ལན་ཚྭའི་རྒྱ་མཚོ་ཆུའི་དཀྱིལ་འཁོར་དང༌། དེ་ནས་རྒྱལ་ བའི་བདག་པོ་སྟེ་ཉི་ཤུ་རྩ་བཞིའི་རེ་མིག་ཅེས་པ། ཁ་ཅིག་ཆ་ཕྲན་ཕྱེད་པའི་ཐ་སྙད་ཀྱང་སྦྱོར་ བ་དོན་ལ་སྐུའི་སྒོ་ཚད་གཅིག་ལ་སོར་ཕྱེད་ཉི་ཤུ་རྩ་བཞི་ཡོད་པའི་ཚད་དེ། དཀྱིལ་འཁོར་བྲི་ ཆ་ལ་གསུང་དཀྱིལ་གྱི་ཀྲ་མ་ཤིཪྵ་དང་ཐད་མཉམ་པ་ཚུན་ཆོད་མེའི་དཀྱིལ་འཁོར་དང༌། དེ་ ནས་བརྩམས་ཏེ་སྐུ་དཀྱིལ་གྱི་རྩིག་པའི་ནང་མཐའ་སྒོ་བཞིའི་ཐད་ཚུན་ཆོད་ནི། ཁྲུ་བཞི་པ་ ཉིད་ཀྱི་ཕྱིར་རླུང་གི་དཀྱིལ་འཁོར་གྱི་མཐའ་ཚུན་ཆད་རྣམ་པར་དག་པ་སྟེ། འདིར་སྐུའི་སྟེགས་ བུ་ཕན་ཆད་འཇིག་རྟེན་ཁམས་ཀྱི་ཚད་དང་མ་སྦྱར་ཏེ། ཀུན་ཁྱབ་ཀྱི་ཁམས་ལྔ་རྣམ་པར་དག་ པའོ། །འདི་ལ་བོད་རྣམས་འཇིག་རྟེན་ཁམས་མཉམ་གྱི་ཐ་སྙད་སྦྱོར་བར་འདུག་གོ །ཚིགས་ བཅད་བར་པའི་དོན་ནི། ལྗང་ཁུ་ཞེས་པ་ཡན་ཆད་ཀྱིས་རི་རབ་ཀྱི་ཁ་དོག་བསྟན་ནས། དེའི་ ནང་དུ་ཆུང་བ་ཞེས་པ་ནི་ལྗང་ཁུ་ཞེས་པ་ལ་མི་བསྙེག་སྟེ། རི་རབ་ཀྱི་སྟེང་གི་རྒྱ་ཡོངས་རྫོགས་ ལ་སྦྱོར་བ་ཡིན་པས། རིའི་བདག་པོ་ཞེས་པ་ལ་སྦྱོར་རོ། །སྙིང་པོ་སྟེ་ཞེས་པ་ཚིག་འོག་མ་ལ་ སྦྱར་ཏེ། ཐུགས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དང༌། གསུང་དཀྱིལ་དང༌། སྐུ་དཀྱིལ་རྣམས་ 3-1-168 རིམ་པས་ཉིས་འགྱུར་ཉིས་འགྱུར་ཡིན་པས། ལྷུན་པོའི་དབུས་ཀྱི་ཆ་སྟོང་ཕྲག་ཕྱེད་དང་བཅུ་ གསུམ་དང་ཐུགས་དཀྱིལ་སྦྱོར་ཏེ། འདིའི་ལྷུན་པོའི་རྭ་དབུས་མའི་རྩེ་མོ་ཕྲ་བའི་རྒྱ་ཡིན་པར་ མངོན། གསུང་དཀྱིལ་དང་ལྷུན་པོའི་སྙིང་པོའི་རྒྱ་སྦྱོར། སྐུ་དཀྱིལ་དང་ལྷུན་པོའི་སྟེང་གི་རྒྱ་ དཔག་ཚད་སྟོང་ཕྲག་ལྔ་བཅུ་སྦྱར་ནས། སྐུའི་རྩིག་པ་ཕན་ཆད་མེ་ལྕེའི་འཁོར་ཡུག་ཚུན་ཆད་ ཕྱིའི་འབྱུང་བཞིའི་དཀྱིལ་འཁོར་ནམ་མཁའ་དང་བཅས་པ་ལ་དག་པ་སྦྱོར་བ་ཡིན་ན། ཁྲུ་ཚད་ ངེས་པ་ཅན་གྱི་དག་པ་འདི་ལ་མི་སྦྱོར་ཏེ། འདི་ལྷུན་པོའི་སྟེང་མཉམ་དུ་གྲགས་པའོ། །ཚིགས་ བཅད་ཕྱི་མའི་དོན་ནི། ལྷའི་རི་བོ་སྟེ་རི་རབ་ནི་ནང་ལུས་ལ་སྦྱར་བ་ན། ལྟེ་བ་ཡན་ཆད་ཀྱི་ ལུས་ཀྱི་ཕྱེད་ཁྲུ་གང་བ་དང་དག་པ་སྦྱོར་བ་ཡིན་ཅིང༌། དེ་སྤྱི་ལྡོག་ནས་ཁྲུ་གང་ཡིན་གྱི། སྒལ་ ཚིགས་ཁོ་ན་ལ་རྩི་མི་དགོས་ལ། ལྷུན་པོའི་ཚད་དཔག་ཚད་སྟོང་ཕྲག་ལྔ་བཅུའི་ཕྱེད་དེ་ཉེར་ ལྔ་ནི། སྟེང་གི་རྒྱ་སྟེ་ནང་དུ་ཁྲུ་ཕྱེད་ཀྱི་དག་པའོ། །ལྷུན་པོའི་སྟེང་གི་རྒྱའི་ཕྱེད་དབུས་ཀྱི་ཆ་ལ་ གནས་པ་ནི། རྡོ་རྗེ་རྣམ་པར་བརྩེགས་པའི་གཞལ་མེད་ཁང་སྐུ་གསུང་ཐུགས་ཀྱི་ཆ་རིམ་པ་ གསུམ་པ་སྟེ། ནང་དུ་ཁྲུ་གཅིག་གི་བཞི་ཆ་སོར་ཕྱེད་བཅུ་གཉིས་ཏེ་སོར་དྲུག་རྣམ་པར་དག་ པ་དང་སྦྱོར་རོ། །གོང་མ་གཉིས་དང་འདི་ཉིད་དེ་ཕྱི་དང་དཀྱིལ་འཁོར་སྦྱར་བའི་ཚད་གསུམ་ ཀ་ལ་འཇིག་རྟེན་ཁམས་རྣམས་ཟླུམ་པོ་དང༌། དཀྱིལ་འཁོར་རྩ་ཐིག་གྲུ་བཞི་ཡིན་པའི་ཕྱིར། ཟུར་རྣམས་གྲུ་ཆད་དུ་སོང་བས་ཚད་སྒྲིག་མི་དགོས་ལ་སྒོའི་ཐད་ཀྱི་རྩ་ཐིག་དང་ཚངས་ཐིག་ འཛོམ་པའི་ཐད་ཁོ་ན་ལ་དག་པ་བརྩིའོ། །དེའི་དབང་དུ་བྱས་ནས་འདིར་ཡང་རི་རབ་ཀྱི་སྙིང་ པོའི་རྒྱ་དང་སྐུའི་རྩ་ཐིག་མཚུངས་པར་བྱ་ཞིང༌། སྙིང་པོའི་ས་ནས་སྐུའི་རྩ་ཐིག་གི་བར་ལ་ཁྲུ་ གཉིས་སྐུའི་སྒོ་ཚད་བཞི་ཡོད་པ་བཞིན་དུ་རྩ་ཐིག་གི་ཕྱི་རོལ་ཏུ་ཡང་སྒོ་ཚད་བཞི་གཞལ་བ་ནི། མཆོད་པའི་ཁོར་ཡུག་གི་མཐའ་ཡིན་ལ། དེ་དང་རི་རབ་ཀྱི་སྟེང་གི་ཁོར་ཡུག་རྒྱ་མཉམ་པར་ བྱས་ནས། དེ་ཚུན་ཆད་ལ་སོར་ཕྱེད་ཀྱི་ཚད་སོགས་ཕྱི་དང་དཀྱིལ་འཁོར་ཚད་མཉམ་པའི་ 3-1-169 དག་པ་བྱེད་དགོས་པས། སྐུ་དཀྱིལ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། གསུང་དཀྱིལ་ སྟོང་ཕྲག་ཕྱེད་དང་བཅུ་གསུམ་པ་དང༌། ཐུགས་དཀྱིལ་དྲུག་སྟོང་སུམ་བརྒྱ་ལྔ་བཅུ་པ་དང༌། བདེ་ཆེན་སུམ་སྟོང་བརྒྱ་ཉེར་ལྔ་པ་དང༌། གཙོ་བོའི་པདྨ་སྟོང་ལྔ་བརྒྱ་ཕྱེད་དང་རེ་གསུམ་པའོ། ། འོན་ཀྱང་སྟོང་ཕྲག་དག་ཅེས་གཉིས་ཚིག་སྟེ་སོར་ཕྱེད་པས་ཉིས་སྟོང་མཚོན་པ་ན་སོར་ཉེར་ ལྔས་འབུམ་སྟེ་འབུམ་ཕྲག་བཞི་པའི་དག་པའང་གསུངས་པའོ། །མཆོད་པའི་ས་གཞིའི་ཁོར་ ཡུག་གི་ཕྱི་ཕན་ཆད་ལ་དཀྱིལ་འཁོར་དང་ཕྱིའི་ཚད་མཉམ་པར་མི་བརྩི་སྟེ། འབྱུང་བཞིའི་ དཀྱིལ་འཁོར་ནམ་མཁའ་དང་བཅས་པ་ཁོར་ཡུག་ལྔ་དང་སྦྱོར་བའོ། །འདི་རི་རབ་ཕྱེད་ མཉམ་གྱི་དཀྱིལ་འཁོར་ཞེས་གྲགས་པ་དེ་ཡིན་ནོ། །དེ་ལ་འདི་དག་ཐམས་ཅད་དག་པའི་ ཚུལ་གྱིས་བསྟན་པར་སྣང་བས། དེས་ན་ནང་དཀྱིལ་ཞེས་བྱ་བ་སྐུའི་དཀྱིལ་ནང་གི་དཀྱིལ་ འཁོར་གྱི་དག་པ་འཇིག་རྟེན་གྱི་ཁམས་གཅིག་ལ་བརྩི་བ་དང༌། དེ་ཉིད་རི་རབ་ཀྱི་སྟེང་གི་ རྒྱ་ལ་བརྩི་བ་དང༌། དེ་འདྲ་རི་རབ་ཀྱི་སྙིང་པོའི་ཚད་ལ་རྩི་བ་ཞེས་ཐ་སྙད་སྦྱར་ན་ལེགས་ཀྱི། དཀྱིལ་འཁོར་ཡོངས་རྫོགས་དང་འཇིག་རྟེན་ཁམས་མཉམ་པ་སོགས་མིན་པའི་ཕྱིར། འཇིག་ རྟེན་ཁམས་མཉམ་གྱི་དཀྱིལ་འཁོར་ཞེས་སོགས་ཐ་སྙད་སྦྱོར་ཚུལ་མི་ལེགས་སོ། །དེ་ལ་ ནམ་མཁའི་ཁོར་ཡུག་ཚུན་ཆད་དཀྱིལ་འཁོར་ཡིན་ཅིང༌། རབ་གཏུམ་མ་སོགས་རྩ་བའི་ལྷ་ འགའ་ཞིག་གི་བཞུགས་གནས་ཀྱང་མེ་རླུང་མཚམས་ཡིན་པས། སྔ་མ་ལ་དེ་དག་ཐམས་ཅད་ འཇིག་རྟེན་ཁམས་ཀྱི་ཕྱི་ན་ཡོད་པས། འཇིག་རྟེན་ཁམས་ལས་ལྷག་པའི་དཀྱིལ་འཁོར་དུ་ འགྱུར་ཞིང༌། བར་པ་ལ་ཡང་མཆོད་པའི་ས་གཞི་ཚུན་ཆོད་ཀྱི་སའི་དཀྱིལ་འཁོར་དང་མཉམ་ པས་དཀྱིལ་འཁོར་ཡོངས་རྫོགས་རི་རབ་ཀྱི་སྟེང་དང་མི་མཉམ་པ་དང་དཀྱིལ་འཁོར་གྱི་ ནམ་མཁའི་ཁོར་ཡུག་ཚུན་ཆད་ཀྱིས་འཇིག་རྟེན་ཁམས་ཀྱི་ཆུའི་དཀྱིལ་འཁོར་ནོན་པ་ཙམ་དུ་ འགྱུར་བས། རྣམ་པ་གཅིག་ཏུ་ན་འཇིག་རྟེན་ཁམས་ཀྱི་ཕྱེད་དང་མཉམ་པ་ཙམ་དུ་འགྱུར་བ་ 3-1-170 དང༌། ཕྱི་མ་ཡང་རི་རབ་ཀྱི་སྟེང་དང་མཆོད་པའི་ས་གཞི་མཉམ་པའི་ཕྱིར། ཁོར་ཡུག་གི་མཐའ་ དང་ས་དཀྱིལ་གྱི་རྒྱ་མཉམ་པས་རི་རབ་ལས་ཀྱང་ལྷག་པའི་དཀྱིལ་འཁོར་དུ་འགྱུར་བས་རི་ རབ་ཀྱི་ཕྱེད་དང་མཉམ་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དངོས་བསྟན་ལ་གཙོ་བོར་དག་ པ་མི་འདྲ་བ་གསུམ་བསྟན་པ་ཡིན་ཅིང༌། ཤུགས་བསྟན་ལ་སྒོམ་དོན་ཡང་རྣམ་གྲངས་གསུམ་ འཕངས་པ་ནི་ཡིན་ནོ། །འོན་ཀྱང་སྔ་མ་ཁ་ཅིག་འདི་སྙམ་དུ་ནང་གི་དཀྱིལ་འཁོར་འཇིག་རྟེན་ ཁམས་དང་ཚད་མཉམ་སྒོམ་དོན་ཡིན་པའི་དབང་དུ་བྱས་ནས། གཙོ་བོའི་པདྨ་རི་རབ་སྟེང་ གི་པདྨ་ཡིན་པ་དང༌། བདེ་ཆེན་འཁོར་ལོ་རི་རབ་ཀྱི་སྟེང་ན་ཡོད་པ་དང༌། ཐུགས་དཀྱིལ་སའི་ དཀྱིལ་འཁོར་གྱི་སྟེང་དང༌། གསུང་དཀྱིལ་ཆུ་དང༌། སྐུ་དཀྱིལ་རླུང་གི་སྟེང་ན་ཡོད་པར་འདོད་ ཅིང༌། ཕྱི་མ་རི་རབ་ཕྱེད་མཉམ་ལ་ཡང་མཆོད་པའི་གཞི་ཡན་ཆད་རི་རབ་ཀྱི་རྩེ་ལ་གནས་པ་ དང༌། ཁོར་ཡུག་བཞི་པོ་འཇིག་རྟེན་ཁམས་ཀྱི་དཀྱིལ་འཁོར་བཞི་ཡིན་པར་འདོད་དོ། །དེ་ལ་ གཞན་ཕྱིས་བྱུང་བ་དག་འཇིག་རྟེན་ཁམས་མཉམ་ལ་བདེ་ཆེན་འཁོར་ལོ་རི་རབ་ཀྱི་སྟེང་དང༌། ཐུགས་གསུང་སྐུ་གསུམ་གྱི་གཞི་རི་རབ་ཀྱི་རྩ་བ་ན་མཐོ་དམན་མེད་པར་མཉམ་ན། དེ་དག་ ཧ་ཅང་མི་འདྲ་བ་ཐལ་ཆེས་པ་དང༌། ཐུགས་དང་བདེ་ཆེན་མཐོ་དམན་ཆེ་གྲགས་སོ་ཞེས་སྐྱོན་ འཛིན་ལ། ཕྱི་མ་ལ་ཡང་མཆོད་པའི་ས་གཞི་དང་ཁོར་ཡུག་བཞི་ལ་མཐོ་དམན་ཆེས་པའི་སྐྱོན་ བརྗོད་པ་ན། ཡང་དེ་ལ་འགའ་ཞིག་གིས་རྣལ་འབྱོར་རྒྱུད་ལས་རི་རབ་ཀྱི་རྩེ་མོར་གཞལ་མེད་ ཁང་དང་ཁོར་ཡུག་མཐིལ་ལ་ཡོད་པའི་རིགས་འགྲེའི་བརྒལ་ལན་གྱིས་སྐྱོན་མེད་ཚུལ་བྱེད་ ཀྱང་འདོད་པ་སྔ་མ་ལ་སྐྱོན་དེ་དག་ངེས་པར་འབྱུང་ངོ༌། ། དེས་ན་རང་ལུགས་ལ་དེ་ལྟར་མི་བྱ་སྟེ། གསུམ་ཀར་ལ་མཚུངས་པར་རི་རབ་མན་ཆད་ རྡོ་རྗེའི་ས་གཞིའི་གདན་ཡིན་ལ། ནང་དཀྱིལ་འཇིག་རྟེན་ཁམས་དང་ཚད་མཉམ་པའི་ཕྱོགས་ ལ་འོག་གཞི་རླུང་གི་དཀྱིལ་འཁོར་གྱི་མཐའ་ཚུན་ཆད་ལས་ཀྱང་སུམ་ལྡབ་ཀྱི་ཆེ་བའི་རྡོ་རྗེའི་ 3-1-171 ས་གཞི་བཀལ་ཏེ། དེའི་སྟེང་དུ་དཀྱིལ་འཁོར་སྒོམ་པ་ཡིན་ལ། ནང་དཀྱིལ་དང་རི་རབ་སྟེང་ མཉམ་ལ་ཡང་རི་རབ་ཀྱི་སྟེང་དུ་འོག་གཞི་ཆུའི་དཀྱིལ་འཁོར་གྱི་མཐའ་དང་རྒྱ་མཉམ་པའི་རྡོ་ རྗེའི་ས་གཞི་བཀལ་ཏེ། དེའི་སྟེང་དུ་དཀྱིལ་འཁོར་བྱེད་པ་ཡིན་ཅིང༌། ནང་དཀྱིལ་རི་རབ་ཕྱེད་ མཉམ་ལ་ནི། འོག་གཞི་སའི་དཀྱིལ་འཁོར་གྱི་མཐའ་དང་མཉམ་པའི་རྡོ་རྗེའི་ས་གཞི་བཀལ་ ཏེ། དེའི་སྟེང་དུ་གཞལ་ཡས་ཁང་སློང་ངོ༌། །དེ་དག་ཀྱང་རགས་རྩིས་ཡིན་གྱི། རྡོ་རྗེའི་གུར་ ལས་ཀྱང་ས་གཞི་ཅུང་ཟད་རྒྱ་ཆེ་བ་དགོས་པས་རྡོ་རྗེའི་ས་གཞི་ཅུང་ཟད་ཕྱེད་བསྐྱེད་པ་ལ་ འགལ་བ་མེད་དོ། །ད་ལྟ་སྒོམ་པ་ལ། དེ་གསུམ་ཀའི་རྒྱ་ཁྱོན་གྱི་ཚད་རྣམས་མོས་པ་ཙམ་བྱེད་ པ་ཡིན་ལ། གསལ་སྣང་དང་ལྷའི་མིག་གི་མངོན་ཤེས་ཐོབ་ན་ནི། སོ་སོའི་ཚད་དང་མཐུན་ པར་སྒོམ་ནུས་པའང་ཡིན་ནོ། །དེ་ཡང་དཔེར་ན་དཀྱིལ་འཁོར་བཞི་རི་རབ་དང་བཅས་པ་ བློ་ཡུལ་གང་བདེ་བའི་ཚད་ཅན་ཞིག་བསྐྱེད་ནས་དཔག་ཚད་བཞི་འབུམ་སོགས་ཀྱི་ཚད་ཡོད་ སྙམ་པའི་མོས་པ་བྱ། དེའི་སྟེང་དུ་རྡོ་རྗེའི་ས་གཞི་དང༌། ས་གཞིའི་སྟེང་དུ་གཞལ་མེད་ཁང་སྐུ་ དཀྱིལ་གྱི་ཤར་སྒོའི་ཐད་དང༌། འོག་གཞི་རླུང་དཀྱིལ་གྱི་ཤར་མཐའ་རྒྱ་ཚད་མཉམ་པས་སྟེང་ འོག་ཏུ་གནས་ཤིང༌། གཞལ་ཡས་ཁང་གི་ཟུར་རྣམས་རླུང་དཀྱིལ་ལས་ཀྱང་ཕྱིར་ལྷག་པ་ཞིག་ བསྒོམས་ནས། སེམས་ཅན་རྣམས་ལ་རླུང་གི་དཀྱིལ་འཁོར་དུ་སྣང་བ་ནི་འོག་གཞིའི་རླུང་ འདི་ཡིན་ཅིང༌། དེའི་རང་བཞིན་གདོད་མའི་ཡེ་ཤེས་དཀྱིལ་འཁོར་དུ་ཤར་བ་ནི། སྐུ་དཀྱིལ་ འདི་ཡིན་ནོ། །དེ་བཞིན་དུ་ཆུ་དཀྱིལ་གྱི་ཆོས་ཉིད་གསུང་དཀྱིལ་དང༌། ས་དཀྱིལ་གྱི་ཆོས་ ཉིད་ཐུགས་དཀྱིལ་དང༌། རི་རབ་རི་གླིང་མཚོ་དང་བཅས་པའི་གནས་ལུགས་གདོད་མའི་ཡེ་ ཤེས་བདེ་ཆེན་འཁོར་ལོར་ཤར་བའོ་ཞེས་བསྒོམ་དགོས་ཏེ། ཚུལ་དེས་གཞན་གཉིས་ལའང་ རིགས་འགྲེ་བས་རང་གི་བློ་དང་འཚམས་པའི་དཀྱིལ་འཁོར་ཤིན་ཏུ་ཆུང་ངུ་ཞིག་བསྒོམས་ ཀྱང༌། དེ་ཁ་རང་ལ་བལྟོས་པའི་ཚད་ངེས་པར་བྱས་ནས། ང་རྒྱལ་སྔ་མ་བཞིན་དུ་བཞག་པས་ 3-1-172 དོན་སྟོན་པ་ཡིན་ཏེ། ཚད་ཀྱི་དག་སྦྱོར་ཤེས་ནས་བསྒོམ་དགོས་མོད། སྒོམ་པའི་ཚད་དངོས་ ལ་ངེས་པ་མེད་དོ། །དེས་ན་ཁ་ཅིག་བསྒོམ་བྱ་འཇིག་རྟེན་ཁམས་མཉམ་ཁོ་ན་ཡིན་གྱི། གཞན་ གཉིས་དག་པ་ཙམ་མོ་གསུང་པ་དང༌། གཞན་དག་རི་རབ་ཕྱེད་མཉམ་ཁོ་ན་བསྒོམ་བྱ་ཡིན་ ཞེས་ཟློག་སྟེ་སྨྲ་བ་ཐམས་ཅད་རང་འདོད་སྨྲ་བ་ཙམ་ཡིན་ནོ། །ཤེས་རིན་པ་ནི་འབྱུང་བཞི་རི་ རབ་ཆུང་ངུའི་སྟེང་དུ་རྡོ་རྗེའི་ས་གཞི་ཆེན་པོ་འགེལ་བ་ནི། བྲེ་སྟེང་དུ་ཕུབ་བཞག་པ་ལྟར་ཤིན་ ཏུ་མི་འཐད་དོ་ཟེར་ཡང་ཚིག་གི་རྣམ་འགྱུར་ཙམ་མ་གཏོགས་དོན་ལ་མི་གནས་ཏེ། དེ་ལྟར་ སོང་ཡང་སྐྱོན་ཅི་ཡོད་སྨྲོས་ཤིག མ་ཡིན་ཏེ་པདྨའི་སྡོང་པོ་ལ་བཞུགས་པའི་ལྷ་རྣམས་ལའང་ སྐྱོན་དེར་ཐལ་བར་འགྱུར་བས་སོ། །ནང་དཀྱིལ་འཇིག་རྟེན་ཚད་མཉམ་གྱི་སྐབས་འདིར་ ལྷུན་པོའི་སྟེང་གི་པདྨ་ཉི་ཟླ་སྒྲ་གཅན་རྣམས་ནི་ཚད་སྙོམས་པའི་ཕྱིར། གཙོ་བོའི་གདན་དུ་ བྱེད་པའང་མི་འཐད་པ་མེད་ཅིང༌། དེའི་ཚེ་ལྷུན་པོ་དང་དེའི་བར་དུ་རྡོ་རྗེའི་ས་གཞི་ས་སྟེགས་ རྣམས་དང་བཅས་པ་རྗེས་སུ་བཅུག་པ་ནི་ངེས་པར་འདོད་ཀྱི་མི་འདོད་པ་ཐལ་པ་མེད་དོ།། །། གཉིས་པ་ནང་དང་གཞན་གྱི་དག་སྦྱོར་ལ། རྡོ་རྗེ་ལུས་ཀྱི་རྣམ་དག་དང༌། །ཆོས་ཀྱི་ཕུང་ པོའི་རྣམ་དག་དང༌། འཕྲོས་དོན་ཕྱོགས་ཙམ་བསྟན་པ་སྟེ་གསུམ་ལས། དང་པོ་ནི། ཀ་བ་ རྣམས་དང་ཞེས་པ་ནས་དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས། ཞེས་པའི་བར་ཏེ། དཀྱིལ་ འཁོར་གྱི་ཕྱི་ནང་རྟ་བབས་ཀྱི་བར་དུ་ཀ་བ་ཐམས་ཅད་དང༌། ནམ་མཁའི་ཁོར་ཡུག་རྡོ་རྗེའི་ འཕྲེང་བ་དང་བཅས་པ་དང་སའི་ཁོར་ཡུག་དང༌། ཐུགས་དཀྱིལ་གྱི་རྩིག་པ་རྣམས་ནི། ནང་ རྡོ་རྗེའི་ལུས་ལ་སྦྱར་བའི་ཚེ། རུས་པའི་ཚོགས་རྣམས་ཀྱིས་དེ་དག་གི་དོད་ཐུབ་པ་མཛོད་ཅིག་ ཅེས་པ་སྟེ། དེ་ཡང་རྐང་ལག་གི་རུས་པ་བརྒྱད་ནི་ཀ་བ་དང༌། རྩིབ་མ་རྣམས་ནི་བདེ་གཤེགས་ འཕར་མའི་ཕྱི་ནང་དང་ཁོར་ཡུག་ཆེན་པོའི་རྡོ་རྗེའི་འཕྲེང་བ་དང༌། སོར་མོ་རྣམས་སྤངས་པའི་ 3-1-173 རྐང་མགོ་ལག་མགོའི་རུས་པ་དང་བཅས་པ་དང༌། ཐོད་པ་རྣམས་ནི་ཐུགས་དཀྱིལ་གྱི་རྩིག་ པ་དང༌། སྒལ་ཚིགས་ཀྱི་དབྱུག་གུ་ནི་སའི་ཁོར་ཡུག་གོ །རྒྱུད་དང་འགྲེལ་བ་ལས་དངོས་ སུ་གསལ་ཁ་མེད་ཀྱང༌། སྐུ་དཀྱིལ་གསུང་དཀྱིལ་གྱི་རྩིག་པའི་དག་པ་འོག་ཏུ་གསལ་བར་ བསྟན་པའི་ཕྱིར། དེ་དག་འདིའི་ཁོངས་སུ་བསྡུས་ན་ཟློས་པར་འགྱུར་བའི་ཕྱིར་དང༌། རུས་ པའི་དབྱེ་བ་འདི་རྣམས་དང༌། རྩིག་པ་ཐུགས་དཀྱིལ་གྱི་རྩིག་པར་འཆད་པ། མན་ངག་ལས་ ཀྱང་འབྱུང་བ་ཉིད་ཤིན་ཏུ་རིགས་པའི་ཕྱིར་རོ། །དེ་བཞིན་དུ་ཤ་རྣམ་པར་དག་པ་ནི། ཤར་ གྱི་རྡུལ་ཚོན་གདབ་པ་སྟེ། ཁ་དོག་ནག་པོ་དང༌། ཁྲག་རྣམ་པར་དག་པ་ནི་ལྷོའི་རྡུལ་ཚོན་ གདབ་པ་སྟེ། ཁ་དོག་དམར་པོ་དང༌། དྲི་ཆུ་རྣམ་པར་དག་པ་ནི་བྱང་གི་རྡུལ་ཚོན་གདབ་པ་སྟེ་ ཁ་དོག་དཀར་པོ་དང༌། བཤང་བ་རྣམ་པར་དག་པ་ནི། ནུབ་ཀྱི་རྡུལ་ཚོན་གདབ་པ་སྟེ་ཁ་དོག་ སེར་པོའོ། །རྡུལ་ཚོན་གདབ་པ་ཞེས་པ་ནི། རྡུལ་ཚོན་འབྲི་བའི་དག་པའི་དབང་དུ་བྱས་པ་སྟེ། སྒོམ་དོན་ལ་སོ་སོའི་ཁ་དོག་ཉིད་དོ། །ལྷ་དང་གཤིན་རྗེ་ནོར་སྦྱིན་ཅེས་པ་ནི། དེ་རྣམས་ཡོད་ པའི་ཕྱོགས་ཤར་ལྷོ་བྱང་གསུམ་གྱི་མིང་ཡིན་ལ། གཞན་ཞེས་པ་དེ་གསུམ་ལས་གཞན་པ་སྟེ་ ནུབ་བོ། །འགྲེལ་ཆེན་ལས། དབུས་སུ་ཁུ་བ་རྣམ་པར་དག་པས་རྡུལ་ཚོན་གདབ་བོ། །གང་ རྡུལ་ཚོན་དྲུག་པ་ཡིན་པ་དེར་ནི་རྡུལ་རྣམ་པར་དག་པས་རྡུལ་ཚོན་གདབ་བོ་ཞེས་གསུངས་ པས། གཙོ་བོའི་པདྨ་ལྗང་ཁུ་ནི་ཁུ་བ་རྣམ་པར་དག་པ་དང༌། པདྨ་དེའི་གདན་ས་གཞི་སྔོན་པོ་ ནི་རྡུལ་རྣམ་པར་དག་པ་བསྟན་པ་ཡིན་ནོ། །དཀྱིལ་འཁོར་གྱི་ནང་གི་ས་གཞི་གཞན་གང་ཅི་ ཡང་རུང་སྔོན་པོའི་མདོག་ཅན་མེད་ལ། རྡུལ་ཚོན་དྲུག་པ་སྟེ་སྔོན་པོའི་ས་གཞི་གཅིག་ངེས་ པར་ཡོད་པར་གསུངས་པས། གཙོ་བོའི་པདྨའི་འོག་གཞི་སྔོན་པོ་ཡིན་གྱི། ཁ་ཅིག་འདོད་པ་ ལྟར་གྱི་ལྗང་ཁུ་མ་ཡིན་ནོ། །མཁྲིས་པ་རྣམ་པར་དག་པ་ནི། ཉི་མའི་གདན་དང༌། བད་ཀན་ རྣམ་པར་དག་པ་ཟླ་བའི་གདན་དང༌། དེ་བཞིན་དུ་ཆུ་རྒྱུས་རྣམ་པར་དག་པ་ནི། ཉི་ཟླའི་འོག་ 3-1-174 གི་ཆུ་སྐྱེས་པདྨ་སྟེ། སྐབས་འདིར་གཙོ་བོའི་པདྨ་ལ་དག་པ་འོག་ཏུ་གསལ་བས། ཐུགས་ དཀྱིལ་གྱི་ལྷ་གཞན་རྣམས་ཀྱི་གདན་པདྨ་རྣམས་སོ། །རྭ་བ་སྟེ་རྩིག་པ་རིམ་པ་ལྔའི་རེ་ཁ་ལ་ སེར་པོ་ནི་ས་ལས་སྐྱེས་པའི་མཐེ་བོང་དཀར་པོ་ཆུ་ལས་སྐྱེས་པའི་འཛུབ་མོ། དམར་པོ་སྲེག་ ཟ་སྟེ་མེ་ལས་སྐྱེས་པའི་གུང་མོ། ནག་པོ་རླུང་ལས་སྐྱེས་པའི་མིང་མེད་དང༌། ལྗང་ཁུ་ནི་ནམ་ མཁའ་ལས་སྐྱེས་པའི་མཐེ་ཆུང་རྣམ་པར་དག་པ་སྟེ། དེ་ཡང་གསུང་དཀྱིལ་གྱི་རྩིག་པ་ནི་ལག་ སོར་དང༌། སྐུ་དཀྱིལ་གྱི་རྩིག་པ་ནི་རྐང་སོར་དང་སྦྱོར་རོ། །དུས་ཀྱི་རྩ་སྟེ་ཨ་ཝ་དྷཱུ་ཏི་ནི་གཙོ་ བོའི་ཆུ་སྐྱེས་ཏེ། བཅོམ་ལྡན་འདས་ཉིད་གང་དུ་བཞུགས་པའི་ཆུ་སྐྱེས་པདྨའི་གདན་ཡིན་ལ། ། འགྲེལ་པར་རོ་རྐྱང་ལ་སོགས་པ་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་པོ་གཞན་རྣམས་ནི་རྣལ་ འབྱོར་མ་རྣམས་དང་ཚེས་ལྷའི་པདྨ་དང་སྲོག་ཆགས་དང་ཤིང་རྟ་ལ་སོགས་པ་ལྷའི་གདན་སྣ་ ཚོགས་པ་གཞན་རྣམས་རྣམ་པར་དག་པར་གསུངས་ཤིང༌། ཡང་རྩ་འགྲེལ་གཉིས་ཀྱི་སྐབས་ འདི་ཐད་དུ་དངོས་སུ་མ་གསུངས་ཀྱང་གཙོ་བོའི་གདན་ཉི་ཟླ་སྒྲ་གཅན་ནི་སྐབས་གཞན་དུ་ ཡང་ཡང་གསུངས་པ་ལྟར་བཤང་གཅི་ཁུ་བའི་རྩ་གསུམ་དང༌། རྩ་དབུ་མའི་ནང་དུ་གནས་ པའི་རྡུལ་མུན་སྙིང་སྟོབས་གསུམ་གྱི་ཐིག་ལེ་ལ་སྦྱོར་དགོས་ཀྱི་གཙོ་བོའི་གདན་མཁྲིས་པ་ དང་བད་ཀན་ལ་མི་སྦྱོར་རོ། །གཡོ་བ་སྟེ་རླུང་གི་ཁོར་ཡུག་ལྤགས་པ་རྣམ་པར་དག་པ་དང༌། མེའི་དཀྱིལ་འཁོར་གྱི་ཁོར་ཡུག་ནི་ལྤགས་པའི་སོགས་ཁོངས་ནས་ཁྲག་རྣམ་པར་དག་པ་ དང༌། མེའི་སོགས་ཁོངས་ནས་ཆུའི་ཁོར་ཡུག་རྡུལ་འབབ་པ་རྣམ་པར་དག་པ་དང༌། སའི་ཁོར་ ཡུག་གི་རྣམ་དག་གོང་དུ་བཤད་ཟིན་པ་དང༌། ནམ་མཁའི་ཁོར་ཡུག་ཀྱང་རྡོ་རྗེའི་འཕྲེང་བ་ དང་ལྷན་ཅིག་པ་ཉིད་ཀྱིས་སྔར་བསྟན་པ་ཉིད་དོ། །ཉི་མའི་སྒོ་སྟེ་སྒོ་བཅུ་གཉིས་རྣམས་ནི་རྣ་ བའི་བུ་ག་གཉིས། སྣ་བུག་གཉིས། མིག་གཉིས། ཁ་དང་འོག་སྒོ་གཉིས་དང༌། ཁུ་བ་འབབ་ པའི་ལམ་དང༌། ནུ་མའི་བུ་ག་གཉིས་རྣམས་རྣམ་པར་དག་པའོ། །སྒོ་བཅུ་གཉིས་ནི། སྐུ་ 3-1-175 གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལ་སྒོ་ཁང་སྒོ་གླེགས་དང་བཅས་པའི་སྒོ་བཅུ་གཉིས་ ཡོད་པ་རྣམས་ཡིན་ལ། སྐབས་གཞན་དུ་སྒོ་བཅོ་ལྔར་གསུངས་པ་ནི། དེའི་སྟེང་དུ་སྟོང་པའི་ སྒོ་གསུམ་བསྣན་པ་སྟེ། སྟོང་པའི་སྒོ་ཞེས་པ་སྒོ་གླེགས་དང་སྒོ་ཁང་མེད་པའི་དོན་ཏེ་མཐོངས་ ཀ་ལ་སྒོའི་མིང་གིས་བཏགས་པའོ། །བཅོ་ལྔ་ལ་དག་པའང་མང་དུ་གསུངས་ཤིང༌། རྣམ་ གྲངས་གཅིག་ལ་འོག་ཏུ་འབབ་པའི་སྒོ་རེ་ཡང་འབྱུང་བས་སྒོའི་རྣམ་གྲངས་བཅོ་བརྒྱད་དུ་ ཡང་འགྱུར་མོད་ཀྱི། དེའི་རྣམ་གྲངས་རེ་ཞིག་བཞག་སྟེ། སྒོ་དངོས་ནི་བཅུ་གཉིས་དང༌། རྣམ་ གྲངས་ཀྱི་བཅོ་ལྔའོ། །དཀྱིལ་འཁོར་ལ་ནོར་བུའི་རང་བཞིན་གྱི་བཀོད་པ་དོ་ཤལ་ལ་སོགས་ པའི་རྒྱན་རྣམས་ནི། སོའི་འཕྲེང་བ་རྣམ་པར་དག་པ་དང༌། གཡོ་བ་རླུང་གི་དཀྱིལ་འཁོར་ཏེ། ཁོར་ཡུག་ལ་གནས་པའི་དུར་ཁྲོད་ཆེན་པོ་བརྒྱད་པོ་རྣམས་སོ་སོའི་དབུས་སམ་ནང་གི་ཆ་ལ་ གནས་པའི་རབ་གཏུམ་མ་རྣམས་ཀྱི་འཁོར་ལོ་བརྒྱད་པོ་ནི། སོར་མོ་རྣམས་ཀྱི་སེན་མོ་ཡིན་ ཏེ། དེ་ལྟར་བསྟན་པའི་ཤུགས་ལ་ནམ་མཁའ་དང་ཡེ་ཤེས་ཀྱི་ཁམས་སམ། སྟོང་པའི་ཁམས་ གཉིས་སུ་བརྗོད་ཀྱང་རུང་སྟེ། མཐེ་ཆུང་གི་སེན་པོ་གཉིས་ནི། རབ་གཏུམ་མའི་སྟེང་འོག་གི་ ཤིང་རྟ་དང་སྦྱོར་དགོས་ལ། དེ་ཡང་གཙོ་བོར་ལག་སོར་ལ་ཡིན་པས། རྐང་སོར་གྱི་སེན་མོ་ རྣམས་དེ་དག་གི་ཁོངས་སུ་ཞོར་བྱུང་ལ་འདུས་པའམ། ཡང་ཀླུ་བཅུའི་གདན་དང་སྦྱར་ན་ཡང་ ཟླ་སྟོབས་ཀྱི་ཤུགས་ལ་ཐོབ་ཏུ་རུང་བར་ཡང་མངོན་ནོ། །བ་སྤུ་རྣམ་པར་དག་པས་རྡོ་རྗེ་མེ་ལྕེ་ ཞེས་པ་སྟེ། དཀྱིལ་འཁོར་གྱི་མཐར་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་འབར་ཞིང་ གནས་པའོ། །དེ་ལྟར་རུས་པ་རྣམ་དག་ཀ་བ་ནས། བ་སྤུ་རྣམ་དག་མེ་ལྕེའི་བར་ཐམས་ཅད་ ལ་འདི་ལྟར་སྦྱོར་དགོས་ཏེ། ཆོས་ཉིད་རྣམ་པ་ཐམས་ཅད་པའི་རུས་པ་ནས་བ་སྤུའི་རྣམ་པའི་ བར་དོན་དམ་པའི་རྣམ་པ་དེ་རྣམས་ཀྱི་དབྱིངས་སུ། ཐ་མལ་བའི་རུས་པ་ནས། བ་སྤུའི་བར་ རྣམ་པར་དག་པའི་ཡེ་ཤེས་དག་པ་གཉིས་ལྡན་དེ་ནི་དོན་དམ་ཡེ་ཤེས་ཀྱི་ཀ་བ་ནས་མེ་ལྕེའི་ 3-1-176 ཁོར་ཡུག་གི་བར་དུ་སངས་རྒྱས་རྣམས་ལ་རང་ཤར་དུ་སྣང་བ་དེ་དག་གིས་བསྒོམས་པ་འདི་ ཡིན་ནོ་ཞེས་གསལ་འདེབས་དགོས་པའོ།། །། གཉིས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཆེས། །ཞེས་པ་ནས། དཀྱིལ་འཁོར་ཆོས་ ཀྱི་དབྱིངས་ཉིད་དོ། །ཞེས་པའི་བར་ཏེ། དེ་ལ་སངས་རྒྱས་དཀོན་མཆོག་གི་རང་བཞིན་ཐུགས་ དཀྱིལ་དང༌། ཆོས་དཀོན་མཆོག་གི་རང་བཞིན་གསུང་དཀྱིལ་དང༌། དགེ་འདུན་དཀོན་མཆོག་ གི་རང་བཞིན་སྐུ་དཀྱིལ་ཏེ། འབྲས་བུ་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ལ་དཀོན་ མཆོག་གསུམ་ཚང་བ་ནི། རྒྱུད་བླ་མ་ལས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་ མཐར་ཐུག་ཕྱིར། །ཞེས་པ་ལྟ་བུའོ། །དེས་ན་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་ འདུན་ཡིན་པའི་ཕྱིར་ཡང་དཀྱིལ་འཁོར་གསུམ་དང་ཤིན་ཏུ་འབྲེལ་བའོ། །ཚངས་པའི་གནས་ པ་བཞི་སྟེ། ཚད་མེད་བཞི་རྣམ་པར་དག་པ་ནི་རྡོ་རྗེའི་ཐིག་བཞིའོ། །འདི་ལ་རྡོ་རྗེའི་ཐིག་གི་ ངོས་འཛིན་རྩ་ཐིག་ལ་བྱེད་པ་ནི་མི་ལེགས་ཏེ་དཀྱིལ་འཁོར་འདི་ལ་རྩ་ཐིག་བཅུ་གཉིས་ འབྱུང་བའི་ཕྱིར་དང༌། དེའི་ནང་ནས་གལ་པོ་ཆེ་བསྡུ་བར་ཡང་མི་རུང་སྟེ། གཙོ་བོ་ཡིན་པའི་ ཕྱིར་ཐུགས་དཀྱིལ་གྱི་དེ་བོར་དུ་མི་རུང་ལ། ཚད་ཆེ་ཤོས་ཡིན་པའི་ཕྱིར་སྐུ་དཀྱིལ་གྱི་དེ་ཡང་ བཞག་ཏུ་མེད་ཅིང༌། དེ་གཉིས་བགྲངས་ན་བརྒྱད་དུ་འགྱུར་ལ། དེ་དག་བགྲངས་ནས་གསུང་ དཀྱིལ་འདོར་བའི་རྒྱུ་མཚན་ཡང་མེད་པས་སོ། །དེས་ན་ཚངས་ཐིག་གཉིས་དང་ཟུར་ཐིག་ གཉིས་ཏེ་བཞི་པོ་ལ་འདོད་པ་ལེགས་ལ། ཐིག་དངོས་ཀྱི་དག་པ་ནི་བྲི་ཆའི་ཕྱོགས་ལ་ཡིན་གྱི། བསྒོམ་བྱ་ལ་ཐིག་དངོས་ཀྱི་དག་པ་མེད་ཀྱང་ཐིག་བཏབ་པ་ལྟར་ཆ་སྙོམས་པའི་དོན་ནོ། ། ལུས་དང་ཚོར་བ་དང་ཆོས་དང་སེམས་རྗེས་སུ་དྲན་པ་ཉེ་བར་གཞག་པ་བཞི་ནི། དཀྱིལ་ འཁོར་གྲུ་བཞི་པ་མི་མཉམ་པ་མེད་ཅིང་མཉམ་པའོ། །ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་ ཡན་ལག་བཅུ་གཉིས་འགགས་ཤིང་དོན་དམ་པའི་ཡན་ལག་བཅུ་གཉིས་ཀྱི་ཡེ་ཤེས་རྒྱས་པ་ 3-1-177 ནི་སྒོ་བཅུ་གཉིས་ཀྱི་དག་པ་སྟེ། འགགས་པ་སྒོ་བཅད་པ་དང༌། ཕྱེ་བ་ཡེ་ཤེས་རྒྱས་པའོ། ། ཡན་ལག་བཅུ་གཉིས་ནི་མ་རིག་པ་ནས་རྒ་ཤིའི་བར་ཏེ་སྤྱི་དང་འདྲའོ། །དེ་བཞིན་དུ་ས་བཅུ་ གཉིས་རྣམ་པར་དག་པའི་རྟ་བབས་བཅུ་གཉིས་ཏེ། དཀྱིལ་འཁོར་རིམ་པ་གསུམ་ཅར་ལ་རྟ་ བབས་བཞི་བཞི་ཡོད་པས་སོ། །ས་བཅུ་གཉིས་ནི། ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་ མཛེས་པའི་ས་དང༌། བདུད་རྩིའི་འོད་ཟླ་བ་ཆེན་པོའི་འོད་གསལ་བའི་ས་དང༌། ནམ་མཁའི་ འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་དང༌། རྡོ་རྗེའི་འོད་ཡིད་དགའ་བའི་ས་དང༌། རིན་ ཆེན་འོད་མངོན་པར་དབང་བསྐུར་བ་ལ་གནས་པའི་ས་དང༌། པདྨའི་འོད་རང་བཞིན་གྱིས་ དག་པའི་ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་དང༌། སངས་རྒྱས་ཀྱི་ལས་བྱེད་པའི་ས་ དང༌། དཔེ་མེད་པའི་ས་དང༌། དཔེ་ཐམས་ཅད་ཀྱིས་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང༌། ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་དང༌། ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ ས་དང༌། སོ་སོ་བདག་ཉིད་རིག་པ་རྣལ་འབྱོར་བའི་ཡེ་ཤེས་རྫོགས་པར་བྱེད་པའི་ས་རྣམས་ སོ། །འདི་དག་གི་དོན་ནི་རྫོགས་རིམ་གྱི་སྐབས་སུ་བཤད་ཟིན་མོད་ཀྱི། འོན་ཀྱང་ལམ་གྱིས་ བསྡུས་པ་དང༌། འབྲས་བུ་སངས་རྒྱས་ཀྱིས་བསྡུས་པ་གཉིས་ལས། འདི་ནི་དག་པ་གཉིས་ ལྡན་འབྲས་བུས་བསྡུས་པའོ། །ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་ མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ཏེ་འཕགས་ལམ་ཡན་ ལག་བརྒྱད་རྣམས་ཀྱི་ངོ་བོ་ཕྱོགས་མཚམས་བརྒྱད་དུ་དུར་ཁྲོད་བརྒྱད་རྣམས་སོ། །སྟོང་ཉིད་ བཅུ་དྲུག་དག་པས་བདེ་ཆེན་འཁོར་ལོའི་ཀ་བ་བཅུ་དྲུག་སྟེ། དེ་ལ་སྟོང་ཉིད་བཅུ་དྲུག་ནི། ནང་ དང་ཕྱི་དང་ཕྱི་ནང་སྟོང་དང་ཆེན་པོ་དང༌། འདུས་བྱས་མ་བྱས་མཐའ་འདས་ཐོག་མཐའ་མེད་ པ་དང༌། །དོར་མེད་རང་བཞིན་ཆོས་ཀུན་རང་གི་མཚན་ཉིད་དང༌། །མི་དམིགས་དངོས་མེད་ ངོ་བོ་ཉིད་ཀྱི་སྟོང་ཉིད་དོ། །ཞེས་པ་རྣམས་སྤྱི་ལ་གྲགས་པ་ལྟར་ཡིན་ལ། ཡང་ཕུང་པོ་ལྔ་སོ་ 3-1-178 སོའི་སྟོང་ཉིད་དང༌། ཁམས་ལྔའི་སྟོང་ཉིད་སོ་སོ་དང༌། དབང་པོ་ལྔའི་སྟོང་ཉིད་སོ་སོ་དང༌། རྣམ་པ་ཐམས་ཅད་པའི་སྟོང་ཉིད་དེ་བཅུ་དྲུག་ནི། རྒྱུད་འདི་ཉིད་ཁོ་ན་ལས་བཤད་བའི་སྟོང་ ཉིད་ཀྱི་རྣམ་གཞག་ཡིན་ཏེ། བཅུ་དྲུག་སྔ་ཕྱི་དེ་དག་ཀྱང་གནད་དོན་གཅིག་པ་ཞིག་ཡིན་པར་ འདུག་ཅིང༌། ནང་སྟོང་ཉིད་སོགས་བཅུ་དྲུག་རྣམ་བཅད་གཙོ་ཆེ་བའི་ལྡོག་པ་ནས་བཞག་ལ། རྣམ་ཤེས་ཕུང་པོའི་སྟོང་ཉིད་སོགས་བཅུ་དྲུག་ཡོངས་སྤྱོད་ཡེ་ཤེས་རྒྱས་པའི་ཆ་ནས་བཞག་པ་ སྟེ། གསང་སྔགས་ཀྱི་རྒྱུད་འདིའམ་རྒྱུད་གཞན་དུའང་རུང་སྟེ། དགའ་བ་བཅུ་དྲུག་གམ་སྙིང་ རྗེ་བཅུ་དྲུག་སོགས་དང་སྦྱོར་རྒྱུའི་སྟོང་ཉིད་བཅུ་དྲུག་ནི་ཕྱི་མ་འདི་གཙོ་བོར་ཡིན་པ་ཤེས་པར་ བྱ་ཞིང༌། སྐབས་འདིར་ནི་གཉིས་ཀ་དང་སྦྱར་བར་བྱའོ། །རླུང་ལ་སོགས་པའི་ཁམས་ལྔ་པོ་ རྣམས་དག་པའི་ཁང་བརྩེགས་ལྔ་ཞེས་བྱ་བ། འདི་ལ་རྭ་འགྱུར་ལས། ཁམས་རྣམས་གཞལ་ ཡས་ཁང་དུ་བརྗོད་ཅེས་འབྱུང་ཞིང༌། འགྱུར་གཞན་འགའ་རེ་ལའང་དེ་མཚུངས་སྣང་སྟེ། དེའི་ དོན་འཆད་པ་ན་ཕྱོགས་མདོག་ལ་འཆད་པ་ནི། ཁ་དོག་གི་དག་པ་འོག་ནས་འབྱུང་བ་དང་ ཟློས་པས་མི་ལེགས་ལ། དེས་ན་ས་ཁམས་དག་པའི་སྐུ་དཀྱིལ་གྱི་གཞལ་ཡས་ཁང་ཆུ་ཁམས་ དག་པ་གསུང་དཀྱིལ། མེ་ཁམས་དག་པ་ཐུགས་དཀྱིལ་དངོས། རླུང་ཁམས་དག་པ་བདེ་ གཤེགས་འཕར་མ། མཁའ་ཁམས་དག་པ་གཙོ་བོའི་གནས་རྣམས་ཇེ་མཐོ་ཇེ་མཐོའི་ཁང་པ་ བརྩེགས་པ་སྟེ་རིམ་པ་ལྔར་གནས་པ་རྣམས་ཡིན་ནོ། །གཟུགས་ཅན་གཟུགས་ལ་ལྟ་བའི་ རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། ཁྱད་པར་སྡུག་པའི་རྣམ་ཐར། ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར། ཅི་ ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་ཐར། འདུ་ཤེས་མེད་ཅིང་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ རྣམ་ཐར། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་ཏེ། རྣམ་ཐར་རེ་རེ་བཞིན་སྐུ་གསུང་ ཐུགས་ཀྱི་དབྱེ་བས་ཕྱེ་བ་ནི། དཀྱིལ་འཁོར་གསུམ་པོ་རེ་རེ་བཞིན་སྒོ་མཁྱུད་བརྒྱད་བརྒྱད་དོ། ། 3-1-179 དོན་དམ་པའི་གཟུགས་ཅན་བརྒྱད་ནི་སྒོ་འགྲམ་བརྒྱད་དང༌། དོན་དམ་པའི་ཡོན་ཏན་བརྒྱད་ ནི་སྒོ་ལོགས་བརྒྱད་དེ། དེ་དག་ཀྱང་སྐུ་གསུང་ཐུགས་ཀྱི་དབྱེ་བས་གསུམ་གསུམ་མོ། །དེ་ལ་ འབྱུང་བ་བཞི་དང༌། གཟུགས་དྲི་རོ་རེག་རྣམས་ནི་གཟུགས་ཅན་བརྒྱད་ཡིན་ལ། གཟུགས་སྒྲ་ དྲི་རོ་རེག་བྱ་རྡུལ་མུན་སྙིང་སྟོབས་ཏེ་བརྒྱད་ལ། ཉི་ཟླའི་ཡོན་ཏན་བརྒྱད་ཅེས་ཟེར་རོ། །ཚུལ་ ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་ པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྟེ། ཟག་མེད་ཕུང་པོ་ལྔས་གཞལ་ཡས་ཁང་ཁ་ དོག་རྣམ་པ་ལྔ་རྣམ་པར་དག་པར་འགྱུར་རོ། །ཐེག་པ་གསུམ་རྣམ་པར་དག་པས་ཐུགས་ དཀྱིལ་གྱི་རྭ་བ་རྩིག་པ་རིམ་པ་གསུམ་ཡིན་ཏེ། ནང་མ་ནག་པོ་ནི་ཐུགས་ཏེ་ཐེག་པ་ཆེན་པོ་ དང༌། བར་པ་དམར་པོ་ནི་གསུང་སྟེ་རང་སངས་རྒྱས་ཀྱི་ཐེག་པ་དང༌། ཕྱི་མ་དཀར་པོ་ནི་སྐུ་སྟེ་ ཉན་ཐོས་ཀྱི་ཐེག་པའོ། །དེ་ཡང་རིགས་ཅན་གསུམ་ལས། ཉན་ཐོས་རྣམས་དགེ་འདུན་ལ་ དང་རང་རྒྱལ་རྣམས་ཆོས་ལ་དང༌། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ལ་ཐོབ་བྱར་ མོས་པའི་ཕྱིར། ཐེག་པ་གསུམ་དང༌། དཀོན་མཆོག་གསུམ་དང༌། སྐུ་གསུང་ཐུགས་རྡོ་རྗེའི་ སྦྱོར་ཚུལ་དེ་ལྟར་བྱའོ། །དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་རྣམས་ནི་གསུང་དཀྱིལ་གྱི་རྩིག་པའི་རིམ་པ་དང༌། དད་བརྩོན་དྲན་ ཏིང་ཤེས་རབ་ཀྱི་སྟོབས་ལྔ་ནི། སྐུ་དཀྱིལ་གྱི་རྩིག་པ་རིམ་པ་ལྔ་ལ་སྦྱོར་རོ། །དཔའ་བར་འགྲོ་ བ་དང༌། ནམ་མཁའ་མཛོད་དང༌། དྲི་མ་མེད་པའི་ཕྱག་རྒྱ་དང༌། སེངྒེ་རྣམ་པར་རོལ་པའི་ཏིང་ ངེ་འཛིན་ཏེ་ཏིང་ངེ་འཛིན་བཞི་དང༌། བཟོད་པའི་གཟུངས་དང་། སྔགས་ཀྱི་གཟུངས་དང༌། ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་ཏེ་གཟུངས་བཞིའོ། །དཀྱིལ་འཁོར་གསུམ་པོ་རེ་རེ་ ལ་དེ་ལྟར་བརྒྱད་པོ་རྣམ་པར་དག་པའི་སྟེགས་བུའོ། །ཞེས་འབྱུང་ན། སྟེགས་བུ་ནི་གཟུངས་ དང༌། ཏིང་འཛིན་གཉིས་ཀར་གྱི་དག་པར་གསལ་ལ། གཟུངས་མ་རྣམས་སྐབས་འདིར་ 3-1-180 བསྐྱེད་མ་གྲུབ་བོ། །རྒྱུད་གཞན་གྱི་སྒྲུབ་ཐབས་སློབ་དཔོན་དག་གིས་སྦྱར་བ་མང་པོ་ན། ཏིང་ ངེ་འཛིན་བཞི་སྟེགས་བུ་དང༌། གཟུངས་བཞི་དེ་ལ་གནས་པའི་ལྷ་ལ་བཤད་པའང་ཡོད་དོ། ། སྦྱིན་པ་ལ་སོགས་པ་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་པའི་རིན་པོ་ཆེའི་ སྣམ་བུ་སྟེ་ཕ་གུ་ལ་རིན་པོ་ཆེའི་འཕྲ་བཀོད་ཀྱིས་རྣམ་པར་བཀྲ་བ་དང༌། སངས་རྒྱས་ཀྱི་མ་ འདྲེས་པའི་ཆོས་བཅོ་བརྒྱད་རྣམ་པར་དག་པའི་དོ་ཤལ་དང་དོ་ཤལ་ཕྱེད་པ་ལ་སོགས་པ་ གཞལ་ཡས་ཁང་གི་རྒྱན་སྣ་ཚོགས་པའོ། །དེ་ལ་མ་འདྲེས་པའི་ཆོས་བཅོ་བརྒྱད་ནི། དེ་བཞིན་ གཤེགས་པའི་སྐུ་ལ་འཁྲུལ་པ་མི་མངའ་བ་དང༌། དེ་བཞིན་དུ་སྦྱར་ཏེ་གསུང་ལ་ཅ་ཅོ་དང༌། ཐུགས་ལ་དྲན་པ་ཉམས་པ་དང༌། མཉམ་པར་མ་བཞག་པ་དང་ཐ་དད་པའི་འདུ་ཤེས་དང༌། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ། དཔྱོད་པས་བསྡུས་པ་དྲུག་དང༌། འདུན་པ་ ཉམས་པ་མི་མངའ་བ་དང༌། དེ་བཞིན་དུ་བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་ དང༌། ཤེས་རབ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའ་ བ་སྟེ། རྟོགས་པས་བསྡུས་པ་དྲུག་དང༌། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ ཀྱི་གཟིགས་པ་རབ་ཏུ་འཇུག་པ་དང༌། མ་འོངས་པ་དང་ད་ལྟར་བྱུང་བ་ལའང་སྦྱར་བས་ཡེ་ ཤེས་ཀྱིས་བསྡུས་པ་གསུམ་དང༌། སྐུའི་འཕྲིན་ལས་དང༌། གསུང་གི་འཕྲིན་ལས་དང༌། ཐུགས་ ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང༌། ཡེ་ཤེས་རྗེས་སུ་འབྲང་བ་སྟེ་འཕྲིན་ ལས་ཀྱིས་བསྡུས་པ་གསུམ་མོ། །དབང་བཅུ་པོ་རྣམས་རྣམ་པར་དག་པས་བྱ་འདབས་ལས་ ཐུར་དུ་འཕྱང་བའི་བ་ཀུ་ལི་སྟེ། དེ་ལ་དབང་བཅུ་ནི་ཚེ་ལ་དབང་བ་དང༌། སེམས་དང༌། ལས་ དང༌། ཡོ་བྱད་དང༌། སྐྱེ་བ་དང༌། མོས་པ་དང༌། སྨོན་ལམ་དང༌། རྫུ་འཕྲུལ་དང༌། ཡེ་ཤེས་ དང༌། ཆོས་ལ་དབང་བ་རྣམས་སོ། །སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་ལས་ལོག་པའི་ དགེ་བ་བཅུས། རྣམ་པར་དག་པ་ཀྲ་མ་ཤིཪྵ་ཏེ་མདའ་ཡབ་བོ། དགེ་བ་བཅུ་པོ་སྒྲུབ་ཕྱོགས་ 3-1-181 གཉེན་པོའི་སྒོ་ནས་སྨོས་ན། གཞན་གྱི་སྲོག་ལ་གཅེས་པར་འཛིན་པ་དང༌། གཞན་གྱི་ལོངས་ སྤྱོད་ལ་ཕན་པ་འབའ་ཞིག་སྤྱོད་པ་དང༌། ཆགས་ཡུལ་འོས་པ་མ་ཡིན་པ་ལ་མ་ཆགས་པ་ གཙང་ཞིང་དག་པའི་སེམས་ཀྱིས་གནས་པ་དང༌། བདེན་པ་ཁོ་ནའི་ཚིག་དང༌། མཐུན་པའི་ ཚིག་དང༌། སྙན་པའི་ཚིག་དང༌། འབྲེལ་ཞིང་དོན་ལྡན་གྱི་ཚིག་ཁོ་ན་སྨྲ་བ་དང༌། མ་ཆགས་ པའི་དགེ་བ་དང༌། ཞེ་སྡང་མེད་པའི་དགེ་བ་དང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་ གནས་པ་རྣམས་སོ། །སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་དང༌། མཚན་མ་མེད་པ་དང༌། སྨོན་ པ་མེད་པ་དང༌། འདུས་མ་བྱས་པ་རྣམ་པར་ཐར་པའི་སྒོ་སྟེ། རྣམ་ཐར་བཞིའི་ཆོས་སྒྲོག་པའི་ གཞོམ་མེད་ཀྱི་སྒྲ་ནི། དྲིལ་བུའི་སྒྲ་སྙན་པོས་གཞལ་མེད་ཁང་གང་བར་བྱེད་པའོ། །འདུན་པ་ དང་བརྩོན་འགྲུས་དང་སེམས་དང་དཔྱོད་པ་སྟེ། བཞི་པོ་དེ་རྣམས་ཀྱི་ཏིང་ངེ་འཛིན་རྫུ་འཕྲུལ་ གྱི་རྐང་པ་རྣམ་པར་དག་པ་ནི། ཕྱོགས་བཞིའི་དབྱེ་བས་ཕྱེ་བའི་རྒྱལ་མཚན་རྣམས་སོ། །དགེ་ བའི་ཆོས་མ་བསྐྱེད་པ་བསྐྱེད་པ་དང༌། སྐྱེས་པ་སྲུང་བ་དང༌། མི་དགེ་བའི་ཆོས་མ་སྐྱེས་པ་མི་ སྐྱེད་པ་དང༌། སྐྱེས་པ་སྤོང་བ་སྟེ་ཡང་དག་སྤོང་བ་བཞི་རྣམ་པར་དག་པས། གཞལ་ཡས་ཁང་ ལ་མེ་ལོང་གི་རྒྱན་འོད་རབ་ཏུ་འབར་བ་རྣམས་སོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ དང༌། དེ་བཞིན་དུ་ཆོས་རབ་ཏུ་རྣམ་འབྱེད་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་ སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བདུན་ པོ་རྣམ་པར་དག་པས་རྔ་ཡབ་ནོར་བུའི་ཡུ་བ་ཅན་རབ་ཏུ་གཡོ་བ་རྣམས་སོ། །གསུང་རབ་ཡན་ ལག་དགུ་རྣམ་པར་དག་པས་རིན་པོ་ཆེའི་ཕྲེང་བ་དང༌། མེ་ཏོག་གི་ཕྲེང་བས་བརྒྱན་པའོ། ། དེའི་ཡན་ལག་དགུ་ནི། མདོ་དབྱངས་ལུང་ཚིག་ཆེད་དུ་བརྗོད་པ་དང༌། །གླེང་གཞི་དེ་ ལྟ་སྐྱེས་རབས་རྨད་དུ་བྱུང༌། ཞེས་བྱ་སྟེ། མདོ་སྡེ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་ བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། དེ་ལྟ་བུ་ 3-1-182 བྱུང་བ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་རྨད་དུ་བྱུང་བ་རྣམས་སོ། །འདིར་འགྲེལ་ ཆེན་ལས། ཤིན་ཏུ་རྒྱས་པ་རྨད་དུ་བྱུང་བ་ཞེས་གཅིག་ཏུ་བསྡོམས་པར་མཛད་ལ། རྣམ་གཞག་ གཞན་ལས་གསུང་རབ་ཡན་ལག་བཅུ་གཉིས་བགྲོང་བའི་ཚེ། དེ་གཉིས་ཐ་དད་དུ་འབྱུང་ སྟེ། རྨད་དུ་བྱུང་བའི་སྡེ་ལ་ངོས་འཛིན་མི་འདྲ་བའི་ཁྱད་པར་ཡོད་པའི་དབང་ལས་ཡིན་ཀྱང༌། ཡན་ལག་དགུའམ་བཅུ་གཉིས་འདི་དག་རྣམ་གྲངས་དང་དགོས་པའི་དབང་གིས་ཕྱེ་བ་ཡིན་ གྱི། གཅིག་གི་ནང་དུ་གཅིག་ཤོས་བསྡུར་རུང་བ་མང་དུ་ཡོད་པས་ལུགས་གཉིས་པོའང་ འགལ་བ་མ་ཡིན་ལ། ཡན་ལག་བཅུ་གཉིས་ཀྱང་དགུར་འདུས་པ་ཡིན་ཏེ། དེ་ལྟ་བུ་བྱུང་བའི་ནང་དུ་རྟོགས་ བརྗོད་འདུ་ལ། ཤིན་ཏུ་རྒྱས་པའི་ནང་དུ་རྨད་བྱུང་བསྡུས་ལ། གཏན་ལ་དབབ་པའི་སྡེ་ནི་ བཅུ་གཅིག་པོའི་དོན་གཏན་ལ་འབེབས་པ་ཡིན་པས། དེ་དག་སོ་སོའི་ནང་ཚན་བསྡུས་པའོ། ། སྦྱིན་པ་དང་། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང༌། དོན་སྤྱོད་པ་སྟེ་བསྡུ་བའི་དངོས་པོ་ བཞིའི་དག་པ་ནི། གཞན་ཡས་ཁང་གི་ཟུར་བཞི་པོ་ལ་སྣ་ཚོགས་རྡོ་རྗེས་བརྒྱན་པའོ། །སྡུག་ བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་ པ་རྣམས་རྟོགས་པའི་ཡེ་ཤེས་བཞིའམ། དོན་དམ་པའི་བདེན་པ་བཞི་རྣམ་པར་དག་པས་ ནི། ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་བཞི་རྣམས་ཀྱིས་རྩིག་པའི་ཕྱི་རོལ་སྒོ་དང་སྒོ་མཁྱུད་ཀྱི་ མཚམས་སུ་སྤྲས་པའོ། །ལྷའི་མིག་གི་མངོན་ཤེས་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། རྫུ་འཕྲུལ་གྱི་མངོན་ཤེས་རྣམས་ཀྱི་དག་ པ་ནི། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁོར་ཡུག་སྟེ། ཁོར་ཡུག་ཆེན་པོ་ལྔས་བསྐོར་ བ་དང༌། ཆོས་ཐམས་ཅད་རྣམ་པ་ཀུན་ཏུ་མངོན་པར་མཁྱེན་ཅིང་བྱང་ཆུབ་པའི་ཡེ་ཤེས་ཀྱི་ རྣམ་པར་དག་པས་ནི་ནམ་མཁའི་ཁོར་ཡུག་གི་སྟེང་ན་གནས་པའི་རྡོ་རྗེའི་འཕྲེང་བས་ལེགས་ 3-1-183 པར་བསྐོར་བ་ཡིན་ལ། མི་འགྱུར་བའི་བདེ་བ་གཅིག་པུའི་ཡེ་ཤེས་རྣམ་པར་དག་པ་ནི། དེ་ བཞིན་དུ་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་རྡོ་རྗེ་མེ་ལྕེ་འབར་བའི་ཁོར་ཡུག་གོ །འདིར་བདེ་ བ་གཅིག་པུ་ཞེས་པ་མི་འགྱུར་བའི་བདེ་བ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པའི་ཡེ་ ཤེས་ཀྱི་མིང་ཡིན་ལ། བདེ་བ་དེ་ཉིད་རྟག་པ་ཉིད་ཀྱི་ཕྱིར་སྐད་ཅིག་སྔ་ཕྱི་ལ་མི་འདྲ་བ་དུ་མ་ མེད་པས་གཅིག་པུ་ཞེས་ཀྱང་བྱ་ཞིང༌། བདེ་ཆེན་དེ་ཉིད་བདེན་ལ་གཞན་ཐམས་ཅད་བརྫུན་ པའི་ཕྱིར། བདེན་པ་གཅིག་པུའི་དོན་ཡང་ཡིན་ནོ། །ཡེ་ཤེས་ངོ་བོ་གཅིག་ཉིད་ལ་ཐབས་ཀྱི་ ཆ་རྣམ་པར་དག་པ་ནམ་དུ་ཡང་མི་འགྱུར་བས། ཟླ་བ་ཉ་གང་བ་འཆར་བཞིན་པ་ལ་རྟག་ཏུ་ གནས་པ་དང༌། ཤེས་རབ་ཀྱི་ཆ་རྣམ་པར་དག་པས་ཉི་མ་ནུབ་བཞིན་པ་ལ་རྟག་ཏུ་གནས་པ་ སྟེ། འཆར་བཞིན་པ་དང་ནུབ་བཞིན་པ་ལ་རྟག་ཏུ་གནས་པ་ཡང་ཐབས་ཤེས་དེ་དག་དོན་ དམ་འགྱུར་མེད་རྟག་པ་ཡིན་པའི་དོན་ཏེ། རྟག་ཏུ་ནུབ་བཞིན་པ་ལ་གནས་ན་ནི་ནུབ་པ་མ་ ཡིན་ཏེ་རྟག་ཏུ་ཤར་བའི་ཆོས་ཡིན་ན། རྟག་ཏུ་འཆར་བཞིན་པ་ནི་ལྟ་སྨོས་ཀྱང་ཅི་དགོས། ཐུགས་རྡོ་རྗེ་རྣམ་པར་དག་པས་ཆོས་ཀྱི་འཁོར་ལོ་དང༌། གསུང་དག་པས་བུམ་པ་དང༌། སྐུ་ དག་པས་རྔ་བོ་ཆེ་དང༌། ཡེ་ཤེས་དག་པས་བྱང་ཆུབ་ཀྱི་ཤིང་སྟེ། སྐུའི་རྟ་བབས་ཀྱི་མཚན་མ་ རྣམས་དག་པ་དང༌། དེ་བཞིན་དུ་འོག་ནས་འཆད་ཅིང་སྒོམ་པར་འགྱུར་བའི་ཡིད་བཞིན་ནོར་ བུ་དང་གཎྜེ་སོགས་ཀྱང་རྡོ་རྗེ་བཞིའོ། །དེ་ལྟར་ན་ཁམས་ལྔ་ལ་སོགས་པ་ཆོས་ཕུང་འདི་དག་ ཐམས་ཅད་བདེ་གཤེགས་སྙིང་པོ་དོན་དམ་དབྱིངས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཉིད་ཀྱི་ རྣམ་པའི་ལྡོག་ཆ་སོ་སོ་བཟུང་ནས། དཀྱིལ་འཁོར་གྱི་ཆ་ཤས་དེ་དང་དེའི་རང་བཞིན་དུ་མོས་ དགོས་ཤིང༌། གནས་ཚུལ་ལ་དེ་དང་དེ་ཡིན་ཡང་ཡིན་ནོ། ། གཞུང་ཚིག་ལས། དགེ་འདུན་ཆེས་ཞེས་དང༌། རྣམས་ཀྱིས་ནི་ཞེས་པ་དང༌། ཐུགས་ གསུང་སྐུ་དང་དག་པ་ཡིས། ཞེས་པའི་བར་དུ་བྱེད་པ་པོའི་སྒྲ་བྱུང་ན། ཅིའི་ཕྱིར་གདོད་ནས་ 3-1-184 གྲུབ་པའི་ཆོས་དབྱིངས་ལ་ངོས་འཛིན་སྙམ་ན། འདི་ལ་བྱེད་པ་པོའི་སྒྲ་འཇུག་པའི་དོན་ གཉིས་ཡོད་དེ། དོན་དམ་གྱི་ཡེ་ཤེས་རང་གི་ངོ་བོའི་དོན་ལ་རྒྱུ་མཚན་དང་གཏན་ཚིགས་བྱེད་ པ་པོའི་སྒྲ་འཇུག་ཅིང༌། རྐྱེན་གཞན་གྱིས་བྱས་པའི་དོན་ལ་བྱེད་པོ་དངོས་ཀྱི་སྒྲ་ཡང་འཇུག་ སྟེ། དཔེར་མཚོན་ན་དང་པོའི་དོན་ལ་ཆོས་དབྱིངས་དེ་དོན་དམ་དཀོན་མཆོག་གསུམ་ཡིན་ པའི་ཆ་ནས་སངས་རྒྱས་ཀྱི་རྣམ་པའི་ལྡོག་ཆ་ཐུགས་ཀྱི་དཀྱིལ་འཁོར་དུ་ཤར་བ་དང༌། ཆོས་ ཀྱི་རྣམ་པའི་ལྡོག་ཆ་གསུང་གི་དཀྱིལ་འཁོར་དང༌། དགེ་འདུན་གྱི་རྣམ་པའི་ལྡོག་ཆ་སྐུའི་ དཀྱིལ་འཁོར་དུ་འཇོག་སྟེ། དཀོན་མཆོག་གསུམ་པོ་ཐུགས་གསུང་སྐུའི་རྣམ་ཆ་ཡིན་པའི་ ཕྱིར་རོ། །ཞེས་པ་ལྟ་བུ་སྟེ་མདོར་ན་ཡེ་ཤེས་དེ་ཉིད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ དུ་འགྱུར་བའི་རྒྱུ་མཚན་དོན་དམ་པའི་དཀོན་མཆོག་གསུམ་ཡིན་པའི་གཏན་ཚིགས་ཀྱིས་སོ། ། ཞེས་རྟགས་ཀྱིས་བསྒྲུབ་བྱ་ངེས་པར་བྱེད་པས། རྟགས་སམ་གཏན་ཚིགས་ལ་བྱེད་པ་པོའི་ སྒྲ་འཇུག་པ་རིགས་ཏེ། འདིའི་རིགས་འགྲེ་གཞན་ཐམས་ཅད་ལ་སྦྱར་རོ། །གཉིས་པའི་དོན་ ལ་སློབ་པ་ལམ་གྱི་གནས་སྐབས་སུ་ཚངས་པའི་གནས་བཞི་བསྒོམས་པས་ཆོས་ཉིད་དོན་ དམ་པའི་སྟེང་གི་ཚད་མེད་བཞི་དོན་དམ་བདེན་པ་དེའི་གློ་བུར་གྱི་དྲི་མ་དག་པ་ན། དག་པ་ གཉིས་ལྡན་གྱི་ཡེ་ཤེས་དེ་དོན་དམ་པ་རྡོ་རྗེའི་ཐིག་བཞིའི་རྣམ་པར་ཤར་ཞེས་པ་ལྟ་བུ་ཡིན་ པས། དྲི་མ་སྤོང་པའི་བྱེད་པ་པོ་ལམ་གྱི་ཡེ་ཤེས་ཡིན་པས་དེས་བྱས་པ་ལ་བྱེད་པ་པོའི་སྒྲ་ འཇུག་པར་ཐམས་ཅད་ཀྱིས་གོ་བླ་ལ། ཆོས་ཉིད་དོན་དམ་པ་དངོས་ལ་བྱ་བྱེད་མེད་ཀྱང་དག་ པ་གཉིས་ལྡན་གྱི་སྟེང་གི་གློ་བུར་རྣམ་དག་གི་ཆ་ལ། བྱེད་པོ་ལམ་གྱི་བྱ་བ་འཇུག་ཅིང༌། གློ་ བུར་རྣམ་དག་དེ་ཉིད་བྱེད་པོ་ལམ་ལ་བལྟོས་ནས་ལས་སུ་བཞག་སྟེ། ལས་དང་བྱེད་པ་པོ་བློ་ ངོར་འབྲེལ་པ་ཅན་ཡིན་པས་ངོ་བོ་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་དེ་ཡིན་ཀྱང་དག་པ་ གཉིས་ལྡན་གྱི་བྱེད་པ་པོ་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར། རེ་ཞིག་དེའི་ཕྱོགས་ནས་སྨོས་པ་སྟེ། 3-1-185 ལམ་བདེན་ཚད་མེད་བཞིས་གནོད་སེམས་ལ་སོགས་པ་སྒྲིབ་པ་བཞི་བག་ཆགས་དང་བཅས་ པ་སྦྱངས་ནས། དག་པ་གཉིས་ལྡན་གྱི་ཚད་མེད་བཞི་རྡོ་རྗེའི་ཐིག་གི་ངོ་བོར་བྱས་ཞེས་པ་ལྟ་ བུ་ཡིན་པས་དྲི་མ་སྦྱོང་མཁན་དང་ཡེ་ཤེས་ཐིག་གི་ངོ་བོ་གསལ་བར་བྱེད་པ་པོ་ལམ་གྱི་ཚད་ མེད་བཞི་ཡིན་པས་བྱེད་པ་པོའི་སྒྲ་ཐོབ་བོ། །དེ་ཡང་རྣལ་འབྱོར་ཅན་གྱི་སྣང་ཚུལ་ལ་དེ་ལྟར་ སྣང་བས་དེ་དང་བསྟུན་པ་ཡིན་གྱི། རིག་ཤེས་ཀྱི་ཡུལ་དང་གནས་ཚུལ་གྱི་དབང་དུ་བྱས་ནས་ དེ་ལྟར་བཤད་པ་མ་ཡིན་ཏེ། དེ་ལ་ནི་སེམས་ཅན་རྣམས་ཉིད་གློ་བུར་རྣམ་དག་ཐོབ་དགོས་པ་ ཡིན་གྱི་ཆོས་ཉིད་གདོད་ནས་རྣམ་དག་རྟག་ཅིང་སྤྲོས་པ་དང་བྲལ་བ་ལ། གློ་བུར་རྣམ་དག་གི་ འཇུག་པ་གོ་སྐབས་བྲལ་བའི་ཕྱིར་རོ།། །། གསུམ་པ་འཕྲོས་དོན་ཕྱོགས་ཙམ་བསྟན་པ་ནི། ཕྱི་འཇིག་རྟེན་ཁམས་དང་སྦྱར་བའི་ དག་པ་སྦྱོར་ཚུལ་ནི་ནང་གི་དཀྱིལ་འཁོར་འཇིག་རྟེན་ཁམས་དང་ཚད་མཉམ་སོགས་གོང་དུ་ བཤད་པ་དེ་དག་གིས་ཀྱང་རྟོགས་པར་ནུས་ལ། ཡེ་ལེའི་ཚིགས་བཅད་སོ་ལྔ་པའི་འགྲེལ་པར་ གསུངས་པ་ལྟར། འཇིག་རྟེན་གྱི་ཁམས་ལ་ས་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་རྣམས་ དཔག་ཚད་འབུམ་ཕྲག་རེ་རེ་སྟེ། འབུམ་ཕྲག་ལྔ་པའི་འཇིག་རྟེན་ཡང་གསུངས་པ། ནམ་ མཁའི་ཁོར་ཡུག་རྡོ་རྗེའི་རྭ་བ་མེ་ལྕེ་དང་བཅས་པ་དཔག་ཚད་འབུམ་གྱིས་དག་པར་མཛད་ པ་དང༌། ནང་ལུས་དང་སྦྱར་བ། དབང་ལེའི་ང་གསུམ་པའི་འགྲེལ་པར་གསུངས་པ། སྤྱིར་ རང་གཞན་སེམས་ཅན་སྤྱིའི་ལུས་དང་སྦྱར་བ་དང༌། སྒོས་སུ་མའི་ལུས་དང་དག་སྦྱོར་གྱི་ ཁྱད་མ་གཏོགས། སྦྱང་བྱ་འཆད་འགྱུར་དང་ཕལ་ཆེར་འདྲའོ། །སྒོའི་དག་པ་རྣམ་གྲངས་དུ་ མ་གསུངས་ཏེ། ལུས་ཀྱི་བཤང་གཅི་ཁུ་བ་གཙུག་ཏོར་གྱི་བུ་ག་རྣམས་དག་པ་སྐུ་དཀྱིལ་གྱི་ སྒོ་བཞི་དང༌། ངག་རླུང་གི་གཞི་རོ་རྐྱང་དབུ་མ་དུང་ཅན་རྣམས་གསུང་གི་སྒོ་བཞི། སེམས་ཀྱི་ གནས་སྐབས་བཞི་དག་པ་ཐུགས་ཀྱི་སྒོ་བཞི་དང༌། ཡང་ཐུགས་ཀྱི་སྒོ་རྣམས་མུན་པའི་ཡོན་ 3-1-186 ཏན་དང༌། དེ་ཉིས་འགྱུར་གསུང་གི་སྒོ་རྡུལ་དང༌། དེ་ཉིས་འགྱུར་སྐུའི་སྒོ་སྙིང་སྟོབས་ཏེ། རྭ་ བ་རྟ་བབས་སོགས་ཀྱང་ཡོན་ཏན་གསུམ་མོ། །དེ་བཞིན་དུ་ཁ་དང་བཤང་ལམ་གཙུག་ཏོར་ དྲི་ཆུ་ཁུ་བའི་སྒོ་རྣམས་ཐུགས་ཀྱི་སྒོ་ལྔ་དང༌། དབང་པོ་ལྔ་ནི་སྐུའི་སྒོ་ལྔ་དང༌། སྤྱི་བོ་མགྲིན་པ་ རྐན་སོ་མཆུ་སྟེ་ཡི་གེ་སྐྱེ་བའི་གནས་ལྔ་ནི་གསུང་གི་སྒོ་ལྔ་སྟེ། དེ་ལྟར་སྒོ་བཅོ་ལྔ་ལས་སྟེང་གི་ སྒོ་གསུམ་ནི། ཁུ་བའི་སྒོ་དང༌། ལུས་ཀྱི་དབང་པོ་དང༌། མགྲིན་པ་རྣམས་དག་པ་སྟེ་ཉི་མའི་ དུས་སྦྱོར་གྱི་དག་པས་སྒོ་བཅུ་གཉིས་དང༌། ཟླ་བའི་ཆ་བཅོ་ལྔ་དག་པས་སྒོ་བཅོ་ལྔའོ། །ཡང་ གནས་སྐབས་བཞི་ཐུགས་ཀྱི་སྒོ་དང༌། ཁ་དང་བཤང་ལམ་སྣ་བུག་གཉིས་རྣམས་གསུང་གི་ སྒོ་དང༌། མིག་གཉིས་དང་རྣ་བ་གཉིས་ནི་སྐུའི་སྒོའོ། །ཞེས་ཀྱང་བཤད་ཅིང༌། ཡང་དཀྱིལ་ འཁོར་ཡོངས་རྫོགས་ལ་སྐུའི་རྩ་ཐིག་གི་ནང་ཆ་ཆེན་ཕྱེད་པ་བཅུ་དྲུག་སྙིང་རྗེ་བཅུ་དྲུག་གི་ དཀྱིལ་འཁོར་དང༌། དེའི་ཕྱི་རོལ་མཆོད་པའི་ས་གཞིའི་ཁོར་ཡུག་ཚུན་ཆད་སྟོང་ཉིད་བཅུ་དྲུག་ གི་དཀྱིལ་འཁོར་དང༌། དེ་ནས་ཁོར་ཡུག་གི་མཐའ་ཚུན་ཆད་དགའ་བ་བཅུ་དྲུག་གི་དཀྱིལ་ འཁོར་ཞེས་མདོར་ན་དག་པ་རིམ་པ་གསུམ་ཡང་ཡོད་དོ། །དེ་དག་གིས་མཚོན་པའི་དག་པའི་ རིགས་སྔ་ཕྱིར་ཇི་སྙེད་ཅིག་གསུངས་ཀྱང༌། དཀྱིལ་འཁོར་སྒོམ་ཐེངས་གཅིག་ལ་མཐའ་དག་ དྲན་པར་ཡང་མི་ནུས་ཤིང༌། ཐམས་ཅད་གཅིག་ཏུ་བསྡུ་དགོས་པ་ཡང་མ་ཡིན་པས། རེ་ཞིག་ དེ་ཙམ་ཞིག་བཤད་དོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་པར་བཤད་པ་ ལས། ཚོགས་གསག་གཉིས་སྔོན་དུ་འགྲོ་བ་རྟེན་གྱི་དཀྱིལ་འཁོར་བཤད་པའི་སྡེ་ཚན་ཏེ་ལྔ་ པའོ།། །། གསུམ་པ་བརྟེན་པ་ལྷ་རྫོགས་པ་ལ། སྙིང་པོའི་གནས་ཀྱི་ལྷ་ཚོགས་བསྐྱེད་པ་དང༌། འཁོར་ལོ་རྣམ་བཞིའི་ལྷ་ཚོགས་སྤྲུལ་པ་དང༌། ཤིན་ཏུ་རྣམ་པར་དག་པའི་ང་རྒྱལ་བཟུང་ བའོ། །དང་པོ་ལ་གཙོ་བོ་ཡབ་ཡུམ་བཞེངས་པ་དང༌། ལྷན་ཅིག་སྤྱོད་པའི་འཁོར་ནུས་མ་རྗེས་ 3-1-187 འབྲང་དང་བཅས་པ་བསྐྱེད་པའོ། །དང་པོ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་བདག་ཉིད་ དེ། རྒྱུད་ཀྱི་རྒྱལ་པོ་ལས། ཟླ་བ་ཉི་མ་ལ་ཡང་ཨ་སོགས་ཀ་སོགས་རྡོ་རྗེ་དང་བཅས་མེ་ལོང་ ལ་སོགས་ལྔ་རྣམས་ཀྱིས། །འོད་ཟེར་ལྔ་རྣམས་འགྱེད་པར་བྱེད་ཅིང་དྲི་མ་མེད་པའི་འོད་འཕྲོ་ དུས་ཀྱི་འཁོར་ལོ་བསྒོམ་པར་བྱ། །ཞེས་གསུངས་ཤིང༌། སྐབས་འདིའི་འགྲེལ་པར། ཉི་ཟླ་ཨཱ་ ལི་ཀཱ་ལིས་མཚན་པ་ཙམ་ཞིག་སྒོམ་པར་གསུངས་ལ། གོང་དུ་དྲངས་པ་ལྟར་མཆོག་མི་འགྱུར་ ལས། ཨཱ་ལི་ཀཱ་ལི་ལས་ཟླ་བ་དང་ཉི་མ་བསྐྱེད་པར་གསུངས་པས་ཅུང་ཟད་མདོར་བསྡུས་ པའི་ཚེ། ཉི་ཟླ་ས་བོན་ལས་མི་བསྐྱེད་ཅིང༌། ཨཱ་ལི་ཀཱ་ལིས་མཚན་པར་བྱེད་པ་ཙམ་གྱིས་ཀྱང་ ཆོག་ལ། ཡང་ན་ཨཱ་ལི་ཀཱ་ལི་ལས་ཉི་ཟླ་བསྐྱེད་ནས། སླར་ཡི་གེས་མཚོན་པ་མི་བྱེད་པས་ ཀྱང་རུང་མོད་ཀྱི། རྒྱས་པ་ལ་ལུང་སྔ་ཕྱི་གཉིས་ཀའི་དོན་བསྡོམས་ཏེ། ཉི་ཟླ་ཨཱ་ལི་ཀཱ་ལི་ལས་ བསྐྱེད་པའི་རྗེས་སུ་སླར་ཡང་ཨཱ་ལི་ཀཱ་ལིས་མཚན་པ་བྱེད་དོ། །སྲས་མཆོག་ཆོས་ཀྱི་དབང་ ཕྱུག་གི་གསུང་འབྲོ་ལུགས་ཀྱི་གསུང་སྒྲོས་ཆེན་མོ་འོད་ཟེར་འཕྲེང་པའི་ནང་ན་བཞུགས་པ་ ལས། དབྱངས་གསལ་འོད་ཟེར་དང་བཅས་པ་ནམ་མཁའ་ནས་འབབ་པ་དང༌། དེའི་དག་པ་ སོགས་གསུངས་ཀྱང་འོ་སྐོལ་གྱི་ཆོས་རྗེ་ཡབ་སྲས་རྣམས་དེ་ལ་ཕྱག་ལེན་མི་མཛད་དོ། །དེ་ ལ་དབྱངས་སུམ་ཅུ་རྩ་གཉིས་སུ་བྱེད་པ་ནི། ཟླ་བ་གཅིག་ལ་ཚེས་ལ་འཆར་བའི་དབྱངས་ཀྱི་ དབང་དུ་མཛད་ནས། ཐུང་ངུ་བཅོ་ལྔའི་མཐར་ཨཾ་དང༌། རིང་པོ་བཅོ་ལྔའི་མཐར་ཨཿབསྣན་ པ་སྟེ། ཨཾ་ཨཿདེ་གཉིས་ཁྱབ་བྱེད་ཀྱི་དོན་དང༌། ཡར་ངོ་དང་མར་ངོའི་ཚེས་བཅུ་དྲུག་པ་གཉིས་ དང༌། དགའ་བ་བཅུ་དྲུག་པ་ལྷན་སྐྱེས་ཀྱི་ལྷན་སྐྱེས་རྣམས་མཚོན་པ་ཡིན་ནོ། །རྒྱུད་འདིར་ཧ་ ཡ་ར་ཝ་ལ་ལྔ་པོ་འདི་ཡ་ཎར་བསྒྱུར་པ་གཙོ་ཆེ་བའི་དབང་དུ་བྱས་ནས། ཕལ་ཆེར་དབྱངས་ སུ་གསུངས་ཏེ་རྒྱུ་དབྱངས་ལས་བྱུང་བ་ལ་དགོངས་པ་ཡིན། ཡ་ཎར་བསྒྱུར་བ་མ་ཡིན་པའི་ གསལ་བྱེད་རྐྱང་པའང་ཡོད་པ། ལ་སྡེའི་མིང་བཏགས་ཏེ་གསལ་བྱེད་ཀྱི་ནང་དུ་འཇུག་པའང་ 3-1-188 ཡོད་པས་ཆ་ཤས་གཉིས་ཀར་བརྟེན་པ་ཡིན་ལ། རིང་ཐུང་གཉིས་ཀར་ལ་སྡེ་ཚན་གསུམ་ གསུམ་བྱེད་པ་ནི། ཐུང་ངུ་ལ་མུན་རྡུལ་སྙིང་སྟོབས་དང༌། རིང་པོ་ལ་སྙིང་སྟོབས་རྡུལ་མུན་གྱི་ དབྱེ་བས་སོ། །དེ་རེ་རེ་བཞིན་ཡང་ཡིག་འབྲུ་ལྔ་ལྔ་འབྱུང་བ་ནི། འབྱུང་བ་ལྔའི་རང་བཞིན་གྱི་ ཡི་གེའི་དབྱེ་བ་སྟེ། ལྷག་མ་ཨཾ་དང་ཨཿགཉིས་སྤྱི་ལ་འཇུག་པའི་ཁྱབ་བྱེད་དོ། །དེ་ལ་ཐུང་ངུའི་ ནང་གི་ཨ་ཨི་ར་ཨུ་ལ་ནི་རྩ་བ་རང་བྱུང་གི་ཡི་གེ་ལྔ་ཐབས་ཀྱི་ཕྱོགས་ཡིན་ཅིང༌། དེ་དག་རིང་ པོ་ལྔ་ཡང་རང་བྱུང་གི་ཡི་གེ་ཤེས་རབ་ཀྱི་ཕྱོགས་སོ། །འདི་རྣམས་རང་བྱུང་ཞེས་པ་ཕྱི་ལྟར་ ན་ཡི་གེ་གཞན་གྱི་རྣམ་འགྱུར་མ་ཡིན་གདོད་མའི་ཡི་གེ་ཡིན་པའོ། །ལྷག་མ་གཞན་རྣམས་ ཐམས་ཅད་ཡི་གེ་ལྔ་པོ་འདི་དག་གི་རྣམ་འགྱུར་ཡིན་ཏེ། ཨ་ཨེ་ཨར་ཨོ་ཨལ་རྣམས་ཡི་གེ་ ལྔའི་ཡོན་ཏན་དང༌། ཨཱལ་ཨཽ་ཨཱར་ཨི་ཨཱ་རྣམས་རྩ་བའི་ཡི་གེ་ལྔའི་འཕེལ་བ་ཡིན་ལ། ཧ་ཡ་ ར་ཝ་ལ་རིང་ཐུང་གཉིས་རྩ་བའི་ཡི་གེ་ལྔའི་ཡ་ཎར་བསྒྱུར་བ་ཡིན་པ་ལས། སཾ་པྲ་ས་ར་ཎའི་ སྐབས་སུ་སླར་ཡང་ཨ་ཨི་ར་ཨུ་ལིར་ལྡོག་འགྲོ་བའི་སྐབས་ཀྱང་ཡོད་པས། དེ་རྣམས་རྣམ་ འགྱུར་ལས་ཀྱང་རྣམ་འགྱུར་རོ། །སྒྲའི་གཞུང་རྣམས་ལས་ཨ་ཐུང་ངུ་ཡོན་ཏན་དུ་བཤད་པ་ མེད་ཀྱང༌། འདིར་ནི་ནང་དོན་ལ་སྦྱར་བ་ཡིན་པས་དགོས་སོ། །དེ་ལ་དབྱངས་ཐུང་ངུ་རྣམས་ ནང་དུ་གཡོན་སྐོར་དང༌། དབྱངས་རིང་པོ་རྣམས་ཕྱི་རུ་གཡས་སྐོར་དུ་འགོད་ཅིང༌། ཨཾ་དང་ ཨཿཕྲད་ཅིང་གཞན་གོ་རིམ་ཡང་ཐུང་ངུ་རྣམས་ཨ་ཨི་སོགས་ནས་འགོ་བརྩམས་ཤིང༌། རིང་ པོ་རྣམས་ལཱ་ཝཱ་སོགས་ནས་འགོ་བརྩམས་པས་རིང་ཐུང་གི་ཡི་གེ་བྲང་སྤྲད་དུ་འོང༌། དེ་ལྟར་ ཐོག་མར་ཟླ་བ་བསྐྱེད་ནས། སླར་ཡང་གདན་དང་ཟླ་བའི་བར་དུ་ཉི་མ་བསྐྱེད་དེ། ལླ་ཝྺ་ སོགས་བརྩེགས་མའི་ཡི་གེ་རྣམས་ནང་དུ་གཡས་སྐོར་གྱི་རིམ་པ་དང༌། ང་གྷ་ག་སོགས་ཐུང་ངུ་ རྣམས་ཕྱི་ནས་གཡོན་སྐོར་གྱི་རིམ་པས་འགོད་དེ་འདི་ནི་དུས་འཁོར་ཉིད་ལ་ཡོངས་སུ་གྲགས་ པའི་གསལ་བྱེད་སྡེ་ཚན་དྲུག་ལ་ཡི་གེ་སུམ་ཅུ་ཡོད་པའི་སྟེང་དུ། ཡ་ཎར་བསྒྱུར་བ་མ་ཡིན་ 3-1-189 པའི་ལ་ཡིག་སོགས་ལ་སྡེ་དཀྱུས་མ་བསྣན་པས་སོ་ལྔ་བྱུང༌། ལ་སྡེ་ལྷག་པོ་ལ་རྒྱུད་འདིར་ལ་ ཝ་ར་ཡ་ཀྵཿགསུངས་པའང་ཡོད་མོད་ཀྱི། དེའི་དོད་དུ་སྐབས་འདིར་རྒྱུད་སྡེ་སྤྱི་འགྲོས་དང་ མཐུན་པར་ལ་ཝ་ཡ་ཌ་ཌྷ་བསྣན་པའོ། །དེ་ལ་ལ་སྡེ་བོར་བ་སྡེ་ཚན་དྲུག་འབྱུང་བ་ནི། འབྱུང་ ཆེན་ཁམས་དྲུག་གི་དབང་དུ་བྱས་ལ། ནང་ཚན་ལྔ་ལྔ་འབྱུང་བ་ནི། རེ་རེ་བཞིན་འབྱུང་ཆུང་ ལྔ་ལྔ་ཡོད་པའོ། །ལ་ཝ་ར་ཡ་ཧ་ལ་འབྱུང་བ་ཆེ་ཆུང་གི་དབྱེ་བ་མི་བརྩི་བར་དེ་ཐམས་ཅད་ལ་ འཇུག་ཏུ་རུང་བའི་རྩ་བའི་འབྱུང་བ་ལྔ་ཡིན་ཅིང༌། འདིར་ལ་སོགས་ལྷག་པོ་ལྔ་བྱུང་བ་ཡང༌། སྤྱིར་གསལ་བྱེད་བརྒྱད་ཅུའི་གྲངས་སྒྲིག་པའི་ཕྱིར་ཡིན་ཡང༌། ཌ་ནི་ར་དང་མཚུངས་ཏེ་ལ་ ཝ་ར་ཡ་ཀྵཿདང་དོན་གཅིག་པས་རྩ་བའི་འབྱུང་བ་ལྔ་ལ་ཡང་ཡུལ་དང་ཡུལ་ཅན་གྱི་དབྱེ་བ་ གཉིས་ཡོད་དེ། ལ་ཝ་ར་ཡ་ཧ་ཡུལ་ཅན་དང༌། ལ་ཝ་ར་ཡ་ཀྵཿནི་ཡུལ་ལོ། ། དེ་ཡང་ལ་ཝ་ར་ཡ་བཞི་པོ་ནི། ཀུན་ཁྱབ་ཡིན་པའི་མཚོན་དོན་སྡེ་བ་དྲུག་གི་ཡི་གེ་ཀུན་ ལ་འདོགས་འབྲེལ་གྱི་ཚུལ་གྱིས་འཇུག་ཅིང༌། སྤྱིར་ཡི་གེ་གང་དང་གང་ལ་གནས་སྐབས་དེ་ དང་དེར་བརྩེགས་པའི་ཡི་གེ་ནི་ཐམས་ཅད་ལ་འབྱུང་མོད་ཀྱི། གཞན་རྣམས་བརྩེགས་པ་ཙམ་ ཡིན་གྱི་འདོགས་འབྲེལ་མ་ཡིན་ནོ། ཧ་ཀྵཿའདོགས་འབྲེལ་མ་ཡིན་ཀྱང༌། ཧ་ནི་ཡི་གེ་ཀུན་གྱི་ སྒྲའི་མཐའ་ལ་འཇུག་པ་དང༌། ཀྵཿནི་འཇིག་རྟེན་དུ་ཀློག་པའི་གསལ་བྱེད་ཉི་ཚེ་བ་ཀུན་གྱི་ ཐོག་མཐའ་བསྡོམས་པ་ཡིན་པས་འཇུག་པ་མཚོན་ཅིང༌། ཧ་ནི་ནམ་མཁའ་དང་ཀྵཿནི་ཡེ་ཤེས་ སོ། །དེ་ལ་དབྱངས་ཀྱི་སྐབས་སུ་རིང་ཐུང་གཉིས་ཐབས་ཤེས་དང༌། གསལ་བྱེད་ཀྱི་སྐབས་ སུའང་སྤྱིར་རིང་ཐུང་གི་དབྱེ་བ་ཤེས་རབ་དང་ཐབས་སུ་སྦྱོར་མོད་ཀྱི། སྐབས་འདིར་རིང་པོའི་ དོད་དུ་གསལ་བྱེད་བརྩེགས་མ་ཤེས་རབ་ཏུ་མཛད་པ་ནི། རིང་ཐུང་དངོས་ནི་དབྱངས་ཀྱི་རབ་ ཏུ་ཕྱེ་བ་ཡིན་གྱི། གསལ་བྱེད་ཀྱི་སྒོ་ནས་སྟོབས་ལྷག་པོར་མ་སོང་ལ། གསལ་བྱེད་ཉིད་ཉིས་ འགྱུར་བྱས་ན་དེར་སོང་བས་སོ། ། 3-1-190 དེ་ལ་དབྱངས་ནི་ཐུང་ངུ་ཐབས་གཙོ་བོ་ཡིན་པས་ཐུང་ངུ་ནང་དང་རིང་པོ་ཕྱི་རོལ་ཏུ་ འགོད། གསལ་བྱེད་ནི་ཉིས་བརྩེགས་ཤེས་རབ་གཙོ་བོ་ཡིན་པས། དེ་ནང་དུ་འགོད་ཅིང་རྐྱང་ པ་ཕྱི་རོལ་ཏུ་འགོད་པ་ཡིན་ནོ། །དེ་ལྟར་ན་ཐོག་མར་གདན་ལ་མ་རེག་ཙམ་གྱི་ནམ་མཁའ་ ལ་དབྱངས་སྐོར་བ་རིམ་པ་གཉིས་པོ་དེ་བསྒོམ། དེ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར། དེའི་སྟེང་དུ་སྔར་བཞིན་དབྱངས་ཀྱི་ཡི་གེ་སྐོར་གཉིས་པོ་དེ། མེ་ལོང་ལ་གཟུགས་བརྙན་ཤར་ བ་ལྟ་བུའི་ཚུལ་ལམ། དེ་ལྟར་སྒོམ་མི་བདེ་ན་འབུར་དོད་དུ་བསྒོམ། དེ་རྗེས་ཟླ་བ་དང་གདན་ གྱི་བར་དུ་གསལ་བྱེད་སྐོར་གཉིས་དང༌། དེ་ཞུ་བ་ལས་ཉི་མ་དང༌། དེ་ལ་གསལ་བྱེད་ཀྱིས་ མཚན་པ་ཡང་སྔ་མས་རིགས་བསྒྲེས་ཏེ་བསྒོམ། དེ་ནས་ཟླ་བའི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ འོད་འབར་བ་ཆེན་པོ་ཞིག་བསྒོམ་སྟེ། དེ་ཡང་རྒྱུད་དུ། རྡོ་རྗེ་དང་བཅས་ཞེས་པའི་དོན་ཡིན་ ཏེ། འདིར་རྒྱུད་ལས་རྡོ་རྗེ་ཞེས་གསུངས་པའི་དོན་འཆད་པ་ན། འགྲེལ་པར་ཉི་མའི་སྟེང་དུ་ ཟླ་བའོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་ཟླ་བའི་མཚན་མ་ལྟ་བུའོ། ཞེས་རྡོ་རྗེའི་འབྲུ་གནོན་ཧཱུཾ་ལ་ གསུངས་པས། གཞུང་གི་ཚིག་དོན་ལ་ཕྱག་མཚན་རྡོ་རྗེ་གསལ་བར་གསུངས་པ་མེད་པར་ གྲུབ། རྒྱུད་ལས། དངོས་སུ་གསུངས་པས་རྡོ་རྗེ་བསྒོམ་ཟེར་བ་ནི་སྤྱན་རས་གཟིགས་ལས་ ཀྱང་མཁས་པར་ཁས་ལེན་པའོ། །དེ་ནས་ཧཱུཾ་དེ་རིམ་གྱིས་ཞབས་ཀྱུ་ནས་བརྩམས་ཏེ་ཟླ་བའི་ དབུས་སུ་ཞུགས་ཏེ། དེ་མ་ཐག་ཟླ་བ་ཡང་ཉི་མ་ལ་འདྲེས། ཉི་ཟླ་ཧཱུཾ་གསུམ་གཅིག་ཏུ་འདྲེས་ པའི་འོད་ཀྱི་གོང་བུ་ཁ་དོག་སྣ་ཚོགས་པའི་བདག་ཉིད་ཅན། དེའི་ནང་སྟེང་གི་ཆ་ལ་ཧི་ཡིག་ ནག་པོ་འོད་ཟེར་སྣ་ཚོགས་པ་འབར་བར་བསྒོམས་ཏེ་གཅིག་ཏུ་འདྲེས་པའི་སྐབས་འདིར་ པཎྜི་ཏ་དུས་འཁོར་པས་མཛད་པའི་གཞུང་གཅིག་ནའང་རྡོ་རྗེ་ཕཊ་ཀྱིས་མཚན་པར་བཤད་ ཅིང༌། གསུང་སྒྲོས་འོད་ཟེར་འཕྲེང་བ་ལས་ཀྱང༌། གཅིག་ཏུ་འདྲེས་པ་རྡོ་རྗེར་གྱུར་པའི་རྩེ་ མོ་ལ་ཧི་དང༌། ལྟེ་བ་ལ་ཕཊ་ཀྱིས་མཚན་པ་བསྒོམ་ད་དུང་འདིའི་མན་ངག་ཞལ་ལས་ཤེས་ 3-1-191 ཞེས་གསུངས་ཤིང༌། དེའི་མན་ངག་ཀྱང་མཁས་པ་ནམ་མཁའ་འོད་ཟེར་གྱིས་བྲིས་པ་ལས་ ཧི་ནི་སྲོག་གི་རླུང་དང་ཕཊ་ནི་ཐུར་སེལ་ཡིན་ཅིང༌། ཐུར་སེལ་གྱི་ནུས་པས་ཐིག་ལེ་སྤྲོ་བ་དང་ འཆིང་བ་གཉིས་ཀར་བྱེད་པ་བཞིན་ལྷའི་རྣལ་འབྱོར་ལ་འབྲས་བུ་ལྷར་བསྐྱེད་པའི་སྐབས་ ཐིག་ལེ་ལས་ལྷ་ཚོགས་སྤྲོ་བ་དང༌། དགའ་བཞི་ལུགས་འབྱུང་ལུགས་ཟློག་གི་ཡེ་ཤེས་སྒྲུབ་པ་ ལ། རྒྱུ་མངོན་བྱང་དང་པོ་བཞིའི་སྐབས་འདིར་ཐུར་སེལ་མཚོན་བྱེད་ཕཊ་ཡིག་བསྒོམ་དགོས་ པ་དང༌། དཀར་དམར་རླུང་གསུམ་གོང་བུ་ལོགས་ལོགས་སུ་གནས་ན་འདྲེ་བའི་བྱ་བ་མི་ འགྲུབ་པས་རེ་རེ་བཞིན་རྡུལ་དུ་གསིལ་ནས་གཅིག་ཏུ་སྦོལ་བ་ཡིན་པས། ཕཊ་ནི་གོང་བུ་སོ་ སོ་བཤིག་སྟེ་གསིལ་བའི་དོན་ཡང་ཡིན་ཞེས་འབྱུང་ངོ༌། །འོན་ཀྱང་དུས་འཁོར་ཉིད་ཀྱི་བསྐྱེད་ རིམ་གྱི་སྐབས་འགྲེལ་ཆེན་གྱི་རྒྱས་བཤད་འདི་དག་ཏུ་མ་གསུངས་པས། དཀྱུས་སུ་འབྱུང་བ་ རྒྱུད་འགྲེལ་གྱིས་དངོས་བསྟན་འདི་ཁོ་ནས་ཆོག་ལ། དེ་ལྟ་མོད་ཀྱི་གསུང་སྒྲོས་དེ་དག་ཀྱང་ བླ་མའི་མན་ངག་མ་ནོར་བ་ནི་ཡིན་ཅིང༌། ཇི་སྐད་དུ། ཨཱ་ལི་ཀཱ་ལི་སྙོམས་འཇུག་དང༌། །ཧཱུཾ་ ཕཊ་ཡི་གེ་སོགས་སྤངས་ཀྱང༌། ཞེས་པ་དང༌། དགྱེས་རྡོར་ལས། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ་ སོགས་ཀྱི་དོན། སེམས་འགྲེལ་རྣམས་ཀྱིས་སྐྱེ་རིམ་སྐབས་སུ་བཀྲལ་བ་ཡང་དེ་དང་མཚུངས་ ཏེ། བསྐྱེད་རིམ་གྱི་ལྷ་བསྐྱེད་པའི་རྒྱུ་མངོན་བྱང་གི་སྐབས་སུ་ཕཊ་ཡིག་དགོས་པ་གཅིག་ ཀྱང་གསུངས་པ་དེར་སྣང་བས། དེ་ལྟར་སྒོམ་པ་ལ་རྒྱུད་འགྲེལ་དང་མི་མཐུན་པའི་སྐུར་པ་ གདབ་པར་མི་བྱ་སྟེ། སྤྱི་ལྡོག་ནས་འདམ་ཁ་ཡིན་མོད། ལག་ལེན་ལ་སྐབས་འདི་དག་གི་རྒྱུད་ འགྲེལ་དངོས་བསྟན་བཞིན་དུ་མཛད་དོ། །དེ་ལྟར་ན་ཟླ་བ་ལས་བྱང་ཆུབ་པ་དང༌། ཉི་མ་ལས་ བྱང་ཆུབ་པ་དང༌། ཡི་གེ་ལས་བྱང་ཆུབ་པ་དང༌། གཅིག་ཏུ་འདྲེས་པ་ལས་བྱང་ཆུབ་པ་ཞེས་ པའམ། མེ་ལོང་ཡེ་ཤེས་ལས་བྱང་ཆུབ་པ་ཞེས་སོགས་བཞི་པོའི་ཐ་སྙད་སྦྱར་ཀྱང་རུང་ངོ༌། ། སྐབས་འདིར་ཁ་ཅིག་རྒྱུད་ལས་གསུངས་པའི་ཕྱིར་ཕྱག་མཚན་རྡོ་རྗེ་ངེས་པར་དགོས་ཟེར་བ་ 3-1-192 ནི། གོང་དུ་བཤད་པ་ལྟར་རྒྱུད་ཚིག་ལ་གོ་བ་མ་ཐེབས་པར་སྣང་ཞིང༌། ཡང་འདི་སྐད་ཅེས། ས་བོན་ཕྱག་མཚན་མངོན་བྱང་གཅིག་ཏུ་བྱེད་པ་ཡང་མི་རུང་སྟེ། དེ་གཉིས་བྱང་ཆུབ་སོ་སོར་ བརྩི་བ་ལས། མངོན་བྱང་གཅིག་ཏུ་རྩི་བ་གང་ནའང་མེད་པས་སོ་ཟེར་བ་ནི། འཕགས་སྐོར་ ཁོ་ན་ལས། གཞན་གང་ལའང་བློ་གྲོས་མ་ཞུགས་པ་སྟེ། དགྱེས་རྡོར་དང༌། གཤིན་རྗེ་གཤེད་ དང༌། གསང་འདུས་ཉིད་ཀྱིའང་ཡེ་ཤེས་ཞབས་ལུགས་སོགས་མང་པོ་ལ་ལེགས་པར་བལྟ་ བར་བྱའོ།། །། དེ་ནས་མངོན་བྱང་ལྔ་པ་ནི། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པའམ། ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པ་ཞེས་བྱ་སྟེ། དེ་ཡང་རྟག་ཏུ་ཟུང་འཇུག་གི་མཚན་ཉིད་ ཅན་དུ་གནས་པ་མཚོན་པའི་ཕྱིར་ན། རྒྱུའི་གནས་སྐབས་སུ་ས་བོན་ཕྱག་མཚན་སོགས་སོ་ སོར་མི་བྱེད་པར་རྒྱུ་མངོན་བྱང་དང་པོ་བཞི་ཚན་ཆ་གཅིག་པོ་དེ་ལས་འབྲས་བུ་ཡབ་ཡུམ་ གཉིས་ཀར་རྫོགས་པ་ཡིན་ནོ། །དེ་ཡང་སྐུ་རྫོགས་པ་དང་ལྷན་ཅིག་ཧཾ་ཡིག་གི་སྒྲ་གཟུགས་ དང་བཅས་པ་སྟེ། ཧཾ་ཡིག་ནི་རྡོ་རྗེ་སེམས་དཔའི་ས་བོན་ཡིན་ལ། ཐུགས་ཀའམ་གཙུག་ཏོར་ གང་རུང་དུ་སྒོམ་པ་འདམ་ཁ་ཡིན་ནའང༌། གཙུག་ཏོར་དུ་སྒོམ་པ་གཙོ་ཆེའོ། །ཧཾ་ཡིག་དེ་ཉིད་ ལ་རྒྱུ་མངོན་བྱང་བཞི་ཀར་གྱི་དོན་ཚང་སྟེ། ཐིག་ལེ་ནི་ཟླ་བ། སྟེང་གི་ཆ་ཟླ་ཕྱེད་དུ་གྲགས་ པ་ནི་རྣམ་བཅད་ཡིན་པས་ཉི་མ། ཧཾ་ཡིག་ནི་གཞོམ་དུ་མེད་པའི་རླུང༌། ཨ་ཡིག་ནི་སྲོག་སྟེ་ རྣམ་པར་ཤེས་པའོ། །ཁ་ཅིག་གཞོམ་མེད་དང་སྲོག་གི་ཁྱད་པར་གདངས་སུ་ཐོན་པ་དང་མ་ ཐོན་པའི་ཁྱད་པར་མ་གཏོགས། རླུང་ཁོ་ནའོ་ཞེས་ཀྱང་འཆད་དེ། དེ་ལྟར་ན་བྱང་ཆུབ་རྣམ་ པ་གསུམ་གྱི་དོན་ལས་མེད་པར་འགྱུར་བས་མི་འཐད་དོ། །འདིར་ཡང་འདི་སྙམ་དུ་གཞན་ མང་པོ་ལས་འབྱུང་བ་ལྟར་གཅིག་ཏུ་འདྲེས་པ་ལས་ལྷར་བཞེངས་བཞིན་པ་མངོན་བྱང་ལྔ་ པ་སྟེ། མངོན་བྱང་ལྔ་པོ་རྒྱུ་དང༌། བཞེངས་ཟིན་པ་ནི་མངོན་བྱང་གི་འབྲས་བུ་སྟེ། མངོན་ 3-1-193 བྱང་ལས་དོན་ཚན་ལོགས་པར་ཕྱེ་བ་རུང་བ་མ་ཡིན་ནམ་ཞེ་ན། འདིར་དེ་ལྟར་མི་འཐད་དེ་ དཀྱིལ་འཁོར་ཡོངས་རྫོགས་སྤྲོས་ཟིན་པའི་རྗེས་སུ་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས་ ཡེ་ཤེས་ཀྱི་ང་རྒྱལ་འཛིན་པ་ཡོད་ཅིང༌། དེ་ཉིད་མངོན་བྱང་ལྔ་པའི་ང་རྒྱལ་འཛིན་པ་ཡིན་པས་ དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ཚོགས་ཐམས་ཅད་སྤྲོས་མ་ཟིན་གྱི་བར་དུ་མངོན་བྱང་ལྔ་པ་ ཉིད་ཡིན་ནོ། །དེ་ནས་ལྷ་རྣམས་གསལ་འདེབས་པ་ལ་བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་ ཞེས་པ་ནས། དཔག་བསམ་གྱི་ཤིང་སེར་པོ་རྣམས་སུ་གྱུར་ཞེས་པའི་བར་མངོན་རྟོགས་དེ་ སྟོན་བྱེད་ཀྱི་རྒྱུད་འགྲེལ་རྣམས་ཕལ་ཆེར་ནི་གོ་བླ་ལ། དཀའ་བ་རྣམས་ཅུང་ཟད་བཤད་ན། ཕྲག་པ་དྲུག་ཅེས་པ་མགྲིན་པའི་འོག་མཚམས་སྦོམ་ཤོས་ཀྱི་ཐད་ནས། དཔུང་པའི་ཚིགས་ ཀྱི་མཚམས་ཚུན་ཆད་མིའི་ལུས་ལྟར་ན། རྒྱབ་ཏུ་སོག་པ་དང་མདུན་དུ་སྒྲོག་རུས་ཡོད་པའི་ ཐད་སོར་དྲུག་ཙམ་གྱི་དཀྱུས་དེ་ཕྲག་པ་ཞེས་བྱ་སྟེ། དེ་ཡང་གཡས་སུ་མདུན་རྒྱབ་ཏུ་རིམ་པ་ གསུམ་དང༌། གཡོན་དུའང་དེ་བཞིན་ཡིན་པས། རྒྱུད་འགྲེལ་དུ་མདུན་མ་གཉིས་ལ་ཤར་ དང༌། རྒྱབ་མ་གཉིས་ལ་ནུབ་དང༌། དབུས་མ་གཉིས་ལ་གཡས་གཡོན་གྱི་ཐ་སྙད་མཛད་དོ། ། དཔུང་པ་བཅུ་གཉིས་པ་ཞེས་པ་ནི། དཔུང་པའི་ཚིགས་མཚམས་ནས་གྲུ་མོའི་བར་གྱི་ བར་ལྷུ་ལ་དཔུང་པ་ཞེས་བྱ་སྟེ། ཕྲག་པ་རེ་ལས་དཔུང་པ་གཉིས་གཉིས་གྱེས་པས་གཡས་ གཡོན་དུ་དྲུག་དྲུག་སྟེ་བཅུ་གཉིས་སོ། །གྲུ་མོའི་མཚམས་ནས་བར་ལྷུ་རེ་ལས་ཕྱག་ངར་ གཉིས་གཉིས་གྱེས་པ་སྟེ། ཕྱག་ཉི་ཤུ་རྩ་བཞི་ཡིན་ལ། དེ་ལྟར་ན་གཡས་དང་གཡོན་དུ་ཕྲག་ པ་མདུན་མ་གཅིག་ལས་དཔུང་པ་གཉིས། ཕྱག་ངར་ཕྱག་མགོ་དང་བཅས་པ་བཞི་བྱུང་སྟེ་དེ་ རྣམས་ཐམས་ཅད་ནག་པོའོ། །ཕྲག་པ་བར་མ་ལ་ཡང་དེ་བཞིན་དུ་བྱུང་སྟེ་ཐམས་ཅད་དམར་ པོའོ། །ཐ་མ་ལ་ཡང་སྟེ་ཐམས་ཅད་དཀར་པོའོ། །འདིར་སྐུ་མདོག་ནི་གཞན་དག་སྐུ་ལུས་སྔོ་ལ་ ཞལ་རས་གནག་ཟེར་བ་སོགས་དང༌། སྐུ་ལུས་ནག་པོར་བྱས་ན་གསད་བསྐྲད་ཀྱི་ལས་འབའ་ 3-1-194 ཞིག་པར་འགྱུར་ཟེར་བ་དང༌། སྐུ་མདོག་སྔོན་པོ་དང་ཞལ་རས་ནག་པོར་གཞུང་ནས་བཤད་ ཟེར་བ་དང༌། རྒྱ་གཞུང་འགའ་ཞིག་ལས་སྐུ་ལུས་ཕྱོགས་མདོག་ཏུ་བྱེད་པ་དང༌། བོད་ཀྱི་བླ་ མ་འགའ་ཞིག་ཀྱང་སྐུ་མདོག་ལྗང་ཁུར་བཞེད་དོ་ཞེས་གྲགས་ན། ཕྱི་མ་གཉིས་པོ་དཀྱིལ་ འཁོར་འདི་ལ་འཐད་པ་མིན་ཞིང་ཀུན་ཏུ་གྲགས་པ་དང་འགལ་ཡང་དེང་སང་རྗེས་འབྲང་ མེད་ལ། སྔོན་པོ་དང་ནག་པོའི་ཁྱད་པར་བཤད་ན། སྤྱིར་གྲགས་ཚོད་ལ་དཔལ་ལྡན་དུས་ ཀྱི་འཁོར་ལོའི་ལུགས་ལ། སྔོན་པོ་དང་ནག་པོ་དག་བྱ་དག་བྱེད་ཀྱང་ཐ་དད་ལས་སྒྲུབ་ཚུལ་ ཀྱང་ཐ་དད་པས་ཁྱད་ཆེར་ཡོད་ལ། རྒྱུད་སྡེ་གཞན་ལས་ནི་དེ་གཉིས་ཕལ་ཆེར་མཚུངས་པར་ བཤད་དོ་ཞེས་ཟེར་ན། ཕྱོགས་གཅིག་ནས་དོན་ལ་གནས་པའང་ཡིན་མོད། མཐའ་གཅིག་ ཏུ་མ་ཡིན་ཏེ། རྣལ་འབྱོར་རྒྱུད་སོགས་ལ་མི་བསྐྱོད་པ་སྔོན་པོར་དགོས་ཀྱི་བུང་པའི་མདོག་ཏུ་ མི་རུང་བ་སོགས་རྒྱུད་སྡེ་གཞན་ལས་ཀྱང་སྔོ་ནག་ཐ་དད་པའི་སྐབས་མང་ཞིང༌། རྒྱུད་འདིར་ ནི་ཁྱབ་བྱ་ཉེ་ཚེ་བ་ཁམས་དྲུག་གི་དབང་དུ་བྱས་ན། ནག་པོ་རླུང་ཁམས་བསད་བསྐྲད་གཙོ་བོ་ དང༌། སྔོན་པོ་ཡེ་ཤེས་ཀྱི་ཁམས་ལས་ཐམས་ཅད་པའམ། བསད་གསོ་གཉིས་ཀ་སྒྲུབ་ཅེས་ འབྱུང་བས་ཁམས་དྲུག་གི་དབང་དུ་བྱས་ན་ཤིན་ཏུ་ཐ་དད་ལ། ཁྱབ་བྱེད་རྡོ་རྗེ་བཞིའི་དབང་ དུ་བྱས་ན་སྔོ་ནག་རིགས་གཅིག་པས་སྐུ་མདོག་གི་སྐབས་སུ་འདི་ལྟར་སྐུ་སྔོན་པོ་སྟེ་ཞེས་སྐུ་ ལུས་མ་གཞི་སྔོན་པོར་བཤད་པ་དང༌། ཕྱག་དང་སོར་མོ་སོགས་ཀྱི་སྐབས་ནག་པོར་བཤད་ པ་དང༌། གཞན་མང་པོར་མཐོན་མཐིང་ཞེས་གསུངས་པ་རྣམས་དོན་གཅིག་ཅིང་ཤར་གྱི་ཞལ་ ནག་པོ་མཆེ་བ་གཙིགས་པ་དྲག་པོ་དང་ཞེས་གསུངས་པ། སྣ་ཚོགས་ཡུམ་སེར་མོའི་ཐབས་ སུ་དགོས་པས་སྔོན་པོ་མ་ཡིན་སྙམ་ན། འདིར་སྔོ་ནག་གཅིག་ཏུ་དགོངས་པས་དེ་ཐམས་ཅད་ འདྲའོ། །གཞན་ཡང་རི་རབ་ཀྱི་ཤར་ཕྱོགས་ནག་པོའི་དོན་ལ་ཨིནྡྲ་ནཱི་ལའི་རང་བཞིན་དུ་ གསུངས་པ་ཡང་སྔོ་ནག་གཅིག་པའི་དབང་དུ་མཛད་པ་སྟེ། ནོར་བུ་ཨིནྡྲ་ནཱི་ལ་མཐིང་མདོག་ 3-1-195 ཏུ་ཡོད་ཀྱི། སྣག་ཚའི་ཁ་དོག་ཏུ་ནམ་ཡང་མེད་ལ། རི་རབ་ཀྱི་ཤར་ཕྱོགས་ཀྱང་རླུང་ཁམས་ མཚོན་བྱེད་ནག་པོའི་དབང་དུ་མཛད་ཀྱི། ཡེ་ཤེས་ཀྱི་ཁམས་ཀྱི་སྔོན་པོ་མ་ཡིན་ཏེ། ཡིན་ན་ དབུས་སམ་འོག་གི་ཁ་དོག་ཏུ་རིགས་ཀྱི། ཤར་དུ་མི་རིགས་པའི་ཕྱིར་དང༌། ཕྱོགས་གཞན་ གྱི་ཟླ་སྟོབས་ལས་ཀྱང་ཤེས་སོ། །དེས་ན་གཙོ་བོའི་སྐུའི་ཆ་ཤས་ཀྱི་སྐུ་ལུས་ཞལ་རས་དཔུང་ པ་ཕྲག་པ་སོགས་སྔོན་པོ་དང་ནག་པོར་བཤད་པ་རྣམས་སྔོ་ན་སྔོ་མཉམ་དང༌། ནག་ན་ནག་ མཉམ་ཡིན་གྱི་ཁ་དོག་སོ་སོ་མ་ཡིན་ནོ། །འགྲེལ་ཆེན་ལས། སྐུ་མདོག་གི་སྐབས་འདིར་དེ་ ལ་དཀར་པོ་དང་ནག་པོའི་ཆོས་ཅན་ནི་ཟླ་བ་སྟེ། དམར་པོ་དང་སེར་པོའི་ཆོས་ཅན་ནི་ཉི་མའོ། ། ཞེས་གསུངས་པས་ཟླ་བའི་ཆོས་ལས་ཡབ་སྐུ་མདོག་ནག་པོ་ཐུགས་རྡོ་རྗེ་རྣམ་པར་དག་པ་ དང༌། ཉི་མའི་ཆོས་ལས་ཡུམ་སྐུ་མདོག་སེར་མོ་ཡེ་ཤེས་རྡོ་རྗེ་མཚོན་པ་སྟེ། རླུང་དང་ས་མཚོན་ པའི་སེར་པོ་དང་ནག་པོ་མ་ཡིན་ལ། ཚིག་དེ་ཡང་མངོན་བྱང་གི་ཉི་ཟླ་ལས་གཙོ་ཆེ་ཆུང་གི་ དབང་དུ་བྱས་ནས། ལྷ་ཡབ་ཡུམ་སོ་སོར་བྱུང་ཚུལ་ལོ། །དེས་ན་སྐུ་མདོག་སྔོན་པོར་བྱེད་ཀྱང་ ཐུགས་མཚོན་བྱེད་ཉིད་ཡིན་གྱི། ཁྱབ་བྱ་ཉེ་ཚེ་བའི་ཡེ་ཤེས་ཀྱི་ཁམས་མཚོན་པ་མིན་ནོ། །ཁ་ ཅིག་ཐབས་ཀྱི་སྐུ་ཆུ་ཁམས་དཀར་པོ་དང༌། གསུང་རླུང་ཁམས་ནག་པོ་བསྲེས་པས་ཐུགས་ རྡོ་རྗེ་སྔོན་པོ་ནི་ཡབ་དང༌། ཤེས་རབ་ཀྱི་སྐུ་ས་དང་གསུང་མེ་བསྲེས་པས་ཐུགས་རྡོ་རྗེ་དམར་ སེར་ནི་ཡུམ་མོ་ཞེས་ཟེར་ཡང༌། སྔོན་པོའི་རྒྱུར་དཀར་ནག་བསྲེ་དགོས་པའི་རྒྱུ་མཚན་མེད་པ་ དང༌། སྣ་ཚོགས་ཡུམ་གསེར་མདོག་ཏུ་གསུངས་པས། དམར་སེར་ལི་ཁྲིའི་ཁ་དོག་ཏུ་བྱེད་པ་ མངོན་སུམ་དུ་འགལ་བ་དང༌། རྒྱུད་འདིར་གསེར་མདོག་ཏུ་གསུངས་པ་གཞན་ཐམས་ཅད་ ཀྱང་སེར་པོ་ཁོ་ན་ཡིན་པ་དང༌། སྔོན་པོའི་རྒྱུར་དཀར་ནག་བསྲེས་པ་མི་དགོས་ཤིང༌། བསྲེས་ ཀྱང་སྔོན་པོར་འགྱུར་བར་མ་ངེས་པའི་ཕྱིར་དང༌། ཡབ་ཡུམ་ནི་ཁྱབ་བྱེད་ཀྱི་ལྷ་ཡིན་པས། ཉེ་ ཚེ་བའི་འབྱུང་བ་ལ་སྦྱོར་རྒྱུ་མ་ཡིན་པ་དང༌། ས་ཆུ་སྐུ་དང་མེ་རླུང་གསུང་ལ་སྦྱོར་བའི་ལུགས་ 3-1-196 ལ། ཐུགས་དང་མཁའ་ཡེ་གཉིས་སྦྱོར་དགོས་པས། ཡབ་ལྗང་ཁུ་དང་ཡུམ་སྔོན་མོར་ཐལ་ བར་འགྱུར་གྱི། ཡབ་སྔོན་པོ་དང་ཡུམ་གུར་གུམ་མདོག་གང་ནས་རྙེད། ལུས་ངག་འདྲེས་པ་ ལས་ཡིད་འབྱུང་བའི་རྒྱུ་མཚན་ཡང་བརྟག་པར་དཀའོ། །མཆེ་བ་ཕྱེད་གཙིགས་པ་ཞེས་པ་ནི། ཕྱེད་ཀ་ལྷག་མ་སྦས་པའི་དོན་མ་ཡིན་ཏེ། ཁྲོ་བོ་སྲིན་པོའི་ལུས་ཅན་རྣམས་ཀྱི་མཆེ་བའི་སྦོམ་ ཕྲ་དང་དཀྱུས་ཀྱི་ཆ་ལས་ཕྱེད་ཙམ་གྱི་ཚད་ཡོད་པའི་དོན་ནོ། །དེ་ལ་རྩ་ཞལ་ཞེ་སྡང་གི་ཉམས་ ཅན་དང༌། གཡས་དམར་པོ་འཛུམ་ཞིང་ཟུར་མིག་སོགས་ཆགས་པའི་ཉམས་དང༌། གཡོན་ནི་ ཞི་བ་སྟེ་ཁྲོ་ཆགས་གཉིས་ཀར་མེད་པར་རྣལ་དུ་གནས་པའི་ཉམས་དང༌། རྒྱབ་ཞལ་ནི་ཤིན་ཏུ་ ཞི་བ་མཉམ་གཞག་ལ་གནས་པའི་ཉམས་སུ་གསུངས་ཏེ། འོན་ཀྱང་ཐམས་ཅད་མཆེ་བ་ཕྱེད་ གཙིགས་པར་བཤད་པས་ཁྲོ་ཉམས་ཅུང་ཟད་ནི་ཀུན་ལ་ཡོད་པར་མངོན་ནོ། །ཕྱག་སོར་རེ་རེ་ བཞིན་ཡོངས་སུ་རྫོགས་པ། མཐེ་བོང་སེར་པོ་སོགས་འབྱུང་བ་སོ་སོའི་ཁ་དོག་ཏུ་བྱ་བའམ། ཡང་ན་ཕྱག་སོར་གྱི་མདུན་རྣམས་ཕྱག་མཐིལ་དང་མཚུངས་པར་དམར་པོའི་ཞེས་འདོད་ཀྱང་ སྔ་མ་ལྟར་ལེགས་སོ། །སོར་ཚིགས་ཀྱི་ཁ་དོག་རྣམས་ཚིགས་ཁོ་ནའི་ཐད་དུ། པིར་གྱི་བྲིས་པ་ ལྟར་ཕྲ་ཁྱུར་བ་རེ་བྱ། ཁ་ཅིག་ཞབས་སོར་ལ་ཡང་འདི་དག་འདོད་དེ་བརྟག་པར་བྱའོ། ། ཕྱག་མཚན་གྱི་སྐབས་རྡོ་རྗེ་དང་དྲིལ་བུ་གཉིས་རིང་ཐུང་སྙོམས་པར་ལྷ་ཉིད་ཀྱི་རང་སོར་ བཅུ་གཉིས་པ་བྱ། མེའི་མདའ་ནི་མེའི་རང་བཞིན་ཡང་ཡིན་ལ། གྲངས་ཀྱི་བརྡ་ཚིག་གི་དབང་ དུ་བྱས་ནས་གསུམ་དུ་བྱེད། དབྱུག་པ་ནི་རྡོ་རྗེའི་དབྱུག་པ་དཀར་པོ་སྟེ་ཐོད་དབྱུགས་མ་ཡིན་ ནོ། ཁ་ཊྭཾ་ག་ཁ་རྒྱས་པ་ནི། རྩེ་མོའི་རྡོ་རྗེ་རྩེ་ལྔ་རྭ་གདེངས་པའོ། །རིན་པོ་ཆེ་ནི་རིན་པོ་ཆེ་ཟུར་ དགུ་པ་སྟེ། རང་བྱུང་གི་ཤེལ་ལྟར་རྒྱ་གཞོགས་ཀྱི་ཟུར་བརྒྱད་ལ་རྩེ་མོ་རེ་རེ་དང་དབུས་ཀྱི་ རྩེ་སྟེ་དགུའོ། །ཚངས་པའི་མགོ་བོ་པདྨས་སྤྲས་པ་ནི། མེ་ཏོག་པདྨའི་འཕྲེང་བས་སྐྲ་མཚམས་ བཅིངས་པ་སྟེ། འགྱུར་འགའ་ལས་ཕྱག་གི་པདྨ་ཚངས་མགོས་སྤྲས་པའི་དོན་དུ་བསྒྱུར་བའང་ 3-1-197 ཡོད་དེ། ཚངས་པའི་དབུ་ལ་མེ་ཏོག་གི་འཕྲེང་བས་བརྒྱན་པར། འཇིག་རྟེན་གྱི་གྲགས་པ་དང་ མཐུན་པས་སྔ་མ་ལྟར་ལེགས་ལ། མེའི་མདའ་ནི་མདའ་དམར་པོ་གསུམ་དང༌། འདིའི་པདྨའི་ འཕྲེང་བ་ཆོས་རྗེ་ཀུན་མཁྱེན་ཆེན་པོས་འཁྲུལ་སེལ་དུའང་འབྲི་བར་མཛད་དོ། །སྐུའི་རྒྱན་ གྱི་སྐབས་སུ་རྡོ་རྗེའི་རྒྱན་ཞེས་པ་ནི། ཁ་ཅིག་རུས་རྒྱན་རྡོ་རྗེའི་བཟོ་དབྱིབས་སུ་བྱེད་པ་དང༌། དུས་འཁོར་ཕྱག་ཉེར་བཞི་པ་ལའང་ཐོད་སྐམ་གྱི་དབུ་རྒྱན་སོགས་མཛད་པའང་བྱུང་སྣང་སྟེ འདིར་ནི་རྡོ་རྗེའི་རྒྱན་ཞེས་པ་རྒྱུ་རིན་པོ་ཆེ་རྡོ་རྗེ་ཕ་ལམ་ལས་གྲུབ་པ་རྣམ་པའི་སྒོ་ནས་ཀྱང་ རྡོ་རྗེའི་གཟུགས་ཅན་གྱིས་མཚན་པ་ཡིན་ནོ། །རིན་པོ་ཆེ་རྡོ་རྗེ་ནི་སྤྱིར་ཁ་དོག་སྣ་ལྔ་ཡོད་ཀྱང་ ཕལ་ཆེར་སེར་པོར་གྲགས་པས། རྒྱན་རྣམས་ཀྱང་གསེར་གྱི་ཁ་དོག་ལྟ་བུ་གཙོ་བོར་བྱའོ། ། རྒྱན་གྱི་རྡོ་རྗེའི་ཚད་རྣམས་ནི། སྒྲུབ་པ་པོའི་རུས་རྒྱན་ལྟ་བུ་ལ་དགོས་ཀྱི། ལྷ་སྐུའི་རྒྱན་ལ་ དེའི་ངེས་བཟུང་མི་དགོས་པར་མངོན། འདིའི་རྡོ་རྗེའི་འཕྲེང་བ་ནི། རྡོ་རྗེ་རྣམས་རྩེ་འཐུད་པའི་ དོ་ཤལ་ཡིན་ལ། སྐ་རགས་ཞེས་པ་སྐེ་རགས་ཀྱི་རྒྱན་ལ་དྲ་བ་དྲ་ཕྱེད་དཔྱངས་པའོ། །ཞབས་ འོག་གི་འདོད་ལྷ་ནི་ཞི་བ་ཆགས་པའི་ཉམས་ཅན་སྐྲ་ནག་པོ་དར་དང་རིན་པོ་ཆེས་བརྒྱན་པ་ ཡིན་ལ། མདའ་ལྔ་ནི་མེ་ཏོག་གི་མདེའུ་ཅན་ཡིན་ཅིང༌། དེ་དག་གི་མཚོན་དོན་ནི། དགའ་ བྱེད། སྲེག་བྱེད། རྨོངས་བྱེད། སྐེམས་བྱེད། འཆིང་བྱེད་ཅེས་བཤད་ལ། དྲག་པོ་ནི་ཞི་མ་ཁྲོ། མིག་གསུམ་མཆེ་བ་ཅན། སྐྲ་ཁམ་སེར་གྱེན་བརྫེས་ལུས་སྦོམ་པ་སྟག་ལྤགས་དང་སྦྲུལ་དང་ མི་མགོས་བརྒྱན་པ་སྟེ། དེ་གཉིས་ཞབས་ཀྱིས་མནན་པས་གནད་ལ་གཟིར་བའི་རྣམ་པར་ བསྒོམ། ཁ་ཅིག་བཅོམ་ལྡན་འདས་ཀྱི་དབུ་སྐྲ་ལ་རལ་པའི་ཐོར་ཚུགས་དང༌། རལ་པའི་ཅོད་ པན་གྱི་དབྱེ་བ་བྱེད་ཅིང༌། ཅོད་པན་ནི་སྣེ་མོ་ཐམས་ཅད་ནང་དུ་བཅུག་པ་ལ་སོགས་པའི་རྣམ་ གཞག་བྱེད་ཀྱང་ངེས་པ་ཡོད་པར་མ་མཐོང་ངོ༌། །འདིར་གླང་ལྤགས་དང་སྦྲུལ་རྒྱན་སོགས་ བོར་བའི་རྒྱན་དང་མཚོན་ཆ་དགོད་པ་བྱས་ན་ལེགས་སོ། །ཞེས་ཐམས་ཅད་མཁྱེན་པ་ཆེན་པོ་ 3-1-198 དོལ་པོ་པ་གསུང་སྟེ། རིགས་ལྡན་གྱི་བཀའ་ཡིན་ལ། རྒྱ་བོད་རྙིང་པ་འགའ་ཞིག་ཀྱང་བཞེད་ ཅིང༌། བྱིན་རླབས་ཀྱི་འཇུག་སྒོ་ཁྱད་པར་ཅན་འཇུག་པའི་ཕྱིར་སྙིང་གི་ཐིག་ལེར་བཀོད་དེ། ལོང་སྐབས་དང་བསྟུན་ནས་ནན་ཏན་དུ་བསྒྲུབ་པར་བྱའོ། །རྒྱུད་འགྲེལ་གྱི་དངོས་བསྟན་ ལས་འདིའི་ཐད་དུ་གསལ་བར་མ་གསུངས་པས་ཆོག་གྲྭ་སོགས་དང་གཞན་ངོར་མ་བྱས་ཀྱང་ འགལ་བ་མེད་དེ། ལུང་རིག་ཤེས་པར་རློམ་པའི་སྔགས་པའི་མིང་ཅན་རྟོག་གེ་ངན་པ་དག་ ལ་ནན་ཏན་དུ་གསང་བར་བྱ་ལ། གལ་ཏེ་སྐབས་འདིར་དུས་ཀྱི་འཁོར་ལོ་ཕྱག་ཉེར་དྲུག་པ་ སྒོམ་ན་ནི། རྒྱན་དང་མཚོན་ཆ་དགོད་པ་ཡོངས་རྫོགས་བྱེད་པ་མངོན་དུ་གྱུར་པའོ། །བཅོམ་ ལྡན་འདས་མ་སྣ་ཚོགས་ཡུམ་ནི་སྐུའི་རྒྱན་རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ་དང༌། དཀྱུས་ཀྱི་ རྣལ་འབྱོར་ཞལ་བཞི་ཕྱག་བརྒྱད་མའི་ཕྱོགས་ལ། དབུ་སྐྲ་ཐོར་ཚུགས་ཕྱེད་པ་དང༌། ཞལ་ གཅིག་ཕྱག་གཉིས་པ་ལ་དབུ་སྐྲ་གྲོལ་བའོ། །སྔོན་དུས་བཞེངས་པའི་སྐུ་འདྲ་མང་པོ་ལ་དུས་ འཁོར་ཡབ་ཡུམ་ལ་དར་ཤམ་དང༌། ཁ་ཅིག་ལ་ཡུམ་གྱི་ཞབས་གཡས་འཁྱུད་སྟབས་སོགས་ ཀྱང་སྣང་བ། རྒྱ་བོད་ཀྱི་དུས་འཁོར་བ་སྔ་མ་མང་པོའི་བཞེད་པར་འདུག་ཅིང༌། འགལ་བའང་ ཆེར་མེད་པ་ལྟར་སྣང་ཡང་རྒྱུད་འགྲེལ་ལས་གསལ་བར་མ་གསུངས་ཤིང་རང་ལུགས་ལ་མི་ བཞེད་དོ། ། འཁོར་རྗེས་སུ་འབྲང་བའི་ནུས་མ་བརྒྱད་ནི། ཁ་ཅིག་གོང་གི་མངོན་བྱང་ལྔ་ལས་གཙོ་བོ་ དང་ལྷན་ཅིག་བསྐྱེད་པར་འདོད་ཀྱང༌། འདི་རྣམས་ཀྱི་ས་བོན་དང༌། ཕྱག་མཚན་གྱི་བསྐྱེད་ ཆོག་གསལ་པོར་གསུངས་པས། རྒྱལ་མཆོག་གཉིས་ཀར་དུ་ནུས་མ་བརྒྱད་ས་བོན་ཕྱག་ མཚན་ལས་མི་བསྐྱེད་ན། སྒྲུབ་ཐབས་ལེའུར། ས་བོན་ཕྱག་མཚན་གསུངས་པ་དགོས་མེད་དུ་ ཐལ་བར་འགྱུར་ཏེ། མདུན་བསྐྱེད་ཀྱི་སྐབས་སུ་དགོས་པས་སོ་ཟེར་བ་སྲིད་ཀྱང་དེ་ནི་དབང་ ལེའི་ལྷ་མཚན་དགོད་པའི་སྐབས་སུ་གསལ་བར་གསུངས་པའི་ཕྱིར། ཟློས་ཏེ་གསུངས་པ་ལ་ 3-1-199 དགོས་པ་མེད་པས་སོ། ཁ་ཅིག་ནུས་མ་མངལ་འབྱིན་དུ་བྱེད་པ་ནི། སྔོན་ལ་འདི་རྣམས་ཀྱི་ བསྐྱེད་ཆོག་གསུངས་པའི་རྗེས་སུ། གོ་རིམ་ངེས་པ་ཅན་གྱི་ཚིག་གིས་མངལ་འབྱིན་གསུངས་ པ་ཁོ་ནས་ཁེགས་སོ། །ཤེས་རིན་པ་ནི་འདི་སྐད་ཅེས། འདི་དག་གཙོ་བོ་ཡབ་ཡུམ་དང་ལྷན་ ཅིག་ཏུ་བསྐྱེད་དགོས་ཏེ། མངོན་བྱང་དང་མངལ་འབྱིན་གཉིས་ཀ་ལ་མི་ཐེ་ན། མགྲོན་བཙུན་ བཞིན་དུ་འགྱུར་རོ་ཞེས་ཟེར་བ་ནི། འགྱུར་བའི་རྒྱུ་མཚན་ཡང་ཅི། སོང་ཡང་ཉེས་པ་གང༌། སྒྱུ་ འཕྲུལ་དྲྭ་བ་དང་སངས་རྒྱས་མཉམ་སྦྱོར་དང༌། ཟླ་གསང་ཐིག་ལེ་ལ་སོགས་པ་ན། འཁོར་ བསྐྱེད་ཚུལ་ཇི་ལྟར་ཡོད་ལྟ་དགོས་ལ། འདིའི་མངལ་འབྱིན་ཡང་མངོན་བྱང་དུ་བསྡུ་བ་མ་གོ་ བའི་བབ་ཆོལ་ཡིན་ཅིང༌། ཡང་བདེ་མཆོག་གི་སྙིང་པོའི་རྣལ་འབྱོར་མ་བཞི་དང་འདྲ་བའི་ ཕྱིར་ཟེར་ཏེ། ནག་པོ་སྤྱོད་པ་སོགས་མང་པོས་སྙིང་པོའི་རྣལ་འབྱོར་མ་རྣམས་མཁའ་སྦྱོར་ མཛད་ཡོད་པས་ཤིན་ཏུ་མ་ངེས་ལ། ཡང་ཕྱི་ལ་གཟའ་གཞན་རྣམས་ཉི་ཟླ་དང༌། དེ་སྒྲ་གཅན་ དུ་འདུས། ནང་དུ་རླུང་བཅུ་སྲོག་ཐུར་དུ་འདུས། གཞན་ཕར་ཕྱིན་བཅུ་ཡེ་ཤེས་དང་ཤེས་རབ་ ཏུ་འདུས། ནུས་མ་བརྒྱད་པོ་སྣ་ཚོགས་ཡུམ་དང་དབྱིངས་ཕྱུག་མར་འདུས་པའི་ཕྱིར་ཟེར་བ་ ཡང་ཕྱི་ནང་སྦྱོར་ཚུལ་མ་འགྲིག་ཅིང༌། དེ་དེར་འདུས་ཀྱང་དུས་གཅིག་ཏུ་བསྐྱེད་དགོས་པའི་ རྒྱུ་མཚན་མེད་ལ། སྣ་ཚོགས་ཡུམ་དང་དབྱིངས་ཕྱུག་མའི་མཚན་དོན་སྦྱར་བ་དངོས་དེ་ནུས་མ་ བཅུ་ལ་བགྲངས་པས་ནོར་རོ། །གལ་ཏེ་ནོར་ཡང་མི་ཏོ་སྟེ་བགྲོང་ངོ་ན་སྐབས་འདིར་དབྱིངས་ ཕྱུག་མ་བསྐྱེད་དགོས་པར་ཐལ་བར་འགྱུར་རོ། །སྣ་ཚོགས་ཡུམ་ལ་ནུས་མ་རྣམས་འདུས་པའི་ རྒྱུ་མཚན་བཀོད་ན། ནུས་མ་བརྒྱད་སྒོམ་མི་དགོས་པའི་རྒྱུ་མཚན་དུ་དངོས་འགྲོ་ཉེན་ཆེ་ཡི། མངོན་བྱང་ལྔ་ལས་ནུས་མ་བརྒྱད་བསྐྱེད་དགོས་པའི་རྒྱུ་མཚན་དུ་ཡེ་མི་འགྲོའོ། །ནུས་མ་བཅུ་ དངོས་སུ་བགྲོང་པ་ན། མཆོག་གི་ཆ་མ་དང༌། ཐིག་ལེ་མ་བགྲོང༌། དེ་ཉིད་ཤེར་ཕྱིན་མ་དང༌། དབྱིངས་ཕྱུག་མའི་ངོ་བོ་ཡིན། ཞེས་སམ། དེ་གཉིས་སྣ་ཚོགས་ཡུམ་དུ་འདུས་ཞེས་ཟེར་ན་ 3-1-200 ལེགས་ཀྱི། དུས་འཁོར་པ་རྒན་པོས་ནུས་མ་བཅུ་བགྲོང་མ་ཤེས་ན་རྟ་གད་ཆེན་པོ་འབྱུང་ངོ༌། ། དེ་ཡང་ནུས་མ་བཅུ་ནི་རྟགས་བཅུའི་མིང་དང་ལྡན་པ་ཡིན་ལ། རྟགས་བཅུའི་ཐ་མ་གཉིས་ལ་ མཆོག་གི་ཆ་དང་ཐིག་ལེ་ཟེར་གྱི་སྣ་ཚོགས་པའི་རྟགས་དང་རྡོ་རྗེ་དབྱིངས་ཀྱི་རྟགས་མི་ཟེར་ རོ། །ཡང་ལས་རྒྱལ་མཆོག་ཏུ་ཡང་ནུས་མ་བརྒྱད་གཙོ་བོ་དང་ལྷན་ཅིག་བསྐྱེད་པའི་ཕྱིར་ཟེར་ བ་ནི། ཧཱུཾ་དང་རྡོ་རྗེ་ལས་བསྐྱེད་པའི་ཕྱིར་ཟེར་བ་ཡིན་ན་ནི། དེ་ནི་ཁུངས་མེད་ཅིང་ཁོ་བོ་ཅག་ མི་འདོད་པས་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་ལ། ས་བོན་ཕྱག་མཚན་ལས་བསྐྱེད་པར་ མཚུངས་ཟེར་ན་ནི། དེ་ཡང་མ་བཤད་ཅིང་ཁོ་བོ་ཅག་མི་འདོད་དོ། །དུས་དེར་སྐད་ཅིག་གིས་ བསྐྱེད་པས་སོ་ཟེར་ན་ནི། དཀྱིལ་འཁོར་རྒྱལ་མཆོག་ཏུ་མངོན་བྱང་ལས་བསྐྱེད་དགོས་པའི་ རྒྱུ་མཚན་ལས་རྒྱལ་མཆོག་ཏུ་སྐད་ཅིག་གིས་བསྐྱེད་པའི་ཕྱིར་ཟེར་བར་འདུག་པས་རིག་པ་ ཤེས་པ་ཡང་འདི་འདྲ་ན། མི་ཤེས་པ་དེ་ཅི་འདྲ་ཞེས་བྱའོ། །དེ་ལ་ནུས་མ་རྣམས་ནི་རྒྱན་དང་ ཉམས་སོགས་སྣ་ཚོགས་ཡུམ་དང་འདྲ་ལ། ཕྱག་མཚན་གྱི་སྐབས་ཙནྡན་ནི་ཙནྡན་གྱི་ལྡེ་གུས་ གང་བའི་སྣོད་དང༌། ཡོངས་འདུའི་མེ་ཏོག་ནི་ལྷའི་ཤིང་གི་ཡལ་ག་མེ་ཏོག་དཀར་པོ་དང་ བཅས་པ་དང༌། དཀར་མོའི་ཕྱག་གི་སྨན་མཆོག་ནི། སྨན་གྱི་མཆོག་སྣ་ཚོགས་ཀྱིས་གང་བའི་ སྣོད་ཡིན་ལ། གྲུབ་པའི་བཅུད་ལེན་ནི་འཆི་བ་མེད་པ་སྟེར་བའི་གྲུབ་པའི་དངུལ་ཆུའོ། །བདུད་ རྩིའི་འབྲས་བུ་ནི། ཨ་མྲའི་ཤིང་གི་འབྲས་བུ་ཡིན་ཞེས་རྒྱ་གར་བ་ཀུན་ཏུ་གྲགས་ལ། བོད་ དག་ཨ་རུ་ར་ཡིན་ཟེར་ཏེ་མ་ཡིན་ནོ། །རྔ་ནི་རྔ་ཟླུམ་མམ་རྫ་རྔའོ། །གཙོ་བོའི་གནས་ཀྱི་ས་ གཞི་གྲུ་བཞི་ལ་སྟེང་དུ་པདྨས་ཟླུམ་པོར་བསྐོར་བའི་མཚམས་སུ་གྲུ་ཆད་དོན་པ་ལ་དབང་ལྡན་ དུ་ཆོས་ཀྱི་དུང་སོགས་འགོད་དེ། དེ་རྣམས་ༀ་ཨཱཿཧཱུཾ་ཧོཿལས་བསྐྱེད་པ་དང༌། ཁ་དོག་དཀར་ དམར་ནག་སེར་དུ་བྱེད་པ་ནི། འདི་རྣམས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་པོའི་ངོ་བོ་ཉིད་ ཀྱི་ཕྱིར་རོ། །དེ་ལྟར་ན་གཙོ་བོ་ཡབ་ཡུམ་ནུས་མ་རྡོ་རྗེ་བཞི་དང་བཅས་པ་བསྐྱེད་པ་ནི། གཙོ་ 3-1-201 བོའི་གདན་གྱི་པདྨ་ལ་བཞུགས་པའི་ལྷ་རྗེས་འབྲང་དང་བཅས་པ་བསྐྱེད་པ་ཡིན་ཏེ། ནུས་མ་ བརྒྱད་པོ་ཡང་གཙོ་བོའི་པད་གདན་ལ་གནས་པ་གཙོ་བོ་ཉིད་ཀྱི་ཡུམ་ཡིན་ལ། རྡོ་རྗེ་བཞི་གཙོ་ བོའི་པད་གདན་ལ་མེད་ཀྱང་གཙོ་བོའི་ས་གཞི་ལ་གནས་ཤིང༌། དོན་གྱིས་གཙོ་བོ་ཉིད་ཀྱི་ རྣམ་འགྱུར་ཡིན་པ་དཀྱིལ་འཁོར་གཞན་འགའ་ལས་ཧེ་རུ་ཀ་རིགས་བཞི་འབྱུང་བ་སོགས་ དང་མཚུངས་སོ། །འགྲེལ་ཆེན་ལས། རང་གི་ཕྱག་རྒྱ་དང་བཅས་པ་སྟེ། རྡོ་རྗེ་སེམས་དཔའ་ རྫོགས་པའོ། །ཞེས་འབྱུང་བས། དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་ནི་རྡོ་རྗེ་སེམས་དཔའ་ ཡིན་ལ། སྣ་ཚོགས་ཡུམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ཅིང༌། དེ་ལྟར་ལྔའི་བདག་ ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ཞེས་ཀྱང་ གསུངས་པས། གཙོ་བོ་ཡབ་ཡུམ་རྡོར་སེམས་ཡབ་ཡུམ་གྱི་ངོ་བོ་ལ་རྡོ་རྗེ་སེམས་དཔའི་དབུ་ རྒྱན་ཅན་དུ་གསུངས་པ་དང༌། ལས་རྒྱལ་མཆོག་གི་རོ་མཉམ་སྐབས་སུ་རྣམ་པར་ཤེས་པ་ནི་ ནམ་མཁའ་དང་བཅས་ཞེས་པ་དང༌། རྡོར་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཏུ་སྙིང་ པོའི་པདྨར་བདེ་བ་ཆེན་པོ་ལ་ཞེས་གཙོ་བོ་ནི་རྣམ་ཤེས་ཀྱི་ཁམས་དག་པའི་མི་བསྐྱོད་པ་དང༌། སྣ་ཚོགས་ཡུམ་ནམ་མཁའ་དག་པའི་རྡོར་དབྱིངས་དབང་ཕྱུག་མའི་ངོ་བོར་གསུངས་ཤིང༌། ཡང་འདི་སྐད་དུ། རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བའི་བདག་པོའི་ཅོད་པན་ཞེས་པ་མི་བསྐྱོད་ པའི་ཅོད་པན་ནོ། །ཞེས་གཙོ་བོ་ཡབ་ཡུམ། མི་བསྐྱོད་པ་ཡབ་ཡུམ་གྱི་ངོ་བོ་ལ་མི་བསྐྱོད་པའི་ ཅོད་པན་གསལ་བར་གསུངས་སོ། །མཁས་པ་གང་དག་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་ བོ་རྒྱུ་རྡོ་རྗེ་འཛིན་པ་མི་བསྐྱོད་པའི་ངོ་བོ་དང༌། ལས་རྒྱལ་མཆོག་གི་གཙོ་བོ་འབྲས་བུ་རྡོ་རྗེ་ འཛིན་པ་རྡོ་རྗེ་སེམས་དཔའི་ངོ་བོ་ཡིན་གསུང་པ་དེ་ལེགས་ལེགས་འདྲ་ཡང་འགྲེལ་པའི་ཚིག་ དེས་དངོས་སུ་བཀག་ལ། ཡབ་ཡུམ་ཡེ་ཤེས་ཀྱི་རིགས་ཕན་ཚུན་འཁྱུད་པ་དང༌། རྣམ་ཤེས་ཀྱི་ རིགས་ཕན་ཚུན་འཁྱུད་པ་གཉིས་ཀ་འབྱུང་སྟེ། སྒྲུབ་ལེ་རེ་བཞི་པའི་འགྲེལ་པར། མཆོག་གི་ 3-1-202 རྒྱལ་བའི་བདག་པོའི་ཡེ་ཤེས་ཀྱི་ཕུང་པོ་དང༌། སྣ་ཚོགས་ཡུམ་ཡེ་ཤེས་ཀྱི་ཁམས་ནི་ཕན་ཚུན་ ལུས་དང་བསམ་པའོ། །རྣམ་པར་ཤེས་པ་དང་ནམ་མཁའི་ཁམས་སོ། །ཞེས་གསུངས་པའི་ ཕྱིར་རོ། །ཡང་མཁས་པ་དེ་དག་ནི་རྒྱུ་འབྲས་རྡོ་རྗེ་འཛིན་པ་གཉིས་པོ་འདིའི་ཅོད་པན་གྱི་ལྷ་ ཡང་རྒྱས་བཏབ་ཀྱི་ལྷ་ཡིན་པར་འདོད་ཅིང༌། དེ་ཡང་རིགས་མི་མཐུན་གྱི་རྒྱས་བཏབ་ཡིན་གྱི། རིགས་མཐུན་གྱི་རྒྱས་བཏབ་རྒྱུད་འདིར་བཀག་པ་ཡིན་ནོ་ཟེར་ཞིང༌། དེའི་ཕྱིར་རྒྱུ་མི་བསྐྱོད་ པ་དང་འབྲས་བུ་རྡོར་སེམས་སུ་གྲུབ་བོ་སྙམ་ན། སྐབས་འདིའི་དབུ་རྒྱན་ནི་རང་ཉིད་རིགས་ གང་ཡིན་པའི་རིགས་ཀྱི་ངོ་བོ་མཚོན་བྱེད་ཡིན་གྱི། རྒྱས་བཏབ་ནི་མ་ཡིན་ཏེ། རྒྱུད་འདིར་ གཙོ་བོ་ཡབ་ཡུམ་ལྷ་གཞན་ཐམས་ཅད་ལ་རྒྱས་འདེབས་བྱེད་དུ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ པས། ལྷ་གཞན་གྱིས་གཙོ་བོ་ཡབ་ཡུམ་ལ་ཚུར་རྒྱས་གདབ་པ་མི་རུང་སྟེ། འགྲེལ་ཆེན་ལས། ངོ་བོ་ཉིད་ཀྱི་རིགས་ལ་ནི་རིགས་ལྔས་རྒྱས་བཏབ་པ་བཀག་སྟེ། སངས་རྒྱས་རྣམས་ཀྱིས་ སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ། དེ་བས་ན་རིགས་ཅན་ལ་རིགས་ཀྱིས་ རྒྱས་འདེབས་པ་རུང་ཡང༌། རིགས་ཁོ་ན་ཡིན་གྱི་རིགས་ཅན་མ་ཡིན་པ་ལ་རྒྱས་འདེབས་བྱེད་ པ་པོ་གཞན་མེད་ལ། གཙོ་བོ་ཡབ་ཡུམ་ནི་རིགས་ཁོ་ན་ཡིན་གྱི། རིགས་ཅན་མ་ཡིན་པའི་ཕྱིར་ རོ། །དུས་ཀྱི་འཁོར་ལོ་ཡབ་ཡུམ་ནི་མི་བསྐྱོད་པའམ། རྡོར་སེམས་ཀྱི་ཚུལ་གང་སྟོན་ཡང་རུང་ རྒྱས་བཏབ་མི་དགོས་མོད་ཀྱི། རྒྱལ་བ་རིགས་ལྔ་ལ་ཡང་རང་རིགས་ཀྱིས་རྒྱས་བཏབ་རུང་ བའི་སྐབས་ཤིག་ཀྱང་རྒྱུད་འདིར་གཏན་ནས་མེད་པ་ནི་མ་ཡིན་ནོ། །དེ་ཡང་ཅི་སྙམ་ན་རིགས་ བྱེ་བྲག་པའམ་ཉེ་ཚེ་བའི་རྒྱལ་བ་རྣམས་ལ་ནི་རང་རིགས་ཀྱིས་རྒྱས་བཏབ་བཀག་སྟེ། རྒྱས་ བཏབ་ཀྱི་གཙོ་བོ་ནི་དབུ་རྒྱན་དུ་འགོད་པའི་ལྷ་ཡིན་ལ། སྤྱིར་ལྷ་གང་ལ་ཡབ་ཡུམ་ཕན་ཚུན་ སྦྱོར་བ་ཡང་ཕྱག་རྒྱས་རྒྱས་བཏབ་པའི་ཁོངས་སུ་གཏོགས་སོ། ཁྱབ་བྱེད་ཀྱི་རིགས་ལ་ནི་རྒྱས་ བཏབ་མི་བྱེད་མོད། བྱས་ན་སུས་རྒྱས་བཏབ་ཀྱང་གཞན་རིགས་སུ་མི་འགྱུར་ཞིང་རང་རིགས་ 3-1-203 ཉིད་དེ་ཀུན་ཁྱབ་ཡིན་པའི་ཕྱིར་རོ། །རང་རིགས་མཉམ་པོ་ལ་ཁ་དོག་དང་མཚན་མི་འདྲ་བ་ འཚོལ་མི་དགོས་ཏེ། ཁ་དོག་གཅིག་པ་དང་མཚན་གཅིག་པ་ཉིད་ཀྱིས་རྒྱས་འདེབས་སོ། ། དེས་ན་དུས་འཁོར་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ལ་ཡེ་ཤེས་ཀྱི་ཕུང་པོ་དང་ཡེ་ཤེས་ཁམས་ཀྱི་ དག་སྦྱོར་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ལ་རྣམ་ཤེས་དང་ནམ་མཁའི་དག་སྦྱོར་ལྟ་ བུར་གསུངས་པ་ནི། རིགས་ཀྱི་རྩ་བ་ཡེ་ཤེས་རྣམ་ཤེས་སོ་སོར་མཐུན་པའི་དབང་དུ་བྱས་ པའམ། རྡོར་སེམས་ལ་ཡེ་ཤེས་དང༌། མི་བསྐྱོད་པ་ལ་རྣམ་ཤེས་ཀྱི་བརྡར་བཏགས་པའི་བརྡ་ ཆད་ཀྱི་དབང་དུ་བྱས་པ་ཡིན་གྱི། དོན་ལ་དེ་གཉིས་ནི་ཉེ་ཚེ་བའི་ཡེ་ཤེས་རྣམ་ཤེས་མ་ཡིན་གྱི། ཕུང་ཁམས་སོ་དྲུག་ཐམས་ཅད་ལ་ཉེ་རིང་མེད་པའི་དག་པ་ཅན་ཡིན་ནོ། །ཕྱིའི་དཀྱིལ་འཁོར་ ལ་འགོད་བྱའི་འཁོར་རྡོ་རྗེ་སེམས་དཔའ་ཡིན་ན། ཡེ་ཤེས་ཀྱི་ཕུང་ཁམས་ཁོ་ན་དང༌། འཁོར་ མི་བསྐྱོད་པ་ཡིན་ན། རྣམ་ཤེས་ནམ་མཁའ་ཁོ་ནའི་དག་པ་ཅན་ཡིན་པས། དེ་འདྲ་ནི་རིགས་ བྱེ་བྲག་པའི་རྡོར་སེམས་དང་མི་བསྐྱོད་པ་ཡིན་ཏེ། འདི་ལྟ་བུ་པདྨ་གདན་ཅན་གྱི་ལྷའི་སྐབས་ སུ་ནི་ངེས་པར་དགོས་སོ། །དེ་ཡང་ཅི་ལྟ་བུ་ཞེ་ན། དེར་མ་ཟད་ད་ལྟ་གསུང་དབང་གི་དཀྱིལ་ འཁོར་ལ་བུམ་པ་བཅུ་བཀོད་པ་ཡིན་ཡང་པདྨ་གདན་ཅན་ནམ་དཔལ་ལྡན་རྒྱུ་སྐར་ལ་ནི། ལྷ་ སྐུར་དངོས་སུ་བཞེད་དགོས་པ་ཡིན་ཅིང༌། དེ་དག་ཀྱང་ནུས་མ་བཅུའི་ཐབས་སུ་འགྱུར་བས། དཔལ་དུས་ཀྱི་འཁོར་ལོ་ཉིད་ཀྱི་སྐུའི་རྣམ་འགྱུར་མི་འདྲ་བ་བཅུ་ཡིན་ལ། འོན་ཀྱང་སྐུ་མདོག་ ཐ་དད་པ་དང་ཞལ་བཞི་ཕྱག་བརྒྱད་པ་ལ་སོགས་པའི་རྣམ་པར་བྱ་ཞིང༌། ཕྱག་མཚན་ནི་དུས་ འཁོར་ཕྱག་བརྒྱད་པ་དང་འདྲ་བར་རུང་ངམ་སྙམ་མོ། །དེ་ཡང་སྙིང་གའི་རྩ་བཅུ་རྣམ་པར་ དག་པ་ནུས་མ་བཅུ་དང༌། རྩ་དེ་ལ་སྤྱོད་པའི་རླུང་དང་ཁམས་བདུད་རྩི་འདྲེས་པ་རྣམ་པར་ དག་པ་ནི་ཡབ་བཅུར་འགྱུར་ཞིང༌། འདི་ལ་ནི་གཙོ་མོ་སྣ་ཚོགས་ཡུམ་ལས་ལོགས་སུ་མཆོག་ གི་ཆ་མ་དང་ཐིག་ལེ་མ་བསྒོམ་དགོས་པ་ཡིན་པས། དེ་དག་ཀྱང་སྟེང་འོག་ཏུ་འགོད་ལ། འོན་ 3-1-204 ཀྱང་ཡབ་རྣམས་ཀྱི་མཚན་དང་ཕྱག་མཚན་ནི། བསྡུས་པའི་རྒྱུད་འགྲེལ་པ་དང་བཅས་པར་ གསལ་བར་མ་གསུངས་ལ། རྩ་བའི་རྒྱུད་དེང་སང་སྤྱོད་ཡུལ་དུ་མ་གྱུར་པས་འདི་ལྟ་བུ་ཞེས་ ཁ་ཚོན་གཅོད་པར་དཀའོ། །མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་དག་ཀྱང་གཙོ་བོའི་ བཞུགས་གནས་ཀྱི་སྟེང་དང་འོག་ཏུ་འགོད་པར་བྱ་བ་ཡིན་ཅིང༌། པདྨའི་གདན་ཅན་གྱི་དཀྱིལ་ འཁོར་ལ་གསུང་དབང་གི་སྐབས་ཀྱི་བུམ་པ་བཅུའི་རང་བཞིན་ལྷ་བཅུར་བཞེངས་ཀྱང་དག་ པ་གཞན་ལ་བལྟོས་ནས་བདེ་གཤེགས་འཕར་མའི་བར་གྱི་རེ་མིག་རྣམས་སུ་བུམ་པའམ་ཐོད་ པ་ལྷག་པོར་འགོད་ནི་དགོས་སོ། །འོ་ན་པདྨ་གདན་ཅན་ལ་སངས་རྒྱས་ཡབ་ལྔ་ཡུམ་ལྔར་ བཤད་པས་རིགས་དྲུག་ཅི་ལྟར་འབྱུང་སྙམ་ན། དུས་འཁོར་ཉིད་རྡོར་སེམས་སུ་བཞེངས་པའི་ ཚེ། མི་བསྐྱོད་པ་འཁོར་ཡིན་པས་སྟེང་དང༌། མི་བསྐྱོད་པར་བཞེངས་པའི་ཚེ་རྡོར་སེམས་ འཁོར་ཡིན་པས་འོག་ཏུ་འགོད་དེ། དུས་མཉམ་དུ་འཁོར་སངས་རྒྱས་ལྔ་རེ་ཁོ་ན་འབྱུང་བ་ལ་ དགོངས་སོ། །ཡང་ནམ་མཁའ་ཡེ་ཤེས་གཉིས་ལ་ཁྱབ་བྱེད་ཀྱི་རིགས་ཡིན་པས་ཁྱབ་སྟེ། ཁྱབ་ བྱ་འབྱུང་བ་བཞི་ལ་ཁྱབ་པའི་ཕྱིར་རོ་སྙམ་ན། ཁྱབ་ཚུལ་ལ་ཡིན་པས་ཁྱབ་པ་དང༌། ཡོད་པས་ ཁྱབ་པ་གཉིས་ཡོད་དེ། དེ་གཉིས་པོ་གཞན་བཞི་པོ་ལ་ཁྱབ་པ་ནི། ལྷན་ཅིག་ཏུ་འདྲེས་པའི་ ཚུལ་ཏེ་ཐ་དད་པའི་ཚུལ་ཅན་ཡོད་པའི་ཁྱབ་བྱེད་ཡིན་ལ། བཞི་པོ་ནམ་མཁའ་དང་ཡེ་ཤེས་མ་ ཡིན་པས་ཡིན་པའི་ཁྱབ་བྱེད་དུ་མི་འགྱུར་ཞིང༌། འདི་ནི་ཁྱབ་བྱེད་ཀྱི་མིང་ཅན་ཉི་ཚེ་བར་ གཏོགས་པ་ཡིན་ནོ། །ཆོས་ཉིད་རིགས་མེད་པ་ནི་ཕུང་ཁམས་སོ་དྲུག་པོ་ཐམས་ཅད་ཀྱི་ཆོས་ ཉིད་ཡིན་ལ། ཐམས་ཅད་ཀྱི་ཆོས་ཉིད་ཀྱང་དེ་ཁོ་ན་ཡིན་པ་དང༌། ཕུང་ཁམས་སུ་སྣང་བ་ གཞན་རྣམས་དང༌། རྣམ་ཤེས་རང་ཉིད་ཀྱང་རྣམ་ཤེས་ཉིད་ཁོ་ནའི་རྫས་ལས་གཞན་དུ་མེད་ ཅིང༌། ཡེ་ཤེས་ལས་གཞན་དུ་རྣམ་ཤེས་ཀྱང་མེད་པས། དེ་མཚོན་བྱེད་དུ་ལྷ་གཞན་ཐམས་ ཅད་ཀྱང་གཅོ་བོ་ཉིད་ཀྱི་རྣམ་འཕྲུལ་ཡིན་ཅིང༌། གཙོ་བོ་ཉིད་ཐམས་ཅད་དུ་སྣང་བའི་ཡིན་ 3-1-205 པས་ཁྱབ་པའི་ཁྱབ་བྱེད་འདི་ནི་ཁྱབ་བྱེད་དངོས་ཡིན་ནོ། །དེས་ན་རྡོ་རྗེ་སེམས་དཔའ་ལྷ་སུམ་ ཅུ་རྩ་བདུན་ལ་ཡང་ཁྱབ་བྱེད་རྡོར་སེམས་དང་ཁྱབ་བྱ་རྡོ་རྗེ་སེམས་དཔའ་འབྱུང་བའི་གནད་ དེ་ཡིན་ལ། དེས་ན་ཕལ་ཆེར་དུས་འཁོར་ལུགས་ལ་རིགས་ལྔ་ལ་རིགས་མི་མཐུན་གྱི་རྒྱས་ བཏབ་དང༌། ལྷ་གང་ལ་ཡང་རིགས་མི་མཐུན་གྱི་ཕྱག་རྒྱའི་འཁྱུད་ཚུལ་ཁོ་ན་ཡིན་པའི་ཐག་ ཆོད་བྱེད་པ་དང༌། ལ་ལ་དག་རྒྱུ་མཚན་མི་སྨྲ་བར་སྤྱིར་བཏང་དམིགས་བསལ་ཡིན་ནོ་ཞེས་ ཟོལ་འཇོག་བྱེད་པ་དང༌། གཞན་དག་གཉིས་ཀར་ལ་ཐེ་ཚོམ་བཞིན་དུ་གཉིས་ཀ་འགོག་པ་ ལྟར་བྱས་ནས། རང་ལུགས་མི་འཇོག་པ་སོགས་དང༌། དུས་འཁོར་དུ་རང་རིགས་གཞན་ རིགས་སུ་གསུངས་པ་ཐམས་ཅད་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་དྲུག་པོའི་དབྱེ་བས་བརྩི་ པ་ཁོ་ན་ཡིན་པ་ལ། ཆོས་གྲགས་པ་ནི་བདེ་བ་བསྐྱེད་པའི་དོན་དུ་གཞན་རིགས་ཁོ་ན་དགོས་ སོ་སྙམ་པ་བློ་ལ་བཞག་ཅིང༌། འདིར་ཡེ་ཤེས་ཀྱི་ཕུང་ཁམས་དང་ནམ་མཁའ་རྣམ་ཤེས་སྦྱར་ བ་གསལ་བར་གསུངས་པས་གཏམ་གྱིས་འཕོངས་ཏེ། ཡེ་ཤེས་སུ་མཉམ་ཡང་ཕུང་པོ་དང་ ཁམས་ཀྱི་རིགས་ཐ་དད་དུ་བྱུང་བས་གཞན་རིགས་སོ་ཞེས་ཅི་ཏོལ་སྨྲས་ནས། གཞན་ལ་མེད་ པའི་ལེགས་བཤད་ཡིན་ནོ་ཞེས་སྒྲོག་ཅིང༌། དགག་སྒྲུབ་ཟིང་ཟིང་པོ་བ་དུ་མ་བྱེད་དོ། །ཕུང་པོ་ དང་ཁམས་རིགས་གཞན་དུ་རྩི་བ་ནི། དུས་འཁོར་བ་ལ་སྔོན་མེད་ཀྱི་གཏམ་དུ་སྣང་ལ། དེའི་ ཚེ་དབང་ཡུལ་རིགས་གཞན་དང༌། ལས་དང་བྱ་བ་ཡང་རིགས་གཞན་དུ་འགྱུར་རོ། །དེས་ན་ ཡབ་དོན་ཡོད་གྲུབ་པ་ལྟ་བུ་ཞིག་ལ་ཡུམ་སྒྲོལ་མས་འཁྱུད་ཀྱང༌། ཕུང་ཁམས་ཀྱི་རིགས་ཐ་ དད་པའི་ཕྱིར་གཞན་རིགས་སུ་འགྱུར་བས། ལྷ་མོ་གཞན་རྣམས་ཀྱིས་འཁྱུད་པ་ལ་ལྟ་སྨོས་ ཀྱང་ཅི་དགོས་ཏེ། མཐར་རང་རིགས་ཀྱི་ཕྱག་རྒྱ་མི་སྲིད་པར་འགྱུར་རོ། །ད་ནི་མང་དུ་སྨྲས་ པས་ཅི་ཞིག་བྱ་སྟེ། དེ་ལྟར་རྒྱུ་རྡོར་འཛིན་གྱི་སྐབས་སུ། ཡབ་མི་བསྐྱོད་པ་ལ་ཡུམ་ཤེས་ཕྱིན་ མའི་ངོ་བོ་དང༌། འབྲས་བུ་རྡོར་འཛིན་གྱི་སྐབས་སུ། ཡབ་རྡོར་སེམས་ལ་ཡུམ་དབྱིངས་ཕྱུག་ 3-1-206 མས་འཁྱུད་ཟེར་བ་སོགས་ཀྱང་རང་གང་སྨྲས་པར་ཟད་དེ་ལུང་དང་དངོས་སུ་འགལ་བའི་ ཕྱིར་རོ། ། ད་ནི་དཀྱུས་ལ་འཇུག་སྟེ། གཙོ་བོ་ཡབ་ཡུམ་དུ་མ་ཟད་ནུས་མ་བརྒྱད་པོ་རྣམས་ཀྱང་རྡོར་ སེམས་ཀྱི་དབུ་རྒྱན་ཅན་རྡོར་སེམས་ཀྱི་རིགས་ཀྱི་ཡུམ་ཡིན་ལ། ནུས་མ་མཆོག་གི་ཆ་མ་དང༌། ཐིག་ལེ་མ་ནི་རིམ་བཞིན་ཡེ་ཤེས་དང་ཤེས་རབ་ཀྱི་ཕར་ཕྱིན་ཡིན་པ་བཅོམ་ལྡན་འདས་མ་ སྣ་ཚོགས་ཡུམ་ཉིད་ལ་འདུས་པས། དེ་ནི་རྣམ་གྲངས་ཀྱིས་ན་གསུམ་འདུས་པའི་རང་བཞིན་ ནོ། །ནུས་མ་བརྒྱད་པོ་འདི་རྣམས་པདྨ་གདན་ཅན་གྱི་སྐབས། གཙོ་བོའི་པདྨ་ལས་གཞན་པདྨ་ དམར་པོ་དང་ཟླ་བའི་གདན་རེ་རེ་ལ་བཞུགས་པ་ཡིན་ལ། འོད་ཟེར་འཕྲེང་བ་ལས་ཀྱང་དེ་ བཞིན་དུ་གསུངས་མོད། དཀྱུས་སུ་བྱེད་པ་གསུང་དབང་གི་དཀྱིལ་འཁོར་ལ་གཙོ་བོའི་པད་ འདབ་ཉིད་ལ་འགོད་པ་ཡིན་ཅིང༌། གཙོ་བོའི་པད་འདབ་ཀྱི་སྟེང་དུ་པདྨ་གཞན་བྱེད་པ་ནི་ མཚན་བརྗོད་མངོན་རྟོགས་སོགས་ན་ཡོད་ཀྱང་ཤིན་ཏུ་མི་ལེགས་སོ།། །། གཉིས་པ་འཁོར་ལོ་རྣམ་བཞིའི་ལྷ་ཚོགས་སྤྲུལ་པ་ལ། སྔོན་འགྲོ་རྗེས་ཆགས་ཀྱི་མཛད་ པ་དང༌། དངོས་གཞི་ལྷ་ཚོགས་ཉིད་བསྐྱེད་པའོ། །དང་པོ་ནི། འདོད་ཆགས་ཆེན་པོས་གདུལ་ བར་བྱ་བའི་སེམས་ཅན་རྣམས་ཞེས་པ་ནས། དེ་ལས་ཀྱང་སླར་ལྡོག་ནས་རང་ཉིད་ལ་ཞུགས་ ཞེས་པའི་བར་ཏེ་རྣམ་པར་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལས་དབང་ཡུལ་དང་ བཅས་པ་ཞེས་པ་ནི། ཆོས་དབྱིངས་བདེ་གཤེགས་སྙིང་པོ་གདོད་ནས་རྣམ་པར་དག་པའི་ངོ་ བོར་གྱུར་པའི་དོན་དམ་ཕུང་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་རྣམས་དོན་ དམ་ཡེ་ཤེས་ལྷ་སྐུའི་དཀྱིལ་འཁོར་དུ་གདོད་ནས་བཞུགས་པ་དེ། ཡིད་ཀྱིས་ཀྱང་དཀྱིལ་ འཁོར་གྱི་ལྷ་ཚོགས་སུ་གསལ་བཏབ་པའི་ལྷ་ཚོགས་རྣམས་རང་ཉིད་དུས་ཀྱི་འཁོར་ལོའི་སྐུར་ གསལ་བ་ལ་འཇུག་པ་ཡིན་ཏེ། དེ་ཡང་ཐ་མལ་བའི་རྗེས་ཆགས་དང་རྣམ་པར་མཐུན་པར་ 3-1-207 ཡབ་ཀྱི་སྐུ་ལས་ལྷ་རྣམས་སྤྲོས་ཏེ་ཡུམ་ལ་བསྟིམ་པ་ནི། ཡབ་ཀྱིས་ཡུམ་ལ་ལྷག་པར་རྗེས་སུ་ ཆགས་པ་བསྐྱེད་པས་ཡུམ་གྱི་སྐུ་ལའང་རྗེས་ཆགས་རྒྱས་པ་མཚོན་ཅིང༌། ཡང་དེ་དག་ཡུམ་ གྱི་སྐུ་ལས་སྤྲོས་ནས་ཡབ་ཀྱི་སྐུ་ལ་བསྟིམ་པ་ནི་ཡུམ་གྱིས་ཡབ་ལ་རྗེས་སུ་ཆགས་པ་ལྷག་ པར་བསྐྱེད་པས་ཡབ་ཀྱི་རྗེས་ཆགས་ཀྱང་ལྷག་པར་རྒྱས་པ་མཚོན་པའོ། གཞན་ཡང་ཡབ་ ཡུམ་ཕན་ཚུན་གྱི་སྐུ་ལས་སྤྲོས་པའི་དགོས་པ་ནི། འབྲས་བུ་ལྷ་རྣམས་ཀྱི་རྒྱུ་ཡབ་ཡུམ་གྱི་སྐུའི་ བྱང་ཆུབ་སེམས་ཀྱི་འོད་ཟེར་གཉིས་འདུས་པ་ལས་བསྒྲུབ་པའི་ཕྱིར་དུའོ། དང་པོ་ཡབ་ཀྱི་སྐུ་ ལ་ཞུགས་པ་དང༌། དེ་ནས་ཡུམ་གྱི་སྐུ་ལ་ཞུགས་པ་གཉིས་ཡིན་ལ། སླར་ཡང་ཡབ་ཀྱི་སྐུ་ལ་ ཞུགས་པ་ནི། བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་ཆེད་དོ། །འདིར་འདོད་ཆགས་ཆེན་པོས་གདུལ་ བའི་སེམས་ཅན་རྣམས་དང་པོའི་སངས་རྒྱས་ལ་གཞུག་པའི་ཆེད་ཅེས་གསུངས་པ་འདི། སྦྱང་ བྱ་དང་རྫོགས་རིམ་གྱི་སྐབས་སུ་གསུངས་པའི་ཆེད་དུ་མི་འབྱོར་ལ། སྦྱངས་འབྲས་ཀྱི་སྐབས་ ལས་འོས་མེད་ཀྱང༌། རང་ཉིད་ཀྱིས་ཐོབ་བྱ་ལ་སྦྱོར་རམ་མི་སྦྱོར་ཞེ་ན། གཙོ་བོར་འདི་ནི་སྔོན་ བྱུང་སྟོན་པའི་མཛད་པ་དང་མཐུན་པར་རྗེས་འཇུག་རྣམས་ཀྱིས་བསྒོམ་པའི་ཚུལ་ཡིན་ལ། སྒྲུབ་པ་པོ་རང་ཉིད་སངས་རྒྱས་པའི་ཚེ་ཡང་ཆགས་ཆེན་གྱི་གདུལ་བྱ་འདུལ་བར་འགྱུར་བའི་ མཛད་པ་དང་ཡང་ཤུགས་ལ་སྦྱོར་རོ། །དེ་ཡང་སྔོན་སྟོན་པས་རྒྱུད་གསུངས་པའི་ཚེ་དཀྱིལ་ འཁོར་ཆེན་པོ་སྤྲུལ་པ་ནའང༌། ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་མངོན་བྱང་ལྔ་ལས་གཙོ་བོའི་ སྐུར་བཞེངས་པ་ནས། ཉེར་བསྡུའི་བར་གྱི་རིམ་པ་འདི་དག་དངོས་ཀྱི་གདུལ་བྱ་རྣམས་ལ་ གསལ་པར་བསྟན་པ་ཡིན་པས། དེ་དུས་རྗེས་ཆགས་ཀྱི་སྤྱོད་པས་འཁོར་གྱི་དཀྱིལ་འཁོར་ སྤྲུལ་པར་མཛད་པ་དེ་དང་མཐུན་པར་བསྒོམ་ཞིང༌། མོས་པ་ཡང་བྱེད་དགོས་པའོ།། །། གཉིས་པ་དངོས་གཞི་འཁོར་གྱི་ལྷ་ཚོགས་བསྐྱེད་པའི་སྐབས་སུ་འདི་ལྟར་གོ་དགོས་ཏེ། འདི་ལ་སྔོན་དུ་དོགས་པ་དཔྱད་པ་དང༌། ལྷ་ཚོགས་ཇི་ལྟར་སྤྲོ་བའི་ཚུལ་ལོ། །དང་པོ་ནི། 3-1-208 སྐབས་འདིར་འགྲེལ་ཆེན་ལས། ཞུ་བ་ཟླ་བར་གྱུར་པ་རྣམས་རང་གི་རྡོ་རྗེ་ནས་སྤྲོས་ཏེ། རང་ གི་རིག་མའི་པདྨར་དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་ རྟེན་དང་བརྟེན་པའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པས། ཁ་ཅིག་མཁའ་ནང་དུ་གཞལ་ ཡས་ཁང་བསྐྱེད་པར་བཞེད། གཞན་དག་རྟེན་ས་བོན་དང་ཕྱག་མཚན་ལས་བརྟེན་པ་ལྷ་སྐུ་ སྐྱེད་དོ་ཞེས་འབྲུ་གནོན་ལ། དེ་ལ་མང་པོ་ཞིག་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་ལ་ འཇོག་པ་སྔགས་པ་སྤྱི་ལ་གྲགས་པ་དང་འགལ་ཞེས་འགོག ཁ་ཅིག་གསང་འདུས་ཡེ་ཤེས་ ཞབས་ལུགས་ཀྱི་སྙིང་རྗེའི་དབང་བསྐུར་གྱི་རིག་པ་འདིར་སྦྱོར་བར་རློམ་ནས། དཀྱིལ་འཁོར་ རྒྱལ་མཆོག་གི་ལྷ་ཚོགས་སྤྲོ་བ་རྣམས་ཕྱིའི་གཞལ་ཡས་ཁང་ལ་མི་བྱེད་པར་མཁའ་ནང་གི་ གཞལ་ཡས་ཁང་དུ་ལྷ་སྤྲོ་བའི་དོན་ཡིན་ཞེས་འཆད་ན། རྒྱུད་འགྲེལ་གྱི་སྔ་ཕྱི་གང་དུའང་ མཁའ་ནང་དུ་གཞལ་ཡས་ཁང་སྒོམ་པའི་གསལ་ཁ་མེད་ཅིང༌། འདིར་བསྐྱེད་ན་ཕྱིས་ཕྱི་རོལ་ ཏུ་སྤྲོ་དགོས་པ་ལས་སྤྲོ་བའི་ཚིག་ཀྱང་ཡེ་མེད་པའི་ཕྱིར་དང༌། རིག་པས་ཀྱང་མཁའ་ནང་དུ་ལྷ་ རྣམས་དུས་གཅིག་ལ་བསྐྱེད་པ་ཡིན་ན། གཞལ་ཡས་ཁང་སྒོམ་པ་འཐད་ཀྱང༌། འདིར་ནི་ མངལ་གྱི་ཟླ་བ་རྣམས་དང་བསྟུན་ནས་ལྷ་རྣམས་སྡེ་ཚན་རེ་རེ་དུས་གཅིག་ཏུ་སྐྱེད་ཅིང༌། བསྐྱེད་མ་ཐག་ཏུ་ཕྱིར་འབྱིན་པ་ཡིན་པས། འདིའི་རིགས་ལ་གཞལ་ཡས་ཁང་མི་ཐོབ་པོ། ། དུས་གཅིག་ཏུ་བསྐྱེད་ཕྱིན་ཆད་རིམ་ཅན་དུ་སྤྲོའམ་བྱུང་རྫོགས་སུ་སྤྲོ་ཡང་གཞལ་ཡས་ཁང་ བྱེད་པ་ལ་མི་བདེ་བ་བསྐྱེད་པའི་གནས་སྐབས་སུ་དུས་གཅིག་ཏུ་མི་བསྐྱེད་པ་ལ་སྤྲོ་ཚུལ་ཇི་ ལྟར་བྱེད་ཀྱང་གཞལ་ཡས་ཁང་མི་དགོས་སོ། །དེས་ན་སྐབས་འདིར་གཞལ་ཡས་ཁང་མི་ སྒོམ་པ་ཉིད་དུ་ངེས་ལ། ས་བོན་ལ་རྟེན་གྱི་ཐ་སྙད་འཇོག་པ་ཡང་མཐའ་གཅིག་ཏུ་འགལ་བ་ ནི་མེད་དེ། རྒྱུ་ལ་རྟེན་དུ་འཇོག་པ་དང་འབྲས་བུ་ལ་བརྟེན་པར་འཇོག་པའི་སྐབས་མང་བའི་ ཕྱིར་རོ། །འོན་ཀྱང་དེ་འདྲ་འདིར་སྐབས་ཀྱི་དོན་དུ་མི་འགྱུར་བས་དེ་ཡང་མིན་ནོ། །ཡང་ 3-1-209 མཁའ་ནང་གི་གཞལ་ཡས་ཁང་དུ་ལྷ་སྤྲོ་བའི་དོན་དུ་འཆད་པ་ནི། དུས་འཁོར་བ་ཐམས་ཅད་ དང་མི་མཐུན་པའི་གྲགས་པའི་ཚད་མས་གནོད་ངེས་ཤེས་པ་ནི་ཡིན་ཅིང༌། གཞན་ཡང་ལྷ་ རྣམས་དུས་གཅིག་ཏུ་བསྐྱེད་པ་ཡིན་ན། སྦྱང་བྱ་ཟླ་བ་སོ་སོ་དང་སྦྱར་ནས་རིམ་པས་བསྒོམ་ དགོས་པར་གསུངས་པ་དང་འགལ་ཞིང༌། ལྷ་རྣམས་རིམ་པས་བསྐྱེད་པ་ཡིན་མཁའ་ནང་དུ་ བྱང་ཆུབ་ཀྱི་སེམས་ཀྱང་ལན་གྲངས་མང་པོར་སྤྲོ་དགོས་པར་ཐལ་བར་འགྱུར་བ་དང་མཁའ་ དཀྱིལ་གྱི་གཞལ་ཡས་ཁང་དུ་ལྷ་རྣམས་ཁྲོམ་འཚོགས་པ་ལྟར་རིམ་པས་འཇུག་པ་འདི་འདྲ་ སྔོན་མེད་པའོ། །ཡང་གཞན་ཁ་ཅིག་མཁའ་ནང་དུ་གཞལ་ཡས་ཁང་བསྐྱེད་པ་ལ་རྒྱུ་མཚན་ ཁྱད་པར་ཅན་གཞན་ཡོད་དེ། འདིར་ང་ནི་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་མངལ་དུ་འཇུག་པའི་ཚུལ་གྱིས་བསྐྱེད་པའི་རིམ་པས་ བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་གསུངས་པ་ཞེས་འབྱུང་ཞིང༌། དེའི་དོན་ཐུབ་པའི་དབང་པོ་ ཡུམ་གྱི་ལྷུམས་སུ་ཞུགས་པ་དང་མཐུན་པར་བསྒོམ་དགོས་པ་ཡིན་ན། རྒྱ་ཆེ་རོལ་པར་ཡུམ་ གྱི་ལྷུམས་སུ་ཁང་བརྩེགས་རིམ་པ་གསུམ་པ་ཙནྡན་སྦྲུལ་གྱི་སྙིང་པོའི་རང་བཞིན་སོགས་ གསུངས་པས་སོ། །ཟེར་རོ། །འདི་ནི་སངས་རྒྱས་རྣམས་སྐྱེ་བའི་ཆོ་འཕྲུལ་སྟོན་པ་དང་ མཚུངས་པར་ལྷའི་བསྐྱེད་ཆོག་བསྒོམ་ཞེས་རང་ཉིད་མ་འོངས་པ་ན་འཚང་རྒྱ་འགྱུར་གྱི་དུས་ དང་འདྲ་བར་བསྒོམ་ཞེས་པ་ཙམ་གྱི་དོན་ཡིན་གྱི། འོ་སྐོལ་གྱི་སྟོན་པ་ཁོ་ནའི་རྣམ་ཐར་དང་ བསྟུན་དགོས་པའང་མིན་ལ། ཁྱད་པར་དུ་རྒྱ་རོལ་དང་སྒྲིག་པ་ལའང་འབྲེལ་ཆེར་མེད་དེ། རྒྱ་ རོལ་དུ་ཡུམ་གྱི་ལྷུམས་སུ་ཁང་བཟངས་བྱུང་བར་གསུངས་པས་འདིར་མཁའ་ནང་དུ་གཞལ་ ཡས་ཁང་བསྒོམས་དགོས་ན། མངོན་པར་འབྱུང་བ་དང་ལུང་བཞི་ལས་ཡུམ་གྱི་ལྷུམས་སུ་ ཁང་བཟངས་བྱུང་བར་མ་གསུངས་པས། སྐབས་འདིར་མི་བྱེད་པའི་རྒྱུ་མཚན་དུ་ཡང་ཐལ་ བར་འགྱུར་རོ། །གཞན་ཡང་མངལ་ཟླ་རྣམས་དང་སྦྱོར་བ་འདི་ཐུབ་པ་ལྷུམས་སུ་བཞུགས་ 3-1-210 པའི་དབང་དུ་བྱས་པ་ཡིན་ན་ནི། ཁྱེད་དག་གཞལ་ཡས་ཁང་སྐྱེད་པ་དེ་མངལ་ཟླ་བཞི་པའི་ སྐབས་སུ་འོང་བས་མངལ་གྱི་ཟླ་བ་བཞི་པ་ལ་ལྷུམས་སུ་ཙནྡན་གྱི་ཁང་བརྩེགས་སྔར་མེད་ གསར་དུ་བྱུང་བར་འདོད་དགོས་ཤིང༌། དེ་ལྟར་མི་སྦྱོར་ན་ཐུབ་པ་སྐུ་བལྟམས་པ་གལ་ཆེ་ཤོས་ གཙོ་བོ་ཡབ་ཡུམ་དང་མི་སྦྱོར་བར་མངལ་ནས་སྤྲོས་པའི་ལྷ་ཚོགས་དང་སྦྱོར་བ་ནི། བསྐྱེད་ རིམ་སྤྱི་དང་བྱེ་བྲག་སུ་དང་ཡང་མི་མཐུན་ཞིང༌། མཁའ་སྤྲོའི་ལྷ་ཚོགས་ཤིན་ཏུ་མང་བའི་སྲས་ ཀྱི་གཙོ་བོ་ཐོག་མ་དེ་ཡབ་ལ་ཐིམ་པ་སོགས་ཤིན་ཏུ་མི་ཤེས་ཤིང་བླུན་དཔྱོད་ཁོ་ནར་འགྱུར་ རོ། །ཅི་སྟེ་རྒྱ་རོལ་དང་དུས་འཁོར་མི་སྒྲིག་པ་སྟབས་མེད་པའི་དབང་མེད་བྱུང་སྲིད་ན། ཕྱིའི་ གཞལ་མེད་ཁང་དང་ཙནྡན་གྱི་ཁང་བཟང་སྒྲིག་པ་ཙམ་རིགས་སོ། །འོ་ན་རྟེན་དང་བརྟེན་པ་ ཞེས་པ་ཅི་ཞིག་སྙམ་ན། རང་གི་རིག་མའི་པདྨར་ཞེས་པ་རྟེན་དང༌། ལྷ་དང་ལྷ་མོའི་མཚན་ ཉིད་བརྟེན་པའི་མཚན་ཉིད་ཅན་ཞེས་སྦྱོར་རྒྱུ་ཡིན་པས། འདིར་གཞལ་ཡས་ཁང་གི་དོད་ཡུམ་ གྱི་མངལ་གནས་ཉིད་རྟེན་གྱི་དཀྱིལ་འཁོར་གྱི་མཚན་ཉིད་ཅན་ཡིན་པ་དེའི་ནང་དུ་རྡོ་རྗེ་ལས་ སྤྲོས་པའི་བྱང་ཆུབ་ཀྱི་སེམས་ལྷ་དང་ལྷ་མོའི་ཚོགས་སུ་གྱུར་པ་བརྟེན་པའི་མཚན་ཉིད་ཅན་གྱི་ དཀྱིལ་འཁོར་རོ། །ཞེས་པ་ཡིན་པས། འདི་མངལ་དུ་གཞལ་ཡས་ཁང་སྒོམ་པའི་སྒྲུབ་བྱེད་དུ་ མི་འགྱུར་གྱི། མི་སྒོམ་པའི་སྒྲུབ་བྱེད་དུ་འགྱུར་བ་ཤས་ཆེའོ། །ཡང་དུས་འཁོར་བ་ཕྱིས་བྱུང་ ཕལ་ཆེར་འདི་སྐད་ཅེས། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་འདིར་ལྷ་རྣམས་སྐད་ཅིག་ གིས་བསྐྱེད་པ་དང༌། ལས་རྒྱལ་མཆོག་ཏུ་རླུང་གྲུབ་པ་དང་མཐུན་པར་ལྷ་རྣམས་ཕྱག་མཚན་ ས་བོན་ལས་བསྐྱེད་ཟེར་བ་ཡོད་མོད་ཀྱང་། དེ་ལྟར་ན་ལས་རྒྱལ་མཆོག་དེ་དཀྱིལ་འཁོར་ རྒྱལ་མཆོག་ལས་ཆེས་རྒྱས་པར་འགྱུར་ཞིང༌། དེ་ལྟ་ན་ནི་གསང་སྔགས་སྤྱི་ལུགས་དང་ཡང་ མི་མཐུན་པ་དང༌། འབྲས་བུ་ལྷ་ནི་དག་བྱེད་ཡིན་པས་གཉིས་ཀར་དུ་སྒོམ་མཉམ་ལ། རྒྱུ་རླུང་ རྣམས་སྦྱོང་བྱེད་ས་བོན་ཕྱག་མཚན་དགོས་ན། འདིར་ཡང་རྩ་རྣམས་གྲུབ་པ་མཚོན་བྱེད་དུ་ས་ 3-1-211 བོན་ཕྱག་མཚན་ཅིའི་ཕྱིར་མི་དགོས། ཡང་ཁ་ཅིག་འདི་སྐད་ཅེས། འགྲེལ་པ་ལས་ཤེས་རབ་ ཀྱི་པདྨར་སྔགས་ཀྱི་རང་བཞིན་ཡི་གེ་སོ་སོ་རྣམས་སོ། །དེ་ནས་པདྨ་ལས་ཞལ་དང་ཕྱག་དང་ མཚན་མ་དང༌། དབྱིབས་ཀྱི་མཚན་ཉིད་ཅན་རྣམས་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་ དཀྱིལ་འཁོར་རྣམས་ལ་སྤྲོ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་རབ་ཏུ་སྤྲོ་བ་དག་ཀྱང་ངོ༌། ། ཀྱང་ཡིག་གིས་སྔོན་བཞིན་པའོ། །ཞེས་གསུངས་པ་འདིས། ལས་རྒྱལ་མཆོག་ཏུ་ཐོག་མར་ སྔགས་ཀྱི་རང་བཞིན་གྱི་ཡི་གེ་ཞེས་གསུངས་ནས། སྔོན་བཞིན་ཞེས་པ་ཞལ་ཕྱག་ལ་འབྲུ་ མནན་པས་ལས་རྒྱལ་དུ་ས་བོན་ལས་བསྐྱེད་པ་དང༌། རྒྱལ་མཆོག་དང་པོར་དེ་འདྲའི་རྣམ་ གཞག་ཅི་ཡང་མ་གསུངས་པས། སྐད་ཅིག་གིས་བསྐྱེད་པར་ངེས་སོ་ཞེས་རང་བྱིས་པའི་དུས་ གང་སྨྲས་པ་དེ་ཉིད་ཀྱི་རྒྱབ་སྐྱོར་ཕྱིས་ཀྱང་འབད་དེ་སྨྲའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྒྱལ་ མཆོག་དང་པོའི་སྐབས་སུ་ཞལ་ཕྱག་རྣམ་འགྱུར་རྣམས་རྒྱས་པར་གསུངས། རྒྱལ་མཆོག་ གཉིས་པ་རྫོགས་མཚམས་སུ་ས་བོན་ཕྱག་མཚན་རྣམས་རྒྱས་པར་གསུངས་པ་ནི། དེ་རྣམས་ གོང་འོག་གང་རིགས་སུ་ཕྱོགས་གཅིག་ཏུ་བསྡོམས་ཏེ་གསུངས་ན། རྒྱལ་མཆོག་གཉིས་པོ་ གཅིག་སྟོན་བྱེད་ཀྱི་ཚིག་མངས་ཤིང་གཅིག་ཤོས་ཉུངས་བས་གཞུང་མི་མཛེས་པར་གཟིགས་ ཏེ། རྒྱུད་དུ་བཀྲམ་ནས་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་རྒྱལ་མཆོག་དང་པོ་སྟོན་བྱེད་ ཀྱི་གཞུང་གི་ནང་ན། ས་བོན་མཚན་མ་མ་གསུངས་པས་དེ་མི་དགོས་པར་འགྱུར་ན་ལས་རྒྱལ་ མཆོག་ལ་ཡང་ལྷ་རྣམས་སྤྲོ་བའི་སྐབས་ས་བོན་ཕྱག་མཚན་མི་སྒོམ་བར་རྒྱས་བཏབ་ཟིན་ པའི་རྗེས་སུ། དེ་རྣམས་བསྒོམ་དགོས་པར་ཐལ་བར་འགྱུར་ཏེ། སྐབས་དེར་གསུངས་པའི་ ཕྱིར་རོ། །གཞན་ཡང་འདི་སྐད་ཅེས་བྱ་སྟེ། ཁྱེད་དག་ལུང་ཚིག་སྔ་མ་དེ་ཚིག་ལ་འཁྲིས་ཏེ། ས་ བོན་ཡི་གེ་ཞེས་སྔོན་ལ་གསུངས་ནས། དེའི་རྗེས་སུ་སྔོན་བཞིན་ཞེས་ཞལ་ཕྱག་ལ་སྦྱར་བ་ འདི་ལྟར་ན། ཡུམ་གྱི་མངལ་གནས་སུ་ཡི་གེར་སོང༌། མངལ་ནས་སྤྲོས་པ་ན་ཞལ་ཕྱག་ཏུ་ 3-1-212 གྱུར། ཅེས་པར་སོང་བས། པདྨ་ནས་ས་བོན་སྤྲོས་པ་ཕྱི་རོལ་ཏུ་ལྷར་གྱུར་པར་འདོད་དགོས་ ལ། མཚན་མ་དང་བཅས་པ་ཞེས་པའི་དོན་ལྷ་བསྐྱེད་ཟིན་གྱི་ཕྱག་ན་བསྣམས་པའི་ཕྱག་ མཚན་ཡིན་ན། ལྷའི་བསྐྱེད་ཆོག་ལ་ཕྱག་མཚན་མེད་པར་འགྱུར་ལ། འདི་དེ་ཡིན་ན་ལྷར་གྱུར་ ཟིན་པ་དེ། སླར་ཡང་ཕྱག་མཚན་དུ་བསྒྱུར་དགོས་པར་ཐལ་བར་འགྱུར་རོ། །དེ་ནི་སློབ་ དཔོན་མེད་པར་རང་གར་འཇུག་པ་དགག་པ་དང༌། ཚིག་གི་སྡེབ་སྦྱོར་གྱི་དབང་གིས་སྤེལ་བ་ ཡིན་གྱི། དོན་འཁྲུགས་སྡེབས་བྱེད་ཟེར་ན། འདིར་ཡང་དེ་ཁོ་ན་བཞིན་ཏེ། ཤེས་རབ་ཀྱི་ པདྨར་སྔོན་བཞིན་དུ་སྔགས་ཀྱི་རང་བཞིན་ཡི་གེ་སོ་སོ་རྣམས་དང་མཚན་མ་རྣམས་སོ། །དེ་ ནས་པདྨ་ལས་ཞལ་དང་ཕྱག་དང༌། ཞེས་སོགས་བརྗོད་རྒྱུ་ཡིན་ལ། ཁྱད་པར་དུ་རྒྱུད་ལས། རྒྱལ་པོ་ཤེས་རབ་ཐབས་ཀྱིས་སླར་ཡང་དཀྱིལ་འཁོར་མ་ལུས་པ་ནི་རབ་ཏུ་སྤྲོ་བ་དག་ཀྱང་ ངོ༌། །ཞེས་པའི་འབྲུ་དངོས་གནོན་པ་ན། ཀྱང་ཡིག་གིས་སྔོན་བཞིན་ཞེས་པས། རྒྱལ་མཆོག་ ཉིས་པོ་དཀྱིལ་འཁོར་སྤྲོ་ཚུལ་ལ་ཁྱད་པར་མེད་ཅེས་བྱ་བ་དང༌། ཇི་ལྟར་ཁྱད་པར་མེད་ན། ཤེས་རབ་ཀྱི་པདྨར་ཞེས་སོགས་གོང་དུ་བཤད་པ་ཉིད་དོ། །ཡང་མཚན་མ་སུམ་ཅུ་རྩ་གཉིས་ ཀྱི་དཀྱིལ་འཁོར་སྐབས་ནས། དེ་ལྟར་ས་བོན་གྱི་མཚན་མ་བསྐྱེད་པ་དང༌། མཚན་མས་ལྷ་ བསྐྱེད་པ་ནི། རྣམ་འབྱོར་པས་ཐམས་ཅད་དུ་རྟོགས་པར་བྱའོ། །ཞེས་གསུངས་པས་རྒྱལ་ མཆོག་གཉིས་ཀར་ལ་ས་བོན་མཚན་མ་དགོས་ཞེས་བཤད་པ་ལ། ཁ་ཅིག་དེ་ལས་རྒྱལ་གྱི་ སྐབས་སུ་བཤད་པ་ཡིན་པས་ལས་རྒྱལ་ཁོ་ན་ལ་དགོངས་ཀྱི། གཞན་དུ་ན་སྐད་ཅིག་གིས་ བསྐྱེད་པའི་ལྷ་མེད་པར་འགྱུར་ཟེར་རོ། །དེ་ཡང་མ་ཡིན་ཏེ་འདིའི་དངོས་བསྟན་ཙམ་ཞིག་ལ་ དམིགས་ན་ནི། ལས་རྒྱལ་མཆོག་ཀྱང་མ་ཡིན་ཏེ། མཚན་མ་སུམ་ཅུ་རྩ་གཉིས་ཀྱི་ལྷ་ཚོགས་ ཁོ་ནར་འགྱུར་རོ། །ཤུགས་བསྟན་ལ་བསམས་ན་ནི་ཐམས་ཅད་དུ་ཞེས་གསུངས་པ་ལས། ཁྱེད་ལྟར་ན་དཀྱིལ་འཁོར་རྒྱལ་མཆོག་རིལ་གྱིས་སྤངས་པས་ཐམས་ཅད་ཀྱི་སྒྲ་ཇི་ལྟར་འཇུག 3-1-213 འོན་ཀྱང་སྐད་ཅིག་གིས་བསྐྱེད་པ་ཡང་མེད་པར་མི་འགྱུར་ཏེ། ཐམས་ཅད་ཅེས་པ་ཕལ་ཆེ་ བའི་དོན་ཡིན་གྱི། ཁྱབ་མཐའ་བརྩི་མི་དགོས་པས་སོ། །དཔེར་ན་མི་ཐམས་ཅད་ཀྱི་ཟས་ནི་ འབྲུ་ཡིན་ནོ་ཞེས་པ་ལ་མི་འཐད་པ་མེད་ཀྱང༌། འབྲུས་མི་འཚོ་བའི་མི་ཅི་རིགས་ཡོད་ཀྱང་མི་ འགལ་ཏེ། མི་ཕལ་ཆེ་བ་འབྲུས་འཚོ་བའི་ཕྱིར་རོ། །མི་ཐམས་ཅད་ཁ་སྤུ་ཅན་ནོ་ཞེས་བརྗོད་ ན། མིའི་ཕྱེད་ལྷག་པ་ལ་ཁ་སྤུ་མེད་པའི་ཕྱིར་མི་འཐད་པ་ལྟར་རྒྱལ་མཆོག་དང་པོའི་ལྷ་ཐམས་ ཅད་ས་བོན་ཕྱག་མཚན་ལས་མི་སྐྱེད་ན། ཕྱེད་མ་བསྐྱེད་པར་སོང་བས་ཐམས་ཅད་ཀྱི་སྒྲ་མི་ འཐད་ལ། རྒྱལ་མཆོག་གཉིས་པོ་གང་ལ་ཡང་ས་བོན་ཕྱག་མཚན་གཉིས་ལས་མི་སྐྱེད་པ་ཅུང་ ཟད་ཡོད་དུ་ཆུག་ཀྱང༌། མང་པོ་མེད་པའི་ཕྱིར་ཐམས་ཅད་ཀྱི་སྒྲ་དང་མི་འགལ་ལ། ཡང་སྐད་ ཅིག་གིས་བསྐྱེད་པ་སྐབས་འདིར་མེད་ན་སྐྱོན་ཅི་ཞེས་ཀྱང་ནན་ཏན་དུ་དྲི་བར་བྱའོ། །འདི་ དག་ཀྱང་ཆོ་ག་རྒྱས་པའི་དབང་དུ་བྱས་ཀྱི། གཞན་དུ་ན་རྒྱལ་མཆོག་གཉིས་ཀར་དུ་ས་བོན་ཁོ་ ན་ལས་བསྐྱེད་པ་དང༌། སྐད་ཅིག་གིས་བསྐྱེད་པ་ཁོ་ན་དང་གཅིག་ལ་སྐད་ཅིག་དང༌། གཅིག་ ཤོས་ལ་གཞན་བྱེད་པ་དང༌། རྒྱལ་མཆོག་དང་པོ་ལ་གཙོ་བོ་ཁོ་ན་བསྐྱེད། གཉིས་པ་ལ་འཁོར་ ཚོགས་སྤྲོ་བ་དང༌། དེ་ཉིད་གོ་ཟློག་པ་སོགས་ཀྱང་མི་འགལ་བས། རྗེ་རོང་བ་ཤེར་སེང་བ་ འབྲོ་བས་རྒྱལ་མཆོག་དང་པོ་ཆད། ར་པས་རྟིང་མ་ཆད་གསུང་བ་དངོས་བསྟན་ཆོ་ག་རྒྱས་ པའི་དབང་དུ་བྱས་ན་འདྲ་རུང་ཙམ་ཡིན་ཡང༌། སྤྱིར་ན་ཤོབ་པེ་བ་སྟེ། དགོས་པའི་དབང་གིས་ རྒྱས་བསྡུས་དེ་ལྟ་བུ་བྱེད་པ་ལ་སྐུར་བ་གདབ་ཏུ་མི་རུང་ཞིང༌། རྒྱལ་མཆོག་དང་པོའི་སྦྱང་བྱ་ སྦྱངས་འབྲས་རྣམས་གཙོ་བོ་ནུས་མ་དང་བཅས་པ་ལ་ཚང་ཚུལ་ཡོད་པ་དང༌། ཕྱི་མའི་དམ་ ཚིག་པ་བསྐྱེད་པའི་དག་རྫོགས་སྨིན་གསུམ་ཡང་གཙོ་བོ་ནུས་མར་བཅས་པ་ལ་བསྡུད་ཐུབ་ པའི་སྐབས་ཡོད་པས་སོ། །དེ་ལྟར་སྤྱིར་ཤེས་པར་བྱས་ནས། གཉིས་པ་ལྷ་ཚོགས་ཇི་ལྟར་སྤྲོ་ བ་ཉིད་ལ་དབྱེ་ན། དབུས་དང་བདེ་གཤེགས་འཕར་མའི་ལྷ་ཚོགས་སྤྲོ་བ། ཐུགས་དཀྱིལ་ 3-1-214 དངོས་ཀྱི་ལྷ་ཚོགས་སྤྲོ་བ། གསུང་དཀྱིལ་གྱི་ལྷ་ཚོགས་སྤྲོ་བ། སྐུ་དཀྱིལ་གྱི་ལྷ་ཚོགས་སྤྲོ་བ། རྗེས་འབྲང་གི་ལྷ་ཚོགས་རྣམས་སྤྲོ་བ་སྟེ་ལྔ་ལས། དང་པོ་ནི། ཨ་ཡིག་ལས་བྱུང་བའི་རྡོ་རྗེ་ ལྗང་ཁུ་ཞེས་པ་ནས། བུམ་པ་རྣམས་སུ་གྱུར་ཞེས་པའི་བར་ཏེ། དེ་ཡང་གཤེགས་པ་ཡབ་ཡུམ་ རྣམས་རང་རང་གི་ས་བོན་ཙམ་མམ། ས་བོན་ཕྱག་མཚན་དང་བཅས་པ་ལས་བསྐྱེད་དགོས་ ན། ཐུགས་དཀྱིལ་གྱི་རྩིག་པའི་ནང་གི་ལྷ་རྣམས་ལ་ནི་ངེས་པར་ཡང་ཞི་བ་ཡབ་ཡུམ་རྣམས་ བསྐྱེད་ཆོག་འདྲ་བར་བྱེད་དགོས་ལ། གསུང་དང་སྐུའི་དཀྱིལ་འཁོར་སོགས་ལ་ནི་མ་ངེས་ པར་ཡང་ཡོད་དོ། །སྐབས་འདི་དག་ཏུ་ཡུམ་གཙོ་བོར་གྱུར་པ་ལ་ཡུམ་ཉིད་པདྨའི་སྐྱིལ་ཀྲུང་ དང༌། ཡབ་གཙོ་བོར་གྱུར་པ་ལ་ཡབ་ཉིད་རྡོ་རྗེའི་སྐྱིལ་ཀྲུང་དུ་ཡོད་པའི་སྐབས། ཁ་ཅིག་ཡུམ་ ལ་འཁྱུད་པའི་ཡབ་ཀྱང་རྡོ་རྗེའི་སྐྱིལ་ཀྲུང་དང༌། ཡབ་ལ་འཁྱུད་པའི་ཡུམ་པདྨའི་སྐྱིལ་ཀྲུང་དུ་ འདོད་པ་མང་དུ་བྱུང་ཡང་ཐུགས་དཀྱིལ་ནང་གི་ལྷ་ཞི་སྐྱོང་རྣམས་ལས་གཙོ་མོའི་ཚུལ་རྣམས་ པདྨའི་སྐྱིལ་ཀྲུང་དང༌། གཙོ་བོའི་ཚུལ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཤད་པ་མ་གཏོགས། ཡབ་ ཡུམ་ཞབས་སྟབས་མི་འདྲ་བ་དགོས་པའི་གསལ་ཁ་མེད་ཅིང༌། བཞེངས་པའི་ནང་ནས་ གཡས་བརྐྱང་གཡོན་བརྐྱང་གཉིས་རྣམ་པ་ཡང་མཚུངས་ཤིང༌། ཁ་སྦྱོར་གྱི་ཚེ་གའུ་འགྲིག་ པའི་དགོས་པ་ཡོད་པས་དམིགས་གསལ་དུ་གསུངས་པ་མ་གཏོགས། ཟླུམ་པོ་ས་ག་སོགས་ ཡབ་ཡུམ་བཞུགས་སྟངས་མཚུངས་པར་ཡོད་པའི་རིགས་པས། ཡབ་གཙོ་བོའི་ཚུལ་དུ་རྡོ་རྗེའི་ སྐྱིལ་ཀྲུང་གིས་བཞུགས་པ་ལ་ཡུམ་ཡང་རྡོ་རྗེའི་སྐྱིལ་ཀྲུངས་ཀྱིས་འཁྱུད་པ་དང༌། ཡུམ་གཙོ་ མོའི་ཚུལ་དུ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ་ལ་ཡབ་ཀྱང་པདྨའི་སྐྱིལ་ཀྲུང་གིས་འཁྱུད་པར་ བྱེད་པ་ནི་རང་ལུགས་སོ། །ཁ་ཅིག་གིས་ཡུམ་གཙོ་མོར་གྱུར་པ་ལ་ཡབ་ཀྱིས་འཁྱུད་པའི་ སྐབས་ཡབ་རྡོར་སྐྱིལ་གྱི་པང་དུ་ཡུམ་བཞུགས་ཤིང༌། ཡབ་ཀྱི་ཞལ་རས་ལས་ཡུམ་གྱི་ཞལ་ རས་དཔངས་མཐོ་བར་བྱས་པས་བཞུགས་ཚུལ་འགལ་བའི་རྣམ་པས་སྐུ་གཟུགས་བཞེངས་ 3-1-215 པའི་ཚེ་མདུན་རྒྱབ་གང་ཡིན་ངོས་མི་ཟིན་པ་འདྲ་བ་ཤིན་ཏུ་མི་མཛེས་པ་དག་བྱུང་ངོ༌། །སྐུའི་ རྒྱན་དང་རྣམ་འགྱུར་ལ་སངས་རྒྱས་རིགས་ལྔ་པོ་རྣམ་པ་རལ་པའི་ཐོར་ཚུགས་ཅན་དུ་བཤད་ པས་སྐུ་ལ་ཡང་རུས་པའི་ཕྱག་རྒྱ་དྲུག་འགོད་པ་དང༌། སེམས་དཔའ་སེམས་མ་རྣམས་རིན་པོ་ ཆེའི་ཐོར་ཚུགས་ཅན་ཡིན་པས་དར་དང་རིན་པོ་ཆེས་བརྒྱན་པ་བྱེད་ཅེས་འོད་ཟེར་འཕྲེང་བ་ ལས་བཤད་པ་ཡང་མི་ལེགས་པ་མ་ཡིན་མོད། ཕྱག་རྒྱུན་ལ་ནི་ཐོར་ཚུགས་ཀྱི་ཁྱད་ཙམ་མ་ གཏོགས། གཞན་འདྲ་བར་དང་སྲབ་མོའི་ན་བཟའ་ཅུང་ཟད་དང༌། རིན་པོ་ཆེའི་རྒྱན་ཉིད་ མཛད་དོ། །དེ་དག་ལས་རིགས་ལྔའི་ཐོག་མ་མི་བསྐྱོད་པ་ཡབ་ཡུམ་ནི། ཐོག་མ་བསྐྱེད་པའི་ དུས་རྣམ་ཤེས་ནམ་མཁའ་སྦྱོར་བྱེད་རིགས་བྱེ་བྲག་པ་ཡིན་ཡང་ནམ་མཁར་སྤྲོས་སེམས་ཅན་ གྱི་དོན་མཛད་དེ། སླར་ཡང་གཙོ་བོ་དུས་ཀྱི་འཁོར་ལོ་ཉིད་ལ་བདག་པོའི་ཚུལ་དུ་ཞུགས་པ་ ནས་གཟུང་སྟེ། གཙོ་བོ་དང་གཉིས་མེད་དུ་བྱེད་དམ། གཙུག་ཏོར་རམ་ཐུགས་ཀར་གཟུགས་ བརྙན་གྱི་ཚུལ་གྱིས་འགོད་ཀྱང་རུང་སྟེ། རིགས་ཐམས་ཅད་པ་ཡིན་ལ། རྒྱུན་གཅིག་པོའི་བར་ སྐབས་དེར་སྐུའི་རྣམ་པ་འགྱུར་བའང་མི་འཐད་པས་གནས་སྐབས་ཕྱི་མ་གཙོ་བོ་ཉིད་ཡིན་ པའི་ཕྱིར། རང་འདྲའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པའོ། །དེ་ལྟར་ན་སྔར་ གཙོ་བོ་ཀུན་ཁྱབ་རྡོ་རྗེ་སེམས་དཔའ་ཡིན་པ་ལ་དེ་ཞུགས་པས་ཡེ་ཤེས་རྣམ་ཤེས་རོ་མཉམ་ པའི་ཚུལ་གྱིས་ཀུན་ཁྱབ་མི་བསྐྱོད་པའི་ངོ་བོར་ཡང་གསལ་བར་མངོན་པའོ། །དེ་ལ་འདི་སྐུའི་ ནང་དུ་གཟུགས་བརྙན་གྱི་ཚུལ་དུ་བཞུགས་པ་ལས་ཀྱང་རོ་གཅིག་ཏུ་འདྲེས་པ་ཉིད་བཟང་ངོ༌། ། དེའི་ཚེ་སྤྱིར་ཀུན་ཁྱབ་ཡིན་ཡང་རིགས་དྲུག་གི་དབང་དུ་བྱས་ན། གཙོ་བོ་ཉིད་རིགས་གཉིས་ འདུས་པ་གཙོ་ཆེ་བ་ཡིན་པ་ཤེས་པར་བྱའོ། །དེ་ལྟར་ན་རྒྱུད་འགྲེལ་ཉིད་ལས་དེ་ཙམ་ཁོ་ན་ གསུངས་ཤིང༌། སྤྲོས་པ་གཞན་མ་མཛད་པ་ཉིད་རྒྱུ་མཚན་ཡིན་པས་མཁས་པ་ཁ་ཅིག་རྒྱུ་རྡོར་ འཛིན་མི་བསྐྱོད་པ་ཡབ་ཡུམ་དང༌། འབྲས་བུ་རྡོར་འཛིན་རྡོར་སེམས་ཡབ་ཡུམ་ཡིན་ཅིང༌། 3-1-216 རྒྱལ་མཆོག་གཉིས་ཀར་ལ་མཁའ་སྤྲོའི་གཙོ་བོ་ཡབ་མི་བསྐྱོད་པ་དང༌། གཙོ་མོ་ཡུམ་རྡོར་ དབྱིངས་དབང་ཕྱུག་མ་སོ་སོར་བྱས་ནས། རྗེས་འབྲང་གི་ལྷ་ཡུམ་ཤེས་ཕྱིན་མ་དང་ཡབ་རྡོར་ སེམས་ཀྱིས་འཁྱུད་པ་ཙམ་ཞིག་སྤྲོས་ནས། མི་བསྐྱོད་པ་ཡུམ་བཅས་ཡབ་དང༌། རྡོར་དབྱིངས་ མ་ཡབ་བཅས་ཡུམ་ལ་ཐིམ་པར་བཞེད་པ་དང༌། རྒྱ་གཞུང་འགའ་ཞིག་ལས་ཀྱང་གཞན་དེ་ དང་མཐུན་པ་ལས་མི་བསྐྱོད་པ་ཡབ་ཡུམ་ཁ་སྦྱོར་ཞིག་སྤྲོས་ནས་ཚུར་བསྡུས་ནས་ཁ་ཕྲལ་ཏེ་ གཙོ་བོ་ཡབ་ཡུམ་སོ་སོ་ལ་བསྟིམ་པར་འདོད་པ་ནི། རྒྱལ་མཆོག་དང་པོའི་སྐབས། གཙོ་བོ་མི་ བསྐྱོད་པ་ལ་མི་བསྐྱོད་པ་བསྟིམ་པས་མི་བསྐྱོད་པ་ཉིས་ལྡབ་ལྷག རྡོར་སེམས་ཆད། གཉིས་ པའི་སྐབས་གཙོ་མོ་རྡོར་དབྱིངས་དབང་ཕྱུག་མའི་ངོ་བོ་ལ་ཡང་རྡོར་དབྱིངས་མ་བསྟིམ་པས་ དབྱིངས་ཕྱུག་མ་ཉིས་ལྡབ་ཏུ་ལྷག ཤེས་ཕྱིན་མ་རྩ་བ་ནས་ཆད་པས་ལུགས་དེ་གཉིས་ནི་མི་ ལེགས་ལ། ཡང་ཕྱིས་ཀྱི་ཁ་ཅིག་རྒྱལ་མཆོག་གཉིས་ཀ་ལ་རྡོར་སེམས་དང་མི་བསྐྱོད་པ་ གཉིས་ཀར་དུས་མཉམ་དུ་བསྐྱེད་ནས། རྡོར་དབྱིངས་མ་དང་ཤེས་ཕྱིན་མ་ཡང་ལོགས་སུ་ བསྐྱེད། སོ་སོ་ལ་ཡབ་ཡུམ་ཕན་ཚུན་གྱིས་འཁྱུད་པར་བྱས་ནས་དེ་རྣམས་སྤྲོས་ཏེ། རྡོར་ སེམས་དང་མི་བསྐྱོད་པ་ཡུམ་དང་བཅས་པ་སྟེ་ལྷ་བཞི་ཡབ་ལ་གཞུག་ཅིང༌། རྡོར་དབྱིངས་མ་ དང་ཤེས་ཕྱིན་མ་ལ་ཡབ་ཀྱིས་འཁྱུད་པ་སྟེ། ལྷ་བཞི་ཡུམ་ལ་སྟིམ་པར་བྱེད་ན། འདི་ནི་རང་ གིས་པདྨ་གདན་ཅན་ནི། ལྷ་བགྲོང་ཚུལ་ནོར་བའི་ཁ་གྲངས་སྒྲིག་པའི་ཆེད་ཁོ་ནར་བྱས་མོད་ ཀྱང༌། རང་བཟོའི་རྣམ་འགྱུར་དུ་ཤིན་ཏུ་གསལ་བ་ཕལ་གྱིས་གོ་བླ་བ་འདུག་ཅིང༌། མཁའ་ ནང་དུ་འཁོར་རྣམས་ལ་དབང་སྒྱུར་བའི་གཙོ་བོ་ཕོ་མོ་མི་འདྲ་བ་བཞི་བྱུང་པ་དང༌། ཡུམ་ལ་ལྷ་ ཕོ་བསྟིམ་པ་སོགས་ལུང་རིག་མན་ངག་ཐམས་ཅད་དང་བྲལ་བར་མ་ཟད། འཇིག་རྟེན་པའི་ ལུགས་དང་ཡང་འགལ་ཞིང༌། འདི་འདྲ་སྒོམ་པ་པོ་མང་པོ་མ་བྱུང་བས་ལེགས་སྣང༌། མང་དུ་ བྱུང་ན་འཇིག་རྟེན་དུ་བྱུར་དང་སྐལ་ངན་འཕེལ་བར་འགྱུར་བ་ཞིག་སྟེ་ངག་ལས་ཤེས་པར་ 3-1-217 བྱའོ། །པདྨ་གདན་ཅན་གྱི་ལྷ་གྲངས་བགྲོང་བ་ལ་ཡང་འདིས་མི་ཕན་ཏེ། དེ་ལ་ཕྱི་རོལ་ཏུ་ དངོས་སུ་ཡོད་པ་དགོས་ཀྱི། བསྟིམ་ནས་ཁོང་དུ་བཞུགས་པས་གོ་མི་ཆོད་དོ། །གཞན་དུ་ན་ཡེ་ ཤེས་པ་བསྟིམ་པས་ལྷ་གྲངས་ཤིན་ཏུ་མང་བར་འགྱུར་བའི་ཕྱིར་རོ། །འདི་ལ་རིག་པའི་གནོད་ བྱེད་གཞན་ཡང་ཡོད་དེ། གསང་འདུས་ལུགས་གཉིས་ལྟ་བུའི་དཀྱིལ་འཁོར་རྒྱལ་མཆོག་ལྟར་ མངལ་དཀྱིལ་གྱི་གཙོ་བོ་དེ་ཕྱི་དཀྱིལ་གྱི་གཙོ་བོའི་བདག་པོར་བཞུགས་པས་དེའི་ངོ་བོར་ གྱུར་པ་ཞིག་དགོས་པ་ལ་བསམས་ན། གཙོ་བོ་དེ་རྡོར་སེམས་ཡིན་ན་རྡོར་སེམས་བསྟིམས་པ་ ལ་དགོས་པ་མེད་པ་དང༌། མི་བསྐྱོད་པ་ཡིན་ན་མི་བསྐྱོད་པ་བསྟིམ་པ་དགོས་པ་མེད་དེ། སྔ་ རོལ་ནས་དེ་དང་དེ་ཡིན་པའི་ཕྱིར་རོ། །ཡང་རང་གི་རིགས་ཉིད་ཡིན་པའི་ཆེད་དུ་མཚོན་ན་ནི། རྡོར་སེམས་ཡིན་པ་དེ་ལ་མི་བསྐྱོད་པ་བསྟིམ་པ་མི་རིགས་ཤིང་གཅིག་ཤོས་ལ་ཡང་དེ་དང་ མཚུངས་སོ། །དེས་ན་རང་ལུགས་ནི་རྒྱལ་མཆོག་འདིར་གཙོ་བོ་རྡོར་སེམས་ལ་མི་བསྐྱོད་པ་ གཉིས་མེད་དུ་འདྲེས་པར་བསྟིམ་པས་རིགས་དྲུག་ཀར་ཚང་ཞིང་གཙོ་བོ་གཉིས་མི་དགོས་པ་ དང༌། རྒྱལ་མཆོག་ཕྱི་མར་གཙོ་བོ་མི་བསྐྱོད་པ་ལ་རྡོར་སེམས་བསྟིམ་པས་ཀྱང་དེ་དང་འདྲ་ ཞིང༌། གཞན་ཡང་ཡུམ་གཙོ་བོར་གྱུར་པའི་དཀྱིལ་འཁོར་དང༌། ཡབ་གཙོ་བོར་གྱུར་པའི་ དཀྱིལ་འཁོར་སོ་སོ་ལའང་སོ་སོའི་དབང་སྒྱུར་བ་པོ་ཕོ་མོ་གང་ཡིན་ཡང་ལྷ་རེ་རེ་ཡིན་གྱི། ཡབ་ཡུམ་གཉིས་ཀར་དངོས་སུ་གཙོ་ཆེ་ཆུང་ཁྱད་མེད་པའི་ཆ་མཉམ་པ་མ་བཤད་དོ། །དེའི་ ཕྱིར་འདིར་ཡང་རྒྱལ་མཆོག་གཉིས་ཀར་དུ་ཡབ་གཙོ་བོ་ཡིན་པས་མཁའ་དཀྱིལ་གྱི་གཙོ་བོ་ སྤྲོས་ནས་བསྟིམ་པ་ཡབ་ཁོ་ན་ལ་ཡིན་གྱི། སྣ་ཚོགས་ཡུམ་ལ་མི་དགོས་མོད། ལྗོན་ཤིང་གི་རྩ་ བར་ཆུ་དྲངས་པས་ལོ་འདབ་ཀུན་ལའང་ཁྱབ་པར་འགྱུར་བ་ལྟར་དོན་གྱིས་དེ་ལའང་དེ་ འདྲེས་པ་ནི་ཡིན་ནོ། །ཡང་གསང་འདུས་ལུགས་གཉིས་ཀྱི་དཀྱིལ་འཁོར་སྒྲུབ་པའི་སྐབས་ལྟ་ བུ་ཡིན་ན་ནི། སྒྲུབ་པ་པོ་ལས་རྒྱའི་རིག་མ་དང་ལྷན་ཅིག་ཏུ་དཀྱིལ་འཁོར་སྤྲོ་བ་ཡིན་ན། 3-1-218 དམིགས་པའི་རིམ་པ་གཞན་རྣམས་འདྲ་བ་ལ། སྒྲུབ་པ་པོས་གཙོ་བོ་ཡབ་ཀྱི་ང་རྒྱལ་དང༌། རིག་མས་གཙོ་མོའི་ང་རྒྱལ་བྱེད་པ་ཡིན་པས། དེའི་ཚེ་མཁའ་དཀྱིལ་གྱི་གཙོ་མོ་རིག་མ་ལ་ བསྟིམ་པ་རུང་སྟེ། སྒྲུབ་པ་པོའི་ཕྱོགས་ནས་ཡབ་གཙོ་བོར་གྱུར་པའི་དཀྱིལ་འཁོར་བསྒོམས་ ཀྱང༌། རིག་མའི་ཆ་ནས་ཡུམ་གཙོ་བོར་གྱུར་པའི་དཀྱིལ་འཁོར་བསྒོམས་པར་སོང་བས་སོ། ། འོན་ཀྱང་འདིར་དེ་ལྟ་བུ་གཏན་ནས་མ་ཡིན་ཅིང༌། ལུགས་དེ་དག་ལ་ཡང་སྒྲུབ་པའི་སྐབས་ ཁོ་ན་ལ་ཡིན་གྱི། བསྙེན་པའི་སྐབས་མ་ཡིན་ནོ། །དེས་ན་འདིར་སྣ་ཚོགས་ཡུམ་ཡང་དཀྱིལ་ འཁོར་གྱི་དབང་ཕྱུག་མ་ཏ་ཡིན་མོད་ཀྱི། དཔལ་དུས་ཀྱི་འཁོར་ལོའི་འཁོར་གྱི་ཚུལ་དུ་བྱ་ དགོས་པས། སྟོབས་ཅུང་ཟད་ཀྱིས་ཀྱང་ཁྱད་མེད་པའི་མཉམ་པ་རང་གི་ཚུལ་དུ་མི་བལྟ་ལ། མངལ་དཀྱིལ་གྱི་གཙོ་བོ་སྟིམ་པ་སོགས་འདྲ་མཚུངས་མཉམ་པོར་བྱེད་ན། གཙོ་ཆེ་ཆུང་གི་ དབྱེ་བ་ཡེ་ནས་ཕྱེད་པར་མི་འགྱུར་བས་སོ། ། གཉིས་པའི་སྐབས་སུ་ཁྲོ་མོ་རྣམས་ལ་འཁོར་ལོ་སེར་པོ། ཨུཏྤལ་དཀར་པོ། པདྨ་དམར་ པོ། ཁ་ཊྭཾ་ག་ནག་པོ་རྣམས་བསྐྱེད་ཆོག་གི་ཕྱག་མཚན་ཡིན་པར་འཇིགས་མེད་འབྱུང་གནས་ ཀྱིས་འདོད་མའི་སྐབས་སུ་བཤད་ལ། སློབ་དཔོན་ལེགས་པའི་བུ་ཡང་དེ་དང་མཐུན་མོད། འགལ་བ་ཆེར་མེད་ཀྱང་རང་ལུགས་ཁྲོ་མོ་རྣམས་ལ་ས་བོན་མ་གཏོགས་ཕྱག་མཚན་གྱི་ བསྐྱེད་ཆོག་མི་དགོས་ལ། བྱང་ཆུབ་སེམས་མ་རྣམས་བསྐྱེད་པའི་མཚན་མ་ཡང་རྒྱུད་མང་དང་ གོས་དང་མེ་ལོང་དང་རོའི་སྣོད་དང་དུང་ཆོས་དང་ཆོས་འབྱུང་དུ་བཤད་པའང་ཡོད་པས། དེ་ ལྟར་ཡང་རྣམ་གྲངས་སུ་བྱ་མོད་ཀྱི། ལག་ལེན་གཙོ་བོར་མི་བྱེད་དོ། །ཞི་བ་རྣམས་ལ་གཙོ་ བོའི་ཚུལ་དུ་བཞུགས་པའི་ཡབ་རྐང་ཚུགས་པ་དང༌། ཡུམ་རྐང་ཚུགས་པ་གཉིས་ཀ་ཡོད་པས། ཕན་ཚུན་འཁྱུད་བྱེད་ཀྱི་ལྷ་རྣམས་ཞར་བྱུང་ཡིན་པས་ན་ས་བོན་ཕྱག་མཚན་ལས་མི་བསྐྱེད་ པར་ཀྲོང་སྐྱེད་བྱེད་ཅིང༌། ཁྲོ་མོ་སྡེ་ཚན་ལོགས་སུ་མེད་པས་ཁྲོ་བོ་ལ་འཁྱུད་པས་ཁྲོ་མོ་རྣམས་ 3-1-219 ཉིད་ཞར་ལ་འོངས་པ་མ་ཡིན་རྐང་ཚུགས་ཡིན་པས་ས་བོན་ལས་བསྐྱེད་པ་ནི་ངེས་པར་མཛད་ ལ། ཕྱག་མཚན་གྱི་བསྐྱེད་ཆོག་ནི། རྒྱུད་འགྲེལ་ལས་གསལ་བར་མ་གསུངས་པའི་ཕྱིར། ལག་ལེན་དུ་མི་མཛད་དོ། །ཡང་སྒྲོལ་མའི་ཕྱག་མཚན་ཁ་ཊྭཾ་གའི་གནས་སུ་ཨུཏྤལ་སྔོན་པོ་ དང༌། ཀུན་ཏུ་བཟང་པོའི་ཕྱག་མཚན་ཚངས་མགོའི་གནས་སུ་ཡང་ཨུཏྤལ་མཛད་པ་ཡོད་དེ་ འདམ་ཁའོ། །བུམ་པ་རྣམས་ནི་འགྲེལ་པར་ཤར་གྱི་ལྷའི་པདྨའི་གནས་ཀྱི་བྱང་དང་ལྷོ་རུ་ཧི་ ཧཱིའམ། བུམ་པ་གཉིས་སོ། །ཞེས་འབྱུང་བས། ཁ་ཅིག་ཕྱོགས་བཞིའི་རེ་མིག་གཡས་གཡོན་ རྣམས་སུ་མི་འགོད་པར་དབུས་ཀྱི་དོན་ཡོད་གྲུབ་པ་གང་དུ་བཞུགས་པའི་རེ་མིག་དེའི་ནང་ དོན་གྲུབ་ཀྱི་སྐུའི་གཡས་གཡོན་དུ་རྐང་འགགས་པའི་བུམ་པ་གཉིས་འགོད་པ་སོགས་གཞན་ ལའང་རིགས་བསྒྲེ་མོད་ཀྱི། དེའི་གཡས་གཡོན་གྱི་རེ་མིག་ལ་བཀོད་ཀྱང་གདན་པདྨ་དེའི་ལྷོ་ བྱང་ཉིད་ཡིན་གྱི། གཞན་དུ་མི་འགྲོ་བས་དེ་དེའི་རྒྱུ་མཚན་དུ་འདྲེན་པ་ནི་ཤིན་ཏུ་མ་ངེས་ཤིང༌། གཞན་ཁ་ཅིག་དེའི་{རྒྱབ་སྐྱོར་[རྒྱ་བསྐོར་]དུ་རང་ཉིད་ཕྱོགས་མདོག་འཁྱོག་པོ་དེ་འདོད་ པས། དེའི་ས་ཚད་ཡིད་ལ་བཞག་ནས་ཕྱོགས་འཚོལ་བར་འགྱུར་ཟེར་ཏེ། དབུས་ཀྱི་གཡས་ གཡོན་ན་ཡོད་པའི་རེ་མིག་དེ་གཉིས་ནི། ཕྱོགས་དང་ཕྱོགས་མཚམས་ཀྱི་བར་ན་ཡོད་པས་ སོ་སྙམ་པའོ། །དེ་ལྟར་ན་འོག་ཏུ་འབྱུང་བའི་ཐུགས་དཀྱིལ་དང་སྐུ་དཀྱིལ་གྱི་ཤར་གྱི་གཡས་ དང་ཤར་གྱི་གཡོན་ཞེས་སོགས་མི་འཐད་པར་ཐལ་བར་འགྱུར་ཏེ། དེ་དག་ཕྱོགས་ཕྱོགས་ མཚམས་ཀྱི་བར་ན་ཡོད་པར་འགྱུར་བས་སོ། །དེས་ན་རེ་མིག་འདི་རྣམས་ལ་ཟུར་གྱི་རེ་མིག་ ལོགས་སུ་ཡོད་པ་བོར་བའི་གཞན་རྣམས་ཕྱོགས་བཞིར་བསྡུའོ། །སྟེང་འོག་གི་བུམ་པ་ནི་སྒོམ་ ཆ་ལ་གཙོ་བོའི་སྟེང་གི་བར་སྣང་དང༌། འོག་ས་གཞིའི་ནང་དུ་བསྒོམ་རྒྱུ་ཡིན་ཡང་བྲི་ཆ་ལ་ནི་ ཤར་ནུབ་ཀྱི་ཁྲོ་བོའི་རྒྱབ་ཏུ་བྱེད་པའམ། བསྡུ་ན་མ་བྲིས་ཀྱང་ཆོག་གོ །ཡང་ན་བུམ་པའི་ཚབ་ ཏུ་ཐོད་པ་སྟེ། ཁ་ཅིག་བུམ་པ་ལ་ཐབས་ཤེས་ཀྱི་དབྱེ་བ་བྱས་ནས་ཕྱིར་འབྱིན་པ་ལ་སྔ་ཕྱི་སྡེ་ 3-1-220 ཚན་སོ་སོར་བྱེད་དེ། རང་ལུགས་ལ་མི་དགོས་སོ། །སྟེང་འོག་གི་ཁྲོ་བོ་ནི་བྲི་ཆ་ལ་ཤར་ནུབ་ཀྱི་ ཁྲོ་བོའི་རྒྱབ་ཏུ་འགོད་པ་ཐུགས་དང་སྐུ་གཉིས་ཅར་ལ་ཡིན་གྱི། རྟ་བབས་ཀྱི་རྩེར་འགོད་པ་ནི་ མི་ལེགས་པར་གོ་ལ། སྟེང་འོག་གི་བུམ་པ་བཀོད་ན་དེའི་ཡང་རྒྱབ་ཏུའོ། །ཐུགས་དཀྱིལ་རྐྱང་ པ་སྒོམ་པ་ལ་ཡང་ཁྲོ་བོ་འདི་གཉིས་མ་བཀོད་ཀྱང་རུང་སྟེ། སྐུ་གསུང་ཐུགས་ཡོངས་རྫོགས་ ཀྱིས་རིགས་འགྲེ་བ་དབང་ལེར་གསུངས་པ་བཞིན་ཡིན་ལ། སྒྲུབ་ལེར་ཞར་བྱུང་གི་ཚུལ་དུ་ཁྲོ་ བོ་གཙུག་ཏོར་བཀོད་དེ་ལྔར་མཛད་པ་ནི། ཐུགས་ལ་ལྔ་དང་སྐུ་ལ་ལྔ་བསྡོམས་པས་སྡེ་ཚན་ སྙོམས་ཤིང་ཐབས་ཤེས་དང་ལས་དབང་གི་དག་པ་འགྲིག་པར་དགོངས་པ། ཐུགས་དཀྱིལ་ རྐྱང་པ་བྱེད་ན་འདི་ཉིད་གཙོ་ཆེའོ། །ཡང་ན་སྒོ་དྲུག་བསྲུང་བའི་ཕྱིར་ཁྲོ་བོ་དྲུག་ཀ་བསྒོམས་ ཀྱང་ལེགས་པ། ལས་དབང་དྲུག་དང་འབྱོར་པ་ཡིན་ལ། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ སྐབས་ནི། ཐུགས་ལ་ཁྲོ་བོ་བཞི་དང༌། སྐུ་ལ་ཁྲོ་བོ་དྲུག་གམ། ཐུགས་ལ་ལྔ་དང་སྐུ་ལ་ལྔ་ཁོ་ན་ བྱ་ཡི། གཙུག་ཏོར་རམ་གནོད་མཛེས་ཀྱང་ལན་གཉིས་གཉིས་འགོད་པ་སོགས་ནི་འདམ་ཁ་ གསུངས་པ་དང༌། དཀྱིལ་འཁོར་རྒྱས་བསྡུས་སོ་སོ་ལ་སྦྱོར་ཚུལ་འཁྲུགས་ཏེ་དོན་མ་གོ་བའི་ བབ་ཅོལ་ལོ། །རྒྱ་བོད་འགའ་ཞིག་ཁྲོ་མོ་རྣམས་ཕྱག་བཞི་པར་འདོད་པ་ཡང་ཐུགས་དཀྱིལ་ གྱི་རྩིག་པའི་ནང་གི་ལྷ་ལ་ཕྱག་གི་གྲངས་ཉུང་མཐའ་དྲུག་ཡིན་པ་མ་གོ་བའི་རྣམ་འགྱུར་དང༌། གཙོ་བོ་མ་གཏོགས་ཡབ་ཡུམ་ཞལ་ཕྱག་གྲངས་མཉམ་ཟླ་སྟོབས་ལས་ཐོབ་པ་དང་འགལ་ བས། སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱིས་བཤད་པ་བཞིན། ཐུགས་དཀྱིལ་ གྱི་ཁྲོ་བོ་ཁྲོ་མོ་རྣམས་བཞིའམ་ལྔའམ་དྲུག་གང་འགོད་ཀྱང་རུང༌། ཞལ་གསུམ་ཕྱག་དྲུག་པ་ ལས་གཞན་དུ་མི་བསམ་མོ། །ཡང་མཁས་པ་འགའ་ཞིག་ཕྱག་རྡོར་དང་ཆོས་ཁམས་མ་ནམ་ མཁའ་ཐབས་ཀྱི་ཕྱོགས་ཡིན། ཀུན་བཟང་དང་སྒྲ་མ་ཡེ་ཤེས་ཤེས་རབ་ཀྱི་ཕྱོགས་ཡིན་ན། ཐབས་གཉིས་ཤར་བྱང་དང༌། ཤེས་རབ་གཉིས་ནུབ་ལྷོར་འགོད་པ་རིགས་པ་ལས། རྒྱུད་ 3-1-221 འགྲེལ་དུ་དེ་ལས་ཟློག་སྟེ་བཀོད་པ་ནི། ཡབ་ཀྱི་གནས་སུ་ཡུམ་དང་ཡུམ་གྱི་གནས་སུ་ཡབ་ སོང་བའི་རྒྱུ་མཚན་གྱིས་ཡིན་གསུང་ན་དེ་ཡང་མི་འགལ་མོད། ལུས་བསམ་གྱི་དབང་གིས་སོ་ ཞེས་བརྗོད་ན། ལུགས་འདི་ལ་མཛེས་པ་ཡིན་ནོ། །གཟུངས་མ་བཅུ་གཉིས་པོ་ལ། སྒྲུབ་ལེར། སྟེང་དུ་འདོད་མ་དང་གླུ་མ། འོག་ཏུ་བཤང་གཅིའི་རྩ་དག་པས་ལྷ་བཤོས་མ་དང་འབྲས་བུ་ མར་གསུངས་ཤིང༌། དཀྱུས་སུ་བཀོད་པ་ནི་དབང་ལེ་ལས་འབྱུང་བ་ཡིན་ཏེ། སྤྱིར་དེ་གཉིས་ འདམ་ཁ་ཡིན་ཀྱང་རང་རང་གི་ས་བོན་གྱི་སྔགས་ལ་སོགས་པའི་ཁྱད་པར་དང༌། མཆོད་ སྔགས་ལ་སོགས་པ་དབང་ལེ་ལས་གསུངས་པ་དང་མཐུན་པ་མང་བས་གཙོ་བོར་དཀྱུས་སུ་ བཤད་པ་ཉིད་ཕྱག་ལེན་དུ་མཛད་དོ། །ཁྲོ་བོ་གཟུངས་མ་ཀླུ་དང་རབ་གཏུམ་མའི་སྟེང་འོག་ གི་ལྷ་རྣམས་སྒོམ་དོན་ལ་སྟེང་འོག་ཁོ་ནར་འགོད་པ་ཡིན་ལ། ཚེས་ལྷ་དང་སེམས་དཔའ་ཡབ་ ཡུམ་སྟེང་འོག་གི་ལྷ་རྣམས་སྟེང་འོག་གི་ཐོབ་སྐལ་ཙམ་མ་གཏོགས། སྟེང་འོག་ཏུ་མི་འགོད་དེ་ ཕྱོགས་བཞིར་འགོད་པ་ཁོ་ནའོ།། །། གསུམ་པ་ནི་གསུང་གི་རྣལ་འབྱོར་མ་རྣམས། རྒྱུད་ལས། ཤར་དུ་ཙ་མུཎྜ་དང་དབང་པོར་ འགྱུར་ཏེ་རྩེ་མོ་ཅན་དུ་ཁྱབ་འཇུག་མ་དང་རིག་བྱེད་གདོང༌། །གཤིན་རྗེར་ཕག་མོ་དྲག་པོར་ འགྱུར་ཏེ་ལྷ་མིན་བདག་པོར་གདོང་དྲུག་མ་དང་བགེགས་ཀྱི་མགོན་པོའོ། །ནུབ་ཏུ་དབང་མོ་ བདེན་བྲལ་དུ་འགྱུར་རླུང་དུ་ངེས་པར་དུས་ཀྱིས་གདོང་མ་དང་ནི་ཁྱབ་འཇུག་ཉིད། །གནོད་ སྦྱིན་དུ་ནི་དྲག་མོ་གཤིན་རྗེར་འགྱུར་ཏེ་ཕྱུགས་ཀྱི་བདག་པོར་དཔལ་མོ་ཉིད་དང་གདོང་དྲུག་ མ། །ཞེས་གསུངས་ཤིང༌། ཡི་དྭགས་དམར་དང་མཁའ་འགྲོའི་དབང་པོ་མ་ཧེ་རྨ་བྱ་གླང་ཆེན་ ངང་པ་གླང་དང་གདོང་ལྔ་པ། །རིམ་པས་ཙ་མུཎྜ་ལ་སོགས་པའི་གདན་དུ་འགྱུར་ཏེ་ཕྱོགས་ དང་ཕྱོགས་བྲལ་པདྨ་རྣམས་སུའོ། །ཞེས་གསུངས་ཏེ། རྒྱུད་འདིར་སྲིན་པོ་ལ་ལྷ་མིན་དུ་ཡང་ ཡང་གསུངས་པ་ནི། སྔོན་ལྷ་དང་ལྷ་མིན་འཐབས་པ་ན་སྲིན་པོ་རྣམས་ལྷ་མིན་གྱི་ཕྱོགས་སུ་ 3-1-222 གྲགས་པ་དང༌། སྔོན་གྱི་ལྷ་མིན་རྣམས་ས་སྟེང་དུ་འཇུག་པ་ལང་ག་མགྲིན་བཅུ་སོགས་མིའི་ སྲིན་པོ་རྣམས་ཡིན་ནོ་ཞེས་འཇིག་རྟེན་དུ་གྲགས་པ་ལྟར་བརྡ་ཆད་མཛད་པའོ། །ཡབ་རྣམས་ ཀྱི་སྐུ་མདོག་གསལ་བར་མ་བཤད་ཀྱང་དུས་འཁོར་གྱི་འཁོར་གྱི་ལྷ་རྣམས་ལ་སྤྱིར་བཏང་ གི་དབང་དུ་མཛད་ནས། དཀར་པོ་རྣམས་ཀྱི་ཤེས་རབ་དམར་མ་དམར་པོ་རྣམས་ཀྱི་རི་བོང་ འཛིན་པ་ལྟར་དཀར་དེ་བཞིན་ཉིད། །སེར་པོ་རྣམས་ཀྱི་ཁ་དོག་ནག་མོ་དཀར་མིན་རིགས་ རྣམས་ཀྱི་ཡང་མཆོག་གི་གསེར་དང་མཚུངས་པའོ། །སྔོན་པོ་རྣམས་ཀྱི་ཁ་དོག་སྣ་ཚོགས་ སླར་ཡང་ལྗང་ཁུ་རྣམས་ཀྱིས་སྔོན་པོ་རྣམས་སུ་དེ་བཞིན་གསུངས། །དེ་བཞིན་ངེས་པར་ལྷ་མོ་ རྣམས་ཀྱི་རང་རིགས་ཕྱོགས་སུ་གནས་པའི་ལྷ་རྣམས་དག་ཏུ་རིག་པར་བྱ། །ཞེས་ཏེ། འདིར་ ཁ་དོག་སྣ་ཚོགས་ཞེས་པ་ནི་ལྗང་ཁུའོ། །རིག་པ་འདི་སྦྱར་ནས་ཙ་མུཎྜི་དང་ཁྱབ་འཇུག་མའི་ ཡབ་བརྒྱ་བྱིན་དང༌། ཚངས་པ་སེར་པ་དང༌། ཕག་མོ་དང་གདོང་དྲུག་མའི་ཡབ་དྲག་པོ་དང་ ཚོགས་བདག་དཀར་བ་དང༌། དྲག་མོ་དང་དཔལ་མོའི་ཡབ་གཤིན་རྗེ་དང་གདོང་དྲུག་དམར་ བ་དང༌། དབང་མོ་དང་ཚངས་མའི་ཡབ་སྲིན་པོ་དང་ཁྱབ་འཇུག་ནག་པོར་དོན་ཐོབ་ལ་ངེས་ པར་འབྱུང་ཞིང༌། འདི་ལ་རྒྱ་བོད་ཐམས་ཅད་མི་མཐུན་པ་ཡང་མེད་དོ། །སྤྱིར་འདི་རྣམས་ འཇིག་རྟེན་གྱི་ལྷའི་གཟུགས་འཛིན་པ་ཡིན་པས་མ་མོ་བརྒྱད་དང༌། ལྷ་འདི་རྣམས་ཉིད་ཀྱི་ འཇིག་རྟེན་པའི་སྔགས་རྒྱུད་སོ་སོ་དང་བྱུང་ཁུངས་རྣམས་དང་ཡང་མཐུན་རུང་དུ་དགོས་ སོ། །དེའི་དབང་ལྟར་བྱས་ན། དཔེར་ན་ཙ་མུཎྜི་སྲིན་མོ་ཞེས་པ་སྲིན་པོའི་བཙུན་མོ་མ་ཡིན་ གྱི། སྲིང་མོ་ཡིན་པ་དང༌། ཁྱབ་འཇུག་མ་ཁྱབ་འཇུག་གི་སྲིང་མོ་སོགས་མིང་མཐུན་པ་རྣམས་ གོ་བླ་ཞིང༌། ཕག་མོ་ནི་ས་བདག་ཕག་གི་སྲིང་མོ་སྟེ། གཤིན་རྗེ་ལ་ལྷོ་ན་གནས་པ་དང་འོག་ ན་གནས་པ་གཉིས་ལས། འོག་ཕྱོགས་ཀྱི་གཤིན་རྗེ་མོ་ཡིན་ལ། དཔལ་མོ་ནི་ཁྱབ་འཇུག་གི་ བཙུན་མོ་ལྷ་མོ་དཔལ་མོ་ཉིད་ཡིན་པས་རྣམ་ཐོས་བུའི་སྲིང་མོའོ། །དེ་དག་ལ་དབྱེ་ན་རྒྱུད་ 3-1-223 གཅིག་ཀྱང་རྣམ་པ་ཐ་དད་པའི་ཚུལ་གྱིས་ལྷ་ཁོ་ནའི་བྱ་བ་བྱེད་པ་དང༌། འཇིག་རྟེན་དུ་ཕན་ གནོད་སྣ་ཚོགས་པའི་ལྷ་གདོན་འདྲེས་པའི་བྱ་བ་བྱེད་པ་གཉིས་གཉིས་འབྱུང་བ་ལས། འདིར་ མ་མོ་དང་རྣལ་འབྱོར་མ་སྟེ་ཕྱི་མ་ཡིན་ནོ། །འདི་རྣམས་ལྷ་སོགས་འཇིག་རྟེན་གྱི་བྱེད་པོར་ འདོད་པའི་འབྱུང་པོའི་གཙོ་བོ་ཆེར་གྲགས་པ་རྣམས་ཀྱི་ནུས་མའི་ཚུལ་དུ་སྦྱོར་གྱི། རིགས་ཀྱི་ བག་མ་བླངས་པའི་ཚུལ་གྱི་བཙུན་མོ་ནི་མ་ཡིན་ནོ། །དེ་བཞིན་དུ་དེ་དག་ཀྱང་ཁམས་འདི་ལྟ་ བུར་ངེས་པ་དང༌། ཕྱོགས་འདི་ལྟ་བུ་སྤྱོད་ཅེས་བྱ་བ་གདོད་ནས་ངེས་པར་གྲུབ་པ་མེད་ཀྱང༌། རྒྱུད་དུ་ཇི་ལྟར་བྱིན་གྱིས་བརླབས་པ་དེ་ལྟར་དུ་སྒྲུབ་ཅིང་རྩིས་སུ་གདབ་དགོས་པ་ཡིན་ནོ། ། དཔེར་མཚོན་ན་དྲག་མོ་དེ་ནུས་མའི་ཚུལ་གྱིས་ལྷའི་གཙོ་བོ་ཐམས་ཅད་ལ་ཡང་ཡུམ་དུ་སྦྱོར་ དུ་རུང་ལ། བདག་པོ་ངེས་ཅན་ནི་མེད་མོད། འདིར་ལྷོ་ཕྱོགས་ཀྱི་གཤིན་རྗེ་དང་ཡབ་ཡུམ་དུ་ མཛད་ནས། ཆུ་དང་མེའི་དག་པར་བྱིན་གྱིས་བརླབས་པ་ཡིན་པས་དེས་གཞན་ཡང་མཚོན་ ལ། མ་མོ་རྣམས་སྤྱིར་སྔགས་རྒྱུད་གཞན་ལས་འཇིགས་བྱེད་ཀྱི་ཚོགས་དང༌། ནག་པོ་ཆེན་ པོའི་ཡུམ་དུ་བཤད་པ་ནི་ཡོད་དོ། །འདི་དག་ལས་གཞན་ཐམས་ཅད་ཞལ་གཅིག་ཕྱག་བཞི་ མ། ཚངས་མ་འཁོར་བཅས་གདོང་བཞི་དང༌། གཞོན་ནུ་མ་འཁོར་བཅས་གདོང་དྲུག་ཡིན་པ་ དང༌། འོག་ཏུ་ཚེས་ལྷའི་སྐབས་སུ་ཡང་ཚངས་པ་འཁོར་བཅས་གདོང་བཞི་དང༌། གཞོན་ནུ་ འཁོར་བཅས་གདོང་དྲུག་ཏུ་གསལ་བར་བཤད་པས་དེ་ལས་ཟློག་སྟེ་ཞལ་གཅིག་པར་འཆད་ པ་ནི་མ་བརྟགས་པའོ། །མཚན་བརྗོད་མངོན་རྟོགས་ལས། སྟེང་འོག་གི་ཁྲོ་བོ་ཁྲོ་མོ་བཞི་ པོ་གསུང་དཀྱིལ་གྱི་སྒོ་སྲུང་ལ་བཀོད་དེ། རྒྱུད་འགྲེལ་དང་དངོས་སུ་ནི་མི་མཐུན་ལ། སྒྲུབ་ ཐབས་དེ་ས་བཅུའི་བྱང་སེམས་ཀྱིས་མཛད་ཟེར་བ་བདེན་ན། དཀྱིལ་འཁོར་གསུམ་ཅར་ལ་ སྒོ་སྐྱོང་ཡོད་པའི་མཛེས་ཆའི་སྒོ་ནས་ལེགས་ཤིང་རུང་ལ། དེ་མི་བདེན་ན་ནི་ཅིར་ཡང་མི་རུང་ ངོ༌། །འདོད་མ་རྣམས་ནི་གསུང་དཀྱིལ་གྱི་ལྷ་ཡིན་ཡང་སྐབས་འདིར་མི་སྤྲོ་སྟེ་འོག་ཏུའོ།། །། 3-1-224 བཞི་པ་ནི། དེ་ནས་སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ལ་ཞེས་པ་ནས། གཡོན་བརྐྱང་གི་ སྟབས་ཀྱིས་གནས་པའོ་ཞེས་པའི་བར་ཏེ། དེ་ལ་དང་པོ་ཚེས་ལྷའི་གཙོ་བོ་ལྷ་ཆེན་ཡབ་ཡུམ་ ནི། རྒྱུད་ལས། ཕྱི་རོལ་ཀྱི་ནི་དབང་པོའི་སྒོ་ཡི་གཡས་སུ་ལྷ་མིན་བདག་དང་དེ་ཡི་ཕྱག་རྒྱ་ སྲིན་མོར་འགྱུར། །མེར་ནི་རླུང་དང་རབ་གཏུམ་མ་སྟེ་མེ་དང་ཆུ་ལྷ་མོ་ཡང་ལྷོ་ཡི་སྒོ་ལས་ གཡས་སུའོ། །ལྷ་མིན་བདག་པོར་དཔལ་ལྡན་གདོང་དྲུག་པ་དང་དཔལ་མོར་འགྱུར་ཏེ་ནུབ་ ཏུ་དབང་པོ་རླུང་ལྷ་མོ། །རླུང་དུ་ཚངས་པ་དང་ནི་གློག་མར་འགྱུར་ཏེ་ནོར་སྦྱིན་དུ་ཡང་རྒྱ་མཚོ་ དང་ནི་ཕག་མོའོ། །དབང་ལྡན་དུ་ནི་ཚོགས་ཀྱི་དབང་པོ་གཞོན་ནུ་མ་སྟེ་ནོར་སྦྱིན་གཤིན་རྗེའི་ སྒོ་ཡི་གཡོན་གྱི་ཆར། །དྲག་པོ་དུས་ཏེ་ཁྱབ་འཇུག་དང་ནི་ནོར་སྦྱིན་ཞེས་པ་ཤར་དང་ནུབ་ཀྱི་ སྒོ་ཡི་གཡོན་དུའོ། །དེ་དག་རྣམས་ཀྱི་ཕྱག་རྒྱར་རབ་གྲགས་རི་སྲས་གཤིན་རྗེ་མ་དང་དཔལ་ མོ་ནོར་གྱི་དབང་མོར་འགྱུར། །ཞེས་འབྱུང་ཞིང༌། དེའི་ཐད་ཀྱི་གཤིན་རྗེ་མའི་སྐད་དོད་ཡཱ་མི་ ནཱི་ཞེས་འབྱུང་བ་ལ། རྒྱ་དཔེ་འགའ་ལས། ཡོ་གི་ནཱི་ཞེས་འབྱུང་སྟེ། དེ་ཡང་སྡེབ་སྦྱོར་ནི་འགྲིག་ ལ། འགྱུར་རྙིང་འགའ་ལས་ཀྱང་རྣལ་འབྱོར་མ་ཞེས་བསྒྱུར་རོ། །བཞོན་པ་ནི་རྒྱུད་དུ། གསུང་ གི་རྣལ་འབྱོར་མ་དང་མཚུངས་པ་རྣམས་མ་སྨོས་པར་ལྷག་པོ་རྣམས་གསུངས་པ་ནི། ལྷ་མིན་ ལ་སོགས་རྣམས་ཀྱི་དེ་བཞིན་ནོར་བདག་རྩེ་མོ་ཅན་དང་ཆུ་གཏེར་རླུང་དང་ཚོགས་ཀྱི་ནི། ། གླང་པོའི་དབང་པོ་དང་ནི་ལུག་དང་ཆུ་སྲིན་ཞེས་དང་རི་དྭགས་དང་ནི་བྱི་བ་རིམ་པས་སོ། ། ཞེས་གསུངས་ཏེ། མེ་ལྷའི་ལུག་རྒྱ་མཚོའི་ཆུ་སྲིན་རླུང་ལྷའི་རི་དྭགས། ཚོགས་བདག་གི་བྱི་བ་ རྣམས་ལྷག་པོ་ཡིན་ལ། རྭ་འགྱུར་དུ་རྒྱ་མཚོའི་གདན་ལ་སྤྲེའུ་ཞེས་བྱུང་བ་ནི་ཆུ་སྲིན་གྱི་སྐད་ དོད་མ་ཀ་ར་དང༌། སྤྲེའུ་ལ་མརྐ་ཊ་ཟེར་བ་རྒྱ་དཔེ་ལ་ཡི་གེ་ནོར་བའོ། །དཔལ་མོའི་སེངྒེའི་ ཚབ་འདིར་གནོད་སྦྱིན་གྱི་གླང་པོ་ཆེ་ཡིན་ན། ཡང་འདིར་གླང་པོའི་སྐད་དོད་མ་ཏངྒ་ཞེས་ འབྱུང་བ། དེ་གདོལ་བ་ལ་ཡང་འཇུག་པས་མིའི་གཟུགས་ཅན་གདོལ་བའི་རིགས་ཀྱི་གྱད་ 3-1-225 ཡིན་པར་བསྒྱུར་བ་ཡང་ཡོད་དེ་མི་འགལ་ལོ། །ཡང་ཁ་ཅིག་ན་མཿའི་མཆོད་སྔགས་ཆེན་མོ་ ན། ལྷ་ཆེན་བཅུ་གཉིས་ཀྱི་ཡུམ་གཞན་རྣམས་མ་སྨོས་པར་ཆུ་ལྷ་མོ་རླུང་ལྷ་མོ་གནོད་སྦྱིན་མོ་ གཤིན་རྗེ་མོ་སྟེ་བཞི་པོ་རྣམས་སྨོས་པ་ལ་བཞི་པོ་དེ་རྣམས་ལྷག་པོ་ཡིན་ཅིང༌། གཞན་དེ་ རྣམས་གསུང་གི་རྣལ་འབྱོར་མ་བརྒྱད་དང་གཅིག་པའི་ཕྱིར་གོང་དུ་སྨོས་ཟིན་པའོ། །ཞེས་ གསུངས་པ་ལ། རྣལ་འབྱོར་མ་རྣམས་འབྱུང་སྐྱེས་ཡིན་ལ། འདི་རྣམས་འཆི་མེད་ན་ཆུང་ཞེས་ ལྷ་ཉིད་དུ་བཤད་པས་མི་གཅིག་གོ་ཞེས་གཞན་འགོག་པར་མཛད་ཅིང༌། ཡང་དེ་ལ་ཕྱིས་ཀྱི་ གཞན་རྣམས་ཡང་ལན་གྱི་ཚུལ་གྱིས་ཅ་ཅོ་འབྲེལ་མེད་མང་དུ་སྨྲ་ཡང༌། དོན་དངོས་ནི། ལྷ་མོ་ ལྷག་མ་བརྒྱད་པོ་དེ་དག་རྣལ་འབྱོར་མ་བརྒྱད་དང་རྒྱུད་གཅིག་པས་མཆོད་པའི་ཡུལ་དུ་ དགོས་དོན་གཅིག་ཅིང་ཡི་གེ་ཉུང་བའི་དགོས་པ་ཡོད་པའི་ཕྱིར། མཆོད་སྔགས་ཀྱི་སྐབས་སུ་ དེ་ལྟར་བསྡུ་བར་མཛད་ལ། གནས་སྐབས་སུ་གནས་དང་བྱེད་པ་ནི་མི་གཅིག་པས་ལྷ་དང་ འབྱུང་པོའི་རིགས་ཀྱི་[རིགས་]དབྱེ་བ་ཡང་ཤིན་ཏུ་འཐད་དོ། །དེ་ཡང་མ་མོ་རྣམས་ནི་ཤ་ཁྲག་ གི་མཆོད་པས་མཉེས་ཤིང༌། དེ་ལས་དེའི་རིག་སྔགས་འགྲུབ་པ་སོགས་མངོན་སུམ་གྱིས་གྲུབ་ ལ། ལྷ་ཕོ་མོ་དངོས་རྣམས་ནི་བདུད་རྩིས་ཚིམ་པར་མི་འགྱུར་བར་ཕྱུགས་ཀྱི་ཤ་མི་གཙང་བ་ ལ་ཅིའི་ཕྱིར་དགའ་ཞེས་སྐྱེས་རབས་སོ་བཞི་ལས་བཀག་པ་དོན་ལ་གནས་པའི་ཕྱིར་རོ། ། འདི་དག་ལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་བཤད་པ་བྱེད་པ་ཕྱིས་བྱུང་བ་རྣམས་འདོད་ པ་མི་མཐུན་པ་ཁོ་ན་དང༌། ཕན་ཚུན་དགག་སྒྲུབ་ཀྱི་ཡིག་ཚོགས་ཆེས་མང་བ་སློབ་མའི་བློ་ གྲོས་འཁྲུག་པར་བྱེད་པ་དག་ཡོད་མོད་ཀྱི། ཐམས་ཅད་དོན་དང་མཐུན་པའི་གཙང་སང་ངེ་བ་ གཅིག་ཀྱང་མེད་དོ། །འདིར་དེ་དག་རྣམས་ཀྱིས་རྗེས་སུ་བརྗོད་པ་མཐའ་དག་འགོད་པ་ནི། གཞན་གྱི་བློ་གྲོས་འཕེལ་བ་སོགས་ཀྱིས་དགོས་པ་ཆུང་ཞིང༌། དོན་ཉུང་ངུ་ལ་ཡི་གེ་མང་པོའི་ ཁུར་གྱིས་ངལ་བས་རེ་ཞིག་བཞག་ནས་སྙིང་པོ་ཙམ་བརྗོད་ན། རྒྱ་བོད་ཁ་ཅིག་སྲིན་མོ་ནི་ 3-1-226 དབང་མོ་དང༌། ཆུ་ལྷ་མོ་དྲག་མོ་དང༌། རླུང་ལྷ་མོ་ཙར་ཙི་ཀཱ་ཡིན་ཟེར་བ་སོགས་དང༌། ཡང་ཁ་ ཅིག་དཔག་བསམ་འཁྲི་ཤིང་ལས། ཞི་བྱེད་ཆུའི་ལྷ་མོ་བཞིན་ཞེས་ཟེར་བ་དང༌། ཆུ་བོ་ལ་ གངས་རིའི་བུ་མོ་ཞེས་པ་མིང་མཐུན་པ་རྒྱུ་མཚན་དུ་བྱས་ནས་ཆུ་ལྷ་མོ་དང༌། རི་སྲས་མ་སྟེ་ཨུ་ མ་གཅིག་པར་འདོད་པ་དང༌། དྲག་མོ་ཆུ་ཁམས་ཀྱི་ལྷ་ཡིན་པས་ཆུ་ལྷ་མོ་དང༌། ཙར་ཙི་ཀཱ་རླུང་ ཁམས་ཡིན་པས་རླུང་ལྷ་མོ་ཟེར་བ་སོགས་འབྲེལ་མེད་མང་པོ་སྨྲ་ཡང༌། དེ་དག་གི་རྗེས་སུ་མི་ འབྲང་པར་ཐོག་མར་ངོས་འཛིན་འདི་ལྟར་བྱ་སྟེ། སྲིན་པོའི་ཡུམ་སྲིན་མོ་ནི་ཙར་ཙི་ཀཱ་ཉིད་ དང་༡། སྔར་ཁྱབ་འཇུག་མ་དང་ཚངས་པ་མཉམ་པར་སྦྱོར་བ་ནི། འདིར་ཚངས་པ་ལ་གློག་ མས་འཁྱུད་པ་དང་གཅིག་སྟེ། གློག་མ་ནི་ཁྱབ་འཇུག་གི་སྤུན་ཟླ་ཆེན་མོ་ཡིན་པར་བྷ་ག་བ་ཏ་ དང༌། བྷ་ར་ཏ་དང༌། སྔོན་རབས་རྣམས་ལས་མཐུན་པར་གྲགས་སོ༢། །ཕག་མོ་ནི་རྒྱ་མཚོ་ དང་སྦྱོར་བ་དང་༣། གཞོན་ནུ་མ་ནི་ཚོགས་བདག་དང་སྦྱོར་བ་དང་༤། དྲག་མོ་ནི་གཤིན་རྗེའི་ ཡུམ་སྟེ། བསྡུས་རྒྱུད་ལས། གཤིན་རྗེ་མོ་དང་དཔལ་མོ་ཞེས་པའི་གཤིན་རྗེ་མོ་དེ་ཡིན་ཡང༌། མཆོད་སྔགས་སུ་བཤད་པའི་ཡ་མི་ནཱི་ཞེས་པའི་གཤིན་རྗེ་མོ་མིན་ལ། གོང་དུ་སྨོས་པ་ལྟར་ རྣལ་འབྱོར་མ་ཞེས་པ་ལྟར་ན། དྲག་མོ་རྣལ་འབྱོར་མ་ཀུན་གྱི་གཙོ་མོ་ཡིན་པས་དོན་མཐུན་ ལ། གཤིན་རྗེ་མོ་ཞེས་པ་ལྟར་ན་གཤིན་རྗེའི་ཡུམ་ཡིན་པ་ལ་དགོངས་སོ་༥། །ལྷ་མོ་དཔལ་མོ་ གདོང་དྲུག་གི་ཡུམ་སྟེ། སྐབས་འདིར་བོད་སྐད་དུ་དཔལ་མོ་ཞེས་པ་གཉིས་བྱུང་ན་ཡང་དོན་ མི་གཅིག་པར་མ་ཟད། རྒྱ་སྐད་དུ་མིང་ཡང་མི་གཅིག་སྟེ། དཔལ་ལྡན་གདོང་དྲུག་པ་དང་ དཔལ་མོར་འགྱུར་ཏེ་ཞེས་པའི་སྐད་དོད་ལ། ལཀྵྨཱིཿཤྲཱི་ཥཊ་མུ་ཁོ་བི་བྷ་བ་ཏི། ཞེས་འབྱུང་བ། ལཀྵྨཱི་ནི་དཔལ་མོ་ཞེས་པ་ཡིན་པས་སྐབས་འདིར་གདོང་དྲུག་གི་ཡུམ་ནི་ལཀྵྨཱི་ཡིན་ལ། དཔལ་ མོ་ནོར་གྱི་དབང་མོར་འགྱུར་ཞེས་པའི་སྐད་དོད་ལ། ཤྲཱིར་དྷཱ་ནེ་ཤཱ་ཞེས་འབྱུང་བའི་ཤྲཱིཿཞེས་པ་ ནི་དཔལ་མོའོ། །དེ་ནི་རྣལ་འབྱོར་མ་བརྒྱད་ལ་མི་ཐེ་སྟེ་ནོར་རྒྱུན་མའི་གཟུངས་སོགས་ལས་ 3-1-227 མ་ཧཱ་ཤྲཱི་ཡེ་སྭཱཧཱ། ཞེས་འབྱུང་བ་དེ་ཡིན་པས་ལྷ་མོ་དཔལ་ཆེན་མོ་ཞེས་གྲགས་པ་དེའོ། །ལཀྵྨཱི་ མ་ནི་ཁྱབ་འཇུག་གི་ཆུང་མ་ཡིན་ཡང༌། སྐབས་འདིར་ཚེས་ལ་དབང་བའི་དོན་དུ་གདོང་དྲུག་ དང་སྦྱོར་བ་སྟེ། འདི་འདྲའི་རིགས་ཅན་གཞན་ཡང་ཡོད་དོ་༦། །གནོད་སྦྱིན་གྱི་ཡུམ་ནོར་གྱི་ དབང་མོ་ནི། བརྒྱ་བྱིན་གྱི་སྲིང་མོ་དབང་མོ་སྟེ། འདིར་གནོད་སྦྱིན་ལ་གླང་པོ་ཆེའི་གདན་ འབྱུང་བའི་རྒྱུ་མཚན་ཡུམ་དབང་མོའི་བཞོན་པ་ཡིན་པའི་ཕྱིར་དང༌། གལ་ཏེ་ཁོལ་པོ་གདོལ་ བའི་གདན་བྱེད་ན། གནོད་སྦྱིན་ཉིད་ཀྱི་སྟེ་ནོར་བདག་ལ་མིའི་བཞོན་པ་ཅན་དུ་གྲགས་པའི་ ཕྱིར་རོ་༧། རབ་གཏུམ་མ་ནི་ཚངས་པའི་སྲིང་མོ་ཡིན་པར་མུ་སྟེགས་ཅན་གྱི་སྔགས་རྒྱུད་ལ་ གྲགས་ཆེ་བ་ལྟར་ཡིན་པས་ཚངས་མ་སྟེ་འདིར་རླུང་ལྷའི་ཡུམ་མོ་༨། །དེ་ལྟར་ན་རྣལ་འབྱོར་མ་ བརྒྱད་དང་རྒྱུད་གཅིག་པ་རྣམས་དེ་དག་ཡིན་ལ། ལྷག་མ་བཞི་ལ་རླུང་ལྷ་མོ་ནི། རླུང་ལྷ་ཉིད་ ཀྱི་སྲིང་མོ་སྟེ་སྐབས་འདིར་དབང་པོའི་ཡུམ་མོ། །ཆུ་ལྷ་མོ་ནི་ཀླུའི་རྒྱལ་པོ་རྒྱ་མཚོའི་སྲིང་མོ་སྟེ་ མེ་ལྷའི་ཡུམ་མོ། །དེ་གཉིས་མངོན་སུམ་གྱིས་གྲུབ་པ་ལས་ཕྱིན་ཅི་ལོག་ཏུ་སྨྲ་བར་མི་བྱ་ལ། ཡཀྵི་ཎཱི་གནོད་སྦྱིན་མོ་དཔལ་ཆེན་མོ་ནི་གོང་དུ་སྨྲོས་པ་ལྟར་ནོར་རྒྱུན་མའི་རིགས་ཏེ་ལྷ་མོ་ དཔལ་ཆེན་མོ་ཡིན། སྤྱིར་རྣམ་ཐོས་བུའི་ཆུང་མ་ཡིན་ཡང་འདིར་ཁྱབ་འཇུག་གི་ཡུམ་དུ་བྱེད་ པས་ཁྱབ་འཇུག་རང་གི་ཆུང་མ་དཔལ་མོ་མིན་གྱི་དཔལ་ཆེན་མོའོ། །མཆོད་སྔགས་སུ་འབྱུང་ བའི་ཡ་མི་ནཱི་གཤིན་རྗེ་མོ་ནི། རི་སྲས་མོ་སྟེ་ཨུ་མ་ཡིན་ལ། དེ་ནི་གཤིན་རྗེའི་སྲིང་མོར་གྲགས་ པ། དེ་ཉིད་དུས་ཀྱི་མཚན་མོར་ཀུན་ཏུ་གྲགས་ཤིང༌། རྒྱུད་མང་པོ་ལས་ཀྱང་བཤད་པའི་ཕྱིར་ རོ། །དེས་ན་འདིའི་ཡ་མི་ནཱི་ནི་དྲག་མོའི་བཙུན་མོ་ཡིན་གྱི་གཤིན་རྗེ་ཉིད་ཀྱི་བཙུན་མོ་མིན་ཏེ་ ལྕམ་མོ། །འདི་དང་དྲག་མོ་མི་གཅིག་ལ་དྲག་མོའི་འཁོར་གཽ་རི་དང་ནི་རྒྱུད་གཅིག་པར་བྱའོ། ། དེ་ལྟར་ལྷ་མོ་རྣམས་ངོ་བོ་ངོས་བཟུང་བ་ཡིན་ལ། ཡབ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ངེས་ པར་བྱ་བ་ལ། འདིར་སྲིན་པོའི་ཡུམ་མིང་གཞན་གྱིས་མ་བསྟན་པར་སྲིན་མོར་གསུངས་པའི་ 3-1-228 དགོས་པ། ཡབ་ཡུམ་ཕྱག་མཚན་སོགས་རྣམ་པ་འདྲ་བར་གོ་དགོས་པ་ལ་དགོངས་ཤིང༌། དེ་ བཞིན་དུ་གཤིན་རྗེའི་ཡུམ་གཤིན་རྗེ་མོ་དང༌། ནོར་བདག་གི་ཡུམ་ནོར་དབང་མོ་ཞེས་ གསུངས་པ་ཡང་ངོ༌། །དེས་ན་གདོང་དྲུག་མ་དང་དཔལ་མོ་ལྟ་བུ་ཁྱད་པར་རེ་རེ་ཙམ་མ་ གཏོགས། ཡབ་ཡུམ་ཕྱག་མཚན་སོགས་རྣམ་པ་འདྲ་བར་བྱ་ལ། སྐུ་མདོག་ཀྱང་འདིར་ལྷ་ རྣམས་ཟླ་བ་གཅིག་གི་ཚེས་སོ་སོ་ལ་འཇུག་པར་མཉམ་ལ། ཟླ་བ་གཅིག་པོ་དེའི་ཞག་སུམ་ཅུ་ ལ་ཚེས་ཀྱི་སྟོབས་ལས་བྱུང་བའི་ཁམས་མི་འདྲ་བ་མང་ཡང༌། ཟླ་བའི་སྟོབས་ལས་བྱུང་བའི་ ཁམས་གཅིག་ཁོ་ན་ཡིན་པས། ལྷ་ཉེར་དགུ་པོ་སྐུ་མདོག་འདྲ་བའི་རིག་པ་འདི་ལའང་འཇུག་ པས་ཡབ་ཡུམ་སྐུ་མདོག་མཚུངས་པར་བྱས་ཀྱང་རུང་སྟེ། དམིགས་གསལ་ཡིན་པའི་ཕྱིར་རོ། ། འདི་ལྟར་འདོད་པའི་དུས་འཁོར་བ་ཡང་མང་དུ་བྱུང་སྟེ། ནོར་བ་ཁོ་ནར་མི་བཟུང་ངོ༌། །ཡང་ ཕྱག་མཚན་འདྲ་བར་བྱས་ནས། སྐུ་མདོག་རྣམས་དཀར་པོ་རྣམས་ཀྱི་ཤེས་རབ་དམར་མོ་ སོགས་དུས་འཁོར་སྤྱི་འགྲོས་ཀྱི་རིག་པ་སྦྱར་ཡང་ཤིན་ཏུ་ལེགས་པ་ཡིན་ཅིང༌། རང་ལུགས་ ཀྱི་བླ་མ་གོང་མ་རྣམས་ཀྱང་བཞེད་དོ། །དཔེར་ན་རིགས་ཀྱི་བུ་མོ་དེ་རིགས་གཞན་གྱི་ཁྱིམ་དུ་ སོང་བ་ན་བདག་པོ་དེ་དང་བྱ་བ་གཅིག་པར་འགྱུར་བ་བཞིན་ཡུམ་རྣམས་ཀྱང་ཡབ་དང་ཕྱག་ མཚན་མཐུན་པར་བྱེད་ཅིང༌། ད་དུང་རུས་དང་ངོ་བོ་མ་འགྱུར་བ་བཞིན་དུ་ཁ་དོག་ཐ་དད་དུ་ བྱེད་པ་ཡིན། ཞེས་ཀྱང་གསུངས་ཏེ་མན་ངག་གོ །ཡང་ཁ་ཅིག་ཡབ་ནི་མགྲོན་གྱི་ལྷ་ཡིན་པས་ ཚེས་ལྷ་ལ་མི་བགྲོང་ལ། དེ་ལྟར་ན་གྲངས་མ་ཚང་ངོ་སྙམ་ན། ཡུམ་ལ་གཉིས་སུ་འབྱེད་དེ་ སྟེང་འོག་གི་ནུས་མ་བཞིན་ནོ། །ཞེས་ཟེར་བ་ནི། མངོན་སུམ་དུ་གྲུབ་པ་ལ་བསྙོན་བརྡུངས་ ནས་སྐབས་དོན་མ་ཡིན་པ་འབད་པས་སྒྲུབ་པ་ཤིན་ཏུ་གཟུ་བོར་མི་གནས་པ་སྟེ། རང་ལུགས་ གནམ་སྟོང་གི་ལྷ་ནི་ཡབ་དང༌། ཉའི་ལྷ་ནི་ཡུམ་ཉིད་ཡིན་པར་རིག་པར་བྱའོ། །འགྲེལ་ཆེན་ ལས། ལྷ་ཆེན་བཅུ་གཉིས་ཀྱི་ཕྱག་མཚན་གསལ་བར་གསུངས་ནས། འདབ་མའི་ལྷ་མོ་རྣམས་ 3-1-229 ཀྱི་སྐུ་མདོག་ཕྱག་མཚན་དབྱིབས་རྣམས་ཡབ་དང་འདྲ་བར་གསུངས་པས། འཁོར་ཉེར་ བརྒྱད་རེ་ཡོད་པ་རྣམས་ཀྱི་ཕྱག་མཚན་ལ་རྩོད་པ་མེད་ལ། དེ་དག་དང་རིག་པ་མཚུངས་པས་ འཁྱུད་ཡུམ་རྣམས་ཀྱང་ཕྱག་མཚན་འདྲ་བར་གྲུབ་ཅིང༌། ལུང་དེས་སྐུ་མདོག་ཀྱང་འདྲ་བར་ ལུགས་གཅིག་ལ་གྲུབ་མོད། ལུང་གཞན་གྱིས་སྐུ་མདོག་ཐ་དད་ཀྱང་གྲུབ་པས་འདམ་ཁར་ བྱའོ། །གཞན་ཕལ་གྱི་འདོད་ཚུལ་ལྟར་ཡུམ་རྣམས་ཡབ་དང་ཕྱག་མཚན་མི་འདྲ་བར་བྱེད་ པའི་ལུགས་ལ། འགའ་ཞིག་གི་ཕྱག་མཚན་བརྟག་པར་དཀའ་སྟེ། ཁུངས་གསལ་བར་མེད་ བཞིན་དུ་བློ་བཟོའི་རིག་འགྲོས་སྦྱོར་བ་ལོང་རྡོ་འཕེན་པར་འགྱུར་རོ། །མཚན་རིགས་མཚུངས་ པའི་སྒོ་ནས་ཀྱང་ཕྱག་མཚན་ངེས་པར་མི་ནུས་ཏེ། དབང་མོ་དང་ཁྱབ་འཇུག་མ་ལྟ་བུ་རང་གི་ མིང་པོ་དང་འདྲ་བར་ཡོད་ཀྱང༌། དྲག་མོ་དང་གཞོན་ནུ་མ་དང་ཙར་ཙི་ཀཱ་སོགས་རང་གི་མིང་ པོ་དང་འདྲ་མིན་དུ་ཡོད་པ་དཔེར་བཞག་ན། ཆུ་ལྷ་རླུང་ལྷ་གནོད་སྦྱིན་སོགས་ཀྱི་སྲིང་མོ་ རྣམས་ལ་སྒོས་ཀྱི་གསལ་ཁ་མེད་པས། རང་རིགས་ཀྱི་ལྷ་དང་ཕྱག་མཚན་འདྲའམ་མི་འདྲ་ མཐའ་གཅིག་ཏུ་ངེས་པ་རྙེད་པ་མེད་ལ། རང་ལུགས་ནི་ལྷ་མོ་རྣམས་ཡབ་དང་འདྲ་བའི་ལུང་ ལ་བརྟེན་ན་ངལ་དུབ་མ་དགོས་བཞིན་དུ་ཁུངས་རྙེད་པའོ། །ཁ་ཅིག་སྲིན་པོའི་ཡུམ་ནི་དབང་ མོ་ཡིན་ཡང་སྡེབ་སྦྱོར་གྱི་དབང་གིས་སྲིན་མོར་གསུངས་ཟེར་བ་ནི་ཚོད་དཔོགས་ཏེ། ལྷ་མིན་ བདག་དང་དེའི་ཕྱག་རྒྱ་སྲིན་མོར་འགྱུར་ཞེས་པའི་སྐད་དོད། ད་ནུ་པ་ཏི་རཱཀྵ་སཱི་ཏ་སྱ་མུ་དྲ། ཞེས་པའི་རཱཀྵ་སཱི་སྲིན་མོའི་མིང་སྟེ། དེའི་དོད་དུ་དབང་མོའི་སྐད་དོད་ཨིནྡྲ་ནཱི་ཞེས་པ་བཅུག་ ཀྱང་སྡེབ་སྦྱོར་འགྲིག་འགྲོ་བའི་ཕྱིར་རོ། །ད་ནི་འདི་དཔྱད་དེ། འདིར་དྲག་པོ་ནོར་སྦྱིན་ཁྱབ་ འཇུག་གཤིན་རྗེ་འཁོར་བཅས་རྣམས་ཀྱི་སྐུ་མདོག་ལ་མི་མཐུན་པ་གཉིས་བྱུང་སྟེ། པཎྜི་ཏ་ ལེགས་པའི་བུའི་གཞུང་དང༌། རྒྱ་བོད་ཀྱི་དུས་འཁོར་བ་ཕལ་ཆེར་དྲག་པོ་སོགས་མགོའི་ཟླ་ བའི་ལྷ་དང་། ནོར་བདག་སོགས་རྒྱལ་གྱི་རྣམས་ཡེ་ཤེས་ཁམས་ཡིན་པས་སྔོན་པོ་དང༌། ཁྱབ་ 3-1-230 འཇུག་སོགས་མཆུའི་དང༌། གཤིན་རྗེ་སོགས་དབོའི་ཟླ་བའི་ལྷ་རྣམས་མཁའ་ཁམས་ཡིན་ པས་ལྗང་ཁུར་བྱེད་དོ། །སློབ་དཔོན་ཨ་བྷ་ཡཱ་ཀ་རས་སྒྲུབ་ཐབས་རྒྱས་པ་ལོགས་སུ་མ་མཛད་ ཀྱང༌། འཕྲེང་བར་བཀོད་པ་ལ་ཁྱབ་འཇུག་འཁོར་བཅས་ནག་པོ་གཤིན་རྗེ་དམར་པོ་ནོར་ བདག་སེར་པོ་དྲག་པོ་འཁོར་བཅས་དཀར་པོའོ། །ཞེས་ཐམས་ཅད་བསྡོམས་ནས་ཕྱོགས་ བཞིའི་མདོག་ཏུ་མཛད་དོ། །དེ་ལ་བོད་ཀྱི་དུས་འཁོར་བ་རྙིང་པ་མང་པོ་ཞིག་དང༌། ཁྱད་པར་ རོང་པ་ཤེར་སེང་བས་དགག་པ་དང༌། ཁ་སྨོད་མང་པོ་མཛད་དོ། །ཕྱིས་སྒྲུབ་ཐབས་པད་ཞལ་ མཁན་པོ་རྗེས་འབྲང་དང་བཅས་པས་ཚེས་ལྷའི་སྐབས་འདིར་ཨ་བྷ་ཡའི་ཕྱོགས་བཟུང་ནས་ མཐའ་གཞན་འགོག་པ་དུ་མ་དང༌། ལུགས་སྔ་མ་མི་འཐད་ཚུལ་མང་པོ་བྱས་སོ། །ཡང་དུས་ འཁོར་གྱི་བཤད་པ་བྱེད་པ་ཕྱིས་བྱུང་གཞན་ཐམས་ཅད་ཀྱིས་དེ་ལས་ཟློག་སྟེ། སཱ་དྷུ་པུ་དྲ་དང་ ཤེར་སེང་ལ་བསྟོད་ཅིང༌། ཨ་བྷ་ཡ་ལའང་སྨད་ནས་སྒྲུབ་ཐབས་པད་དཀར་པ་ལ་དགག་པ་ དུ་མ་ཞིག་བྱེད་དོ། །ཁོ་བོ་ནི་འདི་སྐད་ཅེས་སྨྲ་སྟེ། བླ་མའི་མན་ངག་རྒྱུན་མ་ཆད་པའི་ཕྱག་ ལེན་གྱི་རིམ་པ་ཡིན་པ་དང༌། དོན་གྱི་གཙོ་བོ་ཡིན་པའི་ཕྱིར་ལུགས་སྔ་མ་ཉིད་ལག་ལེན་དུ་ འདེབས་ཀྱང༌། འཕྲེང་བའི་ལུགས་དེ་ཡང་རྣམ་གྲངས་པའམ། འདམ་ཁའི་སྒོ་ནས་ཁས་བླང་ དུ་རུང་བས་མི་འཐད་པ་ཡང་མ་ཡིན་ནོ། །དེ་ལ་འཕྲེང་བར་དེ་ལྟར་མཛད་པ་ནི། གཤིན་རྗེ་ དྲག་པོ་གནོད་སྦྱིན་གསུམ་སྲུང་འཁོར་གྱི་སྐབས་སུ་དམར་དཀར་སེར་པོར་དངོས་སུ་ གསུངས་པ་དང༌། རྣལ་འབྱོར་མ་བརྒྱད་ཀྱི་ཡབ་ཀྱི་སྐབས་སུ་ཁ་དོག་དངོས་སུ་མ་གསུངས་ ཀྱང༌། ནུབ་བྱང་གི་ཚངས་མ་སེར་མོའི་ཡབ་ཡིན་པས་ཁྱབ་འཇུག་ནག་པོར་ཤུགས་ལ་ གསུངས་པ་ཡིན་ཏེ། དངོས་ཤུགས་ཀྱི་སྒོ་ནས་སྐུ་མདོག་དེ་རྣམས་གྲུབ་ཅིང༌། ཚེས་ལྷ་ཉིད་ཀྱི་ སྐབས་སུ་སྐུ་མདོག་གི་རྣམ་གཞག་མ་བསྟན་ལ། འོག་ཏུ་འཆད་པར་འགྱུར་ཞེས་ཁ་འཕངས་ པའང་མེད་པའི་ཕྱིར། སྐབས་དེར་མི་འཆད་པ་ནི། སྔར་དངོས་བསྟན་དང་ཤུགས་བསྟན་དུ་ 3-1-231 བཤད་ཟིན་པ་ལ་དགོངས་སོ་སྙམ་པ་དང༌། སྤྱིར་འདམ་ཁ་ལ་རུང་བ་དང༌། སྒོས་སུ་སྒྲུབ་ལེའི་ དངོས་བསྟན་གྱི་དཀྱིལ་འཁོར་ལ་འདི་ངོས་གཙོ་ཆེ་བར་ཁོང་རང་ངམ་བླ་མའི་མན་ངག་ལས་ བྱུང་ངོ༌། །མན་ངག་ནི་ཡིན་དགོས་ཏེ། སློབ་དཔོན་དེ་དུས་འཁོར་བླ་མ་ལ་ཡེ་མ་ཞུས་པར་ གླེགས་བམ་བལྟས་པ་ཙམ་ཡང་མིན་ལ། ཞུས་ཀྱང་བླ་མ་ཅི་གསུང་མ་གོ་བ་དང༌། གོ་ཡང་བླ་ མའི་གསུང་དང་འགལ་བར་བྱས་པའི་རྒྱུ་མཚན་མེད་ཅིང༌། རྒྱལ་བའི་བསྟན་པ་ལ་གཅེས་ སྤྲས་སུ་བྱེད་ལ་རྒྱ་ཆེར་དར་ཞིང་འཛིན་པར་ནུས་པའི་མཁས་པ་ཆེན་པོ་རྫུན་མི་གསུང་བའི་ རིགས་ཡིན་པ་གང་ཞིག ཡི་དམ་གྱི་བྱིན་རླབས་དང་བླ་མའི་མན་ངག་མཆོག་དང་ལྡན་པར་ ཁོང་ཉིད་ཀྱི་ཞལ་གྱིས་བཞེས་པའི་ཕྱིར་རོ། །འོན་ཀྱང་ཕྱིས་བྱུང་གི་མཁས་པར་གྲགས་པ་ ཕལ་ཆེར་གྱིས་ནོར་པ་ཁོ་ནར་བསྒྲགས་ཀྱང༌། དེ་རྣམས་ཀྱིས་ལུང་འགལ་བསྒྲིགས་པ་རྣམས་ ནི་ཕལ་ཆེར་འདི་ལ་མི་འཇུག་སྟེ། རིགས་བདག་དང༌། རིགས་དང་རིགས་ཅན་དང༌། ས་བོན་ དང་ཕྱོགས་དང་དུས་ཏེ་རྒྱུ་མཚན་ལྔའི་སྒོ་ནས་རྒྱུད་འགྲེལ་དང་འགལ་བར་འཆད་ཀྱང་ རིགས་བདག་ཙམ་ལ་སྐུ་མདོག་མ་ངེས་ཏེ། ནུས་མ་རྣམས་ཀྱི་རིགས་བདག་རྡོར་སེམས་ཡིན་ ཀྱང་སྔོ་རྐྱང་ལྗང་རྐྱང་དུ་མི་བྱེད་པ་དང་། སྤྲུལ་པ་སྤྲུལ་གཞིའི་རིགས་དང་རིགས་ཅན་ལ་ཡང་ མ་ངེས་པ་དང༌། ཡང་མི་བསྐྱོད་པ་དང་ཁྱབ་འཇུག་བདེ་བྱེད་དང་དྲག་པོ། ཕྱག་རྡོར་དང་ གཤིན་རྗེ། ཀུན་བཟང་དང་ནོར་བདག་རྣམས་སྦྱོར་མོད་ཀྱི། ཁ་དོག་མ་ངེས་ཏེ། བུམ་པ་བཅུ་ ལས་ཀླུ་བཅུ་སྤྲུལ་ཡང་ཀླུ་རྣམས་བུམ་པའི་ཁ་དོག་གམ། ནང་རྫས་ཀྱི་མདོག་ཏུ་མི་བྱེད་པ་ བཞིན་ནོ། །ས་བོན་གྱི་ཡི་གེས་ཀྱང་མ་ངེས་ཏེ། ཀ་སྡེ་དང་ཧ་སྡེ་མཁའ་ཁམས་ལས་ཁྱི་གདོང་ མ་ནག་མོ་དང༌། སྟག་གདོང་མ་དཀར་མོ་བསྐྱེད་པ་དང༌། ཀྵཿསྡེ་དང་ས་སྡེ་ཡེ་ཤེས་ཁམས་ ལས་ཕག་གདོང་མ་དམར་མོ་དང༌། ཅེ་སྤྱང་གདོང་མ་སེར་མོ་བསྐྱེད་པའི་ཕྱིར་རོ། །ཕྱོགས་ཀྱི་ དབང་དུ་བྱས་ནའང་མ་ངེས་ཏེ། ཚེས་ལྷ་འདི་རྣམས་སྒོམ་ཆ་ལ་སྟེང་འོག་ཡིན་པ་མི་འཐད་པ་ 3-1-232 དང༌། བྲི་ཆ་དང་དངོས་སུ་བཀོད་པ་ལ་ཤར་ཕྱོགས་སུ་ཡོད་པས་ལྗང་ཁུར་བསྒྲུབས་ན་འགལ་ བ་ལྷག་ལྡན་དུ་འགྱུར་བ་དང༌། སྟེང་འོག་གི་ཐོབ་སྐལ་ཙམ་ཡིན་པ་ནི་རྩོད་གཞི་ཡིན་པའི་ ཕྱིར་མ་ངེས་པའོ། །དུས་ལ་དེ་བས་ཀྱང་མ་ངེས་ཏེ། སྤྱིར་ཟླ་བ་བཅུ་གཉིས་དུས་བཞིར་ཡང་ འདུ་ལ། དུས་བཞི་ལ་ཁམས་བཞིའི་དག་པ་ཡང་རུང་མོད། འདིར་དུས་དྲུག་ཏུ་གསུངས་པས་ ཁ་དོག་དྲུག་ཏུ་འགྱུར་དགོས་སྙམ་ནའང་། ནམ་མཁའ་དང་ཡེ་ཤེས་ནི་ཁམས་བཞི་པོ་ལ་སྤྱི་ ཁྱབ་ཏུ་འཇུག་པས། མགོ་ཆུ་རྒྱལ་ས་མཆུ་རླུང་དབོ་མེའི་ཁམས་དང་འབྲེལ་ཆེ་བར་འཇོག་པ་ ཡང་བླ་མའི་མན་ངག་དང༌། ལྷག་པའི་ལྷས་ལུང་བསྟན་པ་ཡིན་ན་འགལ་བ་མེད་དོ། །དེས་ན་ རང་ལུགས་ལ་འདི་གཙོ་བོར་མི་བྱེད་ཀྱང༌། བོད་དུ་ཕྱིས་བྱུང་བའི་མཐོང་རྒྱ་དང༌། ཐོས་རྒྱ་ དང༌། འཛིན་བློ་བཟང་རབ་ཡོད་ལ། དོན་ལ་དཔྱོད་པའི་བློ་གྲོས་འབྲིང་ཙམ་བྱས་ནས་ཆེས་ཆེ་ བའི་མཁས་པ་ནི་ངའོ་སྙམ་པའི་ང་རྒྱལ་གྱིས། དངོས་གནས་ལ་མཁས་ཤིང་དངོས་གྲུབ་ཐོབ་ པའི་སྐྱེས་བུ་དམ་པ་ལ་བླུན་པོའོ་ཞེས་སྡིག་གསོག་པའི་སྒོ་དགག་པའི་ཕྱིར་དང༌། དགག་སྒྲུབ་ ལྟར་སྣང་གི་འཚང་རྟོགས་པའི་ཕྱིར་ཟུར་ཙམ་སྨོས་པའོ། །དངོས་འགལ་གྱི་དོན་ལ་རྩོད་ན་ གཅིག་གི་སྒྲུབ་བྱེད་དེ་གཅིག་ཤོས་ཀྱི་འགོག་བྱེད་དུ་འགྱུར་ཡང་གཞན་ལ་མ་ཡིན་པས། རིགས་བདག་དང༌། སྤྲུལ་གཞི་དང༌། ས་བོན་དང༌། ཕྱོགས་དང༌། དུས་ཀྱི་སྒོ་ནས་ཁམས་དྲུག་ སོ་སོར་བསྒྲུབས་ཤིང༌། དེ་ལས་ཁ་དོག་དཔོག་པའི་རིག་པ་འདིས་དྲག་པོ་ནོར་སྦྱིན་སྔོན་པོ་ དང༌། ཁྱབ་འཇུག་གཤིན་རྗེ་ལྗང་ཁུར་རུང་བའི་སྒྲུབ་བྱེད་ཀྱི་ལུང་ཡིན་གྱི། ལུགས་གཞན་ འགོག་ཐུབ་པའི་ལུང་དུ་མི་འགྱུར་རོ། །འོ་ན་ཁ་དོག་དྲུག་ཏུ་བྱར་རུང་བའི་རྒྱབ་སྐྱོར་མཐུན་ ཕྱོགས་ཀྱི་ལུང་ནི་དེ་དག་ཡིན་ན། གསལ་བར་སྟོན་པའི་ལུང་ནི་ཡེ་ལེའི་བཅུ་བདུན་པའི་ འགྲེལ་པར། དེ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། གཙུག་ཏོར་དང༌། རྡོ་རྗེ་ཧཱུཾ་ མཛད་དང༌། དྲག་སྤྱན་མ་དང༌། ཁྲོ་བོའི་རྒྱལ་མོ་དང༌། ཕྱག་ན་རྡོ་རྗེ་དང༌། ཆོས་ཁམས་རྡོ་རྗེ་ 3-1-233 མ་དང༌། ཁྱབ་འཇུག་དང༌། གཤིན་རྗེ་དང་ཀླུ་རྒྱལ་བ་སྟེ། འདི་རྣམས་སྟེང་གི་ཞལ་ནས་སྟོང་ པ་ལས་སྤྲོས་པས་ཡོན་ཏན་མང་པོའི་གནས་ཏེ། །ལས་ཐམས་ཅད་ཀྱི་དངོས་གྲུབ་སྟེར་བར་རྡོ་ རྗེའི་མཚན་མ་ཅན་མི་བསྐྱོད་པས་རྒྱས་བཏབ་པ་ནམ་མཁའི་ཁ་དོག་ལས་ལྗང་ཁུའོ། །ཞེས་ དང༌། རྡོ་རྗེ་ཤུགས་དང༌། ཤིན་ཏུ་སྔོན་མོ་དང༌། དྲག་མོ་དང༌། ཛམྦྷ་ལ་དང༌། ཀུན་ཏུ་བཟང་པོ་ དང༌། སྒྲ་རྡོ་རྗེ་མ་དང༌། ཀླུ་རྣམ་པར་རྒྱལ་བ་སྟེ། སྐྱེ་བོ་ཀུན་ལ་ཕན་པ་འདི་རྣམས་སྲོག་ཆགས་ རྣམས་ཀྱི་ཐར་པའི་རྒྱུ་རུ་འོག་གི་ཞལ་ཡེ་ཤེས་ཀྱི་ཆོས་ལས་སྤྲོས་པ། ཤིན་ཏུ་རྣམ་པར་དག་ པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་ཁ་དོག་སྔོན་པོ་མི་བསྐྱོད་པའི་སྐུ་སྔོན་པོ་དང་རྡོ་རྗེ་ སེམས་དཔས་རྒྱས་བཏབ་པ་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ། །ཞེས་ཁྱབ་འཇུག་དང་ གཤིན་རྗེ་ལྗང་ཁུ་དང༌། དྲག་པོ་དང་ཛམྦྷ་ལ་སྔོན་པོར་བཤད་པས་སོ། །ཞེས་ཚེས་ལྷ་རྣམས་ ཁ་དོག་དྲུག་གི་དབྱེ་བ་མཛད་པ་ཐམས་ཅད་འདི་ལུང་དུ་འདྲེན་པ་ལྟར། ཁ་དོག་དེ་ལྟར་བྱེད་ པ་ཙམ་ལ་ལུང་རྣམ་པར་དག་པར་རང་ལུགས་ལ་ཡང་འདོད་མོད། འདི་ཡང་སྐུ་གསུང་ཐུགས་ ཡོངས་རྫོགས་ལྟ་བུའི་དཀྱིལ་འཁོར་གྱི་ལྷ་ལ་འགོད་པའི་སྐབས་སུ་གསུངས་པ་ཐམས་ཅད་ ནི་མ་ཡིན་ནོ། །ལྷ་ཚོགས་ལ་ཡང་རྡོ་རྗེ་ཤུགས་དང་ཁྲོ་མོའི་དབང་ཕྱུག་སོགས་ཀྱང་གསུངས་ པ་དང༌། དངོས་སུ་གང་གི་ཆེད་དུ་གསུངས་པ་ཡང་ཞལ་དྲུག་པའི་རྣལ་འབྱོར་གྱིས་ཁམས་ དྲུག་གིས་བསྡུས་པའི་ལྷ་ཚོགས་རྣམས་སྤྲོས་ཏེ་ལས་སོ་སོ་བ་རྣམས་དུས་མཉམ་དུ་སྒྲུབ་ པའམ། ཡང་ཆུ་ཁམས་པའི་སྡེ་ཚན་ཆ་ཚང་བ་ཁོ་ན་སྤྲོས་ཏེ། ཞི་རྒྱས་སྒྲུབ་པ་ལ་སོགས་པ་ གཞན་ལའང་རིགས་འགྲེ་བ་དང༌། ལྷ་གཅིག་སྤྲོས་ནས་ལས་གཅིག་སྒྲུབ་པ་ལ་སོགས་པ་ཇི་ ལྟར་འོས་པའི་ཚུལ་དུ་ལས་ལ་སྦྱོར་བ་ཡིན་ནོ། །དེ་ལྟར་ཡིན་ཡང་དཀྱིལ་འཁོར་རྫོགས་པའི་ ལྷ་ཚོགས་ལའང་སྦྱོར་ནི་དགོས་ལ། ཁྱད་པར་དུ་ཡང་རྒྱུད་འགྲེལ་གྱི་གོང་འོག་ནས་སྲུང་ འཁོར་གྱི་སྐབས་ལྟ་བུའི་རྣམ་གཞག་གཞན་དང༌། གསུང་གི་རྣལ་འབྱོར་མའི་སྐབས་ཀྱི་ 3-1-234 ཤུགས་བསྟན་ལྟ་བུ་མ་ཡིན་པར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་བོ་ བསྡུས་པའི་ཁ་དོག་གསལ་པོར་བསྟན་པའི་སྐབས། ལྷ་ཆེན་བཞི་པོ་དེ་རྣམས་ཀྱི་ཁ་དོག་ དམིགས་ཕུག་སྟེ་སྟོན་པ་འདི་ཁོ་ན་ཡིན་པའི་ཕྱིར། འདི་ལྟར་བྱས་ན་ཤིན་ཏུ་བཟང་བ་ནི་ཡིན་ ཏེ། དེའི་ཚེ་གོང་དུ་སྨོས་པ་ལྟར་གྱི་རིགས་བདག་དང་སྤྲུལ་གཞི་དང༌། ས་བོན་དང་ཕྱོགས་ དང་དུས་དང་ཁམས་རྣམས་ཐམས་ཅད་སྐུ་མདོག་གི་སྟེང་དུ་འགྲིག་པས་སྐབས་དོན་གྱི་གཙོ་ བོ་འདི་ཉིད་ཡིན་ལ། ཁ་དོག་བཞིར་བསྡུ་བ་ལས་འདི་ལེགས་མོད་ཀྱི། དུས་འཁོར་རང་ཉིད་ སྒོས་སུ་གཏན་ལ་འབེབས་པའི་སྐབས་མ་ཡིན་པར་དཀྱིལ་འཁོར་རིགས་མང་པོའི་སྡེ་ཚན་གྱི་ ནང་དུ་འཆད་པའི་ཚེ། དོན་ལ་འགལ་བ་མེད་ཕྱིན་འཇུག་པ་བདེ་བ་ལེགས་པར་བསམས་ཏེ། སློབ་དཔོན་དེས་དེ་ལྟར་མཛད་པ་ཡིན་གྱི། སློབ་དཔོན་དེ་ལུགས་འདི་ཡང་གཏན་ནས་མི་ བཞེད་པར་མ་ངེས་སོ། །སྐུའི་སྒོ་སྐྱོང་ཁྲོ་བོ་རྣམས་ཀྱི་སྐབས་སུ། དབྱུག་པ་མདའ་གཏུན་ཤིང་ བེ་ཅོན་ཏེ་ཁྲོ་བོ་བཞི་དང༌། དྲག་སྤྱན་མའི་རྩེ་གསུམ་རྣམས་གསལ་བར་བྱུང་ལ། འཕྲེང་བ་ ལས། འོད་ཟེར་ཅན་མ་སོགས་བཞི་ལ་འཁོར་ལོ། ཐོ་བ་མདའ་རལ་གྲི་རྣམས་སྐྱེད་བྱེད་ཀྱི་ མཚན་མར་བཞེད་ནའང༌། རང་ལུགས་ཁྲོ་མོ་གཙོ་བོར་བྱེད་ན་རང་རང་གི་ས་བོན་ཕྱག་མཚན་ ལས་བསྐྱེད་དགོས་པ། དྲག་སྤྱན་མ་ལ་རྩེ་གསུམ་གསུངས་པ་མཚོན་བྱེད་ཙམ་སྟེ། དེའི་ཚེ་ འོད་ཟེར་ཅན་མ་ལ་སོགས་པ་ཡང་བེ་ཅོན་སོགས་ཁྲོ་བོ་དང་འདྲའོ། ཁྲོ་བོ་གཙོ་བོར་བྱེད་ན། ཁྲོ་བོ་རྣམས་ས་བོན་ཕྱག་མཚན་དང༌། ཁྲོ་མོ་རྣམས་ས་བོན་ཙམ་ལས་སྐྱེད་དོ། །སྐུའི་སྒོ་སྐྱོང་ གི་སྐབས་འདིར། རྒྱ་བོད་འགའ་ཞིག་ཡབ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ་ལ། ཡུམ་ རྣམས་ཕྱག་བཞི་མར་བྱེད་པ་དང༌། རང་ལུགས་ཁ་ཅིག་ཀྱང་གཙུག་ཏོར་ཞལ་གསུམ་ཕྱག་ དྲུག་པ། ཁྲོ་བོ་ལྔ་དང་ཁྲོ་མོ་དྲུག་ཕྱག་བཞི་པར་མཛད་པ་བྱུང་ཡང༌། སྐུ་དཀྱིལ་གྱི་སྒོ་སྲུང་དུ་ འགོད་ཕྱིན་གཙུག་ཏོར་ཡང་ཕྱག་བཞི་པར་བྱེད་དགོས་ན། ཁྲོ་བོ་གཞན་རྣམས་ལྟ་ཅི་སྨོས་ཏེ། 3-1-235 གསུང་དཀྱིལ་དང་སྐུ་དཀྱིལ་གྱི་རྩ་བའི་ལྷ་ལ་ཕྱག་བཞི་པ་ལས་མང་བ་མི་རུང་བའི་ཕྱིར་རོ། ། འོ་ན་སྲུང་འཁོར་གྱི་སྐབས་སུ། གཙུག་ཏོར་འཁོར་ལོས་བསྒྱུར་བ་ལ་འཆད་པར་འགྱུར་བ་ ལྟར་ཞེས་ཐོག་མའི་གསལ་བྱེད་དུ་མཛད་ཅིང༌། འཆད་འགྱུར་སྒྲུབ་ལེའི་སྐབས་ཀྱི་མངོན་ རྟོགས་ལ་ངོས་འཛིན་པ་དང༌། སྲུང་འཁོར་གྱི་སྐབས་སུ་ཁྲོ་བོ་ཐམས་ཅད་ཟླ་སྟོབས་ཀྱི་དབང་ གིས་ཞལ་གསུམ་ཕྱག་དྲུག་པར་འགྱུར་ན། ཡང་སྐུའི་སྒོ་སྐྱོང་རྣམས་ལ་ཞལ་ཕྱག་གི་གསལ་ ཁ་མ་བྱུང་རུང༌། རིམ་པ་གཅིག་ལ་གནས་པའི་ཟླ་སྟོབས་ཀྱི་དབང་གིས་དབྱུག་སྔོན་སོགས་ དྲུག་པོ་ཕྱག་བཞི་པར་བསྒྱུར་དགོས་ན། ཁྲོ་བོ་འདི་རྣམས་ཀྱི་ཞལ་ཕྱག་མང་ཉུང་ངེས་མེད་དུ་ ཐལ་བར་འགྱུར་རོ་ཟེར་ན། ཐལ་བ་འདོད་པ་ཡིན་ཏེ། སྐབས་ཐོབ་ཀྱི་ཞལ་ཕྱག་འགྱུར་འགྲོ་ བ་ཤིན་ཏུ་མང་བའི་ཕྱིར་ཏེ། ཐུགས་དཀྱིལ་ལྷ་ཉེར་ལྔ་པའི་རིགས་གཅིག་ལ་འཁོར་གྱི་ཟླ་ སྟོབས་དང་དཀྱིལ་འཁོར་གྱི་བཀོད་པའི་ཁྱད་པར་ལས་གཙོ་བོ་ཞལ་གསུམ་ཕྱག་དྲུག་པར་ འགྱུར་བ་དང༌། སྡོམ་ཆེན་གྱི་སྐབས་སོགས་མདོར་ན་སྒོ་སྐྱོང་ལས་འགངས་ཆེ་བ་གཙོ་མོ་ནུས་ མ་དང་བཅས་པ་ལ་ཡང་ཡོད་པས་སོ། །དེས་ན་སྒྲུབ་ལེར། གཙུག་ཏོར་ཅན་སོགས་ལྔ་རིགས་ ལྔ་དང་ཞལ་ཕྱག་འདྲ་བར་དངོས་སུ་གསུངས་པ་ནི། གཙུག་ཏོར་ཅན་ཐུགས་དཀྱིལ་ལ་འགོད་ པའི་དབང་དུ་བྱས་པ་ཁོ་ན་ཡིན་ལ། དེའི་ཞོར་དུ་གནོད་མཛེས་རྒྱལ་པོ་སོགས་སྔོན་པོ་རྣམས་ ཀྱང་ཕྱག་མཚན་དེ་དང་འདྲ་ཞེས་གསུངས་པའང་གནོད་མཛེས་ཐུགས་དཀྱིལ་ལ་འགོད་པ་ཁོ་ ནའི་དབང་དུ་མཛད་པ་ཡིན་པས། སྐུའི་སྒོ་སྐྱོང་ལ་འགོད་པའི་ཚེ་དེ་དག་ལུང་དུ་མི་འགྱུར་རོ། ། འོ་ན་སྐུའི་ཁྲོ་མོ་རྣམས་ཞལ་གཅིག་ཕྱག་བཞི་པར་གསུངས་པའི་རྗེས་སུ་དེ་བཞིན་དུ་ཤར་ དང་ལྷོ་དང་ནུབ་དང་བྱང་གི་སྒོར་དབྱུག་པ་སྔོན་པོ་དང༌། འདོད་པའི་རྒྱལ་པོ་དང༌། སྟོབས་པོ་ ཆེ་དང༌། མི་གཡོ་བའོ། །ཞེས་པ་འདི་ངེས་པའོ། །ཞེས་གསུངས་པས། སྒོ་བཞིའི་ཁྲོ་བོ་བཞི་ཁོ་ ན་ཕྱག་བཞི་པར་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྐུ་གསུང་ཡོངས་རྫོགས་ཀྱི་ 3-1-236 དཀྱིལ་འཁོར་བཀོད་པའི་སྐབས་འདིར་ཁྲོ་བོ་བཞི་པོ་དེ་དག་ཕྱག་བཞི་པ་ཁོ་ནར་ངེས་ལ། གཙུག་ཏོར་གནོད་མཛེས་ལ་ངེས་པ་མེད་དོ་ཞེས་པ་སྟེ། ཐུགས་དཀྱིལ་ལ་བཀོད་ན་ཞལ་ གསུམ་ཕྱག་དྲུག་པ་དང༌། སྐུ་དཀྱིལ་ལ་བཀོད་ན་ཕྱག་བཞི་པར་འགྱུར་བས་སོ། །ཡང་སཱ་དྷུ་ པུ་ཏྲ་སོགས་རྒྱ་བོད་མང་པོས་གཙུག་ཏོར་དང་གནོད་མཛེས་ཕྱག་དྲུག་པ་ལ། ཡུམ་ཕྱག་བཞི་ པར་མཛད་པ་ཡང་ཅུང་ཟད་མི་ལེགས་ཏེ། གཙོ་བོ་ཡབ་ཡུམ་ནི་བརྗོད་པའི་ཡུལ་མ་ཡིན། གཞན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་རྩིག་པའི་ནང་ཚུན་ཆད་ཀྱི་ལྷ་རྣམས་ཞལ་སྦྱོར་དུ་ ཡོད་པའི་ཚེ་ཕྱག་གྲངས་མཉམ་ཁོ་ན་ཡིན་ཅིང༌། དམིགས་གསལ་ཚངས་མ་གཞོན་ནུ་མ་ ཚངས་པ་གདོང་དྲུག་རྣམས་མ་གཏོགས་ཞལ་རས་ཀྱང་ངོ༌། །ཁྲོ་བོ་ཡབ་ཡུམ་གྱི་ས་བོན་ནི་ འོག་གི་ལ་རིང་ཐུང་ཐབས་ཤེས་དང༌། གཞན་རྣམས་ལ་རྣམ་བཅད་ཀླད་སྐོར་ཐབས་ཤེས་ ཡིན། འདིས་གཞན་མང་པོ་ལའང་རིགས་འགྲེའོ། ཁྲོ་བོ་ཐམས་ཅད་སྦྲུལ་རྒྱན་སྟག་ལྤགས་ སོགས་རྒྱན་དང་ན་བཟའི་ཁྱད་པར་དང༌། སྤྱན་གསུམ་མཆེ་གཙིགས་སྐྲ་དམར་སེར་གྱེན་དུ་ བརྫེས་པ་སོགས་ནི་ཁྲོ་བོ་སྤྱིའི་ལུགས་ཡིན་པས་དགོས་ལ། ཡབ་རྣམས་ཕྱག་རྒྱ་དྲུག ཡུམ་ རྣམས་ཕྱག་རྒྱ་ལྔ། ཐོད་སྐམ་གྱི་དབུ་རྒྱན་དང༌། མགོ་རློན་གྱི་དོ་ཤལ་སོགས་ངེས་པར་དགོས་ པ་ནི་མིན་ཀྱང༌། བྱུང་ན་མི་འགལ་ཞིང་ལེགས་པར་མཐོང༌། ཆོས་གྲགས་སོགས་ཁ་ཅིག་མགོ་ འཕྲེང་བྱེད་ཕྱིན་བརྒྱ་འཕྲེང་དགོས་ཟེར་ཏེ། དེ་ལྟར་ན་རྡོ་རྗེ་ཤུགས་དང་ཁྱད་པར་མི་ཕྱེད་པས་ ལྔ་བཅུ་ཙམ་བྱེད་པར་བླ་མ་ཤེར་སེང་བ་བཞེད་པ་འཐད་དོ།། །། ལྔ་པ་ནི། སྐུའི་སྟེགས་བུ་ལ་ཀླུ་རྣམས་སྤྲོ་བའི་ཐ་སྙད་མཛད་པ། སྐུ་དཀྱིལ་གྱི་ཕྱི་རོལ་ སྟེགས་བུ་དང་ཉེ་བ་ལ་རྟ་བབས་ཀྱི་ཀ་བ་ནང་མའི་རྩ་བར་ཀླུ་བརྒྱད་ཀྱི་གདན་བྱེད་པ་ཡིན་ ལ། སྒོམ་ཆ་ལ་དེ་བཞིན་ཡིན་ཀྱང༌། འབྲི་བ་ལ་ནི་དེའི་ཐད་ཀྱི་སྟེགས་བུ་ལ་འབྲི་བའི་ཕྱིར། ཁ་ཅིག་དེ་ལ་འཁྲུལ་ནས་གནད་འདི་མ་གོ་བར་འདོད་ཕྱིར་འདོད་སྟེགས་བུ་ལ་གནས་པའི་ 3-1-237 ཕྱིར་གཟུངས་མ་ཡིན་ན། ཀླུ་ཡང་གཟུངས་མར་ཐལ་ཟེར་བ་ནི་གད་མོའི་རྒྱུའོ། །དེ་ཅི་ལས་ ཞེ་ན་ཀླུ་རྣམས་ནི་ཞལ་ནང་དུ་བལྟ་བའི་དབང་དུ་བྱས་ནས་ཀ་བ་ལ་གཡས་གཡོན་གྱི་ལོགས་ བསྟན་ཅིང༌། གདན་གྱི་མདུན་ཕྱོགས་སྟེགས་བུ་ལ་ཐུག་པའི་སྟེགས་བུའི་ཕྱི་རོལ་གྱི་ས་གཞི་ ལ་གནས་པ་ཡིན་གྱི་ཀ་བའི་ཐད་ཀྱི་སྟེགས་བུའི་སྟེང་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གོ་ རིམ་ལ་གཏོར་སྔགས་ཀྱི་སྐབས་སོགས་ན་མི་འདྲ་བ་ཡོད་པར་འདོད་ཀྱང༌། མཐའ་ཡས་དང་ རིགས་ལྡན། རིགས་ལྡན་དང་མཐའ་ཡས་ཞེས་སོགས་ཕྲན་ཚེགས་ཙམ་ཡིན་ལ། རྒྱལ་བ་རྣམ་ རྒྱལ་གདེངས་ཀ་བདུན་པ་དང༌། གཞན་རྣམས་གདེངས་ཀ་ལྔ་པའོ། །ཞེས་སཱ་དྷུ་པུ་ཏྲ་འཆད་ དོ། །དེ་ལྟར་ཀླུ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་གིས་གནས་པ་ལ། རབ་གཏུམ་མ་རྣམས་ཀྱང་རྡོ་རྗེའི་ སྐྱིལ་ཀྲུང་གིས་འཁྱུད་པ་ཡིན་ཅིང༌། ཀླུ་རྣམས་ཕྱག་མཚན་ལས་བསྐྱེད་པ་མཐའ་གཅིག་ཏུ་མི་ དགོས་ལ། ས་བོན་ཁོ་ནའམ་ཕྱག་མཚན་གྱི་དོད་དུ་འབྱུང་བཞིའི་དཀྱིལ་འཁོར་གྱི་མཚན་མ་ ལས་བསྐྱེད་པའང་མཛད་དོ། །ཁ་ཅིག་བུམ་པ་ལས་བསྐྱེད་དགོས་ཏེ། ཀླུ་བརྒྱད་གང་དེ་བུམ་ པ་རྣམས་ཏེ་ཞེས་གསུངས་པའི་ཕྱིར་ཟེར་བ་ནི། བུམ་པ་ཀླུའི་ཕྱག་མཚན་ཡིན་པས། དེ་ལྟར་ བསྐྱེད་པ་མི་འགལ་ཙམ་ཡིན་ནའང༌། ལུང་འདྲེན་ཚུལ་དེ་ནི་ཤིན་ཏུ་བླུན་ཏེ། དེ་ནི་རིགས་དང་ རིགས་ཅན་སྟོན་བྱེད་ཙམ་ཡིན་པའི་ཕྱིར་རོ། །རྒྱལ་བ་རྣམ་རྒྱལ་གྱི་ས་བོན་རྒྱན་བཀོད་གྱི་ སྐབས་སུ་ཧཱུཾ་དང་ཀྵུཾ་དུ་བཤད་པའང་ཡོད་དོ། །རང་ལུགས་ནི་སྐབས་འདིར་མ་བཤད་པ་ཉིད་ སྒྲུབ་བྱེད་དོ། །རབ་གཏུམ་མ་རྣམས་ནི་དུར་ཁྲོད་འཁོར་ལོའི་གནས་སུ་སྟེ། དེ་ལ་འཁྱུད་པའི་ ཀླུ་རྣམས་ཀྱང་ཟླུམ་པོའི་སྟབས་སོ། །འདི་དག་ལ་དབང་ལེའི་འགྲེལ་པར་ལྺྼྻྐྵ་ཞེས་པ་ནས། ཏྠྡྡྷྣའི་བར་དུ་ཕྱི་མ་བདུན་པོ་ལ་ཡི་གེ་རྣམས་འབྱུང་བའི་ཁམས་ལུགས་ཟློག་ཏུ་བརྩེགས་ པ་དང༌། སྒྲུབ་ལེ་ནས་དེ་རྣམས་ཀྵྻྼྺླ་ཞེས་པ་ནས་ནྡྷྡྠྟའི་བར་ཁམས་ལུགས་འབྱུང་དུ་བརྩེགས་ ཤིང༌། དང་པོ་ཤར་གྱི་ས་བོན་ལ་གཉིས་ཀར་དུ་ཀྑྒྒྷྔ་བྱུང་གི་ངྒྷྒྑྐ་མ་བྱུང་ངོ༌། །སྤྱིར་ 3-1-238 ནི་དེ་གཉིས་ཀར་བྱར་རུང་བ་ཡིན་གྱི། རང་གར་འཇུག་པ་དགག་པའི་ ཕྱིར་དཀྲུགས་པ་ལྟ་བུ་ཡང་མ་ཡིན་ལ། ཁ་ཅིག་དབང་ལེའི་དེ་བརྩེགས་ལུགས་ཁམས་ལུགས་ ཟློག་ཡིན་ཡང༌། སྡེ་ཚན་གྱི་རིམ་པ་རྣམས་ལུགས་འབྱུང་ཡིན་པས། སྤྱིར་གཉིས་ཀ་ལ་ལུགས་ འབྱུང་གི་ཐ་སྙད་འཇོག་གོ་ཟེར་བའང་ཡོད་དེ། ཙ་སོགས་གཞན་ལ་ལུགས་མཐུན་ཏེ། ཞེས་ པའི་འབྲུ་གནོན་དུ་བསམས་པའོ། ཁ་ཅིག་དབང་གི་དུས་དྲི་མ་འཁྲུད་བྱེད་ཡིན་པས་སྡུད་རིམ་ དང༌། སྒྲུབ་ཐབས་སུ་སྒྲིབ་བྲལ་གྱི་ཕུང་པོ་སྐྱེད་བྱེད་ཡིན་པས། སྐྱེ་རིམ་གྱིས་བསྟན་ནོ་ཞེས་ ཀྱང་འཆད་དེ་བརྟག་གོ །འོན་ཀྱང་དཀྱུས་སུ་བཤད་པ་ནི་སྒྲུབ་ཐབས་ལེའུའི་དངོས་བསྟན་ ཉིད་ལ་མ་བཅོས་པའོ། ། གདན་གྱི་སྲོག་ཆགས་ལ། བསེ་ནི་རི་དྭགས་ལུས་གླང་པོ་ཆེ་དང་མགོ་མ་ཧེ་འདྲ་བ། མགྲིན་པ་རིང་བ། དཔྲལ་བ་ན་བསེ་རུ་ཡོད་པ། ལུས་ཐམས་ཅད་འབུར་པོས་གང་བ། ཁབ་ ལྟ་བུའི་སྤུ་ཐོར་ཙམ་ཡོད་པ་ཞིག་གོ །བྷེ་རུཎྜ་བྱ་སེར་པོ་བྲུན་དྲི་ཞིམ་པ་ཡོད་པ་ཞེས་ངག་རྒྱུན་ ལས་འབྱུང་ཡང་བྲུན་དྲི་ཞིམ་ཞེས་པ་འཁྲུལ་ལ། བི་བྷུ་ཏི་ཙནྡྲའི་ཐུགས་དམ་ཐད་ཁ་ལ་ཡང་ མདོག་དབྱིབས་དེ་བཞིན་དུ་སྣང་ངོ༌། །གཤད་གདོང་ནི་འགྱུར་གསར་དུ་བྱ་མ་བྱིར་བསྒྱུར་པ། ཕ་ཝང་ཉིད་དེ་རྒོད་གཡུང་གཉིས་ཡོད་དོ། །མིག་སྔོན་ནི་ཕུག་རོན་ཆེ་ཤོས་ཙམ་གཡུའི་མདོག་ ཅན་ཤིན་ཏུ་ལེགས་པ་མཇུག་སྒྲོ་རིང་བ་ཞིག་ཡོད་དོ། །སྟེང་འོག་གི་རབ་གཏུམ་མ་གཉིས་ཀྱི་ ཤིང་རྟ་ནི། ཁྲོ་བོ་ཡབ་ཡུམ་གྱི་ཤིང་རྟ་དང་འདྲའོ། །སྟེང་འོག་གི་གཏུམ་མོའི་ས་བོན་ལ་ཤིན་ ཏུ་སྔོན་མོ་དང་དྲག་སྤྱན་མའི་ས་བོན་སྦྱོར་བའང་སཱ་དྷུ་པུ་ཏྲ་སོགས་ཀྱི་ལུགས་ཏེ། རང་ལུགས་ ནི་དྲི་མེད་འོད་རྩོམ་པའི་ཚེ། དེ་ཙམ་དུ་ཆད་པའི་སྐྱོན་བྱུང་བར་མི་འདོད་པས་ས་བོན་མི་བྱེད་ པ་ཉིད་ཁས་ལེན་ཏེ། ཀླུ་དང་རབ་གཏུམ་མ་སྟེང་འོག་ན་གནས་པ་འདི་རྣམས་གཞན་གྱི་ཁྱབ་ བྱེད་ཡིན་ཞིང༌། ཕྱོགས་མཚུངས་ཀྱི་དོན་ལ་དཔྱད་ན། པདྨ་གདན་ཅན་དང་དཔལ་ལྡན་རྒྱུ་ 3-1-239 སྐར་གྱི་དཀྱིལ་འཁོར་ལ་ཡང་མེད་ལ། རབ་གཏུམ་མ་གཉིས་པོ་རྣལ་འབྱོར་མ་སོ་དྲུག་གི་ནང་ ནའང་མེད་པས། ལོགས་སུ་མ་བསྐྱེད་ཀྱང་རུང་བ་ཞིག་ཡིན་པར་འདུག་ཅིང༌། སྐྱེད་པར་བྱེད་ ནའང་ས་བོན་དང་མཚན་མ་འཚོལ་བ་སོགས་ཀྱི་འབད་སྩོལ་མི་དགོས་སོ། །སཱ་དྷུ་པུ་ཏྲས་རྐང་ སོར་ཀླུ་དང་ལག་སོར་རབ་གཏུམ་མར་བཤད་དོ། །རབ་གཏུམ་མ་འདི་རྣམས་སྲུང་འཁོར་ སྐབས་ཀྱི་འབྱུང་པོ་བཅུའི་ངོ་བོ་ལྷ་མོར་བསྒྱུར་བའམ། ཡང་ན་དེ་རྣམས་ཀྱི་སྲིང་མོའི་ཚུལ་དུ་ གནས་པའང་ཡིན་ནོ། ། ཀླུ་དང་རབ་གཏུམ་མ་འདི་རྣམས་སྐུ་དཀྱིལ་གྱི་ལྷ་ཚོགས་སུ་གཏོགས་ལ། དཀྱིལ་འཁོར་ གསུམ་ཅར་གྱི་ཐུན་མོང་བའི་ལྷའོ་ཞེས་ཀྱང་ཁ་ཅིག་གོ །ཁོར་ཡུག་གི་ལྷར་གྲགས་པ་ཀུན་ རིག་དང་གཙུག་དགུ་སོགས་ལ་ཡོད་པ་དེའི་རིགས་འགྲེ་དུས་འཁོར་ལ་སྦྱོར་བ་ཤིན་ཏུ་མང་ བ་རྒྱ་བོད་གཉིས་ཅར་ན་སྟེ། དེ་ཡང་འགལ་བ་རང་མེད་མོད་ཀྱི། ངེས་པར་དགོས་པ་ནི་མ་ ཡིན་ནོ། །དེ་ལ་སྐབས་འདིར་གྲུབ་པ་ཉི་ཁྲི་ཆིག་སྟོང་ཞེས་གསུངས་ཤིང༌། མགོ་སྐྱེས་སྐྲ་ནི་ མཁའ་ལ་སྤྱོད་པ་དང༌། འཆན་ཁུང་དུ་སྐྱེས་པ་ནི་ས་ལ་སྤྱོད་པ་དང་། གསང་བར་སྐྱེས་པ་ནི་ ས་འོག་ན་སྤྱོད་པ་མཚོན་པར་བཤད་ཅིང༌། གྲུབ་པའི་དེ་ནི་འཇིག་རྟེན་པའི་སྒྲུབ་པ་པོ་རིག་པ་ འཛིན་པ་སྣ་ཚོགས་པ་སྟེ། རིལ་ལུ་མིག་སྨན་རལ་གྲི་གཏེར་གྱི་བུམ་པ་ལ་སོགས་པ་གྲུབ་པའི་ རྣམ་གྲངས་རེ་རེ་ལ་དབང་བསྒྱུར་བའི་གྲུབ་པ་བརྒྱད་ཅུ་རྩ་བཞི་ལ་སོགས་པས་མཚོན་པའི་ ལྷ་སོགས་མི་མིན་གྱི་གྲུབ་པ་ཐོབ་པའི་རྒྱལ་པོའམ། གཙོ་བོ་ཉི་ཁྲི་ཆིག་སྟོང་ངོ༌། །འབྱུང་པོ་ ནི་བ་སྤུའི་གྲངས་ཀྱིས་བྱེ་བ་ཕྲག་ཕྱེད་དང་བཞི་སྟེ། དེ་དག་ཀྱང་གཙོ་བོར་གཏོགས་པ། ལས་ ཁྱད་པར་ཅན་དང་དངོས་གྲུབ་ཀྱི་བྱ་བ་ལ་འཇུག་པ་རྣམས་སོ། །གཟའ་དང་དྲང་སྲོང་དང་རྒྱུ་ སྐར་དང་ཁྱིམ་བཅུ་གཉིས་དང་ཆ་བཅུ་དྲུག་དང་ཕྱོགས་སྐྱོང་བཅུ་དང་ཞིང་སྐྱོང་བཅུ་རྣམས་ དང་དགའ་བྱེད་དབང་ཕྱུག་དང་ནག་པོ་ཆེན་པོ་དང་དྲིལ་བུའི་རྣ་བ་ཅན་དང༌། བྷྲིཾ་གི་ཎི་དང་ 3-1-240 ཕོ་ཉ་དང་འཕྲོག་མ་དང་གྲུབ་པ་ལ་སོགས་པ་མཐའ་ཡས་པ་འཁོད་པར་མོས་པ་ཙམ་གྱིས་ ཆོག་སྟེ། འདི་དག་ལ་དཀྱིལ་འཁོར་བྲི་བའི་སྐབས་ཀྱང་སྤྲོ་ན་མཚན་མ་རྣམ་པ་སྣ་ཚོགས་འབྲི་ ཞེས་ངེས་བཟུང་མ་མཛད་ཅིང༌། མི་སྤྲོ་ན་ཡིད་ཀྱིས་བཀོད་པ་ཙམ་གྱིས་ཆོག་གོ །འདི་དག་ གི་ས་བོན་སྐུ་མདོག་ཕྱག་མཚན་སོགས་སྤྲོས་པ་དུ་མ་ནི། པཎྜི་ཏ་འཇམ་དཔལ་གྲགས་པའི་ ལུགས་ཀྱི་མཚན་བརྗོད་ཡོ་གའི་ལུགས་ཆོས་དབྱིངས་གསུང་དབང་སོགས་གང་རྙེད་རྙེད་ནས་ སྣ་བསྡུས་སུ་བྱས་པ་ཉིད་ཀྱི་ཕྱིར། རང་བཟོའི་མཚན་ཉིད་གསལ་བར་བསྟན་ལ། དམིགས་ གསལ་གྱི་ཁུངས་འཚོལ་ས་མ་རྙེད་པ་རྣམས་མནོ་བསམ་གང་སྨར་གྱི་སྟེང་ནས་བསྒྲིགས་པར་ འདུག་པས། དེ་རྣམས་བསྡོམས་ཏེ་བསྒོམས་ན་སྐྱེ་བ་དུ་མར་འབད་ཀྱང་དངོས་གྲུབ་ཀྱི་མཚན་ མ་གང་ཡང་མི་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྨད་དུ་བྱུང་བ་ཞིག་ཡོང་ངོ༌།། །། ད་ནི་འདོད་མ་དང་ཕྱིར་འདོད་མའི་རྣམ་གཞག་ཅུང་ཟད་བཤད་ན། སྒྲོལ་མ་ལ་སོགས་ པ་ཡུམ་བཞི་ལས་བྱུང་བ་རྣམས་ལ་དབྱེ་བར་འདོད་མ་སོགས་སྦྱོར་བ་ནི། ཡུམ་བཞིའི་ལས་ བྱེད་ཡིན་པས་ལས་བཞི་པོ་དང་སྦྲེལ་བའི་དོན་དང༌། རེག་བྱ་རྡོ་རྗེ་མ་སོགས་རྡོ་རྗེ་མ་བཞི་ ལས་བྱུང་བ་ལ་གོས་དང་ཟས་དང་རྒྱན་དང༌། དྲིའི་བྱུག་པ་རྣམས་འདོད་པར་སྦྱོར་བ་ནི། རེག་ བྱ་སོགས་ཀྱི་རྒྱུ་ཡིན་པས་སོ། །ལྷ་ཁྱབ་འཇུག་ནག་པོ་ནི། དཀའ་ཐུབ་སྤྱོད་པ་ན་མཆིལ་མ་ ནང་དུ་མིད་པར་མི་བྱེད་ཅིང༌། ཁ་བཀྲུ་བ་ལ་དགའ་བར་གྲགས་ལ། ཁྱབ་འཇུག་མ་ཡང་དེ་ དང་སྤྱོད་པ་མཐུན་པའི་ཕྱིར། དེ་ལས་བྱུང་བ་མཆིལ་མ་འདོར་བར་འདོད་མ་དང་དེ་བཞིན་ གདོང་དྲུག་གར་ལ་དགའ་བ་དང༌། དཔལ་མོའི་མིང་པོ་ནི་རྒྱལ་སྲིད་འཛིན་པ་རྣམས་ཀྱིས་ མཆོད་དགོས་པའི་ལྷ་ཡིན་པ་དང༌། ཚངས་པ་ཁྲུས་ཀྱི་དོན་དུ་ཆུ་ཀླུང་དུ་འཇུག་པ་སོགས་བཞི་ ལ་རིམ་ཅན་དུ་སྦྱར་རོ། །དེ་བཞིན་དུ་ལྕགས་སྒྲོག་མ་ནི་གདུག་པ་ཅན་རྣམས་ལྕགས་སྒྲོག་ རེག་པ་ཙམ་གྱིས་སྡོམས་པར་བྱེད་པ་དང་། ཡང་ན་མིང་པོ་དབྱུག་སྔོན་ཅན་གྱི་གཤིན་རྗེའི་ 3-1-241 དབྱུག་པས་རེག་པ་ཙམ་གྱིས་ཐམས་ཅད་གསོད་པར་བྱེད་ཅིང༌། གསོད་པ་ལ་མངོན་པར་ དགའ་བ་དང༌། ཁྲོ་གཉེར་ཅན་མའི་མིང་པོ་འདོད་རྒྱལ་ནི་འགུགས་པའི་ལས་ལ་བསྔགས་པ་ དང༌། ཙུན་ད་ཉིད་གདུག་པ་ཅན་རྣམས་འཆིང་བའི་ལས་ལ་བསྔགས་པ་དང་། འོད་ཟེར་ཅན་ མའི་མིང་པོ་སྟོབས་པོ་ཆེ་ཕུར་འདེབས་ཀྱི་ལྷ་ཡིན་པ་དང་། ལྷ་མོ་ཉིད་ཀྱང་ཁབ་ཀྱི་ཕུར་བུས་ གདུག་པ་ཅན་ལ་འདེབས་པའོ། ཁྭ་གདོང་མ་ལས་བྱུང་བ་སོགས་ལ་བྱ་རོག་ལྷག་མ་ཟ་བ་ དང༌། གཡུལ་འཐབས་པས་བྱ་རྒོད་ཟས་རྙེད་པ་དང༌། འུག་པ་གཡོག་ལ་ཁྲོ་བ་དང༌། མཁའ་ ལྡིང་སྦྲུལ་ཟ་བ་སོགས་སྲོག་ཆགས་དེ་རྣམས་ཉིད་ཀྱི་སྤྱོད་ཚུལ་དང་མཐུན་པའི་འདོད་པའོ། ། ཤིན་ཏུ་སྔོན་མོ་ལས་བྱུང་བ་སོགས་ལ་ཁྲོ་མོ་དེ་ནི་ལྷ་དང་ལྷ་མིན་འདུལ་བའི་དོན་དུ་དཀའ་ སྤྱད་ཀྱི་གདུང་བ་མཛད་པར་གྲགས་པ་དང༌། དྲག་མིག་མ་ནི་ནམ་མཁའ་ནས་ས་འོག་དང༌། ས་འོག་ནས་ནམ་མཁར་རྒྱུག་ཅིང་བགེགས་འཇོམས་པར་གྲགས་པ་དང༌། རྨུགས་བྱེད་མ་ནི་ འབར་བའི་འོད་ཀྱིས་གདུག་པ་ཅན་ཐམས་ཅད་ཀྱི་གནས་སྐེམ་པར་མཛད་པ་དང༌། ཤིན་ཏུ་ བརྩོན་འགྲུས་མ་ནི་བསྐྲད་པའི་ལས་ལ་བསྔགས་པ་སྟེ། དེ་ལས་བྱུང་བ་རྣམས་དེ་དག་འདོད་ པའོ། །རོལ་མོ་འདོད་མ་ནི། རོལ་མོའི་སྒྲའི་བྱེ་བྲག་ཡིན་པའི་ཕྱིར་དང༌། ཁྲོ་མོ་ཁེངས་བྱེད་མ་ ནི་མིང་གི་དབང་དུ་བྱས་ན་ང་རྒྱལ་བྱེད་མ་ཡིན་ལ། ང་རྒྱལ་ཅན་རྣམས་འཇམ་པར་སྨྲ་བ་སྟེ་ངོ་ བསྟོད་ལ་དགའ་བ་དང༌། དབང་པོ་གཉིས་སྦྱོར་གྱི་འཁྲིག་པ་ནི། ཆོས་ཁམས་ཀྱི་འདོད་ཡོན་ ཡིན་པ་དང་། ཁྲོ་མོ་རེངས་བྱེད་མ་ནི་གདུག་པའི་སྐྱེ་བོ་རྣམས་ཉེ་དུ་ལ་སོགས་པའི་གཡེང་བས་ སེམས་འཁྲུལ་དུ་བཅུག་ནས་རྨོངས་རེངས་ཀྱི་ལས་ལ་སྦྱོར་བར་མཛད་པས་སོ། །ཙར་ཙི་ཀཱའི་ མིང་པོ་སྲིན་པོ་རྣམས་ནི་ལུས་བཙུབ་པའི་ཕྱིར། ཟ་འཕྲུ་འཕྲུག་པ་བཞིན་དུ་ལུས་འཕྲུག་པ་ལ་ མངོན་པར་དགའ་བ་ཡིན་པ་དང༌། ཁྱི་ནི་ཡན་ལག་བསྐྱོད་པས་ཀུན་ཏུ་འགྲོ་ཞིང་འཁྱམས་པ་ དང༌། ཕག་མོའི་དམ་རྫས་ནི་ལུས་ཀྱི་དྲི་མ་བརྒྱད་ཡིན་པ་དང༌། ཕག་གདོང་མ་ལས་བྱུང་བ་ནི་ 3-1-242 བཤང་གཅི་ཟ་བ་ཕག་ཉིད་ཀྱི་སྤྱོད་པ་ཡིན་པས་དེ་ཟག་པར་འདོད་པ་དང༌། དྲག་མོ་ནི་འཁྲིག་ སྦྱོར་དུ་ཉལ་བའི་མལ་སྟན་ལ་དགའ་བ་དང༌། སྟག་ནི་ཁྲོ་ཞིང་རྩོད་པ་ལ་དགའ་བ་དང༌། དབང་མོ་ནི་ཁྲིའམ་མལ་སྟན་མཐོན་པོ་ལ་མངོན་པར་དགའ་བའི་ཕྱིར་དང༌། ཅེ་སྤྱང་ནི་གཡོ་ སྒྱུ་ཤས་ཆེ་བའི་ཕྱིར། དེ་དང་དེའི་འབྲེལ་བ་ལ་བརྟེན་ནས་འདོད་ཕྱིར་འདོད་རྣམས་ལ་སོ་ སོའི་མིང་གིས་བཏགས་པ་ཡིན་ནོ། །དེ་དག་ལས་ཙུན་ད་ལས་བྱུང་བ་འཆིང་འདོད་མ་ལ། རྒྱ་ སྐད་དུ་བནྡྷ་ནེ་ཙྪ་ཞེས་འབྱུང་བ་ལྟར། རྭ་དང་ཙ་མི་དང་རྣམ་གཉིས་འགྱུར་དུ་འཆིང་འདོད་ མར་བསྒྱུར་ཞིང༌། དཔེ་འགའ་ཞིག་ལས་བནྡ་ཞེས་འབྱུང་བས་ཆག་ལོ་དང་ཤོང་ལོས་ཕྱག་ འཚལ་འདོད་མར་བསྒྱུར། རེངས་བྱེད་མ་ལས་བྱུང་བ་ལ་ཡང་འཆིང་བར་འདོད་མ་དང་ གཉེན་འདོད་མར་བསྒྱུར་བ་གཉིས་བྱུང་ངོ༌། །རྡོ་རྗེ་དབྱིངས་ཕྱུག་མ་ལས་བྱུང་བའི་བསོད་ འདོད་མ་དང༌། སྣ་ཚོགས་ཡུམ་ལས་བྱུང་བའི་བསྐྱེད་འདོད་མ་སྟེ་གཉིས་པོ་ནི་སྤྱི་ཁྱབ་ཡིན་ པའི་ཕྱིར་སྐབས་འདིར་མི་བསྒོམ་པར་བཤད་ལ། འདོད་ཕྱིར་འདོད་སུམ་ཅུ་སོ་བདུན་ཞེས་པ་ ནི། དེ་གཉིས་གཅིག་ཏུ་བསྡོམས་པའི་མིང་ཡིན་ནོ། །འདི་དག་ཡབ་དང་བཅས་པར་འདོད་པ་ ནི་མི་འཐད་ལ། དུས་ཞབས་པས་མཛད་པར་གྲགས་པའི་སྒྲུབ་ཐབས་ལས། འདོད་ཕྱིར་ འདོད་འདི་རྣམས་ཕྱག་མཚན་མེད་པར་ཕྱག་སྦྲེལ་བ་ལྟ་བུར་བཤད་ཅིང༌། སློབ་དཔོན་ལེགས་ པའི་བུ་ནི་འདི་རྣམས་ཞལ་གཅིག་ཕྱག་གཉིས་རང་གི་བསྐྱེད་གཞིའི་ཕྱག་མཚན་དང་པོ་ གཉིས་འཛིན་པ་བཞེད་ཅེས་གྲགས་ལ། ཨ་བྷ་ཡ་ཀཱ་རས་ནི་སྤྲུལ་གཞི་དང་འདྲ་བར་བཞེད་ དེ། ལེགས་པའི་བུ་ཡང་འདི་དང་མཐུན་པར་འདོད་དམ་སྙམ་པ་ནི་བདག་གི་རྣམ་རྟོག་གོ ། བལ་པོ་མེ་ཏྲི་པ་ནི་ཟད་པར་དང་གཟའ་ལ་སྤྱི་འགྲོས་སྦྱོར་མཁན་རྣམས་དང་འདྲ་བར་བྱེད། ཤོང་ལོའི་སྒྲུབ་ཐབས་ན་ཡང་དེ་བཞིན་ཡོད་པར་གྲགས། རྗེ་ཤེར་སེང་བ་ཀ་སྡེ་ལས་བྱུང་བ་ སྔོན་མོ། ས་སྡེ་ལས་བྱུང་བ་ལྗང་ཁུ་ཞེས་སོགས་ལས་ཕྱག་མཚན་མི་གསུང༌། ཐང་སྟོན་ལོ་ཙཱ་ 3-1-243 བ་ནི་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མཆོད་རྫས་སྣ་ཚོགས་འཛིན་པ། ཞེས་འདོད་པ་ དང༌། ཆོས་རྗེ་བླ་མ་བསོད་རྒྱལ་བ་ནི། རིགས་སུམ་ཅུ་རྩ་དྲུག་གི་ཕྱག་མཚན་འཛིན་པའམ། ནང་གི་དམ་རྫས་སོ་དྲུག་སོགས་འཛིན་པར་བྱའོ་གསུང་སྟེ། ཕྱི་མ་དེ་རྣམས་བློས་བཏགས་ ཙམ་མ་ཡིན་པར་བླ་མའི་མན་ངག་གམ་ལུང་ཁུངས་ཡོད་ན་མི་འགལ་ལ། མེ་ཏྲི་ཡན་ཆད་སྔ་ མ་རྣམས་ནི་མན་ངག་ཡིན་མོད་ཀྱི། གཞན་རྣམས་བཏང་སྙོམས་སུ་བྱས། ཅུང་ཟད་རྒྱས་པར་ ན་ཨ་བྷ་ཡཱ་ཀ་རའི་བཞེད་པ་བཞིན་བྱས་ན་ཡང་ངེས་པར་ལེགས་ལ། ཅུང་ཟད་བསྡུས་པ་རང་ ལུགས་རབ་གཏུམ་མ་ལས་བྱུང་བ་རྣམས་གྲི་ཐོད་དང༌། གཞན་རྣམས་སྤྲུལ་གཞིའི་ཕྱག་དང་ པོ་གཉིས་ཀྱི་ཕྱག་མཚན་འཛིན་ཅིང༌། ཐམས་ཅད་ཀྱང་སྐུ་མདོག་སྤྲུལ་གཞི་དང་འདྲ་མོད། ཞི་ ཞིང་སྒེག་ལ་དར་དང་རིན་པོ་ཆེས་བརྒྱན་པ། བཞེངས་ཤིང་གར་གྱི་ཚུལ་སྣ་ཚོགས་པས་ཟུར་ གྱིས་བཏེགས་པའི་སྒེག་འཆོས་ཅན་ཏེ། འདི་དག་ཀྱང་ལྷ་རྣམས་མཉེས་པར་བྱེད་པའི་ གཟུངས་མ་ཁོ་ན་ཡིན་ལ། ཨ་བྷ་ཡའི་བཞེད་པ་ལྟར་ནའང་ཞལ་ཕྱག་མང་ཉུང་མ་གཏོགས། གཟུངས་མར་མི་བཞེད་པ་མིན་པས་དེའི་ལུགས་སུ་བྱའོ། །འདི་རྣམས་ཀྱི་མཚན་གྱི་བཤད་པ་ ལ་མཁས་པ་ཁ་ཅིག་གིས་རྡོ་རྗེ་སྙིང་འགྲེལ་གྱི་ལུང་དྲངས་ཤིང་འདྲ་མཚུངས་སྦྱོར་རོ། །དེ་ནི་ མི་ལེགས་ཏེ་སྙིང་འགྲེལ་ལས་འདི་སྐད་ཅེས། ཆོས་རྣམས་སྟོང་པ་ཉིད་དུ་གཅིག །ཤེས་རབ་ སུམ་ཅུ་རྩ་བདུན་པོ། །ཁམས་རྣམས་ཕྱི་བཞིན་དུ་ནི་ལུས། །ལུས་དེ་བཞིན་དུ་དཀྱིལ་འཁོར་ རོ། །ས་མ་འདྲེས་པ་རེངས་པ་ཡིན། །ཆུ་མ་འདྲེས་པ་ཞི་བ་ཉིད། །མེ་མ་འདྲེས་པ་དབང་ཡིན་ ནོ། །རླུང་འབའ་ཞིག་གིས་རྣམ་པར་སྡང༌། །སྟོང་ཉིད་གཅིག་པུས་འཚོ་བའོ། །དེ་བཞིན་འཆི་ ལ་ཡེ་ཤེས་ཀྱིས། །ལས་དྲུག་འདི་དག་མ་འདྲེས་པའོ། །རྣམ་པར་འདྲེས་པའི་ལས་བཞི་ནི། ས་དང་ཆུ་ནི་འདྲེས་པ་ཡིས། །ལུས་ཅན་རྣམས་ནི་རྒྱས་པར་བྱེད། །རླུང་དང་མེ་ནི་བསྲེས་པ་ ཡིས། །ལུས་ཅན་རྣམས་ནི་འགུགས་པར་བྱེད། །རླུང་དང་ཆུ་ནི་བསྲེས་པ་ཡིས། །ལུས་ཅན་ 3-1-244 རྣམས་ནི་སྐྱོད་པར་བྱེད། །ས་དང་སྟོང་ཉིད་བསྲེས་པ་ཡིས། །ལུས་ཅན་རྣམས་ནི་ལྟུང་བར་ བྱེད། །ས་དང་ཡེ་ཤེས་བསྲེས་པ་ཡིས། །ལྟུང་བ་ལས་ནི་ཡང་སློང་བྱེད། །ཆུ་དང་མེ་ནི་བསྲེས་ པ་ཡིས། །བུད་མེད་སྐྱེས་པ་འཇིག་ཅེས་བྱ། །ས་དང་རླུང་དུ་བསྲེས་པ་ཡིས། །རྨོངས་དང་ཕུར་ བུ་ཡིས་ནི་འདེབས། །སྟོང་པ་ཉིད་དང་ཆུ་བསྲེས་པས། །སེམས་ཅན་རྣམས་ནི་ཚིམ་པར་ འགྱུར། །ཡེ་ཤེས་སྟོང་ཉིད་བསྲེས་པ་ཡིས། །ཕྱིར་ཡང་འཚོ་བར་འགྱུར་བ་ཡིན། །མེ་དང་ས་ ནི་བསྲེས་པ་ཡིས། །ལུས་ཅན་ཐམས་ཅད་གདུང་བ་ཡིན། །མེ་དང་སྟོང་ཉིད་བསྲེས་པ་ཡིས། ། ལུས་ཅན་རྣམས་ནི་ཚ་བས་འདེབས། །མེ་དང་ཡེ་ཤེས་བསྲེས་པ་ཡིས། །ལུས་ཅན་རྣམས་ནི་ ལྐུགས་པར་འགྱུར། །རླུང་དང་སྟོང་པ་བསྲེས་པ་ཡིས། །ངེས་པར་དུག་རྣམས་སེལ་བ་ཡིན། ། རླུང་དང་ཡེ་ཤེས་བསྲེས་པ་ཡིས། །སྐད་ཅིག་ལ་ནི་ཁམས་གསུམ་འཆིང༌། ཡེ་ཤེས་སྟོང་པར་ བསྲེས་པ་ཡིས། །ལུས་ཅན་ཐམས་ཅད་སྐྱེད་པ་ཡིན། །ཞེས་པ་ཙམ་ཞིག་གསུངས་པ་ཡིན་ལ། དེའི་དོན་ནི་རྣལ་འབྱོར་བ་སྲོག་གཟུགས་གྲུབ་པས་བསྐྱེད་རིམ་གྱི་ལྷ་སྒོམ་པ་དང་། ངག་གི་ བཟླས་པ་དང༌། ཡིག་འབྲུ་སོགས་དམིགས་པའི་ཁྱད་པར་ཕྲ་མོ་དང༌། རྫས་དང་སྦྱིན་བསྲེག་ དང་འཁྲུལ་འཁོར་སོགས་ཕྱིའི་བྱ་བ་གང་ལ་ཡང་མ་བལྟོས་པར་ནང་དུ་རླུང་གི་རྣལ་འབྱོར་ཁོ་ ནས་ལས་མཐའ་དག་འགྲུབ་པའི་དོན་ཡིན་ལ། འབྱུང་བ་སོ་སོའི་རླུང་བསྲེས་པས་ལས་ ཐམས་ཅད་འགྲུབ་ཚུལ་བསྟན་པའི་ཤུགས་ལ་རང་ཤུགས་ཀྱི་རླུང་དེ་དག་འདྲེས་པ་ལས། ལྷ་ མོ་འདི་རྣམས་ཀྱི་རྡོ་རྗེ་འབེབས་པ་རྒྱུད་ལ་སྐྱེས་པ་ན། ཉམས་མྱོང་དེ་དག་འབྱུང་ཞེས་གཙོ་ བོར་རྫོགས་རིམ་དང་འབྲེལ་བར་བཤད་ན་དོན་དང་མཐུན་པ་ཞིག་ཡོད་པ་དེ་མན་ངག་གི་ ཞལ་བགྲོས་ལས་བྱུང་བའི་རྣ་ཐོས་ལ་བརྟེན་ནས། མཁས་པ་ཁ་གཅིག་གིས་བསྐྱེད་རིམ་གྱི་ ལྷའི་མིང་དོན་འཆད་པའི་སྐབས་སུ། སྤྲོས་པ་ལྷུར་བླངས་ནས་བློས་བཏགས་སུ་སྦྱར་བ་ན། གཞན་དག་རྒྱུ་མཚན་མེད་པར་རྒྱུག་ཅེས་པའི་རྣམ་པས། དེ་བས་ཀྱང་ཆེས་མཁས་སོ་སྙམ་དུ་ 3-1-245 རློམ་པའི་ང་རྒྱལ་ཅན་དག་ཀྱང་ལེགས་བཤད་ཡིན་མིན་གྱི་དབྱེ་བ་མི་ཤེས་པར་རང་གིས་ གསར་དུ་ཤེས་པ་སྐད་དུ་བྱས་ནས་སྔ་མ་སྔ་མའི་ཟློས་བརྗོད་ཁོ་ན་བྱེད་པར་སྣང་སྟེ། འོན་ ཀྱང་འདི་ལེགས་པ་མ་ཡིན་པའི་རྒྱུ་མཚན་ནི། འདོད་ཕྱིར་འདོད་ཀྱི་སྐབས་མཚན་སྦྱོར་རྒྱུའི་ ལྷ་སོ་དྲུག་ཡོད་པ་ལ། སྦྱར་བྱ་འབྱུང་བ་གཉིས་འདྲེས་ཀྱི་རིགས་ལ་སྙིང་འགྲེལ་གྱི་ཚིག་ལས་ འབྱུང་བའི་ལས་ཚོགས་ཀྱི་མིང་བཅོ་ལྔ་ལས་མེད་ཅིང༌། ལྷག་མ་རྣམས་བློས་གསར་དུ་སྦྱོར་ དགོས་བྱུང་བ་དང༌། སྙིང་འགྲེལ་གྱི་ཚིག་ལས་བྱུང་བའི་ལས་རྐྱང་པ་དྲུག་ལ། འདིར་འདོད་ མ་དང་སྦྱོར་རྒྱུ་མེད་པའི་ཕྱིར་ཕྱོགས་གཅིག་ནས་ལྷ་ལྷག་ཅིང་ལས་ཆད། གཞན་དུ་ན་ལས་ ལྷག་ཅིང་ལྷ་ཆད་པ་དང༌། རྒྱུ་མཚན་ཡང་ཤིན་ཏུ་འཁྲུལ་པ་འདི་ལྟ་སྟེ། རེག་རྡོ་རྗེ་མ་ལས་བྱུང་ བའི་གོས་འདོད་མའི་སྐབས་སུ་ས་བོན་ཡི་གེ་ཚ་ནི་རླུང་ཁམས་ཀྱི་ཆུ་ཡིན་པས། རླུང་དང་ཆུ་ནི་ རྣམ་བསྲེས་པས། །ལུས་ཅན་རྣམས་ནི་སྐྱོད་པར་བྱེད། ཅེས་གསུངས་པས། ཆུ་རླུང་འདྲེས་ པས་གྲང་བ་སྐྱེས་པ་ན་གོས་འདོད་པའོ། །ཞེས་ལྷ་མོའི་མིང་དང་ས་བོན་གྱི་བྱེད་ལས་བསྲེས་ པར་རློམ་ན། ལར་གྱི་འབྱུང་བ་སོ་སོ་བསྲེས་པ་ནི་འབྱུང་ཆེན་ནང་འཕྲད་པ་དང༌། འབྱུང་ཆུང་ ནང་འཕྲད་པ་དགོས་ཀྱི། འབྱུང་ཆེན་རླུང་དང་འབྱུང་ཆུང་ཆུ་ཡིན་པ་ལ་ཆུ་རླུང་ཕྲད་པའི་དོན་ མ་ཚང་སྟེ། འདིས་ཐམས་ཅད་མཚོན་ནུས་ལ། ཡང་ཆུ་རླུང་སྦྲགས་པས་གྲང་ཞིང་གོས་འདོད་ བྱ་བ་ཡང་བོད་ཡུལ་དང་བསྟུན་པའི་གོ་བདེ་བདེ་མོར་སྣང་སྟེ། གོས་འདོད་ཚད་གྲང་བའི་རྒྱུ་ ཁོ་ནས་མ་ཡིན་པའི་ཕྱིར་རོ། །གོས་ནི་ཚད་པ་དང༌། སྲོག་ཆགས་ཀྱི་གནོད་པ་ལས་སྐྱོབ་པའི་ དོན་དུའང་མང་ལ། ལྷ་ཀླུ་མི་སོགས་ཀུན་ལ་ཐུན་མོང་དུ་འཇུག་པ་ལ་ལུས་གཅེར་བུ་མི་ མཛེས་པ་དག་དགག་པའི་དོན་ཡིན་ནོ། །དེའི་ཕྱིར་རྒྱུ་མཚན་དེ་མ་ངེས་ལ། ཁྱད་པར་ལུས་ ཅན་རྣམས་སྐྱོད་པར་གསུངས་པ་ནི། གདུག་པ་ཅན་གནས་ནས་སྐྲོད་པ་དང༌། ས་གཡོ་བའི་ རྒྱུའི་སྐབས་སུ། བསམ་གཏན་པ་རྣམས་ཀྱིས་ས་ཆུར་བསྒོམས་ཆུ་རླུང་གིས་བསྐྱོད་པས་ས་ 3-1-246 གཡོ་གསུང་པ་ལྟར་རི་དང་ནགས་ཚལ་དང༌། ཁང་བཟང་སོགས་གཡོ་བར་བྱེད་པའི་དོན་དུ་ རུང་གི ། ཆུ་རླུང་སྡེབ་པ་གྲང་བས་ཁ་འདར་ཐེབས་པའི་དོན་ག་ལ་ཡིན། འདིས་དེ་ལྟར་བཤད་ པ་ནི། དེའི་ཕྱིར་ཅུང་ཟད་ཀྱང་མ་འབྲེལ་ལོ། །དེ་བཞིན་དུ་མེ་རླུང་འདྲེས་པས་ཟ་འཕྲུག་ཡོང་ པའང་གང་ནས་ཀྱང་མ་བཤད་ཅིང༌། འཆིལ་མ་འདོར་བ་ཡང་སྡང་བའི་ཡུལ་ལ་འཆིལ་མ་ འདོར་ཟེར་བ་འབྲེལ་མེད་ཁོ་ན་དང༌། དེ་སྡང་བར་འདོད་མ་ཞེས་འདོད་པ་ནི་སྡང་བ་ནི་དབྱེ་ བ་ཡིན་པས། སྡང་བ་ལན་གཉིས་ཟློས་པ་སོགས་མདོར་ན་རེ་རེ་ལ་རྣམ་པར་བརྟགས་ན་དོན་ མ་འབྲེལ་བ་ཁོ་ན་དང༌། ཚིག་ལའང་མི་འགྲིག་པ་དུ་མ་ཞིག་སྣང་སྟེ། ཙ་ཡིག་རླུང་ཁམས་ཀྱི་ ས་ཡིན་པས་ས་དང་རླུང་བསྲེས་པས་དབྱེ་ཞིང་སྡང་བར་འགྱུར་ཞེས་པ་ནི། ས་དང་རླུང་ནི་ བསྲེས་པ་ཡིས། །རྨོངས་དང་ཕུར་བུ་ཡིས་ནི་འདེབས། །ཞེས་པ་དང་དངོས་སུ་འགལ་བ་ལྟ་ བུའང་ཡོད་ལ། གཞན་འགའ་ཞིག་སྟབས་ལེགས་ཀྱིས་ཅི་རིགས་པ་འགྲིག་པའང་སྲིད་མོད་ ཀྱི། མདོར་ན་དུས་ཀྱི་འཁོར་ལོ་ལ་བརྟེན་ནས། ལས་ཚོགས་སྒྲུབ་པ་ན། ལས་ཀྱི་ལྷའི་གཙོ་བོ་ འདོད་ཕྱིར་འདོད་ལ་བརྟེན་ནས་བྱེད་པའང་མ་ཡིན་པའི་ཕྱིར། འདི་འདྲའི་རིགས་རྣམས་ གནད་མ་གོ་བའི་སྐྱེས་བུའི་བློ་ངོར་ལེགས་བཤད་ལྟར་སྣང་བ་འབྱུང་ཡང་སྙིང་པོ་མེད་དོ། ། འདི་རྣམས་ཀྱི་ས་བོན་ནི། དཔལ་ལྡན་དབང་གི་ལེའུ་ལས། མདུན་བསྐྱེད་ཀྱི་སྐབས་ཀྱི་ འགྲེལ་པར་ཕྱོགས་བཞིའི་གཡོན་གྱི་སྟེགས་བུའི་ལྷ་སྣམ་གྱི་ས་བོན་གསུངས་པ་ལ། ཤར་ སྒོའི་བྱང་དུ་ས་ྉྤ་ཥ་ཤ་ྈྐ། བྱང་སྒོའི་ནུབ་ཏུ་ལཿཝཿརཿཡཿཧཿ ལྷོ་སྒོའི་ཤར་དུ་ ཀཿཁཿགཿགྷཿངཿ ནུབ་སྒོའི་ལྷོ་རུ་ཀྵཿགཅིག་པུ་འགོད་པར་མཛད་ལ། དེ་ལྟར་གྲངས་མི་ མཉམ་པར་འབྱུང་བ་ནི། ཁ་ཅིག་འདི་རྣམས་རང་རང་གི་རིགས་ཀྱི་ཕྱོགས་སུ་གནས་པར་ གསུངས་པའི་ཤུགས་ལ་གོ་བར་དགོངས་ནས་བླ་ཆོས་སུ་བཤད་པ་ཡིན་ཞེས་ཟེར་ཡང་དཀའ་ བླའི་ཁྱད་པར་ཆེན་པོ་མེད་པས། དངོས་བསྟན་དེ་ཁ་ལྟར་བསྒོམས་ཀྱང་ཆོག་ཅིང་ལེགས་པ་ 3-1-247 ཞིག་ཡིན་ལ། འོན་ཀྱང་གྲངས་མཉམ་དུ་བྱས་ན་མི་ཕལ་པའི་བློ་ངོར་མཛེས་ཤིང༌། སོ་སོའི་ རིགས་དང་ཕྱོགས་ཕྱོགས་མཐུན་པའི་དགོས་པ་ཡང་ཡོད་དོ། །དེ་ཡང་ཕྱོགས་བཞིའི་གཡས་ ཀྱི་སྟེགས་བུ་ལ་བཞི་བཞི་ནི་ངོས་སུ་ཡིན་ལ། ལྔ་པ་རྣམས་ནི་སྟེགས་བུའི་ཟུར་ལ་གནས་པའོ། ། འདི་རྣམས་ཀྱི་ས་བོན་ལ་འཁྲུལ་གཞི་མེད་པས་མི་མཐུན་པ་མེད་ཅིང༌། གཡོན་གྱི་རྣམས་ལ་ མི་འདྲ་བ་གཞན་ཐན་ཐུན་འདུག་ཀྱང་འགངས་ཆུང་ལ། མཁས་པ་ཁ་ཅིག་ས་སྡེ་ཀ་སྡེ་ལ་སྡེ་ རྣམས་ཀྱི་ཡི་གེ་ཕྱི་མ་བཞི་བཞི་གོ་རིམ་ཀྱང་གཤམ་ནས་ཟློག་པའི་སྡེ་ཚན་གསུམ་ལ་ཡི་གེ་ བཞི་བཞི་ཡོད་པ་དེ། ཤར་ལྷོ་ནུབ་བྱང་གི་གཡོན་དུ་བཀོད། ཀྵའི་རྗེས་ལ་སྡེ་ཚན་གསུམ་པོ་ དེའི་ཡི་གེ་ཐོག་མ་སྦྱར་ནས་ནུབ་ཀྱི་གཡོན་དུ་འགོད་པ་མཛད་ན། འཕྲེང་བ་དང་ལེགས་པའི་ བུའི་གཞུང་དང་མཐུན་མོད། སྤྱིར་ནས་ཅུང་ཟད་མི་ལེགས་ཏེ་འགྲེལ་ཆེན་ལས་གསུངས་པའི་ ས་བོན་གྱི་གོ་རིམ་སྔ་ཕྱི་ཟློག་པ་དང༌། ས་ཀ་ལ་གསུམ་ཁོ་ལ་འདོན་དུ་བཏོན་ཏེ། ནུབ་ཏུ་ འགོད་པ་ལ་རྒྱུ་མཚན་མེད་པའི་ཕྱིར་རོ། །དེས་ན་ནུབ་ཀྱི་གཡོན་དུ་བཞི་བྱེད་ནའང་འགྲེལ་ ཆེན་ལས་གསུངས་པའི་ས་བོན་གྱི་གོ་རིམ་རྣམས་མ་འཁྲུགས་པར་སྦྱར་བ་ཉིད་ལེགས་པས། རང་ལུགས་ཤར་དུ་ས་སྡེའི་ཡི་གེ་དང་པོ་བཞི། ལྷོར་ྈྐ་ཡིག་དང་ཀ་སྡེ་དང་པོ་གསུམ། བྱང་དུ་ ཀ་སྡེ་ཐ་མ་གཉིས་དང་མཐར་གནས་ཐ་མ་གཉིས། ནུབ་ཏུ་མཐར་གནས་ཐོག་མ་གཉིས་དང་ ཧ་ཀྵ་སྟེ། དེ་ལྟར་འགོད་པ་བླ་མའི་མན་ངག་ཡིན་ཅིང༌། འགྲེལ་པར་གསུངས་པའི་ས་བོན་གྱི་ གོ་རིམ་མ་འཁྲུགས་པས་ལེགས་སོ། །འདོད་མ་རྣམས་ཀྱི་འགོད་ཚུལ་འདི་ལ་གཡས་ཀྱི་ རྣམས་རང་རང་གི་ཕྱོགས་དང་མཐུན་པའི་ཁམས་སྡེ་ཚན་རེ་རེ་ཁོ་ན་ཡིན་ལ། གཡོན་གྱི་ རྣམས་ཤར་དང་ནུབ་ཀྱི་དང་པོ་འོག་ཕྱོགས་ཡེ་ཤེས་ཀྱི་ལྷ་དང༌། ལྷོ་དང་བྱང་གི་དང་པོ་སྟེང་ ཕྱོགས་ནམ་མཁའི་ལྷ་ཡིན་ཅིང༌། ལྷག་མ་གསུམ་གསུམ་རང་རང་གང་ན་གནས་པའི་ཕྱོགས་ ཀྱི་འབྱུང་བ་དང་མཐུན་ནོ། །འདི་རྣམས་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ལས་སྤྲུལ་པའི་ཕྱིར་ 3-1-248 དེ་རྣམས་དང་དོན་གཅིག་ལ། ཕྱིར་འདོད་མའི་དོན་ཁ་ཅིག་འདོད་པ་ཕྱི་ཕྱིར་འཕེལ་བ་ལ་ འཆད་ཅིང༌། དེ་ལྟར་མ་བྱས་ན་མཱ་མ་ཀཱི་ལྟ་བུ་གཞི་གཅིག་ལས་རྒྱས་པར་འདོད་པ་དང་མི་ འདོད་པ་གཉིས་ཀར་སྐྱེ་བ་མི་འཐད་དེ། ལས་འགལ་བའི་ཕྱིར་སྙམ་དུ་སེམས་སོ། །སྤྱིར་ཕྱིར་ འདོད་མའི་སྐད་དོད་པྲ་ཏཱི་ཙྪ་ཞེས་པའི་པྲ་ཏི་མ་ཕན་ཚུན་འཐེན་ཕྱོགས་ཙམ་ཡོད་དུ་ཆུག་ཀྱང༌། འགྲེལ་ཆེན་ཉིད་ལས་འདོད་པ་ཟློག་པའི་དོན་དུ་གསུངས་པས་མི་འདོད་མའི་དོན་ཁོ་ན་ལ་ འཆད་དགོས་ཀྱི། ཕྱི་ཕྱིར་འཕེལ་ན་ཟློག་པའི་དོན་རྒྱབ་འགལ་དུ་སོང་བའི་ཕྱིར་རོ། །འགྱུར་ གྱི་སྐྱོན་ཡང་མ་ཡིན་ཏེ། འགྱུར་སྔ་ཕྱི་ཕལ་ཆེར་ཟློག་པའི་དོན་ལ་མཚུངས་པའི་ཕྱིར་རོ། །ཡེ་ ཤེས་ཀྱི་ལྷ་གཅིག་ཁོ་ནས་ལས་མཐའ་དག་འགྲུབ་པའི་ཕྱིར་གཞི་གཅིག་ལས་གཉིས་སྐྱེ་བ་མི་ རུང་ཟེར་བ་ནི་ག་ཞའི་རྒྱུ་ཆེན་པོའོ།དེ་ལྟར་ན་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་དེ་དག་རྣམས་ ལས་ཞབས་ཀྱི་བཞུགས་སྟངས་སོ་སོའི་མཚན་ཉིད་ནི། ཇི་སྐད་དུ། གཡས་ཀྱི་བརླ་དང་པུས་ མོ་བསྲང༌། །གཡོན་པ་བྱིན་པ་བརླར་ཕྱོགས་ཏེ། །ཐད་ཀར་འཇོག་པར་བྱེད་པ་དག རྒྱ་རུ་ མཐོ་ལྷར་བྱས་པ་ནི། །གཡས་བརྐྱང་པར་ནི་རབ་ཏུ་གྲགས། །དེ་ཉིད་གོ་ཟློག་པ་ནི་གཡོན་ བརྐྱང་སྟེ་དེ་གཉིས་ལ་གཤོལ་གྱི་དབྱིབས་ལྟ་བུ་ཞེས་ཀྱང་གྲགས་སོ། །མཉམ་པའི་སྟབས་ནི། རྐང་མཐེབ་དང་ནི་རྟིང་པ་དག །ཤིན་ཏུ་སྦྱར་བས་གཅེར་བ་དག །བརྟན་པ་མཐུན་པའི་རྐང་ སྟབས་སུ། །དེ་ཉིད་ཤེས་པ་རྣམས་ཀྱིས་བཤད། །ཅེས་འབྱུང་ཡང་རྒྱུད་འདི་ཉིད་ལས། རྐང་ པ་ཟུང་ནི་མཉམ་པ་དག་ཀྱང་མཉམ་པའི་སྟབས་ཞེས་འབྱུང་བ་ཉིད་དེ། གཅེར་བ་རང་ཡང་མི་ དགོས་ཀྱི། སོར་བཞི་ནས་མཐོ་གང་ཚུན་ཆོད་ཇི་ལྟར་འོས་པའི་བར་དང་བཅས་པས་ཀྱང་རུང་ ངོ༌། །ས་གའི་སྟབས་ནི་རྐང་སོར་ལོགས་སུ་ཅུང་ཟད་བསྟན་པའི་རྟིང་པའི་བར་དུ་སོར་ཉེར་ དྲུག་ཟེར་ཡང་རགས་རྩིས་ཀྱི་ཚུལ་དུ་ཁྲུ་གང་བཞག་ཅིང་སྒྱིད་པ་བསྲང་བའོ། །རོལ་པའི་ སྟབས་ལ་བཞེངས་བཞུགས་གཉིས་ཡོད་ཀྱང༌། བཞེངས་པ་ནི་རྒྱུད་ལས། ཅུང་ཟད་པུས་མོ་ 3-1-249 ཕྱེད་ནི་འཁྱོག་པ་རོལ་པར་འགྱུར་ཏེ། ཞེས་གསུངས་པ་ལྟར། གཡས་རོལ་ནི་རྐང་པ་གཡོན་ པ་དྲང་པོར་བསྲང་ཞིང༌། རྐང་མགོ་མདུན་དུ་བསྟན་ལ་གཡས་པའི་པུས་མོ་གཡས་སུ་ཅུང་ ཟད་འཁྱོགས་ཤིང༌། སོར་མོ་ལོགས་སུ་བསྟན་རྟིང་པ་བཏེག་སྟེ་བོལ་གོང་ལ་རེག་པའམ། བར་དུ་སོར་བཞི་བཞག་པའོ། །གཡོན་རོལ་ནི་དེ་བས་ཟློག་པ་ཡིན་ཅིང༌། བཞུགས་པའི་རོལ་ སྟབས་ནི་སྐྱིལ་ཀྲུང་ཕྱེད་པ་དང་ཕལ་ཆེན་འདྲའོ། །ཟླུམ་པོའི་འདུག་སྟངས་ནི། རྟིང་པ་གཉིས་ ཀྱི་བར་དུ་ཁྲུ་གང་བཞག པུས་མོ་ངང་པའི་གཤོག་པ་ལྟ་བུ་སྟེ། གཡས་གཡོན་དུ་འབུར་པོར་ བསྐྱེད་པ། པུས་མོ་གཉིས་ཀྱི་མཐའ་ལ་ཁྲུ་གཉིས་ཡོད་པའོ་ཟེར་ཡང་ཇི་ལྟར་འོས་པའོ། །ཕྱག་ མཚན་གྱི་སྐབས་ན་སྤྱིར་གོ་དཀའ་བ་མེད་ཀྱང༌། ཤཀ་ཏི་ནི་མདུང་ཐུང་གི་རིགས་ལ་སོ་ནི་ དགྲ་སྟ་ཁ་ཕྱིར་བསྟན་པ་ལྟ་བུ་སྟེ། བི་དྷི་པ་ལ་ལ་འདོད་པ་ནི་ཤིན་ཏུ་འཁྲུལ་ལོ། །ཚངས་པའི་ དབྱུག་པ་ནི་སྣེ་གཉིས་སུ་ཏོག་དང་བཅས་པར་ངེས་པ་ལས་དབྱུ་གུ་གཅིག་པ་ཡིན་ན། སྦོམ་ཕྲ་ མེད་པ་རིང་ན་ལུས་ཚད་ཙམ་པ་ལ་སྟེང་འོག་བར་གསུམ་དུ་སོར་བཞི་ཙམ་རེ་སྲད་བུ་དཀར་ པོས་མི་མངོན་པར་དཀྲིས་པ་ཡིན། དབྱུ་གུ་གསུམ་པ་ཡིན་ན་དེ་ཀ་འདྲ་བའི་དབྱུ་གུ་ཕྲ་སང་ངེ་ བ་གསུམ་བསྒྲིགས་ནས། སྲད་བུ་དཀར་དམར་ནག་གསུམ་གྱིས་སྟེང་འོག་ཏུ་མཐོ་རེ་ཙམ་ དང་བར་བར་དུ་ཇི་ལྟར་འོས་པ་དཀྲིས་པའོ། གཞན་ཡང་སྔོན་གྱི་དྲང་སྲོང་རྣམས་ཀྱི་དབྱུ་གུ་ རྩེ་གསུམ་པ་ཡང་ཚངས་པའི་དབྱུག་པའོ། ལྟོས་འགྲོ་ནི་སྦྲུལ་ཉིད་དང༌། བར་བུ་ནི་ལྷུང་བཟེད་ དང་དབྱིབས་འདྲ་རུང་གི་སྣོད་ཁ་གཅོད་ཅན་ནོ། །བེ་ཅོན་དང་དབྱུག་པ་ཀུན་ལ་གྲགས་ཀྱང༌། བེ་ཅོན་ཙང་མགོ་ཙང་གཞུག་ཆེ་ཞིང༌། རྩེ་མོར་ཏོག་ཡོད་མེད་གཉིས་ཀ་འབྱུང་བ་འདིར་ནི་རྡོ་ རྗེའི་ཏོག་ཅན་ནོ། །དབྱུག་པ་ནི་ཙང་མགོ་ཙང་གཞུག་ཧ་ཅང་ཆེ་བ་མེད་ཅིང༌། རི་རབ་རྩེ་མོར་ ངེས་པར་ཏོག་ཡོད་པ་དང༌། བེ་ཅོན་ཁྲུ་དོ་ལས་མི་རིང་ཞིང་དབྱུག་པ་ཁྲུ་དོ་ལས་མི་ཐུང་བའོ། ། ཡོངས་འདུའི་མེ་ཏོག་ནི་ཤིང་གི་ཡལ་ག་ལ་མེ་ཏོག་དཀར་རྐྱང་ངམ་སྣ་ལྔ་སྐྱེས་པའོ། །སྦྲུལ་ 3-1-250 དང་བཅས་པའི་ཁ་ཊྭཾ་ག་ནི་ཁ་ཊྭཾ་ག་སྦྲུལ་གྱིས་དཀྲིས་པའི་དོན་ཡིན་ལ། དྲག་པོ་དབང་ཕྱུག་ ཆེན་པོ་ལ་ཕྱག་མཚན་རྩེ་གསུམ་གྱིས་མཚན་པའི་ཁ་ཊྭཾ་ཡང་སྲིད་མོད། འདིའི་དྲག་པོ་དང་ དྲག་མོའི་ཕྱག་ན་རྩེ་གསུམ་ལོགས་སུ་ཡོད་པས། རྩེ་གསུམ་གྱིས་མཚན་པའི་ཁ་ཊྭཾ་ག་ནི་མི་ དགོས་ལ། འཇིག་རྟེན་པའི་ཁ་ཊྭཾ་ག་ལ་སྤྱི་ལྡོག་ནས་རྡོ་རྗེས་མཚན་པ་ཡང་མེད་མོད་ཀྱི། འདིར་ནི་རྡོ་རྗེའི་རིགས་སུ་སྦྱངས་པ་ཉིད་ཀྱི་ཕྱིར་རྡོ་རྗེས་མཚན་པར་བྱ་ཡང༌། མི་མགོ་གསུམ་ ལ་སོགས་པའི་རྒྱས་པ་མི་དགོས་ཏེ། དབྱུག་པ་ཙང་མགོ་ཙང་གཞུག་ཅན་གྱི་སྟེང་དུ། མི་མགོ་ སྐམ་རློན་གང་རུང་ཡོད་པ་མི་མགོའི་མགུལ་དུ་དར་དཔྱངས་བཅིངས་ཤིང་དྲིལ་ཆུང་བཏགས་ པ་ཙམ་གྱིས་ཆོག་གོ ། གཞན་དག་དངོས་སུ་གོ་བ་འབའ་ཞིག་སྟེ། ལྷ་ཚོགས་ཀྱི་རྣམ་གཞག་འདི་དག་ལ་འོད་ ཟེར་འཕྲེང་བ་ལས། སྤྱི་སྡོམ་མཛད་དེ། ལྷ་ཡི་གྲངས་དང་བཞུགས་གནས་དང༌། །གདན་གྱི་ རིམ་པ་སྐྱེ་བའི་རྒྱུ། །སྐུའི་དབྱིབས་དང་བཞུགས་ཚུལ་དང༌། །སྐུ་མདོག་ཕྱག་མཚན་རྒྱན་དག་ དང༌། །ཐབས་དང་ཤེས་རབ་སྦྱར་བ་དང༌། །རིགས་དང་རིགས་ཅན་རྣམ་དག་སྟེ། །དེ་ལྟར་ བཅུ་གཉིས་རྣམ་པར་བཞག །ཅེས་སྡོམ་མཛད་པ་ལྟར་བཤད་ཀྱང་རུང་ངོ༌།། །། གསུམ་པ་ཤིན་ཏུ་རྣམ་པར་དག་པའི་ང་རྒྱལ་བཟུང་བ་ནི། ༀ་སུ་བི་ཤུདྡྷ་སོགས་ཏེ། མདོར་ ན་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བདག་ཉིད་ངའོ་ཞེས་པ་སྟེ། སྔར་ གཙོ་བོ་བསྐྱེད་པ་ནས་གཟུང་སྟེ། འདིའི་བར་དུ་མངོན་བྱང་ལྔ་པ་ཆོས་དབྱིངས་ཡེ་ཤེས་ལས་ མངོན་པར་བྱང་ཆུབ་པའི་དོན་ཡང་ཡིན་ལ། ཡང་རྣམ་པ་གཅིག་ཏུ་ན་གདོད་ནས་ཤིན་ཏུ་རྣམ་ པར་དག་པའི་ཆོས་དབྱིངས་ཡེ་ཤེས་འཁོར་འདས་ཀུན་ཁྱབ་དེ་ཉིད་དཀྱིལ་འཁོར་འདིའོ་ ཞེས་ང་རྒྱལ་བཟུང་བའོ། །གཞན་ལུགས་ཀྱི་སྒྲུབ་ཐབས་ཕལ་ཆེར་དུ། འདི་སྙིང་རྗེའི་དབང་ བསྐུར་གྱི་གཞུག་ཏུ་བྱེད་པ་ནི། འགྲེལ་ཆེན་གྱི་གླེགས་བམ་ལས་ཡིག་ཕྲེང་དང་ཤོག་ལོགས་ 3-1-251 སྔ་ཕྱིའི་གོ་རིམ་ཁོ་ན་ལས་ཇི་ལྟར་བྱུང་བའི་རིམ་པའི་དབང་དུ་བྱས་པར་སྣང་ཡང་བཤད་ཚུལ་ ཡི་གེའི་གོ་རིམ་དང་དོན་མངོན་རྟོགས་ཀྱི་གོ་རིམ་མ་ཕྱེད་པ་སྟེ། དེ་ལྟར་ན་ཞུ་བ་གླུས་བསྐུལ་ ལན་གཉིས་བྱེད་པ་དང༌། དེའི་ནང་གི་གླུས་བསྐུལ་དང་པོའི་གཞུག་ཏུ་འདི་བྱེད་དགོས་པར་ འགྱུར་རོ། །དེས་ན་འགྲེལ་ཆེན་ལས། འདིར་ལྷའི་ང་རྒྱལ་གྱི་སླད་དུ་སྔགས་ཀྱི་ཚིག་ནི། ༀ་ སུ་བི་ཤུདྡྷ་དྷརྨ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ། དེ་ནས་གསུང་རྡོ་རྗེ་བསྐྱེད་པའི་ སླད་དུ་ཞེས་འབྱུང་ན། ང་རྒྱལ་བཟུང་བ་སྔོན་དང༌། ལས་རྒྱལ་མཆོག་རྗེས་ལ་ཡོད་པའི་དོན་ ཙམ་ཡིན་ལ། ཆོ་ག་གཞན་གྱིས་བར་མ་ཆོད་པར་དགོས་པའི་དོན་མིན་ཅིང༌། ཡང་སྙིང་རྗེའི་ དབང་བསྐུར་ལམ་གྱི་ཡན་ལག་ཙམ་ཡིན་པས། མདོར་བསྡུས་པའི་ཚེ་མ་གྲུབ་ཀྱང་ཆོག་པའི་ སྐབས་ཡོད་པས་ན། དེའི་དམིགས་གསལ་སྐབས་དེར་མ་གསུངས་པ་ཡིན་ལ། འདིའི་གོང་དེ་ མ་ཐག་པར་རྣམ་པ་ལྔས་མངོན་པར་བྱང་ཆུབ་པའི་མཚན་ཉིད་ནི། ལྷ་རྣམས་ཀྱི་སྐུ་རྫོགས་པ་ སྟེ་བསྙེན་པའི་ཡན་ལག་དང་པོའོ། །འདིར་ལྷའི་ང་རྒྱལ་གྱི་སླད་དུ་ཞེས་གསུངས་པ་ཡིན་པས་ སྐུ་རྫོགས་མ་ཐག་ཏུ་ང་རྒྱལ་འཛིན་དགོས་པར་གྲུབ་ལ། དེ་དེ་ལས་ཆོ་གའི་དོན་ཚན་ཡང་ཐ་ དད་མིན་པས་བར་དུ་ཆོ་ག་གཞན་གྱིས་མཚམས་གཅོད་པ་མི་རིགས་པའི་ཕྱིར་དང༌། གོང་དུ་ ཡང་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་བསྒོམས་ཏེ། དེ་ནས་འགྲོ་ བ་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་ཅེས་སོགས་གསུངས་པས། དེའི་དོན་དཀྱིལ་ འཁོར་གྱི་ལྷ་ཚོགས་རྣམས་བསྐྱེད་ནས། ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་མོས་པས་བསྒོམས་ པའི་རྗེས་སུ་སྙིང་རྗེའི་དབང་བསྐུར་བྱེད་ཅེས་གསུངས་པས། སྙིང་རྗེའི་དབང་བསྐུར་ཆོས་ དབྱིངས་ཡེ་ཤེས་ཀྱི་མངོན་བྱང་ལ་མི་ཐེ་བ་དང༌། མངོན་བྱང་དེའི་རྗེས་སུ་དེ་མ་ཐག་སྙིང་རྗེའི་ དབང་དགོས་པར་གྲུབ་ལ། ཆོས་དབྱིངས་ཡེ་ཤེས་སུ་མོས་པ་བསྒོམ་པའི་ཚིག་ནི། ང་རྒྱལ་ བཟུང་བ་འདི་ཁོ་ན་ཉིད་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་རྒྱལ་མཆོག་གི་རྩ་བའི་ས་བཅད་ 3-1-252 གསུམ་པ་མཛད་པ་སྙིང་རྗེའི་དབང་བསྐུར་ནི། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དཔག་ ཏུ་མེད་པ་དག་གིས། ཞེས་པ་ནས། ཞིང་དུ་གཤེགས་སུ་གསོལ། ཞེས་པའི་བར་ཏེ། དངོས་ བསྟན་ནི་གོ་བླ། དེ་བཞིན་གཤེགས་པ་ཡུམ་བཅས་རང་གི་སྙིང་གར་བཅུག་ཅེས་པ་ལ། ཁ་ ཅིག་སྔར་བསྒོམས་པའི་དཀྱིལ་འཁོར་མཐའ་དག་འཇུག་པར་འདོད་པ་ནི། རྣམ་གཞག་མི་ ལེགས་པས་སྤྱིར་ནི་རང་ལུགས་ལ་མི་འདོད་ལ། ཁ་ཅིག་དེ་ལ་གླུས་བསྐུལ་མཁན་མེད་པའི་ སྐྱོན་ཡོད་གསུང་མོད་ཀྱང༌། སྐྱོན་དེ་ནི་མི་འཇུག་སྟེ་གླུས་བསྐུལ་མཁན་གྱི་ལྷ་མོ་བཞི་ནི། བདེ་ གཤེགས་འཕར་མའི་ཟུར་ན་ཡོད་པ་དེ་རྣམས་མ་ཡིན་པའི་ཕྱིར་རོ། །དབང་བསྐུར་བའི་སྐྱེ་བོ་ སེམས་ཅན་རེ་རེ་བཞིན་[ལྷ་དུ་མར་བསྐྱེད་]པ་ནི། འགྲོ་བ་རེ་རེ་སངས་རྒྱས་པ་ན་དེའི་རྒྱུད་ ཁོ་ན་ལ་བལྟོས་པའི་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐའ་ཡས་པ་འབྱུང་བ་མཚོན་ལ། སོ་ གཉིས་སུ་བྱེད་པ་ནི་མཚན་སོ་གཉིས་མཚོན་པའི་དོན་ནོ། །ཐུན་མོང་གི་ས་བོན་ཀྵ་ཡིག་གིས་ བྱེད་པ་ནི། ཁ་ཅིག་ཀ་དང་ཥ་དབྱངས་གསལ་གྱི་ཐོག་མཐའ་ཡིན་པས། སེམས་ཅན་གང་ཅི་ ཡང་རུང་བའི་མིང་གི་ཡི་གེ་དང་པོ་རྣམས་དེར་འདུས་པ་ལ་དགོངས་པ་ཡིན་ཟེར་བ་ནི། རིག་ གྲས་ཙམ་དུ་སྣང་ལ། རང་ལུགས་ཀུན་ཁྱབ་ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པ་ལས་བྱུང་བ་ མཚོན་པའོ། ། གཞོན་ནུ་དཔལ་བ་ནི། དཀྱིལ་འཁོར་རྒྱལ་མཆོག་སྐབས་ཀྱི་དཀྱིལ་འཁོར་སྤྲོ་བ་ཐམས་ ཅད་ཕྱིའི་དཀྱིལ་འཁོར་ལ་མ་ཡིན། མཁའ་ནང་གི་གཞལ་ཡས་ཁང་གི་ནང་དུ་སྤྲོ་བ་ཡིན་ཅིང༌། སྙིང་རྗེའི་དབང་བསྐུར་གྱི་སྐབས་འདིར་ཡང་དེའི་དཀྱིལ་འཁོར་དེའི་ནང་དུ་སེམས་ཅན་ ཐམས་ཅད་འཇུག་པར་འདོད་ཅིང༌། གཞན་སྔ་རབས་པ་མང་པོ་ཞིག་ཀྱང་སེམས་ཅན་རྣམས་ ཞལ་གྱི་སྒོར་བཅུག་སྟེ། ནང་ཆོག་གི་སྒོ་ནས་ལྷ་སོ་གཉིས་སུ་བསྐྱེད་པར་འདོད་པ་རྣམས་ནི་ འཐད་པ་མ་ཡིན་ཏེ། དཀྱིལ་འཁོར་ལྷ་ཚོགས་སྤྲོ་བའི་དོན་མཁའ་ནང་དུ་གནས་པའི་གཞལ་ 3-1-253 ཡས་ཁང་གི་ནང་དུ་བསྐྱེད་པ་ལ་འཆད་པ་ཁྱེད་རང་གིས་སྨྲས་པ་འདི་མ་གཏོགས་རྒྱུད་སྡེ་གང་ ལའང་རུང་རྒྱ་བོད་ཀྱི་གཞུང་གང་ནའང་མེད་པའི་ཕྱིར་དང༌། རིག་པས་ཀྱང་མི་འཐད་དེ། གལ་ཏེ་ཐ་སྙད་གསར་པ་དེ་ལྟར་འཇོག་ན་རྡོ་རྗེའི་བུ་གའི་ནང་ནས་ལྷར་གྱུར་པ་ཞིག་སྤྲོས་ ནས། མཁའ་ནང་གི་གཞལ་ཡས་ཁང་གི་ནང་དུ་བཅུག་པ་ཞིག་འདོད་ལ་རག་ན། རྡོ་རྗེ་ནས་ ཐིག་ལེ་ཁོ་ན་སྤྲོས་ཏེ། མཁའ་ནང་གི་གཞལ་ཡས་ཁང་དུ་ལྷར་གྱུར་པ་ལ་ཐིག་ལེ་སྤྲོས་པ་ཞེས་ བྱ་ཡི་ལྷ་སྤྲོས་པའི་ཐ་སྙད་མི་འཇུག་གོ །དེ་ལ་འདོད་ལན་འདེབས་ན་སྤྲོས་པར་ནི་མི་འགྱུར་ ཏེ། སྤྲོས་པ་ནི་ནང་ནས་ཕྱི་རོལ་ཏུ་ཡིན་ན། གཞལ་ཡས་ཁང་གི་ནང་དུ་ཞུགས་པ་ནི་བསྡུས་ པར་སོང་གི་སྤྲོས་པར་མི་འགྲོའོ། །དེས་ན་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་སྙིང་རྗེའི་ དབང་བསྐུར་གྱི་རིགས་འགྲེར་རློམ་པར་འདུག་ཀྱང་དེ་དང་ཡང་མ་འབྱོར་ཞིང་མི་འགྲིག་ བཞིན་དུ་བསྒྲིགས་པའི་སྐྱོན་ཡོད་པས་མི་འཐད་ལ། མཚན་སོ་གཉིས་ཀྱི་ལྷ་རྣམས་ནང་ ཆོག་གིས་བསྐྱེད་པ་ཡང་འདིར་དངོས་ཤུགས་གང་ལ་ཡང་མེད་པའི་ཕྱིར་མི་འཐད་དོ། །ཁ་ ཅིག་སྙིང་རྗེའི་དབང་བསྐུར་འདི་ནི། བར་འདིར་ཆོ་ག་དེ་ལྟ་བུ་ཞིག་བཅུག་པ་ཡིན་གྱི། རྒྱལ་ མཆོག་གཉིས་པོ་གང་ཡང་མི་ཐེ་ཟེར་བ་ནི། དཀྱིལ་འཁོར་ཡོངས་རྫོགས་སྤྲུལ་པ་དེའི་འཕྲིན་ ལས་ཀྱི་མཛད་པ་ཡིན་པ་མ་གོ་ཞིང༌། སྔར་གཞན་གྱིས་མ་སྨྲས་པའི་གཏམ་གསར་པ་ཞིག་སྨྲ་ དགོས་བྱུང་ནས་གཟུ་ལུམ་དུ་སྨྲས་པ་ཡིན་ལ། དེ་ལྟ་ན་འོག་ཏུ་ཡེ་ཤེས་སྤྱན་འདྲེན་མན་ཆད་ ཀྱང་བར་སྐབས་དེར་བཅུག་པ་ཡིན་གྱི། ལས་རྒྱལ་མཆོག་མ་ཡིན་ཞེས་སྨྲ་དགོས་པར་འགྱུར་ རོ། །འོན་ཀྱང་འདི་མངོན་བྱང་ལྔའི་ཆོ་ག་དངོས་ལ་མི་གཏོགས་ཏེ། མངོན་བྱང་ལྔས་བསྐྱེད་ ཟིན་པའི་དཀྱིལ་འཁོར་གྱི་མཛད་པ་ཡིན་ནོ། །ཞེས་སྨྲས་ན་འཐད་པར་སྨྲས་པའོ།། །། གཉིས་པ་ནི། དཀྱིལ་འཁོར་རྒྱལ་མཆོག་གི་རིམ་པ། དེ་དག་གི་སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་མདོར་བསྡུས་པ་གསལ་པོ་བརྗོད་པར་བྱ་སྟེ། དེ་ལ་དབྱེ་ན་རྟེན་དཀྱིལ་འཁོར་ 3-1-254 གྱི་སྦྱོང་ཚུལ་དང༌། བརྟེན་པ་ལྷའི་དག་དབྱེ་གཉིས་ལས། དང་པོ་ལ། བར་དོ་སྦྱོང་བྱེད་རྩ་ བའི་ཡེ་ཤེས་དང༌། སྐྱེས་གནས་དག་བྱེད་གནས་ཀྱི་རིམ་པའོ། །དང་པོ་ནི། རྣམ་ཐར་བཞིའི་ སྔགས་བརྗོད་པའི་དུས་ན། སྟོང་པ་ཉིད་རྣམ་པ་ཐམས་ཅད་པའི་སྤྲོས་པ་དང་བྲལ་བའི་ངང་ ནས། སྟོང་གཟུགས་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པར་བསྒོམས་ཤིང་དམ་པའི་བདག་ལ་ ང་རྒྱལ་སྐྱེད་པ་ནི། ལུགས་འདི་ཉིད་ཀྱི་བར་དོ་སྦྱོང་བ་ཡིན་ཏེ། བར་དོའི་ལུས་དང་སྣང་བ་ རྣམས་ནི་རགས་པ་སྤངས་པའི་གསལ་སྣང་ཕྲ་བ་ཡིན་པ། དེ་སྟོང་གཟུགས་དང་མཚུངས་པའི་ སྒོ་ནས་ལམ་དུ་བྱེད་པའོ། །དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས། ཁམས་གསུམ་པོ་རྡུལ་ཕྲ་ རབ་ཀྱི་ཆོས་ཉིད་ལས་འདས་པའི་སྟོང་པ་ཉིད་རྣམ་པར་བསྒོམ་པར་བྱའོ། །ཞེས་རྡུལ་ཕྲ་རབ་ ལས་འདས་པར་གསུངས་ཤིང༌། དེ་འདྲའི་རིགས་ཀུན་ནི་རྒྱུད་དང་སེམས་འགྲེལ་ཀུན་གྱི་ སྟོད་སྨད་སྣ་ཚོགས་པ་ནས་སྟོང་གཟུགས་ལ་བཤད་པ་ཁོ་ན་ཡིན་པས་འགྱུར་རྙིང་མང་པོ་དང་ ཤོང་གིས་བསྒྱུར་བ་ལས་སྟོང་པ་ཉིད་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །ཞེས་འབྱུང་བ་གོ་ བདེ་བའི་ཕྱིར་ཤིན་ཏུ་ལེགས་ལ། ཁ་ཅིག་རཱུ་པ་གཟུགས་སུ་བསྒྱུར་བ་འགྱུར་ཉེས་པ་ཡིན་ཏེ། རང་བཞིན་ཞེས་པར་བསྒྱུར་ན་ལེགས་ཤིང༌། ཁམས་གསུམ་པོ་རྡུལ་ཕྲ་རབ་ལས་འདས་པའི་ དོན་ཁམས་གསུམ་པོ་གཅིག་དུ་བྲལ་གྱི་རིག་པས་རྣམ་པར་དཔྱད་ན་རྡུལ་དུའང་བདེན་པར་ མ་གྲུབ་ཅེས་པའི་དོན་དུ་འཆད་ཅིང༌། སྟོང་གཟུགས་དངོས་པོའི་དེ་ཁོ་ན་ཉིད་དུ་མི་རུང་ཞེས་ ཀྱང་སྨྲའོ། །འདིར་སྟོང་གཟུགས་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐར་ཐུག་ཡིན་ཅིང༌། དེ་མ་ཡིན་ནོ་སྙམ་པ་ནི། སྔོན་བསོད་ནམས་མ་བསགས་ཤིང་ཆོས་ཀྱི་འཕོངས་པའི་རྒྱུ་ཁོ་ན་ བྱས་པ་དུས་འདིར་ཡང་དག་པའི་ཆོས་ཉིད་ལ་སྐུར་བ་འདེབས་པའི་ལོག་ལྟ་མི་བཟད་པའི་ གདོན་གྱིས་ནོན་པ་ཙམ་ལས་ཡང་དག་པའི་རྒྱུ་མཚན་མེད་དེ། གཞན་དུ་རྒྱས་པར་བཤད་ ཟིན་ཏོ། །འདིར་ཕྲ་རབ་རྡུལ་ལས་འདས་པར་གསུངས་པ་རིག་ངོར་བདེན་མེད་ཙམ་གྱི་དོན་ 3-1-255 ཡིན་ན། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། པྲ་ཕབ་པ་ཡི་རང་བཞིན་ཅན། །ཞེས་སོགས་ཀྱང་ དེར་ཐལ་བ་ལས་དེ་ནི་ཁྱེད་རང་ཡང་མི་འདོད་དོ། །ཡང་ནམ་མཁའི་ཁམས་རྣམ་པ་ཐམས་ ཅད་པའི་གཟུགས་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ས་ལ་ཀུན་གཞི་རྣམ་པར་ཤེས་པ་ བཞག་པར་བྱའོ་ཞེས་གསུངས་པས། རྣམ་པ་ཐམས་ཅད་པའི་སྟོང་གཟུགས་དེ་སྟོང་གཟུགས་ མ་ཡིན་ན་གཞན་ཅི་ཞིག་ཡིན། ཁྱེད་ཀྱི་ལུགས་ལ་དེ་ཡང་རང་བཞིན་ཞེས་བསྒྱུར་དགོས་ མོད་ཀྱི། དེས་ཕན་མེད་དེ་རྣམ་པ་ཐམས་ཅད་པའི་རང་བཞིན་ཡིན་ན། སྟོང་གཟུགས་ཡིན་ པར་གྲུབ་ཅིང༌། ཁྱེད་འདོད་པའི་རྣམ་མེད་དང་འགལ་བའི་ཕྱིར་རོ། །ཡང་དེ་ན་རེ་ལུགས་ འདི་ལ་བར་དོར་སངས་རྒྱ་བ་མེད་པས་བར་དོ་སྦྱོང་བྱེད་མི་དགོས་སོ་ཞེས་ཟེར་རོ། །དེ་ནི་ འགྲེལ་ཆེན་གྱི་མངོན་བྱང་ལྔའི་ཐད་ནས། ཁུ་བའི་དབུས་སུ་ཀུན་གཞི་རྣམ་པར་ཤེས་པ་དྲི་ ཟའི་སེམས་ཅན་ནོ་ཞེས་དེའི་སྔ་རོལ་བར་དོ་སྦྱོང་བྱེད་དུ་དངོས་སུ་གསུངས་པ་དང་འགལ་ ཞིང༌། བར་དོར་སངས་རྒྱ་བ་མེད་པ་རྟགས་མ་གྲུབ་བོ། །ཆོས་འདི་ལ་བར་དོར་སངས་རྒྱ་བ་ ཡོད་དེ། བར་དོར་འཕགས་པའི་ས་ཐོབ་པ་ལ་དེར་འཇོག་པ་གང་ཞིག རྣལ་འབྱོར་པ་གསོན་ པོའི་དུས་འཛིན་པའི་ཕྱེད་ཕྱི་མ་ཐོབ་པ་དེ། འཆི་བའི་ཚེ་འཛིན་པའི་རིམ་པ་རྫོགས། བར་དོར་ རྗེས་དྲན་རྣམ་པ་ཀུན་ལྡན་གྱི་སྐུ་ཐོབ། དེར་ལམ་བསྒོམས་ན་ཏིང་ངེ་འཛིན་གྱི་ས་རྙེད་པས། ས་དེ་ཐོབ་ནས་འཁོར་བར་ཡང་སྲིད་མི་ལེན་པའི་ཕྱིར་རོ། །ཡང་ཚེ་འདིར་རྗེས་དྲན་གྱི་གནས་ སྐབས་དང་པོ་ཐོབ་པ་ནས། རྗེས་དྲན་ཆེན་པོ་ཐོག་མའི་གནས་སྐབས་ན་གནས་པའི་བར་གྱི་ གང་ཟག་དེ། གློ་བུར་དུ་ཤི་ན་འཆི་བས་རྗེས་དྲན་གྱི་ལམ་རྫོགས། བར་དོའི་དོད་ལ་ཏིང་ངེ་ འཛིན་གྱི་ས་རྣམས་འབྱུང་བའི་ཕྱིར་རོ། །འོ་ན་རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་ མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལ་སྟེ། གལ་ཏེ་ལམ་དུ་རབ་ཞུགས་ཤི་བར་གྱུར་ན་ དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་འབྱུང་བས་ཚེ་འདི་དང་སྐྱེ་བ་གཞན་གཉིས་ 3-1-256 ལ་སངས་རྒྱ་བ་ཁོ་ན་མ་གཏོགས་མ་གསུངས་པས་སོ་ཟེར་བ་ནི། གོ་ན་རུང་བའི་ས་ནས་མ་ གོ །མ་གོ་ན་རུང་བའི་ཕྱོགས་ནས་གོ་བ་སྟེ། བརྩོན་འགྲུས་བརྩམས་ཤིང་སྐལ་བ་དང་ལྡན་ ན། ཚེ་འདི་ལ་མཆོག་གི་དངོས་གྲུབ་ཐོབ། བརྩོན་འགྲུས་མེད་ཅིང་ལམ་གྱི་ཡེ་ཤེས་ཚེ་འདིར་ མ་ཐོབ་ཀྱང༌། ལམ་འདི་ལ་ཞུགས་ཤིང་དམ་ཚིག་མ་ཉམ་པ་རྣམས་རིང་མཐའ་སྐྱེ་བ་བདུན་ པ་ལ་བཞག་པའི་དེ་ཚུན་ཆད་དུ་དངོས་གྲུབ་མི་ཐོབ་པ་མི་སྲིད་ཅེས་པ་ཡིན་པས་སྐྱེ་བ་བདུན་ ཚུན་ཆད་ལ་ངེས་པར་གྲོལ་ཞེས་པའི་དོན་ཙམ་ཡིན་པས། དེའི་ནང་དུ་བར་དོ་ལན་མང་དུ་ འབྱུང་བའི་ཕྱིར་རོ། །ལམ་གྱི་ཐོག་མར་ཞུགས་ཀྱང་བརྩོན་འགྲུས་མེད་པས་ཚེ་འདིར་དངོས་ གྲུབ་མ་ཐོབ་ན། སྐྱེ་བ་གཞན་དུ་ཐོབ་པར་འགྱུར་ཞེས་གསུངས་པ་ཡིན་གྱི། ཁྱེད་རྣམས་འདོད་ པ་ལྟར་འཛིན་པ་ཐོབ་ཅིང་རྗེས་དྲན་མ་ཐོབ་པ་ཞིག་ཤི་ན་བར་དོར་དངོས་གྲུབ་མི་ཐོབ་པར་ སྐྱེ་བ་གཞན་དུ་འགྲོ་ཞེས་པའི་དོན་མ་ཡིན་ཏེ། ཚེ་འདིར་འཛིན་པ་ཐོབ་པ་དེ། རྫོགས་རིམ་གྱི་ ཡེ་ཤེས་ཁྱད་པར་ཅན་སྐྱེས་པ་ཡིན་པས་དང༌། དེ་ཐོབ་པ་ལ་བརྩོན་འགྲུས་རྩོམ་དགོས་པའི་ ཕྱིར། བརྩོན་འགྲུས་མ་བརྩམས་པ་དང་ཡེ་ཤེས་མ་ཐོབ་པར་འགལ་བའི་ཕྱིར། འཛིན་པ་ཐོབ་ ཀྱང་ཡེ་ཤེས་མ་སྐྱེས་ལ་བརྩོན་འགྲུས་མ་བརྩམས་པ་དེ་ཅི། ཁྱེད་ཀྱི་སློབ་མ་ལགས་སམ། ཡང་འདིར་འཛིན་པ་ཐོབ་པའི་རྣལ་འབྱོར་པ་དེ་ཚེ་འདི་ལ་དངོས་གྲུབ་ཐོབ་པར་མ་གྱུར་ཀྱང༌། རྐྱེན་འཛོམ་ན་བར་དོར་འཚང་རྒྱ་བར་རུང་བ་ཡིན་ཏེ། ཁྱོད་ཀྱིས་སྲོག་གཟུགས་གྲུབ་པའི་ ཕྱིར། རྗེས་དྲན་དང་པོ་ཐོབ་པའི་རྣལ་འབྱོར་པ་དེ་ཆོས་ཅན། ཁྱོད་ཚེ་འདིར་མ་གྲོལ་ན་བར་ དོར་གྲོལ་ངེས་ཡིན་ཏེ། སྲོག་གཟུགས་རྣམ་པ་ཀུན་ལྡན་གྱི་སྐུ་གྲུབ་པའི་ཕྱིར། ཡང་བར་དོ་ སྦྱོང་བྱེད་མི་དགོས་ཏེ། དེར་སངས་རྒྱ་བ་མེད་པའི་ཕྱིར་ཞེས་པའི་ཁྱབ་པ་འདི་ཡང་ཤིན་ཏུ་ རྩིང་བ་ཡིན་ཏེ། ཁྱེད་རང་ལྟར་ན། གསང་འདུས་ཀྱི་རྣལ་འབྱོར་པ་སྐལ་ལྡན་དབང་པོ་རབ་ གཡེངས་རྐྱེན་མེད་ལ་བརྩོན་འགྲུས་དང་ལྡན་པ་དེ་ཆོས་ཅན། ཁྱོད་ཀྱིས་བར་དོ་སྦྱོང་བྱེད་ 3-1-257 བསྒོམ་མི་དགོས་པར་ཐལ། ཁྱོད་བར་དོར་སངས་རྒྱ་བ་མེད་པའི་ཕྱིར་ཏེ། ཚེ་འདིར་སངས་རྒྱ་ ངེས་ཡིན་པའི་ཕྱིར་རོ། །ཞེས་གོ་བར་བྱ་སྟེ་དེས་ན་རང་གི་ཁས་བླངས་ཀྱི་འདོད་ཚུལ་གཅིག་ ཁོ་ནའི་རྒྱབ་སྐྱོར་བའི་ཕྱིར་དུ་རྡོ་རྗེ་ཐེག་པའི་ཟབ་དོན་གྱི་བསྟན་པ་དཀྲུག་པར་མི་བྱའོ།། །། གཉིས་པ་ནི། ཕྱི་རོལ་འཇིག་རྟེན་གྱི་ཁམས་སྟོང་པར་ཐིམ་པའི་ངང་ལས་ནམ་མཁའི་ ཁམས་མཐའ་མེད་པ་ཆོས་ཀྱི་འབྱུང་གནས་ཀྱི་རང་བཞིན་གྱི་ནང་དུ་གནས་པ་ཕྱི་རོལ་རྡོ་རྗེའི་ རང་བཞིན་རྩིབས་བཅུ་པ་ལྟེ་བ་ཟླུམ་པོའི་ནང་སྟོང་པ་དེ་ནི་སྦྱང་བྱ་ཤེས་རབ་སྟེ་མའི་ཆོས་ འབྱུང་སྐྱེ་གནས་གྲུ་གསུམ་སྦྱོང་བར་བྱེད་པ་ཡིན་ཏེ། སྐབས་འདིར་མའི་ལུས་དང་སྐྱེ་གནས་ ཞེས་གསུངས་པའི་མ་ནི། མངོན་བྱང་ལྔའི་ཉི་ཟླ་ཁུ་ཁྲག་ལ་སྦྱོར་བ་སོགས་དང་ཕྲུགས་གཅིག་ པའི་མ་ལ་དགོངས་པ་མ་ཡིན་ཏེ། འདི་ནི་དོན་ལ་མ་ནི་མཚོན་བྱེད་དེ། ཐོག་མའི་ཕྱི་མོ་དང་ཕ་ མེས་མ་མེས་མཐའ་མེད་པའི་བར་གྱི་ཕ་མ་གཉིས་ཀའི་ཕྱོགས་སྦྱོང་བྱེད་ལ་དགོངས་པའོ། དེར་རྣམ་བཅུ་དབང་ལྡན་ལས་འཇིག་རྟེན་གྱི་ཁམས་བསྐྱེད་པ་ལ། རླུང་ནི་མའི་དཔྲལ་བའི་ འཁོར་ལོ་མེ་མགྲིན་པ་ཆུ་སྙིང་ག་ས་ལྟེ་བ། རི་རབ་ལྟེ་བ་ནས་གསང་བའི་བར་གྱི་དབུ་མ། པདྨ་ནི་གསང་བའི་པདྨ། ཉི་ཟླ་སྒྲ་གཅན་ནི་གསང་བར་གནས་པའི་རྩ་གསུམ་སྟེ། བཤང་གཅི་ ཁུ་བའི་རྩ་གསུམ་རྣམ་པར་དག་པ་ནི་སྔ་མའི་རྗེས་སུ་བྱུང་བའི་ཕྱི་མོའོ། །འཇིག་རྟེན་གྱི་ ཁམས་ལན་གཅིག་ལས་མི་བསྐྱེད་པའི་ལུགས་ལ། དེ་རྗེས་མ་དངོས་དང་མཚུངས་པའི་ གཞལ་ཡས་ཁང་བསྐྱེད་ཚུལ་དགོས་ཀྱང༌། འདིར་ལན་གཉིས་བསྐྱེད་པ་གཙོ་ཆེ་བས་སྔ་མ་དེ་ གཅིག་ཏུ་འདུས་པ་རྣམ་བཅུ་དབང་ལྡན་གྱི་ཡི་གེར་གྱུར་པ་ནི། ལུས་དེ་ལྟ་བུ་དང་ལྡན་པའི་ འགྲོ་བ་རྣམས་ཤི་སྟེ། བར་དོའི་ལུས་ཁམས་ཕྲ་བ་ལ་གནས་པ་མཚོན། རྣམ་བཅུ་དབང་ལྡན་ དེ་ལས་སླར་ཡང་འཇིག་རྟེན་གྱི་ཁམས་བསྐྱེད་པ་ནི། བར་དོ་ཁམས་ཕྲ་བ་དེ་ལས་སླར་ཡང་ རགས་པའི་ལུས་བླངས་ཏེ། ལུས་དང་རྣམ་བཅུ་དབང་ལྡན་སྦྱོར་ལུགས་གོང་དང་འདྲ། དེར་ 3-1-258 སླར་ཡང་རྡོ་རྗེའི་གུར་རམ། དེའི་དོད་རྡོ་རྗེའི་ཁང་བརྩེགས་གྲུབ་པ་ནི། ཕའི་གསང་བའི་རྡོ་རྗེ་ རྣམ་པར་སྦྱོར་བ་སྟེ། འདི་ལ་རྡོ་རྗེའི་གུར་དང༌། འོག་ས་གཞི་རྒྱ་ཆེན་པོས་ཉི་ཟླ་སྒྲ་གཅན་ནོན་ ཏེ་མི་མཐོང་པར་སྒོམ་པའི་ལུགས་ལྟར་ན། ཤེས་རབ་ཀྱི་རྩ་གསུམ་གྱི་གནས་ཐབས་ཀྱི་བྱང་ ཆུབ་ཀྱི་སེམས་ཀྱིས་ཁྱབ་པ་མཚོན་ལ། ལྷུན་པོ་སྟེང་མཉམ་ལ་བྱང་ཆུབ་སེམས་ཀྱི་འོད་ཟེར་ གྱིས་ཤེས་རབ་ཀྱི་ལུས་ཀུན་ཏུ་ཁྱབ་པ་མཚོན་པའོ། །དེའི་དབུས་སུ་གཞལ་ཡས་ཁང་སྒོམ་པ་ ནི། སྒྲུབ་ལེའི་ཚིགས་བཅད་དགུ་པའི་འགྲེལ་པར་གསུངས་པ་ལྟར་ཏེ། ཕྱི་མས་དེ་དག་གི་ རྒྱུད་ལས་སྦྱང་བྱ་དངོས་ཀྱི་སྐྱེ་སྲིད་འཛིན་པའི་མའི་ལུས་བསྐྱེད་ཅིང་རྫོགས་པ་སྦྱོང་སྟེ། སྙིང་ གའི་འཁོར་ལོའི་ཕྱོགས་དབུས་ནས་སྟེང་འོག་ཏུ་སོར་དྲུག་ཙམ་གཞལ་བ་དང༌། དཔྱི་དང་ དཔུང་པའི་ཚིགས་ཚུན་ཆོད་ཐུགས་དཀྱིལ་དང༌། དེའི་ཕྱི་རོལ་མགྲིན་པ་མན། ལྟེ་བ་ཡན་ཆད་ གྲུ་མོ་དང་པུས་མོ་ཚུན་གསུང་དཀྱིལ་དང༌། དཔྲལ་བ། གསང་བ། འཁྲིག་མ། བོལ་གོང་ཚུན་ ཆོད་སྐུ་དཀྱིལ་གྱི་རྩིག་པའི་ནང་ཚུན་དང༌། རྐང་སོར་དང༌། ལག་སོར་གྱི་རྩེ་ཚུན་ཆོད་ནི་དུར་ ཁྲོད་འཁོར་ལོའི་བར་དང༌། གསང་བའི་པདྨ་ནི་གཙོ་བོའི་གདན་གྱི་པདྨ་དང༌། ཉི་ཟླ་སྒྲ་གཅན་ གསུམ་ནི་སྐྱེ་གནས་དབུས་སུ་བཤང་གཅི་ཁུ་བའི་རྩ་གསུམ་གནས་པ་དག་པའོ། །ཡང་ཟླ་ཉི་ སྒྲ་གཅན་དུས་མེ་བརྩེགས་པའི་ལུགས་ལ་བདུད་དང་ཉོན་མོངས་པ་གཉིས་ཀྱང་བསྣན་ཏེ། རྩ་དྲུག་གི་དག་པ་དང་སྦྱོར་ན་འགྲིག་ཏུ་རུང་ཡང་རེ་ཤིག་དེ་མི་ལེན་ནོ། །འགྲེལ་པར། གསང་ བའི་པདྨ་ནི་བཅོམ་ལྡན་འདས་ཀྱི་པདྨ་བཞིན་ནོ། །ཞེས་ལྷུན་པོའི་སྟེང་གི་པདྨའི་སྐབས་སུ་ བཤད་པ་ནི། ལྷུན་པོའི་སྟེང་གི་པདྨ་དང༌། གཙོ་བོའི་གདན་གྱི་པདྨ་གཉིས་ཀར་མའི་གསང་ བའི་པདྨ་མཚོན་པའི་དོན་ལ་འདྲ་བར་སྟོན་པ་སྟེ། དེའི་ཤུགས་ལ་རྩིབས་བཅུ་འབྱུང་བཞི་ལྷུན་ པོར་བཅས་པ་རྣམས་དང༌། གཞལ་མེད་ཁང་ཡང་མའི་ལུས་རྩ་འཁོར་དང་བཅས་པ་མཚོན་ བྱེད་དུ་འདྲ་བར་ཤུགས་ལ་འཕངས་སོ། །སྤྱིར་རྒྱུད་གཞན་གྱི་ལུགས་བསྐྱེད་རིམ་པའི་སྒྲུབ་ 3-1-259 ཐབས་རྒྱ་གར་བས་སྦྱར་བ་རྣམས་ལ་སྦྱང་བྱ་ཕལ་ཆེར་ནང་ལ་སྦྱར་བ་ཡིན་ཅིང༌། ཕྱི་འཇིག་ རྟེན་ཁམས་ལ་སྦྱར་བའི་ཆ་ཤས་ཅུང་ཟད་རེ་ཙམ་མ་གཏོགས་མེད་དོ། །རྒྱུད་འདིའི་ལུགས་ལ་ ཡང་སྦྱང་བྱའི་གཙོ་བོ་ནང་གི་ཆོས་རྣམས་ཡིན་པས་གཞི་ལམ་སྦྱོར་ཚུལ་ནང་ལ་སྦྱོར་བ་མང་ ཡང༌། ཕྱི་དང་སྦྱོར་ཚུལ་གཞན་རྣམས་ལས་རྒྱས་པ་ཞིག་གོ །ཁྱད་པར་དུའང་ཆོས་འབྱུང་དང་ གཞལ་ཡས་ཁང་གི་བར་འདི་སྦྱང་བྱ་ཕྱི་ནང་གཉིས་ལས་ཕྱི་གཙོ་ཆེ་བ་སྟེ། སྣོད་ཀྱི་འཇིག་ རྟེན་སྦྱོང་བྱེད་གཞལ་ཡས་ཁང་དང༌། བཅུད་ཀྱི་སེམས་ཅན་སྦྱོང་བྱེད་ལྷའི་ཚོགས་སུ་འཇོག་ པའི་དབང་གིས་སོ། །དེ་ལ་ཕྱི་རོལ་དང་སྦྱོར་ཚུལ་ལ་རྩིབས་བཅུ་དང་བཅས་པའི་ཆོས་འབྱུང་ ནི་ཕྱོགས་བཅུས་བསྡུས་པའི་ནམ་མཁའི་ཁམས་ཡིན་ལ། ནམ་མཁའ་སྟོང་པའི་རྡུལ་དང་ བཅས་པ་དེ་ནི་དངོས་པོ་གཞན་གྱིས་གཞིག་ཏུ་མེད་པའི་ཕྱིར། རྩིབས་བཅུ་པ་རྡོ་རྗེའི་རང་ བཞིན་དུ་སྒོམ་པ་དང་རྣམ་པ་མཐུན། འདིའི་ནམ་མཁའི་ཁམས་ནི་ཐེག་པ་འོག་མ་པ་རྣམས་ འདུས་མ་བྱས་གསུམ་གྱི་ཐ་སྙད་འཇོག་པའི་ནང་ཚན་ནམ་མཁའ་དངོས་མེད་དེ་ལྟ་བུ་མ་ཡིན་ ཏེ། དེ་ནི་སྒྲ་རྟོག་གིས་བཏགས་པའི་བཏགས་ཆ་ཙམ་ལས་གཞན་དུ་མེད་ཅིང༌། དངོས་མེད་ ལ་དངོས་པོའི་བྱ་བྱེད་དངོས་སུ་འཇུག་པ་མི་སྲིད་པའི་ཕྱིར་དང༌། སྟོང་པའི་རྡུལ་དང་བཅས་ པའི་ནམ་མཁའ་འདི་ལ་ནི། འཇིག་རྟེན་གྱི་ཁམས་རྩོམ་པའི་བྱ་བྱེད་དངོས་སུ་རུང་བའི་ཕྱིར་ རོ། །དེས་ན་མངོན་པ་སོགས་སྡེ་སྣོད་འོག་མ་རྣམས་ལས་ནམ་མཁའ་མངོན་པར་སྐབས་ཡོད་ པ་ཞེས་པ་བུ་ག་ནམ་མཁའ་དང་རྒྱན་ནམ་མཁར་གྲགས་པ་སོགས་དང་འདི་གཅིག་སྟེ། གཞན་ཡང་སྐྱེས་བུ་ཁམས་དྲུག་འདུས་པ་ཞེས་མདོ་སྡེ་ཀུན་ནས་ཀྱང་གསུངས་ཏེ། དེས་ན་ ནམ་མཁའི་ཁམས་ནི་ནམ་མཁའ་འདི་ཡིན་གྱི་དངོས་མེད་མ་ཡིན་ནོ། །དེ་ལྟར་ན་རྡུལ་ཐམས་ ཅད་སིལ་བུར་གནས་པས་ཐོགས་པ་མེད་ཅིང་དབང་པོའི་སྤྱོད་ཡུལ་མ་ཡིན་པ་དེ་ནི་སྟོང་པའི་ རྡུལ་ཞེས་བྱ་སྟེ། སྒྲིབ་པའི་བྱ་བ་མི་བྱེད་པའི་སྒོ་ནས་ནམ་མཁའ་དང་མཚན་ཉིད་མཚུངས་ 3-1-260 པའི་ཕྱིར་རོ། །སྟོང་པ་དེ་ལས་འོད་ཟེར་ནག་པོ་གཡོ་བ་ཕྲ་མོ་དང་བཅས་པའི་རླུང་བྱུང་སྟེ། དེ་ ནི་དང་པོའི་རླུང་ངམ་རླུང་གི་ཐོག་མ་ཡིན་ཏེ། དེ་ཡང་སྔར་རླུང་གི་རྡུལ་སིལ་བུ་འཐོར་ཐབས་ སུ་གནས་པ་རྣམས་ཕྱོགས་གཅིག་ཕྱོགས་གཅིག་ཏུ་འདུས་པ་ལས་རགས་པའི་རླུང་འབྱུང༌། དེ་ལས་རིམ་གྱིས་རླུང་གི་དཀྱིལ་འཁོར་འཆགས་ཏེ། དེ་ལ་ཐོག་མའི་རླུང་སྦྱོང་བ་ནི་ཡཾ་ཡིག་ དང༌། དེ་ནས་རླུང་གི་དཀྱིལ་འཁོར་ཡོངས་སུ་རྫོགས་ཀྱི་བར་དུ་སྦྱོང་བ་ནི། རླུང་དཀྱིལ་མཚན་ མ་དང་བཅས་པ་སྒོམ་པའོ། །དེ་བཞིན་དུ་ཕྱི་མ་རྣམས་ལའང་སྦྱར་ཏེ། རླུང་གི་སྟེང་དུ་དང་ པོའི་མེ་གློག་ལྟ་བུ་འབྱུང་བ་རཾ་ཡིག་དང༌། མེའི་དཀྱིལ་འཁོར་གྲུབ་པ་ཉིད་དེ་ལས་བྱུང་བའི་ མེ་དཀྱིལ་མཚན་མ་དང་བཅས་པས་སྦྱོང༌། དེའི་སྟེང་དུ་ཟིལ་ཆར་ཕྲ་མོ་འབབ་པ་དང་པོའི་ཆུ་ སྟེ་ཝཾ་ཡིག་དང༌། ཆུ་དཀྱིལ་ཉིད་མཚན་མ་དང་བཅས་པ་བསྒོམས་པས་ཆུ་དཀྱིལ་ཉིད་སྦྱོང༌། དེའི་སྟེང་དུ་འཇའ་ཚོན་ཤར་བ་དང་པོའི་ས་ནི་ལཾ་ཡིག་དང༌། ས་དཀྱིལ་མཚན་མ་དང་བཅས་ པས་ས་གཞི་ཉིད་སྦྱོང༌། དེའི་སྟེང་དུ་མཾ་ཡིག་ནི་ཁམས་ལྔའི་དྭངས་མ་འདུས་པ་དང་རི་རབ་ བསྒོམས་པས་རི་རབ་ཉིད་སྦྱོང༌། དེའི་སྟེང་དུ་ཀྵཾ་ལས་བྱུང་བའི་པདྨ་བསྒོམས་པས་ནི། རི་ རབ་ཀྱི་མགྲིན་པ་གདོང་གཙུག་ཏོར་རྣམས་སྦྱོང་ཞིང༌། རང་རང་གི་ས་བོན་ལས་ཟླ་ཉི་སྒྲ་ གཅན་གསུམ་བསྐྱེད་པས་ནི། འཇིག་རྟེན་གྱི་ཁམས་དེ་རྒྱན་པར་བྱེད་པའི་ཟླ་ཉི་སྒྲ་གཅན་ གསུམ་གྱིས་མཚོན་ནས་གཟའ་སྐར་གྱི་ཁྱིམ་དང་ཆ་དང༌། དུས་དྲུག་ལོ་ཟླ་ཞག་ཆུ་ཚོད་སོགས་ འཇིག་རྟེན་གྱི་ཁམས་དེ་རྣམས་ཀྱི་འཕེལ་འགྲིབ་ལ་སོགས་པའི་བྱ་བ་བྱེད་པ་ཐམས་ཅད་སྦྱོང་ བར་བྱེད་དེ། དེ་ཐམས་ཅད་ཉི་ཟླ་སྒྲ་གཅན་གསུམ་གྱི་ཆོས་སུ་འདུས་པའི་ཕྱིར་རོ། །འཇིག་ རྟེན་གྱི་ཁམས་བསྐྱེད་ཐེངས་གཅིག་ལས་མི་བྱེད་ན། རྡོ་རྗེའི་གུར་དང་གཞལ་ཡས་ཁང་ བསྒོམས་པས་ནི་ལས་རིགས་མཐུན་པས་བཅད་པའི་ས་མཚམས་ཀྱི་ཡུལ་འཛམ་གླིང་ཆུང་ངུ་ ལྟ་བུ་དང༌། སྒོས་སུ་རང་ཉིད་ཀྱི་དབང་པོ་ལྔའི་ཉེར་སྤྱོད་དུ་གྱུར་པའི་ཡུལ་རྣམས་སྦྱོང་ངོ༌། ། 3-1-261 འོན་ཀྱང་ལན་གཉིས་བསྐྱེད་པ་འདི་གཙོ་བོའི་དོན་ཡིན་པས་འཇིག་རྟེན་གྱི་ཁམས་སྔ་མ་དེ་ ཐམས་ཅད་ཚུར་འདུས་ཏེ། རང་རང་གི་ས་བོན་ལ་ཐིམ་པའི་ཚུལ་གྱི་རྣམ་བཅུ་དབང་ལྡན་ གཅིག་པུ་འདུས་པ་ནི། བསྐལ་པའི་རིམ་པས་འཇིག་རྟེན་གྱི་ཁམས་སྔ་མ་དེ་ཉིད་ཞིག་སྟེ། ནམ་མཁའི་དབུས་ན་ཁམས་ཕྲ་བའི་ཚུལ་གྱིས་གནས་པ་མཚོན་ཏེ། སྦྱང་བྱ་འཇིག་རྟེན་གྱི་ ཁམས་འཆགས་འཇིག་གི་རིམ་པ་མཐའ་ཡས་པ་རྣམས་འཆགས་འཇིག་གི་རྣམ་པར་མཚུངས་ ཤིང་གཅིག་པའི་ཕྱིར། སྦྱོང་བྱེད་འཆགས་འཇིག་གཅིག་གི་དམིགས་པས་སྦྱོང་ངོ༌། །ཡང་ འཇིག་རྟེན་གྱི་ཁམས་སྔ་མ་བཞིན་དུ་ཆགས་ནས་གནས་པར་སྒོམ་པ་ནི། སྔར་ཞིག་པ་ལས་ སླར་ཆགས་ཏེ་གནས་པ་མཚོན་ལ། རིམ་པ་ཐམས་ཅད་སྔ་མ་དང་འདྲ་སྟེ། སྦྱང་བྱ་བསྐལ་ པའི་རིམ་པ་མི་འདྲ་བའི་ཁྱད་པར་ཡིན་ཀྱང་རྣམ་པ་མི་འདྲ་བ་མ་ཡིན་པས་སོ། །དེ་རྗེས་ཉི་ཟླ་ སྒྲ་གཅན་གྱི་སྟེང་དུ་རྡོ་རྗེའི་ས་གཞི་གུར་གཞལ་ཡས་ཁང་སོགས་བསྐྱེད་པ་ནི། ལས་ཀྱི་ མཚམས་བཅད་པའི་ས་དང༌། ཉེར་སྤྱོད་དངོས་ཀྱི་ཡུལ་སྦྱོང་བ་གོང་དང་འདྲ། ཡང་པདྨ་ཉི་ཟླ་ སྒྲ་གཅན་རྣམས་གཙོ་བོའི་གདན་དུ་བྱེད་པ་ལྟར་ན། གཙོ་བོའི་གདན་གྱི་སྦྱང་བྱ་གཞལ་ཡས་ ཁང་གི་གསོས་སུ་བསྡུ་ལ། གཞལ་ཡས་ཁང་གི་རྟེན་འཇིག་རྟེན་གྱི་ཁམས་ལ་ཁམས་ལྔ་རི་ རབ་དང་བཅས་པ་ཁོ་ནའི་དག་པ་སྦྱར་བས་ཆོག་གོ །སྦྱོར་ཚུལ་འདི་གཞན་ལ་མ་ཡིན། ནང་ དཀྱིལ་འཇིག་རྟེན་ཁམས་མཉམ་ཁོ་ནའི་ཡིན་པས་སྐུ་དཀྱིལ་གྱི་ནང་ནས་བདེ་གཤེགས་ འཕར་མའི་བར་དུ་རླུང་ནས་རི་རབ་ཀྱི་བར་གྱི་འཇིག་རྟེན་གྱི་ཁམས་ཐ་མལ་གྱི་ངན་པ་ རྣམས་སྦྱངས་ནས། དག་པའི་འཇིག་རྟེན་གྱི་ཁམས་འོ་མའི་དབུས་ནས་མར་གསར་གྱི་གོང་ བུ་ཐོན་པ་བཞིན་དུ་གྲུབ་པ་དང༌། འོག་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཕལ་པ་དེ་ཡང་རྩིགས་ མ་རོ་ཐེད་ཀྱི་ཚུལ་དུ་བོར་བའི་དགོས་པ་ཡང་མ་དག་པའི་འགྲོ་བ་རྣམས་ཀྱི་གནས་ཀྱི་དོན་ཏེ། སེམས་ཅན་དེ་རྣམས་ཀྱི་དོན་སྤྱོད་པ་མཚོན་པའི་ཕྱིར། འཇིག་རྟེན་གྱི་ཁམས་དེ་ཡང་རེ་ཞིག་ 3-1-262 སྟོང་པར་མི་བསྡུའོ། །རི་རབ་ཀྱི་མགྲིན་པ་ཡན་ཆད་ནི་ཕྲ་བའི་ཕྱིར་དང༌། ཚོར་བ་སྡུག་བསྔལ་ མེད་པའི་ཕྱིར། ཞིང་ཁམས་མཆོག་དེའི་ནང་དུ་བསྡུས་ཤིང༌། དེ་མཚོན་བྱེད་གཙོ་བོ་ཉིད་ཀྱི་ གདན་དུ་མཛད་པའོ། །པདྨ་ཟླ་ཉི་སྒྲ་གཅན་ཚར་གཉིས་བྱེད་ན་སྔ་མའི་དག་པ་གོང་དང་འདྲ། ཕྱི་མ་ཡང་སྔ་མའི་དྭངས་མ་ཉིད་དེ་གོང་དུ་བཤད་པ་དང་འདྲའོ། །སྦྱོང་བྱེད་ཀྱི་ལམ་གོང་མ་ རྫོགས་པའི་རིམ་པའི་རྒྱུད་སྦྱང་པར་འགྲོ་ཚུལ་ནི། གོང་དུ་སྨོས་པ་ལྟར་སོ་སོར་སྡུད་པའི་ གནས་སྐབས་དང་པོ་སོང་ནས། ནང་གི་ནམ་མཁའ་ཞེས་བྱ་བ་སེམས་སྤྲོས་བྲལ་ལས་སྣང་ བརྙན་སྣ་ཚོགས་པ་འཆར་བ་ནི། བར་དོ་སྦྱོང་བྱེད་ཀྱི་སྟོང་ཉིད་སྒོམ་པ་དེས་རྒྱུད་སྦྱོང་བར་ བྱེད་ལ། ཆོས་འབྱུང་ནས་སྒྲ་གཅན་གྱི་བར་ལན་གཉིས་ནི་དུ་བ་ལ་སོགས་པའི་རྟགས་བཅུ་ལ་ ཐབས་དང་ཤེས་རབ་ཀྱི་དབྱེ་བས་གཉིས་མཚོན་ཅིང༌། རྡོ་རྗེའི་ས་གུར་གཞལ་ཡས་ཁང་ལྷའི་ གདན་དང་བཅས་པའི་བར་གྱིས་ནི། འོད་གསལ་སྣ་ཚོགས་པའི་གཟུགས་སྣོད་བཅུད་ཀྱི་སྣང་ བརྙན་སྣ་ཚོགས་སུ་འཆར་བ་དེ་མྱུར་དུ་རྒྱུད་ལ་སྐྱེ་བའི་རྟེན་འབྲེལ་འགྲིག་པར་བྱེད་དེ། འཇིག་རྟེན་གྱི་ཁམས་བསྐྱེད་ཐེངས་གཅིག་བྱེད་པའི་ཕྱོགས་ལ་ཐབས་ཤེས་ཀྱི་དབྱེ་བ་མི་བྱེད་ པར་རྟགས་བཅུ་ཙམ་མོ། །ད་ནི་སྦྱངས་འབྲས་དང་སྦྱར་བར་བྱ་སྟེ། དེ་ཡང་སྟོང་པའི་ངང་ལས་ འཇིག་རྟེན་གྱི་ཁམས་དང་པོར་བསྐྱེད་པ་ནི། དབྱིངས་ཆོས་ཉིད་དོན་དམ་པའི་ཡེ་ཤེས་རྡོ་རྗེ་ སྐུ་རྣམ་བཅུ་དབང་ལྡན་རྣམ་པ་ཐམས་ཅད་པ་དེ་ལ་རང་ངོས་ནས་ནམ་དུ་ཡང་གློ་བུར་དྲི་མ་ མེད་མོད་ཀྱི། དབྱིངས་དེ་ལ་ཕྱོགས་པའི་སེམས་ཅན་རྣམས་ཀྱི་རྒྱུད་གློ་བུར་གྱི་དྲི་མའི་འདམ་ རྫབ་ཏུ་བྱིང་བ་ཡིན་ཏེ། སེམས་ཅན་རྣམས་ཉིད་ཀྱི་རྒྱུད་དང༌། དབྱིངས་དེའི་སྦྱོར་བ་ལས་ལམ་ དུ་མ་བྱས་པའི་སྐབས་འཁྲུལ་བ་སྣ་ཚོགས་པ་འབྱུང་ངོ༌། །མཚུངས་པའི་རྒྱུ་འབྲས་རྒྱུད་རྒྱུའི་ དབང་དུ་བྱས་ཏེ། དོན་དམ་པའི་དབྱིངས་ལས་ཀུན་རྫོབ་པའི་འཇིག་རྟེན་གྱི་ཁམས་ཐམས་ ཅད་བྱུང་བའི་ཚུལ་དེ་ཉིད་མཚོན་པ་ཡིན་ལ། ཡང་འཇིག་རྟེན་གྱི་ཁམས་དེ་རྣམ་བཅུ་དབང་ 3-1-263 ལྡན་ལ་བསྡུས་པ་ནི། མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གདོད་མའི་དབྱིངས་སུ་ ཐིམ་པར་འགྱུར་བ་ལམ་དུ་བྱེད་པ་དང༌། སླར་ཡང་རྣམ་བཅུ་དབང་ལྡན་ལས་འཇིག་རྟེན་གྱི་ ཁམས་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པ་ནི། གདོད་མའི་དབྱིངས་དེ་ལས་རང་དང་ངོ་ བོ་གཅིག་པའི་དག་པའི་སྣང་བ་དོན་དམ་ཡེ་ཤེས་ཀྱི་རང་བཞིན་འཇིག་རྟེན་གྱི་ཁམས་རྣམ་པ་ ཐམས་ཅད་པ་སྤྲོ་བ་དེ་མཚོན་ཅིང་ལམ་དུ་བྱེད་པ་ཡིན་ནོ། །འདིར་སྤྲོ་བའི་དོན་ཡང་རྣལ་ འབྱོར་ཅན་གྱི་སྣང་ངོ་ལ་སྤྲོས་པ་ལྟར་སྣང་བའི་ཕྱིར། སྤྲོས་པའི་མིང་གིས་བཏགས་པ་ཡིན་ ལ། རིགས་པར་ན་གདོད་ནས་གྲུབ་པའི་དག་པ་རབ་འབྱམས་དེ་གློ་བུར་གྱི་དྲི་མ་བསལ་བ་ ན། གང་ཟག་དེ་དང་དེ་སངས་རྒྱས་ཐོབ་པ་དེའི་ངོས་ནས། སྔར་མེད་གསར་དུ་སྤྲོས་པ་ལྟར་ གྱུར་པ་ཡིན་གྱི། དངོས་སུ་སྤྲོས་པ་མིན་མོད། འོན་ཀྱང་སྤྲོས་པ་དང་འདྲ་བ་ལ་སྤྲོས་པའི་མིང་ གིས་བཏགས་པའོ། །ཡང་ཀུན་རྫོབ་ཀྱི་སྦྱངས་འབྲས་ལྟར་ན། འཇིག་རྟེན་གྱི་ཁམས་སྔ་མ་ བསྡུས་པ་ནི། གང་དུ་འཚང་རྒྱ་བར་ཚུལ་སྟོན་པའི་ཞིང་ཁམས་ཀྱི་སྐྱོན་རྣམས་སྦྱངས་པ་དང༌། ཕྱི་མ་གུར་ས་གཞི་གཞལ་ཡས་ཁང་དང་བཅས་པ་བསྐྱེད་པ་ནི། ཐུན་མོང་དང་ཁྱད་པར་གྱི་ ཞིང་མཆོག་ཕུན་སུམ་ཚོགས་པ་བསྒྲུབས་ཤིང༌། ཞིང་ཡོངས་སུ་དག་པ་མཚོན་པའི་སྒོ་ནས་ ལམ་དུ་བྱེད་དོ། །འཇིག་རྟེན་གྱི་ཁམས་ཆར་གཅིག་བསྐྱེད་པའི་ལུགས་འདི་ལྟ་བུ་ལ་སྟོང་པའི་ ངང་ལས་དག་པའི་འཇིག་རྟེན་གྱི་ཁམས་སྤྲོ་བ་ཁོ་ན་དང༌། གནས་སྐབས་ཀྱི་དག་འབྲས་ལ་ ཡང་ལེགས་པར་སྦྱངས་ཟིན་པའི་ཞིང་ཁམས་ཕུན་སུམ་ཚོགས་པ་ཙམ་ཞིག་མཚོན་ནོ།། །། གཉིས་པ་བརྟེན་པ་ལྷའི་དག་དབྱེ་བཤད་པ་ལ། འཁོར་བ་དག་ཚུལ། རྫོགས་རིམ་སྨིན་ ཚུལ། འབྲས་བུ་རྫོགས་ཚུལ་གསུམ་གྱི་དང་པོ་ལ། ཕྱི་ལ་སྦྱར་བ་དང༌། ནང་ལ་སྦྱར་བ་གཉིས་ སོ། །དང་པོ་ནི། སྤྱིར་བརྟེན་པ་ལྷ་རྣམས་ནང་སེམས་ཅན་ལ་སྦྱོར་དགོས་ན། ཕྱི་ལ་སྦྱར་རྒྱུ་མ་ ཡིན་ནོ་སྙམ་པའི་དོགས་པ་མི་བྱ་སྟེ། ནང་ལ་སྦྱར་བ་ཞེས་པའི་ནང་ནི། ནང་སྒྲུབ་པ་པོའི་རྡོ་ 3-1-264 རྗེའི་ལུས་ཁོ་ནའི་དོན་ཡིན་གྱི། ནང་བཅུད་ཀྱི་སེམས་ཅན་ཡིན་པ་ཙམ་ལ་མི་འཇོག་གོ ། དེས་ ན་ལུས་ཀྱི་ཆ་ཤས་སོ་སོར་ཕྱེ་ནས་དག་པ་སྦྱོར་བ་དང༌། རྩ་ཁམས་རླུང་སོགས་དང༌། རང་ཉིད་ སྐྱེ་བ་དང་འཆི་བ་སོགས་ཀྱི་དག་པ་སྦྱོར་བ་ནི་ནང་ཡིན་གྱི། རང་རྒྱུད་ལས་གཞན་པ་འཇིག་ རྟེན་ཁམས་ཀྱི་གནས་གཞན་འདི་ལྟ་བུ་ན་སེམས་ཅན་འདི་དག་གནས་སོ། །ཞེས་དག་པ་ སྦྱོར་བ་ནི་ཕྱིའི་དག་སྦྱོར་ཉིད་དུ་གཏོགས་སོ། །དེས་ན་གོང་གཞལ་ཡས་ཁང་ལ་འཇིག་རྟེན་ ཁམས་ཀྱི་དག་སྦྱོར་ཡོད་པས་འཇིག་རྟེན་ཁམས་ཀྱི་གནས་གཞན་དེ་དང་དེ་དག་ན་གནས་ པའི་འགྲོ་བ་རྣམས་མངོན་པར་དག་པ་དཀྱིལ་འཁོར་གྱི་གནས་དེ་དང་དེར་བཞུགས་པའི་ལྷ་ རྣམས་ཡིན་པར་བཤད་ཀྱང་རུང་ལ། གཞན་ཡང་འདི་དག་དང་ཅི་རིགས་པར་སྦྱར་རྒྱུ་མང་ དུ་ཡོད་མོད་ཀྱི། སྐབས་འདིར་རྣལ་འབྱོར་མ་སོ་བདུན་གྱི་སྐབས་སུ་གསུངས་པ་འདི་ཙམ་ འཚམ་པར་སྣང་སྟེ། ཇི་སྐད་དུ། དབང་ལེ་ལས། གཞི་ནི་སངས་རྒྱས་དབྱེ་བ་རྣམས་ཏེ་སླར་ ཡང་དུས་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་དབྱེ་བ་རྣམས། །ཁྲོ་བོ་རྣམས་ནི་ཕྱོགས་ཀྱི་རབ་ དབྱེ་ས་སྟེང་གནས་སུ་ཡི་དྭགས་དབྱེ་བ་རྣམས་ནི་དེ་བཞིན་བརྒྱད། ལྷ་མིན་དག་ཀྱང་བརྒྱད་ ཀྱི་དབྱེ་བ་གདེངས་ཅན་སྲིད་པར་གནས་རྣམས་རྣལ་འབྱོར་པ་ཡིས་རིག་པར་བྱ། །གཅིག་ པུ་གཅིག་ནི་སྣ་ཚོགས་གཙོ་བོ་སྲིད་གསུམ་གནས་སུ་དཔལ་ལྡན་རིགས་རྣམས་དག་གི་ཁྱབ་ བྱེད་དོ། །ས་འོག་རྣམས་སུ་གཏུམ་མོ་བརྒྱད་དེ་མི་ཡི་འཇིག་རྟེན་ཕྱོགས་བཅུའི་དཀྱིལ་འཁོར་ ལ་ནི་ཁྲོ་སྐྱེས་རྣམས། །ཡི་དྭགས་ཞེས་བྱ་ཡི་དྭགས་འཇིག་རྟེན་དུ་སྟེ་ལྷ་མཆོག་གནས་སུ་སྒྲ་ ཡི་རྡོ་རྗེ་ལ་སོགས་དྲུག །ཚངས་པའི་ཡུལ་སར་དཔལ་ལྡན་བཞི་སྟེ་རབ་མཆོག་ཞི་བའི་གྲོང་ དུ་ཁམས་གསུམ་དག་གི་ཡུམ་གཅིག་མ། །རབ་ཏུ་ཁྲོས་པའི་ཞལ་རྣམས་སྣ་ཚོགས་ཡང་དག་ སྡུད་བྱེད་དགྱེས་པ་རྣམས་ནི་སྐྱོད་པར་བྱེད་པ་ཉིད། །ཅེས་གསུངས་པ་ལྟར་ཏེ། དམངས་ རིགས་ལ་སོགས་པ་བཞི་སངས་རྒྱས་ཀྱི་དབྱེ་བ་དང༌། མཁར་བ་མཁན་མོ་ལ་སོགས་པ་དྲུག་ 3-1-265 བྱང་སེམས་དང༌། གཤན་པ་མ་སོགས་བརྒྱད་ཡི་དྭགས་དང༌། ལྕགས་མཁན་མ་སོགས་བཅུ་ ཁྲོ་མོ་དང༌། ཀླ་ཀློ་མ་སོགས་བརྒྱད་ལྷ་མིན་རབ་གཏུམ་མ་སྟེ་སོ་བདུན་པ་ནི་ཁྱབ་བྱེད་དོ། ། ས་འོག་གི་འཇིག་རྟེན་དུ་གཏུམ་མོ་བརྒྱད་བཞུགས་པས་ལྷ་མིན་ལྟོས་འགྲོ་དམྱལ་བ་རྣམས་ རྣམ་པར་དག་པ་རབ་གཏུམ་མ་སྟེ། དེའི་ཐབས་ཡིན་པའི་ཕྱིར་ཀླུ་རྣམས་ཀྱིས་ཀྱང་དག་པའོ། ། དེས་རིགས་བགྲེས་ཏེ་ལྷ་དེ་རྣམས་གང་དུ་བཞུགས་སའི་གནས་ཀྱི་ཚུལ་དུ་གསུངས་པས་ནི། གནས་དེ་ན་གནས་པའི་སེམས་ཅན་རྣམས་ལྷ་དེ་དག་གི་དག་པར་གོ་བར་བྱ་སྟེ། མི་རྣམས་ཁྲོ་ མོ་དང་སྦྱོར་བ་ལས་ཁྲོ་བོ་ཡང་ཤུགས་ལ་གོ་བ་དང༌། རི་རབ་ཀྱི་ངོས་ཡི་དྭགས་ཀྱི་འཇིག་རྟེན་ ལ་གནས་པ་རྣམས་ཙར་ཙི་ཀཱ་ལ་སོགས་པས་དག་པ་ཡིན་པའི་ཕྱིར་ལྷ་ཆེན་རྣམས་ཀྱང་ངོ༌། ། རི་རབ་ཀྱི་མགྲིན་པའི་ཕྱོགས་ལ་གནས་པའི་འདོད་ཁམས་ཀྱི་ལྷ་རྣམས་རྡོ་རྗེ་མ་དྲུག་གི་དག་ པ་སྟེ་ཤུགས་བསྟན་ལ་སེམས་དཔའ་དྲུག་ཀྱང་ངོ༌། །ཚངས་པའི་ཡུལ་ཏེ་གཟུགས་ཁམས་ན་ གནས་པའི་ཟད་པར་གྲུབ་པ་རྣམས་ཡུམ་བཞིས་དག་པ་བཞིན་དེ་བཞིན་གཤེགས་པ་རྣམས་ ཀྱང་ངོ༌། །གཟུགས་མེད་ཁམས་པ་སྟོང་པའི་ཟད་པར་གྲུབ་པ་རྣམས་རྣམ་པར་དག་པ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཅོམ་ལྡན་འདས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོ་ཡང་ངོ༌། ། ཕྱི་དང་སྦྱར་བ་ནི་རེ་ཞིག་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ།། །། གཉིས་པ་ནི། སྦྱང་བྱའི་སྐབས་ཀྱི་གཙོ་བོ་ནང་ལ་སྦྱར་བ་ཡིན་ཏེ། དེ་ཡང་མངོན་བྱང་ དང་པོའི་སྐབས་སུ་གཙོ་བོའི་གནས་ཀྱི་པདྨ་ཟླ་ཉི་སྒྲ་གཅན་དང་བཅས་པ་མའི་སྐྱེ་གནས་རྩ་ གསུམ་དང་བཅས་པ་མཚོན་པ་དེར་ཨཱ་ལི་སུམ་ཅུ་སོ་གཉིས་ནི། ལུས་སྐྱེད་པར་བྱེད་པའི་རྒྱུ་ ཕའི་ས་བོན་དེ་ཡང་ཡར་ངོ་དང་མར་ངོའི་ཐིག་ལེ་འཕོ་བ་བཅུ་དྲུག་ཕྲག་གཉིས་ཀྱི་ངོ་བོར་ གནས་ཤིང་དེའི་ཆ་ཤས་ཡོད་པ་མཚོན། དེ་ལས་བྱུང་བའི་ཟླ་བ་ནི་ཁམས་དཀར་པོ་ཉིད་དང༌། དེ་ཉིད་དབྱངས་སོ་གཉིས་ཀྱིས་མཚན་པ་ནི། མངལ་དུ་འཇུག་བཞིན་པའི་ཐིག་ལེ་དེ་ཡང་ 3-1-266 དགའ་བ་བཅུ་དྲུག་པོ་ལ་འཕེལ་འགྲིབ་ཀྱི་ཆ་གཉིས་གཉིས་དང་བཅས་པ་མཚོན་ནོ། །དེ་ལ་ རིང་པོ་དང་རྣམ་བཅད་དང་བཅས་པ་རྣམས་ཤེས་རབ་དང༌། ཐུང་ངུ་དང་ང་རོ་དང་བཅས་པ་ རྣམས་ཐབས་མཚོན་ནོ། །མངོན་བྱང་གཉིས་པའི་སྐབས་ཀྱི་རྒྱུ་གསལ་བྱེད་བརྒྱད་ཅུ་ནི། སྤྱིར་ ཁམས་དམར་ཆའི་དྭངས་མ་ལ་རྡུལ་ཞེས་མིང་འདོགས་པ་ལྟར། དོན་ལའང་དེ་ནི་རྡུལ་ཕྲན་ རྣམ་པ་དུ་མ་ཕྱེ་བའི་མཚན་ཉིད་དུ་གནས་པ་ཡིན་ལ། དཀར་པོ་ནི་ཞུ་ཞིང་འདྲེས་པའི་མཚན་ ཉིད་དོ། །དེས་ན་ཁམས་དམར་པོ་དེ་རྡུལ་གྱི་མཚན་ཉིད་ཅན་ཡིན་པ་ལས། དང་པོར་འབྱུང་ བ་དྲུག་གི་རྡུལ་ནི་སྡེ་བ་དྲུག་གིས་མཚོན། རེ་རེ་ཡང་ཁམས་ལྔ་ལྔ་དང་ནམ་ཡང་འབྲལ་བ་ མེད་པའི་ཕྱིར། སྡེ་པ་རེ་རེ་ལ་ཡང་ཡི་གེ་ལྔ་ལྔ་སྟེ་སུམ་ཅུའི་མཚོན་དོན་ཡིན་ལ། དེ་དག་ལས་ རྫས་ལོགས་སུ་མེད་ཀྱང་སྤྱི་ཁྱབ་ཏུ་མིག་དང་མིག་ཤེས་སོགས་ཡུལ་ཅན་བསྐྱེད་པའི་འབྱུང་ བ་ལྔ་དང༌། གཟུགས་དང་གཟུགས་ཅན་གྱི་རྟེན་སོགས་ཡུལ་བསྐྱེད་པའི་འབྱུང་བ་ལྔ་ནི། ལ་ སྡེ་གཉིས་ཀྱིས་མཚོན་ཏེ། དེ་ལྟར་ན་རྡུལ་གྱི་རིགས་མི་འདྲ་བ་བཞི་བཅུ་ལ་དེ་རེ་རེ་དང་ འབྲེལ་བའི་གསལ་སྟོང་གི་ཆ་རེ་རེ་ཡོད་པས་བརྒྱད་ཅུ་ཡིན་ལ། རྒྱུ་དེ་རྣམས་ལས་བྱུང་བའི་ རཀྟ་ནི་ཉི་མའི་དཀྱིལ་འཁོར་ཉིད་ཡིན། དེ་ལ་ཤེས་པ་གསལ་བ་དང༌། ལུས་ལ་བདེ་བའི་རྣམ་ པ་འབྱུང་རྡུལ་སྔ་མ་ལྟ་བུས་ཕྱེ་བ་ཡོད་པ་ནི། གསལ་བྱེད་ཀྱིས་མཚོན་པའོ། །གསུམ་པའི་ སྐབས་སུ། ཧཱུཾ་ཡིག་བར་དོའི་རྣམ་པར་ཤེས་པ་ཞེས་པ་ནི། སྔར་རྣམ་ཐར་བཞིའི་ང་རྒྱལ་གྱི་ སྐབས་དེར་སེམས་སྟོང་ཉིད་རྣམ་བཅས་བར་དོའི་སེམས་སུ་ལངས་པ་དེ་རྒྱུན་དེ་ཀ་ལ་གནས་ ཤིང༌། མའི་མངལ་ལ་ཁང་བཟང་གི་ཉམས་འབྱུང་བ་ལྟར་གཞལ་མེད་ཁང་གཙོ་བོའི་གདན་ དང་བཅས་པ་ལ་དམིགས་ཤིང་སྐབས་འདིར་ཧཱུྃ་གི་རྣམ་པར་གྱུར་པ་ནི། ཆགས་སྲེད་ཀྱི་ དབང་གིས་ཕ་མའི་རེག་སྦྱོར་གྱི་གནས་སུ་རྒྱུགས་པ་ན། སྐད་ཅིག་དང་པོར་ཕའི་ས་བོན་དང་ ཕྲད་པ་ཙམ་དུ་གནས་པ་དེ་སྤྱོད་པ་ཡིན་ཏེ། ཕྱི་རོལ་ཏུ་ཉི་མ་གཟས་འཛིན་པའི་ཚེ་ཡང་སྒྲ་ 3-1-267 གཅན་དེ་ཉི་མ་དངོས་ལ་དང་པོར་འཇུག་མི་ནུས་པར་ཟླ་བ་ལ་འཇུག་པའི་ཚུལ་གྱིས་ཉི་ཟླ་ གཉིས་ཀར་སྒྲིབ་པར་བྱེད་པ་ལྟར་བར་དོའི་རྣམ་ཤེས་སྒྲ་གཅན་གྱི་ཆོས་དེ་ཡང་མའི་རཀྟ་ཉི་ མའི་ཆོས་ལ་ཐོག་མ་ནས་འཇུག་མི་ནུས་པས། ཕའི་ས་བོན་ཟླ་བའི་ཆོས་ལ་ཐོག་མར་ཞུགས་ ནས་མཐར་དཀར་དམར་གཉིས་ཀ་དང་འདྲེས་པ་དེ་མཚོན་པར་བྱེད་དོ། །ཟླ་བ་སྟེང་དང་ཉི་ མ་འོག་ཏུ་བྱེད་པའི་རྒྱུ་མཚན་ནི། ཁ་ཅིག་དཀར་པོ་སྟེང་ནས་འབབ་ཅིང༌། དམར་པོ་གྱེན་དུ་ འཕེན་པས་ཡིན་ཡང་ཟེར་ལ། དམར་པོ་ནི་མེའི་ཁམས་ཏེ་འོག་ནས་སྟེང་དུ་འབར་བའི་ཚུལ་ ཅན་ཡིན། དཀར་པོ་ནི་ཆུ་སྟེ་སྟེང་དུ་གནས་ནས་ཆར་བཞིན་འོག་ཏུ་འབབ་པའི་མཚན་ཉིད་ ཅན་ཡིན་པའི་ཕྱིར་རོ། །ཞེས་ཀྱང་ངོ༌། ཁ་ཅིག་སྐབས་འདིར་དཀར་དམར་སེམས་གསུམ་རོ་ གཅིག་ཏུ་འདྲེས་ཟིན་པར་བྱེད་དགོས་པས་དྲི་ཟའི་སེམས་ཅན་ནོ་ཞེས་པ་སྔོན་གྱི་གནས་ སྐབས་ལ་དགོངས་པ་ཡིན་ཟེར་ཡང་མ་ཡིན་ཏེ། དཀར་དམར་སེམས་གསུམ་རོ་གཅིག་ཏུ་ འདྲེས་ཟིན་ན། སྲོག་གི་རླུང་དང་ཡང་མ་འདྲེས་པ་མི་སྲིད་ན། མངོན་བྱང་བཞི་པའི་སྐབས་སུ་ སྲོག་དང་འདྲེས་པ་ཡིན་པར་བཤད་པ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་དྲི་ཟའི་སེམས་ ཅན་ནོ་ཞེས་གསུངས་པ་དེ་ལ་འདིར་བར་དོ་སྦྱོང་བ་མེད་པས་དྲི་ཟའི་སེམས་ཅན་མ་ཡིན་ནོ་ ཞེས་ཁུངས་མེད་དུ་གཏོང་བ་མི་རིགས་པའི་ཕྱིར་རོ། །དེས་ན་ཕའི་ལུས་ལས་ཐིག་ལེ་འཕོ་ བའི་གནས་སྐབས་དང༌། མངལ་གནས་སུ་དཀར་དམར་ཁ་སྦྱོར་དུ་གྱུར་ནས་འདྲེ་བ་ལ་ མངོན་དུ་མ་ཕྱོགས་པའི་བར་དུ་བར་དོ་རྟིང་མ་རང་དེ་དཀར་ཆ་དང་འགྲོགས་ཀྱང་ཤི་བ་མིན་ ལ། དེ་ནས་དེ་མ་ཐག་བར་དོའི་ལུས་འགག་པ་དང་སྐྱེ་སྲིད་བཟུང་བ་དུས་མཉམ་ལྟ་བུར་ འབྱུང་ངོ༌། །བཞི་པའི་སྐབས་སུ་སྔར་དཀར་དམར་ཁ་སྦྱོར་ལ་སྲོག་རླུང་མེད་ཀྱང༌། འདིར་ དཀར་དམར་སེམས་གསུམ་རོ་གཅིག་ཏུ་འདྲེས་པ་ན། སྲོག་གི་རླུང་རྣམ་ཤེས་ཀྱི་རྟེན་དེ་ཡང་ དེ་ལ་ཁྱབ་པའི་ཚུལ་གྱིས་གནས་སོ། །དེ་མཚོན་བྱེད་ཉི་ཟླ་ཧཱུཾ་ཡིག་རྣམས་གཅིག་ཏུ་འདྲེས་ 3-1-268 པའི་གོང་བུ་ལ་རླུང་གི་ཁམས་མཚོན་བྱེད་ཧི་ཡིག་ནག་པོའོ། །ལྔ་པའི་སྐབས་ཀྱི་ཐོག་མ་ནི། དེའི་སྐད་ཅིག་གཉིས་པར་རྣམ་ཤེས་དཀར་དམར་དང་འདྲེས་པས་བདེ་བ་ཉམས་སུ་མྱོང་ཡང་ ཡིད་བྱེད་མེད་པར་བརྒྱལ་བ་ལྟར་གནས་ཤིང༌། ལུས་རགས་པ་འགྲུབ་པའི་རྒྱུ་ཚོགས་ཕུང་ ཁམས་སྐྱེ་མཆེད་དབང་ཡུལ་རྩ་ཐིག་རླུང་གསུམ་ཐམས་ཅད་ཀྱི་ས་བོན་ཡོད་དེ། ད་ལྟ་མངོན་ གྱུར་མེད་ཀྱང་ཕྲ་མོ་འདྲེས་པའི་ཚུལ་གྱི་གནས་པ་ནི་སྦྱང་བྱ་ཡིན་ལ། དེ་སྦྱོང་བྱེད་དཀར་ དམར་རླུང་སེམས་བཞི་པོ་འདྲེས་པའི་བརྒྱལ་ཐབས་སུ་གནས་པ་མཚོན་བྱེད་ཧཾ་ཡིག་གི་སྒྲ་ དང༌། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་ས་བོན་ཚང་བ་མཚོན་བྱེད་ཞལ་ཕྱག་ཐམས་ཅད་ ཡོངས་སུ་རྫོགས་པའོ། །དེ་ལྟར་མངོན་བྱང་དང་པོ་ནི། གཟུགས་ཕུང་ལུས་འགྲུབ་པའི་རྒྱུའི་ གཙོ་བོ་ཁམས་དཀར་པོ་ཡིན་པ་དང༌། གཉིས་པ་ནི། ཚོར་བ་བདེ་སྡུག་གསལ་པོར་སྐྱེ་བའི་རྒྱུ་ ཤ་ཁྲག་ལྤགས་པ་རྩ་རྒྱུས་རྣམས་ཡིན་ལ། དེ་དམར་པོ་ལས་བྱུང་བའི་ཕྱིར་རཀྟ་ནི་ཚོར་ཕུང་ སྐྱེད་པ་དང་། གསུམ་པ་ནི། སེམས་སྔ་མ་ལས་འཛིན་པའི་རྣམ་པར་རྟོག་པ་ཕྱི་མ་རྣམས་སྐྱེ་ ཞིང༌། རྟོག་པའི་གཙོ་བོ་འདུ་ཤེས་ཡིན་པས་འདུ་ཤེས་ཀྱི་ཕུང་པོ་སྐྱེད་པ་དང༌། བཞི་པ་ནི། དཀར་དམར་སེམས་གསུམ་གཅིག་ཏུ་འདྲེས་པ་ན་དེ་ལ་སྲོག་གི་རླུང་གིས་ཁྱབ་ཅིང༌། ལུས་ ངག་ཡིད་གསུམ་གྱི་འདུ་བྱེད་ལས་ཀྱི་བྱེད་པ་པོ་རླུང་ཡིན་པས་འདུ་བྱེད་ཀྱི་ཕུང་པོ་སྐྱེད་པའོ། ། ལྔ་པ་ནི་ཕུང་པོ་བཞི་ཀར་ཡང་རྣམ་ཤེས་ཀྱི་སྣང་བ་ཡང་ཡིན་འཁོར་ཡང་ཡིན་པས་ཕུང་པོ་ བཞི་ཀར་གཅིག་ཏུ་འདྲེས་པའི་མཚན་ཉིད་ཅན་དེ་ཡི་གེ་བཞི་གཅིག་ཏུ་འདྲེས་པའི་ཧཾ་ཡིག་ གིས་མཚོན་ཅིང༌། ཕུང་པོ་བཞི་ཀར་རྣམ་ཤེས་སུ་འདུ་ལ་བཞི་པོ་དེར་རྣམ་ཤེས་མི་འདུ་བས་ ཕུང་པོ་གཞན་རྣམས་ནི་ཡན་ལག་ལྟ་བུ་ཡིན་ལ། རྣམ་ཤེས་ནི་ལུས་ཡོངས་རྫོགས་ལྟ་བུ་ཡིན་ པའི་ཕྱིར་སྐུ་ཡོངས་རྫོགས་ཀྱིས་རྣམ་ཤེས་མཚོན་ནོ། །ཡང་ཕུང་པོ་གཞན་རྣམས་མི་གསལ་ ལ། རྣམ་ཤེས་ནི་ཡུལ་གྱི་རྣམ་པ་གསལ་བའི་ཕྱིར་སྔ་མ་རྣམས་གཟུགས་བརྙན་མི་གསལ་ 3-1-269 ཞིང༌། ཕྱི་མ་ཞལ་ཕྱག་གི་རྣམ་པ་གསལ་བ་ཡིན་ནོ། ཁ་ཅིག་སྐབས་འདིར་ཧི་ཡིག་སྲོག་རླུང་ མཚོན་བྱེད་ཡོད་པས་ཕ་རྒྱུད་དུ་ལྷ་སྐུའི་སྒྲུབ་གཞི་རླུང་དུ་བཤད་པ་དང་འདྲ་བས། དུས་འཁོར་ འདི་མ་རྒྱུད་ཁོ་ན་མིན། ཞེས་སོགས་དང༌། སྐུ་ཡོངས་རྫོགས་སྐུ་དང་ཧཾ་ཡིག་ཐུགས་ཡིན་པས་ མངོན་བྱང་གི་བསྐྱེད་འབྲས་ལ་སྐུ་ཐུགས་གཉིས་ཀར་མཚོན་བྱེད་ཡོད་ཟེར་བ་སོགས་ནི་ མགྲིན་པ་མ་འགགས་པ་རྒྱུ་མཚན་དུ་བྱས་པའོ། །དེ་ལ་མངོན་བྱང་དང་པོ་བཞི་ནི་མངལ་དང་ པོར་བཟུང་བའི་སྐབས་ཀྱི་བྱ་བ་རྫོགས་པའི་སྐད་ཅིག་མ་རེ་རེའི་མཚན་ཉིད་ཐ་དད་པ་དེ་དག་ སྦྱོང་བྱེད་ཡིན་ལ། དེ་ནས་གཟུང་ནས་ཟླ་བ་གཅིག་གི་བར་དུ་དཀར་དམར་གྱི་དབུས་སུ་ སེམས་བརྒྱལ་བར་གནས་པ་དེ་ནི་མངོན་བྱང་ལྔ་པའི་ནང་ནས་གཙོ་བོ་ཡབ་ཡུམ་བསྐྱེད་པས་ སྦྱོང་ངོ༌། །དེ་ནི་མངལ་དུ་ཟླ་བ་དང་པོ་མ་རིག་པའི་ཟླ་བ་ཞེས་བྱ་བ་སྟེ། ཤིན་ཏུ་རྨོངས་པའི་ ཚུལ་གྱིས་གནས་པའི་ཕྱིར་རོ། །དུས་སྦྱོར་བཅུ་གཉིས་ལས་ཆུ་སྲིན་གྱི་དུས་སྦྱོར་ཡིན་པས་ཆུ་ སྲིན་གྱི་ཟླ་བ་ཞེས་ཀྱང་བྱ་སྟེ། དེ་ལ་ཕྱི་རོལ་ཏུ་ཉི་མའི་རང་འགྲོས་ཀྱི་ཁྱིམ་བཅུ་གཉིས་ལ་སྤྱོད་ པའི་དབང་དུ་བྱས་ནས་ལོ་གཅིག་ལ་ཁྱིམ་བཅུ་གཉིས་རྫོགས་པ་དང༌། ཁྱིམ་གྱི་འཁོར་ལོ་ ནམ་མཁའ་ལ་འཁོར་བའི་དབང་དུ་བྱས་ནས་ཞག་གཅིག་ལ་དུས་སྦྱོར་བཅུ་གཉིས་སྦྱོར་བ་ ཡིན་ནའང༌། འདིར་སེམས་ཅན་སྐྱེ་བ་དང༌། ནང་གི་དབུགས་ལ་དུས་སྦྱོར་བཅུ་གཉིས་འབྱུང་ བ་སོགས་ནི་ཕྱི་རོལ་ཀྱི་དེ་དག་གི་དོད་ཡིན་ཀྱང༌། ཕྱི་ནང་གི་དུས་སྒྲིག་དགོས་པ་མ་ཡིན་གྱི། གང་མངལ་བཟུང་བའི་ཟླ་བ་དེ་ཉིད་ཕྱི་རོལ་ཀྱི་ཟླ་བ་དང་ཞག་དུས་གང་ལ་ཡང་མ་བལྟོས་ པར་མ་རིག་པ་ཆུ་སྲིན་གྱི་ཟླ་བར་འཇོག་ཅིང༌། དེ་ནས་ཟླ་བ་དྲུག་འདས་པའི་བདུན་པ་ནི། ཚོར་བ་ཀརྐ་ཊའི་ཟླ་བ་སྟེ་སྲོག་མངོན་གྱུར་རགས་པ་སྐྱེ་བའི་དུས་ཡིན་པར་བཤད་དོ། །དེ་ དག་སེམས་ཅན་སྐྱེ་བ་དེ་ཉིད་ལ་བལྟོས་པ་ཡིན་གྱི། ཕྱི་རོལ་ཀྱི་ཟླ་དུས་དང་ཞག་དུས་ལ་སྒྲིག་ རྒྱུ་མ་ཡིན་ནོ། །མངལ་དུ་ཟླ་བ་གཉིས་པ་ལ་སྲོག་གི་རླུང་ཕྲ་མོ་དང་དེའི་རྟེན་དུ་གྱུར་པའི་རྩ་ 3-1-270 བསྐྱེད་པ་ནི་ཧཾ་ཡིག་གིས་སྦྱོང་ངོ༌། །དེ་ནི་རྩ་རླུང་དེ་དག་ལ་བརྟེན་ནས་འདུ་བྱེད་སེམས་པའི་ རྣམ་རྟོག་ཕྲ་མོ་སྐྱེ་བའི་འགོ་བརྩམས་པ་ཡིན་པས་འདུ་བྱེད་ཀྱི་ཟླ་བ་ཞེས་བྱའོ། །དེ་ནས་ཟླ་བ་ གསུམ་པ་ལ་སྙིང་གའི་རྩ་བཅུ་སྐྱེ་བའི་འགོ་བརྩམས་ཤིང༌། རླུང་བཅུ་པོའི་ཆ་ཤས་ཕྲ་མོ་ཙམ་ སྐྱེས་པ་ནི། མངོན་སུམ་དུ་བཞུགས་པའི་ནུས་མ་བརྒྱད་དང་བག་ལ་ཞ་བ་གཉིས་ཏེ། ནུས་མ་ བཅུ་བསྒོམས་པས་སྦྱོང་ཞིང༌། དེའི་ཚེ་འཁོར་ལོ་བཞིའི་ལྟེ་བའི་རྩ་ཁམས་འབྱུང་བའི་སྒོ་དོད་ ཅིང༌། ལུས་ངག་ཡིད་དང་ཆགས་པའི་ནུས་པ་སྔར་བས་གསལ་དུ་སོང་བ་དེ་སྦྱོང་བྱེད་ནི་རྡོ་རྗེ་ བཞི་སྒོམ་པའོ། །ཟླ་བ་འདི་ལ་རླུང་བཅུའི་ནུས་པས་ལུས་དང་ཡིད་ཀྱི་རྣམ་ཤེས་གསལ་བར་ སྐྱེ་ཞིང༌། རྣམ་ཤེས་གཞན་རྣམས་འབྱུང་བའི་ནུས་པའང་སྟོབས་ཆེར་གྲུབ་པས་རྣམ་ཤེས་ཀྱི་ ཟླ་བ་ཞེས་བྱའོ། །དེ་ལྟར་ན་མངལ་དུ་ཟླ་བ་དགུ་ལ་ཟླ་བ་གསུམ་གསུམ་སྡེ་ཚན་དུ་བཅད་ ནས། སྡེ་ཚན་དང་པོ་ཟླ་བ་གསུམ་པོ་དེ་ནི་མངལ་གྱི་གནས་སྐབས་དང་པོ་ཞེས་བྱ་སྟེ། རྒྱལ་ མཆོག་དང་པོ་ཉིད་ལ་བལྟོས་པའི་ཡེ་ཤེས་རྡོ་རྗེའི་གནས་སྐབས་གཙོ་བོའི་གནས་ཀྱི་ལྷ་ རྣམས་ཀྱིས་དག་པར་བྱ་བའོ། །བར་སྐབས་དེར་ཕའི་ཁམས་ལས་བྱུང་བའི་འབྱུང་བ་ལྔས་ ཉེར་ལེན་བྱས་ནས་རུས་པ་རྐང་ཁུ་བ་སོགས་བསྐྱེད་ནས་ལྷན་ཅིག་བྱེད་པའི་ཚུལ་དུ་ཤ་ སོགས་འཕེལ་བའི་རྒྱུ་བྱེད་དོ། །མའི་རྡུལ་གྱི་འབྱུང་བ་ལྔས་ཉེར་ལེན་བྱས་ནས་ཤ་ཁྲག་ ལྤགས་པ་སྐྱེད་ཅིང༌། རུས་པ་སོགས་ལ་ལྷན་ཅིག་བྱེད་རྐྱེན་འཕེལ་བའི་རྒྱུ་བྱེད་དོ། །དེ་དག་ སྦྱོང་བར་བྱེད་པ་ནི་སངས་རྒྱས་བྱང་སེམས་རྣམས་ཡབ་ཡུམ་ཕན་ཚུན་གྱི་སྐུ་ལ་སྤྲོ་ཞིང་འཇུག་ ལ་ཞུ་བ་སོགས་ཡིན་ནོ། །དེ་ནས་ཟླ་བ་བཞི་པ་ལ་ཕུང་པོ་ལྔ་དང་འབྱུང་བ་ལྔ་རགས་པར་གྱུར་ ཞིང༌། དེ་དག་གི་རྩ་གསལ་བར་ཆགས་པ་ནི། དེ་བཞིན་གཤེགས་པ་ཡབ་ཡུམ་བསྒོམས་པས་ སྦྱོང་ཞིང༌། ལུས་ཟུངས་དྲུག་པོ་རྣམས་འབྱུང་བའི་རྩ་ཡང་དོད་པ་ནི། བུམ་པ་བཅུ་བསྒོམས་ པས་དག་པར་བྱེད། ཟླ་བ་དེའི་འཇུག་ཏུ་ལས་ཀྱི་དབང་པོ་ལྔའི་རྩ་དང༌། ཕྱི་དབྱིབས་ཀྱང་ 3-1-271 འབུར་པོ་ལྔ་ཅུང་ཟད་དོད་པར་འགྱུར་ཏེ། དེ་རྣམས་སྦྱོང་བྱེད་སྒོ་སྐྱོང་གི་ཁྲ་བོ་ལྔ་པོ་རྣམས་ བསྐྱེད་པའོ། །སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་སྐབས་འདིར་ཐུགས་དཀྱིལ་ལ་ཁྲོ་བོ་བཞི་ ལས་མ་བསྐྱེད་ན་ཡང་མཆོག་གི་དབང་པོའམ། གསང་བའི་དབང་པོ་སྤྱི་ཁྱབ་ཏུ་གཏོང་བ་ ཡིན་ནོ། །སྤྱིར་རྒྱུད་འདིར་ལས་དབང་དང་པོ་བཞི་ལ་རྣམ་གཞག་མི་འདྲ་བ་མེད། ཕྱི་མ་ གཉིས་ལ་ཁུ་བ་འདོར་བ་མཆོག་གི་དབང་པོ་ཡེ་ཤེས་ཀྱི་ཁམས་དྲི་ཆུ་འདོར་བ་གསང་བའི་ དབང་པོ་ནམ་མཁའི་ཁམས་སུ་བཞག་སྟེ་ལས་དབང་གཉིས་དང་བྱ་བ་གཉིས་སྦྱོང་བའི་ཕྱིར། ཐུགས་དཀྱིལ་ལམ་སྐུ་དཀྱིལ་ལ་ཁྲོ་བོ་དྲུག་དྲུག་བྱེད་པ་དང༌། ཁུ་བ་འདོར་བ་དང༌། དྲི་ཆུ་ འདོར་བ་གཅིག་ཏུ་བསྡོམས་ཏེ། དེ་འདྲའི་དབྱེ་བ་མི་བྱེད་པར་གཉིས་ཀ་ལ་གཉིས་ཀ་ཚང་ བར་བྱས་ནས་རྟེན་ཕོ་མོའི་དབྱེ་བས་རྟགས་ཀྱི་དབང་པོ་ནམ་མཁའ་ཁྲོ་བོ་དང༌། བྷ་གའི་ དབང་པོ་ཡེ་ཤེས་ཁྲོ་མོ་སྦྱོར་བའི་དབང་དུ་བྱས་ནས། ཐུགས་དཀྱིལ་ལམ་སྐུ་དཀྱིལ་ལ་ཁྲོ་བོ་ ལྔ་ལྔས་ཆོག་པའང་མཛད་དོ། །རྣམ་གཞག་ཕྱི་མ་འདི་ལ་ལས་དང་བྱ་བ་ནི། ཕན་ཚུན་ཡིན་གྱི་ ལོགས་སུ་མེད། བྷ་ག་ལས་ཀྱི་དབང་པོར་འཇོག་ན། བྱ་བ་ནི་རྟགས་ཡིན་ཏེ། རྟགས་ལ་བྱ་བ་ བྱས་པའི་ཕྱིར་རོ། །རྟགས་ཉིད་ལས་དབང་དུ་བཞག་ན། བྷ་ག་བྱ་བ་ཡིན་ཏེ། དེ་ལ་བྱ་བ་བྱེད་ པའི་ཕྱིར། དབང་པོ་གཉིས་དང་བྱ་བ་གཉིས་ཏེ། བཞི་ཚན་གྱི་རྣམ་གཞག་སྐབས་འདིར་མི་ དགོས་པས་ཁྲོ་བོ་ཡབ་ཡུམ་ཟུང་གཅིག་གིས་སྦྱོང་ཐུབ་པ་ཡིན་ནོ། ། འོ་ན་སྦྱང་བྱའི་(སྐབས་སུ་)རྟགས་དང་བྷ་ག་དུས་གཅིག་ཏུ་འབྱུང་བ་དཀོན་པས་མི་འགྲིག་ གོ་སྙམ་ན། དངོས་སུ་གང་རུང་རེ་ལས་མ་གྲུབ་ཀྱང༌། གཅིག་གྲུབ་ཙམ་ན་གཅིག་ཤོས་ལ་ཡང་ བྱ་བ་བྱེད་པའི་ནུས་པ་གྲུབ་པའི་ཕྱིར་སྦྱང་བྱ་དང་ཡང་ཤིན་ཏུ་འགྲིག་པ་ཡིན་ནོ། །དེ་ལྟར་ན་ ཟླ་བ་དེའི་ཐོག་བར་མཐའ་གསུམ་ལ་ཕུང་ཁམས་དང༌། ལུས་ཟུངས་དང༌། ལས་དབང་རྣམས་ བསྐྱེད་ཅིང༌། དེའི་ནང་གི་ཕུང་པོ་ལྔ་ལས་གཟུགས་ཕུང་གཟུགས་དང་གཞན་བཞི་པོ་ལ་མིང་ 3-1-272 བཞིའི་ཕུང་པོ་ཞེས་ཀུན་ལ་གྲགས་པ་དང་མཐུན་ཞིང༌། ལུས་ཟུངས་དང་ལས་དབང་གཟུགས་ ཕུང་གི་བྱེ་བྲག་པ་ཡིན་པའི་ཕྱིར། ཟླ་བ་འདི་ལ་མིང་གཟུགས་ཀྱི་ཟླ་བ་ཞེས་བྱའོ། །གཞན་ ལས་མངལ་བཟུང་མ་ཐག་ཏུ་མིང་གཟུགས་སུ་བཤད་པ་ནི། མིང་གཟུགས་ཡོད་པ་ཙམ་ལ་ དགོངས་ཤིང༌། འདིར་ནི་མིང་གཟུགས་ཁྱད་པར་ཅན་ལ་སྤྱོད་པའི་སྐབས་ལ་དགོངས་པ་ཡིན་ མོད། སྤྱིར་ནི་མངོན་པ་སོགས་ཀྱི་ཚེ་གསུམ་ཚེ་གཉིས་སོགས་ལ་སྦྱོར་བའི་རྟེན་འབྲེལ་དང༌། འདིར་མངལ་ཟླ་ལ་སྦྱོར་བ་འདི་རྣམས་རྣམ་གཞག་ཡེ་མི་འདྲ་བས་འགལ་སྤོང་མི་དགོས་སོ། ། ཟླ་བ་ལྔ་པ་ལ་མིག་སོགས་སྐྱེ་མཆེད་དྲུག་པོ་གསལ་བར་དོད་པ་ནི། བྱང་ཆུབ་སེམས་དཔའ་ དྲུག་གིས་སྦྱོང་སྟེ། དེ་རྣམས་ལ་འཁྱུད་པའི་རྡོ་རྗེ་མ་དྲུག་པོས་ཀྱང་དབང་པོ་དྲུག་པོ་ལ་ཡུལ་ དྲུག་འཛིན་པའི་ནུས་པ་ཡོད་པ་སྦྱོང་ངོ༌། །དེས་ན་ཟླ་བ་འདི་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་གྱི་ དུས་སོ། །དེས་ན་ཉན་ཐོས་སྡེ་བ་འགའ་ཞིག་ཡིད་ཤེས་ཀྱི་བདག་རྐྱེན་སྙིང་ཡིན་པར་འདོད་ པ་དང་མཚུངས་པར་འདིར་ཡང་སྟེ། བདག་རྐྱེན་དངོས་མ་ཡིན་དུ་ཆུག་ཀྱང་རྟེན་ཡིན་པའི་ ཕྱིར། དེའི་དབང་པོའི་ཐ་སྙད་འདོགས་པ་མི་འགལ་བས། འདིར་ལུས་ཀྱི་ཆ་ནས་གྲུབ་རྒྱུའི་ དབང་པོ་དྲུག་པ་ནི། སྐབས་འདིར་སྙིང་དུ་ངོས་འཛིན་པར་བྱའོ། །དེ་ནས་ཟླ་བ་དྲུག་པ་ལ་ ལུས་ཀྱི་ཚོགས་པ་ན་གནས་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཁམས་རྣམས་སྟོབས་རྒྱས་པ་ དང༌། དབང་པོས་ཡུལ་འཛིན་པའི་ནུས་པ་ལྷག་པར་རྒྱས་པ་དེ་བྱང་ཆུབ་སེམས་མ་དྲུག་གིས་ སྦྱོང་ལ། ཡུལ་རྣམས་ལ་དབང་པོ་རྣམས་སད་པར་བྱེད་པའི་ནུས་པ་ཡོད་པ་ནི་འདི་རྣམས་ལ་ འཁྱུད་པའི་སེམས་དཔའ་དྲུག་པོ་རྣམས་སོ། །སྔར་དབང་པོ་རྣམས་གྲུབ་ལ་འདིར་ཡུལ་ རྣམས་གྲུབ་པས་ཡུལ་དབང་ཕྲད་པའི་རེག་པའི་ནུས་པ་སྟོབས་སུ་གྱུར་པའི་ཕྱིར་ཟླ་བ་འདི་ རེག་པའི་ཡན་ལག་གི་གནས་སྐབས་སོ། །དེ་ལྟར་ན་དེ་རྣམས་ཀྱིས་ཐུགས་དཀྱིལ་གྱི་ནང་གི་ ལྷ་རྣམས་སྤྲོ་བ་རྫོགས་པ་ཡིན་ནོ། །དེས་ན་རེས་འགའ་ཐུགས་དཀྱིལ་ནི་སྙིང་གའི་འཁོར་ལོ་ 3-1-273 དག་བྱེད་ཙམ་དུ་སྦྱོར་ཞིང༌། ལྟེ་མགྲིན་ཕན་ཆད་གསུང་དང་སྐུའི་དཀྱིལ་འཁོར་ཁོ་ན་ལ་སྦྱོར་ བ་ལྟར་སྣང་བ་དང༌། ཡང་དཔྲལ་བའི་འཁོར་ལོ་གཤེགས་པ་ཡབ་ཡུམ་དང༌། མགྲིན་པའི་ འཁོར་ལོ་སེམས་དཔའ་ཡབ་ཡུམ་ལ་སྦྱོར་བ་ཡང་བཤད་པས། འདིར་ཕྲུགས་གཅིག་ལ་སྦྱོར་ རམ་མི་སྦྱོར་རམ་སྙམ་ན། དེ་གཉིས་མི་འགལ་བར་གཞི་གཅིག་གི་སྟེང་དུ་སྦྱོར་བ་ཡིན་ཏེ། དང་པོ་ཟླ་བ་གསུམ་པ་ལ་སྙིང་གའི་རྩ་བཅུ་གྲུབ་པའི་དུས་ན། དེ་ལ་ཤུན་པ་ཆགས་པ་ལྟ་བུར་ གཙུག་ཏོར་གྱི་རྩ་བཞིའི་ཆ་ཤས་གྲུབ་ལ། ལུས་ངག་ཡིད་ཆགས་ཀྱི་ནུས་པ་རྒྱས་པའང་དེའི་ སྟོབས་ལས་ཡིན་པས་རྡོ་རྗེ་བཞི་དང་སྦྱོར། དེ་ནས་དེ་གཉིས་ཀྱི་བར་དུ་བར་ཤུན་སྐྱེས་པའི་ ཚུལ་དུ་དཔྲལ་བའི་འཁོར་ལོའི་རྩ་ཕྲ་མོ་ཆགས། འཁོར་ལོ་སྔ་མ་དང་དེའི་བར་དུ་བར་ཐག་ ཅུང་ཟད་བྱུང༌། རྩ་འཁོར་གསར་བ་དེ་ནི་ཕུང་ལྔ་འབྱུང་ལྔའི་སྟོབས་སྐྱེད་བྱེད་ཡིན་པས་ གཤེགས་པ་ཡབ་ཡུམ་དང་སྦྱོར་བ་ཡིན་ལ། དེའི་ཚེ་སྙིང་གའི་རྩ་བཅུའི་འོག་གི་ཆ་ལ་ཡང་ གསང་བའི་འཁོར་ལོའི་རྩ་ཕྲ་མོ་ཤུན་པའི་ཚུལ་དུ་འབྱར་བ་ཞིག་ཆགས་ཤིང༌། དེ་ལས་དབང་ གི་ནུས་པ་ཅན་ཡིན་པས་ཁྲོ་བོ་དང་སྦྱོར། རྩ་བཅུའི་བར་གྱི་ཆ་ལས་ལུས་ཟུངས་རྣམས་འབྱུང་ ངོ༌། །ཟླ་བ་ལྔ་པའི་སྐབས་སྔར་དཔྲལ་བ་དང་སྙིང་གའི་རྩ་འབྱར་བའི་བར་དེར་བར་ཤུན་གྱི་ ཚུལ་གྱི་མགྲིན་པའི་རྩ་ཕྲ་མོ་ཆགས་ལ། རྩ་འཁོར་སྔ་མ་གཉིས་ཀར་གྱེན་དུ་ཅུང་ཟད་འཕགས་ ཤིང༌། ཟླ་བ་དྲུག་པ་ལ་མགྲིན་པའི་རྩ་འཁོར་དེ་ཤིན་ཏུ་རྒྱས་པར་འགྱུར་ཏེ། ཟླ་བ་དེ་ཉིད་ལ་ མགྲིན་པའི་འཁོར་ལོ་གྲུབ་པ་སེམས་དཔའ་ཡབ་ཡུམ་གྱིས་སྦྱོང་བ་ཡིན་མོད་ཀྱང༌། རེ་ཞིག་ རྩ་འཁོར་དེ་དག་རང་རང་གི་གནས་སུ་མ་སླེབ་ཅིང༌། རང་རང་གི་བྱ་བ་ཇི་བཞིན་དུ་སྤྱོད་མི་ ནུས་པས་དེ་དང་དེའི་དག་སྦྱོར་གཙོ་བོར་མ་བྱས་ལ། ཟླ་བ་དྲུག་པའི་ནང་ཚུན་ཆད་དུ་སྙིང་ གའི་འཁོར་ལོའི་ནི་ནུས་པ་རྫོགས་པའི་ཕྱིར་དེ་ཡན་ཆད་སྙིང་ག་ལ་སྦྱར་བ་ཡིན་ནོ། །ཟླ་བ་ ལྔས་དྲུག་པ་དེ་དག་ལ་སྙིང་གའི་རྩ་འཁོར་ཀྱི་འོག་ཕྱོགས་སུ་སྔ་མ་གསང་འཁོར་ཆགས་པ་ 3-1-274 དང་གཉིས་པོའི་བར་ལ་བར་ཤུན་གྱི་ཚུལ་གྱིས་ལྟེ་བའི་འཁོར་ལོའི་རྩ་ཆགས་ཤིང་གཉིས་ ཀའང་བར་མཚམས་བྱེ་ནས་འོག་ཕྱོགས་སུ་ཅུང་ཟད་ཐག་རིང་བར་སོང་ཞིང༌། ཁྱད་པར་དུ་ ཡང་ལྟེ་བའི་རྩ་འཁོར་ནི་འདབ་མ་བཅུ་གཉིས་ཡིན་པར་མངོན་པ་དེ་ནི་གཟུངས་མ་རྣམས་ ཀྱིས་རྣམ་པར་དག་པར་ཤེས་པར་བྱའོ། །དེ་ལྟར་བཤད་པ་རྣམས་རྒྱུད་འགྲེལ་གྱི་དངོས་ བསྟན་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་དུ་བྱས་པ་ཡིན་ལ། ཐུགས་དཀྱིལ་ཁོ་ན་ལ་ སྦྱོར་ན། ཟླ་བ་དང་པོ་གསུམ་སྔར་དང་འདྲ་ལ། དེ་མན་ཆད་ཟླ་བའི་ངེས་བཟུང་མི་སྦྱོར་བར་ དེ་ནས་བརྩམས་ཏེ་ཇི་སྲིད་མངལ་དུ་གནས་པ་དེ་སྲིད་དུ་ཕུང་པོ་དང་ཁམས་དང་དབང་པོ་ ཡུལ་དང་བཅས་པ་དང༌། ལས་དབང་བྱ་བ་དང་བཅས་པ་རྣམས་གོང་འཕེལ་དུ་གྱུར་པ་ལ་སྤྱི་ ལྡོག་ནས་སྦྱར་བར་བྱ་བ་ཡིན་ཅིང༌། འདི་ལ་ནི་སེམས་དཔའ་ཡབ་ཡུམ་གྱི་སྔོན་དུ་ཁྲོ་བོ་ཡབ་ ཡུམ་འགོད་དགོས་པའི་ངེས་པའང་མེད་པས་ཇི་ལྟར་འོས་པ་སྦྱར་བར་བྱའོ། །མངལ་ཟླ་བཞི་ པ་དང་ལྔ་པ་དང་དྲུག་པའི་གནས་སྐབས་དེ་དག་ནི་མངལ་གྱི་གནས་སྐབས་གཉིས་པའམ་ བར་མ་ཞེས་བྱ་ཞིང༌། རྒྱལ་མཆོག་འདི་ལ་བལྟོས་པའི་ཐུགས་རྡོ་རྗེའི་གནས་སྐབས་སོ། །དེ་ ནས་མངལ་གྱི་གནས་སྐབས་གསུམ་པ་ཟླ་བ་བདུན་པ་ལ་ལྟེ་བའི་འཁོར་ལོ་རིམ་པ་གཉིས་ ནང་གི་རྩ་འདབ་བརྒྱད་དང་ཕྱིའི་དྲུག་ཅུ་རྩ་བཞི་གྲུབ་པ་དང༌། མགྲིན་པ་དང་ལྟེ་བའི་འཁོར་ ལོ་གཉིས་ཀར་རང་གནས་སུ་སླེབ་ཅིང་བྱ་བ་བྱེད་ནུས་སུ་གྱུར་ལ། དེ་གཉིས་ཁ་སྦྱོར་དུ་གྱུར་ པའི་ནུས་པས་སྲོག་གི་མིང་ཅན་རླུང་རྣམས་སྟོབས་རྒྱས་ཏེ། རླུང་རྣམས་ལྟེ་བ་ནས་སྐྱེ་ཞིང་ མགྲིན་པར་ཕྱིན་པ་ན། ངག་ཚིག་སྨྲ་བའི་ནུས་པ་གསལ་བར་བྱེད་དོ། །དེ་དག་ལས་ལྟེ་བའི་ ནང་སྐོར་གྱི་རྩ་བརྒྱད་ནི། རྣལ་འབྱོར་མ་བརྒྱད་དང༌། ཕྱི་སྐོར་འདབ་མ་དྲུག་ཅུ་རྩ་བཞི་ནི། འདབ་མ་ལ་གནས་པའི་རྣལ་འབྱོར་མ་དྲུག་ཅུ་རྩ་བཞིའོ། །ལྟེ་བ་དང་མགྲིན་པ་སྡེབ་པས་ངག་ གི་བརྗོད་པ་འབྱུང་བའི་ཕྱིར་གསུང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་སོ། །སྐབས་གཞན་གྱི་ 3-1-275 ཚིག་དང་བསྟུན་ནས་ཤུགས་ལ་འཕངས་པ་ནི། མགྲིན་པའི་ནང་སྐོར་གྱི་རྩ་འདབ་བརྒྱད་ཀྱང་ རྣལ་འབྱོར་མ་བརྒྱད་པོའི་ཡབ་བརྒྱད་ཀྱིས་རྣམ་པར་དག་པའོ། །དེའི་ཚེ་རྩ་དང་ངག་ཚིག་གི་ ནུས་པ་རྒྱས་པས་གནས་སྐབས་སྔ་མ་རྣམས་ལས་ཚོར་བ་ལྷག་པར་རགས་པར་གྱུར་པའི་ ཕྱིར། ཚོར་བའི་ཡན་ལག་གི་རྟེན་འབྲེལ་ཞེས་བྱའོ། །སྤྱིར་དཀྱིལ་འཁོར་རྒྱལ་མཆོག་སྐུ་རྡོ་ རྗེའི་རྣལ་འབྱོར་ཡིན་ཡང་དེའི་ནང་ཚན་ལ་བལྟོས་པའི་གསུང་དཀྱིལ་བསྐྱེད་པ་ནི་གསུང་རྡོ་ རྗེའི་གནས་སྐབས་སོ། །དེ་ནས་ཟླ་བ་བརྒྱད་པ་ལ་གསང་བའི་འཁོར་ལོ་དང་སྤྱི་བོའི་འཁོར་ ལོ་ཡང་རང་གནས་སུ་སླེབ་ཅིང་བྱ་བ་བྱེད་ནུས་སུ་གྱུར་པ་དང༌། མགྲིན་པ་ལས་གྱེས་ཏེ་དཔུང་ པ་གཉིས། གྲུ་མོ་གཉིས། འཁྲིག་མ་གཉིས་ཏེ་ལག་པའི་རྩ་འཁོར་དྲུག་དང༌། ལྟེ་བ་ལས་གྱེས་ ཏེ་དཔྱི་གཉིས། པུས་མོ་གཉིས། བོལ་གོང་གཉིས་ཏེ་རྐང་པ་ལ་གནས་པའི་རྩ་འཁོར་དྲུག མདོར་ན་ལས་ཀྱི་འཁོར་ལོ་བཅུ་གཉིས་པོ་གྲུབ་པར་གྱུར་ལ། དེའི་ཚེ་སྤྱི་བོའི་འཁོར་ལོ་གང་ ལ་འདོད་ཆགས་གཡོ་བའི་མཐུན་རྐྱེན་ཁམས་དཀར་པོའི་ཆ་རྒྱས་པ་ཡུལ་དང༌། གསང་བའི་ འཁོར་ལོ་ལས་གཉིས་སྦྱོར་གྱི་སྲེད་པ་དྲག་པོ་སྐྱེ་བ་ནི་ཡུལ་ཅན་ཏེ། སྲེད་པའི་རྒྱུ་གྲུབ་པ་ཉིད་ ཀྱི་ཕྱིར་གནས་སྐབས་འདི་ལ་སྲེད་པའི་རྟེན་འབྲེལ་ཞེས་བྱའོ། །གསང་བའི་འཁོར་ལོ་ནི། རྐང་པའི་འཁོར་ལོ་དྲུག་ལ་དབང་སྒྱུར་བ་དང༌། སྤྱི་བོའི་འཁོར་ལོ་ནི་ལག་པའི་འཁོར་ལོ་དྲུག་ ལ་དབང་སྒྱུར་བ་ཡིན་ཏེ། སྤྱི་བོའི་རྩ་འདབ་བཅུ་དྲུག་ནི་ཚེས་ཀྱི་སྤྱི་བོ་བཅུ་དྲུག་མཚོན་ལ། གསང་བའི་སོ་གཉིས་ནི་དེ་ལས་ཕྱེ་བའི་ཡར་ངོ་བཅུ་དྲུག་དང༌། མར་ངོ་བཅུ་དྲུག་སྟེ་སོ་གཉིས་ ཡིན་ཅིང་། བཅུ་དྲུག་པ་གཉིས་སྤྱི་ཁྱབ་ཏུ་བཏང་བའི་ལྷག་མ་སུམ་ཅུ་ལ་ཟླ་བ་བཅུ་གཉིས་ ཀྱིས་དབྱེ་བ་ཡིན་པའི་ཕྱིར་ལས་ཀྱི་འཁོར་ལོ་བཅུ་གཉིས་ཀྱི་རྩ་འདབ་སུམ་བརྒྱ་དྲུག་ཅུ་དང༌། ཚེས་ལྷ་སུམ་བརྒྱ་དྲུག་ཅུ་རྣམས་སྤྱི་བོ་གསང་བའི་འཁོར་ལོ་གཉིས་དང་ལྷག་པར་འབྲེལ་བ་ ཡིན་ནོ། །དེས་ན་ཁྱབ་བྱེད་སྤྱི་གསང་དང༌། ཁྱབ་བྱ་འཁོར་ལོ་བཅུ་གཉིས་རྣམས་ཚེས་ལྷ་སུམ་ 3-1-276 བརྒྱ་དྲུག་ཅུས་སྦྱོང་ཞིང༌། ཟླ་བ་དེའི་འཇུག་གི་ཆ་ལ་ལག་མཐིལ་གཉིས། རྐང་མཐིལ་གཉིས། བཤང་ལམ་གྱི་རྩ་རྣམས་གྲུབ་ཅིང༌། གཙུག་ཏོར་གྱི་འཁོར་ལོ་རང་གནས་སུ་སླེབ་པས་ཚངས་ བུག་ནི་རྩ་ཡང་གྲུབ་པ་ནི། སྐུའི་སྒོ་སྐྱོང་དྲུག་གིས་སྦྱོང་བར་བྱེད་དེ་འདི་ནི་སྔ་མའི་ཞོར་ལས་ བྱུང་བའོ། །དེ་ནས་ཟླ་བ་དགུ་པ་ལ་རྐང་པ་དང་ལག་པའི་སོར་མོ་རྣམས་གྲུབ་ཅིང༌། སྔར་ བརྒྱད་པའི་དུས་སུ་འགོ་ཙམ་བརྩམས་པའི་བྱ་བའི་འཁོར་ལོ་དྲུག་ཅུ་པོ་རྣམས་གྲུབ་པ་ནི། ཀླུ་ དང་རབ་གཏུམ་མ་རྣམས་ཀྱིས་སྦྱོང་བར་བྱེད་དེ། སོར་མོ་རེ་རེ་ལ་ཚིགས་ཀྱི་འཁོར་ལོ་གསུམ་ གསུམ་ཡོད་པས། ལྷ་རེ་རེ་བཞིན་རྩ་འཁོར་གསུམ་གསུམ་དང་སྦྱར་ནས། རྩ་འཁོར་དྲུག་ཅུ་ ཀླུ་བཅུ་དང་རབ་གཏུམ་མ་བཅུས་སྦྱོང་ངོ༌། །ཟླ་བ་དེའི་འཇུག་ལ་ལྤགས་པ་དང༌། སྐྲ་དང་བ་ སྤུ་རྣམས་འགྲུབ་པ་ནི། གྲུབ་པ་དང་འབྱུང་པོའི་ཚོགས་རྣམས་ཀྱིས་སྦྱོང་ངོ༌། །དེ་རྣམས་དཀྱིལ་ འཁོར་རྒྱལ་མཆོག་སྐུའི་རྡོ་རྗེའི་རྣལ་འབྱོར་གྱི་ནང་ནས་ཀྱང་སྐུ་རྡོ་རྗེའི་རིམ་པའོ། །འདི་ནི་ ཡན་ལག་བསྐྱོད་པའི་རྒྱུ་རྣམས་གྲུབ་པ་སྟེ་ལེན་པའི་རྟེན་འབྲེལ་ལོ། །དེ་ནས་ཟླ་བ་བཅུ་པའི་ ངོ་ལ་རླུང་རྣམས་སྣ་སྒོ་ནས་ཕྱིར་མི་འགྲོ་ཡང་ནང་དུ་རབ་ཏུ་གཡོ་བས་མངལ་ནས་ཕྱིར་འབྱུང་ བ་འདོད་པ་སེམས་ལ་འབྱུང་བ་ནི་འདོད་མ་རྣམས་ཀྱིས་སྦྱོང་ཞིང༌། མངལ་གྱི་གནས་ལ་ ཆགས་པ་དང་བྲལ་བ་ནི་ཕྱིར་འདོད་མ་རྣམས་ཀྱིས་སྦྱོང་སྟེ། གཟུངས་མ་རྣམས་ཀྱང་སྐབས་ འདིར་སྤྲོས་ན། སྙིང་གའི་རྩ་ལ་རླུང་དྲག་ཏུ་གཡོ་བ་དང་སྦྱོར་རོ། །མངལ་དུ་གནས་དུས་སྣ་ སྒོར་འབྱུང་འཇུག་མི་བྱེད་ཀྱང་རླུང་རྫོགས་ནས་བདེ་སྡུག་གི་ཚོར་བ་མཐའ་དག་རྟོགས་པ་ འབྱུང་ཞིང༌། རྨི་ལམ་བཞིན་དུ་སྣང་བ་དང་ཤེས་པ་རབ་ཏུ་གསལ་བས་མངོན་ཤེས་ཀྱང་འབྱུང་ བ་དེ་ནི་ང་རྒྱལ་བཟུང་བ་དང༌། སྙིང་རྗེའི་དབང་བསྐུར་གྱིས་སྦྱོང་ངོ༌། །དེ་ཡང་མྱོང་ཚོར་དང་ གསལ་སྣང་ནི་ང་རྒྱལ་བཟུང་བ་དང༌། མངོན་ཤེས་ནི་དབང་བསྐུར་དང་མཚུངས་ཤིང༌། སེམས་ཅན་རྣམས་མཚན་སོ་གཉིས་ཀྱི་དཀྱིལ་འཁོར་དུ་གྱུར་པ་ནི། སྐབས་དེར་མའི་ཟས་ཀྱི་ 3-1-277 བཅུད་ལ་སོགས་པའི་ནུས་པས་ཕུང་ཁམས་སོ་དྲུག་གི་ཆ་ཤིན་ཏུ་འཕེལ་ཞིང་སྨིན་པར་གྱུར་ པ་མཚོན་ནོ། །འདི་ནི་མངོན་པར་འདོད་པ་ཡིད་ཀྱི་ལས་དུ་མ་དང་བཅས་ཤིང་སེམས་པའི་ སྟོབས་ཆེ་བའི་ཕྱིར་ན། སྲིད་པའི་ཡན་ལག་གི་རྟེན་འབྲེལ་དུ་བཞག་གོ ། །། གཉིས་པ་རྫོགས་རིམ་གྱི་ལམ་ཇི་ལྟར་སྨིན་པར་བྱེད་པའི་ཚུལ་ནི། གཙོ་བོའི་གདན་པདྨ་ ཉི་ཟླ་སྒྲ་གཅན་ནི་རྟེན་གཞི་སོར་སྡུད་སྐབས་ཀྱི་ཕྱི་ནང་གི་ནམ་མཁའ་དང༌། རོ་རྐྱང་གི་རླུང་ དྷཱུ་ཏིར་འདྲེས་པ་ཙམ་ལམ་དུ་བྱེད་ལ། དེ་ནི་སོར་སྡུད་སྤྱི་ལའང་ཚང་མོད་ཀྱི་སྐབས་འདིར་ སོར་སྡུད་མཐར་ཕྱིན་ནས་བསམ་གཏན་ལ་བརྩོན་པར་བྱེད་པའི་གནས་སྐབས་ཏེ་རྗེས་ཟླ་ བ་ལས་བྱང་ཆུབ་པ་ནི་སོར་སྡུད་ཀྱི་སྐབས་སུ་མཐོང་བའི་ཐིག་ལེའི་དབུས་སུ། སླར་ཡང་ མཚན་རྟགས་བཞི་ཤར་ཞིང་འདྲེས་པ་དང༌། ཉི་མ་ལས་བྱང་ཆུབ་པ་ནི། དེའི་སྟེང་དུ་ཉིན་ རྟགས་དྲུག་ཤར་ཞིང་འདྲེས་པ་སྟེ། གཙོ་བོར་ཤེས་རབ་ཀྱི་ཡན་ལག་སྨིན་པར་བྱེད་པའི་ལམ་ དུ་འགྱུར་བ་དང༌། ས་བོན་ལས་བྱང་ཆུབ་པ་ནི། ཐིག་ལེ་ཆེན་པོའི་སྣང་བ་ལ་སེམས་གནས་ ཏེ། སྣང་སེམས་དེ་གཉིས་འདྲེར་རུང་བའི་མཚན་ཉིད་ཅན་རྟོག་པའི་ཡན་ལག་དང༌། ཐམས་ ཅད་གཅིག་ཏུ་གྱུར་པ་ལས་བྱང་ཆུབ་པ་ནི་སྟོང་གཟུགས་དང་སེམས་ཉིད་རོ་གཅིག་ཏུ་རྟོགས་ པ་དཔྱོད་པའི་ཡན་ལག་ཙམ་པོའོ། །ལྷ་ཚོགས་རྣམས་བསྐྱེད་པ་ནི། སྤྱིར་ཐིག་ལེ་ཆེན་པོའི་ དབུས་སུ་ལོངས་སྐུ་རྣམ་པ་ཀུན་ལྡན་རྗེས་མཐུན་པ་འགྲུབ་པ་སྨིན་བྱེད་ཡིན་ལ། དེ་དག་ཀྱང་ སོ་སོར་ཕྱེ་ན། སྤྱི་ལྡོག་ནས་སོར་བསམ་གཉིས་ཀར་དབུ་མ་གཙོ་བོར་གྱུར་པའི་རྩའི་ལམ་ སྦྱོང་བ་ཡིན་པ་ལས། སོར་སྡུད་ནས་དཔྱོད་པའི་ཡན་ལག་རྒྱུད་ལ་སྐྱེས་པའི་བར་དུ་རྩ་རྣམས་ སྤྱི་ལྡོག་ནས་སྦྱོང་ཞིང༌། སྦྱངས་པའི་མཐུ་ལས་ཐིག་ལེ་ཆེན་པོའི་བར་དུ་ངེས་པ་དང་མ་ངེས་ པའི་རྟགས་སྣ་ཚོགས་ཤར་བ་ཡིན་ལ། ལོངས་སྐུ་རྣམ་པ་ཐམས་ཅད་པའི་མིང་ཅན་རྗེས་དྲན་ ཡན་ཆད་དུ་འབྱུང་བར་འགྱུར་པའི་སྟོང་གཟུགས་ཀྱི་ལྷ་རྣམ་པ་ཐམས་ཅད་པ་དེ་དང་རྗེས་ 3-1-278 མཐུན་པ་ཙམ་ཞིག་སྐབས་འདིར་གྲུབ་པ་ནས་གཟུང་མཐའ་ཡས་པར་འཕེལ་བར་འགྱུར་ཏེ། དེ་ཡང་རྩ་ཤིན་ཏུ་སྦྱངས་པ་ལས་ལོངས་སྐུ་སྣང་ཞིང༌། ལོངས་སྐུའི་སྣང་བ་རེ་རེ་ལ་མཉམ་ པར་བཞག་པ་ནའང༌། སྔར་གྱི་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་རྩ་ལམ་འབྱོངས་ ཚུལ་ཡོང་ཞིང༌། རྩ་བའི་ཁྱད་པར་རེ་རེ་བྱང་བས་ཀྱང་ལོངས་སྐུ་རྣམ་པ་ཐམས་ཅད་པ་དེ་ཉིད་ གོང་ནས་གོང་དུ་འགྱུར་རོ། །ལོངས་སྐུ་ཁྱད་པར་དུ་གྱུར་པ་ན། སྒྲུབ་པ་པོ་རང་ཉིད་ཀྱི་རྟོགས་ པའི་ཚུལ་ཡང་གོང་ནས་གོང་དུ་ཁྱད་ཞུགས་པར་འགྱུར་རོ། །དེ་ལས་དང་པོར་ཡིད་བཟང་མ་ དང༌། དུང་ཅན་མའི་ལམ་བྱང་བ་ན་རྩ་ལམ་དེ་ལ་ཆེད་དུ་གཉེར་ནས་དྲངས་པ་དང་བཅུག་པ་ དང་བཅིངས་པ་མ་ཡིན་པར་རང་ཤུགས་ཀྱིས་རྩ་དེ་གཉིས་སུ་རླུང་བབས་པ་ལས་བྱུང་བའི་ ལོངས་སྐུ་ནི་གཙོ་བོ་ཡབ་ཡུམ་སྟེ། དཔྱོད་པའི་ཡན་ལག་ཁྱད་པར་ཅན་ནོ། །དེ་ནས་སྙིང་གའི་ རྩ་བཅུའི་ལམ་སྦྱངས་པ་ལས་རང་ཤུགས་ཀྱིས་རླུང་དབུ་མར་བབས་པའི་ལོངས་སྐུ་ནི། ནུས་ མ་བཅུ་དང༌། དེ་བཞིན་དུ་ཐམས་ཅད་ལ་སྦྱར་ཏེ། གཙུག་ཏོར་གྱི་རྩ་ལས་རྡོ་རྗེ་བཞི་དང༌། ཕུང་ ཁམས་ཀྱི་རྩ་ལས་སངས་རྒྱས་ཡབ་ཡུམ་དང༌། བདུད་རྩི་དྲུག་གི་རྩ་ལས་བུམ་པ་དང༌། དབང་ ཡུམ་གྱི་རྩ་ལས་སེམས་དཔའ་ཡབ་ཡུམ་དང༌། ལས་དབང་གི་རྩ་ལས་ཁྲོ་བོ་ཡབ་ཡུམ་སྟེ། དེ་ རྣམས་ནི་བསམ་གཏན་ཡན་ལག་ལྔ་ལས་དགའ་བའི་ཡན་ལག་ཐོབ་པའི་གནས་སྐབས་ཡིན་ ཅིང༌། ལྟེ་བ་དང་མགྲིན་པའི་རྩ་ལས་གསུང་འཁོར་གྱི་ལྷ་དང༌། སྤྱི་བོ་གསང་བ་ཚིགས་ཆེན་ གྱི་རྩ་རྣམས་ལས་ཚེས་ལྷ་རྣམས་དང༌། རྐང་ལག་གི་སོར་མོའི་ཚིགས་ཀྱི་རྩ་རྣམས་ལས་ཀླུ་ དང་བཅས་པའི་རབ་གཏུམ་མ་རྣམས་དང༌། དེ་ལྟར་བཤད་པའི་རྩ་རྣམས་དང༌། མ་ངེས་པའི་ རྩ་སྣ་ཚོགས་པའི་ལམ་སྦྱངས་ཤིང་མཉེན་ལྕུག་ཏུ་བྱས་པ་ལས་སོ་སོའི་རླུང་རྣམས་དབུ་མར་ རང་ཤུགས་ཀྱིས་བབས། དེ་ལས་བྱུང་བའི་ལོངས་སྐུ་རྣམ་པ་ཐམས་ཅད་པ་འབྱུང་བ་འགྱུར་ བ་ནི། སྐབས་འདིར་གྲུབ་པ་འབྱུང་པོ་འདོད་ཕྱིར་འདོད་ཀྱི་བར་བསྒོམས་པས་སྨིན་པར་བྱེད་ 3-1-279 དེ་གཡོ་མེད་བདེ་བའི་ཡན་ལག་ཡིན་ལ། བསམ་གཏན་མཐར་ཕྱིན་པ་ལས་ཤེས་པ་དང་ ཤེས་བྱ་རོ་གཅིག་གམ་རྩེ་གཅིག་ཏུ་གྱུར་པ་ནི་ང་རྒྱལ་བཟུང་བ་དང༌། བསམ་གཏན་གྱི་མངོན་ ཤེས་ལྔ་ཐོབ་པས་སེམས་ཅན་གྱི་དོན་སྤྱོད་པ་ནི་སྙིང་རྗེའི་དབང་བསྐུར་བས་སྨིན་པར་བྱེད་ དོ། །དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་འདིར་ཁ་ཅིག་གཙོ་བོའི་པདྨ་རྩ་འཁོར་དང༌། ཉི་ཟླ་ ཁམས་ཀྱི་འདུ་འཕྲོད་དང༌། ས་བོན་རླུང་ཐིམ་པ་དང༌། རྡོ་རྗེ་བདེ་སྟོང་གི་ཡེ་ཤེས་ལས་ལྷ་སྐུ་ བསྐྱེད་པ་སོགས་རྫོགས་རིམ་གྱི་རྒྱུད་སྨིན་པར་བྱེད་ཚུལ་མང་པོ་ཞིག་འཆད་ནའང༌། གཞན་ གྱི་རྒྱས་བཀབ་ཏུ་སྣང་ཞིང༌། ཕྲུགས་མི་གཅིག་པ་གཞན་དང་རྣམ་གྲངས་གཞན་གྱི་སྒོ་ནས་ འཆད་པ་ལ་ཁུངས་དང་ལྡན་ན་མཐའ་གཅིག་ཏུ་འགལ་བ་རང་མེད་ཀྱང་གཙོ་བོའི་དོན་གྱི་ དབང་དུ་བྱས་ན་རིགས་པས་ཀྱང་མི་འཐད་དེ། དཀྱིལ་འཁོར་རྒྱལ་མཆོག་དང་ཐོག་མར་དགེ་ བ་སྦྱོར་དགོས་ཀྱི། བར་དགེ་དང་སྦྱོར་བ་མི་ལེགས་པའི་ཕྱིར་རོ། །དེས་ན་དུས་འཁོར་གྱི་རང་ ལུགས་ཕྱོགས་ཙམ་ཡང་མ་མཐོང་བར་གཞན་གྱི་རིགས་འགྲེ་མང་དུ་སྨྲས་ཀྱང་གནད་དང་ བྲལ་བའོ།། །། གསུམ་པ་འབྲས་བུ་རྫོགས་ཚུལ་ནི། གཙོ་བོར་རང་སྣང་གི་དབང་དུ་བྱས་ན། ཡེ་ཤེས་ཀྱི་ རང་བཞིན་གཞལ་མེད་ཁང་པ་དང༌། མཆོད་པའི་བཀོད་པས་ཉེ་བར་བརྒྱན་པའི་ཞིང་ཁམས་ དོན་དམ་པ་དེར་ཟླ་བས་མཚོན་པ་མེ་ལོང་ཡེ་ཤེས་རྣམ་པར་སྣང་མཛད་དང༌། ཉི་མ་མཉམ་ ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན་དང༌། ཧཱུཾ་ཡིག་སོར་རྟོག་ཡེ་ཤེས་སྣང་བ་མཐའ་ཡས་དང༌། གཅིག་ཏུ་འདྲེས་པ་ཧི་ཡིག་དང་བཅས་པ་བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ་པ་དང༌། སྐུ་ཡོངས་ རྫོགས་ཧཾ་ཡིག་དང་བཅས་པ་ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་ཡེ་ཤེས་མི་བསྐྱོད་པ་སྟེ། ཡེ་ ཤེས་ལྔའི་རང་བཞིན་རིགས་ལྔའི་དཀྱིལ་འཁོར་མཐའ་ཡས་པའོ། །དཔལ་དུས་ཀྱི་འཁོར་ལོ་ ནི། ཡེ་ཤེས་ལྔ་གཅིག་ཏུ་འདུས་པ་མི་འགྱུར་བའི་བདེ་ཆེན་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ 3-1-280 དང༌། བཅོམ་ལྡན་འདས་མ་ནི་རིགས་ལྔའི་དཀྱིལ་འཁོར་དག་པ་གཅིག་ཏུ་འདུས་པ་རྣམ་པ་ ཀུན་ལྡན་གྱི་ཡེ་ཤེས་ཤེས་རབ་ལྷ་མོའི་དཀྱིལ་འཁོར་རབ་འབྱམས་ཏེ། གཙོ་བོའི་ཞལ་བཞི་ ནི། འགྱུར་མེད་བདེ་བའི་རང་བཞིན་གྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་དང༌། ཡུམ་གྱི་ ཞལ་བཞི་ནི། རྣམ་ཀུན་མཆོག་ལྡན་གྱི་རང་བཞིན་རྡོ་རྗེ་བཞིའོ། །སྟོང་ཉིད་སྙིང་རྗེའི་རང་ བཞིན་གྱི་སྙིང་སྟོབས་དང༌། གང་ལ་གང་འདུལ་གྱི་འཕྲིན་ལས་རྡུལ་དང༌། མ་དག་པའི་སྣང་ བ་འགོག་པའི་མུན་པ་སྟེ། ཡོན་ཏན་གསུམ་དག་པའི་མགྲིན་པ་གསུམ། འཁོར་བའི་ལུས་ ངག་ཡིད་གསུམ་སྤངས་པའི་ཡེ་ཤེས་ཐབས་དང་ཤེས་རབ་ཀྱིས་ཕྱེ་བས་ཕྲག་པ་དྲུག དོན་ དམ་པའི་ས་བཅུ་གཉིས་ཀྱི་དཔུང་པ་བཅུ་གཉིས་དོན་དམ་ཡེ་ཤེས་ཀྱི་རྟེན་འབྲེལ་བཅུ་གཉིས་ འབྱུང་ཟློག་གི་དབྱེ་བས་ཉི་ཤུ་རྩ་བཞི་ནི་ཕྱག་གོ །ཕྱག་མཚན་རྣམས་ཀྱང་དེའི་དག་པ་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སངས་རྒྱས་ཤིང༌། རོ་མཉམ་གཅིག་པུ་མཁའ་ཁྱབ་ཀྱི་ ཡེ་ཤེས་ནི་སྐུ་ལུས་དང༌། ཞབས་གཡས་པ་ཐབས་ལ་མཁས་པས་བདུད་བཞི་བཅོམ་ཞིང༌། གཡོན་པ་དེ་ཉིད་གཟིགས་པའི་མཁྱེན་པས་ཉོན་མོངས་བཞི་བཅོམ་པའོ། །ཕ་རོལ་ཏུ་ཕྱིན་ པ་བཅུ་ནི་ནུས་མ་བཅུ་སྟེ་རེ་རེ་བཞིན་ཕྱི་ནང་གི་དུས་སྦྱོར་བཅུ་གཉིས་འགགས་པས། ཞལ་ བཞི་ཕྱག་བརྒྱད་དེ་བསྡོམས་པས་བཅུ་གཉིས་དེ་ཐམས་ཅད་སྐུ་བཞིའི་ངོ་བོར་གྱུར་པས་དུང་ གཎྜེ་ནོར་བུ་དཔག་བསམ་ཤིང་ཕུང་ལྔ་ཁམས་ལྔ་དག་པའི་ཡེ་ཤེས་སངས་རྒྱས་ཡབ་ཡུམ་སྐྱེ་ མཆེད་བཅུ་གཉིས་དག་པའི་ཡེ་ཤེས་དོན་དམ་པ་བྱང་སེམས་ཡབ་ཡུམ། འདི་རྣམས་ཀྱང་ཡེ་ ཤེས་རྣམ་པ་ཐམས་ཅད་པའི་ཕུང་ཁམས་སྐྱེ་མཆེད་མཐའ་ཡས་པར་འཆར་བ་ཡིན་ལ། ཉོན་ མོངས་ཅན་རྣམས་འདུལ་བའི་འཕྲིན་ལས་ནི་ཁྲོ་བོ་རྣམས་ཏེ། གཞན་ཡང་དོན་དམ་སྲིད་ གསུམ་གྱི་རྣམ་པ་ཐམས་ཅད་པའི་མཐུ་ལས། ཀུན་རྫོབ་སྲིད་གསུམ་དབྱིངས་སུ་སྦྱོང་བའི་ འཕྲིན་ལས་ཀྱི་ནུས་པ་ནི། རྣལ་འབྱོར་མ་ནས་གྲུབ་འབྱུང་གི་བར་རོ། །ཡང་མདོར་བསྡུ་ན་ 3-1-281 ཡེ་ཤེས་འགྱུར་མེད་བདེ་ཆེན་དང༌། ཐུགས་ཡེ་ཤེས་ལྔ་ལས་སྐུ་དང་གསུང་དང་འཕྲིན་ལས་ སྣ་ཚོགས་པའི་རྣམ་པ་འཆར་བའོ། །ཞེས་བརྗོད་ཀྱང་དོན་ཚང་ངོ༌། །གདུལ་བྱ་གཞན་སྣང་ གི་མཛད་པ་དང་སྦྱར་ན། མངོན་བྱང་ལྔ་ལས་གཙོ་བོ་བསྐྱེད་པ་ནི། སྤྲུལ་སྐུ་ཡུམ་གྱི་ལྷུམས་ སུ་ཞུགས་ཤིང་སྐུ་བལྟམས་ཏེ་ནུས་མ་བཅུ་ཕར་ཕྱིན་བཅུའི་ཆོས་དང་དུང་སོགས་རྡོ་རྗེ་རྣམ་ བཞིའི་ལམ་སྟོན་པ་མཚོན་ལ། རྗེས་ཆགས་དཀྱིལ་འཁོར་སྤྲོ་བ་དང་བཅས་པ་ནི། ཐུགས་སྙིང་ རྗེ་ཆེན་པོས་སེམས་ཅན་ལ་ཆགས་པས་གང་ལ་གང་འདུལ་གྱི་སྐུ་སངས་རྒྱས་བྱང་སེམས་ སོགས་འཇིག་རྟེན་ལས་འདས་པ་དང༌། རྣལ་འབྱོར་མ་དང་ལྷ་སོགས་འཇིག་རྟེན་པ་སྲིད་ པ་གསུམ་ན་གནས་པ་ཀུན་ཏུ་སྤྲུལ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་སྤྱོད་པའོ། །ཡང་ ན་སངས་རྒྱས་གཞན་གྱི་རྗེས་ཆགས་ལས་མཆོག་གི་སྤྲུལ་སྐུ་ཐུན་མོང་མ་ཡིན་པ་ཁ་སྦྱོར་ གྱི་རྣམ་པར་སྤྲུལ་པ་ནི། མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ་དང༌། ཆགས་ཆེན་ གྱིས་འདུལ་བའི་གདུལ་བྱ་རྣམས་ཀྱི་ངོར་རྗེས་ཆགས་ཀྱི་སྤྱོད་པ་མཛད་ནས་དཀྱིལ་འཁོར་ སྤྲུལ་པ་ནི། དེ་ཉིད་དང་རྣམ་པ་མཐུན་པའི་དམིགས་པས་ལམ་དུ་བྱེད་པ་དང༌། ཆགས་ཆེན་ གྱི་ཆོས་བསྟན་པས་ཐམས་ཅད་དངོས་གྲུབ་མཆོག་ལ་འཇོག་པ་ནི། སྙིང་རྗེའི་དབང་བསྐུར་ གྱིས་ལམ་དུ་བྱེད་དོ། །དེ་ལྟར་ན་དཀྱིལ་འཁོར་རྒྱལ་མཆོག་འདི་ནི། བྱང་ཆུབ་རྣམ་པ་བཞི་ ལམ་དུ་བྱེད་པའི་ནང་ཚན་ནས་རྣམ་པ་ལྔས་མངོན་པར་བྱང་ཆུབ་པའི་ལམ་སྟེ། དེའི་རྣམ་པ་ ལྔ་ནི་ཡེ་ཤེས་ལྔ་ཡིན་པ་ལས། འདིར་མངོན་བྱང་ལྔ་ནི། ཡེ་ཤེས་ལྔ་ལམ་དུ་བྱེད་པ་ཡིན་པའི་ ཕྱིར་རོ། །རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་ནི་ཐུགས་ཆོས་སྐུའི་བྱང་ཆུབ་ཡིན་ལ། དཀྱིལ་ འཁོར་རྒྱལ་མཆོག་ནི། སྐུ་རྡོ་རྗེ་སྤྲུལ་སྐུའི་ལམ་ཡིན་ན། དེ་ལ་དེ་འབྱུང་བ་ཅི་སྙམ་ན། སྐུ་དང་ ཐུགས་གཉིས་ཕན་ཚུན་རྒྱས་བཏབ་ཅན་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་སྐུ་ཇི་སྙེད་སྣང་བ་ཐམས་ ཅད་ཐུགས་བདེ་ཆེན་ཉིད་ལས་ཐ་དད་དུ་གྲུབ་པ་ཅུང་ཟད་ཀྱང་མེད་པ་མཚོན་པའི་ཕྱིར་ 3-1-282 རོ། །གཞན་ཡང་ཉེ་རྒྱུར་གྱུར་པའི་རྫོགས་རིམ་མངོན་བྱང་གོང་འོག་གཉིས་ཀྱང་རྒྱུད་འདིར་ གསལ་བར་གསུངས་པའི་ཕྱིར། སྦྱངས་འབྲས་ཀྱི་མངོན་བྱང་ལྔ་ལ། ཉེ་རྒྱུ་དང་སྦྱོར་བ་སྤྱི་དང་ མཐུན་པར་བྱས་ཀྱང་རུང་བར་མངོན་མོད། རྒྱུད་འགྲེལ་ལས་གསལ་ཁ་མེད་ཅིང་གཞན་གྱིས་ བཤད་པའང་མེད་པའི་ཕྱིར་རེ་ཞིག་བཞག་གོ །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་ རིམ་རྣམ་པར་བཤད་པ་ལས། བརྟེན་པ་ལྷ་བསྐྱེད་པ་ལས་བརྩམས་ནས་དཀྱིལ་འཁོར་རྒྱལ་ མཆོག་བཤད་པའི་སྡེ་ཚན་ཏེ་དྲུག་པའོ།། །། གཉིས་པ་གསུང་རྫོགས་པ་ཉེར་སྒྲུབ་ཀྱི་ཡན་ལག་ལས་རྒྱལ་མཆོག་ནི། ཉེར་སྒྲུབ་ཀྱི་ངོ་ བོ་ལ་དཔྱད་པ། རྣམ་པ་ཉི་ཤུའི་བྱང་ཆུབ་ངོས་བཟུང་བ། ལས་རྒྱལ་མཆོག་གི་རིམ་པ་དངོས་ བཤད་པའོ། །དང་པོ་ནི། དེ་ལ་ཉེར་སྒྲུབ་ཅེས་པ་རྒྱུད་འདིར་བསྙེན་པའི་ཡན་ལག་གཉིས་ པ་ཞེས་ཀྱང་གསུངས་ཏེ་ཉེ་བསྙེན་དུ་ཡང་གྲགས་པའོ། །ཡང་ལེགས་སྦྱར་གྱི་སྐད་དུ་ཉེར་ སྒྱུར་ཨུ་པ་ནི། སྐབས་ཐོབ་ཀྱི་མཆོག་ལ་འཇུག་པ་དང༌། དམན་པ་ལ་འཇུག་པ་གཉིས་ཡོད་ ལ། ཨུ་པ་བོད་སྐད་དུ་བསྒྱུར་བ་ཉེ་བ་སྟེ། དེ་བསྙེན་པ་དང་འབྲེལ་བའི་ཚེ་ཉེ་བསྙེན་ཏེ། ལྷག་ པར་བསྙེན་པའི་དོན་དུ་འགྱུར་ལ། སྒྲུབ་པ་དང་སྦྲེལ་ན་ཉེར་སྒྲུབ་སྟེ། དམན་པའི་དོན་གྱིས་ སྒྲུབ་པ་ལས་ཆུང་བར་འཇོག་གོ །འདིར་བསྙེན་སྒྲུབ་ཡན་ལག་བཞི་ནི། ཏིང་ངེ་འཛིན་ཕྲུགས་ གཅིག་ལས་ཕྱེ་བའི་བསྙེན་སྒྲུབ་ཡན་ལག་བཞི་ཡིན་གྱི། བྱ་བ་ལས་ཀྱི་རིམ་པ་ལ་བལྟོས་པའི་ བསྙེན་སྒྲུབ་ཡན་ལག་བཞི་མ་ཡིན་པས། གང་ལ་བསྙེན་པར་བྱ་བའི་ཡུལ་ནི་བསྐྱེད་རིམ་གྱི་ ལྷ་སྐུ་གསལ་སྟོང་བདེ་བའི་ངོ་བོར་རྫོགས་པ་ལ། རྡོ་རྗེ་བཞིའི་ལམ་གྱི་མཚན་ཉིད་ཚང་བ་ ཞིག་དགོས་པ་ལས། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སྤྲོས་པས་ནི། དེ་ལ་ཉེ་བར་གྱུར་པས་ བསྙེན་པ་ཡིན་ཏེ། རྡོ་རྗེ་བཞིའི་མཚན་ཉིད་ཀྱི་ནང་ནས་གལ་ཆེ་ཤོས་སྐུ་རྡོ་རྗེའི་ལམ་གྱི་མཚན་ ཉིད་ཚང་བར་བྱས་པའི་ཕྱིར་རོ། །སྐུའི་རྣལ་འབྱོར་གཙོ་ཆེ་ཤོས་སུ་འགྱུར་བའི་རྒྱུ་མཚན་ཅི་ 3-1-283 ཞེ་ན། ལུས་མེད་ན་ནི་དངོས་གྲུབ་མེད། །ཅེས་པ་དང༌། ལུས་མེད་ན་ངག་དང་བདེ་བ་མེད་ པའི་རིག་པས་བསྒྲུབ་བྱ་བསྐྱེད་པའི་རིམ་པའི་བསམ་གཏན་གྱི་དཀྱིལ་འཁོར་སྐུ་རྡོ་རྗེའི་རྣམ་ པ་གཙོ་ཆེ་བའི་ཕྱིར། དེའི་ལྡོག་པ་ལས་སྐུའི་ལམ་རིམ་གཙོ་བོར་འཇོག་གོ །བསྙེན་པ་ནི་ཉེ་ བའི་དོན་ཏེ། གང་གི་དྲུང་དུ་དོན་སྤྱོད་དགོས་པའི་ཡུལ་སྐྱེས་བུ་དེའི་དྲུང་དུ་སླེབ་པ་དང་འདྲའོ། ། སྒྲུབ་པ་ནི་དོན་དུ་གཉེར་བྱའི་བྱ་བ་དེ་ལ་ཞུགས་པ་དང་འདྲ་ལ། ཉེ་བའི་སྒྲུབ་པ་ནི། བྱ་བ་ དེའི་དོན་དུ་སྔ་རོལ་ནས་གསོལ་བ་འདེབས་པའི་ཕྱིར་གཏམ་སྨྲ་བ་དང་འདྲ། སྒྲུབ་ཆེན་ནི་ བྱ་བ་དེ་འགྲུབ་ནས། དེའི་འབྲས་བུ་ལ་སྤྱོད་པའི་སྐབས་དང་འདྲའོ། །དེས་ན་སྐབས་འདིར་ རྒྱལ་མཆོག་སྔ་མས་ལྷ་ཚོགས་ཐམས་ཅད་དང་པོར་བསྐྱེད་གྲུབ་པའི་ཕྱིར། ཡུལ་བསྐྱེད་རིམ་ གྱི་ལྷ་སྐུའི་དྲུང་དུ་སླེབ་པ་དང་འདྲ། རྒྱལ་མཆོག་ཕྱི་མ་འདིས་སླར་ཡང་གསེར་བཞུ་བཏུལ་ བྱས་པས་སྐྱོན་དག་ཅིང་བཟང་པོར་བྱེད་པ་བཞིན་དུ་སྔར་གྱི་ལྷ་སྐུའི་རྒྱུན་དེ་ཉིད་ཞུ་བ་གླུས་ བསྐུལ་དང༌། སླར་ཞལ་དུ་བཅུག་སྟེ་མཁའ་སྤྲོ་བྱེད་པ་སོགས་གཞི་བརྟན་པོར་བྱེད་པ་དང༌། ཡེ་ཤེས་དགུག་གཞུག་སོགས་ཀྱིས་བྱིན་རླབས་དང་མཐུ་ཁྱད་པར་ཅན་དུ་བྱས་པས་དོན་སྤྱོད་ རྒྱུའི་ཡུལ་གྱི་གང་ཟག་དེ་མགུ་བར་བྱེད་པ་དང་འདྲའོ།། །། གཉིས་པ་ནི་སྐབས་འདིར་ཉེར་སྒྲུབ་གསུང་རྡོ་རྗེའི་ཡུལ་ཡིན་པས་སྦྱང་བྱའི་གཙོ་བོ་ རླུང་ཡིན་ལ། འདིས་རྒྱུད་སྦྱངས་ཏེ་སྨིན་པར་བྱ་རྒྱུའི་ལམ་ནི། བར་དུ་དགེ་བའི་རྫོགས་རིམ་ རྣམས་ཡིན་ཅིང་ཐོབ་བྱ་སྦྱངས་འབྲས་ནི། གསུང་རྡོ་རྗེ་ལོངས་སྐུ་གཙོ་བོར་གྱུར་པའོ། །དེ་ ཡང་རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ་ཞེས་པ་ལ། རྣམ་པ་ཉི་ཤུའི་མངོན་བྱང་འབྲས་ བུའི་སྐབས་སུ་ནི། སྟོང་ཉིད་ཉི་ཤུ་རྟོགས་པའི་ཡེ་ཤེས་རླུང་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ དེ་ཡིན་ལ། ལམ་ནི་བསྐྱེད་རྫོགས་གཉིས་ཀར་ལ་རླུང་དག་པའི་རིམ་པ་ཉི་ཤུ་ཡིན་ཅིང༌། སྦྱང་ བྱ་ནི་གནས་ཀྱི་སྒོ་ནས་སྲོག་སོགས་རླུང་བཅུ་དང༌། རྒྱུ་བའི་སྒོ་ནས་གཡས་གཡོན་གྱི་དཀྱིལ་ 3-1-284 འཁོར་བཅུ་སྟེ་ཉི་ཤུའོ། །བསྐྱེད་རིམ་གྱི་སྐབས་འདིར་རྗེ་ཤེར་སེང་པ་ནི་གླུས་བསྐུལ་གྱི་ སྐབས་ལྷ་མོ་བཞི། མ་སོགས་རིག་མ་བཞི། ཚད་མེད་བཞི། འབྱུང་བ་བཞི། །འབྲས་བུ་བཞི་ སྟེ་ཉི་ཤུར་བཞེད། རྗེ་བུ་སྟོན་རིན་པོ་ཆེ་ནི་དེས་ལས་རྒྱལ་མཆོག་ཡོངས་རྫོགས་མི་འཆུན་པས་ སྐུལ་བ་ལྔ། བཞེངས་པ་ལྔ། དགུག་གཞུག་སོགས་ལྔ། དབང་བསྐུར་བ་དང༌། རྒྱས་བཏབ་ བཞི་སྟེ་ཉི་ཤུའམ། ཡང་ན་རྒྱས་བཏབ་བཞི་དང་དབང་བསྐུར་དྲུག་སྟེ་བཅུ། བཞེངས་སྐུལ་ གཉིས་ལ་བཅུ་སྟེ་ཉི་ཤུ་ཡིན་ནམ་ཡང་གསུང་ངོ༌། །ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་པ་ ནི། སྦྱང་བྱ་ཕུང་ཁམས་ལས་དབང་བྱ་བ་ཉི་ཤུ་པོ་རྣམས་ཡིན་ནམ་ཡང་གསུང་སྟེ། འོན་ཀྱང་ རང་ལུགས་ནི་སྦྱང་བྱ་ཉི་ཤུའམ་རྟོགས་བྱ་ཉི་ཤུའི་དབང་དུ་བྱས་ནས་སྦྱོང་བྱེད་དང༌། ཐོབ་ བྱེད་ཡིན་པའི་ཕྱིར་ལམ་ཡང་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་ཡི་བསྐྱེད་རིམ་ལ་ཆོ་གའི་དོན་ཚན་ གྱི་རྣམ་གྲངས་ཉི་ཤུ་བགྲོང་མི་དགོས་ཏེ། དེ་ནི་ཆོ་ག་རྒྱས་བསྡུས་དང་རྣམ་གྲངས་འདམ་ཁའི་ རིམ་པས་མ་ངེས་པར་འགྲོ་བའི་ཕྱིར་རོ། །དེས་ན་སྦྱང་བྱའི་ཡུལ་རླུང་ཉི་ཤུའམ་རྟོགས་བྱའི་ ཡུལ་སྟོང་ཉིད་ཉི་ཤུ་འཇུག་པའི་ལམ་ཡིན་པའི་དོན་ནོ།། །། གསུམ་པ་ལ་རྒྱལ་མཆོག་གཉིས་པའི་ཏིང་ངེ་འཛིན་གྱི་རིམ་པ་དང༌། དག་འབྲས་ཞིབ་ མོར་བཤད་པའོ། །དང་པོ་ལ་ཞུ་བ་གླུས་བསྐུལ་དང༌། དམ་ཚིག་པའི་དཀྱིལ་འཁོར་བཞེངས་ པ་དང༌། དག་པ་དྲན་པ་དང༌། ཡེ་ཤེས་དགུག་གཞུག་དང༌། དབང་བསྐུར་བ་དང༌། རྒྱས་ བཏབ་པ་སྟེ་དྲུག་ལས། དང་པོ་ནི། ལྟེ་བ་དང་གཙུག་ཏོར་གྱི་ཨ་ཝ་དྷཱུ་ཏིའི་ལམ་ཞེས་པ་ནས་ སྤྲོ་བར་མཛོད་ཀྱི་བར་ཏེ། དེ་ཡང་ལུས་ཀྱི་རྩ་ཨ་ཝ་དྷཱུ་ཏི་ལ་ཡི་གེ་ལྔ་པོ་བཀོད། ཡབ་ཡུམ་ སྙོམས་པར་འཇུག་པའི་དགའ་བ་བརྩམས་པས། ལྟེ་བ་ན་གནས་པའི་ཧོཿཡིག་ལས་རྗེས་ ཆགས་ཀྱི་དགའ་བའི་རང་བཞིན་འོད་ཟེར་མེའི་དྲོད་ཅན་འབར་བས་སྐུ་གང་བར་བསམ། རྡོ་ རྗེའི་ལམ་ལས་འོད་ཟེར་སྤྲོས་པས་ཡུམ་གྱི་སྐུ་ཡང་གང་སྟེ། དེ་བཞིན་དུ་སྤྱི་བོའི་ཧོཿཡིག་ལས་ 3-1-285 ཀྱང་འོད་ཟེར་ཉམས་བདེ་བའི་རང་བཞིན་ཅན་བྱུང་བའང་སྔར་བཞིན་སྤྲོས་ཏེ། ཡབ་ཡུམ་ རྗེས་ཆགས་ཀྱི་བདེ་བས་ཞུ་བར་གྱུར་པ་ཐིག་ལེའི་རང་བཞིན་འོད་ཀྱི་གོང་བུ་དཀར་ལ་ དམར་བའི་མདངས་ཆགས་པ་ཁ་དོག་སྣ་ཚོགས་པའི་བདག་ཉིད་ཀྱི་འོད་ཟེར་དཔག་ཏུ་མེད་ པ་འབར་བར་བསམ། དེ་ཡང་ཡི་གེ་འབྲུ་གསུམ་ནི་སྐབས་འདི་ཉིད་ལ་བལྟོས་པའི་སྐུ་དང་ གསུང་དང་ཐུགས་ཀྱི་བྱ་བ་ཡོངས་སུ་རྫོགས་པ་དང༌། སྤྱི་བོའི་ཧོཿཡིག་ནི་ཐིག་ལེ་རྫོགས་པའི་ བདེ་བ་དང༌། ལྟེ་བའི་ཧོཿཡིག་ནི་ཆགས་པ་རྫོགས་པའི་བདེ་བ་མཚོན་ཏེ། སྤྱིར་ཧོཿཡིག་ཙམ་ ནི་ཡེ་ཤེས་རྡོ་རྗེ་སྟེ་བདེ་བ་མཚོན་པའོ། །འདིའི་སྐུ་གསུང་ཐུགས་དང་བདེ་ཆགས་རྫོགས་པ་ ནི་སྦྱོང་བྱེད་བསྐྱེད་རིམ་པའི་ལྷ་ཉིད་ཀྱི་ཡིན་གྱི། སྦྱང་བྱའི་དག་པ་མ་ཡིན་པས་དབྱེ་བ་ཕྱེད་ པར་བྱའོ། །དེ་ལས་ལྟེ་བའི་ཧོཿཡིག་ནི་གཏུམ་མོའི་མེ་སྟེ་དུས་མེ་ཡིན་ལ། དེ་ཡང་དཀར་ཆའི་ དངས་མ་ལ་དམར་ཆ་འདྲེས་པས་ཤིན་ཏུ་དངས་པར་གྱུར་ཏེ་ནག་པོར་སྣང་བ་ནི་མུན་པའི་ ཁམས་ཏེ་སྒྲ་གཅན་དང༌། དམར་པོའི་དངས་མ་ལ་དཀར་པོའི་དངས་མ་འདྲེས་པས་ཤིན་ཏུ་ དངས་པའི་ཁམས་སེར་པོ་རྐྱང་རྐྱང་པོར་གྱུར་པ་ནི། མེ་སྟེ་དུས་མེ་ཡིན་པས་སྒྲ་གཅན་དཀར་ ཆའི་མཚན་ཉིད་དང༌། དུས་མེ་དམར་ཆའི་མཚན་ཉིན་དོ། །དམར་པོ་དང་རྗེས་སུ་འབྲེལ་བ་ནི་ ཆགས་པ་ཡིན་ལ། དེ་ཡང་དངས་མར་གྱུར་པ་ཉིད་ཀྱི་ཕྱིར། དམར་པོ་རྡུལ་ཕལ་པའི་རྗེས་ ཆགས་ལས་དུས་མེའི་རྗེས་ཆགས་ཆེས་སྟོབས་ཆེའོ། །དེའི་ཕྱིར་རྗེས་ཆགས་འདིས་ལུས་ངག་ ཡིད་དང་བཞི་པའི་ཐིག་ལེ་མཐའ་དག་ཡང་དག་པར་ཞུ་བ་མཚོན་ཏེ། དེའི་ཚེ་ལྷ་མོ་བཞིས་ གླུས་བསྐུལ་བ་ལ་ཁ་ཅིག་བདེ་གཤེགས་འཕར་མ་ན་བཞུགས་པའི་ལྷ་མོ་བཞི་པོས་བསྐུལ་ བར་འདོད་པ་ནི། གསང་འདུས་འཕགས་སྐོར་ལ་དཀྱིལ་འཁོར་གྱི་གྲྭ་བཞི་ན་བཞུགས་པའི་ ལྷ་མོ་བཞིས་བསྐུལ་བ་དང༌། གཞན་ཡང་ཀྱཻ་རྡོར་སོགས་དེ་འདྲའི་རིགས་ཅན་ཡོད་པའི་ རིགས་འགྲེ་སྦྱར་བར་སྣང་ཡང་དེ་དག་དང་འདི་མི་མཚུངས་ཏེ། དེ་དག་ནི་ཡུམ་རྐྱང་གི་རྣམ་ 3-1-286 པ་ཅན་ཡིན་པས་སྐུལ་བ་པོ་བྱེད་པ་རིགས་ཀྱང་བདེ་གཤེགས་འཕར་མའི་འདི་ནི་ཡབ་ཡུམ་ མཉམ་སྦྱོར་གྱི་རྣམ་པ་ཅན་ཡིན་པས། རང་རང་གི་ཡབ་དང་སྦྱོར་བའི་ཚུལ་དུ་ཡོད་བཞིན་དུ། བདག་འདོད་མཛོད་ཅེས་གཞན་ལ་སྐུལ་བ་དང༌། འདོད་པ་དོན་གཉེར་རྣམས་ལ་འདོད་པ་ མཛོད་ཅེས་པའི་ཚིག་མི་འོས་པའི་ཕྱིར་རོ། །ཚིག་དེ་ལ་དོན་གཞན་བཤད་རྒྱུ་ཡོད་སྙམ་ན། རྡོ་ རྗེའི་ཚིག་ལ་དགོངས་པ་ཅན་དང་ངེས་དོན་གྱི་བཤད་པ་སྣ་ཚོགས་པ་ཡོད་སྲིད་མོད། ཞུ་བ་ གླུས་བསྐུལ་ལ་ཡང་སྒྲ་ཇི་བཞིན་པ་དེ་འཇིག་རྟེན་ཚུལ་དང་འགྲིག་དགོས་ཏེ། གཞན་དུ་ན་ཁྲོ་ བོ་སོགས་སྐྱེས་པའི་རྣམ་པ་ཅན་གྱི་ལྷ་རྣམས་ཀྱིས་ཀྱང་ཞུ་བ་གླུས་བསྐུལ་འབྱུང་དུ་རུང་བ་ ཐལ་བ་ལས་གང་ནའང་མ་དམིགས་པའི་ཕྱིར་རོ། །དེས་ན་སྐབས་འདིར་བྱང་ཆུབ་སེམས་ཀྱི་ ཐིག་ལེ་ལས་སྤྲུལ་པའམ། གདོད་ནས་གྲུབ་པའི་ལྷ་མོ་བཞི་སྐད་ཅིག་གིས་གསལ་བཏབ་ ནས། དེ་དག་གཙོ་བོའི་པདྨའི་ཕྱོགས་བཞིར་བྱོན་ཏེ་བསྐུལ་བར་བསམ་པ་ཡིན་ནོ། །དེ་ཡང་ སྤྱན་མ་ནུབ། མཱ་མ་ཀཱི་བྱང༌། གོས་དཀར་མོ་ལྷོ། སྒྲོལ་མ་ཤར་རོ། །འདིའི་ཡུམ་བཞི་ནི་དོན་གྱི་ སྣ་ཚོགས་ཡུམ་ནུས་མར་བཅས་པ་དང་གཅིག་གོ །དེ་ལ་བདག་ཅག་སྲུངས་ཤིག་ཅེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་མགོན་མཛད་ནས་དེ་རྣམས་བདེ་བས་སྐྱོངས་ཤིག་པའོ། །འདོད་ པ་དོན་གཉེར་སོགས་ནི། ལྷ་མོ་བཞི་པོ་རྣམས་ཉིད་འདོད་པའི་བདེ་བ་དོན་དུ་གཉེར་བ་ལ། ཁྱོད་ཀྱིས་འདོད་པ་མཛོད་ཅིག་པ་སྟེ། འདོད་ཆགས་ཆེན་པོའི་སྤྱོད་པའི་སྒོ་ནས་སེམས་ཅན་ གྱི་དོན་མཛོད་ཅིག་པའོ། །གླུས་བསྐུལ་བསྡུས་པ་བསྡུས་རྒྱུད་ལས་འབྱུང་བ་འདི་ལ་ལྷ་མོ་སོ་ སོའི་དབྱེ་བ་མེད་པས་ཐམས་ཅད་ཕྱོགས་གཅིག་ཏུ་བྱ་ལ། རྒྱས་པ་རྩ་རྒྱུད་ལས་འབྱུང་བ་ནི་ ཚིག་བཅད་དང་པོ་བཞི་པོ་སོ་སོ་དང་ཕྱི་མ་ནི་བཞི་ཆར་གྱིའོ། །དེ་ཡང་དོན་དམ་རྣམ་པ་ཀུན་ ལྡན་གྱི་ཡེ་ཤེས་ནི། ཡེ་ཤེས་ལྷ་མོ་རྣམས་ཀྱི་ངོ་བོ་ཡིན་ལ། དེ་ནི་སྲིད་ཞིའི་ཆོས་གང་ཡང་རུང་ བའི་མཚན་གཞི་བཟུང་ན། དེ་དག་མ་གྲུབ་པའི་སྔོན་རོལ་ནས་ཡེ་ཤེས་འདི་གྲུབ་ཅིང༌། འགྲོ་ 3-1-287 བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཐོག་མའི་གཞི་རྟེན་ཡིན་པས་ཡུམ་དང༌། རང་རང་སོ་ སོ་དང་མཉམ་པར་འཇུག་པའི་གྲོགས་ཡིན་པས་སྲིང་མོ་དང་འདྲ་བ་དང༌། ཆོས་སོ་སོ་ཉིད་ ཞིག་པའི་རྗེས་ཀྱི་དེ་མ་ཐག་པའི་འབྲས་བུ་དང་ཡང་ལྷན་ཅིག་འཇུག་པས་བུ་མོ་དང༌། ཕྱི་མའི་ མུ་མཐར་ཐུག་པའི་བར་དུ་ཆོས་ཉིད་འགྱུར་བ་མེད་པའི་ཕྱིར་ཚ་མོ་དང་འདྲ་སྟེ། མ་སྲིང་བུ་མོ་ ཚ་མོ་བཞིར་ཆོས་མཚུངས་པའི་སྒོ་ནས་བརྡ་ཆད་བཞག་པའོ། །དེ་དག་ལ་ངོ་བོའི་སྒོ་ནས་དབྱེ་ བ་མེད་ཀྱང་ཀུན་རྫོབ་ཐ་སྙད་ཀྱི་ཚུལ་དང་བསྟུན་ནས། ས་གཞི་དང་ཆོས་དབྱིངས་དངོས་པོའི་ རྟེན་མཚུངས་པས་ས་རྣམ་པར་དག་པའི་ལྷ་མོ་ལ་མ་དང༌། ཆུའི་དངོས་པོ་གང་དེ་ཉིད་སྔོན་ ནས་གནས་ཀྱང་ད་ལྟར་ལྷན་ཅིག་ལོངས་སྤྱོད་པའི་ཆ་ནས་དུས་མཉམ་པས་འཇུག་པ་ཆོས་ དབྱིངས་དང་འདྲ་བ་ལ་བཏགས་ཏེ། ཆུ་ནི་མཱ་མ་ཀཱི་དང༌། མེ་ནི་སྔར་མེད་གློ་བུར་དུ་བསྐྱེད་ ཅིང་བྱ་བའི་གྲོགས་བྱེད་པའི་ཕྱིར་བུ་མོ་དང་མཚུངས་ཤིང༌། ཆོས་ཉིད་འབྲས་བུ་དང་ལྷན་ ཅིག་འཇུག་པའི་ཆ་ནས་ཀྱང་དེ་དང་འདྲ་བས་མེ་ཁམས་དག་པའི་ལྷ་མོ་གོས་དཀར་མོ་དང༌། རླུང་ནི་ཡུལ་སྣ་ཚོགས་བརྒྱུད་ཅིང་གཞན་དང་གཞན་དུ་འགྲོ་བའི་ཕྱིར། ཡུལ་དུས་སྤྱོད་པ་མ་ ངེས་པ་མང་པོར་འཕོས་ཟིན་པས་འཇུག་པའི་ཆ་ནས་བརྒྱུད་པ་དུ་མ་སོང་བའི་ཚ་མོ་དང་འདྲ་ ལ། ཆོས་དབྱིངས་ཀྱང་དངོས་པོ་རྣམས་ལ་དུས་མཐའ་མེད་དུ་འཇུག་པའི་ཕྱོགས་ནས་དེ་དང་ འདྲ་བས་རླུང་དག་པའི་ལྷ་མོ་ཚ་མོ་སྟེ། མོ་རྟགས་སུ་བརྗོད་པ་ནི་ཤེས་རབ་རྣམ་པ་ཀུན་ལྡན་ ཡིན་པའི་དོན་ནོ། །རྣལ་འབྱོར་པ་ཞེས་པ་ནི་རྣལ་འབྱོར་ཅན་གྱི་དབང་ཕྱུག་སངས་རྒྱས་ཉིད་ དོ། །རྒྱུ་མཐུན་སོགས་ཀྱི་དོན་ནི། རྣལ་འབྱོར་པའི་ཞེས་པར་པའི་ཞེས་དྲུག་པའི་སྒྲ་བདག་ པོའི་དོན་དུ་སྦྱར་ཀྱང་འགལ་བ་མེད་མོད་ཀྱི། འདིར་དངོས་སུ་ན་གཞི་མཐུན་བསྡུ་བའི་སྒྲ་སྟེ། རྣལ་འབྱོར་ཅན་གྱི་དབང་ཕྱུག་སངས་རྒྱས་ཡང་ཡིན་ལ། རྒྱུ་མཐུན་པའི་འབྲས་བུ་ཡང་ཡིན་ པ་ཞེས་སྦྱོར་ཏེ་གཞན་ལའང་རིགས་འགྲེའོ། །དེ་ལ་རྒྱུ་མཐུན་གྱི་འབྲས་བུ་ལྷན་ཅིག་སྐྱེས་ 3-1-288 པའི་སྐུ་དང༌། རྣམ་སྨིན་གྱི་འབྲས་བུ་ཆོས་ཀྱི་སྐུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྐུ་ དང༌། དྲི་བྲལ་གྱི་འབྲས་བུ་སྤྲུལ་སྐུ་རྣམས་ཡིན་ཅིང༌། དེ་དག་གི་གནས་སམ་གཞི་ཆོས་ཀྱི་ དབྱིངས་ཁོ་ན་ཉིད་ལས་ལྡོག་ཆས་ཕྱེ་ན་ས་སོགས་བཞིའི་དངས་མ་རྣམ་ཀུན་མཆོག་ལྡན་ཡུམ་ བཞི་དང་རིམ་གྱིས་སྦྱོར་རོ། །བདག་གི་དཀྱིལ་འཁོར་རང་བཞིན་ཞེས་པ་ནི། བདག་སྤྱན་མ་ སྟེ་ས་ཁམས་ཀྱི་དངས་མའི་ཡེ་ཤེས་ཀྱི་རང་བཞིན་དཀྱིལ་འཁོར་དུ་མ་སྤྲོ་བའི་ཕྱིར་བཅོམ་ ལྡན་འདས་ཁྱོད་ཐིག་ལེའི་གཟུགས་ལས་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ནས། བདག་དང་ ལྷན་ཅིག་ཏུ་སྦྱོར་བའི་འདོད་པའི་བདེ་བ་མཛོད་ཅིག་ཅེས་པ་སྟེ། ཆུ་མེ་རླུང་གསུམ་ལའང་ རིགས་འགྲེ་སྦྱར་རོ། །དངོས་སུ་སྐུལ་བྱེད་ཀྱི་ལྷ་མོ་བཞི་ལས་མེད་པས་སྟོང་པའི་དཀྱིལ་ འཁོར་སོགས་ཐུན་མོང་དུ་སྦྱོར་བ་ཡིན་ཀྱང་དབྱིངས་ཕྱུག་མའི་ཐོབ་སྐལ་ཡིན་ཅིང༌། བཞི་པོ་ ལ་ཁྱབ་པའི་ཚུལ་གྱིས་རྡོར་དབྱིངས་དབང་ཕྱུག་མ་ཡང་སྐུལ་བ་པོ་ཡིན་ནོ། །ཤེས་ཕྱིན་མ་ནི་ བཞི་པོ་ལ་ཁྱབ་པ་ཡིན་མོད། ཞུ་བའི་ངོ་བོ་ལ་བཞུགས་པ་ཡིན་གྱི་སྐུལ་བར་བྱེད་པ་པོ་མ་ཡིན་ ལ། དེའི་ཕྱིར་རྡོ་རྗེ་དབྱིངས་ཕྱུག་མ་བདག་ནི་ཆུང་མ་སྟེ། རྣལ་འབྱོར་བའི་འབྲས་བུ་བཞི་ཅར་ གྱི་གནས་ཡིན་ལ། བདག་སྟོང་པའི་དཀྱིལ་འཁོར་ནམ་མཁའི་ཁམས་ཀྱི་ལྷ་ཚོགས་སྤྲོ་བའི་ དོན་དུ་དུས་འཁོར་བཞེངས་ལ་བདག་འདོད་མཛོད་ཅེས་སྦྱོར་དགོས་ལ། རྒྱུད་གཞན་ལས་ བདེ་བ་ནམ་མཁའི་ཁམས་ཡིན་ཞེས་གསུངས་པ་ལྟར། ཡེ་ཤེས་ནམ་མཁའི་ཁོངས་སུ་བསྡུས་ པའོ། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ཞེས་པའི་དོན་གྱི་ཁོངས་སུ་འདི་ལྟ་བུ་འདུས་པར་ ཤེས་དགོས་ཤིང༌། སྟོང་པའི་དཀྱིལ་འཁོར་ཞེས་པའི་ཚིག་གིས་སྔ་མ་རྣམས་ཀྱི་བདག་གི་ དཀྱིལ་འཁོར་ཞེས་པ་དང་མཚུངས་པར་ནམ་མཁའ་དང་ཡེ་ཤེས་ཀྱི་བདེ་བ་ལ་མཉམ་པར་ བཞག་པའི་ངང་ནས་ཁམས་དེ་དང་དེའི་ལྷ་ཚོགས་སྤྲོ་བ་དང༌། སྐུའི་རྣམ་པ་སྤངས་ཏེ་ཐིག་ ལེར་ཞུ་བའི་བདེ་སྟོང་ད་ལྟ་སྐུ་ཉམས་སུ་བསྟར་ཞིང་མྱོང་བ་དེ་ལས་བཞེངས་ཤིག་ཅེས་པའི་ 3-1-289 དོན་གཉིས་ཀར་སྟོན་པ་ཡིན་ནོ། །རྣམ་པ་མེད་པའི་བདེ་སྟོང་ཙམ་ལ་དཀྱིལ་འཁོར་ཞེས་པ་མི་ ཐོབ་བོ་སྙམ་ན། འདིར་རྣམ་མེད་དེ་མ་ཡིན་མོད། རྣམ་མེད་ཀྱི་ལྡོག་ཆ་ནས་ཡིན་དུ་ཆུག་ཀྱང་ དཀྱིལ་འཁོར་གྱི་སྐད་དོད་མཎྜལ་ཞེས་པ། སྙིང་པོ་ལེན་པ་ལ་ཡང་འཇུག་པས་འདོད་དོན་གྱི་ སྙིང་པོ་བདེ་བ་ལེན་པའོ། །ད་ལྟ་སྟོང་པ་ཉམས་སུ་མྱོང་བ་ལས་སླར་འགྲོ་བ་རྣམས་འཁོར་བ་ ལས་སྒྲོལ་བར་འདོད་པའི་བསམ་པ་སྙིང་རྗེ་ཆེན་པོས་སྟོང་པ་ལས་བཞེངས་ནས་འགྲོ་བའི་ མགོན་པོ་དུས་ཀྱི་འཁོར་ལོའི་སྐུར་གྱུར་པས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ རྣམས་སྤྲོ་བར་མཛོད་ཅིག ཅེས་ཚིག་གསུམ་པ་འདིས་མཁའ་ཡེར་མ་ཟད་ལྷ་ཚོགས་ཐམས་ ཅད་སྤྲོ་བར་གསོལ་བ་བཏབ་པའང་ཡིན་ནོ། །ཁ་ཅིག་ཡུམ་གྱི་དོན་འགྲོ་བ་རྣམས་ཀྱི་རྒྱུད་ལ་ ཡེ་ཤེས་སྐྱེད་པར་བྱེད་པ་དང༌། རྣལ་འབྱོར་སྒྲུབ་པ་པོས་ཐིག་ལེ་ནོར་བུ་ནས་ཡར་ལྟེ་བར་ བྱོན་པ་རྒྱུ་མཐུན་གྱི་འབྲས་བུ་ལ་གནས་པ་ནི། བདག་ས་ཁམས་ཀྱི་དཀྱིལ་འཁོར་གྱི་རླུང་ལྟེ་ བར་བཅིངས་པའི་མཐུ་ལས། ལམ་དུས་ཀྱི་ཡེ་ཤེས་རྡོ་རྗེ་དུས་འཁོར་ཁྱོད་ཞུ་བའི་རྣམ་པ་ལས་ བཞེངས་ནས་ཡེ་ཤེས་ཀྱི་རིགས་ཀྱི་ལྷ་སྤྲོ་བས། བདག་གི་འདོད་པ་བཞིན་དུ་མཛོད་ཅེས་ སོགས་འབྲུ་གནོན་པ་ནི། འབྲས་བུ་བཞི་རྣམ་པ་ལམ་ཕྱེད་བསྐྱེད་རིམ་ཕྲ་མོའི་རྣལ་འབྱོར་ དང༌། རྫོགས་རིམ་འཛིན་པ་རྗེས་དྲན་སོགས་དང་སྦྱར་ན་འགྲིག་རུང་ཙམ་ཡིན་ཀྱང༌། འབྲས་ བུ་སངས་རྒྱས་ཀྱི་ས་ལ་སྦྱོར་བ་ལ་མི་འགྲིག་ཅིང༌། འདིར་ཡང་རྫོགས་རིམ་སོགས་ལ་ང་རྒྱལ་ བྱེད་པ་མ་ཡིན་འབྲས་བུ་སངས་རྒྱས་ཀྱི་ས་ཁོ་ནའི་ང་རྒྱལ་བྱེད་པ་ལ་འགྲིག་དགོས་པས། བཤད་པ་དེ་ནི་བསྐྱེད་རིམ་ལས་རྒྱལ་གྱི་སྐབས་འདིར་འབྲེལ་མེད་དོ། །ཡང་སྐལ་བ་བཟང་ པོ་སྟོན་པས་སྲིང་མོ། ཡོན་ཏན་འཇོ་བའི་ཕྱིར་བུ་མོ། ཞེས་འཆད་ཅིང་ཚ་མོ་ལ་འདི་ཡིན་གྱི་སྒྲ་ བཤད་མེད་པར་བུ་མོ་ལས་བྱུང་བའི་ཕྱིར་ཞེས་སོགས་འཆད་པ་ནི། བསྡུ་གསོག་མང་པོ་བྱས་ ཀྱང་མ་འདང་བ་སྟེ། སྒྲ་བཤད་དེ་ཙམ་གྱིས་དེ་དག་ཏུ་མི་འགྱུར་ལ། གལ་ཏེ་ཆགས་ལམ་གྱི་ 3-1-290 མས་བརྟན་དང་སྦྱོར་ན། ལས་རྒྱའམ་ཡེ་རྒྱ་དེ་ཉིད་ལ་མ་སོགས་ཚང་བའི་ཚུལ་སྒྲ་བཤད་ཙམ་ མ་ཡིན་པ་དག་ཡོད་པ་གོ་བར་གྱིས་ཤིག ཁ་ཅིག་གླུས་བསྐུལ་བ་ནི་གཉིས་ཏེ་ཞེས་པའི་ཚིག་ ལ་འཁྲུལ་ནས། ཞུ་བ་དང་བསྐུལ་བ་དང་བཞེངས་པ་ལན་གཉིས་བྱེད་ཅིང༌། སྔོན་མ་ལ་ བསྡུས་རྒྱུད་ཀྱི་ཚིག་དང་ཕྱི་མ་ལ་རྩ་རྒྱུད་ཀྱི་ཚིག་གིས་སྐུལ་བར་བྱེད་དོ། །དེ་ནི་གསང་སྔགས་ པ་སུ་ལའང་མ་གྲགས་པའི་བབ་ཅོལ་ཡིན་ལ། བདེ་བ་རྫོགས་པའི་སླད་དུ་བསྐུལ་བ་ཕྲ་མོའི་ རྣལ་འབྱོར་གྱི་སྐབས་སུ་སྦྱོར་དགོས་རྒྱུ་ཡིན་པ་མ་གོ་བ་དང༌། སྒྲུབ་ལེའི་མདོར་བསྡུས་ གཉིས་པའི་འཇུག་དང༌། གསུམ་པའི་འགོར་གསུངས་པ་གཉིས་མདོར་བསྟན་རྒྱས་བཤད་ དམ་སྔ་མ་ནི་གོ་བ་སྐྱེ་སླ་བའི་ཕྱིར་འཕྲོས་དོན་དུ་གསུངས་པ་ཡིན་པ་མ་གོ་བར་དོན་ཚན་ཐ་ དད་གཉིས་སུ་བཟུང་བས་འཁྲུལ་བར་སྣང་ངོ༌། །གཉིས་པ་ལ་གཙོ་བོ་བཞེངས་པ་དང་འཁོར་ སྤྲོ་བ་གཉིས་སོ། །དང་པོ་ནི་ཞེས་པའི་གླུ་རྣམས་ཀྱིས་ཞེས་པ་ནས། དེ་རྣམས་སྔོན་བཞིན་ བསྐྱེད་ཀྱང་ཆོག་གོ་ཞེས་པའི་བར་རོ། །དེ་ཡང་སྔར་བདེ་སྟོང་གི་ཏིང་ངེ་འཛིན་ལ་ཞུགས་པ་དེ་ གླུས་བསྐུལ་བ་གསན་ནས་རྣལ་སད་པ་ལྟར་གྱུར་ཏེ། སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟར་ གཟིགས་བཞིན་པའི་ངང་ནས་དཀྱིལ་འཁོར་མཐའ་དག་སྤྲོ་བ་ཡིན་ཏེ། དེ་ཡང་ཧཱུཾ་དང་རྡོ་རྗེ་ ལས་གཙོ་བོ་བསྐྱེད་ཅིང༌། ཇི་སྐད་དུ། རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བའི་བདག་པོའི་ཅོད་ པན་ཞེས་པ་མི་བསྐྱོད་པའི་ཅོད་པན་ནོ། །ཤེས་རབ་ཀྱིས་ནི་འཁྱུད་པར་འགྱུར་པ་ཞེས་པ་ནི། སྟོང་པའི་དཀྱིལ་འཁོར་འབབ་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྣ་ཚོགས་ཡུམ་གྱིས་ཏེ། དེའི་སྙིང་གར་བྱིས་པ་རྣམས་ཀྱི་བཞིན་ནོ་ཞེས་འགྲེལ་ཆེན་དུ་གསུངས་ཏེ། འདི་ལ་བྱིས་པ་ རྣམས་ཀྱི་བཞིན་དུ་སྙིང་གར་སྟོང་པའི་དཀྱིལ་འཁོར་འབབ་པ་ཞེས་སྦྱོར་དགོས་ཏེ་ཚིག་ འདིས་སྦྱང་བྱ་གསལ་བར་བསྟན་པ་ཡིན་ནོ། །སྐབས་འདིར་གཙོ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ ཕྱུག་མའི་ངོ་བོར་མོས་དགོས་ཤིང༌། གོང་བཞིན་གཙོ་བོའི་དབུ་རྒྱན་ཡང་རྒྱས་བཏབ་མ་ཡིན་ 3-1-291 ཏེ། གཙོ་བོ་མི་བསྐྱོད་པའི་ངོ་བོ་ཡིན་པའི་ཕྱིར་རང་གི་རིགས་ཉིད་མཚོན་པ་མི་བསྐྱོད་པའི་ དབུ་རྒྱན་ཡིན་ནོ། །འདིར་གཞན་མང་པོ་དག་རྒྱལ་མཆོག་དང་པོའི་གཙོ་བོ་ཡབ་མི་བསྐྱོད་ པའི་ངོ་བོ་རྡོ་རྗེ་སེམས་དཔའི་རྒྱས་བཏབ་ཅན་ལ། ཡུམ་ཤེས་ཕྱིན་མའི་ངོ་བོ་སྣ་ཚོགས་ཡུམ་ ཡིན་པས་གཙོ་བོའི་རིགས་བདག་གིས་རྒྱས་འདེབས་ལུགས་རྣམ་ཤེས་ལ་ཡེ་ཤེས་དང༌། ཡབ་ རྣམ་ཤེས་ལ་ཡུམ་ཡེ་ཤེས་སྦྱོར་བར་འགྲོ་ཞིང༌། འདིར་གཙོ་བོ་རྡོར་སེམས་ལ་མི་བསྐྱོད་པའི་ རྒྱས་བཏབ་བྱས། ཡུམ་རྡོར་དབྱིངས་དབང་ཕྱུག་མའི་ངོ་བོས་འཁྱུད་པ། ཡང་རྡོར་སེམས་ལ་ མི་བསྐྱོད་པའི་རྒྱས་བཏབ་དང་ཡེ་ཤེས་ལ་རྣམ་ཤེས་འཁྱུད་པར་འགྲོ་བས། དུས་འཁོར་རང་ ལུགས་ཀྱི་རྒྱས་བཏབ་དང་ཐབས་ཤེས་སྦྱོར་ཚུལ་ཡིན་གྱི། འདི་ལས་ཟློག་ན་འགངས་ཆེ་ས་ དཀྱིལ་འཁོར་གྱི་གཙོ་བོ་རང་ལ་རྒྱུད་སྡེ་གཞན་གྱིས་རྒྱས་བཀབ་མ་གཏོགས། དུས་འཁོར་ རང་ལུགས་མ་བྱུང་བས་གནད་འཆུག་ཅེས་ཟེར་བ་ནི། དུས་འཁོར་གྱི་ཁྱད་ཆོས་ཕལ་པ་ཉེ་ཚེ་ བས་མགོ་འཁོར་ནས་ཁྱབ་བྱ་ཁྱབ་བྱེད་ཀྱི་དབྱེ་བ་མ་ཤེས་པས། དུས་འཁོར་རང་ལུགས་ཀྱི་ ཟབ་ཤོས་གནད་དམ་པ་ཞིག་ཡོད་པ་དེ་ཁྱེད་ཉིད་ཀྱིས་ངོས་མ་ཟིན་པ་ཡིན་ལ། རྒྱུད་ལས། རྣམ་ཤེས་དང་ནམ་མཁའ་ཐབས་ཤེས་སུ་གསུངས་པ་ཡང་གནས་སྐབས་གང་དུ་དགོས་མ་ ཤེས་པ་ཡིན་ནོ། །ཁྱེད་ལྟར་ནའང་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་མི་བསྐྱོད་པ་མ་ཡིན་ ཏེ། མངལ་དཀྱིལ་གྱི་གཙོ་བོ་མི་བསྐྱོད་པ་སྤྲོས་ནས་གཙོ་བོ་ལ་བསྟིམ་དགོས་པའི་ཕྱིར་ལས། མི་བསྐྱོད་པ་ལ་མི་བསྐྱོད་པས་རྒྱས་བཏབ་ཏུ་སོང་བའི་ཕྱིར། དེ་ན་རེ། དེ་འདྲ་ཁོ་བོ་ཅག་རྒྱས་ བཏབ་ཏུ་མི་འདོད་དོ་ཞེ་ན། ངེད་ཀྱང་དབུ་རྒྱན་རང་བཅས་རྒྱས་བཏབ་ཏུ་མི་འདོད་དེ། དབང་ རྟགས་མ་ཡིན་པའི་ཕྱིར་རོ། །དབུ་རྒྱན་ཡིན་པའི་ཕྱིར་རྒྱས་བཏབ་དང་ཕྱོགས་མཚུངས་སོ་ སྙམ་ན། དབྱེར་མེད་དུ་བསྟིམ་པ་ཡང་རྒྱས་བཏབ་དང་ཕྱོགས་མཚུངས་ཏེ། རྒྱུད་སྡེ་གཞན་ ལས་ཕྱག་རྒྱ་བཞིའི་རྒྱས་གདབ་གསུངས་པ་ཡང་དབྱེར་མེད་དུ་བསྲེ་བའི་དོན་ཁོ་ན་ཡིན་པ་ 3-1-292 དང༌། འདིར་ཡང་དབྱེར་མེད་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་རྒྱལ་མཆོག་གོང་མར་མི་ བསྐྱོད་པ་རབ་ཏུ་ཞུགས་པའོ་ཞེས་དང༌། མི་བསྐྱོད་པ་ལྷག་པའི་བདག་པོར་བསྒོམ་ཞེས་ གསུངས་པས་གཙོ་བོ་ཉིད་མི་བསྐྱོད་པ་ཡིན་ན་ནི་དམ་ཡེ་བསྲེ་བའི་གོ་མི་ཆོད་ཕྱིན། རང་ཉིད་ རང་ལ་ཞུགས་པ་དགོས་པ་མེད་པ་དང༌། མཁའ་ནང་གི་དཀྱིལ་འཁོར་གྱི་གཙོ་བོ་ཡང་རང་ ཉིད་དང་ངོ་བོ་གཅིག་པའི་ཕྱིར་ལྷག་པའི་བདག་པོ་ཞེས་ལྷག་པའི་མིང་འདོགས་གསུང་བ་མི་ འཐད་པར་ཐལ་བའི་ཕྱིར་ཏེ། ལྷག་པ་ནི་ལྷག་པོ་སྟེ་མཐེབ་འཁྲོལ་གྱི་དོན་ཡིན་པས་སོ། །དེས་ ན་རྒྱལ་མཆོག་དང་པོར་གཙོ་བོ་ཡབ་ཡུམ་དེ་ཤེས་ཕྱིན་མས་འཁྱུད་པའི་རྡོར་སེམས་སུ་གྲུབ་ པའི་ཕྱིར་རྒྱལ་མཆོག་ཕྱི་མའི་གཙོ་བོ་འདི་རྡོར་དབྱིངས་དབང་ཕྱུག་མས་འཁྱུད་པའི་མི་ བསྐྱོད་པའི་ངོ་བོར་གྲུབ་བོ། །ནུས་མ་རྣམས་སྔར་ཡབ་ཡུམ་ཞུ་བ་དང་ལྷན་ཅིག་ཞུ་བར་གྱུར་ ན། སྐབས་འདིར་ཡང་ཧཱུཾ་ཡིག་རྡོ་རྗེ་དང་བཅས་པ་གཅིག་པུ་ལས་གཙོ་བོ་ཡབ་ཡུམ་ནུས་མ་ དང་བཅས་པ་གྲུབ་པར་བྱེད་ལ། སྔར་མ་ཞུ་ན་ནུས་མ་རྡོ་རྗེ་བཞི་དང་བཅས་པ་སྔར་ཡོད་ གསལ་བཏབ་པ་ཙམ་གྱིས་ཀྱང་ཆོག་གོ །ཡང་ན་ཞུ་བའི་སྐབས་སྣ་ཚོགས་ཡུམ་ཞུ་བ་ན། ནུས་ མ་གཞན་རྣམས་ནི་ཞུ་བ་རང་ཁོ་ནའི་ངེས་གཟུང་མེད་བཞིན་དུ་ཟླ་བ་ནུབ་པ་ན་ཆུ་ནང་གི་ཟླ་ གཟུགས་ཡང་མི་སྣང་བ་ལྟར་སོང་ནས། སྐབས་འདིར་སྔོན་བཞིན་ས་བོན་དང་ཕྱག་མཚན་ ལས་བསྐྱེད་ཀྱང་རུང་ངོ༌། །འོན་ཀྱང་ལག་ལེན་སྔ་མ་ལ་མཛད་པར་སྣང་ལ། རྡོ་རྗེ་བཞི་ཡང་ གྲུབ་པར་གྱུར་ཞེས་བྱ་བ་ནི་བློའི་ཡུལ་དུ་གྲུབ་[པ་ཡིན་པས་སྔར་]ཡོད་གསལ་འདེབས་ཁོ་ན་ སྟེ། དེ་ཡང་ཞལ་ཕྱག་གི་རྣམ་པ་ཅན་དུ་མེད་པས་རྗེས་ཆགས་ཀྱི་རྐྱེན་གྱིས་ཞུ་བ་ནི་མ་ཡིན་ པར་མངོན་ནོ། །ཡང་ནུས་མ་བཅུ་པོ་རང་བཞིན་གྱིས་མི་སྣང་བར་བྱས་པའི་ཕྱོགས་ལ་ནི། རྡོ་ རྗེ་བཞི་ཡང་དེ་དང་འདྲ་བར་བྱས་ཤིང༌། སྐབས་འདིར་ས་བོན་ལས་བསྐྱེད་ཀྱང་འགལ་བ་ མེད་པ་འདྲའོ། ། 3-1-293 གཉིས་པ་འཁོར་ཚོགས་སྤྲོ་བ་ནི། འཁོར་གྱི་དཀྱིལ་འཁོར་མཁའ་ནང་ནས་སྤྲོ་བ་ལ། སྐབས་འདིར་སྦྱང་བྱ་རླུང་བསྐྱེད་པ་ཙམ་ལས་ཁམས་དཀར་དམར་ཕན་ཚུན་དུ་ཕན་འདོགས་ པའི་དབྱེ་བ་མེད་པས། གཙོ་བོ་ཡབ་ཡུམ་ཕན་ཚུན་གྱི་སྐུ་ལ་ལྷ་རྣམས་ཞུགས་པ་ནི་མི་དགོས་ ལ། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཞལ་དུ་གཞུག་པ་དང་ལྷན་ཅིག་ཏུ་རིགས་ ལྔ་ཡབ་ཡུམ་ནས་བརྩམས་ཏེ་འདོད་ཕྱིར་འདོད་ཀྱི་བར་དུ་ལྷ་སྔར་སྤྲོས་པ་ཐམས་ཅད་གཙོ་ བོའི་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་མན་ཆད་དཀྱིལ་འཁོར་རྒྱལ་མཆོག་བཞིན་ ལས། མངལ་དཀྱིལ་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་ འཁྱུད་པ་སྤྲོས་ནས། འགྲོ་དོན་མཛད་དེ་གཙོ་བོ་ཉིད་ལ་ཐིམ་པ་ན། སྔར་མི་བསྐྱོད་པ་དུས་ཀྱི་ འཁོར་ལོ་ཡིན་པ་སྟེ། དེ་ནས་རྡོ་རྗེ་སེམས་དཔའ་དང་གཞི་མཐུན་པར་གྱུར་པར་བསམ་མོ། ། དེས་ན་རྒྱལ་མཆོག་སྔ་ཕྱི་གཉིས་ཀར་ལ་རྒྱལ་བ་རིགས་དྲུག་ཚང་བའི་ཆེད་ཡིན་པས་དེ་ལྟར་ གོ་དགོས་སོ། །སྔ་རབས་པ་ཁ་ཅིག་རྒྱལ་མཆོག་སྔ་མའི་སྐབས། སྦྱང་བྱ་མངལ་གྱི་གནས་ སྐབས་དང་བསྟུན་ནས་བྱང་ཆུབ་སེམས་དཔའི་སྔོན་དུ་ཁྲོ་བོ་སྤྲོ་དགོས་ཀྱང༌། འདིར་དེ་ལྟར་ མ་ཡིན་པས་སེམས་དཔའི་རྗེས་ལ་ཁྲོ་བོ་སྤྲོའོ་ཞེས་གསུང་ཡང༌། འདིར་སྦྱང་བྱའི་སྐབས་སྡེ་ ཚན་སོ་སོ་ལ་སྐད་ཅིག་མ་སྔ་ཕྱི་ཡོད་སྲིད་ཀྱང༌། ཡང་དག་པའི་མངོན་ཤེས་ཀྱིས་གཟིགས་ ན་མ་གཏོགས། དབང་ཡུལ་གྱི་རླུང་གི་རྗེས་ཁོ་ནར་ལས་དབང་གི་རླུང་འབྱུང་བའི་བཤད་ ཚོད་དང་རྒྱུ་མཚན་མེད་ཅིང༌། རགས་རྩིས་སུ་བདེ་གཤེགས་འཕར་མ་ཕན་ཆད་སྦྱང་བྱ་དུས་ མཉམ་ཡིན་པར་གསལ་བས། སྔ་ཕྱི་ལ་ཁྱད་པར་མེད་པའི་ཕྱིར། དེའི་རྗེས་སུ་དེ་དགོས་པའི་ ངེས་གཟུང་ཀྱང་མི་འཐད་དོ། །ཇི་ལྟར་སྤྲོ་བའི་ཚུལ་ནི། སྔོན་བཞིན་ཞེས་པའི་ཚིག་ཁོ་ནས་ དཀྱིལ་འཁོར་རྒྱལ་མཆོག་ཁོ་ན་དང་འདྲ་སྟེ་གོང་དུ་བཤད་ཟིན་ཏོ། །དེའི་ཕྱིར་བྱང་སེམས་ཀྱི་ སྔོན་དུ་ཁྲོ་བོ་སྤྲོ་བ་ཉིད་འཐད་དོ། །འདི་ལ་ཁ་ཅིག་རྒྱལ་མཆོག་གོང་མར་ཕྱིའི་གཞལ་ཡས་ 3-1-294 ཁང་ལ་ལྷ་སྤྲོས་པ་ཡིན་ན། དེར་དམ་ཚིག་གི་དཀྱིལ་འཁོར་གྲུབ་ཟིན་པར་འགྲོ་བས། རྒྱལ་ མཆོག་འདིར་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བར་གསུངས་པ་དང་འགལ་ལོ་ཞེས་ཟེར་ཞིང༌། སྔ་མ་དམ་ཚིག་གི་དཀྱིལ་འཁོར་གྱི་ཆ་ཤས་ཙམ་ཡིན་ཡང༌། དེའི་བྱ་བ་མ་རྫོགས་པས་དེ་ རྫོགས་པའི་ཕྱིར་སླར་ཡང་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བ་མི་འགལ་ལོ། །བྱ་བ་མ་རྫོགས་ པ་ཅི་ཞེ་ན། སྦྱང་བྱ་ཕྲུགས་ཆེན་པོའི་སྒོ་ནས་རྩ་རྫོགས་ཀྱང་རླུང་མ་རྫོགས་པ་དང༌། དག་སྦྱོར་ ཉེ་ཚེ་བ་སྐོར་བུའི་སྒོ་ནས་སྔ་མ་ནམ་མཁའི་ལྷ་རྣམས་སེམས་ཅན་སྐྱེ་བ་པོ་དང༌། མཁའ་ནང་ དུ་ཞུ་བ་འཆི་བ་དག་བྱེད་དང་དེ་ལས་བར་དོའི་ལུས་ཅན་ལྷ་ཚོགས་སུ་སྤྲོས་པ་དང༌། ཕྱི་མ་ འདི་དང་སླར་ཡང་སྐྱེ་བ་བླངས་པ་སྦྱོར་དགོས་པའི་ཕྱིར་དང༌། ལས་རྒྱལ་མཆོག་སྒོང་སྐྱེས་སུ་ འདོད་པ་རྣམས་ལ་ནི་ལྟ་སྨོས་ཀྱང་ཅི་དགོས་ལ། སྦྱོང་བྱེད་ལམ་གྱི་སྒོ་ནས་ནི། གཙོ་བོ་ནུས་ མ་དང་བཅས་པ་ལ་ཞུ་བ་གླུས་བསྐུལ་གྱི་བདེ་བའི་རྒྱས་འདེབས་ཡོད་ཀྱང༌། གཞན་རྣམས་ ལ་མེད་པས་སྤྲོས་པའི་ལྷ་རྣམས་གཙོ་བོ་ཡབ་ཡུམ་གྱི་བདེ་བ་ཆེན་པོ་གཅིག་གི་ངོ་བོར་སྒྲུབ་ པའི་ཕྱིར་སླར་ཡང་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་མཁའ་སྤྲོ་བྱེད་དགོས་པ་ཡིན་ནོ། །དེའི་ ཕྱིར་ཞུ་བའི་དུས་ཀྱི་ཡི་གེ་གསུམ་ལ་བསྡུ་བར་བྱེད་པ་སོགས་ཀྱང་འཐད་པ་མ་ཡིན་ནོ། །དེ་ བཞིན་དུ་སྔ་རབས་པ་འགའ་ཞིག་དང༌། དྲུང་པ་ཆོས་རྗེ་པས་ཀྱང༌། རྒྱལ་མཆོག་སྔ་མའི་ལྷ་ མ་བསྡུས་པ་ལ་ཕྱི་མའི་ལྷ་སྤྲོས་ཏེ་སྟིམ་པར་མཛད་པ་ཡང་མི་ལེགས་ལ། དེའི་སྒྲུབ་བྱེད་དུ་ ཕྱིས་བྱུང་ཁ་ཅིག་ཡེ་ཤེས་པ་གཞུག་པའི་སྐབས་དེར་སྔར་བཞིན་དམ་ཚིག་གི་འཁོར་ལོ་ལ་རོ་ མཉམ་པར་གྱུར། ཞེས་པའི་སྔར་བཞིན་ཞེས་པ་རྒྱལ་མཆོག་སྔ་མའི་ལྷ་ལ་ཕྱི་མའི་ལྷ་བསྟིམ་ པ་ལ་ཁ་འཕངས་པ་ཡིན་ནོ། །ཞེས་ཟེར་བ་ཡང་ལེགས་པ་མ་ཡིན་ཏེ། ཡེ་ཤེས་པ་གཞུག་ ཚུལ་དབང་ལེ་སོགས་སྔར་གྱི་གནས་སྐབས་མང་པོར་གསུངས་པ་ལ་དགོངས་པར་ཡང་རུང་ ལ། ཁྱད་པར་དེ་མ་ཐག་པའི་སྔོན་རོལ་དེ་ཉིད་དུ་གསལ་བར་གསུངས་པ་ལ་སྔོན་བཞིན་ཞེས་ 3-1-295 གསུངས་པ་ཡིན་གྱི། ལས་རྒྱལ་མཆོག་སྤྲོ་བའི་སྐབས་ན་དོན་ལ་བསྲེ་མི་དགོས་པ་ཁོ་ན་ཉིད་ ཡིན་མོད། དགོས་སུ་ཆུག་ཀྱང་བསྲེ་བའི་ཚིག་ཡེ་མེད་པ་ལ་སྔོན་བཞིན་ཞེས་པ་ཁ་འཕངས་ མཛད་པ་སྲིད་རེ་ཀན། ད་དུང་དོན་འདི་འཆད་པར་འགྱུར་རོ། །ཡང་ཁ་ཅིག་རྒྱལ་མཆོག་སྔ་ མའི་ཚེ། ཐིག་ལེ་ཙམ་ལས་བསྐྱེད་ལ། ཕྱི་མའི་སྐབས་སུ་ས་བོན་ལས་བསྐྱེད་པ་ནི། རླུང་གི་ མཚོན་བྱེད་ས་བོན་ཡིན་པས་སྦྱང་གཞི་དང་ཤིན་ཏུ་མཐུན་ནོ་ཟེར་བ་ནི་འཕོངས་པའི་རྒྱུ་ཁོ་ན་ སྟེ། སྦྱང་གཞི་རླུང་ཡིན་སྲིད་ཀྱང་དབུགས་ཕྱི་རོལ་ཏུ་རྒྱུ་བ་ཁོ་ན་ལ་སྦྱོར་དགོས་པའི་རྒྱུ་མཚན་ མེད་པ་དང༌། རང་ཉིད་ལྷའི་གདན་གྱི་སྲོག་ཆགས་བསྐྱེད་པ་སོགས་ཐམས་ཅད་ལ་ས་བོན་ འབད་དེ་སྦྱོར་བ་དེ་ཡང་སྦྱང་བྱ་རླུང་ཁོ་ན་ཡིན་ནམ་ཅི། དེ་བཞིན་དུ་སྲུང་འཁོར་ལ་སོགས་ པའི་སྐབས་ལའང་སྦྱོར་རམ་ཅི། ཡང་ཁྱེད་རྣམས་རླུང་དང་ས་བོན་རྣམ་པ་ཀུན་ཏུ་རང་སྦྱོར་ དགོས་ན་དཀྱིལ་འཁོར་རྒྱལ་མཆོག་ལ་ངེས་པར་ས་བོན་ལས་བསྐྱེད་པ་དགོས་པར་འགྱུར་ ཏེ། དེར་སྦྱང་བྱ་རླུང་བཅུ་སོགས་རླུང་ཐམས་ཅད་ཆགས་པའི་ཕྱིར་རོ། །དོན་བསྡུ་ན་སྦྱང་བྱ་ བག་ཆགས་དང་བཅས་པའི་སེམས་ལས་འབྲས་བུ་ལུས་ངག་རྫོགས་པར་བྱེད་པའི་ཕྱིར། རྒྱུ་ ས་བོན་ལས་འབྲས་བུ་ལྷ་བསྐྱེད་པ་ཡིན་པ། ཅུང་ཟད་རྒྱས་པར་ན་ས་བོན་གསུང་ཕྱག་མཚན་ ཐུགས། ཞལ་ཕྱག་རྫོགས་པ་སྐུ་སྟེ་ལྷ་རེ་རེ་ཡང་རྡོ་རྗེ་གསུམ་གྱི་དག་པར་སྦྱོར་བ་ཡིན་ཅིང༌། ཐིག་ལེ་ནི་གཙུག་ཏོར་སོགས་ནས་ཞུ་བའི་རྒྱུན་དེ་ཁ་ཡིན་པས་སྤྱིར་ཐོག་མའི་རྒྱུ་ཡིན་མོད་ ཀྱང༌། ལྷ་སོ་སོའི་བསྐྱེད་ཆོག་ལ་ཐེ་བའི་རྒྱུ་མ་ཡིན་ཏེ། ཐུན་མོང་དུ་གྱུར་པའི་ཕྱིར་རོ། །སྔོན་ རབས་འགའ་ཞིག་རྒྱལ་མཆོག་དང་པོ་མངལ་སྐྱེས་སྦྱོང་བྱེད་དང༌། འདི་སྒོང་སྐྱེས་སྦྱོང་བྱེད་ དེ་མངལ་སྒོང་གཉིས་སུ་དབྱེ་བའི་དོན་ཡིན་ཞེས་ཟེར་ལ། དེ་ལ་བུ་སྟོན་ཆེན་པོས་མངོན་ བརྗོད་བླ་མ་ལས། སྒོང་སྐྱེས་གླུ་ནི་མེད་པ་སྟེ། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་གསུངས་ པ་དང་འགལ་ལོ་ཞེས་གསུང་བ་དགག་པ་སོང་ཞིང་དོན་ལ་འབྱོར་རོ། །ཡང་ཕྱིས་ཀྱི་རྣམ་ 3-1-296 བཤད་བྱེད་པ་མང་པོས་ལུགས་སྔ་མ་དེ་རོ་ལངས་བྱས་ནས། སྒོང་སྐྱེས་རླུང་གི་སྐྱེ་གནས་ཡིན་ ལ། རྒྱལ་མཆོག་གཉིས་པ་ཡང་རླུང་སྦྱོང་བྱེད་ཡིན་པའི་ཕྱིར་ཞེས་རྒྱབ་ཏུ་མི་ལྟ་བར་གདོང་ འདེད་ཀྱི་སྒྲུབ་བྱེད་འགོད་ཅིང༌། དེ་ལས་ཁ་ཅིག་ཨ་བྷི་དྷ་ནའི་ལུང་དེ་སྒྲུབ་ཐབས་ཡོངས་ རྫོགས་སྒོང་སྐྱེས་སྦྱོང་བྱེད་ཡིན་མིན་ལ་སྦྱོར་ཟེར་ཏེ་ཁྱེད་རྣམས་འདོད་པའི་རྒྱུ་མཚན་དེ་ལྟ་ ན། རྒྱལ་མཆོག་དང་པོ་མངལ་སྐྱེས་སྦྱོང་བྱེད་ཡིན་པའི་ཕྱིར། སྦྱངས་བྱའི་གཙོ་བོ་མེ་ཁམས་ ཡིན་པར་ཐལ་བར་འགྱུར་ལ། དེ་འདོད་ན་དེ་ནི་རྩ་ཐམས་ཅད་སྦྱོང་བྱེད་ཡིན་ན་རྩ་ཐམས་ ཅད་མེ་ཁམས་ཡིན་པར་ངེས་སམ་ཅི། དེས་ན་རྒྱལ་མཆོག་གཉིས་པའི་སྦྱང་བྱ་ནི་རྩ་རླུང་ཐིག་ ལེ་གསུམ་གྱིས་ཟླས་ཕྱེ་བའི་རླུང་ཡིན་གྱི། ཁམས་དྲུག་གིས་ཟླས་ཕྱེ་བའི་རླུང་ཁམས་སུ་ངེས་ འདུག་གམ་ལེགས་པར་སོམས་ཤིག སྒོང་སྐྱེས་རླུང་གི་སྐྱེ་གནས་ཅན་ནི། ཁམས་དྲུག་གམ་ བརྒྱད་ཀྱི་ནང་ཚན་གྱི་རླུང་ཁམས་ཁོ་ན་ཡིན། དེ་ཡང་ཁམས་དྲུག་གི་ནང་ཚན་གྱི་འབྱུང་བཞི་ དང༌། ཁམས་བརྒྱད་ཀྱི་ནང་ཚན་གྱི་འབྱུང་བཞི་ལ་ཁྱད་པར་མེད་དོ། །གཅིག་ཤོས་དེ་ལའང་ འདི་སྐད་ཅེས་བྱ་སྟེ། རྒྱུད་སྡེ་འགྱུར་རོ་ཅོག་ཐམས་ཅད་ཀྱི་ནང་ན་བསྐྱེད་རིམ་སྒོང་སྐྱེས་སྦྱོང་ བྱེད་ཀྱི་མཚན་ཉིད་སྟོན་བྱེད་གསལ་པོ་གཞན་ནི་མེད་ལ། གཅིག་པོ་དེ་ལ་མི་རྩི་བ་ནི་ངོ་ཚ་ མེད་ཅིང་ཁྲེལ་མེད་པས་བསྟན་པ་དཀྲུག་པ་ཙམ་དུ་ཟད་ན། འདི་ལ་ལུང་དང་རིགས་པས་ཅི་ ཞིག་བྱ། དེ་ལྟ་བས་ན་རང་ལུགས་ནི། གནས་འདི་ལ་ཀུན་མཁྱེན་ཆེན་པོ་དང་བུ་སྟོན་རིན་པོ་ ཆེ་ཡང་བཞེད་པ་མཐུན་པ་ལྟར། སྒོང་སྐྱེས་སྦྱོང་བྱེད་ནི་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་ཁོ་ན་ སྟེ། འགྲེལ་ཆེན་ལས་ཀྱང་ཚངས་པའི་སྒོ་ང་དཔེར་མཛད་པའི་ཕྱིར་རོ།། །། གསུམ་པ་ལྷ་རྣམས་ཀྱི་དག་པ་དྲན་པ་ནི། སྐུ་བཞིའི་རྣམ་དག རྩའི་རྣམ་དག །དུས་ཀྱི་ རྣམ་དག །ཕུང་ཁམས་ཀྱི་རྣམ་དག །མཚན་མའི་རྣམ་དག བཞུགས་སྟངས་ཀྱི་རྣམ་དག ། འཕྲོས་དོན་གྱི་དག་པ་གཞན་ཏེ་བདུན་ལས། དང་པོ་ནི། ལྷ་མོ་སངས་རྒྱས་རིག་མ་སོགས་ 3-1-297 ཏེ། མངལ་གནས་སྐྱེས་པ་ཇི་ལྟ་བ་ཉིད་ཅེས་གསུངས་པས། དངོས་བསྟན་སྦྱང་བྱ་ལ་སྦྱར་བ་ གཙོ་ཆེ་ཡང་དོན་གྱི་གཙོ་བོ་སྦྱངས་འབྲས་ཉིད་དེ། དཔེ་སྦྱང་བྱ་ལ་བརྟེན་ནས་དོན་སྦྱངས་ འབྲས་གོ་བར་བྱེད་དོ། །དེ་ཡང་མངལ་ན་གནས་པ་དང༌། བཙས་ཟིན་པའི་གནས་སྐབས་ བསྡོམས་པ་སྐུ་བཞི་དང་སྦྱར་བའི་དག་པ་ནི། ལྷ་མོ་དུ་བ་མ་ལ་སོགས་པ་བརྒྱད་དང༌། སངས་ རྒྱས་དོན་ཡོད་གྲུབ་པ་ལ་སོགས་པ་དང༌། སྒྲོལ་མ་ལ་སོགས་པའི་རིག་མ་བཞི་དང༌། དཔག་ བསམ་གྱི་ཤིང་དང༌། བཅས་པའི་སྒྲས་དུང་གཎྜི་ནོར་བུ་སྟེ་རྡོ་རྗེ་བཞི་དང༌། བུམ་པ་བཅུ་ རྣམས་དང་བཅས་པ་རྣམས་རྒྱལ་བ་སངས་རྒྱས་ཀྱི་ནི་དག་པའི་སྐུའོ། །གཙོ་བོ་ནི་ཁྱབ་བྱེད་ ཡིན་ཡང་བཅས་པ་ཞེས་པའི་ཚིག་གིས་གཙོ་བོ་ཉིད་འཁོར་དེ་རྣམས་དང་བཅས་པ་ཞེས་པར་ གོ་ནུས་སོ། ཁྲོ་བོའི་དབང་པོ་བགེགས་མཐར་བྱེད་ལ་སོགས་པ་ཡུམ་དང་བཅས་པ་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་དང༌། རོ་ཡི་ཞེས་པ་དྲུག་གི་དོན་ཏེ། རྡོ་ རྗེ་མ་དྲུག་ནི་ཆོས་ཀྱི་སྐུ་དེ་ཉིད་དོ། །གསུང་དཀྱིལ་གྱི་ཙརྩི་ཀཱ་ལ་སོགས་པ་རྣལ་འབྱོར་མ་ བརྒྱད་ཐབས་དང་བཅས་ཤིང༌། འཁོར་གྱིས་བསྐོར་བ་རྣམས་ནི་ལོངས་སྤྱོད་རྫོགས་པའི་ སྐུའོ། །སྐུ་དཀྱིལ་གྱི་སྒོ་སྲུངས་ཤིང་རྟ་ལ་གནས་པའི་དབྱུག་སྔོན་འོད་ཟེར་ཅན་མ་ལ་སོགས་ པ་ཁྲོ་བོ་ཡབ་ཡུམ་རྣམས་དང༌། བདེན་བྲལ་ལ་སོགས་པ་ལྷ་ཆེན་པོར་གྲགས་པ་ཉི་མའི་ བརྡས་བསྟན་པའི་བཅུ་གཉིས་པོ་འཁོར་བཅས་རྣམས་དང༌། ཀླུ་བརྒྱད་པོ་རྣམས་དང༌། རབ་ གཏུམ་མ་རྣམས་དང༌། མ་ངེས་པའི་འབྱུང་པོའི་འཁོར་དང་བཅས་པ་རྣམས་སངས་རྒྱས་ཀྱི་ སྤྲུལ་པའི་སྐུའོ། །འདིར་ཀླུ་བརྒྱད་ཅེས་གསུངས་པ། སྟེང་འོག་གི་ཀླུ་འགོག་པའི་དོན་མ་ཡིན་ མོད། བརྒྱད་པོ་གཙོ་ཆེ་བའི་དོན་དུ་བྱས་པའོ། དེས་ན་མངལ་དུ་གནས་པ་དག་པའི་སྐུ། བཙས་ནས་སོ་སྐྱེས་ཀྱི་བར་དུ་ཆོས་སྐུ། དེ་ནས་སླར་ཡང་སོ་ལྷུང་གི་བར་དུ་ལོངས་སྤྱོད་ཀྱི་སྐུ། སླར་སོ་སྐྱེས་པ་ནས་འཆི་བའི་བར་དུ་སྤྲུལ་སྐུ་སྟེ། རིམ་པས་བདེ་བས་བྱིན་གྱིས་བརླབས་ 3-1-298 པའི་མངོན་ཤེས་དང་ལྡན་པའི་ཕྱིར་དང༌། མཚན་འཛིན་ཤས་ཆུང་བའི་ཕྱིར་དང༌། ངག་ གསལ་བར་བརྗོད་པའི་ཐོག་མ་ཡིན་པའི་ཕྱིར་དང༌། བྱ་བ་སྣ་ཚོགས་ལ་འཇུག་ཅིང་རིགས་ བརྒྱུད་བསྐྱེད་པ་སོགས་ཀྱི་ཕྱིར་རོ། །དེ་དག་སྦྱོང་བྱེད་ལ་རིམ་པ་བཞིན་བདེ་ཆེན་འཁོར་ལོ་ དང༌། ཐུགས་དང་གསུང་དང་སྐུའི་ལྷ་རྣམས་སྦྱར་བ་སྟེ། འཁོར་བ་རྣམས་ཀྱི་སྐྱེ་སྲིད་རྣམ་པར་ དག་པ་དོན་དམ་ཆོས་དབྱིངས་སངས་རྒྱས་ཀྱི་ཡེ་ཤེས་གཙོ་བོ་ཡབ་ཡུམ་མཉམ་སྦྱོར་བདེ་བ་ ཆེན་པོས་ཤེས་བྱ་ཕུང་ཁམས་དང༌། ཕར་ཕྱིན་བཅུ་ལ་ཐབས་ཤེས་ཀྱིས་ཕྱེ་བ་དང༌། རྡོ་རྗེ་བཞི་ རྣམས་མཁྱེན་པ་སྟེ། བདེ་བས་ཤེས་བྱ་ཐམས་ཅད་མཁྱེན་པ་བདེ་ཆེན་འཁོར་ལོ་དག་པའི་སྐུ་ དང༌། ཡུལ་དབང་བྱ་བྱེད་ལས་གསུམ་སོགས་སྤྲོས་པ་ཐམས་ཅད་སྤངས་པའི་ཆོས་སྐུ་ཐུགས་ དཀྱིལ་གྱི་ལྷ་དང༌། བརྒྱ་དང་དྲུག་ཅུ་རྩ་བཞིའི་ལྟེ་བའི་རླུང་རྣམ་པར་དག་པའི་རང་བཞིན་ གཞོམ་མེད་ཀྱི་སྒྲ་དབྱངས་ལོངས་སྐུ་ནི་གསུང་དཀྱིལ་གྱི་ལྷ་དང༌། ས་འོག་ས་སྟེང་ས་བླར་ གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་འབྱུང་བའི་སྤྲུལ་སྐུ་ནི་སྐུ་དཀྱིལ་གྱི་ལྷའི་རྣམ་དག་གོ ། ཡང་ རྒྱལ་བའི་སྐུ་བཞིའི་དབྱེ་བ་ཕྱི་རོལ་གསུང་དང་སྐུའི་དཀྱིལ་འཁོར་དག་པ་གཅིག་དང༌། ནང་ ཐུགས་དཀྱིལ་ཁོ་ན་ལ་སྦྱར་བ་སྟེ། རིམ་པ་གཉིས་སུ་འགྱུར་ཞིང༌། མངལ་སྐྱེས་རྣམས་མངལ་ དུ་གནས་པ་ལ་སྐུ་བཞིའི་དག་པ་ཆ་ཚང་གཅིག་དང༌། བཙས་ནས་མ་ཤིའི་བར་ལ་སྐུ་བཞིའི་ དག་པ་ཆ་ཚང་གཅིག་སྟེ། མངལ་སྐྱེས་ཀྱི་ཚེ་གཅིག་ལ་དག་པ་ཕྲུགས་གཉིས་ཡོད་པ་བཞིན་ དུ་དཀྱིལ་འཁོར་ཡོངས་རྫོགས་ལ་ཡང་སྐུ་བཞིའི་དག་པ་ཕྲུགས་གཉིས་སོ། །དེ་ཡང་ནང་ལེ་ ལས་འབྱུང་བ་ལྟར་མའི་མངལ་དུ་དཀར་དམར་སེམས་གསུམ་འདྲེས་ཤིང༌། ཕུང་ཁམས་ཀྱི་ དབྱེ་བ་རགས་པ་མ་ཐོབ་པའི་སྐབས་དེ་རྣམ་ཤེས་བདེ་བའི་གནས་སྐབས་ཡིན་པའི་ཕྱིར། དག་པའི་སྐུའམ་ལྷན་ཅིག་སྐྱེས་པའི་སྐུས་དག་པ་དང༌། དེ་ནས་ཕུང་ཁམས་བཅུའི་དབྱེ་བ་ རགས་པ་གྲུབ་པ་ནི་ཆོས་སྐུ་དང༌། དེ་ནས་དབང་པོ་ཡུལ་བཅས་གྲུབ་པ་ནི་ལོངས་སྐུ་དང༌། དེ་ 3-1-299 ནས་སྒྲ་ལ་སོགས་པ་རིམ་གྱིས་གྲུབ་སྟེ། བཙའ་བའི་དུས་ཀྱི་མཐར་ཐུག་པ་ནི་སྤྲུལ་སྐུས་དག་ པའོ། །རྒྱུ་མཚན་རིམ་པ་བཞིན་བདེ་བ་ཉིད་དང་ཕུང་ཁམས་ཀྱི་རྣམ་རྟོག་སྤངས་པ་དང༌། ལོངས་སྤྱོད་ཀྱི་གཞི་ཡིན་པ་དང༌། བྱ་བྱེད་རྣམ་རྟོག་དུ་མའི་རྒྱུར་གྱུར་པའི་ཕྱིར་འདྲ་ཆོས་ཀྱི་སྒོ་ ནས་བཞག་གོ །དེ་ལ་སྟོན་པ་བཅོམ་ལྡན་འདས་འཁོར་ལྷ་མོ་ནུས་མ་རྣམས་དང༌། སོགས་ཀྱི་ སྒྲས་རྡོ་རྗེ་བཞི་དང༌། བུམ་པ་རྣམས་ཡིན་ལ་འདི་རྣམས་རྒྱལ་བའི་ལྷན་ཅིག་སྐྱེས་པའི་སྐུའི་ དག་པ་ཡིན་ཏེ། དཀྱིལ་འཁོར་སྙིང་པོ་བདེ་ཆེན་འཁོར་ལོའི་ཡང་དབུས་གཙོ་བོའི་པདྨ་ལ་ བསྐོར་བ་རྣམས་ནི། དོན་དམ་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཉིད་རྡོ་རྗེ་བཞི་དང་ཕར་ཕྱིན་ སོགས་གཞི་ལམ་འབྲས་བུའི་རྣམ་པ་ཀུན་ཏུ་འཆར་བ་མཚོན་པའི་ཕྱིར་དང༌། མངལ་གྱི་ གནས་སྐབས་དང་པོ་དེ་ན་རྩ་རླུང་ཁམས་དབང་པོ་སོགས་ཐམས་ཅད་ཀྱི་ས་བོན་ཕྲ་མོའི་ཚུལ་ གྱིས་གནས་པ་དང་མཚུངས་པས་སོ། །དོན་གྲུབ་སོགས་སངས་རྒྱས་བཞི་དང༌། སོགས་ཀྱི་ སྒྲས་ཡུམ་བཞི་ནི་ཕུང་ཁམས་སོགས་ཆོས་ཐམས་ཅད་ཀྱི་རང་བཞིན་འོད་གསལ་བ་གཟིགས་ པའི་ཆོས་སྐུས་དག་པ་སྟེ། མངལ་གྱི་གནས་སྐབས་སུ་ཕུང་ཁམས་ཀྱི་དབྱེ་བ་རགས་པ་གྲུབ་ ཅིང༌། འབུར་པོ་ལྔར་དོད་པ་དང་མཚུངས་པའི་སྒོ་ནས་དག་པའོ། །རྡོ་རྗེ་མ་དྲུག་དང་སོགས་ པའི་སྒྲས་སེམས་དཔའ་དྲུག་ནི། ཡེ་ཤེས་ཀྱི་སྐུ་མཚན་དཔེ་ཅན་གྱིས་ཟག་མེད་ཀྱི་འདོད་ཡོན་ ལ་ལོངས་སྤྱོད་པའི་ལོངས་སྐུས་མཚོན་ནས་མངལ་དུ་ཡུལ་ལྔའི་ནུས་པ་དང་དབང་པོ་ལྔ་རྣམ་ པར་དག་པའོ། །སྒོ་སྐྱོང་གི་ཁྲོ་བོ་བཞིའམ་ལྔ་ཡུམ་དང་བཅས་པ་དག་ནི། འཕྲིན་ལས་སྣ་ ཚོགས་པའི་སྒོ་ནས་འགྲོ་བའི་དོན་སྤྱོད་པ་སྤྲུལ་བའི་སྐུ་མཚོན་ཅིང༌། མངལ་དུ་ཚིགས་ཆེན་ བཅུ་གཉིས་སོགས་དང༌། སྐྲ་དང་བ་སྤུ་སོགས་འགྲུབ་པ་རྣམ་པར་དག་པའོ། །དེ་དག་ནི་ དཀྱིལ་འཁོར་གྱི་སྙིང་པོ་ཐུགས་དཀྱིལ་ཁོ་ན་ལ་སྐུ་བཞི་སྤྱོད་ཚུལ་ལོ། །ཡང་ནང་ལེ་ལས་ འབྱུང་བ་ལྟར་བཤད་ན། བྱིས་པ་བཙས་མ་ཐག་ཏུ་རླུང་རྒྱུ་བའི་ཐོག་མར་དབུ་མ་ལས་ང་དྲུག་ 3-1-300 རྐང་བཅས་འབབ་ཅིང༌། དེས་རླུང་གཞན་ཐམས་ཅད་སད་པར་བྱེད་པ་ནི། ལྷན་སྐྱེས་ཀྱི་སྐུ་སྟེ་ ཡུལ་ཤེས་བྱ་རྣམས། རིག་པའི་ནུས་པ་ཐོབ་པ་ལ་ཕྱོགས་པའི་ཕྱིར་རོ། །དེ་ནས་སོ་སྐྱེ་བའི་ བར་ནི་ཆོས་སྐུ་སྟེ། ཆོས་སྐུ་བརྗོད་བྲལ་དང༌། འདི་ཚིག་མི་གསལ་བའི་ཕྱིར་རོ། །དེ་ནས་སོ་ ལྷུང་བའི་བར་ལོ་བརྒྱད་ནི་ལོངས་སྐུ་སྟེ། སྤྱིར་ལོངས་སྤྱོད་ཡུལ་ལྔ་རིག་པ་དང༌། སྒོས་སུ་ཟས་ ལ་ལོངས་སྤྱོད་པའི་ཐོག་མ་ཤར་བའི་ཕྱིར་རོ། །སོ་ལྷུང་བ་ནས་འཆི་བའི་མཐར་ཐུག་པ་སྤྲུལ་ སྐུ་སྟེ། ཐོག་མའི་དག་པ་དང་འདྲ་བར་བྱ་བ་སྣ་ཚོགས་པའི་ཕྱིར་རོ། །ཡང་ཐུགས་དཀྱིལ་གྱི་ ཕྱི་རོལ་གསུང་འཁོར་དུ་ཙ་མུཎྜ་སོགས་ལྷ་མོ་བརྒྱད་འཁོར་བཅས་ནི། དག་པ་ལྷན་སྐྱེས་ཀྱི་སྐུ་ སྟེ། མ་མོ་འདི་རྣམས་འདོད་པའི་དགའ་བ་ལྷག་པར་སྤྱོད་པ་དང་ཚུལ་མཐུན་པའི་ཕྱིར་དང༌། བཙས་མ་ཐག་དབུ་མའི་དབུགས་འབབ་པ་{མེད་[ཡང་]ནང་གི་ཐིག་ལེའི་བདེ་བ་སྐུལ་བྱེད་ ཡིན་ཅིང་འདིས་དེ་སྦྱོང་བའི་ཕྱིར་རོ། །སྐུ་འཁོར་གྱི་ལྷ་ཆེན་བཅུ་གཉིས་འཁོར་བཅས་དང༌། སྒོ་སྐྱོང་རྣམས་ཕྱི་ནང་གི་ཡུལ་དང་དུས་ཀྱི་དབྱེ་བ་སྣ་ཚོགས་པ་དང༌། གཙོ་འཁོར་དང་བྱ་བྱེད་ ལས་གསུམ་སོགས་ཆོས་སྣ་ཚོགས་པ་ཐམས་ཅད་རོ་མཉམ་དུ་གཟིགས་པ་མཚོན་པའི་ཕྱིར་ ཆོས་སྐུ་སྟེ། བཙས་ནས་སོ་མ་སྐྱེས་བར་དུ་མིག་སོགས་དབང་པོ་རྣམས་གཟུགས་སོགས་ཡུལ་ གྱི་སྣང་བ་སྣ་ཚོགས་ལ་འཇུག་ཀྱང་བླང་དོར་གྱི་རྟོག་པ་ཤས་ཆུང་བ་དེ་སྦྱོང་བའི་ཕྱིར་རོ། ། གདེངས་ཅན་རིགས་ཏེ་ཀླུ་བཅུ་པོ་རྣམས་ནི། འཇིག་རྟེན་གྱི་ཀླུ་རྣམས་རྡོ་རྗེའི་ས་གཞི་ནས་ གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་སྣ་ཚོགས་པའི་ཆོ་འཕྲུལ་གྱིས་རྩེ་ཞིང་ལོངས་སྤྱོད་པ་དང་ རྣམ་པ་མཚུངས་པའི་ཕྱིར་ལོངས་སྤྱོད་རྫོགས་སྐུ་སྟེ། བྱིས་པ་སོ་སྐྱེས་ནས་སོ་མ་ལྷུང་གི་བར་ ཡང་སྣ་ཚོགས་པའི་རྩེད་མོའི་རོལ་པ་དང་བཅས་པ་དེ་སྦྱོང་བའི་ཕྱིར་རོ། །རབ་གཏུམ་མོ་ རྣམས་ནི་དུར་ཁྲོད་དུ་གནས་ཤིང༌། ཁྲོ་ཆགས་ལ་སོགས་པའི་སྤྱོད་པ་སྣ་ཚོགས་པ་སྟོན་པས་ ན་འཁོར་བར་གནས་ནས་གང་ལ་གང་འདུལ་གྱི་འགྲོ་དོན་མཛད་པའི་སྤྲུལ་སྐུ་མཚོན་པར་ 3-1-301 འགྱུར་ཏེ། གཞོན་ནུ་སོ་ལྷུང་ཞིང་བརྗེས་ནས་ཚེའི་མཐར་གཏུགས་པའི་བར་གནས་ལུས་ ལོངས་སྤྱོད་བྱ་བྱེད་མ་ངེས་པ་འབྱུང་བ་རྣམ་པར་དག་པའི་ཕྱིར་རོ། །སེམས་ཅན་ཀུན་གྱི་དོན་ གྱི་སླད་དུའོ་ཞེས་པ་ནི་གསུང་དང་སྐུའི་ལྷ་ཚོགས་འདི་དག་ཐུགས་དཀྱིལ་གྱི་ལྷ་རྣམས་དང་ངོ་ བོ་གཅིག་པ་ཡིན་ཀྱང༌། འཇིག་རྟེན་ལྷའི་གཟུགས་སུ་སྣ་ཚོགས་སུ་འབྱུང་བ་ནི། དེ་དང་དེས་ འདུལ་བའི་སེམས་ཅན་གྱི་དོན་དུའོ། །ཞེས་པའི་དོན་ཡིན་ལ། འདིར་དག་པ་རིམ་པ་གཉིས་ སུ་མཛད་པ་ནི་ལུས་ངག་ཡིད་གསུམ་ཞེས་པའང་ངག་ལུས་ལ་བསྡུས་ཏེ། ལུས་སེམས་གཉིས་ སུ་འདུ་བའི་དབང་དུ་མཛད་ནས་སེམས་ཀྱི་ཆོས་ཐུགས་དཀྱིལ་ལ་དག་པ་ཚར་གཅིག་དང༌། ལུས་ཀྱི་ཆོས་ཕྱི་མ་གཉིས་ལ་དག་པ་ཚར་གཅིག་མཛད་པ་ཡིན་ལ། དག་པ་སྔོན་མ་ནི་སྐུ་ གསུང་ཐུགས་བདེ་ཆེན་བཞི་པོ་ལ་སྐུ་བཞི་དང་རྡོ་རྗེ་བཞི་བྲང་ཐད་དུ་སྦྱར་བ་ཡིན་ནོ། །དེ་ ལྟར་ན་སྐུ་བཞིའི་དག་པ་འདི་ནི་དག་སྦྱོར་གྱི་གཙོ་བོ་ཡིན་ལ། དུས་ཀྱི་འཁོར་ལོའི་བསྐྱེད་ རིམ་གྱི་བཤད་པ་བྱེད་པའི་བོད་རྣམས་ཀྱིས་འགྲེལ་པའི་དངོས་བསྟན་རགས་བཤད་ཙམ་དེ། ཐམས་ཅད་དུ་གཅིག་ལ་གཅིག་གིས་སྐྱོར་ཟློས་བྱེད་པའི་ཚིག་ཙམ་ལ་ཞེན་པ་ལས་རྒྱུ་མཚན་ ངེས་ཅན་བཤད་པ་མ་མཐོང་ནས་འདིར་གསལ་བར་བཤད་པའོ། །སྐུ་ཡི་རྡོ་རྗེ་ལྷན་ཅིག་སྐྱེས་ པའི་སྐུ་ནི་ཟུང་དུ་འགྱུར་ཏེ་གཟུགས་ནི་རྫོགས་པའི་སླད་དུའོ། །གསུང་གི་རྡོ་རྗེ་དང་ནི་ཆོས་ཀྱི་ སྐུ་ཡང་ཟུང་དུ་འགྱུར་ཏེ་ཆོས་ཉིད་བསྟན་པའི་དོན་དུའོ། །ཐུགས་དང་ལོངས་སྤྱོད་རྫོགས་པའི་ སྐུ་ཡང་ཟུང་དུ་འགྱུར་ཏེ་སེམས་ཅན་ཀུན་གྱི་དོན་ནི་བྱེད་པ་པོ། ཡེ་ཤེས་དང་ནི་སྤྲུལ་པའི་སྐུ་ དག་ཟུང་དུ་འགྱུར་ཏེ་སྲོག་ཆགས་རྣམས་ལ་ཐར་པ་སྟེར་བ་ཉིད། ཅེས་པའི་དོན་ནི་རྣམ་ གཞག་སྤྱིར་བཏང་ལ་སྐུ་རྡོ་རྗེ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ། ཡེ་ཤེས་ལྷན་ཅིག་ སྐྱེས་པའི་སྐུར་འཇོག་ཀྱང་འདིར་དམིགས་གསལ་གྱི་ཚུལ་དུ་ཕན་ཚུན་གདོད་ནས་རྒྱས་ བཏབ་པའི་རྣམ་གཞག་བྱ་སྟེ། མངལ་དུ་བྱིས་པ་རྣམས་ཀྱི་ལུས་རྫོགས་པ་སྐུ་རྡོ་རྗེའི་རིགས་ 3-1-302 ལ་རྣམ་ཤེས་ཁུ་ཁྲག་གིས་བྱིན་གྱིས་བརླབས་པ་བདེ་ཆེན་ལྷན་ཅིག་སྐྱེས་པའི་སྐུ་ཟུང་འབྲེལ་ དུ་རྒྱས་འདེབས་ཤིང༌། འབྲས་དུས་དཀྱིལ་འཁོར་གྱི་འཁོར་ལོ་མཚན་དཔེའི་སྐུ་གཞལ་མེད་ ཁང་མཆོད་པ་ལ་སོགས་པ་ཐམས་ཅད་མི་འགྱུར་བའི་བདེ་བའི་རང་བཞིན་ལས་གྲུབ་པའི་ ཕྱིར། དེ་ལམ་དུ་བྱེད་པ། རྟེན་གཞལ་ཡས་ཁང་སྐུ་ལ་བརྟེན་པ་ལྷ་ཁ་སྦྱོར་གྱི་སྐུ་ཅན་ལྷན་ཅིག་ སྐྱེས་པ་མི་འབྲལ་པའི་ཚུལ་གྱིས་འཇུག་པ་དང༌། བརྟེན་པ་ལྷ་ཉིད་ཀྱང་རྒྱུ་ཐབས་ཤེས་ཉི་ཟླ་ ལས་བྱུང་བ་སྐུ་དང༌། འབྲས་བུ་ཐབས་ཤེས་ཁ་སྦྱོར་གྱི་ལྷ་ཡིན་པས་བདེ་བ་སྟེ་སྐུ་དང་བདེ་ ཆེན་མི་འབྲལ་བ་མཚོན་ཏེ། དཀྱིལ་འཁོར་རྒྱལ་མཆོག་གི་དག་པའོ། །བྱིས་པ་བཙས་ནས་སོ་ སྐྱེས་པའི་བར་རང་བཞིན་རླུང་འབབ་ཅིང༌། རྣམ་འགྱུར་ངག་གི་བརྗོད་པ་དང་པོར་འབྱུང་ བའི་སྐབས་ཡིན་པས་གསུང་རྡོ་རྗེའི་འདྲ་མཚུངས་ཀྱང་ཡིན་ལ། ཤེས་པ་གསལ་ལ་རྟོག་མེད་ ཤས་ཆེ་བའི་ཕྱིར་ཆོས་སྐུ་དང་མཐུན་ནོ། །འབྲས་བུ་ཐུགས་རྡོ་རྗེ་སྟོང་ཉིད་གཟིགས་པའི་ཡེ་ ཤེས་དེ་ཀས་ཇི་སྙེད་པ་མཐའ་དག་གཟིགས་པའི་ཕྱིར་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་ བས་ན། ཆོས་སྐུའི་རང་བཞིན་ལས་གསུང་གི་སྣང་བ་འབྱུང་བས། གསུང་དང་ཆོས་སྐུ་རོ་ མཉམ་ཟུང་འབྲེལ་ཏེ། ཆོས་སྐུས་ཇི་ལྟར་རྟོགས་པ་བཞིན་གསུང་གིས་སྟོན་པའི་ཕྱིར། །དེ་ གཉིས་དང་མཚུངས་པར་བསྐྱེད་རིམ་ལ་ཡང་ཞུ་བ་ཆོས་ཀྱི་སྐུ་ལས་གླུས་བསྐུལ་ནས། ངག་ རླུང་རྣམ་པར་དག་པའི་དཀྱིལ་འཁོར་སྤྲོ་བ་ཡིན་ཏེ། ལས་རྒྱལ་མཆོག་གི་དག་པའོ། །བྱིས་པ་ གཞོན་ནུར་གྱུར་པའི་གནས་སྐབས་ནང་དུ་ཐིག་ལེ་གཡོ་བ་ཐུགས་རྡོ་རྗེ་དང༌། ངག་གི་སྨྲ་ བརྗོད་ལྷག་པར་གསལ་བ་ལོངས་སྤྱོད་རྫོགས་སྐུ་ཟུང་འབྲེལ་དང༌། འབྲས་བུ་ངག་རླུང་རྣམ་ པར་དག་པའི་ལོངས་སྐུ་མཚན་དཔེ་ཅན་གྱི་སྐུ་དཀྱིལ་འཁོར་དང་བཅས་པ་ཤིན་ཏུ་གསལ་བ་ དེས་ཐུགས་རྣམ་པར་མི་རྟོག་པའི་བདེ་བ་ཉམས་སུ་མྱོང་བའམ། དེ་གཉིས་ངོ་བོ་གཅིག་པ་ བཞིན་དུ་སྐབས་འདིར་ཡང་བྱང་ཆུབ་ཀྱི་བགྲོད་པ་སྤྱི་བོ་ནས་ནོར་བུའི་བར་དུ་དགའ་བ་བཅུ་ 3-1-303 དྲུག་གི་རིམ་པས་འོངས་པའི་བདེ་བ་དེ། ལྷ་སྐུ་གསལ་སྟོང་དེ་དང་ཟུང་དུ་འཇུག་པའི་ཕྱིར། ཉམས་སུ་མྱོང་བྱ་ཞུ་བདེ་ནི་ཐུགས་དང༌། མྱོང་བ་པོ་ལྷ་སྐུ་ནི་ལོངས་སྤྱོད་རྫོགས་པ་སྟེ་ཐིག་ ལེའི་རྣལ་འབྱོར་རོ། །གཞོན་ནུ་དེ་ཉིད་ལང་ཚོའི་གནས་སྐབས་ཐོབ་ནས་ཁུ་བ་འཕོ་བའི་ གནས་སྐབས་ཡེ་ཤེས་དང་བུ་དང་བུ་མོ་སྤྲོ་བ་དང༌། བྱ་བ་སྣ་ཚོགས་ལ་འཇུག་པའི་ཆ་ནས་ སྤྲུལ་སྐུ་དང་མཚུངས་ཏེ། རྫོགས་རིམ་མཐར་ཐུག་དང་འབྲས་བུའི་གནས་སྐབས་སུ་མི་འགྱུར་ བའི་བདེ་བ་ཡེ་ཤེས་རྡོ་རྗེ་དང༌། དེ་ལས་རྡོ་རྗེ་སྤྲོ་བའི་དཀྱིལ་འཁོར་འབྱུང་བ་སྤྲུལ་པའི་སྐུ་ ཟུང་འཇུག་ཏུ་གནས་པ་བཞིན་དུ། འདིར་ཡང་བདེ་བ་ཉམས་སུ་མྱོང་བའི་ཤེས་པ། མས་ བརྟན་གྱི་དགའ་བ་བཅུ་དྲུག་དང༌། རྡོ་རྗེ་སྤྲོ་བའི་མོས་པ་བྱེད་པའོ། །ཕྱི་མ་མི་འགྱུར་བའི་ལམ་ འདི་ནི་ཐར་བ་མཆོག་གི་ལམ་དངོས་ཡིན་པས་ཐར་པ་སྟེར་བ་ཉིད་ཅེས་སོ། །ཡང་ཁ་ཅིག་ བསྐྱེད་རིམ་གྱི་སྐབས། མངོན་བྱང་ལྔ་ལས་བདེ་ཆེན་འཁོར་ལོ་བསྐྱེད་པ་དང༌། དབྱངས་ གསལ་ལས་ཐུགས་དཀྱིལ་བསྐྱེད་པ་དང༌། ཐུན་ཚོད་དང་དབྱུ་གུའི་དག་པ་ཐུགས་ལས་ གསུང་གི་རྣལ་འབྱོར་མ་ལོངས་སྐུ་བསྐྱེད་པ་དང༌། གཙོ་བོ་ཡེ་ཤེས་ཀྱི་རྣམ་འཕྲུལ་ལས་སྐུ་ དཀྱིལ་གྱི་ལྷ་རྣམས་སྤྲུལ་ཏེ། ལྷ་ཚོགས་ཐམས་ཅད་སེམས་ཅན་རྣམས་ལ་ཐར་པ་སྟེར་བའི་ སླད་དུ་སྤྲུལ་པའོ། །ཞེས་ཀྱང་འཆད་དེ་འགལ་བ་རང་ཆེར་མི་འདུག་མོད། གནད་ཀྱི་འགངས་ ཆུང་ངོ༌།། །། གཉིས་པ་རྩའི་རྣམ་དག་ནི། བུམ་པ་རྣམས་དང་དུ་བ་ལ་སོགས་བརྒྱད་པོ་རྣམས་ཀྱིས་ སྙིང་གར་ཆོས་ཀྱི་འཁོར་ལོ་རབ་ཏུ་འགྱུར། རིག་མ་རྣམས་དང་སངས་རྒྱས་ཉིད་ཀྱིས་མགོ་ བོར་རྩིབས་བཅུ་དྲུག་པ་ལྷན་ཅིག་སྐྱེས་པར་རབ་ཏུ་གྲགས། བྱང་ཆུབ་སེམས་དཔའ་ལ་ སོགས་ཉིས་འགྱུར་མི་བདག་རྣམས་ཀྱིས་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོར་ འགྱུར། འཇིགས་མ་ལ་སོགས་ནོར་ནི་གདེངས་ཅན་དག་གིས་བསྒྱུར་བ་རྣམས་ཀྱིས་ལྟེ་བ་ 3-1-304 སྤྲུལ་པའི་འཁོར་ལོར་འགྱུར། ལྷ་རྣམས་ཀྱིས་ནི་ལས་ཀྱི་འཁོར་ལོ་ལག་པ་རྐང་པའི་ཚིགས་ ལ་དགུ་བཅུ་དུས་ཀྱིས་བསྣུན་པ་སྟེ། ཀླུ་དང་གཏུམ་མོ་མི་ཡི་བདག་པོ་རྣམས་ཀྱིས་སོར་མོའི་ ཚིགས་ཀྱི་མཚམས་ལ་བྱ་བ་ཞེས་བྱར་འགྱུར། །ཞེས་གསུངས་ཏེ། བུམ་པ་བརྒྱད་ནི་སྙིང་ གའི་རྩ་བརྒྱད་དང༌། ལྷ་མོ་བརྒྱད་ཀྱང་སྙིང་གའི་རྩ་བརྒྱད་དག་པར་གསུངས་ན། དག་པ་ ཚར་གཉིས་ཡིན་ནམ་སྙམ་ན་མ་ཡིན་ཏེ། བུམ་པ་དང་ནུས་མ་ཐབས་ཤེས་སུ་སྦྱར་བའི་དག་ པའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ཞེས་པ་ཆོས་ཀྱི་སྐུའི་དག་པའོ། །རིག་མ་ཡུམ་བཞི་དང་ སངས་རྒྱས་བཞི་པོ་སྟེ། བརྒྱད་ལ་ཕན་ཚུན་ཡབ་ཡུམ་གཉིས་གཉིས་ཀྱིས་ཕྱེ་བས་བཅུ་དྲུག་ ནི་མགོ་བོ་སྟེ། སྨིན་མཚམས་སམ་སྤྱི་བོའི་འཁོར་ལོའི་རྩིབས་རྩ་འདབ་བཅུ་དྲུག་པ་རྣམ་པར་ དག་པ་སྟེ། ལྷན་ཅིག་སྐྱེས་པ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་ཞེས་པ་དང་དོན་འདྲའོ། ། བྱང་ཆུབ་སེམས་དཔའ་དྲུག་དང་སོགས་ཁོངས་ནས་རྡོ་རྗེ་མ་དྲུག་དང་ཁྲོ་བོ་བཞི་དེ་ལྟར་ལྷ་ བཅུ་དྲུག་པོ་ལ་ཐབས་ཤེས་ཀྱི་དབྱེ་བས་ཉིས་འགྱུར་སུམ་ཅུ་རྩ་གཉིས་ནི། མགྲིན་པ་ལོངས་ སྤྱོད་འཁོར་ལོའི་རྩ་འདབ་སོ་གཉིས་རྣམ་པར་དག་པའོ། །འཇིགས་མ་ལ་སོགས་པ་བརྒྱད་ བརྒྱད་དྲུག་ཅུ་རེ་བཞིའི་རྣལ་འབྱོར་མ་རྣམས་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་ བཞི་དག་པའོ། །ལག་པ་དང་རྐང་པའི་ཚིགས་ཆེན་བཅུ་གཉིས་པོ་རྣམས་ལ་ཡོད་པའི་ལས་ ཀྱི་འཁོར་ལོ་འདབ་མ་ཉེར་བརྒྱད་པའི་རྩ་འཁོར་ལ་ལྟེ་བར་རྩ་ཕྱི་ནང་གཉིས་རེ་སྟེ་རྩ་སུམ་ཅུ་ སུམ་ཅུ་ཡོད་པ་རྣམས་རྣམ་པར་དག་པ་སྟེ། ལྷ་ཆེན་བཅུ་གཉིས་འཁོར་བཅས་ཏེ། དགུ་བཅུ་ ཐམ་པ་དུས་ཏེ་བཞིས་བསྒྱུར་བས་རྩ་སུམ་བརྒྱ་དྲུག་ཅུ་དག་པའོ། །ཀླུ་བརྒྱད་དང་གཏུམ་མོ་ བརྒྱད་དེ་བཅུ་དྲུག་པོ་རྣམས་ཀྱི་ཡབ་ཡུམ་ལུས་བསམ་གྱིས་ཕྱེ་བ་སོ་གཉིས་པོ་རྣམས་བྱ་བའི་ འཁོར་ལོ་ཞེས་བྱ་བ་རྐང་ལག་གི་སོར་མོའི་ཚིགས་ཀྱི་རྩ་འཁོར་རྣམས་རྣམ་པར་དག་པ་སྟེ། ལག་སོར་གྱི་རྩ་འཁོར་སུམ་ཅུ་དང་རྐང་སོར་གྱི་རྩ་འཁོར་སུམ་ཅུ་སྟེ། སུམ་ཅུ་པོ་ཚན་རེ་རེ་ 3-1-305 དང་སྦྱོར་ཞེས་འབྱུང་ན། དོན་འདི་ལྟར་ཡིན་ཏེ། ལག་སོར་གྱི་འཁོར་ལོ་སུམ་ཅུ་པོ་རེ་རེ་དང་ སྦྱར་ནས། ལྷ་ལྷག་མ་གཉིས་ལུས་པ་ན་རྐང་སོར་སྡེ་ཚན་གཉིས་སུ་བསྡོམས་ནས། རྐང་སོར་ གཡས་ཀྱི་འཁོར་ལོ་བཅོ་ལྔ་པོ་གཅིག་དང༌། གཡོན་གྱི་བཅོ་ལྔ་པོ་གཅིག་ཏུ་བསྡོམས་ཏེ་ལྷ་རེ་ རེ་དང་སྦྱོར་རོ། །འདི་ནི་ལག་སོར་ལ་གཙོ་བོར་སྦྱར་བ་ཡིན་ལ། རྐང་སོར་ལ་སྦྱོར་ན་དེ་ལས་ གོ་ཟློག་སྟེ། རྐང་སོར་གྱི་འཁོར་ལོ་སུམ་ཅུ་ལ་རེ་རེ་དང་ལག་སོར་གྱི་འཁོར་ལོ་རྣམས་གཉིས་ སུ་བསྡོམས་ཏེ་སྦྱར་རོ། །རྒྱུད་ཀྱི་དགོངས་དོན་རྒྱུད་དངོས་ཀྱི་ཚིག་གིས་མི་གསལ་བ་འགྲེལ་ པར་གསུངས་པ་ནི། གཙུག་ཏོར་གྱི་འཁོར་ལོའི་རྩ་བཞི་ཆོས་ཀྱི་དུང་སོགས་རྡོ་རྗེ་བཞི་དང༌། ཙ་མུཎྜ་སོགས་མ་མོ་བརྒྱད་དང༌། སྒེག་སོགས་གཟུངས་མ་བརྒྱད་ཐབས་དང་བཅས་པ་སུམ་ ཅུ་སོ་གཉིས་ཀྱིས་གསང་བའི་འཁོར་ལོའི་རྩ་སོ་གཉིས་རྣམ་པར་དག་པ་ཡིན་ནོ། །དངོས་སུ་ མ་གསུངས་ཀྱང་དོན་གྱིས་ཐོབ་པ་ནི། གཙོ་བོ་ཡབ་ཡུམ་གཉིས་ནི་རྩ་དེ་ཐམས་ཅད་ཀྱི་བྱེད་ པ་པོ་རྩའི་གཙོ་བོ་དྲུག་རྣམ་པར་དག་པའོ། །ཞེས་སྦྱར་ན་མཆོག་ཏུ་ལེགས་སོ།། །། གསུམ་པ་དུས་ཀྱི་རྣམ་པར་དག་པ་ནི། གཙོ་བོ་ཡབ་ཡུམ་གཉིས་ཀྱི་སྐུའི་དག་པ་སྟེ། ལོ་ དང་ཟླ་བ་ལ་སོགས་དབྱེ་བའི་དུས་ཀྱི་ཞེས་སོགས་ཏེ། དེ་ཡང་གཙོ་བོ་བཅོམ་ལྡན་འདས་ནི་ དུས་སྤྱིའི་རྣམ་པར་དག་པ་སྟེ། ཕྱི་རོལ་ཏུ་དུས་ཀྱི་སྤྱི་ལོ་དང༌། དེའི་ནང་ཚན་ཆུ་སྲིན་ལ་སོགས་ པ་ཁྱིམ་བཅུ་གཉིས་ཀྱི་ཟླ་བ་རྣམས་དང༌། ནང་དུ་ཡང་དུས་སྦྱོར་བཅུ་གཉིས་ཀྱི་རླུང་རྣམ་པར་ དག་པ་དང༌། ཐུན་མོང་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྒྱུ་དང་འབྲས་བུས་བསྡུས་པ་ འགགས་པ་ནི། དཔལ་དུས་ཀྱི་འཁོར་ལོའི་སྐུའོ། །དེ་ལས་རྒྱུས་བསྡུས་པ་ནི། མ་རིག་འདུ་ བྱེད་སྲེད་ལེན་སྲིད་པ་སྟེ་ལྔ་པོ་རྣམས་ཡིན་ལ། རྣམ་ཤེས་མིང་གཟུགས་སྐྱེ་མཆེད་རེག་ཚོར་ སྐྱེ་རྒ་སྟེ་བདུན་པོ་ནི་འབྲས་བུའི་ཆོས་སོ། །མ་རིག་སྲེད་ལེན་ཉོན་མོངས་ཀྱི་ཀུན་འབྱུང་དང༌། འདུ་སྲེད་གཉིས་ལས་ཀྱི་ཀུན་འབྱུང་དང༌། འབྲས་བུའི་ཆོས་བདུན་ནི་སྐྱེ་བའི་ཉོན་མོངས་ཏེ་ 3-1-306 སྡུག་བསྔལ་ལོ་ཞེས་འགྲེལ་ཆེན་ཉིད་ལས་གསུངས་ལ། དེ་དག་གི་རང་བཞིན་ཐུན་མོང་མ་ ཡིན་པ་རྣམས་རྫོགས་རིམ་གྱི་སྐབས་སུ་བཤད་ཟིན་མོད། མདོ་དང་ཐུན་མོང་པ་ཡང་རྒྱུད་ འདི་ལས་འབྱུང་སྟེ། བདག་མེད་ལས་ཀྱི་རྣམ་སྨིན་སྲིད་པ་གསུམ་དང་དུས་ཀྱི་འགྲོ་བ་ཡན་ ལག་བཅུ་གཉིས་རྟེན་འབྲེལ་ལས། ཞེས་པའི་སྐབས་སུ་འབྱུང་བ་ཉིད་དེ་འདིར་རྒྱས་པར་ མ་སྤྲོས་སོ། །གཞན་ཡང་ཕྱི་རོལ་ཏུ་ལོ་གཅིག་རྣམ་པར་དག་པས་སྐུ་ལུས་གཅིག །བགྲོད་ པ་གཉིས་དག་པས་ཞབས་གཉིས། དུས་གསུམ་དག་པས་མགྲིན་པ་གསུམ། དུས་བཞི་དག་ པས་ཞལ་བཞི། དུས་དྲུག་དག་པས་ཕྲག་པ་དྲུག །ཟླ་བ་བཅུ་གཉིས་དག་པས་དཔུང་པ་བཅུ་ གཉིས། ཕྱོགས་ཉི་ཤུ་རྩ་བཞི་དག་པས་ཕྱག་ཉེར་བཞི། ཞག་སུམ་བརྒྱ་དྲུག་ཅུ་དག་པས་ཕྱག་ གི་ཚིགས་སུམ་བརྒྱ་དྲུག་ཅུ་ཡིན་པར་བཤད་པ་རྣམས་ཀྱང་དུས་ཀྱི་དག་པ་ཉིད་དེ། དེ་ལྟར་ན་ ཕྱི་ནང་གི་དུས་རྣམས་དབྱིངས་སུ་དག་པའི་ཡེ་ཤེས་ནི། དཔལ་ལྡན་རྡོ་རྗེ་ཅན་དུས་ཀྱི་འཁོར་ ལོ་ཉིད་དོ། །དེའི་ནང་ནས་ཉིན་ཞག་སོ་སོ་རེ་རེ་བཞིན་གྱི་ནང་དུ་དུས་སྦྱོར་བཅུ་གཉིས་བཅུ་ གཉིས་འཆར་བའི་རང་བཞིན་རྣམ་པར་དག་པ་ནི་སྣ་ཚོགས་ཡུམ་ཡིན་ལ། དེ་ཡང་དོན་དམ་ པ་ཆོས་ཉིད་ཀྱི་སེམས་ཀྱི་རྣམ་པ་ལས་རླུང་སྲོག་གི་མིང་ཅན་གདོད་ནས་ཡོངས་སུ་འགགས་ པས་སྒྲིབ་བྲལ་མྱང་འདས་ཀྱི་སེམས་ཡིན་ལ། དེ་ནི་འཁོར་བའི་མཚན་ཉིད་སྲོག་སྟེ་ལས་ རླུང་གི་རྟ་ལ་ཞོན་ནས་རྣམ་ཤེས་སྐྱེ་བ་ཉིན་མོ་དང༌། འགག་པ་མཚན་མོའི་མཚན་ཉིད་ཅན་ གྱི་འཁོར་བའི་སེམས་སུ་གྱུར་པའི་རྣམ་ཤེས་ཀྱི་ཕུང་པོ་ནི་མ་ཡིན་ནོ། །ཞེས་གཙོ་བོ་ནི། དུས་ གསུམ་འགྱུར་བ་མེད་ཅིང་བསམ་དུ་མེད་པའི་ཐུགས་ཀྱི་རྡོ་རྗེ་དང༌། གཙོ་མོ་ནི་སྐད་ཅིག་ འགྱུར་བ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གསུངས་པ་ཡིན་ནོ། །འདིར་འགྱུར་གཞན་ལས་ཉི་མ་ མ་ཡིན་ཞེས་འབྱུང་བ་ཡང༌། ཉིན་མཚན་ཞེས་པ་དང་དོན་གཅིག་སྟེ་ཞག་གི་དོན་ཡིན་པས་ཉི་ མའི་ལྷའམ་དཀྱིལ་འཁོར་ཤིང་རྟ་ལ་ཞོན་པ་སོགས་ཀྱི་འདྲ་ཆོས་དང༌། འཁོར་བའི་སེམས་ 3-1-307 ཤེས་རབ་ཡིན་པས་ཉི་མར་འཇོག་ཅེས་ཟེར་བ་ཡང་མི་འཐད་དོ།། །། བཞི་པ་ཕུང་ཁམས་ལ་སོགས་པའི་དག་པ་ནི་འཁོར་གྱི་དག་པ་ཡིན་ཏེ། འདིར་རླུང་དང་ རྡོ་རྗེ་བཞི་དང༌། ཕུང་ཁམས་དངོས་དང་ཡེ་ཤེས་དང་ཐུན་ཚོད་དང་བྱ་བྱེད་དང་ལུས་ཀྱི་ཆ་ ཤས་འགའ་ཞིག་ལ་སྦྱར་བ་སོགས་སྣ་ཚོགས་ཞིག་ཡོད་ཀྱང་ཕུང་པོ་དང་ཁམས་ཀྱི་དག་པ་ གཙོ་བོ་ཡིན་ལ། དེ་ཡང་རླུང་གི་དག་པས་སོགས་ཏེ་སྙིང་གའི་པདྨ་སྟེ་རྩ་འཁོར་གྱི་ཕྱོགས་ མཚམས་བརྒྱད་དང༌། སྟེང་འོག་གི་རྩ་ཡང་སྙིང་ག་ལ་བརྟེན་པའི་ཕྱིར་དེ་ལ་གནས་པའི་རླུང་ བཅུ་དག་པས་ལྷ་མོ་དུ་བ་མ་ལ་སོགས་པ་བཅུ་རྣམས་སོ། །དེ་ནི་རྩ་བཅུ་དང་རླུང་བཅུ་ནུས་ མ་བཅུ་དང་བུམ་པ་བཅུ་ཐབས་ཤེས་སུ་སྦྱར་བའི་དག་པ་ཡིན་ལ། མཆོག་གི་ཆ་མ་དང་ཐིག་ ལེ་མ་གཉིས། དངོས་སུ་གཙོ་མོ་ལ་འདུས་ཀྱང་ལྡོག་ཆའི་སྒོ་ནས་དག་པ་སོ་སོར་བསྟན་ནོ། ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཏེ། ཉོན་མོངས་བཞི་པོ་རྣམ་པར་དག་པའི་རྒྱུ་མཚན་ གྱིས་ཞབས་གཡོན་གྱི་འོག་ཏུ་དྲག་པོ་ཆུང་མར་བཅས་པ་དང༌། ཕུང་པོ་དང་ཉོན་མོངས་པ་ དང༌། འཆི་བདག་དང༌། ལྷའི་བུ་སྟེ་བདུད་ཀྱི་ཚོགས་རྣམས་དག་པས་ཞབས་གཡས་ཀྱི་ འོག་ཏུ་བདུད་ཀྱི་ལྷ་དགའ་མར་བཅས་པ་མནན་པའོ། །དེ་བཞིན་དུ་ཆོས་ཀྱི་དུང་སྐུ་རྡོ་རྗེ་ དང༌། གཎྜི་གསུང་རྡོ་རྗེ་དང༌། ནོར་བུ་ཐུགས་རྡོ་རྗེ་དང༌། དཔག་བསམ་གྱི་ཤིང་ཡེ་ཤེས་རྡོ་ རྗེ་རྣམས་སོ། །བུམ་པ་བརྒྱད་ནི། བདུད་རྩིའི་ཡན་ལག་སྟེ་ཆ་ཤས་རྐང་ཁྲག་གཅི་བ་བཤང་ བ་རྣམས་འགགས་པ་ཞེས་པ། ཀུན་རྫོབ་ཀྱི་དེ་དང་དེ་དག་ཡལ་ཏེ་དོན་དམ་མམ་དངས་མའི་ བདུད་རྩི་བཞིར་གྱུར་པའོ། །རྒྱལ་བའི་བུམ་པ་བྱང་སེམས་དཀར་པོ་དང༌། རྣམ་རྒྱལ་བུམ་པ་ ནི་སོགས་ཀྱི་སྒྲས་རྡུལ་ཏེ་བདུད་རྩིའི་གཙོ་བོ་དེ་གཉིས་འཛག་མེད་དུ་བཅིངས་པའི་སྒོ་ནས་ དངས་མར་གྱུར་པའི་ཡེ་ཤེས་སོ། །ཐ་མལ་གྱི་འདུ་བྱེད་གདོད་ནས་རྣམ་པར་དག་ཅིང༌། ལམ་ གྱིས་གནས་གྱུར་པའང་ཡིན་ཏེ། དེ་འདྲ་བའི་རྣམ་དག་གནས་གྱུར་གཉིས་ཀ་བསྡོམས་པའི་ 3-1-308 ཡེ་ཤེས་དེ་ནི་སྒྲིབ་བྲལ་གྱི་འདུ་བྱེད་དང༌། འདུ་བྱེད་གཞན་དང༌། འདུ་བྱེད་ཆེན་པོ་ཞེས་བྱའོ། ། དེས་མཚོན་ནས་ཕུང་ཁམས་དབང་ཡུལ་ལས་དབང་སོགས་མཐའ་དག་ལ་སྦྱོར་རོ། །དེ་ལྟ་ བུའི་འདུ་བྱེད་ཆེན་པོ་ནི་དོན་ཡོད་གྲུབ་པ་དང༌། ཚོར་བ་ནི་དྲི་མེད་ནོར་བུའི་ཕྱག་ཅན་རིན་ ཆེན་འབྱུང་ལྡན་དང༌། འདུ་ཤེས་ནི་སྣང་བ་མཐའ་ཡས་དང༌། གཟུགས་ཕུང་ནི་འཁོར་ལོ་ཅན་ རྣམ་པར་སྣང་མཛད་དོ། །གཞན་ཡང་རྣམ་པར་དག་པའི་སྟོབས་ཏེ་ཤ་དང༌། རྣམ་པར་དག་ པའི་ཁྲག་དང༌། རྣམ་པར་དག་པའི་གཅི་བ་དང༌། རྣམ་པར་དག་པའི་བཤང་བ་རྣམས་ཀྱང་ དོན་གྲུབ་སོགས་བཞི་པོ་དེ་ལ་རིམ་གྱིས་སྦྱོར་ལ། རྣམ་པར་དག་པའི་རི་བོང་ཅན་ཏེ་ཁུ་བ་ནི་ མི་བསྐྱོད་པའོ། །འདིར་དག་པ་རིམ་པ་གཉིས་བསྟན་པའི་ཕྱི་མ་འདི་བུམ་པའི་དག་པར་ཡང་ ཅི་རིགས་པ་འདུས་མོད་ཀྱི། བདུད་རྩི་ལྔ་པོ་རྣམས་སངས་རྒྱས་ལྔའི་དམ་རྫས་སུ་གཏོགས་ པའི་ཕྱིར་འཕྲོས་དོན་གྱི་ཚུལ་དུ་བཤད་པའོ། །ལྷ་མོ་སྟེ་ཡུམ་དྲུག་ནི་ཁམས་དྲུག་རྣམས་ཀྱིས་ དག་པ་སྟེ། སྒྲིབ་བྲལ་གྱི་ཡེ་ཤེས་ཤེར་ཕྱིན་མ་དང༌། ནམ་མཁའི་རྡོ་རྗེ་དབྱིངས་ཕྱུག་མ་དང༌། རླུང་སྒྲོལ་མ་དང༌། མེ་གོས་དཀར་མོ་དང༌། ཆུ་མཱ་མ་ཀཱི་དང༌། སྒྲིབ་བྲལ་གྱི་ས་སངས་རྒྱས་ སྤྱན་མའོ། །ཡུལ་ཅན་དབང་པོ་དྲུག་དག་པས་བྱང་ཆུབ་སེམས་དཔའ་དྲུག་དང༌། ཡུལ་འདོད་ ཡོན་དྲུག་དག་པས་ཕྱག་རྒྱ་སེམས་མ་དྲུག་སྟེ་དོན་དམ་པའི་རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་སྙིང༌། མིག་ས་སྙིང༌། ལྕེ་སྤྱན་རས་གཟིགས། ལུས་སྒྲིབ་སེལ། དོན་དམ་པའི་ཡིད་ཀུན་བཟང་ངོ༌། ། ཆེན་པོའི་གཟུགས་ནི་གཟུགས་རྡོ་རྗེ་མ་ནས། སྒྲ་ནི་སྒྲ་རྡོ་རྗེ་མ། དྲི་ནི་དྲི་རྡོ་རྗེ་མ། རོ་ནི་རོ་རྡོ་ རྗེ་མ། རེག་ནི་རེག་རྡོ་རྗེ་མ། ཆེན་པོའི་ཆོས་ཁམས་ནི་ཆོས་དབྱིངས་རྡོ་རྗེ་མའོ། །ཁྲོ་བོ་ལྔ་ནི་ སྟོབས་ལྔ་སྟེ། ཤེས་རབ་ཀྱི་སྟོབས་གཙུག་ཏོར། ཏིང་འཛིན་ཤིན་ཏུ་སྟོབས། དྲན་པ་རྨུགས་ བྱེད། བརྩོན་འགྲུས་ཁེངས་བྱེད། དད་པའི་སྟོབས་རེངས་བྱེད་དོ། །དབང་པོ་གཞན་ནི་ལས་ དབང་སྟེ། གསང་བའི་དབང་པོ་གཞན་གནོད་མཛེས་དང༌། ངག་གཞན་དབྱུག་སྔོན། ལག་པ་ 3-1-309 གཞན་ཊཀྐཱི་དང༌། རྐང་པ་གཞན་མི་གཡོ་བ། བཤང་ལམ་གཞན་སྟོབས་པོ་ཆེ་སྟེ། དེ་རྣམས་ ཀྱི་བྱ་བ་ལྔ་ཡང་དྲག་སྤྱན་མ་ལ་སོགས་པའི་ཁྲོ་མོ་རྣམས་སོ། །ཐུགས་དཀྱིལ་ཁོ་ན་དང་སྦྱོར་ རྒྱུའི་ཕུང་ཁམས་སོ་དྲུག་གི་དབང་དུ་བྱས་ན། མཐར་བྱེད་བཞི་དང་གཙུག་ཏོར་ལས་དབང་ལ་ སྦྱོར་ཡང༌། འདིར་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་དུ་བྱས་ནས། ལས་དབང་རྣམས་ དབྱུག་སྔོན་སོགས་ལྔ་ལ་སྦྱོར་ཞིང༌། གཞན་ཡང་ཐུགས་ཀྱི་ཁྲོ་བོ་རྣམས་སྟོབས་ལྔ་ལ་སྦྱར་བ་ ནི། ཡེ་ཤེས་ཀྱི་དག་པའི་དབང་དུ་མཛད་ལ། སྔར་གྱི་ཕུང་ཁམས་དག་པའི་འཕྲོས་ལ་སྦྱོར་ ཞིང་ལས་དབང་ལ་མི་སྦྱོར་ན། རྣམ་པར་ཤེས་པའི་ཁམས་ལྔ་ཡིན་ཏེ། དགུག་གཞུག་རྒྱས་ བཏབ་ཀྱི་སྐབས་ལས་ཤེས་སོ། །དེའི་ཚེ་རྒྱུད་སྡེ་གཞན་གྱི་ལུགས་དང་མཐུན་པར་ཐུགས་ དཀྱིལ་གྱི་ཁྲོ་བོ་ཡབ་ཡུམ་ལ་སྦྱང་བྱ་སོ་སོ་མི་སྦྱོར་བར་མངོན་ནོ། །རྣམ་གྲངས་གཞན་དུ་སྐུ་ གསུང་ཐུགས་ཡོངས་རྫོགས་ལ་ཡང་ཐུགས་ཀྱི་ཁྲོ་བོ་དང༌། ལས་དབང་སྦྱོར་དགོས་པས་ན། དེའི་ཚེ་སྐུའི་ཁྲོ་བོ་ལས་དབང་གི་རྟེན་ཁོག་པ་མཐིལ་བཞི་སོགས་དང་སྦྱོར་བ་གོང་དུ་བཤད་ པ་ཉིད་དོ། །ཙ་མུཎྜ་ལ་སོགས་པ་པདྨའི་ལྟེ་བ་ལ་བཞུགས་པའི་རྣལ་འབྱོར་མ་བརྒྱད་ནི། ཐུན་ ཚོད་བརྒྱད་ཀྱི་རྣམ་དག་དང༌། ནང་དུ་ལྟེ་བའི་རྩ་ཆེན་བརྒྱད་དོ། །འདབ་མ་ལ་གནས་པའི་ འཇིགས་མ་ལ་སོགས་པ་དྲུག་ཅུ་རྩ་བཞི་ནི་ཉི་མའི་དུས་སྦྱོར་གྱི་ཆུ་ཚོད་ཏེ། དངོས་སུ་ན་ཞག་ གཅིག་གི་ཆུ་ཚོད་དྲུག་ཅུ་དང༌། སྤྱི་ཁྱབ་ཏུ་གཏོང་རྒྱུའི་ཆུ་ཚོད་བཞི་སྟེ། ནང་དུ་ཡང་ཆུ་ཚོད་དེ་ རྣམས་ཀྱི་རླུང་འབབ་པའི་ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞིའོ་ལྷ་མིན་སྲིན་པོ་ལ་སོགས་པ་སྟེ་ ཟླ་བ་བཅུ་གཉིས་དག་པ་པདྨའི་དཀྱིལ་འཁོར་བཅུ་གཉིས་པོའི་ལྷ་ཆེན་བཅུ་གཉིས་ནི་ཟླ་བ་ བཅུ་གཉིས་པོ་ཉིད་རྣམ་པར་དག་པ་དང༌། འཁོར་ལྷ་མོ་རྣམས་ཀྱི་སྟེང་དུ་གཟུངས་མ་བཅུ་ གཉིས་བསྣན་པ་སུམ་བརྒྱ་དྲུག་ཅུ་ནི། ཕྱི་རོལ་ཏུ་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་ཅུ་འབྱུང་ བ་དང༌། ནང་དུ་ཆུ་ཚོད་གཅིག་ལ་དབུགས་སུམ་བརྒྱ་དྲུག་ཅུ་འབྱུང་བ་དག་སྟེ་ཞག་དང་ཟླ་ 3-1-310 བའི་དག་པ་སོ་སོར་བྱས་པའོ། །ཡང་ན་ལྟེ་བའི་ཡབ་ཡུམ་རྣམས་སོ་སོ་ཐད་ཀར་གཉིས་ མེད་དུ་བགྲངས་པའམ། ཡུམ་རྣམས་མ་བགྲངས་པར་ཡབ་རྣམས་ཞག་གི་གྲངས་སུ་བཅུག གཟུངས་མ་བཅུ་གཉིས་བསྣན་པའང་ཡིན་ཏེ། ཚེས་ལྷ་ཉིད་ཀྱི་ཕྱིར་ཟླ་བ་ཤུགས་ལ་གྲུབ་པས་ ཟླ་བའི་རྣམ་གཞག་ལོགས་སུ་མ་བྱས་པའོ། །གསང་བའི་འཁོར་ལོ་མི་བདག་སྟེ་བཅུ་དྲུག་ ཉིས་འགྱུར་གྱི་རྩ་ལ་སྟོང་པ་གཉིས་ཐེ་བའི་ཉིན་གང་མཚན་གང་གི་ཆུ་ཚོད་སུམ་ཅུ་རྩ་གཉིས་ འབབ་པ་རྣམ་པར་དག་པ་ཀླུ་དང་རབ་གཏུམ་མ་ཐབས་ཤེས་ཀྱིས་ཕྱེ་བ་སུམ་ཅུ་རྩ་གཉིས་ རྣམས་སོ། །དེ་བཞིན་དུ་འདོད་མ་སོ་དྲུག་དང་ཕྱིར་འདོད་མ་སོ་དྲུག་རྣམས་ཀྱང་ལུས་ཀྱི་བྱ་ བ་རྣམ་པ་སྣ་ཚོགས་པ་དག་རྣམ་པར་དག་པ་སྟེ། སྐྲ་ཉི་ཁྲི་ཆིག་སྟོང་རྣམས་ཀྱིས་གྲུབ་པ་ཉི་ཁྲི་ ཆིག་སྟོང་དང༌། བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་ཀྱིས་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི། དུར་ཁྲོད་ཀྱི་ས་གཞི་ལ་གནས་པ་རྣམས་རྣམ་པར་དག་པའོ།། །། ལྔ་པ་མཚན་མའི་རྣམ་དག་ནི། དེ་ཉིད་ཉེར་བཞི་རྣམ་པར་དག་པས་གཙོ་བོའི་མཚོན་བྱ་ ཉེར་བཞི། ཁམས་རྣམས་ཀྱི་ཡོན་ཏན་དྲི་སོགས་ཡུལ་དྲུག་པོ་རྣམས་རྣམ་པར་དག་པས་གཙོ་ བོའི་སྐུ་ལ་ཕྱིའི་ཕྱག་རྒྱ་དྲུག་སྟེ། འཁོར་ལོ་རྣ་ཆ་མགུལ་རྒྱན་ལ་སོགས་པའོ། །དེ་ཉིད་ཉེར་ བཞི་ནི་རང་བཞིན་ཁོ་ན་ཡིན་པ་ནམ་མཁའི་ཁམས་ཏེ་གཅིག རང་བཞིན་དང་རྣམ་འགྱུར་ གཉིས་ཀ་ཡིན་པ་ས་ཆུ་མེ་རླུང་ཡིད་བློ་ང་རྒྱལ་ཏེ་བདུན། རྣམ་འགྱུར་ཁོ་ན་ཡིན་པ་དབང་ ལྔ་ཡུལ་ལྔ་ལས་དབང་ལྔ་མཆོག་གི་དབང་པོ་སྟེ་བཅུ་དྲུག་ཀུན་བསྡོམས་པས་ཉེར་བཞིའོ། ། སྐབས་འདིར་རྒྱ་བོད་འགའ་ཞིག་འདི་སྐད་ཅེས་འཆད་དེ། མཁའ་རྡོ་རྗེ། ས་འཁོར་ལོ། ཆུ་ པདྨ། མེ་ནོར་བུ། རླུང་རལ་གྲི། རྣ་བ་ཌཱ་མ་རུ། སྣ་དགྲ་སྟ། མིག་མདའ། ལྕེ་མདུང༌། ལུས་ ཕུབ། སྒྲ་རྩེ་གསུམ། རེག་བྱ་ཐོ་བ། རོ་ལྕགས་ཀྱུ། གཟུགས་ཞགས་པ། དྲི་དབྱུག་པ། མཆོག་ གི་དབང་པོ་གྲི་གུག དྲི་ཆུའི་དབང་པོ་དྲིལ་བུ། ངག་ཁ་ཊྭཾ་ག །ལག་པ་ཚངས་མགོ །རྐང་པ་ 3-1-311 ནི་ཐབས་ཀྱི་དབང་གིས་ཨུཏྤལ་ཡིན་ཡང༌། འདིར་ཤེས་རབ་ཀྱི་དབང་གིས་དུང་ཡིན་ནོ་ཞེས་ དང༌། ཡིད་བློ་ང་རྒྱལ་གསུམ་ནི་གསལ་ཁ་མེད་ཀྱང་མེ་ལོང་ལྕགས་སྒྲོག་ཐོད་པ་གསུམ་དང་ སྦྱོར་བ་དོན་གྱིས་ཐོབ། ཅེས་བཞེད་དེ་ལེགས་པར་ཡང་སེམས་ལ། ཡང་གྲངས་མཚུངས་ཀྱི་ དག་པ་ཙམ་དུ་སྦྱར་ཡང་འགལ་བ་མེད་དོ། །སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་རྣམ་པར་ དག་པས་ནང་གི་ཕྱག་རྒྱ་ཡིན་ཏེ། རྡོ་རྗེ་འཛིན་པ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་ བའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་དག་པར་གནས་པ་དེའོ། །ནང་གི་ཕྱག་རྒྱ་ནི་སྐུ་ལ་བཀོད་ པའི་ཕྱག་རྒྱ་བཞི་སྟེ། རྒྱུད་འགྲེལ་ལས། འདི་སྐད་ཅེས་གསུངས་ཏེ། འདིར་རྒྱུད་ཐམས་ ཅད་ལས་ཕྱི་རོལ་ཏུ་དྲང་པའི་དོན་གྱིས་དཔྲལ་བར་སྐུའི་ཕྱག་རྒྱ་དང༌། མགྲིན་པར་གསུང་ གི་ཕྱག་རྒྱ་དང༌། སྙིང་གར་ཐུགས་ཀྱི་ཕྱག་རྒྱའོ། །ཞེས་གསལ་བར་གསུངས་པས། ལྟེ་བར་ ཡེ་ཤེས་ཀྱི་ཕྱག་རྒྱ་ཤུགས་ལ་འགྲུབ་སྟེ། འོན་ཀྱང་འདིར་དེ་གསལ་བར་མི་སྟོན་པ་ནི། རྒྱུད་ ཐམས་ཅད་ལས་ཞེས་པའི་ཚིག་དང་འབྱོར་དགོས་པ་ལ། ཕྱི་མ་འདི་ཟབ་མོའི་རྒྱུད་འགའ་ ཞིག་མ་གཏོགས་གཞན་ལས་མི་གསལ་བར་དགོངས་པའོ། །དེའི་དོན་ནི། རྒྱུད་རྣམས་ལས་ བསྐྱེད་རིམ་གྱི་སྐབས་གནས་གསུམ་བྱིན་རླབས་གསུངས། དེ་ཡང་སྔགས་ཀྱི་ལྷ་གང་ཅི་ཡང་ རུང་བ་དེ་ཐམས་ཅད་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་མཉམ་པ་ཉིད་ཀྱིས་རྒྱས་བཏབ་ པའི་དོན་གོ་བར་བྱ་བའི་ཕྱིར་ཡིན་ལ། སྤྱི་བོ་མགྲིན་པ་སྙིང་གའི་རྩ་ཐིག་རླུང་གསུམ་གཞི་ ལམ་འབྲས་གསུམ་གང་གི་སྐབས་སུ་ཡང་སྐུ་གསུང་ཐུགས་ཀྱི་སྣང་བ་སྤྲོ་བའི་གནས་ཡིན་ པས། དེ་དག་བྱིན་གྱིས་རློབ་པ་ཡིན་ལ། ཕྱག་རྒྱ་གསུམ་པོ་དེ་དག་ངེས་པའི་དོན་དུ་ནི། རྡོ་རྗེ་ སླང་བ་དང༌། རྡོ་རྗེ་མེ་དང༌། རྡོ་རྗེ་མི་ལྟུང་བ་སྟེ། དགེ་བའི་བརྟུལ་ཞུགས་གསུམ་གྱི་ཡེ་ཤེས་ རྣལ་འབྱོར་གསུམ་ལ་དགོངས། དེའི་ཕྱི་མ་ལ་ཡང་འཕོ་མེད་དང༌། རྣམ་པ་ཐམས་ཅད་པའི་ ཆ་གཉིས་ཡོད་དེ། ཐུགས་དང་ཡེ་ཤེས་རྡོ་རྗེའི་ཕྱག་རྒྱའོ། །དེ་ལྟར་ནང་གི་ཕྱག་རྒྱ་བཞི་པོ་དེ་ 3-1-312 རྣམས་གཅིག་ཏུ་འདུས་པ་ནི། གཙོ་བོའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཡི་གེས་མཚོན་ལ། ཡི་གེ་ཡང་ཧཾ་ངམ་ཧཱུཾ་སྟེ་ཁྱབ་བྱེད་ཡེ་ཤེས་རྡོ་རྗེ་རྡོ་རྗེ་སེམས་དཔའི་དབང་དུ་བྱས་ན་ཧཾ་ཡིག་ དང༌། ཁྱབ་བྱེད་ཐུགས་རྡོ་རྗེ་དུས་འཁོར་ཉིད་ཀྱི་དབང་དུ་བྱས་ན་ཧཱུཾ་ཡིག་གོ །དེ་ལ་ཧཾ་ཡིག་ནི་ གོང་དུ་བཤད་པ་ལྟར་ཟླ་བ་སྐུ། ཉི་མ་གསུང༌། གཞོམ་མེད་ཐུགས། སྲོག་ཡེ་ཤེས་ཏེ་ཧཱུཾ་ལའང་ དེས་རིགས་འགྲེའོ། ། གཞན་ཡང་དཔལ་ལྡན་རྡོ་རྗེ་ཅན་གཙོ་བོ་དུས་ཀྱི་འཁོར་ལོ་ནི། འགྱུར་བ་མེད་པའི་བདེ་ བ་ཆེན་པོ་ཡིན་ལ། སྣ་ཚོགས་ཡུམ་ནི་སྲིད་པ་རྣམ་པ་གསུམ་ན་གནས་པ་མཐའ་དག་གཟིགས་ པའི་སྟོང་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པ་སྟེ། དེ་གཉིས་ངོ་བོ་དབྱེར་མེད་པ་ནི། ཁ་སྦྱོར་གྱི་ སྐུས་མཚོན་ནོ། །དེ་ཡང་དབྱིབས་སྤངས་པ་དང་བཏགས་པའི་སྒྲིབ་པ་ཟད་པ་ཞེས་འབྱུང་ སྟེ། དབྱིབས་ནི་རྡུལ་གྱི་ཆོས་དང་བཏགས་པ་ནི་བློ་རྣམ་རྟོག་གིས་བསྐྱེད་པ་སྟེ། ལུས་ཐོགས་ བཅས་དང༌། སེམས་རྟོག་བཅས་ཤིན་ཏུ་སྤངས་པའི་དོན་ནོ། །དེའི་འཕྲོས་དོན་སྐུ་བཞིའི་རྒྱུ་ འབྲས་ཀྱི་དག་པ་ནི། དཔལ་ལྡན་དག་པ་ལས་ནི་ཆོས་སྐུར་འགྱུར་ཏེ་ཆོས་ལས་ངེས་པར་ ལོངས་སྤྱོད་རྫོགས་སྐུ་བཟང་པོའོ། །ལོངས་སྤྱོད་ལས་ནི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རྒྱལ་བའི་ བདག་པོའི་སེམས་ཅན་ཀུན་དོན་བྱེད་པའོ། ། བཞི་པའི་གནས་སྐབས་ཤིན་ཏུ་གཉིད་ལོག་ངེས་པར་སླར་ཡང་གཞན་དང་ལུས་ཀྱི་དབྱེ་ བས་སད་པ་སྟེ། །དེ་ལྟར་ལུས་ཀྱི་རབ་ཏུ་དབྱེ་བས་སྲོག་ཆགས་རྣམས་ཀྱི་ལུས་ལ་ཡིད་ནི་རྣམ་ པ་བཞི་རུ་གནས། །སྤྲུལ་པར་ཡིད་ནི་ལོངས་སྤྱོད་བྱེད་པ་པོ་རུ་རབ་ཏུ་འགྱུར་ཏེ་ལུས་དང་ངག་ གི་དབང་པོས་སོ། །ལོངས་སྤྱོད་རྫོགས་ལ་མ་མཐོང་སེམས་དཔར་འགྱུར་ཏེ་ཡོན་ཏན་དབང་ གིས་ཆོས་ཀྱི་སྐུ་ལ་ཉིད་ཀྱང་ངོ༌། །དག་པ་ལ་ནི་བདེ་བར་རབ་འགྱུར་འདི་ནི་ཉིན་མཚན་དུས་ སུ་ཐིག་ལེ་གྲོལ་བ་གསུམ་གྱི་མཐར། །དེ་ཕྱིར་དེ་ནི་ཉིན་མཚན་དུས་སུ་རྣལ་འབྱོར་པ་ཡིས་ 3-1-313 བསྒོམ་པར་བྱ་སྟེ་འགྱུར་མེད་དོན་དུའོ། །ཞེས་གསུངས་ཏེ། དེ་ཡང་འཁོར་བ་པ་རྣམས་ཀྱི་ མ་རིག་པའི་བག་ཆགས་ལས་གནས་སྐབས་བཞིར་འགྱུར་ཞིང༌། ཀུན་རྫོབ་ཏུ་མངལ་སྐྱེས་ རྣམས་དྲི་ཟ་ཉེ་བར་འཇུག་པ་ན། ཕ་དང་མའི་དཀར་དམར་འཕོ་བའི་བདེ་བ་དྲི་ཟས་ཉམས་ སུ་མྱོང་སྟེ། དེ་མ་ཐག་བར་དོའི་ལུས་འགགས་ཀྱང་སྔར་གྱི་རྒྱུན་ལས་སེམས་འགྱུར་བ་དེས་ བྱིན་གྱིས་བརླབས་ཏེ་གནས་པ་ནི། དཔལ་ལྡན་དག་པ་ལྷན་ཅིག་སྐྱེས་པའི་སྐུའི་དག་བྱ་ཡིན་ ལ། དག་པའི་སྐུ་དེ་ལས་ནི་ཟླ་བ་དྲུག་ཏུ་ཀུན་རྫོབ་འཁོར་བའི་ཆོས་སྐུ་ཤིན་ཏུ་གཉིད་ལོག་པ་ སྟེ། དྲན་མེད་དུ་བརྒྱལ་བ་ལྟ་བུའི་གནས་སྐབས་སུ་འགྱུར་ལ། ཆོས་སྐུ་དེ་ལས་ཀུན་རྫོབ་ཀྱི་ ལོངས་སྤྱོད་རྫོགས་པའི་སྐུ་དབང་པོ་དང་ཡུལ་གྱི་རང་བཞིན་སྐྱེ་མཆེད་རྣམས་འབྱུང་སྟེ། རྨི་ ལམ་གྱི་གནས་སྐབས་ཀྱི་མཚན་ཉིད་ཅེས་བྱ་བ་གསལ་སྣང་དང་བཅས་པ་འབྱུང་ངོ༌། །ལོངས་ སྤྱོད་རྫོགས་སྐུ་དེ་ལས་ནི། སོར་མོ་ལ་སོགས་པ་རྫོགས་ནས་ཕྱིར་འབྱུང་བའི་བར་གྱི་ཀུན་ རྫོབ་ཀྱི་སྤྲུལ་པའི་སྐུ་སད་པའི་མཚན་ཉིད་ཅན་དེ་འབྱུང་ངོ༌། །དེ་བཞིན་དུ་མངལ་ནས་བཙས་ ནས་སྲོག་གི་རླུང་འབྱུང་བའི་དུས་དག་པའི་སྐུ་དང༌། དེ་ནས་སོ་སྐྱེས་ཀྱི་བར་ཆོས་སྐུ་དང༌། དེ་ནས་སོ་བརྗེ་བའི་བར་ལོངས་སྐུ་དང༌། དེ་ནས་མ་ཤི་བར་སྤྲུལ་སྐུའི་དག་པའོ། །བཞི་པའི་ གནས་སྐབས་དང་ཤིན་ཏུ་གཉིད་ལོག་པ་སྟེ་གཉིད་འཐུག་པོའི་གནས་སྐབས་དང་དེ་གཉིས་ ལས་གཞན་པ་རྨི་ལམ་གྱི་གནས་སྐབས་དང༌། ལུས་བྱ་བྱེད་བྱེད་པའི་སྒོ་ནས་རབ་ཏུ་དབྱེ་ བས་ཕྱེ་བ་སྟེ། རྒྱུ་མཚན་དེའི་སྒོ་ནས་བཞག་པའི་སད་པའི་གནས་སྐབས་སོ། །དེ་ལྟར་ན་ གནས་སྐབས་བཞི་དང་འབྲེལ་བའི་ལུས་ཀྱི་ཁྱད་པར་གྱིས་རབ་ཏུ་དབྱེ་བས། སྲོག་ཆགས་ རྣམས་ཀྱི་ལུས་ལ་ཡིད་སེམས་ཀྱི་གནས་སྐབས་རྣམ་པ་བཞི་རུ་འགྱུར་ཏེ། གནས་སྐབས་བཞི་ ཉིད་དང༌། གནས་སྐབས་བཞིའི་དྲི་མ་དང༌། གནས་སྐབས་བཞིའི་སེམས་ཞེས་བརྗོད་ཀྱང༌། ཀུན་རྫོབ་རྣམ་ཤེས་ཀྱི་སེམས་ཁོ་རང་གི་རང་ངོས་ནས་མི་འདྲ་བ་མེད་ལ། ལུས་དང་འབྲེལ་ 3-1-314 བའི་ཆོས་ཀྱི་སྒོ་ནས་ཐིག་ལེ་འཕོ་བ་དང༌། ཡུལ་གྱི་འཇུག་པ་འགགས་པ་དང༌། སེམས་ཀྱི་ སྣང་བའི་འདོད་ཡོན་ལ་ལོངས་སྤྱོད་པ་དང༌། རགས་པའི་བྱ་བྱེད་ཅན་གྱི་དབྱེ་བ་སྟེ་བཞི་བྱུང་ བས། དེ་དག་དངོས་ཀྱི་གནས་སྐབས་སོ་སོའི་རྣམ་འགྱུར་མི་འདྲ་བ་དང་དེ་དག་གིས་བཞག་ པའི་བག་ཆགས་བཞི་པོ་མཚན་ཉིད་ཀྱི་དབྱེ་བ་སོ་སོ་དང་བཅས་ཏེ་སེམས་ལ་རྟག་ཏུ་གནས་ པའོ། །དེ་ཡང་འཁོར་བ་པ་རྣམས་ཀྱི་སྤྲུལ་སྐུ་སྟེ་སད་པའི་གནས་སྐབས་སུ་ཡིད་ནི་ཡུལ་ རགས་པ་རྣམས་ལ་ལོངས་སྤྱོད་བྱེད་པ་པོར་འགྱུར་ཏེ། ཡིད་ཀྱི་གཡོ་བ་ལ་བརྟེན་ནས་ལུས་ ཀྱི་འགྲོ་འོང་དང༌། ངག་གི་གཏམ་སྨྲ་བ་སོགས་བྱེད་དོ། །ལོངས་སྤྱོད་རྫོགས་པའི་མིང་ཅན་རྨི་ ལམ་དུ་དབང་པོ་གཟུགས་ཅན་གྱི་ཤེས་པ་རྣམས་ཀྱིས་མ་མཐོང་བའི་ཡུལ་ཡིད་འཁྲུལ་བའི་ གསལ་སྣང་ལ་སེམས་པར་འགྱུར་ཞིང༌། འཁོར་བའི་ཆོས་སྐུ་ལ་ནི་རགས་སྣང་དང་རྨི་ལམ་ གྱི་སྣང་བ་གཉིས་ཀ་དང་བྲལ་བའི་གཉིད་འཐུག་པོ་ཡུལ་སྣང་མེད་པའི་ཚུལ་གྱིས་འཇུག་གོ ། དག་པའི་སྐུའི་མིང་ཅན་བཞི་པའི་གནས་སྐབས་ལ་ནི། ཐིག་ལེ་འཕོ་བའི་བདེ་བར་འགྱུར་ ཏེ། ཉིན་མཚན་ལ་སོགས་པའི་དུས་གང་ཡང་རུང་བར་ལུས་ངག་ཡིད་ཀྱི་ཐིག་ལེ་གྲོལ་བ་ ཞེས་པས་ཕྱིར་འཕོ་བའི་མཐར་དཔེའི་ལྷན་ཅིག་སྐྱེས་དགའ་འཛག་བདེའི་མཚན་ཉིད་ཅན་ མྱོང་བར་འགྱུར་ཏེ། དེ་ཡང་སྔོན་དུ་བཞི་པ་འཕོ་བའི་བདེ་བ་ལས་བརྒྱལ་བའི་གཉིད་འཐུག་ དང༌། དེ་ལས་རྨི་ལམ་དང་དེ་ལས་སད་པར་འགྱུར་ཞིང༌། སླར་ཡང་སད་པ་ལས་འཕོ་བའི་ བདེ་བར་འགྱུར་བ་སོགས་རྩ་བ་ཐིག་ལེ་འགྱུར་བ་ལས་སྒྲིབ་པ་དེ་རྣམས་ཐམས་ཅད་བྱུང་ བའི་ཕྱིར། ཐིག་ལེ་འགྱུར་མེད་ཀྱི་དོན་དུ་ཉིན་མཚན་རྟག་ཏུ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་ བྱའོ། །ཞེས་པ་སྟེ་འདི་ནི་གོང་དུ་རྡོ་རྗེ་ནང་གི་ཕྱག་རྒྱ་ཞེས་སོགས་ཀྱི་རྒྱས་བཤད་མཐའ་ཆོད་ ཡིན་ཏེ། གཙོ་བོ་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡབ་ཡུམ་ཉིད་རྡོ་རྗེ་བཞི་རོ་མཉམ་པའི་བདག་ ཉིད་ཡིན་ལ། རྡོ་རྗེ་བཞི་ཡང་སྐུ་བཞིའི་རང་བཞིན་ནོ། །འཁོར་བར་སྐུ་བཞིའམ་རྡོ་རྗེ་བཞི་ 3-1-315 པོ་དེ་རྣམས་ཤིན་ཏུ་རྣམ་པར་དག་པའི་གདོད་མའི་ཡེ་ཤེས་སྐུ་བཞི་པོ་ནི། བཅོམ་ལྡན་འདས་ ཉིད་ཡིན་ལ། གདོད་མའི་སྐུ་བཞི་དེ་འཁོར་བ་གནས་སྐབས་བཞི་ལ་ཁྱབ་པའི་ཚུལ་གྱིས་ཆོས་ ཉིད་དུ་སོང་ལ། དེའི་ཕྱིར་གནས་སྐབས་བཞིའི་འཁྲུལ་པ་སོ་སོ་ལ། མངལ་སྐྱེས་རྣམས་ཀྱིས་ གཙོ་བོར་སྤྱོད་པའི་དུས་མངལ་གྱི་གནས་སྐབས་བཞི་དང༌། བཙས་ཟིན་པའི་གནས་སྐབས་ བཞི་པོ་དེ་དག་ཏུ་དུས་ཀྱི་འཁོར་ལོའི་སྐུའམ་རྡོ་རྗེ་བཞི་པོ་དེ་དག་གིས་སོ་སོར་སེམས་ཅན་ རྣམས་ལ་སྐལ་བ་དང་འཚམ་པར་ཕན་པ་དང་བདེ་བའི་དོན་མཛད་དེ། རྒྱལ་བའི་བདག་པོས་ སེམས་ཅན་ཀུན་དོན་བྱེད་པའོ། ཞེས་པའི་དོན་ནོ། །གཞན་ཡང་སྐུ་ཡབ་ཡུམ་མཉམ་སྦྱོར་ གྱི་རྣམ་པས་བཞི་པའི་གནས་སྐབས་སྤོང་ཞིང༌། ལྷན་སྐྱེས་ཀྱི་སྐུ་དང་ཡེ་ཤེས་རྡོ་རྗེ་མཚོན། སྟོང་པས་རྒྱས་བཏབ་པས་གཉིད་འཐུག་པོ་འགོག་ཅིང་ཆོས་སྐུ་དང་ཐུགས་རྡོ་རྗེ་མངོན་དུ་ བྱེད། ལྷ་སྐུ་འབྱུང་ལུས་སྤངས་པའི་འཇའ་ཚོན་ལྟ་བུར་ཤར་བས་རྨི་ལམ་སྦྱོང་ཞིང༌། ལོངས་ སྐུ་དང་གསུང་རྡོ་རྗེ་མཚོན། འོད་ཟེར་སྤྲོ་བསྡུ་རྒྱན་ཆ་ལུགས། སྐུའི་རྣམ་འགྱུར། གསུང་གི་ བརྗོད་པ། ཐུགས་ཁྲོ་ཆགས་ཀྱི་རྣམ་པ་སོགས་ཀྱིས་ནི་སད་པ་སྦྱོང་ཞིང༌། སྤྲུལ་སྐུ་དང་སྐུ་རྡོ་ རྗེ་མཚོན་པས་ན། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཡབ་ཡུམ་ལ་གཙོ་བོར་སྦྱོར་དགོས་ པར་མ་ཟད། ཁ་སྦྱོར་གྱི་སྐུ་ཅན་གཞན་ཐམས་ཅད་ལ་དངོས་སུ་འབྱོར་ཞིང༌། འདབ་མའི་ལྷ་ མོ་རྣམས་ཀྱང་ཁ་སྦྱོར་ལྷའི་རིགས་སུ་གནས་པ་ཡིན་ཏེ་རེ་མོས་ཀྱི་འཁོད་པར་འགྱུར་བ་དང༌། ལྟ་རྒོད་ལ་སོགས་པ་རྗེས་ཆགས་ཀྱི་སྤྱོད་པ་གཞན་དང་ལྡན་པའི་ཕྱིར། དཀྱིལ་འཁོར་གྱི་ལྷ་ ཐམས་ཅད་ལ་འབྱོར་རོ། །དེ་ལྟར་ན་དེ་ལྟ་བུའི་སྐུ་བཞི་རྡོ་རྗེ་བཞི་གཅིག་ཏུ་འདུས་པར་མཚོན་ པ་ནི་ཐུགས་ཀའི་ས་བོན་ནོ་ཞེས་པའི་དོན་ཏེ། རྒྱུད་ཚིག་གནས་སྐབས་སོ་སོ་ན་ཡོད་ཀྱང༌། གོང་འོག་གི་ཚིག་དོན་བསྒྲིགས་ཏེ་གོ་བར་བྱའོ། །དོན་གྱི་སྙིང་པོ་བསྒྲིལ་ཏེ་འདི་ལྟར་མ་གོ་ན། རྣམ་བཤད་མང་པོ་ཞིག་ལྟར་འབྲུ་ཡམ་མེ་བའི་ཚིག་རྐྱང་བྲིས་བཤུས་ཡང་ཡང་འཕར་བ་ལ་ 3-1-316 དགོས་པ་མེད་དོ།། །། དྲུག་པ་བཞུགས་སྟངས་ཀྱི་རྣམ་དག་ནི། གཡོན་དུ་སྲོག་ནི་རབ་ཏུ་རྒྱུ་བར་འགྱུར་བ་ དེ་བཞིན་དུ་ནི་གཡས་པ་བསྐུམ་པ་གང་ཡིན་པ། དེ་ནི་གཡོན་བརྐྱང་སྟབས་ཏེ་མཉམ་པའི་ སྟབས་དང་གཞན་པ་གཡས་བརྐྱང་མེ་དང་ཉི་མའི་རྒྱུ་བ་ལས། ས་ག་དང་ནི་ཟླུམ་པོ་ཉིད་དང་ མཆོག་གི་རོལ་པའི་སྟབས་དང་པདྨ་དང་ནི་རྡོ་རྗེའི་གདན། །མཉམ་དང་མི་མཉམ་བགྲོད་པ་ དག་ལ་ནམ་མཁའ་ལ་སོགས་རབ་ཏུ་རྒྱུ་བའི་སྲོག་རླུང་རྣམ་པ་ལྔ། །ཞེས་གསུངས་ཏེ། སེམས་ ཅན་འཁོར་བ་པ་རྣམས་ལ་ཕལ་ཆེར་གཡོན་གྱི་རྩ་ལ་སྲོག་སྟེ་རླུང་རྒྱུ་བ་བརྐྱང་བ་ལྟ་བུར་ གནས་པའི་ཚེ། གཡས་ཀྱི་ཆ་ལ་མི་རྒྱུ་བ་བསྐུམ་པ་ལྟ་བུར་གནས་པས་དེ་སྦྱོང་བྱེད་ཞབས་ གཡས་བསྐུམ་གཡོན་བརྐྱང་རྣམས་སོ། ། དེ་ལས་གཞན་པ་སྟེ་གོ་ཟློག་པ་རྩ་གཡོན་ལ་རྒྱུ་ཞིང་གཡས་ལ་མི་རྒྱུ་བ་ནི། ཞབས་ གཡས་བརྐྱང་རྣམས་ཀྱི་དག་པར་འགྱུར་རོ། །དེ་བཞིན་མཉམ་རྒྱུ་དབུ་མར་འབབ་པ་གང་ ཡིན་པ་དེ་དག་རྣམ་པར་དག་པ་ནི་མཉམ་པའི་ཞབས་སྟབས་ཀྱིས་རྣམ་པར་དག་པའོ། །མེ་ ཞེས་པ་དུས་མེ་སྟེ་དབུ་མར་མཉམ་རྒྱུ་དང༌། ཉི་མའི་རྒྱུ་བ་ནི་གཡས་རོ་མ་ལ་འབབ་པ་ཡིན་ པས་ཟླ་སྟོབས་ཀྱིས་གོ་བ་ལ་གཡོན་ནས་རྒྱུ་བ་རི་བོང་ཅན་ནོ། ། ས་གའི་སྟབས་ནི་ནམ་མཁའི་དཀྱིལ་འཁོར་ལ་སྲོག་གི་རྒྱུ་བ་དག་པ་དང༌། ཟླུམ་པོའི་ སྟབས་རླུང་དང་རོལ་པའི་སྟབས་མེ་དང༌། པདྨའི་སྐྱིལ་ཀྲུང་ཆུ་དང༌། རྡོ་རྗེའི་སྐྱིལ་ཀྲུང་སའི་ དཀྱིལ་འཁོར་ལ་སྲོག་རྒྱུ་བ་རྣམ་པར་དག་པའོ། །མཉམ་དང་མི་མཉམ་བགྲོད་པ་དག་ལ་ ཞེས་པའི་དོན། མཉམ་པ་ནི་རྩ་གཡས་ལ་གླང་ལ་སོགས་པ་དུས་སྦྱོར་ཁ་འཆམ་དྲུག་དང༌། མི་ མཉམ་པ་ནི་རྩ་གཡོན་ལ་ལུག་ལ་སོགས་པའི་དུས་སྦྱོར་ཁ་ཡར་བ་དྲུག་འཆར་བའི་རླུང་གི་ བགྲོད་པ་རྣམས་ལ་རེ་རེ་བཞིན་དཀྱིལ་འཁོར་ལྔ་ལྔ་རེ་འབྱུང་བས། དེ་རྣམས་དག་པ་ས་གའི་ 3-1-317 འདུག་སྟངས་ལ་སོགས་པ་ལྔ་ཡིན་ལ། སྤྱི་ཁྱབ་གཡས་གཡོན་མཉམ་རྒྱུ་གསུམ་དག་པ་ནི་ སྔོན་མ་གསུམ་པོའོ།། །། བདུན་པ་འཕྲོས་དོན་གྱི་དག་པ་རྣམ་གྲངས་གཞན་བསྟན་པ་ལ། དང་པོ་སྐུ་གསུང་ ཐུགས་ཀྱི་དག་པ་གཞན་ནི། དཔལ་ལྡན་རྡོ་རྗེ་ཅན་ནི་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་བདག་ དཀྱིལ་འཁོར་སྐུ་ཡི་རྡོ་རྗེའོ། །ཟླ་བ་ཉི་མའི་སྟེང་དུ་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་ལྷ་རྣམས་ འཁོར་ལོ་གསུང་གི་རྡོ་རྗེའོ། །ཞེས་གསུངས་ཏེ། ཐུགས་དཀྱིལ་ཉིད་ལ་དཔལ་ལྡན་རྡོ་རྗེ་ ཅན་གཙོ་བོ་ལ་སོགས་པ་ལྷ་ཚོགས་རྣམས་ནི་ཐུགས་རྡོ་རྗེ་དང་ཉི་ཟླའི་གདན་གྱི་སྟེང་དུ་ཨཱ་ ལི་ཀཱ་ལིའི་རིགས་རང་རང་གི་ས་བོན་ནི་གསུང་རྡོ་རྗེ་སྟེ་འདི་ལས་དེ་བསྐྱེད་པའོ། །གཞལ་ མེད་ཁང་ནི་སྐུ་རྡོ་རྗེའོ། །དེ་ལྟར་ན་ཐུགས་དཀྱིལ་ལ་སྐུ་གསུང་ཐུགས་ཀྱི་དབྱེ་བ་དེ་བཞིན་དུ་ གསུང་དཀྱིལ་དང་སྐུ་དཀྱིལ་ལ་ཡང་དབྱེ་བས་རྣམ་གྲངས་དགུའི་དག་པའོ། །དེ་དག་ནི་སྒྲུབ་ ཐབས་དཔག་བསམ་ལྗོན་ཤིང་ལས། བརྟེན་པ་ལྷའི་དག་པའི་སྐབས་སུ་དངོས་སུ་ལུང་འདྲེན་ པར་མཛད་པ་རྣམས་ཀྱི་དོན་བཤད་པ་ཡིན་ལ། དག་པའི་རྣམ་གྲངས་གཞན་རྒྱུད་དང་འགྲེལ་ བའི་སྔ་ཕྱིར་ཇི་སྙེད་ཅིག་འབྱུང་ཡང་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ན་གོ་དཀའ་ཞིང་ འཁྲུག་པར་འགྱུར་བས་སྤྲོས་པ་ཐམས་ཅད་བརྗོད་པར་མི་འོས་ཀྱང་ད་དུང་ཉེར་མཁོ་འགའ་ ཞིག་བརྗོད་ན། ཡེ་ལེའི་ཞེ་གཉིས་ཞེ་གསུམ་པའི་འགྲེལ་པར་གསུངས་པ་ལྟར་ཡུལ་དག་པ་ ཞེས་ཟླ་བའི་ཡུལ་ལ་གཟུགས་སོགས་ཡུལ་ལྔ་དང༌། ཉི་མའི་ཡུལ་ལ་མུན་པ་སོགས་ཡོན་ཏན་ གསུམ་མོ། །རླུང་གི་ཡོན་ཏན་རེག་བྱ་གཅིག་ཉིད་དག་པས་ཞལ་གཅིག་པ། མེ་ལ་རང་གི་ ཡོན་ཏན་རོ་དང༌། གཞན་རླུང་གི་ཡོན་ཏན་རེག་བྱ་དང་ལྡན་པས་ཞལ་གཉིས་པ་དང༌། {ཆུ་ ལ་རང་གི་[ཉི་མའི་ཡུལ་ལ་]ཡོན་ཏན་གཟུགས་དང༌། གཞན་རོ་རེག་གཉིས་དག་པས་ཞལ་ གསུམ་པ་དང༌། ས་ལ་རང་གི་ཡོན་ཏན་དྲི་དང༌། གཞན་གཟུགས་རོ་རེག་གསུམ་ལྡན་པས་ 3-1-318 ཞལ་བཞི་པ་དང༌། སྟོང་ཆེན་ལྔ་དག་པས་ཞལ་ལྔ་པ་དང༌། འགྱུར་མེད་དྲུག་དག་པས་ཞལ་ དྲུག་པ་དང༌། དེ་དག་གི་ཤུགས་ལ་གཞན་ཡང་ཉི་ཟླའི་ཡོན་ཏན་བརྒྱད་དག་པས་ཞལ་བརྒྱད་ པ་ལ་སོགས་པ་རྣམས་སུ་འགྱུར་ལ། རྒྱས་བཏབ་ཀྱི་ཞལ་ཞེས་གསུངས་པ་ཡོད་དེ་རིགས་ བདག་ཉིད་ལ་བྱའོ། །གཙོ་བོ་བཅོམ་ལྡན་འདས་ཀྱི་སྐུ་མདོག་ནི་གོང་དུ་སྨོས་པ་ལྟར། ཡེ་ ཤེས་ཀྱི་ཁམས་དག་པའི་སྔོན་པོའམ། ཐུགས་རྡོ་རྗེ་ཉིད་ཀྱི་ནག་པོ་སྟེ། ཁ་ཅིག་དཀར་ནག་གི་ ཕྱོགས་གཉིས་རོ་མཉམ་དང་འདྲེས་པས་ཀྱང་སྔོན་པོ་ཞེས་འཆད་པ་ནི་གོང་དུ་དཔྱད་པ་དང་ འདྲ། བཅོམ་ལྡན་འདས་མ་སྐུ་མདོག་སེར་བ་ནི། ཡེ་ཤེས་རྡོ་རྗེ་མའི་ངོ་བོ་ཉིད་ཀྱི་ཕྱིར། ཀུན་ ཁྱབ་ཀྱི་རིགས་ལ་ཐུགས་དང་ཡེ་ཤེས་ཟུང་དུ་འཇུག་པའི་བདག་ཉིད་དོ། །འཁོར་རྣམས་ཀྱི་ཁ་ དོག་གི་དག་པ་ལ། ཡེ་ལེ་བཅུ་གསུམ་པ་ལ་སོགས་པའི་རྩ་འགྲེལ་ལས་རྒྱས་པར་གསུངས་ པ་རྣམས་ཏེ། དག་པར་ཡང་དག་དག་པའི་ཆུ་ལས་རི་བོང་འཛིན་པ་ལྟར་དཀར་པདྨའི་མཚན་ མ་འོད་དཔག་མེད། །ཅེས་པ་ནས། སྟེང་དང་འོག་ནས་ཡོན་ཏན་མང་པོའི་གནས་དང་སྲོག་ ཆགས་རྣམས་ཀྱི་ཐར་པའི་རྒྱུར་ནི་སྤྲོས་པའོ། །ཞེས་པའི་བར་དུ་གསུངས་ཤིང༌། འགྲེལ་ཆེན་ དུ། ད་ནི་འཁོར་ལོ་དྲུག་པོ་རྣམས་སུ་ཁམས་དྲུག་ལས་རིགས་ཀྱི་ལྷ་རྣམས་སྤྲོ་བ་གསུངས་པ་ ཞེས་པ་ནས། རྒྱས་བཏབ་པའི་ངེས་པའོ་ཞེས་པའི་བར་དུ་ཕྲ་མོའི་རྣལ་འབྱོར་དང༌། རྫོགས་ རིམ་ཐ་མར་དགེ་བའི་སྐབས་ཀྱི་རྡོ་རྗེ་སྤྲོ་བ་ལྷན་ཅིག་ཏུ་གསུངས་པའི་ཞོར་ལ། ཁ་དོག་ དཀར་པོ་རྣམས་ནི་དཀར་བ་དང་གསལ་བ་ཉིད་ཀྱིས་ཉེས་པའི་སྐྱོན་གྱིས་མ་གོས་ཤིང་ཡོན་ ཏན་རྒྱས་པ་མཚོན་ལ། དེའི་ཕྱིར་ཞི་རྒྱས་ཀྱི་ལས་འགྲུབ་པའི་དགོས་པ་ཅན་དུ་འགྱུར་རོ། ། ནག་པོ་རྣམས་ནི་སྤྲོས་པའི་སྣང་བ་མེད་པ་དང༌། སྒྲིབ་པའི་ཆོས་འཐར་པར་བྱེད་པ་མཚོན་ པས་བསད་པ་དང་དབྱེ་བའི་ལས་འགྲུབ་པའི་ཕྱིར་དང༌། དམར་པོ་རྣམས་ནི་སྣ་ཚོགས་འདི་ དག་སེམས་ཉིད་ཀྱིས་སྤྲུལ་ཞིང༌། སེམས་སུ་ཐིམ་པར་བྱེད་པ་དམར་པོས་ཁ་དོག་གཞན་ 3-1-319 ཟིལ་གྱིས་གནོན་པ་དང་འདྲ་བ་སྟེ། བྱེད་པ་པོ་ཉིད་ཀྱི་ཕྱིར་དབང་གི་ལས་དང༌། ཁོངས་སུ་ འདུ་བའི་ཕྱིར་དགུག་པའི་ལས་འགྲུབ་པའོ། །སེར་པོ་རྣམས་ནི་སེར་པོ་ཁ་དོག་གསལ་བས་ གཞན་གྱི་མདངས་ཉམས་སྨད་པར་བྱེད་པ་དང་མཚུངས་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ རྣམ་པ་ཐམས་ཅད་ཤིན་ཏུ་བརྟན་པས་རྣམ་རྟོག་ཐམས་ཅད་དྲན་དུ་མི་གཞུག་པ་དང༌། སྒྲ་རྟོག་ གིས་གཡོ་བ་མེད་པར་བྱེད་པ་མཚོན་པས་རེངས་པ་དང་རྨོངས་པའི་ལས་འགྲུབ་བོ། །ནམ་ མཁའི་ཁམས་ཀྱི་ལྷ་ཚོགས་ལྗང་ཁུ་དང༌། ཡེ་ཤེས་ཁམས་ཀྱི་ལྷ་ཚོགས་སྔོན་པོ་ནི། ཁ་དོག་ ཐམས་ཅད་འདྲེས་པའི་བདག་ཉིད་ཅན་གྱི་ཕྱིར་སྔར་གྱི་དག་པ་ཐམས་ཅད་འདུས་ལ། དེའི་ ཕྱིར་ལས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ཡང་ལྗང་ཁུ་ལས་རྣམས་ཆ་མཉམ་དང༌། སྔོན་པོ་ནི་བསད་པ་སོགས་འཇོམས་པའི་ལས་དང༌། དེ་རྣམས་སླར་གསོ་བའི་ཕྱོགས་ལ་ལྷག་ པར་མཐུ་དང་ལྡན་པ་ཡིན་ནོ། །ཡང་ཇི་སྐད་དུ། ལུས་ལ་བསམ་པ་རབ་ཏུ་ཞུགས་པ་ནམ་ མཁའ་བཞིན་དུ་རོ་མཉམ་བསམ་པའི་དབུས་སུ་ལུས་ངག་ཀྱང༌། རྣལ་འབྱོར་ལྡན་པས་ཤེས་ བྱ་རང་བཞིན་ཡོན་ཏན་དབང་གིས་ཁམས་ཀྱི་ཁ་དོག་ལ་སོགས་དབྱེ་བས་ཏེ། སེར་པོ་ནག་པོ་ དག་དང་ཁ་དོག་དམར་པོ་ཞེས་དང་དཀར་པོ་ས་རླུང་མེ་དང་ཆུ་ལའོ། །ཡེ་ཤེས་ནམ་མཁའ་ལ་ ཡང་སྔོན་པོ་ལྗང་ཁུར་འགྱུར་ཏེ་ལུས་དང་བསམ་པའི་རབ་ཏུ་དབྱེ་བས་སོ། །ཞེས་གསུངས་ཏེ། ལྷ་ཕན་ཚུན་ཁ་དོག་གཞན་རིགས་ཀྱིས་ཡང་དག་པར་འཁྱུད་པ་ནི། ལུས་བསམ་གྱི་དབྱེ་བའི་ དག་པར་མཛད་པ་སོགས་མང་མོད་ཀྱི་རྒྱས་པར་མ་སྤྲོས་ལ། ཤུགས་ཀྱིས་གོ་བར་ཡང་འགྱུར་ རོ། །སྤྱི་ཁྱབ་ཏུ་ཞལ་གསུམ་པ་རྣམས་ཡོན་ཏན་གསུམ་དག་པ་རྡོ་རྗེ་གསུམ་དང༌། ཕྱག་དྲུག་ རྣམས་ཕལ་ཆེར་ཁམས་དྲུག་རྣམ་པར་དག་པ་དང༌། ཞབས་གཉིས་རྣམས་ཉི་ཟླའི་རྒྱུ་བ་དག་ པ་དང༌། ཞལ་གཅིག་པ་རྣམས་ནི་བདེ་བ་གཅིག་པུ་དང༌། ཕྱག་བཞི་རྣམས་ནི་རྡོ་རྗེ་བཞིའམ་ ཁྱབ་བྱ་ས་ཆུ་མེ་རླུང་བཞི་དག་པ། ཕྱག་གཉིས་པ་རྣམས་ནི་བདེ་བ་ཆེན་པོ་དང༌། རྣམ་པ་ 3-1-320 ཐམས་ཅད་པའམ་དྷཱུ་ཏི་དང་དུང་ཅན་མ་དག་པའོ། །ནུས་མ་རྣམས་ཀྱི་ཞལ་བཞི་རྡོ་རྗེ་བཞིའི་ རྒྱས་བཏབ་དང༌། ཕྱག་བརྒྱད་ནི་ཉི་ཟླའི་ཡོན་ཏན་དག་པའི་བདག་ཉིད་ཡིན་ལ། གཞན་ ཡང་རྒྱུད་ལས། དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་མཆོག་གི་ཡོན་ཏན་རྣམ་མང་དཀྱིལ་འཁོར་གྱི་ ནི་རྣམ་པར་གསུངས། །གསུང་གི་རྡོ་རྗེ་ཨ་སོགས་ཀ་སོགས་ལྷ་ཡི་རྣམ་པ་ཉིད་ནི་མཐའ་དག་ རྒྱལ་བའི་རིགས་རྣམས་ཀྱིས། །སྟོང་པ་དྲུག་གི་ཐུགས་ཀྱི་རྡོ་རྗེ་རྣམ་གསུམ་སྲིད་པར་གནས་ པ་གཙོ་བོར་རྣམ་པ་གཅིག་པུའོ། །དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་ངེས་པར་སྲིད་པའི་འཇིགས་ འཇོམས་སྣ་ཚོགས་ཡུམ་གྱི་རང་བཞིན་ནོ། །ཞེས་དང༌། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ ཅན་རྣམས་ཀྱིས་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་ སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། །དྲི་མེད་ནོར་བུ་ལྟ་ བུར་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །སྦྱིན་པ་ལ་སོགས་བདེ་ མཉམ་འབྲས་སྟེར་དྲུག་དང་བཞི་རྣམས་ནུས་མ་བཅུ་པོ་དེ་དག་རྣམས་སུ་གསུངས། །དེ་དག་ རྣམས་ཀྱི་ཐབས་ནི་དག་པ་མཆོག་གི་སེམས་ཀྱིས་གང་བའི་བུམ་པ་རྣམ་བཅུ་དེ་རྣམས་སོ། ། བདུད་དང་ཉོན་མོངས་ཉམས་པ་འདོད་པ་ཞེས་དང་འཕྲོག་བྱེད་རྡོ་རྗེའི་ཚོགས་ནི་ལྗོན་པ་ལ་ སོགས་རྣམས། །ཕྱག་རྒྱ་དྲུག་རྣམས་སྟོང་པ་དྲུག་སྟེ་སྲིད་གསུམ་སྐྱེད་པར་མཛད་པ་ཡེ་ཤེས་ རྣམ་ཤེས་གཅིག་པའོ། །འཁོར་ལོ་སྲིད་གསུམ་ཀུན་ནས་དང་བ་ཞེས་པའོ་བདེ་བ་རིན་ཆེན་ འདི་ཡི་ཆགས་པ་ཉིད་དག་ནི། །པདྨའོ་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་དག་ཀྱང་ཡེ་ཤེས་ སྐུ་ཆེན་རྣམ་པར་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ཏེ་ འདི་དག་རྣམས་ཀྱིས་བསྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་དབང་པོ་ལ་སོགས་མཁའ་ བཞིན་རོ་མཉམ་དེ་དག་རྣམས་ཀྱང་དེ་བཞིན་རིག་པར་བྱ། །ཞེས་གསུངས་པ་རྣམས་གལ་ 3-1-321 ཆེ་བའི་དག་པ་ཡིན་མོད་ཀྱི། གོ་བླ་བ་ཉིད་ཀྱི་ཕྱིར་རེ་ཞིག་མ་སྤྲོས་སོ། །སྔར་གྱི་སྐུ་བཞི་དག་ པའི་འཕྲོས་ལས། ཤེས་རབ་ཐབས་ཀྱི་ལུས་དང་བསམ་པ་མཉམ་དང་མི་མཉམ་རིགས་ནི་ཉི་ ཟླ་ཨ་སོགས་ཀ་སོགས་དང༌། །རྣམ་གསུམ་སྲིད་པ་ལ་གནས་ཡེ་ཤེས་རྣམ་ཤེས་དབྱེ་བ་དག་ གིས་རྣལ་འབྱོར་བ་ཡིས་རིག་པར་བྱ། །ཞེས་འབྱུང་བའི་དོན་ནི། དེ་ལ་རྟག་ཏུ་ཕན་ཚུན་རྒྱས་ བཏབ་ཡིན་མོད་ཀྱང༌། ཤེས་རབ་ཀྱི་ལྡོག་ཆ་ནས་ལུས་དང༌། ཐབས་ཀྱི་ལྡོག་ཆ་ནས་བསམ་ པ་གཙོ་ཆེའོ། །མཉམ་དང་མི་མཉམ་ཞེས་པ་ནི། མཁའ་ཡེ་རླུང་མེ་ཆུ་ས་ཞེས་ཁམས་དྲུག་གི་ རིམ་པ་བགྲོད་ཚུལ་ལས། མཁའ་རླུང་{སྐུ་[ཆུ་]སྟེ་ཡ་བ་རེ་བ་གསུམ་ལ་མི་མཉམ་པ་དང༌། ཡེ་མེ་ས་སྟེ་ཆ་འགྲིག་པ་གསུམ་ལ་མཉམ་པ་ཞེས་གྲངས་བགྲོང་ཚུལ་གྱི་སྒོ་ནས་མིང་བཏགས་ པ་ཡིན་ལ། དེ་ཡང་ཕྱི་རོལ་ཏུ་ཟླ་བ། ནང་དུ་ཨ་སོགས་དབྱངས་རྣམས་ཐབས་ཁུ་བའི་ཆོས། ཆུ་རླུང་ནམ་མཁའ་སྟེ་རིགས་གསུམ་རྣམ་པར་དག་པ་ལྷ་ཡབ་རྣམས་ཟླ་བ་དང་དབྱངས་ཀྱིས་ མཚོན་པའི་དགའ་བ་བཞི་ལ་བཞི་བཞིས་ཕྱེ་བའི་ནང་ཚན་བཅུ་དྲུག མི་འགྱུར་བའི་བདེ་བ་ སྐུ་གསུང་ཐུགས་གསུམ་དབྱེར་མེད་པའི་བདག་ཉིད་ཡིན་ལ། ཕྱི་རོལ་ཏུ་ཉི་མ་དང༌། ནང་དུ་ ཀ་སོགས་གསལ་བྱེད་ཀྱི་རྩ་རླུང་ཐིག་ལེ་རྣམས་མཉམ་པའི་རིགས་དམར་པོའི་དངས་མ་རྡུལ་ གྱི་ཆོས་ལས་བྱུང་བ་ས་མེ་ཡེ་ཤེས་གསུམ་དག་པ་ནི་ལྷ་ཡུམ་རྣམས་ཏེ། ཉི་མ་དང་གསལ་བྱེད་ བཅུ་གཉིས་ཚན་པ་ཕྲག་གསུམ་གྱིས་མཚོན་པ། རྡུལ་དག་པའི་སྣང་ཆ་ལས་བྱུང་བའི་གཏུམ་ མོ་ཡེ་ཤེས་ཀྱི་མེ་རྣམ་པ་ཐམས་ཅད་པའི་སྟོང་པའི་རང་བཞིན་རྟེན་འབྲེལ་བཅུ་གཉིས་ཀྱི་རླུང་ རེ་རེ་འགགས་པ་ལས་བྱུང་བ་སྐུ་བཞི་ལ་ཡོན་ཏན་གསུམ་གསུམ་གྱིས་ཕྱེ་བའི་བདག་ཉིད་ རྣམ་པར་དག་པའོ། །གསལ་བྱེད་སོ་དྲུག་ནི་སུམ་ཅུའི་སྟེང་དུ་ཧ་ཡ་ར་ཝ་ལ་ཀྵཿཞེས་པ་བསྣན་ པའོ། །དེ་ལྟར་ན་ཡབ་ཡུམ་གཉིས་ཀྱི་དག་པ་ལ་སྦྱར་བའི་ཚེ་ཡབ་ལ་ཆུ་རླུང་ནམ་མཁའ་སྐུ་ གསུང་ཐུགས་གསུམ་བསམ་པའི་ངོ་བོ་དང༌། ཡུམ་ལ་ས་མེ་ཡེ་ཤེས་སྐུ་གསུང་ཐུགས་གསུམ་ 3-1-322 ལུས་ཀྱི་ངོ་བོར་འཇོག་ཅིང༌། ཡབ་ཡུམ་མཉམ་པར་སྦྱོར་བ་ལུས་བསམ་རོ་མཉམ་མོ། །ཡང་ ཁྱད་གཞི་ཡབ་གཅིག་པུ་ལ་བཞག་ན། ཆུ་རླུང་ནམ་མཁའ་གསུམ་སྤྱིར་ཐབས་ཡིན་ཀྱང༌། ཡབ་ཁོ་ན་ལ་བལྟོས་ན་ལུས་ཀྱི་སྒོ་ནས་ཡབ་ཉིད་ཀྱི་ཤེས་རབ་ཏུ་འགྱུར་ཅིང༌། ས་མེ་ཡེ་ཤེས་ གསུམ་པོ་བསམ་པའི་སྒོ་ནས་ཐབས་སུ་འགྱུར་བས་ཡབ་ཉིད་ལའང་དྲུག་པོ་ཚང་ལ། ལྷ་ཡུམ་ ལ་བལྟོས་་ནས་མེ་ཡེ་ཤེས་གསུམ་པོ་ཡུམ་ཉིད་ཀྱི་ལུས་ཤེས་རབ་དང༌། ཆུ་རླུང་ནམ་མཁའ་ གསུམ་པོ་བསམ་པ་ཐབས་ཀྱི་ཚུལ་དུ་བཞུགས་པས་ཡུམ་ལའང་དྲུག་པོ་ཚང་པས་དེས་མཚོན་ ཏེ། དཀྱིལ་འཁོར་གྱི་ལྷ་རེ་རེ་བཞིན་གྱི་དག་པར་ཡང་འགྱུར་རོ། ། ཡང་དྲུག་པོ་སོ་སོར་ཕྱེ་ནས་ལྷ་སོ་སོའི་ཁ་དོག་ལ་ཡང་སྦྱོར་ན། སེར་དམར་སྔོ་གསུམ་གྱི་ ལྷ་རྣམས་ཕོ་མོ་གང་ཡིན་ཡང་རུང་ཤེས་རབ་ཉི་མའི་དག་པ་སྟེ། ལུས་བསམ་གང་རུང་རེའི་ དབང་ལས་ཡིན་པ་མོ་ལ་ལུས་དང་ཕོ་ལ་བསམ་པ་གཙོ་ཆེ་བར་བཞག་གོ ། དཀར་ནག་ལྗང་གསུམ་རྣམས་ཕོ་མོ་གང་ཡིན་ཡང་རུང་སྟེ། ལུས་བསམ་གང་རུང་རེའི་ སྒོ་ནས་ཐབས་ཟླ་བའི་ཆོས་སུ་འཇོག་སྟེ་ཕོ་ལ་ལུས་དང་མོ་ལ་བསམ་པ་གཙོ་ཆེ་བ་ཡིན་ནོ། ། དེ་ལྟར་ན་ལྷ་སོ་སོ་རང་རང་དང༌། ཕན་ཚུན་སྐུ་ལ་འཁྱུད་པའི་ཡབ་ཡུམ་རྣམས་ཀྱི་དག་སྦྱོར་ གྱི་གནད་དེ་བཞིན་དུ་སྦྱོར་ཞིང༌། གཞན་ཡང་ཟླ་བའི་ཆོས་དགའ་བ་བཞི་དང༌། དེ་ལས་ཕྱེ་ བའི་བཅུ་དྲུག་ཉི་མའི་ཆོས་སྐྱེ་མཆེད་བཅུ་གཉིས་སམ། གནས་སྐབས་བཞི་དང་སྐུ་བཞི་རྡོ་ རྗེ་གསུམ་གྱིས་ཕྱེ་བ་སྟེ། རྣམ་གསུམ་སྲིད་པར་གནས་པའི་སེམས་ཅན་རྣམས་ལ་མངལ་དུ་ དགའ་བ་བཅུ་དྲུག་གི་སྐུ་བཞི་དང༌། བཙས་ནས་སྐྱེ་མཆེད་བཅུ་གཉིས་ཀྱི་སྐུ་བཞི་དག་པའི་ ཚུལ་གྱིས་ཡོད་པ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་ཀྱང་ཉི་ཟླ་དབྱངས་གསལ་ གྱི་རྒྱུ་ལས་བྱུང་བའི་བརྡ་ཐབས་ལས་རྡོ་རྗེ་གསུམ་ཐབས་ཤེས་ཀྱིས་དབྱེ་བའི་རང་བཞིན་ དང༌། དོན་དམ་པའི་ཡེ་ཤེས་དགའ་བཞི་ལ་སྐུ་བཞིས་ཕྱེ་བ་སྟེ་བཅུ་དྲུག་དང༌། དོན་དམ་ 3-1-323 པའི་རྣམ་ཤེས་རྡོ་རྗེ་གསུམ་གྱི་སྐུ་བཞི་ལ་བཅུ་གཉིས་ཏེ་རྣམ་ཤེས་ཡེ་ཤེས་ཟུང་དུ་འཇུག་པའི་ བདག་ཉིད་དོ། །ཞེས་ཀྱང་གོ་བར་བྱའོ།། །། བཞི་པ་ཡེ་ཤེས་དགུག་གཞུག་ནི། དེ་ནས་བདག་ཉིད་ཀྱི་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་ པ་ལས་ནས། འཁོད་པར་གྱུར་ཞེས་པའི་བར་ཏེ། འདི་ལ་རྡོ་རྗེ་ཤུགས་སྤྲོ་བ་སྔོན་འགྲོ་དང༌། ལས་ལྔ་པོ་དངོས་གཞི་དང༌། ཡི་གེ་དགོད་པ་རྗེས་བརྟན་བྱེད་དེ། དེ་ཡང་ཧཱུཾ་ཡིག་རྡོ་རྗེའི་ སྤྲུལ་པ་ཞེས་གསུངས་པས། ཧཱུཾ་དང་རྡོ་རྗེ་ལས་བསྐྱེད་པ་བསྟན་ཅིང༌། ལེགས་པའི་བུའི་སྒྲུབ་ ཐབས་ལས། ཉི་ཟླ་སྒྲ་གཅན་གྱི་གདན་དང་ཛཿཡིག་ལྕགས་ཀྱུ་སོགས་དང༌། འོག་མ་རྣམས་ ལའང་སྤྲོས་པ་མང་པོ་ཡོད་པ་དག་སྤྲོས་པ་ཙམ་དུ་ཟད་པས་རང་ལུགས་རྒྱུད་འགྲེལ་གྱི་དངོས་ བསྟན་ཙམ་གྱིས་ཆོག་ཤེས་པར་བྱའོ། ། དབུ་མའི་སྲོག་མཚོན་པའི་ཕྱིར་སྐུ་མདོག་སྔོན་པོ་ཉིད་ཡིན་ཅིང༌། རྣམ་འགྱུར་གཞན་ རྣམས་རྡོ་རྗེ་ཤུགས་སྤྱི་དང་འདྲ་བ་ལས། སེངྒེ་རྐང་བརྒྱད་ཏེ་ཤ་ར་བྷས་དྲངས་བའི་ཤིང་རྟ་ སྔོན་པོ་ལ་གནས་པ་དང་སྐབས་འདིར་སྐུ་ལ་ཕྱག་རྒྱ་ལྔ་ཁོ་ནས་བརྒྱན་པ་ཡིན་ནོ། །འགའ་ ཞིག་ཤེས་རབ་དང་ཐབས་ལས་ཡང་དག་པར་བྱུང་བ་ཞེས་གསུངས་པས་མཁའ་ནང་ནས་སྤྲོ་ བ་དགོས་ཞེས་ཟེར་རོ། །འོན་ཀྱང་འདིར་དངོས་སུ་ཡབ་རྐྱང་སྤྲོ་ཡང་ཐབས་རྐྱང་པ་མི་མཚོན་ ཏེ། ཐབས་ཤེས་རོ་མཉམ་དུ་འདྲེས་པའི་ལྷ་གཅིག་ཡིན་ནོ། །ཞེས་པའི་དོན་ཙམ་ཀ་ཡིན་ པས། བླ་མའི་མན་ངག་ཡིན་ན་ནི་མཁའ་སྤྲོ་མི་འགོག་ཀྱང༌། སྤྱིར་ངེས་པར་དགོས་པ་མིན་ ལ། ཐབས་ཤེས་ལས་བྱུང་བ་ཞེས་པའི་ཚིག་རྒྱུ་མཚན་དུ་བྱེད་པ་ཙམ་གྱིས་བློས་གཟུང་ལ་ སྙིང་པོ་མེད་པས། རང་ལུགས་ལ་ཐུགས་ཀ་ནས་སྤྲོའོ། །འདིར་རྐང་པ་བརྒྱད་པའི་ཤིང་རྟ་ནི། ཁྲོ་མོ་ཤིན་ཏུ་སྔོན་མོའི་ཤིང་རྟ་དང་མཚུངས་ཏེ། རྡོ་རྗེ་ཤུགས་ཡེ་ཤེས་དང་ཤིང་རྟ་ནམ་མཁའི་ ཁམས་སོ། །སེངྒེ་རྐང་བརྒྱད་ཀྱི་ཡན་ལག་བརྒྱད་པོ་ནི། སྒྲ་རེག་གཟུགས་རོ་དྲི་རྡུལ་མུན་སྙིང་ 3-1-324 སྟོབས་ཏེ་ཡོན་ཏན་བརྒྱད་པོ་དེ་རྣམས་དག་པའི་བརྡ་ཡིན་ལ། འདིར་གསལ་ཁ་མེད་ཀྱང་དེ་ འདྲ་བདུན་གྱིས་དྲངས་པའོ།། །། གཉིས་པ་དངོས་གཞི་ནི་རྡོ་རྗེ་ཤུགས་ནམ་མཁར་བྱོན་ཏེ། སངས་རྒྱས་བྱང་ཆུབ་སེམས་ དཔའ་ཀུན་འདུས་པ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཚོགས་གདོད་མའི་ དབྱིངས་ན་བཞུགས་པ་ལ་ཡིད་ཀྱི་དམིགས་པས་སྒོམ་ཚུལ་སྟེང་དང་མདུན་གྱི་ནམ་མཁའ་ ཐག་རིང་བ་ན། ཡེ་ཤེས་ལྷ་ཚོགས་རྣམས་རོལ་ཞིང་རྩེ་བའི་ཚུལ་དུ་བཞུགས་པ་གསལ་བཏབ་ སྟེ། དེ་ལ་རྡོ་རྗེ་ཤུགས་དེ་ཡེ་ཤེས་སེམས་དཔའི་དྲུང་དུ་ལྷགས་ནས་སྐད་ཅིག་ལ་ཞགས་པ་ སྦྲུལ་ཞགས་སུ་སྤྲུལ་ཏེ། ཕྱག་ཉེར་བཞི་པོ་འཆིང་བ་དང༌། ལྕགས་ཀྱུས་ལྟེ་བ་ནས་འདེབས་ ཤིང༌། ཕྱག་མཚན་ལྷག་མ་ཐམས་ཅད་ཀྱིས་སྡིགས་ཚུལ་དུ་བྱས་ཏེ། གཙོ་བོ་ཉིད་ཚུར་སྤྱན་ དྲངས་པ་ན། ལྷ་ཚོགས་གཞན་ཐམས་ཅད་དེའི་ཤུགས་ཀྱིས་བྱོན་ཏེ། ལྷ་རང་རང་སོ་སོའི་ སྟེང་ཕྱོགས་ཀྱི་མདུན་ངོས་སུ་བྱོན་པར་གྱུར། སྔགས་ནི་རྒྱུད་འགྲེལ་ལས། ཛཿཞེས་པ་ཁོ་ ན་གསུངས་པས་དེ་གཅིག་པུས་ཀྱང་ཆོག་མོད། དཀྱུས་སུ་བཤད་པའི་ༀ་ཤྲཱི་སོགས་བླ་མའི་ མན་ངག་ཕྱག་ལེན་ཡིན། དེ་ནས་རྡོ་རྗེ་ཤུགས་དེ་འཕྲལ་དུ་རང་ལ་ཐིམ་པ་ནན་ཏན་དུ་གསལ་ འདེབས་དགོས་ཏེ། འདིའི་སྦྱང་བྱ་དབུ་མའི་{དབུགས་[ལུགས་]དེ་ནི་དེ་ཕྱིན་ཆད་འཆི་བའི་ དུས་མ་གཏོགས། རེ་ཞིག་དཀྱིལ་འཁོར་དུ་བྱས་ཏེ་མི་འབྱུང་བ་ཉིད་ཀྱིས་སོ། །དེ་མ་ཐག་ཏུ་ ཡེ་ཤེས་ཀྱི་འཁོར་ལོ་ལ་ཇི་ལྟར་འོས་པའི་མཆོད་པ་བྱ་བ་ཡིན་ཏེ། ཕྱག་ལེན་དུ་ནི་མཆོད་པ་ བཅུ་གཉིས་ཙམ་གྱིས་མཆོད་དོ། །དེ་ནས་ཁྲོ་བོ་ཤེས་རབ་མཐར་བྱེད་སྤྲོས། ཕྱག་གཡས་ཀྱི་ དང་པོའི་ཕྱག་མཚན་མདའ་དེ་སྐད་ཅིག་གིས་རྡོ་རྗེར་བསྒྱུར་ཏེ། ཡེ་ཤེས་ཀྱི་ལྷ་ཐམས་ཅད་ ཀྱི་སྐུ་རྒྱབ་ཏུ་རེག་ཙམ་བྱས་ཏེ། ཧཱུཾ་ཞེས་པས་ལྷ་སོ་སོ་ལ་བཅུག་སྟེ། ཤེས་རབ་མཐར་བྱེད་ ཉིད་སྤྲུལ་གཞི་ལ་ཐིམ་གཞུག་པའོ། །ཡང་རེངས་བྱེད་གཤིན་རྗེ་གཤེད་བྱུང་སྟེ། དམ་ཡེ་ 3-1-325 ཕྱོགས་གཅིག་ཏུ་ཞུགས་པ་དེའི་ལྷ་རྣམས་ཀྱི་ཕྱག་ཞབས་ལ་ཞགས་པས་རེག་ཙམ་བྱས་པས་ དམ་ཡེ་གཉིས་པོ་སོ་སོར་འགྱེས་མི་ནུས་པར་བསམ། ཁ་ཅིག་རེངས་བྱེད་ཀྱི་ཕྱག་གཡོན་གྱི་ ལྕགས་སྒྲོག་དེ་ཞགས་པར་བསྒྱུར་བའང་ཡོད་མོད། འོན་ཀྱང་ཕྱག་གཡས་ཀྱི་དང་པོ་འཁོར་ ལོ་ཞགས་པར་བསྒྱུར་བ་ཉིད་ཡིན་པར་མངོན་ནོ། །དེ་ནས་དེ་སྤྲུལ་གཞི་ལ་བསྡུས་ཏེ་བཅིང་ བའོ། །ཡང་ཁེངས་བྱེད་པདྨ་མཐར་བྱེད་སྤྲོས། གཡས་ཀྱི་ཐོ་བ་དྲིལ་བུར་བསྒྱུར་ཏེ་ལྷ་ཐམས་ ཅད་ཀྱི་མདུན་དུ་འདུག་ཅིང༌། དྲིལ་བུ་དཀྲོལ་བས་ཐམས་ཅད་མཆོག་ཏུ་དགྱེས་ཤིང་མཉེས་ པར་བསམས་ལ་དེ་སྤྲུལ་གཞི་ལ་བསྡུའོ། །ཡང་ཤིན་ཏུ་སྟོབས་ཏེ་བགེགས་མཐར་བྱེད་སྤྲོས། གཡས་ཀྱི་རལ་གྲི་དབྱུག་པར་བསྒྱུར། ལྷ་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་གནས་དྲུག་ཏུ་རེག་ ཙམ་བྱས་པས་ཐམས་ཅད་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་པ་བསྟིམ་ཟིན་པ་དེ་རྣམས་ རོ་མཉམ་དབྱེར་མེད་གཅིག་ཏུ་གྱུར་ཏེ། སླར་དེ་ཉིད་སྤྲུལ་གཞི་ལ་བསྡུའོ། ཁྲོ་བོ་ལྷག་མ་དེ་ རྣམས་སྤྲོ་བསྡུ་ནི་མདོར་བསྡུས་ཙམ་གྱིས་ཆོག་སྟེ། ཞོར་བྱུང་ཙམ་ཡིན་པའི་ཕྱིར་དང་སྦྱང་བྱ་ དང་བསྟུན་ནའང༌། རྣམ་ཤེས་ལྔའི་རླུང་ནི་ཡང་ཡང་འགག་ཅིང༌། ཡང་ཡང་འབྱུང་བས་ལན་ གཅིག་པོ་དེ་ཁོ་ན་གཙོ་བོ་མ་ཡིན་པའི་ཕྱིར་རོ། །དེ་རྣམས་གཙོ་བོའི་ཐུགས་ཀ་ནས་སྤྲོ་བསྡུ་ བྱས་ཀྱང་རུང༌། སྒོ་བཞིར་བཞུགས་པ་རྣམས་ཉིད་ལས་སྤྲོ་བསྡུ་བྱས་ཀྱང་རུང་ལ། ཡང་ཡེ་ལེ་ ལས་འདི་དང་མི་འདྲ་ཙམ་གསུངས་པ་ནི། ཕྱི་བསྐྱེད་རིམ་ལ་ཡང་དངོས་བསྟན་དེ་ཙམ་འདམ་ ཁར་རུང་བ་ཡིན་མོད། འགྲེལ་པ་ལས། གཙོ་བོར་དགོངས་པ་ཅན་གྱི་བཤད་པ་མཛད་པས། རྫོགས་རིམ་རྗེས་དྲན་ནམ་ཐིག་ལེའི་རྣལ་འབྱོར་དང་སྒྲིག་གོ །དེ་ལ་དགུག་པའི་སྔགས་ ཛཿཡིག་གི་དུས་སུ་ལྕགས་ཀྱུའི་ཕྱག་རྒྱ་དང༌། ཧཱུཾ་ཞེས་པ་ལ་རྡོ་རྗེའི་ཕྱག་རྒྱ་དང༌། བཾ་ཞེས་ པ་ལ་ཞགས་པ་དང༌། ཧོཿཞེས་པ་ལ་དྲིལ་བུ་དང༌། ཧི་ཞེས་པ་ལ་དབྱུག་པའི་ཕྱག་རྒྱ་རྣམས་ དགོས་སོ། །རྒྱུད་སྡེ་གཞན་རྣམས་ལས་དགུག་གཞུག་བཅིང་མཉེས་བཞིའི་རྣམ་གཞག་ལས་ 3-1-326 མ་བཤད་པས། ལྔ་པ་རོ་མཉམ་ནི། རྒྱུད་འདི་ཁོ་ན་ལས་འབྱུང་བའི་བརྡ་ཆད་ཡིན་ལ། གཞན་ ལས་མི་འབྱུང་བ་ནི། གཞུག་པ་ལ་འདིའི་དོན་ཚང་བ་ཙམ་ཡིན་པས་བསྡུས་པ་ལ་དེས་གོ་ ཆོད་པའི་དབང་དུ་མཛད་པའོ། །སྐབས་འདིར་རྒྱུད་འགྲེལ་ལས་རོ་མཉམ་ཆེན་པོ་ཞེས་པའི་ སྐབས་ཤིག་བྱུང་བ་དེ། རོ་མཉམ་འདི་ཉིད་ཀྱི་དམིགས་པའི་གོ་བ་དང་རྒྱས་བཤད་ཡིན་ གྱི། བོད་མང་པོ་ཞིག་ཆོ་གའི་ཡན་ལག་ལོགས་པ་ཡིན་པ་ལྟར་བཅོས་ནས་རོ་མཉམ་ལ་ངག་ འདོན་རྒྱས་པ་བྱེད་པའི་སྲོལ་འདུག་ཀྱང་སྐྱོན་ཆེན་པོར་འགྱུར་བ་རང་ཏ་མིན་མོད། ཆོ་ག་ ལོགས་པའོ་སྙམ་པའི་འཁྲུལ་གཞི་འཇུག་པའི་ཕྱིར་མི་ལེགས་ལ། ཧཱི་ཞེས་པ་ཉིད་ཀྱི་སྐབས་ སུ་རོ་མཉམ་རྒྱས་པ་གསུངས་པའི་དོན་བསམ་པ་ཉིད་ཡིན་གྱི། དམིགས་པ་དག་ནས་བརྗོད་ དགོས་པ་མིན་མོད། དམིགས་པ་གསལ་བའི་ཕྱིར་བརྗོད་དོ་ཞེ་ན་ནི། དགུག་གཞུག་བཅིང་ མཉེས་པ་ལ་ཡང་དགོས་སོ། །དེ་རྒྱུད་འགྲེལ་ལས་མ་གསུངས་སོ་སྙམ་ན། རྒྱུད་འགྲེལ་ལས་ རོ་མཉམ་ལ་རྒྱས་པ་གསུངས་པ་དེ་ཀ་མཐའི་གསལ་བྱེད་ཀྱི་ཚུལ་གྱིས་དེ་དག་ལའང་གོ་བར་ བྱེད་པའོ། །དེ་ལྟར་ཡང་འགྲེལ་ཆེན་ལས། རྣམ་པ་ལྔ་ནི་ཛཿཡིག་གིས་དགུག་པ་དང༌། ཧཱུཾ་ ཡིག་གིས་གཞུག་པ་དང༌། བཾ་ཡིག་གིས་བཅིང་པ་དང༌། ཧོཿཡིག་གིས་མཉེས་པ་དང༌། ཧཱི་ ཡིག་གིས་རོ་མཉམ་པར་བྱས་ཏེ། རྡོ་རྗེ་ལྕགས་ཀྱུ་དང༌། རྡོ་རྗེ་དང༌། རྡོ་རྗེ་ཞགས་པ་དང༌། རྡོ་ རྗེ་དྲིལ་བུ་དང༌། རྡོ་རྗེ་དབྱུག་པས་སོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་ཡང་དག་པར་མཆོད་ དེ། སྔར་བཞིན་དམ་ཚིག་གི་འཁོར་ལོ་ལ་རོ་མཉམ་པ་ཉིད་དུ་གྱུར་པར་བསྒོམ་པར་བྱའོ། ། ཞེས་གསུངས་པའི་དོན་ནི། ཐོག་མར་ལས་རིགས་མཐུན་པའི་དབང་གིས་ལྔ་པོ་བསྡེབས་ ལ་གསུངས་ནས། བར་དུ་མཆོད་པ་འབུལ་བའི་ཚིག་བྱུང་ཡང༌། དགུག་གཞུག་བཅིང་མཉེས་ རོ་མཉམ་གྱི་རྗེས་སུ་མཆོད་ནས། སླར་ཡང་རོ་མཉམ་ཆེན་མོ་སྟེ་རོ་མཉམ་ལམ་གཉིས་བྱེད་ པའི་དོན་མིན། དགུག་པ་སོང་མ་ཐག་མཆོད་པའི་རྗེས་སུ་སྔར་དེ་མ་ཐག་རང་དུ་བཤད་ཟིན་ 3-1-327 པའི་གཞུག་པ་དང་བཅིང་མཉེས་སྔོན་དུ་སོང་བའི་རོ་མཉམ་དེ་ཀ་བྱེད་ཅེས་པའི་དོན་ཡིན་ པས། སྔར་བཞིན་ཞེས་པ་རྒྱལ་མཆོག་གཉིས་ཀྱི་ལྷ་བསྲེ་བ་ལ་ངོས་འཛིན་པ་ནི་བཞད་གད་ དོ། །རྗེས་ཡི་གེ་དགོད་པ་ནི། སྤྱིར་རྒྱུད་འགྲེལ་ལས། སྐུ་གསུང་ཐུགས་ལ་བྱིན་རླབས་དབང་ བསྐུར་བྱེད་པའི་སྔོན་འགྲོར་གསུངས་པ་ལྟར། དོན་ཚན་དེའི་ནང་དུ་བསྡུས་ཀྱང་ལེགས་ མོད། འོན་ཀྱང་རྒྱུད་འགྲེལ་དུ། མཚམས་དེར་ཡེ་ཤེས་དགུག་གཞུག་གི་རྣམ་གཞག་གསུངས་ པ་མེད་པས་དེ་ལ་ཚིག་སྦྲེལ་རྒྱུ་མེད་ལ། སྐུ་གསུང་ཐུགས་བྱིན་རླབས་ཀྱི་སྔོན་དུ་འདི་ངེས་ པར་བྱེད་ཀྱང་དགོས་པས་དེ་ལྟར་གསུངས་ཀྱི། སྤྱིར་ནས་ཡེ་ཤེས་དགུག་གཞུག་དང་སྦྲེལ་ ན་ཡི་གེ་དགོད་པ་འདི་ཡེ་ཤེས་འཁོར་ལོའི་དོན་ཚན་དུ་བསྡུས་ནས་རོ་མཉམ་དུ་གྱུར་ཟིན་ པ་དེ་བརྟན་པར་བྱེད་པའི་ཆོ་གར་སྦྱར་ན་ཤིན་ཏུ་ལེགས་ཏེ། གསང་སྔགས་ཀྱི་སྒྲུབ་ཐབས་ གཞན་མང་པོ་དང་ཡང་མཐུན་ནོ། །ཁ་ཅིག་འདི་ཡི་གེ་དགོད་པ་མ་ཡིན་ཏེ། ཡི་གེ་དགོད་པ་ ནི་བསྙེན་པ་ཡན་ལག་བཞིའི་ནང་ཚན་ཡིན་ཅིང་། བསྙེན་པ་ཡང་དཀྱིལ་འཁོར་རྒྱལ་མཆོག་ ལ་ངོས་འཛིན་དགོས་པའི་ཕྱིར། མངོན་བྱང་ལྔ་ལས་དུས་འཁོར་བསྐྱེད་མ་ཐག་ཡི་གེ་དྲུག་པོ་ འདི་དགོད་དགོས་ཏེ། དུས་ཞབས་པའི་སྒྲུབ་ཐབས་ལ་ནི་ཡོད་ལ། རྒྱལ་མཆོག་དང་པོ་འཆད་ པའི་སྐབས་ཀྱི་རྒྱུད་འགྲེལ་ན་མེད་པས་རྒྱ་བོད་གཞན་རྣམས་ཀྱིས་མ་བྱས་ཀྱང་ངེས་པར་ དགོས་སོ། །ཟེར་བ་ནི། ཡན་ལག་བཞིའི་བསྙེན་པ་ཞེས་པ་བྱུང་ཚད་རྒྱལ་མཆོག་དང་པོ་ལ་ ངོས་གཟུང་བའི་འཁྲུལ་པ་ལ་བརྟེན་ནས། བྱང་ཆུབ་རྣམ་བཞིའི་བསྙེན་པ་འདི་དཀྱིལ་འཁོར་ ཆེན་པོ་ནས་ལྷ་གཙོ་རྐྱང་གཅིག་གི་བར་ཐམས་ཅད་ལ་འཇུག་པ་མ་ཤེས་པར་འཁྱམས་པ་སྟེ། ཏིང་འཛིན་ཕྲུགས་གཅིག་གི་བསྙེན་སྒྲུབ་ཡན་ལག་བཞི་པོ་ལ་ཡང་ལས་རྒྱལ་མཆོག་བསྙེན་ པ་འདི་གཉིས་པར་བཤད་པས་བསྙེན་པར་བཤད་པའི་ཕྱིར། ལས་རྒྱལ་མཆོག་གི་སྐབས་སུ་ མི་རུང་ཟེར་བ་ནི། ཁྱེད་རང་ལ་ཡང་འགལ་ལ། སྤྱིར་དུས་འཁོར་གྱི་མངོན་རྟོགས་རྒྱས་པའི་ 3-1-328 ནང་དུ་བྱང་ཆུབ་བཞི་བསྐྱེད་ཚང་བ་ཡིན་ཡང༌། ཆིངས་དེས་བསྡུས་པ་མིན་པར་འཆད་པའང་ ཤེས་པར་གྱིས་ཤིག ལར་ཡེ་ཤེས་པ་དགུག་གཞུག་དང་སྐྱེ་མཆེད་དང་གནས་གསུམ་བྱིན་ རླབས་དང་དབང་བསྐུར་རྒྱས་བཏབ་ཀྱི་རིགས་ཐམས་ཅད་བཞི་པ་ཡི་གེ་དགོད་པའོ། །ཞེས་ པར་བསྡུ་པའི་སྐབས་ཡོད་པས་དུས་འཁོར་ལུགས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་གཅིག་པུ་ ལ་སྐོར་བརྡེག་དེ་ཙམ་རང་མི་འཚལ་ལོ།། །། ལྔ་པ་དབང་བསྐུར་བ་ནི། མེད་མི་རུང་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་དང༌། རྒྱས་ པ་དབང་བདུན་གྱིས་དབང་བསྐུར་བའོ། །དང་པོ་ནི་བཤད་མ་ཐག་པའི་ཡི་གེ་འགོད་པ་དང༌། ས་བོན་ཡི་གེའི་སྒོ་ནས་འདྲ་བ་ལྟར་ཡོད་ཀྱང་སྦྱང་བྱ་དང༌། དགོས་པ་ཐ་དད་པའི་ཕྱིར་གཉིས་ ཀར་དགོས་སོ། །དེ་ཡང་དཔྲལ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཞེས་པ་ནས། ཧཱ་ལས་ ཐུགས་རྡོ་རྗེ་རྣམས་འཁོད་པར་གྱུར་ཞེས་པའི་བར་དུའོ། །དེ་ལ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ ནི། རྒྱུད་གཞན་ལས་འབྱུང་བ་ལྟར་ན། རིན་འབྱུང་ཁོང་དུ་ཞུགས་པའི་རྣམ་སྣང་ནི་སྐུ་རྡོ་རྗེ་ དང༌། དོན་ཡོད་གྲུབ་པ་དང་གཉིས་སུ་མེད་པའི་འོད་དཔག་མེད་ནི་གསུང་རྡོ་རྗེ་དང༌། རྡོ་རྗེ་ སེམས་དཔའ་དང་དབྱེར་མེད་པའི་མི་བསྐྱོད་པ་ནི་ཐུགས་རྡོ་རྗེ་སྟེ། དེ་གསུམ་ཀར་ཉེ་རིང་ མེད་པར་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་བྱིན་གྱིས་རློབ་པ་པོ་ཀུན་ཁྱབ་ཞིག་གོ །དུས་ཀྱི་ འཁོར་ལོར་ཡང་དེ་དང་གནད་གཅིག་སྟེ། རིགས་རྐྱང་རེ་དང་རྡོ་རྗེ་བཞི་སྦྱོར་ན་འོད་དཔག་ མེད་སྐུ། རིན་འབྱུང་གསུང༌། དོན་གྲུབ་ཐུགས་རྣམ་སྣང་ཡེ་ཤེས་རྡོ་རྗེར་འཇོག་ཀྱང༌། ཀུན་ ཁྱབ་རིགས་གསུམ་ལ་ནང་ཚན་ཐབས་ཤེས་ཀྱིས་ཕྱེ་ན། སྣང་མཐའ་སྐུ། དོན་གྲུབ་གསུང༌། མི་བསྐྱོད་ཐུགས་ཐབས་ཀྱི་ཕྱོགས་དང༌། རྣམ་སྣང་སྐུ། རིན་འབྱུང་གསུང༌། རྡོར་སེམས་ ཐུགས་ཡིན་ལ། ཐབས་ཤེས་དབྱེར་མེད་རོ་མཉམ་དུ་བྱས་པའི་ཚེ། ས་ཆུ་དབྱེར་མེད་དུ་གྱུར་ ཏེ། རྣམ་སྣང་འོད་དཔག་མེད་ཀྱི་སྐུ་མདོག་ཅན་དཀར་པོ་སྐུ་རྡོ་རྗེ་དང༌། དོན་གྲུབ་བསྲེས་པའི་ 3-1-329 རིན་འབྱུང་དམར་པོ་གསུང་རྡོ་རྗེ་དང༌། མི་བསྐྱོད་པ་ཞུགས་པའི་རྡོར་སེམས་ཐུགས་རྡོ་རྗེར་ འཇོག་པས། དུས་འཁོར་རང་ལུགས་ལ་ཡང་རྣམ་སྣང་དཀར་པོ་འབྱུང་བའི་སྐབས་ཡོད་ལ། རྒྱས་བཏབ་ཀྱི་སྐབས་སུ་གསལ་བ་ལྟར་འོད་དཔག་མེད་གསུང་དུ་འཇོག་པའི་སྐབས་ཀྱང་ ཡོད་པས་སྐབས་ཐོབ་རྩིས་ཀྱིན་ཤེས་དགོས་སོ། །སྐབས་འདིར་ནི་དུས་འཁོར་རང་ལུགས་ ཀྱི་ཐབས་ཤེས་རོ་མཉམ་པའི་སྐུ་གསུང་ཐུགས་རྡོ་རྗེ་དེ་དང་གནད་གཅིག་ཀྱང་རྣམ་གྲངས་ཀྱི་ སྒོ་ནས་ཕ་རྒྱུད་འདུས་པ་དང་མཐུན་པར་བསྟན་ཞེས་གསུངས་ཏེ། དེ་ཡང་འདུས་པའི་ཆོ་ག་ ཡིན་པས། དུས་འཁོར་རང་ལུགས་ཀྱི་ཆོ་ག་མ་ཡིན་ཟེར་བ་ནི་མི་འཐད་དེ། དུས་འཁོར་རང་ ལ་དགོས་པའི་ཆོ་ག་མིན་ན། འདིར་གསུངས་པ་དོན་མེད་དུ་ཐལ་བ་དང༌། འདི་ཆད་ཀྱང་ཆོ་ ག་ཆད་པའི་ཉེས་སྐྱོན་དུ་མི་འགྱུར་དུ་ཐལ་ལོ། །དེས་ན་འདུས་པའི་ཆོ་ག་ཡང་ཡིན་ལ། དུས་ འཁོར་རང་ལུགས་ཀྱི་ཆོ་ག་ཡང་ཡིན་པའི་གཞི་མཐུན་བར་འཆད་དགོས་སོ། །དེའི་ཕྱིར་རྣམ་ སྣང་སྐུ་རྡོ་རྗེ་དང༌། འོད་དཔག་མེད་གསུང་རྡོ་རྗེ་དང༌། མི་བསྐྱོད་པ་ཐུགས་རྡོ་རྗེར་འཇོག་ ཅིང༌། ཡུམ་རྣམས་ནི་རིམ་པ་བཞིན་དུ་སྤྱན་མ། གོས་དཀར། མཱ་མ་ཀཱི་གསུམ་དུ་བྱས་ཀྱང་ ཆོག་ལ། གཙོ་བོར་རང་སྣང་གི་ཡུམ་དུ་བྱས་ཀྱང་ཆོག་གོ །འོ་ན་དུས་འཁོར་ལས་རང་སྣང་གི་ ཡུམ་བཀག་གོ་སྙམ་ན། དུས་འཁོར་གྱི་ཐུན་མོང་མ་ཡིན་པའི་རིགས་བྱེ་བྲག་པ་ལ་རང་སྣང་ གི་ཡུམ་བཀག་པ་ཡིན་གྱི། ཆོ་ག་ཐུན་མོང་བ་ལའང་མ་ངེས་ཤིང༌། ཁྱད་པར་རྡོ་རྗེ་གསུམ་ པོ་འདི་རིགས་ཀུན་ཁྱབ་ཡིན་པའི་ཕྱིར་ཡང་མ་ངེས་སོ། །རྒྱུད་སྡེ་གཞན་ལུགས་ཡིན་ནོ་ཞེས་ སྤོང་བ་ལྟར་བྱེད་པའི་དུས་འཁོར་བ་ཡང་ཡོད་མོད་ཀྱི། དེ་ལྟ་ན་རྒྱུད་སྡེ་གཞན་ལས་འབྱུང་ བའི་ཕྱིར་ས་བོན་ཕྱག་མཚན་ལས་བསྐྱེད་པ་དང༌། འོད་ཟེར་སྤྲོ་བསྡུ་སོགས་ཀྱང་སྤོང་དགོས་ པར་འགྱུར་རོ། །དེས་ན་རྣམ་སྣང་དཀར་པོ་ལ་ཡུམ་དམར་པོ་སོགས་བྱེད་པ་ཡང༌། ཁྱད་ཆོས་ ཧ་ཅང་ཁ་ཐལ་བ་ཡིན་ཅིང༌། ཕྱག་མཚན་གོང་འོག་བསྒྱུར་བ་ཡང་རིགས་ལྡན་སྤྲུལ་པའི་སྐུ་ 3-1-330 ལ་བརྙས་པར་འགྲོ་བས་མི་བྱའོ། །ལྷག་མ་གཞན་རྣམས་གོ་བླ། ལྷ་མོ་གསུམ་གྱིས་བདུད་ རྩིའི་ཆུ་རྒྱུན་གྱིས་རིམ་ཅན་དུ་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་མཐའ་དག་བྱང་ཞིང༌། ལུས་ངག་ཡིད་གསུམ་ཀར་བདེ་བ་དང༌། གསལ་བའི་མཐུ་ཆེན་པོ་དང༌། སྟོང་ཉིད་ཀྱི་ངོ་བོར་ མོས། །ལྷ་སྐུ་དང་སྔགས་དང་བདེ་སྟོང་དུ་གྱུར་པར་བསམས་ལ། དེ་མ་ཐག་ཏུ་སྐུ་གསུང་ ཐུགས་རྡོ་རྗེ་ཡབ་ཡུམ་རྣམས་རང་གི་གནས་གསུམ་དུ་བཞུགས་ཤིང༌། ནམ་མཁའ་གང་བའི་ སངས་རྒྱས་རྣམས་ཀྱང་རྡོ་རྗེ་གསུམ་གྱི་རྣམ་པས་མཁའ་དབྱིངས་སུ་བཞུགས་པ་ལ་གསོལ་བ་ འདེབས་ཏེ། སྐབས་འདིར་རྡོ་རྗེ་གསུམ་པོ་འདི་དག་གཙོ་བོ་ཡབ་ཡུམ་གཉིས་ཀར་གྱི་སྐུ་ལ་ འགོད་པ་ཡིན་ནོ། ། ཚིགས་བཅད་ཀྱི་དོན་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཞན་གྱི་དཔལ་དང་ལྡན་ པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྟག་ཅིང་བརྟན་པ་མི་ཕྱེད་ ཅིང་མི་ཤིགས་པ་སྟེ་མི་འགྱུར་བའི་དོན་དང་ལྡན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་འཛིན་པ་ ཞེས་བོས་ནས། བདག་གིས་ཀྱང་རྡོ་རྗེ་གསུམ་བསྒོམས་ཏེ། རྡོ་རྗེ་གསུམ་པོ་རེ་རེ་ཡང་འབྲལ་ མི་ཤེས་ཤིང་དབྱེ་བ་མི་ཕྱེད་པའི་མཚན་ཉིད་སྐུ་རྣམ་པ་ཐམས་ཅད་དང༌། གསུང་གཞོམ་མེད་ ཀྱི་སྒྲ་དང༌། ཐུགས་ལྷན་ཅིག་སྐྱེས་པའི་བདེ་སྟོང་གཉིས་སུ་མེད་པ་སྟེ། རྡོ་རྗེ་རེ་རེ་བཞིན་མི་ ཕྱེད་རྡོ་རྗེ་གསུམ་གསུམ་དུ་བདག་གིས་མོས་པའི་ཚུལ་དུ་སྒོམ་པར་བྱེད་ན། སྐུའི་རྡོ་རྗེ་ཅན་ བཅོམ་ལྡན་འདས་ཁྱེད་ཀྱིས་ཞེས་པ་དང༌། གསུང་དང་ཐུགས་ལའང་སྦྱར་ཏེ། ཁྱེད་རྣམས་ ཀྱིས་དེང་བདག་ལ་བྱིན་གྱིས་བརླབ་པའི་གནས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་པོ་ཁྱེད་ ཀྱི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་ནི། རང་གི་གནས་གསུམ་དུ་བཞུགས་པའི་རྡོ་ རྗེ་གསུམ་ཡབ་ཡུམ་ལ་གསོལ་བ་འདེབས་པ་ཡིན་ལ། ཚིགས་བཅད་ཕྱི་མ་ནི་མཁའ་དབྱིངས་ གང་བར་བཞུགས་པའི་སངས་རྒྱས་རྣམས་ལ་གསོལ་བ་འདེབས་པ་སྟེ། ཕྱོགས་བཅུར་ 3-1-331 བཞུགས་པའི་སངས་རྒྱས་རྣམས་ཞེས་བྱ་བ་སྟེ་ལྷག་མ་རྣམས་གོ་བླའོ། །འདི་དག་ལ་རྒྱུད་ འགྲེལ་གྱི་དངོས་བསྟན་ལྟར་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས་འབྱུང་སྟེ། སྔ་ཕྱི་རིམ་ ཅན་དུ་སྐུ་རྡོ་རྗེ་བསྐྱེད་སྤྲོས་དབང་བསྐུར་གསོལ་བ་བཏབ་སྟེ་རང་ལ་བསྟིམ། དེ་བཞིན་དུ་ གཞན་གཉིས་ལའང་སྦྱོར་ཏེ། རྒྱས་པར་ན་དེ་ལྟར་སྒོམ་དགོས་ལ། བསྡུ་ན་ཆོས་རྒྱལ་ཕྱོགས་ ལས་རྣམ་རྒྱལ་གྱིས་མཛད་པ་ལྟར་དུས་གཅིག་ཏུ་བསྐྱང༌། དུས་གཅིག་ཏུ་སྤྲུལ། དུས་གཅིག་ ཏུ་དབང་བསྐུར། དུས་གཅིག་ཏུ་གསོལ་བ་བཏབ། དུས་གཅིག་ཏུ་རང་ལ་བསྟིམ་ན་འཁྱེར་ བདེ་སྟེ་དོན་ལ་ཁྱད་མེད་ཕྱིན་ཟོར་ཡང་བས་འདི་ལ་ཕྱག་ལེན་མཛད་དོ། །དེ་ནས་ང་རྒྱལ་ བཟུང་བའི་སྔགས་བརྗོད་དོ། །ཁུ་བའི་ཆོས་ལས་ཐབས་ལ་རིགས་གསུམ་དུ་རྟོགས་པར་བྱ་ བའི་ཕྱིར་ཡབ་ལ་དེ་ཙམ་གྱིས་ཆོག་ལ། ཁུ་རྡུལ་གཉིས་ཀ་དང་ལྡན་པའི་ཆོས་ལས་ཤེས་རབ་ རིགས་དྲུག་ཏུ་རྟོགས་དགོས་པས་ཡུམ་ལ་ལྷག་པོར་ལྟེ་བར་ཧོཿལས་སྐུ་རྡོ་རྗེ་དང༌། གསང་ བར་སྭཱ་ལས་གསུང་རྡོ་རྗེ་དང༌། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེ་རྣམས་འགོད་དེ། དེ་ རྣམས་སེར་སྔོ་ལྗང་བའི་ཁ་དོག་ཏུ་མི་བྱེད་པར་དཀར་དམར་མཐིང་གསུམ་སྔ་མ་བཞིན་དུ་ བསྐྱེད་པས་བྱིན་གྱིས་བརླབ་པ་ཙམ་བྱ། སྤྲོ་བསྡུ་གསོལ་གདབ་སོགས་ཆོ་ག་ལྷག་མ་རྣམས་ འདི་ལ་མི་དགོས་སོ།། །། གཉིས་པ་རྒྱས་པ་དབང་བདུན་གྱིས་དབང་བསྐུར་བ་ནི། མདོར་བསྡུས་ཀྱི་ཚུལ་ལ་མི་ དགོས་ཀྱང་སྤྲོ་ཞིང་མོས་ན་ལེགས་པའི་ཡན་ལག་ཡིན་པས། དབང་ལྷ་སྤྱན་དྲངས་ཤིང་ མཆོད་ནས། གསོལ་བཏབ་དང་དབང་བསྐུར་བའི་སྔགས་རྣམས་སྔགས་དབང་ཙམ་གྱི་ཚུལ་ དུ་ལེན་པ་ཡིན་ལ། དེ་དག་བྱིས་འཇུག་ཉིད་ཀྱི་ཕྱིར། བྱིས་པའི་དུས་ཀྱི་སྦྱང་བྱ་དང་ཡང་ ཤིན་ཏུ་འབྱོར་རོ། །དབང་གོང་མ་རྣམས་ནི་སྐབས་འདིར་མི་དགོས་པ་ཙམ་དུ་མ་ཟད་བླངས་ ན་སྐབས་སུ་མ་བབ་པར་ལྷག་པའི་སྐྱོན་དུ་འགྱུར་ཏེ་འགལ་བ་དང་དགོས་པ་མེད་པས་སོ། ། 3-1-332 སྐབས་འདི་སྦྱང་བྱ་གཉིས་སྦྱོར་གྱི་འཁྲིག་པའི་བདེ་བ་ཉམས་སུ་མྱོང་མི་ནུས་པའི་སྐབས་ དང་སྦྱོར་ཞིང༌། དབང་གོང་མ་རྣམས་ནི་སྦྱང་བྱ་གཉིས་སྦྱོར་གྱི་བྱ་བ་དང་སྦྱོར་དགོས་པ། འདིར་ཕྲུགས་གཅིག་ལ་ཤིན་ཏུ་མི་འགྲིག་པའི་ཕྱིར་དང༌། གསུང་རྡོ་རྗེ་བསྐྱེད་པ་ཉེར་སྒྲུབ་ནི་ གཙོ་བོར་རླུང་སྦྱོང་བྱེད་དུ་མི་འགྱུར་བར་གཙོ་བོར་ཐིག་ལེ་སྦྱོང་བྱེད་སོགས་བཞི་ཀར་དུ་ཐལ་ བར་འགྱུར་བའི་ཕྱིར་ཤིན་ཏུ་འགལ་བ་དང༌། དབང་གོང་མ་རྣམས་ཀྱི་སྦྱང་བྱ་དང༌། སྦྱངས་ འབྲས་གང་ཡིན་པ་དེ་སྐབས་འདིར་ཕྲ་ཐིག་གི་རྣལ་འབྱོར་གྱིས་འགྲུབ་པའི་ཕྱིར་དགོས་པ་ མེད་པས་སོ།། །། དྲུག་པ་རྒྱས་བཏབ་པ་ལ་རིགས་བདག་གི་རྒྱས་བཏབ་དང༌། རྡོ་རྗེ་བཞིའི་རྒྱས་བཏབ་བོ། ། དང་པོ་ནི། དབང་བདུན་མ་བླངས་ན། སྐུ་གསུང་ཐུགས་བྱིན་རླབས་ཀྱི་རྗེས་ཐོགས་ཉིད་དུ་ འདི་བྱ་ཞིང༌། དབང་བདུན་པ་བླངས་ན། ཆུ་ཅོད་ཀྱི་དབང་ལ་སོགས་པ་གནས་སྐབས་གཞན་ དུ་ཡང་རུང་བ་ཡོད་མོད་ཀྱི། གཙོ་བོར་རྗེས་གནང་གི་འཇུག་ཏུ་བྱེད་པ་ཉིད་ཕྱག་ལེན་ཡིན་ ཅིང་ལགས་སོ། །ཁ་ཅིག་དབང་མ་བསྐུར་བའི་གོང་དུ་རིགས་བདག་གི་རྒྱས་འདེབས་བྱེད་ ཅིང༌། {ཕྱིས་[བྱིས་]དབང་བསྐུར་བྱེད་པ་ནི། གསང་སྔགས་ཀྱི་ཆོ་ག་སྤྱི་ལུགས་དང་འགལ་ བའི་རང་ག་མ་ཡིན་ནོ། །འདིར་གཙོ་བོ་ཡབ་ཡུམ་ལ་རང་གི་རང་བཞིན་གསལ་བར་མཚོན་ པའི་དབུ་རྒྱན་རང་ཆས་མ་གཏོགས། རིགས་བདག་གིས་རྒྱས་འདེབས་མེད་པ་དང༌། འཁོར་ དེ་བཞིན་གཤེགས་པ་བཞིའམ་བརྒྱད་ལ་རང་རིགས་ཀྱིས་རྒྱས་མི་འདེབས་པར་གཞན་ རིགས་ཀྱིས་རྒྱས་འདེབས་པ་ནི། རྣམ་པར་སྣང་མཛད་ལ་མི་བསྐྱོད་པས་རྒྱས་འདེབས་ཏེ། རྣམ་སྣང་གཟུགས་ཕུང་དང་མི་བསྐྱོད་པ་སེམས་ཀྱི་དག་པ་ཡིན་ལ། གཟུགས་ནི་སེམས་ཀྱི་ སྣང་བར་བྱེད་པ་སྟེ། དང་པོར་སེམས་ཀྱི་མཐུ་ལས་གཟུགས་གྲུབ་པ་དང༌། ཕྱིས་དུས་མཉམ་ དུ་ཡང་སེམས་དང་བྲལ་ན་ལུས་ཀྱི་བྱ་བ་མི་བྱེད་པའི་ཕྱིར། ལུས་ཀྱི་བྱ་བ་ཐམས་ཅད་སེམས་ 3-1-333 ལ་བལྟོས་པས་ན། སེམས་ནི་རྟེན་དང་ལུས་ནི་བརྟེན་པ་ཡིན་པས་བརྟེན་པ་ལ་རྟེན་གྱིས་རྒྱས་ བཏབ་པ་སྟེ། ལུས་ལ་སེམས་ཀྱི་རྒྱ་ཞེས་གཞན་ལས་གྲགས་པ་དང་འདྲའོ། །སྣང་བ་མཐའ་ ཡས་ལ་རྣམ་སྣང་གིས་རྒྱས་བཏབ་པ་ནི། ལུས་མེད་པ་ལ་ངག་མི་འབྱུང་སྟེ། ངག་གི་སོ་སོར་ སྣང་བ་ཐམས་ཅད་ལུས་ཀྱི་བྱེད་པ་ལ་རག་ལས་པའི་ཕྱིར། ངག་དག་པ་སྣང་བ་མཐའ་ཡས་ ལ་ལུས་དག་པ་རྣམ་སྣང་གིས་རྒྱས་འདེབས་པའོ། །རིན་ཆེན་འབྱུང་ལྡན་ལ་འོད་དཔག་མེད་ ཀྱིས་རྒྱས་འདེབས་ནི། འོད་དཔག་མེད་ཆུ་ཁམས་དང༌། རིན་ཆེན་འབྱུང་ལྡན་ཁྲག་དག་པ་ ཡིན་ཏེ། ཁྲག་ནི་གཤེར་བའི་ཆོས་ཅན་ཆུ་ལས་བྱུང་བའི་ཕྱིར་རྒྱུ་འབྲས་དང༌། དོན་གྲུབ་ལ་ རིན་འབྱུང་གི་རྒྱ་ནི། རིན་འབྱུང་ཁྲག་དང་དོན་གྲུབ་ཤ་དག་པ་ཡིན་ཅིང༌། ཤ་ནི་ཁྲག་ལས་བྱུང་ བའི་ཕྱིར་འདི་ཡང་རྒྱུ་འབྲས་ཀྱི་རྒྱའོ། །འབྱུང་བའི་ཁམས་དང་སྦྱར་ན་རླུང་མེ་ཆུ་ས་རྣམས་སྔ་ མ་སྔ་མ་ལ་ཕྱི་མ་ཕྱི་མས་རྒྱས་བཏབ་ཅིང༌། ས་ལ་ནམ་མཁའི་རྒྱས་གདབ་བོ། །དེ་དག་ནི་ད་ ལྟ་དཀྱིལ་འཁོར་ལ་དངོས་སུ་བཀོད་པས་རྩོད་པ་མེད་ལ། རྡོར་སེམས་མི་བསྐྱོད་པ་གཉིས་ ནི། རིགས་ཉེ་ཚེ་བ་ཡིན་ན་རིགས་བདག་ཐུགས་རྡོ་རྗེ་སྐུ་མདོག་མཐིང་ནག་ས་གནོན་མཉམ་ གཞག་ཅན་གྱིས་རྒྱས་འདེབས་པ་ཡིན་ལ། ཐུགས་རྡོ་རྗེ་དེ་ཡང་ཕྱག་སྟངས་རྣམ་པ་མི་བསྐྱོད་ པ་འདྲ་མོད་ཀྱང༌། དོན་ལ་རིགས་ཀུན་འདུས་དང་ནམ་མཁའ་ཡེ་ཤེས་གཉིས་འདྲེས་གཙོ་ཆེ་ ཙམ་ཡིན་མོད་ཀྱི། མི་བསྐྱོད་པ་ཁོ་ན་མིན་ནོ། །ཡང་ན་ནམ་མཁའ་དང་ཡེ་ཤེས་གཉིས་ཕན་ ཚུན་གཅིག་ལས་གཅིག་བྱུང་བའི་ཕྱིར། མི་བསྐྱོད་པ་ལ་རྡོར་སེམས་སྔོན་པོ་དང༌། རྡོར་སེམས་ ལ་མི་བསྐྱོད་པ་ལྗང་ཁུས་རྒྱས་འདེབས་སོ། །དེ་ལ་མཚན་མ་སོ་གཉིས་ཀྱི་དཀྱིལ་འཁོར་དང་ ཐུགས་དཀྱིལ་ཉེར་ལྔ་པའི་ནང་ཚན་གཅིག་སོགས་དཀྱིལ་འཁོར་གྱི་རྣམ་གྲངས་འགའ་ཞིག་ ཏུ་རིགས་ཀྱང་རྡོར་སེམས་དང་མི་བསྐྱོད་པས་གཙོ་བོ་མཛད་པའང་ཡོད་ཅིང༌། པདྨ་གདན་ ཅན་དང༌། རྒྱུ་སྐར་གྱི་དཀྱིལ་འཁོར་སོགས་སུ་དེ་གཉིས་གང་རུང་གཅིག་འཁོར་ལ་དངོས་སུ་ 3-1-334 བཀོད་པ་རྣམས་ལ་འདི་དགོས་པས་སྐབས་འདིར་ཞོར་བྱུང་ཐབས་སུ་གསུངས་པ་ཡིན་གྱི། གསུང་དབང་གི་སྐབས་འདིར་ནི་མི་དགོས་ཏེ། རྒྱས་གདབ་ཀྱི་ཚབ་དབུ་རྒྱན་རང་ཆས་ཀྱི་ རྡོ་རྗེ་སེམས་དཔའ་ཡབ་ཡུམ་དཀྱིལ་འཁོར་རྒྱལ་མཆོག་ཏུ་སོང་ལ། མི་བསྐྱོད་པ་ཡབ་ཡུམ་ ལས་རྒྱལ་མཆོག་གི་ཐོག་མར་སོང་བའི་ཕྱིར་དང༌། གཙོ་བོ་ཡབ་ཡུམ་གྱི་སྐུ་ལ་དེ་དག་འགོད་ པར་ནི་མི་བྱེད་མོད། བཀོད་ཀྱང་ཀུན་ཁྱབ་ཀྱི་རིགས་ཡིན་པའི་ཕྱིར་རྒྱས་བཏབ་མི་འཐད་ པས་སོ། །གང་ལྟར་ནའང་རྒྱས་གདབ་བྱ་དམ་ཡེ་དབྱེར་མེད་ཀྱི་དཀྱིལ་འཁོར་གྱི་ལྷའི་ནང་ ནས། རིགས་དྲུག་པོ་དེ་དག་གང་དུ་བྱུང་ཡང་འདྲ་སྟེ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་ཡིན་ ལ། དེ་ལ་རྒྱས་བཏབ་པའི་རིགས་བདག་དྲུག་པོ་ནི། རབ་བྱུང་ཆགས་བྲལ་གྱི་ཆ་བྱད་གཙུག་ ཏོར་དང་ཆོས་གོས་འཛིན་པའོ། །དེ་ཡང་དག་པའི་ཕུང་པོ་ཞེས་གསུངས་པས། རང་བཞིན་ རྣམ་དག་གདོན་ནས་དྲི་མ་དང་བྲལ་བའི་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ཡེ་ཤེས་ཀྱི་རང་ བཞིན་དོན་དམ་ཕུང་པོ་ལྔ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། རྒྱན་སྤངས་པའི་རིགས་ བདག་རྒྱལ་བ་རིགས་དྲུག་གིས་མཚོན་ལ། རྒྱས་གདབ་བྱ་ལྔ་པོ་ནི་སྐབས་འདིར་ཀུན་རྫོབ་ ལམ་བདེན་གྱིས་བསྡུས་པའི་ཡེ་ཤེས་ཀྱི་རང་བཞིན་ཕུང་པོ་དྲུག་པོ་ཉིད་མཚོན་པ། དོན་དམ་ དབྱིངས་ལས་ལམ་གྱི་ཡེ་ཤེས་འབྱུང་བ་མཚོན་པའི་ཕྱིར། དེས་དེ་དག་ལ་རྒྱས་གདབ་པའོ། ། ལྷག་མ་གཞན་ལྷ་ཚོགས་ཐམས་ཅད་ལ་རིགས་དྲུག་པོ་རལ་བའི་ཐོར་ཚུགས་དང་བཅས་ ཤིང་རྒྱན་དང་ལྡན་པ་ཆགས་ཅན་གྱི་སྐུས་རྒྱས་འདེབས་ཏེ། ཁ་དོག་མཐུན་པ་ལྗང་ཁུ་རྣམས་ ལ་མི་བསྐྱོད་པ་སོགས་ཏེ། འདི་ནི་རྒྱུད་གཞན་དགྱེས་རྡོར་སོགས་ལ་གྲགས་པའི་ངོ་བོ་ཉིད་ ཀྱི་རྒྱ་ཡིན་ཏེ་རྟོགས་པར་བླའོ། ཁ་ཅིག་རྒྱལ་བ་རིགས་དྲུག་གིས་རྒྱས་འདེབས་ལ་ནང་གི་རྩ་ དྲུག་སོགས་དང་སྦྱར་བའི་བཤད་པ་བྱེད་ཀྱང་བློས་བཏགས་ཙམ་དུ་གསལ་བར་མངོན་ལ། འོད་དཔག་མེད་དང་རིན་འབྱུང་ཚོར་བ་འདུ་ཤེས་སམ། རོ་མ་དང་རྐྱང་མ་གྲོགས་དང་གྲོགས་ 3-1-335 ཅན་ཡིན་ཟེར་བའང༌། སུ་གྲོགས་དང་གང་གྲོགས་ཅན་ཡིན། ཕན་ཚུན་ངེས་མེད་དུ་ཐལ་བར་ འགྱུར་བས་མི་རིགས་སོ། །ཡང་འགྲེལ་ཆེན་ལས་འདི་སྐད་གསུངས་ཏེ། འདིར་མཆོག་གི་ དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་ཅོད་པན་དག་ལ་ཕན་ཚུན་རྡོ་རྗེ་ཡི་ནི་རྡོ་རྗེར་འགྱུར་ ཏེ་དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་དང་རྣམ་པར་ཤེས་པ་ཕན་ཚུན་ཡང་དག་པར་སྦྱོར་བའི་ཕྱིར་ རོ། །དེ་བས་ན་ཡེ་ཤེས་ཀྱི་རྣམ་པར་ཤེས་པ་དང༌། རྣམ་པར་ཤེས་པ་ཡེ་ཤེས་ལ་སྟེ་གཉིས་ ཀའི་སྤྱི་བོ་ལ་ཐུགས་རྡོ་རྗེ་ཆོས་གོས་དང་གཙུག་ཏོར་འཛིན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ པ་ས་ལ་རེག་པའི་ཕྱག་རྒྱས་དེ་བཞིན་གཤེགས་པའི་དབུགས་དབྱུང་བས་སོ། །ངོ་བོ་ཉིད་ཀྱི་ རིགས་ལ་ནི། རིགས་ལྔས་རྒྱས་གདབ་པ་བཀག་སྟེ་སངས་རྒྱས་རྣམས་ཀྱི་སྐྱེད་པར་བྱེད་པ་ པོ་ཡིན་པའི་ཕྱིར་རོ། །ཡང་ན་ཡེ་ཤེས་དང་རྣམ་པར་ཤེས་པའི་ཆོས་ཀྱིས་སངས་རྒྱས་ལྔའི་ བདག་ཉིད་ཀྱི་ཅོད་པན་ནི་རེས་འགའ་ནའོ། །ཞེས་པ་ངེས་པའོ། །ཞེས་གསུངས་ཏེ། གཉིས་ ཀའི་སྤྱི་བོ་ལ་ཞེས་པ་གཙོ་བོ་ཡབ་ཡུམ་ལ་འཆད་པ་ནི་ཤིན་ཏུ་བླུན་ཏེ་མི་འཐད་པར་བཤད་ ཟིན། ནུས་མ་རྣམས་ལའང་དབུ་རྒྱན་རང་ཆས་ཉིད་ཀྱི་ཕྱིར་རྒྱས་གདབ་མི་དགོས་ལ། དགོས་ པར་འདོད་ན་ཁ་དོག་སོ་སོ་ཡིན་པའི་ཕྱིར། རྡོ་རྗེ་སེམས་དཔའི་ཅོད་པན་དང་འགལ་བར་ འགྱུར། དེས་ན་རིགས་བྱེ་བྲག་པའི་མི་བསྐྱོད་རྡོར་སེམས་གཉིས་ཡིན་པ་ལ། ཐུགས་རྡོ་རྗེ་དེ་ ཡང་རྡོར་སེམས་ལ་ནམ་མཁའ་དང༌། མི་བསྐྱོད་པ་ལ་ཡེ་ཤེས་ཀྱི་རིགས་སུ་འགྱུར་རོ། །ངོ་བོ་ ཉིད་ཀྱི་རིགས་ལ་ཞེས་པའི་སྐབས་སུ་ཁ་ཅིག་ངོ་བོ་ཉིད་ཀྱི་དོན་ཆགས་བྲལ་གྱི་རྣམ་པ་ཅན་ ལ་འཆད་པ་ནི། རྒྱུ་མཚན་མེད་ཅིང་དཀྱིལ་འཁོར་དངོས་ཀྱི་ལྷ་ལ་དེ་འདྲའི་རྣམ་པ་ཅན་ཡང་ མེད་པས། དཔྱད་གཞི་མ་གྲུབ་པའི་ཕྱིར་འབྲེལ་མེད་ཀྱི་ཚིག་ཡིན་ལ། ཁ་ཅིག་སངས་རྒྱས་ རིགས་དྲུག་ཉིད་ལ་འཆད་དེ། རང་འདྲའི་རྒྱས་བཏབ་བཀག་ཟེར་པའང༌། རྣམ་སྣང་སོགས་ བཞི་པོ་ལ་སངས་རྒྱས་ཀུན་གྱི་སྐྱེད་པ་པོའི་ཐ་སྙད་སྐབས་འདིར་འཇུག་པ་ནམ་ཡང་མེད་པས་ 3-1-336 མི་རིགས་ཤིང༌། སྤྱིར་ཡང་རིགས་ཀུན་འདུས་ཀྱི་རྡོར་སེམས་ལ་སྐྱེད་པ་པོ་དང༌། མི་བསྐྱོད་པ་ ལ་རྒྱལ་བའི་བདག་པོར་བཤད་ཀྱི། རིགས་བྱེ་བྲག་པའི་དེ་གཉིས་ལ་ཐ་སྙད་དེ་འཇུག་པ་ཉུང་ ངོ༌། །གཞན་འགའ་ངོ་བོ་ཉིད་ཡེ་ཤེས་ཀྱི་ཕུང་པོའི་རིགས་རྡོར་སེམས་ལ་རིགས་ལྔ་རལ་པའི་ ཅོད་པན་ཅན་གྱིས་རྒྱས་བཏབ་བཀག་ཟེར་བ་ནི། དཔྲལ་བ་སྤུ་སྐྱེས་ཀྱི་དཔེས་འཁྱོག་བཤད་ ཁོ་ན་ཡིན་ཏེ། རྡོར་སེམས་ལས་གཞན་རིགས་ལྔ་པོ་རྣམས་ལའང༌། རིགས་བདག་རལ་པ་ ཅན་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡང་ན་ཞེས་སོགས་ཀྱང་རིགས་བྱེ་བྲག་པའི་དབང་དུ་བྱས་ པ་སྟེ། རྡོར་སེམས་དང་མི་བསྐྱོད་པ་ཕན་ཚུན་རྒྱས་བཏབ་བྱེད་པ། དེའི་ཚེ་རྡོར་སེམས་ལ་ རིགས་ལྔའི་ནང་ཚན་མི་བསྐྱོད་པས་རྒྱས་འདེབས་པའི་ཕྱིར་རོ། །སྐབས་འདིའི་རྒྱུད་འགྲེལ་ དུ་རལ་པའི་ཅོད་པན་ཅན་གྱི་ལྷ་དྲུག་ཅེས་གསུངས་པ་ནི། དྲག་པོ་དབང་ཕྱུག་ཆེན་པོའི་རྒྱུད་ ལས། རལ་པ་ཅན་གྱི་ལྷ་དྲུག་གསུངས་པ་དེ་རྣམ་པར་སྦྱངས་པའམ། དེ་འདུལ་པའི་ཕྱིར་ རིགས་དྲུག་རལ་པའི་ཅོད་པན་ཅན་ལ་ཆགས་བྲལ་གྱི་རྣམ་པས་སངས་རྒྱས་ཤཱཀྱ་ཐུབ་པའི་ ངོ་བོ་ཆོས་གོས་ཅན་རིགས་དྲུག་གིས་རྒྱས་བཏབ་པས་གནས་སྐབས་སུ་ཡང་རལ་པ་ཅན་ གྱི་ལྷ་དྲུག་པོའི་རྗེས་འབྲང་དེ་རྣམས་ཡང་དག་པའི་ལམ་ལ་འཇུག་པའི་མཁྱུད་དཔྱད་ཆེན་ པོའོ། །རིགས་ལྔ་རལ་པ་ཅན་རྣམས་ལ་ཐ་མལ་པའི་ཕུང་པོ་ཞེས་གསུངས་པ་ན་དེའི་རིགས་ རྒྱུན་ཡིན་པ་སྟེ། ཕུང་པོ་དྲུག་གནས་གྱུར་པའི་ལམ་བདེན་གྱི་ཡེ་ཤེས་སོ། །རལ་པ་ཅན་གྱི་ ལྷ་དྲུག་ནི། དེ་མ་ཐག་པའི་ལྷ་དང༌། གཡོན་གྱི་ལྷ་དང༌། མི་འཇིགས་པ་དང༌། དེ་ཡི་སྐྱེས་བུ་ དང༌། དབང་ལྡན་དང༌། དུས་ཀྱི་མེ་སྟེ་དེ་དག་རིམ་པས་ས་ཆུ་མེ་རླུང་མཁའ་ཡེའི་རང་བཞིན་ དུ་འདོད་ལ། དེ་རྣམས་སྦྱོང་བ་ལ་རིམ་པས་སྣང་མཛད། སྣང་མཐའ། རིན་འབྱུང༌། དོན་གྲུབ། མི་བསྐྱོད། རྡོར་སེམས་རྣམས་སོ། །རྡོ་རྗེས་རྡོ་རྗེ་ལ་རྒྱས་འདེབས་པ་ནི། སྤྱིར་རྡོར་སེམས་ལ་ གྲི་གུག་གི་རིགས་ཞེས་ཀྱང་འདོགས་མོད་ཀྱི། སྐབས་འདི་སོགས་ཕལ་ཆེར་དུ་རྡོར་སེམས་ 3-1-337 རྡོ་རྗེ་རྩེ་གཅིག་པ་དང༌། མི་བསྐྱོད་པ་རྩེ་ལྔ་པ་ཉིད་ཀྱི་ཕྱིར། གཉིས་ཀར་ཡང་རྡོ་རྗེའི་རིགས་ ཞེས་གཅིག་ཏུ་བསྡོམས་ནས། རིགས་དྲུག་ཅེས་པ་དང་རིགས་ལྔ་ཞེས་པ་རྒྱ་ཆེ་ཆུང་མེད་པར་ མཛད་པའི་སྐབས་མང་ངོ༌།། །། གཉིས་པ་རྡོ་རྗེ་བཞིའི་རྒྱས་བཏབ་ལ་སྐུའི་རྒྱས་བཏབ་ནི་ལྷ་སོ་སོའི་གཙུག་ཏོར་དུ་ སོགས་ཏེ། ནམ་མཁའི་དཀྱིལ་འཁོར་ལྗང་ཁུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་སྟེ་གཉིས་ པོའང་ཟླུམ་པོ་ཡིན་ལ། ཟླ་ཉི་སྒྲ་དུས་གོ་བླ། ཨ་ཡིག་མི་བསྐྱོད་པ་ཞེས་སོགས་ཡི་གེ་དེ་ཉིད་ ལྷའི་ངོ་བོར་སྒོམ་པ་ཡིན་ཅིང༌། འདི་རྣམས་ལྷ་ཡིན་པའི་དབང་དུ་བྱས་ནས་ཟླ་བ་ལ་སོགས་ པའི་ལྷའི་གདན་ལ་བཀོད་པ་ཡིན་ནོ། །འདི་ནི་ལུས་ལ་ཁམས་དྲུག་གནས་པ་དེའི་རང་བཞིན་ རྒྱལ་བ་རིགས་དྲུག་སྔར་ནས་ཡིན་ཡང་དེ་ཉིད་མངོན་དུ་གྱུར་པ་མཚོན་བྱེད་ཀྱི་རྟགས་ལྟ་ བུའོ།། །། གཉིས་པ་སྲོག་གི་དག་པ་ནི། ལྷ་རྣམས་ཀྱི་ལྟེ་བ་སོགས་ཏེ་འདི་སྲོག་གི་དཀྱིལ་འཁོར་ལྔ་ པོ་རྣམས་རང་བཞིན་གདོད་ནས་གསུང་གཞོམ་མེད་ཀྱི་སྒྲར་གནས་པ་དེ་འདིར་མངོན་དུ་གྱུར་ པའི་མཚོན་བྱེད་དོ།། །། གསུམ་པ་ཐིག་ལེའི་རྒྱས་བཏབ་ནི། ལྷ་རྣམས་ཀྱི་དཔྲལ་བ་སོགས་ཏེ། ཟླ་བ་སོགས་ བཞི་པོ་ཐིག་ལེ་བཞི་དང༌། ཡི་གེ་འབྲུ་བཞི་རྡོ་རྗེ་བཞི་ཡིན་པས་ཐིག་ལེ་བཞི་པོའི་རང་བཞིན་ གདོད་ནས་སྐུ་བཞི་ཡིན་པ་དེ། སྐབས་འདིར་གསལ་བར་མངོན་དུ་གྱུར་པ་མཚོན་བྱེད་དོ།། །། བཞི་པ་ཡེ་ཤེས་ཀྱིས་རྒྱས་བཏབ་ནི། རྡོ་རྗེ་ནོར་བུར་སོགས་ཏེ་འཁོར་བའི་དུས་ཀྱི་འཛག་ བདེ་ཆགས་རྟོག་བཞི་པའི་གནས་སྐབས་དེའི་རང་བཞིན་ཆོས་ཉིད་མི་འགྱུར་བའི་བདེ་བ་ ཡིན་ཡང་མངོན་དུ་མ་གྱུར་ལ། དེ་ཉིད་སྐབས་འདིར་མངོན་དུ་གྱུར་པ་མཚོན་བྱེད་ཨ་ཡིག་ 3-1-338 གོ །དེ་ཡང་ཨ་ཡིག་ནི་མི་ཤིགས་པའི་ཡི་གེ་སྟེ་མཚོན་དོན་མཐའ་ཡས་པ་ཡོད་པའང་གོ་བར་ བྱ་ལ། སྐབས་འདིར་ཨ་ཀྵ་ར་མ་ཧཱ་སུ་ཁ་ཞེས་མི་འགྱུར་བའི་བདེ་བ་ཆེན་པོ་དང༌། ཨ་ཀཱ་ར་ ཀཱ་ར་རྣམ་ཀུན་རྣམ་མེད་དེ། ཡེ་ཤེས་རྣམ་པ་ཀུན་ལྡན་ཡང་ཡིན་ལས་སྣང་གི་རྣམ་པ་སྤངས་ པའང་ཡིན་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ། ཨ་ཡིག་གིས་བདེ་སྟོང་དེ་གཉིས་ཟུང་ དུ་འཇུག་པ་མཚོན། དེ་ཡང་དཀྱིལ་འཁོར་རྒྱས་པ་འདི་ལ་རྣལ་འབྱོར་བཞིའི་ཆོ་ག་རྒྱས་པ་ སྦྱར་བའི་དབང་དུ་བྱས་ན་ནི། ད་དུང་ལྷའི་རྣལ་འབྱོར་བསྐྱེད་རིམ་ཀྱང་ཅུང་ཟད་མ་རྫོགས་ ལ། དེ་བཞིན་དུ་དག་བྱ་དག་འབྲས་སོགས་ཀྱང་མ་རྫོགས་མོད་ཀྱི། སྤྱི་ཙམ་ནས་རིགས་ བདག་གིས་རྒྱས་བཏབ་ཟིན་པས་ལྷའི་རྣལ་འབྱོར་བསྐྱེད་རིམ་གྱི་ཆོ་ག་ཡང་རྫོགས་ཤིང༌། སྦྱང་བྱ་དང་སྦྱངས་འབྲས་ཀྱང་ཆ་ཚང་བས་རིགས་བདག་རྒྱས་འདེབས་ཀྱི་རྗེས་སུ་དག་པ་ གཉིས་ལྡན་དུ་གྱུར་པའི་རྟགས་རྡོ་རྗེའི་བཞིའི་རྒྱས་བཏབ་འདི་འབྱུང་བ་ཡིན་ནོ།། །། གཉིས་པ་ནི། དེ་ལྟར་བཤད་པའི་ལས་རྒྱལ་མཆོག་གི་གཞི་ལམ་འབྲས་བུའི་ཆོས་མཐུན་ སྦྱོར་ཚུལ་ལ། དང་པོར་སྦྱང་བྱ་འཁོར་བའི་ཆོས་དང་སྦྱར་ན། མངལ་གྱི་གནས་སྐབས་ཟླ་བ་ བཅུ་པ་དངོས་ལ། མངལ་ན་གནས་པའི་སེམས་ཅན་དེ་ཉིད་ཀྱི་ལུས་ངག་ཡིད་དང་ཐིག་ལེའི་ ནུས་པ་བརྟས་ཤིང༌། རླུང་གི་ཆ་ཤས་ཀྱང་ཅུང་ཟད་རྒྱས་པས། རྩ་དབུ་མ་ཁེངས་ཏེ་དབྱུག་པ་ འབྲེང་བ་ལྟར་གནས་པ་དང༌། ད་ལྟ་ཕྱི་རོལ་ཀྱི་སྣང་བ་མེད་ཀྱང་སེམས་ཀྱི་གསལ་སྣང་དུ་ སྔོན་གྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དྲན་པ་ཡོད་པ། དེ་དག་སྦྱོང་བྱེད་ནི་ཡིག་འབྲུ་ལྔ་ དང༌། ཨ་ཝ་དྷཱུ་ཏི་སྒོམ་པའོ། །དེའི་ཚེ་ལྟེ་བ་ནས་མེ་རླུང་འདྲེས་པ་འབྱུང་ཞིང༌། སྔར་རླུང་ རྣམས་རང་གནས་སུ་གནས་ཤིང་གཡོ་བ་ཙམ་ལས། གཞན་ཕྱི་རོལ་ཏུ་རྒྱུ་བ་ལྟ་ཞོག རྩ་ གནས་ཕན་ཚུན་དུ་འཕོ་བ་ཡང་ཆེར་མི་བྱེད་པ་ལས། ལྟེ་བའི་མེ་རླུང་དེས་སྐབས་འདིར་དེ་ རྣམས་དཀྲུགས་ཤིང་སྲུབ་པར་བྱེད་དེ། དེ་ནི་ཧོཿཡིག་གི་འོད་ཀྱིས་བཞུ་བས་སྦྱོང་ངོ༌། །དེ་ 3-1-339 ནས་རེ་ཞིག་སེམས་ཅན་དེ་ཚོར་བ་དྲག་པོའི་རྐྱེན་གྱིས་དྲན་མེད་དུ་འགྱུར་ཞིང༌། མགོ་རྐང་ ཟློག་པར་འགྱུར་བ་ནི་ཐིག་ལེའི་ཚུལ་དུ་ཞུ་བས་སྦྱོང་ངོ་། །དེར་ད་ལྟར་རླུང་དངོས་སུ་ཕྱི་རོལ་ ཏུ་ནི་མི་རྒྱུ་ཡང༌། ད་ནི་མྱུར་དུ་རྒྱུ་བའི་སྔ་ལྟས་སུ་སྔར་ཧོཿཡིག་གི་འོད་ཀྱིས་དཀྲུགས་པའི་རྐྱེན་ གྱིས་འབྱུང་བ་ལྔའི་རླུང་ཕྱོགས་ཕྱོགས་སུ་གནས་ནས། ལྟེ་བར་ས། སྙིང་གར་ཆུ། མགྲིན་པར་ མེ། གཙུག་ཏོར་དུ་ནམ་མཁའི་རླུང་རྣམས་འདུས་ཤིང་སྣ་སྒོར་མ་སོན་ཀྱང་གནས་དེ་དག་ཏུ་ རབ་ཏུ་གཡོ་ཞིང་རྒྱུ་བ་ལ་མངོན་དུ་ཕྱོགས་པ་ནི། གླུས་བསྐུལ་བས་སྦྱོང༌། དེ་ལ་འཁོར་ལོ་ལྔ་ དང་ལྷ་མོ་ལྔ་སྦྱོར་ཏེ། འདིར་ནི་རླུང་དེ་རྣམས་བསྐྱོད་པའི་རྐྱེན་གྱིས་སྔར་དྲན་མེད་དུ་བརྒྱལ་ བ་ལས་ཅུང་ཟད་ཅུང་ཟད་གསལ་སྣང་སྐྱེ་བའོ། །དེའི་འོག་ཏུ་མཁའ་ཁམས་ཀྱི་རླུང་ཤིན་ཏུ་ སྟོབས་དང་ལྡན་པས་གཙུག་ཏོར་དུ་དྲངས་པ་དང༌། དེས་སྙིང་གའི་རྩ་བཅུ་ཁྱབ་ཅིང༌། འཁོར་ ལོ་བཞིའི་ལྟེ་བ་ནས་ཀྱང་རབ་ཏུ་གཡོ་བ་དང་བཅས་ཏེ་གྱེན་དུ་ཕྱོགས་ནས་ནམ་མཁའི་རླུང་ གི་གནས་ཀྱི་གཙོ་བོ་གཙུག་ཏོར་བརྒྱུད་དེ། སྣའི་རྩ་བར་འོངས་པའི་བར་ནི་མངལ་སྒོར་ལག་ པ་དང་གདོང་མངོན་དུ་ཕྱོགས་པའི་དུས་ཏེ། གཙོ་བོ་ཡབ་ཡུམ་ནུས་མ་རྡོ་རྗེ་བཞི་དང་བཅས་ པས་སྦྱོང་བར་བྱེད་དོ། །དེའི་ཚེ་ཕྱི་རོལ་ཀྱི་རླུང་ཕྲ་མོ་ཞིག་སྣ་ནང་དུ་འཇུག་སྟེ། དེ་ནི་དཀྱིལ་ འཁོར་གཙོ་བོའི་སྐུ་ལ་བསྡུ་བས་སྦྱོང་བར་བྱེད་དོ། །ཕྱི་རོལ་ཀྱི་རླུང་ནང་དུ་འོངས་པ་དེ་ནང་དུ་ མ་ཐིམ་ཞིང་མི་གནས་པར་ཕྱིར་སོང་བ་ན་དེས་དྲངས་ཏེ་རླུང་གཞན་རྣམས་ཀྱང་སྣ་སྒོ་ནས་རྒྱུ་ བར་བྱེད་དེ། སྐབས་འདིར་བོད་རྣམས་དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་སྤྱན་འདྲེན་པ་ གཉིས་ཀྱི་སྦྱང་བྱ་སྔ་ཕྱིར་སྤེལ་བར་འདོད་པ་དང༌། སྔ་ཕྱི་ངེས་ཅན་དུ་འདོད་པ་དང༌། དུས་ མཉམ་གྱི་རིགས་སུ་འདོད་པ་སྟེ་གསུམ་བྱུང་ངོ༌། །རང་ལུགས་ཕྱི་མ་ལྟར་ཡིན་མོད། གང་ལྟར་ ཡང་རླུང་ཐམས་ཅད་ཀྱི་སྣེ་འདྲེན་པ་ལ་རླུང་གི་གཙོ་བོ་ཤིན་ཏུ་གཡོ་བའི་རླུང་གཅིག་གིས་བྱེད་ དགོས་པ་ལས་ཡེ་ཤེས་གཡོ་བ་མིན་ཅིང༌། འབྱུང་བཞི་གཙོ་བོ་མིན་པས་གཙོ་བོ་དང་གཡོ་ 3-1-340 བའི་གཞི་མཐུན་པ་ནམ་མཁས་བྱེད་ལ། རྒྱུ་བ་ན་དངས་མ་ཁ་བུན་དུ་རྒྱུག་པ་དང༌། ཤིན་ཏུ་ གཙོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་རླུང་ཐོག་མར་རྒྱུའོ། །དེ་ནི་རྡོར་སེམས་སྤྲོ་བསྡུས་སྦྱོང་ཞིང༌། དང་པོར་དབུ་མའི་རླུང་ཡེ་ཤེས་ཀྱི་ཁམས་ང་དྲུག་རྐང་བཅས་རྒྱུ་ཞིང༌། དེ་རྗེས་གཡས་དང་ གཡོན་གྱི་དབྱེ་བས་ནམ་མཁའ་རླུང་མེ་ཆུ་སའམ། ས་ཆུ་མེ་རླུང་ནམ་མཁའི་རིམ་པས་རླུང་རྒྱུ་ བ་ན། རྩ་གནས་ཐམས་ཅད་ནས་རླུང་རྒྱུ་བར་འགྱུར་ཏེ་སྙིང་ག་ལས་གྱེས་པའི་རྩ་དང༌། གཙུག་ཏོར་དང་དཔྲལ་བ་ནས་རྒྱུ་བའི་རླུང་འབབ་པ་ནི། སངས་རྒྱས་ཡབ་ཡུམ་དང༌། མགྲིན་ པའི་འཁོར་ལོ་དང༌། དབང་པོ་དང༌། ལས་དབང་གི་འཁོར་ལོ་ལ་འབབ་པའི་རླུང་རྒྱུ་བ་ནི། སེམས་དཔའ་ཡབ་ཡུམ་ཐུགས་དཀྱིལ་གྱི་ཁྲོ་བོར་བཅས་པ་རྣམས་དང༌། མགྲིན་པའི་ལྷག་མ་ དང་ལྟེ་བའི་རྩ་འདབ་ལ་གནས་པའི་རླུང་འབབ་པ་ནི་གསུང་གི་རྣལ་འབྱོར་མ་རྣམས་དང༌། ལས་ཀྱི་འཁོར་ལོ་བཅུ་གཉིས་ལ་གནས་པའི་རླུང་འབབ་པ་ནི། ཚེས་ལྷ་རྣམས་དང༌། གསང་ བའི་འཁོར་ལོར་གནས་པའི་རླུང་འབབ་པ་ནི། སྐུའི་སྒོ་སྐྱོང་རྣམས་དང༌། བྱ་བའི་འཁོར་ལོ་ ལ་གནས་པའི་རླུང་འབབ་པ་ནི་ཀླུ་དང་རབ་གཏུམ་མ་རྣམས་དང༌། རྩ་ཕྲན་མ་ངེས་པ་རྣམས་ ཀྱི་རླུང་འབབ་པ་ནི། གཟུངས་མ། འདོད་མ། ཕྱིར་འདོད་མ། གྲུབ་པ་འབྱུང་པོའི་ཚོགས་དང་ བཅས་པས་སྦྱོང་བར་བྱེད་དོ། །དེ་ཡང་སྔར་རྩ་གནས་རྣམས་སུ་རླུང་རྣམས་བག་ལ་ཞ་བའི་ ཚུལ་གྱིས་གཡོ་འགུལ་མི་མངོན་པར་གནས་པ་ལས། སྣ་སྒོ་ནས་དཀྱིལ་འཁོར་ལྔ་རྒྱུ་བས་ རྐྱེན་བྱས་ཏེ། རྩ་གནས་ཐམས་ཅད་དུ་འགྲོ་འོང་གི་སྒོ་ནས་རླུང་གི་རྒྱུ་བ་འགྲོ་འོང་རགས་པ་ མངོན་དུ་གྱུར་པ་ནི། སྐབས་འདིར་རླུང་སྐྱེས་པ་ཞེས་བྱ་བའི་ཐ་སྙད་སྦྱོར་རོ། །ཡང་མཁའ་ཡེ་ བསྡོམས་ནས་ལྷ་ཐམས་ཅད་ཁམས་ལྔར་འདུས་པ་ཡིན་པས། དེ་རྣམས་རླུང་གི་དཀྱིལ་འཁོར་ ལྔ་འབབ་པས་སྦྱོང་བར་བྱེད་དོ། །ཞེས་བསྡུས་ཏེ་བཤད་ཀྱང་ཆོག་གོ །སྐབས་འདིར་སྦྱང་བྱ་ ལ་གཞན་ཕལ་ཆེར་འདོད་པ་ལྟར་རླུང་ཁོ་ནའམ་ཞེ་ན་མ་ཡིན་ཏེ། སྦྱང་བྱའི་ངོ་བོ་གནས་ 3-1-341 སྐབས་དེ་དང་དེའི་ཕུང་ཁམས་མཐའ་དག་གི་ཚོགས་པའམ། ལུས་ངག་སེམས་ཡེ་ཤེས་ བཞིའི་ཚོགས་པ་ཉིད་ཡིན་ལ། དེའི་ཁྱད་ཆོས་རླུང་གི་རྒྱུ་བས་དབང་བསྒྱུར་བ་སྟོབས་དང་ ལྡན་པས་ཁྱད་པར་དུ་བྱས་པ་སྟེ། དེའི་ཕྱིར་ཐུན་མོང་མ་ཡིན་པའི་རྟགས་མཚན་ཡིན་པའི་སྒོ་ ནས། སྦྱང་བྱ་རླུང་རྒྱུ་བ་གཙོ་བོ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འདིས་རྒྱལ་མཆོག་དང་པོ་ལ་ ཡང་རིགས་འགྲེ་སྟེ། ཕུང་ཁམས་ཀྱི་ཚོགས་པའམ། ལུས་ངག་ཡིད་ཀྱི་ཚོགས་པ་ནི་སྦྱང་བྱའི་ ངོ་བོ་དང༌། གནས་སྐབས་སོ་སོར་རྩ་སོ་སོ་འགྲུབ་པས་ཁྱད་པར་དུ་བྱས་པ་ནི། རྟགས་དང་ མཚན་མ་དང་ཁྱད་ཆོས་ཡིན་གྱི། རྩ་ཁོ་ན་སྦྱང་བྱར་འཇོག་པ་མ་ཡིན་ནོ། །དེ་ལྟར་དཀྱིལ་ འཁོར་མཁའ་སྤྲོ་དང་ཡེ་ཤེས་དགུག་གཞུག་གི་སྐབས་འདི་དག་ནི། སྔར་མིག་གིས་སྤྱོད་ཡུལ་ དུ་མ་གྱུར་པ་ལས། སྐབས་དེར་བྱིས་པ་གཅེར་བུ་ཡང་ཡིན་ལ། ཁྲུ་མའི་ཆོས་གོས་ཀྱང་འཛིན་ པའི་འགལ་བ་འདུ་བ་ཅན་སྲོག་ཕྱིར་རྒྱུ་བའི་འགོ་བརྩམས་པ་དང་དབང་པོ་ཡུལ་ལ་སང་ བཞིན་པ་ལྷ་སྤྲོ་བ་དང་འདྲ་བར་ངུ་བའི་ཚུལ་གྱིས་ངག་འབྱིན་པ་དང་ཆོས་མཐུན་ནོ། །འདིར་ རང་ལུགས་ལ་མཁའ་ནང་གི་དཀྱིལ་འཁོར་སྤྲོ་བ་མན་ཆད་ཀྱི་དམ་ཚིག་སེམས་དཔའ་བསྐྱེད་ པའི་སྦྱང་བྱ་དང༌། རྡོ་རྗེ་ཤུགས་སྤྲོ་བ་ནས་བརྩམས་ཡེ་ཤེས་དགུག་གཞུག་རོ་མཉམ་བར་གྱི་ སྦྱང་བྱ་རྣམས་བྱེད་ལས་དང་མཚན་ཉིད་ཐ་དད་པའི་དབང་ལས་ཡིན་གྱི། དུས་སྔ་ཕྱི་ཡོད་པ་ ནི་མ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྤྲོས་ནས་རང་ལ་ཐིམ་པ་དང༌། རྡོ་རྗེ་ཤུགས་སྤྲོ་བ་སྦྱང་བྱ་ དུས་མཉམ་ཞིང་དངོས་པོ་ཡང་གཅིག དགུག་གཞུག་བཅིང་མཉེས་རོ་མཉམ་ལྔ་པོ་དང༌། ཁམས་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་སྤྲོ་བ་ནི་སྦྱང་བྱ་སྤྱི་ལྡོག་ནས་ངོ་བོ་གཅིག་ལ། དགུག་གཞུག་སོགས་ཀྱི་སྔ་ཕྱིའི་གོ་རིམ་ཇི་ལྟ་བ་དང་དཀྱིལ་འཁོར་སྤྲོ་བའི་སྔ་ཕྱིའི་རིམ་པ་ནི་ མི་སྦྱོར་ཏེ། ཁམས་ལྔའི་ལྷ་ཚོགས་རྣམས་ཁམས་སོ་སོ་སྡེ་ཚན་དུ་བྱས་ནས་མི་སྤྲོ་བར་ལྷ་ རིགས་སོ་སོའི་སྡེ་ཚན་དུ་སྤྲོས་པས་ཁམས་ཀྱི་གོ་རིམ་འཚོལ་བར་ཡོད་པའི་ཕྱིར་རོ། །སྦྱང་ 3-1-342 བྱའི་རིམ་པ་འདི་དག་གི་ཕྱིར་ཡང་ལས་རྒྱལ་མཆོག་གི་མཁའ་དཀྱིལ་གྱི་གཙོ་བོ་རྡོར་སེམས་ ཁོ་ན་ཡིན་གྱི་མི་བསྐྱོད་པ་མ་ཡིན་ཏེ། དེ་ཡིན་ན་གཡས་གཡོན་གང་རུང་གི་ནམ་མཁའི་ དཀྱིལ་འཁོར་དང་སྦྱོར་དགོས་པ་ལས། འདི་ནི་ཡེ་ཤེས་ཀྱི་རླུང་དབུ་མའི་དབུགས་དང་སྦྱོར་ དགོས་པའི་ཕྱིར། ཡེ་ཤེས་ཀྱི་ཁམས་དག་པའི་དཔལ་རྡོ་རྗེ་སེམས་དཔའ་ཉིད་དོ། །དུས་ འཁོར་གྱི་བསྐྱེད་རིམ་རྣམ་བཤད་བྱེད་པ་ཕྱིས་བྱུང་བ་དག་གིས་ནི། དམ་ཚིག་གི་དཀྱིལ་ འཁོར་བསྐྱེད་པ་དང༌། ཡེ་ཤེས་སྤྱན་འདྲེན་གྱི་སྦྱང་བྱའི་དབྱེ་བ་དམིགས་ཕྱེད་པར་ཅུང་ཟད་ ཀྱང་མ་གོ་བ་ཤ་སྟག་སྟེ། གླུས་བསྐུལ་ཉིད་ལ་དཀྱིལ་འཁོར་ལྔའི་རླུང་རྒྱུ་བ་སྦྱོར་བ་ལྟར་བྱེད་ པ་དང༌། གཙོ་བོ་བཞེངས་པ་ནས་བརྩམས་ཏེ་སྣ་སྒོ་ནས་རླུང་རྒྱུ་བ་དང༌། དབང་པོ་ཡུལ་ལ་ སད་ཚུལ་དང་སྦྱོར་ཞིང༌། གླུས་བསྐུལ་ཡང་དབང་པོ་ཡུལ་ལ་སད་པའི་ཕྱིར་དུ་འདོད་ལ། ཡང་ དེའི་རྗེས་སུ་ནི་དམ་ཚིག་བསྒོམ་པ་ཡན་ཆད་མངལ་ནས་བཙས་མ་ཟིན་པ་ལྟར་བྱས་ནས་ བཙས་མ་ཐག་ཏུ་ང་དྲུག་རྐང་བཅས་འབབ་པ་དང༌། སྔར་དབང་པོ་ཡུལ་ལ་མ་སད་པ་སྐབས་ དེར་སད་ཚུལ་ཡེ་ཤེས་དགུག་གཞུག་དང་སྦྱོར་བའི་བརྗོད་པ་མང་པོ་སྔ་ཕྱི་འགལ་བ་རིབ་ རིབ་པོར་སྨྲ་ཞིང༌། ངེས་པ་མ་ཐོབ་པས་གསལ་པོར་ཕྱེ་ནས་མི་སྨྲའོ། །དེ་ཐམས་ཅད་སྲོག་སྤྲོ་ བའོ་སྲོག་སྤྲོ་བའོ་ཞེས་བཟླས་བརྗོད་དུ་བྱེད་ཀྱང༌། རྩ་ནང་དུ་སྤྲོའམ་ཕྱི་རོལ་ཏུ་སྤྲོ་མངལ་ནས་ བཙའ་བའི་གནས་སྐབས་ཇི་ལྟ་བུ་ཞིག་ཏུ་སྤྲོ། དབུ་མའམ་གཡས་གཡོན་གྱི་ཡིན། སྔ་ཕྱི་ གཅིག་གམ་མི་གཅིག་སོགས་མི་སྨྲ་བ་རྫུ་བག་བྱེད་དོ། །དེ་ལ་རང་ལུགས་འདི་ལྟར་ཡིན་ཏེ། མཁའ་དཀྱིལ་གྱི་རྡོ་རྗེ་སེམས་དཔའ་སྤྲོ་ཞིང་བསྟིམ་པ་ནི། སྦྱང་བྱ་དབུ་མའི་དབུགས་དེ་དྷཱུ་ ཏིའི་མས་སྣ་ནས་གཙུག་ཏོར་གྱི་བར་དུ་བརྒྱུད་ཅིང༌། སྣ་སྒོ་ནས་སོར་བཅུ་དྲུག་གི་བར་སོང་ ལ། སླར་ཡང་སྔར་གྱི་རིམ་པས་དབུ་མར་འཇུག་པའི་འགྲོ་འོང་ལྔ་བཅུ་ང་དྲུག་པོ་དེ་དག་སྦྱོང་ ལ། རྡོར་ཤུགས་སྤྲོ་ཞིང་བསྡུ་བས་ནི། དེ་དུས་དབང་པོ་དབང་ཤེས་སྤྱི་དང་ཁྱད་པར་རྣམས་ 3-1-343 ཡུལ་ལ་སད་པར་འདོད་པ་དེ་སྦྱོང་སྟེ། མཁའ་དཀྱིལ་རྡོར་སེམས་སྤྲོ་བ་དང་དེ་གཉིས་སྦྱང་བྱ་ དུས་མཉམ་ཡིན་ལ། ཡེ་ཤེས་ཀྱི་རླུང་གཅིག་ཉིད་ལའང་རྡོར་སེམས་སྤྲོ་བ་དང༌། རྡོ་རྗེ་ཤུགས་ སྤྲོ་བ་གཉིས་ཀ་སྦྱོར་དགོས་པ། ནང་དུ་སྲོག་བརྟན་པར་བྱེད་པའི་ནུས་པའི་ཆ་ནས། རྡོར་ སེམས་ཀྱི་སྤྲོ་བསྡུ་ཡིན་ན་འདི་ནི་རང་ལ་བདག་པོར་ཞུགས་པའི་ཆ་ནས་འཆི་དུས་མ་ གཏོགས་ཕྱིན་ཆད་དཀྱིལ་འཁོར་དུ་མི་རྒྱུ་བ་མཚོན་ཅིང༌། ཁམས་ལྔའི་དཀྱིལ་འཁོར་སྤྲོ་བ་ལ་ མི་ཐེ་བ་བཞིན་དུ། སྦྱང་བྱའི་སྐབས་སུ་ཡང་གཡས་གཡོན་གྱི་རྒྱུ་བ་དང་མི་སྦྱོར་རོ། །དེ་བཞིན་ དུ་ཡེ་ཤེས་པའི་སྐབས་སུ་ཡང་རྡོར་ཤུགས་སྤྲོ་བ་དང་དགུག་པའི་ལས་སོ་སོར་ཕྱེ་སྟེ། རྡོར་ ཤུགས་སྤྲོ་བའི་སྦྱང་བྱ་དབུ་མའི་དབུགས་རྒྱུས་པས་རླུང་གཞན་འདྲེན་པ་ཡིན་ལ། དགུག་པ་ ནི་དབང་ཤེས་སད་པ་དང་སྦྱོར་རོ། །སྤྲོས་པའི་དབུ་མའི་དབུགས་དང༌། དགུག་པ་ནི་ལས་ ལྔའི་དང་པོ་ཡིན་ལ། ལས་ལྔ་པོ་དེའི་སྦྱང་བྱ་དང༌། ཁམས་ལྔའི་དཀྱིལ་འཁོར་སྤྲོ་བའི་སྦྱང་བྱ་ ངོ་བོ་གཅིག་ཀྱང་སྦྱང་བྱ་དཀྱིལ་འཁོར་ལྔ་པོ་དེ་རྣམས་ཉིད་རྒྱུ་ཞིང༌། རྩ་གནས་ཀུན་ཏུ་གཡོ་ བས་ཁྱབ་པར་བྱེད་པ་ནི། ནང་དུ་ཚེ་སྲོག་བརྟན་པར་བྱེད་པའི་ནུས་པ་དང་སྦྱར་ནས་ཁམས་ ལྔའི་ལྷ་ཚོགས་སྤྲོ་བ་དང༌། དཀྱིལ་འཁོར་ལྔ་པོའི་རླུང་གིས་དབང་པོ་ལྔ་དབང་ཤེས་དང་ བཅས་པ་རེ་རེ་བཞིན་ཡུལ་སོ་སོ་ལ་སད་པར་བྱེད་པའི་ནུས་པ་དང་བྱེད་ལས་ཅན་དེ་ལས་ལྔ་ པོས་སྦྱོང་བར་བྱེད་པ་ཡིན་པས། མདོར་ན་རླུང་རྒྱུ་བ་གཅིག་པུ་དེ་རྩ་གནས་ལ་ཁྱབ་པར་བྱེད་ པའི་ཆ་ནས། དམ་ཚིག་པའི་སྦྱང་བྱ་དང༌། དབང་ཤེས་ཀྱིས་ཡུལ་སྣང་འཛིན་པར་བྱེད་པའི་ཆ་ ནས། ཡེ་ཤེས་དཀྱིལ་འཁོར་དགུག་གཞུག་གི་སྦྱང་བྱར་སྦྱོར་བ་ཡིན་པ་སྦྱོར་ཚུལ་དེ་ལྟར་ ཤེས་དགོས་ལ། དེས་ན་རྡོར་སེམས་སྤྲོ་བ་དང༌། རྡོ་རྗེ་ཤུགས་སྤྲོ་བ་སྦྱང་བྱའི་ངོ་བོ་གཅིག དེ་ གཉིས་ཀྱི་འཕྲིན་ལས་མཛད་པ་དང༌། དེ་གཉིས་ཀྱི་ཐུགས་ཀར་བསྡུ་བ་ཡང་སྦྱང་བྱ་ངོ་བོ་ གཅིག་མོད་ཀྱི། རྡོར་སེམས་ཀྱི་མཛད་པ་མཁའ་ཁམས་ཀྱི་ལྷ་སྤྲོ་བ་དང་སོ་སོར་ཡོད་ཅིང༌། 3-1-344 རྡོར་ཤུགས་ཀྱི་མཛད་པ་མཁའ་ཁམས་ཀྱི་དབང་པོ་ཡུལ་ལ་སྤྲོ་བ་དང་སྦྱོར་དགོས་པས་ཅུང་ མི་འགྲིག་གོ་སྙམ་ན། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ་ཁམས་དྲུག་ཚན་གྱིས་འགྲོས་ ཤེས་རབ་ཨེ་ཡིག་དང༌། ཡེ་ཤེས་འཁོར་ལོ་གཞུག་པ་ལ་ལྔ་ཚན་གྱི་འགྲོས་ཐབས་ཝཾ་ཡིག་གི་ དག་པ་སྦྱོར་བའི་ཕྱིར། མཁའ་ཁམས་ཀྱི་དབང་པོ་ཡུལ་ལ་སད་བྱེད་ཀྱི་སྐོར་རྣམས་རྡོར་ ཤུགས་ཀྱི་མཛད་པའི་ནང་དུ་བསྡུས་པ་སྟེ། ལྔའི་གྲངས་སུ་སྡུད་དགོས་པའི་ཆེད་དུ་ཡེ་ཤེས་ ནམ་མཁའ་གཅིག་ཏུ་བསྡོམས་པ་ཡིན་ནོ། །དེ་ལྟར་ན་སྦྱང་བྱ་ལ་དུས་སྔ་ཕྱི་འཇོག་མི་ཐུབ་ ཀྱང་སྦྱོང་བྱེད་ཏིང་ངེ་འཛིན་གྱི་རིམ་པ་ལ་སྔ་ཕྱིར་འཇོག་སྟེ། དུས་གཅིག་ཏུ་སྒོམ་མི་ཐུབ་པས་ སྔ་ཕྱི་བྱེད་དགོས་ཤིང༌། རྒྱུ་མཚན་སྦྱང་བྱའི་སྒོ་ནས་བཤད་དུ་མེད་ཀྱང་ཐིམ་པར་བྱ་བའི་ཡུལ་ དམ་ཚིག་པ་སྔོན་དུ་མ་སོང་བར་ཐིམ་པར་བྱེད་པ་པོ་ཡེ་ཤེས་པ་སྤྱན་འདྲེན་པ་ཡང་མི་འཐད་ ཅིང༌། དགུག་གཞུག་བྱེད་པའི་ཡུལ་མེད་པ་དགུག་གཞུག་བྱེད་པ་མི་འཐད་པས་སྔ་ཕྱིའི་གོ་ རིམ་གྲུབ་བོ། །དེ་ལ་རྡོ་རྗེ་ཤུགས་སྤྲོ་བས་ནི། བཙས་མ་ཐག་ཏུ་དབུ་མའི་རླུང་འབབ་པ་སྦྱོང་ ཞིང༌། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནི། རྣམ་པར་ཤེས་པ་ཁམས་ལྔའི་བདག་ཉིད་ཅན་གྱི་ ཀུན་གཞིའི་རྣམ་པར་ཤེས་པ་རྣམ་སྨིན་གྱི་ངོ་བོར་གྱུར་པ་དེ། དབུ་མའི་དབུགས་ཀྱིས་བསྐྱོད་ པས་ཡུལ་འདོད་ཡོན་དྲུག་པོ་ཐམས་ཅད་ལ་སད་དེ། ཡུལ་འཛིན་ཅིང་ལོངས་སྤྱོད་པའི་ནུས་ པ་ཅན་དུ་འགྱུར་བ་དང༌། ཁྲོ་བོ་སྤྲོ་བའི་སྐབས་ཞོར་བྱུང་དུ་དྲག་སྤྱན་མའི་ཤིང་རྟ་སྤྲོས་པ་ནི། ཁྲོ་མོ་དེ་མཁའ་ཁམས་ཡིན་པས་ཤིང་རྟའང་ཁམས་དེའི་ཕྱིར། ཞོར་བྱུང་དུ་ནམ་མཁའི་དཀྱིལ་ འཁོར་འབབ་པ་ཡང་མཚོན། དེའི་ཕྱིར་དགུག་པས་དབང་ཤེས་ཐམས་ཅད་སྤྱི་ལྡོག་ནས་སད་ པ་མཚོན་པར་མ་ཟད། རྣ་བའི་དབང་ཤེས་དང་ཡིད་ཀྱི་ཤེས་པ་ལྷག་པར་སད་པས་སད་ཚུལ་ རྫོགས་པར་གྱུར་པ་མཚོན་ནོ། །གཞུག་པས་མིག་ཤེས་དང༌། བཅིང་པས་ལུས་ཀྱི་རྣམ་ཤེས་ དང༌། མཉེས་པས་ལྕེའི་རྣམ་ཤེས་དང༌། རོ་མཉམ་པས་སྣའི་རྣམ་ཤེས་རྣམས་རང་རང་སོ་ 3-1-345 སོའི་ཡུལ་ལ་སད་པའི་ནུས་པ་རྫོགས་པར་བྱེད་དོ། །སྔགས་དང་ཆོ་གའི་གོ་རིམ་ནི། དགུག་ གཞུག་བཅིང་མཉེས་རོ་མཉམ་ལྔའི་གོ་རིམ་ཡིན་གྱི། སྦྱང་བྱ་དབང་ཤེས་ལྔ་པོ་སད་པ་ལ་སྔ་ ཕྱིའི་གོ་རིམ་གསལ་བར་གསུངས་པ་མེད་དོ། །དེ་ཡང་ཁ་ཅིག་དབང་པོ་རྣམས་བྱང་ཆུབ་ སེམས་དཔའི་དག་པ་ཡིན་པའི་ཕྱིར། དབང་ཤེས་རྣམས་སེམས་དཔའ་ལས་སྤྲུལ་པའི་ཁྲོ་བོ་ དང་དག་པ་སྦྱོར་ཟེར་ཏེ། སྤྱིར་རིགས་དང་རིགས་ཅན་གྱི་སྐབས་ཁྲོ་བོ་རྣམས་སེམས་དཔའི་ སྤྲུལ་པར་བྱེད་མོད། འོན་ཀྱང་ད་རེས་སྐབས་འདིར་ཁྲོ་བོ་འདི་རྣམས་དེ་བཞིན་གཤེགས་པ་ ལྔ་ལས་སྤྲུལ་པ་ཡིན་གྱི། སེམས་དཔའ་རྣམས་ལས་སྤྲུལ་པར་མི་འདོད་ལ། སྦྱང་བྱ་རྣམ་ཤེས་ ཀུན་འདུས་པ་དེ་སྦྱོང་བྱེད་ཡེ་ཤེས་འཁོར་ལོ་དང་སྦྱོར། སྦྱང་བྱ་རླུང་བསྐྱོད་པས་ཡུལ་ལ་སད་ པ་དང་མཚུངས་པ་སྦྱོང་བྱེད་ཁྲོ་བོས་དགུག་གཞུག་བྱེད་པ་[ཁྲོ་བོ་]ཡིན་པས་ཁྲོ་བོ་ལྔ་རླུང་ལྔ་ དང་སྦྱོར་ལ། དགུག་གཞུག་ལ་སོགས་པའི་ལས་རྣམས་ཡུལ་ལ་སད་པ་དང་སྦྱོར་རོ། །དེས་ན་ འགའ་ཞིག་ཁྲོ་བོ་ལྔ་སྐབས་འདིར་དབང་པོ་ལྔའི་དག་པ་ཅན་དུ་གསུངས་པ་དང༌། གཞན་དུ་ ལས་དབང་ལྔའི་དག་པ་ཅན་དུ་གསུངས་པ་ལ་འགལ་སྤོང་བྱེད་མོད། རང་ལུགས་ལ་གོང་དུ་ བཤད་པ་ལྟར་ཡིན་ལ། སྤྱིར་གནས་སྐབས་སོ་སོར་དག་པ་ཐ་དད་འབྱུང་བ་ལ་འགལ་སྤོང་མི་ དགོས་ཏེ། ཐུགས་དཀྱིལ་ཁོ་ན་སྒོམ་པའི་སྐབས་ཐུགས་དཀྱིལ་གྱི་ཁྲོ་བོ་རྣམས་ལས་དབང་ལ་ སྦྱོར་ཡང་དཀྱིལ་འཁོར་སུམ་སྦྲག་གི་སྐབས་སྐུ་དཀྱིལ་གྱི་ཁྲོ་བོ་ལས་དབང་ལ་སྦྱོར་དགོས་པ་ བཞིན་ནོ། །དེ་རྗེས་ཡི་གེ་དགོད་པ་ནི། མངལ་ནས་བཙས་ཟིན་པའི་སེམས་ཅན་དེའི་ཁམས་ དྲུག་གི་ནུས་པ་རྒྱས་པ་དང༌། དེ་ལྟ་བུའི་ཡི་གེ་དགོད་པ་དེ་དང་སྐུ་གསུང་ཐུགས་བྱིན་གྱིས་ བརླབ་པ་སོགས་ཀྱི་དབང་བསྐུར་བ་བསྡོམས་པ་ནི། ཁྲུས་བྱེད་པ་དང་ལུས་ངག་ཡིད་གསུམ་ གྱི་སྟོབས་གོང་འཕེལ་དུ་སོང་ནས་སྒོ་གསུམ་གྱི་བྱ་བ་སྣ་ཚོགས་ལ་འཇུག་པ་དང་། སྔར་གཉིད་ ལོག་པ་དང་སད་པའི་དབྱེ་བ་མེད་ཀྱང་དེ་ནས་གཟུང་སྟེ་སད་པ་དང༌། རྨི་ལམ་དང་གཉིད་ 3-1-346 འཐུག་པོ་རྣམས་འབྱུང་བ་སྦྱོང་ངོ༌། །དབང་བདུན་གྱི་སྔགས་དབང་བླངས་ན། བྱིས་པ་སྐྱེས་ལ་ མ་དག་གིས། །ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད། །ཅེས་སོགས་དག་བྱ་དག་བྱེད་སྦྱོར་ དགོས་ལ། ཡབ་ལ་ཐབས་ཤེས་རིགས་གསུམ་དང་ཡུམ་ལ་ཐབས་ཤེས་རིགས་དྲུག་ཀར་སྦྱོར་ བས་ན། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཡབ་ཡུམ་མཉམ་པ་ལ་ཡེ་ཤེས་ཆགས་རྟོག་ལས་ཕྱེ་ བའི་རིགས་གསུམ་གྱི་སྒོ་ནས། བུད་མེད་ལ་ལྷག་པོ་ཡེང་བ་སྦྱོང་བ་དང༌། རིགས་བདག་གིས་ རྒྱས་བཏབ་པ་ནི། རང་གི་རིགས་ཀྱི་ལས་ལ་འཇུག་པ་དང༌། སྐུའི་རྒྱས་བཏབ་ནི་རྩ་དྲུག་དང་ ཕུང་པོ་དྲུག་གི་སྟོབས་རིམ་གྱིས་རྫོགས་པ་དང༌། སྲོག་གི་རྒྱས་བཏབ་ནི་རླུང་གི་སྟོབས་ རྫོགས་པ་དང༌། ཐིག་ལེའི་རྒྱས་བཏབ་ནི་ཁམས་རྣམས་ཀྱི་སྟོབས་རྫོགས་པ་དང༌། ཡེ་ཤེས་ ཀྱི་རྒྱས་བཏབ་ནི་སྦྱང་བྱ་ཁོ་ན་ལྟར་ན་ཆགས་པའི་སྟོབས་རྫོགས་པ་སྟེ། རྒྱས་གདབ་བཞི་པོའི་ སྦྱང་བྱ་དུས་མཉམ་ཡིན་པས། ལོ་བཅུ་དྲུག་པ་ལ་ཉེ་བ་སྔར་གྱི་བྱིས་པ་དེ་གཞོན་ནུས་གནས་ སྐབས་སུ་གྱུར་གྱི་བར་དུའོ།། །། གཉིས་པ་སྦྱོང་བྱེད་དངོས་ལམ་རྫོགས་རིམ་དང་ཆོས་མཐུན་སྦྱར་བ་ནི། སྐབས་འདིར་ བར་དུ་དགེ་བའི་རྫོགས་རིམ་དང་སྦྱོར་དགོས་ཏེ། དེ་ཡང་ཨ་ཝ་དྷཱུ་ཏིའི་ནང་དུ་ཡི་གེ་འབྲུ་ གསུམ་བཀོད་པ་ནི། རླུང་འགྲོ་བ་དང་འོང་བ་དང་གནས་པ་གསུམ་རོ་རྐྱང་ལས་བྱེད་པ་ བཀག་སྟེ་དབུ་མ་ཉིད་དུ་འབབ་པ་དང༌། དེའི་མཐུ་ལས་ལྟེ་བའི་གཏུམ་མོ་དུས་ཀྱི་མེ་སྟོབས་ རྒྱས་པའི་འོད་ཀྱི་ཤུགས་སྤྱི་བོའི་བར་དུ་སླེབ་ཅིང༌། སྤྱི་བོའི་ཐིག་ལེ་ལས་ཞུ་བདེ་ཕྲ་མོ་ཙམ་ནི་ འབབ་ཀྱང་ཡང་དག་པར་ཞུ་ནི་མ་ཐུབ་ལ། གཏུམ་མོའི་དྲོད་ཀྱིས་དབང་བྱས་པ་དེ་ལྟེ་བ་དང༌། སྤྱི་བོའི་ཧོཿཡིག་གིས་མཚོན། དེའི་རྗེས་སུ་དབུ་མའི་ནང་གི་འབར་འཛག་འབྱུང་བ་དེའི་ནུས་ པ་ལ་བརྟེན་ནས། མཉམ་གཞག་ཏུ་དུས་སྦྱོར་བཅུ་གཉིས་ཀྱི་རླུང་རོ་རྐྱང་དུ་རྒྱུ་བ་ཐམས་ཅད་ བཀག་སྟེ། དབུ་མ་འབའ་ཞིག་ཏུ་འབབ་ཅིང་གསལ་སྟོང་བདེ་བའི་མི་རྟོག་པ་འཐུག་པོ་ཐོབ་ 3-1-347 པ་ནི། རྗེས་ཆགས་ཀྱི་མེས་ཐིག་ལེར་ཞུ་བ་དང་འདྲ་སྟེ། སྲོག་རྩོལ་གྱི་ཡན་ལག་གོ །དེ་ནས་ གླུས་བསྐུལ་བ་ལྔ་ལས། རླུང་རྣམས་ལྟེ་བའི་མི་ཤིགས་པ་ལ་ཐིམ་པ་ནི། སྤྱན་མས་བསྐུལ་བ་ དང༌། སྙིང་གར་ཐིམ་པ་ནི་མཱ་མ་ཀཱི་དང༌། མགྲིན་པར་ཐིམ་པ་ནི་གོས་དཀར་མོ་དང༌། སྤྱི་བོར་ ཐིམ་པ་ནི་སྒྲོལ་མ་དང༌། གཙུག་ཏོར་རམ་དཔྲལ་བར་ཐིམ་པ་ནི། རྡོར་དབྱིངས་དབང་ཕྱུག་ མའི་ཐོབ་སྐལ་ཡིན་ཡང་དངོས་སུ་ལྷ་མོ་བཞི་པོས་སྤྱི་ཁྱབ་ཏུ་བསྐུལ་བ་རྣམས་ཀྱིས་མཚོན་ ཅིང༌། དེ་ཡང་རླུང་མ་ཐིམ་ན་ཡེ་ཤེས་ཀྱི་གཏུམ་མོ་འབར་མི་ཐུབ་སྟེ། སྤྱིར་གཏུམ་མོ་ཡིན་ཚད་ ཐིག་ལེའི་རང་མདངས་དང༌། སྒོས་སུ་ཡེ་ཤེས་ཀྱི་གཏུམ་མོ་མི་ཤིགས་ཐིག་ལེའི་རང་མདངས་ ཡིན་པས་སོ། །རླུང་ཐིམ་པ་ན་རླུང་དེའི་མི་ཤིགས་པའི་ཐིག་ལེའི་ངོ་བོར་སོང་སྟེ། དེ་མ་ཐག་ ཏུ་སྟོང་གཟུགས་ཀྱི་རང་བཞིན་གཏུམ་མོ་འབར་བར་གྱུར་པ་ནི། རྫོགས་རིམ་གྱི་ལམ་རྒྱུད་ ལ་སྐྱེས་པའི་སྐབས་སུ། ཐོག་མར་ལྟེ་བ་ནས་འགོ་རྩོམ་པ་ཡིན་ཡང་སྐབས་འདིར་དེའི་སྔ་ ཕྱིའི་གོ་རིམ་ལ་མཐའ་གཅིག་ཏུ་སྦྱོར་མི་དགོས་པས། གཙོ་ཆེ་ཆུང་གི་གོ་རིམ་དང་སྦྱར་ནས། གཙུག་ཏོར་དུ་ནམ་མཁའི་ཁམས་གཙོ་བོར་གྱུར་པའི་སྟོང་གཟུགས་ཀྱི་རང་བཞིན་ཡེ་ཤེས་ ལྔའི་གཏུམ་མོ་འབར་བ་ནི། གཙོ་བོ་ཡབ་ཡུམ་ནུས་མ་རྡོ་རྗེ་བཞི་དང་བཅས་པ་དང༌། གཙུག་ ཏོར་དུ་ཐིམ་པའི་དུས་ན་གསང་བར་ཡང་ཐིམ་པར་འགྱུར་ཏེ། དེ་ལས་ཡེ་ཤེས་ཀྱི་ཁམས་གཙོ་ བོར་གྱུར་པའི་གཏུམ་མོ་ཡེ་ཤེས་ལྔ་ལྡན་འབར་བར་འགྱུར་བ་ནི། དེ་རྗེས་རྡོ་རྗེ་སེམས་དཔའ་ སྤྲོས་ཤིང་བསྡུ་བ་དང༌། ལྷ་ནམ་མཁའི་ཁམས་པ་རྣམས་སྤྲོ་བ་ཡང་དེའི་ཁོངས་སུ་གཏོགས། ལྷག་མ་དཔྲལ་བ་ལས་རླུང་ཁམས་གཙོ་བོ་དང༌། མགྲིན་པ་ལས་མེ་ཁམས་གཙོ་བོ་དང༌། ལྟེ་ བ་ལས་ས་ཁམས་ཀྱི་དངས་མ་གཙོ་བོར་གྱུར་པའི་ཡེ་ཤེས་ལྔའི་གཏུམ་མོ་འབར་བ་ནི། རླུང་ མེ་ཆུ་སའི་ལྷ་རྣམས་སྤྲོ་བས་མཚོན་ནོ། །དེ་ལྟར་ན་དེ་དག་ནི་འཛིན་པའི་ཕྱེད་སྔ་མ་དང་སྦྱར་ བའོ། །དེ་ནས་གཙུག་ཏོར་དུ་བྱང་ཆུབ་ཀྱི་སེམས་ཞུ་ཞིང༌། གཏུམ་མོ་འབར་བ་དང་འདྲེས་ 3-1-348 པ་ནི། རྡོ་རྗེ་ཤུགས་ཀྱིས་ཡེ་ཤེས་སེམས་དཔའ་བཀུག་སྟེ། དམ་ཚིག་པའི་དྲུང་དུ་ཕྱིན་པས་ མཚོན་ནོ། །སྤྱི་བོའི་ཐིག་ལེ་དེ་དཔྲལ་བར་སླེབ་ཅིང༌། དཔྲལ་བ་ཉིད་དུ་ཞུ་བའི་ཐིག་ལེ་དང་ འདྲེས་ཏེ། རླུང་ཁམས་ཀྱི་གཏུམ་མོ་དང་རོ་གཅིག་ཏུ་གྱུར་པ་ནི། ཤིན་ཏུ་སྟོབས་ཀྱིས་རོ་མཉམ་ དུ་བྱས་པ་དང༌། དེ་བཞིན་དུ་རིགས་བསྒྲེས་ཏེ་མགྲིན་པར་ཐིག་ལེ་དང་གཏུམ་མོ་འདྲེས་པ་ནི། ཤེས་རབ་མཐར་བྱེད་ཀྱིས་དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་པ་དང༌། སྙིང་གར་ཞུ་པའི་ཐིག་ ལེ་དང་གཏུམ་མོ་འདྲེས་པ་ནི། པདྨ་མཐར་བྱེད་ཀྱིས་དམ་ཡེ་དབྱེར་མེད་དེ་མཉེས་པར་བྱས་ པ་དང༌། ལྟེ་བར་ཐིག་ལེ་ལྔ་འདྲེས་པ་དང༌། གཏུམ་མོ་ལྔ་འདྲེས་པ་དབྱེར་མེད་དུ་གྱུར་པ་ནི། གཤིན་རྗེ་མཐར་བྱེད་ཀྱིས་དམ་ཡེ་དབྱེར་མེད་དུ་བཅིངས་པས་མཚོན་ནོ། །འདི་རྣམས་དགུག་ གཞུག་གི་སྐབས་སུ་རྫོགས་རིམ་འཛིན་པའི་སྐབས་དང་གོ་རིམ་མི་མཚུངས་པར་བྱུང་བ་ནི། བསྐྱེད་རིམ་གྱི་ཆོ་གའི་སྐབས་ལ་དགུག་གཞུག་བཅིང་མཉེས་རོ་མཉམ་ཞེས་པའི་གོ་རིམ་ དགོས་པའི་དབང་གིས་མི་འདྲ་བར་བྱུང་བ་ཡིན་ཡང༌། རེ་རེ་ནས་སྤྱི་བོ་ནས་འོང་བའི་རིམ་པ་ ལ་བལྟོས་པའི་འཛིན་པའི་དབྱེ་བ་ལྔ་པོའི་རྒྱུད་སྦྱོང་ཞིང༌། སྨིན་པར་བྱེད་པ་ལ་ཁྱད་པར་མེད་ པས་གོ་རིམ་མ་མཐུན་ཀྱང་སྐྱོན་མེད་དོ། །དེ་ནས་ཡི་གེ་དགོད་པ་ནི། འཁོར་ལོ་དྲུག་ཏུ་ཡས་ བབས་ཀྱི་དགའ་བའི་ས་རྣམས་བརྟན་པར་བྱས་པ་མཚོན་ཅིང༌། སྐུ་གསུང་ཐུགས་བྱིན་གྱིས་ བརླབ་ཅིང་དབང་བསྐུར་བས་ནི། འཛིན་པའི་ཕྱེད་ཕྱི་མ་གཙུག་ཏོར་གྱི་འབར་འཛག་ཁ་སྦྱོར་ ནས། གསང་བའི་འབར་འཛག་ཁ་སྦྱོར་གྱི་བར་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་ལུས་ གང་བ་དང༌། ཐབས་ཁམས་དཀར་པོས་གཞི་བྱས་པ་ལ་བརྟེན་ནས་སྟེང་གི་རྩ་གསུམ་ལས་སྐུ་ གསུང་ཐུགས་ཀྱི་རྡོ་རྗེ་སྤྲོ་བའི་ལྷ་ཚོགས་རྗེས་མཐུན་པ་ཞེས་བྱ་བ། གཏུམ་མོའི་འབར་སྣང་གི་ དཀྱིལ་འཁོར་མང་དུ་འབྱུང་བ་མཚོན་ཅིང༌། ཤེས་རབ་ཁམས་དམར་པོ་དང་རླུང་གི་ཆ་དག་པ་ ལས། རྩ་དྲུག་ནས་ཁམས་དྲུག་གི་ལྷ་ཚོགས་སྤྲོ་བ་ནི། ཤེས་རབ་ཡུམ་ལ་རྡོ་རྗེ་དྲུག་བྱིན་གྱིས་ 3-1-349 བརླབས་པས་མཚོན་ནོ། །རིགས་བདག་གིས་རྒྱས་འདེབས་པ་ནི། དཔྲལ་བའི་འཁོར་ལོའི་ མིང་ཅན་སྤྱི་བོའི་འཁོར་ལོར་ཞུ་བདེ་འཛག་མེད་ཤིན་ཏུ་བརྟན་པ་མཚོན་ཅིང༌། སྐུའི་རྒྱས་ གདབ་ནི། འཛིན་པས་དྲངས་པའི་རྗེས་དྲན་གྱི་མིང་ཅན་གཏུམ་མོའི་འབར་སྣང་ལ་ཁམས་ དྲུག་གི་དྭངས་མའི་སྟོང་གཟུགས་རིགས་དྲུག་གི་དཀྱིལ་འཁོར་རྣམ་པ་ཀུན་ལྡན་འཆར་བ་ རྣམས་དང༌། སྲོག་གི་རྒྱས་བཏབ་ནི། དབུ་མ་ལས་བྱུང་བ་གཞོམ་མེད་ཀྱི་སྒྲ་དབྱངས་ལས་སྒྲ་ རྣམ་པ་ཐམས་ཅད་པ་ཁམས་ལྔས་བསྡུས་པ་རྣམས་འབྱུང་བ་དང༌། ཐིག་ལེའི་རྒྱས་བཏབ་ནི། ལུས་ངག་ཡིད་གསུམ་ཡེ་ཤེས་རྡོ་རྗེའི་བདེ་བས་བྱིན་གྱིས་བརླབས་ཏེ། བདུད་བཞི་དང་ཉོན་ མོངས་པ་བཞི་བཅོམ་པ་སྟེ། ཐིག་ལེ་བཞི་པོ་ཞུ་བདེ་འགྱུར་མེད་ཀྱི་མཚན་ཉིད་ཅན་དུ་གྱུར་ པའོ། །ཡེ་ཤེས་ཀྱི་རྒྱས་བཏབ་ནི་རགས་པའི་ཐིག་ལེ་ནོར་བུར་བརྟན་པས། ཐ་མལ་གྱི་འདོད་ ཆགས་ལས་ལོག་པ་ལམ་གྱི་འདོད་ཆགས་ཆེན་པོ་ཉམས་པ་མེད་པ་དེའོ། །སྐུ་གསུང་ཐུགས་ བྱིན་གྱིས་བརླབ་པ་ནས་བརྩམས་ནས་འཛིན་པའི་ཕན་ཡོན་འབྲས་བུར་བཅས་པ་དང་སྦྱར་ བའོ། །ཡང་དེ་དག་སྦྱངས་འབྲས་སངས་རྒྱས་ཀྱི་ཆོས་དང་སྦྱར་ན། སྐབས་འདིར་གསུང་རྡོ་རྗེ་ ལོངས་སྐུ་དང་གཙོ་བོར་སྦྱོར་ཞིང༌། གསུང་དང་ཆོས་སྐུ་ཟུང་འབྲེལ་དུ་བསྟན་པ་ལྟར་ཆོས་ཀྱི་ སྐུའི་ཆ་ཤས་དང་ཡང་སྦྱོར་རོ། །དེ་ལ་ལྟེ་བ་དང་གཙུག་ཏོར་དུ་བཀོད་པའི་ཧོཿཡིག་གཉིས་ནི། ཡུལ་ཅན་དོན་དམ་འདོད་ཆགས་ཆེན་པོའི་ཡེ་ཤེས་དང་ཡུལ་དོན་དམ་བདེ་བ་ཆེན་པོའི་ཡེ་ ཤེས་ཏེ། རྡོ་རྗེ་ཧཾ་ཀྵའི་དོན་ནམ་ཡེ་ཤེས་རྡོ་རྗེ་ཡིན་ལ། འབྲུ་གསུམ་ནི་རྡོ་རྗེ་གསུམ། ཨ་ཝ་དྷཱུ་ ཏི་ནི་ནམ་དུ་ཡང་གཞིག་ཏུ་མེད་པ་སྟེ། གསུང་རྡོ་རྗེ་དེ་ཡང་ནང་ཚན་དུ་རྡོ་རྗེ་བཞི་དབྱེར་མེད་ པའི་མཚན་ཉིད་དོ། །ཐིག་ལེར་ཞུ་བ་ནི་དེ་ཡང་རྣམ་པར་མི་རྟོག་པའོ། ། གླུས་བསྐུལ་བ་ལྔ་ནི། ཁམས་ལྔའི་དྭངས་མ་ལས་བྱུང་བ་གཞོམ་མེད་ཀྱི་སྒྲ་དབྱངས་ལྔ་ སྟེ། རེ་རེ་ཡང་དོན་དམ་མཁའ་མཉམ་ཡེ་ཤེས་ཀྱི་སྒྲ་དབྱངས་རྣམ་པ་ཐམས་ཅད་པའོ། །གཙོ་ 3-1-350 བོ་བཞེངས་པ་ནི། སྒྲ་དབྱངས་དེ་རྣམས་ཀྱི་སྤྱོད་ཡུལ་དངོས་སུ་ན། དོན་དམ་སྲིད་གསུམ་གྱི་ ཤེས་བྱ་ཐམས་ཅད་ཡིན་ལ། དེ་ལྟར་ཡིན་པས་དེ་རྣམས་དེ་ལ་ཆོས་ཉིད་དུ་སོང་བའི་ཕྱིར། ཆོས་ཅན་ཀུན་རྫོབ་སྲིད་གསུམ་ཐམས་ཅད་ཀྱང་བརྒྱུད་ནས་དེའི་སྤྱོད་ཡུལ་དུ་འགྱུར་རོ། ། དོན་དམ་ཀུན་རྫོབ་ཀྱི་སྲིད་གསུམ་དེ་ཀུན་ཀྱང་རང་བཞིན་ཁྱབ་བྱེད་བདེ་སྟོང་གཉིས་སུ་མེད་ པའི་ཡེ་ཤེས་སུ་རོ་གཅིག་པ། རྣམ་འགྱུར་ཁྱབ་བྱ་ཁམས་དྲུག་གི་དག་པ་སོ་སོའི་དབྱེ་བ་ཅན་ ནི། དཀྱིལ་འཁོར་ཆེན་པོའི་འཁོར་ཚོགས་སྤྲོ་བས་མཚོན་ནོ། །གཞན་དོན་ནི་ཐབས་ཡིན་ཅིང་ དེ་ཉིད་ཁྲོ་བོས་མཚོན། དུག་ལྔའི་རིགས་ཅན་སོགས་རིགས་ལྔས་གདུལ་བར་བྱ་བའི་སེམས་ ཅན་རྣམས་ལ་ཆོས་ཀྱི་འཁོར་ལོའི་སྒྲ་དབྱངས་བསྒྲགས་པས། དེ་རྣམས་ཀྱི་རྒྱུད་ལ་ཡང་དག་ པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པར་སྐྱེས་པ་ནི། དགུག་གཞུག་བཅིང་མཉེས་རོ་མཉམ་ལྔས་ མཚོན་ནོ། །དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མཐའ་ཡས་པས་ཆོས་སྟོན་ཅིང༌། འགྲོ་ བའི་སེམས་རྒྱུད་འཁྲུད་པ་ནི། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་ དང༌། དེ་བཞིན་དུ་ཡི་གེ་འགོད་པ་ནི། ཁམས་དྲུག་གི་ཆོས་དང༌། སྐུའི་རྒྱས་བཏབ་ནི་ཕུང་པོ་ དྲུག་གི་ཆོས་དང༌། སྲོག་གི་རྒྱས་བཏབ་ནི། བརྗོད་བྱ་རྗོད་བྱེད་ཀྱི་ཡུལ་དང་བཅས་པ་ཐམས་ ཅད་ལ་མངའ་འབྱོར་བ་དང༌། ཐིག་ལེའི་རྒྱས་བཏབ་ནི་འཁོར་འདས་ཐམས་ཅད་ཐིག་ལེ་ བཞིའི་སྣང་བ་ལས་བྱུང་བ་རྣམ་པར་དག་པ་དང༌། ཡེ་ཤེས་ཀྱི་རྒྱས་བཏབ་ནི་ཨ་ཡིག་ཆོས་ ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པ་དང༌། སྲོག་ཆེན་པོ་དང༌། འགྱུར་མེད་ཆེན་པོ་དང༌། བརྗོད་པ་ཀུན་གྱི་གཞི་ཉིད་དེ། མདོར་ན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནམ་ མཁའ་ལྟ་བུ་ལས། བརྟན་གཡོ་ཐམས་ཅད་ཀྱི་སྒྲ་དང་དོན་གྱི་རྣམ་པ་འཆར་བ་སྟེ། ཁམས་ དྲུག་ནས་བརྩམས་དེ་དང་དེའི་བར་གྱི་དེ་རྣམས་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱིས་ཇི་ལྟར་གཟིགས་ པ་ལྟར་རང་སྣང་ལ་ཡང་དེ་དང་མཐུན་པའི་གསུང་གི་སྒྲ་དབྱངས་འབྱུང་ཞིང༌། གཞན་སྣང་ 3-1-351 དུ་ཆོས་སྟོན་པའི་སྒྲ་སྐད་མཐའ་ཡས་པས་སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པ་མཚོན་ ནོ། །གཙོ་བོ་ལ་རིགས་བདག་རང་ཆས་ཉིད་ཀྱི་ཕྱིར། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གདོད་ མ་ནས་བཞུགས་པ་དང༌། འཁོར་རྣམས་རིགས་བདག་གིས་རྒྱས་བཏབ་པ་ནི། དེ་ལྟ་བུའི་གོ་ འཕང་གསར་དུ་བརྙེས་པ་མཚོན་པའོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་ པར་བཤད་པ་ལས། ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བཤད་པའི་སྡེ་ཚན་ཏེ་བདུན་པའོ།། །། གསུམ་པ་ཐུགས་རྫོགས་པ་ཐིག་ལེའི་རྣལ་འབྱོར་ནི། རྣམ་པ་གཉིས་ཀྱིས་རྟོགས་པར་ བྱ་སྟེ། རྣལ་འབྱོར་སྒོམ་པའི་རིམ་པ་དང༌། དེའི་དག་པའི་དབྱེ་བ་བཤད་པའོ། །དང་པོ་ལ་ས་ ལམ་གྱི་ཏིང་ངེ་འཛིན་གྲུབ་པའི་ཐིག་ལེའི་རྣལ་འབྱོར་དང༌། སྐབས་འདི་ཉིད་ལ་བལྟོས་པའི་ ལས་དང་པོ་པས་མོས་སྒོམ་བྱེད་ཚུལ་ལོ། །དེའི་དང་པོ་ལ་དབྱེ་ན་གཉིས་ཏེ། རྫོགས་རིམ་གྱི་ ཐིག་ལེའི་རྣལ་འབྱོར་དང་བསྐྱེད་རིམ་གྱི་ཐིག་ལེའི་རྣལ་འབྱོར་རོ། །དང་པོ་ནི། འཛིན་པའི་ རིམ་པས་མཚམས་སྦྱར་ཏེ། རྗེས་དྲན་གྱི་ཡན་ལག་མཚན་ཉིད་ཚང་བ་རྒྱུད་ལ་སྐྱེས་པ་ན། ཡེ་ཤེས་སྟོང་གཟུགས་ཀྱི་གཏུམ་མོ་ཨ་ཝ་དྷཱུ་ཏིར་འབད་པས་བྱང་ཆུབ་ཀྱི་སེམས། ཐིག་ལེ་ རྫོགས་པར་ཞུ་སྟེ། དབུ་མའི་ནང་འཁོར་ལོ་དྲུག་དང་ནོར་བུར་སྟོང་གཟུགས་ཕྱག་ཆེན་ཉིད་ ལ་བརྟེན་ནས་ཞུ་བདེ་འཛག་མེད་དུ་བཅིངས་པ་རྩོལ་བྲལ་གྱི་ཡེ་ཤེས་དེ་ཡིན་ཏེ། འདི་ལ་ ལུགས་འབྱུང་ལུགས་ཟློག་གཉིས་ཡོད་པ་ལས་ལུགས་འབྱུང་དེ་ཐིག་ལེའི་རྣལ་འབྱོར་དངོས་ ཡིན་ལ། ལུགས་ཟློག་ནི་ཞུ་བདེ་ཉིད་ཀྱི་ཕྱིར་ཐིག་ལེའི་རྣལ་འབྱོར་ཡང་ཡིན་ལ། རྡོ་རྗེ་སྤྲོ་བ་ ཡོད་པའི་ཕྱིར་ཕྲ་མོའི་རྣལ་འབྱོར་རྗེས་མཐུན་པའང་ཡིན་ནོ། ། གཉིས་པ་ནི་ལྷའི་རྣལ་འབྱོར་བསྐྱེད་རིམ་བརྟན་པའི་རྣལ་འབྱོར་པས་ལས་ཀྱི་ཕྱག་ རྒྱའམ་གསལ་སྣང་ཐོབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་ལ་བརྟེན་ནས། རྗེས་ཆགས་ཀྱི་བདེ་ 3-1-352 བ་བསྒོམས་པ་ན། དབུ་མ་ནས་གཙོ་བོར་འགྲོ་བ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་གཙུག་ཏོར་ ནས་རྡོ་རྗེ་ནོར་བུའི་རྩེ་མོའི་བར་དུ་འོངས་ཤིང༌། ཡང་ནོར་བུ་ནས་གཙུག་ཏོར་གྱི་བར་དུ་ཟློག་ སྟེ། དེ་ཉིད་ཤིན་ཏུ་གོམས་པ་ལས་ནོར་བུར་རགས་པའི་ཐིག་ལེ་རྩོལ་མེད་དུ་བརྟན་པ་ལས་ བདེ་སྟོང་གི་ཉམས་ཁྱད་པར་ཅན་སྐྱེ་བ་ནི། བསྐྱེད་རིམ་གྱི་ཐིག་ལེའི་རྣལ་འབྱོར་དངོས་ཡིན་ ལ། འདིའི་སྐབས་ཀྱི་མས་བརྟན་ལ་རྡོ་རྗེ་སྤྲོ་བ་རྗེས་མཐུན་པ་ཡང་མེད་པས་དེ་ཕྲ་མོའི་རྣལ་ འབྱོར་དངོས་རྗེས་གང་ཡང་མ་ཡིན་ནོ། ། གཉིས་པ་ལས་དང་པོ་པས་མོས་སྒོམ་དུ་བྱེད་ཚུལ་ནི། ཡབ་ཡུམ་གཉིས་ཀར་གྱི་གནས་ དྲུག་ཏུ་ༀ་སོགས་ཡི་གེ་དྲུག་བཀོད། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས། རྡོ་རྗེ་དྲུག་གམ་ཡན་ ལག་དྲུག་ཀྱང་བཀོད། ལྷའི་ང་རྒྱལ་དང་ལྡན་པས་སྙོམས་པར་ཞུགས་པའི་རྗེས་ཆགས་དང༌། སྲོག་ཐུར་གོང་བུ་གཅིག་ཏུ་འདྲེས་པར་མོས་པ་དང༌། དེ་དུང་ཅན་མ་ནས་ལྟེ་བར་ཕྱིན་པར་ མོས་པས་ལྟེ་བའི་ཧོཿཡིག་བསྐུལ་ནས་ཡེ་ཤེས་ཀྱི་གཏུམ་མོ་འབར་བར་མོས་པ་དང༌། དེར་ གཡས་གཡོན་གྱི་དཀྱིལ་འཁོར་བཅུ་རྣམ་ཤེས་ཡུལ་ལ་འཇུག་པའི་རླུང་དང་བཅས་པ་རྣམས་ བསྲེགས་པ་སྟེ་དབུ་མར་ཐིམ་པར་མོས། དེ་རྗེས་སྤྱི་བོའི་ཧཾ་ཡིག་ཞུ་བའི་དགའ་བཞི་ཉམས་ སུ་མྱོང་བར་མོས་ཤིང༌། ནོར་བུར་ལྷན་སྐྱེས་ཤར་བར་མོས་པ་ན། ལྷ་སྣང་ཐམས་ཅད་ལ་ཐ་ ན་མོས་པའི་སྒོ་ནས་ཀྱང་བདེ་བ་རྒྱས་བཏབ་སྟེ། ལྷ་སྐུ་དང་བདེ་བ་ལ་ཅུང་ཟད་སེམས་འཛིན་ པའོ། །ལས་དང་པོ་པའི་རྣལ་འབྱོར་འདི་ཉིན་རེ་བཞིན་གོམས་པ་ལ་བརྟེན་ནས། ཕྱིས་ལྷ་ སྐུ་ལ་གསལ་སྣང་ཐོབ་པའི་དུས་སུ་འདི་ཡང་མཚན་ཉིད་ཚང་བ་སྒོམ་ནུས་པ་འབྱུང་ལ། དེ་ གཉིས་ཀས་ཀྱང་རྗེས་དྲན་གྱི་རྒྱུད་སྨིན་པར་བྱེད་ནུས་ཤིང་ཆོས་སྐུ་ལམ་བྱེད་དུ་འགྱུར་རོ། ། དེ་ཡང་ལྷའི་རྣལ་འབྱོར་དང་བུམ་པ་ཅན་ཐ་མལ་པ་ལྷན་ཅིག་ཏུ་གོམས་པར་བྱས་པས། ལྷ་ ལ་གསལ་སྣང་ཐོབ་པ་ན་བུམ་ཅན་སོགས་རླུང་གི་རྣལ་འབྱོར་དེ་ཡང་མཐུ་ཅན་དུ་འགྱུར་ 3-1-353 རོ། །དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཞུ་བདེ་མངོན་འགྱུར་བ་འདྲེན་ཐུབ་པའམ། ལས་རྒྱ་ལ་བརྟེན་ནས་ཀྱང་རུང་སྟེ། རླུང་གི་རྣལ་འབྱོར་གྱིས་རྒྱུའི་གཙོ་བོ་བྱས། ཕཊ་ཀྱིས་ དགག་པ་དང་འོད་ཟེར་སྤྲོ་བ་སོགས་ཀྱིས་སྣེ་ཁྲིད་བྱས་ནས་ཚེགས་ཙམ་མེད་པར་བྱང་ཆུབ་ ཀྱི་སེམས་ནོར་བུར་འཆིང་བ་དང༌། གཙུག་ཏོར་གྱི་བར་དུ་ཟློག་ཅིང་ཁྱབ་པ་དང་བརྟན་པའང་ འབྱུང་བ་ཡིན་ནོ། ཁ་ཅིག་རླུང་གིས་སྦྱོར་བ་མེད་པ་གསལ་སྣང་ཁོ་ནས་ཐིག་ལེའི་བགྲོད་པ་ འགོག་ཅིང་ཟློག་ཅེས་ཟེར་ཡང༌། རྫོགས་རིམ་ལ་མ་བརྟེན་པར་བསྐྱེད་རིམ་གྱི་དམིགས་པ་ ཁོ་ནས་དེ་ལྟར་འབྱུང་བ་ནི། སྔ་མར་སྦྱངས་བའི་ལས་འཕྲོ་ཡོད་ན་མ་གཏོགས། སྐྱེ་བ་གཅིག་ ལ་མི་འགྲུབ་པས་དེ་བཟང་པོ་ཞིག་ཡིན་དུ་ཆུག་ཀྱང་ཉེ་བར་མི་མཁོ་བ་དང༌། གཅིག་ཏུ་ན་ བཟུང་ཟློག་ཙམ་ནུས་སུ་ཆུག་ཀྱང་རླུང་མ་འདྲེས་པའི་ཐིག་ལེ་ཙམ་གྱིས་ཡོན་ཏན་མི་སྐྱེ་བ་ དང༌། བསྐྱེད་རིམ་དང་ཐུན་མོང་བའི་སྲོག་རྩོལ་མ་ཐོབ་པར་དེ་འདྲ་བའི་གསལ་སྣང་འགྲུབ་ པའང་ཕལ་ཆེར་མི་འབྱུང་བའི་ཕྱིར། བཟང་བཟང་མོ་དང་ཡིན་ཡིན་ལྟར་སྣང་བའི་བཤད་ སྒྲོས་མང་ཡང་འཇོག་པོའི་གཙུག་རྒྱན་ལེན་པའི་ངང་ཚུལ་ཁོ་ནར་འགྱུར་རོ། །ཆེད་དུ་བྱ་བའི་ གདུལ་བྱ་དབང་པོ་ཡང་རབ་ཀྱི་དབང་དུ་མཛད་ནས་གསུངས་པའོ་ཞེ་ན། དེ་དག་ཁོ་ནའི་ དོན་དུ་གསུངས་པ་དེས་འོ་སྐོལ་ལ་ཅི་ཞིག་བྱ། སྐལ་དམན་ཤིན་ཏུ་ལས་དང་པོ་པས་བསྒོམ་ བྱའི་རྣལ་འབྱོར་ལ་ཉེ་བར་མཁོ་བ་འཚོལ་བའི་སྐབས་སུ། དབང་པོ་ཡང་རབ་ཀྱི་ཁ་སྐད་མཐོ་ མཐོ་མོས་ཕན་པ་མེད་པས། གོ་ཡུལ་ཙམ་དུ་འཇོག་རྒྱུ་ཞིག་དང༌། ལག་ལེན་ལ་འདེབས་རྒྱུའི་ དབྱེ་བ་ཕྱེད་པ་གལ་ཆེའོ། །འདི་སྒྲུབ་པའི་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ནི། དངོས་སུ་ ན་ཞུ་བའི་ཐིག་ལེ་རྩ་ནང་སོ་སོར་སྦྱར་བས་ལྷ་སྐུ་བདེ་བར་སྒྲུབ་པའི་དོན་ཡིན་ལ། གཙོ་བོར་ བརྒྱུད་པའི་དོན་ལ་རྫོགས་རིམ་གྱི་སྒྲུབ་པའི་རྣམ་པ་ལམ་བྱེད་ཡིན་པས་སྒྲུབ་པ་ཞེས་བྱའོ། ། འདི་ནི་ལྷ་རྣམས་ཐམས་ཅད་བདེ་བ་གཅིག་པུའི་ངོ་བོར་རོ་མཉམ་པར་བྱེད་པའི་ཕྱིར་དང༌། 3-1-354 བདེ་བ་དེ་ཡང་ནོར་བུར་འོངས་པའི་སྐད་ཅིག་གཅིག་ལས་རྟོགས་པ་དང༌། འགྱུར་མེད་སྐད་ ཅིག་གཅིག་པ་དེའི་རྒྱུ་དངོས་ཡིན་པའི་ཕྱིར། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་ བྱང་ཆུབ་བའི་ལམ་མོ། །གཉིས་པ་དག་པའི་དབྱེ་བ་ལ། དག་བྱ་དག་བྱེད་དག་འབྲས་གསུམ་ གྱི། དང་པོ་ནི། སྦྱང་བྱ་སྐྱེས་བུ་ལོ་བཅུ་དྲུག་ལོན་པའི་མཚམས་སུ་ཐིག་ལེའི་ནུས་པ་རྫོགས་ པས་གཉིས་སྦྱོར་གྱི་ཆགས་པའི་རྒྱུ་ཡང་རྫོགས་པ་ཡིན་ཏེ། ཟླ་བ་ལ་ཆ་བཅོ་ལྔ་ཡོད་པ་བཞིན་ དུ། ཐིག་ལེ་ཆ་བཅོ་ལྔ་ཡོད་པ་ཡང་བྱིས་པ་བཙས་ནས་ལོ་རེ་རེ་བཞིན་དུ་ཆ་རེ་རེ་འཕེལ་ ཏེ། ལོ་བཅོ་ལྔའི་མཐར་ཆ་བཅོ་ལྔ་རྫོགས་ལ། ཕྱི་རོལ་ཏུ་ཡང་ཟླ་བའི་ཆ་བཅུ་དྲུག་པ་ནི། དེ་ ཉིད་ཀྱི་སྐད་ཅིག་གི་ཆ་ལ་བཏགས་པ་ཙམ་ཡིན་གྱི། ལོགས་པ་རང་དབང་དུ་སྤྱོད་པ་མེད་པ་ ལྟར་འདིར་ཡང་ལོ་བཅོ་ལྔའི་མཐར་ཐུག་པར་འཕེལ་ཞིང༌། འཕེལ་བ་རྫོགས་ནས་འཛག་ བདེ་དོན་གཉེར་གྱི་འདོད་ཆགས་མངོན་འགྱུར་བ་དང་དེའི་བྱ་བ་རྩོམ་པ་ན། འབྲིད་པའི་འགོ་ བརྩམས་པ་ཡིན་པས། ཆ་བཅུ་དྲུག་པའི་གནས་སྐབས་འདིའོ་ཞེས་དུས་ཀྱི་ཆ་ཤས་ལོགས་སུ་ སྡེ་ཚན་བྱས་ནས་གསལ་པོར་སྟོན་རྒྱུ་མེད་ཀྱང༌། འཕེལ་འགྲིབ་ཀྱི་གནས་སྐབས་དེ་དག་ཉིད་ ལ་ཁྱབ་པའི་ཚུལ་གྱིས་ཡོད་པ་ཡིན་ནོ། །དོན་གྱིས་ཀྱང་ཆ་བཅུ་དྲུག་པ་ཞེས་པ་ལ་ཆ་ལོགས་ པ་མེད་དེ། དེ་ནི་ཆ་བཅོ་ལྔ་པ་རྫོགས་ནས་འབྲིད་པའི་འགོ་མ་བརྩམས་པའི་མིང་ཡིན་ན་དེ་ འདྲ་དེ་ཆེས་ཕྲའོ། །འདིར་ལོ་གྲངས་ཀྱི་ངེས་པ་ནི། ཚེ་ལོ་བརྒྱ་པའི་དབང་དུ་བྱས་པའི་ཆ་ལས་ བཞག་པར་གོ་དགོས་ལ། བཅུ་དྲུག་ལ་སླེབ་པ་ན་ཆགས་པ་ནི་རྫོགས། གཉིས་སྦྱོར་གྱི་འཁྲིག་ པ་ལ་དངོས་སུ་མི་སྤྱོད་པའི་སྐབས་ནས། འཁྲིག་པའི་སྦྱོར་བ་དང་པོར་ཉམས་སུ་མྱོང་བ་ཚུན་ ཆད་ཐིག་ལེའི་རྣལ་འབྱོར་གྱིས་སྦྱོང་ངོ༌། །དེ་ཡང་དེའི་ཚེ་སྲེད་པས་རྒྱུད་དཀྲུགས་པས་འདོད་ ཆགས་དང་ཀུན་ཏུ་འབྲེལ་བའི་ལུས་ངག་གི་རྣམ་འགྱུར་དུ་མ་འབྱུང་བ་དང༌། རྒོད་ཅིང་བརྩེ་ བ་དང༌། ལག་པ་འཛིན་པ་སོགས་བག་མའི་བྱ་བ་རྣམས་སྦྱོང་བྱེད་དབང་གི་དུས་ན་བུམ་པ་ 3-1-355 གསང་བའི་དབང་གཉིས་དང༌། བསྐྱེད་པའི་སྐབས་འདིར་རིགས་དྲུག་དང་རྡོ་རྗེ་དྲུག་དགོད་ པ་མཁའ་གསང་བྱིན་རླབས་དང་བཅས་པ་སྔོན་འགྲོའི་བྱ་བ་རྣམས་ཀྱིས་སྦྱོང་ཞིང༌། དེ་ནས་ གཉིས་སྦྱོར་གྱི་ཆ་འཁྲིག་པ་དངོས་ལ་ཞུགས་ནས་ཐ་མལ་འཛག་བདེའི་ངོ་བོར་གྱུར་པའི་ དགའ་བཞི་དང༌། མཐར་ཐིག་ལེ་འཕོ་བའི་ལྷན་སྐྱེས་མྱོང་བ་ནི། འཇིག་རྟེན་པའི་བཞི་གསུམ་ ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། སྐབས་འདིར་ལམ་ཐིག་ལེའི་རྣལ་འབྱོར་དངོས་གཞིས་ སྦྱོང་བར་བྱེད་དོ། །མོས་སྒོམ་གྱི་སྐབས་འདིར་མོས་པ་ལམ་བྱེད་ཙམ་དང༌། སུན་འབྱིན་པའི་ གཉེན་པོར་གཏོགས་པ་ཙམ་ལས་མེད་ཀྱང༌། བསྐྱེད་རིམ་གྱི་ཐིག་ལེའི་རྣལ་འབྱོར་དངོས་ གྲུབ་པ་ན། སྤོང་བའི་སྦྱོར་བ་ལ་ཞུགས་ཤིང༌། རྫོགས་རིམ་ཐིག་ལེའི་རྣལ་འབྱོར་གྱིས་དངོས་ སུ་སྤོང་ངོ་ཞེས་རགས་བཤད་ཀྱི་དབང་དུ་བྱས་པའོ། །དེ་ཡང་སྦྱང་བྱ་ཐ་མལ་བའི་འདོད་པའི་ གནས་སྐབས་རྣམ་པ་བཅུ་ཡོད་པ་ལས། བསམ་པ་དང་འདོད་པ་དང༌། དྲོད་དང༌། སྐམ་པ་ དང༌། ཟས་ལ་མི་འཇུག་པ་སྟེ་གནས་སྐབས་ལྔ་པོ་དེ་ནི་བུམ་གསང་གི་སྦྱང་བྱ་སྔོན་འགྲོའི་ སྐབས་དེ་ཡིན་ལ། འདར། སྨྱོ། འཁྲུལ། བརྒྱལ། རྨོངས་པ་ལྔ་པོ་ཐིག་ལེའི་རྣལ་འབྱོར་དངོས་ གཞིའི་སྦྱང་བྱའོ།། །། གཉིས་པ་དག་བྱེད་ཀྱི་ལམ་རྫོགས་རིམ་གྱི་གཞི་འདིངས་པར་འགྱུར་ཚུལ་ནི། སྐབས་ འདིར་ལྷ་སྐུ་ཡབ་ཡུམ་གྱིས་བདེ་བ་འབྱུང་འགྱུར་ལ་དམིགས་པའི་ཆགས་པའི་བདེ་བ་ཕྲ་ མོས་བྱིན་གྱིས་བརླབ་པ་ནི། ཕྱིས་རྫོགས་རིམ་སྐབས་སུ་འཛིན་པས་དྲངས་པའི་རྗེས་དྲན་དུ་ གྲགས་པ་ཡེ་ཤེས་གཏུམ་མོའི་འབར་སྣང་ལས་གྲུབ་པའི་སྟོང་གཟུགས་ཀྱི་ལྷ་སྐུ་ཡབ་ཡུམ་ རྣམ་པ་མཐའ་ཡས་པ་དང་བཅས་པ་དེ་མཚོན་ལ། སྔོན་འགྲོ་བྱིན་རླབས་ཀྱི་སྐབས་རྣམས་ འདོད་པའི་གནས་སྐབས་དང་པོ་ལྔ་དག་པ་དང༌། དངོས་གཞི་དགའ་བ་བཞི་ཤར་བ་དང༌། ལྷན་སྐྱེས་ལ་གནས་པ་སྟེ་ལྔ་ནི་འདོད་པའི་གནས་སྐབས་ཕྱི་མ་ལྔ་རྣམ་པར་དག་པའི་རྗེས་ 3-1-356 དྲན་གྱི་ལམ་སྦྱོང་ཡིན་པ། རྗེས་དྲན་གྱི་སྐབས་ཀྱི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཡང་སྣ་ཚོགས་ ཡུམ་ཉིད་ཀྱིས་མཚོན་པས་ན། ཕྱག་རྒྱ་བཞི་སྦྱོར་དང་གསུམ་སྦྱོར་གྱི་སྐབས་སུ་བྱུང་བའི་ གནས་སྐབས་བཅུ་ཕྲག་གཉིས་པོ་ཡང་དེ་རྣམས་ཉིད་ཀྱིས་ལམ་སྦྱོང་པ་ཡིན་གྱི། རིམ་པ་སོ་ སོར་སྦྱོར་མི་དགོས་སོ། །ཧོཿཡིག་ལས་གཏུམ་མོ་རབ་ཏུ་འབར་བས་གཡས་གཡོན་གྱི་དཀྱིལ་ འཁོར་བཅུ་དང་དབང་ཡུལ་བཅུ་བསྲེགས་པ་སྟེ་དབུ་མར་ཐིམ་པར་བསམ་པ་ནི། ཕྱག་རྒྱ་ གསུམ་པོ་གང་ལ་བརྟེན་ཀྱང་རུང་སྟེ། ལྟེ་བའི་རྩ་འཁོར་གྱི་གཏུམ་མོ་བདུན་བཅུ་རྩ་གཉིས་ ཡོངས་སུ་རྫོགས་པར་འབར་བས་རྩ་གནས་ཐམས་ཅད་བྱིན་གྱིས་བརླབས་ཤིང༌། དབུ་མ་ ལས་བརྒྱུད་ནས་གཙུག་ཏོར་དུ་ཕྱིན་པ་ན། རྩ་ཐམས་ཅད་ཞུ་བའི་ཐིག་ལེ་རྣམས་རླུང་གི་ བགྲོད་པས་སྟེང་དུ་འདུས་ཏེ་དེ་ན་གནས་པའི་ཐིག་ལེའི་བདག་པོ་མི་ཤིགས་པ་ཧཾ་དང་བཅས་ ཏེ་ཞུ་ལ། སྨིན་མཚམས་ཀྱི་འཁོར་ལོ་ལས་ཆ་བཅུ་དྲུག་གི་རིམ་པས་བབས་ཏེ་འཁོར་ལོ་ རྣམས་ཀྱི་ལྟེ་བར་ཞུ་བདེ་ཤིན་ཏུ་བརྟན་པའི་རིམ་པས་དགའ་བ་བཞིའམ་བཅུ་དྲུག་གི་མཐར་ ཐུག་པའི་རིམ་པས་འོངས་ཤིང༌། དེ་ཉིད་སླར་ཡང་ལུགས་ཟློག་གིས་སྤྲོ་བར་བྱེད་དོ། །འདི་ ཡང་འཛིན་པའི་འཇུག་ཏུ་རྗེས་མཐུན་པ་དང༌། རྗེས་དྲན་ལ་ཡོངས་རྫོགས་དངོས་སུ་འབྱུང་ ངོ༌། །དེའི་ཚེ་ནོར་བུར་ལྷན་ཅིག་སྐྱེས་པ་ཡང་དག་པར་རིག་པའི་ལྷན་སྐྱེས་དེ་ནི་འཇིག་རྟེན་ པ་དང་འཇིག་རྟེན་ལས་འདས་པའི་ས་མཚམས་ཕྲ་མོས་ཕྱེ་ན། འཇིག་རྟེན་པ་ཞེས་བྱ་མོད་ ཀྱང༌། འཁོར་བ་ཁམས་གསུམ་ལས་ནི་ཤིན་ཏུ་འདས་པ་ཡིན་ནོ།། །། གསུམ་པ་དག་འབྲས་ལ་སྦྱར་བ་ནི། ཐུགས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཟུང་ དུ་འགྱུར་ཏེ། ཞེས་པ་ལྟར་འདི་ཐུགས་རྡོ་རྗེ་ཆོས་སྐུའི་ལམ་ཡིན་ཡང་གསུང་ལོངས་སྐུའི་ཆོས་ ཀྱིས་བརྒྱན་པར་བྱེད་དགོས་ཏེ། བདེ་བའི་ཆ་ནས་ཀྱང་ལོངས་སྐུ་ཞེས་སྤྱི་ལ་གྲགས་པ་དང༌། རླུང་ནི་ངག་གི་ཆོས་ཡིན་པ་ལས་རླུང་གིས་གཏུམ་མོ་བསྐུལ་བ་དང༌། གཏུམ་མོ་སྤར་བས་ 3-1-357 ཕུང་ཁམས་ཀྱི་རླུང་ཐམས་ཅད་ཐིམ་པར་བྱེད་པ་ཉིད་ཀྱིས་སོ། །དེ་ལ་ཐུགས་རྡོ་རྗེ་ནི་རབ་ཏུ་ བརྟན་ཅིང་མི་འགྱུར་ལ་མཚན་མ་མེད་པ་བྱ་བྱེད་ཐམས་ཅད་དང་བྲལ་བའི་ཕྱིར། དེ་མཚོན་ པ་ནི་རྡོ་རྗེ་དྲུག་དང་མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་མཚན་མ་ ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་མཚན་མ་སྤངས་པའོ་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པའི་རྒྱུ་ རླུང་ཐམས་ཅད་ཐིམ་པ་ལས་ཤིན་ཏུ་དངས་མའི་ཡེ་ཤེས་བརྙེས་པ་ནི། རླུང་རྣམས་འགགས་ པར་མོས་པ་དང་སྦྱོར་ཏེ། འདོད་ཆགས་བདེ་བ་ཆེན་པོའི་ཆོས་ཉིད་ཀྱི་ཕྱིར་ཧོཿཡིག་དང༌། ཇི་ ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་སྣང་བར་བྱེད་པའི་ཕྱིར། ལུས་ཐམས་ཅད་འོད་ཀྱིས་ གང་ཞིང་གཙུག་ཏོར་དུ་ཕྱིན་པའོ། །ཐུགས་ཉིད་ཀྱང་རྡོ་རྗེ་བཞི་ཟུང་དུ་འཇུག་པའི་བདག་ ཉིད་ཡིན་པའི་ཕྱིར། དགའ་བཞིའི་རིམ་པ་སྒོམ་པར་བྱེད་པ་སྟེ། ཡེ་ཤེས་མཐའ་ཡས་པ་བདེ་ སྟོང་གི་རང་བཞིན་གཅིག་ཏུ་བསྡོམས་པ་ནི་ཐུགས་རྡོ་རྗེའམ་ཆོས་ཀྱི་སྐུའོ། །རྗེས་ཆགས་ཀྱི་ ང་རྒྱལ་ནི་སྐབས་འདིར་བཟུང་བ་ཡིན་ཏེ། ཁ་ཅིག་ཨ་ནུ་རཱ་ག་ནའི་སྔགས་ཀྱིས་ཁྱེད་ཀྱང༌། རྒྱུད་ཚིག་ཉིད་ལས། ཡེ་ཤེས་མཆོད་པ་རྗེས་སུ་ཆགས་པ་ལ་སྟེ། ཞེས་འབྱུང་བ་ལྟར་ཛྙཱ་ན་པུ་ ཛ་སོགས་བརྗོད་པ་འདི་ཁོ་ན་རྒྱུད་འགྲེལ་གྱི་དགོངས་པ་ཡིན་ཏེ། འོན་ཀྱང་ལོ་ཙཱ་བས་དེ་བོད་ སྐད་དུ་བསྒྱུར་པས་འཁྲུལ་གཞི་བསྐྱེད་དེ། ཀུན་མཁྱེན་ཆེན་པོ་མ་གཏོགས། གཞན་བོད་ཀྱི་ དུས་འཁོར་བ་རྣམས་ཀྱིས་སྔགས་ཡིན་པ་མ་ཤེས་པར་སྣང་ངོ༌།། །། བཞི་པ་བདེ་བ་རྫོགས་པ་ཕྲ་མོའི་རྣལ་འབྱོར་ལ། སྒོམ་པའི་རིམ་པ་དང༌། དག་དབྱེ་ བཤད་པའོ། །དང་པོ་ལ་ཕྲ་མོའི་རྣལ་འབྱོར་དངོས་དང༌། མོས་སྒོམ་བྱེད་ཚུལ་ལོ། །དང་པོ་ ནི། ཕྲ་མོའི་རྣལ་འབྱོར་གྱི་མཆོག་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། དེ་ཡང་ཐིག་ལེ་ཕྲ་མོ་ཟུང་ དུ་འབྲེལ་བའི་ཚུལ་གྱིས་འབྱུང་ན། དེ་སྐབས་ཀྱི་ཐིག་ལེའི་རྣལ་འབྱོར་དེ་ཡང་ཕྲ་མོ་དངོས་ ཀྱི་སྦྱོར་བ་ཡིན་པས། རྟོགས་རིགས་ཐིག་ལེའི་རྣལ་འབྱོར་ཡིན་ཡང་སྡེ་ཚན་ཕྲ་མོའི་ནང་དུ་ 3-1-358 བསྡུའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཕྱག་རྒྱ་གཞན་གྲོགས་སུ་ཡོད་དམ་མེད་ཀྱང་རུང་སྟེ། སྟོང་ གཟུགས་ཕྱག་རྒྱ་ཆེན་མོ་དང་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་ཡེ་ཤེས་ཀྱི་གཏུམ་མོ་ འབར་ནས་ཀུན་ད་ལྟ་བུ་ཞུ་ཞིང་བཅིངས་པ་འཁོར་ལོ་རྣམས་སུ་སྤེལ་གྱིན་སྦྱར་བའི་མཐར་ ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱས་པའི་སྐད་ཅིག་དེ་ནི་ཕྲ་མོའི་སྦྱོར་བ་ཡིན་ཀྱང་ངོ་ བོ་ཐིག་ལེའི་རྣལ་འབྱོར་རོ། །དེའི་སྐད་ཅིག་གཉིས་པར་ཡར་ཟློག་པ་ནས་གཟུང་སྟེ། འཁོར་ ལོ་དྲུག་དང་ཁྱད་པར་གཙུག་ཏོར་གྱི་མཐར་བརྟན་པར་བྱས་པའི་བར་དེ་དག་ཏུ་ཞུ་བའི་ཐིག་ ལེ་དེ་མི་འགྱུར་བའི་ཐིག་ལེར་སོང་ཞིང༌། དེ་ནི་གཏུམ་མོའི་འབར་སྣང་དང་ངོ་བོ་གཅིག་ཏུ་ གྱུར་པ་ཡིན་པའི་ཕྱིར། ཁམས་གསུམ་པའི་གཟུགས་བརྙན་རྣམ་པ་ཀུན་གྱི་མཆོག་དང་ལྡན་ པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྡོ་རྗེ་སྤྲོ་བ་འབྱུང་བ་དེ་རྡུལ་ལས་འདས་ཤིང༌། རང་རིག་ཕྲ་ བ་ཙམ་གྱི་ངོ་བོ་ཡིན་པས་ན་ཕྲ་མོའི་རྣལ་འབྱོར་ཞེས་བྱའོ། །དེ་ནི་རྫོགས་རིམ་གྱི་ཕྲ་མོ་ཡིན་ ལ། བསྐྱེད་རིམ་མཐར་ཕྱིན་པའི་ཕྲ་མོའི་རྣལ་འབྱོར་དངོས་ནི། གོང་དུ་བཤད་པ་ལྟར་གྱི་ལྷའི་ རྣལ་འབྱོར་དང༌། རགས་པའི་རླུང་ལས་རྣམ་པར་རྒྱལ་བ་དང༌། ལས་སམ་ཡེ་ཤེས་ཀྱི་ཕྱག་ རྒྱ་ལ་བརྟེན་ནས་ཐིག་ལེའི་རྣལ་འབྱོར་གྱི་བདེ་བ་ལ་བརྟན་པ་ཐོབ་སྟེ། སླར་ཐོག་མར་ནོར་ བུའི་གནས་སུ་བདེ་བའི་ཐིག་ལེ་ལ་བརྟེན་ནས་དཀྱིལ་འཁོར་ཡིད་ལ་བྱས་པས། དེར་དཀྱིལ་ འཁོར་ཅི་རིགས་པའི་གསལ་སྣང་འབྱུང་ལ། དེ་བཞིན་དུ་ལྟེ་སྙིང་མགྲིན་སྤྱི་གཙུག་ཏོར་རྣམས་ སུའང་སྦྱངས་ནས། མཐར་ཤིན་ཏུ་བྱང་བ་ན་མས་བརྟན་ལུགས་ཟློག་གི་དགའ་བཞིའི་སྐབས་ སུ། སྔོན་ཡིད་ལ་བྱས་པའི་ཤུགས་ཀྱིས་ཐོབ་པའི་གསལ་སྣང་གི་ཚུལ་ལ་འཁོར་ལོ་དྲུག་ ནས་རྡོ་རྗེ་སྤྲོ་བ་རྗེས་མཐུན་པ་འབྱུང་སྟེ། དེ་ལ་གསང་བ་ནས་ཡེ་ཤེས་ཁམས་ཀྱི་ལྷ་ཚོགས་ དང༌། ལྟེ་བ་ནས་ས་ཁམས། སྙིང་ག་ནས་ཆུ་ཁམས། མགྲིན་པ་ནས་མེ་ཁམས་སྤྱི་བོ་ནས་རླུང་ ཁམས། གཙུག་ཏོར་ནས་མཁའ་ཁམས་ཀྱི་ལྷ་ཚོགས་སྤྲོ་ཞེས་ཐ་སྙད་བྱེད་དོ། །འདི་ལའང་ཕྲ་ 3-1-359 མོ་དངོས་ནི། ཐིག་ལེ་ལ་དཀྱིལ་འཁོར་གྱི་གསལ་སྣང་ཅན་མས་བརྟན་ཁོ་ནའི་སྐབས་ཡིན་ ལ། དེའི་སྔོན་རོལ་ཏུ་རྗེས་ཆགས་ཀྱི་མེ་སྤར་བས་ཐིག་ལེ་ཞུ་བ་ནི། རྟོགས་རིགས་ཐིག་ལེའི་ རྣལ་འབྱོར་ཡིན་ཡང་ཕྲ་མོའི་སྦྱོར་བ་དེ་མ་ཐག་པ་ཡིན་པའི་ཕྱིར། ཕྲ་མོའི་རྣལ་འབྱོར་ཉིད་ཀྱི་ ཁོངས་སུ་བསྡུའོ། །འདིར་ཡས་བབས་ཀྱི་སྐབས་སུ་ཞུ་བདེ་རྒྱས་ཤིང་རྣམ་པར་རྟོག་པ་ཐིམ་ པའི་ཞོར་ལ་གསལ་སྣང་ཡང་ཅུང་ཟད་ཅུང་ཟད་ནུབ་པར་འགྱུར་བས་དེ་དུས་རྡོ་རྗེ་སྤྲོ་མི་ནུས་ ལ། མས་བརྟན་གྱི་སྐབས་རྟོག་པ་མེད་ཀྱང༌། དག་པའི་རླུང་དང་ཐིག་ལེ་དངས་པ་ཡེ་ཤེས་ ཀྱི་གསལ་སྣང་འཕེལ་བའི་དུས་ཡིན་པས་རྡོ་རྗེ་སྤྲོ་བ་གང་འདོད་ནུས་པ་ཡིན་ནོ། །གཞན་ ཡང་བསྐྱེད་རིམ་གྱི་རྟོགས་པ་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་ལ། ཕྲ་མོ་བསྒོམས་པས་ ཞོར་བྱུང་དུ་ཐིག་ལེའི་རྣལ་འབྱོར་འབྱུང་སྟེ། ཐིག་ལེའི་རྣལ་འབྱོར་ལོགས་སུ་མི་དགོས་ཤིང༌། འདི་ནི་ཕྱི་དཀྱིལ་རགས་པ་ལ་བལྟོས་ན་མཆོག་ཏུ་ཕྲ་བའི་དཀྱིལ་འཁོར་སྤྲོ་བའི་ཕྱིར་ཕྲ་མོའི་ རྣལ་འབྱོར་རམ། དེ་འདྲའི་ལྷ་སྐུ་དེ་རླུང་སེམས་ཀྱི་སྣང་ཆ་ཙམ་ཡིན་པས་ཕྲ་མོའི་རླུང་གི་རྣལ་ འབྱོར་ཞེས་སྤྱི་དང་མཐུན་པར་བཤད་ཀྱང་རུང་ངོ༌།། །། གཉིས་པ་མོས་སྒོམ་བྱེད་ཚུལ་ནི། ད་ལྟ་ལས་དང་པོ་པས་མོས་སྒོམ་བྱེད་ན། སླར་ཡང་ ཇི་ལྟར་བྱོན་པ་དེ་བཞིན་དུ་ཞེས་སོགས་ཏེ། ཐིག་ལེའི་རྣལ་འབྱོར་མོས་སྒོམ་གྱི་འཇུག་ཐོགས་ དེ་ཁར་བྱང་ཆུབ་ཀྱི་སེམས་གྱེན་དུ་གཤེགས་པར་མོས་ཤིང༌། ལྟེ་བ་སོགས་འཁོར་ལོ་བཞི་ པོའི་གནས་རེ་རེར་སླེབ་པ་ན། རྒྱུ་མཐུན་པའི་འབྲས་བུ་ལྷན་ཅིག་སྐྱེས་སྐུ་སོགས་ཐོབ་སྙམ་ པ་དང༌། འཁོར་ལོ་སོ་སོའི་ལྟེ་བའི་ཐད་དུ་སླེབ་པ་ན། ཡེ་ས་ཆུ་མེ་རླུང་མཁའི་ལྷ་ཚོགས་ཅི་ རིགས་པ་སྤྲོ་བའི་མོས་པ་བྱའོ། །དེར་མ་ཟད་ཐིག་ལེ་ཕྲ་མོའི་སྐབས་འདི་གཉིས་ཀ་ལ་ལས་ དང་པོ་པའི་མོས་སྒོམ་གྱི་ཚེ། འབྲས་བུ་སངས་རྒྱས་ཀྱི་ཐུགས་དང་ཡེ་ཤེས་སུ་ང་རྒྱལ་བྱེད་ དགོས་པའི་སྟེང་དུ། ལམ་རྗེས་དྲན་དང་ཏིང་འཛིན་ཡིན་པར་ཡང་ང་རྒྱལ་བྱེད་དགོས་སོ། ། 3-1-360 ཕྲ་མོའི་རྣལ་འབྱོར་ལ་སྒྲུབ་པ་ཆེན་པོ་ཞེས་བྱ་བ་ནི། དངོས་སུ་ན་ཐིག་ལེའི་དབུས་སུ་ དཀྱིལ་འཁོར་ཡོངས་རྫོགས་ལྟ་ནུས་པའི་དཀྱིལ་འཁོར་ཕྲ་མོ་དེ་དག་ཀྱང་སྒྲུབ་པར་ནུས་ན། རགས་པ་ལྟ་སྨོས་ཀྱང་ཅི་དགོས་པས་སྒྲུབ་པ་ཆེན་པོ་སྟེ། སྣའི་རྩེ་མོར་ཡུངས་ཀར་སོགས་ ཀྱིས་དོན་ཡིན་ལ། སྔར་ཐིག་ལེའི་སྐབས་རགས་པའི་རྣལ་འབྱོར་གྱི་ལྷ་སྐུ་བདེ་བར་ཅུང་ ཟད་བསྒྲུབས་པ་ལས། འདིར་དེ་བས་ཀྱང་སྒྲུབ་ཚུལ་ལྷག་སྟེ་བདེ་བའི་རང་བཞིན་གྱི་ལྷ་སྐུ་ སྤྲོ་བའི་ཕྱིར་རོ། །ངེས་པར་ན་རྫོགས་རིམ་གྱི་ཕྲ་མོ་ཏིང་ངེ་འཛིན་གྱི་རྣལ་འབྱོར་ནི། གཉིས་ སུ་མེད་པའི་ཡེ་ཤེས་ཀྱི་སྐུ་མཆོག་གི་དངོས་གྲུབ་དེ་དངོས་སུ་སྒྲུབ་བྱེད་ཡིན་པའི་ཕྱིར་སྒྲུབ་ པ་ཆེན་པོའོ། །ཕྲ་མོའི་སྦྱོར་བ་འདི་ནི་ཡེ་ཤེས་རྡོ་རྗེའི་ལམ་ཡིན་ཏེ། བདེ་བ་ལྷ་སྐུར་སྤྲོ་བ་ན་ མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་ཉིད་རྣམ་པ་ཐམས་ཅད་པར་འཆར་བའི་ཕྱིར་རོ། །དེ་ལ་ ཐུགས་སྟོང་པ་དང་ཡེ་ཤེས་བདེ་བའི་ཆ་ནས་བཞག་པའང་མང་མོད། གཙོ་བོར་ཐུགས་བདེ་ སྟོང་དང་ཡེ་ཤེས་རྣམ་པ་ཐམས་ཅད་པའི་སྒོ་ནས་འཇོག་ལ། ཡེ་ཤེས་དང་ནི་སྤྲུལ་པའི་སྐུ་ དག་ཟུང་དུ་འགྱུར་ཏེ། ཞེས་པས་རྣམ་པ་ཐམས་ཅད་པ་ཉིད་ལས་སྤྲུལ་སྐུ་འཆར་ཞིང༌། རྡོ་རྗེ་ སྤྲོ་བ་ནི་སྤྲུལ་སྐུ་དང་རྣམ་པ་མཐུན་པའི་ལམ་མོ། །དེའི་ཕྱིར་སྤྲུལ་པ་སྒྱུ་མ་ལྟ་བུའི་ཚོགས་པ་ བགྲངས་པ་ལས་འདས་པ་སྤྲོ་བ་པོ་ཡིན་པའི་ཕྱིར་སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་ བྱང་ཆུབ་པ་དང་སྦྱོར་རོ། །སྤྱིར་བྱང་ཆུབ་རྣམ་པ་བཞི་པོ་ནི་སྐུ་སྒྱུ་འཕྲུལ་དྲྭ་བ་གསུང་རྣམ་པ་ ཉི་ཤུ་ཐུགས་རྣམ་པ་ལྔ་ཡེ་ཤེས་སྐད་ཅིག་གཅིག་པ་རྣམས་ཡིན་ཀྱང་ཡན་ལག་བཞི་ལ་བྱང་ ཆུབ་བཞི་སྦྱོར་ཚུལ་ཕལ་ཆེར་བསྣོལ་བ་འདི་ནི། ཕན་ཚུན་རྒྱས་བཏབ་ཀྱི་དབང་དུ་བྱས་པའོ། ། དེ་ཡང་འདིར་རྡོ་རྗེ་བཞིའི་རྣལ་འབྱོར་ལ་བྱང་ཆུབ་བཞིའི་མིང་བསྣོལ་ཚུལ་སྐུ་ལ་ཐུགས་ཀྱི་ ཆོས་དང༌། ཡེ་ཤེས་ལ་སྐུའི་ཆོས་དང༌། ཐུགས་ལ་ཡེ་ཤེས་ཀྱི་ཆོས་རྗེས་སུ་ཞུགས་པའི་ཚུལ་ དང༌། གསུང་གི་རྣལ་འབྱོར་ལ་རང་གནས་སོ།། །། 3-1-361 གཉིས་པ་དག་དབྱེ་ལ་ཕྲ་མོའི་རྣལ་འབྱོར་གྱི་སྐབས་སུ་བབ་པའི་སྦྱང་བྱ་ནི། གཞོན་ནུ་དེ་ དག་ལང་ཚོའི་གནས་སྐབས་ཐོབ་པ་ན། རིགས་ཀྱི་བུད་མེད་ལས་ཐིག་ལེ་འཕོ་བ་ཡང་ཡང་ ཐོབ་པ་ན་ལས་ཀྱི་དབང་གིས་བུ་དང་མུ་མོ་མང་དུ་སྤྲོས་པར་གྱུར་ལ། དེ་དག་ལས་ཀྱང་ཚ་བོ་ དང་ཡང་ཚ་ལ་སོགས་པ་དུ་མ་སྤྲོས་ན། རིགས་ཀྱི་སྐྱེ་བོ་མང་པོ་དེ་རྣམས་ཀྱི་བསྐྱེད་གཞི་ཕ་ མེས་དེ་ནི་སྐྱེ་དགུའི་བདག་པོ་ཞེས་འདོགས་པར་བྱེད་དོ། །དེ་ལ་འཁོར་བ་པ་རྣམས་ཀྱི་ཐིག་ ལེ་ཕྱིར་འཕོ་བའི་དོད་དུ་འདིར་ཕྱིར་འཕོ་བ་བཀག་སྟེ་མངལ་གནས་ཀྱི་དོད་རང་ལུས་ཀྱི་རྩ་ འཁོར་ལོ་རྣམས་ཡིན་ལ། འཐུར་དུ་ལྷུང་བའི་དོད་ནོར་བུ་ནས་གཙུག་ཏོར་གྱི་བར་དུ་གྱེན་དུ་ ཟློག་སྟེ་སྤྲོས་པས་བུ་དང་ཚ་བོ་སོགས་བསྐྱེད་པའི་དོད་རྫོགས་རིམ་གྱི་སྐབས་སུ་རྡོ་རྗེ་སྤྲོ་བ་ དང༌། བསྐྱེད་རིམ་དངོས་ལ་རླུང་སེམས་གསལ་སྣང་ཙམ་གྱི་ལྷ་སྤྲོ་བ་དང༌། ལས་དང་པོ་པས་ ཀྱང་དེ་ལྟར་མོས་པས་ཏེ། དེས་ན་གཞི་སེམས་ཅན་གྱི་བྱ་བ་དེ་དག་ལམ་གྱི་རྣལ་འབྱོར་དེ་ རྣམས་ཀྱིས་སྦྱོང་བར་བྱེད་དོ། །ལམ་གོང་མའི་སྔོན་འགྲོར་འགྱུར་ཚུལ་ནི། རྣལ་འབྱོར་ཡན་ ལག་དྲུག་གི་རིམ་པས་ཐ་མ་ཏིང་ངེ་འཛིན་གྱི་རིམ་པའི་སྐབས་སུ་གསང་ལྟེ་སྙིང་མགྲིན་ དཔྲལ་པ་སྤྱི་གཙུག་རྣམས་ལ་རེ་རེ་བཞིན་ས་གཉིས་གཉིས་ཏེ། ས་བཅུ་གཉིས་འབྱུང་བ་དེ་ནི་ ད་ལྟ་བྱང་ཆུབ་ཀྱི་སེམས་གསང་བ་ནས་གཙུག་ཏོར་གྱི་བར་དུ་ཟློག་པས་རྒྱུད་སྦྱོང་བར་བྱེད་ ལ། དེའི་ཚེ་རླུང་དང་ཁམས་དཀར་དམར་གྱི་བགྲོད་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པ་སྟོང་ གཟུགས་ཀྱི་ངོ་བོར་འགྱུར་ཞིང༌། གྱུར་མ་ཐག་ཏུ་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་དུ་སྤྲོ་ བ་ནི། འཁོར་ལོ་དྲུག་གི་དབྱེ་བས་སྡེ་ཚན་དྲུག་ཏུའང་འདུས་པ་བཞིན། སྐབས་འདིར་འཁོར་ ལོ་དྲུག་ནས་ལྷ་ཚོགས་སྤྲོ་བས་སྨིན་པར་བྱེད་དོ། །ཡང་ནོར་བུ་དང་གསང་བའི་ནུས་པ་ལྟེ་ བར་བསྡུས་ཤིང༌། དཔྲལ་བ་དང་སྤྱི་གཙུག་ཀྱང་གཅིག་ཏུ་བསྡོམས་ནས། ལྟེ་བ་སོགས་འཁོར་ ལོ་བཞིར་འབྲས་བུ་བཞི་ལམ་གྱི་སྐུ་བཞིའི་ངོ་བོ་རྣམས་ཐོབ་པར་འགྱུར་བ་ནི། མས་བརྟན་ 3-1-362 དགའ་བ་བཞིའི་རིམ་པ་ལ་སྐུ་བཞི་དང་འབྲས་བུ་བཞིར་མོས་པས་སྨིན་པར་བྱེད་དོ། །དག་ འབྲས་ནི། སངས་རྒྱས་རྣམས་ནི་རྟག་ཏུ་འཕོ་བ་མེད་པའི་ཐིག་ལེ་འཆང་ཞིང་སྐུ་གསུང་ཐུགས་ དང་ཡེ་ཤེས་ཀྱི་འཁོར་ལོ་སྒྲིབ་བྲལ་ཉིད་དུ་གནས་ལ། ནམ་མཁས་གར་ཁྱབ་ཀྱི་སྲིད་པ་ཀུན་ ཏུ་སེམས་ཅན་རྣམས་ཀྱི་སྐལ་བ་དང་འཚམ་པར་སྤྲུལ་པ་དང་འཕྲིན་ལས་ཀྱིས་ཁྱབ་ཅིང༌། དེའི་རྒྱུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམ་པ་ཐམས་ཅད་པ་སངས་རྒྱས་རང་སྣང་ལ་གནས་པ་དེ་ ནི་ཐིག་ལེ་བཞི་མི་འགྱུར་བ་རང་བཞིན་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཉིད་ལས་སྤྲུལ་པའི་ ཕྱིར་བདེ་ཆེན་དེ་ལ་སྐྱེ་དགུའི་བདག་པོ་ཞེས་བྱའོ། །དེ་བས་ན་ཐིག་ལེ་བཞི་རྟག་ཏུ་མི་འགྱུར་ བར་གནས་པ་དེ་ནི་ད་ལྟའི་གང་ཟག་ལ་མས་བརྟན་གྱི་རིམས་པས་སྐུ་བཞིར་མོས་པས་ལམ་ དུ་བྱེད་ལ། སྐུ་རྣམ་པ་ཐམས་ཅད་པས་སྤྲུལ་པ་རྣམ་པ་ཐམས་ཅད་པ་སྤྲུལ་བ་ནི། ད་ལྟ་ལྷ་ ཚོགས་སྤྲོ་བས་ལམ་དུ་བྱེད་དོ། །དེ་ལྟར་ན་སྦྱང་བྱ་ལ་ཡང་བུ་དང་ཚ་བོ་སྤྲོ་བའི་ཕ་མེས་ལ་སྐྱེ་ དགུའི་བདག་པོའི་མིང་འཇུག་པ་དང༌། ཏིང་ངེ་འཛིན་གྱི་ཡན་ལག་ཏུ་དཀྱིལ་འཁོར་སྤྲོ་བསྡུ་ ཅན་གྱི་མི་འགྱུར་བའི་བདེ་བ་ལ་སྐྱེ་དགུའི་བདག་པོའི་ཐ་སྙད་མཛད་པ་དང༌། སངས་རྒྱས་ རང་སྣང་གི་སྐུ་བཞི་དབྱེར་མེད་ཡེ་ཤེས་རྡོ་རྗེ་ནི་ཆོས་ཉིད་ཀྱི་ཆ་ནས་འཁོར་འདས་ཐམས་ཅད་ སྤྲོ་བསྡུ་མཛད་པ་པོ་དང༌། འབྲས་བུའི་ཆ་ནས་སྤྲུལ་པ་མཐའ་ཡས་པ་སྤྲོ་བསྡུ་མཛད་པ་པོ་ ཡིན་པའི་ཕྱིར་སྐྱེ་དགུའི་བདག་པོ་དངོས་ཏེ། དེ་རྣམས་དང་རྣམ་པ་མཐུན་པའི་ཕྲ་མོའི་རྣལ་ འབྱོར་ཡང་ལྷ་ཚོགས་སྤྲོ་བའི་སྒོ་ནས་སྐྱེ་དགུའི་བདག་པོར་ང་རྒྱལ་བྱེད་དགོས་པས་འབྲས་བུ་ བཞི་དྲན་པའི་མཐར་ༀ་སརྦ་ཏ་ཐཱ་ག་ཏ་སོགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ པོ་སྟེ། སྐྱེ་དགུའི་བདག་པོར་ང་རྒྱལ་བྱེད་དོ། །ད་ནི་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་དེ་དག་ རྒྱུད་ལས་ཇི་ལྟར་གསུངས་ཞེ་ན། རེ་ཞིག་རྩ་བའི་རྒྱུད་ལས་གསུངས་པ་འགྲེལ་པར་ལུང་ དྲངས་བ་ནི། བཅུ་དྲུག་ལོ་ལོན་རིགས་ཅན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་ 3-1-363 པོར་ལེགས་པར་བསླབས་བྱས་ནས། དབང་བསྐུར་ནས་ནི་སྒྲུབ་པ་བརྩམས། །སྐུ་གསུང་ ཐུགས་དང་ཆགས་པ་ནི། །དཔྲལ་བ་ལ་སོགས་རྣམས་ལ་དགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་ ཆེར། །དེ་ནས་པདྨ་རྣམ་པར་སྦྱངས། ཨཱཿཡིག་པདྨ་འདབ་བརྒྱད་པ། །ཧཱུཾ་ཡིག་གིས་ནི་རྡོ་རྗེར་ ལྡན། །དེ་ལྟར་རྡོ་རྗེ་དང་བཅས་པའི། ཤེས་རབ་པདྨ་བསྐྱོད་རྒྱུ་ལས། །ཧཱུཾ་ཡིག་རང་གི་རྡོ་རྗེ་ ནི། །རྩེ་མོ་ལྔ་པར་རྣམ་པར་བསྒོམ། དེ་དབུས་པདྨ་འདབ་བརྒྱད་པ། །ཨཱཿཡིག་གིས་ནི་རབ་ ཏུ་བརྟག །དེ་ལྟར་རྡོ་རྗེ་པདྨ་དང༌། བཅས་པ་བྱས་ནས་པདྨར་གཞུག །དེ་ནས་རྡོ་རྗེ་འཛིན་ པའི་སྙེམས། །འཛིན་ཅིང་རྣལ་འབྱོར་ཧཱུཾ་ཕཊ་བྱ། །བྷ་གར་ལིང་ག་རབ་བཀོད་ནས། །བྱང་ ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་ པར་བྱ། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང༌། །སྤྱན་མ་ མིག་ལ་སོགས་པ་ཡང༌། བསྲེགས་ནས་རི་བོང་ཅན་ཧཾ་འཛག བདུད་རྩི་ཁུ་བའི་ཆོས་ཅན་ནི། ། ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་པར་གྲགས། །བཅུ་ དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་ཡི་རྩེ་མོ་ འཆང༌། །ཕྲ་མོའི་རྣལ་འབྱོར་ཞེས་པར་གྲགས། །རྒྱུ་མཐུན་ལ་སོགས་སྟེང་དུ་འགྲོ། །དུང་ཅན་ མ་འདི་ཕྱག་རྒྱ་ཆེ། །དེ་ནི་གཏུམ་མོར་རབ་ཏུ་བརྗོད། །ལྟེ་བའི་སྟེང་དུ་གཡང་མོ་གང༌། ཨ་ཝ་ དྷཱུ་ཏི་མི་ཡི་སྣ། འོད་ཟེར་ལྔ་ཡི་རང་བཞིན་སྲོག །དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། །སྣ་རྩེར་ ཡུངས་ཀར་དུ་གྲགས་པ། །དེ་ཡང་སྲོག་རྩོལ་ཉིད་དུ་བཤད། །ཁམས་གསུམ་པོ་ནི་མ་ལུས་ པའི། །སྲིད་པ་གསུམ་ནི་ཡོངས་ཤེས་པ། སྲོག་འགོག་པ་ན་ཡུངས་ཀར་ཏེ། །དེ་ཡང་རྒྱུ་ བཅས་རྒྱུ་མེད་དུའོ། །སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །སྣ་དེ་ ཡི་ནི་ཕྱོགས་སུ་ཡང༌། །གང་ཞིག་ཁོ་ནར་ཡིད་བཀོད་པ། །མཚན་མའི་མཐར་ནི་རེ་ཁཱ་གང༌། ། དེ་ལ་སྣ་ཚོགས་རྒྱུ་མི་རྒྱུ། །མ་ལུས་བསྒོམ་པར་བྱ་དེ་ལ། །རྣལ་འབྱོར་བསམ་གཏན་སོགས་ 3-1-364 དེ་ཡང༌། །ཞེས་གསུངས་ཤིང༌། བསྡུས་པའི་རྒྱུད་ལས་ནི། གཏུམ་མོ་ལྟེ་བའི་འཁོར་ལོ་དགུ་ ཡིས་བསྣུན་པའི་ལག་འགྲོ་ཙར་ཙི་ཀཱ་སོགས་ལྷག་པའི་ལྷ་དང་ལྡན། །ཧོཿཡིག་ཡེ་ཤེས་སྙིང་ པོ་ལ་ནི་དྲི་མེད་གློག་དང་མཚུངས་པའི་ཡེ་ཤེས་མེ་ནི་རབ་རྒྱས་པ། །ལྟེ་བར་རྣམ་པར་སྣང་ མཛད་ལ་སོགས་སྲེག་ཅིང་མི་ཡི་བདག་པོ་སྤྱན་མ་མིག་ལ་སོགས་པ་རྣམས། །ཐམས་ཅད་ བསྲེགས་ནས་མགོ་བོར་ཟླ་བ་བཟང་ལས་ཐིག་ལེའི་གཟུགས་ནི་འཇོག་པ་གང་དེ་རྡོ་རྗེ་ཅན། ། ཤེས་རབ་ཆོས་འབྱུང་དག་ལ་གནས་པ་མཐའ་དག་སླར་ཡང་སྤྲོ་བ་བྱས་ཏེ་ངེས་པར་ཐིག་ལེ་ ཡིས། སྣ་ཚོགས་རྒྱན་དང་ལྡན་ཅིང་མེ་ལོང་དག་ལ་གནས་པ་ལྟ་བུའི་ཡེ་ཤེས་འཁོར་ལོ་རང་ བྱུང་བ། འདོད་པ་དང་ནི་གཟུགས་དང་གཟུགས་མེད་སྲིད་པ་རྣམ་པ་གསུམ་པོ་རྣམས་ཀྱང་ རིམ་པས་སྦྱངས་བྱས་ཏེ། །ཕྱི་ནས་ཡེ་ཤེས་མེ་ལྕེ་དག་གིས་སྲིད་པ་གསུམ་པོ་མཐའ་དག་དུས་ གཅིག་ཏུ་ནི་དགུག་པར་བྱ། །ཞེས་གསུངས་ཏེ། དེ་ལ་རྩ་རྒྱུད་ཀྱི་ལུང་དྲངས་བ་འདིས་སྦྱོར་བ་ ཡན་ལག་དྲུག་ཀ་བསྟན་ཏེ། གཞུང་དེའི་དངོས་བསྟན་རྫོགས་རིམ་ཉིད་དོ། །ཞེས་སྔ་རབས་ པ་རྣམས་བཞེད་པ་ནི། དེ་ལ་གནས་པའི་ཕྱོགས་ཡིན་ཞིང༌། ཡང་འགའ་ཞིག་རླུང་སྟོབས་ཀྱིས་ ཐིག་ལེ་བཟུང་བཟློག་བྱས་པའི་ཐིག་ལེའི་རྣལ་འབྱོར་ལས་རྒྱ་ལ་བརྟེན་པ་ནི་བསྐྱེད་རིམ་ ཡིན་ལ། ཕྱག་རྒྱ་ཆེན་མོའི་དེ་ནི་རྫོགས་རིམ་མོ་ཞེས་ཀྱང་འཆད་པ་ལ། ཕྱིས་ཀྱི་རྣམ་བཤད་ བྱེད་པ་འགའ་ཞིག་ནི། རྩ་རྒྱུད་བསྡུས་རྒྱུད་ཀྱི་གཞུང་འདི་དག་གི་དངོས་བསྟན་རྫོགས་རིམ་ ཁོ་ན་ཡིན་པའམ། ཕྲ་ཐིག་རྫོགས་རིམ་དུ་སྡུད་ན། བསྐྱེད་རིམ་ལ་ཡན་ལག་བཞི་མ་ཚང་བར་ འགྱུར་ཞེས་སྨྲ་ཞིང༌། དེ་ལས་ཤེས་རིན་པ་སོགས་ཁ་ཅིག་མཁའ་གསང་བྱིན་རླབས་དང་ཡི་གེ་ འགོད་པ་ཡོད་པའི་ཕྱིར་བསྐྱེད་རིམ་ཁོ་ན་ཡིན། འདི་སྐབས་སུ་བུ་དོལ་གཉིས་ཀར་གྱིས་རྒྱུད་ འགྲེལ་གྱི་ས་བཅད་ནོར་རོ་ཞེས་ཟེར་ལ། ནོར་བཟང་རྒྱ་མཚོ་སོགས་གཞན་དག་ཕྲ་མོའི་རྣལ་ འབྱོར་ཞེས་པར་གྲགས་ཞེས་པ་ཡན་ཆད་ཀྱིས་བསྐྱེད་རིམ་དང༌། དེ་མན་ཆད་རྫོགས་རིམ་ 3-1-365 སྟོན་ཟེར་ཞིང༌། རླུང་སྟོབས་ཀྱིས་བཟུང་ཟློག་བྱེད་པ་དེ་རླུང་དབུ་མར་མ་ཐིམ་པ་ལ་མི་ཡོང་ ཞིང༌། དེར་ཐིམ་པས་ཡེ་ཤེས་ནི་རྫོགས་རིམ་ཁོ་ན་ཡིན་སྐད་པ་དང༌། འགྲེལ་ཆེན་ལས་ཀྱང༌། ཡེ་ཤེས་ཀྱི་མེ་ནི་ཀུན་རྫོབ་ཀྱི་ཡེ་ཤེས་འདོད་པའི་མེ་ཞེས་གསུངས་པས། དུང་ཅན་མའི་ནང་ དུ་གཏུམ་མོ་འབར་བ་མིན་ཅིང༌། དབུ་མའི་ནང་དུ་འབར་འཛག་མི་བྱེད་པས་རླུང་སྟོབས་ཀྱིས་ དེ་འདྲ་མིན་ཞེས་འཆད་པ་སོགས་ཟ་ཟི་ལངས་པའི་རྣམ་འགྱུར་མང་དུ་གསལ་བར་བྱེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གཞུང་འདི་དག་གི་དངོས་བསྟན་གཙོ་བོར་རྫོགས་རིམ་ཉིད་ཡིན་ པས། བུ་དོལ་གཉིས་ས་བཅད་མ་ནོར་ཤེས་རིན་པ་རང་གི་ས་བཅད་ནོར། ཡང་དཔེར་ན་ སངས་རྒྱས་ལ་དད་པ་སྒོམ་པ་ལ་དེའི་ཡོན་ཏན་ཤེས་དགོས་པས་ཡོན་ཏན་འཆད་པ་དད་པའི་ ཆོས་སྐོར་དུ་འགྱུར་བ་བཞིན། རྫོགས་རིམ་གྱི་ཕྲ་ཐིག་གི་མཚན་ཉིད་ཤེས་ནས། དེ་དང་རྣམ་ པ་མཐུན་པར་ལམ་དུ་བྱེད་པའི་དོན་ལ་བསྐྱེད་རིམ་གྱི་ཕྲ་ཐིག་འབྱུང་བའི་ཕྱིར་གཞུང་དེ་དག་ གིས་རྫོགས་རིམ་བསྟན་ཀྱང༌། བསྐྱེད་རིམ་ལ་ཡན་ལག་བཞི་མ་ཚང་བའི་དོགས་པ་མི་དགོས་ སོ། །སྤྱིར་ནི་བསྐྱེད་རིམ་ཉིད་ཀྱི་ནང་ཚན་ལས་ཕྱེ་ནས་བཤད་ན། ལྷ་སྣང་བསྐྱེད་རིམ་དག་པ་ བ་དང༌། བདེ་སྟོང་རྫོགས་རིམ་གྱི་ཕྱོགས་སུ་འཇོག་ཅིང༌། དེའི་ཚེ་རྗེས་མཐུན་པའི་དབང་དུ་ བྱས་ནས་ཕྲ་ཐིག་ཙམ་རྫོགས་རིམ་གྱི་ཚུལ་དུ་བཤད་ཀྱང་འགལ་བ་མེད་པའི་སྐབས་མང་ བས་དེ་གཉིས་དེ་འདྲ་ཡིན་ན། ཡན་ལག་བཞི་མ་ཚང་ངོ་ཟེར་བ་ཡང་གཞན་ལ་སྙད་འཚོལ་ བའི་ཚིག་འཁྲི་གཡོ་སྒྱུ་ཙམ་མམ། འགངས་མ་གོ་བ་གང་རུང་ལས་མ་འདས་སོ། །ཡང་རླུང་ སྟོབས་ཀྱིས་བཟུང་ཟློག་བྱེད་པ་ལ་རླུང་སེམས་དབུ་མར་ཐིམ་དགོས་ན། དམིགས་པས་དེ་ བྱེད་པ་ལ་ཡང་དེར་འགྱུར་ཏེ། དམིགས་པ་ཁོ་ནས་དེ་ལྟར་བྱེད་པ་ནི་ཤིན་ཏུ་དཀའ་ལ། དེ་ བས་རླུང་སྟོབས་ཀྱིས་དེ་ལྟར་ནུས་པ་བླ་བའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱི་ལུགས་ལ་རྫོགས་ རིམ་གྱི་གཟུང་ཟློག་ལས་བསྐྱེད་རིམ་གྱི་བཟུང་ཟློག་བཟང་བར་འགྱུར་ཏེ། རྫོགས་རིམ་གྱི་དེ་ 3-1-366 ལ་ནི་རགས་པ་རླུང་གི་རྩོལ་བ་དགོས། བསྐྱེད་རིམ་གྱི་དེ་ལ་ནི་ཕྲ་བ་བསམ་གཏན་གྱི་རྣལ་ འབྱོར་ཁོ་ནས་ཆོག་པའི་ཕྱིར་རོ། །དེས་ན་རླུང་ལས་རྣམ་པར་རྒྱལ་བ་ལ་ཡང་གཉིས་ཡོད་དེ། རགས་པའི་རླུང་ལས་རྣམ་པར་རྒྱལ་བ་ཐོབ་པ་ཙམ་ལ། རྫོགས་རིམ་ལུགས་ཀྱི་རླུང་སེམས་ དབུ་མར་ཐིམ་པ་མི་དགོས་ལ། འདི་ཙམ་ནི་མུ་སྟེགས་བྱེད་ལ་ཡང་མང་ཞིང༌། དེ་དག་གནས་ འདི་ལ་བསྐྱེད་རྫོགས་ཀྱི་ཁ་བཤད་དགག་སྒྲུབ་མཁན་ཁྱེད་རྣམས་ལས་ནི་ལྷག་སྟེ། རྟགས་ མངོན་གྱུར་དུ་སྟོན་པའི་ཕྱིར་རོ། །བསྐྱེད་རིམ་གྱི་སྐབས་འདིར་རགས་པ་ལས་རྣམ་པར་རྒྱལ་ བ་དེ་ཙམ་གྱིས་ཆོག་ལ། དེས་རགས་པའི་ཐིག་ལེ་ལས་དབང་བསྒྱུར་བར་ཡང་བྱེད་ན་བཟུང་ ཟློག་ཙམ་སྨོས་ཅི་དགོས། བསྐྱེད་རིམ་གྱི་ཕྲ་ཐིག་སྐབས་རླུང་དབུ་མར་གཏན་ནས་མ་ཐིམ་པ་ ཡང་མ་ཡིན་ཏེ། ཁྱེད་རྣམས་ཉིད་ཀྱང་འཕགས་སྐོར་གྱི་ལུས་དབེན་སྐབས་སུ་དོན་འདི་འདོད་ ལ་རག་གོ །གཞན་ཡང་རྒྱ་གར་གྱི་སློབ་དཔོན་མང་དག་ཞིག་རྫོགས་རིམ་དུ་འདོད་པ་ཇི་སྙེད་ ཅིག་ཆོས་འདི་ནས་བཤད་པས་བསྐྱེད་རིམ་དུ་ཡོད་པས་ལེགས་པར་བརྟགས་ཏེ་བག་ཡོད་བྱ་ ཡི་རྔ་སྒྲ་གཅིག་ཐོས་མ་ཐག་མ་བརྟགས་པར་བྲོ་འཁྲབ་པར་མི་བྱའོ། །དེ་ལ་རང་ལུགས་ནི་ཡེ་ ཤེས་ཀྱི་རྩ་དབུ་མར་མང་ཡང་རུང་ཉུང་ཡང་རུང༌། རླུང་འགགས་པ་ལས་བྱུང་བའི་ཡེ་ཤེས་ནི་ རྫོགས་རིམ་ཁོ་ན་ཡིན་གྱི། རགས་པའི་དབུ་མར་རགས་པའི་རླུང་ཅུང་ཟད་ཐིམ་པའི་ཡེ་ཤེས་ ནི་བསྐྱེད་རིམ་ཕྲ་ཐིག་གི་སྐབས་སུའང་ངེས་པར་ཡོད་ཅིང༌། ཡང་རྣམ་རྟོག་གི་དམིགས་པས་ ཡི་གེ་དགོད་པ་དང་མཁའ་གསང་བྱིན་རླབས་སོགས་ཀྱང་རྫོགས་རིམ་པ་ལ་མཐའ་གཅིག་ཏུ་ དགོས་པ་མིན་ཀྱང༌། རྫོགས་རིམ་པས་དེ་བསྒོམས་པ་ལ་སྐྱོན་སྟོན་རྒྱུ་ནི་ཅུང་ཟད་ཀྱང་མེད་ དོ། །རགས་པའི་དབུ་མར་རགས་པའི་རླུང་ཐིམ་པ་དེ་པཎ་གྲུབ་གཞན་གྱི་ལུགས་ལ་རླུང་དྷཱུ་ ཏིར་ཐིམ་པ་དངོས་སུ་འདོད་ཀྱང་དུས་འཁོར་ལུགས་ལ་ནི་རྗེས་མཐུན་པ་དང་ཐབས་ཙམ་ནི་ ཡིན་གྱི་དྷཱུ་ཏིར་ཐིམ་ཚུལ་གོ་ཆོད་པོ་མིན་ནོ། །འོན་ཀྱང་དངོས་ཀྱི་དོན་ནི། རྫོགས་རིམ་པས་རྩ་ 3-1-367 འཁོར་ལོ་དྲུག་ལ་བུམ་ཅན་བརྟན་པ་དེ་རིག་མ་དང་སྦྱོར་བའི་སྔོན་དུ་གསོས་འདེབས་པ་ དང༌། རྡོ་རྗེ་དང་པདྨར་ཡང་སྟོང་གཟུགས་དྲངས་པས་ཐིག་ལེ་མི་འགྱུར་བ་རྡོ་རྗེ་དང༌། དབུ་མ་ ཁ་བྱེ་བ་པདྨས་མཚོན་པས་རྫོགས་རིམ་གྱི་སྐབས་སུ་མཚོན་དོན་དངོས་དང་བསྐྱེད་རིམ་གྱི་ སྐབས་སུ་བརྡ་ཙམ་སྒོམ་མོ། །ཁྱད་པར་དུ་ཡང༌ཁམས་གསུམ་པོ་ནི་མ་ལུས་པའི། །ཞེས་ སོགས་ཀྱི་སྟོང་གཟུགས་ལ་བརྟེན་ནས་ཐིག་ལེ་འཆིང་བ་དང༌། གཞན་ཡང་དེ་བཞིན་ གཤེགས་པ་ལྔ་སྲེག་པ་སོགས་གསུངས་པས། སྐབས་དེར་གཡས་གཡོན་གྱི་དཀྱིལ་འཁོར་ བཅུ་དང༌། དབང་པོ་ཡུལ་ལ་འཇུག་པ་འགག་པ་སོགས་ཀྱང་རྫོགས་རིམ་ཁོ་ན་ལ་ཡིན་གྱི། བསྐྱེད་རིམ་ལ་ག་ལ་ཞིག་སྟེ། དེས་ན་རང་ངམ་རང་གི་བླ་མའི་ཁས་བླངས་སྔ་མ་ཞིག་ལ་ནོར་ འཁྲུལ་ཡོད་པ་དེ་ལ་རྫུན་རྒྱབ་རྫུན་གྱིས་སྐྱོར་བ་ཁོ་ན་ལྷུར་མ་བྱེད་ཅིག དེས་ན་འདིར་རྩ་རྒྱུད་ གྱི་ལུང་རྣམས་ཕལ་ཆེར་གོ་བླ་བར་སྣང་ལ། སྔར་གོང་དུ་བཤད་པའི་ཕྲ་ཐིག་གི་དོན་དེ་རྣམས་ གོ་ན། ཟ་ཟི་ཆལ་ཆོལ་དེ་འདྲ་ཡོད་དོན་མེད་པས་རང་ལུགས་ལ་འཆད་པར་བླའོ། །དེ་ལ་རྩ་ རྒྱུད་ཀྱི་ལུང་འདིས་སྦྱོར་བ་རིམ་པ་དྲུག་གི་ངེས་བཟུང་རང་ཡང་མི་སྟོན་མོད། ཡན་ལག་དྲུག་ གི་མཚན་ཉིད་ནི་གསལ་བར་སྟོན་ནོ། །དུས་འཁོར་ཤེས་རློམ་བོད་ཤས་ཆེ་བ་དག་ནི་རིམ་པ་ དྲུག་དང༌། ཡན་ལག་ཙམ་དྲུག་གི་དབྱེ་བ་མ་ཤེས་པས་ཉོན་མོངས་སུ་བཅུག་གོ །བཅུ་དྲུག་ལོ་ ལོན་སོགས་ཀྱིས་རྗེས་དྲན་ཏེ་ཧཱུཾ་ཕཊ་བྱ། ཞེས་པ་ཧཱུཾ་གི་བརྡས་དབུ་མའི་སྲོག་ཐུར་སེལ་ལ་ འདྲེས་པ་དང༌། ཕཊ་ཀྱི་བརྡས་དུང་ཅན་མའི་ཐུར་སེལ་སྲོག་ལ་ཞུགས་པའི་དོན་མཚོན་པ་ ཡིན་ལ། མན་ངག་ཏུ་ན་དེ་བཙན་ཐབས་ཀྱི་སྦྱོར་བ་ཅུང་ཟད་ཙམ་སྟོན་མོད་ཀྱང༌། ཁ་ཅིག་ རྣལ་འབྱོར་པས་སྐབས་དེར་ངག་ནས་ཧཱུཾ་ཕཊ་ཅེས་བརྗོད་དགོས་སོ་ཟེར་བ་ནི། བདག་ཅག་ ནི་ལམ་གྱི་གཞུང་ཤིང་ལ་རྒྱབ་བསྟན་ཅིང༌། ལག་ལེན་དང་མན་ངག་གི་ཕྱོགས་སུ་མ་ཕྱིན་ པའོ། །ཞེས་རྒྱལ་ཁམས་ལ་གོ་བར་བྱེད་པའོ། །ལྟེ་བར་གཏུམ་མོ་འབར་བ་ཞེས་གསུངས་ 3-1-368 པས། འདོད་པ་ཚངས་པའི་མེ་ཙམ་ཞིག་ཡིན་པར་འདོད་པ་དངོས་སུ་བཀག་ལ། དཀྱིལ་ འཁོར་ལྔ་འགག་པ་སོགས་ཀྱང་ལྟེ་བ་ནས་བརྩམས་ཏེ་སྟེང་དུ་ཡིན་གྱི་ལྟེ་བའི་འོག་ཏུ་བྱེད་གྱུ་ བའི་རྫབ་རྫུབ་མི་བྱའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་སོགས་ཀྱིས་ཏིང་ངེ་འཛིན་གྱི་ཡན་ ལག་བསྟན་ཏེ་གོ་བླ། དུང་ཅན་མ་འདི་ཕྱག་རྒྱ་ཆེ། །ཞེས་སོགས་ཀྱིས་སྲོག་རྩོལ་བསྟན་ཏེ། རྒྱུད་གཞན་ལས། སྣའི་རྩེ་མོར་ཡུངས་ཀར་བསམ། །ཞེས་པ་དང༌། རིན་ཆེན་ཁ་དོག་སྣ་ལྔ་པ། ། སྲོག་དང་རྩོལ་བ་ཞེས་བྱར་བཤད། །ཅེས་སོགས་ཀྱི་དོན་ལྟེ་བའི་སྣ་རྩེར་དཀྱིལ་འཁོར་བཅུ་ གོང་བུ་གཅིག་ཏུ་འགྲིལ་བ་ཡིན་ལ། འདི་ཡང་རྫོགས་རིམ་གྱི་ཐིག་ལེའི་རྣལ་འབྱོར་རྣམ་ གྲངས་གཞན་ཞིག་ཡིན་ནོ། །ཞེས་པའོ། ཁམས་གསུམ་པོ་ནི་མ་ལུས་པའི། །ཞེས་སོགས་ ཀྱིས་འཛིན་པའི་ཡན་ལག་སྟེ། སྔར་རྒྱུ་བ་དང་བཅས་པའི་རླུང་དབུ་མའི་ཐིག་ལེར་ཞུགས་ པས་རྒྱུ་བ་མེད་པར་བྱེད་ཅིང༌། དེ་ལས་གཏུམ་མོའི་འབར་སྣང་ལ་ཁམས་གསུམ་གྱི་གཟུགས་ བརྙན་འཆར་བའོ། །འདི་ཡང་རྫོགས་རིམ་གྱི་ཕྲ་མོའི་རྣལ་འབྱོར་རྣམ་གྲངས་གཅིག་གོ །སོ་ སོར་སྡུད་པ་ཕྱག་རྒྱ་ཆེ། །ཞེས་པ་སོགས་སོར་སྡུད་ཏེ། ཡང་ཐིག་ལེའི་རྣལ་འབྱོར་གྱི་རྣམ་ གྲངས་ཅིག་དང༌། དེ་ལ་སྣ་ཚོགས་རྒྱུ་མི་རྒྱུ་སོགས་ནི་བསམ་གཏན་གྱི་རྣལ་འབྱོར་ཏེ། ཕྲ་མོའི་ རྣལ་འབྱོར་གྱི་རྣམ་གྲངས་ཅིག་གོ །དེ་ལ་སོར་སྡུད་སྲོག་རྩོལ་གཉིས་རྗེས་དྲན་དང་ཅུང་ཟད་ མཐུན་པ་དང༌། བསམ་གཏན་འཛིན་པ་གཉིས་ཏིང་ངེ་འཛིན་དང་བག་ཙམ་མཐུན་པའི་ཕྱིར། ཐིག་ཕྲའི་རྣམ་གཞག་དེ་ལྟར་ཡང་མཛད་ལ། རྒྱུ་མཚན་དེའི་ཕྱིར་བསྐྱེད་རིམ་ཁོ་ནའི་ནང་ སེལ་གྱི་སྐབས་སུའང༌། རྒྱལ་མཆོག་གཉིས་པོ་ཡང་ཕྲ་ཐིག་གི་སྔོན་འགྲོ་རྒྱུད་སྦྱངས་པའི་ ཚུལ་དུ་འགྱུར་ཞིང་དེ་གཉིས་བསྐྱེད་རིམ་ཟད་མ་དང༌། ཐིག་ཕྲ་འདི་གཉིས་བསྐྱེད་རིམ་གྱི་ ནང་ཚན་ཡིན་ན་ཡང་རྫོགས་རིམ་གྱི་ཞང་ཆེན་པོ་ཡོད་ལ། ཀྱཻ་རྡོར་གྱི་སྒྲུབ་ཐབས་སོགས་ གཞན་མང་པོ་ལས་ལྷའི་རྣལ་འབྱོར་གྱི་མཐར་གཏུམ་མོ་སྒོམ་པ་ཡོད་པ་དེ་རྫོགས་རིམ་དུ་ 3-1-369 ཕལ་ཆེར་གྱིས་བཤད་ཅིང༌། དུས་འཁོར་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་པ་བྱེད་པ་ཁྱེད་ རྣམས་ཀྱང༌། དེ་ནི་དཔྱད་པ་མེད་པར་ཁས་ལེན་གྱི་འདུག་ན། དེ་དང་འདི་ལ་ཁྱད་ཅི་འདུག་ ལྟོས་ཤིག དེས་ན་བསྐྱེད་རིམ་གྱི་ཆ་ལག་ཐིག་ཕྲ་ལ་རྫོགས་རིམ་གྱི་ཐ་སྙད་སྐབས་འགར་ སྦྱར་བ་ལ་ཉེས་པ་ཅི་ཡོད། ཕྱོགས་སུ་མ་ལྷུང་བའི་བློས་བརྟག་དགོས་སོ། །ད་ནི་བསྡུས་རྒྱུད་ ཀྱི་ལུང་དེའི་དོན་ནི། གསུང་གི་རྣལ་འབྱོར་མ་བདུན་བཅུ་རྩ་གཉིས་ཀྱིས་བྱིན་གྱིས་བརླབས་ པ་ལྟེ་བའི་ནད་སྐོར་གྱི་རྩ་འདབ་བཅུ་གཉིས་དང༌། ཕྱི་སྐོར་གྱི་དྲུག་ཅུ་ལ་གནས་པའི་གཏུམ་ མོ་རྣམས་གཅིག་ཏུ་འབར་བ་མཚོན་བྱེད་ནི་ཧོཿཡིག་གོ །དེ་ཡང་དུས་སྦྱོར་བཅུ་གཉིས་དང༌། དེ་ལས་ཕྱེ་བའི་དཀྱིལ་འཁོར་དྲུག་ཅུ་རེ་རེ་བཞིན་དབུ་མར་འགགས་པ་མཐར་ཕྱིན་པའི་ སྐབས་ཤིག་ན། དེའི་ཤུལ་ནས་གཏུམ་མོ་ཅུང་ཟད་རེ་འབར་བར་འགྱུར་ཏེ། སྲོག་རྩོལ་མཐར་ ཕྱིན་པའི་སྐབས་ནས་ཡིན་ལ། སོ་སོར་འབར་བས་རང་རང་གི་རྩ་མདུད་ཅུང་ཟད་གྲོལ་བར་ བྱེད་ཀྱང༌། དབུ་མའི་སྒོ་གླེག་འཇོམ་མི་ཐུབ་ཅིང༌། དེ་དག་ལས་མང་པོ་གཅིག་ཏུ་འདུས་པ་ལྟེ་ བའི་མེ་དང་རོ་གཅིག་ཏུ་འདྲེས་པས་ནི། དེ་ནུས་པའི་ཕྱིར་ཏེ་དེ་ནི་འཛིན་པའི་སྐབས་ཀྱི་ལྟེ་ བར་ཐིག་ལེ་ལ་ཐིམ་ཚུལ་བྱུང་ཟིན་པ་ནས་འབྱུང་སྟེ། བསྐྱེད་རིམ་གྱི་སྐབས་འདིར་དེ་རྣམས་ གཅིག་ཏུ་འདུས་པའི་ངོ་བོར་མོས་པ་དང༌། དེ་ཀུན་ཀྱང་འདོད་ཆགས་ཆེན་པོ་ཡེ་ཤེས་རྡོ་རྗེའི་ དག་པ་ཡིན་པའི་ཕྱིར། ཧོཿཡིག་གཅིག་པུའི་བརྡ་མཛད་པའོ། །ཡེ་ཤེས་སྙིང་པོ་ཞེས་པ་གཏུམ་ མོ་དེ་རྣམས་ཀུན་འདུས་པའི་དོན་དང༌། ཡེ་ཤེས་མེ་ཞེས་པ་འདོད་ཆགས་ཀྱི་མདངས་རྒྱས་ པའི་དོན་ཡིན་ཡང་འདོད་པ་ཐ་མལ་པ་མ་ཡིན་གྱི། དུང་ཅན་མར་སྲོག་ཐུར་འདྲེས་པའི་རྐྱེན་ གྱིས་ཐོབ་པའི་སྒོམ་ཉམས་ལམ་གྱི་ཆགས་ཆེན་ལྟེ་བའི་གཏུམ་མོ་བསྐུལ་ནུས་པ་དེ་དང་ གཏུམ་མོ་ཉིད་གཅིག་ཏུ་འདྲེས་པའོ། །དེ་ནས་བདུན་བཅུ་རྩ་གཉིས་ཀ་ཆེར་འབར་བ་གཅིག་ ཏུ་འདུས་ཤིང༌། དེ་འབར་བས་སླར་ཡང་ལྟེ་བ་ནས་གཙུག་ཏོར་མན་ཆད་ཀྱི་བར་དུ་ཕུང་པོ་ལྔ་ 3-1-370 དང༌། ཁམས་ལྔ་དང་། དབང་པོ་ལྔ་དང་ཡུལ་ལྔའི་རླུང་རྣམས་ཐིམ་པར་བྱེད་དེ། དེ་ཡང་རླུང་ ཚན་གཅིག་ཐིམ་པས་གཏུམ་མོ་འབར། གཏུམ་མོ་འབར་བས་རླུང་གི་ལྷག་མ་རྣམས་ཐིམ་པ་ སྟེ། འདིས་ནི་རྩ་བདུན་ཁྲི་ཉིས་སྟོང་ཞུ། མགོ་བོ་སྟེ་གཙུག་ཏོར་གྱི་ཧཾ་ལ་རེག་པས་བྱང་ཆུབ་ཀྱི་ སེམས་ཞུ་ཞིང་ནོར་བུར་འཕོ་མེད་དུ་བཅིངས་པའི་ཡེ་ཤེས་ནི་རྡོ་རྗེ་ཅན་ཏེ་མི་འཛག་པ་དེ་ནི་ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡང་དག་པའོ། །དེས་ན་གཏུམ་མོས་ཕུང་ཁམས་དབང་ཡུལ་ བསྲེགས་པ་སྟེ་མཉམ་གཞག་ཏུ་དེ་རྣམས་ཀྱི་སྣང་བ་འགགས་ཏེ་འབར་སྣང་རྣམ་པ་ཐམས་ ཅད་པ་ཁོ་ནར་སོང་བ་ལྟར་སྣང་བ་ནི་རྗེས་དྲན་གྱི་སྐབས་སུའོ། །དེ་ཡང་གཙུག་ཏོར་དང་སྤྱི་ བོ་ནས་ཞུ་བ་མགྲིན་པར་སླེབ་པ་དགའ་བ་སོགས་ནས་ལྟེ་བ་ནས་གསང་བའི་བར་དུ་ལྷན་ སྐྱེས་ཞེས་གསུང་ལ། གསང་བ་ཞེས་སྨོས་པས་ནོར་བུའི་བར་དུ་ཡང་བརྟན་པ་ཡིན་མོད་ཀྱི། ཤེས་རིན་པ་ནི་བསྐྱེད་རིམ་གྱི་སྐབས་སུ་གསང་བའི་འཁོར་ལོ་ཞུ་བདེ་བརྟན་པར་བྱེད་ཐུབ་ ཀྱང་ནོར་བུར་མི་ཐུབ་ཅིང༌། ཆ་བཅོ་ལྔ་པ་བཤད་པ་ལས་བཅུ་དྲུག་པ་མི་འཆད་པའི་རྒྱུ་མཚན་ ཡང་དེ་ཡིན་ཞེས་སྨྲ་བ་སོགས་ནི་གནད་མ་གོ་བ་སྟེ། རྫོགས་རིམ་གྱི་སྐབས་སུ་གཙུག་ཏོར་ ནས་ནོར་བུའི་བར་ལ་འདི་དང་འདིར་དགག་ནུས་ཞེས་སོ་སོར་གསུངས་པ་དེ་ནི་དེ་དང་དེར་ ཞུ་བདེ་འགྱུར་མེད་ཀྱི་ཐིག་ལེ་གྲུབ་པས། ཡོན་ཏན་དཔག་ཏུ་མེད་པ་སྐྱེ་བའི་རྒྱུ་བྱེད་པའི་དོན་ ཡིན་གྱི། བྱེད་བཅིངས་ནཱ་དའི་སྦྱོར་བ་ལ་མ་བལྟོས་པར་རླུང་སྟོབས་ཀྱིས་ཡིན་དུ་ཆུག་ཀྱང་ སྐད་ཅིག་མའི་དགའ་བཞི་བསྐྱེད་པས་རགས་པའི་ཐིག་ལེ་ནོར་བུར་བཟུང་ཟློག་ནུས་པ་ལ་དེ་ ཙམ་དུ་དཀའ་བ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ནོར་བུ་ཕྱིན་པ་དེའི་ཚེ། ཤེས་རབ་ ཀྱི་ཆོས་འབྱུང་གི་མིང་ཅན་རང་ལུས་ཀྱི་རྩའི་འཁོར་ལོའི་ལྟེ་བ་རྣམས་སུ་ཐིག་ལེ་བཞིའི་ཞུ་ བདེས་གང་བར་གྱུར་པ་ནི་ཐིག་ལེའི་རྣལ་འབྱོར་རོ། །ཇི་ལྟར་གང་ཚུལ་ནི། ཐིག་ལེ་བཞི་པོ་ ལུས་ཀུན་ལ་ཁྱབ་པའི་ཚུལ་གྱིས་ཡོད་པ་ལས་ལུས་ཀྱི་ཐིག་ལེ་ཐོག་མར་དགའ་བའི་སྐད་ཅིག་ 3-1-371 གི་དུས་སུ་ཞུ་བས་དེ་ཉིད་ཐོག་མར་འོག་ཏུ་སོང་བའི་ཕྱིར། གསང་བ་ནས་ནོར་བུའི་བར་ཁྱབ་ ཅིང༌། ངག་གི་ཐིག་ལེ་ལྟེ་བ་ནས་གསང་བའི་གོང་དུ་གནས་པ་དང༌། སེམས་ཀྱི་ཐིག་ལེ་སྙིང་ ག་ནས་ལྟེ་བའི་གོང་དུ་གནས་པ་དང༌། ཡེ་ཤེས་ཀྱི་ཐིག་ལེ་མགྲིན་པ་ནས་སྙིང་གའི་བར་དུ་ གནས་པར་བཤད་ཅིང༌། སྐབས་དེར་མགྲིན་པ་ཡན་ཆད་དུ་དང་པོར་ཞུ་བ་དེ་ད་ལྟ་མགྲིན་པ་ མན་ཆད་དུ་གནས་འཕོས་པ་ཡིན་པས། དཔྲལ་བ་དང་གཙུག་ཏོར་གྱི་རྣམ་གཞག་སྐབས་ འདིར་མ་མཛད་དོ། །དེའི་རྗེས་སུ་སླར་ཡང་གྱེན་དུ་ལྡོག་སྟེ་སྤྲོ་བ་ནི། ཁམས་གསུམ་གྱིས་ བརྡས་བསྟན་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་ཅན་ལུས་ངག་ ཡིད་ཀྱི་རྡོ་རྗེ་སྤྲོ་བ་དཔག་ཏུ་མེད་པ་བྱུང་ནས། རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་ པར་བྱེད་ཅིང༌། འདི་གོམས་ན་ཕྱི་ནས་གཏུམ་མོ་ཡེ་ཤེས་ཀྱི་མེའི་སྣང་བར་གྱུར་པའི་སྲིད་པ་ གསུམ་པོས་ཐ་མལ་གྱི་སྲིད་གསུམ་མ་ལུས་པ་འགུགས་པ་སྟེ། མངོན་ཤེས་ཀྱི་ཚུལ་གྱིས་ རྟོགས་པར་ནུས་པ་དེ་ནི་ཕྲ་མོའི་རྣལ་འབྱོར་རོ། །ཐིག་ཕྲ་འདི་གཉིས་ཀྱང་གཙོ་བོར་རྗེས་དྲན་ དང་ཏིང་ངེ་འཛིན་གྱི་ཡན་ལག་ཉིད་ཡིན་ནོ། །ཡང་ཡེ་ཤེས་ལེའུ་ལས། ཡེ་ཤེས་དགུག་པར་ བྱེད་པ་འདི་ནི་སླར་ཡང་ཤིན་ཏུ་སྟོབས་ཏེ་དེ་ནི་གཞུག་པ་རྨུགས་བྱེད་ཀྱིས། །དེ་ནི་བཅིང་བ་ རེངས་བྱེད་ཀྱིས་ཏེ་ངེས་པར་མཆོག་བདེའི་དབང་གིས་ཁེངས་བྱེད་ཀྱིས་ནི་མཉེས་པ་ཡང༌། ཡེ་ཤེས་འཁོར་ལོ་དག་ལ་འཁོར་ལོ་རོ་ནི་མཉམ་པར་བྱེད་པ་རྡོ་རྗེ་ཤུགས་ཀྱི་བྱེད་པ་སྟེ། དེ་ བཞིན་ཁྲོ་བོའི་ལྷ་མོ་རྣམས་ནི་རབ་གསལ་ངེས་པར་རྣལ་འབྱོར་མ་ཡི་རྒྱུད་ཀྱི་སྐུ་ལའོ། །ཞེས་ གསུངས་ཏེ། ཚིག་འདིའི་སྒྲ་ཇི་བཞིན་པའི་དོན་ནི་སྔར་བཤད་པའི་དགུག་གཞུག་གི་སྐབས་ ཀྱི་ཁྲོ་བོ་ཐོག་མཐའ་རྡོར་ཤུགས་དང་ཤིན་སྟོབས་བརྗེས་པ་ཙམ་ཡིན་ལ། དེ་ཡང་དུས་ཀྱི་ འཁོར་ལོ་ཕྱག་ཉེར་བཞི་པ་དགུག་པ་ལ་རྡོར་ཤུགས་ངེས་པར་དགོས་པས་གོང་བཞིན་དང༌། གཞན་རྣམས་ལ་ཤིན་ཏུ་སྟོབས་ཀྱིས་བཀུག་པས་ཆོག་པ་ཡིན་ནོ། །ཐབས་རྒྱུད་ཀྱི་དཀྱིལ་ 3-1-372 འཁོར་ལ་དེ་ལྟ་བུ་དང༌། རྣལ་འབྱོར་མ་རྒྱུད་ལ་ཤིན་ཏུ་སྟོབས་མ་སོགས་ཁྲོ་མོ་ལྔས་དེ་ལྟར་ བྱེད་ཅེས་པ་ཡིན་ཀྱང༌། འགྲེལ་པས་སྦས་དོན་དུ་བཀྲལ་བའི་དོན་གྱི་སྙིང་པོ་ནི། ཁྲོ་བོ་ལྔ་པོ་ དེ་ནི་རིམ་པས་དྷུ་ཏཱིའི་སྲོག་རླུང་དང༌། རོ་མའི་རླུང་ཉི་མ་དང༌། དུང་ཅན་མའི་ཐུར་སེལ་དང༌། རྐྱང་མའི་རླུང་ཟླ་བ་དང༌། དབུ་མ་ནས་འབབ་པའི་ཡེ་ཤེས་ཀྱི་རླུང་རྣམས་ཡིན་ལ། དེ་རྣམས་ གཏུམ་མོའི་མེ་དང་ཚོགས་པ་གཅིག་པས་ཡེ་ཤེས་སེམས་དཔའ་སྤྱི་བོའི་ཐིག་ལེ་ཞུ་བར་བྱེད་ པ་ནི་འགུགས་པ་དང༌། རྩ་འཁོར་རྣམས་སུ་གཞུག་པ་དང༌། ནོར་བུ་ནས་ཕྱིར་མི་འཕོ་བར་ བཅིང་བ་དང༌། ཕུང་ཁམས་ཐམས་ཅད་བདེ་བའི་སྐད་ཅིག་བསིལ་པོས་མཉེས་པར་བྱེད་པ་ དང༌། ཞུ་བདེ་དེ་མི་འགྱུར་བའི་བདེ་བས་རོ་མཉམ་དུ་བྱེད་པ་སྟེ། ཕྲ་མོའི་རྣལ་འབྱོར་གྱི་ དངོས་ཀྱི་སྦྱོར་བ་ཐིག་ལེའི་རྣལ་འབྱོར་དེ་ཡིན་ལ། དེ་ནས་ཕྲ་མོའི་རྣལ་འབྱོར་དངོས་ནི་ཞུ་བ་ གླུས་བསྐུལ་གྱི་ངེས་དོན་ཏེ། གླུས་བསྐུལ་བ་གཉིས་ཡོད་པའི་གཅིག་ནི་ལོ་བཅུ་དྲུག་པའི་ མཐར་བདེ་བ་རྫོགས་པའི་སླད་དུ་བསྐུལ་བ་ཞེས་པ་དེ་ཡིན་ཅིང༌། དེ་ཡང་བསྐྱེད་རིམ་པས་ནི་ སྐབས་གཅིག་ཏུ་ན། ལྷ་མོ་བཞིས་བསྐུལ་བའི་མོས་པ་བྱས་པས་ཐིག་ལེ་གྱེན་དུ་གཤེགས་ པར་སྒོམ་པའང་ཡིན་ལ། རྫོགས་རིམ་པའི་ཏིང་ངེ་འཛིན་གྱི་སྐབས་སུ་ནི། འཁོར་ལོ་ལྔའི་ལྟེ་ བའི་འབྱུང་བཞི་དངས་མའི་ཤུགས་ཀྱིས་ཐིག་ལེ་སྟེང་དུ་ཟློག་པའི་བརྡ་ཙམ་ཡང་ཡིན་ནོ། །དེ་ ལྟར་ན་བསྐྱེད་རིམ་ཡན་ལག་བཞི་པོ་བཤད་ཟིན་ཏོ།། །། དེའི་རྗེས་སུ་མཆོད་བསྟོད་བྱ་སྟེ། ལྷའི་རྣལ་འབྱོར་གྱི་རིམ་པ་རྫོགས་པའི་དགའ་སྟོན་ དང་ལྷ་མཉེས་པར་བྱེད་པའི་ཕྱིར་རོ། །ཁ་ཅིག་སྐབས་འདིར་དག་དྲན་བྱེད་པ་ཡོད་པ་ནི་མི་ ལེགས་ཏེ། འགྲེལ་ཆེན་ལས། ཐིག་ལེའི་རྣལ་འབྱོར་དང༌། ཕྲ་མོའི་རྣལ་འབྱོར་བསྒོམས་ནས་ མཆོད་པ་དང༌། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པས་བསྟོད་པ་བྱས་ ཏེ། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ། ཞེས་ཕྲ་མོའི་དེ་མ་ཐག་མཆོད་ 3-1-373 བསྟོད་གསུངས་པའི་བཟླས་པ་མི་བྱེད་ན་ཕྲ་མོའི་རྣལ་འབྱོར་གྱི་དེ་མ་ཐག་པར་འོག་ཏུ་འཆད་ པར་འགྱུར་བའི་མཆོད་ཆོག་དང་གཤེགས་གསོལ་བྱ་ལ། བཟླས་པ་བྱེད་ན་དེའི་སྔོན་དུའང་ མཆོད་བསྟོད་བྱེད་པ་གསང་སྔགས་སྤྱིའི་ལུགས་ཡིན་པས་ངེས་པར་བྱའོ། །ཞེས་པ་དཔལ་ དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་པར་བཤད་པ་ལས། ཟབ་མོ་བསྐྱེད་རིམ་ཐིག་ལེ་དང་ཕྲ་ མོའི་རྣལ་འབྱོར་གྱི་དོན་རྣམ་པར་ངེས་པའི་སྡེ་ཚན་ཏེ་བརྒྱད་པའོ།། །། དེ་ལྟར་བསྐྱེད་རིམ་དངོས་གཞི་བསྟན་ཟིན་ཏེ། ད་ནི་གསུམ་པ་རྗེས་བཟླས་པ་དང༌། མཆོད་གཏོར་ལ་སོགས་པའི་རྣལ་འབྱོར་ལ། སྔགས་ཀྱི་བཟླས་པའི་རྣལ་འབྱོར་དང༌། ཐུན་ མཚམས་རྗེས་སྤྱོད་རིམ་པ་རྣམས་སོ། །དང་པོ་ནི། ཇི་སྐད་དུ་རྩ་བའི་རྒྱུད་ལས། ཨ་ཀུ་ཧ་ྈྐ་ མགྲིན་བྱུང་གང༌། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །སྟོང་པ་རླུང་སོགས་ཁམས་ རྣམས་ཀྱིས། །གྲོགས་པོ་ཉིད་ཀྱིས་རྟག་ཏུ་གནས། །ཨི་ཙུ་ཡ་ཤ་རྐན་ལས་བྱུང༌། དབྱངས་ དང་གསལ་བྱེད་མཚན་ཉིད་རྣམས། །རླུང་གི་ཁམས་ལས་ཡང་དག་བྱུང༌། །ཆུ་ལས་སྐྱེས་པ་ རྣམས་ཀྱི་དགྲ། །ར་ཊུ་ར་ཥ་སྤྱི་བོ་སྐྱེས། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །མེའི་ ཁམས་ལས་ཡང་དག་བྱུང༌། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཨུ་པུ་ལྭ་ྉྤ་མཆུ་སྐྱེས་གང༌། ། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ཆུ་ཡི་ཁམས་ལས་ཡང་དག་བྱུང༌། །མེ་ལས་ སྐྱེས་པ་རྣམས་ཀྱི་དགྲ། །ལ་ཏུ་ལ་ས་སོ་སྐྱེས་གང༌། །དབྱངས་དང་གསལ་བྱེད་མཚན་ཉིད་ རྣམས། །ས་ཡི་ཁམས་ལས་ཡང་དག་བྱུང༌། །རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ། །རྟག་ཏུ་རླུང་ གི་གྲོགས་པོ་མེ། །ཐ་མལ་པ་ཆུ་ནུས་མེད་ཕྱིར། །མེ་ཡི་གྲོགས་པོ་རླུང་ཡིན་ཏེ། །ཐ་མལ་པ་ ས་ནུས་མེད་ཕྱིར། །ཆུ་ཡི་གྲོགས་པོ་ས་ཡིན་ཏེ། །ཐ་མལ་པ་མེ་ནུས་མེད་ཕྱིར། །ས་ཡི་གྲོགས་ པོ་ཆུ་ཡིན་ཏེ། །ཐ་མལ་པ་ནི་རླུང་ཉིད་དོ། །ༀ་གྱི་ཡི་གེ་སྤངས་ནས་ཀྱང༌། །སྔགས་ཀྱི་དང་ པོའི་ཡི་གེའི་རིགས། །དེ་ཉིད་སྔགས་རྣམས་དག་གི་ཐུགས། གཟུགས་ནི་རྫོགས་པའི་རྒྱུ་ཡིན་ 3-1-374 ནོ། །གང་ཚེ་སྔགས་ཀྱི་དང་པོ་ཡི། །ཡི་གེ་གསལ་བྱེད་གཞན་བརྩེགས་ན། །དེ་ཚེ་ཐོག་མར་ བརྗོད་པའི་སླད། །དེ་དག་ལས་ནི་དང་པོ་བཟུང༌། དབྱངས་དང་གསལ་བྱེད་དབྱེ་བ་ཡིས། ། དེ་ཉིད་རྣམ་པ་གཉིས་སུ་འགྱུར། །སྲོག་གི་དགྲ་དང་གྲོགས་པོ་དང༌། །ལུས་ཀྱི་ཡང་ནི་བརྗོད་ པར་བྱ། །སྲོག་གི་དགྲ་དང་གྲོགས་པོའམ། །ཐ་མལ་པ་ནི་དབྱངས་སུ་བརྗོད། །ལུས་ཀྱི་དགྲ་ གྲོགས་ཐ་མལ་པ། །གསལ་བྱེད་རྣམས་ཀྱི་བདག་ཉིད་དོ། །དབྱངས་ཀྱི་དགྲ་ཡིས་སྒྲུབ་པ་ པོའི། །སྲོག་འཕྲོག་པར་ནི་ཐེ་ཚོམ་མེད། གསལ་བྱེད་མཚན་ཉིད་དགྲ་ཡིས་ནི། །ལུས་ལ་ ནད་ལ་སོགས་པ་བྱེད། །སྡེ་བ་གཅིག་ལའང་ཀ་ལ་སོགས། །གསལ་བྱེད་ཆོས་ཅན་ལྔ་རྣམས་ གང༌། །དེ་རྣམས་ས་ལ་སོགས་པའི་རིགས། སྔགས་སྒྲུབ་པ་ལ་ཤེས་པར་བྱ། །ང་ཉ་ཎ་མ་ནན་ འདི་རྣམས། །རླུང་སོགས་ལས་སྐྱེས་རྣམས་ཀྱི་གྲོགས། །གྷ་ཛྷ་ཌྷ་བྷ་དྷདྷ་འདི་རྣམས། །ཆུ་ལས་ སྐྱེས་པ་རྣམས་ཀྱི་དགྲ། །ག་ཛ་ཌ་བ་དད་འདི་རྣམས། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཁ་ཚ་ ཋ་ཕ་ཐཐ་འདི་རྣམས། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཀ་ཙ་ཊ་པ་ཏཏ྄་འདི་རྣམས། །རླུང་ ལས་སྐྱེས་པ་རྣམས་ཀྱི་དགྲ །སྔགས་ཀྱི་དང་པོར་གནས་ཡི་གེ། །རང་གི་སྡེ་པའམ་གཞན་ ལ་ཡང༌། །སྒྲུབ་པ་པོ་ཡི་ཡི་གེ་གཉིས། སྐྱེ་བ་ལས་སྐྱེས་མིང་སྐྱེས་འགྱུར། །ཞེས་ཁམས་ཀྱི་ དགྲ་གྲོགས་རྩི་ཚུལ་དང༌། གཞན་ཡི་གེའི་ལས་དྲུག་གི་བཟླས་པ་བྱེད་ཚུལ་ཡང༌། སྔགས་ ཀྱི་དང་པོར་གསལ་བྱེད་དམ། །དབྱངས་རྣམས་སྒྲུབ་པར་བྱ་བའི་སླད། །བསྙེན་དང་བཟླས་ པ་བྱེད་རྣམས་ལ། །འདི་ཡི་ལས་ནི་རྣམ་དྲུག་གསུངས། །དང་པོར་བསྣུན་པར་བྱ་བ་སྟེ། །དེ་ ནས་དབབ་དང་སྲེག་པ་དང༌། དེ་ནས་སྔགས་པས་བསླང་བ་དང༌། །དེ་ནས་རྒྱས་དང་མཉེས་ པའོ། །རྣམ་པར་བཅད་བཅས་སྟོང་པ་ཡིས། །སྔགས་ཀྱི་སྔོན་འགྲོ་བསྣན་པ་ནི། །མཚོན་བྱའི་ རྒྱལ་པོས་བསྣུན་པ་སྟེ། །བརྒྱལ་བའི་གནས་སྐབས་ཐོབ་པར་འགྱུར། །ཐུགས་ཀྱི་བཟླས་པ་ འབུམ་གྱིས་ནི། །རྒྱལ་བར་གྱུར་པའི་སྔགས་ཀྱི་ལྷ། །ང་རྒྱལ་ཡོངས་སུ་སྤངས་པ་ནི། །སྒྲུབ་ 3-1-375 པ་པོ་ཡི་དབང་དུ་འགྱུར། །དེ་བཞིན་རླུང་གིས་མནན་ན་དེ། །རྣལ་འབྱོར་པ་ལ་ཕེབས་པར་ འགྱུར། །མེ་ཡིས་མནན་ན་སྲེག་པར་འགྱུར། །དེ་བཞིན་ཆུ་ཡིས་བསླང་བར་འགྱུར། །ས་ནི་ སྤྱི་བོར་གནས་པ་དག །བཟླས་ན་ལྷ་ནི་རྒྱས་པར་འགྱུར། །སྤྱི་བོར་ཐིག་ལེའི་ཆས་མནན་ན། ། མཉེས་པས་མཆོག་ནི་སྟེར་བར་འགྱུར། །དེ་ལྟར་དྲུག་འབུམ་བཟླས་པ་ནི། །དང་པོའི་སངས་ རྒྱས་རྒྱུད་ཆེན་ལས། །འདོད་པ་གྲུབ་སླད་བདེ་གཤེགས་ཀྱིས། །སྔོན་དུ་བསྙེན་པ་རྣམས་ སུ་གསུངས། ཕཊ་ཡིག་དེ་བཞིན་ཧཱུཾ་བཽ་ཥཊ། །ན་མཿསྭཱ་ཧཱ་པ་ཥཊ་རྣམས། །ལས་དྲུག་ལ་ནི་ གྲངས་བཞིན་དུ། །སྔགས་མཐར་བརྟུལ་ཞུགས་ཅན་གྱིས་བྱ། །དང་པོར་རྣམ་སྣང་མཛད་ བྱིན་ནས། །སླར་ཡང་བཟླས་པ་ཡང་དག་བརྩམས། །དེ་ནས་བྱེ་བ་བཟླས་བྱས་ནས། །སྦྱིན་ སྲེག་བཅུ་ཡི་ཆ་ཤས་ཀུན། །རྒྱུད་ལས་གསུངས་པའི་ཆོ་གས་བྱ། །དེ་ནས་ལྷ་ནི་འགྲུབ་འགྱུར་ ཏེ། །སྔགས་པ་རྣམས་ལ་གྲུབ་པ་དེས། །མཆོག་དང་གང་ཞིག་དོན་གཉེར་སྟེར། །རིགས་ གཞན་དང་ནི་བྱ་བ་གཞན། །དུས་དང་དེ་བཞིན་སྔགས་ཀྱི་རིགས། །གནས་དང་ཕྱོགས་དང་ གདན་གཞན་གྱི། །ལས་རྣམས་ཀུན་ལ་འབྲས་བུ་མེད། །གླེགས་བམ་དག་ལས་བཀླགས་ པའི་སྔགས། མན་ངག་རྣམ་པར་སྤངས་རྣམས་ཀྱིས། །སྒྲུབ་པ་རབ་ཏུ་བྱེད་པའི་མི། །གང་དེ་ ས་ལ་ཉོན་མོངས་འགྱུར། །གལ་ཏེ་གླེགས་བམ་ལས་རྙེད་ན། །མན་ངག་ཅེས་བྱ་དེ་ནི་ཅི། །ཇི་ ལྟར་བྲིས་པ་བཀླགས་པ་ནི། །དྲང་བའི་དོན་གྱིས་རབ་བསྟན་ནོ། །སྔགས་ཀྱི་དམ་པའི་དངོས་ སྤངས་རྣམས། །གླེགས་བམ་བཀླགས་པའི་སྔགས་རྣམས་ཀྱིས། །ལྷ་ལ་སོགས་རྣམས་སྒྲུབ་པ་ པོ། །ནམ་མཁའ་དག་ནི་ཟ་བར་འདོད། །རང་སེམས་བརྟན་པའི་བརྩོན་འགྲུས་ཀྱིས། སྔགས་ ཀྱི་བཟླས་པས་སྒྲུབ་པ་པོ། །གཞན་དོན་གཉེར་བ་རྣམས་ཀྱིས་ནི། །འདོད་པའི་འཇིག་རྟེན་ དངོས་གྲུབ་འགྱུར། །སྔགས་བཟླས་དེ་བཞིན་སྦྱིན་སྲེག་དང༌། །མཆོད་རྟེན་མཆོད་པའི་ཆོག་ རིམ་གྱིས། །ཚིག་འདི་ཇི་ལྟར་གྱུར་པ་བཞིན། །བརྩེ་བས་དམན་ན་འགྲུབ་མི་འགྱུར། །དེ་ 3-1-376 ཕྱིར་འབད་པ་ཐམས་ཅད་ཀྱིས། །སྟོན་པ་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་སྒྲུབ་པའི་ སླད་དུ་ནི། །དེ་ཉིད་མཁས་པས་བཟུང་བར་བྱ། །ཞེས་གསུངས་སོ། བསྡུས་པའི་རྒྱུད་ལས། མིང་གི་དང་པོ་ཐུགས་ཀྱི་རྡོ་རྗེར་འགྱུར་ཏེ་མི་ཡི་བདག་པོ་ལྷ་དང་ལྷ་མོ་རྣམས་ཀྱིའོ། །གསུང་ གི་རྡོ་རྗེ་མིང་གི་ཡི་གེ་ཐམས་ཅད་པ་དེ་ལྷག་པ་དག་ཀྱང་སྐུ་ཡི་རྡོ་རྗེ་སྟེ། དེ་ལས་ཡན་ལག་ སོ་སོའི་སྔགས་ནི་རྣམ་པ་མང་པོར་འགྱུར་ཏེ་བཀླགས་པས་འགྲུབ་པ་རྒྱ་ལམ་ན། །བསྒོམ་ བྱ་མཆོད་བྱ་བཟླས་བྱ་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ཐུགས་གསུང་སྐུ་ཡི་དབྱེ་བས་ སོ། །སོ་སོར་སྔགས་ཀྱི་རིགས་ནི་ངེས་པར་བྱེ་བ་བཟླས་པར་རབ་ཏུ་འགྱུར་ཏེ་རབ་ཏུ་གྲགས་ པའོ། །སྦྱིན་སྲེག་དེ་ལས་ཆུ་ཡི་ཆ་ཤས་རང་བཞིན་ཡོན་ཏན་དབང་གིས་འགྲུབ་པར་འགྱུར་ པ་ཇི་སྲིད་ཉིད། །ཕྱི་ནས་ཞི་བ་ལ་སོགས་རྣམས་ལ་འབྲས་བུ་སྟེར་བར་རབ་འགྱུར་རྣམ་པ་ གཞན་དུ་འགྲུབ་མི་འགྱུར། །བསམ་གཏན་དང་བཅས་བཟླས་དང་སྦྱིན་སྲེག་བརྟུལ་ཞུགས་ ངེས་ལྡན་རྣམས་ཀྱིས་སྔགས་ཀྱི་སྐྱེ་གནས་བསྒྲུབ་པར་བྱ། །ཞེས་སྐུ་གསུང་ཐུགས་ཀྱི་བཟླས་ པའི་དབྱེ་བ་དང༌། སྦྱིན་སྲེག་དང་བཟླས་པའི་གྲངས་སོགས་གསུངས་ཤིང༌དབང་ལེ་ལས། ཤེལ་དང་མུ་ཏིག་དང་ནི་མི་དང་བོང་བུའི་སོའམ་རུས་པ་དག་དང་བོ་ཏེ་ཙེ་དང་ནི། །པདྨ་ཞེས་ བྱ་དབང་མིག་ལུང་ཏང་བདེ་གཤེགས་རིགས་ཀྱི་དབང་གིས་སྔགས་བཟླས་པ་ལ་འཕྲེང་བར་ འགྱུར། །ཞེས་བགྲང་འཕྲེང་གི་དབྱེ་བ་མདོ་ཙམ་དུ་བསྟན་ཏོ། །དེ་ལྟར་རྩ་བའི་རྒྱུད་དང་ བསྡུས་པའི་རྒྱུད་ཀྱི་གཞུང་ཚིག་དེ་རྣམས་ཉིད་རྩ་བར་བཞག་པས། བཟླས་པའི་ཡུལ་རྣམས་ རྟོགས་པར་བླ་ལ། སྒྲུབ་པ་པོ་རང་ཉིད་ཀྱི་སྐྱེ་བའི་ཡི་གེའི་ཁྱད་པར་འགའ་ཞིག་རྡོ་རྗེ་སྙིང་ འགྲེལ་ལས་གསུངས་ཏེ། རང་གི་ཡི་གེ་ལ་ཡང་གཉིས། མིང་གི་ཡི་གེའི་དང་པོ་དང༌། །གང་ ལས་སྐྱེས་པའི་ཡི་གེའོ། །འདི་ནི་ཟླ་བ་སོ་སོའི་ཚེས། དཀར་པོའི་ཕྱོགས་ལ་རིམ་པ་བཞིན། ། རང་བཞིན་ཡོན་ཏན་ཡ་ཎ་རྣམས། །ཐུང་ངུ་བསྐྱེད་པའི་རིམ་པས་འཆར། །ནག་ཕྱོགས་ལ་ནི་ 3-1-377 འདི་དག་ཉིད། །རིང་པོ་སྡུད་པའི་རིམ་པས་སོ། བཅོ་ལྔའི་མཐར་ནི་ཐིག་ལེ་དང༌། །རྣམ་པར་ བཅད་པ་གནམ་སྟོང་མཐར། །འཆར་ཕྱིར་གང་ལས་སྐྱེས་པ་བརྟག །ཡུད་ཙམ་སུམ་ཅུ་ཚེས་རེ་ ལ། །འཆར་བའི་དབྱངས་ཀྱང་འདི་དག་ཉིད། དེ་བཞིན་ཚེས་གྲངས་སོ་སོ་ལ། །འཆར་བའི་ དུས་སྦྱོར་བཅུ་གཉིས་སོ། །རེ་རེ་ལ་ཡང་དབྱུག་གུ་ལྔ། །དབྱུག་གུ་རེ་རེའི་གསལ་བྱེད་ནི། །ཀ་ སྡེ་ཆུ་སྲིན་བུམ་པ་ལ། །རིང་པོ་སྡུད་པའི་རིམ་པ་དང༌། །ཐུང་ངུ་བསྐྱེད་པའི་རིམ་པས་འཆར། ། དེ་བཞིན་ཙ་སྡེ་ཉ་དང་ལུག །ཊ་སྡེ་ཁྱུ་མཆོག་འཁྲིག་པ་སྟེ། །པ་སྡེ་སྦལ་བ་སེངྒེ་ལ། །ཏ་སྡེ་བུ་ མོ་སྲང་ལ་འཆར། །ས་སྡེ་སྡིག་པ་གཞུ་ལའོ། །ཞེས་གསུངས་ཤིང༌། ལས་སོ་སོའི་འཕྲེང་བའི་ གྲངས་ཀྱི་ཚད་ཀྱང༌། དེ་ཉིད་ལས། དཀའ་ཐུབ་ཅན་གྱི་བགྲང་འཕྲེང་ནི། །འདི་ལྟར་རྣམ་པ་ བརྒྱད་དུ་བཤད། །ཤེལ་གྱི་བཅོ་བརྒྱད་རྣམས་ཀྱིས་ཅིག །བརྟུལ་ཞུགས་ཅན་གྱི་ཞི་བར་བྱེད། ། མུ་ཏིག་སུམ་ཅུ་དྲུག་དབྱངས་སུ། །བརྗོད་པས་མི་རྣམས་རྒྱས་པའོ། །ཉི་ཤུ་རྩ་བདུན་རྒྱུ་སྐར་ གྱིས། །མི་སོས་བསོད་ལ་བཤད་པའོ། །དེ་ཡི་ཉིས་འགྱུར་བོང་བུའི་སོས། །སྡང་བར་བྱེད་ དང་སྐྲོད་པའང་འགྱུར། །གསལ་བྱེད་སུམ་ཅུ་དྲུག་དག་པས། །དབང་དུ་བྱས་སོགས་བོ་ཏེ་ ཙེས། །དབྱངས་དང་གསལ་བྱེད་ཡོངས་བསྲེས་པ། །བཞི་ལྷག་པ་ཡི་ལྔ་བཅུ་ཡིས། །པདྨ་ཞེས་ པའམ་ཡང་ན་ནི། །ཙནྡན་ས་བོན་གྱིས་དགུག་ལའོ། །རྒྱུ་སྐར་ཕྱེད་ཀྱི་རྐང་པ་ཡིས། །རྨོངས་ པར་བྱེད་ལ་ལུང་ཏང་བཤད། །དབྱངས་དང་གསལ་བྱེད་རྐང་པས་དག །རེངས་ལ་རུ་དྲཱ་ཀྵ་རུ་ བཤད། དེ་ལྟར་དག་པའི་ས་ལས་ནི། །དག་པ་རྣམ་པ་བརྒྱད་དུ་བཤད། །ཅེས་འབྱུང་ངོ༌། །དེ་ དག་ཕལ་ཆེར་ཚིག་དོན་གོ་བླ་ཞིང༌། འབྲུ་ཞིབ་མོར་བཤད་ན་ཧ་ཅང་ཡི་གེ་མང་བར་འགྱུར་རོ། ། དེ་དག་གི་སྙིང་པོའི་དོན་དྲིལ་བ་ནི་འདི་ཡིན་ཏེ། བཟླས་བྱ་སྔགས་ཀྱི་རང་བཞིན། བཟླས་པའི་གྲངས་ཀྱི་དབྱེ་བ། ཇི་ལྟར་བཟླ་བའི་མན་ངག ཕན་གནོད་ཀྱི་ཡན་ལག་རྩི་ 3-1-378 བ། ལས་དང་མཐུན་པ་བགྲང་འཕྲེང་གི་དབྱེ་བ་སྟེ་ལྔ་ལས། དང་པོ་ནི་རྒྱུད་ཀྱི་རྒྱལ་པོ་འདི་ ལས། དངོས་སུ་གསུངས་པའི་སྔགས་ཀྱི་རྣམ་གྲངས་ཡང་ཤིན་ཏུ་མང་བ་དང༌། དངོས་སུ་མ་ གསུངས་ཀྱང་བརྟན་གཡོ་ཐམས་ཅད་ལ་མིང་གི་ཡི་གེ་དང་པོ་ས་བོན་དུ་འགྱུར་ཞིང༌། མིང་ ཉིད་ལ་སྔགས་ཀྱི་ཡི་གེ་སྤེལ་བས་ཀྱང་སྔགས་སུ་འགྱུར་ཚུལ་སོགས་འདྲེས་བརྩིས་པའི་ སྔགས་ཀྱི་རྣམ་གཞག་ཀྱང་མང་དུ་བྱུང་ལ། རྒྱས་འགྲེལ་ལས་བཤད་པའི་ལུང་ཚིག་མང་པོ་ ཡོད་ཀྱང༌། སྙིང་པོ་ནི། ལྷའི་མཚན་གྱི་ཐོག་མའི་ཡི་གེའམ་ཡང་ན་ས་བོན་ཧཱུཾ་ཡིག་ཁོ་ན་ཐུགས་ རྡོ་རྗེ་དང༌། ཀཱ་ལ་ཙཀྲ་ཞེས་པ་ལྟ་བུ་མཚན་ཙམ་སྨོས་པ་གསུང་རྡོ་རྗེ་དང༌། དེ་ལ་ༀ་དང་སྭཱཧཱ་ ཐོག་མཐར་སྦྱར་བ་སྐུ་རྡོ་རྗེའི་སྔགས་སུ་མཛད་དེ། ཇི་སྐད་དུ། ཐུགས་ཀྱི་དབྱེ་བས་བསྒོམ་ པར་བྱའོ། །གསུང་གི་དབྱེ་བས་མཆོད་པར་བྱའོ། །སྐུའི་དབྱེ་བས་བཟླས་པ་བྱའོ་ཞེས་དཔལ་ དུས་ཀྱི་འཁོར་ལོ་ལ་ཧཱུཾ་ངམ་ཀཱཾ་ཡིག་ལྟ་བུ་ལྷ་བསྐྱེད་པའི་རྒྱུར་སྒོམ་པ་དང༌། ཐུགས་ཀར་ འགོད་རྒྱུའི་ས་བོན་ཡིད་ཀྱིས་སྒོམ་པའི་དོན་དུ་དགོས་ལ། དེ་ཡང་དཔེར་ན་འབྲས་ཀྱི་ས་བོན་ བཏབ་པ་ལས། མྱུ་གུ་དང་རྐང་བུ་དང་ཤུན་པ་དང་སྙེ་མའི་བར་དུ་འབྱུང་ཞིང༌། སྔོན་ས་བོན་ བཏབ་པ་ཅི་འདྲ་བའི་འབྲུ་ཡང་དགོས་པ་བཞིན་དུ་ས་བོན་ལས་ལྷ་ཞལ་ཕྱག་གི་རྣམ་པ་ཅན་ གྲུབ་པར་མ་ཟད་ས་བོན་ཉིད་དང་འདྲ་བ་ཞིག་ཀྱང་འབྲས་བུར་གྲུབ་དགོས་ཏེ། སེམས་དཔའ་ སུམ་རྩེག་གམ་ས་བོན་གདན་བཅས་སམ། ཡིག་འབྲུ་མང་པོ་འགོད་དགོས་པའི་བར་དུ་ཡང་ འདིའི་རིགས་ཡིན་ནོ། །མཚན་གྱི་ཐོག་མར་ན་མཿའམ་སྭཱཧཱ་སྦྱར་བ་ན་མཿའི་མཆོད་སྔགས་ ལྟ་བུ་སྲེག་བླུགས་དང་མཆོད་སྦྱིན་ལ་སོགས་པའི་སྐབས་སུ་དགོས་པའི་སྔགས་ཡིན་པ་དང༌། དེར་མ་ཟད་ཀཱ་ལ་ཙཀྲ་ཞེས་པ་གཅིག་པུས་ཀྱང་མཆོད་པའི་སྔགས་ཡིན་ནོ། །ཡང་བཟླས་པ་ བྱེད་ན་ཧཱུཾ་ཧཱུཾ་ཞེས་ས་བོན་གཅིག་པུ་བཟླ་བ་དང༌། ཀཱ་ལ་ཙཀྲ་ཀཱ་ལ་ཙཀྲ་ཞེས་མཚན་གཅིག་པུ་ འདོགས་འབྲེལ་མེད་པར་བཟླ་བ་ནི་འགའ་ཞིག་ཏུ་ཡོད་ཀྱང་ཕལ་ཆེར་དུ་མི་བྱེད་དེ་བཟླས་ 3-1-379 པར་བྱེད་པའི་ཚེ། མགོ་བོར་ༀ་དང་མཐར་ཧཱུྃ་ཕཊ་སྦྱིན་པའམ་སྭཱཧཱ་སྦྱར་བ་བཟླ་དགོས་ཏེ། སྐབས་འདིར་མིང་ལས་ལྷག་པ་ཞེས་པ་ཐོག་མར་མགོ་འདྲེན་དང་ཐ་མར་སྒྱུར་བྱེད་ཀྱི་སྔགས་ བཅུག་པ་ཉིད་ལ་ངོས་བཟུང་སྟེ། སྐུ་གསུང་ཐུགས་ཀྱི་བཟླས་པའི་དབྱེ་བ་སོ་སོའི་ངོས་འཛིན་ དང༌། དགོས་དོན་རྣམ་པ་གསུམ་གྱི་སྒོ་ནས་འཇོག་ཚུལ་དང་དབྱེ་བའི་རྣམ་གཞག་གཅིག་ནི་ དེ་བཞིན་ཡིན་ལ། འདི་ལ་ཡང་དཀྱིལ་འཁོར་གྱི་ལྷ་སོ་སོའི་ས་བོན་ཉིད་དང༌། མིང་ཡིག་གི་ དང་པོ་གཉིས་ཀར་ཐུགས་སུ་གསུངས་པ་ལས་གཙོ་བོར་ས་བོན་ཉིད་ཡིན་ནོ། །ཡང་སྐུ་གསུང་ ཐུགས་ཀྱི་སྔགས་ཀྱི་རྣམ་གཞག་དེ་ཉིད་དང་ཅུང་ཟད་མི་འདྲ་བ་ཚུལ་གཞན་ནི། སྒོམ་པ་དང་ མཆོད་པའི་དབང་དུ་མ་བྱས་པར་བཟླས་པ་ཁོ་ནའི་དབང་དུ་བྱས་ནས། བསྒྲུབ་བྱ་ལྷའི་མིང་ གི་ཡི་གེ་དང་པོ་ལ། མགོ་བོར་ༀ་དང་གཞུག་ཏུ་བསྐུལ་བའི་ཚིག་བཀོད་པ་ནི། ཐུགས་ཀྱི་ བཟླས་པ་སྟེ། འཆད་པར་འགྱུར་བའི་ལས་ཀྱི་ཡན་ལག་དྲུག་པོ་ཡང་འདིའི་མན་ངག་ཡིན་ནོ། ། ༀ་ཀཱ་ལ་ཙཀྲ་ཡ་སྭཱཧཱ་ཞེས་པ་ལྟ་བུ་མཚན་དངོས་ལ་ཐོག་མཐའི་སྔགས་སྦྱར་བ་ནི་གསུང་གི་ བཟླས་པའི་སྔགས་སོ། མཚན་དངོས་ཡོད་པའི་སྟེང་དུ་ལྷག་པོའི་སྔགས་བསྣན་པ་ནི། སྐུའི་ བཟླས་པའི་སྔགས་ཡིན་ལ། དེ་དག་རྩ་བའི་སྔགས་ཡིན་ཅིང༌། འཕྲེང་བའི་སྔགས་ནི་གཉིས་ ཏེ་གཙོ་བོ་ཉིད་དང་འབྲེལ་བའི་འཕྲེང་སྔགས་དང༌། འཁོར་ཁོ་ནའི་སྔགས་སོ། །འཕྲེང་སྔགས་ དེ་ནི་ལུས་ཀྱི་ཡན་ལག་དང་མཚུངས་པར་བཤད་ཅིང༌། འཁོར་རྐྱང་གི་སྔགས་རྣམས་ཡན་ ལག་ཁོ་ན་ཡིན་པས་ཡན་ལག་གི་སྔགས་ཞེས་བྱ་ལ་རྐང་པ་བཅུ་དྲུག་པ་དང༌། བདུན་ཅུ་རྩ་ གཉིས་པ་ལྟ་བུ་གཙོ་བོ་ཉིད་ཀྱི་འཕྲེང་སྔགས་ནི། སྐུ་ཡོངས་སུ་རྫོགས་པའི་སྔགས་ཡིན་པའི་ ཕྱིར་སྐུའི་སྔགས་ཉིད་ཀྱི་ནང་དུ་འདུ་བ་ཡིན་ལ། འདི་དག་འཁོར་གྱི་སྔགས་སུ་ཡང་འགྱུར་ བ་ནི་སྡོམ་ཆེན་གྱི་སྐབས་སུ་ཤེས་ཏེ། དེའི་ཕྱིར་ཡན་ལག་གི་སྔགས་ཀྱང་ཡིན་ནོ། །གཙོ་བོའི་ འཕྲེང་སྔགས་ནི། སྐུ་རྡོ་རྗེའི་སྔགས་ཀྱི་མཚན་ཉིད་ཚང་བའི་ཕྱིར་ཡན་ལག་གི་སྔགས་ཁོ་ནར་ 3-1-380 མི་བསམ་མོ། །ཡང་ༀ་ཨཱཿཧཱུཾ་ཧོཿ ཧྐྵྨླྺྼྻྂ་ཞེས་པ་ནི་གཙོ་བོའི་སྙིང་པོའོ། །ༀ་ཧྲཱཾ་ཧྲཱིཾ་ཧྲཱྀཾ་ཧྲུཾ་ཧྲླྀཾ་ཧྲཱཿཞེས་པ་ནི་ཡན་ལག་དྲུག་གི་སྔགས་ ཞེས་ཀྱང་བྱ་སྟེ་ཉེ་སྙིང་ངོ༌། །དེ་དག་ལའང་མཐར་སྭཱཧཱ་ཞེས་པའམ། ན་མཿདང་ཧཱུྃ་ཕཊ་ ལ་སོགས་པ་ཇི་ལྟར་འོས་པ་སྦྱོར་དགོས་ལ་འཁོར་རྣམས་ཀྱི་སྔགས་ལ་ཡུམ་གྱི་ས་བོན་ཕྲཻཾ་ དང༌། ནུས་མ་རྣམས་ལ་ཨ་ཨཱ་ཨཾ་ཨ་ཧ་ཧཱ་ཧཾ་ཧ། སངས་རྒྱས་ཡབ་ཡུམ་སེམས་དཔའ་ཡབ་ ཡུམ། ཁྲོ་བོ་ཡབ་ཡུམ་རྣམས་ལ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿ འདི་དག་སྦྱིན་སྲེག་གི་སྐབས་ ལས་བཟླས་བྱའི་སྔགས་སུ་གསལ་བར་གསུངས་པ་ཡིན་ལ། དེའི་ཤུགས་ལས་ཐོབ་ཅིང་ཐུགས་ ཀྱི་སྔགས་སུ་སྤྱིར་བཏང་ནས་ཀྱང་གསུངས་པ་དང༌། བླ་མ་བརྒྱུད་པ་རྣམས་ཀྱི་མན་ངག་ལས་ བྱུང་བ་བྱིན་རླབས་ཉམས་མྱོང་གིས་བརྒྱན་པ་ཡིན་པས། འདིའི་རིགས་འགྲེ་བུམ་པ་རྣམས་ དང༌། གསུང་དང་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཡང་སྦྱོར་རོ། །འདིའི་མན་ངག་སྦྱིན་ པར་བྱ་སྟེ། སྡེ་ཚན་རེ་རེ་ལ་དང་པོར་རབ་བསྔགས་དང༌། མཐར་སྒྱུར་སྔགས་སྦྱར་བ་ཉིད་ གཙོ་བོར་བཟླ་བ་དང༌། སྤྲོ་ན་ཡི་གེ་རེ་རེ་བཞིན་ཐོག་མཐའི་སྔགས་སྦྱར་བའང་ཡིན་ནོ། །ཕྱིས་ ཀྱི་བོད་མང་པོ་དག་ལྷ་སོ་སོ་ཐམས་ཅད་ཀྱི་མཚན་སྔགས་བྱེད་པ་ནི། སྤྲོས་པ་ཙམ་གྱི་དོན་ དུ་བྱས་པར་ཟད་ཀྱི་དགོས་པ་ཆུང་ལ། དག་པོར་འདོན་ཤེས་ན་མཆོད་པའི་སྐབས་སུ་རྣམ་ གྲངས་ཙམ་དུ་འགྱུར་མོད་ཀྱི། ཆོག་གྲྭའི་སྐབས་སུ་ལྷ་ཐམས་ཅད་ཀྱི་མཚན་སྔགས་ཀྱི་སྤྲོས་ པ་བྱེད་ཅིང༌། རྒྱུད་དག་ལས་འབྱུང་བའི་འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་ འཁོར་ཅན་གྱི་དེ་བཞིན་ཁྲི། ཞེས་པའང་ཁས་བླངས་པ་ན། ལོག་པའི་བློ་ཅན་དག་འདི་སྐད་ ཅེས། ཁྱེད་ཀྱི་རྒྱུད་ལས་བཤད་པའི་ལྷ་གྲངས་ཀྱི། བསྙེན་པ་ཚེ་ལོ་བརྒྱ་པས་འཁྱོལ་དཀའ་ན། ཞེས་སོགས་ཀྱི་ཀླན་ཀ་བྱུང་བའི་རྒྱུ་ཡང་འདི་ཁོ་ནར་ཟད་དོ། །འདིའི་ལན་མྱུར་དུ་འཆད་པར་ 3-1-381 འགྱུར་རོ། །དེས་ན་ཐུགས་དཀྱིལ་གྱི་ལྷ་རྣམས་ལ་གོང་དུ་བཤད་པའི་ཐུགས་ཀྱི་བཟླས་པ་ དེ་ཉིད་བྱེད་ཅིང༌། གསུང་དང་སྐུའི་ལྷ་རྣམས་ལ་ཅུང་ཟད་ཙམ་བཟླས་ནའང་ལེགས་མོད། ཐུགས་ལས་སྤྲུལ་པ་འབའ་ཞིག་པ་ཉིད་ཀྱི་ཕྱིར། དཀྱིལ་འཁོར་ཡོངས་རྫོགས་སྒོམ་པའི་ གནས་སྐབས་སུ་ཡང་དེ་དག་ལ་སྒོས་ཀྱི་བཟླས་པ་མེད་ཀྱང་ཆོ་གའི་ཡན་ལག་ཆད་པར་མི་ འགྱུར་རོ། །ཡང་འདིར་རྐང་པ་བདུན་བཅུ་རྩ་{བ་དང་མཐུན་པར་ཕྱིའི་[གཉིས་པ་ལྟ་བུའི་] འཕྲེང་སྔགས་ཆེན་མོ་སྐུའི་བཟླས་སྔགས་ཡིན་དུ་ཆུག་ཀྱང་དེ་བས་ཉུང་བ་འཕྲེང་སྔགས་མ་ ཡིན་པའི་སྐུའི་སྔགས་དཔལ་དུས་ཀྱི་འཁོར་ལོ་ཉིད་ལ་སྦྱར་ན་ཇི་ལྟ་བུ་ཞེ་ན། ཡང་འགྲེལ་ ཆེན་ཉིད་ལས་སྒྲོལ་མའི་སྔགས་ལ་དཔེར་བརྗོད་མཛད་པ་དེ་དུས་ཀྱི་འཁོར་ལོ་ལ་ཇི་ལྟར་ སྦྱོར་ཚུལ་ལག་ལེན་འགལ་རྒྱུ་ནི་འདི་ལྟ་སྟེ། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྐྵྨླྺྼྻྂ་ཀཱ་ལ་ཙཀྲ་ཧཱུྃ་ཧཱུྃ་ཕཊ་ ཅེས་པ་ལྟ་བུ་རྐང་པ་དང་པོའི་སྔགས་ཀྱིས་ ཀྱང་རུང་ཞིང་ལེགས་ལ། མན་ངག་བརྒྱུད་པ་ལས། ༀ་ཀཱ་ལ་ཙཀྲ་མ་མ་ཝ་ར་དེ་སྭཱཧཱ། ཞེས་སྦྱོར་བར་མཛད་དེ། ཡང་ན་སརྦ་སིདྡྷི་ད་ཡ་ཀ་ཞེས་སྦྱོར་བ་ཡང་ཡོད་ལ། དེ་དག་གིས་ ཀྱང་འགྲུབ་བོ། །ཁ་ཅིག་མ་མ་ཤཱནྟིཾ་ཀུ་རུ་ཀུ་རུ་ཞེས་པ་སྦྱོར་བར་འདོད་དེ། ལས་ཕྱོགས་ གཅིག་པའི་སྔགས་སུ་འགྱུར་བས། རྩ་བའི་བསྙེན་སྔགས་ལ་འདི་བྱེད་པ་མི་འཐད་དོ། །ཡང་ ༀ་ཧྐྵྨླྺྼྻྂ་སྭཱ་ཧཱ། ཞེས་པ་འདི་གཅིག་པུ་བརྟན་གཡོ་མ་ལུས་པ་གཅིག་ཏུ་འདུས་པ་དུས་ཀྱི་འཁོར་ ལོའི་རྩ་བའི་སྔགས་ཉིད་ཡིན་པའི་ཕྱིར། གཙོ་འཁོར་སོ་སོའི་དབྱེ་བ་མེད་པར་འདི་ཁོ་ ནས་ཀྱང་འགྲུབ་པ་ནི། ཁ་བཤད་གཙོ་བོའི་སྟོན་པ་ཙམ་མ་ཡིན་པར་ཉམས་ལེན་བྱིན་རླབས་ ཀྱི་བརྒྱུད་པ་དང་ལྡན་པ་རྣམས་ཀྱི་ལག་ལེན་མ་ནོར་བའོ།། །། གཉིས་པ་བཟླས་པའི་གྲངས་ཀྱི་དབྱེ་བ་ནི། ཐུགས་ཀྱི་བཟླས་པའི་ནང་ཚན་ལས་ཀྱི་ ཡན་ལག་དྲུག་གི་སྔགས་ལ་རེ་རེ་བཞིན་འབུམ་ཕྲག་རེ་རེ་དང༌། གསུང་གི་བཟླས་པ་མཚན་ 3-1-382 སྔགས་ལ་འབུམ་ཕྲག་བཅུ་དང༌། དེའི་བཅུ་ཆའི་སྦྱིན་སྲེག་དང༌། མཚན་ལས་ལྷག་པའི་སྔགས་ ཐུང་སྐུའི་བཟླས་སྔགས་ལ་བྱེ་བ་བཟླས་པས་བསྙེན་པ་མཆོག་ཏུ་འགྱུར་ལ། ཡང་ན་དེ་དག་ མི་བཟླ་བར་རྐང་པ་བདུན་ཅུ་རྩ་གཉིས་པ་སྡོམ་ཆེན་གྱི་སྐབས་ལས་ཇི་སྐད་འབྱུང་བ་དང་ མཐུན་པར་ཕྱིའི་དུས་དང་སྦྱར་ནས་དུས་སྐབས་སོ་སོར་རིམ་པས་བཟླས་ཏེ་རྐང་བ་རྣམས་སོ་ སོར་བགྲངས་པས་ཐམས་ཅད་བསྡོམས་པ་ལ་བྱེ་བར་ལོངས་ན། དེ་ཕྱིན་ཆད་བཀླགས་པས་ གྲུབ་པའི་བསྙེན་གྲངས་སུ་བཤད་མོད། འོན་ཀྱང་དུས་འཁོར་སྣ་ཚོགས་གཙོ་བོ་འདི་ལ་ཧཱ་ བཛྲ་ཞེས་སོགས་སྡོམ་ཆེན་གྱི་འཁོར་གྱི་དཔའ་བོ་དཔའ་མོའི་མཚན་སྔགས་དེ་དག་མི་དགོས་ ལ། བཀླགས་པས་གྲུབ་པར་དངོས་སུ་གསུངས་པ་ནི་ཕལ་ཆེར་རྣམ་གཡེང་སྤངས་པའི་དབང་ དུ་བྱས་ལ། ད་ལྟའི་གང་ཟག་རྣམ་གཡེང་ཅན་གྱི་དབང་དུ་བྱས་ན་བཀླགས་པས་གྲུབ་པ་ནི་ དཀའ་མོད་ཀྱི། འོན་ཀྱང་ངག་བཟླས་དེ་ཙམ་གྱིས་ཀྱང་འཁོར་ལོ་ལ་སོགས་པའི་ལས་རྣམས་ རྗེས་མཐུན་དུ་འགྲུབ་པ་ནི་ཡིན་ནོ། །ཡང་ན་རྐང་པ་བཅུ་དྲུག་པ་བྱེ་བ་བཟླས་པས་ཀྱང་ བཀླགས་པས་གྲུབ་པ་ཡིན་པར་བཤད་ན། འདིར་རྐང་པ་བཅུ་དྲུག་པ་དང་དུར་ཁྲོད་བཅུ་དྲུག་ སྦྱོར་རྒྱུ་མེད་ཀྱང༌། མན་ངག་གི་བཤད་རྒྱུན་ལས་འབྱུང་བ་ལྟར་ན། དེ་ཡང་ཚེས་བཅུ་དྲུག་ རྣམས་ལ་སོ་སོར་བཟླ་སྟེ་ཚེས་གཞན་རྣམས་ལ་རྐང་པ་རེ་རེ་སྦྱར་ཞིང༌། བཅོ་ལྔའི་ཉིན་བར་ རྐང་པ་བཅོ་ལྔ་པ་དང༌། མཚན་མོ་རྐང་པ་ཐ་མ་སྦྱར་རོ། །ཚུལ་དེས་སོ་སོར་བཟླས་པ་ཡོངས་ སུ་བསྡོམས་པའི་བྱེ་བ་སྟེ། འདི་ཡང་སྔ་མ་དང་འདྲ་བར་ཤེས་པར་བྱའོ། །ཡང་འཁོར་ལོ་སྡོམ་ པ་ལས་རྐང་པ་བརྒྱད་པ་གསུངས་པ། འདིར་ཉིས་འགྱུར་དབང་གིས་བཅུ་དྲུག་ཏུ་མཛད་པ་ དང༌། འཁོར་ལོ་སྡོམ་པར་རྐང་པ་ཉི་ཤུ་རྩ་བཞི་ཡོད་པའི་དོན་འདིར་སུམ་འགྱུར་བདུན་བཅུ་ རྩ་གཉིས་སུ་མཛད་དེ། ཐབས་ཤེས་ཀྱི་དབྱེ་བས་ཕྱེ་བའི་ཁྱད་པར་ཉིས་འགྱུར་དང༌། ཟླ་ཉི་ སྒྲ་གཅན་གསུམ་གྱི་དབྱེ་བས་ཕྱེ་བའི་ཁྱད་པར་མ་གཏོགས་དག་ཚུལ་མཚུངས་པར་མཛད་ 3-1-383 པ་ཡིན་ན། དེས་འདི་ལ་རིགས་འགྲེ་བར་རུང་ངོ༌། དེས་ན་ཕྱག་ན་རྡོ་རྗེས་མཛད་པའི་བདེ་ མཆོག་སྟོད་འགྲེལ་ལས་ཇི་སྐད་གསུངས་པའི་བཟླས་པའི་ཚུལ་དེ་ཉིད་སླར་ཡང་ལྡབས་ཏེ་ ལན་ཉིས་འགྱུར་དང་སུམ་འགྱུར་དུ་སྦྱར་ན། བཅུ་དྲུག་པ་དང་བདུན་བཅུ་རྩ་གཉིས་པ་གཉིས་ ཀ་བསྡོམས་པས་བྱེ་བའི་དོན་གྱིས་བསྙེན་པར་འགྱུར་རམ་སྙམ་པ་ནི་བདག་གི་རྣམ་པར་རྟོག་ པའོ། །འོན་ཀྱང་གཞན་གྱིས་བཤད་པ་མེད་པས་འདིར་མི་སྤྲོའོ། །ཡང་དེ་བཞིན་དུ་གཙོ་བོའི་ སྙིང་པོ་དང༌། ཉེ་སྙིང་དང༌། ༀ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿཞེས་པ་རིགས་དྲུག་གི་ས་བོན་དང༌། རྣམ་བཅུ་ དབང་ལྡན་གྱི་སྔགས་རྣམས་གང་ཡང་རུང་བ་རེ་རེ་བྱེ་བ་བཟླས་པས་དཀྱིལ་འཁོར་གྱི་ལས་ ཁྱད་པར་ཅན་ལ་འཇུག་པ་སོགས་དང༌། ལས་ཆེན་བརྒྱད་སོགས་འགྲུབ་རུང་ཡིན་ལ། དེ་ ཉིད་ཚར་གཉིས་སམ་གསུམ་མམ་བཞིར་བསྐྱར་གྱིན་སོང་ན་ངེས་པར་འགྲུབ་བོ། །འཁོར་གྱི་ སྔགས་བཟླ་བ་ནི་ངེས་པར་དགོས་པ་མིན་ཡང༌། གལ་ཏེ་བཟློས་པར་འདོད་ན་ཐུགས་དཀྱིལ་ གྱི་ལྷ་རྣམས་ལ་གོང་དུ་བཤད་པའི་ས་བོན་སྡེ་ཚན་བཞི་པོ་དེ་རྣམས་བཟླ་སྟེ། རྒྱུད་ནི་རྒྱུད་ གཞན་གྱིས་ཤེས་པར་རིག་པས་གྲངས་འབུམ་ཕྲག་བཅུ་རེའོ། །གསུང་དཀྱིལ་ཕན་ཆད་ལ་ལྷ་ སོ་སོ་སྒྲུབ་པའི་སྐབས་ཡིན་ན་མ་གཏོགས། ཅུང་ཟད་ཙམ་རེ་ལས་གྲངས་ངེས་ཅན་མི་དགོས་ སོ། །སྤྱིར་དམིགས་པ་ལ་གསལ་སྣང་བརྟན་པོར་ཐོབ་པས་ནི། ཡིད་བཟླས་སམ་འགོག་ བཟླས་ཀྱི་སྒོ་ནས་ཡུད་ཙམ་རེ་ལ་ཡང་བཟླས་པ་བརྒྱ་སྟོང་ཁྲི་འབུམ་མང་པོ་འགྲོ་བ་ཡོད་ པས་སྔགས་ཚིག་པོ་ཏི་མང་པོར་ལོངས་པའང་བྱེ་བ་སོགས་བཟླ་བ་ལ་ཡུན་རིང་མི་འགོར་བ་ ཡང་ཡོད་ལ། རྒྱུད་འདི་དག་གསུངས་པའི་གདུལ་བྱའི་གཙོ་བོ་དེ་ཡང་དབང་རྣོན་དེ་འདྲའི་ རིགས་ཡིན་པས་དྲུག་བརྒྱ་སོ་དྲུག་གི་ལྷ་ཚོགས་ལ་རེ་རེ་བཞིན་མཚན་སྔགས་ས་ཡ་རེ་བཟླ་ དགོས་པ་ལྟ་བུ་གལ་ཏེ་ཡོད་དུ་ཆུག་ཀྱང༌། འཇོག་པོའི་གཙུག་རྒྱན་ལེན་པའི་བསྟན་བཅོས་ ལྟ་བུའོ་སྙམ་རྒྱ་ཆེར་སྐྲག་དངངས་སུ་བྱེད་མི་དགོས། རེད་འདའ་བ་ཉིད་བློ་ཁོག་ཆུང་པར་ 3-1-384 ཟད་ལ། འོན་ཀྱང་འཁོར་ཚོགས་ཀྱི་སྔགས་བཟླ་ཚུལ་ཇི་ཙམ་ཡིན་པ་དང༌། དེང་སང་ལག་ ལེན་བྱེད་པ་ཉུང་ཡང་བཅུ་དྲུག་པ་དང་དོན་གཉིས་པ་བྱེ་བ་བྱེ་བ་བཟླ་བར་གསུངས་པའི་དོན་ ཡང་གོང་དུ་བཤད་པ་ལྟར་ཡིན་པས། དེང་སང་གི་གདུལ་བྱ་ཐ་མའི་དབང་དུ་བྱས་ཀྱང་ཚེ་ལོ་ བརྒྱ་བས་བསྙེན་པ་མི་འཁྱོལ་ཞེས་ཧ་ཐང་ཆེ་ཆེ་མོར་བྱེད་དགོས་པའི་རྒྱུ་མཚན་ནམ་ཡང་མེད་ དོ། །གཞན་ཡང་དཔའ་བོ་གཅིག་པུའམ་ལྷན་སྐྱེས་ཙམ་བསྒོམས་ནས། སྙིང་པོ་སོགས་གཙོ་ བོ་ཉིད་ཀྱི་སྔགས་བྱེ་བ་བཟླས་པས་ཀྱང་དོན་འགྲུབ་ངེས་པ་སྟེ། རྒྱུད་ལ་ཁ་བཤད་ཤོབ་སེ་ བ་རེ་དང༌། དབང་བསྐུར་བའི་དོན་གྱི་བསྙེན་པ་སོང་ངོ་སྐད་པའི་རྫུན་རིབ་ཙམ་མ་ཡིན་པར་ ལས་ཚོགས་ལ་སོགས་པ་མངོན་རྟགས་ཅན་གྱི་བསྙེན་པ་འགྲུབ་པ་གོ་བར་གྱིས་ཤིག་དང་ མངོན་སུམ་ལ་བསྙོན་པར་མི་བྱའོ། །ཡང་ཁ་ཅིག་ལས་དྲུག་དང༌། བྱེ་བསྙེན་བཟླ་བ་སོགས་ ནི་དངོས་གྲུབ་ཀྱི་དོན་དུ་ཡིན་ལ། དབང་བསྐུར་བའི་སློབ་དཔོན་གྱི་གནས་ཐོབ་པ་སོགས་ཀྱི་ དོན་དུ་གཙོ་བོའི་སྙིང་པོ་འབུམ་དང༌། ཐུགས་དཀྱིལ་གྱི་ལྷ་རྣམས་ཀྱི་ཁྲི་ཕྲག་རེ་རེའོ། །ཞེས་ འདོད་པ་ནི། གཞན་གྱི་རྒྱས་བཀབ་ན་རུང་ཙམ་ནི་ཡིན་པར་མངོན་ཡང་འདིར་གསལ་ཁ་མེད་ ཅིང༌། བྱེ་བ་བཟླ་བའི་ལག་ལེན་བཟང་པོའི་རྒྱུན་མ་ནུབ་པར་བྱའོ།། །། གསུམ་པ་ཇི་ལྟར་བཟླ་བའི་མན་ངག་ནི། ཡན་ལག་དྲུག་གམ་ལས་དྲུག་གི་བཟླས་པ་ནི། གོང་དུ་ལྔ་དྲངས་པའི་དང་པོར་བསྣུན་པར་བྱ་བ་སྟེ་ཞེས་སོགས་ཏེ། བསྣུན་པའི་ལས། དབབ་ པའི་ལས། བསྲེག་པའི་ལས། བསླང་བའི་ལས། རྒྱས་པའི་ལས། མཉེས་པའི་ལས་ཏེ་དྲུག་ གོ །དང་པོ་ནི་བསྒྲུབ་བྱ་ལྷ་རང་རང་གི་མིང་གི་ཡི་གེ་དང་པོ་དེ་ལ་ཧཿཚེག་དྲག་ཅན་སྤྱི་བོར་ བཞག མགོར་ༀ་དང༌། ཐ་མར་ཕཊ་ཡིག་བསྣན་པ་སྟེ། དཔེར་ན་དུས་འཁོར་གྱི་ཀཱ་ལ་ཙཀྲ་ ཞེས་པའི་ཀཱ་ཡིག་གི་མགོར་ཧ་དང་མཐར་ཚེག་དྲག་བཞག ཐོག་མཐའི་ཡི་གེ་གཉིས་སྦྱར་བ། ༀ་ཧྐཱ་ཕཊ། ཅེས་པ་ལྟ་བུ་སྟེ། དེ་ལྟར་འབུམ་བཟླས་པས་སྔགས་ཀྱི་མཚོན་ཆས་སྔགས་ཀྱི་ལྷ་ 3-1-385 ལ་བསྣུན་པ་ཞེས་བྱ་སྟེ། དཔེར་ན་སྐྱེས་བུ་དམུ་རྒོད་ཞིག་བརྟུལ་ཏེ་མངག་གཞུག་བཟང་པོར་ བྱེད་ན། དང་པོར་སྡིགས་ཤིང་བརྡེགས་པས་ས་ལ་འགྱེལ་ཞིང་བརྒྱལ་བ་ལ་སོགས་པ་དགོས་ པ་བཞིན་དུ་སྔགས་ཀྱི་ལྷ་དངོས་གྲུབ་མི་སྩོལ་བ་ལ་སྡིགས་པའོ། །སྡིགས་ཐུབ་པ་ན་བརྒྱལ་ བའི་གནས་སྐབས་ཐོབ་པ་སྟེ། ལྷ་དེ་རང་ཉིད་དམ་ཚིག་ཉམས་པར་འགྱུར་བས་སྐྲག་པའོ། ། རྣམ་པར་བཅད་བཅས་སྟོང་པ་ཡི། ཞེས་པ་ནི་སྟོང་བ་སྟེ། མཁའ་ཁམས་ཀྱི་ཡི་གེ་རྣམ་བཅད་ དང་བཅས་པའི་དོན་ནོ། །དེས་མཚོན་ཏེ་རླུང་མེ་ཆུ་ས་ཞེས་པ་རྣམས་ཀྱང་ཡ་ར་ཝ་ལའི་ཡི་ གེའོ། །གཉིས་པ་དབབ་པའི་ལས་ནི། དཔེར་ན། ཀཱ་ཡིག་ལ་རླུང་གི་ཡི་གེ་ཡ་སྤྱི་བོར་བཞག མཐར་ཧཱུཾ་སྟེ། ༀ་ཡྐཱ་ཧཱུཾ་ཞེས་པ་འབུམ་བཟླས་པས་དབབ་པ་སྟེ། ཐུལ་འོག་ཏུ་ཆུད་པའི་མིང་ ཡིན་ལ། དཔེར་ན། བྲན་ཕོ་དམུ་རྒོད་འགྱེལ་བ་དེ་བཅིངས་ནས་ང་རྒྱལ་ཆག་ཅིང་མནའ་འོག་ ཏུ་ཆུད་པ་ལྟ་བུའོ། །དེ་ཡང་སྔགས་ཀྱི་ལྷ་དེ་སྔར་སྒྲུབ་པོ་ལ་དངོས་གྲུབ་མི་སྩོལ་ཞིང༌། ཕྱིར་ལ་ གནོད་པ་སྐྱེལ་བ་ལྟར་ཡོད་པ་དེ། ད་དུང་མགུ་བ་མིན་ཀྱང་སྔགས་དྲག་པོས་གཟིར་བའི་ཆད་ པས་སྐྲག་སྟེ། ཚུར་ཅུང་ཟད་ཁ་ཕྱོགས་པ་ལྟར་གནས་པའོ། ། གསུམ་པ་སྲེག་པ་ནི། ཀཱ་ཡིག་གི་མགོར་མེའི་ས་བོན་ར་བཞག མཐའ་བསྟེན་དུ་བཽ་ཥཊ་ སྦྱར་ནས། ༀ་ཪྐཱ་བཽ་ཥཊ་ཅེས་པ་འབུམ་བཟླས་པས་སྔགས་ཀྱིས་ཅུང་ཟད་དབང་དུ་བྱེད་པ་སྟེ། དཔེར་ན་བྲན་དམུ་རྒོད་དེ་འོག་ཏུ་ཆུད་པ་ན། ད་དུང་བྱ་བ་མ་ཡིན་པའི་ཉེས་དམིགས་བཤད་ པས་སྡིགས། ལེགས་པར་བྱས་ན་བྱ་དགའ་འབྱུང་བ་སོགས་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པས་ རང་ལ་བློ་གཏོད་རུང་དུ་འགྲོ་བ་ལྟར་སྔགས་ཀྱི་ལྷ་ཡང་སྒྲུབ་པ་པོ་ལ་ཅུང་ཟད་ཉེ་བར་གྱུར་པ་ སྟེ། སྔགས་མེ་ལྟ་བུས་བསྲེགས་པ་ནི་ཚ་བས་གདུངས་པ་ན། ཞུ་བ་དང་མཚུངས་པར་སྒྲུབ་པ་ པོ་ལ་དགའ་གདུང་ཅུང་ཟད་སྐྱེས་པའོ། ། བཞི་པ་བསླང་བ་ནི། ཚིག་པ་ལས་བསླང་བའམ་བརྒྱལ་བ་ལས་བསླང་བ་སྟེ། ཀཱ་ཡིག་ 3-1-386 གི་མགོར་ཆུའི་ས་བོན་ཝ་ཡིག་གིས་མནན་ཏེ། མཐར་ན་མཿསྦྱར་བ་དང་བཅས་པ་ༀ་ཝྐཱ་ན་ མཿཞེས་པ་འབུམ་ཕྲག་གཅིག་བཟླས་པས། སྔགས་ཀྱི་ལྷ་བསླང་བ་སྟེ། གནས་སྐབས་སྔ་མ་ གསུམ་དུ་ཚར་བཅད་པའི་ཚུལ་གྱིས་འགྱེལ་བའི་དཔེས་བསྟན་པ་དེ། སླར་རྗེས་སུ་བཟུང་ བས་བསླང་བ་ཡིན་ལ། དེ་ཡང་བྲན་དེ་ཕྱིན་ཆད་སྡིགས་པར་མི་བྱེད་ཅིང༌། ཟས་གོས་ལ་ སོགས་པས་ཅུང་ཟད་བདེ་བར་བྱེད་པ་ལྟ་བུ་སྔགས་ཀྱི་ལྷ་གནས་སྐབས་དང་པོ་གསུམ་གྱིས་ བརྒྱལ་བ་དང་བཅིངས་པ་དང་གདུང་བ་བསྐྱེད་པ་ལས་དེ་རྣམས་སངས་ཏེ་བདེ་བ་ལ་བཀོད་ པ་ལྟར་གྱུར་པ་སླར་གསོ་བའམ་ཞི་བར་བྱེད་པའི་དོན་ལ་ན་མཿའི་སྔགས་སྦྱར་བ་ཡིན་ནོ། ། ལྔ་པ་རྒྱས་པའི་ལས་ནི། ཀཱ་ཡིག་གི་མགོར་ས་ཁམས་ཀྱི་ཡི་གེ་ལ་བཞག་སྟེ། མཐར་ རྒྱས་པའི་སྔགས་སྭཱཧཱ་སྦྱར་ཏེ། ༀ་ལྐཱ་སྭཱཧཱ་ཞེས་འབུམ་བཟླས་པས། སྔགས་ཀྱི་ལྷ་དེའི་ནུས་ པ་རྒྱས་པར་འགྱུར་རོ། །དཔེར་ན་བྲན་བདེ་བར་གནས་པ་དེ་ལ་ཁྱིམ་དང་བཞོན་པ་དང་བང་ མཛོད་སོགས་སྦྱིན་པ་ལྟ་བུའོ། ། དྲུག་པ་མཉེས་པའི་ལས་ནི། ཀཱ་ཡིག་གི་མགོར་ཐིག་ལེའི་ཆ་ཤས་ཀྱིས་མནན་ལ། མཐར་ དབང་དུ་བྱེད་པའི་སྔགས་ཝ་ཥཊ་སྦྱར་བ། ༀ་ཀཱཾ་ཝ་ཥཊ། ཅེས་འབུམ་བཟླས་པས། ལྷ་དེ་ རབ་ཏུ་མཉེས་ནས་བདག་ལ་དངོས་གྲུབ་སྩོལ་བར་ཕྱོགས་པ་སྟེ། སྔགས་ཀྱི་ལྷ་དབང་དུ་གྱུར་ པའོ། །དཔེར་ན་བྲན་དེ་ལ་སླར་ཡང་ཕན་འདོགས་ཀྱི་འབྲེལ་པ་ཟབ་མོར་བྱས་པ་ན། སྔར་ ཕུན་སུམ་ཚོགས་པ་བྱིན་པའི་དྲིན་དྲན་ཏེ། བདག་གི་བྱ་བ་ཅི་དགོས་སྒྲུབ་པར་བྱེད་པ་ལྟ་བུའོ། ། དེས་ནི་ཐུགས་བསྐུལ་བ་ལེགས་པར་གྲུབ་པ་ཡིན་ལ། ལས་དྲུག་པོ་དེ་དག་ལ་དམིགས་པའི་ ཁྱད་པར་ལ་སོགས་པ་གཞན་དམིགས་གསལ་མ་གསུངས་ཤིང༌། གནོན་བྱེད་དང་མཐའ་ བསྟེན་གྱི་ཡི་གེའི་སྔགས་ཉིད་ཀྱི་མཐུ་ལས་དེ་ལྟར་འབྱུང་བའོ། །སྐབས་དེའི་བསྣུན་པ་ལ་ སོགས་པ་བྱེད་རྒྱུའི་ལྷ་དེ། རང་རེའི་ཡིད་ཀྱི་མོས་ངོར་དམ་ཡེ་དབྱེར་མེད་ཀྱི་ལྷ་དེ་ཡིན་པས། 3-1-387 གདོད་མའི་ལྷ་དང་འབྲས་བུའི་ལྷར་མོས་པ་ཡིན་མོད་ཀྱང༌། སོང་ཚོད་ལ་དོན་དམ་དབྱིངས་ ཀྱི་ལྷ་ལྟ་ཅི་སྨོས། ཀུན་རྫོབ་གཞན་སྣང་གཞན་རྒྱུད་ཀྱིས་བསྡུས་པའི་ལྷ་རྣམས་མ་ཡིན་ཏེ། དེས་ན་བདག་བསྐྱེད་ཀྱི་ལྷ་དང༌། དེའི་ཡང་གཙོ་བོ་དམ་ཚིག་པ་ཉིད་དོ། །དམ་ཚིག་པའི་ལྷ་ དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། སླར་སློབ་དཔོན་གྱིས་དབང་བསྐུར་བའི་དུས་ཀྱི་བྱིན་གྱིས་བརླབས་ པའི་སྔགས་ཀྱི་རྒྱུན་སློབ་མའི་སེམས་རྒྱུད་ལ་འཕོས་པ་ན། དེ་རང་སེམས་ཀྱི་ཆོས་ཉིད་ལ་ ཕན་འདོགས་ཤིང་མཐུན་པའི་ཆོས་ཡིན་པས། ཆོས་དབྱིངས་དེའི་ནུས་པ་དང་ཅུང་ཟད་འདྲེས་ པས་གཞན་དགེ་བའི་ཆོས་སྤྱད་པ་རྣམས་ཀྱང་དེའི་གྲོགས་སུ་འགྱུར་ཞིང༌། སྔགས་ཀྱི་བྱིན་ རླབས་ཀྱི་རྒྱུན་དེ་རྒྱུར་བྱས་ནས། དང་པོར་དབང་དང་ཕྱིས་བསྐྱེད་རིམ་གྱི་དུས་སུ་དེ་ལྷའི་རྣམ་ པ་ཅན་དུ་བཞེང་པར་འགྱུར་ལ། མོས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྷར་གྱུར་པ་ལ། སྔར་ སངས་རྒྱས་ཐོབ་ཟིན་པའི་ཡེ་ཤེས་ལྷ་གཞན་རྒྱུད་ལྟར་སྣང་བ་རྣམས་ལ་རང་ལ་བསྟིམ་ཞིང་ བསྲེ་བའི་ང་རྒྱལ་བྱས་མོད་ཀྱང༌། སོང་ཚོད་ལ་སྔར་སྔགས་ཀྱི་བྱིན་རླབས་སེམས་ལ་བཞག་ པའི་རྒྱུན་དེ་བསྐྱེད་རིམ་གྱི་ལྷ་སྐུར་བཞེངས་པ་ཡིན་པས་དེ་ལ་གསལ་སྣང་རགས་པ་ཐོབ་པ་ ན། དེ་ལྷ་སྐུར་གྱུར་པ་ཞེས་བྱའོ། །དེ་འདྲའི་ལྷ་དེ་སེམས་སྣང་ཙམ་ལས་རྒྱུད་ལོགས་པ་མེད་ ཀྱང༌། གཞན་རྒྱུད་ལྟར་སྣང་བའི་ཡེ་ཤེས་ལྷ་རྣམས་ཀྱི་བྱིན་རླབས་ཞུགས་ཏེ། ཀུན་རྫོབ་སྒྱུ་ མ་ལྟ་བུའི་ཚུལ་དུ་རང་དང་འདྲེས་ནས་བཞུགས་ལ། རང་དང་རེས་འགའ་གཅིག་པ་དང་རེས་ འགའ་ཐ་དད་པའི་རྣམ་པར་སྣང་བ་དེ་ནི་བསྐྱེད་རིམ་གྱི་དམ་ཚིག་སེམས་དཔའ་དངོས་ཡིན་ ལ། ལྷ་དེ་རང་ལས་ལོགས་པའི་སེམས་དང་ལྡན་པ་མིན་ཡང༌། སྒྲུབ་པ་པོ་རང་ཉིད་ཀྱིས་ སྤྱོད་པར་མི་ནུས་པའི་སེམས་ཅན་གྱི་དོན་མང་པོ་བྱེད་དོ། དེས་སྒྲུབ་པ་པོ་ཁ་ཅིག་ལ་འཇམ་ ཞིང་བདེ་བ་ཁོ་ནས་དངོས་གྲུབ་སྒྲུབ་པར་ཡང་བྱེད་ལ། ཁ་ཅིག་ལ་ནི་རེ་ཞིག་དངོས་གྲུབ་མི་ སྩོལ་བ་དང༌། གཞན་འགའ་ལ་ནི་འཁུ་བའི་ཚུལ་འབྱུང་ཞིང༌། ནད་དང་གནོད་པ་ལ་སོགས་ 3-1-388 པར་འགྱུར་བ་ཡང་ཡོད་དོ། །དེ་དག་ཀྱང་སྒྲུབ་པ་པོ་རང་ཉིད་ཀྱི་ལས་ཀྱི་སྒྲིབ་པ་ཆེ་ཆུང་ དང༌། དགེ་བའི་བསགས་པ་ཆེ་ཆུང་དང་དམ་ཚིག་དག་མ་དག་གི་དབང་ལས་སྣང་བ་ཡིན་གྱི། སྔགས་ཀྱི་ལྷ་ལ་རྣམ་རྟོག་ཀྱང་མེད་ཅིང་རང་ལས་གཞན་དུ་གྲུབ་པ་ཡང་མེད་དེ། དཔེར་ན་ འཁྲུལ་འཁོར་གྱི་མི་འཁྲུལ་འཁོར་མཆོག་ལས་བྱུང་བ་ཞིག་གིས་སྐྱེ་བོ་ངན་པ་ལ་བརྡེག་ཅིང་ གསོད་པ་དང༌། བཟང་པོ་འགའ་ཞིག་ལ་རིམ་གྲོའི་བྱ་བ་བྱེད་པ་དང་འདྲ་སྟེ། སྔགས་ཀྱི་མཐུ་ བསམ་གྱིས་མི་ཁྱབ་པའོ། །དེས་ན་གསང་སྔགས་སྐུ་ནི་རབ་སྒྲུབ་བྱེད། །བསྐྱེད་པའི་རིམ་པ་ དང་པོ་ཡིན། །ཞེས་སོགས་གསང་འདུས་སྐོར་ལས། གསང་སྔགས་ཀྱི་སྐུ་ཞེས་བཤད་པའི་ དོན་ངེས་ཏིག་ཅན་ནི་འདི་ཡིན་ཀྱང་འདུས་པ་བ་ཕལ་གྱིས་མ་གོའོ། །དེས་ན་གསང་འདུས་ དང་རྡོ་རྗེ་གུར་སོགས་ལས་འབྱུང་བའི་ལྷ་ཕུར་བུས་གདབ་པ་སྡིག་སྦྱོར་ཞེས་གྲགས་པ་ཡང་ གནད་འདི་ལ་བརྟེན་པ་ཡིན་པས། རང་གི་སེམས་ཀྱིས་བཀོད་པའི་གཟུགས་བརྙན་དངོས་ གྲུབ་སྒྲུབ་པར་བྱེད་པའི་སྤོགས་ཆོག་གི་ཁྱད་པར་ཞིག་ཡིན་གྱི། གཞན་རྒྱུད་ཀྱི་ལྷ་ལ་གནོད་ པར་འགྱུར་བ་ནི་ནམ་ཡང་མ་ཡིན་ནོ། །ལྷ་འདིས་སེམས་ཀྱི་དྲི་མ་སྦྱངས་ན། ཡེ་ཤེས་ཀྱི་སྐུ་ མངོན་དུ་འགྱུར་བ་ལ་ཤིན་ཏུ་ཕན་པ་ནི་ཡོད། འདི་རང་ཡེ་ཤེས་ཀྱི་སྐུར་འགྱུར་བ་ནི་མིན་ཏེ། སེམས་འགྲེལ་སྐོར་གསུམ་གྱི་དགོངས་པའོ། །འདིས་དངོས་གྲུབ་སྩོལ་བའི་ཚུལ་ནི། འདི་ དང་སངས་རྒྱས་དངོས་ཀྱི་བྱིན་རླབས་འདྲེས་ཏེ། སྒྲུབ་པ་པོའི་བློའི་སྣང་བ་ལ་རྒྱུད་གཞན་ གྱིས་བསྡུས་པའི་ཡི་དམ་ལྷར་སྣང་ནས་རང་ལ་དངོས་གྲུབ་སྩལ་བར་སྣང་བ་ཡང་ཡོད་ཅིང༌། རང་གི་ལུས་ངག་ཡིད་རྣམས་སྔགས་ཀྱི་ལྷ་དེའི་ངོ་བོར་ཐིམ་པ་ན། བསྐྱེད་རིམ་པ་རགས་པའི་ ལུས་ངག་སྟེ། འདོད་གཟུགས་ཀྱི་རིག་འཛིན་དུ་གྱུར་པའི་རྣམ་གཞག་བྱེད་ལ། གོང་དུ་བཤད་ པའི་རིག་སྔགས་ཀྱི་ནུས་པ་དང་བྱིན་རླབས་སེམས་ལ་བཞག་པ་དེ་ནི་ཀུན་རྫོབ་བདེན་པས་ བསྡུས་པའི་སྔགས་སྡོམ་གྱི་ངོ་བོ་རང་རྐང་ཚུགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་ཞོར་ལ་ 3-1-389 འོངས་པས་ཆོག་གོ །ཡང་ལས་དྲུག་པོ་དེ་རྣམས་རྒྱུད་འགྲེལ་ལས། བཟླས་པའི་སྐབས་སུ་ཆེ་ ཐང་དུ་བཤད་ཅིང༌། རྒྱ་བོད་ཀྱི་དུས་འཁོར་བ་ཕལ་ཆེར་གྱིས་གལ་ཆེར་བཤད་འདུག་པ་དང༌། རྒྱུད་དོན་གོ་བ་ལ་ཕན་པའི་ཕྱིར་གསལ་པོར་བརྗོད་དོ། །འོན་ཀྱང་རང་ལུགས་ནི་འདི་ཡིན་ ཏེ། འདི་འདྲ་བ་ལྷ་གནད་ལ་བོར་བ་ཡིན་པས་སྔོན་སྔགས་ཀྱི་ལྷ་ལ་དད་པའི་ཚད་དུ་བཞག་ པ་གཅིག་བསྐྱེད་རིམ་ལ་ཅུང་ཟད་སེམས་བརྟན་ཅིང༌། བཟླས་བརྗོད་མཐར་ཕྱིན་པ་ཡན་ཆད་ ལ་དངོས་གྲུབ་དངོས་ཉིད་གྲུབ་པའམ། ཕྲ་མོའི་ལས་རྣམས་ཡིན་ཡང་ཐོག་མེད་དུ་གྲུབ་པ་ འབྱུང་བའི་དོན་དུ་སྒྲུབ་པ་ཡིན་གྱི། ལས་དང་པོ་པ་ལ་ནི་དགོས་པ་མིན་པས་ད་ལྟའི་དུས་ན་ རྗེས་མཐུན་པའི་ཚུལ་གྱིས་ཉམས་སུ་ལེན་པའི་ཚེ། དང་པོར་སྙིང་པོའམ་ཉེ་སྙིང་ངམ་རྣམ་བཅུ་ དབང་ལྡན་བྱེ་བ་སྦྱིན་སྲེག་དང་བཅས་པ་སོང་ཞིང༌། བསྐྱེད་རིམ་གྱི་ཁྲིད་ཅུང་ཟད་བསྐྱངས་པ་ ཞིག་གིས་ལྷ་ལ་གུས་པའི་ཚུལ་གྱིས་ལས་དྲུག་པོ་འདི་དག་བྱས་ནས་གསུང་གི་སྔགས་འབུམ་ ཕྲག་བཅུ་སྦྱིན་སྲེག་དང་བཅས་པ་བྱའོ། །དེ་རྗེས་སྐུའི་བཟླས་པ་འགྲུབ་ན་ནི་ལེགས། གོང་ དུ་བྱེ་བ་བཟླས་པ་དེས་དོད་ཐུབ་ཏུ་བཞག་ཀྱང་རུང་ངོ༌། །རྒྱུད་འགྲེལ་དངོས་ཀྱི་དགོངས་པ་ ལས་དྲུག་བསྙེན་པར་བཤད་པ་ནི། ལས་སམ་དངོས་གྲུབ་ཀྱི་དོན་གྱི་སྒོས་བསྙེན་ཡིན་གྱི། རྩ་ བའི་བསྙེན་པ་མ་ཡིན་ཏེ། བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང༌། ལྷ་གནད་ལ་བོར་བ་མེད་ན་ མི་འགྲུབ་པའི་གང་ཟག་གི་རིགས་དེ་ལའང་ནང་ཚན་གསུམ་ཡོད་པས་རབ་ཀྱིས་ལས་དྲུག་ བརྩམས་པས་དངོས་གྲུབ་ཐོབ། འབྲིང་གིས་དེའི་སྟེང་དུ་གསུང་བཟླས་སྦྱིན་སྲེག་དང་བཅས་ པ་དང༌། ཐ་མས་དེའི་སྟེང་དུ་སྐུའི་བཟླས་པ་བྱེ་བས་དངོས་གྲུབ་ཐོབ་ཅེས་རགས་ཚིག་ཙམ་ གོ་བར་བྱས་ནས། དེ་རེ་རེ་བསྐྱེད་རིམ་ལ་བརྟན་པ་ཆུང་ངུ་ཐོབ་ན་ཞི་སོགས་ཐོགས་པ་མེད་ པ་དང༌། འབྲིང་གིས་རོ་ལངས་ལ་སོགས་པ་དངོས་སུ་འགྲུབ་ཅིང༌། རབ་ཏུ་ཐོབ་པས་ཆེན་པོ་ རིག་འཛིན་གཉིས་ཀྱི་དངོས་གྲུབ་ལ་སྣང་བ་དངོས་སུ་ཐོབ་པར་འགྱུར་རོ། །དེ་ཐོབ་ནས་སྤྱོད་ 3-1-390 པ་སྤྱད་པས་མྱུར་དུ་རིག་པ་འཛིན་པ་ཐོབ་པའོ། ། ད་ནི་སྐབས་འདིར་དཀྱུས་ཀྱི་བཟླས་པའི་དམིགས་པ་བཤད་པར་བྱ་སྟེ། ཐུགས་ཀར་ཟླ་ བའམ་ཉི་མའམ། ཟླ་ཉི་སྒྲ་གཅན་བརྩེགས་པའི་གདན་ལ་རྣམ་བཅུ་དབང་ལྡན་གྱི་ཡི་གེ་བརྩེགས་ པ་ཁམས་སོ་སོའི་ཁ་དོག་ངེས་ཅན་ནམ། ཡང་ན་གཙོ་བོ་ཉིད་ཀྱི་སྐུ་མདོག་དང་མཚུངས་པ་ སྔོན་པོའམ། ལས་ཐམས་ཅད་པའི་དོན་དུ་ལྗང་ཁུར་བསྒོམས་ཀྱང་རུང་ལ། དེ་ལས་འོད་ཟེར་ སྤྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་སླར་བསྡུས་ཏེ་རྣམ་བཅུ་དབང་ལྡན་ལ་ཐིམ་ པར་བསམས་ལ། ༀ་ཧྐྵྨླྺྼྻྂ་སྭཱཧཱ་ཞེས་བཟླ་ཞིང༌། ཡང་གནས་བཞིར་རྡོ་རྗེ་བཞིའི་ས་བོན་ནན་ ཏན་དུ་གསལ་བཏབ་ནས་སྤྱི་བོ་དང༌། གསང་བ་དང༌། སྙིང་གའི་ཧཱུཾ་གི་སྟེང་ཙམ་སྟེ། གནས་གསུམ་པོ་དེ་གང་རུང་གཅིག་ཏུ་སྔ་མ་བཞིན་བསྒོམས་ཏེ། དེ་ཐམས་ཅད་ལ་འོད་ཟེར་ སྤྲོ་བསྡུ་བྱེད་པ་ནི་སྙིང་པོའི་བཟླ་ཚུལ་ཡིན་ལ། རིགས་དྲུག་གི་ས་བོན་དང༌། ཉེ་སྙིང་ལ་ཡི་གེ་ དྲུག་པོ་རྣམས་གནས་དྲུག་ཏུ་བཀོད་ནས་འོད་ཟེར་སྤྲོ་བསྡུ་བྱེད་ཅིང༌། ཁྱད་པར་དུ་ཉེ་སྙིང་ལ་ ཡི་གེ་དྲུག་པོ་རེ་རེའི་གནས་སུ་གཡས་གཡོན་ནམ་སྟེང་འོག་ཏུ་ༀ་དང་སྭཱཧཱ་རེ་རེ་སྒོམ་མོ། ། སྐུ་དང་གསུང་གི་སྔགས་ལ་ཐུགས་ཀར་ཉི་མ་སོགས་ཀྱི་སྟེང་དུ་ས་བོན་ཧཱུཾ་ལ་སྔགས་དེ་ དང་དེས་བསྐོར་བ་བསྒོམས་ནས་སྤྲོ་བསྡུ་བྱེད་པ་སྟེ། འཁོར་གྱི་བཟླས་པ་ལ་ཡང་དེས་རིགས་ འགྲེའོ། ། ལས་དྲུག་པོ་རྣམས་ལ་ནི། སྙིང་གར་ཟླ་ཉི་སྒྲ་གཅན་བརྩེགས་པའི་སྟེང་དུ་རང་རང་ གི་སྔགས་ཀྱི་ཡིག་འབྲུ་སྟེང་དུ་ༀ་དང༌། འོག་ཏུ་ཕཊ་དང་སྭཱཧཱ་ལ་སོགས་པ་སོ་སོའི་སྐབས་ བཞིན་སྦྱར་བ་འོད་ཟེར་འཕྲོ་བ་བསམས་ཏེ། གཙོ་བོ་རང་ཉིད་ཀྱི་སྐུ་གང་ལས་དང་རྗེས་སུ་ མཐུན་པའི་བྱ་བ་བྱས་པར་བསམ། ཡི་གེའི་ཁ་དོག་ནི། ཀཱ་ཡིག་ལྟ་བུ་ལྷ་ཉིད་ཀྱི་སྐུ་མདོག་ དང་མཚུངས་པ་དང༌། ༀ་ཡང་དེ་དང་འདྲ་བར་ཁ་ཅིག་བཞེད་ལ། སྟེང་གི་ཡི་གེ་དང་སྐུ་ལ་ 3-1-391 སྔགས་གཉིས་ལས་དང་རྗེས་སུ་མཐུན་པར་བྱ་དགོས་ན། དང་པོ་རེངས་པའི་ལས་ཡིན་པས་ སེར་པོ་དང༌། གཉིས་པ་དབྱེ་བར་གཏོགས་པའི་ཕྱིར་ནག་པོ་དང༌། གསུམ་པ་དགུག་པ་དང་ དྲུག་པ་དབང་ཡིན་པས་དམར་པོ་དང༌། བཞི་པ་ཞི་བ་དང༌། ལྔ་པ་རྒྱས་པ་ཡིན་པས་དཀར་ པོ་སྟེ། ལས་དང་མཐུན་པའི་ཁ་དོག་གམ། ཡང་ན་གཞན་དེ་དང་འདྲ་བ་ལ་ཧ་སོགས་འབྱུང་ བ་རང་རང་གི་ཁ་དོག་ཏུ་བྱས་ཀྱང་ལེགས་པར་བཞེད་ན། དེའི་ཚེ་མིང་གི་ཡི་གེ་དང་པོ་ལས་ ཀྱི་ཁ་དོག་ཏུ་བྱེད་དོ། །འཁོར་གྱི་ལྷ་རྣམས་དགོས་སུ་སྒྲུབ་པ་ཡིན་ན། རང་རང་གི་ས་བོན་ལ་ སྤྱི་དང་མཐུན་པར་དེ་ཉིད་གསུམ་སྤེལ་ལམ་ལྔ་སྤེལ་དུ་བྱེད་པ་ལྟ་བུའི་ཐུགས་ཀྱི་བཟླས་པ་བྱ། གསུང་མཚན་སྔགས་ཁོ་ན་ནི་གཙོ་བོར་མི་བྱེད་ལ། ས་བོན་སྔོན་འགྲོ་ཅན་གྱི་མཚན་དུ་བྱེད་ པ་ནི། ༀ་ཨཱཿཏཱཾ་ཏཱ་རེ་ཧཱུཾ་སྭཱཧཱ། ཞེས་པ་ལྟ་བུ་མིང་ལས་ལྷག་པ་སྐུ་སྔགས་ཀྱི་ཚུལ་དུ་བཟླས་པ་ བྱ། དེ་ཡང་མདུན་བསྐྱེད་དུ་བྱེད་ན་རང་དུས་ཀྱི་འཁོར་ལོའི་ཐུགས་ཀར་ཧཱུཾ་གི་མཐའ་སྐོར་དུ་ སྔགས་དེས་བསྐོར་བ་དང༌། མདུན་གྱི་ཐུགས་ཀར་ས་བོན་བསྒོམ་སྟེ། འོད་ཟེར་ཕན་ཚུན་དུ་ བསྟིམ་པ་དང་སྤྲོ་བསྡུ་བྱེད། མདུན་བསྐྱེད་ཀྱི་ལྷ་དེ་དང་པོར་རང་གི་ཐུགས་ཀ་ནས་སྤྲོ་ཞིང་ མཐར་རང་གི་ཐུགས་ཀར་བསྡུའོ། །བདག་བསྐྱེད་དུ་བྱེད་ན་གཙོ་བོས་རིགས་འགྲེ་སྟེ། ནུས་ མ་ནས་རབ་གཏུམ་མའི་བར་དུ་ངེས་པར་སྦྱོར་ཞིང༌། གཞན་ཡང་གཟའ་བཅུ་དང༌། ནག་པོ་ ཆེན་པོ་དང༌། འཕྲོག་མ་ལ་སོགས་པ་ཡང་སྒྲུབ་ཏུ་རུང་ངོ༌། །སྤྱིར་ནི་མོས་པའི་དབང་ལས་དེ་ ཙམ་བཤད་པ་ཡིན་གྱི། བཅོམ་ལྡན་འདས་སྣ་ཚོགས་གཙོ་བོ་དུས་འཁོར་ཉིད་གྲུབ་ན་ཐམས་ ཅད་འགྲུབ་ལ། གཙོ་བོས་བྱིན་གྱིས་མ་བརླབས་ན་གཞན་རྣམས་ཀྱང་མི་འགྲུབ་པར་བཤད་ པས་གཙོ་བོ་ཉིད་ཀྱི་རྣལ་འབྱོར་ལ་ནན་ཏན་དུ་བསྒྲུབ་པར་བྱའོ། །འདི་སྐབས་ཙར་ཙི་ཀཱ་ སོགས་རང་རང་འཁོར་བཅས་ཀྱི་བཟླས་པ་བྱེད་ན། སྔགས་ཀྱི་སྤྲོ་བསྡུ་སོགས་གཙོ་མོ་ཁོ་ན་ ལ་བྱས་པས་ཆོག །སྔགས་ནི། ༀ་ཨཱཿཧ་ཙར་ཙི་ཀཱ་ཧི་ཧི་ཡ་ཡི་ཡྼྀ་ཡུ་ཡླྀ་ཡཾ་ཧཱུཾ་སྭཱཧཱ། ཞེས་བཟླ་ 3-1-392 སྟེ་གཞན་རྣམས་ཀྱང་དེས་རིགས་འགྲེའོ། །མ་མོ་བརྒྱད་དང་ལྷ་ཆེན་རྣམས་དང༌། ཁྲོ་བོ་རྣམས་ དང༌། ཀླུ་རྣམས་དང༌། རབ་གཏུམ་མ་རྣམས་ཀྱི་བཟླས་བརྗོད་བྱས་ན། འཕྲལ་གྱི་འདོད་དོན་ ཕྲ་མོ་མང་པོ་སྒྲུབ་ཏུ་ཡོད་དེ། དམན་པ་ལ་མོས་པ་རྣམས་ལ་ཤིན་ཏུ་ཉེ་བར་མཁོ་བའང་ཡིན་ ནོ། །བཟླས་པའི་དམིགས་པ་འདི་དག་བླ་མ་དམ་པ་རྣམས་ཀྱི་མན་ངག་གཅིག་ནས་གཅིག་ ཏུ་བརྒྱུད་པ་ཡིན་པའི་ཕྱིར། ཉམས་ལེན་གྱི་སྒོ་ནས་གཅེས་སྤྲས་སུ་བྱ་ཡི། ཆོས་སྐད་ཁ་རྒྱུགས་ དང༌། དགག་སྒྲུབ་ཁ་ལ་ཁྱེར་བའི་རྩོད་ཆོས་སུ་འབེབས་པར་མ་བྱེད་ཅིག རྒྱུད་གཞན་གྱི་ མན་ངག་ལས་འབྱུང་བ་ལྟར་བཀོད་པའི་བཟླས་པ། སྤྲོ་བསྡུའི་བཟླས་པ། དོ་ལིའི་བཟླས་ པ། ཡིད་བཟླས། འགོག་བཟླས་སོགས་ཀྱང་སྦྱོར་དུ་རུང་བར་མངོན་ལ། བསྐྱེད་རིམ་གྱི་རྡོར་ བཟླས་ནི་ཡེ་ཤེས་ལེའུའི་སོ་བརྒྱད་པའི་འགྲེལ་པར་རྫོགས་རིམ་དང་བསྲེས་པའི་ཚུལ་གྱིས་ གསུངས་ཏེ། ཇི་སྐད་དུ། འདིར་བགྲང་འཕྲེང་མེད་ཅིང་སྔགས་བརྗོད་པ་མེད་དེ། དབུགས་ འབྱུང་བ་དང་འཇུག་པ་དག་དང་ལྷན་ཅིག་སྔགས་ཀྱི་ཡི་གེ་རྣམས་རབ་ཏུ་འབྱུང་བ་དང་ འཇུག་པ་མེ་ཏོག་གི་འཕྲེང་བ་བཞིན་དུ་ཟླ་བ་དང་ཉི་མའི་རང་བཞིན་ལུགས་དང་མཐུན་པ་ དང༌། ལུགས་དང་མི་མཐུན་པས་བལྟ་བར་བྱའོ། །ཞེས་གསུངས་པས་སྙིང་གའི་ས་བོན་ལས་ སྔགས་ཀྱི་ཡིག་འབྲུ་དབུགས་འབྱུང་བ་དང་ལྷན་ཅིག་བྱུང་སྟེ། ཉི་མའི་ལམ་སྣ་བུག་གཡས་པ་ ནས་ལུགས་དང་མི་མཐུན་པར་སྔགས་ཀྱི་ཐ་མས་སྣ་དྲངས་ཏེ་འགྲོ་བ་དང༌། དབུགས་ནང་དུ་ འཇུག་པ་དང་ལྷན་ཅིག་ལུགས་མཐུན་ཞེས་པ་ༀ་སོགས་སྔགས་ཀྱི་ཐོག་མས་སྣ་དྲངས་ཏེ་ཟླ་ བའི་ལམ་སྣ་བུག་གཡོན་པ་ནས་འཇུག་ཅིང༌། སྙིང་གའི་ས་བོན་ལ་ཐིམ། རླུང་གནས་པ་ན་ས་ བོན་གཅིག་པུ་ལ་སེམས་གཏོད་པ་སྟེ། བསྐྱེད་རིམ་གྱི་རྡོར་བཟླས་འདི་ལྟ་བུའང་གསལ་བར་ གསུངས་པས། ཡི་གེ་འབྲུ་གསུམ་གྱི་རྡོར་བཟླས་དངོས་ཉིད་ཀྱང་འདིས་ཤུགས་ལ་འཕངས་ བས་གསལ་བར་མཛད་དོ།། །། 3-1-393 བཞི་པ་ཕན་གནོད་ཀྱི་ཡན་ལག་རྩི་བ་ནི། གོང་དུ་ཨ་ཀུ་ཧ་ྈྐ་སོགས་ཁམས་སོ་སོའི་དགྲ་ གྲོགས་ཐ་མལ་པ་གསུམ་རྩི་བའི་ཚུལ་རྒྱས་པར་གསུངས་པ་བཞིན་ཡིན་པ། དོན་གྱི་སྙིང་ པོ་ནི་སྤྱིར་རྒྱུད་འདི་ལས་གནས་སྐབས་གཞན་ཕལ་ཆེར་དུ་དབྱངས་སུམ་ཅུའམ་སོ་གཉིས། གསལ་བྱེད་སུམ་ཅུ་དང་གོང་དཔེ་བྱད་བརྒྱད་ཅུའི་སྐབས་བཞི་བཅུར་ཕྱེ་བ་སོགས་གསུངས་ མོད་ཀྱི། དགྲ་གྲོགས་རྩི་བའི་སྐབས་འདིར་བརྡ་སྤྲོད་སོགས་ཀྱི་གཞུང་ལས་འབྱུང་བ་དང་ མཐུན་ཏེ། ངག་སྦྱོར་གྱི་རིམ་པ་དང༌། བརྟན་གཡོ་སོ་སོའི་ས་བོན་དང༌། དུས་སོ་སོར་འཆར་ ཚུལ་དང་ཡི་གེ་ཕན་ཚུན་ཕན་གནོད་བྱེད་ཚུལ་ཏེ། གནས་སྐབས་བཞི་པོ་དེ་དག་ལ་ཕལ་ཆེར་ མཚུངས་པ་མང་ཡང་སོ་སོར་རང་རང་གི་དགོས་པའི་དབང་གིས་མི་འདྲ་བ་ཡང་མང་དུ་ཡོད་ དོ། །དེས་ན་གནས་སྐབས་སྔ་མ་གསུམ་གྱི་མེ་ཆུ་ལྟ་བུ་དགྲ་གཤེད་ཀྱི་རིགས་སུ་གཏོགས་ པ་ཡིན་ཡང༌། དངོས་སུ་ཡི་གེ་ཕན་ཚུན་གནོད་པ་བྱེད་པར་མ་ངེས་ཏེ། འགའ་ཞིག་བར་མ་ དང༌། འགའ་ཞིག་ཕན་པ་ཡང་ཡོད་དོ། །འདིར་སྔགས་ཀྱི་དང་པོ་དང་མིང་གཉིས་ལ་ངེས་ པར་ཕན་གནོད་ཐ་མལ་གསུམ་འབྱུང་བའི་དབང་དུ་མཛད་དེ། འདི་ཙམ་ཞིག་གསུངས་པ་ ཡིན་ལ། འདིའི་དབང་དུ་བྱས་ན་ཆུ་ནི་མེའི་དགྲར་ངེས་ཤིང༌། རླུང་ལ་ཐ་མལ་པ་སྟེ་ནུས་མེད་ དུ་ངེས་ལ། ས་ལ་གྲོགས་པོར་ངེས་ཀྱང་སྤྱི་ལྡོག་ནས་ཆུ་ཁམས་ཀྱི་ཡི་གེ་ཙམ་མེའི་དགྲ་ལ་ སོགས་པའི་རིགས་སུ་སྐྱེས་པ་ཙམ་ཡིན་ཡང༌། མེ་རླུང་ས་གསུམ་གྱི་ཡི་གེ་ལ་རེ་རེ་བཞིན་དུ་ ཕན་གནོད་བར་མ་གསུམ་ཀར་འབྱུང་བའི་སྐབས་སྲིད་པ་ཡིན་ནོ། །དེས་ན་སྐབས་གཞན་དུ་ གསུངས་པའི་གསལ་བྱེད་སུམ་ཅུ་པོ་རྣམས་ལ་ནང་ཚན་ལྔ་ཚན་དྲུག་ལ་ཁམས་དྲུག་གི་རེ་རེ་ སྦྱོར་ཞིང༌། ལྔ་ཚན་རེ་རེ་ཡང་ལྔ་ལྔའོ། །དབྱངས་ལ་སྡེ་ཚན་དྲུག་ལ་ཁམས་དྲུག་མི་སྦྱོར་ཡང་ སྡེ་ཚན་རེ་རེ་བཞིན་ཁམས་འབྱུང་བ་ལྔ་ལྔའི་དབྱེ་བ་སོགས་གསུངས་པ་རྣམས་དང༌། འདིར་ མི་འདྲ་བའི་ཁྱད་པར་ནི། དེར་ཨར་ཡིག་གཉིས་མེ་དང༌། ཨལ་ཡིག་གཉིས་སར་འབྱུང་ཡང་ 3-1-394 འདིར་ནི་བཞི་པོ་དེའི་ཡི་གེ་དང་པོ་ནི་ཨ་ཁོ་ན་ཡིན་པས་ནམ་མཁའི་ཁམས་སུ་བརྩི་ལ། ར་ལ་ གཉིས་མེ་དང་ས་ཡིན་ཡང་དང་པོའི་ཡི་གེ་མ་ཡིན་པས་ཕན་གནོད་བརྩི་མི་དགོས་སོ། །ཨེ་ཨཻ་ གཉིས་ཨི་དང་འདྲ། ཨོ་ཨཽ་གཉིས་ཨུ་དང་འདྲ་ལ་ཅུང་ཟད་སྟོབས་ཆུང་བ་ནི་ཡིན་ནོ། །འདིར་ ཀུ་ཙུ་ཊུ་པུ་ཏུ་ཞེས་འབྱུང་བ་ནི་ཞབས་ཀྱུ་ཨུ་ཡིག་སྦྱར་བས། རང་རང་གི་སྡེ་བ་ཐམས་ཅད་ མཚོན་པ་སྟེ། སྒྲའི་གཞུང་ལས་ཨུཏ་ཀྱིས་སྡེ་དང་བཅས་པའོ། །ཞེས་འབྱུང་བ་བཞིན་ནོ། །དེས་ ན་ཀུ་ནི་ཀ་སྡེ་དང༌། ཙུ་ནི་ཙ་སྡེ་དང༌། ཊུ་ནི་ཊ་སྡེ་དང༌། པུ་ནི་པ་སྡེ་དང༌། ཏུ་ནི་ཏ་སྡེའི་མིང་ཡིན་ ལ། དེའི་ཕྱིར་ཨ་ཀ་ཁ་ག་གྷ་ང༌། ཧ་ྈྐ་རྣམས་མཁའ་ཁམས་ཡིན་ཅིང༌། ཐམས་ཅད་ལ་གྲོགས་ ཁོ་ནར་གནས། ཨི་ཙ་ཚ་ཛ་ཛྷ་ཉ། ཡ་ཤ་རྣམས་ནི་རླུང་ཁམས་ཏེ། ཆུ་ཡི་དགྲ་མེའི་གྲོགས། ས་ ལ་ནུས་མེད་དོ། །རྀ་ཊ་ཋ་ཌ་ཌྷ་ཎ། ར་ཥ་རྣམས་མེ་སྟེ་ས་ཁམས་ཀྱི་དགྲ། ཆུ་ལ་ནུས་མེད་རླུང་ གི་གྲོགས་པོའོ། །ཨུ་པ་ཕ་བ་བྷ་མ། ཝ་ྉྤ་རྣམས་ཆུ་སྟེ་མེའི་དགྲ་དང༌། རླུང་ལ་ནུས་མེད་ དང༌། སའི་གྲོགས་པོ། ལ་ཏ་ཐ་ད་དྷ་ན། ལ་ས་རྣམས་ས་ཁམས་ཏེ་རླུང་གི་དགྲ་དང༌། སའི་ གྲོགས་དང༌། མེ་ལ་ནུས་མེད་དོ། །དེས་ན་སྐབས་འདིར་ས་སྡེ་ཡེ་ཤེས་ཀྱི་ཁམས་ཞེས་ལོགས་ པར་མི་བྱེད་པར་ལྔ་པོའི་ནང་དུ་ཕར་བསྡུས་སོ། །འབྱུང་ཆུང་གི་རིམ་པ་ནི། གཞན་ལ་མི་བརྩི་ སྟེ། སྡེ་པ་ལྔ་པོ་ཉིད་ལ་བྱ་ན། ང་ཉ་ཎ་མ་ན་རྣམས་སྟོང་པའི་ཁམས། གྷ་ཛྷ་ཌྷ་བྷ་དྷ་རྣམས་རླུང་ ཁམས། ག་ཛ་ཌ་བ་ད་རྣམས་མེ་ཁམས། ཁ་ཚ་ཋ་ཕ་ཐ་རྣམས་ཆུ་ཁམས། ཀ་ཙ་ཊ་པ་ཏ་རྣམས་ ས་ཁམས་སོ། །དེ་རྣམས་ཀྱི་ཡང་དགྲ་གྲོགས་བརྩི་ཚུལ་གོང་དང་འདྲ། །སྡོམ་ནི། ཆུ་དགྲ་རླུང་ ཡིན་རླུང་དགྲ་ས། ས་དགྲ་མེ་ཡིན་མེ་དགྲ་ཆུ། །ས་ཆུ་ཕན་ཚུན་གྲོགས་པོ་དང༌། །མེ་རླུང་ཕན་ ཚུན་གྲོགས་པོ་དང༌། །རླུང་ལ་ཆུ་དང་མེ་ལ་ས། །ཆུ་ལ་མེ་དང་ས་ལ་རླུང༌། །སྔ་མར་ཕྱི་མ་ནུས་ མེད་དེ། སྟོང་པ་ཀུན་གྱི་ཕན་ཚུན་གྲོགས། །ཞེས་སོ། །རེ་མིག་དགོད་པར་འདོད་ན། ཕྱོགས་ བཞི་གཡས་སྐོར་ཚུལ་ལ་ནི། ཆུ་མེ་ས་རླུང་རིམ་བཞིན་བཀོད། །བྲང་སྤྲོད་ཟུང་དག་གྲོགས་ 3-1-395 ཡིན་ཏེ། གཡས་སྐོར་ཐ་མལ་གཡོན་སྐོར་དགྲ །ཞེས་པ་སྟེ། དེ་དག་ཐམས་ཅད་ལ་རིགས་ མཚུངས་པ་རྣམས་ནི་རྟག་ཏུ་གྲོགས་ཡིན་ལ། ༀ་ཡིག་ལ་སོགས་པ་མགོ་འདྲེན་པའི་སྔགས་ ཡིག་རྣམས་ཡར་ཕུད་པའི་འདོད་ལྷའི་སྔགས་ཀྱི་ཡི་གེ་དང་པོ་དེ་རྣམས་དང༌། སྒྲུབ་པ་པོའི་ མིང་ཡིག་དང་པོ་དེ་དགྲ་གྲོགས་བརྩི་དགོས་ན། དགྲ་བྱེད་པོ་དང༌། གྲོགས་བྱེད་པོ་དང༌། ནུས་མེད་བྱེད་པ་པོ་ནི་སྔགས་ཡིན་ལ། གང་ལ་བྱ་བའི་ཡུལ་སྒྲུབ་པོའི་མིང་ཡིན་པ་གོ་བར་བྱ་ སྟེ། དཔེར་ན། སྒྲུབ་པོའི་མིང་རབ་འབྱོར་ཞེས་པ་ལྟ་བུ་ཡི་གེ་དང་པོ་ར་ཡིག་མེ་ཁམས་ཡིན་ པ་ལ། ༀ་མཱ་མ་ཀཱི་ཞེས་ཆུ་ཁམས་བྱུང་ན། གསལ་བྱེད་ཀྱི་དགྲ་ཡིན་པས་སྔགས་ཀྱིས་སྒྲུབ་ པ་པོ་ལ་ནད་ཀྱིས་གདུང་བར་བྱེད་ལ། སྒྲུབ་པོའི་མིང་ཡིག་དང་པོ་ར་ཡིག་ལ་སྔགས་ཀྱི་དང་ པོ་ལོ་ཙ་ན་ལྟ་བུ་ལ་ཡིག་ས་ཁམས་ཡོད་ན། ཐ་མལ་པ་སྟེ་ནུས་མེད་ཡིན་པ་དང༌། སྒྲུབ་པོའི་ མིང་ར་ཡིག་ལ་སྔགས་ཀྱི་དང་པོ་ཡ་མནྟ་ཀ་ཞེས་པ་ལྟ་བུ་ཡ་ཡིག་རླུང་ཁམས་ཡོད་པ་གྲོགས་ ཡིན་པས་བདེ་བ་དམ་པ་ཐོབ་པར་བྱེད་ཅིང༌། དབྱངས་ཀྱི་ཡི་གེའི་སྔགས་རྣམས་དགྲར་གྱུར་ ན། སྒྲུབ་པོ་འཆི་བ་དང༌། གྲོགས་སུ་གྱུར་ན་ཡུན་རིང་དུ་འཚོ་བ་དང་དངོས་གྲུབ་ཆེན་པོ་ རྣམས་མྱུར་དུ་ཐོབ་པའོ། །གསལ་བྱེད་དགྲར་གྱུར་པས་ནང་དུ་བྱེད་ཅིང༌། གྲོགས་སུ་གྱུར་ན་ འབྱོར་པ་རྙེད་པ་དང༌། དངོས་གྲུབ་ཆུང་བ་རྣམས་རྙེད་དོ། །རྒྱུད་གཞུང་འདི་རྣམས་སུ་གསལ་ ཁ་མེད་ཀྱང་མན་ངག་གཞན་རྣམས་ལས་འབྱུང་ཆེན་འབྱུང་ཆུང་གཉིས་འབྱུང་ཆུང་སྟོབས་ ཆེ་བར་འདོད་དོ། །ལེགས་སྦྱར་སོགས་རྒྱ་སྐད་ལ་མིང་གི་ཡི་གེ་དང་པོ་དེ་ལ་ཡི་གེ་གཉིས་ བརྩེགས་ཡོད་ན་སྟེང་མ་ལ་བརྩི་བ་ཡིན་ཡང༌། བོད་ཡུལ་འདིར་གྲགས་པའི་སྔོན་འཇུག་དང་ མགོ་ཅན་སོགས་ནི་གཟུགས་འབྲི་བའི་ཚེ་ཐོག་མ་དང་མགོ་བོར་ཡོད་ཀྱང་དོན་སོ་སོར་གོ་ བྱེད་ཀྱི་བརྡ་ཙམ་མ་གཏོགས། ཡི་གེའི་བརྗོད་པ་སྒྱུར་ནུས་མ་ཡིན་པས། ཡི་གེ་དངོས་གཞི་ ལ་བརྩི་མི་དགོས་ཏེ་དཔེར་ན་སྐལ་བཟང་ཞེས་པའི་ས་མགོ་དེ། རྒྱ་སྐད་ཀྱི་ཡི་གེ་བརྩེགས་མ་ 3-1-396 དང་མི་འདྲ་སྟེ། བསོད་ནམས་ཅན་དུ་གོ་བའི་ཆེད་ཀྱི་བརྡ་ཙམ་ཡིན་གྱི་བརྗོད་པའི་ཡི་གེ་མ་ ཡིན་པའི་ཕྱིར། ཀ་ཉིད་ལ་བརྩི་དགོས་པ་དང༌། དཀར་མོ་ཞེས་པ་ལྟ་བུ་ལ་འཕུལ་བྱེད་ད་ཡོད་ པའང༌། ཁ་དོག་གོ་བྱེད་ཀྱི་བརྡ་ཙམ་ཡིན་པས་ད་ཡིག་གི་གཟུགས་དང་པོར་བྲིས་ཀྱང་བརྗོད་ པའི་ཡི་གེ་མ་ཡིན་པའི་ཕྱིར་ཀ་ཉིད་ནས་བརྩི་བ་ཡིན་ལ། ཡང་དགའ་བྱེད་དང༌། རྫ་མཁན་ དང་སྦས་པ་དང༌། བརྡ་གཏོང་བ་ལ་སོགས་པ་ནི། གྷ་ཛྷ་བྷ་དྷའི་དོད་ཡིན་ཏེ་སྒྲ་གཅིག་པའི་ ཕྱིར་དང༌། སྒྲ་ལྟ་བུ་ནི་གྷྲ་ཞེས་པའི་དོད་ཡིན་ཅིང༌། ས་མགོ་ནི་སྙན་ཆ་གོ་བའི་ཕྱིར་ཙམ་སྟེ། བརྩེགས་མའི་དང་པོ་གྷ་རང་ཉིད་ཡིན་གྱི་ས་མ་ཡིན་པ་དང༌། རྒྱ་སྐད་ཀྱི་ཡི་གེ་ཛྙ་ལ་ཟུར་ཆག་ པའི་ཚུལ་གྱིས་རྒྱ་གར་གྱི་ཡུལ་ཕལ་ཆེ་བ་ན། རྒྱ་ཞེས་འབོད་པ་དང༌། འགའ་ཞིག་ཏུ་གྷྱ་ཞེས་ འབོད་པ་ཡང་སྣང་བ། ཡི་གེའི་ངོ་བོ་མི་གཅིག་ཀྱང་སྒྲ་ཕྱོགས་མཚུངས་པའི་འདྲ་ཆོས་ཡོད་ པས། བོད་ཀྱི་ཡི་གེ་མཁན་པོས་རྒ་ལ་ཡ་བཏགས་ཀྱི་རྣམ་གཞག་སོགས་བྱས་ནས། ཛྙ་ཟུར་ ཆག་དང་བརྗོད་པ་གཅིག་པར་བྱུང་བས། རྒྱལ་པོ་ཞེས་པ་ལྟ་བུའི་ཡི་གེ་དང་པོ་རྒྱ་སྐད་ཀྱི་ཛྙ་ ཡིག་གི་རིགས་སུ་བསྡུ་བར་བྱའོ། །ཅ་ཆ་ཇ་རྣམས་ཙ་ཚ་ཛ་ཉིད་ཡིན་ལ། དཔྱོད་ལྡན་དང་སྤྱོད་ པ་ཞེས་པ་ལྟ་བུ་བོད་ཡིག་གི་གཟུགས་ལ་བ་འཕུལ་བཞག་ཅན་དང་ས་མགོ་ཅན་ཡིན་ཡང་ རྒྱ་ཡིག་གི་ལུས་འགྱུར་དང་འདྲ་སྟེ། ཡིག་གཟུགས་ཡི་གེ་མ་ཡིན་ལ། བརྗོད་པ་ཉིད་ཡི་གེར་ འཇོག་དགོས་པས། དེ་དག་ཀྱང་ཙ་ཡིག་གི་ཁོངས་སུ་བསྡུའོ། །དེ་རྣམས་ཀྱིས་གཞན་ལའང་ རིགས་འགྲེ་སྟེ། ཞ་ནི་ཤ་དང་མཚུངས་པར་གྲགས་པ་བཞིན་དང༌། ཟ་ནི་ས་དང་མཚུངས་པར་ གྲགས་ཤིང༌། སྒྲ་མཚུངས་པས་ན་ཛ་དང་ཡང་འདྲ་བར་མངོན་ལ། འ་ནི་ཨ་ཡིག་དང་མཚུངས་ པར་བྱ་སྟེ། སྔོན་གྱི་བོད་ཡིག་བྱེད་པོས་རིང་པོ་ལ་འ་འདོགས་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན་ ནོ། །དེ་བཞིན་དུ་མཁའ་ནི་ཁ། མངའ་ནི་ང༌། འཚ་ནི་ཚ། མཐ་ནི་ཐ། འཕ་ནི་ཕ། དམའ་ནི་ མ། ལྷ་ནི་ལ། བཤ་ནི་ཤ། བསའ་ནི་ས་དང་མཚུངས་པ་སྟེ། དེ་དག་གིས་རིགས་འགྲེ་སྟེ་མ་ 3-1-397 བཤད་པ་རྣམས་ཀྱང་དཔག་པར་ནུས་སོ། །དེས་ན་ཡི་གེའི་དགྲ་གྲོགས་འདི་དག་རྒྱ་སྐད་ཀྱི་ སྟེང་དུ་བརྩི་ཚུལ་ཡིན་པས། བོད་སྐད་དུ་ངོ་བོ་མི་འདྲ་བ་རྣམས་ལ་དོད་བརྩི་བ་གལ་ཆེ་ཞིང༌། ཡི་གེ་ཡང་གཟུགས་ལ་མི་བརྩི་ཡི་བརྗོད་པའི་སྒོ་ནས་བརྩི་དགོས་སོ། །འོ་ན་འདི་དག་སྔགས་ བཟླས་པ་ཐམས་ཅད་ལ་བརྩི་དགོས་སམ་སྙམ་ན། སེམས་ཅན་བསམ་པའི་བྱེ་བྲག་གིས་ སྔགས་བྱེད་པ་པོས་གང་བྱིན་གྱིས་བརླབས་པ་དེ་ཁོ་ན་ལ་ནུས་པ་དེ་འབྱུང་བ་ཡིན་པས། རྒྱུད་ འདི་དང་དེའི་རྗེས་སུ་འབྲང་བ་རྣམས་ལ་ངེས་པར་གལ་ཆེ་ཞིང༌། བླ་མེད་ཀྱི་རྒྱུད་སྡེ་གཞན་ རྣམས་ལ་འདི་ལྟར་བརྩི་བ་ལེགས་པའི་ཡན་ལག་ཏུ་འགྱུར་བ་ནི་ཡོད་ཀྱི་ངེས་པར་དགོས་པ་ ནི་མིན་ལ། རྒྱུད་སྡེ་འོག་མ་རྣམས་སུ་འདི་དག་མི་དགོས་པ་ཤས་ཆེའོ། །རྒྱུ་མཚན་ཡང་རྒྱུད་ འདིར་{མི་[ནི་]འབྱུང་བའི་ཁམས་ཀྱི་རིམ་པ་ཉིད་འཁོར་འདས་བརྟན་གཡོ་ཀུན་གྱི་སྲོག་ཏུ་ བཞག་པའི་རྒྱུ་མཚན་གྱིས་ཡིན་ལ། བླ་མེད་གཞན་རྣམས་ལས་ཁམས་ལྔ་སྲོག་ཏུ་བཞག་པ་ ཅུང་ཟད་ཡོད་ཀྱང༌། རྒྱུད་འདི་ལྟ་བུར་རྩལ་དུ་བཏོན་པ་མེད་པའི་ཕྱིར་དང༌། འོག་མ་རྣམས་ སུ་དེ་འདྲའི་དག་སྦྱོར་རེ་ཞིག་དངོས་སུ་གསུངས་པ་མེད་ཅིང་མི་སྦྱོར་བའི་ཕྱིར་རོ། །ཕྱི་རོལ་ གྱི་སྔགས་རྒྱུད་ལ་ཡང་རིགས་ཅན་དང་མཁའ་ལྡིང་གི་རྒྱུད་ལ་ཡི་གེའི་ཁམས་ཀྱི་དགྲ་གྲོགས་ བརྩི་ཞིང༌། རི་ཁྲོད་པ་དང༌། འབྱུང་པོ་དང་འཆོལ་བའི་རྒྱུ་ལ་བརྩི་མི་དགོས་པ་དང་འདྲའོ་ ཞེས་བླ་མ་པཎྜི་ཏ་འགའ་ཞིག་གསུང་ངོ༌། །གོང་དུ་དྲངས་པའི་རྩ་རྒྱུད་ཀྱི་ལུང་ལས། སྒྲུབ་པ་ པོ་ཡི་ཡི་གེ་གཉིས། །སྐྱེ་བ་ལས་སྐྱེས་མིང་སྐྱེས་འགྱུར། །ཞེས་པའི་དོན་སྒྲུབ་པ་པོའི་ཡི་གེ་ནི་ རྣམ་པ་གཉིས་ཏེ། སྐྱེ་བའི་ཡི་གེ་དང་མིང་གི་ཡི་གེ་འོ། །ཕྱི་མ་བཤད་ཟིན་པ་དང༌། སྐྱེ་བའི་ ཡི་གེ་ནི་དང་པོ་བཙས་པའི་དུས་སུ་ཞག་དེ་ལ་ཡི་གེ་གང་ཤར་བ་དང༌། ཡུད་ཙམ་སུམ་ཅུའི་ཡི་ གེ་གང་ལ་བཙས་པ་དང༌། དབྱུག་གུ་སོ་སོའི་ཡི་གེ་གང་ལ་བཙས་པ་དག་བརྩིས་ཏེ། དེ་དང་ སྔགས་ཀྱི་ཡི་གེའི་དགྲ་གྲོགས་བརྩི་དགོས་པ་ཡིན་ཏེ། འདིའི་རྒྱས་བཤད་རང་གི་ཡི་གེ་ལ་ 3-1-398 ཡང་གཉིས་ཞེས་སོགས་རྡོ་རྗེ་སྙིང་འགྲེལ་གྱི་ལུང་དྲངས་པ་དེ་ཡིན་ནོ། །སྤྱིར་ནས་མིང་ལས་ ཀྱང་འདི་གལ་ཆེ་བ་འདྲ་བ་ཞིག་འདུག་ཀྱང༌། བོད་ཡུལ་འདིར་དེ་རྟོགས་པར་དཀའ་བས་སྐྱེ་ བའི་ཡི་གེ་གང་ཡིན་མ་ཤེས་པ་སྐྱོན་ཡིན་ཡང༌། དེ་ལ་བརྟེན་པའི་རྣམ་རྟོག་མི་འཇུག་པ་ཡོན་ ཏན་དུ་སྣང་བས་ཡུལ་ལུགས་དང་བསྟུན་པར་བྱོས་ཤིག འདིར་ཡི་གེ་མངས་པར་འགྱུར་བའི་ ཕྱིར་མ་སྤྲོས་སོ།། །། ལྔ་པ་ལས་དང་མཐུན་པའི་བགྲང་འཕྲེང་གི་དབྱེ་བ་ནི་མདོ་ཙམ་དུ་བཤད་ན། ཞི་བ་ལ་ ཤེལ་གྱི་བགྲང་འཕྲེང་སྟེ། དབྱངས་ཐུང་ངུ་བཅོ་ལྔ་ལ་ཨཾ་ཨཾ་ཧཾ་བསྣན་པ་དབྱངས་བཅོ་བརྒྱད་ ཀྱི་གྲངས་སོ། །རྒྱས་པ་ལ་མུ་ཏིག་གི་བགྲང་འཕྲེང་སྟེ་དབྱངས་ཐུང་ངུ་བཅོ་བརྒྱད་དང༌། རིང་ པོ་བཅོ་བརྒྱད་དེ་སུམ་ཅུ་རྩ་དྲུག་གི་གྲངས་ཀྱིས་སོ། །དབང་ལ་བོ་ཏེ་ཙེའི་བགྲང་འཕྲེང་སྟེ་ གསལ་བྱེད་སུམ་ཅུ་རྩ་དྲུག་གི་གྲངས་ཀྱིས་སོ། །དགུག་པ་ལ་ཙན་དན་ནམ་པདྨའི་ས་བོན་ གྱི་བགྲང་འཕྲེང་སྟེ་གསལ་བྱེད་ཐུང་ངུ་སུམ་ཅུ་རྩ་དྲུག་དང་། དབྱངས་བཅོ་བརྒྱད་འདུས་པ་ ལྔ་བཅུ་རྩ་བཞིའི་གྲངས་ཀྱིས་སོ། །བསད་པ་ལ་མིའི་སོའི་བགྲང་འཕྲེང་སྟེ་རྒྱུ་སྐར་ཉི་ཤུ་རྩ་ བདུན་གྱི་གྲངས་ཀྱིས་སོ། །སྡང་བ་དང་བསྐྲད་པ་ལ་རྔ་མོའམ་བོང་བུའི་སོའི་བགྲང་འཕྲེང་སྟེ་ རྒྱུ་སྐར་ཉིས་འགྱུར་ལྔ་བཅུ་རྩ་བཞི་གྲངས་ཀྱིས་སོ། །རྨོངས་པ་ལ་ལུང་ཏང་གི་བགྲང་འཕྲེང་ སྟེ། རིལ་བུ་ཕྱེད་བཅས་བཅུ་གསུམ་རྒྱུ་སྐར་ཕྱེད་ཀྱི་གྲངས་ཀྱིས་སོ། །རེངས་པ་ལ་རུ་རག་ ཤའི་བགྲང་འཕྲེང་སྟེ་ཐུང་ངུ་དང་རིང་པོའི་གསལ་བྱེད་བདུན་བཅུ་རྩ་གཉིས་དང་དབྱངས་ སུམ་ཅུ་རྩ་དྲུག་བསྲེས་པ་བརྒྱ་དང་བརྒྱད་ཀྱི་གྲངས་ཀྱིས་སོ། །སླར་གསོ་བ་ལ་ནི། མ་ར་ ཀ་ཏའི་བགྲང་འཕྲེང་གིས་སོ། །ལས་ཐམས་ཅད་པ་ལ་དབང་ལེའི་སྦྱིན་སྲེག་གི་སྐབས་སུ་ གསུངས་པ་ལྟར་མཚན་སོ་གཉིས་དང༌། དཔེ་བྱད་བརྒྱད་ཅུ་བསྲེས་པའི་གྲངས་སྤྱིར་བརྒྱ་དང་ བཅུ་གཉིས་ཡིན་པ་ལས་བཞི་ནི་རྡོ་རྗེ་བཞི་དང་རི་རབ་ཀྱི་གདོང་བཞི་མཚོན་པ་མདོ་འཛིན་ 3-1-399 གྱི་དོན་དུ་སྦྱར་བས་འཕྲེང་བ་དངོས་ལ་རིལ་བུ་བརྒྱ་རྩ་བརྒྱད་པ་སྟེ། རྒྱུ་ནི་ཞི་རྒྱས་སམ་ལྷ་ དབང་དུ་བྱེད་པ་ཡིན་པའི་ཕྱིར་བོ་ཏེ་ཙེའམ། གཞན་ཡང་དགེ་ཞིང་ཤིས་པའི་རྒྱུ་གང་ཡང་རུང་ བ་སྟེ། བསྙེན་པའི་དུས་ཀྱང་ལས་ཐམས་ཅད་པ་དང་འདྲའོ། ། བགྲང་འཕྲེང་བྱིན་གྱིས་བརླབས་པ་ནི། གདན་བཞི་དང་སམྦུ་ཊིའམ་དཀྱིལ་འཁོར་གྱི་ཆོ་ ག་རྡོ་རྗེ་འཕྲེང་བ་སོགས་ལས་འབྱུང་བ་བཞིན་བྱས་ཀྱང་ལེགས་ལ། ཡང་ན་མན་ངག་ལས་ འབྱུང་བ་ཧཱུཾ་ཕྲཻཾ་ལས་གཙོ་བོ་ཡབ་ཡུམ་གྱི་ངོ་བོ་བགྲང་འཕྲེང་ཉིད་དུ་བསྐྱེད། བགྲང་འཕྲེང་ལ་ ཡེ་ཤེས་པ་བསྟིམ་ནས། རིགས་དྲུག་གི་ས་བོན་བརྒྱ་རྩས་བྱིན་གྱིས་བརླབས་ནའང་ལེགས་པ་ ཡིན་ནོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་པར་བཤད་པ་ལས། སྔགས་ཀྱི་ བཟླས་པའི་རིམ་པ་བཤད་པའི་སྡེ་ཚན་ཏེ་དགུ་པའོ།། །། གསུམ་པ་ལ་མཆོད་པ་གཏོར་མ་ཟས་ཀྱི་རྣལ་འབྱོར་གསུམ་ནི། སྒྲུབ་ཐབས་ལེའུར། ༀ་ ཨཱཿཧཱུཾ་ཧོཿརིམ་པར་གནས་པས་དང་པོར་འདིར་ནི་རྟག་ཏུ་ཆང་ནི་སྦྱངས་ནས་རྒྱས་པར་བྱ། རབ་ཏུ་འབར་བར་བྱས་ཏེ་རིང་བོང་ཅན་ནི་ཞུ་བ་བཞིན་དུ་རིམ་པས་བསྒོམས་པར་བྱས་ནས་ ནི། །སྣོད་དེ་ནས་ནི་ཐིག་ལེ་དག་གིས་ལག་པར་རི་བོང་ཅན་གྱི་མིང་མེད་རྩེ་མོས་ས་གཞི་ ལ། ཕྱི་རོལ་ཏུ་ནི་ཟུར་གསུམ་བྱས་ནས་དེ་ཡི་དབུས་སུ་ཉིན་མོར་བྱེད་པ་དང་མཚུངས་ཟླུམ་ པོའོ།དེ་ཡི་དབུས་སུ་ཡེ་ཤེས་འཁོར་ལོ་སྲིད་གསུམ་གནས་པ་དག་ཀྱང་འདིར་ནི་སྔགས་པས་ བསྒོམས་བྱས་ནས། །མཐེ་བོང་དང་ནི་མིང་མེད་དག་གིས་ཉིན་ཞག་སོ་སོའི་དུས་སུ་ཚིམ་པར་ བྱེད་པ་ལ་སོགས་བྱ། །ཡུལ་དང་གྲོང་གི་བདག་པོ་རྣམས་ལ་ཐོག་མར་འདིར་ནི་གཏོར་མ་ དང་པོ་དབུས་མཐའི་མིང་གིས་ཏེ། །འཕྲོག་མ་ལ་ནི་ཆང་བུ་གཉིས་དང་སླར་ཡང་སྔགས་པས་ ཁྲོ་བོའི་རྒྱལ་པོ་ལ་ནི་གཏོར་མའོ། །ཕོ་ཉ་མོ་རྣམས་དག་ལ་ཟས་ཀྱི་ཕུད་ནི་ས་སྟེང་གནས་སུ་ བདག་པོའི་རྡོ་རྗེ་རྣམས་ཀྱིས་སྦྱིན། །འབྱུང་པོ་རྣམས་ལ་ཟོས་པའི་ལྷ་མ་སླར་ཡང་དགེ་བའི་ 3-1-400 དོན་དུ་སྦྱིན་པའི་ཚིགས་བཅད་འདིར་བཀླག་གོ །ཞེས་གསུངས་ཤིང༌། གཤེགས་སུ་གསོལ་ བ་ཡང་སྒྲུབ་ལེར། གཙུག་ཏོར་དུ་ནི་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ་ཕྱི་རོལ་རྩེ་མོ་དག་ནི་ཉིས་ འགྱུར་གྱི། །རྡོ་རྗེ་ཆོས་ཀྱི་འཁོར་ལོ་འགྱུར་ཞིང་ཉིས་འགྱུར་གཞན་མ་དང་ནི་དེ་ཡི་ཉིས་འགྱུར་ དག་ཀྱང་གཞན། །དེ་ཡི་ཡང་ནི་ཉིས་འགྱུར་གཞན་དུ་འགྱུར་ཏེ་ལྷན་སྐྱེས་ལོངས་སྤྱོད་རྫོགས་ དང་སྤྲུལ་པའི་འཁོར་ལོར་རོ། །དེ་ཡི་སྙིང་པོར་རྩེ་མོ་གཅིག་པ་བདེ་མཉམ་འབྲས་སྟེར་གསང་ བའི་པདྨའི་ཁོངས་སུ་གནས་པའོ། །ཞེས་གསུངས་ཤིང༌། ཡང་མཎྜལ་དང་འབྲེལ་བའི་མཆོད་ ཆོག་ནི། དབང་ལེའི་ཚིགས་བཅད་གྱ་བཞི་པའི་འགྲེལ་བར་གསལ་བར་གསུངས་པས། དེ་ རྣམས་ཀྱི་ཁོག་དོན་སྡེབ་ན། འགྲེལ་ཆེན་ལས། དེ་ལྟར་གཤེགས་སུ་གསོལ་བ་བྱས་ཏེ། དེ་ ནས་ཐུན་མཚམས་གསུམ་ལ་སྔར་གསུངས་པའི་ཆོ་གས་གཏོར་མ་སྦྱིན་པར་བྱའོ། །སྔར་གྱི་ ཆོ་གས་བདུད་རྩི་ལྔ་སྦྱང་བ་བྱས་ནས། དེས་བདག་ཉིད་ཚིམ་པར་བྱའོ། །ཞེས་བདག་བསྐྱེད་ ཀྱི་ལྷ་ཚོགས་རང་ཉིད་ལ་བསྡུ་བའི་གཤེགས་གསོལ་བྱས་ཟིན་པའི་རྗེས་སུ་གཏོར་མ་འབུལ་ བ་དང༌། གཏོར་མའི་རྗེས་སུ་ཁ་ཟས་ཀྱི་རྣལ་འབྱོར་བྱ་བར་ཤིན་ཏུ་གསལ་ལ། དེའི་ཕྱིར་སྤྱི་ ལྡོག་ནས་བདག་བསྐྱེད་ལ་གཏོར་མ་ཙམ་མི་འགོག་ཀྱང་སྐབས་འདིར་གཏོར་ཆོག་ནི་བདག་ བསྐྱེད་ཀྱི་ལྷ་ལ་མ་ཡིན་ཏེ། སྤྱིར་མདུན་བསྐྱེད་དང༌། ཁྱད་པར་དུ་ཡང་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ ཤུགས་སྡེ་དྲུག་དང་བཅས་པ་ལ་འབུལ་བ་དང༌། གཞན་མཁའ་འགྲོ་མ་དང་ཡུལ་བདག་གྲོང་ བདག་སོགས་ལ་སྦྱིན་པ་ཉིད་ཡིན་ཅིང༌། ཁ་ཟས་ཀྱི་བྱ་བའང་ཐུན་མཚམས་དེ་ཉིད་ལ་བྱེད་རྒྱུ་ ཡིན་ན་གཏོར་མའི་རྗེས་སུ་བྱ་ཡི། སྔོན་དུ་མ་ཡིན་ཏེ་ཟས་ཀྱི་ཕུད་ཉིད་ལ་གཏོར་མ་བྱ་བའམ། མ་ཡིན་ཀྱང་ཟས་ཀྱི་ཕུད་ནས་གཏོར་མ་ལ་འབུལ་དགོས་པའི་དབང་དུ་བྱས་སོ། །མཎྜལ་ མཆོད་པའི་ཆོ་ག་ནི། དབང་ལེའི་གྱ་བཞི་པའི་འགྲེལ་པ་ལས་འདི་སྐད་ཅེས། འདིར་སྔར་ བརྗོད་པའི་ཆོ་གས་ལྷ་རྣམས་དམིགས་པ་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་ 3-1-401 གི་འཁོར་ལོ་དང་ལྷན་ཅིག་ཏུ་བྱས་ནས། སྔར་གྱི་སྔགས་ཀྱི་ཚིག་རྣམས་ཀྱིས་མཆོད་ཡོན་ལ་ སོགས་པ་འབུལ་ལོ། །ཞེས་གསུངས་པའི་སྔར་བརྗོད་པའི་ཆོ་གས་ལྷ་ལ་དམིགས་པར་བྱས་ ཏེ། ཞེས་པའི་ལྷ་ལ་དམིགས་པ་སྔར་གསུངས་པ་ལ་ཁ་འཕངས་པའི་གནས་སྐབས་ནི་གཉིས་ ཡོད་དེ། དབང་ལེའི་མདོར་བསྡུས་གཉིས་པར་འདི་སྐད་ཅེས། སྟོང་པ་ཉིད་ལ་དམིགས་པ་ དང༌། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་དང༌། ཐིག་ལེའི་རྣལ་འབྱོར་དང༌། ཕྲ་ མོའི་རྣལ་འབྱོར་རྣམས་སྔགས་པས་བྱའོ། །ཞེས་གསུངས་པས། དེ་ལ་བསྙེགས་པ་ན་བདག་ བསྐྱེད་ཀྱི་མཐར་དཀྱིལ་འཁོར་མ་བསྡུས་པ་ཉིད་ལ་མཎྜལ་དུ་དམ་ཡེ་བསྲེས་ནས་མཆོད་པ་ བྱ་བར་གསུངས་པར་སོང་བས། བདག་བསྐྱེད་ཀྱི་ལྷ་ལ་མཆོད་པ་འབུལ་བ་བསྟན་ལ། ཡང་ མདོར་བསྡུས་གསུམ་པར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་རྒྱས་པར་གསུངས་ཟིན་པ་ལས་ ཁ་འཕངས་པའང་ཡིན་པས་སྔར་ཇི་ལྟར་བཤད་པའི་ལྷ་ཚོགས་དེ་ལྟ་བུར་བསྒོམ་ཞེས་པར་ འགྱུར་ལ། དངོས་བསྟན་ཡང་མདུན་བསྐྱེད་ཀྱི་འཇུག་ཉིད་ན་ཡོད་པ་གཉིས་ཀ་ལ་ཡང་འཇུག་ མོད་ཀྱི། ཆོ་གས་ལྷ་རྣམས་ལ་དམིགས་ཞེས་པའི་ཚིག་ནི་མདུན་བསྐྱེད་ཀྱི་བསྐྱེད་ཆོག་ལས་ ཀྱང་བདག་བསྐྱེད་རྣལ་འབྱོར་བཞི་ལ་གཙོ་བོར་འཇུག་གོ །དེས་ན་བདག་བསྐྱེད་ཀྱི་ལྷ་ མཎྜལ་དུ་མཆོད་པ་ཡང་ངེས་པར་གྲུབ་ལ། མཆོད་ཆོག་དང་གཏོར་ཆོག་གཉིས་དཀྱུས་ཐོག་ གཅིག་ལ་བྱེད་ན་སྤྱིར་ཡང་གཏོར་ཆོག་འཇུག་ཏུ་བྱེད་པ་ཕལ་ཆེར་ལ་གྲགས་ལ། ཁྱད་པར་ འདིར་མཆོད་ཆོག་ནི། བདག་བསྐྱེད་མ་བསྡུས་པ་ལ་བྱེད་དགོས་ཤིང༌། གཏོར་ཆོག་ནི་བདག་ བསྐྱེད་ཀྱི་དཀྱིལ་འཁོར་བསྡུས་པའི་རྗེས་སུ་བྱེད་པས་སྔར་གྱི་ལུང་གིས་གྲུབ་པས། བདག་ བསྐྱེད་མཎྜལ་མཆོད་པ་ནི་སྔོན་དུ་བྱ་དགོས་ཤིང༌། དེ་ལ་ཕྱི་མཆོད་ནང་མཆོད་གཉིས་ཡོད་པ་ ལས་སྔོན་དུ་ཕྱི་མཆོད་བྱེད་པ་རྒྱུད་སྡེ་སྤྱིའི་ལག་ལེན་གྱི་རིག་པས་གྲུབ། དེ་གཉིས་ལ་དཀྱིལ་ འཁོར་སོ་སོ་མི་དགོས་པར་གཅིག་གི་སྟེང་ནས་བསྒྲུབས་ཀྱང་རུང་མོད། དབང་ལེར་མཎྜལ་ 3-1-402 མཆོད་པ་དངོས་ལ་ཙནྡན་ལ་སོགས་པའི་མཎྜལ་གསུངས་པ་ཕྱི་མཆོད་དང༌། སྒྲུབ་ལེར་ནང་ མཆོད་བྱིན་གྱིས་བརླབས་ནས་བདུད་རྩིའི་མཎྜལ་བྱེད་པར་གསུངས་པ་ནང་གི་མཆོད་པའི་ མཎྜལ་ཡིན་པར་ཤིན་ཏུ་གསལ་བས་འགྲུབ་ན་སོ་སོར་བྱའོ། ། མཆོད་སྔགས་ཆེན་མོ་ནི། དེང་སང་ནང་མཆོད་ལ་སྦྱོར་བའི་ལག་ལེན་ཁོ་ན་ཡོད་ཀྱང་ མེ་ཏོག་ལ་སོགས་པ་དང༌། མཆོད་པ་བཅུའམ་བཅུ་གསུམ་དང་ཕྱི་ནང་གསང་བ་ཐམས་ཅད་ ཀྱི་སྤྱི་སྔགས་ཡིན་ནོ། །མཎྜལ་མཆོད་པ་མདུན་བསྐྱེད་དུ་བྱེད་པའི་རིགས་ལ། དཀྱིལ་འཁོར་ རྒྱས་པ་དང་འབྲེལ་ན་དཀྱིལ་འཁོར་མཆོད་པ་དངོས་གཞི་ཉིད་ཀྱི་སྐབས་ལས་གཞན་དུ་མ་ ཡིན་ལ། ལོགས་སུ་བྱེད་ན་ཕལ་ཆེར་བདག་བསྐྱེད་བསྡུས་པའི་མཐར་བྱེད་པ་དང༌། མཆོད་ ཆོག་ཙམ་ལ་བདག་བསྐྱེད་སྔོན་དུ་མ་སོང་ཡང་ཐུན་མཚམས་ཀྱི་ལྷ་ལ་བརྟེན་ནས་ཀྱང་བྱར་ རུང་མོད་ཀྱི། གལ་ཏེ་གཏོར་ཆོག་དང་སྦྲེལ་ནས་བྱེད་ན་མདུན་བསྐྱེད་ལ་མཆོད་ཆོག་སོང་ བའི་རྗེས་སུ་གཏོར་ཆོག་བྱའོ། ། ཁ་ཟས་ཀྱི་རྣལ་འབྱོར་ནི། སྤྱིར་ངེས་པ་མེད་ཀྱང་དེའི་རྗེས་སུ་དཔའ་བོའི་སྟོན་མོ་བསྡུས་ པའི་ཚུལ་གྱིས་བྱེད་པ་ཡིན་པ་ལས། འཁོར་ལོའི་མཆོད་ཆོག་དངོས་ལ་ཟས་ཀྱི་བྱ་བ་ཟིན། ལྷག་གཏོར་བཏང་བའི་འོག་ཏུ་མཎྜལ་དང༌། གཏོར་མའི་ལྷ་རྣམས་གཤེགས་སུ་གསོལ་བ་ ཡིན་ཀྱང༌། དཀྱུས་ཀྱི་རྣལ་འབྱོར་ལ་ནི་དེ་ལྟར་བྱས་ཀྱང་རུང༌། མཎྜལ་གྱིའམ་དེ་དང་གཏོར་ མའི་ལྷ་ལྷན་གཅིག་ཏུ་གཤེགས་སུ་གསོལ་ཟིན་པའི་རྗེས་སུ་ཁ་ཟས་ཀྱི་རྣལ་འབྱོར་བྱས་ཀྱང་ རུང་ངོ༌། ། ཡང་དཀྱིལ་འཁོར་རྒྱས་པ་དང་མ་འབྲེལ་ན་མཆོད་པ་འབུལ་བའི་ཡུལ་གཏོར་མའི་ མགྲོན་ཅུང་ཟད་མི་འདྲ་བས། མཎྜལ་མཆོད་པའི་ལྷ་གཤེགས་སུ་གསོལ་བའི་རྗེས་སུ་གཏོར་ ཆོག་བྱ། དེ་གཤེགས་སུ་གསོལ་ནས་ཟས་ཀྱི་རྣལ་འབྱོར་བྱས་པས་ཀྱང་ཆོག་གོ །དེ་ལྟར་སྤྱི་ 3-1-403 ཁོག་ངེས་པར་བྱས་ནས། སྐབས་འདིར་ཐུན་མཚམས་ཀྱི་བྱ་བ་ལ་དབྱེ་ན། མཆོད་བསྟོད་གྱི་ རྣལ་འབྱོར། ཉེར་བསྡུའི་རིམ་པ། གཏོར་མའི་ཆོ་ག ཁ་ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་ རྣལ་འབྱོར་ཏེ་ལྔ་ལས། དང་པོ་ལ་མཆོད་པ་བསྡུས་པ་དང་རྒྱས་པ་གཉིས་སོ། །དང་པོ་བསྡུས་ པ་ནི། སྒྲུབ་ཐབས་ལྗོན་ཤིང་ལ་འཇུག་པ་ལས། དཀྱུས་སུ་བསྟན་པའི་མཆོད་པ་བཅུ་གཉིས་ དང༌། འདུད་ཉི་ཤུ་དང༌། ཡེ་ཤེས་ལྔའི་བསྟོད་པས་བསྟོད་པ་ཙམ་བྱ་བ་སྟེ། དཀྱིལ་འཁོར་སྒྲུབ་ མཆོད་སྐབས་ཀྱི་བདག་བསྐྱེད་ཀྱི་འཇུག་ཏུ་འདི་ཁོ་ན་འཇུག་ཅིང༌། རྒྱུན་གྱི་ཉམས་ལེན་ལ་ནི། མཆོད་ཆོག་རྒྱས་པ་གང་འགྲུབ་བྱ་ཞིང༌། མི་ཤེས་པ་དང༌། མི་ནུས་པ་དང༌། ལོང་སྐབས་མེད་ ན་འདི་ཙམ་གྱིས་ཀྱང་གོ་ནི་ཆོད་ལ། ཁ་ཅིག་སྡེབ་གཅིག་ལ་བསྡུས་རྒྱས་གཉིས་ཀར་བྱེད་པ་ ནི། སྤྲོས་པ་ཁོ་ན་ལྷུར་བླངས་པ་ལས་གཞན་མ་ཡིན་ནོ། །བཟླས་པའི་འཇུག་ཏུ་མཎྜལ་དང་ འབྲེལ་བའི་ཆོ་ག་རྒྱས་པ་འདི་བྱེད་ཕྱིན། མཆོད་བསྟོད་བསྡུས་པ་འདི་མི་དགོས་མོད། གཞན་ དག་ཕལ་ཆེར་གྱིས་ཕྱི་རོལ་རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་བཞེངས་ཤིང་བསྒྲུབས་པ་ལ་ མཆོད་པ་འབུལ་བའི་སྐབས། མཎྜལ་དུ་དམ་ཚིག་པ་བསྐྱེད་པ་ལ་རྡུལ་ཚོན་དཀྱིལ་འཁོར་ གྱི་ལྷ་ཚུར་སྤྱན་འདྲེན་པའམ། མཎྜལ་དུ་དཀྱིལ་འཁོར་གྱི་གཟུགས་བརྙན་དམ་ཚིག་པ་རྗེས་ མཐུན་པ་ལ། མགྲོན་གྱི་ལྷ་ཡེ་ཤེས་པ་རྗེས་མཐུན་པ་བྱས་ཏེ་བཀུག་ནས། དེ་ཉིད་ལ་མཆོད་ པ་འབུལ་བར་གསུངས་པ་དེ་དངོས་བསྟན་དཀྱིལ་འཁོར་དང་འབྲེལ་བའི་མདུན་བསྐྱེད་ཀྱི་ མཆོད་པ་ཡིན་ཅིང༌། དེ་ཙམ་གོ་ཡང་བླ་མའི་མན་ངག་གི་དཀྱུས་ཀྱི་ཉམས་ལེན་ལ། བདག་ བསྐྱེད་ཀྱི་དཀྱིལ་འཁོར་མཎྜལ་ལ་གཟུགས་བརྙན་ཤར་བའི་ཚུལ་ཅན་དམ་ཚིག་པ་རྗེས་ མཐུན་པ་དང༌། མགྲོན་གྱི་ལྷ་ཡེ་ཤེས་པ་རྗེས་མཐུན་པ་ཡང་སྤྱན་དྲངས་ཏེ་མཆོད་པའི་ལག་ ལེན་གྱི་རྒྱུན་ཉམས་པས་རྒྱུད་འགྲེལ་གྱི་དགོངས་པ་དེ་ལྟར་ཡིན་པ་མ་ཤེས་པར། མཎྜལ་ མཆོད་ཕྱིན་ཕྱི་རོལ་མཆོད་པ་ཁོ་ནར་བསམས་ཤིང༌། དེའི་ཚེ་བདག་བསྐྱེད་ལ་མཆོད་བསྟོད་ 3-1-404 བསྡུས་པ་དེ་མ་བྱས་ན། མཎྜལ་མཆོད་པ་བྱེད་རིང་བདག་བསྐྱེད་གུག་པར་ལས་ཀྱི་དོགས་པ་ དེར་སྣང་ལ། མཎྜལ་གྱི་ལྷ་དང་བདག་བསྐྱེད་ཀྱི་ལྷ་ཐ་དད་པར་བཟུང་བས་གཤེགས་གསོལ་ གྱི་སྐབས་མཎྜལ་གྱི་ལྷ་བཛྲ་མུཿཡིས་ཟངས་ཀྱིས་གཤེགས་ནས། བདག་བསྐྱེད་ཀྱི་དཀྱིལ་ འཁོར་བསྡུ་བར་འདོད་ལ། ཡང་ན་བདག་བསྐྱེད་ཀྱི་ལྷ་དང་མཉམ་པོར་རིགས་མཐུན་རིགས་ མཐུན་སྡེབས་ནས་མཎྜལ་གྱི་ལྷ་བསྡུས་ཀྱང་ཆོག་ཅེས་འདམ་ཁའི་སྒོ་ནས་སྦུབས་ཡངས་ འཕྲུལ་ཆགས་ཡིན་པར་རློམ་མོ། །གལ་ཏེ་མཎྜལ་མཆོད་པ་འདི་ཕྱི་རོལ་མཆོད་པའམ་མདུན་ བསྐྱེད་ཁོ་ན་ཡིན་ན། བདག་བསྐྱེད་ཀྱི་དཀྱིལ་འཁོར་མ་བསྡུས་ཀྱང་གནད་འཆུག་པའི་ནོར་ བ་ཏ་མིན་མོད་འོན་ཀྱང་དེའི་སྔོན་དུ་བསྡུ་བ་ཉིད་བཟང་སྟེ། བདག་མདུན་ངེས་པར་བསྲེ་ དགོས་པའི་རིགས་ཅན་ཡིན་ན་མ་གཏོགས། གསང་སྔགས་སྤྱིའི་ཆོ་གའི་ལུགས་རྒྱས་བསྡུས་ ཆེ་ཆུང་ཕལ་ཆེར་ལ་དེ་ལྟ་བུར་སྣང་བ་དང་རིག་པ་མཚུངས་པས་སོ། །བདག་མདུན་གཉིས་ ཚོགས་ཁང་གཉིས་སུ་ཚོགས་པ་སོ་སོར་འཚོགས་པ་ལྟ་བུ་དང༌། ཁྱིམ་གཅིག་གི་ཆ་ཤས་ཀྱི་ ནང་དུ་ཁྱིམ་གཅིག་ཤོས་བཀོད་པ་ལྟ་བུ་བྱེད་པའི་རྣམ་གཞག་ནི་ཚད་ལྡན་ཡོངས་སུ་གྲགས་ པ་གང་ལའང་མི་སྣང་བའི་ཕྱིར་དང༌། མདུན་བསྐྱེད་མཆོད་པ་ཙམ་ལ་བདག་བསྐྱེད་ཀྱི་འཁོར་ རྣམས་བྱ་ར་བྱེད་པ་ཙམ་ལ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་བདག་བསྐྱེད་བསྡུ་བ་མཎྜལ་ མཆོད་པའི་རྗེས་སུ་བྱེད་པའི་ཕྱིར་བདག་བསྐྱེད་ཉིད་མཆོད་པ་ཡིན་ཏེ། གཞན་དུ་ན་བདག་ བསྐྱེད་ཀྱི་ཆོ་གའི་བར་དེར་བདག་ཉིད་ཀྱི་དཀྱིལ་འཁོར་མ་བསྡུས་བཞིན་དུ་དེའི་དམིགས་པ་ བཏང་ནས་མདུན་བསྐྱེད་ཀྱི་ལྷ་ལ་ཡུན་རིང་དུ་དམིགས་ཤིང༌། བྱ་བྱེད་མང་པོས་དུས་རིང་དུ་ འདའ་བ་འོས་པ་མ་ཡིན་པའི་ཕྱིར་རོ། ། གཉིས་པ་མཆོད་པའི་ཆོ་ག་རྒྱས་པ་ནི། མཎྜལ་འདུས་བྱ་བ། ཕྱི་མཆོད་བྱིན་གྱིས་བརླབ་ པ། དཀྱིལ་འཁོར་གསལ་འདེབས་པ། མགྲོན་སྤྱན་དྲངས་པ། ཕྱི་མཆོད་རྒྱས་པར་འབུལ་པ། 3-1-405 ནང་མཆོད་བྱིན་གྱིས་བརླབས་ཏེ་འབུལ་བ། བསྟོད་པ། འདོད་དོན་གསོལ་བ་གདབ་པ་རྣམས་ ཆོ་གའི་རིམ་པ་ཡིན་ལ། མཎྜལ་འདུས་བྱ་ཚུལ་ནི། མཎྜལ་གཉིས་ལས་གཅིག་མཆོད་པ་བྱིན་ རླབས་ཀྱི་རྗེས་སུ། ཙན་དན་གྱི་ལྡེ་གུ་སོགས་འཐེབ་སྲིན་གྱི་བླང་སྟེ་ལེགས་པར་བྱུགས། མེ་ ཏོག་གི་ཚོམ་བུ་ཅི་རིགས་པ་བཀྲམ་ནས། གཟུགས་བརྙན་ལྟ་བུའི་ལྷ་གསལ་འདེབས་པ་ སོགས་བྱེད་ཅིང༌། མཎྜལ་གཅིག་ཤོས་ནི། ཕྱི་མཆོད་དང་བསྟོད་པའི་བར་དུ་མཎྜལ་ལ་ནང་ མཆོད་ཀྱི་ཆོས་འབྱུང་གྲུ་གསུམ་དབུས་སུ་ཐིག་ལེ་ཟླུམ་པོ་དང་བཅས་པ་བཀོད་ནས་དབུས་སུ་ མེ་ཏོག་ཅིག་བཞག མཎྜལ་སྔ་མའི་ལྷ་དང་དབྱེར་མེད་དུ་མོས་ནས། ནང་མཆོད་འབུལ་བ་ནི། རྒྱུད་འགྲེལ་གྱི་དངོས་བསྟན་གནས་སྐབས་སོ་སོར་གསུངས་པ་དེ་ཉིད་མ་ནོར་བར་བསྒྲིགས་ པའི་ལུགས་ཕན་ཚུན་རྒྱས་བཀབ་ཀྱི་བསྲེ་སླད་མེད་པ་དེ་ཡིན་ལ། འོན་ཀྱང་ཟླ་བ་རེའི་ནང་ དུ་ལན་རེ་སོགས་ཁྱད་པར་གྱི་དུས་སྐབས་གལ་ཆེ་བ་ལ་ནི་ངེས་པར་བྱ་ཞིང༌། རྒྱུན་གྱི་ཉམས་ ལེན་ལ་འགྲུབ་དཀའ་ན། མཎྜལ་ཕྱི་ནང་གང་རུང་ཞིག་ལ་བསྡུས་པས་རུང་མོད། ཁྱད་པར་ དུ་ཕྱི་ནང་གིས་མཎྜལ་གཉིས་པོ་ནང་གཙོ་ཆེ་བས་ནང་མཆོད་ཀྱི་ཆོས་འབྱུང་ཐིག་ལེ་དང་ བཅས་པ་དེ་བཀོད་པ་གཅིག་པུས་ཆོག་གོ །དེ་ཡང་སྐབས་འདིར་གསར་དུ་ནང་མཆོད་བྱིན་ རླབས་བྱེད་པའི་ལག་ལེན་འདུག་ཀྱང་དེ་གཙོ་མི་ཆེ་སྟེ། ཐུན་གྱི་མགོར་བྱིན་གྱིས་བརླབས་ པའི་ནང་མཆོད་དེས་བྱའོ། །དེ་ལྟར་ན་དང་པོར་ནང་གི་མཎྜལ་འདུས་བྱས་ཏེ་སྟེགས་ཅུང་ ཟད་ལ་བཞུགས་སུ་གསོལ། དེའི་མདུན་དུ་མཆོད་པ་བཤམ། མཆོད་པ་བཅུ་བཅུ་གཉིས་བཅུ་ གསུམ་སོགས་རི་མོར་བྲིས་པའམ། འབུར་དུ་དོད་པ་སོགས་ཡོད་ན་ཤིན་ཏུ་ལེགས། མེད་ ན་ཡིད་ཀྱིས་བསྒོམས་པས་ཆོག །དུང་ཆོས་སོགས་སྣོད་གཙང་མ་གཅིག་གམ་བཞིར་ཡོན་ ཆབ་བླུག དེ་རྗེས་དུང་ཆོས་སོགས་སྣོད་གཅིག་ཏུ་བསང་ཆུ་འཐོར་ཡབ་ཀུ་ཤའམ་དུར་བ་དང་ བཅས་པ་བཞག་ནས། ཡི་གེ་དྲུག་པ་ལན་བརྒྱ་སོགས་ཇི་ལྟར་འོས་པ་བཟླས་པས་བསང་ 3-1-406 ཆུ་སྒྲུབ་མཆོད་གཏོར་ཐམས་ཅད་ལ་དེས་བསང་བ་ཡིན། གལ་ཏེ་བསང་ཆུ་མི་བྱེད་ན། ནང་ མཆོད་ཀྱིས་བསངས་ཀྱང་ཆོག་གོ ། གཉིས་པ་མཆོད་པ་བྱིན་རླབས་ནི། སྒྲུབ་མཆོད་ཀྱི་སྐབས་དང་འདྲ། བསང་བའི་སྔགས་ ཡི་གེ་དྲུག་པས་བྱ་ཞེས་གསུངས་པ་ལ། ཁ་ཅིག་ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿལ་བཞེད་པ་དང༌། འགའ་ ཞིག་ཧྲཱཾ་ཧྲཱིཾ་སོགས་ལ་འདོད་པའང་ཡོད་པ། དེ་དག་རང་གི་འདོད་པ་ཙམ་མ་ཡིན་པར་མན་ ངག་ལས་བྱུང་བ་ཡིན་ན་སྤྱིར་བཟང་མོད་ཀྱང༌། འགྲེལ་པ་ལས། བསང་བྱེད་ཀྱི་སྔགས་ དངོས་སུ་གསུངས་པ་སྔགས་གཅིག་ལས་མེད་ཅིང༌། དེ་ནི་སྦྱིན་སྲེག་གི་སྐབས་སུ། ༀ་ཨཱཿཧཱུཾ་ ཧྲ་ཕཊ་ཅེས་པ་འདི་གཅིག་པུའོ། །དེའི་ཕྱིར་བསངས་སྦྱངས་ཙམ་གྱི་དོན་དུ། སྦྱིན་སྲེག་ཁོ་ན་ ལ་ཁྱད་ཆོས་འོང་བ་མི་རིགས་ཤིང༌། གནས་སྐབས་གཞན་དུ་གཞན་ཡང་གསུངས་པ་མེད་ པས་དངོས་སུ་གསུངས་པ་གཅིག་པུ་དེ་བོར་ནས། མ་གསུངས་པ་ལ་རིག་པའི་སྒྲུབ་བྱེད་མང་ པོ་བཀོད་ཀྱང༌། གཡེམ་མ་མུ་ཅོར་གྱིས་རྒྱལ་ལོ། །ཞེས་པར་འགྱུར་བས། དེས་ན་འདི་ནི་རྒྱུད་ འགྲེལ་གྱི་དངོས་བསྟན་ཡིན་ལ། བརྒྱུད་པའི་རིམ་པ་མ་ཆད་པའི་བླ་མ་དམ་པའི་མན་ངག་ ལས་ཀྱང་བྱུང་ངོ༌། །འོ་ན་ཡི་གེ་ལྔ་ལས་མེད་པ་ཅི་ཞེ་ན། ཕ་དང་ཊ་སོ་སོར་འབྱེད་པ་ཡིན་ཏེ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོགས་པ་བདུན་པ་ལས་ཀྱང༌། མཁས་པས་གཉིས་སུ་བྱ་ ཞེས་ཕཊ་ཀྱི་ཕ་དང་ཊ་སོ་སོར་བགྲང་བར་གསུངས་པ་བཞིན་ནོ། །འོ་ན་ར་བཏགས་དང་ཀླད་ སྐོར་ལ་སོགས་པ་ཡང་བགྲོང་དགོས་པར་འགྱུར་རོ་སྙམ་ན། དེ་དག་སྒྲ་འདྲེས་པ་ཡིན་པས་སོ་ སོར་མི་བགྲོང་ལ། ཕ་དང་ཊ་སྒྲ་མི་འདྲེ་བའི་ཕྱིར། ཡི་གེ་སོ་སོར་བགྲོང་པ་རིགས་པ་ཉིད་དོ། ། མཆོད་པའི་སྣོད་ཤེལ་ལས་གྲུབ་པ་ནི། ཞི་བའི་སྐབས་སུ་གསུངས་ལ། རྩ་བའི་བསྙེན་སྒྲུབ་ དང་རྒྱུན་གྱི་རྣལ་འབྱོར་ནི། ཞི་བའི་ལས་སྒྲུབ་དངོས་མིན་ཀྱང་ཞི་བ་དང་འདྲ་བ་བྱེད་པ་སྤྱི་ ལུགས་ཡིན་ནོ། ། 3-1-407 གསུམ་པ་མཆོད་ཡུལ་གྱི་ལྷ་དཀྱིལ་འཁོར་གསལ་འདེབས་པ་ནི། མཎྜལ་ལ་བསངས་ སྦྱངས་བྱས་ཏེ། སྟོང་པའི་ངང་ལས་གཞི་ཡོངས་སུ་དག་པ་དེར་བདག་བསྐྱེད་དཀྱིལ་འཁོར་གྱི་ ལྷ་ཚོགས་མ་ལུས་པ་གཟུགས་བརྙན་ཤར་བ་ལྟ་བུའི་ཚུལ་དུ་སྐད་ཅིག་གིས་གྲུབ་པར་བསམ། འདི་ཡིད་ཀྱིས་བསམས་པ་ཁོ་ནས་ཆོག་མོད། སྤྲོས་པ་ལ་མོས་ན་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ ཙམ་དང༌། འཁོར་རྣམས་ཀྱི་ས་བོན་ཙམ་བརྗོད། འདི་བདག་བསྐྱེད་ཀྱི་ལྷ་རྣམས་དངོས་སུ་ བྱོན་པ་ལྟ་བུ་མིན། བདག་བསྐྱེད་ཀྱི་ཡེ་ཤེས་པ་སྔགས་དང་ཕྱག་རྒྱས་དེར་སྤྱན་འདྲེན་པ་ལྟ་བུ་ ཡང་མིན། དེར་དཀྱིལ་འཁོར་གྱི་གཟུགས་བརྙན་ཤར་བའི་ཚུལ་ལས་ལྷ་དངོས་སུ་བཞེངས་ པར་སྒོམ་པ་ཡིན་ནོ། ། བཞི་པ་མགྲོན་སྤྱན་འདྲེན་པ་ནི། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ ཧོཿ ཞེས་བརྗོད་པས་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཉེ་བར་ བྱོན་ཏེ། ནམ་མཁའི་ཁམས་ཐམས་ཅད་གང་བའི་ཚུལ་གྱིས་བཞུགས་པར་བསམ། ། བཞི་པ་ཕྱི་མཆོད་འབུལ་བ་ལ། དང་པོར་མཆོད་ཡོན་ནི། སྦྱིན་སྲེག་གི་སྐབས་སུ་མཆོད་ ཡོན་གྱི་སྔགས། ༀ་པྲ་ཝ་ར་སཏྐ་རཾ་མ་ཧཱ་རསྨི་པྲ་ཏཱི་ཙྪ་སྭཱཧཱ། ཞེས་ཀྱང་གསུངས་མོད་ཀྱི། མ་ ཧཱ་རསྨི་ཞེས་པ་འོད་ཟེར་ཆེན་པོ་སྟེ་མེ་ལྷའི་མཚན་གྱི་རྣམ་གྲངས་ཡིན་པས་འདི་དངོས་སུ་སྦྱིན་ སྲེག་གི་སྒོས་ཆོས་ཡིན་ཡང་ལྷའི་མཚན་གྱི་གནས་སྤོས་ན་གཞན་ལའང་རུང་བར་ནི་མངོན་ ནོ། །འོན་ཀྱང་སྐབས་གཞན་དུ་གསལ་བར་གསུངས་པ་ཡིན་པས། ༀ་ཨཱཿཧཱུཾ་ཧོཿཏྲཻ་དྷ་ཏུ་ཀེ་ཤྭ་ ར་སོགས་མཛད་པ་ཉིད་བཟང་ངོ༌། །ཆུ་གཞན་བཤམས་ཡོད་ན། ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝ་ རེ་བྷྱཿ པཱདྱཾ་པྲ་ཏཱི་ཙྪ་ན་མཿ སོགས་ཀྱིས་ཕུལ། འགྲེལ་ཆེན་ལས། ན་མཿམཆོད་པ་རྒྱས་པར་ གསུངས་པའི་ཚིག་གི་རྗེས་སུ། རིན་ཆེན་ཨིནྡྲ་ནཱི་ལ་ལ་སོགས་པ་རྣམས་དང༌། གསེར་གྱི་མེ་ ཏོག་དང་ཞེས་སོགས་མཆོད་པ་བཅུ་གསུམ་གསུངས་པ་དང༌། གཞན་པ་རྣམ་བཅུ་ཞེས་པ་ནི་ 3-1-408 འཆད་པར་འགྱུར་པ་ལས་བརྗོད་པར་བྱའོ་ཞེས་ཁ་འཕངས་པ་ནི། དབང་ལེའི་ཚིགས་བཅད་ བརྒྱ་ལྔ་བཅུ་ང་ལྔ་པའི་འགྲེལ་བར། ཆུའི་སྣོད་དང་མཆོད་ཡོན་གྱི་སྣོད་དང༌། ཞེས་སོགས་ མཆོད་པ་རྣམ་པ་བཅུ་གསུངས་པས། དེ་དག་གང་ཡང་རུང་བ་ཞིག་ཕུལ་བས་ཆོག་ལ། ད་ལྟ་ ལག་ལེན་དུ་མཆོད་པ་བཅུ་གཉིས་འབུལ་བར་མཛད། ཁམས་གསུམ་དབང་ཕྱུག་བཅོམ་ལྡན་ འདས། །ཞེས་པ་ལ་སོགས་པའི་ཚིགས་བཅད་དང་བཅས་པའམ་སྔགས་དང་ཕྱག་རྒྱ་ཙམ་ གྱིས་མཆོད། དཀྱིལ་འཁོར་རྒྱས་པ་དང་འབྲེལ་བའི་མཆོད་པ་ལ། ཚིག་གི་བརྗོད་པ་མང་པོ་ དག་མཛེས་པའི་སྐབས་ཡོད་ཡང༌། རྒྱུན་གྱི་ཉམས་ལེན་ལ་ཚིག་ཧ་ཅང་སྤྲོས་པ་ཆེས་པའང་མི་ ལེགས་པས་དམིགས་པ་རྒྱ་བསྐྱེད་ལ་ངག་གི་བརྗོད་པ་རན་ཙམ་དེ་བཟང་ངོ༌། ། དྲུག་པ་ནང་མཆོད་འབུལ་བ་ལ། ནང་མཆོད་གསར་པ་ཞིག་ལོགས་སུ་བཤམས་ཡོད་ན་ ལེགས། མེད་ན་སྔར་གྱི་དེ་ཁ་གསོས་ལ། བྱིན་རླབས་རྒྱས་པར་བྱས་ནས་དང་པོར་རྩ་རྒྱུད་ ཀྱི་བླ་མ་རྣམས་ཀྱི་མཚན་ནས་བརྗོད་ཅིང་འབུལ། དེ་བཤད་ཚོད་མེད་ཀྱང་གསང་སྔགས་པ་ སྤྱིའི་ཕྱག་ལེན་དུ་འདུག་པ་བྱིན་རླབས་འཇུག་པའི་སྒོ་ཁྱད་པར་ཅན་དུ་སྣང་ངོ༌། །དེ་ནས་ༀ་ བུདྡྷ་ཡ་ན་མཿསོགས་མཆོད་སྔགས་ཆེན་མོས་མཆོད་ཅིང༌། གོ་སྐབས་བདེ་ན་མཐེབ་སྲིན་གྱིས་ མཎྜལ་ཉིད་དུ་འབུལ་ལ། མི་བདེ་ན་རང་གི་དཔྲལ་བའི་ཐད་ཙམ་ནས་འབུལ། ཐུགས་དཀྱིལ་ ཁོ་ན་སྒོམ་པ་ཡིན་ན། ༀ་ཥཊ་ཨངྒཱ་ཡ་ན་མཿཞེས་པའི་རྗེས་སུ་ༀ་གུ་རུ་བུདྡྷ་སྦྱར་བས་ཆོག དེས་མཚོན་ཏེ་ལྷ་ཉེར་ལྔ་བཅུ་གསུམ་ལྷ་དགུ་ལྷ་ལྔ་སོགས་ལའང་རིགས་འགྲེའོ། །འགའ་ ཞིག་ན་མཿམཆོད་པའི་སྐབས་འདིར་མདུན་བསྐྱེད་དང་འབྲེལ་བ་ན། བཟེད་ཞལ་གྱི་ནང་དུ་ མཎྜལ་སྤྱན་དྲངས་ཏེ་བདུད་རྩི་དང༌། མེ་ཏོག་དང༌། ཟས་མཆོག་སོགས་དངོས་སུ་འབུལ་བའི་ ལག་ལེན་ཡང་སྣང་བ། རང་ལུགས་ལ་གཙོ་བོར་མི་མཛད་ནའང༌། སྤྱི་རྒྱ་བལ་མཁས་པའི་ ལག་ལེན་གྱི་རྒྱུན་ཡིན་པས། དེ་ཡང་སྐབས་འགར་བྱས་ན་ལེགས་མོད་ཀྱི། རྒྱུན་གྱི་ཉམས་ 3-1-409 ལེན་བདག་བསྐྱེད་ཀྱི་སྐབས་འདིར་མི་དགོས་སོ། །མཆོད་ཡོན་ནས་འདིའི་བར་དུ་དངོས་སུ་ མཎྜལ་གྱི་ལྷ་གཟུགས་བརྙན་ལྟ་བུ་དེ་ལ་འདེབས་པའི་མོས་པ་བྱེད་ཀྱང༌། བདག་བསྐྱེད་ཉིད་ ཀྱི་དཀྱིལ་འཁོར་དུ་མཆོད་པ་དཔག་ཏུ་མེད་པ་བྱུང་ཞིང་ལྷ་རྣམས་ཚིམ་པར་བསམ་མོ། ། ན་མཿའི་སྔགས་ཀྱི་སྐབས་འདིར་ནང་མཆོད་ཁོ་ནར་མ་ཟད། མཆོད་པ་གཞན་ཐམས་ ཅད་ལ་ཡང་དམིགས་ནས་འབུལ་བ་ཡིན་ཏེ། ལྕོགས་ཤིང་འགྲུབ་ལ་སྤྲོས་པ་ལ་དགའ་ན། དངོས་སུ་ལྷ་སོ་སོའི་གནས་སུ་མེ་ཏོག་འདོར་ཞིང༌། མཆོད་སྔགས་ཆེན་མོ་ཚར་གཅིག་བརྗོད། དེ་བཞིན་དུ་དྲི་དང་སྤོས་དང་མར་མེ་སོགས་ཐམས་ཅད་ལ་སྦྱོར་བ་ཡིན་ཡང་དེ་ཙམ་མི་ནུས་ པས་རྫས་ཀྱི་མཆོད་པ་ངེས་ཅན་རྣམས་སྔོན་ལ་མདོར་བསྡུས་པའི་ཚུལ་གྱིས་སྤྱི་བུངས་སུ་ ཕུལ་ནས། རྫས་ངེས་ཅན་གྱི་མཆོད་པའི་རྟིང་མ་ནང་མཆོད་ཡིན་པས་དེ་ལྷ་སོ་སོའི་སྔགས་ ཀྱིས་འབུལ་བའི་ཞོར་ལ་མཆོད་པ་སྔ་མ་རྣམས་ཀྱི་ལྷ་སོ་སོ་ལ་དམིགས་པ་ཡིན་ནོ། ། དེ་ལ་རྫས་ངེས་པ་ཅན་ནི། རྒྱུད་འགྲེལ་ཉིད་ལས་དངོས་བསྟན་དུ་གསུངས་བའི་མཆོད་ པ་བཅུ་དང་བཅུ་གཉིས་བཅུ་གསུམ་སོགས་ཕྱི་ནང་གི་དག་སྦྱོར་ཅན་རྣམས་ཡིན་ལ། གཞན་ མ་ངེས་པ་རྣམས་ལ་ནི། ལྷ་སོ་སོའི་སྔགས་ཀྱིས་འབུལ་བ་མི་དགོས་སོ།། །། བདུན་པ་བསྟོད་པ་ནི། སྤྱིར་ངེས་པ་མེད་ཀྱང་མཚན་བརྗོད་ཀྱི་འདུད་ཉི་ཤུ་དང༌། གང་ ལ་ཐོག་མཐའ་དབུས་མེད་སོགས་ཡེ་ཤེས་ལྔའི་བསྟོད་པ་ཙམ་མཛད་པ་ཕྱག་ལེན་ཡིན་ཅིང༌། རྐང་པ་བཅུ་དྲུག་པ་ལ་སོགས་པས་བསྟོད་ཀྱང་ལེགས་སོ།། །། བརྒྱད་པ་འདོད་དོན་གསོལ་བ་གདབ་པ་ནི། སྤྱིར་བདག་བསྐྱེད་མདུན་བསྐྱེད་གང་ཡིན་ ཡང་འདོད་དོན་ཞུ་བའི་ཡུལ་གྱི་གཙོ་བོ་ཡེ་ཤེས་སེམས་དཔའ་ཡིན་ལ། དམ་ཡེ་དབྱེར་མེད་ ཉིད་ཀྱི་ཕྱིར་དམ་ཚིག་སེམས་དཔའ་ལ་ཡང་ཞོར་བྱུང་དུ་ཡིན་ཏེ། དམ་ཚིག་པ་ནུས་པ་རྒྱས་པ་ དང༌། ཡེ་ཤེས་པ་མཉེས་པའི་ཕྱིར་བཟླས་པ་དང༌། མཆོད་བསྟོད་དང༌། གསོལ་བ་འདེབས་ 3-1-410 པ་རྣམས་དགོས་པ་ཡིན་ནོ། །དེ་ནས་སྐབས་འདིར་ཡིག་བརྒྱ་བཟོད་གསོལ་སོགས་ཁ་བསྐང་ ཀྱང་རུང་མ་བྱས་ཀྱང་རུང་སྟེ། མགྲོན་རྣམས་གཤེགས་སུ་གསོལ། གཟུགས་བརྙན་ལྟ་བུའི་ དཀྱིལ་འཁོར་དེ། དཔེར་ན་ཆུ་ཕོ་བ་ན་ཟླ་གཟུགས་མི་སྣང་བ་ལྟ་བུའམ། ཡང་ན་རྩ་བའི་ དཀྱིལ་འཁོར་ཉིད་ལ་ཐིམ་པར་བསྒོམས་ཀྱང་རུང་ངོ༌། །དེ་ལྟར་དོན་ཚན་བརྒྱད་ཀྱིས་མཎྜལ་ མཆོད་ཆོག་བཤད་ཟིན་ཏོ།། །། གཉིས་པ་ཉེར་བསྡུའི་རིམ་པ་ནི། གཙུག་ཏོར་དུ་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བར་སོགས་ཏེ། བདེ་ཆེན་འཁོར་ལོའི་ལྷ་རྣམས་གནས་གཞན་དུ་གཤེགས་དགོས་པའི་ཕྱིར། སྐབས་འདིར་ དཔག་བསམ་གྱི་ཤིང་སོགས་རྡོ་རྗེ་བཞི་པོ་ཉིད་སྤྱི་བོའི་རྩ་འདབ་བཞི་ལ་ཐིམ་པ་ནི་ངེས་པར་ ཡིན་ཅིང༌། བདེ་བ་ཆེན་པོའི་འཁོར་ལོ་ཞེས་པ་ལས་འཁོར་ལོ་པ་ཞེས་སམ། འཁོར་ལོའི་ ལྷ་ཞེས་པའི་གསལ་ཁ་མེད་པས་བདེ་ཆེན་འཁོར་ལོའི་གནས་ཀྱི་གཞལ་མེད་ཁང་ཉིད་ཀྱང་ གཤེགས་སུ་གསོལ་བ་ཡིན་ཏེ། གྱི་ཇོའི་འགྱུར་ལས། གཙུག་ཏོར་དུ་རྩེ་ལྔ་པའི་རྡོ་རྗེ་བསྒོམ་ པར་བྱའོ། །དེའི་ལྟེ་བར་བདེ་བ་ཆེན་པོའི་དཀྱིལ་འཁོར་གཤེགས་སུ་གསོལ་ལོ། །ཞེས་ འབྱུང་བ་གོ་བདེའོ། །ཕུང་པོ་བཞི་དང་ཁམས་བཞིའི་ལྷ་ནི། སངས་རྒྱས་ཡབ་ཡུམ་བཞི་བཞི་ སྟེ་བརྒྱད་སྨོས་ཀྱང་ཕན་ཚུན་ཡབ་ཡུམ་འཁྱུད་པའི་དབྱེ་བས་བཅུ་དྲུག་ཡོད་པ། དཔྲལ་བའི་ རྩ་འདབ་ཀྱི་གྲངས་དང་མཉམ་པ་ཡིན་པ་དང༌། སྐྱེ་མཆེད་བཅུ་གཉིས་ནི་སེམས་དཔའ་ཡབ་ ཡུམ་བཅུ་གཉིས། ཁྲོ་བོ་བཞི་ནི་ཐུགས་ཀྱི་སྒོ་སྲུང་སྟེ་བཅུ་དྲུག་པོ་ལ་ལུས་བསམ་མཚོན་བྱེད་ ཕན་ཚུན་འཁྱུད་པའི་ཡབ་ཡུམ་གྱི་དབྱེ་བས་སུམ་ཅུ་སོ་གཉིས་མགྲིན་པའི་རྩ་འདབ་དང་ གྲངས་མཚུངས་པ་ཡིན་ནོ། །ཐུགས་དཀྱིལ་རྐྱང་པ་ལས་མ་བསྒོམས་ན་དེ་ཙམ་གྱིས་ཆོག་པ་ ཡིན་ལ། སྐུ་གསུང་ཐུགས་ཡོངས་རྫོགས་ལ་གཞན་རྣམས་ཀྱང་བསྡུ་དགོས་པས་ལྟེ་བར་རྡོ་ རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང༌། རྣལ་འབྱོར་མ་རེ་བཞི་གྲངས་མཚུངས་ཀྱང་པདྨའི་ལྟེ་བའི་ལྷ་ 3-1-411 ལ་གསལ་ཁ་མ་བྱུང་སྟེ་དེས་ན་གཙོ་མོ་བརྒྱད་པོ་རང་རང་གི་འཁོར་ལ་སྤྱི་ཁྱབ་ཏུ་གནས་པའི་ དབང་དུ་བྱ། གསང་བའི་རྩ་འདབ་སོ་གཉིས་ཡིན་ལ། སྐུའི་སྒོ་སྐྱོང་ནི་ཁ་སྦྱོར་གྱི་ལྷ་ལྟར་ ན་དྲུག ཡབ་ཡུམ་སོ་སོར་བགྲངས་ཀྱང་བཅུ་གཉིས་ལས་མེད་པ་ལ། སྐབས་འདིར་དགོས་ པའི་དབང་གིས་དག་པ་ལས་སུམ་ཅུ་རྩ་གཉིས་ཀྱི་དབྱེ་བ་བྱེད་དེ། དེ་ཡང་སྐུ་གསུང་ཐུགས་ ཡོངས་རྫོགས་ཀྱི་སྐབས་འདིར་ལས་དབང་བྱ་བ་དང་བཅས་པའི་དག་པ་སྐུའི་སྒོ་སྐྱོང་རྣམས་ ལ་འཇོག་པའི་སྐབས་ཤིག་བྱུང་ངོ༌། །དེའི་དབང་དུ་བྱས་ནས་ཡབ་རྣམས་ལས་དབང་དང༌། ཡུམ་རྣམས་བྱ་བ་ཡིན་པས་སྦྱངས་བྱ་ཐ་དད་པ་ཉིད་ཀྱི་ཕྱིར་ཡབ་གཙོ་བོར་བྱེད་པ་དང་ཡུམ་ གཙོ་བོར་བྱེད་པ་གཉིས་ཀ་བྱུང་ཞིང༌། དེས་ན་ཡབ་དྲུག་ལ་ཡུམ་དྲུག་གིས་འཁྱུད་པའི་ལྷ་བཅུ་ གཉིས། དེ་གོ་ཟློག་པའི་ལྷ་བཅུ་གཉིས། དེ་དག་ནི་སྐྱེས་པ་དང་བུད་མེད་ཀྱི་ཡུལ་ལ་ལས་ མཐའ་དག་སྒྲུབ་པར་མཛད་པ་ཡིན་ལ། ཐུན་མོང་དུ་ལས་དབང་དང་བྱ་བའི་གཞི་ཡུལ་རྣམ་ པར་དག་པའི་ཤིང་རྟ་དྲུག་སྟེ་སུམ་ཅུ་རྩ་གཉིས་པོ་གསང་བའི་རྩ་འདབ་སོ་གཉིས་དང་གྲངས་ མཐུན་པའོ། །ལས་ཀྱི་འཁོར་ལོ་ཚིགས་ཆེན་བཅུ་གཉིས་པོར་ཚེས་ལྷ་རྣམས་ཐིམ་པར་བྱེད་ པ་ལ་ནག་པ་དང་ས་གའི་ལྷ་གཉིས་གྲུ་མོ་གཉིས་དང༌། སྣྲོན་དང་ཆུ་སྟོད་འཁྲིག་མ་གཉིས་ དང༌། གྲོ་བཞིན་ཁྲུམས་སྟོད་དཔྱི་གཉིས་དང༌། ཐ་སྐར་སྨིན་དྲུག་པུས་མོ་གཉིས་དང༌། མགོ་ རྒྱལ་བོལ་གོང་གཉིས་དང༌། མཆུ་དང་དབོ་རྣམས་དཔུང་པ་གཉིས་ལ་སྟེ། སྔར་བཤད་པ་ རྣམས་ཀྱི་རིག་པས་ཤེས་སོ། །རྐང་ལག་གི་སོར་མོའི་ཚིགས་དྲུག་ཅུ་ལ་ཀླུ་དང་རབ་གཏུམ་ མ། ཐབས་ཤེས་ཀྱི་དབྱེ་བས་ཕན་ཚུན་དུ་ཕྱེ་བས་དངོས་སུ་ལྷ་བཞི་བཅུ་འབྱུང་ལ། དེ་རྣམས་ ཀྱི་གདན་ཉི་ཤུ་བསྣན་པས་འཁོར་ལོའི་གྲངས་དང་མཐུན་པའི་དྲུག་ཅུ་པོ་རྣམས་ཐིམ་པར་ བྱེད་པ་ཡིན་ནོ། །གཞན་དག་སྐྲ་དང་བ་སྤུ་ལ་གྲུབ་པ་འབྱུང་པོ་སོགས་ཐིམ་པའི་རྣམ་གཞག་ མཛད་ནའང༌། དེ་དག་བསྐྱེད་ཆོག་གིས་བསྐྱེད་པ་མ་ཡིན་པས་ངེས་པར་དགོས་པ་ནི་མ་ཡིན་ 3-1-412 ལ། གཟུངས་མ་རྣམས་དང༌། འདོད་ཕྱིར་འདོད་རྣམས་བསྐྱེད་ཆོག་གིས་བསྐྱེད་མོད་ཀྱང༌། ཞོར་བྱུང་གི་ལྷ་ཡིན་པའི་ཕྱིར་རང་རང་གི་བསྐྱེད་གཞི་དང་ལྷན་ཅིག་ཏུ་བསྡུ་བའམ། སོ་སོའི་ གཞལ་མེད་ཁང་བསྡུ་བའི་སྐབས་སུ་བསྡུའོ། །བདེ་ཆེན་འཁོར་ལོའི་གཞལ་མེད་ཁང་བསྡུ་ བར་གསུངས་པས་མཚོན་ཏེ། ཐུགས་དཀྱིལ་དང་གསུང་དཀྱིལ་རང་རང་གི་ལྷ་རྣམས་དང་ ལྷན་ཅིག་དང༌། སྐུ་དཀྱིལ་ནི་ཚེས་ལྷ་རྣམས་དང་ལྷན་ཅིག་བསྡུ་ལ། བསྲུང་འཁོར་ཁོར་ཡུག་ དང་བཅས་པ་སྒོ་སྐྱོང་ཀླུ་རབ་གཏུམ་རྣམས་དང་ལྷན་ཅིག་བསྡུའོ། །གཙོ་བོ་གཙུག་ཏོར་གྱི་ འཁོར་ལོར་བསྡུ་ཞེས་གཞན་མང་པོ་དག་བཞེད་ཀྱང༌། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་ བོ་ཡིན་ན་ནི། དམིགས་གསལ་མེད་པའི་བདེ་ཆེན་འཁོར་ལོའི་ལྷ་ཡིན་པའི་ཕྱིར། དེ་ལྟར་ ཡང་ལེགས་མོད་ཀྱི་བདག་བསྐྱེད་ཀྱི་སྐབས་སུ་དེ་ལྟར་འཆད་པ་ནི། རང་ཉིད་ཡོངས་རྫོགས་ བསྡུས་ན་གང་དུ་བསྡུ་བའི་གཞི་མེད་པའི་ཕྱིར། ཚིག་རྐྱང་པར་ཟད་ལ། འོད་གསལ་གྱི་རིམ་ པས་གཙུག་ཏོར་གྱི་འཁོར་ལོར་བསྡུས་པར་འདོད་པ་ཡིན་སྲིད་ཀྱང༌། དེ་ལྟར་བསྡུས་ཟིན་པ་ ལ་གནས་སོ་སོར་སླར་ལྷ་རྣམས་སྡུད་པར་བྱེད་མི་ཐུབ་སྟེ། བསྡུ་བའི་གཞི་མེད་པའི་ཕྱིར་དེ་ ནི་མི་འཐད་ལ། སྤྱིར་ཡང་གཙོ་བོ་བསྡུ་བ་ལུགས་འདི་ལ་མི་དགོས་པར་མངོན་ནོ། །ཡང་རང་ ལུས་ཕལ་པ་རྩ་འཁོར་ལས་བྱུང་བའི་རྡོ་རྗེ་དང་བཅས་པ་བཞག་ནས། ཡེ་ཤེས་ཀྱི་ལྷ་དུས་ ཀྱི་འཁོར་ལོ་གཙུག་ཏོར་དུ་བསྟིམ་པ་ཡིན་ཟེར་ན་ཡང་རང་ཐ་མལ་དུ་འགྱུར་བས་ཤིན་ཏུ་མི་ འཐད་ལ། རང་དུས་འཁོར་གྱི་ང་རྒྱལ་དང་རྣམ་པ་ལ་གནས་ན་ནི། བསྡུས་སོ་བསྡུས་སོ་ཞེས་ ལན་བརྒྱ་སྟོང་དུ་བརྗོད་ཀྱང་མ་བསྡུས་པ་ཁོ་ནར་རིག་པར་བྱའོ། །གཞན་གྲུབ་པ་དང་འབྱུང་ པོ་སྤུ་ལ་བསྡུ་བ་སོགས་བླ་མའི་མན་ངག་ཡིན་ན་དེ་བཞིན་དུ་བྱས་ཀྱང་རུང་མོད་རྩོད་པས་ཅི་ ཞིག་བྱ།། །། གསུམ་པ་གཏོར་མའི་རྣལ་འབྱོར་ནི། ཐུན་མཚམས་ཀུན་ཏུ་འགྲུབ་ན་ལེགས་ལ། གལ་ 3-1-413 ཏེ་མ་གྲུབ་ན་ཐིག་མཐའ་གང་རུང་ངམ། གཉིས་ཀ་ལ་བྱའོ། །དེ་ལ་གཏོར་མ་བྱིན་གྱིས་བརླབ་ པ། མགྲོན་སྤྱན་འདྲེན་པ། གཏོར་མ་འབུལ་བའོ། །དང་པོ་ནི། །བསངས་སྦྱངས་སྔོན་དུ་འགྲོ་ བ་སྟེ། བསང་བའི་སྔགས་ཡི་གེ་དྲུག་པས་བྱས་ཀྱང་ལེགས་པར་འགྱུར་ལ། རྫས་མཐའ་དག་ སྦྱང་བའི་སྔགས་ༀ་བཛྲ་དྷཱ་ཏྭཱི་ཤྭ་རཱི་སོགས་ཀྱིས་བསང་བའི་སྲོལ་ཡོད་པའང་ཅུང་ཟད་རྒྱས་ པའི་སྐབས་སུ་ཤིན་ཏུ་འབྲེལ་ལ། སྤྱིར་ནི་སྔགས་དེ་མཆོད་པ་དང༌། གཏོར་མ་དང༌། བཟའ་ བ་སོགས་ལོངས་སྤྱོད་ཀྱི་རྫས་ཐམས་ཅད་སྦྱོང་ཞིང་བྱིན་གྱིས་རློབ་པའི་སྔགས་ཡིན་པས། སྔགས་དེ་ཁོ་ནས་ཀྱང་གཏོར་མ་ལ་སོགས་པའི་བྱིན་རླབས་ཡོངས་སུ་རྫོགས་པར་འགྱུར་ རོ། །འོན་ཀྱང་ད་ལྟ་ལག་ལེན་དུ་གཏོར་མ་བྱིན་རླབས་རྒྱས་པའི་སྐབས། ཐོག་མར་གཏོར་ རྫས་ལ་དམིགས་ནས་སྔགས་དེས་དངོས་པོ་རྣམས་ཡིད་ཀྱིས་བྱིན་གྱིས་བརླབས་པའི་ཡུལ་ དུ་དམིགས། དེ་ནས་ཡི་གེ་དྲུག་པས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། འབུད་པ་དང་ འབར་བའི་གཞི་ས་བོན་ལས་རླུང་དང་མེའི་དཀྱིལ་འཁོར་བསྒོམ། རྒྱལ་མཚན་ནི་གཡོ་བའི་ བྱེད་ལས་དང༌། འབར་བ་དང་མེ་ལྕེ་ཡང་མེའི་བྱེད་ལས་སོ། །ཁ་ཅིག་ཡཾ་རཾ་གཉིས་མེ་རླུང་གི་ མིང་ཡིག་དང་པོར་འདོད་པ་ནི་ཏོམ་ཆོལ་དུ་སྣང་ལ། མིང་ཡིག་དང་པོ་ལས་དངོས་པོ་བསྐྱེད་ པ་ནི་མིང་རྐྱང་ཙམ་དུ་གྲུབ་པ་མཚོན་བྱེད་ཡིན་ཟེར་བ་སོགས་ཀྱང་འབྲེལ་མེད་དོ། །སྣོད་ཀྱི་ རྟེན་ནི། མི་མགོའི་སྒྱེད་པུ་གསུམ་ཡིན་ལ། གསུམ་དུ་བྱེད་པ་ནི་འཇིག་རྟེན་བྱ་བ་དང་མཐུན་ པའི་ཕྱིར་དང༌། རྡོ་རྗེ་གསུམ་གྱི་རང་བཞིན་དུ་རྟོགས་པའི་ཕྱིར་རོ། །མི་མགོ་ཨ་ལས་བསྐྱེད་ པ་ནི། ཨ་ནི་ཡིག་འབྲུ་ཀུན་གྱི་རྩ་བ་ཡིན་ཅིང༌། དམ་རྫས་ཀྱིས་ཀྱང་གསུང་རྡོ་རྗེ་མཆོད་པས་ དམ་རྫས་ཀྱང་གཞི་ཨ་ཡིག་དེ་ལ་ཐུག་པའི་ཕྱིར་རོ། །སྣོད་ནི་ཐོད་པ་སྟེ་ཀ་པཱ་ལ་ཞེས་པའི་ དོན་བདེ་བ་སྐྱོང་བར་འགྱུར་བའི་ཕྱིར་བདེ་ཆེན་མཚོན་ཅིང༌། དགེ་བ་བསགས་པ་མིའི་ལུས་ ཀྱི་རྩེ་མོ་མཆོག་ལས་བྱུང་བ་དང༌། རྡོ་རྗེ་ཁྲོ་བོ་དང་མཁའ་འགྲོ་མ་རྣམས་དགྱེས་པའི་སྣོད་ཀྱི་ 3-1-414 ཕྱིར་རོ། །ས་བོན་ༀ་ལས་བསྐྱེད་པ་ནི། ༀ་ནི་རབ་བསྔགས་དགེ་བ་དང་བཀྲ་ཤིས་པའི་དོན་ ཏེ། དེའི་ནང་གི་རྫས་རྣམས་སྐྱོན་སྤངས་ཤིང་ནུས་པ་དགེ་ཞིང་ཕུན་སུམ་ཚོགས་པ་དང་ལྡན་ པར་བྱེད་པའི་དོན་ཡིན་ནོ། །ནང་དུ་བདུད་རྩི་ལྔའི་དམ་རྫས་ལ་ཨ་ཨི་ར་ཨུ་ལ་ལས་བསྐྱེད་པ་ ནི་ཕུང་པོ་ལྔའི་དངས་མ་ཡིན་པའི་དོན་དང༌། རྒྱལ་བ་རིགས་ལྔའི་དམ་རྫས་ཡིན་པའི་འབྲེལ་ བས་བཞག་གོ །བདུད་རྩིའི་དོན་ནི། རང་གི་ལུས་ལ་གནས་པའི་ལྔ་པོ་དེ་དངས་མར་འགྱུར་ ན་འཆི་བ་མེད་པར་འགྱུར་ཞིང༌། སྦྱངས་རྟོགས་སྦར་གསུམ་ནུས་པས་བྱིན་གྱིས་བརླབས་ཏེ་ བརྟེན་ན། ཕྱི་རོལ་ཀྱི་དེ་དག་ལ་ཡང་ནུས་པ་རྗེས་མཐུན་པ་ཡོད་པ་དང་ནང་གི་དེའི་རིགས་ སུ་རྟོགས་པས་སོ། །རྒྱུད་གཞན་ལས་བདུད་རྩི་ལྔ་པོ་ཡུམ་ལྔའི་དམ་རྫས་སུ་བྱེད་པ་མང་ཡང༌། རྒྱུད་འདིར་བདུད་རྩི་ལྔ་སངས་རྒྱས་ལྔ་དང༌། ཤ་ལྔ་ཡུམ་གྱི་དམ་རྫས་སུ་གསུངས་པ་མང་ངོ༌། ། ཤ་ལྔ་པོ་དབྱངས་རིང་པོ་ལ་ལས་བསྐྱེད་པ་ནི་ཡུམ་ལྔའི་དམ་རྫས་དང༌། སྲོག་ཆགས་ལྔ་པོ་ དེ་དག་ཁམས་ལྔ་སོ་སོའི་རང་བཞིན་ཅན་ཡིན་པ་མཚོན་ཅིང༌། ཤ་ལྔ་ལ་སྒྲོན་མེ་ལྔ་ཞེས་བྱ་བ་ ནི། དངོས་གྲུབ་གསལ་བར་བྱེད་པས་སྒྲོན་མེ་ཞེས་ཐམས་ཅད་འཆད་མོད། ཚིག་དེ་ཙམ་གྱིས་ དོན་མི་གོ་བས་འདི་ལྟར་བྱ་སྟེ། འཇིག་རྟེན་དུ་ཤ་ཟོས་པས་སྟོབས་དང་མདངས་རྒྱས་པར་ བྱེད་དོ་ཞེས་གྲགས་པ་ལྟར་དོན་ལ་ཤའི་དམ་རྫས་ཀྱིས་ལྷ་རྣམས་མཉེས་པར་བྱས་པས་གང་ ཞིག་ཐོབ་པའམ་འཐོབ་པར་འགྱུར་བའི་དངོས་གྲུབ་དེ་ཡང་སྟོབས་དང་ལྡན་པས་གསལ་བ་ སྟེ་གཟི་བརྗིད་ལྡན་པར་བྱེད་ཚུལ་གསང་འདུས་ལས་གསུངས་པ་ལྟ་བུ་ཡིན་ལ། དོན་དམ་ པར་ཤ་ལྔའི་བརྡས་མཚོན་པ་འབྱུང་བ་ལྔའི་དངས་མ་སྟོབས་སུ་གྱུར་པས་མི་གསལ་བ་ཤ་ ཁྲག་གི་ལུས་དག་སྟེ་ཡེ་ཤེས་ཀྱི་ལུས་འོད་འབར་ཞིང་གསལ་བ་ཐོབ་པའི་དོན་ནོ། །དེ་ཉིད་ལ་ ལྕགས་ཀྱུ་ལྔ་ཞེས་བྱ་བ་ནི། དངོས་གྲུབ་མྱུར་དུ་འགུགས་པའི་དོན་ཏེ། དེ་ལྟར་ན་རྫས་བཅུ་པོ་ དེ་རྣམས་ནི་སྤྱི་ཁྱབ་ཀྱི་མཚོན་དོན་རགས་པ་ཕུང་ཁམས་རྣམས་མཚོན་བྱེད་ཡིན་ལ། གཞན་ 3-1-415 རིགས་སུམ་ཅུ་རྩ་དྲུག་གི་སྐབས་སུ་བཤད་པ་ལྟར། དམ་རྫས་ཀྱི་ཁྱད་པར་རྣམ་པ་མང་པོ་དེ་ དག་ཡིན་ནོ། །རྫས་རྣམས་ཞུ་ནས་གཅིག་ཏུ་འདྲེས་པ་ཙམ་ནི་འོག་གཞི་མེ་རླུང་གཉིས་ཀྱི་བྱེད་ པ་ཡིན་ལ། དེ་ནས་ཐལ་མོ་གཡོན་པ་བསྟན་ཏེ། ལག་མཐིལ་དུ་གནས་པ་སྐུ་རྡོ་རྗེའི་ངོ་བོ་ༀ་ ཡིག་དཀར་པོའི་འོད་ཟེར་རྫས་ལ་ཕོག་པས་རྫས་ངན་པའི་རྣམ་པ་སྦྱངས་ཏེ། ཁ་དོག་དང་ རྣམ་པ་ཕྱོགས་མཚུངས་པ་ལ་དྲི་རོ་མདོག་དབྱིབས་ངན་པ་རྣམས་མེད་པ། ཡིད་དུ་འོང་བའི་ རྣམ་པར་གྱུར་པར་བསམས་ལ་སྔགས་དང་པོ་བརྗོད་དོ། །དེ་བཞིན་དུ་ཐལ་མོ་གཡས་བསྟན་ ཅིང༌། གསུང་རྡོ་རྗེ་ཨཱཿཡིག་གི་འོད་ཟེར་དམར་པོ་ཕོག་པས་རི་བོ་དང་རྒྱ་མཚོ་ལྟ་བུར་རྒྱ་ཆེར་ འཕེལ་བར་བསམ། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་ཀར་དེ་རྣམས་ཀྱིས་རིགས་འགྲེ་ སྟེ། ལག་པ་གཉིས་ཐལ་མོ་ཁ་སྦྱོར་བསྟན་ཞིང༌། ཐུགས་རྡོ་རྗེ་ཧཱུཾ་གི་འོད་ཟེར་མཐིང་ཀ་ཕོག་ པས་ཤིན་ཏུ་འོད་འབར་ཞིང༌། མེ་ལྕེ་ལྟར་གསལ་བ་རེག་བྱ་ཡང་བ་ཁ་དོག་དྲི་རོ་ཕུན་སུམ་ ཚོགས་པར་གྱུར་པའོ། །ཡང་མཁའ་ལྡིང་བྱ་ཁྱུང་གི་ཕྱག་རྒྱ་སྟེ། ལག་པ་གཉིས་བསྣོལ། མཐེ་ ཆུང་གཉིས་འདུད། མཐེ་བོང་གཉིས་ལག་མཐིལ་དུ་གཏད། སོར་མོ་ལྷག་མ་གསུམ་གཤིབས་ ཏེ་བརྐྱང་བ། ལག་མཐིལ་རྒྱབ་སྤྲད་པའི་འཛོམ་དུ་ཡེ་ཤེས་རྡོ་རྗེ་ཧོཿཡིག་ལས་འཕྲོས་པའི་ འོད་ཟེར་སེར་པོ་ཕོག་པས་ནུས་མཐུ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་བདུད་རྩི་ སྟེ། བརྟན་པའི་དངོས་པོ་ལྗོན་ཤིང་སོགས་ལ་བླུག་ན། བསྐམས་པ་གསར་དུ་སྐྱེ་ཞིང༌། རློན་ པ་མི་སྐམ་པ་དང༌། ལྕགས་སོགས་ཁམས་ལ་རེག་ན་གསེར་ལ་སོགས་པར་འགྱུར་བ་དང༌། གཡོ་བ་སྲོག་ཅན་གྱིས་ཟོས་འཐུངས་བསྟེན་ན། ཚེ་ཉི་ཟླ་དང་མཉམ་པར་བྱེད་པའི་མཐུ་ཅན་ ངོ་བོ་དོན་དམ་ཆོས་ཉིད་ཀྱི་ཡེ་ཤེས་ཡིན་པ་ལ་རྣམ་པ་དེ་ལྟ་བུའི་བདུད་རྩིའི་མཚན་ཉིད་ཅན་ དུ་གྱུར་པར་མོས་པའོ། །ཉི་ཟླ་སྒྲ་གཅན་དུས་མེ་བསམ་པ་ནི། རྡོ་རྗེ་བཞིའི་གདན་གྱི་དབང་ དུ་བྱས་པའང་ཡིན་ལ། རྡོ་རྗེའི་ལུས་སུ་བྱེད་པའི་རྒྱུ་ཡང་ཁམས་དངས་མ་བཞི་པོ་དེ་དག་གིས་ 3-1-416 བྱེད་པའི་ཕྱིར་འདིར་ཡང་བདུད་རྩིའི་རྒྱུར་སྨོས་པའོ། །བྱིན་རླབས་རྒྱས་བསྡུས་ཀྱི་དབྱེ་བ་ སོགས་དཀྱུས་ན་གསལ་ལ་གོང་དུའང་བཤད་ཟིན་ཏོ།། །། མགྲོན་སྤྱན་འདྲེན་པ་ནི། སངས་རྒྱས་ཡབ་ཡུམ་ཞེས་སོགས་སོ། །དེ་ལ་སྲས་བཅས་ཞེས་ པའི་སྲས་ནི་སེམས་དཔའ་ཡབ་ཡུམ་དང་ཁྲོ་བོ་ཡབ་ཡུམ་རྣམས་ཡིན་ལ། འཁོར་གཡོག་ནི་ རྣལ་འབྱོར་མ་དང༌། ལྷ་ཆེན་ནས་ཁོར་ཡུག་གི་འབྱུང་པོའི་བར་རོ། །དེ་རྣམས་ཉིད་གྲོགས་ དང་བཅས་གཉེན་གྱིས་བསྐོར་ཞེས་དང༌། རང་རང་གི་འཁོར་ལྷ་དང་ལྷ་མོ་རྣམས་ཀྱིས་མཆོད་ པར་བྱེད་པ་དེ་ཐམས་ཅད་ཀྱང་ཀུན་ཁྱབ་ཏུ་བྱིན་གྱིས་རློབ་པ་པོ་གཙོ་བོ་རྡོ་རྗེ་སེམས་དཔའ་ ཉིད་དང་བཅས་པ་སྤྱན་འདྲེན་པའི་དོན་ཡིན་ཏེ། དེ་ལ་སྤྱིར་རྒྱུད་སོ་སོ་ལས་གཏོར་མའི་རྣམ་ གཞག་མང་དུ་འབྱུང་ཡང༌། རྒྱུད་འདིའི་ལུགས་ཀྱི་ཞི་བ་ལ་བཤོས་གཙང་དང༌། ཁྲོ་བོ་ལ་ གཏོར་མ་ཞེས་གྲགས་ཤིང༌། གཏོར་སྔགས་རྣམས་ཀྱང་ཁྲོ་བོ་ནས་འཇིག་རྟེན་པའི་བར་དུ་ གསལ་བར་གསུངས་ཀྱི། ཞི་བ་ལ་གསལ་པོར་མ་གསུངས་པ་ནི་གཙོ་ཆེ་བའི་དབང་དུ་མཛད་ པའོ། །ཕྱག་རྡོར་སྟོད་འགྲེལ་ལས། གཙོ་བོ་ཧེ་རུ་ཀ་ལ་གཏོར་མ་འབུལ་བ་ཤིན་ཏུ་གསལ་ བས་དེ་དང་མཚུངས་པར་འདིར་ཡང་གོང་མ་རྣམས་ཀྱི་མན་ངག་ཕྱག་ལེན་དུ། ༀ་ཨཱཿཧཱུཾ་ཧོཿཤྲཱི་ ཀཱ་ལ་ཙཀྲ་བཛྲ་བྷེ་ར་བ་བྷི་སྐ་རཱ་ཡ་ས་པ་རི་ཝ་རེ་བྷྱཿཨི་དཾ་བ་ལིང་སོགས་སྦྱོར་བ་ནི་ཤིན་ཏུ་ ལེགས་ལ། མཁའ་འགྲོ་མའི་གཏོར་སྔགས་ཀྱང་དེ་ལ་འཐུས་པར་མཛད་པའི་སྲོལ་ཞིག་རྗེ་ ཕྱོགས་པ་མན་ཆད་ལ་བྱུང་འདུག་ཀྱང༌། རྒྱལ་མཆོག་ཀུན་མཁྱེན་ཆེན་པོའི་གསུང་ལ་མེད་ ཅིང༌། མཁའ་འགྲོ་མའི་གཏོར་སྔགས་ནི་ཡུལ་བདག་དང་འདྲ་ཡི། སྡེ་དྲུག་དང་མི་འདྲ་བས་ ལོགས་སུ་བྱས་ན་ལེགས་སོ། །སྡེ་དྲུག་སྲུང་མ་དྲུག་ཅུའི་གཏོར་མ་ནི། སྲུང་འཁོར་གྱི་སྐབས་ སུ་བྱེད་པ་དེ་ཁོ་ན་སྟེ། འཇིག་རྟེན་འདས་པའི་གཏོར་མ་གཞན་ཡོད་ན་ཡང་སྐབས་དེར་ཕུལ་ ནས། དེ་ནས་མཁའ་འགྲོ་མའི་གཏོར་མ་དང༌། །འབྱུང་པོ་སྤྱི་གཏོར་གཞན་དང༌། ཡུལ་བདག་ 3-1-417 གྲོང་བདག་གི་གཏོར་མ་རྣམས་ཀྱང་འབུལ་ལོ། །སྲུང་མ་དྲུག་ཅུའི་གཏོར་མ་ཡན་ཆད་མེད་ མི་རུང་ཡིན་ལ། ཕྱི་མ་རྣམས་རང་གི་མོས་པ་དང་བསྟུན་པར་བྱའོ། །ཚོགས་ཀྱི་བཟའ་བ་དང་ མ་འབྲེལ་ན། དེ་རྗེས་རྡོ་རྗེའི་གླུ་བླངས་ཤིས་བརྗོད་དང་སྨོན་ལམ་བྱས་ཏེ་ཡིག་བརྒྱ་བཟོད་ གསོལ་གྱི་མཐར་གཏོར་མགྲོན་རྣམས་གཤེགས་སུ་གསོལ་བ་ཡིན་ནོ།། །། བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབས། ཕུད་ བཅད་དེ། ༀ་ཨཱཿཧཱུཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱོ་བཛྲ་ནཻ་ཝི་ཏྱེ་ཧཱུཾ། ཞེས་བླ་མ་ཡི་དམ་སངས་རྒྱས་ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ། དེ་རྗེས་ༀ་ཧ་རི་ཏྱཻ་པིཎྜ་ཀེ་པྲ་ཏཱི་ཙྪ་སྭཱཧཱ་ཞེས་པས་ འཕྲོག་མ་བུ་དང་བཅས་པ་ལ་ཆང་བུ་གཉིས་དང༌། ༀ་སརྦ་དཱུ་ཏཱི་ཀེ་ཨ་གྲཱ་གྲ་སཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་ཕོ་ཉ་སོགས་འབྱུང་པོ་ཕུད་ལ་དབང་བ་རྣམས་ལ་སྦྱིན། དེ་ནས་རང་ཉིད་དུས་ཀྱི་འཁོར་ ལོ་ལྟེ་བའི་ཧོཿལས་གཏུམ་མོ་འབར་བ་དང༌། གཤེགས་གསོལ་གྱི་སྐབས་སུ་བཤད་པ་ལྟར་ གནས་དེ་དང་དེ་དག་ཏུ་ལྷ་རྣམས་གསལ་ཐེབས་ན་རབ། མིན་ནའང་བཞུགས་པར་མོས་པ་ ཙམ་བྱ་ལ། ཡང་ན་ཕུང་ཁམས་ཐམས་ཅད་གདོད་ནས་གྲུབ་པའི་ལྷ་སུམ་ཅུ་རྩ་བདུན་ཡེ་ཤེས་ ཀྱི་འཁོར་ལོར་མོས་པས་ཀྱང་ཆོག གང་ལྟར་ཡང་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་སྡིག་དང་མ་ འདྲེས་ཤིང༌། རྒྱལ་བའི་བཀས་གནང་བའི་བཟའ་བཏུང་ལ་ལོངས་སྤྱད་པར་བྱའོ། །མཇུག་ཏུ་ སྨོན་ལམ་བཏབ། གལ་ཏེ་ཞོར་ལ་དཔའ་བོའི་སྟོན་མོའམ། དཔའ་མོའི་སྟོན་མོ་རྗེས་མཐུན་པ་ གྲུབ་པར་བྱེད་ན། མཎྜལ་གྱི་མཆོད་བསྟོད་སོང་མཚམས་ཉིད་ནས་དཀྱིལ་འཁོར་མ་བསྡུས་ པ་ལ་བྱས་ན་ལེགས་ཏེ། དེ་མ་ཐག་གཏོར་མ་བཤམས་ནས་གཏོར་བསྔོ་བྱ། ཡང་ན་མཎྜལ་ མཆོད་ཆོག་དང་བདག་བསྐྱེད་བསྡུས་ཀྱང་རུང་སྟེ། གཏོར་བསྔོ་སོང་མ་ཐག་ཏུ། ཁ་ཟས་བྱིན་ གྱིས་བརླབས། ཕུད་དང་པོ་གཏོར་མ་ལ་སྦྲོན་པའམ། སྣོད་གཞན་དུ་སྤྱི་བུངས་ཀྱི་ཚུལ་བྱས་ ཏེ། གཏོར་མའམ་མཎྜལ་ཡོད་ན་ཡང་མཎྜལ་གྱི་མདུན་དུ་བཞག གྲོགས་དང་བཅས་པ་ཡིན་ 3-1-418 ན་ཚོགས་བསྲེ་བའི་དྲི་བ་དྲི་ལན་གྱིས་དྲངས། སྒོས་ཀྱི་ཟས་ཕུད་ཀྱང་བཅད། རང་གཅིག་པུ་ ཡིན་ན་དེ་གཉིས་ཀ་མི་དགོས། ཕུད་ལ་མཆོད་སྔགས་ཆེན་མོའམ། གཏོར་སྔགས་ཀྱིས་ཕུལ། དེ་རྗེས་སྔར་བཞིན་ཆང་བུ་སྦྱིན་ཞིང་ལོངས་སྤྱད་ལ། ལྷག་མ་བསངས་སྦྱངས། ༀ་ཨཱཿཧཱུཾ་ ཧོས་བྱིན་གྱིས་བརླབས། སྤྱི་འགྲོས་ལྟར་འབར་བའི་ཕྱག་རྒྱ་དང་ཁ་ཁྲུ་བཏབ་པ་བྱས་ཀྱང་ ཆོག གཅིག་ཏུ་ངེས་པར་དགོས་པའང་མིན། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིཾ་ཨུཙྪིཥྚ་བྷཀྵ་ བྷཀྵ་ཀ་སྭཱཧཱ། ཞེས་པས་ལྷག་མ་ཕྱི་རོལ་ཏུ་དོར་བ་དང་ལྷན་ཅིག་མཁའ་འགྲོ་མ་དང་འབྱུང་པོ་ སྤྱི་གཏོར་སོགས་ཀྱང་དོར། དེ་རྗེས་སྡེ་དྲུག་གི་གཏོར་མ་རྣམས་ཀྱང་འདོད་དོན་གསོལ་བའི་ ཚིག་དང་བཅས་ཏེ་ཕྱིར་བཏང་ངོ༌། །རྡོ་རྗེའི་གླུ་དང་སྟེང་ན་བྱང་ཆུབ་སེམས་དཔའ་སོགས་ སྨོན་ལམ་དང་ཤིས་པ་བརྗོད་པ་བྱས། ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་རྣམས་སོང་ བའི་རྗེས་སུ་སྔར་བདག་བསྐྱེད་ཀྱི་དཀྱིལ་འཁོར་མ་བསྡུས་ན་ལུས་ལ་བསྡུ་ཞིང༌། བསྡུས་ཟིན་ ན་གཏོར་མགྲོན་གཙོ་བོ་ཡེ་ཤེས་འཁོར་ལོ་དང་བཅས་པ་རང་ཉིད་ལ་བསྟིམ། སླར་ཡང་སྨོན་ ལམ་དང་ཤིས་བརྗོད་རྒྱས་པར་བྱ། ལག་ལེན་དུ། བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ ལ་སོགས་ཞེས་པ་ནས། བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་ཅེས་པའི་བར་དེ་མཛད་ དོ།། །། ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། དུས་ཐམས་ཅད་དུ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་ དང༌། བྲག་ཆ་ལྟ་བུར་ཤེས་ཤིང༌། གཟུགས་སུ་སྣང་བ་ཐམས་ཅད་ལྷ། སྒྲ་གྲག་ཚད་སྔགས། ཡིད་ཀྱི་འཆར་སྒོ་ཐམས་ཅད་ཡེ་ཤེས་ལྔའི་ངོ་བོར་དག་པ་དྲན་པར་བྱའོ། །ཉལ་བའི་ཚེ་གནས་ དྲུག་ཏུ་རྡོ་རྗེ་དྲུག་བཀོད་དེ། དེ་ཡང་ལྟེ་བར་ཧྲླཱྀཾ་སྙིང་གར་ཧཱུཾ། མགྲིན་པར་ཧྲྀཾ། དཔྲལ་བར་ཧྲཱིཾ། གཙུག་ཏོར་དུ་ཧྲཾ། གསང་བར་ཧྲཱཿསྟེ་ཡན་ལག་དྲུག་གོ །དེ་ནས་འོད་གསལ་གྱི་གདམས་ངག་ གིས་གཉིད་ལོག་པར་བྱ་ཞིང༌། སད་པའི་ཚེ་ལངས་ནས་སྣང་བ་སྒྱུ་མ་ལྟ་བུ་དང༌། བླ་མ་ཡི་ 3-1-419 དམ་དྲན་བཞིན་པས་དབང་བསྐུར་བའི་དམིགས་པ་དང་བཅས་ཏེ། ཁྲུས་ཀྱི་རྣལ་འབྱོར་ལ་ སོགས་པ་བྱའོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་པར་བཤད་པ་ལས། རྣལ་འབྱོར་ལམ་གྱི་ཡན་ལག་ཐུན་མཚམས་ཀྱི་སྤྱོད་པ་རྣམས་བཤད་པའི་སྡེ་ཚན་ཏེ་བཅུ་ པའོ།། །། གསུམ་པ་གང་བསྒྲུབ་པར་བྱ་བའི་ཡུལ་དཀྱིལ་འཁོར་གྱི་རབ་དབྱེ་ལ། དཀྱིལ་འཁོར་ བསྡུས་པའི་ཤིན་ཏུ་གཙོ་བོ་ངོས་བཟུང་བ་དང༌། རྒྱུད་འདི་ཉིད་ལས་འབྱུང་བའི་དཀྱིལ་ འཁོར་གྱི་གྲངས་བཤད་པའོ། །དང་པོ་ནི། སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་ འཁོར་སྒོམ་པར་དཀའ་བས་མི་ནུས་ན། ཐུགས་ཀྱི་དཀྱིལ་འཁོར་འབའ་ཞིག་བསྒོམས་པས་ ཀྱང་གཞན་གསང་འདུས་ལ་སོགས་པའི་དཀྱིལ་འཁོར་རྒྱས་པ་བསྒོམས་པ་ལས་ཀྱང་ཆོ་ གའི་རིམ་པ་མང་ཞིང༌། དག་བྱ་དག་བྱེད་ཀྱི་སྒོ་ནས་ཀྱང་རྒྱས་པར་འགྱུར་བ་དང༌། ཐུགས་ དཀྱིལ་འབའ་ཞིག་ཏུ་དབང་བསྐུར་བ་ཐོབ་པས་ཀྱང་རྒྱུད་དོན་མཐའ་དག་སྒྲུབ་པ་ལ་དབང་ བའི་རྒྱུ་མཚན་ནི་རིགས་དང་རིགས་ཅན་གྱི་སྒོ་ནས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ལྷ་ ཐམས་ཅད་ཐུགས་དཀྱིལ་ཉིད་དུ་འདུས་པའི་རྒྱུ་མཚན་གྱིས་ཡིན་ལ་ཚུལ་ཇི་ལྟ་བུས་འདུས་ སྙམ་ན། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། དཔལ་ལྡན་རྡོ་རྗེ་ཅན་དང་ཀུན་བཟང་རིགས་ཀྱི་ དབང་གིས་རྡོ་རྗེ་འཛིན་པ་ཕྱག་ན་རྡོ་རྗེར་འགྱུར། །དོན་ཡོད་གྲུབ་དང་ནམ་མཁའི་སྙིང་པོ་ དྲི་མེད་ནོར་བུའི་ཕྱག་དང་ས་ཡི་སྙིང་པོ་ཡང་དག་གོ །ཕྱག་ན་འཁོར་ལོ་རྣམ་པར་སེལ་བར་ འགྱུར་ཏེ་རིགས་ཀྱི་དབང་གིས་འོད་དཔག་མེད་དང་འཇིག་རྟེན་མགོན། །དཔལ་ལྡན་ཡུམ་ དང་ཆོས་ཀྱི་ཁམས་ཏེ་སྒྲ་ཡི་རྡོ་རྗེ་མ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །དཔལ་ལྡན་སྒྲོལ་ མ་རེག་བྱ་རྡོ་རྗེ་མ་སྟེ་རིགས་ཀྱི་དབྱེ་བས་གོས་དཀར་རོ་ཡི་རྡོ་རྗེ་མ། །མཱ་མ་ཀཱི་དང་གཟུགས་ ཞེས་གྲགས་པར་འགྱུར་ཏེ་རིགས་ཀྱི་དབང་གིས་སྤྱན་མ་དྲི་ཡི་རྡོ་རྗེ་མ། །ཁྲོ་བོའི་དབང་པོ་ 3-1-420 རྡོ་རྗེ་ཤུགས་དང་རྒྱལ་བའི་བདག་པོར་འགྱུར་ཏེ་ཀུན་ཏུ་བཟང་པོ་དེ་ཉིད་དོ། །གཙུག་ཏོར་ མི་བསྐྱོད་པ་ཉིད་འདིར་ནི་སླར་ཡང་ཤིན་ཏུ་སྟོབས་དང་དོན་ཡོད་གྲུབ་པར་རབ་ཏུ་གྲགས། རྨུགས་བྱེད་དང་ནི་ཕྱག་ན་རིན་ཆེན་དུ་འགྱུར་རིགས་ཀྱི་དབང་གིས་ཁེངས་བྱེད་དང་ནི་འོད་ དཔག་མེད། །རེངས་བྱེད་དང་ནི་རྣམ་པར་སྣང་མཛད་དུ་འགྱུར་སྟོབས་ལྡན་ཕྱག་ན་རྡོ་རྗེ་ དག་དང་གནོད་མཛེས་སོ། །མཁའ་སྙིང་དང་ནི་དབྱུག་པ་སྔོན་པོ་རང་བཞིན་ཡོན་ཏན་དབང་ གིས་ས་ཡི་སྙིང་པོ་འདོད་པའོ། །རྣམ་པར་སེལ་དང་ཤིན་ཏུ་བརྩོན་འགྲུས་སུ་འགྱུར་རིགས་ ཀྱི་དབང་གིས་འཇིག་རྟེན་མགོན་པོ་མི་གཡོ་བ། །ཡུམ་དང་ཁྲོ་བོའི་དབང་པོའི་ཕྱག་རྒྱར་ འགྱུར་ཏེ་རིགས་ཀྱི་དབང་གིས་སྒྲ་ཡི་རྡོ་རྗེ་དེ་བཞིན་ཉིད། །སྟོང་པར་གྲགས་པ་ཤིན་ཏུ་སྔོན་ མོ་རླུང་མེ་ཆུ་དང་ས་རྣམས་དང་པོ་མཐའ་ཡས་བརྩོན་འགྲུས་མ། །རྨུགས་བྱེད་མ་དང་ཁེངས་ མ་རེངས་བྱེད་མར་ནི་རིམ་པས་རབ་ཏུ་གསལ་ཞིང་ངེས་པར་རབ་ཏུ་གྲགས། །དྲག་སྤྱན་ཆོས་ ཀྱི་ཁམས་མར་འགྱུར་ཏེ་རིགས་ཀྱི་དབང་གིས་ལྕགས་སྒྲོག་མ་དང་རེག་བྱ་རྡོ་རྗེ་མ། འོད་ཟེར་ ཅན་དང་དྲི་ཡི་རྡོ་རྗེར་རབ་ཏུ་འགྱུར་ཏེ་ཁྲོ་གཉེར་ཅན་དང་ཙུན་དཱར་རབ་གྲགས་པ། རིགས་ ཀྱི་དབྱེ་བས་ངེས་པར་རོ་ཡི་རྡོ་རྗེ་མ་དང་གཟུགས་ཀྱི་རྡོ་རྗེར་རིམ་པས་ཤེས་པར་བྱ། འདིར་ ནི་རེངས་བྱེད་དུས་མཐར་བྱེད་པ་ཉིད་དེ་སླར་ཡང་ཤིན་ཏུ་སྟོབས་དང་བགེགས་དགྲར་རབ་ ཏུ་གྲགས། །རྨུགས་བྱེད་ཤེས་རབ་མཐར་བྱེད་དག་ཏུ་རབ་ཏུ་འགྱུར་ཏེ་དེ་བཞིན་ཁེངས་བྱེད་ དང་ནི་པདྨའི་དགྲ། །རླུང་མེ་ཆུ་ས་ཙཱ་མུཎྜ་དང་ཕག་མོ་དབང་ཕྱུག་མ་དང་དེ་བཞིན་དབང་མོ་ བཞི་པ་སྟེ། །དྲི་དང་གཟུགས་དང་རོ་དང་རེག་བྱ་ཞེས་པ་གཡོ་བ་འཕྲོག་བྱེད་ལྷ་མིན་མེར་ ནི་གནས་པ་ཡང༌། །ཚངས་པ་དང་ནི་རྣམ་པར་སྣང་མཛད་དུ་འགྱུར་རིགས་ཀྱི་དབང་གིས་ རྒྱ་མཚོ་དག་དང་འོད་དཔག་མེད། །མེ་དང་དཔལ་ལྡན་ཕྱག་ན་རིན་ཆེན་དུ་འགྱུར་རླུང་དང་ དོན་ཡོད་གྲུབ་པ་དག་ནི་དེ་བཞིན་ཉིད། །མི་བསྐྱོད་པ་དང་ལྷ་མིན་དགྲ་བོར་འགྱུར་ཏེ་རྒྱལ་ 3-1-421 བའི་བདག་པོ་དང་ནི་བདེ་བྱེད་རབ་ཏུ་གྲགས། །རྣམ་པར་སེལ་བ་གང་དེ་བརྒྱ་བྱིན་དུ་འགྱུར་ འཇིག་རྟེན་མགོན་པོ་ཚོགས་ཀྱི་བདག་པོ་དེ་བཞིན་ཉིད། །ས་ཡི་སྙིང་པོ་གདོང་དྲུག་པར་ འགྱུར་དཔལ་ལྡན་མཁའ་སྙིང་ལྷ་མིན་བདག་པོར་རབ་ཏུ་གྲགས་པ་ཡིན། །དཔལ་ལྡན་ཕྱག་ ན་རྡོ་རྗེ་དུས་སུ་འགྱུར་ཏེ་དྲུག་པ་ཀུན་ཏུ་བཟང་པོ་ནོར་གྱི་བདག་པོའོ། །རིག་མ་དྲུག་དང་རྡོ་ རྗེ་དྲུག་ནི་རང་བཞིན་ཡོན་ཏན་དབང་གིས་དེ་རྣམས་རང་རང་ཕྱག་རྒྱ་སྟེ། །རིག་མ་ཕྱག་རྒྱ་ ལ་སོགས་ཉི་མ་ལྷ་ཡི་མཆོག་གི་བདག་རྣམས་དཀར་པོ་ནག་པོ་རྫོགས་པའོ། །དེ་དག་རྣམས་ ཀྱི་པད་འདབ་ལ་ནི་ནོར་ལག་ཚེ་སྟེ་མཆུ་ཡི་ཟླ་བ་ལ་སོགས་གང་དེ་རྣམས། །ཟླ་བ་དྲུག་ནི་སྔ་ མ་དྲུག་ཏུ་འགྱུར་ཏེ་རིགས་ཀྱི་དབང་གིས་ལྷ་མོ་རྣམས་ཀྱི་ཕྱི་མ་ཡང༌། །ཀླུ་བརྒྱད་གང་དེ་བུམ་ པ་རྣམས་ཏེ་ཁྱབ་བདག་པདྨའི་འདབ་ལ་ནུས་མ་དེ་རྣམས་རབ་གཏུམ་མ། །དཔལ་ལྡན་དུ་ བ་བྱ་རོག་གདོང་མར་འགྱུར་ཏེ་རིགས་ཀྱི་དབང་གིས་བྱ་རྒོད་གདོང་མ་སྨིག་སྒྱུ་མ། །མཁའ་ སྣང་མ་ནི་འུག་གདོང་མ་སྟེ་དཔལ་ལྡན་མར་མེ་མཁའ་འགྲོའི་བདག་པོའི་གདོང་མར་རབ་ ཏུ་གྲགས། །ནག་མོ་འབར་མ་ཁྱི་གདོང་མ་སྟེ་དམར་མོ་འབར་མ་ཤིན་ཏུ་རྣམ་འགྱུར་གདེང་ ལྡན་ཕག་གདོང་མ། །དཀར་མོ་འབར་མ་སྟག་གི་གདོང་མར་འགྱུར་ཏེ་རིགས་ཀྱི་དབང་གིས་ སེར་མོ་འབར་མ་ཅེ་སྤྱང་མ། །དེ་བཞིན་རྣམ་པ་བཅུ་ཡི་སྒེག་མོ་ལ་སོགས་ཀུན་རབ་གསལ་ ཏེ་སྣ་ཚོགས་ཡུམ་གྱི་ལྷག་མའོ། །ཞེས་གསུང་དང་སྐུའི་ལྷ་ཚོགས་རྣམས་ཐུགས་དཀྱིལ་ལ་ འདུས་པར་གསུངས་ཏེ། ཙ་མུཎྜ་སོགས་བཞི་སྒྲོལ་མ་སོགས་བཞི་ལས་བྱུང་བ་དང༌། ཚངས་ མ་སོགས་བཞི་དྲི་རྡོ་རྗེ་མ་སོགས་བཞི་ལས་བྱུང་བ་དང༌། ཁྱབ་འཇུག་རླུང་མེ་ཆུ་ཚངས་པ་དྲག་ པོ་རྣམས་མི་བསྐྱོད་པ་སོགས་རྒྱལ་བ་རིགས་དྲུག་ལས་བྱུང་བ་དང༌། ནོར་བདག་སོགས་དྲུག་ ཀུན་བཟང་སོགས་སེམས་དཔའ་དྲུག་ལས་བྱུང་བ་དང༌། འདབ་མའི་ལྷ་མོ་རྣམས་རང་རང་ གི་གཙོ་བོ་ཡབ་ཡུམ་དུ་འདུས་པ་དང༌། ཁྲོ་བོ་གཙུག་ཏོར་སོགས་དྲུག་ཀྱང་མི་བསྐྱོད་པ་དང་ 3-1-422 མཁའ་སྙིང་སོགས་སུ་བསྡུས་ཤིང༌། ཁྲོ་མོ་རྣམས་ཀྱང་དེ་དག་གི་ཡུམ་དུ་འདུས་པ་དང༌། ཀླུ་ རྣམས་བུམ་པ་དང༌། རབ་གཏུམ་མ་རྣམས་ནུས་མ་ལ་འདུས་ཤིང༌། འདོད་ཕྱིར་འདོད་རྣམས་ ཀྱང་རང་རང་གི་སྤྲུལ་གཞི་ལ་འདུས་པའི་ཕྱིར་རོ། དེ་ལྟར་ཐུགས་དཀྱིལ་ཙམ་སྒོམ་པ་ཡང་ ཡོངས་རྫོགས་ལ་བལྟོས་ནས་བསྡུས་པ་ཡིན་པས་བསྡུས་པ་ཞེས་བྱ་ཡི། སྤྱི་ལྡོག་ནས་རྒྱས་པ་ ལ་དགའ་བའི་དོན་དུ་གསུངས་པ་ཡིན་ཏེ། བསྡུས་པ་ཁོ་ན་ལ་མོས་པས་ནི། ཐམས་ཅད་ཀྱང་ གཙོ་བོ་ཡབ་ཡུམ་དུ་འདུས་པའི་ཕྱིར་ལྷན་སྐྱེས་སྒོམ་པ་ཡིན་ཏེ། གཞན་ཡང་ལྷ་ལྔ་དང༌། ལྷ་ དགུ་ལ་སོགས་པ་ཇི་ལྟར་འོས་པའོ།། །། གཉིས་པ་རྒྱུད་འདི་ཉིད་ལས་འབྱུང་བའི་དཀྱིལ་འཁོར་གྱི་གྲངས་བཤད་པ་ནི། འོ་ན་ རྒྱུད་ཀྱི་རྒྱལ་པོ་འདི་ལས་དཀྱིལ་འཁོར་གྱི་རྣམ་གྲངས་ཇི་ཙམ་བཤད་ཅེ་ན། གཙོ་བོར་སྨོས་ པ་དང༌། དངོས་སུ་གསུངས་པ་དང༌། འགྲེས་བསྒྱུར་བའི་རྣམ་གྲངས་ཀྱི་དཀྱིལ་འཁོར་ཏེ་ གསུམ་ལས། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་ འཁོར་ཉིད་དང༌། སྡོམ་པ་ཆེ་ཆུང་གཉིས། གསང་བ་འདུས་པ་ལྷ་སོ་བཞི་མ། སྒྱུ་འཕྲུལ་དྲྭ་ བ་ལྷ་ཞེ་དགུ་མ་སྟེ་ལྔ་པོ་དེ་རྣམས་སོ། །དེ་དག་ནི་གཙོ་འཁོར་གྱི་ལྷ་རྣམས་གཅིག་གི་ནང་དུ་ གཅིག་ཤོས་བསྡུ་མི་ནུས་པའི་ཕྱིར་ཤིན་ཏུ་མི་འདྲ་ཞིང༌། དཀྱིལ་འཁོར་གཞན་རྣམས་དེ་དག་ ཏུ་འདུས་ལ། འདི་རྣམས་མ་ཚང་ན་མི་འདུ་བའི་ཕྱིར་རྩ་བའི་དཀྱིལ་འཁོར་གྱི་ཐ་སྙད་བཞག་ ན་ལེགས་ལ། འོན་ཀྱང་དེ་ཐམས་ཅད་ཀྱི་ཡང་གཙོ་བོ་ནི། དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཉིད་དོ། །དྲུག་བརྒྱ་སུམ་ཅུ་སོ་དྲུག་གི་ལྷ་ཚོགས་དང་ ལྡན་པའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་སྒྲུབ་ཐབས་ལེའུར་རྒྱས་བཤད་མཛད་པ་འདི་ ནི། ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཞེས་བྱ་ལ། དཔལ་ལྡན་རྒྱུ་སྐར་གྱི་ དཀྱིལ་འཁོར་ཞེས་བྱ་བ་ནི། དཀྱིལ་འཁོར་བཅུ་གཅིག་གམ་བཅུ་གཉིས་ཡོངས་སུ་བསྡོམས་ 3-1-423 པའི་མིང་ངོ༌། །ཁྲོ་རྒྱལ་རྡོ་རྗེ་ཤུགས་སྲུང་མ་དྲུག་ཅུས་བསྐོར་བ་ལྟ་བུ་གཙོ་བོ་ཡང་ཅུང་ཟད་ཐ་ དད་པ་དང༌། འཁོར་ཀྱི་ལྷ་ཟད་པར་བཅུ་དང་གཟའ་བཅུ་ལྟ་བུ་དྲུག་བརྒྱ་སུམ་ཅུ་སོ་དྲུག་གི་ ལྷ་ཚོགས་དང༌། དཔལ་ལྡན་རྒྱུ་སྐར་སྟོང་དྲུག་བརྒྱ་ཉི་ཤུའི་ནང་དུ་མི་ཐེ་བ་དང༌། ལྷ་དེ་དག་ བསྐྱེད་ཆོག་གི་སྒོ་ནས་བསྐྱེད་ཅིང་ངེས་པ་ཅན་གྱི་ལྷར་ཡང་མཛད་པས། འདི་ཡང་རྩ་བའི་ དཀྱིལ་འཁོར་དུ་བགྲང་དགོས་པ་མ་ཡིན་ནམ་སྙམ་ན། འདི་ནི་ས་སྦྱང་བ་དང་སྲུང་འཁོར་གྱི་ སྐབས་སུ་དགོས་པའི་ལྷ་ཚོགས་ཙམ་ཡིན་པས། འདི་ལ་དཀྱིལ་འཁོར་སྦྱར་བ་ནི། ཆ་ཤས་ ཀྱིས་གསུངས་པའམ་དོན་ཐོབ་ཀྱིས་སྦྱར་བའི་དཀྱིལ་འཁོར་ཡིན་གྱི། དངོས་སུ་གསུངས་ པའི་དཀྱིལ་འཁོར་མ་ཡིན་ལ། རྩ་བའི་དཀྱིལ་འཁོར་ཡིན་ན་དངོས་སུ་གསུངས་བའི་དཀྱིལ་ འཁོར་གྱིས་ཁྱབ་པའི་ཕྱིར་དེར་མི་བགྲང་ངོ༌། །ཡང་ཟད་པར་རྣམས་ནི་ཁོར་ཡུག་གི་གྲུབ་པའི་ ནང་ཚན་དང༌། གཟའ་རྣམས་ཀྱང་ཁོར་ཡུག་གི་ལྷ་ལ་ཡོད་པས་འཁོར་ཐམས་ཅད་གསུང་ དབང་གི་དཀྱིལ་ཁོར་དུ་འདུས་སམ་སྙམ་ན་དེ་ནི་མ་ཡིན་ཏེ། ཁོར་ཡུག་གི་ལྷ་གཙོ་བསྡུས་སུ་ རློམ་པ་རྣམས་ས་བོན་ཕྱག་མཚན་ལས་བསྐྱེད་ཆོག་གིས་བསྐྱེད་པ་ནི་རྒྱུད་ཀྱི་དགོངས་པ་མ་ ཡིན་ཅིང༌། འདིའི་ཁུངས་ཀྱི་རྩ་བ་དེད་ན་པཎྜི་ཏ་སྤྲོས་པ་ཅན་གྱི་བློའི་རི་མོ་ཙམ་ལ་ཐུག་འདུག་ པའི་ཕྱིར། གཟའ་བཅུ་སོགས་དེའི་ནང་དུ་བཅུག་མོད་ཀྱང༌། རྒྱུད་ལས་གསུངས་བའི་ཆོས་ དབྱིངས་གསུང་དབང་དང༌། དཔལ་ལྡན་རྒྱུ་སྐར་གཉིས་ཀ་ལ་ལྷ་དེ་དག་མི་ཐེའོ།། །། གཉིས་པ་ནི། སྔར་བསྟན་པའི་དཀྱིལ་འཁོར་ལྔ་པོ་དེ་དག་ལས་རྣམ་པར་ཕྱེ་ན། དཀྱིལ་ འཁོར་ཤིན་ཏུ་མང་པོར་འགྱུར་ཏེ། སྒྲུབ་ལེར། གཅིག་པུའི་སྐུའམ་ནུས་མ་དང་ལྡན་གནས་ དགུ་དང་བཅས་ཉི་ཤུ་རྩ་ལྔའི་བདག་ཉིད་ལ་སོགས་པ། བསྒོམས་ན་ཕྱག་རྒྱ་ལ་སོགས་གྲུབ་ པ་རྣམས་སུ་ངེས་པར་ཉིན་ཞག་འགའ་ཞིག་དག་གིས་ཡང་དག་འགྱུར། ཞེས་གསུངས་ཤིང༌། འགྲེལ་ཆེན་དུ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པའམ་ཤེས་རབ་དང་ 3-1-424 ཐབས་ཀྱི་བདག་ཉིད་དམ། ལྔའི་བདག་ཉིད་ལ་སོགས་པར་གསུངས་པ་ནི། ཞལ་ལ་སོགས་ པའི་དབྱེ་བ་རྣམས་ཀྱི་ཞི་བ་ལ་སོགས་པར་འགྱུར་རོ། །ཞེས་བརྒྱ་སུམ་ཅུ་པའི་འགྲེལ་པར་ གསུངས་པས་གཅིག་པུའི་སྐུ་ལས་ཕྱེ་ན་དཔའ་བོ་གཅིག་པ་དང་ལྷན་སྐྱེས་གཉིས་ཡོད་ལ། རྩ་ བའི་ཚིག་གིས་མ་ཟིན་མོད་ལྷ་ལྔ་པ་ཡང་འགྲེལ་པར་བྱུང་ཞིང༌། གཙོ་བོ་ནུས་མ་དང་བཅས་ པའི་ལྷ་དགུ་དང༌། བདེ་གཤེགས་འཕར་མའི་རེ་མིག་གི་གནས་དང༌། གཙོ་བོའི་གནས་ཏེ་ མདོར་ན་གཙོ་བོ་གཤེགས་པ་ཡབ་ཡུམ་བརྒྱད་དང་བཅས་པའི་ལྷ་དགུ་དང༌། ཐུགས་དཀྱིལ་ ལྷ་ཉེར་ལྔ་མར་ཡོངས་སུ་གྲགས་པ་དང༌། སོགས་ཁོངས་ནས་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ དང༌། ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དང༌། བཅུ་དགུའི་དཀྱིལ་འཁོར་དང༌། ཐུགས་དཀྱིལ་ ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རྣམས་སྟོན་པ་སྟེ། སྐབས་གཞན་དུ་གསུངས་པ་ལ་ དགོངས་སོ། །དེ་ལ་ལྷ་བཅུ་གསུམ་མ་ནི་ནང་ལེའི་བརྒྱ་ང་གཅིག་པར་གསུངས་ཏེ། གཤེགས་ པ་ཡབ་ཡུམ་བརྒྱད་ཀྱི་སྟེང་དུ་ཁྲོ་བོ་བཞི་བསྣན་པས་བསྐོར་བའོ། །འདི་ནི་བྱིས་པའི་གདོན་ཞི་ བྱེད་ཀྱི་སྐབས། དབང་བསྐུར་བའི་དཀྱིལ་འཁོར་དུ་ཡང་གསུངས་སོ། །བཅུ་བདུན་གྱི་དཀྱིལ་ འཁོར་ནི། ནང་ལེའི་བརྒྱ་ཞེ་བདུན་གྱི་འགྲེལ་པར། ལྷ་དགུ་རྣམས་ཀྱི་དཀྱིལ་འཁོར་གྱི་ཚད་ ཁྲུ་གཅིག་གོ །བཅུ་གསུམ་རྣམས་ཀྱི་ཁྲུ་གཉིས་སོ། །མི་བདག་ཅེས་པ་བཅུ་དྲུག་རྣམས་ཀྱི་ཁྲུ་ བཞིའོ། །ཞེས་བཅུ་དྲུག་ཅེས་པ་འཁོར་གྱི་ལྷ་བཅུ་དྲུག་གོ །དེ་ཡང་ནུས་མ་བརྒྱད་དང་སངས་ རྒྱས་ཡབ་ཡུམ་བརྒྱད། གཙོ་བོ་དང་བཅས་པས་བཅུ་བདུན་ནོ། །ལྷ་བཅུ་དགུ་མ་ནི། སྒྲུབ་ལེར་ རོ་ལངས་སྒྲུབ་པའི་ཐབས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་གསུངས་ཏེ་རིགས་བཞི་ཡུམ་བཞི་ ཁྲོ་བོ་བཅུས་བསྐོར་བའི་དཀྱིལ་འཁོར་གསུངས་སོ། །ཉེར་ལྔའི་བདག་ཉིད་ནི། རྒྱུད་ལས། དུ་བ་ལ་སོགས་ལྷ་མོ་བརྒྱད་པོ་དོར་ནས་རྒྱལ་བའི་བདག་པོའི་པདྨ་དག་ལ་རེས་འགའ་ནི། ། དཔལ་ལྡན་འཁོར་ལོའི་སྙིང་པོའི་དབུས་སུ་མི་ཡི་བདག་པོ་ཉི་ཤུ་རྩ་ལྔའི་བདག་ཉིད་དུ་ཡང་ 3-1-425 འགྱུར། །ཞེས་པ་སྟེ། ནུས་མ་བརྒྱད་སྤངས་པའི་གཞན་ཐུགས་དཀྱིལ་གྱི་ལྷ་རྣམས་ཚང་བ་ ཡིན་ཏེ། འདི་ལ་ནི་མཚོན་སའི་དབུས་སུ་པདྨ་འདབ་བརྒྱད་བྱ་སྟེ། ཀ་བ་དང་བཅས་པའི་བདེ་ གཤེགས་འཕར་མ་སྤངས་པ་འདབ་མ་བརྒྱད་ལ་རིགས་ལྔ་ཡུམ་བཞི་བཞུགས་པའོ། །ཐུགས་ དཀྱིལ་ཡོངས་རྫོགས་ནི། དབང་གི་དོན་དུ་དཀྱིལ་འཁོར་དག་ནི་རིགས་ཀྱི་དབང་གིས་ཕྱི་ཡི་ འཁོར་ལོས་རབ་ཏུ་དམན་པར་འགྱུར། །ཞེས་གསུངས་ཏེ། སྤྱི་ཙམ་ནས་གོང་དུ་བཤད་པའི་ ལྷ་གྲངས་ཉུང་ངུ་དེ་རྣམས་ཀྱང་སྒོམ་པའི་དོན་འབའ་ཞིག་ཏུ་མ་ཟད་དབང་བསྐུར་བ་ཡང་རུང་ སྟེ། བཅུ་གསུམ་གྱི་སྐབས་སུ་བཤད་པས་མཚོན་ནོ། །འོན་ཀྱང་འདིར་དབང་གི་དོན་དུ་ཞེས་ གསུངས་པ་ནི། སྔ་མ་དེ་རྣམས་སུ་དབང་བསྐུར་བ་ནི། ཅུང་ཟད་རྒྱུད་སྨིན་པའི་སྟོབས་ཆུང་ལ། རྣལ་འབྱོར་པ་མཆོག་གིས་སྤྱོད་ཡུལ་ཡིན་ན་མ་གཏོགས། དབང་བསྐུར་རབ་གནས་སོགས་ སྒྲུབ་པ་ལ་ཅུང་ཟད་དཔལ་ཆུང་བའི་དགག་བྱ་ཡོད་ལ། གཙོ་བོར་སྒོམ་པའི་དོན་དུ་ནི། རང་ གི་བློའི་ནུས་པ་དང་བསྟུན་ནས་སྦྱོར་དགོས་པས་མོས་པ་ཐ་དད་པ་སོ་སོའི་ངོར་ཐམས་ཅད་ ལེགས་པ་ཤ་སྟག་ཡིན་པས་སྤང་བླང་གི་དབྱེ་བ་མི་འཐད་དེ། རྒྱུད་ལས། རང་གི་སེམས་ཀྱི་ ནུས་པ་ཤེས་པས་བཅོམ་ལྡན་འདི་ཡང་རྣལ་འབྱོར་པ་རྣམས་དག་གིས་བསྒོམ་པར་བྱ། །ཞེས་ གསུངས་པ་ལྟར་ཏེ། ཉེར་ལྔ་པའི་སྐབས་སུ་འདི་སྐད་ཅེས་གསུང་པ་ནི། དཔའ་བོ་གཅིག་པ་ ནས་ཉེར་ལྔ་པའི་བར་སྒོམ་པའི་དོན་དུ་གཙོ་ཆེ་བར་དགོངས་སོ། །གཅིག་པུའི་སྐུའམ་ཞེས་ པའི་སྐབས་ཀྱི་དཔའ་གཅིག་དང་ལྷན་སྐྱེས་ནི། རེ་ཞིག་ཕྱག་མང་གི་དབང་དུ་བྱས་པའོ། །ཉི་ ཤུ་རྩ་ལྔའི་བདག་ཉིད་ལ་ཡང་སྒྲུབ་པའི་ཐབས་དང་དབང་བསྐུར་བའི་ཆོ་ག་དང༌། པཎ་གྲུབ་ རྣམས་ལ་དབང་བསྐུར་བའི་རྒྱུན་ཡང་ཡོད་དེ། ཐུགས་དཀྱིལ་ཡོངས་རྫོགས་དང་ཕལ་ཆེར་ མཚུངས་པར་དགོངས་ཤིང༌། ཟོར་ཡང་བའི་ཕྱིར་ཤིན་ཏུ་འཐད་པའང་ཡིན་ལ། འོན་ཀྱང་ གསུང་དབང་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བཞེངས་པར་མི་ནུས་པས། ཐུགས་དཀྱིལ་རྒྱས་ 3-1-426 པ་བཞེངས་ཐུབ་ན་ནི། ཡོངས་རྫོགས་དང་ཕན་ཡོན་ཁྱད་མེད་པ་ལྟ་བུར་བསྔགས་པ་མཛད་ དོ། །ཐུགས་དཀྱིལ་དང་གསུང་དཀྱིལ་ནི་ཡོད་ལ་སྐུ་དཀྱིལ་སྤངས་པ་ལྟ་བུ། བར་མཚམས་ དེར་རྣམ་གཞག་མི་འདྲ་བ་གཞན་མ་གསུངས་པས་ཐུགས་དཀྱིལ་རྒྱས་པ་ལས་སྤྲོས་པ་བྱེད་ ཕྱིན། སྐུ་གསུང་ཐུགས་གསུམ་ཅར་རྫོགས་པ་ཉིད་སྒོམ་དགོས་པ་ཡིན་ལ། དེ་ཉིད་ལ་ལྷ་མང་ ཉུང་གི་དབྱེ་བ་ནི་འབྱུང་དུ་རུང་བར་མངོན་ནོ། །གཞན་ཡང་དཔལ་ལྡན་རྒྱུ་སྐར་གྱི་སྐབས་སུ་ དགོས་པའི་དུས་ཀྱི་འཁོར་ལོ་ལྷ་སྟོང་དང་བཞི་པའི་དཀྱིལ་འཁོར་དང༌། འབྱུང་པོ་སྒྲུབ་པའི་ སྐབས་སུ་གསུངས་བའི་རྡོ་རྗེ་ཤུགས་ལྷ་ལྔའི་དཀྱིལ་འཁོར་དང༌། ཀླུ་བརྒྱད་ཀྱིས་བསྐོར་བའི་ དཀྱིལ་འཁོར་ཏེ་གཉིས་དང༌། སྡོམ་པ་ཆེན་པོ་ལྷ་བརྒྱ་ཉི་ཤུ་པའི་དཀྱིལ་འཁོར་དང༌། སྡོམ་ པ་ཆུང་བ་དྲུག་ཅུ་རྩ་གཉིས་པའི་དཀྱིལ་འཁོར་དང༌། གསང་འདུས་ལྷ་དགུ་པ་བཅུ་གསུམ་མ་ བཅུ་དགུ་བ་ཉེར་ལྔ་མ་སོ་གཉིས་མ་སོ་བཞི་མ་སྟེ། གསང་འདུས་རིགས་དྲུག་དང༌། སྒྱུ་འཕྲུལ་ དྲྭ་བ་བཞི་བཅུ་ཞེ་གསུམ་མ་དང༌། ཞེ་ལྔ་པ་དང༌། ཞེ་དགུ་པ་རྣམས་དང༌། སྣ་ཚོགས་ཡུམ་ལྷ་ ལྔ་བཅུ་ང་དྲུག་པའི་དཀྱིལ་འཁོར་དང༌། རྣལ་འབྱོར་མ་རིགས་སུམ་ཅུ་སོ་དྲུག་གི་དཀྱིལ་ འཁོར་ཏེ་སྐབས་འདིར་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་དོ། །གསུམ་པ་འགྲེས་བསྒྱུར་བའི་རྣམ་ གྲངས་ཀྱི་དཀྱིལ་འཁོར་ལ་རྒྱུད་ཚིག་གིས་ཟིན་པ་དང་དོན་གྱིས་ཐོབ་པ་གཉིས་ལས། དང་ པོ་ནི། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ནང་ནས། པདྨ་གདན་ཅན་གྱི་དཀྱིལ་འཁོར་ ལོགས་སུ་ཕྱུང་བ་ནི། ནང་ལེ་ལས། ནུས་མ་ཁྲོ་བོ་རྣམས་ནི་རིམ་པས་བཅུ་རུ་རབ་ཏུ་འགྱུར་ཏེ་ ལྔ་ནི་སངས་རྒྱས་ལྷ་མོ་རྣམས། །གཟུགས་སོགས་མིག་ལ་སོགས་པ་དྲུག་སྟེ་སླར་ཡང་མི་ཡི་ བདག་པོ་ལྷ་ཡི་ཚོགས་ནི་དྲུག་གཉིས་སོ། །རྣལ་འབྱོར་མ་དང་ཀླུ་དང་གཏུམ་མོ་བརྒྱད་ཅེས་བྱ་ སྟེ་སྲིད་པར་འདི་རྣམས་ཐམས་ཅད་ཉིས་འགྱུར་རོ། །ཞེས་འབྱུང་སྟེ། འདི་ལ་ནུས་མ་བཅུ་ལ་ ཡང་པདྨའི་གདན་ལོགས་སུ་བྱེད་ཅིང༌། ཐབས་རེ་རེས་དངོས་སུ་འཁྱུད་པ་དང༌། རྒྱལ་བ་ཡབ་ 3-1-427 ལྔ་ཡུམ་ལྔ་ཁྲོ་བོ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་གཉིས། ལྷ་ཆེན་བཅུ་གཉིས། རྣལ་འབྱོར་ མ་བརྒྱད། རབ་གཏུམ་མ་བརྒྱད། ཀླུ་བརྒྱད་དེ་བདུན་ཅུ་དོན་བརྒྱད་པོ་དེ་རྣམས་ཐབས་ལ་ ཤེས་རབ་ཀྱིས་འཁྱུད་པ་དང༌། ཤེས་རབ་ལ་ཐབས་ཀྱིས་འཁྱུད་པའི་དབྱེ་བས་བརྒྱ་ལྔ་བཅུ་ ང་དྲུག་དང༌། རྒྱས་འདེབས་ཀྱི་ལྷ་དྲུག་ཅེས་བྱ་བ། རིགས་བདག་རྒྱལ་བ་རིགས་དྲུག་རྣམས་ བསྣན་པས་བརྒྱ་དྲུག་ཅུ་རེ་གཉིས་པའི་དཀྱིལ་འཁོར་དུ་ཡང་འགྱུར་ལ། འགའ་ཞིག་སྙིང་ རྗེའི་དབང་བསྐུར་གྱི་སྐབས་སུ་བཤད་པའི་མཚན་སོ་གཉིས་ཀྱི་ལྷ་ཚོགས་ལ་གཙོ་བོ་རྡོར་ སེམས་དང༌། མི་བསྐྱོད་པའི་དབྱེ་བས་དཀྱིལ་འཁོར་གཉིས་སུ་འགྱུར་བ་དང༌། སྦྱིན་སྲེག་གི་ དཀྱིལ་འཁོར་བཅུ་ཡང་ཚིག་ཟིན་གྱི་དཀྱིལ་འཁོར་དུ་བགྲོང་ལ། དེ་བཞིན་དུ་སྒྲུབ་ལེ་ལས། ཞེས་པ་ལ་སོགས་མི་ཡི་བདག་པོ་ལྷ་རྣམས་དང་ནི་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་སོ་སོ་རུ། ། དཀྱིལ་འཁོར་འདིར་ནི་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ལས་ཀྱི་དབྱེ་བ་མཐའ་དག་ རྣམས་ཀྱིས་འགྱུར། །ཞེས་དང༌། དེའི་འགྲེལ་པར་ཡང༌། ལྷ་དང་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་ སོ་སོ་རུ་དཀྱིལ་འཁོར་འདིར་ནི་དཔའ་བོ་གཅིག་པ་རྣམས་ཀྱིས་འགྱུར་ཏེ་རང་གི་རྒྱལ་བའི་ རིགས་ཀྱི་དབང་གིས་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་དབང་གིས་ལས་ ཀྱི་དབྱེ་བ་མཐའ་དག་རྣམས་ཀྱི་སྒྲུབ་ཐབས་སུ་འགྱུར་རོ། །ཞེས་དང༌། ཡང་སྔ་མའི་འཕྲོས་ ལས། སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་འགྱུར་ཏེ་སླར་ཡང་བཟླས་དང་སྦྱིན་སྲེག་རང་གི་ ས་བོན་གྱི། །ཞེས་གསུངས་ཤིང་དེའི་འགྲེལ་པར་ཡང༌། སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་ དང༌། གཞན་དུར་ཁྲོད་ཀྱི་མཐར་ཐུག་པ་རྣམས་ཀྱིས་འཆད་པར་འགྱུར་བའི་སྒྲུབ་ཐབས་སུ་ འགྱུར་ཏེ། ཞེས་འབྱུང་བས། ལས་ཕྲ་མོ་སོ་སོ་བའི་སྐབས་སུ། གཙོ་བོ་ནས་དུར་ཁྲོད་ཀྱི་བར་ གྱི་ལྷ་རེ་རེ་ནས་དཀྱིལ་འཁོར་དུ་འགྱུར་བར་བཤད་པས་ནུས་མ་བཅུ། སངས་རྒྱས་ཡབ་ཡུམ་ བཅུ། ཁྲོ་བོ་བཅུ། ཀླུ་བཅུ། རབ་གཏུམ་མ་བཅུ། སེམས་དཔའ་ཡབ་ཡུམ་བཅུ་གཉིས། ལྷ་ 3-1-428 ཆེན་བཅུ་གཉིས། རྣལ་འབྱོར་མ་བརྒྱད། གསུང་དང་སྐུའི་འདབ་མའི་ལྷ་བཞི་བརྒྱ་དང་བཅུ་ གཉིས་བསྡོམས་པས་ལྔ་བརྒྱ་བརྒྱད་ཅུ་གྱ་གཉིས་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། དེ་བཞིན་དུ་ རང་གི་མོས་པའི་དབང་གིས་ལྷ་རེ་རེའི་སྒྲུབ་ཐབས་ཀྱང་དེ་བཞིན་དུ་འགྱུར་ཏེ། གཞན་ཡང་ རྡོ་རྗེ་ཤུགས་སྲུང་མ་དྲུག་ཅུ་དང་བཅས་པའི་དཀྱིལ་འཁོར་དང༌། ཁྲོ་བོ་བཅུས་བསྐོར་བའི་ དཀྱིལ་འཁོར་གཉིས་སུ་འགྱུར་ཞིང༌། རྣལ་འབྱོར་མ་རིགས་བརྒྱའི་དཀྱིལ་འཁོར་དང༌། ཕྱག་ མཚན་སོ་གཉིས་ཀྱི་དཀྱིལ་འཁོར་དང༌། དངུལ་ཆུའི་བཅུད་ལེན་གྱི་སྐབས་སུ་གསུངས་པའི་ ཛམྦྷ་ལའི་དཀྱིལ་འཁོར་དང༌། གསང་འདུས་རིགས་དྲུག་གི་ལྷ་ཐམས་ཅད་གཙོ་བོ་གོ་འཕོ་ བྱས་པས། ལྷ་དགུ་ལ་དཀྱིལ་འཁོར་དགུ་ནས་ལྷ་སོ་བཞི་པ་ལ་དཀྱིལ་འཁོར་སོ་བཞིའི་བར་ དུ་འགྱུར་བས། ཀུན་བསྡོམས་ན་གསང་འདུས་ལ་བརྒྱ་དང་སུམ་ཅུ་སོ་གཉིས་སོ། །དེ་ལྟར་ན་ སྔར་གྱི་ཉེར་བརྒྱད་མི་ཐེ་བའི་འགྲེས་ཀྱིས་བསྒྲེས་པ། རྒྱུད་འགྲེལ་གྱི་ཚིག་ཟིན་ལས་བསྟན་ པའི་དཀྱིལ་འཁོར་བདུན་བརྒྱ་བཅོ་བརྒྱད་དོ།། །། གསུམ་པ་དོན་གྱིས་ཐོབ་པ་ལ། ཁྲོ་བོ་མོ་བཅུའི་དཀྱིལ་འཁོར་དང༌། རྣལ་འབྱོར་མ་ བརྒྱད་ལ་ལྷ་བཅུ་པའི་དཀྱིལ་འཁོར་བརྒྱད་དང༌། ཚེས་ལྷ་རྣམས་ལ་ལྷ་སུམ་ཅུ་བའི་དཀྱིལ་ འཁོར་བཅུ་གཉིས་དང༌། གཙོ་བོ་དུས་ཀྱི་འཁོར་ལོ་ཉིད་ལའང༌། རྒྱལ་བ་རིགས་དྲུག་གོ་ འཕོས་པའི་དབྱེ་བས་དཀྱིལ་འཁོར་ཆེན་པོ་དྲུག་ཏུ་འགྱུར་ཞིང༌། དཀྱིལ་འཁོར་འབྲི་བའི་ སྐབས་སུ་སྐུ་གསུང་ཐུགས་ཡོངས་རྫོགས་བཀོད་པའི་དཀྱིལ་འཁོར་གཅིག་ལ་ཐུགས་ཀྱི་ དཀྱིལ་འཁོར་ཁྲུ་བཅུ་གཉིས་པ་དང༌། གསུང་ལ་བཅུ་དྲུག་པ་དང༌། སྐུ་ལ་ཉི་ཤུ་པར་གསུངས་ པ་དངོས་བསྟན་ཆེ་ཆུང་གི་ཚད་ལ་ཐུགས་གསུང་སྐུའི་དག་པ་སྦྱོར་ཚུལ་ཙམ་ཞིག་ཡིན་པས། གཞན་རྣམ་འགྱུར་མི་འདྲ་བ་དང་ལྷ་གྲངས་སོགས་ལ་ཁྱད་པར་གསལ་བར་མ་གསུངས་ ཀྱང༌། དོན་ཐོབ་ཀྱི་རིག་པས་ད་ལྟའི་གསུང་དབང་གི་དཀྱིལ་འཁོར་དངོས་སུ་བཤད་པ་འདི་ 3-1-429 ཡེ་ཤེས་རྡོ་རྗེའི་དཀྱིལ་འཁོར་ཡིན་པས་གཞན་དེ་དག་ལ་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་ རྗེས་གཙོ་བོ་མཛད་པའི་དཀྱིལ་འཁོར་འབྱུང་ཞིང༌། མདུན་བསྐྱེད་བྲི་ཆ་ལ་ཇི་ལྟར་འབྱུང་བ་ ལྟར་བདག་བསྐྱེད་ལ་ཡང་སྒོམ་དུ་རུང་བ་ཡིན་ལ། ད་ལྟ་ཡེ་ཤེས་རྡོ་རྗེའི་དབང་དུ་བྱས་ནས་ མི་བསྐྱོད་པ་དང་རྡོར་སེམས་ཀྱི་ངོ་བོར་བྱེད་པ་བཞིན་དུ་ཐུགས་རྡོ་རྗེ་ལ་རྒྱུ་འབྲས་རྡོ་རྗེ་ འཛིན་པའི་སྐབས་སུ་འདི་གོ་ཟློག་དང༌། གསུང་ལ་རིན་འབྱུང་རྒྱུ་དོན་གྲུབ་འབྲས་བུར་བྱེད་ པའི་དཀྱིལ་འཁོར་དང༌། སྐུ་ལ་རྣམ་སྣང་རྒྱུ་འོད་དཔག་མེད་འབྲས་བུར་བྱེད་པའི་དཀྱིལ་ འཁོར་འབྱུང་སྟེ། གང་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་དེ་ཉིད་རིགས་ཐམས་ཅད་ཀྱི་ཁྱབ་ བདག་ཏུ་བྱའོ། །ཐུགས་ལ་ད་ལྟའི་གཙོ་བོའི་ཁ་དོག་སྔོན་པོའི་གནས་སུ་ལྗང་ཁུ་འབྱུང༌། གཞན་འདྲ༌། གསུང་དང་སྐུའི་ནག་པོ་ལ་ཡང་ཕལ་ཆེར་དེ་དང་འདྲ་བ་དང༌། དམར་པོ་དང་ དཀར་པོ་ལ་ཞལ་གྱི་དབྱེ་བ་རིམ་པས་འཕོ་ཚུལ་དང༌། ཕྱག་དང་པོ་བཞིའི་འཕོ་ཚུལ་རིགས་ བསྒྲེ་བ་ཡིན་ལ། ཡང་ན་རྒྱུ་འབྲས་རྡོ་རྗེ་འཛིན་པ་གཉིས་ཀ་རིགས་ཐ་དད་ཡིན་ཀྱང་སྐུའི་རྣམ་ འགྱུར་མི་འཕོ་བར་དམར་པོ་དང་དཀར་པོར་བྱ་ཞིང་དེའི་ཚེ་ཐུགས་རྡོ་རྗེ་ཡང་ནག་པོའོ། །དེ་ བཞིན་དུ་སྦྱིན་སྲེག་གི་དཀྱིལ་འཁོར་བཅུ་ལ་ཡང་དེ་དང་མཐུན་པའི་བསྒོམ་བྱའི་དཀྱིལ་ འཁོར་བཅུ་འབྱུང་ཞིང༌། རྣལ་འབྱོར་མ་སོ་དྲུག་གི་དཀྱིལ་འཁོར་གསུངས་པས་དཔའ་བོ་སུམ་ ཅུ་རྩ་དྲུག་གི་དཀྱིལ་འཁོར་ཡང་དོན་གྱིས་ཐོབ་པ་དང༌། སྡོམ་ཆེན་ལ་གསུངས་པ་ལྟར་སྡོམ་པ་ ཆུང་བ་ལ་ཡང་ཡུམ་གྱི་དཀྱིལ་འཁོར་ཐོབ་པ་དང༌། གསང་འདུས་ལ་གཙོ་བོ་གོ་འཕོ་གསུངས་ པས། སྒྱུ་འཕྲུལ་དྲྭ་བ་གསུམ་ལའང་གཙོ་བོ་གོ་འཕོ་ཐོབ་སྟེ། དེ་བཞིན་དུ་གཙོ་བོ་དུས་ཀྱི་ འཁོར་ལོ་ཉིད་ཀྱི་ཞལ་ཕྱག་མང་ཉུང་གི་སྒོ་ནས་ཀྱང་དབྱེ་བའི་རྣམ་གྲངས་དུ་མར་འགྱུར་ཏེ། ཡེ་ཤེས་ལེའུར། རྡོ་རྗེ་རྣམས་ཀྱི་ཞལ་གྱི་དབྱེ་བར་འགྱུར་ཏེ་རྒྱལ་བའི་བདག་པོའི་ཕྱག་རྣམས་ དབྱངས་ཀྱི་དབྱེ་བ་ཡིས། །ཞེས་པའི་འགྲེལ་པར། རིགས་གཅིག་གི་ཞལ་གཅིག་དང༌། རིགས་ 3-1-430 གསུམ་གྱི་དག་པ་ཞལ་གསུམ་དང༌། རིགས་ལྔ་དག་པས་ཞལ་ལྔར་འགྱུར་བ་དང༌། རིགས་ དྲུག་གི་དག་པ་ཞལ་དྲུག་ཏུ་འགྱུར་ཏེ་འཇིགས་ཞེས་བྱའོ། །དེ་བཞིན་དུ་ཞལ་བརྒྱད་པ་ལ་ སོགས་པ་ནས། ཧ་ལ་ཧ་ལ་གདོང་བརྒྱ་པའི་བར་དུ་ཁམས་རྣམས་ཀྱི་དག་པ་གཙོ་བོར་འགྱུར་ རོ། །ཞེས་དང༌། སྒྲུབ་ལེར། གཅིག་ལ་སོགས་པ་མཐའ་ཡས་ཞལ་ཏེ་ཕྱག་དང་ཞབས་མང་དུ་ མའི་ཁ་དོག་མུན་པ་དག་གི་མཐར། ཞེས་གསུངས་པའི་འགྲེལ་པར། འདིར་ཞལ་གཅིག་ པའམ་སོགས་པའི་སྒྲས་ཞལ་གཉིས་པའམ། བཞི་དང་ལྔ་དང་མཐའ་ཡས་པའམ། ཞེས་ཞལ་ གཉིས་པ་ཡང་གསུངས་ལ། ཡེ་ལེར། ཤེས་རབ་ཐབས་ནི་ཞལ་བཅུ་ཡོན་ཏན་རྣམ་པ་གསུམ་ གྱི་དབང་གིས་བཞི་ལ་ཞལ་ནི་བཅུ་གཉིས་པ། །ཞེས་པ་དང༌། འགྲེལ་བར། དེ་ལྟར་ཞལ་བཅུ་ གཉིས་དང༌། ཕྱག་ཉི་ཤུ་རྩ་བཞི་པ་ནི། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་གཅིག་གོ་ཞེས་ གསུངས་ཤིང༌། དེ་ལ་ཞལ་གཅིག་པ་ནི་དཔའ་གཅིག་བསྡུས་པ་དང༌། ལྷན་སྐྱེས་བསྡུས་པ་ལྟ་ བུ་རྩ་བའི་ཞལ་ཕྱག་ཙམ་ཞིག་ཡིན་ལ། ཞལ་གཉིས་པ་ནི་མདུན་ཞལ་སྔོ་ཞིང་རྒྱབ་ཞལ་ལྗང་ བའམ་རྩ་ཞལ་སྔོ་སྟེང་ལྗང་བ་ལྟ་བུ་ཕྱག་བཞི་ཕྱག་མཚན་རྡོར་དྲིལ་དང་གྲི་ཐོད་འཛིན་པ། དེ་ གཉིས་ལ་ཡུམ་ཕྱག་གཉིས་མ་སྟེ་ལྷན་སྐྱེས་བསྡུས་པས་མཚོན། ཞལ་གསུམ་པ་ལ་ཕྱག་དྲུག་ པ་སྟེ། ཞལ་མདོག་དང་ཕྱག་མཚན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་མཐུན། ཞལ་བཞི་པ་ནི་ སྤྱི་དང་འདྲ་བ་ལས། ཕྱག་བརྒྱད་པ་གཡས་རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག གཡོན་དྲིལ་བུ་ ཕུབ་དང༌། ཁ་ཊྭཾ་ཐོད་པ་འཛིན་ཅིང༌། ཡུམ་ཡང་ཞལ་བཞི་ཕྱག་བརྒྱད་མ་སྤྱི་དང་འདྲའོ། །ཞལ་ ལྔ་པ་ཡང་སྤྱི་དང་འདྲ་བ་ལས། སྟེང་ཞལ་ལྗང་ཁུ་ལྷག་པོ་དང༌། ཕྱག་བརྒྱད་ཀྱི་ཕྱག་མཚན་ གོང་དུ་བཤད་པ་བཞིན་དང༌། ཐ་མ་གཉིས་ནི་དེ་བཞིན་གཤེགས་པའི་ངོ་བོ་ལྟར་ན། དགྲ་སྟ། ཚངས་མགོ་དང༌། ཧེ་རུ་ཀ་ལྟར་ན་གླང་ལྤགས་སོ། །འདི་ལ་ཡུམ་ཞལ་གསུམ་ཕྱག་དྲུག་མའོ། ། ཞལ་དྲུག་པ་ནི། ཞལ་དྲུག་ཕྱག་དྲུག་ཞབས་དྲུག་པ་སྟེ་ཕུར་བའི་ཁྲོ་བོ་དང་འདྲའོ། །ཞལ་ 3-1-431 བརྒྱད་པ་ནི། ཕྱོགས་བཞིའི་ཞལ་ཕྱོགས་མདོག་མཚམས་བཞིའི་ཞལ་ཕྱེད་གཟུགས་སམ། ཡང་ན་ཁ་དོག་འདྲེས་པའོ། །དེའི་ཚེ་ཕྱག་བཅུ་དྲུག་པ་སྟེ། ཕྱག་མཚན་གསལ་ཁ་མེད་ནའང་ དགྱེས་རྡོར་དང་མཚུངས་པར་བཞེད་པ་དང༌། ཉེར་བཞི་པའི་ཕྱག་མཚན་གྱི་ནང་ནས་འདོར་ ལེན་བྱེད་ཟེར་ཏེ། བདག་གི་རྟོག་པ་ནི། འཁོར་ལོ་སྡོམ་པའི་ཧཱུཾ་མཛད་ཕྱག་བཅུ་དྲུག་པ་དང་ མཚུངས་པར་བྱས་ན་ལེགས་སམ་སྙམ་མོ། །ཞལ་བཞི་ཕྱག་ཉེར་བཞི་པ་ནི་དཀྱུས་ཀྱི་གཙོ་བོ་ འདི་ཡིན་ལ་ཕྱག་ཉེར་དྲུག་པ་ནི། དུས་ཀྱི་འཁོར་ལོ་ཐོད་པ་ཅན་ཉིད་དང༌། ཞལ་བཅུ་གཉིས་ ཕྱག་ཉེར་བཞི་པ་ནི། རྡོ་རྗེ་བཞི་ལ་ཞལ་གསུམ་གསུམ་སྟེ། ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ ཞལ་མདོག་དང་མཚུངས་སོ། །ཕྱག་མཚན་ཡང་དེ་ཉིད་ཀྱིས་རིགས་འགྲེ། འདི་ལའང་ཕྱག་ ཉེར་དྲུག་པ་འབྱུང་བར་མངོན་ཞིང༌། དེ་བཞིན་དུ་ཉེར་གཉིས་པ་དང་ཞལ་བཅུ་པ་དང་བཅུ་ གཅིག་པའི་དག་པ་ཡང་ཡོད་ལ། གཞན་ཞལ་བརྒྱ་པའི་བར་དུ་འབྱུང་ཞེས་གསུངས་ཀྱང་ མཚན་ཉིད་གསལ་བར་མ་བཤད་པས་དེ་དང་དེའི་རྣམ་གཞག་མི་བྱའོ། །དེས་ན་གོང་དུ་ བཤད་པའི་གཅིག་པུའི་སྐུའི་དཀྱིལ་འཁོར་ནས། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་ འཁོར་གྱི་བར་ལ་གཙོ་བོའི་ཞལ་ཕྱག་གི་དབྱེ་བ་མི་འདྲ་བ་དུ་མ་སྦྱར་ན་མཐའ་ཡས་པར་ཡང་ འགྱུར་ལ། འོན་ཀྱང་དཀྱིལ་འཁོར་གྱི་རྣམ་གྲངས་ཕྲ་མོ་དུ་མ་ནི། སྤྱིར་རྒྱུད་ཀྱི་དོན་ལ་ཇི་ལྟར་ གནས་ཚུལ་ཙམ་གོ་བ་ལ་ཉེ་བར་མཁོ་ཡི། ཉམས་ལེན་སྒྲུབ་པ་ལ་དེ་ཙམ་གྱིས་དགོས་དོན་ ཆུང་བས། གཙོ་བོ་གཙོ་དག་བཟུང་བར་བྱའོ། །དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལ་ དཀྱིལ་འཁོར་སོ་སོ་ཐ་དད་པ་ནི། སྔར་བཤད་པ་དེ་རྣམས་ཉིད་ཡིན་ལ། དཀྱིལ་འཁོར་ ཐམས་ཅད་གཅིག་ཏུ་བསྡོམས་ཏེ་སྒོམ་པ་དཀྱིལ་འཁོར་ལོགས་པ་ཞིག་ཏུ་བྱེད་པ་ཡང་ཡོད་ དེ། མི་འགལ་ཞིང་ལེགས་པར་ཡང་སེམས་མོད། ཁ་ཅིག་གཞལ་མེད་ཁང་ལྷག་པོ་ཞིག་ཕྱིར་ བཀོད་དེ་སྒོ་སྦྲག་བཞི་པ་བྱས་ནས། ཕྱོགས་བཞིར་དཀྱིལ་འཁོར་གསུམ་གསུམ་འགོད་རྒྱུ་ལ་ 3-1-432 གཉིས་མ་འདངས་ཏེ་མཆོད་པའི་དཀྱིལ་འཁོར་གཉིས་བཅུག །དེ་རྣམས་ཐམས་ཅད་འདོད་ སྣམ་ཚུན་ཆད་ཀྱི་དཀྱིལ་འཁོར་དུ་བྱས་ནས་ཀུན་གྱི་ཕྱི་རོལ་ཏུ་ཁོར་ཡུག་ཆེན་པོ་གཅིག་གིས་ ཆོག་པར་བྱེད་ཟེར་ཏེ། དེ་འདྲ་ནི་རང་བཟོ་ཁོ་ན་ཉིད་དུ་འགྲོ་བས་མི་བྱ་ལ། དེས་ན་སྲུང་ འཁོར་གཅིག་ཁོ་ནས་ཆོག་པ་དང༌། ཚོགས་གསོག་གི་ཚེ་ཡང་དཀྱིལ་འཁོར་བཅུ་གཅིག་ཀར་ སྤྱན་འདྲེན། དེ་ནས་སྟོང་ཉིད་དུས་གཅིག་ཏུ་བསྒོམ། གཞལ་ཡས་ཁང་གུར་དང་བཅས་པ་ བཅུ་གཅིག་དུས་གཅིག་ཏུ་བསྐྱེད། མངོན་བྱང་ལྔ་སོགས་གཙོ་བོ་སོ་སོ་བསྐྱེད་པ་ཡང་དུས་ གཅིག་ལ་བྱ། དེ་བཞིན་དུ་དཀྱིལ་འཁོར་རྒྱལ་མཆོག་སྤྲོ་བ་དང༌། ཞུ་བ་དང༌། གླུས་བསྐུལ་ དང༌། ལས་རྒྱལ་མཆོག་སྤྲོ་བ་དང༌། ཡེ་ཤེས་སྤྱན་འདྲེན་དང༌། རྒྱས་བཏབ་ཀྱི་བར་དུ་དམིགས་ པ་གསལ་ན་དཀྱིལ་འཁོར་བཅུ་གཅིག་བཅུ་གཅིག་པོ་རྣམས་དུས་གཅིག་ཏུ་བསྐྱེད། མི་ གསལ་ན་ཡང་དཀྱིལ་འཁོར་བཅུ་གཅིག་པོའི་བྱ་བ་རེ་རེ་རིམ་ཅན་དུ་བྱས་ནས་སྤེལ་གྱིན་ བསྒོམ། དེ་ལ་དཀྱིལ་འཁོར་ཡོངས་རྫོགས་བཅུ་གཅིག་བསྒོམ་དགོས་པས། དཔལ་མཆོག་ དང་རྩེ་མོའི་རིགས་བསྡུས་སམ། གཉིས་མེད་རྣམ་རྒྱལ་བརྫུས་མའི་དཀྱིལ་འཁོར་གྱི་རིགས་ འགྲེ་མི་བྱའོ། །ཕྱོགས་གང་དུ་དཀྱིལ་འཁོར་གང་འགོད་ན། རྒྱུད་ལས། འདི་ལ་སོགས་པ་དེ་ བཞིན་དུ་ནི་རྣལ་འབྱོར་རྒྱུད་ཀྱང་འདུས་པ་རྣམ་པ་དྲུག་ཏུ་གསུངས་པ་སྟེ། །ཞེས་པ་ནས། ཤེས་རབ་དང་ནི་ཐབས་རྣམས་མཐའ་དག་ཞལ་གསུམ་རོའི་ཕྱག་ལྡན་གཡས་ཀྱི་ཞལ་ལས་ སྤྲོས་པའོ། །ཞེས་པའི་བར་གསུངས་པས། གསང་འདུས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་ལྷོ་ ཕྱོགས་སུ་འགོད་རིགས་ལ། ཡང་ཇི་སྐད་དུ། སྒྱུ་འཕྲུལ་དྲྭ་བའི་དབྱེ་བ་གསུམ་སྟེ་ཞལ་གསུམ་ རོ་ཡི་ཕྱག་ནི་ལྷ་ཡི་སྐུ་ཡི་དབྱེ་བ་ལས། །རྟོག་པ་ལ་སོགས་གང་ཡིན་མཐའ་དག་བླུན་པོའི་ སེམས་ཀྱི་དབང་གིས་གཡོན་གྱི་ཞལ་ནས་སྤྲོས་པའོ། །ཞེས་པས་སྒྱུ་དྲའི་གཙོ་བོ་གཡོན་དུ་བྱ། རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་དང་འདིར་ནི་ཉིས་འགྱུར་སྡོམ་པ་ཆེན་པོ་མཁའ་འགྲོ་མ་ 3-1-433 རྣམས་ཀྱི། །འཁོར་ལོ་དྲུག་ནི་རིགས་དྲུག་རྣམས་ཏེ་མི་བདག་དུར་ཁྲོད་ས་རྣམས་ནུབ་ཀྱི་ཞལ་ ནས་སྤྲོས་པའོ། །ཞེས་འབྱུང་བ་ལ། རྣལ་འབྱོར་རྗེས་སུ་རིག་པའི་དཀྱིལ་འཁོར་དངོས་རྒྱུད་ འདིར་མ་གསུངས་ཤིང༌། སྡོམ་པ་ཆེན་པོ་ནུབ་ཀྱི་ཞལ་ནས་སྤྲོས་པར་གསུངས་པས་ནུབ་ཏུ་ དགོད་རིགས་སམ་སྙམ་ན། སྡོམ་པ་ཆུང་བ་དཔལ་ལྡན་རྒྱུ་སྐར་ལ་མི་བགྲོང་པའི་དབང་དུ་ བྱས་ན། ཤེས་རབ་རྒྱུད་ཀྱི་མངོན་པར་བརྗོད་པ་སྲིད་པ་གསུམ་གྱི་བླ་མས་ཤར་གྱི་ཞལ་ནས་ སྤྲོས་པའོ། །ཞེས་འབྱུང་བ་སྡོམ་པ་ཆུང་བའི་དཀྱིལ་འཁོར་གྱི་སྐབས་དང་འབྲེལ་བ་ཡིན་ཀྱང༌། སྡོམ་ཆེན་ཡང་མངོན་བརྗོད་འབུམ་པ་ལས་གསུངས་པའི་དཀྱིལ་འཁོར་དུ་བཤད་པའི་ཕྱིར། ཤེས་རབ་རྒྱུད་ཀྱི་ནང་ཚན་ཁོ་ན་ཡིན་པས་ཤར་དུ་བཀོད་ན་འགྲེལ་བར་སྣང་ཞིང༌། གསང་ འདུས་གཞན་དང་སྒྱུ་འཕྲུལ་དྲྭ་བ་གཞན་རྣམས་ཕྱོགས་ཕྱོགས་འབྲེལ་གང་ཆགས་སུ་དགོད་ པར་བྱའོ། །རྒྱུ་སྐར་འཁོར་ལོའི་གྲངས་ལས་ལྷག་པར་གྱུར་ཀྱང༌། རྒྱུད་འདི་ནས་བཤད་པའི་ དཀྱིལ་འཁོར་མཐའ་དག་ཟླུམ་པའི་དབང་དུ་བྱས་ན། ལྷོ་བྱང་གི་སྔར་དང་འདྲ་བ་ལས་ཤར་ དུ་སྡོམ་ཆུང༌། ནུབ་ཏུ་སྡོམ་ཆེན། དེ་དང་ཉེ་བར་རྡོ་རྗེ་ཤུགས་རྒྱས་པའི་དཀྱིལ་འཁོར་རྣམས་ བཀོད་ན། དཀྱིལ་འཁོར་འགོད་ཚུལ་ལེགས་ཤིང༌། དེ་རྣམས་དཀྱིལ་འཁོར་གཅིག་ཏུ་བསྲེས་ པ་མ་ཡིན་པར་སོ་སོར་སྒོམ་པ་ཡིན་པའི་ཕྱིར། སྡོམ་ཆུང་རྡོ་རྗེ་ཤུགས་གཉིས་ཀྱིས་ལྷག་པའི་ སྐྱོན་ཡང་མི་སྐྱེད་དོ། །ཁོར་ཡུག་ཆེན་པོ་རྣམས་ཀྱིས་བསྐོར་བའི་དཀྱིལ་འཁོར་གཞལ་ཡས་ ཁང་གཅིག་གི་ནང་དུ་བཤད་ཚོད་ལས་ལྷག་ན་སྐྱོན་ཆེ་སྟེ། འདིར་བརྗོད་པ་དེ་ལ་ནི། ཁོར་ ཡུག་ཐ་དད་པ་བཅུ་གསུམ་བྱུང་བའི་ཕྱིར་སྐྱོན་མེད་དོ། །འོ་ན་དཔལ་ལྡན་རྒྱུ་སྐར་དང་ལྷན་ ཅིག་དཀྱིལ་འཁོར་གཞན་སྒོམ་པ་མི་རིགས་སོ་སྙམ་ན། དེ་ཙམ་ལ་མི་རུང་བ་ག་ལ་ཞིག་སྟེ། རྣལ་འབྱོར་བའི་བློའི་སྟོབས་ཀྱིས་ནུས་ན། རྒྱུད་སྡེ་བཞི་པོའི་དཀྱིལ་འཁོར་བརྒྱ་སྟོང་དུ་མ་ གཅིག་ཅར་སྒོམ་ཐུབ་ན་ཡང་ཡུད་ཙམ་ཞིག་གིས་ཚོགས་ཀྱི་སྒོ་མཐའ་ཡས་པ་གསོག་ནུས་ 3-1-434 པས་ཏིང་ངེ་འཛིན་ལ་དབང་འབྱོར་བ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་གྱི། སོ་སོ་སོ་སོའི་ རང་ཐད་དུ་རང་རང་གི་ཆོ་ག་ཚང་བའི་ཕྱིར། འདྲེས་པའི་སྐྱོན་ཅུང་ཟད་ཀྱང་མེད་དེ། སྒྲུབ་པ་ པོ་ཐ་དད་དུ་མས་སོ་སོར་དཀྱིལ་འཁོར་དུ་མ་དུས་གཅིག་ཏུ་བསྒོམས་པ་བཞིན་ནོ། །ཡང་དེ་ འདྲ་ཏིང་ངེ་འཛིན་ལ་དབང་འབྱོར་བས་ཡིན་གྱི། ལས་དང་པོ་པ་ལ་མིན་ནོ་སྙམ་ན་ཏིང་ངེ་ འཛིན་ལ་དབང་མ་འབྱོར་ན། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་རང་ཡང་ཆབས་ཅིག་ཏུ་ སྒོམ་པར་མི་ནུས་ཏེ། འདིར་དེའི་དབང་དུ་བྱས་སོ། །གཞན་ཡང་འདིའི་དཀྱིལ་འཁོར་བཅུ་ གཅིག་པོ་ཕྱོགས་གཅིག་ཏུ་སྒོམ་པ་ཞིག་ངེས་པར་ཡོད་པ་ནི་ཡིན་ཏེ། འདིའི་ལྷ་གྲངས་ལ་དག་ སྦྱོར་མང་དུ་མཛད་པའི་ཕྱིར་ཏེ། སྒོམ་པའི་དོན་མ་ཡིན་ན་དག་སྦྱོར་གྱི་སྡེ་ཚན་ཕྲུགས་གཅིག་ ཏུ་མཛད་པ་དེ་ལ་དགོས་པ་མི་འབྱུང་བའི་ཕྱིར་རོ། །དེ་ཡང་ནང་གི་ལེའུར། དུས་ཀྱི་ལོ་ནི་མེ་ གྲངས་ལོ་ཡི་ཉིན་ཞག་ཚོགས་ཀྱིས་བསྒྱུར་ཏེ་རིགས་དྲུག་བགྲོད་པའི་ཡན་ལག་གི །ཞེས་ སོགས་དག་སྦྱོར་ཆེ་ཐང་དུ་མཛད་པའི་ཕྱིར་དང༌། དེ་དག་རྒྱུད་འདིར་གསུངས་པའི་དཀྱིལ་ འཁོར་གཙོ་ཆེ་བ་མཐའ་དག་གི་དག་སྦྱོར་ཙམ་མོ་སྙམ་ན། དེ་ལྟར་ཡང་སྒོམ་པའི་དོན་ཡིན་ དགོས་ལ། འདིར་སྡོམ་པ་ཆུང་བ་སོགས་མ་གསུངས་པས་རྒྱུ་སྐར་གྱི་དཀྱིལ་འཁོར་ཁོ་ནའི་ ཡིན་པ་ལས། དེའི་ནང་གི་དཀྱིལ་འཁོར་རེ་རེ་ཙམ་ལས་མ་བསྒོམས་ན། རྒྱུ་སྐར་ཅི་རིགས་ པའི་ཆུ་ཚོད་ཀྱི་དག་པ་ལས་མི་འབྱུང་བའི་ཕྱིར། རྒྱུ་སྐར་གྱི་ཆུ་ཚོད་ལ་དག་པ་མཐའ་དག་ ཕྲུགས་གཅིག་ཏུ་སྦྱར་བ་འདིས། དཀྱིལ་འཁོར་བཅུ་གཅིག་ཀར་ཆབས་ཅིག་ཏུ་སྒོམ་པའང་ བསྟན་པ་ཡིན་ནོ། །དེ་ལ་རྒྱུ་སྐར་གྱི་དཀྱིལ་འཁོར་ནི་རྒྱུད་འདིར་ཡང་གསུངས་མོད་ཀྱི། རྩ་ རྒྱུད་ལས་འབྱུང་བ་གཙོ་ཆེ་བར་གྲགས་ལ། བསྡུས་རྒྱུད་འདི་ལས་འབྱུང་བའི་དཀྱིལ་འཁོར་ ནི། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་ཅེས་བྱ་བ། སྒྲུབ་ལེར་རྒྱས་བཤད་མཛད་པ་འདི་ ཁོ་ན་ཡིན་གྱི། འདི་ལ་ནུས་མ་བཅུ། སངས་རྒྱས་ཡབ་ཡུམ་ཉི་ཤུ། བྱང་སེམས་ཡབ་ཡུམ་ཉེར་ 3-1-435 བཞི། ཁྲོ་བོ་ཡབ་ཡུམ་བརྒྱད། གཟུངས་མ་བཅུ་གཉིས་ཏེ་ཐུགས་དཀྱིལ་ལ་ལྷ་བདུན་བཅུའོ། ། མ་མོ་བརྒྱད། དེའི་ཡབ་བརྒྱད། རྣལ་འབྱོར་མ་དྲུག་ཅུ་རྩ་བཞི། འདོད་མ་སོ་དྲུག་སྟེ་གསུང་ དཀྱིལ་བརྒྱ་དང་བཅུ་དྲུག་གི་ལྷ་ཚོགས་སོ། །ཚེས་ལྷ་སུམ་བརྒྱ་དྲུག་ཅུ། སྒོ་སྐྱོང་ཁྲོ་བོ་ཡབ་ ཡུམ་བཅུ་གཉིས། ཀླུ་དང་རབ་གཏུམ་མ་ཕན་ཚུན་ཡབ་ཡུམ་འཁྱུད་པས་བཞི་བཅུ། །ཕྱིར་ འདོད་མ་སོ་དྲུག་སྟེ། སྐུ་དཀྱིལ་ལ་བཞི་བརྒྱ་བཞི་བཅུ་ཞེ་བརྒྱད་དོ། །གསུམ་ཀ་བསྡོམས་པས་ དྲུག་བརྒྱ་སུམ་ཅུ་སོ་བཞི་སྟེ་འཁོར་ཚོགས་ཡིན་ལ། ཀུན་ཁྱབ་གཙོ་བོ་ཡབ་ཡུམ་བསྣན་པས་ དྲུག་བརྒྱ་སོ་དྲུག་གི་ལྷ་ཚོགས་སོ། །འདི་དག་ཏུ་ཆོས་ཀྱི་དུང་སོགས་ནང་གི་རྡོ་རྗེ་བཞི། ཆོས་ ཀྱི་འཁོར་ལོ་སོགས་ཕྱིའི་རྡོ་རྗེ་བཞི། བུམ་པ་བཅུ་རྣམས་ལྷའི་ངོ་བོ་ཡིན་ཡང༌། ཆོས་འཁོར་ སོགས་ཞར་ལ་བསྐྱེད་པ་ཡིན་ཅིང༌། དེ་ཐམས་ཅད་ཞལ་ཕྱག་གི་རྣམ་པ་ཅན་དུ་མེད་པས་ འཇིག་རྟེན་གྲགས་པ་དང་བསྟུན་ཏེ་ལྷའི་གྲངས་སུ་མི་གཞུག་པའོ། །ཡེ་ཤེས་ནམ་མཁའི་ གཤེགས་པ་ཡབ་ཡུམ་བཞི་ནི་གཙོ་བོ་ཡབ་ཡུམ་ལ་ཚང་བ་ཙམ་ལས་དངོས་སུ་མེད་ཀྱང་དག་ སྦྱོར་གྱི་དབང་གིས་བགྲངས་པའོ། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལྟར་ན་པདྨའི་ལྟེ་བ་ ལ་བཞུགས་པའི་ལྷ་བརྒྱ་ལྔ་བཅུ་རྩ་དྲུག་གསུང་དང་སྐུའི་པད་འདབ་ཀྱི་ལྷ་མོ་བཞི་བརྒྱ་བཅུ་ གཉིས་ཀྱི་སྟེང་དུ་གཟུངས་མ་བཅུ་གཉིས་བསྣན་ཏེ་བཞི་བརྒྱ་ཉེར་བཞི་པོ་ལའང་རང་རང་གི་ ཐབས་རེ་རེ་སྦྱར་བས་བརྒྱད་བརྒྱ་བཞི་བཅུ་ཞེ་བརྒྱད་འབྱུང་བ་པདྨ་གདན་ཅན་དང་བསྡོམས་ པས་སྟོང་དང་བཞི་འབྱུང་ལ། དེ་རྣམས་འཁོར་ཚོགས་ཁོ་ན་ཡིན། དེའི་སྟེང་དུ་གཙོ་བོ་ཡབ་ ཡུམ་བསྣན་པས་སྟོང་དང་དྲུག །དེ་ནས་འཁོར་ལོ་སྡོམ་ཆེན་གྱི་ཡབ་ཡུམ་ཁ་སྦྱོར་གྱི་ལྷ་རྣམས་ ཅིག་ཏུ་བགྲངས་པས་ཞེ་བརྒྱད་དང༌། ལྷ་མོ་རྐྱང་པ་ཉེར་བཞི་ཡོད་དེ་དྲིལ་བུས་བདུན་བཅུ་རྩ་ གཉིས། སྡོམ་ཆེན་གཙོ་བོ་ཡབ་ཡུམ་གཉིས་དཀྱིལ་འཁོར་ཀུན་ལ་དགོས་པའི་རྒྱས་འདེབས་ ཀྱི་ལྷ་དྲུག་སྟེ། དེ་རྣམས་ལས་འཁོར་ཚོགས་ཁོ་ན་ལ་སྟོང་དང་བརྒྱད་ཅུ་ནི། ལོ་གསུམ་གྱི་ཉིན་ 3-1-436 ཞག་གི་ཚོགས་པ་རྣམ་པར་དག་པ་ཡིན་ལ། གསང་འདུས་རིགས་དྲུག་བསྡོམས་པས་ཁ་སྦྱོར་ གྱི་ལྷ་བརྒྱ་སོ་གཉིས། སྒྱུ་དྲ་རིགས་གསུམ་བསྡོམས་པས་ཁ་སྦྱོར་གྱི་ལྷ་བརྒྱ་སོ་བདུན། དེ་ གཉིས་བསྡོམས་པས་ཁ་སྦྱོར་གྱི་ལྷ་ཉིས་བརྒྱ་དྲུག་ཅུ་རེ་དགུ། ཡབ་ཡུམ་སོ་སོར་བགྲངས་ པས་ལྔ་བརྒྱ་སུམ་ཅུ་སོ་བརྒྱད་དོ། །འདིར་ལྔ་བརྒྱ་སོ་བརྒྱད་དང་གོང་གི་སྟོང་བརྒྱད་ཅུ་ བསྡོམས་པས་སྟོང་དང་དྲུག་བརྒྱ་བཅོ་བརྒྱད་ལ་གསུང་དབང་དང་སྡོམ་ཆེན་གྱི་གཙོ་བོ་དུས་ ཀྱི་འཁོར་ལོ་ཡབ་ཡུམ་ངོ་བོ་གཅིག་པ་བསྣན་པས་སྟོང་དྲུག་བརྒྱ་ཉི་ཤུ་སྟེ། རྒྱུ་སྐར་གྱི་ཆུ་ཚོད་ ཀྱི་གྲངས་དང་ལྷ་གྲངས་མཚུངས་པར་དག་སྦྱོར་བྱས་པས། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་ འཁོར་ཞེས་བྱའོ། །སྡོམ་ཆེན་གྱི་ལྷའི་ཚབ་ཏུ་འདོད་ཕྱིར་འདོད་བདུན་ཅུ་རྩ་གཉིས་འཇུག་ པའང་སྔོན་དུས་འགའ་ཞིག་འདོད་པར་གྲགས་ཏེ། རྒྱུད་ལས། མཐའ་དག་བསྡུས་པར་གྱུར་ པ་མངོན་བརྗོད་རྣམས་དང་བཅས་པ་ཉི་མའི་ཉིན་ཞག་གསུམ་འགྱུར་དུ་ནི་འགྱུར། །ཞེས་ པའི་འགྲེལ་པར། རྣལ་འབྱོར་མའི་རྒྱུད་ལ་ལོ་གསུམ་གྱི་ཉིན་ཞག་གི་ཚོགས་ཀྱི་ལྷ་དང་ལྷ་མོ་ རིག་པར་བྱ། ཞེས་གསུངས་ཤིང༌། མངོན་བརྗོད་ཅེས་པ་མངོན་བརྗོད་འབུམ་པའི་དོན་དུ་ གསལ་བའི་ཕྱིར་སྡོམ་ཆེན་ངེས་པར་དགོས་པས། རྒྱུ་སྐར་གྱི་དཀྱིལ་འཁོར་འདི་ལ་འདོད་ ཕྱིར་འདོད་དང་སྟེང་འོག་གི་ཀླུ་དང་རབ་གཏུམ་མ་རྣམས་མེད་པར་གསལ་ལོ། །དེས་ན་ སྐབས་འདི་དག་གི་འགྲེལ་པས། འདུས་པ་སྒྱུ་དྲ་གཉིས་ཐབས་རྒྱུད་དང༌། དུས་འཁོར་བདེ་ མཆོག་གཉིས་ཤེས་རབ་ཀྱི་རྒྱུད་དུ་ཡང་གསུངས་ཤིང༌། ཤེས་རབ་ཀྱི་རྒྱུད་ཤར་གྱི་ཞལ་ནས་ གསུངས་ཤིང་སྡོམ་པ་ཆེན་པོ་ནུབ་ཞལ་ནས་སྤྲོས་པས་ཀྱང་རྣལ་འབྱོར་མ་རྒྱུད་དངོས་ཐུགས་ དང༌། མ་རྒྱུད་ཁྱད་པར་ཅན་ཡེ་ཤེས་སུ་བསྟན་པས་སྡོམ་པ་ཐུགས་རྡོ་རྗེ་དང༌། དུས་འཁོར་ཡེ་ ཤེས་རྡོ་རྗེ་གཙོ་ཆེ་བར་བསྟན་པར་འགྱུར་རོ། །དེ་ལྟར་ན་དངོས་བསྟན་དང་འགྲེས་སྦྱར་བ་ སོགས་སྤྱིར་བསྡོམས་ན། གཙོ་བོ་ཡབ་རྐྱང་དང༌། ཁ་སྦྱོར་གཅིག་པུ་དང༌། ལྷ་ལྔ་མ་དང༌། 3-1-437 དགུ་མ་རིགས་གཉིས་དང༌། བཅུ་གསུམ་མ་དང༌། བཅུ་བདུན་མ་དང༌། བཅུ་དགུ་མ་དང༌། ཉེར་ལྔ་མ་དང༌། ཐུགས་དཀྱིལ་རྒྱས་པ་དང༌། པདྨ་གདན་ཅན་གྱི་དཀྱིལ་འཁོར་དང༌། སྐུ་ གསུང་ཐུགས་ཡོངས་རྫོགས་དང༌། སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་གསུམ་སྟེ། གཙོ་བོ་ དུས་འཁོར་ཉིད་ལས་ཕྱེ་བའི་དཀྱིལ་འཁོར་བཅོ་ལྔ་དང༌། སྣ་ཚོགས་ཡུམ་ལྷ་ང་དྲུག་པའི་ དཀྱིལ་འཁོར་དང༌། རྡོ་རྗེ་ཤུགས་ལ་སྲུང་མ་དྲུག་ཅུས་བསྐོར་བ་དང༌། ཁྲོ་བོ་བཅུས་བསྐོར་བ་ དང༌། ཀླུ་བརྒྱད་ཀྱིས་བསྐོར་བ་དང༌། ཁྲོ་བོ་བཞིས་བསྐོར་བ་སྟེ། རྡོ་རྗེ་ཤུགས་ཀྱི་དཀྱིལ་ འཁོར་བཞི། ཕྱི་མ་འདི་ལ་དཔའ་བོ་གཅིག་པའི་དཀྱིལ་འཁོར་ཟེར་བ་ཡོད་དེ་དོན་མ་གོ་བའོ། ། རིགས་སོ་བདུན་གྱི་དཀྱིལ་འཁོར་ཡབ་ཡུམ་གཉིས། རིགས་བརྒྱའི་དཀྱིལ་འཁོར་མཚན་མ་ སོ་གཉིས་ཀྱི་དཀྱིལ་འཁོར་སྡོམ་པ་ཆེ་ཆུང་གཉིས། སྒྱུ་འཕྲུལ་དྲྭ་བ་རིགས་གསུམ་སྟེ་ཉི་ཤུ་རྩ་ དགུ་དང༌། དུས་ཀྱི་འཁོར་ལོའི་འཁོར་ཚོགས་ཀྱི་ལྷ་རེ་རེ་བཞིན་གྱི་སྒྲུབ་ཐབས་ལ། འགྲེལ་ བའི་དངོས་བསྟན་ལ་དེ་བཞིན་གཤེགས་པ་ནས། དུར་ཁྲོད་ཀྱི་བར་གྱི་གསལ་ཁ་ལས་མ་བྱུང་ ཡང་ནུས་མ་བཅུ་དོན་གྱིས་ཐོབ་ཅིང༌། དཀྱིལ་འཁོར་དངོས་ཀྱི་ཕྱི་རུ་མ་བཀོད་ཀྱང་རྡོར་ སེམས་ཡབ་ཡུམ་དང་མི་བསྐྱོད་པ་ཡབ་ཡུམ་ངེས་པར་དགོས་པས་འདབ་མའི་ལྷ་མོ་དང་ འདོད་ཕྱིར་འདོད་གཟུངས་མ་ནུས་མ་དང་བཅས་པ་ལ་ལྔ་བརྒྱ་བཅུ་དྲུག་ལྷ་མོ་རྐྱང་པ་དང༌། རིགས་དྲུག་ཡུམ་དྲུག་སེམས་དཔའ་སེམས་མ་བཅུ་གཉིས་ལྷ་ཆེན་བཅུ་གཉིས། ཁྲོ་བོ་ཀླུ་དང་ རབ་གཏུམ་གསུམ་ལ་བཅུ་བཅུ། རྣལ་འབྱོར་མ་བརྒྱད་དེ་ཡབ་ཡུམ་ཁ་སྦྱོར་བདུན་ཅུ་དོན་ བཞི་དཀྱིལ་འཁོར་དངོས་ལ་བཀོད་པ་ཡིན་ལ། ཤུགས་ལ་ཁྲོ་མོ་བཅུ་གཙོ་བོར་བྱས་པའང་ འབྱུང་བས་ཁ་སྦྱོར་བརྒྱད་ཅུ་གྱ་བཞི། དེ་སྔར་གྱི་ཡུམ་རྐྱང་ལྔ་བརྒྱ་བཅུ་དྲུག་དང་བསྲེས་པས་ དྲུག་བརྒྱ་སྟེ་དེ་ལྟར་འཁོར་ཚོགས་གཅིག་པུའི་དཀྱིལ་འཁོར་དེ་ཙམ་ཡིན་ལ། གསང་འདུས་ རིགས་དྲུག་ལ་གཙོ་བོ་གོ་འཕོས་པས་བརྒྱ་དང་སོ་གཉིས། གསུང་གི་རྣལ་འབྱོར་མ་འཁོར་ 3-1-438 བཅས་ལ་དཀྱིལ་འཁོར་བརྒྱད་དང༌། སྐུའི་ལྷ་ཆེན་འཁོར་བཅས་ལ་དཀྱིལ་འཁོར་བཅུ་ གཉིས་ཏེ་ཉི་ཤུ། དེ་ལྟར་ན་དྲུག་བརྒྱ་དང༌། བརྒྱ་སོ་གཉིས་དང༌། ཉི་ཤུ་རྩ་དགུ་དང༌། ཉི་ཤུ་ རྣམས་བསྡོམས་པས། བདུན་བརྒྱ་དང་བརྒྱད་ཅུ་གྱ་གཅིག་བྱུང་ལ། དཔལ་ལྡན་རྒྱུ་སྐར་ནང་ གི་དུས་འཁོར་རྒྱས་པ་དང༌། དཀྱིལ་འཁོར་བཅུ་གཅིག་གམ་བཅུ་གཉིས་བསྡོམས་པའི་རྒྱུ་ སྐར་གྱི་དཀྱིལ་འཁོར་ཉིད་ཀྱང་བསྣན་ན། བདུན་བརྒྱ་བརྒྱད་ཅུ་གྱ་གསུམ་མོ། །གཙོ་བོ་དུས་ འཁོར་གྱི་དཀྱིལ་འཁོར་སྔར་བཤད་པའི་བཅོ་ལྔ་དང༌། ཕྱི་མ་འདི་གཉིས་ཏེ་དཀྱིལ་འཁོར་ བཅུ་བདུན་ལ་གཙོ་བོའི་ཞལ་ཕྱག་མང་ཉུང་མི་འདྲ་བའི་དབྱེ་བ་དང༌། གཙོ་བོ་དུས་འཁོར་ ཉིད་ལ་རིགས་ལྔ་གོ་འཕོ་ཚུལ་དང༌། སྦྱིན་སྲེག་གི་ཐབ་ཀྱི་དཀྱིལ་འཁོར་བཅུ་ལ་སོགས་པ་ དང༌། སྒྱུ་འཕྲུལ་དྲྭ་བ་རིགས་གསུམ་ལ་གཙོ་བོ་གོ་འཕོ་སྦྱར་ན། ད་དུང་མང་པོར་འགྱུར་མོད་ ཀྱི་རེ་ཞིག་དེའི་སྤྲོས་པ་བཞག་གོ །གོང་དུ་བཤད་པ་ལྟར་གཙོ་བོའི་ཞལ་ཕྱག་གི་གྲངས་ཀྱང་ ཞལ་གཅིག་ཕྱག་གཉིས་པ་དང༌། ཞལ་གཉིས་ཕྱག་བཞི་པ་དང༌། ཞལ་གསུམ་ཕྱག་དྲུག་སྐུ་ མདོག་ལྗང་སྔོ་གཉིས་དང༌། ཞལ་བཞི་ཕྱག་བརྒྱད་པ་དང༌། ཞལ་བཞི་ཕྱག་ཉེར་བཞི་པ་དང༌། ཞལ་བཞི་ཕྱག་ཉེར་དྲུག་པ་དང༌། ཞལ་ལྔ་ཕྱག་བཅུ་པ་དང༌། ཞལ་དྲུག་ཕྱག་དྲུག་པ་དང༌། ཞལ་བརྒྱད་ཕྱག་བཅུ་དྲུག་པ་དང༌། ཞལ་བཅུ་གཉིས་ཕྱག་ཉེར་བཞི་པ་དང༌། དེ་ལ་ཡང་དོན་ གྱིས་ཐོབ་པའི་ཉེར་དྲུག་པ་སྟེ། གསལ་བར་གོ་ནུས་པ་བཅུ་གཉིས་པོ་དེ་དག་ཡིན་ནོ། །གཙོ་ བོའི་ཞལ་ཕྱག་མི་འདྲ་བའི་དབྱེ་བ་འདི་དག་མོས་པ་སོ་སོ་དང་དབང་པོ་ཐ་དད་པའི་དབྱེ་བས་ ཉེར་མཁོ་ཆེ་བར་གཏོགས་པ་ཙམ་ཡིན་ཅིང༌། བོད་ཀྱི་དུས་འཁོར་བ་འགའ་ཞིག་ལུས་ཀྱི་ དཀྱིལ་འཁོར་ཡང་བཞེད་དེ། རྒྱུད་འགྲེལ་གྱི་དངོས་བསྟན་ལྟར་ན། རྟེན་དང་བརྟེན་པའི་ དཀྱིལ་འཁོར་རྣམས་ལུས་ལ་དག་སྦྱོར་དུ་བཤད་པ་ཡིན་གྱི། འཁོར་ལོ་སྡོམ་པའི་ལུས་དཀྱིལ་ ལྟར་མཐའ་གཞན་དུ་དོགས་པ་མེད་པའི་རྐང་ཚུགས་ལུས་དཀྱིལ་དག་པ་པར་གསུངས་པ་མ་ 3-1-439 ཡིན་ལ། བླ་མའི་མན་ངག་གི་རྒྱུན་དང་ལྡན་པ་ཡིན་ན་ནི་མི་འགལ་ཏེ། གསང་འདུས་ འཕགས་སྐོར་གྱི་ལུས་དཀྱིལ་ལྟ་བུ་རྒྱ་གཞུང་གི་ཁུངས་ཅན་དང༌། ཀྱེ་རྡོར་ལུས་དཀྱིལ་ལྟ་བུ་ མན་ངག་སྙན་བརྒྱུད་དུ་བཞེད་པ་བཞིན་ཡིན་ལ། རང་གི་བློས་དཔྱད་པ་ཡིན་ན་ནི་སྙིང་པོ་ མེད་དོ། །ཡང་དེ་དག་གི་བསམ་པ། རྒྱུད་འདིར་ལུས་དཀྱིལ་མ་བསྟན་ན་ལུས་དཀྱིལ་སྟོན་ པའི་རྒྱུད་གཞན་ལས་རྒྱུད་འདི་མི་ཟབ་པར་སོང་དོགས་པར་སྣང་སྟེ། དེ་ལྟར་མ་ཡིན། སྤྱིར་ ལུས་དཀྱིལ་ནི། བསྐྱེད་རིམ་ལ་བལྟོས་ནས་ཅུང་ཟད་གཞན་ལས་ཟབ་པའི་ཕྱོགས་སུ་ བསྔགས་པའི་སྐབས་ཤིག་ཡོད་མོད། དེ་འདྲ་ལས་བརྒྱ་སྟོང་གི་ཟབ་པའི་རྫོགས་རིམ་གྱི་ གནད་རྒྱུད་སྡེ་གཞན་ལས་མི་གསལ་བ་འདིར་རྒྱ་ཆེར་བཤད་པས་རྒྱུད་འདིའི་ཆེ་བ་དེ་ཕྱོགས་ ནས་བསམས་པས་ཆོག་ཅིང༌། གཞན་ཡང་ཟབ་ཁྱད་ཤིན་ཏུ་མང་བའི་ཕྱིར་ལུས་དཀྱིལ་གྱི་ ཕྱོགས་ཁོ་ན་ལ་འགྲམ་མཆུ་ལྡང་མི་དགོས་སོ། །གཞན་ཡང་ཕྱིས་ཀྱི་དུས་འཁོར་བ་ཁ་ཅིག་ རྒྱུད་འགྲེལ་ལས་དངོས་སུ་ཟིན་པའི་དཀྱིལ་འཁོར་སུམ་བརྒྱ་བཅུ་གཅིག ཤུགས་ཀྱིས་བསྟན་ པ་སྟོང་དྲུག་བརྒྱ་སོགས་ཀྱི་རྣམ་གཞག་བྱེད་པའང་ཇི་ལྟར་འོས་པ་རྟག་པར་བྱའོ། །དེ་ལ་རྒྱུད་ ཀྱི་རྒྱལ་པོ་འདི་ལས་དཀྱིལ་འཁོར་གྱི་རྣམ་གཞག་མང་ཞིང༌། བསྐྱེད་རིམ་གྱི་ཆོ་ག་ཡང་ཤིན་ ཏུ་རྒྱས་པར་གསུངས་ན། གཞན་དུ་བསྐྱེད་རིམ་ལ་སྨད་ཅིང༌། རྫོགས་རིམ་ལ་བསྔགས་པ་ དག་ཤས་ཆེའོ། །འདུས་པ་ལ་སོགས་པ་འགའ་ཞིག་རྫོགས་རིམ་སྦས་ཤིང་བསྐྱེད་རིམ་རྩལ་ དུ་བཏོན་པ་དང༌། དགྱེས་རྡོར་ལྟ་བུ་རྫོགས་རིམ་མ་སྦས་ཀྱང་བསྐྱེད་རིམ་ལ་བསྔགས་པ་ཆེས་ ཆེ་བའང་ཡོད་དོ། །དེ་ལ་འདིར་བསྐྱེད་རིམ་སྨད་པ་ནི་ངེས་དོན་གྱི་ལམ་མ་ཡིན་པ་དང༌། རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ་མེད་ན་མི་འབྱུང་གི་རྒྱུ་ཡང་མ་ཡིན་ཅིང༌། བསྐྱེད་རིམ་གྲུབ་པ་ ཙམ་ལ་སངས་རྒྱས་དངོས་སུ་རློམ་པ་སོགས་བཀག་པ་ཡིན་ལ། གཞན་འགར་རྫོགས་རིམ་ སྦས་པ་ནི་དེའི་སྐལ་བ་མེད་པ་ལ་དགོངས་པ་དང༌། རང་གར་འཇུག་པ་དགག་པའི་དོན་ཡིན་ 3-1-440 གྱི། ལས་དང་པོ་པ་ལ་མི་འཁོ་བ་དང༌། སངས་རྒྱས་ལ་སྒྲིབ་པར་འཆད་པ་མ་ཡིན་ལ། བསྐྱེད་ རིམ་ལ་བསྔགས་པ་ནི། ལས་དང་པོ་བ་ཤས་ཆེ་ཞིག་ལ་དགོས་ངེས་པ་དང༌། དང་པོ་རྫོགས་ རིམ་གྱི་སྐལ་བ་མེད་པ་རྣམས་དེ་གོམས་ན་སྐལ་ལྡན་དུ་འགྱུར་བ་དང༌། གནས་སྐབས་ཀྱི་ ཕན་ཡོན་ཆེས་མང་བར་ཡོད་པ་དང༌། ཕྲ་མོ་དང་འཇིག་རྟེན་པའི་དངོས་གྲུབ་གྲུབ་ན། སླར་ བྱང་ཆུབ་ཀྱི་རྒྱུ་ཚོགས་ཁྱད་པར་ཅན་དུའང་འགྱུར་བར་དགོངས་པ་ཡིན་གྱི། ངེས་དོན་གྱི་ལམ་ སོགས་སུ་འཆད་པ་མ་ཡིན་པས་དེ་རྣམས་དགོངས་པའི་གནད་ལ་མི་མཐུན་པ་ནི་མེད་དོ། ། འོན་ཀྱང་ཕྱོགས་གཅིག་ནས་བསྔགས་པ་ཆེ་བའི་རྒྱུ་མཚན་གྱིས་གསང་འདུས་དགྱེས་རྡོར་ སོགས་ལ་འཇུག་པ་རྣམས་བསྐྱེད་རིམ་ལ་གཙོ་བོར་བྱེད་པ་དང༌། རྒྱུད་འདི་ལ་ཞུགས་པ་ རྣམས་རྫོགས་རིམ་ལ་གཙོ་བོར་བྱེད་པ་འབྱུང་བ་ནི། རྒྱུད་དེ་དང་དེ་ལས་བསྟོད་པ་དང་སྨད་ པ་མཛད་པའི་རྗེས་སུ་ཞུགས་པ་ཡིན་པས་ཚུལ་དང་མི་མཐུན་པ་མ་ཡིན་ཅིང༌། རིགས་པ་ཡང་ ཡིན་ཏེ་དེ་ལྟར་བསྟོད་སྨད་མཛད་པ་ལ། གནས་སྐབས་རྗེས་འཇུག་རྣམས་ལ་འཇུག་ཚུལ་གྱི་ དགོས་པ་ཞིག་འབྱུང་དགོས་པའི་ཕྱིར་རོ། །དེ་བས་ན་འདུས་པ་བ་སོགས་བསྐྱེད་རིམ་ཁོ་ན་ སྒོམ་པར་སྤྲོ་བ་ལ་ད་ལྟ་འཕྲལ་མར་རྫོགས་རིམ་མ་བྱུང་ན་མི་རུང་བའི་འདོད་པ་གཏུགས་ པོའི་ནན་ཆགས་ཀྱང་མི་བྱ་ལ། དུས་ཀྱི་འཁོར་ལོར་ཞུགས་པ་དག་རྫོགས་རིམ་གཙོ་བོར་བྱེད་ པ་ལ་ལས་དང་པོ་པ་ལ་རྫོགས་རིམ་མི་འབྱུང་ཞེས་བཤད་ཅིང༌། བསྐྱེད་རིམ་ལ་ངེས་པར་ སློབ་དགོས་པར་ནན་གྱིས་འཆད་པ་འདི་དག་ནི་སྐལ་བའི་རིམ་པ་དང་བསྟུན་ནས་སྐྱོང་མི་ ཤེས་པའི་བླུན་རྟགས་ལ་ལམ་ཆ་ཚང་བ་གྲུ་བཞིར་འཁྱེར་བ་ཡིན་ནོ་སྙམ་པའི་མངོན་པའི་ང་ རྒྱལ་གྱི་གདོན་ཆེན་པོ་ཞུགས་པ་མི་གསལ་བ་དང་མི་མཁས་པ་དང་མ་རིག་པ་ཆེན་པོའོ། ། གཞན་ཡང་དཀྱིལ་འཁོར་འཁོར་ལོ་ཆེ་བ་དག་ལ་བཤད་སྒོམ་ཙམ་བྱས་པའི་ཡུས་ཀྱིས་ཆོ་ག་ བསྡུས་པ་དང་ལྷ་ཉུང་ངུའི་སྒྲུབ་ཐབས་ལ་བརྙས་པ་བྱེད་པ་ནི་ཆོས་སྤངས་པ་ཡིན་ཅིང༌། དེ་ལྟ་ 3-1-441 བུ་སངས་རྒྱས་ཀྱིས་གསུངས་ཤིང༌། གྲུབ་པ་རྣམས་ཀྱིས་ཀྱང་བཤད་པ་ལ་སྐུར་བ་བཏབ་པས་ ཉེས་པའི་ཁུར་ཆེན་པོ་འཁུར་བ་དག་གོ །དེ་བཞིན་དུ་སྐད་ཅིག་གིས་དཀྱིལ་འཁོར་བསྐྱེད་པ་ རྫོགས་རིམ་ཐོབ་པ་ལ་ཡིན་གྱི། གཞན་ལ་མི་རུང་ངོ་ཞེས་པའང་དེ་དང་འདྲ་སྟེ། དེ་དག་གི་ འཐད་པ་དང་རྒལ་ལན་འདིར་རྒྱས་པར་མ་སྨོས་སོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་ བསྐྱེད་རིམ་རྣམ་པར་བཤད་པ་ལས། བསྒོམ་བྱ་དཀྱིལ་འཁོར་གྱི་རྣམ་གྲངས་བསྟན་པའི་སྡེ་ ཚན་ཏེ་བཅུ་གཅིག་པའོ།། །། གསུམ་པ་རྒྱུད་འདིའི་རིམ་གཉིས་ཀྱི་གོ་རིམ་ལ་གཞན་གྱིས་བརྟགས་པའི་མཐའ་དགག་ པ་ནི། སྐབས་འདིར་མཁས་པར་གྲགས་པ་འགའ་དྲང་དོན་གྱི་ལམ་ལ་ཞེན་པ་ཐལ་ཆེས་ པའི་འདོད་ཚུལ་ཞིག་ལ་དཔྱད་པར་བྱ་སྟེ། དེ་ལ་ཁ་བ་ཅན་འདིར་དུས་འཁོར་བ་གོང་མ་ཕལ་ ཆེར་དང༌། བར་སྐབས་སུ་བྱོན་པ་རྣམས་ཀྱང་སྟེ། བསྐྱེད་རིམ་མཆོག་སྒྲུབ་པའི་ལམ་མ་ཡིན་ ནོ་ཞེས་པ་དང༌། སངས་རྒྱས་ཐོབ་པའི་རྒྱུ་མ་ཡིན་ནོ་ཞེས་སོགས་རགས་བཤད་དུ་མཛད་པ་ ལ། ཕྱིས་ཀྱི་འགའ་ཞིག་ཞེ་སྡང་ཁོང་ནས་འཁྲུགས་པས་ཚིག་ལ་འཁྲི་བའི་ཚུལ་གྱིས་དགག་ པ་བྱེད་ལ། གཞན་མང་པོ་དག་ཀྱང་དེ་ལ་རྗེས་སུ་ཡི་རང་བ་དག་སྣང་ངོ༌། །དགག་པ་ཇི་ ལྟར་བརྗོད་པ་ཡང་འདི་སྐད་དུ། བསྐྱེད་རིམ་མ་བསྒོམས་ན་རྫོགས་རིམ་ཁོ་ན་ལ་འབད་ཀྱང་ མཆོག་མི་ཐོབ་སྟེ། དེའི་ལྷན་ཅིག་བྱེད་རྐྱེན་དང་བྲལ་བའི་ཕྱིར། དཔེར་ན་ཆུ་ལུད་དང་བྲལ་ན་ མྱུ་གུ་མི་སྐྱེ་བ་བཞིན་ནོ། །ཞེས་པ་འདི་ནི་རིག་པ་དང་པོའོ། །ཡང་ཐབས་དང་བྲལ་བའི་ཤེས་ རབ་ཇི་ཙམ་བསྒོམས་ཀྱང༌། མཐར་ཐུག་མི་ཐོབ་པ་ཐེག་ཆེན་སྤྱིའི་ལུགས་ཡིན་ལ། སྔགས་ ཀྱི་སྐབས་འདིར་ཐབས་ནི་བསྐྱེད་རིམ་ཡིན་པས་བསྐྱེད་རིམ་ངེས་པའི་ལམ་མོ་སྙམ་པ་ནི་ རིག་པ་གཉིས་པའོ། །གཟུགས་སྐུ་ཐོབ་པའི་ཆེད་དུ་གཟུགས་སྐུའི་རྣམ་པ་ཅན་གྱི་ལྷའི་རྣལ་ འབྱོར་བསྒོམ་དགོས་ཏེ། ཆོས་སྐུ་ཐོབ་པའི་ཕྱིར་དུ་ཆོས་སྐུའི་རྣམ་པ་ཅན་གྱི་སྟོང་ཉིད་བསྒོམ་ 3-1-442 དགོས་པའི་ཕྱིར། དེས་ན་བསྐྱེད་རིམ་བསྒོམ་དགོས་པར་འགྲུབ་པོ་སྙམ་པ་ནི་རིག་པ་གསུམ་ པའོ། །ཡང་སངས་རྒྱ་བ་ལ་བསྐྱེད་རིམ་ངེས་པར་དགོས་པའི་ལམ་མ་ཡིན་ན། རྒྱུད་སྡེ་འོག་ མ་གསུམ་ལ་ཕར་ཕྱིན་ཐེག་པ་དང་ཐུན་མོང་མ་ཡིན་པའི་ཟབ་ཁྱད་མེད་པར་འགྱུར་སྙམ་པ་ ནི་བཞི་པའོ། །བླ་མེད་ཀྱི་རྒྱུད་གཞུང་ཕལ་ཆེར་ལས་བསྐྱེད་རིམ་གསུངས་པས། དེ་མི་སྒོམ་ པར་སྨད་ན་རྒྱུད་གཞུང་ཕལ་ཆེར་ལ་སྐུར་བ་འདེབས་པར་འགྱུར་སྙམ་པ་ནི་ལྔ་པའོ། སྔགས་ ལམ་དུ་བསྐྱེད་རིམ་ལ་མ་བལྟོས་པར་སངས་རྒྱས་ཐོབ་པའི་ལམ་ཡོད་ན། མདོ་ལམ་དུ་སྦྱིན་ སོགས་ཀྱི་སྤྱོད་པ་ལ་མ་བསླབས་པར་སངས་རྒྱ་བའི་ལམ་ཡོད་པར་ཐལ་ལོ་སྙམ་པ་ནི་དྲུག་ པའོ། །དེ་ལྟར་ན་རིགས་པའི་གནོད་བྱེད་དུ་རློམ་པ་དྲུག་པོ་དེ་དག་ནི་འཐད་པ་མ་ཡིན་ཏེ་རིམ་ པ་བཞིན་དུ་སྦྱར་ན། དང་པོ་མི་འཐད་དེ་བསྐྱེད་རིམ་མེད་ཀྱང་འབྲས་བུ་སངས་རྒྱས་ཀྱི་ལྷན་ ཅིག་བྱེད་རྐྱེན་མེད་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་སས་བསྡུས་པའི་ལམ་བདེན་གྱི་ཆོས་ རྣམས་ཀྱི་ལྷན་ཅིག་བྱེད་རྐྱེན་ནི། རྒྱུན་མཐའ་དང་རྒྱུན་མཐའི་སྔ་ལོགས་ཀྱི་གཞན་དོན་གྱི་ སྤྱོད་པ་རྣམས་ཡིན་གྱི། བསྐྱེད་རིམ་ནི་དེ་འདྲ་མ་ཡིན་པའི་ཕྱིར་དང༌། ཐེག་པ་མཆོག་འདིར་ ཉེ་རྒྱུའི་དབང་བསྐུར་བ་ནི། དེའི་ལྷན་ཅིག་བྱེད་རྐྱེན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །བསྐྱེད་ རིམ་ནི་སངས་རྒྱས་ཀྱི་ལྷན་ཅིག་བྱེད་རྐྱེན་རང་མ་ཡིན་ཏེ། ཡུན་རིང་འདས་པའི་སྔ་རོལ་གྱི་ རྒྱུའི་ཚོགས་པ་ལ་ཕན་འདོགས་བྱེད་ཙམ་ཡིན་དུ་ཆུག་ཀྱང༌། སངས་རྒྱས་ཐོབ་པ་ལ་ཉེ་བའི་ དུས་སུ་ལྟ་ཅི་སྨོས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་བའི་སྔ་རོལ་ཉེ་བ་ན་ཡང་མེད་ པའི་ཕྱིར་རོ། །གཉིས་པ་མི་རུང་སྟེ། ཤེས་རབ་དང་བྲལ་བའི་ཐབས་དང༌། ཐབས་དང་བྲལ་ བའི་ཤེས་རབ་ཀྱིས་སངས་རྒྱས་མི་ཐོབ་པ་བདེན་མོད་ཀྱང༌། ཐེག་པ་འདིར་ཡང་ཐབས་ཡིན་ ན་བསྐྱེད་རིམ་ཡིན་པས་ཏ་ག་ལ་ཁྱབ། ཐབས་ཀྱི་གཙོ་བོ་མཐར་ཐུག་ཀྱང་མིན་ནོ། །རྫོགས་ རིམ་ནི་ཤེས་རབ་རྐྱང་པ་མ་ཡིན་ཏེ། ཐབས་དཔག་ཏུ་མེད་པ་དང་བཅས་པའི་ཕྱིར་རོ། །དེ་ 3-1-443 ཡང་ཇི་ལྟ་བུ་ཞེ་ན། མཉམ་གཞག་ཏུ་སྤྲོས་བྲལ་གྱི་སྟོང་པ་དང་སྦྱོར་རྒྱུའི་ཐབས་ཐུན་མོང་མ་ ཡིན་པ་ནི་ཞུ་བདེ་འགྱུར་མེད་དང༌། མི་འགྱུར་བའི་བདེ་བ་དང༌། རླུང་འགོག་པའི་ཐབས་ དང༌། རྩ་དག་པའི་རྣལ་འབྱོར་སོགས་ཡིན་ལ། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཡང་སྤྲོས་བྲལ་ དང་སྦྱོར་རྒྱུའི་ཐབས་སུ་འགྱུར་ཞིང༌། རྗེས་ཐོབ་ཀྱི་ཐབས་ཐུན་མོང་མ་ཡིན་པ་མང་པོའང་ ཡོད། མདོ་ལམ་དང་ཐུན་མོང་གི་ཐབས་མཁས་ཀྱི་ཁྱད་པར་ཐམས་ཅད་ཀྱང་རྫོགས་རིམ་ལ་ ཚང་བར་ཡོད་པའི་ཕྱིར། བསྐྱེད་རིམ་མེད་ན་ཐབས་དང་བྲལ་བའོ་སྙམ་དུ་སེམས་པ་ནི། གྲོང་ གང་ན་གདོལ་བའི་རིགས་མེད་ན་མི་མེད་པའི་སྐྱོན་དུ་འཛིན་པ་དང་འདྲའོ། །འདིར་ཐབས་ དང་བྲལ་བའི་ཤེས་རབ་རྐྱང་པ་མི་རུང་བ་ཐེག་ཆེན་སྤྱི་ལུགས་ཡིན་ཟེར་བ་ལྟར་ན། ཐེག་ དམན་ལ་ཐབས་དང་བྲལ་བས་ཆོག་པར་སེམས་པ་འདྲ་སྟེ་ཡེ་མི་ཆོག་གོ །ཐེག་དམན་རང་ ཉིད་ལ་བལྟོས་པའི་ཐབས་ངེས་པར་དགོས་ལ། ཐབས་ཉེ་ཚེ་བ་ནི་ཡིན་མོད་ཀྱི། ཐེག་དམན་ དུ་ཤེས་རབ་ཀྱང་ཉེ་ཚེ་བའོ། ། གསུམ་པ་ཡང་མི་འཇུག་སྟེ། ཆོས་སྐུའི་རྣམ་པ་ཡིན་ན་སྟོང་པའི་རྣམ་པ་ཙམ་ཡིན་པས་ ཀྱང་མ་ཁྱབ། གཟུགས་སྐུའི་རྣམ་པ་ལམ་དུ་བྱེད་དགོས་ན་ཞལ་ཕྱག་གི་རྣམ་པ་ཡིན་པས་ཀྱང་ མ་ཁྱབ་ཅིང༌། ལྷའི་རྣལ་འབྱོར་ཡིན་ན་བསྐྱེད་རིམ་ཡིན་པས་ཀྱང་མ་ཁྱབ་པའི་ཕྱིར། ཅལ་ ཅོལ་དེ་ལྟ་བུ་མི་འཚལ་ལ། རྫོགས་རིམ་གྱི་ལྷ་སྐུ་དེ་སྔོན་བསྐྱེད་རིམ་བསྒོམས་པའི་མཐུ་ལས་ བྱུང་བའོ་སྙམ་ན། འདི་ནི་དྲང་དོན་གཙོ་ཆེ་བའི་ལམ་རིམ་འགའ་ཞིག་གི་ཕྱོགས་ཙམ་མཐོང་ བས་ངེས་དོན་མཐར་ཐུག་ལས་ཕྱིར་ཕྱོགས་པར་ཟད་དེ། སྔོན་རྣམ་རྟོག་གིས་བསྐྱེད་པའི་ ལྷ་སྐུ་བསྒོམས་པའི་བག་ཆགས་སད་པའི་ཤུགས་ལས་ཕྱིས་ལྷ་སྐུའི་གསལ་སྣང་ཤར་བ་དེ་ ནི་མན་ངག་པ་འགའ་ཞིག་རྣམ་རྟོག་སྔོན་སོང་གི་དྲོད་ཅེས་བྱ་བར་མིང་འདོགས་པ་དོན་ལ་ ཉམས་སྣང་ཙམ་ཡིན་པས། རྒྱུའི་དབང་གིས་བསྐྱེད་རིམ་དུ་གཏོགས་སུ་ནི་རུང་ལ། རྫོགས་ 3-1-444 རིམ་གྱི་ལྷ་སྐུའི་ཕྱོགས་ཙམ་ཡང་མ་ཡིན་ནོ། །འོ་ན་འཕགས་སྐོར་ལས་དེ་འདྲ་དེ་ལུས་དབེན་ གྱི་ལྷ་སྐུར་བཤད་པས་ཅིའི་ཕྱིར་རྫོགས་རིམ་མིན་སྙམ་ན། ངེས་དོན་སྦས་ཏེ་བཤད་པ་ན་དེ་ འདྲ་རུང་དུ་ཡོད་ཀྱང༌། དགོངས་དོན་མཐར་ཐུག་ཐོག་མར་དགེ་བའི་དུས་ཀྱི་སྟོང་གཟུགས་ལ་ ལུས་དབེན་དུ་དགོངས་སོ། །དེས་ན་སྔོན་ལྷ་སྐུའི་རྣམ་རྟོག་གོམས་པའི་བག་ཆགས་ཡོད་པ་ དེ། རྩ་རླུང་གི་མན་ངག་གིས་རིག་པ་ཅུང་ཟད་དྭངས་པ་ན་རྐྱེན་དེ་ལས་སྐབས་དེར་རྟོག་པས་ ཆེད་གཏད་མ་བསྒོམས་ཀྱང༌། ལྷ་སྐུར་ཤར་བ་དེ་ནི་དོན་དམ་གྱི་ལྷ་སྐུ་རང་ཤར་མ་ཡིན་ཏེ། དེ་ཉིད་རང་ལ་བརྟན་པ་མ་ཐོབ་ན་འཕྲལ་འཕྲལ་དུ་ཉམས་པར་ཡང་འགྱུར་ཞིང༌། དེ་རང་ལ་ བལྟོས་པའི་བརྟན་པ་ཐོབ་ཏུ་ཆུག་ཀྱང་ལུས་བརྗེས་པའི་འོག་ཏུ་རྗེས་སུ་མི་འབྲང་ངོ༌། །གདོད་ མའི་ལྷ་སྐུ་སེམས་ཀྱི་ཆོས་ཉིད་དུ་གནས་པ་དེ་རྐྱེན་རྟོག་བཅས་མ་ཡིན་པ་རྣམ་པར་མི་རྟོག་ པའི་ཏིང་ངེ་འཛིན་གྱིས་རླུང་སེམས་དབུ་མར་འགགས་པའི་ཡེ་ཤེས་སྐྱེས་པས་མཐོང་བའི་ སྟོང་གཟུགས་ཀྱི་ལོངས་སྤྱོད་རྫོགས་སྐུ་དེ་ནི་རྫོགས་རིམ་པའི་ལྷ་ཡིན་ནོ། །འདི་ལ་བསྐྱེད་ རིམ་སྔོན་དུ་འགྲོ་མི་དགོས། འདི་བསྐྱེད་རིམ་ལས་བྱུང་བ་ཡང་མ་ཡིན་ཏེ། དེ་དང་འདི་རྒྱུ་ འབྲས་ཀྱི་འགྲོས་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར། ཤར་ཕྱོགས་སུ་ཁྲེ་རྒོད་གྱི་ཞིང་ལ་ཆུ་དྲངས་ པས་ནུབ་ཕྱོགས་སུ་འབྲས་ཀྱི་ལོ་ཐོག་སྨིན་པ་ལ་མི་ཕན་པ་བཞིན་ནོ། ། བཞི་པ་ཡང་ལེགས་པར་མ་སྨྲས་ཏེ། བླ་མེད་ཀྱི་ལམ་དུ་བསྐྱེད་རིམ་མི་དགོས་ན། རྒྱུད་ སྡེ་འོག་མ་གསུམ་ལ་ཕར་ཕྱིན་ཐེག་པ་ལས་ལྷག་པའི་ཁྱད་ཆོས་མེད་པར་འགྱུར་ཟེར་བ་ ནི། འབྲེལ་མེད་བྱུང་རྒྱལ་དུ་སྨྲ་བ་ཡིན་ཏེ། ཚིག་འདིའི་ཤུགས་ལ་རྒྱུད་སྡེ་འོག་མ་གསུམ་ལ་ བསྐྱེད་རིམ་ཡོད་ཅེས་པར་འགྱུར་ན། དེ་ནི་ཁྱེད་ཉིད་ཀྱང་མི་འདོད་དོ། །བསྐྱེད་རིམ་སངས་ རྒྱས་ཐོབ་པའི་རྒྱུ་ངེས་པ་ཅན་མ་ཡིན་པར་ཁོ་བོ་ཅག་འདོད་ཀྱི། བསྐྱེད་རིམ་མདོ་དང་ཐུན་ མོང་པའམ། ལེགས་པའི་ཆོས་མ་ཡིན་པར་མི་འདོད་པས། བླ་མེད་འདིར་བཤད་པའི་བསྐྱེད་ 3-1-445 རིམ་དེ་མདོ་ལ་མེད་པའི་ཟབ་ཁྱད་ཀྱི་རྣམ་གྲངས་ཙམ་ཡིན་པ་ཏ་འདོད་ལ། རྒྱུད་སྡེ་འོག་ མ་གསུམ་གྱི་ལྷའི་རྣལ་འབྱོར་ཡང་མདོ་ལ་མེད་པའི་ཟབ་ཁྱད་ཙམ་ཡིན་མོད། ཟབ་ཁྱད་དེ་ ཙམ་ཁོ་ནས་ཟད་པ་མ་ཡིན་ཏེ། རྒྱུད་སྡེ་འོག་མ་ལ་རིག་སྔགས་ཀྱི་བཟླས་པ་དང་མཚན་མེད་ ཀྱི་རྣལ་འབྱོར་ལ་འཇུག་པའི་རིམ་པ་དང༌། ལྷ་ལ་མཆོད་པ་དང་རྫས་ཀྱི་སྦྱོར་བ་ལ་སོགས་ པ། མདོར་ན་ལྷའི་རྣལ་འབྱོར་མ་ཡིན་པའི་ཁྱད་ཆོས་གཞན་དུ་མས་ཀྱང་མདོ་ལས་ཟབ་པར་ འཇོག་ཐུབ་པའི་ཕྱིར་རོ། ། ལྔ་པ་ཡང་བྱུང་རྒྱལ་དུ་སྨྲ་བ་སྟེ། བསྐྱེད་རིམ་སངས་རྒྱས་ཀྱི་ངེས་པའི་རྒྱུ་མ་ཡིན་ན། རྒྱུད་ ཕལ་ཆེར་ལས་བསྐྱེད་རིམ་བཤད་པས་རྒྱུད་དེ་ཐམས་ཅད་ལ་སྐུར་པ་བཏབ་པར་འགྱུར་ཞེས་ པ་འདི་ཚིག་གི་ཧང་རྡེག་མ་གཏོགས་དོན་གྱིས་སྟོངས་ཏེ། འོ་ན་རྒྱུད་མང་པོ་ཞིག་ལས་སྦྲུལ་ གྱིས་ཟིན་པའི་དུག་གསོ་བ་བཤད་ན། སྦྲུལ་དུག་གསོ་བ་དེ་སངས་རྒྱས་ཐོབ་པ་ལ་ངེས་པར་ དགོས་པའི་ལམ་ཡིན་ནམ་ཅི། དེ་མིན་ཞེས་སྨྲ་ན་རྒྱུད་ཕལ་ཆེར་ལ་སྐུར་བ་བཏབ་པར་འགྱུར་ བ་སོགས་ཧ་ཅང་ཐལ་ཆེས་སོ། །དེ་བཞིན་དུ་ཆར་འབེབས་ལ་སོགས་པ་ཕྲ་མོ་ཐམས་ཅད་ལ་ སྦྱར་བར་བྱའོ། །དེས་ན་བསྐྱེད་རིམ་ལར་མ་བཤད་པའི་ཡང་བླ་མེད་ཀྱི་རྒྱུད་ཡོད་ལ། ཕལ་ ཆེར་ན་བཤད་མོད་ཀྱང་སངས་རྒྱས་ཐོབ་པ་ལ་མེད་ན་མི་འབྱུང་གི་རྒྱུ་ཡིན་པར་བཤད་པ་མི་ སྣང་བས་ཅིའི་ཕྱིར་སྐུར་པ་བཏབ་པར་འགྱུར། ཡང་འདི་སྐད་ཅེས་བྱ་སྟེ། གྲངས་མེད་གསུམ་ དུ་ཚོགས་གསོག་པ་དེ་སངས་རྒྱས་སྒྲུབ་པ་ལ་ངེས་པར་དགོས་སམ་མི་དགོས། དགོས་ན་ གསང་སྔགས་ཀྱི་མྱུར་ལམ་མེད་པར་འགྱུར་ལ། མི་དགོས་ན་མདོ་སྡེ་ཕལ་ཆེར་ལ་སྐུར་བ་ བཏབ་པར་འགྱུར་ཏེ། མདོ་སྡེ་རྣམས་ལས་གྲངས་མེད་གསུམ་དུ་ཚོགས་བསགས་ནས་སངས་ རྒྱས་པར་བཤད་པའི་ཕྱིར། ཞེས་ཁྱབ་མཚུངས་སུ་བརྗོད་ན་ལན་ཅི་སྨྲ། དྲུག་པ་ནི། འདྲ་མཚུངས་བརྗོད་པ་ཙམ་དུ་ཟད་པས་སྙིང་པོ་མེད་དེ། བསྐྱེད་རིམ་ལ་ 3-1-446 མ་བལྟོས་པར་སངས་རྒྱ་བ་ཡོད་ན། སྦྱིན་སོགས་མ་སྤྱད་པར་དེ་ཡོད་པར་འཕེན་པ་འདི་ནི། སྦྱིན་སོགས་དང་བསྐྱེད་རིམ་ངོ་བོ་གཅིག་པ་ཡང་མ་ཡིན། རྣམ་པ་འདྲ་བ་ཡང་མ་ངེས། དོད་ ཐུབ་ཀྱི་རྒྱུ་མཚན་ཡང་མེད་པས་འབྲེལ་མེད་ཡིན་ལ། ལར་ནས་མདོ་ལམ་ཁོ་ནས་རྫོགས་ པའི་སངས་རྒྱས་ཐོབ་པ་མེད་པའི་ཕྱིར་དང༌། ཉིད་ཀྱང་དོན་དེ་འདོད་པའི་ཕྱིར། འདི་སྐད་ ཅེས་བྱ་སྟེ། ཕར་ཕྱིན་ཐེག་པ་ལ་སྦྱིན་སོགས་སྤྱོད་པ་དང་སྟོང་ཉིད་སྒོམ་པ་ཁོ་ནས་སངས་རྒྱ་ བའི་ལམ་ཡོད་པར་ཐལ། སྔགས་ཀྱི་ཐེག་པ་ལ་རིམ་པ་གཉིས་སྒོམ་པ་ཁོ་ནས་རྫོགས་པའི་ སངས་རྒྱས་ཐོབ་པའི་ལམ་ཡོད་པའི་ཕྱིར། ཁྱབ་སྒྲིགས་འདི་ཁྱེད་ལ་ངེས་པར་འཇུག་པ་ཡིན་ ཏེ། སྦྱིན་སོགས་ཀྱི་དོད་བསྐྱེད་རིམ་གྱིས་ཐུབ་པ་དང༌། ཤེར་ཕྱིན་གྱི་དོད་རྫོགས་རིམ་གྱིས་ ཐུབ་པའི་སྟོབས་མཉམ་པར་ཁྱོད་ཀྱིས་སྨྲས་པའི་ཕྱིར་རོ། །གཞན་ཡང་མདོ་སྔགས་གཉིས་ ལམ་གྱི་རྐང་སོ་སོ་ཡིན་ཅིང༌། དེ་དང་དེའི་དོད་ཐུབ་ཙམ་ཡིན་དུ་ཆུག་ཀྱང༌། དངོས་པོ་དེ་ཐ་ དད་པའི་ཁྱད་ཆོས་དོད་ཐུབ་སོ་སོ་ལ་བྱ་བྱེད་ཐམས་ཅད་ཀྱང་འདྲ་བར་བརྩི་དགོས་པ་མ་ཡིན་ ཏེ། དཔེར་ན་མཁར་ཤིན་ཏུ་མཐོན་པོ་ལ་སྒོ་ཡོད་པའི་དོད་ཤོད་ཁང་ལ་ཡང་དེ་ཉིད་རང་གི་ སྒོ་ཡོད་པ་དེ་ཡིན་མོད་ཀྱི། དེ་སྒོ་མ་བརྒྱུད་པར་ལྟག་སྒོར་ཏེ་འཇུག་ནུས་ཀྱང༌། མཁར་ལ་དེ་ ལྟར་མི་ནུས་པའི་ཁྱད་པར་ཡོད་པ་བཞིན་ནོ། །གཞན་ཡང་ཁྱེད་ཀྱི་དེ་ལ་ཁ་ཅིག་འདི་སྐད་ ཅེས། ཕར་ཕྱིན་ཐེག་པའི་གདུལ་བྱ་རབ་སངས་རྒྱ་བ་ལ། ཉན་རང་གི་ལམ་ངེས་པར་སྔོན་དུ་ གཏོང་དགོས་པར་ཐལ། གསང་སྔགས་ཀྱི་གདུལ་བྱ་རབ་སངས་རྒྱ་བ་ལ་བསྐྱེད་རིམ་ངེས་ པར་སྔོན་དུ་འགྲོ་དགོས་པའི་ཕྱིར། ཞེས་ཟེར་བ་དག་ཀྱང་ཡོད་དེ། ཁྱེད་ཀྱི་ཁྱབ་མཚུངས་དེ་ ལ་ཁྱབ་མཚུངས་ཀྱི་ལན་དེ་ཡང་འཇུག་པར་ནི་སྣང་ངོ༌། །ཡང་ལུང་གི་གནོད་བྱེད་དུ་བསམ་ ནས་འདི་སྐད་ཅེས། དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུའི་མིང་དོན་འབྲེལ་མེད་དུ་ཐལ་བ་ དང༌། ལེའུ་ལྔའི་གོ་རིམ་ངེས་པའི་རྒྱུ་མཚན་འབྲེལ་མེད་དུ་ཐལ་བ་དང༌། དེ་བཞིན་དུ་དགོས་ 3-1-447 སོགས་ཆོས་བཞིའི་རྣམ་གཞག་དང་འགལ་བ་དང༌། དབང་བདུན་གྱི་འབྲས་བུ་གསུངས་ཚུལ་ དང་འགལ་བ་དང༌། རྡོ་རྗེ་འཆང་གི་རྒྱུར་ཚོགས་གསུམ་ཀར་ལ་བསླབ་དགོས་པར་འགལ་ བ་དང༌། བསྐྱེད་རིམ་གྱི་ཕྱི་ནང་གི་སྦྱང་གཞི་སྦྱོང་བའི་རྣམ་གཞག་གསུངས་པ་དང་འགལ་ བ་དང༌། མངོན་རྟོགས་ཀྱི་ཐོག་མཐའི་སེམས་བསྐྱེད་སྨོན་ལམ་དང་འགལ་བའི་ཕྱིར་བསྐྱེད་ རིམ་སངས་རྒྱས་ཐོབ་པའི་རྒྱུ་ངེས་པ་ཅན་ཡིན་ནོ། །ཞེས་སེམས་ཤིང་ཡི་གེར་འབྲི་སྟེ། དེ་དག་ ཀྱང་དོན་མ་རྟོགས་པའམ། གཡོ་སྒྱུའི་སྒོ་ནས་ཚིག་གིས་སྙད་འཚོལ་བ་ཙམ་ལས། དོན་ཐོག་ ཏུ་ཕེབས་པའི་ངེས་བཟུང་གི་ཚིག་གཅིག་ཀྱང་མི་སྣང་ངོ༌། །དེ་ལྟར་རྩོད་པ་དོན་ཚན་བདུན་ གྱི་དང་པོ་ནི། འགྲེལ་ཆེན་ལས་དེ་ལྟར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པས་དུས་ ཀྱི་འཁོར་ལོའི་སྒྲུབ་ཐབས་འཇམ་དཔལ་གྱིས་གསུངས་སོ། །ཞེས་གསུངས་པས། བསྐྱེད་ རིམ་དུས་འཁོར་གྱི་སྒྲུབ་ཐབས་མ་ཡིན་ན་ཚིག་དེ་འབྲེལ་མེད་དུ་འགྱུར་སྙམ་པའོ། །འདི་ལ་ སྒྲུབ་ཐབས་ལེའུའི་དོན་གྱི་གཙོ་བོ་ཡང་བསྐྱེད་རིམ་མ་ཡིན་ཏེ། ལེའུ་དེར་རྫོགས་རིམ་གྱི་རྣམ་ གཞག་གལ་ཆེ་བ་ཐམས་ཅད་གསལ་ལ་རྫོགས་པར་བཤད་པའི་ཕྱིར་རོ། །དེས་ན་དུས་ཀྱི་ འཁོར་ལོའི་སྒྲུབ་ཐབས་ཞེས་པའི་སྒྲུབ་ཐབས་ཀྱི་གཙོ་བོ་ནི་རྫོགས་རིམ་ཡིན་ནོ། །དེ་ལྟ་མོད་ ཀྱི་བསྐྱེད་རིམ་ཀྱང་སྒྲུབ་ཐབས་ཀྱི་རྣམ་གྲངས་ཡིན་ལ། སྔགས་ཀྱི་སྒོར་ཞུགས་པ་ཆེས་མང་པོ་ ཞིག་ལ་ཉེ་བར་མཁོ་ཞིང་ལེགས་པའི་ཆ་ལག་ནི་ཡིན་པར་ཅིག་ཀྱང་འདོད་དེ། འདི་ལ་ནི་རང་ གཞན་གཉིས་ཀ་རྩོད་པ་མེད་མོད། འོན་ཀྱང་སྒྲུབ་ཐབས་ཞེས་པའི་མིང་ཁོ་ནས་དེ་དང་དེའི་ གོ་འཕང་ཐོབ་བྱེད་ཡིན་མི་དགོས་ཏེ། ཀླུའི་རྒྱལ་པོའི་སྒྲུབ་ཐབས་ཞེས་སོགས་སམ་འཇིག་ རྟེན་ལྷའི་སྒྲུབ་ཐབས་མཐའ་ཡས་པ་ཡོད་པ་བཞིན་ནོ། །འདིར་ཡང་དེ་དག་དང་མཚུངས་ཏེ། དཔེར་ན་འབྱུང་པོའི་སྒྲུབ་ཐབས་ཀྱིས་འབྱུང་པོ་བསྒྲུབས་ཤིང་འགྲུབ་ན། རང་ཉིད་འབྱུང་པོ་ དེར་འགྱུར་བ་མ་ཡིན་གྱི། འབྱུང་པོ་དེ་དང་སྤྱོད་ཡུལ་མཐུན་པར་གྱུར་ཏེ། དངོས་སུ་མཐོང་ 3-1-448 ཞིང་གཏམ་ཡང་འབྲེལ། རང་གི་དགོས་པ་འགའ་ཞིག་དེས་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་ བསྐྱེད་རིམ་གྱི་སྒོ་ནས་ཡི་དམ་དེ་དང་དེ་འགྲུབ་པ་ཞེས་པའང་ཡི་དམ་གྱི་ལྷ་དེ་དང་དེའི་ཞལ་ མཐོང་བ་དང་གསུང་ཐོས་པ་དང་ཞི་སོགས་ཕྲ་མོའི་ལས་སམ། གྲུབ་པའི་ཁྱད་པར་ཅི་རིགས་ པའི་བཀའ་དྲིན་ཐོབ་པ་ལ་ཟེར་གྱི། སྐབས་དེར་ཡི་དམ་གྱི་ལྷའི་གོ་འཕང་ཐོབ་པ་མ་ཡིན་ནོ། ། སྒྲུབ་ཐབས་ཞེས་པ་ཁོ་ནས་གོ་འཕང་ཐོབ་བྱེད་ཀྱི་རྒྱུ་ཡིན་པར་འགྲོ་ན། ཁྱེད་ཉིད་ལའང་ བསྐྱེད་རིམ་སྒྲུབ་ཐབས་མ་ཡིན་པར་འགྱུར་ཏེ། དེས་དེ་མི་ཐོབ་པའི་ཕྱིར། མ་ཚང་བའི་རྒྱུ་ནི་ འབྲས་བུ་སྐྱེད་པ་ལ་ནུས་པ་མེད་པའོ། །དེས་དེར་གལ་ཏེ་མི་འགྲོ་ན་ཁྱེད་ཀྱིས་ལུང་འགལ་ དུ་སྨྲས་པ་དེ་འབྲེལ་མེད་དོ། །དེས་ན་ཁྱེད་དག་ལས་ཁ་ཅིག་འདི་སྐད་དུ་བསྐྱེད་རིམ་སངས་ རྒྱས་ཀྱི་རྒྱུ་མ་ཡིན་ཞེས་ཟེར་བ་ནི། སྒྲུབ་ཐབས་ཞེས་པའི་མིང་དོན་ཙམ་ལ་ཡང་གོ་བ་མ་རྙེད་ པའོ། །ཞེས་སྤྲེའུའི་འབག་གྱོན་པ་ལྟར་འཁྲབ་པར་བྱེད་དེ། ཕྱོགས་འཛིན་ཕྲག་དོག་གིས་ གདོན་གྱིས་བསླད་པས་རང་གིས་སྒྲུབ་ཐབས་ཞེས་པའི་ཚིག་དོན་ཙམ་ཡང་མ་གོ་བཞིན་དུ་ མཁས་པ་ལ་སྐུར་བ་འདེབས་པ་ངོ་ཚ་མེད་ཅིང་བག་མེད་པར་གྱུར་པའོ། ། གཉིས་པ་ནི། འགྲེལ་ཆེན་ལས། མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ནི། བསོད་ ནམས་ཀྱི་ཚོགས་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་གོམས་པས་འོག་མིན་གྱི་སྲིད་པའི་ མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའོ། །འཇིག་རྟེན་པའི་དངོས་གྲུབ་སྔོན་དུ་ འགྲོ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་སྟེ། སྟོང་པ་ཉིད་དང་སྙིང་རྗེ་ཀུན་རྫོབ་ དང༌། དམིགས་པ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་རྡུལ་ཕྲ་རབ་འདུས་པ་ལས་འདས་ ཤིང༌། དཀྱིལ་འཁོར་ལ་སོགས་པ་རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་ ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་པའོ་ཞེས། སྒྲུབ་ལེ་དང་ཡེ་ཤེས་ལེའུའི་གོ་རིམ་སྟོན་པ་སྟེ། སྟོང་ པ་ཉིད་དང་སྙིང་རྗེ་ཞེས་པའི་རྫོགས་རིམ་དེ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ཞེས་པའི་ 3-1-449 བསྐྱེད་རིམ་སྔོན་དུ་འགྲོ་དགོས་པ་ཡིན་པས། སངས་རྒྱས་སྒྲུབ་པ་ལ་བསྐྱེད་རིམ་མི་དགོས་ ན། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་འགྲོ་དགོས་པ་དང་འགལ་ཏེ། སངས་རྒྱས་རྫོགས་ རིམ་ལས་བྱུང་ལ། དེ་བསྐྱེད་རིམ་ལས་བྱུང་བས་སོ་སྙམ་པའོ། །གཞན་ཡང་འདིས་སྐབས་ འདི་དག་ཏུ་གཞན་གྱི་འདོད་པ་རྟགས་སུ་བཀོད་པ་ཡིན་པའི་ཁུངས་སུ་ལོག་པར་རློམས་ཏེ། བསྐྱེད་རིམ་མཆོག་གི་རྒྱུར་འགྱུར་བ་མི་སྲིད་པའི་ཕྱིར་མི་རུང་བའི་ཕྱིར་ཞེས་ཡང་ཡང་སྨྲ་བ་ ནི། རང་གི་ཐལ་འགྱུར་བཀོད་པ་དེ་དག་གི་ཁྱབ་པ་སྒྲུབ་བྱེད་ལ་བསམ་པར་འདུག་ཀྱང༌། ཕྱོགས་སྔ་མས་ཁས་ལེན་མེད་པ་ཁོ་ན་རྟགས་སུ་བཀོད་འདུག་པས་ཐལ་འགྱུར་ཡང་དག་ཏུ་ འགྱུར་བ་ལ་རྟགས་ཁས་བླངས་དང་ལྡན་པ་དགོས་པ་མ་དྲན་པའམ། ཕྱོགས་སྔ་མ་རྣམས་མི་ ཟེར་བ་ལ་ཟེར་བ་ལྟར་བཅོས་ནས་དགག་པ་བྱེད་པར་བརྫུས་པ་རང་གི་འཁོར་ཚོགས་བསླུ་ བའི་ཚིག་ཙམ་དུ་ཟད་དོ། །དེ་ཡང་ཅི་ཡིས་ཤེས་ཞེ་ན། སྔ་མ་རྣམས་བསྐྱེད་རིམ་མཆོག་གི་ དངོས་གྲུབ་ཀྱི་རྒྱུའི་རིགས་སུ་འགྲོ་བ་མི་སྲིད་ཅེས་པའམ། རྒྱུའི་རྣམ་གྲངས་སུ་ཡང་མི་རུང་ བ་ཞེས་ཞེ་ཕུགས་སུ་ཡང་མི་འདོད་ལ་ངག་ནས་ཀྱང་མ་སྨྲས་སོ། །རྒྱུ་མ་ཡིན་ཞེས་གསུངས་ མོད་ཀྱི། དེ་ནི་མེད་ན་མི་འབྱུང་བའི་རྒྱུ་མ་ཡིན་པའི་དོན་ཏེ། རྒྱུའི་རྣམ་གཞག་གཞན་རྣམས་ནི་ རྒྱུའི་རྣམ་གྲངས་ཀྱི་དབྱེ་བ་ཙམ་དུ་ཟད་ལ། ཡིད་བརྟན་ཐུབ་པ་དང་བརྟགས་དཔྱད་ཐུབ་ངེས་ ཤེས་པ་ངེས་པ་ཅན་གྱི་རྒྱུ་ནི། མེད་ན་མི་འབྱུང་བའི་རྒྱུ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་ཁྱེད་ དག་གིས་མཆོག་གི་དངོས་གྲུབ་ཀྱི་རྒྱུར་བསྐྱེད་རིམ་དགོས་པའི་སྒྲུབ་བྱེད་དང༌། མི་དགོས་ པར་འདོད་པ་ལ་གནོད་བྱེད་དུ་རློམ་པ་ཚིག་གི་འཕྲེང་བ་རྒྱུད་རིང་པོ་དག་གླེགས་བམ་སོ་སོ་ ཐ་དད་པ་རྣམས་སུ་ཡང་ཡང་སྐྱོར་ཟློས་ཀྱི་ཚུལ་གྱིས་ཡི་གེར་བྱས་མོད། མེད་ན་མི་འབྱུང་གི་ རྒྱུ་ཡིན་མིན་དཔྱད་པ་ལས་བརྩམས་ཏེ། ཡང་དག་པའི་དགག་སྒྲུབ་ཀྱི་རིག་པ་སྤྲོ་རྒྱུ་ནི་གཅིག་ ཀྱང་མེད་དོ། །དེའི་ཕྱིར་ཁྱེད་རིན་པོ་ཆེ་ལྟ་བུའི་གང་ཟག་ཏུ་རློམ་ཡང༌། རྩ་བ་མེད་པར་མང་དུ་ 3-1-450 སྨྲ་ཞེས་བྱ་བའི་དོན་དེ་ཁྱེད་དག་རང་ལ་ཚང་འདུག་པ་ངོ་ཤེས་པར་མཛད་འཚལ་ལོ། ། སྐབས་ཀྱི་ལན་ནི། འོ་ན་ཁྱེད་ལྟར་ན་རྫོགས་རིམ་སྒོམ་པའི་སྔོན་དུ་འཇིག་རྟེན་པའི་ དངོས་གྲུབ་གྲུབ་པ་དགོས་པར་འགྱུར་ཏེ། འཇིག་རྟེན་པའི་དངོས་གྲུབ་སྔོན་དུ་འགྲོ་བ་ནི་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་སྟེ། ཞེས་སོགས་གསུངས་པའི་ཕྱིར་རོ། །དེའི་ ཕྱིར་འདིར་སྔོན་དུ་འགྲོ་བ་ཞེས་གསུངས་པ་ནི། གང་ཅི་ཡང་རུང་བ་བསྐྱེད་རིམ་དང་ཐུན་ མོང་གི་དངོས་གྲུབ་ཀྱང་སྒྲུབ་པ་དང༌། རྫོགས་རིམ་དང་མཆོག་གི་དངོས་གྲུབ་ཀྱང་སྒྲུབ་པར་ བྱེད་པ་ཞིག་ཡོད་ན། དེ་ལ་རྫོགས་རིམ་གྱི་ཡེ་ཤེས་སྐྱེས་ཟིན་པའི་རྗེས་སུ་བསྐྱེད་རིམ་སྒོམ་ པ་དོན་མེད་པ་དང༌། མཆོག་ཐོབ་པའི་རྗེས་སུ་ཐུན་མོང་སྒྲུབ་མི་དགོས་པའི་ཕྱིར། ཐོག་མ་ བསྐྱེད་རིམ་བསྒོམས་ནས། ཕྱིས་རྫོགས་རིམ་སྒོམ་པ་དང༌། ཐུན་མོང་ཐོག་མར་བསྒྲུབས་ ནས་ཕྱིས་མཆོག་སྒྲུབ་པ་ལས་འོས་མེད་པའི་ཕྱིར། བསྐྱེད་རིམ་མཐར་ཕྱིན་པ་ཞིག་སྒོམ་ ཕྱིན་ཆད་རྫོགས་རིམ་གྱི་ཡེ་ཤེས་མ་ཐོབ་པའི་སྔོན་དུ་སྒོམ་དགོས་སོ། །དེས་ན་བསྐྱེད་རིམ་ ཞིག་སྒོམ་ཕྱིན་ཆད་དམིགས་གསལ་མ་གཏོགས། རྫོགས་རིམ་གྱི་སྔོན་འགྲོར་གཏོང་དགོས་ པས་ཁྱབ་ཀྱང་རྫོགས་རིམ་གྱི་སྔོན་འགྲོ་ཡིན་ན་བསྐྱེད་རིམ་ཡིན་པས་མ་ཁྱབ་པས། རྫོགས་ རིམ་སྒོམ་ན་བསྐྱེད་རིམ་སྔོན་དུ་འགྲོ་དགོས་པས་མ་ཁྱབ་བོ། །ལེའུའི་གོ་རིམ་འཆད་པ་འདི་ ཀུན་ལ་ཁྱབ་མཐའ་རྩིར་མེད་དེ། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་བསྒོམས་པ་ཅི་རིགས་ པར་འབྱུང་ལ། རྫོགས་རིམ་གྱི་རྗེས་སུ་བསྐྱེད་རིམ་སྒོམ་པ་མང་པོ་མི་འབྱུང་ན། རྒྱུ་མཚན་ དེ་ཙམ་གྱི་སྒོ་ནས་གཉིས་པོའི་རྣམ་གཞག་འཆད་པའི་ཚེ། སྔོན་དུ་བསྐྱེད་རིམ་དང་ཕྱིས་ རྫོགས་རིམ་བཤད་ན། འཆད་ཚུལ་གྱི་གོ་རིམ་དེ་ཚུལ་དང་མཐུན་པར་ཡོད་ཅེས་པའི་དོན་ ཡིན་པས་སོ། །དཔེར་ན་སེམས་བསྐྱེད་དང་གདམས་ངག་གི་གོ་རིམ་འཆད་པའི་ཚེ། སེམས་ བསྐྱེད་པ་རྣམས་གདམས་ངག་འཚོལ་བར་འགྱུར་བས། གཞུང་དུ་རྣམ་གཞག་འཆད་པའི་ཚེ་ 3-1-451 ཡང༌། སེམས་བསྐྱེད་ཀྱི་རྗེས་སུ་གདམས་ངག་བསྟན། ཞེས་པ་ཡང༌། སེམས་བསྐྱེད་ཉི་ཤུ་རྩ་ གཉིས་ཀར་རྒྱུད་ལ་སྐྱེས་ཟིན་པའི་རྗེས་སུ་གཞི་ནས་གདམས་ངག་འཚོལ་བའི་དོན་མ་ཡིན་ གྱི། དང་པོར་སེམས་གཅིག་བསྐྱེད་ནས་དེ་རྗེས་གདམས་ངག་འཚོལ་བ་མང་དུ་འབྱུང་བ་ཙམ་ ལ་དགོངས་ནས་གོ་རིམ་དེ་ལྟར་བསྟན་ཏོ། །ཕྱིས་ནི་སེམས་བསྐྱེད་ལ་རྟག་ཏུ་གནས་བཞིན་ པས་གདམས་ངག་རྒྱུན་ཆགས་སུ་འཚོལ་བའི་ཕྱིར་སྔ་ཕྱིའི་གོ་རིམ་མེད་དེ་མཉམ་པར་འཇུག་ གོ །གཞན་ཡང་མདོ་སྡེ་རྒྱན་གྱི་ལེའུའི་གོ་རིམ་དང༌། བྱང་ཆུབ་སེམས་དཔའི་སའི་གོ་རིམ་ལ་ སོགས་པས་མཚོན་ཏེ། གཞུང་རྣམས་ཀྱི་ལེའུའི་གོ་རིམ་ཕལ་ཆེར་དེ་འདྲ་བ་མང་པས་འདིར་ ལེའུ་ལྔའི་གོ་རིམ་ལ་བརྟེན་ནས་རྩོད་པ་འདི་ནི་སྨྲ་རྒྱུ་ཟད་པའི་འབྲེལ་མེད་ཁོ་ནའོ། །དེས་ན་ སྒྲུབ་ཐབས་ལེའུ་ལས། རྫོགས་རིམ་དང་མཆོག་གི་དངོས་གྲུབ་ཀྱང་བཤད་མོད་ཀྱི། དེའི་རྣམ་ གཞག་ཡེ་ཤེས་ལེའུ་ན་རྒྱས་ལ། བསྐྱེད་རིམ་ཀྱང་ཡེ་ལེར་མང་དུ་བཤད་མོད་ཀྱི། རྒྱུད་འདིའི་ བསྐྱེད་རིམ་གྱི་གཙོ་བོ་ཡིན་པས། དཔལ་དུས་ཀྱི་འཁོར་ལོ་ཆོས་དབྱིངས་གསུངས་དབང་གི་ དཀྱིལ་འཁོར་ཞེས་བྱ་བ། སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་སྒྲུབ་ཐབས་སྦྱོར་དངོས་རྗེས་ གསུམ་གྱི་ཁྲིགས་ཆགས་ཅན་དེ་སྒྲུབ་ལེན་ཡོད་པ། བསྐྱེད་རིམ་ཞིག་སྒོམ་ཕྱིན་རྫོགས་རིམ་ གྱི་སྔོན་དུ་ཡོད་པས་བསྐྱེད་རིམ་རྒྱས་བཤད་འཆད་པའི་ལེའུ་དེ། རྫོགས་རིམ་རྒྱས་བཤད་ཀྱི་ ལེའུའི་སྔོན་དུ་འདོན་ཞེས་པའི་དོན་ཙམ་ཞིག་ཡིན་པས། ཉམས་མྱོང་རྒྱུད་ལ་སྐྱེད་པའི་སྐབས་ སུ་ཁྱབ་མ་ཁྱབ་རྩི་བའི་དགག་སྒྲུབ་ཀྱི་རྒྱབ་རྟེན་དུ་ཡོད་པའི་གོ་སྐབས་ནམ་ཡང་ག་ལ་ཞིག ། གསུམ་པ་ནི། བརྗོད་བྱ་རྗོད་བྱེད་དགོས་པ་ཉིང་དགོས་རྣམས་སྟོན་པའི་སྐབས། འགྲེལ་ ཆེན་ལས། དེ་ནས་དཀྱིལ་འཁོར་དུ་ཞུགས་པ་ལས་འཇིག་རྟེན་པའི་དབང་སྦྱིན་པས་བསོད་ ནམས་ཀྱི་ཚོགས་ཀྱིས་དོན་བྱེད་པ་ནི་དགོས་པའོ། །ཤེས་རབ་ཆེན་པོ་འཇིག་རྟེན་ལས་འདས་ པའི་དབང་བཞི་པ་སྦྱིན་པས། རིས་མེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དང༌། བསོད་ 3-1-452 ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་དོན་བྱེད་པ་ནི་དགོས་པའི་དགོས་པ་སྟེ། ཞེས་གསུངས་ པས། བསྐྱེད་རིམ་དགོས་པ་དང༌། རྫོགས་རིམ་ལས་མཆོག་འགྲུབ་པ་ཉིང་དགོས་སུ་གསུངས་ ན། བསྐྱེད་རིམ་མཆོག་གི་རྒྱུ་མ་ཡིན་པར་འདོད་པ་ལ་ཚིག་དེ་འབྲེལ་མེད་དུ་འགྱུར་ཏེ། ཉིང་ དགོས་དགོས་པ་ལ་བལྟོས་ཤིང་འབྲེལ་བའི་ཕྱིར་རོ་སྙམ་དུ་བསམ་པའོ། །འདི་ནི་ཕྱིས་བོད་ ན་གྲགས་ཆེ་བའི་མདོ་གཞུང་གི་འགྲེལ་པ་ཕལ་ཆེར་ན། དགོས་པའི་དགོས་པ་ལ་ཉིང་དགོས་ ཞེས་ཟེར་བ་དང༌། ཉིང་དགོས་དགོས་པ་ལ་འབྲེལ། དེ་ཡང་རྗོད་བྱེད་ལ་འབྲེལ། དེ་ཡང་ བརྗོད་བྱ་ལ་འབྲེལ། ཞེས་འབྲེལ་བའི་རྣམ་གཞག་བྱེད་པ་དེ་ལ་བྱིས་པའི་དུས་ནས་བག་ ཆགས་བརྟས་པས་ཤེས་པ་ཧད་པོར་སོང་སྟེ། དུས་འཁོར་ལུགས་ཀྱི་དགོས་སོགས་ཆོས་བཞི་ ལ་གཞིག་པ་མ་ཆུག་ཅིང༌། འབྲེལ་པའི་ས་མཚམས་ངོས་མ་ཟིན་པའི་འཆལ་གཏམ་སྟེ། དུས་ འཁོར་འདིར་ནི་འགྲེལ་ཆེན་ལས། ལེའུ་ལྔའི་ངོ་བོ་ཉིད་ཀྱི་གནས་པའི་བཅོམ་ལྡན་འདས་ དུས་ཀྱི་འཁོར་ལོ་ནི་བརྗོད་པར་བྱ་བའོ། །འདི་སྟོན་པར་བྱེད་པའི་ལེའུའི་ཚོགས་རྒྱུད་ཀྱི་ རྒྱལ་པོ་ནི་རྗོད་པར་བྱེད་པའོ། །བརྗོད་བྱ་རྗོད་བྱེད་འདི་དག་ཕན་ཚུན་བརྗོད་བྱ་རྗོད་བྱེད་ ཀྱི་མཚན་ཉིད་ནི་འབྲེལ་བ་སྟེ། ཞེས་བརྗོད་བྱ་དང་རྗོད་བྱེད་ལ་འབྲེལ་བ་གསུངས་ཀྱི། རྗོད་ བྱེད་དང་དགོས་པ་ལ་དང་དགོས་པ་དང་ཉིང་དགོས་ལ་འབྲེལ་བ་མ་བཤད་དོ། །དེའི་རྒྱུ་ མཚན་ཡང༌། བདེ་བླག་ཏུ་ནི་རྟོགས་པ་ཞེས་བྱ་བ་རྩོམ་པའི་དགོས་པ་ཡིན། ཞེས་པ་ལྟར། བརྗོད་བྱའི་དོན་བདེ་བླག་ཏུ་རྟོགས་པ་དགོས་པར་འཇོག་ན། དེ་རྗོད་བྱེད་ཀྱི་གཞུང་ལ་རག་ ལས་པས། དགོས་པ་རྗོད་བྱེད་ལ་འབྲེལ་དགོས་པ་ཡིན་ཀྱང༌། འདིར་བསྐྱེད་རིམ་བསྒོམས་ པས་ཐུན་མོང་གི་དངོས་གྲུབ་འགྲུབ་པ་དགོས་པར་བཤད་པ། དེ་ན་རེས་འགའ་གཞུང་ཚིག་ ལ་བལྟོས་པའི་གནས་སྐབས་ཀྱང་ཡོད་མོད་ཀྱི། མཐའ་གཅིག་ཏུ་བལྟོས་པའང་མིན་པས། གཞུང་དང་དེ་ལ་འབྲེལ་བའི་རྣམ་གཞག་མ་མཛད་ལ། ཉིང་དགོས་དང་རྗོད་བྱེད་ཀྱང་དེ་དང་ 3-1-453 འདྲ། སྐབས་འདིའི་ཉིང་དགོས་ནི་དགོས་པ་ལ་ཤིན་ཏུ་མི་འབྲེལ་ཏེ། རྫོགས་རིམ་བསྒོམས་ པས་མཆོག་གི་དངོས་གྲུབ་ཐོབ་པ་ཉིང་དགོས་ཡིན་པར་གསུངས་ལ། དེ་ལ་འཇིག་རྟེན་པའི་ དངོས་གྲུབ་སྔོན་དུ་འགྲོ་བ་ལྟ་ཅི་སྨོས། དེ་སྔོན་སོང་རྒྱུད་འདིའི་ལུགས་ལ་མང་པོའང་མེད་ དེ་ཉུང་བའི་ཕྱིར་རོ། །གལ་ཏེ་མང་པོ་ཡོད་དུ་ཆུག་ཀྱང་དེ་ལ་བལྟོས་པ་ནི་མ་ཡིན་ནོ། །ཅི་ སྟེ་ལུགས་འདིར་ཡང་ཕྱོགས་རེའི་སྒོ་ནས་འབྲེལ་བའི་རྣམ་གཞག་བྱེད་ན་ནི། དངོས་སུ་མ་ གསུངས་ཀྱང་ཉིང་དགོས་རྗོད་བྱེད་ལ་འབྲེལ། དགོས་པ་ཡང་རྗོད་བྱེད་ལ་འབྲེལ། ཞེས་ བརྗོད་ན་རུང་བ་ཙམ་ཡིན་གྱི། ཉིང་དགོས་དང་དགོས་པ་ལ་འབྲེལ་བ་ཡེ་མི་འཐད་དོ། །དེའི་ རྒྱུ་མཚན་ཡང་ཉིང་དགོས་དངོས་ནི་མཆོག་གི་དངོས་གྲུབ་ཡིན་ལ། རྫོགས་རིམ་སྒོམ་པ་ དེའི་ཞོར་བྱུང་སྒྲུབ་པ་ཙམ་དུ་གསུངས་ཀྱི། ཉིང་དགོས་དངོས་སུ་སྟོན་པ་མིན་ནོ། །དེ་བཞིན་ དུ་འཇིག་རྟེན་པའི་དངོས་གྲུབ་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་དགོས་པ་ཡིན་ལ། བསྐྱེད་རིམ་སྒོམ་པ་ནི་དེའི་ཞར་བྱུང་རྒྱུ་ཚོགས་ཙམ་དུ་བསྟན་པ་ཡིན་པས། བསྐྱེད་རིམ་ནི་ དགོས་པ་དངོས་མ་ཡིན་ནོ། །དཔེར་ན་ཟས་ཀྱི་རྒྱུ་མང་པོ་བསགས་པའི་དགོས་པ་ནི། ཁ་ཟས་ བཟང་པོ་ཟོས་པས་ལུས་བརྟས་པར་བྱེད་པའོ་ཞེས་ཟེར་ན། ལུས་བརྟས་པ་ནི་དགོས་པ་ཡིན་ གྱི། ཟས་ཟ་བ་ཙམ་དགོས་པ་མ་ཡིན་ཏེ། དགོས་པ་དེ་སྒྲུབ་བྱེད་ཀྱི་ཐབས་ཙམ་དུ་ཞོར་རམ་ ཤུགས་ལ་བསྟན་པ་ནི་ཡིན་ནོ། །འོ་ན་ལུས་བརྟས་པ་ནི་དགོས་པའོ་ཞེས་བརྗོད་རིགས་ཀྱི། ཟབ་སྨོས་པ་ནི་ལྷག་བརྗོད་དོ་སྙམ་ན། ཟས་ཀྱི་རྒྱུ་འབྲུ་སོགས་མང་པོ་གསོག་པར་བྱེད་པ་ལ། བསགས་པའི་དགོས་པ་ཅི། ལུས་བརྟས་པའི་ཕྱིར་རོ། །ཞེས་བརྗོད་ན་འདི་རྣམས་བསགས་ པས་འཁྱུད་སྤྱད་ཀྱི་ཚུལ་གྱིས་ལུས་སྟོབས་རྒྱས་པར་འགྱུར་བ་ཡིན་ནམ་ཅི་སྙམ་དུ་དགོས་ ནས་ངེས་པ་མི་རྙེད་པ་ལ། དེ་རྣམས་ཁ་ཟས་སུ་བསྒྲུབས་ཏེ་ཟོས་པ་ཞེས་བརྗོད་པས། ལུས་ བརྟས་བྱེད་ཀྱི་ཐབས་ལ་ངེས་པ་རྙེད་པར་འགྱུར་རོ། །དེ་བཞིན་དུ་འདིར་ཡང་སྦྱར་ཏེ། དུས་ 3-1-454 ཀྱི་འཁོར་ལོའི་གཞུང་འདིའི་དགོས་པ་ནི་ཐུན་མོང་གི་དངོས་གྲུབ་བོ། །ཉིང་དགོས་ནི་མཆོག་ གི་དངོས་གྲུབ་བོ། །ཞེས་བརྗོད་ན། དེ་ནི་དེ་ལྟར་ཡིན་དུ་ཆུག་ཀྱང༌། དེའི་ཐབས་གང་ཡིན་ མ་ཤེས་ཏེ། གླེགས་བམ་ལ་མཆོད་པས་སམ། ཁ་འདོན་དུ་བྱས་པས་སམ། དོན་བཤད་པས་ ཡིན་ཞེས་སོགས་ཐེ་ཚོམ་དུ་འགྱུར་རོ། །དེ་ལ་འདི་སྐད་ཅེས། དེ་དག་ལས་མ་ཡིན་གྱི། གཞུང་ འདི་ལས་བསྐྱེད་རིམ་དང་རྫོགས་རིམ་གཉིས་བསྟན་ལ། བསྐྱེད་རིམ་བསྒོམས་པས་དགོས་ པ་དེ་འགྲུབ་ཅིང༌། རྫོགས་རིམ་བསྒོམས་པས་ཉིང་དགོས་འགྲུབ་སྟེ། དགོས་པ་ཉིང་དགོས་དེ་ དག་སྒྲུབ་པའི་ཐབས་ནི་དེའོ་ཞེས་ངེས་པ་སྟོན་པར་བྱེད་པའོ། །དེས་ན་གཞུང་འདིར་ནི་ཉིང་ དགོས་ཅེས་པ་ཤིན་ཏུ་དགོས་པའམ། དགོས་པ་ཆེན་པོའི་དོན་ཡིན་གྱི། དགོས་སོགས་ཆོས་ བཞིའི་ནང་གི་དགོས་པ་གཅིག་ཐོག་མར་ངོས་བཟུང་ནས། དེའི་ཡང་དགོས་དོན་གྲུབ་འབྲས་ ཙམ་ཉིང་དགོས་ཡིན་པར་ནི་མི་འཆད་ལ། སྤྱིར་ནས་དགོས་{ཉིང་དགོས་[པ་བླ་ན་]མེད་པ་ ཡིན་པའི་ཕྱིར། དགོས་པའི་དགོས་པ་ཞེས་མིང་འཇོག་ཏུ་ནི་རུང་སྟེ། དེ་བཞིན་གཤེགས་པ་ ལ་ལྷའི་ལྷ་ཞེས་ཟེར་བ་དང༌། གཞན་ཡང་མཁས་པའི་མཁས་པ་དང་རྒྱལ་པོའི་རྒྱལ་པོ་བཞིན་ ནོ། །གཞན་ཡང་སྒྲ་དང་མིན་དཔྱད་ལ་སོགས་པའི་གཞུང་འགའ་ལས། རྙེད་པ་དང་གྲགས་པ་ དགོས་པ་དང༌། བསོད་ནམས་ཉིང་དགོས་སུ་འདོད་པ་དང༌། རིག་བྱེད་དང་འབྲེལ་བར་རྟོག་ གེའི་གཞུང་འགའ་ཞིག་ལས། ཕ་རོལ་སུན་འབྱིན་ཅིང་རང་གཞུང་འཛུགས་པ་དགོས་པ་དང༌། གྲོལ་བ་ཉིང་དགོས་སུ་འཆད་པ་སོགས་ཡོད་པས། དེ་དག་དང་མཚུངས་པར་བསྟན་པས་ འདུལ་བའི་དགོས་པའང་ཡོད་དེ། མདོར་ན་འགྲེལ་ཆེན་གྱི་དགོས་སོགས་ཆོས་བཞི་སྟོན་ བྱེད་ཀྱི་སྐབས་འདི་དག་ལ་གོ་བ་འཁྲུལ་མེད་འདི་ལྟར་ཤར་ན། ཟ་ཟི་ལངས་པའི་རྩོད་པ་དེ་ འདྲ་ཐོག་མ་ཉིད་ནས་ཡོད་དོན་མེད་པ་ལགས་ན། སློབ་དཔོན་མེད་པར་གསང་སྔགས་ལ་ རང་གར་ཞུགས་པའམ། རིག་པ་གླེགས་བམ་ལས་བཀླགས་པས་ཉེས་སོ། །གཞན་ཡང་ཁྱེད་ 3-1-455 ཀྱི་བརྗོད་ཚུལ་འདི་ལ་འགྲེལ་ཚིག་མ་གོ་བའམ། ངན་གཡོར་སྨྲ་བའི་སྐྱོན་ཞིག་ཀྱང་སྣང་སྟེ། འགྲེལ་པར་བསོད་ནམས་ཀྱི་ཚོགས་ཀྱིས་དོན་བྱེད་པ་ཞེས་པ་ལ། བསོད་ནམས་ཀྱི་ཚོགས་ ཞེས་པ་སྤྱིར་བརྗོད་པས། བྱེ་བྲག་བསྐྱེད་རིམ་ལ་ཡང་གོ་ནུས་པ། རེ་ཞིག་དེ་ལྟར་ཡིན་དུ་ ཆུག་ཀྱང་དོན་བྱེད་པ་ཞེས་པའི་གོ་བ་སྦས་ཏེ་བསྐྱེད་རིམ་གྲུབ་པ་དགོས་པ་དང༌། ཞེས་འཆད་ ཅིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་དོན་བྱེད་པ་ཞེས་པ། རྫོགས་རིམ་བསོད་ ནམས་དང་ཡེ་ཤེས་གཉིས་ཀའི་རང་བཞིན་ཡིན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པ་ ཞེས་འཆད་པ་དེ་ཡང་ཟོལ་འཇོག་ཏུ་སྣང་ངོ༌། །དོན་བྱེད་པ་ཞེས་པ་སྒོམ་པ་ཙམ་མ་ཡིན་ཏེ། དེ་ ལས་སེམས་ཅན་གྱི་དོན་བྱེད་པ་ཉིད་ལ་འཇོག་དགོས་པ་ལ། བསྐྱེད་རིམ་གྱི་སྒོ་ནས་སེམས་ ཅན་གྱི་དོན་བྱེད་པ་ནི་ལས་ཚོགས་དང༌། ཐུན་མོང་གི་དངོས་གྲུབ་ཀྱི་སྒོ་ནས་ཡིན་ན། རྫོགས་ རིམ་སྒོམ་པའི་སྔོན་དུ་ཐུན་མོང་གི་དངོས་གྲུབ་བམ། ལས་ཚོགས་སྒྲུབ་དགོས་སོ་ཞེས་པར་ སོང་བས། རང་ལ་སྐྱོན་ཞུགས་ཀྱི་དོགས་ནས་དེའི་དོན་གསལ་པོར་མ་སྨྲས་པས་སོ། །དེས་ན་ ཉིང་དགོས་ལ་རང་དོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དང༌། གཞན་དོན་ཚོགས་གཉིས་ ཀར་གྱི་སྒོ་ནས་སྤྱོད་ལ། དེའི་ཤུགས་ལ་དགོས་པའི་སྐབས་སུ། རང་དོན་ཐུན་མོང་གི་དངོས་ གྲུབ་དང༌། གཞན་དོན་བསོད་ནམས་ཀྱི་ཚོགས་ཁོ་ནས་སྤྱོད་པའོ། །ཞེས་པའི་དོན་ནོ། ། བཞི་པ་ནི། རྒྱུད་ལས། དབང་བདུན་གྱིས་ནི་མངོན་པར་དབང་བསྐུར་ཡོན་ཏན་དབང་ གིས་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། །ཞེས་དང༌། དེའི་འགྲེལ་བར་ཡང༌། གལ་ ཏེ་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བྱེད་ན། ཚེ་འདི་ཉིད་ཀྱིས་ས་བདུན་གྱི་དབང་ ཕྱུག་ཉིད་དུ་འགྱུར་རོ། །ཞེས་གསུངས་ཏེ། བསྐྱེད་རིམ་མཆོག་གི་རྒྱུར་མི་རུང་ན། ས་བདུན་ གྱི་རྒྱུར་གསུངས་པ་དང་འགལ་ལོ་སྙམ་པའོ། །སྐྱོན་དེ་ནི་འཇུག་པ་མ་ཡིན་མོད། ཁྱེད་ཀྱིས་ ནི་བྱིས་འཇུག་གི་དབང་དོན་བསྐྱེད་རིམ་ཡིན་ལ། དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་ 3-1-456 ཞེས་པ་ཡང༌། བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་གང་ཟག་དེ་ཚེ་འདིར་ས་བདུན་པ་ངེས་པར་ ཐོབ་ཅེས་པར་གོ་འདུག་སྟེ། དེ་ནི་ཉིད་ཅག་རང་གི་ལུགས་ལ་ཡང་མི་རུང་སྟེ། རྫོགས་རིམ་ གྱི་འཛིན་པ་ཙམ་ཐོབ་ཀྱང༌། རྗེས་དྲན་མ་ཐོབ་ན་ཚེ་འདིར་སངས་རྒྱས་མི་ཐོབ་ཅེས་ཁྱེད་རང་ བཞེད་པ་དང་ནི་འགལ་བ་ཆེན་པོ་འོང་ལ། བྱིས་དབང་ཐོབ་པས་ས་བདུན་གྱི་དབང་ཕྱུག་ཏུ་ དག་པ་བྱེད་པའི་རྒྱུ་མཚན་བསྐྱེད་རིམ་བརྟན་ན་ཚེ་འདིར་ས་བདུན་པའི་བར་དུ་ནི་ཐོབ་ངེས་ ལ། དེ་ལས་ལྷག་པ་མ་ངེས་སོ། །ཞེས་བསམས་པར་འདུག་སྟེ། དེ་ལྟར་ན་དབང་གོང་མ་ དང་ས་སྦྱར་བ་རྣམས་ལའང་རིགས་བསྒྲེས་པས། ཤེར་དབང་ས་བཅུ་པ་ལ་འཇོག་པའི་རྒྱུ་ མཚན་རྗེས་དྲན་སྔོན་དུ་གྱུར་པས་ཚེ་འདིར་ས་བཅུ་པ་ནི་ཐོབ་པར་ངེས་ལ། དེ་བས་ལྷག་པ་ མ་ངེས་པའི་རྒྱུ་མཚན་དུ་བྱེད་དགོས་སོ། །དེ་ཡང་འདོད་ན་རྗེས་དྲན་ཐོབ་ན་ཚེ་དེ་ལ་འབྲས་ བུའི་སངས་རྒྱས་ཐོབ་ངེས་པར་རང་འདོད་པ་དང་འགལ་ལོ། །གཞན་ཡང་བསྐྱེད་རིམ་བརྟན་ པའི་གང་ཟག་དེ་ཚེ་དེ་ལ་རྫོགས་པའི་སངས་རྒྱས་ཐོབ་ངེས་པར་ཐལ་བར་འགྱུར་ཏེ། དེ་འདྲ་ དེ་ཚེ་དེ་ལ་སྔགས་ལམ་གྱི་ས་བདུན་པ་ནི་ཐོབ་ངེས། ས་བདུན་པ་དེ་ཡང་ཁྱེད་ཀྱི་ལུགས་ལ་ ཏིང་ངེ་འཛིན་གྱི་ཡན་ལག་ཡིན་པར་འདོད་མོད། རྗེས་དྲན་ཐོབ་ཕྱིན་མ་ཤི་བའི་སྔོན་རོལ་ཏུ་ ངེས་པར་འཚང་རྒྱ་བ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་འདི་ཡང་འཇུག་གོ །དེས་ན་བྱིས་འཇུག་ གི་དབང་བདུན་བསྐུར་བས་མ་འོངས་པ་ན་ས་བདུན་ཐོབ་པའི་རྟེན་འབྲེལ་སྒྲིག་པ་ཡིན་ཅིང༌། སྔར་སྔགས་ལམ་གྱིས་རྒྱུད་མ་སྦྱངས་པ་ཞིག་ལ་བྱིས་འཇུག་གི་དབང་བདུན་བསྐུར་བའི་ཚེ། སློབ་དཔོན་གྱི་སྒྱུ་མའི་རིག་སྔགས་ལ་སོགས་པས་སྤྲུལ་པ་མ་ཡིན་པར་སློབ་མ་ཉིད་ཀྱི་དགེ་ བའི་མཐུ་ལས་ལྷ་ངོ་བསྟན་པ་སོགས་ལ་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་མཐོང་ བར་གྱུར་ན། སྒྲུབ་པ་པོ་དེས་ཚེ་དེ་ལ་ས་བདུན་པ་ཐོབ་པར་འགྱུར་བའི་ལྟས་སོ། །ཞེས་པ་ ནི་འགྲེལ་ཚིག་གི་དོན་ཡིན་ནོ། དེའི་ས་བདུན་པ་ནི། ཁོ་བོ་ཅག་ཏིང་ངེ་འཛིན་གྱི་རིམ་པར་ 3-1-457 འདོད་ཀྱང་དེ་བས་ཀྱང་བཟང་བ་འཕགས་ས་བདུན་པ་ཡིན་ཅིང༌། ངེད་ཀྱི་ལུགས་ལ་མཆོག་ གི་དངོས་གྲུབ་ནི་ཐོབ་ཟིན་པས། ཚེ་འདིར་རྫོགས་པའི་སངས་རྒྱས་ཀྱང་ཐོབ་པར་འགྱུར་བ་ ལ་ཐེ་ཚོམ་མེད་མོད་ཀྱི། བྱིས་དབང་གི་སྐབས་སུ་ས་བརྒྱད་པ་ཡན་ཆད་ཐོབ་པར་འགྱུར་བའི་ ལྟས་མི་འཆར་བས། སྐབས་དེར་དཀྱིལ་འཁོར་དངོས་སུ་མཐོང་བ་དེ་ས་བདུན་གྱི་ལྟས་ཡིན་ གྱི། གོང་མ་རྣམས་ཀྱི་ལྟས་མ་ཡིན་པའི་དོན་ནོ། །དེ་ལྟ་བུ་མ་མཐོང་ཡང་དབང་བདུན་བསྐུར་ བས་མ་འོངས་པ་ན་ས་བདུན་ཐོབ་པའི་རྟེན་འབྲེལ་འགྲིག་པར་བྱེད་མོད་ཀྱི། ས་བདུན་ཐོབ་ བྱེད་ཀྱི་རྒྱུ་ཡིན་ན། དབང་བདུན་བསྐྱེད་རིམ་དང་བཅས་པ་ཡིན་མི་དགོས་པས། རྩོད་པ་དེ་ ཡང་དོན་དང་བྲལ་བ་ཡིན་ཏེ། མདོ་སྡེ་རྣམས་ལས་སངས་རྒྱས་ལ་ལའི་མཚན་བཟུང་བ་ཙམ་ གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པར་བཤད་ན། ཕྱིར་མི་ལྡོག་པའི་རྒྱུར་དེ་མེད་དུ་མི་རུང་བ་མ་ ཡིན་པ་བཞིན་ནོ། ། ལྔ་པ་ནི། འགྲེལ་ཆེན་དུ། དེའི་ཕྱིར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་དག་ལས་ ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟར་ཚོགས་གསུམ་གྱིས། རིགས་ཀྱི་བུ་ཁྱོད་ཡང་དག་པར་རྫོགས་ པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཞེས་གསུངས་ཤིང༌། དེའི་བསོད་ནམས་ཀྱི་ཚོགས་ནི་ བསྐྱེད་རིམ་ལ་ཡང་ཡང་དུ་གསུངས་པས། དེ་སངས་རྒྱས་ཀྱི་རྒྱུ་མ་ཡིན་པ་འགལ་སྙམ་ན། ཚོགས་གསུམ་ཀར་རྫོགས་རིམ་ཁོ་ན་ལས་འགྲུབ་པ་ཡོད་ལ། བསྐྱེད་རིམ་རང་ཉིད་བསོད་ ནམས་ཀྱི་ཚོགས་ཤས་ཆེ་བ་ཙམ་ཡིན་དུ་ཆུག་ཀྱང༌། བསོད་ནམས་ཀྱི་ཚོགས་ལ་བསྐྱེད་རིམ་ དུ་མ་ངེས་པས་རྩོད་པ་འདི་ཡང་དོན་ལས་ཕྱིར་ཕྱོགས་པའོ། །དེས་ན་བསྐྱེད་རིམ་གྱི་སྐབས་ སུ་བསོད་ནམས་ཞེས་གསུངས་པ་ཙམ་དང༌། རྫོགས་རིམ་གྱི་སྐབས་སུ་ཡེ་ཤེས་ཁོ་ནའི་ངེས་ བཟུང་མི་མཛད་པར་ཚོགས་གཉིས་ཀར་སྨོས་པས་ཀྱང་ཕྱོགས་ལྷུང་སྤངས་པའི་ཡིད་ཅན་ གྱིས་བལྟས་ན་གོ་བར་ནུས་ལ། གཞན་ཡང་མི་འབྱུང་བའི་བདེ་བ་ཚོགས་གསུམ་ཡོངས་སུ་ 3-1-458 རྫོགས་པའི་བདག་ཉིད་དུ་གསུངས་ཏེ། སྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་ རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །ཅེས་གསུངས་ པ་དང༌། བསྐྱེད་རིམ་ལ་ཡང་བསོད་ནམས་ཁོ་ནས་མ་ཁྱབ་སྟེ། ཡེ་ཤེས་ཚོགས་ཀྱི་ཆ་ཤས་ ཡོད་པར་ཡེ་ཤེས་ཚོགས་གསོག་རང་གིས་ཀྱང་ཤེས་ལ། ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་ཡང་ ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་སུ་ཤིན་ཏུ་གསལ་བའི་ཕྱིར། བསོད་ནམས་ལ་བསྐྱེད་རིམ་ དུ་ག་ལས་ཀྱང་ངེས་ཏེ། བསྐྱེད་རིམ་ཡང་བསོད་ནམས་ཀྱི་ཚོགས་ཁོ་ནར་མ་ངེས་ལ། འོན་ ཀྱང་བསོད་ནམས་ཤས་ཆེ་བ་ཙམ་ཡིན་པས། བསྐྱེད་རིམ་བསོད་ནམས་ཀྱི་ཚོགས་སོ་ཞེས་ འཇོག་པ་ནི་ལེགས་པ་ཡིན་ཡང༌། ལུགས་འདིའི་བསོད་ནམས་ཀྱི་ཚོགས་ལ་བསྐྱེད་རིམ་ གྱིས་ཁྱབ་པ་ནམ་ཡང་གཏན་ནས་མིན་ཅིང༌། དེར་མ་ཟད་བསོད་ནམས་ཀྱི་ཚོགས་ཀྱི་གཙོ་ བོ་ཡང་བསྐྱེད་རིམ་མིན་ཏེ། བསྐྱེད་རིམ་ནི་ལས་དང་པོ་པ་རྣམས་ཀྱིས་བསྒོམ་བྱ་ཡིན་པས། རྫོགས་རིམ་གྱི་རྣལ་འབྱོར་དངོས་སུ་རྒྱུད་ལ་སྐྱེས་པ་ཡན་ཆད་ལ་མི་དགོས་ཤིང༌། སངས་ རྒྱས་ཐོབ་པའི་རྒྱུའི་བསོད་ནམས་ཀྱི་ཚོགས་ཀྱི་གཙོ་བོ་རྣམས་ནི། སྤྱིར་རྫོགས་རིམ་དང་སྒོས་ སུ་འཕགས་ལམ་དུ་སྒྲུབ་ཅིང༌། ཡང་སྒོས་སུ་ས་གོང་མ་གོང་མ་རྣམས་སུ་གཙོ་བོར་འགྲུབ་པ་ ཡིན་པས། ཕྱོགས་བཅུ་དུས་གསུམ་གྱི་བསྐྱེད་རིམ་ཐམས་ཅད་གཅིག་ཅར་བསྡོམས་ཀྱང༌། རྫོགས་པའི་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་འགྲུབ་པའི་བསོད་ནམས་ཚོགས་ཀྱི་ཆ་ ཤས་སུ་ཡང་མི་སླེབ་བོ། །འོ་ན་བསོད་ནམས་ཀྱི་གཙོ་བོ་གང་ཞེ་ན། འགྲེལ་ཆེན་ལས། དེའི་ ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སེམས་ཅན་ལ་ཕན་པར་བྱའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་ དོན་དུ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒོམ་པར་བྱའོ། །སེམས་ཅན་གྱི་དོན་མ་གཏོགས་ པར་བསོད་ནམས་ཀྱི་ཚོགས་དང༌། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྒོམ་པར་མ་གཏོགས་ 3-1-459 པར་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཏེ། མི་འགྱུར་བའི་ བདེ་བ་རྣམ་པ་ཀུན་ལྡན་དུ་ཤར་བ་ན། སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་དུ་བྱེད་པ་ཉིད་ བསོད་ནམས་ཀྱི་ཚོགས་ཀྱི་གཙོ་བོ་ཡིན་ནོ། །དེ་ཡང་དཔྱད་ན་བསྐྱེད་རིམ་བསོད་ནམས་སུ་ འཇོག་པའི་སྐབས་སུ་ཀྱང༌། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་དང་ཆ་ཤས་དང༌། བསག་པར་བྱ་ རྒྱུའི་ཡན་ལག་ཙམ་ཡིན་གྱི། ཚོགས་དངོས་སུ་མི་འགྱུར་ཏེ། མཆོག་མི་འགྱུར་ལས། གོམས་ པའི་དབང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་ རྣམ་པར་འགྱུར་ཏེ། དེ་ཉིད་ཀྱིས་ན་སངས་རྒྱས་ཉིད་དུ་ཡང་དེ་བཞིན་གཤེགས་པས་གསུངས་ སྙམ་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མེད་པའི་ཕྱིར་ རོ། །ཞེས་གསུངས་ན་བསྐྱེད་རིམ་ཁོ་ན་བསོད་ནམས་ཚོགས་ཀྱི་ལམ་ཆ་ཚང་བ་ཇི་ལྟར་ཡིན། གཞན་དོན་སེམས་ཅན་གྱི་དོན་སྤྱོད་པ་ཡང་བསྐྱེད་རིམ་པས་ཉེ་ཚེ་ཙམ་ཞིག་གོ ། དྲུག་པ་ནི། སྒྲུབ་ལེར་ཕྱི་ནང་གི་སྦྱང་གཞི་རྣམས་བསྐྱེད་རིམ་གྱིས་སྦྱོང་བའི་རྣམ་ གཞག་རྒྱས་པར་གསུངས་པ་མི་འཐད་པར་འགྱུར་ཏེ། བསྐྱེད་རིམ་སངས་རྒྱས་ཀྱི་རྒྱུ་མ་ཡིན་ ན། དེས་དེ་དག་སྦྱོང་མི་ནུས་པའི་ཕྱིར་རོ་སྙམ་པ་སྟེ། དེ་ཡང་སྐྱེས་བུ་ཞིག་གིས་བསྐྱེད་རིམ་ བསྒོམས་ན། དེས་སངས་རྒྱས་ཐོབ་པ་ལ་ཆ་ཙམ་ཡང་མི་ཕན་པར་ཁས་བླངས་པ་ཡིན་ན་སྐྱོན་ དེ་འཇུག་ཀྱང༌། དེ་ནི་མཁས་པ་སུ་ཡང་འདོད་མཁན་མེད་དེ། དུད་འགྲོ་ལ་ཟས་ཁམ་གཅིག་ བྱིན་པ་ཡང་སངས་རྒྱས་སྒྲུབ་པ་ལ་ཕན་པའི་ཕྱོགས་ཁོ་ན་ཡིན་ནོ། །སངས་རྒྱས་ཀྱི་རྒྱུར་ངེས་ པར་དགོས་པའི་ཡན་ལག་མིན་ཞེས་སྨྲས་པ་ལ་ཐལ་འགྱུར་དེ་འཕེན་ན་ནི། ཤིན་ཏུ་ཁྱབ་ པ་མ་ངེས་སོ། །དཔེར་ན་སེམས་བསྐྱེད་ཀྱིས་ཟིན་པས་བྲམ་ཟེ་དྲག་པོའི་བུ་ལ་བ་ལང་བྱིན་ ལ། རྗེས་བྱང་ཆུབ་ཆེན་པོར་བསྔོ་བས་རྒྱས་ཐེབས་པའི་སྦྱིན་པ་དེ་སངས་རྒྱས་ཀྱི་རྒྱུ་ཚོགས་ ཡིན་ཡང་སངས་རྒྱས་ཐོབ་པར་བྱེད་པ་ལ་དེ་ངེས་པར་དགོས་པ་མ་ཡིན་པ་བཞིན་ནོ། །དེས་ 3-1-460 ན་བསྐྱེད་རིམ་བསྒོམས་པས་སྦྱང་བྱ་སྲིད་པ་སྐྱེ་བའི་རིམ་པ་དེ་དག་གི་སྒྲིབ་པ་མགོ་ནོན་གྱི་ ཚུལ་གྱིས་སྦྱོང་ཞིང༌། རྫོགས་པའི་སངས་རྒྱས་ཀྱི་རྡོ་རྗེ་བཞི་ཐོབ་པ་ལ་ཅུང་ཟད་ཉེ་བར་བྱེད་ པ་སོགས་ཀྱི་སྒོ་ནས། སྦྱང་བྱ་དང་སྦྱངས་འབྲས་དེ་དག་སྦྱོར་བ་ཡིན་གྱི། སྤྱིར་སྲིད་པ་སྐྱེ་རིམ་ གྱི་སྒྲིབ་པ་མགོ་གནོན་པ་དང༌། རྡོ་རྗེ་བཞི་དང་ཅུང་ཟད་ཉེ་བར་བྱེད་པ་ལ། དེ་དག་བསྒོམ་ དགོས་པས་ཁྱབ་པ་ག་ལ་ཡིན། ། བདུན་པ་ནི། སངས་རྒྱས་ཐོབ་པའི་ཕྱིར་དུ་བསྐྱེད་རིམ་སྒོམ་པར་དམ་འཆའ་བ་དང༌། བསྐྱེད་རིམ་བསྒོམས་པའི་དགེ་བ་ལས་སངས་རྒྱས་ཐོབ་པར་སྨོན་ལམ་འདེབས་པ་མི་རུང་ བར་འགྱུར་ཏེ། བསྐྱེད་རིམ་སངས་རྒྱས་ཀྱི་རྒྱུ་མ་ཡིན་པའི་ཕྱིར་རོ། །ཟེར་རོ། །དེ་ནི་དགག་ པའི་རྣམ་གྲངས་མང་པོ་དགོས་པ་བྱུང་བས་ཚིག་གི་དཔུང་བསྐྱེད་པའི་ཕྱིར་དུ་དྲན་དགུ་སྨྲ་ བར་ཟད་དེ་ཤིན་ཏུ་མི་བརླིང་བས་མི་འཐད་པར་རྟོགས་པར་བླའོ། །འོན་ཀྱང་འདི་སྐད་ཅེས་ བྱ་སྟེ། སངས་རྒྱས་ཐོབ་པའི་རྒྱུར་ཁྱིམ་གྱི་ཡང་ཐོག་ཏུ་བུད་མེད་དང་ཁྱི་ལ་ཟན་ཁམ་ཕྱེད་ གཤགས་སུ་བགོས་ཏེ་སྟེར་དགོས་པ་ཡིན་པར་ཐལ། དེ་ལྟར་བྱིན་པའི་དགེ་བ་དེ་སངས་རྒྱས་ ཀྱི་རྒྱུར་སེམས་བསྐྱེད་དུ་ཡང་རུང་སངས་རྒྱས་སུ་བསྔོ་བར་ཡང་རུང་བའི་ཕྱིར་ཞེས་པ་དང་བྱེ་ བྲག་མེད་དོ། །ཡང་ཁ་ཅིག་བསྐྱེད་རིམ་སངས་རྒྱས་ཀྱི་རྒྱུ་མིན་ཞེས་པ་ལ་སྔར་བཤད་པ་དེ་ དག་དང་མཚུངས་རུང་དུ་འགོག་པའི་ལུགས་བྱས་ནས། དངོས་རྒྱུ་མ་ཡིན་པས་སངས་རྒྱས་ ཐོབ་པ་ལ་མི་དགོས་ན། རྫོགས་རིམ་གྱི་ཡན་ལག་དང་པོ་ལྔ་དང༌། ཏིང་ངེ་འཛིན་གྱི་ཡང་ སྐད་ཅིག་མ་ཐ་མ་མ་གཏོགས་ཐམས་ཅད་མི་དགོས་པར་འགྱུར་རོ། །ཞེས་སྨྲ་བ་ནི་ཁས་ལེན་ མེད་པའི་ཐལ་འགྱུར་ཏེ། དངོས་རྒྱུ་མ་ཡིན་པའི་ཕྱིར་མི་དགོས་སོ་ཞེས་སྔ་ཕྱི་སུ་ཡང་མི་སྨྲའོ། ། དེས་ན་གོང་དུ་བཤད་པ་ལྟར། བསྐྱེད་རིམ་གྱིས་སངས་རྒྱས་ཐོབ་པ་ལ་གེགས་བྱེད་དོ་ཞེས་ ཀྱང་ཡེ་མི་སྨྲ་ལ། སངས་རྒྱས་ཐོབ་པ་ལ་ཕན་འདོགས་པར་མི་བྱེད་དོ་ཞེས་ཀྱང་མི་འདོད་དོ། ། 3-1-461 ལས་དང་པོ་པའི་གང་ཟག་ཤས་ཆེ་བ་ཞིག་གིས་བསྒོམ་དགོས་པ་ཙམ་དུ་མ་ཟད་ཕན་ཡོན་ ཡང་ཆེས་ཆེ་ཞིང༌། དེ་བསྒོམས་པས་རྣལ་འབྱོར་བ་མང་པོ་ཞིག་ལ་རྫོགས་རིམ་གྱི་ཉམས་ རྟོགས་ཀྱང་སྐྱེ་བླ་ལ། གེགས་མེད་སྐྱེ་ཕུལ་ཆེ་བ་སོགས་མཆོག་དང་འབྲེལ་བའི་ཕན་ཡོན་ མང་པོ་ཡོད་ཅིང༌། རྫོགས་རིམ་ལ་མ་བརྟེན་པར་ཡང་ལས་ཚོགས་དང་ཐུན་མོང་གི་དངོས་ གྲུབ་རྣམས་དངོས་གནས་ལ་འགྲུབ་ཅིང་འགྲུབ་པར་ཁོ་བོ་ཅག་ཀྱང་འདོད་པས་ཁོ་བོ་ཅག་ ཀྱང་བསྐྱེད་རིམ་གུས་པས་ལེན་པར་བྱེད་དོ། །འོན་ཀྱང་དམིགས་གསལ་མ་གཏོགས་རྫོགས་ རིམ་གྱི་རྟོགས་པ་སྐྱེས་ཕྱིན་ཆད་བདུད་རྩི་རྙེད་ན་ཁ་ཟས་གཞན་འདོར་བའི་དཔེས་བསྐྱེད་ རིམ་དོར་བྱ་ཡིན་པ་དང༌། སྔགས་ཀྱི་ཆེད་དུ་བྱ་བའི་གང་ཟག་དབང་པོ་རབ་ལ་བསྐྱེད་རིམ་མི་ དགོས་པ་དང༌། ཆེད་དུ་བྱ་བའི་གདུལ་བྱར་གཏོགས་པ་དབང་པོ་འབྲིང་དང་དམན་པ་ལ་ཡང་ དབང་པོའི་ཁྱད་པར་གྱིས་རྫོགས་རིམ་ཁོ་ནས་ཁྲིད་ཆོག་པ་ཡང་སྲིད་པ་དང༌། བསྐྱེད་རིམ་ སངས་རྒྱས་ཐོབ་པ་ལ་མེད་ན་མི་འབྱུང་གི་རྒྱུ་མ་ཡིན་ནོ་ཞེས་ནི་སྨྲ་སྟེ། དེ་ཉིད་དོན་ལ་གནས་ པའང་ཡིན་པས་བསྐྱེད་རིམ་ལ་ཁོ་བོ་ཅག་སྐུར་བ་འདེབས་པ་མ་ཡིན་ནོ། འདི་ལས་ཟློག་སྟེ་ སྨྲ་ན་ཆུང་ངུ་ལ་ཆེན་པོར་སྒྲོ་འདོགས་སྨྲ་བའོ། །བསྐྱེད་རིམ་མཆོག་གི་རྒྱུ་མིན་ཞེས་སྨྲས་པ་ལ་ ཉེས་པ་ཆེན་པོ་མི་བཟད་པར་རྩི་བ་ནི། འཕགས་པ་སྤྱན་རས་གཟིགས་ལ་སྐུར་པ་འདེབས་པ་ ཡིན་ཏེ། མཆོག་མི་འགྱུར་ལས། དེའི་ཕྱིར་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ དོན་དུ་རྣམ་པར་རྟོག་པའི་སྒོམ་པ་མི་བྱའོ། །ཞེས་དང༌། གཟུགས་ལ་སོགས་པ་རྟོག་པའི་དཀྱིལ་འཁོར་གྱི། །འཁོར་ལོ་སྒོམ་པ་གོམས་པར་གྱུར་ པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ ལ་ཞིག །ཞེས་གསུངས་ཤིང༌། སེམས་འགྲེལ་སྐོར་གསུམ་ནི་འདི་ལྟ་བུའི་ཚིག་རིགས་ཤིན་ ཏུ་མང་བའི་ཕྱིར་རོ། །ཡང་རིག་པའི་སྙིང་པོ་འདི་ཡིན་ཏེ། སངས་རྒྱས་ཐོབ་པ་ལ་བསྐྱེད་རིམ་ 3-1-462 མེད་ན་མི་འབྱུང་གི་རྒྱུ་མ་ཡིན་ཏེ། བསྐྱེད་རིམ་མ་བསྒོམས་པར་རྫོགས་པའི་སངས་རྒྱས་ཐོབ་ པ་དཔག་ཏུ་མེད་པ་ཡོད་པའི་ཕྱིར་མ་གྲུབ་ན། དེ་ཡོད་ཏེ་སྦྱོར་ལམ་བཟོད་པ་མན་ཆད་མདོ་ ལུགས་ཀྱིས་བགྲོད་ནས། ཐེག་པ་བླ་ན་མེད་པ་ལ་ཞུགས་ཏེ། སངས་རྒྱས་ཐོབ་པར་བྱེད་པ་ ཐམས་ཅད་ཀྱིས་བསྐྱེད་རིམ་ལན་ཅིག་ཀྱང་སྒོམ་མི་དགོས་པའི་ཕྱིར་ཏེ། དཔེར་ན་ས་བཅུའི་ ཐ་མར་སྔགས་ལ་འཇུག་པ་བཞིན་ནོ། །ཡང་དབང་པོ་རྣོན་པོས་ལས་དང་པོ་པ་ཉིད་ནས་ བསྐྱེད་རིམ་སྤངས་ཀྱང་རྡོ་རྗེ་འཛིན་པའི་སྐུ་མངོན་དུ་བྱེད་ནུས་པ་ཡིན་ཏེ། སྐུ་དེ་འགྲུབ་པ་ལ་ ངེས་པར་དགོས་པ་མེད་ན་མི་འབྱུང་གི་རྒྱུ་ཚོགས་གསུམ་པོ་གྲངས་ཚང་བའི་ཕྱིར་རོ། །ཞེས་ པའོ། །དེས་ན་བསྐྱེད་རིམ་མཆོག་སྒྲུབ་པ་ལ་ངེས་པར་དགོས་པར་འདོད་པའི་རྒལ་ལན་ འདི་དག་སྤྱི་ལྡོག་ནས་གནད་ཆུང་བ་ལྟ་བུར་འདུག་ཅིང༌། སྐབས་འདིར་ཧ་ཅང་སྤྲོས་པ་ཐལ་ ཆེས་པ་ལྟར་གྱུར་མོད་ཀྱི། དུས་འཁོར་བ་སྔ་རབས་མཁྱེན་པའི་དཀྱིལ་འཁོར་ཤེས་བྱ་རབ་ འབྱམས་སུ་ཤར་ཞིང༌། མངོན་པར་རྟོགས་པའི་གོ་འཕང་ཤིན་ཏུ་མཐོ་བར་གཤེགས་པ་དག་ མགྲིན་གཅིག་ཏུ་བཞེད་པ་དང༌། རིགས་ལྡན་སྤྲུལ་པའི་སྐུ་ཆོས་རྗེ་ཐམས་ཅད་མཁྱེན་པ་དོལ་པོ་པ་སོགས་རང་ལུགས་ཀྱི་ བླ་མ་རྣམས་ཀྱང་དེ་ཁོ་ན་ལྟར་བཞེད་པ་ལ། སློབ་དཔོན་གཞོན་བློ་ཕྱིན་ཆད་བྱུང་བའི་མཁས་ པ་འགའ་ཞིག་གིས་ཆོས་དང་གང་ཟག་ལ་སྡང་ཤུགས་ཀྱིས་ཀུན་ནས་བླངས་ཏེ་སྐྱོན་མེད་པ་ ལ་སྐྱོན་དུ་འདོགས་ཚུལ་རྣམ་གྲངས་མང་མང་འདྲ་བ་བཀོད་པ་ན། མཁས་རློམ་རྣམས་ཀྱང་ མགོ་འཁོར་བར་འགྱུར་བ་དང༌། སྐྱེ་བོ་མང་པོ་ཆོས་དང་གང་ཟག་ལ་སྐུར་པ་འདེབས་པའི་ སྡིག་པའི་སྒོ་ཆེན་འབྱེད་པར་འགྱུར་བ་མཐོང་ནས། དེ་དག་ལ་ཕན་པའི་ཕྱིར་རྩོད་པ་ལྟར་ སྣང་གི་འཚང་རྣམས་ཅུང་ཟད་བསྒྲགས་པ་ཡིན་གྱི། ཞིབ་མོར་ན་མཐའ་ཡས་པ་དཔྱད་དུ་ཡོད་ དོ། །འོན་ཀྱང༌སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་ 3-1-463 རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང༌། །ཞེས་ གསུངས་པ་ལྟར་ཡིན་པས། གཞན་དག་ལ་ཕན་པ་དཀའ་ཡང༌། རང་ལུགས་འཛིན་པ་རྣམས་ བླ་མ་གོང་མའི་གྲུབ་མཐའ་ལ་ཐེ་ཚོམ་མི་སྐྱེ་ཞིང༌། ངེས་པ་རྙེད་པའི་དགོས་པ་ཁྱད་པར་ཅན་ ཡོད་དོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་པར་བཤད་པ་ལས། བསྐྱེད་ རྫོགས་ཀྱི་ངེས་པ་གོ་རིམ་ལ་ལོག་རྟོག་དགག་པའི་སྡེ་ཚན་ཏེ་བཅུ་གཉིས་པའོ།། །། དེ་ལྟར་བསྐྱེད་པའི་རིམ་པ་རྟོགས་པར་བྱས་ནས། དེའི་རྗེས་སུ་ངེས་པའི་ལམ་མཆོག་ གི་བསྙེན་པ་རྫོགས་པའི་རིམ་པའི་རྣམ་གཞག་ལེགས་པར་རྟོགས་དགོས་ཏེ། དེ་ནི་གཞན་ དུ་བཤད་ཟིན་ཏོ། །རྩ་བའི་བཞི་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་ལ། དངོས་འབྲས་ཐུན་ མོང་གི་འབྱོར་བ་དང༌། བརྒྱུད་འབྲས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྦྱོར་བའོ། །དང་པོ་ ལ། སྒྲུབ་པོ་རྣལ་འབྱོར་པའི་ཁྱད་པར་དང༌། དེས་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཁྱབ་བདག་གི་ནི་དཔལ་ལྡན་སྔགས་དང་སངས་རྒྱས་ གཟུགས་དང་རྣལ་འབྱོར་པ་ཡིས་དང་པོར་བསྒྲུབ་པར་བྱ། །ཕྱི་ནས་ཉི་མའི་དབྱེ་བ་རྣམས་ ཀྱིས་གནས་པ་ཡོན་ཏན་དཔག་ཏུ་མེད་པའི་ལས་རྣམས་འགྲུབ་པར་འགྱུར། །སྔགས་དང་ གཟུགས་བརྙན་མ་གྲུབ་པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ ཡིན། །དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ལ་སྔགས་དང་གཟུགས་ནི་ བསྒྲུབ་པར་བྱ། །ཞེས་པ་དང༌། དང་པོར་དཔལ་ལྡན་དུས་ཀྱི་འཁོར་ལོ་དང་ནི་སྲིད་གསུམ་ སྐྱེད་མ་འབད་པ་ཡིས་ནི་བསྒྲུབ་པར་བྱ། །དེ་ནས་ས་གཞིའི་གནས་དག་ཏུ་ནི་གང་ཞིག་ཞི་བ་ ལ་སོགས་ལས་རྣམས་དག་ཀྱང་བསྒྲུབ་པར་བྱ། །ཞེས་གསུངས་ཏེ། འདི་ལ་གཞུང་གི་དངོས་ བསྟན་སྒྲ་ཇི་བཞིན་པ་ལྟར་ན་སྔགས་ཀྱི་ནུས་པ་ལས་སུ་རུང་བ་དང༌། ལྷའི་གཟུགས་བརྙན་ གྱི་གསལ་སྣང་ལ་བརྟན་པ་ཐོབ་ན། རིམ་པས་དངོས་གྲུབ་རྣམ་པ་གསུམ་ཡང་འགྲུབ་པར་ 3-1-464 འགྱུར་ན། ཕྲ་མོ་ལས་བཅུ་གཉིས་སོགས་ཐོགས་པ་མེད་པ་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་གཉིས་མ་གྲུབ་ན་དངོས་གྲུབ་ནམ་ཡང་མི་འགྲུབ་ཅིང༌། ལས་ཚོགས་རྣམས་ཀྱང་ཇི་བཞིན་ དུ་མི་འགྲུབ་ཅེས་པའོ། །ལྷ་དང་སྔགས་ཀྱི་རྣལ་འབྱོར་ཡང་དཔལ་དུས་ཀྱི་འཁོར་ལོ་ཡབ་ ཡུམ་གྱི་དེ་དག་འགྲུབ་ན། ཕྲ་མོ་དང་གྲུབ་པ་ཐམས་ཅད་འགྲུབ་པར་འགྱུར་གྱི། ལྷ་གཞན་ རྣམས་ཀྱིས་ནི་ཕྱོགས་རེ་ལས་མི་འགྲུབ་པའམ། དེ་ཡང་ཤིན་ཏུ་དཀའ་ཚེགས་དང་བཅས་པ་ འགྲུབ་པའོ། །ཞེས་པའི་དོན་ཡིན་ལ་འགྲེལ་ཆེན་གྱིས་བཀྲལ་བ་ལྟར་སྒྲ་ཇི་བཞིན་མ་ཡིན་ པ་ནི། སྔགས་ནི་རླུང་དབུ་མར་ཆུག་ཅིང་སྲོག་ཐུར་འདྲེས་པ་དང༌། སངས་རྒྱས་གཟུགས་ནི་ སྟོང་གཟུགས་ལ་བརྟན་པ་ཐོབ་པ་སྟེ། དེ་གཉིས་བསྡོམས་ནས་སྲོག་གཟུགས་གྲུབ་ན། ལས་ དང་དངོས་གྲུབ་དེ་ཐམས་ཅད་འབད་རྩོལ་མེད་པར་འགྲུབ་ཅིང༌། གཞན་དུ་ན་མི་འགྲུབ་ པ་དང༌། ཡང་དཔལ་ལྡན་དུས་ཀྱི་འཁོར་ལོ་ཞེས་པ་འགྱུར་མེད་བདེ་བ་སྟེ། དེའི་རྒྱུ་ཞུ་བདེ་ འགྱུར་མེད་དུ་འཆིང་ཐུབ་པ་ཞིག་དང༌། སྲིད་གསུམ་སྐྱེད་མ་སྣ་ཚོགས་ཡུམ་ནི། འོད་གསལ་ རྣམ་ཀུན་མཆོག་ལྡན་གྱི་སྐུ་ཡིན་པར་བཤད་དེ། དེ་གཉིས་ལས་དང་དངོས་གྲུབ་ཐམས་ཅད་ ཀྱི་ཕ་མ་ལྟ་བུར་གསུངས་ཏེ་དོན་གཞན་རྣམས་སྔར་བཤད་པ་དང་འདྲའོ། །འོ་ན་བསྐྱེད་རིམ་ ཁོ་ནས་ལས་ཚོགས་ཀྱང་མི་འགྲུབ་པར་ཐལ་བར་འགྱུར་སྙམ་ན། མ་ཡིན་ཏེ། བསྐྱེད་རིམ་གྱི་ གསལ་སྣང་མཐར་བྱེད་པ་བས་ཀྱང་ལམ་ཟབ་མོ་སྦྱོར་བ་ཡན་ལག་དྲུག་པ་ཉམས་སུ་བླངས་ ན་སྲོག་གཟུགས་སྒྲུབ་པ་དཀའ་བ་མ་ཡིན་ལ། སྲོག་གཟུགས་གྲུབ་པའི་རྣལ་འབྱོར་པས་རྫས་ སྔགས་འཁྲུལ་འཁོར་གང་ལ་ཡང་མ་བརྟེན་པར་ཕྲ་མོ་ལས་ཐམས་ཅད་བསམས་པ་ཙམ་གྱིས་ འགྲུབ་ཅིང༌། དེ་གྲུབ་པ་ནས་རྗེས་དྲན་གྱི་རིམ་པ་ལ་གནས་པའི་བར་དུ་ཐུན་མོང་གི་དངོས་ གྲུབ་འདོད་པ་ཡང་སྲིད་ལ་གལ་ཏེ་འདོད་ན་དཀའ་བ་མེད་པར་མྱུར་དུ་འགྲུབ་པོ། །ཏིང་ངེ་ འཛིན་གྱི་སྦྱོར་བ་ལ་ཞུགས་ནས་ནི་འདོད་པར་མི་བྱེད་མོད། གཞན་དོན་དུ་ཞོར་བྱུང་གི་ཚུལ་ 3-1-465 གྱིས་དེ་དག་མི་འབྱུང་བར་ངེས་པ་ཡང་མ་ཡིན་ནོ། །སྲོག་གཟུགས་གྲུབ་པ་ལ་བརྟེན་ནས་དེ་ རྣམས་འགྲུབ་ཚུལ་ལ་དཔགས་ན། བསྐྱེད་རིམ་ཁོ་ནའི་སྒོ་ནས་དེ་དག་སྒྲུབ་པ་ནི་ཚེགས་ཆེ་ ཞིང་འགྲུབ་ཚུལ་ཞན་པར་དགོངས་ནས། འགྲེལ་པས་དེ་ལྟར་བཀྲལ་བ་ཡིན་ལ། བསྐྱེད་རིམ་ ཉིད་ཀྱིས་སྒྲུབ་པར་བྱེད་པ་ལ་ཡང་རགས་པའི་རླུང་ཁམས་ལྔའི་མཚན་ཉིད་ཅན་བཅིངས་ པའི་བུམ་ཅན་བརྟན་པོས་ཞུ་བདེའི་འགྱུར་བ་ཁེགས་ནུས་པ་དང༌། ལྷ་སྐུ་དང་སྔགས་ཀྱི་སྒྲ་ གཟུགས་ལ་གསལ་སྣང་བརྟན་པོ་གྲུབ་ན་སྲོག་གཟུགས་གྲུབ་པ་རྗེས་མཐུན་པ་ཙམ་ཡིན་ པས། རྫས་འཁྲུལ་འཁོར་སྦྱིན་སྲེག་ངག་བཟླས་སོགས་ལ་མ་བལྟོས་པར་བསམ་གཏན་ཁོ་ ནས་ལས་ཐམས་ཅད་འགྲུབ་ཅིང༌། དངོས་གྲུབ་ཀྱང་འགྲུབ་པའི་སྐལ་བ་ཅན་ཡིན་གྱི། དེ་མ་ ཐོབ་ན་དངོས་གྲུབ་ཆེ་འབྲིང་གཉིས་མི་འགྲུབ་ཅིང༌། མིག་སྨན་སོགས་དངོས་གྲུབ་ཆུང་ངུ་ལ་ གྲུབ་ཙམ་སྲིད་ཀྱང་དབང་མི་འབྱོར་བ་དང༌། ཕྲ་མོ་བསམ་གཏན་གྱི་ལས་ཀྱང་ཐོགས་མེད་ དུ་མི་འགྲུབ་བོ། །དེའི་ཕྱིར་རྒྱུད་ཚིག་གི་དོན་སྒྲ་ཇི་བཞིན་པ་དེ་ལྟར་ཡིན་ལ། སྐལ་བ་དམན་ པས་དེ་ཡང་མ་གྲུབ་ན། དམ་ཚིག་ལ་གནས་ཤིང་བརྟུལ་བ་དྲག་པོས་སེམས་རྣམ་གཡེང་གི་ དབང་དུ་མ་བཏང་བར་རྣམ་རྟོག་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་དང༌། བཟླས་པ་བྱེ་བ་སོགས་ བཟླས་ནས། སྦྱིན་སྲེག་དང་རྫས་དང་འཁྲུལ་འཁོར་སོགས་ལས་ཀྱི་ཡན་ལག་མ་ཉམས་པར་ བསྒྲུབས་ན། ཕྲ་མོ་རྣམས་ནི་མི་རིང་བར་ངེས་པར་འགྲུབ་ལ། རིང་དུ་འབད་ན་མིག་སྨན་ལ་ སོགས་པ་ཅུང་ཟད་འགྲུབ་པའང་ཡོད་དོ། །དེ་ལྟར་དངོས་གྲུབ་ཀྱི་གཞི་ཏིང་ངེ་འཛིན་གྱི་ཁྱད་ པར་ཤེས་པར་བྱས་ནས། དེ་དང་མཐུན་པར་བསྒྲུབ་པར་བྱའོ། ། གཉིས་པ་ནི་ཇི་ལྟར་སྒྲུབ་པའི་ཚུལ་ལ་གཉིས་ཏེ། ཕྲ་མོ་ལས་སྣ་ཚོགས་ཀྱི་འབྱོར་བ་ དང༌། ཆེན་པོ་བདེ་བ་རྣམ་གསུམ་གྱི་དངོས་གྲུབ་བོ། །དང་པོ་ནི། རྒྱུད་ལས། རེངས་པ་དང་ ནི་ཞི་དང་དབང་དང་སྲིད་པ་འཇིག་པ་དག་ནི་ཞལ་གྱིས་དབྱེ་བ་རྣམས་ཀྱིས་བྱེད། །འབྱུང་ 3-1-466 བ་རྣམས་ཀྱི་དཀྱིལ་འཁོར་ལ་གནས་ལྷ་མིན་ལག་འགྲོའི་རིགས་འདི་བསྒོམས་པ་ཡིས་ནི་ བསྒྲུབ་པར་བྱ། །དཀར་པོ་ཡིས་ནི་ཞི་དང་རྒྱས་པ་བྱེད་དེ་རང་གི་ཡིད་ལ་དམར་པོ་ཡིས་ནི་ དགུག་དང་དབང༌། །སེར་པོས་རེངས་དང་རྨོངས་པ་དག་སྟེ་ནག་པོའི་སྤྲིན་དང་མཚུངས་པས་ བསད་པ་དང་ནི་བསྐྲད་པའོ། །ཞེས་གཙོ་བོ་ཉིད་ཀྱི་སྐུ་གཅིག་ལས། མདུན་ཞལ་ནག་པོས་ བསད་བསྐྲད། གཡས་ཞལ་དམར་པོས་དབང་དགུག གཡོན་ཞལ་དཀར་པོས་ཞི་རྒྱས། རྒྱབ་ ཞལ་སེར་པོས་རྨོངས་རེངས་ལྟ་བུ་རྣམ་པ་མ་བསྒྱུར་བའི་ལྷ་སྐུ་གཅིག་ཉིད་ཀྱིས་ལས་ཐམས་ ཅད་སྒྲུབ་པའམ། རྩ་ཞལ་དང་སྐུ་ལུས་ཁ་དོག་བསྒྱུར་ནས་རང་རང་གི་ཕྱོགས་སུ་ཞལ་ཕྱོགས་ ཏེ། ལས་རྣམས་སྒྲུབ་པར་ཡང་གསུངས་ཤིང༌། ཡང་ཞི་རྒྱས་གཞིལ་གསུམ། དབང་དགུག་ བསྐྱོད་གསུམ་སྟེ་འཇམ་པོ་དྲུག །ཕྱག་ཉེར་བཞི་པའི་རྣལ་འབྱོར་གྱིས་སྒྲུབ་པ་དང༌། བསད་ བསྐྲད་དབྱེ་གསུམ། རྨོངས་རེངས་གདབ་གསུམ་སྟེ་རྩུབ་པོ་དྲུག་ཕྱག་ཉེར་དྲུག་པའི་རྣལ་ འབྱོར་གྱིས་བྱེད་པའང་ཡོད་ལ། ཡང་གཙོ་བོ་དུས་ཀྱི་འཁོར་ལོ་ལ་ལས་བྱེད་རྣལ་འབྱོར་མ་ སུམ་ཅུ་སོ་དྲུག་གིས་བསྐོར་བ་ཁོ་ནས་ལས་ཐམས་ཅད་སྒྲུབ་པའང་ཡོད་དོ། །ཡང༌ཞི་བ་ལ་ ནི་བསམ་གཏན་དག་ཀྱང་ཞི་བ་རི་བོང་འཛིན་པ་ལྟར་དཀར་ལྷ་ནི་ཞི་བའི་གཟུགས། ཞེས་ སོགས་ལྷ་རེ་རེ་ཉིད་ས་བོན་དང༌། སྐུ་མདོག་དང་གདན་དང་ཉམས་ཐ་དད་དུ་བསྒྱུར་ནས་ ལས་ཐ་དད་འགྲུབ་ཚུལ་ཡང་བཤད་ཅིང༌། ཡང་ན། རྒྱལ་པོ་ཞི་དང་རྒྱས་པ་དག་ཀྱང་སྲས་ བཅས་རྒྱལ་བའི་རིགས་དང་ལྷ་མོ་རྣམས་ཀྱིས་འགྲུབ་པར་འགྱུར། །ཞེས་སོགས་ཀྱི་དོན་ནི། གཤེགས་པ་ཡབ་ཡུམ་དང་སེམས་དཔའ་ཡབ་ཡུམ་གྱིས་ཞི་བ་དང༌། རྒྱས་པ་དང༌། དུག་མེད་ པ་དང༌། རིམས་ཞི་བ་རྣམས་སྒྲུབ་པར་བྱེད་ལ། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བསད་བསྐྲད་ཀྱི་ལས་ དང༌། ཙར་ཙི་ཀཱ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱིས་དབང་དགུག་གི་ལས་དང༌། རབ་ གཏུམ་མ་རྣམས་ཀྱིས་རྨོངས་རེངས་གདབ་གསུམ་གྱི་ལས་དང༌། དབྱིངས་ཕྱུག་མ་དང་ཤེར་ 3-1-467 ཕྱིན་མས་ལས་ཐམས་ཅད་འགྲུབ་བོ། །དེ་ལ་རང་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པར་ བསྒོམས་ནས། ཐུགས་ཀར་ཆུའི་དཀྱིལ་འཁོར་ལ་ཨུ་ཡིག་ལས་བྱུང་བའི་ལྷ་དཀར་པོས་རྒྱས་ པ་དང༌། ཞི་བ་སྒྲུབ་པ་བསྔགས་དེ་བཞིན་དུ་གཞན་རྣམས་ཀྱང་རིགས་འགྲེ་སྟེ། དམར་པོས་ དབང་དགུག་དང༌། ནག་པོས་དབྱེ་བསྐྲད་དང༌། སྔོན་པོས་བསད་པ་དང༌། ལྗང་ཁུས་སླར་ གསོ་བར་གསུངས་སོ། །ཡང༌གཙོ་བོའི་ཐུགས་ཀར་པདྨའི་དབུས་སུ་རི་བོང་ཅན་དང་ཉི་མ་ མེ་ཡི་སྟེང་དུ་རྡོ་རྗེ་ནི། ཞེས་སོགས་ཤོ་ལོ་ཀ་བཅོ་ལྔས་ལས་ཚོགས་ཀྱི་དམིགས་པ་རྒྱས་པར་ གསུངས་ཏེ། དེ་ཡང་ཞི་བ་ལ་མཚོན་ན་རང་ཉིད་དུས་ཀྱི་འཁོར་ལོ་ཡུམ་ཅན་གྱི་ཐུགས་ཀར་ པདྨ་ཟླ་ཉི་སྒྲ་གཅན་ལ། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་འོད་ལྔ་འཕྲོ་བའི་ལྟེ་བར་ཛཿལས་ལྕགས་ ཀྱུའོ། །དེའི་འོད་ཀྱི་འཕྲོ་འདུ་དང༌། བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་ལྷ་སོ་སོའི་ས་བོན་དུ་གྱུར་ པ་རྣམས་ལྷར་སྒོམ་པ་ཡིན་ཏེ། ཡུམ་གྱི་པདྨར་ཟླ་ཉིའི་དབུས་སུ་ཝ་ཡིག་དང་པད་དཀར་ལས་ ཕོ་ཉ་མཆོག་སྦྱིན་དང་པད་དཀར་འཛིན་པའམ། ཕོ་ཉ་མོ་སྐྱབས་སྦྱིན་དང་ཨུཏྤལ་འཛིན་པ་ རྒྱན་དང་ན་བཟའ་དང་སྐུ་མདོག་དཀར་པོ་གླང་ཆེན་དཀར་པོ་ལ་ཞོན་པ། བསྒྲུབ་བྱའི་ཁྱིམ་དུ་ ཕོ་ཉར་གཏོང་ངོ༌། །དེས་བསྒྲུབ་བྱ་དཀྱིལ་འཁོར་དུ་བཀུག །གཙོ་བོས་བཀའ་སྩལ་ཏེ། ཡུམ་ རྣམས་ཀྱིས་བདུད་རྩིའི་བུམ་པས་དེ་ལ་ཁྲུས་བྱེད་ཅིང༌། ནུས་མ་རྣམས་ཀྱིས་མཆོད། སེམས་ མ་དྲུག་གིས་ཉམ་པ་གསོ་བ་དང༌། གཟུངས་མ་བཅུ་གཉིས་ཀྱིས་ཚིམ་པར་བྱེད་པ་དང༌། རྣལ་ འབྱོར་མ་རྣམས་ཀྱིས་འཇིགས་པ་མེད་པར་བྱེད་པ་དང༌། ཁྲོ་མོ་བཅུས་སྐྱོང་བར་བྱེད་པ་ དང༌། ཀླུ་མོ་རྣམས་ཀྱིས་འོ་དག་བྱེད་པ་དང༌། ལྷ་ཆེན་གྱི་བཙུན་མོ་བཅུ་གཉིས་པོ་རྣམས་ཀྱིས་ འཁྱུད་པར་བྱེད་པ་དང༌། རབ་གཏུམ་མ་རྣམས་ཀྱིས་སྲུང་བ་བྱེད་པར་བསམ་ཤིང༌། ངག་ བཟླས་སམ། འགོག་བཟླས་ཀྱིས་བསྐུལ་བས་ཞི་རྒྱས་ཀྱི་ལས་ཐམས་ཅད་འགྲུབ་པར་འགྱུར་ ཏེ། ལས་གཞན་རྣམས་ལའང་རིགས་འགྲེའོ། །དེ་བཞིན་དུ་འབྱུང་བ་དྲུག་གི་ས་བོན་གྱི་ལས་ 3-1-468 དང༌། ཟད་པར་རྣམས་ཀྱི་ལས་དང༌། གླང་པོ་ཆེ་དང༌། སྦྲུལ་དང༌། རྟ་དང༌། མ་ཧེ་དང༌། བསེ་ དང༌། སེངྒེ་ལ་སོགས་པ་སྲོག་ཆགས་གདུག་པ་ཅན་གཞོམ་པ་སོགས་ལས་ཀྱི་དབྱེ་བ་མཐའ་ དག་བསྒྲུབ་པར་བྱའོ། །ཡང་གསལ་སྣང་དང་རླུང་གི་སྦྱོར་བ་མ་གྲུབ་ན། བསམ་གཏན་སྔར་ དང་མཐུན་པའི་སྟེང་དུ་སྦྱིན་སྲེག་གི་སྒོ་ནས་ལས་རྣམས་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ ཙམ་གྱིས་ཀྱང་འགྲུབ་པར་དཀའ་ན་དེ་དག་གི་སྟེང་དུ་འཁྲུལ་འཁོར་གྱིས་འགྲུབ་པར་འགྱུར་ རོ། །དེ་ཡང༌རིག་བྱེད་དང་ནི་འདབ་བརྒྱད་ཉིད་དང་མི་ཡི་བདག་པོ་སོ་དང་ཆུ་གཏེར་དྲུག་ དང་གཉིས་སྐྱེས་ལ། ཞེས་མཚན་བརྗོད་ཀྱིའམ། འཇམ་དཔལ་གྱི་འཁྲུལ་འཁོར་རྒྱས་པ་ དང༌། རྩིབས་བརྒྱད་ལ་ནི་ཕྱོགས་དང་ཕྱོགས་བྲལ་དུ་གནས་བཅུ་གཉིས་རྩིབས་དང་བཅུ་ དྲུག་རྩིབས་ལ་བར་དུ་ཡང༌། ཞེས་སོགས་ཀྱི་གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཡི་གེ་འཕོ་བའི་ ངེས་པ་དང་བཅས་པ་དང༌། ཡི་གེ་རྣམས་ཀྱི་ཡན་ལག་མཆོག་ལས་མདུན་དུ་དབྱངས་ཀྱིས་ འཁྱུད་པ་དག་ནི་མ་རུ་རབ་ཏུ་འགྱུར། །ཞེས་སོགས་འཇམ་དཔལ་གྱི་འཁྲུལ་འཁོར་དངོས་ རྣམས་གསུངས་ཏེ། དེ་དག་ནི་ལས་ཐམས་ཅད་བྱེད་པའོ། །ལས་སྣ་ཚོགས་ཀྱི་རྣམ་པའི་རབ་ དབྱེ་རྒྱས་པ་ནི། སྦྱིན་སྲེག་གི་ཆོ་ག་ནང་གི་མུན་སེལ་དང༌། སྤྱི་ཆིངས་ནོར་བུ་ཆུ་དྭངས་ལས། དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཀུན་མཁྱེན་ཆེན་པོས་བསྡུ་བར་མཛད་པ་ལྟར་ ཤེས་པར་བྱ་ཞིང༌། རྩ་བའི་འཁྲུལ་འཁོར་སོགས་ཀྱི་དབྱེ་བ་རྣམས་ནི། ཕན་གནོད་སུམ་ཅུར་ གྲགས་པའི་བསྟན་བཅོས་རྙིང་པ་ལོགས་སུ་ཡོད་པ་དང༌། ལག་ལེན་གནད་རྣམས་བླ་མའི་ མན་ངག་ལས་ཤེས་པར་བྱའོ། ། གཉིས་པ་ཆེན་པོ་བདེ་བ་རྣམ་གསུམ་གྱི་དངོས་གྲུབ་ནི། འབྱོར་པ་སྣ་ཚོགས་ཀྱི་བདེ་ བ་རྫས་ཀྱི་གྲུབ་པ་དང༌། འདོད་པ་སྣ་ཚོགས་ཀྱི་བདེ་བ་ལུས་ཀྱི་གྲུབ་པ་དང༌། རྫུ་འཕྲུལ་སྣ་ ཚོགས་ཀྱི་བདེ་བ་སྔགས་ཀྱི་རིག་པ་འཛིན་པའི་གྲུབ་པའོ། །དང་པོ་ནི་རྒྱུད་ལས། གྲུབ་པ་ 3-1-469 ལྕགས་གསུམ་གྱིས་བཅིངས་མཁའ་ལ་འགྲོ་བའི་ཤ་ཡི་རིལ་ལུས་མཁའ་ལ་སྤྱོད་པ་ཉིད་དག་ སྟེར། ཞེས་སོགས་རིལ་ལུ་དང་མིག་སྨན་གྱི་དངོས་གྲུབ་སྒྲུབ་ཚུལ་གསལ་བར་གསུངས་ ཤིང༌། གྲུབ་པ་བརྒྱད་ཀར་སྟེར་བའི་རོ་ལངས་སྒྲུབ་ཚུལ་རྒྱས་པར་གསུངས་པ་དང༌། གཞན་ ཡང༌། རལ་གྲི་རེག་པ་བཅུད་ཀྱི་དབང་པོ་བདུད་རྩིའི་འབྲས་བུ་རིལ་ལུ་རོ་ཙ་ན་དང་མིག་སྨན་ དང༌། །རྐང་པ་བྱུག་དང་ཤིང་ལྷམ་དག་དང་འཇིག་རྟེན་པ་ཡི་དངོས་གྲུབ་བརྒྱད་པོ་ཁྱོད་ཀྱིས་ བདག་ལ་སྩོལ། །ཞེས་གསུངས་པ་ལྟར་གྱི་དངོས་གྲུབ་བརྒྱད་དང༌། གཞན་ཡང་རྒྱུད་དང་རྒྱུད་ དུ་འབྱུང་བའི་དངོས་གྲུབ་སྣ་ཚོགས་པ་དག་རྣལ་འབྱོར་པས་སྒྲུབ་པར་བྱེད་དེ། དེ་ཡང་གཅིག་ ལ་མཚོན་ན་སྔགས་དང་གཟུགས་བརྙན་གྲུབ་པའི་རྣལ་འབྱོར་པས་སྦྱིན་སྲེག་མཆོད་སྦྱིན་ བཟླས་པ་ལ་སོགས་པའི་སྒོ་ནས། དངོས་གྲུབ་ཀྱི་དོན་དུ་རང་འདོད་པའི་ལྷ་ལ་རིང་དུ་གསོལ་ བ་གདབ་པར་བྱའོ། །བསྐྱེད་པའི་རིམ་པ་ལ་དྲོད་ཐོབ་ན། གྲུབ་པ་བརྒྱད་རྣམས་འགྲུབ་པ་ ལ་དཀའ་བ་མེད་ལ། དྲོད་ཇི་བཞིན་མ་ཐོབ་ཀྱང་གཉིད་དང་བཀྲེས་སྐོམ་ལ་སོགས་པས་མི་ གནོད་ཅིང༌། ཏིང་ངེ་འཛིན་བརྟེན་ན་འགྲུབ་ཏུ་རུང་སྟེ། གསོལ་བ་བཏབ་པས་ཇི་ཞིག་ལྟར་ན་ ལྷས་སྣང་བ་སྩོལ་བར་འགྱུར་རོ། །གལ་ཏེ་དེས་རིལ་བུ་འགྲུབ་པར་འགྱུར་ཞེས་གསུངས་ན། སྒྲོན་མེ་ལྔའི་རིལ་བུ་བྱས་ཏེ། ལྕགས་གསུམ་གྱིས་དཀྲིས་ནས། དཀྱིལ་འཁོར་རྒྱས་པའམ་ མཎྜལ་སོགས་རྒྱས་བསྡུས་ཇི་ལྟར་འོས་པའི་གནས་སུ་བཞག་ནས། དེ་སྔགས་ཀྱི་ཡིག་འབྲུའི་ རང་བཞིན་དུ་མོས་ཤིང༌། སྔགས་ཀྱི་ཡིག་འབྲུའི་ཡེ་ཤེས་པ་རྒྱུན་མི་འཆད་པར་བསྟིམ་པ་དང་ ལྷན་ཅིག་ཏུ་ༀ་ཀཱ་ལ་ཙཀྲ་ཨཱ་ཛྙཱ་སིདྡྷ་གུ་ལི་ཀཱཾ་སཱ་དྷ་ཡ་སྭཱཧཱ། ཞེས་བཟླས་པས། འབར་བ་དང་ འོད་དང་དུ་བ་འཐུལ་བ་སོགས་བྱུང་ན་གྲུབ་པ་སྟེ། རང་གི་ཁར་བཅུག་པ་སོགས་ཀྱིས་མཁའ་ ལ་འགྲོ་བ་དང་མི་སྣང་བ་སོགས་ཇི་ལྟར་འོས་པ་འགྲུབ་པོ། །མཁའ་ལྡིང་གི་སྒྲུབ་ཐབས་ ལ་བརྟེན་ནས་ཀྱང་ལྷ་དང་འབྱུང་པོ་མངག་གཞུག་ཏུ་སྒྲུབ་པའི་དངོས་གྲུབ་སོགས་བཤད་ 3-1-470 དོ། །དངོས་གྲུབ་འདི་རྣམས་སྔགས་མཐུས་སྒྲུབ་པ་ཡིན་ན། གོང་དུ་བསྟན་པ་ལྟར་རླུང་དང་ གཟུགས་བརྙན་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་ཅིང༌། སྟོང་པ་ཉིད་ལ་གསལ་སྣང་ཅུང་ ཟད་ཐོབ་པས་སྔགས་ཀྱི་ནུས་པ་རྙེད་པ་རྣམས་ཚང་བ་དགོས་ལ། སྔོན་གྱི་ལས་འཕྲོ་ལ་བརྟེན་ ནས་ལྷ་དང་སྒྲུབ་པ་པོ་བླ་མའི་བྱིན་རླབས་ཀྱི་སྟོབས་ཀྱིས་འགྲུབ་པ་ལ་ནི་ངེས་པ་མེད་དོ། ། རིག་པ་འཛིན་པའི་དངོས་གྲུབ་འཆད་པར་འགྱུར་བ་ཕྱི་མ་གཉིས་ནི། དྲོད་ཐོབ་པ་སོགས་ སྒྲུབ་པ་པོ་རང་ཉིད་ལ་མཚན་ཉིད་རྫོགས་པར་མེད་ན། ལས་འཕྲོའམ་གཞན་གྱི་བྱིན་རླབས་ ཁོ་ནས་འགྲུབ་པ་ནི་མེད་དོ། ། གཉིས་པ་འདོད་པ་སྣ་ཚོགས་ཀྱི་བདེ་བ་ལུས་ཀྱིས་འགྲུབ་པར་བཤད་པར་བྱ་སྟེ། དེ་ ལ་ཚེ་འདིར་སྔགས་ཀྱི་སྤྱོད་པ་སྤྱད་པས་ཚེ་དེ་ཉིད་ལ་ལུས་འདི་གནས་གྱུར་ཏེ། དེ་དང་དེའི་ དངོས་གྲུབ་ཐོབ་ན་ནི། རྣལ་འབྱོར་པ་དེ་དང་དེ་ལུས་ཀྱི་དངོས་གྲུབ་འགྲུབ་པ་ཞེས་བྱ་ཡི། ཤི་ བའི་འོག་ཏུ་བར་དོའམ་རིག་པ་འཛིན་པའི་གནས་སུ་སྐྱེས་ནས་དངོས་གྲུབ་དེ་འདྲ་བ་ཐོབ་པ་ ལ་ནི། དངོས་གྲུབ་དེའི་ངོ་བོ་ལུས་ཀྱི་དངོས་གྲུབ་ཡིན་དུ་ཆུག་ཀྱང༌། རྣལ་འབྱོར་པ་དེ་དང་ དེའི་ལུས་ཀྱི་དངོས་གྲུབ་ཐོབ་ཅེས་པའི་ཐ་སྙད་མི་འཇོག་གོ །གཞན་ཡང་ལུས་གནས་གྱུར་ པའི་གྲུབ་པ་ནི། རིག་པ་འཛིན་པའི་རྒྱལ་པོར་ངེས་པ་ཡིན་ལ། སྐྱེ་བ་འཕོས་ནས་རིག་འཛིན་ གྱི་ས་ཐོབ་པ་ལ། དེའི་རྒྱལ་པོར་གྱུར་པའང་སྲིད་མོད་ཀྱི་ཕལ་ཆེར་ཕལ་བ་ཉིད་དོ། །དེ་ལ་ རླུང་དང་གཟུགས་བརྙན་དང་ཕྲ་མོ་དང་ཐིག་ལེ་ལ་བརྟན་པ་ཐོབ་པ་ཕྱི་རོལ་ཀྱི་དོན་སྒྱུ་མ་ ལྟ་བུར་རིག་པ་ཞིག་གིས་གོམས་པ་བརྟན་པར་བྱས་པ་ན། རྫས་དང་སྔགས་སོགས་ལ་མ་ བལྟོས་པར་ཏིང་ངེ་འཛིན་ཁོ་ནའི་སྟོབས་ཀྱིས་དུག་ལ་སོགས་པ་བདུད་རྩིར་བསྒྱུར་བ་དང༌། འབྱུང་བ་བཞི་དང་སྲོག་ཆགས་སོགས་ཀྱིས་གནོད་པར་མི་འགྱུར་བ་སོགས་ཏིང་ངེ་འཛིན་གྱི་ དྲོད་རྙེད་པ་ན། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བྱའོ། །དེ་ཡང་རྒྱུད་འདི་ལས། ཨ་ཝ་དྷཱུ་ 3-1-471 ཏི་དང་ཀུན་བཟང་དང་ཕྱོགས་ལས་རྣམ་རྒྱལ་སོགས་གསུངས་པ་ཕལ་ཆེར་ནི། རྫོགས་རིམ་ གྱི་སྤྱོད་པ་ཡིན་པས་འདིར་མི་འཆད་ལ། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ གསུམ་པོ་འདི། རྫོགས་རིམ་དུ་མ་ཟད་བསྐྱེད་རིམ་གྱི་སྐབས་སུ་ཡང་ངེས་པར་འཇུག་ཅིང༌། སྤྲོས་བཅས་སོགས་ཀྱི་ཐ་སྙད་རྒྱུད་འགྲེལ་དངོས་ལས་ཧ་ཅང་གསལ་བར་མ་གསུངས་ཀྱང༌། དོན་ནི་གསལ་ཞིང་རྒྱས་པར་བསྟན་ལ་རྒྱ་བོད་ཀྱི་མཁས་པའི་གསུང་སྒྲོས་དང་མན་ངག་ལས་ ཀྱང་འབྱུང་བ་ཡིན་ནོ། །དེ་ལ་དང་པོར་དུར་ཁྲོད་ལ་སོགས་པའི་གནས་རྣམས་སུ་མཚན་མོ་ རྒྱུ་ཞིང་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཡོངས་སུ་ཞུགས་པ་ན། སེམས་བརྟན་ནམ་མི་བརྟན་ བརྟགས་ཏེ། བརྟན་ན་གསང་བའི་སྤྱོད་པ་ཇི་ལྟར་འོས་པ་སྤྱད་དེ། དེའི་ཚེ་མངོན་ཤེས་ཐོབ་ ཅིང་འགྲོ་བ་ཕལ་པ་ལ་ལྐོག་ཏུ་གྱུར་པ་ལྷ་ལ་སོགས་པ་རྣམས་ཀྱང་ཅི་རིགས་པར་རྣལ་འབྱོར་ པ་དེ་ལ་མངོན་དུ་འགྱུར་རོ། །དེ་ནས་དེས་རྒྱུད་འདིར་གསུངས་པའི་ངེས་པ་ལ་བརྟེན་ཏེ། ཡུལ་འཁོར་ཆེན་པོ་རེ་རེ་ན་ཡང་ཡུལ་ཆེན་བཞི་བཅུ་རྩ་བརྒྱད་ཚང་བར་ཡོད་པས་དེ་ཙམ་དུ་ རྒྱུ་བས་ཀྱང་ཆོག་ལ། མོས་པའི་དབང་གིས་ཀཱ་མ་རཱུ་པ་ལ་སོགས་པ་ཡུལ་བཞི་བཅུ་རྩ་བརྒྱད་ པོ་དངོས་སུ་ཡང་རྒྱུ་བར་བྱ་སྟེ། དེ་དག་ཏུ་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཐོབ་པར་འགྱུར་ ཞིང༌། དེ་ཐོབ་ན་དེ་དང་ལྷན་ཅིག་རིག་པའི་བརྟུལ་ཞུགས་སྤྱད་པས་དངོས་གྲུབ་ཐོབ་པོ། །དེ་ ལ་དབང་ལེར་གསུངས་པའི་བརྡ་དང་བརྡའི་ལན་རྣམས་ཀྱང་ཞིང་དངོས་སམ་རྗེས་མཐུན་ པར་རྒྱུ་བའི་སྐབས་དེར་དགོས་པ་ཡིན་ལ། རིག་བརྟུལ་དངོས་གཞིའི་ཚོགས་ཀྱི་འཁོར་ལོའི་ སྐབས་སུའང་དགོས་སོ། །དེ་ལ་སྤྲོས་བཅས་དང་སྤྲོས་མེད་ཀྱི་སྤྱོད་པ་གང་རུང་གིས་འདོད་པ་ སྣ་ཚོགས་པའི་བདེ་བ་སྟེ། འདོད་ཁམས་ཀྱི་རིག་འཛིན་འགྲུབ་པ་ཡིན་ཅིང༌། དེ་ཡང་དང་པོར་ རིལ་ལུ་མིག་སྨན་ལ་སོགས་པའི་དངོས་གྲུབ་ཆུང་ངུ་རྣམས་བསྒྲུབས་ནས། དེ་རྗེས་རིག་པའི་ བརྟུལ་ཞུགས་ལ་བརྟེན་ཏེ། འདོད་པའི་ཁམས་ཀྱི་ལུས་ཀྱི་དངོས་གྲུབ་སྒྲུབ་པའང་ཡོད། ཡང་ 3-1-472 ཕལ་ཆེར་དེ་འདྲ་དེ་དག་སྔོན་དུ་འགྲོ་དགོས་པའང་མ་ཡིན་ཏེ། དྲོད་ཐོབ་པ་ཉིད་ནས་དངོས་ གྲུབ་གཞན་མི་སྒྲུབ་པར་རིག་པའི་བརྟུལ་ཞུགས་སྤྱད་པ་ཁོ་ནས་འདོད་པའི་རིག་པ་འཛིན་པ་ འགྲུབ་པོ། །དེ་གྲུབ་ན་འདོད་པའི་ལྷ་རྣམས་དང་སྐལ་བ་མཉམ་པ་ཞེས་བྱ་སྟེ། སྐལ་མཉམ་ གྱི་དོན་འདྲ་བ་ཡིན་ལ། དེ་ཡང་དངོས་རང་མིན་པའི་དོན་དང་ལུས་དང་ལོངས་སྤྱོད་དང་རྫུ་ འཕྲུལ་དང་ཚེ་རྣམས་འདོད་ལྷ་རིགས་དྲུག་པོ་གང་རུང་གི་གཙོ་བོ་གཙོ་བོ་རྣམས་ལས་ངན་པ་ ནི་ནམ་ཡང་མ་ཡིན་ལ། མཉམ་པ་ཁོ་ནའམ་འདྲ་མཚུངས་ཀྱིས་ལྷག་པའོ། །སྒྲུབ་པ་པོ་རང་ ཉིད་ཀྱི་འདོད་པས་ནི་ངེས་པ་མེད་པས་འདོད་ཁམས་ཀྱི་ལྷ་ཞེས་པ་གཙོ་བོ་སྨོས་པའི་ཚིག་སྟེ། ཀླུ་དང་ལྷ་མིན་གནོད་སྦྱིན་ལ་སོགས་པ་ས་འོག་ས་སྟེང་ས་བླ་གསུམ་གར་གྱི་རིག་འཛིན་ཡོད་ ལ། དེ་དག་ཀྱང་རྣལ་འབྱོར་བའི་འདོད་པས་གཙོ་བོར་བཞག་པ་ཡིན་པས། སྟེང་འོག་བར་ གསུམ་གྱི་རིག་འཛིན་ལ་བཟང་ངན་གྱི་ཁྱད་པར་དབྱེ་བའང་དཀའོ། །དེས་ན་ཏིང་ངེ་འཛིན་ ལ་ཁྱད་པར་མེད་ཀྱང་འདོད་པའི་སྟོབས་ཀྱིས་གནས་གཞན་མཐོ་དམན་སོ་སོར་སོང་སྟེ་དེར་ གནས་པའང་ཡོད་དོ། །ཡང་སྒྲུབ་པ་པོས་འདོད་པའི་ཁམས་ཀྱི་ལྷ་སྤྱི་ལ་དམིགས་ཀྱང་བསོད་ ནམས་ཀྱི་དབང་གིས་གནས་མཐོ་དམན་སོ་སོར་སོང་བའང་ཡོད། དེ་གཉིས་ཀར་ལ་འདུག་ གནས་གཞན་དུ་མ་སོང་བར་འདི་ཉིད་དུ་འདུག་བཞིན་དུ་གཞན་འཕྲུལ་དབང་བྱེད་ཀྱི་འདོད་ ཡོན་ཉམས་སུ་མྱོང་བ་ལྟ་བུ་སྟེང་མཁའ་སྤྱོད་འདོད་ལྷ་རིགས་དྲུག་དང༌། ས་སྟེང་གི་གནོད་ སྦྱིན་འབྱུང་པོའི་གནས་དང༌། ས་འོག་གི་ཀླུ་དང་ལྷ་མིན་སོགས་ཀྱི་ལུས་དང་ཚེ་དང་ལོངས་ སྤྱོད་དང༌། གནས་དང་འཁོར་གྱི་བདེ་བ་ཐམས་ཅད་གནས་འདི་ཉིད་དུ་མྱོང་བ་ཡང་ཡོད་དོ། ། གང་ལྟར་ཡང་ཞིང་གི་རྣལ་འབྱོར་མ་བསྒྲུབས་ཏེ། དངོས་སུ་དེ་དང་ལྷན་ཅིག་སྤྱོད་པ་ཡིན་ ན། དེས་བསྟན་པའི་ཆོ་གས་དངོས་གྲུབ་འགྲུབ་པར་འགྱུར་ལ། ཞིང་སྣ་ཚོགས་སུ་མི་རྒྱུ་བར་ གནས་གཅིག་ཏུ་འདུག་པ་ལ་ནི། སྤྲོས་བཅས་སྤྲོས་མེད་ཀྱི་སྐབས་སུ་ཚོགས་ཀྱི་དཀྱིལ་འཁོར་ 3-1-473 ངེས་ཅན་དུ་བྱ་སྟེ། དེ་ལ་ལྷ་མང་བའི་ཕྱོགས་སུ་སྣ་ཚོགས་ཞིག་འབྱུང་མོད་ཀྱང༌། གཙོ་བོར་ རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་ལྟ་བུ་བྱ་སྟེ། དེ་ཡང་རིགས་སུམ་ཅུ་རྩ་བདུན་ ནམ། ལོ་བཅུ་གཅིག་མ་ནས་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་རིགས་དང་མཐུན་པའི་ལོ་གྲངས་ ཅན་ནམ། ཡང་རང་རིགས་མ་སྲིང་ལ་སོགས་པ་ཉེ་དུའི་མིང་གིས་རྣམ་པར་བཏགས་པ་རང་ རིགས་དང་མཐུན་པ་རྣམས་ཏེ། གསུམ་པོ་དེ་དག་གང་རུང་ལས། དངོས་སམ། རྗེས་མཐུན་ ནམ། དེ་དང་དེར་མོས་པས་ཀྱང་རུང་སྟེ། དབུས་ཀྱི་གཙོ་བོ་ཡབ་ཡུམ་གཉིས་མེད་ཀྱི་དབང་ དུ་བྱས་ནས། ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་ཡིན་ལ། འབྲིང་པོ་ནི་ལྷ་དགུའམ་བཅུ་ ལ་སོགས་པའོ། །ཉུང་བའི་ཕྱོགས་ནི་འགྲེལ་ཆེན་ལས། ཕྱི་རོལ་ཏུ་ཡང་དེ་བཞིན་གཤེགས་ པ་ལྔའི་རིགས་ཅན་གྱི་བུད་མེད་རྣམས་འཛིན་པ་ནི། བུད་མེད་ཀྱི་སྤྱོད་པ་སྟེ་ཞེས་གསུངས་ པས། ལྷ་ལྔ་ལ་སོགས་པ་ཡང་རུང་ངོ༌། །འཕྲུལ་དང་ལྡན་པ་ཡིན་ན་མ་གཏོགས་གཅིག་ གམ་གཉིས་ཀྱིས་སྤྲོས་བཅས་ཀྱི་བྱ་བ་མི་འགྲུབ་པས། རིག་མ་བཞི་ནི་ཉུང་མཐའ་ལ་དགོས་ སོ། །དེ་ལྟ་བུའི་རིག་མའི་ཚོགས་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་ཡིད་ཀྱིས་སྤྲུལ་ ཏེ། རིག་མ་རྣམས་ཀྱི་འདོད་ཡོན་ལྔ་ལ་སྤྱོད་བཞིན་པས་ནང་དུ་ལྷན་ཅིག་སྐྱེས་པའི་བདེ་སྟོང་ སྒོམ་པའི་མཉམ་གཞག་དང༌། ཐུན་མཚམས་རྣམས་སུ་ཚོགས་ཀྱི་འཁོར་ལོའི་རོལ་པ་སྔགས་ དང་ཕྱག་རྒྱ་དང་བརྡ་དང་གླུ་དང་གར་ལ་སོགས་པའི་སྤྲོས་པ་རྒྱ་ཆེན་པོ་སྤྱོད་ཅིང༌། འཇིག་ རྟེན་གྱི་ཆོས་བརྒྱད་དང་བདེ་སྡུག་སོགས་སྣང་བ་སྣ་ཚོགས་དང་ཉོན་མོངས་སོགས་རྣམ་རྟོག་ ཐམས་ཅད་སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་ཞུ་བདེ་ལྷན་ཅིག་སྐྱེས་པའི་དབྱིངས་དེར་རོ་མཉམ་ དུ་བྱེད་པ་ཉིད་ཡིན་ནོ། །རླུང་དང་གཟུགས་བརྙན་རྗེས་མཐུན་པ་དེའི་མཐུ་ལས་བདེ་བ་ཉིད་ ཀྱི་རང་སྣང་བ་ལས་གཟུགས་སྣང་རྣམས་ལྷ་སྐུ་དང༌། སྒྲ་སྣང་རྣམས་སྔགས་དང༌། ཇི་ལྟ་བ་ དང་ཇི་སྙེད་པའི་ཕྱོགས་ལ་རྗེས་སུ་འཇུག་པའི་གསལ་སྣང་གི་ཤེས་པ་རྟག་ཏུ་སྐྱེ་བར་འགྱུར་ 3-1-474 རོ། །འདོད་ཡོན་བཟང་ངན་ཐམས་ཅད་ལ་ལྷ་སྣང་གི་འདོད་པ་ལྔ་པོས་རྒྱས་བཏབ་པས། དེ་ དག་ཐམས་ཅད་དེའི་ངོ་བོར་སྣང་བར་འགྱུར་རོ། །ཞུ་བདེ་གཡོ་བ་མེད་པར་ཐིག་ལེ་ཤིན་ཏུ་ འགགས་པ་དེ་དང་ལྷར་སྣང་གཉིས་རླུང་དང་འདྲེས་པ་དེ་སྲོག་རྩོལ་བཀག་པའི་སྦྱོར་བས། རྩ་དང་ཐིག་ལེ་སོགས་རགས་པའི་ལུས་ཀུན་ལ་ཡང་ཡང་འདྲེས་པའི་ཚུལ་གྱིས་ཞུགས་པ་ ན། ཐོག་མར་ལུས་ཀྱི་ཁམས་ཕྲ་རིམ་ནས་དྭངས་མར་འགྱུར་ཞིང༌། གཞན་རྣམས་དྭངས་ མར་གྱུར་པ་ན། རགས་ཤོས་དེ་ཡང་རིམ་པས་དྭངས་མའི་ནང་དུ་བག་ལ་ཞ་ཞིང་ཟད་པར་ འགྱུར་ཏེ། ལུས་གནས་གྱུར་ནས་སྔོན་ཇི་ལྟར་བསྒོམས་པ་གོམས་པའི་རྣམ་པ་ཅན་གྱི་ལྷའི་ སྐུ་འདོད་དགུར་གྱུར་པའི་གཟུགས་འདོད་ཁམས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པ་ཕྲ་ཡང་ གི་ཡོན་ཏན་བརྒྱད་དང་ལྡན་པ་ཐོབ་པར་འགྱུར་ཞིང༌། གནས་དང་ལོངས་སྤྱོད་དང་འཁོར་ རྣམས་སྔགས་ཀྱིས་སྤྲུལ་པའམ་ལྷ་རྫས་ཀྱི་རང་བཞིན་དེ་ཡང་རང་ལ་ཇི་ལྟར་སྣང་བ་དེ་ཙམ་ ཁྱབ་པར་འགྱུར་ཏེ། ལུས་ཀྱི་རིག་པ་འཛིན་པ་གྲུབ་པ་ཞེས་བྱའོ། །གལ་ཏེ་སྤྲོས་མེད་ཀྱི་སྤྱོད་ པ་བྱེད་ན། སྔགས་དང་ཕྱག་རྒྱ་སོགས་རོལ་པ་ཉུང་ཟད་ཙམ་ལས་མི་བྱེད་པ་ཡིན་ལ། འཁོར་ ཚོགས་མང་ཉུང་ལ་ནི་ངེས་པ་མེད་དེ། ཚོགས་ཀྱི་དཀྱིལ་འཁོར་གྱི་ལྷ་བཞི་ལྔ་སོགས་ཉུང་ངུས་ ཀྱང་འགྲུབ་ཅིང༌། མང་པོའི་ཀྱང་ཕན་འདོགས་པ་ཁོ་ན་ལས་སྐྱོན་དུ་མི་འགྱུར་ལ། རིག་མ་ གཅིག་ཁོ་ནས་ཀྱང་སྤྲོས་མེད་ཀྱི་བྱ་བ་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །སྤྲོས་བཅས་སྤྲོས་ མེད་ཀྱི་སྤྱོད་པའི་སྐབས་འདིར་ཞི་བ་ལ་སོགས་པ་ལས་ཀྱི་རབ་འབྱམས་རྒྱ་ཆེན་པོས་འགྲོ་ བའི་དོན་སྤྱོད་པར་ཡང་བཤད་ལ། དེའི་ཕྱིར་སྒྲུབ་པ་པོའི་འདོད་པ་ཡོད་ན་ཤིན་ཏུ་སྤྲོས་མེད་ ཀྱིས་ཀྱང་འགྲུབ་པར་ཐེ་ཚོམ་མེད་མོད། ཁ་ཅིག་དེ་ལྟ་བུའི་གཞན་དོན་སྒྲུབ་པ་ལ་སྤྲོས་བཅས་ བསྔགས་ཀྱི། སྤྲོས་མེད་སྟོབས་ཆུང་ངོ་ཟེར་བ་ནི། སྤྱོད་པ་གསུམ་པོ་མོས་སྐལ་སོ་སོའི་ངོར་ ཟབ་མི་ཟབ་འདྲ་ལ། ངོ་བོའི་སྟེང་ནས་ཕྱི་མ་ཕྱི་མ་མཆོག་ཡིན་པར་གསུངས་པ་དང་འགལ་ 3-1-475 བར་འགྱུར་ཏེ། གང་རྗེས་ཐོབ་ཏུ་གཞན་དོན་སྤྱོད་པ་ལ་མཐུ་ཆེ་བ་དེ། མཉམ་གཞག་གི་ཡེ་ ཤེས་ཀྱང་བཟང་བར་གྲུབ་པའི་ཕྱིར་རོ།། །། གསུམ་པ་རྫུ་འཕྲུལ་སྣ་ཚོགས་ཀྱི་བདེ་བ་སྔགས་ཀྱི་རིག་འཛིན་གྲུབ་པ་བཤད་ན། འདི་ ནི་གཟུགས་ཁམས་ཀྱི་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་ཞེས་བྱ་སྟེ། འོག་མིན་གྱི་སྲིད་ པའི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་ཅེས་བྱ་བ་དེ་ཡིན་ནོ། །དེ་ཡང་སྔར་བཤད་ མ་ཐག་པ་ལྟར་གྱི་འདོད་ཁམས་ཀྱི་རིག་པ་འཛིན་པ་དེ་གྲུབ་ནས། བསྐྱེད་རིམ་པ་ཉིད་ལ་ བལྟོས་པའི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་རིག་འཛིན་འདི་སྒྲུབ་པར་བྱེད་པའམ། ཡང་ན་ སྔར་གྱི་སྤྲོས་བཅས་སྤྲོས་མེད་གང་རུང་གི་སྤྱོད་པ་དེ་སྤྱད་པས་ཁམས་དྭངས་མ་རྣམས་ལྷ་ རྫས་ཀྱི་ལུས་སུ་གྱུར་ཅིང༌། རགས་པ་ཡོངས་རྫོགས་གནས་མ་གྱུར་ཙམ་རང་ཉིད་འདོད་ ཁམས་ཀྱི་ལྷར་འགྱུར་ཚད་པའི་སྐབས་དེར། སྔར་གྱི་སྤྱོད་པའི་འཕྲོ་བཏུལ་ནས་ཤིན་ཏུ་སྤྲོས་ མེད་ཀྱི་སྤྱོད་པ་སྤྱད་པས་གཟུགས་ཀྱི་རིག་པ་འཛིན་པ་འདི་ཐོབ་པར་འགྱུར་རོ། །དེ་ཡང་འདི་ ལུས་གནས་གྱུར་པའི་ཕྱིར། ལུས་ཀྱི་རིག་འཛིན་ཡིན་པར་མ་ཟད་སྔ་མ་ལས་ཀྱང་ལུས་ལྷག་ གོ །སྔ་མ་ནི་མི་ལ་བལྟོས་ན་ཆེས་ཕྲ་མོད་ཀྱི། ལྷ་རྫས་ཉིད་ལ་བལྟོས་པའི་ལུས་རགས་པ་ཡིན་ པས། སྔགས་དང་ལུས་གཉིས་ལས་ལུས་སྟོབས་ཆེ་བའི་ཕྱིར་ལུས་ཀྱི་རིག་འཛིན་ཞེས་སྤྱི་ མིང་བྱེ་བྲག་ལ་འདོགས་པའི་སྐབས་ཡོད་པ་དང༌། འདི་ནི་སྔགས་ཏེ་རླུང་གི་རང་བཞིན་འོད་ ལུས་ཁོ་ན་ཡིན་པས་ལྷ་རྫས་ཀྱི་ནང་ནས་ཀྱང་ཕྲ་བའི་ལུས་ཏེ། ལུས་ལས་ཀྱང་སྔགས་སྟོབས་ ཆེ་བའི་ཕྱིར་སྔགས་ཀྱི་རིག་འཛིན་ཞེས་བྱའོ། །དེ་ལ་མིའི་རྟེན་ཅན་རགས་པའི་ལུས་འདོད་ ལྷར་སྒྱུར་བའི་ཕྲུགས་ཅིག་དང༌། དེ་གཟུགས་ཀྱི་ལྷར་སྒྱུར་བའི་ཕྲུགས་ཅིག་སྟེ། ལུས་གནས་ སྒྱུར་བའི་ཕྲུགས་གཉིས་བརྒྱུད་དགོས་པ་ནི་ཅུང་ཟད་དབང་པོ་བརྟུལ་བ་ཡིན་ལ། སྤྱོད་པ་ དང་པོ་གཉིས་ཀྱིས་དྭངས་མ་རྒྱས་པར་བྱས་པའི་མཚམས་སུ་སྤྱོད་པ་ཕྱི་མས་སྙིགས་མ་ཟད་ 3-1-476 པར་བྱེད་པ་འདོད་ལྷའི་ལུས་བརྒྱུད་མ་དགོས་པར་མི་ལུས་གནས་བསྒྱུར་བའི་ཕྲུགས་གཅིག་ པོ་དེ་ལ་གཟུགས་ཁམས་ཀྱི་དངོས་གྲུབ་འགྲུབ་པ་ནི། སྐབས་འདིའི་དབང་པོ་རྣོན་པོའོ། །དེ་ ལ་གོང་དུ་བཤད་པ་དང་མཚུངས་པར་དཀྱིལ་འཁོར་རྒྱས་བསྡུས་ནི་འདི་ལ་ཡང་འདམ་ཁ་ ཡིན་མོད་ཀྱི། འོན་ཀྱང་ལྷ་མོ་ཀླུ་མོ་མི་མོ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་སྤངས་ཤིང༌། ཡེ་ཤེས་ ཀྱི་ཕྱག་རྒྱ་ཁོ་ན་ཡིན་ལ། ཕྲ་མོའི་རྣལ་འབྱོར་གྲུབ་པས་བསྐྱེད་རིམ་ཕྲ་རགས་ཐམས་ཅད་ མཐར་ཕྱིན་པའི་ཕྱིར། རང་གི་མོས་པས་ཉུང་བ་ལ་དགའ་ན་མ་གཏོགས། ལྷ་ཚོགས་མང་ ཉུང་ལ་སྒྲུབ་དཀའ་བླའི་ཁྱད་པར་མེད་དོ། །ཡེ་ཤེས་ཀྱི་ཕྱག་རྒྱ་དེ་ཡང་བསྐྱེད་རིམ་པ་གསལ་ སྣང་ཐོབ་མ་ཐག་པའི་སྐབས་ཀྱི་དེ་དང་མི་འདྲ་སྟེ། འདིར་སྔགས་ཀྱི་སྤྲུལ་པའི་ལྷ་སྐུ་ལ་ཡེ་ ཤེས་ཀྱི་ལྷས་དངོས་སུ་བྱིན་གྱིས་བརླབས་པས། ལྷའི་གཙོ་བོ་ཆེས་རྫུ་འཕྲུལ་ཆེ་བ་གཅིག་ དང་ཁྱད་པར་མེད་པའི་བྱ་བ་བྱེད་དོ། །ལུས་རྟེན་དང་ཏིང་ངེ་འཛིན་བཟང་ངན་གྱི་ཁྱད་པར་ མ་གཏོགས། སྒོམ་ཚུལ་ནི་སྔར་བཤད་པའི་སྤྱོད་པའི་སྐབས་དང་འདྲ་བ་ལས། ཁྱད་པར་ནི་ མས་བརྟན་གྱི་དུས་ལྟེ་བར་དགའ་བའི་ཡེ་ཤེས་དང་ས་རླུང་གི་དྭངས་མ་འདྲེས་པའི་རྡོ་རྗེ་སྤྲོ་ བ་བསྒོམས་པས། རྩ་སོགས་ལུས་ཐམས་ཅད་ཁྱབ་ཅིང་བརྟན་པ་ཉིད་གཙོ་བོར་བསྒོམས་ན། བསམ་གཏན་དང་པོའི་ལྷ་དང་སྐལ་བ་མཉམ་པ་དང༌། དེའི་སྟེང་དུ་སྙིང་གར་མཆོག་དགའ་ ཆུ་རླུང་བསྣན་ན་བསམ་གཏན་གཉིས་པ་དང༌། དེའི་སྟེང་དུ་མགྲིན་པར་ཁྱད་དགའ་མེ་རླུང་ བསྣན་ན་བསམ་གཏན་གསུམ་པ་དང༌། དེའི་ཡང་སྟེང་དུ་དཔྲལ་བར་ལྷན་སྐྱེས་རླུང་གི་རླུང་ དང་འདྲེས་པས་རྩ་རླུང་ཐིག་ལེ་ཐམས་ཅད་དབང་དུ་བྱས་ན་བསམ་གཏན་བཞི་པ་དང་སྐལ་ བ་མཉམ་པའི་རིག་པ་འཛིན་པར་འགྱུར་ཏེ། དེ་དག་ལ་ཡང་ནང་ཚན་དུ་མོས་པ་དང་བསོད་ ནམས་ཀྱི་དབང་གིས་གནས་གཞན་མཐོ་དམན་དུ་འགྲོ་བ་སོགས་གསུམ་ནི་སྔར་བཤད་པ་ དང་འདྲའོ། །དེ་ལ་སྔར་འདོད་ལྷའི་རིག་འཛིན་གྲུབ་ཟིན་པ་ནི། འདོད་ཁམས་ཀྱིས་བསྡུས་ 3-1-477 པའི་ལྷའི་ལུས་རགས་པ་དེ་བདེ་བ་སོགས་ཀྱིས་རྒྱས་བཏབ་པའི་མིའི་ལུས་དང་མི་འདྲ་སྟེ། དཀའ་ཚེགས་ཆུང་ངུས་ཇེ་དྭངས་ཇེ་དྭངས་སུ་སོང་བ་ཁོ་ན་ལས། གཟུགས་ཁམས་ཀྱི་ལྷ་རྫས་ སུ་འགྱུར་བ་ཡིན་ལ། གནས་གྱུར་རིམ་པ་གཅིག་ཁོ་ན་ལ་ནི། སྤྱོད་པ་ཕྱེད་སྤྱད་པས་མིའི་རྟེན་ ལས་བྱུང་བའི་དྭངས་མ་ཤིན་ཏུ་རྒྱས་པ་རྣམས་འདོད་ཁམས་ཀྱི་ལྷ་རྫས་སུ་འགྱུར། རགས་པ་ མིའི་རྫས་སུ་ཡོད་པའི་སྐབས་དེར་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཕྱེད་སྤྱད་པས་འདོད་པའི་ལྷ་ རྫས་དེ་གཟུགས་ཀྱི་ལྷ་རྫས་སུ་འགྱུར་ཞིང་དེའི་ནང་དུ་རགས་པ་བག་ལ་ཞ་བའི་ཚུལ་དུ་ཐིམ་ ཞིང་ཟད་པར་འགྱུར་རོ། །ཤིན་ཏུ་སྤྲོས་མེད་ཀྱི་སྐབས་འདིར་ཡེ་ཤེས་ཀྱི་ཕྱག་རྒྱ་ཉིད་ཀྱི་རང་ སྣང་ལ། སྔགས་དང་ཕྱག་རྒྱ་སོགས་རོལ་པའི་བཀོད་པ་རྒྱ་ཆེན་པོ་འབྱུང་བའང་ཡིན་མོད་ཀྱི། འདི་ལ་རྩོལ་བ་ཡང་མི་དགོས་ཤིང༌། ཕྱི་རོལ་གཞན་རྒྱུད་ཀྱིས་བསྡུས་པའི་མི་དང་ལྷ་སོགས་ ཀྱི་འགྲོ་བའི་བྱེད་པ་མེད་ལ། དེ་ལ་དེར་མ་ཟད་རང་ལུས་ཙམ་མ་གཏོགས། གཟུགས་ཅན་ གྱི་དངོས་པོའི་བྱེད་པ་མེད་པའི་ཕྱིར་སྤྲོས་བཅས་སོགས་སུ་མི་འགྱུར་རོ། །འདིར་གཟུགས་ མེད་པའི་རིག་པ་འཛིན་པ་ཡོད་དམ་མེད་ཅེ་ན། ཅུང་ཟད་ནི་ཡོད་དེ་སྔར་བཤད་པ་དང་འདྲ་ བ་ལས་གཙུག་ཏོར་ནམ་མཁའི་རླུང་ཁོ་ནས་དབང་བྱས་པའི་ལྷན་སྐྱེས་ཟད་མཚམས་སུ་ ལྷ་སྐུ་སྤྲོས་པ་ལས་ཐོབ་པར་འགྱུར་བ་ཡིན་ཀྱང༌། གཟུགས་མེད་པ་ནི་འོད་ལུས་ཧ་ཅང་ཕྲ་ གྲགས་པ་ཐལ་ཆེས་པས་བདེ་བའི་ཡེ་ཤེས་སྟོབས་ཆུང་ངུ་སོང་ནས་ཆགས་ཆེན་གྱི་ལམ་རྒྱུད་ ལ་སྐྱེ་བའི་རྟེན་ངན་དུ་སོང་བ་དང༌། རྫུ་འཕྲུལ་མངོན་ཤེས་སོགས་ཀྱང་སྟོབས་བྲི་བའི་ཕྱིར། དམིགས་གསལ་གྱི་དགོས་པ་ཁྱད་པར་ཅན་ཡོད་ན་མ་གཏོགས། ཆེད་གཉེར་གྱིས་སྒྲུབ་པར་ འོས་པ་མ་ཡིན་ཅིང༌། ལམ་གྱི་རྟེན་དུ་བསམ་གཏན་བཞི་པའི་རིག་འཛིན་ལས་ངན་པས་ན། ཐུན་མོང་གི་དངོས་གྲུབ་ཀྱི་མཐར་ཐུག་པ་བཟང་ཤོས་འོག་མིན་པ་དང་སྐལ་བ་མཉམ་པ་ཉིད་ ལ་གསུངས་ཤིང༌། གཟུགས་མེད་ཀྱི་རིག་པ་འཛིན་པའི་རྣམ་གཞག་གསལ་བར་མ་བསྟན་པ་ 3-1-478 ཡིན་ནོ། །སྤྱིར་རྒྱུད་འདི་ལས། ས་སོགས་ཟད་པར་བཞིའི་ཏིང་ངེ་འཛིན་གྱིས་བསམ་གཏན་ བཞི་དང༌། སྟོང་པའི་ཟད་པར་གྱིས་གཟུགས་མེད་དུ་འགྲོ་བར་བཤད་པ་ནི། སོ་སོའི་ཏིང་ངེ་ འཛིན་གྱིས་དེར་འགྲོ་བ་ཉིད་ཡིན་ལ། འདི་དག་ནི་བརྟུལ་ཤུགས་ཀྱི་སྤྱོད་པས་ཟད་པར་ལྔ་ལ་ མ་བལྟོས་པར་དེ་དང་དེ་འགྲུབ་པ་ཡིན་ཅིང༌། དེ་དག་ན་གནས་པའི་འགྲོ་བ་ཕལ་པ་དང་སྤྱོད་ ཚུལ་གཅིག་པར་ཡང་མ་ངེས་སོ།། །། གཉིས་པ་བརྒྱུད་འབྲས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྦྱོར་ཚུལ་ཕྱོགས་ཙམ་བསྟན་པ་ ནི། ཚུལ་འདི་དག་པ་འབྲས་བུའི་རྣམ་གཞག་དང་གཅིག་སྟེ། དེ་ལ་འདི་སྙམ་དུ་འོ་ན་རིག་པ་ འཛིན་པ་དེ་གཉིས་ཐོབ་ན། དེ་ཙམ་གྱིས་འཇིག་རྟེན་ལས་འདས་པ་མ་ཡིན་པའི་ཕྱིར་མཐར་ ལྟུང་ཞེ་ན་མི་ལྟུང་སྟེ། རྟག་ཏུ་ཡེ་ཤེས་ཀྱི་ལྷས་བཟུང་བའི་ཕྱིར་དང༌། དེ་བཞིན་གཤེགས་པས་ གསུངས་པའི་རིག་སྔགས་ཀྱི་འབྲས་བུ་ཆེན་པོ་གྲུབ་པ་དག་སླར་ཉམས་པར་མི་འོས་པའི་ ཕྱིར་རོ། །དེས་ན་གལ་ཏེ་རྟག་པ་མཐར་བཟུང་བ་ལ་རྫོགས་རིམ་མི་སྒོམ་པ་ཞིག་ཡོད་ནའང༌། བདག་མེད་པ་དང༌། སྟོང་པ་ཉིད་དང༌། ལྷའི་རྣལ་འབྱོར་དང༌། སྙིང་རྗེ་ཆེན་པོ་དང་ཐབས་ ལ་མཁས་པའི་སྤྱོད་པ་དང་བཅས་པའི་ཕྱིར། ས་ལམ་གྱི་ཡོན་ཏན་གོང་འཕེལ་དུ་འགྱུར་ མོད། སྤྱིར་རིག་པ་འཛིན་པའི་གནས་དེ་ཐོབ་ནས་ཡུན་རིང་ཐུང་ཇི་ལྟར་འོས་པ་ན། རྫོགས་ པའི་རིམ་པ་ལ་འཇུག་པ་ཁོ་ན་ཉིད་ཀྱི་ཕྱིར་ཡན་ལག་དྲུག་གི་རིམ་པས་གཉིས་སུ་མེད་པའི་ཡེ་ ཤེས་ཀྱི་སྐུ་འགྲུབ་ཅིང༌། དེ་ནས་ཀུན་ཏུ་འོད་ལ་སོགས་པའི་ས་རྣམས་བགྲོད་ནས། སྐུ་བཞི་ཡེ་ ཤེས་ལྔ་དང་ལྡན་པ་དཔལ་ལྡན་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པར་ འགྱུར་རོ། །འོ་ན་མིའི་སྐྱེ་བ་ཉིད་ཁོ་ན་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་ མ་ཡིན་ནམ་སྙམ་ན། སྤྱིར་ནི་ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང་ལྡན་པ་མིའི་རྟེན་ཁོ་ནས་ འགྲུབ་པར་བཤད་པ་ནི་མི་གཙང་བའི་ལུས་ཤ་ཁྲག་རུས་པའི་གསེབ་ན་རྫོགས་པའི་སངས་ 3-1-479 རྒྱས་སུ་ཁྲོང་ངེ་བར་ཡོད་པའི་དོན་མ་ཡིན་གྱི། དང་པོར་སྔགས་ལ་ཞུགས་པའི་རྟེན་ཁོ་ན་ལས་ ཚེ་མ་འཕོས་འཆི་བས་བར་མ་ཆད་པ་ཉིད་དུ་མཆོག་འགྲུབ་པ་ཞིག་ཡོད་ལ། དེ་སྔགས་ལ་དང་ པོར་འཇུག་པའི་རྟེན་ནི། ཁམས་དྲུག་ལྡན་ཁོ་ན་ཡིན་པ་ཞིག་དགོས་ཞེས་པ་ཡིན་གྱི། སྐྱེ་བ་སྔ་ མའི་ལས་འཕྲོ་ཅན་དང༌། ཚེ་རབས་མང་པོར་སྦྱངས་པས་ནི། ལྷ་དང་ཀླུ་ལ་སོགས་པ་འགྲོ་ བ་གཞན་རྣམས་ཀྱི་རྟེན་ལ་ཡང་མཆོག་ཐོབ་པ་ངེས་པར་ཡོད་དོ། །འོན་ཀྱང་འདིར་འདོད་ གཟུགས་ཀྱི་རིག་འཛིན་དེ་དག་རྫོགས་རིམ་ལ་བརྟེན་ནས་མཆོག་ཐོབ་པ་དེ་ཡང་ཁམས་དྲུག་ ལྡན་པའི་སྐྱེ་བ་དེ་ལ་མཆོག་གི་དངོས་གྲུབ་གྲུབ་པ་ཉིད་ཡིན་ཏེ། སྔགས་དང་ཏིང་ངེ་འཛིན་གྱི་ སྟོབས་ལས་མིའི་ལུས་ཀྱི་རིགས་རྒྱུན་དེ་དག་རིག་པ་འཛིན་པའི་ལུས་སུ་བསྒྱུར་བ་ཡིན་པས། ལུས་ཀྱི་རིགས་རྒྱུན་ཡང་གཅིག་པ་དང༌། འཆི་བ་དང་བར་དོས་རྒྱུན་མ་བཅད་པའི་ཕྱིར་ཚེའི་ རྒྱུན་ཡང་གཅིག་པོ་དེ་ཉིད་ལ་གནས་པ་ཡིན་པའི་ཕྱིར། ཚེ་གཅིག་ལུས་གཅིག་ལ་མཆོག་གི་ དངོས་གྲུབ་འགྲུབ་པ་ཁོ་ན་ཡིན་ནོ། །ཡང་དབང་པོ་རྣོན་པོ་འགའ་ཞིག་ཐུན་མོང་གི་དངོས་ གྲུབ་དེ་དག་མི་སྒྲུབ་ལ། བསྐྱེད་རིམ་བརྟན་ཡང་རུང་མིན་ཡང་རུང་སྟེ། རྫོགས་པའི་རིམ་པའི་ རྣལ་འབྱོར་ལ་བརྟེན་ནས་མ་དག་པའི་ལུས་གནས་གྱུར་ནས་ཟུང་འཇུག་གི་སྐུ་འགྲུབ་ཅིང༌། རྟེན་དེ་ལ་བརྟེན་ནས་ཁྱབ་བདག་རྡོ་རྗེ་འཆང་གི་སྐུ་ཐོབ་པར་བྱེད་པ་དེ་ཡང་གོང་དུ་བཤད་ པའི་རིག་པ་དེ་ཉིད་ཀྱིས་ཤེས་ཏེ། ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ ཐོབ་པ་ཞེས་བྱའོ། །དེ་ལྟར་ན་སྐལ་བ་དང་ལྡན་པ་དག་གིས་ཡང་དག་པའི་དབང་བསྐུར་བ་ ནོད་ནས་རྟག་ཏུ་དམ་ཚིག་ལ་གནས་བཞིན་པས་ལམ་རིམ་པ་གཉིས་ལ་ནན་ཏན་དུ་འབད་ ན། མཆོག་དང་ཐུན་མོང་གི་དངོས་གྲུབ་ཕུན་སུམ་ཚོགས་པའི་དགའ་སྟོན་རྒྱ་ཆེན་པོ་ལ་རྟག་ ཏུ་སྤྱོད་པར་འགྱུར་རོ། །དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྣམ་པར་བཤད་པ་ལས། བསྐྱེད་རིམ་ཉིད་ཀྱི་འབྲས་བུ་མངོན་དུ་བྱེད་ཚུལ་གཏན་ལ་དབབ་པའི་སྡེ་ཚན་ཏེ་བཅུ་གསུམ་ 3-1-480 པའོ།། །། འདིར་སྨྲས་པ། མཐའ་ཡས་རྒྱལ་བ་ཀུན་གྱི་གསང་བའི་མཛོད་གྱུར་ཆོས་སྒོ་དེ་ནི་དང་ པོའི་སངས་རྒྱས་དུས་འཁོར་ཏེ། །མ་ལུས་རྒྱལ་བའི་སྲས་ཀྱིས་བགྲོད་གཅིག་ལམ་དང་གྲུབ་ པའི་དབང་པོ་ཀུན་གྱིས་རྟག་ཏུ་བསྟེན་བྱ་ཉིད། །མཁས་མང་བྱེ་བའི་མགོ་བོས་གཏུགས་དེ་ ཁ་དང་སྙིང་གི་སྒོ་ལ་ནམ་ཡང་རྒྱུན་ཆད་མེད་བགྲོད་པ། །མཐའ་དག་འགྲོ་བའི་ཉེར་འཚོ་ ཟབ་དང་རྒྱ་ཆེ་དེ་ནི་ཕལ་བའི་བློ་ཡིས་གཏིང་མཐའ་མི་དཔོགས་མོད། །དམ་པའི་དྲིན་དང་ སྔོན་བསགས་དགེ་བའི་དབང་ལས་ལེགས་བྱས་ཀུན། །ངེས་པར་བློ་ཡི་སྟོབས་སུ་སྨིན་པས་ འཁྲུལ་མེད་ངེས་གསང་གི །གནས་དོན་ཇི་བཞིན་ལེགས་པར་བཤད་འདི་རྡོ་རྗེའི་ཐེག་པ་ ལ། །ལེགས་ཞུགས་སྐྱེ་བོ་རྣམས་ཀྱི་བསོད་ནམས་དཔལ་དུ་བསྐྲུན་པ་ཉིད། །ཕྱོགས་ལྷུང་ཆང་ གིས་མྱོས་ཤིང་ཚིག་དོར་ལྷུར་ལེན་པ། །དྲེགས་པའི་མལ་དུ་གཏི་མུག་གཉིད་སེང་མཁས་རློམ་ ཅན། །དེ་དག་སད་བྱེད་ལེགས་བཤད་འདི་ནི་རྔ་ཆེན་དང༌། །རབ་མཚུངས་མྱོས་པ་སེལ་བྱེད་ སྨན་མཆོག་དབང་པོ་ཉིད། །རྣམ་པར་རྟོགས་པའི་སྒོམ་པ་ལས་འདས་ཞེས། གསུངས་ཀྱང་ རྟོག་པའི་རྣམ་འཕྲུལ་བརྒྱས་རྩེན་པ། །བློ་གྲོས་ཡངས་པའི་འཁོར་སར་འགལ་མེད་འཇུག ། དེ་འདྲ་འདི་ཡང་བླ་མ་དམ་པའི་དྲིན། །དེ་སླད་རྣམ་པར་བཤད་པའི་འོད་སྟོང་འདིས། །བློ་ དམན་རྣམས་ཀྱི་མ་རིག་མུན་བསལ་ཏེ། །ཤེས་བྱའི་ཚད་ལས་ལན་བརྒྱར་འཕགས་པ་ཡི། ། ཡེ་ཤེས་འདྲེན་པ་ཀུན་མཁྱེན་སར་བགྲོད་ཤོག །བདག་ཀྱང་གནས་སྐབས་ཐམས་ཅད་དུ། ། བླ་མ་དམ་པ་མཉེས་བྱེད་ཅིང༌། །མཁའ་ཁྱབ་འགྲོ་བ་ཐམས་ཅད་ཀྱི། མགོན་དང་སྐྱབས་སུ་ འགྱུར་བར་ཤོག །མཁས་པ་རྣམས་ལ་ལེགས་བཤད་སྙིང་གི་གསོས། སྒྲུབ་པོ་རྣམས་ཀྱི་ངེས་ དོན་བདུད་རྩིའི་དཔལ། །གྲུབ་མཆོག་རྣམས་ཀྱིས་ཡང་ཡང་སྤྱད་པ་འདི། །དོན་གཉེར་རྣམས་ ལ་བརྩེ་བའི་སེམས་ཀྱིས་སྤེལ། །དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་རྣམ་པར་བཤད་ 3-1-481 པ་དངོས་གྲུབ་ཉེར་འཚོ་ཞེས་བྱ་བ་འདི་ནི། དོན་གཉེར་མང་པོས་བསྐུལ་བའི་ངོར། རྒྱལ་ ཁམས་པ་ཏཱ་ར་ནཱ་ཐ་མིང་གཞན་ཀུན་དགའ་སྙིང་པོའི་སྒྲུབ་གནས་ཀྱི་རྒྱལ་པོ་དཔལ་གྱི་ཇོ་ ནང་དུ་མིག་དམར་གྱི་ལོ་ལ་བཀོད་པའོ། ། ༄༅། །དེ་ཡང་སྔོན་དུས་ཀྱི་འཁོར་ལོར་ཞུགས་པའི་བློ་ལྡན་ཐམས་ཅད་རྒྱུད་འགྲེལ་ ཉིད་ཀྱི་སྟེང་ནས། འཛུག་ཁྲིད་མན་ངག་རྒྱུན་མ་ཆད་པར་མཛད་པས་སྒྲུབ་དཀྱིལ་གྱི་དོན་ མཐའ་དག་བདེ་བླག་ཏུ་རྟོགས་ནུས་པས། ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་པ་ཡན་ ཆད་ཙམ་དུ་སྒྲུབ་ཐབས་ཀྱི་རྣམ་བཤད་ལོགས་སུ་རྒྱས་པར་བྲིས་པ་ཆེར་མེད་ལ། ཕྱིས་དུས་ འཁོར་བར་གྲགས་པ་ལུགས་གཞན་རྣམས་ལ་བསྐྱེད་རིམ་གྱི་རྣམ་བཤད་སྤྲོས་པ་ཅན་གྱི་ཡི་ གེ་བརྩམས་པ་མང་དུ་འདུག་ནའང༌། དཔལ་ཇོ་ནང་པའི་ཆོས་བརྒྱུད་ལ་ཉ་དབོན་ཆེན་པོ་ ཡན་ཆད་གོང་དུ་སྨོས་པ་བཞིན་གདུལ་བྱ་དབང་པོ་རྣོ་བ་དང་རྒྱུད་བཤད་ཀྱི་ཕྱག་ལེན་བཟང་ བས་རྩོམ་མ་དགོས་པ་དེར་འདུག དེ་རྗེས་བར་སྐབས་དེར་མཁས་གྲུབ་ཁྱད་བར་ཅན་མང་པོ་ བྱོན་པ་རྣམས་ཐུགས་སྤྲོས་པ་ལ་མི་དགྱེས་པས་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་པ་མ་མཛད་ པར་གདའ། འདིར་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ཉིད་ནས། རྒྱུད་འགྲེལ་གྱི་དགོངས་ པ་ཇི་ལྟ་བ་བཞིན་དུ་གསུངས་པ་རྣམས་དང༌། དེའི་རང་མཆན་དང༌། ཡབ་སྲས་རྣམས་ཀྱིས་ རྒྱུད་འགྲེལ་གྱི་མཆན་བུར་བཀོད་པ་རྣམས་གཞིར་བཞག་ནས། རྒྱ་བོད་དུ་བྱུང་བའི་དུས་ ཀྱི་འཁོར་ལོའི་སྐོར་གྱི་ཡི་གེ་མང་རབ་མཐོང་བ་རྣམས་ལ་རྣམ་པར་དཔྱད་པ་ཡང་ཅུང་ཟད་ དང་བཅས་ཏེ་རང་གི་བློས་ཀྱང་རྣམ་པར་ཕྱེ་ནས། བློ་དམན་རྣམས་ལ་བཀླགས་ཆོག་གི་ཚུལ་ དུ་བཀོད་པ་ཡིན་ནོ། །ཁ་བ་ཅན་འདིར་མཁས་པའི་གྲགས་ལྡན་མང་ན་ཡང༌། ངེས་དོན་ མཐར་ཐུག་གྲུབ་མཐའ་ཕྱིན་ཅི་མ་ལོག་པར། །རྒྱལ་བའི་དགོངས་པ་བཞིན་དུ་སྟོན་མཁས་ གཞན་མེད་དེ། །དཔལ་ལྡན་ཇོ་ནང་པ་དེ་ཀུན་ཏུ་རྒྱལ་གྱུར་ཅིག །མདོ་སྔགས་ལམ་ལ་བརྟེན་ 3-1-482 ཏེ་རྣལ་འབྱོར་གྲུབ་འདོད་པ། །དཔག་ཡས་དེ་རྣམས་མཐར་ཐུག་ཟབ་མོའི་དོན་ལ་གཡེལ། ། རྡོ་རྗེའི་རྣལ་འབྱོར་ཟབ་དོན་བདུད་རྩིས་སྐལ་ལྡན་ཀུན། །ཚིམ་མཛད་ཇོ་ནང་པ་དེ་ཕྱོགས་ རྣམས་ཀུན་དུ་རྒྱལ། །བཤད་པ་མཁན་དང་བསམ་གཏན་མཁན་དང་ཆོ་ག་མཁན། རྒྱལ་བའི་ བཀའ་ལས་རྒྱབ་ཀྱིས་ཕྱོགས་པ་མང་ཞིག་ཡོད། །རྣམ་པ་ཀུན་ཏུ་དེ་བཞིན་གཤེགས་གསུང་ མི་འདོར་བ། །དཔལ་ལྡན་ཇོ་ནང་པ་ཡི་རིང་ལུགས་རྒྱས་གྱུར་ཅིག །དུས་འཁོར་ཟབ་དང་ རྒྱ་ཆེའི་གཟི་བརྗིད་མ་བཟོད་ནས། །རྗོ་རྗེ་འཆང་ཞེས་བཀུར་བ་དག་དང་མཁས་འདོད་ཅན། མང་པོ་ཞིག་ཀྱང་བྱོལ་བར་བྱེད་མོད་སྐལ་བའི་སྐྱོན། །དེ་དག་དུས་གཞན་ཞིག་ན་ལམ་འདིར་ འཇུག་པར་ཤོག །རྒྱུད་རྒྱལ་དུས་འཁོར་ཐེག་པའི་ཡང་རྩེ་ཡིན་ནོ་ཞེས། །སྒྲ་ཙམ་རྗེས་ཞུགས་ མཁས་རྨོངས་མང་པོས་རྒྱུགས་མོད་ཀྱང༌། །རྒྱུད་དོན་མ་རྙེད་རང་ལྟ་ངན་པར་ཕྱིར་ལོག་པ། ། དེ་དག་ཀུན་གྱིས་ངེས་པའི་དོན་འདི་རྙེད་གྱུར་ཅིག །སྒོམ་ལ་མངོན་པར་དགའ་བ་རྣམས་ ཀྱང་རྡོ་རྗེ་ཐེག་དོན་ངོ་མ་འཚལ། །སྔགས་རྒྱུད་ཤེས་པའི་ང་རྒྱལ་ཅན་རྣམས་སྤྲོས་པ་ཁོ་ནའི་ གནས་ལ་འཆེལ། །གཞུང་ལུགས་སྦྱངས་པར་འདོད་པ་རྣམས་ཀྱང་རྟོག་གེའི་རིག་པས་དུས་ འདས་ཏེ། །སྔགས་པ་ཡིན་ཞེས་ཐམས་ཅད་རློམ་ཡང་ལག་ལེན་ཁེལ་བ་ག་ན་སུ། །དད་ དང་ཤེས་རབ་ཟུང་དུ་སྦྲེལ་བས་དམ་པ་མཉེས་བྱས་ཕྱིན་ཅི་མ་ལོག་ཟབ་མོ་ངེས་པའི་དོན། ། ལེགས་པར་རྟོགས་ནས་རྡོ་རྗེ་ཐེག་པར་ཚོགས་གསུམ་དོན་དུ་སྨིན་བྱེད་དབང་དང་རིམ་པ་ གཉིས་ལ་འཇུག །རྡོ་རྗེའི་རྣལ་འབྱོར་སངས་རྒྱས་ཀུན་གྱི་བགྲོད་གཅིག་ལམ་ལ་བར་ཆད་ མེད་པར་ཉམས་སུ་ཆུད་གྱུར་ཅིང༌། །བདེ་གཤེགས་སྙིང་པོ་རང་བཞིན་ཡོན་ཏན་ཀུན་རྫོགས་ མངོན་གྱུར་ཐོབ་པས་ས་སྟེང་རྒྱས་ཤིང་གང་བར་ཤོག །ཅེས་པའང་ངེས་པར་བརྗོད་པའོ།། །། 3-1-483 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་གའི་ རྣམ་པར་བཤད་པ་བདུད་རྩིའི་རྒྱ་མཚོ་ ཞེས་བྱ་བ་བཞུགས། ༄༅། །ༀ་སྭཱ་སྟི། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་རྣམ་པར་བཤད་པ་ བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ ལ་ཕྱག་འཚལ་ལོ། །གང་ཞིག་དབང་བཞི་གང་གཱའི་ཆུ་རྒྱུན་གྱིས། །འགྲོ་འདིའི་མ་དག་འཁྲུལ་ པ་ཀུན་བཀྲུས་ནས། །བླ་མེད་བྱང་ཆུབ་ལྷ་ཡི་གནས་འགོད་པ། །བླ་མ་དུས་ཀྱི་འཁོར་ལོ་སྤྱི་ བོས་མཆོད། །སྟོན་པ་ཉིད་དང་གཉིས་མེད་ཇོ་ནང་པ། །ཀུན་མཁྱེན་ཆེན་པོའི་ཞབས་ལ་ཕྱག་ འཚལ་ཏེ། །དཀྱིལ་འཁོར་ཆོ་གའི་མན་ངག་མདོ་ཙམ་ཞིག །བློ་གསལ་དོན་གཉེར་འགའ་ལ་ ཕན་ཕྱིར་བཤད། ། དེ་ཡང་དུས་གསུམ་གྱི་རྒྱལ་བ་མཐའ་དག་གི་བསྟན་པའི་སྙིང་པོ་ནི་སྔགས་ཀྱི་ཐེག་པ་ ཡིན་ལ། དེ་ལ་དང་པོར་འཇུག་པའི་སྒོ་དང༌། བར་དུ་ཉམས་སུ་བླང་བ་དང༌། མཐར་འབྲས་ བུ་ལ་མཚམས་སྦྱོར་བ་སྟེ། ཐོག་མཐའ་བར་གསུམ་དུ་མེད་དུ་མི་རུང་བའི་གལ་པོ་ཆེ་ནི་དབང་ བསྐུར་བའོ། །དེའི་དབང་དུ་བྱས་ནས་འདིར་གང་གིས་དབང་བསྐུར་བའི་སློབ་དཔོན། གང་ ལ་དབང་བསྐུར་བའི་སློབ་མ། གང་དུ་དབང་བསྐུར་བའི་དཀྱིལ་འཁོར། གང་ཞིག་དབང་ བསྐུར་བའི་གོ་རིམ། ཇི་ལྟར་དབང་བསྐུར་བའི་རང་བཞིན་རྣམ་པར་ངེས་པ། དེ་ལྟར་དབང་ བསྐུར་བའི་ཆོ་ག་སྤྱིར་བསྟན་པ། རྡོ་རྗེ་སློབ་དཔོན་གྱི་དབང་བྱེ་བྲག་གཏན་ལ་དབབ་པའོ། ། 3-1-484 དང་པོ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེའི་ཐེག་ལ་ལྷག་པར་གནས། །དེ་ཉིད་བསྒོམས་ཤིང་མ་ཆགས་དྲི་ མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་བྱེད་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་ རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་ པའོ། །ཞེས་གསུངས་པའི་ཡོན་ཏན་རྣམས་དང་ལྡན་ཞིང༌། ཇི་སྐད་དུ། ང་རྒྱལ་དང་ལྡན་ཁྲོ་ བས་ཟིལ་མནན་དམ་ཚིག་རྣམ་བྲལ་རྫས་ལ་བརྐམ་ཞིང་ཐོས་པ་དག་ཀྱང་མེད། །སློབ་མ་ རྣམས་ནི་བསླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལ་སེམས་ཉམས་དབང་མ་ བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་དང་བཅས་ཤིང་དབང་ པོའི་དོན་དུ་འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་པ་རྣམས་ཀྱིས་རྫོགས་ པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱ། །ཞེས་གསུངས་པ་དང༌། ཡང་ཇི་སྐད་དུ། གང་ཞིག་ཁྱིམ་ པ་བསྟི་གནས་སྤྱོད། །གཡོག་པོ་ཞིང་པ་ཚོང་པ་དང༌། །དམ་ཆོས་འཚོང་བའི་རྨོངས་པ་དེ། །ས་ ལ་རྡོ་རྗེ་འཛིན་པ་མིན། །ཞེས་གསུངས་པའི་སྐྱོན་རྣམས་སྤངས་པ་ཡིན་ལ། གཞན་ཡང་སློབ་ དཔོན་གྱི་མཚན་ཉིད་རྒྱུད་གཞན་ལས་གསུངས་པ་རྣམས་ཀྱང་ངེས་པར་བྱས་ནས། སྐྱོན་ཀུན་ སྤངས་ཡོན་ཏན་ཀུན་རྫོགས་བསྟེན་དགོས་པ་ཡིན་མོད་ཀྱང༌། དུས་ཀྱི་སྐྱོན་གྱིས་དེ་ལྟ་བུ་རྙེད་ དཀའ་ན། དཔལ་དོན་དམ་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་ འདྲེས། །སྐྱོན་མེད་སྡིག་པ་མེད་པ་རྣམ་པ་ཀུན་ཏུ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ ཡང་ནི་ཉེར་སྤྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་པའོ། །ཞེས་གསུངས་པ་ ལྟར། སྐྱོན་ཡོན་གཉིས་ལས་ཡོན་ཏན་སྟོབས་ཆེ་བ་དེ་བསྟེན་ཏུ་རུང་ལ། དེ་ལས་ཀྱང་དངོས་ གྲུབ་སྩོལ་པ་པོའི་སློབ་དཔོན་དུ་འགྱུར་བའི་མཚན་ཉིད་ནི། སངས་རྒྱས་ཞལ་འདི་གང་གི་ 3-1-485 ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་རྣམ་པ་ཀུན་ལྡན་གྱི་ སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཟུང་དུ་སྦྱོར་བའི་ལམ་མཆོག་འདི་རང་གི་ཐུགས་ལ་ འཁྲུངས་ཤིང་ཞལ་གྱི་སྒོ་ནས་སློབ་མ་ལ་བསྟན་པས་བྱིན་རླབས་འཕོ་བར་མཛད་ནུས་པའོ། ། དེ་ལྟ་བུའི་སློབ་དཔོན་དེ་དག་ཀྱང་གཞན་དོན་སྤྱོད་པའི་རྟེན་གྱི་སྒོ་ནས་རྣམ་པ་གསུམ་དུ་ འགྱུར་ཏེ། རྩ་བའི་རྒྱུད་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ ཡིན་ཏེ། །འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་གནས་དེ་ལས་ཐ་མ་ཡིན། །ས་ཐོབ་མ་ གཏོགས་ཁྱིམ་པ་ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །དེ་ལ་ཐོས་པ་ཡོངས་ཤེས་པས། །གང་ ཞིག་རྟགས་ཅན་བྱ་བ་ཉིད། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་གནས་གང་ཚེ་མཆོད་ བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ལྷ་ཁང་ལ་ སོགས་རབ་གནས་སོགས། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ན་གསུམ་ ཡོད་ན། །ཁྱིམ་པ་གོས་དཀར་ཅན་གྱིས་མིན། །ཞེས་གསུངས་ཏེ། དགེ་སློང་རྡོ་རྗེ་འཛིན་པ་ ནི་མཆོག དགེ་ཚུལ་རྡོ་རྗེ་འཛིན་པ་ནི་འབྲིང༌། ཁྱིམ་པ་རྡོ་རྗེ་འཛིན་པ་ནི་ཐ་མའོ། །འདིར་དེ་ ཉིད་བཅུ་ལ་བགྲོང་ཚུལ་མི་འདྲ་བ་ཅི་རིགས་པ་ཡོད་ཀྱང༌། འཇམ་དཔལ་གྱི་ལྟ་འདོད་མདོར་ བསྟན་ལས། དཀྱིལ་འཁོར་དང་ནི་ཏིང་འཛིན་དང༌། །ཕྱག་རྒྱ་བྱ་བ་འདུག་སྟངས་དང༌། ། གཏོར་མ་སྦྱིན་སྲེག་རབ་གནས་དང༌། །སྤྱན་དྲངས་གཤེགས་སུ་གསོལ་བའོ། །ཞེས་གསུངས་ པ་འདི་དུས་འཁོར་གྱི་རང་ལུགས་སུ་བྱེད་དགོས་ལ། གཞན་ཡང་རྡོ་རྗེ་སྙིང་རྒྱན་དང༌། སྒྱུ་ འཕྲུལ་དྲྭ་བ་སོགས་རྒྱུད་ལས་བཤད་པ་རྣམས་ནི་འདིར་ཡང་ཁས་ལེན་མོད། རྒྱ་གར་པཎྜི་ཏ་ སློབ་དཔོན་དག་གི་བཤད་ཚུལ་མི་འདྲ་བ་དག་ནི་བཏང་སྙོམས་སུ་བཞག་པར་བྱའོ། ། གཉིས་པ་ནི། ཇི་སྐད་དུ། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མས་ངེས་པ་ལ་དགའ་གཏོང་བའི་ ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་ 3-1-486 སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམ་སློབ་མ་དེ་ཉིད་བླ་ མ་ཤིན་ཏུ་མཁས་པ་དག་གིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་གསུངས་ཏེ། དེ་ལྟར་ན་སློབ་ མའི་ཡོན་ཏན་གྱི་རྣམ་གྲངས་དགུ་གསུངས་ལ། དེ་ལ་དམ་པ་འགའ་ཞིག་འདི་སྐད་ཅེས། འདུ་ འཛི་དང་རྫས་ལ་སྲེད་པ་དང་བྲལ་བས་གཏོང་བའི་ངང་ཚུལ་དང་ལྡན་པ། དཀོན་མཆོག་ གསུམ་གྱི་ཡོན་ཏན་ཤེས་པའི་དད་པ་དང་ལྡན་པ། གདུག་པའི་གྲོགས་སྤངས་ཤིང་དེའི་རྒྱུ་ ལས་མི་དགེ་བ་བཅུ་བསྡམས་པ་སྟེ། ཡོན་ཏན་གསུམ་པོ་དེ་རྣམས་ཁོ་ན་ལྡན་པ་ནི་སློབ་མར་ འོས་པ་ཐ་མའི་མཚན་ཉིད་དེ། རེ་ཞིག་རྒྱུད་སྦྱང་བའི་ཆེད་དུ་དགེ་བསྙེན་གྱི་སྡོམ་པ་སོགས་ {སྦྱིན་པས་[བཟུང་བས་]རྗེས་སུ་བཟུང་བར་བྱའོ། །དེའི་སྟེང་དུ་རྩ་ལྟུང་སོགས་ བསྲུང་ནུས་པས་བླ་མའི་ངེས་པ་ལ་དགའ་བ། རྒྱུད་ལ་གུས་པས་ཡིད་ཆེས་རྙེད་ནས་ཉམས་ སུ་བླང་བའི་རྣལ་འབྱོར་དང༌། སྤང་བླང་ལ་བརྩོན་པ། གཞན་ངོར་འཕྱར་བག་[རང་ འདོད་]སོགས་ལ་དགའ་བ་མེད་པས་སྔགས་ཀྱི་གསང་བ་དེ་ཁོ་ན་ཉིད་ཐོབ་པ་རྣམས་ ཤིན་ཏུ་སྦེད་ཅིང༌། གསང་ཐུབ་པའི་ཡོན་ཏན་གསུམ་སྟེ་ཡོན་ཏན་དྲུག་ལྡན་ཙམ་ནི་སློབ་མར་ འོས་པ་འབྲིང་གི་མཚན་ཉིད་དེ། དེ་ནི་དབང་བདུན་གྱིས་བསྡུ་བར་བྱ་བ་ཡིན་ནོ། །དེ་ལྟར་ དྲུག་གི་སྟེང་དུ་ངེས་དོན་མཐར་ཐུག་ཟབ་ཅིང་རྒྱ་ཆེ་བ་ཟུང་འཇུག་གི་ལམ་ལ་ཤིན་ཏུ་འདུན་ པས་སེམས་པ་དང༌། ཚེ་འདིའི་རྙེད་བཀུར་གྲགས་པ་ནས་འཇིག་རྟེན་པའི་དངོས་གྲུབ་ཀྱི་ བར་གང་ལའང་མ་ཞེན་པར་ཐར་པ་ཁོ་ན་དོན་དུ་གཉེར་བ་དང༌། ལས་ཕྲན་ཚེགས་ཀྱིས་ སེམས་མི་འཕྲོག་པས་གཡོ་བ་མིན་པའི་སེམས་དང་ལྡན་པ་སྟེ། ཡོན་ཏན་དགུ་རྫོགས་པ་ ནི། མཆོག་གི་དངོས་གྲུབ་ཀྱི་རྒྱུར་དབང་གོང་མས་རྗེས་སུ་བཟུང་བར་བྱའོ། །ཞེས་འཆད་པ་ ནི་ཕལ་ཆེར་རྒྱུད་འགྲེལ་གྱི་དགོངས་པ་དང་མཐུན་པའི་ལེགས་བཤད་དུ་སྣང་ལ། འོན་ཀྱང་ 3-1-487 གཡོ་བ་མིན་པའི་སེམས་ནི། འཇིག་རྟེན་པའི་ལམ་རྣམས་ཀྱིས་སེམས་མི་གཡོ་བ་ཞེས་བཤད་ པས། རྡོ་རྗེའི་རྣལ་འབྱོར་ལྟ་བུ་ལས་གཞན་དུ་གྱུར་པའི་མན་ངག་ཟབ་ཟབ་ལྟར་བཅོས་པ་ ལ་བློ་མི་འགྲོ་བར་བློ་རྩེ་གཉིས་སྤངས་པའི་དོན་ཡིན་ལ། ཐ་མ་དགེ་བསྙེན་ཙམ་འབོགས་ པ་ལ་ཡོན་ཏན་གསུམ་ཀ་མ་ཚང་རུང༌། སློབ་དཔོན་མི་སྨོད་ཅིང་བསྟེན་པར་མོས་ལ། དགེ་ བསྙེན་ཐུབ་ན་དེས་ཀྱང་རུང་ཙམ་མོ། །དེ་ལས་ཕྱི་མ་གཉིས་ནི་རྒྱུད་འདིའི་དངོས་ཀྱི་གདུལ་ བྱར་འོས་པ་ཡིན་ལ། དེ་གཉིས་ཀྱིའང་ཕྱི་མ་མཆོག་ལ་དབྱེ་ན་སློབ་མར་འོས་པ་དང༌། སློབ་ དཔོན་དུ་འོས་པའོ། །དེ་ལ་ཡང་ཚེ་འདིར་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་བསྒྲུབས་ནས་སློབ་མ་ བསྡུ་བ་མངོན་པར་འདོད་པ་ནི་དབང་པོ་དམན་པ་དང༌། ཚེ་འདི་ལ་དངོས་གྲུབ་མཆོག་སྒྲུབ་ པ་སྙིང་པོར་བྱེད་པ་ནི་དབང་པོ་རྣོན་པོའོ། །དེ་ལྟ་བུའི་སློབ་མ་མཆོག་དམན་འབྲིང་གསུམ་ མམ་བཞིའམ་ལྔ་པོ་རྣམས་ཀྱིས་དང་པོར་དཔོན་སློབ་ཀྱི་འབྲེལ་བ་བརྟགས་ནས། གོང་དུ་ བཤད་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་སློབ་དཔོན་དེ་བླ་མར་བྱས་ཕྱིན་ཆད་རྣམ་པ་ཀུན་ ཏུ་མཉེས་པར་བྱེད་པའི་བསྟེན་ཚུལ་ཡང་དག་པས་བསྟེན་པར་བྱེད་དགོས་ཀྱི། བླ་མ་མཉེས་ པར་བྱེད་དགོས་པའི་གོ་བ་མ་རྙེད་ན། སློབ་དཔོན་དང་སློབ་མའི་མཚན་ཉིད་ཙམ་གྱི་བཤད་ པ་ཁ་ཁྱེར་གྱིས་ནི་ཅིར་ཡང་མི་རུང་ངོ༌། །སློབ་དཔོན་དང་སློབ་མའི་ཆོས་སྐོར་གྱི་རྣམ་གཞག་ འདི་རྣམས་རྒྱས་པར་དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ་ལས་ཤེས་པར་བྱ་ཞིང༌། དོན་དམ་བསྙེན་པ་ ལས་ཀྱང་ནན་ཏན་ཏུ་རྟོགས་པར་བྱ་སྟེ། ལག་ལེན་དུ་ཐེབས་དཀའ་བ་མ་གཏོགས་གོ་བ་ཡང་ སླ་བས་ན་འདིར་ཧ་ཅང་མང་བར་འགྱུར་བས་དེ་ཙམ་མོ། ། གསུམ་པ་ནི། རྩ་རྒྱུད་ལས། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ནི་རྡོ་རྗེ་ ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་དུ་ཚོན་ལྔ་ལྡན་པས་མིན། །ཞེས་ གསུངས་པ་ལྟར། བྱིས་པ་འཇུག་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། བུམ་དབང་ལ་ཕྱག་ 3-1-488 རྒྱའི་ལུས་ཀྱི་དཀྱིལ་འཁོར་དང༌། གསང་དབང་ལ་བྷ་གའི་དཀྱིལ་འཁོར་དང༌། ཤེས་རབ་ཡེ་ ཤེས་གཉིས་ལ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུངས་ཏེ། དེ་ལ་དབྱེ་ན་ཀུན་རྫོབ་བྱང་ ཆུབ་ཀྱི་སེམས་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་ན་དཀྱིལ་འཁོར་ལྔ་པོ་དེ་ དག་གསལ་བར་གསུངས་ལ། རིགས་ལྡན་འཇམ་དཔལ་གྲགས་པས་དྲང་སྲོང་བྱེ་བ་ཕྲག་ ཕྱེད་དང་བཞི་ལ་དབང་བསྐུར་བའི་དམིགས་པའི་རྟེན་གྱི་དཀྱིལ་འཁོར་ནི། དེང་སང་བློས་ སློངས་ཀྱི་ཐ་སྙད་བྱེད་པ་འབུར་མའི་དཀྱིལ་འཁོར་གྱི་བཀོད་པ་ཡིན་པར་གསུངས་པས་ན། སྔོན་འབྱུང་སྟོན་པའི་རྣམ་འཕྲུལ་བཞིན་རྗེས་འཇུག་རྣམས་ཀྱིས་ཀྱང་སྒྲུབ་པར་བྱེད་པ་ཡིན་ པས། འབུར་གྱི་བཀོད་པར་ཡང་དབང་བསྐུར་དུ་རུང་ལ། སློབ་དཔོན་དང་སློབ་མ་གཉིས་ ཀར་ཀུན་སྤངས་ཡིན་ན། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་ཚིག་གིས་དབང་བསྐུར་བ་ཡང་ རུང་སྟེ། དེའི་ཕྱིར་རྫས་ཀྱི་དཀྱིལ་འཁོར་གཏན་ནས་མེད་པ་བསམ་གཏན་འབའ་ཞིག་གི་ དཀྱིལ་འཁོར་དུ་དབང་བསྐུར་དུ་རུང་བ་དང༌། ཏིང་ངེ་འཛིན་ཁོ་ནའི་དཀྱིལ་འཁོར་ལ་ཡང་ རུང་ན། དེའི་སྟེང་དུ་རས་བྲིས་ཀྱང་ལྷག་པོར་ཡོད་ན་ཅིའི་ཕྱིར་མི་རུང་སྟེ། སློབ་དཔོན་དང་ སློབ་མ་ཆུང་ངུའི་ཡོ་བྱད་ཅན་ལ་རས་བྲིས་ཀྱང་ལྷག་པར་བསྔགས་སོ། །ཏིང་ངེ་འཛིན་གྱི་ དཀྱིལ་འཁོར་གྱི་གནས་སྐབས་སུ་ཀ་བ་རྣམས་དང་རྡོ་རྗེའི་འཕྲེང་བ་སའི་དཀྱིལ་འཁོར་རྩིག་ པ་དག་ནི་རུས་པ་རྣམས་ཀྱིས་མཛོད། །ཅེས་སོགས་ལུས་ལ་གཞལ་ཡས་ཁང་གི་དག་པ་དང༌། བུམ་པ་བརྒྱད་རྣམས་བདུད་རྩིའི་ཡན་ལག་གིས་ཏེ། ཞེས་སོགས་ལུས་ལ་ལྷའི་དག་པ་ གསུངས་པ་རྣམས་མ་དག་པ་སྦྱངས་ཤིང་དག་པའི་དཀྱིལ་འཁོར་དུ་བསྐྱེད་ན། བསྐྱེད་གཞི་ དམིགས་རྟེན་གྱི་སྒོ་ནས་སློབ་དཔོན་གྱི་ལུས་དཀྱིལ་དུ་དབང་བསྐུར་རོ་ཞེས་ཐ་སྙད་བཞག་ ཀྱང་ཆ་གཅིག་ནས་མི་འགལ་བ་ཡང་ཡིན་མོད། འཁོར་ལོ་སྡོམ་པ་སོགས་ནས་བཤད་པའི་ ལུས་དཀྱིལ་དང་ནི་ཅུང་མི་འདྲའོ། །དེ་ལ་ནི་ཕྱི་དབྱིབས་གཙོ་བོའི་རྣམ་པ་མ་ཞིག་པ་ཉིད་ལ་ 3-1-489 སྐུའི་ཆ་སོ་སོར་ལྷ་རྣམས་འགོད་དགོས་པ་ཡིན་ལ། འདི་ནི་ལུས་ཡོངས་སུ་གྱུར་པ་ལས་ཕྱི་ དཀྱིལ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིའི་རྣམ་པར་གྱུར་པ་ལ་ལྷ་འགོད་ཚུལ་ཡང་ཕྱི་དཀྱིལ་ གྱི་ལུགས་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བྱིས་པ་འཇུག་པའི་དབང་བདུན་ལ་ནི། རྡུལ་ ཚོན་དང་བློས་བསླངས་དང་རས་བྲིས་ཏེ་གསུམ་དང༌། བསམ་གཏན་གྱི་དཀྱིལ་འཁོར་ལ་ ལུས་རྒྱུར་དམིགས་པ་དང་མ་དམིགས་པའི་དབྱེ་བ་ལྔ་པོ་དེ་དག་འབྱུང་ལ། དེའི་སྟེང་དུ་གོང་ མའི་བཞི་སྟེ། དཀྱིལ་འཁོར་གྱི་ངོ་བོ་དགུ་གསུངས་སོ། །གང་དག་འགྲེལ་པ་དོན་དམ་བསྡུས་ པའི་ཚིག་དྲངས་ཏེ། དབང་བདུན་ལ་རྡུལ་ཚོན་ཁོ་ན་ལས་གཞན་པ་མི་རུང་ངོ་ཞེས་པ་ནི། འགྲེལ་ཚིག་དེ་ཚད་མའི་ལུང་དུ་མི་རུང་བའི་ཕྱིར་དང༌། ཁ་ཅིག་རྣམ་རྒྱལ་དཔལ་བཟང་དང་ ལེགས་པའི་བུའི་འགྲེལ་པ་ལས་ཀྱང་བཤད་ཅེས་རྒྱབ་དཔུང་སྒྲོན་ཀྱང་མི་ཕན་ཏེ། དོན་དམ་ བསྡུས་པ་རྩོམ་པ་པོ་དང་འགངས་ཆེ་ཆུང་འདྲ་བ་གཞན་ཞིག་གམ། དེ་བས་ལྷག་པ་སྔོན་བྱུང་ བ་ཞིག་ཡིན་ན་ནི། རྒྱབ་དཔུང་དུ་འགྲོ་སྲིད་ཀྱང་དེ་གཉིས་ནི་དེའི་རྗེས་འབྲང་ཡིན་པའི་ཕྱིར་ དེ་ཡང་ཚད་མར་མི་རུང་ན། དེ་གཉིས་ལྟ་ག་ལ་ཞིག ཡང་ཁ་ཅིག་འདི་སྐད་ཅེས་ལུགས་འདིའི་ བྱིས་འཇུག་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ན་དགོས་ཏེ། ལུགས་འདི་ལ་རྫས་ལྔ། ལྷག་ གནས་སོགས་ཀྱི་ཆོ་གའི་དཀྱུས་ཅིག་ལ་དཀྱིལ་འཁོར་བྱས་པ་དགོས་ལ། རས་བྲིས་ལ་དེ་ ལྟར་མི་རུང་བའི་ཕྱིར་རོ་ཞེས་ཟེར་རོ། །དེའི་དངོས་ལན་ནི་བྱས་པ་དགོས་ཞེས་པ་ལ་མ་གྲུབ་ པའི་ལན་འདེབས་རྒྱུ་ཡིན་ཡང༌། རེ་ཞིག་འདི་སྐད་ཅེས་བྱ་སྟེ། འོ་ན་རྒྱ་གར་པཎྜི་ཏའི་ལུགས་ ཀྱི་བདེ་དགྱེས་གསང་གསུམ་སོགས་ཀྱི་བུམ་དབང་ལ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ན་ དགོས་པ་ཐལ་ཏེ། ས་ཆོག་ས་ལྷ་ལྷ་དང་བུམ་པ་སྟ་གོན། ཐིག་ཚོན་བྱིན་རླབས་སོགས་ཀྱི་ཆོ་ ག་དཀྱུས་གཅིག་ལ་བྱས་པའི་དཀྱིལ་འཁོར་དགོས་པ་གང་ཞིག །རས་བྲིས་སོགས་ལ་དེ་ལྟར་ མི་རུང་པའི་ཕྱིར་རོ། །དེ་ན་རེ་སྤྱིར་བཏང་ལ་དེ་ལྟར་ཡིན་ཡང༌། དམིགས་གསལ་ཡིན་པའི་ 3-1-490 ཕྱིར། བདེ་དགྱེས་སོགས་ལ་རས་བྲིས་འགལ་བ་མེད་སྙམ་ན། འདིར་ཡང་དམིགས་གསལ་ ཡིན་ནོ། །དེ་རྣམས་ལ་དེ་འདྲ་དེ་དཀྱུས་གཅིག་པ་མི་དགོས་སྙམ་ན། འདིར་ཡང་དགོས་པའི་ རྒྱུ་མཚན་ཅི། དེས་ན་ལུང་རིགས་གཉིས་ཀར་མེད་པའི་རང་གི་འདོད་པ་ཞིག་རྒྱུ་མཚན་དུ་ བཀོད་པ་ཁོ་ནས་དཔྱོད་ལྡན་སུ་ཞིག་ཡིད་ཆེས་སྐྱེ་བར་འགྱུར། གཞན་ཡང་རས་བྲིས་ཀྱི་ དཀྱིལ་འཁོར་དུ་བདག་འཇུག་རུང་ངམ་མི་རུང༌། རུང་ན་གཞན་ལ་དབང་བསྐུར་ཡང་རུང་ བར་འགྱུར་ཏེ། དགོས་དོན་མཚུངས་པའི་ཕྱིར། མི་རུང་ན་རང་གཞན་གཉིས་ཀའི་དོན་དུ་མི་ རུང་བའི་བཀོད་པ་དེ་རྣམ་པ་དུ་མར་སྐྱེས་བུ་དམ་པ་རྣམས་ཀྱིས་འབད་པས་ཆེ་ཐང་དུ་བཞེང་ བ་མི་འཐད་པར་འགྱུར་རོ། །ཡང་སྡོམ་པ་སོགས་ལས་འབྱུང་བའི་ལུས་ཀྱི་དཀྱིལ་འཁོར་དེ་ དང་འདྲ་བའི་ལུས་དཀྱིལ་རྒྱུད་འདིར་མི་གསུང་བ་ཅི་སྙམ་ན། འདི་འདྲའི་རིགས་ལ་རྒྱུ་མཚན་ གཞན་མི་དགོས་ཏེ། གདུལ་བྱའི་བསམ་པའི་དབང་གིས་སོ། །འོན་ཀྱང་བསྐྱེད་རིམ་ལ་གཙོ་ བོར་བྱེད་པ་ཡིན་ན། དེ་ཟབ་མོའི་མཐར་ཐུག་ཏུ་མོས་པའི་དབང་གིས་བཞག་པ་ཡིན་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་ཟབ་ ཁྱད་ཆེ་ཆེ་ལྟར་བསྔགས་ཀྱང༌། རྒྱུད་འདིར་ལས་དང་པོ་པ་ཉིད་ནས་རྫོགས་རིམ་གྱི་དཀྱིལ་ འཁོར་འགྲུབ་པའི་ཐབས་གསུངས་ན། རྣམ་པར་རྟོག་པས་བརྟགས་པའི་ལུས་དཀྱིལ་སྒོམ་པ་ དེ། འདི་ལ་བལྟོས་ན་ཆེས་རྨད་དུ་བྱུང་བའི་ཡ་མཚན་གང་ཡང་མེད་པས་འདིར་རྩལ་དུ་མ་ {བཏོན་ཏེ[སྟོན་ནོ།]། ཕྱག་རྒྱའི་ལུས་ལས་གཞན་པའི་ལུས་དཀྱིལ་མི་གསལ་ལོ། ། འོན་ཀྱང་ཕྱག་རྡོར་སྟོད་འགྲེལ་གྱི་མན་ངག་སྒྲུབ་ཐབས་ལས་འབྱུང་སྟེ། རྒྱུད་དེ་ཉིད་ལས་ བཤད་པའི་བབས་ཀྱིས་ཡིན་ལ། དེ་ལས་བརྩམས་ན་འདིར་བཤད་པའི་སྡོམ་པ་ཆེ་ཆུང་ལ་ ཡང་འབྱུང་དུ་རུང་སྟེ། དུས་འཁོར་རང་ལུགས་ཀྱི་མ་ཡིན། རྒྱུད་སྡེ་གཞན་གྱི་ཆོ་གའི་རིམ་པས་ སོ། །བཞི་པ་ནི་སྤྱིར་བཏང་ལ་བྱིས་པ་འཇུག་པའི་དབང་བདུན་སྔོན་དུ་སོང་ནས། སློབ་མའི་ 3-1-491 དབང་གོང་མ་བཞི་བསྐུར་བ་དང༌། དེའི་སྟེང་དུ་སློབ་དཔོན་དུ་འོས་པའི་བྱ་བ་གྲུབ་པ་ན། རྡོ་ རྗེ་སློབ་དཔོན་གྱི་དབང་བསྐུར་བ་ལ་རང་གཞན་དུས་འཁོར་བ་སུ་ཡང་མི་མཐུན་པ་མེད་དོ། ། འོན་ཀྱང་སྒྲུབ་པ་ལྷུར་ལེན་པའི་དུས་འཁོར་བ་རྙིང་པ་མང་རབ་དང༌། ཨོ་རྒྱན་པ་དང་བུ་སྟོན་ ཆེན་པོའང་བཞེད་ལ། རང་ལུགས་ལ་ཡང་དམིགས་གསལ་ལ་བྱིས་འཇུག་གི་དབང་མ་ཐོབ་ རུང༌། བདེ་དགྱེས་སོགས་རྣལ་འབྱོར་བླ་མེད་གཞན་གྱི་བུམ་དབང་དུ་གྲགས་པ་དེ་ཐོབ་ན། དུས་འཁོར་རང་ལུགས་ཀྱི་མཆོག་དབང་གིས་སྒོ་ཕྱེ་ནས་རྡོ་རྗེའི་རྣལ་འབྱོར་སྟོན་པར་ཡང་ མཛད་དེ། འདི་ནི་ཉེས་མེད་ཕུན་ཚོགས་ཀྱི་སྔགས་སྡོམ་སྦྱིན་ཚུལ་ཁོ་ན་ཡིན་ནོ། །སྦྱོར་དྲུག་གི་ གྲུབ་ཐོབ་ལ་རྒྱ་བོད་བལ་གསུམ་དུ་རྟགས་མངོན་གྱུར་དུ་ཐོབ་པ་ནི། དཔལ་ཆེན་རྒ་ལོ་ཡིན་ ཡང་དེས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནི་མི་མཛད་པར་ གྲགས་ལ། ཐུགས་དཀྱིལ་གྱི་དབང་བསྐུར་ཅི་རིགས་པ་མཛད་མོད། ཤིན་ཏུ་གུས་པས་བསྟེན་ པའི་སློབ་མ་ཕལ་ཆེར་ལ་ཡང༌། བདེ་མཆོག་ལཱུ་ཡི་པའི་དབང་གིས་སྒོ་ཕྱེ་ནས། ཏིང་ངེ་འཛིན་ སྐྱེད་བྱེད་ཀྱི་དབང་ལ་དུས་ཀྱི་འཁོར་ལོའི་མཆོག་དབང་བསྐུར་ཏེ། རྫོགས་རིམ་སྟོན་པར་ མཛད་པ་ཤ་སྟག་ཡིན་ནོ། །ཤིན་ཏུ་དམིགས་གསལ་ལ་ནི། གཞན་ལུགས་ཀྱི་བུམ་དབང་ངམ་ ལུགས་འདིའི་བྱིས་དབང་ཡེ་མ་ཐོབ་པ་ལ་ཡང་སྐབས་སུ་བབ་པའི་མོས་པ་དང་ལྡན་ན། མཆོག་དབང་འབའ་ཞིག་གིས་སྒོ་ཕྱེ་སྟེ། རྫོགས་རིམ་སྟོན་ཏུ་རུང་བ་ཡིན་ལ། དེ་ཡང་དེ་ལས་ ལྷག་པོ་མི་དགོས་པའི་སྐལ་ལྡན་གྱི་གང་ཟག་ལ་ནི། ཉེས་མེད་ཕུན་ཚོགས་ཡོན་ཏན་དཔག་ཏུ་ མེད་པ་དང་ལྡན་པའི་ཕྱིར། གསང་བ་གྲུབ་པ་དང་ཐབས་དང་ཤེས་རབ་གཏན་ལ་དབབ་པ་ གྲུབ་པ་སོགས་ལས་བུམ་དབང་སྔོན་འགྲོའི་ཚིག་ཟུར་ཙམ་ཡང་མེད་པར་དབང་གོང་མ་ བསྐུར་བར་གསུངས་སོ། །གཞན་དུ་ན། སློབ་དཔོན་ཡེ་ཤེས་ཅན་གྱི་བཀས་གནང་བ་དང༌། དགག་དགོས་འཛོམ་པའི་དུས་སུ་ཉེས་མེད་ཡིན་ལ། བླ་ཆོས་སུ་བྱས་ན་ཡང་ཆོ་གའི་རིམ་པ་ 3-1-492 བརྒལ་བའི་ཉེས་པ་ཡིན་གྱི། གསང་སྒྲོགས་ནི་མ་ཡིན་ནོ། །དེ་ལ་ཕྱིས་དཀྱིལ་ཆོག་དགོངས་ པ་རབ་གསལ་མཁན་པོ་རྗེས་འབྲང་དང་བཅས་པ་རྣམས་དང༌། ཤེས་རིན་པ་སོགས་མང་པོ་ ཞིག་མགྲིན་གཅིག་ཏུ་རྩོད་པ་བྱེད་དེ། རྒྱུད་སྡེ་གཞན་གྱི་བུམ་དབང་ཙམ་ཐོབ་པ་ལ་འདིའི་ དབང་གོང་མ་བསྐུར་བའི་སྐབས་དེ་ལ་སྨྲ་བརྗོད་སྤངས་ཏེ། སྔར་དབང་གཞན་ཡེ་མ་ཐོབ་ པའི་ཤིན་ཏུ་དམིགས་གསལ་དེ་ཉིད་ངེས་དོན་ལ་གཞོལ་བའི་དུས་འཁོར་པ་རྣམས་ཀྱིས་སྤྱིར་ བཏང་གི་ལུགས་ལ་ཁས་བླངས་པ་ལྟར་བྱས་ནས། འདི་སྐད་ཅེས་སྨྲ་སྟེ། བོད་སྔ་ཕྱི་མང་པོ་ ཞིག་དབང་བདུན་མ་བསྐུར་བར་མཆོག་དབང་གོང་མ་སྟེར་བ་མི་འཐད་དེ། དེ་ལྟར་བྱས་ན་ སློབ་དཔོན་ལ་གསང་སྒྲོགས་ཀྱི་རྩ་ལྟུང་འབྱུང་ཞིང༌། སློབ་མས་ཀྱང་དབང་མི་ཐོབ་པའི་ཕྱིར་ རོ། །ཇི་སྐད་དུ། སྔགས་པ་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་ འདོད། །ཅེས་སོགས་ལུང་འདྲེན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཅི་ཁྱེད་རྣམས་དེ་སྐད་སྨྲ་བ་ འདི། དཔལ་ཇོ་ནང་པ་གོང་མ་དག་གི་གསུང་རབ་ཏུ་ཡི་གེར་འཁོད་ཅིང་གྲུབ་མཐར་ཡོད་པ་ ཞིག་འགོག་པ་ཡིན་ནམ། དེ་ལྟར་མིན་ཡང་ལག་ལེན་བྱེད་པ་མཐོང་སྟེ་ལག་ལེན་ནོར་བར་ བསམས་ནས་འགོག་པ་ཡིན་ཞེས་ཐོག་མར་འདྲིའོ། །དང་པོའོ་ཟེར་ན་ཁྱེད་ཅག་རྫུན་ལ་ གོམས་པ་ཉིད་ཀྱི་ཕྱིར་འདིར་ཡང་རྫུན་དུ་སྨྲ་བ་སྟེ། ཁོ་བོ་ཅག་གི་བླ་མ་གོང་མས་ནི། དགྱེས་ རྡོར་སོགས་ཀྱི་བུམ་དབང་ཐོབ་པ་ལ་འདི་བསྐུར་དུ་རུང་ཞེས་པ་ནི་ལན་རེ་ཙམ་གསུངས་པ་ ཡོད་ཀྱི། བྱིས་དབང་གཏན་ནས་མི་དགོས་པར་བཤད་པ་ཇོ་ནང་པའི་བསྟན་བཅོས་ག་ན་ ཡོད་སྨྲོས་ཤིག གཉིས་པ་ལྟར་རོ་ཟེར་ན། སྤྱིར་ཡི་གེར་མ་འཁོད་པ་གྲུབ་མཐར་མི་བྱེད་ན་ ལག་ལེན་དུ་ནོར་བ་ཙམ་ལ། རྩོད་པའི་དགག་པ་གཏོང་གིན་མི་ལང་སྟེ། རྒྱལ་བ་མྱ་ངན་ལས་ འདས་ནས་ལོ་སུམ་བརྒྱ་ལོན་མན་ཆད་ཀྱི་རབ་བྱུང་ཕལ་ཆེར་ལག་ལེན་ནོར་བ་ཅན་ཁོ་ན་ ཡིན་ན་དེ་ལ་ཅི་ཞིག་བྱ། ཉིད་རང་དང་ཉིད་ཀྱི་སློབ་དཔོན་དང་གྲོགས་དང་སློབ་མ་རྣམས་ 3-1-493 ལའང་ལག་ལེན་འཁྲུལ་པ་མང་དུ་ཡོད་སྲིད་དོ། །འོན་ཀྱང་སྐབས་འདིར་ཁོ་བོ་ཅག་ལག་ ལེན་ནོར་བ་མིན་ལ། ཁས་ལེན་ནོར་བ་ཡང་མིན་ནོ། །དེ་ཅིས་མངོན་ཞེ་ན། ཁོ་བོ་ཅག་ནི་དུས་ འཁོར་སྟོན་རྒྱུའི་སློབ་མ་ཕལ་ཆེར་ལ་བྱིས་འཇུག་ཐོག་མར་རང་གིས་བསྐུར་བར་བྱེད་པས་ ལག་ལེན་མ་འཕྱུགས་ལ། དེ་བས་ཁྱེད་དག་ལ་རང་ཉིད་རྒྱུད་བཤད་བྱེད་པར་འདོད། དབང་ བྱེད་དུ་མ་རུང་ནས་གཞན་ལ་ཞུ་བར་གཏོང་བ་དག་ཡོད་དེ། བྱིས་འཇུག་གི་དབང་དེ་ཙམ་དུ་ ཕན་ཡོན་དང༌། གལ་ཆེ་ན་ཕན་ཡོན་ཆེ་བའི་བྱིས་འཇུག་དེ་ཅི་ཡི་ཕྱིར་རང་གིས་མི་བྱེད། དབང་བསྐུར་བ་པོ་མི་རུང་ན་རྒྱུད་འཆད་པ་པོར་ཡང་རུང་བ་དཀའ་བས། གཞན་སྐྱོན་ཚོལ་བ་ བས་རང་ཉིད་བག་ཡོད་པ་གལ་ཆེའོ། །ཡང་ཁོ་བོ་ཅག་ནི་སྤྱིར་བཏང་ལ་གོང་མའི་སྔོན་དུ་ བྱིས་འཇུག་དགོས་པར་འདོད་པས་བྱིས་འཇུག་གཏན་ནས་མི་འདོད་དོ་ཞེས་དབང་ཆེའི་རྫུན་ སྨྲས་པས་ཅིར་རུང༌། སྤྱིར་བཏང་ལ་དགོས་པར་འདོད་པ་དེ་མི་དགོས་པར་འདོད་པ་རང་མིན་ ལས་ཆེ། དམིགས་གསལ་ལ་མི་དགོས་པའི་སྐབས་ཡོད་པར་འདོད་པས་ནོར་ན་ནི། ཁྱེད་ རང་རྣམས་ཀྱང་ཆེས་ནོར་ཏེ། འདུས་པའི་ཤེར་དབང་བསྐུར་བ་ལ་དེའི་བུམ་དབང་མི་དགོས་ པ་དམིགས་གསལ་ལ་ཁས་ལེན་གྱི་འདུག་པའི་ཕྱིར་རོ། །མེད་ན་མི་འབྱུང་གི་རྒྱུ་ལ་དམིགས་ གསལ་མི་འཐད་པས་དམིགས་གསལ་ཡོད་པ་ཉིད་ཀྱིས་དེ་མིན་ཏེ། དབང་གོང་མ་ཐོབ་པ་ལ་ མེད་ན་མི་འབྱུང་བའི་རྒྱུར་བྱིས་དབང་མི་དགོས་པ་གྲུབ། དེ་གྲུབ་ཕྱིན་དགོས་པ་ཁྱད་པར་ ཅན་ལ་དམིགས་གསལ་དུ་གོང་མ་བཙན་ཐབས་སུ་སྦྱིན་པ་ལ་གནོད་བྱེད་ཅི་ཡང་ཡོད་པ་མ་ ཡིན་པས་ངེད་ཀྱི་འདོད་པ་ལ་ནོར་བ་ནམ་ཡང་མེད་དོ། །དངོས་ཀྱི་ལན་ནི་སྤྱིར་དཀྱིལ་འཁོར་ དུ་མ་ཞུགས་པས་ཀྱང་གྲོལ་བའི་དངོས་གྲུབ་ཐོབ་པར་འགྱུར་བའི་ལུང་ཡོད་དེ། སངས་རྒྱས་ མཉམ་སྦྱོར་ལས། དཀྱིལ་འཁོར་དག་ཏུ་མ་ཞུགས་པའམ། །སྒྲིབ་པ་ཀུན་དང་ལྡན་ཡང་རུང༌། ། རང་གི་ལྷར་ནི་བདག་སྦྱོར་ན། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །ཞེས་དང༌། 3-1-494 འདི་དང་སངས་རྒྱས་ཐམས་ཅད་ལ། །མཐོང་བ་དང་ནི་རེག་པ་ཡིས། །དཀྱིལ་འཁོར་དག་ཏུ་ མ་ཞུགས་པའང༌། །བདེན་པ་དག་ཀྱང་མཐོང་བར་འགྱུར། །ཞེས་གསུངས་ཏེ། ལུང་སྔ་ཕྱི་གང་ ཞིག་དབང་བཙན་པར་བྱེད། རང་ལུགས་ལུང་དེ་དག་མི་འགལ་བའི་དོན་གཞན་དུ་རྒྱས་པར་ འཆད་དོ། །འོན་ཀྱང་མཆོག་དབང་གོང་མ་བསྐུར་བས་ལུས་ཀྱི་དབང་པོ་བྷ་ག་སེམས། ཞེས་ པའི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང་བ་ཡིན་པས་དཀྱིལ་འཁོར་དེ་དག་དང་བསྐྲུན་ན། བརྡ་ཐབས་ཙམ་གྱིས་འཇུག་པ་དང༌། རང་གི་རྣམ་རྟོག་གིས་བཀོད་པའི་ལྷ་ངོ་དང༌། རི་མོའི་ དཀྱིལ་འཁོར་ཙམ་ལ་འགངས་ཆེ་རྒྱུ་ཅི་ཡོད། དཀྱིལ་འཁོར་དུ་མ་ཞུགས་པ་དང་མ་མཐོང་པ་ ནི་རྟགས་མ་གྲུབ་བོ། །དབང་བདུན་མ་བསྐུར་བར་མཆོག་དབང་བསྐུར་བ་རུང་བ་ཡིན་ཏེ། སློབ་དཔོན་ལ་གསང་སྒྲོགས་ཀྱི་རྩ་ལྟུང་མི་འབྱུང་བ་གང་ཞིག །སློབ་མས་དབང་བསྐུར་བ་ ཐོབ་པའི་ཕྱིར་རོ་ཞེས་ཟློག་སྟེ་བརྗོད་ན་ཅི་སྨྲ། རྩ་ལྟུང་འབྱུང་སྟེ་སྔར་དབང་བསྐུར་མ་ཐོབ་པ་ ལ་གསང་བ་བསྟན་པའི་ཕྱིར་སྙམ་ན། འོ་ན་སྔར་དབང་བསྐུར་གཞན་མ་ཐོབ་པ་ལ་དཀྱིལ་ འཁོར་དུ་འཇུག་པ་དང་བྱིས་འཇུག་བསྐུར་ཡང་སློབ་དཔོན་ལ་རྩ་ལྟུང་འབྱུང་བར་འགྱུར་ཏེ། ཡུལ་དེ་སྔར་དབང་བསྐུར་མ་ཐོབ་པ་ལ་སློབ་དཔོན་གྱིས་གསང་བ་བསྟན་པའི་ཕྱིར་རོ། །ཡང་ དེ་ལ་གསང་སྒྲོགས་མི་འབྱུང་སྟེ་ཡུལ་དེ་ཡང་སྐབས་འདིར་མོས་པ་དང་ལྡན་ཞིང༌། གང་ཟག་ དེ་ཉིད་ལ་དབང་བདུན་གྱི་ཆོ་ག་འདི་བྱེད་པའི་ཕྱིར་རོ་སྙམ་ན། དབང་གོང་མ་བཙན་ཐབས་ སུ་བསྐུར་བ་འདི་ལ་ཡང་གསང་སྒྲོགས་མི་འབྱུང་སྟེ། དེ་ཡང་དད་པ་དང་ལྡན་ཞིང་ཆོ་ག་ཡང་ དེ་ཁོ་ན་ལ་བྱེད་པའི་ཕྱིར་རོ། །ཡང་དེ་ལྟ་བུའི་ཚེ་སློབ་མ་དེས་ཀྱང་དབང་གོང་མ་རྣམས་ཐོབ་ པ་ཡིན་ཏེ། དབང་གོང་མ་རྣམས་ཀྱི་སྡོམ་པ་སྐྱེ་བའི་ཕྱིར་རོ། །དེ་ཡང་གྲུབ་སྟེ་དབང་གོང་མ་ བཞི་པོ་རྫོགས་རིམ་གྱི་སྡོམ་པ་སྐྱེད་བྱེད་ཀྱི་དབང་ཡིན། དབང་གོང་མ་བཞི་ལས་གཞན་པའི་ རྫོགས་རིམ་གྱི་སྡོམ་པ་སྐྱེད་བྱེད་ཀྱི་དབང་མེད་པའི་ཕྱིར། ཁྱབ་སྟེ། གོང་མའི་སྡོམ་པ་སྐྱེད་ 3-1-495 བྱེད་ཡོངས་རྫོགས་བསྐུར་བའི་ཕྱིར་གལ་ཏེ་གཞན་ཡོད་ཅེ་ན་གང་ཡིན་སྨྲོས་ཤིག །བྱིས་ འཇུག་རྣམས་ཀྱང་ངོ་ཞེ་ན། འོ་ན་བྱིས་འཇུག་ཐོབ་ན་རྫོགས་རིམ་གྱི་སྡོམ་པ་སྐྱེས་པས་ཁྱབ་ པར་ཐལ། བྱིས་འཇུག་རྫོགས་རིམ་གྱི་སྡོམ་པ་སྐྱེད་བྱེད་ཀྱི་དབང་ཡིན་པའི་ཕྱིར། དེར་དེ་ སྐྱེས་པ་ནི་ཁྱེད་རང་ཡང་མི་འདོད་དོ། །ཡང་དེ་དག་འདི་སྐད་ཅེས། དབང་བདུན་གྱིས་ས་ བདུན་གྱི་ལག་རྗེས་འཇོག་ཅིང༌། གོང་མ་བཞིས་ས་ཕྱི་མ་བཞིའི་ལག་རྗེས་འཇོག་པར་འོ་ སྐོལ་འདོད་པ་མཚུངས་ན། ས་བདུན་མ་ཐོབ་པར་བརྒྱད་པ་སོགས་ཐོབ་པ་ཡོད་པར་འགྱུར་ ཏེ། དབང་བདུན་མ་ཐོབ་པར་གོང་མ་བཞི་ཐོབ་པ་ཡོད་པའི་ཕྱིར། ཞེས་ཟེར་ཏེ། ཁོ་བོ་ཅག་ དབང་བདུན་པོས་ས་བདུན་ཐོབ་པར་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་པར་འགྱུར་བ་ ཙམ་དུ་འདོད་མོད། སྐབས་འདིར་ལག་རྗེས་ཀྱི་ཐ་སྙད་ནི། ཐ་སྙད་མི་མཛེས་ཤིང་དོན་དང་ འགལ་བས་ཁོ་བོ་ཅག་ཐ་སྙད་དེ་མི་བྱེད་ལ། དོན་ལ་དཔྱད་ནའང་དབང་བདུན་གྱིས་ས་ བདུན་གྱི་རྟེན་འབྲེལ་འཇོག་ཀྱང༌། ས་བདུན་ཐོབ་པའི་རྟེན་འབྲེལ་འཇོག་བྱེད་ཡིན་ན། དབང་བདུན་ཡིན་པས་ལྟ་ག་ལ་ཡང་ཁྱབ། དེ་དང་ལྡན་དགོས་པས་ཀྱང་མ་ཁྱབ་པས། ཐལ་ འགྱུར་དེ་ནི་ཁྱབ་པ་ཤིན་ཏུ་མ་ངེས་ལ། ཁྱེད་ཉིད་ལ་འདི་སྐད་ཅེས་བྱ་སྟེ། ཁམས་དྲུག་ལྡན་ པའི་མི་ལུས་ཐོབ་པའི་ལག་རྗེས་འཇོག་པའི་དབང་དང༌། ལམ་ཐུན་མོང་བའི་རྒྱུད་སྦྱང་བའི་ དབང་དང༌། ཚོགས་སྦྱོར་གྱི་སའི་ལག་རྗེས་འཇོག་པའི་དབང་མ་བསྐུར་བར་བྱིས་འཇུག་གི་ དབང་བསྐུར་བ་མི་འཐད་པར་འགྱུར་ཏེ། མདོར་ན་ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང༌། རྒྱུད་སྦྱོང་བ་དང༌། ཚོགས་སྦྱོར་གྱི་ས་མ་ཐོབ་པར་ས་བདུན་པོ་ཐོབ་པ་མི་སྲིད་པའི་ཕྱིར་རོ། ། ཞེས་མཚུངས་ཁྱབ་མགོ་བསྒྲེའོ། །འདོད་པར་ནི་མི་ནུས་ཏེ་དབང་དེ་འདྲ་མི་སྲིད་པའི་ཕྱིར་རོ། ། དེ་དག་དབང་མ་ཡིན་པའི་ཐབས་གཞན་གྱིས་འགྲུབ་སྙམ་ན། འདིར་ཡང་དེ་ཁོ་ནའོ། །དེས་ ན་རང་ལུགས་ནི། དབང་བདུན་གྱི་སྡོམ་པ་དགེ་བསྙེན་དང༌། བུམ་དབང་གི་དགེ་ཚུལ། གསང་ 3-1-496 དབང་གི་དགེ་སློང༌། འཇིག་རྟེན་པའི་ཤེར་དབང་འཇིག་རྟེན་པའི་བཞི་པར་བཅས་པས་ གནས་བརྟན་དང༌། འཇིག་རྟེན་འདས་པའི་བཞི་པ་སྐྱེ་དགུའི་བདག་པོ་སྟེ་དགྲ་བཅོམ་པའི་ རྒྱུད་ཀྱི་ཟག་མེད་ཀྱི་སྡོམ་པ་དང་སྦྱོར་བར་མཛད་ལ། དེས་ན་དགེ་བསྙེན་གྱི་སྡོམ་པ་མ་བླངས་ པར་དགེ་ཚུལ་དགེ་སློང་སྒྲུབ་ཏུ་ཡོད་པ་བཞིན་དུ། དབང་བདུན་མ་བླངས་པར་ཡང་གོང་མའི་ སྡོམ་པ་སྐྱེ་རུ་རུང་ལ། དབང་བཞི་སོ་སོ་རེ་རེས་ཀྱང་རང་རང་གི་སྡོམ་པ་སྐྱེ་རུ་རུང་བ་ཙམ་ ཡིན་མོད་ཀྱི། ཆ་མ་ཚང་ན་རྡོ་རྗེ་བཞིའི་དག་པ་ཕྲུགས་གཅིག་མི་རྫོགས་པས་རྫོགས་རིམ་གྱི་ སྒྲུབ་པ་ཆ་ཚང་སྒོམ་པ་ལ་བཞི་ཀར་ཡང་སྤྱིར་ནི་ཐོབ་དགོས་ལ། བཞི་ཀ་བསྐུར་ཕྱིན་ཆད་སྔ་ ཕྱིའི་གོ་རིམ་ཡང་ཚུལ་དང་མཐུན་པར་བྱའོ། །དམིགས་གསལ་གྱི་སྐབས་དབང་བདུན་མེད་ ཀྱང་རུང་བ་ནི། དབང་བདུན་ལ་རྡོ་རྗེ་བཞིའི་དག་པ་ཕྲུགས་གཅིག་ཚང་ཞིང༌། གོང་མ་རྣམས་ ལ་ཡང་དག་པ་ཕྲུགས་གཅིག་ཚང་བའི་ཕྲུགས་ཐ་དད་པས་ཡིན་ནོ། །དབང་གོང་མ་རེ་རེས་ ཀྱང་རེ་རེའི་སྡོམ་པ་བསྐྱེད་ཐུབ་པའི་རྒྱུ་མཚན་ནི། ཡེ་ཤེས་གྲུབ་པ་ལས། དབང་བཞི་པ་ཁོ་ན་ བཤད་པ་ལྟ་བུ་སྟེ། དེ་ཡང་ཉེས་མེད་ཡིན་དགོས་ན། དབང་པོ་རྣོན་པོ་ཁོ་ནས་དབང་དུ་བྱས་ པ་ནི་ཡིན་པར་གསལ་མོད། དེ་ཁོ་ན་རུང་བའི་སྐབས་ཤིག་ཡོད་དགོས་སོ། །དེ་ལས་ཁ་ཅིག་ ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་གྱི་བཞེད་པ་ཡིན་ནོ་ཞེས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ བྱིས་དབང་བདུན་མ་བསྐུར་བར་མཆོག་དབང་བསྐུར་ན་རྫོགས་རིམ་སྟོན་པར་རུང་སྟེ། རྫོགས་རིམ་སྐྱེ་བ་བསྐྱེད་རིམ་ལ་མ་བལྟོས་པའི་ཕྱིར། ཞེས་གསུང་ངོ་ཟེར་ནས་དགག་པ་སྔར་ བཞིན་གཏོང་སྟེ། རྗེ་ཕྱོགས་པའི་གསུང་གི་ཡི་གེ་འཁོད་པ་ཆེ་ཕྲ་གང་ནའང་དེ་སྐད་གསུང་པ་ ནི་མེད་ན། རྗེ་ཕྱོགས་པས་སློབ་མ་རྣམས་ལ་མ་གནང་བར། ཁྱེད་རྣམས་ལ་གནང་བའི་སྙན་ བརྒྱུད་དུ་སྩལ་བ་ཞིག་ཡོད་དམ་ཅི། འདི་ནི་ངེས་པར་གསུང་རབ་མ་མཐོང་བ་ལ་སློབ་དཔོན་ ངན་པའི་ངག་སྒྲོས་ནོར་བས་བསླུས་པར་གོར་མ་ཆག་གོ །དེས་ན་དབང་དང༌། བྱིན་རླབས་ 3-1-497 དང༌། རྗེས་གནང་ཀུན་ལ་སྔོན་འགྲོའི་ཆོས་ཞེས་བྱ་བ་ཞིག་ཡོད་ཀྱི། དེ་དཀྱིལ་འཁོར་དུ་ འཇུག་པའི་ཆོ་ག་ཡིན་པར་ནི་མ་ངེས་སོ། །དབང་གོང་མ་ལུས་ཀྱི་དཀྱིལ་འཁོར་སོགས་སུ་ འཇུག་པ་ལ། ཕྱིའི་དཀྱིལ་འཁོར་གྱི་འཇུག་ཆོག་གིས་ཁོ་བོ་ཅག་ལ་ནི་ཅི་ཞིག་བྱ། ཁྱེད་ལ་དེ་ འདྲ་དགོས་པ་ལགས་སམ་ཅི། འཇུག་པ་དང་སྔོན་འགྲོའི་ཆོ་གའི་ཁྱད་པར་ཙམ་ཡང་མ་ཤེས་ པ་འདི་ནི། རྟོག་གེ་སྐམ་པོའི་ས་ནས་བཙན་ཐབས་སུ་སྔགས་ལ་རང་གར་ཞུགས་པའི་རང་ མདོག་བསྟན་པ་དེར་སྣང་ངོ༌། །ཡང་བྱིས་འཇུག་གི་དབང་ལ་ཁོ་བོ་ཅག་ནི་ཁྱེད་བཞིན་དུ་ སྔགས་བརྗོད་ཀྱི་འུར་དིང་མི་ཆེ་ཡང་རང་དང་གཞན་ལ་ཡང་ཡང་ལེན་པ་དང་སྦྱིན་པའི་ལག་ ལེན་རྒྱུན་མི་ཆད་པར་བྱེད་ལ། ཁྱེད་ཅག་ནི་བསྔགས་བརྗོད་འདི་ཙམ་དུ་ཆེ་ཞིང་ཞེན་ཆེན་པོ་ འཐེན་པ་ལ། རང་ཡང་དཀྱིལ་འཁོར་དུ་མི་འཇུག་ཅིང༌། གཞན་དག་ལ་ཡང་རྒྱ་ལམ་ཞིག་ན་ མ་གཏོགས་མི་སྟེར་བ་འདི་ཡང་ངོ་མཚར་རྨད་དུ་བྱུང་བ་ཞིག་གོ ། བྱིས་པ་འཇུག་པའི་དབང་ བདུན་རྣམས་ཀྱང་སྤྱིར་རྫོགས་པར་ཐོབ་དགོས་ཀྱི། ནང་ཚན་གོ་རིམ་ལ་མཐའ་གཅིག་ཏུ་མ་ ངེས་པ་ཡང་ཡིན་ཏེ། རྒྱུད་སྡེ་རྣམས་ལས་དབང་འདི་དག་གི་གོ་རིམ་ངེས་མེད་དུ་གསུངས་ པའི་ཕྱིར་རོ། ། ལྔ་པ་ནི། སྤྱིར་དཀྱིལ་འཁོར་གྱི་ཆོ་ག་ལ་གཙོ་བོ་དང་ཕལ་པ་གཉིས་ལས། དང་པོ་ནི། དབང་གི་ཆོ་ག་དང་དངོས་གྲུབ་སྒྲུབ་པའི་ཆོ་ག་གཉིས་ཡིན་ལ། ཕྱི་མ་ནི་རབ་གནས་དང༌། སྦྱིན་སྲེག་དང༌། ལས་ཚོགས་ཕྲ་མོ་རྣམས་སྒྲུབ་པ་དང༌། ལས་སྦྱོར་གྱི་ཆོ་ག་རྣམས་སོ། །དེ་ ལས་འདིར་དབང་བསྐུར་བ་དང༌། དབང་གི་ཆོ་གའི་དབང་དུ་བྱས་ནས། ངོ་བོ་མཚན་ཉིད་ དབྱེ་བ་ངེས་ཚིག་དགོས་པ་སྟེ་ལྔའོ། ། དང་པོ་ནི། རྒྱལ་བས་གསུངས་པའི་སྔགས་རྒྱུད་ཀྱི་ཆོ་ག་ཡུལ་གང་ལ་སློབ་མར་བྱ་བའི་ ཆེད་དུ་བསྒྲུབ་རྒྱུ་དེ་དབང་གི་ཆོ་གའི་ངོ་བོ་ཡིན་ལ། རིགས་སྔགས་ཀྱི་ཆོ་གའི་མཐུ་ལས་སློབ་ 3-1-498 མའི་རྒྱུད་སྨིན་པས་གོང་དུ་འགྱུར་བའི་ཁྱད་པར་བསྟེན་པ་དེ་དབང་བསྐུར་བའི་ངོ་བོ་ཡིན་ པས་ཁྱད་པར་དེ་སློབ་མས་ཐོབ་པ་ནི་དབང་ཐོབ་པའོ། ། གཉིས་པ་ནི་སྔགས་ཀྱི་ཆོ་ག་གང་གིས་གཞན་ལ་སྔགས་སྡོམ་སྐྱེད་པའི་ནུས་པ་ཅན་དེ་ དབང་བསྐུར་བའི་ཆོ་གའི་མཚན་ཉིད་ཡིན་ལ། ཡང་ན་ཡུལ་གྱི་ཁྱད་པར་སློབ་མ་བྱེད་པ་ པོའི་ཁྱད་པར་རྡོ་རྗེ་སློབ་དཔོན་གྱི་རིགས་སུ་གནས་པ། ངོ་བོའི་ཁྱད་པར་སངས་རྒྱས་ཀྱིས་ གསུངས་པའི་སྔགས་རྒྱུད་ཀྱི་ཆོ་ག་བྱེད་ལས་ཀྱི་ཁྱད་པར་གང་ལ་བྱ་བའི་ཡུལ་དེ་ལ་སྔགས་ ཀྱི་སྡོམ་པ་སྐྱེད་ནུས་པའི་རིགས་ཅན་ཏེ། ཁྱད་པར་བཞི་ལྡན་གྱི་ཆོ་ག་དེ་ནི་དབང་བསྐུར་ བའི་ཆོ་གའི་མཚན་ཉིད་དུ་འགྱུར་ལ། རྒྱུའི་ཁྱད་པར་སངས་རྒྱས་ཀྱིས་གསུངས་པའི་སྔགས་ ཀྱི་ཁྱད་པར། ངོ་བོའི་ཁྱད་པར་དམ་ཚིག་གིས་བསྡུས་པའི་སྡོམ་པ། དག་པའི་ཁྱད་པར་སྒྲིབ་ པ་སྤོང་བྱེད་ཀྱི་ལམ་ཐམས་ཅད་ཀྱི་གཞིར་གྱུར་པ། བྱེད་ལས་ཀྱི་ཁྱད་པར་ཐུན་མོང་མ་ཡིན་ པའི་གསང་བ་ལ་འཇུག་ཏུ་རུང་བར་བྱེད་པ་སྟེ། ཁྱད་པར་བཞི་ལྡན་དུ་གྱུར་པའི་རྒྱུད་གོང་དུ་ འཕགས་པའི་གནས་ཐོབ་པའི་དངོས་པོ་དེ་ནི་དབང་དངོས་ཀྱི་མཚན་ཉིད་དོ། ། གསུམ་པ་ནི་ཐུན་མོང་དུ་རྒྱུད་དང་པོར་སྨིན་པར་བྱེད་པ་བྱིས་པ་འཇུག་པའི་དབང་ བདུན་དང༌། ཁྱད་པར་ཅན་སྨིན་པར་བྱེད་པ་དབང་གོང་མ་བཞི་དང༌། རྡོ་རྗེ་སློབ་དཔོན་དུ་ སྒྲུབ་པ་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ་གསུམ་དུ་དབྱེ་ལ། དེ་དག་རེ་རེ་ལ་ཡང་སྐུ་དང་གསུང་ དང་ཐུགས་དང་ཡེ་ཤེས་ཀྱི་དབང་བཞི་བཞིར་དབྱེའོ། །ཆུ་ཅོད་ནི་སྐུ། དར་དཔྱངས་དང་དྲིལ་ བུ་ནི་གསུང༌། བརྟུལ་ཞུགས་དང་མིང་ནི་ཐུགས། རྗེས་གནང་ཡེ་ཤེས་རྡོ་རྗེའི་དབང་ཡིན་ ལ། བུམ་དབང་སྐུ། གསང་དབང་གསུང༌། ཤེས་རབ་ཐུགས། བཞི་པ་ཡེ་ཤེས་སོ། །ཡང་ སློབ་མའི་དབང་དང༌། སློབ་དཔོན་གྱི་དབང་གཉིས་ཏེ། སློབ་མའི་དབང་ལ་དབང་བདུན་ དང་གོང་མ་བཞི་སྟེ་བཅུ་གཅིག་ཡོད་ལ། སློབ་དཔོན་གྱི་དབང་ལ་བདག་པོ་དང༌། བདག་པོ་ 3-1-499 ཆེན་པོ་གཉིས་སོ། །ཡང་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་སུའང་བསྡུ་ སྟེ། དབང་གཞན་རྣམས་འཇིག་རྟེན་པ་དང༌། བཞི་པ་དངོས་ནི་འཇིག་རྟེན་ལས་འདས་པའོ། ། ཡང་ན་སློབ་མའི་དབང་ནི་རང་དོན་དང༌། བདག་པོའི་དབང་ནི་གཞན་དོན་དང༌། བདག་པོ་ ཆེན་པོའི་དབང་ནི་གཉིས་དོན་གྱི་དབང་སྟེ་གསུམ་དུ་དབྱེའོ། ། ཡང་རྒྱུ་ལམ་འབྲས་གསུམ་ལས། རྒྱུའི་དུས་ཀྱི་དབང་ནི། དང་པོར་མ་སྨིན་པ་སྨིན་པར་ བྱེད་པ་དང༌། སྒྲིབ་པ་སྦྱང་བ་ཙམ་དང༌། བསོད་ནམས་ལ་སོགས་པ་ཚོགས་གསུམ་གྱི་ཡོན་ ཏན་འཕེལ་བའི་ཕྱིར། བདག་ཉིད་འཇུག་པའམ་སློབ་དཔོན་གྱིས་དབང་བསྐུར་བ་ལས་ དངོས་སུ་ལམ་གོང་མར་འཕོ་བའི་ནུས་པ་མེད་པའོ། །ལམ་གྱི་དབང་ནི་དབང་བསྐུར་བ་དེ་ ཉིད་ཀྱི་དངོས་འབྲས་ལ་ས་ལམ་གྱིས་བསྡུས་པའི་རིམ་པ་གོང་མར་འཕོ་ནུས་པ་སྟེ། གང་ དབང་བསྐུར་བླངས་པས་བསྐྱེད་རིམ་བརྟན་པ་མ་ཐོབ་པ་ཐོབ་པར་འགྱུར་བ་དང༌། རིག་པ་ འཛིན་པ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ལས་མ་འགྲུབ་པ་འགྲུབ་པར་བྱེད་པ་དང༌། ཡན་ ལག་དྲུག་ལའང་དེ་བཞིན་དུ་སྦྱར་བ་དང༌། ཉེ་རྒྱུ་འོག་མ་དང་འཕགས་པའི་ས་ལ་དབང་ བསྐུར་བ་རྣམས་ཡིན་ཞིང༌། འབྲས་བུའི་དབང་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཁར་ལོངས་ སྤྱོད་རྫོགས་པའི་སྐུའི་སྐུར་འགྱུར་བའི་དབང་དེའོ། །གཞན་ཡང་དབང་དོན་སྒོམ་པ་ཡང་ དབང་ཞེས་བྱ་བའི་སྐབས་ཡོད་དེ། དབང་ནི་དྲི་མེད་རི་བོང་ཅན་མཚུངས་གསུངས་པ་ལྟར་ ཡིན་པས་བསྐྱེད་རིམ་བརྟན་པའི་ཡེ་ཤེས་ལ་བྱིས་འཇུག་དང་རྫོགས་རིམ་གྱི་ཡེ་ཤེས་ལ་ དབང་གོང་མའི་ཐ་སྙད་མཛད་པའང་ཡོད་མོད་ཀྱི། ཆོ་ག་དང་འབྲེལ་བའི་དབང་ནི་གོང་དུ་ བཤད་པ་དེ་རྣམས་སོ། །འོད་ཟེར་འཕྲེང་བ་ལས་ནི་དབང་གི་དབྱེ་བསྡུ་འདི་ལྟར་ཡང་མཛད་ དེ། དབང་བདུན་དཀྱིལ་འཁོར་རྡུལ་ཚོན་དང་ལམ་བསྐྱེད་རིམ་སྟོན་པས་གཅིག་ཏུ་བསྡུ། བུམ་དབང་ལུས་དཀྱིལ་ལ་བརྟེན། གསང་དབང་བྷ་ག་ལ་བརྟེན། ཤེར་དབང་ཀུན་རྫོབ་ 3-1-500 བྱང་སེམས་ལ་བརྟེན་པས་མན་ངག་ཕྲ་ཐིག་ཏུ་གཅིག་ཀྱང་དཀྱིལ་འཁོར་སོ་སོའི་དབང་གིས་ གསུམ་དུ་བྱས་ལ། བཞི་པའི་དཀྱིལ་འཁོར་ཕྱག་རྒྱ་ཆེན་པོ་དང་མན་ངག་སྦྱོར་དྲུག་ཡིན། རྡོ་ རྗེ་སློབ་དཔོན་གྱི་དབང་ནི་རྒྱུད་ཀྱི་དཀྱིལ་འཁོར་ལ་བརྟེན། མན་ངག་རྡོ་རྗེའི་ཚིག་འབྱེད་ པ་དང༌། ལས་ཚོགས་ཡིན་ཏེ། དབང་བཅུ་གཉིས་དཀྱིལ་འཁོར་དྲུག་ལ་བརྟེན་ནས་དྲུག་ཏུ་ བསྡུ། ཡང་ན་དབང་བདུན་གོང་བཞིན་གཅིག་ཏུ་བསྡུ། གོང་མ་འཇིག་རྟེན་པ་གསུམ། ཡུལ་ རིག་མ་དང་མན་ངག་བདེ་བར་མཐུན་པའི་བདེ་བའི་དབང་དང༌། བཞི་པ་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་སྟོན་པས་ཕྱག་ཆེན་གྱི་དབང་དང༌། སློབ་དཔོན་གྱི་དབང་སྔར་བཞིན་ལོགས་པ་ སྟེ། དབང་བཅུ་གཉིས་བཞི་རུ་བསྡུ། ཡང་ན་དེ་བཞིན་དུ་དབང་གཞན་རྣམས་སྨིན་བྱེད་ཀྱི་ དབང་དང༌། འཇིག་རྟེན་ལས་འདས་པའི་བཞི་པ་ནི་གྲོལ་བྱེད་ཀྱི་དབང་ངོ༌། །ཞེས་གཉིས་སུ་ བསྡུ་བར་བཤད་དེ། གནད་དང་ལྡན་པའི་ལེགས་པར་བཤད་པའོ། ། བཞི་པ་ནི། གཅིག་ཏུ་ན་དབང་གི་སྐད་དོད་སེ་ཀ་ལ་ཡི་གེ་ཕྱིས་བསྣན་བསྒྱུར་བ་སྣ་པི་ ཞེས་འབྱུང་བ་ནི་འཁྲུད་པ་སྟེ་དྲི་མའི་རྙོག་པ་ཐམས་ཅད་འཁྲུད་ཅིང་ཡེ་ཤེས་སྐྱེད་པར་བྱེད་ པའི་དོན་ནོ། །ཡང་ན་དག་པར་བྱེད་པས་དབང་སྟེ། རྡོ་རྗེ་འཕྲེང་བ་ལས། དུག་ནི་སྔགས་ ཀྱིས་བཅོམ་པ་བཞིན། །སྔགས་ཀྱིས་དག་བྱས་བཅུད་ལེན་བྱེད། །དེ་བཞིན་སློབ་མ་དབང་ སོགས་ཀྱིས། །མ་དག་པར་ནི་དག་པར་བྱེད། །ཅེས་གསུངས། ཡེ་ཤེས་ཐིག་ལེ་ལས། དབང་ གིས་དྲི་མ་མེད་པར་བྱེད། །ཆུ་ལ་སོགས་པས་རབ་བཀྲུས་བཞིན། །ཞེས་གསུངས་ཏེ། དཔེར་ ན་རྒྱལ་རིགས་དབང་བསྐུར་པ་ལ་བཀྲ་མི་ཤིས་པ་འཁྲུད་པའི་དོན་དུ་ཁྲུས་བྱེད་པ་བཞིན་ནོ། ། དེ་ལྟར་འཁྲུད་པ་དང་དག་བྱེད་དོན་གཅིག་གོ །ཡང་གཉིས་སུ་ན་ཡི་གེ་ཕྱིས་བསྣན་གྱི་དབང་ གིས་ཨ་དྷི་ཀ་ར་ཞེས་པ་དབང་བར་བྱེད་པས་ན་དབང་སྟེ། རྒྱུད་ཉན་པ་དང་ལམ་སྒོམ་པ་དང་ དངོས་གྲུབ་སྒྲུབ་པ་དང་རྒྱུད་སྟོན་པ་ལ་དབང་བར་བྱེད་པའོ། །ཡང་གསུམ་དུ་ན་{བཤད་ 3-1-501 [བ་ཤང་]ཀ་རོ་ཏི་རང་དབང་དུ་གྱུར་པས་དབང་སྟེ། དངོས་གྲུབ་དང་འཕྲིན་ལས་ཇི་ལྟར་ འདོད་པས་དབང་དུ་གྱུར་པའོ། །ཡང་བཞི་རུ་ན། ཨཱི་ཤྭ་ར་དབང་ཕྱུག་གི་དོན་གྱིས་དབང་སྟེ། རྒྱལ་པོར་དབང་བསྐུར་བས་རྒྱལ་སྲིད་ཀྱི་བདག་པོར་མངའ་བརྙེས་པ་བཞིན། ཐམས་ཅད་ ལ་མངའ་བསྒྱུར་བའི་ཕྱིར་ཡོན་ཏན་གྱི་དབང་ཕྱུག་དམ་པ་ཐོབ་པར་བྱེད་པ་སྟེ། ཡེ་ཤེས་ཐིག་ ལེར། དབང་བསྐུར་སྦྱིན་དང་འཁོར་ལོས་བསྒྱུར། །ཐེ་ཚོམ་མེད་པ་ཡིན་པར་འགྱུར། །ཞེས་ གསུངས། ཡང་ལྔ་པར་ན་ཨ་བྷི་ཥིཀྟ་ལ་དབྱངས་བསྒྱུར་བས། ཤཀྟི་ཨ་ཝ་ཀྵེ་པ་ནཾ་ཞེས་པ་ ནུས་པ་འཇོག་པ་སྟེ། ས་ལམ་དང་འབྲས་བུ་ཐོབ་པའི་ནུས་པ་གསལ་བར་བྱེད་པའོ། །ཡང་ དྲུག་པར་ན་ཨ་བྷི་ཥིཉྩ་ལ་ཤིཉྩ་ཆུ་གཏོར་ནས་འཁྲུད་པ་ལྟ་བུ་གཏོར་བའི་དོན་དང༌། ནི་ཥིཀྟ་ ཞེས་པ་ལུགས་སུ་བླུགས་པ་སྟེ། དྲི་མ་བཀྲུས་ཤིང་ཡེ་ཤེས་ཞུ་ལུགས་སུ་བླུགས་པ་ལྟ་བུའོ། ། དགྱེས་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་ བྱ། །ཞེས་སོ། །ཁ་ཅིག་སྣོད་གཙང་མར་ཆུ་བླུགས་པ་ཞེས་ཀྱང་འཆད་དོ་དྲི་མ་བཀྲུས་ནས་ བྱིན་གྱིས་བརླབས་ཞེས་པའི་དོན་ཙམ་ཡིན་ལ། ལུགས་སུ་བླུགས་ཞེས་པ་ལྟར་ན། སྔར་ ལུས་ངག་ཡིད་གསུམ་རང་བཞིན་རྣམ་དག་ཙམ་དེ། ཕྱིས་དཀྱིལ་འཁོར་གྱི་གཟུགས་སུ་དོད་ པའི་མིང་ཡིན་ནོ། །ཡང་བདུན་པར་ན། ཥིཉྩ་ལ་ཡི་གེ་ཕྱིས་བསྣན་གྱི་དབང་གིས་ཙཪྻ་སྤྱོད་པ་ དང༌། ཤེཀྟ་ལ་ཡི་གེ་ཕྱིས་བསྣན་གྱིས་མུཀྟི་གྲོལ་བ་སྟེ། སྤྱོད་པ་དང་གྲོལ་བའི་འབྲས་བུ་སྟེར་ བའི་ཕྱིར་དབང་སྟེ། ཀྱཻ་རྡོར་གྱི་འགྲེལ་པ་ཁ་ཆེ་ཆེན་པོས་བྱས་པ་ལས། སྔགས་ཀྱི་ཚུལ་ལ་ སྤྱོད་པ་དང་གྲོལ་བ་གཉིས་སྟེར་བའི་ཕྱིར་དབང་ཞེས་བྱའོ། །ཞེས་སོ། །ཡང་བརྒྱད་པར་ན་ སུ་ཁ་ཡུཀྟ་བདེ་བ་དང་ལྡན་པར་བྱེད་པའི་ཕྱིར་དབང་སྟེ། ཕྱག་རྡོར་སྟོད་འགྲེལ་ལས། འདིར་ དབང་བསྐུར་བར་བྱེད་པ་ནི་དབང་སྟེ། བདེ་བའི་སེམས་དང་ལྡན་པར་བྱེད་པའི་ཕྱིར་རོ། ། ཞེས་གསུངས་པས་སོ། །ཡང་དགུ་པར་ན་རྣམ་གྲངས་གཞན་ནི། ཡེ་ཤེས་ཐིག་ལེ་ལས། ཨ་ 3-1-502 ཡི་ཡིག་འབྲུ་དགའ་བ་ཡིན། །བྷི་ཡི་ཡིག་འབྲུ་མཆོག་ཏུ་དགའ། །ཤེ་ཡི་ཡིག་འབྲུ་དགའ་བྲལ་ དགའ། །ཀ་ཡི་ཡིག་འབྲུ་ལྷན་སྐྱེས་སོ། །ཞེས་གསུངས་ཏེ། དགའ་བཞིའི་ཡེ་ཤེས་གསལ་ བར་བྱེད་པ་དང༌། གཞན་ཡང་ཡི་གེ་བཞིའི་དོན་གྱི་རྣམ་གྲངས་མི་འདྲ་བ་མང་དུ་གསུངས་སོ། ། དེ་ལྟར་དབང་བསྐུར་བའི་སྒྲ་དོན་མང་ན་ཡང༌། གཏོར་ཞིང་བཀྲུས་པ་དང༌། བླུགས་པ་དང༌། དབང་བར་བྱེད་པ་རྣམས་སྒྲ་དོན་གྱི་གཙོ་བོ་ཡིན་ནོ། ། ལྔ་པ་ནི། གོང་དུ་བཤད་པ་རྣམས་ཀྱི་ཞོར་ལའང་རྟོགས་པར་འགྱུར་མོད་ཀྱི། བྱིས་པ་ འཇུག་པའི་དབང་བདུན་བསྐུར་བས་བསྐྱེད་རིམ་གྱི་སྡོམ་པ་ཐོབ་ཅིང༌། བསྐྱེད་རིམ་དང་ བཟླས་པ་བྱེད་དུ་རུང་བའི་དགོས་པ་དང༌། ལས་ཚོགས་དང་དངོས་གྲུབ་སོགས་ལ་ཞུགས་ ན། ཇི་ལྟར་འདོད་པའི་འབྲས་བུ་འབྱུང་བའི་དགོས་པ་ཡོད་དོ། །དེ་བཞིན་དུ་བུམ་དབང་ དང༌། གསང་དབང་དང༌། འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་རྣམས་ལ་ཀུན་རྫོབ་ཀྱི་སྡོམ་པ་ རེ་རེ་དངོས་སུ་སྐྱེ་རྒྱུ་ཡོད་ཅིང༌། འཇིག་རྟེན་ལས་འདས་པའི་དབང་བཞི་པ་ནི་ལས་དང་པོ་པ་ ལ་ཚིག་དབང་གི་ཚུལ་དུ་བསྐུར་ན། ད་ལྟ་དོན་དམ་གྱི་སྡོམ་པ་དངོས་སུ་མི་སྐྱེ་ཡང་དོན་དམ་ པའི་ལམ་དེ་ཉན་པ་དང་སྒོམ་དུ་རུང་བའི་སྡོམ་པ་ཀུན་རྫོབ་པས་བསྡུས་པ་ཞིག་སྐྱེའོ། །དེ་ སྐྱེས་པས་རྫོགས་རིམ་གྱི་གསང་བ་ཟབ་མོ་རྣམས་ཉན་སྒོམ་ཐམས་ཅད་ལ་དབང་བའི་དགོས་ པ་ཡོད་དོ། །གཞན་ལ་སྟོན་པར་མི་དབང་ངམ་ཞེ་ན། སློབ་མའི་དབང་ཙམ་ཐོབ་པས་རྡོ་རྗེ་ སློབ་དཔོན་གྱི་ཚུལ་གྱིས་རྒྱུད་སྟོན་པ་དང༌། དབང་བསྐུར་བ་སོགས་ལ་ནི་མི་དབང་ལ། བླ་ མའི་ཚུལ་དུ་མ་ཡིན་པར་གསང་སྒྲོགས་མི་འབྱུང་བའི་ཡུལ་ལ་དོགས་དཔྱོད་ལ་སོགས་པའི་ ཚུལ་གྱིས་སྨྲ་མི་རུང་བ་ནི་མ་ཡིན་པས་གཞན་ལ་ཅུང་ཟད་སྟོན་དུ་རུང་བར་འགྲོའོ། །རྡོ་རྗེ་ སློབ་དཔོན་གྱི་དབང་ནི་ཡུལ་གང་ཟག་གང་གིས་ཐོབ་ན། འགྲོ་བའི་དོན་སྤྱོད་པ་ལ་མཐུ་དང་ ལྡན་པ་སྟེ། རང་དོན་དུ་ཡང་དངོས་གྲུབ་ཀྱི་འབྲས་བུ་ལ་མྱུར་དུ་འཇུག་པའི་དགོས་པ་ཡོད་ 3-1-503 དོ། །འདིར་རྡོ་རྗེ་སློབ་མའི་དབང་གོང་མ་བཞི་ལས། བུམ་དབང་ཐོག་མར་དགེ་བའི་སྨིན་ བྱེད་དང༌། གསང་དབང་བར་དུ་དགེ་བའི་སྨིན་བྱེད་སོགས་དང་སྦྱོར་ན། བུམ་དབང་ཙམ་ ཐོབ་པས་སོར་བསམ་དང༌། དེ་དང་གསང་དབང་ཙམ་ཐོབ་པས་སྲོག་འཛིན་ཙམ་སྒོམ་དུ་རུང་ ངམ་ཞེ་ན། དེ་དག་བརྒྱུད་མ་ནས་སྨིན་པར་བྱེད་པ་ཡིན་གྱི། དངོས་ཀྱི་སྨིན་བྱེད་མ་ཡིན་པས་ མི་རུང་ངོ༌། །འོ་ན་འཇིག་རྟེན་པའི་དབང་གསུམ་ལ་ལམ་ལྷག་པོ་བསྒོམ་རྒྱུ་མེད་པར་འགྱུར་ རོ་སྙམ་ན། མདོ་གཞུང་ཅི་རིགས་པ་དང༌། སྔགས་རྒྱུད་གཞན་ཐན་ཐུན་རྣ་བར་ཐོས་པའི་ ལྟག་ཤེད་ཀྱིས། དཔལ་དུས་ཀྱི་འཁོར་ལོ་ལ་རང་སྟོབས་ཀྱིས་འཇུག་པ་དག་ལ་འདི་ལྟ་བུའི་ དོགས་པ་སྐྱེ་བ་བདེན་ནོ། །འོན་ཀྱང་དེར་མི་འགྲོ་སྟེ་བུམ་དབང་ཐོབ་པས་རྩ་གསུམ་མམ་ འཁོར་ལོ་བཞི་ལ་སོགས་པའི་དམིགས་པ་དང༌། ཡིག་འབྲུ་ཐིག་ལེའི་གཟུགས་ལ་སོགས་ པའི་རྣལ་འབྱོར་སྒོམ་པ་དང༌། གསང་དབང་ཐོབ་པས་བུམ་པ་ཅན་སོགས་རླུང་གི་རྣལ་འབྱོར་ རྣམས་དང༌། འཁོར་ལོ་དྲུག་གི་གཏུམ་མོ་འབར་འཛག་སོགས་སྒོམ་པ་དང༌། འཇིག་རྟེན་པའི་ ཤེས་རབ་ཡེ་ཤེས་གསུམ་པ་བཞི་པ་གཉིས་ཀྱིས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར་ ལ་བརྟེན་པའི་བདེ་བ་སྒོམ་ཚུལ་བཙན་ཐབས་ན་དེའི་སྦྱོར་བ་དུ་མ་དང་བཅས་པ་རྣམས་སྒོམ་ པ་ལ་དབང་བ་ཡིན་ནོ། །དེ་རྣམས་ནི་དཔལ་དུས་ཀྱི་འཁོར་ལོའི་ལུགས་ལ་བསྐྱེད་རིམ་ཕྲ་ ཐིག་ཏུ་གཏོགས་པའི་རྣལ་འབྱོར་ཡིན་གྱི། རྫོགས་རིམ་གྱི་རྟོགས་རིགས་མ་ཡིན་ནོ། །དེ་ དག་ལ་ཟབ་མོ་བསྐྱེད་རིམ་ཞེས་པ་དང༌། མི་ཟབ་པའི་རྫོགས་རིམ་ཞེས་ཟེར་ཡང་བསྐྱེད་རིམ་ མཚན་ཉིད་པ་དང་རྫོགས་རིམ་བཏགས་པ་པའོ། །གང་གི་ཚེ་འཇིག་རྟེན་ལས་འདས་པའི་ དབང་བཞི་པ་ཚིག་དབང་དུ་ཐོབ་པས་ནི་རྫོགས་རིམ་དངོས་རྣམས་སྒོམ་པ་ལ་དབང་བ་ཡིན་ ཏེ། དེ་ལ་སོར་བསམ་དུ་ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་སྒོམ་པ་ཉིད་དང༌། སྲོག་ རྩོལ་དུ་རླུང་གི་དྭངས་མ་སྟོང་གཟུགས་སུ་སྒྲུབ་པ་ཉིད་དང༌། འཛིན་པར་ཐིག་ལེའི་དྭངས་ 3-1-504 མ་ཡང་དེ་དང་གཅིག་ཏུ་བྱེད་པ་དང༌། རྗེས་དྲན་དུ་རྣམ་ཀུན་མཆོག་ལྡན་དངོས་དང་ཏིང་ངེ་ འཛིན་དུ་གཟུགས་དང་བདེ་བར་དབྱེར་མེད་པ་མི་འགྱུར་བའི་བདེ་བ་འགྲུབ་ཅིང༌། ཡན་ལག་ དྲུག་ཀར་དུ་ཡེ་ཤེས་ཀྱི་རྩ་དབུ་མ་ཞེས་བྱ་བ་སྒྲུབ་པ་པོ་རང་གི་ལུས་སེམས་གཉིས་དང་དབྱེར་ མི་ཕྱེད་པའི་ཚུལ་གྱིས་གནས་པ་སྟོང་གཟུགས་ལས་གྲུབ་པའི་རྩ་ཞིག་གདོད་ནས་གནས་པ་ དེ་ལ་རྣམ་པར་མི་རྟོག་པའི་ཚུལ་གྱིས་གནད་དུ་བསྣུན་པ་དགོས་ཏེ། རྫོགས་རིམ་མཚན་ཉིད་ པ་ནི་དེ་དག་ཡིན་ལ། རགས་པའི་རྩ་རླུང་ཐིག་ལེ་རྩ་བ་ནས་འཆིང་བ་ལ་ནི་དྭངས་མ་ཆོས་ ཉིད་ལ་བསྲེ་ཚུལ་མེད་ན་[དེ་ཡང་]མི་འབྱུང་བས་རྫོགས་རིམ་དངོས་དགོས་ཀྱང༌། ཅུང་ཟད་ འཆིང་བ་ལ་ནི་དེར་མ་ངེས་ཏེ། དེས་ན་བསྐྱེད་རིམ་པ་ལ་ཡང་རགས་པའི་དབུ་མར་རགས་ པའི་རླུང་ཐིམ་པ་དང༌། དེར་རགས་པའི་ཐིག་ལེ་འཆིང་བ་ཡོད་དོ། །འཕགས་ཡུལ་གྱི་སློབ་ དཔོན་མང་པོ་ཞིག་རྫོགས་རིམ་དུ་འདོད་པ་རྣམས་ལུགས་འདིར་བསྐྱེད་རིམ་དུ་འཆད་པ་འདི་ ཡང་མཁས་པར་གྲགས་པ་མང་པོས་མ་གོ་འདུག་ལ། ཡན་ལག་དྲུག་པའི་ཁྲིད་ཚུལ་ལ། ལས་ དང་པོ་པས་ཡན་ལག་དྲུག་རྗེས་མཐུན་པ་བསྒོམ་དགོས་པའི་ཕྱིར། བསྐྱེད་རིམ་ནས་བླངས་ ཏེ་བསྐྱེད་རྫོགས་འདྲེས་མའི་ཚུལ་དུ་བསྒོམ་དགོས་པའི་གནད་ཀྱང་ཤེས་པར་བྱའོ། །དེས་ ན་དབང་བདུན་གྱི་ལམ་ནི། གཙོ་བོར་མི་ཟབ་པའི་བསྐྱེད་རིམ་ཡིན་ཞིང༌། དེ་ཉིད་ཀུན་ལ་ གྲགས་པའི་བསྐྱེད་རིམ་ཡིན་པས་རགས་བཤད་ཀྱི་སྐབས་སུ་དེ་ཁོ་ན་ལ་བསྐྱེད་རིམ་ཟེར་ བ་དང༌། འཇིག་རྟེན་པའི་དབང་གོང་མ་གསུམ་གྱི་ལམ་ནི་ངེས་པར་ན། ཟབ་མོ་བསྐྱེད་རིམ་ ཡིན་ཡང༌། དེ་ཉིད་རྫོགས་རིམ་ཡིན་པར་ཕལ་ལ་གྲགས་པ་དང༌། དབང་དེ་ཡང་རྫོགས་རིམ་ ཡན་ལག་དྲུག་དངོས་ཀྱི་དབང་མིན་ཡང་དེ་ལ་ཤིན་ཏུ་ཉེ་བའི་དབང་ཡིན་པའི་ཕྱིར། རྫོགས་ རིམ་གྱི་དབང་གི་ཐ་སྙད་འཇོག་གོ །དེས་ན་ཞིམ་མོར་དཔྱད་ན་དབང་འདི་རྣམས་ནི་འདོད་ གཟུགས་ཀྱི་རིག་འཛིན་སྒྲུབ་པ་ལ་ཡང་ངེས་པར་དགོས་ལ། འཇིག་རྟེན་འདས་པའི་བཞི་ 3-1-505 པ་ཚིག་དབང་མ་བསྐུར་ན། འདི་རྣམས་ཐོབ་ཀྱང་ཡན་ལག་དྲུག་པའི་རྣལ་འབྱོར་དངོས་ཀྱི་ མན་ངག་ཉན་པ་དང་སྒོམ་དུ་མི་རུང་ཞིང༌། རྒྱུད་ཀྱི་ནང་ནས་ཡན་ལག་དྲུག་པོ་ཤིན་ཏུ་གསལ་ པར་སྟོན་པའི་ངོ་སྤྲོད་རྣམས་ཀྱང་ཉན་པ་ལ་མི་དབང་མོད། བསྐྱེད་རིམ་སོགས་དང་རྫོགས་ རིམ་{སྤྱོད་[སྦྱོར་]པའི་གནས་སྐབས་དང༌། རྫོགས་རིམ་ལ་དད་པ་བསྐྱེད་པའི་ཕྱིར་ཆེ་བ་ དབྱུང་དགོས་པས། ངོ་བོ་བྱེད་ལས་ཕན་ཡོན་རགས་པ་རྣམས་ཉན་དུ་ནི་རུང་ཡང༌། དུས་ ཀྱི་འཁོར་ལོའི་རྒྱུད་རྫོགས་པར་ཉན་པ་ལ་དབང་བ་ནི་མིན་མོད། བདེ་གསང་སོགས་ལ་ ནི་ཚོགས་བཤད་ཀྱི་སྒོ་ནས་རྒྱུད་འགོ་གཞུག་ཚང་བར་ཉན་དུ་རུང་བ་ནི་ཡོད་དེ། དེ་ལ་ནི་ བྱིས་པ་འཇུག་པའི་དབང་བདུན་གྱིས་ཀྱང་ཆོག་པར་མངོན་ཞིང༌། གསང་འདུས་སོགས་ཀྱི་ སློབ་བཤད་རགས་པ་ལ་ཡང་འདིའི་དབང་གོང་མ་འཇིག་རྟེན་པ་རྣམས་ཐོབ་ན་ཉན་པ་ལ་ དབང་བར་སེམས་ཏེ། དེའི་རྫོགས་རིམ་གྱི་མན་ངག་ཕལ་ཆེར་ཟབ་མོ་བསྐྱེད་རིམ་ཡིན་པས་ སོ། །དེའི་ཕྱིར་མང་པོ་ཞིག་དུས་ཀྱི་འཁོར་ལོའི་སློབ་མའི་དབང་ལ་འཇིག་རྟེན་ལས་འདས་ པའི་བཞི་པ་མི་བསྐུར་ཞིང༌། དེའི་རྒྱུད་རྫོགས་པར་ཉན་པ་ལ་དབང༌། སྦྱོར་དྲུག་སྒོམ་པ་ལ་ དབང་ཞེས་སོགས་ནི། གཞན་ལག་ལེན་མ་ནོར་བར་སྤྱོད་པའི་སྐྱེས་བུ་དམ་པས་འགྲོ་བ་མང་ པོ་སྨིན་གྲོལ་མཛད་པ་ལ་གསང་སྒྲོགས་ཀྱི་སྐྱོན་འཚོལ་འཚོལ་ནས། རང་ལ་གསང་སྒྲོགས་ ཆེས་ཆེ་བའི་སྐྱོན་ཆགས་པ་མ་གོ་བར་ཟད་དོ། །འཇིག་རྟེན་འདས་པའི་དབང་མ་ཐོབ་པ་ལ་ སྟོང་གཟུགས་ཕྱག་རྒྱ་ཆེན་པོ་འཇིག་རྟེན་ལས་འདས་པའི་ལམ་སྟོན་དུ་རུང་ན། བསྐྱེད་རིམ་ གྱི་དབང་མ་ཐོབ་པ་ལ་བསྐྱེད་རིམ་སྟོན་དུ་ཅིའི་ཕྱིར་མི་རུང་སྟེ། {དེ་ལ་[རུང་བ་]སོགས་པ་ ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟར་ན་རྒྱུའི་དབང་བསྐུར་བའི་དགོས་པ་ལམ་ཐམས་ཅད་ཀྱི་ རྟེན་དང་གཞིའི་དོན་དུ་འགྱུར་བ་ཡིན་ལ། ལམ་དང་འབྲས་བུའི་དབང་རྣམས་ལ་དེ་དང་དེའི་ དངོས་གྲུབ་དང་ས་ལམ་རྣམས་ཐོབ་པར་འགྱུར་བ་དགོས་པ་ཡིན་ནོ། ། 3-1-506 རྩ་བའི་དྲུག་པ་ཇི་ལྟར་དབང་བསྐུར་བའི་ཆོ་གའི་རིམ་པ་ལ། གང་དུ་དབང་བསྐུར་བའི་ གནས། གང་གི་ཚེ་དབང་བསྐུར་བའི་དུས། གང་གིས་དབང་བསྐུར་བའི་ཆོ་ག་དངོས་བཤད་ པའོ། ། དང་པོ་ནི། གྲོང་ཁྱེར་དང་འབྲེལ་པ་དང༌། མ་འབྲེལ་པ་གཉིས་སོ། །ཇི་སྐད་དུ། རྒྱུད་ ལས། དབང་ལྡན་དང་ནི་བྱང་གི་ས་གཞི་དག་ལ་ཞི་བ་དང་ནི་རྒྱས་པ་དག་ཏུ་འགྱུར་བ་སྟེ། ། མེ་ཡི་མཚམས་དང་ཤར་གྱི་ཆར་ནི་རབ་ཏུ་གསལ་ཞིང་ངེས་པར་བསད་པ་དག་དང་བསྐྲད་ པའོ། །བདེན་བྲལ་དང་ནི་ལྷོ་ཕྱོགས་སུ་ཡང་གསལ་བར་རྟག་ཏུ་དབང་དུ་བྱ་དང་དགུག་པ་ དག་ཀྱང་ངོ༌། །མཆོག་གི་མི་བདག་རླུང་གི་མཚམས་དང་ནུབ་ཕྱོགས་སུ་ཡང་ངེས་པར་རེངས་ པ་དང་ནི་རྨོངས་པའོ། །ཞེས་གསུངས་ཏེ། གྲོང་ཁྱེར་གྱི་དབུས་སུ་ལས་ཐམས་ཅད་པ་གཉིས་ ཀྱི་དོན་དང༌། གྲོང་གི་ཕྱི་རོལ་བྱང་དུ་རྒྱས་པ། བྱང་ཤར་དུ་ཞི་བ། ཤར་དུ་དབྱེ་བ། མེར་ བསད་པ། ལྷོར་དགུག་པ། བདེན་བྲལ་དུ་དབང༌། ནུབ་ཏུ་རེངས་པ། རླུང་དུ་རྨོངས་པ་རྣམས་ ཀྱི་དོན་དུ་དཀྱིལ་འཁོར་བཞེངས་པ་དང༌། ཡང་གྲོང་ཁྱེར་གྱི་ཕྱི་རོལ་ཕྱོགས་མཚམས་བརྒྱད་ ཀར་དུ་དུར་ཁྲོད་ཡོད་ན། ཕྱི་རོལ་གྱི་བྱང་དང་བྱང་ཤར་དུ་ཞི་རྒྱས་མི་འགྲུབ་པས་གྲོང་ཁྱེར་ གྱི་ནང་ཕོ་བྲང་གི་ཕྱི་རོལ་བྱང་དང་བྱང་ཤར་དུ་ཞི་རྒྱས་སྒྲུབ་པར་གསུངས་སོ། །དེ་དག་ནི་ གྲོང་ཁྱེར་དང་འབྲེལ་བའི་དབང་དུ་བྱས་ལ། ཡང་སྒྲུབ་ལེ་ལས། སྐྱེད་མོས་ཚལ་ལམ་རི་བོ་ དང་ནི་རྒྱལ་བ་མཆོག་གི་གནས་དང་ལྷ་ཡི་གནས་ནི་སྟོང་པ་དང༌། །གྲུབ་པའི་གནས་དང་དུར་ ཁྲོད་དང་ནི་མཚོ་དང་བཟང་པོའི་གནས་དང་དེ་བཞིན་ཉིད་དུ་སྦས་པའི་ས། །ཞེས་གསུངས་ ཏེ། སྐྱེད་མོས་ཚལ་དུ་དབང་དགུག་དང༌། རི་བོར་རྨོངས་རེངས་གདབ་གསུམ་དང༌། རྒྱལ་ བ་མཆོག་གི་གནས་ཏེ་མཆོད་རྟེན་ཆེན་པོར་དངོས་གྲུབ་བརྒྱད་དང༌། རྒྱ་མཚོའི་འགྲམ་དང༌། ལྷ་ཁང་སྟོང་པར་བསྐྲད་དབྱེ་དང༌། གྲུབ་པའི་གནས་སུ་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་དང༌། 3-1-507 དུར་ཁྲོད་དུ་བསད་པ་དང༌། མཚོ་ཕྲན་གྱི་འགྲམ་དང༌། ཚོང་ཁང་སོགས་བཟང་པོའི་གནས་ སུ་ཞི་རྒྱས་དང༌། སྦས་པའི་ས་སྟེ་ཕུག་པར་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྒྲུབ་བོ། །ཞེས་ གསུངས་པ། གྲོང་ཁྱེར་ལ་མ་བལྟོས་པའི་གནས་ཀྱི་དབང་དུ་མཛད་པ་སྟེ། འདི་སྒྲུབ་པའི་ སྐབས་སུ་གསུངས་པ་ཡིན་ཡང༌། དེ་ལ་ཡང་དཀྱིལ་འཁོར་བཞེང་དགོས་པའི་གནས་སྐབས་ མང་བའི་ཕྱིར་དང༌། དགོས་དོན་མཚུངས་པའི་ཕྱིར་དཀྱིལ་འཁོར་འབྲི་བའི་གནས་ཡིན་ནོ། ། དེ་ལ་ལས་སོ་སོའི་དོན་དུ་དཀྱིལ་འཁོར་འབྲི་བ་ནི། སྒྲུབ་པ་པོའི་ལས་སྦྱོར་སོ་སོ་སྒྲུབ་པའི་ དོན་དུ་བྱེད་པ་ཉིད་གཙོ་ཆེ་བ་ཡིན་མོད། སློབ་མ་ལ་དབང་བསྐུར་བ་ན་ཡང་སློབ་མ་དེས་ ཐོག་མར་ལས་དེ་དང་དེ་ཁོ་ན་ཐོག་མར་འགྲུབ་དགོས་པ་ཞིག་ཡོད་ན། དེ་དང་མཐུན་པར་ དཀྱིལ་འཁོར་འབྲི་བ་ཡིན་པས་བསད་བསྐྲད་ལ་སོགས་པའི་གནས་ཀྱང་དབང་བསྐུར་དང་ མ་འབྲེལ་བ་མ་ཡིན་ལ། དེ་འདྲའི་དམིགས་གསལ་མེད་པ་ལ་ནི། སློབ་མ་དབང་བསྐུར་གྱི་ དཀྱིལ་འཁོར་དེ་ལས་ཐམས་ཅད་པའམ། ཞི་རྐྱང་རྒྱས་རྐྱང་གང་རུང་རེ་དང་མཐུན་པར་བྱེད་ དགོས་པ་ཡིན་ཞིང༌། དེ་དག་ལས་ཀྱང་ཞི་རྐྱང་དང་མཐུན་པར་སྒྲུབ་པ་ཉིད་གཙོ་ཆེ་སྟེ། འདི་ ཞི་རྐྱང་གི་ལས་མིན་ཡང་ཆོ་གའི་སྤྱོད་ཚུལ་ཕལ་ཆེར་དེ་དང་མཐུན་པ་ནི། སློབ་མའི་རྒྱུད་ཀྱི་དྲི་ མ་སྦྱང་བའི་ཕྱིར་ཡིན་ལ། དེ་བཞིན་དུ་བསོད་ནམས་སོགས་རྒྱས་པ་དང༌། ལས་དང་དངོས་ གྲུབ་ཐམས་ཅད་ཀྱི་སྤྱི་ལ་གནས་པའི་ཕྱིར། རྒྱས་པའམ་ལས་ཐམས་ཅད་པ་དང་མཚུངས་ པར་ཡང་བྱེད་དེ། གཞན་དབང་སོགས་གསུམ་དང་བསྐྲད་པ་ལ་སོགས་པ་དྲུག་དང་མཐུན་པ་ ནི། ལས་དེ་དང་དེ་ཐོག་མར་སྒྲུབ་འདོད་པ་མ་ཡིན་པ་ལ་མི་བྱའོ། ། གཉིས་པ་གང་གི་ཚེ་འབྲི་བའི་དུས་ནི། རྒྱུད་ལས། ནག་པའི་མཐར་ནི་དཀར་པོའི་ ཚིགས་ལ་གཞན་ལ་ཕན་པའི་བླ་མའི་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས། །སྡིག་པའི་ དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་དག་ལ་སྦྱིན་པར་ 3-1-508 བྱ། །ཡང་ན་མཐའ་དག་ཡོན་ཏན་གཏེར་ནི་བསྟན་པའི་སླད་དུ་རྣལ་འབྱོར་མ་རྣམས་དག་ ལ་མཆོད་པར་བྱ། །མཆོད་པ་མེད་ན་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ནི་བླ་མས་བསྟན་ པར་མི་བྱའོ། །ཞེས་དང༌། རྫོགས་པ་དག་ལ་ས་ནི་སྦྱང་དང་བཟུང་བ་དག་ཀྱང་དེ་བཞིན་བུ་ རྣམས་དག་ནི་ཡང་དག་བསྡུ། །བཅུ་གཉིས་པ་ལ་ཐིག་གདབ་འདོད་པ་མ་ནུའི་ཉིན་ཞག་དག་ ལ་དཔལ་ལྡན་རྡུལ་ཚོན་དགྱེ་བ་ཉིད། །དབང་ལ་སོགས་པ་ཉ་ལ་མཆོག་གི་བླ་མས་སྦྱིན་ཏེ་ བདུད་ནི་བཅོམ་པའི་ཉིན་ཞག་དག་ལ་ཡང༌། །དེ་ཡི་མཚན་མོ་རྒྱལ་བའི་རིགས་ལ་རབ་ཏུ་ གནས་པར་འགྱུར་ཏེ་མཚན་མོ་གཞན་ལ་རབ་གནས་མིན། །དག་པའི་དུས་སྦྱོར་གཟའ་ལ་ སོགས་པས་མི་ཡི་བདག་པོ་མཚན་མོ་གཞན་ལ་རབ་ཏུ་གནས་པར་འགྱུར། །སྲོག་དང་པ་ སངས་ནུབ་པར་གྱུར་ན་དེ་ནི་ངེས་པར་བག་མའམ་རབ་ཏུ་གནས་པར་མི་འགྱུར་རོ། །ཞེས་ གསུངས་ཏེ། དེ་ཡང་སྤྱིར་དཀྱིལ་འཁོར་བཞེངས་པ་དང་དབང་བསྐུར་བའི་དུས་ནི་དེ་བཞིན་ གཤེགས་པ་ས་གའི་ཟླ་བའི་ཉ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ནས་བརྩམས་ པའི་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ། དཔལ་ལྡན་འབྲས་སྤུངས་སུ་ཆོས་དབྱིངས་གསུང་ གི་དབང་ཕྱུག་ཆ་བཅུ་དྲུག་པའི་དཀྱིལ་འཁོར་དང༌། སྟེང་དུ་རྒྱུ་སྐར་གྱི་དཀྱིལ་འཁོར་ཆ་བཅུ་ དྲུག་པ་སྤྲུལ་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་བསྟན་པའི་དུས་སྐབས་ཡིན་པའི་ཕྱིར། ནག་པའི་ ཟླ་བའི་དཀར་ཕྱོགས་ཡར་ངོའི་ཐ་མར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བྱིས་པ་འཇུག་པའི་ དབང་བདུན་བསྐུར་བར་བྱ་ལ། དུས་དེ་ཉིད་དམ་ལོ་གཞན་ལ་ཡང་རུང་སྟེ། དབང་གོང་མ་ རྣམས་ཀྱང་ནག་པའི་ཉ་ལ་བསྐུར་བ་བསྔགས་ཤིང་སྐབས་འདིར་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་ དུ་དབང་གོང་མ་གསུམ་སྦྱིན་པ་ནི། རང་གི་ཤ་ལ་སོགས་པ་དང༌། ཤིན་ཏུ་འདོད་པ་སྦྱིན་པ་ལ་ སོགས་པའི་དོན་དང་ཞེས་སོགས་གསུངས་ནས། དེ་དག་ཀྱང་བཞི་པ་དང་བཅས་པ་སྟེ། བཞི་ པ་ནི་མན་ངག་གིས་བརྗོད་པར་བྱའོ། །ཞེས་གསུངས་པས། འཇིག་རྟེན་པའི་བཞི་པ་ནི་རིག་ 3-1-509 མ་ལ་བརྟེན་ནས་དབང་བསྐུར་བའི་ཕྱིར་བཞི་པ་ཡང་དག་པ་མ་ཡིན་པ་དང༌། གསོལ་བཏབ་ དང་ང་རྒྱལ་བཟུང་བའི་སྔགས་སོགས་མ་བཤད་པས་ན། དབང་རྐང་ཐུབ་མ་ཡིན་པའི་ཕྱིར་ དབང་བཞིའི་ཡ་གྱལ་གྱི་བཞི་པར་བགྲོང་དུ་མི་རུང་ལ། འདིར་ནི་བླ་མའི་མན་ངག་ཅེས་ཚིག་ དབང་ཡིན་པའི་ཕྱིར་དང༌། གསོལ་བཏབ་དང་ང་རྒྱལ་བཟུང་བ་སོགས་ཆོ་ག་རྐང་ཐུབ་འདས་ པའི་བཞི་པ་འདི་ལ་ཡོད་པའི་ཕྱིར། འདིའི་བཞི་པ་ནི་འཇིག་རྟེན་ལས་འདས་པའི་བཞི་པ་ ཁོ་ན་ཡིན་ལ། དེ་ཡང་དངོས་བསྟན་ཉིད་ཞག་དེ་ཉིད་ལ་བྱེད་པར་གསུངས་པས། སློབ་མའི་ དབང་ལ་འཇིག་རྟེན་ལས་འདས་པའི་བཞི་པ་དགོས་པ་ནི་འདིས་ཀྱང་ཤིན་ཏུ་གསལ་བར་ བསྟན་ཞིང༌། ཉ་དེ་ཉིད་ལ་འདས་པའི་བཞི་པ་བསྐུར་པར་གྲུབ་ལ། གལ་ཏེ་འཇིག་རྟེན་ལས་ འདས་པའི་བཞི་པ་སློབ་དཔོན་ཁོ་ནའི་ཡིན་ན། ནག་པའི་ཉ་དེ་ཉིད་ལ་བྱིས་འཇུག་གི་དབང་ བསྐུར་དེ་ཉིད་དུ་སློབ་མ་དེས་བསྙེན་པ་ཡང་སོང་བ་དང༌། དཔོན་སློབ་གཉིས་ཀྱིས་རྒྱུད་ ཡོངས་སུ་རྫོགས་པར་ཉན་བཤད་ཟིན་པ་དང༌། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ བ་རྣམས་ཉིན་ཞག་གཅིག་གི་ནང་དུ་གྲུབ་པ་ཞིག་དགོས་པར་འགྱུར་ལ། དཔོན་སློབ་ཐམས་ ཅད་ཆེས་རྫུ་འཕྲུལ་དང་ལྡན་པ་ཡིན་ན་མ་གཏོགས། དེ་འདྲ་གྲུབ་པ་མི་སྲིད་པའི་ཕྱིར་དེ་ནི་ {གཞིའི་[ག་ཞའི་]རྒྱུ་ཁོ་ནའོ། །དེ་ལྟ་བུའི་དཀྱིལ་འཁོར་བཞེངས་ཟིན་པའམ། ཡང་ན་སྔོན་ རོལ་དུ་ཚེས་བརྒྱད་སོགས་ལ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ནམ། རིགས་བརྒྱའི་མཆོད་པ། ཚོགས་ཀྱི་འཁོར་ལོ་ཡོན་འབུལ་བ་དང་བཅས་པ་སློབ་མས་བསྒྲུབ་པར་བྱ་སྟེ། གལ་ཏེ་སློབ་ མ་ཡོ་བྱད་དང་ལྡན་ཡང་དེ་མ་གྲུབ་ན། ལོ་གཅིག་ཏུ་དབང་མི་བསྐུར་ཞིང་རྒྱུད་བསྟན་པར་མི་ བྱ་ལ། ཕྱི་ནས་མཆོད་པ་དེ་ཡང་གྲུབ་པར་བྱས་ནས་དབང་བསྐུར་རོ། །ཡོ་བྱད་མེད་ཅིང་ཡོན་ ཏན་དང་ལྡན་པའི་སློབ་མ་ལ་ནི་དེ་ལྟ་བུ་མི་དགོས་ཏེ། ཇི་ལྟར་སྐབས་སུ་བབ་པ་དེར་སྦྱིན་ནོ། ། ནག་པའི་ཉ་ལ་ཇི་ལྟར་བྱ་བ་ཡང་སྤྱིར་བཏང་དུ་ནག་པའི་དཀར་ཕྱོགས་ཀྱི་རྫོགས་པ་གཉིས་ 3-1-510 པ་སྟེ། ཡར་ངོའི་ཚེས་བཅུ་ལ་ས་སྦྱངས་བཟུང་དང༌། སློབ་མ་ཡང་དག་པར་བསྡུ་བ་སྟེ། སློབ་ མ་རྗེས་བཟུང་བྱ་ལ། བཅུ་གཅིག་གི་ཉིན་པར་རྫས་ལྔ་དང་སློབ་མ་ལྷག་གནས་རྣམས་བྱེད་ ཅིང༌། གསོལ་བ་གདབ་པ་ཡང་ལྷག་གནས་ཀྱི་དབང་དུ་བྱས་ན་དེའི་ཉིན་པར་བྱ་ལ། བཅུ་ གཉིས་པ་ལ་ཐིག་གདབ་པ་དང༌། འདོད་པ་སྟེ་བཅུ་གསུམ་དང་མ་ནུ་སྟེ་བཅུ་བཞིའི་ཚེས་ལ་ རྡུལ་ཚོན་འགྱེད་ཅིང༌། ཉའི་ནུབ་མོ་དབང་བསྐུར་བར་བྱ་སྟེ། མཆོག་གི་དོན་དུ་དེ་ལྟར་ཡིན་ ལ། ལས་སོ་སོ་དང་རྗེས་སུ་འབྲེལ་པ་ལ་ནི། དཀར་པོའི་རྫོགས་པ་གསུམ་ལ་དགེ་བའི་ལས་ དང༌། ནག་པོའི་རྫོགས་པ་གསུམ་ལ་དྲག་པོའི་ལས་ཀྱི་དབང་དུ་བྱས་པའི་དཀྱིལ་འཁོར་གྱི་ ས་ལྷག་པར་གནས་པ་བྱ་སྟེ། གཞན་རྣམས་སྔ་མས་རིགས་འགྲེའོ། །ཁ་ཅིག་དཀྱིལ་འཁོར་ ཁང་པ་བྱེད་ན་དེ་ལ་མི་གྲུབ་པས་རྫོགས་པ་དང་པོ་ཚེས་ལྔ་ཡིན་ནོ་ཟེར་ཡང༌། དེ་འདྲ་ལ་ནི་ བར་དུ་ཟླ་བ་ཙམ་གྱིས་ཆོད་པ་སོགས་ཡོང་བས་མ་ངེས་སོ། །ཡང་ན་བདུད་བཅོམ་པའི་ཉིན་ ཞག་སྟེ་ས་གའི་ཉ་ལ་དབང་བསྐུར་བ་སོགས་བྱེད་དགོས་པས། དེའི་དཀར་ཕྱོགས་ཀྱི་བཅུ་པ་ ལ་ས་ལྷག་གནས་དང་སློབ་མ་རྗེས་སུ་བཟུང་བར་བྱའོ། །གལ་ཏེ་དེ་དག་ལ་མ་གྲུབ་ན། ཉ་ བཅུ་གཉིས་དང༌། གཞན་ཡང་གཟའ་སྐར་དུས་སྦྱོར་བཟང་པོ་རྣམས་ལ་བྱར་རུང་ངོ༌། །ཕུར་ བུ་དང་པ་སངས་ཉི་མའི་དཀྱིལ་འཁོར་ལ་ཞུགས་པ་ན་དབང་དང་རབ་གནས་མི་བྱ་ལ། རྒྱལ་ དང་ནག་པའི་ཉ་ལ་ཕུར་བུའི་ཞིང༌། གཞུ་དང་ཉའི་ཁྱིམ་དུ་ཉི་མ་ཞུགས་པ་ལ་དབང་བསྐུར་བ་ དང༌། རབ་ཏུ་གནས་པ་བཟང་བ་ཡིན་པར་གསུངས་སོ། །དེ་ལ་མཆོག་སྒྲུབ་པའམ་མཆོག་ གི་དོན་ཞེས་བྱ་བ་ནི། མཆོག་དང་ཐུན་མོང་གི་ཟླས་ཕྱེ་བའི་མཆོག །ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་ཁོ་ན་ལ་བཟུང་ན་འཁྲུལ་གཞི་འགའ་རེ་ལྡང་བས་གནས་སྐབས་འདི་འདྲའི་རིགས་ཀྱི་ མཆོག་ནི་མཆོག་དང་ཕྲ་མོ་གཉིས་ཀྱིས་ཟླས་ཕྱེ་བའི་མཆོག་སྟེ། དེ་ནི་གྲུབ་པ་བརྒྱད་ཡན་ཆད་ ཀྱི་དངོས་གྲུབ་ཐམས་ཅད་ཀྱི་མིང་ཡིན་ལ། ཞི་སོགས་ཀྱི་ལས་རྣམས་ནི་ཕྲ་མོའོ། ། 3-1-511 གསུམ་པ་གང་གིས་དབང་བསྐུར་བའི་ཆོ་ག་དངོས་བཤད་པ་ལ། སློབ་མས་གསོལ་པ་ བཏབ་ཅིང་སྲུང་བ། ས་བཟུང་ཞིང་ལྷག་པར་གནས་པ། སྟ་གོན་ལྷག་གནས་ཀྱི་རིམ་པ། ཐིག་ ཚོན་གྱི་བྱ་བས་དཀྱིལ་འཁོར་བཞེང་བ། དངོས་གཞི་དང་པོ་དཀྱིལ་འཁོར་སྒྲུབ་པ། མཆོད་ གཏོར་གྱི་རིམ་པས་མཉེས་པར་བྱེད་པ། རང་གཞན་དབང་བསྐུར་བའི་རིམ་པ། ཆོ་གའི་དག་ དབྱེ་ཞིབ་མོ། རྗེས་ཀྱི་བྱ་བའི་རིམ་པ་འཕྲོས་དོན་དང་བཅས་པ་རྣམས་ཏེ་དོན་ཚན་དགུའོ། ། དང་པོ་བཞི་པོ་སྔོན་འགྲོ་ཡིན་པས་སྔོན་འགྲོ་དངོས་གཞི་རྗེས་གསུམ་དུ་བྱས་ཀྱང་ཆོག་གོ ། དེའི་དང་པོ་ལ་གསོལ་གདབ་ཀྱི་ཡུལ་དུ་བསྙེན་པའི་དོན་ལ་དཔྱད་པ་དང༌། གསོལ་གདབ་ རྗེས་བཟུང་དངོས་བཤད་པའོ། ། དང་པོ་ནི། དཀྱིལ་ཆོག་མང་པོ་ལས་འབྱུང་བ་ལྟར། སྐབས་འདིར་བསྙེན་པའི་ཆོ་ག་ ཞེས་པའི་དོན་ཚན་དགོས་སམ་མི་དགོས་སྙམ་ན། ད་ལྟ་ཕལ་ཆེ་བའི་སློབ་དཔོན་གྱི་མཚན་ ཉིད་ལ་བསྙེན་པ་སྔོན་དུ་སོང་བ་ནི་དགོས་མོད་ཀྱང༌། དབང་བསྐུར་བའི་ཆོ་གའི་ཡན་ལག་ཏུ་ བསྙེན་པ་མཐའ་གཅིག་ཏུ་དགོས་པ་ཡང་མིན་ནོ། །དེ་ལ་རྡོ་རྗེ་སློབ་དཔོན་རྫོགས་རིམ་ཁོ་ན་ བསྒོམས་པའི་སྟོབས་ལས་སྲོག་གཟུགས་གྲུབ་ཅིང་གཞོམ་མེད་ཀྱི་ན་དཱའི་སྒྲ་དབྱངས་སྟོབས་ སུ་གྱུར་པ་ཡིན་ན། བསྐྱེད་རིམ་སྒོམ་པ་དང༌། ཐ་མལ་བཟླས་བརྗོད་ཀྱི་བསྙེན་པ་ལ་རག་ མ་ལུས་ལ། དེ་འདྲ་དེས་གལ་ཏེ་བཟླ་བར་སྤྲོ་ན་ནི། སྙིང་པོའམ་འཕྲེང་སྔགས་བྱ་བ་སོགས་ ཉིན་ཞག་ཉུང་ངུ་ཙམ་གྱིས་བཟླ་བར་ནུས་སོ། །འོན་ཀྱང་གླང་པོ་རྙེད་ནས་གླང་པོའི་རྗེས་ འཚོལ་བ་དོན་མེད་པ་ལྟར་དམིགས་གསལ་གྱི་དགོས་དོན་ཁྱད་པར་ཅན་ཡོད་ན་མ་གཏོགས་ གཙོ་བོར་མི་བྱེད་པས། སྤྱི་ལྡོག་ནས་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་ཡིན་ན། ཐ་མལ་ ངག་བཟླས་ཀྱི་བསྙེན་པ་བྱེད་དགོས་པས་ནི་མ་ཁྱབ་སྟེ། རྫོགས་རིམ་གཅིག་གི་སྟོབས་ཀྱིས་ སྤྲོས་པའི་དཔུང་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །འོན་ཀྱང་དེང་སང་དེ་ལྟ་ 3-1-512 བུ་གྲུབ་པ་དཀོན་པའི་ཕྱིར། སྐབས་འདིར་རྡོ་རྗེ་སློབ་དཔོན་གྱི་མིང་ཅན་ཐ་མལ་པ་རྣམས་ ལས་བརྩམས་ཏེ་བཤད་ན། སྔོན་དུ་བསྙེན་པ་བཟླས་པའི་གྲངས་ཚད་དང་བཅས་པ་འགྲོ་ དགོས་ལ། དེ་ཡང་ཐུགས་ཀྱི་ལས་དྲུག་ལ་དྲུག་འབུམ། གསུང་ལ་འབུམ་ཕྲག་བཅུ། སྐུ་ལ་ བྱེ་བ་རྣམས་སོང་ན་རབ་ཡིན། དེ་མིན་ཡང་སྙིང་པོའམ་རྣམ་བཅུ་དབང་ལྡན་བྱེ་བ་བཟླས་པ་ དང༌། དེ་ཀུན་གྱི་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་ནི་ངེས་པར་གལ་ཆེ་ལ། ཁ་ཅིག་གཞན་གྱི་ རིགས་འགྲོས་སྦྱོར་ཏེ་གཙོ་བོ་ལ་སྙིང་པོ་བཞི་འབུམ། ཐུགས་དཀྱིལ་ནང་གི་འཁོར་ལ་མཚན་ སྔགས་ཁྲིའམ་བཞི་ཁྲི་རེ་བཟླ་ཟེར་ཡང་གཙོ་བོ་ལ་ཉུང་བས་བྱིན་རླབས་ཆུང་ཞིང་ཆད་པའི་ སྐྱོན་དང༌། འཁོར་གྱི་རྣམས་རྒྱུད་འགྲེལ་ལས་མ་གསུངས་པ་ལ་རྩལ་འདོན་བྱས་པས་ལྷག་ པོའི་སྐྱོན་ཡོད་དོ། །དེས་ན་དབང་བསྐུར་བ་ལ་རྩ་བའི་བསྙེན་པ་{སྔར་བཤད་[དེ་]ལྟར་སོང་ བ་དགོས་པ། དེ་ནི་སྔ་རོལ་ནས་གྲུབ་པས་སློབ་མ་བྱིན་གྱིས་རློབས་ནུས་པ་ཞིག་དགོས་ལ། རྒྱུད་སྡེ་གཞན་དང་བསྟུན་ནས་ཡེ་ཤེས་འབབས་པའི་སྔགས་ལ་བསྙེན་པ་བྱས་ཀྱང་ལེགས་པ་ ཙམ་ཡིན་མོད་ཀྱི།འདིར་བསྐྱེད་རྫོགས་གང་རུང་གི་རང་བྱིན་གྱིས་རླབས་པའི་སྟོབས་ལས་ ཡེ་ཤེས་འབེབས་པར་གསུངས་པས་དེའི་སྒོས་བསྙེན་ནི་གལ་ཡང་ཆུང་མོད། འགྲེལ་ཆེན་དུ་ འདི་ལ་བཟླས་པ་བྱེ་བ་དང་སོགས་ནི། ཡེ་ཤེས་འབེབས་པ་འདི་ལ་སྔོན་བཟླས་པ་སྙིང་པོ་ སོགས་བྱེ་བ་སྦྱིན་སྲེག་དང་བཅས་ཏེ་སོང་པ་དགོས་པའི་དོན་ཡིན་གྱི། ཨ་ར་ལའི་སྔགས་བྱེ་ བའི་དོན་མིན་ཏེ། ཡིན་ན་སུ་ལ་སྦྱིན་སྲེག་འབུལ་བསམ་པར་བྱའོ། །ཁ་ཅིག་སློབ་མ་གསོལ་ བཏབ་ཀྱི་རྗེས་སུ་སློབ་དཔོན་གྱིས་གཞིའི་བསྙེན་པ་གདོད་སྐྱེལ་བར་འདོད་པ་ནི། བསྙེན་པ་ མ་སོང་ཞིང་སློབ་དཔོན་གྱི་གནས་མ་ཐོབ་པ་ལ་གསོལ་བ་འདེབས་པ་ཡང་མི་འོས་ན། དེས་ སློབ་མ་ལ་སྲུང་བ་བྱེད་པ་སོགས་{ཅིར་[སྤྱིར།] འགྱུར་ཡང་བསམ་དགོས་ཤིང༌། དེས་ན་ད་ ལྟར་བརྒྱུད་པ་འདེད་པའི་ཁྱད་ཡོད་ཟེར་བ་དང༌། ཐོབ་རྒྱ་ཙམ་སོགས་གསོག་མཁན་རྣམས་ 3-1-513 ཀྱི་ལག་ལེན་ལོག་པ་དེ་གྲུབ་མཐར་འཁྱེར་དུ་མི་རུང་ངོ༌། །འོ་ན་དཀྱིལ་ཆོག་གཞན་མང་པོར་ རྗེས་བཟུང་གི་རྗེས་ལ་བསྙེན་པ་ཡོད་པ་དེ་ཅི་སྙམ་ན་འདི་ནི་སློབ་མ་དེ་རྣམས་ཉིད་ལ་དབང་ བསྐུར་དགོས་པའི་གནང་བ་ཞུ་བའི་དོན་དུ་ལྷ་ལ་གསོལ་བ་གདབ་པའི་ཕྱིར་མཆོད་པ་དང་ བཟླས་པའི་བསྙེན་པ་ཅུང་ཟད་བྱེད་པ་དེ་ཡིན་ལ། དེ་ནི་སྐབས་འདིར་ཡང་སྦྱར་ན་ཤིན་ཏུ་ རུང་མོད། གསལ་བར་མ་གསུངས་པས་མ་བྱས་ཀྱང་འགལ་བ་མེད་དོ། །འདི་ལ་བོད་རྣམས་ བསྙེན་པ་ཁ་གསོའི་ཐ་སྙད་འཇོག་སྟེ། ཐ་སྙད་དེ་ཡང་ལེགས་པར་ནི་མི་སྣང་ངོ༌། །དེ་ལྟ་ན་ ཡང་དེ་ཆོ་གའི་ཡན་ལག་མ་ཡིན་པས་དབང་ཆོག་གི་དཀྱུས་སུ་མ་བགྲངས་སོ། ། གཉིས་པ་གསོལ་གདབ་རྗེས་བཟུང་དངོས་ནི། སློབ་མར་འགྱུར་བ་དེས་ཞེས་སོགས་ཏེ་ འདི་ལ་མཎྜལ་འབུལ་བ། གསོལ་བ་གདབ་པ། བླ་མས་ཁས་བླང་བ། སོ་ཤིང་སྦྱིན་པས་ལྟས་ བརྟག་པ། སྲུང་བ་དགོད་པ་སྤྲོ་བ་བསྐྱེད་པ་རྣམས་བྱ་ལ། དེ་རྗེས་ཚོགས་མཆོད་དང་གཏོར་ མ་ཕུལ་ནས་སློབ་མ་ལ་བར་ཆད་ཞི་བའི་ཕྱིར་གསོལ་བ་གདབ་བོ། །རྭ་འབྲོ་སོགས་བོད་གོང་ མ་རྣམས་ནི། ཡོ་བྱད་འབྲི་བ་སོགས་རྡོ་རྗེ་མཁའ་འགྲོ་ནས་བཤད་པ་ལྟར་མཐུན་པར་མཛད་ དེ་འདིར་མ་བཤད་མོད་འགལ་བ་མེད་པར་སེམས་མོ། །རྩིས་འགོ་གཉིས་པ་ས་བཟུང་ཞིང་ ལྷག་པར་གནས་པ་ནི། བྲིས་སྐུ་ལ་སོགས་པ་{བཀྲམ་[དཀྲམ་]ཞེས་པ་ནས་ཉི་མ་དང་པོའི་ བྱ་བའོ། །ཞེས་པའི་བར་ཡིན་ལ། འདི་ལ་གཉིས། གོ་རིམ་ངེས་པ་དང༌། ཆོ་ག་དངོས་བཤད་ པའོ། །དང་པོ་ནི། འདི་ལ་གཞན་རྣམས་ཕལ་ཆེར་ས་བརྟག་སླང་སྦྱང་བཟུང༌། འཕྲེང་བ་ལ་ སོགས་པ་དཀྱིལ་ཆོག་སྤྱི་དང་མཐུན་པར་འདོད་ཅིང༌། གོ་རིམ་ཡང་དེ་དག་མཐུན་པ་ཁོ་ནར་ སྒྲིག་དགོས་པར་མཐའ་གཅིག་ཏུ་སྨྲའོ། །ལག་ལེན་གྱི་རྣམ་གྲངས་འགའ་ཞིག་ཏུ་ཕྱོགས་ བཞིར་གསོལ་བཏབ། བགེགས་ལ་བཀའ་བསྒོ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །ཞེས་ སོགས་རྡོ་རྗེ་རྩེ་མོ་ལས་འབྱུང་བ་ལྟར་སྙན་མནན་པ་སོགས་སྤྱི་འགྲོ་དང་གོ་རིམ་ཅི་རིགས་ 3-1-514 པ་བསྟུན་ཀྱང་སྤྲོས་པ་ལྷུར་ལེན་པ་རྣམས་ཀྱི་ངོར་འགལ་བ་མེད་དེ། རང་ལུགས་ལ་ཡང་རྗེ་ ཕྱོགས་པ་སོགས་ཐུགས་སྲས་འགས་ཀྱང་མཛད་ལ། དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ་ལས་ཀྱང་ བཀས་གནང་སྩལ་ཞིང༌། དཀྱིལ་ཆོག་ཆུང་བར་ཡང་དེ་དང་མཐུན་པར་དགོངས་སོ། །འོན་ ཀྱང་ཡེ་ཤེས་རྒྱ་མཚོའི་དཀྱུས་ཀྱི་རིམ་པ་ནི། རྒྱུད་འགྲེལ་གྱི་དགོངས་པ་སྒྲ་ཇི་བཞིན་ཡིན་ ལ། རྒྱུད་འགྲེལ་ཉིད་ཀྱི་དགོངས་པ་ནི། ས་བརྟག་པ་ཙམ་མ་གཏོགས་ས་གཞི་ལ་བརྟེན་པའི་ ཆོ་ག་ཀུན་ལ་ས་བཟུང་བ་ཞེས་སྤྱི་མིང་དུ་གསུངས་ཤིང༌། ལས་དང་བྱ་བས་སྦྱང་བ་གཏེར་ གཞུགས་པ་དང་བཅས་པ་ཁོ་ན་ལ་ས་སྦྱང་བར་གསུངས་ཏེ། དེ་ཡང་བཟུང་བའི་ནང་ཚན་དུ་ བྱེད་པའམ། ཡང་ན་དེ་ནི་ལས་དང་བྱ་བ་ཙམ་ཡིན་གྱི། སྔགས་དང་ཏིང་ངེ་འཛིན་སྦྱར་བའི་ཆོ་ ག་མ་ཡིན་པས་ཆོ་ག་རྣམས་ནི་ས་བཟུང་བ་ཡིན་ལ། བརྐོ་སྦྱངས་ཀྱི་ལས་ནི་སྦྱང་བའོ། །ཞེས་ བརྗོད་ཀྱང་རྒྱུད་འགྲེལ་གྱི་དོན་ལ་འབྱོར་རོ། །དེ་ཡང་དབང་ལེའི་མདོར་བསྡུས་གཉིས་པའི་ ཐོག་མ་ཉིད་དུ་རྡོ་རྗེ་སློབ་དཔོན་གྱི་རང་གི་ལུས་དང་གནས་སྲུང་བ་བསམ་པར་བྱ་སྟེ། ཞེས་ སོགས་ཀྱིས་སྲུང་འཁོར་སྒོམ་པ་གསལ་བར་བསྟན་ལ། སྲུང་འཁོར་གྱི་སྔོན་དུ་བདུད་སྲེག་ པ་དགོས་ཏེ། བདུད་ཀྱི་ཚོགས་བསྲེག་པ་དེའི་འོག་ཏུ་ཕྱི་ནས་འཁོར་ལོའི་རྩིབས་བཅུ་ཞེས་ སོགས་གསུངས། ཕུར་བཏབ་ཀྱི་དོན་དུ་སྲུང་འཁོར་བསྒོམ་ཞེས་གསུངས་པས། སྲུང་འཁོར་ གྱི་རྗེས་སུ་ཕུར་གདབ་བྱེད་པར་ཤིན་ཏུ་གསལ་ལ། དང་པོར་ཡུལ་དང་གྲོང་གི་བདག་པོའི་ གཏོར་མ་སྔགས་ཀྱི་ཚིག་འདི་དག་གིས་སྦྱངས་ཏེ་སྦྱིན་པར་བྱ། ཞེས་ཐོག་མར་ཡུལ་བདག་ གི་གཏོར་མ་དང༌། དེའི་གོ་རིམ་དང་འབྲེལ་བར་སའི་ལྷ་མོ་སྤྱན་དྲངས་མཆོད་ཅིང་གཤེགས་ གསོལ་རྣམས་གསུངས་པས། དེ་གཉིས་པོ་སྲུང་འཁོར་གྱི་སྔོན་དུ་བྱེད་པར་གསལ་ལ། སྟང་ སྟབས་ཀྱིས་འཆག་པ་དང༌། རྡོ་རྗེའི་ས་སྤྱན་འདྲེན་པ་གཉིས་ཕུར་གདབ་ཀྱི་རྗེས་སུ་གསལ་ བར་འབྱུང་སྟེ། འགྲེལ་ཆེན་ཉིད་དུ་ཕུར་བུས་གདབ་པའི་ཆོ་གའོ། །དེ་ནས་ཕུར་བུ་རྣམས་ 3-1-515 བསྲུང་པའི་དོན་དུ་ཁྲོ་བོའི་རྒྱལ་པོ་བཅུ་རྣམས་སྔར་གསུངས་པའི་ཆོ་གས་{དགོད་[བགོད་] པར་བྱའོ། །དེ་ནས་གཡོན་དང་གཡས་པའི་རྐང་བའི་མཐིལ་ལ་ཞེས་སོགས་ཤིན་ཏུ་གསལ་ བ་བསྙོན་དུ་མེད་ལ། དེ་ལྟར་ན་ཡུལ་བདག་གི་གཏོར་མ། ས་ལྷ་མཆོད་པ། སྲུང་འཁོར། ཕུར་ གདབ། སྟང་སྟབས། རྡོ་རྗེའི་ས་སྤྱན་དྲངས་པ་རྣམས་སྔ་ཕྱིའི་རིམ་པ་ཤིན་ཏུ་གསལ་བ་དེ་ ཡིན་ཞིང༌། ས་བརྐོ་སྦྱངས་ཀྱི་ལས་ནི་སའི་ལྷ་མོ་མཆོད་པའི་རྗེས་དང༌། སྲུང་འཁོར་གྱི་སྔོན་དུ་ དགོས་པར་རིག་པས་གྲུབ་ལ། བདུད་གཞོམ་པ་ནི། བརྐོ་སྦྱངས་ཀྱི་རྗེས་སྲུང་འཁོར་གྱི་སྔོན་ དུ་བྱས་ཀྱང་རུང་མོད་ཀྱི། སའི་ལྷ་མོ་ལ་མཆོད་པའི་སྔོན་དུ་བྱས་ན་ལེགས་ཏེ། སྔོན་སྟོན་པས་ བདུད་ཀྱི་མཚོན་ཆ་རྣམས་མེ་ཏོག་ཏུ་བསྒྱུར་བ་སོགས་བྱམས་པའི་ཏིང་ངེ་འཛིན་གྱིས་བདུད་ ཕམ་པ་སྔོན་ལ་མཛད་ནས། རྗེས་སུ་སའི་ལྷ་མོ་དཔང་པོར་བཞག་པ་ཡིན་པས་སོ། །ཞེས་ སྔོན་བྱུང་སྟོན་པའི་རྣམ་འཕྲུལ་དང་མཐུན་པར་བྱེད་པ་བླ་མའི་མན་ངག་གི་རིམ་པ་ཡིན་ལ། འབྲོ་ཤོང་གཉིས་ཀྱང་བཞེད་དོ། །འོ་ན་དབང་བསྐུར་སླད་དུ་བདུད་རྣམས་ཉམ་པ་དག་ཏུ་བྱ། ཞེས་སླར་བདུད་འཇོམས་པར་དམ་བཅས་པ་མ་ཡིན་ནམ། སྙམ་ན། འདི་ནི་དག་ཏུ་བྱས་ཞེས་ འདས་པའི་དོན་ལ། བྱ་ཞེས་མ་འོངས་པའི་ཚིག་བཅུག་པ་དྲང་སྲོང་རྣམས་ཚིག་ལ་ཞེན་པ་ དགག་པའི་དོན་དུ་སྒྲ་ཉམ་དུ་མཛད་པ་ཡིན་ཏེ། དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་ བར་བྱས་ནས་དཀྱིལ་འཁོར་འབྲི། །ཞེས་གསུངས་པ་དང་དོན་གཅིག་པ་ཡིན་ན། ཚིག་དེའི་ དོན་བདུད་སྡེ་ལས་རྒྱལ་བར་བྱས་ཟིན་ཏེ། དེ་ལ་ཁྱོད་དཔང་པོ་ཡིན་ན། སླད་ནས་དཀྱིལ་ འཁོར་འབྲི་བའི་གནང་བ་ཞུ། ཞེས་པ་ལྟར་འདིར་ཡང་བདུད་ཉམ་པར་བྱས་པའི་དབང་པོ་ ཁྱོད་ཡིན་གྱི། དེ་ཡང་དབང་བསྐུར་བའི་སླད་དུ་བདུད་བཅོམ་པ་ཡིན་ན། དབང་གི་དོན་དུ་ དཀྱིལ་འཁོར་འབྲི་བའི་གནང་བ་ཞུ་ཞེས་པའོ། དེ་ལྟར་ན་འདི་རྣམས་ལ་ཡང་དཀྱིལ་ཆོག་སྤྱི་ འགྲོའི་ལུགས་ཀྱི་བརྟག་སླང་སྦྱང་བཟུང་གི་དོན་ནི་ཚང་བ་ཡིན་ཏེ། ཡུལ་བདག་དང་ས་ལྷ་ 3-1-516 ནི་ས་སླང་བ་དང༌། བརྐོ་སྦྱངས་ནི་སྦྱང་བ་དང༌། སྲུང་འཁོར་ཕུར་གདབ་སྟང་སྟབས་གསུམ་ ནི་བཟུང་བའི་དོན་ཡིན་པས་སོ། །འོན་ཀྱང་རྒྱུད་འགྲེལ་འདིར་དེ་ལྟ་བུའི་ཐ་སྙད་མ་མཛད་ དོ། །དེ་ཐམས་ཅད་ཀྱི་སྔོན་དུ་བདག་བསྐྱེད་རྒྱས་པ་འགྲོ་བ་ནི། ལྷའི་ཏིང་ངེ་འཛིན་གྱིས་ བདུད་ཚར་གཅོད་པའི་སྔགས་དང༌། ཞེས་པ་ནས། ལྷའི་ང་རྒྱལ་གྱི་ངེས་པའོ། །དེ་ལྟར་ང་ རྒྱལ་བསྐྱེད་དེ། དེ་ནས་ས་ཡོངས་སུ་བཟུང་བ་དང༌། སློབ་མ་བསྡུ་བ་བྱའོ། །ཞེས་གསུངས་པ་ དང༌། ང་རྒྱལ་བཟུང་བའི་གོང་དུ་སྟོང་པ་ཉིད་ལ་དམིགས་པ་དང༌། དཀྱིལ་འཁོར་རྒྱལ་མཆོག་ དང༌། ལས་རྒྱལ་མཆོག་དང༌། ཐིག་ལེའི་རྣལ་འབྱོར་དང༌། ཕྲ་མོའི་རྣལ་འབྱོར་རྣམས་སྔགས་ པས་བྱའོ་ཞེས་གསུངས་ཏེ། སའི་ཆོ་གའི་སྔོན་དུ་བདག་བསྐྱེད་རྒྱས་པ་སྒོམ་པར་གསུངས་ཀྱི། ས་ལྷ་སོགས་སྔོན་དུ་བཏང་བའི་རྗེས་ལ་དཀྱིལ་འཁོར་གྱི་ས་གཞིར་བདག་བསྐྱེད་བསྒོམས་ ནས། དཀྱིལ་འཁོར་འདེགས་པ་སོགས་མ་གསུངས་སོ། །དེས་ན་སྤྱིར་དབང་ཆོག་ལ་རང་གི་ ཆོ་གས་སྒྲུབ་པ་དང༌། གཞན་གྱི་ཆོ་གའི་སྒྲུབ་པ་དང༌། འདྲེས་མའི་ཚུལ་དུ་སྒྲུབ་པ་སྟེ་གསུམ་ འབྱུང་བ་ལས། གཞན་གྱི་ཆོ་གའི་སྒྲུབ་པ་ནི་དེ་ཉིད་བསྡུས་པའི་དཀྱིལ་འཁོར་ལ་བླ་མེད་ཀྱི་ ཆོ་ག་སྦྱར་བ་བྱ་བ་བསྡུས་པ་ལྟ་བུ་ཡིན་ལ། འདྲེས་པར་སྦྱར་བ་ནི། སཱ་དྷུ་པུ་ཏྲའི་དུས་འཁོར་ གྱི་དཀྱིལ་ཆོག་ལྟ་བུ་ཡིན་ཞིང༌། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ་ནི་དུས་འཁོར་གྱི་རྒྱུད་ རང་ཉིད་ཁོ་ནས་ལུགས་སུ་སྦྱར་བའོ། །སྤྱིར་ཁ་སྐོང་ཐན་ཐུན་གཞན་ནས་བསྐང་བ་ཡོད་པ་ ཙམ་གྱིས་རང་ལུགས་མ་ཡིན་པར་མི་འགྱུར་ཡང་ཐུན་མོང་མ་ཡིན་པའི་ཐད་དུ་ཕན་ཚུན་དོད་ བསྒྲིགས་ནས་ལུགས་གཞན་དབང་བཙན་དུ་བཅུག་སྟེ། གོ་རིམ་བསྒྱུར་བ་སོགས་ཆིངས་མི་ འདྲ་བ་བྱས་ན། གཞན་ལུགས་སུ་སྒྲུབ་པའམ་འདྲེས་མའི་རིགས་སུ་འགྱུར་རོ། །དེ་དག་ཀྱང་ ལྷས་ལུང་བསྟན་པའམ། བླ་མའི་མན་ངག་དང་ལྡན་ན་མི་འགལ་ཏེ་འཕྲེང་བ་སྐོར་གསུམ་ གྱིས་མཚོན་ནོ། །དེས་ན་ཕྱིས་ཀྱི་མཁས་འདོད་ཅན་ཁ་ཅིག་བཞིན་དུ། རང་གི་འདོད་པ་དང་ 3-1-517 མི་མཐུན་པ་ཕྲ་མོ་ཞིག་བྱུང་ནའང༌། ཆོས་ཙམ་རང་མ་ཡིན་པ་སྐད་དུ་འབར་ཤ་བྱེད་པ་དེ་ལྟ་ བུ་ནི། ཁོ་བོ་ཅག་ནམ་ཡང་མི་བྱེད་དེ་གང་དེ་དང་དེའི་ལུགས་ཡིན་པ་དང་མ་ཡིན་པ་ནི་རྣམ་ པར་འབྱེད་དོ། །གལ་ཏེ་གྲུབ་པ་ཐོབ་པས་མ་བྱས་ལ། ལྷས་ཀྱང་མ་གནང་ཞིང༌། མན་ངག་ ཀྱང་མེད་པར་ཐོས་པ་ཅུང་ཟད་བྱས་པའི་ང་རྒྱལ་གྱིས་གཞན་ལུགས་སུ་སྒྲུབ་པ་དང་འདྲེས་པ་ སོགས་གསར་དུ་སྦྱོར་ཞིང་སྟོབས་ཀྱིས་སྤྱད་པས་ནི་ཅིར་ཡང་མི་རུང་སྟེ། སློབ་མ་རྣམས་ངལ་ བ་དོན་མེད་དུ་བྱེད་པ་འབའ་ཞིག་གོ ། དེ་ལྟར་སྤྱིའི་གོ་བ་ཆགས་པ་དང༌། གལ་ཆེ་བ་ཆོ་གའི་གོ་རིམ་ལ་ངེས་པ་རྙེད་པར་བྱས་ ནས། ད་ནི་གཉིས་པ་ཆོ་ག་དངོས་ལ། དང་པོ་ས་བརྟགས་པ། གཉིས་པ་བདག་གི་རྣལ་འབྱོར། གསུམ་པ་ས་གཞི་ལྷག་པར་གནས་པ། བཞི་པ་རྗེས་ཀྱི་ཆོ་གའོ། ། དང་པོ་ནི། རྒྱུད་ལས། ས་ཡི་རིགས་ནི་ཡོན་ཏན་དབང་གིས་རྣམ་བཞིར་འགྱུར་བ་ དམངས་རིགས་རྗེ་རིགས་རྒྱལ་པོ་བྲམ་ཟེ་སྟེ། །ཞེས་སོགས་རྒྱས་པར་གསུངས་པའི་དོན། ས་ གཞི་ཁ་དོག་ནག་པོ་ནི་དམངས་རིགས་ཏེ། བསད་བསྐྲད་དབྱེ་གསུམ་དང༌། སེར་པོ་ནི་རྗེ་ རིགས་ཏེ་རྨོངས་རེངས་གདབ་གསུམ་དང༌། དམར་པོ་ནི་རྒྱལ་རིགས་ཏེ་དབང་དགུག་གི་ལས་ དང༌། དཀར་པོ་ནི་བྲམ་ཟེའི་རིགས་ཏེ་ཞི་རྒྱས་ལ་བསྔགས་སོ། །ལྗང་ཁུ་ནི་མཐར་སྐྱེས་ཀྱི་ རིགས་ཏེ་ལས་ཐམས་ཅད་པའོ། །སྔོན་པོ་ཁ་དོག་གསལ་བ་ཡང་དེ་དང་འདྲ་ལ། མི་གསལ་ བ་ནི་ནག་པོ་དང་མཚུངས་པར་མངོན་ནོ། །སའི་དྲི་ལ་བརྟགས་ན། རྣག་གི་དྲི་དམངས་རིགས། ལན་ཚྭའི་དྲི་རྗེ་རིགས། མེ་ཏོག་པདྨའི་དྲི་རྒྱལ་རིགས། ཙན་དན་ལ་སོགས་པ་མཆོག་གི་དྲི་ནི་ བྲམ་ཟེའི་རིགས་སོ། །རོ་ལའང་བརྟག་སྟེ། སྐྱུར་བ་དང་ལན་ཚྭ་དམངས་རིགས། མངར་བ་རྗེ་ རིགས། ཚ་བ་རྒྱལ་རིགས། ཁ་བ་དང་སྐ་བ་བྲམ་རིགས། དྲི་དང་རོ་ཀུན་ཚང་ན་མཐར་སྐྱེས་ མཁའ་ཁམས་ལས་ཐམས་ཅད་པ་སྟེ། ལས་ཀྱི་དབྱེ་བ་གཞན་རྣམས་སྔ་མས་རིགས་འགྲེའོ། ། 3-1-518 དེ་དག་དང་པོ་ཉིད་དུ་ཚང་ན་ལེགས། མ་ཚང་ན་བསྐོ་སྦྱངས་ཀྱི་སྐབས་སུ་གསར་དུ་བསྒྲུབས་ པས་རུང་ངོ༌། །གཞན་ཡང་དབུས་མཐོ་ཞིང་མཐའ་དམའ་བའམ། ཤར་དང་བྱང་དུ་གཞོལ་ བ་དང༌། ཆུ་བོ་གཡས་བསྐོར་དུ་འབབ་པ་སོགས་དང༌། དཀྱིལ་འཁོར་ཁང་པའི་གཞིར་ཆུས་ བརྟག་པ་དང༌། སས་བརྟག་པ་སོགས་སྤྱི་དང་མཐུན་པར་ཁ་བསྐང་ཡང་རུང་ལ། འདི་ཉིད་ ལས་མ་གསུངས་པས་ངེས་པར་དགོས་པའང་མིན་ཞིང་གཙུག་ལག་ཁང་བཞེང་པའི་སྐབས་ མ་གཏོགས། དཀྱིལ་འཁོར་ཁང་པ་བཞེང་པའི་སྲོལ་བོད་ན་མེད་པས་གོ་ཡུལ་ཙམ་དུ་བཞག་ གོ ། གཉིས་པ་ནི། ད་ལྟ་ལག་ལེན་ལ་སྔོན་འགྲོ་གཏོར་མ་དང༌། གནས་དང་ཡོ་བྱད་བྱིན་གྱི་ རློབས་པ་སྔོན་དུ་བཏང་ནས་བདག་བསྐྱེད་སྒོམ་པ་སྟེ། ཐོག་མར་ནང་མཆོད་ལ་དམིགས་ཏེ་ ཞེས་པ་ནས། ཞེས་ང་རྒྱལ་བཟུང་ཞེས་པའི་བར་རོ། ། གསུམ་པ་ལ་དབྱེ་ན། དང་པོར་མངོན་པ་ལས་ས་གཞི་སླང་བ་ནི། རྒྱལ་པོ་སོགས་སའི་ བདག་པོ་ལས་སློང་བ་ཡིན་ཡང༌། དེང་སང་ལག་ལེན་མི་དགོས་པས། འདིར་དོན་ཚན་དགུ་ སྟེ། ཡུལ་བདག་གྲོང་བདག་ལས་སླང་བ། བདུད་ཚོགས་སྲེག་པ། སའི་ལྷ་མོ་ལ་གནང་བ་ ཞུ་བ། ས་སྦྱང་བ། གཏེར་གཞུག་པ། སྲུང་འཁོར་གྱིས་གནས་བཟུང་བ། ཕུར་གདབ་ཀྱིས་ མཚམས་བཅད་པ། སྟང་སྟབས་ཀྱིས་ས་འཆག་པ། རྡོ་རྗེའི་ས་གཞི་སྤྱན་དྲང་པ་རྣམས་སོ། ། དང་པོ་ནི། དབང་ལེར་ས་ཆོག་གི་སྐབས་འདིར། གྲོང་གི་བདག་པོ་ཁོ་ནའི་གཏོར་སྔགས་ གསུངས་ལ། སྒྲུབ་ཐབས་ཀྱི་སྐབས་སུ་ཡུལ་བདག་གི་གཏོར་སྔགས་རིང་བ་དེ་ཁོ་ན་གསུངས་ པ། ལེགས་པའི་བུས་དེ་གཉིས་གོ་ཟློག་སྟེ་བཤད། དེའི་ཕྱིར་གཞན་དག་གདམ་ཁ་ཡིན་ཞེས་ གསུང་བ་འགལ་བ་ཆེན་པོའང་མེད་མོད་ཀྱི། འོན་ཀྱང་ཡུལ་བདག་དང་གྲོང་བདག་ལ་རྒྱ་ཆེ་ ཆུང་ཡོད་ཅིང་རུ་ང་ཕྲག་དོག་གི་ཁྱད་ཀྱང་ཡོད་པས། གཉིས་ཀ་མཛད་པ་ཉིད་རང་ལུགས་ཀྱི་ 3-1-519 བླ་མའི་ཕྱག་ལེན་ཡང་ཡིན་ཞིང༌། རྒྱུ་མཚན་ཡང་སྤྱི་ལྡོག་ནས་སྒྲུབ་པ་པོ་རང་ཉིད་དང༌། སྡེ་ དེའི་བྱ་བ་སྤྱིའི་རླབས་ཀྱི་བར་ཆད་ཞི་བ་དང༌། མཐུན་རྐྱེན་སྒྲུབ་པ་ལ་ཡུལ་བདག་བསྔགས་ ལ། ས་ཕྱོགས་དེ་ཉིད་དུ་སྐབས་སུ་བབ་པའི་ལས་ལ་འཇུག་པ་ན། རང་དང་སློབ་མ་ལ་བཀྲ་ མི་ཤིས་པ་མེད་ཅིང་མཐུན་རྐྱེན་འབྱོར་བར་བྱེད་པ་ལ་གྲོང་བདག་མགུ་བ་གལ་ཆེའོ། །དེའི་ ཕྱིར་གཉིས་ཀ་བྱེད་པ་ལག་ལེན་བཟང་ངོ༌། ། དེ་ནས་གཉིས་པ་བདུད་སྲེག་པ་ནི། རང་ཉིད་དུས་ཀྱི་འཁོར་ལོའི་སྐུར་གསལ་བའི་ དཔྲལ་བར་ཟླ་བའི་དཀྱིལ་འཁོར་སོགས་ཏེ་སྒྲུབ་ཐབས་བཞིན་ཡིན་ལ། སྤྱིར་བདུད་སྲེག་ པའི་དེ་མ་ཐག་པར་སྲུང་འཁོར་སྒོམ་པ་སོགས་འབྲེལ་ཡང༌། འདིར་ནི་སའི་ལྷ་མོ་མཆོད་པ་ དང༌། ས་སྦྱང་ཞིང་གཏེར་གཞུག་པ་ལ་བར་ཆད་མི་འཇུག་པའི་ཕྱིར་དེ་དག་གི་སྔོན་དུ་བདུད་ སྲེག་གོ །དེ་ཡང་གཞི་བདག་དང་འབྱུང་པོ་སོགས་ཀྱི་གཏོར་མ་ལ་བདུད་བགེགས་འཇུག་པ་ ཉུང་ལ། འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་ལ་སྒོས་སུ་མཆོད་པ་ལ་བར་ཆད་འཇུག་པ་ མང་ཞིང༌། འཇིག་རྟེན་པའི་ལྷ་ལ་ནི་མཆོད་པ་ལ་བགེགས་ཞུགས་ན། མཆོད་པ་དེ་ཉིད་ལྷ་ལ་ མ་ཐེངས་པར་མ་ཟད། ལྷ་དེ་ཡང་སྒྲུབ་པོ་ལ་རྒྱབ་ཀྱིས་ཕྱོགས་པར་དཔུང་བཟང་སོགས་ལས་ བཤད་པ་ལྟར་ཡིན་པས། ས་ལྷ་མཆོད་པའི་སྔོན་དུ་བདུད་བགེགས་སྲེག་པ་འདི་ཡང་ཤིན་ཏུ་ གནད་ཆེ་བ་ཡིན་ནོ། ། གསུམ་པ་སའི་ལྷ་མོ་ལ་གནང་བ་ཞུ་བ་ནི། མདུན་དུ་དྲི་བཟང་པོའི་མཎྜལ་ཞེས་པ་ནས། དམ་ཚིག་པ་རང་གི་སྙིང་གར་བསྡུ་ཞེས་པའི་བར་ཏེ། ས་བོན་ལམ་ལས་བསྐྱེད་པ་ས་ལྷ་རང་ ཉིད་ཀྱི་ས་བོན་ཡིན་ཞིང་བྷྲུྃ་ལས་བསྐྱེད་པ་རྒྱུད་འགྲེལ་གྱི་དངོས་བསྟན་ལས་འབྱུང་བ་བཞིན་ བརྟན་པར་བྱེད་པའི་དོན་ཡིན་པས་གདམ་ཁ་ཡིན་ལ། རང་གི་སྙིང་གར་དམ་ཚིག་པ་བསྐྱེད་ པ་ལ་ཡེ་ཤེས་པ་བཅུག་ནས་དེའི་རྗེས་སུ་ༀ་ལཾ་ཨཱཿཧཱུྃ་སོགས་ཀྱིས་སྤྱན་འདྲེན་དང་མཆོད་པ་ 3-1-520 ལྷན་ཅིག་པའི་སྔགས་ཀྱིས་ས་འོག་ནས་སའི་ལྷ་མོ་འཁོར་བཅས་སྤྱན་དྲངས་ཏེ། ཚོམ་བུའི་ སྟེང་དུ་འཁོད་པ་ལ། སྙིང་ག་ནས་དམ་ཡི་དབྱེར་མེད་སྤྲོས་ཏེ་བསྟིམ། བར་འདིར་ལག་ལེན་ ཅུང་ཟད་སྤྲོས་པའི་དབང་དུ་བྱས་ནས། མཆོད་ཡོན་དྲི་དང་མེ་ཏོག་སྤོས་མར་མེ་ཞལ་ཟས་ འབྲས་བུ་རྣམ་ཕུལ་ཞིང༌། དེ་འཕྲལ་གཏོར་མ་བྱིན་གྱིས་བརླབས་ཏེ་འབུལ་བ་ཡིན། བསྡུ་ ན་གོང་གི་སྔགས་ཉིད་སྙིང་ག་དང་མདུན་གྱི་ལྷ་ལ་དུས་གཅིག་ཏུ་མཆོད་པའི་སྔགས་ཡིན་ པས་མཆོད་པ་དེ་ལ་འདུས་ཤིང༌། གཏོར་མ་དམིགས་གསལ་མ་གསུངས་པས། བསྡུས་པའི་ སྐབས་སུ་དེ་རྣམས་མེད་ཀྱང་ཆོ་ག་ཆད་པར་མི་འགྱུར་མོད། དེ་ཙམ་བྱས་ན་སྤྲོས་པ་ལ་དགའ་ བའི་བློ་ངོ་དང་མཐུན་ཞིང༌། ཧ་ཅང་སྤྲོས་པ་ཐལ་ཆེས་པའང་མིན་པས་ལེགས་སོ། །དེ་མ་ཐག་ ཏུ་གསོལ་པ་འདེབས་ཏེ། དེ་ལ་རྒྱལ་བས་ལྷའི་བདག་པོ་དང་བཅས་ཞེས་པ་ནི་ལྷ་དང་བཅས་ པའི་བདུད་བཏུལ་ཞེས་པའམ། སྟོན་པ་ལྷའི་དཔུང་དང་བཅས་པས་བདུད་བཏུལ་ཞེས་པ་ མིན་གྱི། སྟོན་པས་བདུད་བཏུལ་བའི་ཚེ། གནས་གཙང་མ་ནས་རྒྱལ་ཆེན་རིགས་བཞིའི་བར་ གྱི་ལྷ་རྣམས་སྟོན་པའི་ཉེ་སྐོར་ན་དབང་པོ་དང་ལྟད་མོ་ལ་ཡོད་པའི་དོན་ནོ། །འཇུག་ཏུ་སརྦ་ སཏྭཱ་ནཱཾ་སོགས་གཤེགས་སུ་གསོལ་བའི་སྔགས་སོ། །དེ་ལ་ས་ལྷ་ཡེ་ཤེས་པ་ནམ་མཁའ་འམ་ དབྱིངས་སུ་གཤེགས། ས་ལྷ་དངོས་ས་འོག་ཏུ་བཞུད། དམ་ཚིག་པ་རང་གི་སྙིང་གར་བསྡུ། བཞི་པ་ས་སྦྱང་བ་ནི། ས་ལྷ་མཆོད་པའི་རྗེས་སུ་བྱེད་དགོས་ཏེ། སྒྲུབ་པ་པོ་ལ་སའི་ལྷ་མོས་ ས་མ་གནང་ན། བརྐོ་བ་སོགས་མི་རུང་བའི་ཕྱིར་རོ། །དེ་ཡང་སློབ་དཔོན་ཉིད་དམ་ལས་བྱེད་ པ་པོ་ལྷའི་ང་རྒྱལ་དང་ལྡན་པས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་འཇོར་གྱིས་ས་བརྐོ་ བར་བྱ་སྟེ། དཀྱིལ་འཁོར་ཁང་པའི་དོན་དུ་ཡིན་ན་རྒྱ་ཆེན་པོར་བརྐོ་ཞིང༌། ཁྱིམ་གྱི་ནང་དུ་ས་ སྟེགས་ཀྱི་དོན་དུ་བརྐོ་བ་ཡིན་ན། ཇི་ཙམ་ས་སྟེགས་ཀྱི་རྒྱ་ལ་དགོས་པ་དེ་ཙམ་སྟེ། འདི་ལ་སྤྱི་ ཁྱབ་ཏུ་ཡོངས་སུ་གྲགས་པ་ལྟར་ས་བདག་ལྟོས་འཕྱེ་བརྟགས་ནས་ལྟོ་བ་ལས་ཅུང་ཟད་མདུན་ 3-1-521 གྱི་ཆ་ནས་དང་པོར་བརྐོའོ། །ས་གཞི་བསྟར་པའི་སྟེང་དུ་ས་སྟེགས་བྱེད་པ་ཙམ་ལ་བརྐོ་བ་མི་ དགོས་ཏེ། གཞན་ཡང་ཇི་སྐད་དུ། ཁང་བཟངས་བྲག་སྟེང་བ་ལང་ལྷས། །གཙུག་ལག་ཁང་ སོགས་ཆུ་འགྲམ་དང༌། །སྔོན་འདུས་བྱས་པའི་གནས་དག་ཏུ། །མ་བརྐོས་ན་ཡང་དག་པ་ཡིན། ། ཞེས་གསུངས་ཏེ། མི་བརྐོ་ན་ལྟོས་འཕྱེ་བརྟག་པ་དང༌། ས་སེལ་དབྱུང་པ་ཡང་མི་དགོས་སོ། ། ས་གཞི་བལྟར་པ་དང༌། སྲ་ཞིང་མཁྲེགས་པ་ལ་གཏེར་གཞུགས་པ་མི་དགོས་མོད། ཕྱུགས་ ལྷས་དང༌། ཆུ་འགྲམ་དང༌། སྟེགས་བུ་སོགས་ལ་གཏེར་གཞུག་པ་དགོས་སོ། །གང་ལྟར་ཡང་ ས་བརྐོ་བའི་ཕྱོགས་ལ་རྭ་དང་རུས་པ་དང༌། སོལ་པ་ལ་སོགས་པ་སའི་སེལ་ལམ་རོ་རྣམས་ ནི་ནད་ལ་སོགས་པ་སྡུག་བསྔལ་སྐྱེད་པའི་ཕྱིར་དབྱུང་དགོས་ལ། འདིར་དེ་ལ་ཟུག་རྔུ་སེལ་ བའི་ཐ་སྙད་མཛད་དོ། །ཡང་སའི་ནང་ནས་རིན་པོ་ཆེ་དང༌། འཆིང་བུ་དང༌། དུང་ལ་སོགས་ པ་ཐོན་ན་ནི། མཆོག་ཏུ་དགེ་བའི་ལྟས་ཏེ་སླར་ཡང་དེར་གཞུག་གོ །གོང་དུ་སྨོས་པ་ལྟར་སའི་ ཁ་དོག་དྲི་རོ་འདོད་པ་ཞིག་མེད་ན། ཕྱོགས་གཞན་ནས་ས་ནག་དམར་དཀར་སེར་ལྗང་ཁུ་ དག་བླངས་ཏེ་དེས་དགང་བར་བཤད་ཅིང༌། དེ་ཡང་དཀྱིལ་འཁོར་ཁང་པའི་དོན་དུ་བརྐོ་བ་ ཡིན་ན། ཆུའམ་རྡོ་ལ་ཐུག་གི་བར་དུ་བརྐོའོ། །ཁང་པ་གདན་བཞུགས་ཀྱི་སྟེང་དུ་སྟེགས་བུའི་ དོན་དུ་བརྐོ་བ་ཡིན་ན། སའི་གཞི་ནས་ཁྲུ་གང་སོགས་ཇི་ལྟར་འོས་པ་བརྐོ་བ་ཡིན་ནོ། །སའི་ དྲི་རོ་ཡང་རང་བཞིན་གྱིས་གྲུབ་པ་མེད་ན། དཀར་པོ་ལ་ཙན་དན་དཀར་པོའི་ཆུས་བྲན་པ་ དང༌། དམར་པོ་ལ་པདྨའི་གེ་སར་གྱི་ཆུ་འམ་ཙནྡན་དམར་པོས་བྲན་པ་དང༌། སེར་པོ་ལ་བོང་ བུ་དང༌། རྟ་དང༌། མིའི་དྲི་ཆུས་བྲན་པ་དང༌། ནག་པོ་ལ་ཤ་རུལ་པའི་ཆུས་བྲན་པས་དྲི་སོ་སོ་ དང་ལྡན་པར་བྱེད་པ་དང༌། རོའི་ཁྱད་པར་ཡང་ནག་པོ་ལ་ལན་ཚྭ་དང་སྐྱུར་པ་བསྲེ་བ་དང༌། སེར་པོ་ལ་བུ་རམ་དང༌། དམར་པོ་ལ་ཚ་བ་གསུམ་དང༌། དཀར་པོ་ལ་ཁ་བ་དང་སྐ་བ་བསྲེ་ལ། ལྗང་ཁུ་ལ་ནི་ཅི་ཡང་མི་བསྲེའོ་ཞེས་གསུངས་སོ། ། 3-1-522 ལྔ་པ་གཏེར་གཞུག་པ་ནི། ནག་པོ་ལ་བསད་པའི་ལས་ཀྱི་དོན་ཡིན་ན་མི་རུས་དང༌། བསྐྲད་པ་ལ་བྱ་རོག་གི་འཇུག་སྒྲོ་དང༌། དབྱེ་བ་ལ་བོང་བུའི་རུས་པའོ། །སེར་པོ་ལ་ནི་རྨོངས་ པ་ལ་སྦྲུལ་གྱི་རུས་པ་དང༌། རེངས་པ་ལ་བ་བླ་དང༌། ཕུར་བུས་གདབ་པ་ལུག་གི་རྭའོ། །དམར་ པོ་ལ་ནི་དབང་ལ་གི་ཧང་དང༌། དགུག་པ་ལ་མཚལ་དང༌། བསྐྱོད་པ་ལ་ལྡོང་རོས་སོ། །དཀར་ པོ་ལ་ནི་ཞི་བ་ལ་ཤེལ་དང༌། རྒྱས་པ་ལ་དུང་དང༌། རིམས་འཕྲོག་པ་དང་སྲེག་པ་ལ་ནི་མུ་ ཏིག་གོ །ལྗང་གུ་ལ་ནི་ཡང་ན་ཅི་ཡང་མི་གཞུག་ཅིང༌། ཅི་སྟེ་འཇུག་ན་རིན་པོ་ཆེ་སྣ་ལྔ་གཞུག་ ལ། གཞན་ཡང་དགེ་བའི་ལས་དྲུག་དང་འབྲེལ་པ་རྣམས་ལ་དེ་འཇུག་ཏུ་རུང་མོད། དགེ་བ་ མ་ཡིན་པའི་ལས་དྲུག་རྣམས་ལ་གཞུག་ཏུ་མི་རུང་ལ། དྲག་པོའི་རྫས་ཀྱང་དྲག་པོ་རྣམས་ཉིད་ མ་གཏོགས་པ་ལ་མི་འཇུག་སྟེ་ལས་ཐམས་ཅད་པ་ཞེས་པ་ཡང་འཇམ་པོ་ཐམས་ཅད་པའོ། ། གཏེར་རྣམས་ས་སྟེགས་ལ་འཇུག་པ་ཡིན་ན། སྟེང་འོག་ཕྱོགས་མཚམས་ཀྱི་དབུས་དྲང་ཐད་ དུ་གཞུག་ཅིང༌། དཀྱིལ་འཁོར་ཁང་པ་སོགས་ཀྱི་ས་གཞི་ལ་ཕྱོགས་མཚམས་ཀྱི་དབུས་དང༌། མཐོ་དམའི་དབང་དུ་ན་འོག་གི་ཆ་ལ་གཞུག་པ་ཡིན་ལ། དེ་དག་ཀྱང་ཡི་གེ་བྷྲཱུྃ་ལས་{ཡབ་ }བསྐྱེད་{ཅིང༌[ཡིན་ལ]། སྙིང་པོའམ་ཡན་ལག་དྲུག་གིས་སྔགས་ཀྱིས་བྱིན་གྱིས་བརླབས་ ཏེ་འཇུག་གོ །བརྐོ་སྦྱངས་དང་གཏེར་གཞུག་པ་འདི་དག་མ་གྲུབ་པའམ། མི་དགོས་པའི་ སར་ཡུངས་ཀར་དང་དྲི་བཟང་གི་ཆུ་དང༌། ཤིང་ཐལ་རྣམས་བསྲེས་པ་ཞེས་སོགས་ཏེ་འདི་ལ་ སྔགས་ཀྱི་ས་སྦྱང་བ་ཞེས་ཟེར་རོ། །འདི་ཡང་གསང་བ་སྤྱིའི་ཆོ་ག་ཡིན་གྱི། དུས་འཁོར་རང་ ལུགས་མིན་པས་མ་བྱས་ཀྱང་འགལ་བ་མེད་དོ། ། དྲུག་པ་སྲུང་འཁོར་ནི། སློབ་དཔོན་དཀྱིལ་འཁོར་གྱི་ས་གཞིར་འདུག་སྟེ། ཧཾ་ལས་བྱུང་ བའི་ནམ་མཁའི་རང་བཞིན་ཞེས་པ་ནས། སྲུང་འཁོར་གྱི་ང་རྒྱལ་བཟུང་བའི་བར་སྒྲུབ་ཐབས་ བཞིན་ནོ། ། 3-1-523 བདུན་པ་ཕུར་གདབ་ནི། ཕུར་བུ་བཅུ་མཆོད་པ་དང་བཅས་པ་ནས་དེ་བཞིན་ཉིད་རྣམ་ པར་དག་པར་གྱུར་ཞེས་པའི་བར་ཕུར་གདབ་དངོས་ཡིན་ལ། དེ་རྗེས་མཆོད་གཏོར་འབུལ་ བ་ཡང་ཕུར་གདབ་དང་སྲུང་འཁོར་གཉིས་ཀྱི་རྗེས་ཐུན་མོང་གི་ཆོ་གའོ། །རྒྱུད་ལས། ནྱ་གྲོ་ དྷཱ་དང་ཨ་ཤྭད་ཐ་ཀ་རུས་ལྕགས་སེང་ལྡེང་ལས་སྐྱེས་ཙཱུ་ཏ་བིལ་པ་ཨརྐ་སྐྱེས། །ཞེས་གསུངས་ ཏེ། ཕུར་བུའི་རྒྱུ་ནི་ཞི་བ་ལ་ནྱ་ཀྲོ་དྷཱ། རྒྱས་པ་ལ་ཨ་ཤྭད་ཐ། བསད་པ་ལ་རུས་པ། བསྐྲད་པ་ ལ་ལྕགས། དབང་ལ་སེང་ལྡེང༌། དགུག་པ་ལ་ཙཱུ་ཏ། རྨོངས་པ་ལ་ཨརྐ། རེངས་པ་ལ་བིལ་ བ། ལས་ཐམས་ཅད་པ་ལ་ཨུ་དུམ་བ་ར་ལས་གྲུབ་པའོ། །སྤྱིར་མཆོག་སྒྲུབ་ལ་ཞི་སོགས་ དང་མཐུན་པ་ཤས་ཆེ་ཡང་འདིར་བགེགས་དབང་དུ་བྱ་བའི་ཕྱིར། དབང་གི་ལས་དང་མཐུན་ པར་སེང་ལྡེང་གི་ཕུར་བུས་འདེབས་པ་ཡིན་ལ། ཕུར་བུའི་ཚད་ནི། ཐིག་སྐུད་ཁྲུ་བརྒྱད་པ་ལ་ དཀྱུས་སུ་སོར་བཅུ་གཉིས་སྤོམས་སུ་མཐེ་བོའི་ཚད་ཙམ་བྱ་ལ། དཀྱིལ་འཁོར་གྱི་ཚད་ཆེ་ཆུང་ ལས་བརྩམས་ནས་ཕུར་བུའི་ཚད་བྱ་སྟེ་གཞན་རྣམས་ལ་ཡང་དེས་རིགས་འགྲེའོ། །སྐབས་ འདིར་ཕུར་བུའི་ཁྲོ་བོ་ཇི་ལྟར་ཡིན་པ་ནི་སྒྲུབ་ཐབས་ཀྱི་རྣམ་བཤད་དུ་བརྗོད་ཟིན་ལ། ས་བོན་ ནི། ཧ་ཡ་ར་ཝ་ལ་རིང་ཐུང་ལས་བསྐྱེད་པར་འདོད་པའང་ཡོད་མོད། རིགས་ཀུན་གྱི་ཁྱབ་ བདག་རྡོ་རྗེ་སེམས་དཔའི་ཁྲོ་བོ་ཡིན་པའི་ཕྱིར། ཧཱུཾ་འབའ་ཞིག་ལས་བསྐྱེད་པས་ཀྱང་རུང་ངོ༌། ། ཡི་གེ་ལྔ་ནི་ཧཱུཾ་ཉིད་ལ་ཚང་སྟེ། ཧ་ཨུ་རྣམ་བཅད་ཐིག་ལེ་ན་དཱའོ། །ས་ཆོག་གི་སྐབས་འདིར་ ཕུར་བུས་འདེབས་པ་པོ་ནི་ཁྲོ་བོ་བཅུས་འདེབས་པ་ཡིན་ཏེ། དེ་ཡང་སྲུང་འཁོར་གྱི་ཁྲོ་བོ་ བཅུ་ལས། དེ་འདྲ་བ་རེ་རེ་ཆད་ནས་ཕུར་བུ་བླངས་ནས་ཕྱོགས་བཅུའི་བགེགས་ལ་འདེབས་ ཤིང༌། ཕུར་བུ་བརྡུང་པ་ཡང་ཁྲོ་བོ་བཅུ་པོ་རྣམས་ཉིད་ཀྱིས་ཐོ་བ་བླངས་ཏེ་བརྡུང་པ་ཡིན་ནོ། ། ཡང་ཁ་ཅིག་ཕུར་བུ་ཁྲོ་བོ་ནག་པོ་གཉིས་དམར་པོ་གཉིས་སོགས་བྱས་ནས་ཞལ་མདོག་ལ་ རིགས་དྲུག་ཀར་ཚང་བར་བྱེད་པའང་ཡོད་མོད་ཀྱི། དེ་དག་བགེགས་མཐར་བྱེད་སོགས་ཡིན་ 3-1-524 པའང་མི་འཐད་ལ། མཚན་གྱི་ངེས་པ་གང་ཡང་མེད་པའི་ཁྲོ་བོ་ཆེན་པོ་ཁྲོ་བོ་ཆེན་པོ་ཞེས་ཟོལ་ འཇོག་སྨྲ་བ་ཡང་མུན་སྤྲུལ་ཁོ་ནར་འགྱུར་བས། ཕུར་བུའི་ཁྲོ་བོའི་མཚན་རྡོ་རྗེ་ཕུར་བུ་ཞེས་བྱ་ བ་ཉིད་དེ། སྐུའི་རྣམ་པ་འདྲ་བ་ཉིད་གྲངས་བཅུ་སྒོམ་མོ། །ༀ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་མ་ཧཱ་ཨུཥྞི་ཥ་ ཞེས་སོགས་ཁྲོ་བོ་བཅུ་ལ་བཀའ་བསྒོ་བའི་སྔགས་བརྗོད་པའི་སྐབས་སུ་ཕུར་བུ་འདེབས་བྱེད་ ཀྱི་ཁྲོ་བོ་དེ་ཉིད་ཕུར་བུའི་རྒྱབ་ཏུ་པད་ཉི་ལ་ཞུགས། ཕུར་བུ་བསྲུང་བར་བསམ་སྟེ། ཕུར་བུར་ མ་ཟད་ཕྱོགས་སྲུང་པའོ། ། བརྒྱད་པ་སྟང་སྟབས་ཀྱིས་ས་འཆག་པ་ནི། ༀ་ཧཱུཾ་ཀྲོ་དྷ་ཨིནྜོ་སོགས་ཀྱིས་ང་རྒྱལ་བཟུང་ ལ། ཞེས་པ་ནས་རྒྱུད་འགྲེལ་ནས་འབྱུང་ངོ་ཞེས་པའི་བར་ཏེ། དེ་ཡང་དབུས་སུ་གཡས་བརྐྱང་ གཡོན་བརྐྱང་མཉམ་པའི་སྟབས་གསུམ་བྱེད་པ་ནི། རྡོ་རྗེ་གསུམ་དང་རྩ་གསུམ་དག་པར་བྱེད་ པ་དང༌། བཤང་གཅི་ཁུ་བའི་ལམ་དགག་པའི་དོན་ཡིན་ལ། གཞན་རྣམས་ཕྱོགས་མཚམས་ ཀྱི་རྩ་དང་རླུང་དང་ཐིག་ལེ་དག་པར་བྱེད་པའི་དོན་ཡིན་ཞིང༌། འདི་དག་ལ་གར་གྱི་རྣམ་པ་ རྒྱས་པ་མ་ཡིན་པར་དངོས་བསྟན་དང་འབྲེལ་པ་འདི་ཁོ་ན་ལ་ཅུང་ཟད་སྤྲོས་པ་བྱེད་ན། གཞི་ བཅའ་དང་པད་སྐོར་སྔོན་དུ་འགྲོ་བའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྙིང་གར་རེག་ཅིང༌། གཡས་ བརྐྱང་དང་ལྷན་ཅིག་ཏུ། ༀ་ཨ་ལི་ཊ་བཛྲ་མ་ཧཱ་ཀྲོ་དྷ་བི་གྷུར་ཎ་བི་གྷུར་ཎ་ཡ། སརྦ་དུཥྚ་ན་ སྭརྒ་དེ་བ། ཨཱ་དཱི་མ་རཱ་ན་ཧཱུཾ་ཕཊ་ཞེས་བརྗོད་པ་དང༌། དེ་བཞིན་དུ་ཨ་ལི་ཊའི་གནས་སུ་པྲ་ཏྱ་ ལི་ཊ་དང་ས་མཱ་དང་བར་ཏུ་ལ་དང༌། ལ་ལི་ཏ་དང༌། ཏནྜ་བ་དང་བི་ཤཱ་ཥ་ཞེས་པ་རྣམས་བཅུག་ པ་དང༌། སྭརྒ་དེ་བའི་གནས་སུ་བྷུ་མི་གྲ་ཧཱ་དང༌། ཏྲཻ་དྷཱ་ཏུ་ཀ་བསྠི་ཏ་དང༌། གནྡྷརྦྷ། ཡ་མ། ཡཀྵ། ནཱ་ག་ཞེས་པ་རྣམས་འཇུག་སྟེ། ཞིབ་ཏུ་ལག་ལེན་མཐོང་བ་ལས་ཤེས་པར་བྱའོ། །ཁ་ ཅིག་རྐང་པ་བདུན་ཅུ་རྩ་གཉིས་པའི་ལྕགས་ཀྱུ་ཕུར་བུ་ཐོ་བ་རྣམས་ཀྱི་སྔགས་ལ་བརྟེན་ནས་ སྤྲོས་པ་བྱེད་པའང་ཡོད་དེ། རང་བཟོ་འབའ་ཞིག་གོ །ཡང་འཕྲེང་བ་སོགས་དང་བསྲེས་ཏེ། 3-1-525 འཕྲེང་གར་ལ་སོགས་པའི་སྤྲོས་པ་བྱེད་ན། གཞུང་དེ་དང་དེ་ལས་ཇི་སྐད་འབྱུང་བ་ལྟར་བྱ་ཡི། ཕྱོགས་བཞི་གསོལ་གདབ་ལ་རིགས་ལྔ་སོ་སོར་ཡན་ལག་བཞི་རྫོགས་ཀྱིས་བསྐྱེད་པ་དང༌། མཆོད་བསྟོད་ལ་སོགས་པའི་སྤྲོས་པ་ཧ་ཅང་ཆེ་བ་ནི་མི་ལེགས་ཏེ། ལར་ནས་དུས་ཀྱི་འཁོར་ ལོའི་ཁོར་ཡུག་གི་ལྷའི་སྤྲོས་པ་དང༌། འདོད་ཕྱིར་འདོད་ཀྱི་ས་བོན་གྱི་བཤད་པ་དང༌། ས་ཆོག་ དང་བུམ་བསྐྱེད་སྤྲོས་པ་འདི་རྣམས་ཀྱིས་བོད་ཀྱི་དུས་འཁོར་བར་ཁས་འཆེ་བ་ཕྱིས་བྱུང་མང་ པོའི་ལས་ཐེབས་ཆེ་ཚད་ཞིག་བཅག་འདུག་གོ ། དགུ་པ་རྡོ་རྗེའི་ས་སྤྱན་འདྲེན་པ་ནི། སླར་ཡང་དཀྱིལ་འཁོར་གྱི་ས་གཞི་ལ་ཞེས་པ་ནས། ས་ལྷག་པར་གནས་པ་འོའི་བར་ཏེ། སྔར་གཤེགས་སུ་གསོལ་བའི་སའི་ལྷ་མོ་སྤྱན་དྲངས་ཏེ་ ས་ལ་སྟིམ་པ་ནི། འགྲེལ་ཆེན་ལས། སྔར་བཞིན་ཞེས་པའི་ཚིག་ཟུར་དང༌། བསྟན་བཅོས་ ལས་འབྱུང་ཞིང་བླ་མའི་མན་ངག་ཀྱང་སྟེ། ཕྱོགས་དེར་བཀྲ་ཤིས་པའི་དགོས་པ་ཁྱད་པར་ ཅན་ཡོད་ཅིང༌། དོན་གྱི་གཙོ་བོ་དོན་དམ་རྡོ་རྗེའི་སས་བྱིན་གྱིས་རློབས་པ་ཡིན་ལ། འདི་ཉིད་ ཆོ་ག་གཞན་གྱི་སའི་ལྷ་མོ་སྟ་གོན་གྱི་དོད་བྱིན་རླབས་ཀྱི་སྒོ་ནས་ལྷག་ཆོས་དང་བཅས་པ་ཡིན་ པས། གཞན་དག་ནང་བར་སྤྱི་འགྲོ་ས་ལྷ་སྟ་གོན་ལོགས་སུ་བྱེད་པ་ནི་ལྷག་པ་ཡིན་ཞིང༌། སྐབས་འདིར་ཡང་ས་སློང་བའི་ཆོ་ག་བསྐྱར་ནས་མི་དགོས་ཏེ། ཐུན་གཅིག་ལ་ས་སླང་བ་ལན་ གཉིས་བྱས་ན་ཧ་ཅང་ཐལ་བར་འགྱུར་རོ། །སླར་ཡང་ས་ལ་མཆོད་པ་འབུལ་བ་ནི། ས་གཞི་ དམ་ཡེ་དབྱེར་མེད་ལ་དགའ་སྟོན་བྱེད་པ་སྟེ། རྒྱུད་འགྲེལ་ལས་གསལ་བར་གསུངས་པའོ། ། བཞི་པ་རྗེས་ཀྱི་ཆོ་ག་ནི། དེའི་འོག་ཏུ་སླར་ཡང་སྲུང་མ་དྲུག་ཅུའི་གཏོར་མ་འབུལ་བ་ དང༌། གཤེགས་གསོལ་དང༌། སྨོན་ལམ་སོགས་ཞོར་ལ་འོངས་པའི་ཆོ་གའོ། །གལ་ཏེ་འཕྲེང་ བ་སོགས་ཀྱི་སྤྱི་འགྲོས་དང་བསྲེས་ཏེ་སྤྲོས་པ་བྱེད་འདོད་ན། དེའི་ལུགས་བཞིན་དུ་གོ་རིམ་ ཡང་ཅུང་ཟད་བསྒྱུར་ཏེ། ཉི་མ་དེ་ལ་ཐོག་མར་བདག་བསྐྱེད་མི་བྱེད་པར། དང་པོར་ཡུལ་ 3-1-526 བདག་གྲོང་བདག་ལས་ས་བསླངས། དེ་ནས་སའི་ལྷ་མོ་མཆོད་ཅིང་གཤེགས་སུ་གསོལ། དེ་ ནས་སྔགས་ཀྱིས་ས་སྦྱངས། དེ་རྗེས་དཀྱིལ་འཁོར་གྱི་ས་གཞིར་འདུག་ནས། སྲུང་འཁོར་ དང་བཅས་པའི་བདག་བསྐྱེད་རྒྱས་པར་བསྒོམ། མ་ལུས་ཕྱོགས་ན་བཞུགས་པ་ཡི་སོགས་ ཀྱིས་སྙན་མནན། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ་སོགས་ཀྱིས་ཕྱོགས་བཞིའི་གཙོ་བོ་བསྐོས། དེ་ ནས་ཕྱོགས་བཞིའི་གསོལ་བཏབ་བྱས་ནས་དཀྱིལ་འཁོར་ནམ་མཁའ་ལ་བཏེག ཕྱག་དང་ སེམས་བསྐྱེད་དང་ཁྲོ་བོའི་ང་རྒྱལ་དང་རྡོ་རྗེའི་ལྟ་བས་ཕྱོགས་ཐམས་ཅད་དུ་ལྟ་ཞིང་འགྲོ་བས་ ང་རྒྱལ་བསྐྱེད་པ་དང༌། རྐང་སྟབས་རྣམས་ཀྱིས་ཕྱོགས་རྣམས་སུ་བསྐོར་བ་དང༌། བགེགས་ ལ་བཀའ་བསྒོ་བ་དང༌། དཀྱིལ་འཁོར་གྱི་ས་གཞི་བྱིན་གྱིས་བརླབས་པ་དང༌། ཐབས་ཤེས་ ཁ་སྦྱོར་གྱི་གར་དང༌། གཡས་བརྐྱང་ལ་སོགས་པ་གནས་ངེས་ཅན་ལྔ་དང༌། སྐྱེས་པའི་རྐང་ སྟབས་སོགས་ངེས་མེད་བརྒྱད་དང༌། རྒྱ་མཚོའི་རླབས་སོགས་གོམ་པས་བགྲོད་ཚུལ་བཞི་ དང༌། བསྣུན་པ་ལ་སོགས་པ་ཀུན་བསྐྱོད་དགུ་དང༌། རྡོ་རྗེ་བསྒྲེང་བ་སོགས་ཚུལ་དྲུག རལ་ གྲི་སོགས་ཚུལ་བཅུ་གསུམ། གདན་གྱི་ཚུལ་བཅུ་སྟེ་ཚུལ་ཉེར་དགུ་དང༌། རྡོ་རྗེའི་ལྟ་བ་གཉིས་ དང༌། གར་གྱི་ཉམས་དགུ་སོགས་ཕྱོགས་འདིར་འཕྲེང་གར་དུ་གྲགས་པ་རྣམས་ཀྱང་ཇི་ལྟར་ འོས་པ་བྱ་སྟེ། མཐར་བགེགས་ལ་ཕུར་བུས་བཏབ། ས་གཞི་སྤྱན་འདྲེན་བྱེད་པའི་སྲོལ་ཡོད་ པ་ལྟར་བྱའོ། །འོན་ཀྱང་རྒྱུད་འགྲེལ་ལས་གསུངས་པའི་ཆོ་གའི་གོ་རིམ་བསྒྱུར་བ་ནི་ཅུང་མི་ ལེགས་པར་མངོན་ལ། ལྷག་མ་གར་གྱི་བྱ་བ་སྣོན་པ་ནི་འགལ་བ་མེད་དེ། རྒྱུད་འགྲེལ་ཉིད་ ལས་ཀྱང་བྷ་ར་ཏ་ལ་ཁ་འཕངས་མཛད་པས་སོ། །གོང་དུ་བཤད་པའི་རྐང་སྟབས་ཀྱི་སྔགས་ དང༌། འཕྲེང་གར་སོགས་ཀྱི་ཚུལ་ཐ་དད་པའི་སྔགས་མང་པོ་འདི་རྣམས་རྡོ་རྗེ་གུར་དང་སྒྱུ་དྲ་ དང༌། ཕྱག་རྡོར་དབང་བསྐུར་སོགས་གར་གྱི་ཚུལ་སྟོན་པའི་རྒྱུད་ནས་གསུངས་པ་མ་ཡིན་ལ། དེའི་ཕྱིར་འཕྲེང་པའི་དངོས་བསྟན་ལ་ཡང་མེད་དོ། །འོན་ཀྱང་རིགས་ཀྱི་བྱིན་པ་དང༌། དར་ 3-1-527 པན་ཨ་ཙརྱ་སོགས་ཀྱིས་ནི་བཤད་དེ། བྷ་ར་ཏ་ལས་གར་གྱི་སྐབས་སུ་ལྷ་མིན་དང་བགེགས་ ཞི་བྱེད་ཀྱི་ཚིག་མང་པོ་ཡོད་པ་རྣམས་དང་ཕྱོགས་མཚུངས་པར་སྔོན་གྱི་གསང་སྔགས་པ་ཆེན་ པོ་རྣམས་ཀྱིས་སྦྱར་པའི་ལག་ལེན་བྱིན་རླབས་ཀྱི་རྒྱུན་དང་ལྡན་པ་ཡིན་ནོ་ཞེས་གྲགས་སོ། ། འོན་ཀྱང་དཔལ་གྱི་མགུར་ནས་བྱུང་བ་མ་ཡིན་པས་ཅི་བདེར་སྤྱོད་དོ། ། ཡང་དུས་ཀྱི་འཁོར་ལོའི་སྲུང་འཁོར་ཡོངས་རྫོགས་ནི། དཀྱིལ་འཁོར་རྒྱས་པ་ཞིག་དང་ ཁྱད་མེད་ལ། ས་བཟུང་བ་ལ་སྲུང་འཁོར་ཁོ་ན་ལ་བརྟེན་པས་ཀྱང་རུང་པ་ལྟ་བུར་རྒྱུད་འགྲེལ་ ལས་གསུངས་པས། མངོན་རྟོགས་རྒྱས་པ་ཐོག་མར་མི་སྒོམ་ཕྱིན། ས་གཞིའི་དབུས་སུ་འདུག་ ནས་སྒྲུབ་ཐབས་རྒྱས་པ་སྒོམ་པའི་དོད་དུ། བདུད་སྲེག་པ་སྔོན་དུ་འགྲོ་བའི་སྲུང་འཁོར་རྒྱས་ པ་ཙམ་བསྒོམས་ནས། སྙན་མནན་པ་མན་ཆད་བྱས་ཀྱང་ཆོག་པར་མངོན་མོད། དེ་དག་ནི་ འཕྲོས་དོན་ཙམ་ཡིན་གྱི། དཀྱུས་སུ་བཤད་པའི་རང་ལུགས་སྤངས་ནས་གཡར་པོའི་སྤྲོས་ པས་ཅི་ཞིག་བྱ། (གསུམ་པ་)གཉིས་པ་སྟ་གོན་གྱི་བྱ་བ་ལ། གསོལ་པ་བཏབ་པ་དང༌། རྫས་ལྔ་ལྷག་གནས་དང༌། སློབ་མ་ལྷག་གནས་དང༌། མལ་སྟན་ལྷག་གནས་ཏེ་བཞི་ལས། དང་པོ་ནི་དཀྱིལ་འཁོར་གྱི་ས་ གཞིར་དྲི་བཟང་གིས་བྱུགས། ཞེས་པ་ནས། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །ཞེས་པའི་ བར་རོ། །དེ་ལ་གསོལ་བ་གདབ་པ་ཞེས་བྱ་བ་འདི་ནི། ལུགས་འདིའི་ལྷ་སྟ་གོན་གྱི་དོན་ཡིན་ པར་གྲུབ་ཅིང༌། དེ་ཡང་སྟ་གོན་དངོས་ཀྱི་ཚུལ་དུ་བྱེད་ན། ཉི་མ་གཉིས་པའི་སྐབས་འདིར་བྱ་ བ་ཡིན་ཞིང༌། སྟ་གོན་ལྷག་གནས་ཀྱི་ཚུལ་དུ་མི་བྱེད་ན། ཉི་མ་དང་པོའི་སྐབས་ཇི་ལྟར་འོས་ པར་བྱས་ཀྱང་འགལ་བ་མེད་དེ། རྒྱུད་སྡེ་གཞན་ལུགས་ཀྱི་ལྷ་སྟ་གོན་གྱི་དོད་ཡིན་ཡང་དོད་ ཙམ་ཡིན་གྱིས་དངོས་མ་ཡིན་པའི་ཕྱིར། རང་རང་གི་ལུགས་ལ་གང་འབྲེལ་ཆགས་པ་དེའི་ སྐབས་སུ་བྱེད་པ་ཡིན་གྱི། དོད་པོ་དེའི་ཤུལ་གྱི་དུས་སྐབས་སུ་དགོས་པར་མ་ངེས་སོ། །འོན་ 3-1-528 ཀྱང་རྒྱུད་ལས། གང་དག་ཕྱོགས་རྣམས་ཀུན་ན་སོགས་གསོལ་གདབ་ཀྱི་ཚིག་གི་རྗེས་སུ། ། དེ་དག་ཀུན་ལ་གསོལ་བ་བཏབ་ནས་སེང་ལྡེང་རང་བཞིན་སྲ་བའི་ཕུར་བུ་རྣམས་ཀྱིས་ས་ལ་ གདབ། །ཅེས་འབྱུང་ན། གསོལ་གདབ་ཀྱི་རྗེས་དེ་མ་ཐག་པར་ཕུར་གདབ་བྱེད་པ་ལྟར་བྱུང་ ཡང༌། བཏབ་ནས་ཞེས་པའི་ནས་ཞེས་པ་ནི་དེ་མ་ཐག་པ་ཡང་མིན་ལ། སྔ་ཕྱིའི་གོ་རིམ་སྟོན་ པའང་མིན་ཏེ། ཚིག་གི་ཕྲད་མཚམས་སྦྱོར་བ་ཙམ་ཡིན་པས་ན། བཏབ་སྟེ་ཞེས་པའི་དོན་ཡིན་ ཏེ། རྭ་འགྱུར་ལས། དེ་རྣམས་ཀུན་ལ་གསོལ་བ་བཏབ་སྟེ་སེང་ལྡེང་ལས་བྱུང་མཁྲང་པའི་ ཕུར་བུ་རྣམས་ནི་ས་ལ་གདབ། །ཅེས་འབྱུང་ཞིང༌། འ་ཞ་འགྱུར་ལས་ནི། ཚིག་གི་ཕྲད་ཙམ་མ་ གཏོགས། དོན་གཞན་སྟོན་རྒྱུ་མེད་པས་མི་མངོན་བར་བསྡུས་ཏེ། དེ་རྣམས་ཉིད་ལ་གསོལ་ བཏབ་ཐམས་ཅད་ལ་ནི་སྲ་བའི་སེང་ལྡེང་ལས་བྱུང་ཕུར་བུས་ས་ལ་གདབ། ཅེས་འབྱུང་བ་ བཞིན་ཡིན་ཏེ། འདིའི་རྒྱ་སྐད་དུ། ཏཱ་ནེ་བཱ་དྷྱེ་ཥྱ་སརྦཱན་དྲ་ཌྷ་ཁ་དི་ར་མ་ཡཻཿ ཀཱི་ལ་ཀཻཿཀཱི་ལ་ ཡེཏ་ཀྵྨཱཾ། ཞེས་པ་བསྒྱུར་ན། ཏཱ་ནེ་བ་དེ་དག ཨ་དྷྱཻ་ཥྱ་གསོལ་བ་བཏབ་ཅིང༌། སརྦཱན་ཀུན་ལ། དྲ་ཌྷ་སྲ་བ། ཁ་དི་ར་སེང་ལྡེང༌། མ་ཡཻཿ ལས་བྱུང་པ། ཀཱི་ལ་ཀཻཿ ཕུར་བུ་རྣམས་ཀྱིས། ཀཱི་ལ་ ཡེཏ་ཕུར་བུས་གདབ། ཀྵྨཱཾཿས་ལ་ཞེས་པའོ། །དེས་ན་འདིའི་རིགས་ཀྱི་མཚམས་སྦྱོར་བའི་ཚིག་ ཕྲད་ནི། རྒྱ་སྐད་དུ་ཥྱ་ཞེས་པའི་ཡ་བཏགས་དེ་ཁོ་ན་ཡིན་པ། ནས་ཏེ་ཅིང་ཞེས་སོགས་གང་དུ་ བསྒྱུར་ཡང་འདྲ་སྟེ། གསོལ་བ་ཡང་བཏབ། ཕུར་བུ་ཡང་འདེབས་ཞེས་པར་འགྱུར་གྱི། སྔ་ ཕྱིའི་གོ་རིམ་དུ་ནམ་ཡང་མི་འགྱུར་རོ། །ཁྱད་པར་དུ་ཡང་ས་ལྷའི་ཆོ་ག་དང༌། ཕུར་གདབ་ཀྱི་ བར་དུ་དེ་གསུངས་པ་ནི། གསོལ་གདབ་ཀྱི་ཚིག་གཉིས་རིགས་འདྲ་སྡེ་ཚན་གཅིག་ཏུ་མཛད་ པ་དང༌། སློབ་དཔོན་མེད་པར་རང་ཀར་འཇུག་པ་དགག་པའི་དོན་ཡིན་ལ། དེ་ཉིད་གང་དུ་ བྱེད་པའི་ས་མཚམས་ནི། འོག་ཏུ། སེམས་ཅན་རྣམས་ནི་ཐར་པའི་སླད་དུ་ཆེ་གེ་བདག་ཀྱང་ གཙོ་བོའི་དཀྱིལ་འཁོར་དག་ནི་བཞེང་བར་བགྱིད། །ཅེས་པ་འདི་ཡིན་ཏེ། དེའི་དེ་མ་ཐག་ཏུ། 3-1-529 དག་པའི་གནས་ནི་ལེགས་པར་གང་ཞིང་ཤིན་ཏུ་མཉམ་པར་བཀོད་པ་རུས་སྦལ་རྒྱབ་བཞིན་ མཐོ་བ་དག །ཅེས་སོགས་རྫས་ལྔ་སྟ་གོན་བྱེད་པར་གསུངས་ཤིང་བཞེང་བར་བགྱིད་ཅེས་ པའི་རྗེས་སུ། གང་དག་ཕྱོགས་རྣམས་ཀུན་ནས་སོགས་སྤྲེལ་རྒྱུ་ཡིན་པ་ཤིན་ཏུ་གསལ་བའི་ ཕྱིར་དང༌། རྒྱུད་དོན་ཕྱིན་ཅི་མ་ལོག་པར་དགོངས་པ་རྣམས་ཀྱི་མན་ངག་ལས་ཀྱང་འབྱུང་ངོ༌། ། མཁས་མཆོག་བུ་སྟོན་གྱིས་ཀྱང་སེམས་ཅན་རྣམས་ནི་ཐར་པའི་སླད་དུ། །ཞེས་སོགས་ཀྱིས་ ལྷ་སྟ་གོན་བསྟན་པར་བཞེད་ན། དེ་ལས་བརྒྱུད་པར་འདོད་པ་ཁ་ཅིག་ནི་རང་ཉིད་ལྷ་སྟ་གོན་ འོག་ཏུ་བྱེད་པ་དེ་ཁོ་ན་སྙིང་ལ་བཞག་ནས་འདི་སྐད་དུ། དེ་མི་འཐད་དེ་འདི་ནི་སློབ་མ་སྲུང་བ་ བྱས་པའི་རྗེས་སུ་སློབ་མ་ལ་བར་ཆད་མི་འཇུག་པའི་ཕྱིར། སངས་རྒྱས་ལ་གསོལ་བ་འདེབས་ པ་ཙམ་ཡིན་ཟེར་བ་ནི། དཀྱིལ་འཁོར་དག་ནི་བཞེང་བར་བགྱི། ཞེས་པའི་ཚིག་དོན་མེད་དུ་ བཏང་བ་དང༌། གང་དག་ཕྱོགས་རྣམས་ཀུན་ན་ཞེས་སོགས་ཁོ་ན་ཙམ་ཞིག་གཞན་དུ་སྐྱོགས་ པ་ཙམ་ལ་སེམས་ཚིམ་པར་ཟད་དོ། །འདི་ནི་སྤྱི་རྒྱུད་ལས་འབྱུང་བའི་སྙན་གསན་དབབ་པ་ དང་དོན་གཅིག་སྟེ། འདིར་སེམས་ཅན་རྣམས་ནི་ཐར་པའི་སླད་དུ་ཞེས་པ་དང༌། སློབ་མ་ རྣམས་ལ་བརྩེ་ཕྱིར་དང༌། ཞེས་སོགས་དོན་གཅིག་ལ། ཆེ་གེ་བདག་ཀྱང་སོགས་དང༌། མགོན་ པོ་ཐུགས་རྗེའི་བདག་ཉིད་སོགས་དོན་གཅིག །གང་དག་ཕྱོགས་རྣམས་ཀུན་ན་སོགས་དང༌། སངས་རྒྱས་འགྲོ་འཁོར་སོགས་དོན་གཅིག །མཆོག་གིས་ཐུགས་རྗེས་སོགས་དང༌། བདག་ནི་ རྡོ་རྗེ་ཆེ་གེ་ཅན། སོགས་དོན་གཅིག་པས། སེམས་ཅན་རྣམས་ནི་སོགས་དང༌། གང་དག་ ཕྱོགས་རྣམས་ཀུན་ན་སོགས་སྦྲེལ་དགོས་པར་ངེས་ཤིང༌། དེ་ཡང་ཚིག་རྐང་གསུམ་པོ་དེ་སྙན་ གསན་དབབ་པར་གོ་དགོས་པ་དང༌། [ཕྱི་མ་]རྒྱུད་གཞན་གྱི་ལུགས་ཀྱི་སྙན་གསན་དབབ་ པ། བཅོམ་ལྡན་ཆེ་གེ་མོ་ཞེས་མཆོག་ཅེས་སོགས་མེད་ཀྱང༌། གོང་མས་རང་ལུགས་ལ་ཆོག་པ་ དང༌། སྤྲོས་པ་ལ་མོས་ན་དོན་གཅིག་པའི་ཕྱིར་གཉིས་ཀ་བྱས་ཀྱང་མི་འགལ་བར་གོ་བར་བྱ་ 3-1-530 ཡི། ཁ་ཅིག་ལྟར་འབྲེལ་མེད་ཀྱི་ཅལ་ཅོལ་ལ་ལེགས་བཤད་དུ་བརྫུ་བར་མི་བྱའོ། །ཡང་དེ་ དག་འདི་སྐད་ཅེས་རྒྱུད་གཞན་ལ་བུམ་པ་སྟ་གོན་གྱི་སྔོན་དུ་ལྷ་སྟ་གོན་བྱེད་ཀྱང༌། དུས་འཁོར་ ལ་ནི་མི་རུང་སྟེ་མལ་སྟན་ལྷག་གནས་ཀྱི་སྔོན་དུ་རྫས་ལྔ་སྟ་གོན་འགྲོ་དགོས་པར་བཤད་ལ། མལ་སྟན་ལྷག་གནས་ཀྱིས་རྨི་ལམ་བརྟགས་ནས། ངན་ན་རེ་ཞིག་ཐིག་མི་འདེབས་པར་ བགེགས་གཞོམ་པ་བྱེད་ལ། བཟང་ན་གདོང་ཐིག་འདེབས་དགོས་པ་ཡིན་པར་དུས་འཁོར་བ་ ཐམས་ཅད་འདོད་དགོས་ལ། ཐིག་མ་བཏབ་པར་ལྷ་སྟ་གོན་མི་རུང་སྟེ་ལས་ཐིག་མ་བཏབ་པ་ ལ་ལྷག་གནས་ཀྱི་ལྷའི་གནས་ངེས་ཐུབ་པ་མི་སྲིད། ལྷག་གནས་ཀྱི་ལྷ་སོ་སོའི་གདན་གྱི་སར་ རྡུལ་ཚོན་གྱི་ལྷ་མཚན་རྣམས་མ་འཆོལ་བར་དགོས་པའི་ཕྱིར། རྫས་ལྔ་ལྷག་གནས་དེ་རིང་ བྱས་པའི་ནང་བར་ལས་ཐིག་བཏབ་ནས་ལྷ་ལྷག་གནས་བྱེད་པ་ཡིན་ནོ་ཞེས་སྨྲ་ཞིང༌། འདི་ བའི་དུས་འཁོར་དུ་མ་ཟད་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཆེ་ཆུང་གང་ལ་ཡང༌། ལས་ཐིག་སྔོན་ དུ་མ་སོང་བར་ལྷ་སྟ་གོན་མི་རུང་སྟེ། ལྷག་གནས་ཀྱི་ས་གཞི་ངེས་མི་ཐུབ་པའི་ཕྱིར། ཞེས་པ་ འདི་ཁོ་ན་ཡང་སྐྱོར་ཞེ་སྐྱོར་རྒྱུ་མཚན་དུ་འགོད་ཅིང༌། ཡེ་ཐིག་རྗེས་སུ་ལས་ཐིག་བྱེད་པ་ནམ་ ཡང་མི་རུང་བར་སྨྲའོ། །འདི་ནི་སྨྲ་བ་པོ་དེ་རྣམས་ཉིད་བློ་གྲོས་ཤིན་ཏུ་ཆེ་བའི་རློམ་པ་ཡོད་ ཀྱང༌། འཕྲལ་གྱི་བྱ་བ་ལ་བྱེ་བྲག་ཕྱེད་པའི་སྤྱང་གྲུང་གི་རིག་པ་མེད་པ་ཞིག་སྟེ། ལྷ་ལྔ་ནས་ སུམ་ཅུ་ཙམ་གྱི་བར་ལ་ཐིག་ལ་མ་བལྟོས་པར་མིག་ཚོད་ཤིན་ཏུ་འགྲིག་པོར་ཡོད་པ་ད་ལྟ་ཡང་ ཤིན་ཏུ་མང་ལ། བློས་ཁྱད་པར་ལས་དུས་འཁོར་ཡོངས་རྫོགས་ལྟ་བུ་ལྷ་ཤིན་ཏུ་མང་བ་ལ་ ཡང་མིག་ཚོད་མི་འཆུག་པའི་བློ་རྣོན་པོ་ད་ལྟར་ཡང་ཡོད་སྲིད་ན། སྔོན་གྱི་མི་བློ་གྲིམ་པོ་དག་ ལ་ལྟ་ཅི་སྨོས། དེ་ལ་ཁྱེད་འདི་ལྟར་སེམས་ཏེ། བློ་གྲོས་ཡངས་པོ་ང་ལྟ་བུ་ལ་ཡང་མིག་ཚོད་དེ་ འདྲ་བ་མེད་ན། གཞན་དག་ལ་ལྟ་ཅི་སྨོས་སྙམ་འདུག་སྟེ། ང་རྒྱལ་གྱི་རྩ་བ་ཅན་གྱི་གཏི་མུག་ གླེན་རྟགས་སོ། །ཡང་དེའི་རྗེས་འབྲང་ཁ་ཅིག་དུས་འཁོར་ལ་ཐིག་བཏབ་པའི་རྗེས་སུ་ལྷ་སྟ་ 3-1-531 གོན་བྱེད་དགོས་ཏེ། འགྲེལ་ཆེན་ལས། འདིར་ཐིག་བཏབ་ཅིང་ལྷའི་གནས་ཐམས་ཅད་ སྦྱངས་པར་གྱུར་པ་ན། དེ་ནས་དྲི་དང་མེ་ཏོག་ལ་སོགས་པ་དང༌། གཏོར་མ་བྱིན་ཏེ་ཕྱི་ནས་ རྡུལ་ཚོན་དགྱེ་བ་བརྩམ་པར་བྱའོ། །ཞེས་གསུངས་ཟེར་བ་ནི། ལུང་གི་རྒྱབ་རྟེན་མ་རྙེད་པའི་ ཅི་ཟེར་ཟད་པ་སྟེ། འདིའི་དོན་ནི་ཐིག་ལེགས་པར་བཏབ་པས། ལྷ་སོ་སོའི་བཞུགས་གནས་ ཐམས་ཅད་ཀྱང་སྦྱངས་པ་སྟེ་དག་ཅིང་མ་ནོར་བར་གྱུར་ཟིན་པ་ན། དེ་རྗེས་སྲུང་མ་དྲུག་ཅུ་ དང༌། རྣལ་འབྱོར་མའམ་མཁའ་འགྲོ་མ་ལ་གཏོར་མ་སྦྱིན། དེ་ནས་རྡུལ་ཚོན་འགྱེད་ཅེས་པའི་ དོན་ཁོ་ན་ཡིན་པས་སོ། །དེས་ན་སྐབས་འདིའི་ལྷ་ལྷག་གནས་ནི་སངས་རྒྱས་རྣམས་ལ་ གསོལ་བ་གདབ་པ་དེ་ཡིན་ལ། དེ་ནི་རྫས་ལྔ་སྟ་གོན་གྱི་སྔོན་དུ་གསལ་བར་གསུངས་པ་ལས་ འགོད་པར་མི་བྱའོ། །ཡང་འདི་སྙམ་དུ་དེ་ལྟར་ཡིན་དུ་ཆུག་ཀྱང་མིག་ཚོད་འགྲིག་པོ་དཀོན་ པའི་ཕྱིར། ལྷ་ལྷག་གནས་ཀྱི་སྔོན་དུ་ཐིག་མི་འདེབས་པའི་ཐབས་མེད་སྙམ་ན། ལྷག་གནས་ མ་འཆོལ་བར་བྱེད་པའི་ཐ་སྙད་འདི་ནི། རྒྱ་བོད་ཀྱི་སློབ་དཔོན་ཕྱི་མ་རྣམས་ཁོ་ན་ལ་གྲགས་ པ་ཡིན་པའི་ཕྱིར་ཁུངས་ཤིན་ཏུ་ཆུང་ལ། སྒོས་སུ་དུས་ཀྱི་འཁོར་ལོའི་ལུགས་ལ་དེ་ལྟ་བུ་རྩི་ དགོས་པ་ཡིན་པ་ཁོ་ནའོ། །[དེས་ན་]རང་ལུགས་ལ་གཅིག་ཏུ་དགོས་པ་མ་ཡིན་ཡང་གཞན་ ངོར་བྱེད་པ་དང་བླ་ཆོས་ལ་ནི་ཚད་མི་བཞག་གོ །དེས་ན་རྒྱ་བོད་ཀྱི་སྔགས་པ་འགའ་ཞིག་ གིས་ཐིག་ཚོན་གྱི་ལས་བྱེད་པ་གླེན་བླུན་མང་པོ་དག་འཇུག་པ་བདེ་བའི་ཕྱིར། ལྷ་སྟ་གོན་གྱི་ སྔོན་དུ་ཐིག་འདེབས་པར་བྱེད་ཅིང་ཡི་གེར་ཡང་འགོད་པ་ནི། ལྷག་གནས་མི་འཆོལ་བའི་ ཕྱིར་སྐམ་ཐིག་ཙམ་འདེབས་པ་ལས་ཐིག་ཆོག་མི་བྱེད་ཅིང༌། ལས་ཐིག་ཕྱིས་འདེབས་པ་ཡིན་ པ་ལ། བོད་པ་རྗེས་མ་རྣམས་ཀྱིས་ལས་ཐིག་འདེབས་ཐེངས་གཅིག་པོ་དེས་གོ་ཉིས་ཆོད་བྱེད་ པའི་བླ་ཆོས་ཀྱི་ལག་ལེན་ནོར་བ་བྱས་པ་དེ། ལག་ལེན་ཡང་དག་ཏུ་སྒྲུབ་པའི་ངོ་བོའི་ཅི་ཞིག་ བྱ། འདིས་ནི་ནོར་བ་དེ་ཡང་དག་ཏུ་འབད་པས་སྒྲུབ་པ་དང༌། མ་ནོར་པ་ལ་ནོར་རོ་ཞེས་གྱ་གྱུ་ 3-1-532 ཅན་དུ་གསལ་བར་བྱེད་པའོ། །རྒྱ་གཞུང་དཀྱིལ་ཆོག་ཁུང་མ་ཐམས་ཅད་ལས་ལྷག་གནས་ཀྱི་ རྗེས་སུ་ཐིག་འདེབས་པ་ཁོ་ན་ཡོད་ཅིང་། དེ་ཡང་ཡེ་ཐིག་འབའ་ཞིག་མ་ཡིན་ཏེ། དཀར་ཐིག་ ངེས་པར་གདབ་དགོས་པའི་ཕྱིར་ན། དཀྱིལ་ཆོག་ཤིན་ཏུ་བསྡུས་པ་རེ་རེ་ཙམ་མ་གཏོགས། ལས་ཐིག་འཕྲོས་གླེང་མེད་པར་འཇོག་པའི་རྒྱུ་མཚན་ཡང་མེད་པའི་ཕྱིར། གསལ་ཁ་མ་ གསུངས་པ་རྣམས་ནི་ལས་ཡེ་ལྷན་ཅིག་ཏུ་སྟོན་པ་ཡིན་ནོ། །དེས་ན་དཀྱིལ་ཆོག་གཞན་རྣམས་ ཀྱི་ལུགས་ལ་སྔོན་ལ་ལས་ཐིག་བཏབ་ནས་ཡེ་ཐིག་གིས་བྱིན་གྱིས་རློབས་པའི་ལུགས་གཅིག་ དང༌། སྔོན་ལ་ཡེ་ཐིག་ཡིད་ཀྱིས་ཕབ་ནས་དེའི་ཆ་དབྱེ་བའི་ཕྱིར་ལས་ཐིག་འདེབས་པ་གཉིས་ ཡོད་ལ། འདིར་ནི་ལས་ཡེའི་དབྱེ་བ་མེད་དེ། རྡོ་རྗེའི་ཐིག་ཅེས་པ་ཁོ་ནར་ཟད་དོ། །དེས་ན་ལྷ་ སྟ་གོན་གྱི་གོང་དུ་ཐིག་ཆོག་དགོས་པ་ལ་རྒྱུ་མཚན་མེད་ཅིང་གནོད་བྱེད་ཡོད་པས་ལོག་རྟོག་ ལ་ཞེན་པར་མི་བྱའོ། །ད་ནི་འདིར་མེད་དུ་མི་རུང་བའི་གསོལ་བ་གདབ་པའི་ཆོ་ག་ནི་འདི་ ཙམ་ཞིག་སྟེ། ནམ་མཁའི་དབྱིངས་སུ་གསོལ་བ་གདབ་པའི་ཡུལ་ངེས་ཅན་གདོད་ནས་གྲུབ་ པའི་དུས་ཀྱི་འཁོར་ལོ་དཀྱིལ་འཁོར་ཡོངས་རྫོགས་བཞུགས་པ་གསལ་བཏབ་ཅིང༌། ཡུལ་ ངེས་མེད་ཕྱི་ནང་ཕྱོགས་མཚམས་ཐམས་ཅད་ཁྱབ་པའི་སངས་རྒྱས་བྱང་སེམས་དཔག་ཏུ་མེད་ པ་གསལ་བཏབ་ནས་མཆོད་པ་རྒྱ་ཆེར་བཤམས་བྱིན་གྱིས་བརླབས་ཏེ། མཆོད་བསྟོད་ཕུལ་ ཞིང༌། སེམས་ཅན་རྣམས་ནི་སོགས་ཚིག་རྐང་གསུམ་གྱི་དཀྱིལ་འཁོར་བྲི་བའི་སླད་དུ་གསོལ་ བ་འདེབས་པ་དང༌། གནང་བ་སྩལ་བར་བསམ་པ་ཙམ་ཞིག་ཡིན་ལ་མཆོད་པ་ནི་རྒྱས་པ་ཉིད་ བཟང་ངོ༌། །འདི་ནི་རྒྱུད་འགྲེལ་གྱི་དངོས་བསྟན་ཉིད་ཡིན་པས་དངོས་གནས་ལ་སྐྱོན་མེད་ ཡོན་ཏན་ཀུན་ལྡན་ལྷག་ཆད་བྲལ་བ་ཉིད་ཡིན་ལ། དཀྱིལ་ཆོག་འཇུག་པའི་དངོས་བསྟན་ དཀྱུས་ནི། དུས་ཕྱིས་བོད་དུ་ཆོག་གྲྭ་བྱེད་པ་ལ་བཀོད་པ་མཛེས་ཤིང་ཚིག་འདོན་གྱི་སྤྲོས་པ་ཧ་ ཅང་ཆེས་པ་མིན་ཙམ་ཞིག་དགོས་པ་བྱུང་བས་དོན་དང་མི་འགལ་པ་ལ། ལག་ལེན་ལྷག་པོ་ 3-1-533 ཅུང་ཟད་ཀྱིས་བརྒྱན་པར་བྱས་པ་འདི་ཡང་བླ་མ་བརྒྱུད་པའི་མན་ངག་ཡིན་ཞིང༌། ལྷ་སྟ་གོན་ གྱི་ཐ་སྙད་སྦྱོར་པའི་ཕྱིར་ལེགས་པའང་ཡིན་ནོ། །འདི་ལ་ལྷག་གནས་ཀྱི་སྔོན་འགྲོ་ནི་བདག་ བསྐྱེད་བཟླས་པ་དང་བཅས་པ་དང༌། དཀྱིལ་འཁོར་གྱི་གཞི་ལ་རྐྱང་ནུལ་བྱེད་པ་དང༌། སྐམ་ ཐིག་ཅི་རིགས་པ་འདེབས་པ་དང༌། ལྷའི་གདན་དུ་དྲི་བཟང་གི་ཐིག་ལེའམ་ཚོམ་བུ་དགོད་པ་ དང༌། མཆོད་གཏོར་ཤོམ་པ་རྣམས་ཡིན་ལ། དངོས་གཞི་ནི་བསངས་སྦྱངས། དཀྱིལ་འཁོར་ སྐད་ཅིག་གིས་བསྐྱེད་མགྲོན་རྣམས་སྤྱན་དྲངས། ཕྱི་མཆོད་ནང་མཆོད་སོགས་མཆོད་བསྟོད་ ཇི་ལྟར་འོས་པ་བྱ། གསོལ་བ་བཏབ་པའི་རྗེས་སུ་སྙན་གསན་ཕབ་ཅིང་གཏོར་མ་འབུལ། རྗེས་ནི་མཆོད་པ་བྱིན་གྱིས་རླབས། མཆོད་བསྟོད་གསོལ་འདེབས་ཁ་སྐོང་བཟོད་གསོལ་ གཤེགས་གསོལ་སྨོན་ལམ་བཀྲ་ཤིས་རྣམས་སོ། །དེ་དག་ལས་སྔོན་འགྲོའི་སྐབས་སུ་དྲིས་ བྱུག་ཐིག་གདབ་ཚོམ་བུ་གསུམ། དངོས་གཞིའི་སྐབས་སུ་བསངས་སྦྱངས་མགྲོན་སྤྱན་འདྲེན་ སྙན་གསན་དབབ་པ་གསུམ། རྗེས་ཆོག་རིལ་པོ་རྣམས་རྒྱུད་འགྲེལ་ལས་དངོས་སུ་མི་གསལ་ བའི་ཁ་སྐོང་ལྷག་པོ་ཡིན་ནོ། །གཏོར་མ་འབུལ་བ་ནི་གསོལ་བཏབ་ཀྱི་ཡན་ལག་རང་མིན་ ཡང་ལྷག་གནས་ཀྱི་ཉིན་མོ་ངེས་པར་བྱེད་དགོས་པས་རྒྱུད་འགྲེལ་ལས་མ་བཤད་པའི་ལྷག་ པོ་ཁ་སྐོང་གི་རིགས་མ་ཡིན་ནོ། ། གཉིས་པ་རྫས་ལྔ་ལྷག་གནས་ལས། དང་པོ་བུམ་པ་ལྷག་གནས་ལ་བུམ་པའི་རྒྱུ། བུམ་ པའི་ཚད། བུམ་པའི་གྲངས། ནང་རྫས་ཀྱི་ངེས་པ། བསྐྱེད་ཆོག་གི་ཚུལ་ལ་དཔྱད་པ་སྟེ་ལྔ་ལས། དང་པོ་ནི། རྒྱུད་ལས། དེ་བཞིན་ཤེལ་གྱི་བུམ་པ་དང་ནི་དངུལ་མཆོག་རང་བཞིན་དཔལ་ལྡན་ ཐོད་པ་དག་དང་ལྕགས་ཀྱི་དང༌། །ཟངས་ཞེས་བྱ་དང་གསེར་གྱི་བུམ་པ་རབ་གསལ་ངེས་པར་ ཤིང་ལས་སྐྱེས་དང་ས་ཡི་རང་བཞིན་ནོ། །ཞེས་གསུངས་ཏེ། ཞི་བ་ལ་ཤེལ་གྱི་བུམ་པ། རྒྱས་ པ་ལ་དངུལ། བསད་པ་ལ་མིའི་ཐོད་པ། བསྐྲད་པ་དང་དབྱེ་བ་ལ་ལྕགས། དབང་ལ་གསེར། 3-1-534 དགུག་པ་ལ་ཟངས། རེངས་པ་ལ་ས། རྨོངས་པ་ལ་ཤིང་གི་བུམ་པ། ཞེས་གསུངས་ལ། དབང་ བསྐུར་དང་རབ་གནས་སོགས་ལ་ལས་ཐམས་ཅད་པ་དང་མཚུངས་ཏེ། དེ་ཡང་ཚད་ཞི་རྒྱས་ དབང་གསུམ་གང་རུང་དང་མཚུངས་པ་ལས། རྒྱུ་ནི་གསེར་དངུལ་ཤེལ་གསུམ་གང་རུང་བྱེད་ པ་མཆོག་གམ་སྤྱི་འགྲོས་དབང་དུ་བྱས་པ་ཡིན་ལ། མ་རྙེད་ན་སའི་ཁམས་ལས་བྱས་པ་རྫ་ བུམ་གྱིས་ཀྱང་རུང་ངོ༌། །ཤེལ་དང་དངུལ་རང་མདོག་དཀར་པོ་ཉིད་ཀྱིས་ཆོག་ཅིང་གསེར་ ཡང་རང་མདོག་ཉིད་ཀྱིས་ཆོག་པས་དཀར་པོར་བསྒྱུར་མི་དགོས་ལ། ས་ལས་བྱས་པ་ཡིན་ ན་ཁ་དོག་དཀར་པོར་བསྒྱུར་བར་བཤད་དོ། །ལས་སོ་སོ་ལ་ནི། གསེར་དངུལ་ཟངས་ལྕགས་ ཤེལ་རྣམས་རང་མདོག་དང༌། ཐོད་པ་དུར་ཁྲོད་ཀྱི་སོལ་པ་དང་མིའི་ཞག་གིས་བྱུགས་པས་ ནག་པོ་དང༌། ས་དང་ཤིང་གི་བུམ་པ་སེར་པོར་བྱའོ། ། གཉིས་པ་བུམ་པའི་ཚད་ནི། ཞི་རྒྱས་ལ་ལྟོ་བ་ཟླུམ་པོའི་སྦོམ་སའི་རྒྱར་སོར་བཅུ་དྲུག་ པ། ལྟོ་བ་རང་གི་དཔངས་ལ་སོར་བཅུ་བཞི། བུམ་པ་ཡོངས་རྫོགས་ཀྱི་དཔངས་སུ་སོར་ཉི་ ཤུ། མཆུ་འཕྱང་སོར་གཉིས། མགྲིན་པའི་དཔངས་ལ་སྤྱིར་སོར་དྲུག་ཡོད་ཀྱང་གཉིས་མཆུ་ འཕྱང་གི་འོག་ཏུ་སོང་བས་སོར་བཞི། ཁའི་རྒྱར་ནི་སོར་བརྒྱད། དེ་ལ་ཆ་གསུམ་དུ་བགོས་ པའི་དབུས་མ་ཆ་གཉིས་ནི། ཁའི་བུ་ག་མགུལ་བའི་སྦུབས་ཡིན་ལ། གཡས་གཡོན་གྱི་ཆ་ཕྱེད་ པ་རེ་རེ་ནི་ཁ་གཡེལ་བ་ཡིན་ཞེས་ཏེ་དོན་ལ་ཆ་དྲུག་ཏུ་བཏང་བའི་དབུས་ཀྱི་ཆ་བཞི་བུ་ག་སྟེ། རགས་རྩིས་སུ་སོར་ལྔ་ཁའི་བུ་ག་དང༌། ཁའི་འདབ་མའི་ཞེང་སོར་ཕྱེད་གཉིས་རེའོ། །འདིའི་ སོར་ཡང་མཐེ་བོའི་སོར་ལ་ཚད་བཞག་གོ །རེངས་པའི་ལས་ལ་ལྟོ་བ་སྒོས་ཀྱི་དཔངས་ལ་ སོར་བཅུ་གཉིས། སྤྱིར་སྦོམ་ཐུང་རྒྱ་དཔངས་མཉམ་པ་སོར་བཅུ་དྲུག །མགྲིན་པའི་དཔངས་ སུ་སོར་བཞི། མཆུ་འཕྱང་འཐུག་པོ་སོར་གཉིས། ཁའི་རྒྱར་སོར་དྲུག །བསྐྲད་པ་དང་དབྱེ་བ་ ལ་ལྟོ་བ་ཆུང་བ་སྟེ་ཟླུམ་སྐོར་རྒྱར་སོར་བཅུ་གཉིས། མགྲིན་པ་སོར་བརྒྱད་སུམ་འཁྱོག་ཅན། 3-1-535 མཆུ་སོར་གཅིག དཔངས་སུ་སོར་ཉེར་བཞི། ཁའི་རྒྱ་སོར་དྲུག་སུམ་ཆ་བུ་གའོ། །བསད་པ་ ལ་ནི་ཐོད་པ་བྱ་རིལ་ཏེ་ལྟག་ཁུང་བུམ་པའི་ཁ་ཡིན་པར་བྱའོ། །ཡང་ཁ་ཅིག་ཐོད་པ་བསྒྲིགས་ པའི་བུམ་པར་ཡང་འདོད་མོད་མི་ལེགས་ལ། གཞན་དག་ཐོད་ཕོར་ལ་འདོད་ཀྱང་ཐོད་ཕོར་ ནི། བསད་པའི་ལས་ལ་རྣམ་རྒྱལ་ཆེན་པོ་ཡིན་པའི་ཕྱིར། བུམ་པ་དང་རྣམ་རྒྱལ་ཆེན་པོ་འདི་ གཉིས་ལ་དབྱེ་བ་ཕྱེད་པ་ཞིག་དགོས་པར་སྣང་བས་སྔ་མ་ཁོ་ན་འཐད་དོ། །དབང་དགུག་ལ་ བཟོ་བོས་ཇི་ལྟར་བྱས་པ་ལས་དབྱིབས་དང་ཚད་ཀྱི་ངེས་པ་མེད་དོ། །རྨོངས་པ་ལ་གསལ་ཁ་ མེད་ཀྱང་རེངས་པ་དང་འདྲ་ལ། ལས་ཐམས་ཅད་པ་ལ་ནི། ཞི་རྒྱས་དབང་གསུམ་གང་རུང་ དང་མཚུངས་པར་སྦྱར་རོ། །དེ་ལ་བུམ་པ་རྣམས་རྩ་བ་དང་ནག་པོ་མེད་པ་ཞེས་པ་ནི། རྫ་བུམ་ ཡིན་ན་སོ་བཏང་བའི་དུས་སུ་ནག་ཐིག་མེད་པ་དང་དབང་དགུག་མ་གཏོགས་པ་ལ་རྩ་བ་སྟེ་ ཞབས་སྟེགས་མེད་པའོ། །ཁ་དོག་དཀར་པོར་བསྒྱུར་པ་ནི། །ཙནྡན་དཀར་པོའི་ལྡེ་གུའམ། འབྲས་བཏགས་པའི་ཁུ་བས་བྱུག་ཅིང༌། ཐ་ན་ས་དཀར་གྱིས་ཀྱང་རུང་ངོ༌། ། གསུམ་པ་བུམ་པའི་གྲངས་ནི། རྒྱུད་འདིའི་ལུགས་ལ་དཀྱིལ་འཁོར་ཆེན་པོ་བཞེངས་ཕྱིན་ ཆད་ལེགས་པར་འབྱོར་ན་ལྔ་བས་ཉུང་བ་མ་གསུངས་ཤིང༌། མང་ན་ལྷའི་གྲངས་སམ། དེ་ བས་ཀྱང་མང་བ་མཐའ་མེད་པའི་བར་དུ་རུང་ངོ༌། །འོན་ཀྱང་ལྔའམ་བཅུའི་གྲངས་གཙོ་ཆེ་ལ། དེ་ལ་སྤྱིར་རྒྱུད་འདིར་གཟུགས་མིང་མཚུངས་པའི་བུམ་པ་ནི་ལྔའམ་བཅུ་ཡིན་ལ། གཟུགས་ མིང་མི་མཚུངས་པ་ནི། ལྔའི་ཕྱོགས་ལ་རྣམ་རྒྱལ་བུམ་པ་སྟེ་དྲུག་པ་དང༌། བཅུའི་ཕྱོགས་ལ་ རྣམ་རྒྱལ་ཆེན་པོ་སྟེ་བཅུ་གཅིག་པའོ། །དེ་གཉིས་ནི་བུམ་པའི་མིང་ཡོད་ཀྱང་གཟུགས་ནི་དུང་ ཆོས་སམ་ཐོད་པའམ་མཆོད་ཡོན་གྱི་སྣོད་དོ། །དེས་ན་རྣམ་རྒྱལ་ཆེན་པོ་ལ་ནི་བུམ་གཟུགས་ མ་ཡིན་པས་ཁྱབ་ལ། ཕྱོགས་མཚམས་བརྒྱད་ཀྱི་བུམ་པ་བརྒྱད་དང༌། རྒྱལ་བའི་བུམ་པ་ནི་ བུམ་གཟུགས་ཅན་ཡིན་པས་ཁྱབ་ཅིང༌། རྣམ་རྒྱལ་ལ་གཉིས་ཀ་ཡོད་དེ། བུམ་གཟུགས་ལྔའི་ 3-1-536 ཕྱོགས་ལ་རྣམ་རྒྱལ་དུང་ཆོས་ཡིན་ཞིང༌། བཅུའི་ཕྱོགས་ལ་བུམ་པའི་གཟུགས་ཉིད་ཡིན་པས་ སོ། །བཅུ་ལས་མང་བར་གྱུར་ན། གཅིག་ལྷག་ན་གཙོ་བོ་ཡབ་ཡུམ། གཉིས་ལྷག་ན་ཡབ་ ཡུམ་སོ་སོ་དང༌། གསུམ་ལྷག་ན་གཙོ་བོ་ཡབ་ཡུམ་དང་འཁོར་ཚོགས་སྤྱི། བཞི་ལྷག་ན་འཁོར་ ལ་ཐུགས་དཀྱིལ་དང༌། གསུང་དཀྱིལ་ཕན་ཆད་གཉིས། ལྔ་དང་དྲུག་ལ་གསུང་དཀྱིལ། སྐུ་ དཀྱིལ་ལ་རེ་རེ་དང༌། བདེ་ཆེན་འཁོར་ལོ་ལ་ཡང་ལོགས་སུ་བྱ། ཡང་ན་ལྔ་གཙོ་བོ་དང་རིགས་ བཞི། དྲུག་རིགས་དྲུག་སོགས་མཐར་དྲུག་བརྒྱ་སུམ་ཅུ་སོ་དྲུག་གི་བར་དུ་ལྷ་གྲངས་དང་ མཉམ་པར་རུང་ལ། དེ་བས་ལྷག་ན་གཙོ་བོ་ལ་བུམ་པ་བཅུ་བྱེད་པ་སོགས་ཚུལ་དེས་རིགས་ བསྒྲེ་བ་ཡིན་ཡང༌། ད་ལྟ་ཉེ་བར་མཁོ་བ་ནི་ལྔའམ་བཅུ་གང་རུང་ངོ༌། །དེར་མ་ཟད་བུམ་པ་དུ་ མ་ཞིག་བྱེད་པ་ནི། རབ་གནས་དང་མཆོག་སྒྲུབ་ཀྱི་དབང་བསྐུར་དང༌། ལས་ཐམས་ཅད་པ་ དང་ཞི་རྒྱས་རྣམས་ལ་ཡིན་གྱི། ལས་ལྷག་མ་རྣམས་ལ་བུམ་པ་བཅུ་ལས་མང་བ་མི་རུང་ངོ༌། ། བཅུ་ལ་རྣམ་རྒྱལ་ཆེན་པོ་དང་ལྔ་ལ་རྣམ་རྒྱལ་ཡང་རབ་གནས་སོགས་ཞི་རྒྱས་ཀྱི་བར་ལ་དུང་ ཆོས་དང༌། བསད་བསྐྲད་དབྱེ་གསུམ་ལ་ཐོད་པ་དང༌། དབང་དགུག་ལ་ཟངས་དང་གསེར། རྨོངས་རེངས་ལ་ཁམ་ཕོར་ཞེས་གསུངས་ཏེ་སོ་བཏང་པ་ནི་ཡིན་ནོ། །དེ་དག་ལ་ཡང་ཁྱབ་བྱ་ ཁྱབ་བྱེད་ཀྱི་དབྱེ་བ་ཡོད་དེ། རྒྱུད་ལས། ཀླུ་དང་བཞི་ཡི་ནོར་བུ་གསེར་གྱི་བུམ་པ་དག་སྟེ་ རྒྱལ་པོ་ས་ཡི་རང་བཞིན་རིན་ཆེན་བཅས། །ཞེས་གསུངས་ཏེ། བུམ་པ་བཅུའི་ཕྱོགས་ལ་ཁྱབ་ བྱ་ཕྱོགས་མཚམས་ཀྱི་བུམ་པ་བརྒྱད། ལྔའི་ཕྱོགས་ལ་ཁྱབ་བྱ་ཕྱོགས་ཀྱི་བུམ་པ་བཞི། ཞེས་ བྱ་སྟེ། དེ་ཡང་བཅུ་ལ་ཕྱོགས་བཞི་དང༌། སྟེང་རྒྱལ་བ་ནི། རྒྱལ་པའི་བུམ་པ་ཉིད་དུ་གཏོགས་ ཤིང༌། འོག་རྣམ་རྒྱལ་དང་མཚམས་བཞི་ནི་རྣམ་རྒྱལ་ཉིད་དུ་གཏོགས་ལ། རྣམ་རྒྱལ་ཆེན་པོ་ ནི་བཅུ་པོ་ཀུན་ལ་ཁྱབ་པའོ། ལྔ་ལྟར་ན་ཤར་བྱང་སྟེང་གསུམ་རྒྱལ་བའི་ཕྱོགས། ལྷོ་ནུབ་དུང་ ཆོས་གསུམ་རྣམ་རྒྱལ་གྱི་ཕྱོགས་སོ། །དེ་ཐམས་ཅད་ལ་རྒྱལ་བའི་ཕྱོགས་རྣམས་ཐབས་དང༌། 3-1-537 རྣམ་རྒྱལ་གྱི་ཕྱོགས་རྣམས་ཤེས་རབ་ཏུ་བྱའོ། །འདིར་ལས་བུམ་ནི། སྔ་རབས་པ་རྣམས་ ཕལ་ཆེ་བ་མཛད་པ་ཡིན་པར་འདུག་པས། རྟགས་མངོན་གྱུར་གྱི་ཕྱག་ལེན་དགག་པར་མི་བྱ་ མོད། འོན་ཀྱང་རྒྱུད་(ལྷོ་ནུབ་དུང་ཆོས་གསུམ་རྣམ་རྒྱལ་གྱི་ཕྱོགས་སོ།།)འགྲེལ་གྱི་དགོངས་ པ་ནི་རྣམ་རྒྱལ་ཆེན་པོའམ་རྣམ་རྒྱལ་དུང་ཆོས་ཀྱིས་བསངས་པས་ཀྱང་ཆོག །སྦྱིན་སྲེག་གི་ སྐབས་སུ་གསུངས་པ་ལྟར་ཡི་གེ་དྲུག་པས་བསངས་ཆུ་ལོགས་སུ་བསྒྲུབས་ཀྱང་རུང་སྟེ། ལས་ བུམ་གྱི་བྱ་བ་དེས་བྱེད་དོ། །དེ་དག་གིས་བུམ་པ་རང་གི་མཚན་ཉིད་བཤད་ཟིན་ནས། ད་ ནི་ཡོ་བྱད་རྣམས་བཤད་ན། བུམ་པ་རྣམས་ཀྱི་གདན་ནི་རྐོས་མའམ། ཚེམ་བུས་བཙེམས་ པའམ། ས་ལས་བྱས་པའམ། རས་བྲིས་སམ་རྡུལ་ཚོན་གང་ཡིན་ཡང་རུང་སྟེ། པདྨ་དཀར་ པོ་འདབ་མ་བརྒྱད་པའི་རྣམ་པ་བྱ་ལ། ཁ་རྒྱན་ཡང་དངུལ་ལམ་ཤིང་སོགས་ལས་པདྨ་དཀར་ པོའི་རྣམ་པའམ། པདྨ་དངོས་བོད་དུ་མི་རྙེད་ཀྱང་མེ་ཏོག་དཀར་པོ་ཕལ་པས་ཀྱང་རུང་བར་ མངོན། ལྕུག་མའི་ཡལ་ག་ནི་ངེས་པར་དགོས་ལ། མགུལ་བཅིངས་ནི། ལས་སོ་སོ་ལ་ལས་ མཐུན་དང༌། སྤྱི་འགྲོ་ལ་གོས་གཙང་མ་ཐམས་ཅད་དཀར་རྐྱང་ངམ་སེར་རྐྱང་ངམ་དཀར་སེར་ ཕྱེད་པས་ཀྱང་རུང་ཞིང༌། ཁ་ཅིག་ཕྱོགས་མདོག་ཏུ་བྱེད་པའང་འགལ་བ་མེད་དེ། གང་ལྟར་ ཡང་སྟོད་གཡོགས་དང་སྨད་གཡོགས་མཚོན་བྱེད་གོས་ཟུང་དང༌། རིགས་སྔགས་ཀྱི་ནུས་པ་ བརྟན་བྱེད་དང་ཚངས་སྐུད་མཚོན་བྱེད་དང་བཀྲ་ཤིས་པའི་དོན་དུ་བུམ་པའི་མགུལ་པར་སྲད་ བུ་དཀར་པོས་ལན་བདུན་དཀྲི། བུམ་པའི་མཚན་མ་ནི། རྣམ་རྒྱལ་ལ་སྣ་ཚོགས་པདྨ་ཉི་ཟླ་སྒྲ་ གཅན་གྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྭ་གསུམ་པ་དང༌། རྒྱལ་བ་ལ་ལྗང་ཁུ་རྩེ་ལྔའོ། །ཡང་ན་རྒྱལ་བ་ ལ་རྡོ་རྗེ་དང༌། རྣམ་རྒྱལ་ལ་གྲི་གུག་གོ །ཤར་དང་ཤར་ལྷོ་ལ་རལ་གྲི། ལྷོ་དང་ལྷོ་ནུབ་ལ་རིན་ པོ་ཆེ། ནུབ་དང་ནུབ་བྱང་ལ་འཁོར་ལོ། བྱང་དང་བྱང་ཤར་ལ་པདྨ་རྣམས་ཕྱོགས་མདོག་དང༌། དེ་དག་ཀྱང་པདྨ་ཉི་ཟླའི་གདན་ལ་འགོད་པར་བྱེད་དོ། །བསྡུ་ན་བུམ་མཚན་ཀུན་ལ་གདན་ 3-1-538 མེད་ཀྱང་ཆོག །སཱ་དྷུ་པུ་ཏྲས་ལྷོ་ནུབ་ལ་པད་དམར་དང༌། བྱང་ཤར་དུ་ཨུཏྤལ་བྱེད་པ་ནི་ཡུམ་ བཞིའི་བུམ་པ་ཡིན་པའི་དབང་དུ་བྱས་པར་སྣང་སྟེ། རང་ལུགས་ལ་བུམ་པ་རྣམས་རིགས་ལྔ་ ཡུམ་ལྔའི་བུམ་པ་མ་ཡིན་པའི་ཕྱིར་དེ་འདྲ་མི་དགོས་ཏེ། ཁམས་དྲུག་མཚོན་བྱེད་ཀྱི་མཚན་མ་ ཙམ་ཡིན་ནོ། ། བཞི་པ་ནང་རྫས་ནི། རྒྱུད་འགྲེལ་ལས་འབྱུང་བ་རྣམས་སྡོམས་སུ་བྱ་ན། རྡོ་རྗེ་ཕ་ལམ་ ཁ་དོག་དབྱེ་བས་ལྔ། །དབང་སྔོན་པད་དམར་ཆུ་ཤེལ་ཀརྐེ་ཏ། །མརྒད་རྣམས་ནི་རིན་ཆེན་ མཆོག་ལྔ་ཡིན། །མུ་ཏིག་བྱུ་རུ་མུ་མེན་ཤཱུ་ལ་དང༌། །ཐིག་ལེ་དྲུག་པ་རིན་ཆེན་འབྲིང་པོ་ཡིན། ། ཤེལ་དང་ཛཱི་བ་ཛཱ་ཏི་ཌཽ་ཧ་རི། །འཆིང་བུ་ཤེལ་ལྗང་རིན་ཆེན་ཐ་མ་ལྔ། །གསེར་དངུལ་ཟངས་ ལྕགས་ཁབ་ལེན་བཞུ་བའི་ལྕགས། །ལྕགས་ལྔ་ཞེས་གྲགས་དེ་ལྟར་ཉེར་ལྔ་ལས། །རིན་ཆེན་ གང་རུང་ལྔ་དང་ལྕགས་ལྔ་བཟུང༌། །ག་པུར་སུག་སྨེལ་པྲི་ཀ་སི་ཧྱ་དང༌། །བླ་སྒང་རྣམས་ནི་ ལྔ་ཚན་དང་པོ་ཡིན། །སིང་ཧ་མུ་དྲ་ཀ་ཀོལ་པྲི་ཡང་ཀུ །ཨ་ཀར་ནག་དང་ཤཻ་ལེན་གཉིས་པ་ ཡིན། །གླ་རྩི་ཛཱ་ཏི་གུར་གུམ་མུ་ར་དང༌། །རུ་རྟ་རྣམས་ནི་ལྔ་ཚན་གསུམ་པའོ། །པུ་ཏྲ་ཀེ་ཤ་ཏ་ མ་ལ་འདབ་དང༌། །ནཱ་ག་ཀེ་སར་ཙནྡན་ཨུ་ཤཱི་ར། །དེ་རྣམས་དྲི་བཟང་ལྔ་ཚན་བཞི་པའོ། །བྷེ་ རུཎྜ་བྲུན་རྒྱ་སྤོས་མེ་ཏོག་དང༌། །སྔོ་སྨན་འཁྲི་ཤིང་གླ་རྩིར་གྲགས་པ་དང༌། །སྤང་སྤོས་བཱ་ལ་ ཀ་རྣམས་ལྔ་པ་སྟེ། །དེ་རྣམས་དྲི་བཟང་སྡེ་ཚན་ཉེར་ལྔའོ། །ཁྱབ་འཇུག་གནོན་དང་ཚངས་ པའི་དབྱུག་པ་དང༌། །དྲག་པོའི་རལ་པ་དེ་བཞིན་པྲ་སི་བྷ། །དེ་བ་དཱ་ལི་སྡེ་ཚན་རི་བོང་ཅན། ། ཨ་དྷོ་པུཥྤ་ཀརྞི་ཀ་དང་ནི། །ཨིནྡྲ་བ་རུ་ཎཱི་དང་ལཀྵ་ཎ། །ཕག་གི་རྣ་བ་ཞེས་བྱའི་སྔོ་སྨན་ནི། ། སྨན་གྱི་སྡེ་ཚན་མིག་གི་གྲངས་སུ་བརྗོད། །ཛྱོ་ཏི་སྱ་ཏི་དུ་བྱེད་ལཛྫ་ལུ་ཨཱ། །ཨརྐ་མུ་ཥ་ལི་ རྣམས་འཇིག་རྟེན་ནོ། །ལྔ་ཚན་བཞི་པ་པུ་ཏྲཾ་ཛཱ་རི་དང༌། །མོ་ཧ་ནེ་དང་ཧ་ས་དེ་བ་དང༌། །ཀྲི་ ཏཉྫ་ལི་ཨ་ཛ་ཀར་ཎའོ། །ཀཎྜ་ཀ་རི་ཤིང་མངར་རྨ་བྱའི་གཙུག །བྲི་ཧ་ཏི་དང་བྷཾ་ག་རཱ་ཛ་ནི། ། 3-1-539 ལྔ་ཚན་དབང་པོ་ཡིན་ཏེ་ཉི་ཤུ་ལྔ། །སོ་བ་ཆེན་པོ་སོ་བ་མོན་སྲན་དང༌། །ཙ་ན་དཀར་པོ་ཏིལ་ ནག་ལྔ་ཚན་གཟུགས། །གྲོ་དང་ཏིལ་དཀར་དང་ནི་ཀོ་ཏྲ་པ། །མུད་ག་སྲན་མ་ལྔ་ཚན་བགྲོད་ པར་བརྗོད། །{ཡུ་[ཡུངས་]ནག་ཏྲི་བུ་ཊཱ་དང་ནས་འབྲུ་དང༌། །མོན་སྲན་ཨཽཥྛ་ཞེས་པ་ལྔ་ཚན་ མེ། །སྲན་ཆུང་པརྦ་ཊི་ཀཱ་ཡུངས་ཀར་དང༌། །ཁྲེ་རྒོད་ཏུ་བ་རི་ནི་ཆུ་གཏེར་ཡིན། །ཀུ་ལན་ཐ་ དང་བརྞྞ་ཙ་ན་ནག །ཨ་ཏ་ཤི་དང་ཁ་ར་ཌི་རྣམས་ནི། །འབྲུ་ཡི་སྡེ་ལས་ལྔ་ཚན་མདའ་ཡིན་ ནོ། །རིན་ཆེན་ལྔ་པོ་རྙེད་པར་མ་གྱུར་ན། །མེ་ཏོག་ཁ་དོག་ལྔས་ཀྱང་དོད་ཐུབ་ཡིན། །ལྔ་ཚན་ རེ་རེ་བཞིན་དུ་ཆ་གཅིག་ནས། །ཆ་ལྔའི་བར་དུ་བློ་ཡིས་སྦྱར་བར་བྱ། །ཆ་གཅིག་མཁའ་ཡེའི་ ཁམས་ཡིན་སྟེང་འོག་དང༌། །ཆ་གཉིས་རླུང་ཤར་ཆ་གསུམ་མེ་སྟེ་ལྷོ། །ཆ་བཞི་བྱང་ཆུབ་ཆ་ལྔ་ ནུབ་སྟེ་ས། །ཞེས་སོ། །དེ་ཡང་བུམ་པ་རྣམས་སུ་ཐུར་བུར་མི་བྱེད་པ་གཙོ་ཆེ་ལ། རྣམ་རྒྱལ་ དུང་ཆོས་སམ་རྣམ་རྒྱལ་ཆེན་པོར་ལྔ་ཚན་ལྔ་པོ་ཐམས་ཅད་བསྡོམས་པའི་ཐུམ་བུ་ངེས་པར་ འཇུག་པར་བཤད། དེ་ལ་ལྔ་ཚན་ལྔ་ནི་རིན་པོ་ཆེ་ལྔ། ལྕགས་ལྔ། དྲི་ལྔ། སྨན་ལྔ། འབྲུ་ལྔ་ རྣམས་ཡིན་ལ། དེ་དག་ལས་ཁམས་ལྔའི་རིམ་པ་གང་རྙེད་པ་རེས་ཆོག་པ་ཡིན་པས། བོད་ དུ་རྙེད་བླ་བ་རྣམས་ནི་དཀྱིལ་ཆོག་འཇུག་པར་བྲིས་པ་བཞིན་ཡིན། ཞིབ་པར་དཀྱིལ་ཆོག་ ཡེ་ཤེས་རྒྱ་མཚོའི་ཉིད་དང༌། རྒྱུད་འགྲེལ་གྱི་ཆུ་དབང་གི་སྐབས་དང༌། ནང་ལེའི་དྲི་བཟང་གི་ ལེ་ཚེའི་སྐབས་སུ་བལྟ་བར་བྱ་ལ། སྨན་གྱི་ངོས་འཛིན་ལོ་པཎ་གྱི་ངག་སྒྲོས་ཡིན་གྱུ་བ་དང༌། ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་རྩད་བཅད་པ་ཡིན་ཟེར་བ་སོགས་སྔར་མང་པོ་བྲིས་འདུག་ པ་དེ་རྣམས་ལ་ཡིད་བརྟན་ཐུབ་པ་རང་ཡང་དཀའ་བར་སྣང་བས་བཏང་སྙོམས་སུ་བཞག་ གོ །དེ་ལ་བྷཻ་རུ་ནྚའི་བྲུན་དང༌། རྨ་བྱའི་གཙུག་ཕུད་ཅེས་པ་ལྟ་བུ་སྔོ་སྨན་གྱི་རིགས་ལ་མིང་ དེ་སྐད་ཐོག་པ་དག་ཡིན་གྱི། བྲུན་དང་སྒྲོ་མིན་ནོ། །སྨན་གཞན་རྣམས་ཆ་ཆེ་ཆུང་གི་ཚད་ཞོ་ ཆར་གཞལ་ཏེ་ཡང་བརྗིའི་སྒོ་ནས་ཆ་མང་ཉུང་གི་ཚད་བྱེད་ལ། འབྲུ་རྣམས་འབྲུའི་གྲངས་ལ་ 3-1-540 རྩི་བ་ཡིན། ཞེས་གསུངས། དེ་ཡང་བུམ་པ་རྣམས་གུ་གུལ་གྱིས་བདུགས། ཡིག་དྲུག་བཟླས་ པའི་ཡུངས་དཀར་གྱིས་གྲབས་ལེགས་པར་བཀྲུས་ཏེ། གོས་ཟུང་དང་སྲད་བུས་དཀྲི། གདན་ ལ་བཞག་ནས་ཆུ་གཙང་རྙོག་པ་མེད་པས་བཀང༌། རིགས་དྲུག་བཟླ་བཞིན་དུ་སྙིང་པོ་རྣམས་ གཞུག་པར་བྱའོ། །བཛྲ་ཤི་ཥ་རེའི་སྔགས་དང༌། ༀ་ཏཔྟེ་སོགས་ཆུ་བོ་དགུག་པའི་སྔགས་ རྣམས་འདིར་མི་དགོས་ཏེ། དེ་དག་ནི་གཞན་གྱིས་ཁ་འགེངས་ཡིན་པ་ཙམ་དུ་མ་ཟད། ལུགས་ གཞན་ལའང་གལ་ཆེ་བ་མ་ཡིན་པས་སོ། ། ལྔ་པ་བུམ་བསྐྱེད་ཀྱི་ཚུལ་ལ། གཞན་ལུགས་རང་ལུགས་གཉིས་ལས། དང་པོ་ནི། དུས་ ཞབས་པའི་དཀྱིལ་ཆོག་ན། ཧཾ་ལས་བུམ་པ་གཞལ་ཡས་ཁང༌། པཾ་ལས་ཆུ་འོ་མའི་རྒྱ་མཚོ་ ཞེས་འདོད། སཱ་དྷུ་པུ་ཏྲས་བཾ་ལས་བུམ་པར་བསྐྱེད། བོད་སྔ་རབས་འགའ་ཞིག་བྷྲུཾ་ལས་ བསྐྱེད་ཀྱང༌། རྒྱུད་འགྲེལ་གྱི་དངོས་བསྟན་དུ་གསུངས་པའི་བུམ་པའི་ས་བོན་དང་འགལ་ བའི་ཕྱིར། མན་ངག་ལྟར་སྣང་ཡིན་པས་སྙིང་པོ་མེད་ལ། མཁས་པ་ཁ་ཅིག་ཀྱང་དུང་ཆོས་ སུ་དཀྱིལ་འཁོར་རྫོགས་པར་སྒོམ་པའི་རྒྱབ་རྟེན་དུ། ཀྱཻ་རྡོར་གྱི་འགྲེལ་པ་པདྨ་ཅན་ལས། ཐམས་ཅད་ཆུ་ལས་ཁམ་ཕོར་དུ། །ཉུང་ཚད་བླུགས་ཏེ་རྣམ་རྒྱལ་གྱི། །བུམ་པ་པཾ་ལས་བསྐྱེད་ པ་ཡི། །རིན་ཆེན་བུམ་པ་སྟེང་བཞག་བྱ། །དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། །ཞེས་པ་འདྲེན་ ཏེ། དེ་ནི་བུམ་པར་དཀྱིལ་འཁོར་བསྐྱེད་པའི་གོ་བ་ཡིན་གྱི། དེར་ནི་ཞེས་པ་དུང་ཆོས་ལ་ འཆད་པ་གོ་ལུགས་ཉེས་པའོ། །གཞན་ཡང་བོད་ཀྱི་དུས་འཁོར་བར་འདོད་པ་ཕྱིས་བྱུང་ཕལ་ ཆེར་བུམ་མཚན་རྣམས་ལྷར་བསྐྱེད་པ་དང༌། བུམ་པ་སོ་སོའི་ནང་དུ་རིགས་ལྔ་ཡུམ་བཅས་ ཙམ་མམ། རིགས་ལྔ་ཡབ་ཡུམ་བཅུ་ཙམ་བསྐྱེད་པ་དང༌། ཕྱོགས་ཕྱོགས་ཀྱི་ལྷ་རྣམས་ཕྱོགས་ ཕྱོགས་ཀྱི་བུམ་པ་སོ་སོར་བསྐྱེད་པ་སོགས་ལྷ་བསྐྱེད་ཆོག་རྒྱས་བསྡུས་སྣ་ཚོགས་དང༌། རྣམ་ རྒྱལ་ཆེན་པོར་ཇི་ཙམ་དབང་བསྐུར་བའི་དཀྱིལ་འཁོར་གྱི་ལྷ་དེ་ཙམ་བསྐྱེད་ཟེར་བ་དང༌། ལྷ་ 3-1-541 ཐམས་ཅད་ཀྱང་རིགས་དྲུག་བྱིན་རླབས། ཡེ་ཤེས་དགུག་གཞུག་རྒྱས་བཏབ་སོགས་རྒྱས་ བསྡུས་སྣ་ཚོགས་དང༌། ༀ་བཛྲ་སཏྭ་ཡ་སྭཱཧཱ། ཞེས་སོགས་ཀྱི་བློ་བཟོའི་སྔགས་མང་པོ་དང༌། བུམ་པ་ལ་འདུད་ཉི་ཤུའི་བསྟོད་པ་བྱེད་པ་སོགས། མདོར་ན་མཚན་པའི་རྣམ་གཡེང་དུ་མས་ རྒྱུད་དཀྲུགས་ཤིང༌། རྒྱུད་གཞན་ལ་རྒྱ་བོད་ཀྱི་སློབ་དཔོན་གཞན་གྱིས་སྦྱར་བའི་དཀྱིལ་ཆོག་ རྣམས་ན། བུམ་བསྐྱེད་ལ་ལྷ་ཚོགས་བསྐྱེད་པ། དེའི་རྒྱས་མ་ཁེབས་ཀྱིས་དོགས་ནས་དྲན་ རྐྱེན་མང་པོ་བྱས་པ་དེར་འདུག །དེས་ན་རྒྱུད་འདིར་ཐིག་ཚོན་བུམ་པ་རྡོར་དྲིལ་ཞེས། གཙོ་ ཆེ་ཆུང་འདྲ་རུང་ཁྱད་མེད་ཀྱི་སྒོ་ནས་ལྷག་གནས་སྔར་བཤད་པས། དེ་དག་ཆོ་ག་རྒྱས་བསྡུས་ ཀྱང་འདྲ་རུང་བར་འཐད་ལ། རྒྱུད་གཞན་དང་ལུགས་གཞན་ལ་སྒྲིག་མི་དགོས་ཏེ། དེ་དག་ ལ་རྡོར་དྲིལ་ལྷག་གནས་མེད་ཅིང༌། ཐིག་ཚོན་བྱིན་རླབས་ཀྱང་ལྷག་གནས་སུ་མི་བྱེད་པས། རྫས་ཀྱི་ལྷ་གནས་འདྲ་མཚུངས་བརྩི་རྒྱུ་མེད་པའི་ཕྱིར་རོ། །འདི་ནི་རང་ལུགས་ཀྱི་བུམ་བསྐྱེད་ འདི་ཙམ་གྱིས་ཆོག་གི ། ལུགས་གཞན་སྤྲོས་པ་ལྷུར་ལེན་པ་རྣམས་ལ་ལྷག་པའི་སྐྱོན་ཡོད་ པའི་རྒྱུ་མཚན་དང་པོ་ཡིན་ནོ། །རྒྱུད་འགྲེལ་གྱི་གནས་སྐབས་གང་ན་ཡང་བུམ་བསྐྱེད་ལ་ལྷ་ ཞལ་ཕྱག་ཅན་དགོས་པའི་དངོས་བསྟན་ཤུགས་བསྟན་གང་ཡང་མ་བྱུང་བ་འདི་ནི་རྒྱུ་མཚན་ གཉིས་པ་ཡིན་ནོ། །རྒྱུད་འགྲེལ་ལས། ཐིག་ཚོན་གྱི་ཡེ་ཤེས་པ་རིགས་ལྔ་ཡུམ་ལྔ་རྣམས་ཐིག་ ཚོན་ཉིད་ཀྱི་རྣམ་པར་སྤྱན་འདྲེན་པར་གསུངས་པས། ཡར་ལ་བུམ་པ་དང་འོག་ཏུ་བྱིས་འཇུག་ གི་དབང་རྫས་ཐམས་ཅད་ཀྱི་བར་དུ་དེ་ལྟར་གོ་དགོས་ལ། ཡེ་ཤེས་པ་ཐིག་ཚོན་གྱི་རྣམ་པར་ སྤྱན་དྲངས་ཕྱིན། དམ་ཚིག་པ་ཡང་ཐིག་ཚོན་གྱི་རྣམ་པ་ལས་འོས་མེད་དེ། དམ་ཡེ་མཚུངས་ པ་སྤྱིར་ཡང་སྔགས་པ་ཀུན་གྱི་ལུགས་དང༌། སྒོས་སུ་རྒྱུད་འདི་ལས་ཀྱང་ཆེ་ཐང་དུ་མཛད་པ་ རོ་མཉམ་གྱི་སྐབས་སོགས་ལས་ཤེས་སོ། །དེའི་ཕྱིར་འདི་ནི་རྒྱུ་མཚན་གསུམ་པའོ། །གཞན་ ཡང་རྒྱུད་རྒྱལ་འདི་ལས། སྐུ་གཟུགས་དང་གླེགས་བམ་སོགས་གཙོ་ཆེ་ཤོས་འགའ་ཞིག་མ་ 3-1-542 གཏོགས། བརྟན་པའི་དངོས་པོ་ལ་བྱིན་རླབས་ཀྱི་སྐབས་ཞལ་ཕྱག་གི་རྣམ་པ་ཅན་བསྐྱེད་པ་ རྩལ་འདོན་མ་མཛད་པས། སྤྱིའི་རིག་པ་དེ་འདི་ལའང་སྦྱོར་དགོས་པ་ནི་བཞི་པའོ། ། ཡང་འདིའི་བུམ་པ་བརྒྱད་ནི། བདེ་ཆེན་འཁོར་ལོའི་བུམ་པ་བརྒྱད་དང་དོན་གཅིག་ པས། དེ་དག་ནུས་མ་རྣམས་ཀྱི་ཐབས་གསང་ཞིང་སྦས་པའི་སྐུ་ཡིན་པའི་ཕྱིར། ལྷ་གཞན་ ཐམས་ཅད་ཞལ་ཕྱག་ཏུ་བཞེངས་པའི་བསྐྱེད་རིམ་སྒོམ་པའི་སྡེ་ཚན་ལ་ཡོད་སྐབས་ཀྱང༌། དེ་ དག་རྣམ་པ་བུམ་པ་ལས་གཞན་དུ་མི་བཞེངས་ན། འདིར་ཞལ་ཕྱག་གི་རྣམ་པའི་ལྷ་མི་དགོས་ པའི་སྡེ་ཚན་ལ་ཡོད་པའི་སྐབས་ལྟ་སྨོས་ཀྱང་ཅི་དགོས་ཏེ་རྒྱུ་མཚན་ལྔ་པའོ། །ཡང་ཁྱེད་མང་ པོ་དག་ཐིག་ཚོན་རྣམས་རང་རང་གི་ས་བོན་ལས་ངོ་བོ་ལྷ་ཡིན་ཡང་རྣམ་པ་ཐིག་ཚོན་ཉིད་ ལས་གཞན་དུ་མི་བསྒྱུར་བའི་དམ་ཡེ་བསྲེ་བ་བྱེད་ཀྱིན་འདུག་ན། དེ་དག་དང་འདི་ལ་རྒྱུ་ མཚན་ཁྱད་པར་མེད་པའི་ཕྱིར། ཞེས་པ་ནི། ལུགས་འདི་ལ་སྒྲུབ་བྱེད་དང༌། བུམ་པ་ཞལ་ ཕྱག་ཅན་ལ་གནོད་པ་ཅན་གྱི་ཚད་མ་སྟེ། རྒྱུ་མཚན་དྲུག་པའོ། །ཡང་དེ་དག་མི་མཚུངས་ཏེ་ དབང་བསྐུར་བའི་དུས་སུ་བུམ་པ་གཙོ་ཆེ་བས་ཞལ་ཕྱག་ཏུ་བསྐྱེད་དགོས་སོ་སྙམ་ན་མ་ཡིན་ ཏེ། བུམ་པ་བས་ཐིག་ཚོན་གལ་ཆེ་སྟེ། ཐིག་ཚོན་གྱི་སྒྲུབ་པའི་དཀྱིལ་འཁོར་མེད་ན་བུམ་ པའི་བྱ་བ་སྟོང་པའི་ཕྱིར། དཀྱིལ་འཁོར་དང་བུམ་པ་གང་གཙོ་ཆེ་རྣག་རྗི་མོས་ཀྱང་གོ་བ་མ་ ཡིན་ནམ། ཁྱེད་དག་རང་ལུགས་ལ་ནོར་བ་ཞིག་སྔོན་དུ་ཁས་བླངས་ན། དེའི་ལྟག་མི་འཆོར་ བའི་ཕྱིར། ནོར་པ་ལ་ནོར་པར་ཤེས་བཞིན་དུ་ཡང་ཡེ་ནས་ཁས་མི་ལེན་པར་ལུང་རིག་ལྟར་ སྣང་སད་སུད་འདྲ་ཉག་ཉུག་ཁོ་ན་བྱེད་ཅིང༌། ཡང་དག་པའི་ལུགས་ལ་སྡང་སྨྲས་འབའ་ཞིག་ ལྷུར་ལེན་པ་ནི། ཕྱོགས་འཛིན་གྱི་གདོན་གྱིས་བསླད་པས་སྤྱང་ཐལ་ཆེས་ཏེ་རྨོངས་པ་རང་ མགོ་རང་གིས་བསྐོར་བ་སྟེ། འོན་ཀྱང་བདེན་ཏེ་གང་ལ་སྐྱོན་ཆགས་པ་ནི་དུས་ངན་པ་འདིའོ། ། ཡང་འགའ་ཞིག་སྐབས་འདིར་བུམ་པར་ལྷ་མ་བསྐྱེད་ན། ཕྱིས་ཆུ་དབང་བསྐུར་བ་དོན་མེད་ 3-1-543 དེ་ལྷ་ཞུ་བའི་ཆུ་མ་ཡིན་པའི་ཕྱིར་རོ་ཟེར་བ་ནི་མུ་ཅོར་ཏེ། སྐབས་འདིར་ལྷར་མ་བསྐྱེད་ཀྱང་ ཕྱིས་དབང་བསྐུར་གྱི་ཚེ་ལྷར་བསྐྱེད་པ་ནི་ཤིན་ཏུ་མང་སྟེ། དཀྱིལ་ཆོག་གཞན་གྱི་ལུགས་ལ་ དབུ་རྒྱན་དང་རྡོར་དྲིལ་བཞིན་ནོ། །དེས་ན་དེར་མ་བསྐྱེད་པས་འདིར་བསྐྱེད་དུ་མི་རུང་བ་ མ་ཡིན་ལ། འདིར་མ་བསྐྱེད་པས་དེར་བསྐྱེད་དུ་མི་རུང་པའང་མ་ཡིན་ནོ། །དངོས་གནས་ ནི། ཁོ་བོ་ཅག་སྐབས་འདི་དང༌། དབང་གི་དངོས་གཞི་སོགས་ཐམས་ཅད་དུ་བུམ་པ་དང་ བུམ་ཆུ་གཉིས་ཀར་ལྷར་བསྐྱེད་མཉམ་ལ་ཞལ་ཕྱག་གི་རྣམ་པ་ཅན་དུ་ནི་མ་ཡིན་པར་མཉམ་ པས་ཀྱང་གནས་སྐབས་གཉིས་ལ་མི་མཚུངས་པའི་སྐྱོན་ནི་མེད་ལ་ལར་མཚུངས་པ་དགོས་པ་ ཡང་མ་ཡིན་ནོ། །གལ་ཏེ་མཚུངས་པར་དགོས་ན་ནི་ཁྱེད་རྣམས་ཉིད་ལ་སྐྱོན་ཏེ། བུམ་པ་སྟ་ གོན་གྱི་སྐབས་ཀྱི་ལྷ་དང༌། ཆུ་དབང་བསྐུར་བའི་སྐབས་ཀྱི་ལྷ་གཉིས་གཅིག་གམ་མི་གཅིག་ ཅེས་བརྟགས་ན་དུས་འཁོར་གྱི་དཀྱིལ་ཆོག་གམ་གཞན་གྱི་དཀྱིལ་ཆོག་གང་ཡིན་ཡང་འདྲ་ སྟེ། གཟོད་གོ་བ་རྙེད་པར་འགྱུར་གྱི། ཆགས་སྡང་ཕྲག་དོག་དྲག་པོས་སེམས་ཧད་ཧད་པོར་ གྱུར་པའི་སྐབས་སུ་ཐབས་ཅི་བྱས་ཀྱང་ངེས་པ་སྟེར་བར་མི་ནུས་སོ། །ངེད་ཀྱི་ལུགས་ལའང་ ཆུ་དབང་གི་ཆུ་ནི་ལྷའི་ངོ་བོ་ཡིན་ཏེ། སྔགས་ཀྱི་ཡིག་འབྲུ་ལས་ཡང་དག་པར་སྤྲུལ་པའི་ཕྱིར་ དང༌། ལྷའི་ངོ་བོར་ལྷག་པར་མོས་པའི་ཕྱིར་རོ། །ལར་ཁྱེད་འདྲ་བ་མཚན་ཉིད་པ་སྐམ་པོས་ སྔགས་པ་བྱས་པ་ན། ལྷའི་གལ་ཆེ་ཤོས་ཡིག་འབྲུའི་ལྷ་ནམ་ཡང་རྩད་མ་ཆོད་པར་འདུག་ལ། ལྷའི་མོས་པ་བརྟན་པོས་ཀྱང་ལྷར་མི་འགྱུར་ན། སྔོན་དུ་ལྷ་བསྐྱེད་ཆོག་བྱས་ནས་ཞུ་བའི་བུམ་ ཆུ་ཡང་ཁྱེད་ལྟར་ན་ལྷའི་རང་བཞིན་མ་ཡིན་པར་འགྱུར་ཏེ། ལྷ་དེ་ཡིན་སྙམ་པའི་མོས་པས་ནི་ ལྷར་མི་འགྱུར། དངོས་དང་དམིགས་པ་གང་གི་སྒོ་ནས་ཀྱང་ཞལ་ཕྱག་གི་རྣམ་པར་མི་འདུག་ པའི་ཕྱིར་རོ། །དེ་ལྟར་མེད་ཀྱང་ལྷ་བསྐྱེད་པ་སྔོན་འགྲོ་ཅན་ཡིན་པའི་ཕྱིར་རོ་སྙམ་ན། བདག་ བསྐྱེད་ས་ཆོག་གསོལ་གདབ་སོགས་འདིར་ཡང་ལྷ་བསྐྱེད་པ་དུ་མ་སྔོན་དུ་སོང་ངོ༌། །མ་ཡིན་ 3-1-544 ཏེ་གཞི་དེ་ལ་དགོས་སོ་སྙམ་ན། བུམ་པ་འཇོག་པའི་སྔོན་དུ་ལྷ་ལྷག་གནས་བྱས་པ་མ་ཤེས་ སམ། མ་ཡིན་ཏེ་དབང་རྫས་ཉིད་ལྷར་བསྐྱེད་པ་དགོས་སོ་སྙམ་ན། འོ་ན་དབང་རྫས་ནི་བུམ་ ཆུ་ཡིན་ལ། ཁྱེད་རྣམས་བུམ་ཆུའི་སྟེང་གི་ནམ་མཁའ་ལ་ལྷ་བསྐྱེད་པས་ཅིར་འགྱུར། ལྷ་སྐུ་ ལས་བུམ་ཆུ་བྱུང་ཞིང༌། ལྷ་བུམ་ཆུའི་རྒྱུ་ཡིན་པས་ཆུ་དེ་ལྷའི་རང་བཞིན་ནོ་སྙམ་ན། དེ་ནི་མི་ འཐད་དེ། ཡུལ་དངོས་པོ་ལྟར་ན་ཆུ་ནི་ཆུ་ཉིད་ཀྱི་རིགས་འདྲ་སྔ་མའི་རྒྱུན་ལས་བྱུང་བ་ཡིན་ གྱི། རྣལ་འབྱོར་པའི་ཡིད་ངོར་བསྒོམས་པའི་ལྷ་སྐུ་ལས་བྱུང་བ་ག་ལ་ཡིན། མོས་པའི་དབང་ དུ་བྱས་པའོ་སྙམ་ན། ལྷ་ལས་བྱུང་བའི་བུམ་ཆུའོ་སྙམ་པས་ལྷའི་རང་བཞིན་དུ་འགྲོ་ན། ངེད་ ཀྱང་བུམ་པ་དང་བུམ་ཆུ་འདི་ནི་ལྷ་ཡིན་ནོ་སྙམ་མོས་པ་ནན་ཏན་དུ་བྱེད་པས་ཅིའི་ཕྱིར་བུམ་ ཆུ་ལྷའི་ངོ་བོ་མ་ཡིན། དེས་ན་སྔར་གཏན་ལ་མ་ཕབ་པ་ཐམས་ཅད་ལ་ཆོ་ག་གཞན་ཕྱོགས་རེ་ ཙམ་མཐོང་བའི་མིག་གིས་ཚོད་དཔོགས་མི་བྱའོ། ཁྱད་པར་དུས་ཀྱི་འཁོར་ལོའི་རང་ལུགས་ སུན་ཕྱུང་ནས། དུས་འཁོར་གྱི་བསྟན་བཅོས་རྩོམ་པ་ནི་བུ་རུ་བརྫུས་ནས་རབས་གཅོད་པའི་ དཔེའོ། །དེ་ལྟར་ན་དཔལ་ཇོ་ནང་པའི་རང་ལུགས་ལ་ངེས་པ་རྙེད་ནས་བུམ་སྒྲུབ་ཀྱི་ཆོ་ག་ དངོས་གཞི་ནི་དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ་དངོས་དང༌། ངག་འདོན་མ་གཉིས་ཀྱི་དཀྱུས་ ལྟར་ཡིན་པས་གཞན་རྣམས་གོ་སླ་ལ། རྒྱུད་ལས། ཨ་སོགས་ཀ་སོགས་རྡོ་རྗེ་ལྡན་པ་དག་ གིས་རང་གི་སྙིང་གར་པདྨ་ཟླ་ཉི་མེ་སྟེང་དུ། །ཞེས་གསུངས་པ་ལ་དམིགས་པ་རྒྱས་པ་བྱེད་ན་ མངོན་བྱང་ལྔ་ལས་དུས་འཁོར་བསྐྱེད་པ་ཡིན་ཡང༌། མདོར་བསྡུས་པའི་ཚེ་སྐད་ཅིག་གམ་ས་ བོན་ལས་བསྐྱེད་པས་ཆོག་གོ །དེ་ཡང་བུམ་པ་རྣམས་ལྷ་ཡབ་ཡུམ་གཉིས་འདུས་ཀྱི་ངོ་བོ་ཡིན་ པས། ཡབ་ཡུམ་ཀྱི་ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ལས་ལྕགས་ཀྱུ་སྤྲོ་བ་ཡིན་ལ། ཐིག་སྐུད་དང་ དྲིལ་བུ་ལྷ་མོའི་ངོ་བོ་ཡིན་པས། ཡུམ་གྱི་ཐུགས་ཀའི་ཉི་མ་ལས་ལྕགས་ཀྱུ་སྤྲོའོ། །རྡུལ་ཚོན་རྡོ་ རྗེ་ལྷ་ཡབ་ཀྱི་ངོ་བོ་ཡིན་པས་ཡབ་ཀྱི་ཐུགས་ཀའི་ཟླ་བ་ལས་ལྕགས་ཀྱུ་སྤྲོ་བ་ཡིན་ཞིང༌། བུམ་ 3-1-545 པ་རྣམས་ལྷ་ཇི་ལྟ་བུའི་ངོ་བོ་ཞེ་ན། དཀྱིལ་འཁོར་གྱི་སྐབས་ནུས་མ་བཅུ་ལོགས་སུ་ཡོད་པས་ ཡབ་རྐྱང་དུ་བྱེད་པ་དང༌། འདིར་ནག་པོ་འབར་བ་ལ་སོགས་པའི་ཡབ་བཅུ་ལ་རང་མཚུངས་ ཀྱི་ཡུམ་བྱེད་ཀྱང་རུང་སྟེ་རིགས་ཀུན་ཁྱབ་ཡིན་པའི་ཕྱིར་རོ། །ཅི་སྟེ་ན་ནག་པོ་འབར་བ་ལ་ སེར་མོ་འབར་མས་འཁྱུད་པ་སོགས་གཞན་རིགས་ཀྱི་ཚུལ་དུ་བྱས་ཀྱང་རུང་མོད། དེ་ཡང་ ནག་པོ་འབར་བའི་སྟོང་གཟུགས་དེ་རྗེས་དྲན་གྱི་དུས་ན་ལྷ་སྐུ་ཡབ་ཡུམ་དུ་འགྱུར་ལ། སྐྱེས་ བུ་གང་རྫོགས་པའི་སངས་རྒྱས་ཐོབ་པ་ན། དེ་ཡང་ཡེ་ཤེས་ཀྱི་ལྷ་ནག་པོ་འབར་བ་དང་ནག་ མོ་འབར་མར་འགྱུར་རོ། །དེའི་གཞན་རྣམས་ལ་ཡང་རིགས་འགྲེ་སྟེ། སེམས་འགྲེལ་གྱི་ དགོངས་པ་བུམ་པ་ལྷག་གནས་ཀྱི་དོན་འདི་ཁོ་ནའོ། །གཟུངས་ཐག་རྡོ་རྗེ་སོགས་སྤྱི་འགྲོས་ ཀྱི་ལག་ལེན་བཞིན་དུའང་མཛད་ལ། རྒྱུད་འགྲེལ་ལས་མ་གསུངས་པས་མ་བྱས་ཀྱང་ཆོག་ མོད། བྱེད་ན་རྡོ་རྗེའི་གཟུགས་བརྙན་ཆུ་ལ་ཤར་བ་དང་བཅས་པ་ནི་ལྷ་རྣམས་ཀྱི་ཐུགས་རྡོ་རྗེ་ མཚོན་ལ་གཟུངས་ཐག་གམ་མེ་ཏོག་གི་འཕྲེང་པ་ནི། སྔགས་ཀྱི་འོད་ཟེར་འགྲོ་བའི་ལམ་ཡིན་ པར་གྲགས་པ་བཞིན། རྒྱ་གར་ན་དངོས་པོ་གང་དང་གང་ལ་སྔགས་བཟླ་བ་ལ། བོད་གཙང་ སྨེ་མེད་པ་རྣམས་ཀྱི་སྤྱོད་པ་ལྟར་ཐུ་ཐུ་མི་ཟེར་བར་ལམ་གཏོད་པའི་སྲོལ་ཡོད་པ་ལྟར་ཡིན་ པས་འགལ་བ་མེད་ལ། འོན་ཀྱང་གཟུངས་ཐག་རྡོ་རྗེ་བཏགས་པ་ན་གཞན་གྱི་མིག་རྒྱུགས་ ཐེབས་ཏེ། རྣམ་རྒྱལ་ཆེན་པོ་མཆོད་ཡོན་གྱི་སྣོད་ཡིན་པར་བཟུང་ན་ནི་ནོར་ཚབ་ཆེན་པོ་འོང་ ངོ༌། ། གཉིས་པ་ཐིག་སྐུད་ནི། སྤྱིར་རྒྱུད་འདི་ལས་ཁྲུ་ཉི་ཤུ་པ་དང༌། བཅུ་དྲུག་པ་དང༌། བཅུ་ གཉིས་པའི་དཀྱིལ་འཁོར་གསུངས་པ་རྣམས་ལ་རང་རང་གི་ཉིས་འགྱུར་ཐིག་སྐུད་བྱས་ཀྱང་ འོང༌། ཁྲུ་བརྒྱད་པའི་ཐིག་སྐུད་ཉིད་བསྲིངས་ཏེ་བཏབ་ཀྱང་རུང་ལ། ཁྲུ་བཞི་པ་ལས་ཆུང་ བའི་དཀྱིལ་འཁོར་ལ་ནི་རང་རང་གི་ཉིས་འགྱུར་དང༌། སྦོམས་སུ་སྒོའི་ཉི་ཤུ་ཆ་ཡིན་ཞེས་ 3-1-546 གསུངས་པ་ལྟར་ཡིན་པས། ཁྲུ་བརྒྱད་པའི་ཐིག་སྐུད་མི་དགོས་མོད། སྤྱིར་དེ་དག་གི་ནང་ ནས་སྐུའི་རྩ་ཐིག་ཁྲུ་བཞི་པ་གྲུ་བཞི་ནི་དཀྱིལ་འཁོར་ཡིན་ལ། ཆང་བཟུང་མི་ཐེ་བར་བྱས་ ནས་དེ་ཉིས་འགྱུར་གྱི་ཁྲུ་བརྒྱད་པ་ཉིད་གཙོ་བོར་བསྔགས་ཤིང༌། བཞི་འགྱུར་ཁྲུ་བཅུ་དྲུག་པ་ ཡང་གསུངས་ནས། ལྷག་མ་ཁྲུ་ཉི་ཤུ་ལས་ལྷག་སྟེ་ཁྲུ་སྟོང་གི་བར་དུ་ཡང་ཐིག་སྐུད་དེ་ཁོ་ནས་ བྱེད་དེ། ཁྲུ་བརྒྱད་པར་ལོངས་པ་ཡན་ཆད་ཀུན་ལ་སྦོམ་ཕྲ་ཡང་སློབ་དཔོན་གྱི་ནས་གཅིག་སྟེ། མཐེབ་སོར་གྱི་བརྒྱད་ཆ་ཡིན་ལ། དཀྱིལ་འཁོར་ཤིན་ཏུ་ཆེ་ན་དེ་ཉིད་རིམ་པས་བསྲེངས་ཏེ་ གདབ་པ་ཡིན་ནོ། །གང་ལྟར་ཡང་ཐིག་སྐུད་དེ་ནི་རྩ་གསུམ་རྣམ་པར་དག་པས་གསུམ་སྒྲིལ་ དང༌། མི་ལུས་ཁྲུ་བཞིའི་ཚད་ཅན་ལ་ཐབས་ཤེས་ཀྱི་དབྱེ་བ་རྣམ་པར་དག་པས་ཁྲུ་བརྒྱད་ དང༌། ཐིག་ལེ་བཞི་དག་པའི་སྒོ་ནས་ཁྲུ་བཅུ་དྲུག་པར་ཡང་འགྱུར་ཏེ། རྩ་གསུམ་གཅིག་ཏུ་ འདྲེས་པའི་བདེ་སྟོང་ཟུང་འཇུག་གམ། རྡོ་རྗེ་བཞི་མཚོན་ནོ། །གསུམ་སྒྲིལ་ནི། ལས་ཐམས་ ཅད་ལ་སྤྱི་ཁྱབ་ཏུ་ནག་དམར་དཀར་བ་གསུམ་སྒྲིལ་དུ་བྱས་ན་ལེགས་ཏེ། རྩའི་དག་པ་དང་ ཡང་མཐུན་མོད། ལས་སོ་སོ་དང་མཐུན་པའི་ཁ་དོག་ཏུ་བྱས་ནས། དཀར་པོ་གསུམ་སྒྲིལ་ སོགས་བྱས་ནའང་ལེགས་པར་འགྱུར་རོ། །དཀྱིལ་ཆོག་གཞན་གྱི་ཡེ་ཐིག་ལ་ཁ་དོག་ལྔའི་ ཐིག་སྐུད་རྣམས་ལྷ་སོ་སོ་དང་སྦྱོར་བ་འགྲིག་པར་ཡོད་ཀྱང༌། འདིར་གསུམ་སྒྲིལ་ལ་ཡུམ་ ལྔ་ཇི་ལྟར་སྦྱོར་སྙམ་ན། འདིར་ཞལ་ཕྱག་གི་རྣམ་པར་མི་བསྐྱེད་པས་དོགས་པ་དེ་མི་འཇུག་ སྟེ། ས་བོན་ལྔ་པོ་ཡུམ་ལྔ་དངོས་ཡིན་ལ། དེ་རྣམས་གཅིག་ཏུ་འདྲེས་པ་ལས་ཐིག་སྐུད་དུ་ གྱུར་པའི་ཕྱིར། ཐིག་སྐུད་རིལ་པོ་རྡོར་དབྱིངས་དབང་ཕྱུག་མ་ཡིན་པ་ནས། རིལ་པོ་སྤྱན་མའི་ བར་དུའང་ཡིན་པའི་ཡུམ་ལྔ་ཆར་གྱི་གཞི་མཐུན་པར་མོས་པ་ཡིན་པས་དོགས་པ་དེ་རྩ་བ་ ནས་མེད་ལ། ཅི་སྟེ་ཞལ་ཕྱག་གི་རྣམ་པ་ཅན་དུ་སྒོམ་ན་ནི། སྲད་བུ་དེ་ཆ་ལྔར་བགོས་པའི་ཆ་ རེ་རེ་ཡུམ་རེ་རེར་བསྒོམས་པས་ཆོག་སྟེ་གསུམ་སྒྲིལ་དང་ལྷ་ལྔ་མི་འགལ་ལོ། །རྒྱུད་འགྲེལ་ 3-1-547 འདིར་ནི་ཡེ་ཐིག་དང་ལས་ཐིག་གི་དབྱེ་བ་ཡེ་མ་གསུངས་ཤིང༌། དཀྱིལ་འཁོར་ཀྱི་ཐིག་སྐུད་ ནི་གཅིག་པུ་ཡིན་པར་གསུངས་པས་རྡོ་རྗེའི་ཐིག་གདབ་པ་ཞེས་བརྗོད་ཀྱི་ལས་དང་ཡེ་ཤེས་ ཀྱི་དབྱེ་བ་མི་བྱའོ། ། གསུམ་པ་རྡུལ་ཚོན་ནི་རྒྱུད་ལས། རྡོ་རྗེ་སོགས་དང་རིན་ཆེན་ལྔ་དང་གསེར་དང་མ་ར་ ཀ་ཏ་བྱུ་རུ་མུ་ཏིག་ལ་སོགས་དང༌། །དབྱེ་བ་ལྔ་ཡི་འབྲུའམ་རྣམ་མང་ནོར་བུ་དང་ནི་དེ་བཞིན་ ཉིད་དུ་བཏགས་པའི་ཚོན་རྣམས་ཀྱི། །ཞེས་གསུངས་པ་ལྟར། སློབ་མ་འཁོར་ལོས་བསྒྱུར་བ་ དངོས་ཡིན་ན་མ་བཏགས་པ་རང་བྱུང་གི་རྡུལ་ཚོན་རྡོ་རྗེ་ཕ་ལམ་ཀྱི་བྱེ་གསེག་ཁ་དོག་ལྔ་པོ་སོ་ སོ་དང༌། ཡང་མརྒད། ཨིནྡྲ་ནཱི་ལ། པདྨ་རཱ་ག ཟླ་བ་ཆུ་ཤེལ། ཀརྐེ་ཏ་ན། མཐོན་ཀ་ཆེན་པོ་སྟེ་ ཁ་དོག་དྲུག་གི་རིན་པོ་ཆེའི་དངོས་ཕྱེ་མར་བཏགས་པའི་རྡུལ་ཚོན་ནོ། །འཁོར་ལོས་བསྒྱུར་བ་ ཕལ་པས་ནི། གསེར་དང༌། མུ་ཏིག་དང༌། བྱུ་རུ་དང༌། མུ་མེན་དང༌། ཚོན་བཞི་བསྲེས་པའི་ ལྗང་གུའམ། སྔོ་ལྗང་ཚོན་ཐོབ་ཉུང་བས་མར་གད་དང༌། མཐོན་ཀ་ཆེན་པོའི་རིགས་གྱི་རྡོས་ཕྱེ་ མའོ། །སྐྱེ་བོ་ཕལ་པས་ནི། རྡོ་རྗེའི་ཕྱེ་མ་རང་བྱུང་གི་ཚབ་ཏུ་མ་ཉམས་པའི་འབྲས་བུའི་ཚོན་ཏེ། དཔེར་ན་དཀར་པོ་དང༌། ནག་པོ་ལ་ཏིལ་དཀར་ནག་ལྟ་བུ་དང༌། འབྲས་ཀྱི་རིགས་ཤིན་ཏུ་ཕྲ་ བ་ཡང་མང་པོ་ཡོད་པས། དེ་དག་ཁ་བསྒྱུར་བས་ཀྱང་རུང་བ་དང༌། དཀྱིལ་འཁོར་ཤིན་ཏུ་ཆེ་ ན་ནི་འབྲུ་ཆེན་པོས་ཀྱང་རུང་ངོ༌། །ཡང་ནོར་བུ་བཏགས་པའི་དོད་དུ་འབྲུ་འམ་རྡོ་ལ་སོགས་ པ་བཏགས་པ་སྟེ། ཁ་དོག་ཀྱང་རང་བྱུང་དང་བཅོས་མ་གཉིས་ཀ་འབྱུང་ངོ༌། །དེ་དག་ལ་ཤ་ ཁྲག་དྲི་ཆུ་བཤང་བ་ཁུ་རྡུལ་སོགས་ཀྱི་ཆ་ཤས་ཀྱང་སོ་སོར་བསྲེ་དགོས་པར་གསུངས་པས་ཐ་ ན་མོས་པ་ཙམ་ཡང་བྱ་དགོས་སོ། །འདིར་འཁོར་ལོས་བསྒྱུར་བ་ཞེས་གསུངས་པ། འདུལ་ མངོན་ལས་བཤད་པ་ལྟ་བུའི་གསེར་དངུལ་ཟངས་ལྕགས་ཀྱི་ངེས་བཟུང་ཅན་མིན་ཏེ། སྟོབས་ ཀྱི་འཁོར་ལོས་བསྒྱུར་བ་མཚན་ཉིད་དང་ལྡན་པ་ཡང་འདིའི་འཁོར་ལོས་བསྒྱུར་བ་ཡིན་ལ། 3-1-548 འཁོར་ལོས་བསྒྱུར་བ་ཕལ་པ་ནི། བྲམ་ཟེ་རྣམས་ཀྱི་འདོད་པ་ལྟར་ཁམས་ཀྱི་རྒྱལ་པོ་མཐའ་ བཞི་ལས་རྣམ་པར་རྒྱལ་བའི་དོན་ནོ། །འདིར་རྡུལ་ཚོན་ནི་ཁ་དོག་དྲུག་དཀར་ཡོད་ན། དབུས་ སུ་སྔོན་པོའི་སྟེང་དུ་ལྗང་གུ་བཞག ཤར་དུ་ནག་པོ་སོགས་ཕྱོགས་ཀྱི་རིམ་པས་བཀོད། བསྐྱེད་ ཆོག་གི་སྐབས་སུ་ཡང་དབུས་ཀྱི་རྡུལ་ཚོན་ལྗང་སྔོ་གཉིས་ཀར་ཨཾ་ལས་བྱུང་བའི་རྣམ་པ་རྡུལ་ ཚོན་ལྗང་སྔོ་ངོ་བོ་མེ་བསྐྱོད་པར་བསྐྱེད་པ་སོགས་ཏེ་གཅིག་ཏུ་བསྲེས་མ་བསྲེས་ཀྱི་ཁྱད་པར་ གྱིས་ཐིག་སྐུད་དང་འདི་མི་འདྲ་སྟེ། འདིར་སོ་སོར་བསྐྱེད་པ་ངེས་པར་དགོས་སོ།། །། བཞི་པ་རྡོ་རྗེ་ལྷ་གནས་ཀྱི་སྐབས་སུ། ཡེ་ཤེས་ལེའུ་ལས། ནོར་བུ་གཙུག་ཏོར་དཔྲལ་ བ་མགྲིན་པ་སྙིང་གའི་གནས་དང་ལྟེ་བ་གསང་བ་ལ་ཡང་རྡོ་རྗེ་ནི། །གཅིག་གཉིས་ཆུ་གཏེར་ མདའ་དང་ཀླུ་ཡི་དབང་པོ་དགུ་བཅས་ཉིན་བྱེད་སོར་རྣམས་དག་གི་རིམ་པས་སོ། །དབུས་ དང་སྟེང་འོག་གསུམ་གྱི་ཆ་སྟེ་ཟུམ་པ་དང་ནི་རྣམ་པར་གྱེས་པ་ཞི་དང་དྲག་པོ་ལའོ། །ཞེས་ དང༌། ཁྱོན་ནི་དེ་ཡི་སུམ་ཆ་ཞལ་དང་བཅས་པའི་ལྟེ་བ་འདབ་མ་དག་ཀྱང་དེ་ཡི་སུམ་ཆ་ལས། ། རྭ་ནི་ཁྱོན་དང་མཚུངས་པ་ཕྱོགས་སམ་ཕྱོགས་བྲལ་དུ་སྟེ་རྭ་ཡི་ཟླུམ་པོ་དག་ནི་བཞི་ཆའོ། །ཕྱི་ རོལ་རྭ་ཡི་སུམ་ཆ་འོག་སྟེ་སྟེང་དུ་རྒྱ་ཤུག་ཚེར་མ་ཡི་ནི་རྣམ་པ་སྦྱོར་བའོ། །ཞེས་གསུངས་པ་ ལྟར། རྣ་རྒྱན་གྱི་རྡོ་རྗེ་ནི་རྡོ་རྗེ་ནོར་བུ་རྣམ་པར་དག་པ་སོར་གཅིག་པ་དང༌། མཐེ་བོའི་རྡོ་རྗེ་ ནི་གཙུག་ཏོར་གྱི་འཁོར་ལོ་དག་པས་སོར་གཉིས་པ་དང༌། སྐྲ་མཚམས་ཀྱི་རྡོ་རྗེ་འཕྲེང་བ་ ནི། དཔྲལ་པའི་འཁོར་ལོ་དག་པ་སོར་བཞི་པ་དང༌། མགུལ་རྒྱན་གྱི་རྡོ་རྗེ་ནི། མགྲིན་པའི་ འཁོར་ལོ་དག་པ་སོར་ལྔ་པ་དང༌། དོ་ཤལ་གྱི་རྡོ་རྗེ་ནི་སྙིང་གའི་འཁོར་ལོ་དག་པ་སོར་བརྒྱད་ པ་དང༌། སྙིང་གར་འདོགས་པའི་རྡོ་རྗེ་ཞེས་བྱ་བ་སྲུང་བ་དང་བསྙེན་པའི་དོན་དུ་དགོས་ཏེ། དེ་ནི་ལྟེ་བའི་འཁོར་ལོ་དག་པས་སོར་དགུ་པའོ། །གསོར་པའི་རྡོ་རྗེ་ནི་གསང་པའི་འཁོར་ལོ་ དག་པ་སྟེ་སོར་བཅུ་གཉིས་པའོ། །ཞེས་གསུངས་པ་ལས། འདིར་གསོར་པའི་རྡོ་རྗེ་སྟེ། དེ་ 3-1-549 ཡང་དཀྱུས་སུ་སོར་བཅུ་གཉིས། དེ་ལ་ཆ་གསུམ་དུ་བྱས་པའི་ཆ་ཐ་མ་གཉིས་ནི་སྟེང་འོག་གི་ དབུས་རྭའི་དཀྱུས་ཡིན་ལ། ཆ་དབུས་མ་ལ་ཡང་ཆ་གསུམ་དུ་བྱས་ཏེ་སྟེང་འོག་གཉིས་ནི་པདྨ་ འདབ་བརྒྱད་ཀྱི་ས་དང༌། དབུས་མ་ལྟེ་བའི་ས་སྟེ་འདི་ལ་ཐིག་ལེ་བཞི་{ཐབས་[ཤེས་]ཀྱི་ ཆ་རྣམ་པར་དག་པ་དང༌། ཚངས་པའི་གནས་པ་བཞི་རྣམ་པར་དག་པའི་དབང་དུ་བྱས་ནས། ཕྱོགས་བཞིར་གཟུགས་པའི་ཞལ་བཞི་བྱ་ཞིང༌། ཡང་ན་རྡོ་རྗེ་ནི་གསལ་བྱེད་སུམ་ཅུ་དག་པའི་ དབང་དུ་བྱས་ན། དབྱངས་མེད་པས་བརྗོད་མི་ཤེས་པའི་ཕྱིར་ཞལ་མེད་པའི་ཟླུམ་པོའོ། །རྡོ་ རྗེ་དབུས་ཀྱི་རྭའི་དཀྱུས་ནི་སོར་བཞི་ཡིན་ལ། དེ་ལ་ཆ་གསུམ་དུ་བཏང་པའི་འོག་ཏུ་སུམ་ཆ་ གཅིག་དང༌། སྟེང་དུ་སུམ་ཆ་གཉིས་ཡོད་པའི་མཚམས་དེ་ནི་རྭའི་སྦོམ་ས་སྟེ། དེའི་ཞིང་ལ་ སོར་གཅིག་གི་རྒྱའོ། །དེ་ལས་འོག་ཏུ་ཞུ་འདྲོངས་ཀྱི་འཕྲར་སོང་ཞིང༌། སྟེང་དུ་ཞུ་འདྲོངས་ཀྱི་ ལྷག་པར་ཕྲ་ཞིང་རྩེ་མོ་རྣོ་བ་ཡིན་ལ། དབུས་ཀྱི་རྭ་གྲུ་བཞི་དང་ཕྱོགས་ཀྱི་རྭ་རྣམས་ཅུང་ཟད་ ཟླུམ་པ་དབུས་རྭ་ལས་ཅུང་ཟད་ཕྲ་བའོ། །རྭ་ལྔ་པའམ་དགུ་པ་གང་ཡིན་ཡང་རུང་སྟེ། གཡས་ གཡོན་གྱི་རྭ་རྣམས་ཀྱང་བརྐྱང་ན་དབུས་རྭ་དང་རིང་ཐུང་མཉམ་པ་ཡིན་ཡང་རྐེད་མཚམས་ ནས་གཞུ་ལྟར་གུག་པའི་ཕྱིར། རྩེ་མོ་དབུས་རྭ་ལས་དཀྱུས་ལས་ཐུང་བ་སྟེ། ཞི་བ་ལ་ནི། ཕྱོགས་ཀྱི་རྭའི་རྩེ་རྣམས་དབུས་ཀྱི་རྭ་ལ་རེག་པས་སོར་ཕྱེད་ཙམ་དབུས་ཀྱི་རྭ་ཕྱིར་འཕགས་ པ་ཡིན་ལ། དྲག་པོ་ལ་ནི་ཁ་གྱེས་པ་ཡིན་ཡང༌། བར་གྱི་ཆ་སོར་ཕྱེད་བཞི་ཙམ་ཞི་བ་ལས་ ཚབས་ཆེ་ཙམ་གུག་ཅིང༌། སོར་ཕྱེད་ཙམ་སྟེང་དུ་རྩེ་མོ་རྣོན་པོའི་རྣམ་པ་སྟེ། ཕྱོགས་རྣམས་ གུག་པའི་ཁྱད་ཀྱིས་མཐའ་རྣམས་ལས་དབུས་རྭ་སོར་བྱེད་ཙམ་འཕགས་པ་ཡིན། དེ་ཡང་ པདྨའི་ཁ་མཚམས་ལས་འཕྲེད་དུ་ནས་གང་ཙམ་རེ་ནང་དུ་གཞལ་བའི་མཚམས་ནས་ཕྱོགས་ ཀྱི་རྭ་རྣམས་སྐྱེས་ཏེ། སོར་ཕྱེད་ཙམ་དྲང་པོར་འཕགས་ནས་སོར་གང་ཙམ་ཕྱིར་{སོགས་ [སེགས་]འགྲོས་དང༌། དེ་མཚམས་ནས་གཞུ་ལྟར་གུག་པའི་སྒུར་ཕྱི་ལ་བསྟན་པ་ཡིན་པ། རྭ་ 3-1-550 དེ་རྣམས་ཀྱི་ཕྱེད་དམ་སུམ་གཉིས་མཚམས་ཙམ་གང་རུང་ལ་སྦོམ་ས་འོང་བ་བྱེད་དེ་བཟོའི་ ཁྱད་པར་ལས་སོ། །སྦོམ་སའི་ཐད་ལ་བརྩིས་ན་ཤར་གྱི་རྭ་མཐའ་ནས་ནུབ་ཀྱི་རྭ་མཐའི་བར་ ལའང་སོར་བཞི་ཡོད་ལ། དེ་ཁོར་ཡུག་ཏུ་ཟླུམ་པོར་བཅལ་ན་སོར་བཅུ་གཉིས་ཏེ་རྡོ་རྗེ་དཀྱུས་ དང་མཉམ་པའོ། །ཟླ་བའི་སྟེང་དུ་མུ་ཏིག་གི་འཕྲེང་བ་སོགས་དང༌། ཆུ་སྲིན་གྱི་གདོང་སོགས་ རྒྱུད་འདིར་མ་གསུངས་པའི་ཕྱིར་ངེས་པར་དགོས་པ་མ་ཡིན་ལ། སྤྱི་འགྲོས་སུ་སྣང་བས་ བྱས་ཀྱང་འགལ་བ་མེད་པར་མངོན་ནོ། །དེ་ལྟར་ཚད་དང་ལྡན་པ་རྒྱུ་ནི་གསེར་དངུལ་ཟངས་ སོགས་དང༌། ཕུར་བུའི་རྒྱུར་བཤད་པ་རྣམས་ཀྱང་རུང་བས་ཇི་ལྟར་འོས་པའོ། །འདིར་ཡང་ངོ་ བོ་ཧཱུྃ་ལས་བྱུང་བ་གཙོ་བོ་དུས་ཀྱི་འཁོར་ལོ་ཉིད་རྣམ་པ་རྡོ་རྗེ་ཉིད་དུ་ཤར་བའོ། ། ལྔ་པ་དྲིལ་བུ་ལྷག་གནས་ཀྱི་སྐབས་སུ། རྒྱུད་ལས། དྲིལ་བུ་དག་ཀྱང་དེ་བཞིན་ཆ་གསུམ་ སྟེང་ནི་རྡོ་རྗེ་དང་མཚུངས་བ་ལང་གདོང་དང་པདྨའི་གཟུགས། །ཞེས་དང༌། དྲིལ་བུའི་ཞལ་ རྣམས་དེ་བཞིན་འདབ་མ་རྡོ་རྗེ་ཡང་ངོ་བ་ལང་གདོང་ལ་སོགས་པ་དེ་བཞིན་ཉིད། །ཅེས་ཀྱང་ གསུངས་ཏེ། འདིར་རྡོ་རྗེ་དྲིལ་བུ་ཞེས་པ་རྡོ་རྗེས་མཚན་པའི་དྲིལ་བུའོ། །དྲིལ་བུ་དེ་དཔངས་ སུ་སོར་བཅུ་གཉིས་པ་སྟེ། དེ་ཡང་སྟེང་འོག་ཏུ་ཆ་གསུམ་དུ་བྱས་པའི་ཆ་གཅིག་སྟེང་མ་ནི་རྡོ་ རྗེ་ཕྱེད་པ། ཆ་བར་པ་ནི་ཞལ་གྱི་གནས་ཆ་འོག་མ་ནི་ལྟོ་བ་སྟེ་དེ་ལ་རྡོ་རྗེ་ཕྱེད་པའི་ཐ་སྙད་ ནི་རྭ་རྣམས་ལ་འཇུག་སྟེ་གོང་དང་འདྲའོ། །དབུས་ཀྱི་ཆ་ལ་ཆ་གསུམ་དུ་བྱས་པའི་སྟེང་འོག་ གཉིས་པདྨ་དང་དབུས་མ་ལ་གཞལ་ཏེ་དེ་ཡང་ཐིག་ལེ་བཞིའི་ནང་ནས་ཤེས་རབ་ཀྱི་ཕྱོགས་ དང༌། རྣམ་ཐར་སྒོ་བཞི་དག་པས་ཞལ་བཞི་དང༌། ཡང་ན་དྲིལ་བུ་ཨཱ་ལི་རྣམ་པར་དག་པ་ ཆོས་ཀྱི་སྒྲ་སྒྲོགས་པའི་ཕྱིར་ཞལ་གཅིག་པ་སྟེ། དེ་ཡང་རྡོ་རྗེ་ཞལ་བཞི་དང་ལྡན་པ་ལ་དྲིལ་ བུ་ཡང་ཞལ་བཞི་པ་དང༌། རྡོ་རྗེ་ལ་ཞལ་མེད་ན་ནི། དྲིལ་བུ་ཞལ་གཅིག་པའོ། །རྡོ་རྗེ་དང་ དྲིལ་བུ་རིགས་གཉིས་ཀ་ལའང་ཞི་དྲག་གཉིས་ཀ་འབྱུང་བས། རྡོ་རྗེ་རིགས་བཞི་དང་དྲིལ་བུ་ 3-1-551 རིགས་བཞི་དང༌། དེ་ལའང་རྩེ་དགུ་རྩེ་ལྔའི་དབྱེ་བས་བརྒྱད་དམ་རྭའི་དབྱེ་བས་སྣ་ཚོགས་ པའོ། །དྲིལ་བུའི་ཁོག་པའི་སྐྲ་མཚམས་ཀྱི་རྒྱ་དང༌། རྡོ་རྗེ་བྱེད་པའི་རྭའི་སྦོམ་གཉིས་རྒྱ་མཉམ་ པ་དང༌། དེ་ནས་སོར་གསུམ་དུ་ཅུང་ཟད་ཞུ་འདྲོངས་དང་བཅས་པས་ཁ་ཇེ་རྒྱས་ལས། ཞི་བ་ ལ་ནི་བ་ལང་ཁ་སྟེ་མཚམས་དེ་ནས་དཔངས་སུ་སོར་ཕྱེད་ཙམ་གྱི་ཚད་ཕྱི་ལ་ནས་གཉིས་ཙམ་ འཕགས་ནས། དེ་ནས་ཁའི་མཐའ་སོར་ཕྱེད་ནང་དུ་ནས་གང་ཙམ་རུབ་པ་ཡིན་ལ། དེ་ལྟར་ བ་ལང་ཁ་ལ་རྩེ་མོར་ཞི་པའི་རྡོ་རྗེས་མཚན་པ་ཡིན། ཡང་ན་པདྨ་རྒྱས་པའི་ཁ་སྟེ། ཁོག་པ་ སོར་གསུམ་གྱི་བར་གོང་བཞིན་ལ། དེ་ནས་དཔངས་སུ་སོར་གཅིག་པོ་རྒྱར་སོར་ཕྱེད་ཀྱི་བར་ དུ་སྔར་བས་ཀྱང་ཇེ་རྒྱས་སུ་སོང་ཞིང༌། ཁ་རྒྱུན་ཅུང་ཟད་འཐུག་པར་བྱ་སྟེ། ནང་དུ་ཞུམ་པ་ནི་ མེད་དོ། །འདི་ལ་རྡོ་རྗེ་རཱ་གྱེས་པས་མཚན་པའོ། །རྡོ་རྗེ་དང་དྲིལ་བུ་གཉིས་ཀར་ལ་རྭ་ལ་ཞི་ དྲག་གི་དབྱེ་བ་ཡོད་པས་ཞལ་རས་ལའང་ཞི་དྲག་དགོས་པར་སེམས། དྲིལ་བུ་ལ་བཟོ་ཐིག་ ཅུང་ཟད་ཀྱང་རུང་པ་སྟེང་གི་རྭ་ལ་རྩེ་སོར་བཞི་ཙམ་བྱས་ནས། བར་གྱི་ཆ་སྟེང་མ་པདྨ་བར་ པ་ཞལ་རས། འོག་མ་ལ་པདྨའི་འོག་ཏུ་དབྱུག་པ་རྩེ་སོར་ཕྱེད་ཙམ་བླ་ཐབས་སུ་བསྣན། ལྷག་ པོ་རྩེ་སོར་གང་ཙམ་པ་དེ་ནི་འོག་གི་ཁོག་པའི་དཔངས་ལ་བསྣན་ནས་ཁོག་པ་དངོས་ལ་སོར་ བཞི་དང་ཐོད་དཔངས་རྩེ་སོར་གཅིག་བྱ། དེའི་ཚེ་ཁོག་པའི་སྐྲ་མཚམས་ལ་མུ་ཁྱུད་ཡོད་པའི་ ནང་མཐའ་དང༌། རྡོ་རྗེའི་རྭའི་སྦོམས་ཀྱི་ཕྱི་མཐའ་མཉམ་པ་ཙམ་བྱས་ན་གཞུང་དང་ཡང་མི་ འགལ་ལ་མཛེས་པའི་ཕྱིར་འདི་ལ་མི་ལེགས་པ་མེད་དོ། །འདིར་དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ་ ལས། ཞི་བ་ལ་བ་ལང་གི་གདོང་ལྟ་བུ་རྡོ་རྗེའི་ཁ་ཟུམ་པས་མཚན་པ་དང༌། དྲག་པོ་ལ་པདྨ་ རྒྱས་པ་ལྟ་བུ་རྡོ་རྗེ་ཁ་གྱེས་པས་མཚན་པའོ། །ཞེས་གསུངས་པའི་དོན་ཁོག་པ་བ་ལང་ཁ་དང་ པདྨ་ཁ་ཡིན་པ་ལ། སྟེང་དུ་ཁ་གྱེས་པ་དང་ཟུམ་པས་མཚན་པ་ཞེས་པའི་དོན་དུ་ཐམས་ཅད་ ཀྱིས་གོ་ནུས་པར་འདུག་ཀྱང༌། སྤྱན་སྔ་ཆོས་གྲགས་པ་ནི་གོ་བ་ལོག་སྟེ་བ་ལང་གདོང་གི་དོན་ 3-1-552 རྡོ་རྗེ་ཁ་ཟུམ་པ་དང༌། པདྨ་རྒྱས་པའི་དོན་ཁ་གྱེས་པ་ལ་ཀུན་མཁྱེན་ཆེན་པོ་བཞེད་དོ་ཞེས་ཡི་ གེར་འབྲི་བ་ནི། གཞན་ལ་སྐྱོན་རྟོག་གྱུའི་ཁུངས་ལ་ཧལ་ཧོལ་དུ་སྨྲས་པས་རང་ཉིད་ལ་གཞན་ དག་བཞད་གད་ཀྱི་རྒྱུ་ཆེན་པོ་བྱུང་བའོ། །འགྲེལ་པ་ལས། བ་ལང་གི་གདོང་ནི་ཞི་བ་ལའོ། ། ཞེས་པའི་དོལ་མཆན་དུ། དྲིལ་བུའི་ཁ་རྒྱུན་ནང་དུ་རུབ་པ་ཞེས་དང༌། པདྨ་རྒྱས་པའི་ཁ་ ཞེས་པའི་དོལ་མཆན་དུ་དྲིལ་བུའི་ཁ་རྒྱུན་ཕྱིར་གྱེད་པ་ཞེས་འབྱུང་བའང་མཐོང་བར་གྱུར་ཅིག དྲིལ་བུ་ཡང་གོང་བཞིན་རྣམ་པ་དྲིལ་བུ་ཉིད་ལ་སྣ་ཚོགས་ཡུམ་གྱི་ངོ་བོ་ཉིད་དུ་བསམ་དགོས་ པ་ཡིན་ནོ། །གཞན་རྫས་ལྔ་སྟ་གོན་གྱི་སྐབས་རྣམས། དཀྱིལ་ཆོག་ཉིད་ཀྱིས་གོ་བླའོ། ། གསུམ་པ་སློབ་མ་ལྷག་གནས་ནི། རྫས་ལྔ་ལྷག་གནས་ཀྱི་གནས་དེ་ཉིད་དུ་བྱེད་པ་ཡིན་ ན། རྫས་རྣམས་གཞན་དུ་བསྡུས་ཏེ། སླར་མལ་སྟན་ལྷག་གནས་ཀྱི་ཚེ་དཀྱིལ་འཁོར་གྱི་ས་ གཞི་ལ་སྔར་བཞིན་འཇོག་པར་བཤད་པ་ལྟར་ཡིན་ཡང་ཡོལ་བས་བཅད་པའམ། ཁེབས་ ཀྱིས་བཀབ་ཀྱང་རུང་སྟེ་དགོས་དོན་མཚུངས་པའི་ཕྱིར་རོ། །དཀྱིལ་འཁོར་ཁང་པ་ལས་ གཞན་དུ་ཡིན་ན་དགག་བྱ་མེད་པས། རྫས་རྣམས་བསྡུ་མི་དགོས་ཏེ་ཇི་ལྟར་རིགས་པར་སྤྱད་ དོ། །རྒྱུད་འགྲེལ་ཉིད་ལས་གསུངས་པའི་སློབ་མ་ལྷག་གནས་དངོས་ནི། སོ་ཤིང་དོར་བ་དང༌། ཡི་གེ་དྲུག་པས་སྲུང་བ་དང༌། རྡོ་རྗེ་སེམས་དཔའ་བསྐུལ་བ་སྟེ་ཆོས་གསུམ་པོ་དེ་ཙམ་ཡིན་ལ། སྔོན་དུ་གསོལ་བཏབ་དང༌། སྣོད་དུ་རུང་བའི་ཕྱིར་ཆོས་བཤད་པ་རྒྱུད་འདི་ཉིད་ལས་འབྱུང་ བ་ཅི་རིགས་སྦྱར་ནའང་ལེགས་པས་དུས་འཁོར་རང་ལུགས་ཁོ་ན་བྱེད་འདོད་པ་དང༌། སློབ་ མའང་དེ་ཙམ་ལ་ཡིད་ཆེས་ན། དེ་ཙམ་གྱིས་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་ཀྱི་སྟ་གོན་ ཡིན་མོད། སྤྲོས་པ་ལ་དགའ་བ་རྣམས་ཀྱི་ངོར་གསང་བ་སྤྱིའི་ཆོ་གས་ཁ་བསྐང་པ་ནི་དཀྱིལ་ ཆོག་ཏུ་བཤད་ཟིན་པ་ལྟར་ཡིན་པ། འདིའི་ལུགས་ལ་དཔྱད་ན། རྒྱ་གར་བ་བློས་བཏགས་ མཁན་པོ་དང༌། བོད་མང་པོ་ཞིག་གསང་བ་ནོར་ཐིག་ལས་འབྱུང་བའི་སྡོམ་བཟུང་གི་གུང་ལ་ 3-1-553 ཡོད་པའི་རིགས་ལྔའི་སྐོར་རྣམས་ཕུད་ནས། དུས་འཁོར་གྱི་རིགས་དྲུག་སྡོམ་བཟུང་འཇུག་པ་ དག་མཐོང་སྟེ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་སོགས་དང་། མ་བསྒྲལ་བ་རྣམས་ བདག་གིས་བསྒྲལ། །ཞེས་སོགས་རྒྱུད་འདིར་བྱང་ཆུབ་བདག་གིས་བསྐྱེད་ཅེས་པའི་ནང་དུ་ འདུས་པ་མ་གོ་བས་དེ་དག་བྱེད་མོད། ཕན་ཚུན་བསྲེས་པས་གཉིས་ཡིན་དུ་མ་སོང་གཉིས་ མིན་དུ་སོང་བའི་དོན་གྱི་སྒོ་ནས་འཁྲུལ་བར་མ་ཟད། ཁ་སྐོང་བྱེད་པའི་སྐབས་སུ། སྡོམ་པ་ ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཞེས་པའི་ཚིག་དོན་གཉིད་ ཀར་སྒྲིག་མཚམས་མ་ཤེས་ནས་འཇོག་པ་སོགས་རྐང་དུམ་རེ་འདྲེན་པར་བྱེད་དོ། །ཁ་ཅིག་ རིགས་ལྔའམ་དྲུག་གི་སྡོམ་བཟུང་ལན་གསུམ་བྱས་པས་སྔགས་སྡོམ་རྫོགས་པར་ཐོབ་པར་ འདོད་པ་ལ་ནི། སྟ་གོན་གྱི་སྐབས་ཁོ་ནར་སྔགས་སྡོམ་རྫོགས་པར་ཐོབ་ཟིན་པའི་སྐྱོན་འཇུག་ གོ །གཞན་རྣམས་གོ་བླ་ཞིང༌། དཀྱིལ་ཆོག་སྤྱིའི་གོ་དོན་ཞིག་འབྲི་བར་འདོད་པས་འདིར་མ་ བཤད་དོ། །རང་རེའི་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལ་གོང་དུ་བཤད་པའི་དུས་འཁོར་རང་ ལུགས་ཀྱི་སྟ་གོན་དེ་ཙམ་རེ། བདག་འཇུག་ལ་ཡང་མཛད་པར་སྣང་བ། སྒྲུབ་མཆོད་ལ་ཡང་ ལྷག་གནས་བརྒྱད་ཀ་ཚང་བར་དགོས་པར་བཞེད་དེ་འགྲུབ་ན་དེ་བཞིན་དུ་བྱའོ། ། བཞི་པ་མལ་ལྷག་གནས་ནི། རྫས་ལྔ་ཕྱོགས་མ་འཆོལ་བར་ཡོད་པའི་ངང་དེར། དཀྱིལ་ འཁོར་གྱི་ས་ཆའི་ལྷོ་ཕྱོགས་སུ་མལ་སྟན་བཅས་ཤིང༌། ༀ་ཧོཿསོགས་ཀྱི་སྔགས་མང་དུ་བཟླས་ ནས། མགོ་ནུབ་དང་རྐང་པ་ཤར་དུ་བསྟན་ཏེ། སློབ་དཔོན་རང་ཉིད་སེང་གེའི་ཉལ་སྟབས་ ཀྱིས་ཉལ་བ་ན། དགེ་བ་དང་མི་དགེ་བའི་ལྟས་རྨི་ལམ་དུ་མཐོང་བར་འགྱུར་རོ། །སངས་ རྒྱས་བྱང་སེམས་ལྷ་ལྷ་མོ་དགྱེས་ཤིང་རྩེ་བ་དང༌། རྡོ་རྗེ་ཁྲོ་བོ་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་ ཀྱིས་བདུད་བགེགས་འཇོམས་པའི་མཚན་མ་སོགས་མཐོང་ན་ཤིན་ཏུ་ལེགས་ཤིང་ཅི་ཡང་མ་ མཐོང་ན་འབྲིང་ཡིན་པས། དེ་གཉིས་ལ་ནི་དེའི་ནངས་པར་ཉིད་ནས་ཐིག་གདབ་ཅིང་དཀྱིལ་ 3-1-554 འཁོར་འབྲིའོ། །ཅི་སྟེ་བདུད་བགེགས་ཀྱི་རིགས་མངོན་གསལ་ཅན་རྣམས། ཆོ་འཕྲུལ་གྱི་ རིགས་མཐོང་ཞིང༌། ལོགས་པའི་སྐྱེ་བོ་ལ་གནོད་པའི་རྣམ་འགྱུར་བྱེད་པ་དང༌། གཞན་ཡང་ ངན་པར་མངོན་ན། སློབ་དཔོན་གྱི་མལ་སྟན་སྤངས་ཏེ། དཀྱིལ་འཁོར་གྱི་ས་གཞིའི་ཤར་དུ་ འདུག་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་གཏོར་མ་སྦྱིན་ཞིང༌། དུར་ཁྲོད་ཀྱི་ས་གཞི་ལ་འདུག་ ནས་གཏོར་མ་གསོལ་བར་བསམ་ལ། བགེགས་ཞི་བར་གསོལ་པ་བཏབ་བོ། འདི་ནི་མཚོན་ བྱེད་དེ། སྲུང་མ་དྲུག་ཅུ་དང༌། རིགས་བརྒྱ་རྣལ་འབྱོར་མའི་ཚོགས་ལ་ཡང་འགྲུབ་ན་གཏོར་ མ་འབུལ་ལོ། །དེའི་རྗེས་སུ་རྡོ་རྗེའི་ཞལ་དག་པ་ནས་བརྩམས་ཏེ། སྲུང་འཁོར་ཡང་རྫོགས་ པར་བསྒོམས་ལ། ཚོགས་བསགས་གཉིས་སྔོན་དུ་འགྲོ་བས་མངོན་བྱང་ལྔ་བསྐྱེད་དམ་ས་ བོན་ཕྱག་མཚན་ཙམ་ལས། རང་ཉིད་རྡོ་རྗེ་འཇིགས་བྱེད་སྡོམ་པ་ཆེན་པོར་བསྒོམ། དེ་མ་ཐག་ རྒྱན་དང་ཕྱག་མཚན་བཀོད་ཀྱང་རུང་ལ། ཡང་ན་ཡེ་ཤེས་པ་སྤྱན་དྲངས། ཡི་གེ་བཀོད། རྡོ་ རྗེ་གསུམ་བྱིན་གྱིས་བརླབས། སྔགས་དབང་རྫོགས་པར་བླངས། རྒྱས་བཏབ་བཞིའི་མཐར་ ཕྱག་མཚན་རྒྱན་བཀོད་བྱས་ཀྱང་རུང་ངོ༌། །དེའི་ཚེ་རྐང་པ་བཅུ་དྲུག་པ་དང༌། བདུན་ཅུ་རྩ་ གཉིས་པ་དྲག་ཏུ་བཟླ་ཞིང༌། སྔགས་དོན་དང་མཐུན་པར་བགེགས་གཞོམ་པའི་དམིགས་པ་ ཡང་བྱ། མཁའ་འགྲོ་མ་རྣམས་ཀྱི་སྔགས་ཀྱང་ངེས་པར་བཟླ་བར་བྱ་སྟེ། སྙིང་པོའི་མཐར། ཨ་ ཨཱ་ཨཾ་ཨཿ ཧ་ཧཱ་ཧཾ་ཧཿ ཕྲེཾ་ཧོཿ ཧ་ཧཱ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ། སླྀ་སླཱྀ་ྉྤུ་ྉྤཱུ་ཥྼྀ་ཥྼཱྀ་ཤི་ཤཱི་ཧཾ་ཧཿཧུཾ་ཧཱུཾ་ཕཊ་ ཕཊ། ཏླྀ་ཏླཱྀ་ཐུ་ཐཱུ་དྼྀ་དྼཱྀ་དྷི་དྷཱི་ལ་ལཱ་ཧུཾ་ཧཱུཾ་ཕཊ་ཕཊ། པླི་པླཱི་ཕུ་ཕཱུ་བྼྀ་བྼཱྀ་བྷི་བྷཱི་ཝ་ཝཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཊླྀ་ཊླཱྀ་ཋུ་ཋཱུ་ཌྼྀ་ཌྼཱྀ་ཌྷི་ཌྷཱི་ར་རཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཙླྀ་ཙླཱྀ་ཚུ་ཚཱུ་ཛྼྀ་ཛྼཱྀ་ཛྷི་ཛྷཱི་ཡ་ཡཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཀླྀ་ཀླཱྀ་ཁུ་ ཁཱུ་གྼྀ་གྼཱྀ་གྷི་གྷཱི་ཧ་ཧཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱ་ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧུཾ་ཧཱུཾ་ཕྲེཾ་ཕྲཻཾ་ཕཊ་ ཕཊ། ཅེས་པའོ། །སྔགས་འདི་ནི་དྲག་པོའི་ལས་དང་བགེགས་ཚར་གཅོད་པ་ལ་བསྔགས་ པའོ། །དེའི་ནུབ་མོ་ཡང་སྔར་བཞིན་མལ་སྟན་ལྷག་གནས་ཀྱིས་བརྟག་བགེགས་བཟློག་པའི་ 3-1-555 མཚན་མ་བྱུང་ན་ལེགས། མ་བྱུང་ན་སྔར་བཞིན་ཡང་ཡང་གཏོར་མ་དང་བཟླས་བསྒོམ་བྱ། ནམ་བགེགས་བཟློག་པའི་མཚན་མ་བྱུང་བ་ན། ནང་བར་གཏོར་མ་རྒྱ་ཆེར་བཏང་སྟེ། སྔར་ གྱི་ལ་དགའ་སྟོན་དང་ཕྱིན་ཆད་མི་འཇུག་པའི་དོན་དུ་གསོལ་བ་གདབ་པ་དང༌། དེ་ནས་དེ་མ་ ཐག་ཏུ་ཐིག་གདབ་པར་བྱ་བ་ཡིན་ནོ། ། བཞི་པ་ཐིག་ཚོན་གྱི་ལས་ཀྱིས་དཀྱིལ་འཁོར་བཞེང་པ་ནི། སློབ་དཔོན་དཀྱིལ་འཁོར་གྱི་ ནུབ་ཏུ་གནས་ནས་ཁ་ཤར་དུ་ཕྱོགས་ཤིང༌། ཞེས་པ་ནས་ཉི་མ་གསུམ་པའི་བྱ་བའོ། །ཞེས་པའི་ བར་གྱིས་ཐིག་འདེབས་ཚུལ་བསྟན་ལ། སླར་ཡང་དཀྱིལ་འཁོར་གྱི་ས་གཞི་ལ་ཞེས་པ་ནས། ཉི་མ་བཞི་པ་དང་ལྔ་པའི་བྱ་བའོ། །ཞེས་པའི་བར་གྱིས་ཚོན་གྱིས་འབྲི་བའི་རིམ་པ་བཤད་ དེ། འདི་དག་རྒྱས་པར་རྒྱུད་འགྲེལ་ཉིད་ལས་འབྱུང་ཞིང༌། ཕལ་ཆེར་གོ་བདེ་བར་ཡང་ཡོད་ ལ། རྒྱུད་དང་འགྲེལ་པ་གཉིས་སུ་གསུངས་པའི་དོན་ཕྱིན་ཅི་མ་ལོག་པ་ཤིན་ཏུ་གསལ་བར་ དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ་དང༌། བདེན་པ་གཉིས་ཀྱི་ཚོན་ས་གཏན་ལ་དབབ་པ་ ཞེས་བྱ་བར། དུས་གསུམ་སངས་རྒྱས་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་ཞིབ་མོར་གསུངས་པ་ ལས་རྟོགས་པར་བྱའོ། །དེ་ལ་དབྱེ་ན། ཐིག་གདབ་པ་དང༌། རྡུལ་ཚོན་དགྱེ་བའོ། ། དང་པོ་ལ་ཐིག་ཆོག་དངོས་ལ་དཔྱད་པ། ཐིག་ཆ་ལ་བཤད་པ། ཡོངས་འཇོམས་བཤད་ པ། དག་པ་བཤད་པ། རྒྱས་བསྡུས་ཀྱི་དབྱེ་བ། རྗེས་ཀྱི་བྱ་བ་བཤད་པ་སྟེ་དྲུག་གོ །དང་པོ་ནི། རྫས་ལྔ་པོ་རྣམས་དབེན་པའི་གནས་སུ་སྟན་དྲི་མ་མེད་པ་ལ་བཞག རས་གཙང་མས་བཀབ་ ཅིང་སྔགས་ཀྱིས་སྲུང་ངོ༌། །སཱ་དྷུ་པུ་ཏྲས་ནི། སྤྱིའི་རིགས་འགྲོས་སྦྱར་ནས་ཡེ་ཐིག་གི་རྗེས་སུ་ ལས་ཐིག་འདེབས། འབྲོ་བ་ཁ་ཅིག་དང་རྭ་པ་ཡང་དེ་དང་འདྲ། གཞན་དག་ནི་དེ་གཉིས་སྔ་ ཕྱི་བསྒྱུར་བ་ཙམ་བྱེད་ཅིང༌། གཞན་ཡང་སོ་སོ་ལ་ནང་སེལ་འདོད་ཚུལ་མི་འདྲ་བ་ཇི་སྙེད་ཞིག་ ཡོད་ཀྱང༌། དཀྱིལ་ཆོག་གཞན་གྱི་ལུགས་ཀྱི་ཐིག་ཆོག་དེ་འདིར་སྦྱོར་བ་སྙིང་པོ་མེད་དེ། འདི་ 3-1-556 ཉིད་དུ་ཐིག་སྐུད་བྱིན་རླབས་ཀྱི་སྔགས་དང་ཐིག་གདབ་པའི་སྔགས་ཐུན་མོང་མ་ཡོན་པའི་ རྒྱས་པ་འདི་འདྲ་ཡོད་བཞིན་དུ། ༀ་ཨཱཿཨ་མྲྀ་ཏ་བྷཱ་བཛྲ་སཱུ་ཏྲ་ཞེས་སོགས་བཅོས་མའི་སྔགས་ ཀྱི་སྣོན་ཀ་ལ་དགའ་བ་ནི། ཉི་མའི་འོད་ཀྱིས་སྣང་བར་བྱེད་བཞིན་པ་ལ། མེ་ཁྱེར་ཚོལ་བ་ རྒྱུག་པ་བཞིན་ནོ། །ཁ་ཅིག་ཐིག་སྐུད་སུམ་སྒྲིལ་དངོས་སུ་གསུངས་ལ། བྱིན་རླབས་ཀྱི་སྔགས་ ལ་ཡུམ་ལྔའི་ས་བོན་ཡོད་པས་ལྔ་སྒྲིལ་གཅིག་ཀྱང་བསྟན་པར་འགྱུར་བས། ལས་ཡི་གཉིས་ ཀར་དགོས་ཏེ། སུམ་སྒྲིལ་ཡེ་ཐིག་དང་ལྔ་སྒྲིལ་ལས་ཐིག་གོ་ཟེར་བ་དང༌། ལྷག་གནས་ཀྱི་ ཐིག་སྐུད་ལ་ཁ་ཅིག་ལས་ཐིག་ཡིན། གཞན་དག་ཡེ་ཐིག་ཡིན་ཟེར་བ་དང༌། བྱམས་གླིང་པ་ ནི་ཐིག་འདེབས་པའི་སྔགས་ལ་ༀ་ཨཱཿཧཱུྃ་ཞེས་རྡོ་རྗེ་གསུམ་གྱི་ས་བོན་ཡོད་པས་ཐིག་འདེབས་ པའི་ཚེ་རྡོ་རྗེ་གསུམ་དུ་བསྐྱེད་དགོས་ཟེར་ཏེ། དེ་ཐམས་ཅད་འགྲེལ་ཆེན་དུ་ཐིག་སྐུད་གཉིས་ པ་མེད་པར་བཤད་པ་དང་འགལ། རྡོ་རྗེ་གསུམ་དུ་སྐྱེད་ཟེར་བ་ནི་ཡུམ་ལྔའི་ངོ་བོར་གསུངས་ པ་དང་འགལ། རྡོ་རྗེ་གསུམ་གྱི་ས་བོན་ཡོད་པས་དེ་བསྐྱེད་དགོས་ན། ཐིག་སྐུད་བརྐྱང་པའི་ སྔགས་ཀྱི་གཞུགས་ན། ཡུམ་གྱི་སྐུ་གསུང་ཐུགས་ཀྱི་ས་བོན་ཡོད་ཅིང༌། ཐིག་སྐུད་གདབ་པའི་ སྔགས་ལ་རིགས་དྲུག་གི་ས་བོན་ཡང་ཡོད་པས། དེ་དག་ཀྱང་སྒོམ་དགོས་པར་ཐལ་བར་ འགྱུར་ལ། འདོད་ཚུལ་སྣ་ཚོགས་པ་དེ་དག་ལ་འགོག་བྱེད་མང་མོད་ཀྱི། ལོག་པའི་ལན་ལ་ མཐའ་མེད་པའི་དཔེར་ཤེས་ནས་འདིར་མ་བྲིས་སོ། ། གཉིས་པ་ནི། སྐབས་འདིར་ཐིག་ཚལ་ནི་ཞི་རྒྱས་ལ་ཙནྡན་དཀར་པོའི་ལྡེ་གུའམ། འབྲས་ བཏགས་པ་སོགས་དཀར་པོས་བྱ་ལ། བསད་བསྐྲད་ལ་དུག་ཁྲག་དང་རོ་སོལ་བསྲེས་པ་དང༌། དབང་དགུག་ལ་གུར་གུམ་དང་ཙནྡན་དམར་པོ་བསྲེས་པ་དང༌། རྨོངས་རེངས་ལ་ཡུང་བ་དང་ ཙནྡན་དམར་པོ་དང་བབ་ལའི་ཁུ་བས་སོ། ། གསུམ་པ་ནི་ཡོངས་འཇོམས་སྤོང་པ་ཞེས་བྱ་བ་ནི། ཤར་ལྷོ་ནས་ནུབ་བྱང་དུ་བཏབ་པའི་ 3-1-557 ཟུར་ཐིག་ལ་ཚད་བཞག ལྷོ་ལྷོ་ནུབ། ནུབ་ནུབ་བྱང་ཐིག་སྐུད་དེའི་ལྷོའི་དུམ་བུ་ཤེས་རབ་ཀྱི་ ས་ཕྱོགས་སུ་སློབ་དཔོན་ཐབས་བགྲོད་ཅིང༌། ཐིག་སྐུད་དེའི་བྱང་གི་སའི་དུམ་བུ། བྱང་བྱང་ ཤར་ཤར་ཤར་ལྷོ། ཐབས་ཀྱི་ས་གཞི་ལ་སློབ་མ་ཤེས་རབ་བགྲོད་པར་བྱེད་དོ། །དེ་ལས་ ཟློག་ན་མི་ཤེས་ཏེ། ཕྱི་རོལ་ཏུ་མེ་རླུང་གི་མཚམས་གང་རུང་དུ་སྒྲ་གཅན་གྱི་གདོང་མཇུག་ གནས་པས་གཡུལ་དུ་འཇུག་པ་རྣམས་དེ་ལ་འགོངས་ན། གཞན་གྱིས་འཇོམས་པ་ལྟར་ འདིར་ཡང་དེ་ལས་འགོངས་ན། སློབ་དཔོན་ནམ་སློབ་མ་ལ་གནོད་པ་ཆེན་པོ་འབྱུང་བས་ ཡོངས་འཇོམས་ཞེས་བཏགས་སོ། །འདིར་རྒྱུད་ལས། ཤེས་རབ་ཐབས་ཀྱི་ཡན་ལག་དབུས་ སུ་ཡོངས་འཇོམས་སུ་འགྱུར་དེ་ནི་དཀྱིལ་འཁོར་དག་ལ་སྤང་བར་བྱ། །ཞེས་གསུངས་ཤིང༌། གཞན་ཡང་ཐིག་སྐུད་ཆད་པར་གྱུར་ན་བླ་མ་ཉམས་ཤིང་ཡོངས་འཇོམས་འགོངས་པར་གྱུར་ ན་བུ་རྣམས་དག་ཀྱང་ངོ་། །ཞེས་གསུངས་སོ། ། བཞི་པ་ནི་སྐབས་འདིར་དག་པའི་རྣམ་གྲངས་ཅིག་ལ་སྒྲུབ་ཐབས་ཀྱི་སྐབས་སུ་བཤད་ པ་འདི་ཡང་གོ་བར་བྱ་སྟེ། ཁྲུ་གཅིག་འཇིག་རྟེན་ཁམས་ཀྱི་དཔག་ཚད་འབུམ་ཕྲག་རེ་དང་ སྦྱོར། ཁྲུ་གཅིག་ནི་སྒོ་ཚད་གཅིག་ཡིན་ནོ། །དེ་ལ་སའི་དཀྱིལ་འཁོར་སྒོ་ཚད་ཕྱེད། ཕྱི་རོལ་ དུ་ས་དཀྱིལ་གྱི་ཞིང་ལ་དཔག་ཚད་སྟོང་ཕྲག་ཉེར་ལྔ་དང་སྦྱོར། ཆུ་མེ་རླུང་གསུམ་ལ་སྒོ་ཚད་ རེ་རེ་ཡོད་པ། ཕྱི་རོལ་ཏུ་ཡང་འབུམ་ཕྲག་ཕྱེད་ཕྱེད་ཀྱི་ཞིང་ཡོད་པ་དང་སྦྱོར། ཕྱི་རོལ་ཀྱི་ ནམ་མཁའི་བརྒྱ་སྟོང་ཕྲག་ཉེར་ལྔ་ལ་རྫོགས་པ་མིན་ཡང་ནམ་མཁའི་ཁམས་ཕྲ་བ་མཚོན་ བྱེད་དུ་དཀྱིལ་འཁོར་ལ་སྒོ་ཚད་ཕྱེད་མར་བྱས་པས་ཁོར་ཡུག་ལྔའི་ཞིང་དུ་ཁྲུ་གཉིས་ཡོད་ལ། སའི་ཁོར་ཡུག་གི་ནང་ནས་སྐུའི་རྩ་ཐིག་གི་བར་ལའང་ཁྲུ་གཉིས། དེ་ནས་གཙོ་བོའི་གནས་ ཀྱི་ཚངས་ཐིག་ལའང་ཁྲུ་གཉིས་ཏེ། ཕྱོགས་གཅིག་ལ་ཁྲུ་དྲུག་དང་ཅིག་ཤོས་ལའང་དེ་དང་ མཉམ་པའི་དཀྱིལ་འཁོར་ཁྲུ་བཅུ་གཉིས་ནི་བདེན་དོན་བཅུ་གཉིས་རྣམ་པར་དག་པ་དང༌། 3-1-558 ཡང་ཐིག་སྐུད་ཁྲུ་བཅུ་དྲུག་པའམ། སྒོ་ཚད་ཁྲུ་ཕྱེད་དང་སྦྱར་ན་ཁྲུ་ཕྱེད་བཅུ་དྲུག་སྒོ་ཚད་བཅུ་ དྲུག་པ་ནི་དེ་ཉིད་རྣམ་པ་བཅུ་དྲུག་གི་དག་པར་ཡང་བྱ་ལ། ཡང་གཅིག་ཏུ་ན། ཐིག་སྐུད་ཀྱི་ ཚད་དེ་དེང་སང་གི་མཐོང་ཆ་ལྟར་ན། མྱོས་སྲུང་གོང་མའི་ཐད་ཡིན་ཡང་སྒོམ་དོན་ལ་མཆོད་ པའི་ས་གཞི་དང་སའི་ཁོར་ཡུག་གི་མཚམས་ཡིན་ཞིང༌། དེ་ལ་ཁྲུ་བརྒྱད་ཡོད་པ་ཡིན་ལ། དེའི་ ཕྱི་རོལ་ཏུ་ས་དང་ནམ་མཁའི་ཁོར་ཡུག་སྒོ་ཚད་རེ་རེ། ཆུ་མེ་རླུང་གསུམ་སྒོ་ཚད་གཉིས་གཉིས་ ཏེ། དཀྱུས་ལས་ལྡབ་འགྱུར་དུ་སྤར་བས་ཕྱོགས་རེའི་ཁོར་ཡུག་ལྔ་ལ་ཁྲུ་བཞི་བཞི་སྟེ། ཕྱོགས་ གཉིས་བསྡོམས་པས་བརྒྱད་འབྱུང་ལ། དེ་དང་ཐིག་སྐུད་ཀྱི་དཀྱུས་བསྡོམས་པས་ཁྲུ་བཅུ་དྲུག་ ནི། དེ་ཉིད་བཅུ་དྲུག་གི་དག་པའོ་ཞེས་གསུངས་སོ། ། ལྔ་པ་ནི། ཡང་རྒྱུད་འགྲེལ་ལས། སྤྲོས་བཅས་སྤྲོས་མེད་ཀྱི་ཐིག་གཉིས་གསུངས་ཏེ། དང་པོ་ནི། སོར་དང་སོར་ཕྱེད་ཀྱི་གྲངས་ལས་གཞལ་ཏེ་ཞིབ་རྩིས་ཕྲ་མོ་མཛད་པ་ཡིན་པས་ ཅུང་ཟད་གོ་དཀའ་ལ། ཕྱི་མ་ནི་ཆ་ཆེ་ཆུང་གཞལ་ནས་རགས་རྩིས་སུ་མཛད་པས་གོ་བདེ་སྟེ། ཆེ་ཆུང་ཕྲ་སྦོམ་གྱི་ཚད་ལ་མི་འདྲ་བ་ནི་མེད་མོད། ད་ལྟའི་ཐིག་རྩ་ཡང་སྤྲོས་མེད་ཉིད་ལ་གཞི་ བླངས་པའོ། །དེ་ལྟར་ཡང་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས་དབང་གི་ལེའུར། ཐིག་ནི་རོ་དང་ དགུ་བཅུ་འདི་རྣམས་ཚངས་པའི་ཐིག་ལས་ཕྱོགས་ཀྱི་ཆ་རྣམས་དག་ཏུ་རབ་སྦྱིན་བྱ། །ཞེས་ པ་ནས། ཉི་མ་དག་གི་སྒོ་ཡི་དབུས་དང་མཁའ་དང་ས་གཞི་དག་ལ་ཤར་གྱི་ཆ་དང་ནུབ་ལ་ ཡང༌། །ཞེས་པའི་བར་དུ་ཤོ་ལོ་ཀ་དྲུག་སྟེ། དབང་ལེའི་ཚིགས་བཅད་སོ་ལྔ་པ་ལ་སོགས་པ་ ཡིན་ན། དེའི་སྐབས་ཀྱི་འགྲེལ་ཆེན་ཡང༌། དབང་ལེའི་མདོར་བསྡུས་གསུམ་པའི་ཐོག་མ། གནས་སྐབས་འདིར་སྔར་གྱི་དཀྱིལ་འཁོར་གྱི་ས་ལ་ནུབ་ཏུ་ཞེས་པ་ནས། དཀྱིལ་འཁོར་གྱི་ ཐིག་གདབ་པའོ་ཞེས་པའི་བར་དུ། བསྡུས་རྒྱུད་ཀྱི་འབྲུ་མནན་པས་སྤྲོས་བཅས་ཀྱི་ཐིག་གཙོ་ བོར་བཤད་ཅིང༌། རྩ་རྒྱུད་ལས། གྲུ་བཞི་མཉམ་པའི་ས་དག་ལ། །བཅུ་དྲུག་ཆ་རུ་བྱས་ནས་ནི། ། 3-1-559 སྐུ་ཡི་དཀྱིལ་འཁོར་དོར་བྱ་སྟེ། །སླར་ཡང་ཆ་ནི་བཅུ་དྲུག་པ། །གསུང་ལ་སོགས་པའི་དཀྱིལ་ འཁོར་བྱ། །དེ་ནས་གསུང་གི་དཀྱིལ་འཁོར་དག །དོར་ནས་ཆ་ནི་བཅུ་དྲུག་པ། །སླར་ཡང་ ཐུགས་ཀྱི་དཀྱིལ་འཁོར་བྱ། །དེ་ལྟར་ཕྱོགས་གསུམ་ཡང་དག་དག །དཀྱིལ་འཁོར་གསུམ་གྱི་ བདག་ཉིད་དོ། །དེ་ནས་གཉིས་དང་ཆུ་སོགས་ཆས། །དཀྱིལ་འཁོར་གསུམ་དེ་ཐིག་གདབ་པོ། ། ཞེས་གསུངས་པ་དང༌། བསྡུས་རྒྱུད་ལས་ཀྱང༌། གཉིས་དང་ཆུ་གཏེར་གཅིག་དང་ཆུ་གཏེར་གཅིག་ཉི་དུས་རོ་ རྩེ་མོ་ཅན་མེ་དུས་ཕྱེད་དུས་ཕྱེད་དང༌། །དུས་དང་དུས་ནི་རབ་ཕྱེ་དག་དང་དུས་དང་རོ་དག་ ཀྱང་སྟེ་སྐྱོན་གྱི་ཆ་རྣམས་རིམ་པ་ཡིས། །སྙིང་པོར་ལྟེ་བའི་ཕྱེད་དང་ཆུ་སྐྱེས་འདབ་མ་ཡང་སྟེ་ དེ་ནས་ཀ་བ་རྡོ་རྗེའི་འཕྲེང་བ་དང༌། །པདྨ་རྡོ་རྗེའི་འཕྲེང་བར་འགྱུར་ཏེ་ས་དག་དང་ནི་དེ་ནས་ སྒོ་དང་སྒོ་མཁྱུད་ལ་སོགས་དང༌། །ཀ་བ་རྭ་བ་སྟེགས་བུ་དག་དང་སླར་ཡང་དེ་ནས་སྣམ་བུ་ དང་ནི་དོ་ཤལ་ས་དག་དང་། །མེ་ལོང་ས་ཡི་རྣམ་བུ་རྟ་བབས་དག་ཏུ་མི་ཡི་བདག་པོ་རབ་ཏུ་ བརྗོད་པའི་ཆ་ཡིས་འགྱུར། །ཕྱི་རོལ་དུ་ནི་སྒོ་སོགས་ཐམས་ཅད་ཉིས་འགྱུར་ཏུ་འགྱུར་ཕྱི་རོལ་ ཏུ་ཡང་དེ་ཡི་ཉིས་འགྱུར་རོ། །ཕྱི་རོལ་ཏུ་ནི་པདྨ་འཁོར་ལོ་ཤིང་རྟ་རྣམས་དང་དཀྱིལ་འཁོར་ རྣམས་ནི་ཉིན་བྱེད་དག་གིས་སོ། །ཞེས་པས་སྤྲོས་མེད་ཀྱི་ཐིག་བསྟན་ཏེ། འདི་གཉིས་ལ་ཐིག་ འདེབས་ཚུལ་སོ་སོ་བ་བྱས་ཀྱང་རུང་མོད། འོན་ཀྱང་སྤྲོས་བཅས་གོ་ཡུལ་དུ་ངེས་པར་བྱས་ ནས་ལག་ལེན་དུ་སྤྲོས་མེད་ལྟར་འདེབས་པ་ཉིད་དགོངས་པ་ཡང་ཡིན་ཏེ། འགྲེལ་ཆེན་ལས་ ཐིག་གང་ཞིག་དབྱེ་བར་བྱ་བ་དེ་དག་ནི་གདབ་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་པ། སྤྱི་ བབས་སྤྲོས་མེད་ཀྱི་སྐབས་སུ་དགོངས་པ་ཡིན་ཡང༌། ཤུགས་ལ་དབྱེ་དགོས་པ་བས་དབྱེ་མི་ དགོས་པའི་ཕྱོགས་ལེགས་པར་བསྟན་པའང་ཡིན་ནོ། །ཐིག་གི་སྐབས་འདིར་འགྲེལ་ཆེན་ ལས། སངས་རྒྱས་དང་ལྷ་མོ་རྣམས་ཀྱི་བར་གྱི་ལེ་ཚེ་རྣམས་ལ་བུམ་པའམ་ཐོད་པ་རྣམས་གྱི་ 3-1-560 གདན་བརྒྱད་དུ་འགྱུར་ཏེ། ཞེས་གསུངས་པས། ཁ་ཅིག་འདོད་པ་ལྟར་གྱི་རྒྱལ་བ་རིགས་ བཞིའི་རེ་མིག་ལ་བུམ་ཐོད་འགོད་པ་ཤིན་ཏུ་བཀག་གོ ། དྲུག་པ་ནི་འགྲེལ་ཆེན་ལས། དེ་ནས་དྲི་དང་སྤོས་ལ་སོགས་པ་ཕུལ་ནས། དཀྱིལ་འཁོར་ ལ་དགོས་པའི་ཐིག་རྣམས་ཡང་དག་པར་བསྲུངས་ཏེ། ལྷག་མ་ཐམས་ཅད་དབྱེ་བར་བྱའོ། ། སྒོ་ཐམས་ཅད་ཡང་དག་པར་སྦྱངས་ཏེ། སླར་ཡང་དྲི་དང་མེ་ཏོག་ལ་སོགས་པ་དང༌། གཏོར་ མ་བྱིན་ནས་སྔར་བརྗོད་པའི་ཆོ་གས་སྔགས་བཟླས་པར་བྱའོ་ཞེས། དབང་ལེའི་མདོར་ བསྡུས་གཉིས་པའི་འཇུག་ཏུ་གསུངས་སོ། །འདི་ནི་ཁ་ཅིག་ས་ལ་བཏབ་པའི་ཐིག་ལ་མཆོད་ ནས། དེ་རྗེས་ཐིག་རོ་རྣམས་ཕྱིས། སྒོའི་ཐད་ཀྱི་རྩ་ཐིག་ཀྱང་སྦྱངས་ཏེ། སླར་ཡང་ས་མཐིལ་ ལ་གནས་པའི་ཐིག་ལ་མཆོད་གཏོར་འབུལ་ཞེས་པའི་དོན་དུ་འདོད་པ་དང༌། ཕྱི་མ་འདི་ཐིག་ སྐུད་ལ་མཆོད་གཏོར་འབུལ་བར་འདོད་པ་སོགས་ཡོད་ཀྱང༌། དོན་ལ་གནས་པའི་ཕྱོགས་ ནི། ཐིག་གདབ་ཟིན་པའི་རྗེས་སུ་ཐིག་སྐུད་ལ་མཆོད་པ་ཕུལ། སྒོའི་རྩ་ཐིག་སྦྱངས་ནས་བར་ ཆད་མི་འཇུག་པའི་ཕྱིར། མཁའ་འགྲོ་མ་དང་སྲུང་མ་དྲུག་ཅུ་ལ་མཆོད་གཏོར་ཕུལ་ནས་རྡོ་རྗེ་ འཇིགས་བྱེད་བསྒོམས་པའི་ཆོ་གས་སྔགས་བཟླ་བའོ། ། གཉིས་པ་ནི། རྡུལ་ཚོན་བྲི་པའི་སྐབས་སུ་ཉེ་བར་མཁོ་བ་ཅུང་ཟད་བརྗོད་དེ། རྡུལ་ཚོན་ གྱི་ཆོ་ག་ལ་དཔྱད་པ། ཚོན་ཐོབ་དང་ལྷ་མཚན་བཤད་པ། འཕྲོས་དོན་དོགས་སྤོང་ཐོར་བུ་ བཤད་པའོ། །དང་པོ་ནི། དཀྱིལ་འཁོར་གྱི་ས་གཞི་དང་རྡུལ་ཚོན་ལ་མཆོད་པ་བཅུ་གཉིས་ ཀྱིས་མཆོད། སའི་ལྷ་མོ་ལ་གཏོར་མའང་ཕུལ། ལྷག་གནས་བྱས་པའི་རྡུལ་ཚོན་རྣམས་བླངས་ ཏེ། ཐོག་མར་སློབ་དཔོན་གྱི་ཁུ་ཚུར་གཡོན་པས། དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་ དུ་འགྱེད་ལ། དེ་མ་ཐག་ནས་ལས་ཀྱི་སློབ་མ་རྣམས་ཀྱིས་ཇི་ལྟར་འོས་པར་དགྱེའོ། །དེ་ལ་ འདི་ནི་ཆོས་ཉིད་དག་པ་སྟེ་སོགས་ཀྱང་བརྗོད་པ་ཕྱག་ལེན་ལ་མཛད་དེ། གཞན་གྱིས་ཁ་སྐོང་ 3-1-561 ཡིན་ཡང་འགལ་བ་མེད་དོ། །སྔ་རབས་པ་རྣམས་ཚོན་བཀྲ་བརྟགས་པ་ལ་ཕྱིས་ཀྱི་མཁས་ པ་རྣམས་ཁུངས་མེད་ཅེས་འགོག་ཀྱང༌། ཚད་དང་ལྡན་པའི་གཞུང་ལས་བཀག་པ་མེད་ཅིང༌། འགལ་བར་མ་གྱུར་ཕྱིན་ཆད་མན་ངག་གི་ལག་ལེན་ཐོར་བུར་བྱུང་བ་རྣམས་ལ་རེ་རེ་ནས་ ཁུངས་གསལ་མེད་ཀྱང་དགག་ཏུ་མི་བཏུབ་སྟེ། བུ་སྟོན་དང་རྡོ་རྗེ་དཔལ་བའི་དཔེ་བཞིན་ནོ། ། སློབ་དཔོན་སྨན་པ་ཞབས་དང་དམ་ཚིག་རྡོ་རྗེས་དབང་ལྡན་གྱི་རྩིག་པ་སྣོད་ཀྱིས་འགེབས་ པར་བཤད་པས། ཚོན་བཀྲ་བརྟགས་པའང་དེའི་ལག་ལེན་དུ་གསལ་ཏེ། དེས་ན་ཁུངས་ མེད་པའང་མིན་ལ། འོན་ཀྱང་ཚོན་བཀྲ་བརྟགས་པ་འདིར་མི་འཆད་དོ། །རྩིག་པ་རྣམས་ལ་ རྭ་བའི་བར་སྟོངས་ཞེས་བྱ་བ། རྡུལ་ཚོན་གྱི་རྩེ་མོའི་བར་སྟོངས་ཡིན་ཏེ། རྩ་བ་ནི་རེག་ལ་མ་ འདྲེས་པ་དགོས་ཀྱི་ས་སྟོངས་ཡོད་པར་འདོད་པ་མི་ལེགས་སོ། །དེ་ཡང་ཐུགས་དཀྱིལ་ལ་ རྩིག་པའི་ས་གཞི་ཆ་དགུར་བཏང་བའི་ཆ་གཉིས་གཉིས་རྭ་བའི་ས་ཞེས་གྲགས་ལ་ཞིབ་མོར་ ན་རྭ་བ་གསུམ་ལ་བར་སྟོངས་གཉིས་ལས་མེད་པས། བར་སྟོངས་གཉིས་ལ་ཆ་རེ་རེ་དང༌། རྭ་ བ་རེ་རེ་ལ་ཆ་གཉིས་སུམ་ཆ་རེའོ། །དེ་བཞིན་དུ་གསུང་དང་སྐུ་ལའང་རྩིག་པའི་ཞིང་ཆ་བཅོ་ ལྔ་རེར་བཏང་བའི་ར་བ་རེ་ལ་གཉིས་རེ་དང༌། བར་སྟོངས་རེ་ལ་ཆ་རེའོ་ཞེས་རགས་རྩིས་ ལ་འཇོག་ཀྱང༌། བར་སྟོངས་བཞི་ལས་མེད་པའི་ཆ་གཅིག་པོ་དེ་རྭ་བ་ལ་བསྣན་ནོ། །འོན་ ཀྱང་འདི་འདྲའི་རིགས་རྣམས་ཕྲ་མོ་ཙམ་ཡིན་པས་གནད་ཆུང་ངོ༌། །ཐིག་སྐུད་ཡུམ་ལྔའི་ངོ་ བོ་ཡིན་པས། ཐིག་རྗེས་ཀྱང་ཡུམ་ལྔའི་རང་བཞིན་ཡིན་ལ། དེའི་སྟེང་དུ་རྡུལ་ཚོན་ཡབ་ལྔའི་ རང་བཞིན་བཀྲམས་པས། ཐབས་ཤེས་ཟུང་འཇུག་གི་དག་པར་འགྱུར་བ་ཡིན་ནོ། །ཕྱིས་ ཀྱི་ཕལ་ཆེར་ཞིག་རྫས་ལྔའི་སྐབས་ཀྱི་དེ་ལྷག་གནས་ཞེས་པས་སྟ་གོན་ཙམ་ཡིན་གྱི། ཐིག་ ཚོན་བྱིན་རླབས་དངོས་ཕྱིས་བྱེད་དགོས་སྙམ་པ་སྣང་སྟེ། ལྷག་གནས་ཀྱི་དོན་བྱིན་རླབས་ སམ་རབ་གནས་ཡིན་པ་མ་གོ་ཞིང་དཀྱིལ་ཆོག་ཚད་ལྡན་ཐམས་ཅད་ལ་བུམ་པ་ལྷག་གནས་ 3-1-562 ལས་གཞན་པའི་བུམ་སྒྲུབ་དངོས་གཞི་བྱེད་རྒྱུ་མེད་པ་དེ་ཕལ་ཆེར་ནེ་ཙོའི་འདོན་པ་ལྟར་སོང་ ནས། དོན་ལ་གཞུག་པ་མ་ཆུག་པར་ལྷག་གནས་ཡིན་པའི་ཕྱིར་སྟ་གོན་ཡིན་ལ། དེའི་ཕྱིར་ སྔོན་འགྲོ་ཡིན་པས་ཐིག་ཚོན་བྱིན་རླབས་དངོས་དེ་གཟོད་བྱ་དགོས་སྙམ་ནས། བྱིན་རླབས་ དངོས་གཞི་དུས་འཁོར་གྱི་རང་ལུགས་རྣམ་དག་དེ་སྔོན་འགྲོར་བཟུང་ནས་འགངས་ཆུང་བར་ བྱས། གཞན་ལ་གཡར་བའི་འདྲེས་མ་ཆོ་ག་མ་དག་པ་དེ་དངོས་གཞི་གལ་པོ་ཆེར་བཟུང་ནས། བྱིན་རླབས་ལན་གཉིས་བྱེད་པ་ནི་བླུན་རྟགས་ཆེན་པོར་སྣང་ལ། དེས་ན་ཐིག་ཚོན་སྟ་གོན་ ནི། ཐིག་ཚོན་བྱིན་རླབས་སླར་བྱེད་རྒྱུའི་སྟ་གོན་མ་ཡིན། བྱིན་རླབས་དངོས་གཞི་ཡིན། ཐིག་ འདེབས་པ་དང་ཚོན་འགྱེད་པའི་སྟ་གོན་ཡིན་པས་སྟ་གོན་ཞེས་བྱས་པ་མ་གོ་བའོ། །དཔེར་ ན། བུམ་པ་སྟ་གོན་དེ་བུམ་སྒྲུབ་དངོས་གཞི་ཡིན་ཡང༌། སློབ་མ་ལ་ཆུ་དབང་བསྐུར་བའི་སྟ་ གོན་ཡིན་པས་སྟ་གོན་དུ་བཞག་པ་བཞིན་ནོ། །སྟ་གོན་གྱི་དོན་ནི་གྲབས་ཡུལ་བྱེད་པ་ཡིན་ཏེ། དཔེར་ན། རལ་གྲི་ལེགས་པར་འདུས་བྱས་པ་དང༌། དེའི་འཁྲུལ་འཁོར་བྱང་བར་སློབ་པ་ནི། གལ་ཆེ་ཤོས་བྱིན་རླབས་ཀྱི་དཔེ་ཡིན་ལ། གྲི་སྐོར་གྱིས་ཤིང་སྡོང་གཅོད་པ་ནི། རྒྱ་ལམ་ཞིག་ ན་ལས་ལ་སྦྱོར་བའི་དཔེ་ཡིན་ཏེ། གཞན་རྣམས་དག་གི་ལུགས་ལྟར་ན། འཁྲུལ་འཁོར་བྱང་ བ་གལ་ཆུང་ལ། སྡོང་པོ་གཅོད་ཁར་མཚོན་ཆ་སྐོར་པ་དངོས་གཞི་གལ་པོ་ཆེའོ་ཟེར་བ་དང་ འདྲ་ལ། དེ་འདྲ་བྱིན་རླབས་ལན་གཉིས་བྱས་པའི་ཕྱིར། སྟ་གོན་ལན་གཉིས་སུ་འགྱུར་གྱི། བྱིན་རླབས་ཕྱི་མ་དངོས་གཞི་མ་ཡིན་ཏེ། འདི་སྐབས་རང་གི་དངོས་གཞི་ཐིག་གདབ་པ་དང་ ཚོན་འགྱེད་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་བྱིན་རླབས་བརྩེགས་པ་བཟང་སྙམ་ན། གཅིག་ ཏུ་ན་དེ་ལྟར་གྱུར་པས་ལེགས་པར་རེ་ཡང༌། གཉིས་སུ་ན་སྔ་མ་ཐོབ་ཐང་ཅན་དང་ཕྱི་མ་རྟོག་ པས་སྦྱར་བ་ཉིད་ཀྱི་ཕྱིར། ཆོ་ག་ཕྱི་མས་སྔ་མ་ཉམ་པར་བྱེད་པའང་སྲིད་པས། དོན་མེད་ཆེན་ པོ་བསྐྱེད་ཉེན་ཡོད་དོ།། །། 3-1-563 གཉིས་པ་ནི། དཀྱིལ་འཁོར་གྱི་ས་གཞིའི་ཚོན་རྣམས་སྒྲུབ་ཐབས་སུ་བསྟན་པ་ཉིད་ཀྱིས་ གོ་བླ་མོད་ཀྱང༌། བློ་དམན་རྣམས་གང་ལའང་བརྡུགས་པར་འགྱུར་བ་མཐོང་བས། སྡོམ་དུ་ བརྗོད་ན། དབུས་ཀྱི་གཙོ་བོའི་གཞི་ཚོན་སྔོན་པོ་ལ། །གདན་གྱི་པདྨ་ལྗང་གུ་འདབ་བརྒྱད་ པའི། །ལྟེ་བར་ཉི་ཟླ་སྒྲ་གཅན་བརྩེགས་པ་ནི། །ཟླུམ་པོ་ནག་པོ་མུ་ཁྱུད་དམར་དང་དཀར། ། རྡོ་རྗེའི་འཕྲེང་བ་ཞེས་གྲགས་གདུང་ཡིན་ཏེ། །གཙོ་བོའི་གནས་ཀྱི་ཕྱི་མཐར་ནག་པོ་དང༌། ། བདེ་གཤེགས་འཕར་མའི་ཕྱི་མཐར་ལྗང་གུ་ཡིན། །གདུང་གཉིས་བར་གྱི་ཀ་བ་བཅུ་དྲུག་ནག ། ཀ་བར་རེ་མིག་བཅུ་དྲུག་སྔོའམ་ལྗང༌། །ཡང་ན་ཕྱོགས་ཀྱི་མདོག་ཅན་ཉིད་དུ་བྱ། །དེང་སང་ ལག་ལེན་ཕྱི་མ་གཙོ་བོར་མཛད། །དེ་ཡི་ཕྱི་རོལ་ཐུགས་གསུང་སྐུ་གསུམ་ལ། །རེ་རེ་བཞིན་ ཡང་རིམ་པ་དགུ་དགུ་སྟེ། །རྩིག་པ་མ་གཏོགས་གཞན་རྣམས་ཕྱི་ནང་འདྲ། །ཚོན་ས་ཕྱོགས་ མདོག་ལྷ་རྣམས་ཀུ་མུད་མཚུངས། །སྤངས་ཆུང་ཕྱོགས་མདོག་རྩིག་པ་སོ་སོར་ཡོད། །སྟེགས་ བུ་དཀར་ཞིང་ཕ་གུ་གཞི་དམར་བ། །ཕྲ་རྒྱན་ཇི་ལྟར་མཛེས་པས་བརྒྱན་པ་དང༌། །དྲ་ཕྱེད་ཤར་ བུ་མདའ་ཡབ་དཀར་པོ་སྟེ། །འོག་གི་གཞི་ཚོན་སྔོན་པོའམ་ཡང་ན་ནག །རྒྱན་གྱི་རྣམ་འགྱུར་ ཕྲ་མོ་ངེས་པ་མེད། །ལྷ་སྣམ་གསུམ་ལ་གཞི་ཚོན་ཕྱོགས་མདོག་གི །སྟེང་དུ་དཀར་པོ་ཤིན་ཏུ་ འཐུག་པར་དགྲམ། །ཐོག་མར་བཅད་བཏང་དེ་རྗེས་བཀྲམ་ན་བཟང༌། །རྟ་བབས་ཀ་གདུང་ གསེར་གྱི་མདོག་ཅན་ཏེ། །རེ་མིག་རྣམས་དང་ཧར་མི་མཛེས་ཚོན་ཡིན། །དབུས་མ་ལྗང་ན་ གཡས་གཡོན་དམར་བ་ཡིན། །དབུས་མ་དམར་ན་གཡས་གཡོན་སྔོ་བ་དང༌། །དབུས་མ་ དམར་སེར་གཡས་གཡོན་ལྗང་བ་སོགས། །ཧར་མི་སེར་པོའི་ཡང་ན་ལྗང་དང་སྔོ། །ཕྱོགས་ བཞི་རྣམས་ནི་ཕན་ཚུན་མཚུངས་པ་ལེགས། །བུམ་ཏོག་གསེར་གྱི་མདོག་ཅན་ཉིད་དུ་ངེས། ། ཐུགས་དཀྱིལ་རྩིག་པ་ནང་ནས་ནག་དམར་དཀར། །གསུང་དང་སྐུའི་རྩིག་པ་རིམ་པ་ལྔ། ། ནང་ནས་ལྗང་ནག་དམར་དཀར་སེར་པོ་འགྱེད། །མཆོད་པའི་ས་གཞི་ཕྱོགས་ཀྱི་མདོག་ཅན་ 3-1-564 ཏེ། །ཕྱོགས་མདོག་ཅེས་པ་ཟུར་ཐིག་བཞི་པོ་ལ། །ས་མཚམས་བཅོལ་ནས་ཤར་ནག་ལྷོ་ དམར་དང༌། །ནུབ་སེར་བྱང་ཕྱོགས་དཀར་པོ་གོ་བར་བྱ། །ཁོར་ཡུག་དང་པོ་སེར་ལ་གཉིས་ པ་དཀར། །གསུམ་པ་དམར་ཞིང་བཞི་པ་བུང་བའི་མདོག །ལྔ་པའི་ཞིང་དུ་ཆ་གསུམ་བགོས་ པ་ཡི། །ཕྱི་ནང་ལྗང་གུ་བར་མ་སྔོན་པོ་ལ། །རྡོ་རྗེ་འཕྲེང་རྒྱུགས་སྦོམ་པོར་བྲི་བར་བྱ། །ཕྱི་རོལ་ འོད་ཟེར་འཕྲེང་བ་ཁྲ་བོ་སྤེལ། །ལྗང་ནག་དམར་དཀར་སེར་དང་སྔོན་པོ་ཡིན། །ལྷ་ཡི་གདན་ དང་མཚན་མ་བཤད་བྱ་སྟེ། །དབུས་ཀྱི་གཙོ་བོའི་གདན་ལ་རྡོ་རྗེ་སྔོ། །ཡུམ་གྱི་ཕྱག་མཚན་ ལོགས་སུ་འབྲི་བ་མེད། །འདབ་བརྒྱད་ཕྱོགས་བཞིར་ཕྱོགས་མདོར་སྤོས་ཕོར་དང༌། །མར་མེ་ དུང་ཆོས་ཞལ་ཟས་གཡས་སྐོར་ཡིན། །མཚམས་ལ་ཤར་ལྷོར་རྔ་ཡབ་ནག་པོ་སོགས། །དམར་ སེར་དཀར་པོ་རྣམས་ཀྱང་གཡས་སྐོར་བྱ། །གྲུ་ཆད་བཞི་ལ་དུང་དཀར་གཎྜི་དམར། །ནོར་བུ་ མཐིང་ཁ་ལྗོན་ཤིང་སེར་པོ་རྣམས། །བྱང་ཤར་མཚམས་ནས་གཡས་སྐོར་ཉིད་དུ་བྲི། །བུམ་པ་ བརྒྱད་ནི་དཀར་པོ་པད་གདན་དཀར། །བདེ་གཤེགས་འཕར་མའི་རེ་མིག་བརྒྱད་པོ་ལ། ། ཕྱོགས་བཞིར་པདྨ་དཀར་དང་ཉི་མའི་གདན། །མཚམས་བཞིར་པདྨ་དམར་དང་ཟླ་བའི་ གདན། །ཤར་དང་མེ་རུ་རལ་གྲི་ནག་པོ་དང༌། །ལྷོ་དང་བདེན་བྲལ་རིན་ཆེན་དམར་པོ་དང༌། ། ནུབ་དང་རླུང་དུ་འཁོར་ལོ་སེར་པོ་དང༌། །བྱང་དང་བྱང་ཤར་ཆུ་སྐྱེས་དཀར་པོ་སྟེ། །ཡང་ན་ མཚམས་བཞིར་མེ་ནས་གཡས་སྐོར་གྱི། །ཨུཏྤལ་སྔོ་དང་པདྨ་དམར་པོ་དང༌། །འཁོར་ལོ་སེར་ དང་ཨུཏྤལ་དཀར་པོ་འབྲི། །ལྷ་སྣམ་ཤར་དང་ལྷོ་ཡི་གཡས་གཡོན་དང༌། །བྱང་གི་ཤར་དང་ ནུབ་ཀྱི་བྱང་ངོས་དང༌། །དབང་པོ་ནོར་སྦྱིན་ཕྱོགས་ཀྱི་སྒོ་རྣམས་སུ། །པད་དཀར་ཟླ་བའི་ གདན་ཏེ་མཚམས་བཞི་དང༌། །བྱང་གི་ནུབ་དང་ནུབ་ཀྱི་ལྷོ་ཕྱོགས་དང༌། །ལྷོ་དང་ནུབ་སྒོར་ པད་དམར་ཟླ་བའི་གདན། །ཕྱོགས་བཞིའི་གཡས་སུ་རལ་གྲི་ལ་སོགས་བཞི། །མཚམས་ བཞི་མེ་སོགས་དེ་དང་འདྲ་བའམ། །ཡང་ན་ན་བཟའ་རོ་མཆོག་སྣོད་དམར་དང༌། །དྲི་ཡི་དུང་ 3-1-565 དང་མེ་ལོང་དཀར་པོའོ། །ལྷོ་ཡི་གཡོན་དང་ནུབ་ཀྱིའང་གཡོན་དག་ཏུ། །རྡོ་རྗེ་ལྗང་གུ་རེ་རེ་ དགོད་པར་བྱ། །ཤར་དང་བྱང་གི་གཡོན་དུ་རྡོ་རྗེ་སྔོ། །ཡང་ན་ནུབ་ཀྱི་གཡོན་དུ་ཆོས་འབྱུང་ ལྗང༌། །བྱང་གི་གཡོན་དུ་པི་ཝཾ་སྔོན་པོ་བྱ། །ཤར་སྒོར་རལ་གྲི་ནག་དང་ལྷོ་ཡི་སྒོར། །དབྱུག་ པ་དམར་དང་ནུབ་སྒོར་ཐོ་བ་སེར། །བྱང་སྒོར་པདྨ་དཀར་པོ་དགོད་པ་ཉིད། །སྟེང་འོག་བུམ་ པ་འགོད་ནའང་ཤར་ནུབ་ཀྱི། །ཁྲོ་བོའི་མཚན་མོའི་ཕྱི་རོལ་འགོད་པ་ཡིན། །ཐུགས་ཀྱི་རྟ་ བབས་ཀ་བའི་གཡས་གཡོན་ནང༌། །སྟེགས་བུའི་སྟེང་དུ་གཟུངས་མའི་མཚན་མ་དགོད། ། ཤར་དུ་དུང་ཆོས་མེ་ཏོག་འཕྲེང་བ་དང༌། །ལྷོ་རུ་སྤོས་ཕོར་མར་མེའི་ཀོང་བུ་དང༌། །ནུབ་ཏུ་ དབུ་རྒྱན་རིན་ཆེན་དོ་ཤལ་དང༌། །བྱང་དུ་ཞལ་ཟས་སྣོད་དང་ཤིང་འབྲས་སོ། །རྟ་བབས་ བརྩེགས་མ་གསུམ་པའི་དབུས་གནས་ལ། །ཤར་དུ་ན་བཟའ་ནུབ་ཏུ་རྫ་རྔ་དང༌། །བྱང་དུ་རྡོ་ རྗེ་ལྷོ་རུ་པདྨའོ། །གསུང་འཁོར་པདྨ་རྣམས་ལ་གཡས་སྐོར་གྱི། །གྲི་གུག་ནག་དང་འཁོར་ལོ་ ནག་པོ་དང༌། །དབྱུག་པ་དང་ནི་ཤལ་ཏི་དམར་པོ་དང༌། །གསེར་གྱི་མདོག་ཅན་རྡོ་རྗེ་པར་བུ་ དང༌། །ཟླ་འོད་དང་མཚུངས་རྩེ་གསུམ་པད་སྡོང་དཀར། །རེ་རེ་བཞིན་ཡང་མཚན་མ་དགུ་ དགུ་སྟེ། །སོ་སོའི་ལྟེ་བ་དང་ནི་འདབ་བརྒྱད་ལའོ། །ཞོར་བྱུང་ཡིན་ཕྱིར་ཡབ་གྱི་མཚན་མ་ནི། ། ངེས་པར་དགོས་པ་མ་ཡིན་འོན་ཀྱང་ནི། །བྱེད་པར་འདོད་ན་ཤར་དུ་རྡོ་རྗེ་སེར། །དེ་སོགས་ གཡས་སྐོར་བྱ་སྟེ་སེར་པོའི་ཁབ། །ཏྲི་ཤུ་ལ་དང་དགྲ་སྟ་དཀར་པོ་དང༌། །རལ་གྲི་འབར་དང་ འཁོར་ལོ་ནག་པོ་དང༌། །ཁ་དོག་དམར་བའི་དབྱུག་པ་ཤཀྟིའོ། །གཙོ་མོའི་མཚན་མ་དབུས་སུ་ བཀོད་ནས་ནི། །དེ་དེའི་གཡས་སུ་ཡབ་ཀྱི་མཚན་མ་བྱ། །སྐུ་དཀྱིལ་ཚེས་ཀྱི་ལྷ་ཡི་པདྨ་ལ། ། ལྟེ་བར་གཉིས་དང་འདབ་མར་རེ་རེ་སྟེ། །མཚན་མ་སུམ་ཅུ་འགོད་པར་བྱ་བ་ལས། །ཐམས་ ཅད་ཕྱག་མཚན་ངོ་བོའི་དབྱིབས་གཅིག་ཀྱང༌། །གཙོ་མོའི་ཕྱག་མཚན་རྣམས་ནི་ཁ་དོག་ གཞན། །ཤར་གྱི་གཡོན་ནས་བརྩམས་ཏེ་གཡས་སྐོར་དུ། །འཁོར་ལོ་ལྗང་གུ་རལ་གྲི་མུན་ 3-1-566 པའི་མདོག །དཔག་བསམ་ཤིང་ནག་དབྱུག་པ་ལྗང་གུ་དང༌། །མདུང་དང་ཤཀྟི་བྱུ་རུའི་མདོག་ ཅན་དང༌། །ནོར་བུས་མཚན་པའི་བེ་ཅོན་དབང་སྔོན་མཚུངས། །ཀརྐེ་ཏ་འོད་རྡོ་རྗེ་འབར་དང་ ཁབ། །ཨུཏྤལ་སྔོ་མཚུངས་མདུང་རྩེ་གསུམ་པ་དང༌། །ཀུནྡའི་མདོག་ཅན་སྦྲུལ་ཞགས་དགྲ་ སྟའོ། །ལྟེ་བའི་དབུས་སུ་ཡབ་ཀྱི་མཚན་མ་སྟེ། །གཡོན་དུ་ཡུམ་མཚན་ཁ་དོག་ཐབས་ཤེས་ བསྒྱུར། །རིམ་བཞིན་སྔོན་པོ་སེར་གཉིས་སྔོན་པོ་དང༌། །དཀར་གཉིས་ལྗང་གུ་དཀར་མིན་ ཟུང་དང་ནི། །མརྒད་མདོག་དང་མེའི་མདོག་ཅན་ཟུང༌། །སྒོ་ཡི་ནང་གི་ཤིང་རྟ་སོ་སོ་ལ། །ཤར་ དུ་དབྱུག་པ་ནག་དང་བེ་ཅོན་སེར། །ལྷོ་རུ་མདའ་དམར་གཏུན་ཤིང་དཀར་པོ་དང༌། །བྱང་ དུའང་དེ་དང་མཚུངས་པར་གཏུན་ཤིང་མདའ། །ནུབ་ཏུའང་བེ་ཅོན་དབྱུག་པ་བྲི་བར་བྱ། ། ཤིང་རྟ་རྣམས་ཀྱང་ཕྱོགས་ཀྱི་མདོག་ཅན་ཡིན། །སྟེང་དུ་དགྲ་སྟ་ལྗང་དང་རྡོ་རྗེ་སྔོ། །འོག་ཏུ་ རྡོ་རྗེ་སྔོ་དང་རྩེ་གསུམ་ལྗང༌། །རྟ་བབས་འོག་མའི་དབུས་སུ་འཁོར་ལོ་ནག །གཡས་གཡོན་ རི་དྭགས་ཕོ་མོ་གསེར་མདོག་སོགས། །སྒྲུབ་པའི་ཐབས་ལས་འབྱུང་བ་ཇི་བཞིན་དུ། །ཕྱི་ རོལ་རྡོ་རྗེ་བཞི་པོའང་དགོད་པར་བྱ། །མི་ཅི་ཕོ་མོ་ལྷ་ཡི་གཟུགས་ཡིན་ཏེ། །གླང་སེང་ བརྩེགས་དང་ཤ་ལ་བྷཉྫི་ཀ །གདུང་སྣང་རྒྱལ་མཚན་བ་དན་ལ་སོགས་བྲི། །ཀླུ་རྣམས་མཚན་ མ་བུམ་པ་ཉིད་ཡིན་ཏེ། །སྐུ་དཀྱིལ་རྟ་བབས་ཀ་བའི་རྩ་བ་དང༌། །ཉེ་བར་སྟེགས་བུའི་སྟེང་དུ་ འབྱུང་བ་བཞིའི། །དཀྱིལ་འཁོར་རྣམས་ལ་ཚུལ་དང་མཐུན་པར་དགོད། །མེ་དང་རླུང་གི་ འཁོར་ཡུག་མཚམས་སུ་ནི། །ཕྱོགས་བཞིར་འཁོར་ལོ་{དམར་དང་མཚམས་བཞིར་ དཀར[དཀར་དང་མཚམས་བཞིར་དམར]། །རྩིབས་བརྒྱད་ལྟེ་བར་ཕྱོགས་མདོག་གྲི་གུག་ རེའོ། །ཀླུ་དང་རབ་གཏུམ་མ་ཡི་གདན་རྣམས་ལ། །གཙོ་བོ་གཙོ་མོ་གང་ཡིན་ཕྱག་མཚན་ཏེ། ། འཁྱུད་པའི་ཡབ་ཡུམ་རྣམས་ཀྱི་མཚན་མ་མིན། །གསུང་དང་སྐུ་ཡི་པདྨའི་ལྟེ་བ་དང༌། །དུར་ ཁྲོད་འཁོར་ལོའི་འོག་ཏུ་སྲོག་གཟུགས་རྣམས། །འབྲི་བར་བྱེད་མོད་ཤིན་ཏུ་འབྲི་དཀའ་ན། ། 3-1-567 ཐུར་མ་སོགས་ཀྱིས་རི་མོ་བཏོད་ཀྱང་རུང༌། །ཡི་དྭགས་དམར་དང་མཁའ་ལྡིང་ནག་པོ་དང༌། ། མ་ཧེ་ཉི་འོད་རྨ་བྱ་རང་མདོག་དང༌། །གླང་ཆེན་ངང་པ་ཁ་བ་ཀུ་མུད་འདྲ། །ཁྱུ་མཆོག་དཀར་ དང་སེང་གེ་དེ་དང་མཚུངས། །འདི་དག་གསུང་གི་རྣལ་འབྱོར་མ་ཡི་གདན། །བྱ་ཁྱུང་སྣ་ལྔ་རོ་ ལངས་དམར་པོ་དང༌། །ཁྲི་སྙན་རང་མདོག་མ་ཧེ་སྔོ་སྐྱ་དང༌། །ལུག་དཀར་གཙུག་ཕུད་ཅན་ནི་ རང་མདོག་སྟེ། །ནོར་སྦྱིན་གདན་ལ་གླང་ཆེན་སྨུག་ནག་གམ། །ཁོལ་པོ་མི་ཤ་ཁ་ལས་སེར་ མདངས་ཅན། །གླང་ཆེན་ངང་པ་ཁྱུ་མཆོག་སྔར་བཞིན་ཏེ། །ཆུ་སྲིན་དམར་དང་བྱི་བ་སྔོན་ པོའོ། །དེ་རྣམས་ཚེས་ལྷའི་པདྨའི་ལྟེ་བར་སྟེ། །སྒོ་སྐྱོང་རྣམས་ཀྱི་ཤིང་རྟ་འདྲེན་བྱེད་ལ། །ཕག་ བདུན་ནག་དང་རྟ་བདུན་དམར་བ་དང༌། །གླང་ཆེན་བདུན་སེར་སེང་གེ་དཀར་པོ་བདུན། ། མཁའ་ལྡིང་སྣ་ལྔ་བདུན་དང་ཤ་ར་བྷ། །ནག་པོ་བདུན་ཏེ་མཚོན་བྱེད་སྤུངས་པས་རུང༌། །དུར་ ཁྲོད་འཁོར་ལོའི་འོག་ཏུ་སྲོག་ཆགས་ནི། །ཤར་ནས་གཡས་སྐོར་བསེ་རུ་བྱ་སེར་པོ། །དོམ་ དང་ཁྲུང་ཁྲུང་སེང་གེ་བྱ་སྔོན་པོ། །གཡག་དང་ཕ་ཝཾ་བྲི་བར་བྱ་བ་སྟེ། །གསུང་སྐུའི་སྟེགས་ བུར་འདོད་དང་ཕྱིར་འདོད་མའི། །ཨུཏྤལ་ན་བཟའ་འཁོར་ལོ་རལ་གྲི་དང༌། །གྲི་གུག་ཤར་ སྒོའི་གཡས་ནས་མེ་ཟུར་བར། །ལྷོ་གཡོན་གྲི་གུག་མདའ་དབྱུག་དགྲ་སྟའོ། །པདྨ་རོ་སྣོད་ ཤཀྟི་ལྕགས་ཀྱུ་དང༌། །གྲི་གུག་ནག་རྣམས་ལྷོ་གཡས་བདེན་བྲལ་ཟུར། །ནུབ་གཡོན་གྲི་གུག་ རྡོ་རྗེ་འཁོར་ལོ་དང༌། །ཆོས་འབྱུང་ལྗང་ཁུ་རིམ་བཞིན་བྲི་བར་བྱ། །འཁོར་ལོ་དུང་ཆོས་པར་པུ་ ཁབ་སེར་དང༌། །གྲི་གུག་སེར་རྣམས་ནུབ་གཡས་རླུང་ཟུར་བར། །བྱང་གཡོན་ཟངས་གྲི་ དཀར་པོ་ཏྲི་ཤུ་ལ། །ཐོ་བ་པི་ཝཾ་རིམ་བཞིན་དགོད་པར་བྱ། །ཨུཏྤལ་དཀར་དང་མེ་ལོང་པད་ དཀར་དང༌། །ཐོ་བ་གྲི་གུག་བྱང་གཡས་དབང་ལྡན་ཟུར། །ཤར་གཡོན་གྲི་གུག་རྩེ་གསུམ་ རལ་གྲི་དང༌། །རྡོ་རྗེ་རྭ་གསུམ་གདེངས་པ་སྔོན་པོ་བྲི། །དེ་དག་ཐམས་ཅད་གཡས་སྐོར་རིམ་ པ་ཡིན། །གལ་རེ་ལྷ་མཚན་སྲོག་གཟུགས་འབྲི་དཀའ་ན། །ཁོལ་མར་བཏབ་ཀྱང་རུང་ཞིང་ 3-1-568 མཛེས་པ་ཡིན། །བུམ་པ་པདྨ་མཆོད་པ་སྣ་ཚོགས་ཏེ། །མཚོན་པའི་ས་གཞིའི་གདན་ལ་མཛེས་ ཚོན་རུང༌། །སྐུ་ཡི་རྩིག་པའི་ནང་རོལ་ཐམས་ཅད་དུ། །མཛེས་བྱེད་བློ་བཟོའི་རི་མོ་འབྲི་བར་ བཀབ། །རླུང་གི་དཀྱིལ་འཁོར་ཕྱེད་ཀྱི་ཕྱི་མ་ལ། །མཚན་མ་ངེས་མེད་འབྲི་བར་གསུངས་པས་ ན། །ཚོན་སྤུངས་ཁ་དོག་སྣ་ཚོགས་བྱས་ཀྱང་རུང༌། །སྒོ་མཁྱུད་མཚམས་ཀྱི་ཟླ་ཕྱེད་རིན་ཆེན་ དང༌། །རྩིག་ཟུར་ཕྱི་ལ་སྣ་ཚོགས་རྡོ་རྗེ་འབྲི། །མེ་ཡི་ཁོར་ཡུག་ཕྱེད་ཀྱི་ཕྱི་མ་དང༌། །རླུང་གི་ ཕྱེད་ཀྱི་ནང་མའི་གནས་སུ་ནི། །དུར་ཁྲོད་མཚན་མ་སྤྱི་དང་མཚུངས་པའང་བྱ། །ཡང་ན་ལྷ་ མཚན་སྤངས་ཏེ་ས་བོན་འབྲི། །སྐལ་མེད་མདུན་སེར་སྐུ་བརྙན་མི་འགོད་ཅིང༌། །དུར་ཁྲོད་ མཚན་མའང་མིན་ཞེས་གཞན་ལས་བཤད། །འོན་ཀྱང་ཁ་བ་ཅན་གྱི་ཕྱོགས་འདི་ན། །དགག་ བྱ་དེ་ནི་ཡོད་མིན་བྲིས་ན་ལེགས། །ཞེས་བྱའོ། ། གསུམ་པ་ལ་དོན་ཚན་ལྔ་ལས། དང་པོ་རྡུལ་ཚོན་གྱི་དཔངས་ལ་དཔྱད་པ་ནི། རྒྱུད་ འགྲེལ་ལས། ཚོན་གྱི་དཔངས་ལ་རེག་བྱ་ལ་སོགས་པའི་ཡོན་ཏན་གྱི་གྲངས་ཀྱི་དག་པས། ནག་པོ་ལ་ནས་ཀྱི་རྐང་པ་གཅིག །དམར་པོ་ལ་གཉིས། དཀར་པོ་ལ་གསུམ། སེར་པོ་ལ་ བཞི་ཞེས་གསུངས་ཤིང༌། དོན་གྱིས་ན་ལྗང་སྔོ་གཉིས་ལ་ནས་ཀྱི་བརྒྱད་ཆ་ཡིན་པར་གསལ་ ལོ། །ཡང་ན་ཕྱོགས་ཀྱི་རིམ་པས་ཁ་དོག་གི་དབྱེ་བ་མེད་པར་ཐུགས་ཀྱི་ཉིས་འགྱུར་གསུང་ དང༌། དེའི་ཉིས་འགྱུར་སྐུ་ལའང་གསུངས་པ། ཕྱི་མ་འདི་ས་སྟེགས་དབུས་མཐོ་བའི་དབང་དུ་ བྱས་པ་སྟེ། དེ་བཞིན་དུ་རྭ་བ་རྣམས་རྡུལ་ཚོན་སེར་པོའི་དཔངས་ལས་སུམ་འགྱུར་དང༌། རེ་ ཁ་གཞན་རྣམས་ཉིས་འགྱུར་དུ་གསུངས་པ་འདི་རྣམས་དེང་སང་ལག་ལེན་དུ་འདེབས་དཀའ་ བས་ཡིད་ཀྱིས་མོས་པ་བྱ་ཞིང༌། གོ་རིམ་དང་མཐུན་པའི་སྲབ་འཐུག་གི་ཁྱད་པར་ཅུང་ཟད་ བྱས་ན་ལེགས་མོད། རྭ་བ་རྣམས་སེར་པོའི་སུམ་འགྱུར་དུ་བྱེད་པ་སོགས་ལ་ཁ་ཅིག་ནུས་ པའོ་སྙམ་པ་འདུག་ཀྱང༌། འཕྲུལ་གྱི་ཡན་ལག་ཏུ་དགོངས་པ་མ་ཡིན་གྱི། ཐང་ཆུའི་ཁྱད་པར་ 3-1-569 སོགས་བསྲེས་པས་དཀའ་བ་མེད་ཅེས་བླ་མ་པཎྜི་ཏ་གསུང་ངོ༌། །གཞན་ཡང་ཕྱོགས་མདོག་ གི་གཞི་ལ་པདྨ་དང༌། པདྨའི་སྟེང་དུ་ཉི་ཟླ་སོགས་ཀྱང་བརྩེགས་པ་ཡིན་པས་རྡུལ་ཚོན་རིམ་ གྱིས་མཐོ་བ་ཡིན་ལ། འཁོར་ཡུག་གི་ས་ལའང་རྡུལ་ཚོན་ནས་གང་ཙམ་འགྲེམ་པར་གསུངས་ སོ། །ནས་ཞེས་བྱ་བ་དཀྱིལ་འཁོར་རང་རང་གི་ཆ་ཆུང་ཕྱེད་ལ་བརྒྱད་དུ་བགོས་པའི་ཆ་ སྟེ། དཀྱིལ་འཁོར་རང་རང་གི་རྩ་ཐིག་གི་བདུན་བརྒྱ་དྲུག་ཅུ་རེ་བརྒྱད་ཀྱི་ཆ་ཤས་ཡིན་མོད། འོན་ཀྱང་ཐུགས་དང་གསུང་གི་དཀྱིལ་འཁོར་ལ། ནས་ཀྱི་བྱེད་དང་བཞི་ཆ་ལ་ནས་སུ་མིང་ བཏགས་པའང་ཡོད་གསུང་ངོ༌། ། དོན་ཚན་གཉིས་པ་མཚན་མ་ངན་པ་བཟློག་པ་ནི། དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ ལ། རྒྱུད་ལས། གལ་ཏེ་རྡུལ་ཚོན་རླུང་གིས་ཁྱེར་ན་འཇིགས་པ་གསལ་བྱེད་ཡུལ་འཁོར་དག་ ཏུ་རྒྱལ་པོས་འཇིགས་པ་ཡང༌། །ཞེས་པ་ལྟ་བུའི་གནོད་པ་ལས་བསྲུང་ཞིང༌། ཡང་ཇི་སྐད་དུ། སྦོམས་པས་ནད་དག་བྱེད་ཅིང་ཕྲ་དང་རེ་ཁ་ངན་པས་རྫས་ནི་ཉམ་པ་རབ་ཏུ་གསལ་བར་བྱེད། ། ཆད་པས་འཆི་བ་དང་ནི་འཁྱོག་པོས་མི་ཡི་བདག་པོ་དང་བཅས་གྲོང་བརྡལ་དེ་བཞིན་ཉིད་ དུ་བསྐྱོད། །མཚན་མ་ཉི་མ་ཟླ་བ་ཆད་ན་སྔགས་པ་རྣམས་ལ་སྲིད་པའི་འཇིགས་པ་འཇོམས་ པའི་དངོས་གྲུབ་མེད། །རྣམ་པར་འདྲེས་པས་རིགས་བརྒྱད་འཆད་དེ་རྒྱལ་བའི་རིགས་ཀྱིས་ དཀྱིལ་འཁོར་རྡུལ་ཚོན་དག་ལ་རིག་པར་བྱ། །ཞེས་གསུངས་པ་ལྟར། ཉེས་དམིགས་ཤེས་ ནས་གཟབ་པར་བྱ་ལ། ཡང༌། མཚན་མ་ངན་པ་དེ་དག་མཐོང་ནས་སླར་ཡང་གཙོ་བོ་དག་གི་ སྔགས་ཀྱི་བཟླས་པ་རབ་ཏུ་བྱ། །ཞེས་གསུངས་པ་ལྟར། ཐིག་དང་ཚོན་གྱི་སྐབས་སུ་མཚན་མ་ ངན་པ་དག་བྱུང་ན་གོང་བདུད་བགེགས་ཚར་གཅོད་པའི་སྐབས་སུ་འབྱུང་བ་ལྟར་གཏོར་མ་ དང༌། བཟླས་པ་ལ་བརྩོན་པ་དང༌། སྦྱིན་སྲེག་དང༌། ཕུར་བུས་གདབ་པ་སོགས་ལ་འབད་དེ། བཟློག་པའི་རྟགས་བྱུང་གི་བར་དུ་རྩོམ་པ་མི་འདོར་བར་བྱའོ། ། 3-1-570 དོན་ཚན་གསུམ་པ་ཕྱོགས་མདོག་ལ་དཔྱད་པ་ནི། སྐབས་འདིར་ཡེ་ལེའི་ཞེ་གསུམ་པའི་ འགྲེལ་བར་དེས་ན་ཐུགས་རྣམ་པར་དག་པས་ཤར་དུ་དཔལ་ལྡན་ནག་པོའི་སར་འགྱུར་རོ། ། གསུང་རྣམ་པར་དག་པས་ལྷོར་ཉི་མ་དང་མཚུངས་པའོ། །ཡེ་ཤེས་ཀྱི་ཞལ་རྣམ་པར་དག་ པས་ནུབ་ཏུ་གསེར་མདོག་སྟེ་སེར་པོའོ། །སྐུའི་ཞལ་རྣམ་པར་དག་པས་བྱང་དུ་ཡང་གཞན་ ཏེ་དཀར་པོའོ། །དེ་ལྟར་རྡོ་རྗེ་ཅན་གྱི་ཞལ་གྱི་དབྱེ་བས་ཕྱོགས་རྣམས་སུ་རྡུལ་ཚོན་དགྱེ་བར་ བྱའོ། །ཞེས་ཕྱོགས་བཞིའི་དབྱེ་བ་གསུངས་ཀྱི། ཕྱོགས་བརྒྱད་ཀྱི་དབྱེ་བ་ཡེ་མ་གསུངས་པ་ དང༌། གཞན་ཡང་འདི་སྐད་ཅེས། ཤར་དུ་རླུང་རྣམ་པར་དག་པས་ཐུགས་རྡོ་རྗེ་ཁ་དོག་ནག་ པོ་སའི་ཆ་ལ་ཁྱབ་པར་བྱེད་པའོ། །ཞེས་སོགས་གསུངས་པས། ཞལ་གྱི་དབྱེ་བའི་དོན་ཕྱོགས་ བཞི་ལ་ཞལ་རེ་རེ་སྟེ་ཞལ་བཞི་ཡིན་ལ། མཚམས་རྣམས་ལ་ཞལ་གཉིས་ཀྱི་བར་མཚམས་མ་ གཏོགས། དྲང་ཐད་ཀྱི་ཞལ་མ་བྱུང་བས་མདུན་ཞལ་དང་གཡས་ཞལ་གྱི་ས་གཞིའི་མཚམས་ ཤར་ལྷོའི་ཟུར་ཐིག་ལ་འོང་གི ། ཕྱོགས་ཕྱོགས་མཚམས་མཉམ་པར་བཅད་པའི་ཤར་ལྷོའི་དུམ་ བུ་རྩ་ཞལ་གྱི་སའི་ཕྱིར་ཡིན་ན། ཤར་དྲང་ཐད་ལ་རྩ་ཞལ་གྱི་འཁུར་ཚོས་གཡོན་པའི་ཟུར་ སྟོན་པར་འགྱུར་བས། ལྟག་པ་དང་མགུལ་ཕྱིར་གཅུས་པའམ། མ་གཅུས་ན་བཞུགས་ཚུལ་ འཁྱོགས་པར་འགྱུར་ཏེ་སྐུ་གཟུགས་ཀྱི་དབྱིབས་སྔོན་མེད་བློ་བཟོ་མ་ཡོང་བས་རང་བཟོ་འདི་ ལྟ་བུ་མི་བྱའོ། །ཞལ་གྱི་དབྱེ་བས་གསུངས་པ་ཉིད་ཀྱི་ཕྱིར། ཞལ་བཞི་ལ་ཕྱོགས་བཞིའི་དབྱེ་ བ་བྱ་ཡི། ཞལ་བརྒྱད་མེད་བཞིན་དུ་ཕྱོགས་བརྒྱད་ཀྱི་དབྱེ་བ་མི་བྱའོ། །ཕྱོགས་བརྒྱད་བྱེད་ ན་ཞལ་བརྒྱད་[པ་]དང་ཡང་སྦྱོར་དགོས་ཀྱང༌། ཞལ་བརྒྱད་པའི་སྐབས་སུ་ནི་ངེས་པར་ཡང་ ཟུར་ཐིག་ལ་མཚམས་བྱེད་པ་འགྲུབ་ཀྱི། ཤར་ཤར་ལྷོ་ནག་པོ་སོགས་མི་འགྲུབ་བོ། །དེ་བཞིན་ དུ་རྒྱུད་ལས། ཕྱོགས་ཀྱི་ཆ་ལ་ཚོན་གྱི་སར་ནི་མི་ཡི་བདག་པོ་སངས་རྒྱས་དབྱེ་བས་རྡུལ་ཚོན་ གདབ་པར་འགྱུར། །ཞེས་ཚོན་སའི་ཕྱོགས་ཀྱི་ཁ་དོག་རྒྱལ་བ་རིགས་བཞིའི་དབྱེ་བས་བྱེད་ 3-1-571 ཅེས་གསུངས་པ། སངས་རྒྱས་བཞི་ཕྱོགས་བཞི་ན་ཡོད་ཀྱི་མཚམས་ན་མེད་པས། མཚམས་ རྣམས་ཞར་བྱུང་དུ་བཏང་སྟེ། མེ་མཚམས་ཀྱི་དུམ་བུ་ལས། ཤར་དང་ཉེ་བ་རྣམས་ཤར་གྱི་ ཁ་དོག་དང༌། ལྷོ་དང་ཉེ་བ་རྣམས་ལྷོའི་ཁ་དོག་ཏུ་བྱེད་པ་སོགས་ཀྱི་དོན་ཡིན་གྱི། ཤར་དང་ ཤར་ལྷོ་ནག་པོ་དང༌། ལྷོ་དང་ལྷོ་ནུབ་དམར་པོ་སོགས་བྱེད་ན། ཕྱོགས་དང་མཚམས་ཀྱི་ཆ་ ལ་སངས་རྒྱས་བཞི་དང་ཡུམ་བཞི་སྟེ་བརྒྱད་ཀྱི་དབྱེ་བས་རྡུལ་ཚོན་གདབ་ཅེས་གསུང་དགོས་ པར་འགྱུར་རོ། །གཞན་ཡང་ཡོངས་འཇོམས་ཀྱི་སྐབས་སུ་ཐབས་ལ་ཤེས་རབ་དང༌། ཤེས་ རབ་ལ་ཐབས་རྒྱུ་བ་ལེགས་པར་འགྱུར་ཞིང༌། ཐབས་དང་ཐབས་ནང་འཁྲུག །ཤེས་རབ་དང་ ཤེས་རབ་ནང་འཁྲུགས་པས་ཡོངས་འཇོམས་ཡིན་ལ། དེ་ཡང་མེ་རླུང་གི་ཟུར་ཐིག་ཉིད་ལ་ མཚམས་འཆོལ་བར་མཛད་ན། ཁྱེད་ཀྱི་ལུགས་ལ་ཤར་ལྷོ་ནག་པོ་རླུང་དང༌། ནུབ་བྱང་སེར་ པོ་ས་ཁམས་ཡིན་ཞིང༌། དེ་ཡང་ཤར་ལྷོའི་ཟུར་ཐིག་ནས་ལྷོའི་ཚངས་ཐིག་གི་བར་ལ་ཕྱེད་ མར་བཏང་བའི་ཕྱེད་ཤར་མ། ཟུར་ཐིག་ལས་ལྷོ་ཕྱོགས་སུ་འཕགས་པའི་ས་དེར་སློབ་དཔོན་ ཕྱིན་ན་ཡོངས་འཇོམས་སུ་འགྱུར་ཏེ། རླུང་ཁམས་ཐབས་ཀྱི་ས་ལ་སློབ་དཔོན་ཐབས་འོངས་ པས་སོ། །དེ་བཞིན་དུ། ནུབ་བྱང་གི་ཕྱེད་ཤར་མ་ལ་སློབ་མའང་དེ་དང་འདྲ་བས། ཡོངས་ འཇོམས་ཀྱི་ས་མཚམས་ཟུར་ཐིག་ལ་གསུངས་པའི་རིགས་པས་ཀྱང་ཕྱོགས་མདོག་འཁྱོག་ པོ་འདི་ཤིན་ཏུ་གསལ་བར་བཀག་གོ །ཡང་འདི་སྐད་དུ། ལྷའི་མཚན་མ་འགོད་པའི་སྐབས་ སུ་ཤར་དང་མེར་ནག་པོ་ཞེས་སོགས་གསུངས་ཤིང༌། དེ་ཉིད་ཞལ་གྱི་དབྱེ་བ་ཡང་ཡིན་པར་ བཤད་དོ། །ཞེས་ཟེར་རོ། །འདི་ཡང་སློབ་དཔོན་གྱི་ཞལ་གྱིས་དམན་པའི་སྦོམ་ཡོར་བ་རྣམས་ ཀྱི་བློ་ངོར་འདྲ་རུང་བྱུང་ཡང་དོན་མ་ཡིན་ཏེ། ཕྱོགས་མཚམས་བརྒྱད་དུ་བཅད་པའི་ཤར་ལྷོ་ན་ ཡོད་པའི་ལྷ་ཐམས་ཅད་ནག་པོ་མ་ཡིན་ཏེ། ཡིན་ན་གཤིན་རྗེའི་འཁོར་ཚོགས་ཕྱེད་ནག་པོར་ ཐལ་ལོ། །དེས་ན་འདིར་རང་ལུགས་ནི་དཔེར་ན་མེ་མཚམས་ཀྱི་ལྷར་གསུངས་ཚད་ཟུར་ཐིག་ 3-1-572 གི་ས་ཁུལ་གྱི་སྟེང་ན་གནས་པ་ཡིན་ལ། དེ་ལ་ས་གཞི་དམར་ནག་གཉིས་ཀའི་ཆ་ཡོད་ཀྱང་ ནག་པོ་གཙོ་ཆེ་བ་ཡིན་པས། དེར་གནས་པའི་ལྷ་དང་མཚན་མ་ནག་པོར་འགྱུར་རོ། །དེས་ ན་ཤར་དྲང་ཐད་ནི་རླུང་ཁམས་ཁོ་ན་ཡིན་ལ། ཤར་ལྷོའི་མཚམས་དྲང་ཐད་ནི། གཙོ་བོ་རླུང་ ལ་འཁོར་མེ་ཡོད་པ་ཡིན་པས། གནས་སྐབས་གཞན་དུ་ཤར་ལྷོ་རླུང་དུ་བཤད་པའང་ཡོད་ མོད་གཙོ་ཆེ་བར་དགོངས་སོ། །གཡས་སྐོར་གྱི་རིམ་པས་བགྲོད་པའི་དབང་དུ་བྱེད་ན། ཤར་ ནས་བརྩམས་ཏེ་ཤར་ལྷོའི་མཚམས་སུ་ཕྱིན་པ་ན། མཚམས་དེར་འབྱུང་བ་གཉིས་ཀར་འཛོམ་ ཡང༌། རླུང་ནི་སྔ་རོལ་ནས་འགྲོགས་ཏེ་ཡུན་རིང་ལོན་པའི་གདོད་མ་ཡིན་ལ། མེ་ནི་ཕྲད་མ་ ཐག་པ་ཡིན་པས་མེ་བས་རླུང་སྟོབས་ཆེ་བ་ཡིན་ནོ། །དེས་ཐམས་ཅད་ལ་འགྲེ་སྟེ། དེ་ཡང་དགེ་ བའི་ལས་དང་མཆོག་སྒྲུབ་ལ་གཡས་སྐོར་དུ་བརྩི་ཞིང༌། དགེ་མིན་གྱི་ལས་ལ་གཡོན་སྐོར་དུ་ བརྩི་བའང་ཡོད་ན། འདིར་ནི་གཡས་སྐོར་རོ། །གཞན་ཡང་རྣམ་པ་གཅིག་ཏུ་ན་ལྷའི་མཚན་ མའི་སྐབས་སུ། ཤར་ཤར་ལྷོ་ནག་པོ་སོགས་ཀུན་ཏུ་གྲགས་ཤིང་གསུངས་ལ། ས་གཞིའི་ ཕྱོགས་མདོག་ལ་དེ་འདྲ་མ་གསུངས་པ་ཉིད་ཀྱིས་གཞིའི་ཕྱོགས་མདོག་གི་མཚམས་ཟུར་ཐིག་ ལ་བྱེད་པར་གྲུབ་བོ། །འོ་ན་ཡེ་ལེའི་ཉེར་བདུན་པའི་འགྲེལ་པར་ཤར་དང་མེར་ནག་པོ་དང༌། ལྷོ་དང་བདེན་བྲལ་དུ་དམར་པོ་དང༌། ནུབ་དང་རླུང་དུ་སེར་པོ་དང༌། བྱང་དང་དབང་ལྡན་ དུ་དཀར་པོའོ། །ཞེས་གསུངས་པས། ལུང་གསལ་ཁ་དང་བཅས་པའི་ཕྱིར། གཞིའི་ཕྱོགས་ མདོག་ཤར་ཤར་ལྷོ་ནག་པོ་སོགས་འདི་ཁོ་ནའོ་སྙམ་ན། དེ་ནི་སྡོམ་ཆེན་གྱི་སྒོས་ཆོས་ཡིན་ པས་དུས་ཀྱི་འཁོར་ལོ་ནས་བཤད་པའི་དཀྱིལ་འཁོར་གཞན་ལ་མི་རུང་ངོ༌། །དེའི་རྒྱུ་མཚན་ ཡང་དཀྱིལ་འཁོར་དེ་ལ་སྒོ་བརྒྱད་ཡོད་ཅིང༌། དེའི་ཟུར་ཐིག་ཀྱང་དོན་གྱི་ཚངས་ཐིག་ཡིན་ པས། ཚངས་ཐིག་ལ་མཚམས་འཆོལ་བ་དང༌། སྒོ་ལ་ཁ་དོག་ཕྱེད་ཚལ་དུ་གཏོང་བ་དཀྱིལ་ འཁོར་གང་གི་ལུགས་ལ་ཡང་མི་རུང་བས་རྒྱུ་མཚན་དེའི་ཕྱིར་དེ་ལ་དེ་ཡིན་ནོ། །དེ་ལྟ་བས་ན་ 3-1-573 དུས་འཁོར་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ལ་ནི། ཕྱོགས་བཞི་མཚམས་བཞི་ཡིན་ལ། སྡོམ་ ཆེན་ལ་ནི་ཕྱོགས་བརྒྱད་མཚམས་བརྒྱད་ཡིན་ཏེ། སྒོ་བརྒྱད་དང་དུར་ཁྲོད་བཅུ་དྲུག་གི་རིག་ པས་སོ། །འདི་ཡང་བླ་མའི་ཞལ་ལུང་མེད་པར་ཤེས་རབ་ཆེ་རུ་རེ་བས་དཔེ་སྒྲོགས་བྱེད་པ་ རྣམས་ལ་འཁྲུལ་གཞི་སྐྱེ་བ་ནི་བདེན་པར་སྣང་ངོ༌། ། དོན་ཚན་བཞི་པ་དག་པ་བཤད་པ་ནི། དེ་ལྟར་བྲིས་པའི་དཀྱིལ་འཁོར་བཞེངས་པ་དེ་ལ་ དག་སྦྱོར་གྱི་རིམ་པ་མང་དུ་གསུངས་པ་ལས། ཕྱི་འཇིག་རྟེན་ཁམས་ལ་སྦྱོར་ཚུལ་གཅིག་ནི། འཇིག་རྟེན་ཁམས་མཉམ་གྱི་དག་པར་གྲགས་པ་དེ་ཡིན་ཏེ། གཞན་དུ་བརྗོད་ཟིན་ཏོ། །ཡང་ རྣམ་གྲངས་གཅིག་ལ། ལུས་ཀྱི་དཔྱི་མན་ཆད་དུ་སོར་དྲུག་པ་བརྒྱད་ཡོད་པ་ནི། དམྱལ་བ་ བདུན་དང་ཀླུའི་གནས་ཏེ་བརྒྱད་དག་པ་སྐུའི་དཀྱིལ་འཁོར་རོ། །གསུང་གི་དཀྱིལ་འཁོར་ནི་ ཕྱི་རོལ་ཏུ་ལྷུན་པོ་དང༌། ནང་དུ་སྒལ་ཚིགས་ཏེ་དཔྱི་ནས་མགྲིན་པའི་འོག་མཚམས་ཀྱི་བར་ རོ། །རི་རབ་ཀྱི་མགྲིན་པ་དང་ལུས་ཀྱི་མགྲིན་པ་དང༌། གདོང་གི་ཕྱེད་འོག་མ་ནི་ཚོན་ས་ཕན་ ཆད་ཐུགས་དཀྱིལ་དངོས་དང་སྦྱོར་ཞིང༌། རི་རབ་ཀྱི་གདོང་དང་ལུས་ཀྱི་གདོང་གི་ཕྱེད་གོང་ མ་ནི། བདེ་གཤེགས་འཕར་མ་དང༌། གཙོ་བོའི་གནས་ནི་རི་རབ་ཀྱི་གཙུག་ཏོར་དང༌། ལུས་ ཀྱི་གཙུག་ཏོར་དག་པའོ། །འདི་ནི་དཔངས་ཚད་ལ་སྦྱར་བ་ཡིན་ལ། ལུས་ཀྱི་རྒྱ་ཚད་དང་སྦྱར་ བ་ནི། རྟེན་སྙིང་གའི་ཐིག་ལེ་བརྟེན་པ་རང་བྱུང་གི་ཡེ་ཤེས་མ་རིག་པ་དང་བཅས་པ་ནི་བདེ་ བ་ཆེན་པོའི་འཁོར་ལོས་དག་པའོ། །སྙིང་གའི་འཁོར་ལོ་ནི་ཐུགས་དཀྱིལ་ལོ། །དེའི་སྒོ་བཞི་ ནི་གནས་སྐབས་བཞི། མགྲིན་པ་ནས་ལྟེ་བའི་མཐར་ཐུག་པ་ནི་གསུང་དཀྱིལ་དང༌། དེའི་ སྒོ་བཞི་ནི་རྩ་བཞི། མཛོད་སྤུ་ནས་ཆུ་སོའི་བར་ནི་སྐུ་དཀྱིལ་དང༌། བཤང་གཅི་ཁུ་བའི་བུ་ག་ གཙུག་ཏོར་གྱི་འཁོར་ལོར་བཅས་པ་ནི་སྒོ་བཞིའོ། །ཕྱི་མ་འདི་རྩ་རྒྱུད་ཀྱི་དགོངས་པ་ཡིན་ ཞེས་གསུངས་སོ། །དེ་ཡང་སེམས་ལ་གནས་སྐབས་བཞི་དང༌། རླུང་ལ་རྩ་བཞི་དང༌། ལུས་ལ་ 3-1-574 འཛག་པའི་སྒོ་བཞི་སྟེ་སྒོ་རྣམས་ཀྱང་ལུས་ངག་ཡིད་ཀྱི་ཆོས་སུ་སྦྱར་བའོ། ། དོན་ཚན་ལྔ་པ་འདོད་ཕྱིར་འདོད་ལ་དཔྱད་པ་ནི། འདོད་ཕྱིར་འདོད་རྣམས་ལ་འགྲེལ་ ཆེན་ལས་ཤར་སྒོའི་བྱང་དུ་ས་སྡེ་ལྷོ་སྒོའི་ཤར་དུ་ཀ་སྡེ། བྱང་སྒོའི་ནུབ་ཏུ་ལ་སྡེ་སྟེ་ས་བོན་ལྔ་ ཚན་རེ་གསུངས་ནས། ནུབ་སྒོའི་ལྷོ་རུ་ཀྵཿགཅིག་པུ་ལས་མ་གསུངས་ཏེ། དེ་ཡང་ཤར་ནུབ་ ཀྱི་ཡི་གེ་རྣམས་ཡེ་ཤེས་དང༌། ལྷོ་བྱང་གཉིས་ནམ་མཁའི་ཁམས་སུ་དགོངས་པ་སྟེ། ནུབ་ཀྱི་ གཡོན་དུ་ཀྵཿགཅིག་པུ་ལས་མི་འབྱུང་བ་ནི་དོན་ལ། ལ་ཝ་ར་ཡ་ཀྵཿསྟེ་ཡི་གེ་ལྔ་ཡིན་ཡང་ མཐར་གནས་བཞི་པོ་རིམ་པ་གཅིག་ལ་ལན་གཉིས་ཟློས་པ་མི་ལེགས་པ་དང༌། ལྷ་ཡང་ ཁྱབ་བྱའི་འདོད་མ་སོ་དྲུག་ལས་མེད་པས། ཡི་གེ་ལྔ་འདུས་ཀྱི་ངོ་བོ་ཀྵཿཡིག་ཏུ་བསྡུས་པའོ། ། དེས་ན་གསལ་པར་གསུངས་པ་འདི་ཡང་རགས་བཤད་དམ། དགོངས་པ་གཞན་དུ་དྲངས་ དགོས་པ་མ་ཡིན་ཏེ། ཕྱོགས་ཀྱི་རིམ་པ་དང་ཡི་གེའི་ཁམས་བསྟུན་ནས་གསུངས་པའི་ཕྱིར་ དང༌། སྐབས་འདི་ལ་སོ་སོར་ཕྲལ་ནས་བཤད་པ་དང༌། སྡེ་ཚན་བསྡོམས་པ་ལ་ཡིག་ཚོགས་ ཆེ་ཆུང་དང༌། གོ་དཀའ་སླའི་ཁྱད་པར་མེད་པའི་ཕྱིར་རོ། །གཡས་གཡོན་གྲངས་མ་མཚུངས་ པས་མི་མཛེས་སོ་སྙམ་དུ་ཡང་བསམ་པར་མི་བྱ་སྟེ། མཛེས་མི་མཛེས་བློས་བཏགས་ཚུལ་གྱི་ ཁྱད་ཡིན་པས་ངེས་བཟུང་མེད་ལ། གྲངས་སྙོམས་པ་ནི་མཐའ་གཅིག་ཏུ་མི་དགོས་ཏེ། གཟའ་ ཡུམ་གྱི་དཀྱིལ་འཁོར་དང༌། མངོན་བརྗོད་བླ་མའི་ཞབས་གཅིག་པའི་དཀྱིལ་འཁོར་སོགས་ མཐོང་བས་ཤེས་སོ། །དེས་ན་སྔགས་རྒྱུད་གསུང་བ་པོས་གང་བཤད་པ་དེ་ཉིད་ལ་ཡིད་ཆེས་ བྱ་དགོས་ཀྱི། ཕལ་པའི་བློས་དགག་སྒྲུབ་མི་ཐུབ་པས། དབང་ལེའི་འགྲེལ་བའི་དངོས་བསྟན་ འདི་ཡང་བཅོས་མ་བཏབ་པར་གདམ་ཁའི་རྣམ་གྲངས་གཅིག་ཏུ་ཁས་ལེན་ནོ། ། འོ་ན་ཕྱོགས་ཕྱོགས་སུ་བརྒྱད་བརྒྱད་ཟུར་བཞིར་རེ་རེ་དང་བཅས་པའི་འགོད་ཚུལ་འདི་ ཇི་ལྟ་བུ་ཞེ་ན། འདི་ཡང་མཛེས་བྱེད་ཙམ་དུ་བློས་བཅོས་པ་མ་ཡིན་ཏེ། སྒྲུབ་ལེའི་འགྲེལ་པར། 3-1-575 རང་རང་གི་སྤྲུལ་གཞི་དང་སྦྱར་ནས་གསུངས་པའི་རྗེས་སུ་ཐམས་ཅད་རང་རིག་དང་ཁམས་ ཀྱི་ཕྱོགས་སུ་འགོད་པར་གསུངས་པས་བསྟན་པ་ཡིན་ལ། དེ་ལ་ཡང་རྒྱ་བོད་ན་འགོད་ཚུལ་མི་ འདྲ་བ་ཅི་རིགས་པ་ཡོད་མོད། ལྷའི་འགོད་ཚུལ་དང་ས་བོན་སྦྱོར་ཚུལ་སྒྲུབ་ཐབས་སུ་བཤད་ པ་དང༌། ཕྱག་མཚན་འགོད་ཚུལ་གོང་དུ་བཤད་པ་ནི། བླ་མ་དམ་པའི་མན་ངག་མ་ནོར་ བ་ཡིན་ལ། ཡང་འཕྲེང་བ་ལས་འབྱུང་བ་ནི་འདི་ལྟར་བཀོད་དེ། ཨུཏྤལ་གོས་དང་གྲི་གུག་ འཁོར་ལོ་ཁ་ཊྭཱཾ་ག །ཤར་གྱི་གཡས་ཏེ་གྲི་གུག་རལ་གྲི་གྲི་གུག་ཟུང༌། །པདྨ་རོ་སྣོད་དབྱུག་པ་ ཤཀྟི་པདྨ་རྣམས། །ལྷོ་ཡི་གཡས་ཏེ་དགྲ་སྟ་མདའ་དང་གྲི་གུག་གཉིས། །འཁོར་ལོ་དུང་ཆོས་ རྡོ་རྗེ་ཁབ་དང་འཁོར་ལོ་རྣམས། །ནུབ་ཀྱི་གཡས་ཏེ་ཆོས་འབྱུང་འཁོར་ལོ་གྲི་གུག་གཉིས། ། ཨུཏྤལ་མེ་ལོང་རྩེ་གསུམ་པདྨ་ཨུཏྤལ་རྣམས། །བྱང་གི་གཡས་ཏེ་པི་ཝཾ་ཐོ་བ་གྲི་གུག་གཉིས། ། ཞེས་སྡོམ་ལ། ཀྲི་ཡ་ས་མུད་ཙ་ནི་དེའི་རྗེས་འབྲང་ཁོ་ན་ཡིན་ཞིང༌། སཱ་དྷུ་པུ་ཏྲ་ཡང་ཕལ་ཆེར་ དེའི་རྗེས་སུ་འབྲང་བས་འགྱུར་ནོར་རམ་ཡིག་ནོར་ཞིག་ལ་ཆོས་འབྱུང་གི་ཚབ་ཏུ་ཕུབ་ཅེས་ པ་བྱུང་མོད་གཞན་འདྲའོ། །ཕྱོགས་རྣམས་ཀྱི་གཡོན་གྱི་སྟེགས་བུ་ལ་བཞི་བཞི་འགོད་ཚུལ་ འདི་རྣམས་ལ། ཕྱིས་བོད་པས་མི་འདྲ་བ་སྣ་ཚོགས་བྱས་འདུག་པ་ནི། ཕལ་ཆེར་བློ་བཟོ་ཁོ་ན་ ཡིན་པར་སྣང་བས་རྗེས་སུ་འབྲངས་ཀྱང་དགོས་པ་ཆུང་ལ། སྤྱིར་ཡང་ལུང་གསལ་མེད་པའི་ རིགས་རྣམས་དམ་པའི་མན་ངག་ལ་བརྟེན་པ་གནད་དུ་ཆེའོ། ། ལྔ་པ་དངོས་གཞིའི་དང་པོ་དཀྱིལ་འཁོར་སྒྲུབ་པ་ལ། དཀྱིལ་འཁོར་སྒྲུབ་པའི་སྦྱོར་བ་ དང༌། དཀྱིལ་འཁོར་སྒྲུབ་པ་དངོས་སོ། །དང་པོ་ལ་རྒྱན་དགྲམ་པ། ལས་བྱེད་བརྐོ་བ། སྦྱིན་ སྲེག་འབུལ་བ། བུམ་པ་སོགས་ངེས་པའི་ཡོ་བྱད་བཤམ་པའོ། །དང་པོ་རྒྱན་དགྲམ་པ་ནི་སྤྱི་ དང་འདྲ་སྟེ་གོ་སླའོ། ། གཉིས་པ་ནི། དེ་ནས་སློབ་དཔོན་དུ་འོས་པ་བཞི་ལ། རྡོ་རྗེ་དྲིལ་བུ་གཏད་དེ་སློབ་དཔོན་ 3-1-576 གྱི་བཀའི་གནང་བ་སྦྱིན། སྒོ་བཞིའི་སློབ་དཔོན་དུ་བསྐོ་ཞིང༌། བུམ་སྐྱོང་རྣམས་དང་སྦྱིན་སྲེག་ གི་སློབ་དཔོན་ཡང་{སྐོད་[བཀོད་]པའོ། ། གསུམ་པ་ནི། དེ་ཉིད་བཅུ་ཤེས་པའི་སློབ་མ་བཟང་པོ་ཞིག་སྦྱིན་སྲེག་གི་དོན་དུ་ལས་ ཀྱི་རྡོ་རྗེར་བསྐོ། སློབ་དཔོན་རང་ཉིད་བདག་བསྐྱེད་བྱེད་པ་ཡན་ཆད་དུ་དེས་སྦྱིན་སྲེག་བྱའོ། ། གལ་ཏེ་མེད་ན་སློབ་དཔོན་རང་ཉིད་ཀྱིས་སྦྱིན་སྲེག་བྱ་སྟེ། རྒྱུད་འགྲེལ་དངོས་བསྟན་གྱི་གོ་ རིམ་ཇི་ལྟ་བ་བཞིན་དུ་སྒྲུབ་ཅིང་མཆོད་པའི་སྔོན་དུ་བྱུར་བསལ་ཞིང་དགེ་ལེགས་སུ་བསྒྲུབ་ པའི་ཕྱིར། དཀྱིལ་འཁོར་ཁང་པ་དེ་ཉིད་དུ་ཞི་རྒྱས་བརྐྱང་པ་གང་རུང་གི་སྦྱིན་སྲེག་ངེས་པར་ བྱ་ཞིང༌། སྟེང་ཁང་གི་ནང་དཀྱིལ་འཁོར་གྱི་སྟེང་ཐད་ཉིད་དམ། དཀྱིལ་འཁོར་ཁང་པ་གཞན་ དུ་ལས་ཐམས་ཅད་པའི་སྦྱིན་སྲེག་ཀྱང་རུང་ལ། ཡང་ལས་སོ་སོ་སྒྲུབ་པའི་དབང་བསྐུར་ཡིན་ ན། དེ་དང་དེའི་སྦྱིན་སྲེག་སྒྲུབ་པ་ཡིན་ཏེ། འདི་དག་རྒྱས་པར་ཀུན་མཁྱེན་ཆེན་པོས་མཛད་ པའི་སྦྱིན་སྲེག་གི་ཡི་གེ་རྣམས་སུ་ཤེས་པར་བྱ་ལ། ཐབ་བཅུ་པོའི་ཚད་ནི། ཆོས་རྒྱལ་ཕྱོགས་ ལས་རྣམ་རྒྱལ་གྱི་ཐིག་རྩར་ཡང་ཤེས་པར་བྱའོ། །དེས་ནི་སྐབས་འདིའི་རྒྱུད་འགྲེལ་གྱི་དོན་ ཕྱིན་ཅི་མ་ལོག་པ་རྟོགས་པར་འགྱུར་རོ། །གལ་ཏེ་སྐབས་འདིར་སྦྱིན་སྲེག་མ་གྲུབ་ན། དཀྱིལ་ འཁོར་མཆོད་པའི་སྐབས་སུ་བྱས་པས་ཀྱང་དོན་འགྲུབ་སྟེ་བླ་མ་རྣམས་ཀྱི་མན་ངག་གོ ། བཞི་པ་ནི། དེ་ནས་བུམ་པ་རྣམས་སྤྱན་འདྲེན་ཏེ། དེ་ཡང་བུམ་པ་བཅུ་ཡོད་ན། ཕྱོགས་ མཚམས་བརྒྱད་དུ་བུམ་པ་བརྒྱད་དང༌། རྒྱལ་བ་ནི་ཤར་གྱི་བུམ་པའི་ཤར་དང༌། རྣམ་པར་ རྒྱལ་བ་ནི་ནུབ་ཀྱི་བུམ་པའི་ནུབ་ཏུ་ཕན་ཚུན་ལྟེ་བའི་བར་དུ་སོར་གཉིས་ཙམ་གྱི་བར་སྟོངས་ ཡོད་པར་བྱས་ཏེ་འགོད། རྒྱལ་བའི་བུམ་པའི་སྟེང་དུ་རྣམ་རྒྱལ་ཆེན་པོ་དུང་ཆོས་བཞག་ཅིང༌། རྣམ་རྒྱལ་བུམ་པའི་སྟེང་དུ་ཉ་ཕྱིས་སམ། ཐོད་པའམ། དུང་གི་སྣོད་དུ་བདུད་རྩི་ལྔ་དང༌། སྒྲོན་ མ་ལྔའི་རིལ་བུ་རིགས་དྲུག་གི་ས་བོན་ལན་བདུན་བཟླས་ཏེ་བཞག བུམ་པ་ལྔའི་ཕྱོགས་ལ་ 3-1-577 ཕྱོགས་བཞི་དང༌། རྒྱལ་བའི་བུམ་པ་སྔར་བཞིན། རྒྱལ་བའི་སྟེང་དུ་རྣམ་རྒྱལ་བུམ་པ་ནི་དུང་ ཆོས་ཉིད་ཡིན་ལ། དམ་རྫས་ཀྱིས་བཀང་བའི་ཐོད་པ་ནི་ནུབ་ཀྱི་བུམ་པར་བཞག་གོ །གཞན་ ཡང་མཆོད་པ་དང་གཏོར་མ་དང་དབང་རྫས་རྣམས་ཀྱང་ཉེ་བར་བཤམ་མོ། །རྒྱན་དང་མཆོད་ གཏོར་འགྲེམ་པ་ཐམས་ཅད་ལ་གཙོ་བོའི་སྔགས་དང༌། ༀ་སྥ་ར་ཎ་ཁཾ་ཞེས་བརྗོད་ནས་འགོད་ པར་འདོད་དོ། །མཆོད་པའི་རྟ་བབས་རྩིག་པ་སོགས་ངེས་པ་ཅན་དུ་མི་དགོས་ཀྱང༌། མཆོད་ པ་ནི་ཇི་ཙམ་རྒྱས་པ་དེ་ཙམ་བཟང་བས་གང་ཡང་བཀག་པ་མེད་ཅིང་འགལ་བ་མེད་དོ། ། གཉིས་པ་དཀྱིལ་འཁོར་སྒྲུབ་པ་དངོས་ལ། གཞན་གྱི་འདོད་པ་བརྗོད་པ་དང༌། རང་ ལུགས་གཉིས་སོ། །དང་པོ་ནི། དུས་ཞབས་པས་མཛད་ཟེར་བའི་དཀྱིལ་ཆོག་ཏུ་རང་གི་ དཀྱིལ་འཁོར་སྤྲུལ་དང་བསྲེ། ཞེས་རྒྱུད་སྡེ་གཞན་གྱིས་རྒྱས་འགེབས་དང༌། རྗེ་ཤེས་རབ་ སེངྒེ་བ། དམིགས་པ་བརྟན་པའི་རྣལ་འབྱོར་པས་བདག་མདུན་དབྱེར་མེད་དུ་བསྒོམ། མི་ བརྟན་ན་བདག་མདུན་ཐ་དད་དུ་བྱེད་གསུངས་ལ། གྲུབ་ཆེན་ཡུ་མོ་བདག་བསྐྱེད་ཚར་ནས་ མདུན་བསྐྱེད་གཞལ་ཡས་ཁང་བསྒོམ། སྙིང་གར་མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་ བསྐྱེད། དེའི་མཁའ་ནང་ནས་གཙོ་བོ་སྤྲོས་ཏེ། དབུས་ཀྱི་གདན་ལ་འཁོད་པ་སོགས་ལྷ་རྣམས་ བཀོད་ནས་ཡབ་ཡུམ་སྙོམས་འཇུག་གི་སྦྱོར་བས་ཡེ་ཤེས་པ་སྤྱན་འདྲེན་མཛད་དོ། །དེ་ལ་ མཁས་པ་ཁ་ཅིག་ནི། དེ་རྡུལ་ཚོན་གྱི་རིགས་འགྲེ་ཡིན་ཡང་དམ་ཚིག་པ་བསྐྱེད་པ་ཆད་དོ་ ཞེས་སྐྱོན་འདོགས་མོད། སྐྱོན་དེ་ནི་མི་འཇུག་པར་སྣང་ལ། དེ་རྣམས་ཀྱང་སོ་སོའི་བླ་མའི་ མན་ངག་ཡིན་ཏེ་མཆི་ཞིང༌། སྤྱིར་རྒྱུད་གཞན་གྱི་ཆོ་གས་ཀྱང་སྒྲུབ་ཏུ་རུང་བས་སྐུར་པ་ནི་མི་ འདེབས་ལ། འོན་ཀྱང་དངོས་བསྟན་རྒྱུད་འགྲེལ་དང་མི་མཐུན་ནོ།། །། གཉིས་པ་རང་ལུགས་ནི་རྒྱུད་འགྲེལ་དངོས་བསྟན་ལྟར་དང་པོར་བདག་བསྐྱེད་རྫོགས་ པར་བསྒོམས། བཟླས་པ་ཡང་བྱས་ནས་བདག་བསྐྱེད་ཀྱི་དཀྱིལ་འཁོར་རང་ལ་ཉེ་བར་ 3-1-578 བསྡུས། གཙོ་བོའི་ང་རྒྱལ་ལ་གནས་པའི་སྒོ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་ སྦྱངས་ཏེ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ཡིན་ལ། གདན་དེ་ཡང་བསྡུས་པ་ ༀ་ཡིག་དང་པཾ་ཡིག་ལས་བསྐྱེད་པས་ཀྱང་གོ་ནི་ཆོད་མོད། སྐབས་འདིར་ཐུགས་དཀྱིལ་གྱི་ པད་གདན་རྣམས་ལ་ས་བོན་རྒྱས་པ་མཛད་པ་ཉིད་བསྔགས་ཏེ། དེ་ཡང་ཐམས་ཅད་ལ་ཡི་ གེ་ལྔ་ལྔ་ཡོད་པ་ནི། པདྨ་རྣམས་ཀྱི་རྩ་བ་སྟེ་བ་ཐག་དང༌། སྡོང་བུ་སྟེ་རྐང་ལོ་མར་བཅས་པ་ དང༌། མེ་ཏོག་གི་འདབ་མ་དང་གེ་སར་དང་ལྟེ་བ་སྟེ་ལྔ་པོའི་ས་བོན་ཡིན་ཏེ། དཔེར་ན། སཱཾ་ ནི་ལྟེ་བ། ྉྤཱ་གེ་སར། ཥཱཾ་ནི་འདབ་མ། ཤཱཾ་ནི་རྐང་བུ་ལོ་མར་བཅས་པ། ྈྐཱ་ནི་རྩ་བའི་ས་ བོན། དེའི་ཐམས་ཅད་ལ་རིགས་འགྲེའོ། །ཡི་གེ་སྡེ་པ་སོ་སོ་ནི་རང་རང་གི་འབྱུང་བའི་ཁམས་ དང་བསྟུན་པ་ཡིན་ཞིང༌། ཐུང་རིང་གི་དབྱེ་བ་དང༌། རྗེས་སུ་ང་རོ་དང༌། ཚེག་དྲག་ནི་ཐབས་ ཤེས་ཀྱི་ཁྱད་པར་རོ། །དེ་ཡང་གཙོ་བོའི་གདན་ཐབས་ཤེས་ཆ་མཉམ་པས་ཀླད་སྐོར་ཐབས་ དང༌། རིང་པོ་ཤེས་རབ་འཛོམ་པ་ཡིན། གཞན་ཡབ་གཙོ་བོ་ལ་ཀླད་སྐོར་ཅན་ནམ་ཐུང་ངུའི་ སྡེ་ཚན་དང༌། ཡུམ་གཙོ་བོ་ལ་ཚེག་དྲག་ཅན་ནམ་རིང་པོའོ། །གཙོ་བོའི་གདན་ལ་ས་སྡེ་སྦྱོར་ བ་ཀུན་ཁྱབ་ཡེ་ཤེས་ཀྱི་ཁམས་མཚོན་པའོ། །གཙོ་བོའི་གདན་ཉི་ཟླ་སྒྲ་གཅན་ནི། ཨཾ་ཨཱཿཨ་ ལས་བསྐྱེད་པ་དང༌། འཁོར་རྣམས་ལ་ར་ལས་ཉི་མ་དང༌། མ་དང་ཨ་ལས་ཟླ་བ་སོགས་ སོ། །དེ་རྗེས་ལྷ་རྣམས་ཀྱི་བསྐྱེད་ཆོག་རྒྱས་འབྲིང་བསྡུས་པའི་དབྱེ་བ་ཅི་རིགས་པ་ཡོད་ཀྱང༌། གཙོ་བོར་རྡོ་རྗེ་བཞི་དང་བུམ་པ་དང་གཟུངས་མའི་རིགས་སུ་གཏོགས་པ་རྣམས་ས་བོན་ཙམ་ དང༌། སྟེང་འོག་གི་ཀླུ་རབ་གཏུམ་མ་སོགས་སྐད་ཅིག་གིས་བསྐྱེད། གཙོ་འཁོར་གཞན་རྣམས་ ས་བོན་ཕྱག་མཚན་ཙམ་ལས་བསྐྱེད་པའོ། །ཡེ་ཤེས་པ་སྤྱན་འདྲེན་གྱི་སྐབས། རྒྱུད་ལས། རྡོ་ རྗེ་པདྨ་ལས་སྐྱེས་ཞེས་པའི་ལྔ་འགྲེལ་དུ་ཤེས་རབ་དང་ཐབས་ལས་འབྱུང་བ་ཞེས་བྱུང་བ་ ནི། སྒྲུབ་ཐབས་ཀྱི་སྐབས་སུ་བཤད་པ་ལྟར་ཕོ་ཉ་རྡོ་རྗེ་ཤུགས་རྣམ་པ་ཡབ་རྐྱང་ཡིན་ཡང་ 3-1-579 ཐབས་དང་ཤེས་རབ་ཟུང་འཇུག་གི་བདག་ཉིད་ཡིན་ཞེས་སྟོན་པ་ཡིན་གྱི། ཕོ་ཉ་མཁའ་སྤྲོ་ བྱེད་པ་དང༌། ཡེ་ཤེས་པ་ཞལ་དུ་བཅུག་ནས་སླར་ཡང་མཁའ་ནང་ནས་སྤྲོས་ཏེ་བསྲེ་བའི་དོན་ མ་ཡིན་ནོ། །དེ་ཉིད་ལུང་གིས་སྒྲུབ་པ་ནི། ཇི་སྐད་དུ་འགྲེལ་ཆེན་ལས། དེ་ནས་སློབ་དཔོན་ ཤར་གྱི་ཞལ་དུ་འདུག་སྟེ་འཆད་པར་འགྱུར་བའི་སྒྲུབ་ཐབས་ཀྱི་ཆོ་གས་སྡིག་པ་བཤགས་པ་ ལ་སོགས་པ་བྱས་ནས་དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་དང༌། ཐིག་ལེའི་ རྣལ་འབྱོར་དང༌། ཕྲ་མོའི་རྣལ་འབྱོར་བྱའོ། །དེ་ནས་ཤེས་རབ་དང་ཐབས་ལས་བྱུང་བ་རྡོ་རྗེ་ པདྨ་ལས་སྐྱེས་རབ་བགྲོད་ཁྲོ་བོའི་རྒྱལ་པོ་རྣམ་དག་གིས། ཞེས་པ་སྒྲུབ་ཐབས་ཀྱི་ཐབས་དང་ ལྡན་པའི་ཆོ་གས་ཛཿཧཱུཾ་བཾ་ཧོཿསྔགས་ཀྱི་ཚིག་འདི་རྣམས་ཀྱིས་ཏེ། ཛཿཡིག་གིས་དགུགས་པ་ དང༌། ཧཱུཾ་ཡིག་གིས་གཞུག་པ་དང༌། བཾ་ཡིག་གིས་བཅིང་བ་དང༌། ཧོཿཡིག་གིས་མཉེས་པར་ བྱས་ནས། ཡེ་ཤེས་ཀྱི་འཁོར་ལོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམ་ཚིག་གི་དཀྱིལ་འཁོར་ དུ་བསྒོམས་ཤིང་དེ་ལ་རོ་མཉམ་དུ་བྱ་སྟེ་དབང་གི་དོན་དུའོ། །ཞེས་གསུངས་ཏེ། འཆད་པར་ འགྱུར་བའི་ཞེས་པ་ནས། ཕྲ་མོའི་རྣལ་འབྱོར་བྱའོའི་བར་གྱི་བདག་བསྐྱེད་དང༌། རྡུལ་ཚོན་ གྱི་དཀྱིལ་འཁོར་ལ་དམ་ཚིག་གི་དཀྱིལ་འཁོར་དུ་བསྒོམས་ཤིང་ཞེས་པས། མདུན་བསྐྱེད་ཀྱི་ དམ་ཚིག་པ་བསྟན། དེ་ནས་ཤེས་རབ་དང་ཞེས་པ་ནས། ཡེ་ཤེས་ཀྱི་འཁོར་ལོ་ནི་ཞེས་པའི་ བར་དང༌། དེ་ལ་རོ་མཉམ་དུ་བྱ་སྟེ། ཞེས་པའི་བར་གྱིས་ཡེ་ཤེས་པ་སྤྱན་འདྲེན་རོ་མཉམ་ གྱི་བར་བསྟན་ནོ། །དེ་དག་ནི་དངོས་བསྟན་ཚིག་གིས་གསལ་བ་དེ་ཡིན་ཞིང༌། སྐུ་གསུང་ ཐུགས་ཀྱི་བྱིན་རླབས་དང༌། རིགས་བདག་གི་རྒྱས་འདེབས་ནི་ལྷ་དབང་བསྐུར་བ་ཡིན་པ་ དང༌། རྡོ་རྗེ་བཞིའི་རྒྱས་བཏབ་ཀྱང་དེའི་རྗེས་འབྲང་ཡིན་པས་བྱ་དགོས་ལ། ཡི་གེ་འགོད་ པའང་སྐྱེ་མཆེད་བྱིན་རླབས་ཀྱི་དོད་ཡིན་པས་བྱའོ། །སྔ་མའི་འཕྲོས་ལས། དེ་ལྟར་རབ་ཏུ་ གནས་པ་བྱས་ཏེ་ཞེས་འབྱུང་བ་ལྟར། འདི་རྡུལ་མཚོན་གྱི་དཀྱིལ་འཁོར་རང་ལ་བལྟོས་པའི་ 3-1-580 རབ་གནས་དངོས་ཡིན་པས། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་དང་བསྲེ་བ། དབང་བསྐུར་ རྒྱས་བཏབ་རྣམས་མེད་མི་རུང་ཡིན་ཏེ། རབ་གནས་དངོས་རང་དེ་ཆོ་ག་གསུམ་པོ་དེ་དག་ ཡིན་པས་སོ། །གཙོ་བོ་ཡབ་ཡུམ་ནི་མདུན་བསྐྱེད་སྐབས་འདིར་ཡང་ཀུན་ཁྱབ་ཀྱི་རིགས་སུ་ གྱུར་པ་ཡིན་མོད། མདུན་བསྐྱེད་ཀྱི་གཙོ་བོས་འཁོར་གྱི་དཀྱིལ་འཁོར་སྤྲོ་བ་སོགས་འཁོར་གྱི་ ཚོགས་ལ་སྐྱེ་དགུའི་བདག་པོའི་མཛད་པ་མཛད་མི་དགོས་པ་དང༌། རྡུལ་ཚོན་གྱི་ལྷ་ལ་རབ་ གནས་ཡིན་པའི་ཕྱིར། གཙོ་བོ་ཡབ་ཡུམ་ལ་ཡང་རྒྱས་བཏབ་བྱེད་དེ། མདུན་བསྐྱེད་ཀྱི་གཙོ་ བོ་དེ་འཁོར་ཚོགས་ལ་ཀུན་ཁྱབ་དབང་སྒྱུར་བ་པོ་ཡིན་དུ་ཆུག་ཀྱང་མདུན་བསྐྱེད་བཟང་པོར་ གཏོང་པ་བདག་བསྐྱེད་ཀྱིས་བྱིན་གྱིས་རློབས་པ་ལ་རག་ལུས་པས་རབ་ཏུ་གནས་པ་བྱ་ལ། རབ་གནས་བྱེད་པ་པོས་དབང་བསྒྱུར་བའི་ཕྱིར་བདག་བསྐྱེད་ཀྱིས་སྤྲུལ་པའི་རྒྱས་འདེབས་ བྱེད་དོ། །དེ་ཡང་གཙོ་བོ་མི་བསྐྱོད་པའི་རིགས་ལ་རྡོ་རྗེ་སེམས་དཔའ་དང༌། ཡུམ་རྡོར་སེམས་ ཀྱི་རིགས་ལ་མི་བསྐྱོད་པའོ། །ཡང་སྐབས་འདི་དག་ཏུ་བུ་སྟོན་ཆེན་པོ་ནི་དཀྱིལ་འཁོར་གཞན་ ལ་བོད་རྣམས་བསྲེ་བའི་ཐ་སྙད་བྱེད་པ་ལྟར། ས་ཆོག་གི་དུས་ཀྱི་དམ་ཡེ་གཉིས། སྟ་གོན་ གྱི་དམ་ཚིག་པ་ལ་བཅུག་པས་གསུམ་བསྲེས། དེ་ནམ་མཁར་བཏེགས་པ་རྡུལ་ཚོན་གྱི་དམ་ ཚིག་པ་ལ་བསྟིམས་པས་བཞི་བསྲེས། དེ་ལ་ཡེ་ཤེས་པ་བསྟིམས་པས་ལྔ་བསྲེས་སོ་གསུང་ ཡང༌། དུས་འཁོར་གྱི་རྒྱུད་འགྲེལ་ལྟ་ཞོག ཆོ་ག་གཞན་དང་གོ་བསྟུན་ཤིན་ཏུ་མང་བའི་སཱ་དྷུ་ པུ་ཏྲས་ཀྱང་དེ་ལྟར་བཤད་པ་མེད་པ་ལ་ཁོང་པ་རང་གི་ཕྱག་ལེན་ལྟར་ན་སྔར་གཞན་གྱིས་ཐ་ སྙད་སྦྱར་བ་མེད་ཀྱང་དོན་ཚང་འདུག་པས་ཐ་སྙད་དེ་བཞིན་གསར་དུ་མཛད་ཀྱང་ཆོག་མོད། རང་ལུགས་རྒྱུད་འགྲེལ་དངོས་བསྟན་གྱི་ལུགས་ཡིན་པས་དེ་དག་མི་དགོས་ཏེ། ས་ཆོག་ལ་ དཀྱིལ་འཁོར་ནམ་མཁར་འདེགས་པ་མེད་པའི་ཕྱིར་དང༌། ལྷ་ལྷག་གནས་གསོལ་བཏབ་ ཀྱང་རང་བཞིན་གྱི་གནས་སུ་གཤེགས་པའི་ཕྱིར། སྐབས་འདིར་སྟ་གོན་གྱི་ལྷ་བསྲེ་མི་དགོས་ 3-1-581 ཤིང༌། དེའི་བྱ་བ་ཐམས་ཅད་ཡེ་ཤེས་པ་བསྲེས་པ་ཁོ་ནས་འགྲུབ་པའི་ཕྱིར་རོ། །དེས་ན་བསྲེ་ བའི་ཐ་སྙད་གཞུང་ཁུངས་མ་ནས་མ་བཤད་པས་རང་ལུགས་ལ་བསྲེ་བའི་གྲངས་ཀ་མི་བགྲོང་ པ་ཉིད་མཆོག་ཡིན་ནོ།། །། དྲུག་པ་མཆོད་གཏོར་གྱི་རིམ་པས་མཉེས་པར་བྱེད་པ་ལ་སྐབས་འདིར་ཉེར་མཁོ་མཆོད་ པ་མདོར་བསྡུས་དཀྱུས་སུ་བསྒྲིགས་པའི་རིམ་པ་ལ། མཆོད་པ་བྱིན་རླབས་མགྲོན༡། སྤྱན་ འདྲེན༢། ཆུ་བཞི༣། མཆོད་པ་བཅུ་གཉིས་པ་༤རིགས་གཉིས༥། ན་བཟའ༦། མཆོད་པ་བཅུ་ གསུམ་པ༧། མཆོད་པ་བཅུ་པ༨། བཀྲ་ཤིས་རྟགས་བརྒྱད༩། རྒྱལ་སྲིད་སྣ་བདུན༡༠། འདོད་ ཡོན་ལྔ༡༡། བཀྲ་ཤིས་དགེ་བའི་རྫས་བརྒྱད༡༢། མཆོད་བུམ༡༣། དམ་རྫས་བཅུ༡༤། དམ་ རྫས་སོ་བདུན༡༥། ན་མཿའི་མཆོད་པ༡༦། གསང་བ་རྗེས་ཆགས་ཀྱི་མཆོད་པ༡༧། སྣ་ཚོགས་ ཐོར་བུའི་མཆོད་པ༡༨། དེ་ཁོ་ན་ཉིད་ཀྱི་མཆོད་པ༡༩། བསྟོད་པའི་མཆོད་པ༢༠། གཏོར་མའི་ མཆོད་པ་༢༡རྣམས་སོ། །དེ་ལྟར་དོན་ཚན་ཉེར་གཅིག་ལས་གཞན་རྣམས་གོ་སླ་ལ། མཆོད་ པ་བཅུ་གཉིས་ལ། དང་པོ་ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །སོགས་ནི་དྲི་ཆབ་ ལ་སོགས་པའི་མཆོད་པའི་ཡོ་བྱད་ཉིད་གཙོ་བོར་འབུལ་བ་ཡིན། གར་སྒེག་བཞད་འདོད་ བཞི་ནི། སྐབས་འདིར་ཡང་ལྷ་མོ་ཡིན་མོད། ཕྱག་མཚན་རྒྱན་གོས་མལ་སྟན་སོགས་ཡོ་བྱད་ ཀྱི་ཞོར་ལ་བྱུང་བའོ། །ཕྱི་མ་ཙ་སྡེ་ཐུང་རིང་ལས་སྐྱེས་པའི། །སོགས་ནི་གཟུངས་མ་ཉེར་སྤྱོད་ མོ་བཅུ་གཉིས་ཡིན་པ། མེ་ཏོག་ལ་སོགས་པ་ཡོ་བྱད་རྣམས་ཞོར་ཐབས་སོ། །མཆོད་པ་བཅུ་ གཉིས་ལ་ཕྱི་ནང་གསང་བ་གསུམ་ཚང་བར་བཞེད། མཆོད་པ་བཅུ་གསུམ་པ་དང༌། བཅུ་པ་ ཕྱི་མཆོད་ཉིད་དང༌། དམ་རྫས་བཅུ་དང་སོ་བདུན་ནང་མཆོད་ཀྱི་ཁོངས་སུ་འདུ་བ་དང༌། ན་ མཿའི་མཆོད་སྔགས་ནི། སྤྱིར་མཆོད་པ་སྤྱི་འགྲོ་ཡིན་ཡང་ལག་ལེན་ནང་མཆོད་ལ་གཙོ་བོར་ སྦྱོར་བ་དང༌། གསང་བ་རྗེས་ཆགས་ནི་མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་སྐུ་ལ་སོགས་ཏེ་སྤྱི་ 3-1-582 དང་འདྲའོ། །སྣ་ཚོགས་ཐོར་བུའི་སྐབས་སུ། ཉོན་མོངས་མ་ལུས་སོགས་ཕྱི་དང་འགྲེལ་པ་ དང༌། དབང་བསྐུར་དངོས་གྲུབ་དོན་དུ་ནི། །སོགས་གསང་མཆོད་དང་འབྲེལ་བའོ། །དེ་ཁོ་ ན་ཉིད་ཀྱི་མཆོད་པ་ནི། །ཀུནྡ་རབ་ཏུ་ཁྱབ་བྱེད་སོགས་ཏེ། །མཆོད་པ་རྣམས་ཀྱི་མཚོན་དོན་ དག་པ་ངེས་དོན་སྒོམ་པ་སྟེ། འདིར་མཆོད་པའི་གཙོ་བོ་ཡིན་པའི་ཕྱིར། མཆོད་པ་བཅུ་གཉིས་ ཀྱི་ངེས་དོན་བསམ་ཞིང་མོས་པའོ། །དེ་ཡང་ཞུ་བདེ་འགྱུར་མེད་ཀྱི་མཐར་བྱང་སེམས་ཀུནྡས་ ལུས་ལ་ཁྱབ་པ་ནི་དྲིའི་བྱུག་པ་དང༌། དམར་ཆས་ཀྱང་དེ་ལྟར་ཁྱབ་པ་ནི་མེ་ཏོག་དང༌། རྣམ་ དག་ཉི་ཟླ་ནི། དེ་གཉིས་བསྡོམས་པ་སྟེ། དཀར་དམར་བཅིངས་པས་ཉི་ཟླའི་རྩ་རླུང་ཐིག་ལེ་ དག་པའོ། །གཏུམ་མོ་འབར་བས་སེམས་སྤྲོས་བྲལ་དུ་ཤར་བ་ནི། རྣམ་རྟོག་བསྲེགས་པས་ སྤོས་དང༌། གཞོམ་མེད་མི་ཤིགས་པ་ལ་རླུང་ཐིམ་པའི་གསལ་སྣང་ནི་སྒྲོན་མེ་དང༌། སྤྲོས་ བྲལ་ཡེ་ཤེས་ཀྱི་སྣང་བ་ནི། དེ་གཉིས་བསྡོམས་པའི་དོན་དང༌། སྟོང་གཟུགས་ཀྱི་འདོད་ཡོན་ ལྔ་ནི་ཟས་མཆོག་དང༌། ཞུ་བདེ་འགྱུར་མེད་དངོས་ནི་འབྲས་བུ་དང༌། དེ་གཉིས་བསྡོམས་ པས་རྗེས་དྲན་དུ་སྟོང་གཟུགས་ཀྱིས་ཐིག་ལེ་འཆིང་བ་དང་མ་དག་པའི་ལུས་དབྱིངས་སུ་ཐིམ་ པ་སྒེག་མོ་དང༌། ལས་རླུང་རྩ་བ་ནས་ཐིམ་པ་བཞད་མ་དང༌། དེ་གཉིས་བསྡོམས་པ་ཏིང་ངེ་ འཛིན་གྱི་ཡན་ལག་ཏུ་ལས་རླུང་འགག་པའི་ས་བཅུ་གཉིས་པའི་མཐར་རྡོ་རྗེའི་སྐུ་འགྲུབ་པ་ དང༌། གཞོམ་མེད་སྔགས་ཀྱི་སྒྲ་རོལ་མོ་དང༌། ལས་དང་ཡེ་ཤེས་ཀྱི་ཕྱག་ཆེན་གསུམ་གར་ ཏེ། དེ་གཉིས་བསྡོམས་པས་བརྟུལ་ཞུགས་སྤྱོད་པའི་རོལ་རྩེད་དང་སྔགས་མཐུས་འགྲོ་དོན་ བྱེད་པའོ། །གསུངས་སྒྲ་སྐད་རྣམ་པ་ཐམས་ཅད་པ་གླུ་དང༌། ཐུགས་དང་ཡེ་ཤེས་མི་འགྱུར་ བའི་བདེ་བ་འདོད་པ་མོ་སྟེ། དེ་གཉིས་དང་གོང་གི་གར་མའི་ངེས་དོན་སྐུ་རྡོ་རྗེ་བསྡོམས་པས་ འབྲས་བུ་རྡོ་རྗེ་བཞིའོ། ། ད་ནི་རྒྱུད་འདི་ཉིད་ལས་འབྱུང་བའི་མཆོད་པ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། 3-1-583 མཆོད་པ་དངོས་དང༌། བསྟོད་པ་དང༌། གཏོར་མ་འབུལ་བ་སྟེ་གསུམ་མོ། ། དང་པོ་ནི། དེ་ནས་མཆོད་པ་རྒྱ་ཆེར་བཤམ་ཞེས་པ་ལ་སོགས་པ་སྟེ། སླར་ཡང་མཆོད་ པའི་ཡུལ་རྣམས་སྤྱན་དྲངས་ཏེ་མཆོད་པ་ཡིན་ལ། དེ་ཡང་དཀྱིལ་འཁོར་ཆེན་པོའི་ཕྱོགས་ མཚམས་བརྒྱད་དུ་མཎྜལ་འདུས་བྱས་པ་རྣམས་དང༌། ཁྱད་པར་དུ་ཡང་ཤར་དུ་མཆོད་ཡོན་ ཀྱི་སྣོད་བཟེད་ཞལ་དང༌། རྒྱལ་བའི་བུམ་པའི་མདུན་དུ་སྒྲུབ་ཐབས་ཀྱི་མཆོད་ཆོག་ཏུ་བཤད་ པ་ལྟར་གྱི་མཎྜལ་འདུས་བྱས། ཆུ་བཞི་འབུལ་བའི་སྐབས་སུ་མཆོད་པའི་དུང་ཆོས་དྲི་བཟང་ གི་ཆུས་གང་བས་བཟེད་ཞལ་དུ་འབུལ་བར་བྱེད་ལ། མེ་ཏོག་སོགས་རེ་རེ་བཞིན་ཡང་འགྲུབ་ ན་ལྷ་སོ་སོའི་མཚན་དང་སྤེལ་ནས་འབུལ་བ་ཡིན་མོད་ཀྱང༌། ད་ལྟ་དེ་འགྲུབ་དཀའ་བའི་ དབང་དུ་བྱས་ནས་རིན་པོ་ཆེའི་མཎྜལ་གཅིག་ལ་ནང་མཆོད་དྲི་བཟང་གིས་བྱུགས། ཚོམ་ བུ་མཚོན་ཙམ་བཀོད་ནས་ཟངས་གཞོང་ལ་སོགས་པའི་ནང་དུ་བཅུག་ལ། རྒྱལ་བའི་བུམ་ པ་དང་ཉེ་བར་བཞག དེའི་གཡས་གཡོན་མདུན་གསུམ་དུ་ཁྲུས་དང་གཙང་སྦྲ་བྱས་པའི་མི་ གསུམ་བསྡད་དེ། མདུན་མས་ནང་མཆོད། གཡས་པས་དྲི་བཟང་གི་ཆུ་དང༌། མེ་ཏོག གཡོན་ པས་མཐེབ་ཀྱུ་ལྟ་བུའི་བཤོས་གཙང་དང༌། མེ་ཏོག་བཏབ་པའི་འོ་ཆབ་སྟེ་མཆོད་པ་དེ་རྣམས་ སྔགས་རེ་རེ་དང་བསྟུན་རེ་རེ་འབུལ། དེའི་དྲུང་དུ་མར་མེ་ཆེ་བ་ཞིག་སྤར། སྤོས་ཕོར་དུ་སྤོས་ དུད་བཏུལ། ནང་མཆོད་འབུལ་མཁན་གྱི་རྒྱབ་ཏུ་གཅིག་གིས་འགྲེངས་ཏེ་ཌཱ་མ་རུ་དཀྲོལ། ན་ མཿའི་མཆོད་སྔགས་ཆེན་མོས་དེ་རྣམས་དུས་གཅིག་ཏུ་འབུལ་བ་ཡིན། ཨརྒྷཾ་ཆེན་མོའི་སྔགས་ བོད་སྐད་དུ་བསྒྱུར་ཏེ་ཕུལ་ཀྱང་ལེགས་སོ། །མཆོད་པའི་སྐབས་འདིར་རྒྱུད་འགྲེལ་ལས་རྫས་ ཀྱི་དབྱེ་བ་དུ་མ་གསུངས་པའི་སྙིང་པོ་ནི། ཞི་བ་ལ་མཆོད་ཡོན་གྱི་སྣོད། ཤེལ་དཀར་པོ་ལས་ གྲུབ་པ་པདྨ་འདབ་བརྒྱད་ཀྱི་དབྱིབས་ཅན། རྒྱར་མཐོ་གང་ལྟེ་བ་སོར་བཞི་པའོ། །འདི་ནི་ ལས་ཐམས་ཅད་པ་དང༌། མཆོག་སྒྲུབ་ཀྱི་དོན་དུའང་ཡིན་ནོ། །དེ་བཞིན་དུ་རྒྱས་པ་ལ་དངུལ། 3-1-584 བསད་པ་ལ་ཐོད་པ། དབྱེ་བསྐྲད་ལ་ལྕགས། དབང་དགུག་ལ་གསེར་དང་ཟངས། རྨོངས་ རེངས་ལ་ཤིང་དང་སའོ། །ཞི་རྒྱས་དྲི་ཞིམ་མེ་ཏོག་དཀར། །ཨ་ཀ་ར་སིཧླ་ག་བུར་སྦྲང༌། །ཀ་ ར་སྦྱར་བ་བསིལ་བའི་སྤོས། །ཞི་རྒྱས་འོ་མ་ཞོ་སྦྱར་ཟན། །ཙནྡན་ལྡེ་གུའི་བྱུག་པ་དང༌། །རྩི་ མར་མར་མེ་ནམ་བཟའ་དཀར། །མ་ཉམས་འབྲས་ནི་ས་ལིའོ། །བསད་བསྐྲད་དབྱེ་བའི་ལས་ རྣམས་ལ། །མེ་ཏོག་རོ་ཚ་ཚེར་ཅན་ནག །ཁྲག་བཅས་བཤང་བ་ཤ་ཡི་སྤོས། །བསད་ལ་མཆིན་ པ་བསྐྲད་ལ་ཤ །ཁྲག་དང་སོལ་བའི་བྱུག་པ་སྟེ། །ཞག་གི་མར་མེ་ནམ་བཟའ་ནག །ཀེ་ཙེ་ སོགས་ཀྱི་མ་ཉམས་འབྲས། །དབང་དགུག་མེ་ཏོག་དམར་པོ་སྟེ། །གུ་གུལ་རྒྱ་སྐྱེགས་སྤོས་ དཀར་དང༌། །ཀུན་དུར་ཐང་ཆུ་བུ་རམ་སྤོས། །དབང་མར་དགུག་ལ་འབྲུ་མར་ཟན། །གུར་ གུམ་གི་ཧཾ་ཙན་དམར་དྲི། །ཏིལ་མར་སྣང་གསལ་ནམ་བཟའ་དམར། །མ་ཉམས་འབྲས་བུ་ ཡུངས་ཀར་རོ། །རྨོངས་རེངས་མེ་ཏོག་སེར་པོ་སྟེ། །བུ་རམ་ཨ་རུ་ར་སྦྱར་བའི། །སྤོས་ནི་སྐ་ བའི་སྤོས་ཞེས་བྱ། །རྨོངས་ལ་སྲན་ཆུང་མུད་ག་དང༌། །རེངས་ལ་ཙ་ན་ཀ་ཉ་ཤ །ཡུང་པ་བབ་ བླའི་དྲི་ཆབ་དང༌། །ཟར་མ་བསེ་ཤིང་འབྲུ་མར་མེ། །སྲན་ཆུང་དང་ནི་ངན་འབྲུ་ཡི། །མ་ཉམས་ འབྲས་ཏེ་ནམ་བཟའ་སེར། །ལས་ཐམས་ཅད་ལ་ནམ་བཟའ་ལྗང༌། །ཞི་རྒྱས་དབང་དགུག་ ཐམས་ཅད་འབུལ། །ཞེས་སོ། །མཆོག་གི་དོན་དུ་ནི། ཞི་བ་དང་དྲག་པོའི་མཆོད་པ་ཀུན་ཡང་ འབུལ་བ་ཡིན་མོད་ཀྱི། སྤྱིར་བཏང་དབང་བསྐུར་རབ་གནས་ལ་མེ་ཏོག་ཚེར་མ་ཅན་དང༌། དྲི་ མི་ཞིམ་པའི་སྤོས་དང་བྱུག་པ་ནི་མི་བྱ་སྟེ། འོན་ཀྱང་དམིགས་གསལ་ལས་དེ་དང་དེ་སྒོས་སུ་ སྒྲུབ་པའི་ཕྱིར་དུ་ཡིན་ན་ནི་ངེས་པར་དགོས་སོ། ། གཞན་ཡང་མཆོད་པའི་ཁྱད་པར་དབང་ལེ་གྱ་བཞི་པར། རིན་ཆེན་ཨིཎྜ་གསེར་གྱི་མེ་ ཏོག་དང་ནི་རྣམ་མང་གོས་དང་དྲི་དང་སྤོས་དང་མར་མེ་དང༌། །དྲིལ་བུ་མེ་ལོང་བླ་བྲེ་དང་ནི་ རྣམ་མང་འབྲས་བུ་བ་དན་སོགས་དང་གར་དང་རོལ་མོ་ཡིས། །ཞེས་མཆོད་པ་བཅུ་གསུམ་ 3-1-585 དང༌། ཡང་བརྒྱ་ང་ལྔ་པར། ཆུ་དང་མཆོད་ཡོན་དྲི་དང་མེ་ཏོག་དང་ནི་འབྲས་བུ་མ་ཉམས་པ་ དང་མར་མེ་དང༌། །ལྷ་བཤོས་དང་ནི་འདིར་ནི་ནམ་བཟར་འགྱུར་ཏེ་བཅུ་པོ་རྣམས་ནི་འཁོར་ ལོ་འདུས་པ་དག་ལ་ཡང༌། །ཞེས་ཕྱིའི་མཆོད་པ་བཅུ་དང༌། ཁུ་བ་གཅི་བ་རྐང་དང་བཤང་བ་ དག་དང་ཤ་དང་མཆིན་པ་དག་དང་མཁྲིས་པ་ཁྲག་དང་ནི། །རྒྱུ་མ་ལྤགས་པ་རྣམས་ནི་རྣམ་ པ་བཅུ་རུ་འགྱུར་ཏེ་རྒྱལ་པོ་འཁོར་ལོ་འདུས་པ་དག་ལ་ཡང༌། །ཞེས་ནང་གི་མཆོད་པ་བཅུ་ གསུངས། ང་གསུམ་པ་སོགས་སུ། སོ་དང་སྐྲ་དང་ལྤགས་པ་ལ་སོགས་ཆུ་རྒྱུས་དང་བཅས་ རུས་པ་སྙིང་དང་པདྨ་དང༌། །ཤིག་དང་བ་སྤུ་སྲིན་བུ་དང་ནི་རབ་མཆོག་མི་བདག་གློ་བ་རྒྱུ་མ་ ཆུ་སོ་བད་ཀན་དང༌། །མཁྲིས་པ་ཆུ་དང་རྣག་དང་ཁྲག་དང་{རྡུལ་[རྔུལ་]དང་ཚིལ་བུ་མཆི་ མ་མཆིལ་མ་རྣབས་དང་དྲི་ཆུ་དང༌། །ཆུ་སེར་ཞག་དང་བཤང་བ་རྣམས་ཏེ་སྣ་ཚོགས་ལུས་ལ་ གནས་པ་ཁ་དོག་དང་ནི་དྲི་རྣམས་དང༌། །ལྕེ་དང་མིག་དང་རྣ་བ་སྣ་དང་རི་བོང་ཅན་བཅས་ ཉིན་བྱེད་རྣམས་ཀྱིས་ལྷ་ལ་མཆོད་པ་བྱ། །ཞེས་ནང་གི་ཁམས་སུམ་ཅུ་སོ་དྲུག་དམ་རྫས་ནང་ གི་མཆོད་པའི་དོན་དུ་གསུངས་སོ། །མཆོད་པ་བཅུ་གཉིས་ནི་དཀྱུས་ཀྱི་མཆོད་པ་ཡིན་པས་ ཡང་དང་ཡང་དུ་དགོས་ཤིང་གཞན་འདི་རྣམས་ཀྱང་དཀྱིལ་འཁོར་མཆོད་པའི་སྐབས་སུ་ངེས་ པར་གལ་ཆེའོ།། །། གཉིས་པ་ནི་བསྟོད་པའི་སྐབས་འདིར་དང་པོ་མཚན་བརྗོད་ལས་འབྱུང་བ་འདུད་ཉི་ ཤུས་བསྟོད་པ་ནི་མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །སོགས་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། སངས་རྒྱས་ཆགས་པ་སོགས་མཉམ་ཉིད་ཡེ་ཤེས་དང༌། སངས་རྒྱས་འཛུམ་པ་སོགས་སོར་ རྟོག་ཡེ་ཤེས་དང༌། དངོས་མེད་ལས་བྱུང་སོགས་བྱ་སྒྲུབ་ཡེ་ཤེས་དང༌། སྒྱུ་འཕྲུལ་དྲ་བ་སོགས་ ཆོས་དབྱིངས་ཡེ་ཤེས་སོ། །དེ་ཡང་གང་ལ་དམིགས་ན། མཆོག་སྟེ་ཕུན་སུམ་ཚོགས་པ་ཐམས་ ཅད་ཐོབ་པར་འགྱུར་བ་ནི། མཆོག་སྦྱིན་པ་སྟེ་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར། དེའི་ 3-1-586 ནང་ནས་ཀྱང་མཆོག་ཡིན་ལ། རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནམ་དུ་ཡང་ གཞིག་ཏུ་མེད་པའི་ཕྱིར་རྡོ་རྗེའོ། །ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཡིན་པའི་ཕྱིར་ཡང་དག་པའི་ མཐའོ། །སྟོང་ཉིད་སྙིང་པོ་ནི་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་རང་གིས་རིག་པའི་དོན་ནོ། །སྟོང་ ཉིད་ལས་བྱུང་ཞེས་འབྱུང་བ་ལ་ཡང་དོན་དེ་ཉིད་དོ། །སངས་རྒྱས་བྱང་ཆུབ་ནི་མི་འགྱུར་བའི་ བདེ་བ་ཡང་དག་པར་རྟོགས་པའོ།། །། གཉིས་པའི་དབང་དུ་བྱས་ནས་དོན་དམ་འདོད་ཆགས་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་ སངས་རྒྱས་ཆགས་པའོ། །སངས་རྒྱས་ཉིད་ཀྱང་ཡིན་ལ་འདོད་པར་བྱ་བའི་གནས་ལེགས་པ་ ཐམས་ཅད་ཀྱི་མཐར་ཐུག་ཡིན་པའི་ཕྱིར་སངས་རྒྱས་འདོད་པའོ། །རྟག་ཏུ་དོན་དམ་པའི་བདེ་ བ་ཆེན་པོས་དགྱེས་པའི་ཕྱིར་སངས་རྒྱས་དགྱེས་པའོ། །རྣམ་འཕྲུལ་སྣ་ཚོགས་པའི་རོལ་པ་ དང་བཅས་ཀྱང་བདེ་ཆེན་གཅིག་གི་ངོ་བོར་རོ་མཉམ་པའི་ཕྱིར་སངས་རྒྱས་རོལ་པའོ།། །། གསུམ་པའི་དབང་དུ་བྱས་ནས་བདེ་བ་ཆེན་པོའི་འོད་ཟེར་ཤིན་ཏུ་གསལ་པས་སངས་ རྒྱས་འཛུམ་པའོ། །དོན་དམ་ལྷན་ཅིག་སྐྱེས་པའི་གཏུམ་མོའི་སྣང་བས་རྣམ་པར་མི་རྟོག་ བཞིན་དུ་སྒྲ་སྐད་ཐམས་ཅད་པའི་ཆོས་ཀྱི་སྒྲ་འབྱུང་བའི་ཕྱིར་སངས་རྒྱས་བཞད་པའོ། །སྲོག་ ལ་སོགས་པའི་རླུང་བཅུ་རྣམ་པར་དག་པའི་ཕྱིར་དང༌། རྡུལ་འགགས་པའི་གཞོམ་མེད་ཀྱི་ སྒྲ་ནི་སངས་རྒྱས་གསུང་པའོ། །རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་གཅིག་པུ་ཉིད་དུ་གྱུར་པའི་ ཕྱིར་སངས་རྒྱས་ཐུགས་སོ།། །། བཞི་པའི་དབང་དུ་བྱས་ནས་དངོས་པོ་ཐམས་ཅད་ལས་ཡོངས་སུ་འདས་པའི་རྣམ་པ་ ཀུན་ལྡན་ལས་རྟག་ཏུ་བྱུང་བའི་ཕྱིར་རྡོ་རྗེ་སེམས་དཔའ་ནི་དངོས་པོ་མེད་པ་ལས་བྱུང་བའོ། ། རྟག་ཏུ་ཡེ་ཤེས་རྒྱུན་ཆད་པ་མེད་པའི་ཕྱིར་སངས་རྒྱས་འབྱུང་བའོ། །གདོད་མ་ནས་བྱུང་བའི་ ཕྱིར་ནམ་མཁའ་ལས་བྱུང་བའོ། །རྡུལ་ཕྲ་རབ་ལས་འདས་པ་ཟུང་འཇུག་གི་ཡེ་ཤེས་རྒྱུ་རྐྱེན་ 3-1-587 སྤངས་པའི་ཡེ་ཤེས་ཉིད་གནས་པ་ཁོ་ནའི་ཕྱིར་ཡེ་ཤེས་ལས་བྱུང་བའོ།། །། ལྔ་པའི་དབང་དུ་བྱས་ནས་ངོ་བོ་རྣམ་པ་ཀུན་ལྡན་འཕྲིན་ལས་དུས་གསུམ་ཤེས་བྱ་ཀུན་ ལ་ཁྱབ་པས་སྒྱུ་འཕྲུལ་དྲ་བའོ། །འཁོར་འདས་ཀུན་གྱི་གཞི་ཡིན་པའི་ཕྱིར་ཐམས་ཅད་སྟོན་ པས་སངས་རྒྱས་རོལ་སྟོན་ནོ། །ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར། ཐམས་ ཅད་ཐམས་ཅད་དོ། །དེ་ཉིད་ཀུན་རྫོབ་རྣམ་ཤེས་ཀྱི་ཆོས་ལས་གདོད་ནས་གྲོལ་བའི་ཆོས་ སྐུ་ཡིན་པའི་ཕྱིར་ཡེ་ཤེས་སྐུ་ཉིད་དོ། །དེ་དག་ཐམས་ཅད་དུ་ཕྱག་འཚལ་བ་དང་འདུད་པ་ནི། ཀུན་རྫོབ་ཏུ་དད་པས་ཕྱག་འཚལ་བ་དང་དོན་དམ་པར་ཕྱག་འཚལ་བ་པོའི་སེམས་ཉིད་དང༌། ཕྱག་འཚལ་བའི་ཡུལ་གྱི་རང་བཞིན་དབྱེར་མེད་དུ་གདོད་ནས་གྲུབ་པ་ཡེ་ཤེས་ཀྱིས་མངོན་ སུམ་དུ་རྟོགས་པ་སྟེ། ལས་དང་པོ་པས་མོས་པའི་སྒོ་ནས་སོ། །དེ་ནས་བར་འདིར་འདོན་པར་ བྱ་རྒྱུ་དུས་ཀྱི་འཁོར་ལོ་བདེ་བ་ཆེ། །ཞེས་སོགས་བསྟོད་པ་ཐོར་བུ་རྣམས་ཀྱི་དོན་ནི་གོ་སླ་བས་ རེ་ཞིག་བཞག་གོ ། །། གཉིས་པ་བསྡུས་རྒྱུད་ལས་འབྱུང་བ། ཡེ་ཤེས་ལྔའི་བསྟོད་པར་གྲགས་པ། གང་ལ་ཐོག་ མཐའ་དབུས་མེད་སོགས་ཏེ། འདི་ལ་གཉིས་སྟོང་ཆེན་ཡི་གེ་ལྔ་ལ་བསྟོད་པ་དང༌། འགྱུར་ མེད་དྲུག་ལ་བསྟོད་པའོ། །དེ་ཡང་སྟོང་ཆེན་དང་པོར་ནམ་མཁའི་ཁམས་ཀྱི་དྭངས་མ་ནི། ཆོས་ཀྱི་དབྱིངས་ཉིད་ཀྱི་ཕྱིར། བདག་མེད་གཉིས་ཀྱི་སྒོ་ནས་བསྟོད་དེ། སྟོང་གཞི་ཆོས་ཀྱི་ དབྱིངས་ཀྱི་ཡེ་ཤེས་གང་ལ་ཐོག་མ་དང་ཐ་མ་དང་དབུས་ཀྱི་དུས་མེད་དེ་ཡེ་ཤེས་དེ་ནི་དུས་ ལས་གྲོལ་བ་དང༌། དུས་མེད་པའི་ཕྱིར་ཕྱོགས་ཆ་ལས་ཀྱང་གྲོལ་ལ། རྣམ་འགྱུར་གྱི་སྒོ་ནས་ གནས་པ་དང༌། འཆི་བ་སྟེ་འཇིག་པ་དང༌། སྲིད་པ་སྟེ་སྐྱེ་བ་མེད་ལ། རྣམ་པའི་སྒོ་ནས་སྒྲ་དང་ དྲི་དང་རོ་དང་རེག་བྱ་དང་གཟུགས་ཏེ་གཟུང་པ་མེད་ཅིང༌། དེ་མེད་པས་འཛིན་པ་སེམས་ཀྱང་ མེད་དོ། །དེ་ལྟར་ན་དུས་དང་ཕྱོགས་དང་རྣམ་འགྱུར་དང་གཟུང་འཛིན་བྲལ་བ་དེ་ནི་ཆོས་ཀྱི་ 3-1-588 བདག་མེད་གྱི་དབང་དུ་མཛད་པའོ། །གང་ཟག་གི་ལོངས་སྤྱད་པར་བྱ་རྒྱུ་རང་བཞིན་ཉི་ཤུ་རྩ་ བཞི་ཡང་མེད་ལ། ཉེར་ལྔ་པ་ཚོར་བ་པོ་དང༌། མྱོང་བ་པོ་དང་ཤེས་པ་པོར་གྱུར་པའི་སྐྱེས་བུ་ བདག་ཀྱང་མེད་ཅིང༌། འཆིང་བས་བཅིངས་པ་དང༌། ལམ་གྱི་གྲོལ་རྒྱུའི་བདག་ཀྱང་མ་གྲུབ་ ལ། བདེ་སྡུག་དང་བཅིངས་གྲོལ་དང༌། སྲིད་པ་སྐྱེ་འཇིག་བྱེད་པའི་བྱེད་པ་པོའི་སྐྱེས་བུ་ཡང་ མེད་ལ། ས་བོན་བག་ཆགས་རང་བཞིན་གྱིས་མ་གྲུབ་པས་རྒྱུ་ས་བོན་གྱི་ཚུལ་དུ་གནས་པའི་ བདག་ཀྱང་མེད་དེ། ཀུན་གཞི་རྣམ་ཤེས་གདོད་ནས་མ་གྲུབ་པའི་ཕྱིར་རོ། །འདིར་ནི་ཀུན་ གཞི་རྣམ་ཤེས་བདག་ཏུ་འདོགས་པའི་གཞི་ཡིན་ཡང་དེ་ལ་བདག་མེད་པའོ། །སྐྱེས་བུ་འདི་ ལྟ་བུ་ཞིག་བྱུང་ངོ༌། །ཡོད་དོ་འབྱུང་བར་འགྱུར་རོ། །བདག་སྔོན་ནི་ལྷར་གྱུར་ལ་སྔོན་ལྷར་ གྱུར་པ་དེ་ནི་ད་ལྟའི་མི་ཡིན་ཞིང༌། མི་བདག་ནི་མ་འོངས་པ་ན་དམྱལ་བའོ་ཞེས་པ་ལྟ་བུ་དུས་ གསུམ་དུ་གསལ་ཞིང་ངེས་པར་འགྲོ་བ་མེད་དེ། ཡང་ན་རྒྱུའི་དུས་ན་ས་བོན་ངོ་བོས་སྟོངས་ པ་དང༌། འབྲས་བུའི་དུས་ན་གསལ་བ་མངོན་གྱུར་ངོ་བོས་མ་གྲུབ་པའོ། །མཐའ་དག་སྲིད་ པའི་གནས་འདིར་ཕུང་པོའི་རྒྱུན་ཙམ་ལས་གཞན་པའི་སྡུག་བསྔལ་དང་བདེ་བ་མྱོང་བ་པོ་ ཉིད་ཀྱི་རང་བཞིན་ཡང་གྲུབ་པ་མེད་དོ། །སྟོང་གཞི་དོན་དམ་པའི་མྱ་ངན་ལས་འདས་པ་ཆེན་ པོ་དེ་ནི་ཡོད་མེད་ཡིན་མིན་ཆེ་ཆུང་མཐའ་དབུས་སོགས་སྤྲོས་པའི་མཚན་མ་མེད་ཅིང༌། ཡུལ་ དུས་རྒྱུ་རྐྱེན་བྲལ་ཕྲད་ཀྱི་སྒོ་ནས་རྣམ་པར་འགྱུར་བ་བསྐྱེད་པའི་བྱེད་པ་དང་རྣམ་པར་བྲལ་ ལ། ཁམས་ལྔའི་ཡོན་ཏན་དང་སྒྲ་གཅན་ཉི་ཟླ་སྟེ་མུན་རྡུལ་སྙིང་སྟོབས་གསུམ་གྱི་ཡོན་ཏན་ མེད་པ་སྟེ། སྤྲོས་མེད་འགྱུར་མེད་སྒྲིབ་པ་མེད་པའི་ཡེ་ཤེས་སོ། །འདིར་ཁ་ཅིག་ཚིགས་བཅད་ འདི་གྲངས་ཅན་འགོག་པ་ཡིན་ཟེར་ཏེ། བདག་བཀག་པས་ཤུགས་ལ་ཁེགས་པ་ཙམ་ནི་ ཡིན་དུ་རུང་ལ། གཞན་དུ་ན་ཆོས་དབྱིངས་ཡེ་ཤེས་མཚོན་པ་ལ་གྲངས་ཅན་ཙམ་བཀག་པས་ དགག་བྱ་ཤིན་ཏུ་རྒྱ་{ཚུངས་[ཆུངས་]ནས་མི་ཕན་པའི་ཕྱིར་དང༌། སྔགས་ཀྱི་དམ་ཚིག་གི་ 3-1-589 སྤྱོད་པ་ཅན་དག་འདོད་པའི་ལྷ་ལ་བསྟོད་པའི་སྐབས་སུ་ཡང་གྲངས་ཅན་ལ་སྙིང་ན་སྐེ་རེ་བ་ ཡོད་པ་ལྟར་འཆད་པ་སྐབས་སུ་མ་བབ་ཅིང༌། འོས་མ་ཡིན་པའི་ཕྱིར་མི་འཐད་དོ། །ཡེ་ཤེས་ གཉིས་པ་ནི། རླུང་ཁམས་ཀྱི་དྭངས་མ་སྟོང་པ་ཆེན་པོ་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་དེ་ནི་དུས་ ཀྱི་འཁོར་ལོ་དང་སྣ་ཚོགས་ཡུམ་ལ་སོགས་པ་རྡོ་རྗེ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། མཆོག་གི་དང་པོའི་སྐྱེས་བུ་ཡིན་ལ། སྤྲོས་པ་མེད་པའི་ཡེ་ཤེས་དཔེ་དང་རྟགས་ཀྱིས་མཚོན་ དུ་མེད་དེ། ངོ་བོ་བརྗོད་བྲལ་བློས་ཡུལ་ལས་འདས་པ་དེ་ནི་ནམ་མཁའ་གཟུགས་ཅན་ཀུན་ ལ་ཁྱབ་པ་ལྟར་ཤེས་བྱ་ཀུན་ཏུ་འགྲོ་ཡང་གཞན་ལ་མ་བལྟོས་པ་རྟག་པར་ཐེར་ཟུག་ཏུ་གནས་ ཤིང༌། སྤྲོས་མེད་ཀྱི་ཡེ་ཤེས་ཁོ་ནས་ཀུན་རྫོབ་དང་དོན་དམ་པའི་སྒྲ་སྐད་ཐམས་ཅད་མཁྱེན་ པའི་ཕྱིར། སྙན་རྣམ་པ་ཐམས་ཅད་པའམ་ཀུན་ནས་སྙན་དང༌། དེ་བཞིན་དུ་ཤངས་དང་ ཞལ་དང་སྤྱན་དང་དབུ་དང་ཕྱག་དང་ཞབས་རྣམ་པ་ཐམས་ཅད་པའོ། །འབྱུང་པོ་སྣོད་བཅུད་ ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་སྟེ། འབྱུང་པོ་ཆོས་ཐམས་ཅད་ཀྱི་མགོན་ཏེ་ཆོས་ ཉིད་ཀྱང་ཡིན་ལ། མཆོག་དོན་དམ་གྱི་ཕུང་ཁམས་དབང་ཡུལ་སྣོད་བཅུད་སྲིད་པ་གསུམ་གྱི་ ངོ་བོ་མཚན་ཉིད་འཛིན་ཞིང༌། འཁོར་འདས་ཀྱི་རྒྱུ་ཀུན་གཞི་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ རྣམ་དག་གི་ཡང་རྒྱུ་སྟེ། གཞི་རྟེན་དུ་གྱུར་པ་ནང་གི་རིག་པ་སྟེ་མི་འགྱུར་བའི་བདེ་བ་ཆེན་པོ་ སོགས་པའི་སྒྲས་རླུང་འགགས་པ་དང་རྣམ་པ་ཀུན་ལྡན་ཡང་སྟེ། ལམ་གྱི་རྣལ་འབྱོར་དེ་དག་ གིས་རྟོགས་པར་བྱ་བའི་ཡུལ་གནས་ལུགས་མཆོག་གི་བདེ་བའི་གོ་འཕང་དུས་ཀྱི་འཁོར་ ལོ་ལ་ཕྱག་འཚལ་ལོ། །ཁ་ཅིག་དུས་དང་སྣ་ཚོགས་ཞེས་པ་འདི་ལ་མི་འགྱུར་བའི་དུས་དང༌། འབྱུང་བཞི་དག་པའི་སྣ་ཚོགས་རྡོ་རྗེ་ཞེས་འཆད་ཀྱང་ནུས་པ་ཆུང་ལ། ལམ་གྱི་སྐབས་སུ་དཔེ་ མེད་རྩ་དབུ་མ་དང༌། རྡོ་རྗེ་རླུང་འཛིན་པ་དང་། སྙན་སོགས་ཡན་ལག་གི་རླུང་གི་རྡོར་བཟླས་ སོ། །ཞེས་ཟེར་བ་ཡང་སྐབས་དང་མ་འབྱོར་བས་དགོས་མེད་ཀྱི་སྤྲོས་པ་ཙམ་མོ།། །། 3-1-590 སྟོང་པ་གསུམ་པ་མེ་ཁམས་ཀྱི་དྭངས་མ་ནི། དོན་དམ་མཉམ་ཉིད་ཀྱི་ཡེ་ཤེས་གང་དེ་ཇི་ ལྟ་ཇི་སྙེད་རྟོགས་པའི་ཐུགས་མཁྱེན་པ་དང༌། སྣང་སྟོང་གཉིས་སུ་མེད་པའི་སྐུ་སྣ་ཚོགས་པ་ སྤྲོ་པར་བྱེད་ཅིང༌། ཁྱད་གཞི་ནུས་མ་སྟེ་ཕྱག་རྒྱ་ཆེན་མོ་ལྷ་མོའི་གཟུགས་ལ་ཁྱད་ཆོས་ཁམས་ གསུམ་གྱི་གཟུགས་ཅན་གློག་གི་མེ་དང་མཚུངས་པ་སྟེ། གཏུམ་མོའི་འབར་སྣང་འཕོ་བ་བཅུ་ གཉིས་དང་རྟེན་འབྲེལ་བཅུ་གཉིས་སྒྲིབ་བྲལ་དུ་གྱུར་པས། ཤེས་རབ་བདེན་དོན་གྱི་ཡེ་ཤེས་ བཅུ་གཉིས་ཉི་མ་བཅུ་གཉིས་ལྟ་བུ་དག་གི་གཟི་བརྗིད་ཅན་ཡེ་ཤེས་རྡོ་རྗེ་བདེ་བ་ཆེན་པོ་ལ་ ཀུན་རྫོབ་ལམ་གྱི་དུས་སུ་བསྐྱེད་འཕེལ་བརྟན་གསུམ་གྱི་བྱ་བ་བྱེད་ནུས་པའི་སྣང་བ་སྟེ་འོད་ ཟེར་དང་ལྡན་པ་ཅན་མཆོག་གི་གོ་འཕང་མི་འགྱུར་བའི་གནས་ལུགས་སུ་བགྲོད་པར་བྱེད་ པ་སྟེ། དབྱེར་མེད་དུ་འདྲེས་ནས་གནས་པ་རྣམ་པར་བཅད་པའི་བརྡས་བསྟན་པ་དེ་ལ་ཕྱག་ འཚལ་ལོ། །འདིར་ཁ་ཅིག་སྲོག་ཐུར་འགགས་པས་གློག་དང༌། ཉི་མ་ཚིགས་ཆེན་བཅུ་གཉིས་ ཞེས་འཆད་པ་ཡོད་དེ། ལམ་ལ་སྦྱར་བར་སོང་བས་འབྲས་བུའི་སྐབས་འདིར་སྟོད་ཚུལ་ འགངས་ཆུང་ངོ༌།། །། ཡེ་ཤེས་བཞི་པ་ཆུ་ཁམས་ཀྱི་དྭངས་མ་ནི། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་གང་ཞིག་ དཀར་པོ་འབར་བ་དེ་ནི་ཁམས་གསུམ་ཐམས་ཅད་ཀྱི་ཆོས་ཉིད་བདེ་བ་ཆེན་པོ་ཡིན་པས་ འཇིག་རྟེན་གསུམ་གྱི་མགོན་པོ་སྟེ། འཁོར་འདས་ཀྱི་བདེ་བ་ཐམས་ཅད་དེས་སྩོལ་བའི་ ཕྱིར་རོ། །དེའི་མཐུ་ལས་དེའི་གཟུགས་བརྙན་ལྟ་བུ་ཐིག་ལེ་གང་ཞིག་འཁོར་བ་དང་ལམ་གྱི་ གནས་སྐབས་སུ་འཇིག་རྟེན་ཀུན་གྱི་སྤྱི་བོར་ཡང་དག་པར་གནས་ནས་དྲན་པ་དང་བློ་གྲོས་ དང་རྟོག་དཔྱོད་མཐའ་དག་བསྐྱེད་ལ། རི་བོང་འཛིན་པ་སྟེ་ཐིག་ལེ་ལས་རྩ་ནང་ཕན་ཚུན་ཏུ་ གཡོ་ཞིང་འཛག་པས་སྲིད་པའི་བདེ་བ་བསྐྱེད་པ་དང༌། ལམ་དུས་སུ་ཧཾ་ཡིག་ཞུ་བའི་བདུད་ རྩི་འཆི་བའི་འཇིགས་པ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པའི་ལྷན་སྐྱེས་ 3-1-591 བསྐྱེད་པ་སྟེ། འཁོར་འདས་ཀྱི་དེ་དག་འབྱུང་བའི་གཞི་ཐིག་ལེའི་གཟུགས་ཀྱིས་མཚོན་པ་དེ་ ལ་ཕྱག་འཚལ་ལོ། ། སྟོང་ཆེན་ལྔ་པ་ས་ཁམས་ཀྱི་དྭངས་མའི་ཡེ་ཤེས་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དོན་ དམ་སེམས་ཉིད་ཀྱི་སྣང་བ་ཙམ་ཡིན་ལ། ཡིད་སྐྱོབ་ཀྱི་དོན་ནམ་གང་ཅི་ཡང་རུང་བ་ཕྱོགས་ བཅུ་དུས་གསུམ་ན་སྤྱོད་པའི་འཇིག་རྟེན་འཇིག་རྟེན་འདས་པའི་སྔགས་ཐམས་ཅད་ཀྱི་ངོ་བོ་ དང༌། དོན་དམ་གྱི་ལྷ་སྐུ་མཐའ་ཡས་པས་ཡོངས་སུ་བསྐོར་བ་སྟེ། ལྷ་སྣང་དུ་གདོད་ནས་ཤར་ བ་དང༌། སྡུག་བསྔལ་དང་བདེ་བའི་རང་བཞིན་ནི་རྣམ་པ་སྣ་ཚོགས་པར་སྣང་བ་སྟོན་པ་སྟེ། དེ་ནི་རང་བཞིན་རྟག་ཏུ་བཟང་བ་ཁོ་ན་དང་བདེ་བ་ཁོ་ན་ཡིན་ཡང༌། སེམས་ཅན་རྣམས་ཉིད་ ལ་ཇི་ལྟར་སྣང་ཞིང་མྱོང་བ་ནི། རང་གིས་བྱས་པའི་ལས་དང་མཐུན་པར་ཉམས་སུ་མྱོང་བ་སྟེ། དམ་པ་རྣམས་ལ་ཞི་བ་སྟེ་བདེ་བའི་གཟུགས་དང༌། མི་བཟད་པ་སྟེ་ངན་པ་མ་རུངས་པ་རྣམས་ ལ་མི་བཟད་པའི་སྡུག་བསྔལ་དུ་སྣང་བའོ། །དེས་ན་འདིས་ནི་སེམས་ཅན་རྣམས་ཀྱི་ལས་དང་ བདེ་སྡུག་མྱོང་བ་ཐམས་ཅད་ཀྱི་གཞི་དང་གནས་ཚུལ་དུ་བསྟན་པ་སྟེ། གང་ཟག་གང་གིས་ ལས་གང་དང་གང་རབ་ཏུ་བྱས་པ་དེ་དང་འཚམ་པར་རང་གི་སེམས་ལ་ཆོ་ག་སྟེ་དུས་དང་རྒྱུ་ རྐྱེན་ཚོགས་པ་ལས་ཇི་ལྟར་བྱས་པ་དེ་བཞིན་དུ་ལས་དེ་ཡི་འབྲས་བུ་དེ་བསྐྱེད་པའི་གཞིར་ གྱུར་པ་དེ་ཉིད་ཀྱི་ཕྱིར་གཙོ་བོར་གྱུར་པས་འཇིག་རྟེན་གྱི་དབང་པོ་དང༌། སྣ་ཚོགས་པའི་ འཇིག་རྟེན་ལ་འཁོར་བ་སྲིད་གསུམ་གྱི་བསྐྱེད་གཞི་དང༌། གཞན་མཆོག་གི་སྲིད་པ་གསུམ་ སྐྱེད་པར་མཛད་པ་པོ་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །དེ་ལྟར་ལྔ་ལས་དང་པོ་ ནི་སྤྲོས་པ་བྲལ་ཞིང་དྲི་མ་དག་པའི་ཆ་ནས་དང༌། གཉིས་པ་ནི་སྟོང་པའི་ཆ་ནས་བྱ་བ་མི་བྱེད་ པའི་ཕྱིར་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ཡོད་པའི་སྒོ་ནས་དང༌། གསུམ་པ་གསལ་བའི་སྒོ་ ནས་དང༌། བཞི་པ་བདེ་བའི་སྒོ་ནས་དང༌། ལྔ་པ་དག་པ་ལྷ་སྔགས་ཀྱི་འཕྲིན་ལས་དང་མ་དག་ 3-1-592 པ་བདེ་སྡུག་གི་རྣམ་པ་ཀུན་ལ་འཇུག་པའི་སྒོ་ནས་བསྟོད་པའོ། ། གཉིས་པ་འགྱུར་མེད་དྲུག་ལ་བསྟོད་པ་ནི། ཡེ་ཤེས་ལྔ་པོ་དེ་དང་ངོ་བོ་གཅིག་ཀྱང་རྟེན་ གྱི་ལྡོག་ཆ་འཛིན་པའི་སྒོ་ནས་དྲུག་སྟེ། དེ་ཡང་ཀུན་རྫོབ་ཀྱི་གཅིག་དང་དུ་མ་ལས་འདས་ ཤིང༌། རང་སྣང་ལ་ཆོས་ཉིད་དུ་རོ་གཅིག་པ་དང༌། མཉམ་པ་ཤེས་རབ་དང་མི་མཉམ་པ་ ཐབས་གཉིས་ཟུང་འཇུག་ཏུ་མཉམ་པ་ཉིད་དེ། སྤྱིར་གཡས་གཡོན་མདུན་རྒྱབ་སྟེང་འོག་ སོགས་རྣམ་པ་ཀུན་ལྡན་དང་ཁ་དོག་ཀུན་ལྡན་ཡིན་ལ། བརྡ་ཐབས་ཀྱི་དབང་དུ་བྱས་ན། གཡས་དམར་པོ་འབར་བ། གཡོན་དཀར་པོ་འབར་བ། མདུན་ནག་པོ་འབར་བ། རྒྱབ་སེར་ པོ་འབར་བ། སྟེང་ལྗང་ཁུ་འབར་བ། འོག་སྔོན་པོ་འབར་བའོ། །གཞན་ཟུངས་བདུན་སོགས་ མཐའ་ཡས་པ་དེ་དག་ཀྱང་མི་འགྱུར་བའི་ཐིག་ལེ་ཁ་དོག་ཆེན་པོ་གཅིག་གི་གཟུགས་སུ་ གནས་ལ། ཐུང་ངུ་ལུས་སྙིང་སྟོབས་དང༌། རིང་པོ་ངག་རྡུལ་དང༌། ཤིན་ཏུ་རིང་པོ་ཡིད་མུན་ པ་སྟེ་སྒྲིབ་པའི་ཡོན་ཏན་རྣམས་མེད་ཅིང༌། ཡང་དག་པའི་ཡོན་ཏན་སྟོབས་བཅུ་སོགས་དང་ གདོད་ནས་མི་འབྲལ་པའི་ཚུལ་དུ་བཅས་པ། བུད་མེད་དང་སྐྱེས་པ་ལ་སོགས་པ་དོན་དམ་ སྲིད་གསུམ་སྣ་ཚོགས་སུ་སྣང་ཡང་སྐྱེས་པ་དང་བུད་མེད་ལ་སོགས་པའི་དངོས་པོ་མ་ཡིན་པ། གང་ཞིག་མི་འགྱུར་བའི་བདེ་བའི་རྟེན་ནམ། རྣམ་པ་མཐའ་ཡས་ཀུན་གྱི་རྟེན་གཅིག་པུ་པ། བྷ་ག་སྟེ་ཨེ་ཡིག་ཆོས་འབྱུང་བཟང་མོ་གཞན་དོན་དམ་རྣམ་པ་ཀུན་ལྡན་མཆོག་གི་བྷ་ག་ཁྱོད་ ལ་འདུད་དེ། སླར་ཡང་ཁྱོད་ལ་འདུད་ཅེས་ཡང་ཡང་དུ་འདུད་པའི་སྒྲ་སྦྱར་བའོ། །འདི་དག་ གི་དོན་སྐབས་འདིར་འབྲུ་གནོན་ཙམ་སྨོས་ཀྱི་རྒྱས་པར་གཞན་དུ་ཤེས་དགོས་སོ། ། གཏོར་མའི་ཆོ་ག་ནི། སྤྱིར་རྒྱུད་འགྲེལ་ཉིད་ལས། ཡུལ་བདག་གྲོང་བདག་སྲུང་མ་ དྲུག་ཅུ་མཁའ་འགྲོ་མ་དང༌། རྣལ་འབྱོར་མ་རྣམས་ཀྱི་གཏོར་མ་གསུངས་པ། དེ་དག་སོ་སོ་ གནས་སྐབས་ཐ་དད་དུ་གསལ་བར་བྱུང་ལ། དཀྱིལ་འཁོར་སྒྲུབ་མཆོད་ཀྱི་སྐབས་ཇི་ལྟར་ 3-1-593 འབུལ་བའི་ཚུལ་ནི། འགྲེལ་ཆེན་ལས། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྔར་གསུངས་པའི་ཆོ་ གའི་མཚན་མ་རྣམས་བཀོད་ཅིང༌། དུར་ཁྲོད་ཀྱི་སར་དཀྱིལ་འཁོར་ལ་བུམ་པ་ལ་སོགས་པ་ ཡང་དག་པར་བཞག་སྟེ་རབ་ཏུ་གནས་པ་བྱས་ལ། དྲི་ལ་སོགས་པ་རྣམས་ཀྱིས་འདོད་པའི་ ལྷ་རྣམས་ལ་མཆོད་པ་བྱས་ནས་ཞིང་སྐྱོང་ལ་སོགས་པ་རྣམས་ལ་གཏོར་མ་སྦྱིན་ཏེ། ཞེས་ གསུངས་ཏེ། འདིར་ཞིང་སྐྱོང་ནི་ཡུལ་བདག་གྲོང་བདག་གོ །དེ་ཐོག་མར་སྨོས་པ་{ཉིད་ཀྱིས་ [ཡིན་ཏེ་]སོགས་ཁོངས་ནས་དེ་བས་ཆུང་བ་རྣམས་འདོན་ཡང་ཆེ་བའི་གསལ་ཁ་མི་འབྱུང་ མོད། རྡོ་རྗེ་སྙིང་འགྲེལ་ལས། ཨིན་དྲ་ཛ་མ་སོགས་ཕྱོགས་སྐྱོང་ལའང་སྦྱིན་པར་གསུངས། རྒྱུད་དང་འགྲེལ་བ་འདིར་ཁྲོ་བོ་བཅུ་ལས་གཞན་པའི་འདས་གཏོར་མ་གསུངས་ཀྱང༌། ཕྱག་ རྡོར་སྟོད་འགྲེལ་ལས་གསུངས་པས། སེམས་འགྲེལ་རྣམས་ཕན་ཚུན་གཅིག་གིས་གཅིག་ཁ་ འགེངས་འོས་ཤིང་དགོངས་པ་གཅིག་པའི་ཕྱིར། སྤྱིར་དུས་འཁོར་ལ་ཡང་འདས་གཏོར་ཕུལ་ ན་ལེགས་སོ། །འོན་ཀྱང་སྐབས་འདིར་ཕྱོགས་སྐྱོང་གིས་མཚོན་པའི་སྲུང་མ་དྲུག་ཅུ་དང༌། མཁའ་འགྲོ་མ་རྣམས་དང༌། ཡུལ་གྲོང་གི་བདག་པོ་རྣམས་ལ་འབུལ་ཏེ་ཞོར་བྱུང་དུ་བགེགས་ དང་འབྱུང་པོ་སྤྱི་ལའང་སྦྱིན་ནོ། །དེས་ན་དེང་སང་ཕྱི་རོལ་གཏོར་མར་གྲགས་པ་དེ་ཡིན་ ཏེ། སྐབས་འདིར་བོད་ཀྱི་རྭ་བ་དང་ཤོང་པ་རྣམས་ནང་དང་ཕྱི་རོལ་གཉིས་ཀར་དུ་གཏོར་མ་ མཛད། ནང་དུ་མཁའ་འགྲོ་མ་དང༌། ཁྲོ་བོ་ཙམ་མམ། སྲུང་མ་དྲུག་ཅུའི་གཏོར་མ་འབུལ། ཕྱི་ རུ་ཞིང་སྐྱོང་སོགས་ཀྱི་གཏོར་མ་འབུལ་བ་དང༌། གཞན་ཡང་ལུགས་སོ་སོ་པ་རྣམས་ལ་ཕྱི་ནང་ གི་དབྱེ་བའི་ལག་ལེན་མི་འདྲ་ཙམ་སྣ་ཚོགས་ཡོད་ཀྱང༌། འདིར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ ཞལ་སྔ་ནས་འདི་སྐད་ཅེས་བཀའ་སྩལ་ཏེ། །འདིར་དཀྱིལ་འཁོར་ལྟ་བར་མི་དབང་བ་ལ། ཕྱི་ རོལ་པའི་གཏོར་མ་ཞེས་པ་ནི། བོད་འགའ་ཞིག་གི་འཁྲུལ་པ་སྟེ། འཕགས་པ་རྣམས་ཀྱིས་ གསུངས་པ་མེད་དོ། །འོན་ཀྱང་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་ལ་ཐུན་མཚམས་བཞིར་ 3-1-594 སློབ་དཔོན་གྱིས་གཏོར་མ་བྱིན་ཏེ། དེ་ནས་གཤེགས་སུ་གསོལ་བར་བྱ་སྟེ། ཞེས་གསུངས་ཏེ། དེའི་ཆོ་ག་ནི་བཤད་ཟིན་པ་ཉིད་དོ།། །། གཞུང་གཞན་ལས་ཀྱང༌། ཡོད་ན་སྒྲུབ་པའི་གྲོགས་པོ་དཀྱིལ་འཁོར་དུ་བཞག་ནས་རང་ ཉིད་ཕྱིར་བྱུང་སྟེ། འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་རྣམས་ལ་གཏོར་མ་འབུལ་བར་ གསུངས་པ་ནི། དཀྱིལ་འཁོར་ལྟ་བར་མི་དབང་བའི་རྒྱུ་མཚན་གྱིས་མ་ཡིན་ཏེ། གཏོར་མ་ རྣམས་ཕྱོགས་སོ་སོར་གཤེགས་སུ་གསོལ་བ་ལ་སོགས་པའི་རྒྱུ་མཚན་གཞན་གྱིས་ཡིན་ལ། དེ་ནི་འདིར་ཡང་འདོད་པ་ཉིད་དོ། །ཞེས་གསུངས་ཏེ། དེ་སྐད་གསུངས་པའི་དོན་ནི། རྒྱུད་ སྡེ་གཞན་གྱི་ལུགས་ཀྱི་དཀྱིལ་ཆོག་ལ་ཕྱི་རོལ་པ་ཡོད། དུས་འཁོར་ལུགས་ལ་མེད་ཅེས་པ་ མ་ཡིན་པར། སྐབས་འདིར་དུས་འཁོར་དང་གཞན་ལ་ཁྱད་མེད་དེ། གཏོར་མ་རྣམས་ཕྱོགས་ ཕྱོགས་སུ་གཤེགས་དགོས་ཤིང༌། དེའི་ལག་ལེན་བདེ་བའི་ཕྱིར། དཀྱིལ་འཁོར་ཁང་པའི་ཕྱི་ རོལ་ཏུ་མཆོད་གཏོར་བཤམས་ཏེ། འབུལ་བ་ལ་གཏོར་ཆོག་གཏོང་སའི་དབང་གིས་ཕྱི་རོལ་ པའི་གཏོར་མ་ཞེས་ཟེར་གྱི། དམ་ཚིག་ཅན་རྣམས་ལ་ནང་དུ་གཏོར་མ་སྟེར་ལ། དམ་ཚིག་མེད་ པས་དཀྱིལ་འཁོར་ལྟ་བར་མི་དབང་བ་རྣམས་ལ་དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་གཏོར་མ་ སྟེར་དགོས་པའི་ཕྱིར། ཕྱི་རོལ་གཏོར་མ་ཞེས་འཆད་པ་ནི་འཁྲུལ་པའོ་ཞེས་པའི་དོན་ཡིན་ལ། ཡང་དཀྱིལ་འཁོར་གྱི་ཕྱི་བཞིན་འབྲངས་པས་{ཕྱོགས་[ཆོས་]སྐྱོང་སོགས་ཕྱི་རོལ་ན་འཁོད་ པ་ལ་འབུལ་ཞེས་ཡོ་ག་པ་ཀུན་སྙིང་གིས་བཤད་པ་དང༌། ཛ་ཡ་སེ་ནས་ཀྱང༌། གང་དུ་བཅོམ་ ལྡན་འདས་ལྷན་ཅིག་འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། ཞེས་སོགས་བཤད་དོ་སྙམ་ ན། སྤྱིར་པཎྜི་ཏ་དེ་གཉིས་ཀྱི་ལུང་ཚད་མར་མི་འགྱུར་ཞིང༌། གལ་ཏེ་འགྱུར་ནའང་ཡེ་ཤེས་ སེམས་དཔའི་ཕྱི་བཞིན་དུ་འོངས་པའི་ཕྱོགས་སྐྱོང་སོགས་དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་ པ་རྣམས་ལ་འབུལ། ཞེས་པ་ཙམ་ཡིན་ལ། སྤྱིར་ཡང་མི་མ་ཡིན་རྣམས་ལ་དཀྱིལ་འཁོར་གྱི་ 3-1-595 སྲུང་འཁོར་ཐོགས་པའི་གནས་ཡིན་གྱི། དཀྱིལ་འཁོར་བཞེངས་ས་སའི་ཁང་པ་ལ་དེ་ཙམ་ དུ་ཐོགས་རྒྱུ་མེད་པའི་ཕྱིར། ཕྱི་རོལ་ཏུ་གནས་པ་ཡང་དཀྱིལ་འཁོར་གྱི་ཕྱི་རོལ་ཡིན་གྱི། མི་ འཁྱམས་པོ་བཞིན་སའི་ཁང་པའི་སྒོ་ནང་དུ་ཡོང་རྒྱུ་མ་བྱུང་བ་ཅི་ལ་ཡིན། ཡེ་ཤེས་སེམས་ དཔའི་འཁོར་གྱི་ཕྱོགས་སྐྱོང་རྣམས་དཀྱིལ་འཁོར་ལྟ་བར་མི་དབང་བའི་རྒྱུ་མཚན་ཡེ་མེད་དེ། འདི་ན་གང་དག་འགོང་པོ་དག་དམ་ཅན་ཡིན་ཞེས་ནང་དུ་གཏོར་མ་སྟེར་ལ། ཚངས་པ་དབང་ པོ་སོགས་དཀྱིལ་འཁོར་ལྟ་བར་མི་དབང་ཞེས་ཟེར་བ་ནི། བླུན་པོ་རྫུན་ཅན་རྣམས་མཁས་ ཁྱད་ཀྱི་དཔའ་རྟགས་སུ་བྱེད་ཀྱང༌། ཡུལ་གང་དུ་ཡིན་ཡང་རུང༌། ཆོས་ལུགས་སུའི་སར་ཡིན་ ཡང་འདྲ་སྟེ། མཁས་པ་དྲང་པོའི་རང་བཞིན་ཅན་རྣམས་ཁྲེལ་བའི་རྒྱུ་ཁོ་ནའོ། །གཞན་ཡང་ དཀྱིལ་འཁོར་ལྟ་བར་མི་དབང་བའི་འདྲེ་གདོན་ཡིན་ན། དེ་ལ་བདག་རྗེས་སུ་བཟུང༌། སློབ་ མ་ལ་བགེགས་མེད་པར་མཛོད་ཟེར་བ་ཡང་མི་འཐད་པའི་ཕྱིར་རོ། །དེས་ན་དཀྱིལ་འཁོར་ གྱི་ཆོ་ག་མང་པོར་སྐབས་འདིར་འཇིག་རྟེན་པ་ཁོ་ནའི་གཏོར་མ་སྦྱིན་པ་དག་ཡོད་ན། དེ་ནི་ ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་འོངས་པའི་ཕྱོགས་སྐྱོང་སོགས་དང་པོ་བསྐྱེད་ཆོག་གིས་ བསྐྱེད་པའང་མིན། སྒྲུབ་པ་པོའི་ཆེད་གཏད་སྤྱན་དྲངས་པའང་མིན། དཀྱིལ་འཁོར་ནང་དུ་ བཀོད་ནས་བཞུགས་སུ་གསོལ་བའང་མིན་པས། དེ་དག་དཀྱིལ་འཁོར་གྱི་ཕྱི་རོལ་ན་འདུག་ ཅིང༌། སྔར་གྱི་མཆོད་པ་རྣམས་ལ་ཇི་བཞིན་དུ་མི་དབང་པས་ཡེ་ཤེས་ཀྱི་ལྷ་དཀྱིལ་འཁོར་ནང་ དུ་མཆོད་ཟིན་པའི་རྗེས་ལ། རྗེས་འབྲང་རྣམས་ལའང་སྐལ་བ་ཙམ་དུ་གཏོར་མ་སྦྱིན་པ་ཡིན་ ལ་དེར་མ་ཟད་འབྱུང་པོ་སྤྱི་ལའང་སྐལ་བ་སྦྱིན་པ་ཡིན་ནོ། །འདིར་ནི་སྲུང་མ་དྲུག་ཅུ་དང༌། མཁའ་འགྲོ་མ་རྣམས་དང༌། ཡུལ་བདག་གཞི་བདག་འབྱུང་པོ་སྤྱི་རྣམས་ལ་གཏོར་མ་སྦྱིན་པ་ ནི་ཡིན་ན། ཕྱོགས་དྲུག་ཏུ་སོང་ནས་གཏོར་མ་སྟེར་བ་དང༌། དེ་ཙམ་མ་གྲུབ་ན་ཤར་ཕྱོགས་ ལྟ་བུ་གཅིག་ཏུ་སོང་ནས། དེར་གཏོར་མ་ཐམས་ཅད་ལྷན་ཅིག་ཏུ་བསྔོས་ཏེ། མཐར་ཕྱོགས་ 3-1-596 ཕྱོགས་སུ་བསྐྱལ་ཡང་རུང་ལ། ཐ་ན་ཕྱོགས་སུ་གཏོར་བས་ཀྱང་རུང་ངོ༌། །སྲུང་མ་དྲུག་ཅུ་ལ་ གྲངས་མཉམ་ཡོད་ན། རང་རང་གང་དུ་བཞུགས་པའི་ཕྱོགས་ཀྱི་དབྱེ་བ་བྱས་ཀྱང་ཆོག་ལ། ཡང་ཁམས་ཀྱི་དབྱེ་བས་ཕྱོགས་སྐྱོང་ཤར། གཟའ་ལྷོ། ཀླུ་བྱང༌། འབྱུང་པོ་ནུབ། ཟད་པར་ སྟེང༌། ཁྲོ་བོ་འོག་ཅེས་པ་ལྟར་འབུལ་བ། སྟེང་འོག་ནི་ཁང་སྟེང་ངམ་འོག་ཁང་སོགས་སམ། རིའི་ངོས་ཀྱི་དཀྱིལ་འཁོར་ཁང་པ་ཡིན་ན་དངོས་སུའང་ཡོད་ཅིང༌། གཞན་དུ་ན་ཤར་གྱི་ཤར་ དང༌། ནུབ་ཀྱི་ནུབ་ཏུ་བཏང་ངོ༌། །དེ་ལྟར་ན་ནང་དུ་དཀྱིལ་འཁོར་གྱི་ལྷ་ལ་འཇིག་རྟེན་འདས་ པ་ཀུན་འདུས་པ་མཆོད་པ་དང༌། ཕྱི་རུ་ནི་འཁོར་འདས་ཀྱི་མགྲོན་ཐམས་ཅད་གཏོར་མས་ ཚིམ་པར་བྱེད་པ་ཡིན་ཡང༌། གཙོ་ཆེར་འཇིག་རྟེན་པ་རྣམས་སོ། ། འདི་ཇི་ལྟར་བྱེད་པའི་ཚུལ་ནི་དཀྱིལ་ཆོག་ཉིད་དུ་གསལ་ལ། འདིའི་རྗེས་ཀྱི་ཡན་ལག་ གི་དབང་དུ་བྱས་ནས་སྐོར་བ། སྒོ་དབྱེ། ཕྱག་འཚལ། མེ་ཏོག་འབུལ་བ་ལ་སོགས་པ་རྣམས་ གསང་བ་སྤྱིའི་ཆོ་ག་རྡོ་རྗེ་འཕྲེང་བ་དང་མཐུན་པར་བྱེད་པའང་མང་མོད་ཀྱི། དེ་ལྟར་ཡང་སྤྱིར་ མི་འགལ་མོད། དུས་འཁོར་རང་ལུགས་ལ་དངོས་དང༌། ཞལ་འཕངས་དང༌། ཤུགས་བསྟན་ གང་ལའང་མེད་པའི་ཕྱིར། ཁ་སྐོང་ཧ་ཅང་མང་ན་བསྲེ་སླད་དུ་འགྲོ་ཉེན་ཆེ་བས། རང་ལུགས་ ཀྱི་བླ་མ་གོང་མ་རྣམས་ཕྱག་ལེན་མི་མཛད་དོ། ། བདུན་པ་རང་གཞན་དབང་བསྐུར་བའི་རིམ་པ་ལ། བདག་ཉིད་འཇུག་ཅིང་དབང་བླང་ པ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ནི། ཕལ་ཆེར་འདི་སྐད་ཅེས། རྩོད་ ལྡན་གྱི་སློབ་དཔོན་རྣམས་དམ་ཚིག་གི་ཉེས་ལྟུང་མེད་པ་དཀོན་ལ། ཉེས་ལྟུང་ཡོད་ན་སློབ་མ་ ལ་དབང་སྦྱིན་དུ་མི་རུང་བས་སྡོམ་པ་གསོ་བའི་ཕྱིར་བདག་འཇུག་ལེན་ཞེས་ཟེར་རོ། །དེ་ལ་ དཔྱད་ན། སྤྱིར་སྔགས་ཀྱི་དམ་ཚིག་ཉམ་པ་ཞིག སྡོམ་པ་གསོ་བ་ལ་སྤྱིར་བཏང་དུ་སློབ་དཔོན་ ཁོ་ན་ལས་དབང་བསྐུར་ཞུ་དགོས་ཤིང༌། དམིགས་གསལ་ལ་སློབ་དཔོན་དུ་འོས་པ་ཡེ་མ་རྙེད་ 3-1-597 ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་བཤགས་བསྡམ་མང་དུ་བྱས་ནས། གྲོགས་ དང་བཅས་དཀྱིལ་འཁོར་བཞེང་པ་སྔོན་དུ་འགྲོ་བའི་བདག་འཇུག་བྱས་ན། དམ་ཚིག་སོར་ ཆུད་ཚུལ་ཞིག་ཀྱང་བཤད་མོད། བདག་འཇུག་བྱེད་པ་ཕལ་ཆེ་བ་སྡོམ་པ་གསོ་བའི་ཆེད་ཁོ་ ན་མིན་པར་ཤེས་ཏེ། རྩ་ལྟུང་མ་བྱུང་ན་ཡན་ལག་ཕྲ་མོ་ཙམ་ལ་སྡོམ་པ་གསོ་མི་དགོས་ཤིང༌། རྩ་ལྟུང་བྱུང་ན་ནི་ཡུལ་ཉེ་བ་ན་རྡོ་རྗེ་སློབ་དཔོན་ཡོད་པ་ཤས་ཆེ་བས། དེའི་ཚེ་བདག་འཇུག་ ཙམ་གྱིས་སྡོམ་པ་གསོ་ཡང་མི་ཐུབ་ལ། ཐུབ་ཀྱང་དེ་མ་ཐག་ཏུ་གཞན་ལ་དབང་བསྐུར་དུ་མི་ རུང་སྟེ། སྡོམ་པ་གསོས་ཀྱང་རྩ་ལྟུང་གི་སྡིག་པ་མ་བྱང་བའི་ཕྱིར་དང༌། དམ་ཚིག་ཉམས་པས་ གཞན་དོན་དུ་ས་ཆོག་ནས་གཟུང༌། སྒྲུབ་མཆོད་ཀྱི་བར་བྱེད་དུ་མི་རུང་བའི་ཕྱིར་རོ། །རྒྱུད་ འགྲེལ་འདི་དག་ཏུ་ཡང་བདག་འཇུག་བྱེད་པའི་གསལ་ཁ་མ་གསུངས་ཏེ། དེས་ན་དཀྱིལ་ འཁོར་བཞེངས་ནས་སྒྲུབ་མཆོད་བྱེད་པའི་ཆ་ལག་དང༌། སློབ་མ་ལ་སྔགས་སྡོམ་བསྐྱེད་པའི་ རྒྱུ་ཚོགས་སུ་བདག་འཇུག་ངེས་པར་དགོས་པ་མ་ཡིན་ཡང༌། སྤྱིར་བདག་འཇུག་བླངས་པ་ལ་ ཕན་ཡོན་ཁྱད་པར་ཅན་ཡོད་ཅིང༌། ལམ་དང་འབྲས་བུའི་དབང་བསྐུར་བ་རྣམས་ཐོབ་པར་ འགྱུར་བའི་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པ་ཡང་ཡིན་པ་དང༌། རང་རྒྱུད་ཀྱི་སྔགས་སྡོམ་ ཇེ་དག་དང་ཇེ་བཟང་དུ་འགྱུར་བ་ཡིན་པ་དང༌། བསོད་ནམས་ཀྱི་ཚོགས་འཕེལ་པའི་སླད་ དུ་བདག་འཇུག་བླངས་ན་ཆེས་བཟང་བ་ནི་ཡིན་ནོ། །དེས་ན་དབང་བསྐུར་བའི་སློབ་དཔོན་ གྱི་མཚན་ཉིད་དུ་བདག་འཇུག་བླངས་པ་དགོས་པར་མ་གསུངས་པ་དང༌། དགོས་ངེས་ཤེས་ པའི་བདག་པོ་དང་བདག་པོ་ཆེན་པོའི་དབང་ནི་སྔར་ནས་ཐོབ་ཟིན་པ་དགོས་ལ། དམ་ཚིག་ གི་ཡན་ལག་ཕྲ་མོ་གསོ་བ་ལ་བདག་འཇུག་ལེན་པ་ཡང་མི་དགོས་ཤིང༌། ཡན་ལག་ཕྲ་མོས་ གོས་ཀྱང་རྩ་བའི་དམ་ཚིག་དག་ན་སློབ་མའི་རྒྱུད་ཀྱི་སྔགས་སྡོམ་སྐྱེད་པ་ལ་མི་སྒྲིབ་པས། སློབ་དཔོན་གྱི་མཚན་ཉིད་སྤྱི་དང་ལྡན་པ་གལ་ཆེ་ཡི། རང་ཉིད་ལག་ལེན་ཆེན་པོ་ཙམ་མི་བྱེད་ 3-1-598 བཞིན་དུ་བྱིས་དབང་གི་བདག་འཇུག་ལ་ཁ་ཙམ་ཚིག་ཙམ་གྱིས་བསྔགས་པ་བརྗོད་པ་ཙམ་ ལ་སྙིང་པོ་མེད་དེ་གཡོ་སྒྱུ་འབའ་ཞིག་གོ །ཡང་རྒྱུད་འདིར་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ སྐབས། དབང་གི་དངོས་གཞི་ཐམས་ཅད་སྔགས་དབང་གི་སྒོ་ནས་རང་ཉིད་ཀྱིས་ལེན་པར་ གསུངས་པས། བདག་འཇུག་ཀྱང་དོན་གྱིས་འཕངས་པ་ཡིན་ན། ཁ་ཅིག་བདག་འཇུག་ལ་ནི། དབང་བདུན་ཁོ་ནའོ་ཞེས་ཟེར་བ་འབྲེལ་མེད་བྱུང་རྒྱལ་གྱི་གཏམ་དུ་གསལ་བར་བྱས་ཤིང༌། ཡང་བདག་འཇུག་ལ་འཇུག་པ་རྒྱས་པ་མ་གྲུབ་ན། སྒོ་ཕྱེ་ཞིང་མེ་ཏོག་དོར་ནས་དངོས་གཞི་ལ་ ཞུགས་པས་ཆོག་པ་དེ་གསང་སྔགས་སྤྱི་ལུགས་ཡིན་ཡང༌། དེ་ལ་དགག་པ་བྱེད་དུས་བདག་ འཇུག་གི་དོན་སྡོམ་པ་གསོ་བ་ཡིན། སྡོམ་བཟུང་མ་བྱས་ན་གསོ་མི་ཐུབ་ཟེར་བ་སོགས་ཀྱང་ མ་གོ་མ་རིག་པའི་གཉིད་འཐུག་པོས་ནོན་པས་བར་བར་དུ་བླ་རྡོལ་སྨྲ་བར་ཟད་དོ། །དབང་ སོ་སོའི་དམིགས་པ་རྣམས་གསལ་ཐེབས་ན། ངག་ཏུ་བརྗོད་རྒྱུ་སྔགས་དབང་ཁོ་ནས་ཀྱང་ དབང་གི་དངོས་གཞིའི་ཆོ་ག་མ་ཚང་བ་མེད་པ་ཡིན་ཏེ། དབང་ཆོག་རྒྱས་པ་ལ་ཡང་འགའ་ ཞིག་ཆ་ལག་འཕྲོས་དོན་ཙམ་དང་ཕལ་ཆེར་དམིགས་པ་ཉིད་ངག་ཏུ་བརྗོད་པ་ཡིན་པས་སོ། ། འདི་དག་ལ་བརྗོད་པར་བྱ་རྒྱུ་མང་ཡང་རེ་ཞིག་བཞག་གོ །དམ་ཚིག་གསུམ་གླུ་བླང་བ་ཡང་ རྒྱུད་གཞན་གྱི་ཁ་འགེངས་ཙམ་ཡིན་ལ། འཇིག་རྟེན་འདས་གཏོར་སྐབས་འདིར་བྱེད་པ་ཡང་ མན་ངག་ཁོ་ནའོ། ། གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ལ། སྔོན་འགྲོ་དཀྱིལ་འཁོར་དུ་འཇུག་ པའི་ཆོ་ག་བཤད། དངོས་གཞིའི་ཐོག་མ་བྱིས་པ་འཇུག་པའི་དབང་བདུན་བཤད། ཕྱི་མ་ མཆོག་དབང་གོང་མའི་དབང་བཞི་བཤད། རྗེས་སློབ་མ་དང་སློབ་དཔོན་གྱི་བྱ་བ་ཅུང་ཟད་ བཤད་པའོ། །དང་པོ་ལ། ཁ་མི་སྐོང་བའི་ཆོ་ག་ངོས་བཟུང༌། ཁ་སྐོང་ཅན་གྱི་རིམ་པ་རྒྱས་པར་ བཤད་པའོ། །དང་པོ་ནི་རྒྱུད་འགྲེལ་ཆེན་པོ་ཉིད་ཀྱི་དགོངས་པ་ཇི་ལྟ་བ་ནི། སློབ་མས་བླ་མ་ 3-1-599 དམ་པའི་ཞབས་དྲུང་དུ་གསེར་གྱི་མེ་ཏོག་དང་བཅས་པའི་མཎྜལ་བྱས་ནས། ཁྱིམ་པ་ཡིན་ ན་རྫས་དང་བདག་ཉིད་བུ་དང་བུ་མོ་སོགས་ཉེ་བར་སྤྱོད་པའི་གཡོག་སྟེ་དག་པ་གསུམ་གྱི་ དངོས་པོ་འབུལ་དགོས་ལ། རབ་ཏུ་བྱུང་བ་ཡོ་བྱད་དང་ལྡན་ན་དང་པོ་གཉིས་དང༌། མི་ལྡན་ ན་བདག་ཉིད་ཁོ་ན་འབུལ་ལོ། །ཡིད་ཀྱི་སྒོ་ནས་ནི་ཐམས་ཅད་ཀྱིས་ཀྱང་ཐམས་ཅད་ཕུལ་ ནས། གསོལ་བ་གདབ་པ་དང་སྡོམ་པ་བཟུང་ནས་སོ་ཤིང་དོར། ཁྱོར་ཆུས་ཁ་དག་པར་བྱས། ལྕེ་ལ་དམ་རྫས་བདུད་རྩི་ལྔ་བཞག ཡེ་ཤེས་ཕབ། རིགས་དྲུག་གི་ས་བོན་ལུས་ལ་བཀོད། འདིར་གོས་སེར་པོ་སྦྱིན་པའམ། ཡང་ན་བརྟུལ་ཞུགས་ཉེར་ལྔ་སྦྱིན་པའི་རྗེས་སུ། གོས་དང་ མིག་དར་སྔགས་གཅིག་གིས་བྱིན། དཀྱིལ་འཁོར་ལ་སྐོར་བ་བྱས་ནས་མགོ་བོར་བསངས་ གཏོར་བྱས། མེ་ཏོག་ཕུལ། རིགས་བརྟགས་ནས་མིག་དར་ཕྱེ། རིགས་ཀྱི་ལྷ་དང་དཀྱིལ་ འཁོར་གྱི་གཙོ་བོ་དང་པོར་བྱས་ནས་དཀྱིལ་འཁོར་མཐའ་དག་གི་ལྷ་ངོ་བསྟན་པ་ཙམ་བྱ་སྟེ། འདི་ཙམ་གྱི་ལུགས་ལ་ཡེ་ཤེས་དབབ་པ་ཡན་ཆད་དཀྱིལ་འཁོར་ཁང་པའི་ཕྱི་རོལ་དུ་བྱས་ ནས། དེ་མན་ཆད་ཁང་པའི་ནང་དུ་བྱས་ཀྱང་རུང༌། དང་པོ་ཉིད་ནས་དཀྱིལ་འཁོར་ཁང་པའི་ ནང་དུ་བྱས་ཀྱང་མི་རུང་བ་ནི་མེད་དེ། འཇུག་པ་ཞེས་པ་ནི་དཀྱིལ་འཁོར་གྱི་གཞལ་མེད་ཁང་ གི་ནང་དུ་འཇུག་པ་ཡིན་པས་ཕྱི་འཇུག་ནང་འཇུག་ཅེས་པའང་དེ་ལ་བལྟོས་པའི་ཕྱི་ནང་ཡིན་ པས་དམིགས་པའི་ས་མཚམས་ལ་རག་ལས་ཀྱི། དཀྱིལ་འཁོར་བཞེངས་སའི་ས་ཁང་གི་ནང་ དུ་འཇུག་པའི་དོན་ཙམ་ཁོ་ན་མ་ཡིན་པའི་ཕྱིར་རོ། ། སློབ་དཔོན་སློབ་མ་སྤྲོས་པ་ལ་མི་དགའ་ཞིང༌། རང་གཞུང་ཁོ་ནས་ཆོ་ག་ཤེས་པའི་ངོར་ འདི་ཙམ་ཁོ་ན་བྱས་ན་བསྲེ་བསླད་མེད་ཅིང༌། དགོས་དོན་ཐམས་ཅད་འགྲུབ་པ་ཡིན་པས། བསྡུས་པ་འདི་ཡང་རུང་ཙམ་ཡིན་ཞེས་པ་དེ་འདྲའི་རིགས་མ་ཡིན། ཆེས་མཆོག་ཏུ་གྱུར་པ་སྟེ། དཀྱིལ་ཆོག་ཆེན་མོ་ཡེ་ཤེས་རྒྱ་མཚོ་ལས་ཀྱང༌། དཀྱུས་སུ་དེ་ཙམ་ཁོ་ན་བཀའ་སྩལ་ཏོ། ། 3-1-600 འོན་ཀྱང་བསྡུས་པ་ལ་མི་དད་ཅིང་ཡིད་མི་ཆེས་ལ། སྤྲོས་པ་ལ་དགའ་བ་ཁོ་ན་མང་བར་ སྣང་བས། ལར་ནས་ཆོ་གའི་ངོ་བོ་བཟང་ཡང་སློབ་མ་ཡིད་ཆེས་མ་སྐྱེས་པའམ་མ་དད་ན་དོན་ དུ་མི་འགྱུར་བས་དེང་སང་ལག་ལེན་ལ་ཕལ་ཆེར་ཁ་སྐོང་ཅན་དེ་མཛད་དོ། ། གཉིས་པ་ནི་ཁ་སྐོང་ཅན་གྱི་དབང་དུ་བྱས་ན། འཇུག་པ་ཉིད་ལ་བལྟོས་པ་སྔོན་འགྲོ་ ཡོལ་བའི་ཕྱི་འཇུག་དང༌། འཇུག་པ་ཉིད་ཀྱི་དངོས་གཞི་ཡོལ་བའི་ནང་འཇུག་གོ །དང་པོ་ལ་ དྲུག་སྟེ། མཎྜལ་འབུལ་ཞིང་གསོལ་བ་གདབ་པ། རིགས་དྲུག་གི་སྡོམ་པ་བཟུང་བ། སོ་ཤིང་ དོར་ཞིང་རིགས་དྲུག་གིས་བསྲུང་བ། ཁྱོར་ཆུ་དང་བདུད་རྩིས་ཁ་དག་པར་བྱེད་པ། དྲི་བ་དྲི་ ལན་སེམས་བསྐྱེད་དང་བཅས་པ། གསང་བར་གདམས་ཤིང་ནང་དུ་འཇུག་པའོ། ། དང་པོ་ནི། སློབ་མ་རྣམས་ཁྲུས་བྱས་ཤིང་བསམ་པ་དགེ་བར་བསྒྱུར་ཏེ་མཎྜལ་ཕུལ་ནས། མི་ཟད་འཁོར་བས་འཇིགས་པ་ཞེས་སོགས་ལན་གསུམ་གསོལ་བ་འདེབས་པའོ། ། གཉིས་པ་ནི་སློབ་མས་སློབ་དཔོན་གྱི་དྲུང་དུ་ཐལ་མོ་སྦྱར་ཞིང་ལུས་བཏུད་ནས་སྡོམ་ བཟུང་བྱེད་དོ། །འདི་ལ་སྨོན་ལམ་གདབ་པ་ཞེས་གསུངས་ཏེ། དམ་ཚིག་འདི་རྣམས་ལ་སྤྱོད་ པར་སྨོན་ཞིང་དམ་འཆའ་བ་ཡིན་ནོ། །དེ་ཡང་སློབ་དཔོན་གྱིས་སློབ་མ་ལ་དམ་ཚིག་དེ་རྣམས་ བཤད་ནས། ཁྱོད་ལ་དབང་བསྐུར་བས་སྔགས་ཀྱི་སྡོམ་པ་ཐོབ་པར་བྱེད་དེ། དེ་ལྟར་བྱས་ པའི་རྗེས་སུ་དམ་ཚིག་འདི་དག་བསྒྲུབ་དགོས་སོ། །འདི་རྣམས་ལ་བླང་དོར་མི་བྱེད་ན། ཁྱེད་ ལ་དབང་བསྐུར་ཡང་བདག་དབང་བསྐུར་བ་པོ་དང༌། །དབང་ཞུ་བ་པོ་ཁྱོད་གཉིས་ཀ་ལ་དོན་ མེད་ཆེན་པོ་བསྐྱེད་པ་ལས་གཞན་མེད་དོ། །ཞེས་བརྗོད་པ་ན། སློབ་མས་ཀྱང་བླང་དོར་དེ་ དག་ཉམས་འོག་ཏུ་བཅུག་ནས། རང་གིས་སྒྲུབ་ནུས་པར་འདུག་ན་ཞེས་ཀྱང་སྒྲུབ་པར་སྨོན་ པའི་ཚུལ་གྱིས་དམ་འཆའ་བྱེད་ན། སྡོམ་པ་བློས་མི་སྤོང་བར་འཛིན་པ་ཡིན་པའི་ཕྱིར། སྡོམ་ བཟུང་ཞེས་བྱ་སྟེ་དོན་ལ་དབང་བསྐུར་མི་བསྐུར། སྡོམ་པ་འཛིན་པར་དམ་འཆའ་མི་འཆའ་ལ་ 3-1-601 རག་ལས་པས། སོ་ཐར་གྱི་བར་ཆད་དྲི་བ་དང་དོན་གཅིག་གོ །འདི་ན་ཤིང་རྟ་ཆེན་པོ་དག་ ཀྱང་སྡོམ་བཟུང་ལན་གསུམ་གྱིས་སྔགས་སྡོམ་ཐོབ་པར་འགྱུར་ཞེས་དང༌། གཞན་དག་གིས་ དེ་ལ་དེར་སྡོམ་པ་ཐོབ་ཟིན་ན། དབང་དངོས་གཞིའི་ཆོ་ག་མི་དགོས་པར་འགྱུར་ཞེས་དགག་ པ་བྱས་པ་ན། དེར་དེ་ཐོབ་ཟིན་ཡང་ཆོ་ག་ལྷག་མ་བྱེད་མི་དགོས་པའི་སྐྱོན་མེད་དེ། གསོལ་ གཞིའི་ཆོ་གས་དགེ་སློང་གི་སྡོམ་པ་ཐོབ་ཀྱང༌། དུས་གོ་དང་གདམས་ངག་བརྗོད་པ་སོགས་ ངེས་པར་བྱེད་དགོས་པ་བཞིན་ནོ་ཞེས་ལན་འདེབས་ཏེ། གསོལ་གཞི་དང་སྡོམ་བཟུང་དོད་ ཐུབ། ཆུ་དབང་སོགས་དང་དུས་གོ་སོགས་དོད་ཐུབ་ཏུ་ཤུགས་ལ་ཁས་བླངས་སོ། །དེ་ནི་མི་ མཚུངས་ཤིང་མི་རིགས་ཏེ། སོ་ཐར་གྱི་དགེ་སློང་ལ་གསོལ་གཞིའི་ཆོ་གའི་སྡོམ་པ་སྐྱེས་ཟིན་ པ་དེ། རྗེས་ཆོག་གཉིས་མ་བྱས་ཀྱང་ལས་བརྒྱ་རྩ་གཅིག་ཉམས་སུ་མྱོང་བ་དང༌། འདུལ་བའི་ དོན་ཉམས་སུ་ལེན་པ་ལ་རྗེས་ཆོག་གཉིས་ཉན་ཟིན་པའི་དགེ་སློང་དང་ཁྱད་མེད་ལ། གཞན་ དུ་ན་ལས་བྱེད་པའི་སློབ་དཔོན་སོགས་ལ་ཆོ་གའི་ཡན་ལག་མ་ཚང་བའི་ཉེས་བྱས་འབྱུང་ བར་ཟད་དེ། རྗེས་ཆོག་གཉིས་པོས་བསྒྲུབ་བྱ་དེ་འདུལ་བ་ལ་སྤྱོད་པར་དབང་བའི་བྱ་བ་གང་ ཡང་མི་བྱེད་དེ། དེའི་བྱ་བ་དངོས་གཞིས་བྱེད་ལ། རྗེས་ཆོག་གཉིས་ནི་བསྒྲུབ་བྱ་དེས་སྡོམ་པ་ བསྲུང་ལུགས་རགས་པ་ཙམ་གོ་བྱེད་ཁོ་ན་ཡིན་པས་སོ། །ཁྱེད་ལྟར་ན་རིགས་ལྔའི་སྡོམ་ བཟུང་བྱས་པའི་རྗེས་སུ་དབང་གང་ཡང་མ་བསྐུར་ཡང་སློབ་མ་དེས་སྔགས་ཀྱི་ཉམས་ལེན་ རང་གཞན་གྱི་དོན་ཐམས་ཅད་སྤྱོད་དུ་རུང་བར་འགྱུར[བ་དང་]། སློབ་དཔོན་ལ་ནི་ཆོ་ག་མ་ ཚང་བར་བྱས་པའི་ཉེས་པ་ཙམ་ཞིག་འབྱུང་ངོ༌། །ཞེས་འདོད་དགོས་ཏེ་ཐལ་བ་འདི་བཟློག་ཏུ་ མེད་དོ། །དེས་ན་ཐེག་པ་གསུམ་གྱི་སྡོམ་པ་གང་ལེན་ཡང་ཆོ་ག་དངོས་གཞིས་སྡོམ་པ་[གང་ ལེན་ཡང་]ཐོབ་པར་འགྱུར་གྱི། སྔོན་འགྲོ་དང་རྗེས་ཀྱིས་ཐོབ་པ་ནམ་ཡང་མེད་དེ། དངོས་ གཞི་ཞེས་པའི་མིང་ཁོ་ནས་ཀྱང་དོན་དེ་ལྟར་གོ་དགོས་སོ། །སྡོམ་པ་འབོགས་པའི་ཆོ་གའི་སྡེ་ 3-1-602 ཚན་ཆ་ཤས་ཡིན་མཉམ་ལ། ཆོ་ག་གང་གིས་སྡོམ་པ་མི་ཐོབ་པ་དེ་སྡོམ་ཆོག་གི་དངོས་གཞི་ ཡིན་པ་ཡང་ག་ལ་སྲིད་དེ། དེ་མི་ཐོབ་ན་དངོས་གཞི་ཡིན་པའི་རྒྱུ་མཚན་གཅིག་ཀྱང་མ་བྱུང་ བས་སོ། །སྡོམ་བཟུང་བྱས་པ་ཁོ་ནས་སྡོམ་པ་ཐོབ་པར་འགྱུར་ན། དེ་ཉིད་དབང་གི་དངོས་ གཞིར་ཐལ་བ་དང༌། ཆུ་དབང་སོགས་དངོས་གཞི་རྣམ་དངོས་གཞི་མ་ཡིན་པར་འགྱུར་ཏེ། སྔགས་སྡོམ་ཐོབ་ཟིན་གྱི་ཕྱིས་བྱེད་རྒྱུ་ཙམ་དུ་ཟད་པས་རྗེས་ཀྱི་ཆོ་གར་འགྱུར་བས་སོ། །ཡང་ འདི་སྙམ་དུ་སྡོམ་པ་ལེན་པའི་ཆོ་ག་དངོས་གཞི་དེ་སྡོམ་བཟུང་ཡིན་ཡང༌། སྤྱིར་དབང་གི་ དངོས་གཞི་སྨིན་བྱེད་རང་མིན་ནོ་སྙམ་ན། དབང་བསྐུར་བས་རྒྱུད་སྨིན་པར་བྱེད་པ་དེ་སྔགས་ སྡོམ་ཐོབ་ཚུལ་གྱི་སྒོ་ནས་རྒྱུད་སྨིན་པར་བྱེད་པ་མིན་ན། གཞན་ཚུལ་ཇི་ལྟ་བུས་རྒྱུད་སྨིན་པར་ བྱེད་པ་ཡིན་སྨྲ་དགོས་སོ། །གལ་ཏེ་སྨིན་བྱེད་ཀྱིས་རྒྱུད་སྨིན་པར་བྱེད་པའི་གཙོ་བོ་སྔགས་ སྡོམ་ཐོབ་པའི་སྒོ་ནས་མི་འཇོག་ཅིང༌། སྡོམ་པ་མི་ཐོབ་ན་དབང་བསྐུར་དངོས་ལ་དགོས་པ་ མེད་པར་ཐལ་བ་དང༌། ལམ་གྱི་རྩ་བ་དབང་དང་དམ་ཚིག་ཟེར་བ་ཡང་ཚིག་ཙམ་དུ་འགྲོ་བ་ དང༌། རྒྱུད་སྨིན་པར་མི་བྱེད་པའི་སྔགས་སྡོམ་དེ་ཐོབ་ཀྱང་དགོས་པ་མེད་པར་ཐལ་བས་སོ། ། ཡང་དབང་དངོས་གཞིའི་དུས་སུ་སྔགས་དང་ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་ཆོ་གའི་བྱིན་ གྱིས་རློབས་པ་དང༌། གསལ་བར་གསུངས་པའི་དག་སྦྱོར་ཤིན་ཏུ་རྒྱས་པར་ཡོད་པ་དེས་ སྔགས་སྡོམ་ཐོབ་པར་མི་འགྱུར་ན། དེ་དག་གང་ཡང་མེད་པའི་ཁས་ལེན་ཙམ་གྱིས་སྡོམ་པ་ ཐོབ་པ་མི་རིགས་པ་ནི་བླུན་པོས་ཀྱང་ཤེས་སུ་རུང་ན། མཁས་པ་ཤེས་རབ་འཆལ་བའི་ངང་ ཚུལ་འདི་འདྲ་ནི་བསམ་གྱིས་མི་ཁྱབ་བོ། །ཡང་ཆུ་དབང་སོགས་དངོས་གཞིའི་ཆོ་ག་རྣམས་ སྡོམ་བཟུང་དང་འབྲེལ་བའི་ཆོ་ག་ཡིན་ན་ནི། སྡོམ་པ་སྡོམ་བཟུང་གིས་ཐོབ་ཟིན་པའི་རྗེས་ཀྱི་ ཆོ་ག་ཡིན་པར་འགྱུར་ལ། དེ་དང་མ་འབྲེལ་ན་ནི་དབང་བསྐུར་བ་དངོས་དེ་སྔགས་སྡོམ་གྱི་ཆོ་ ག་ཡེ་མ་ཡིན་པར་ཐལ་བར་འགྱུར་རོ། །ཐ་ན་བསྙེན་གནས་ནས་བརྩམས་ཏེ་རྣམ་པ་ཀུན་ཏུ་ 3-1-603 སྡོམ་པ་སྲུང་བའི་ཁས་ལེན་ཙམ་ནི། སྡོམ་པ་ཐོབ་བྱེད་ཀྱི་ཆོ་ག་དངོས་མ་ཡིན་གྱི། ཆོ་གའི་ ཡན་ལག་འབའ་ཞིག་ཡིན་པ་ཐུགས་སུ་གཞོག་འཚལ་ཏེ། ཆོས་སྐད་གསར་བྱུང་ཡིན་པ་ཙམ་ ལ་ལེགས་བཤད་དུ་ཁྱབ་པ་འཆའ་བར་མི་བྱའོ། །དེས་ན་སྔགས་སྡོམ་ནི་དངོས་གཞིའི་ཆོ་ གས་ཐོབ་པར་འགྱུར་ལ། སྡོམ་བཟུང་ནི་སློབ་དཔོན་གྱིས་སློབ་མ་ལ་དབང་སྩོལ་བའི་ཕྱིར་དུ་ སློབ་མས་སྡོམ་པ་སྲུང་བར་ཁས་ལེན་པ་ཡིན་ཞིང༌། རྒྱུན་བཤགས་དང་འབྲེལ་ན་ལམ་བརྟེན་ པར་ཡང་འགྱུར་བ་དང༌། གཞན་དུ་ན་སེམས་བསྐྱེད་ཀྱི་ཁོངས་སུའང་འདུས་སོ། །དེ་ལ་འདིར་ རིགས་དྲུག་གི་སྡོམ་པ་བཟུང་བ་ནི། གཞན་དུ་རིགས་ལྔའི་སྡོམ་བཟུང་འབྱུང་བའི་དོད་ཡིན་ ཞིང༌། འཁོར་ལོ་པདྨ་གཉིས་མ་གཏོགས་ཕལ་ཆེར་མཚུངས་པའང་ཡིན་མོད་ཀྱི། རྣམ་གཞག་ ཅུང་ཟད་མི་འདྲ་བར་བྱུང་ཡང་རིགས་ལྔ་ལས་འདི་དོན་རྒྱ་ཆེའོ། །དེ་ལ་རྡོ་རྗེའི་རིགས་ཞེས་བྱ་ བ། སྤྱིར་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་གཉིས་ཀར་ལ་འཇུག་པའང་ཡོད་ལ། ཡང་རྡོ་ རྗེ་དང་གྲི་གུག་གི་ཟླས་ཕྱེ་བའི་རྡོ་རྗེའི་རིགས་ནི་མི་བསྐྱོད་པ་དང༌། གྲི་གུག་གི་རིགས་ནི་རྡོར་ སེམས་ལ་འཇོག་པའང་ཡོད། ཡང་རྡོ་རྗེ་རྩེ་ལྔ་པའི་རིགས་ནི་མི་བསྐྱོད་པ་དང༌། རྩེ་གསུམ་པ་ དང་རྩེ་གཅིག་པའི་རིགས་ནི་རྡོར་སེམས་སུ་འཇོག་པ་ལས། འདིར་འདོད་པ་ནི་ལྔ་སྟེ། རྩེ་ལྔ་ པའི་རྡོ་རྗེ་མི་བསྐྱོད་པའི་རིགས་ཀྱི་དམ་ཚིག་ལ་རྡོ་རྗེ་ཐུགས་ཀྱི་དམ་ཚིག་སྟེ་སྙིང་རྗེ་ཆེན་པོ་ བྱང་ཆུབ་ཀྱི་སེམས་དང་བཅས་པ་སྒོམ་པ་དང༌། དྲིལ་བུ་གསུང་གི་དམ་ཚིག་སྤྲོས་བྲལ་གྱི་རྣམ་ པ་ཅན་གྱི་ཤེས་རབ་སྟོང་ཉིད་སྒོམ་པ་དང༌། ཕྱག་རྒྱ་སྐུའི་དམ་ཚིག་རང་གི་ལུས་ངག་ཡིད་ གསུམ་སྣོད་བཅུད་དང་བཅས་པ་ལྷའི་རྣལ་འབྱོར་གྱིས་རྒྱས་ཐེབས་པར་བྱེད་པ་རྣམས་ བསྐྱེད་རྫོགས་ཐུན་མོང་ངམ། བསྐྱེད་རིམ་ཕྱོགས་ཀྱི་དམ་ཚིག་ཡིན་ལ། རྫོགས་རིམ་ངེས་དོན་ གྱི་ཕྱོགས་ལ་ནི་ཐུགས་གསུང་གཉིས་པོ་ལ་སྔར་གྱི་དེ་ཁའི་སྟེང་དུ། ཐུགས་མི་འགྱུར་བའི་ བདེ་བའི་རྒྱུར་བྱང་ཆུབ་ཀྱི་སེམས་འཆིང་བའི་སྦྱོར་བ་ལ་བསླབ་པ་དང༌། གསུང་གཞོམ་མེད་ 3-1-604 ཀྱི་སྒྲའི་རྒྱུར་སྲོག་དབུ་མར་གཞུག་ཅིང་འཆིང་བའི་ཐབས་ལ་རྩོལ་བ་དང༌། སྐུ་ལ་བསྐྱེད་རིམ་ གྱི་དེ་གཞི་རྟེན་དུ་ནི་མི་དགོས་ཀྱང་ལེགས་པའི་ཆ་ཤས་ནི་ཡིན་ནོ། །ངོ་བོ་ནི་སྟོང་གཟུགས་ ཕྱག་རྒྱ་ཆེན་པོ་བསྒྲུབས་ཏེ་ཡང་ཡང་སྐྱོང་དགོས་པའོ། །གཉིས་ཀར་གྱི་ཐུན་མོང་དུ་སློབ་ དཔོན་གྱི་དམ་ཚིག་སྟེ། རང་ཉིད་དཀྱིལ་འཁོར་མཆོག་ཏུ་དབང་བསྐུར་ཞིང་རྡོ་རྗེའི་རྣལ་ འབྱོར་གྱི་བཀའ་དྲིན་སྩོལ་བའི་བླ་མ་དེ་ནི་སངས་རྒྱས་ཀུན་འདུས་དཀྱིལ་འཁོར་གྱི་བདག་པོ་ ཉིད་དུ་ཤེས་པས་དངོས་པོ་ཐམས་ཅད་ཀྱིས་བསྟེན་པའོ། །དེ་ལྟར་ན་འདི་གཙོ་བོར་རྗེས་སྤྱོད་ ཀྱི་དམ་ཚིག་དང་སྔ་མ་གསུམ་ལས་ཕྱེ་བའི་དྲུག་ནི་མཉམ་གཞག་གི་དམ་ཚིག་གཙོ་ཆེའོ། །དེ་ ལྟར་ན་མི་བསྐྱོད་པའི་རིགས་ཀྱི་དམ་ཚིག་འདི་ནི་རིགས་གཞན་རྣམས་ཀྱི་དམ་ཚིག་གི་རྩ་ བའོ། །རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་དམ་ཚིག་ལ་སྦྱིན་པ་རྣམ་པ་བཅུ་སྦྱིན་ཏེ། དེ་ལ་བཅུ་ ནི། རིན་ཆེན་ལྕགས་ཟངས་བ་ལང་རྟ། །གླང་པོ་བུ་མོ་ཡུལ་འཁོར་དང༌། །འདོད་པའི་ཆུང་མ་ རང་གི་ཤ །སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཅེས་གསུངས་པ་སྟེ། སྦྱིན་རྒྱུ་དངོས་སུ་ཡོད་ཅིང་ སྐབས་སུ་བབ་ན་དངོས་སུ་སྦྱིན་པ་ཡིན་ཏེ། ཐ་ན་སློང་བ་པོའམ་དུད་འགྲོའི་རིགས་ལ་ཟས་ ཁམ་རེ་ཙམ་ཡང་སྦྱིན་པའམ་ཡི་དྭགས་སོགས་ལ་ཉིན་རེར་གཏོར་མ་ཕྲ་མོ་རེ་ཙམ་བཏང༌། དངོས་སུ་སྦྱིན་རྒྱུ་མེད་ཀྱང་གཏོང་སེམས་དང་མ་བྲལ་པ་སྟེ། དམ་ཚིག་གི་ས་མཚམས་ནི་སྦྱིན་ པ་བཅུས་མཚོན་པའི་ཟང་ཟིང་གི་སྦྱིན་པ་གཏོང་སེམས་དྲན་པ་དང༌། སྦྱིན་པས་སེམས་ཅན་ གྱི་བསམ་པ་རྫོགས་པར་སྨོན་པ་ཐུན་གསུམ་དུ་དྲན་པའོ། །འཁོར་ལོ་སྟེ་རྣམ་པར་སྣང་མཛད་ ཀྱི་རིགས་ཀྱི་དམ་ཚིག་ལ་རྒྱལ་བ་མཆོག་སངས་རྒྱས་རིགས་ལྔའི་དམ་ཚིག་བདུད་རྩི་ལྔ་དང༌། ཡུམ་ལྔའི་དམ་ཚིག་ལྕགས་ཀྱུ་ལྔ་བསྟེན་པ་སྟེ། ལས་དང་པོ་པས་དམ་རྫས་རིལ་བུ་ཡུངས་ ཀར་གྱི་ཚད་ཙམ་བཟའ་བ་དང༌། བཟའ་བཏུང་ཐམས་ཅད་དམ་རྫས་སུ་བྱིན་གྱིས་བརླབས་ ནས་བསྟེན་པ་ཡིན་ནོ། །རྣལ་འབྱོར་བའི་ས་ཐོབ་པས་ནི། དངོས་སུ་སྦྱངས་རྟོགས་སྦར་ 3-1-605 གསུམ་བྱས་ནས་སྐྱེ་བོའི་མངོན་དུ་ཇི་ལྟར་འདོད་པར་ཡང་བསྟེན་ནོ། །དེ་བཞིན་དུ་རལ་གྲི་ སྟེ། དོན་ཡོད་གྲུབ་པ་ལས་ཀྱི་རིགས་ཀྱི་དམ་ཚིག་ལ་འདོད་པའི་ལྷ་དང་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་རྣམས་དང༌། རྡོ་རྗེ་སློབ་དཔོན་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་པ་སྟེ། འདིར་མཆོད་པ་ནི། བྱ་བ་དང་ཡོ་བྱད་ཀྱིས་མཆོད་པ་ཡིན་པས་རྙེད་པ་དང་བཀུར་སྟི་དང༌། རིམ་གྲོ་དང༌། བསྔགས་པ་བརྗོད་པ་ལ་སོགས་པའོ། །སྒྲུབ་པའི་མཆོད་པར་ནི་གོང་འོག་ ཐམས་ཅད་འདུས་པའི་ཕྱིར་དེ་ནི་ལས་རིགས་ཁོ་ནར་མི་བགྲོང་ངོ་། །ཆུ་སྐྱེས་ཏེ་པདྨའི་རིགས་ ལ་རླུང་ལས་རྣམ་པར་རྒྱལ་བ་སོགས་བསྒྲུབས་ཏེ། ཐོབ་ན་རིགས་དང་རིགས་མ་ཡིན་པའི་ ལས་ཀྱི་ཕྱག་རྒྱ་མངོན་པར་བགྲོད་དེ། ཐིག་ལེ་འཕོ་མེད་དུ་འཆིང་བ་འཛག་མེད་ཀྱི་སྡོམ་པའི་ ཚུལ་ཁྲིམས་བརྟན་པར་བྱེད་པའི་ཐབས་ལ་བརྟེན་པའོ། །རྒྱལ་བ་བསྐྱེད་མཛད་དེ་རྡོ་རྗེ་ སེམས་དཔའི་རིགས་ལ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཕྱིར་ དུ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཆེན་པོར་སྨོན་ལམ་གདབ་པ་སྟེ། སྨོན་འཇུག་ གི་སེམས་བསྐྱེད་བླངས་ནས་བྱང་ཆུབ་སེམས་དཔའི་ཐུན་མོང་གི་ཚུལ་ཁྲིམས་རྣམ་པ་གསུམ་ ལ་སློབ་པར་བྱེད་པའོ། །དེ་ལྟར་ན་རྡོ་རྗེའི་རིགས་རྩ་བའི་དམ་ཚིག་ཏུ་བཞག་ནས། ལྷག་མ་ རྣམས་ཚོགས་གསུམ་གྱིས་བསྡུས་ན། བསོད་ནམས་ཀྱི་ཚོགས་ལ་གཉིས་ཀྱི་ཡུལ་དམན་པ་ལ་ བརྟེན་པ་ནི། རིན་ཆེན་རིགས་ཀྱི་སྦྱིན་པ་དང༌། ཡུལ་མཆོག་ལ་བརྟེན་པ་ནི་ལས་ཀྱི་རིགས་ཀྱི་ མཆོད་པའོ། །ཚུལ་ཁྲིམས་ཀྱི་ཚོགས་དངོས་ནི། པདྨའི་རིགས་ལ་འཛག་མེད་ཀྱི་ཚུལ་ཁྲིམས་ དངོས་དང༌། ཚུལ་ཁྲིམས་ཚོགས་ཀྱི་རྒྱུར་རྣམ་སྣང་གི་རིགས་ལ་བཟའ་བའི་དམ་ཚིག་སྟེ། ཀྱཻ་ རྡོར་ལས། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཞེས་པ་ལྟ་བུའོ། །ཡེ་ཤེས་ ཀྱི་ཚོགས་ནི་རྡོ་རྗེ་སེམས་དཔའི་རིགས་ཀྱི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་ སེམས་བསྐྱེད་པའོ། །རྡོ་རྗེའི་རིགས་ཀྱི་ཡང་བསྐྱེད་རིམ་གྱི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་བསོད་ 3-1-606 ནམས་དང༌། སློབ་དཔོན་གྱི་དམ་ཚིག་ནི་ཚོགས་གསུམ་ཀ་དང༌། གཞན་རྣམས་ཡེ་ཤེས་ཀྱི་ ཚོགས་སོ། །ཡང་སྐབས་འདིར་འཁོར་ལོའི་སྐབས་སུ། ཕུང་པོ་དང་དབང་པོའི་[སྐབས་སུ་] ཚོགས་པ་བསྲུང་ཞེས་གསུངས་པ་དང༌། རྡོར་སེམས་སྐབས་སུ། རྩེ་གཅིག་པའི་རིགས་ལ་ གནས་པར་གྱུར་པས་ཞེས་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱང་ཆུབ་བདག་གིས་བསྐྱེད་ ཅེས་གསུངས་པས། དེ་གཉིས་ལ་དངོས་སུ་ཐུན་མོང་མ་ཡིན་པའི་ངེས་དོན་བསྟན་པ་ཉིད་ ཀྱིས་གཞན་རྣམས་ལ་ཡང་གོ་དགོས་ཏེ། སྦྱིན་པ་བཅུ་ནི་རླུང་བཅུ་བཅིངས་པ་དང༌། བདུད་རྩི་ ལྔ་ནི་ཕུང་པོ་ལྔའི་དྭངས་མ་བཅིངས་པ་དང༌། ཤ་ལྔ་ནི་དབང་པོ་ལྔའི་ཐིག་ལེ་བཅིངས་པ་དང༌། མཆོད་པ་ནི་གཏུམ་མོ་སྦར་བས་བྱང་ཆུབ་ཀྱི་སེམས་ཞུ་སྟེ། ཕུང་ཁམས་བདེ་བས་ཁྱབ་པར་ བྱེད་པ་དང༌། འཛག་མེད་ཀྱི་ཚུལ་ཁྲིམས་ཀྱང་ལས་རྒྱ་ལ་མ་བལྟོས་པར་ཕྱག་ཆེན་གྱིས་སྒྲུབ་ པ་དང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱང་ཐུན་མོང་གི་སྟེང་དུ་སྙིང་རྗེ་མི་འགྱུར་བའི་བདེ་བ་ དང༌། སྟོང་ཉིད་རྣམ་ཀུན་མཆོག་ལྡན་ཟུང་འཇུག་རོ་གཅིག་ཏུ་གྱུར་པ་ནི་རྡོ་རྗེ་རྩེ་གཅིག་པའི་ ངེས་དོན་དུ་བཤད་པ་ཡིན་ནོ། །འོ་ན་ཕྱག་ཆེན་གྱི་ཚུལ་ཁྲིམས་དེ་ཡེ་ཤེས་མ་ཡིན་ནམ་སྙམ་ན། [སྤྱིར་]ཡིན་མོད་ངེས་དོན་གྱི་དམ་ཚིག་ལྔ་ལ་ཚོགས་གསུམ་གྱི་དབྱེ་བ་གོང་བཞིན་མི་སྦྱོར་ བས་དཔྱད་པ་དེ་མི་འཇུག་ལ། སྤྱིར་ནས་རྗེས་དྲན་གྱི་སྐབས་ཕྱག་ཆེན་གྱིས་ཞུ་བདེ་འགྱུར་ མེད་བསྐྱེད་པའང་ཡོད་པས། ཚོགས་གསུམ་ངོ་བོ་མ་འདྲེས་པའི་དབྱེ་བ་བྱེད་སྐབས་ཞུ་བདེ་ འགྱུར་མེད་ཀྱི་ཕྱིར་དེ་འདྲ་དེ་ཚུལ་ཁྲིམས་ཀྱི་ཚོགས་ཉིད་དོ། །འོན་ཀྱང་འདི་རྣམས་ད་ལྟ་ལས་ དང་པོ་པས་སྒྲུབ་ཅིང་ཉམས་སུ་ལེན་པའི་དབང་དུ་བྱས་ན། རྡོར་དྲིལ་ཕྱག་རྒྱ་གསུམ་གྱི་དམ་ ཚིག་ཏུ་འདུས་པས་རིགས་ཕྱི་མ་ལྔ་པོའི་ངེས་དོན་ཐུན་མོང་མ་ཡིན་པ་རྣམས་སྤྱིར་ཟབ་ཀྱང་ ལས་དང་པོ་པའི་དམ་ཚིག་གི་སྐབས་སུ་འཕྲོས་དོན་ཙམ་མོ། །དེ་ལས་བྱིས་འཇུག་ཙམ་ལ་ནི་ བསྐྱེད་རིམ་གྱི་དམ་ཚིག་དང༌། དངོས་བསྟན་རྣམས་ཀྱིས་ཆོག་ལ། རྡོར་དྲིལ་ཕྱག་རྒྱ་གསུམ་ 3-1-607 གྱི་རྫོགས་རིམ་གྱི་དམ་ཚིག་རྣམས་དབང་གོང་མ་རྫོགས་པར་ཐོབ་པ་ལ་གལ་ཆེའོ། །རྒྱུད་ གཞན་ལས་གསུངས་པའི་རིགས་ལྔའི་དམ་ཚིག་རྣམས་འདིར་འདུས་ཏེ། རྡོ་རྗེའི་རིགས་ནི་ ཕལ་ཆེར་འདྲ་བ་ལས་རྫོགས་རིམ་གྱི་དམ་ཚིག་གསུམ་ལྷག་པོ་ཡིན་ལ། རིན་ཆེན་རིགས་ལ་ གཞན་ལས་སྦྱིན་པ་བཞི་གསུངས་ཤིང༌། འདིའི་བཅུ་པོ་དེའི་ཟང་ཟིང་དུ་འདུས་ཀྱང༌། སྤྱིར་ སྦྱིན་པའི་ངོས་ནས་གཙོ་བོར་གྱུར་པ་སྦྱིན་པ་རྐྱང་པའམ། དག་པ་བ་ནི་ཟང་ཟིང་གི་སྦྱིན་པ་ ཡིན་པས་དེ་གཙོ་བོར་སྨོས་པ་ཡིན། གཞན་གསུམ་ཤུགས་ལ་བསྟན་པར་བྱས་ན་ལེགས་ལ། འོག་རྡོ་རྗེ་རྩེ་གཅིག་པའི་དམ་ཚིག་ཏུ་བསྡུས་ཀྱང་ཆོག་གོ །སྤྱིར་ཡང་མི་འཇིགས་པའི་སྦྱིན་པ་ ནི་ཚུལ་ཁྲིམས་དང༌། ཆོས་ཀྱི་སྦྱིན་པ་ནི་ཤེས་རབ་དང༌། བྱམས་པའི་སྦྱིན་པ་ནི་བསམ་གཏན་ ཡིན་པས་རྣམ་གྲངས་ཀྱི་སྦྱིན་པར་འགྱུར་གྱི་སྦྱིན་པ་དག་པ་བ་མ་ཡིན་ནོ། །དེའི་ཕྱིར་རིན་ ཆེན་རིགས་ཀྱི་དམ་ཚིག་ལ་སྦྱིན་པ་སྦྱིན་པ་ནི། རྒྱུད་གཞན་གྱི་ལུགས་ལ་ཡང་གཙོ་བོར་ཟང་ ཟིང་ཉིད་ཡིན་པའི་ཕྱིར་དགོངས་པ་གཅིག་གོ །རྣམ་སྣང་གི་རིགས་ལ་བཤད་ཚུལ་མི་འདྲ་སྟེ། གཞན་ལས་སྐྱབས་འགྲོ་བཤད་ཀྱང་འདིར་བཟའ་བའི་དམ་ཚིག་ཏུ་མཛད་པ་གཞན་ལ་མེད་ པའི་ལྷག་པོ་ཡིན་ལ། གཞན་ལས་སྐབས་འདིར་གསུངས་པའི་སྐྱབས་འགྲོ་ནི་ཀུན་རྫོབ་ སེམས་བསྐྱེད་ཀྱི་ནང་དུ་འདུས་པའོ། །ལས་ཀྱི་རིགས་ཀྱི་དམ་ཚིག་འདི་དང་དེ་དག་འདྲ་ལ། པདྨའི་རིགས་ཀྱི་དམ་ཚིག་ལ་གཞན་དུ་ཆོས་འཛིན་པ་ལ་བཤད་པ་ཚིག་འཛིན་པ་ཕལ་བ་ དང༌། དོན་འཛིན་པ་གཙོ་བོར་འཆད་ལ། དོན་འཛིན་པ་ཆོས་སྒྲུབ་པ་ལ་བྱེད་ན་ནི་དམ་ཚིག་ མཐའ་དག་དེར་འདུས་པར་འགྱུར་བས་སོ་སོའི་དབྱེ་བ་ཉམས་པར་འགྱུར། དོན་བློ་ལ་གོ་ བར་བྱེད་པ་དང་ཆོས་དར་ཞིང་མི་ནུབ་པར་བྱེད་པ་ལྟ་བུ་ལ་ངོས་འཛིན་དགོས་ན། དེ་ཡང་ འོག་རྡོར་སེམས་སུ་འདུས་པས་འདིར་འཕོ་མེད་ཀྱི་ཚུལ་ཁྲིམས་བཤད་པ་ཡར་ལྷག་པོ་སྟེ། དབང་བདུན་དང་བསྐྱེད་རིམ་ཙམ་ལ་བརྟེན་པ་ཡང་ལུས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དམ་ཚིག་ 3-1-608 འདི་མེད་ཀ་མེད་ཡིན་པས་སོ། ། ཀུན་རྫོབ་དང་དོན་དམ་དབྱེར་མེད་པར་སེམས་བསྐྱེད་པ་ནི། གཞན་གྱི་ལུགས་ཀྱི་ རིགས་ལྔ་སྤྱིའི་དམ་ཚིག་ཞེས་བྱ་བ་དེ་ཡིན་ལ། སྦྱིན་པ་ལྷག་མ་གསུམ་དང་སྐྱབས་འགྲོ་ དང༌། ཐོས་བསམ་གྱི་སྒོ་ནས་ཆོས་བཟུང་བ་དང༌། ཆོས་མི་ནུབ་པར་བཟུང་བ་ཐམས་ཅད་ ཀྱང་འདིའི་ནང་དུ་འདུས་པ་ཡིན་པས། གཞན་ལས་འབྱུང་བའི་རིགས་ལྔ་སྤྱི་དང་སོ་སོའི་དམ་ ཚིག་རྣམས་འདིར་འདུས་ཤིང༌། འདིར་བཤད་པའི་ལྷག་པོ་རྣམས་དེར་མ་འདུས་པའི་དབྱེ་བ་ ཤེས་པར་བྱ་ཞིང༌། དམ་ཚིག་གི་ཡན་ལག་ཕྲ་མོ་རྣམས་ནི་འདིར་ཡང་རིགས་དྲུག་ཀའི་ཐུན་ མོང་དུ་བྱའོ།། །། གསུམ་པ་སོ་ཤིང་དོར་ཞིང་རིགས་དྲུག་གིས་བསྲུང་བ་ནི། དང་པོར་ལས་དང་དངོས་ གྲུབ་གང་འགྲུབ་བརྟག་པའི་དོན་དུ་སོ་ཤིང་འདོར་བ་ཡིན་པ། ཕྱོགས་ཀྱི་དབྱེ་བས་ལྷ་གང་གི་ དངོས་གྲུབ་འགྲུབ་པ་ཡང་རྟོགས་ནུས། དེ་རྗེས་རིགས་དྲུག་གི་ཡི་གེ་འགོད་པ་ནི། སློབ་མའི་ ཁམས་དྲུག་བྱིན་གྱིས་མ་བརླབས་ན་དཀྱིལ་འཁོར་དུ་འཇུག་ཏུ་མི་རུང་བས་དེའི་ཕྱིར་བྱིན་ གྱིས་རློབས་པའོ།། །། བཞི་པ་ཁྱོར་ཆུ་དང་བདུད་རྩིས་ཁ་དག་པར་བྱེད་པ་ནི། ༀ་ཧྲཱིཿསོགས་ཏེ་ཁྱོར་ཆུས་དག་ གི་དྲི་མ་སྦྱངས། བདུད་རྩིས་དག་ལའང་རྡོ་རྗེ་གསུམ་དང་ཡེ་ཤེས་ལྔའི་ངོ་བོར་བྱེད་པའོ།། །། ལྔ་པ་དྲི་བ་དྲི་ལན་སེམས་བསྐྱེད་དང་བཅས་པ་ནི། ཀྱེ་དགའ་བ་སོགས་ཏེ། དེ་རྗེས་ སེམས་བསྐྱེད་པ་ནི། སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ནས། ༀ་སརྦ་སོགས་ བརྗོད། གཞན་དཀྱུས་བཞིན།། །། དྲུག་པ་གསང་བར་གདམས་ཏེ་ནང་དུ་གཞུག་པ་ནི། རྡོ་རྗེ་སྤྱི་བོར་སོགས་ཏེ་གཞན་ ལའང་མ་སྨྲ། ཁྱོད་ཉིད་ཀྱང་མ་དད་པར་མ་བྱེད་ཅེས་པའོ། །འདིར་ཡ་མཱནྟ་ཀྲྀཏ་ཀྱི་སྔགས་ 3-1-609 ཀྱིས་འཇུག་པ་ནི། བར་གྱི་འདི་རྣམས་གཞན་གྱི་ཁ་སྐོང་ཡིན་ལ། རང་ལུགས་ཀྱི་བླ་མ་རྣམས་ འཕྲེང་བ་ནས་ལེན་གྱི། སཱ་དྷུ་པུ་ཏྲའི་དཀྱིལ་ཆོག་ནས་མ་ཡིན་ཏེ། རྒྱུ་མཚན་འཕྲེང་བ་མཁན་ པོ་སྔ་རོལ་དུ་བྱུང་ཞིང་ཤིང་རྟ་ཆེན་པོ་ཡིན་པ་དང༌། ལྷག་པའི་ལྷས་བྱིན་གྱིས་བརླབས་པ་རྩོད་ པ་དང་བྲལ་བ་དང༌། ཐོག་མའི་ལུགས་སྲོལ་ཆེ་བ་གདོད་མ་ཡིན་པའི་ཕྱིར་དེ་ལས་ཁ་སྐོང་བ་ བཟང་གི ། སཱ་དྷུ་པུ་ཏྲ་དུས་འཁོར་བ་ཙམ་ཞིག་ཏ་ཡིན་པར་འདུག་སྟེ། ཕྱིས་བྱུང་བ་དང་པཎྜི་ ཏ་ཕལ་པ་ཡིན་པ་དང་དེའི་ངང་ཚུལ་རང་གཞན་ཐམས་ཅད་ལ་བཤད་རྒྱུ་མེད་པ་དང༌། དེས་ དུས་འཁོར་ལ་ཁ་སྐོང་བྱས་པ་རྣམས་ཀྱང་འཕྲེང་བ་ལས་དྲངས་པར་སྣང་བའི་ཕྱིར། དེའི་ རྗེས་འཇུག་ཡིན་པས། ཁ་སྐོང་གི་གཞུང་དངོས་ལས་བླངས་ཆོག་པ་ལ། འཕར་ཞིང་བརྒྱུད་ པ་ལས་ལེན་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །ཅི་སྟེ་དེ་ལ་ལྷག་པར་ཞེན་པར་བྱེད་པ་ རྣམས་ནི། དེའི་ལུགས་གཙང་མ་འཛིན་པར་རིགས་ཀྱི། རང་བློ་དང་སྦྱར་ནས་འདྲ་མིན་བྱེད་ པ་མི་རིགས་ཏེ་ཁུངས་སུ་འདྲེན་ཡང་ཡིད་མི་ཆེས་པ་དང༌། དེའི་རྗེས་སུ་འཇུག་བཞིན་དུ་གྲས་ བྱེད་པ་འགལ་བའི་སྤྱོད་པ་མ་རུངས་པ་ཡིན་པའི་ཕྱིར་རོ། །དེས་ན་ༀ་ཨཱཿབིགྷྣཱན་ཏ་ཀྲྀཏ་ཧཱུཾ། ཞེས་པར་བསྒྱུར་ནས་འཁྲིད་པར་བྱེད་པ་ནི་མི་ལེགས་ཏེ། སྔགས་དེ་གསང་འདུས་ཀྱི་སྔགས་ ཡིན་ལ། འདུས་པའི་ལུགས་ལ་ཁྲོ་བོ་བགེགས་མཐར་བྱེད་བྱང་ཕྱོགས་སྲུང་བ་ཡིན་གྱི། ཤར་ ཕྱོགས་སྲུང་བ་མ་ཡིན་ནོ། །ཡང་དུས་འཁོར་གྱི་ཤར་སྒོ་ན་བགེགས་མཐར་བྱེད་འདུག་ཅིང༌། སློབ་མ་ཤར་སྒོ་ནས་འཇུག་པས་སོ་སྙམ་ན། དུས་འཁོར་གྱི་བགེགས་མཐར་བྱེད་ལ་སྔགས་ དེ་འདྲ་གསུངས་པ་མེད་དོ། །དེས་ན་ཡ་མནྟ་ཀྲྀཏ་ཀྱིས་བྱེད་པ་འདི་གཞན་གྱི་ཆོ་གས་སྒྲུབ་ པའི་ལུགས་ཡིན། འདི་ལ་བིགྷྣཱན་ཏ་ཀྲྀཏ་བྱས་ན། རང་ལུགས་གཞན་ལུགས་གཉིས་མིན་གྱི་ འདྲ་མིན་དུ་འགྱུར་རོ། །དུས་འཁོར་རང་ལུགས་ཁོ་ན་བྱེད་ན་དེ་འདྲ་གང་ཡང་མི་དགོས་སོ། ། དེས་ན་རང་ལུགས་ནི་དཀྱིལ་འཁོར་དུ་འཇུག་པར་བྱེད་མཁན་གྱི་ལྷ་ནི་མདུན་བསྐྱེད་དཀྱིལ་ 3-1-610 འཁོར་ལ་བཀོད་ཅིང་བརྟན་པར་བཞུགས་མཁན་དེས་མིན་གྱི། སློབ་དཔོན་གྱི་ཐུགས་ཀ་ནས་ སྤྲུལ་པའི་ལས་ཀྱི་རྡོ་རྗེའི་ཚུལ་འཛིན་པས་བྱེད་ན། མདུན་བསྐྱེད་དཀྱིལ་འཁོར་གྱི་ཤར་སྒོ་ ན་བགེགས་མཐར་བྱེད་བཞུགས་ཀྱང༌། སློབ་དཔོན་གྱི་ཐུགས་ཀ་ནས་གཤིན་རྗེ་མཐར་བྱེད་ སྤྲུལ་ཏེ། ཤར་སྒོ་ཕྱེ་ནས་སྒོ་ནང་དུ་སློབ་མ་ཁྲིད་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །གལ་ ཏེ་སཱ་དྷུ་པུ་ཏྲའི་ལུགས་ལ་བགེགས་མཐར་བྱེད་ཡིན་དུ་ཆུག་ཀྱང༌། ཐུགས་ཀ་ནས་སྤྲུལ་པ་ ཡིན་གྱི། ཤར་སྒོའི་སྒོ་སྲུང་དེ་སྒོ་གཡབས་སུ་འོངས་ནས་སློབ་མ་འཁྲིད་ཅིང༌། ཁྲོ་བོ་རང་གི་ གནས་སྟོང་པར་འཇོག་པ་གཏན་ནས་མིན་པ་གོ་དགོས་སོ། །དེས་ན་ཁྲོ་བོ་དེས་སྒོ་གཡབས་ སུ་སློབ་མའི་བྱུར་དང་སྐལ་ངན་བགེགས་བསྐྲད་ཅིང༌། རང་སྔགས་ཀྱིས་ཁྲིད་ནས་ཨཱ་ཁཾ་ཝཱི་ར་ ཧཱུཾ་གིས་སྒོ་ནང་དུ་བཅུག་པ་ཙམ་ཞིག་བསམ་མོ།། །། གཉིས་པ་འཇུག་པ་ཉིད་ཀྱི་དངོས་གཞི་ཡོལ་བའི་ནང་དུ་འཇུག་ལ། སྐོར་བ་དང༌། ཕྱག་ འཚལ་བ་དང༌། དམ་བཞག་དང༌། ཡེ་ཤེས་དབབ་ཅིང་བརྟན་པ་དང༌། བརྟུལ་ཞུགས་ཉེར་ལྔ་ བཟུང་བ་དང༌། མིག་དར་མེ་ཏོག་གི་བྱ་བ་དང༌། ལྷ་ངོ་བསྟན་པ་སྟེ་བདུན་ལས། དང་པོ་ནི། ༀ་མ་ཧཱ་ར་ཏ་སོགས་ཏེ། འདི་ལ་གཞན་དག་སྐུ་དཀྱིལ་ལམ་ཐུགས་དཀྱིལ་གྱི་དཔངས་ཆུང་ གི་སྟེང་ནས་སྐོར་བ་བྱེད་ཅེས་འདོད་ཀྱང་འདི་ཉིད་རང་ཁ་སྐོང་གི་ཆོ་ག་ཡིན་ཞིང༌། དཀྱིལ་ འཁོར་གཞན་ལ་དཔངས་ཆུང་མ་བཤད་པས་ཅུང་ཟད་མི་འཐད་ལ། དེ་ལྟར་ན་གཞལ་ཡས་ ཁང་གི་ཕྱི་རོལ་ཉིད་ནས་སྐོར་བ་བྱེད་པ་ཡིན་ནོ།། །། གཉིས་པ་ཕྱག་འཚལ་ལ་ཕྱག་ཚན་བདུན་ཡོད་ཅིང༌། བླ་མེད་ལུགས་སུ་སྦྱར་བ་ཡིན་ པས་ཡོ་གའི་ཕྱོགས་བཞི་ཕྱག་འཚལ་གྱི་དམིགས་པ་ནི་སྦྱོར་མི་དགོས་ལ། མཁས་པ་ཁ་ཅིག་ རྣམ་སྣང་གི་སྔགས་དེ་པཎྜི་ཏའི་བློས་སྦྱར་བའི་ཁ་སྐོང་ཡིན་ནམ་ཞེས་གསུངས་ཡང༌། གདན་ བཞི་དང་རྡོ་རྗེ་མཁའ་འགྲོ་ལས་ༀ་པཉྩ་ཊཱ་ཀི་ནི་པུ་ཛ་སོགས་གསུངས་པས་ཟིན་ཏེ་བློ་བཟོ་ 3-1-611 མིན་ནོ། །སྔགས་ཐ་མ་ནི་སེམས་ཅན་ཐམས་ཅད་བདག་ཉིད་སྒྲོལ་བའི་ཕྱིར་ཡོངས་སུ་འབུལ་ ཞེས་པའོ། ། གསུམ་པ་ནི། དེ་ནས་སྤྱི་བོར་རྡོ་རྗེ་བཞག་ཅེས་སོགས་ཏེ། དམ་བཞག་དང་པོ་གསུམ་ སྣོད་མིན་ལ་གསང་བས་སྒོ་ནས་དམ་ལ་བཞག །བཞི་པ་དམ་ཚིག་མཐའ་དག་གིས་དམ་ལ་ བཞག་པ་སྟེ་དམ་བཞག་གི་གཙོ་བོ་ཡིན། ལྔ་པ་ནི་དམ་ཚིག་གི་རྩ་བ་ཡིན་པས་བླ་མའི་དམ་ ཚིག་གི་སྒོ་ནས་དམ་ལ་བཞག་པའོ།། །། བཞི་པ་ནི་དེ་ནས་ཡེ་ཤེས་དབབ་པ་སོགས་ཏེ་འདི་ལ་རྒྱུད་འགྲེལ་གྱི་དངོས་བསྟན་དང༌། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱལ་མཚོའི་དངོས་བསྟན་ལ། སློབ་མ་ལྷ་གང་དུ་བསྐྱེད་ཀྱི་ གསལ་ཁ་མ་བྱུང་ཡང༌། དཀྱིལ་ཆོག་ལས་ཁྲོ་བོ་ཕེབས་པར་འགྱུར་གྱི་གསུངས་པ་དང༌། རྒྱུད་ འགྲེལ་ལས་ཀྱང་ཁྲོ་བོ་འབེབས་པར་གསུངས་པ་ལྟར་ལོ་ཙྪ་བ་བློ་གྲོས་རྣམ་གཉིས་ཀྱིས་ཀྱང་ ཁྲོ་བོའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཤུགས་སུ་བསྐྱེད་པར་མཛད་ལ། གཞན་ཡང་དུས་ འཁོར་བ་ཕལ་ཆེར་དེ་ལྟར་བཞེད་དོ། །ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་གྱིས་འོད་དཔག་ མེད་དུ་བསྐྱེད་པར་མཛད་པ་ནི། སྔགས་འདི་ནི་དུས་འཁོར་རང་ལུགས་ཡིན་པས་བྱེད་དགོས་ ལ། གཞན་འབྱུང་བཞིའི་དཀྱིལ་འཁོར་སོགས་འཕྲེང་བའི་ལུགས་ལྟར་བྱེད་ཕྱིན། ཁ་སྐོང་ གྲབས་གཅིག་པར་བྱུང་ན་ལེགས་པར་དགོངས་པ་སྟེ། ཀུན་མཁྱེན་ཆེན་པོའི་དཀྱིལ་ཆོག་ཆུང་ བ་ལས། རྡོར་ཤུགས་དང་འོད་དཔག་མེད་གདམ་ཁར་ཡང་གསུངས་པས་བཞེད་པ་མི་མཐུན་ པ་ཡང་མ་ཡིན་ནོ། །དེ་ལ་འདིར་འོད་དཔག་མེད་དུ་བསྐྱེད་ཅིང་ཧཱུཾ་ཨཱཿཧ་ཛྷཻཿཡིག་གེ་རྣམས་ འགོད་པ་འདི་གསང་འདུས་དང་གཤིན་རྗེ་གཤེད་ནག་པོ་སོགས་སུ་གསལ་བར་གསུངས། རྒྱུད་འདིར་ཡང་དོན་གྱི་འབྱོར་ཏེ། དབབ་བྱའི་ལྷ་རྡོ་རྗེ་བཞི་དང་ཡུམ་ལྔ་ཁྲོ་བོའི་དབང་པོ་དང་ བཅས་པ་ཡིན་ལ། གཞན་སའི་སྙིང་པོ་སོགས་དེ་དག་ནི་ཞོར་བྱུང་ཡིན་པས་གཞི་རྟེན་མེད་ 3-1-612 ཀྱང་མི་འགལ་བས། རྡོ་རྗེ་བཞི་མཚོན་པའི་ཡི་གེ་བཞི་དང༌། ཡུམ་རྣམས་མཚོན་པའི་འབྱུང་ བའི་དཀྱིལ་འཁོར་ལྔ་པོ་དག་སྟེ། རླུང་ལན་གཉིས་ཡོད་པས་གཅིག་ནམ་མཁའི་དོན་ནོ། ། གང་ལ་བཀོད་པའི་གཞི་ནི་ཁྲོ་བོ་ཉིད་ཡིན་པས། དེ་དག་གང་རུང་ཞིང་འབེབས་པའི་གཞི་ ཚང་བར་སྒོམ་པ་ཡིན་ཞིང༌། ལྷ་བཅུ་པོ་དེ་རྣམས་ཀྱི་ནུས་པ་ལས་སྐལ་བ་དང་འཚམ་པ་ཡིན་ ན། ལྷ་གཞན་རྣམས་ཀྱང་དེ་དག་གིས་བསྐུལ་ནས་ཕེབས་པར་འགྱུར་ལ། བསྡུ་ན་ཁྲོ་བོའི་ དབང་པོས་བསྐུལ་བས་ཁྲོ་བོ་ཉིད་འབེབས་སམ་གཞན་ཡང་འབེབས་པར་འགྱུར་བས། ལྷ་ གཞན་རྣམས་ཀྱི་རྟེན་གཞི་མེད་ཀྱང་ཆོག་སྟེ། དེས་ན་གོང་མ་འགའ་ཞིག་གིས་དམིགས་པའི་ ཁྱད་པར་སྣ་ཚོགས་མཛད་པ་ལ། ཕྱིས་ཀྱི་འགའ་ཞིག་དགག་པ་བྱེད་དེ། མན་ངག་མ་ནོར་བ་ ཡིན་ན་དགག་པར་མི་ནུས་སོ། །ཁྲོ་བོ་ཡང་ལས་འབྲེལ་སོ་སོའི་དབང་གི་ཁྲོ་བོ་བཅུ་གཅིག་ པོ་གང་ལ་བརྟེན་ཀྱང་སྒྲུབ་ཏུ་རུང་མོད་ཀྱི། ལས་འབྲེལ་མངོན་ཤེས་ཀྱིས་མ་རྟོགས་ན་རྡོ་རྗེ་ ཤུགས་ཉིད་བྱ་སྟེ་སྤྱི་ཁྱབ་ཡིན་པས་སོ། །དེ་ཡང་སློབ་མའི་ལྕེ་ལ་དམ་རྫས་བདུད་རྩི་ལྔ་བཞག ། བདུད་རྩི་ལྔ་དང་སྒྲོན་མ་ལྔ་བསྒྲུབས་པའི་སྤོས་བདུག་ཅིང༌། སློབ་མ་དམིགས་པ་སྒོམ་དུ་ བཅུག །སློབ་དཔོན་གྱིས་ཏིང་ངེ་འཛིན་གྱིས་གཟིར་བས་སློབ་དཔོན་རང་བྱིན་གྱིས་རླབས་ པ་དང་ལྡན་ན་འབབ་པར་འགྱུར་རོ། །དེ་ཡང་སྔགས་ལ་སོགས་པའི་གྲངས་བཤད་ཚོད་དང་ མཐུན་པ་དང༌། དཔོན་སློབ་གཉིས་གར་དམིགས་པ་ལས་མ་ཡེངས་པར་བྱའོ། ། ཡེ་ཤེས་ཕེབས་པའི་རྟགས་ནི། དབང་ལེའི་གྱ་དགུ་པ་སོགས་ལས། ཁྲོ་བོའི་རྒྱལ་པོ་ ཕེབས་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་སྡིགས་བྱེད་ཅིང༌། ། གཡོན་བརྐྱང་ལ་སོགས་སྟབས་རྣམས་དང་ནི་རྣམ་མང་བྱེད་པ་རྣམས་ཀྱིས་རྡོ་རྗེའི་གར་གྱིས་ གར་བྱེད་དེ། །བཞད་དང་ཧཱུཾ་གི་ཡི་གེ་འདྲེས་པས་དགྲ་ལ་འཇིགས་པ་སྟེར་བ་དང་ནི་རྡོ་རྗེའི་ གླུ་ཡང་བྱེད། །ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ལྷ་གཞན་ 3-1-613 རྣམས་ཀྱང་ཞི་བའོ། །སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གིས་ སྐུ་ཡི་བྱ་བ་བྱེད་པ་སྟེ། །གསུང་ཕེབས་པས་ནི་ལྷ་དང་འབྱུང་པོ་ལྷ་མིན་རྣམས་ལས་རྣམ་པར་ རྒྱལ་བའི་སྨྲ་བ་པོ་རུ་འགྱུར། །ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་དག་དང་ བྱུང་དང་འབྱུང་པ་ཐམས་ཅད་ཤེས་པར་འགྱུར། །ཡེ་ཤེས་ཕེབས་པས་སངས་རྒྱས་བླ་མ་ཡི་ ཡང་བླ་མ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར། །ས་ཕེབས་པས་ནི་རྣལ་འབྱོར་པ་ དག་རི་དང་མཚུངས་པར་འགྱུར་ཏེ་ཆུས་ཀྱང་བསིལ་བར་རབ་ཏུ་འགྱུར། །མེ་ཕེབས་པས་ནི་ སྲེག་པར་འགྱུར་ཏེ་རླུང་གིས་ཀྱང་ནི་དེ་བཞིན་སྐམ་པ་དག་ཏུ་རབ་ཏུ་འགྱུར། །སྟོང་པ་ཕེབས་ པས་མི་སྣང་བར་འགྱུར་ས་སྟེང་དུ་ནི་མཁའ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར། །དེ་བཞིན་ གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་ཡོན་ཏན་དབང་གི་རིམ་པ་ཡིས་ནི་རིག་པར་བྱ། ། ཞེས་གསུངས་ཏེ། སྐུ་རྡོ་རྗེ་ཕེབས་པས་སྐུའི་བྱ་བ་བྱེད་པ་ནི་ལྷའི་སྐུ་མཐོང་བ་དང༌། གསུང་ ཕེབས་པས་མ་བསླབས་པའི་སྐད་སྨྲ་བ་དང༌། ཐུགས་ཕེབས་པས་མངོན་ཤེས་ཅུང་ཟད་འཆར་ བ་དང༌། ཡེ་ཤེས་ཕེབས་པས་རྫུ་འཕྲུལ་ཅི་རིགས་པ་སྟོན་པ་སོགས་སྐབས་དེར་འབྱུང་བ་ཡིན་ ལ། དེ་ལྟར་ཡེ་ཤེས་ཕེབས་པ་དེ་ཕྱིས་བསྒྲུབས་ན་ཚེ་དེ་ཉིད་ལ་སྐུ་ཕེབས་ན་ནམ་མཁའ་ལ་ འགྲོ་ཞིང༌། ས་འོག་ཏུ་འཇུག་པ་དང༌། གསུང་ཕེབས་ན་འཇམ་དཔལ་ལྟར་སྨྲ་བའི་དབང་ཕྱུག་ ཏུ་འགྱུར་བ་དང༌། ཐུགས་ཕེབས་པ་ལ་དུས་གསུམ་ཤེས་པ་དང༌། དེ་བཞིན་དུ་ཡེ་ཤེས་ཕེབས་ ན་རབ་ཀྱིས་ཚེ་དེ་ལ་ས་བཅུའི་དབང་ཕྱུག་ཏུ་འགྱུར་ལ། ཐ་མ་དབང་པོ་ཇི་ལྟར་བརྟུལ་ཡང་ རྫུ་འཕྲུལ་ལ་སོགས་པ་མངོན་ཤེས་ལྔ་དང་ལྡན་པ་རིག་པ་འཛིན་པར་ནི་ངེས་པར་འགྱུར་རོ། ། དེ་ལྟར་ཡེ་ཤེས་འབེབས་པ་ཡང་སློབ་དཔོན་དེ་ལྷའི་རྣལ་འབྱོར་བརྟན་པ་དང༌། སྔགས་ཀྱི་ བཟླས་པ་མཐར་ཕྱིན་པས་ཀྱང་ཡིན་ལ། ངེས་པར་ན་ཐིག་ལེ་བརྟན་པའི་དམ་ཚིག་ལ་གནས་ པ་དང༌། སྟོང་གཟུགས་ཀྱི་རྣལ་འབྱོར་ལ་བརྟན་པ་ཐོབ་པ་དགོས་པ་དང༌། སློབ་མའི་རྒྱུད་ 3-1-614 དག་པ་རྣམས་འཛོམ་ན། འདི་ལྟ་བུའི་ཡེ་ཤེས་པ་མཆོག་རྣམས་ཕེབས་པར་འགྱུར་གྱི་གཞན་ དུ་ན་མ་ཡིན་ལ། གཞན་འཇིག་རྟེན་པའི་མཁའ་འགྲོ་མ་དང་སྲིན་པོ་སོགས་འབེབས་པ་ནི། བྱིས་པ་རྣམས་ཡིད་ཆེས་བསྐྱེད་པ་ཙམ་དུ་ཟད་ཀྱི་འབྲས་བུ་མཆོག་ཏུ་མི་ཐོབ་སྟེ། དེ་ཙམ་དུ་ དཀོན་པ་དང་དཀའ་བ་ཡང་མ་ཡིན་ནོ། །འདིར་མཁས་པ་འགས་ཀྱང་སློབ་མ་རྡོ་རྗེ་ཤུགས་ སུ་བསྐྱེད་ནས་ཕྱིས་རྡོ་རྗེ་ཆོས་ཆེན་པོ་ཞེས་དྲི་བ་བྱེད་པར་འཆད་པ་ནི། ཐུགས་མཉམ་པར་མ་ བཞག་པ་སྟེ། རྡོ་རྗེ་ཆོས་ཏེ་འོད་དཔག་མེད་དུ་མ་བསྐྱེད་པའི་ཕྱིར་རོ། །གལ་ཏེ་ཡེ་ཤེས་དངོས་ ཕེབས་ན་གཤེགས་གསོལ་བྱེད་པ་མི་འཐད། དེ་ལ་ངང་གིས་ཕེབས་པ་བཏང་སྟེ་ཉམས་སད་ པར་འགྱུར་རོ། །འཕར་གཡོ་ལ་སོགས་པའི་ཉམས་ཡུན་རིང་དུ་མ་བཏང་ན། ཐབས་ཤེས་ རིགས་དྲུག་གི་ས་བོན་བཀོད་ཅིང༌། སྤྱི་དང་མཐུན་པར་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་ བརྟན་པར་བྱེད་དོ།། །། བཞི་པ་བརྟུལ་ཞུགས་ཉེར་ལྔ་སྦྱིན་པ་ནི། འཚེ་དང་སོགས་ཏེ་དེ་ཡང་རྡོ་རྗེ་སེམས་དཔའི་ བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ཞེས་བྱ་བ། ཡོད་པའི་སྡིག་པ་ལྔ། ཉེ་བའི་སྡིག་པ་ལྔ། གསོད་པ་ལྔ། འཁུ་བ་ལྔ། ཆགས་པ་ལྔ་སྟེ་ཉི་ཤུ་རྩ་ལྔ་པོ་འདི་རྣམས་ལས་ཟློག་པ་དཔལ་རྡོ་རྗེ་སེམས་དཔའི་ དམ་ཚིག་གི་ཡན་ལག་ཡིན་པའི་ཕྱིར་བརྟུལ་ཞུགས་སུ་བསྲུང་དགོས་ལ། ཡེ་ཤེས་ཕེབས་པ་ ཡང་ཡེ་ཤེས་ཀྱི་ཁྱད་པར་ཇི་སྙེད་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཉིད་ཀྱི་འཕྲིན་ལས་དང་ ཡེ་ཤེས་ཡིན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཕབ་པར་འགྱུར་བས། དེའི་རྗེས་སུ་འདི་སྒྲག་ སྟེ། དབང་དངོས་གཞི་མ་ཐོབ་ཀྱང་ཡེ་ཤེས་འབེབས་པའི་རིམ་པ་དངོས་དང་མོས་སྒོམ་གང་ ཐོབ་ཀྱང་འདི་དག་བསྲུང་དགོས་སོ། །དེ་ཡང་ཡོད་པ་སྟེ་དངོས་པོའི་སྡིག་པ་ཞེས་བྱ་བ། ལས་ དེ་ཉིད་ཀྱི་རང་ངོས་ནས་མི་དགེ་བ་ཡིན་པ་ནི། སྲོག་གཅོད་པ་འཚེ་བ་དང༌། མི་བདེན་པ་ རྫུན་ཚིག་དང༌། གཞན་གྱི་བུད་མེད་བསྟེན་པ་སོགས་འདོད་པས་ལོག་པར་གཡེམས་པ་དང༌། 3-1-615 གཞན་གྱི་ནོར་མ་བྱིན་པར་ལེན་པ་དང༌། ཆང་གི་བཏུང་བས་མྱོས་པར་བྱེད་པ་སྟེ། དེ་རྣམས་ ཕྱོགས་མཐུན་ཆ་ལག་དང་བཅས་པ་སྤོང་དགོས་འདི་རྣམས་འཁོར་བའི་གནས་སུ་འཆིང་བྱེད་ དམ་པོ་རྡོ་རྗེའི་ཞགས་པ་དང་མཚུངས་ཤིང༌། རང་གཞན་གྱི་བདེ་དགེ་ཕུན་སུམ་ཚོགས་པ་ འཇོམས་པ་ཡིན་ལ། རྫོགས་ལྡན་ལ་སོགས་པ་གང་གི་དུས་སུ་བྱུང་བའི་ལྷ་དང་མི་ཡི་བླ་མ་ སངས་རྒྱས་གང་ཞིག་རྣམ་གཟིགས་ལ་སོགས་པ་གང་ཡིན་པ་དེའི་མཚན་གྱིས་སྦྱིན་དགོས་པ་ ལས། དེང་རྩོད་དུས་ཚེ་ལོ་བརྒྱ་པའི་གནས་སྐབས་སུ་བྱོན་པའི་སངས་རྒྱས་མཚན་ཤཱཀྱ་ཐུབ་ པ་ཞེས་བྱ་བའི་བཀས་སྦྱིན་ལ། སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་བཀའ་འདི་སློབ་མ་ ཁྱོད་ཀྱིས་སྐྱོང་བར་བྱེད་དགོས་ཏེ། དེའི་ཕན་ཡོན་ནི་སྲིད་པའི་འཇིག་པ་འཇོམས་པའི་དངོས་ གྲུབ་ཐོབ་པ་དག་གོ །ཚིག་ཏུ་བརྗོད་པ་མདོར་བསྡུ་ན་ལྔ་པོ་དེ་ཙམ་བརྗོད་པས་གཞན་རྣམས་ ཞོར་ལ་ཐོབ་པར་ཡང་འགྱུར་ན། རྒྱས་པར་སྤྲོ་བས་ཐམས་ཅད་བརྗོད་པར་བྱ་སྟེ། ཤོ་དང་ མིག་མང་དང་དེ་དག་དང་འདྲ་བ་རྣམས་ནི་ཆོ་ལོ་རྩེ་བ་ཞེས་བྱ་ལ། ཁ་ན་མ་ཐོ་བ་དང་བཅས་ པའི་ཟས་ནི། བཟའ་བ་དང་རིན་གྱི་དོན་དུ་བསད་པ་དང༌། མཆོད་སྦྱིན་གྱི་ལྷག་མ་སོགས་ མཚན་མ་དང་བཅས་པའི་ཤ་ནི་མཚོན་པར་བྱེད་པ་སྟེ། གཞན་ཡང་སྡིག་པ་དང་བཅས་པའི་ ཟས་རྣམས་སོ། །མཚན་མའི་དོན་ཕྱུགས་ལ་རྟགས་བཏབ་པ་ལ་འཆད་པ་དོན་མིན་གྱི། ཆོས་ མ་ཡིན་པ་ལ་ཆོས་སུ་ལོག་པར་རློམ་པ་ནི་མཚན་མ་སྟེ་མཚན་མའི་རྣམ་གཡེང་ཞེས་པ་བཞིན་ ནོ། །ཚིག་ངན་ཀློག་པ་ནི་ཉོན་མོངས་པ་ཅན་གྱི་ཀུན་ནས་བླངས་པའི་ངག་འཁྱལ་སྣ་ཚོགས་ དང༌། བྷཱ་ར་ཏ་སོགས་ཉོན་མོངས་པ་འཕེལ་པའི་བསྟན་བཅོས་ངན་པ་ཀློག་པ་ཡིན་ལ། འབྱུང་ པོའི་ཆོས་ནི་མཚུན་འཐོར་བ་དང༌། མཆོད་སྦྱིན་དང༌། རིག་བྱེད་ལ་སོགས་པ་ཡིན་པར་བཤད་ པ་དངོས་སུ་མཚུན་གསོལ་བ་ཉིད་དོ། །ལྷ་མིན་དབང་པོ་ནི་ཀླ་ཀློའི་ཆོས་ཏེ་བྱ་བ་ངན་པ་དེ་ རྣམས་ཀྱིས་དུས་འདས་ན། དགེ་བའི་བར་གཅོད་ཆེན་པོ་ཡིན་པའི་ཕྱིར། ཉེ་བའི་སྡིག་པ་ 3-1-616 ལྔ་ཞེས་བྱའོ། །དེ་དག་གི་ནང་ན་ངག་འཁྱལ་དང༌། གནོད་སེམས་དང༌། འཚེ་བའི་ཆ་ཤས་ སོགས་སྡིག་ལས་དངོས་ཀྱང་མང་ལ། ལུས་ངག་གི་བྱ་བ་འགའ་ཞིག་ལུང་མ་བསྟན་ཡང་ཡོད་ མོད་ཀྱི། དགེ་བའི་བར་ཆད་ཉིད་ཀྱི་ཕྱིར་སྡིག་པ་ཞེས་བརྗོད་དོ།། །། གསོད་པ་ལྔ་ནི། བ་ལང་གསོད་པ། བྱིས་པ་གསོད་པ། བུད་མེད་གསོད་པ། སྐྱེས་པ་ གསོད་པ་སྟེ་བཞི་ནི་སྔར་གྱི་འཚེ་བའི་ནང་ཚན་དངོས་ཡིན་ཡང༌། འདིར་ལོགས་སུ་སྨོས་པ་ ནི་མུ་སྟེགས་བྱེད་མང་པོ་ཞིག་ཕྱིར་འཚེ་བ་སྡིག་པ་ཡིན་ཡང་མཆོད་སྦྱིན་གྱི་དོན་དུ་བ་ལང་ གསོད་པ་དང༌། མ་མོ་མཆོད་པ་ལ་བྱིས་པ་གསོད་པ་དང༌། མི་གསང་མཆོད་སྦྱིན་གྱི་དོན་དུ་ སྐྱེས་པའི་དོན་དུ་སྐྱེས་པ་དང༌། བུད་མེད་ཀྱི་དོན་དུ་བུད་མེད་གསོད་པ་ལ་སོགས་པ་སྡིག་ པ་མེད་ཀྱི་སྟེང་དུ་དགེ་བར་འདོད་པ་རྣམས་དགག་པའི་དོན་དུ་དམིགས་{གསལ་[བསལ་] མཛད་པ་ཡིན་ནོ།། །། ལྔ་པ་ལྷ་མིའི་བླ་མ་གསོད་པ་ནི། རྒྱལ་བ་སྲས་བཅས་ཀྱི་སྐུ་གཟུགས་དང་མཆོད་རྟེན་ དང༌། བཀའི་གླེགས་བམ་འཇིག་པར་བྱེད་པ་སྟེ། དེ་ནི་སྤྱིར་སྡིག་པ་ཆེ་བས་སྤོང་དགོས་པར་ མ་ཟད། ཀླ་ཀློ་རྣམས་ཆོས་སུ་འདོད་པ་དགག་པའི་དོན་དུ་གསུངས་སོ།། །། འཁུ་པ་སྟེ་ཁྲོ་བ་ལྔ་ནི། སྔར་འབྲེལ་ཅན་ལ་ཕྱིས་དྲི་ལོག་སྟེ་ཁྲོ་བ་ནི་འཁུ་བའི་དོན་ནོ། ། དེ་ཡང་འཇིག་རྟེན་དང་སྦྲེལ་བའམ། ཆོས་ཀྱིས་སྦྲེལ་ཡང་རུང་སྟེ་མཉམ་པར་འགྲོགས་པའི་ གྲོགས་པོ་དང༌། བཀུར་བར་འོས་པའི་རྗེ་བོ་དང༌། ལྷ་དང་མིའི་བླ་མ་སངས་རྒྱས་དང༌། དགེ་ སློང་གི་དགེ་འདུན་དང༌། ཡིད་བརྟན་པར་འོས་པའི་ཡུལ་མཁན་སློབ་དང༌། བླ་མ་ཕལ་པ་ རྣམས་ལ་ཁྲོ་ཞིང་འཁང་བའོ། །དེ་ལྟར་ཉི་ཤུ་ནི་འཕྲལ་སྤྱོད་ཀྱི་སྒོ་ནས་སྤངས་ཤིང་ཟློག་པ་ ཞིག་དགོས་ལ། ཆགས་པ་ལྔ་ནི་མིག་གི་དབང་པོ་ཡུལ་གཟུགས་ལ་ཆགས་པ་སོགས། དབང་ པོ་ལྔ་ཡུལ་ལྔ་ལ་ཆགས་པ་ཞེས་བྱ་ན། དབང་ཤེས་ཀྱི་རྗེས་སུ་འབྲང་བའི་རྣམ་རྟོག་ཡུལ་ལ་ 3-1-617 ཆགས་པའོ། །དེ་ནི་སོ་སོ་སྐྱེ་བོ་འདོད་ཁམས་པ་རྣམས་ཀྱིས་རྩ་བ་ནས་ཟློག་པར་མི་ནུས་ ཀྱང༌། དེའི་གཉེན་པོ་ཉིན་རེ་བཞིན་དུ་ཐུན་གསུམ་སོགས་སྒོམ་པའོ། །གཉེན་པོ་ཡང་ཁྱད་ པར་ཅན་དགོས་ཏེ་བསྐྱེད་རྫོགས་གཉིས་དང་འབྲེལ་པ་ལས། བསྐྱེད་རིམ་ལ་ཡུལ་དབང་ལྷ་ སྐུར་ང་རྒྱལ་བྱེད་པ་དང༌། རྫོགས་རིམ་ལ་སོ་སོར་སྡུད་པའི་རྣལ་འབྱོར་གྱིས་སོ། །དེ་ལྟར་ ན་ཁ་ཅིག་འདི་གང་ཟག་གི་ཁྱད་པར་རྫོགས་རིམ་གྱི་རྣལ་འབྱོར་པ་ལ་སོ་སོར་སྡུད་པའི་དམ་ ཚིག་དུ་ཡང་འགྱུར་ཏེ། བརྟུལ་ཞུགས་ཀྱི་གཙོ་བོ་ཆགས་པ་ལྔ་སྤོང་ཐབས་སོར་སྡུད་ཡིན་ལ། སོར་སྡུད་རྡོ་རྗེ་སེམས་དཔའི་ལམ་དུ་བཤད་ཅིང༌། འདིར་ཡང་རྡོར་སེམས་ཀྱི་བརྟུལ་ཞུགས་ སུ་གསུངས་པའི་ཕྱིར་རོ། །ཞེས་འཆད་དེ་ལེགས་པར་ཡང་སེམས་སོ།། །། དྲུག་པ་མིག་དར་མེ་ཏོག་དང་འབྲེལ་བའི་བྱ་བ་རྣམས་ནི། ༀ་དྭ་ད་ཤ་ནས་མིག་དར་ དཀྲོལ། ཞེས་པའི་བར་ཏེ། དེ་ལ་གདོང་བཅིང་པའི་སྔགས་དེ་ཉིད་ཀྱིས་ཆས་སུ་འཇུག་པའི་ གོས་ཀྱང་བགོ་བ་ཡིན་ན། རྒྱུད་ལས། ལུས་ལ་སེར་པོའི་གོས་དག་བྱིན་ཏེ་མིག་ནི་བསྒྲིབ་པར་ གྱུར་པའི་སློབ་མ་འདིར་ནི་གཞུག་པར་བྱ། །ཞེས་འབྱུང་བ་ལས་ཚིག་དེའི་དངོས་བསྟན་ལྟར་ སྔོན་དུ་གོས་སྐོན་པའི་རྗེས་ལ་མིག་དར་བཅིངས་ཀྱང་ཆོག་མོད། སྤྱིར་ནི་དེ་ཚིག་གི་བརྗོད་ ཚུལ་ཙམ་ཡིན་གྱི། མཐའ་གཅིག་ཏུ་སྔ་ཕྱིའི་རིམ་པ་སྟོན་པའང་མིན་པས། མིག་དར་གྱི་རྗེས་ སུ་གོས་གཡོགས་ཀྱང་རུང་ལ་དུས་མཉམ་དུ་བྱས་ཀྱང་ཆོག་གོ །གཞན་དག་གིས་སྦྱིན་པའི་ སྐབས་འདིར་འཕྲེང་བ་ལྟར་ཆས་འཇུག་གསུམ་བོ་དྷི་ཨ་ལཾ་ཀ་ར་སོགས་ཀྱི་སྔགས་དང་སྦྱར་ ནས་བྱེད་པ་ཡོད་ཀྱང༌། རང་ལུགས་ཀྱི་སྔགས་བོར་ནས་ལུགས་གཞན་བླངས་པར་སོང་བས་ ཅུང་ཟད་མི་ལེགས་སོ། །འདིར་མིག་དར་དང་ལུས་ལ་བགོ་བའི་གོས་ནི། མཆོག་སྒྲུབ་ལ་ དམར་པོ་དང་སེར་པོ་གང་རུང་ཡིན་ཞིང༌། ལས་སོ་སོ་གཙོ་བོར་སྒྲུབ་པ་ལ་ནི་ལས་མཐུན་གྱི་ ཁ་དོག་སྟེ་ཞི་རྒྱས་ལ་དཀར་པོ་ལ་སོགས་པའོ། །དེ་ཡང་དྭ་ད་ཤ་སོགས་ཀྱི་སྔགས་དོན་ཡན་ 3-1-618 ལག་བཅུ་གཉིས་འགོག་པར་བྱེད་པ་ཞེས་པ་ཡིན་པས། མིག་དར་དང་གོས་ཀྱིས་གཡོགས་པ་ ནི། འཁོར་བའི་རང་བཞིན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྩ་བ་ལས་རླུང་འཕོ་ཆེན་བཅུ་ གཉིས་པོ་ཕྱིར་རྒྱུ་བ་མེད་པར་ནང་ཨ་ཝ་དྷཱུ་ཏིར་དགག་པ་མཚོན་པས་དོན་མ་རིག་པའི་སྣང་ བ་ཐམས་ཅད་འགག་པའི་རྟེན་འབྲེལ་བསྒྲིགས་པའོ། །འདིར་ལུས་ལ་གོས་སྦྱིན་པ་ནི། སྟོད་ གཡོགས་སྨད་གཡོགས་གཉིས་ཡིན་པར་གསལ་ལ། ཐོར་ཚུགས་བཅིང་བ་ནི་མ་གསུངས་ པས་མི་དགོས་མོད། གལ་ཏེ་བྱེད་ན་སྔོན་པོ་མི་བྱ་སྟེ་དམར་སེར་གང་རུང་གིས་བྱ་ལ། ཐམས་ ཅད་ལ་སྔགས་ནི་མིག་དར་གྱི་སྔགས་ཁོ་ནའོ། །དེ་མ་ཐག་དཀྱིལ་འཁོར་ལ་བསྐོར་བ་བྱས་ པར་མོས་པའམ་དངོས་སུ་བྱ་སྟེ། འགྲེལ་ཆེན་ལས། དེ་ནས་དང་པོར་མིག་བཀབ་ནས་དགེ་ བའི་གྲོགས་ལ་སོགས་པས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་ཞེས་གསུངས་སོ། །ཡང་ འདི་སྐད་གསུངས་ཏེ། དུང་གི་ཆུས་སློབ་མའི་མགོ་ལ་བསངས་གཏོར་བྱས་ཏེ། ༀ་ཨཱཿཧཱུྃ། ཞེས་པ་ཡི་གེ་གསུམ་གྱིས་ལན་བདུན་མངོན་པར་བསྔགས་པའི་མེ་ཏོག་ཞིག་དེའི་ལག་པའི་ པདྨ་སྦྱར་བར་ཀུན་ཏུ་སྦྱིན་པར་བྱ་སྟེ། ཞེས་སློབ་མ་{བསང་[གསང་]བ་དང་མེ་ཏོག་གཏད་ པ་བཤད་དོ། །དེ་རྗེས་སྤྱི་རྒྱུད་ལས་འབྱུང་བའི་བདེན་སྟོབས་བརྗོད་པ་ཡིན་ཏེ། སྤྱི་འགྲོས་ ཀྱི་ཁ་སྐོང་ཡིན། དེ་ནས་མེ་ཏོག་དོར་བ་དང་མིག་དར་དབྱེ་བ་དུས་མཉམ་དུ་བྱེད་པའམ། སྤྱི་ དང་མཐུན་པར་ཐོག་མར་མེ་ཏོག་དོར། ཕྱིས་མིག་དར་དཀྲོལ་ཡང་རུང་བ་ཡིན་ལ། གང་ དག་མིག་དར་ཐོག་མར་ཕྱེ་ནས་མེ་ཏོག་ཕྱིས་འདོར་བ་ནི། སྐབས་འདིར་མ་ཡིན་ཏེ། སྦྱངས་ བྱའི་རིམ་པ་དང་ཡང་མི་འགྲིག་ཅིང༌། དགོས་པ་གཞན་ཡང་མེད་ལ། མིག་གིས་མཐོང་ན་ལྷ་ མཚན་གདམ་དུ་རུང་བ་སོགས་དགག་བྱ་ཅུང་ཟད་འབྱུང་སྲིད་པས་སོ། །སྐབས་འདི་དག་གི་ སྟོད་སྨད་དུ་ནམ་མཁའི་ཁ་དོག་དྲི་བ་ནི། འགའ་ཞིག་དག་བྱེད་མོད་ཀྱང་དེ་ནི་མི་དགོས་ཏེ། དེའི་དོད་གོང་དུ་སོ་ཤིང་དོར་བ་ཉིད་འདི་བའི་རང་ལུགས་ཡིན་པའི་ཕྱིར་དང༌། དེང་སང་གི་ 3-1-619 དཔོན་སློབ་ལ་དེ་བས་སོ་ཤིང་འདོར་བ་འདི་མཆོག་ཡིན་ཏེ། དེ་ལ་ནི་མོས་པ་ཙམ་ལས་མེད་ ལ། འདི་ལ་ནི་དངོས་སུ་བརྟག་རྒྱུ་ཡོད་པའི་ཕྱིར་རོ། །གང་ཡེ་ཤེས་པ་དངོས་ཕེབས་པ་དེ་ ལ་ནམ་མཁའི་ཁ་དོག་བརྟག་པ་དངོས་སུ་ཡོད་ཀྱི། གཞན་དུ་མ་ཡིན་ཏེ་འདི་ནི་སྤྱིའི་ལུགས་ ཡིན་ལ། དེང་སང་གི་སྔགས་པ་ལ་དེ་ཡང་རྒྱ་ལམ་ཙམ་ནའོ། །དེ་ལ་འདིར་མེ་ཏོག་གང་ལ་ འབུལ་བ་ནི། མོས་པས་དཀྱིལ་འཁོར་དངོས་ལ་འབུལ་བ་ཡིན་ཡང་གལ་ཏེ་མེ་ཏོག་དོར་བས་ རྡུལ་ཚོན་གྱི་རི་མོ་ཉམ་པར་གྱུར་ན། མཆོད་རྟེན་བཤིག་པའི་རིགས་སུ་གཏོགས་པའི་ཉེས་ པ་ཡོད་པའི་ཕྱིར། ཆོས་འདིའི་ལུགས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མེ་ཏོག་མི་འདོར་ལ། རིས་བྲིས་ལ་ནི་དགག་བྱ་དེ་མེད་པས་འདོར་དུ་ནི་རུང་ཙམ་དུ་{མངོན་ཞིང༌[སྔོན་ལ]། བློས་ སློངས་ཆུང་ངུ་ལ་ནི་དགག་བྱ་དེ་མེད་ཀྱང༌། ལྷའི་མཚན་མའི་གནས་སུ་མི་ཕྱིན་པས་རྡུལ་ཚོན་ བཞིན་དུ་བྱ་བར་རིགས་སོ། །འོན་ཀྱང་འདིའི་ལུགས་ལ་བྲིས་པའི་དཀྱིལ་འཁོར་ཁོ་ན་ལ་ འདོར་དགོས་པའང་མིན་ཏེ། ཁྲུ་སྟོང་དང་ལྡན་པའི་དཀྱིལ་འཁོར་ལ་མེ་ཏོག་འཕངས་ཀྱང་ གཞལ་ཡས་ཁང་གི་ནང་དུ་སླེབ་པ་མི་འབྱུང་སྟེ། རྡོ་རྗེའི་རྭ་བ་བརྒལ་ཙམ་འབྱུང་ལ་རག དེའི་ ཕྱིར་ཕྱི་རོལ་ཏུ་རིགས་བརྟགས་པས་ཆོག་ཅིང་དེ་ཡང་ཙར་ཙི་ཀཱ་སོགས་རེ་རེ་ནས་བརྟག་མི་ དགོས་ཀྱི། རིགས་ཐམས་ཅད་རྒྱལ་བ་རིགས་ལྔར་འདུས་པ་རིགས་དང་རིགས་ཅན་གྱི་དབྱེ་ བ་གཞན་དུ་བཤད་ཟིན་པ་ལྟར་ཤེས་པར་བྱས་ནས། དཔེར་ན་རྣམ་སྣང་གི་མཚན་མ་ལ་མེ་ ཏོག་ཕོག་ན། སྤྱན་མ་ས་སྙིང་རེངས་བྱེད་དབང་པོ་སོགས་ལས་གང་མོས་པ་དེ་འགྲུབ་པར་ འགྱུར་ཏེ། དེས་གཞན་རྣམས་ལའང་རིགས་འགྲེའོ། །དེ་ལ་རྣམ་རྒྱལ་ཆེན་པོའི་སྟེང་དུ་རིགས་ ལྔའི་མཚན་མ་འགོད་ཅེས་པའི་དོན། མཉྫི་ལྟ་བུ་སྟེགས་བུ་མཐོ་བ་ཞིག་རྒྱལ་བའི་བུམ་པ་རྣམ་ རྒྱལ་ཆེན་པོ་དང་བཅས་པའི་མདུན་དུ་བཞག་ནས། དུང་ཆོས་ལས་སྟེགས་བུ་དེ་མཐོ་བ་བྱེད་ པ་ནི་སྟེང་དུ་ཞེས་པའི་དོན་ཡིན། སྟེགས་བུ་དེའི་སྟེང་དུ་རིགས་ལྔའི་ཕྱག་མཚན་བྲིས་འབུར་ 3-1-620 གང་རུང་ཞིག་འགོད། དེ་ཡང་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་ལ་དབུས་སུ་རྡོ་རྗེ་ཤར་དུ་རལ་ གྲི།ལྷོར་ནོར་བུ། ནུབ་ཏུ་འཁོར་ལོ། བྱང་དུ་པདྨ་རྣམས་ཕྱོགས་མདོག་ཅན་དུ་འབྲི་བའི་ལག་ ལེན་འདུག་ཀྱང༌། སོ་སོར་པདྨ་ཉི་ཟླའི་གདན་རེ་བྱས་ན་ལེགས་པར་མངོན་ཏེ། ཤར་བྱང་ གཉིས་སུ་ཟླ་བ་དང༌། ལྷོ་དབུས་ནུབ་གསུམ་དུ་ཉི་གདན་བྱས་ན་ལེགས་སོ། །རྣམ་རྒྱལ་བུམ་ པའི་སྟེང་དུ་མེ་ཏོག་འབུལ་ཞེས་པ་ལྟར་ན། བུམ་པ་ལྔའི་ཕྱོགས་ལ་དུང་ཆོས་རྣམ་རྒྱལ་ཡིན་ པས་དེ་ལྟར་གསུངས་པ་སྟེ། གང་ལྟར་ཡང་དབང་བསྐུར་བའི་དུང་ཆོས་ཉིད་ཡིན་ནོ། །དེ་ཡང་ ཤར་ཕྱོགས་ཅུང་ཟད་མཐོ་བ་ལ་མཎྜལ་བཞག་ན་སྟེང་གི་དོན་དུ་འགྱུར་ཞིང༌། ཡང་ན་སྟེགས་ བུ་མཐོ་བ་བུམ་པའི་སྟེང་དུ་ཡོད་པ་བྱས་ཀྱང་ལེགས་མོད། འགའ་ཞིག་ལྟར་བུམ་མཚན་ནམ་ དུང་ཆོས་ཀྱི་མཚན་མ་ལ་མེ་ཏོག་འདོར་བ་ནི་ལག་ལེན་ནོར་བའོ། །འཕྲེང་བ་ལ་སོགས་པ་ཆོ་ ག་གཞན་ལས་དང་པོར་སློབ་མའི་ལག་ཏུ་མེ་ཏོག་ཆུན་པོའམ་འཕྲེང་བ་གཏད། ཕྱིས་མེ་ཏོག་ འབུལ་བ་ན། དེའི་ནང་ནས་ཡང་ཞིང་མ་རྙིང་པའི་མེ་ཏོག་ཕྲ་མོ་ཞིག་འཐོར་བར་བཤད་པ་དེ་ ཁ་ཅིག་དུས་འཁོར་ལ་ཡང་སྦྱོར་བ་ནི། ཡང་བ་དང་ཕྲ་མོ་འཐོར་དགོས་པའི་རྒྱུ་མཚན་རྡུལ་ ཚོན་གྱི་རི་མོ་ཟུབས་ཀྱི་དོགས་པ་སྟེ། རྡུལ་ཚོན་ལ་དངོས་སུ་འཐོར་བའི་དབང་དུ་བྱས་པ་ཡིན་ ལ། འདིར་དཀྱིལ་འཁོར་ལ་དངོས་སུ་མི་འབུལ་བས་དེ་ལྟ་བུ་མི་དགོས་པའི་གནད་མ་གོ་ བའོ། །མེ་ཏོག་སྤྱི་བོར་འཆིང་བའི་སྔགས་དང༌། མིག་དར་འབྱེད་པའི་ཚིགས་བཅད་ནི་གཞན་ གྱི་ཁ་སྐོང་ཡིན་ལ། མེ་ཏོག་དོར་བའི་སྔགས་དང་གདོང་རས་འབྱེད་པའི་སྔགས་ནི་ཐུན་མོང་ མ་ཡིན་པའོ།། །། བདུན་པ་ལྷ་ངོ་བསྟན་པ་ནི། སྤྱི་རྒྱུད་ལས་འབྱུང་བའི་ད་ནི་དད་པའི་ཤུགས་ཀྱིས་སོགས་ ཏེ། ལྟ་བར་བསྐུལ་བ་དང་སྤྲོ་བ་བསྐྱེད་ནས། བདག་འཇུག་གི་སྐབས་སུ་ལྷ་ཚོགས་ཐམས་ ཅད་མཐོང་བར་མོས་པ་ཙམ་གྱིས་ཆོག་ལ། སློབ་མ་དབང་བསྐུར་གྱི་དུས། གཞལ་མེད་ཁང་ 3-1-621 ཐོག་མར་བཤད། དེ་ནས་ལྷ་ཚོགས་ཐམས་ཅད་རྒྱས་པར་སྟོན་དགོས་པ་ཡིན་ཞིང༌། མདོར་ བསྡུས་པ་ལ་ཡང༌། ཐུགས་དཀྱིལ་གྱི་ལྷ་ཚོགས་རྣམས་རྒྱས་པར་སྟོན་དགོས་ལ། གཞན་ རྣམས་མཚན་ཙམ་བརྗོད་པས་ཀྱང་རུང་ངོ༌། དེ་ནས་ༀ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ ཆེན་པོ་སོགས་རྡོ་རྗེ་སྙིང་རྒྱན་ལས་འབྱུང་བ་ལྟར་བརྗོད་པ་ནི། དཀྱིལ་འཁོར་དེ་ལྟ་བུ་མཐོང་ བས་སློབ་མ་རང་ཉིད་རབ་ཏུ་དགའ་མགུ་རངས་པའི་ཆེད་དུ་བརྗོད་པ་སྟེ། ཚིགས་བཅད་གོང་ འོག་དེ་གཉིས་ཀྱང་གསང་བ་སྤྱིའི་ཆོ་ག་ལས་བྱུང་བའོ།། །། གཉིས་པ་དངོས་གཞི་ཐོག་མ་བྱིས་པ་འཇུག་པའི་དབང་བདུན་བཤད་པ་ནི། དཀྱིལ་ ཆོག་ལས་བདག་འཇུག་གི་སྐབས་སུ། དངོས་གཞི་ལ་བྱིས་པ་འཇུག་པའི་དབང་བདུན་ཞེས་ པ་ནས། དེ་དག་ནི་བྱིས་པ་འཇུག་པའི་དབང་གི་ཆོ་གའོ་ཞེས་པའི་བར་དང༌། སློབ་མ་དབང་ བསྐུར་བའི་ཆོ་གའི་སྐབས་སུ། དབང་རྫས་ལྷའི་ངོ་བོར་བསྒོམ་ཞིང་ཞེས་པ་ནས། ཁ་སྐོང་དང་ བཅས་པ་རྒྱས་པར་འགྱུར་རོ་ཞེས་པའི་བར་ལེགས་པར་སྦྱར་ནས་བློ་ཡུལ་དུ་ངེས་པར་བྱའོ། ། འདི་ལ་དབང་བདུན་གྱི་ཆོ་ག་སྤྱིའི་དོན་དང༌། བྱ་བའི་རིམ་པ་སོ་སོའི་དོན་གཉིས་སོ། །དང་ པོ་ལ་ལྔ་སྟེ་ཐུན་མོང་མ་ཡིན་པའི་ཆོ་ག་ངོས་བཟུང༌། དབང་བསྐུར་བྱའི་རྟེན་གྱི་ལྷ་ལ་དཔྱད། ཆོ་ག་གཞན་གྱིས་རིགས་བསྒྲེ་བར་འདོད་པ་ལ་བརྟག །དབང་བདུན་གྱི་ལྷའི་བཞུགས་ གནས་ལ་དཔྱད། རང་ལུགས་ཀྱི་བཞེད་པ་འགའ་ཞིག་བརྗོད་པའོ།། །། དང་པོ་ནི། དེ་ལ་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལུགས། གཞན་གྱི་ ཁ་སྐོང་ལ་མ་བལྟོས་པར་བྱེད་ན། དབང་གི་དོན་དུ་མཎྜལ་དང་ཡོན་ཕུལ། བྱང་སྒོའི་ཐད་ དུ་བཞག་ནས་ཆུ་དབང་གི་སྒོས་ཀྱི་གསོལ་བཏབ་བྱས། ཡུམ་ལྔའི་སྔགས་ཀྱིས་བུམ་ཆུ་དུང་ ཆོས་སུ་བསྡུས། ས་བོན་ལྔ་ལས་ལྷ་མོ་ལྔའི་ངོ་བོར་མོས། དུང་གི་ཆུ་ཁོ་ནས་དབང་བསྐུར་ བས་སློབ་མའི་ཁམས་ལྔ་པོ་ཡུམ་ལྔར་སོང་བར་བསམས་ཏེ་སྐུའི་རྣམ་པ་བསྐྱེད། རིམ་པ་དེ་ 3-1-622 ཀའི་ཅོད་པན་སོགས་རིགས་བསྒྲེས་ཏེ། རྗེས་གནང་འཁོར་ལོའི་དབང་བསྐུར་བའི་བར་དུ་ གཞན་ཐམས་ཅད་འདྲ་བ་ལས། དཀྱིལ་འཁོར་གྱི་བྱང་དུ་ཆུ་ཅོད། ལྷོར་དར་དྲིལ། ཤར་དུ་ བརྟུལ་ཞུགས་དང་མིང༌། ནུབ་ཏུ་རྗེས་གནང་སྦྱིན། འདོགས་ལ་ངོས་བཟུང་གི་གནས་མེད་ དོ། །དབང་གཞན་རྣམས་ལ་ཆུ་དབང་དེ་སྔོན་དུ་འགྲོ་བ་དང༌། རྡོར་དྲིལ་ལ་སྔ་ཕྱི་གཉིས་ཀར་ ལ་ཆུ་དབང་བསྐུར། མིང་དབང་གི་མཐར་གསང་མིང་འདོགས། རྗེས་གནང་གི་ཡན་ལག་ཏུ་ སྔགས་ཀྱི་རྗེས་གནང་དང་བཀའི་གནང་བ་ཙམ་སྦྱིན། ང་རྒྱལ་བཟུང་ནས་སློབ་མའི་ལག་ཏུ་ རྡོར་དྲིལ་གཏད། དག་པའི་ཆོས་བཤད། ལྟུང་བ་བསྒྲགས་ཏེ་དུས་གོ་བར་བྱེད་པ་ཙམ་ཞིག་ གསུངས་སོ། །དེ་ལ་གཞན་གྱི་ཁ་སྐོང་མ་ཡིན་ཡང་ཤུགས་ལ་ཐོབ་པ་ནི། དབང་ལྷ་སྤྱན་འདྲེན་ ཅིང་མཆོད་པ་དང༌། དབང་རེ་རེ་བཞིན་ནམ་ངེས་པར་ཆུ་དབང་ཉིད་ལ་ཤིས་བརྗོད་སྔོན་དུ་ འགྲོ་བ་དང༌། དབང་རྫས་དང་སློབ་མའི་ལྷ་ལ་ཡེ་ཤེས་པ་བསྟིམ་པ་དང༌། སློབ་མ་ལ་མཆོད་ པ་འབུལ་བ་རྣམས་ངེས་པར་ཐོབ་བོ། །རྗེས་གནང་གི་འདོགས་ཀྱི་དངོས་གཞི་ནི། དུས་ འཁོར་རང་ལུགས་ལ་དག་པའི་ཆོས་བཤད་པ་ཁོ་ན་ཡིན་ཏེ། དཀྱིལ་ཆོག་གཞན་གྱི་ལུགས་ ཀྱི་སྤྱོད་པའི་བརྟུལ་ཞུགས་ཀྱི་དོད་དོ། །གལ་ཏེ་སློབ་མ་དག་ཡིད་ཆེས་ཤིང་མོས་ན་འདི་ཙམ་ གྱིས་གོ་ཆོད་པར་མ་ཟད། གཅིག་ཏུ་ན་ཁ་སྐོང་ཅན་ལས་འདི་མཆོག་ཡིན་ཏེ། རང་ལུགས་ ཡོངས་སུ་རྫོགས་ཤིང་གཞན་གྱིས་བསྲེ་བསླད་མེད་པའི་ཕྱིར་རོ།། །། གཉིས་པ་ནི། བྱིས་འཇུག་གི་སྐབས་འདི་ལ་རྡོ་རྗེ་བཞིར་བསྐྱེད་པ་དགོས་སམ་མི་དགོས་ སྙམ་ན། འདི་ཡང་རྒྱ་གར་བ་འགའ་ཞིག་དང་བོད་སྔ་ཕྱི་ཕལ་ཆེར་གྱིས་མཛད་པ་ནི་ཡིན་ཏེ། དག་སྦྱོར་ལ་བལྟོས་ནས། ཚུལ་དང་མཐུན་པ་ཙམ་ཡིན་གྱིས་ངེས་པར་དགོས་པ་ནི་མ་ཡིན་ནོ། ། དེས་ན་མདོར་བསྡུས་པའི་ཚེ། སློབ་མ་དཔལ་དུས་ཀྱི་འཁོར་ལོ་ཡབ་རྐྱང་ཕྱག་གཉིས་པ་ལྟ་ བུར་བསྒོམས་ཀྱང་ཤིན་ཏུ་བཟང་བ་ཡིན་ནོ།། །། 3-1-623 གསུམ་པ་ནི། དེང་སང་ཕལ་ཆེར་སྤྲོས་པ་ཅན་ལ་དགའ་བའི་དབང་དུ་བྱས་ན། ཁ་སྐོང་ ཅུང་ཟད་བྱས་ཀྱང་མི་འགལ་བ་ལྟར་འདིར་ཡང་བྱ་ལ། གཞན་གྱིས་རྒྱས་འགེབས་དང་ཁ་ སྐོང་ཧ་ཅང་ཐལ་བ་ནི་མི་ལེགས་པས་མི་བྱེད་དོ། །དེ་ཡང་གང་སྙམ་ན་སློབ་མའི་ཕུང་ཁམས་ དང་དབང་རྫས་ཀྱི་ཆ་ཤས་རེ་རེ་བཞིན་ཉིས་སྡེབས་ཉིས་སྡེབས་ཀྱི་ལྷར་བསྐྱེད་པ་དང༌། ཡུམ་ ལྔ་ལ་བརྟེན་ནས་ཆུ་དབང་བསྐུར་བའི་སྔགས་དེ་ཁོ་ན་ཐམས་ཅད་ལ་བརྟན་བྱེད་དུ་བཟླ་བ་ སོགས་སྤྲོས་པ་མང་པོ་དེ་དག་ཡིན་ལ། གཞན་སློབ་མ་ལ་དབང་སོ་སོ་བསྐུར་བའི་རྗེས་སུ་ མདུན་བསྐྱེད་ཐུགས་དཀྱིལ་གྱི་ལྷ་ཚོགས་ནས་རིགས་མཐུན་པའི་ལྷ་སྤྱན་དྲངས་ཏེ། སློབ་ མའི་ལྷ་ལ་བསྟིམ་པ་ནི། ཆོ་ག་གཞན་གྱི་ཁ་སྐོང་མིན་ཡང་བོད་རྙིང་པ་འགའ་ཞིག་གིས་ཟབ་ ཟབ་ལྟར་བྱས་པ་ལ། ཕྱི་མ་ཐམས་ཅད་ཀྱིས་ཁྱད་ཆོས་ཡིན་པར་འཁྲུལ་ཏེ་ཁུངས་མེད་ངོ་སོར་ འཁྱེར་བར་བྱེད་ལ། ཡང་སོ་སོའི་དབང་བསྐུར་བའི་རྗེས་སུ་དེའི་དག་འབྲས་ལ་སློབ་མའི་ ཕུང་ཁམས་སོགས་ལྷར་བསྐྱེད་པ་ཆོས་འདི་ཉིད་ཀྱི་རང་ལུགས་ཡིན་ཞིང༌། རྭ་འབྲོ་སོགས་ གོང་མ་རྣམས་བཞེད་པ་ལ། དེ་བཀག་ནས་སྤྱི་ལུགས་དང་མཐུན་པའི་བསྐྱེད་ཆོག་བྱེད་པ་ ཡང༌། རང་ལུགས་བོར་ནས་གཞན་ལུགས་ལ་ཞུགས་པ་ཡིན་པས་ཆེས་མི་འཐད་ལ། གཞན་ གྱི་རྒྱས་འགེབས་རྒྱ་གར་པ་འགའ་ཞིག་གིས་ཀྱང་མཛད་དོ་སྙམ་ན། བླུན་པོ་རྒྱ་གར་ན་ཡང་ ཡོད་ཅེས་པའི་དཔེ་དང༌། རིག་པའི་གནས་ལྔ་ལ་བྱང་བ་ཡིན་དུ་ཆུག་ཀྱང་། མཁས་པའི་མངོན་ པའི་ང་རྒྱལ་གྱིས། རྒྱུད་ཀྱི་དོན་འཆད་ཅེས་པའི་མཚན་གཞི་ངོས་ཟིན་དགོས་སོ།། །། བཞི་པ་ནི། ཡང་ཁ་ཅིག་སྤྱི་དང་ཁྱད་པར་གྱི་ལྷ་གཉིས་ཀར་བསྐྱེད་པའི་ལུགས་ལ། ཁྱད་ པར་གྱི་ལྷའི་གནས་ངེས་མེད་དུ་བྱེད་དེ། དཔེར་ན་ཆུ་ཅོད་གཉིས་ལ་སྤྱིའི་ལྷ་ནི་སྐུ་རྡོ་རྗེར་ བསྐྱེད་པ་ཡིན། ཆུ་དབང་གི་སྐབས་སུ་སློབ་མའི་ཁམས་ལྔ་ཡུམ་ལྔར་བསྒོམས་པ་ན་ལྷ་ཞལ་ ཕྱག་གི་རྣམ་པ་ཅན་དུ་བྱེད་པ་དེ། ཁམས་ལྔ་ཉིད་ལྷར་སྒོམ་པ་ཡིན་གྱི། གནས་གང་དུ་སྒོམ་ 3-1-624 པའི་ངེས་པ་མི་དགོས་ཟེར་བ་ནི་ཤིན་ཏུ་འགལ་ཏེ། དེའི་ཚེ་ནམ་ཡུམ་ལྔར་བསྐྱེད་པ་ན། ཡུམ་ ལྔ་ལ་ང་རྒྱལ་ཞུགས་ཏེ། སྐུ་རྡོ་རྗེ་མི་དམིགས་པར་བྱེད་ཀྱང་མི་འཐད་དེ། དབང་གི་དོན་དུ་ བསྐྱེད་པའི་ལྷ་དེ་བྱ་བ་གང་ཡང་མ་བྱས་པའི་ཕྱིར་རོ། །སྐུ་རྡོ་རྗེ་ཉིད་ཞུ་ནས་ཡུམ་ལྔར་སོང་ བར་བྱེད་ཀྱང་མི་འཐད་དེ། ཁུངས་དང་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་རོ། །སྐུ་རྡོ་རྗེ་ནི་རང་ ཉིད་ཡིན་ལ། ཡུམ་ལྔ་མདུན་བསྐྱེད་ལྟར་བྱས་ཀྱང་མི་རུང་སྟེ། མདུན་བསྐྱེད་དབང་བསྐུར་ བའི་སློབ་མ་ལ་དབང་བསྐུར་བར་མི་འགྲོ་བ་གྲགས་ཤིང་གྲུབ་པའི་ཕྱིར་རོ། །ཐོག་མ་སྐུ་རྡོ་རྗེ་ རང་ཡིན་ཡང་ཕྱིས་ཡུམ་ལྔ་ལ་ང་རྒྱལ་ཞུགས་པ་ན། སྐུ་རྡོ་རྗེ་ཕྱི་ལོགས་སུ་བཞག་པས་ཀྱང་མི་ ཡོང་ལ། ལྷ་མོ་ལྔ་ལ་དུས་མཉམ་དུ་ང་རྒྱལ་བྱེད་པ་ཡང་མོས་སྒོམ་ཙམ་མ་གཏོགས། ལས་དང་ པོ་པ་ལ་བློ་ཡུལ་དུ་འཆར་བར་དཀའ་བས། ཡུམ་ལྔ་ཞལ་ཕྱག་ཅན་བསྐྱེད་ཕྱིན་གནས་ངེས་ མེད་མི་འཐད་དོ། །དེས་ན་རང་སྐུ་རྡོ་རྗེའི་རྣམ་པ་དང་ང་རྒྱལ་ལ་གནས་བཞིན་པ་ཡིན་ན། ལྷ་ མོ་ལྔ་པོ་རང་ལུས་ལ་གནས་སམ། ཕྱི་རོལ་ན་གནས་ཀྱང་གནས་ངེས་ཅན་དགོས་ཏེ། ཕྱི་ནང་ གཉིས་ཀར་མ་ཡིན་པའི་གནས་མེད་པའི་ཕྱིར་རོ། །ཡང་གལ་ཏེ་འགོད་པའི་གནས་ངེས་ཅན་ མི་བྱེད་ན་ནི། ཞལ་ཕྱག་གི་རྣམ་པ་ཅན་མི་བསྐྱེད་པར་མོས་སྒོམ་ཉིད་བཟང་སྟེ། དཔེར་ན་ རང་གི་ལུས་ཀྱི་ཁོག་པ་ལ་དམིགས་ནས། འདི་ལ་ཁྱབ་པའི་སྲ་བ་ཐམས་ཅད་ནི་སངས་རྒྱས་ སྤྱན་མ་ཡིན། གཤེར་པ་ཐམས་ཅད་ནི་མཱ་མ་ཀཱི་ཡིན་སྙམ་དུ་སྒོམ་པ་སོགས་སོ། །དེ་ལ་ཁོ་བོ་ ཅག་ནི་རྒྱས་པ་ཞལ་ཕྱག་ཅན་སྒོམ་པའི་ཚེ་གནས་ངེས་ཅན་བྱེད་ལ། ཞལ་ཕྱག་གི་རྣམ་པ་ཅན་ མེད་པར་མོས་སྒོམ་ཙམ་གྱིས་ཀྱང་དབང་བདུན་གྱི་ལྷའི་བསྐྱེད་ཆོག་གོ་ཆོད་པའི་སྐབས་ཤིག་ འདོད་ཅིང༌། དེའི་ཚེ་གནས་ངེས་པ་མེད་མོད་ཀྱི། ཁྱེད་དག་ཞལ་ཕྱག་ཅན་མེད་མི་རུང་དུ་ འདོད་པས་ན་ངེད་དང་མི་མཚུངས་ཏེ། གནས་ངེས་མེད་ལ་སྦྱངས་བྱ་དང་མཐུན་པའི་བསྐྱེད་ ཚུལ་བྱེད་ན། སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ལུས་ཐམས་ཅད་སྤྱན་མ་སེར་མོ་ཞལ་གསུམ་ 3-1-625 ཕྱག་དྲུག་པས་ཀྱང་ཁྱབ་ལ། {གོས་[གོ་ས་]དེ་ཀར་གོས་དཀར་མོ་དམར་མོ་ཞལ་གསུམ་ ཕྱག་དྲུག་པ་སོགས་ཀྱང་ཡོད་པ་ཞིག་བསྒོམ་དགོས་ན། དམིགས་པ་ལ་དབང་མ་འབྱོར་བས་ དེ་ལྟ་བུ་སྒོམ་མི་ནུས་པའི་ཕྱིར་རོ། །འོན་ཏེ་སྦྱང་བྱའི་འདུག་ཚུལ་དང་མ་མཐུན་ཡང་སྐྱོན་མེད་ སྙམ་ན། དེ་ནི་ཅིས་ཀྱང་མེད་པས་ཁོ་བོ་ཅག་འདོད་པ་ཉིད་དེ། ཁྱེད་དག་ལ་དེ་ལྟ་ན་ཁྱད་པར་ གྱི་ལྷ་འདི་རྣམས་མན་ངག་ལྟར་གནས་ངེས་ཅན་དུ་སྒོམ་པ་ལ་ཅིའི་ཕྱིར་སྐྱོན་དུ་ལྟ། དེས་ན་ རང་ཉིད་ཡོངས་རྫོགས་མི་དམིགས་པར་སྦྱངས་ནས། དེའི་ཤུལ་དུ་ལར་ནས་ལྷ་མོ་ལྔ་བསྐྱེད་ པ་ཙམ་ཡིན་ན། མི་བདེ་བ་མེད་ཀྱང་སྐབས་འདིར་རང་གི་ཁམས་ལྔ་པོ་ཉིད་ཡུམ་ལྔ་ཞལ་ ཕྱག་གི་རྣམ་པ་ཅན་དུ་བསྐྱེད་པ་ལ། རང་གི་གཞི་ལུས་ལྷར་བསྐྱེད་རུང་མི་བསྐྱེད་རུང་ལྷ་མོ་ ལྔ་ལ་གནས་ངེས་ཅན་དགོས་ལ། དེ་ཡང་རང་ལུས་ཀྱི་ཕྱི་རོལ་ཏུ་སྒོམ་པ་མི་རུང་སྟེ། དེ་ལྟར་ བསྒོམ་ན། དུང་གི་ཆུས་ཀྱང་སློབ་མའི་ལུས་ལ་དབང་མི་བསྐུར་བར་ལུས་ཀྱི་ཕྱི་རོལ་ལྷ་མོ་ བསྒོམ་སའི་ནམ་མཁའ་སྟོང་པ་ལ་དབང་བསྐུར་དགོས་པར་ཐལ་བར་འགྱུར་ཏེ། སློབ་མའི་ ཕུང་ཁམས་ལྷར་བསྐྱེད་ཟིན་པ་ལ་དབང་བསྐུར་དགོས་པ་ཁྱེད་ཀུན་གྱི་འདོད་པ་ཐུན་མོང་ པ་ཡིན་ཞིང༌། ལྷ་དེ་རྣམས་རང་ལུས་ཕྱི་རོལ་ན་ཡོད་པའི་ཕྱིར་རོ། །ངེད་ཀྱི་ལུགས་ལྟར་ན་དེ་ ལྟར་མི་འདོད་མོད། འདོད་པར་བྱས་ཀྱང་ཁྱེད་རྣམས་ལ་སྐྱོན་འཇུག་ཚུལ་ལས་སྐྱོན་ཆུང་མོད་ ཀྱང༌། སྤྱིར་དབང་བསྐུར་བས་དག་བྱའི་ལྷ་རང་ལས་གཞན་དུ་སྣང་བའི་ཚུལ་ནི་མི་བདེའོ། ། ཡང་ལུས་ནང་ངམ་ཕྱིའམ་བདག་བསྐྱེད་ལྟར་སྒོམ་པ་གང་ཡིན་ཡང་རུང༌། ཡུམ་ལྔ་ལྟ་བུ་ གྲལ་སྒྲིགས་སམ་ལྔ་ཚོམས་སོགས་གང་བསྒོམས་ཀྱང་གནས་ངེས་ཅན་དུ་བསྒོམས་པར་འགྲོ་ བས་དེ་ལྟར་འདོད་ན་ངེས་མེད་ཉམས་ལ། ཉིན་ཞག་སོ་སོར་ངེས་མེད་ཅི་དྲན་དྲན་ནས་སྒོམ་ ན་ནི། གྱ་ཚོམ་གྱི་འདོད་པ་དེ་ལ་སུ་ཞིག་དཔྱད་པའི་ཡུལ་དུ་བྱེད། དེའི་ཕྱིར་ན་ལུས་ལ་དགོད་ པ་ལས་འོས་མེད་ཅིང༌། དེ་ལ་ནི་བླ་མ་གོང་མ་འགའ་ཞིག་བཞེད་པ་ལྟར་དབང་བདུན་ཀར་ 3-1-626 གྱི་ལྷ་སྙིང་གའམ་ལྟེ་བར་བཀོད་ཀྱང་འགལ་བ་མེད་དེ། ལུས་ཀྱི་གནས་རྣམས་ཀྱི་གཙོ་བོ་དེ་ ཉིད་ཡིན་པ་དང༌། སྙིང་ག་ནི་ཐུགས་དཀྱིལ་གྱི་གནས་ཡིན་པའི་ཕྱིར་རོ། །འོན་ཀྱང་དཀྱུས་ ལས་འབྱུང་བ་གྲུབ་ཆེན་ཡུ་མོ་སོགས་ཀྱི་བཞེད་པ་ལྟར་སོ་སོའི་གནས་སུ་བཀོད་ན། དག་བྱ་ དག་བྱེད་ཀྱི་རིམ་པ་དང༌། མཐུན་ཚབས་སྔ་མ་ལས་ཆེ་བས། གཉིས་པོ་ལ་བལྟོས་པའི་ཡང་ འདི་ལེགས་སོ།། །། ལྔ་པ་ནི། དེ་ཡང་ཆུ་ཅོད་ཀྱི་དབང་ལུས་ཀྱི་དྲི་མ་སྦྱོང་བྱེད་ཡིན་པས། ཐུན་མོང་གི་ལྷ་ གཞི་ལུས་སྐུ་རྡོ་རྗེ་དང༌། དར་དཔྱངས་རྡོར་དྲིལ་ངག་གི་དྲི་མ་སྦྱོང་བྱེད་ཡིན་པས་གསུང་རྡོ་རྗེ་ དང༌། བརྟུལ་ཞུགས་དང་མིང་ཡིད་ཀྱི་དྲི་མ་སྦྱོང་བྱེད་ཡིན་པས་ཐུགས་རྡོ་རྗེ་དང༌། རྗེས་གནང་ ཡེ་ཤེས་ཀྱི་དྲི་མ་སྦྱོང་བྱེད་ཡིན་པས་ཡེ་ཤེས་རྡོ་རྗེར་བསྐྱེད་ཅིང་རྡོ་རྗེ་བཞི་པོའི་ངོས་འཛིན་ ཡང་སྐུ་གསུང་ཐུགས་བྱིན་རླབས་སུ་བཤད་པ་ལྟར་གྱི་རྡོ་རྗེ་གསུམ་དང༌། དེའི་ཚེ་ཡེ་ཤེས་ རྡོ་རྗེ་རྡོར་སེམས་སུ་བསྐྱེད་ཀྱང་མི་རུང་བ་མེད་དེ། བསྐྱེད་རིམ་གྱི་ཡན་ལག་རྒྱུད་སྡེ་གཞན་ གྱི་ཆོ་གས་རུང་བར་གསུངས་ན། དེ་ལ་རུང་ཕྱིན་མན་ངག་གི་རྒྱུད་ཡོད་ན། དབང་བདུན་ལ་ མི་རུང་བའི་རྒྱུ་མཚན་མེད་ཅིང་དབང་ལམ་འབྲེལ་པ་ཅན་དུ་ཡོད་པའི་ཕྱིར་རོ། །ཡང་དུས་ འཁོར་རང་ལུགས་ལ་གྲགས་ཆེ་བའི་དབང་དུ་བྱས་ནས་སྐུ་འོད་དཔག་མེད། གསུང་རིན་ འབྱུང་ཐུགས་དོན་ཡོད་གྲུབ་པ། ཡེ་ཤེས་རྣམ་སྣང་དུ་བྱེད་པའང་ལག་ལེན་གྱི་རྒྱུན་དང་ལྡན་ པའི་ཕྱིར་ཡིན་ནོ། །ཡང་ཆུ་རླུང་ནམ་མཁའ་དང༌། ས་མེ་ཡེ་ཤེས་ཀྱི་རིམ་པའང་འཇུག་མོད། མདོར་བསྡུ་ན་གོང་དུ་སྨོས་པ་ལྟར་དུས་ཀྱི་འཁོར་ལོ་ཉིད་དུ་བསྐྱེད་པས་ཀྱང་ཆོག་སྟེ། རིགས་ ཀུན་གྱི་བདག་པོ་ཡིན་པའི་ཕྱིར་རོ། །འདི་དག་ཀྱང་ཡབ་ཡུམ་ཁ་སྦྱོར་གྱི་སྐུ་ཅན་གཙོ་མི་ཆེ་ སྟེ། ཡབ་རྐྱང་གིས་ཆོག་པ་དེ་ཡང་སྤྱིར་འདི་ལྟར་ཤེས་དགོས་ཏེ། འདུས་པ་ལ་སོགས་པ་ རྒྱུད་གཞན་ལས་གཉིས་སྦྱོར་གྱི་བདེ་བ་ལ་བསྔགས་པ་ཆེ་ཞིང༌། དུས་འཁོར་ནས་ལས་རྒྱའི་ 3-1-627 ཡེ་ཤེས་དེ་སྨད་ཅིང་དགག་པ་ལྟར་མཛད་པ་མང་ངོ༌། །གཞན་ལས་བསྔགས་པ་ནི། མཚོན་ བྱེད་དཔེ་དང་ཐབས་ཆེ་བ་ལ་དགོངས་པ་ཡིན་ཞིང་དེ་ནི་འདིར་ཡང་བཞེད་དོ། །འདིར་སྨད་ པ་ནི་དོན་དམ་གནས་ལུགས་རྟོགས་བྱེད་རྗེན་པ་མ་ཡིན་པར་དགོངས་ལ། དེ་ནི་རྒྱུད་གཞན་ གྱི་ཡང་དགོངས་པ་ལ་གནས་པས་འདི་དག་དགོངས་པ་འགལ་བ་མ་ཡིན་མོད། ཚིག་གི་སྒོ་ ནས་བསྟོད་སྨད་ཁྱད་ཆེ་བ་ལྟར་ཆོ་ག་ལག་ལེན་མང་པོ་ལ་དེའི་ཤུགས་བརྡེག་པས། དབང་ གོང་མ་གསུམ་གྱི་སྐབས་དང་ཞོར་བྱུང་ཅི་རིགས་ལ་མ་གཏོགས། དབང་པོ་གཉིས་སྦྱོར་གྱི་ཆོ་ གས་དབང་བསྐུར་བ་ལ་རྩལ་འདོན་མི་མཛད་པ་གོ་དགོས་ཤིང༌། ཁྱད་པར་དུ་འདི་ལ་ཡབ་ ཡུམ་མཉམ་སྦྱོར་བསྒོམས་ཕྱིན། དེ་ལ་ཡང་དབང་བསྐུར་དགོས་ན། དེའི་ཚུལ་མི་གསལ་བའི་ ཕྱིར་རོ། །རྒྱུ་མཚན་དེས་ན་རྗེ་རོང་པ་ཤེར་སེང་པ་སོགས་འགའ་ཞིག་དབང་རྫས་ལ་ཡང་ནང་ ཆོག་གིས་བསྐྱེད་པར་མཛད་པ་སོགས་ལྟ་ཅི་སྨོས། རང་ལུགས་པ་མ་གཏོགས་གཞན་ཐམས་ ཅད་སློབ་མ་ལ་ནང་དབང་བསྐུར་བར་མཛད་པའང་ལྷག་ཆོས་ཡིན་པས་མི་དགོས་ཏེ། ཆོ་ག་ གཞན་གྱི་ལུགས་ལ་དེ་འདྲའི་རིགས་ཟབ་ཅིང་བྱིན་རླབས་ཆེ་བར་འདོད་ཀྱང༌། དུས་འཁོར་ ལུགས་ལ་དབང་གོང་མ་ལྟ་བུའི་ཡེ་ཤེས་ངོ་སྤྲོད་རྒྱུ་ཡོད་ན་མ་གཏོགས་དེ་འདྲའི་རིགས་ལ་ ཟབ་རྒྱས་ལྷག་པོ་རྩིས་པོ་ཆེར་མི་བཞེད་པའི་ཕྱིར་རོ།། །། གཉིས་པ་བྱ་བའི་རིམ་པ་སོ་སོའི་དོན་ནི། ཁ་ཅིག་བྱིས་འཇུག་གི་སྔོན་དུ་དྲུག་བཞི་ལྡན་ གྱི་སྦྱང་བ་བྱེད་པ་ནི། བྱུར་བསལ་པ་ཉིད་ཡིན་པའི་ཕྱིར་འགལ་བ་མེད་མོད་ཀྱང༌། དེ་ནི་ དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་འབྱུང་བ་སཱ་དྷུ་པུ་ཏྲས་བླངས་ཤིང༌། དེ་ལས་སྤྲོས་པ་ལ་ དགའ་བའི་དུས་འཁོར་བ་གཞན་རྣམས་ཀྱིས་བླངས་པ་ཡིན་མོད། རྒྱུད་འདིར་ནི་རབ་ཏུ་ གནས་བྱའི་རྟེན་གསུམ་ལ་བྱུར་བསལ་བྱེད་པར་ནི་གསུངས་མོད། སྐབས་འདིར་བྱུར་བསལ་ བ་གསལ་པོར་མ་བཤད་པས་གལ་ཆུང་ལ། ཡང་དབང་བདུན་སྤྱིའི་དོན་དུ་བྱང་ཆུབ་རྡོ་རྗེས་ 3-1-628 སངས་རྒྱས་ལ་སོགས་ཀྱིས་གསོལ་བ་འདེབས་པ་ནི། གཞན་གྱི་ཁ་སྐོང་ཡིན་ཡང་མི་འབྲེལ་ པ་མེད་དོ། །གཞན་ཆོ་གའི་རིམ་པ་རྣམས་ནི་དཀྱུས་སུ་གསལ་བ་ཉིད་ཡིན་པས་འདིར་ལྡབ་ སྟེ་བཤད་མི་དགོས་ལ། དེར་མི་གསལ་བ་རྣམས་བརྗོད་ན། ཆུ་དབང་གི་གསོལ་བཏབ་ སྐབས། ༀ་ཧཾ་ཧཱཾ་སོགས་བུམ་པ་རྣམས་བསྐུལ་བའི་ས་བོན་དང༌། ཨཱ་ཨཱི་སོགས་ནི་ཡུམ་ལྔའི་ ཐུགས་རྒྱུད་བསྐུལ་བའི་ས་བོན་ནོ། །དབང་གི་གསོལ་བཏབ་འདི་རྣམས་ཁ་ཅིག་དཀྱིལ་ འཁོར་གྱི་ལྷ་ལ་གསོལ་བཏབ་ཡིན་ཏེ། ནམ་མཁའི་དབང་ལྷ་སྤྱན་མ་དྲངས་པའི་གོང་དུ་བྱེད་ པའི་ཕྱིར་རོ་ཞེས་ཟེར་ཡང༌། ཞོར་ཐབས་སུ་ཕྱིའི་དཀྱིལ་འཁོར་གྱི་ལྷ་ལའང་གསོལ་བ་ འདེབས་མོད་ཀྱི། གཙོ་བོར་སྤྱིའི་གསོལ་བཏབ་དང་འདྲ་བར་རྡོ་རྗེ་སློབ་དཔོན་དང་དཀྱིལ་ འཁོར་གྱི་གཙོ་བོ་དབྱེར་མེད་པའི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་ རྫོགས་པར་ཞུགས་པས་དེ་རྣམས་ལ་གསོལ་བ་འདེབས་པ་ཡིན་ནོ། །ཡང་དབང་བསྐུར་བ་ པོའི་ལྷ་གང་ཡིན་བརྟགས་ན། ཁ་ཅིག་དབང་ལྷ་སྤྱན་འདྲེན་པ་མི་འདོད་པ་ནི་ཕྱི་དང་འབྲེལ་ བའི་དབང་གི་གཙོ་བོ་གང་བསྐུར་ཡང་སངས་རྒྱས་ཐམས་ཅད་ཞལ་འཛོམ་པའི་དམིགས་པ་ དགོས་པ་སྤྱིའི་ལུགས་ཡིན་པ་དེ་དང་འགལ་ཞིང༌། སྤྱན་འདྲེན་ཡང་དེས་དབང་མི་བསྐུར་བ་ ནི། དེ་རྣམས་སྤྱན་དྲངས་པ་དགོས་མེད་རྐང་སྟོང་གི་རྣམ་པར་སོང་བས། དེས་ན་སྤྱི་དང་ མཐུན་པར་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་ཅིག་པར་ བཀའ་སྩལ་ནས། ལས་བྱེད་པ་པོ་དབང་གི་ལྷ་རྣམས་ཀྱིས་མཛད་པ་ཡིན་ལ། འོན་ཀྱང་ལས་ བྱེད་པ་པོ་གང་ཡིན་པ་དེ་ལ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་ཀྱི་ སྤྲུལ་པར་མོས་པ་བརྟན་པོ་དགོས་སོ། །ཡང་མང་པོ་ཞིག་དབང་ལྷའམ་དཀྱིལ་འཁོར་ལ་ བཀོད་པ་གང་ཡིན་ཡང་རུང་སྟེ། ཆུ་དབང་ཡུམ་ལྔ་དང༌། ཅོད་པན་སངས་རྒྱས་ལྔས་བསྐུར་བ་ སོགས་འདོད་པ་ནི་རྣམ་པ་གཅིག་ཏུ་འགལ་བའང་མེད་མོད་ཀྱི། འོན་ཀྱང་འགངས་མི་ཆེ་སྟེ། 3-1-629 འདིར་ནི་དབང་ལྷའི་གཙོ་བོ་དུས་འཁོར་ཉིད་རྩ་བའི་བླ་མ་དང་དབྱེར་མེད་པ་དེས་དབང་ བསྐུར་བ་ཉིད་གཙོ་ཆེ་ལ། དབང་བསྐུར་གསོལ་གདབ་ཀྱི་སྔགས་དོན་ལ་ལྷ་སོ་སོའི་མཚན་ ཡོད་པ་དེ་ནི་དབང་རྫས་རྣམས་ལྷ་སོ་སོའི་ངོ་བོ་ཡིན་པར་སྟོན་ཅིང་ཐུགས་བསྐུལ་བ་ཡིན་གྱི། དབང་ལྷའི་ནང་ཚན་ནམ་དཀྱིལ་འཁོར་ལྷའི་ནང་ཚན་ལྷ་སོ་སོ་ལ་གསོལ་བ་འདེབས་པ་མ་ ཡིན་ནོ། །དེས་ན་རྒྱུ་མཚན་དེས་ནི་སོ་སོས་དབང་བསྐུར་བར་མི་འགྲུབ་ལ། རྒྱུ་མཚན་གཞན་ ནི་མེད་དོ། །བུམ་ཆུ་བསྡུ་བའི་སྔགས་ལ་ཡུམ་བཞིའི་སྔགས་ནི། རྒྱུད་འགྲེལ་ཉིད་ལས་གསལ་ བར་གསུངས་པ་ཡིན་ལ། རྡོར་དབྱིངས་དབང་ཕྱུག་མའི་སྔགས་ནི་འཁོར་སྤྱི་འགྲོས་ཀྱི་མཚན་ སྔགས་སྦྱར་བ་ཡིན་ནོ། །འདིར་དབང་བསྐུར་བའི་དུང་ཆོས་ནི། བུམ་པ་ལྔའི་ཕྱོགས་ལ་རྣམ་ རྒྱལ་དང༌། བཅུའི་ཕྱོགས་ལ་རྣམ་རྒྱལ་ཆེན་པོའོ། །ལུགས་འདི་ལ་བུམ་པ་དཀྱིལ་འཁོར་དུ་ བཀོད་ནས་དཀྱིལ་འཁོར་གྱི་བྱ་བ་ཚར་གཅིག་མ་སོང་གི་བར་དུ་བུམ་གཟུགས་དང་ལྡན་པའི་ དབང་བུམ་རྣམས་བསྐྱོད་མི་དགོས་པའི་དབང་དུ་བྱས་ནས། བུམ་པའི་དོན་ཚང་ཡང་ གཟུགས་དང་མི་ལྡན་པ་རྣམ་རྒྱལ་ལམ་རྣམ་རྒྱལ་ཆེན་པོའི་བུམ་པ་ནི་ཀུན་ཏུ་རྒྱུག་པ་ཡིན་ནོ། ། དེས་ན་ཞི་རྒྱས་དང་ལས་ཐམས་ཅད་པ་ལ་དུང་ཆོས་སུ་བསྡུས་ནས་དབང་བསྐུར་དགོས་ པའི་རྒྱུ་མཚན་གཟུགས་ཀྱི་བུམ་པ་མི་བསྐུལ་བའི་རྒྱུ་མཚན་ལས་ཡིན་གྱི། བུམ་པ་གཞན་དུ་ བསྡུས་ནས་ཀྱང་དབང་བསྐུར་དུ་གཏན་ནམ་མི་རུང་བའང་མིན་ཏེ། དེས་ན་གང་དག་ལུགས་ འདི་ལ་དབང་བདུན་ལ་ཆུ་དབང་བདུན་ཞེས་གྲགས་ཀྱི། བུམ་དབང་ཞེས་མི་གསུང་པས་ གཟུགས་ཀྱི་བུམ་པས་དབང་བསྐུར་དུ་མི་རུང་སྟེ། རུང་ན་བུམ་དབང་བདུན་དུ་ཐལ་པར་ འགྱུར་ཟེར་པ་ནི་ཤིན་ཏུ་མ་གོ་བ་སྟེ། བུམ་པས་དབང་བསྐུར་ན་བུམ་དབང་བདུན་དུ་ཐལ་ བར་འདོད་པ་དེ་ལྟ་ན་དུང་ཆོས་ཀྱི་དབང་བདུན་དང༌། ལས་གཞན་ལ་ཟངས་ཆོས་དང༌། ཤིང་ སྣོད་དང༌། རྫ་ཕོར་གྱི་དབང་བདུན་ལ་སོགས་པར་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ 3-1-630 ན་ཡིན་ལུགས་ནི་བུམ་པའི་བརྡས་བསྟན་པའི་ཤེས་རབ་མའི་ནུ་མ་ལ་བརྟེན་ནས་དབང་ བསྐུར་བ་ནི། བུམ་དབང་ཡིན་གྱི་ཆུ་དབང་གི་སྣོད་དུང་གིས་བྱས་པ། དུས་འཁོར་རང་ལུགས་ ཀྱི་བུམ་དབང་དངོས་སུ་མི་འགྱུར་པ་བཞིན་དུ་བུམ་པས་བྱས་ཀྱང་དུས་འཁོར་རང་ལུགས་ཀྱི་ བུམ་དབང་དངོས་སུ་ནམ་ཡང་མི་འགྱུར་ལ། གཞན་དང་གོ་བསྟུན་པའི་རྣམ་གྲངས་ཀྱི་སྒོ་ནས་ ནི། དུང་ཆོས་ཀྱིས་བསྐུར་བའི་ཆུ་དབང་ལ་ཡང་བུམ་དབང་སྒྲ་ཙམ་འཇུག་ཏུ་རུང་པའི་སྐབས་ ཡོད་པས་ཅལ་ཅོལ་འབྲེལ་མེད་ཀྱི་སྨྲ་བ་མ་མང་ཞིག ཡང་གང་དག་གསར་དུ་སྤྱན་དྲངས་ པའི་དབང་ལྷ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་བཀའ་བསྒོ་བ་པོར་བྱེད་པ་ནི། དཀྱིལ་ཆོག་ སུ་དང་ཡང་མི་མཐུན་ཞིང༌། བསྐྱེད་ཆོག་གིས་བསྐྱེད་བསྒྲུབས་མཆོད་པའི་ལྷའི་གཙོ་བོ་ དཀྱིལ་འཁོར་གྱི་ལྷ་ལ་གློ་བུར་དུ་སྤྱན་དྲངས་པའི་ལྷས་ཕར་བཀའ་བསྒོ་བ་འདི་ནི་ཤིན་ཏུ་ བཀྲ་མི་ཤིས་པའི་ཆོ་ག་འབྱུང་པོའི་གདོན་གྱིས་རྒྱུད་སྐུལ་བ་ཡིན་ཏེ་སྤྲོས་པས་ཆོག་གོ །དེ་ ནས་དབང་རྫས་བསྐྱེད་པ་ལ་དུང་ཆོས་ཀྱི་ནང་དུ་ཡུམ་ལྔའི་ས་བོན་དབུས་དང་ཕྱོགས་བཞིར་ ལྔ་ཚོམས་སུ་བསྒོམ། དེ་རེ་རེ་ཞུ་བ་ལས་བྱུང་བའི་བུམ་ཆུར་མོས། དེ་ཡང་ཡུམ་ལྔ་སོ་སོར་ མོས་པའོ། །འདིར་བུམ་ཆུ་ལ་སོགས་པ་དབང་བདུན་གྱི་དབང་རྫས་རྣམས་ལྷ་སོ་སོའི་ངོ་བོ་ ཡིན་པ་ལ། རྣམ་པ་དབང་རྫས་སོ་སོའི་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་ཡང་ངོ་བོ་ལྷ་སོ་སོ་ ཡིན་པ་ལ། རྣམ་པ་དབང་རྫས་དེ་དང་དེའི་རྣམ་པ་ཅན་གྱི་ཡེ་ཤེས་པ་སྤྱན་འདྲེན་པ་འདི་ནི། རང་ལུགས་ལ་རྫས་ལྔ་ལྷག་གནས་ཡོངས་རྫོགས་ཀྱིས་རིགས་འགྲེ་བ་ཡིན་ཞིང༌། ཕལ་ཆེར་ གྱི་འདོད་པ་ལྟར་ན་ཡང་ཐིག་སྐུད་དང་རྡུལ་ཚོན་གྱི་རིག་པས་འགྲུབ་ལ། རྒྱུད་འདི་བརྟན་ པའི་དངོས་པོ་ལ་བསྐྱེད་ཆོག་དེ་རིགས་གཙོ་ཆེ་བས་དེ་ལྟར་གྲུབ་པོ་སྐྱེ་བའི་གནས་ལྔ་ནི། སྤྱི་ བོ་དང་དཔུང་པ་གཡས་གཡོན་དང༌། དབྱི་གཡས་གཡོན་ཏེ་ལྔའོ། །དེ་ལྟར་དུང་གི་ཆུས་དབང་ བསྐུར་པའི་འབྲས་བུ་ལ་སློབ་མའི་ཁམས་ལྔ་རྣམ་པར་དག་ནས། ཡུམ་ལྔ་ཞལ་ཕྱག་གི་རྣམ་ 3-1-631 པ་ཅན་དུ་བསྐྱེད་དེ། །དེ་ཡང་རྒྱུད་འདིའི་ཕྱོགས་སུ་གཡོ་བའི་དངོས་པོ་ལྷར་བསྐྱེད་པ་ནི། ཞལ་ཕྱག་གི་རྣམ་པ་ཅན་གཙོ་ཆེ་བའི་རིགས་པས་སོ། །དེ་ལ་ཡེ་ཤེས་པ་བསྟིམ་པ་ནི་འགྲེལ་ ཆེན་ལས། དཀྱིལ་འཁོར་ལ་དབང་བདུན་གྱི་ཆོ་ག་བྱས་ཏེ། དེ་ནས་སློབ་མ་ལ་སངས་རྒྱས་ ཀྱིས་བྱིན་གྱིས་བརླབས་པ་བསམ་པར་བྱའོ། །ཞེས་གསུངས་པས་བསྟན་པའོ། །ཅོད་པན་གྱི་ དབང་ལ་རྒྱུ་ནི་འགྲེལ་ཆེན་ལས། རིན་པོ་ཆེ་དང༌། གསེར་གྱི་ཅོད་པན་ནམ། གོས་ཀྱི་ཅོད་ པན་ཞེས་གསུངས་པས། རིན་ཆེན་ནི་ཨིནྜ་ནཱི་ལ་སོགས་ཀྱིས་བརྒྱན་པའོ། །རྒྱུད་གཞན་ལས། རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་དུ་གསུངས་པ་ནི། དྲང་དོན་ཏེ་གཞན་དུ་མེ་ཏོག་གང་ ལ་ཕོག་པ་རིགས་ཀྱི་ལྷ་ཡིན་པ་དང་ནང་འགལ་བར་འགྱུར་ཏེ། གང་ཅོད་པན་དུ་བྱེད་པ་དེ་ནི་ ཀུན་གྱི་ནང་ནས་མཆོག་ཏུ་བཀུར་བ་ཡིན་ན། དཔེར་ན་རིན་ཆེན་འབྱུང་ལྡན་ཅོད་པན་དུ་བྱས་ པས་གུས་པར་བཀུར་དགོས་ཤིང༌། མེ་ཏོག་སྤྱན་རས་གཟིགས་ལ་ཕོག་པས་དེ་བསྒྲུབས་ན། གཅིག་ལ་མཆོད་ཅིང་གཅིག་ཤོས་ལ་དངོས་གྲུབ་ལེན་པར་སོང་བས་འགལ་བ་ཡིན་ན། འདིར་ནི། སངས་རྒྱས་ལྔ་བདག་ཅོད་པན་འཆང༌། །ཞེས་པ་ལྟར། རིགས་ལྔ་ཅར་ཅོད་པན་དུ་ དབང་བསྐུར་ཞིང༌། མཉམ་པར་གུས་པས་བརྟེན་ན་མེ་ཏོག་གང་ཕོག་པའི་ལྷ་དེ་ཡང་རིགས་ ལྔ་གང་རུང་དུ་མ་འདུས་པ་མེད་པའི་ཕྱིར་མཆོད་པ་དང་སྒྲུབ་པ་འགལ་བའི་སྐྱོན་མི་འབྱུང་ངོ༌། ། དེ་བཞིན་དུ་ཆུས་འཁྲུད་པའང་རྡོ་རྗེའི་རིགས་ཁོ་ནས་བྱེད་ན། རིག་པའི་དབང་གཞན་བཞི་ པོ་ལ་འཇུག་པར་མི་འོས་ཏེ། རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་སོགས་ཀྱི་དབང་ལ་ མི་བསྐྱོད་པས་འཁྲུ་བ་འབྲེལ་ཆུང་བའི་ཕྱིར་རོ། །འདིར་ཡུམ་ལྔས་བྱེད་པ་ནི་ཀུན་ཏུ་འཇུག་ སྟེ། ཡུམ་ལྔ་རྒྱལ་བ་རིགས་ལྔའི་ནི་བཙུན་མོ་ཡིན་ལ། ལྷ་གཞན་རྣམས་ཀྱི་ཡང་མ་དང་ཕྱི་མོ་ སོགས་ཀྱིས་ཚུལ་ཡིན་པས་སྒྲུབ་ཅིང་བསྟེན་པའི་ལྷ་ཐམས་ཅད་དྲི་བྲལ་དུ་སྒྲུབ་པ་ལ་ཆེས་ ཤིན་ཏུ་འབྲེལ་བ་ཡིན་ནོ། །དེ་ལྟར་ན་དབང་ལེ་གོ་བདུན་པའི་འགྲེལ་པར། འདི་དང་ལུགས་ 3-1-632 གཞན་གྱི་ཆུ་ཅོད་ཀྱི་དབང་ལ་མཆོག་དམན་གྱི་དབྱེ་བ་གསུངས་པའི་དོན་གྱི་སྙིང་པོ་འཛུག་ ཚུགས་དེ་ལྟར་ཡིན་ཡང་འགྲེལ་བཤད་བྱེད་པ་རྣམས་ནི་གསལ་པོར་སྨྲ་བ་མེད་དོ། །དེས་ན་ འགྲེལ་ཆེན་དུ། ཆུ་ལ་སོགས་པའི་དག་པ་མེད་དེ། ཆོ་ག་གཞན་སྟོབས་དང་ལྡན་པའི་ཕྱིར་རོ། ། ཞེས་པ་ནི། དཀྱིལ་ཆོག་གཞན་གྱི་ལུགས་ལ་ཆུ་ཅོད་པན་སོགས་ཀྱི་དག་པ་རྫོགས་པར་མ་ ཚང་བས། སློབ་མའི་རྒྱུད་སྨིན་ཚུལ་སྟོབས་ཆུང་ལ། ཆོ་ག་གཞན་ཞེས་པ་འདུས་པ་སོགས་ དག་ལས། གཞན་དུས་འཁོར་གྱི་རྒྱུད་འདི་ནས་གསུངས་པ་ནི། སློབ་མའི་རྒྱུད་སྨིན་ཚུལ་ སྟོབས་དང་ལྡན་པའི་ཕྱིར་ཏེ། ལྷ་མང་པོའི་དག་པ་མཛད་པས་སོ། །ཞེས་པ་སྟེ། དེ་ལྟར་ན་ ཡང་[བཤད་]རྒྱུད་རྡོ་རྗེ་འཕྲེང་བ་དང༌། རྡོ་རྗེ་གུར་ལ་སོགས་པ་རྒྱུད་སྡེ་གཞན་རྣམས་དྲང་ དོན་རྫུན་པ་ཁོ་ནར་འབེབས་པ་མ་ཡིན་ཏེ། དགོངས་པའི་གནད་གཅིག་པ་ཞིག་ནི་ཡོད་དོ། ། དེ་ཡང་ཅི་སྙམ་ན། དུས་འཁོར་ལུགས་བཞིན་ཁམས་ལྔའི་དག་པ་རྒྱས་ལ་ཞིབ་པ་ནི་རེ་ཞིག་ རྒྱུད་གཞན་ལ་མེད་དེ། དེ་ཡང་བླ་མེད་ཀྱི་རྒྱུད་གཞན་རྣམས་དུས་འཁོར་ལ་བལྟོས་ན་བབས་ ནས་འབྱུང་བའི་ཁམས་ཀྱི་དག་པ་གཙོ་ཆུང་བའི་དབང་ལས་ཡིན་ལ། དེ་ལ་དབང་རྫས་ཆུ་ནི་ དངོས་པོའི་དབང་ལས་མཱ་མ་ཀཱིའི་དག་པ་དང༌། ལྷ་མོ་མཱ་མ་ཀཱི་རྒྱུད་གཞན་གྱི་ལུགས་ཀྱི་རྡོ་རྗེ་ དང་རིན་ཆེན་གྱི་རིགས་གཉིས་རྟེན་ཡང་གཙོ་བོར་རྡོ་རྗེའི་རིགས་མི་བསྐྱོད་པ་ཡིན་ལ། ཡུམ་ ལ་བརྟེན་ནས་ཡབ་མཚོན་པས། ཆུ་མི་བསྐྱོད་པར་བསྐྱེད་པའི་རྒྱུ་མཚན་དེ་ཡིན་ཞིང༌། དེ་དག་ གི་སྐབས་ཀྱི་མི་བསྐྱོད་པ་ཡང་དངོས་སུ་ན་ཉེ་ཚེ་བ་ཡིན་དུ་ཆུག་ཀྱང༌། ཐུགས་རྡོ་རྗེ་ཉིད་ཡིན་ པའི་ཕྱིར་ཐུགས་ཀུན་ཏུ་འགྲོ་བ་ཡིན་པས། དོན་གྱིས་ན་ཀུན་ཁྱབ་སྟེ། དེའི་ཕྱིར་ཅོད་པན་ སོགས་དབང་གཞན་ལའང་དེའི་བྱ་བ་འཇུག་ཏུ་རུང་ཞིང༌། ཡང་ཆོ་ག་གཞན་འགའ་ཞིག་ཏུ་ཆུ་ དབང་གི་སྐབས་ལྷ་གསར་དུ་མི་བསྐྱེད་པའང་ཡོད་པ། སྔོན་བུམ་སྒྲུབ་ཀྱི་དུས་སུ་དཀྱིལ་ འཁོར་ཡོངས་རྫོགས་བསྐྱེད་པས་ཕྱིས་རིགས་ཐམས་ཅད་ལ་འཇུག་པར་དགོངས་པས། དུས་ 3-1-633 འཁོར་དང་དེ་དག་དགོངས་པའི་གནད་གཅིག་གོ །འོན་ཀྱང་དངོས་སུ་ན་གཞན་དུ་མི་བསྐྱོད་ པ་ཡབ་ཡུམ་མམ། མི་བསྐྱོད་པ་ཙམ་བསྐྱེད་པས་རིགས་ཕྱོགས་གཅིག་པ་དང༌། འདིར་ཡུམ་ ལྔ་བསྐྱེད་པས་རིགས་ཐམས་ཅད་པ་ཡིན་ཞིང༌། ཆུ་ཙམ་སྤྱིར་ནས་མཱ་མ་ཀཱིའི་དག་པ་ཡིན་པར་ འདིར་ཡང་བཞེད་མོད། བུམ་ཆུ་ནི་ས་བོན་དང་སྔགས་སོགས་བསྐྱེད་ཆོག་གི་སྒོ་ནས་ཁམས་ ལྔ་ལྡན་ཡིན་པས་འདིར་ཡུམ་ལྔར་བྱེད་པས་ཁྱད་པར་དུ་འཕགས་ཤིང༌། ཐུན་མོང་མ་ཡིན་ པའི་བྱིན་རླབས་འཇུག་ཚུལ་ཁྱད་པར་ཅན་ཡོད་མེད་ཀྱི་སྒོ་ནས་ཀྱང་ལུགས་འདི་ཉིད་མཆོག་ གོ །སྤྱིར་དབང་རྫས་དང་སློབ་མའི་ཁམས་ཀྱི་མཚོན་དོན་གལ་ཆེ་ཡི། དབང་རྫས་ཀྱི་རྒྱུ་ཆའི་ མཚོན་དོན་གལ་མི་ཆེ་སྟེ། དེ་ཆེ་ན་རྡོར་དྲིལ་སོགས་ལའང་སའི་དག་པ་དགོས་པར་ཐལ་བར་ འགྱུར་རོ། །དེ་བཞིན་དུ་དབུ་རྒྱན་ལ་ཡང་རྒྱུད་སྡེ་གཞན་གྱི་ལུགས་ཀྱིས་ཀྱང་རིགས་ལྷག་མ་ བཞི་འདུས་པའི་ཆ་འཇོག་རྒྱུ་ཡོད་དེ། རིན་ཆེན་དངོས་ནི་ཡོན་ཏན་གྱི་རིགས་ཡིན་ལ། ཡོན་ ཏན་དེ་ཡང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་སྐུ་རྣམ་སྣང༌། གསུང་སྣང་མཐའ། ཐུགས་མི་བསྐྱོད་གསུམ་ཚང་ལ། བྱ་སྒྲུབ་ཡེ་ཤེས་མཉམ་ཉིད་ལས་བྱུང་བ་དང༌། ང་རྒྱལ་ནི་ བྱེད་པོ་དང༌། ཕྲག་དོག་བྱེད་པ་ཡིན་པའི་རྒྱུ་མཚན་གྱིས་ལས་དང༌། རིན་ཆེན་གཅིག་ཏུ་ ཞུགས་པའི་ཕྱིར་རོ། །འོན་ཀྱང་དབུ་རྒྱན་རིན་ཆེན་དང་སྦྱོར་བའི་རྒྱུ་མཚན་ནི། དབུ་རྒྱན་ནི་ གཙུག་གི་ནོར་བུ་སོགས་རིན་པོ་ཆེའི་རྣམ་པར་ཡོད་ལ། དེ་ཡང་སྤྱི་ཁྱབ་ཏུ་རིན་ཆེན་འབྱུང་ ལྡན་གྱི་ཕྱག་ན་གནས་པའི་ཕྱིར། དབུ་རྒྱན་རིན་ཆེན་འབྱུང་ལྡན་དུ་དགོངས་པའོ། །རྣལ་ འབྱོར་རྒྱུད་དུ་ཡང་དབང་བསྐུར་བ་པོ་རྡོ་རྗེ་རིན་ཆེན་གྱི་འཕྲིན་ལས་སུ་འཆད་པ་ཡང་གནད་ དེ་དང་འདྲའོ། །དེའི་ཕྱིར་འདི་དང་དེ་དག་ཐུགས་དགོངས་པ་གཅིག་ཀྱང་དངོས་སུ་ན་ལྷ་ལྔ་ ཅར་ཚང་པ་དང༌། ལྷ་གཅིག་གི་ཁྱད་པར་ཡིན་པས། གཞན་རྣམས་ལས་ལུགས་འདི་ཉིད་སློབ་ མའི་རྒྱུད་སྨིན་ཚབས་ཆེ་བའི་ཁྱད་པར་ཡོད་དོ། །དེས་ན་རྒྱུད་འདི་ལས་གཞལ་ན། རྒྱུད་ 3-1-634 གཞན་ལས་གསུངས་པའི་དབང་དེ་དག་ཆུ་ཅོད་པན་སོགས་ཀྱི་གོ་མི་ཆོད་ཅེས་པ་ཏ་མ་ཡིན་ ཏེ། དགོངས་པ་གཅིག་པའི་ཕྱིར་རོ། །འོན་ཀྱང་ཟབ་མི་ཟབ་ཀྱི་ཁྱད་པར་མེད་པའང་མ་ཡིན་ ཏེ། དངོས་ཀྱི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ལ་རྒྱ་ཆེ་ཆུང་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། ། གནད་འདི་གོ་བ་ཤིན་ཏུ་གལ་ཆེ་སྟེ། གཞན་དུ་ན་བསྡུས་རྒྱུད་གཞན་གཙོ་བོར་བྱེད་པ་རྣམས་ ལུགས་འདི་མི་ཟབ་པར་བྱེད་པ་ནི། བདུད་རྩི་བས་ཟས་ཕལ་པ་བཟང་བར་རྩི་བ་དང་འདྲ་ལ། ཡང་འདི་ལ་བརྟེན་ནས་དེ་དག་དབང་གི་གོ་མི་ཆོད་པར་བྱས་ན་ནི་དཀྱིལ་ཆོག་ཉི་ཤུ་པ་དང༌། བཞི་བརྒྱ་ལྔ་བཅུ་པ་ལ་སོགས་པ་དེ་རྣམས་སྨད་ཀྱང་བླའི་རྡོ་རྗེ་འཕྲེང་བ་སོགས་རྒྱུད་ལས་ གསུངས་པ་རྣམས་སྨད་ན། མི་བཟད་པའི་ལས་ཆེན་པོར་འགྱུར་རོ། །ཁ་ཅིག་ལུགས་སྲོལ་སོ་ སོའོ་ཟེར་ནས་འཇོག་པ་ནི། རྩ་བ་མ་ངེས་པའི་རྒྱུ་མཚན་གྱིས་ཟོལ་འཇོག་ཙམ་མོ། །དེར་རྗེས་ དར་དཔྱངས་ཀྱི་དབང་ནི། ནུས་མ་བཅུ་ལ་བརྟེན་ནས་རྐང་ཚུགས་པར་བསྐུར་བ་ཡིན་པས་ རྒྱུད་འདིའི་ཁྱད་ཆོས་ལྷག་པོ་སྟེ་ལུགས་གཞན་ལ་དར་དཔྱངས་ཀྱི་དབང་མེད་པའམ། ཡོད་ ཀྱང་དབུ་རྒྱན་གྱི་རྗེ་འབྲང་མ་གཏོགས་རྐང་ཚུགས་པའི་དབང་མེད་པས་སོ། །འདིར་རླུང་བཅུ་ སྙིང་གར་འགོད་ཚུལ་ལ་སྔ་མ་རྣམས་ཀྱི་བཞེད་པ་མི་འདྲ་ཙམ་གཉིས་ཡོད་ཀྱང༌། རང་ལུགས་ དཀྱུས་སུ་བཤད་པ་ཉིད་འབྱུང་བའི་གོ་རིམ་དང་མཐུན་ནོ། །ནུས་མ་བཅུའི་ནང་གི་བརྒྱད་ལ་ མི་མཐུན་པ་མེད་ཅིང༌། ཁ་ཅིག་ལྷག་མ་གཉིས་སྣ་ཚོགས་ཡུམ་དང་རྡོར་དབྱིངས་དབང་ཕྱུག་ མར་འདོད་པ་ནི། དོན་ལ་གནད་འཆུག་པའི་འགལ་བ་རང་ཏ་ཆེར་མེད་ཀྱང༌། གནས་སྐབས་ སུ་ཤིན་ཏུ་མི་འཐད་དེ། ནུས་མ་ལ་རྡོར་དབྱིངས་དབང་ཕྱུག་མ་བགྲོང་པ་ལྟར་ན། སྒྲོལ་མ་ལ་ སོགས་པ་ཡང་བགྲོང་དགོས་པར་འགྱུར་ལ། སྣ་ཚོགས་ཡུམ་ནི་དུས་ཀྱི་འཁོར་ལོའི་བཙུན་མོ་ འཁོར་ལོས་བསྒྱུར་མ་ཉིད་ཀྱི་ཕྱིར་གྲགས་པའི་སྒོ་ནས་ཀྱང་ནུས་མའི་ཐ་སྙད་མི་ལེགས་ཏེ། བཙུན་མོ་དང་ནུས་མ་འཇིག་རྟེན་ཐ་སྙད་འཇུག་ཚུལ་སོ་སོ་ཡིན་པའི་ཕྱིར་རོ། །མཚན་གྱི་སྒོ་ 3-1-635 ནས་ཀྱང་དེ་ལྟར་བགྲོང་པ་མི་འཐད་དེ། ནུས་མ་བཅུ་རྟགས་བཅུའི་ངོ་བོ་ཉིད་ཀྱི་ཕྱིར། བརྒྱད་ ལ་རྟགས་སོ་སོའི་མཚན་གྱིས་འཁྱུད་ཅིང༌། གཉིས་ལ་མཚན་གྱིས་མི་འཁྱུད་པའི་རྒྱུ་མཚན་ མེད་པའི་ཕྱིར་རོ། །དེས་ན་རང་ལུགས་ནི་སྟེང་གི་ནུས་མ་མཆོག་གི་ཆ་མ་དང༌། འོག་གི་ནུས་ མ་ཐིག་ལེ་མ་སྟེ། དེ་གཉིས་རྡོར་དབྱིངས་ཤེར་ཕྱིན་གཉིས་དང་ངོ་བོས་གཅིག་པ་ཙམ་ཡིན་དུ་ ཆུག་ཀྱང༌། ལྷའི་རྣམ་གྲངས་ནི་ཡེ་མི་གཅིག་ལ། མཐའ་གཅིག་ཏུ་ངོ་བོ་ཡང་གཅིག་པར་མ་ ངེས་ཏེ། དག་བྱ་དག་བྱེད་ཤིན་ཏུ་ཐ་དད་པའི་ཕྱིར་རོ། །དེས་ན་དབུས་ཀྱི་གཙོ་མོ་བཅོམ་ལྡན་ འདས་མ་ལ་སྟེང་འོག་གི་ནུས་མ་གཉིས་ཀར་འདུས་སོ་ཞེས་པ་ཙམ་ཡིན་གྱི། སྣ་ཚོགས་ཡུམ་ སྟེང་འོག་གང་རུང་གཅིག་གི་ཡ་གྱལ་དུ་བགྲོང་བ་མི་རིགས་སོ། །ཡང་འདིར་ས་བོན་ཕྲཻཾ་བྱུང་ བའི་ཕྱིར་སྣ་ཚོགས་ཡུམ་ཡིན་ནོ་སྙམ་ན། འོ་ན་འདིར་ས་བོན་ཧོཿབྱུང་བའི་ཕྱིར་གཅིག་ཤོས་དེ་ དབྱིངས་ཕྱུག་མ་མ་ཡིན་པར་འགྱུར་ཏེ། ས་བོན་ཙམ་ལས་ལྷ་གང་ཡིན་དཔག་དགོས་ན། དབྱིངས་ཕྱུག་མའི་ས་བོན་ཧོཿཡིག་ཏུ་བཤད་པ་གཞན་གང་དུའང་མ་བྱུང་བའི་ཕྱིར་རོ། །ཡང་ འདི་སྐད་ཅེས་བྱ་སྟེ། ཧོཿཡིག་དབྱིངས་ཕྱུག་མའི་ས་བོན་ཡིན་ན། འོག་ཏུ་དྲིལ་བུའི་ས་བོན་ ཧོཿབྱུང་བའི་ཕྱིར། དྲིལ་བུ་སྣ་ཚོགས་ཡུམ་མ་ཡིན་པར་དབྱིངས་ཕྱུག་མར་ཐལ་བར་འགྱུར་རོ། ། དེས་ན་རང་ལུགས་ས་བོན་ལ་གཅིག་ཁོ་ན་ཐེར་ཟུག་ཏུ་མི་རུང་བས། སྐབས་སོ་སོའི་བཤད་ ལུགས་མ་བསྒྱུར་བར་ཇི་ལྟར་འོས་འོས་སུ་སྦྱོར་བ་ཡིན་ནོ། །ནུས་མ་དེ་གཉིས་ཀྱི་ཕྱག་མཚན་ ནི་སྣ་ཚོགས་ཡུམ་དང་མཚུངས་ལ། སྐུ་མདོག་ནི་ཆ་མ་ལྗང་ཁུ་དང༌། ཐིག་ལེ་མ་སྔོན་མོ་ཡིན་ ནོ། །དེའི་ཕྱིར་རྩ་ཞལ་སྐུ་ལུས་དང་མཚུངས། གཡས་གཡོན་རྒྱབ་རྣམས་དཔལ་དུས་ཀྱི་ འཁོར་ལོ་ལྟ་བུའོ། །རྡོར་དྲིལ་གྱི་དབང་ལ་གཙོ་བོ་ཡབ་ཡུམ་ལུས་ལ་འགོད་པའི་སྐབས། རྩ་ གཡོན་དག་པ་དུས་འཁོར་གཡོན་གྱི་ཆ་ནས་གཡས་སུ་ཞལ་གཟིགས་པ་དང༌། རྩ་གཡས་ དག་པ་སྣ་ཚོགས་ཡུམ་གཡས་ནས་གཡོན་དུ་ཞལ་བསྟན་པ། ལྟེ་བའི་དབུས་སུ་མཉམ་པར་ 3-1-636 སྦྱོར་བ་བསྒོམ་སྟེ། རྡོར་དྲིལ་འདི་གཙོ་བོ་ཡབ་ཡུམ་ལ་བརྟེན་ནས་བསྐུར་བའི་ཕྱིར། དབང་ བདུན་གྱི་ནང་ནས་གཙོ་ཆེ་ཤོས་ཡིན་ཏེ། དེའི་ཕྱིར་འདི་ལ་ཡབ་ཡུམ་ཁ་སྦྱོར་དང༌། དབང་གི་ རྗེས་སུ་ཆུ་དབང་བསྐུར་བར་གསུངས་སོ། །གཞན་ལས་རྡོ་རྗེ་དང་དྲིལ་བུ་དབང་སོ་སོར་ གསུངས་པ་འདིར་གཅིག་ཏུ་བསྡོམས་པས། གཞན་གྱི་དབང་གཉིས་ཀྱིས་འདིའི་གཅིག་གི་ དོད་ལས་མ་ཐུབ་པ་དང༌། གཙོ་བོ་ཞལ་ཕྱག་གི་དག་པ་མང་པོས་ལྷ་གྲངས་མང་པོ་དང་ཨཱ་ལི་ ཀཱ་ལི་རྩ་རླུང་ཐིག་ལེ་རྣམ་གྲངས་མང་པོའི་དག་པ་ཡོད་པས་གཞན་ལས་ལྷག་ཅིང༌། རྡོར་དྲིལ་ གཙོ་བོ་ཡབ་ཡུམ་དང་སྦྱོར་བ་རྒྱུད་གཞན་གྱི་དབང་ཆོག་ལ་ཡང་སྲིད་པ་དང་འདོད་ཆགས་ཀྱི་ རྒྱུ་ཁུ་བ་རྐྱང་མ་སྣང་མཐའ་དང༌། རོ་མ་དག་རླུང་ཁམས་དོན་གྲུབ་དང་ཡང་འབྱོར་བས་འདི་ དང་དེ་དག་གནད་ནི་གཅིག་པའོ། །དབང་བདུན་གྱིས་ལྷ་བསྐྱེད་པ་འདི་རྣམས་ལ་སྔ་ཕྱི་མ་ ཟློས་པ་ཞིག་དགོས་པ་ལས། གང་དག་དར་དཔྱངས་ལྗང་གུ་དང་སྔོན་པོ་སྣ་ཚོགས་ཡུམ་དང་ རྡོར་དབྱིངས་དབང་ཕྱུག་མར་བསྒོམས་པས་ནི། དབྱིངས་ཕྱུག་མ་ཆུ་དབང་དང་ཟློས། སྣ་ ཚོགས་ཡུམ་འདི་དང་ཟློས་པར་འགྱུར་རོ། །བརྟུལ་ཞུགས་ཀྱི་དབང་གི་སྐབས་སུ་དཀྱིལ་ཆོག་ གཞན་ལ་རིགས་ལྔ་ཀུན་འདུས་རྡོར་སེམས་ཀྱི་དག་པ་སྦྱོར་ལ། འགའ་ཞིག་ཏུ་ཐུགས་རྡོ་རྗེར་ བྱེད་པའང་དེ་དང་གནད་གཅིག་ཏུ་ཡོད་ཅིང༌། རྡོར་སེམས་དེ་རིགས་ཀུན་གྱི་བདག་པོ་རྡོ་རྗེ་ འཆང་དང་ནི་ཅུང་ཟད་མི་འདྲ་སྟེ། དོན་ལ་རྣལ་འབྱོར་རྒྱུད་དུ་རྡོ་རྗེའི་རིགས་ཀྱི་འཁོར་ལོས་ བསྒྱུར་བའི་རྡོར་སེམས་གསུངས་པ་དང་འདྲ་རུང་བ་ལས། བླ་མེད་དུ་རིགས་ཐམས་ཅད་པ་ རྒྱལ་བ་རིགས་ལྔ་ཅར་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་ངོ་བོ་ནི་ཡོ་ག་ལས་བྱང་ཆུབ་སེམས་ དཔར་བཤད་པ་ལྟར་ནི་མ་ཡིན་ཏེ་སངས་རྒྱས་ཙམ་ཡིན་ནོ། །རྣལ་འབྱོར་རྒྱུད་ལ་སེམས་ དཔའ་འཁོར་ལོས་བསྒྱུར་བར་བྱེད། བླ་མེད་ལ་དཀྱིལ་འཁོར་གྱི་གཙོ་བོའམ་འཁོར་ལོས་ བསྒྱུར་བ་ཡིན་པ་རིགས་ལྔ་ལས། འདིའི་རྡོར་སེམས་འདི་ནི་སངས་རྒྱས་ཡིན་ཡང་འཁོར་ 3-1-637 ལོས་བསྒྱུར་བ་མ་ཡིན་ཏེ་ལས་མཛད་པའི་ལྷ་ཡིན་ནོ། །དེས་ན་རྒྱུད་སྡེ་གཞན་ལས་འབྱུང་ བའི་བརྟུལ་ཞུགས་ཀྱི་སྐབས་ཀྱི་རྡོ་རྗེ་སེམས་དཔའི་ཐུགས་རྡོ་རྗེ་དེ་རྡོ་རྗེ་སེམས་དཔའ་ཡིན་ ཡང་ཡོངས་སུ་མ་རྫོགས་པས་ད་དུང་འབྲས་བུའི་གནས་སུ་ན་འཕར་རྒྱུ་ཡོད་པས་རྒྱུའི་རྡོར་ སེམས་ཟེར་ཞིང༌། ཁྱབ་བདག་རྡོ་རྗེ་སེམས་དཔའ་ལས་རིགས་ལྔ་སྤྲུལ། རིགས་ལྔ་ལས་དེ་ སྤྲུལ་པ་ཡིན་པས་ཀུན་ཁྱབ་ཡིན་ཡང་བདག་པོ་མ་ཡིན་པས་ཁྱབ་བདག་ཅེས་མི་བྱ་ལ། དུས་ འཁོར་ནས་སེམས་དཔའ་ཡབ་ཡུམ་བཅུ་གཉིས་སུ་བྱས་པ། བཅུ་གཉིས་རིགས་ལྔའམ་དྲུག་ གིས་སྤྲུལ་པ་ཡིན་ཞིང༌། སངས་རྒྱས་རིགས་ལྔའི་འཕྲིན་ལས་མཛད་པ་པོ་ཉིད་ཀྱི་ཕྱིར། དེ་ དང་འདི་ཡང་གནད་གཅིག་གོ །གཞན་དག་ལས་ཐ་མལ་གྱི་སྤྱོད་པ་བརྟུལ། རྡོ་རྗེ་འཆང་ཆེན་ པོའི་ཚུལ་ལ་ཞུགས་ཞེས་པ་ཡང་དབང་ཡུལ་གྱི་སྣང་བ་སྣ་ཚོགས་པ་འདི་ལ་མ་དག་པའི་སྣང་ ཞེན་གཉིས་ཀ་སྤངས་ཏེ། བདེ་སྟོང་གིས་རྒྱས་བཏབ་པས་བདེ་སྟོང་གི་ངོ་བོར་ཤར་བའི་རྡོ་རྗེ་ འཆང་ཆེན་པོའི་ཚུལ་ལ་ཞུགས་པར་གྱིས་ཤིག་ཅེས་པ་ཡིན་ལ། འདིར་ཡང་དབང་ཡུལ་ རྣམས་དག་པར་བྱེད་པའི་ཕྱིར། འདི་དང་དེ་གཉིས་དགོངས་པའི་གནད་གཅིག་ཅིང༌། འདིར་ བརྟུལ་ཞུགས་ཡིད་དག་བྱེད་ཡིན་པས། ཐུགས་རྡོ་རྗེར་བསྐྱེད་པ་དང་ཡང་འགྲིག་གོ །འོན་ ཀྱང་དེར་དབང་ཡུལ་སོ་སོའི་ཁྱད་པར་གྱི་དག་བྱེད་སྦྱོར་ཚུལ་མེད་ལ། འདིར་སེམས་དཔའ་ སེམས་མ་བཅུ་གཉིས་ཀྱི་སྒོ་ནས་ཞིབ་རྒྱས་ཡོད་པའི་ཕྱིར་འདི་ཁྱད་པར་དུ་འཕགས་པའོ། ། འདི་ལ་དབང་རྫས་རྡོ་རྗེ་སོར་གདུབ་དང༌། མེ་ཏོག་སིལ་མ་གང་རུང་རེ་བྱེད་པའང་ཡོད་མོད་ ཀྱི། འགྲུབ་ན་གཉིས་ཀར་བྱ་སྟེ། དེ་ཡང་མཐེ་བོའི་སོར་གདུབ་སྔགས་ཀྱིས་བྱིན་གྱིས་ བརླབས་པ་སློབ་མ་ལ་སྦྱིན་ཏེ་བྱིས་འཇུག་གི་སྐབས་འདིར་སོར་གདུབ་ལྷ་སོ་སོར་བསྐྱེད་མི་ དགོས། སྔགས་ཀྱི་རང་བཞིན་ཙམ་དུ་བྱེད་པ་ཡིན། སྔགས་ཀྱང་སེམས་དཔའ་ཡབ་ཡུམ་བཅུ་ གཉིས་ཀྱི་ས་བོན་ཉིད་དོ། །ལྷར་བསྐྱེད་རྒྱུའི་དབང་རྫས་མེ་ཏོག་སིལ་མ་ཉིད་ཡིན་པ། དབང་ 3-1-638 བསྐུར་བའི་ཚེ་འགྲུབ་ན་རྣ་ལྟག་ཏུ་ལྗང་ཁུ། སྣ་ལ་ནག་པོ་མིག་ལ་དམར་པོ། ལྕེའི་གནས་སུ་ དཀར་པོ། གསང་བར་སེར་པོ། སྙིང་གར་སྔོན་པོ་རྣམས་འགོད་དེ། ཡབ་གཙོ་ཆེ་ལ། ཡང་ན་ ཡབ་ཡུམ་གྱི་དབྱེ་བས་གཉིས་གཉིས་འགོད་དེ། གནས་གཞན་རྣམས་གོ་བླ་སྒྲིབ་སེལ་གྱི་ གནས་གསང་གནས་ནི་ནོར་བུའོ། །རྡོ་རྗེ་ཕག་མོའི་དབང་ཆོག་རྒྱལ་སྲས་འཇིགས་མེད་ལྷས་ མཛད་པ་ན་སིལ་མ་མི་མཛད་པར་སྤྱི་བོ་མགྲིན་པ་ཚངས་སྐུད་སྐེ་རགས་ཏེ་བཞི་དང༌། རྣ་བ་ དཔུང་པ་ལག་པ་རྐང་པ་རྣམས་ལ་གཉིས་གཉིས་ཏེ་མེ་ཏོག་གི་འཕྲེང་བ་བཅུ་གཉིས་འཆིང་ བར་བཤད་དེ། སློབ་དཔོན་གྱི་དབང་གི་སྐབས་ཕྱག་རྒྱ་དྲུག་གི་བརྟུལ་ཞུགས་བཤད་པ་དང་ གནད་གཅིག་གོ །མཐེ་བོའི་སོར་གདུབ་ཅེས་པ་ཡང་མཚོན་བྱེད་དེ། སོར་མོ་གཞན་རྣམས་ལ་ རེ་རེ། མཐེ་ཆུང་གཉིས་ལ་གཉིས་ཏེ། སོར་གདུབ་བཅུ་གཉིས་འགྲུབ་ན་བཟང་ལ། བསྡུ་ན་ས་ ཁམས་བཅིངས་པས་ཐམས་ཅད་བཅིང་བར་འགྱུར་བའི་ཕྱིར། མཐེ་བོང་གཉིས་ཁོ་ན་ལའོ། ། མིང་གི་དབང་ནི་སྤྱི་དང་མཐུན་པར་དབང་རྫས་ཀྱི་དངོས་གཞི་སྒྲའི་རྫས་མིང་འདོགས་པའི་ ངག་ཚིག་ཉིད་ཡིན་པར་གསལ་ཏེ། འགྲེལ་ཆེན་ལས། དེ་ནས་ལག་པ་དང་རྐང་པ་དག་ལ་ གདུབ་བུ་དང༌། རྐང་གདུབ་ལ་སོགས་པའམ། དེ་དག་མེད་ན་མེ་ཏོག་གི་འཕྲེང་བ་བཅིངས་ ལ། དེ་ནས་དབང་བསྐུར་བར་བྱ་སྟེ། ཁྱོད་ནི་རྡོ་རྗེ་ཆེ་གེ་མོ་ཞེས་བྱས་ནས་ལུང་བསྟན་པར་ བྱའོ་ཞེས་གསུངས་པས། གདུ་བུའམ་འཕྲེང་བ་སྦྱིན་པ་སྔོན་འགྲོའི་ཚུལ་དང༌། མིང་འདོགས་ པ་རང་ཉིད་དབང་དངོས་གཞིར་གསུངས་སོ། །འོན་ཀྱང་དེ་གྲུབ་དོན་འཇུག་བསྡོམས་ཡིན་གྱི་ དག་བྱ་དག་བྱེད་ལ། སྔོན་མ་རྣམས་གལ་ཆེའོ། །དེ་ཡང་རྒྱུད་གཞན་ལས། རྣམ་སྣང་དུ་ གསུངས་པ་ཡང་གཙོ་བོར་རྣམ་སྣང་སྐུ་ཡིན་པས། གཟུགས་ཅན་དང་འབྲེལ་བའི་བྱ་བ་སྤྱོད་ པ་ཡིན་ལ། འདིར་ཡང་ངག་གི་སྒྲ་དང་རྐང་ལག་འོག་སྒོ་གཉིས་སོགས་གཟུགས་དངོས་དང༌། འགྲོ་བ་དང་ལེན་པ་དང་སྨྲ་བ་དང༌། བཤང་གཅིའི་བྱ་བ་སོགས་གཟུགས་ཅན་དང་རྗེས་སུ་ 3-1-639 འབྲེལ་བའི་བྱ་བ་ཡིན་པས་གནད་ནི་གཅིག་ལ། ལས་དང་བྱ་བ་སོ་སོ་ལ་ཐུན་མོང་མ་ཡིན་ པའི་དག་བྱ་དག་བྱེད་ཀྱིས་ཁྱད་ཆེ་བས་འདི་ཉིད་ཆེས་ཟབ་པ་ནི་ཡིན་ནོ། །དོན་གྱི་སྡེ་ཚན་ནི་ ཕལ་དུ་མི་འདྲ་སྟེ། འདིར་ནི་ལུས་དག་བྱེད་ཀྱི་སྡེ་ཚན་མ་ཡིན་པར་ལུས་ངག་ཡིད་གསུམ་གྱི་ ནང་ནས་ཡིད་དག་བྱེད་དུ་བྱེད་པའི་ཕྱིར་རོ། །འོན་ཀྱང་ཆོས་དབྱིངས་ཡེ་ཤེས་ཐུགས་སུ་ འཇོག་པའི་ཕྱིར་རྒྱུད་སྡེ་གཞན་གྱི་ལུགས་ལའང་ཡིད་མིང་དབང་གི་དག་བྱར་སྦྱར་ན་ཕྱོགས་ ཙམ་འགྲིག་ཏུ་རུང་ངོ༌། །དེ་ལ་འདིར་མེ་ཏོག་འཕྲེང་བ་ལྗང་ཁུ་གཙུག་ཏོར་འཁོར་ལོས་བསྒྱུར་ བ་དང༌། སྔོན་མོ་དྲག་སྤྱན་མར་བྱེད་པ་ནི། སྐབས་འདིར་ཧ་ཧཱ་ཞེས་ཁྲོ་བོ་གཅིག་དང་ཁྲོ་མོར་ གཅིག་གི་ས་བོན་ལས་མེད་ཅིང༌། ཁྲོ་བོ་གཅིག་གིས་ལས་དབང་གཉིས་དང༌། ཁྲོ་མོ་གཅིག་ གིས་བྱ་བ་གཉིས་བསྡུ་དགོས་པའི་ཕྱིར། དབང་རྫས་ཀྱི་སྐབས་སུ་མེ་ཏོག་ལྗང་ཁུ་གཙུག་ཏོར་ འཁོར་ལོའི་བསྒྱུར་བའི་ངོ་བོ་དང༌། སྔོན་མོ་དྲག་མིག་མའམ་གནོད་མཛེས་རྒྱལ་པོའི་ངོ་བོར་ སྒོམ་པ་ཡིན་པས། སྤྱིར་དྲག་མིག་མ་གཙུག་ཏོར་དང་འདྲ་བར་ལྗང་ཁུ་ཡིན་ཡང༌། སྐབས་ འདིར་ཁམས་དྲུག་ཀར་ཚང་དགོས་པའི་ཕྱིར། ཁྲོ་མོ་དེའི་ཡབ་ཡེ་ཤེས་ཁམས་པ་ཡིན་པས་ན། དེའི་འབྲེལ་པས་སྔོན་མོའོ། །དེས་ན་སློབ་མའི་ལུས་ལ་ལྷ་བསྐྱེད་པའི་སྐབས་སུ་མགོ་བོ་དང་ གཙུག་ཏོར་སྦྲགས་པར་མཆོག་གི་དབང་པོ་ཡེ་ཤེས་ཀྱི་ཁམས་དེ་གསང་བའི་དབང་པོ་ནམ་ མཁའི་ཁམས་སུ་བསྡུས་ནས་ཁྲོ་བོ་གཙུག་ཏོར་དང༌། གསང་གནས་ཀྱི་དྲི་ཆུའི་རྩ་ནམ་མཁའི་ ཁམས་དེ་ཁུ་བའི་རྩ་ཡེ་ཤེས་ཀྱི་ཁམས་ཀྱི་ཁོངས་སུ་བསྡུས་ནས་ཁྲོ་མོ་དྲག་སྤྱན་མའམ་ཤིན་ ཏུ་སྔོན་མོ་གནོད་མཛེས་རྒྱལ་པོ་དང་འདྲ་བ་སྒོམ་པའོ། ། འདིར་ལྷ་ཁ་སྦྱོར་ནི་མ་ཡིན་པས་ཡང་ན་ཤིན་ཏུ་སྔོན་མོ་གཙུག་ཏོར་ལྟ་བུ་ལྗང་ཁུར་ བསྒོམས་ཀྱང་མི་འགལ་ཏེ། མཁའ་ཡེ་གཉིས་གཅིག་ཏུ་བསྡུས་ནས་ཁམས་ལྔར་བྱེད་པའི་ ཕྱིར་ཇི་ལྟར་འོས་པའོ། །དབང་རྫས་གདུ་བུ་ལ་འགའ་ཞིག་དཔུང་གདུབ་སྣོན་པ་སོགས་ཡོད་ 3-1-640 པ་ལྟར་བྱས་ཀྱང་རུང༌། འདིར་འཕྲེང་བའམ་གདུ་བུ་བཞི་བྱེད་ན། ལག་པ་གཡས་གཡོན་རྐང་ པ་གཡས་གཡོན་རྣམས་ལ་རྩ་བཞིའི་དག་པས། དམར་དཀར་ནག་སེར་གྱི་རིམ་པ་སྦྱོར། གཙུག་ཏོར་སྤྱི་ལ་བསྒོམ། དཔུང་གདུབ་བྱེད་ན་དེ་གཙུག་ཏོར་ཡབ་ཡུམ་དང་སྦྱོར་རོ། །མེ་ ཏོག་འཕྲེང་བ་ལྔར་བྱས་ན་གཅིག་ལྗང་ཁུ་སྟེ་མགོ་ལ་འདོགས། དྲུག་བྱེད་ན་སྔོན་པོ་སྐེད་པར་ གདགས་སོ། །ཁ་ཅིག་ནང་ལེར་ལག་པ་དང་རྐང་པའི་ཚིགས་ལ་འབྱུང་བའི་དག་སྦྱོར་ གསུངས་པ་དང་སྦྱོར་བར་ཡང་འདོད་དེ་འགལ་བ་ཆེར་མི་སྣང་ཡང་མན་ངག་དང་ཁུངས་གང་ རུང་ཞིག་མེད་ན་རྣམ་རྟོག་ཙམ་མོ། །རྗེས་གནང་གི་སྐབས་སུ་འདི་དང་དཀྱིལ་ཆོག་གཞན་ལ་ རྗེས་གནང་ནི་བཀའ་གནད་ཙམ་དུ་མཐུན་པས་གནད་གཅིག་ཀྱང༌། གཞན་དག་ཕལ་ཆེར་དུ་ དབང་དངོས་སུ་མི་བྱེད་པར་མཐའ་བརྟེན་དུ་བྱེད་ལ། འདིར་སྤྱིར་ཡང་དབང་དངོས་སུ་བྱེད་ པ་དང༌། སྒོས་སུ་ཁྱབ་བདག་རྡོར་སེམས་དང་འགྲེལ་བས་ཆེས་ཁྱད་པར་དུ་འཕགས་པའོ། ། འདི་ལ་གསོལ་བཏབ་ཀྱི་ཐོག་མའི་ཨེ་ཝཾ་ནི་རྡོར་སེམས་ཡབ་ཡུམ་གྱི་ས་བོན་ཡང་ཡིན་ལ་ འགྱུར་མེད་ལྔ་དང་འགྱུར་མེད་ཀུན་འདུས་པ་མཚོན་པའོ། །ས་བོན་ཧཾ་ཀྵཿནི་ལུས་མེད་རྡོ་རྗེའི་ ས་བོན་ཡིན་ལ། དེ་ཡང་ལུས་མེད་ཀྱི་དོན་ཡུལ་བདེ་བ་ཆེན་པོ་དང་ཡུལ་ཅན་འདོད་ཆགས་རྡོ་ རྗེ་སྦྱོར་བ་ཡིན་པས། རྡོ་རྗེ་སེམས་དཔའ་ཡེ་ཤེས་རྡོ་རྗེ་ཡབ་ཡུམ་མོ། །འདིའི་དབང་རྫས་རྒྱུད་ འགྲེལ་ལས་དངོས་སུ་གསལ་བར་མ་གསུངས་ཀྱང༌། སྔགས་ཀྱི་དོན་ལྟར་ཆོས་ཀྱི་འཁོར་ལོ་ ཉིད་དོ། །རྡོ་རྗེ་ལ་སོགས་པ་གཞན་རྣམས་ནི་སྤྲོས་པ་ལ་དགའ་བ་རྣམས་དེའི་ཞོར་བྱུང་གི་ ཚུལ་དུ་འདོགས་པ་ཙམ་ཡིན་གྱི། རྐང་ཚུགས་མ་ཡིན་པས་སྤྲོས་པ་ལ་མི་དགའ་ན་མི་བྱེད་པ་ ཉིད་མཆོག་གོ །འདིར་ཡེ་ཤེས་ཀྱི་ཕུང་པོ་ནི། འགྱུར་བདེས་ཕུང་པོ་གཞན་ལ་བྱིན་གྱིས་ བརླབས་པའི་འགྱུར་བའི་ཁྱད་པར་ཁམས་གསུམ་ན་རང་རང་གི་ཁམས་ཀྱིས་བསྡུས་པའི་ མངོན་འགྱུར་བའི་ཆ་དེ་ཡིན་ལ། ཡེ་ཤེས་ཀྱི་ཁམས་ནི་དེ་དང་ངོ་བོ་དབྱེ་བ་མེད་ཀྱང༌། ངོ་བོ་ 3-1-641 བག་ཆགས་ཀྱི་ཆ་ལ་བརྟེན་ནས་མངོན་འགྱུར་བ་སྐད་ཅིག་ཕྱི་མ་བསྐྱེད་པའི་ནུས་པ་ཅན་དེའོ། ། སློབ་མའི་ལུས་ལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གང་དུ་བསྐྱེད་པའི་གནས་ནི་གསང་གནས་ བདེ་སྐྱོང་གི་འཁོར་ལོ་ཡིན་ལ། ཡུམ་ཡང་ཡེ་ཤེས་ཀྱི་ཁམས་ཡིན་པའི་ཕྱིར། ཤེར་ཕྱིན་ཡིན་ གྱི་དབྱིངས་ཕྱུག་མ་མ་ཡིན་ཏེ། འདིར་ཡང་དབྱིངས་ཕྱུག་མ་སྒོམ་པ་རྣམས་ནི། བྱིས་དབང་ ཚར་གཅིག་ལ་དབྱིངས་ཕྱུག་མ་ཆུ་དར་དཔྱངས་རྗེས་གནང་སྟེ་སྐབས་གསུམ་ཀར་དུ་བྱུང་ བས་ལན་གསུམ་ཟློས་ཤིང༌། ཡང་ཁ་ཅིག་རྡོ་རྗེ་སེམས་དཔའ་དང་ཤེར་ཕྱིན་མ་གཉིས་ཀར་ བསྐྱེད་དགོས་བྱུང་ཞིང༌། དེ་གཉིས་ཁ་སྦྱོར་དུ་བྱས་ན་ཡེ་ཤེས་ཕན་ཚུན་འཁྱུད་པས་མི་རུང་ བར་གྱུར་ཏོ་སྙམ་ནས། མི་བསྐྱོད་པ་དང་རྡོར་དབྱིངས་དབང་ཕྱུག་མ་ཡང་བསྣན་ཏེ། རྡོར་ སེམས་ལ་དབྱིངས་ཕྱུག་མས་དང༌། ཤེར་ཕྱིན་མ་ལ་མི་བསྐྱོད་པས་འཁྱུད་དེ། སྐབས་འདིར་ ལྷ་བཞི་བསྐྱེད་པ་ནི། སྦྱང་བྱ་གཉིས་ལ་སྦྱོང་བྱེད་བཞི་སྦྱོར་བ་སོགས་བྱ་ཐབས་ཟད་པའི་ བསྐྱེད་ཆོག་སྟེ། མཁས་ཁྱད་ཁ་ཐལ་བ་བླུན་རྟགས་སུ་སོང་ལ་ལར་དུས་འཁོར་གྱི་གཞན་ རིགས་ལ་འཁྱུད་པའི་ཆོས་སྐད་འདིས། ཁྱབ་བྱ་ཁྱབ་བྱེད་ཀྱི་དབྱེ་བ་མ་ཤེས་པའི་དུས་འཁོར་ བ་ཐམས་ཅད་སྡུག་ལ་བསྟད་དོ། །དེས་ན་འདི་ལུས་མེད་རྡོ་རྗེ་ཡིན་པའི་ཕྱིར་ཁྱབ་བྱེད་ཀྱི་རྡོ་ རྗེ་སེམས་དཔའ་ཡིན་པས་རང་རིགས་ཀྱིས་འཁྱུད་པ་ཡང་རུང་ལ། འདོད་ཆགས་ཆེན་པོའི་ངོ་ བོ་ཉིད་ཀྱི་ཕྱིར་རྡོར་སེམས་ཤེར་ཕྱིན་མཉམ་སྦྱོར་དུ་བྱས་ནའང་ལེགས་མོད། སྤྱིར་དབང་ བདུན་གྱི་སྐབས་ཀྱི་གཤེགས་མ་གཤེགས་པ་སེམས་མ་སེམས་དཔའ་ཁྲོ་བོ་ཁྲོ་མོ་རྣམས་ མཉམ་སྦྱོར་གྱི་སྐུ་མ་ཡིན་ཏེ། ནུས་མ་རྣམས་ཀྱིས་མཚོན་པས་འདིར་ཡང་མཉམ་སྦྱོར་ངེས་ པར་དགོས་པ་མིན་ནོ། །དེ་ལྟར་ན་དབང་བདུན་པོ་རྣམས་ལ་ཆུ་དབང་ལ་རྩོད་པ་མེད་ལ། ཅོད་པན་ནས་བརྩམས་ཏེ། རང་རང་གི་སྔགས་ཀྱིས་དུང་ཆོས་ཀྱི་ཆུ་བླངས་ཏེ། ཆུ་དབང་ བསྐུར་བ་སྔོན་དུ་འགྲོ། དེ་ཡང་ཅོད་པན་གྱི་དབང་གི་སྐབས་སུ་འགྲེལ་ཆེན་ལས་འདི་སྐད་ 3-1-642 ཅེས་གསུངས་ཏེ། དེ་ནས་ཅོད་པན་གྱི་དབང་ལ་སྐྱེ་བའི་གནས་ལྔར་སྔགས་འདིས་དབང་ བསྐུར་བར་བྱས་ཏེ། ༀ་ཨ་ཨི་ར་ཨུ་ལ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱཧཱ། ཞེས་པས་སོ། །ཞེས་ གསུངས་ཏེ། དབང་རྫས་དུང་གི་ཆུ་དང་སྔགས་ཅོད་པན་རང་ཉིད་ཀྱི་སྔགས་ཀྱིས་དབང་ བསྐུར་བ་ཡིན་ནོ། །འགྲེལ་ཆེན་ལས། དེ་རྗེས་དེ་མ་ཐག་ཏུ་དེ་ནས་རིན་པོ་ཆེ་དང༌། གསེར་ གྱི་ཅོད་པན་ནམ་གོས་ཀྱི་ཅོད་པན་བཅིང་པར་བྱའོ། །ཞེས་སྔ་མའི་རྗེས་སུ་དབུ་རྒྱན་བཅིང་ པར་གསུངས། རྗེས་གནང་གི་བར་དུ་ཡང་དེ་དང་འདྲ་བར་ཡང་བཤད་དོ། །དེས་ན་སླར་ཡང་ དབང་རྫས་སོ་སོ་ལ་རང་རང་གི་སྔགས་དགོས་པ་ནི་སྨོས་ཅི་དགོས། ཡང་འདི་ལྟར་དང་པོར་ ཆུ་དག་ལ་ནི་དགེ་བསྙེན་ཉིད་དུ་འགྱུར། །ཞེས་པའི་འགྲེལ་པར། དབང་བདུན་པོ་ཆུའི་མིང་ ཅན་དག་ལ་ཞེས་གསུངས་པས། ཐམས་ཅད་ལ་ཆུ་དབང་བསྐུར་དགོས་པར་གྲུབ་ཀྱང༌། ཆུ་ དབང་བསྐུར་བའི་དུས་གསལ་ཁ་ཅན་འདི་རྣམས་མ་གཏོགས་གཞན་མེད་ཅིང༌། འདི་རྣམས་ ཐམས་ཅད་ལ་དབང་རྫས་སོ་སོའི་སྔོན་དུ་ཆུ་དབང་དེ། དབང་སོ་སོ་རང་རང་གི་སྔགས་ཀྱིས་ བསྐུར་བ་ཤ་སྟག་གསུངས་སོ། །རྡོར་དྲིལ་གྱི་སྐབས་སུ་རྡོར་དྲིལ་སྤྱི་བོར་འཇོག་པ་དང༌། བརྟུལ་ཞུགས་ཀྱི་སྐབས་རྣ་བ་སོགས་དང་མིང་དབང་གི་སྐབས་རྐང་ལག་ལ་དབང་རྫས་ཀྱིས་ དབང་བསྐུར་བར་བཤད་པས། དུང་ཆོས་མ་གཏོགས་དབང་རྫས་གཞན་རྣམས་སྐྱེ་བའི་ གནས་ལྔར་དབང་བསྐུར་བར་མ་ངེས་མོད། ལག་ལེན་གྱི་རྒྱུན་ལ་ནི་དེ་ལྟར་བྱེད་པར་སྣང་ ངོ༌། །རྗེས་གནང་གི་འདོགས་རྒྱུད་དང་འགྲེལ་ཆེན་ལས་གསུངས་པའི་ཐུན་མོང་མ་ཡིན་པ་ནི། དག་པའི་ཆོས་བསྟན་པ་ཡིན་ལ། དངོས་སུ་མ་གསུངས་ཀྱང་འདོགས་དང་བཅས་པ་ཞེས་ གསུངས་པས་ཤུགས་ལ་འཕངས་པས་ན་སྔགས་ཀྱི་རྗེས་གནང་ནི་ངེས་པར་དགོས་ཏེ། སྔགས་ཀྱི་བྱིན་རླབས་སློབ་དཔོན་ལས་བླངས་པ་ནི། དབང་གི་དངོས་གཞིའི་ནང་ཚན་རེ་རེ་ དང་གལ་ཆེ་ཆུང་ལ་ཁྱད་མེད་ཅིང༌། རྗེས་གནང་གི་ཆ་ལག་ཡིན་ཡང་དབང་བདུན་ཀ་ལ་རྗེས་ 3-1-643 སུ་འཇུག་པ་ཉིད་དོ། །གཞན་མིག་ཐུར་དང༌། མེ་ལོང་དང༌། མདའ་གཞུ་དང༌། ཆོས་བཤད་ལ་ སོགས་པ་དག་རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པར་གསུངས་པ་ལྟར་མི་འབྲེལ་པ་མེད་ཅིང༌། སྤྲོས་པ་ལ་མོས་པ་རྣམས་ལ་ལེགས་པའི་ཡན་ལག་ཏུ་ཡང་འགྱུར་མོད། ངེས་པའི་ཡན་ལག་ ནི་མ་ཡིན་པས་མོས་པ་དང་བསྟུན་པར་བྱ་ལ། དབང་བདུན་གྱི་ང་རྒྱལ་བཟུང་བ་ནི་སྐབས་ འདིར་བྱས་ནས། དེ་རྗེས་རྒྱུད་ལས། རྡོ་རྗེ་དྲིལ་བུ་རབ་ཏུ་{བཟུང་[སྦྱིན་]ནས་རབ་མཆོག་ སྙིང་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱ། །ཞེས་གསུངས་ཏེ། འདིའི་རྡོ་རྗེའི་དྲིལ་བུ་ སྦྱིན་པ་ནི། རྒྱུད་འདི་དཔལ་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་གཅིག་ཏུ་འདྲེས་པ་ཉིད་གཙོ་ ཆེ་བས། འདིའི་ཕྱག་མཚན་སྦྱིན་ཞིང་ཆས་སུ་འཇུག་པའི་དབང་དུ་བྱས་པ་སྟེ། ཕྱག་མཚན་ གཏད་ནས་བཀའ་གང་ཞིག་བསྒོ་བ་ནི། ངེས་པར་རྡོ་རྗེ་རིགས་དག་ཅེས་སོགས་ཏེ། དཔེར་ ན། ཧེ་རུ་ཀའི་རིགས་ལ་ཕྱག་མཚན་ཅང་ཏེའུ་ཁ་ཊྭཱཾ་སོགས་གཏད་ནས། ཧེ་རུ་ཀ་དཔལ་ཕྱག་ རྒྱ་འདི། ཞེས་སོགས་ཀྱིས་གནང་བ་སྦྱིན་པ་དང་འདྲ་སྟེ། དག་པའི་ཆོས་ཞེས་པའང༌། རིག་ པའི་བརྟུལ་ཞུགས་ཉིད་ཡིན་པས། འདི་ལ་གཞན་ནས་སྤྱོད་པའི་བརྟུལ་ཞུགས་སུ་བཤད་ པའོ། །ལག་ལེན་སྤྲོས་པའི་དབང་དུ་མཛད་ནས། རྡོར་དྲིལ་གཏོད་པ་ལ་ཐོག་མཐའ་མེད་པའི་ སེམས་དཔའ་ནི་སོགས་བརྗོད་པའི་སྲོལ་ཙམ་ཡོད་མོད། གཞན་ལས་འབྱུང་བ་ལྟར་དམ་ ཚིག་གསུམ་སྦྱིན་པའི་དོན་དུ་མ་ཡིན་པས་དང༌། སྤྱིར་དམ་ཚིག་གསུམ་སྦྱིན་པའང་རྒྱུད་སྡེ་ གཞན་ལུགས་ལ་ཡང་སློབ་དཔོན་དུ་ཡེ་མ་ངེས་ལ། ད་རེས་འདི་ནི་རྒྱུད་འདིའམ་རྒྱུད་གང་གི་ ལུགས་ཀྱིས་ཀྱང་རྡོ་རྗེ་སློབ་དཔོན་གྱི་དབང་གི་རིགས་སུ་བྱེད་པ་མ་ཡིན་པའི་ཕྱིར། རྣལ་ འབྱོར་རྒྱུད་མན་གྱི་རྡོ་རྗེ་སློབ་དཔོན་ཡིན་ཞེས་དང༌། བླ་མེད་གཞན་གྱི་རྡོ་རྗེ་སློབ་དཔོན་གྱི་ དབང་ཡིན། ཕྱག་རྒྱ་སྐུའི་དམ་ཚིག་ཡབ་རྐྱང་ཡིན། ཞལ་སྦྱོར་ཡིན། བུམ་དབང་དང་ཟློས་སོ་ མ་ཟློས་སོ་ཞེས་སོགས་སྨྱོན་པ་ཚོགས་པའི་གླེང་བརྗོད་ལྟར་མི་བྱ་སྟེ། རེ་ཞིག་དེ་ལྟ་བུའི་སྐོར་ 3-1-644 གྱི་དོགས་པ་འཇུག་པ་ཡང་བླུན་ན། ཁྱད་ཆོས་མང་པོ་ཡོད་སྐད་ཀྱི་ལན་འདེབས་པ་ལྟ་ཅི་ སྨོས། དཔེར་ན། སྐྱེས་བུ་ཞིག་གིས་བ་མེན་མཐོང་བ་ན། ཏོ་མ་ཆོལ་དུ་འདི་ནི་གླང་པོ་ཆེའོ་ ཞེས་བརྗོད་ན། གཞན་དག་རྣམས་འདི་ནི་ནགས་ཀྱི་གླང་པོ་ཆེ་ཡིན་པས་འདུལ་སྦྱོངས་དགོས་ སོ། །གཞན་དག་ན་རེ། འདི་ནི་གངས་ཀྱི་གླང་པོ་ཡིན་པས་འདུལ་སྦྱོངས་མི་དགོས་སོ་ཟེར་བ་ དང་འདྲ་སྟེ། འདི་སྤྱོད་པའི་བརྟུལ་ཞུགས་ཡིན་པ་ལ། དེ་དག་འདི་སྐད་ཅེས་དམ་ཚིག་གསུམ་ སྦྱིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན་ཏེ། འཁྱུད་པའི་བདེ་བ་ལམ་བྱེད་དགོས་ཟེར་བ་དང༌། གཞན་དག་མི་དགོས་ཏེ། དེ་ལྟར་བྱས་ན་བུམ་དབང་དང་ཟློས་ཟེར་ཏེ། འདི་ནི་རྡོ་རྗེ་སློབ་ དཔོན་གྱི་དབང་གི་རིགས་ཀྱང་ཡེ་མིན་ལ། དམ་ཚིག་གསུམ་སྦྱིན་པའང་ཡེ་མེད་པའི་ཕྱིར། རྩོད་གཞི་མེད་པའི་རྩོད་པར་ཟད་ལ། རྡོར་དྲིལ་སྦྱིན་པ་དང༌། དག་ཆོས་འཆད་པ་ཡང་ཆོ་ག་ སོ་སོ་མ་ཡིན་ཏེ། སློབ་དཔོན་གྱིས་སློབ་མ་ལ་ལུས་ཀྱི་ལས་སུ་རྡོར་དྲིལ་སྦྱིན་ནས། ངག་གི་ ལས་སུ་དག་ཆོས་འཆད་པ་ཉིད་ཡིན་ནོ། །དེ་ཡང་ཀྱེ་ཞེས་བོས་ནས་གསང་མིང་བརྗོད་དེ། རྡོ་ རྗེ་འདི་ཞེས་བྱ་བ་ཉོན་ཅིག་ཅེས་བྱས་ནས། དག་ཆོས་ཚིགས་བཅད་ཀྱིས་སྟོན་པ་ཡིན་ལ། རྡོ་ རྗེ་དྲིལ་བུ་ལག་ཏུ་གཏོད་པ་ལ་ཚིག་དམིགས་གསལ་བ་གཞན་མེད་པས། རྒྱ་བོད་ཀྱི་དཀྱིལ་ ཆོག་བྱེད་པོ་རྣམས་ཀྱིས་རྣམ་པ་བདེ་བའི་ཕྱིར། ཚིགས་བཅད་དེ་དག་སྦྱར་བ་ལ་བརྟེན་ནས་ འཁྲུལ་གཞི་བྱུང་སྟེ། ཐམས་ཅད་ལ་ཟ་ཟི་ལངས་པ་ཙམ་མོ། །འདིར་དག་པའི་ཆོས་ཞེས་བྱ་བ་ ནི་དག་གཞི་བདེ་བར་གཤེགས་པའི་སྙིང་པོའི་སྟེང་དུ། དག་བྱ་སྒྲིབ་པ་རྣམ་པ་གསུམ་པོ་དེ། དག་བྱེད་ཚོགས་གསུམ་གྱིས་སྦྱངས་པས། དག་འབྲས་སྐུ་གསུམ་མངོན་དུ་འགྱུར་པའི་ཚུལ་ ལམ་རིམ་པ་སྤྱི་ལ་འཇུག་ཀྱང༌། སྐབས་འདིར་སྤྱི་མིང་བྱེ་བྲག་ལ་བཏགས་ཏེ། དག་ཚུལ་ཁྱད་ པར་ཅན་ཞིག་ཡིན་པ་ནི། རིགས་པའི་བརྟུལ་ཞུགས་ལ་དག་པའི་ཆོས་སུ་འཆད་དོ། །དེ་ཡང་ འདིར། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ནི་བསོད་ནམས་ཀྱི་ཚོགས་ཏེ། ཞེ་སྡང་གི་གཉེན་ 3-1-645 པོ་བྱམས་པ་དང༌། འདོད་ཆགས་ཀྱི་གཉེན་པོ་ངེས་འབྱུང་དང༌། སེར་སྣའི་གཉེན་པོ་སྦྱིན་པ་ དང༌། བདག་ལ་སྲེད་པའི་གཉེན་པོ་རང་གི་ལུས་ངག་ཡིད་གསུམ་སེམས་ཅན་ལ་གཏོང་བ་ལ་ སོགས་པ་ཉོན་མོངས་སོ་སོའི་གཉེན་པོ་སྣ་ཚོགས་པ་འདུས་པའི་བདག་ཉིད་ཅན་ནོ། །ཚུལ་ ཁྲིམས་ཀྱི་ཚོགས་ཞུ་བདེ་འགྱུར་མེད་དུ་འཆིང་བ་ནི། སྙོམས་འཇུག་གི་སྒྲིབ་པའི་གཉེན་པོ་སྟེ། བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་པ་ལྟར། ཞུ་བདེ་འགྱུར་མེད་དང་མི་འགྱུར་བའི་ དགའ་བཞི་ལས་ཐེག་པ་འདིའི་ཐུན་མོང་མ་ཡིན་པའི་བསམ་གཏན་གཟུགས་མེད་སོགས་ ཏིང་ངེ་འཛིན་མཐའ་དག་འབྱུང་བའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པའི་གཉེན་པོ་ནི། ཡེ་ཤེས་ཀྱི་ ཚོགས་ཡིན་པ་སྤྱི་ཁྱབ་ཏུ་གྲགས་པ་ལྟར་ལས་འདིར་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ནི་མི་འགྱུར་ བའི་བདེ་སྟོང་ཟུང་འཇུག་ལ་ངོས་འཛིན་ནོ། །བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་གསལ་བ་ སྐུའི་དཀྱིལ་འཁོར་སྤྲུལ་སྐུ་དང༌། ཚུལ་ཁྲིམས་ཀྱི་ཚོགས་ཀྱི་འབྲས་བུ་བདེ་བ་འགྱུར་མེད་ ལོངས་སྐུ་དང༌། ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུ་སྟོང་པ་རྣམ་པ་ཀུན་ལྡན་ཆོས་ཀྱི་སྐུའོ། །སྤྱིར་ དེ་ལྟར་ཡིན་པ་ལས་སྒོས་སུ་རིག་པའི་བརྟུལ་ཞུགས་ནི། ཚོགས་གསུམ་གསོག་ཚུལ་ཁྱད་པར་ ཅན་ཡིན་ཞིང༌། འདིའི་ནང་ཚན་དྲང་དོན་བསྐྱེད་རིམ་གྱི་སྤྱོད་པ་ལ་ནི། ཚོགས་གཞན་གཉིས་ ཀྱི་ཆ་ཤས་ཡོད་མོད་ཀྱང༌། གཙོ་བོར་བསོད་ནམས་ཀྱི་ཚོགས་གསོགས་ཚུལ་ཡིན་ལ། རྫོགས་ རིམ་གྱི་སྤྱོད་པ་ནི། གསུམ་ཀ་ཆ་མཉམ་པར་སྤྱོད་པའོ། །འདིར་ངེས་པར་རྡོ་རྗེའི་རིགས་དག་ ལ་ནི་ཞེས་སོགས་ཀྱི་རྒྱུད་ཚིག་རྐང་དྲུག་ལས། དང་པོ་གསུམ་གྱི་དོན་ལ་བསྐྱེད་རྫོགས་སོ་ སོར་སྦྱོར་ཚུལ་གཉིས་ལས་ཕྱི་དྲང་དོན་བསྐྱེད་རིམ་དང་སྦྱར་བ་ནི། ཁྲོ་བོའམ་མི་བསྐྱོད་པའི་ རྣལ་འབྱོར་ལ་བརྟན་པ་ཐོབ་ཅིང་ནུས་པ་རྙེད་པས། ཕ་རོལ་པོ་འཚམས་མེད་བྱེད་པ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱེད་པ་དང༌། རྡོ་རྗེ་སློབ་དཔོན་དམོད་པ་སོགས་དམ་ ཚིག་དྲལ་བར་བྱེད་པ་ནི། མངོན་སྤྱོད་ཀྱི་ལས་ཀྱིས་བསད་པར་བྱ་བ་ཡིན་ལ། འདི་ལ་མངོན་ 3-1-646 ཤེས་དང་ལྡན་པས་ཡུལ་དེ་ཕྱིས་དགེ་བ་རླབས་ཆེན་སྤྱོད་པར་མི་འགྱུར་བ་སྡིག་པའི་ལས་ དང་བཅས་ཏེ་ངན་སོང་དུ་འགྲོ་བར་ཤེས་ནས་ལས་ངན་པ་དེ་རྒྱུན་བཅད་པའི་ཕྱིར་མངོན་ སྤྱོད་ཀྱི་ལས་ལ་སྦྱོར་བ་ཡིན་གྱི། མངོན་ཤེས་མེད་པས་མི་བྱ་ཞེས་འཕྲོས་དོན་དུ་གསུངས་སོ། ། རལ་གྲི་སྟེ་དོན་ཡོད་གྲུབ་པའི་རིགས་ལ་ཏིང་ངེ་འཛིན་བརྟན་ཞིང་ནུས་པ་མེད་པས་སེམས་ ཅན་གང་ཞིག་ལམ་ལོག་པ་ལ་ཞུགས་པ་དག་ཡང་དག་པའི་ལམ་ལ་འཛུད་པའི་དགོས་པ་ ཡོད་ན་རྫུན་དུ་སྨྲ་བས་རྣམ་དག་ལེགས་པའི་ལམ་ལ་གཞུགས་པར་བྱའོ། །དེ་བཞིན་དུ་རིན་ ཆེན་རིགས་ཀྱི་བརྟན་རྙེད་ཐོབ་པས་སེམས་ཅན་གང་ཞིག་ནོར་ལ་ཆགས་པས་ངན་འགྲོ་ཡི་ དྭགས་སུ་འགྲོ་བ་ཟློག་པའི་དོན་དུ་སྔགས་ཀྱི་མཐུས་དྲངས་པ་སོགས་གཞན་ནོར་འཕྲོག་པར་ གསུངས་ལ། དེ་བཞིན་དུ་པདྨའི་རིགས་ཀྱི་བརྟན་རྙེད་ཐོབ་པས་གང་དག་བུད་མེད་སོགས་ ལ་ཆགས་པས་དུད་འགྲོའི་སྐྱེ་གནས་སུ་འགྲོ་བ་ཟློག་པའི་དོན་དུ་གོང་བུ་དང་རྐང་པ་དགུག་ པ་ལྟ་བུ་དབང་དགུག་ལ་སོགས་པའི་ཐབས་ཀྱིས་གཞན་གྱི་བུད་མེད་དབྲོག་པར་བྱ་བ་དང༌། འཁོར་ལོའི་རིགས་ཀྱི་བརྟན་རྙེད་ཐོབ་པས་རིགས་ཀྱི་རྣམ་རྟོག་དང༌། གཙང་སྨྲེའི་རྣམ་རྟོག་ གཞིག་པའི་ཕྱིར་དང༌། རྫས་སོ་སོ་སྦྱངས་པ་ལས་བྱུང་བའི་དངོས་གྲུབ་ཐོབ་པའི་ཕྱིར་དུ་མྱོས་ བྱེད་དང༌། ཤ་རྣམས་དང༌། བདུད་རྩི་རྣམས་དང༌། གཟུགས་སོགས། ཡུལ་རྣམས་ལ་ཅི་དགར་ སྤྱོད་པའི་བདེ་བ་རྗེས་སུ་གནང་སྟེ། དེ་ལྟར་ན་བསད་པ་ལ་སོགས་པའི་ལས་འདི་རྣམས་ བསྐྱེད་རིམ་ལ་བརྟེན་ནས་རིག་པའི་བརྟུལ་ཞུགས་སྤྱོད་པ་ལ་བརྟན་རྙེད་ཀྱི་ཚད་སྤྱི་དང་ མཐུན་མོད། འོན་ཀྱང་རྒྱུད་འདིར་བསམ་གཏན་གྱི་ལས་ཚོགས་ཕལ་ཅིག་སྲོག་གཟུགས་ གྲུབ་པས་སྒྲུབ་པར་གསུངས་ན། དེ་ནི་རྫོགས་རིམ་ལ་སྲོག་རྩོལ་མ་གྲུབ་པར་མི་འབྱུང་ངོ་ སྙམ་ན། སྟོང་གཟུགས་ཀྱི་ངོ་བོར་གྱུར་པའི་སྲོག་གཟུགས་གྲུབ་པ་ལ་དེ་བཞིན་དགོས་ཀྱང་ སྲོག་གཟུགས་ཙམ་ལ་མི་དགོས་ཏེ། བསྐྱེད་རིམ་བརྟན་པས་བུམ་པ་ཅན་གོམས་པར་བྱས་ན་ 3-1-647 རྟགས་པའི་ལྷ་དང༌། རགས་པའི་རླུང་འདྲེས་པའི་སྲོག་གཟུགས་གྲུབ་པ་ནི་འབྱུང་ངོ༌། །དེ་ གྲུབ་ན་བརྟན་རྙེད་ཁྱད་པར་ཅན་ཡིན་པས་དངོས་གྲུབ་རྣམས་ཀྱང་སྒྲུབ་ནུས་ན། ཕྲ་མོ་རྣམས་ ཐོགས་པ་མེད་པར་འགྲུབ་པ་སྨོས་མ་དགོས་ཀྱང༌། སྤྱིར་བསྐྱེད་རིམ་ལ་གསལ་སྣང་ཐོབ་ཅིང་ བརྟན་ལ་ནུས་པ་རྙེད་པ་ཙམ་ལ་སྲོག་གཟུགས་གྲུབ་པར་ནི་མ་ངེས་སོ། །འདིར་འགྲེལ་པ་ ལས། ནུས་པ་རྙེད་པ་ཞེས་གསུངས་པས་བརྟུལ་ཞུགས་ཀྱི་དྲོད་ཚད་བསྟན་པ་དང༌། བཟང་ པོའི་ཡུལ་རྣམས་ཞེས་སོགས་ཀྱིས་སྤྱོད་པའི་ངོ་བོ་དང༌། མྱོས་བྱེད་ཆང་དང་སོགས་ཡོ་བྱད་ དང་བསད་[པ་]སོགས་ལས་བཞི་པོ་ཁྱད་པར་ཅན་གྱིས་འགྲོ་བའི་དོན་སྤྱོད་པའི་འཕྲིན་ལས་ དང་སྤྱོད་པ་ཉིད་ཀྱི་ལོངས་སྤྱོད་དང་དམ་ཚིག་རྣམས་ཀྱང་བསྟན་པ་ཡིན་ནོ།། །། གཉིས་པ་ནང་ངེས་དོན་རྫོགས་རིམ་ལ་སྦྱར་བ་ནི། འདིར་རྡོ་རྗེའི་རིགས་ལ་སོགས་པ་ རིགས་དྲུག་གི་བརྡས་གཙུག་ཏོར་ལ་སོགས་པ་འཁོར་ལོ་དྲུག་གི་རྩ་དང་ཐིག་ལེ་དང་རླུང་གི་ ཚོགས་རྣམས་བསྟན་པ་ཡིན་ཏེ། འཁོར་ལོ་དྲུག་རིགས་དྲུག་གི་དག་པ་དང་འབྲེལ་བའི་དབང་ དུ་མཛད་པའོ། །དེ་ལྟར་ན་ངེས་པར་རྡོ་རྗེའི་རིགས་གཙུག་ཏོར་གྱི་འཁོར་ལོའི་གནས་སུ་མས་ བརྟན་གྱི་དགའ་བཞིའི་མཐར་ཐིག་ལེའི་བཞོན་པར་གྱུར་པའི་སྲོག་སྟེ་རླུང་གཅོད་ཅིང་ཐིམ་ པར་བྱས་པ་ལས་གནས་དེར་ཐིག་ལེ་མི་འགྱུར་བའི་ནུས་པ་ཐོབ་པར་བྱ་སྟེ། འདིའི་མཐར་ ཐུག་པ་ནི་ཏིང་ངེ་འཛིན་གྱིས་ས་བཅུ་གཉིས་པའོ། །རལ་གྲིའི་རིགས་ཏེ་སྙིང་གའི་འཁོར་ལོ་ ལ་རླུང་རྣམས་ཐིམ་པར་བྱས་པས། ངེས་དོན་རྣལ་འབྱོར་པ་རང་ཉིད་ཀྱི་ཉམས་མྱོང་ལ་གཞོམ་ མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་པར་ཤར་བ་དང༌། དྲང་དོན་གཞན་སྣང་དུ་སེམས་ཅན་སོ་སོའི་ བསམ་པ་དང་མཚུངས་པར་ཆོས་སྒོ་སྣ་ཚོགས་ཅིག་ཅར་སྟོན་པ་སྟེ། བདེན་པ་མ་ཡིན་པ་རྫུན་ གྱི་ཚིག་ནི་ཚིག་གང་ཡིན་ཡང་རུང་ཚིག་རང་ཉིད་ཀྱི་དོན་ལ་རབ་ཏུ་མི་གནས་པ་ཡིན་པས། རྣམ་པ་ཐམས་ཅད་པའི་སྒྲ་དང་ཆོས་སྟོན་པ་ཡང་དོན་གཅིག་ཁོ་ན་ལ་རབ་ཏུ་མི་གནས་པར་ 3-1-648 དོན་དུ་མ་ཅིག་ཅར་བྱུང་བའི་ཕྱིར། འཇིག་རྟེན་དུ་གྲགས་པ་ལ་ཡང་བདེན་པ་མ་ཡིན་པའི་ དོན་གཅིག་ཏུ་ངེས་པ་མ་ཡིན་པར་འདོད་པ་དང་མཚུངས་པའི་ཕྱིར། གཞོམ་མེད་ཀྱི་སྒྲ་ལ་ རྫུན་གྱི་བརྡས་བསྟན་ནོ། །འདིར་གཞོམ་མེད་ཀྱི་སྒྲ་ངེས་དོན་དང༌། གདུལ་བྱ་གཞན་ལ་ཆོས་ བསྟན་པ་དྲང་དོན་དུ་བཤད་པས་དྲང་ངེས་ཀྱི་འཇོག་ཚུལ་གཞན་སྐབས་འདིར་འགྲིག་ས་མེད་ པས་དྲང་དོན་ཀུན་རྫོབ་དང༌། ངེས་དོན་དོན་དམ་ལ་འཇོག་པ་ཉིད་ཡིན་པའི་ཕྱིར། གཞོམ་ མེད་ཀྱི་སྒྲ་དབྱངས་དེ་དོན་དམ་བདེན་པ་ཉིད་དུ་ངེས་སོ། །སྐབས་འདིར་འགྲེལ་ཆེན་ལས། དྲང་པའི་དོན་དང་ངེས་པའི་དོན་གྱི་ཞེས་སོགས་གསུངས་པའི་ཚིག་འདིས་དོན་དམ་གནས་ ལུགས་སྣང་མེད་ཁོ་ནར་འདོད་བཞིན་དུ། དུས་འཁོར་བར་ཁས་འཆེ་བ་རྣམས་ཀྱི་མཆུ་བཅད་ པ་ཡིན་ནོ། །དེས་ན་འབྲས་དུས་ཀྱི་གསུང་གཞོམ་དུ་མེད་པའི་སྒྲ་ནི། དོན་དམ་སྟོང་པ་ཉིད་ཀྱི་ ཡེ་ཤེས་ཁོ་ན་ཡིན་ལ། ལམ་གྱི་དུས་ན་དོན་དམ་ཀུན་རྫོབ་འདྲེས་པའི་ཚུལ་དུ་ཡོད་ཀྱང༌། དོན་ གྱི་གཙོ་བོ་ཡིན་པའི་ཕྱིར། དོན་དམ་གྱི་ཕྱོགས་ནས་སྨོས་སོ། །དེས་ན་སྐབས་འདིར་ཏིང་ངེ་ འཛིན་གྱི་ས་{དྲུག་[བརྒྱད་]པ་ལ་གཞོམ་མེད་ཀྱི་སྒྲ་དབྱངས་རྣམ་པ་ཐམས་ཅད་པ་དངོས་ ཐོབ་པར་འགྱུར་ལ། སྲོག་གཅོད་པའི་ངེས་དོན་དང་འདི་གཉིས་ཀར་རླུང་ཐིམ་པ་ལ་སྦྱོར་བར་ འདྲ་ཡང༌། སྔ་མ་ནི་ཐིག་ལེའི་བགྲོད་པ་འགོག་པའི་རྒྱུར་རླུང་ཐིམ་པ་སྟེ། གནས་ཀྱང་གཙུག་ ཏོར་གཙོ་བོ་ཡིན་ལ། འདི་ནི་རྣམ་རྟོག་གི་ཚོགས་འགག་ཅིང༌། གཞོམ་མེད་ཀྱི་སྒྲ་བསྐྱེད་པའི་ དོན་དུ་རླུང་དགག་པ་ཡིན་པས་གནས་ཀྱང་སྙིང་ག་གཙོ་ཆེའོ། །རིན་ཆེན་རིགས་མགྲིན་པ་ལ་ ནི་གཞན་རྡོ་རྗེ་སེམས་དཔའི་ནོར་མི་འགྱུར་བའི་ཐིག་ལེ་ཡོན་ཏན་མཐའ་ཡས་པ་བསྐྱེད་པའི་ གཞི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འཕྲོག་པ་སྟེ་ཐོབ་པར་བྱའོ། །དེ་ཡང་ཏིང་ངེ་འཛིན་གྱི་ས་ བརྒྱད་པ་ལ། ལྟེ་བའི་གཏུམ་མོ་འབར་བའི་སྟེང་དུ། མགྲིན་པའི་ཡེ་ཤེས་ཀྱི་གཏུམ་མོ་ལྷག་ པར་རྒྱས་པ་འདྲེས་པས་འགྱུར་མེད་ཀྱི་ཐིག་ལེའི་སྟོབས་ས་དང་པོ་ནས་བདུན་པའི་བར་གྱི་ 3-1-649 འཕེལ་བསྐྱེད་ལས་བརྒྱ་སྟོང་མང་པོའི་འགྱུར་བསྐྱེད་ལྷག་པ་ཞིག་འབྱུང་བ་དེའོ། །དེ་བཞིན་ དུ་མཆོག་གི་པདྨའི་རིགས་སྤྱི་བོའི་འཁོར་ལོ་ལ་ནི། གཞན་དོན་དམ་སྟོང་པ་ཉིད་ཀྱི་བུད་མེད་ རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཤིན་ཏུ་རྣམ་པ་ཐམས་ཅད་པ་འཕྲོག་པ་སྟེ་གསར་དུ་ཐོབ་ པར་བྱེད་པའོ། །དེ་ཡང་ཏིང་ངེ་འཛིན་གྱི་ས་བཅུ་པ་ལ་སྤྱི་བོ་སད་པའི་གནས་སྐབས་དག་ཚུལ་ ལས་བརྩམས་པའི་གཟུགས་བརྙན་འཆར་ཚུལ་ཤིན་ཏུ་རྒྱས་པས་ས་དགུ་པ་མན་ཆད་ཀྱི་ དཔེར་མི་མཚོན་པའི་རྣམ་པ་ཐམས་ཅད་པའི་ཡེ་ཤེས་དང་རྣམ་འཕྲུལ་ཐོབ་པ་སྟེ། མགྲིན་པ་ དང་སྤྱི་བོའི་འདི་གཉིས་རླུང་ཐིམ་པ་ལྟ་བུ་ཞིག་ཁོ་ན་གཙོ་བོར་མི་བཟུང་གི་དཀར་དམར་རླུང་ གསུམ་ཆ་མཉམ་པར་འགགས་པ་ལ་བཤད་དོ། །འཁོར་ལོའི་རིགས་ཏེ་ལྟེ་བའི་འཁོར་ལོ་ལ་ ནི། ཆང་གི་བརྡས་ཡས་བབས་ཀྱི་ལྷན་སྐྱེས་ཞུ་བདེ་འགྱུར་མེད་དུ་འཆིང་བ་དང༌། སྒྲོན་མ་ཤ་ ལྔའི་བརྡས་དབང་པོ་ལྔའི་དྭངས་མ་དང༌། སངས་རྒྱས་བདུད་རྩི་ལྔའི་བརྡས་འབྱུང་བ་ལྔའི་ དྭངས་མ་རྣམས་བཅིངས་པ་ལས། ཞུ་བའི་ཐིག་ལེ་རྡུལ་ཕྲ་རབ་ཀྱི་ཚོགས་པ་ཤིན་ཏུ་རྣམ་པར་ དག་པར་བྱེད་པ་སྟེ། ཏིང་ངེ་འཛིན་གྱི་ས་བཞི་པ་ཡན་ཆད་ལ་ལྷག་པར་བསྐྱང་བར་བྱ་བ་ཉིད་ དོ། །བཟང་པོའི་ཡུལ་རྣམས་ཞེས་པ་ནི། རེས་འགའ་ལྟེ་བ་སད་པའི་གནས་སྐབས་སྐུ་རྡོ་རྗེ་ དང་སྦྱོར་བའི་ངེས་པས་སྟོང་པ་ཉིད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་བརྟེན་པའི་ཞུ་བདེ་ལྷག་ པར་སྤྱོད་པའོ། །སྤྱིར་ལྟེ་བར་ལྷན་སྐྱེས་ཀྱི་ཐིག་ལེ་ཤིན་ཏུ་བཅིངས་པའི་སྟོབས་ལས་ཁམས་ ལྔ་དང་བདུད་རྩི་ལྔ་ཐིམ་དེའི་མཐུ་ལས་འོག་ཏུ་བཤད་པའི་རྩ་དག་པ་དང༌། དེར་དབང་ལྔ་ བཅིངས་པས་འོག་ཏུ་དྲི་ཆུ་དག་པ་དང༌། གནས་དེར་ཀུནྡ་བཅིངས་པའི་འོག་ཏུ་ཁུ་བའི་རྩ་ འགག་པར་འགྱུར་རོ། །འདི་ཙམ་ཞིག་ནི་འཛིན་པའི་སྐབས་ནས་གྲུབ་པ་ཡིན་ཡང༌། ཁྱད་ པར་ཅན་འགྲུབ་པའི་དབང་དུ་བྱས་ནས་ཏིང་ངེ་འཛིན་གྱི་ས་བཞི་པ་ཡན་ཆད་སྨོས་སོ། ། སྐབས་འདིར་ཡེ་ཤེས་ཀྱི་སྣང་བ་ལྷག་པར་རྒྱས་པའི་ཕྱིར། ས་བཞི་པ་འོད་འཕྲོ་བ་ཞེས་ 3-1-650 པའང་འདི་ལ་དགོངས་པར་སེམས་ཏེ། གོང་མའི་ས་བཅུ་གཉིས་ཀྱང་ཏིང་ངེ་འཛིན་གྱི་ས་དང་ རྣམ་པ་མཚུངས་པའི་ཕྱིར་རོ། །དེ་ལྟར་ན་དེ་རྣམས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་ཏེ། རྣམ་ཀུན་ མཆོག་ལྡན་གྱི་སྟོང་གཟུགས་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པ་ནི། ཡེ་ཤེས་ཀྱི་ ཚོགས་དངོས་ཡིན་པས་སོ། །གྲི་གུག་གི་རིགས་ཀྱི་དག་པའི་ཆོས་ནི་ཚུལ་ཁྲིམས་ཀྱི་ཚོགས་ ཡིན་ལ། རིགས་དྲུག་ཀར་གྱི་ཐུན་མོང་དུ་བསོད་ནམས་ཀྱི་ཚོགས་ཏེ། འདི་གཉིས་ནི་རྫོགས་ རིམ་གྱི་ཕྱོགས་ལ་བཤད་མ་ཐག་པའི་མཐར་སྦྱར་བས་ཚོགས་གསུམ་ཅར་གྱི་རྐང་གྲངས་ཚང་ བར་འགྱུར་ལ། འབྲས་བུ་རིག་འཛིན་འགྲུབ་པའི་ཕྱིར། བསྐྱེད་རིམ་གྱི་དག་པའི་ཆོས་ལའང་ འདི་གཉིས་སྣོན་ནི་དགོས་མོད་ཀྱང༌། བསྐྱེད་རིམ་འཁོར་བཅས་ཙམ་གྱིས་སངས་རྒྱས་སྒྲུབ་ པའི་ལམ་གྱི་ལུས་ཚང་བར་མི་འགྱུར་བའི་ཕྱིར། ཚོགས་གསུམ་གྱི་རྐང་སྒྲིག་དགོས་པ་མ་ཡིན་ ནོ། །དེ་ཡང་ནང་དུ་གྲི་གུག་གི་རིགས་གསང་བའི་འཁོར་ལོ་ལ་ཡང་གཡུང་མོའི་བརྡས་བསྟན་ པ། ཨ་ཝ་དྷཱུ་ཏི་ལ་སོགས་པའི་རྩ་དང་རླུང་དང༌། ཐིག་ལེ་རྣམས་མཁའ་སྟེ་སྟོང་པ་ཉིད་ཀྱི་ངང་ དུ་འཆིང་ཞིང་མི་སྨད་པ་དང༌། ཕྱི་རུ་ཡང་དེ་ལྟ་བུའི་རྒྱུར་གཡུང་མོ་ལ་སོགས་པའི་རིགས་ཐ་ དད་པའི་བུད་མེད་རྣམས་མཁའ་ཡི་པདྨར་མི་སྨད་པ་སྟེ་མཉམ་པར་སྦྱར་བ་ལས་གསང་བ་ ནས་ནོར་བུའི་བར་དུ་ཞུ་བདེ་བྱང་ཆུབ་ཀྱི་སེམས་བཅིངས་པས་འཕོ་མེད་ཀྱི་ཚངས་སྤྱོད་སྒྲུབ་ པ་ཡིན་ལ། བསྐྱེད་རིམ་གྱི་སྲོག་གཟུགས་གྲུབ་པས་ཀྱང་རིག་བརྟུལ་གྱི་སྐབས་སུ་འདི་དང་ རྗེས་མཐུན་གྱི་ཚངས་པར་སྤྱོད་པ་ལ་གནས་པ་དགོས་པས། བསྐྱེད་རྫོགས་གཉིས་པོ་ལ་སྦྱོར་ ཚུལ་དེ་ལྟར་ཡིན་ལ། འདིར་ཚུལ་ཁྲིམས་ཀྱི་ཚོགས་ནི་ཞུ་བདེ་འགྱུར་མེད་ཡིན་ཞིང༌། དེ་ཡང་ དངོས་ནི་འཛིན་པ་གྲུབ་པ་ནས་འབྱུང་ལ། རྗེས་མཐུན་པ་བསྐྱེད་རིམ་གྱི་སྐབས་སུ་བྱུང་བ་ དེས་ནི་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་མངོན་དུ་མི་བྱེད་ཀྱང༌། འབྱུང་ལུས་ཕྲ་མོས་བསྡུས་པའི་ དྭངས་མ་ཙམ་འགྲུབ་པར་འགྱུར་རོ། །བསོད་ནམས་ཀྱི་ཚོགས་ནི་གཞན་དོན་ཏེ་ནོར་དང་བུ་ 3-1-651 དང་ཆུང་མ་སོགས་དང་བཅས་པའི་རང་གི་ལུས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་ དུ་སྦྱིན་ཞིང་བློས་བཏང་ནས། བདག་གིར་འཛིན་པས་ཀུན་ནས་བསླངས་པའི་ལྟ་ཉུལ་གྱི་སྲུང་ བ་མི་བྱེད་པ་སྟེ། རྫོགས་རིམ་གྱི་ཕྱོགས་ལ་ལས་དང་པོ་པ་ཉིད་ནས་བལྟོས་མེད་བཞི་ལྡན་གྱི་ ཚུལ་གྱིས་སྒྲུབ་དགོས་པ་ཡིན་ཡང༌། གཙོ་བོར་ལུས་སྟོང་གཟུགས་སུ་ཤར་བ་ཐོག་མར་དགེ་ བའི་རྟོགས་པ་རྫོགས་པ་ནས་འཇོག་པ་དང༌། ཁྱད་པར་ཅན་ནི་དེ་འདྲ་དེ་སླར་ཡང་རྗེས་སུ་ དྲན་པ་རྗེས་དྲན་གྱི་ཡན་ལག་ནས་འབྱུང་བས། སྐབས་འདིར་ཕྱི་མའི་དབང་དུ་བྱས་པ་ཡིན་ ལ། བསྐྱེད་རིམ་གྱི་རིག་བརྟུལ་ལ་ཡང་ལུས་དང་ལོངས་སྤྱོད་ལ་མངོན་ཞེན་སྤངས་པ་འདི་ དགོས་པས། འདི་ཡང་རིམ་པ་གཉིས་ཀར་ལ་འཇུག་གོ །སྐབས་འདིར་རྫོགས་རིམ་ཁོ་ན་ ཉིད་ལ་འཇུག་པའི་བསོད་ནམས་ཀྱི་ཚོགས་ནི་དེ་ཡིན་ལ། ལུས་ནི་མཚོན་པར་བྱེད་པ་སྟེ་ངག་ དང་ཡིད་ཀྱང་ངོ༌། །སྤྱིར་ལུས་ངག་གི་ལས་དགེ་བ་དང༌། ཡིད་ཀྱི་ལས་རྣམ་པར་རྟོག་པའི་རྒྱུ་ དང་བཅས་པའི་དགེ་བ་རྣམས་ནི་བསོད་ནམས་ཀྱི་ཚོགས་ཏེ། དེའི་གཙོ་བོ་ནི་སྙིང་རྗེ་ཆེན་པོ་ དང༌། བླ་མ་མཆོད་པ་དང༌། སེམས་ཅན་གྱི་དོན་རྣམས་ཡིན་ལ། གང་ཟག་གི་ཁྱད་པར་འགའ་ ཞིག་ལ་ནི་བསྐྱེད་རིམ་ཡང་ངོ༌། །བསྐྱེད་རིམ་རྐྱང་པའི་རྣལ་འབྱོར་ལ་གནས་པ་ལ་ནི། ཡེ་ ཤེས་ཚོགས་ཀྱི་རྣམ་པ་ལམ་བྱེད་ཙམ་ཡོད་ཀྱང༌། ཡེ་ཤེས་ཀྱི་ཚོགས་དངོས་མེད་པས། བསོད་ ནམས་གཙོ་བོ་དང་ཚུལ་ཁྲིམས་ཆུང་ངུ་འཁོར་གྱི་ཚུལ་ལོ། །རྫོགས་རིམ་གྱི་གནས་སྐབས་ ཀུན་ཏུ་ཚོགས་གསུམ་ལྡན་དུ་དགོས་ཀྱང༌། འཛིན་པ་རྗེས་དྲན་ཚུལ་ཁྲིམས་གཙོ་བོ་དང༌། ཏིང་ ངེ་འཛིན་ཡེ་ཤེས་ལ་གཙོ་བོར་སྤྱོད་པའོ། །དེ་ལྟར་རྟོགས་ན་བསོད་ནམས་དང་ཚུལ་ཁྲིམས་ གཉིས་ལས་ཡེ་ཤེས་འབྱུང་བར་གསུངས་པའི་དོན་ལ་ངེས་པ་རྙེད་པར་འགྱུར་རོ། །དེ་ལྟར་ དག་པའི་ཆོས་བཤད་ནས། དེའི་རྗེས་སུ་དམ་ཚིག་བརྗོད་པར་བྱའོ། །དེ་ཡང་ནུབ་གཅིག་ལ་ དབང་བཅུ་གཅིག་རྫོགས་པར་བསྐུར་བ་ཡིན་ན། དམ་ཚིག་བརྗོད་པ་ནི་འདིར་བྱེད་པའམ་ 3-1-652 དབང་གསུམ་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་བརྗོད་པའི་རྗེས་སུ་བསྒྲག་ཀྱང་རུང་སྟེ་ གདམ་ང་ཡིན་ལ། འོན་ཀྱང་སྤྱི་ལྡོག་ནས་སྐབས་སུ་བབ་པ་ནི། གནས་སྐབས་འདི་ཁོ་ནར་ སྣང་ཞིང༌། ཉིན་ཞག་གཅིག་པོ་དེ་ལ་བྱིས་འཇུག་ཁོ་ན་བྱེད་ན། སྐབས་འདིར་ངེས་པར་བརྗོད་ དགོས་ཏེ། བྱིས་འཇུག་ཁོ་ན་ཐོབ་པས་ཀྱང་འདི་དག་ངེས་པས་བསྲུང་དགོས་པའི་ཕྱིར། རྒྱུད་ འགྲེལ་གྱི་དགོངས་པ་ཡང་དེ་ཁོ་ནའོ། །དེ་ལ་དམ་ཚིག་བརྗོད་པ་ནི། གལ་ཏེ་གཡོ་སྒྱུའི་དབང་ གིས་ཞེས་སོགས་ཏེ། འདི་དག་གི་དོན་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། སྙིང་པོ་མདོ་ཙམ་ བརྗོད་ན་འདི་ཡིན་ཏེ། གཡོ་སྒྱུའི་དབང་གིས་ཞེས་པ་འདི། དོན་གྱི་མདོ་ཆེན་པོ་འཛིན་པའི་ ནུས་པ་ཅན་གྱི་ཚིག་སྟེ། དེའི་འགྲེལ་པར་མི་དགེ་བ་བཅུ་ལ་ཞུགས་པའི་དབང་གིས་ཞེས་ འབྱུང་ངོ༌། །དེ་ཡང་དཀར་ནག་གི་ལས་འབྲས་དང་ལམ་དང་འབྲས་བུའི་ཆོས་ལ་ཡིད་ཆེས་ མེད་པ་དག་ནི། སྔགས་ལ་ཞུགས་པར་རློམ་ཡང་གཡོ་སྒྱུའི་དབང་གིས་མི་སྔུན་དུ་དམ་ཚིག་ སྲུང་བ་ལྟར་བྱེད་པའང་སྲིད་མོད། གཡོ་སྒྱུའི་རང་བཞིན་ཉིད་ཀྱི་ཕྱིར་ལྐོག་ཏུ་མི་དགེ་བ་བཅུ་ བྱེད་པ་སོགས་བག་མེད་དུ་སྤྱོད་པར་འགྱུར་བས། གང་གཡོ་སྒྱུ་དང་ལྡན་པ་དེ་ལ་མ་གུས་པ་ དང༌། བག་མེད་པ་གཉིས་ཀར་འབྱུང་ཞིང༌། དེ་ལས་ཀྱང་གཙོ་བོ་མ་གུས་པ་ཡིན་པས་ཆོས་ ནས་ལྟུང་བ་ཡིན་པར་བཤད་པ་ཐོས་ཀྱང་སྐྱོན་དུ་མི་སེམས་པ་ནི་མ་གུས་པ་སྟེ་དེས་ཀུན་ནས་ བླངས་པའི་རྩ་ལྟུང་ཡིན་ན་བྱས་སྟོབས་ཆེ་ཆུང་ཇི་ལྟར་ཡིན་ཡང༌། ཤིན་ཏུ་ལྕི་བའི་ཕྱིར་དམྱལ་ བ་བརྒྱད་པོ་གང་རུང་དུ་འགྲོ་བར་ཐེ་ཚོམ་མེད་དོ། །དེ་དག་ཏུ་ཡང་ཚེ་ཚད་ལས་ཐུང་བར་ནམ་ ཡང་མི་འགྱུར་ཞིང༌། དམྱལ་བ་པ་གཞན་ལས་སྔགས་ཀྱི་དམ་ཚིག་ཉམས་པའི་དམྱལ་བ་པ་ རྣམས་ལྷག་པར་སྡུག་བསྔལ་དོས་གྲགས་པའང་ཡིན་ནོ། །སློབ་མ་གང་དག་རྡོ་རྗེ་སློབ་དཔོན་ ལ་རིག་མའི་དབང་གིས་ཕྲག་དོག་གི་རྣམ་རྟོག་སྐད་ཅིག་ཙམ་སྐྱེས་པས་ཀྱང་ཡུལ་ཕྱོགས་ཉེ་ བ་ན་ཡོད་ན་ཐུན་མཚམས་སམ་ཉིན་ཞག་གཅིག་གི་ཁོངས་སུ་བཤགས་ཤིང་ཕྱིར་བཅོས་མ་ 3-1-653 བྱས་ན། དམྱལ་བ་བརྒྱད་པ་རྡོ་རྗེའི་དམྱལ་བར་འཇུག་པར་བཤད་པས། དེ་ལས་དཔགས་ཏེ་ རྩ་ལྟུང་དང་པོ་དང་གཉིས་པ་ཡན་ལག་ཚང་པར་སྤྱད་ན། དམྱལ་བ་བརྒྱད་ཀྱི་ནང་ན་རྡོ་རྗེའི་ དམྱལ་བར་འཇུག་གོ །བླ་མ་ལ་བརྟེན་པའི་རྩ་ལྟུང་འདི་ནི། ཡུལ་ཁོ་ནས་སྟོབས་ཀྱིས་ཉེས་པ་ ཤིན་ཏུ་ལྕི་བ་ཉིད་ཡིན་པའི་ཕྱིར། དམ་ཚིག་ལ་མ་གུས་པའི་བསམ་པ་ལྟུང་བའི་ཡན་ལག་ཏུ་ ངེས་པར་སྦྱོར་དགོས་པ་མ་ཡིན་ལ། ཕལ་ཆེར་ལ་རང་ཤུགས་ཀྱིས་ནི་འབྱུང་ངོ༌། །རྩ་ལྟུང་ གསུམ་པ་ཡང་སློབ་མར་གྱུར་པས་རང་གི་རྡོ་རྗེ་སློབ་དཔོན་གྱི་སློབ་མ་ལ་ཁྲོས་པ་ཡིན་པའི་ ཕྱིར། ཡུལ་སློབ་དཔོན་ལ་བརྒྱུད་ནས་བརྟེན་པར་འགྲོ་ཞིང༌། ནང་སྨེ་བྱེད་པ་ཡིན་པའི་ཕྱིར། རྩ་ལྟུང་ཕྱི་མ་རྣམས་ལས་ཆེས་ལྕི་བ་ཡིན་མོད། ཡུལ་སློབ་དཔོན་ལ་དངོས་སུ་སྡིག་གསོག་ པའི་སྔ་མ་གཉིས་ལས་ཅུང་ཟད་ཡང་བས། དམྱལ་བ་བརྒྱད་པའི་ངེས་བཟུང་གསལ་བར་མ་ གསུངས་སོ། །དེས་ན་གསུམ་པ་ཕན་ཆད་རྩ་ལྟུང་རྣམས་ལ་ལྟུང་བ་ལན་མང་དུ་བྱས་ཤིང༌། སྡིག་པ་རླབས་ཆེན་དུ་སོང་ན། ལས་དེ་དག་གིས་རྡོ་རྗེའི་དམྱལ་བར་འཇུག་པའང་ཡོད་མོད་ ཀྱི། མ་གུས་པའི་དབང་གིས་བྱུང་བའི་རྩ་ལྟུང་ལན་གཅིག་བྱས་པ་ཡིན་པ་ཙམ་གྱིས་རྡོ་རྗེའི་ དམྱལ་བར་མ་ངེས་ཀྱང་ཕྱིར་བཅོས་མ་བྱས་ན་དམྱལ་བ་བརྒྱད་པོ་གང་རུང་དུ་ནི་ངེས་སོ། ། མདོ་ལུགས་ལ་སེམས་བསྐྱེད་ཀྱི་སྡོམ་པའི་སྐབས་སུ་རྩ་ལྟུང་གི་རིགས་སུ་འགྱུར་བའི་ལས་ བདག་བསྟོད་གཞན་སྨོད་ལ་སོགས་པ་དེ་རྣམས་ཉོན་མོངས་དྲག་པོས་བྱས་ན་སྡོམ་པ་འཇིག་ པ་དང༌། ཉོན་མོངས་འབྲིང་པོ་དང་ཆུང་ངུས་བྱས་པ་ལ་སྡོམ་པ་རྩ་བ་ནས་འཇིགས་པ་རང་ མིན་པས་བྱང་ཆུབ་སེམས་དཔའ་གསུམ་མམ་གཅིག་གི་དྲུང་དུ་བཤགས་ཀྱང་ཆོག་པར་ བཤད་པ་དང༌། འདིར་གཡོ་སྒྱུའི་དབང་གིས་ཞེས་གསུངས་པ་ཚིག་གི་ནུས་པ་གཅིག་སྟེ། འདིར་བསླབ་པ་དམ་ཚིག་ལ་མ་གུས་པའི་གཡོ་སྒྱུའི་སེམས་ནི་ལོག་ལྟའི་ཞད་དང་བཅས་པ་ ཉིད་ཀྱི་ཕྱིར། ཉོན་མོངས་དྲག་པོ་སྟེ་ཤིན་ཏུ་མ་རུངས་པ་ཡིན། དེས་ཀུན་ནས་བླངས་པའི་རྩ་ 3-1-654 ལྟུང་གིས་ནི་སྔགས་སྡོམ་སྟེ་དམ་ཚིག་རྩ་བ་ནས་འཇིག་ཅིང་ཉམས་པར་བྱེད་ལ། དེས་མཚོན་ ནས་ཉོན་མོངས་དྲག་པོ་གཞན་ཡང་ཁོངས་སུ་བསྡུ་ཞིང༌། ཉོན་མོངས་འབྲིང་ངམ་ཆུང་ངུས་ བྱས་པ་རྣམས་ཀྱིས་དམ་ཚིག་རྩ་བ་ནས་འཇིག་པ་རང་མིན་ཡང་ཤིན་ཏུ་ཉམས་སྨད་དེ་ཉམས་ པར་བྱས་པའི་ཕྱིར་སྤྱིར་རྩ་ལྟུང་ནི་ཡིན་ནོ། །གལ་ཏེ་དམ་ཚིག་ཉམས་ན་སླར་གསོ་བར་བྱེད་ པའི་ཚུལ་ནི། རྒྱུད་ལས། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་ བདུན་ལ་གནས་དག་གིས་སོ། །བུམ་པ་གསང་བ་ལ་གནས་གལ་ཏེ་བརྟུལ་ཞུགས་ངེས་པའི་ དབང་གིས་གོང་མ་ལ་ནི་དག་པ་མེད། །རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་ སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། །དེ་ལ་ཡོན་ཏན་ལྡན་པ་ཞེས་པ་ནི་ཕྱིས་ མི་བྱེད་པའི་སྡོམ་པ་ལ་གནས་པ་ཡིན་ཏེ། འདི་ནི་སྐབས་འདིའི་དོན་ཚན་རྣམ་གྲངས་གལ་ཆེ་ ཤོས་གཅིག་ཏུ་སྦྱོར་རྒྱུ་ཡིན་ནོ། །དེ་ཡང་དབང་བདུན་ཐོབ་ལ་གོང་མ་མ་ཐོབ་པ་ནི། རྩ་ལྟུང་ བྱུང་ན་སྡིག་པ་སྦྱང་བའི་ཐབས་རང་གི་འདོད་པའི་ལྷའི་སྙིང་པོའམ། རྡོ་རྗེ་སེམས་དཔའི་ཡི་ གེ་བརྒྱ་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གི་བཟླས་པས་དག་པར་ནུས་པ་དང༌། བུམ་དབང་དང་ གསང་བའི་དབང་བསྐུར་ཙམ་ཐོབ་པ་ལ་ནི། སློབ་དཔོན་གྱིས་ཇི་སྐད་བཀའ་སྩལ་པའི་ བརྟུལ་ཞུགས་ངེས་པའི་ཆད་པ་དང་དུ་བླངས་པས་སྡིག་པ་དག་པར་འགྱུར་ཏེ། དེ་ཡང་བུམ་ དབང་ཙམ་ཐོབ་པ་ལ་ཡོན་དབུལ་བ་དང་ཕྱག་མཆོད་སོགས་བསོད་ནམས་ཚོགས་ཆད་པ་ ཙམ་དང༌། དེ་སྟེང་གསང་དབང་ཡང་ཐོབ་པ་ལ་ནི། བསོད་ནམས་ཀྱི་ཚོགས་ཀྱི་ཆད་པ་སྔོན་ དུ་འགྲོ་བའི་དཀའ་ཐུབ་དཀའ་སྤྱད་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་ཆད་པ་ཉམས་སུ་བླང་དགོས་པ་ ཡིན་ནོ། །གལ་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་ན། དེ་ལ་བྱུང་བའི་རྩ་ལྟུང་ནི། ཆད་པའི་ལས་ཙམ་གྱིས་དག་པར་མི་འགྱུར་བས་བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྟོབས་ཅི་ 3-1-655 ནུས་ཅི་ལྕོགས་སུ་བྱས་ནས་མཐོལ་བཤགས་རྒྱ་ཆེར་ཕུལ་ཏེ། བསྐྱེད་པའི་རིམ་པའམ་རྫོགས་ པའི་རིམ་པའི་རྣལ་འབྱོར་ལ་ནན་ཏན་དུ་འབད་པས་རིམ་གྱིས་ལྟུང་བ་བྱང་བར་འགྱུར་རོ། ། འདིའི་འགྲེལ་པར། སློབ་དཔོན་གྱིས་འདིའི་ཆད་པ་སྦྱིན་པར་མི་འགྱུར་རོ་ཞེས་པ་ནི། བསོད་ ནམས་དང་ཚུལ་ཁྲིམས་ཀྱི་ཆད་ལས་བྱིན་པ་ཙམ་ལས་ལྟུང་བ་དག་པར་སློབ་དཔོན་གྱིས་ གནང་བ་མི་སྦྱིན་པ་ཁོ་ན་སྟེ། སྦྱིན་པར་མི་འགྱུར་{རོའི་}དོན་སྦྱིན་པ་ཙམ་གྱིས་དག་པར་མི་ འགྱུར་ཞེས་པའོ། །སྤྱིར་སློབ་དཔོན་གྱིས་དགེ་བའི་ཆད་ལས་སྟེར་བ་བཀག་པའོ་སྙམ་དུ་ སེམས་ཤིང་སྨྲ་བ་ལྟར་མ་ཡིན་གྱི། སྐབས་དེར་དགེ་བ་གང་བསྒྲུབས་ཀྱང་དེའི་ལྟུང་བའི་ གཉེན་པོར་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་འགའ་ཞིག་བུམ་གསང་ཡན་ཆད་ལུས་ ངག་གི་སྡོམ་པ་ཤས་ཆེ་བས་ཕྱིར་རོལ་གྱི་ཆད་ལས་དང༌། ཤེར་དབང་སེམས་ཀྱི་དམ་ཚིག་ ཉམས་ན་རང་སེམས་དཔང་པོར་བཞག་ནས་རང་གིས་བསྒྲུབ་དགོས་ཚུལ་སོགས་འཆད་པ་ ནི། བློས་བཏགས་ཀྱི་རང་བཟོ་འབའ་ཞིག་སྟེ། རང་སེམས་དཔང་པོར་འཇོག་པ་ཐམས་ཅད་ ལའང་དགོས་པ་དང༌། དེ་དང་བླ་མའི་བཀའ་སྦྱིན་པ་ནམ་ཡང་མི་འགལ་བའི་ཕྱིར་དང༌། གོང་ མའི་རྩ་ལྟུང་ཅན་ལ་ཆད་ལས་ཀྱིས་གནོད་པར་འགྱུར་བ་ནམ་ཡང་མི་རིགས་པའི་ཕྱིར་རོ། ། རྩ་བའི་ལྟུང་བ་བྱུང་བ་ཀུན་ལ་སྡོམ་པ་ཞིག་པའམ་རྩ་བ་ནས་མ་ཞིག་ཀྱང་ཉམས་སྨད་པའི་ ཕྱིར་རོ། །སླར་བླང་བའམ་གསོ་བའི་དོན་དུ་དཀྱིལ་འཁོར་ཆེན་པོ་འདིར་ཡོངས་སུ་ཞུགས་ཏེ་ དབང་བླང་བར་བྱའོ། །དེའི་ཚེ་སྡོམ་པ་སོར་ཆུད་པས་སློབ་དཔོན་གྱི་བཀའི་གནང་བ་ཐོབ་ པར་བྱས་ནས་ཚོགས་ཀྱི་འདུས་པར་འཇུག་ཏུ་རུང་ལ། སྔོན་ལྟུང་བ་མ་བྱུང་བའི་དུས་ན་ གཞན་གྱི་གྲལ་འགོ་སོགས་བཀུར་སྟི་དབང་བ་ཡིན་ཡང༌། སྐབས་དེར་དམ་ཚིག་གི་བསླབ་པ་ གཞོན་པ་རྣམས་ཀྱང་གྲལ་གོང་དུ་བཏང་སྟེ། དམ་ཚིག་བསྐྱར་བ་དེ་ནི་གྲལ་གྱི་ཐ་མར་བཞག་ པར་བྱའོ། །སྔར་ཐུ་བོ་ཡིན་ཡང་སྐབས་དེར་ཆུང་བར་འགྱུར་ཞེས་པའི་དོན་ནི་དེ་ཡིན་པས། 3-1-656 ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར་ཞེས་པ། ཐུ་བོ་ཞེས་བྱའང་ཆུང་བ་ཉིད་དུ་འགྱུར། ཞེས་ འགྱུར་བཅོས་ན་བདེའོ། །དེ་ལྟར་དམ་ཚིག་གསོའི་ཟིན་ནས། གཟོད་བཟླས་བརྗོད་དང་ཆད་ ལས་སོགས་བླང་བར་བྱ་བ་ཡིན་གྱི། དམ་ཚིག་མ་བསྐྱར་བ་ལ་བཟླས་བརྗོད་བྱ་བར་མི་ རིགས་སོ། །འདིར་དག་བྱེད་བཤད་པ་ནི། སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་སྣོན་པ་ཡིན་ཏེ། བུམ་གསང་གི་སྐབས་སུ་བསོད་ནམས་དང་ཚུལ་ཁྲིམས་ཀྱི་དག་བྱེད་གསུངས་ཤིང༌། ཤེར་ དབང་གི་སྐབས་སུ་བསོད་ནམས་དང་ཚུལ་ཁྲིམས་སྔོན་དུ་སོང་ནས་སྒོམ་དགོས་པ་ཤེས་པར་ བྱ་ལ། དབང་བདུན་གྱི་སྐབས་སུ་བཤད་པའི་བཟླས་བརྗོད་ཀྱང་གཞན་ཐམས་ཅད་ཀྱི་སྔོན་ དུ་འགྲོ་བར་ཤེས་པར་བྱའོ། །འགྲེལ་པར། བྱིས་འཇུག་དང་བུམ་གསང་གི་ཕྱིར་བཅོས་ལ་ དབང་བསྐུར་བར་གསལ་བར་གསུངས་ནས་ཤེར་དབང་གི་སྐབས་སུ་ཚིག་གསལ་མ་བྱུང་བ་ ནི། ཤེར་དབང་ཐོབ་པ་ལ་རྩ་ལྟུང་གི་ཕྱིར་བཅོས་སྐབས་སུ་དབང་བསྐུར་མི་ལེན་པའི་དོན་མ་ ཡིན་གྱི། བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྡིག་བཤགས་སྔོན་དུ་འགྲོ་བས། ཕྱིས་དཀྱིལ་ འཁོར་དུ་འཇུག་པ་ལ་དགོངས་ནས། ལྟུང་བ་བྱུང་མ་ཐག་དཀྱིལ་འཁོར་དུ་འཇུག་པའི་རྣམ་ གཞག་མ་མཛད་པ་དང༌། གཞན་གཉིས་ལ་ཕྱིར་བཅོས་ཀྱི་ཐོག་མ་དབང་བསྐུར་ཡིན་པ་ལ་ དགོངས་སོ། །འདི་སྐབས་ཀྱི་འགྲེལ་བ་ཤིན་ཏུ་ཞལ་གསལ་ཡང་བྱིན་རླབས་ཀྱི་སྟོབས་ལས་ ཐོབ་པའི་བློ་གྲོས་མེད་ཅིང༌། བླ་མའི་ཞལ་གྱིས་དམན་པའི་མཁས་པ་དག་ལ་འཁྲུལ་པ་མང་ དུ་སྐྱེས་སྣང་ངོ༌། །དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་སོགས་ནི་རྩ་ལྟུང་རྣམས་ཀྱི་མཚན་ ཉིད་སྟོན་པར་བྱེད་པ་སྟེ། དེ་ཡང་བུ་སྟེ་སློབ་མ་གང་གིས་སློབ་དཔོན་དེ་སེམས་ཅན་ལ་ཕན་ པར་མཛད་པའི་དོན་ཉམ་པར་བྱས་པའམ། བྱ་བ་མ་ཡིན་པ་བྱས་པ་གང་གིས་ཀྱང་རུང་སྟེ། བླ་མའི་ཐུགས་དཀྲུགས་པ་སྟེ་མི་མཉེས་པར་བྱས་པ་དེ་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པ་སྟེ་ དང་པོར་འགྱུར་རོ། །སློབ་དཔོན་དེའི་བཀའ་ཆོས་དང་ལྡན་པ་བཅག་སྟེ་གསུངས་ལས་ 3-1-657 འགོངས་པ་ནི། གཞན་རྩ་ལྟུང་གཉིས་པར་འགྱུར་རོ། །འདི་ནི་རྒྱུད་གཞན་ལས་གསུངས་པའི་ བདེ་གཤེགས་བཀའ་འདས་དང་དོན་གཅིག་སྟེ། བླ་མས་ཀྱང་སངས་རྒྱས་ཀྱི་གསུང་བཞིན་དུ་ སྟོན་པའི་དོན་ནོ། །དེ་ཡང་བླ་མའི་ལྐོག་ཏུ་བཀའ་ལས་འདས་ཏེ་མི་དགེ་བ་བཅུ་བྱེད་པར་ གསུངས་ཤིང༌། དེ་བཞིན་དུ་བླ་མ་གཅིག་པའི་རྡོ་རྗེའི་སྤུན་ལ་ཁྲོས་པའི་སེམས་བསྐྱེད་ན། ཡིད་ཀྱིས་ཁྲོས་པ་ཁོ་ན་ལ་ཉིན་ཞག་གཅིག་གི་བཞི་ཆ་དང༌། ལུས་ངག་གི་རྣམ་འགྱུར་དུ་ཐོན་ པ་ལ་ནི། དེ་དང་དེའི་བྱ་བ་བྱས་ཟིན་པ་ན་ངེས་པར་རྩ་ལྟུང་དུ་འགྱུར་ཏེ་ལྟུང་བ་གསུམ་པའོ། ། སེམས་ཅན་རྣམས་ལ་བྱམས་པ་སྟེ། དེའི་ཁོངས་སུ་སྙིང་རྗེ་དང༌། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་ སེམས་ཀྱང་འདུས་པར་འགྱུར་ཏེ། བྱམས་པ་ཡོད་པ་ལ་དེ་དག་ཡོད་ཀྱི། དེ་མེད་ན་དེ་དག་ ཀྱང་མེད་པས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་རྩ་བ་ནི་བྱམས་པ་ཡིན་པའི་ཕྱིར་རྩ་བ་ཡིན་ པའི་ཆ་ནས་བྱམས་པ་སྨོས་པའོ། །དེ་བཏང་བའི་ཚུལ་ཡང་བཞི་སྟེ། བཏང་བ་ཆུང་ངུ་ཆུ་ལ་རི་ མོ་བྲིས་པ་ལྟ་བུ་དང༌། འབྲིང་པོ་བྱེ་མ་ལ་རི་མོ་བྲིས་པ་ལྟ་བུ་དང༌། ཆེན་པོ་ས་བརྣག་ལ་རི་མོ་ བྲིས་པ་ལྟ་བུ་སྟེ། གསུམ་པོ་དེ་ཉེས་པ་དང་བཅས་པ་ཡིན་ཡང་རྩ་ལྟུང་དུ་མི་འགྱུར་ལ། ཤིན་ ཏུ་ཆེན་པོ་རྡོ་ལ་བརྐོས་པའི་རི་མོ་ལྟ་བུ་སེམས་ཅན་རྩ་བ་ནས་བློས་བཏང་བ་ནི། རྩ་བའི་ལྟུང་ བ་བཞི་པར་འགྱུར་ཏེ། དེ་ལས་གཞན་ཡང་མི་འགྱུར་བདེ་བའི་རྒྱུར་ཀུནྡ་བྱང་ཆུབ་ཀྱི་སེམས་ རགས་པའི་ཐིག་ལེ་རྟག་ཏུ་བསྲུང་དགོས་ཤིང༌། ཞུ་བདེ་འགྱུར་མེད་དེ་ལ་བརྟེན་ནས་མི་ འགྱུར་བའི་བདེ་བ་རིམ་གྱིས་འགྲུབ་པར་འགྱུར་བ་ཡིན་པ་ལས་མི་འགྱུར་བའི་བདེ་བའི་རྒྱུ་ ཐིག་ལེ་སྲུང་བ་ལ་མ་དད་པའམ་བརྙས་པའམ་རྩིས་སུ་བྱེད་པའི་གུས་པ་མེད་པས་ཀུནྡ་བྱང་ ཆུབ་ཀྱི་སེམས་ཆེད་གཏད་ཀྱིས་རྩོལ་པས་རབ་ཏུ་ཉམས་པར་བྱེད་ན། ཉམས་པ་དེ་ལས་ཀྱང་ རྩ་བའི་ལྟུང་བ་མདའ་སྟེ་ལྔ་པར་འགྱུར་རོ། །རྩ་ལྟུང་དངོས་ནི་དེ་ལྟར་ཡིན་ལ། སྤྱིར་གསང་ དབང་ལ་སོགས་པ་དམིགས་གསལ་གསུངས་པའི་སྐབས་མ་གཏོགས། མ་དད་མ་གུས་ 3-1-658 བརྙས་པ་སོགས་མེད་ཀྱང་ཀུནྡ་ཆེད་ཀྱིས་ཉམས་པར་བྱས་པ་ཐམས་ཅད་འདིའི་ཕྱོགས་ མཐུན་གྱི་ཉེས་བྱས་ཡིན་ནོ། །འདིའི་འགྲེལ་པར་དེ་ཁོ་ན་ཉིད་མེད་པ་དབང་པོ་གཉིས་ཀྱི་བདེ་ བས་སངས་རྒྱས་ཉིད་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ་ཞེས་འབྱུང་བས། འདི་རྩ་ལྟུང་དུ་འགྱུར་བའི་ཀུན་སློང་མི་འགྱུར་བའི་བདེ་བའི་ལམ་ལ་མ་གུས་པ་ཡིན་པ་ གསལ་བར་བསྟན་ཏེ། ཕལ་ཆེར་ཞུ་བདེ་འགྱུར་མེད་ནི་གཉིས་སྦྱོར་གྱི་བདེ་བ་ཡིན་ཡང་དེ་ཁོ་ ན་ཉིད་ཅེས་བྱ་བ་ཡང་དག་པའི་གནས་ལུགས་ལ་འཇུག་པའི་ཐབས་ཡིན་ན། དེ་མེད་པར་ གཉིས་སྦྱོར་གྱི་ཐིག་ལེ་འཕོ་བའི་གནས་སྐབས་ཉིད་ཡེ་ཤེས་སུ་ངོ་སྤྲོད་པ་རྣམས་བྱང་ཆུབ་ཀྱི་ སེམས་འཕོ་མེད་དུ་འཆིང་བར་བྱེད་པའི་ཐབས་ལ་བརྙས་པར་བྱེད་པའི་ཕྱིར། བརྙས་སེམས་ དེ་རྩ་ལྟུང་གི་ཡན་ལག་ཏུ་སྦྱོར་དགོས་ཀྱི། གཉིས་སྦྱོར་ཆོས་སུ་འདུ་ཤེས་པ་ཙམ་ཡན་ལག་ཏུ་ སྦྱོར་བ་ནི་མི་རིགས་ཏེ། ལམ་ཡང་དག་པ་ལ་མ་གུས་པ་མེད་ན་ཆོས་མ་ཡིན་པ་ལ་ཆོས་སུ་ འདུ་ཤེས་པ་ཙམ་ནི་ཉེས་པ་ཡང་བའི་ཡན་ལག་ཏུ་འགྱུར་གྱི། ལྕི་བའི་བྱེད་ཆོས་སུ་མི་འགྱུར་ བ་སྤྱི་ཁྱབ་ཀྱི་ལུགས་ཡིན་པའི་ཕྱིར་རོ། ། རྩ་ལྟུང་དྲུག་པ་ནི། མདོ་སྔགས་ཀྱིས་བསྡུས་པའི་སངས་རྒྱས་པའི་གྲུབ་མཐའ་ལ་ཕྲག་ དོག་གི་སེམས་ཀྱིས་སྨོད་པར་བྱེད་པ་ཞེས་སྤྱིར་བཤད་པ་ལྟར་རམ། དེ་རྣམས་ཀྱི་ངེས་པའི་ དོན་ལ་སྨོད་པ་སྟེ། གྲུབ་མཐའ་ནོར་པའི་ཆ་རྣམས་འགོག་པ་ནི་འདི་ལ་མི་གཏོགས་སོ། །རི་ བོ་ཞེས་པ་བདུན་པ་ནི། ཉན་ཐོས་ལ་སོགས་པ་གསང་སྔགས་ཀྱི་ཆོས་ལ་མ་དད་པ་སྣོད་དུ་མ་ གྱུར་པ་ལ་རྫོགས་རིམ་བདེ་བ་ཆེན་པོའི་ལམ་མམ་དབང་དང་བསྐྱེད་རིམ་ཡང་རུང་སྟེ། བདེ་ བ་ཆེན་པོའི་ཡེ་ཤེས་ཀྱི་ཐབས་སམ་ལམ་དང་འབྲས་བུ་དག་བསྟན་ཅིང་དེས་ཀྱང་གོ་བའོ། ། སྤྱི་ལ་གྲགས་པ་ལྟར་ན་དབང་བསྐུར་མ་ཐོབ་པ་ལ་སྔགས་ཀྱི་ཐུན་མོངས་མ་ཡིན་པའི་གསང་ བ་གང་བསྟན་ཀྱང་འདིར་འགྱུར་ཞེས་བྱ་ལ། བོད་ཡུལ་འདིར་དུས་ད་ལྟའི་ཆོ་ག་ཙམ་གྱིས་ 3-1-659 དབང་བསྐུར་བའི་མིང་ཅན་གྱི་གོ་རིམ་ཙམ་ཞིག་མིང་དུ་ཐོབ་ཀྱང་མི་ཕན་པ་དག་ཡོད་དེ། དུས་ཕྱིས་བོད་ཀྱི་གསུམ་ལྡན་དགེ་སློང་རྡོ་རྗེ་འཛིན་པར་རློམ་པ་མང་པོ་ཞིག་ཀྱང་སློབ་དཔོན་ དུ་འོས་པ་སྨོས་ཅི་འཚལ། དེ་ཁོ་ན་ཉིད་ཀྱི་སྣོད་ཙམ་ཡང་མིན་པར་སྣང་བའི་ཕྱིར་རོ། །ཕུང་ པོ་ལུས་ལ་ཉོན་མོངས་པ་སྟེ་སྨད་པའི་སེམས་ཀྱིས་གདུང་བ་རྩོམ་པར་བྱེད་ན། ཀླུ་སྟེ་རྩ་ལྟུང་ བརྒྱད་པར་འགྱུར་ཞིང༌། སླར་ཡང་རྩ་ལྟུང་དགུ་པ་ནི། གདོད་ནས་རྣམ་པར་དག་པའི་ཆོས་ དོན་དམ་སྟོང་ཉིད་ཡོངས་གྲུབ་བདེ་བར་གཤེགས་པའི་སྙིང་པོ་ལ་དྲང་དོན་ཡིན་ནོ་ཞེས་མ་ དད་པར་བྱེད་པ་གང་དག་སྟེ། རེད་མདའ་བ་གཞོན་བློ་ལྟ་བུའོ། །གཡོ་སྒྱུའི་སྒོ་ནས་བྱམས་ པ་ལྟར་སྟོན་པ་ཁ་འཇམ་ཞེ་གདུག་བྱེད་པ་ནི། རྩ་ལྟུང་ཕྱོགས་ཏེ་བཅུ་པ་དང༌། མིང་སོགས་ མཚན་མ་ཐམས་ཅད་དང་བྲལ་བའི་དོན་དམ་བདེ་བ་ཆེན་པོ་སྟེར་བའི་ཐབས་སྟོང་གཟུགས་ ཕྱག་རྒྱ་ཆེན་པོའི་ལམ་ལ་ཡང་དག་པའི་ལམ་ཡིན་མིན་ཐེ་ཚོམ་ཟ་ཞིང་རྟོག་པ་ནི། རྩ་ལྟུང་དྲག་ པོ་བཅུ་གཅིག་པ་སྟེ། སྟོང་གཟུགས་བདེ་གཤེགས་སྙིང་པོའི་རང་མདངས་ཡིན་པ་ལ་འཁྲུལ་ སྣང་ངོ་ཞེས་སྐུར་པ་འདེབས་པ་ནི་རྩ་ལྟུང་འདིར་འགྱུར་རོ། །དག་པའི་སེམས་ཅན་ཞེས་པ་ ནང་དུ་ཡང་དག་པའི་ཡེ་ཤེས་སྐྱེས་པའི་རྣལ་འབྱོར་པ་ལ་དེ་ལྟར་ཡིན་པ་ཤེས་བཞིན་དུའམ། ཡིན་མིན་ཐེ་ཚོམ་དང་བཅས་བཞིན་དུ་དེ་ལ་སྐྱོན་བརྗོད་ཅིང་སྨོད་པ་ནི། ཉི་མ་སྟེ་རྩ་ལྟུང་བཅུ་ གཉིས་པར་འགྱུར་རོ། །ཚོགས་ཀྱི་འཁོར་ལོ་ལ་སོགས་པ་སྔགས་ཀྱི་སྤྱོད་པའི་དགའ་སྟོན་ལ་ ཞུགས་པ་ན་གོ་ཀུ་ལ་སོགས་པ་དང༌། བི་མུ་ལ་སོགས་པ་རྣམས་ལ་མི་གཙང་བ་དང་སྨད་པའི་ སེམས་ཀྱིས་བཟའ་བའི་དམ་ཚིག་དེ་དག་རང་གི་ལག་ཏུ་ཐོབ་པ་སྤངས་ཤིང་གཏོང་བར་བྱེད་ ན། རྩ་ལྟུང་བཅུ་གཉིས་པ་ལས་གཞན་བཅུ་གསུམ་པར་འགྱུར་རོ། །ཡུལ་བུད་མེད་ཀྱི་འགྲོ་ བ་མིར་གྱུར་པའམ། ལྷར་གྱུར་པ་གཅིག་གམ་མང་པོའམ་ཀུན་ལ་ལྐོག་གམ་དངོས་སུ་སྨོད་པ་ ཡིན་ཡང་རུང་སྟེ། ཇི་ལྟར་སྨོད་ལུགས་ནི། ཐམས་ཅད་ལ་སྨོད་པར་འགྱུར་བ་དེ་ལྟ་བུས་སྨད་ 3-1-660 ན། རྩ་ལྟུང་མ་ནུ་སྟེ་བཅུ་བཞི་པར་ངེས་པར་འགྱུར་རོ། །དེ་ལ་ཐམས་ཅད་ལ་སྨོད་པར་འགྱུར་ ཚུལ་ནི། གཙོ་བོར་ཐར་ལམ་གྱི་སྣོད་དུ་མི་རུང་ཞེས་སྨྲ་བ་ཡིན་ལ། གཞན་ཡང་དེ་དང་ཕྱོགས་ མཚུངས་པར་འགྲོ་བ་མང་པོ་ལ་ཕན་འདོགས་པ་པོ་དང༌། མགོན་སྐྱབས་སུ་གྱུར་པ་མེད་ཅེས་ དང༌། ཉོན་མོངས་མང་བ་དང༌། བློ་མི་བརྟན་པ་དང༌། གཡོ་སྒྱུ་ཆེ་བ་དང༌། འདོད་པ་ལ་བསྐམ་ པ་དང༌། ཤེས་རབ་འཆལ་བ་དང༌། ཡིད་རྟོན་མེད་པ་དང༌། དབང་པོ་བརྟུལ་བ་དང༌། ཉམས་ ཆུང་བ་ཡིན་ནོ་ཞེས་སོགས་བུད་མེད་ཀྱི་རིགས་ནི་སྐྱོན་དེ་དང་དེ་དག་དང་བཅས་པའོ། །ཞེས་ རིགས་དེད་པས་དངོས་སུ་གཅིག་ལ་སྨད་ཀྱང༌། དོན་གྱིས་ཐམས་ཅད་ལ་སྨད་པར་འགྱུར་ བ་དེ་ལྟ་བུའོ། །དེ་ལྟར་ན་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་དག་ནི། རྡོ་རྗེ་ཐེག་པའི་དམ་ཚིག་ ཐོབ་པ་རྣམས་ལ་བྱུང་ན། དམ་ཚིག་ཉམས་པར་འགྱུར་བས་རྡོ་རྗེ་ཐེག་པར་གནས་པ་རྣམས་ ཀྱིས་འབད་པས་བསྲུང་བར་བྱའོ། །རྩ་ལྟུང་དྲུག་པ་དང་བདུན་པ་བཅུ་གཉིས་པ་དང༌། བཅུ་ བཞི་པ་ལ་ངེས་པར་ངག་གི་ལུས་སུ་ཐོན་པ་དགོས་ཤིང༌། བརྒྱད་པ་དང་ལྔ་པ་ལ་ལུས་ཀྱི་ ལས་སུ་གྲུབ་པ་དགོས། གཞན་རྣམས་ལ་ཡིད་ཁོ་ནས་ཀྱང་རྩ་ལྟུང་དུ་འགྱུར་བ་ཡོད་དེ། ཡིད་ ཀྱི་རྣམས་ཐུན་ཐུན་མཚམས་གཅིག་གི་ནང་དུ་གཉེན་པོས་མ་སླེབ་ན་རྩ་ལྟུང་དུ་འགྱུར་ལ། ངག་དང་འགྲེལ་པ་རྣམས་ཕ་རོལ་པོ་གང་རུང་གཅིག་གིས་གོ་བ་དང༌། ལུས་དང་འབྲེལ་བ་ རྣམས་བྱ་བ་དེ་བྱས་ཟིན་པ་ན་རྩ་ལྟུང་དུ་འགྱུར་ལ། ལུས་ངག་ཡིད་གསུམ་གང་རུང་གཅིག་ལ་ བལྟོས་པའི་གཅིག་བྱུང་ཟིན་པ་ན། ཕྱིས་གཅིག་ཤོས་དེ་བྱས་ཀྱང་རྩ་ལྟུང་གཉིས་སུ་མི་འགྱུར་ མོད། ཉེས་པ་ལྕི་བའི་ཡན་ལག་ཏུ་ནི་འགྱུར་རོ། །དཔེར་ན། རྡོ་རྗེའི་སྤུན་ལ་ཁྲོས་པ་དེ་ཐུན་ ཐུན་མཚམས་གཅིག་གི་ཁོངས་སུ་གཉེན་པོས་མ་སླེབས་པས་ཐུན་མཚམས་དེའི་མཐར་ཡིད་ ཀྱི་ཉེས་བྱས་སུ་གྱུར་པའི་རྩ་ལྟུང་དུ་གྱུར་ཟིན་པ་ལ། ནང་བར་ལྟ་བུ་སྐྱེ་བོ་གཞན་གྱིས་གོ་བར་ སྨོད་ཚིག་བརྗོད་ན། དེའི་ཡིད་ཉེས་ཀྱི་རྩ་ལྟུང་སྔ་མ་དེ་འཕེལ་བར་བྱེད་པ་ཡིན་གྱི། བརྗོད་ 3-1-661 པ་དེ་ལས་རྩ་ལྟུང་གཉིས་པ་གསར་དུ་མི་འབྱུང་ངོ༌། །སྤྱིར་ཡུལ་དང༌། ལས་ཀྱི་རྣམ་པ་དང༌། འཕེན་སྟོབས་འདྲ་ན། ཡིད་རྐྱང་པ་སྟོབས་ཆུང༌། དེ་ལུས་ངག་གང་རུང་གཅིག་ཁོ་ན་དང་ འབྲེལ་ན་འབྲིང་དང་གསུམ་ཀར་འཛོམ་ན་ཆེ་བ་ཡིན་ནོ། །ཡང་རྡོ་རྗེ་སྤུན་ལ་ཁྲོས་མ་ཐག་ཏུ་ ངག་གི་ཉེས་པར་བརྗོད་ཟིན་ན། ལྟ་དཀའ་བ་དག་དང་འབྲེལ་བ་དེས་རྩ་ལྟུང་གྲུབ་ཟིན་པས། དེ་རྗེས་གཉེན་པོས་མ་སླེབ་ཀྱང་དུས་མཚམས་ཐལ་པ་ལ་ཡིད་ཉེས་ཀྱི་རྩ་ལྟུང་གསར་དུ་མི་ འབྱུང་ཞིང༌། ཡིད་ཉེས་ཀྱི་རྒྱུན་མ་ལོག་པས་ལྟུང་བ་སྔ་མའི་རྒྱུན་ཅུང་ཟད་འཕེལ་བར་འགྱུར་ མོད་ཀྱང་ཡིད་ཀྱི་ལྟུང་བའི་རྒྱུན་ལུས་ངག་གིས་འཕེལ་ཐུབ་པ་ཙམ་འདི་ལ་མི་འབྱུང་ངོ༌། །དེ་ ལྟར་ན་རྩ་ལྟུང་གི་རྣམ་གཞག་ལེགས་པར་ཤེས་ནས་སྦོམ་པོ་ལ་སོགས་པ་རྣམས་རྒྱུད་གཞན་ ལས་འབྱུང་བ་དང༌། རྩ་ལྟུང་རྣམས་དངོས་སུ་གསུངས་པ་འདི་ལས་དཔགས་ཏེ་ཤེས་དགོས་ སོ། །འདིར་ནི་འབྲུ་གནོན་ཙམ་སྟེ་རྒྱས་པར་གཞན་ལས་བཙལ་བར་བྱའོ། །དེ་ལྟར་དམ་ཚིག་ བསྒྲགས་ཟིན་ནས། དེའི་རྗེས་སུ་དུས་གོ་བ་དང༌། འོག་མིན་གྱི་དངོས་གྲུབ་ཀྱི་བར་གྱི་བཀའི་ གནང་བ་སྦྱིན་ཏེ། དེ་དག་ནི་ངེས་པར་དགོས་པའི་ཆོ་གའི་བྱ་བའོ། །ཆོ་ག་སྤྱི་འགྲོས་ཀྱི་ལུང་ བསྟན་དང༌། དབུགས་དབྱུང་དང་གཟེངས་བསྟོད་དང༌། འདི་ཉིད་རང་གི་རྟེན་བརྟེན་པའི་ དག་པ་བརྗོད་པ་ལ་སོགས་པ་དེ་དག་ནི་སྤྲོས་པ་ལ་དགའ་བའི་ལག་ལེན་གྱི་ངོར་མི་འགལ་ ཞིང་ལེགས་པའང་ཡིན་མོད། ངེས་པར་དགོས་པ་ནི་མ་ཡིན་ནོ། །གཞན་དག་འདི་སྐད་དུ་ འོ་ན་དབུགས་དབྱུང་གི་སྐབས་སུ་སློབ་དཔོན་དུ་བཀའ་གནང་སྟེར་དགོས་ན། དུས་འཁོར་ རང་ལུགས་ཀྱི་རྡོ་རྗེ་སློབ་དཔོན་མ་ཡིན་པར་མ་ཟད། ཁྱོད་ལྟར་ན་གོང་རྡོ་རྗེ་དྲིལ་བུ་སྦྱིན་ པའི་སྐབས་དམ་ཚིག་གསུམ་སྦྱིན་པ་མི་འདོད་པས། རྒྱུད་སྡེ་གཞན་ལུགས་ཀྱི་སློབ་དཔོན་གྱི་ དབང་ཡང་མ་ཡིན་ན། འདི་ཇི་ལྟར་འོས་ཞེ་ན། ལྷག་པར་མོས་པའི་དབང་ལས་སློབ་དཔོན་དུ་ འོས་པ་མ་ཡིན་ཡང་ཕྱི་མའི་དུས་ལ་བསམས་ཏེ་སློབ་དཔོན་དུ་བསྔགས་པ་ཡང་སྲིད་ལ། དག་ 3-1-662 པའི་ཆོས་བརྗོད་པའི་རྡོར་དྲིལ་སྦྱིན་པ་དེ་དམ་ཚིག་གསུམ་སྦྱིན་པ་དང་མི་གཅིག་ཀྱང༌། རྡོར་ དྲིལ་གྱི་དབང་དང་རྗེས་གནང་གི་སྐབས་སུ། དམ་ཚིག་གསུམ་གྱི་དོན་ནི་མཐའ་དག་ལྷག་ བཅས་སུ་ཚང་བ་ཡིན་པར་མ་ཟད་རྗེས་གནང་གི་དབང་ལས་བཀའ་གནང་ཐོབ་པས། སྤྱིར་ བྱིས་པ་འཇུག་པའི་དབང་བདུན་ཐོབ་ན། དཀྱིལ་ཆོག་གཞན་ལུགས་ཀྱི་སློབ་དཔོན་གྱི་དབང་ ནི་ངེས་པར་ཐོབ་པ་ཡིན་ནོ། །དེའི་ཕྱིར་སྤྱི་འགྲོའི་ཆུ་སོགས་ཀྱི་དབང་དང༌། རབ་གནས་དང་ བསྐྱེད་རིམ་འབའ་ཞིག་སྟོན་པའི་རྒྱུད་ཐོར་བུ་རྣམས་འཆད་པའི་སློབ་དཔོན་དུ་ཡང་འགྱུར་ བ་ཙམ་ཡིན་ནོ། །དེ་དག་ལས་དམ་ཚིག་བརྗོད་པ་མན་ཆད་ནི་དབང་བདུན་པོ་ཐམས་ཅད་ ཀྱི་སྤྱི་འགྲོའི་རྗེས་ཀྱི་བྱ་བ་ཡིན་པར་རྩོད་པ་མེད་ལ། སྤྱོད་པའི་བརྟུལ་ཞུགས་རྗེས་གནང་ གི་འདོགས་ཡིན་ཡང་རྗེས་གནང་ཁོ་ནར་མ་ཟད། བདུན་ཀའི་འཇུག་བསྡོམས་ཡིན་པས་ ཀུན་དང་འབྲེལ་པའི་རྗེས་ཀྱི་བྱ་བའོ། །གང་ལྟར་ནའང་ལུས་ངག་ཡིད་གསུམ་དང་དཀྱིལ་ འཁོར་གྱི་ཕྱོགས་གཞན་གསུམ་དུ་དབང་གཉིས་གཉིས་ཡོད་པ་ལྟར་ནུབ་ཏུ་དབང་དངོས་ རྗེས་གནང་ལས་མེད་ཀྱང༌། འདོགས་ཀྱིས་དབང་གཅིག་གི་དོད་ཐུབ་པར་བྱས་པ་སྟེ། རྗེས་ གནང་འདོགས་བཅས་ཞེས་སྨོས་པའི་རྒྱུ་མཚན་ནི་དེ་ཡིན་ནོ། །བཤད་རྒྱུད་རྡོ་རྗེ་འཕྲེང་བ་ ལས། སངས་རྒྱས་ལྔ་ནི་དག་པ་ནི། །དབང་བསྐུར་ལྔ་ནི་ཐོབ་པའི་རྒྱུ། །ཞེས་རིག་པའི་དབང་ ལྔ་ལ་རྒྱལ་བ་རིགས་ལྔ་ཐོབ་པའི་རྒྱུར་གསུངས་པ་ལྟར་འདིར་ཡང་རིགས་འགྲེ་ལ། ཛ་ཡ་སེ་ ནས། གང་གི་ལྷ་ཡི་དབང་བསྐུར་བས། །གང་དེའི་དངོས་གྲུབ་ཐེ་ཚོམ་མེད། །གང་རྣམས་ལྷ་ ནི་མངོན་བྱས་པའི། །ལས་རྣམས་འབྲས་བུ་སྒྲུབ་པར་བྱེད། །ཅེས་བཤད་པ་ལྟར་ལྷ་གང་དང་ གང་གི་དབང་བསྐུར་བ་དེས་ལྷ་དེ་དང་དེ་འགྲུབ་པར་འགྱུར་ལ། ལྷ་མངོན་དུ་བྱས་པ་ཞེས་ བྱ་བ། ལྷ་གང་དང་གང་གི་རྣམ་པར་བསྒོམས་པ་དེས་ཀྱང་ལྷ་དེ་དང་དེ་འགྲུབ་པར་འགྱུར་བ་ ཡིན་ནོ། །འདིར་དབང་བདུན་གྱིས་དགེ་བསྙེན་དུ་འགྱུར་བ་ནི། སྔགས་སྡོམ་ཉིད་ཀྱི་ནང་ཚན་ 3-1-663 སྔགས་ཀྱི་དགེ་བསྙེན་དུ་ཞེས་ཀྱང་འགྲོ་བ་ཡིན་མོད། དེར་མ་ཟད་འགྲེལ་ཆེན་དུ་ས་བདུན་ པར་ལུང་བསྟན་པའི་ཕྱིར་དགེ་བསྙེན་ཉིད་དོ། །ཞེས་གསུངས་པས། སྔགས་ཀྱི་ལུགས་ལ་ས་ བདུན་པ་དོན་དམ་པའི་དགེ་བསྙེན་ཡིན་ལ། དེ་ཐོབ་པར་འགྱུར་བའི་རྟེན་འབྲེལ་ཐུན་མོང་མ་ ཡིན་པ་འགྲིག་པའི་ཕྱིར་འབྱུང་བར་ངེས་པའི་འབྲས་བུ་ལས་བསམ་ནས། དོན་དམ་པའི་དགེ་ བསྙེན་གྱི་མིང་གིས་བཏགས་ཤིང༌། ཀུན་རྫོབ་པའི་སྔགས་ཀྱི་སྡོམ་པའི་དགེ་བསྙེན་དངོས་ ཡིན་པའོ། །ས་བདུན་ཐོབ་པ་ནི་དབང་བསྐུར་བ་ཉིད་ཀྱི་དུས་ཏིང་ངེ་འཛིན་ནམ་སྤྲུལ་པའི་ དཀྱིལ་འཁོར་མངོན་སུམ་དུ་ལྟ་བར་ནུས་ན། ཕྱིས་ལམ་བསྒོམས་པའི་ཚེ་འདི་ལ་ས་བདུན་ ཐོབ་ངེས་པར་དབང་འདིས་འཕངས་པ་ཡིན་ལ། དེ་མ་ནུས་ན་ཡང་དམ་ཚིག་དག་ན། སྐྱེ་བ་ གཞན་དུ་ས་བདུན་འཕེན་པ་ཡིན་ནོ། །ས་བདུན་ཐོབ་ཕྱིན་དེ་ཐོབ་པའི་སྐྱེ་བའམ་ཚེ་དེ་ལ་ས་ ལྷག་མ་མི་ཐོབ་པ་མི་སྲིད་མོད། དབང་འདིས་འཕངས་པ་མ་ཡིན་པས་འདིར་བདུན་གྱི་དག་ པ་ཁོ་ན་མཛད་དོ།། །། གསུམ་པ་མཆོག་དབང་གོང་མ་བཞི་བཤད་པ་ལ། བདག་འཇུག་ལ་དཔྱད་པ། དཀྱིལ་ འཁོར་གྱི་དབྱེ་བ། འཇིག་རྟེན་པའི་དབང་གི་དོན་བཤད། འཇིག་རྟེན་འདས་པའི་དབང་གི་ རིམ་པ་ལ་དཔྱད། དབང་བཞིའི་ཡན་ལག་འགའ་ཞིག་ལ་དོགས་པ་སྤོང་པའོ། ། དང་པོ་ནི། དབང་གོང་མ་འདི་རྣམས་ནི། བྱིས་འཇུག་དང་དཀྱུས་གཅིག་པར་སྒྲེལ་ཏེ་ བསྐུར་བའི་སྐབས་ཡོད་ཀྱང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་བརྟེན་པ་མ་ཡིན་པས་སྐབས་ འདི་ནས་དཀྱིལ་འཁོར་གཞན་དུ་འཇུག་རྒྱུ་ཡིན་པ་གོ་དགོས་ཏེ་བདག་འཇུག་ལ་ཡང་ངོ༌། ། ཁ་ཅིག་དབང་གོང་མ་རྣམས་བདག་འཇུག་ཏུ་མི་ལེན་ཏེ། བདག་འཇུག་བྱས་པའི་དགོས་པ་ སྡོམ་པ་གསོ་བ་ཡིན་ལ། དབང་གོང་མ་ལ་དེའི་བྱ་བྱེད་མེད་པའི་ཕྱིར་རོ། །ཞེས་སྨྲ་བ་ནི་མི་ འཐད་དེ། བདག་འཇུག་གི་དགོས་པ་དམ་ཚིག་གསོ་བ་ཙམ་མ་ཡིན་པར་གོང་དུ་བཤད་ཟིན་ 3-1-664 པའི་ཕྱིར་དང༌། དབང་གོང་མ་བསྐུར་བ་ལ་དགེ་ཚུལ་དགེ་སློང་སོགས་དང་དོད་མཚུངས་སུ་ གསུངས་པའི་ཕྱིར། སྡོམ་པ་ལོག་པ་རེ་ཡོད་པར་གྲུབ་པས། གལ་ཏེ་བདག་འཇུག་དམ་སྡོམ་ གསོ་བ་ཡིན་སྲིད་ན་འདི་ལའང་བདག་འཇུག་ངེས་པར་དགོས་པར་ཁྱེད་ལ་ཐལ་བ་དང༌། ཁྱེད་ཀྱི་ལུགས་ལ་རིགས་དྲུག་གི་སྡོམ་བཟུང་ཁོ་ནས་སྡོམ་པ་ཐོབ་པར་འགྱུར་བའི་ཕྱིར། བྱིས་པ་འཇུག་པའི་དབང་བདུན་ཡང་བདག་འཇུག་ཏུ་ལེན་མི་དགོས་པར་འགྱུར་ཏེ། བདག་ འཇུག་གི་དགོས་པ་དམ་སྡོམ་གསོ་བ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་སྤྱིར་སྒྲུབ་མཆོད་ཀྱི་ ཡན་ལག་དང༌། སློབ་མ་དབང་བསྐུར་གྱི་ཡན་ལག་ཏུ་བདག་འཇུག་མེད་མི་རུང་མ་ཡིན་པ་ གོང་དུ་བཤད་ཟིན་པ་ལྟར་ཡིན་པས། དབང་བདུན་ཙམ་ཁོ་ན་ལ་བདག་འཇུག་བྱེད་པའང་ བློ་མོས་དང་བསྟུན་ནས་དགག་རྒྱུ་མེད་མོད། དབང་གོང་མ་རྣམས་ལ་བདག་འཇུག་བྱར་མི་ རུང་བའི་རྒྱུ་མཚན་ཅུང་ཟད་ཀྱང་མེད་ཅིང༌། འདི་ལ་དེ་མི་རུང་ན་རྒྱུད་སྡེ་གཞན་ལའང་དེ་མི་ རུང་བར་འགྱུར་བས། ཁྱེད་རྣམས་རང་ཉིད་ཀྱི་ལག་ལེན་དང་ཤིན་ཏུ་འགལ་བར་འགྱུར་རོ། ། གཞུང་ཚད་ལྡན་གཞན་མང་པོ་ལས་ཀྱང༌། བདག་བསྐྱེད་ཀྱི་སྐབས་དབང་གཞན་བཞི་ཀར་ ལེན་པར་བཤད་པ་དང༌། འདིའི་རྡོ་རྗེ་འཇིགས་བྱེད་ཀྱི་སྐབས་ལས་ཀྱང༌། དབང་ལེན་པའི་ སྐབས་དབང་གོང་མ་རྣམས་བཤད་པས། དེ་དག་ཀྱང་སྤྱིར་བདག་འཇུག་གི་རིགས་དོན་གྱིས་ ཡིན་ཞིང༌། ཡང་སྒོས་སུ་དབང་གོང་མ་རྣམས་ལ་གང་དུ་འཇུག་པའི་དཀྱིལ་འཁོར་སོགས་ ཚིག་འདོན་རྒྱས་བསྡུས་མ་གཏོགས་དོན་ལ་ཁྱད་པར་མེད་པའི་བདག་འཇུག་ལེན་ཕྱིན་ དབང་གི་མཆོག་འདི་རྣམས་ཅིའི་ཕྱིར་འདོར་བར་བྱེད།། །། གཉིས་པ་ནི། དེ་ལ་དབང་གོང་མ་འདི་རྣམས་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ ནི། རྩ་རྒྱུད་ལས། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །དཀྱིལ་ འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་དུ་ཚོན་ལྔ་ལྡན་པས་མིན། །ཞེས་གསུངས་ཏེ། ཕྱག་ 3-1-665 རྒྱའི་ལས་ཀྱི་དབང་པོའི་དཀྱིལ་འཁོར་དུ་བུམ་དབང༌། བྷ་གའི་དཀྱིལ་འཁོར་དུ་གསང་ དབང༌། སེམས་ཞེས་བྱ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་དང་བཞི་ པ་བསྐུར་ཏེ། དེ་ཡང་བྱང་ཆུབ་སེམས་ཞེས་བྱ་བ་མིང་མཚུངས་པ་དང༌། དོན་ཡང་དེ་གཉིས་པོ་ དཔེ་དང་དཔེ་ཅན་ཉིད་ཀྱི་ཕྱིར་འབྲེལ་པ་ཅན་ནི་ཡིན་ནོ། །དེའི་ཕྱིར་གསུམ་པ་ཀུན་རྫོབ་བྱང་ ཆུབ་ཀྱི་སེམས་དང༌། བཞི་པ་དོན་དམ་བྱང་སེམས་གཉིས་དོན་གྱི་སྒོ་ནས་ཐ་དད་ཀྱང་བྱང་ ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་མིང་གི་སྒོ་ནས་གཅིག་ཏུ་བསྡོམས་ཀྱང་རུང་བས་ན་དཀྱིལ་ འཁོར་བཞི་དང་གསུམ་གང་གི་ཐ་སྙད་བརྗོད་ཀྱང་མི་འགལ་ལོ།། །། བཞི་པ་ནི་དེ་ལ་ཐོག་མར། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །ཞེས་སོགས་གསོལ་གདབ་ ནི། སློབ་དཔོན་གྱི་དབང་གི་སྐབས་སུ་བཤད་མོད། ཆོ་གའི་བྱ་བ་གཅིག་པའི་ཕྱིར་འདིར་ཡང་ སྦྱར་རོ། །དབང་གི་ཆོ་གའི་རིམ་པ་དཀྱིལ་ཆོག་ཏུ་བྲིས་ཟིན་པས། འདིར་ཟློས་ཏེ་མི་འབྲི་ལ། དོན་གྱི་སྙིང་པོ་ནི་རིག་མ་ལོ་བཅུ་གཉིས་ནས་ཉི་ཤུའི་བར་གྱི་ན་ཚོད་ཅན་མཚན་ཉིད་དང་ལྡན་ པ་དང་གཞན་ཡང་མཎྜལ་ཡོན་དུ་བཅས་པ་སློབ་དཔོན་ལ་ཕུལ་ཏེ། དང་པོར་སྤྱིའི་གསོལ་བ་བཏབ། དེ་ནས་སྔགས་ཀྱི་གསོལ་བ་བཏབ་ནས། སློབ་དཔོན་ གྱིས་ཀྱང་སློབ་མས་ཕུལ་བའི་རིག་མ་དེའམ་གཞན་གང་ཡང་རུང་བ་སྣ་ཚོགས་ཡུམ་གྱི་རྣམ་ པ་དང་ངོ་བོར་བྱིན་གྱིས་བརླབས་ནས། སློབ་མ་དུས་ཀྱི་འཁོར་ལོའི་ང་རྒྱལ་ཅན་ལ་གཏད་ དོ། །རྒྱུད་འགྲེལ་འདིར་གསལ་བར་གསུངས་པ་མེད་པས་ངག་འདོན་ལ་མེད་ཀྱང་རྡོ་རྗེ་སྙིང་ འགྲེལ་ལས། རྒོད་པས་དགའ་བ་ཐོབ་པས་ནི། །རྒོད་པ་དག་པ་སློབ་དཔོན་ཉིད། །ཅེས་ གསུངས་པས། རྒོད་པའི་བདེ་བ་ལམ་བྱེད་ཀྱང་ཞོར་བྱུང་དུ་དགོས་ལ། གཙོ་བོར་བུམ་པའི་ སྒྲས་བསྟན་པ་ཤེས་རབ་མའི་ནུ་མ་འཛིན་པ་ལས་བྱུང་བའི་བདེ་བ་ནི་དགའ་བ་བཞི་ལས་ དགའ་བའི་ཡེ་ཤེས་ཏེ་དེ་ངོས་ཟིན་པར་བྱས་ཤིང༌། དེ་ཉིད་སྟོང་པས་རྒྱས་བཏབ་སྟེ་དེའི་རང་ 3-1-666 ཞལ་བལྟས་ལ། མོས་པའི་སྒོ་ནས་མི་འགྱུར་བའི་བདེ་བའི་ནང་ཚན་དགའ་བའི་ཡེ་ཤེས་སུ་ མོས་པ་བྱའོ། ། དེ་ཡང་ཇི་སྐད་དུ། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་ པའི་དབང་ནི་དེ་ཉིད་དོ། །ཞེས་གསུངས། དེའི་མཐར་ས་བརྒྱད་པའི་ང་རྒྱལ་བཟུང་བ་བྱ། འདིར་རྗེས་ཆགས་ཀྱི་དགའ་བ་དང་པོ་སྐྱེས་པ་དེ་ནི་དབང་གི་ཡེ་ཤེས་ཡིན་ལ། དེ་ཉིད་གང་ ལ་བརྟེན་ནས་བྱུང་བ་ནི་ཕྱག་རྒྱའི་ལུས་ཏེ། དེ་ཡང་བུམ་པ་དང་དབྱིབས་མཚུངས་པའི་དཀར་ འཛིན་ནམ། ལུས་སྤྱི་རང་ཡང་བུམ་པ་དང་མཚུངས་པའི་ཕྱིར། ལུས་སྤྱི་དང་ཁྱད་པར་དཀར་ འཛིན་ནི་དཀྱིལ་འཁོར་ཡིན་ལ། དེ་ལས་ཐོབ་པའི་ཡེ་ཤེས་ནི་ནང་ཤེས་རབ་མའི་ལུས་ཀྱི་ བུམ་པ་ལས་ཐོབ་པའི་ཕྱིར་བུམ་དབང་ཞེས་བྱའོ།། །། གཉིས་པ་གསང་དབང་ནི། དང་པོར་གསོལ་གདབ་དང༌། མཐར་ང་རྒྱལ་འཛིན་པ་ སོགས་ཆོ་ག་སྔ་ཕྱིའི་རིམ་པ་བུམ་དབང་དང་འདྲ་བ་ལས། དངོས་གཞིའི་སྐབས་སུ། སྔར་ སློབ་མས་ཕུལ་བའི་རིག་མ་དེ་ཁོ་ན་དང༌། སློབ་དཔོན་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་ སེམས་སློབ་མའི་ཁར་དབབ་པས། བྱང་ཆུབ་ཀྱི་སེམས་དེ་མྱངས་པ་ལས་བྱུང་བའི་བདེ་བ་ གཞོན་ནུའི་བདེ་བ་ལྟ་བུ་སྐྱེའོ། །ཞེས་དཀྱིལ་ཆོག་གཞན་ནས་བཤད་པ་ལྟར་ཡང་རུང་ལ། འདི་སྐབས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་སྲས་བཅས་སྤྱན་དྲངས་ཏེ། སློབ་དཔོན་ གྱི་སྐུ་ལ་ཞུགས་ནས་བྱང་ཆུབ་ཀྱི་སེམས་སུ་སྒྲུབ་པ་ནི། རྒྱུད་འགྲེལ་འདི་ན་གསལ་ཁ་མེད་ ཀྱང༌། གསང་འདུས་རྒྱུད་ཕྱི་མར། རྡོ་རྗེ་པདྨ་སྦྱོར་བ་ཡིས། །དེ་བཞིན་གཤེགས་ཀུན་ཡང་ དག་བསྡུ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །དེ་དག་ཐམས་ཅད་སྙིང་གར་བསྡུས། །རྡོ་རྗེའི་ ལམ་ནས་ཕྱུང་ནས་ནི། །སློབ་མའི་ཁར་ནི་དབབ་པར་བྱ། །ཞེས་གསུངས་པའི་དོན་ཏེ། དེ་ ཡང་བླ་མེད་སྤྱི་ལ་འཇུག་པ་ཡིན་པས་འདིར་ཡང་སྦྱོར་དགོས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་ 3-1-667 འཁོར་ལོ་བཞིར་བརྟན་པར་བྱས་པས་དགའ་བཞིའི་ཡེ་ཤེས་ཡུན་རིང་དུ་ཉམས་སུ་མྱོང་བའི་ རྟེན་ཀུནྡ་ལྟ་བུ་དེ་མྱངས་པས་ཉམས་མྱོང་ཁྱད་པར་ཅན་སྐྱེའོ་ཞེས་གཞན་ནས་འབྱུང་བ་དང་ མཐུན། ཡབ་ཡུམ་གཉིས་ཀར་གྱི་བྱང་ཆུབ་ཀྱི་སེམས་སློབ་མས་མྱང་བ་འདིར་ཡང་མཛད་དེ། འདི་ཉིད་ལས་གསལ་བར་མ་གསུངས་ཀྱང་སྤྱི་འགྲོས་ཡིན་ནོ། །མིག་དར་བཅིངས་གྲོལ་སློབ་ དཔོན་གྱི་དབང་གི་སྐབས་ཀྱི་གསང་དབང་ལ་གསུངས་པ་ལྟར་འདིར་ཡང་སྦྱོར་ལ། གང་ ལས་གསང་དབང་ཐོབ་པའི་རིག་མའི་བྷ་གའི་དཀྱིལ་འཁོར་ལ་བལྟས་པའི་རྗེས་ཆགས་ལ་ བརྟེན་ནས། བུམ་དབང་གི་དུས་ལས་ལྷག་པའི་དགའ་བ་གཉིས་པ་མཆོག་དགའི་ཉམས་མྱོང་ ཙམ་དངོས་སུ་སྐྱེ་བ་ངོས་ཟིན་པ་དང༌། དེ་ལ་མི་འགྱུར་བའི་མཆོག་དགར་མོས་པ་བྱེད་དོ། །དེ་ ཡང་རྒྱུད་ལས། གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་ལྟ་བ་དག་གི་གསང་བའི་ དབང་དུ་འགྱུར། །ཞེས་པ་དང༌། བལྟས་པས་དགའ་བ་ཐོབ་པ་ནི། ལྟ་བ་གསང་བ་དེ་བཞིན་ ནོ། །ཞེས་སོ། །དཀྱིལ་ཆོག་གཞན་དང་ཐུན་མོང་མ་ཡིན་པ་ནི། གསང་བའི་དཀྱིལ་འཁོར་ལྟ་ བའི་བདེ་བ་འདི་ཡིན་ལ། སྐབས་འདིའི་མཆོག་དགའ་ནི། པདྨའི་དཀྱིལ་འཁོར་བལྟས་པའི་ རྒྱུ་ལས་བྱུང་བའི་ཕྱིར། བྷ་གའི་དཀྱིལ་འཁོར་དུ་ཞུགས་ཞེས་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་ དབང་ཡང་གསོལ་བཏབ་སྔོན་དུ་འགྲོ་བས་དངོས་གཞིའི་སྐབས་སུ་རྒྱུད་ལས། ཤེས་རབ་ཡེ་ ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱིས་སྦྱང་བ་བྱས་ནས་ནི། ། རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དཔང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། ། ཞེས་གསུངས་ཏེ། དེའི་དོན་ལ་རྒྱལ་བའི་རིགས་ཀྱི་སོགས་རིག་མའི་གནས་ལྔར་ༀ་ཡིག་ལ་ སོགས་པ་ས་བོན་ལྔ་འགོད་པར་གསུངས་པ། འདུས་པ་ལ་སོགས་པ་རྒྱུད་གཞན་ལས་འབྱུང་ བ་ལྟར་ཡང་རུང་བའི་དོན་དང༌། ཡང་དེའི་དོན་འདུས་ཤིང་ལྷག་དང་བཅས་པ་ཡིན་པས་ཡན་ ལག་དྲུག་དགོད་པའམ། རིགས་དྲུག་གི་ས་བོན་དགོད་པའམ། ཐིག་ལེའི་རྣལ་འབྱོར་གྱི་ 3-1-668 སྐབས་སུ་བཤད་པ་ལྟར་ཡང་རུང་བ་ལས་ཕྱི་མ་འདི་ཕྱག་ལེན་ལ་མཛད་དོ། །རྒྱལ་བ་རྣམས་ དཔང་པོར་བྱས་ཞེས་པ་ནི། འདིར་ནི་ཁྱེད་རྣམས་དཔང་པོ་ལགས། ཞེས་སོགས་ཇི་ལྟར་འོས་ པའི་ཚིག་སྟེ་ཕྱག་རྒྱ་གཏད་པའོ། །གཞན་མཁའ་གསང་བྱིན་རླབས་སོགས་ཐིག་ལེའི་རྣལ་ འབྱོར་གྱིས་རིགས་འགྲེ། འདིར་འགྲེལ་ཆེན་ལས། རྡོ་རྗེ་སེམས་དཔའ་དཔང་པོར་བྱས་ནས་ ལག་བཅངས་དང་གཉིས་གཉིས་བྱེད་པའི་ཆེད་དུ་ཕྱག་རྒྱ་དེ་སློབ་མ་ལ་སྦྱིན་པར་བྱའོ། །ཇི་ ལྟར་སྐལ་བ་ངན་པའི་སེམས་ཅན་འདི་ནི་སྒོམ་པ་ལ་སོགས་པ་ལ་དབང་བ་དང༌། རྒྱུད་ཉན་ པའི་ཆེད་དུ་སྟེ་ཞེས་ལག་བཅངས་དང༌། གཉིས་སྤྲོད་གཉིས་རིམ་པས་དངོས་སུ་བྱ་བར་ གསུངས། ལག་བཅངས་དགའ་བ་ཐོབ་པ་ནི། ལག་བཅངས་དག་ལ་ཤེས་རབ་ཉིད་ཅེས་པ་ ལྟར་ལག་བཅངས་ནི་མཚོན་བྱེད་དེ། ལུས་ཀྱི་ཕྱི་རོལ་སྦྱོར་བ་ལས་བྱུང་བ་སྐད་ཅིག་མའི་ཁྱད་ པར་གྱི་དགའ་བ་ཐོབ་པ་ནི། འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་ཉིད་ཀྱི་ནང་ཚན་དབང་ གསུམ་པ་དང༌། གཉིས་གཉིས་སྤྲད་ལས་བདེ་ཐོབ་པ། །གཉིས་གཉིས་འཁྱུད་ལ་དེ་བཞིན་ ཉིད། །ཅེས་པ་ལྟར་རྡོ་རྗེ་པདྨ་མཉམ་པར་སྦྱར་བ་ལས་བྱང་ཆུབ་ཀྱི་སེམས་གསང་བ་ནས་ ནོར་བུར་འོངས་པ་ཡུན་རིང་ཐུང་ཇི་ལྟར་འོས་པ་བཅིངས་པ་ལས་བྱུང་བའི་སྐད་ཅིག་པའི་ བདེ་བ་ལྷན་ཅིག་སྐྱེས་པའི་རང་བཞིན་ཤེས་པར་བྱེད་པ་ནི། འཇིག་རྟེན་པའི་ཤེས་རབ་ཡེ་ ཤེས་ཉིད་ལ་བལྟོས་པའི་བཞི་པ་སྟེ། གཉིས་པོ་དེ་ཡང་སློབ་མའི་བྱང་ཆུབ་ཀྱི་སེམས་ཀྱི་ བགྲོད་པ་མངོན་གྱུར་པ་བཀག་པ་ལས་བྱུང་བའི་བདེ་བ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཀུནྡ་ལྟ་བུའི་ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་ཞེས་ཐ་སྙད་འཇོག་ལ། འདིར་སྐད་ཅིག་མའི་ ཁྱད་དགའ་དང་ལྷན་སྐྱེས་ཙམ་དངོས་སུ་སྐྱེ་བ་དེ་ལ་མོས་པའི་སྒོ་ནས་མི་འགྱུར་བའི་ཁྱད་ དགའ་དང༌། ལྷན་སྐྱེས་སུ་མོས་པ་བྱའོ། །དེ་ལྟར་ན་བུམ་དབང་གི་སྐབས་སུ་ནམ་མཁའ་དང་ རླུང་གི་ཁམས་གཙོ་བོར་གྱུར་པ་རྒོད་པ་སྒྲ་དང༌། ནུ་མ་ལ་རེག་པ་རེག་བྱའི་ཡོན་ཏན་གྱི་ཐིག་ 3-1-669 ལེ་བཅིངས་པ་དང༌། གསང་དབང་གི་སྐབས་མེ་ཁམས་གཙོ་བོར་གྱུར་པ་རོའི་ཡོན་ཏན་ཏེ་ བྱང་ཆུབ་ཀྱི་སེམས་མྱངས་ཤིང༌། རོ་དེ་གང་ནས་བྱུང་བ་པདྨ་ལ་བལྟས་པ་ལས་བྱུང་བའི་ཕྱིར། སྔར་གཉིས་ཀྱི་སྟེང་དུ་རོའི་ཡོན་ཏན་དང༌། འཇིག་རྟེན་པའི་ཤེར་དབང་གི་སྐབས་འདིར་ལག་ བཅངས་སོགས་རགས་པའི་ལུས་སྤྲད་པ་ནི་གཟུགས་ཀྱི་ཡོན་ཏན་ཆུའི་ཁམས་དང༌། གཉིས་ གཉིས་སྦྱོར་བ་གསང་བར་ནང་གི་རྩ་ཁམས་ཀྱི་དྲི་ངད་ཕྲད་པའི་ཕྱིར། དྲིའི་ཡོན་ཏན་སའི་ ཁམས་ཀྱི་བདེ་བ་ཞེས་བྱ་སྟེ། སྔ་མ་སྔ་མ་རྣམས་ཡར་ལྡན་དུ་ཡོད་པས་ཡོན་ཏན་བཞི་ལྡན་ དང་ལྔ་ལྡན་ཡིན་ནོ། །སྤྱིར་བཏང་སྐབས་འདིར་ཡང་མས་བརྟན་པ་དགོས་ལ། འོན་ཀྱང་ལས་ དང་པོ་པ་ལ་མས་བརྟན་མ་ནུས་ཀྱང་ཉེས་པ་ཆུང་ངོ༌། །དེ་རྗེས་ས་བཅུ་པའི་ང་རྒྱལ་བཟུང་ ནས། སློབ་མ་དེ་དབང་བཞི་པའི་སྣོད་དུ་མ་གྱུར་པ་ཡིན་ན། རེ་ཞིག་མཆོག་དབང་རྣམ་པ་ གསུམ་པོ་དེ་ཉིད་སྦྱིན་ཏེ། དབང་བཞིའི་གྲངས་ཀྱི་སྒོ་ནས་དབུགས་ཕྱུང་སྟེ་ལག་བཅངས་ཀྱི་ བདེ་བ་ནི། དབང་གསུམ་པ་དང༌། གཉིས་སྤྲོད་ནི་བཞི་པའོ་ཞེས་སོ། །དེའི་རྗེས་སུ་ལས་ཀྱི་ ཕྱག་རྒྱའི་རབ་སྦྱོར་དང༌། ཞེས་སོགས་ཀྱིས་ཐུན་མོང་མ་ཡིན་པའི་དམ་ཚིག་ཐིག་ལེ་འཕོ་མེད་ དུ་འཆིང་བ་ལ་བསླབ་དགོས་པ་དང༌། སྔར་བྱིས་འཇུག་གི་སྐབས་སུ་བསྒྲགས་པ་དང་ཉིན་ ཞག་སོ་སོ་ཡིན་ན། རྩ་ལྟུང་སོགས་ཀྱང་སྒྲག་གོ །དེ་ལ་ཚིགས་བཅད་ཀྱི་དོན་ནི། ལས་ནི་ཕྱག་ རྒྱ་དང་རབ་ཏུ་སྦྱོར་བའི་སྐབས་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་རྗེས་ཆགས་ཀྱི་བདེ་བ་སྒོམ་པ་ལ་ ཡང་བདེ་བ་ཆེན་པོའི་རྟེན་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ། བརྟུལ་ཞུགས་ཚུལ་ཁྲིམས་བརྟན་ པོས་མ་ཉམས་པར་བསྲུང་བར་བྱའོ། རྗེས་ཆགས་ལའང་ཞེས་འང་སྒྲ་སྨོས་པ་ནི། སྟོང་ གཟུགས་ཀྱིས་བདེ་བ་བསྐྱེད་པ་ན། བྱང་ཆུབ་ཀྱི་སེམས་མི་འཕོ་བར་བྱེད་དགོས་པར་མ་ཟད། ལས་ཡེ་གཉིས་ལས་ཀྱང་འཕོ་མེད་དུ་བྱེད་དགོས་ཞེས་པའོ། །འདི་ནི་སྤྱི་ཁྱབ་ཏུ་བསྟན་པ་སྟེ། དང་པོར་སྨིན་བྱེད་ཀྱི་དབང་ནས་བརྩམས་ཏེ་རྗེས་དྲན་གྱི་བར་དང༌། ཏིང་ངེ་འཛིན་ཡན་ཆད་ 3-1-670 ཀྱི་རྗེས་ཐོབ་ཏུའང་འཇུག་གོ །སྲུང་ཚུལ་ཇི་ལྟ་བུ་སྙམ་ན། བྷ་གར་ལིངྒ་རབ་ཏུ་བཞག་ནས་ བྱང་ཆུབ་ཀྱི་སེམས་ཕྱི་རོལ་ཏུ་སྤྲོ་བར་མི་བྱ་སྟེ། ཁམས་གསུམ་པོ་མ་ལུས་པའི་རྣམ་པ་ཅན་གྱི་ སངས་རྒྱས་ཀྱི་གཟུགས་ཏེ་སྟོང་གཟུགས་རྟག་ཏུ་བསྒོམས་པས་ཐིག་ལེ་འཛག་མེད་དུ་འཆིང་ བར་བྱའོ། །འདི་ནི་རྗེས་དྲན་གྱི་སྐབས་ཐམས་ཅད་དང་ཏིང་ངེ་འཛིན་གྱི་རྗེས་ཐོབ་ཏུ་སྟེ། དངོས་ནི་དེ་ལྟར་ཡིན་ཡང་རྗེས་མཐུན་པའི་དབང་དུ་བྱས་ན། འཛིན་པའི་སྐབས་དང་སྲོག་ རྩོལ་མན་ཆད་ཀྱི་ཡང་བོགས་འདོན་བཙན་ཐབས་ཀྱི་སྦྱོར་བ་ལ་ལས་ཡེ་གཉིས་ཀྱི་རྗེས་ཆག་ སྒྲུབ་པའི་སྐབས་སུ་ཡང༌། སྤྱིར་སྟོང་གཟུགས་ལ་དམིགས་པ་ཙམ་དང༌། རླུང་སྟོབས་ཀྱིས་ ཐིག་ལེ་བཅིངས་པ་ན། སྟོང་གཟུགས་ཀྱིས་བཅིངས་པའི་ཆ་ཡང་ཅུང་ཟད་ཡོད་པ་དག་ཡིན་ ནོ། །སྟོང་གཟུགས་ལ་སངས་རྒྱས་ཀྱི་གཟུགས་ཞེས་གསུང་པའི་རྒྱུ་མཚན་ནི་སངས་རྒྱས་ དངོས་དོན་དམ་པའི་སངས་རྒྱས་བདེ་གཤེགས་སྙིང་པོ་ཡིན་ལ། འདི་དེའི་རང་གཟུགས་ཡིན་ པར་དགོངས་པའོ། །དེ་ཡང་ཐ་མལ་གྱི་རླུང་ཅུང་ཟད་ཐིམ་ཞིང་ཡེ་ཤེས་ཀྱི་རླུང་རྒྱས་པ་ན། སྟོང་གཟུགས་གསལ་བར་སྣང་ལ། ཡང་སྟོང་གཟུགས་ལ་སེམས་གཏད་པ་ན། འབྲས་བུས་ རྒྱུའི་རིགས་རྒྱུན་ལ་ཕན་བཏགས་པའི་ཚུལ་གྱིས་ཡེ་ཤེས་ཀྱི་རླུང་རྒྱས་པར་འགྱུར། དེ་རྒྱས་ པས་ཐ་མལ་གྱི་རླུང་བཀག་སྟེ་འཆིང༌། རླུང་འཆིངས་པས་ཐིག་ལེ་འགག་སྟེ། རྒྱུ་མཚན་དེའི་ ཕྱིར་སྟོང་གཟུགས་ཀྱིས་ཐིག་ལེ་འཆིང་པ་ཡིན་ནོ། །ཐིག་ལེ་སྲུང་བའི་ཚུལ་འདི་ཉིད་ཁོ་ན་ ཡིས་སྐྱེ་བ་གཞན་མ་བརྒྱུད་པར་ཚེ་འདི་ལ་སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་པར་འགྱུར་ཏེ་ དང་པོར་འཛག་མེད་ཀྱི་བདེ་བ་ཚུལ་ཁྲིམས་ཀྱི་ཚོགས་ནི་ཡང་དག་པར་རྫོགས་ཤིང༌། སྦྱིན་ སོགས་བསོད་ནམས་ཀྱི་ཚོགས་དང༌། འགྱུར་མེད་བདེ་བའི་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་ ལྡན་པ་ལས་འབྲས་བུས་རྟགས་བཅུའི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པ་ཡི་རྫོགས་ པའི་སངས་རྒྱས་དྲི་བྲལ་དེ་བཞིན་ཉིད་ཀྱི་ངོ་བོ་དུས་གསུམ་ཤེས་བྱ་ཀུན་ལ་ཆོས་ཉིད་ཀྱི་ཚུལ་ 3-1-671 དུ་ཁྱབ་པར་འཇུག་པ་དེའི་གོ་འཕང་མངོན་སུམ་དུ་ཐོབ་པར་འགྱུར་ལ། འགྱུར་མེད་བདེ་བ་ འདི་ཡི་ངང་དུ་གོམས་པར་བྱས་པས། བདེ་བའི་རང་མདངས་གཞོམ་མེད་ཀྱི་སྒྲ་ཆོས་སྒྲ་ ཐམས་ཅད་དུ་འཆར་བས། རྫོགས་པའི་སངས་རྒྱས་ཀུན་གྱི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ བ་ཡང་བདེ་ཆེན་གྱི་མཐུའོ། །དེས་ན་རང་དོན་སྒྲུབ་པའི་སླད་དུ་འགྱུར་མེད་ཀྱི་སྙིང་རྗེ་དང༌། གཞན་དོན་སྒྲུབ་པའི་སླད་དུ་རྣམ་ཀུན་གྱི་སྟོང་ཉིད་རྟོགས་པར་བྱས་ནས་དེ་གཉིས་དབྱེར་ མེད་དུ་སྒོམ་དགོས་སོ། །ཆོས་ཅན་ཁམས་གསུམ་མཐའ་དག་ལ་དབང་བསྒྱུར་བའི་ཆོས་ཉིད་ དབང་ཕྱུག་དམ་པ་དོན་དམ་ཁམས་གསུམ་གྱི་ཡེ་ཤེས་ནི་སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ་ཡིན་ ལ། འདི་ལས་གཞན་པའི་ཆོས་རྣམས་ཀྱི་གནས་ལུགས་ཡོད་པ་མ་ཡིན་པས། བདེ་བ་དང་ རྣམ་པ་ཐམས་ཅད་པ་གནས་ཚུལ་ཡིན་པའི་ཕྱིར། ལམ་ཡང་དེ་དང་མཐུན་པར་སྒོམ་དགོས་ སོ། །ཐིག་ལེ་སྟོང་གཟུགས་ཀྱི་ངོ་བོར་གྱུར་པའི་འཛག་མེད་ཀྱི་ཚུལ་ཁྲིམས་སྐྱོབ་པ་སངས་ རྒྱས་ཐམས་ཅད་ཀྱི་སྡོམ་པའི་མཆོག དེའི་རྒྱུར་ཐིག་ལེ་སྲུང་བའི་ཚུལ་ཁྲིམས་འདི་ནི་གལ་ཏེ་ ཁྱོད་ཀྱིས་སྲུང་བར་བྱེད་ན། བདག་རྡོ་རྗེ་སེམས་དཔའི་བུ་སྟེ་རིགས་ཡིན་ལ། དེའི་ཚེ་སངས་ རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་ རོ། །བདེ་བ་རྣམ་པ་ཐམས་ཅད་པའི་གནས་ལུགས་རྟོགས་པ་ལ་བདེ་སྟོང་དེ་རྟོགས་པའི་ལམ་ གྱི་ཡེ་ཤེས་མི་འགྱུར་བའི་བདེ་བ་དགོས། དེ་ཐོབ་པ་ལ་ཞུ་བདེ་འགྱུར་མེད་དགོས། དེ་ལ་བྱེད་ བཅིངས་རླུང་སྟོབས་སོགས་ཐབས་དུ་མའི་སྒོ་ནས་ནམ་དུ་ཡང་བྱང་ཆུབ་ཀྱི་སེམས་མ་འཕོས་ ཤིང་བརྟན་པ་དགོས་པ་ལས། ཅི་སྟེ་ཆགས་པའི་རྣམ་རྟོག་གིས་ཟིལ་གྱིས་མནན་པའི་བདག་ ཉིད་ཅན་དག་དཀྱིལ་འཁོར་གྱི་གཙོ་བོ་བླ་མའི་མདུན་དུ་འཛག་མེད་ཀྱི་སྡོམ་པ་བླངས་ནས། ཡང་དེ་ནི་བྱང་ཆུབ་ཀྱི་སེམས་ལྟུང་བར་ཆེད་དུ་རྩོལ་བས་སྡོམ་པ་སྐྱོང་བར་མི་བྱེད་ན། དེའི་ཚེ་ དེ་ནི་དམྱལ་བ་ངུ་འབོད་དུ་འགྲོ་བར་འགྱུར་རོ། །གལ་ཏེ་འཆིང་བར་འདོད་པའི་བསམ་པ་ 3-1-672 ཡོད་ཀྱང༌། སྒོམ་པའི་སྟོབས་དམན་ཞིང་ཞེན་པའི་སེམས་ལས་རླུང་སྟོབས་ཀྱིས་འཆིང་མ་ ནུས་པར་གང་གི་ཚེ་ཕྱག་རྒྱའི་སྐྱེ་གནས་སུ་བྱང་ཆུབ་ཀྱི་སེམས་ལྟུང་བར་གྱུར་ན། དེའི་ཚེ་ཕྱག་ རྒྱའི་སེམས་ཤིན་ཏུ་རྣམ་པར་དག་པར་ཤེས་ནས་ནི་པདྨའི་ཕྱི་རོལ་ནས་རང་གི་ལྕེས་བླང་བར་ བྱ་སྟེ། རྟེན་བྱང་ཆུབ་ཀྱི་སེམས་ལ་གཅེས་སྤྲས་དང་གུས་པའི་སེམས་ཀྱིས་སོ། །གལ་ཏེ་དེའི་ སེམས་མ་དག་ན་མ་ཚོར་བར་བླང་ཞེས་དོན་དམ་བསྙེན་པར་བཤད་དོ། །དེ་ན་ཡོན་འབུལ་བ་ སོགས་བྱ་སྟེ། རེ་ཞིག་དེ་ཙམ་གྱིས་ཆོག་ཤེས་པར་བྱ་ལ། དེ་ཁོ་ནས་སོ་སོར་སྡུད་པ་ལ་སོགས་ པ་ལུགས་འདིའི་ཐུན་མོང་མ་ཡིན་པའི་རྫོགས་རིམ་རྣམས་སྒོམ་པ་ལ་མི་དབང་ཡང་རྩ་རླུང་ ཐིག་ལེ་ལས་རྒྱ་སོགས་ལ་བརྟེན་པའི་གསལ་སྟོང་དང་བདེ་སྟོང་སྒོམ་པ་སོགས་འཕགས་ ཡུལ་གྱི་པཎ་གྲུབ་ཕལ་ལ་གྲགས་པའི་རྫོགས་རིམ་གྱི་མིང་ཅན་རྣམས་སྒོམ་པ་ལ་དབང་ངོ༌། ། འོ་ན་བུམ་དབང་ཐོག་མར་དགེ་བའི་སྨིན་བྱེད་དུ་སྦྱོར་བ་སོགས་མི་འཐད་པར་འགྱུར་རོ་ སྙམ་ན། སྔར་བུམ་དབང་ཐོབ་པའི་རྒྱུན་དེ་ཕྱིས་འཇིག་རྟེན་ལས་འདས་པའི་བཞི་པས་བྱིན་ གྱིས་བརླབས་པ་ན། དེ་འདྲ་བའི་བུམ་དབང་གི་སྡོམ་པ་དེ་སོར་བསམ་གྱིས་ཡེ་ཤེས་དང་ཡོན་ ཏན་འཕྲལ་དུ་བསྐྱེད་པའི་མཐུ་ཅན་དུ་འགྱུར་གྱི། བཞི་པས་བྱིན་གྱིས་མ་བརླབས་ན། དེ་ལྟར་ མི་འགྱུར་ཏེ་བརྒྱུད་རྒྱུ་ཙམ་མོ། །དཔེར་ན་ཆུ་ཅོད་གཉིས་སྐུ་རྡོ་རྗེ་སྨིན་བྱེད་ཙམ་ཡིན་ཡང༌། དབང་གོང་མ་མ་བསྐུར་ན་རྫོགས་རིམ་སྐུ་རྡོ་རྗེའི་རྣལ་འབྱོར་ཐོས་སུ་ཡང་མི་རུང་ན་སྒོམ་པ་ ལྟ་ཅི་སྨོས་པ་བཞིན་ནོ། ། དེའི་རྗེས་སུ་འཆད་རྒྱུ་དབང་གི་རབ་བྱེད་ནི། དབང་གསུམ་པའི་རྗེས་འབྲང་ཡིན་ཡང་མི་ རིང་བར་བཞི་པ་སྦྱིན་རྒྱུའི་ཤེར་དབང་གི་མཐར་བྱ་དགོས་ཀྱི། དམིགས་གསལ་མ་གཏོགས་ སྤྱིར་བཏང་ལ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་རེ་ཞིག་མི་བསྐུར་ན་སྐབས་འདིར་ མི་བྱ་སྟེ། འདི་ནི་གསུམ་པའི་དབང་དེ་འཇིག་རྟེན་པ་དཔེ་ཙམ་ཡིན་ནོ་ཞེས་སྨད་ནས་དོན་གྱི་ 3-1-673 བཞི་པ་ལ་བསྔགས་པ་བརྗོད་པ་ཡིན་པའི་ཕྱིར། བཞི་པ་མི་བསྐུར་བ་ལ་འདི་བྱས་ན་སློབ་མ་ ལ་དགའ་བ་མ་ཡིན་པ་བསྐྱེད་པའི་ཕྱིར་དང༌། འཕྲལ་དུ་བཞི་པ་བསྐུར་པར་འགྱུར་བ་ལ་ནི། འདི་བྱེད་དགོས་ཏེ་དད་པ་དང་སྤྲོ་བ་བསྐྱེད་པའི་ཕྱིར་ཡིན་པས་སོ། ། སྐབས་འདིར་རྒྱུད་ཚིག་འདོད་པ་བསྐྱོད་པ་ཞེས་སོགས་ཚིགས་བཅད་ཀྱི་དོན་ནི། འགྲོ་ བ་རྣམས་ཀྱི་ཡིད་ལ་སྐྱེས་པའམ་བུད་མེད་ཀྱི་ཡིད་ལ་འདོད་པའི་སེམས་བསྐྱོད་ཅིང་འགྲོ་ བར་བྱེད་པའི་སྐད་ཅིག་མ་གསལ་བར་སྣང་བ་ལས་སྐྱེས་པ་དེ་ནི་དང་པོ་དགའ་བ་ཡིན་ལ། ཤེས་རབ་ཀྱི་ལུས་ལ་འཁྱུད་ཅིང་རེག་པ་ལས་བྱང་ཆུབ་ཀྱི་སེམས་དཔྲལ་བའི་འཁོར་ལོ་ལས་ འབབ་ཅིང་རྫོགས་པ་གང་བའི་གནས་སྐབས་ནི་མཆོག་དགའ་ཡིན་ཞིང༌། དབང་པོ་གཉིས་ མཉམ་པར་ཞུགས་པའི་རྐྱེན་གྱིས་གང་བ་དེའི་མཐར་ཡན་ལག་མཆོག་མགོ་བོའི་གནས་ལས་ རི་བོང་འཛིན་པ་ཁུ་བ་ཞུ་སྟེ། མགྲིན་སྙིང་ལྟེ་གསང་སོགས་རྩ་འཁོར་སོ་སོར་བདེ་བ་འབར་ བའི་རྟེན་ཐིག་ལེའི་རྒྱུན་རྩ་འཁོར་གཅིག་ཏུ་ལྟུང་ཞིང་འཛག་པ་ནི་ཁྱད་པར་གྱི་དགའ་བ་དང༌། དེ་ནས་ཨོཊྚ་ཞེས་པ་ཟླ་བའམ་མྱོས་པའི་དོན་ཏེ་ཐིག་ལེ་འཕོ་བཞིན་པའི་དུས་ན། སྐུ་གསུང་ ཐུགས་ཀྱི་ཐིག་ལེ་གསུམ་བྱུང་བའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་ངོ༌། །དེ་ཡང་ མགྲིན་པ་ནས་སྐུ་དང༌། སྙིང་ག་ནས་གསུང་དང༌། ལྟེ་བ་ནས་ཐུགས་ཀྱི་ཐིག་ལེ་རྣམས་འཐུར་ དུ་སྤགས་པ་ན། བཞི་པའི་ཐིག་ལེ་ནོར་བུ་ནས་ཕྱིར་འཕོ་བ་རྩོམ་པ་དུས་མཉམ་པའོ། །སྤྱིར་ དགའ་བ་བཅུ་དྲུག་ལ་བཞི་བཞི་བཅུ་དྲུག་ཏུ་བཤད་པ་མང་ཡང་འདིར་དགའ་བ་དང་པོ་ལ་ ནམ་མཁའ་རླུང་མེ་ཆུ་སའི་རིམ་པས། དགའ་བཟང་རྒྱལ་སྟོང་རྫོགས་པར་སྦྱར་ཏེ། ཨ་ཨི་ར་ ཨུ་ལ་ཀ་འཆར་བ་དང༌། མཆོག་དགའ་བ་ཡང་དེ་བཞིན་དུ་སྦྱར་ཏེ། ཨ་ཨེ་ཨར་ཨོ་ཨལ་ཙ་ འཆར་བ་དང༌། ཁྱད་དགའ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ཧ་ཡ་ར་ཝ་ལ་ཊ་འཆར་བ་སྟེ། དེ་ ལྟར་ན་དགའ་བ་གསུམ་ལ་ནང་ཚན་གྱི་དབྱེ་བ་ལྔ་ལྔ་སྟེ་བཅོ་ལྔ་དང༌། ལྷན་སྐྱེས་ནི་གཅིག་ཁོ་ 3-1-674 ན་སྟེ། ཆ་བཅུ་དྲུག་པ་ཁམས་ཐམས་ཅད་འདུས་པ་དགའ་བ་བཟང་པོ་སོགས་ན་ཚོད་འགྱུར་ བའི་རིམ་པ་ཐམས་ཅད་སྤངས་པ་ཡིན་ནོ། །ཤེས་རབ་མ་ལ་ལྟ་བ་དང༌། རེག་པ་དང༌། རྡོ་རྗེ་ པདྨར་འགྲོགས་པ་ལས་བྱང་ཆུབ་ཀྱི་སེམས་གཡོ་ཞིང་འཛག་པའི་བདེ་བ་འདི་དག་གིས་ནི་ རིམ་པ་བཞིན་དུ་དགའ་བ་དང་པོ་དང༌། ལ་སོགས་ཀྱི་ཁོངས་ནས་མཆོག་དགའ་དང༌། ཁྱད་ དགའ་དང༌། ལྷན་སྐྱེས་ཀྱི་དབྱེ་བ་སྟེ། དགའ་བ་དང་པོ་དག་ཀྱང་མི་རྣམས་ཀྱིས་ནི་ཆགས་ ཡུལ་ལ་མིག་གིས་ལྟ་བ་དང༌། རྒོད་པ་དང༌། དཀར་འཛིན་སོགས་ཆ་ཤས་ལ་རེག་པ་རྣམས་ ཀྱིས་འདོད་པའི་སེམས་བསྐྱོད་ཅིང་དགའ་བར་བྱེད་པ་ཡིན་ལ། དེའི་ཕྱི་རྗེས་ནས་བྱང་ཆུབ་ ཀྱི་སེམས་མགོ་བོའི་འཁོར་ལོ་ནས་ཞུ་ཞིང་གང་བ་དང༌། འཁྱུད་པ་སོགས་ནས་རྡོ་རྗེ་པདྨར་ རབ་ཏུ་སྦྱར་བའི་བར་གྱིས་ནི། སླར་ཡང་གཉིས་པ་མཆོག་གི་དགའ་བ་ཉིད་དོ། །ཡང་འདོད་ པའི་མིའི་དྲོད་དང་བདེ་བ་འབར་བ་ཉིད་ལས་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉིད་དང་ལུས་ཉིད་ ཀྱི་ནང་ཚན་རྩ་འཁོར་སོ་སོ་ལ་འཛག་པའི་དགའ་བ་ཡིས་ཀྱང་ཁྱད་པར་གྱི་དགའ་བ་ཉིད་དོ། ། རྡོ་རྗེ་དང་པདྨ་ཕན་ཚུན་དུ་བྱ་བ་བྱས་པ་ལས་ཐིག་ལེ་གསུམ་གྱི་མཐར་འགྱུར་བ་ལ་གནས་ པའི་ཨོཊྚ་ཏེ་རྣམ་རྟོག་དང་བྲལ་ཞིང་མྱོས་པའི་སྐད་ཅིག་མ་ནི་ལྷ་ཅིག་སྐྱེས་པའི་དགའ་བའོ། ། དེ་ཡང་ཐིག་ལེ་གྲོལ་པ་སྟེ་ཕྱི་རོལ་ཏུ་ལྟུང་པ་ནི། ཆགས་བྲལ་ཉམས་པའི་ཕྱོགས་ཡིན་ལ། རྡོ་རྗེ་སྟེ་མི་འཕོ་བར་བྱས་ན། ཨོཊྚས་བཀུག་པ་སྟེ་དེ་ཡིས་རྒྱུ་བྱས་ནས་བཀུག་སྟེ་འོངས་པ་ དང་འདྲ་བ་སྟེ། ཨོཊྚའི་གནས་སྐབས་སུ་འཕོ་བ་མེད་པར་བཅིངས་པས། ཨོཊྚ་ཉིད་ལ་རང་ བཞིན་གྱིས་གནས་པའི་མཆོག་གི་བདེ་བ་དམ་པ་ཞུ་བདེ་འགྱུར་མེད་ཀྱི་ལྷན་ཅིག་སྐྱེས་དགའ་ སྟེར་ཞིང་ཐོབ་པར་བྱེད་དོ། །དེ་དག་ནི་འཇིག་རྟེན་ཀུན་རྫོབ་མཚོན་བྱེད་དཔེའི་དགའ་བཞི་ ཡིན་ལ། མཚོན་བྱ་དོན་གྱི་དགའ་བཞི་ནི། མཚན་བརྗོད་ཀྱི་ལུང་ཤོ་ལོ་ཀ་གཉིས་ཀྱིས་སྟོན་ཏེ། དོན་གྱི་ཡེ་ཤེས་མི་འགྱུར་བའི་བདེ་བ་ནི་ཆགས་པ་སྟེ་བདེ་བ་ཆེན་པོ་ཡིན་ལ། གཞན་ཕལ་པ་ 3-1-675 ལ་ཀུན་རྫོབ་ཀྱི་བདེ་བ་ཤིན་ཏུ་རྒྱས་པའི་མཐར་དེའི་རྗེས་སུ་ཉམས་པའི་ཆགས་བྲལ་འཇུག་ ཀྱང༌། འདི་ལ་ཉམས་པ་མི་སྲིད་པས་ཆག་བྲལ་གྱི་དང་པོ་ལ་རྟག་ཏུ་གནས་པ་ཡིན་ལ། ཡེ་ ཤེས་ཀྱི་རང་བཞིན་ཁ་དོག་སྣ་ཚོགས་འབར་བའི་འོད་རྡུལ་དང་བྲལ་པ་དང༌། རྡོ་རྗེ་རྫོགས་ པར་སངས་རྒྱས་པ་སྟེ། སྟོང་གཟུགས་ཀྱི་རྡོ་རྗེ་རྟག་ཏུ་ལངས་པ་གཞིག་ཏུ་མེད་པའི་དོན་ཡིན་ ལ། དེ་ཡང་སྟོང་གཟུགས་དང་ཐིག་ལེ་རོ་གཅིག་ཏུ་འདྲེས་པ་ལས་མི་འགྱུར་བའི་བདེ་བ་དེའི་ གནས་ནི་ཤེས་རབ་སྟོང་གཟུགས་ཉིད་དོ། །སངས་རྒྱས་ཀྱི་བརྗོད་པ་གཞོམ་མེད་ཀྱི་སྒྲ་དང༌། དེ་རྣམས་ཀྱི་ཆོས་ཐིག་ལེ་བཞི་པོ་མི་འགྱུར་བར་འཛིན་པ་སྟེ། ཁ་དོག་སོགས་ཀྱི་སྐུ་དང༌། སངས་རྒྱས་བརྗོད་པ་ཞེས་པ་གསུངས་དང༌། རྡོ་རྗེ་སོགས་ཀྱིས་ཐུགས་དང༌། ཆགས་བྲལ་ སོགས་ཀྱིས་ཡེ་ཤེས་ཏེ། ཆོས་ཞེས་པས་དེ་རྣམས་ཀྱི་རྟེན་ཐིག་ལེ་བཞིའོ། །དོན་དམ་ཁམས་ གསུམ་བརྟན་གཡོའི་དངོས་པོ་རྣམ་པ་ཀུན་དང་ལྡན་ཞིང༌། རྡུལ་དང་སྐད་ཅིག་ལས་འདས་ པས་ཀུན་རྫོབ་ཀྱི་རྣམ་པ་ཅི་ཡང་མེད་པ། དེ་ལྟ་བུའི་སྟོང་ཉིད་དང༌། བཅུ་དྲུག་གི་ཕྱེད་ཀྱི་ཕྱེད་ དེ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་བཞི་འཕོ་མེད་སྒྲིབ་བྲལ་དུ་འཆང་ཞིང༌། དཔེར་ན་ དཀར་ཕྱོགས་ནག་ཕྱོགས་ཀྱི་ཆ་བཅོ་ལྔ་ལས་འདས་ཤིང༌། ཆ་དེ་རྣམས་མེད་པའི་ཆ་བཅུ་དྲུག་ པ་དང་མཚུངས་པར་འཕེལ་འགྲིབ་ཐམས་ཅད་ལས་འདས་ཀྱང་འཕེལ་འགྲིབ་ཀུན་ལ་ཆོས་ ཉིད་དུ་ཁྱབ་པའི་འགྱུར་མེད་བདེ་བ་དེ་ནི་བསམ་གཏན་དགའ་བ་བཞིའི་རྩེ་མོ་ལྷན་ཅིག་སྐྱེས་ དགའ་རྟག་ཏུ་འཛིན་ཞིང་འཆང་པའོ། །ཞེས་དོན་དམ་པའི་ཡེ་ཤེས་ལ་ངོ་བོའི་སྒོ་ནས་དབྱེ་ བ་མེད་ཀྱང་ལྡོག་ཆས་ཕྱེ་ན་དགའ་བ་བཞི་པོ་རེ་རེ་རྡོ་རྗེ་བཞི་བཞིའི་ཕྱེ་བས་བཅུ་དྲུག་སྟེ། ཆ་ མེད་ཆ་ལས་འདས་ཞེས་པས་དེ་ཁོ་ན་ཉིད་བཅུ་དྲུག་བསྟན་ཞིང༌། བསམ་གཏན་བཞི་ཞེས་ པའི་དགའ་བཞི་དང༌། ཆགས་བྲལ་སོགས་ཀྱིས་དེ་བཞི་པོ་རེ་རེ་ལ་ཡང་རྡོ་རྗེ་བཞིས་འབྱེད་ པར་བསྟན་ནོ། །དཔེའི་ཡེ་ཤེས་ཀྱི་སྐབས་སུ་དགའ་བ་བཞི་ནི་གོང་དུ་བཤད་པ་བཞིན་ཡིན་ 3-1-676 ཞིང༌། སྐབས་འདིར་འདོད་པ་གང་བ་འབར་བ་ཨོཊྚ་རྣམས་དགའ་བ་བཞི་དང་དོན་གཅིག་ མིང་གི་རྣམ་གྲངས་སུ་མཛད་ལ། སྐད་ཅིག་མའི་དགའ་བ་བཅུ་དྲུག་ནི་འོག་ཏུ་འཆད་པ་ལྟར་ ཏེ། དེའི་སྐབས་སུ་འདོད་པ་ལ་སོགས་པ་བཞི་པོ་དེ་རྣམས་དགའ་བཞིའི་ནང་ཚན་རེ་རེ་ལ་ སྦྱོར་གྱི། དགའ་བཞིའི་མིང་གི་རྣམ་གྲངས་སུ་མི་བྱེད་དོ། །ཞེས་དམིགས་ཕྱེད་པར་བྱའོ། །དེ་ དག་གིས་འཇིག་རྟེན་པའི་དབང་གི་ཆོ་གའི་རིམ་པ་རྣམས་མདོ་ཙམ་བསྟན་ཟིན་ཏོ།། །། བཞི་པ་འཇིག་རྟེན་འདས་པའི་དབང་གི་རིམ་པ་ལ་དཔྱད་པ་ལ་གསུམ་སྟེ། སློབ་མའི་ དབང་ལ་བཞི་པ་འཇུག་ཚུལ། བཞི་པའི་ཆོ་ག་ལ་དཔྱད་པ། བཞི་པའི་ཡེ་ཤེས་ངོས་བཟུང་ བའོ། ། དང་པོ་ནི། སློབ་མའི་དབང་གི་སྐབས་འདིར་འཇིག་རྟེན་ལས་འདས་པའི་བཞི་པ་ངེས་ པར་བསྐུར་དགོས་ཏེ། རྒྱུད་ལས། ཤེས་རབ་ཡེ་ཤེས་དག་གིས་མངོན་པར་དབང་བསྐུར་སྲིད་ པའི་འཇིགས་པ་འཇོམས་པའི་འཇམ་དབྱངས་ཉིད་དུ་འགྱུར། །ཞེས་གསུངས་པའི་དངོས་ བསྟན་གསུམ་པའི་དག་པ་བརྗོད་ནས། འགྲེལ་པར། དེ་ལྟར་བསོད་ནམས་དང་ཚུལ་ཁྲིམས་ ཀྱི་ཚོགས་སྔོན་དུ་འགྲོ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་ས་བཅུ་གཉིས་པ་ལ་རྣལ་འབྱོར་ པ་རྣམས་སངས་རྒྱས་ཉིད་དོ། །ཞེས་གསུངས་ཏེ། བསོད་ནམས་ཀྱི་ཚོགས་དབང་བདུན་ དང༌། ཚུལ་ཁྲིམས་ཀྱི་ཚོགས་བུམ་གསང་ཤེར་དབང་གསུམ་དང༌། ཡེ་ཤེས་ཀྱི་ཚོགས་ཀྱི་ལམ་ ས་བཅུ་གཅིག་པ་ལས་འབྲས་བུ་ས་བཅུ་གཉིས་པ་ཐོབ་པ་དང་དག་པ་སྦྱར་ཏེ་གསལ་བར་ གསུངས་པའི་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ངེས་པར་དགོས་ལ། སྐབས་འདིར་ དབང་གོང་མ་རྣམས་སའི་དག་སྦྱོར་དང་བཅས་ཏེ་གསལ་བར་གསུངས་པ་འདི་ནི། རྒྱུད་ ལས། སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་ དག་རབ་སྦྱིན་བྱ། །ཞེས་པའི་འཇུག་ཐོག་ཁོ་ནར་གསུངས་ཤིང༌། འདིའི་དེ་མ་ཐག་གི་རྗེས་སུ་ 3-1-677 ཡང་རྩ་ལྟུང་བསྒྲགས་པ་སོགས་ཆོ་གའི་ལྷག་མ་བཤད་པ་དང༌། སློབ་དཔོན་གྱི་དབང་དང༌། འདི་དག་སྟོན་བྱེད་རྣམས་མདོར་བསྡུས་སོ་སོའི་མཚམས་བཅད་པའི་སློབ་མའི་དབང་ཁོ་ནས་ སྐབས་ཡིན་ནོ། །དེར་མ་ཟད་དབང་བཅུ་གཅིག་སའི་དག་པ་དང་སྦྱོར་བ་འདི་གཙོ་བོར་སློབ་ མའི་དབང་ལ་འཇུག་དགོས་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་ཉིད་ལ་དབང་བཅུ་གཅིག་བྲེངས་ ཆགས་སུ་བསྐུར་རྒྱུ་མེད་པའི་ཕྱིར་རོ། །སློབ་མ་དང་སློབ་དཔོན་གཉིས་ཀར་སྡོམ་པའི་ཕྱིར་རོ་ སྙམ་ན། མི་རུང་སྟེ་བརྒྱད་དགུ་བཅུ་པ་གསུམ་པ་དག་པ་ལན་གཉིས་ཡོད་པར་འགྱུར་བ་དང༌། གཞན་རྣམས་ལ་རེ་རེ་ལས་མེད་པར་ཐལ་བས་ཤིན་ཏུ་མི་འགྲིག་པའི་སྐྱོན་དུ་འགྱུར་བའི་ ཕྱིར། སློབ་མའི་དབང་ཁོ་ནར་ཡང་ས་བཅུ་གཉིས་ཀྱི་དག་པ་རྫོགས་པ་ཚང་དགོས་སོ།། །། གཉིས་པ་ནི། ཁ་ཅིག་དབང་བཞི་པ་བསྐུར་བའི་དོན་བཞི་པའི་ལམ་དང་འབྲས་བུའི་ མཚན་ཉིད་སློབ་དཔོན་གྱིས་བཤད་དེ། སློབ་མས་གོ་བ་ཞིག་ཡིན་གྱི། དམིགས་པ་ཕོག་སྟེ་ སྒོམ་དུ་བཅུག་པས་བཞི་པར་མི་འགྱུར་ཏེ། བཞི་པ་ཚིག་དབང་ཞེས་གསུངས་པའི་ཕྱིར་རོ། ། ཞེས་ཟེར་རོ། །དེ་ནི་མི་འཐད་དེ་ཚིག་གིས་དབང་བསྐུར་བར་བཤད་པ་ཉིད་ཀྱིས་ཁྱེད་འདི་ འགལ་ཁྱབ་ཡིན་ལ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཚིག་གི་དབང་ཞེས་པའི་དབང་རྫས་དང་ སྔགས་ཚིག་གིས་བསྐུར་བ་གཅོད་པ་ཡིན་མོད་སྒོམ་པ་མ་བཀག་སྟེ། ཚིག་གིས་གདམས་ ངག་ཇི་ལྟར་བརྗོད་པ་ལྟར་སློབ་མས་སྒོམ་དུ་གཞུག་པའི་དོན་ཡིན་པས་སོ། །ཚིག་གི་དབང་ ཞེས་པས་རྫས་སྔགས་སུ་མ་ཟད་དམིགས་པ་སྒོམ་པ་ཡང་འགོག་སྟེ། ཚིག་བརྗོད་ཁོ་ན་ལས་ གཞན་གང་ཡང་མི་རུང་ན། སློབ་མས་དོན་གོ་བ་ཡང་འགོག་དགོས་ཏེ། དོན་གོ་བ་དང་སྒོམ་ པ་གཉིས་ཀར་ཚིག་གི་བརྗོད་པ་མ་ཡིན་པར་མཚུངས་པ་དང་ཚིག་དབང་ཞེས་པ་ལ་དོན་དེ་ གཉིས་ཉེ་རིང་དང་ཤས་ཆེ་ཆུང་གི་ཁྱད་པར་ཡང་མི་སྣང་བའི་ཕྱིར་རོ། །དེས་ན་རང་བྱུང་ཉིད་ དུ་མངོན་པར་རྟོགས་པ་ཡིན་ན་མ་གཏོགས་དམིགས་པ་སྒོམ་པ་ཀུན་ལ་གདམས་ངག་གི་ཚིག་ 3-1-678 སྔོན་དུ་འགྲོ་དགོས་པས། ཚིག་གིས་སྦྱིན་པ་དང་དམིགས་པ་བྱེད་པ་ག་ལ་འགལ་ཏེ། ཚིག་ གིས་སྦྱིན་རྒྱུ་དེ་ཀ་དམིགས་པ་ཡིན་པས་སོ། །དེས་ན་དབང་བཞི་པ་སློབ་དཔོན་ལ་ཞུ་བའི་ སྐབས། དམིགས་པ་ལ་མཉམ་པར་འཇོག་པ་དང་མོས་སྒོམ་བྱེད་པ་གཙོ་ཆེ་སྟེ། བཞི་པ་སློབ་ དཔོན་ལ་ཞུ་བ་དེ་ཡང་ཆོ་གས་སྟེར་བ་ཡིན་དགོས་ཤིང༌། སྔོན་འགྲོ་གསོལ་བཏབ་དང༌། རྗེས་ ང་རྒྱལ་བཟུང་བ་མ་གཏོགས། འདིར་དངོས་གཞི་ལ་རྫས་སྔགས་ཀྱི་ཆོ་ག་ནི་བཀག་སྟེ། ཏིང་ ངེ་འཛིན་འབའ་ཞིག་གི་ཆོ་ག་ཡིན་པས་དེར་ཡང་དམིགས་པ་སྒོམ་པ་ལས་གཞན་དུ་མེད་པའི་ ཕྱིར་རོ།། །། བཞི་པའི་ལམ་དང་འབྲས་བུའི་དོན་འཆད་པ་ནི་དམིགས་པ་སྒོམ་པ་དེ་ཉིད་ལ་ངེས་ ཤེས་བསྐྱེད་པའི་ཕྱིར་བརྡ་སྤྲོད་ཙམ་དུ་འགྱུར་སྲིད་པའི་སྤྱིར་འགོག་པ་མ་ཡིན་མོད། དོན་གྱི་ གཙོ་བོ་ཡང་མིན་ལ། བཤད་པ་ཙམ་གྱིས་ཆོ་གར་ཡང་མ་སོང་ཞིང༌། གལ་ཏེ་བཤད་པ་བྱེད་ པ་དེ་བཞི་པའི་ཆོ་ག་ཡིན་ན་ནི། རྒྱལ་བའི་གསུངས་པའི་སྔགས་ཚིག་ངེས་ཅན་སྟོན་དགོས་ ལ། མ་ཡིན་ན་ནི་ངེས་པར་དགོས་པ་ཡང་མ་ཡིན་ནོ། །ཡང་འདི་སྐད་ཅེས་བྱ་སྟེ། ལས་དང་ པོ་པ་ལ་བསྐུར་བའི་ཚེ་དབང་གཞན་རྣམས་ལས་བཞི་པ་བཟང་བ་དང་མཐོ་བ་དང་མཆོག་མ་ ཡིན་པར་ཐལ་བར་འགྱུར་ཏེ། གཞན་རྣམས་ལ་རྫས་དང་དམིགས་པའི་སྒོ་ནས་ཉམས་མྱོང་ ཅུང་ཟད་རེ་དངོས་སུ་སྐྱེ་རྒྱུ་ཡོད། བཞི་པ་ལ་ཚིག་ཕྱིར་འབྲངས་པའི་གོ་བ་ཙམ་མ་གཏོགས་ མྱོང་བ་སྐྱེ་རྒྱུ་ཅུང་ཟད་ཀྱང་མི་འདུག་པའི་ཕྱིར། འདོད་པར་ནི་རང་གཞན་ཐམས་ཅད་ཀྱིས་ མི་ནུས་མོད་ཅི་སྟེ་འདོད་དོ་ཞེ་ན། དབང་བཞིའི་ལམ་གྱི་ནང་ནས་བཞི་པའི་ལམ་མཆོག་མ་ ཡིན་པར་ཐལ་ཏེ། སྨིན་བྱེད་དབང་གི་སྐབས་སུ་བཞི་པ་མཆོག་མ་ཡིན་པའི་ཕྱིར། སྨིན་བྱེད་ དབང་གི་སྐབས་སུ་བཞི་པ་ལ་སའི་དག་པ་མཐོ་ཤོས་སྦྱོར་བ་མི་འཐད་པར་ཐལ་ཏེ། དབང་ གཞན་རྣམས་ལས་དེ་མཆོག་མ་ཡིན་པའི་ཕྱིར། གཞན་ཡང་ཀུན་ཏུ་གྲགས་པ་དང་འགལ་ལོ། ། 3-1-679 ཡང་མ་ཁྱབ་སྟེ། དབང་དུས་སུ་ཡང་དབང་གཞན་གྱི་ཉམས་མྱོང་ལས། བཞི་པ་ཐོས་པའི་ གོ་བ་ཙམ་ཡང་བཟང་ངོ་སྙམ་ན་མི་འཐད་དེ། འོ་ན་ལམ་དུས་སུ་ཡང་དབང་གཞན་གྱི་ལམ་ གྱི་ཉམས་མྱོང་རྒྱུད་ལ་སྐྱེས་པ་ལས་དབང་བཞི་པའི་ལམ་ཐོས་བསམ་གྱིས་གཏན་ལ་ཕེབས་ པའི་ཤེས་རབ་དེ་བཟང་བར་ཐལ་ཏེ་རྒྱུ་མཚན་དེའི་ཕྱིར་རོ། །དེ་ཡང་འདོད་ན་ཁྱེད་ཀྱི་ལུགས་ ལ་རྣལ་འབྱོར་ཡན་ལག་དང་པོ་ལྔའི་རྟོགས་པ་སྐྱེས་པའི་སྦྱོར་ལམ་པ་ལས། དབང་བཞི་པའི་ དོན་འཆད་ཤེས་པ་ཚོགས་ལམ་དང་པོ་ལ་ཡང་མ་ཞུགས་པའི་སྐྱེས་བུ་དེ་བཟང་བར་འགྱུར་ ཏེ་རྒྱུ་མཚན་དེའི་ཕྱིར་རོ། །ཡང་དབང་བསྐུར་གཞན་རྣམས་ཆོ་ག་ཡིན་ཡང་བཞི་པ་མིན་སྙམ་ ན། དབྱེ་བ་དེ་ལྟར་འབྱེད་པ་ལ་རྒྱུ་མཚན་ལུང་རིགས་གཉིས་ཀ་མེད་ཅིང༌། དག་བྱ་དག་བྱེད་ སོགས་མཚུངས་པར་སྦྱར་བའི་རྒྱུ་མཚན་གྱིས་ཆོ་ག་ཡིན་མཉམ་ལ་རྒྱུ་མཚན་ཡོད་པའི་ཕྱིར་དེ་ མི་འཐད་ལ། གཞན་ཡང་ཆོ་ག་མ་ཡིན་ན། སྔགས་ཀྱི་གསོལ་བཏབ་ཀྱང་མི་འོས་ཤིང༌། ང་ རྒྱལ་བཟུང་བ་ཡང་མི་འོས་སོ། །དབང་གཞན་རྣམས་རེ་རེ་ལ་རྒྱུད་ཁྱད་པར་ཅན་གོང་ནས་ གོང་དུ་འགྱུར་བའི་སྐབས་རེ་ཡོད་པས་རྒྱུ་མཚན་དེས་ས་སོ་སོའི་ང་རྒྱལ་འཛིན་པ་ཡིན་ན། འདི་ལ་ཆོ་ག་མེད་ན་ཅིའི་ཕྱིར་རྒྱུད་གོང་དུ་འགྱུར། ས་གོང་མའི་ང་རྒྱལ་ཅིའི་ཕྱིར་བྱེད། ཐོས་ པའི་ཤེས་རབ་འཕེལ་བས་སོ་སྙམ་ན། དེ་ལྟར་ན་རྒྱུད་ཉན་པའི་ཚེ་ཚིག་རེ་རེ་ལས་ཀྱང་ཐོས་ པའི་ཤེས་རབ་འཕེལ་བའི་ཕྱིར་རྒྱུད་བཤད་ལ་ས་ལ་སོགས་པའི་དག་སྦྱོར་སྟོང་ཕྲག་མང་ པོ་དགོས་པར་འགྱུར་རོ། །དེས་ན་སེམས་རྒྱུད་ཀྱི་རྟེན་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་ བ་ནི། རེ་ཤིག་རིགས་གཉིས་སུ་ངེས་ཏེ་གཅིག་ནི་བསྒོམས་པའི་སྟོབས་ཀྱིས་སེམས་ཀྱི་རྟེན་ གོང་ནས་གོང་དུ་འཕོ་བ་ཡིན་ལ། གཉིས་པ་ནི། ཆོ་གའི་སྒོ་ནས་བྱིན་གྱིས་བརླབས་པས་ སྡོམ་པའམ་བརྟུལ་ཞུགས་སམ་བྱིན་རླབས་ཀྱི་སྟོབས་ཀྱིས་ཁྱད་པར་འཕགས་པའི་གནས་སུ་ རྒྱུད་འགྱུར་བ་བསྟེན་པ་ཡིན་པས། རེ་ཤིག་འདི་གཉིས་ལས་གཞན་ཡོད་པ་མ་ཡིན་ཏེ། འདི་ 3-1-680 གཉིས་གང་ཡང་མེད་ན། ཐོས་པ་ཙམ་གྱི་སྐབས་དེ་ཉིད་ཁོ་ནར་རྒྱུད་ཁྱད་འཕགས་སུ་འགྱུར་ བ་མ་ཡིན་ཏེ། ཆོ་གས་སྡོམ་པ་ཡང་མ་བླངས་མཉམ་བཞག་གི་སེམས་ཀྱང་མ་སྐྱེས་ན། གསུང་ རབ་ཡན་ལག་བཅུ་གཉིས་རྫོགས་པར་ཐོས་ཀྱང་རྒྱུད་གོང་དུ་མི་འགྱུར་ཏེ་སྡོམ་པས་རྒྱུད་ ཁྱད་པར་དུ་ཡང་མ་གྱུར་ལ། མིའི་ཆོས་ལས་གོང་དུ་སོང་བ་ཡང་མ་ཡིན་ནོ། །དེས་ན་དབང་ བཞི་པ་ནི་ཆོ་གས་བསྐུར་དགོས་པ་ཡིན་ན་བཞི་པའི་བཤད་པ་བྱས་པ་ཙམ་གྱིས་ཆོ་གར་ག་ ལ་འགྱུར། ལར་ཁྱེད་རྣམས་ཀྱིས་གསང་བ་བསྐུར་བ་དང༌། གསང་བ་བཤད་པའི་དབྱེ་བ་མ་ ཕྱེད་པས་ཁྱེད་རང་དག་གསང་བ་འཆད་པ་ལྟར་བྱེད་པ་དེ་བཞི་པ་གསང་བ་བསྐུར་བ་ཡིན་ པར་རློམ་ཞིང༌། དུས་འཁོར་བ་རྙིང་པ་རྗེས་འབྲང་དང་བཅས་པ་དག་དང་དཔལ་ཇོ་ནང་པ་ དག་དབང་གོང་མ་གསང་བ་བསྐུར་བ་ལ་གསང་བ་བཤད་པ་ཡིན་སྙམ་ནས་གསང་སྒྲོགས་ ཀྱི་སྐུར་བ་འདེབས་པར་བྱེད་དེ། རང་གཞན་གཉིས་ཀའི་ངང་ཚུལ་མ་རིག་པ་མི་མཁས་པའི་ རང་བཞིན་ཁོ་ནའོ། །དེས་ན་རང་ལུགས་ལ་དབང་བཞི་པའི་སྐབས་སུ་ཡན་ལག་དྲུག་པའི་ དམིགས་པ་སྒོམ་དགོས་པས་ཤིན་ཏུ་ལས་དང་པོ་པ་ལ་ཡང་སོར་སྡུད་ཀྱི་དམིགས་པ་དང་པོ་ ཙམ་ངེས་པར་ཕོག་ནས། ཡན་ལག་དྲུག་ཀར་གྱི་ཡེ་ཤེས་སུ་མོས་པ་བསྐྱེད་དགོས་ལ། རྗེས་ སུ་དབང་དོན་ངོ་སྤྲོད་ཀྱི་ཚིག་བཤད་མཐའ་གཅིག་ཏུ་དགོས་པའི་ངེས་པ་མེད་ཀྱང༌། མཛད་ པའི་སྲོལ་ཡོད་པ་དེ་ཡང་སློབ་མས་གོ་བར་རུང་བ་མང་ཉུང་འཚམ་པར་བརྗོད་ཀྱི། འདི་ཆོ་ག་ བྱེད་པའི་སྐབས་ཡིན། གཞུང་བཤད་བྱེད་པའི་སྐབས་མ་ཡིན་པས་ཧ་ཅང་ལབ༌ཐག་{རྗིར་[རིང་]བ་དང་ བཤད་པ་{དགའ་[དཀའ་]བ་དག་གཏོང་བ་ནི་མི་ལེགས་སོ། །ཡང་དབང་བཞི་པ་ལ་ཐོས་ བསམ་གྱི་གོ་བ་མ་གཏོགས། དམིགས་པ་ལ་མཉམ་པར་འཇོག་ཏུ་མི་རུང་བར་སྨྲ་བ་འདི་ནི། ལས་འཕྲོ་ཅན་དང་དབང་པོ་རྣོན་པོ་ལ་དབང་བསྐུར་དུ་མི་རུང་བར་འདོད་དགོས་པར་འགྱུར་ 3-1-681 ཏེ། དབང་སྔ་མ་སྔ་མ་རྣམས་ཀྱི་ཉམས་མྱོང་སྔོན་དུ་སོང་ནས། བཞི་པའི་སྐབས་བླ་མས་ བཤད་པ་མ་གཏོགས་དམིགས་པ་མ་ཕོག་ཀྱང༌། དབང་པོ་རྣོན་པོ་ལ་ཉམས་མྱོང་སྔ་མ་རྣམས་ ཀྱིས་སྣ་དྲངས་ཏེ། བཞི་པའི་བཤད་པ་ཐོས་པས་རྐྱེན་བྱས་ནས། སློབ་མའི་སེམས་རྒྱུད་སོར་ སྡུད་སོགས་ཀྱི་དམིགས་པ་ལ་གནས་པར་གྱུར་ན། ཁྱེད་ཀྱི་ལུགས་ལ་བཞི་པ་བསྐུར་བའི་ དགག་བྱ་ཆེ་ཤོས་སུ་འདོད་པ་དམིགས་པ་སྒོམ་པ་དེ་རང་ཤུགས་སུ་བྱུང་བས་གོད་ཆེན་པོ་ སྦྱོར་བར་ཐལ་བའི་ཕྱིར་རོ། ། ཡང་རྒྱ་གར་གྱི་སློབ་དཔོན་མང་པོའི་དཀྱིལ་ཆོག་དང་བཤད་པས་དབང་བཞི་པའི་དོན་ འཆད་པ་ཉིད་བཞི་པ་བསྐུར་བར་བཞེད་དོ་ཞེ་ན། འདི་ལ་ཁ་ཅིག་ནི་དེ་ལྟར་འདོད་དུ་ཆུག་ ཀྱང༌། བྲམ་ཟེ་ཆེན་པོ་ས་ར་ཧས་ཕྱོགས་སྔར་མཛད་དེ་བཀག་པ་དེར་སྣང་བས་ཁུངས་སུ་མི་ རུང་ངོ༌། །དེ་ཡང་དོ་ཧ་མཛོད་ལས། ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། ཞེས་ཕྱོགས་ སྔར་བཀོད་ནས། ལྷན་ཅིག་སྐྱེས་པ་ཚིག་གིས་མི་མཚོན་ཏེ། །ཞེས་སོགས་རྣམ་གྲངས་དུ་མས་ དགག་པར་མཛད་དོ། །ཡང་བཞི་པའི་དོན་གྱི་བཤད་པ་མཛད་པ་གཞན་མང་པོ་ཞིག་ནི། དོན་ དེ་དང་མཚུངས་པར་དམིགས་པས་སྒོམ་དགོས་རྒྱུ་མན་ངག་གབ་པའི་ཚུལ་ཡིན་པ་ལ། ཁྱེད་ མཁས་པར་མངོན་པའི་ང་རྒྱལ་ཅན་དག་གིས་རྒྱུད་འགྲེལ་དག་ལ་ལྟ་རྟོག་མཛད་པ་ན། མན་ ངག་ནི་ཞལ་མ་མཇལ། གལ་ཏེ་མཇལ་ཡང་རང་གི་ང་རྒྱལ་དེའི་དབང་ལས་ཡིད་མ་ཆེས། བླ་མ་གདམས་ངག་ཅན་ལས་ནི་རིང་དུ་བྱོལ། དཔེ་རིས་ཀྱི་ཚིག་དོན་ཙམ་ལ་ནི་དམིགས་པ་ གསལ་བར་མ་ཐོན་པའམ། རེས་འགའ་ཐོན་པ་ཡོད་སྲིད་ཀྱང༌། ཚིག་དོན་ལ་གོ་བ་ལོག་པ་ ཤར་ཏེ། ཟབ་དོན་བྱིན་རླབས་ཀྱི་བཅུད་ལེན་ཕོ་ནས། ཚིག་ཙམ་གྱི་རྫ་བུམ་སྟོང་པ་འཆང་ བར་ཟད་དོ།། །། གསུམ་པ་ནི་དེ་ལ་དབང་བཞི་པའི་དབང་དོན་གྱི་ཡེ་ཤེས་རྣམ་པ་ཀུན་གྱི་མཆོག་དང་ 3-1-682 ལྡན་པའི་སྟོང་པ་ཉིད་ལ་མི་འགྱུར་བའི་བདེ་བ་རོ་གཅིག་ཏུ་འདྲེས་པ་དེ་ཡིན་མོད། དེའི་ཡན་ ལག་ཆ་ཚང་བ་སྒྲུབ་པ་པོས་མངོན་དུ་གྱུར་པའི་ཐོག་མ་ནི། ཏིང་ངེ་འཛིན་གྱི་རིམ་པའི་སྐབས་ ཡན་ཆད་ཡིན་ཡང་འདི་ན་ཁ་ཅིག་བཞི་པའི་དབང་དོན་ཡིན་ན། ཏིང་ངེ་འཛིན་གྱི་རིམ་པ་ཁོ་ ནར་ཁྱད་མཐའ་འཆའ་བ་ནི་ཤིན་ཏུ་མི་རིགས་སོ། །དེའི་རྒྱུ་མཚན་ཡང་རྫོགས་རིམ་ཡན་ལག་ དྲུག་པ་ནི་ཕྱག་ཆེན་ཁོ་ན་གཙོ་བོར་བྱེད་པ་དང༌། ལས་དང་པོ་པའི་སོར་སྡུད་ནས་བརྩམས་ ཏེ། མི་འགྱུར་བའི་རྒྱུ་ཚོགས་ཁོ་ན་ཡིན་པའི་ཕྱིར་དང༌། འཇིག་རྟེན་པའི་དབང་གོང་མ་གསུམ་ ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཁོ་ན་དང༌། ཞུ་བདེ་ཁོ་ནའི་ཉམས་མྱོང་ལ་ངོ་སྤྲོད་ དགོས་པའི་ཕྱིར། ཕྱག་ཆེན་གཙོ་བོར་བྱེད་པའི་སྨིན་བྱེད་དངོས་སུ་མི་རུང་ངོ༌། །དེའི་ཕྱིར་ སོར་སྡུད་ཀྱི་རིམ་པ་ཡང་བུམ་པའི་དབང་དོན་དང་འདྲེས་པ་ནི་ཡིན་གྱི། ལམ་གྱི་གཞུང་ཤིང་ ནི་བཞི་པའི་དབང་དོན་ཉིད་དོ། །དེས་ཡན་ལག་གཞན་བཞི་པོ་ལ་རིགས་འགྲེའོ། །ཁ་ཅིག་ འདི་སྐད་ཅེས་དབང་བཞི་པའི་མཐར་ཐུག་མི་འགྱུར་བའི་བདེ་བ་ལ་ངོས་འཛིན་པ་ནི། བཞི་ པའི་ཕྱེད་མ་ཙམ་ཡིན་པས་མི་འཐད་ལ། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དང་གཉིས་ཚོགས་སུ་ བྱེད་དགོས་སོ་ཟེར་རོ། །དེ་ནི་མི་འགྱུར་བའི་བདེ་བ་ངོས་མ་ཟིན་བཞིན་དུ་གཞན་སྐྱོན་རྟོག་ པ་ལ་ཞུགས་པ་སྟེ། གང་མི་འགྱུར་པའི་བདེ་བ་ཡིན་པ་དེ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ གཟུགས་ཀྱང་ཡིན་པས་ཁྱབ་པས་མི་འགྱུར་བའི་བདེ་བ་ཡིན་ལ། སྟོང་གཟུགས་མ་ཡིན་པ་མི་ སྲིད་པའི་ཕྱིར་རོ། །དཔེར་ན་རྒྱལ་བུ་དོན་གྲུབ་ཀྱི་སྟེང་ན། ལྷ་མོ་སྒྱུ་འཕྲུལ་གྱི་སྲས་པོའི་རྫས་ ཐ་དད་དུ་མེད་ཀྱི། ཁོང་ཉིད་དེ་གཉིས་ཀ་ཡིན་ནོ། །ཁྱེད་ཀྱི་རྩོད་པ་འདི་ནི། དཔེར་ན། རྒྱལ་བུ་ དོན་གྲུབ་ནི་ངེས་པར་སངས་རྒྱས་སུ་འགྱུར་རོ་ཞེས་སྨྲས་པ་ན། དེ་ལ་ཁ་ཅིག་འདི་སྐད་ཅེས། རྒྱལ་བུ་དོན་གྲུབ་དུ་གྱུར་པ་ཙམ་གྱིས་སངས་རྒྱས་ཐོབ་པར་མི་འགྱུར་གྱི། ལྷ་མོ་སྒྱུ་འཕྲུལ་ གྱི་སྲས་དང་དོན་གྲུབ་ཉིས་ཚོགས་ཡིན་ན་དེར་འགྱུར་ཟེར་བ་དང་འདྲ་སྟེ། ལར་འགྱུར་མེད་ 3-1-683 བདེ་བའི་མཚན་ཉིད་ཙམ་ཡང་ངོས་མ་ཟིན་པར་དུས་ཀྱི་འཁོར་ལོ་འཆད་པའི་ཁུར་འཁྱེར་ བ་ནི། སུ་ཞིག་གིས་དབང་མེད་བཏང་བ་ལགས་སམ། ཡང་དེ་དག་གསང་སྔགས་པ་སྔ་མ་ རྣམས་ཕལ་ཆེར་ལ་ཟུར་ཟ་བའི་ཁུངས་ཀྱིས་འདི་སྐད་ཅེས་དབང་བཞི་པ་བྱེད་ཟེར་ནས་ཧྭ་ ཤང་གི་སྒོམ་འབོགས་ཞེས་དང༌། དཔལ་ཇོ་ནང་པ་ལ་སྨོད་པར་བསམས་ཏེ། འདི་སྐད་དུ་ སྟོང་གཟུགས་དང་བདེ་བ་རྟག་པར་འདོད་པ་མུ་སྟེགས་པའི་གྲུབ་མཐའ་ཡིན་ཟེར་བ་སོགས་ ནི། ཁྱེད་རྣམས་རང་ཉིད་གོ་ཡུལ་གྱི་ལྟ་བ་དང༌། རྣལ་འབྱོར་སྒོམ་པའི་ཚུལ་ལ་གཟབ་དགོས་ ཤིང༌། འཇིག་རྟེན་ཐམས་ཅད་ཀྱིས་སྨད་པའི་གནས་སུ་མ་ལྟུང་བར་བག་ཡོད་འཚལ་གྱི། དེ་ འདྲ་མེད་པར་རང་ཉིད་དམན་པའི་གནས་སུ་ལྟུང་བཞིན་དུ་གཞན་གྱི་ཡོན་ཏན་ལ་སྐྱོན་དུ་ བཏགས་པས་ཅི་ཞིག་བྱ། ཚུལ་འདི་རྣམས་ལ་དགག་སྒྲུབ་ཀྱི་དཔྱད་པ་མང་དུ་བྱར་ཡོད་མོད་ ཀྱི། གཞན་དུ་འབྲི་བར་འགྱུར་བས་འདིར་རྒྱས་པར་མི་འཆད་དོ། ། འོན་ཀྱང་འདི་སྐད་ཅེས་བྱ་སྟེ། ཁྱེད་རྣམས་ཀྱང་འདོད་ཅིང་རྒྱ་བོད་ཀྱི་དབུ་མའི་མིང་ཅན་ རྩོད་ཆོས་པ་ཀུན་ལ་གྲགས་པའི་འཇིག་རྟེན་གྲགས་སྡེ་པ་དང༌། མདོ་སྡེ་སྤྱོད་པ་བ་དང༌། སློབ་ དཔོན་སེང་བཟང་དང༌། ཀ་ཤཱི་སོགས་ཀྱི་འདོད་ཚུལ་ལས་ནི། རྒྱ་ནག་ཧྭ་ཤང་མཧཱ་ཡ་ནའི་ འདོད་པ་མཆོག་ཏུ་གྱུར་པ་ཡིན་ལ། སྲིད་ཞི་ཐམས་ཅད་ཀྱི་དཔྱིད་ཀྱི་ཐིག་ལེ་ལེགས་པ་ཐམས་ ཅད་ཀྱི་འབྱུང་གནས་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྐུར་བ་འདེབས་པའི་སངས་རྒྱས་ པའི་མིང་ཅན་སྐྱབས་གནས་དང་ལྟ་སྒོམ་སྤྱོད་པ་ཐམས་ཅད་ཁ་ཙམ་ཚིག་ཙམ་འབའ་ཞིག་ཏུ་ ཟད་པ་རྣམས་ལས་ནི། རིག་བྱེད་ཀྱི་རྗེས་སུ་འབྲང་པ་མུ་སྟེགས་བྱེད་རྣམས་ཀྱང་མཆོག་ཡིན་ པས། ཁྱེད་རྣམས་ཏ་ནང་པ་སངས་རྒྱས་པ་ཧྭ་ཤང་མ་ཧཱ་ཡ་ནའི་ལུགས་ལ་ཞུགས་ན་ལྟ་ཅི་ སྨོས། མུ་སྟེགས་ཀྱི་ལམ་དུ་དོང་པར་གྱུར་ནའང་བསོད་ནམས་ཆེས་བསགས་པའོ། ། འདིར་སྨྲས་པ། དབང་བཞི་པའི་ལམ་ནི། ཅི་ཡང་ཡིད་ལ་མི་བྱེད་པ་ཡིན་ཏེ། འགྲེལ་ཆེན་ 3-1-684 ལས། དང་པོར་སྟོང་ཉིད་བྱང་ཆུབ་ནི་མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱའོ། །ཞེས་ གསུངས་པའི་ཕྱིར་རོ། །སྟོང་གཟུགས་རྟག་པ་ཡིན་ཏེ། སྟོང་ཉིད་གོ་ཆོད་པོ་ཡིན་པའི་ཕྱིར་རོ། ། ལུགས་འདིའི་བདེ་ཆེན་རྟག་པ་ཡིན་ཏེ། འཕོ་འགྱུར་མེད་པའི་ཕྱིར་རོ། །ཡང་ཇི་སྐད་དུ། བདེ་ ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོའི་རྟག་ཏུ་བརྟག །ཅེས་གསུངས་པས། ཨིནྡྲ་བོ་དྷི་ ཡང་མུ་སྟེགས་ཡིན་ནམ་ཅི། དེ་མུ་སྟེགས་དང་མཚུངས་ན་འགྱུར་མེད་ཀྱི་ཐིག་ལེ་རྟག་པ་ཡིན་ པར་འདོད་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རྟག་པར་འདོད་པའི་མུ་སྟེགས་དེ་ སུ་ཡིན། མུ་སྟེགས་ཀྱི་གཞུང་ལུགས་གང་ན་ཡོད་གསལ་པོར་སྨྲོས་ཤིག རང་གི་འཁོར་ནང་དུ་ རྫུན་གྱི་གང་རྒྱངས་སྒྲོགས་པར་བྱེད་པ་ལ་སྙིང་པོ་ཅི་ཡོད། ལྔ་པ་དབང་བཞིའི་ཡན་ལག་འགའ་ཞིག་ལ་དོགས་པ་སྤོང་བ་ནི། དབང་གོང་མ་རྣམས་ ཀྱི་ཆོ་གའི་དོན་གོང་དུ་བཤད་པ་དེ་རྣམས་ཚང་ན། ལྷག་མ་ཆོ་གའི་ཁ་འགེངས་ལ། བླ་མ་གོང་ མ་རྣམས་ཀྱི་ཕྱག་ལེན་མི་འདྲ་བ་དུ་མ་ཡོད་པ་རྣམས་མན་ངག་ཡིན་པའི་ཕྱིར་གཅིག་གིས་ གཅིག་ཤོས་དགག་ཏུ་མི་རུང་ལ། རྒྱུད་འགྲེལ་གྱི་དངོས་བསྟན་ལ་མེད་པ་རྣམས་མ་བྱས་ཀྱང་ སྐྱོན་ཆུང་མོད་ཀྱང་རང་ལུགས་ཀྱི་བླ་མ་གོང་མ་རྣམས་རྡོ་རྗེ་བཞིའི་ཡེ་ཤེས་འབེབས་པ་འདི་ དབང་རེ་རེའི་སྔོན་འགྲོར་ཡང་མཛད་དེ། བདག་འཇུག་སོགས་དཀྱུས་ཀྱི་ཆོ་ག་ལ་ནི་སྔོན་གྱི་ རྣམས་མི་མཛད་པ་ཤས་ཆེ། ཕྱིས་ཀྱི་རྣམས་མཛད་པ་ཤས་ཆེ་བར་འདུག་ཀྱང༌། ཡན་ལག་ དྲུག་གི་ཁྲིད་ཀྱི་དབང་ལ་ནི་ངེས་པར་མཛད་དོ། །དབང་གོང་མ་ཀུན་ལ་ལྷའི་རྣལ་འབྱོར་གྱི་ རིམ་པ་ནི་རིགས་ཁྱབ་བདག་ཉིད་ཀྱི་ཕྱིར་དང༌། བྱིས་དབང་ལ་ཡོད་པ་ལྟར་གྱི་ལྷ་སོ་སོའི་ དག་པ་འདི་ལ་མེད་པའི་ཕྱིར། སློབ་དཔོན་དང་སློབ་མ་དཔལ་དུས་ཀྱི་འཁོར་ལོ་ཁོ་ནར་ བསྐྱེད་པ་རང་ལུགས་ཡིན་ཞིང་རྒྱུད་དོན་ལ་ཡང་ཞུགས་སོ། །གཞན་དག་རྡོ་རྗེ་བཞིར་བསྐྱེད་ པར་འདོད་མོད། སྦྱང་བྱ་སྦྱོང་བ་ལ་དུས་འཁོར་ཡབ་ཡུམ་ཉིད་དུ་བསྐྱེད་པ་སྟོབས་ཆེའོ། །དེ་ 3-1-685 ལ་ཁ་ཅིག་བུམ་དབང་ལ་འོད་དཔག་མེད་གསང་དབང་ལ་རིན་འབྱུང༌། ཤེར་དབང་ལ་དོན་ གྲུབ། འཇིག་རྟེན་པའི་བཞི་པ་ལ་རྣམ་སྣང་དུ་བསྐྱེད་དེ་སྐུ་མདོག་ཕྱག་མཚན་དུས་འཁོར་རང་ ལུགས་བཞིན་བྱེད་དེ། ཆེས་ཆེར་འགལ་བ་རང་ཡང་མེད་མོད་ལེགས་པ་ཡང་མ་ཡིན་ལ། ཁ་ ཅིག་སྐུ་གསུང་ཐུགས་བྱིན་རླབས་ཀྱི་སྐབས་ཀྱི་རྡོ་རྗེ་གསུམ་ལ་ཡུམ་གོས་དཀར་མོ་སོགས་ གཏོད་པར་བྱེད་དེ། དེ་ནི་ཤིན་ཏུ་འཁྲུལ། དེ་སྐབས་ཀྱི་སྐུ་གསུང་ཐུགས་གསུམ་ནི་རིམ་ བཞིན་རྣམ་སྣང༌། སྣང་མཐའ་མི་བསྐྱོད་པ་གསུམ་ཡིན་པས། རྣམ་སྣང་གོས་དཀར་མོ་སྦྱོར་བ་ དང༌། མི་བསྐྱོད་པ་ལ་སྤྱན་མས་འཁྱུད་པ་ནི་རྒྱུད་འདི་དང་ཡང་མི་མཐུན། གཞན་དང་ཡང་མི་ མཐུན་པས་རང་བཟོ་མཁན་པོའི་ཕྱག་རྗེས་གསལ་པོར་བཞག་པ་དེ་ཡིན་ལ། སྤྱིར་ཀྱི་ལུགས་ དེ་གཉིས་ཀས། འགྲེལ་ཆེན་ཉིད་ལས། ལག་བཅངས་ཞེས་པ་ནི་ཡོན་ཏན་བཞིའི་བདག་ ཉིད་རྣམ་པར་ཐར་པས་སོ། །ཞེས་འཇིག་རྟེན་པའི་དབང་གསུམ་པའམ། ཤེས་རབ་ཡེ་ཤེས་ ཆུང་བ་ལག་བཅངས་ཀྱི་བདེ་བ་ལ་ངོ་སྤྲོད་པ་ཁུངས་མེད་དུ་བཏང་བས་ཤིན་ཏུ་འཁྲུལ་ཞིང༌། གཉིས་སྤྲོད་ཀྱི་བདེ་བ་ཉིད་ལན་གཉིས་ལྡབ་སྟེ། གཅིག་གསུམ་པ་དང་གཅིག་ཤོས་བཞི་པར་ བྱེད་པ་བླུན་པོས་བལྟས་ཀྱང་མི་རིགས་པར་གོ་བ་དང༌། གཞན་རྣམས་ལ་གསོལ་བཏབ་དང༌། ང་རྒྱལ་འཛིན་པ་གཉིས་ཀ་ཡོད་པས། འཇིག་རྟེན་པའི་བཞི་པ་ལོགས་སུ་བྱས་ཕྱིན། འདི་ལ་ དེ་གཉིས་མ་བྱས་ན་ནི་ཤིན་ཏུ་ཆ་མི་འགྲིག་ཅིང༌། བྱེད་ན་རང་བཟོ་ལས་མ་འདས་ཏེ། གསུམ་ པའི་དེ་ཉིད་བསྐྱར་ནས་བྱེད་ན། དབང་གཉིས་བསྐུར་བ་ལ་དག་པ་འཕར་རྒྱུ་མ་བྱུང་བ་དང༌། འཇིག་རྟེན་འདས་པའི་བཞི་པའི་སྐབས་ཀྱི་དེ་བླངས་ན་ནི། དེ་བས་ཀྱང་ཆེས་མི་འགྲིག་སྟེ། འཇིག་རྟེན་པའི་དབང་ས་བཅུ་པ་མན་ཆད་དང་སྦྱོར་རྒྱུ་དེ་ས་བཅུ་གཉིས་པ་དང་སྦྱོར་རྒྱུའི་ མཐར་ཐུག་གི་དབང་དུ་ཐལ་བར་འགྱུར་ལ། སྔགས་ལ་འདོན་པ་སྤོས་ཏེ་མི་འདྲ་བ་བྱས་ན་ ནི། ལྷག་པར་ཡང་རང་བཟོ་སྟེ་གར་ཡང་མི་རུང་ངོ༌། །དེས་ན་འཇིག་རྟེན་པའི་ཤེས་རབ་ཡེ་ 3-1-686 ཤེས་རྐང་ཚུགས་གཅིག་ཁོ་ན་བསྐུར་བའི་དུས་ན། རིག་མ་དང་མཉམ་པར་སྦྱར་བའི་དགའ་ བ་བཞི་ཅར་ཡོད་མོད་ཀྱང་དགའ་བ་དང་པོ་གཉིས་པོ་བུམ་གསང་གཉིས་དང་ཐུན་མོང་དུ་ གྱུར་པའི་ཕྱིར། དབང་ལོགས་པའི་མིང་གིས་མ་བཏགས་ལ། ཕྱི་མ་གཉིས་པོ་ལ་དབང་རེ་ རེའི་མིང་གིས་བཏགས་པ་སྟེ། སྤྱི་ལྡོག་ནས་དབང་བཞིར་ཕྱེ་བའི་དུས་ཀྱི་དབང་གཅིག་ཁོ་ན་ ཡིན་ཡང༌། སྔར་བུམ་གསང་གཉིས་དང་བསྟུན་ན་ལག་བཅངས་ལ་བརྟེན་པའི་ཁྱད་དགའ་ཁོ་ ནས་ཀྱང་དབང་གཅིག་གི་དོད་ཐུབ་ངེས་བྱུང་བས་དབང་བཞིའི་སྐབས་ཀྱི་དབང་ཚོ་ཐུབ་མ་ ཡིན་ཡང་འོག་མའི་དོད་མཚུངས་ཀྱི་སྒོ་ནས་དབང་ཚོ་ཐུབ་ཡིན་པ་ལྟར་བྱས་ནས། འཇིག་རྟེན་ པའི་ཤེས་རབ་ཡེ་ཤེས་ཆུང་བའམ། འཇིག་རྟེན་པའི་གསུམ་པར་བཞག་མོད། སྤྱི་ལྡོག་ནས་ དབང་གསུམ་པ་དངོས་མ་ཡིན། སྔོན་འགྲོ་ཡིན་ལ། དེའི་དཀྱུས་ཐོག་དེ་ཉིད་ལ་ཆོ་ག་གཞན་ གྱིས་བར་མ་ཆོད་པར་གཉིས་སྤྲོད་ལས་ཐོབ་པའི་ལྷན་སྐྱེས་ནི། སྤྱི་ལྡོག་ནས་དབང་གསུམ་ པའི་དངོས་གཞི་ཡིན་ཡང་འཇིག་རྟེན་པ་ཉིད་ལ་བལྟོས་པའི་བཞི་པར་བཞག དེ་ནི་བདེ་སྟོང་ གི་སྐྱེ་ཚུལ་དབང་སྔ་མ་གསུམ་ཀའི་དོད་ཐུབ་པར་མ་ཟད་ལྷག་པའོ། །ཡང་དེ་དག་འདི་སྙམ་ དུ་ལག་བཅངས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྦྱངས་གཞི་ཡིན་གྱི། དེ་ལས་ཐོབ་པའི་ཁྱད་ དགའ་དབང་དུ་འཇོག་པ་མིན་ཟེར་བ་ནི། སྨྲ་རྒྱུས་འཕོངས་པས་ཚིག་ཙམ་ལ་འཆོལ་པ་ཡིན་ ཏེ། ཁྱེད་ཀྱིས་དབང་གི་རྗེས་ཆགས་བཞི་པོ་དེས་འདོད་ཆགས་བཞི་པོ་དེ་སྦྱོང་ཟེར་ན་ནུ་མ་ ལ་རེག་པས་རྒོད་པ་སྦྱོང༌། གསང་བ་ལ་བལྟས་པས་གདོང་ལ་ལྟ་བ་སྦྱོང༌། ཆོ་ག་ཡོད་པའི་ གཉིས་སྤྲོད་ཀྱིས་ལག་བཅངས་སྦྱོང༌། ཡང་ཆོ་ག་གང་ཡང་མེད་པར་གཉིས་སྤྲོད་སྟོང་ཉིད་ ཀྱིས་གཏན་ལ་ཕབ་པས་གཉིས་སྤྲོད་སྦྱོང་ཞེས་པར་སོང་བས་སྨྱོན་པའི་ཚིག་ལྟར་འབྲེལ་མེད་ འབའ་ཞིག་དང༌། རིག་མཐུན་པ་དང་མི་མཐུན་པའི་སྦྱོང་ཚུལ་གང་ཡང་མ་ཡིན་པ། བླུན་པོའི་ ཚོགས་རྣམས་ཁོ་ན་མགོ་སྐོར་བའི་གཏམ་མོ། །སྦྱང་བྱ་འདོད་ཆགས་བཞི་པོ་དེ་ཡང་ཅི། སྒྲུབ་ 3-1-687 པ་པོ་རང་ཉིད་ཀྱི་འདོད་པའི་འདོད་ཆགས་མངོན་གསལ་ཅན་ཁྲུགས་གཅིག་གིས་བསྡུས་ པའི་ཆགས་པ་ཡིན་ནམ། འགྲོ་བ་གཞན་དུ་སྐྱེས་པའི་བག་ཆགས་ཡིན། དང་པོ་ལྟར་ན་ སྐབས་དེའི་གཉིས་སྤྲོད་ཀྱི་དུས་ན་ལག་བཅངས་ཀྱི་ཆགས་པ་མེད་པས་ཇི་ལྟར་སྦྱོང༌། གཉིས་ པ་ལྟར་ནའང་ལག་བཅངས་ཀྱི་བདེ་བ་སྟོང་ཉིད་དུ་གཏན་ལ་ཕབ་པའི་ཡེ་ཤེས་བསྐྱངས་པས། ལག་བཅངས་ཀྱི་བག་ཆགས་སྦྱོང་ཞིང༌། གཉིས་སྤྲོད་ལ་དེ་ལྟར་བསྐྱངས་པས་དེ་ཉིད་སྦྱོང་ རིགས་པ་ལག་བཅངས་རང་ལ་གང་ཡང་སྒོམ་མི་དགོས་ཤིང༌། གཉིས་སྤྲོད་ཀྱི་དེ་གཉིས་སྤྲོད་ རང་ཉིད་ཀྱི་བག་ཆགས་མི་སྦྱོང་བར་ལག་བཅངས་ཀྱི་བག་ཆགས་སྦྱོང་བ་ལ་རྒྱུ་མཚན་ཅུང་ ཟད་ཀྱང་མེད་པ་ཀུན་གྱིས་ཤེས་སོ། །སྤྱིར་བུམ་དབང་ལ་སོགས་པ་ཀུན་ལ་ཡང་སྟོང་ཉིད་ཀྱི་ ལྟ་བས་ཟིན་པ་ཐམས་ཅད་དུ་དགོས་པ་ཙམ་ནི་ཡིན་ལ། དེ་ཁོ་ན་གནད་དུ་ཆེ་བ་ཡང་མ་ཡིན་ མོད། ཡིན་དུ་ཆུག་ཀྱང་རང་དུས་ན་སྟོང་ཉིད་ཀྱིས་རྒྱས་ཐེབས་པ་གནད་ཆེ་བ་དེ་འཇིག་རྟེན་ པའི་གསུམ་པར་བཞག་ནས། སྔར་འདས་ཟིན་སྟོང་ཉིད་དུ་སྒོམ་པ་ཤིན་ཏུ་གནད་ཆུང་བ་དེ་ བཞི་པར་འདོད་པའང་ལྷག་པར་འཁྱམས་སོ། །དེ་བཞིན་དུ་དེ་དག་གཞན་ཕལ་ཆེར་སཱ་དྷུ་པུ་ ཏྲའི་རྗེས་སུ་འབྲངས་ནས། སཱ་དྷུ་པུ་ཏྲའི་ལུགས་སློབ་མའི་དབང་ལ་འཇིག་རྟེན་འདས་པའི་ བཞི་པ་བསྐུར་བ་ཡིན་ཡང༌། དེའི་རྗེས་སུ་མི་འབྲང་བ་ནི། གོས་ཧྲུལ་དྲུད་པའི་དཔེ་ལྟར་སྐྱོན་ འགོ་ལ་ཡོན་ཏན་མི་འགོ་པའོ། །དེས་ན་དབང་གོང་མའི་སྐབས་འདི་དག་ཏུ་ལོག་པར་སྨྲ་བ་ སྤངས་ཏེ་ཡང་དག་པའི་ཚུལ་ལ་འཇུག་པར་བྱའོ།། །། གཉིས་པ་དབང་གི་དག་སྦྱོར་བཤད་པ་ལ་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། སྙིང་འགྲེལ་དུ་འབུམ་ལྔའི་ལུང་དྲངས་པ་དང་འགྲེལ་ཆེན་ཉིད་དུ། མེ་ཏོག་འཐོར་པ་བྱིས་པ་ བཙས་མ་ཐག་པའི་རླུང་རྒྱུ་བ་དང་སྦྱར་བ་མཚོན་བྱེད་དུ་མཛད་དེ། བླ་མའི་མན་ངག་ལས། སྔོན་འགྲོ་རྣམས་ལའང་སྦྱང་བྱའི་དག་སྦྱོར་ཅི་རིགས་མཛད་པ་ནི་འདི་ཡིན་ཏེ། དེ་ལས་ས་ 3-1-688 ཆོག་གི་སྐབས་ས་གཞི་སྤྱི་ནི་ཀུན་གཞི་རྣམ་ཤེས། རིམ་པ་བདུན་ནི་རྣམ་ཤེས་ཚོགས་བདུན། སའི་ལྷ་མོ་ནི་གདོད་ནས་གྲུབ་པའི་ཟག་མེད་ཀྱི་ས་བོན། དེ་ཡང་རང་དུས་ཀྱི་འཁོར་ལོའི་ ཐུགས་ཀ་ནས་སྤྲོ་བ་ནི། རྣལ་འབྱོར་ཅན་གྱི་སྣང་ཚུལ་མན་ཆད་ལ་སོ་སོའི་ཟག་མེད་ཀྱི་ས་ བོན་དང་ཆོས་དབྱིངས་ཀུན་ཁྱབ་དེ་ཉིད་ཐ་དད་པར་སྣང་ཡང་གནས་ཚུལ་ལ་ངོ་བོ་གཅིག་ ཡིན་པ་མཚོན། ས་ལྷ་མཆོད་ཅིང་མཉེས་པར་བྱེད་པ་ནི་ཟག་མེད་ཀྱི་ས་བོན་སོས་ཐེབས་ནས་ དགེ་ཆོས་གོང་ནས་གོང་དུ་འཕེལ་བའོ། །ས་བཟུང་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་སྒྲུབ་པས་ ཉོན་མོངས་པ་མངོན་གྱུར་པ་རྣམས་བཅོམ་པ་དང༌། གསོལ་བ་བཏབ་པས་ནི། བླ་ན་མེད་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། རྫས་ལྔས་ནི་སྟོང་ཉིད་སྙིང་རྗེ་སྒོམ་པ་སོགས། ཡེ་ཤེས་ ལྔ་འགྲུབ་བྱེད་ཀྱི་རྒྱུ་ལ་ཞུགས་པ་མཚོན་ཏེ། དེ་ཡང་སློབ་མའི་རྒྱུད་ལ་དེ་ལྟ་བུའི་རྟེན་འབྲེལ་ ཁྱད་པར་ཅན་སྒྲིག་པའི་ཕྱིར་རོ། །དེ་ཡན་ཆད་ལ་སྦྱང་བྱ་དང་སྦྱོར་བའི་རྣམ་གཞག་ལོགས་སུ་ མི་མཛད་དོ། །སློབ་མ་སྟ་གོན་ནི་བར་དོ་དང་སྦྱོར་ཏེ། རིགས་དྲུག་གིས་བྱིན་གྱིས་བརླབས་པ་ ནི། ཕྲ་མོ་རླུང་སེམས་ཀྱི་བདག་ཉིད་ཁམས་དྲུག་གི་རང་བཞིན་སྒོ་གསུམ་རྫོགས་པ། སོ་ཤིང་ འདོར་བ་ནི་གང་དུ་སྐྱེ་བར་འགྱུར་བའི་རྣམ་པ་ངེས་པར་དམིགས་པ། རྡོ་རྗེ་སེམས་དཔའ་ བསྐུལ་བ་ནི། བར་དོ་ལས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་ཅན་ཡང་སྲིད་ལེན་བྱེད་སྲེད་པ་ དང་ལེན་པས་བྱིན་གྱིས་བརླབས་པའོ། །དཀྱིལ་འཁོར་འབྲི་ཞིང་སྒྲུབ་པ་ནི་མའི་ལུས་ངག་ ཡིད་གསུམ་རྣམ་པར་དག་པ་སྟེ། དེ་ཡང་ཐིག་ནི་འབྱུང་བ་ལྔ་དང༌། རྡུལ་ཚོན་ནི་ཕུང་པོ་ལྔ་ སྟེ། ལུས་ཀྱི་རྒྱུ་ཚོགས་དང་རང་བཞིན་མཚོན་ལ། མའི་ལུགས་ནི་དཀྱིལ་འཁོར་ཏེ། ཨ་ཝ་ དྷཱུ་ཏི་ཚངས་ཐིག་དང༌། སྙིང་གའི་རྩ་བརྒྱད་སོགས་འདབ་མའི་རྩ་རྣམས་ཐིག་གཞན་རྣམས་ སོ་སོ་དང༌། ཁྲུ་བཞི་མཉམ་པ་ནི་གྲུ་བཞི་དང༌། ཤ་ཁྲག་ཆུ་དང་བཤང་བ་ཁུ་རྡུལ་སོགས་རྡུལ་ ཚོན་ཁ་དོག་དྲུག་མཚོན་པ་སོགས་རང་ལུས་དང་མའི་ལུས་ཀྱི་ཁྱད་པར་མ་གཏོགས། གཞལ་ 3-1-689 ཡས་ཁང་གི་དག་པའི་སྐབས་བཞིན་ཐམས་ཅད་སྦྱོར་དུ་རུང་ལ། སྙིང་གའི་རྣམ་ཤེས་ཀྱི་རྟེན་ ན་ད་ནི་གཙོ་བོའི་མཚན་མ་དང༌། རླུང་བཅུ། ལུས་ཟུངས་བཅུ། ཐིག་ལེ་བཞི་ཕུང་ཁམས་སྐྱེ་ མཆེད་ལས་དབང་བྱ་བ་དང་བཅས་པ་རྣམས་ཐུགས་དཀྱིལ་གྱི་ལྷའི་མཚན་མ་དང༌། སྟོང་ པའི་ཆུ་ཚོད་བཞི་དང་བཅས་པའི་ཆུ་ཚོད་དྲུག་ཅུ་རྩ་བཞི་དང༌། ཐུན་ཚོད་བརྒྱད་ཀྱི་རླུང༌། རང་ རང་གི་རྟེན་རྩ་དང་གྲོགས་ཐིག་ལེར་བཅས་པ་ནི་གསུང་དཀྱིལ་གྱི་མཚན་མ་དང༌། ཆུ་ཚོད་ རེ་རེ་བཞིན་དབུགས་སུམ་བརྒྱ་དྲུག་ཅུ་འབྱུང་བ་གྲོགས་རྟེན་དང་བཅས་པ་ནི་ཚེས་ལྷ་རྣམས་ དང༌། མིག་རྣ་སྣ་ལྕེ་ཐུར་སེལ་གྱི་སྒོ་གཉིས་དང་བཅས་པའི་རྩ་ཐིག་རླུང་རྣམས་སྐུའི་སྒོ་སྐྱོང་ དང༌། རྐང་ལག་གི་སོར་མོ་རྣམས་ཀླུ་དང་རབ་གཏུམ་མས་རྣམ་པར་དག་པའོ། །མཆོད་པ་ནི་ འདོད་ཡོན་ལ་ལོངས་སྤྱོད་པ་དང༌། ལས་དང་བྱ་བ་སྣ་ཚོགས་ལ་སྤྱོད་པའོ། །ཕ་ནི་རྡོ་རྗེ་སློབ་ དཔོན་གྱི་དག་པ་དང༌། སྡོམ་པ་བཟུང་བ་ནི་སྟ་གོན་གྱིས་སྦྱངས་པའི་བར་སྲིད་དང་མཚུངས་ པ་དེ་ཕའི་ལུས་ལ་ཡོངས་སུ་ཞུགས་ཤིང་ཀུནྡ་དང་འགྲོགས་པ་བར་སྲིད་མངལ་དུ་ཞུགས་པ་ དེ་དཀྱིལ་འཁོར་དུ་འཇུག་པ། དཀར་དམར་སེམས་གསུམ་འདྲེས་པ་བདེ་བས་བྱིན་གྱིས་ བརླབས་པ་ནི། ཡེ་ཤེས་དབབ་པ། མངལ་སྦུབས་ཀྱི་མུན་པ་ནི་མིག་དར་བཅིངས་པ། བཙས་ པ་ནི་མིག་དར་དཀྲོལ་བ། དེ་དུས་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་འབབ་པ་ནི་མེ་ཏོག་ དོར་བ། དབུ་མའི་དབུགས་འབབ་པ་ནི་རིག་ངེས་པར་གྱུར་པས་སྦྱོང་བའོ།། །། དེའི་རྗེས་སུ་དབང་བདུན་ལ། ཇི་སྐད་དུ། དགྱེས་རྡོར་རྩ་རྒྱུད་ཀྱི་ལུང་སྙིང་འགྲེལ་དུ་ དྲངས་པ་ལས། བྱིས་པ་བཙས་ལ་མ་རྣམས་ཀྱིས། །ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད། །དེ་ ཡི་གཙུག་ཕུད་རབ་འཇོག་པ། །ཅོད་པན་དུ་ནི་ཡོངས་སུ་བཏགས། །དེ་ཡི་རྣ་བ་འབིགས་པ་ སོགས། །དར་དཔྱངས་དབང་བསྐུར་ཞེས་བྱར་བཤད། །བྱིས་པ་སྨྲ་དང་རྒོད་པ་ནི། །རྡོ་རྗེ་ དྲིལ་བུའི་དབང་བསྐུར་རོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་ཡིན། །མིང་ནི་མིང་གིས་དབང་ 3-1-690 བསྐུར་བའོ། །ཀློག་པ་ལ་སོགས་རྗེས་གནང་བ། །ཕ་དག་གིས་ནི་རྟག་ཏུ་སྟེར། །དེ་ལྟར་རྣམ་ པ་བདུན་གྱིས་ནི། །དབང་བསྐུར་བདུན་དུ་རབ་ཏུ་གྲགས། །ཞེས་གསུངས་པ། གཞན་རྣམས་ གོ་སླ་ལ། ལྔ་པ་ལོངས་སྤྱོད་ཅེས་པ་དབང་པོ་ལྔ་ཡུལ་ལྔ་ལ་ལོངས་སྤྱོད་པའོ། །དེ་ལྟར་ན་ བཙས་པ་ནས་བརྩམས་ཏེ། ལོ་བཅོ་ལྔའི་མཐར་ཐུག་པ་གཞོན་ནུའི་གནས་སྐབས་ནི་བྱིས་ པ་འཇུག་པའི་དབང་བདུན་གྱིས་དག་པར་བྱེད་ལ། དེ་རྗེས་ལང་ཚོའི་གནས་སྐབས་སུ་གྱུར་ ཏེ། གཉིས་སྦྱོར་གྱི་ཆགས་པ་མངོན་གྱུར་པ་དྲག་པོ་ནི་ཡོད་ལ། དངོས་སུ་གཉིས་སྦྱོར་གྱི་བྱ་ བ་ལ་མ་ཞུགས་ཤིང༌། བག་མ་བླང་པ་སོགས་ཀྱི་བྱ་བ་ལ་གནས་པ་ནི་བུམ་དབང་གིས་སྦྱོང༌། གཉིས་སྦྱོར་ཀྱི་སྔོན་འགྲོའི་གནས་སྐབས་ནི་གསང་དབང་གིས་སྦྱོང༌། འཁྲིག་པའི་སྦྱོར་བ་ དངོས་གཞི་དང་པོ་ཐོབ་པ་ནི་ཤེར་དབང་གིས་སྦྱོང༌། ཕྱིས་བུ་དང་བུ་མོ་སྤྲོ་བ་སོགས་དང་བྱ་བ་ སྣ་ཚོགས་པ་དེ་དག་ནི་དབང་བཞི་པས་སྦྱོང་བ་ཡིན་ནོ། །མཐར་འཆི་བའི་སྲིད་པ་ལ་ཉེ་བར་ འཇུག་པ་ནི། རྣམ་པར་མི་རྟོག་པའི་དེ་ཁོ་ཉིད་ཐོབ་པས་སྦྱོང་བར་བྱེད་དོ། །གཞན་ཡང་ཡོན་ དབུལ་བ་དང༌། དཀྱིལ་འཁོར་ཉེར་བསྡུ་ལ་སོགས་པའི་མཐར་ཐུག་པ་ནི་སླར་ཡང་འགྲོ་བ་ དྲུག་ཏུ་ལས་དང་བྱ་བ་མཐའ་ཡས་པ་ལ་འཇུག་པ་དག་ཆོ་གའི་རིམ་པས་སྦྱོང་བར་བྱེད་པའོ།། །། གཉིས་པ་ཁྱད་པར་གྱི་དག་པ་ནི་སོ་སོའི་དག་པ་བཤད་པ་ཡིན་ཏེ། འདི་ལ་དབང་བདུན་ གྱི་དག་པ་དང་གོང་མ་བཞིའི་དག་པའོ། །དང་པོ་ལ་གཞི་འབྲས་སྦྱར་བའི་དག་པ་དང༌། རྣལ་ འབྱོར་བཞིའི་དག་པ་དང༌། དག་པའི་སྒོ་ནས་གོ་རིམ་བཤད་པའོ། །དང་པོ་ལ་སྤྱི་རགས་པ་ བཤད་པ་ནི་ཆུ་དང་ཅོད་པན་གྱིས་ཆོས་ཉིད་ལུས་ཀྱི་ཐིག་ལེའི་སྟེང་དུ་མ་དག་གཟུགས་སྣང་ གི་དྲི་མ་སྦྱངས་ནས་དག་པ་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད། དར་དཔྱངས་དང་དྲིལ་བུའི་དབང་ གི་ཆོས་ཉིད་གསུང་གི་ཐིག་ལེ་ལ་ཐ་མལ་ངག་གི་དྲི་མ་སྦྱངས་དག་པ་ཡེ་ཤེས་ཀྱི་གསུང་རྡོ་རྗེ་ 3-1-691 མངོན་དུ་བྱེད་པ་དང༌། བརྟུལ་ཞུགས་དང་མིང་གི་དབང་བསྐུར་བས་ཆོས་ཉིད་སེམས་ཀྱི་ཐིག་ ལེ་ལ་ཡིད་ཀུན་རྟོག་འཁྲུལ་པའི་དྲི་མ་སྦྱངས་ནས། དག་པ་ཡེ་ཤེས་ཀྱི་ཐུགས་རྡོ་རྗེ་མངོན་དུ་ བྱེད་པ་དང༌། རྗེས་གནང་འདོགས་བཅས་ཀྱི་དབང་བསྐུར་བས་ཆོས་ཉིད་ཡེ་ཤེས་ཀྱི་ཐིག་ལེ་ ལ་འགྱུར་བདེའི་བག་ཆགས་ཀྱི་དྲི་མ་བཀྲུས་ནས་རྣམ་དག་ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་དུ་ འགྱུར་བའི་རྟེན་འབྲེལ་སྒྲིག་པ་ཡིན་ནོ། །བྱེ་བྲག་ཞིབ་མོར་བཤད་པ་ནི། དབང་མདོར་བསྟན་ ལས་གཞན་པ་ཁམས་སོགས་དག་པ་སྟེ་སོགས་དང་སྦྱར་ན། དེ་ཡང་བྱེད་པ་པོ་རྡོ་རྗེ་སློབ་ དཔོན་གྱིས་ལས་སུ་བྱ་བ་སློབ་མའི་རྒྱུད་ལ། བྱེད་པ་རྫས་སྔགས་ཏིང་ངེ་འཛིན་གསུམ་གྱིས་ བྱིན་གྱིས་བརླབས་པས། བྱ་བ་ཕུང་ཁམས་སྐྱེ་མཆེད་གནས་ཚུལ་གདོད་ནས་ལྷར་གྲུབ་པ་དེ། གནས་སྐབས་སུ་སློབ་མའི་བློ་ངོར་ལྷར་སྣང་དུ་རྫོགས་པ་དང༌། མཐར་ཐུག་ཏུ་རྫོགས་པའི་ བྱང་ཆུབ་ལ་ཤིན་ཏུ་ཉེ་བར་རྒྱུད་སྨིན་པར་བྱས་པ་ནི་དབང་བདུན་གྱི་ངོ་བོ་ཡིན་པ། དཔེར་ མཚོན་ཆུ་དབང་ལ་སྦྱར་ན། བྱེད་པ་པོ་དང་ལས་གོང་བཞིན་ལས། བྱེད་པ་དཀྱིལ་འཁོར་གྱི་ བྱང་སྒོའི་ས་ལ་རྫས་དུང་གི་ཆུ་ཡུམ་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པ། སྔགས་ༀ་ཨཱ་ ཨཱི་རཱ་ཨཱུ་ལཱ་སོགས། ཏིང་ངེ་འཛིན་གཙོ་བོའི་ཡུམ་ལྔའི་ངོ་བོར་གྱུར་པའི་བུམ་ཆུ་བསྣམས་ཏེ། དབང་བསྐུར་བས་སློབ་མའི་ཁམས་ལྔ་རྒྱལ་བ་ཡུམ་ལྔར་གྱུར་པར་མོས་པ། རྫས་སྔགས་ཏིང་ ངེ་འཛིན་གསུམ་པོ་དེ་འཛོམ་པར་དབང་བསྐུར་བ་ལས། བྱ་བ་ནི་གནས་སྐབས་སུ་སློབ་མའི་ རྒྱུད་ལ་ཁམས་ལྔའི་རང་བཞིན་ཡུམ་ལྔར་རྟོགས་པའི་ཤེས་པ་བརྟན་པོ་དང༌། མཐར་ཐུག་ དོན་དམ་དབྱིངས་ཀྱི་ཡུམ་ལྔ་པོ་མྱུར་དུ་ཐོབ་པའི་རྟེན་འབྲེལ་འགྲིག་པས་སྨིན་ཚུལ་ཁྱད་པར་ ཅན་དུ་གྱུར་པའི་སེམས་རྒྱུད་ནི་ཆུ་དབང་ཐོབ་པའི་ངོ་བོ་ཡིན་ནོ། །རིམ་པ་འདི་བཞིན་དུ་འོག་ མ་རྣམས་ལའང་རིགས་འགྲེ་བ་ཤེས་པར་བྱ་སྟེ། ཅོད་པན་གྱི་དབང་གིས་ཐ་མལ་གྱི་ཕུང་པོ་ ལྔ་སྦྱོང་ཞིང༌། རྒྱལ་བ་རིགས་ལྔའི་གོ་འཕང་མངོན་དུ་འགྱུར་བ་དང༌། དར་དཔྱངས་ཀྱི་དབང་ 3-1-692 བསྐུར་བས་ཐ་མལ་གྱི་རླུང་བཅུ་སྦྱོང་ཞིང༌། ནུས་མ་བཅུའི་གོ་འཕང་མངོན་དུ་བྱེད་པ་དང༌། རྡོ་ རྗེ་དང་རྡོ་རྗེ་དྲིལ་བུའི་དབང་བསྐུར་བས་ནི། ཉི་ཟླའི་རྩ་རོ་རྐྱང་དག་པར་བྱེད་ཅིང་འབྲས་བུ་ གཙོ་བོ་ཡབ་ཡུམ་ཀྱི་གོ་འཕང་མངོན་དུ་བྱེད་པ་དང༌། བརྟུལ་ཞུགས་ཀྱི་དབང་བསྐུར་བས་ བློ་ཡི་དབང་པོ་དྲུག་ཡུལ་དྲུག་དང་བཅས་པ་མ་དག་པའི་ཆོས་སྦྱངས་ཏེ། དོན་དམ་དབྱིངས་ ཀྱི་སེམས་དཔའ་ཡབ་ཡུམ་བཅུ་གཉིས་ཐོབ་པར་འགྱུར་བ་དང༌། མིང་གི་དབང་བསྐུར་བའི་ ལས་དབང་ལྔ་བྱ་བ་དང་བཅས་པ་རྣམ་པར་དག་པ་སྟེ། དོན་དམ་དབྱིངས་ཀྱི་ཁྲོ་བོ་ཡབ་ཡུམ་ བཅུའི་གོ་འཕང་མངོན་དུ་འགྱུར་བར་བྱེད། དེ་བཞིན་དུ་བྱེད་པོ་རྡོ་རྗེ་སློབ་དཔོན་གྱིས་ལས་ སུ་བྱ་བ་སློབ་མ་ལ་བྱེད་པ་གནས་ནུབ་ཀྱི་སྒོའི་ས་ལ་རྫས་འཁོར་ལོ་རྡོར་སེམས་ཡབ་ཡུམ་དུ་ བྱིན་གྱིས་བརླབས་པ། སྔགས་ༀ་ཧཾ་ཀྵ་སོགས། ཏིང་ངེ་འཛིན་གཙོ་བོ་དུས་འཁོར་གྱིས་རྡོར་ སེམས་ཀྱི་རང་བཞིན་ཕྱག་མཚན་འཁོར་ལོའི་དབང་བསྐུར་བས་བྱ་བ་གནས་སྐབས་སུ་སློབ་ མའི་ཡེ་ཤེས་ཀྱི་ཕུང་ཁམས་བློ་ངོར་རྡོར་སེམས་ཡབ་ཡུམ་གྱི་སྐུར་རྫོགས་པས་མ་དག་པའི་ ཡེ་ཤེས་ཀྱི་ཕུང་ཁམས་སྦྱོང་བ་དང༌། མཐར་ཐུག་རྡོར་སེམས་ཡབ་ཡུམ་གྱི་གོ་འཕང་མྱུར་དུ་ ཐོབ་པའི་རྟེན་འབྲེལ་འགྲིག་པས་སྨིན་ཚུལ་ཁྱད་པར་ཅན་དུ་བྱས་པའི་སློབ་མའི་རྒྱུད་ནི་རྗེས་ གནང་གི་དབང་ངོ༌། །སྤྱིར་ལས་དང་པོ་པའི་དབང་གི་སྐབས། དྲི་མ་སྦྱངས་ཞེས་པ་རྣམས་ ཕྱིས་ལམ་བསྒོམས་ན་དྲི་མ་སྦྱོང་བའི་སྟོབས་ཆེན་པོ་ཁྱད་པར་ཅན་འབྱུང་བའི་ནུས་པ་སྐབས་ འདིར་ཐོབ་པའི་དོན་དང༌། འབྲས་བུ་མངོན་དུ་འགྱུར་བའི་རྟེན་འབྲེལ་འགྲིག་ཅེས་པའང༌། ཕྱིས་ལམ་བསྒོམས་ན་ལམ་སྟོབས་དང་ལྡན་པས་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་བའི་ནུས་ པ་སྐབས་འདིར་ཐོབ་པའི་དོན་ཡིན་པ་ཐམས་ཅད་ལ་སྦྱོར་ཤེས་པར་བྱའོ། ། གཉིས་པ་རྣལ་འབྱོར་བཞི་དག་པ་ལ། དབྱིབས་ཀྱི་རྣལ་འབྱོར་དང་སྦྱར་བ་ནི། རྒྱུད་ ལས། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ནུས་ 3-1-693 མ་རྣམས། །ཞེས་གསུངས་པས་བསྟན་ཏེ། འདིར་བསྐྱེད་རིམ་གྱི་ལྷ་སྐུ་དང༌། འབྲས་བུ་ རྫོགས་པའི་སངས་རྒྱས་ཀྱི་སྐུ་རྡོ་རྗེ་མཚན་དཔེའི་རྣམ་པ་ཅན་གཉིས་ཀ་སྟོན་ཏེ། བསྐྱེད་རིམ་ སྒོམ་པ་ལ་དབང་བ་དང༌། སྐུ་རྡོ་རྗེ་སྤྲུལ་སྐུ་སོགས་ལམ་དུ་བྱེད་ནུས་པའོ། །དེ་ཡང་ཆུ་དབང་ གི་ཡུམ་ལྔ་ནས་རྗེས་གནང་གི་རྡོ་རྗེ་སེམས་དཔའི་བར་དུ་སྦྱར་རོ། །བསྐྱེད་རིམ་དང་འབྲས་ བུའི་དབྱིབས་ཀྱི་རྣལ་འབྱོར་ལ་སྦྱར་བས་རྫོགས་རིམ་གྱི་དབྱིབས་ཀྱི་རྣལ་འབྱོར་ལ་རྒྱུད་པའི་ སྒོ་ནས་ཕན་འདོགས་པའང་ཤེས་པར་བྱའོ། །དེ་ཡང་འདི་ལྟ་སྟེ། ཆུ་ཅོད་ཀྱི་གཤེགས་པ་ཡབ་ ཡུམ་བཅུ་ནི། ཐོག་མར་དགེ་བའི་རྟགས་བཅུ་དང༌། ནུས་མ་བཅུ་ནི་སྲོག་གཟུགས་གྲུབ་པའི་ རྟགས་བཅུ་དང༌། གཙོ་བོ་ཡབ་ཡུམ་ནི་སྟོང་གཟུགས་ཀྱི་ལྷ་སྐུ་ཡབ་ཡུམ་འབར་སྣང་དང༌། སེམས་དཔའ་སེམས་མ་ཁྲོ་བོ་ཡབ་ཡུམ་ནི་ཁམས་གསུམ་གྱི་གཟུགས་བརྙན་དང༌། རྡོར་ སེམས་ཡབ་ཡུམ་ནི་གཟུགས་དང་བདེ་བ་འདྲེས་པ་སྟེ། ཡན་ལག་དྲུག་གི་དབྱེ་བས་དབྱིབས་ ཀྱི་རྣལ་འབྱོར་དྲུག་དང་སྦྱར་ཏེ། དེ་ལྟར་དབྱིབས་ཀྱི་འབྲས་བུ་ནི། སྐུ་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་ འཁོར་རབ་འབྱམས་གཙོ་བོར་གྱུར་པའི་སྲིད་ཞིའི་སྣང་བརྙན་ཐམས་ཅད་པ་སྤྲུལ་པའི་སྐུ་ མངོན་དུ་འགྱུར་བའི་རྟེན་འབྲེལ་སྒྲིག་པའོ། །སྔགས་ཀྱི་རྣལ་འབྱོར་གྱི་དག་པ་ནི། རླུང་རྣམས་ བསྡུ་ན་རང་བཞིན་དང་ལས་དང་རྣམ་འགྱུར་གྱི་རླུང་གསུམ་དུ་འདུ་ལ། དང་པོ་རང་བཞིན་ནི་ ཕུང་པོ་ལྔ་དང་འབྱུང་བ་ལྔའི་རླུང་ཡིན་ལ། དེ་མཚོན་བྱེད་རྩ་བའི་དབྱངས་ལྔ་རིང་ཐུང་གཉིས་ སོ།། །། གཉིས་པ་ལས་བྱེད་པ་ནི། ཡུལ་དྲུག་འཛིན་པ་དབང་པོ་དྲུག་གི་རླུང་དང༌། ལུས་ངག་གི་ ལས་ཀྱི་རྣམ་རྟོག་བསྐྱེད་པ་བྱ་བ་དྲུག་བྱེད་པ་པོ་ལས་དབང་དྲུག་དང་ལྷན་ཅིག་སྤྱོད་པའི་རླུང་ རྣམས་ཏེ། དེ་མཚོན་བྱེད་ཡོན་ཏན་དང༌། འཕེལ་བ་དང༌། ཡ་ཎར་གྱུར་པའི་ཡི་གེ་རྣམས་ཀྱིས་ མཚོན་ནོ།། །། 3-1-694 གསུམ་པ་རྣམ་འགྱུར་གྱི་རླུང་ནི། སྲོག་ལ་སོགས་པའི་རླུང་བཅུ་ཡུལ་དང་ཡུལ་ཅན་ གྱི་སྣང་བ་བསྐྱེད་པ་རོ་རྐྱང་གི་རླུང་དང༌། ཐིག་ལེའི་འགྲོ་འོང་བྱེད་པ་བདེ་བའི་རླུང་སྟེ། དེ་ རྣམས་ནི་ནུས་མ་བཅུ་དང༌། གཙོ་བོ་ཡབ་ཡུམ་དང་ལུས་མེད་རྡོ་རྗེའི་ས་བོན་རྣམས་དབྱངས་ གསལ་འདྲེས་མ་ཡིན་པས་མཚོན་ཏེ། དེ་ལྟར་ན་འདིར་དངོས་སུ་དབྱངས་དང་གསལ་བྱེད་ ཀྱི་རྒྱུ་ལས་བྱུང་བའི་སྔགས་ཀྱི་ཡིག་འབྲུ་སྒོམ་པ་དང༌། སྒྲ་དང་འོད་ཟེར་དང་བཟླས་པའི་རྣལ་ འབྱོར་རྣམས་ལ་དབང་ཞིང་བརྒྱུད་ནས་སྨིན་པར་བྱེད་ཚུལ་ལ་སྐུ་ལ་ཐུགས་ཀྱི་བྱེད་པ་འཇུག་ སྟེ། ཐུགས་ཀྱིས་དབང་བསྐུར་བས་སྐུ་རྡོ་རྗེའི་ལམ་སྨིན་ནུས། བརྟུལ་ཞུགས་ཀྱི་དབང་གིས་ སོར་སྡུད་དབང་ཡུལ་གྱི་འབྲེལ་པ་བཅད་པས། དབང་ཡུལ་གྱི་རླུང་རགས་པ་ནང་དུ་ཟློག་ པ་དང༌། མིང་དབང་བསྐུར་བས་བསམ་གཏན་ལུས་ངག་ཡིད་ཀྱི་རྣམ་རྟོག་གི་རླུང་འགག་པ་ དང༌། གསུང་ལ་སྐུའི་བྱེད་པ་འཇུག་པས་སྐུའི་དབང་གིས་གསུང་རྡོ་རྗེའི་ལམ་སྨིན་པ་ནི། ཆུ་ དང་ཅོད་པན་བསྐུར་བས་སྲོག་རྩོལ་གྱི་དཀྱིལ་འཁོར་བཅུ་དབུ་མར་འགག་ཅིང༌། ཐུགས་ལ་ ཡེ་ཤེས་ཀྱི་བྱེད་པ་འཇུག་པས་ཡེ་ཤེས་ཀྱི་དབང་གིས་ཐུགས་རྡོ་རྗེའི་ལམ་སྨིན་པ་ནི། རྗེས་ གནང་བསྐུར་བས་རྗེས་དྲན་བདེ་བའི་རླུང་དབུ་མར་དག་ཅིང༌། འདོད་ཆགས་ཆེན་པོའི་རང་ བཞིན་ཐོབ་པར་ནུས་པ་དང༌། ཡེ་ཤེས་ལ་གསུང་གི་བྱེད་པ་འཇུག་པས། གསུང་གི་དབང་ གིས་ཡེ་ཤེས་རྡོ་རྗེའི་ལམ་སྨིན་པ་ནི། དར་དཔྱངས་བསྐུར་བར་ཏིང་ངེ་འཛིན་དུ་རླུང་བཅུ་ གཏན་ནས་འགག་ཅིང༌། རྡོར་དྲིལ་གྱི་དབང་བསྐུར་བས་ཐབས་ཤེས་རོ་གཅིག་ཏུ་འདྲེ་བར་ འགྱུར་བའི་རྒྱུད་སྨིན་པར་བྱེད་ལ། དེ་ལྟར་སྔགས་ཀྱི་སྨིན་ཚུལ་དེ་ཐམས་ཅད་ཀྱི་འབྲས་བུ་ ལོངས་སྤྱོད་རྫོགས་སྐུ་གཞོམ་མེད་ཀྱི་ན་དའི་རང་བཞིན་གྱི་གསུང་རྣམ་པ་ཐམས་ཅད་པ་ཆོས་ ཀྱི་ཕུང་པོའི་རང་བཞིན་མངོན་དུ་གྱུར་པའི་རྟེན་འབྲེལ་སྒྲིག་གོ །ཆོས་ཀྱི་དག་པ་ནི། ཆུ་དབང་ ཡུམ་ལྔ་དང་འབྱུང་བ་ལྔའི་དག་པ་ཡིན་པས། ཤེས་རབ་ཇི་སྙེད་མཁྱེན་པ་རྣམ་པ་ཀུན་ལྡན་ 3-1-695 གྱི་ཕྱོགས་འཛིན་པའི་ཡེ་ཤེས་ལྔ་དང༌། ཅོད་པན་རིགས་ལྔ་དང༌། ཕུང་ལྔའི་དག་པས་ཐབས་ ཇི་ལྟ་བ་མཁྱེན་པའི་མི་འགྱུར་བདེ་ཆེན་གྱི་ཕྱོགས་བཟུང་བའི་ཡེ་ཤེས་ལྔ་དང༌། དར་དཔྱངས་ ནུས་མ་བཅུའི་དག་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡེ་ཤེས་དང༌། རྡོ་རྗེ་གཙོ་བོའི་དག་པས་མི་ འགྱུར་བའི་བདེ་བ་དང༌། དྲིལ་བུ་ཡུམ་གྱི་དག་པས་གཞོམ་མེད་ཀྱི་ན་དའི་སྒྲ་དབྱངས་གཅིག་ ཏུ་འདུས་པ་དང༌། བརྟུལ་ཞུགས་སེམས་དཔའ་ཡབ་ཡུམ་གྱི་དག་པ་ནི། ཡེ་ཤེས་དབང་ཡུལ་ བཅུ་གཉིས་ཀྱི་སྟོབས་ལས་ཀུན་རྫོབ་དབང་ཡུལ་གྱི་ཆོས་ཐམས་ཅད་ཡང་དག་པར་རིག་པའི་ མངོན་ཤེས་དྲུག་དང༌། མིང་དབང་ཁྲོ་བོ་ཡབ་ཡུམ་གྱི་དག་པས་བྱམས་སོགས་ཚད་མེད་ལྔའི་ སྒོ་ནས། གང་ལ་གང་འདུལ་གྱི་འཕྲིན་ལས་ལ་འཇུག་པ་དང༌། རྗེས་གནང་རྡོར་སེམས་ཀྱི་ དག་པས་སངས་རྒྱས་ཀྱི་གོ་འཕང་སྟེ། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཇི་ལྟ་བ་དང༌། ཇི་སྙེད་པའི་ རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་རྟེན་འབྲེལ་སྒྲིག་པ་ཡིན་ནོ། །དེ་ ལས་བརྟུལ་ཞུགས་ཀྱི་སྒྲ་དོན་ནི། དབང་ཡུལ་གྱི་སྣང་བ་ཐམས་ཅད་འཕོ་མེད་བདེ་བའི་ངོར་ རོ་མཉམ་པར་བྱེད་པ་ལས་མི་འདའ་བ་དང་སྦྱང་བྱའི་སྒོ་ནས་ཀྱང་དབང་པོ་རྣམས་རང་རང་ གི་ཡུལ་ལས་མི་འདའ་བ་བརྟུལ་ཞུགས་ངེས་པར་བླངས་པ་ལྟ་བུར་ཡོད་པས། དབང་ཡུལ་ དག་བྱེད་ཀྱི་དབང་བསྐུར་ལ་བརྟུལ་ཞུགས་ཀྱི་དབང་གི་མིང་བཏགས་པ་ཡིན་ཞེས་འོད་ཟེར་ འཕྲེང་བ་ལས་གྲུབ་ཆེན་ཡུ་མོ་ཡབ་སྲས་ཀྱིས་བཤད་དེ་ལེགས་པར་དགོངས་པའོ། །ཆོས་ཀྱི་ དག་པ་འདི་ནི་གཙོ་བོར་འབྲས་དུས་ཀྱི་དབང་དུ་བྱས་ལ། དེས་མཚོན་ཏེ་རྫོགས་རིམ་ཡན་ ལག་དྲུག་ཀར་ལ་ཡང་ཆོས་ཀྱི་རྣལ་འབྱོར་གྱི་ཆ་ཤས་ཡོད་པ་དང༌། བསྐྱེད་རིམ་གྱི་ལྷ་སྐུ་སྟོང་ པར་ཤར་པ་ལ་ཡང་ཆོས་ཀྱི་རྣལ་འབྱོར་གྱི་ཆ་ཤས་ཡོད་པའི་ཕྱིར། དེ་ཐམས་ཅད་ལ་སྦྱོར་ ཚུལ་ཤེས་དགོས་ཏེ། ཡི་གེ་མངས་བར་འགྱུར་བས་འདིར་མ་སྨོས་སོ། ། དག་པའི་རྣལ་འབྱོར་དང་སྦྱར་བ་ནི། དོན་དམ་ཆོས་ཉིད་ཀྱི་འབྱུང་བ་ལྔ་མི་འགྱུར་བ་ 3-1-696 དང༌། རྣམ་ཀུན་ཟུང་འཇུག་ཏུ་གདོད་མ་ནས་གནས་པ་དེ། ཀུན་རྫོབ་བརྡར་བཏགས་པ་རྣམ་ པ་ལམ་བྱེད་མོས་པ་རིགས་མཐུན་པས་དྲི་མ་སྦྱངས་ནས་དག་པ་མངོན་གྱུར་དུ་རུང་བར་ བྱེད་པ་སྟེ། དེས་གཞན་རྣམས་ལའང་རིགས་བསྒྲེ་བས་ཡེ་ཤེས་ཀྱི་ཕུང་ཁམས་ཀྱི་རང་བཞིན་ རྡོར་སེམས་ཡབ་ཡུམ་གྱི་ངོ་བོ་བདེ་བ་དང་རྣམ་ཀུན་ཟུང་འཇུག་གི་རང་བཞིན་དུ་གདོད་ནས་ གནས་པ་དེ་རྗེས་གནང་གི་དབང་གིས་གློ་བུར་གྱི་དྲི་མ་བཀྲུས་ནས། དོན་དམ་ཡེ་ཤེས་ཀྱི་ ཕུང་ཁམས་མངོན་དུ་འགྱུར་རུང་དུ་བྱེད་ཅིང༌། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་དོན་དམ་པ་བདེ་བ་ རྣམ་པ་ཐམས་ཅད་པ་ཐོབ་པར་འགྱུར་བའི་རྟེན་འགྲེལ་སྒྲིག་པའོ། །སྐབས་འདིར་དབྱིབས་ ནི་སློབ་མ་ལྷར་བསྐྱེད་ཀྱི་དག་པ་གཙོ་ཆེ། སྔགས་ནི་དབང་རྫས་དང་སྔགས་ཉིད་ཀྱི་དག་པ་ གཙོ་ཆེ། ཆོས་ནི་གཉིས་ཀ་ལ་མཉམ་པར་འཇུག དག་པའི་རྣལ་འབྱོར་གྱི་རྣམ་དག་ཀྱང་དེ་ དང་འདྲ་བ་ལས་དབང་བསྐུར་ཟིན་གྱི་འབྲས་བུ་གཙོ་ཆེ་བར་བཞག་པའང་ཡིན་ནོ།། །། གསུམ་པ་དག་པའི་སྒོ་ནས་གོ་རིམ་བཤད་པ་ནི། དང་པོར་མངལ་དུ་ལུས་ཆགས་པ་ན། ཁམས་ལྔ་རྒྱུའི་ཚུལ་དུ་ཡོད་པས་ཆུ་དབང་དང་པོར་བསྐུར་ལ། ཕུང་པོ་ལྔ་འབྲས་བུའི་ཚུལ་དུ་ རྗེས་ལ་རིམ་གྱིས་ཆགས་པས། དེ་རྗེས་ཅོད་པན་གྱིས་དབང་བསྐུར། དེ་ནས་ཕྱིར་བཙས་པ་ ན། ང་དྲུག་རྐང་བཅས་སྔོན་དུ་འགྲོ་བའི་གཡས་གཡོན་གྱི་རླུང་རྒྱུ་བས་དེ་དང་འདྲ་བའི་དར་ དཔྱངས་དང་རྡོར་དྲིལ་གྱི་དབང་དེ་རྗེས་བསྐུར། རླུང་རྒྱུས་པས་ཡུལ་ལ་མཚན་མར་འཛིན་པ་ འབྱུང་སྟེ། དེ་དང་མཚུངས་པར་རྗེས་སུ་བརྟུལ་ཞུགས་ཀྱི་དབང་བསྐུར། དེ་ནས་ངུ་བ་དང༌། སྨྲ་བ་དང༌། ཡན་ལག་བསྐྱོད་པ་དང༌། བཤང་གཅི་འདོར་བ་འབྱུང་སྟེ། དེ་དང་མཚུངས་པར་ ལས་དབང་དག་བྱེད་མིང་དབང་དེའི་རྗེས་ལ་བསྐུར། དེ་ནས་རིམ་པས་ཕ་དང་མས་བསླབས་ པའི་བྱ་བ་རྣམས་ཤེས་པ་འབྱུང་སྟེ། དེ་དང་མཚུངས་པར་རྗེས་གནང་ཐ་མར་བསྐུར་བའོ། ། ཞེས་གྲུབ་ཆེན་ཡུ་མོ་ཡབ་སྲས་གསུངས་སོ།། །། 3-1-697 གཉིས་པ་མཆོག་དབང་གོང་མའི་དག་པ་བཤད་པ་ལ། བཞི་གསུམ་དབྱེ་བའི་དོན་ངོས་ བཟུང༌། དྲི་མ་སྦྱོང་ཚུལ་སྤྱི་ལྡོག་ནས་བཤད། དག་པའི་གཙོ་བོ་བྱང་ཆུབ་བཞི་དང་སྦྱར། འཕྲོས་དོན་ཐོར་བུ་སྣ་ཚོགས་པའི་དོགས་པ་དཔྱད་པའོ། ། དང་པོ་ནི། ཐམས་ཅད་སྤྱི་ལྡོག་ནས་བདེ་སྟོང་གི་ཡེ་ཤེས་གཅིག་པུའི་དག་པ་ཡིན་ལ། དེ་ལ་དཔེའི་ཡེ་ཤེས་དང་དོན་གྱི་ཡེ་ཤེས་སྨིན་པར་བྱེད་ཚུལ་གཉིས་ཀྱིས་དབྱེ་ན། དང་པོ་ གསུམ་དཔེ་དང༌། བཞི་པ་དོན་ནོ། །སྐབས་འདིར་འདི་ལྟར་གོ་དགོས་ཏེ། དེ་ཡང་བུམ་གསང་ གཉིས་ལ་འཁྲུལ་གཞི་མེད། ཕྱི་མ་གཉིས་ལ་འདྲ་མིན་གྱི་མིང་འདོགས་ཚུལ་གསུངས་ཏེ། དེ་ ལ་འཇིག་རྟེན་འཇིག་རྟེན་འདས་པའི་དབྱེ་བས་མ་ཕྱེ། དབང་བཞིས་ཕྱེ་བའི་ཟླས་དྲངས་པ་ མ་ཡིན་ན། སྤྱི་ལྡོག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་གཙོ་བོ་དབང་བཞི་པ་དངོས་དང༌། ཤེས་རབ་ཡེ་ཤེས་ཕལ་པ་དབང་གསུམ་པ་ལ་ངོས་འཛིན་པ་ཡིན། དབང་བཞིས་ཟླས་ཕྱེ་ བའི་སྐབས། ཤེས་རབ་ཡེ་ཤེས་གསུམ་པ་དང༌། དབང་བཞི་པ་ནི། དོན་དམ་པས་དབང་ཁོ་ ན་ལ་ངོས་འཛིན། དབང་བཞིའི་ནང་གི་གསུམ་པ་ལ་དབྱེ་ན། འཇིག་རྟེན་པའི་ཤེས་རབ་ཡེ་ ཤེས་གཞིར་བཞག་པའི་གསུམ་པ་ཤེས་རབ་ཡེ་ཤེས་ལག་བཅངས་ལས་ཐོབ་པ་དང༌། བཞི་ པ་ཤེས་རབ་ཡེ་ཤེས་གཉིས་སྤྲོད་ལས་ཐོབ་པ་གཉིས་ཡོད་ནའང༌། ནང་ཚན་བྱེ་བྲག་པའི། གསུམ་པ་ཤེས་རབ་ཡེ་ཤེས་དེ་ནི་འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་ཀྱང་དངོས་མ་ཡིན་ཏེ། སྔོན་འགྲོ་ཙམ་བཏགས་པ་བ་ཡིན་ནོ། །འཇིག་རྟེན་པའི་དབང་བཞི་པ་དེ་ནི་བཞི་པ་བཏགས་ པ་བ་ཙམ་ལས་དངོས་མ་ཡིན་ཡང༌། འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་ནི་དངོས་དང་གསུམ་ པ་ཡང་དངོས་ཡིན་ནོ། །འཇིག་རྟེན་པ་ཉིད་ལས་ཕྱེ་བའི་དབང་བཞི་ཞེས་བྱ་བ་ནི། དབང་ བཞིའི་མིང་ཅན་ཙམ་སྟེ་དབང་བཞི་མ་ཡིན་པས་དབང་གསུམ་ཉིད་ལ་བཞིར་བཏགས་པའོ། ། འདས་པའི་དབང་བཞི་པ་ནི། བཞི་པའི་ཟླས་དྲངས་པའི་ཤེས་དབང་ནམ་ཡང་མ་ཡིན་མོད། 3-1-698 སྤྱིར་བཞི་པ་མཚན་ཉིད་པ་དང་ཤེས་རབ་ཡེ་ཤེས་ཀྱང་མཚན་ཉིད་པའོ། །སྤྱི་ལྡོག་ནས་ཤེས་ རབ་ཡེ་ཤེས་ཆུང་བ་འཇིག་རྟེན་པ་དང་གསུམ་པ་ཡིན་ལ། ཆེན་པོ་འཇིག་རྟེན་ལས་འདས་པ་ དང་བཞི་པ་ཡིན་ཡང༌། འཇིག་རྟེན་པ་ཉིད་ལ་བལྟོས་ན་ལག་བཅངས་གསུམ་པ་ཤེས་རབ་ཡེ་ ཤེས་ཆུང་ངུ་དང༌། གཉིས་སྤྲོད་བཞི་པ་དེ་ལ་བལྟོས་པའི་ཆེན་པོའོ། །དེས་ན་འཇིག་རྟེན་པའི་ བཞི་པ་ཞེས་བཞི་པའི་མིང་གིས་བཏགས་ཀྱང༌། དངོས་སུ་ནི་བཞི་པའི་དཔེ་ཙམ་ཡིན་གྱི་བཞི་ པ་དངོས་ཉིད་ནམ་ཡང་མ་ཡིན་ནོ། །དེ་ལྟར་ན་བུམ་གསང་ཤེར་དབང་གསུམ་ནི་འཇིག་རྟེན་ པའི་དབང་སྟེ། དེའི་རྒྱུ་མཚན་ལས་རྒྱའི་འབྲས་བུ་འདོད་ཁམས། ཡེ་རྒྱའི་འབྲས་བུ་གཟུགས་ ཁམས། དེ་གཉིས་ཀྱང་འདོད་ཆགས་ཕལ་པ་ནི་མ་ཡིན་པས་འཇིག་རྟེན་པའི་ཆགས་ཆེན་ ཞེས་བྱ་ལ། འཇིག་རྟེན་པའི་ཆགས་བྲལ་ལམ་གྱི་འབྲས་བུ་གཟུགས་མེད། འཇིག་རྟེན་ འདས་པའི་ཆགས་ཆེན་གྱི་འབྲས་བུ་མཆོག་གི་དངོས་གྲུབ་ཏུ་བཤད་ལ། དབང་གསུམ་པོ་དེ་ རྣམས་ལས་ཡེ་གང་རུང་ལ་རྟེན་དགོས་པ་ཡིན་པའི་འབྲས་བུ་སྲིད་པ་ལས་མི་འདའ་བས་སོ། ། དབང་བཞི་པ་དངོས་ནི། འཇིག་རྟེན་འདས་པ་སྟེ་ཕྱག་ཆེན་ལ་བརྟེན་ནས་བསྐུར་བས། དེའི་ ལམ་ཐམས་ཅད་ཀྱང་ཟག་མེད་ཁོ་ན་ཡིན་ཏེ། རང་འབྲས་ཀྱི་མཆོག་གི་དངོས་གྲུབ་ཉིད་ཡིན་ པའི་ཕྱིར་རོ།། །། གཉིས་པ་ནི་དྲི་མ་སྦྱོང་ཚུལ་ལ། ལམ་བསྒོམས་པས་དྲི་མ་དངོས་སུ་སྦྱོང་ཚུལ་དང༌། དབང་བསྐུར་བས་ནུས་མཐུ་བཞག་པའི་ཚུལ་གྱིས་དྲི་མ་སྦྱོང་ཚུལ་ལོ། །འདིར་ཕྱི་མའི་དབང་ དུ་བྱས་ན་བྱིས་འཇུག་གི་སྐབས་སུ་རྡོ་རྗེ་བཞིའི་དྲི་མ་རགས་པ་དང༌། སློབ་མའི་དབང་གོང་མ་ བཞིའི་སྐབས་སུ་འབྲིང་པོ་དང༌། རྡོ་རྗེ་སློབ་དཔོན་བདག་པོའི་སྐབས་སུ་ཕྲ་མོ་དང༌། བདག་ པོ་ཆེན་པོའི་སྐབས་སུ་ཤིན་ཏུ་ཕྲ་མོ་སྦྱོང་ངོ་ཞེས་ཐ་སྙད་སྦྱོར་ལ། དེ་ལས་སྐབས་འདིར་སློབ་ མའི་དབང་བཞི་པོ་ལ་བུམ་དབང་གིས་ལུས་ཀྱི་ཐིག་ལེ་དང་སད་པའི་གནས་སྐབས་སྦྱོང༌། 3-1-699 གསང་དབང་གིས་ངག་གི་ཐིག་ལེ་དང༌། རྨི་ལམ་གྱི་གནས་སྐབས་སྦྱོང༌། །གསུམ་པ། འཇིག་ རྟེན་པའི་ཤེས་རབ་ཡེ་ཤེས་ཀྱི་ཡིད་ཀྱི་ཐིག་ལེ་དང་གཉིད་འཐུག་པོའི་གནས་སྐབས་སྦྱོང༌། འཇིག་རྟེན་ལས་འདས་པའི་བཞི་པས་ཐམས་ཅད་ཀྱང་སྦྱོང་མོད་ཀྱི། གཙོ་བོར་ཡེ་ཤེས་ཀྱི་ ཐིག་ལེ་དག་པར་བྱེད་ཅིང་བཞི་པའི་གནས་སྐབས་སྦྱོང་ངོ༌། །དེ་ཡང་ལུས་ངག་ཡིད་དང་ཡེ་ ཤེས་ཀྱི་དྲི་མ་སྦྱོང་བ་ཉིད་ཡིན་པས། བུམ་དབང་གཉེན་པོ་བདེ་བ་ཆུང་ངུས་སྤང་བྱ་རགས་པ་ ལུས་ཀྱི་དྲི་མ་སྦྱོང༌། གསང་དབང་བདེ་བ་འབྲིང་པོས་སྤང་བྱ་རྣམ་རྟོག་འབྲིང་པོ་ངག་གི་དྲི་མ་ སྦྱོང༌། ཤེར་དབང་བདེ་བ་ཆེན་པོས་སྤང་བྱ་རྣམ་རྟོག་ཆུང་ངུ་ཡིད་ཀྱི་དྲི་མ་སྦྱོང༌། དབང་བཞི་པ་ བདེ་བ་བླ་ན་མེད་པས་སྤང་བྱ་རྣམ་རྟོག་ཕྲ་ཞིང་ཕྲ་བ་ཡེ་ཤེས་ཀྱི་དྲི་མའམ་ཆགས་རྟོག་གི་བག་ ཆགས་སྦྱོང་ལ། དབང་དང་པོ་གསུམ་པོ་ནི། འབྱུང་བའི་ཁམས་ཀྱི་དག་པ་ཅན་ཉིད་ཀྱི་ཕྱིར། བརྟགས་གཉིས་ལས། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན། །ཞེས་པ་ ལྟར། ཡང་དག་པའི་ཡེ་ཤེས་སུ་མི་འགྱུར་ཞིང༌། དེའི་ཕྱིར་སྦྱངས་བྱ་ཕྱོགས་རེ་སྦྱོང་བ་དང༌། དབང་བཞི་པ་ནི་ཆོས་ཉིད་རྣམ་པ་ཐམས་ཅད་པ་ཁོ་ན་ལས་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་ པའི་ཕྱིར། འབྱུང་བའི་རང་བཞིན་མ་ཡིན་ལ། སྒྲ་རེག་སོགས་ཡོན་ཏན་ཐམས་ཅད་དང་བྲལ་ བ་སེམས་ཀྱི་རང་བཞིན་བདེ་ཆེན་ཡིན་པའི་ཕྱིར་དོན་དམ་པའི་ཡེ་ཤེས་ཏེ་སྦྱང་བྱ་མཐའ་དག་ སྦྱོང་བའོ།། །། གསུམ་པ་ལ་བུམ་དབང་གི་དག་པ། གསང་དབང་གི་དག་པ། ཤེར་དབང་གི་དག་པ། བླ་ ན་མེད་པའི་དབང་གི་དག་པའོ། །དང་པོ་ནི། ཡང་བྱང་ཆུབ་རྣམ་པ་བཞི་ལས། བུམ་དབང་སྒྱུ་ འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་དང༌། གསང་དབང་རྣམ་པ་ཉི་ཤུས་མངོན་པར་རྫོགས་ པར་བྱང་ཆུབ་པ་དང༌། ཤེར་དབང་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། བཞི་པ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེ་ཡང་བུམ་དབང་ 3-1-700 གི་དུས་ན་བདེ་བ་ཤེས་ཆུང་བས་རྣམ་རྟོག་འདུས་ཚབ་ཆུང་སྟེ། ཕྱི་རོལ་ཀྱི་ཡུལ་ལ་དམིགས་ པའི་ཆགས་རྟོག་ཕྲ་མོ་མི་འདྲ་བ་དུ་མ་དང་རྒོད་པ་དང་ནུ་མར་རེག་པ་སོགས་བྱ་བ་དུ་མ་དང་ བཅས་པའི་ཕྱིར། སྦྱང་བྱ་སད་དུས་ཀྱི་གནས་སྐབས་རྟོག་པ་ཤིན་ཏུ་བཀྲ་བ་དང༌། སྦྱངས་ འབྲས་སྤྲུལ་པ་སྒྱུ་འཕྲུལ་དྲྭ་བ་མཐའ་ཡས་པ་སྟོན་པའི་སྐུ་གཉིས་ཀ་དང༌། རྣམ་པ་མཚུངས་ ཤིང༌། བདེ་བ་དེ་ཉིད་སྟོང་པར་རིག་པས་མར་ལ་སད་པའི་གནས་སྐབས་སྦྱོང༌། ཡར་ལ་སྒྱུ་ འཕྲུལ་དྲྭ་བའི་བྱང་ཆུབ་པ་ལམ་དུ་བྱེད་ནུས་པ་ཡིན་ནོ།། །། གཉིས་པ་གསང་དབང་ནི། གསང་རྫས་བྱང་ཆུབ་ཀྱི་སེམས་ཕུང་ཁམས་དབང་ཡུལ་ ཉི་ཤུའི་བདག་ཉིད་ཀྱི་ཕྱིར་རམ། བྷ་གའི་དཀྱིལ་འཁོར་བལྟས་པའི་བདེ་བ་ཡང་གསང་ བའི་དཀྱིལ་འཁོར་ལ་ཁམས་དྲུག་འབབ་པའི་རྩ་དྲུག་དང༌། ཕྱི་སྐོར་བཅུ་དྲུག་ལ་བཞི་བཞི་ བསྡོམས་པས་ཉི་ཟླ་མུན་པ་མེ་བཞི་འབབ་པ་སྟེ་བཅུ་དང༌། བར་སྐོར་གྱི་རྩ་བཅུ་ཡང་དེ་དག་ དང་མཚུངས་པ་ལས་ཐབས་རླུང་གཙོ་བོར་འབབ་པ་སྟེ། དེ་ལྟར་ཉི་ཤུའི་བདག་ཉིད་ཀྱི་ཕྱིར། ཡུལ་གྱི་དབྱེ་བས་ཡུལ་ཅན་མཆོག་དགའ་ཡང་ཁམས་དྲུག་དང་རྡོ་རྗེ་བཞི་ལ་རླུང་དང་ཐིག་ ལེའི་དབྱེ་བ་ཉི་ཤུའི་ཆ་ཤས་ཡོད་པས། གསུང་རྡོ་རྗེ་རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ་ དང་མཚུངས་ཤིང༌། གསང་རྫས་སྦྱིན་པས་ངག་རླུང་བྱིན་གྱིས་བརླབས་པ་དང༌། དཀྱིལ་ འཁོར་བལྟས་པས་ངག་རླུང་གི་ཐིག་ལེ་གཡོ་བ་ཡིན་པས། རྨི་ལམ་གྱི་སྣང་བ་ཡང་རླུང་གི་ ཐིག་ལེ་བསྐྱོད་པའི་བྱེད་པ་ཅན་ཉིད་ཀྱི་ཕྱིར། འབྲེལ་བའི་སྒོ་ནས་རྨི་ལམ་གྱི་གནས་སྐབས་ དང་རྒྱུ་གཅིག་ལ་མཆོག་དགའ་དེའི་རང་བཞིན་སྟོང་པར་རྟོགས་པས་གནས་སྐབས་དེ་སྦྱོང་ ཞིང་བྱང་ཆུབ་དེ་མངོན་དུ་བྱེད་དོ། །མཁའ་གསང་རེག་པ་ཙམ་གྱི་མཆོག་དགའ་ལ་གསང་ དབང་དུ་ངོ་སྤྲོད་ནའང་དག་པ་དེ་དང་མཚུངས་ལ། གསང་རྫས་སྒྲུབ་པ་དང༌། དཀྱིལ་འཁོར་ ལ་ལྟ་བ་དང་། རེག་སྦྱོར་གང་ཡིན་ཡང་རུང་སྟེ། རྨི་ལམ་གྱི་ཤེས་པ་རང་ཐད་ཀྱི་སྣང་བ་དང་ 3-1-701 རྣམ་རྟོག་གསལ་ཞིང༌། རྣམ་རྟོག་གཞན་གྱི་འཕྲོ་འདུ་ཉུང་བ་ལྟར་འདིར་ཡང་དེ་དང་མཚུངས་ ཞེས་དམ་པ་འགའ་ཞིག་གསུང་ངོ༌།། །། གསུམ་པ་ཤེར་དབང་གི་དག་པ་ལ་རྣམ་པ་ལྔའི་བྱང་ཆུབ་པ་དང༌། དགའ་བ་བཞི་དང་ བཅུ་དྲུག་གི་རབ་དབྱེའོ། །དང་པོ་ནི། སྐབས་འདིར་འཇིག་རྟེན་པའི་གསུམ་པ་ཞོར་བྱུང་ སྟེ། འོན་ཀྱང་དངོས་གཞི་དང་དག་པ་ནི་མཚུངས། དངོས་གཞི་འཇིག་རྟེན་པའི་བཞི་པའི་ མིང་ཅན་གཉིས་སྤྲོད་དེ། དེ་གཉིས་དབང་འདི་ཉིད་ཀྱི་རང་ཐད་ན། ཐུགས་དང་ཡེ་ཤེས་ཀྱི་ དག་པ་སོ་སོ་ལ་སྦྱོར་དགོས་ཀྱང༌། སྤྱི་ལྡོག་ནས་ཐུགས་རྡོ་རྗེའི་སྨིན་ལམ་གྱི་མཚན་ཉིད་ཙམ་ ཚང་ཡང་ཡེ་ཤེས་རྡོ་རྗེའི་སྨིན་ལམ་གྱི་མཚན་ཉིད་མ་ཚང་པས། སྐབས་འདིར་ཡེ་ཤེས་རྡོ་རྗེ་ དང་མི་སྦྱོར་ཐུགས་ཁོ་ན་དང་སྦྱོར་ལ། དེ་ཡང་གཉིད་འཐུག་པོའི་གནས་སྐབས་སུ་རྣམ་རྟོག་ འགགས་པ་བཞིན་དུ་འདིར་གསུམ་པ་ཁྱད་དགའི་དུས་ན་རྣམ་རྟོག་ཕྲ་བ་དང༌། བཞི་པ་ལྷན་ སྐྱེས་ཀྱི་མཐར་ཡུད་ཅིག་རྣམ་རྟོག་ཤིན་ཏུ་འགགས་པའི་ཕྱིར། འདི་དང་གཉིད་འཐུག་པོའི་ གནས་སྐབས་རྣམ་པ་མཐུན་ལ། ཐུགས་ཡེ་ཤེས་ལྔ་ལྡན་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་ དང་ཡང་རྣམ་པ་མཐུན་ཏེ། འཇིག་རྟེན་པའི་ཤེས་རབ་ཡེ་ཤེས་འདི་ཉིད་བདེ་བའི་ཡེ་ཤེས་ལྔ་ དང་ལྡན་པའི་ཕྱིར་རོ། །དེ་ཡང་རྒྱུད་ལས། སེམས་ཀྱི་བསམ་པ་ཡིས་ནི་མ་རུ་འགྱུར་ཏེ་རེག་པ་ དང་ནི་ལྟ་བ་དག་གིས་སྲིང་མོའོ། །རྡོ་རྗེ་ཞུགས་པས་བུ་མོ་བྱེད་པ་དང་བཅས་ཤིན་ཏུ་དགའ་ བས་སྲིང་མོའི་བུ་མོ་དེ་བཞིན་ཉིད། །ཐིག་ལེ་ལྟུང་ན་ཆུང་མ་གཞན་གྱི་རིགས་ལ་གནས་པའི་ རྣལ་འབྱོར་མ་ནི་འདོད་ཆགས་ཉམས་ལས་སོ། །འདི་རྣམས་རྣལ་འབྱོར་ཕྱག་རྒྱ་དྲུག་སྟེ་ས་ཆུ་ སྲེག་ཟ་རླུང་དང་མཁའ་དང་ཆེད་པའི་དངོས་རྣམས་སོ། །ཞེས་གསུངས་ཏེ། རིག་མའི་ཡུལ་ལ་ ཆགས་པའི་སེམས་ཀྱིས་བསམ་པའི་བདེ་བ་ནི། ས་ཁམས་ཀྱི་དྭངས་མ་ཞུ་བའི་བདེ་བ་ཡིན་ པ་དང༌། དེས་ས་ཁམས་ཀྱི་ཐིག་ལེའི་དྭངས་མ་འཁྲུགས་པ་སྟེ་གཡོ་བ་ཡིན་ལ། དེ་བཞིན་དུ་ 3-1-702 ལྟ་བ་དང་རེག་པ་ལས་ཆུ་ཁམས་ཀྱི་དྭངས་མ་ཞུ་ཞིང་གཡོ་བ་དང༌། རྡོ་རྗེ་པདྨར་ཞུགས་པ་ ལས་མེ་ཁམས་ཀྱི་དྭངས་མ་ཞུ་ཞིང་གཡོ་བ་དང༌། ཐིག་ལེའི་བགྲོད་པ་ནོར་བུའི་ལམ་དུ་ཕྱིན་ པ་ཚུན་ཆོད་ནི། རླུང་ཁམས་ཀྱི་དྭངས་མ་ཞུ་ཞིང་གཡོ་བ་སྟེ། གནས་དེར་རྣལ་འབྱོར་གྱི་སྟོབས་ དང་ལྡན་ན་གཡོ་མེད་དུ་བཅིངས་པས་མཁའ་ཁམས་ཞུ་བ་བརྟན་པར་འགྱུར་བ་དང༌། མི་ ལྡན་ན་ཕྱིར་འཕོ་ཞིང་མཁའ་ཁམས་ཀྱི་ཐིག་ལེ་འཁྲུགས་པ་སྟེ། འཕོ་བཞིན་པ་ཞུ་ཞིང་གཡོ་ལ་ འཛག་པའི་ངང་ཚུལ་ལོ། །དེ་ལྟར་ལྔ་པོ་ནི་ཡེ་ཤེས་ལྔའི་དག་པ་ཅན་ཡིན་ལ། ཆེད་པའི་དངོས་ པོ་ཞེས་པ་གནས་སྐབས་དྲུག་པ་ནི། ཐ་མལ་པ་ལ་འཕོས་ཟིན་པའི་ཆགས་བྲལ་ཏེ། ཡེ་ཤེས་ ཀྱི་དག་པ་དང་མི་སྦྱོར་མོད། རྣལ་འབྱོར་ཅན་ལ་དེའི་དོད་སྟེང་དུ་གཤེགས་པ་ཡིན་པས་ལྔ་པོ་ ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་ཁམས་སོ། །གཡས་གཡོན་ཀྱི་དཀྱིལ་འཁོར་ལྔ་ཟད་པའི་མཐའ་ ཡེ་ཤེས་ཀྱི་ཁམས་སུ་འགྱུར་བ་དང༌། རིགས་དྲུག་དང་སྤྱི་བོའི་འཁོར་ལོ་སོགས་ཕྱག་རྒྱ་དྲུག་ དང༌། ཕར་ཕྱིན་དྲུག་རྣམ་པར་དག་པ་སྟེ། དེའི་ཚེ་ཡེ་ཤེས་ཀྱང་དྲུག་གི་དག་པར་འགྱུར་མོད་ ཀྱི། དྲུག་པ་ནི། ཀུན་ཏུ་ཁྱབ་པ་ཉིད་ཀྱི་ཕྱིར་ལོགས་སུ་མ་བགྲངས་པའོ།། །། གཉིས་པ་དགའ་བ་བཞི་དང་བཅུ་དྲུག་གི་རབ་དབྱེ་ལ། ཁ་ཅིག་བུམ་གསང་གཉིས་ལ་ བདེ་བ་ཙམ་མ་གཏོགས་དགའ་བཞིའི་བྱེ་བྲག་མི་འབྱེད། ཅེས་དང༌། དགའ་བཞིའི་བྱེ་བྲག་ ནི་ཤེར་དབང་ཁོ་ན་ལ་བྱེད་ཀྱང༌། ལ་ལ་འཁོར་ལོ་དྲུག་གི་གནས་བདུན་ཁོ་ན་ལ་དགའ་ བཞི་སྦྱོར། ལ་ལ་འཁོར་ལོ་བཞི་ཁོ་ན་ལ་དགའ་བཞི་སྦྱོར་ཏེ། གཉིས་པོ་ལའང་འགལ་བར་ སེམས་སོ་ཞེས་སྨྲའོ། །དེ་ནི་མི་འཐད་དེ་བདག་པོ་ཆེན་པོའི་སྐབས་སུ་བུམ་དབང་དགའ་བ་ དང༌། གསང་དབང་མཆོག་དགར་བཤད་པས། དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར། བུམ་ དབང་ཐམས་ཅད་དང་གསང་དབང་ཐམས་ཅད་ལ་གོ་བར་བྱ་ལ། གཞན་ཡང་རྗེས་ཆགས་ཀྱི་ དགའ་བ་ཐམས་ཅད་དགའ་བཞིར་འདུས་པ་ཡིན་པས། བུམ་གསང་གཉིས་པོ་དེ་ལ་དགའ་ 3-1-703 བཞིའི་བྱེ་བྲག་མེད་ན། དེ་གཉིས་ཀྱི་དགའ་བ་དེ་རྗེས་ཆགས་ཀྱི་དགའ་བ་མ་ཡིན་པར་འགྱུར་ རོ། །གནས་བདུན་དང་འཁོར་ལོ་བཞི་ཡང་གནད་གཅིག་པ་ཡིན་ཡང་ཁྱེད་ཀྱིས་མ་གོ་བར་ སྣང་མོད། དེ་གཉིས་འགལ་བར་མི་བསམ་ཏེ། གཙུག་ཏོར་དུ་ཞུ་ནས་སྨིན་མཚམས་རངས་ པོ་དང༌། མགྲིན་པའི་སྟེང་གི་ནང་ཡན་ཆད་དགའ་བ་དང་པོའི་ས་ཡུལ་ཡིན། དེ་ནས་ལྟེ་བའི་ སྟེང་ཡན་ཆད་མཆོག་དགའ་སྐྱེ་བའི་ས་ཡུལ་ཡིན། དེ་ནས་གསང་བའི་འཁོར་ལོའི་ཕྱེད་གོང་ མ་ཡན་ཆད་ཁྱད་དགའ་སྐྱེ་བའི་ས་ཡུལ་ཡིན། གསང་འཁོར་གྱི་{ཕྱེད་[ཆད་]འོག་མ་ཁ་མར་ ལྟས་ནས་ནོར་བུའི་རྩེ་མོའི་ནང་གི་བར་དུ་ལྷན་སྐྱེས་འཆར་བའི་གནས་ཡིན་པས། འཁོར་ལོ་ དྲུག་གི་གནས་བདུན་ལ་དགའ་བཞི་སྦྱོར་བ་ཡིན་ལ། གཙུག་ཏོར་དང་སྤྱི་བོ་ཞུ་བ་མགྲིན་པའི་ སྟེང་དུ་འཆིང་དགོས་ན། མགྲིན་པར་དགའ་བ་ཞེས་བྱ། རྒྱུ་མཚན་དགའ་བ་དང་པོ་བདེ་བའི་ སྟོབས་ཆུང་བས་རྫོགས་མཚམས་སུ་བཅིངས་པས་ཆོག དེས་མཚོན་ཏེ་མཆོག་དགའ་ཤུགས་ འབྲིང་བ་ཡིན་པས། ས་ཡུལ་གྱི་ཕྱེད་སྙིང་གར་འཆིང་བས་སྙིང་གར་མཆོག་དགའ་ཡིན། ཁྱད་ དགའ་དང་ལྷན་སྐྱེས་གཉིས་ཤུགས་ཆེ་བས་གཉིས་པོ་རང་རང་སོ་སོ་འགོ་རྩོམ་པའི་གནས་ ལྟེ་བ་དང་གསང་བར་འཆིང་མཉམ་ལ་ལྷན་སྐྱེས་ནི་ལྷག་པར་ཤུགས་ཆེ་བས་མཐར་ནོར་བུར་ ཡང་འཆིང་དགོས་ལ། སྤྱིར་གསང་བའི་མས་མཐར་བཅིངས་པས་ནོར་བུ་ཡང་འགག་དགོས་ པ་ཡིན་ཏེ། དེས་ན་དགའ་བ་བཞི་གང་དུ་བཅིངས་ནས་ཡུན་རིང་དུ་བསྒོམ་པའི་ས་གནས་ བཞི་ལ་དགའ་བ་བཞི་འཆར་ཚུལ་ནི། དེ་ལྟར་ཡིན་པས་སྤྱིར་དགའ་བཞི་སྤྱི་ལྡོག་ནས་འཆར་ བའི་ས་ཡུལ་དང༌། དགའ་བཞི་འཆིང་སའི་གནད་ཀྱི་ས་ཕྱོགས་ཀྱི་ཁྱད་པར་ལས་འཆད་ཚུལ་ མི་འདྲ་བ་གཉིས་བྱུང་ཡང་དོན་རྣམ་གྲངས་ཐ་དད་མ་ཡིན་པ་གོ་བར་གྱིས་ཤིག གཞན་ཡང་ འདི་ལྟར་གོ་དགོས་ཏེ། བུམ་དབང་གི་དགའ་བ་དང༌། གསང་དབང་གི་མཆོག་དགའ་དང༌། ཤེར་དབང་གི་དགའ་བ་བཞི་རྣམས་ཐུན་གཅིག་གམ་སྦྱོར་བ་གཅིག་ལས་བྱུང་བ་མ་ཡིན་ཏེ། 3-1-704 དེ་དག་རྗེས་སྤྱོད་ལམ་གྱིས་བར་མཚམས་ཆོད་ཅིང༌། སྦྱོར་བའང་སྡོད་སོ་སོར་བརྩམ་པ་ཡིན་ ནོ། །བུམ་དབང་གི་དུས་སུ་རྗེས་ཆགས་ཀྱི་སྦྱོར་བ་བརྩམས་ནས། དགའ་བའི་སྐད་ཅིག་མ་ བསྐྱེད་ཐུབ་པ་ན། དེའི་འཕྲོས་ལས་མཆོག་དགའ་མན་ཆད་མི་བསྐྱེད་པར་ཕྲུགས་གཅིག་ པོ་དེ་རྫོགས་པར་བྱས་པ་དང༌། གསང་དབང་གི་སྐབས་མྱང་བ་དང་ལྟ་བ་ལས་རྗེས་ཆགས་ ཀྱི་སྦྱོར་བ་བརྩམས་པས། ཡང་དགའ་བ་དང་པོ་གསར་དུ་སྐྱེས་པ་སྔོན་དུ་འགྲོ་བའི་དངོས་ གཞི་མཆོག་དགའ་སྐྱེད་བྱེད་ཕྲུགས་གཅིག་པོ་དེ་རྫོགས་པ་ཡིན་ལ། བུམ་དབང་གི་དགའ་ བས་འདིའི་སྦྱོར་བ་དགའ་བ་དང་པོའི་གོ་གཅོད་པའང་མིན་ཞིང༌། ཕྲུགས་དེ་ལ་ཁྱད་དགའ་ མན་ཆད་པ་སྐྱེད་པའང་མི་དགོས་སོ། །ཡང་དེའི་འཕྲོ་བཅད་དེ་ཤེས་རབ་ཡེ་ཤེས་རྩོམ་པ་ན། སླར་ཡང་རྗེས་ཆགས་ཀྱི་སྤྱོད་པ་བརྩམས་པའི་བུམ་གསང་གི་དུས་ཀྱི་དེ་མ་ཡིན་པའི་དགའ་ བ་མཆོག་དགའ་གསར་དུ་བསྒྲུབས་པ་སྔོན་དུ་འགྲོ་བའི་ཁྱད་དགའ་དང་ལྷན་སྐྱེས་དངོས་ གཞིའི་ཚུལ་དུ་བསྐྱེད་པ་ཡིན་པས། སྤྱིར་ལེགས་པར་ངོ་འཕྲོད་པའི་དགའ་བཞི་དབང་བཞིའི་ དབང་དོན་དུ་སྦྱོར་ཡང་དབང་བསྐུར་བའི་ཆོ་གའི་སྐབས་སུ། དགའ་བཞི་ཕྲུགས་གཅིག་ལ་ འཇིག་རྟེན་པའི་དབང་བཞི་ཚང་བ་མི་འབྱུང་སྟེ། ཤེར་དབང་ཉིད་ལ་ཡང་དགའ་བཞི་ཕྲུགས་ གཅིག་ཏུ་དབྱེའོ། །གསང་དབང་གི་སྐབས་སུ་དགའ་བ་དང་པོ་ཡོད་ཀྱང་རིགས་འདྲ་བུམ་ དབང་གི་སྐབས་སུ་ངོ་སྤྲད་ཟིན་པས། མཆོག་དགས་ཁྱད་པར་དུ་བྱས་པ་དང༌། ཤེར་དབང་ ལ་དེ་གཉིས་ཀར་ཡོད་ཀྱང་རིགས་འདྲ། བུམ་གསང་དུ་ངོ་སྤྲད་ཟིན་པས་ཁྱད་དགའ་དང་ ལྷན་སྐྱེས་ཁྱད་པར་དུ་བྱས་པའོ། །སྐབས་འདིར་དགའ་བ་བཞི་པོ་ཡང་སྐུ་གསུང་ཐུགས་ཡེ་ ཤེས་ཀྱི་དབྱེ་བས་ཕྱེ་བ་དགའ་བ་བཅུ་དྲུག་སྟེ། རྒྱུད་ལས། འདོད་པ་དགའ་བ་དང་ནི་འདར་ དང་འགྱུར་མེད་དག་དང་བཞི་པོ་ཡིས་ནི་སྦྱོར་བ་དེ་གཅིག་སྟེ། །གང་བ་དང་ནི་ནུས་དང་སྐྱེ་ བ་དག་དང་མཆོག་གི་དགའ་བ་ཉིད་ནི་གཉིས་པར་ངེས་པར་འགྱུར། །འབར་བ་དང་ནི་ཐིག་ 3-1-705 ལེ་གཉིད་ཡུར་དག་ཀྱང་སླར་ཡང་ཁྱད་པར་དགའ་བ་ཉིད་ནི་གསུམ་པའོ། །ཨོཊྚ་དང་ནི་ན་དཱ་ དག་དང་གཉིད་དང་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ནི་བཞི་པར་འགྱུར། །ཞེས་གསུངས་ ཏེ། འདོད་པ་སྐུའི་དགའ་བ། དགའ་བ་གསུང་གི་དགའ་བ། འདར་བ་ཐུགས་ཀྱི་དགའ་བ། འགྱུར་མེད་ཡེ་ཤེས་ཀྱི་དགའ་བ། དེ་བཞིན་དུ་སྦྱར་ཏེ། གང་བ་མཆོག་དགའ་སྐྱེ་བ་ནུས་པ་ རྣམས་སྐུའི་མཆོག་དགའ་སོགས་བཞིའོ། །འབར་བ་ཁྱད་དགའ་གཉིད་ཡུར་ཐིག་ལེ་རྣམས་ སྐུའི་ཁྱད་དགའ་སོགས་བཞིའོ། །ཨོཊྚ་ལྷན་སྐྱེས་གཉིད་དང་ན་དཱ་རྣམས་སྐུའི་ལྷན་སྐྱེས་ སོགས་བཞིའོ། །འདི་དག་ལ་བརྗོད་པར་བྱ་རྒྱུ་མང་མོད་ཀྱི། ཧ་ཅང་རྒྱས་པར་འགྱུར་བས་མ་ སྨོས་སོ།། །། བཞི་པ་བླ་ན་མེད་པའི་དབང་གི་དག་པ་ལ། དོན་དང་པོ་མཚོན་བྱེད་ཀྱི་དབང་ནི། འཇིག་ རྟེན་ལས་འདས་པའི་དབང་བཞི་པ་ལས་དང་པོ་པ་ལ་སྨིན་བྱེད་དུ་བསྐུར་བའི་སྐབས། དབང་ པོ་རྣོན་པོ་ཡིན་ན་མ་གཏོགས་བཞི་པའི་ཡེ་ཤེས་དངོས་སུ་བསྐྱེད་མི་ཐུབ་མོད། མོས་པའི་སྒོ་ ནས་ཅུང་ཟད་ཉམས་སུ་མྱོང་བར་ནི་བྱའོ།། །། དོན་གཉིས་པ་བཞི་པའི་ཡེ་ཤེས་དངོས་ལ་དཔྱད་པ་ནི། རྣལ་འབྱོར་ཡན་ལག་དྲུག་གི་ དངོས་གཞི་རྣམས་དབང་བཞི་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་སྟོང་གཟུགས་སྐུ། གཞོམ་མེད་ ཀྱི་སྒྲ་གསུང༌། སྤྲོས་བྲལ་རྣམ་པར་མི་རྟོག་པ་ཐུགས། འགྱུར་མེད་བདེ་བ་ཡེ་ཤེས་ཏེ། རྡོ་རྗེ་ བཞི་མཉམ་པ་ཉིད་ཀྱིས་ཡེ་ཤེས་སོ། །ཡན་ལག་དྲུག་ལ་རྡོ་རྗེ་བཞིས་བགོས་པ་ན། ཏིང་ངེ་ འཛིན་ཡེ་ཤེས་རྡོ་རྗེ་ཡིན་ཞིང༌། དེ་ཉིད་དབང་བཞི་དང་སྦྱར་བས་བཞི་པའི་ཐོབ་སྐལ་དུ་ཏིང་ ངེ་འཛིན་བྱུང་ཡང་ཏིང་ངེ་འཛིན་གྱི་རིམ་པའི་སྐབས་ནི། ཞི་བདེ་དང་འདྲེས་པའི་ཕྱིར་བཞི་ པ་ཉག་གཅིག་མ་ཡིན་ལ། ཆ་ཤས་ཙམ་ནི་སོར་སྡུད་ཀྱི་རྣམ་པར་མི་རྟོག་པའི་སྟོང་གཟུགས་ མཐོང་བ་{དེ་ཡང་ཡིན་ཞིང༌[ཡང་ཡིན་ལ།] དེའི་དུས་ན་མི་འགྱུར་བའི་བདེ་བ་ཆ་ཕྲ་བའང་ 3-1-706 ཡོད་པ་དེ་བཞི་པའི་ལམ་དངོས་ཡིན་ནོ། །དེས་ན་ཁ་ཅིག་ཏིང་ངེ་འཛིན་གྱི་རིམ་པ་ཙམ་ཞིག་ བཞི་པའི་ཡེ་ཤེས་ཀྱི་མཚན་གཞི་དངོས་མར་ཡིན་ཁྱབ་མཉམ་དུ་འདོད་པ་ཡང་ཆ་ཤས་སུ་ འདོད་ན་རྒྱ་ཆུངས། གཙང་མར་འདོད་ན་ཁྱབ་ཆེས་པས་མི་རིགས་སོ། །དེས་ན་ཏིང་ངེ་འཛིན་ རྫོགས་པ་ཡན་ཆད་སྔགས་ཀྱི་འཕགས་ལམ་མཉམ་གཞག་རྣམས་བཞི་པའི་ཡེ་ཤེས་གཙང་ མ་ཡིན་ལ། ཆ་ཤས་ཀྱིས་ན་གོང་དུ་སྨོས་པའི་རྡོ་རྗེ་བཞི་འདུས་ཀྱི་ཡེ་ཤེས་དེ་གནས་སྐབས་ གང་ན་འདུས་ཀྱང་བཞི་པའི་ཡེ་ཤེས་ཡིན་ནོ། །འོ་ན་མི་འགྱུར་བའི་བདེ་བ་ཉིད་ཀྱི་ཕྱིར། ཏིང་ངེ་འཛིན་ཡན་ཆད་ཁོ་ནའོ་སྙམ་ན། དེ་སྐད་ཅེས་སྨྲ་པ་དེ་ནི་མི་འགྱུར་བའི་བདེ་བའི་སྐད་ ཅིག་གྲུབ་པ་དང༌། མི་འགྱུར་པའི་བདེ་བའི་ཆ་ཤས་ཀྱི་དབྱེ་བ་མ་ཕྱེད་པ་ཡིན་ཏེ། སོར་སྡུད་ དང་པོའི་གནས་སྐབས་ཉིད་ནས་ལམ་གྱིས་བསྡུས་པའི་མི་འགྱུར་བའི་བདེ་བའི་ཆ་ཤས་ཕྲ་ མོ་ཡོད་དོ། །འོ་ན་ཏིང་ངེ་འཛིན་བཞི་པའི་ཡེ་ཤེས་སུ་གྲགས་པ་ཅི་ཞེ་ན། རྒྱུ་ཚོགས་སྦྱོར་གྱི་ རྫོགས་རིམ་ཁོ་ན་གཏན་ལ་འབེབས་པའི་སྐབས་སུ། ཏིང་ངེ་འཛིན་གྱི་རིམ་པ་དེ་བཞི་པའི་ ལམ་ཁོ་ན་གཙོ་ཆེ་བས་བཞི་པའི་ལམ་གྱི་གཙོ་བོར་འཇོག་པ་དང༌། སྤྱིར་རིམ་པ་ཙམ་མ་ཡིན་ པར་ཏིང་ངེ་འཛིན་གྱི་ཡན་ལག་ནི་མི་འགྱུར་བའི་བདེ་བ་ལ་ཟེར་ན་འཕགས་ས་ཀུན་ཡང་དེ་ ཡིན་ཞིང༌། ཡན་ལག་དེ་ལ་ཕྲ་མོའང་ཡོད་པས་དེ་ནི་དེ། ངེས་པར་ཡིན་ནོ།། །། དོན་གསུམ་པ་སྐད་ཅིག་གཅིག་རྫོགས་སུ་འཇོག་པ་ནི། བཞི་པའི་ཡེ་ཤེས་ཀྱི་ཆ་ཤས་ དང༌། ཐ་ན་མོས་སྒོམ་གྱི་རྣམ་པ་ལམ་དུ་བྱེད་པ་ཚུན་ཆོད་ཀྱང་རང་གི་སྤང་བྱ་བཞི་པའི་གནས་ སྐབས་ཞེས་བྱ་བ། འཛག་བདེ་བག་ཆགས་དང་བཅས་པ་སྟེ་གནས་སྐབས་ཀྱི་མི་རྟོག་པ་ བདེ་བ་འགྱུར་བཅས་སུ་ཤར་བའི་ཆ་དེ་དང༌། བདེ་ལ་མི་རྟོག་པའི་རྣམ་པར་མཐུན་ཞིང་རང་ བཞིན་སྟོང་ཉིད་དུ་ཤེས་པས་བཞི་པའི་གནས་སྐབས་དེ་སྤོང་བར་བྱེད་པ་ལ་ཞུགས་ཤིང༌། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ། སངས་རྒྱས་རྣམས་ཀྱི་ 3-1-707 ཡེ་ཤེས་བདེ་བ་ཆེན་པོ་དེ་དོན་དམ་ཆོས་ཉིད་ཀྱི་ངོ་བོ་ཡིན་པས་ནམ་དུ་ཡང་འཕོ་འགྱུར་དང་ འཇུག་པ་མེད་པ་ནི་སྐད་ཅིག་གཅིག་པ་ཞེས་བྱ་སྟེ། །དཔེར་ན། སྣང་གྲགས་ཀྱི་ཆོས་ལའང་ ཤིན་ཏུ་ཕྲ་བའི་སྐད་ཅིག་གཅིག་ཁོ་ན་ལ་གནས་ནས། སྐད་ཅིག་གཉིས་པར་ནམ་ཡང་མི་འཕོ་ བ་ཞིག་སྲིད་ན། དེ་རྟག་པར་འཇོག་དགོས་པ་བཞིན་ནོ། །དེས་ན་སེམས་སྤྲོས་བྲལ་གྱི་རང་ བཞིན་མི་རྟོག་པ་སྟོང་གཟུགས་སུ་ཤར་བ་དེ་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་ བྱང་ཆུབ་པ་དང་བློ་ངོར་རྣམ་པ་མཐུན་ཞིང༌། དོན་ངོ་བོའི་སྟེང་ནས་ཀྱང་ཐ་དད་མ་ཡིན་ལ། དེ་ དབང་དུས་སུ་ཡུད་ཙམ་བསྒོམས་པས་འབྲས་བུ་དེ་མངོན་དུ་འགྱུར་བའི་རྟེན་འབྲེལ་ཁྱད་པར་ ཅན་བསྒྲིགས་པ་ཡིན་ནོ།། །། དོན་བཞི་པ་ཡུལ་ཡུལ་ཅན་རྒྱུ་གསུམ་གྱི་དབྱེ་བ་ནི། དབང་བཞི་པའི་ངོ་བོ་གསལ་བར། རྒྱུད་ལས། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་ འགྱུར། །དབང་ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་ པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་པ་འདི་ཉིད་དབང་བཞི་པ་ཞེས་པའི་ངོས་འཛིན་མིང་ ཞལ་གསལ་དང་བཅས་པ་ཡིན་ལ། དོན་འདི་ནི་མཆོག་མི་འགྱུར་གྱི་མདོར་བསྡུས་དང༌། དོན་ དམ་བསྙེན་པ་དང༌། གཞུང་གཞན་བྲམ་ཟེ་ཆེན་པོའི་དོ་ཧ་དང༌། ཨིནྡྲ་བྷུ་ཏིའི་ཡེ་ཤེས་གྲུབ་པ་ དང༌། དཔལ་མོའི་ལྷན་ཅིག་སྐྱེས་གྲུབ་སོགས་ལས་རྟོགས་པར་བྱ་ཞིང༌། འདིའི་དོན་འཆད་ པ་ནི་གཞན་ཡང་ཤིན་ཏུ་མང་མོད། སྦྱོར་བ་ཡན་ལག་དྲུག་པའི་སྤྱི་དོན་དང༌། དབང་མདོར་ བསྟན་གྱི་རྣམ་བཤད་དུ་བདག་གིས་ཀྱང་བཤད་ཟིན་པས་འདིར་ཧ་ཅང་མི་སྤྲོའོ། །འོན་ཀྱང་ སྙིང་པོ་ནི་རྣམ་ཀུན་མཆོག་ལྡན་དང་བདེ་བ་ཟུང་དུ་འཇུག་པ་ནི་བཞི་པའི་ཡེ་ཤེས་ཀྱི་ངོ་བོ་ 3-1-708 ཡིན་ལ། དེ་ལ་ཆོས་ཉིད་དོན་གྱི་ཟུང་འཇུག་ནི། དབང་བཞི་པའི་དབང་དོན་གྱི་ཡེ་ཤེས་དངོས་ ཡིན་ཡང་ལམ་གྱི་ཟུང་འཇུག་མ་ཡིན་ནོ། །ལམ་གྱིས་བསྡུས་པ་ནི། ཆོས་དབྱིངས་དེ་མངོན་ སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག་བདེ་བ་དང་རྣམ་པ་ཐམས་ཅད་པའི་སྒོ་ནས་ཆོས་ཉིད་ དང༌། ཤིན་ཏུ་རྣམ་པ་མཐུན་པ་དེ་ནི་དབང་བཞི་པའི་ལམ་གྱི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་ལྟ་ བུ་མཚན་ཉིད་ཀྱི་ལུས་ཡོངས་སུ་རྫོགས་པ་ནི། རྒྱུའི་དབང་དུས་སུ་ཕལ་ཆེར་ལ་སྐྱེ་བ་མ་ཡིན་ ཡང་རྗེས་མཐུན་མོས་པ་ལམ་བྱེད་དུ་བྱས་པས་བཞི་པའི་ལམ་དེ་རྒྱུད་ལ་སྐྱེ་བའི་ཐུན་མོང་མ་ ཡིན་པ་དང་མེད་ན་མི་འབྱུང་གི་རྒྱུར་གྱུར་པའི་ནུས་པ་ནི་དབང་བཞི་པ་ཡིན་པས། ནུས་པ་དེ་ རྒྱུད་ལ་སྐྱེས་བ་ན་བཞི་པ་ཐོབ་པ་ཞེས་བྱའོ།། །། དོན་ལྔ་པ་སྡོམ་པ་ཐོབ་མཚམས་རྒྱུ་དང་བཅས་པ་ལ་དབང་བཞི་པའི་སྡོམ་པ་དངོས་ནི། ཏིང་ངེ་འཛིན་གྱི་སྐད་ཅིག་དང་པོ་ནས་ཅུང་ཟད་སྐྱེས་ཤིང་མཚན་ཉིད་རྫོགས་པར་ཐོབ་པ་ ནི། ཏིང་ངེ་འཛིན་གྱི་འབྲས་བུ་ནས་ཐོབ་པ་དེ་ཡིན་ལ། དེ་སྒོམ་སྟོབས་གཙོ་ཆེ་མོད་ཀྱང་ཆོ་ ག་ལས་ཀྱང་སྐྱེ་བ་ཡོད་དེ། དོན་དམ་སྡོམ་པ་ཡང་ཆོ་ག་ལས་འབྱུང་བ་སྔགས་ལུགས་ཀྱི་ཁྱད་ ཆོས་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་དབང་བཞི་པའི་སྡོམ་པ་དངོས་དོན་དམ་པ་ནི། རྒྱུའི་དབང་ གི་སྐབས་འདིར་མི་ཐོབ་ཀྱང་དབང་གི་མཚན་ཉིད་དེ་ལྟ་བུ་དང་ཕྱོགས་འདྲ་བའི་ཀུན་རྫོབ་ ཀྱི་སྡོམ་པ་བཞི་པས་བསྡུས་པ་ཞིག་ཐོབ་པ་ནི་ཡིན་ནོ། །གཞན་དག་རྒྱུད་སྡེ་གཞན་གྱི་དབང་ བཞི་པ་དང༌། འདིའི་དབང་བཞི་པ་གཅིག་གོ་མི་གཅིག་གོ་དོད་ཐུབ་པོ་མི་ཐོབ་པོ། རྒྱུད་སྡེ་ གཞན་ལ་དབང་བཞི་པ་མཚན་ཉིད་པ་མེད་དོ་ཡོད་དོ་སོགས་འབྲེལ་མེད་ཀྱི་འདོད་ཚུལ་དང་ རྩོད་པ་མང་ཞིང༌། དེ་དག་ལ་རྒལ་བརྟགས་ཅུང་ཟད་དགོས་པའི་སྐབས་ཀྱང་འདུག་མོད་ཀྱི། ཡི་གེ་མངས་པར་འགྱུར་བའི་ཕྱིར་འདིར་མི་འབྲིའོ།། །། བཞི་པ་འཕྲོས་དོན་ཐོར་བུ་སྣ་ཚོགས་པའི་དོགས་པ་དཔྱད་པ་ལ། སྡོམ་ནི། འཇིག་རྟེན་ 3-1-709 བཞི་དང་སྐུ་བཞི་དང༌། །ན་ཚོད་རིམ་དང་ཕྱག་རྒྱ་བཞི། །འཇིག་འདས་ཆེ་ཆུང་དབྱེ་བ་དང༌། དྲང་ངེས་ས་ཡི་རིམ་པ་གཉིས། །སློབ་དཔོན་སློབ་མའི་དོན་ལ་དཔྱད། །བཞི་པ་སྦེད་པའི་ཚུལ་ གཉིས་སོ། །གཞན་ཡང་བུམ་དབང་གིས་གཟུགས་མེད་ཁམས་ཀྱི་འདོད་ཆགས་སྦྱོང༌། གསང་ དབང་གིས་གཟུགས་ཁམས་ལྷའི་འདོད་ཆགས་སྦྱོང༌། འཇིག་རྟེན་པའི་གསུམ་པས་འདོད་ ཁམས་ལྷའི་འདོད་ཆགས་སྦྱོང༌། འཇིག་རྟེན་པའི་བཞི་པས་མིའི་འགྲོ་བ་མན་ཆད་ཀྱི་འདོད་ ཆགས་སྦྱོང་བ་དང༌། དབང་བཞི་པས་ཐམས་ཅད་ཀྱི་དངོས་ཀྱི་གཉེན་པོ་བྱེད་དོ། །དེ་བཞིན་ དུ་བྱང་ཆུབ་བཞི་ཉིད་ཀྱི་ཕྱིར། སྤྲུལ་ལོངས་ཆོས་སྐུ་ལྷན་ཅིག་སྐྱེས་པ་སྟེ་སྐུ་བཞི་ལ་སྦྱར་བ་ དང༌། བདེ་བ་མཆོག་དམན་གྱི་དབྱེ་བས་བྱིས་པ། དར་མ་རྒན་པོ་སྐྱེ་དགུའི་བདག་པོ་བཞི་ དང་སྦྱོར་བ་དང༌། གཞན་ཡང་དག་སྦྱོར་ཕྲ་མོ་བཤད་པ་རྣམས་ནི་གོ་སླའོ། །ཡང་རྒྱུད་ལས། ཆུ་སྐྱེས་ལ་ནི་རྡོ་རྗེ་རབ་ཞུགས་རྩེ་མོ་ཅན་ལ་རླུང་དང་ཐིག་ལེ་མི་ལྟུང་གསུམ་པའོ། །ཞེས་ རྫོགས་རིམ་གྱི་ཕྱག་རྒྱ་གསུམ་པོ་སྨིན་བྱེད་བུམ་གསང་ཤེར་དབང་གསུམ་དང༌། ཡང་རྒྱུད་ ལས། ཆགས་དང་ཆགས་བྲལ་མཐར་གྱུར་དང་པོ་མཆོག་བདེའི་གཏེར་ནི་རྣལ་འབྱོར་རྣམས་ ཀྱིས་རྟོགས་བྱ་བཞི་པའོ། །ཞེས་ཕྱག་རྒྱ་བཞི་པ་སྨིན་བྱེད་དབང་བཞི་པར་གསུངས་ཏེ། དེ་ ཡང་འཇིག་རྟེན་ལས་འདས་པའི་བཞི་པ་མ་བསྐུར་ན་ནི། བྱིས་འཇུག་རྣམས་བསྐྱེད་རིམ་ཁོ་ ནའི་སྨིན་བྱེད་དང༌། གོང་མ་གཞན་གསུམ་པོ་ཡང་རྫོགས་རིམ་གྱི་མིང་ཅན་ཟབ་མོ་བསྐྱེད་ རིམ་ཙམ་དང༌། དེའི་འབྲས་བུ་ཚོགས་སྦྱོར་ཙམ་གྱི་སྨིན་བྱེད་ཡིན་གྱི། བསྒོམ་བྱ་རྫོགས་རིམ་ དང༌། ཐོབ་བྱ་འཕགས་སའི་སྨིན་བྱེད་དུ་མི་འགྱུར་ལ། ནམ་བཞི་པ་ཐོབ་པ་ན་དབང་བདུན་ དང་དབང་གསུམ་ཐོབ་པའི་རྒྱུན་དེ་ཡང་འདིའི་བྱིན་གྱིས་བརླབས་པས་དེ་དག་ཏུ་འགྱུར་བ་ ཡིན་ནོ། །ཡང་སློབ་མ་དང་སློབ་དཔོན་གྱི་དབང་གོང་མ་རྣམས་ལ་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པ་གཉིས་ཡོད་པ་ནི། རྒྱུད་ལས། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་ 3-1-710 བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་ མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་པ། །ཤེས་རབ་དང་འགྲོགས་བྱང་ ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང༌། །འདི་དག་ཐམས་ ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་ འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། ། ཞེས་གསུངས་པས། མདོར་ན་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཁོ་ན་འཇིག་རྟེན་ ལས་འདས་པ་ཡིན་གྱི། གཞན་ཐམས་ཅད་འཇིག་རྟེན་པའོ། །འཇིག་རྟེན་ལས་འདས་པ་ཉིད་ ཀྱི་ཕྱིར་གོང་མ་ཆེན་པོ་ཞེས་པ་ཡང་བཞི་པ་འདི་ཁོ་ནའོ། །ཡང་ངེས་དོན་གྱི་དབང་ཞེས་བྱ་བ་ ནི། ངེས་དོན་དོན་དམ་ལ་འཇོག་པ་ལྟར་ན་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ལ་སྤྱི་ ལྡོག་ནས་སྦྱར་ན་རུང་བ་ཙམ་ཡིན་མོད་ཀྱི། དབང་ལེའི་འགྲེལ་ཆེན་ལས། དེ་ལ་རེ་ཞིག་ངེས་ པའི་དོན་བརྗོད་པར་བྱ་སྟེ་ཞེས་སོགས་ཀྱི་དོན་ནི། འབྲས་བུའི་དབང་ལ་ངེས་དོན་གྱི་དབང་ དུ་བཤད་པ་ཡིན་པས། གང་དག་རིག་མ་གཅིག་དང་བཅས་པའི་དབང་གོང་མ་ནི་དྲང་དོན་ གྱི་དབང་དང༌། རིག་མ་བཅུ་དང་བཅས་པ་ལ་ངེས་དོན་ཟེར་བ་ནི། དྲང་དོན་ངེས་དོན་གྱི་གོ་ བ་ཙམ་ཡང་མ་ཆགས་ཤིང༌། དྲང་དོན་གྱི་སྒྲ་བཤད་བྱེད་པའི་ཚེ། དབང་གོང་མ་གཞན་ཡོད་ པས། གཞན་དུ་དྲངས་པ་ཞེས་འཆད་པ་ནི་སློབ་མའི་གོང་མ་གསུམ་གོང་མ་མ་ཡིན་པར་སོང་ བས་ཤིན་ཏུ་ཐ་ཆད་དེ། རྒྱས་འགེབས་མི་འོས་པ་ལ་གཞན་གྱིས་རྒྱས་འགེབས་བྱས་པའི་ རང་རྟགས་བསྟན་པའོ། །འཕྲོས་དོན་དུ་སའི་དག་པ་ཡང་གོ་སླ་ལ། དབང་བདུན་གྱི་སྐབས་ སུ། དུས་སྦྱོར་གྱི་རླུང་བདུན་འགགས་པའི་སར་གསུངས་པས། གོང་མ་བཞི་ལའང་ཏིང་ངེ་ འཛིན་གྱི་ས་ཕྱི་མ་ལྔའི་དག་པ་སྦྱོར་དགོས་ཤིང༌། ང་རྒྱལ་བཟུང་བའི་སྔགས་དོན་གྱི་སྐབས་ གོང་མ་བཞི་ལ། མི་གཡོ་བ་ལ་སོགས་པ་འཕགས་ས་ལྔའི་དག་པ་དངོས་སུ་མཛད་པས། 3-1-711 དབང་བདུན་ལ་ཡང་འཕགས་ས་བདུན་གྱི་དག་པ་སྦྱོར་དགོས་ཏེ། ས་བཅུ་གཉིས་པོ་གོང་ འོག་གཉིས་ཀ་མཚན་ཉིད་མཚུངས་ཤིང་རྒྱུ་འབྲས་ཀྱི་འབྲེལ་པ་ཅན་ཡིན་པའི་ཕྱིར་གཅིག་ལ་ སྦྱར་བས་གཅིག་ཤོས་ལ་འབྱོར་བར་ཡང་འགྱུར་རོ། །དབང་བཅུ་གཅིག་ས་བཅུ་གཉིས་དང་ སྦྱར་བ་འདིས་སློབ་མའི་དབང་ལ་འདས་པའི་བཞི་པ་མི་བྱེད་པ་བཀག་སྟེ། ས་བཅུ་པ་དང་ བཅུ་གཉིས་པའི་བར་དུ་ཕྲུགས་གཅིག་པོ་དེ་ལ་མི་ཐེ་བ་ཁྱེད་དག་གོང་ཆེན་གྱི་མིང་འདོགས་ པའི་དབང་གསུམ་གྱིས་བར་ཆོད་པས་ཤིན་ཏུ་མི་རིགས་པའི་ཕྱིར་དང༌། དེ་དག་རེ་རེ་བཞིན་ གྱི་དག་པའང་ཕྲུགས་གཅིག་ལ་ཁས་ལེན་ན། ས་བཅུ་པའམ་བཅུ་གཅིག་པའི་རྗེས་སུ་སླར་ བརྒྱད་དགུ་སོགས་བགྲོད་དགོས་པར་འགྱུར་བ་དང༌། དེ་དག་ཕྲུགས་གཞན་ཡིན་པས་སྐྱོན་ དེ་མེད་སྙམ་ན། ཕྲུགས་གཅིག་ལས་བཅུ་གཉིས་གྱི་དག་པ་ཚང་པའི་དབང་མི་སྲིད་པར་ འགྱུར་རོ། །དེ་ཡང་འདོད་ན་དབང་བཅུ་གཅིག་ས་བཅུ་གཅིག་གམ་བཅུ་གཉིས་ཀྱི་དག་སྦྱོར་ ཞེས་པའི་ཐ་སྙད་ཙམ་དང་ཡང་འགལ་བར་འགྱུར་ཏེ། དབང་བཅུ་བཞི་ས་བཅུ་གཅིག་གམ་ བཅུ་གཉིས་དང་སྦྱོར་བ་ཁོ་ནར་སོང་བས་སོ། །གཞན་ཡང་རྫོགས་རིམ་གྱི་ཕྱག་རྒྱ་བཞིའི་ ལུང་གོང་དུ་དྲངས་པ་དང༌། འཇིག་རྟེན་འཇིག་རྟེན་འདས་པའི་དབྱེ་བའི་ལུང་འདི་རྣམས་ ཀྱིས་མོས་ཤིང་སྐལ་པ་དང་ལྡན་ན་སློབ་དཔོན་དང་སློབ་མར་འོས་པ་ཇི་ལྟར་ཡིན་ཡང་རུང༌། འཇིག་རྟེན་ལས་འདས་པ་བསྐུར་དགོས་པ་ཁོ་ནར་གསུངས་སོ། །སྐལ་བ་དང་མི་ལྡན་པ་དང་ མི་མོས་པ་ལ་བསྐུར་པར་བྱ་བ་མ་ཡིན་མོད། དེ་ནི་འཇིག་རྟེན་ལས་འདས་པའི་བཞི་པར་མ་ ཟད། དབང་བདུན་གྱི་བར་དུ་ཡང་འདྲ་བས། སློབ་དཔོན་དང་སློབ་མའི་དབང་གི་དབྱེ་བར་ མི་འགྱུར་རོ། །འོ་ན་དྲི་མེད་འོད་ལས། དབང་གོང་མ་ནི་རྣམ་པ་གཉིས་ཏེ་གཅིག་ནི་སེམས་ ཅན་གཞུག་པའི་དོན་དང༌། ལམ་ཡོངས་སུ་ཤེས་པའི་དོན་དང༌། རྒྱུད་ཉན་པ་ལ་དབང་བའི་ དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང༌། སྟོན་པ་པོ་བྱེད་པའི་སླད་ 3-1-712 དུའོ། །ཞེས་གསུངས་པས། དབང་གོང་མ་ལ་སློབ་མ་དང་སློབ་དཔོན་གྱི་དབང་གཉིས་སུ་ གྲངས་ངེས་ཤིང༌། སློབ་མ་ནི་དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་ཞེས་སོགས་ཀྱིས་བསྟན། རྒྱུད་དང་འགྲེལ་པ་གཉིས་ཀ་ལས། སྐབས་དེར་འདས་པའི་བཞི་པ་མ་གསུངས་སོ་སྙམ་ན། འདིའི་དོན་གྱི་ངེས་པ་མྱུར་དུ་འཆད་པར་འགྱུར་མོད། ཅུང་ཟད་བཤད་ན་འདིར་དབང་གོང་ མ་གཉིས་ཏེ་ཞེས་པ་ནི། སྡེ་ཚན་གཉིས་སུ་གྲངས་ངེས་མཛད་པ་ཡིན་གྱི། དངོས་པོ་གཉིས་སུ་ གྲངས་ངེས་པ་ག་ལ་ཡིན། དཔེར་ན་ཆོས་ཐམས་ཅད་ནི་གཉིས་ཏེ་ཟག་བཅས་དང་ཟག་མེད་ དོ་ཞེས་བརྗོད་ན། ཆོས་གང་ཅི་ཡང་རུང་བ་ཐམས་ཅད་ཡང་ན་ཟག་བཅས་ཡིན་ཏེ། མིན་ན་ ཟག་མེད་ཡིན་ཞེས་པའི་དོན་ཡིན་གྱི། ཟག་བཅས་ཟག་མེད་ཀྱི་མཚན་གཞི་རེ་རེ་བ་གཅིག་ ཏུ་གྲངས་ངེས་པ་ག་ལ་ཡིན། ཟག་མེད་ལ་ཡང་འདུས་བྱས་འདུས་མ་བྱས་སོགས་ནང་སེལ་ མཚན་ཉིད་མི་འདྲ་བ་དུ་མ་ཡོད་ཅིང༌། ཟག་བཅས་ལ་ཡང་སྣོད་བཅུད་ཡུལ་ཡུལ་ཅན་སོགས་ མཚན་ཉིད་མི་འདྲ་བ་མཐའ་ཡས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་དབང་གོང་ མ་ལ་སློབ་མའི་དབང་གི་སྡེར་གཏོགས་པ་དང༌། སློབ་དཔོན་གྱི་དབང་གི་སྡེར་གཏོགས་པ་ གཉིས་སུ་གྲངས་ངེས་ཞེས་པ་ཡིན་གྱི། དེ་གཉིས་ལ་དབང་ཆོག་མི་འདྲ་བ་རེ་རེར་ངེས་པ་ག་ ལ་ཡིན། དེས་ན་འགྲེལ་པའི་ཚིག་ཉིད་ཀྱིས་གསལ་ཏེ། སློབ་མའི་དབང་འཇིག་རྟེན་པ་རྣམས་ གསུངས་པའི་རྗེས་སུ་བསྐྱེད་རིམ་ཁོ་ན་སྒོམ་པ་དང༌། བསྡུས་རྒྱུད་གཞན་གྱི་ཚོགས་བཤད་ དང༌། རྒྱུད་འདི་ཉིད་ཀྱི་ཡང་དུམ་བུ་ཅི་རིགས་པ་ཉན་པ་ལ་དེ་ཙམ་བསྐུར་བ་ཡིན་ཏེ། ཇི་སྐད་ དུ། སེམས་ཅན་གཞུགས་པའི་སླད་དུ་འཇིག་རྟེན་ཀུན་རྫོབ་ཀྱི་དབང་རྣམ་པ་བཞིའི་ངེས་ པའོ། །ཞེས་གསུངས་པས། འདི་ནི་ད་ལྟ་དངོས་སུ་དབང་བཞི་པའི་སྐལ་བ་མེད་པའི་སེམས་ ཅན་རྣམས་རིམ་གྱིས་འཇིག་རྟེན་ལས་འདས་པའི་བཞི་པ་ལ་འཇུག་པའི་སླད་དུ། ད་ལྟ་ དངོས་སུ་འཇིག་རྟེན་པའི་ནང་ཚན་གཅིག་ལ་བཞི་པར་མིང་བཏགས་ཏེ། དབང་བཞི་ཆ་ཚང་ 3-1-713 ཡིན་པ་ལྟར་བཅོས་ནས་སྦྱིན་པའོ། །འདིའི་ཤུགས་ལ་ལམ་ཡོངས་སུ་ཤེས་པའི་དོན་ཞེས་པ་ ནི། དེ་འཕྲལ་ཉིད་དུ་བཞི་པ་མི་བསྐུར་ཡང་རབ་དབྱེ་འཆད་དགོས་པའི་དམིགས་གསལ་ནི། འཇིག་རྟེན་པའི་ལམ་ནི་དངོས་སུ་གསལ་བར་གོ་བ་དང༌། འཇིག་རྟེན་ལས་འདས་པའི་ལམ་ སྒོམ་པའི་ལག་ལེན་དང་མཚན་ཉིད་གསལ་བར་མ་རྟོགས་ཀྱང༌། འདི་ལས་གཞན་དུ་འཇིག་ རྟེན་ལས་འདས་པའི་ལམ་ཆེས་མཆོག་ཏུ་གྱུར་པ་ཕན་ཡོན་འདི་ལྟ་བུ་དང་ལྡན་པ་ཡོད་དོ། ། ཞེས་དད་པ་བསྐྱེད་ཅིང་རགས་པའི་ཚུལ་དུ་གོ་བ་ཤར་བ་ནི། ལམ་གཉིས་པོའི་ཁྱད་པར་གྱི་ དམིགས་ཅུང་ཟད་ཕྱེ་བ་ཡིན་པས། དེའི་དོན་དུ་དབང་གི་རབ་བྱེད་མན་ཆད་མཐའ་དག་སྦྱིན་ པ་ཡིན་ནོ། །སྔ་མ་ནི་རེ་ཞིག་བཞི་པའི་ལམ་ལ་དད་པ་མེད་པ་ཡིན་ལ། འདི་ནི་ད་ལྟ་དངོས་སུ་ བཞི་པ་སྟོན་དུ་མི་རུང་ཡང་དད་པ་ཡོད་པ་དག་ཡིན་ན། དེའི་མཚན་ཉིད་བསྟན་པས་ཀྱང་རུང་ མོད་ད་ལྟ་ཉམས་མྱོང་འཕྲལ་དུ་སྐྱེ་མི་ཐུབ་པའོ། །ཉམས་མྱོང་འཕྲལ་དུ་སྐྱེར་རུང་གི་སློབ་མ་ དང༌། སྒོམ་པ་ལ་གཙོ་བོར་མི་བྱེད་ཀྱང༌། དད་ཅིང་རྒྱུད་མཐའ་དག་གོར་རུང་བས་བློ་སྟོབས་ ཅན་ཉན་པར་འདོད་པ་ཡིན་ན། འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཡང་བསྐུར་ དགོས་ཏེ། དེ་ལྟར་གདུལ་བྱ་མི་འདྲ་བ་གསུམ་གྱི་སྒོ་ནས་དབང་བསྐུར་ཚུལ་གསུམ་བྱུང་ཡང་ ཐམས་ཅད་སློབ་མའི་དབང་དུ་རིག་གཅིག་གོ །ཞེས་གོ་བར་བྱའོ།། །། བཞི་པ་རྗེས་སློབ་མ་དང་སློབ་དཔོན་གྱི་བྱ་བ་ཅུང་ཟད་བཤད་པ་ལ། དང་པོ་ཡོན་དབུལ་ བ་ནི། རྒྱུད་ལས། དྲུག་ཆ་ལུས་ཀྱི་ནང་ནས་ལག་པ་རྐང་པ་ལུས་དག་ལས་ནི་ཡན་ལག་ མཆོག་ཀྱང་སྦྱིན་པ་སྟེ། །ལས་ཀྱི་དབང་པོ་རྣམས་ལས་ངག་དང་དབང་པོ་རྣམས་ཀྱི་ནང་ནས་ ཡོན་ཏན་དང་བཅས་ཡིད་དག་ཀྱང༌། །ཁམས་ཀྱི་ཆ་ཤས་རྣམས་ཀྱི་ནང་ནས་རྐང་གཉིས་ པ་དང་ཕྱུགས་ཀྱི་ཚོགས་ལས་དེ་ཉིད་ཆ་ཡི་གཞན། །མཆོག་གི་ཕྱག་རྒྱ་རྗེས་སུ་རིག་པ་སློབ་ དཔོན་ལ་ནི་རབ་ཏུ་ཕུལ་ན་བདེ་བའི་གནས་སུ་འགྲོ། །ཞེས་གསུངས་ཏེ། སྤྱིར་དངོས་པོ་ 3-1-714 ཐམས་ཅད་ཀྱིས་བླ་མ་མཉེས་པར་བྱེད་པ་ཡིན་ཡང་ཆུང་མཐའ་བཟུང་ན། དབང་བསྐུར་བའི་ སློབ་དཔོན་ལ་ལུས་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱི་དྲུག་ཆ་འབུལ་ལོ། །ལུས་ཀྱི་དྲུག་ ཆ་ཡན་ལག་མཆོག་ནི། ཕྱག་འཚལ་བའི་དོན་དང༌། ལས་དབང་གི་དྲུག་ཆ་ངག་ནི། བདེན་ པར་སྨྲ་ཞིང་བསྔགས་པ་བརྗོད་པའི་དོན་དང༌། དབང་པོའི་དྲུག་ཆ་ཡིད་ནི་གུས་པ་དང་བཅས་ ཤིང༌། གཡོ་སྒྱུ་བྲལ་བའི་དོན་དང༌། ཁམས་ཞེས་བྱ་བ་ནོར་དང་འབྲུ་སོགས་སེམས་མེད་པའི་ རྫས་སྔར་ཡོད་གསར་བྱུང་ཐམས་ཅད་ཀྱི་དྲུག་ཆ་ནི། རྣལ་འབྱོར་མ་སོགས་མཆོད་པའི་དོན་ དང༌། སེམས་དང་བཅས་པ་མི་དང་དུད་འགྲོ་རྐང་གཉིས་རྐང་བཞི་རྣམས་ཀྱི་དྲུག་ཆ་ལས་ བྱེད་པའི་དོན་དང༌། རྗེས་སུ་ཆགས་པའི་དོན་དུ་ཐབས་ཟླའམ་རིགས་ཀྱི་བཟང་མོ་ཟླ་བ་རེ་ རེའི་ནང་དུ་ལན་ལྔ་སྟེ་དྲུག་ཆ་ནི། གསང་བའི་སྦྱིན་པ་རྫོགས་པར་བྱ་བའི་དོན་དུ་འབུལ་བར་ གསུངས་སོ། །དེ་དག་ཀྱང་རིགས་དྲུག་གི་ཡེ་ཤེས་ཐོབ་པར་འགྱུར་བའི་རྒྱུར་རིགས་དྲུག་གི་ དག་པ་ཅན་ཡིན་ཏེ། སྤྱི་སྐད་དང་མཚུངས་པར་སྦྱར་ནས་དང་པོ་གསུམ་པོ་ལུས་ངག་ཡིད་ གསུམ་ཡིན་པའི་ཕྱིར། རྣམ་སྣང་སྣང་མཐའ་མི་བསྐྱོད་གསུམ། ནོར་དང་འབྲུ་རིན་འབྱུང༌། རྐང་འགྲོ་དོན་གྲུབ་རྗེས་ཆགས་རྡོ་རྗེ་སེམས་དཔའ་མཆོད་པའོ། །གཞན་ཡང་བུམ་པའི་ གོས་ཟུང་དང་སྟོད་སྐོར་ནི། བུམ་སྐྱོང་གི་རྣལ་འབྱོར་མ་རྣམས་ལ་སྦྱིན་ནོ། །སྟོད་སྐོར་གཞན་ དང༌། གོས་ཟུང་དང༌། ཅོད་པན་ཏེ་ཐོད་བཅིང་པ་ལ་སོགས་པ་ནི་སྒོའི་སློབ་དཔོན་རྣམས་ ལའོ། །ལྷག་མ་དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་ནི་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་དབང་སྟེ། དེ་བཞིན་དུ་སློབ་དཔོན་འཁོར་བཅས་ཚོགས་ཀྱི་འཁོར་ལོས་མཉེས་པར་བྱེད་ཅིང༌། དཀྱིལ་ འཁོར་གྱི་ལྷ་ཚོགས་རྣམས་སྦྱིན་སྲེག་རྒྱ་ཆེན་པོས་ཀྱང་ཚིམ་པར་བྱའོ།། །། གཉིས་པ་འགྲོ་བ་སྦྱང་པ་ནི། བདག་འཇུག་གམ་སློབ་མ་དབང་བསྐུར་གྱི་ཐ་མར་ སེམས་ཅན་ཐམས་ཅད་ལ་སྙིང་རྗེས་དབང་བསྐུར་བར་བྱའོ། །རྒྱུད་ལས། སེམས་ཅན་གང་ 3-1-715 དག་རྣམ་གསུམ་སྲིད་པར་གནས་རྣམས་འཇིག་རྟེན་ཁམས་ལས་ཡེ་ཤེས་རྡོ་རྗེའི་ལྕགས་ཀྱུ་ ཡིས། །བཀུག་སྟེ་དེ་རྣམས་མཐའ་དག་མཆོག་གི་སྙིང་རྗེས་དཀྱིལ་འཁོར་དུ་ནི་སངས་རྒྱས་ རྣམས་དང་རྡོ་རྗེ་ཡི། །བདུད་རྩིས་མངོན་པར་དབང་བསྐུར་ནས་ནི་དྲི་མེད་རི་བོང་ཅན་ལུས་ རྡོ་རྗེ་ཅན་གྱི་ལམ་ཐོབ་པ། །དྲི་མ་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་རྣམས་ རང་གི་གནས་སུ་བཏང་བར་བྱ། །ཞེས་གསུངས་ཏེ་ལག་ལེན་དཀྱིལ་འཁོར་རྒྱལ་མཆོག་ གི་སྐབས་ཀྱི་སྙིང་རྗེའི་དབང་བསྐུར་བཞིན་དུ་མཛད་ལ། འདིའི་འགྲེལ་བར། སེམས་ཅན་ རྣམས་ལ་བུམ་པ་བཅུས་དབང་བསྐུར་བར་བཤད་པས་དེ་བཞིན་དུ་སྒོམ་མོ། །འདི་ནི་དཀྱིལ་ འཁོར་གཤེགས་གསོལ་གྱི་རྗེས་སོགས་གང་དུ་སྒོམ་ཀྱང་རུང་མོད་ཀྱི། མདུན་བསྐྱེད་དཀྱིལ་ འཁོར་གཤེགས་སུ་མ་གསོལ་བ་ཉིད་ལ་འབྲེལ་ཆགས་ཤིང༌། ཆོ་གའི་ཡན་ལག་ཆད་མི་འགྲོ་ བའི་དགོས་པ་ཡོད་པས། གནས་སྐབས་གཉིས་པོ་གང་རུང་གཅིག་ཏུ་ངེས་པར་བྱའོ།། །། བརྒྱད་པ་དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བའི་རིམ་པ་འཕྲོས་དོན་དང་བཅས་པ་ནི། དེ་ནས་ རྗེས་ཆོག་ཅེས་སོགས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་པ་དང་དངོས་ གྲུབ་བླངས་ནས་གཤེགས་སུ་གསོལ་བ་དང༌། དཀྱིལ་འཁོར་བསྡུ་ཞིང་རྡུལ་ཚོན་ཆུ་བོར་ སྤྱན་འདྲེན་པ་རྣམས་གསུངས་ཏེ། ཡིག་བརྒྱ། བཟོད་གསོལ་སོགས་ཅི་རིགས་པ་གཞན་ ནས་ཁ་བསྐང་བའི་ལག་ལེན་ཆོ་གར་གསལ་ལ། རྡུལ་ཚོན་གྱི་ལྷ་བསྡུ་ཚུལ་གཉིས་ལས་ རྒྱུད་ཀྱི་དངོས་བསྟན་ཡིན་པས་སྙིང་གར་བསྡུ་བ་གཙོ་བོར་བྱ་ལ། འཇིག་རྟེན་པའི་ལྷ་རྣམས་ གཤེགས་སུ་གསོལ་པ་ནི། མཆོད་པ་དང་གཏོར་མའི་མགྲོན་དུ་བྱོན་པའི་ཕྱོགས་སྐྱོང་ལ་ སོགས་པ་རྣམས་ཡིན་གྱི། ཁ་ཅིག་ཁོར་ཡུག་གི་ལྷ་ཡིན་པར་འདོད་པ་ནི་བཞད་གད་ཀྱི་གནས་ ཏེ། དེ་སྐད་ཅེས་སྨྲ་བ་དེ་དག་ཁོར་ཡུག་གི་ལྷ་དམ་ཚིག་པ་འབད་པས་བསྐྱེད་པར་འདོད་པས། ས་བོན་ཕྱག་མཚན་སོགས་ལས་འབད་པས་བསྐྱེད་པའི་དམ་ཡེ་དབྱེར་མེད་དེ་དག་ཨུ་ཤི་ར་ 3-1-716 འདོན་པ་བཞིན་དུ་རྩ་བཏོན་བྱས་ནས་རྒྱང་རིང་དུ་འཕེན་པའི་ལག་སྟོབས་ཅན་དམ་ཡེ་དབྱེར་ མེད་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལ་ནང་དུ་བསྡུད་རྒྱུ་དང་ཕྱིར་འབུད་རྒྱུའི་དབྱེ་བ་ཤེས་ པའི་སྤྱང་གྲུང་འཛོམ་པོ་ཡ་མཚན་ལས་ཀྱང་ཡ་མཚན་ཆེ་བའི་ལག་ལེན་མཁན་པོ་ནང་འགལ་ གྱི་ཁུར་ཆེན་པོ་འཛིན་པའོ། །ཨ་ཤྭ་ཐའི་འདབ་མ་ནི་བྱང་ཆུབ་ཤིང་གི་ལོ་མ་ཡིན། སྐམ་པའི་ ཕྱག་རྒྱ་ནི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་དང་འདྲ་བར། དཔལ་མཆོག་འགྲེལ་ཆེན་ལས་འབྱུང་བ་ ལྟར་རམ། སྒྱུ་དྲའི་འགྲེལ་པ་དང་ཀླུ་བྱང་གིས་བཤད་པ་ལྟར། ཧཱུྃ་མཛད་ཀྱི་ཕྱག་རྒྱ་འདྲ་རུང་ ལས་འཛུབ་མོ་གཉིས་གདུ་བུ་ལྟ་བུར་བྱས་པས་ཕུར་བུ་འདོན་ནོ། །ཕུར་བུའི་ཁྲོ་བོ་ཉིད་དང་ སྲུང་བའི་ཁྲོ་བོ་ལ་སྔར་ཆོ་གའི་སྐབས་ཐམས་ཅད་དུ་མཆོད་གཏོར་དཀྱུས་ཀྱི་སྐབས་སུ་ཡང་ ཡང་ཕུལ་བ་དེས་ཆོག་གི ། དེ་མི་བྱེད་པར་ཕུར་བུ་སྲུང་བའི་ཁྲོ་བོ་ལ་སྒོས་སུ་གཏོར་འབུལ་ སྐབས་འདིར་བྱེད་པ་ནི་གནད་འགག་ཆེ་ཤོས་བརྗེད། གནད་མེད་པ་ལ་གལ་པོ་ཆེ་ཡིན་པ་ ལྟར་བྱེད་པ་བྱི་བ་ཤོར་ནས་སྐར་ཁུང་འགགས་པའི་དཔེ་དང་ལྟད་མོ་བ་བླུན་པོ་རྣམས་བསླུ་ བར་བྱེད་པའོ། །དེ་ནས་དཀྱིལ་འཁོར་ཁང་པའི་ས་གཞིར་བ་བྱུང་གིས་ཉེ་བར་བྱུགས་ཤིང༌། ལོ་ལྔ་ནས་བཅུའི་བར་གྱི་གཞོན་ནུ་མ་དག་འོ་མ་མར་དང་འོ་ཐུག་ཀ་ར་ལ་དུ་ལ་སོགས་པས་ ཚིམ་པར་བྱ་སྟེ། གཞོན་ནུ་མ་མཆོད་པའི་ཆོ་གས་སོ། །གཞན་ཡང་གཞོན་ནུ་མ་དེ་དག་ལ་ ཏམ་བུ་ལ་དང་དྲི་དང་སྤོས་དང་མེ་ཏོག་དང༌། འབྲས་བུ་དང་བུམ་པའི་མགྲིན་པ་བཅིངས་ པའི་རས་ཡུག་སོགས་སྦྱིན་ནོ། །དེ་ནི་སྔ་དྲོའི་དང་པོར་ཡིན་ལ། དེ་ནས་སྔ་དྲོ་ཆུ་ཚོད་བདུན་པ་ ལ། དགེ་སློང་དང་དགེ་སློང་མའི་དགེ་འདུན་ཤ་སྤངས་པའི་ཁ་ཟས་གཙང་མས་ཚིམ་པར་བྱ་ ཞིང༌། དེའི་རྗེས་སུ་སློབ་དཔོན་སློབ་མར་བཅས་པ་དཔའ་བོ་དཔའ་མོའི་སྟོན་མོ་དང་ཚོགས་ ཀྱི་འཁོར་ལོས་དགྱེས་ཤིང་ཚིམ་པར་བྱས་ནས། འཁོར་ལོ་མཆོད་པའི་ཡོན་ཡང་དབུལ་བར་ བྱའོ། །དེ་དག་ཀྱང་རྒྱུད་ལས། མཐར་ནི་སྦྱིན་སྲེག་བྱས་ནས་རང་གི་སྙིང་གའི་པདྨར་ཡེ་ཤེས་ 3-1-717 སེམས་དཔའ་རབ་ཏུ་གཞུག་བྱ་སྟེ། །འཇིག་རྟེན་པ་རྣམས་རང་གི་གནས་སུ་མཐའ་དག་རྡུལ་ ཚོན་རྣམས་ཀྱང་དག་པའི་ཀླུང་ལ་སྤྱན་དྲངས་བྱ། །ཏམ་བུ་ལ་དང་དྲི་སྤོས་མེ་ཏོག་འབྲས་བུར་ བཅས་དང་རས་ཡུག་དག་ནི་གཞོན་ནུ་མ་རྣམས་ལ། །བྱིན་ནས་སློབ་དཔོན་སློབ་མར་བཅས་ པ་མཐའ་དག་ཚོགས་ཀྱི་རིགས་ནི་ཇི་ལྟར་འདོད་པར་མཆོད་བྱས་ཏེ། །སློབ་མ་ལ་ནི་སྣང་བ་ རབ་སྦྱིན་རབ་མཆོག་ཚོགས་ཀྱི་རིགས་ནི་རང་རང་གནས་སུ་གཤེགས་སུ་གསོལ། །ཞེས་ གསུངས་པ་རྣམས་ཀྱིས་ལེགས་པར་བསྟན་ནོ།། །། ད་ནི་འཕྲོས་དོན་བརྗོད་ན། རྒྱུད་འདིར་ཞལ་གསལ་དུ་ཀུན་སྤངས་ཀྱི་དབང་བསྐུར་ཡང་ བཤད་དེ། རྒྱུད་ལས། རྫས་རྣམས་མེད་པའི་མངོན་པར་དབང་བསྐུར་རྒྱལ་བའི་བདག་པོའི་ བཀའ་ཡིས་ཀུན་སྤངས་ལ་ནི་སྦྱིན་པར་བྱ། །དེ་བཞིན་དུ་བ་ལ་སོགས་ལམ་དང་མཐའ་དག་ ཡོན་ཏན་གཏེར་ནི་རྩ་ཡི་རྣལ་འབྱོར་ལྡན་པ་སྟེ། །བསྟེན་པའི་དོན་དུ་ལག་པའི་ཕྱག་རྒྱ་རང་ གི་སྙིང་གི་དབང་སོན་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ། །གཞན་རྣམས་ལ་ནི་རྒྱལ་བ་ མཆོག་གི་སྙིང་པོ་ཡུམ་གྱི་མཆོད་པ་རྣམ་དམན་སྦྱིན་པ་ཉིད་མི་བྱ། །ཞེས་གསུངས་ཏེ། སྐབས་ དེར་ཡུལ་དང་དུས་དང་བྱ་བའི་སྒོ་ནས་རྩོལ་བ་ཆུང་ངུས་འགྲུབ་ན་ལྟ་ཅི་སྨོས། མཐའ་ན་ལོ་ གཅིག་ཚུན་ལའང་རྩོལ་བ་ཆེ་རབ་ཀྱིས་འགྲུབ་རུང་དུ་ཡོད་པའི་འབྱོར་ལྡན་ཡིན་ན། དང་པོ་ གསོལ་གདབ་ཀྱི་ཡོན་ནས་བརྩམས། ཐ་མ་ཚོགས་ཀྱི་འཁོར་ལོའི་བར་གྱི་ཡོ་བྱད་མ་ལུས་ པ་ཐམས་ཅད་སློབ་མས་འབུལ་དགོས་ཏེ། ཐ་ན་དེའི་རིན་འབུལ་བ་ཚུན་ཆོད་ཀྱིས་ཀྱང་སྒྲུབ་ དགོས་སོ། །གལ་ཏེ་སློབ་མ་འབྱོར་བ་མེད་ཅིང་སྐལ་བ་དང་ལྡན་པ་ཡིན་ལ། སློབ་དཔོན་ འབྱོར་པ་དང་ལྡན་པ་ཡིན་ན། སློབ་མ་རང་ཉིད་ཀྱིས་གུས་པ་དང་ལུས་ངག་གི་བྱ་བ་དང༌། གསུང་བཞིན་སྒྲུབ་པའི་དཀའ་སྤྱད་ཀྱིས་ཆོག དབང་གི་ཡོ་བྱད་མེད་མི་རུང་ཆ་ཚང་བ་ཙམ་ སློབ་དཔོན་གྱིས་བཏོན་ཏེ། རྫས་ཅི་རིགས་དང་བཅས་པའི་དབང་བསྐུར་སྦྱིན་ནོ། །དེས་ 3-1-718 མཚོན་པའི་ཕན་ཚུན་འབྱོར་བ་ཆེ་ཆུང་དང་བསྟུན་ནས་ཡོ་བྱད་ཀྱི་ཁྱད་པར་འབྲི་བསྐྱེད་རྣམས་ རིག་པས་བརྟགས་ཏེ་སྦྱོར་ལ། སློབ་དཔོན་དང་སློབ་མ་གཉིས་ཀར་ཀུན་སྤངས་ཉག་གཅིག་ ཡིན་ཞིང༌། ཡོ་བྱད་རྒྱས་པ་སྒྲུབ་པའི་ཐབས་མེད་ན། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་ འཁོར་ཙམ་བཞེངས་ནས། མཆོད་པ་དང་དབང་རྫས་ཅུང་ཟད་ཙམ་དང་བཅས་ནས་དབང་ བསྐུར་བར་བྱའོ། །གལ་ཏེ་དེ་ཙམ་ཡང་མེད་ཅིང་ཐབས་ཀྱིས་འཚོལ་དུ་རུང་བའང་མ་ཡིན་ ལ། སློབ་མ་སྐལ་བ་དང་ལྡན་པའི་དུས་ཀྱི་དབང་གིས་སྐབས་དེར་ངེས་པར་སྦྱིན་དགོས་ན། རྫས་ཐམས་ཅད་དང་བྲལ་བ་ཏིང་ངེ་འཛིན་དང་ཚིག་གི་བརྗོད་པ་འབའ་ཞིག་གིས་དབང་ བསྐུར་བས་ཀྱང་རུང་བ་ཉིད་དེ། དོན་དམ་བསྙེན་པ་ལས། རྣམ་པར་དག་པའི་སློབ་མ་ནོར་ ནི་མེད་པ་ལ། །རྫོགས་པའི་བྱང་ཆུབ་རྒྱུ་རུ་དབང་བསྐུར་རིན་པོ་ཆེ། །རང་གི་ངག་གིས་ཀུན་ ནས་རྣམ་པར་དག་པ་འདི། །མཆོད་པ་མེད་ནའང་བླ་མ་ཡིས་ནི་སྦྱིན་པར་བྱ། །ཞེས་སོ། །རང་ གི་ངག་གིས་ཞེས་པས་དུང་ཆོས་དང་ཅོད་པན་སོགས་དབང་རྫས་མེད་ཀྱང་ཆུ་དབང་སོགས་ ཚིག་གིས་སྟེར་བའོ། །སློབ་དཔོན་དང་སློབ་མའི་དབང་གོང་མ་རྣམས་ལ་ལས་ཀྱི་ཕྱག་རྒྱ་མ་ རྙེད་ན། རང་ལུས་ལག་པའི་ཕྱག་རྒྱའམ་ཡིད་ཀྱི་ཕྱག་རྒྱ་ཁོ་ནས་སྒྲུབ་ལ། གཞན་དུ་ན་རྙེད་ དུ་རུང་བས་ཤེས་རབ་ཡུམ་གྱིས་དམན་པ་ལ་དབང་གོང་མ་བསྐུར་བར་མི་རུང་བར་གསུངས་ པ་མཚོན་བྱེད་དེ། སློབ་མ་འབྱོར་པ་དང་ལྡན་ཡང༌། སློབ་དཔོན་ལ་ཇི་སྐད་བཤད་པའི་རྫས་ མ་ཕུལ་བར་སྟོབས་ཀྱིས་དབང་བསྐུར་ཞུ་བ་ནི། འཇིག་རྟེན་འདི་ཉིད་དུ་ཡང་མི་འདོད་པ་ སྣ་ཚོགས་པ་དང༌། ཕྱི་མར་ཡང་སྡུག་བསྔལ་གྱི་རྒྱུའོ། །དེ་ལྟར་ན་ཀུན་སྤངས་ཀྱི་དབང་ཁོ་ན་ ལ་ཡང་ཏིང་ངེ་འཛིན་གྱི་སྒོ་ནས་དཀྱིལ་འཁོར་དང་མཆོད་པ་སོགས་ཐམས་ཅད་སྒྲུབ་དགོས་ ན། དམིགས་པ་ལ་གསལ་སྣང་ཐོབ་པས་སོ་སོའི་ཐད་ཀ་དེར་ལན་རེ་རེས་ཀྱང་འགྲུབ་པ་ ཡིན་མོད། མ་ཐོབ་ན་སྒྲིམ་ཞིང་རིག་པའི་ཤུགས་ཕྱུང་ནས་ལན་མང་པོར་བསྐྱར་གྱིན་གསལ་ 3-1-719 བཏབ་སྟེ། ཡིད་ཆེས་པར་བྱེད་པ་དཔོན་སློབ་གཉིས་ཀས་བྱེད་དགོས་སོ། །ཀུན་སྤངས་ལ་ ནི་སྦྱིན་པར་བྱ། །ཞེས་པ་ཡན་ཆད་དབང་བདུན་དང་བུམ་པ་སོགས་གསུམ་ཡིན་ལ། བཞི་པ་ ལ་ནི་ཀུན་སྤངས་དང་འབྱོར་ལྡན་ལ་ཁྱད་མེད་པས། འགྲེལ་བར་དེ་བཞིན་དུ་བཞི་པ་དུ་བ་ལ་ སོགས་པའི་ལམ་སྦྱིན་པར་བྱ་སྟེ། ཞེས་པ་སྟེ་ཚིག་གིས་བརྗོད་པར་བྱའོ། །ཞེས་གསུངས་པ་ འདིས་ཀྱང༌། སློབ་མའི་དབང་ལ་འཇིག་རྟེན་འདས་པའི་བཞི་པ་དགོས་པར་གསལ་ལ། བཞི་ པའི་མན་ངག་ཚིག་གིས་བརྗོད་དགོས་མོད་ཀྱང༌། འདིར་ཚིག་གིས་བརྗོད་པར་བྱའོ་ཞེས་པ་ ནི། སྔོན་མ་ཞེས་པ་སྟེ། ཞེས་པ་ཡན་ཆད་ཀྱི་ཚིག་གིས་མཚམས་བཅད་ཟིན་པས། བཞི་པ་ཁོ་ ནའི་ཁྱད་ཆོས་སུ་མི་སྦྱོར་ཏེ། དང་པོར་གོས་དང་མིག་དར་ནས་བརྩམས་ཏེ། བར་དུ་ཅོད་པན་ དར་དཔྱངས་ལ་སོགས་པ་དང༌། མཐར་ཤེས་རབ་ཡེ་ཤེས་ཀྱི་རིག་མའི་བར་དུ་རྫས་ཀྱི་དངོས་ པོ་མེད་པའི་ཕྱིར་ཚིག་གིས་བརྗོད་ཅེས་པའོ། །ཡང་དེའི་འཕྲོས་ལས་འགྲེལ་ཆེན་དུ་འདི་སྐད་ ཅེས། དེ་བཞིན་དུ། མཐའ་དག་ཡོན་ཏན་གཏེར་ནི་རྩ་བའི་རྣལ་འབྱོར་དང་ལྡན་པ་སྟེ། མི་ འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་ཚིག་གིས་བརྗོད་པར་བྱའོ། །ཞེས་པ་ནི། དབང་བཞི་ པའི་དུས་སུ་དུ་བ་ལ་སོགས་པ་རྟགས་བཅུ་ཐོག་མར་དགེ་བའི་ལམ་ངེས་པར་སྟོན་དགོས་ པར་མ་ཟད། ལམ་གྱི་དུས་སུའང་དགོས་པ་ཤུགས་ལ་གོ་ནུས་ཤིང༌། དེ་བཞིན་དུ་རྩ་བའི་ ཀུན་སྤྱོད་སྲོག་འཛིན་དང༌། མི་འགྱུར་བདེ་བའི་ལམ་དྲན་ཏིང་གི་མན་ངག་ཀྱང་སྟོན་དགོས་ པས། ལམ་དངོས་དང་སྤོགས་ཆོག་ཏུ་ལས་རྒྱའི་ལག་ཁྲིད་དགོས་པ་དེ་ཡང་ཀུན་སྤངས་ཀྱི་ རྣལ་འབྱོར་པས་མ་འགྲུབ་ན། དེའི་མན་ངག་རྣམས་སློབ་དཔོན་གྱིས་ཚིག་གི་སྒོ་ནས་བསླབ་ དགོས། ཞེས་པ་ཡིན་པས། དུ་བ་ལ་སོགས་ལམ་ཞེས་པ་དབང་དུས་དང༌། མཐའ་དག་ཡོན་ ཏན་གཏེར་སོགས་སྦྱོར་དྲུག་གི་མན་ངག་སྟོན་པ་ལ་སྦྱོར་དགོས་སོ། །གཞན་དུ་ན། དབང་ བཞི་པའི་དུས་སུ་སྦྱོར་དྲུག་དང་འབྲས་བུའི་ཚིག་བཤད་བྱེད་པ་ཙམ་ལ་གཉིས་ཀ་སྦྱོར་ན། 3-1-720 དུ་བ་ལ་སོགས་ཀྱི་སོགས་ཁོངས་ནས། རྩ་བའི་ཀུན་སྤྱོད་སོགས་ཀྱང་འདུས་པས། སོགས་ སྒྲ་དོན་མེད་དང༌། ཚིག་གིས་བརྗོད་པར་བྱའོ་ཞེས་ལན་གཉིས་ལྷག་པའི་སྐྱོན་དུ་ཐལ་བར་ འགྱུར་རོ། །འདི་ནི་ཁྱོད་ཀྱིས་ནན་གྱིས་སྐྱོགས་པའོ་སྙམ་ན་མ་ཡིན་ཏེ། དེ་ཙམ་ལ་སྐྱོགས་མི་ དགོས་པའི་ཕྱིར་ཏེ། ཚིག་དབང་གི་དོན་གོང་དུ་བཤད་པ་ལྟར་བླ་མས་མན་ངག་ཚིག་གིས་ བཅོད་པ་བཞིན་སློབ་མས་སྒོམ་པའི་དོན་དུ་འཆད་དགོས་པས། བཞི་པ་ཚིག་དབང་དུ་ཁོ་བོ་ ཅག་ཀྱང་ཤིན་ཏུ་འདོད་པའི་ཕྱིར། འདིར་ཚིག་གིས་བརྗོད་པར་བྱའོ་ཞེས་པ་གཉིས་པོ་འདི། ཚིག་དབང་སྟོན་བྱེད་མ་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲ་བ་ནི་ཁོ་བོ་ཅག་གི་འདོད་པ་བསྒྲུབ་པའི་ ཕྱིར་སྐྱོགས་ཏེ་སྨྲས་པ་མ་ཡིན་གྱི། གཞུང་འགྲེལ་གྱི་དོན་ཇི་བཞིན་དུ་སྨྲས་པ་ཡིན་ནོ། །ཚིག་ གིས་བརྗོད་པར་བྱའོ་ཞེས་པས་དམིགས་པ་བསྒོམ་རྒྱུ་མེད་པའི་ཚིག་བཤད་ཙམ་བྱའོ་ཞེས་ པར་མི་འགྱུར་བས། དེ་ལྟར་འདོད་པའི་རྒྱབ་རྟེན་དུ་ཡང་མི་འགྲོ་ལ། དམིགས་པ་སྒོམ་པ་ལ་ གནོད་བྱེད་དུ་ཡང་མི་འགྱུར་བས། འདི་ལ་ཁོ་བོ་ཅག་སྐྱོགས་བཤད་བྱེད་དགོས་པ་མེད་དོ། ། འཕྲོས་པས་ཆོག་གོ ། །། བདུན་པ་མཆོག་དབང་རྡོ་རྗེ་སློབ་དཔོན་གྱི་དབང་བྱེ་བྲག་ཏུ་གཏན་ལ་དབབ་པ་ལ་ བདུན་ཏེ། དབང་གི་གྲངས་སྤྱིར་བཤད་པ། སློབ་དཔོན་གྱི་དབང་གི་ངོ་བོ། དེའི་དབྱེ་བ་ལ་ དོགས་པ་སྤོང་བ། གང་ལ་དབང་བསྐུར་བའི་ཡུལ་སློབ་མའི་ཁྱད་པར། ཆོ་ག་དངོས་ཀྱི་{རིམ་ པ་[དོན་]བཤད་པ། དེ་ལས་འཕྲོས་པའི་དོན་བཤད་པ། ངེས་པའི་དོན་གྱི་འཇུག་སྒོ་བསྟན་ པའོ།། །། དང་པོ་ནི་དེ་ལ་རྒྱུད་འདིར་བུམ་དབང་ལ་ཡང་སློབ་དཔོན་གྱི་དབང་གི་ཐ་སྙད་ཙམ་རྒྱུད་ སྡེ་གཞན་དང་གོ་བསྟུན་ནས་མཛད་པ་ནི་ཡོད་དེ། འགྲེལ་ཆེན་ལས། དེ་བཞིན་དུ་སློབ་དཔོན་ ནི། རྒོད་པ་ཡོན་ཏན་གཉིས་ཀྱི་བདག་ཉིད་ཁུ་བའི་བདེ་བ་རྣམ་པར་དག་པས་སོ། །ཞེས་ 3-1-721 གསུངས། འོན་ཀྱང་རྒྱུད་འདི་དང་རྩ་བའི་རྒྱུད་ཀྱི་དགོངས་པས། རྡོ་རྗེ་སློབ་དཔོན་གྱི་དབང་ནི་ ལོགས་པ་ཡིན་ཞིང༌། དེ་ཉིད་བསྡུས་རྒྱུད་གཞན་འགའ་ལས་ཀྱང་འབྱུང་སྟེ། །རེ་ཞིག་མཁའ་ འགྲོ་མ་རྡོ་རྗེ་གུར་ལས། ཆུ་ཡི་དབང་ནི་དང་པོ་སྟེ། །ཅོད་པན་དབང་བསྐུར་གཉིས་པའོ། ། གསུམ་པ་དར་དཔྱངས་དབང་བསྐུར་ཏེ། །རྡོ་རྗེ་དྲིལ་བུ་བཞི་པའོ། །ལྔ་པ་རང་གི་བདག་པོ་ ཉིད། །མིང་གི་དབང་ནི་དྲུག་པ་སྟེ། །སངས་རྒྱས་རྗེས་གནང་བདུན་པར་འདོད། །བརྒྱད་པ་ བུམ་པའི་དབང་ཡིན་ཏེ། །གསང་བའི་དབང་ནི་དགུ་པ་ཡིན། །ཤེས་རབ་དབང་བསྐུར་བཅུ་ པའོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས། །རྡོ་རྗེའི་བརྟུལ་ཞུགས་ཀུན་སྦྱིན་ཞིང༌། །རང་ཉིད་སྟོན་ པར་ལུང་སྟོན་པ། །འདི་ཉིད་དབང་བསྐུར་ཆོ་ག་ཡིན། །ཞེས་གསུངས་ཏེ། འདི་ནི་ཕྱག་རྡོར་ སྟོད་འགྲེལ་ལས་ལུང་དྲངས་པ་ལྟར་ཡིན་ལ། ད་ལྟ་བོད་དུ་འགྱུར་བའི་འགོས་འབྲོག་སོགས་ ཀྱི་འགྱུར་ལ། གསུམ་པ་དར་དཔྱངས་ཞེས་པའི་ཚིག་མེད་ལ། དེའི་ཤུགས་རྒྱབ་པས་དབང་ གཞན་རྣམས་ཀྱི་གྲངས་ཀྱང་རིམ་པས་འཕོས་ཏེ། ཤེས་རབ་དབང་བསྐུར་དགུ་པར་བྱུང་ ལ། གཞན་རྣམས་འགྱུར་ཁྱད་ཙམ་མ་གཏོགས་ཁྱད་མེད་དེ། དེས་ན་བྱང་ཆུབ་སེམས་དཔའི་ འགྲེལ་པར་དྲངས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཐེ་ཚོམ་མེད་པ་ཡིན་ལ། དཔེ་གཞན་ལས་ བྱུང་བ་ཡང་སེམས་ཅན་བསམ་པའི་དབང་གིས་དེ་བཞིན་གཤེགས་པའི་སྨོན་ལམ་གྱི་སྟོབས་ ལས་བྱུང་བ་ནི་ཡིན་ཏེ་འོང༌། ཡང་འཕགས་ཡུལ་དུ་ཕྱིས་བྱུང་བའི་པཎྜི་ཏ་འགའ་ཞིག་ལ་ཡིད་ བརྟན་མེད་པའང་སྣང་བས། སངས་རྒྱས་ཀྱི་གསུང་དྲི་མ་མེད་པ་རང་རྟོག་ངན་པས་རྙོག་པར་ མ་གྱུར་ཅིག དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས། །ཞེས་པ་འདི་ནི། འཇིག་རྟེན་ལས་འདས་པའི་ དབང་བཞི་པ་ཡིན་ལ། རང་ཉིད་སྟོན་པར་ལུང་སྟོན་པ་ཞེས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ ངོ༌། །འདིར་འཇིག་རྟེན་འདས་པའི་བཞི་པ་གསུངས་པའི་རྗེས་སུ། རྡོ་རྗེ་སློབ་དཔོན་གྱི་དབང་ གསུངས་པ་ཉིད་ཀྱིས་ཀྱང་སློབ་མའི་དབང་ལ་བཞི་པ་ངེས་པར་དགོས་སོ།། །། 3-1-722 གཉིས་པ་སློབ་དཔོན་གྱི་དབང་གི་ངོ་བོ་ནི། དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ རྡོ་རྗེ་སློབ་དཔོན་གྱི་དབང་ནི་ངེས་པའི་དོན་གྱི་རྒྱུད་མ་ལུས་པ་འཆད་པ་དང༌། རྡོ་རྗེའི་རྣལ་ འབྱོར་བསྒོམ་པས་སོ་སོའི་ཉམས་མྱོང་འཕྲལ་དུ་སྐྱེ་ཞིང༌། དེ་ཡང་བརྟན་པ་ཐོབ་པར་གྱུར་ ནས་སློབ་མ་ལ་སྟོན་པ་དང༌། ཆོས་བསྟན་པ་དེ་ཡང་དོན་མེད་དང་ཚིག་ཙམ་དུ་མི་འགྱུར་བར་ བྱིན་རླབས་རིམ་པས་འཕོ་བར་འགྱུར་བ་སོགས་ལ་མཐུ་དང་ལྡན་པ་ཡིན་པའི་ཕྱིར། དབང་ བསྐུར་རབ་གནས་ཕལ་པ་ཙམ་བྱེད་པ་དང༌། སྦས་རྒྱུད་རྣམས་ཀྱི་ཚོགས་བཤད་ཙམ་སྟོན་ པའི་སློབ་དཔོན་དང་གོ་འཕང་མི་འདྲ་སྟེ། དེའི་ཕྱིར་བུམ་དབང་ཙམ་ལ་སློབ་དཔོན་དུ་བྱེད་ པ་དང༌། ཆུ་ཅོད་སོགས་ལ་སློབ་དཔོན་དུ་བྱེད་པ་དང༌། རྒྱུད་འདིའི་ལུགས་ཀྱི་ཐུན་མོང་མ་ ཡིན་པའི་སློབ་དཔོན་གྱི་དབང་ནི་བཟང་ངན་མི་འདྲའོ། །དེའི་ཕྱིར་དཀྱིལ་ཆོག་གཞན་གྱི་ ལུགས་ཀྱི་སློབ་དཔོན་གྱི་དབང་ནི། གསང་དབང་སོགས་གོང་མ་ཡིན་ཚད་ལས་ས་མཚམས་ དམན་ཞིང་འདི་ནི་སློབ་མའི་དབང་གི་བཞི་པ་ལས་ཀྱང་ཆེས་མཐོ་བ་དབང་གོང་མ་ཁྱད་པར་ ཅན་ཡིན་ཏེ། སྔགས་རིགས་ཐམས་ཅད་ཀྱི་གཙོ་བོར་མངའ་གསོལ་པའི་དོན་དུ་བསྐུར་རྒྱུའི་ མཆོག་དབང་མངའ་དབུལ་གྱི་ཡན་ལག་དུ་མ་དང་བཅས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་གི་ ངོ་བོའོ།། །། གསུམ་པ་དབྱེ་བ་ལ་དོགས་པ་དཔྱད་པ་ནི་སྔར་ཡང་ཅུང་ཟད་བཤད་མོད་ཀྱི། ད་དུང་ གསལ་བར་བརྗོད་དོ། །རྡོ་རྗེ་སློབ་དཔོན་གྱི་དབང་ལ་དབྱེ་ན། རྡོ་རྗེ་སློབ་དཔོན་བདག་པོ་ དང༌། བདག་པོ་ཆེན་པོའི་དབང་གཉིས་སོ། །ཁ་ཅིག་འདི་སྐད་ཅེས། རྡོ་རྗེ་སློབ་དཔོན་གྱི་ དབང་ལ་གཉིས་ཡོད་ན། དབང་གོང་མ་ནི་རྣམ་པ་གཉིས་ཏེ་ཞེས་པའི་གྲངས་ངེས་དང་འགལ་ ཏེ། དབང་གོང་མ་ལ་སློབ་མ་དང༌། བདག་པོ་དང༌། བདག་པོ་ཆེན་པོ་དང་གསུམ་བྱུང་བའི་ ཕྱིར་རོ། །ཞེས་ཟེར་རོ། །འདི་ནི་ཤིན་ཏུ་བླུན་ཏེ། དཔེར་ན། མངོན་སུམ་ལ་བཞི་ཡོད་ན། ཚད་ 3-1-723 མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་དང་འགལ་ཏེ། ཚད་མ་ལ་དབང་མངོན་ཡིད་མངོན་ རང་རིག་རྣལ་འབྱོར་མངོན་སུམ་སྟེ་བཞི་དང༌། རྗེས་དཔག་སྟེ་ལྔ་ཡོད་པའི་ཕྱིར་རོ་ཞེས་ཟེར་ བ་དང་མཚུངས་ཏེ། འདི་ལ་ཁོ་བོ་ཅག་བརྗོད་པ་འཚང་བར་མི་བྱེད་ཀྱི། དེ་སྐད་དང་འདི་ མཚུངས་མི་མཚུངས་ཁྱེད་རྣམས་ཉིད་ཀྱིས་བསམ་པར་བྱའོ། །དེས་ན་སློབ་མའི་དབང་དང་ སློབ་དཔོན་གྱི་དབང་གཉིས་ཀ་མ་ཡིན་པའི་དབང་གོང་མ་ཞིག་ཁས་བླངས་ན་ནི། དབང་གོང་ མ་ལ་སློབ་དཔོན་སློབ་མའི་དབང་གཉིས་སུ་གྲངས་ངེས་མཛད་པ་དང་འགལ་ཟེར་བ་བདེན་ མོད་ཀྱི། སློབ་དཔོན་གྱི་དབང་གི་ནང་ཚན་ལས་ཕྱེ་བས་ཀྱང་དེ་ལྟར་འགྱུར་ན་ནི། ཁྱེད་རང་ གི་ལུགས་ལ་ཡང་སློབ་དཔོན་དང་སློབ་མའི་དབང་གཉིས་ཀ་ལ་དབང་བཞི་རེ་སྟེ་བརྒྱད་ཡོད་ པས། དེ་ཡང་གཉིས་ཀྱི་གྲངས་ངེས་དང་ཅིའི་ཕྱིར་མི་འགལ། དེ་དག་ནི་གཉིས་ཀྱི་ནང་ཚན་ ཁོ་ན་ལས་ཕྱེ་བས་མི་འགལ་སྙམ་ན། ཁོ་བོ་ཅག་གི་འདོད་པ་འདིར་ཡང་དེ་བཞིན་ནོ། །དེས་ ན་སྐབས་འདི་ཉིད་རང་དུ་ཡང་སློབ་དཔོན་གྱི་དབང་གཉིས་པོའི་དབྱེ་བ་གསལ་བར་མཛད་ དེ། སློབ་དཔོན་ཆེན་པོའི་གནས་སྦྱིན་པ་ཞེས་པས་བདག་པོ་ཆེན་པོའི་དབང་དང༌། སྟོན་པ་ པོ་ཞེས་པ་བདག་པོའི་དབང་ངོ༌། །དེ་ལ་ཡང་ཁ་ཅིག་འདི་སྐད་དུ། རྡོ་རྗེ་སློབ་དཔོན་གྱི་དབང་ སྟོན་བྱེད་ཀྱི་རྒྱུད་དང་འགྲེལ་པ་གཉིས་ཀར་གྱི་ཚིག་སྔ་ཕྱི་སྡེ་ཚན་གཉིས་བྱུང་བ་འདི། བདག་ པོ་དང་བདག་པོ་ཆེན་པོ་ཞེས་སོ་སོར་སྦྱོར་རྒྱུ་མ་ཡིན་གྱི། ཕན་ཚུན་བསྲེས་ཤིང་ཁ་བསྐང་ ནས་གཅིག་སྟོན་པ་ཡིན་ནོ་ཟེར་རོ། །དེའི་སྒྲུབ་བྱེད་འཆད་པ་ལ་འགལ་བ་འདི་ལྟར་སྨྲ་སྟེ། འགྲེལ་ཚིག་གོང་མའི་སྐབས་སུ་ད་ནི་བདག་གིས་བདེ་བར་གཤེགས་པས་ལམ་ཐམས་ཅད་ ཤེས་སོ་ཞེས་དང༌། ཡོན་ཏན་ཐམས་ཅད་དང་ལྡན་པའི་སློབ་མ་དམ་བཅའ་བ་ལ་གནས་པ་ ཞེས་གསུངས་ཤིང༌། འགྲེལ་པ་འོག་མར་རྒྱས་འགྲེལ་དང་བཅས་པའི་རྒྱུད་ཐམས་ཅད་ཤེས་ ཤིང་ཞེས་པ་དང༌། ཕ་རོལ་ཕྱིན་པ་ཐོབ་པ་བདག་གིས་ཞེས་བཤད་པས། དབང་བསྐུར་བའི་ 3-1-724 ཡུལ་ལ་ཁྱད་མ་བྱུང་ཟེར་རོ། །འདི་ནི་དོན་གཏན་ནས་མ་གོ་བའི་{གཏམ་འཆལ་[ཏོམ་ཆོལ་ ]ལམ། ཡང་ན་རྫུན་གྱིས་སློབ་མ་བསླུ་བ་ཞིག་གོ་ཅིའི་ཕྱིར་ཞེ་ན། དེ་ལྟར་གསུངས་པ་ཉིད་ ཀྱིས་ཤིན་ཏུ་ཁྱད་ཆེ་སྟེ། ལམ་ཐམས་ཅད་ཤེས་ཞེས་པའང༌། རྒྱུད་བཤད་རགས་པ་བསླབས་ པས་སྔགས་ཀྱི་ལམ་གྱི་བཞུགས་ཚུལ་ཐོས་བསམ་གྱིས་ཤེས་ཞེས་པ་ཙམ་ཡིན་ལ། ཡོན་ཏན་ ཐམས་ཅད་དང་ལྡན་པ་ཞེས་པ་ཡང་སློབ་མར་འོས་པའི་ཡོན་ཏན་ཏེ། དེའི་གོང་དུ་གསུངས་ པའི་རྒྱུད་ཐམས་ཅད་ཤེས་ཤིང༌། ཞེས་པ་དེ་ལ་བསྙེག་སྟེ། དོན་ལ་དད་པ་དང་དམ་ཚིག་དང་ ལྡན་ཞིང་བསྙེན་པ་སོགས་བྱས་པའི་སྟེང་དུ་དུས་འཁོར་གྱི་རྒྱུད་འདི་ཉིད་ཀྱི་དབུ་ཞབས་ཀྱི་ དོན་ཆ་ཚང་བར་ཤེས་པ་ཁོ་ནའི་དོན་ཡིན་གྱི། དེ་ལས་ལྷག་པའི་དོན་མིན་ཏེ། གཞན་དུ་ན་ ལམ་ཐམས་ཅད་ཤེས་པ་དང༌། ཡོན་ཏན་ཐམས་ཅད་དང་ལྡན་པ་སྤྱི་ལྡོག་ལ་ངོས་འཛིན་ན་ ནི། སློབ་མ་དེ་རྫོགས་པའི་སངས་རྒྱས་ཡིན་པ་དགོས་པར་ཐལ་བར་འགྱུར་རོ། །དེས་ན་ འདིའི་སྐབས་ཀྱི་ལམ་ཤེས་པ་དང༌། ཡོན་ཏན་ཐམས་ཅད་དང་ལྡན་པ་བས་འོག་གི་ཕ་རོལ་ ཏུ་ཕྱིན་པ་ཐམས་ཅད་ཐོབ་པ་ཞེས་པ་ཁོ་ནས་ཀྱང་ཆེས་ལྷག་གོ །འདིར་རྒྱུད་ཐམས་ཅད་ཅེས་ པའི་དོན་ལེའུར་ཙམ་མམ་དུམ་བུ་ཙམ་མ་ཡིན་པའི་རྒྱུད་ཆེན་གཅིག་དབུ་ཞབས་ཐམས་ཅད་ ཚང་བ་ཡོངས་རྫོགས་ཀྱི་དོད་ཡིན་ལ། དེ་ཡང་སྐབས་ཐོབ་ཀྱིས་དུས་འཁོར་ཉིད་དོ། །དེས་ན་ བདག་པོའི་དབང་བསྐུར་བའི་ཡུལ་ནི་དེ་འདྲ་ཡིན་ན། ཕྱི་མ་བདག་པོ་ཆེན་པོའི་དབང་ལ་ནི། རྒྱུད་ཐོས་ལུགས་ལ་ཡང་རྒྱས་འགྲེལ་དང་བཅས་པའི་ཞེས་ཁྱད་ཆོས་ལྷག་པོ་སྦྱར་ཞིང༌། དེའི་ དོན་ལ་ཁྱེད་ཅག་གི་འདོད་པ་ནི། དེང་སང་རྒྱུད་ཀྱི་འཆད་ཉན་པར་གྲགས་པ་རྣམས་ཀྱི་རྒྱས་ བཀབ་བྱེད་པར་གདའ་བས། དྲི་མེད་འོད་ཀྱི་འཛུག་ཁྲིད་ཅིག་བཏང་ཞེས་པ་ཙམ་ལས་གོ་བ་ ལྷག་པོ་མི་འཆར་བ་ཁྱེད་རྣམས་བདེན་ཡང་དོན་ལ་དེ་ལྟར་མ་ཡིན་ཏེ། འདི་ནི་རྒྱུད་དང་བྱང་ ཆུབ་སེམས་དཔའི་རྒྱས་འགྲེལ་གྱི་དགོངས་དོན་ཐམས་ཅད་ཚིག་དོན་དང༌། ཁོག་བསྒྲིགས་ 3-1-725 དང་ཞལ་གདམས་ཀྱི་རིག་པས་ཐོས་བསམ་གྱིས་གཏན་ལ་ཕབ་པ་ལྟ་ཅི་སྨོས། སློབ་མའི་ དབང་པོ་མཐོ་དམན་དང་འཚམས་པར་སྦྱར་ནས། བསྐྱེད་རིམ་རྫོགས་རིམ་ལས་ཚོགས་ དངོས་གྲུབ་རྣམས་ལ་རྒྱས་འགྲེལ་དང་མཚུངས་པར་ཉམས་མྱོང་གིས་གཏན་ལ་ཕེབས་པའི་ དོན་ཡིན་པས་སྔ་མ་དང་ཤིན་ཏུ་ཁྱད་ཆེ་ལ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པ་ཞེས་པས་ ནི་ཤིན་ཏུ་ཡང་ཁྱད་ཆེ་སྟེ། འདི་ལ་དངོས་བསྟན་ལྟར་ན་ནོར་རྣམས་སྤངས་པས་སྦྱིན་པ་ཞེས་ སོགས་ཀྱི་ཕར་ཕྱིན་བཅུ་ཐོབ་པ་ཡིན་པས། ཏིང་ངེ་འཛིན་གྱི་ཡན་ལག་རྒྱུད་ལ་སྐྱེས་པ་དགོས་ ལ། བཅུ་པོ་ཅི་རིགས་པ་རྗེས་མཐུན་གྱི་དབང་དུ་བྱས་ན་ཡང་བསྐྱེད་རིམ་ལ་ནི་དྲོད་ཐོབ་པ་ མ་མཐའ་ལ་ཡང་དགོས་པ་དང༌། ཕལ་ཆེར་དུ་རྫོགས་རིམ་ལ་ནི། རྗེས་དྲན་དང་འཛིན་པ་ ཐོབ་པ་ལ་ཡང་བསྐུར་ཏེ། འདི་གཙོ་བོར་རིག་པ་བརྟུལ་ཞུགས་ཀྱི་དབང་བསྐུར་ཡིན་པས་ སོ། །རྫོགས་རིམ་སྐབས་ཆེས་ཤིན་ཏུ་མ་མཐའ་ཡང་ཕར་ཕྱིན་བཅུ་དག་པའི་རིག་མ་བཅུ་དང་ བཅས་ཏེ་དབང་བསྐུར་ཞུ་བ་ལ། སྒྲུབ་པ་པོ་རང་ཉིད་ཕར་ཕྱིན་བཅུའི་རང་བཞིན་རྟགས་བཅུ་ མཐོང་བ་ངེས་པར་དགོས་པས་གོ་བར་གྱིས་ཤིག ཡང་དེ་དག་འདི་སྐད་ཅེས་འགྲེལ་པ་གོང་ འོག་གཉིས་ཀྱི་དབང་བསྐུར་བའི་དགོས་པ་ལ་ཡང་ཁྱད་མེད་དེ། གོང་མར་དབང་བསྐུར་བ་ དང་རྒྱུད་བསྟན་པའི་དོན་དུ་གསུང་ངམ་རྗེས་སུ་གནང་བ་སྦྱིན་ཞེས་དང༌། སྟོན་པ་པོ་དབང་ ལ་མངོན་པར་དབང་བསྐུར་ཞེས་གསུངས། འོག་མར་ཡང་བདག་པོ་ཉིད་བྱེད་པའི་སླད་དུ་ དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་གོ་འཕང་མངོན་པར་འདོད་ཅེས་གསུངས་ཏེ། གཉིས་ ཀར་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དང༌། དབང་བསྐུར་པ་པོ་དང་རྒྱུད་སྟོན་པ་པོར་ མཚུངས་པས་སོ་ཟེར་རོ། །འདི་ཡང་ཤིན་ཏུ་འཁྲུལ་ཏེ། སྔོན་མ་བདག་པོའི་དབང་གི་སྐབས་ རྩ་འགྲེལ་ཐམས་ཅད་དུ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དུ་གསུངས་པ་ནམ་ཡང་མེད་ ཅིང༌། ཕྱི་མ་ལ་གསལ་པར་གསུངས་པས་ཤིན་ཏུ་ཁྱད་ཆེ་ལ། སྔ་མའི་དབང་བསྐུར་པ་པོ་དང་ 3-1-726 རྒྱུད་སྟོན་པ་པོ་ཙམ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་དོན་མ་ཡིན་ནོ། །དཀྱིལ་འཁོར་ ཆེན་པོའི་སློབ་དཔོན་ནི། རང་ཉིད་ཡེ་ཤེས་བརྟན་ཞིང་དངོས་གྲུབ་ཆེན་པོ་ཐོབ་ནས། གཞན་ ལ་དངོས་གྲུབ་སྩོལ་ནུས་པའམ། དེ་ཙམ་མེད་ཀྱང་སྒྲུབ་པ་པོ་ཆེན་པོར་གྱུར་ནས་དངོས་གྲུབ་ ལ་ཉེ་བར་སླེབ། ཕྲ་མོ་ཐོགས་པ་མེད་པར་གྲུབ་ནས་སྔགས་ཀྱི་ཆོ་གས་སེམས་ཅན་གྱི་དོན་ དངོས་སུ་སྤྱོད་ནུས་པ་ཞིག་ལ་ཟེར་བ་ཡིན་ལགས་སོ། །ཁྱེད་ཅག་གི་འདི་ནི་སྒྲུབ་དཀྱིལ་ཚིག་ འདོན་ཐུབ་ཙམ་དང༌། རྒྱུད་ཀྱི་ཚིག་བཤད་ཅི་རིགས་ཐོངས་ཙམ་དང༌། གྲངས་བསྙེན་མིང་ བཏགས་རེ་སོང་བ་ཙམ་སློབ་དཔོན་ཆེན་པོ་ཡིན་དུ་རེ་བ་དང་རློམ་པ་བྱེད་པའི་དབང་ལས་ རང་གི་ཉམས་ཐོག་ཏུ་གང་འབྱོར་དང་སྦྱར་ནས་མཛད་འདུག་པས་དུས་དེང་སང་གི་གནས་ གཞི་སྐྱོང་མཁན་གསང་སྔགས་པའི་མིང་ཅན་རྣམས་ཀྱི་དབང་དུ་བྱས་ན། རབ་ཏུ་ཚིག་གཤོར་ གྱི་དབང་བསྐུར་རྒྱུད་བཤད་ཐུབ་ཙམ་དང༌། དེ་མིན་སྒྲུབ་མཆོད་ཀྱི་མགོ་དཔོན་ཕེར་ཙམ་དེ་ དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དུ་མི་འཇོག་ཀ་མེད་ཡིན་པ་ལ་ཁྱེད་ཀྱི་དགོངས་པ་བསྟད་ པ་འདྲའོ། །ཞེས་བཞད་གད་ཀྱང་བྱའོ། །ཡང་འདི་སྐད་ཅེས། འགྲེལ་པ་འོག་མར་བདག་ པོ་ཉིད་བྱེད་པའི་སླད་དུ་ཞེས་འབྱུང་བས། འགྲེལ་པ་འོག་མའི་བསྟན་དོན་ཡང་བདག་པོའི་ དབང་ལས་གཞན་པའི་བདག་པོ་ཆེན་པོའི་དབང་མིན་ཟེར་རོ། །འདི་ནི་ཚིག་དུམ་བུར་བཅད་ པ་ལ་གོ་བ་ལོག་པ་སྟེ། འགྲེལ་ཚིག་འདི་ནི་བདག་པོ་ཆེན་པོ་ཞེས་པའི་འབྲུ་གནོན་སྒྲ་བཤད་ པ་སྟེ། བདག་པོ་ཉིད་བྱེད་པའི་སླད་དུ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་ཞེས་གསུངས་ པས། དཀྱུས་ཀྱི་འགྱུར་ལྟར་ན། རིགས་སྔགས་མཁན་མང་པོའི་གཙོ་བོ་བདག་པོ་ཉིད་བྱེད་ པའི་སླད་དེ་རྒྱུ་མཚན་དུ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་ཏེ་བསྐྱེད་རྫོགས་གང་ཡིན་ཡང་ རུང་རང་རང་གི་ཏིང་ངེ་འཛིན་ལ་དཀྱིལ་འཁོར་གྱི་འཁོར་ལོ་རྒྱུན་མི་འཆད་པར་རྟག་པར་ མངོན་དུ་གྱུར་པ་དེ་ནི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་ཞེས་བྱ་ལ། གོ་འཕང་དེ་ཐོབ་ཟིན་ 3-1-727 པ་བརྟན་པའམ་འཕེལ་བའི་དོན་དང༌། མ་ཐོབ་པ་ཐོབ་ཏུ་ཉེ་བ་ལ་དུས་དེ་ཉིད་དུ་ཐོབ་པའི་ ཕྱིར་བསྐུར་དགོས་པས་ན། བདག་པོ་དང་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གཞི་མཐུན་ པའི་དབང་ཡིན་པས་བདག་པོ་ཆེན་པོའི་དབང་ཞེས་བྱའོ། །ཡང་གཅིག་ཏུ་ན་དཀྱིལ་འཁོར་ གྱི་བདག་པོ་ཆེན་པོ་ཉིད་བྱེད་པའི་སླད་དུ་སློབ་དཔོན་གྱི་གནས་མངོན་པར་འདོད་པས་ཞེས། ཀུན་མཁྱེན་ཆེན་པོ་ནས་འགྱུར་བཅོས་མཛད་པ་ལྟར་ཡིན་ཏེ། བདག་པོ་ཆེན་པོའི་དོན་དཀྱིལ་ འཁོར་གྱི་བདག་པོ་ཆེན་པོ་ཞེས་མཚན་དོན་དུ་སྦྱར་བས་ཆོག་ལ། སྤྱིར་ནི་བདག་པོ་ཡིན་ན། བདག་པོ་ཆེན་པོ་ཡིན་པས་མ་ཁྱབ་ཀྱང༌། བདག་པོ་ཆེན་པོ་ལ་བདག་པོས་ཁྱབ་པས་དཀྱིལ་ འཁོར་ཆེན་པོ་སོགས་ཀྱི་ཚིག་དང་མ་སྦྱར་ཡང་བདག་པོ་ཉིད་ཀྱི་སླད་དུ་ཞེས་པས་བདག་པོ་ ཆེན་པོ་དང་མི་འགལ་ཞིང༌། བདག་པོ་ཉིད་ཅེས་པ་ཙམ་གྱིས་བདག་པོ་ཆུང་ངུ་ཡིན་པར་མི་ འགྲོའོ། །གལ་ཏེ་ཁྱེད་ཀྱི་ལུགས་ལ་དེར་འགྲོ་བར་འདོད་ན། ཁྱེད་རང་འདོད་པའི་རྡོ་རྗེ་སློབ་ དཔོན་དེ་བདག་པོ་ཆུང་ངུའི་དབང་ཡིན་པར་ཐལ་བ་དང༌། ཆུང་ངུའི་དོན་དང་ཐ་སྙད་འཐད་ ན་ཆེན་པོ་གཞན་ཞིག་ཡོད་དགོས་པས། བདག་པོ་དང་བདག་པོ་ཆེན་པོའི་དབང་གྲུབ་པར་ ཐལ་ལ། བདག་པོ་ཉིད་ཅེས་པས་བདག་པོ་ཆུང་ངུ་ཡིན་པར་མི་འགྲོ་ན། བདག་པོ་ཆེན་པོ་ ཡིན་པར་འདོད་པ་ལ་ཚིག་དེ་གནོད་བྱེད་དུ་འདྲེན་པ་ནི་རིག་པ་རྣལ་དུ་མ་ཕེབས་པའོ། །དེས་ ན་སྐབས་འདིའི་རྒྱུད་དོན་ཕྱིན་ཅི་མ་ལོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་རྣམ་པ་གཉིས་ཀྱི་དབྱེ་ བ་འདི། དུས་གསུམ་སངས་རྒྱས་ཀུན་མཁྱེན་ཆེན་པོ་དོལ་པོ་པ་ཁོ་ནས་ཐུན་མོང་མ་ཡིན་པའི་ ལེགས་བཤད་དུ་སྩལ་བ་སྟེ། འདི་མ་ཤེས་པས་ཐམས་ཅད་མཁྱེན་པར་གྲགས་པ་ཐམས་ཅད་ ཀྱང་སྐབས་འདིའི་རྒྱུད་འགྲེལ་གྱི་དོན་ལ་ཕྱོགས་བསླད་པར་མཐོང་ངོ༌།། །། བཞི་པ་གང་ལ་དབང་བསྐུར་བའི་ཡུལ་སློབ་མའི་ཁྱད་པར་ནི། སྤྱིར་སློབ་མའི་ཡོན་ཏན་ སྤྱི་ཁྱབ་དང་ལྡན། སྒོས་སུ་བླ་མ་དམ་པ་དགེས་པས་མཆོག་དབང་བརྡལ་པོའི་ཚུལ་དུ་གནང་ 3-1-728 བར་བཞེད་པའི་ཡུལ་སེམས་མཆོག་ཏུ་དག་པ་སྟེ། འདིར་དཔལ་དོན་དམ་བསྙེན་པ་ལས། ཇི་ ལྟར་བུ་བཟང་དག་གིས་བག་མ་བླང་བའི་རྒྱུར། །རང་གི་ཕ་ལ་ནམ་ཡང་གསོལ་བ་འདེབས་ མིན་ཏེ། །ཡོན་ཏན་དང་བཅས་དུས་ལ་བབ་པའི་བུ་ལ་ནི། །ཕ་ཉིད་ཀྱིས་ནི་བག་མའི་བྱ་བ་ ཤེས་པར་བྱེད། །དེ་བཞིན་སློབ་མ་རྣམས་ཀྱིས་བླ་མེད་དབང་གི་ཕྱིར། །བླ་མ་ལ་ནི་ནན་གྱིས་ གསོལ་བ་མི་འདེབས་སོ། །བདག་གིས་སློབ་མ་སྐལ་བར་ལྡན་ནམ་མི་ལྡན་པ། །རྣམ་པར་ དག་པའི་དེ་ཉིད་ལ་ནི་དེ་ཡིས་ཤེས། །ཞེས་སློབ་མ་ཡོན་ཏན་དང་ལྡན་པ་ལ་བླ་མས་འོས་ པར་མཁྱེན་ནས་དབང་གོང་མ་རྣམས་བསྐུར་དགོས་ཀྱི། ཡོན་ཏན་མ་རྫོགས་པའི་སློབ་མས་ ནན་ཏན་གྱིས་འཆུ་བ་མི་རུང་བ་དང༌། གོང་མའི་སྣོད་དུ་གྱུར་པའི་ཡོན་ཏན་ཡོད་ན་ནན་གྱིས་ གསོལ་བ་འདེབས་པའང་ཉེས་པ་ཆུང་མོད། སྤྱིར་ཡོན་ཏན་མ་ཚང་བ་དང༌། ཁྱད་པར་རིག་ མ་ལ་བརྟེན་ནས། སློབ་དཔོན་ལ་ཕྲག་དོག་མིག་སེར་གྱི་རྣམ་རྟོག་དྲི་ཙམ་ཡང་མེད་པ་དགོས་ ཀྱི། གཞན་དུ་ན་དེ་འདྲའི་རྣམ་རྟོག་སྐད་ཅིག་ཙམ་གྱིས་ཀྱང་དམྱལ་བར་འགྲོ་བས་རྣམ་རྟོག་ དེ་ཡོང་དུ་རུང་ན། བླ་མས་དབང་གོང་མ་མི་སྟེར་ཞིང་སློབ་མས་མི་ཞུའོ། །རྒྱུད་ལས། འདི་ སྐད་ཅེས། གང་ཞིག་རྒྱུད་ཀྱི་རྒྱལ་པོ་ལས་ནི་རྒྱལ་བ་མཆོག་གི་སྤྱོད་པ་ཐོས་ཤིང་དབང་ནི་ བླངས་ནས་ཀྱང༌། །སླར་ཡང་ཕྲག་དོག་བྱེད་ན་འདི་ནི་དམྱལ་བ་བརྒྱད་པ་ཇི་སྲིད་ཉིད་དུ་རབ་ ཏུ་འཇུག་འགྱུར་ཏེ། །གང་ན་ཁབ་རྩེའི་ས་ལ་མི་དགེའི་འབྲས་བུ་དབང་གིས་དམྱལ་བ་རྣམས་ ནི་ཀུན་ཏུ་རྒྱུ་བར་བྱེད། །དེ་ཕྱིར་མི་རྣམས་སེམས་ལ་ཕྲག་དོག་ཡོད་ཀྱི་བར་དུ་དབང་ནི་བླང་ བ་བྱ་བར་མི་འགྱུར་རོ། །ཞེས་གསུངས། དངོས་བསྟན་ལྟར་ནན་གྱིས་གསོལ་བ་མི་འདེབས་ པ་དང༌། ཕྲག་དོག་སྤངས་པ་དགོས་པ་འདི་སྤྱིར་དབང་གོང་མ་ཐམས་ཅད་ལ་ཡིན་ལ། གཙོ་ བོར་སློབ་དཔོན་གྱི་དབང་ལ་ཡིན་ཞེས་བླ་མ་དག་གི་གསུང་བགྲོས་ལས་འབྱུང་བ་ལས། འདི་ ནི་སློབ་དཔོན་དང་སློབ་མའི་དབང་ལ་དགག་བྱ་དང་དགོས་པའི་ཁྱད་པར་གྱི་དབྱེ་བ་ཆེར་མི་ 3-1-729 ཕྱེད་པར་སྣང་ཡང༌། རེ་ཤིག་གསུང་བགྲོས་དབང་བཙན་པར་བྱ་བ་ལ། མཚན་ཉིད་དེ་དག་ ཐམས་ཅད་ཚང་པའི་སྟེང་དུ་སློབ་དཔོན་རྣམ་པ་གཉིས་པོར་རུང་བ་མཚན་ཉིད་གོང་དུ་བཤད་ པ་ཚང་བ་ནི། སློབ་དཔོན་གྱི་དབང་བསྐུར་བའི་ཡུལ་གྱི་ངེས་པའོ།། །། ལྔ་པ་ཆོ་ག་དངོས་ཀྱི་དོན་བཤད་པ་ལ། བདག་པོའི་དབང་བཤད་པ་དང༌། བདག་པོ་ ཆེན་པོའི་དབང་བཤད་པའོ། །དང་པོ་ལ་རྩ་བའི་གཞུང་དགོངས་འགྲེལ་པའི་དོན་གྱིས་གོ་ རིམ་བསྟན། ཆོ་གའི་ངོ་བོ་ལ་ལོག་རྟོག་བསལ། བྱ་བའི་རིམ་པ་གསལ་བར་བསྟན་པའོ། ། དང་པོ་ནི། དབང་ལེའི་ཚིགས་བཅད་བརྒྱ་བཞི་པ་དང་ལྔ་པར། ཀླུ་དང་བཞི་ཡི་ནོར་བུ་ གསེར་གྱི་བུམ་པ་རྣམས་དང་རྒྱལ་པོ་ས་ཡི་རང་བཞིན་རིན་ཆེན་བཅས། །སྨན་དང་དྲི་དང་ ལྡན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་གདན་གྱི་དབུས་སུ་ཁྲུས་བྱ་སྟེ། །ཀླུ་རྣམས་ ཀྱིས་ནི་དཔལ་ལྡན་ཅོད་པན་བཅིངས་ཏེ་ནོར་འདབ་པདྨར་བཞི་ཡིས་དར་དཔྱངས་བཅིང་ བར་བྱ། །ཕྱག་རྒྱ་ལ་ནི་དཔལ་ལྡན་བུམ་པ་ཡིས་ཏེ་འདིར་ནི་པདྨ་དང་བྲལ་རེ་ཁ་ལྔ་པོ་ སྤངས། །དང་པོར་ཆུ་དག་ལ་ནི་དགེ་བསྙེན་ཉིད་དུ་འགྱུར་ཏེ་བུམ་པ་ལ་ཡང་དགེ་ཚུལ་དག་ཏུ་ འགྱུར། །གསང་བའི་དབང་ལ་དགེ་སློང་དང་ནི་གོང་མའི་བྱེད་པ་ལ་ཡང་གནས་བརྟན་ཞེས་ པར་འགྱུར་བ་སྟེ། །ཕྱག་རྒྱ་དར་དཔྱངས་ཅོད་པན་དག་དང་རྡོ་རྗེ་མཆོད་ཕྱིར་ཐོགས་ནི་བླ་མ་ མཆོག་གིས་སྦྱིན་པར་བྱ། །དེ་རྣམས་སློབ་དཔོན་སླད་དུ་རང་གི་རྒྱལ་བའི་རིགས་ཀྱི་དབང་ གིས་ཕྱག་རྒྱ་རྣམ་པར་དག་པ་ཉིད། །ཅེས་གསུངས་སོ།། །། གཉིས་པ་ནི་འདིའི་འགྲེལ་ཆེན་ལས་ཀྱང་ཐོག་མར་འདི་སྐད་ཅེས། ཀླུ་དང་ཞེས་པ་ལ་ སོགས་པ་ནི་འདི་དང་པོར་འཆད་པར་འགྱུར་བའི་བུམ་པ་ལ་སོགས་པའི་དབང་བསྐུར་བ་ རྣམས་ཀྱིས་མངོན་པར་དབང་བསྐུར་ཏེ། དེ་ལས་རྒྱུད་ཐམས་ཅད་ཤེས་ཤིང་དམ་བཅའ་བ་ལ་ གནས་པའི་སློབ་མ་ནི། རྡོ་རྗེ་སློབ་དཔོན་བདག་པོའི་སླད་དུ་བླ་མས་དབང་བསྐུར་བར་བྱའོ། ། 3-1-730 ཞེས་གསུངས་ཏེ། རྒྱུད་གཞན་དང་བསྟུན་ནས་ཆུ་དབང་ལ་ཡང་རྣམ་གྲངས་ཙམ་གྱི་སྒོ་ནས་ བུམ་པའི་དབང་གི་ཐ་སྙད་འཇོག་པའི་སྐབས་ཡོད་ཅེས་གྲགས་ལ། གཞུང་འདིའི་བཤད་པ་ རྫོགས་པའི་འཇུག་ཏུ་རྡོ་རྗེ་སློབ་དཔོན་བདག་པོའི་དབང་གི་ཆོ་གའི་རབ་ཏུ་གནས་པའི་ངེས་ པའོ། ། ཞེས་ཐོག་མཐའ་གཉིས་ཀར་དུ་བདག་པོའི་དབང་ཁོ་ནའི་མིང་ནས་སྨོས་ཀྱི། ཆེན་པོའི་ ཐ་སྙད་ཟུར་ཙམ་ཡང་མ་གསུངས་པས། རྒྱན་རྣམས་ཐམས་ཅད་ཅེས་སོགས་འོག་ཏུ་འཆད་ འགྱུར་དང་མི་གཅིག་པར་དངོས་སུ་གྲུབ་ལ། རེ་ཁཱ་སྤངས་ཞེས་པའི་འགྲེལ་པར་རྗེས་གནང་ སྦྱིན་པ་ཡན་ཆད་གསུངས་ནས། དེ་ནས་དང་པོར་ཞེས་པ་ལ་སོགས་པས་དབང་གི་དག་པ་ གསུངས་པ་ཞེས་མཚམས་སྦྱར་ནས་གནས་བརྟན་ཞེས་པར་འགྱུར་བ་སྟེ་ཞེས་པའི་འགྲེལ་ པར། ཤེས་རབ་ཡེ་ཤེས་ཀྱི་དབང་ཡན་ཆད་བསྟན་ནས། གནས་བརྟན་ཞེས་པ་ལས་འཕྲོས་ པ་འཇིག་རྟེན་གསུམ་གཅིག་གཞོན་ནུའི་སྐུ་སོགས་མཚན་བརྗོད་ཀྱི་ལུང་དྲངས་ཏེ། འདི་བཞི་ པའི་ཆེད་བརྗོད་ཡིན་པ། བཞི་པ་མ་བསྐུར་བ་ལ་དེ་མི་རུང་བའི་དེའི་སྔོན་དུ་བཞི་པ་བསྐུར་ བར་བསྟན་ལ། དེ་ཉིད་ཀྱི་མཐར། རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་པ་སྟེ་སློབ་དཔོན་གྱི་ དབང་ངོ༌། །ཞེས་གསུངས་པས། བུམ་དབང་སོགས་བཞི་པོ་དེ་སྐབས་འདིར་འཕྲོས་དོན་དུ་ གསུངས་པ་མ་ཡིན་པར། སློབ་དཔོན་གྱི་དབང་ཉིད་ལ་དགོས་པར་གསལ་ཞིང༌། དེ་མ་ཐག་ ཏུ་དེ་ནས་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་བྱེད་པའི་སླད་དུ་ཞེས་སོགས་གསུངས་པས། རྗེས་གནང་གི་རྗེས་དང་རྡོ་རྗེ་གསུམ་གྱི་ཕྱག་རྒྱའི་སྔོན་དུ་དབང་བཞི་སྦྱིན་པར་ཤིན་ཏུ་གསལ་ ལོ།། །། གསུམ་པ་ནི། དེས་ན་བདག་པོའི་དབང་ལ་དབང་བཞི་མི་བསྐུར་བ་ཤིན་ཏུ་འཁྲུལ་ཞིང༌། ཆུ་ནས་ཕྱག་རྒྱ་གསུམ་གྱི་བར་གྱི་གོ་རིམ་འདི་ལས་གཞན་དུ་བྱེད་པ་ཡང་ལེགས་པ་མ་ཡིན་ 3-1-731 ནོ། །འོ་ན་དབང་བཞི་པོ་བསྐུར་ཚུལ་ཇི་ལྟར་ཡིན་སྙམ་ན། སྐབས་དེའི་ཆོ་གའི་བྱེད་ཚུལ་ནི། སློམ་མའི་དབང་གི་སྐབས་དང་འདྲ་སྟེ། དབང་གི་ལེའུར་བྱིས་འཇུག་བསྐུར་བའི་དཀྱུས་ཉིད་ ལ་འདི་སྐད་ཅེས། དབང་བདུན་རྣམས་ཀྱིས་མངོན་པར་དབང་བསྐུར་དགེ་བའི་དབང་གི་ས་ བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། །བུམ་པ་གསང་བས་མངོན་པར་དབང་བསྐུར་སླར་ ཡང་ཕྱིར་མི་ལྡོག་པ་སོགས་སུ་ངེས་པར་རབ་ཏུ་འཇུག །ཤེས་རབ་ཡེ་ཤེས་དག་གིས་མངོན་ པར་དབང་བསྐུར་སྲིད་པའི་འཇིག་པ་འཇོམས་པའི་འཇམ་དབྱངས་ཉིད་དུ་འགྱུར། །ཞེས་ སློབ་མའི་དབང་ཁོ་ནའི་རྣམ་གཞག་ལ་ཤེས་རབ་ཡེ་ཤེས་དག་ཅེས་པའི་ཚིག་ཟུར་ལས་བཞི་ པའང་ཞོར་ལ་འཕངས་ཏེ། དབང་བསྐུར་བའི་ཆོ་ག་ཇི་ལྟར་ཡིན་གསལ་པོར་མ་གསུངས་ ལ། དེ་བཞིན་དུ་བདག་པོའི་དབང་གི་སྐབས་ཀྱང་བུམ་པའི་དབང་ལ་དགེ་ཚུལ་ཞེས་སོགས་ དབང་བཞི་གསུངས་ཤིང་ཆོ་ག་མི་གསལ་བ་ལས། དེའི་འོག་ཏུ་སློབ་དཔོན་དང་སློབ་མའི་ ཆོ་ག་སོ་སོར་ཕྱེ་བའི་སྐབས། དཔལ་ལྡན་ཤེས་རབ་སོགས་ཆོ་གའི་ཚུལ་གཅིག་དང༌། རྒྱན་ རྣམས་ཐབས་ཅད་དང་ལྡན་སོགས་ཚུལ་གཞན་གཅིག་སྟེ་གཉིས་གསུངས་ན། ཕྱི་མ་ནི་ངེས་ པར་སྤྱོད་པའི་བརྟུལ་ཞུགས་ཀྱི་དབང་བདག་པོ་ཆེན་པོ་ཁོ་ནར་བཤད་པས། དང་པོ་དེ་སྔ་མ་ གཉིས་ཀྱི་ཐུན་མོང་དུ་ཤིན་ཏུ་གསལ་བའི་ཕྱིར། བདག་པོའི་སྐབས་ཀྱི་དབང་བཞི་ནི། སློབ་ མའི་སྐབས་དང་ཆོ་ག་འདྲ་བར་གྲུབ་ལ། དེ་ལྟར་སྟོན་པར་བཞེད་ནས་མཐའི་གསལ་བྱེད་ ཀྱི་ཚུལ་དུ། སློབ་དཔོན་གྱི་དབང་སྔ་མའི་གོ་རིམ་བཤད་པ་སོང་བའི་རྗེས་སུ་དབང་གི་ཆོ་ག་ གསུངས་པས། སྔར་བཤད་ཟིན་པ་གཉིས་གར་ལ་གོ་བར་དགོངས་སོ། །འོ་ན་བདག་པོའི་ དབང་གི་སྐབས་སུ་ཅིའི་ཕྱིར་མི་གསུང་སྙམ་ན། སྤྱིར་རྒྱུད་རྣམས་ཐམས་ཅད་འཁྲུགས་ཅན་དུ་ འབྱུང་བས་དཔྱད་པ་དེ་ནི་མི་འཇུག་ལ། གལ་ཏེ་འཇུག་ནའང་སྐབས་དེར་གསུངས་ན་བདག་ པོ་ཁོ་ན་ལ་གོ་སྟེ། སློབ་མ་ལ་མི་འཇུག་པར་འགྱུར་པས་སྐབས་དེ་གཉིས་ཀར་དང༌། བརྟན་ 3-1-732 པའི་དངོས་པོ་ལ་རབ་ཏུ་གནས་པ་ལ་ཡང་དབང་བསྐུར་བའི་ཚེ། ཏིང་ངེ་འཛིན་ཙམ་གྱི་སྒོ་ ནས་འདི་དག་ཐམས་ཅད་བྱེད་དགོས་པའི་ཕྱིར། ཐམས་ཅད་ལ་ཐུན་མོང་དུ་འཇུག་དགོས་ པས་ན། སོ་སོའི་སྐབས་གཅིག་ཁོ་ནར་མ་བསྟན་པར་དབང་བཞིའི་ཆོ་ག་དངོས་ཕན་ཆད་ ལོགས་སུ་བཤད་པའོ། །དེ་ལ་སྐབས་འདིར་རབ་ཏུ་གནས་པ་གཉིས་ཏེ། སྐུ་གསུང་ཐུགས་ཀྱི་ རྟེན་སོགས་བརྟན་པའི་དངོས་པོ་ལ་རབ་ཏུ་གནས་པ་དང༌། སློབ་མ་རྡོ་རྗེ་སློབ་དཔོན་དུ་རབ་ ཏུ་གནས་པར་བྱེད་པ་གཉིས་སོ། །སྤྱིར་དབང་བསྐུར་བ་ཐམས་ཅད་སློབ་མ་རབ་ཏུ་གནས་ པར་བྱེད་པ་ཡིན་ཡང་མངའ་གསོལ་ཁྱད་པར་ཅན་གྱི་སྒོ་ནས་རབ་ཏུ་གནས་པ་ཡིན་པས། བདག་པོའི་དབང་འདི་ལ་སྤྱི་མིང་བྱེ་བྲག་ཏུ་བཏགས་ནས་རབ་ཏུ་གནས་པའི་ཐ་སྙད་ནན་ ཏན་དུ་མཛད་དོ།། །། བཞི་པ་ནི་འདིའི་བྱ་བའི་རིམ་པ་རྣམས་དབང་ཆོག་ཏུ་གསལ་བར་བཤད་ཟིན་མོད། མདོར་ན་དགེ་སློང་རྡོ་རྗེ་འཛིན་པ་ལ་གཞོན་ནུ་མ་སྐྱེ་གནས་མ་ཉམས་པ་གཉིས་ཀྱིས་རྒྱལ་ རྣམ་རྒྱལ་དང༌། བུ་མ་སྐྱེས་པའི་བུ་མོ་བརྒྱད་ཀྱིས་བུམ་པ་བརྒྱད་བཟུང༌། རེ་ཁཱ་ལྔའི་དབུས་ སུ་ཤིང་སྟན་ཁྲུ་བཞི་པ་སྣ་ཚོགས་པདྨ་ཁྲུ་གཉིས་དང་བཅས་པའི་སྟེང་དུ་བཞག་ལ་ཆུ་དབང་ བསྐུར་ཏེ། ཅོད་པན། དར་དཔྱངས། ཕྱག་རྒྱ་དྲུག་གི་སྒོ་ནས་བརྟུལ་ཞུགས་ཀྱི་དབང་དང་ བཅས་པ་རྣམས་སྦྱིན་ནོ། །དགེ་ཚུལ་ལ་ནི་པདྨའི་གདན་སྤངས་ཏེ། གཞོན་ནུ་མ་གཉིས་དང་བུ་ མོ་བཞི་སྟེ་དྲུག་གིས་ཁྲུས་གསོལ་ཞིང༌། དར་དཔྱངས་དང༌། ཕྱག་རྒྱ་དྲུག་གིས་དབང་བསྐུར་ རོ། །དགེ་བསྙེན་རྡོ་རྗེ་འཛིན་པ་ལ་ནི། ཤིང་སྟན་སྤངས་ཤིང་ཐུན་མོང་གི་གདན་དང༌། རེ་ཁཱ་ གསུམ་པ་བྱས་ནས་གཞོན་ནུ་མ་གཅིག་དང་བུ་མོ་གཅིག་གིས་ཁྲུས་གསོལ་ཞིང༌། མཐེ་བོང་ རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་སྦྱིན་ནོ། །གསུམ་ཀར་ཡང་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ནས། སྟོང་ཉིད་སྙིང་རྗེར་ཁྱོད་བྱིན་རླབས་ཞེས་སོགས་བཀའི་གནང་བའི་རྗེས་གནང་སྦྱིན་ནས། 3-1-733 དེའི་འོག་ཏུ་སློབ་དཔོན་དངོས་སུ་བྱེད་པའི་དོན་དུ་དབང་བཞི་བསྐུར་ཞིང༌། མཐར་སྐུ་གསུང་ ཐུགས་རྡོ་རྗེའི་ཕྱག་རྒྱ་གསུམ་སྦྱིན་ནས། དམ་ཚིག་དང་རྡོ་རྗེ་སློབ་དཔོན་དུ་བཀའི་གནང་བ་ སྦྱིན་པར་བྱའོ། །འདི་ལ་ཁ་ཅིག་བྱིས་འཇུག་ཇི་ལྟ་བ་བཞིན་གྱི་དབང་བདུན་ཀར་བསྐུར་ཟེར་ ཏེ། དགེ་སློང་དགེ་ཚུལ་དགེ་བསྙེན་གསུམ་གྱི་དབྱེ་བ་སོ་སོར་མཛད་པས་དེ་ནི་མི་འཐད་མོད། འོན་ཀྱང་དགེ་སློང་རྡོ་རྗེ་འཛིན་པ་ལ་དབང་བསྐུར་བ་ལ་ནི་དབང་བདུན་གྱི་དོད་ཚང་སྟེ། མེ་ ཏོག་གང་ལ་ཕོག་པའི་རིགས་ཀྱི་ཕྱག་མཚན་སྦྱིན་པ་ནི་རྡོ་རྗེ་དྲིལ་བུའི་དོད་དང༌། རྡོ་རྗེ་སློབ་ དཔོན་ཁྱོད་ཉིད་དོ་ཞེས་སོགས་སྔགས་པས་མིང་གི་དབང་བསྐུར་གྱི་དོད་དང༌། གཞན་རྣམས་ དངོས་སུའང་ཡོད་པའི་ཕྱིར་རོ། །ཡང་འགྲེལ་པར་ཆུ་དག་ཅེས་པའི་དོན་ལ་དབང་བདུན་སྐུར་ བར་གསུངས་ལས། འདིར་དབང་བདུན་ཀ་བསྐུར་དགོས་སྙམ་ན། མ་ངེས་ཏེ་དག་པ་འདི་ནི་ སློབ་མའི་དབང་དང་ཆབས་ཅིག་ཏུ་སྟོན་པའི་ཕྱིར་དང༌། ཆུ་དག་ཅེས་པ་གཙོ་བོར་སློབ་མའི་ དབང་བྱིས་འཇུག་གི་དག་པ་ཡིན་པས་སོ། །འདིར་ཡང་ཆུ་ལ་སོགས་པ་དེའི་ནང་ཚན་འགའ་ ཞིག་ཡོད་པས་ཚིག་གི་འགྲེལ་པ་བཙལ་བ་ཙམ་ཡིན་པའི་ཕྱིར། འདིར་ཆུ་དབང་སོགས་ བསྐུར་བ་ལ་ཆུ་དབང་ཞེས་སོགས་དངོས་ཀྱི་མིང་དེ་ལས་གཞན་བྱིས་འཇུག་གི་ཐ་སྙད་ནམ་ དུ་ཡང་མི་བྱའོ།། །། གཉིས་པ་བདག་པོ་ཆེན་པོའི་དབང་ནི། རྐྱེན་ཕྱག་རྒྱའི་དབྱེ་བ་དང༌། དབང་དངོས་ གཉིས་ལས། དང་པོ་ནི། རྒྱུད་ལས། ཇི་སྲིད་ཕྱོགས་ཀྱི་ལོ་ནི་གཅིག་པུ་རྣམ་པ་བཅུ་རུ་འགྱུར་ ཏེ་ལྟ་བ་དང་ནི་རེག་པ་བྱ། །དེ་ནས་འཁྱུད་པར་བྱ་སྟེ་རོ་དང་བཅས་པའི་ཆུ་གཏེར་གཡོ་བ་ ལ་སོགས་རྣམས་ནི་བསྟེན་པར་བྱ། །ལོ་ནི་ཉི་ཤུ་ཡན་ཆད་ཕྱག་རྒྱ་མཆོག་ཏུ་འཇིགས་བྱེད་ མ་སྟེ་ཁྲོ་བོ་འབྱུང་པོ་ལྟ་མིན་ཆ། །དབང་གི་དོན་དུ་དྲུག་དང་གསུམ་སྟེ་བདེ་མཉམ་འབྲས་བུ་ སྟེར་བ་གཞན་ནི་སྒོམ་པའི་དོན་དུའོ། །ཞེས་གསུངས་ཏེ། དེ་ལ་གཞོན་ནུ་མ་ལོ་གཅིག་ནས་ 3-1-734 བཅུའི་བར་ནི་ཕར་ཕྱིན་བཅུ་དང་ནུས་མ་བཅུའི་དག་པ་ཅན་བཅོམ་ལྡན་འདས་མ་ཤེར་ཕྱིན་ མས་དག་པ་ཡེ་ཤེས་ཀྱི་ཁམས་དང་ནམ་མཁའི་ཁམས་སོ། །དེ་ཡང་སོ་མ་ལྷུང་བ་ན་ཡེ་ཤེས་ དང༌། ལྷུངས་པ་ན་ནམ་མཁའོ། །རེ་ཞིག་གཞོན་ནུ་མ་དེ་དག་རྗེས་ཆགས་དངོས་ཀྱི་བརྟེན་ བྱ་མ་ཡིན་ལ་ལྟ་བ་དང་རེག་པ་དང་མཆོད་པར་བྱ་བ་ནི་ཡིན་ནོ། །བཅུ་གཅིག་མ་རླུང་ཁམས་ སྒྲོལ་མ་དང༌། བཅུ་གཉིས་མ་མེ་གོས་དཀར་མོ་དང༌། བཅུ་གསུམ་མ་ཆུ་མཱ་མ་ཀཱི་དང༌། བཅུ་ བཞི་མ་ས་སངས་རྒྱས་སྤྱན་མ་དང༌། བཅོ་ལྔ་མ་སྒྲ་རྡོ་རྗེ་མ་དང༌། བཅུ་དྲུག་མ་རེག་བྱ་རྡོ་རྗེ་ མ་དང༌། བཅུ་བདུན་མ་རོ་རྡོ་རྗེ་མ་དང༌། བཅོ་བརྒྱད་མ་གཟུགས་རྡོ་རྗེ་མ་དང༌། བཅུ་དགུ་མ་ དྲི་རྡོ་རྗེ་མ་དང༌། ཉི་ཤུ་མ་ཆོས་ཁམས་རྡོ་རྗེ་མའི་རྣམ་པར་དག་པའོ། །སྐབས་འདིར་སྒྲོལ་མ་ ལ་སོགས་ཆོས་ཁམས་མཐར་ཞེས་པ་བཅུ་གཅིག་ནས་ཉི་ཤུའི་བར་རིག་མ་བཅུ་པོ་དབང་གི་ རིག་མར་གསུངས་ཀྱང༌། སྒྲོལ་མའི་དག་པ་བཅུ་གཅིག་མ་ཡང་གཉིས་སྤྲོད་ཀྱི་བསྟེན་བྱ་མ་ ཡིན་ནོ། །འགྲེལ་པར། དྲུག་དང་གསུམ་ཞེས་པས་ལྷག་མ་དགུ་པོ་རྣམས་ཀྱི་ཡིན་ནོ། །ཞེས་ སོ། །ཡང་གལ་ཏེ་ཕྱག་རྒྱ་བཅུ་ཡོད་ན། དེའི་ཚེ་གང་དང་གང་ལ་སྤྱོད་པར་ནུས་པའི་སློབ་མ་ ལ་དེ་དང་དེ་གཏད་ཅེས་གསུངས་པས་ཤེར་དབང་གི་སྐབས་བཅུ་ཀར་གཉིས་སྤྲོད་ཀྱི་ཡུལ་དུ་ གཏོད་པ་མ་ཡིན་ནམ་སྙམ་ན། གཏད་པ་ཙམ་ནི་ཡིན་ཡང་ཇི་ལྟར་ནུས་པ་ཞེས་གསུངས་པ་ནི། བཅུའི་ནང་ནས་དགུ་པོ་རྣམས་དངོས་སུ་བསྟེན་པར་བྱ་ལ། དེ་ནི་ལྟ་བ་དང་རེག་པས་བསྟེན་ པ་ཙམ་ལ་དགོངས་ཏེ། འགྲེལ་ཆེན་ལས། མེའི་ཁམས་ནས་བརྩམས་ཏེ་ཇི་སྲིད་ཆོས་ཁམས་ ཀྱི་བར་དུའོ། །རླུང་གི་ཁམས་ནི་རྡུལ་མེད་པ་ཉིད་ཀྱི་ཕྱིར་བཟུང་བར་མི་བྱའོ། །ཞེས་པ་ངེས་ པའོ། །ཞེས་ངེས་བཟུང་དུ་གསུངས་པའི་ཕྱིར་རོ། །སློབ་མ་དང་བདག་པོའི་དབང་གི་སྐབས། དབང་གོང་མ་གསུམ་ལ་རིག་མ་རེ་རེས་ཆོག་ཀྱང༌། ན་ཚོད་བཅུ་གཉིས་ནས་ཉི་ཤུའི་བར་གང་ རུང་ཞིག་བཟུང་དགོས་པར་འདྲ་བས་སློབ་མའི་ཆོ་གའི་གོང་དུ་འདི་བཤད་པ་ཡིན་ནོ། །ལྷག་ 3-1-735 མ་གཞན་ཉེར་གཅིག་ནས་བརྩམ་ཞེ་དྲུག་གི་བར་དུ་ཁྲོ་མོ་བཅུ་དང་རྣལ་འབྱོར་མ་བརྒྱད་དང༌། རབ་གཏུམ་མ་བརྒྱད་དག་པའི་རིག་མ་རྣམས་ནི། སྒོམ་པའི་དོན་ཙམ་ཡིན་གྱི། དབང་གི་དོན་ དུ་ནི་མ་ཡིན་ནོ། །དེ་ལ་འདིར་ཁྱིམ་པས་ཚ་མོ་ལ་སོགས་པ་རང་རིགས་ཏེ་ཉེ་དུ་དང་འབྲེལ་ བའི་རིག་མ་བཅུ་རང་གི་བཙལ་ནས་སློབ་དཔོན་ལ་འབུལ་ཏེ། ཁྱིམ་པས་རང་རིག་རྣམས་ སྤྱིར་གྱི་འབྱོར་པར་སླ་ཡང༌། རང་རིག་དངོས་གོང་དུ་བཤད་པའི་ལང་ཚོ་ཅན་བཅུ་ཀ་དུས་ གཅིག་ཏུ་རྙེད་དཀའ་བས་གང་མ་རྙེད་པ་རྣམས་དེ་དང་དེའི་དོད་ཀྱིས་ཆོག་ལ། རབ་ཏུ་བྱུང་ བ་ནི་ཉེ་དུ་སྤངས་པའི་ཕྱིར་རང་རིགས་མེད་པས། གཞན་རིགས་ཁོ་ན་ཡིན་པས་ན་རིགས་ཐ་ དད་པའི་རིག་མ་བཅུ་སློབ་དཔོན་གྱིས་བཙལ་ཏེ་སྦྱིན་པར་བྱའོ། །དམངས་རིགས་ལ་སོགས་ པའི་རིགས་བཅུ་ཀར་དངོས་སུ་མ་འཛོམ་ཡང༌། གང་མ་རྙེད་པ་དེ་ཚབ་མས་རུང་ཞིང༌། འདི་ གཉིས་ཀ་ལ་ན་ཚོད་བཅུ་གཅིག་ནས་ཉི་ཤུའི་བར་གྱི་ལོ་གྲངས་བཅུ་པོ་དེ་འཛོམ་ན་དེ་གལ་ཆེ་ སྟེ། རང་རིགས་བཅུ་དང་གཞན་རིགས་བཅུར་མོས་པའི་སྒོ་ནས་དོད་དུ་བཟུང་པས་ཆོག་ལ། ཅི་སྟེ་ལོ་གྲངས་བཅུ་པོ་ཐ་དད་པ་ཚང་བར་མ་རྙེད་ན། བཅུ་གཅིག་ནས་ཉི་ཤུའི་བར་གང་ཡིན་ ཡང་རུང་སྟེ། ལང་ཚོ་ཅན་གང་རྙེད་པ་བཅུ་ལ་ལོ་གྲངས་དེ་དང་དེར་མིང་བཏགས་ཤིང་མོས་ པས་ཀྱང་འགྲུབ་བོ།། །། གཉིས་པ་དབང་དངོས་ནི། རྒྱུད་ལས། རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་ གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། །ཁྲག་དང་ལྡན་ལ་ཤེས་ རབ་ཐབས་ཀྱི་བདག་ཉིད་དག་གིས་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། །ས་བོན་དང་ བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་པར་བྱས་ནས་ནི། ཕྱི་ནས་རང་ གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། །ཞེས་རྒྱུད་ལས་ དེ་ཙམ་ཞིག་གསུངས་ཤིང༌། འགྲེལ་པས་ཁ་སྐོང་རྒྱས་བཤད་ཅན་དུ་མཛད་པ་ལས་ཐོག་མར་ 3-1-736 འདི་སྐད་ཅེས། དེ་ནས་རྒྱས་འགྲེལ་དང་བཅས་པའི་རྒྱུད་ཐམས་ཅད་ཐོས་ཤིང་ཤེས་པར་ གྱུར་པ་ན་བདག་པོ་ཆེན་པོ་ཉིད་ཀྱི་ཆེད་དུ་གོ་རིམ་ཇི་ལྟ་བ་བཞིན་གསུངས་པའི་རིག་མ་བཅུ་ པོ་རྣམས་ཁྱིམ་ན་གནས་པའི་སློབ་མས་བླ་མ་ལ་དབུལ་བར་བྱའོ་ཞེས་གསུངས་ཤིང༌། ཤེར་ དབང་རྫོགས་མཚམས་སུ་ཡང་ཐམས་ཅད་དུ་བདག་པོ་ཆེན་པོའི་དབང་གི་ཆོ་གའོ། །ཞེས་སྔ་ མ་བདག་པོ་དབང་དང་ནོར་གྱི་དོགས་ཏེ། སྔ་ཕྱི་གཉིས་ཀར་དུ་བདག་པོ་ཆེན་པོའི་མིང་གིས་ གཟེར་བཏབ་པའོ། །དེའི་རྗེས་སུ་དམ་ཚིག་དང་སྡོམ་པ་སྦྱིན་པ་དང༌། དབང་གི་རབ་བྱེད་ གསུངས་ཏེ། རྒྱུད་དང་འགྲེལ་བའི་གསུངས་ཚུལ་འདིས་ཀྱང་སློབ་མའི་དབང་དང་བདག་ པོའི་དབང་ལ་དབང་གི་རབ་བྱེད་སོགས་བྱེད་པར་གྲུབ་སྟེ། ཤེར་དབང་རྫོགས་མཚམས་སུ་ བདག་པོ་ཆེན་པོའི་དབང་གི་ཆོ་གའོ་ཞེས་སློབ་མ་དང་བདག་པོའི་དབང་གཉིས་དང༌། འདི་ མི་འདྲ་བའི་ཁྱད་པར་ཕལ་ཆེ་བ་དེ་ཡན་ཆད་ཀྱིས་བཤད་ཟིན་པར་བསྟན། དེ་མན་ཆད་ཐུན་ མོང་དུ་ཆོ་གའི་ཚིག་འདྲ་བ་ལ་དགོངས་ནས་མཐའི་གསལ་བྱེད་ཀྱི་ཚུལ་དུ་མཛད་པའི་ཕྱིར་རོ། ། རྒྱུད་ལས། སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། །ཞེས་ཤེར་དབང་གི་མཚམས་ དེ་ཉིད་དུ་འཇིག་རྟེན་ལས་འདས་པའི་དབང་བཞི་པ་གསུངས་པ་ལ། འགྲེལ་པར་འབྲུ་གནོན་ མ་བྱུང་བ་ནི་དེའི་བར་དུ་དབང་གི་རབ་བྱེད་སོགས་དགོས་པ་ལ་དགོངས་ཤིང༌། རབ་བྱེད་ཀྱི་ འཕྲོས་དོན་ཕྱག་རྒྱ་བཞིའི་སྐབས་སུ། རྒྱུད་ལས། ཆགས་དང་ཆགས་བྲལ་མཐར་གྱུར་དང་པོ་ མཆོག་བདེའི་གཏེར་ནི་རྣལ་འབྱོར་རྣམས་ཀྱིས་རྟོགས་བྱ་བཞི་པའོ། །ཕྱག་རྒྱ་རྣམས་ལས་དེ་ ནི་ལེགས་པའི་མ་རུ་འགྱུར་ཏེ་རྣམ་བཅུ་དཔལ་ལྡན་བླ་མའི་ཞལ་འདིའོ། །ཞེས་གསུངས་པས་ བཞི་པ་གསལ་བར་བཤད་ཅིང་དེ་ལ་འགྲེལ་པ་མཛད་པས། དབང་གི་གོ་རིམ་མ་འཁྲུགས་ པར་འབྱུང་བས་དེས་ཆོག་པ་ལ་དགོངས་སོ། །སྐབས་འདིར་འགྲེལ་པར་འདི་སྐད་ཅེས། རྣམ་ བཅུ་ནི་དེ་དུ་བ་ལ་སོགས་པའི་དབྱེ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དཔལ་ 3-1-737 ལྡན་བླ་མ་རྡོ་རྗེ་སེམས་དཔའི་ཞལ་འདིའོ། །ཞེས་པ་ནི་ཡེ་ཤེས་ཀྱི་ཞལ་བཞི་པའོ། །ཞེས་པའི་ དོན་ཏོ་དེ་ནི་ངོ་བོ་ཉིད་ཀྱི་སྐུའི་ཆོས་ཅན་ནོ་ཞེས་པ་ངེས་པའོ། །ཞེས་གསུངས་ཏེ། དུ་སོགས་ རྟགས་བཅུ་ངོ་བོ་ཉིད་སྐུ་ཡིན་ཞེས་གསལ་པོར་གསུངས་པ་འདིས་ནི། དུ་སོགས་འཁྲུལ་སྣང་ ངོ་ཞེས་ལྟ་བ་ལོག་པ་དག་ལོག་པར་སྨྲ་བ་དེ་རྣམས་ཀྱི་མགོ་བོར་གནམ་ལྕགས་འབར་བ་ལྷུང་ བ་ཡིན་ནོ། །ལྟ་ལོག་ཅན་དེ་དག་ངེས་དོན་གྱི་ཚིག་གསལ་པོར་སྟོན་པ་འདི་དང་འདི་འདྲ་བ་ རྣམས་རྫུན་རིབ་སབ་སུབ་བྱེད་ཅིང་ཀློག་ལུང་ཙམ་གྱིས་སྦས་ནས། ད་དུང་དུས་འཁོར་འཆད་ པ་ལྟར་བརྫུ་ཞིང༌། བླུན་པོ་ཕྱོགས་འཛིན་ཅན་རྣམས་ལྷན་ཅིག་ཏུ་གཞན་ལ་སྨོད་ཅིང་བདག་ ཉིད་སྒྲོག་པར་བྱེད་དོ། །ལུང་དེའི་དོན་ནི་མ་སོགས་ལས་རྒྱ་དྲུག་དང༌། སྐུ་གསུང་ཐུགས་ཀྱི་ ཕྱག་རྒྱ་གསུམ་སྟེ་དགུ་ལ། ཀུན་ཏུ་ཁྱབ་པའི་ཕྱག་རྒྱ་བཅུ་པ་ནི། ཡེ་ཤེས་རྡོ་རྗེའི་ཞལ་ལམ་སྒོ་ དུ་བ་ལ་སོགས་པའི་ལམ་སྟེ་དབང་བཞི་པའོ། །ཞེས་པའི་དོན་ཡིན་ནོ། །འདིའི་ཆོ་ག་རྣམས་ ནི་དབང་ཆོག་ཏུ་གསལ་བར་བཤད་ཟིན་པས་གོ་སླ་ལ། གོ་རིམ་འདི་ལྟར་ཡིན་ཏེ། རིག་མ་ བཅུ་བསྟར་ཏེ་དབུལ་བ་དང༌། བཀའ་གནང་ཞུ་སྦྱིན་དང༌། བསྟོད་ཅིང་གསོལ་བ་འདེབས་ པ་དང༌། བཅུ་དྲུག་མ་སྒྲ་རྡོ་རྗེ་མ་ནས་བརྩམས་ཉི་ཤུ་མ་མ་གཏོགས་གཞན་དགུས་སློབ་མ་ལ་ འཁྱུད་དུ་གཞུག་པ་དང༌། བདག་པོའི་དབང་གི་སྐབས་སུ་བསྟན་པ་ལྟར། ཆུ་དབང་དང་རྗེས་ གནང་སྦྱིན་པ་དང༌། དེ་ནས་དངོས་གཞི་ལ་བུམ་དབང་གི་སྐབས། བཅུ་གཅིག་མ་མ་གཏོགས་ རིག་མ་དགུ་ལ་སློབ་དཔོན་གྱིས་འཁྱུད་པར་བྱས། ཉི་ཤུ་མ་མ་གཏོགས་རིག་མ་དགུ་པོ་སློབ་ མ་ལ་གཏད་ནས། ནུ་མ་ལ་སློབ་མས་རེག་པ་དང༌། སློབ་དཔོན་གྱིས་ཉི་ཤུ་མའི་ནུ་མ་འཛིན་ པ་སློབ་མས་བལྟ་བར་བྱ་བ་ཡིན་ལ། གསང་དབང་གི་སྐབས་དང་པོར་སྒྲ་རྡོ་རྗེ་མ་བཅོ་ལྔ་མ་ དང༌། སློབ་དཔོན་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སློབ་མ་དང༌། ཉི་ཤུ་མ་ཆོས་ ཁམས་རྡོ་རྗེ་མའི་ཁར་དབབ་ཅིང༌། དེ་རྗེས་སྒྲ་རྡོ་རྗེ་མ་མི་ཐེ་ཞིང༌། སྒྲོལ་མ་དག་པ་དམིགས་ 3-1-738 ཡུལ་ཙམ་དུ་བྱས་པ་ཐེ་བའི་རིག་མ་དགུ་པོ་རྣམས་ཀྱི་རྡུལ་གྱི་དྭངས་མ། སློབ་དཔོན་གྱི་རྡོ་རྗེ་ ནོར་བུར་དྲངས་པ་སླར་ཡང་སློབ་མའི་ཁ་རུ་འཕང་བར་བྱ་ལ། ཡང་ན་སྒྲོལ་མའི་དག་པ་མི་ བགྲོང་བར་རིག་མ་བརྒྱད་དེ། ཤེར་དབང་གི་སྐབས་ཉི་ཤུ་མ་ཆོས་ཁམས་རྡོ་རྗེ་དེ་ལ་སློབ་ དཔོན་གྱི་རྗེས་སུ་ཆགས་པས་སྙོམས་པར་ཞུགས་པས་འཛག་མེད་ཀྱི་ལྷན་སྐྱེས་མངོན་དུ་བྱས་ ཤིང༌། དེ་མ་ཐག་སློབ་མ་ལ་གཏད་ནས། ཤེར་དབང་གི་ཆོ་ག་རྫོགས་པར་བྱ་སྟེ། དེའི་རྗེས་ སུ་རིག་མ་གཞན་རྣམས་ཀྱང་ཇི་ལྟར་འོས་པར་བསྟེན་པ་སྟེ། མཚན་ཕྱེད་ནས་ཆུ་ཚོད་བཅུའི་ བར་རམ་བཅུ་གསུམ་མམ་བཅུ་དྲུག་གི་བར་དུ་ཇི་ལྟར་དགའ་བར་བསྟེན་ནས། དེའི་མཐར་ ཚོགས་ཀྱི་འཁོར་ལོའི་རྗེས་ཀྱི་བྱ་བ་རྣམས་བྱས་ཏེ། འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མ་ རྣམས་ཕྱིར་བཏང་ངོ༌། །དེ་རྗེས་སྐྱ་རེངས་ཤར་ནས་ཉི་མ་མ་ཤར་བའི་བར་དེར། སྡོམ་པ་སྦྱིན་ པ་དང༌། དབང་གི་རབ་བྱེད་དང༌། དབང་བཞི་པ་དང༌། དེའི་ཆེད་དུ་བརྗོད་པ་རྣམས་བྱ་ལ། འདིའི་དབང་དང་པོ་གསུམ་པོ་ཉིད་ཚོགས་འཁོར་ཡིན་ཏེ། དབང་གི་སྔོན་དུ་ལྷའི་རྣལ་འབྱོར་ དང་རྫས་བྱིན་རླབས་སོགས་བཏང་ནས། འདོད་པའི་ཡོན་ཏན་སྣ་ཚོགས་ལ་རོལ་བཞིན་ པས་དབང་བསྐུར་པ་སྟེ། ཤེར་དབང་དངོས་གཞི་གྲོལ་པ་ན་ཚོགས་ཀྱི་འཁོར་ལོ་གཤེགས་སུ་ གསོལ་ཞེས་རྗེས་ཆོག་ཙམ་བྱེད་པ་ཡིན་ནོ།། །། དྲུག་པ་དེ་ལས་འཕྲོས་པའི་དོན་བཤད་པ་ལ། ལུགས་གཞན་གྱི་སྐྱོན་མདོ་ཙམ་ངོས་ བཟུང་བ་ནི། ཁ་ཅིག་དབང་གི་དངོས་གཞི་གྲོལ་བའི་རྗེས་སུ་སླར་ཚོགས་འཁོར་བྱེད་དོ་ཞེས་ བཟའ་བའི་སྟོན་མོ་ཙམ་ལ་གོ་བ་ནི། བཞད་གད་ཀྱི་གནས་ཡིན་ལ། ལུགས་གཞན་པ་རྣམས་ འདི་ལ་དབང་གོང་ཆེན་ཟེར་ཞིང་དེའི་ནང་ཚན་ལ་ལ་དག་འཁྲིད་ཀྱི་སྔོན་འགྲོའི་དབང་ལ་ སྦྱོར་བ་དང༌། ཁ་ཅིག་སློབ་མའི་དབང་གི་ཁོངས་སུ་བསྡུ་བ་དང༌། བདག་པོའམ་བདག་པོ་ ཆེན་པོའི་དབང་དུ་མི་འདོད་པ་དང༌། སྔོན་འགྲོའི་སྐབས་རིགས་མ་ཡོངས་སུ་བཟུང་བའི་སློབ་ 3-1-739 མ་ཆད་པ་དང༌། བུམ་དབང་གི་སྐབས་སློབ་དཔོན་གྱིས་འཁྱུད་པ་དང༌། སློབ་མས་ལྟ་བའི་ ཡུལ་དུ་བྱེད་པ་གཉིས་ཆད་པ་དང༌། གསང་དབང་གི་སྐབས་ཆོས་ཁམས་རྡོ་རྗེ་མ་ལ་གསང་ རྫས་སྦྱིན་པ་མ་བྱུང་བ་སོགས་དགོས་ངེས་མང་པོ་ཆད་ཅིང༌། མི་དགོས་པའི་སྤྲོས་པ་མང་ པོ་ལྷག་པ་དང༌། རིག་མ་བཅུ་ལ་རྗེས་ཆགས་བྱེད་པ་ཀུན་ལ་ཡབ་རྒྱལ་བ་རིགས་བཞི་དང་ སེམས་དཔའ་དྲུག་གི་ང་རྒྱལ་རིམ་གྱིས་འཕོ་བར་འདོད་པས་དཀའ་ཚེགས་ཆེ་ལ་དགོས་པ་ ཆུང་ཞིང༌། ཐོག་མ་སྐུ་རྡོ་རྗེ་སོགས་སུ་བསྐྱེད་མ་ཐག་ཏུ་བྱ་བ་གང་ཡང་མ་བྱས་པར་དོན་གྲུབ་ ཏུ་བསྐྱེད་པ་སོགས་རང་བཟོའི་རྣམ་འགྱུར་ཆེས་གསལ་བ་དང༌། ཐོག་མར་སངས་རྒྱས་སུ་ བསྐྱེད་ནས་ཕྱིས་བྱང་ཆུབ་སེམས་དཔར་འབབ་པ་སོགས་དང༌། བྱིས་དབང་སྐབས་སྔོན་འགྲོ་ ལ་ཁྱབ་བྱེད་རྡོ་རྗེ་བཞིར་བསྐྱེད་ནས་དངོས་གཞི་ཡུམ་ལྔ་དང༌། སེམས་དཔའ་ཁྲོ་བོ་སོགས་ ཁྱབ་བྱའི་ལྷར་འབབ་པ་དང་མཚུངས་ཏེ་ཤིན་ཏུ་མི་ཤེས་པའི་ཆོ་གར་འགྱུར་པ་དང༌། གཞན་ ཡང་གསང་དབང་ལ་སློབ་དཔོན་ཡང་ཀུན་བཟང་དུ་བསྐྱེད་ཟེར་པ་སོགས་མདོར་ན་དབང་ གོང་མ་རྣམས་ལ་ཆོ་གའི་ལག་ལེན་ནོར་བ་དང་གོ་བ་ནོར་བ་ཤིན་ཏུ་མང་པ་འདུག་སྟེ། འདིར་ ཡི་གེ་མངས་པར་འགྱུར་བས་རྒལ་བརྟག་མ་བྱས་མོད། ནོར་བ་ཡིན་པར་ཡང་རྟོགས་སླའོ། ། དེ་ལྟར་བཤད་པ་རྣམས་དངོས་དབང་བསྐུར་བའི་དབང་དུ་བྱས་ལ། ཡང་འདིར་གོང་མ་ རྣམས་ཚིག་གིས་སྟེར་དགོས་པའི་དམིགས་གསལ་གྱི་དབང་དུ་བྱས་ན། སློབ་མ་དང་བདག་ པོའི་དབང་ལ་རྒན་པོ་དང༌། ས་བོན་གྱི་མཐུ་ཉམས་པ་དང༌། རབ་བྱུང་ཆགས་བྲལ་གྱི་བསླབ་ པས་བཅིངས་ཤིང་ནུས་པ་མ་ཐོབ་པ་དང༌། འཇིག་རྟེན་སྨོད་པར་འགྱུར་པའི་དགག་བྱ་ཡོད་ པའི་སྐབས་སུ། ཡིད་ཀྱིས་བསྒོམས་པའི་སྒོ་ནས་དབང་བསྐུར་བ་ཡིན་ནོ། །དབང་རྒྱུན་མི་ འཆད་པའི་ཕྱིར་དེང་སང་གི་གང་ཟག་ཕལ་ལ་བདག་པོ་ཆེན་པོ་རྗེས་མཐུན་པ་བསྐུར་ན་ཡང་ དེ་དང་འདྲ་ལ། དངོས་ཀྱི་སྐབས་སུ་ནི། དགོས་པས་དགག་བྱ་ཟིལ་གྱིས་གནོན་ཞིང་མ་དད་ 3-1-740 པ་བཟློག་ནུས་པའི་ཕྱིར་དངོས་དབང་ཉིད་བཟང་ལ། ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར་ ཡིད་ཀྱིས་བསྒོམས་པས་ཀྱང་དངོས་དང་འདྲ་བའི་བྱ་བ་བྱེད་ནུས་པ་ནི་ཡིན་ནོ།། །། བདུན་པ་ངེས་པའི་དོན་གྱི་འཇུག་སྒོ་བསྟན་པ་ནི། གང་ཕྱིར་གཅིག་ཉིད་ཨ་སོགས་ཀ་ སོགས་རི་བོང་ཅན་དང་ཉིན་བྱེད་རྡོ་རྗེ་ཅན་གྱི་གདན་མིན་ཞིང༌། །ཧཱུྃ་ཡིག་ཉིད་ཀྱི་མཚན་མ་ དང་ནི་ཡོངས་སུ་གྱུར་པའི་གཞན་པ་ཁ་དོག་གཟུགས་དག་མི་འདོད་དེ། །འགྱུར་མེད་དག་ གིས་བསྐྱེད་ཅིང་འགྱུར་བ་ཉམ་པར་གྱུར་པ་མཆོག་གི་དབང་བོ་དག་དང་ལྡན་པ་ནི། རྣམ་པ་ ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་པའི་བདག་པོ་སྣ་ཚོགས་རྒྱུ་མ་འཛིན་པ་འདི་ལའོ། །ཞེས་ པ་འདིས་དབང་བཞི་པའི་ཡེ་ཤེས་དོན་དམ་པ་མཐར་ཐུག་ལམ་དང་བཅས་པ་བསྟན་ཏེ། འགྱུར་མེད་ལས་བྱུང་བ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱའོ། །སྐུ་དེ་རྒྱུ་ཨཱ་ལི་ཀཱ་ལི་ཉི་ཟླ་ནི་རྡོ་ རྗེ་ཅན་ཏེ་ཧཱུྃ་ཡིག་གི་གདན་དང་གཅིག་ཉིད་དུ་འདྲེས་པ་ཕྱག་མཚན་དང༌། དེ་གྱུར་པ་ལས་ བྱུང་བའི་འབྲས་བུ་ཁ་དོག་གཟུགས་ཞལ་ཕྱག་སོགས་རྣམ་པར་བརྟགས་པའི་ལྷ་སྐུ་རྣམས་མ་ ཡིན་ཏེ། རྒྱུ་ཕུང་ལྔ་འབྱུང་ལྔའི་འགྱུར་མེད་ཆོས་དབྱིངས་སྟོང་ཆེན་ཡེ་ཤེས་ལྔ་དང༌། དབང་ དྲུག་ཡུལ་དྲུག་གི་ཆོས་ཉིད་འགྱུར་མེད་ཡེ་ཤེས་དྲུག་དང༌། འགྱུར་མེད་ཨ་ཡིག་སྤྲོས་བྲལ་གྱི་ ཡེ་ཤེས་རོ་མཉམ་ལས་བྱུང་བའི་འབྲས་བུ་འགྱུར་བ་ཉམས་པ་སྟེ། འགྱུར་མེད་བདེ་བ་ཐིག་ ལེ་མཐའ་དག་རོ་མཉམ་པའི་ངོ་བོ་ཐུགས་ཡེ་ཤེས་དང༌། དབང་པོ་ཐམས་ཅད་པ་རྣམ་པ་ཀུན་ ལྡན་སྟོང་ཉིད། སྐུ་ཤེས་བྱ་རོ་མཉམ་གཅིག་པུ་ཉིད་དོན་དམ་སྲིད་གསུམ་སྣ་ཚོགས་པའི་རྣམ་ པ་སྒྱུ་མ་ལྟ་བུ་ཡང་བདེ་བ་གཅིག་གིས་འཛིན་པ་ནི་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་བདག་ པོ་དོན་དམ་པའི་ཡེ་ཤེས་རྡོ་རྗེ་འཆང་གི་བརྡས་བསྟན་པ། སངས་རྒྱས་ཀུན་འདུས་གདོད་ མའི་ཡེ་ཤེས་སོ། །དེའི་ཤུགས་ལས་འགྱུར་མེད་མངོན་གྱུར་སྐྱེད་བྱེད་དང༌། འགྱུར་བ་ཉམས་ བྱེད་ལམ་གྱི་ཟུང་འཇུག་ཀྱང་བསྟན་ནོ། །འདིར་དོན་ནི་འགྱུར་མེད་ལ་རྒྱུ་འབྲས་དང་ཤེས་པ་ 3-1-741 ཤེས་བྱ་དངོས་སུ་མེད་ཀྱང་འདྲ་བ་དཔེ་ལ་བལྟོས་ཏེ། མཐུན་པའི་རྒྱུ་འབྲས་སོགས་རྣམ་པར་ བཞག་སྟེ་གསེར་གྱི་རྣ་རྒྱན་གྱི་རྒྱུ་གསེར་ཡིན་ཞེས་པ་ལྟར་རང་བཞིན་ལ་རྒྱུར་བཏགས་པའོ། ། དེས་ན་རྒྱུ་འགྱུར་མེད་ལྔ་ཚན་གཉིས་དང༌། དྲུག་ཚན་གཉིས་ལས་འབྲས་བུ་མཚན་ཉིད་རྣམ་ པ་ཀུན་ལྡན་གྱི་ངོ་བོ་ཐིག་ལེ་འགྱུར་མེད་རྣམ་བཞི་ནི། རྟོགས་བྱ་གནས་ལུགས་ཡིན་པས། སློབ་དཔོན་གྱི་དབང་འདི་དག་ཀྱང་དེ་ལྟ་བུའི་དག་པ་དང་སྦྱོར་རོ། །དེ་ལ་བདག་པོའི་དབང་ གི་ཆུ་ཅོད་གཉིས་འགྱུར་མེད་ལྔ་ཚན་ཟུང་ལམ་བྱེད་དང༌། དར་དཔྱངས་ནི་དེ་རྣམས་དག་སྦྱོར་ རྒྱུའི་སྟོང་པའི་ཡེ་ཤེས་ལྔ་གཉིས་བཅུ་དང༌། ཕྱག་རྒྱ་དྲུག་གམ་སོར་གདུབ་ཀྱི་བརྟུལ་ཞུགས་ ནི། སེམས་དཔའ་ཡབ་ཡུམ་དབང་ཡུལ་གྱི་དག་པ་ཅན་གྱི་ཕྱིར་འགྱུར་མེད་དྲུག་ཚན་ཟུང་ངོ༌། ། དགེ་བསྙེན་ལ་ཡང་ཆུ་དབང་འགྱུར་མེད་ལྔ་དང༌། སོར་གདུབ་འགྱུར་མེད་དྲུག་གོ །ཕྱག་རྒྱ་ དྲུག་རིགས་དྲུག་ཏུ་བྱུང་བ་སེམས་དཔའ་སེམས་མ་དྲུག་དང་གནད་གཅིག་གོ །འབྲས་བུ་ཐིག་ ལེ་འགྱུར་མེད་བཞི་ནི་དབང་བཞི་པོ་ཉིད་ཀྱིས་མངོན་དུ་བྱེད་པ་དང༌། དེའི་མཚན་ཉིད་རྣམ་ པ་ཀུན་ལྡན་ནི་སྐུ་གསུང་ཐུགས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པས་མངོན་དུ་བྱེད་དོ། །བདག་པོ་ ཆེན་པོའི་དབང་གི་སྐབས་སུ་སྔོན་འགྲོའི་རིག་མ་བཤམས་ཏེ་ཞུ་གསོལ་དང༌། ཆོས་ཁམས་རྡོ་ རྗེ་དང་ལྷན་ཅིག་གསོལ་བ་འདེབས་པ་དང༌། སྒྲ་རྡོ་རྗེ་སློབ་མར་གཏད་ཅིང་དེས་སློབ་དཔོན་ ལ་འཁྱུད་པ་དང༌། སློབ་མ་རིག་མ་དགུས་འཁྱུད་པ་རེ་རེ་ནས་བགྲངས་པ་སྟེ། བཅུ་གཉིས་ པོ་དེ་ནི་འགྱུར་མེད་དྲུག་ཚན་གཉིས་མཚོན་པ་དང༌། ཆུ་དབང་བསྐུར་བའི་སྐབས་འདིར་བུམ་ པ་བཅུ་འགྱུར་མེད་ལྔ་ཚན་གཉིས་ཀྱི་བདེ་བ་དང༌། བུམ་འཛིན་བཅུ་དེ་རྣམས་ཀྱི་སྟོང་ཉིད་ མཚོན། མཆོག་དབང་བཞི་ཐིག་ལེ་འགྱུར་མེད་བཞི་དག་པ་སྟེ། དབང་གི་ཡེ་ཤེས་དངོས་ མི་འགྱུར་བདེ་བའི་ལྡོག་ཆ་འཛིན་པ་དང༌། འཇིག་རྟེན་པའི་དབང་ལ་རེ་རེ་བཞིན་རིག་མ་ དགུའམ་བཅུའི་བྱ་བ་འཇུག་པ། སྤྱིར་རིག་མ་མང་པོ་ཙམ་རྣམ་པ་ཀུན་ལྡན་གྱི་ལྡོག་ཆ་འཛིན་ 3-1-742 པ་དང༌། ཁྱད་པར་དུ་བཅུ་ནི་རྟགས་བཅུ་མཚོན་པ་དང༌། དགུ་བྱེད་པ་ནི་ཐིག་ལེའི་རྟགས་སྤྱི་ ཁྱབ་ཏུ་འཇུག་པ་སྟེ་རྟགས་གཞན་རྣམས་ཀྱི་གཞི་དང་འབྲས་བུ་གཉིས་ཀའི་ཚུལ་འཇུག་པས་ སོ།། །། བཞི་པ་ལ་ནི། བདེ་བ་དང་རྣམ་ཀུན་རང་བཅས་སུ་བཞུགས་པར་སྦྱོར་ཏེ་སྤྱི་དང་འདྲའོ། ། བུམ་དབང་སློབ་དཔོན་གྱིས་དང་པོར་ཕྱག་རྒྱ་བཅུ་ལ་འཁྱུད་པ། དེ་རྗེས་དགུའི་དཀར་འཛིན་ སློབ་མས་རེག་ཅིང༌། ཆོས་ཁམས་རྡོ་རྗེའི་དཀར་འཛིན་སློབ་དཔོན་གྱིས་རེག་པ་སྟེ། རྗེས་ ཆགས་ཉི་ཤུ་ནི་སྐུ་ལས་གསུང་འབྱུང་བའི་ཕྱི་རྣམ་པ་ཉི་ཤུས་བྱང་ཆུབ་དང་སྦྱོར། གསང་དབང་ སྐབས་སྒྲ་རྡོ་རྗེ་ལས་བསྒྲུབས་པ་གསང་རྫས་ཀྱིས་སློབ་མ་དང་ཆོས་ཁམས་རྡོ་རྗེ་ལ་དང་ པོར་དབང་བསྐུར། དེ་རྗེས་རླུང་སྒྲོལ་མ་མ་གཏོགས་ཕྱག་རྒྱ་དགུས་དངོས་སུ་བསྒྲུབས་པའི་ རྡུལ་གྱིས་དབང་བསྐུར་ཏེ། དེ་ལྟར་བཅུ་ནི་ཐབས་ཤེས་ཉིས་སྡེབས་བྱས་པས་སྔར་འགྱུར་ གསུངས་ལ་སྒྲོལ་མ་ཡང་མེད་པར་ཕྱག་རྒྱ་བརྒྱད་དུ་བྱེད་ན་སློབ་མ་དང་ཆོས་ཁམས་མ་སོ་ སོར་བྱའོ། །གསུང་ལ་ཐུགས་རྗེས་སུ་ཞུགས་པ་རྣམ་པ་ལྔས་བྱང་ཆུབ་པའོ། །ཤེར་དབང་ཆོས་ ཁམས་རྡོ་རྗེ་དང་སློབ་དཔོན་རྗེས་སུ་ཆགས་པ་དང༌། དེ་དང་སློབ་མ་ལག་བཅངས་ཉམས་ སུ་མྱོང་བ་དང༌། དེ་རྗེས་གཉིས་སྤྲོད་ལ་སྒྲོལ་མ་མི་ཐེ་བའི་ཕྱག་རྒྱ་དགུ་སྟེ། བཅུ་གཅིག་ནི་ ཐུགས་ལ་སྐུ་རྡོ་རྗེ་རྗེས་སུ་ཞུགས་པ་སྒྱུ་འཕྲུལ་དྲ་བ་སྟེ། རྟགས་བཅུ་དང་སྣ་ཚོགས་གཟུགས་ བརྙན་ནོ།། །། བཞི་པ་ནི་རང་བཞིན་ཁོ་ན་ལས་རྒྱས་གདབ་དང་བྲལ་བ་མཚོན་པའི་ཕྱིར་ཡེ་ཤེས་རྡོ་རྗེ་ ཁོ་ནས་དག་པའོ། །གཞན་ཡང་བདག་པོ་དང་བདག་པོ་ཆེན་པོའི་སྔོན་འགྲོ་རྣམས་ཀྱིས་སྔར་ གྱི་བྱིས་འཇུག་གི་སྡོམ་པའི་རྒྱུན་དང༌། གོང་མ་རྣམས་ཀྱིས་སྔར་གྱི་གོང་མ་ལས་བྱུང་བ་སློབ་ མའི་སྡོམ་པའི་རྒྱུན་རྣམས་ཡོད་ཀྱི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་སྡོམ་པའི་ཡོན་ཏན་གསར་དུ་ 3-1-743 ཐོབ་པ་དང༌། སྔོན་འགྲོ་རྣམས་ལ་རྒྱུའི་རྫོགས་རིམ་སྐབས་ཡན་ལག་དང་པོ་ལྔ་དང༌། ཏིང་ ངེ་འཛིན་གྱི་ས་དང་འཕགས་སའི་སྐབས་ས་བདུན་བདུན་དང༌། དངོས་གཞི་མཆོག་དབང་ བཞི་ལ་རྫོགས་རིམ་སྐབས་ཏིང་ངེ་འཛིན་གྱི་ཡན་ལག་དང་ཏིང་ངེ་འཛིན་གྱི་ས་དང་འཕགས་ སའི་སྐབས་ས་ཕྱི་མ་ལྔ་དང་སྦྱོར་ཏེ། སློབ་མའི་དབང་གིས་དེ་དག་གི་ལམ་སྒོམ་པ་ལ་དབང༌། བདག་པོའི་དབང་གིས་ས་ལམ་གྱི་ཡོན་ཏན་བསྐྱེད་པ་ལ་དབང༌། བདག་པོ་ཆེན་པོའི་དབང་ གིས་གཙོ་བོར་འབྲས་བུ་སྐུ་བཞི་འགྲུབ་པ་དང༌། སའི་ཡོན་ཏན་མཐར་ཐུག་པ་ལ་དབང་ འབྱོར་བར་བྱེད་པའོ། །དེ་ལྟར་ན་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ལས། དབང་བསྐུར་དང་འབྲེལ་བའི་དོན་རྣམས་ལ་ཉེར་མཁོ་རགས་པ་ཙམ་བསྟན་པའོ། །འདིའི་ཆ་ ལག་ཏུ་དམ་ཚིག་དག་སྡོམ་པའི་རྣམ་གཞག་ཞིབ་མོ་ལོགས་སུ་ཡང་གཏན་ལ་འབེབས་དགོས་ ཤིང༌། དེ་བཞིན་དུ་ཚོགས་ཀྱི་འཁོར་ལོ་དང༌། སྦྱིན་སྲེག་དང་རབ་ཏུ་གནས་པ་རྣམས་ལའང་ ལག་ལེན་ཆོ་གའི་རིམ་པ་བྱང་ཞིང༌། གོ་དོན་བློ་ལ་ངེས་པ་ཞིག་གལ་ཆེ་མོད་ཀྱི། དེ་དག་གི་ རྣམ་པར་གཞག་པ་རྣམས་བླ་མ་གོང་མ་རྣམས་ཀྱིས་མཛད་པ་ལས་རྟོགས་པར་བྱ་སྟེ། འདི་ དག་ལེགས་པར་སྦྱར་བ་བླ་མ་ལས་ཡང་དག་པར་ཞུས་ན་ཡང་དག་པའི་བློ་གྲོས་དང་ཤེས་ རབ་དང་ལེགས་པའི་ཆོས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའོ།། །། རྡོ་རྗེའི་ཐེག་འདིར་མཐའ་ཡས་ཕུན་ཚོགས་ཀྱི། །རྩ་བ་དེ་ནི་སྨིན་པར་བྱེད་པའི་དབང༌། ། ཁོ་ན་ཉིད་ཅེས་རྒྱས་བ་སྲས་བཅས་དང༌། །གྲུབ་པའི་ཚོགས་དང་མཁས་པ་ཀུན་གྱིས་བཤད། ། དེ་ལྟ་བས་ན་འདིར་འབད་སྐལ་བཟང་སྟེ། །དཔག་ཡས་རྒྱུད་སྡེའི་དབང་ཆུ་བྱེ་བ་བརྒྱ། །ངེས་ གསང་རྒྱ་མཚོར་རོ་གཅིག་གྱུར་པ་ནི། །དུས་ཀྱི་འཁོར་ལོའི་དབང་བསྐུར་ཡེ་ཤེས་མཚོ། །འདི་ དོན་རྣམ་པར་ཕྱེ་བའི་བསོད་ནམས་གང༌། །མཐའ་ཡས་སེམས་ཅན་ཀུན་གྱི་ཉེར་འཚོར་གྱུར། ། དེ་ལས་འགྲོ་བ་མཐའ་དག་མི་རིང་པར། །བླ་མེད་བདེ་བ་ཆེན་པོའི་སྐུ་ཐོབ་ཤོག །དཔལ་ 3-1-744 དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་གའི་རྣམ་པར་བཤད་པ་བདུད་རྩིའི་རྒྱ་མཚོ་ཞེས་ བྱ་བ་འདི་ནི། ཆོས་ཀྱི་རྒྱལ་པོ་ཇོ་ནང་པ་ཡབ་སྲས་ཀྱི་དགོངས་པ་བསྐང་བའི་ཕྱིར་དུ་རྒྱལ་ ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ། །གཅིག་ཞུས་དག མངྒལཾ།། །། གསལ་བཤད། དཔེ་བསྡུར་མའི་རྟགས། སྔོན་མ་རྟག་བརྟན་པར་མ་དང་ཕྱི་མ་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི་བྲིས་མ་པོད་བཅུ་བ་ ཅན་ཡིན།{ [ ] རྟག་བརྟན་པར་མ་ཁོ་ནར་ཡོད།{ } དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི་བྲིས་མ་ཁོ་ནར་ཡོད།[ ]