1-1-1 ས་བཟང་མ་ཏི་པཎ་ཆེན་གྱི་གསུང་འབུམ། ༼ཀ༽ 1-1-2 དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བའི་ དཀར་ཆག སྟོད་ཆ། 1 ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ། 2 སྐབས་སུ་བབ་པའི་བསྟན་བཅོས་ཁྱད་པར་དུ་བཤད་པ། 3 མཚན་དོན་སོགས། 4 དགོས་སོགས་ཆོས་བཞི། 5 བསྡུས་དོན་ལུས་རྣམ་གཞག 6 ཚིག་དོན་ཡན་ལག་རྒྱས་བཤད། 7 ཕུང་ཁམས་སྐྱེ་མཆེད་ཀྱི་ངོ་བོའི་དབྱེ་བ་བཤད་པ། ༢༧ 8 བྱེ་བྲག་སྨྲ་བ་སོགས་གྲུབ་མཐའ་བཞིའི་ལུགས་བཤད་པ། ༣༡ 9 གྲངས་ངེས་བཤད་པ། ༣༦ 10 ཉེར་ལེན་ལྡན་ཚུལ་བཤད་པ། ༣༩ 11 སོ་སོའི་མཚན་ཉིད་པ། ༤༡ 12 དེའི་རྣམ་གཞག་་བཤད་པ། 13 གཟུགས་ཕུང་རྒྱས་པར་བཤད་པ། ༥༡ 14 ཚོར་བའི་ཕུང་པོའི་རྣམ་གཞག་རྒྱས་བཤད། 15 འདུ་ཤེས་ཀྱི་ཕུང་པོ་རྒྱས་བཤད། 1-1-3 16 འདུ་བྱེད་ཀྱི་ཕུང་པོ་རྒྱས་བཤད། 17 སེམས་བྱུང་རྒྱས་པར་བཤད་པ། 18 ལྡན་མིན་འདུ་བྱེད་རྒྱས་པར་བཤད་པ། 19 རྣམ་ཤེས་ཀྱི་ཕུང་པོ་རྒྱས་བཤད། 20 ཀུན་གཞིའི་རྣམ་ཤེས་བཤད་པ། 21 ཉོན་ཡིད་བཤད་པ། 22 ཁམས་རྒྱས་པར་བཤད་པ། 23 སྐྱེ་མཆེད་ཀྱི་རྣམ་གཞག་རྒྱས་བཤད། 24 གོ་རིམ་ངེས་ཚུལ་བཤད་པ། ༡༧༤ 25 སྒྲ་དོན་བསྟན་པ་བཤད་པ། ༡༧༦ 26 དཔེ་དང་སྦྱར་བ་བཤད་པ། ༡༧༨ 27 ཕུང་ཁམས་སྐྱེ་མཆེད་གསུམ་གྱི་རྣམ་པའི་རབ་དབྱེ་བཤད་པ་ལ་དང་པོ་རྒྱས་པའི་ རབ་དབྱེ་དྲུག་ཅུ་བཤད་པ། ༡༨༠ 28 རྫས་ཡོད་ལ་སོགས་པ་བཞི་བཤད་པ། 29 ཤེས་བྱ་ལ་སོགས་པ་གསུམ་བཤད་པ། 30 མངོན་ཤེས་དྲུག་བཤད་པ། 31 གཟུགས་ཅན་ལ་སོགས་པ་དྲུག་བཤད་པ། 32 ཟག་བཅས་ལ་སོགས་པ་བཅུ་གཉིས་བཤད་པ། 33 བྱུང་བ་ལ་སོགས་པ་བརྒྱད་བཤད་པ། 1-1-4 34 འདས་པ་ལ་སོགས་པ་བཅུ་དྲུག་བཤད་པ། 35 རྟེན་འབྲེལ་བཤད་པ། 36 རྐྱེན་ལ་སོགས་པ་བཅུ་གཅིག་བཤད་པ། 37 བསྡུས་པའི་རབ་དབྱེ་བཅུ་གསུམ་བཤད་པ། 38 བསྡུས་ཚུལ་བསྟན་པ། ༢༧༢ 39 མཚུངས་པར་ལྡན་པ་བཤད་པ། ༢༧༨ 40 ལྡན་པ་བཤད་པ། ༢༨༣ དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བའི་ སྨད་ཆའི་དཀར་ཆག 1 རྣམ་ངེས་ཀུན་ལས་བཏུས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་དང་པོ་བདེན་བཞིའི་ ཐུན་མོང་གི་དབྱེ་བ་དང་སྤྱི་དོན་བཤད་པ། 2 བདེན་བཞིའི་གཞུང་དོན་་བཤད་པ། 3 ཤེས་བྱ་སྡུག་བདེན་བཤད་པ། 4 སྤང་བྱ་ཀུན་འབྱུང་བདེན་པ་བཤད་པ། 5 སྡོམ་པ་དང་སྡོམ་མིན་བར་མ་གསུམ་བཤད་པ། ༤༤༡ 6 ཐོབ་བྱ་འགོག་བདེན་བཤད་པ། 7 བསྟེན་བྱ་ལམ་བདེན་བཤད་པ། ༤༧༥ 8 ཟག་བཅས་ཟག་མེད་ཀྱི་ཁྱད་པར་བཤད་པ། 9 ཆོས་རྣམ་པར་ངེས་པ་བརྒྱད་བཤད་པ། 1-1-5 10 གསུང་རབ་དང་སྡེ་སྣོད་ངོས་བཟུང་། 11 ཡུལ་ཅན་གྱི་ཤེས་པ་བཤད་པ། 12 དམིགས་བྱའི་རྣམ་པར་དབྱེ་བ། 13 དཔྱོད་བྱེད་ཀྱི་རིགས་པ་བཤད་པ། 14 དཔྱད་པ་ལས་བྱུང་བའི་མངོན་རྟོགས། 15 སྒོམ་བྱུང་གི་ས་ལྔ་བཤད་པ། 16 ཆོས་རྣམས་ལ་མཁས་ཤིང་གནས་ཚུལ། 17 ཁྱད་པར་དུ་ཐེག་ཆེན་བཤད་པ། 18 ཐོབ་པ་པོའི་གང་ཟག་ནང་གསེས་དྲུག་ཅུར་དབྱེ་བ། 19 སྐྱེས་བུ་ཟུང་བཞི་བཤད་པ། 20 ཁམས་གསུམ་གྱི་གང་ཟག་དགུ་ཐུན་མོང་དུ་བསྟན་པ། 21 མཛད་པ་བཅུ་གཉིས་བཤད་པ། 22 སྤྱད་པའི་རབ་ཏུ་དབྱེ་བ། 23 ཐོབ་བྱའི་མངོན་པར་རྟོགས་པ་བཤད་པ། 24 སྐུ་གསུམ་བཤད་པ། 25 ཡེ་ཤེས་བཞི་བཤད་པ། 26 འཕྲིན་ལས་བཤད་པ། 27 ཟབ་པའི་དོན་བཤད་པ། 28 ཚད་མེད་བཞི་དང་རྣམ་ཐར་བརྒྱད་བཤད་པ། ༦༢༨ 29 ཟིལ་གནོན་དང་ཟད་པར་སོགས་བཤད་པ། 1-1-6 30 མྱང་འདས་ཀྱི་ཁྱད་པར་བཤད་པ། 31 མཁས་པ་དང་དབང་བོ་སྦྱོང་ཚུལ། 32 སྤྲོས་མེད་ཀྱི་མི་རྟོག་པ་ལ་དཔྱད་པ། 33 འབེལ་གཏམ་རྣམ་ངེས། 34 ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་བཤད་པ། 1-1-7 ༄༅། །དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་འགྲེལ་བ་ ཤེས་བྱ་རབ་གསལ་སྣང་བ་ཞེས་བྱ་བ་ བཞུགས་སོ། ། ༄༅༅། །ༀ་ཤྲཱི་མ་ཏེ་གུ་ར་ཝེ་རཏྣ་ཏྲ་ཡཱ་ཡ་ཙ་ན་མོ་ན་མཿ དམ་པའི་ཆོས་མངོན་པ་ཀུན་ ལས་བཏུས་པའི་རྣམ་པར་བཤད་པ་ཤེས་བྱ་རབ་གསལ་སྣང་བ་ཞེས་བྱ་བ་བཅོམ་ལྡན་ འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། རྒྱ་ཆེན་ཚོགས་གཉིས་རྒྱ་མཚོ་ལས་འཁྲུངས་རྣམ་དག་སྐུ་བཞིའི་བང་རིམ་ཅན། ། ཕུན་ཚོགས་མཁྱེན་བརྩེའི་ཉི་ཟླས་རབ་མཛེས་ཕྲིན་ལས་ཡོངས་འདུའི་ལྗོན་པས་བརྒྱན། ། མཐའ་ཡས་གདུལ་བྱའི་མཐོ་རིས་འགྲོ་རྣམས་ཕན་བདེའི་འབྲས་བུས་སྐྱོང་མཛད་པ། ། ཐུབ་དབང་རི་དབང་ལྷུན་པོའི་མཆོག་ལ་ཀུན་ནས་དང་བས་ཕྱག་འཚལ་ལོ། ། སྲིད་ཞིའི་རྒུད་པ་ཀུན་སེལ་ཞིང་། ། འབྱོར་བ་མ་ལུས་སྩོལ་བའི་མཆོག། ཐུབ་བསྟན་ནོར་བུ་རིན་པོ་ཆེ། ། ཡུན་རིང་གནས་ཤིང་གསལ་གྱུར་ཅིག། 1-1-8 གང་གི་ལེགས་བཤད་ཟབ་ཡངས་གསལ་བའི་འོད་ཟེར་གྱིས། ། མི་ཤེས་མུན་སེལ་ཡེ་ཤེས་སྣང་བའི་དཔལ་སྐྱེད་པ། ། ཐུབ་པའི་རིང་ལུགས་བྱམས་མགོན་སྨྲ་བའི་ཟླ་བ་དང་། ། ཐོགས་མེད་ཆོས་ཀྱི་ཉི་མ་མཆོག་དེའི་ཞབས་ལ་འདུད། ། འཁོར་བའི་སྡུག་བསྔལ་སེལ་བའི་སྨན། ། ཐར་པའི་བདེ་བ་སྟེར་བའི་གཉེན། ། དམ་ཆོས་རིན་ཆེན་འབྱུང་བའི་གནས། ། བསྟན་འཛིན་མཆོག་རྣམས་རྒྱལ་གྱུར་ཅིག། རྒྱ་ཆེན་ལུང་ལ་བློ་གྲོས་རབ་གསལ་ཞིང་། ། ཟབ་མོ་རྟོགས་པའི་ཆོས་ལ་ཐུགས་བརྟན་པས། ། དཔག་མེད་གདུལ་བྱའི་འདྲེན་མཆོག་ཆོས་ཀྱི་རྗེ། ། དཔལ་ལྡན་བླ་མ་དམ་པ་ལ་བཏུད་ནས། ། ཤེས་བྱ་རབ་འབྱམས་སྟོན་པའི་གཞུང་། ། ལྟ་ངན་མུན་པ་སེལ་བའི་འོད། ། གསུང་རབ་ཀུན་ལ་ལྟ་བའི་མིག། དམ་ཆོས་མངོན་པ་འདིར་གསལ་བྱ། ། ཕྲག་དོག་ཕྱོགས་ཞེན་མུན་པས་མ་བསྒྲིབས་ཤིང་། ། རྣམ་དཔྱོད་རྣམ་པར་གསལ་བའི་སྣང་བ་ཅན། ། གཟུ་བོར་གནས་ཤིང་ལེགས་བཤད་དོན་གཉེར་བའི། ། སྐལ་ལྡན་སྐྱེས་བུའི་མཆོག་རྣམས་གུས་པས་ཉོན། ། 1-1-9 དེ་ལ་འདིར་གང་དག་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་མྱུར་ དུ་ཐོབ་པར་འདོད་པའི་སྐལ་བ་དང་ལྡན་པ་དེ་དག་གིས་ནི། མི་བརྟན་ཞིང་སྙིང་པོ་མེད་པ་ འཁོར་བའི་བྱ་བ་མཐའ་དག་རྒྱང་རིང་དུ་སྤངས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་དྲི་མ་ མེད་པ་རྣམས་ལ་དད་པ་དང་བརྩོན་འགྲུས་ཆེན་པོས་རྩེ་གཅིག་ཏུ་འཇུག་པར་བྱ་བ་ཡིན་ལ། དེའི་ཚུལ་ཡང་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་ པ་ལྟར་བརྩེ་བའི་ཐུགས་རྗེ་ཆེན་པོས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ ཆེན་པོར་ཐུགས་བསྐྱེད་ནས། ལྷག་པའི་བསམ་པ་རྣམ་པར་དག་པས་བསོད་ནམས་དང་ཡེ་ ཤེས་ཀྱི་ཚོགས་གཉིས་རྒྱ་ཆེན་པོ་ཉེ་བར་བསགས་པ་ལས། རང་གཞན་གྱི་དོན་གཉིས་མཐར་ ཕྱིན་པ་སྐུ་གཉིས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པས། གདུལ་བྱར་གྱུར་པ་ རྣམས་ཀྱང་དེ་ལ་འགོད་པའི་ཕྱིར་རང་རང་གི་ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་ བཞིན་དུ་ཆོས་ཀྱི་སྒོ་མཐའ་ཡས་པ་བསྟན་པས་ཡང་དག་པར་གསལ་བར་མཛད་ཅིང་། རྒྱལ་ བའི་སྲས་པོ་དམ་པ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་རབ་ཏུ་མང་པོ་དག་གིས་ ཀྱང་ཤིན་ཏུ་གསལ་བར་མཛད་པས། རེ་ཞིག་དང་པོར་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པ་ བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། གསུང་རབ་ལུང་གི་ཆོས་ལ་ཐོས་བསམ་རྣམ་པར་དག་ པས་འཇུག་པར་བྱ་བ་ཉིད་དོ། །དེ་བས་ན་འདིར་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ ཉིད་གསལ་བར་བསྟན་པས། ལྟ་བ་ངན་པ་ལ་མཆོག་ཏུ་འཛིན་པའི་མངོན་པར་ཞེན་པ་སྤངས་ ཏེ། ཡང་དག་པའི་དོན་རྣམ་པར་འབྱེད་པའི་ཤེས་རབ་ཕུལ་དུ་བྱུང་བ་བསྐྱེད་པའི་དོན་དུ་ཆོས་ མངོན་པའི་སྡེ་སྣོད་འཆད་པ་ལ་དོན་རྣམ་པ་གཉིས་ཏེ། ཆོས་ལ་འཇུག་ཚུལ་ཐུན་མོང་དུ་བསྟན་པ་དང་། སྐབས་སུ་བབ་པའི་བསྟན་བཅོས་ཁྱད་ པར་དུ་བཤད་པའོ། །དང་པོ་གསུམ་ལས། 1-1-10 (དང་པོ།)ཐོབ་བྱ་ཐར་བའི་ཕན་ཡོན་བསྟན་པ་ནི། དམ་པའི་ཆོས་ལ་ཞུགས་པ་རྣམ་ཀྱི་འབྲས་ བུ་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ལ་མངའ་བའི་ཡོན་ཏན་རྣམས་ཡིན་ལ། དེའང་རྒྱ་ ཆེར་(ཐོབ་པ་རྣམ་ངེས་སུ་)འཆད་པར་འགྱུར་བ་ལྟར་མཐའ་ཡས་ཤིང་། མདོར་བསྡུ་ན་དོན་གཉིས་ ཕུན་སུམ་ཚོགས་པའི་རྟེན་སྐུ་གཉིས་དང་འབྲེལ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམས་ ཏེ། ཇི་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། དེ་ ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་ དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཡོན་ཏན་གྱི་འབྱོར་ པའི་ཁྱད་པར་ཡང་། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་རྣམས་ལས་ཆེས་མཆོག་ཏུ་གྱུར་པ་ཉིད་ཡིན་ཏེ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། ཉན་ཐོས་རྣམས་ཀྱི་འབྱོར་བས་ནི། །འཇིག་རྟེན་པ་ཡི་ཟིལ་གྱིས་གནོན། །རང་སངས་རྒྱས་ པའི་ས་བ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། ། འབྱོར་བའི་ཆར་ཡང་མི་ཕོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་བའི་ཆར་ཡང་ མི་ཕོད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་འབྱོར་བ་དང་ལྡན་པའི་གོ་འཕང་ཐོབ་ པ་ན་གདུལ་བྱའི་འཇིག་རྟེན་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནོད་པ་ཐམས་ཅད་ལས་ཟློག་ ཅིང་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་ལ་སྦྱོར་བའི་སྐྱབས་གནས་བླ་ན་མེད་པར་ཡང་ འགྱུར་བ་ཉིད་དེ། རྒྱན་ལས། འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ ཚོགས་པ་ཀུན། །ཟློག་ཅིང་འབྱོར་བ་བྱ་བྱེད་དུ། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད། ། ཅེས་གསུངས་པ་བཞིན་ནོ། །དེ་ལ་དོན་དམ་པའི་སངས་རྒྱས་ནི་རང་བཞིན་གྱིས་རྣམ་པར་ དག་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་བཞུགས་པའི་ཕྱིར་གློ་བུར་གྱི་དྲི་མ་ སྦྱོང་བ་ལ་འབད་པར་རིགས་ཏེ། ཇི་སྐད་དུ་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་ 1-1-11 དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་ སངས་རྒྱས་སྙིང་པོ་ཅན། །ཞེས་པ་དང་། རྒྱན་ལས་། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་ འདོད། །དེ་བཞིན་འདི་ཡང་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་གྱུར་ ཀུན་སོང་བ། །དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང་། །ཞེས་པ་དང་། མངོན་པར་ རྟོགས་པའི་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། ། (གཉིས་པ།)སྤང་བྱ་འཁོར་བའི་ཉེས་དམིགས་བཤད་པ་ནི། དེ་ལྟར་རང་བཞིན་གྱིས་རྣམ་ པར་དག་པའི་ཆོས་ཀྱི་དབྱིངས་གནས་ཀྱང་དམ་པའི་ཆོས་ལ་བརྩོན་པར་མ་བྱས་ན། མེད་ བཞིན་དུ་བདག་ཏུ་འཛིན་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་ རྟོག་པའི་དབང་གིས་ཉོན་མོངས་པ་འབྱུང་ཞིང་། དེས་ཀུན་ནས་བསླངས་པའི་ལས་ཟག་པ་ དང་བཅས་པ་སྤྱད་པ་ལས། མཐའ་མེད་པའི་འཁོར་བ་རྣམས་སུ་སྐྱེས་ནས། བཟོད་པར་ དཀའ་བའི་སྡུག་བསྔལ་སྣ་ཚོགས་པ་ལ་ལོངས་སྤྱོད་པར་འགྱུར་བ་སྟེ། ཇི་སྐད་དུ་རིན་ཆེན་ ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ པ་ལས་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་གསུངས་ཞིང་། རྣམ་འགྲེལ་ ལས་ཀྱང་། བདག་ཡོན་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་ དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པ་ ལྟར་རོ། །དེ་ཡང་ངན་སོང་གསུམ་ལ་ནི་ཚ་གྲང་བཀྲེས་སྐོམ་དང་གླེན་ལྐུགས་ལ་སོགས་པའི་ སྡུག་བསྔལ་མཐའ་ཡས་པ་ཡོད་ཅིང་། བདེ་འགྲོ་རྣམ་པ་གཉིས་ནའང་དབུལ་ཞིང་ཕོངས་པ་ དང་འཆི་འཕོ་ལྟུང་འགྱུར་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་ལ། ཟག་བཅས་ ཀྱི་བདེ་བ་ཅུང་ཟད་ཡོད་ཀྱང་། དཔྱད་ན་འགྱུར་བའི་སྡུག་བསྔལ་ཡིན་པས་སྙིང་པོ་མེད་པའི་ 1-1-12 ཕྱིར་དང་། ཐམས་ཅད་ལ་ཡང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་པས། འགྲོ་བ་རྒྱུད་ལྔས་ བསྡུས་བའི་འཁོར་བ་ཐམས་ཅད་ནི་ཤིན་ཏུ་སྡུག་བསྔལ་བར་གནས་པ་ཉིད་དེ། རྒྱུད་བླ་མ་ ལས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་ རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ ནོ། །རྒྱ་ཆེར་ནི་སྡུག་བསྔལ་གྱི་བདེན་པའི་སྐབས་སུ་འཆད་པར་འགྱུར་བ་རྣམས་སོ། ། (གསུམ་པ།)བསྒྲུབ་བྱ་ཟབ་མོའི་ཆོས་ལ་འཇུག་ཚུལ་ལ་གཉིས་ལས། (དང་པོ།)གང་ལ་ འཇུག་པར་བྱ་བའི་ཆོས་ནི། བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་རིན་པོ་ཆེ་ཡིན་ ལ། དེ་ཡང་ཐོས་པ་ལས་དད་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཐོག་མར་དགེ་བ། བསམ་པ་ལས་ དགའ་བ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་བར་དུ་དགེ་བ། སྒོམ་པ་ལས་ཇི་ལྟ་བ་རྟོགས་པའི་བློ་སྐྱེ་ བའི་རྒྱུ་ཡིན་པའི་ཕྱིར་ཐ་མར་དགེ་བ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སྟོན་ པའི་ཕྱིར་དོན་བཟང་པོ། ཚིག་དང་ཡེ་གེ་གྲགས་པས་བརྗོད་པས་གཟུང་སླ་བའི་ཕྱིར་ཚིག་ འབྲུ་བཟང་པོ། ཕྱི་རོལ་པ་དང་ཐུན་མོང་མ་ཡིན་པ་སྟོན་པའི་ཕྱིར་མ་འདྲེས་པ། ཉོན་མོངས་ པ་ཐམས་ཅད་སྤོང་བར་བྱེད་པའི་ཕྱིར་ཡོངས་སུ་རྫོགས་པ། རང་བཞིན་གྱི་རྣམ་པར་དག་པ་ སྟོན་པའི་ཕྱིར་ཡོངས་སུ་དག་པ། གློ་བུར་གྱི་དྲི་མས་དག་པ་སྟོན་པའི་ཕྱིར་ཡོངས་སུ་བྱང་བ་ ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། རྒྱན་ལས། དད་དང་དགའ་དང་བློ་ རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམ་གཉིས་ལྡན་གཟུང་སླ་དང་། །ཡོན་ཏན་ བཞི་ཅན་ཚངས་སྤྱོད་སྟོན། །གཞན་དང་ཐུན་མོང་མ་ཡིན་སྟོན་པ་དང་། །ཁམས་གསུམ་ཉོན་ མོངས་རྣམ་སྤངས་རྫོགས་བྱེད་དང་། །ངོ་བོ་ཉིད་དག་དྲི་མས་དག་པ་སྟེ། །ཚངས་སྤྱོད་ཡོན་ ཏན་བཞི་ལྡན་ཡིན་པར་འདོད། །ཅེས་གསུངས་པ་ལྟར་རོ། ། (གཉིས་པ།)དེ་ལ་ཇི་ལྟར་འཇུག་པའི་ཚུལ་ནི། ཆོས་མངོན་པ་མཛོད་ལས། ཚུལ་གནས་ 1-1-13 ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་གཉིས་ ལས། དང་པོར་ཚུལ་ཁྲིམས་རྣམ་པར་དག་པ་ལ་འཇུག་ཚུལ་ནི། ཡོན་ཏན་ཁྱད་པར་ཅན་ ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་རིས་བརྒྱད་ཀྱི་ནང་ནས་ཇི་ལྟར་ ནུས་པའི་བསླབ་པ་ཡང་དག་པར་བླངས་ནས་ཚུལ་བཞིན་དུ་སྲུང་བར་བྱེད་པ་སྟེ། བཤེས་ སྤྲིང་ལས། ཁྲིམས་འདི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་ གསུངས། །ཞེས་འབྱུང་བ་བཞིན་ནོ། །དེ་དག་ལས་ཀྱང་རབ་ཏུ་བྱུང་བའི་ཕྱོགས་ཀྱི་སྡོམ་པ་ བླངས་ནས་སྲུང་བ་ནི་ཆེས་མཆོག་ཏུ་གྱུར་པ་ཉིད་དེ། རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེས་ན་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་ ལས་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར་རོ། ། (གཉིས་པ།)དེ་ནས་ཐོས་བསམ་སྒོམ་གསུམ་ལ་འཇུག་ཚུལ་ནི། མཛོད་ལས། སྟོན་པའི་ དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་གཉིས་ལས། (དང་པོ།)ལུང་གི་ཆོས་ལ་འཆད་ཉན་གྱིས་འཇུག་ཚུལ་ལ་བཞི་སྟེ། གང་ལ་འཆད་ཉན་བྱ་ བའི་གཞུང་ལུགས། གང་གིས་འཆད་ཉན་བྱེད་པའི་གང་ཟག ཇི་ལྟར་འཆད་ཉན་བྱེད་ཚུལ་ བསྟན་པ། དེ་ལྟར་འཆད་ཉན་བྱས་པའི་ཕན་ཡོན་ནོ། ། དང་པོ་ལ་ལེགས་པར་གསུངས་པའི་བཀའ་དང་། དགོངས་པ་འགྲེལ་བའི་བསྟན་བཅོས་ གཉིས་ལས། བཀའ་ལ་གསུམ་གྱི། (དང་པོ།)མཚན་ཉིད་ནི། དངོས་ཀྱི་བདག་རྐྱེན་སངས་རྒྱས་ ལས་བྱུང་བའི་ངག་གང་ཞིག བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། རྗོད་བྱེད་ ཀྱི་ཚིག་རྣམ་པར་དག་པ་དང་འབྲེལ་ལ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བར་ བྱེད་པ་དང་། མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་པར་བྱེད་པས། སྤོབས་པ་ཁྱད་པར་བཞི་ 1-1-14 དང་ལྡན་པ་སྟེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་ གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་། དེ་ ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་གསུངས་པ་བཞིན་ནོ། ། (གཉིས་པ།)དབྱེ་བ་ནི། བརྗོད་བྱའི་སྒོ་ནས་ཕྱེ་ན་བསླབ་པ་གསུམ་སྟོན་ཞིང་སྒྲུབ་པར་བྱེད་ པ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་། བརྗོད་ཚུལ་གྱིས་ཕྱེ་ན། མདོའི་སྡེ་ལ་སོགས་པ་ གསུང་རབ་ཡན་ལག་བཅུ་གཉིས་དང་། མཆོག་དམན་གྱིས་ཕྱེ་ན་ཐེག་པ་ཆུང་ངུ་དང་། ཐེག་ པ་ཆེན་པོ་ལ་སོགས་པ་དང་འབྱུང་ཁུངས་ཀྱིས་ཕྱེ་ན་ཞལ་ནས་གསུངས་པའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་ལ་སོགས་པ་དང་། རིམ་ པའི་དབང་གིས་ཕྱེ་ན་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང་། བར་བ་མཚན་ཉིད་ མེད་པའི་ཆོས་ཀྱི་འཁོར་ལོ་དང་། ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ལ་ སོགས་པའོ། ། (གསུམ་པ།)ངེས་ཚིག་ནི། གསུང་རྣམས་ཀྱི་ནང་ནས་རབ་བམ་མཆོག་ཏུ་གྱུར་པས་ན་ གསུང་རབ་ཅེས་བྱའོ། །བསྟན་བཅོས་ལའང་མཚན་ཉིད་ནི། རྩོམ་པ་པོ་ཚད་མར་གྱུར་པས་ བཀའི་དགོངས་འགྲེལ་དུ་བྱས་པའི་ངག་གང་ཞིག བྱེད་ལས་བཀའ་དང་མཐུན་པ་སྟེ། དེ་ ཉིད་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་ གྱིས་བཤད། །ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་ བོས་བླང་། །ཞེས་པ་ལྟར་རོ། །དབྱེ་བ་ནི་མཆོག་དམན་གྱི་ཕྱེ་ན། རྣམ་པར་ངེས་པ་བསྡུ་བ་ ལས། དོན་མེད་དོན་ལོག་དོན་མཆོག་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །སྙིང་མེད་ངན་ གཡོ་སྡུག་བསྔལ་སྤོང་། །བསྟན་བཅོས་གསུམ་ཚན་གསུམ་དུ་འདོད། །ཅེས་གསུངས་པ་ལྟར་ དགུའི་ནང་ནས་ཕྱི་མ་གསུམ་ལྟ་བུ་དང་། བྱེད་ལས་ཀྱིས་ཕྱེ་ན། རྒྱ་ཆེན་པོ་སྡུད་པར་བྱེད་པ་ 1-1-15 དང་། ཟབ་མོ་རྣམ་པར་འབྱེད་པར་བྱེད་པའི་བསྟན་བཅོས་ལ་སོགས་པ་དང་། བཤད་བྱའི་ དབང་གིས་ཕྱེ་ན་བཀའ་སྤྱིའི་དགོངས་པ་འགྲེལ་བར་བྱེད་པ་སྒྲ་དང་ཚད་མའི་བསྟན་བཅོས་ ལྟ་བུ་དང་། བྱེ་བྲག་ཏུ་བཀའ་དང་པོའི་ལྟ་བ་དང་སྤྱོད་པ་གཙོ་ཆེར་གསལ་བར་སྟོན་པ་ཆོས་ མངོན་པ་མཛོད་དང་འདུལ་བ་མདོ་རྩ་བ་ལྟ་བུ་དང་། བར་བའི་ལྟ་བ་དང་སྤྱོད་པ་གཙོ་ཆེར་ གསལ་བར་སྟོན་པ་དབུ་མ་རིགས་པའི་ཚོགས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ པ་ལྟ་བུ་དང་། ཐ་མའི་ལྟ་བ་དང་སྤྱོད་པ་གཙོ་ཆེར་གསལ་བར་སྟོན་པ་ས་སྡེ་ལྔ་དང་སྡོམ་པ་ ཉི་ཤུ་པ་ལྟ་བུ་ལ་སོགས་པ་རྣམས་སོ། །ངེས་ཚིག་ནི། སྤྱིར་དུ་སློབ་མའི་བློ་འཆོས་པས་སམ། ཁྱད་པར་ཅན་ནི་ཉོན་མོངས་པ་དང་ཉེས་པར་སྤྱོད་པ་ལས་འཆོས་ཤིང་། ངན་འགྲོ་དང་སྲིད་པ་ ལས་སྐྱོབ་པར་བྱེད་པས་ན་བསྟན་འཆོས་ཞེས་བྱ་སྟེ། རྣམ་བཤད་རིག་པ་ལས། ཉོན་མོངས་ དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་ སྐྱོབ་ཡོན་ཏན་ཕྱིར་ན་བསྟན་འཆོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་ གསུངས་པ་བཞིན་ནོ། ། གཉིས་པ་གང་ཟག་ནི། མདོ་ལས་དེ་བཞིན་གཤེགས་པའི་ཆོས་དང་ལྡན་པའི་ཆོས་ཀྱི་ འཁོར་ལོ་བསྐོར་བའི་རྗེས་སུ་སྐོར་བར་བྱེད་པའི་གང་ཟག་ནི་གཉིས་ཏེ། གང་ཞིག་གུས་པས་ ཆོས་འཆད་པ་དང་། གང་ཞིག་གུས་པས་དེ་ཉིད་ཉན་པའོ་ཞེས་གསུངས་པ་ལྟར་གཉིས་ལས། (དང་པོ།)འཆད་པ་བོའི་སློབ་དཔོན་ནི། བསླབ་པ་རིན་པོ་ཆེ་གསུམ་ལ་གནས་ཤིང་། ལུང་ དང་མངོན་པར་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྷག་པར་ལྡན་པས་གདུལ་བྱ་ རྣམས་ཀྱི་ཉོན་མོངས་པ་སྦོང་བའི་དོན་དུ། རྙེད་པ་དང་བཀུར་སྟི་ལ་ལྟོས་པ་མེད་པར་སྙིང་རྗེ་ ཆེན་པོས་དམ་པའི་ཆོས་འཆད་པའི་དཀའ་སྤྱད་ལ་ནམ་ཡང་སྐྱོ་བ་མེད་པ་ཞིག་ཡིན་ཏེ། རྒྱན་ ལས། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་ 1-1-16 གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ཡིད་སྤངས་ལ་ བསྟེན། །ཞེས་པ་དང་། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་ པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །ཞེས་པ་ལ་སོགས་པ་གསུངས་ཤིང་། རིན་ཆེན་ ཕྲེང་བ་ལས་ཀྱང་། དགེ་བའི་བཤེས་གཉེན་དེ་དག་གི། མཚན་ཉིད་མདོར་བསྡུས་མཁྱེན་པར་ མཛོད། །ཆོག་ཤེས་འདོད་ཆུང་སྙིང་རྗེར་ལྡན། །ཉོན་མོངས་སྤངས་པའི་ཤེས་རབ་ཅན། །དེ་ དག་གིས་ནི་ཁྱོད་བསྟེན་ན། །ཁྱོད་ཀྱིས་མཁྱེན་གྱིས་གུས་པར་མཛོད། །ཅེས་གསུངས་པ་ལྟར་ རོ། ། (གཉིས་པ།)ཉན་པ་པོའི་སློབ་མའང་ལྟ་བ་ངན་པ་ལ་མཆོག་ཏུ་འཛིན་པའི་ཕྱོགས་ཞེན་ སྤངས་པས་གཟུ་བོར་གནས་ཤིང་། ལེགས་བཤད་དང་ཉེས་བཤད་ཀྱི་ཆ་རྣམ་པར་འབྱེད་ པའི་བློ་གྲོས་དང་ལྡན་ལ། གང་ཉན་པར་འདོད་པའི་ཆོས་དེ་ཉིད་དད་པ་དང་བརྩོན་འགྲུས་ ཆེན་པོས་དོན་དུ་གཉེར་བར་བྱེད་པ་སྟེ། (བཞི་བརྒྱ་པར།)གཟུར་གནས་བློ་ལྡན་དོན་གཉེར་བ། ། ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་པ་བཞིན་ནོ། ། (གསུམ་པ།)བྱེད་ཚུལ་ནི། འཆད་པ་པོས་ཀྱང་རྒྱུད་འཇམ་ཞིང་རྒྱགས་པ་དང་བྲལ་བའི་ སྒོ་ནས་སྐྱོ་བ་མེད་པར་དཔེ་མཁྱུད་སྤངས་ཏེ། རྣམ་གྲངས་སྣ་ཚོགས་པས་རིགས་པ་དང་མི་ འགལ་བར་གོ་བདེ་བས། རྙེད་བཀུར་ལ་ལྟོས་མེད་དུ་ཐེག་པ་ཐམས་ཅད་པ་དང་མཐུན་པར་ བཤད་པར་བྱ་སྟེ། རྒྱན་ལས། སེམས་དཔའ་མཆོག་གིས་སྟོན་པ་ནི། །འཇམ་ཞིང་རྒྱགས་ བྲལ་མི་སྐྱོ་དང་། །གསལ་ཞིང་སྣ་ཚོགས་རིགས་པ་དང་། །གོ་ཞིང་ཟང་ཟིང་མེད་ཀུན་འགྲོ། ། ཞེས་གསུངས་པ་ལྟར་རོ། །ཉན་པ་པོས་ཀྱང་ང་རྒྱལ་ལ་སོགས་པའི་སྐྱོན་ཐམས་ཅད་སྤངས་ 1-1-17 ནས། ཀུན་ཤེས་པར་འདོད་པའི་བསམ་པས་ཆོས་དང་གང་ཟག་ལ་གུས་པ་ཆེན་པོས་རྩེ་ གཅིག་ཏུ་མཉན་པར་བྱ་སྟེ། རྣམ་བཤད་རིགས་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་ གཉེར་བ་མེད་པ་ཉིད། ཕྱི་རོལ་རྣམ་གཡེང་ནང་དུ་བསྡུས། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་ གསུངས་པའི་ཕྱིར་རོ། །གཉིས་ཀས་ཀྱང་སྦྱོར་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས། དངོས་ གཞི་ཆོས་འཆད་པ་དང་དེའི་ཆེད་དུ་ཡོན་འབུལ་བ་ལ་སོགས་པའི་སྦྱིན་པ་དང་། འཆད་ཉན་ གྱི་མི་མཐུན་ཕྱོགས་སྤོང་བའི་ཚུལ་ཁྲིམས་དང་། ཆོས་ལ་ལོག་སྒྲུབ་ཀྱིས་མི་སྐྱོ་བའི་བཟོད་པ་ དང་། དཀའ་སྤྱད་རྒྱ་ཆེན་པོ་ལ་སྤྲོ་བའི་བརྩོན་འགྲུས་དང་། ཆོས་ལ་སེམས་རྩེ་གཅིག་པའི་ བསམ་གཏན་དང་། དོན་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ ལྡན་དུ་ཉམས་སུ་བླངས་ནས། མཇུག་ཏུ་དེ་དག་གི་དགེ་བ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་ བར་བྱ་སྟེ། མངོན་པར་རྟོགས་པའི་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་ གསུངས་པ་ལྟར་རོ། ། (བཞི་པ།)ཕན་ཡོན་ལ། ལེགས་པར་བཤད་པའི་ཕན་ཡོན་ནི། འཕགས་པ་སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་ མེད་པའི་ཆོས་བརྗོད་ཅིང་། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་ མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་པ་དང་། བྱམས་པ་སེང་གེའི་སྒྲ་ཆེན་པོར་ཡང་། སྟོང་ཆེན་འཇིག་རྟེན་ཁམས་འདི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པས་ ནི། །ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་དེ་ལྟར་འགྱུར་མ་ 1-1-18 ཡིན། །ཞེས་པ་ལ་སོགས་པ་གསུངས་པ་ལྟར། དགེ་བའི་རྩ་བ་མཚུངས་པ་མེད་པར་འཕེལ་ བ་དང་། ཕན་འདོགས་མཆོག་ཏུ་འགྱུར་བ་ལ་སོགས་པ་འཐོབ་ཅིང་། གུས་པས་མཉན་པའི་ ཕན་ཡོན་ཡང་། མདོ་སྡེ་ལས། མིག་ལྡན་སྣང་བ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ ལྟ་བར། །དེ་བཞིན་དགེ་དང་མི་དགེའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་པ་ དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་ པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་རྣམ་པར་གྲོལ་ བ་འཐོབ། །ཅེས་པ་ལ་སོགས་པ་གསུངས་པ་ལྟར། གནས་སྐབས་སུ་བླང་དོར་གྱི་དམིགས་ ཕྱེད་ཅིང་མཐར་ཐུག་རྣམ་པར་གྲོལ་བ་འགྱུར་བ་ལ་སོགས་པ་འཐོབ་ལ། གཉི་གས་བསྒྲུབས་ པའི་ཕན་ཡོན་ནི། བཅོམ་ལྡན་འདས་ཀྱིས། གང་ཆོས་ཉན་པའི་རྒྱུའམ། ཆོས་འཆད་པའི་ རྒྱུར། ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་གཅིག་འབྱིན་ནམ་རྔུབས་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ་ཞེས་བཀའ་སྩལ་ཞིང་། དེ་བཞིན་གཤེགས་པ་ གསང་བའི་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐར་ཕྱིན་པར་ནི་འགྱུར་མ་ལགས། །ཞེས་ པ་དང་། ནམ་མཁའ་མཛོད་ཀྱིས་ཞུས་པར་ཡང་། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་ཀྱི་དམ་པའི་ཆོས་འཛིན་ པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་ བསོད་ནམས་བརྗོད་ཀྱིས་མི་ལོང་ཞིང་མཐའ་ཡས་པ་རྣམས་འཐོབ་པའོ། ། གཉིས་པ་རྟོགས་པའི་ཆོས་ལ་སྒྲུབ་པས་འཇུག་ཚུལ་ནི། དེ་ལྟར་ལུང་རྣམ་དག་ལས་འབྱུང་ པའི་དོན་དགེ་བའི་བཤེས་གཉེན་ལས་ལེགས་པར་ཐོས་ཤིང་། རང་གིས་ཀྱང་བསམ་པ་ལ་ རྟོགས་པའི་དོན་རྣམས་ཇི་ལྟར་ནུས་པ་བཞིན་སྦྱོར་བས་ཀྱང་སྒྲུབ་ཅིང་ཉམས་སུ་ལེན་པར་ 1-1-19 བྱེད་པ་སྟེ། གལ་ཏེ་ཆོས་ཀྱི་དོན་ཤེས་ཀྱང་ཉམས་སུ་མ་བླངས་ན་ནི། སྨན་བཟང་པོ་ཡོད་ཀྱང་ མ་སྤྱད་པ་དང་འདྲ་བར་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་མི་ནུས་པའི་ཕྱིར་རོ། །ཇི་སྐད་ དུ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ང་ཡིས་རབ་ཏུ་བཟང་བའི་ཆོས་བཤད་ཀྱང་། །ཁྱོད་ཀྱིས་ ཐོས་ནས་བརྩོན་པར་མ་བྱས་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་ན་ཡང་། །རང་གི་ནད་ནི་ གསོ་བར་མི་ནུས་བཞིན། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་དོན་གཉིས་མཐར་ཕྱིན་པ་ སྐུ་གཉིས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བློ་དང་ལྡན་པ་རྣམས་ཀྱིས། ཆོས་སྐུའི་དྲི་མ་སྦྱང་ བའི་དྲི་མ་སྦྱང་བའི་དོན་དུ་རྣམ་པར་མི་རྟོག་པ་བསྒོམ་པ་ཡེ་ཤེས་ཀྱི་ཚོགས་དང་། གཟུགས་ སྐུའི་ཡོན་ཏན་བསྐྱེད་པའི་དོན་དུ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་བསོད་ ནམས་ཀྱི་ཚོགས་ལ་འབད་པར་རིགས་ཏེ། རྒྱན་ལས། རྣམ་པར་མི་རྟོག་ཡེ་ཤེས་ནི། །སངས་ རྒྱས་ཆོས་ནི་སྦྱོང་བར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོག་པ། །སེམས་ཅན་རྣམས་ཡོངས་ སྨིན་པར་བྱེད། །ཅེས་གསུངས་ཤིང་། རིན་ཆེན་ཕྲེང་བ་ལས་ཀྱང་། སངས་རྒྱས་རྣམས་ཀྱི་ གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཟབ་མོའི་ དོན་མ་བསྒོམས་ན་ཆོས་ཉིད་མངོན་སུམ་དུ་མཐོང་བར་མི་ནུས་པའི་ཕྱིར་རོ། །གཙོ་ཆེར་ མཉམ་གཞག་ཏུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ལ་བརྩོན་པར་བྱ་སྟེ། མདོ་ ལས། ཆོས་འདི་བསྒོམས་པར་མ་གྱུར་ན། །ཆོས་ཉིད་མཐོང་བར་མི་ནུས་ཏེ། །ཆུ་ནི་མཐོང་ དང་ཐོས་པ་ཡིས། །མ་འཐུངས་སྐོམ་པ་ཇི་ལྟར་སེལ། །ཞེས་གསུངས་པ་བཞིན་ནོ། །རང་དོན་ འབའ་ཞིག་དོན་དུ་གཉེར་བ་རྣམས་ཀྱིས་ནི་དེ་ཡང་མི་འགྲུབ་ཅིང་སྡུག་བསྔལ་བར་གནས་ ལ། གཞན་དོན་གཙོ་བོར་བྱས་ན་གཉི་གའི་དོན་གྲུབ་ནས་རྣམ་པར་གྲོལ་བ་འཐོབ་པའི་ཕྱིར། རྗེས་ཐོབ་ཏུ་སེམས་ཅན་ལ་ཕན་པ་ཁོ་ན་བསྒྲུབ་པར་བྱ་སྟེ། རྒྱན་ལས། སྐྱེ་བོ་རྨོངས་པ་རང་ 1-1-20 གི་བདེ་དོན་བརྩོན། །དེ་མ་ཐོབ་པས་རྟག་ཏུ་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་ དོན་བརྩོན་པ་ནི། །གཉི་གའི་དོན་བྱས་མྱ་ངན་འདའ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། ། དངོས་སུ་གཞན་དོན་རྒྱ་ཆེར་བསྒྲུབ་པའི་ནུས་པ་མེད་ནའང་། བསམ་པ་བཟང་པོས་ཀྱང་དོན་ གྱིས་གཞན་དོན་ལ་ཞུགས་པར་འགྱུར་ཏེ། གཞན་ལ་ཕན་པའི་མཐུ་མེད་ཀྱང་། །དེ་ཡི་བསམ་ པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས་པ་ ལྟར་རོ། །མདོར་ན་ཆོས་ལ་མཁས་པ་ཞེས་བྱ་བའི་དོན་ཡང་སྒོ་གསུམ་གྱི་སྤྱོད་པ་ཤེས་བཞིན་ དུ་རང་གཞན་ལ་ཕན་པར་སྦྱོད་པ་སྟེ། རིན་ཆེན་ཕྲེང་བ་ལས། གང་ཞིག་ལུས་ངག་ཡིད་ཀྱི་ ལས། །ཐམས་ཅད་ལེགས་པར་ཡོངས་བརྟགས་ཏེ། །བདག་དང་གཞན་ལ་ཕན་ཤེས་ནས། ། རྟག་ཏུ་བྱེད་པ་དེ་མཁས་པའོ། །ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་བསྟན་པ་འཛིན་ པ་ཞེས་བྱ་བའི་དོན་ཡང་ཉེས་སྤྱོད་སྡིག་པའི་ལས་ཐམས་ཅད་སྤངས་ནས། ལེགས་སྤྱོད་དགེ་ བའི་ལས་ཕུན་སུམ་ཚོགས་པ་ལ་བརྩོན་པས་རང་གི་སེམས་ཀྱི་སྐྱོན་མཐའ་དག་འདུལ་བར་ བྱེད་པ་སྟེ། བཅོམ་ལྡན་འདས་ཀྱིས། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་ པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ བཀའ་བསྩལ་བ་ལྟར་རོ། །དེ་ཡང་དལ་འབྱོར་གྱི་ལུས་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པ་དང་ མཇལ་བ་འདི་ལྟ་བུའི་དུས་སུ་སྐྱེས་བུ་དམ་པའི་སྤྱོད་པ་ལ་འབད་པར་རིགས་ཏེ། དབུ་མ་སྙིང་ པོ་ལས། དམ་ཆོས་སྒྲོན་མ་དང་བཅས་ཤིང་། །མི་ཁོམ་བརྒྱད་སྤངས་དལ་བ་འདི། །སྐྱེས་བུ་ ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་གསུངས་པ་བཞིན་ནོ། ། སྐབས་ཀྱི་བསྟན་བཅོས་ཁྱད་པར་དུ་བཤད་པ་ལ། མཛད་པ་པོའི་སློབ་དཔོན་ནི་དཔལ་ལྡན་ འཕགས་པ་ཐོག་མེད་ཡིན་ཞིང་། དེའང་རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུང་རབ་མཐའ་ དག་གི་དགོངས་པ་འགྲེལ་བ་ལ་མཁས་པས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་ 1-1-21 བསྒྲུབས་ནས། བྱང་ཆུབ་ཆེན་པོ་ཐོབ་པར་ལུང་བསྟན་པའི་གང་ཟག་དམ་པ་སྟེ། ཇི་སྐད་དུ་ འཇམ་དཔལ་རྩ་བའི་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་འབྱུང་། །དེ་ནི་བསྟན་བཅོས་ དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་ རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། ། སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། ། བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་བསྡུས་དོན་བྱེད། །ལོ་ནི་བརྒྱ་དང་ལྔ་ བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ནའང་། །ཡུན་ རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་དམ་པ་འཐོབ་ པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ཉིད་རྟོགས་པའི་ཆོས་ཀྱི་དབང་དུ་བྱས་ནས་ས་ གསུམ་པ་འོད་བྱེད་པ་ལ་གནས་པའི་ཡོན་ཏན་དང་ཡང་ལྡན་པ་སྟེ། (ཤཱནྟི་པས།)དབུ་མ་རྒྱན་ ལས། བྱམས་པ་ཐོག་མེད་ཀྱིས་བཤད་ཅིང་། །ཀླུ་སྒྲུབ་ཀྱིས་ཀྱང་བཞེད་པ་ཡི། །ཚད་མ་ལུང་ དང་ལྡན་པ་ཡི། །བདེན་པ་གཉིས་འདིར་བཤད་པར་བྱ། །ཞེས་གསུངས་ཞིང་། དེའི་འགྲེལ་ པར། རྒྱལ་བ་བྱམས་པ་ནི་ས་བཅུ་པ་ལ་གནས་པའོ། །འཕགས་པ་ཐོགས་མེད་ནི་ས་གསུམ་ པ་ལ་གནས་པའོ། །སློབ་དཔོན་ཀླུ་སྒྲུབ་ནི་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པའོ་ཞེས་ འབྱུང་བ་བཞིན་ནོ། །དེས་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་ཡང་། མངོན་པར་རྟོགས་ པའི་རྒྱན་གྱི་འགྲེལ་བ་ལས། འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །མི་ཕམ་མགོན་ལ་ གསན་ནས་ནི། །ཞེས་པ་དང་། སའི་སྟོད་འགྲེལ་ལས། འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་ མེད་ཅེས་བྱ་བ། །ཆོས་རྒྱུན་ཏིང་འཛིན་སྟོབས་ཀྱིས་དྲངས་པའི་བདུད་རྩིའི་ཆུ། །འཕགས་པ་ མི་ཕམ་ཞལ་གྱི་བུམ་པ་ནས་བླུགས་པ། །གསན་པའི་སྙིམ་པས་གསོལ་བ་དེ་ལ་ཕྱག་འཚལ་ ལོ། །ཞེས་གསུངས་པ་ལྟར་རྒྱལ་བའི་རྒྱལ་ཚབ་འཕགས་པ་བྱམས་པ་མགོན་པོ་ལ་ཆོས་ཀྱི་ 1-1-22 རྣམ་གྲངས་མང་པོ་གསན་ཅིང་། ཁྱད་པར་དུ་ཡང་སྔོན་འཇིག་རྟེན་ན་དམ་པའི་ཆོས་མངོན་པ་ དར་ཞིང་རྒྱས་པར་ཡོད་པ་ལས། བར་སྐབས་སུ་མངོན་པར་སྦྱོར་བ་པོ་མེད་པའི་དབང་གིས་ རེ་ཞིག་མི་གསལ་བར་གྱུར་པ་དེ་ཉིད། སླར་ཡང་རབ་ཏུ་རྒྱས་པར་བྱ་བའི་ཆེད་དུ་ཆོས་མངོན་ པའི་མདོ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་རྣམས་ཀྱང་གསན་ནས་ཁོང་དུ་ཆུད་པར་མཛད་ དོ། །དེ་རྣམས་ཀྱི་དགོངས་པ་གསལ་བར་བྱེད་པ་སའི་དངོས་གཞི་དང་། རྣམ་པར་གཏན་ལ་ དབབ་པ་བསྡུ་བ་དང་། གཞི་བསྡུ་བ་དང་། རྣམ་གྲངས་བསྡུ་བ་དང་། རྣམ་པར་བཤད་པའི་ སྒོ་བསྡུ་བ་སྟེ་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་དང་། ཐེག་པ་ཆེན་པོའི་སྡོམ་ཐེག་པ་ཆེན་པོ་ བསྡུས་པ་དང་། ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་པ་སྟེ་བསྡུས་པའི་བསྟན་ བཅོས་སྡོམ་རྣམ་གཉིས་ལ་སོགས་པ་མཛད་དོ། །དེ་རྣམས་ཀྱི་ནང་ནས་འདིར་བཤད་པར་བྱ་ བའི་བསྟན་བཅོས་དངོས་ནི་ཤིན་ཏུ་གསལ་བའི་ཚིག་འབྲུ་བཟང་པོ་དང་ལྡན་པས་གཟུང་སླ་ ཞིང་། གསུང་རབ་མཐའ་ཡས་པའི་དགོངས་པའི་དོན་བཟང་པོ་སྟོན་པས་ཕན་ཡོན་ཆེན་པོ་ དང་ལྡན་པ། དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པ་ཡིན་ལ། དེ་ཉིད་རྒྱལ་བའི་སྲས་ལ་ སོགས་པ་དམ་པ་རྣམས་ཀྱི་དགོངས་པ་དང་མཐུན་པར་འཆད་པ་ལ་དོན་རྣམ་པ་བཞི་སྟེ། དོན་དང་མཐུན་པའི་མཚན་གྱི་དོན། དོན་ཆེན་སྒྲུབ་པ་སྤྱིའི་ཕྱག དོན་མཆོག་ལྡན་པའི་ བསྟན་བཅོས་དངོས། དོན་ལེགས་པར་བསྒྱུར་བའི་ཚུལ་ལོ། ། མཚན་དོན་ལ་ལྔ་ལས། དང་པོ་བསྒྱུར་བ་ནི། ལེགས་སྦྱར་བའི་སྐད་ཡིན་ཡང་འདྲ་བ་ ལས་བཏགས་ཏེ་གཞུང་འདིའི་མཚན་རྒྱ་གར་གྱི་སྐད་དུ་འོག་ནས་འབྱུང་བ་འདི་ཡིན་ནོ་ཞེས་ མཚམས་སྦྱར་ནས། དེའི་ཨ་བྷི་ནི་མངོན་དུ་བྱེད་པའི་དོན་ལ་འཇུག་པའི་ཉེར་བསྒྱུར་ཡིན་ པས་མངོན་པ་དང་། དྷརྨ་ནི་ཆོས་དང་། ས་མུ་ཙྩ་ཡ་ནི་ཀུན་ལས་བཏུས་པ་ཞེས་བྱ་བར་འགྱུར་ བས། བོད་ཀྱི་སྐད་དུ་གཞུང་འདིའི་མཚན་ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་བྱའོ་ཞེས་ 1-1-23 པའི་དོན་ཏོ། ། གཉིས་པ་བཤད་པ་ལ་ཆོས་མངོན་པ་མཚན་ཉིད་པ་ནི་ཟག་པ་མེད་པའི་ཤེས་རབ་རྗེས་ འབྲང་དང་བཅས་པ་ཕུང་པོ་ལྔའི་བདག་ཉིད་དེ། མཐོང་ལམ་ལ་སོགས་པས་བསྡུས་པའི་ཟག་ མེད་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཟང་ཟིང་མེད་པའི་ཚོར་བ་དང་། མཚན་མ་མེད་པའི་འདུ་ ཤེས་དང་། སེམས་པ་ལ་སོགས་པ་དང་། ཟག་པ་མེད་པའི་སྡོམ་པའི་གཟུགས་སོ། །དེ་ལྟར་ ཡང་མཛོད་ལས། ཆོས་མངོན་དྲི་མེད་ཤེས་རབ་རྗེས་འབྲང་བཅས། །ཞེས་སོ། ། བཏགས་པ་བ་ནི་ཚོགས་ལམ་དང་སྦྱོར་ལམ་གྱི་ཤེས་རབ་རྗེས་འབྲང་དང་བཅས་པ་ རྣམས་དེའི་རྒྱུ་ཡིན་པས། འབྲས་བུའི་མིང་གིས་བཏགས་ནས་ཆོས་མངོན་ཞེས་བྱ་ཞིང་། མདོ་ འབུམ་ལ་སོགས་པ་རྣམས་ཀྱང་དེའི་རྗོད་བྱེད་ཡིན་པས་བརྗོད་བྱའི་མིང་གིས་བཏགས་ནས་ ཆོས་མངོན་པ་ཞེས་བྱ་སྟེ། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །ཞེས་སོ། །འདིར་ ཡང་བརྗོད་བྱའི་མིང་གིས་རྗོད་བྱེད་ལ་བཏགས་པའོ། །ཀུན་ལས་བཏུས་པ་ནི་དོན་ལེགས་པ་ རྟོགས་ནས་མདོའི་སྙིང་པོ་བཏུས་ཏེ་ཡང་དག་པར་མཐོ་བའི་གནས་བྱེད་པའི་ཕྱིར་རོ། །ཞེས་ པ་སྟེ། རྒྱ་ཆེར་ནི་གཞུང་ཉིད་དུ་འཆད་པར་འགྱུར་རོ། ། (གསུམ་པ།)འདོགས་ཚུལ་ནི། དཔེ་དང་གཞུང་ཚད་དང་ཞུ་བ་པོ་དང་ཡུལ་དང་དུས་དང་ བརྗོད་བྱ་ལས་བཏགས་པ་ལ་སོགས་པ་དུ་མ་ཡོད་པ་ལས། འདིར་ཆོས་མངོན་པ་ནི་བརྗོད་བྱ་ ལས་བཏགས་པ་ཡིན་ལ། ཀུན་ལས་བཏུས་པ་ནི་གཞུང་གི་གནས་ལུགས་དང་བྱེད་ལས་ལ་ བཏགས་པའོ། ། (བཞི་པ།)དགོས་པ་ལ་སྤྱིར་མིང་བཏགས་པ་ཙམ་གྱི་དགོས་པ་ནི་མིང་དེ་ལས་དེའི་དོན་ བདེ་བླག་ཏུ་རྟོགས་པ་སྟེ། རྣམ་ངེས་ལས། བརྡ་སྦྱར་བ་ཡང་དོན་རྟོགས་པར་བྱ་བའི་ཕྱིར་ ཡིན་ན། ཞེས་པ་དང་། (ལང་ཀར་གཤེགས་པའི་)མདོ་ལས་ཀྱང་། མིང་དུ་གདགས་པ་མ་མཛད་ན། ། 1-1-24 འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་ པོས་མིང་དུ་གདགས་པ་མཛད། །ཅེས་པ་ལྟར་རོ། །བརྗོད་བྱ་དང་བྱེད་ལས་ལ་བཏགས་ པས་ནི་མཚན་ཐོས་པ་ལས་བསྟན་བཅོས་ཀྱི་སྤྱིའི་རྣམ་པ་གོ་བ་ཡིན་ལ། ཀླད་དུ་སྨོས་པ་དང་ རྒྱ་སྐད་བོད་སྐད་གཉིས་ཀས་སྨོས་པ་ནི་བདེ་བླག་ཏུ་རྟོགས་པ་དང་ལེགས་སྦྱར་སྐད་ལ་བག་ ཆགས་གཞག་པ་དང་སྒྱུར་བ་པོ་རྣམས་ཀྱི་བཀའ་དྲིན་དྲན་པ་དང་ཕལ་ཆེར་འབྱུང་ཁུངས་ བཟང་བར་ཤེས་པ་ལ་སོགས་པའི་ཆེད་དུའོ། ། (ལྔ་པ།)བམ་ཚད་དུ་བཅད་པ་ནི། གཞུང་གི་ཚད་རྟོགས་པའི་ཆེད་དུ་ཡིན་ལ། རེ་རེའི་ཚད་ ནི་ཤླཽ་ཀ་སྟོང་གི་སུམ་ཆའམ་སུམ་བརྒྱ་ལ་སོགས་པ་ཡིན་ཞིང་། འདིར་ནི་བམ་པོ་ལྔའི་དང་ པོའམ། འཕན་ཐང་དཀར་ཆག་ལྟར་ན་དྲུག་གི་དང་པོ་ནས་བརྩམས་ཏེ་འཆད་ཅེས་པའོ། ། (གཉིས་པ།)སྤྱིའི་ཕྱག་ནི། གང་ཟག་དམ་པ་རྣམས་བྱ་བ་དམ་པ་ལ་འཇུག་པའི་སྔོན་དུ་དེ་ མཐར་ཕྱིན་པར་བྱ་བའི་ཕྱིར་ཡུལ་དམ་པ་རྣམས་ལ་འདུད་པ་ཡིན་ལ། འདིར་ཡང་། བསྟན་ བཅོས་རྩོམ་པ་པོ་དང་སྒྱུར་བ་པོ་དང་ཡི་གེ་པ་དང་འཆད་ཉན་པ་ལ་སོགས་པ་གཞུང་ལུགས་ ལ་འཇུག་པ་རྣམས་ཀྱིས། དེ་དང་དེའི་སྔོན་དུ་དགོས་པ་ཁྱད་པར་ཅན་དེ་དག་འགྲུབ་པར་བྱ་ བའི་ཕྱིར། ཡུལ་བླ་ན་མེད་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། དེའང་གཟུང་འཛིན་གྱི་སྤྲོས་པ་ལ་སོགས་པའི་རྩུབ་པ་མེད་པས་འཇམ་ཞིང་། བསོད་ནམས་ དང་ཡེ་ཤེས་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་ལ། མི་གཡོ་བའི་ས་ཡར་ལྡན་དུ་མངའ་ བའམ། བྱིས་པའི་གཟུགས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ན་གཞོན་ནུས་གྱུར་པ་དེ་ལ་ ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་དུས་ཐམས་ཅད་ དུ་རྗེས་སུ་གཟུང་དུ་གསོལ་ཞེས་པའི་དོན་ཏོ། །འདི་ལ་ཁ་ཅིག་ཐམས་ཅད་མཁྱེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་རྣམས་ལ་ 1-1-25 ཕྱག་འཚལ་བས་རིམ་པ་ལྟར་འདུལ་བ་དང་མདོ་སྡེ་དང་མངོན་པའི་སྡེ་སྣོད་རྣམས་སུ་མཚོན་ ནོ་ཞེས་ཀྱང་གསུང་མོད། སྔོན་དེ་ལྟར་བཀས་བཅད་པ་སྲིད་ཀྱང་ད་ལྟ་དེའི་ངེས་པ་མེད་དེ། སྒྱུར་པ་པོ་རང་དད་པའི་ལྷ་དང་། རྒྱུད་དང་སྒྲུབ་ཐབས་ཕལ་ཆེ་བར་བརྗོད་བྱ་དང་མཐུན་པར་ ཕྱག་འཚལ་བའི་ཕྱིར་རོ། ། (གསུམ་པ།)བསྟན་བཅོས་དངོས་ནི། རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་རྣམས་ ཀྱིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་ བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ལྟར་འཆད་ཅིང་། དེའང་ གང་འཆད་པ་དེའི་དགོས་པའམ་ཕན་ཡོན་ནི་དང་པོར་སྟོན་པར་རིགས་ཏེ། མདོ་དོན་ཆེ་བ་ ཉིད་ཐོས་ནས། །ལེན་དང་འཛིན་པ་ལ་སོགས་ལ། །ཉན་པ་པོ་དེ་གུས་བྱེད་དང་། །ཐོག་མར་ དགོས་པ་བརྗོད་པར་བྱ། །ཞེས་པ་ལྟར་རོ། །དེའི་དགོས་པའི་དོན་ནི། བསྡུས་དོན་ལས། དེ་ འགྲུབ་དེ་ཡང་ཚིག་དོན་ལས། །གོ་རིམ་རིགས་པ་སྔ་ཕྱི་དག །མི་འགལ་བར་ནི་གཉིས་ལས་ སོ། །ཞེས་གསུངས་པས། དགོས་པ་ཇི་ལྟ་བུ་དང་ལྡན་པ་ནི་གཞུང་འདིས་དོན་འདི་ཙམ་ཞིག་ སྟོན་ཏོ་ཞེས་པའི་བསྡུས་དོན་ལས་འགྲུབ་ཅིང་། དེའང་རྣམ་གྲངས་དང་མཚན་ཉིད་དང་ངེས་ ཚིག་དང་རབ་ཏུ་དབྱེ་བ་དང་བརྡ་སྤྲོད་པའི་རིགས་པ་དང་དོན་གྱི་ཤུགས་ཀྱིས་བཤད་པ་ལ་ སོགས་པའི་ཚིག་དོན་ལས་འགྲུབ་ལ། གཞུང་སྔ་ཕྱིའི་འབྲེལ་དགོད་པ་བཤད་པ་ལ་འཇུག་ པ་དང་། བཤད་པ་ཡོངས་སུ་རྫོགས་པ་དང་། དྲི་བས་ལན་འདྲེན་པ་ལ་སོགས་པའི་མཚམས་ སྦྱོར་གྱིས་ནི་གོ་རིམ་མི་འགལ་བར་འགྲུབ་སྟེ། ལུང་དང་རིགས་པ་དང་རང་གི་ཚིག་གསུམ་གྱི་ སྒོ་ནས་འགལ་བ་དང་ཟློས་པ་དང་མ་འབྲེལ་བ་ལ་སོགས་པའི་རྒོལ་བ་བཀོད་དེ། དྲང་དོན་ ངེས་དོན་དང་། སྤྱིར་བཏང་དམིགས་བསལ་དང་། གནས་སྐབས་ཐ་དད་དང་། གྲུབ་མཐའ་ ཐ་དད་དང་། བདེན་གཉིས་རྣམ་གཞག་ལ་སོགས་པའི་ཚུལ་གྱིས་མི་འགལ་པ་དང་མི་ཟློས་ 1-1-26 པ་དང་འབྲེལ་ཚུལ་ལ་སོགས་པའི་ལན་གདབ་པ་ནི་རིགས་པ་སྔ་ཕྱི་མི་འགལ་བར་འགྲུབ་བོ། ། དེ་དག་གི་མཚམས་སྤྱོར་དང་བརྒལ་ལན་ནི་སྐབས་སུ་བབས་པ་ན་འཆད་པར་འགྱུར་བས། འདིར་ནི་སྤྱི་དོན་རྣམ་པ་བཞི་སྟེ། དགོས་དོན་འབྲེལ་བར་འབྱུང་བའི་དགོས་འབྲེལ། བསྡུས་དོན་ལུས་ཉིད་རྣམ་པར་གཞག་ པ། ཚིག་དོན་ཡན་ལག་རྒྱས་པར་བཤད་པ། མཚན་གྱིས་ངེས་པའི་ཚིག་ལ་དྲིས་ལན་ནོ། ། དང་པོ་ལ་བཞི་སྟེ། དགོས་འབྲེལ་བཀོད་པའི་དགོས་པ། དགོས་འབྲེལ་སོ་སོའི་ངོ་བོ། ཐ་ དད་གྲངས་ངེས་དཔྱད་པ། འགྲེལ་བའི་གཞུང་དོན་བསྟན་པའོ། ། (དང་པོ།)དགོས་པ་ལ། (མི་འཐད་པ་ནི་གཞོན་ནུ་མ་ལེན་ན་རེ།)ཁ་ཅིག་ངག་གིས་རང་གི་བརྗོད་ བྱའི་དོན་ལ་ཚད་མའི་ངེས་ཤེས་སྐྱེས་ནས་བསྟན་བཅོས་ལ་འཇུག་པ་སྟེ། བསྟན་བཅོས་དག་ ནི་ཐམས་ཅད་དམ། །ཡང་ན་ལས་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་བརྗོད་པར། །དེ་ སྲིད་དེ་ནི་སུ་ཡིས་ལེན། །ཞེས་གྲགས་པ་ལྟར་རོ། །ཞེས་སྨྲ་བ་ནི་མི་འཐད་དེ། ཚིག་ལས་ རང་གི་བརྗོད་བྱའི་དོན་ལ་ཚད་མའི་ངེས་པ་སྐྱེ་བ་མི་རིགས་པའི་ཕྱིར་རོ། །དེ་ཡང་། (འཇིག་ རྟེན་ལས་འདས་པར་བསྟོད་པ་ལས།)ཚིག་དོན་ཐ་དད་མ་ཡིན་ན། །(ཞེས་བརྗོད་པ་)མེ་ཡིས་ཁ་ནི་འཚིག་ པར་འགྱུར། །ཞེས་པ་ལྟར་(ཚིག་དོན་ལ་)བདག་གཅིག་པའི་འབྲེལ་བ་མེད་ཅིང་། བརྫུན་ཚིག་ མི་སྲིད་པར་ཐལ་བར་འགྱུར་བས། དེ་ལས་བྱུང་བའི་འབྲེལ་བ་ཡང་མེད་ལ། གཞན་ཡང་ སྐྱེས་བུ་ཙམ་གྱི་ཚིག་ལ་འཁྲུལ་པ་མཐོང་པ་དང་། སྐྱེས་བུ་ཁྱད་པར་ཅན་རྟོགས་པར་དཀའ་བ་ དང་། ཚིག་སྐྱེས་བུས་མ་བྱས་པ་མི་སྲིད་པས། ཚིག་གང་ལས་ཀྱང་ཚད་མའི་ངེས་པ་དངོས་སུ་ སྐྱེ་བ་མི་འཐད་པའི་ཕྱིར་རོ། །འདིར་(འཐད་པ)ནི། (རྣམ་འགྲེལ་ལས།)དེ་བཞིན་གཅིག་ཀྱང་དུ་མ་ བྱེད། །ཅེས་པ་ལྟར་གང་ཟག་དུ་མ་ལ་ལྟོས་ནས་དགོས་པ་དུ་མ་ཡོད་ཅིང་། གཙོ་ཆེར་(བདེན་ གཉིས་ཀྱི་འགྲེལ་པར།)བསྟན་བཅོས་འདི་ནི་བརྩམ་པའམ་འཇུག་པར་བྱ་བ་མ་ཡིན་ཏེ། དགོས་ 1-1-27 པ་ལ་སོགས་པ་བཞི་དང་མི་ལྡན་པའི་ཕྱིར་བྱ་རོག་སོ་རྟོག་གི་བསྟན་བཅོས་བཞིན་ཞེས་པའི་ ལོག་རྟོག་བཟློག་ནས། བསྟན་བཅོས་འདི་ནི་མཁས་པས་བརྩམ་པར་བྱ་བའམ་འཇུག་པར་ བྱ་བ་ཡིན་ཏེ། དགོས་པ་ལ་སོགས་པའི་ཆོས་བཞི་དང་མི་ལྡན་པའི་ཕྱིར་གསོ་བ་རིག་པའི་ བསྟན་བཅོས་བཞིན་ཞེས་བྱ་བར་རྟོགས་པའི་དོན་དང་། (སློབ་དཔོན་སེང་བཟང་དང་ཆོས་མཆོག)གང་ ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་པ་ལྟར་ངག་ལས་ དགོས་པ་ལ་སོགས་པ་བཞི་ལ་ཡོད་པ་ཤས་ཆེར་འཛིན་པའི་ཐེ་ཚོམ་སྐྱེས་ནས་བསྟན་བཅོས་ ལ་འཇུག་པའི་དོན་དང་། (བྲམ་ཟེ་དང་ལོ་ཙཱ་བ་ཆེན་པོ་)དགོས་འབྲེལ་གྱི་སྐབས་སྔོན་དུ། བྱས་ནས་ བསྟན་བཅོས་བརྩམས་པས་གཞུང་གི་བཀོད་པ་མཛེས་པར་འགྱུར་བའི་དོན་དང་། (སྡུད་འགྲེལ་ དུ།)མཁས་རྣམས་གཞུགས་པའི་ལམ་ནི་ཆེན་པོ་ཉིད་དུ་མི་འགྱུར་མིན། །ཞེས་པ་ལྟར་མཁས་ པ་སྔ་མ་རྣམས་ཀྱི་ཚུལ་རྗེས་སུ་བསྐྱང་བའི་དོན་དང་། (འཇམ་གསར་) དགོས་འབྲེལ་གྱི་ངག་ ལ་བརྟེན་ནས་བསྟན་བཅོས་ལ་དགོས་འབྲེལ་བཞི་ཡོད་པར་རྟོགས་ཤིང་། (འུ་ཡུག་པ་)དེའང་ དབང་པོ་བརྟུལ་པོས་ཡིད་ཆེས་པའི་ཚུལ་གྱིས་རྟོགས་ལ། རྣོན་པོས་དོན་འགྱུར་གྱི་ཐེ་ཚོམ་གྱི་ ཚུལ་གྱིས་རྟོགས་པ་ལ་སོགས་པའི་དོན་དུའོ། །(རྩོད་སྤང་ནི།)དེ་ལ་ཚིག་ཙམ་གྱི་ལོག་རྟོག་ཟློག་ པར་མི་རིགས་སོ་ཞེས་ཤེ་ན་སྐྱོན་མེད་དེ། འདི་ལས་ཚུལ་གསུམ་པའི་རིགས་པ་བརྒྱུད་ནས་ སྐྱེ་སྲིད་པའི་ཕྱིར་དང་། སྤྱིར་ཡང་དགོས་འབྲེལ་བཀོད་པ་ནི། དགོས་འབྲེལ་གྱི་ངག་བཀོད་ ཀྱང་མི་འཇུག་པ་དང་། མ་བཀོད་ཀྱང་འཇུག་པའི་དབང་དུ་བྱས་པ་མ་ཡིན་གྱི། བཀོད་ན་ འཇུག་ལ་མ་བཀོད་ན་མི་འཇུག་པའི་གང་ཟག་གི་དབང་དུ་བྱས་པ་ཡིན་པས། དེ་དག་གི་ ལོག་རྟོག་ནི་བརྗོད་བྱ་བདེན་ལྡན་དུ་སྟོན་པའི་ངག་གིས་ཀྱང་ཟློག་པར་ནུས་པའི་ཕྱིར་རོ། ། (གཉིས་པ།)སོ་སོའི་ངོ་བོ་ལ་གསུམ་སྟེ། བདེན་ཚིག་ཙམ་ལ་ཡོད་པའི་དགོས་འབྲེལ་བཞི། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་བཞི། བསྟན་བཅོས་ལུས་ལ་ཡོད་པའི་དགོས་ 1-1-28 འབྲེལ་བཞིའོ། ། དང་པོ་ནི། དོན་དང་མཐུན་པའི་ངག་གང་ཡིན་པ་དེས་བསྟན་པར་བྱ་བ་ནི་བརྗོད་བྱ་ དང་། དེ་ལས་དེའི་དོན་རྟོགས་པ་ནི་དགོས་པ་དང་། དེ་ལ་དགོས་པ་གཞན་ཡང་རིམ་གྱིས་ འགྲུབ་པ་ནི་ཉིང་དགོས་དང་། དེ་དགོས་པ་ལས་བྱུང་ཞིང་དགོས་པ་བདེན་ཚིག་ལས་བྱུང་བ་ ནི་འབྲེལ་བའོ། ། གཉིས་པ་ནི། དགོས་འབྲེལ་ངག་གིས་བསྟན་པར་བྱ་བ་བསྟན་བཅོས་ལ་ཡོད་པའི་ དགོས་པ་ལ་སོགས་པ་ཆོས་བཞི་ནི་བརྗོད་བྱ་དང་། ངག་འདི་ལ་བསྟན་བཅོས་ལ་ཆོས་བཞི་ པོ་ཡོད་པར་རྟོགས་པ་ནི་དགོས་པ་དང་། དེ་ལས་རྟོག་ལྡན་བསྟན་བཅོས་ལ་སྤྲོ་བས་འཇུག་ པ་ནི་ཉིང་དགོས་དང་། བསྟན་བཅོས་ལ་འཇུག་པ་དགོས་སོགས་ཡོད་པར་རྟོགས་པ་ལས་ བྱུང་ཞིང་དེའང་དགོས་འབྲེལ་གྱི་ངག་ལས་བྱུང་བ་ནི་འབྲེལ་བའོ། ། གསུམ་པ་ནི། ཀུན་ལས་བཏུས་པ་ལྔས་བསྟན་པར་བྱ་བ་ཕུང་པོ་ལ་སོགས་པ་ཤེས་བྱ་ ཇི་སྙེད་པ་དང་ཇི་ལྟ་བའི་དོན་ནི་བརྗོད་བྱ་དང་། འདི་ལས་དེ་རྣམས་ཀྱི་དོན་ཚུལ་བཞིན་དུ་ རྟོགས་ཤིང་མཁས་པ་ནི་དགོས་པ་དང་། རྟོགས་པ་ལྟར་བླང་དོར་ཉམས་སུ་བླངས་པས་ལུང་ དང་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་ཞིང་མཐར་ཐུག་གི་བྱང་ཆུབ་ཐོབ་པ་ནི་ ཉིང་དགོས་དང་། དེ་དག་ཀྱང་མཁས་པ་ལས་བྱུང་ཞིང་མཁས་པའང་བསྟན་བཅོས་ལས་བྱུང་ བ་ནི་འབྲེལ་བའོ། ། གསུམ་པ་ལ་ཐ་དད་བརྟག་པ་ནི། བརྗོད་བྱའི་ཁོངས་སུ་གཞན་གསུམ་ཡང་འདུ་བས་ ཐམས་ཅད་བརྗོད་བྱ་ཙམ་དུ་ནི་ངོ་བོ་གཅིག་ལ། སྔར་བསྟན་པ་ལྟར་གང་ལས་གང་བྱུང་བ་རྒྱུ་ འབྲས་ཀྱི་ཆ་གང་ཡིན་པ་དེ་དག་ནི་ཐ་དད་པ་ཉིད་དོ། །གྲངས་ལ་དཔྱད་པ་ནི། འགྲེལ་ཆེན་ མང་པོར། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་འབྲེལ་བ་དང་དགོས་དང་དགོས་པའི་ 1-1-29 ཡང་དགོས་པ་སྟེ་ལྔར་གསུངས་པས་དངོས་པོ་ལ་གྲུབ་པའི་གྲངས་དང་གོ་རིམ་ངེས་པ་ནི་མེད་ ཅིང་། འོན་ཀྱང་འགའ་ཞིག་གི་བློ་ཡུལ་དུ་བསྟན་བཅོས་ལ་འཇུག་པའི་གེགས་བརྗོད་བྱ་ལ་ སོགས་པ་བཞི་མེད་དོ་ཞེས་འཛིན་པའི་ལོག་རྟོག་བཞི་སྐྱེ་སྲིད་པས་དེ་དག་སེལ་བ་ལ་དགོས་ འབྲེལ་གྱི་ངག་བཞིར་ཡོད་པར་བསྟན་ཏོ། ། བཞི་པ་ལ་དྲི་བ་ནི། ཅིའི་ཕྱིར་བསྟན་བཅོས་ཀུན་ལས་བཏུས་པ་འདི་བརྩམས་ཤིང་ གཞུང་ཡི་གེར་བཀོད་ཅེ་ན། ལན་ལ་བརྗོད་བྱ་ནི། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ཕུང་ པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལས་བརྩམས་ཏེ། ཡོངས་སུ་ཤེས་པར་བྱེད་པའི་ དོན་དུ་དང་། ཅིའི་ཕྱིར་ཞེས་པ་ལ་སོགས་པས་དབྱེ་བ་དང་གྲངས་ངེས་ལ་སོགས་པ་བསམ་ པར་ནུས་ཤིང་། བསམས་པ་ལ་ཕན་ཡོན་ཡོད་པར་བསམ་པའི་གནས་རྣམས་སོ། །དགོས་ པ་ནི། དེ་རྣམས་ལ་ཤེས་རབ་ཕུལ་དུ་བྱུང་བ་དང་ལྡན་པས་མཁས་པའི་གོ་འཕང་འཐོབ་པར་ བྱ་བའི་ཕྱིར་བརྩམས་པའོ། །ཉིང་དགོས་ནི། འདི་ལྟར་མཁས་པ་འདིས་ནི་ཕན་ཡོན་རྣམ་པ་ གཉིས་འཐོབ་སྟེ། ཡིད་ལ་བྱེད་པ་རྟོགས་པའི་ཆོས་དང་འབྲེལ་བའི་ཕན་ཡོན་དང་། འབེལ་ བའི་གཏམ་གྱིས་གཏན་ལ་དབབ་པ་ལུང་གི་ཆོས་དང་འབྲེལ་བའི་ཕན་ཡོན་ནོ། །དེ་ལ་ཡིད་ ལ་བྱེད་པའི་ཕན་ཡོན་ནི། ཞི་གནས་ཐོབ་པའི་རྗེས་སུ་མཐུན་པ་དང་། ལྷག་མཐོང་འཕེལ་ བའི་རྗེས་སུ་མཐུན་པར་རིག་པར་བྱའོ། །ཞི་གནས་ཀྱི་རྗེས་སུ་མཐུན་པ་ནི། གནས་འདི་ རྣམས་ལ་མཁས་པར་བྱས་པས་ཐེ་ཚོམ་མེད་པ་ཉིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་རང་རང་ གི་དམིགས་པ་ལ་རྩེ་གཅིག་པའི་ཚུལ་གྱིས་བདེ་བར་སེམས་མཉམ་པར་འཇོག་ནུས་པའི་ཕྱིར་ ཞི་གནས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པའི་རྗེས་སུ་མཐུན་པ་ཡིན་ནོ། །ལྷག་མཐོང་ འཕེལ་བའི་རྗེས་སུ་མཐུན་པ་ནི། རྣམ་པ་མང་པོར་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་ལ་ ཚུལ་བཞིན་དུ་ཡོངས་སུ་བརྟགས་ཤིང་དཔྱད་པ་ལ་བརྟེན་ནས་ཤེས་རབ་ཁྱད་པར་ཅན་དུ་ 1-1-30 འགྲོ་བའི་ཕྱིར། བདེན་གཉིས་ཀྱི་གནས་ལུགས་རྣམ་པར་འབྱེད་པའི་ལྷག་མཐོང་གོང་ནས་ གོང་དུ་འཕེལ་བ་དང་རྗེས་སུ་མཐུན་པ་ཡིན་ཏེ། དེ་དག་ཀྱང་རྒྱན་ལས། ཡང་དག་གནས་པ་ ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། ། ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་པ་ལྟར་རོ། །འབེལ་བའི་གཏམ་གྱི་གཏན་ལ་ འབེབས་པའི་ཕན་ཡོན་ནི། གནས་འདི་རྣམས་ལ་མཁས་པར་གྱུར་པས། གཞན་གྱིས་དྲི་བ་ དྲིས་པ་ཐམས་ཅད་ལུང་སྟོན་པའི་མཐུ་དང་ལྡན་པ་ལས་མི་འཇིགས་པ་ཐོབ་པའི་ཕྱིར། སྐལ་ པ་དང་མཐུན་པར་ལེགས་བཤད་བསྟན་པས་གདུལ་བྱ་སྨིན་པར་བྱེད་པ་ལ་སོགས་པའི་ཕན་ ཡོན་ཕུན་སུམ་ཚོགས་པ་ཐོབ་པར་བལྟའོ། །འབྲེལ་པ་ནི། མཁས་པའི་དོན་དུ་བསྟན་བཅོས་ བརྩམ་ཞེས་པས་བསྟན་བཅོས་ལ་བརྟེན་ནས་མཁས་པའི་དགོས་པ་འབྱུང་ཞིང་། མཁས་པ་ འདིས་ཕན་ཡོན་གཉིས་འཐོབ་ཅེས་པ་ལུང་དང་རྟོགས་པའི་ཆོས་དང་འབྲེལ་པའི་ཉིང་དགོས་ ཕུན་སུམ་ཚོགས་པ་དེ་དག་མཁས་པའི་དགོས་པ་ལས་འབྱུང་བར་སྟོན་པའོ། །དེ་ལྟར་ན་ བརྗོད་བྱ་དང་དགོས་པ་དང་ཉིང་དགོས་གསུམ་སྒྲས་དངོས་སུ་ཟིན་པར་བསྟན་ཞིང་། འབྲེལ་ བ་ནི་དེ་དག་གི་ཤུགས་ལས་གསལ་བར་བསྟན་པ་ཡིན་ནོ། །རྩ་བར་ཡང་ལུས་རྣམ་གཞག་ གིས་བརྗོད་བྱ་ཐམས་ཅད་མདོར་བསྡུས་ནས་དངོས་སུ་བསྟན་པས། གཞན་གསུམ་ཤུགས་ ལ་བསྟན་པར་ཡང་རིག་པར་བྱའོ། ། ལུས་རྣམ་པར་གཞག་པ་ལ་ལྔ་སྟེ། སྡོམ་གྱི་དགོས་པ། སྡོམ་གྱི་ངེས་ཚིག ལུས་ཀྱི་ངོ་བོ། ལུས་ཀྱི་དབྱེ་བ། གྲངས་སོགས་དཔྱད་པའོ། ། (དང་པོ།)དགོས་པ་ནི། འཆད་པ་པོས་བསྟན་བཅོས་མ་འཛིངས་པར་བཤད་སླ་བ་དང་། ཉན་པ་པོས་ཀྱང་། རྗོད་བྱེད་ཉུང་ངུས་དོན་གྱི་སྤྱི་རྟོགས་པས་གཟུང་སླ་བ་དང་། ཡན་ལག་ རྒྱས་བཤད་ལ་སྒྲོ་འདོགས་དང་སྐུར་འདེབས་སྤོང་བ་དང་། མཁས་པ་སྔ་མའི་སྲོལ་བསྐྱང་ 1-1-31 ཞིང་གཞུང་གི་བཀོད་པ་མཛེས་པར་འགྱུར་བ་དང་། གཞུང་འདིར་དོན་གྱི་རྣམ་གྲངས་འདི་ ཙམ་ཞིག་འཆད་པར་འགྱུར་རོ་ཞེས་མདོར་བསྟན་པས། དེ་དག་དོན་གཉེར་གྱི་རྟོག་ལྡན་ བསྟན་བཅོས་ལ་སྤྲོ་བས་འཇུག་པ་ལ་སོགས་པའོ། ། (གཉིས་པ།)ངེས་ཚིག་ལ། སྡོམ་ནི་ཞེས་པ་ནི་ཨུད་དཱ་ན་མ་ཨུད་དྷྲི་ཏྱ་ཕྱུང་ནས། དཱ་ན་སྟེར་ བ་ཞེས་པར་ཡི་གེ་བསྣན་ཏེ་བཤད་ན། དོན་གྱི་ཕུང་པོ་རྒྱ་ཆེན་པོ་ལས་ཕྱུང་ནས་སློབ་མའི་བློ་ ཡུལ་དུ་སྟེར་བར་བྱེད་བས་ན་སྡོམ་ཞེས་བྱ་སྟེ། གཞུང་འདི་ཉིད་དོན་རྣམ་པ་གཉིས་དུ་ཞིག་ གིས་བསྡུས་པ་སྟོན་པའོ། ། (གསུམ་པ།)ངོ་བོ་ནི། དུ་ཞེས་དྲིས་པས་དེ་དང་འབྲེལ་བའི་ལན་དུ་ཤེས་བྱ་ཕུང་པོ་དང་ཁམས་ དང་སྐྱེ་མཆེད་རྣམས་ཀྱི་ཐུན་མོང་གི་རབ་ཏུ་དབྱེ་བ་དང་། ཅིའི་ཕྱིར་གྱི་ལན་དུ་ཡང་དབྱེ་བ་དེ་ རྣམས་སོ་སོར་གྲངས་ངེས་པའི་རྒྱུ་མཚན་དང་། ཉེར་ལེན་ནི་གྲངས་ངེས་པའི་ཆོས་གསུམ་གྱི་ ནང་ནས་ཁྱད་པར་ཟག་པ་དང་བཅས་པ་ངོས་འཛིན་པ་དང་། མཚན་ཉིད་ནི་ཆོས་གསུམ་པོ་དེ་ རྣམས་ཀྱི་སོ་སོའི་རང་བཞིན་ངེས་པར་བྱེད་པ་དང་། དེ་ཡི་རྣམ་གཞག་ནི་མཚན་ཉིད་བཀོད་ པའི་དངོས་པོ་དེ་རྣམས་འདི་ཙམ་དུ་ངེས་སོ་ཞེས་ནང་ཚན་གྱི་དབྱེ་བ་དང་ངོ་བོ་རྒྱས་པར་བཤད་ པས་གཏན་ལ་འབེབས་པ་དང་། གོ་རིམ་ནི་རྣམ་གཞག་བྱས་པའི་ཆོས་གསུམ་པོ་དེ་རྣམས་སྔ་ མའི་རྗེས་སུ་ཕྱི་མ་རིམ་པ་ཅན་དུ་སྟོན་པའི་རྒྱུ་མཚན་དང་། དོན་ནི་རིམ་པར་བསྟན་པའི་ཕུང་ པོ་ལ་སོགས་པ་དེ་དག་གི་སྒྲའི་དོན་ངེས་པའི་ཚིག་གིས་བཤད་པ་དང་། དཔེ་ནི་སྔར་བཤད་ པའི་དོན་དེ་དག་སྣང་ལ་རང་བཞིན་མེད་པར་མཚོན་པའི་ཚུལ་དང་། དབྱེ་བ་ནི་དཔེས་མཚོན་ ཏེ་མདོར་བསྟན་པ་དེ་དག ཆོས་ཅན་རྣམ་པའི་དབྱེ་བས་ཚད་མེད་པར་རབ་ཏུ་ཕྱེ་ནས། ཆོས་ ཉིད་བདག་མེད་པ་ལ་རིམ་གྱིས་འཇུག་པར་བྱེད་པའི་ཐབས་དང་། གཞན་ཡང་ཆོས་མངོན་པ་ ནི་ཤེས་བྱ་རྣམས་ཡང་དང་ཡང་དུ་གསལ་བར་འཆད་པས། ཆོས་གསུམ་པོ་དེ་དག་བསྡུས་པ་ 1-1-32 ལ་སོགས་པ་རྣམ་པ་བཞིས་ཀྱང་རིག་པར་བྱའོ་ཞེས་མདོར་བསྟན་ནས། དེའི་དང་པོ་བསྡུས་ པ་ནི། རྣམ་དབྱེ་རྒྱས་པར་བསྟན་པ་རྣམས་སྡུད་ཚུལ་སྣ་ཚོགས་པའི་སྒོ་ནས་ཇི་ལྟར་རིགས་ པར་ཕན་ཚུན་འདུ་བའི་ཚུལ་དང་། མཚུངས་ལྡན་ནི་བསྡུས་ནས་བསྟན་པའི་ཆོས་གསུམ་པོ་ དེ་རྣམས་གྲོགས་དང་གྲོགས་ཅན་དུ་འགྱུར་བའི་ཚུལ་དང་། ལྡན་པ་ནི་མཚུངས་པར་ལྡན་པའི་ ཆོས་དེ་དག་ས་བོན་དང་དབང་དང་མངོན་གྱུར་དུ་ལྡན་པའི་སྒོ་ནས་འཕེལ་འགྲིབ་ཀྱི་གནས་ སྐབས་གསལ་བར་སྟོན་པ་སྟེ། དེ་ལྟར་ཆོས་བཅུ་གཉིས་ནི་མཚན་ཉིད་ཀུན་ལས་བཏུས་པའི་ ལུས་རྣམ་པར་བཞག་པའོ། །ཡང་དེ་རྣམས་ཉིད་ཚུལ་གཞན་གྱིས་ཀྱང་གཏན་ལ་འབེབས་ པ་ནི། བཞི་པ་རྣམ་པར་ངེས་པ་ལའང་བཞིར་དབྱེ་བར་རིག་པར་བྱ་སྟེ། དེའང་བརྗོད་བྱ་ འཕགས་པའི་བདེན་པ་བཞི་ལས་བརྩམས་ཏེ་གཏན་ལ་ཕབ་པ་ལས་ངེས་པའི་བློ་སྐྱེ་བས་ན་ བདེན་པ་རྣམ་པར་ངེས་པ་དང་། དེ་བཞིན་དུ་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་སྡེ་ སྣོད་གསུམ་ལ་སོགས་པ་གཏན་ལ་འབེབས་པ་ཆོས་རྣམ་པར་ངེས་པ་དང་། ཐོབ་པ་པོའི་གང་ ཟག་དང་འཐོབ་བྱའི་མངོན་རྟོགས་དང་མངོན་རྟོགས་འདུས་པའི་ཡོན་ཏན་ཁྱད་པར་ཅན་ལ་ སོགས་པ་གཏན་ལ་འབེབས་པ་ཐོབ་པ་རྣམ་པར་ངེས་པ་དང་། དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ ཆོས་བསྟན་པ་རྣམས་རྟོགས་པ་ལས་ནི་ཕན་ཚུན་འབེལ་བའི་གཏམ་གྱིས་གཏན་ལ་འབེབས་ པ་འབྱུང་བས། དེའི་ཚུལ་གསལ་བར་སྟོན་པ་འབེལ་གཏམ་ནི་རྣམ་པར་ངེས་པའི་དབྱེ་བ་སྟེ། དེ་ལྟར་ན་དོན་རྣམ་པ་བཅུ་དྲུག་གིས་ཆོས་མངོན་པ་ཀུན་ལས་བཏུས་པའི་བརྗོད་བྱ་དང་རྗོད་ བྱེད་མཐའ་དག་བསྡུས་ནས་སྟོན་པས་སྤྱི་དང་ཁྱད་པར་གྱི་སྡོམ་གཉིས་ལས། འདིར་ནི་སྤྱིའི་ སྡོམ་(འོག་གི་སྡོམ་ཚན་རེ་རེའི་ཚིག་རྣམས་བསྡུས་པ་སྤྱི་སྡོམ་དང་། དོན་སྣ་རེ་རེའི་ཚིག་སྣ་བསྡུས་པ་སྡོམ་དང་། དེ་གཉིས་ཀྱི་ བར་སྐབས་ཀྱི་ཚིག་སྣ་བསྡུས་པ་བར་སྡོམ་)མམ་ལུས་རྣམ་པར་གཞག་པ་ཡིན་ནོ་ཞེས་པའོ། ། (བཞི་པ།)དབྱེ་བ་ནི། རིགས་ཐིགས་ཀྱི་འགྲེལ་པ་ལས། རབ་ཏུ་བྱེད་པའི་ལུས་ནི་གཉིས་ 1-1-33 ཏེ་སྒྲ་དང་དོན་ཏོ་ཞེས་པ་ལྟར་རྗོད་བྱེད་སྒྲའི་ལུས་དང་བརྗོད་བྱ་དོན་གྱི་ལུས་གཉིས་ཡིན་ལ། སྒྲའི་ལུས་ནི་དོན་རྣམ་པ་བཅུ་དྲུག་སྟོན་པའི་ཚིགས་སུ་བཅད་པ་དག་ཡིན་ཞིང་། དོན་གྱི་ལུས་ ནི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱི་བརྗོད་བྱ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དོན་གསལ་ བར་སྟོན་པ་སྟེ། དེའང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སམ། འཁོར་བ་དང་མྱ་ ངན་ལས་འདས་པ་གཉིས་སམ། གཞི་དང་ལམ་དང་འབྲས་བུ་གསུམ་གྱིས་བསྡུས་པའོ། ། ལྔ་པ་ནི། བརྗོད་འདོད་ངེས་པའི་རྒྱུ་ཡིན་ཞིང་། །ཞེས་པ་ལྟར་གྲངས་དང་གོ་རིམ་ངེས་པ་ ཕལ་ཆེར་བརྗོད་འདོད་ཙམ་གྱིས་གཞག་པ་སྟེ། དེས་ན་དེ་དག་གི་རྒྱུ་མཚན་མང་དུ་སྨྲ་བ་རྣམས་ ནི་དགོས་པ་ཆུང་བས་རེ་ཞིག་བཞག་ལ། འདིར་འཕགས་པ་ཉིད་ཀྱིས་གདུལ་བྱ་རྣམས་ལ་ ཤེས་རབ་བསྐྱེད་པར་བྱ་བའི་ཆེད་དུ་ཤེས་བྱའི་གནས་ཀྱི་གཙོ་བོ་བསྡུས་ནས་དོན་འདི་སྙེད་ཅིག་ གོ་རིམ་འདི་ལྟ་བུས་གསུང་བར་བཞེད་དེ་བསྟན་པའོ། །ཡན་ལག་རྒྱས་བཤད་ལ་གཉིས་ཏེ། མཚན་ཉིད་ཀུན་ལས་བཏུས་པ་དང་། རྣམ་པར་ངེས་པ་ཀུན་ལས་བཏུས་པའི་ཡན་ལག་རྒྱས་ པར་བཤད་པའོ། ། དང་པོ་ནི། བཅོས་ལྡན་འདས་ཀྱིས་ཕུང་པོ་ལ་མཁས་པར་བྱའོ། །ཁམས་དང་སྐྱེ་མཆེད་ ལ་མཁས་པར་བྱའོ། །ཞེས་གསུངས་པ་ལྟར། ཤེས་བྱ་ཕུང་པོ་ཁམས་སྐྱེ་མཆེད་ལས་བརྩམས་ ཏེ་དོན་བཅུ་གཉིས་ཀྱིས་འཆད་པ། ཤེས་བྱ་ཕུང་པོ་ཁམས་སྐྱེ་མཆེད་ལས་བརྩམས་ནས་དོན་ བཅུ་གཉིས་ཀྱིས་འཆད་པ་སྟེ། ངོ་བོའི་དབྱེ་བ། གྲངས་ངེས་བསྟན་པ། ཉེར་ལེན་ལྡན་ཚུལ། སོ་སོའི་མཚན་ཉིད། དེའི་ རྣམ་གཞག གོ་རིམ་ངེས་ཚུལ། སྒྲ་དོན་བསྟན་པ། དཔེ་དང་སྦྱར་བ། རྣམ་པའི་རབ་དབྱེ། བསྡུས་ཚུལ་བསྟན་པ། མཚུངས་པར་ལྡན་ཚུལ། ལྡན་པ་བཤད་པའོ། །དང་པོ་ལ་གཉིས་ལས། དྲི་བ་ནི། (མཛོད་ལས།)ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ 1-1-34 ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་ འདིར་འཁྱམས་ཏེ། །དེ་བས་དེ་རྒྱུར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་པ་ལྟར་འཁོར་ བའི་རྒྱུ་ཉོན་མོངས་པ་སྤངས་ནས་ཐར་པ་ཐོབ་པར་བྱེད་པ་ལ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་ པའི་ཤེས་རབ་དགོས་ལ། དེ་ཡང་། (མཛོད་འགྲེལ་ལས།)ཆོས་མངོན་པ་བསྟན་པ་མེད་པར་ནི་ སློབ་མས་ཆོས་རབ་ཏུ་དབྱེ་བར་མི་ནུས་ཞེས་པ་ལྟར་མངོན་པའི་སྡེ་སྣོད་ལ་རག་ལས་པས། དེའི་བརྗོད་བྱ་ཕུང་པོ་རྣམས་ནི་གྲངས་དུ་ཞིག་ཡོད། ཁམས་རྣམས་ནི་དུ་ཞིག སྐྱེ་མཆེད་ རྣམས་ནི་དུ་ཞིག་ཡོད་ཅེ་ན་ཞེས་པའོ། །ལན་ལ་དབྱེ་བ་དངོས་དང་། གཏན་ལ་དབབ་པའོ། ། དང་པོ་ལ་གསུམ་ལས། (དང་པོ་)ཕུང་པོའི་དབྱེ་བ་ལ་བཞི་སྟེ། དབྱེ་གཞི། དབྱེ་གྲངས། ངོ་ བོ། བརྗོད་ཚུལ་ལོ། ། (དང་པོ།)གཞི་ནི། ཟག་བཅས་ཟག་མེད་ལ་སོགས་པའི་ཁྱད་པར་མ་ཕྱེ་བར། དུ་མ་སྤུངས་ པའི་ཆ་ལ་ཕུང་པོ་རྣམས་ནི་ཞེས་བརྗོད་པའོ། ། (གཉིས་པ།)གྲངས་ནི། ལྔ་ཁོ་ན་སྟེ་ཞེས་མདོར་བསྟེན་ནས། (གསུམ་པ།)ངོ་བོ་ནི། གཞིག་ ཅིང་གཞོམ་དུ་རུང་བས་ན་གཟུགས་ཏེ་དེ་ཉིད་ཀྱི་ཁྱད་པར་ཐམས་ཅད་འདུས་པས་ན་ཕུང་པོ་ དང་། དེ་བཞིན་དུ་ཕུང་པོའི་བཤད་པ་ཀུན་ལ་སྦྱར་ཏེ། ཉམས་སུ་མྱོང་བར་བྱེད་པའི་བདག་ ཉིད་ཅན་ཚོར་བའི་ཕུང་པོ་དང་། འདུས་ཏེ་ཤེས་བར་བྱེད་པས་ན་འདུ་ཤེས་ཀྱི་ཕུང་པོ་དང་། སེམས་མངོན་པར་འདུ་བྱེད་པས་ན་འདུ་བྱེད་ཀྱི་ཕུང་པོ་དང་། ཡུལ་རྣམ་པར་ཤེས་པར་བྱེད་ པས་ན་རྣམ་པར་ཤེས་པའི་ཕུང་པོའོ། ། (བཞི་པ།)བརྗོད་ཚུལ་ནི། བརྡ་སྤྲོད་པའི་གཞུང་ལས། དོན་རྣམ་པར་འབྱེད་པའི་ཕྱིར་རྣམ་ དབྱེ་རྣམས་སོ་ཞེས་པས་སྒྲའི་རྣམ་དབྱེ་རྣམ་པ་བརྒྱད་གསུངས་ཏེ། དང་པོ་དོན་ཙམ་སྟོན་ པ(སངས་རྒྱས)། གཉིས་པ་ལས་སུ་བྱ་བ(སངས་རྒྱས་ལ་མཆོད)། གསུམ་པ་བྱེད་པ་པོ(སངས་རྒྱས་ཀྱིས་ 1-1-35 བདུད་བཏུལ)། བཞི་པ་དགོས་ཆེད(སངས་རྒྱས་ཐོབ་པའི་ཆེད་དུ་ལམ་བསྒོམ)། ལྔ་པ་འབྱུང་ཁུངས(སངས་རྒྱས་ ལས་ཆོས་འབྱུང་)། དྲུག་པ་འབྲེལ་བ(སངས་རྒྱས་ཀྱི་སྲས)། བདུན་པ་གནས་གཞི(མཉན་ཡོད་ན་སངས་རྒྱས་ བཞུགས)། བརྒྱད་པ་བོད་པའོ(ཀྱེ་སངས་རྒྱས་ཞེས་པ་ལྟ་བུ)། དེ་རྣམས་རེ་རེ་བཞིན་གཅིག་ཚིག(སངས་ རྒྱས)། དང་གཉིས་ཚིག་(སངས་རྒྱས་དག་)དང་མང་ཚིག་(སངས་རྒྱས་རྣམས་)གིས་དབྱེ་ན་ཉི་ཤུ་རྩ་ བཞིར་ཡང་འགྱུར་ལ། ཚིག་སྔ་ཕྱིའི་བར་ན་དེ་དག་ཡོད་པ་དང་། བསྡུས་ནས་མེད་ཀྱང་དོན་ གྱིས་གོ་བ་ལ་ནི་ཚིག་སྡུད་ཅེས་བྱ་ཞིང་། འདིར་ཡང་གཟུགས་ཀྱི་ཕུང་པོ་ཞེས་པ་ལ་སོགས་ པའི་སྐད་དོད་རཱུ་པ་སྐནྡྷ་ཞེས་པ་ལ་སོགས་པར་ཡོད་པ་རྣམས་གང་གི་བསྡུ་བ་ཡིན་སྙམ་ན། བྱེ་བཤད་དུ། འདི་ནི་དྲུག་པའི་ཚིག་སྡུད་དོ་ཞེས་བཤད་པས། ལྷས་བྱིན་དང་འབྲེལ་བའི་ཞང་ པོ་ལ་ལྷས་བྱིན་གྱི་ཞང་པོ་ཞེས་པ་ལྟར། གཟུགས་དང་འབྲེལ་བའི་ཕུང་པོ་ལ་གཟུགས་ཀྱི་ ཕུང་པོ་ཞེས་པ་ལ་སོགས་པར་བསྡུས་པ་སྟེ། དྲུག་པ་དེའི་སྐྱེས་བུའི་བསྡུ་བའོ། །ཡེ་ཤེས་བཤེས་གཉེན་གྱིས། གཞི་མཐུན་པའི་བསྡུ་ བའོ་ཞེས་གསུངས་པ་ལྟར་ན། ཨུཏྤལ་ཡིན་ལ་སྔོན་པོའང་ཡིན་པ་ལ་ཨུཏྤལ་སྔོན་པོ་ཞེས་ བརྗོད་པ་ལྟར། གཟུགས་ཀྱང་ཡིན་ལ་ཕུང་པོའང་ཡིན་པས་གཟུགས་ཀྱི་ཕུང་པོ་ཞེས་པ་ལ་ སོགས་པར་ཚིག་རྣམ་པར་སྦྱར་བ་སྟེ། ཁམས་དང་སྐྱེ་མཆེད་ལ་སོགས་པ་ལའང་དེ་བཞིན་དུ་ རིགས་པར་བྱའོ། ། (གཉིས་པ།)ཁམས་ཀྱི་དབྱེ་བ་ལ་གསུམ་ལས། (དང་པོ།)དབྱེ་གཞི་ནི། ཉེར་སྤྱོད་འཛིན་པའི་ ཆ་ནས་ཁམས་རྣམས་ནི་ཞེས་པ་ཡིན་ལ། (གཉིས་པ།)དབྱེ་གྲངས་ནི། བཅོ་བརྒྱད་ཁོ་ན་སྟེ་ཞེས་ ངེས་པ་བཟུང་ནས། (གསུམ་པ།)ངོ་བོ་ནི། མ་ཟད་ཀྱི་བར་དུ་གཟུགས་རྣམས་ལ་ལྟ་ཞིང་སྤྱོད་ པས་ན་མིག་སྟེ་བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པའམ། ཉེར་སྤྱོད་འཛིན་པའམ། ས་བོན་འཛིན་པས་ན་ཁམས་དང་། དེ་བཞིན་དུ་ཁམས་ཀྱི་བཤད་པ་ཀུན་ལ་སྦྱར་ཏེ། ཡུལ་ 1-1-36 དེ་དང་དེར་ཉེ་བར་བརྟག་ཏུ་རུང་བ་དང་། གནོད་པ་བྱར་རུང་བས་ན་གཟུགས་ཀྱི་ཁམས་ དང་། མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ཀྱི་ངོ་བོ་རྣམ་པར་རིག་པས་ན་མིག་གི་རྣམ་ པར་ཤེས་པའི་ཁམས་དང་། འདི་ལ་གྲགས་པ་རྣམས་དམིགས་པས་ན་རྣ་བའི་ཁམས་དང་། བརྗོད་བཞིན་དུ་འཇུག་པས་སམ། འདི་ལ་སྨྲ་བ་སྣ་ཚོགས་གནས་པས་ན་སྒྲའི་ཁམས་དང་། རྣ་བ་ལ་བརྟེན་ནས་སྒྲ་རིག་པས་ན་རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། དྲི་རྣམས་སྣོམ་ པས་ན་སྣའི་ཁམས་དང་། རྫི་ཕྱོགས་སུ་འགྲོ་ཞིང་རྒྱུག་པས་ན་དྲིའི་ཁམས་དང་། སྣ་ལ་བརྟེན་ ནས་དྲི་རིག་པས་ན་སྣའི་རྣམ་པར་ཤེས་པའི་ཁམས་དང་། བཀྲེས་པས་ཉམ་ཆུང་བ་སེལ་པ་ དང་བརྗོད་པ་སྣ་ཚོགས་འདྲིས་ཏེ་འབོད་པར་བྱེད་པས་ན་ལྕེའི་ཁམས་དང་། མྱང་བར་བྱ་ བའམ། ནད་རྣམས་བསྡུས་པས་ན་རོའི་ཁམས་དང་། ལྕེ་ལ་བརྟེན་ནས་རོ་རིག་པས་ན་ལྕེའི་ རྣམ་པར་ཤེས་པའི་ཁམས་དང་། དབང་པོ་མཐའ་དག་གི་རྗེས་སུ་སོང་བས་ན་ལུས་ཀྱི་ཁམས་ དང་། ལུས་ཀྱིས་རེག་པར་བྱ་བས་ན་རེག་བྱའི་ཁམས་དང་། ལུས་ལ་བརྟེན་ནས་རེག་བྱ་རིག་ པས་ན་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡུན་རིང་པོ་ནས་བྱིས་པ་རྣམས་ཀྱིས་བཅོས་ ཤིང་བསྲུངས་ལ་བདག་དང་བདག་གི་སོགས་གཟུང་བས་ན་ཡིད་ཀྱི་ཁམས་དང་། ཡིད་ཀྱི་ ཡུལ་འབའ་ཞིག་ཏུ་འཛིན་པས་ན་ཆོས་ཀྱི་ཁམས་དང་། ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་ ཀྱི་ངོ་བོ་རིག་པས་ན་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་སོ། །(ངེས་ཚིག་ནི། དེ་རྣམས་སའི་ དངོས་གཞིར་གསུངས་སོ། །) (གསུམ་པ།)སྐྱེ་མཆེད་ཀྱི་དབྱེ་བ་ལ་གསུམ་ལས། (དང་པོ།)དབྱེ་གཞི་ནི། ཉེར་སྤྱོད་རྣམ་ཤེས་ སྐྱེ་བའི་སྒོར་གྱུར་པའི་སྐྱེ་མཆེད་རྣམས་ནི། (གཉིས་པ།)གྲངས་ཀྱི་དབྱེ་བ་བཅུ་གཉིས་ཁོ་ན་སྟེ། (གསུམ་པ།)གསལ་བའི་ངོ་བོ་ནི། རྟེན་གྱི་ ཆ་ནས་མིག་ཤེས་སྐྱེ་བའི་སྒོ་བྱེད་པ་མིག་གི་སྐྱེ་མཆེད་དང་། དམིགས་པའི་ཆ་ནས་མིག་ཤེས་ 1-1-37 སྐྱེ་བའི་སྒོ་བྱེད་པ་གཟུགས་ཀྱི་སྐྱེ་མཆེད་དང་། དེ་བཞིན་དུ་རྟེན་དང་དམིགས་པའི་ཆ་ནས་ རང་རང་གི་རྣམ་ཤེས་སྐྱེ་བའི་སྒོ་བྱེད་པ་རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་ སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེད་མཆེད་དང་། ལུས་ཀྱི་ སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་རྣམས་དང་། མཚུངས་པ་དེ་མ་ཐག་རྐྱེན་གྱི་སྒོ་ནས་ཡིད་ ཤེས་སྐྱེ་བའི་སྒོ་འབྱེད་པ་ཡིད་ཀྱི་སྐྱེ་མཆེད་དང་། དམིགས་རྐྱེན་གྱི་ཆ་ནས་ཡིད་ཤེས་སྐྱེ་བའི་ སྒོ་འབྱེད་པ་ཆོས་ཀྱི་སྐྱེ་མཆེད་དོ། །དེ་རྣམས་ཀྱི་དང་པོ་བཅུ་ཆར་གཟུགས་ཡིན་ཡང་མིག་གི་ ཡུལ་ཁོ་ན་ལ་གཟུགས་ཞེས་པ་དང་། བཅུ་གཉིས་པོ་ཐམས་ཅད་ཆོས་ཡིན་ཡང་ཡིད་ཀྱི་ཡུལ་ ཁོ་ན་ལ་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ཇི་ལྟར་ཞེ་ན། གཞན་རྣམས་ལ་མིང་སོ་སོར་བཏགས་ པས་བྱེ་བྲག་གཅིག་ལ་གོ་བའི་དོན་དང་། བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པ་གཟུགས་ ཀྱི་གཙོ་བོ་ཡིན་པའི་ཕྱིར། མིག་གི་ཡུལ་ཁོ་ན་ལ་གཟུགས་ཞེས་བྱ་ཞིང་། སྔ་མ་ལྟར་བྱེ་བྲག་ གི་དོན་དང་། ཚོར་བ་ལ་སོགས་པ་ཆོས་མང་པོ་འདུས་པ་དང་། ཆོས་ཀྱི་མཆོག་མྱ་ངན་ལས་ འདས་པའང་བསྡུས་པའི་ཕྱིར། ཡིད་ཀྱི་ཡུལ་ཁོ་ན་ལ་ཆོས་ཞེས་བྱ་སྟེ། མཛོད་ལས། བྱེ་བྲག་ དོན་དང་གཙོ་བོའི་ཕྱིར། །ཆོས་མང་བ་དང་མཆོག་བསྡུས་ཕྱིར། །གཅིག་ནི་གཟུགས་ཀྱི་སྐྱེ་ མཆེད་དང་། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད། །ཅེས་པ་ལྟར་རོ། ། (གཉིས་པ།)གཏན་ལ་དབབ་པ་ནི། ཕྱེ་སྟེ་བསྟན་པའི་ཆོས་སུམ་ཅུ་རྩ་ལྔ་པོ་དེ་རྣམས་རྫས་ ཡོད་དང་། བཏགས་ཡོད་ཇི་ལྟ་བུ་ཡིན་ཞེ་ན། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་ སོགས་པའི་ལམ། །བཤད་པས་དེ་ཉིད་བསྒྲུབ་པའོ། །ཞེས་པ་ལྟར་གྲུབ་མཐའ་བཞིའི་རྗེས་ སུ་འབྲངས་ནས་རིག་པར་བྱ་ཞིང་། དེ་དག་ཤེས་བྱའི་གཞི་ལྔ་(སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། གནས་སྐབས་ལྡན་མིན་འདུ་བྱེད་ཀྱི་གཞི། ཆོས་ཉིད་འདུས་མ་བྱས་ཀྱི་གཞི་)དང་ 1-1-38 ཡང་སྦྱར་ནས་འཆད་པ་ལ། (དང་པོ།)བྱེ་བྲག་ཏུ་སྨྲ་བ(དང་མདོ་སྡེ་པ་དང་སེམས་ཙམ་པ)འི་ལུགས་ཀྱིས། གཟུགས་ཀྱིས་བསྡུས་ པ་རྣམས་ནི་འབྱུང་བ་དང་འབྱུང་གྱུར་རྡུལ་ཕྲན་དང་རགས་པ་ཡིན་ལ། རྡུལ་ཕྲན་ནི་(རགས་ པ་རྩོམ་པ་ན།)དབུས་རྡུལ་ལ་ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་ཡང་བར་དང་བཅས་པ་ཆ་ཤས་ མེད་པ་རྫས་སུ་གྲུབ་པར་འདོད་དེ། ཕྱི་རོལ་དོན་སྒྲུབ་ལས། ཐ་དད་ཕྱོགས་ནས་མང་པོ་དག ། འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་དེ་རྡུལ་དེ་ཡང་། །ཆ་ཤས་བཅས་པའི་ བདག་ཉིད་མིན། །ཞེས་པ་ལྟར་རོ། །རགས་པའང་རྡུལ་ཕྲན་དེ་རྣམས་འཛིན་པར་བྱེད་པའི་ རླུང་གིས་ཕྱོགས་གཅིག་ཏུ་བསྡུས་པ་གཡག་རྔ་དང་ནེའུ་གསེང་ལྟ་བུ་རིགས་མཐུན་ཞིང་བྱ་བ་ གཅིག་བྱེད་པ་རྫས་སུ་གྲུབ་པ་སྟེ། (ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སུ།)རྡུལ་ཕྲན་གང་(བཞི་)རྣམས་ ཕྲད་གྱུར་ཅིང་། །རིགས་མཐུན་བྱ་བ་གཅིག་བྱེད་པ། །དེ་རྣམས་འདུས་པ་ཞེས་བརྗོད་ན། །དེ་ རྣམས་རྫས་མེད་ག་ལ་ཞིག །ཅེས་སོ། །སེམས་ཀྱིས་བསྡུས་པ་ནི་རྣམ་པར་ཤེས་པ་ཚོགས་ དྲུག་པོ་དོན་གྱི་རྣམ་པར་མ་ཤར་ཡང་དོན་དང་ཕྲད་མ་ཐག་(གཅེར་ཕྲད་དུ)འཛིན་པར་འདོད་ དེ་འཕགས་པ་ལྷས། དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག ། ཅེས་གསུངས་པ་ལྟར་རོ། །རྣམ་པ་མ་ཤར་བར་དོན་རིག་ཀྱང་དབང་པོ་རྣམས་ཡུལ་སོ་སོའི་ ངེས་པ་ཆོས་ཉིད་ཡིན་པའི་ཕྱིར། མིག་ཤེས་ཀྱིས་སྒྲ་རིག་པར་ཐར་བ་ལ་སོགས་པའི་སྐྱོན་ ཡང་མེད་དེ། (ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སུ།)གཟུགས་སྒྲ་ལ་སོགས་དོན་རྣམས་ནི། །དབང་པོ་ཐ་ དད་སྤྱོད་ཡུལ་ལོ། །དེས་ན་དེ་དག་གཅིག་པུ་ཡི། །མྱོང་བར་འགྱུར་བ་མ་ཡིན་འདིར། །ཞེས་ སོ། །སེམས་བྱུང་གིས་བསྡུས་པ་རྣམས་ཀྱང་རྣམ་མེད་རྫས་གྲུབ་ཏུ་འདོད་ཅིང་། (སེམས་སེམས་ བྱུང་།)གཉི་ག་ལ་ཡང་། རང་རིག་མི་འདོད་དེ། (རིགས་ཐིགས་ཀྱི་འགྲེལ་པར།)བདག་ཉིད་ལ་བྱེད་པ་ འགལ་བའི་ཕྱིར་རོ། །ཞེས་ཟེར་རོ། །ལྡན་མིན་འདུ་བྱེད་ཀྱིས་བསྡུས་པ་རྣམས་ཀྱང་གཟུགས་ 1-1-39 དང་སེམས་དང་སེམས་ལས་བྱུང་བ་རྣམས་ལས་ཐ་དད་རྫས་སུ་གྲུབ་པར་འདོད་ཅིང་། འདུས་ མ་བྱས་ཀྱིས་བསྡུས་པ་ཡང་། རྒྱུ་རྐྱེན་གྱིས་མ་བསྐྱེད་པ་རྟག་པའི་རྫས་སུ་གྲུབ་པར་འདོད་དོ། ། དེ་ལ་གཟུགས་ལ་སོགས་པར་ལྔ་བོ་ཐམས་ཅད་སོ་སོར་རྫས་སུ་གྲུབ་པར་འདོད་ཅིང་། ཕུང་ པོའི་ཆ་ནི་འགའ་ཞིག་བཏགས་ཡོད་དུ་ཡང་འདོད་དོ། །ཁམས་བཅོ་བརྒྱད་ལ་རྣམ་ཤེས་དྲུག་ པ་རྣམས་ལས། གང་དང་གང་ཡིད་ཤེས་ཀྱི་སྔོན་དུ་འགགས་མ་ཐག་པ་དེ་ཉིད། ད་ལྟར་བའི་ ཡིད་ཤེས་ཀྱི་རྟེན་བྱེད་པའི་ཆ་ནས་ཡིད་ཀྱི་ཁམས་ཏེ། ལྟོས་ས་ལ་ལྟོས་ནས་འཇོག་པའོ། །དེས་ ན་རྣམ་ཤེས་ཁམས་དྲུག་གི་ནང་དུ་ཡིད་ཀྱི་ཁམས་འདུ་བའི་ཕྱིར། རྫས་སུ་ནི་བཅུ་བདུན་ ཡིན་ཡང་། དབང་ཤེས་ལ་རྟེན་དབང་པོ་ལྔ་ཡོད་ཅིང་། ཡིད་ཤེས་ལ་རྟེན་གཞན་མེད་པས་དེ་ བསྒྲུབ་པའི་ཕྱིར་ཡིད་ཀྱི་ཁམས་ལོགས་སུ་སྨོས་ཏེ། མཛོད་ལས། དྲུག་པོ་འགགས་མ་ཐག་པ་ ཡི། རྣམ་ཤེས་གང་ཡིན་དེ་ཡིད་དོ། །དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། ཁམས་ནི་བཅོ་བརྒྱད་ དག་ཏུ་འདོད། །ཅེས་པ་ལྟར་རོ། །སྐྱེ་མཆེད་བཅུ་གཉིས་ནི། སོ་སོར་རྫས་ཐ་དད་དུ་གྲུབ་པར་ འདོད་དོ། ། (གཉིས་པ།)མདོ་སྡེ་པའི་ལུགས་ཀྱིས། གཟུགས་ནི་སྔ་མ་ལྟར་རྩོམ་བྱེད་རྡུལ་ཕྲན་དང་། དེས་ བརྩམས་པའི་རགས་པ་གཉིས་ཡིན་ལ། རྡུལ་ཕྲན་རྣམས་ནི་མ་རེག་ཀྱང་བར་མེད་པས་རེག་ པར་འདུ་ཤེས་སོ། །ཞེས་པ་ལྟར་ཕན་ཚུན་མ་རེག་པའང་ཡིན་ལ་བར་མེད་པར་འདོད་དོ། ། སེམས་ནི་རྣམ་ཤེས་ཚོགས་དྲུག་ཡུལ་གྱི་རྣམ་པ་དང་བཅས་པ་ཡིན་ཞིང་། དེའང་། (ཡེ་ཤེས་སྙིང་ པོ་ཀུན་ལས་བཏུས་སུ།)ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ཞེས་ པ་ལྟར་ཤེས་པ་ལ་སྣང་བའི་ཡུལ་གྱི་རྣམ་པ་ནི་ཤེས་པ་ཉིད་ཡིན་གྱི། རང་བས་སྐད་ཅིག་གིས་ སྔ་བ་རྣམ་པ་གཏོད་བྱེད་གཟུང་དོན་ནི་མ་ཡིན་ལ། གཟུང་འཛིན་དུས་མི་མཉམ་ཡང་འདྲ་བ་ སྐྱེད་བྱེད་ཡུལ་དང་འདྲ་བར་སྐྱེས་པ་ཡུལ་ཅན་དུ་འཇོག་སྟེ། (རྣམ་འགྲེལ་ངེས་སུ།)དུས་ཐ་དད་པས་ 1-1-40 ཇི་ལྟར་གཟུང་། །ཞེ་ན་རིགས་པ་ཤེས་པ་ཡི། །ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ ལ་ནི་གཟུང་བར་ཤེས། །ཞེས་པ་ལྟར་རོ། །སེམས་བྱུང་ཡང་། རྣམ་པ་དང་བཅས་པ་རྫས་སུ་ གྲུབ་པར་འདོད་ཅིང་། གཉི་གའང་། ཤེལ་དག་པ་ལ་སྣང་བའི་ཚོན་གྱི་ཁ་དོག་ཤེལ་གྱི་ངོ་བོ་ ཡིན་པ་ལྟར། རང་དང་ངོ་བོ་གཅིག་པའི་དོན་གྱི་རྣམ་པ་རིག་པས་རང་རིག་མཚན་ཉིད་པ་དང་། དོན་རིག་བཏགས་པ་བ་སྟེ། (ཡང་དེ་ཉིད་ལས།)དོན་འཇོག་དེ་ཡི་བདག་ཉིད་ཕྱིར། །རང་རིག་ ཡིན་ཡང་དོན་རིག་ཉིད། །ཅེས་པ་ལྟར་རོ། །ལྡན་མིན་འདུ་བྱེད་ནི། སྔ་མ་གསུམ་གྱི་གནས་ སྐབས་ལ་བཏགས་པ་ཙམ་ཡིན་ཞིང་། འདུས་མ་བྱས་ཀྱང་རྫས་སུ་གྲུབ་པ་མེད་པར་འདོད་དོ། ། དེས་ན་གཟུགས་ཀྱི་ཕུང་པོའི་ནང་ནས་རིང་པོ་ལ་སོགས་པའི་དབྱིབས་ནི་རྫས་སུ་མི་འདོད་ ཅིང་། འདུ་བྱེད་ཕུང་པོའི་ཕྱོགས་གཅིག་ལྡན་མིན་འདུ་བྱེད་རྫས་སུ་མེད་ལ། གཞན་རྣམས་ རྫས་སུ་གྲུབ་པའོ། །ཁམས་བཅོ་བརྒྱད་ཀྱི་(ནང་ནས་)ཡིད་ཀྱི་ཁམས་ནི་སྔ་མ་ལྟར་རྣམ་ཤེས་ ཁམས་དྲུག་ཏུ་འདུ་ཞིང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལྡན་མིན་འདུ་བྱེད་དང་འདུས་ མ་བྱས་བཏགས་ཡོད་ཡིན་པས། ཁམས་ཕྱེད་དང་བཅུ་བདུན་རྫས་སུ་གྲུབ་པ་ཡིན་ལ། སྐྱེ་ མཆེད་ཀྱིའང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས། གཅིག་མ་གཏོགས་པ་ཕྱེད་དང་བཅུ་གཉིས་རྫས་ སུ་གྲུབ་བོ། ། (གསུམ་པ།)རྣམ་རིག་སེམས་ཙམ་དུ་སྨྲ་བ་ལ། རྣམ་བདེན་པ་དང་རྣམ་མེད་པ་གཉིས་ལས། དང་པོ་ལའང་། (དབུ་མ་རྒྱན་དུ།)གལ་ཏེ་སྣ་ཚོགས་དེ་གཅིག་ན། །ཞེས་པ་ལྟར་རྣམ་པ་སྣ་ཚོགས་ གཉིས་མེད་དུ་སྨྲ་བ་དང་། (ཡང་དེ་ཉིད་ལས།)ཅི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་ པ་ཁས་ལེན་ན། །ཞེས་པ་ལྟར་རྣམ་པ་དང་ཤེས་པ་གྲངས་མཉམ་དུ་སྨྲ་བའོ། །གཉིས་པ་ནི། འདི་མེད་བཞིན་དུ་སྣང་བ་ཤེས་པས་ཀུན་བརྟགས་པར་འདོད་པའོ། །དེ་དག་གི་ལུགས་ཀྱིས་ གཟུགས་ནི་བག་ཆགས་ཀྱི་སྟོབས་ཀྱིས་བེམས་དངོས་སུ་སྣང་བ་སྟེ། ཉི་ཤུ་བར། རིང་གི་ས་ 1-1-41 བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་ སུ་ཐུབ་པས་གསུངས། །ཞེས་པ་དང་། དམིགས་བརྟག་ཏུ། ནང་ལས་ཤེས་བྱའི་ངོ་བོ་ནི། །ཕྱི་ རོལ་ལྟར་སྣང་གང་ཡིན་དེ། །དོན་ཡིན། ཞེས་པ་ལྟར་རོ། །དེའང་རྣམ་བདེན་པས་ཤེས་པ་ཉིད་ དོན་དུ་སྣང་བར་འདོད་ཅིང་། རྣམ་མེད་པས་ཤེས་པ་ནི་ཤེལ་སྒོང་དག་པ་ལྟར་སྣང་བའི་དྲི་ མས་མ་གོས་པ་དང་། སྣང་བ་ནི་སྐྲ་ཤད་འཛག་པ་ལྟར་མེད་པ་སྣང་བར་འདོད་དེ། སེམས་ནི་ རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། སྔ་མ་ལྟར་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའོ། ། སེམས་བྱུང་ཡང་སེམས་ལས་རྫས་ཐ་དད་པའམ་གཅིག་པའང་རུང་། རྣམ་པས་སྟོང་པ་མི་ སྟོང་པ་སྟེ། གཉི་གའང་། (རྣམ་འགྲེལ་ངེས་སུ།)གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་ རང་ཉིད་གསལ། །ཞེས་པ་ལྟར་ཤེས་པ་རང་རིག་པ་ཉིད་དོ། །ལྡན་མིན་འདུ་བྱེད་ནི། སེམས་ དང་སེམས་བྱུང་གཉིས་ཀྱི་གནས་སྐབས་ལ་བཏགས་པ་ཙམ་དང་། འདུས་མ་བྱས་ཀྱང་མེད་ དགག་ཡིན་པས་རྫས་སུ་གྲུབ་པ་མེད་པར་འདོད་དོ། །དེས་ན་ཕུང་པོའི་ནང་ནས་གཟུགས་ རངས་པོ་དང་། འདུ་བྱེད་ཀྱི་ཕྱོགས་གཅིག་ལྡན་མིན་རྫས་སུ་མེད་པས་ཚོར་བ་འདུ་ཤེས་རྣམ་ ཤེས་ཀྱི་ཕུང་པོ་གསུམ་དང་། འདུ་བྱེད་སེམས་ལས་བྱུང་བ་སྟེ་ཕུང་པོ་ཕྱེད་དང་བཞི་རྫས་སུ་ གྲུབ་པར་འདོད་ཅིང་། ཁམས་བཅོ་བརྒྱད་ལས་གཟུགས་ཅན་གྱི་ཁམས་བཅུ་དང་ཆོས་ཀྱི་ ཁམས་ཀྱི་ཕྱོགས་གཅིག་རྫས་སུ་མེད་པས། རྣམ་ཤེས་ཁམས་བདུན་དང་། ཆོས་ཀྱི་ཕྱོགས་ གཅིག་སེམས་བྱུང་སྟེ་ཁམས་ཕྱེད་དང་བརྒྱད་རྫས་སུ་གྲུབ་ལ། སྐྱེ་མཆེད་ཀྱང་སྔ་མ་ལྟར་ཕྱེད་ དང་བཅུ་གཅིག་རྫས་སུ་མེད་པས། ཡིད་དང་ཆོས་ཀྱི་ཕྱོགས་གཅིག་སྟེ་ཕྱེད་དང་གཉིས་རྫས་ སུ་གྲུབ་པར་འདོད་དོ། །དེ་ལ་གཟུང་འཛིན་དོན་དམ་པར་གྲུབ་པ་མེད་ཀྱང་ཐ་སྙད་དུ་འཁྲུལ་ པ་ལ་ཇི་ལྟར་སྣང་བ་བཞིན་ཡུལ་དང་ཡུལ་ཅན་ལ་སོགས་པའི་རྣམ་གཞག་བྱེད་དེ། རྣམ་འགྲེལ་ ངེས་དག་ལས། གཟུང་བ་འཛིན་པ་རིག་པ་རྣམས། །ཡོད་པ་མིན་ཡང་གཞལ་བྱ་དང་། །འཇལ་ 1-1-42 བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་སྣང་བ་བཞིན་དུ་བྱས། །ཞེས་གསུངས་པ་ལྟར་རོ། ། (སེམས་ཙམ་པས་མིག་སོགས་སུ་སྤྲོས་པས་བསྒོས་པའི་ལས་ཀྱིས་འཕངས་པ་ཀུན་གཞི་འགྱུར་བའི་ཁྱད་པར་རྙེད་པ་ནང་གི་སྐྱེ་ མཆེད་དོ། །རྒྱུ་དེ་ལས་བྱུང་པའི་འཇུག་ཤེས་ལ་གཟུགས་སོགས་སུ་སྣང་བ་ཕྱིའི་སྐྱེ་མཆེད་དེ། ཀུན་གཞི་དོན་དང་སེམས་ཅན་དུ་ སྣང་བ་དེ་གཟུང་འཛིན་དུ་སྣང་བའི་འཇུག་ཤེས་སྐྱེ་བའི་བདག་རྐྱེན་ཡིན་པའི་ཕྱིར་ཕྱིའི་སྐྱེ་མཆེད་ཅེས་བྱའི་ཀུན་གཞི་རང་ཡུལ་དུ་ འགྱུར་བ་མིན་ནོ། །གཟུགས་སོགས་སྣང་བའི་རྣམ་ཤེས་ཀྱིས་འདྲ་བའི་རྣམ་ཤེས་སྐྱེད་ནུས་ཀྱི་བག་ཆགས་འཇོག་ཅིང་བག་ཆགས་ དེ་ཡོངས་སུ་གྱུར་པ་གཟུགས་སོགས་སུ་སྣང་བའི་ཤེས་པ་སྐྱེ་བས་ཏེ་སྣང་བའི་བག་ཆགས་བསྐྱེད་པ་རྣམ་ཤེས་སྐྱེད་རྐྱེན་ཡིན་པས་ གཉིས་ལ་བརྟེན་ནས་རྣམ་ཤེས་སྐྱེ་བ་དང་མི་འགལ། རང་སྣང་བའི་རྣམ་ཤེས་ཀྱི་རྐྱེན་ཡིན་པས་དམིགས་པར་འཐད་ཅེས་དབུས་ མཐའི་ཊཱི་ཀར་རོ། །འདིར་དོན་སྨྲ་བ་ན་མདོ་སྡེ་པ་དང་། རྣམ་རིག་ཏུ་སྨྲ་བ་ན་རྣམ་བདེན་གཟུང་ངོ་། །དབུ་མ་པ་ནི་ནོར་བུ་ཚོན་ གྱི་རྣམ་པ་བསྟེན་པ་བཞིན། རྣམ་ཤེས་ཀྱང་ཡུལ་ཉེ་བར་བྱུང་བས་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་པ་ནི། ཡུལ་གྱི་རྣམ་པ་ནི་རྣམ་ ཤེས་ཀྱང་མིན། རྣམ་ཤེས་ལས་གཞན་ཡང་མིན་པས་རྣམ་ཤེས་ལས་ཡོད་པའི་རྣམ་པས་ཕྱི་དོན་དུ་བཞག དོན་གྱིས་རྣམ་ཤེས་སུ་ བཞག་པས་ཕན་ཚུན་ལྟོས་ནས་རྣམ་ཤེས་དང་རྣམ་པར་ཤེས་བྱར་ཀུན་རྫོབ་ཏུ་འཇོག་པར་འདོད་དོ། །) (བཞི་པ།)དབུ་མ་བ་རྣམས་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན་རྫོབ་ཏུ་མ་བརྟགས་ ན་ཉམས་དགའ་བ་ཇི་ལྟར་སྣང་བ་བཞིན་དུ་བདེན་ཞིང་། དོན་དམ་པར་བརྟགས་ཤིང་དཔྱད་ ན་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་སྦྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བཞེད་དེ། ཞི་བ་འཚོས། མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་དང་། ། དོན་བྱེད་པ་དག་ནུས་རྣམས་ཀྱིས། །རང་བཞིན་ཀུན་རྫོབ་ཡིན་པར་རྟོགས། །ཞེས་པ་ དང་། དེ་ཕྱིར་ཡང་དག་ཉིད་དུ་ན། །དངོས་པོ་གང་ཡང་གྲུབ་པ་མེད། །ཡང་དག་ཏུ་ན་སྤྲོས་པ་ ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་གསུངས་པ་ལྟར་རོ། །གཞུང་འདིར་ཡང་། གནས་སྐབས་ཐ་སྙད་རྣམ་གཞག་ནི་དངོས་པོར་སྨྲ་བ་དག་དང་སྒོ་བསྟུན་ནས་འཆད་ཅིང་། མཐར་ཐུག་དོན་དམ་རྣམ་གཞག་ནི་དབུ་མ་དང་མཐུན་པར་སྟོན་ཏེ། བདེན་གཉིས་རྣམ་དབྱེ་ 1-1-43 ཤེས་པ་དག། ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ ཚོགས་ཕ་རོལ་འགྲོ་བར་འགྱུར། །ཞེས་པ་ལྟར་རོ། །དེ་ལྟར་ཤེས་བྱ་གཏན་ལ་འབེབས་པ་ ན་གྲུབ་མཐའ་བཞིའི་རྣམ་གཞག་ལ་མཁས་པར་བྱ་དགོས་ཏེ། བཅོས་ལྡན་འདས་ཀྱིས། (ཀྱེ་ རྡོ་རྗེར།)དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །རྣལ་འབྱོར་སྤྱོད་པ་དེ་ལས་ ཕྱིས། དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་གསུངས་པ་ལྟར་རོ། ། (གཉིས་པ།)གྲངས་ངེས་ལ་གསུམ་ལས། ཕུང་པོའི་གྲངས་ངེས་ཀྱི་དྲི་བ་ནི། ཟག་བཅས་ དང་ཟད་མེད་གཉིས་སུའང་འདུ་ཞིང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་བསྣན་ན་མང་ པོར་ཡང་འགྱུར་བཞིན་དུ། རྒྱུ་མཚན་ནམ་དགོས་པ་ཅིའི་ཕྱིར་ཕུང་པོ་རྣམས་ལྔ་ཁོ་ནར་གྲངས་ ངེས་པ་ཡིན་ཞེ་ན། ལན་ལ(གཉིས་ལས)། (དང་པོ།)མདོར་བསྟན་པ་ནི། (ཡེ་ཤེས་བཤེས་གཉེན་གྱིས་གདུལ་བྱ་རྣམས་མི་སྐྲག་པའི་ཆེད་དུ་འཇིག་རྟེན་ལ་ གྲགས་པའི་)བདག་དང་བདག་གི་བའི་གཞིའམ་དངོས་པོ་བསྟན་པའི་ཆེད་དུའོ། །ཞེས་པའམ། ཡང་ན་(བླ་མ་གོང་མ་རྣམས་)བདག་དང་བདག་གི་བར་འཛིན་པའི་འཁྲུལ་གཞི་རྣམ་པ་ལྔ་བརྗོད་ ཅིང་བསྟན་པས། དེ་དག་ཏུ་འཁྲུལ་བ་ལྡོག་ནས་བདག་མེད་ལ་རིམ་གྱིས་ཞུགས་པའི་ཕྱིར་ ཏེ། དཔེར་ན་ཐོ་ཡོར་ལྔ་ལ་མིར་འཁྲུལ་བ་ལ་ཐོ་ཡོར་གསལ་བར་བསྟན་པ་བཞིན་ནོ། །དེའང་ གཟུགས་སོགས་བཞི་ནི་བདག་གིར་འཛིན་པའི་གཞི་ཡིན་ཞིང་། རྣམ་ཤེས་ནི་བདག་ཏུ་འཛིན་ པའི་གཞི་ཡིན་ཏེ། བྱིས་པ་རྣམས་ཕལ་ཆེར་རྣམ་ཤེས་ལ་བདག་ཏུ་འཛིན་ཅིང་། གཞན་བཞི་ ལ་བདག་གི་བར་འཛིན་པའི་ཕྱིར་རོ། ། (གཉིས་པ།)རྒྱས་བཤད་ནི། བདག་དང་བདག་གི་བའི་འཁྲུལ་གཞིའམ་དངོས་པོ། ལུས་ དབང་པོ་གཟུགས་ལྔ་དང་། ཡོངས་སུ་གཟུང་བར་བྱ་བ་ཡུལ་གཟུགས་ཅན་ལྔ་དང་བཅས་ པ་ནི། བྱེད་པ་དང་ལས་སུ་བྱ་བར་བདག་དང་འབྲེལ་ཏོ་སྙམ་དུ་འཛིན་ན་མ་ཡིན་ཏེ། དེ་ 1-1-44 དག་ནི་གཟུགས་ཀྱི་ཕུང་པོའོ་ཞེས་བརྗོད་ཅིང་གསལ་བར་བྱེད་པ་དང་། དེ་བཞིན་དུ་བདག་ དང་བདག་གི་བའི་གཞི། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ལོངས་སྤྱོད་རྣམས་བདག་ གིས་མྱོང་བར་བྱེད་དོ་ཞེས་འཛིན་ན་མ་ཡིན་ཏེ། དེ་ནི་ཚོར་བའི་ཕུང་པོའོ་ཞེས་བརྗོད་པ་དང་། བདག་དང་བདག་གི་བའི་གཞི་ཆོས་དང་མཐོང་ཐོས་ལ་སོགས་པའི་དོན་རྣམས་ལ་བདག་ གིས་ཐ་སྙད་འདོགས་ཤིང་མཚན་མར་འཛིན་ཏོ་སྙམ་ན་མ་ཡིན་ཏེ། དེ་ནི་འདུ་ཤེས་ཀྱི་ཕུང་ པོའོ་ཞེས་བརྗོད་པ་དང་། བདག་དང་བདག་གི་བའི་གཞི་ཆོས་མ་ཡིན་པ་མངོན་པར་འདུ་བྱེད་ པས་བདག་དགེ་བ་དང་མི་དགེ་བ་ལ་འཇུག་པར་བྱེད་དོ་ཞེས་འཛིན་ན་མ་ཡིན་ཏེ། དེ་ནི་འདུ་ བྱེད་ཀྱི་ཕུང་པོའོ་ཞེས་བརྗོད་པ་དང་། བདག་གི་གཞིའམ་དངོས་པོ་ལུས་ཡོངས་སུ་གཟུང་བ་ དང་བཅས་པ་དེ་ལ་སོགས་པ་དེ་དག་གི་གནས་སམ་རྒྱུར་གྱུར་པའི་བདག་གཅིག་ཡོད་དམ་ སྙམ་དུ་འཛིན་ན་མ་ཡིན་ཏེ། དེ་ནི་ས་བོན་(གྱིས་བསྡུ་བས་)ཀུན་གཞི་རྣམ་ཤེས་དང་བཅས་པའི་ རྣམ་པར་ཤེས་པའི་ཕུང་པོའོ་ཞེས་བརྗོད་ཅིང་གསལ་བར་བསྟན་པས་བདག་དང་བདག་གིར་ འཛིན་པའི་འཁྲུལ་བ་དགག་པའི་ཕྱིར་རོ། །(རྣམ་འགྲེལ་ལས།) ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ ཡང་འཇིག་ཚོགས་ལྟ་བ་ཡིན། །ཞེས་པ་ལྟར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ བདག་འཛིན་སྤང་དགོས་ལ། དེ་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་རིགས་མ་ཡིན། ། ཞེས་པ་ལྟར་འཁྲུལ་གཞི་ངོས་མ་ཟིན་ན་འཁྲུལ་པ་སྤང་དཀའ་བས། (མཛོད་ལས།)བདག་མེད་ ཕུང་པོ་ཙམ་ཉིད་དོ། །ཞེས་པ་ལྟར་འཁྲུལ་གཞི་ཕུང་པོ་ལྔ་གསལ་བར་བསྟན་པས་འཁྲུལ་བ་ ཁེགས་ནས། ཆོས་ཐམས་ཅད་བདག་མེད་པའི་དོན་ལ་འཇུག་པའི་ཆེད་དུ་ལྔར་གྲངས་ངེས་ པ་ཡིན་ནོ་ཞེས་པའི་དོན་ཏོ། །ཁམས་ཀྱི་གྲངས་ངེས་ལ། དྲི་བ་ནི། གཟུགས་ཅན་དང་གཟུགས་ ཅན་མ་ཡིན་པ་གཉིས་སུའང་འདུ་ཞིང་། སའི་ཁམས་ལ་སོགས་པ་བསྣན་ན་མང་པོར་ཡང་ འགྱུར་མོད། རྒྱུ་མཚན་ནམ་དགོས་པ་ཅིའི་ཕྱིར་ཁམས་རྣམས་བཅོ་བརྒྱད་ཁོ་ནར་གྲངས་ 1-1-45 ངེས་པ་ཡིན་ཞེ་ན། ལན་ནི། བདག་མེད་ན་ཉེ་བར་སྤྱོད་པ་པོ་མེད་པས་ཉེར་སྤྱོད་འཛིན་པའི་ བདག་ཡོད་དམ་སྙམ་ན་མ་ཡིན་ཏེ། ཉེར་སྤྱོད་འཛིན་པ་ནི་ཁམས་བཅོ་བརྒྱད་དོ་ཞེས་སྟོན་པ་ ཡིན་ལ་དེའང་ལུས་དབང་པོ་དྲུག་གི་གནས་བྱས་པ་དང་། ཡོངས་སུ་གཟུང་བ་ཡུལ་དྲུག་གི་ དམིགས་པ་བྱས་ནས། ཉེར་སྤྱོད་རྣམ་ཤེས་དྲུག་འབྲས་བུ་འཛིན་པའི་ཕྱིར། དབང་པོ་དང་ ཡུལ་གཉིས་ཀྱིས་ཕྱེ་བའི་ཁམས་བཅུ་གཉིས་སུ་འགྱུར་ལ། འདས་པ་དང་ད་ལྟར་གྱི་རྣམ་ཤེས་ ཡུལ་ལ་ཉེ་བར་ལོངས་སྤྱོད་པ་རྣམ་པ་དྲུག་ནི་ཉེར་སྤྱོད་ཀྱི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ ཁམས་དྲུག་ཏུ་འགྱུར་རོ། །དེ་ལྟར་ན་དབང་པོའི་ཁམས་དྲུག་དང་། ཡུལ་གྱི་ཁམས་དྲུག་དང་ རྣམ་ཤེས་ཀྱི་ཁམས་དྲུག་སྟེ། བཅོ་བརྒྱད་དུ་ངེས་པ་ཡིན་ནོ། །འདས་པ་དང་ད་ལྟར་བ་སྨོས་ པ་ནི། ཉེར་སྤྱོད་གཟུང་འཛིན་དང་འཛིན་བཞིན་པ་ཁམས་སུ་བཞག་གི། མ་འོང་པའི་ཉེར་ སྤྱོད་མ་བྱུང་བས་འཛིན་པ་མི་འཐད་པའི་ཕྱིར་དང་། (མ་འོངས་པ་ན་)སྐྱེ་བའི་སྒོར་གྱུར་པ་ནི། སྐྱེ་ མཆེད་དུ་འཆད་པར་འགྱུར་བའི་ཕྱིར་ཁམས་སུ་མི་འཇོག་གོ། ཉེར་སྤྱོད་ཀྱི་དོན་ནི་(དབུས་མཐའ་ རྩ་འགྲེལ་དུ།)ཚོར་བ་ལའང་གསུངས་ཀྱང་། འདིར་ནི་ཚོར་བ་གསུམ་ཅི་རིགས་པ་དང་མཚུངས་ པར་ལྡན་པའི་རྣམ་ཤེས་ཏེ། (ཡེ་ཤེས་བཤེས་གཉེན་གྱིས།)ཡུལ་གྱི་རང་དང་སྤྱིའི་མཚན་ཉིད་རྟོགས་ པའི་བདག་ཉིད་ནི་ཉེར་སྤྱོད་ཀྱི་དོན་ཏོ་ཞེས་པ་ལྟར་རོ། །སྐྱེ་མཆེད་ཀྱི་གྲངས་ངེས་ལའང་། དྲི་ བ་ནི། དབང་པོ་དང་ཡུལ་གྱི་སྐྱེ་མཆེད་གཉིས་སུའང་འདུ་ཞིང་། ནམ་མཁའ་མཐའ་ཡས་ཀྱི་ སྐྱེ་མཆེད་ལ་སོགས་པ་བསྣན་ན་མང་པོར་འགྱུར་མོད། ཅིའི་ཕྱིར་སྐྱེ་མཆེད་རྣམས་བཅུ་གཉིས་ ཁོ་ནར་གྲངས་ངེས་པ་ཡིན་ཞེ་ན། ལན་ནི། བདག་མེད་ན་ཉེར་སྤྱོད་འདི་ཅི་ལས་སྐྱེའམ་སྙམ་ པའི་རྨོངས་པ་བསལ་བའི་ཆེད་དུ་ལུས་དབང་པོ་དྲུག་དང་། ཡོངས་སུ་གཟུང་བ་ཡུལ་དྲུག་སྟེ་ དྲུག་ཚན་གཉིས་པོ་ཉིད་ཀྱིས་གནས་དང་དམིགས་པ་བྱས་ནས། མ་འོངས་པའི་ཡུལ་ལ་ཉེ་ བར་ལོངས་སྤྱོད་པའི་རྣམ་ཤེས་རྣམ་པ་དྲུག་སྐྱེ་བའི་སྒོའམ་རྒྱུ་བྱེད་པའི་ཕྱིར་སྐྱེ་མཆེད་བཅུ་ 1-1-46 གཉིས་སུ་འགྱུར་རོ་ཞེས་པའོ། །(ཡེ་ཤེས་བཤེས་གཉེན་གྱིས།)ཉེར་སྤྱོད་ནི། སྐབས་འདིར་ཡོངས་སུ་ གཅོད་པའི་དོན་ཅན་ནོ་ཞེས་སོ། །མ་འོངས་པ་སྨོས་པ་ནི་འདས་པ་དང་ད་ལྟར་གྱི་ཉེར་སྤྱོད་ སྐྱེས་ཟིན་པ་རྣམས་སྐྱེ་བའི་སྒོར་མི་འཐད་པའི་ཕྱིར་རོ། །རྣམ་ཤེས་དྲུག་མི་འཆད་པ་ནི་ཉེར་ སྤྱོད་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་། རྒྱུའི་ཆ་ནི་ཡིད་ཀྱི་སྐྱེ་མཆེད་དུ་འདུས་པའི་ཕྱིར་རོ། །རྐྱེན་ བཞི་ལས་བདག་རྐྱེན་དང་དམིགས་རྐྱེན་སྨོས་ནས། རྒྱུ་དང་དེ་མ་ཐག་རྐྱེན་མ་བཤད་པ་དང་། མཚུངས་ལྡན་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རེག་པ་དྲུག་ལ་སོགས་པའི་སྐྱེ་མཆེད་ མི་འཆད་པའང་ཐ་མ་གཉིས་སུ་འདུ་བའི་ཕྱིར་རོ། །དེ་ལྟར་ཆོས་སུམ་ཅུ་རྩ་ལྔར་གྲངས་ངེས་ པའི་རྒྱུ་མཚན་གཙོ་ཆེ་བ་ནི་བཅོམ་ལྡན་འདས་ཀྱིས། (བརྟག་གཉིས་སུ།)ཕུང་པོ་ལྔ་ནི་གཟུགས་ ལ་སོགས། །རྣམ་ཤེས་མཐར་ཐུག་སྙིང་རྗེ་ཆེ། །དབང་པོ་དང་ནི་ཡུལ་ཉིད་དང་། །དབང་པོའི་ རྣམ་པར་ཤེས་པ་ཉིད། །ཁམས་ནི་བཅོ་བརྒྱད་རྣམས་སུ་བསྟན། །ཡུལ་དང་ཡུལ་ཅན་དག་ གིས་ནི། །སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་ལུང་ རྣམ་དག་ལ་བརྟེན་ནས་བཞག་ཅིང་། དེ་རྣམས་ཀྱི་དོན་གཏན་ལ་དབབ་པའི་ཆེད་དུ་ཡིན་ནོ། ། (གསུམ་པ།)ཉེར་ལེན་ལྡན་ཚུལ་ལ་གཉིས་ལས། (དང་པོ།)ཕུང་པོ་ཉེར་ལེན་ཅན་དུ་བསྟན་པ་ ལ། དྲི་བ་ནི། བཅོས་ལྡན་འདས་ཀྱིས་དགེ་སློང་དག་ཁྱེད་ལ་ཕུང་པོ་རྣམས་དང་ཉེར་བར་ལེན་ པའི་ཕུང་པོ་རྣམས་ཀྱང་བསྟན་པར་བྱའོ་ཞེས་གསུངས་པ་ལ། ཅིའི་ཕྱིར་ཕུང་པོའི་ཁྱད་པར་ འགའ་ཞིག་ཁོ་ན་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱ་ཞེ་ན། ལན་ལ་གསུམ་ལས། (དང་ པོ།)ཉེར་ལེན་ཅན་དུ་འཇོག་ཚུལ་ནི། ཉེ་བར་ལེན་པ་རྣམས་དམིགས་བྱེད་དང་མཚུངས་ལྡན་ དུ་ལྡན་པའི་ཕུང་པོ་ཡིན་པས། དེའི་ཕྱིར་བར་གྱི་ཚིག་མི་མངོན་པར་བྱས་ནས་ཉེ་བར་ལེན་ པའི་ཕུང་པོ་རྣམས་ཞེས་བྱ་སྟེ། འདོད་པ་ལྡན་པའི་ཁམས་ལ་འདོད་པའི་ཁམས་ཞེས་བརྗོད་ 1-1-47 པ་ལྟ་བུའོ། །དེའང་གཟུགས་ལ་དམིགས་བྱེད་དུ་ལྡན་ཞིང་ལྷག་མ་ལ་གཉི་ག་ལྟར་ལྡན་པས་ སོ་ཞེས་གསུངས་ཤིང་། མཛོད་འགྲེལ་དུ། རྩྭ་དང་སོག་མའི་མེ་ཞེས་པ་ལྟར་ཉེར་ལེན་ལ་བྱུང་ བས་སམ། རྒྱལ་པོའི་མི་ཞེས་པ་ལྟར་ཉེར་ལེན་ལ་རག་ལས་པས་སམ། མེ་ཏོག་དང་འབྲས་ བུའི་ཤིང་ཞེས་པ་ལྟར་ཕུང་པོ་ལས་ཉེར་ལེན་འབྱུང་བས་ན་ཉེ་བར་ལེན་པའི་ཕུང་པོ་ཞེས་སོ། ། ཕུང་པོ་ལ་ཟག་མེད་ཀྱང་ཡོད་པས་ཟག་བཅས་དམིགས་ཀྱིས་བཀར་ནས་བསྟན་པ་སྟེ། གང་ ཡང་ཟག་བཅས་དེ་རྣམས་ནི། །ཉེར་ལེན་ཕུང་པོ་(སེར་ལྷག་)ཞེས་པ་ལྟར་རོ། ། (གཉིས་པ།)སྐབས་ཀྱི་ཉེར་ལེན་ངོས་གཟུང་བ་ལ་དྲི་བ་ནི། ཉེ་བར་ལེན་པའི་རང་གི་ངོ་བོ་ གང་ཞེ་ན། ལན་ལ་ནི། བྱེ་བྲག་ཏུ་སྨྲ་བས་ཉོན་མོངས་པ་ཐམས་ཅད་ཉེར་ལེན་དུ་འཆད་ཀྱང་། སྐབས་འདིར་ནི་འདོད་ཅིང་དོན་དུ་གཉེར་བའི་འདུན་པ་དང་། ལྷག་པར་ཆགས་པའི་(འདུན་ པ་ཆོས་ཅན། ཉེར་ལེན་ཡིན་ཏེ། ཟག་བཅས་ཀྱི་ཕུང་པོ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར། མ་གྲུབ་པོ་ཞེ་ན། འདུན་པ་ཆོས་ ཅན། མ་འོངས་པའི་ཟག་བཅས་ཀྱི་ཕུང་པོ་མངོན་པར་འགྲུབ་པར་བྱེད་པར་ཐལ། མ་འོངས་པའི་ཟག་བཅས་ཀྱི་ཕུང་པོ་ཐོབ་པར་ འདོད་པའི་ཕྱིར།)འདོད་ཆགས་གང་ཡིན་པའོ། ། (གསུམ་པ།)དེ་དག་ཉེར་ལེན་ཡིན་ཚུལ་ལ་དྲི་བ་ནི། རྣམ་གྲངས་སུ་འཆད་པར་འགྱུར་བ་ ལྟར། ཉོན་མོངས་པ་ཐམས་ཅད་ཀྱང་ཉེ་བར་ལེན་པ་མ་ཡིན་ནམ། ཅིའི་ཕྱིར་འདུན་པ་དང་ (འདོད་ཆགས་ཆོས་ཅན། ཉེར་ལེན་ཡིན་ཏེ། ད་ལྟར་གྱི་ཟག་བཅས་ཀྱི་ཕུང་པོ་ཡོངས་སུ་མི་གཏོང་བར་འཛིན་པའི་ཕྱིར། གྲུབ་ ཅེ་ན། འདོ་ཆགས་ཆོས་ཅན། ད་ལྟར་གྱི་ཟག་བཅས་ཀྱི་ཕུང་པོ་མི་གཏོང་བར་འཛིན་པར་ཐལ། ད་ལྟར་གྱི་ཟག་བཅས་ཀྱི་ཕུང་ པོ་ལ་ལྷག་པར་ཆགས་པའི་སྲེད་པ་ཡིན་པའི་ཕྱིར།) འདོད་ཆགས་ཉིད་ཉེ་བར་ལེན་པ་ཞེས་བྱ་ཞེ་ན། ལན་ ནི། མ་འོངས་པ་དང་ད་ལྟར་གྱི་ཕུང་པོ་ཟག་པ་དང་བཅས་པ་དག སྲིད་པ་དང་མཚུངས་ལྡན་ གྱི་འདུན་པས་མངོན་པར་འགྲུབ་པར་བྱེད་པ་དང་། དགའ་བའི་རྣམ་པ་ཅན་གྱི་འདོད་ཆགས་ ཀྱིས་ཡོངས་སུ་མི་གཏོང་བར་བྱེད་པའི་ཕྱིར་ཏེ། དེའང་མ་འོངས་པའི་ཕུང་པོ་ལ་འདོད་ཅིང་ 1-1-48 འདུན་པས་དོན་དུ་གཉེར་བ་དང་། ད་ལྟར་བའི་ཕུང་པོ་ལ་མཆོག་ཏུ་འཛིན་ཞིང་ལྷག་པར་ ཆགས་པའི་ཕྱིར་རོ། །ཉེར་ལེན་གྱི་དོན་ནི་རང་གིར་བྱེད་པ་ཡིན་ལ། (ཡེ་ཤེས་བཤེས་གཉེན་གྱིས།) དེ་ཡང་དེ་གཉིས་ལ་ཡོད་ཀྱི་ཉོན་མོངས་པ་ཅན་གཞན་ལ་མེད་པས་དེ་དག་ཁོ་ན་ཉེར་ལེན་ནོ་ (སེར་ལྷག་)ཞེས་པ་ལྟར་རོ། ། (གཉིས་པ།)ཁམས་དང་སྐྱེ་མཆེད་འདྲ་བར་བཤད་པ་ནི། དེ་དག་ལའང་ཟག་བཅས་དང་ ཟག་མེད་གཉིས་ཡོད་པས། ཅིའི་ཕྱིར་ཟག་བཅས་ཀྱི་ཁམས་རྣམས་དང་སྐྱེ་མཆེད་རྣམས་ ཉེ་བར་ལེན་པ་དང་བཅས་པའི་ཆོས་རྣམས་ཞེས་བྱ་ཞེ་ན། ཞེས་དྲིས་ནས། ལན་ནི། དེ་ལ་ ཕུང་པོའི་སྐབས་སུ་བསྟན་པ་བཞིན་དུ་འདུན་པ་དང་འདོད་ཆགས་གཉིས་(ཁམས་དང་སྐྱེ་མཆེད་) གཟུགས་ཅན་རྣམས་ལ་དམིགས་བྱེད་དུ་ལྡན་ཞིང་ལྷག་མ་རྣམས་ལ་གཉི་གར་ཡང་ལྡན་པས་ ཉེར་ལེན་དང་བཅས་པའོ། །ཞེས་མཚུངས་པར་བཤད་དོ། །དེ་ལྟར་ཟག་བཅས་དངོས་སུ་ བསྟན་པའི་ཤུགས་ལ། (ཡེ་ཤེས་བཤེས་གཉེན་གྱིས།)ཉེར་ལེན་ཅན་ལས་ལྡོག་པ་ནི། ཉེར་ལེན་མེད་ པའི་ཆོས་གསུམ་རྣམས་སོ་ཞེས་ཀྱང་རིག་པར་བྱའོ། ། (བཞི་པ།)མཚན་ཉིད་ཀྱི་སྤྱི་དོན་ལ་གསུམ་སྟེ། མཚན་ཉིད་སྤྱིའི་རྣམ་དབྱེ། དེ་ལ་འཁྲུལ་བ་ སྤོང་བ། སྐབས་ཀྱི་མཚན་ཉིད་ངོས་གཟུང་ངོ་། ། དང་པོ་ནི། མཚན་ཉིད་ཅེས་བྱ་བ་རང་རང་གི་མཚོན་བྱ་དེ་ཇི་ལྟར་རིགས་པར་ཐུན་མོང་ དང་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པ་ཡིན་ལ། (ཚིག་གསལ་ལས།)དེ་ཡང་ཆོས་རྣམས་ཀྱི་ རང་གི་ངོ་བོ་གཞན་དང་ཐུན་མོང་མ་ཡིན་པ་མེའི་ཚ་བ་ལ་སོགས་པ་ལྟ་བུ་རང་གི་མཚན་ཉིད་ དང་། ཆོས་གཞན་ལའང་ཡོད་པའི་ངོ་བོ་མི་རྟག་པ་དང་བདག་མེད་པ་ལ་སོགས་པ་ལྟ་བུ་སྤྱིའི་ མཚན་ཉིད་དེ་གཉིས་དང་། (ཆོས་ཀྱི་བཤེས་གཉེན་གྱིས།)ཡང་སྔ་མ་ལྟ་བུ་རང་གི་མཚན་ཉིད་དང་། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་ 1-1-49 གྱི་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་པ་ལྟར་ཆོས་རྣམས་ཀྱི་རྟག་པ་དང་ མ་བྱས་པ་ལ་སོགས་པ། ལོག་པ་དུ་མ་ལས་ལོག་པའི་ལྡོག་པ་དུ་མར་དབྱེ་བ་ལྟ་བུ་རྣམ་པར་ དབྱེ་བའི་མཚན་ཉིད་དེ་གཉིས་དང་། ཡང་ཆོས་རྣམས་ཀྱི་ངོ་བོ་ངོས་འཛིན་པ་ཚོར་བའི་མཚན་ ཉིད་ནི་མྱོང་བ་ལ་སོགས་པ་ལྟ་བུ་རང་བཞིན་དུ་གནས་པའི་མཚན་ཉིད་དང་། ཆོས་དེ་གཞན་ དང་ཐུན་མོང་མ་ཡིན་པར་མཚོན་པ་རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་དུ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་བཀོད་པ་ལྟ་བུ་དེ་མིན་ལས་འབྱེད་པའི་མཚན་ཉིད་དེ་གཉིས་ལ་སོགས་ པའོ། ། གཉིས་པ་ལ། འགའ་ཞིག་མཚན་ཉིད་ཅེས་བྱ་བ་དེ་མིན་ལས་འབྱེད་པ་ཁོ་ནའོ་ཞེས་ འདོད་པ་ནི་མི་འཐད་དེ། མདོ་ལས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་ངེས་པར་འབྱུང་ བར་བྱེད་པའི་མཚན་ཉིད་ཅན་ནོ་ཞེས་པ་དང་། རྣམ་འགྲེལ་ལས། དེ་ཕྱིར་མཚུངས་ཉིད་སྤྱི་ འདི་ལ། །དངོས་པོ་མེད་པའི་མཚན་ཉིད་ཅན། །ཞེས་པ་ལ་སོགས་པ་གསུང་རབ་དང་དགོངས་ འགྲེལ་རྣམས་སུ་མཚན་ཉིད་(ལཀྵཎ་)ཀྱི་རྣམ་གྲངས་སྣ་ཚོགས་པ་གསུངས་པའི་ཕྱིར་རོ། །དེ་ བཞིན་དུ་མཚོན་བྱ་དང་མཚན་གཞི་ཐ་དད་དུ་བསམས་ནས་མཚན་མཚོན་གཞི་གསུམ་དུ་ བཏགས་པའི་སྦྱོར་བ་ལ་སོགས་པར་འདོད་པའང་མི་འཐད་དེ། མཚོན་བྱ་དང་མཚན་གཞི་ནི་ རྒྱ་སྐད་(ལཀྵཱ་ཞེས་པ་)གཅིག་ལ་བོད་དུ་འགྱུར་ཐ་དད་པ་ཙམ་ཡིན་གྱི། དོན་ལ་ཐ་དད་མེད་པའི་ ཕྱིར་རོ། །ཅི་སྟེ་དེ་དག་སྐད་དོད་ལ་མཚོན་བྱ་དང་མཚོན་བྱེད་ལས་ཐ་དད་པའི་གཞི་གྲུབ་པས་ ཆོས་གསུམ་དུ་འཇོག་གོ་སྙམ་ན། དེ་ལྟར་ན་བསྐྱེད་བྱ་དང་སྐྱེད་བྱེད་དང་། བལྟ་བྱ་དང་ལྟ་ བྱེད། ཤེས་བྱ་དང་ཤེས་བྱེད། བརྗོད་བྱ་དང་རྗོད་བྱེད་ལ་སོགས་པའང་གཞི་དང་བཅས་པའི་ ཆོས་གསུམ་དུ་འཇོག་དགོས་པར་ཧ་ཅང་ཐལ་བར་འགྱུར་རོ། །མཚོན་བྱ་གཅིག་ལ་མཚན་ ཉིད་གཅིག་ལས་གཞན་པ་མི་རུང་བར་སྨྲ་བ་ལའང་ངེས་པ་མེད་དེ། རིགས་པའི་དབང་ཕྱུག་ 1-1-50 ཉིད་ཀྱིས་མཚོན་བྱ་དང་ཚད་མ་གཅིག་ལ་མཚན་ཉིད་མི་བསླུ་བའི་ཤེས་པ་དང་མ་རྟོགས་དོན་ གྱི་གསལ་བྱེད་གཉིས་གསུངས་པའི་ཕྱིར་དང་། ཆོས་རེ་རེ་ལའང་སོ་སོར་གཞུང་ལུགས་སོ་སོར་ མཚན་ཉིད་མི་འདྲ་བ་དུ་མ་བཤད་ཅིང་། དེ་རྣམས་གང་རུང་གིས་ཀྱང་མཚོན་ནུས་པར་མཐོང་ བའི་ཕྱིར་རོ། ། གསུམ་པ་ནི། (ཡེ་ཤེས་བཤེས་གཉེན་གྱིས།)སྐབས་འདིའི་མཚན་ཉིད་རྣམས་ནི་གཟུགས་ལ་ སོགས་པའི་རང་བཞིན་སྟོན་པའོ། །ཞེས་པ་ལྟར་ཕལ་ཆེར་རང་བཞིན་དུ་གནས་པའི་མཚན་ ཉིད་འཆད་ལ། དེ་མིན་ལས་འབྱེད་པའི་མཚན་ཉིད་དུ་འགོད་ནའང་ཇི་ལྟར་རིགས་པའི་ གཅད་བྱ་བསྣན་པ་ལས་ཤེས་པར་བྱའོ། ། གཞུང་དོན་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་མཚན་ཉིད་གསུམ་ལས། ཕུང་པོ་ ལྔའི་དང་པོ་ལ་དྲི་བ་ནི། གཟུགས་ཀྱི་ཕུང་པོའི་མཚན་ཉིད་དམ་རང་བཞིན་ཅི་ཞེ་ན། ལན་ལ་གཉིས་ལས་མདོར་བསྟན་པ་ནི། གཟུགས་སུ་ཡོད་པའམ་རུང་བའི་དོན། གནོད་ པ་བྱ་བར་རུང་བ་དང་ཡུལ་བརྟག་ཏུ་རུང་བ་རྣམ་པ་གཉིས་ཀྱིས་གཟུགས་སུ་ཡོད་པའི་མཚན་ ཉིད་ཅན་ཏེ། གཟུགས་ཅན་ཕྲད་པས་སྔར་དང་མི་འདྲ་བར་འགྱུར་བ་རེག་པས་གཟུགས་སུ་ ཡོད་པ་དང་། ཡིད་ཡུལ་དུ་གཟུགས་ཀྱི་རྣམ་པ་འཆར་བ་ཡུལ་དཔྱད་པས་གཟུགས་སུ་ཡོད་ པའོ། །རྒྱས་བཤད་ལ་གཉིས་ཀྱི་དང་པོ། རེག་པས་གཟུགས་སུ་ཡོད་པ་གང་ཞེ་ན། བཅོམ་ ལྡན་འདས་ཀྱིས། དགེ་སློང་དག་གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་བ་དེའི་ཕྱིར་གཟུགས་ ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་གཟུགས་སུ་རུང་ཞེ་ན། ལག་པའི་འདུས་ཏེ་རེག་ པས་རེག་ན་གཟུགས་སུ་རུང་བ་དང་། ཞེས་པ་ལ་སོགས་པ་གསུངས་པ་འདིར་བཀོད་པ་ ཡིན་གྱི། བཅུ་གསུམ་པོ་འདི་ཙམ་དུ་གྲངས་ངེས་པ་ནི་མ་ཡིན་ལ། འདིས་མཚོན་ནས་གཞན་ དག་ཀྱང་ཤེས་པར་བྱ་བའི་ཆེད་དུའོ། །དེའང་ལག་པའི་འདུས་ཏེ་རེག་པས་རེག་ན་གཟུགས་ 1-1-51 སུ་རུང་བ་སྟེ། ཕྱི་ནང་གི་གཟུགས་སྔར་དང་རྣམ་པ་མི་འདྲ་བར་འགྱུར་བ་དང་། དེ་བཞིན་དུ་ སྦྱར་ཏེ། བོང་བའི་འདུས་ཏེ་རེག་པས་ཁ་དོག་ལ་སོགས་པ་གཞན་དུ་འགྱུར་བ་དང་། དབྱུག་ པའི་འདུས་ཏེ་རེག་པས་དབྱིབས་ལ་སོགས་པ་རྣམ་པ་གཞན་དུ་འགྱུར་བ་དང་། མཚོན་ཆའི་ འདུས་ཏེ་རེག་པས་ནང་དང་ཕྱིའི་གཟུགས་ལ་རེག་ན་རྨ་དང་དུམ་བུ་ལ་སོགས་པ་རྣམ་པ་ གཞན་དུ་འགྱུར་བ་དང་། གྲང་བའི་རེག་པས་སྦུ་ལོང་དང་འཁྱག་པ་ལ་སོགས་པར་འགྱུར་བ་ དང་། ཚ་བའི་རེག་པས་ཆུ་བུར་དང་འཇུ་བ་ལ་སོགས་པར་འགྱུར་བ་དང་། ནང་དུ་བཀྲེས་པ་ དང་སྐོམ་པས་རེག་པས་ལུས་ཉམ་ཆུང་ཞིང་རིད་པ་ལ་སོགས་པར་འགྱུར་བ་དང་། སྦྲང་བུ་ དང་ཤ་སྦྲང་གི་རེག་པས་འབྲུམ་པ་དང་སྐྲངས་པ་ལ་སོགས་པར་འགྱུར་བ་དང་། རླུང་དང་ཉི་ མའི་འོད་ཀྱིས་རེག་པས་འཐོར་བ་དང་སྐོམ་པ་ལ་སོགས་པར་འགྱུར་བ་དང་། སྡིག་པ་དང་ སྦྲུལ་གདུག་པ་ཅན་གྱི་གནོད་པའི་འདུས་ཏེ་རེག་པས་རེག་ན་གཟུགས་རྣམ་པ་སྔར་དང་མི་ འདྲ་བར་ཡོངས་སུ་འགྱུར་བ་དང་བཅས་པར་རུང་བའོ། །དེ་ལ་བཀྲེས་སྐོམ་གྱིས་ནི་ནང་གི་ དང་། གཞན་གྱིས་ནི་ཕྱི་ནང་གཉི་གའི་རྣམ་པ་སྒྱུར་བར་བྱེད་ལ། ལག་པ་དང་སྦྲང་བུ་དང་ཤ་ སྦྲང་དང་སྡིག་སྦྲུལ་ནི་སེམས་ཅན་དུ་གཏོགས་པ་དང་། གཞན་རྣམས་ནི་སེམས་ཅན་མ་ཡིན་ པར་གཏོགས་པ་ཞེས་ཀྱང་བྱ་ཞིང་། གཞན་དུ་འགྱུར་བར་སྣང་བ་ཡང་། (བྱེ་བཤད་དུ།)རྒྱུན་ལ་ ཡིན་གྱི་སྐད་ཅིག་ལ་ནི་མ་ཡིན་ནོ། ། གཉིས་པ། ཡུལ་དཔྱད་པས་གཟུགས་སུ་ཡོད་པ་གང་ཞེ་ན། གང་མངོན་དུ་གྱུར་པའི་ཡུལ་ ལ་ཀེང་རུས་ལ་སོགས་པ་ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་གཟུགས་འདི་དང་འདིའོ་ ཞེས་དང་། ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གི་གཟུགས་འདི་ལྟ་བུ་དང་འདི་ལྟ་བུའོ་ཞེས་རིམ་ པ་ལྟར་མི་སྡུག་པ་ལ་སོགས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའམ། མཉམ་པར་ མ་བཞག་པའི་ཡིད་སྒྲ་དོན་སྦྱར་ནས་འཛིན་པའི་རྟོག་པ་དང་མཚུངས་པར་ལྡན་པས་མཚན་ 1-1-52 མའམ། བཀྲ་བར་འཛིན་པ་སྟེ། དེ་ལྟར་འདུ་ཤེས་པའི་སྒོ་ནས་གཟུགས་ཀྱི་རྣམ་པར་བརྟག་ ཅིང་དཔྱད་དུ་རུང་བའོ། །གཉིས་པོ་དེ་དག་གཟུགས་ཐམས་ཅད་ལ་ཡོད་དམ་ཞེ་ན། གཉིས་པ་ ནི་ཀུན་ལ་ཡོད་ཅིང་དང་པོ་ནི་མ་ཡིན་ཏེ། གཏན་ལ་དབབ་པ་བསྡུ་བར། རེག་པས་གཟུགས་ སུ་མེད་པ་ནི་ཀུན་ཏུ་འགྲོ་བ་མ་ཡིན་པས། གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་ལ་ སོགས་པ་ནི་འདོད་ཁམས་ཀྱི་ལྷ་རྣམས་ལའང་མེད་ལ། གཟུགས་ན་སྤྱོད་པའི་ལྷའི་གཟུགས་ (བསམ་གཏན་བཞི་པ་དང་བར་དོའི་སེམས་ཅན་ལ་སོགས་པ།)ནི་གང་གིས་ཀྱང་གནོད་པར་མི་འགྱུར་བར་ གསུངས་པའོ། །རྟེན་འབྲེལ་གྱི་མདོ་འགྲེལ་དུ་ནི། གཟུགས་ན་སྤྱོད་པའི་སྣོད་དང་སེམས་ ཅན་གྱི་གཟུགས་ལ་དེའི་ས་བའི་མེས་གནོད་པ་དང་། (སངས་རྒྱས་ཀྱི་འོད་ཀྱིས་ལྷའི་འོད་མོག་མོག་པོར་ མཛད་པ་ལྟ་བུ་)མཐུ་ཁྱད་པར་དང་ལྡན་པས་ཀྱང་གནོད་པ་དང་། དངོས་སུ་གནོད་པ་བྱར་མེད་ཀྱང་ དེའི་རིགས་ཅན་ཡིན་པས་གཟུགས་སུ་འཇོག་པར་ཡང་གསུངས་ཏེ། དེ་དག་ནི་རགས་པ་དང་ ཕྲ་བའི་རྣམ་གཞག་ཡིན་པས་མི་འགལ་ལོ། ། གཉིས་པ། ཚོར་བའི་མཚན་ཉིད་ཅི་ཞེ་ན། སློབ་དཔོན་འདུས་བཟང་ན་རེ། ཡུལ་མྱོང་ བ་ཚོར་བ་ཡིན་ན་སེམས་དང་སེམས་བྱུང་ཐམས་ཅད་ཚོར་བར་འགྱུར་ཞིང་། རང་རིག་མེད་ པའི་ཕྱིར་དང་། རང་མྱོང་བ་ཡང་ཚོར་བ་མ་ཡིན་པས། བདེ་བ་མྱོང་བར་འགྱུར་བའི་རིག་པ་ ལ་བརྟེན་ནས་བདེ་བའི་ཚོར་བ་སྐྱེའོ་ཞེས་པ་ལྟར་རེག་པ་མྱོང་བ་ཚོར་བ་ཡིན་ནོ་ཞེས་ཟེར་ རོ། །དེ་ནི་མི་འཐད་དེ། དེ་ལྟར་ན་ཚོར་བས་རེག་པ་ལ་དམིགས་པར་འགྱུར་ལ། སེམས་དང་ སེམས་བྱུང་གཞན་རྣམས་ཀྱིས་རེག་པ་ལ་དམིགས་ན་ནི་དེ་དག་ཀྱང་ཚོར་བར་འགྱུར་ཞིང་། མི་དམིགས་ན་དམིགས་པ་མཚུངས་པ་ཉམས་པའི་ཕྱིར་དང་། སྤྱིར་ཡང་སེམས་དང་སེམས་ བྱུང་མཚུངས་ལྡན་དུ་སྐྱེས་པ་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་དམིགས་ན་ནི། དེ་དག་ ཀྱང་ཚོར་བར་འགྱུར་ཞིང་། དམིགས་པ་མཚུངས་པའི་ཕྱིར་རང་གིས་རང་ལ་དམིགས་པར་ཧ་ 1-1-53 ཅང་ཐལ་བར་འགྱུར་བའི་ཕྱིར་དང་། མྱོང་བའི་དོན་ཡང་འབྲས་བུའམ་རྒྱུ་ལ་གྲགས་པ་མེད་ ཀྱི་མངོན་སུམ་དུ་བྱེད་པ་ལ་གྲགས་པའི་ཕྱིར་རོ། །དེས་ན་མདོར་བསྟན་པ། རྣམ་པར་སྨིན་པ་ ཉམས་སུ་མྱོང་བ་ནི་ཚོར་བའི་མཚན་ཉིད་ཅན་ཏེ། དེའང་རེག་པས་ཡོངས་སུ་གཅད་པའི་ཡུལ་ གྱི་ཁྱད་པར་སིམ་པ་དང་གདུང་བ་དང་དེ་གཉི་ག་མ་ཡིན་པ་སྐྱེད་པའི་རང་གི་ངོ་བོ་མངོན་ སུམ་དུ་མྱོང་བར་བྱེད་པའོ། །རྒྱས་བཤད་ལ། བྱེད་པ་པོ་རྣམ་སྨིན་དང་སྟོབས་ཀྱིས་ཉམས་སུ་ མྱོང་བའི་ངོ་བོ་གང་གིས། ལས་སུ་བྱ་བ་དགེ་བ་ཟག་པ་དང་བཅས་པ་དང་མི་དགེ་བའི་ལས་ རྣམས་ཀྱི་འབྲས་བུའང་ཡིན་ལ་རྣམ་པར་སྨིན་པའང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་ཏེ། རྒྱུ་ མཐུན་གྱི་འབྲས་བུ་ལ་སོགས་པ་སེལ་བའོ། །མྱོང་བའི་ཚུལ་ཡང་སོ་སོར་ཏེ་མ་འདྲེས་པར་ དགེ་བའི་རྣམ་པར་སྨིན་པ་བདེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་སྡུག་བསྔལ་དང་། གཉི་ གའི་རྣམ་པར་སྨིན་པ་བཏང་སྙོམས་རྣམས་སོ། །བྱ་བའི་ངོ་བོ་མྱོང་བ་དེ་ཉམས་སུ་མྱོང་ཞིང་ མངོན་སུམ་དུ་བྱས་པའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་བཏང་སྙོམས་དགེ་བ་ཁོ་ནའི་རྣམ་སྨིན་དུ་ འདོད་པ་ནི་མི་འཐད་དེ། དགེ་བ་དང་མི་དགེ་བ་གཉི་གའི་རྣམ་སྨིན་ཀུན་གཞིའི་རྣམ་ཤེས་ནི་ རྟག་ཏུ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཕྱིར་རོ། །དེས་ན་ཀུན་གཞི་དང་མཚུངས་ལྡན་གྱི་ བཏང་སྙོམས་ནི་རྣམ་སྨིན་དངོས་ཡིན་ལ། དེ་ལས་གཞན་པའི་བདེ་སྡུག་བཏང་སྙོམས་ལ་རྣམ་ སྨིན་དུ་བརྗོད་པ་ནི་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པའོ། ། གསུམ་པ། འདུ་ཤེས་ཀྱི་མཚན་ཉིད་ཅི་ཞེ་ན། མདོར་བསྟན་པ་ནི། ཀུན་ནས་ཤེས་པར་ བྱེད་པའམ་རྐྱེན་(གསུམ་མམ་བཞི་)རྣམས་འདུས་ཏེ་ཡུལ་གྱི་ཁྱད་པར་སྔོན་པོ་དང་སེར་པོ་ལ་ སོགས་པ་རྣམས་ལ། འདི་ནི་སྔོན་པོའོ། །འདི་ནི་སེར་བོའོ། །ཞེས་བྱེ་བྲག་ཤེས་པར་བྱེད་ པའི་མཚན་ཉིད་ཅན་ཏེ། ཡུལ་གྱི་སྤུ་རིས་མི་འདྲ་བ་སོ་སོར་རིག་ཅིང་མཚན་མར་འཛིན་པའི་ བདག་ཉིད་ཅན་ནོ། །རྒྱས་བཤད་ལ། བྱེད་པ་པོ་སྒོ་ལྔའི་རྣམ་ཤེས་དང་མཚུངས་ལྡན་དོན་ 1-1-54 ཙམ་ལ་མཚན་མར་འཛིན་པ་དང་། ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་ངེས་པར་འདུ་ཤེས་ པ་བཀྲ་བར་འཛིན་པའི་ངོ་བོ་གང་གིས། ལས་སུ་བྱ་བ་མིག་གིས་མངོན་སུམ་མཐོང་བ་དང་། རྣ་བས་གཞན་ལས་ཐོས་པ་དང་། བསམ་བྱུང་གི་ཤེས་པས་བྱེ་བྲག་ཕྱེད་ཅིང་རྟོགས་པ་དང་། སྒོམ་བྱུང་སོ་སོ་རང་རིག་གིས་རྣམ་པར་ཤེས་པའི་དོན་རྣམས་ལ་ཞེས་པའམ། ཡང་ན། མིག་ རྣ་ཡིད་ཀྱི་རྣམ་ཤེས་དང་། གསུམ་གྱི་ཉམས་སུ་མྱོང་གང་དེ། །ཐོས་མཐོང་རྣམ་པར་ཤེས་ པ་དང་། །རྟོགས་པ་ཡིན་ཏེ་རིམ་བཞིན་བཤད། །ཅེས་པ་ལྟར་དྲི་རོ་རེག་བྱ་གསུམ་ལུང་མ་ བསྟན་ཤི་བ་དང་འདྲ་བས་རྟོགས་པ་ཞེས་གཅིག་ཏུ་བྱས་པའི་དོན་རྣམས་ལ། བྱ་བའི་ངོ་བོ་ཐ་ སྙད་འདོགས་པ་སྟེ་མངོན་པར་བརྗོད་པ་མིང་རྣམས་ཀྱིས་དངོས་དང་བརྒྱུད་པའི་སྒོ་ནས་དོན་ གོ་བར་བྱེད་པའོ། །དབང་ཤེས་རྟོག་མེད་ཀྱི་འཁོར་གྱིས་ཇི་ལྟར་མཚན་མར་འཛིན་སྙམ་ན། འདི་ནི་སྔོན་པོའོ་ཞེས་པ་ལ་སོགས་པ་རྗེས་ཀྱི་ངེས་ཤེས་འདྲེན་པའི་ཕྱིར། དེ་དག་ཀྱང་མཚན་ མར་འཛིན་པར་གྲུབ་བོ། ། བཞི་པ། ཆོས་མང་པོ་དང་ལྡན་པ་འདུ་བྱེད་རྣམས་ཀྱི་མཚན་ཉིད་ཅི་ཞེ་ན། (མཛོད་འགྲེལ་ ལས།)སྤྱིར་རྐྱེན་རྣམས་འདུས་ཤིང་ཚོགས་ནས་བྱས་པའི་ཕྱིར་འདུ་བྱེད་དེ། ཕུང་པོ་ལྔས་ བསྡུས་པའི་ཆོས་ཐམས་ཅད་འདུ་བྱེད་ཀྱི་མཚན་ཉིད་ཅན་ཡིན་ལ། དེའི་ནང་ནས་འདུ་བྱེད་ ཕུང་པོའི་མཚན་ཉིད་ནི། འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཞེས་པ་ལྟར་གཟུགས་དང་ཚོར་ བ་འདུ་ཤེས་རྣམ་ཤེས་ལས་གཞན་པའི་འདུས་བྱས་དུ་མ་འདུས་པ་ཡིན་ཞིང་། སྐབས་འདིར་ འདུ་བྱེད་ཀྱི་གཙོ་བོ་སེམས་པའི་མཚན་ཉིད་འཆད་པ་ལ། མདོར་བསྟན་ནི། དམིགས་པ་ལ་ སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་ཏེ། ཡུལ་སྣ་ཚོགས་ལ་གཡོ་ཞིང་སྐུལ་བར་ བྱེད་པའི་བདག་ཉིད་དོ། ། རྒྱས་བཤད་ལ། བྱེད་པོ་དམིགས་པ་ལ་སེམས་ཀྱི་མངོན་པར་འདུ་བྱེད་པ་སེམས་པའི་ངོ་ 1-1-55 བོ་གང་གིས། ལས་སུ་བྱ་བ་སེམས་དང་སེམས་ལས་བྱུང་བ་རྣམས་དད་པ་ལ་སོགས་པ་དགེ་ པ་དང་། འདོད་ཆགས་ལ་སོགས་པ་མི་དགེ་བ་དང་། དེ་གཉི་གར་ལུང་དུ་མ་བསྟན་པ་དང་། བདེ་སྡུག་བཏང་སྙོམས་སམ་ལྡན་མིན་འདུ་བྱེད་ལ་སོགས་པའི་གནས་སྐབས་སྣ་ཚོགས་ རྣམས་སུ། བྱ་བའི་ངོ་བོ་སེམས་འཇུག་ཅིང་སྐྱོད་པར་བྱེད་སྐུལ་བར་བྱེད་པའོ། ། ལྔ་པ། རྣམ་པར་ཤེས་པའི་མཚན་ཉིད་ཅན་ཏེ། རང་རང་གི་དམིགས་པའི་ངོ་བོ་སོ་སོར་ རྟོགས་པའོ། །མདོར་བསྟན་ནི། ཡུལ་གྱི་ངོ་བོ་རྣམ་པར་རིག་ཅིང་ཤེས་པར་བྱེད་པའི་མཚན་ ཉིད་ཅན་ཏེ། རང་རང་གི་དམིགས་པའི་ངོ་བོ་སོ་སོར་རྟོགས་པའི་རང་བཞིན་ཅན་ནི་སེམས་ སམ་རྣམ་པར་ཤེས་པ་ཞེས་བྱའོ། ། རྒྱས་བཤད་ལ། བྱེད་པ་པོ་ཡུལ་རྣམ་པར་རིག་ཅིང་ཤེས་པར་བྱེད་པའི་ངོ་བོ་གང་གིས་ མིག་གི་དབང་པོ་ལ་བརྟེན་ནས། ལས་སུ་བྱ་བ་གཟུགས་ཀྱི་དངོས་པོ་རྣམས་ཀྱང་བྱ་བའི་ངོ་ བོ་རྣམ་པར་རིག་ཅིང་སོ་སོར་ཤེས་པར་བྱེད་པ་དང་། དེ་བཞིན་དུ་རྣ་བ་ལ་བརྟེན་ནས་སྒྲ་དང་། སྣ་ལ་བརྟེན་ནས་དྲི་དང་། ལྕེ་ལ་བརྟེན་ནས་རོ་དང་། ལུས་ལ་བརྟེན་ནས་རེག་བྱ་དང་། ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་རྣམས་ཀྱང་རྣམ་པར་རིག་ཅིང་ཤེས་པར་བྱེད་པའོ། །དེ་ དག་ཀྱང་དབུ་མ་འཇུག་པར། གཟུགས་རུང་མཚན་ཉིད་ཅན་ནི་གཟུགས། །ཚོར་བ་ཉམས་ མྱོང་བདག་ཉིད་ཅན། །འདུ་ཤེས་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་ པའོ། །ཡུལ་ནི་སོ་སོར་རྣམ་རིག་པ། །རྣམ་པར་ཤེས་པའི་མཚན་ཉིད་དོ། །ཞེས་པ་ལྟར་ཏེ་ ཕུང་པོར་མཚོན་ཞིང་དེ་མིན་ལས་འབྱེད་ན་སོ་སོའི་མཐར་དུ་མ་སྤུངས་པ་ཞེས་སྦྱར་བའོ། ། ཁམས་ཀྱི་མཚན་ཉིད་ལ་དབང་པོ་དང་། ཡུལ་དང་། རྣམ་ཤེས་ཁམས་དྲུག་གི་མཚན་ ཉིད་གསུམ་ལས། དང་པོ་ལ་མིག་ལ་རྒྱས་པར་བཤད་པ་དང་། གཞན་ལ་མཚུངས་པར་སྦྱར་ བའོ། ། 1-1-56 དང་པོ་ནི། མིག་གི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། གྲངས་ངེས་ཀྱི་སྐབས་སུ་ཁམས་ཀྱི་ དོན་ཉེར་སྤྱོད་འཛིན་པ་ལ་བཤད་པ་ལྟར། འདས་པའི་མིག་གང་གིས་འདས་པའི་གཟུགས་ རྣམས་མཐོང་བར་གྱུར་པ་ཉེར་སྤྱོད་བཟུང་ཟིན་པ་དང་། ད་ལྟར་བའི་མིག་གིས་ད་ལྟར་བའི་ གཟུགས་ལ་ལྟ་བ་ཉེར་སྤྱོད་འཛིན་བཞིན་པ་དང་གཉིས་ནི་མིག་ཀྱང་ཡིན་ལ་ཁམས་ཀྱང་ཡིན་ པ་ཞེས་གཞི་མཐུན་པར་སྦྱར་ཞིང་། དོན་གྱི་སྐབས་སུ་ས་བོན་གྱི་དོན་ལ་འཆད་པ་ལྟར་མིག་ དེའི་ས་བོན་ད་ལྟར་ཀུན་གཞིའི་རྣམ་ཤེས་ལ་བསགས་པ་སྐྱེ་བ་གཞན་ལ་མིག་འགྲུབ་རུང་དུ་ ཡོད་པ་(ཀུན་གཞི་ས་བོན་གྱི་ཆ་)དང་། སྔོན་གྱི་ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པས་ཁྱད་པར་དུ་ བྱས་པ་རྣམ་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པ་འདོད་གཟུགས་སུ་ཉིང་མཚམས་སྦྱར་ ཟིན་པ་དེ་མ་ཐག་མིག་འགྲུབ་རུང་དུ་ཡོད་པ་(ཀུན་གཞི་རྣམ་སྨིན་གྱི་ཆ་)གང་ཡིན་པ་དེ་དག་ནི་མིག་ དང་འབྲེལ་བའི་ཁམས་ཞེས་དྲུག་པའི་ཚིག་སྡུད་དུ་སྦྱར་ཏེ། དེ་ལྟར་ཉེར་སྤྱོད་འཛིན་པ་དང་ ས་བོན་གྱི་དོན་ཅན་གཉི་གའང་མིག་གི་ཁམས་ཀྱི་མཚན་ཉིད་དང་ལྡན་པ་ཉིད་དོ། ། གཉིས་པ་ནི། མངོན་གྱུར་དང་ས་བོན་གྱི་སྒོ་ནས་མིག་གི་ཁམས་ཀྱི་མཚན་ཉིད་རྒྱས་པར་ བཤད་པ་ཇི་ལྟ་བ་བཞིན་དུ། རྣ་བ་གང་གིས་སྒྲ་རྣམས་ཐོས་པར་གྱུར་པ་ཞེས་སོགས་དང་། སྣ་ གང་གིས་དྲི་རྣམས་བསྣོམས་པར་གྱུར་པ་ཞེས་སོགས་དང་། ལྕེ་གང་གིས་རོ་རྣམས་མྱོང་བར་ གྱུར་པ་ཞེས་སོགས་དང་། ལུས་གང་གིས་རེག་བྱ་རྣམས་རེག་པར་གྱུར་པ་ཞེས་སོགས་དང་། ཡིད་གང་གིས་ཆོས་རྣམས་ཤེས་པར་གྱུར་པ་དང་ཞེས་པ་དག་ནི་ཉེར་སྤྱོད་འཛིན་པའི་དོན་ གྱིས་ཁམས་ཡིན་ཞིང་། དེའི་ས་བོན་བསགས་པ་དང་རྣམ་པར་སྨིན་པའི་ཀུན་གཞིའི་རྣམ་ པར་ཤེས་པ་གང་ཡིན་པ་དེ་དག་ནི་ས་བོན་གྱི་དོན་གྱི་ཁམས་ཀྱི་མཚན་ཉིད་ཅན་ནོ་ཞེས་ཀྱང་ སྔར་བཤད་པ་དེ་བཞིན་དུ་རིག་པར་བྱ་བ་ཡིན་ནོ། །དེ་མིན་ལས་འབྱེད་ན་མིག་གི་ཁམས་ཀྱི་ མཚན་ཉིད་ནི་མིག་ཤེས་ཀྱི་གནས་བྱས་པས་ཉེར་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་ 1-1-57 རིགས་པ་ཞེས་པ་ལ་སོགས་པར་སྦྱར་རོ། ། (གཉིས་པ།)ཡུལ་ལའང་གཉིས་ལས། (དང་པོ།)གཟུགས་ལ་རྒྱས་པར་བཤད་པ་ནི། གཟུགས་ ཀྱི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། འདས་པའི་མིག་གི་གཟུགས་གང་དག་མཐོང་བར་ གྱུར་པ་ཉེར་སྤྱོད་ཀྱི་དམིགས་པར་བཟུང་ཟིན་པ་རྣམས་དང་། ད་ལྟར་བའི་གཟུགས་མིག་ གིས་མཐོང་བ་ཉེར་སྤྱོད་ཀྱི་དམིགས་པར་འཛིན་བཞིན་པ་རྣམས་དང་། གཟུགས་དེ་ལ་མིག་ གི་ཁམས་ཀྱིས་དབང་སྒྱུར་བར་བྱེད་པ་སྟེ། གདུགས་ཕུབ་པས་གྲིབ་མ་འབྱུང་བ་ལྟར་ནང་ དུ་དབང་པོ་གྲུབ་པས་ཕྱི་རོལ་དུ་ཡུལ་གྲུབ་པ་གང་ཡིན་པ་དེ་ལ། མིག་གི་དབང་པོ་ཉིད་ གཟུགས་འགྲུབ་པའི་རྒྱུ་ཡིན་པས། ས་བོན་གྱི་དོན་ལ་ཁམས་སུ་བཞག་པའམ། ཡང་ན་མིག་ གི་དབང་པོའི་ལོངས་སྤྱད་བྱར་གྱུར་པ་དེ་གཟུགས་ཀྱི་ཁམས་ཀྱི་མཚན་དང་ལྡན་པ་ཉིད་དོ། ། (གཉིས་པ།)གཞན་ལ་མཚུངས་པར་སྦྱར་བ་ནི། ཉེར་སྤྱོད་འཛིན་པ་དང་དབང་བྱེད་པའི་སྒོ་ ནས་གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་རྒྱས་པར་བཤད་པ་ཇི་ལྟ་བ་བཞིན་དུ། རྣ་བས་སྒྲ་གང་ དག་ཐོས་པར་གྱུར་པ་ཞེས་སོགས་དང་། སྣས་དྲི་གང་དག་བསྣོམས་པར་གྱུར་པ་ཞེས་སོགས་ དང་། ལྕེས་རོ་གང་དག་མྱོང་པར་གྱུར་པ་ཞེས་སོགས་དང་། ལུས་ཀྱིས་རེག་བྱ་གང་དག་རེག་ པར་གྱུར་པ་ཞེས་སོགས་དང་། ཡིད་ཀྱིས་འདས་པའི་ཆོས་གང་དག་ཤེས་བར་གྱུར་པ་དང་། ད་ལྟར་བའི་ཆོས་ཤེས་བཞིན་པ་རྣམས་དང་། ཆོས་དེ་ལ་ཡིད་ཀྱི་ཁམས་ཀྱིས་དབང་སྒྱུར་ བར་བྱེད་པ་གང་ཡིན་པ་དེ་ཆོས་ཀྱི་ཁམས་ཀྱི་མཚན་ཉིད་ཅན་ནོ་ཞེས་ཀྱང་སྔར་བཤད་པ་དེ་ བཞིན་དུ་རིག་པར་བྱ་བ་ཡིན་ནོ། །དེ་མིན་ལས་འབྱེད་པ་ནི་མིག་ཤེས་ཀྱིས་དམིགས་པར་ བྱས་ནས་ཉེར་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པ་ཞེས་པ་ལ་སོགས་པའོ། ། (གསུམ་པ།)རྣམ་ཤེས་ལའང་གཉིས་ལས། (དང་པོ།)མིག་ཤེས་རྒྱས་པར་བཤད་པ་ནི། མིག་ གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། རྟེན་ནམ་གནས་བདག་རྐྱེན་མིག་གི་ 1-1-58 དབང་པོ་དང་། དམིགས་པའི་རྐྱེན་ཡུལ་གཟུགས་ཀྱིས་བྱས་པ་ལ་བརྟེན་ནས་གཟུགས་སུ་ སྣང་བའི་རྣམ་པར་རིག་པ་འདས་པ་དང་ད་ལྟར་བ་གང་ཡིན་པ་དེ་དག་ནི་ཉེར་སྤྱོད་ཀྱི་རང་ གི་མཚན་ཉིད་འཛིན་པས་ཁམས་ཀྱི་མཚན་ཉིད་ཅན་དང་། མིག་ཤེས་དེའི་ས་བོན་ད་ལྟར་གྱི་ ཀུན་གཞི་ལ་བསགས་པ་མ་འོངས་པ་ན་མིག་ཤེས་འགྲུབ་རུང་དང་། འདས་པའི་བག་ཆགས་ ཀྱིས་འཕངས་པའི་རྣམ་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པ་འདོད་གཟུགས་སུ་ཉིང་ མཚམས་སྦྱར་ཟིན་པ་དེ་མ་ཐག་མིག་ཤེས་འགྲུབ་རུང་གང་ཡིན་པ་དེ་དག་ནི་རྒྱུ་བྱེད་པའི་ཆ་ ནས་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དང་ལྡན་པ་ཉིད་དོ། ། (གཉིས་པ།)གཞན་ལ་མཚུངས་པར་སྦྱར་བ་ནི། རང་གི་མཚན་ཉིད་དང་རྒྱུའི་སྒོ་ནས་མིག་ གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་རྒྱས་པར་བཤད་པ་ཇི་ལྟ་བ་བཞིན་དུ། རྟེན་རྣ་ བ་དང་དམིགས་པ་སྒྲ་ལས་སྒྲར་སྣང་པའི་རྣམ་པར་རིག་པ་གང་ཡིན་པ་ཞེས་སོགས་དང་། རྟེན་སྣ་དང་དམིགས་པ་དྲི་ལས་དྲིར་སྣང་བའི་རྣམ་པར་རིག་པ་གང་ཡིན་པ་ཞེས་སོགས་དང་། རྟེན་ལྕེ་དང་དམིགས་པ་རོ་ལས་རོར་སྣང་བའི་རྣམ་པར་རིག་པ་གང་ཡིན་པ་ཞེས་སོགས་ དང་། རྟེན་ལུས་དང་དམིགས་པ་རེག་བྱ་ལ་རེག་བྱར་སྣང་བའི་རྣམ་པར་རིག་པ་གང་ཡིན་ པ་ཞེས་སོགས་དང་། རྟེན་ཡིད་ཀྱི་དབང་པོ་དང་དམིགས་པ་ཆོས་ལ་བརྟེན་ནས་ཆོས་སུ་སྣང་ བའི་རྣམ་པར་རིག་པ་གང་ཡིན་པ་འདས་པ་དང་ད་ལྟར་བ་དང་། ཡིད་ཤེས་དེའི་ས་བོན་ད་ ལྟར་གྱི་ཀུན་གཞི་ལ་བསགས་པ་དང་། འདས་པས་འཕངས་པའི་རྣམ་སྨིན་ཀུན་གཞིའི་རྣམ་ ཤེས་ཉིང་མཚམས་སྦྱར་ཟིན་པ་ཡིད་ཤེས་འཕྲལ་དུ་འབྱུང་བ་གང་ཡིན་པ་དེ་ཡིད་ཀྱི་རྣམ་པར་ ཤེས་པའི་ཁམས་ཀྱི་མཚན་ཉིད་ཅན་ནོ་ཞེས་ཀྱང་སྔར་བཤད་པ་དེ་བཞིན་དུ་རིག་པར་བྱ་བ་ ཡིན་ནོ། །དེ་དང་དེར་སྣང་བའི་རྣམ་པར་རིག་པ་ཞེས་པ་ནི་རྣམ་ཤེས་ཡུལ་གྱི་རྣམ་པ་ཅན་དུ་ སྐྱེ་བར་བསྟན་ཏོ་ཞེས་ཀྱང་གསུང་ངོ་། །དེ་མིན་ལས་འབྱེད་པ་ནི་མིག་གི་དབང་པོ་ལ་བརྟེན་ 1-1-59 ནས་གཟུགས་ཀྱི་ངོ་བོ་རིག་ཅིང་ཉེར་སྤྱོད་འཛིན་པ་མངོན་གྱུར་དང་ས་བོན་ཅི་རིགས་པ་ ཞེས་པ་ལ་སོགས་པའོ། །(ཡེ་ཤེས་བཤེས་གཉེན་གྱིས།)ཡུལ་གྱི་སྐབས་སུ་ས་བོན་དང་རྣམ་སྨིན་མ་ གསུངས་ཀྱང་དབང་པོ་དང་རྣམ་ཤེས་ལ་དངོས་སུ་གསུངས་པའི་ཤུགས་ཀྱིས་ཐོབ་སྟེ། ཀུན་ གཞིའི་རྣམ་ཤེས་ནི་སྔར་ཡང་ལུས་ཡོངས་སུ་བཟུང་བ་དང་བཅས་པ་ལ་སོགས་པ་དེ་དག་གི་ གནས་སུ་བཤད་ཅིང་། ཕྱིས་ཀྱང་ས་བོན་ཐམས་ཅད་པར་འཆད་པར་འགྱུར་བའི་ཕྱིར་རོ། ། གསུམ་པ། སྐྱེ་མཆེད་ཀྱི་མཚན་ཉིན་གང་ཞེ་ན། དེ་ནི་དབང་པོ་དང་ཡུལ་གྱི་ཁམས་བཞིན་ དུ་བལྟ་སྟེ་ཞེས་སྤྱིར་བསྟན་ནས། དམིགས་ཀྱིས་བསལ་བ་ནི། དེ་ཡང་ཐམས་ཅད་དུ་འདྲ་ བ་མ་ཡིན་གྱི་ཇི་ལྟར་རིགས་རིགས་སམ་མཐུན་མཐུན་སྦྱར་བས་ཤེས་པར་འགྱུར་རོ། །འདི་ ལྟར་མིག་གང་གིས་གཟུགས་རྣམས་མཐོང་བར་འགྱུར་བ་དང་། དེའི་ས་བོན་བསགས་པ་དང་། རྣམ་སྨིན་ཀུན་གཞིའི་རྣམ་ཤེས་གང་ལས་ཕྱི་མ་ལ་མིག་འགྲུབ་པར་འགྱུར་བ་དེ་མིག་གི་སྐྱེ་ མཆེད་ཀྱི་མཚན་ཉིད་དེ། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་སྐྱེ་མཆེད་ལའང་དེ་བཞིན་ དུ་སྦྱར་རོ། །གཟུགས་གང་དག་མིག་གིས་མཐོང་བར་འགྱུར་བ་དང་། དེ་ལ་མིག་གི་སྐྱེ་མཆེད་ དབང་དུ་བྱེད་པ་གང་ཡིན་པ་དེ་གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་དེ། སྒྲ་དང་དྲི་དང་རོ་ དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་ལའང་དེ་བཞིན་དུ་སྦྱར་རོ། །དེ་མིན་ལས་འབྱེད་པ་ནི་མིག་ ཤེས་ཀྱི་གནས་བྱས་པ་དང་མིག་ཤེས་ཀྱི་དམིགས་པ་བྱས་པས་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པ་ཞེས་ པ་ལ་སོགས་པ་སྔ་མ་བཞིན་ནོ། ། (དང་པོ།)རྣམ་གཞག་ལ་གསུམ། རྒྱས་པར་བཤད་པ། བསྡུས་ཏེ་བསྟན་པ། ཞར་ལས་བྱུང་ བའོ། ། རྒྱས་བཤད་ལ་ཕུང་པོ། ཁམས། སྐྱེ་མཆེད་ཀྱི་རྣམ་གཞག་གསུམ་ལས། (དང་པོ།)ཕུང་པོ་ ལྔའི་དང་པོ་གཟུགས་ཀྱི་ཕུང་པོ་ལ་སྤྱི་དོན་བཞི་སྟེ། གཟུགས་སུ་འཇོག་པའི་འཐད་པ། མཚན་ 1-1-60 ཉིད་ཀྱི་རྣམ་གྲངས། དེ་མིན་ལས་འབྱེད་ཚུལ། ཐུན་མོང་གི་དབྱེ་བའོ། ། དང་པོ་ནི། སེམས་ཙམ་པ་ཡན་ཆད་ཀྱི་ལུགས་ལ་གཟུགས་བདེན་པར་གྲུབ་པ་མེད་པས་ དེའི་རྣམ་གཞག་བྱེད་པར་མི་རིགས་སོ་ཞེ་ན། དོན་དམ་པར་མེད་ཀྱང་ཀུན་རྫོབ་ཇི་ལྟར་སྣང་ བ་བཞིན་དུ་གཞག་པའི་ཕྱིར་དང་། ཉན་ཐོས་སྡེ་པ་རྣམས་རིམ་གྱིས་གཞུག་པའི་ཕྱིར་བསྟན་ པ་སྟེ། ཉི་ཤུ་པ་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེ་ཡིས་འདུལ་བའི་སྐྱེ་བོ་ལ། ། དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །ཞེས་པ་ ལྟར་རོ། ། གཉིས་པ་ནི། བསྡུ་བ་ལས་རྣམ་པ་དྲུག་གསུངས་ཏེ། རང་གི་མཚན་ཉིད་སའི་སྲ་བ་ལ་ སོགས་པ་དང་། སྤྱིའི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་དང་། གནས་དང་གནས་ པ་འབྲེལ་བའི་མཚན་ཉིད་འབྱུང་བ་རྣམས་གནས་ཡིན་ཞིང་འབྱུང་གྱུར་རྣམས་གནས་པ་ཡིན་པ་ དང་། ཉེ་བར་སྤྱོད་པའི་མཚན་ཉིད་དབང་པོའི་དབང་གིས་ཡུལ་འགྲུབ་པ་དང་། བྱེད་ལས་ཀྱི་ མཚན་ཉིད་སས་རྟེན་བྱེད་པ་ལ་སོགས་པ་དང་། ཆ་ཕྲ་བའི་མཚན་ཉིད་(བྲི་བ་ཆ་ཕྲ་བ་)རྡུལ་ཕྲ་རབ་ དང་། (རང་བཞིན་ཆ་ཕྲ་བ་)རླུང་དང་བར་དོ་དང་། (སེམས་ཀྱིས་དབང་བསྒྱུར་བ་ཆ་ཕྲ་བ་)གཟུགས་ཁམས་ པའི་གཟུགས་ལ་སོགས་པའོ། ། གསུམ་པ་ནི། ཡུལ་གང་ཞིག་བེམ་པོའི་དངོས་པོར་སྣང་བ་སྟེ། དེའི་གནས་ལུགས་གྲུབ་ མཐའི་བྱེ་བྲག་གིས་ཇི་ལྟར་འཇོག་ཚུལ་ནི་བཤད་ཟིན་ཏོ། ། བཞི་པ་ལ། བསྟན་ཡོད་ཐོགས་བཅས་དང་། བསྟན་མེད་ཐོགས་བཅས་དང་། བསྟན་ མེད་ཐོགས་མེད་ཀྱི་གཟུགས་གསུམ་མམ། ཟིན་པས་བསྡུས་པ་དང་། མ་ཟིན་པ་མ་ཡིན་པས་ བསྡུས་པ་གཉིས་དང་། རྟེན་མཚུངས་དང་། དེ་མཚུངས་ཀྱི་གཟུགས་གཉིས་ལ་སོགས་པའོ། ། 1-1-61 གཞུང་དོན་ལ་དྲི་བ་ནི། གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅན་དེ་རྣམས་མཚན་གཞིའི་དབྱེ་ བ་དང་ངོ་བོ་འདི་ཙམ་དུ་ངེས་སོ་ཞེས་རྣམ་པར་གཞག་པ་གང་ཞེ་ནའོ། །ལན་ལ་མདོར་བསྟན་ པ་ནི། གཟུགས་ཀྱི་མཚན་ཉིད་ཅན་གང་ཡིན་པ་ཇི་སྙེད་པ་ཅི་ཡང་རུང་སྟེ་གཟུགས་ཅན་ནོ་ ཅོག་དེ་དག་ཐམས་ཅད་ཀྱང་གཉིས་སུ་འདུས་ཏེ། འབྲས་བུའི་གཟུགས་སྣ་ཚོགས་འགྲུབ་པ་ན་ དེ་དང་དེའི་རྣམ་པར་འབྱུང་བའམ། (བཅོམ་ལྡན་འདས།)ཐོག་མ་མེད་པའི་འཁོར་བ་ནས་སེམས་ ཅན་རྣམས་ཀྱི་ལས་ཀྱི་དབང་གིས་བྱུང་བས་ན་འབྱུང་བ་ཡིན་ལ། (དེ་འདྲ་གཞན་ཡང་དེར་ཐལ་བར་མི་ འགྱུར་ཏེ་ལག་ལྡན་བཞིན་ནོ། །) འབྲས་བུའི་གཟུགས་ཐམས་ཅད་ཀྱི་རྟེན་བྱེད་པས་རྡོས་ཆེ་བའམ། གཟུགས་འདུས་པ་ཐམས་ཅད་ལ་ཡོད་པས་གནས་པ་རྒྱ་ཆེ་བའི་ཕྱིར་ཆེན་པོའང་ཡིན་ཞིང་། འབྲས་བུའི་གཟུགས་ལ་རྟེན་དང་སྡུད་པ་དང་སྨིན་པ་དང་གཡོ་བ་སྟེ་བྱ་བ་བཞིར་ངེས་པས་ བཞི་རྣམས་ཞེས་པ་རྒྱུའི་གཟུགས་དང་། འབྱུང་བ་ཆེན་པོ་བཞི་པོ་དེ་དག་རྒྱུར་བྱས་བ་ལས་ བྱུང་པ་འབྲས་བུའི་གཟུགས་གང་ཡིན་པའོ། །རྒྱུར་བྱས་པའི་དོན་ཡང་། (འགྲེལ་པར།)འབྱུང་ བ་རྣམས་མེད་ན་འབྲས་བུ་མི་འབྱུང་བའི་ཕྱིར་སྐྱེད་པའི་རྒྱུ་དང་། འབྱུང་བ་རྣམས་འགྱུར་ན་ འབྲས་བུའང་འགྱུར་བའི་ཕྱིར་(རྗེས་སུ་འགྱུར་བའམ་)རྟེན་གྱི་རྒྱུ་དང་། འབྱུང་བའི་རྒྱུན་འདྲ་བར་ བྱུང་བ་ན་འབྲས་བུའི་གཟུགས་ཀྱང་རྒྱུན་མི་འཆད་པའི་ཕྱིར་གནས་པའི་རྒྱུ་དང་། འབྱུང་བ་ རྣམས་བསལ་ནས་འབྲས་བུ་ལ་ལོགས་སུ་ཡུལ་གནོན་པའི་མཐུ་མེད་པའི་ཕྱིར་རྟོན་པའི་རྒྱུ་དང་། འབྱུང་བ་འཕེལ་ན་འབྲས་བུའི་གཟུགས་ཀྱང་འཕེལ་བའི་ཕྱིར་འཕེལ་བའི་རྒྱུ་སྟེ། འབྱུང་བ་ བཞིས་འབྱུང་གྱུར་འབྲས་བུའི་གཟུགས་ལ་རྒྱུ་ལྔ་བྱེད་པའི་ཕྱིར་པའི་ཕྱིར་རོ། ། རྒྱས་བཤད་ལ་གཉིས་ཀྱི། རྒྱུའི་གཟུགས་ལ་སྤྱི་དོན་བཞི་སྟེ། ངོ་བོ་བཟུང་། མཚན་ཉིད། བྱེད་ལས། འཇུག་ཚུལ་ལོ། །དང་པོ་ནི། ལུས་ཀྱི་རྣམ་ཤེས་ལ་སྲ་བ་ལ་སོགས་པར་སྣང་བ་སྟེ་ རེག་བྱའི་ཁྱད་པར་རོ། ། 1-1-62 གཉིས་པ་ནི། འབྲས་བུའི་གཟུགས་ལས་གཞན་པའི་ལུས་ཀྱི་དབང་པོའི་གཟུང་དོན་ ཞེས་པའམ། གཟུགས་ཅན་གང་ཞིག་འབྲས་བུའི་གཟུགས་སྐྱེད་བྱེད་ཀྱི་རིགས་ཡིན་པ་ཞེས་ པའོ། ། གསུམ་པ་ནི། འཛིན་པ་ལ་སོགས་ལས་སུ་གྲུབ། །ཅེས་པ་ལྟར་འཛིན་པ་དང་སྡུད་པ་དང་ སྨིན་པ་དང་སྐྱོད་པར་བྱེད་པའི་ལས་ཅན་ནོ། །གོ་འབྱེད་པའི་ཕྱིར་ནམ་མཁའ་ཡང་འབྱུང་བ་ ཆེན་པོ་ཡིན་ནམ་སྙམ་ན། དེ་ནི་གོ་མ་བཀག་པ་ཙམ་ལས་ཕྱེ་བར་བཏགས་པ་ཡིན་གྱི། འབྱུང་ བའི་མཚན་ཉིད་མེད་པའི་ཕྱིར་རྒྱུའི་གཟུགས་ནི་མ་ཡིན་ནོ། ། བཞི་པ་ནི། (ཇི་སྐད་དུ། དགའ་བོ་ཕ་དང་མའི་མི་གཙང་བ་སྐ་བ་ལས་ལུས་སུ་གྱུར་པ་ལ་ས་དང་ཆུ་དང་མེ་དང་རླུང་ རྣམས་ཀྱིས་སྲ་བ་དང་སྡུད་པ་དང་སྨིན་པ་དང་འཕེལ་བའི་བྱ་བ་བྱེད་ཅིང་གནས་སོ། །གལ་ཏེ་དགའ་པོ་དེ་ན་སའི་ཁམས་ཡོད་ ལ་ཆུའི་ཁམས་མེད་ན་ནི་ཕྱེའམ་ཐལ་བའི་ཆང་བུ་བཞིན་དུ་སྐེམ་པའམ། འཐུལ་བར་འགྱུར་ཏེ། ཆུས་བསྡུས་པ་ན་མི་འཐུལ་ཞིང་ མི་འཇིག་གོ། གལ་ཏེ་ཆུ་ཡོད་ལ་ས་མེད་ན་ནི་འབྲུ་མར་རམ་ཡུངས་མར་བཞིན་དུ་འཛག་ཅིང་འབོ་བར་འགྱུར་རོ། །གལ་ཏེ་ས་ ཆུ་ཡོད་ལ་མེ་མེད་ན་ཤ་རུལ་བཞིན་དུ་མྱགས་པར་འགྱུར་རོ། །གལ་ཏེ་ས་ཆུ་དང་མེ་ཡོད་ལ་རླུང་མེད་ན་ནི་ཇི་ཙམ་དུ་གནས་པ་ ལས་འཕེལ་ཞིང་རྒྱས་པར་མི་འགྱུར་རོ། །ཞེས་སོ། །) བྱེ་བྲག་སྨྲ་བའི་ལུགས་ཀྱིས་འབྱུང་བ་རེ་རེ་ལའང་ བཞི་བཞི་ཚང་བས་ངོ་བོ་དབྱེར་མེད་དུ་འཇུག་པར་འདོད་ཅིང་། དེའང་བྱེད་ལས་ལས་ཤེས་ ཏེ། སའི་རྫས་རྡོ་བ་ལྟ་བུ་གཅིག་ལའང་། འདུས་པ་(ཆུ་)དང་། སྐམ་པ་(མེ་)དང་། གཡོ་བ་(རླུང་) ཡོད་པས་གཞན་གསུམ་ལྷན་ཅིག་ཏུ་ཡོད་ལ། དེ་བཞིན་ཆུ་ལའང་ཤིང་འདེགས་པ་(ས་)དང་ པདྨ་སྨིན་པ་(མེ་)དང་གཡོ་བ་(རླུང་)ཡོད་པའི་ཕྱིར་དང་། མེ་ལའང་མེ་ལྕེ་འདེགས་པ་(ས་)དང་དེ་ འདུས་པ་(ཆུ་)དང་གཡོ་བ་(རླུང་)དམིགས་པའི་ཕྱིར་དང་། རླུང་ལའང་འདེགས་པ་(ས་)དང་གྲང་ བ་(ཆུ་)དང་དྲོ་བ(མེ)འི་རེག་པ་མཐོང་བའི་ཕྱིར་གཞན་གསུམ་གསུམ་དབྱེར་མེད་དུ་འཇུག་གོ། འོན་ཀྱང་བྱེད་ལས་གང་ཤས་ཆེ་བ་དེ་གཙོ་བོར་བརྗོད་པའོ་ཞེས་ཟེར་རོ། །དེ་དག་གི་ལས་ 1-1-63 ནི་བྱ་བ་ལ་ལྟོས་ནས་བཞག་པ་སྟེ། ངོ་བོ་གཞན་ལ་མི་ལྟོས་པའི་རང་བཞིན་ནོ། །མདོ་སྡེ་པ་ ནི་ཤིང་གི་ཕུང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་པ་ལྟར་རེ་རེ་ལ་བཞི་བཞི་ཡོད་པའང་ ས་བོན་ནམ་ནུས་པའི་སྒོ་ནས་ཡིན་གྱི། རང་གི་ངོ་བོར་རྫས་སུ་གྲུབ་པ་ནི་མེད་པར་འདོད་ལ། གཞུང་འདིར་ནི་ཇི་ལྟར་སྣང་བ་ལྟར་འཇོག་ཚུལ་འཆད་པར་འགྱུར་རོ། ། གཞུང་དོན་ལ་རྒྱུའི་གཟུགས། འབྱུང་བ་ཆེན་པོ་བཞི་བོ་དག་གང་ཡིན་ཞེ་ན། (གཉིས་ལས་ དང་པོ།)དབྱེ་བ་ནི། སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་སོ་ཞེས་པ་ ལ་ས་ཆུ་མེ་རླུང་སྨོས་པས་ནང་ཕན་ཚུན་དང་། མིག་སོགས་འབྲས་བུའི་གཟུགས་ལས་འབྱེད་ ཅིང་། ཁམས་སྨོས་པས། (མཛོད་ལས།)འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་ བརྗོད། །ཆུ་མེ་ཡང་ངོ་རླུང་གི་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན། །ཞེས་པ་ལྟར་འཇིག་ རྟེན་ལ་གྲགས་པ་ཁ་དོག་དང་དབྱིབས་འབྱུང་བར་འདོད་པ་བསལ་ནས། བསྟན་བཅོས་ལ་ གྲགས་པ་རེག་བྱའི་ཁྱད་པར་འབྱུང་བར་སྟོན་པའོ། །ཡང་ཁམས་ཀྱི་དོན་རང་གི་མཚན་ཉིད་ དང་། འབྲས་བུའི་གཟུགས་འཛིན་པ་སྟེ། དེ་རྣམས་ཀྱང་རགས་པའི་རིམ་པས་བཤད་ཅིང་། (ཡེ་ཤེས་བཤེས་གཉེན་གྱིས།)མཚན་ཉིད་ཐ་དད་པའི་ཕྱིར་དབྱེ་བ་ལྔ་བྱས་པའོ། །(གཟུགས་ལ་ནི་མཚན་ ཉིད་སྔར་བཀོད་ནས། དབྱེ་བ་ཕྱིས་འཆད་དོ། །) (གཉིས་པ།)ངོ་བོ་ལ་མདོར་བསྟན་ལྟར་བཞིའི། སའི་ཁམས་གང་ཞེ་ན། ལུས་ཀྱི་རྣམ་པར་ ཤེས་པ་ལ་མཁྲང་ཞིང་འཐས་ལ་སྲ་བར་སྣང་བ་སྟེ་འཛིན་པར་བྱེད་པའི་ལས་ཅན་ཉིད་དོ། ། དེ་བཞིན་དུ་ཆུའི་ཁམས་གང་ཞེ་ན། རླན་ཞིང་གཤེར་བར་སྣང་བ་སྟེ་སྡུད་པར་བྱེད་པའི་ལས་ ཅན་ཉིད་དོ། །མེའི་ཁམས་གང་ཞེ་ན། དྲོ་ཞིང་ཤས་ཆེ་ན་ཚ་བ་དང་སྲེག་པར་སྣང་བ་སྟེ་སྨིན་ པར་བྱེད་པའི་ལས་ཅན་ཉིད་དོ། །རླུང་གི་ཁམས་གང་ཞེ་ན། འདེགས་སླ་བས་ཡང་ཞིང་དངོས་ པོའི་རྒྱུན་ཡུལ་གཞན་དུ་འབྱུང་བ་རྒྱུ་བྱེད་པས་གཡོ་བར་སྣང་བ་སྟེ་སྐྱོད་པར་བྱེད་པའི་ལས་ 1-1-64 ཅན་ཉིད་དོ། །དེའི་ཡང་བ་ནི་འབྲས་བུའི་གཟུགས་ལའང་ཡོད་པས་དེ་བསྐྱོད་པ་ལ་གཡོ་བ་ སྨོས་ཤིང་། གཡོ་བའང་བྱེད་ལས་ཡིན་གྱི་ངོ་བོ་མ་ཡིན་པ་དང་། སེམས་པ་ལ་ཁྱབ་ཆེས་པས་ དེ་བསྐྱོད་པ་ལ་ཡང་བ་སྨོས་པའོ། །མདོར་བསྡུ་ན་མཛོད་ལས། སྲ་གཤེར་དྲོ་ཉིད་གཡོ་རྣམས་ ཏེ། །ཞེས་པ་ལྟར་ཡིན་ལ། ཐམས་ཅད་ལ་ཉིད་ཅེས་སྦྱར་བ་ནི་དེ་ཁོ་ན་ལ་དེ་ཉིད་ཅེས་རང་གི་ དོན་ལ་དངོས་པོའི་རྐྱེན་བྱས་པ་སྟེ། བྱེ་བྲག་པའི་འདོད་པ་ལྟ་བུའི་(ཉིད་ཅེས་བྱ་བ་)སྤྱི་དོན་གཞན་ ནི་མེད་དོ། ། གཉིས་པ། འབྱུང་བ་བཞི་རྒྱུར་བྱས་པ་ལས་བྱུང་བ་འབྲས་བུའི་གཟུགས་ལ་རྣམ་པ་ དུ་ཞིག་ངོ་བོ་གང་ཞེ་ན། ལན་ལ་གཉིས་ལས། (དང་པོ།)དབྱེ་བ་མདོར་བསྟན་པ་ནི། མིག་གི་ དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་ དབང་པོ་དང་ཞེས་པ་དབང་པོ་གཟུགས་ཅན་ལྔ་སྟེ། ཡུལ་ལ་དབང་སྒྱུར་བར་བྱེད་པའི་དོན་ གྱིས་ན་དབང་པོ་རྣམས་སོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ནི་ཡུལ་གཟུགས་ ཅན་ལྔ་སྟེ། (དབང་པོ་)གང་གི་བློ་(ཡུལ་)གང་ལ་སྤྱོད་པ(འི་ཡུལ་)དེ་ནི་དེའི་སྤྱོད་ཡུལ་ལོ། །ཕྱི་མའི་ ཕྱོགས་གཅིག་དང་ཞེས་སྨོས་པ་ནི་འབྱུང་གྱུར་གྱི་སྐབས་ཡིན་པས་འབྱུང་བའི་རེག་བྱ་སེལ་ བའོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་འདུས་པའི་གཟུགས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་ གཟུགས་ཏེ་ཡིད་ཀྱི་ཡུལ་འབའ་ཞིག་ཏུ་གྱུར་པའི་གཟུགས་སོ། ། (གཉིས་པ།)ངོ་བོ་རྒྱས་པར་བཤད་པ་ལ་གསུམ་སྟེ། དང་པོ་དབང་པོའི་གཟུགས་དང་། གཟུང་ བ་ཡུལ་གྱི་གཟུགས་དང་། ཡིད་ཀྱི་ཡུལ་གྱི་གཟུགས་སོ། །དང་པོ་ལ་སྤྱི་དོན་བཞི་སྟེ། ངོ་བོ་ ངོས་གཟུང་། དེའི་སྒྲུབ་བྱེད། རྫས་ལ་དཔྱད་པ། སྐྱེ་བ་བསམ་པའོ། ། (དང་པོ།)ངོ་བོ་ནི། ཉན་ཐོས་པའི་ལུགས་ཀྱིས་རྡུལ་ཕྲན་འདུས་པའི་ངོ་བོ་སྟེ། དེའང་ མིག་གི་དབང་པོ་ནི་མིག་འབྲས་ཀྱི་ནང་ན་ཟར་མའམ་གོ་སྙོད་ཀྱི་མེ་ཏོག་ལྟར་མ་འདྲེས་པར་ 1-1-65 གནས་པ་རྒུན་འབྲུམ་ཙམ་པ་ཤིན་ཏུ་དང་བའི་ལྤགས་པས་བཀབ་པས་མི་འགྱེས་པ་དང་། རྣ་ བའི་དབང་པོ་ནི་དབང་རྟེན་རྣ་འབྲུག་གི་ནང་ན་གྲོ་ག་གཅུས་པ་ལྟ་བུ་དང་། སྣའི་དབང་པོ་ནི་ སྣ་རྒྱུད་ཀྱི་ནང་ན་མིག་ཐུར་གཤིབས་པ་ལྟ་བུ་དང་། ལྕེའི་དབང་པོ་ནི་དབང་རྟེན་གྱི་ནང་ན་ ཟླ་བ་ཕྱེད་པ་གཤིབས་ལྟ་བུ་སྟེ། དེ་དག་གི་དབུས་ན་སྐྲའི་རྩེ་མོའི་ཁྱོན་ཙམ་ཞིག་དབང་པོའི་ རྡུལ་ཕྲན་གྱིས་མ་ཁེབས་པར་གནས་པ་(དེའང་དབང་པོས་ཁེབས་ན་ཀླད་རྒྱས་རྒྱུན་དུ་འཛག་པས་རྙིང་པའི་ཕྱིར་ ཡི་ག་འཆུས་པར་འགྱུར་རོ་ཞེས་པ་ན་སྐན་གྱི་འགྲེལ་པར་འབྱུང་ངོ་། །)དང་། ལུས་ཀྱི་དབང་པོ་ནི་རྐང་མཐེབ་ ནས་སྤྱི་བོའི་བར་ལ་ལུས་ཀྱི་དབྱིབས་བཞིན་དུ་གནས་པའོ། །དེ་དག་གི་དབང་རྟེན་རྣམས་ ནི་གཞན་རིག་ལ་སྣང་བས་བསྟན་དུ་ཡོད་པ་སྟེ། དབང་པོའི་ངོ་བོ་ནི་དབང་ཤེས་ཀྱི་སྤྱོད་ཡུལ་ མ་ཡིན་པས་བསྟན་དུ་མེད་པའི་གཟུགས་སོ། །ཐེག་ཆེན་པའི་ལུགས་ཀྱི་དམིགས་བརྟག་ཏུ། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དེ་ཡང་རྣམ་རིག་ལ་ མི་འགལ། །ཞེས་ནང་ཤེས་པ་ཉིད་ཀྱི་ནུས་པའི་ཆ་དབང་ཤེས་ཀྱི་བདག་རྐྱེན་དུ་གྱུར་པ་ཞིག་ དབང་པོར་བཞག་ཅིང་། ཉི་ཤུ་པ་ལས། རང་གི་ས་བོན་གང་ལུས་སུ། །རྣམ་རིག་སྣང་བ་གང་ བྱུང་བ། །ཞེས་རྣམ་སྨིན་གྱི་བག་ཆགས་གང་ལས་གཟུགས་སོགས་སུ་སྣང་བ། མིག་སོགས་ཀྱི་ རྣམ་རིག་འབྱུང་བའི་ས་བོན་ཉིད་དབང་པོར་འཇོག་ལ། དབུས་མཐའ་ལས། དོན་དང་སེམས་ ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་འོ་དེའི་དོན་མེད། །དེ་མེད་ པས་ན་དེ་ཡང་མེད། །ཅེས་རྣམ་པར་དཔྱད་ན་མ་གྲུབ་ཀྱང་ཐ་སྙད་ཙམ་དུ་དོན་དང་སེམས་ ཅན་དུ་སྣང་བ་ཀུན་གཞི་དང་། བདག་ཏུ་སྣང་བ་ཉོན་ཡིད་དང་། རྣམ་རིག་ཏུ་སྣང་བ་འཇུག་ ཤེས་སུ་གསུངས་པས། སེམས་ཅན་དུ་སྣང་བ་ཀུན་གཞི་ཉིད་དབང་པོ་ལྔར་རང་གཞན་གྱི་ རྒྱུད་ལ་སྣང་བ་ནི་དབང་པོར་བཞག་གོ། འདི་དང་ཕུང་པོ་ལྔ་པར་གཟུགས་ཅན་དྭངས་བ་ལ་ དབང་པོར་བཞག་པ་ནི་འཇིག་རྟེན་ན་ཇི་ལྟར་སྣང་བ་བཞིན་དབང་པོ་བེམ་པོར་འདོད་པ་དང་ 1-1-66 མཐུན་པར་བྱས་ཏེ་རིམ་གྱིས་གཞུག་པའི་དོན་དུ་བསྟན་པའོ། ། (གཉིས་པ།)སྒྲུབ་བྱེད་ནི། དབང་པོ་བསྟན་དུ་མེད་ན་ཡོད་པར་གང་གིས་ཤེས་སྙམ་པ་ལ། རྐྱེན་གཞན་(ཡུལ་དང་ཡིད་ལ་བྱེད་པ་)ཚང་ཡང་། དབང་ཤེས་སྐྱེ་བ་ནི། (དོན་གཞན་སྔ་མ་)དབང་པོ་ཡོད་ མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། འབྲས་བུའི་རྟགས་ལ་བརྟེན་པའི་རྗེས་དཔག་ལས་ འགྲུབ་སྟེ། མདོར་ན། དབང་རྟེན་རྣམས་ལ་ཡོད་པའི་ནུས་པའི་ཆ་དབང་ཤེས་ཀྱི་བདག་རྐྱེན་ དུ་གྱུར་པ་གང་ཡིན་པ་དེ་ནི་དབང་པོའོ་ཞེས་པའི་དོན་ཏོ། ། (གསུམ་པ།)རྫས་ལ་གསུམ་གྱི་མཚན་ཉིད་ཀྱི་རྫས་ནི། གཞུང་དུ་འབྱུང་བ་རྣམས་སོ། །ཐ་ མི་དད་ཀྱི་རྫས་ནི། དབང་པོ་དང་པོ་བཞི་བདུན་བདུན་དང་ལྡན་པ་སྟེ། རང་རང་གི་དབང་པོ་ དང་འབྱུང་བ་ས་དང་ལུས་ཀྱི་དབང་པོ་དང་གཟུགས་དང་དྲི་དང་རོ་དང་རེག་བྱའོ། །དེ་གཉི་ གའི་ཁམས་ཀྱི་རྫས་ནི་བཅུ་བཅུ་དང་ལྡན་པ་སྟེ། བདུན་པོ་དེ་དག་དང་ཆུ་དང་མེ་དང་རླུང་གི་ ཁམས་དང་ལྡན་པའི་ཕྱིར་རོ། །ལུས་ཀྱི་དབང་པོ་གཞན་དང་ལྡན་པའང་དེ་དང་འདྲ་ཞིང་། མི་ལྡན་པ་ལ་ནི་ཐ་མི་དད་ཀྱི་རྫས་དྲུག་དང་ཁམས་ཀྱི་རྫས་དགུའོ། །དེ་དག་ནི་སྒྲ་དང་མི་ལྡན་ པའི་དབང་དུ་བྱས་པ་སྟེ། དབང་པོ་གང་ལ་སྒྲ་ཡོད་པ་དེ་ལ་ནི་དེའང་བསྣན་པར་བྱ་བ་ཡིན་ ནོ། །(ཚོས་ལྷག་)ཁམས་ཀྱི་རྫས་ནི། མཛོད་ལས། འདོད་(པའི་ཁམས་)ན་དབང་པོ་(ལྔ་)མེད་པ་ལ། ། སྒྲ་(ཡང་)མེད་(ན་)ཕྲ་རབ་(ཀྱི་)རྡུལ་(ཐམས་ཅད་འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་བྱ་དང་)རྫས་བརྒྱད། ། (ཚོགས་པའི་བདག་ཉིད་ཅན་ཡིན་ལ་དེའི་སྟེང་དུ་)ལུས་(ཀྱི་)དབང་(པོ་དང་)ལྡན་(པ་)ལ་(དེ་བསྣན་པས་)རྫས་ དགུ་སྟེ། །དབང་པོ་གཞན་(མིག་སོགས་དང་)ལྡན་(པ་ལ་དེ་བསྣན་པས་)རྫས་བཅུའོ། །ཞེས་གསུངས་ པ་དང་ཡང་མཐུན་པ་ཉིད་དོ། ། (བཞི་པ།)སྐྱེ་བ་ནི་ལྔ་སྟེ། འབྱུང་བ་ཆེན་པོ་ལས་འགྲུབ་པ་རྟེན་ལས་སྐྱེ་བ་དང་། དབང་ པོའི་འདུས་པ་སྲ་བ་ལས་སླ་བ་དང་སླ་བ་ལས་སྲ་བར་འགྱུར་བ་ལ་སོགས་པ་ས་བོན་ལས་སྐྱེ་ 1-1-67 བ་དང་། སྔོན་གྱི་ལས་ཀྱི་འཕེན་པ་ལས་འབྱུང་བ་འཕེན་པ་ལས་སྐྱེ་བ་དང་། སྨན་ལ་སོགས་ པས་བརྟས་པར་འགྱུར་བ་ཕན་འདོགས་པ་ལས་སྐྱེ་བ་དང་། དེ་ལས་ལྡོག་པས་སྨན་པར་ འགྱུར་བ་གནོད་པ་ལས་སྐྱེ་བའོ། །རྒྱུ་འབྲས་ཀྱི་ཚུལ་གཞན་ནི་འཆད་པར་འགྱུར་བ་ལས་ ཤེས་སོ། །གཞུང་དོན་ལ་ལྔ་ལས། མིག་གི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་ རྒྱུར་བྱས་པས་འབྲས་བུའི་གཟུགས་སུ་མཚོན་ཅིང་(བཙུན་པ་སངས་རྒྱས་ལྷས།)འབྱུང་བ་ཉིད་དབང་ པོར་འདོད་པ་སེལ་ལ། མིག་གི་རྣམ་པར་ཤེས་པའི་རྟེན་ནི་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་ བདག་རྐྱེན་བྱེད་པ་སྟེ། དེས་དབང་པོ་གཞན་བཞི་དང་(ཤེལ་ལ་སོགས་པ་)ཡུལ་གྱི་གཟུགས་དྭངས་ པ་ལས་འབྱེད་ཅིང་། གཟུགས་དྭངས་པའོ་ཞེས་པའི་གཟུགས་ཀྱིས་(མིག་ཤེས་ཀྱི་རྟེན་)ཡིད་(དབང་) དང་དང་བའི་དད་པ་ལ་ཕྱེ་ནས། དྭངས་པས་རྡོ་བ་ལ་སོགས་པ་རགས་པའི་གཟུགས་ལས་ འབྱེད་པའོ། །དེ་བཞིན་དུ་སྦྱར་ཏེ། རྣ་བའི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་ རྒྱུར་བྱས་པ་ལས་བྱུང་བ་འབྲས་བུའི་གཟུགས་གང་ཞིག དེའི་ཁྱད་པར་རྣ་བའི་རྣམ་པར་ཤེས་ པའི་རྟེན་ནམ་བདག་རྐྱེན་དུ་གྱུར་པའི་ནང་གི་གཟུགས་དྭངས་པའོ། །སྣའི་དབང་པོ་གང་ཞེ་ ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ལས་བྱུང་བ་འབྲས་བུའི་གཟུགས་གང་ཞིག དེའི་ ཁྱད་པར་སྣའི་རྣམ་པར་ཤེས་པའི་རྟེན་ནམ་བདག་རྐྱེན་དུ་གྱུར་པའི་ནང་གི་གཟུགས་དྭངས་ བའོ། །ལྕེའི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ལས་བྱུང་བ་འབྲས་ བུའི་གཟུགས་གང་ཞིག དེའི་ཁྱད་པར་ལྕེའི་རྣམ་པར་ཤེས་པའི་རྟེན་ནམ་བདག་རྐྱེན་དུ་གྱུར་ པའི་ནང་གི་གཟུགས་དྭངས་པའོ། །ལུས་ཀྱི་དབང་པོ་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་ རྒྱུར་བྱས་པ་ལས་བྱུང་བ་འབྲས་བུའི་གཟུགས་གང་ཞིག དེའི་ཁྱད་པར་ལུས་ཀྱི་རྣམ་པར་ ཤེས་པའི་རྟེན་ནམ་བདག་རྐྱེན་དུ་གྱུར་པའི་ནང་གི་གཟུགས་དྭངས་བའོ། །དྭངས་པའི་དོན་ནི་ མེ་ལོང་ངམ་ཆུ་དྭངས་བ་དང་གཟུགས་ལ་བརྟེན་ནས་གཟུགས་བརྙན་འཆར་བ་ལྟར། དབང་ 1-1-68 པོ་དྭངས་བ་དང་གཟུགས་སྒྲ་ལ་སོགས་ལ་བརྟེན་ནས་དེ་དག་ཏུ་སྣང་བའི་རྣམ་པར་རིག་པ་ འཆརབའོ། །འདིར་དབང་པོ་འཆད་པ་ན་མིག་གི་རྣམ་པར་ཤེས་པའི་རྟེན་ཞེས་སོགས་དང་། སྔར་རྣམ་ཤེས་འཆད་པ་ན་མིག་ལ་བརྟེན་ཅིང་ཞེས་སོགས་གསུངས་པས་ཕན་ཚུན་བརྟེན་ པའི་སྐྱོན་ཅན་མ་ཡིན་ནམ་སྙམ་ན་སྐྱོན་མེད་དེ། རྣམ་ཤེས་ནི་རང་གི་མཚན་ཉིད་དུ་འགྲུབ་ ཅིང་དེ་དབང་པོས་མཚོན་ནས་གསུང་(ཞེས་ཡེ་ཤེས་བཤེས་གཉེན་གསུང་)བའམ། ཡང་ན་རྣམ་ཤེས་ ཀྱི་ཁྱད་པར་རང་རིག་གིས་གྲུབ་ཅིང་དེའི་རྟེན་གཟུགས་དྭངས་བ་ནི་དབང་པོའོ་ཞེས་སྟོན་ པའོ། །དེ་དག་ཀྱང་(སྐྱེ་མཆེད་སོ་སོའི་)མདོ་ལས། དགེ་སློང་དག་མིག་ནི་ནང་གི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། གཟུགས་དྭངས་བ། བསྟན་དུ་མེད་ཅིང་ཐོགས་པ་ དང་བཅས་པའི་གཟུགས་ཏེ། ལུས་ཀྱི་བར་དུའང་དེ་བཞིན་ནོ། །ཞེས་གསུངས་ཤིང་། མཛོད་ དུ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །གཟུགས་དྭངས་བ་དང་མིག་ལ་སོགས། །ཞེས་པར་ བསྡུས་སོ། ། (ལྔ་པ།)ཡུལ་ལྔ་ལས་དང་པོ། གཟུགས་གང་ཞེ་ན། ལན་ལ་བཞིའི་དང་པོ་མཚན་ཉིད་ནི། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པས་འབྲས་བུའི་གཟུགས་སུ་མཚོན་ཞིང་། (བཙུན་པ་སངས་ རྒྱས་ལྷ།)དོན་ལྔ་འབྱུང་བར་འདོད་པའང་སེལ་ལ། (གནས་འགྱུར་ནི་མ་ངེས་ཤིང་།) ཐ་མལ་པའི་(དབང་ པོའི་ཡུལ་སོ་སོར་ངེས་པས་)མིག་གི་དབང་པོ་ཁོ་ནའི་གཟུང་བར་བྱ་བའི་སྤྱོད་ཡུལ་གྱི་དོན་གང་ཡིན་ པ་སྟེ་ཞེས་པས་སྒྲ་ལ་སོགས་པ་གཞན་བཞི་ལ་ཕྱེ་ནས། མིག་གི་ཡུལ་དུ་སྔོན་པོ་ལ་སོགས་ པར་སྣང་བ་འཇིག་རྟེན་ན་བེམ་པོར་གྲགས་པ་འདི་གཟུགས་སོ་ཞེས་པའོ། ། (གཉིས་པ།)དབྱེ་བ་ནི། མཚན་ཉིད་རྟོགས་ཀྱང་མཚན་གཞི་ལ་ཐེ་ཚོམ་བསལ་བའི་ཕྱིར་ འདི་ལྟ་སྟེ། ཞེས་མཚམས་སྦྱར་ནས་ཉི་ཤུ་རྩ་ལྔར་འབྱེད་ཀྱང་སྡེ་ཚན་དྲུག་གིས་སྟོན་ཏེ། (འགྲེལ་ པ་ལས།)མཚན་ཉིད་དང་། གནས་དང་། ཕན་གནོད་དང་། བྱེད་པའི་རྟེན་དང་། བྱེད་པའི་ 1-1-69 མཚན་ཉིད་དང་། བྱེད་པའི་རྒྱན་གྱིས་སོ། །མཚན་ཉིད་ཀྱིས་ཕྱེ་བ་ལ་ནི། སྔོན་པོ་དང་སེར་ པོ་དང་དམར་པོ་དང་དཀར་པོ་དང་བཞི་སྟེ། དེ་དག་ཀྱང་ལྷན་ཅིག་སྐྱེས་པ་རིན་པོ་ཆེའམ་མེ་ ཏོག་གི་ཁ་དོག་ལྟ་བུ་དང་སྦྱར་བ་ལས་བྱུང་བ་རས་ལ་སོགས་པ་ཚོན་གྱིས་བསྒྱུར་བ་ལྟ་བུའོ། ། ལྗང་གུ་དང་སྤྲིན་ལ་སོགས་པ་ནི་དེ་དག་གི་བྱེ་བྲག་གོ། གནས་པས་ཕྱེ་བ་ནི། ཁ་དོག་གི་ འདུས་པ་ཚར་དུ་དངར་བ་ཤས་ཆེ་བར་སྣང་བ་རིང་པོ་དང་། དེ་ལ་ལྟོས་ནས་ཆུང་བར་སྣང་བ་ ཐུང་ངུ་དང་། ཆོ་ལོང་ལྟ་བུ་གྲུ་བཞིར་ལྷམ་པའམ་དཔལ་འབྲས་ལྟ་བུ་རིལ་པོར་ལྷམ་པ་དང་། མེ་ལོང་ལྟ་བུ་མཐའ་སྐོར་ཀུན་ནས་མཉམ་པ་ཟླུམ་པོ་དང་། རྡུལ་ཕྲ་རབ་ནི་བསྟན་དུ་མེད་ པར་གསུངས་པས་མིག་ཤེས་ལ་སྣང་ཙམ་ཉི་ཟེར་གྱི་རྡུལ་ལྟ་བུ་རྡུལ་ཕྲ་མོ་དང་། རི་དང་ཁང་ ཁྱིམ་ལ་སོགས་པ་ལྟ་བུ་གོང་བུར་སྣང་བ་རགས་པ་དང་། དབྱིབས་མཉམ་ཞིང་མཐོ་དམན་ མེད་པ་ཕྱ་ལེ་བ་དང་། མི་མཉམ་ཞིང་མཐོ་དམན་ཅན་ཕྱ་ལེ་བ་མ་ཡིན་པ་དང་། ཁ་དོག་གི་ རྡུལ་དབུས་སུ་བཀོད་པ་ཤས་ཆེ་བ་རིའི་རྩེ་མོ་ལྟ་བུ་མཐོན་པོ་དང་། དེ་ལས་ལྡོག་སྟེ་མཐར་ བཀོད་པ་ཤས་ཆེ་བ་ཁྲོན་པ་ལྟ་བུ་དམའ་བ་དང་བཅུ་སྟེ་བཀོད་ཚུལ་གྱི་སྒོ་ནས་བསྟན་པའོ། ། ཕན་གནོད་ཀྱིས་ཕྱེ་བ་ནི། ཉི་མ་ལ་སོགས་པའི་འོད་ཟེར་མེད་ཀྱང་གཟུགས་ཡོད་པ་རྣམས་ སྣང་བ་གྲིབ་མ་དང་། ཉི་མའི་འོད་ཟེར་དང་། ཟླ་བ་དང་སྐར་མ་དང་མེ་དང་སྨན་དང་ནོར་བུ་ ལ་སོགས་པའི་སྣང་བ་དང་། གཟུགས་གཞན་མི་མཐོང་ཡང་མུན་པའི་ཁ་དོག་སྣང་བ་དང་ སྤྲིན་གྱི་རྣམ་འགྱུར་སྣ་ཚོགས་དང་། དུ་བ་སྔོ་ལ་འཕྱུར་བ་སྣང་བ་དང་། རླུང་འཚུབ་ལ་སོགས་ པ་རྡུལ་དང་། ཁུག་རྣ་ལྷོ་༼འུར་མོ༽བུར་མ་(ལྷོ་བུར་མས་ཉའི་མིག་ལྡོང་ལོ།)དང་བརྒྱད་དེ། འདི་དག་ ནི་དུས་ལ་སོགས་པ་ལ་ལྟོས་ཏེ་དབང་པོ་ལ་སོགས་པ་ལ་ཕན་པ་དང་གནོད་པར་འགྱུར་བའི་ ཕྱིར་རོ། །(རྒྱལ་པོའི་སྲས།)འདི་རྣམས་སྔར་བསྟན་པའི་ཁ་དོག་དང་དབྱིབས་སུ་འདུས་ཀྱང་ ལོགས་སུ་བཤད་པ་ནི་ཐག་རིང་བོ་ན་གཟུགས་སུ་སྣང་ཡང་ཉེ་བ་ན་མི་སྣང་བས་གཟུགས་མ་ 1-1-70 ཡིན་ནམ་སྙམ་པའི་དོགས་པ་བསལ་བའི་ཆེད་དུའོ(གསུང་ངོ་)། །བྱེད་པའི་རྟེན་ནི། མངོན་པར་ སྐབས་ཡོད་པ་དང་། ཞེས་པ་སྟེ་དེ་ལས་གཞན་པ་འགོག་བྱེད་ཀྱི་རེག་བྱ་དང་བྲལ་བའི་མིག་ གི་ཡུལ་དང་བར་སྣང་གི་ཁ་དོག་སྐྱ་བོ་སེང་སེང་བར་སྣང་བའོ། །བྱེད་པའི་མཚན་ཉིད་ནི། རྣམ་པར་རིག་བྱེད་དང་། ཞེས་པ་སྟེ་ནང་གི་ཀུན་སློང་གི་སེམས་པ་གཞན་ལ་རྣམ་པར་རིག་ བྱེད་པའི་ལུས་ཀྱི་རྣམ་འགྱུར་མིག་ཤེས་ལ་སྣང་བའོ། །དེ་ལ་ཉན་ཐོས་པ་ཁ་ཅིག་སེམས་ལས་ སྐྱེས་པའི་ལུས་ཀྱི་དབྱིབས་གཅིག་པུ་ལུས་ཐམས་ཅད་ལ་ཁྱབ་བོ་ཞེས་སྨྲ་བ་ནི་མི་རིགས་ཏེ། གཅིག་པུ་ཡིན་ན་སྣང་མི་སྣང་ཆ་གཉིས་མེད་པས་ཆ་ཤས་ཅན་གྱི་ཡན་ལག་དུ་མ་ལ་ཁྱབ་པར་ འགལ་བའི་ཕྱིར་དང་། (བྱེ་བྲག་སྨྲ་བའི་བཤད་ཚོད་ལས།)སྐྱེ་མཆེད་བཅུ་ནི་རྡུལ་ཕྲ་རབ་བསགས་ པའོ། །ཞེས་པའི་གྲུབ་མཐའ་དང་ཡང་འགལ་བའི་ཕྱིར་རོ། །ཡང་འགའ་ཞིག ལུས་རྣམ་རིག་ བྱེད་དབྱིབས་སུ་འདོད། །ཅེས་པ་ལ་སེམས་ཀྱི་དབང་གིས་ལུས་དེ་ལྟར་གནས་པའི་དབྱིབས་ རྫས་སུ་ཡོད་པའོ། །ཞེས་འདོད་པའང་མི་འཐད་དེ། དབྱིབས་ནི་ཁ་དོག་དང་རེག་པ་ལ་བརྟེན་ ནས་བཏགས་པ་ཙམ་ཡིན་གྱི་རྫས་སུ་གྲུབ་པ་མེད་པའི་ཕྱིར་རོ། །དེས་ན་(རང་ལུགས་ལ་)རྒྱུད་ གཞན་གྲུབ་པ་ལས། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ ཕྱིར་གལ་ཏེ་བློ་ཤེས་འགྱུར། །ཞེས་པ་ལྟར་སྐྱེས་བུ་འདི་ནི་འགྲོའོ་སྙམ་པའི་བློ་སྐྱེས་པ་ཅན་ ཡིན་ཏེ་འགྲོ་བའི་བྱ་བ་དང་ལྡན་པར་མཐོང་བའི་ཕྱིར་ཞེས་པ་ལ་སོགས་པ་རིག་པར་བྱེད་པ་ སྟེ། ལུས་ཀྱི་བྱ་བ་གང་ཡིན་པ་དེ་ལ་དམིགས་པའི་སེམས་པའི་རྒྱུ་ལས་བྱུང་བ་ལུས་ཀྱི་རྒྱུན་ ཡུལ་གཞན་དུ་འགྲོ་བ་ལ་སོགས་པ་གཡོ་བར་སྣང་བའོ། །དེ་ལ་སྲོག་གཅོད་པ་ལ་སོགས་པའི་ རྣམ་འགྱུར་མི་དགེ་བ་དང་། ཕྱག་འཚལ་བ་ལ་སོགས་པའི་རྣམ་འགྱུར་དགེ་བ་དང་། སྤྱོད་ ལམ་དང་བཟོའི་གནས་ལ་སོགས་པའི་རྣམ་འགྱུར་ལུང་མ་བསྟན་ཏེ་རྣམ་གསུམ་དུ་འབྱེད་ ཀྱང་། མི་དགེ་བ་དང་དགེ་བ་ནི་ཀུན་སློང་རྒྱུའི་མིང་གིས་འབྲས་བུ་རྣམ་འགྱུར་ལ་བཏགས་ 1-1-71 པ་སྟེ། ཐམས་ཅད་ཀྱང་མིག་ཤེས་ལ་སྣང་བ་ཁ་དོག་གི་ཆ་ནི་ལུང་མ་བསྟན་ཁོ་ན་ཡིན་པའི་ ཕྱིར་རོ། །དབྱིབས་རྫས་སུ་མེད་ན་རྣམ་འགྱུར་མིག་ཤེས་ལ་སྣང་བ་འགལ་ལོ་ཞེ་ན། ཐ་སྙད་ དུ་དབྱིབས་ཀྱིས་ཁྱད་པར་དུ་བྱས་པའི་ཁ་དོག་སྣང་བ་ལ་མཐོང་བ་ཞེས་བྱ་སྟེ། དཔྱད་ན་རྡུལ་ ཕྲན་མ་གྲུབ་པས་ཕྱི་རོལ་གྱི་དོན་རྣམ་ཤེས་ཀྱི་ཡུལ་དུ་གྲུབ་པ་ནི་མེད་དོ། །(ཡེ་ཤེས་བཤེས་གཉེན་ ན་རེ།)འདིར་རྣམ་པར་རིག་བྱེད་ཀྱི་སྒྲ་མཚུངས་ཀྱང་ངག་གི་རྣམ་པར་རིག་བྱེད་ལ་ཐལ་བར་མི་ འགྱུར་ཏེ་གཟུགས་ཀྱི་སྐྱེ་མཆེད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །ཞེས་ཀྱང་གསུངས་སོ། །བྱེད་ པའི་རྒྱན་ནི། བར་སྣང་གི་ནམ་མཁའི་ཁ་དོག་སྔོ་བསངས་ལ་སོགས་པ་གཅིག་པར་སྣང་བའོ། ། ཡང་ན་དྲི་རོ་ལ་སོགས་པ་མེད་པས་ཁ་དོག་གཅིག་པུར་སྣང་བའོ། ། (གསུམ་པ།)བསྡུ་བ་ནི། ཐམས་ཅད་ཀྱང་ཁ་དོག་དང་དབྱིབས་གཉིས་སུ་འདུ་ཞིང་དབྱིབས་ ཀྱང་ཁ་དོག་ཏུ་འདུ་བས། ཁ་དོག་དེ་ཡང་མཛེས་ཤིང་ཡིད་དུ་འོང་བར་སྣང་བས་མིག་ཤེས་ཀྱི་ འཁོར་དུ་བདེ་བ་སྐྱེད་པ་ཁ་དོག་བཟང་པོ་དང་། དེ་ལས་བཟློག་སྟེ་གདུང་བ་སྐྱེད་པ་ཁ་དོག་ ངན་པ་དང་། ཐ་མལ་གནས་པས་བཏང་སྙོམས་ཙམ་སྐྱེད་པ་དེ་གཉི་གའི་བར་མར་གནས་པ་ དང་། དུ་བ་དང་ཁུག་རྣ་ལ་སོགས་པ་ཁ་དོག་དང་འདྲ་བའོ། །ཡང་ན་ལྷ་དང་ངན་སོང་དང་མི་ དང་བར་དོའི་ཁ་དོག་བཞི་དང་རིམ་པ་ལྟར་སྦྱར་རོ། ། (བཞི་པ།)སོ་སོའི་རྣམ་གྲངས་ནི། (ས་སྡེ་ལས།)ཁ་དོག་དང་སྣང་བ་དང་གསལ་བ་ལ་སོགས་ པ་དང་། དབྱིབས་དང་རྒྱས་པ་ལ་སོགས་པ་དང་། རྣམ་པར་རིག་བྱེད་དང་། གཡོ་བ་དང་ ཀུན་ཏུ་གཡོ་བ་ལ་སོགས་པའོ། །སྤྱིའི་རྣམ་གྲངས་ནི། (ས་སྡེ་ལས།)མིག་གི་དབང་པོའི་ཡུལ་ སྤྱོད་ཡུལ་གཉིས་དང་། མིག་ཤེས་དང་ཡིད་ཤེས་ཀྱི་ཡུལ་སྤྱོད་ཡུལ་དམིགས་པ་གསུམ་གསུམ་ སྟེ་བརྒྱད་དོ། །ཡུལ་གྱི་དོན་ནི་འདི་ལ་བརྟེན་ནས་ཉོན་མོངས་པ་སྣ་ཚོགས་ཀྱིས་འཆིང་བར་ བྱེད་པའི་ཕྱིར་ཏེ་བི་ཥ་ཡ་ཞེས་པ་ནི་ཥི་འཆིང་བ་ལའོ་ཞེས་པའི་བྱིངས་ལས་བསྒྲུབས་པས་སོ། ། 1-1-72 མིག་ཤེས་དང་ཡིད་ཤེས་གཉིས་ཀྱི་རང་གི་སྣང་བ་འཛིན་པ་བསྐྱེད་པའི་དོན་གྱི་ན་དམིགས་ པ་ཞེས་བྱའོ། ། གཉིས་པ་སྒྲ་གང་ཞེ་ན། (གསུམ་ལས་དང་པོ།)མཚན་ཉིད་ནི། འབྱུང་བ་ཆེན་པོ་བཞི་དག་ རྒྱུར་བྱས་པ་ལས་བྱུང་བ་འབྲས་བུའི་གཟུགས་གང་ཞིག། དེའི་ཁྱད་པར་ཐ་མལ་བའི་རྣ་བའི་ དབང་པོའི་གཟུང་བར་བྱ་བའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་སྟེ་ཞེས་པའོ། ། (གཉིས་པ།)དབྱེ་བ་ལ་ཕན་གནོད་ཀྱིས་ཕྱེ་བ་ནི། གང་ཞིག་ཐོས་པ་ལས་རྣ་བའི་དབང་པོ་ ལ་ཕན་འདོགས་པ་ཡིད་དུ་འོང་ཞིང་སྙན་པའི་སྒྲ་དང་། གནོད་པར་འགྱུར་བ་ཡིད་དུ་མི་འོང་ བའི་སྒྲ་དང་། དེ་གཉིས་ཀ་མ་ཡིན་པ་བར་མར་གནས་པའི་སྒྲ་དང་། རྒྱུས་རབ་ཏུ་ཕྱེ་བ་ལག་ པ་དང་ངག་གི་སྒྲ་ལྟ་བུ་སེམས་རྒྱུད་ཀྱིས་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། རླུང་དང་ནགས་ཚལ་དང་ཆུའི་སྒྲ་ལྟ་བུ་སེམས་རྒྱུད་ཀྱིས་ཟིན་པ་མ་ཡིན་པའི་འབྱུང་བ་ཆེན་ པོའི་རྒྱུ་ལས་བྱུང་བ་དང་། ལག་པ་དང་རྫ་རྔ་ཕྲད་པའི་སྒྲ་ལྟ་བུ་དེ་གཉི་གའི་རྒྱུ་ལས་བྱུང་བ་ དང་། (ངག་རྣམ་རིག་བྱེད་ནི་ངག་སྒྲ་ཞེས་པ་ལྟར་སེམས་ཅན་དུ་)བསྟན་པས་རབ་ཏུ་ཕྱེ་བ་བུམ་པ་དང་སྣམ་ བུ་ལ་སོགས་པ་འཇིག་རྟེན་ཐ་མལ་གྱི་སྐད་ཀྱིས་བསྡུས་པའི་གྲགས་པ་དང་། སྟོང་པ་དང་ བདག་མེད་པ་ལ་སོགས་པ་གྲུབ་པ་འཕགས་པས་བསྟན་པ་དང་། དོན་ལ་མེད་བཞིན་དུ་མུ་ སྟེགས་པ་རྣམས་ཀྱིས་བདག་དང་གཙོ་བོ་ལ་སོགས་པར་ཀུན་བརྟགས་པའི་སྒྲ་དང་། ཐ་སྙད་ ཀྱིས་རབ་ཏུ་ཕྱེ་བ་མཐོང་ཐོས་བྱེ་བྲག་ཕྱེད་པ་རྣམ་པར་ཤེས་པ་བཞི་དང་། དེ་ལས་ལྡོག་པ་ (མ་མཐོང་སོགས་)བཞི་ལ་(མཐོང་བ་ལ་མཐོང་མ་མཐོང་བ་ལ་མ་མཐོང་སོགས་)དོན་དང་མཐུན་པར་བརྗོད་ པ་བདེན་པའི་ཐ་སྙད་བརྒྱད་ལྟ་བུ་འཕགས་པས་ཐ་སྙད་བཏགས་པ་དང་། (མཐོང་བ་ལ་མ་མཐོང་ སོགས་)དོན་དང་མི་མཐུན་པར་བརྗོད་པ་བརྫུན་པའི་ཐ་སྙད་བརྒྱད་ལྟ་བུ་འཕགས་པ་མ་ཡིན་ པས་ཐ་སྙད་བཏགས་པའོ། ། 1-1-73 (གསུམ་པ།)རྣམ་གྲངས་ནི། སྒྲ་དང་དབྱངས་དང་ང་རོ་དང་ངེས་ཚིག་དང་སྒྲ་སྐད་དང་ཚིག་ གི་རྣམ་པར་རིག་བྱེད་ཅེས་པ་ལ་སོགས་པ་སྟེ། ཡུལ་ཅན་གྱི་སྒོ་ནས་བསྟན་པ་བརྒྱད་ནི་སྔ་མ་ བཞིན་ནོ། ། གསུམ་པ་དྲི་གང་ཞེ་ན། (གསུམ་ལས་དང་པོ།)མཚན་ཉིད་ནི། འབྱུང་བ་ཆེན་པོ་བཞི་དག་རྒྱུར་ བྱས་པ་ལས་བྱུང་བ་འབྲས་བུའི་གཟུགས་གང་ཞིག དེའི་ཁྱད་པར་ཐ་མལ་པའི་སྣའི་དབང་ པོའི་གཟུང་བར་བྱ་བའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་སྟེ་ཞེས་པའོ། ། (གཉིས་པ།)དབྱེ་བ་ལ། ཕན་གནོད་ཀྱིས་ཕྱེ་བ་ནི། གང་ཞིག་ཚོར་བ་ལས་སྣའི་དབང་པོ་ ལ་ཕན་འདོགས་པ་དྲི་ཞིམ་པ་དང་། གནོད་པར་འགྱུར་བ་དྲི་ང་བ་དང་། ཐ་མལ་པར་གནས་ པ་དྲི་མཉམ་པ་དང་། གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ་ནི། རྫས་དེ་གྲུབ་པ་ན་དྲི་རང་ཆས་སུ་ འབྱུང་བ་ཙནྡན་ལ་སོགས་པའི་དྲི་ལྟ་བུ་ལྷན་ཅིག་སྐྱེས་པ་དང་། རྐྱེན་གྱི་དབང་གིས་དྲི་གསར་ དུ་འབྱུང་བ་བདུག་སྤོས་རིང་བུ་ལ་སོགས་པའི་དྲི་ལྟ་བུ་སྦྱར་བ་ལས་བྱུང་བ་དང་། སྔར་མེད་ ཀྱང་ཕྱིས་འབྱུང་བ་ཤིང་ཐོག་སྨིན་པའི་དྲི་ལྟ་བུ་གྱུར་པ་ལས་བྱུང་བའོ། ། (གསུམ་པ།)རྣམ་གྲངས་ནི། དྲི་དང་བསྣོམས་པ་དང་བསྣོམ་བྱ་དང་ཀུན་ཏུ་བསྣོམ་བྱ་ལ་སོགས་ པ་སྟེ་ཡུལ་ཅན་གྱིས་བསྟན་པ་བརྒྱད་ནི་སྔ་མ་བཞིན་ནོ། ། བཞི་པ་རོ་གང་ཞེ་ན། (གསུམ་ལས་དང་པོ།)མཚན་ཉིད་ནི། འབྱུང་བ་ཆེན་པོ་བཞི་དག་རྒྱུར་ བྱས་པ་ལས་བྱུང་བ་འབྲས་བུའི་གཟུགས་གང་ཞིག དེའི་ཁྱད་པར་ཐ་མལ་པའི་ལྕེའི་དབང་ པོའི་གཟུང་བར་བྱ་བའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་དེ་ཞེས་པའོ། ། (གཉིས་པ།)དབྱེ་བ་ལ། ལྕེའི་ཡུལ་རོ་དེ་ཡང་མཚན་ཉིད་ཀྱིས་ཕྱེ་བ་ནི། ཏིག་ཏ་ལྟ་བུ་ཁ་ བ་དང་། སྟར་བུ་ལྟ་བུ་སྐྱུར་བ་དང་། པི་པི་ལིང་ལྟ་བུ་ཚ་བ་དང་། ཨ་རུར་ལྟ་བུ་བསྐ་བ་དང་། ཚྭ་ལྟ་བུ་ལན་ཚྭ་དང་། བུ་རམ་ལྟ་བུ་མངར་བ་དང་དྲུག་སྟེ། ཡན་ལག་བརྒྱད་པ་ལས། རོ་ནི་ 1-1-74 མངར་སྐྱུར་ལན་ཚྭ་དང་། །ཚ་དང་ཁ་དང་བསྐ་བ་སྟེ། །དེ་ལ་དང་པོ་(མངར་སོགས་)གསུམ་པོས་ ནི། །རླུང་འཇོམས་ཚ་སོགས་(གསུམ་གྱིས་)བད་ཀན་སེལ། །བསྐ་དང་ཁ་དང་མངར་བ་ཡིས། ། མཁྲིས་སེལ་གཞན་(ཁ་བ་ཁ་ཡི་དྲི་སྦྱོར་བྱེད། །སྐྱུར་བ་ཁ་ནས་ཆུ་འཛག་ཅིང་། །ཚ་བ་ཙག་ཙག་བྱེད་པར་འགྱུར། །བསྐ་ བ་ལྕེ་བེམ་རྩ་སྦུབས་འགག། ལན་ཚྭ་ཁར་ནི་མཆིལ་མ་འདུ། །མངར་བ་ཁ་ལྕེ་མ་ལུས་ཚིམ། །)རྣམས་བྱེད་པ་ཡིན། །ཞེས་ ཕན་འདོགས་པའི་བྱེད་ལས་ཀྱིས་ཀྱང་བསྟན་ཏོ། །ཡང་སྔ་མ་ལྟར་ཕན་གནོད་ཀྱིས་ཕྱེ་བ་ནི། གང་ཞིག་མྱངས་པ་ལས་ལྕེའི་དབང་པོ་ལ་ཕན་འདོགས་པ་ཡིད་དུ་འོང་བ་དང་། །གནོད་པར་ འགྱུར་བ་ཡིད་དུ་མི་འོང་བ་དང་། ཐ་མལ་པར་གནས་པ་སྟེ་གཉི་ག་མ་ཡིན་པ་དང་། གནས་ སྐབས་ཀྱིས་རབ་ཏུ་ཕྱེ་བ་ནི། བུར་ཤིང་གི་རོ་ལྟ་བུ་ལྷན་ཅིག་སྐྱེས་པ་དང་། ཆང་གི་རོ་ལྟ་བུ་ སྦྱར་བ་ལས་བྱུང་བ་དང་། འབྲས་བུ་སྨིན་པའི་རོ་ལྟ་བུ་གྱུར་པ་ལས་བྱུང་བའོ། ། (གསུམ་པ།)རྣམ་གྲངས་ནི། རོ་དང་མྱང་བྱ་དང་མིད་བྱ་དང་བཟའ་བ་དང་བཏུང་བ་དང་ ལྡག་པ་དང་གཞིབ་པ་དང་ཉེ་བར་སྤྱད་བྱ་ལ་སོགས་པ་སྟེ། ཡུལ་ཅན་གྱིས་བསྟན་པ་བརྒྱད་ནི་ སྔ་མ་བཞིན་ནོ། ། ལྔ་པ་རེག་བྱ་ལ་གཉིས་ཡོད་པའི་འབྱུང་བ་བཤད་ཟིན་པས་ཕྱོགས་གཅིག་འབྱུང་གྱུར་ གྱི་རེག་བྱ་གང་ཞེ་ན། (བཞི་ལས་དང་པོ།)མཚན་ཉིད་ནི། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ ཞེས་པ་རྒྱུའི་གཟུགས་ཀྱི་རེག་བྱ་ལས་ཕྱེ་ནས་ཕྱོགས་གཅིག་འབྲས་བུའི་གཟུགས་སུ་མཚོན་ ལ་ལུས་ཀྱི་དབང་པོའི་གཟུང་བའི་དོན་གང་ཡིན་པ་སྟེ་ཞེས་(དཔེ་ལ་ལ་ན་མེད་ཀྱང་ཡོད་པ་དག་)པས་ དབང་པོ་གཞན་གྱི་གཟུང་དོན་ལས་ཕྱེ་ནས། ཐ་མལ་བའི་ལུས་ཀྱི་དབང་པོའི་སྤྱོད་ཡུལ་གང་ ཡིན་པ་དེ་རེག་བྱའི་མཚན་ཉིད་ཅན་ནོ་ཞེས་པའོ། །དེས་ན་མཚན་ཉིད་ཀྱི་ཟུར་དང་པོ་མ་སྦྱར་ བ་ནི་རེག་བྱ་སྤྱིའི་མཚན་ཉིད་ཡིན་ལ། སྦྱར་བ་ནི་འབྲས་བུའི་གཟུགས་ཀྱི་རེག་བྱའི་མཚན་ ཉིད་དོ། ། 1-1-75 (གཉིས་པ།)དབྱེ་བ་ལ་ཉི་ཤུ་རྩ་གཉིས་ཡོད་ཀྱང་སྡེ་ཚན་དྲུག་སྟེ། ཀུན་ཏུ་རྣམ་པས་གཞག་པ་ ནི། མི་རྩུབ་ཅིང་སྤྲད་དུ་བཟོད་པ་(དར་ལྟ་བུ་)འཇམ་པ་ཉིད་དང་། རུད་རུད་པོ་སྤྲད་དུ་མི་བཟོད་ པ་(ཕྱར་བ་ལྟ་བུ་)རྩུབ་པ་ཉིད་དང་ཞེས་པ་སྟེ། ཉིད་ཅེས་པ་རྣམས་ནི་སྔར་བཤད་པ་ལྟར་ཁོ་ནའི་ དོན་ཅན་ནོ། །ཀུན་ཏུ་གཞལ་བས་གཞག་པ་ནི། གདེག་སླ་ཞིང་འཇལ་བྱེད་སྲང་གི་མགོ་མཐོ་ བར་བྱེད་པ་(སྒྲོ་ལྟ་བུ་)ཡང་བ་ཉིད་དང་། དེ་ལས་ལྡོག་སྟེ་འདེགས་པར་དཀའ་བ་(ལྕགས་ལྟ་བུ་) ལྕི་བ་ཉིད་དང་། རེག་པས་གཞག་པ་ནི། སྙི་ཞིང་བཅག་དགུག་སླ་བས་(གླ་ཏེལ་ལྟ་བུ་)མཉེན་ པ་ཉིད་དང་། གནོན་པས་གཞག་པ་ནི། བཙིར་དུ་རུང་ཞིང་འབོལ་བར་སྣང་བ་(སྲིན་བལ་ལྟ་བུ་) ལྷོད་པ་དང་། དེ་ལས་ལྡོག་སྟེ་མཁྲང་བར་སྣང་བ་(རྡོ་ལྟ་བུ་)ལྷོད་པ་མ་ཡིན་པ་དང་། འདུས་པས་ གཞག་པ་ནི། གྲང་བ་དང་། འོག་ནས་འབྱུང་བའི་འགྲེད་པ་སྟེ། ཆུ་དང་རླུང་འདུས་པ་ཤས་ཆེ་ བ་ལས་གང་གི་གཉེན་པོར་དྲོ་བ་འདོད་པ་ན་གྲང་བ་ཡིན་ཞིང་། དེས་སོས་ཀའི་གྲང་བ་ལ་ མ་ཁྱབ་པའི་སྐྱོན་མེད་དེ་དེའི་རིགས་ཅན་དུ་གཅིག་པའི་ཕྱིར་རོ། །ཁམས་སྙོམས་མ་སྙོམས་ ཀྱིས་གཞག་པ་ལ། བཀྲེས་པ་ལ་སོགས་པ་དགུ་ནི་མ་སྙོམས་པ་དང་། ཉམ་ཡོད་པ་དང་ངལ་ སོས་པ་དང་སྦུངས་ཆེ་བ་གསུམ་ནི་སྙོམས་པ་དང་། ཚིམ་པ་ནི་སྙོམས་མ་སྙོམས་གཉི་གའི་ཆ་ ནས་བཞག་པ་སྟེ། དེའང་ཟས་འདོད་པར་བྱེད་པ་རླུང་གི་ཁམས་ཤས་ཆེ་བ་བཀྲེས་པ་དང་། བཏུང་བ་འདོད་པར་བྱེད་པ་མེའི་ཁམས་ཤས་ཆེ་བ་སྐོམ་པ་དང་ཞེས་པ་ལ། ཟས་སྐོམ་འདོད་ པ་སེམས་བྱུང་ཡིན་པས་རེག་བྱ་མ་ཡིན་ནོ་སྙམ་ན། བཀྲེས་སྐོམ་གྱི་རྒྱུ་ལྟོ་བའི་ནང་ན་རླུང་ དང་མེ་ཤས་ཆེ་བའི་རེག་བྱ་འགའ་ཞིག་ལ་བཀྲེས་སྐོམ་དུ་བཏགས་ནས་བསྟན་པ་སྟེ། (སོ་སོར་ ཐར་བ་ལས།)སངས་རྒྱས་རྣམས་ནི་འབྱུང་བ་(བདེ་བའི་རྒྱུ་ཡིན་པ་ལ་)བདེ། །ཞེས་པ་ལྟར་རོ། །ཁམས་ སྙོམས་པའི་དུས་སུའང་ཟས་ཀྱིས་ཚིམ་པ་འབྱུང་ཞིང་། མི་སྙོམས་པའི་དུས་སུའང་ནད་ཀྱི་ དབང་གིས་ཚིམ་པ་འབྱུང་བས་དེ་དུས་ཀྱི་རེག་བྱ་དང་། ཁམས་སྙོམས་པ་ལས་ཉམས་སྟོབས་ 1-1-76 ཆེན་པོ་ཡོད་པའི་དུས་ཀྱི་རེག་བྱ་དང་། མ་སྙོམས་པ་ལས་ཉམ་ཆུང་ཞིང་རིད་པའི་དུས་ཀྱི་རེག་ བྱ་དང་། ཉེས་པར་ཟོས་པས་བརྒྱལ་པའི་དུས་ཀྱི་རེག་བྱ་དང་། ཁྲག་ལ་གནོད་པས་གཡའ་ བའི་དུས་ཀྱི་རེག་བྱ་དང་། ཆུ་དང་ས་འདུས་པ་ལས་འགྲེད་པའི་རེག་བྱ་དང་། ཁམས་འགྱུར་ བས་ན་བའི་དུས་ཀྱི་རེག་བྱ་དང་། ན་ཚོད་འགྱུར་བས་རྒ་བའི་དུས་ཀྱི་རེག་བྱ་དང་། སྲོག་ འགྱུར་བས་འཆི་བའི་དུས་དུས་ཀྱི་རེག་བྱ་དང་། འགྲོ་འོང་དང་འབད་རྩོལ་ལ་སོགས་པས་ ངལ་བའི་དུས་ཀྱི་རེག་བྱ་དང་། དུབ་པ་སངས་ཏེ་ཁམས་སྙོམས་པ་ལས་ངལ་སོས་པའི་དུས་ ཀྱི་རེག་བྱ་དང་། འཇིགས་ཤིང་ཞུམ་པ་དང་བྲལ་ནས་གདེང་ཡོད་པ་ལས་མདངས་བཟང་ ཞིང་སྦུངས་ཆེ་བའི་དུས་ཀྱི་རེག་བྱ་སྟེ། དེ་དག་ཀྱང་ཕལ་ཆེར་དེ་དང་དེའི་གནས་སྐབས་སུ་ འབྱུང་བའི་རེག་བྱ་ལ་དེ་དང་དེའི་མིང་གིས་བརྗོད་པའོ། །བསྡུ་བར་ནི། འབྱུང་བ་བཞིའི་རེག་ བྱ་རྫས་སུ་ཡོད་ལ། འབྲས་བུའི་གཟུགས་ཀྱི་རེག་བྱ་ནི་འབྱུང་ཆེན་གྱི་ཁྱད་པར་ལས་བཏགས་ པར་གསུངས་ཤིང་། དེའང་ཆུ་དང་མེ་ཤས་ཆེ་ན་འཇམ་པ་དང་། ས་དང་རླུང་ཤས་ཆེ་ན་རྩུབ་ པ་དང་། མེ་དང་རླུང་ཤས་ཆེ་ན་ཡང་བ་དང་། ས་དང་ཆུ་ཤས་ཆེ་ན་ལྕི་བ་དང་། ཆུ་དང་རླུང་ ཤས་ཆེ་ན་གྲང་བ་དང་། རླུང་ཤས་ཆེ་ན་བཀྲེས་པ་དང་། མེ་ཤས་ཆེ་ན་སྐོམ་པ་ལ་སོགས་པའོ། ། འགའ་ཞིག་ནི་འཇམ་རྩུབ་ཡང་ལྕི་གྲང་བ་བཀྲེས་སྐོམ་བདུན་དང་འབྱུང་བ་བཞི་སྟེ་བཅུ་ གཅིག་རྫས་སུ་གྲུབ་པ་དང་། གཞན་རྣམས་ནི་དེ་དག་ལ་བརྟེན་ནས་བཏགས་པར་འདོད་དེ། ཐམས་ཅད་ཀྱང་བསྡུ་ན་འཇམ་པ་དང་རྩུབ་པ་དང་བར་མ་གསུམ་དུའང་འགྱུར་རོ། ། (གསུམ་པ།)རྣམ་གྲངས་ནི། རེག་པ་དང་རེག་བྱ་དང་རེག་པར་བྱ་བ་ལ་སོགས་པ་སྟེ་ཡུལ་ ཅན་གྱིས་བསྟན་པ་བརྒྱད་ནི་སྔ་མ་བཞིན་ནོ། །(བཞི་པ།)མིང་དོན་ལ། (བྱེ་བཤད་དུ།)ལུས་ཀྱིས་ རེག་པས་རེག་བྱ་ཡིན་ན་རེག་བྱས་རེག་པའི་ཕྱིར་ལུས་ཀྱང་རེག་བྱར་འགྱུར་རོ་ཞེ་ན། དཔྱད་ ན་གང་གིས་ཀྱང་ཅི་ལའང་རེག་པ་མེད་དེ། བདག་ཉིད་ཐམས་ཅད་ཀྱིས་རེག་ན་གོང་བུའང་ 1-1-77 རྡུལ་ཕྲ་རབ་ཙམ་དུ་འགྱུར་ཞིང་། ཕྱོགས་གཅིག་གིས་རེག་ན་རྡུལ་ཕྲ་རབ་ཀྱང་ཆ་བཅས་སུ་ འགྱུར་(ཏེ་ཆ་མེད་ཉམས་)བའི་ཕྱིར་རོ། །ཐ་སྙད་ཙམ་དུ་ཡུལ་དང་དབང་པོ་བར་མ་ཆད་དུ་འབྱུང་ བ་ན་ལུས་ཤེས་ཀྱིས་ཡུལ་དམིགས་པས། དེའི་རྟེན་དབང་པོས་ཡུལ་ལ་རེག་ཅེས་བཏགས་ པའོ། །དེས་ན་ལུས་ཀྱིས་འབྱུང་བ་ལ་རེག་པ་ན་དེ་ལ་ཡོད་པའི་ཁ་དོག་ལ་སོགས་པ་ལ་མ་ རེག་སྟེ། ལུས་ཤེས་ཀྱིས་མི་འཛིན་པའི་ཕྱིར་རོ། །ལུས་ཀྱིས་རེག་པས་མེ་ཏོག་གི་ཁ་དོག་ལ་ སོགས་པ་ལ་གནོད་པར་སྣང་བ་ནི་དེའི་གནས་འབྱུང་བ་ལ་རེག་པས་ཡིན་ནོ། །དོན་དམ་པར་ ནི་འབྱུང་བ་ལའང་རེག་པ་མེད་མོད། འོན་ཀྱང་འདི་ནི་ཀུན་རྫོབ་ཐ་སྙད་ཀྱི་རྗེས་སུ་འབྲངས་ ཏེ་རྣམ་པར་བཞག་པའོ། །ཡུལ་གྱི་དབྱེ་བ་འདི་རྣམས་མདོ་འགའ་ཞིག་གི་རྗེས་སུ་འབྲངས་ ནས་འདི་དག་གིས་མཚོན་ཏེ་གཞན་དག་ཀྱང་ཤེས་པའི་དོན་དུ་བསྟན་པ་ཡིན་གྱི། དངོས་པོ་ ལ་གྲུབ་པའི་གྲངས་ངེས་པ་ནི་མ་ཡིན་ཏེ། ས་དང་ཕུང་པོ་ལྔ་པར། རྣམ་པ་གཞན་དུའང་ཕྱེ་ ཞིང་། མཛོད་ལས། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །དྲི་ ནི་རྣམ་བཞི་རོ་རྣམ་དྲུག །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་ཀྱང་བཤད་པའི་ཕྱིར་རོ། ། གསུམ་པ་ཡིད་ཀྱི་ཡུལ་དུ་གྱུར་པས། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གང་ཞེ་ན། (གཉིས་པ།)མདོར་བསྟན་པ། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། ཞེས་པའོ། །རྒྱས་བཤད་ ལ། རྟོག་པ་དང་སེམས་པ་དང་ཏིང་ངེ་འཛིན་གྱིས་ཕྱེ་བ་གསུམ་ལས། རྟོག་པས་ཕྱེ་བ་གཉིས་ ཀྱི་དང་པོ་ནི། བསྡུས་པ་ལས་གྱུར་པ་དང་། ཞེས་པ་མིག་ཤེས་ལས་བསྟན་དུ་མེད་ཀྱང་བསྡུས་ པའི་གོང་བུ་ཡིད་ཤེས་ཀྱིས་རྣམ་པར་བཤིག་ཅིང་ཕྱེ་བ་ལས་གཟུགས་ཀྱི་ཆུང་མཐར་བཞག་ པར་གྱུར་པ་རྡུལ་ཕྲ་རབ་བོ། །དེ་ལས་(ཡེ་ཤེས་བཤེས་གཉེན་)བྱུང་བའི་རྡུལ་ཕྲ་རབ་ནི་འབྲས་བུའི་ གཟུགས་སུ་ཐལ་བར་མི་འགྱུར་ཏེ། རྒྱུར་བྱས་པའི་གཟུགས་ཞེས་པའི་མདོར་བསྟན་པ་དང་ མ་འབྲེལ་(ཞིང་འདི་ནི་འབྲེལ་)བའི་ཕྱིར་ཞེས་ཀྱང་གསུངས་སོ། ། 1-1-78 གཉིས་པ་ནི། མངོན་པར་སྐབས་ཡོད་པ་དང་ཞེས་པ་དེ་ལས་གཞན་པ་འགོག་བྱེད་ཀྱི་ རེག་བྱ་དང་བྲལ་བ་ཡིད་ཤེས་ཀྱི་ཡུལ་དུ་བར་སྣང་སྐྱ་བོ་ལ་སོགས་པ་ཁ་དོག་སྣ་ཚོགས་པ་ སྣང་བ་དེ། སྔར་གྱི་མངོན་པར་སྐབས་ཡོད་པ་ནི་མིག་ཤེས་ལ་སྣང་བའོ། །སེམས་པས་ཕྱེ་ བ་ནི། ཡང་དག་པར་བླངས་པ་ལས་བྱུང་བ་དང་ཞེས་པ་རྣམ་པར་རིག་བྱེད་མ་ཡིན་པའི་ གཟུགས་ཏེ། དེ་ལ་བྱེ་བྲག་སྨྲ་བའི་ལུགས་ཀྱིས། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་ དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་ བརྗོད། །ཅེས་པ་ལྟར་སེམས་གཡེངས་པ་དང་། སེམས་མེད་པའི་གནས་སྐབས་དང་། ཡང་ སྒྲས་མ་གཡེངས་ཤིང་སེམས་དང་བཅས་པའི་གནས་སྐབས་ཐམས་ཅད་ན་ཡོད་པ་དགེ་བ་ སྡོམ་པ་དང་བར་མ་དང་། མི་དགེ་བ་སྡོམ་མིན་དང་བར་མ་གང་ཡིན་པའི་རྒྱུན་རྗེས་སུ་འབྲེལ་ བ་འདས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ལས་བྱུང་བ། གཟུགས་དང་བྱེད་པའི་རང་ བཞིན་ཡིན་ཡང་རྣམ་པར་རིག་བྱེད་ལྟར་རང་ཀུན་ནས་སློང་བའི་སེམས་པ་གཞན་ལ་རིག་ པར་མི་བྱེད་པ། མིག་གི་ཡུལ་བསྟན་དུ་མེད་ཅིང་། གཞན་འགོག་བྱེད་ཀྱི་རེག་བྱ་དང་བྲལ་ བ་ཐོགས་པ་ཡང་མེད་པའི་གཟུགས་རྫས་སུ་གྲུབ་པར་འདོད་མོད། དེ་ནི་ཀུན་ཏུ་བརྟགས་ པ་ཙམ་ཡིན་གྱི་དོན་ལ་གྲུབ་པ་མེད་དེ། ཚད་མས་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་། དུས་ འདི་ནས་བཟུང་སྟེ་སྲོག་གཅོད་པ་ལ་སོགས་པ་སྤང་ཞེས་ཁས་བླངས་ནས། ཕྱིན་ཆད་དེ་མི་ བྱེད་ཙམ་ལ་སྡོམ་པར་འཇོག་ཅིང་མི་བྱེད་པ་དེ་ནི་རྫས་སུ་གྲུབ་པ་མེད་པའི་ཕྱིར་དང་། འདས་ པའི་འབྱུང་བ་ལ་བརྟེན་ནས་འདོགས་ཀྱང་འདས་པའི་འབྱུང་བ་དེ་ནི་ད་ལྟར་བ་བཞིན་དུ་རང་ གི་ངོ་བོར་མེད་པའི་ཕྱིར་དང་། གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བ་ཡིན་པ་ལ། དེ་ ནི་གང་གིས་ཀྱང་གཟུགས་སུ་རུང་བ་མ་ཡིན་པས་མཚན་ཉིད་མི་ལྡན་པའི་ཕྱིར་རོ། །དེས་ ན་འདིར་ནི་བསྙེན་པར་རྫོགས་པའི་ཆོ་ག་ལ་སོགས་པས་ཡང་དག་པར་བླངས་པ་ལས་བྱུང་ 1-1-79 བའི་སེམས་སེམས་པ་ས་བོན་དང་བཅས་པ་སྟེ། དེ་གཟུགས་སུ་འཇོག་པ་ནི་ཡུལ་ལུས་ངག་ ལ་བརྟེན་ནས་བྱུང་བས་ཡུལ་ཅན་སེམས་པ་ལ་ཡུལ་(ལུས་ངག་གི་)གྱི་མིང་གིས་བཏགས་པའོ། ། འོ་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་བླངས་པ་ལས་བྱུང་བ་མ་ཡིན་ནོ་ཞེ་ན་བདེན་ མོད། དེ་ལྟ་ནའང་བླངས་པ་དང་འདྲ་བའི་ཕྱིར་དེ་དག་བླངས་པར་བརྗོད་པའམ། བླངས་པ་ སོགས། ཞེས་པའི་སོགས་ཀྱི་སྒྲ་ཕྱིས་པ་ལས་སོ་ཞེས་ཀྱང་(ཡེ་ཤེས་བཤེས་གཉེན་གྱིས་)གསུངས་སོ། ། ཕུང་པོ་ལྔ་པ་ལས། རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན། རྣམ་པར་རིག་བྱེད་དམ་ཏིང་ངེ་ འཛིན་ལས་བྱུང་བའི་གཟུགས་ཏེ། བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ་ཞེས་གསུངས་པས། འདོད་པའི་རྣམ་པར་རིག་བྱེད་དགེ་མི་དགེ་ལས་བྱུང་བ་སྡོམ་པ་དང་། སྡོམ་མིན་དང་བར་ མའི་གཟུགས་དང་། ཟག་བཅས་ཀྱི་ཏིང་ངེ་འཛིན་དང་ལྷན་ཅིག་བྱུང་བ་བསམ་གཏན་གྱི་སྡོམ་ པའི་གཟུགས་དང་། ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྷན་ཅིག་བྱུང་བ་ཟག་མེད་ཀྱི་སྡོམ་ པའི་གཟུགས་སོ། །བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །ཞེས་གསུངས་པའང་(སྡོམ་པ་དང་ སྡོམ་མིན་གྱི་ངོ་བོ་ནི་སེམས་པའི་ཕྱིར་རོ། །དེའི་བག་ཆགས་ཀྱིས་གཏོང་རྒྱུས་མ་བཅོམ་པའོ། །ལས་གྲུབ་པ་ལས། གལ་ཏེ་སེམས་ པ་ཁོ་ན་ལུས་ཀྱི་ལས་སུ་འགྱུར་ན་སེམས་རྣམ་པར་གཡེང་བ་དག་དང་། སེམས་མེད་པ་དག་ལ་སེམས་པ་དེ་མེད་ན། སྡོམ་པ་དང་ སྡོམ་པ་མིན་པ་གཉིས་ཇི་ལྟར་ཡོད་ཅེ་ན། སེམས་པའི་ཁྱད་པར་གྱི་བག་ཆགས།)གཙོ་ཆེར་ཏིང་ངེ་འཛིན་གྱི་ཡུལ་གྱི་ གཟུགས་ལ་དགོངས་པའོ། །ཏིང་ངེ་འཛིན་གྱིས་ཕྱེ་བ་གཉིས་ཀྱི་དང་པོ་ནི། ཀུན་བརྟགས་པ་ དང་། ཞེས་པ་མི་སྡུག་པ་བསྒོམ་པའི་ཏིང་ངེ་འཛིན་གྱི་ཡུལ་དུ་ཀུན་ཏུ་བརྟགས་པ་ལས་ཀེང་ རུས་ལ་སོགས་པར་སྣང་བ་སྟེ། (ཡེ་ཤེས་མ་བཅོམ་པའི་ཕྱིར་སྡོམ་པ་དང་སྡོམ་པ་མིན་པ་གཉིས་ཡོད་དོ། །ཡེ་ཤེས་ བཤེས་གཉེན་གྱིས།) སྒོམ་པ་པོའི་སེམས་ལས་ཐ་མི་དད་ཀྱང་ཐ་དད་པ་ལྟར་སྣང་བས་གཟུགས་ སུ་བཞག་པའོ་ཞེས་ཀྱང་གསུང་ངོ་། ། གཉིས་པ་ནི། དབང་འབྱོར་པའོ། །ཞེས་པ་རྣམ་པར་ཐར་པ་དང་བསམ་གཏན་ལ་དབང་ 1-1-80 འབྱོར་པ་རྣམས་ཀྱི་ཤེས་པའི་ཡུལ་དུ་གསེར་དང་བཻཌཱུརྱ་ལ་སོགས་པའི་གཟུགས་སུ་སྣང་བ་ སྟེ་སྔ་མ་བཞིན་ནོ། །དེ་དག་ཀྱང་(ཡེ་ཤེས་བཤེས་གཉེན་གྱིས་)རྣམ་ཤེས་ཀྱིས་གཟུང་ཆ་འབྱུང་བ་ དང་འབྱུང་གྱུར་གྱི་རྣམ་པ་རྣམས་ལའང་གཟུགས་ཉིད་དུ་གྲགས་པའི་ཕྱིར་གཟུགས་སུ་བཞག་ (དེ་ལྟར་ལྔ་ནི་གཟུགས་སུ་ཀུན་ཏུ་ཐ་སྙད་བཏགས་པ་ཡིན་གྱི་རྫས་སུ་མེད་)ཅིང་། གང་ཡང་བསྟན་དུ་མེད་ཅིང་ ཐོགས་པ་མེད་པའི་གཟུགས་ཞེས་བཀའ་སྩལ་པ་དེའང་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་འདི་ ཁོ་ན་ལ་དགོངས་པའོ་ཞེས་ཀྱང་གསུང་ངོ་། ། གཉིས་པ་ཚོར་བ་ལ་སྤྱི་དོན་བཞིའི། (དང་པོ།)དམིགས་པ་ནི། ཆོས་ཐམས་ཅད་དེ་ཚོར་བ་ ཀུན་འགྲོ་ཡིན་པའི་ཕྱིར་རོ། །(གཉིས་པ།)རྣམ་པ་ནི། བརྒྱད་སྟོང་འགྲེལ་བར། དམིགས་པ་ལ་ འཛིན་པའི་བྱེ་བྲག་ཉིད་ནི་རྣམ་པའོ། །ཞེས་གསུངས་པ་ལྟར་ཤེས་པའི་འཛིན་སྟངས་ཏེ་སིམ་ པ་དང་གདུང་བ་དང་བཏང་སྙོམས་སུ་སྣང་བའོ། ། (གསུམ་པ།)དབྱེ་བ་ནི། ཡིད་ཤེས་དང་མཚུངས་ལྡན་གྱི་སིམ་པ་ཡིད་བདེ་བ་དང་། རྣམ་ ཤེས་ལྔ་དང་མཚུངས་ལྡན་གྱི་སིམ་པ་ཡིད་བདེ་བ་དང་། རྣམ་ཤེས་ལྔ་དང་མཚུངས་ལྡན་གྱི་ གདུང་བ་སྡུག་བསྔལ་དང་། ཡིད་ཤེས་དང་མཚུངས་ལྡན་གྱི་གདུང་བ་ཡིད་མི་བདེ་བ་དང་། སིམ་གདུང་གཉི་ག་མེད་པ་བཏང་སྙོམས་དང་ལྔ་སྟེ། (དབང་པོ་གཟུགས་ཅན་གྱི་)ལུས་ཚོར་སིམ་ པ་མ་ཡིན་གང་(ཡིན་པ་དེ)། །སྡུག་བསྔལ་(གྱི་)དབང་པོའོ་(ལུས་ཀྱི་ཚོར་བ་)སིམ་པ་ནི། །བདེ་ བའོ་བསམ་གཏན་གསུམ་པ་ན། །སེམས་(སིམ་པ་དེ་ཉིད་)ཀྱི་དེ་ནི་བདེ་(བའི་)དབང་པོ(ཡིན་ལ)། ། གཞན་(འདོད་པ་དང་བསམ་གཏན་དང་པོ་དང་གཉིས་པ་)ན་(སེམས་ཀྱི་ཚོར་བ་)དེ་ཡིད་བདེ་བའོ། །སེམས་ (ཡིད་ཤེས་)ཀྱི་སིམ་པ་མ་ཡིན་གང་(ཡིན་པ་དེ)། །ཡིད་མི་བདེ་བའོ་བཏང་སྙོམས་ནི། །(སིམ་པའང་མ་ ཡིན་གདུང་བའང་མ་ཡིན་པས་)བར་མའོ་གཉི་གར་མི་རྟོག་ཕྱིར། །ཞེས་པ་ལྟར་རོ། ། (བཞི་པ།)ཁམས་དང་སའི་ཁྱད་པར་ནི། འདོད་པའི་ཁམས་ན་ལྔ་ཀ་ཡོད་ཅིང་། གཟུགས་ 1-1-81 ཁམས་བསམ་གཏན་དང་པོ་ན་ཡིད་མི་བདེ་བ་སྤངས་པས་གཞན་བཞི་དང་། གཉིས་པ་ན་དེ་ དང་སྡུག་བསྔལ་ཡང་སྤངས་པས་གཞན་གསུམ་དང་། གསུམ་པ་ན་ཡིད་བདེ་བ་ཡང་སྤངས་ པས་བདེ་བ་དང་བཏང་སྙོམས་གཉིས་དང་། བཞི་པ་ཡན་ཆད་གཟུགས་མེད་དང་བཅས་པ་ན་ བདེ་བ་ཡང་སྤངས་པས་བཏང་སྙོམས་འབའ་ཞིག་ཡོད་དོ། ། གཞུང་དོན་ལ། ཚོར་བའི་ཕུང་པོའི་རྣམ་པར་གཞག་པ་གང་ཞེ་ན། ལན་ལ་གཉིས་ལས། (དང་པོ།)རྟེན་དང་ངོ་བོའི་སྒོ་ནས་དྲུག་ཏུ་བཞག་པ་ནི། ཚོར་བའི་མཚན་ཉིད་ཅན་དུ་མ་འདུས་ པའི་ཚོགས་ནི་རྟེན་གྱི་སྒོ་ནས་རྣམ་པ་དྲུག་སྟེ་ཞེས་མདོར་བསྟན་ནས། རྒྱས་བཤད་ནི། སེམས་ བྱུང་གཞན་ཐམས་ཅད་ཀྱང་ཡུལ་དབང་ཡིད་ལ་བྱེད་པ་གསུམ་འདུས་ནས་དབང་པོའི་འགྱུར་ བ་ཡོངས་སུ་གཅོད་པའི་རེག་པ་ལས་བྱུང་བ་ཡིན་ཡང་། ཁྱད་པར་གསལ་བ་བསྟན་པའི་ཆེད་ དུ་མིག་གི། དབང་པོ་དང་། ཡུལ་གཟུགས་དང་། ཡིད་ལ་བྱེད་པ་གསུམ་འདུས་ཏེ་ཡུལ་གཅོད་ བྱེད་ཀྱི་རེག་པ་འབྱུང་ཞིང་། (ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་པས་)དེ་དང་མཚུངས་ལྡན་དུ་དེ་ལས་ བྱུང་བ་ཉམས་སུ་མྱོང་བའི་བདག་ཉིད་ཅན་གྱི་ཚོར་བ་ཞེས་རྟེན་གྱི་སྒོ་ནས་ངོས་བཟུང་སྟེ། དེའང་ངོ་བོའི་སྒོ་ནས་འཆད་པ་སིམ་ཞིང་ཕན་འདོགས་པར་སྣང་བས་འབྲལ་བར་མི་འདོད་ པ་བདེ་བ་ཡང་རུང་། གདུང་བ་སྐྱེད་ཅིང་གནོད་པར་སྣང་བས་འབྲལ་བར་འདོད་པ་སྡུག་ བསྔལ་ཡང་རུང་། སིམ་གདུང་གཉི་ག་དང་བྲལ་ཞིང་ཕན་གནོད་དུ་མི་སྣང་བས་འབྲལ་མི་ འབྲལ་གཉི་གར་མི་འདོད་པ། ལུས་སེམས་ཉམས་དམས་པར་བྱེད་ཅིང་ཡིད་དུ་འོང་བའི་ངོ་ བོ་ཅན་སྡུག་བསྔལ་ཡང་མ་ཡིན། ལུས་སེམས་རྒྱས་པར་བྱེད་ཅིང་ཡིད་དུ་འོང་བའི་ངོ་བོ་ཅན་ བདེ་བ་ཡང་མ་ཡིན་པ་ཡང་རུང་བ་བཏང་སྙོམས་དང་། དེ་བཞིན་སྦྱར་ཏེ། རྟེན་གྱི་སྒོ་ནས་རྣ་ བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་ 1-1-82 བྱུང་བའི་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམས་ངོ་བོའི་སྒོ་ནས་ ཡུལ་ཡིད་དུ་འོང་བ་ལ་བརྟེན་ནས་སིམ་པ་ཉམས་སུ་མྱོང་ཞིང་འབྲལ་བར་མི་འདོད་པ་བདེ་ བ་ཡང་རུང་། ཡུལ་ཡིད་དུ་མི་འོང་བ་ལ་བརྟེན་ནས་གདུང་བ་ཉམས་སུ་མྱོང་ཞིང་འབྲལ་བར་ འདོད་པ་སྡུག་བསྔལ་ཡང་རུང་། ཡུལ་བར་མ་ལ་བརྟེན་ནས་བཏང་སྙོམས་སུ་ཉམས་སུ་མྱོང་ ཞིང་འབྲལ་མི་འབྲལ་གཉི་གར་མི་འདོད་པ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ ཡང་རུང་། ཞེས་པ་སྟེ། རྟེན་འབྲེལ་གྱི་མདོ་འགྲེལ་ལས། གང་སྐྱེས་པ་ན་འབྲལ་མི་འདོད། ། འབྲལ་བར་འདོད་དང་གཉིས་མི་དགེ། །རྒྱུ་གང་ཚོར་བར་ཤེས་བྱ་སྟེ། །དེ་ནི་བདེ་སོགས་ གོ་རིམ་བཞིན། །ཞེས་པ་ལྟར་རོ། །དེ་ལ་དཀའ་ཐུབ་ཅན་འདོད་ཆགས་ལས་སྐྱེས་བའི་བདེ་ བ་བྱུང་བ་ན་འབྲལ་བར་འདོད་པ་(སྐྱེས་པ་ན་འབྲལ་བར་མི་འདོད་པའི་རིག་ཡིན་ཡང་)ནི་ཚུལ་ཁྲིམས་དང་ ཏིང་ངེ་འཛིན་གྱི་བར་ཆད་དུ་མཐོང་ནས་སུན་འབྱིན་པའི་ཕྱིར་རོ། །ཚོར་བ་(བདེ་སྡུག་གཉིས་སུ་འདུ་ མོད་)བར་མ་ཡོད་ནུས་པ་འདོན་སྤེལ་གང་གིས་ཤེས་སྙམ་ན། ལུང་ལས་ཀྱང་སྡུག་བསྔལ་ཡང་ སྤངས་བདེ་བ་ཡང་སྦངས་པའི་ཚོར་བ་གསུངས་པ་དང་། ཚོར་བ་ནི་ཀུན་འགྲོ་ཡིན་པས་དེ་ དང་བྲལ་བའི་སེམས་མི་སྲིད་ཅིང་བདེ་སྡུག་དང་བྲལ་བའི་སེམས་དམིགས་པ་ལས་ཀྱང་ཤེས་ སོ། །གང་ཡང་མདོ་ལས། གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ། །ཞེས་པ་དང་། བདེ་བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟ་བར་བྱའོ། །ཞེས་པ་དང་། སྡུག་བསྔལ་བདེའོ་སྙམ་ པ་ནི་འདུ་ཤེས་ཕྱིན་ཅི་ལོག་གོ་ཞེས་གསུངས་པ(འི་ཕྱིར་ཐམས་ཅད་སྡུག་བསྔལ་ཁོ་ནའོ་ཞེ་ན་)དེ་ནི་འདུ་ བྱེད་རྣམ་པར་འགྱུར་བ་ལ་དགོངས་ཤིང་། བདེ་བའི་ཚོར་བ་ལ་འདོད་ཆགས་དང་བྲལ་བར་ བྱ་བའི་དོན་དུ་བསྟན་པའོ། ། (གཉིས་པ།)དེ་རྣམས་རྣམ་པ་གཞན་གྱིས་གསལ་བར་བཤད་པ་ལ་གཉིས་ལས། (དང་པོ།) བཤད་བྱ་དགོད་པ་ནི། གནས་ཀྱི་སྒོ་ནས་བསྡུས་ཏེ་བསྟན་པ་ལ་གནས་གཟུགས་ཅན་དབང་ 1-1-83 པོ་སྒོ་ལྔ་ལ་བརྟེན་ནས་སྐྱེས་པའི་ཚོར་བ་གསུམ་ནི་བདེ་བ་སིམ་པར་མྱོང་བ་ལུས་ཀྱི་ཡང་རུང་། སྡུག་བསྔལ་གདུང་བར་མྱོང་བ་ལུས་ཀྱི་ཡང་རུང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་ མ་ཡིན་པ་བཏང་སྙོམས་སུ་མྱོང་བ་ལུས་ཀྱི་ཡང་རུང་བའོ། །གནས་གཟུགས་མེད་ཡིད་ཀྱི་ དབང་པོ་ལ་བརྟེན་ནས་སྐྱེས་པའི་ཚོར་བ་གསུམ་ནི་བདེ་བ་སིམ་པར་མྱོང་བ་སེམས་ཀྱི་ཡང་ རུང་། སྡུག་བསྔལ་གདུང་བར་མྱོང་བ་སེམས་ཀྱི་ཡང་རུང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ ཡང་མ་ཡིན་པ་བཏང་སྙོམས་སུ་མྱོང་བ་སེམས་ཀྱི་ཡང་རུང་བ་སྟེ། དེ་དག་ཀྱང་གསུང་རབ་ ལས་ལུས་ཀྱི་ཚོར་བ་དང་། སེམས་ཀྱི་ཚོར་བའི་ཐ་སྙད་གསུངས་པ་གཏན་ལ་དབབ་པའི་ཆེད་ དུའོ། །སྤང་བྱ་དང་གཉེན་པོའི་སྒོ་ནས་བསྟན་པ་ལ་གཉིས་ལས། འཇིག་ཚོགས་འཁོར་བ་ལ་ ཆགས་བྲལ་གྱི་སྤང་གཉེན་གྱི་དབང་དུ་བྱས་ཏེ་སྤང་བྱ་ཟག་པ་དང་བཅས་པའི་ཚོར་བ་གསུམ་ ནི། བདེ་བ་སིམ་པར་མྱོང་བ་ཟང་ཟིང་དང་བཅས་པ་ཡང་རུང་། སྡུག་བསྔལ་གདུང་བར་ མྱོང་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་དང་ཡང་མ་ཡིན་པ་བཏང་སྙོམས་སུ་མྱོང་བ་ ཟང་ཟིང་དང་བཅས་པ་ཡང་རུང་བའོ། །གཉེན་པོ་ཟག་པ་མེད་པའི་ཚོར་བ་གསུམ་ནི། བདེ་ བ་སིམ་པར་མྱོང་བ་ཟང་ཟིང་མེད་པ་ཡང་རུང་། སྡུག་བསྔལ་གདུང་བར་མྱོང་བ་དང་། སྡུག་ བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་སུ་མྱོང་བ་ཟང་ཟིང་མེད་པ་ཡང་རུང་ བའོ། །འཇིག་རྟེན་པའི་ཆགས་བྲལ་གྱི་དབང་དུ་བྱས་ནས་སྤང་བྱ་འདོད་ཁམས་ཀྱི་ཚོར་བ་ གསུམ་ནི། བདེ་བ་སིམ་པར་མྱོང་བ་ཞེན་པ་བརྟེན་པ་ཡང་རུང་། སྡུག་བསྔལ་གདུང་བར་མྱོང་ བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་སུ་མྱོང་བ་མངོན་པར་ འབྱུང་བ་བརྟེན་པ་ཡང་རུང་བའོ། །གཉེན་པོ་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཚོར་ བ་གསུམ་ནི། བདེ་བ་སིམ་པར་མྱོང་བ་ཞེན་པ་བརྟེན་པ་ཡང་རུང་། སྡུག་བསྔལ་གདུང་བར་ མྱོང་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་མ་ཡིན་པ་བཏང་སྙོམས་སུ་མྱོང་བ་མངོན་པར་ 1-1-84 འབྱུང་བ་བརྟེན་པ་ཡང་རུང་བའོ། ། (གཉིས་པ)དེ་ཉིད་བཤད་པ་ལ་གནས་ལུས་ལ་བརྟེན་པ་ཉིད་ཀྱི་ཚོར་བ་གསུམ་གང་ཞེ་ན། སྤྱིར་ལུས་ཀྱི་སྒྲ་ལུས་ཀྱི་དབང་པོ་དང་། དབང་པོ་ལྔ་དང་། ཁོག་པ་དང་གཟུགས་ཀྱི་ཕུང་པོ་ དང་། ནང་གི་སྐྱེ་མཆེད་དྲུག་དང་། ཉེར་ལེན་གྱི་ཕུང་པོ་ལྔ་ལའང་འཇུག་པ་ལས། སྐབས་འདིར་ ནི་དབང་པོ་ལྔ་བོ་ལུས་ལ་ཐ་དད་དུ་མི་འཇུག་པ་དང་། ཐོགས་བཅས་ཡིན་པ་དང་། རྡུལ་ཕྲན་ བསགས་པ་ཡིན་པའི་ཕྱིར་ལུས་ཞེས་བྱ་སྟེ། དེས་ན་ལུས་དབང་པོ་གཟུགས་ཅན་ལྔ་ལ་བརྟེན་ ནས་སྐྱེས་པ་རྣམ་པར་ཤེས་པ་ཚོགས་ལྔ་དང་མཚུངས་པར་ལྡན་པའི་ཚོར་བ་བདེ་བ་ལ་སོགས་ པ་གསུམ་པོའོ། །དེ་བཞིན་དུ་གནས་སེམས་ལ་བརྟེན་པ་ཉིད་ཀྱི་ཚོར་བ་གང་ཞེ་ན། གཙོ་བོར་ ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བདེ་བ་ལ་སོགས་པའོ། །དེ་དག་ཀྱང་ སེམས་ལ་བརྟེན་ཅིང་སེམས་ལ་དངོས་སུ་ཕན་གནོད་བྱེད་པའི་ཕྱིར་རོ། །སྤང་བྱ་ཟང་ཟིང་ དང་བཅས་པའི་ཚོར་བ་གང་ཞེ་ན། ལུས་(ཀྱི་སྐད་དོད་)ནི། ཨཱཏྨ་བྷ་ཝ་ཞེས་པ་བདག་ཏུ་བསམ་ ཞེས་པར་འགྱུར་བས། འདི་ལ་བདག་ཏུ་བསམ་པ་ཡོད་པས་ན་ནང་ཉེར་ལེན་གྱི་ཕུང་པོ་ལྔ་ ནི་ལུས་ཡིན་ཞིང་། དེ་ལ་བདག་དང་བདག་གི་བར་ཆགས་ཤིང་སྲེད་པའི་རྣམ་པ་ཅན་ནི་ཟང་ ཟིང་སྟེ་དེ་དང་མཚུངས་པར་ལྡན་པའི་ཚོར་བ་བདེ་བ་ལ་སོགས་པའོ། །དེ་ལ་ནི་སྔར་བཤད་ པའི་ལུས་(རྣམ་ཤེས་སྒོ་ལྔ་དང་ཡིད་ཤེས་)དང་སེམས་ཀྱི་ཚོར་བ་གཉི་ག་ཡོད་དེ། ཕྱི་མ་(ཟང་ཟིང་མེད་པ་ ལ་སོགས་པ་)གསུམ་ལའང་དེ་བཞིན་ནོ། །གཉེན་པོ་ཟང་ཟིང་མེད་པའི་ཚོར་བ་གང་ཞེ་ན། ལུས་ ཉེར་ལེན་གྱི་ཕུང་པོ་ལྔ་བོ་དེ་ལ་བདག་དང་བདག་གི་བའི་སྲེད་པ་དང་མཚུངས་པར་མི་ལྡན་ ཞིང་ཆགས་བྲལ་དགྲ་བཅོམ་པ་ཐོབ་པ་དང་རྗེས་སུ་མཐུན་པ་ཐར་བ་ལ་བརྩོན་པའི་དགེ་བ་ དང་ལྷན་ཅིག་པའི་ཚོར་བ་བདེ་བ་ལ་སོགས་པ(དེ་ལ་སྡུག་བསྔལ་ཡོད་པ་ནི་ཀུན་ཤེས་པར་བྱེད་པ་དང་། ཀུན་ ཤེས་པའི་དབང་པོའི་དུས་ན་ཡིད་མི་བདེ་བ་ཡོད་པའོ། །)འོ། །སྤང་བྱ་ཞེན་པ་བརྟེན་པའི་ཚོར་བ་གང་ཞེ་ན། 1-1-85 འདོད་ཅིང་སྨོན་པར་བྱ་བས་ན་འདོད་པ་དང་། ཡང་ཡང་གོམས་པར་བྱ་བས་ན་དེའི་ཡོན་ཏན་ ཏེ། གཟུགས་(སྡུག་པ་)དང་སྒྲ་(སྙན་པ་)དང་དྲི་(ཞིམ་པ་)དང་རོ་(མངར་བ་)དང་རེག་བྱ་(འཇམ་པ་སྟེ་) ཡིད་དུ་འོང་བ་ལྔ་ལ་ཆགས་ཤིང་སྲེད་པ་ནི་ཞེན་པ་ཡིན་ལ། དེ་ལ་བརྟེན་ཞིང་དེ་དང་མཚུངས་ པར་ལྡན་པའི་ཚོར་བ་བདེ་བ་ལ་སོགས་པ(དེ་ལ་སྡུག་བསྔལ་ཡོད་པ་ནི་འདོད་ཡོན་དང་བྲལ་གྱིས་དོགས་པའི་ ཡིད་མི་བདེ་བ་ཡོད་པ)འོ། །གཉེན་པོ་མངོན་པར་འབྱུང་བ་ལ་བརྟེན་པའི་ཚོར་བ་གང་ཞེ་ན། འདོད་ པའི་ཡོན་ཏན་ལྔ་པོ་སྟེ་དེ་ལ་སྲེད་པ་དང་མཚུངས་པར་མི་ལྡན་ཞིང་འདོད་ཆགས་བྲལ་བ་ནི་ མངོན་པར་འབྱུང་བ་ཡིན་ལ། དེ་ལ་བརྟེན་ཅིང་དེ་དང་ལྷན་ཅིག་འབྱུང་བའི་ཚོར་བ་བདེ་བ་ལ་ སོགས་པ(དེ་ལ་དུཿཁ་ཡོད་པ་ནི་དེའི་ལམ་དང་བསམ་གཏན་དང་པོ་ན་ཡོད་པ)འོ། །གསུམ་པ་འདུ་ཤེས་ལ་སྤྱི་ དོན་བཞིའི། (དང་པོ།)དམིགས་པ་ནི། སྤྱི་རིགས་ནས་ཆོས་ཐམས་ཅད་དེ་འདིའང་ཀུན་ཏུ་འགྲོ་བ་ཡིན་ པའི་ཕྱིར་རོ། །(གཉིས་པ།)རྣམ་པ་ནི་ཡུལ་གྱི་སྤུ་རིས་མི་འདྲ་བ་སྣ་ཚོགས་རིག་ཅིང་སྣང་བའོ། ། (གསུམ་པ།)དབྱེ་བ་ནི་གཉིས་ཏེ། འཁོར་བ་རྟག་པ་དང་བདེ་བ་དང་བདག་དང་གཙང་བ་ལ་ སོགས་པར་འདུ་ཤེས་པ་ཕྱིན་ཅི་ལོག་དང་། དེ་ལས་ལྡོག་པ་ལ་སོགས་པར་འདུ་ཤེས་པ་ཕྱིན་ཅི་ མ་ལོག་པའོ། ། (བཞི་པ།)ཁམས་དང་སའི་ཁྱད་པར་ནི། སྤྱི་རིགས་ཁམས་གསུམ་པོ་ཐམས་ཅད་ན་ཡོད་ཅིང་། ཁམས་གང་ན་རྣམ་ཤེས་གང་མེད་པ་དེ་ན་དེ་དང་མཚུངས་ལྡན་གྱི་འདུ་ཤེས་ཀྱང་མེད་དེ། དེའི་ཁྱད་པར་ནི་འཆད་པར་འགྱུར་རོ། ། གཞུང་དོན་ལ། འདུ་ཤེས་ཀྱི་ཕུང་པོའི་རྣམ་གཞག་པ་གང་ཞེ་ན། ལན་ལ་གཉིས་ལས། (དང་པོ།)རྟེན་གྱི་སྒོ་ནས་བཤད་པ་ལ། འདུ་ཤེས་ཀྱི་མཚན་ཉིད་ཅན་དུ་མ་འདུས་པའི་ཚོགས་ནི་ རྟེན་གྱི་སྒོ་ནས་རྣམ་པ་དྲུག་སྟེ། ཞེས་མདོར་བསྟན་ནས། རྒྱས་བཤད་ནི། སྔ་མ་བཞིན་དུ་མིག་ 1-1-86 གི་དབང་པོ་དང་ཡུལ་གཟུགས་དང་ཡིད་ལ་བྱེད་པ་གསུམ་འདུས་ཏེ་ཡུལ་གཅོད་བྱེད་ཀྱི་རེག་ པ་འབྱུང་ལ་(རོ་གཟུགས་ལྟར་)དེ་དང་ཚོགས་པ་ཚར་གཅིག་ཏུ་དེ་ལས་བྱུང་བའི་ཡུལ་ལ་མཚན་ མར་འཛིན་ཞིང་སྤུ་རིས་འབྱེད་པའི་འདུ་ཤེས་དང་། དེ་བཞིན་དུ་སྦྱར་ཏེ། རྣ་བའི་འདུས་ཏེ་རེག་ པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ཏེ། ཞེས་པ་རྣམས་སོ། ། (གཉིས་པ།)དམིགས་པའི་སྒོ་ནས་བཤད་པ་ལ། (གཉིས་ལས་དང་པོ།)བཤད་བྱ་དགོད་པ་ནི། འདུ་ཤེས་གང་གིས་དམིགས་ཡུལ་མཚན་མ་དང་བཅས་པ་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་ པར་ཤེས་ཤིང་། དེ་བཞིན་དུ་མཚན་མ་མེད་པ་ཡང་དག་པར་ཤེས་པ་དང་། ཆུང་ངུའམ་དམན་ པ་ཡང་དག་པར་ཤེས་པ་དང་། རྒྱ་ཆེན་པོར་གྱུར་པའམ། ཁྱད་པར་དུ་འཕགས་པ་ཡང་དག་ པར་ཤེས་པ་དང་། ཚད་དམ་མཐའ་མེད་པ་ཡང་དག་པར་ཤེས་པ་དང་། དམིགས་ཡུལ་ཅི་ ཡང་གྲུབ་པ་མེད་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཡང་དག་པར་ཤེས་པའོ། ། (གཉིས་པ།)དེ་ཉིད་བཤད་པ་ལ། མཚན་མ་དང་བཅས་པའི་འདུ་ཤེས་གང་ཞེ་ན། བྱིས་ པ་སྐད་མ་བསླབས་པ་ལ་སོགས་པས་གཟུགས་ཀྱི་ངོ་བོ་ལ་མཚན་མར་འཛིན་ཡང་། འདི་ནི་ གཟུགས་སོ་ཞེས་མིང་དོན་གཅིག་ཏུ་སྦྱར་ནས་འཛིན་མི་ཤེས་པ་དང་། ཐ་སྙད་མི་མཁས་པའི་ འདུ་ཤེས་དང་། གཟུགས་སོགས་སྤྲོས་པའི་མཚན་མ་མེད་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ དབྱིངས་ལ་སྙོམས་པར་ཞུགས་པའི་ཏིང་ངེ་འཛིན་དང་མཚུངས་ལྡན་གྱི་འདུ་ཤེས་དང་། སྲིད་ པ་འཁོར་བའི་རྩེ་མོའམ་མཆོག་གམ། ཡོངས་མཐའ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་ཏེ་ རྣམ་པ་གསུམ་པོ་མ་གཏོགས་པ། གང་དེ་ལས་གཞན་པ་མིང་དོན་གྱི་མཚན་མ་དང་བཅས་ པའི་འདུ་ཤེས་དང་། སྤྲོས་པའི་མཚན་མ་དང་བཅས་པའི་འདུ་ཤེས་དང་། གསལ་བའི་མཚན་ མ་དང་བཅས་བའི་འདུ་ཤེས་རྣམས་སོ། །མཚན་མ་མེད་པའི་འདུ་ཤེས་གང་ཞེ་ན། འདུ་ཤེས་ 1-1-87 གང་མཚན་མ་དང་བཅས་པའི་འདུ་ཤེས་སུ་མ་གཏོགས་པར་བཤད་པ་གསུམ་པོའོ། །དེ་དག་ ཀྱང་ཐ་སྙད་ལ་མི་མཁས་པའི་ནི་མཚན་མ་ཤས་ཆུང་བ་དང་། མཚན་མེད་ལ་སྙོམས་པར་ ཞུགས་པའི་ནི་འདུས་བྱས་ཀྱི་མཚན་མར་མི་འཛིན་པ་དང་། སྲིད་རྩེ་ལ་སྙོམས་པར་ཞུགས་ པའི་ནི་གསལ་བའི་མཚན་མ་ཞན་པ་ལ་དགག་སྒྲ་སྦྱར་ནས་མཚན་མེད་ཅེས་བརྗོད་པ་ཡིན་ གྱི། མཚན་མ་གཏན་ནས་མེད་པ་ནི་མ་ཡིན་ཏེ། འདུ་ཤེས་མ་ཡིན་པར་ཐལ་བའི་ཕྱིར་རོ། ། ཆུང་ངུའི་འདུ་ཤེས་གང་ཞེ་ན། འདུ་ཤེས་གང་གིས་འདོད་པའི་ཁམས་ན་སྤྱོད་པའི་དངོས་པོ་ རྣམས་ཤེས་པའོ། །འདོད་པའི་ཁམས་ནི་ཚེ་ཐུང་བ་དང་། ཉོན་མོངས་པ་དྲག་པོ་དང་། ལོངས་ སྤྱོད་དམན་པ་ལ་སོགས་པས་ཆུང་ཞིང་ངན་པ་ཡིན་ལ་དེ་ཤེས་པའི་ཕྱིར་རོ། །རྒྱ་ཆེན་པོར་ གྱུར་བའི་འདུ་ཤེས་གང་ཞེ་ན། འདུ་ཤེས་གང་གིས་གཟུགས་ཀྱི་ཁམས་བསམ་གཏན་བཞི་ལ་ སྤྱོད་པའི་དངོས་པོ་རྣམས་ཤེས་པའོ། །གཟུགས་ཀྱི་ཁམས་ནི་ཚེ་རིང་བ་དང་། མི་དགེ་བ་སྤངས་ པ་དང་། ལོངས་སྤྱོད་བཟང་བ་ལ་སོགས་པས་སྔ་མ་ལ་ལྟོས་ཏེ་ཆེན་པོའམ། མཆོག་ཏུ་གྱུར་ བ་ཡིན་ལ་དེ་ཤེས་པའི་ཕྱིར་རོ། །ཚད་མེད་པའི་འདུ་ཤེས་གང་ཞེ་ན། འདུ་ཤེས་གང་གིས་ གཟུགས་མེད་སྐྱེ་མཆེད་དང་བོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། གཉིས་པ་རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་ན་སྤྱོད་པའི་དངོས་པོ་རྣམས་ཤེས་པའོ། །དེ་དག་གི་རྣམ་པ་ནི་མཐའ་ ཡས་ཤིང་ཚད་མེད་པ་ཡིན་ལ་དེ་ཤེས་པའི་ཕྱིར་རོ། །ཅི་ཡང་མེད་པའི་འདུ་ཤེས་གང་ཞེ་ན། འདུ་ཤེས་གང་གིས་གཟུགས་མེད་སྐྱེ་མཆེད་གསུམ་པ་གཟུང་བྱ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ གནས་ལུགས་རྣམས་ཤེས་པའོ། །བཞི་པ་སྲིད་པའི་རྩེ་མོ་ཤེས་པ་ནི། མཚན་མ་མེད་པའི་འདུ་ ཤེས་བཤད་ཟིན་པ་ཉིད་དོ། ། བཞི་པ། འདུ་བྱེད་ཀྱི་ཕུང་པོའི་རྣམ་པར་གཞག་པ་གང་ཞེ་ན། ལན་ལ་གཉིས་ཏེ། སྤྱིའི་ ངོ་བོ་མདོར་བསྟན་དང་། ཁྱད་པར་རྒྱས་པར་བཤད་པའོ། །དང་པོ་ལའང་སེམས་པ་གཙོ་བའི་ 1-1-88 ཚུལ་གྱིས་བསྟན་པ་དང་། གཙོ་ཕལ་བསྡུས་ཏེ་སྐབས་དོན་ངོས་གཟུང་བ་གཉིས་ལས། དང་པོ་ལ་གཉིས་ཏེ། (དང་པོ།)རྟེན་གྱི་སྒོ་ནས་དབྱེ་བ་ནི། སེམས་པའི་མཚན་ཉིད་ཅན་ དུ་མ་འདུས་པའི་ཚོགས་ནི་རྣམ་པ་དྲུག་སྟེ། དེའང་མིག་གི་དབང་པོ་དང་ཡུལ་གཟུགས་དང་ ཡིད་ལ་བྱེད་པ་གསུམ་འདུས་ཏེ་ཡུལ་གཅོད་བྱེད་ཀྱི་རེག་པ་འབྱུང་ཞིང་(མདུང་ཁྱིམ་ལྟར་)དེ་དང་ ལྷན་ཅིག་དེ་ལས་བྱུང་བའི་སེམས་དམིགས་པ་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སུ་གྱུར་ པ་སེམས་པ་དང་། དེ་བཞིན་དུ་རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་ བྱུང་བའི་འདུ་བྱེད་སེམས་པ་སྟེ། མདོ་ལས་ཀྱང་། འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་ པའི་ཚོགས་དྲུག་གོ་ཞེས་པ་དང་། གཟུགས་དང་ཚོར་བ་འདུ་ཤེས་སེམས་པ་རྣམ་ཤེས་རྣམས། ། ཟབ་སྟེ་རང་བཞིན་མེད་ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །འདུ་བྱེད་ལ་ཆོས་གཞན་ མང་པོ་ཡོད་ཀྱང་སེམས་པ་ཙམ་སྨོས་པ་ནི། འདུ་བྱེད་གཞན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་ གཙོ་ཆེ་བའི་ཕྱིར་ཏེ། (གཉིས་པ།)དེ་ཉིད་གཙོ་བའི་རྒྱུ་མཚན་ནི། སེམས་པ་གང་གིས་དད་པ་དང་བརྩོན་འགྲུས་ ལ་སོགས་པ་དགེ་བའི་ཕྱིར་ཡང་སེམས་བསྐུལ་ཞིང་གཡོ་བར་བྱེད་འདོད་ཆགས་དང་ཁྲོ་བ་ ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཕྱིར་ཡང་སེམས་བསྐུལ་ཞིང་གཡོ་བར་བྱེད། སེམས་ པས་བསྐྱེད་པའི་འདུ་བྱེད་རྣམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལ་བཏགས་པ་ལ་མི་ལྡན་པའི་ འདུ་བྱེད་རྣམས་ལ་ཡང་སེམས་བསྐུལ་ཞིང་གཡོ་བར་བྱེད་པས་ཏེ། དེ་དག་ཐམས་ཅད་ཀྱང་ སེམས་པའི་རྗེས་སུ་འབྲངས་བའི་ཕྱིར་རོ། ། གཉིས་པ་(ངོ་བོ་ངོས་གཟུང་བ་)ནི། དེ་ལྟར་ན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་གཙོ་བོར་གྱུར་ བ་སེམས་པ་འདི་དང་། ཚོར་བ་དང་། འདུས་ཤེས་ནི་ལོགས་སུ་ཕུང་པོ་རེ་རེར་བསྟན་པས་དེ་ 1-1-89 གཉིས་མ་གཏོགས་པ་གང་དེ་ལས་གཞན་པའི་སེམས་ལས་བྱུང་བའི་ཆོས་རེག་པ་ལ་སོགས་ པ་རྣམས་དང་། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཐོབ་པ་ལ་སོགས་པ་རྣམས་ནི་འདུ་ བྱེད་ཀྱི་ཕུང་པོ་ཞེས་བྱ་བའོ། ། གཉིས་པོ་ཕུང་པོ་ལོགས་པར་སྟོན་པའི་རྒྱུ་མཚན་ནི། ཚོར་བས་ཁྱིམ་པ་དང་། འདུ་ཤེས་ ཀྱིས་རབ་ཏུ་བྱུང་བ་རྣམས་མི་མཐུན་པས་རྩོད་པའི་རྩ་བར་གྱུར་པ་དང་། ཚོར་བས་འདོད་ པ་ལ་ཞེན་པ་དང་། འདུ་ཤེས་ཀྱིས་ལྟ་བ་ཕྱིན་ཅི་ལོག་ལ་ཞེན་པས་འཁོར་བའི་རྒྱུ་བྱེད་པ་དང་། གཟུགས་ཀྱི་རྗེས་སུ་ཚོར་བ་ལ་སོགས་པ་ཕུང་པོ་རྣམས་རིགས་པའི་རིམ་པས་བསྟན་པའི་ ཕྱིར་ཏེ། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་ རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག། ཅེས་པ་ལྟར་རོ། །ཡང་ན་ བྱེ་བཤད་དུ། ཚོར་བ་ནི་ཉེ་བར་སྤྱོད་པའི་གཞི་དང་། འདུ་ཤེས་ནི་ཐ་སྙད་འདོགས་པའི་གཞི་ ཡིན་པས་ལོགས་ཤིག་ཏུ་བྱས་པའོ། །ཞེས་པ་ལྟར་རོ། ། རྒྱས་བཤད་ལ། འདུ་བྱེད་སེམས་བྱུང་རྒྱས་པར་བཤད་པ་དང་། ལྡན་མིན་འདུ་བྱེད་རྒྱས་ པར་བཤད་པའོ། །དང་པོ་ལ་སྤྱི་དོན་གཉིས་ཏེ། སེམས་དང་སེམས་བྱུང་ཐུན་མོང་དུ་བསྟན་པ་ དང་། སེམས་ལས་བྱུང་བ་ཁྱད་པར་དུ་བཤད་པའོ། ། དང་པོ་ལ། རང་གི་ངོ་བོ་ངོས་གཟུང་། གཅིག་དང་ཐ་དད་བརྟག་པ། གཙོ་འཁོར་ངེས་ པར་བྱ་བ། ས་དང་སེམས་ཀྱི་ཁྱད་པར་རོ། །ངོས་གཟུང་བ་ལའང་གསུམ་གྱི། དང་པོ་མཚན་ ཉིད་དང་ཁྱད་པར་ནི། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་ སེམས་ལས་བྱུང་། །ཞེས་གསུངས་པ་ལྟར། དོན་གྱི་ངོ་བོ་རིག་པར་བྱེད་པ་སེམས་དང་། དོན་ གྱི་ཁྱད་པར་རིག་པར་བྱེད་པ་སེམས་ལས་བྱུང་བའོ། །དེའང་གཟུགས་སྒྲ་ལ་སོགས་པའི་ ཆོས་ཅན་རྟེན་ལྟ་བུར་སྣང་བ་ནི་དོན་གྱི་ངོ་བོ་ཡིན་ལ། དེ་རྣམས་དམིགས་པར་བྱེད་པ་རྣམ་ 1-1-90 པར་ཤེས་པའི་ཚོགས་བརྒྱད་ནི་སེམས་ཡིན་ཞིང་། བདེ་སྡུག་གི་གནས་ཡིད་དུ་འོང་མི་འོང་ལ་ སོགས་པ་དངོས་པོ་དེའི་ཆོས་བརྟེན་པ་ལྟ་བུར་སྣང་བ་ནི་དོན་གྱི་ཁྱད་པར་ཡིན་ལ། དེ་རྣམས་ དམིགས་པར་བྱེད་པ་ཚོར་བ་ལ་སོགས་པ་ལྔ་བཅུ་རྩ་གཅིག་ནི་སེམས་ལས་བྱུང་བ་ཡིན་ནོ། ། གཉིས་པ་མཚུངས་ལྡན་གྱིས་བསྟན་པ་ནི། ཕུང་པོ་ལྔ་པར། སེམས་ལས་བྱུང་བའི་ཆོས་ རྣམས་གང་ཞེ་ན། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་རྣམས་སོ། །ཞེས་པ་ལྟར་ གཙོ་བོར་གྱུར་པའི་སེམས་དང་དེའི་འཁོར་དུ་གྱུར་བའི་སེམས་ལས་བྱུང་བ་དག་ནི་དོན་རྣམ་ པ་ལྔས་ཕན་ཚུན་ལྷན་ཅིག་མི་འབྲལ་བར་གནས་པས་མཚུངས་པར་ལྡན་པ་སྟེ། དེ་ཡང་། སེམས་དང་སེམས་ལས་བྱུང་བ་རྣམས། །རྟེན་དང་དམིགས་དང་རྣམ་བཅས་དང་། །མཚུངས་ པར་ལྡན་པ་རྣམ་པ་ལྔ། །ཞེས་པ་ལྟར་རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་ མཚུངས་པའོ། །དེ་ལ་རྟེན་མཚུངས་པ་ནི། གཙོ་འཁོར་གཉི་ག་དབང་པོ་གཅིག་ལ་བརྟེན་པ་ སྟེ། མིག་ཤེས་མིག་གི་དབང་པོ་ལ་བརྟེན་པ་ན་དེའི་འཁོར་ཚོར་བའང་མིག་གི་དབང་པོ་ལ་ བརྟེན་པ་ལྟ་བུའོ། །དམིགས་པ་མཚུངས་པ་ནི། ཡུལ་གཅིག་ལ་དམིགས་པ་སྟེ། མིག་ཤེས་ གཟུགས་ལ་དམིགས་པ་ན་དེའི་འཁོར་ཚོར་བའང་གཟུགས་ལ་དམིགས་པ་ལྟ་བུའོ། །རྣམ་ པ་མཚུངས་པ་ནི། འཛིན་སྟངས་ཀྱི་གཟུང་བྱ་གཅིག་པ་སྟེ། མིག་ཤེས་སྔོན་པོའི་རྣམ་པ་ཅན་ དུ་སྐྱེས་པ་ན་དེའི་འཁོར་ཚོར་བའང་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་ལྟ་བུའོ། །དུས་མཚུངས་ པ་ནི། དུས་ཅིག་ཅར་དུ་འབྱུང་བ་མིག་ཤེས་ནམ་བྱུང་བ་ན་དེའི་འཁོར་ཚོར་བའང་འབྱུང་བ་ ལྟ་བུའོ། །རྫས་མཚུངས་པ་ནི། རིགས་འདྲ་གྲངས་མཉམ་པ་སྟེ། མིག་ཤེས་རྫས་གཅིག་པ་ ན་དེའི་འཁོར་ཚོར་བའང་རྫས་གཅིག་ཁོ་ན་ཡིན་པ་ལྟ་བུའོ། །མཚུངས་ལྡན་ལྔ་ཀ་སྨོས་པ་ནི། དམིགས་པ་མཚུངས་པ་ཙམ་ལས་མ་སྨོས་ན་རྣམ་ཤེས་གཞན་(རང་མཚན་གྱི་རྣམ་པ་ཅན་)དང་ཡིད་ ཤེས་(སྤྱི་མཚན་གྱི་རྣམ་པ་ཅན་)ཀྱང་(དམིགས་པ་མཚུངས་པའི་ཕྱིར་)མཚུངས་ལྡན་དུ་ཐལ་བར་འགྱུར་བས་ 1-1-91 རྣམ་པ་མཚུངས་པའང་སྨོས་ལ། དེ་གཉིས་ལས་གཞན་མ་སྨོས་ན། གང་ཟག་གཉིས་ཀྱིས་ཟླ་ བ་གང་བ་ལྟ་བའི་མིག་ཤེས་གཉིས་ཀྱང་(དམིགས་རྣམ་མཚུངས་པའི་ཕྱིར་)མཚུངས་ལྡན་དུ་ཐལ་བར་ འགྱུར་བས་རྟེན་མཚུངས་པའང་སྨོས་ཤིང་། དེ་གསུམ་ལས་གཞན་མ་སྨོས་ན་མིག་ཤེས་དོན་ མཐུན་སྔ་ཕྱི་གཉིས་ཀྱང་(དམིགས་རྣམ་རྟེན་གསུམ་མཚུངས་པའི་ཕྱིར་)མཚུངས་ལྡན་དུ་ཐལ་བར་འགྱུར་ བས་དུས་མཚུངས་པའང་སྨོས་ཏེ། དེ་བཞི་ལས་གཞན་མ་སྨོས་ན་ཁྲ་བོ་འཛིན་པའི་མིག་ཤེས་ རྫས་དུ་མར་འདོད་པའི་ལོག་རྟོག་འབྱུང་བས་དེ་སེལ་བ་ལ་རྫས་མཚུངས་པའང་སྨོས་སོ། །བྱེ་ བཤད་ལས་ཀྱང་། གནས་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པ་ཉིད་ རྣམ་པ་ལྔས་སེམས་ཀྱི་རྗེས་སུ་འབྲངས་པའི་ཕྱིར་མཚུངས་པར་ལྡན་པས་ན་མཚུངས་པར་ ལྡན་པ་རྣམས་ཞེས་བྱའོ། །ཞེས་པ་ལྟར་རོ། ། གསུམ་པ་འགལ་བའི་སྐྱོན་སྤང་བ་(ལ་ཁྱད་པར་དང་། རྣམ་པ་མཚུངས་པ་ལ་འགལ་བ་སྤང་བ་)ནི། སེམས་ཀྱིས་དོན་གྱི་ངོ་བོ་གཅིག་པུ་དང་། སེམས་བྱུང་གིས་དོན་གྱི་ཁྱད་པར་གཅིག་པུ་རྟོགས་ ན་རྣམ་པ་མི་མཚུངས་པར་འགྱུར་ཞིང་། སེམས་ཀྱིས་ཀྱང་དོན་གྱི་ཁྱད་པར་དང་། སེམས་ བྱུང་གིས་ཀྱང་དོན་གྱི་ངོ་བོ་(རྟོགས་ཏེ་གཉིས་ཀས་གཉིས་ཀ་)རྟོགས་ན་སྔར་བཤད་པའི་(ངོ་བོ་རིག་པ་ སེམས་ཁྱད་པར་རིག་པ་སེམས་བྱུང་ཞེས་པའི་)མཚན་ཉིད་དང་ཁྱད་པར་མི་འཐད་ལ། དབུས་མཐའི་ འགྲེལ་བཤད་ལས། དེ་དག་གནས་དང་དམིགས་པ་དང་དུས་དང་རྫས་མཚུངས་པ་ཉིད་ཀྱིས་ མཚུངས་པར་ལྡན་པ་ཡིན་གྱི། (གཙོ་བོ་)རྣམ་པར་ཤེས་པ་དང་(འཁོར་སེམས་བྱུང་)ཁྱད་པར་མེད་ པར་ཐལ་བར་འགྱུར་བས་རྣམ་པ་མཚུངས་པ་ནི་མ་ཡིན་ནོ། །ཞེས་པའི་ལུང་དང་ཡང་འགལ་ བར་འགྱུར་རོ། །ཞེས་རྩོད་ན། ལན་ལ་གཉིས་ལས། (དང་པོ།)གཞན་ལུགས་ལ་ལྔའི། དང་པོ་ཁྱབ་ཆེ་ཆུང་གིས་འབྱེད་པ་ནི། (ཁ་ཆེ་བྱམས་ཆོས་པས།) ཁ་ཅིག་སེམས་དོན་གྱི་རྣམ་པ་འཛིན་པ་ལ་ཁྱད་པར་འཛིན་པས་མ་ཁྱབ་པས་མི་མཚུངས་པར་ 1-1-92 བཤད་ཅིང་། སེམས་བྱུང་ཡང་ཁྱད་པར་འཛིན་པ་ལ་དོན་ཙམ་འཛིན་པས་ཁྱབ་པས་མཚུངས་ པར་བཤད་པའོ། །ཞེས་གསུངས་པ་ནི་མི་འཐད་དེ། སེམས་ཐམས་ཅད་ཀུན་འགྲོ་ལྔ་དང་ ངེས་པར་མཚུངས་པར་ལྡན་པས་དེ་དག་ཕན་ཚུན་ཁྱབ་མཉམ་ཡིན་པའི་ཕྱིར་རོ། ། གཉིས་པ་རྗེས་ཀྱི་ངེས་ཤེས་ཀྱིས་འབྱེད་པ་ནི། ཡང་(ངུར་མིག་པ་)ཁ་ཅིག་སེམས་སེམས་ བྱུང་གཉི་ག་ལ་ངོ་བོ་དང་ཁྱད་པར་གཉི་ག་སྣང་བས་རྣམ་པ་མཚུངས་པར་བསྟན་ཅིང་། ངོ་བོ་ དང་ཁྱད་པར་དུ་སོ་སོར་ཞེན་པའམ། ངོ་བོ་དང་ཁྱད་པར་དུ་སྒྲོ་འདོགས་ལུགས་ཐ་དད་པས་ མི་མཚུངས་པར་བསྟན་པའོ་ཞེས་གསུངས་པའང་མི་རིགས་ཏེ། རྟོག་མེད་མ་འཁྲུལ་པའི་ སེམས་དང་སེམས་བྱུང་ལ་ཞེན་པ་དང་སྒྲོ་འདོགས་མེད་པས་ཐ་དད་དུ་གཞག་པར་མི་ནུས་ པའི་ཕྱིར་རོ། ། གསུམ་པ་རང་སྟོབས་གཞན་སྟོབས་ཀྱིས་འབྱེད་པ་ནི། (ཀོང་པོ་དང་འཕན།)འགའ་ཞིག་ སེམས་སེམས་བྱུང་གཉི་གས་ངོ་བོ་དང་ཁྱད་པར་གཉི་ག་འཛིན་མོད་ཀྱི། སེམས་ཀྱིས་དོན་ གྱི་ངོ་བོ་འཛིན་པ་ནི་རང་སྟོབས་ཀྱིས་ཡིན་ལ། ཁྱད་པར་འཛིན་པ་ནི་གཞན་སེམས་བྱུང་དང་ འགྲོགས་སྟོབས་ཀྱིས་ཡིན་ཞིང་། སེམས་བྱུང་གིས་ཁྱད་པར་འཛིན་པ་ནི་རང་སྟོབས་ཀྱིས་ ཡིན་ལ། ངོ་བོ་འཛིན་པ་ནི་གཞན་སེམས་དང་འགྲོགས་སྟོབས་ཀྱིས་ཡིན་ཏེ། དེ་དག་གི་རང་ སྟོབས་ནི་མེའི་ཚ་བ་ལྟར་རང་རྒྱུ་ལས་དེའི་ངོ་བོ་ཉིད་དུ་སྐྱེས་པ་ཆོས་ཉིད་ཡིན་ཞིང་། གཞན་ སྟོབས་ནི་ཆུའི་ཚ་བ་ལྟར་གྲོགས་ཀྱི་དབང་གིས་སྐྱེས་པའོ། །དེས་ན་རང་སྟོབས་ཀྱིས་རང་ རང་གི་ཡུལ་འཛིན་པའི་ཆ་ནས་མི་མཚུངས་པའི་ཁྱད་པར་རྣམ་པར་བཞག་ལ། གཞན་སྟོབས་ ཀྱིས་(སེམས་སེམས་བྱུང་གཉི་གས་ངོ་བོ་ཁྱད་པར་)གཉི་གའི་རྣམ་པ་འཛིན་པའི་ཆ་ནས་རྣམ་པ་མཚུངས་ པའང་ཉམས་པ་མེད་དོ་ཞེས་གསུང་ངོ་། །དེའང་མཐའ་གཅིག་ཏུ་ངེས་པ་མེད་དེ་ཡིད་ཤེས་ ཀྱིས་(མིག་ཤེས་དང་འགྲོགས་ནས་)གཟུགས་འཛིན་ལྟ་བུ་སེམས་ཀྱིས་དོན་གྱི་ངོ་བོ་འཛིན་པ་དང་། 1-1-93 འདུ་ཤེས་ཀྱིས་དད་པའི་(དང་འགྲོགས་ནས་ཏེ་)ཡུལ་འཛིན་པ་ལྟ་བུ་སེམས་བྱུང་གི་དོན་གྱི་ཁྱད་ པར་འཛིན་པ་ཡང་། གཞན་དང་འགྲོགས་སྟོབས་ཀྱིས་འཛིན་པས་ན་གཞན་སྟོབས་སུ་ཐལ་ བའི་ཕྱིར་དང་། སེམས་ཀྱིས་ཀུན་འགྲོ་ལྔའི་ཡུལ་འཛིན་པའང་རང་རྒྱུ་ལས་དེའི་ངོ་བོ་ཉིད་ དུ་སྐྱེས་པ་ན་རང་སྟོབས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཤེས་རིག་གཞན་ དང་འགྲོགས་ནས་ཡུལ་འཛིན་པས་གཞན་སྟོབས་སུ་འཇོག་ན། སེམས་ཀྱིས་དོན་གྱི་ངོ་བོ་ འཛིན་པ་ཐམས་ཅད་གཞན་སྟོབས་སུ་ཐལ་བར་འགྱུར་ཏེ། སེམས་ལས་བྱུང་བ་མེད་པར་ནི། ། སེམས་ནི་ནམ་ཡང་མི་འབྱུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་རྣམས་ཉིད་དང་ལྷན་ ཅིག་བྱུང་། །ཞེས་(བཤད་སྦྱར་དུ་དྲངས་)པ་ལྟར་སེམས་བྱུང་དང་འགྲོགས་པའི་སྟོབས་ཀྱིས་ངེས་ པར་འཛིན་པར་ངེས་པའི་ཕྱིར་རོ། ། བཞི་པ་གྲུབ་མཐའ་ཐ་དད་ཀྱིས་འབྱེད་པ་ནི། (འཇམ་གསར།)ཁ་ཅིག་སེམས་དང་སེམས་ བྱུང་རྣམ་པ་མི་མཚུངས་པར་བཤད་པ་སེམས་ཙམ་པའི་ལུགས་ཡིན་ལ། མཚུངས་པར་བཤད་ པ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་པས་སྐྱོན་མེད་དོ་ཞེས་གསུངས་པའང་མི་འཐད་དེ། དེ་ལ་ བཟློག་ན(ས་སྨྲས་ན་རིགས་པ་)མཚུངས་པའི་ཕྱིར་དང་། གཉི་གའང་རྣལ་འབྱོར་སྤྱོད་པའི་གཞུང་ དུ་གྲགས་པའི་ཕྱིར་རོ། ། ལྔ་པ་སྣང་རྟོག་ཐ་དད་ཀྱིས་འབྱེད་པ་ནི། (བཅོམ་ལྡན་རལ་གྲི)ཁ་ཅིག་སེམས་སེམས་བྱུང་ གཉི་ག་ལ་ངོ་བོ་དང་ཁྱད་པར་གཉི་ག་སྣང་བས་རྣམ་པ་མཚུངས་པར་འཇོག་ཅིང་། སེམས་ ཀྱིས་ངོ་བོ་ཁོ་ན་རྟོགས་ཤིང་སེམས་བྱུང་གིས་ཁྱད་པར་ཁོ་ན་རྟོགས་ཀྱི། ཕན་ཚུན་གཅིག་ གིས་གཅིག་གི་ཡུལ་མི་རྟོགས་པས་མི་མཚུངས་པར་ཡང་འཇོག་གོ། ཞེས་གསུངས་པའང་མི་ རིགས་ཏེ། རྣམ་པ་ནི་ཤེས་པའི་འཛིན་སྟངས་ཡིན་པས་གཅིག་གིས་གཅིག་གི་ཡུལ་མ་རྟོགས་ ན་དེ་གཉིས་རྣམ་པ་མཚུངས་པར་འགལ་བའི་ཕྱིར་རོ། ། 1-1-94 གཉིས་པ་རང་ལུགས་ནི། སེམས་དང་སེམས་བྱུང་གཉི་གས་གཟུགས་ལ་སོགས་པའི་ རྣམ་པ་མཐུན་པར་འཛིན་པས་རྣམ་པ་མཚུངས་པར་བཞག་ཅིང་། གཟུགས་སོགས་ཀྱི་ངོ་བོའི་ རྣམ་པ་དང་ཁྱད་པར་གྱི་རྣམ་པ་མི་འདྲ་བར་འཛིན་པས། མི་མཚུངས་པའི་ཁྱད་པར་ཡང་རྣམ་ པར་འཇོག་སྟེ། དཔེར་ན་མིག་ཤེས་ཀྱིས་གཟུགས་ཀྱི་ངོ་བོ་རྣམ་པ་འཛིན་པ་ན། དེའི་འཁོར་ རེག་པས་གཟུགས་ཀྱི་ཁྱད་པར་སྡུག་མི་སྡུག་ལ་སོགས་པའི་རྣམ་པ་འཛིན་ཞིང་། ཚོར་བས་ ཕན་གནོད་ལ་སོགས་པའི་རྣམ་པ་འཛིན་ལ། འདུ་ཤེས་ཀྱིས་ཐ་སྙད་སྣ་ཚོགས་སུ་གདགས་ པར་བྱ་བའི་མཚན་མའི་རྣམ་པ་འཛིན་པ་ལྟ་བུའོ། །དེ་ལྟར་ཡང་ཡིད་ཀྱི་ས་ལས། དེ་ཉིད་ ལས་གང་སྡུག་པ་དང་མི་སྡུག་པ་དང་གཉི་ག་ལས་བཟློག་པའི་མཚན་ཉིད་དེ་རེག་པས་རིག་ པར་བྱེད་དོ། །དེ་ཉིད་ལས་གང་ཕན་པ་དང་གནོད་པ་གཉི་ག་ལས་བཟློག་པའི་མཚན་ཉིད་ དེ་ཚོར་བས་རིག་པར་བྱེད་དོ། །དེ་ཉིད་ལས་གང་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཐ་ སྙད་ཀྱི་མཚན་མའི་མཚན་ཉིད་དེ་འདུ་ཤེས་ཀྱིས་རིག་པར་བྱེད་དོ། །ཞེས་གསུངས་ཤིང་། མཛོད་འགྲེལ་ལས་ཀྱང་། རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་གཅོད་པའི་ཕྱིར་རྣམ་པ་དང་བཅས་ པ་རྣམས་སོ་ཞེས་པ་དང་། དེའི་འགྲེལ་བཤད་དུ། གང་བ་སྤེལ་གྱིས། རྣམ་པར་ཤེས་པ་སྔོན་ པོ་ལ་སོགས་པའི་རྣམ་པ་བྱེ་བྲག་ཏུ་གཅོད་ལ། དམིགས་པ་དེ་ཉིད་ཚོར་བས་མྱོང་ངོ་། །འདུ་ ཤེས་ཀྱིས་ཡོངས་སུ་གཅོད་དོ་ཞེས་པ་དང་། རྒྱལ་པོའི་སྲས་ཀྱིས། དམིགས་པའི་དེ་ཉིད་ལ་ རྣམ་པར་ཤེས་པས་སྤྱིའི་ངོ་བོར་དམིགས་པར་བྱ་བའི་ཚུལ་དུ་འཛིན་ལ། བྱེ་བྲག་གི་ངོ་བོར་ ཚོར་བས་མྱང་བར་བྱ་བའི་ཚུལ་དུ་འཛིན་ཏོ། །འདུ་ཤེས་ཀྱིས་ཡོངས་སུ་གཅད་པར་བྱ་བའི་ ཚུལ་དུ་འཛིན་ཏོ་ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །ཡང་སེམས་དང་སེམས་ལས་ བྱུང་བ་དུས་མཚུངས་པ་(ལ་འགལ་བ་སྤང་བ་ནི། དེ་ལྟར་)ཡིན་ན། ཕན་ཚུན་རྒྱུ་འབྲས་སུ་མི་འགྱུར་ ཞིང་། རྒྱུ་འབྲས་མཚན་ཉིད་པ་ཡིན་ན་དུས་མཉམ་པའང་འགལ་ལོ། །ཞེས་རྩོད་ན། ལན་ལ། 1-1-95 གཞན་ལུགས་ནི། (ཐོ་)ཁ་ཅིག་རྒྱུ་འབྲས་མཚན་ཉིད་པ་ཡིན་ཡང་དུས་མཉམ་པ་མི་འགལ་ཏེ། འདི་ཉིད་དུ་སེམས་དང་སེམས་བྱུང་ཕན་ཚུན་ལྷན་ཅིག་འབྱུང་བ་དང་། མཚུངས་ལྡན་གྱི་རྒྱུར་ གསུངས་པ་དང་། ཐེག་བསྡུས་སུ་ཡང་། ཀུན་གཞིའི་རྣམ་པར་ཤེས་པ་དང་ཀུན་ནས་ཉོན་ མོངས་པའི་ཆོས་རྣམས་དུས་མཉམ་དུ་གཅིག་གི་རྒྱུར་གཅིག་འགྱུར་བ། མར་མེའི་མེ་ལྕེ་འབྱུང་ བ་དང་སྙིང་པོ་འཚིག་པ་དུས་མཉམ་པ་དང་། མདུང་ཁྱིམ་དུས་མཉམ་པ་ཕན་ཚུན་བརྟེན་ནས་ མི་འགྱེལ་བའི་དཔེས་གསུངས་པའི་ཕྱིར་དང་། (འབྲི་ཞང་།)གཞན་ཡང་མྱུ་གུ་དང་དེའི་གྲིབ་མ་ དང་། མར་མེ་དང་དེའི་འོད་དང་། ས་གཞི་དང་དེར་སེམས་ཅན་གནས་པ་ལ་སོགས་པ་དུས་ མཉམ་པའི་རྒྱུ་འབྲས་དུ་མ་དམིགས་པའི་ཕྱིར་རོ། །ཞེས་གསུངས་མོད། དེའང་བརྟགས་ན་ མི་འཐད་དེ། རྒྱུ་འབྲས་གཉི་ག་མ་སྐྱེས་པ་ན། རྒྱུས་འབྲས་བུ་ལ་ཕན་འདོགས་མི་ནུས་པའི་ ཕྱིར་དུས་མི་མཉམ་ལ། གཉིས་ཀ་སྐྱེས་པ་ན་རྒྱུས་འབྲས་བུ་ལ་ཕན་འདོགས་མི་དགོས་པའི་ ཕྱིར་དུས་མི་མཉམ་ཞིང་། རྒྱུ་གང་ཡིན་པ་དེ་ནི་འབྲས་བུའི་སྔར་ཡོད་པ་ཁོ་ན་ཡིན་པའི་ཕྱིར་ རོ། །དེ་ལྟར་ཡང་རྣམ་འགྲེལ་ལས། མེད་པ་སྔར་ནུས་མེད་ཕྱིར་དང་། །ཕྱིས་ཀྱང་ཉེར་སྦྱོར་ མེད་པའི་ཕྱིར། །རྒྱུ་རྣམས་སྔར་ཡོད་ཁོ་ན་ཡིན། །ཞེས་གསུངས་པ་བཞིན་ནོ། །ཐེག་བསྡུས་ སུ་གསུངས་པ་ནི་བར་མ་ཆད་དུ་འབྱུང་བ་ལ་དུས་མཉམ་དུ་དགོངས་ཏེ་འཇིག་རྟེན་པའི་བློ་ དང་མཐུན་པར་མཛད་པའམ། ཡང་ན་རྒྱུ་འབྲས་བཏགས་པ་བ་སྟེ། དེ་ཉིད་ཀྱི་བཤད་སྦྱར་ ལས། ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ནི་བཏགས་པ་བ་སྟེ། དུས་གཅིག་ཏུ་འབྱུང་བ་རྣམས་ལ་རྒྱུ་ དང་འབྲས་བུའི་དངོས་པོ་མི་རུང་བའི་ཕྱིར་རོ་ཞེས་པ་ལྟར་རོ། །མྱུ་གུ་དང་གྲིབ་མ་ལ་སོགས་ པའང་སྐད་ཅིག་སྔ་མའི་མྱུ་གུ་ལས་ཕྱི་མའི་གྲིབ་མ་དང་། སྔ་མའི་མར་མེ་ལས་ཕྱི་མའི་འོད་ འབྱུང་བ་ལ་སོགས་པ་ཡིན་གྱི་དུས་མཉམ་པའི་རྒྱུ་འབྲས་ནི་མ་ཡིན་ནོ། ། རང་ལུགས་ནི། དཔེར་ན་ཚོགས་པ་ཚར་གཅིག་ལ་སྐྱེས་པའི་རོ་གཟུགས་རྒྱུ་འབྲས་ཀྱང་ 1-1-96 ཡིན་ལ་དུས་མཉམ་པའང་མི་འགལ་བ་བཞིན་དུ། གཙོ་འཁོར་དུ་གྱུར་པའི་སེམས་སེམས་ བྱུང་ཡང་(མིག་ཤེས་སྐད་ཅིག་སྔ་མ་ལས་ཚོར་བ་ད་ལྟར་བ་འབྱུང་ཞིང་། ཚོར་བ་སྐད་ཅིག་སྔ་མ་ལས་མིག་ཤེས་ད་ལྟར་བ་ འབྱུང་བ་ལྟ་བུའོ། །)ཕན་ཚུན་སྐད་ཅིག་སྔ་མ་དག་གི་རྒྱུ་ལས་འབྱུང་བས་རྒྱུ་འབྲས་ཀྱང་ཡིན་ལ། ལྷན་ཅིག་མི་འབྲལ་བར་འབྱུང་བས་དུས་མཚུངས་པའང་ཡིན་ཏེ། (སྐྱེ་མཆེད་དྲུག་བསྟན་པའི་)མདོ་ ལས། ཡིད་ལ་བྱེད་པ་ཉེ་བར་གནས་པར་གྱུར་ན་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་། །ཞེས་ པ་དང་། རེག་པ་ལས་ཚོར་བ་ལ་སོགས་པ་འབྱུང་བར་གསུངས་པས་རྒྱུ་འབྲས་སུ་ཡང་བསྟན་ ཞིང་། འདི་ཉིད་ལས། མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་དེ་ཡང་(ཞེས་པའི་རྗེས་སུ)། དུས་འདྲ་བ་གཉིས་ཡིན་གྱི། དུས་མི་འདྲ་བ་གཉིས་ནི་མ་ཡིན་ནོ། །ཞེས་དུས་མཉམ་དུའང་ བསྟན་པའི་ཕྱིར་རོ། །ཡང་སེམས་དང་སེམས་བྱུང་རྫས་མཚུངས་པ་(ལ་འགལ་བ་སྤང་བ་ནི། དེ་ལྟར་) ཡིན་ན། རྒྱུ་འབྲས་རྫས་གཅིག་པར་འགྱུར་རོ་ཞེ་ན། རྫས་མཚུངས་པའང་(མིག་ཤེས་རྫས་གཅིག་ དང་འཁོར་རྫས་གཅིག་མཚུངས་པ་ལྟ་བུའོ། །)རིགས་འདྲ་གྲངས་མཉམ་པ་ལ་བརྗོད་ཀྱི། སངས་རྒྱས་ པའི་ལུགས་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་རྫས་གཅིག་པ་ནི་མི་འདོད་དེ། གལ་ཏེ་རྒྱུ་ལ་ འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་ རོ། །གཙོ་འཁོར་རྫས་གཅིག་ཏུ་འདོད་པ་ལྟར་ན་རྫས་ལ་རྣམ་པ་མཚུངས་ཤིང་། ངོ་བོ་ཁྱད་ པར་རིག་པའི་ལྡོག་པ་ཐ་དད་ཀྱིས་སོ་སོར་འབྱེད་ལ་རྒྱུ་འབྲས་སུ་གསུངས་པའང་བཏགས་ པ་བར་འགྱུར་རོ། །ཡང་རྟེན་དང་དམིགས་རྣམ་མཚུངས་པ་(ལ་འགལ་བ་སྤང་བ་ནི། དེ་ལྟར་)ཡིན་ན། མིག་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བའང་མིག་ཤེས་སུ་ཐལ་བར་འགྱུར་ཏེ། མིག་ལ་བརྟེན་ ཅིང་གཟུགས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པ་ཡིན་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། གཟུགས་ཀྱི་ངོ་བོ་རིག་པ་ཡིན་པར་ནི་མ་གྲུབ་(པས་མིག་ཤེས་སུ་མི་འགྱུར་)ཅིང་། ཁྱད་པར་རིག་པ་ ཉིད་ཀྱི་ཕྱིར་(ཚོར་བ་)སེམས་ལས་བྱུང་བར་གྲུབ་པོ་ཞེས་ཀྱང་བཤད་ཟིན་ཏོ། །དེ་ལྟར་བཤད་ 1-1-97 ཟིན་པ་དང་འཆད་པར་འགྱུར་བའི་དགག་སྒྲུབ་ཀྱི་སྐབས་མང་པོར་རང་གཞན་གྱི་ཕྱོགས་ གཉི་ག་སྨོས་པ་ནི། རྣམ་གྲངས་ལ་མཁས་པས་ཤེས་རབ་འཕེལ་བའི་ཆེད་དུ་བསྟན་པ་ཡིན་ གྱི། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བར་ནི་མཐའ་གཅིག་ཏུ་མི་གཟུང་ཞིང་། གང་ལུང་རིགས་དང་མཐུན་པ་དེ་ཉིད་འཐད་ལྡན་དུ་གཟུང་བར་བྱའོ། །(ཞེས་པའང་གདམས་པའོ། །) (གཉིས་པ།)གཅིག་དང་ཐ་དད་བརྟག་པ་ལ་གསུམ་ལས། དང་པོ་སློབ་དཔོན་གཞན་གྱི་ བཞེད་ཚུལ་ལ། བྱང་ཆུབ་སེམས་དཔའ་གཅིག་པུར་སྨྲ་བ་ལ་སོགས་པ་ནི། (སྔོན་གྱི་མཐའ་ལས་ གཅིག་བརྩམས་ན་ཐོག་མ་མེད་པའི་ཕྱིར་དང་། ཤེས་བྱ་མཐའ་དག་ལ་དམིགས་པའི་ཕྱིར་རིང་དུ་སོང་བ་ཡིན་ནོ། །སེམས་ཀྱི་རྒྱུན་ རེ་རེ་ནས་འཇུག་པའི་ཕྱིར་དང་། བདག་པོ་མེད་པའི་ཕྱིར་གཅིག་ཏུ་རྒྱུ་བ་ཡིན་ནོ། །གཟུགས་མེད་པ་དང་བསྟན་དུ་མེད་པ་དང་ ཐོགས་པ་མེད་པའི་ཕྱིར་ལུས་མེད་པ་ཡིན་ནོ། །གཟུགས་དང་མིག་ལ་བརྟེན་པའི་ཕྱིར་ཕུག་ན་ཉལ་བ་ཡིན་པར་བལྟ་བར་བྱའོ། ། ཞེས་བསྡུ་བར་རོ། །) རིང་དུ་འགྲོ་ཞིང་གཅིག་པུར་རྒྱུ། །གདུལ་དཀའི་སེམས་ནི་རབ་འདུལ་བྱེད། ། ཅེས་པ་དང་། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་པ་དང་། (སྐྱེ་མཆེད་ བཞིར་བསྟན་པའི་མདོ་ལས།)རྣམ་པར་ཤེས་པ་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་བཀའ་བསྩལ་པས། སེམས་ཅན་རེ་རེའི་རྒྱུད་ཀྱི་རྣམ་ཤེས་ནི་རྫས་གཅིག་པུ་མི་རྟག་པ་ཡིན་ལ། དེ་ཉིད་རྣམ་ཤེས་ དུ་མར་མངོན་པ་ནི་དབང་པོ་དུ་མ་ལ་བརྟེན་ཅིང་ཡུལ་དུ་མ་ལ་དམིགས་པའི་ཕྱིར་ཏེ། དཔེར་ ན། བུ་ག་དུ་མ་ཅན་གྱི་ཁང་བར་སྤྲེའུ་གཅིག་བཅུག་པའམ། མར་མེ་གཅིག་བཏེག་པ་ན་དུ་ མར་སྣང་བ་བཞིན་ནོ། །ཞེས་གསུངས་སོ། །ཡང་འགའ་ཞིག་སེམས་འདི་ཉིད་གནས་སྐབས་ ཚོར་བ་ལ་སོགས་པའི་ཁྱད་པར་སྣ་ཚོགས་སུ་འབྱུང་ཡང་རང་གི་ངོ་བོ་ནི་རྫས་གཅིག་ཁོ་ན་ ཡིན་ཏེ། དཔེར་ན་རྨ་བྱའི་མདོངས་སྣ་ཚོགས་སུ་སྣང་ཡང་སྒྲོའི་ངོ་བོར་གཅིག་པ་བཞིན་ནོ། ། ཞེས་ཀྱང་གསུངས་མོད། དེ་ནི་དབུས་མཐའི་ཊཱི་ཀཱར། གཅིག་བུ་ཡིན་ལ་དབྱེར་ཡོད་པའི་སྣ་ ཚོགས་ཀྱང་ཡིན་པ་ནི་འགལ་ལོ་ཞེས་པའི་རིགས་པ་དང་། མདོ་ལས་ཀྱང་ཚོར་བ་དང་འདུ་ 1-1-98 ཤེས་དང་སེམས་པ་གང་ཡིན་པ་དང་རྣམ་པར་ཤེས་པ་གང་ཡིན་པའི་ཆོས་འདི་རྣམས་འདྲེས་ པ་སྟེ། མ་འདྲེས་པ་ནི་མ་ཡིན་ནོ་ཞེས་པའི་འདྲེས་པ་ནི་ཐ་དད་ཕན་ཚུན་ཕྲད་པ་ལ་རུང་གི་ གཅིག་ལ་ནི་མ་ཡིན་ནོ་ཞེས་པའི་ལུང་གིས་ཀྱང་བཀག་ཅིང་། དབུ་མ་ཕུང་པོ་ལྔ་པ་ལས་ཀྱང་། ཁ་ཅིག་སེམས་ཀྱི་བྱ་བའི་ངོ་བོ་ཉིད་དུ་བསྟན་པས། སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ནི་ སེམས་ལས་བྱུང་བའོ་ཞེས་འདོད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་བ་ཞེས་ བྱ་བའི་ངེས་པ་ཉམས་པར་འགྱུར་རོ་ཞེས་གསུང་སྟེ་བཀག་གོ། ཡང་བཙུན་པ་དཔལ་ལེན་ལ་ སོགས་པ་ཁ་ཅིག་ཚོར་བ་དང་འདུ་ཤེས་དང་སེམས་པ་རྣམས་ནི་ལྷན་ཅིག་སྐྱེའོ་ཞེས་གསུང་ པས་དེ་གསུམ་རྫས་ཐ་དད་དུ་གྲུབ་ཅིང་གཞན་ནི་ལོགས་པར་རྫས་སུ་གྲུབ་པ་མེད་ཅེས་ གསུངས་པའང་མི་འཐད་དེ། མཛོད་ཀྱི་འགྲེལ་བར། ཆོས་ཐམས་ཅན་ནི་འདུན་པའི་རྩ་བ་ ཅན་ཡིན་ལ། ཡིད་ལ་བྱེད་པ་ལས་བྱུང་བ། རེག་པའི་ཀུན་ཏུ་འབྱུང་བ་ཅན། དྲན་པའི་བདག་ པོ་ཅན། ཞེས་སེར་ཐལ་པའི་ལུང་དྲངས་ནས་བཀག་པའི་ཕྱིར་རོ། །ཡང་ཁ་ཅིག་རེག་པ་རྫས་ སུ་མེད་དོ་ཞེས་གསུངས་པའང་མི་རིགས་ཏེ། (ས་བཅུ་པའི་)མདོ་ལས་ཚོར་བ་དང་འདུ་ཤེས་དང་ འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དེ་ཐམས་ཅད་ནི་རེག་པ་ལ་བརྟེན་ནས་སོ། །ཞེས་དེ་རྣམས་ ཀྱི་རྒྱུར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་བཙུན་པ་རེངས་བྱེད་ལ་སོགས་པ་ཁ་ཅིག་ཡིད་ ལ་བྱེད་པ་རྫས་སུ་མེད་དོ། །ཞེས་འདོད་པ་ཡང་མི་འཐད་དེ། (སྐྱེ་མཆེད་དྲུག་བསྟན་པ་ལས་)ཡིད་ལ་ བྱེད་པ་ལས་རྣམ་ཤེས་སྐྱེ་བར་བྱེད་པའི་ཕྱིར་རོ། །ཡང་(མཁན་ཆེན་ཆོས་རྗེའི་གསུང་གིས་)སློབ་དཔོན་ ཆོས་ཀྱི་གྲགས་པའི་དགོངས་པས་སེམས་སེམས་བྱུང་རྫས་གཅིག་ཏུ་བཞེད་པར་མངོན་ཏེ། ཡིད་ཤེས་རྟོགས་པའི་འཁོར་གྱི་སེམས་བྱུང་རྣམས་རྟོག་མེད་ཡིན་ན། དེས་རང་མཚན་དང་། རྟོག་པས་སྤྱི་མཚན་འཛིན་པས་དམིགས་རྣམ་མི་མཚུངས་པར་འགྱུར་ལ། རྟོག་པ་ཡིན་ན་ རྒྱུད་གཅིག་ལ་རྟོག་པ་དུ་མ་དུས་ཅིག་ཅར་དུ་འཇུག་པར་ཐལ་བ་ལས། རྣམ་འགྲེལ་དུ། རྟོག་ 1-1-99 གཉིས་ཅིག་ཅར་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཉིད་བློ་ཡུལ་དུའང་བདེ་ ཞིང་། འདི་ཉིད་དུའང་ཡིད་ལ་བྱེད་པ་སེམས་ཀྱི་འཇུག་པ་སྟེ་ཞེས་པ་ནས། དཔྱོད་པ་སེམས་ ཞིབ་པའོ་ཞེས་པའི་བར། སེམས་བྱུང་རྣམས་སེམས་ཀྱི་རྣམ་འགྱུར་དུ་སྟོན་པ་དུ་མ་ཞིག་འབྱུང་ ལ། བསྡུ་བར་རྫས་ཐ་དད་དུ་བསྟན་པ་ནི་བྱེ་བྲག་སྨྲ་བ་དང་སྒོ་བསྟུན་པ་སྟེ། དོན་གསང་དུ། རྣལ་འབྱོར་སྤྱོད་པའི་ས་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ དབང་དུ་ཡང་བྱས་ནས་མཛད་དོ་ཞེས་པ་ལྟར་རོ། །ཞེས་ཀྱང་གསུངས་མོད། (བཅོམ་ལྡན་པ་ལ་ སོགས་པ།)འགའ་ཞིག་ནི་ཆོས་ཀྱི་གྲགས་པའི་བཞེད་པའང་། ཡིད་ཤེས་ལྟ་བུ་གཙོ་བོ་རྣམ་ཤེས་ རིགས་མཐུན་དུ་མ་ཅིག་ཅར་པ་ལ་དགོངས་ནས། དེ་དག་རྣམས་ཀྱང་རིགས་མཐུན་པའི། ། རྣམ་པར་ཤེས་ལ་ངེས་པར་འགྱུར། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་ བར་ཡང་དག་རྟོགས། །ཞེས་གསུངས་པ་ཡིན་གྱི། སེམས་བྱུང་ཐ་དད་རྒྱུན་དག་པ། །ཐ་དད་ རྣམ་གཞག་གྲུབ་པ་ཡིན། །ཞེས་དང་། དེའི་འགྲེལ་བར། (ཤཱཀྱ་བློ་གྲོས་)སེམས་དང་སེམས་ལས་ བྱུང་བ་དག་ལ་གཅིག་ཏུ་དམིགས་པ་ཡོད་པ་མ་ཡིན་ཏེ། ཐམས་ཅད་སོ་སོ་ཐ་དད་པའི་བདག་ ཉིད་དུ་ཉམས་སུ་མྱོང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་སེམས་དང་ སེམས་ལས་བྱུང་བ་ནི་རྫས་ཐ་དད་དུ་འཆད་དོ་ཞེས་ཀྱང་གསུངས་སོ། །ཡང་སློབ་དཔོན་ཟླ་ བ་གྲགས་པ་ནི། སེམས་དང་སེམས་བྱུང་རྫས་ཐ་དད་དུ་བཞེད་དེ། ཇི་སྐད་དུ། (དབུ་མ་ཕུང་པོ་ལྔ་ པར།)གཙོ་བོ་སེམས་ནི་སེམས་ལས་བྱུང་བ་མ་ཡིན་པར་ཇི་ལྟར་ཤེས། (ཞེ་ན།) གང་སེམས་ཀྱི་བྱ་ བའི་ངོ་བོ་ལོགས་ཤིག་ཏུ་རང་རྒྱུད་དུ་གྲུབ་པ། སེམས་པ་ཡིད་ཀྱི་ལས་དང་། དད་པ་སེམས་ ཀྱི་དྭངས་པ་དང་། རྟོག་པ་སེམས་རྩིང་བ་ཞེས་བྱ་བ་ལ་སོགས་པར་བརྗོད་པས། སེམས་ལས་ བྱུང་བ་སེམས་ཀྱི་གནས་སྐབས་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན་། དོན་ཐ་དད་དུ་འགྱུར་བས་སོ་ ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །གཉིས་པ་འཕགས་པའི་བཞེད་པ་ནི། རྣམ་པར་ 1-1-100 གཏན་ལ་དབབ་པ་བསྡུ་བ་ལས། དགེ་སྦྱོང་དང་བྲམ་ཟེ་ལ་ལ་མིང་ལས་སེམས་ཙམ་ཞིག་ རྫས་སུ་འདོད་ལ། སེམས་ལས་བྱུང་བའི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེའང་ མི་འཐད་དོ། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ནས། བསྡུས་པ་ནི། ལྔ་ཉིད་འཐད་པ་ མེད་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་ དང་འགལ་བར་འགྱུར་ཕྱིར་རོ། །ཞེས་སེམས་ལས་བྱུང་བ་རྫས་སུ་མེད་ན་ཚོར་བ་འདུ་ཤེས་ འདུ་བྱེད་གསུམ་རྣམ་ཤེས་སུ་འདུས་པས་ཕུང་པོ་ལྔའི་རྣམ་གཞག་མི་འཐད་པར་ཐལ་བའི་ ཕྱིར་དང་། ཅི་སྟེ་གནས་སྐབས་ཀྱི་བྱེ་བྲག་ལས་སྔར་རྟོག་ན། གནས་སྐབས་དེ་དག་ཕན་ཚུན་ བྱེད་ལས་ཐ་དད་ཡོད་ན་ནི་མཚན་ཉིད་མི་འདྲ་བས་རྫས་ཐ་དད་དུ་གྲུབ་ཅིང་། མེད་ན་ཡང་ གནས་སྐབས་ཐ་དད་དུ་བརྟག་པ་དོན་མེད་པའི་སྐྱོན་ཅན་དུ་འགྱུར་བའི་ཕྱིར་དང་། སྐད་ཅིག་ གཅིག་ལ་གནས་སྐབས་སྣ་ཚོགས་སུ་འགྱུར་བའི་བྱེད་རྒྱུ་ཁྱད་པར་ཅན་མེད་པའི་ཕྱིར་དང་། ལུང་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཉེ་བར་ཉོན་མོངས་ཅན་དུ་གྱུར་པའི་ སེམས་ནི་རྣམ་པར་གྲོལ་ལོ་ཞེས་གསུངས་ཤིང་། གཅིག་ལ་ནི་འཆིང་བྱ་འཆིང་བྱེད་གཉིས་མ་ གྲུབ་པས་དེ་དག་འགལ་བའི་ཕྱིར་དང་། ཡང་ལུང་ལས། ལྷན་ཅིག་སྐྱེས་པའི་ཚོར་བ་དང་ འདུ་ཤེས་དང་སེམས་པ་ཞེས་གསུངས་ཤིང་། གཅིག་ལ་ནི་ལྷན་ཅིག་དང་འདྲེས་པ་ལ་སོགས་ པའི་སྒྲ་མི་རུང་བས་དེ་དག་འགལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྫས་གཅིག་ཡིན་ན་ མཚུངས་ལྡན་གྱི་རྒྱུ་འབྲས་མ་ཡིན་པར་ཐལ་བའི་ཕྱིར་དང་། སེམས་ཉོན་མོངས་པ་རྣམས་ དང་ངོ་བོ་གཅིག་པ་ཡིན་ན། ངོ་བོ་ཉིད་ནི་སྤང་དུ་མི་རུང་བས། གཏན་རྣམ་པར་མི་འདག་པའི་ ཡང་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་རྫས་ཐ་དད་ དུ་གསུངས་སོ། །དེ་ལྟར་ཐ་དད་ཀྱང་གཟུགས་ཅན་གྱི་དངོས་པོ་ལྟར་འདིའོ་ཞེས་ལོགས་སུ་ བསྟན་པ་མེད་པས། ཁྱད་པར་ཡོངས་སུ་གཅད་པར་དཀའ་བས། དབང་པོ་གཟུགས་དྭངས་ 1-1-101 པ་ལ་འཇོག་པ་ལྟར་ཡིད་ཆེས་པའི་ལུང་དང་རིགས་པ་ལ་བརྟེན་ནས་ཤེས་པར་བྱ་སྟེ། མཛོད་ འགྲེལ་ལས། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་ནི་ཕྲ་བས། དེ་ནི་རེ་ཞིག་རྒྱུན་ ལའང་ཡོངས་སུ་གཅད་པར་དཀའ་ན། སྐད་ཅིག་ལ་སྨོས་ཀྱང་ཅི་དགོས། རེ་ཞིག་སྨན་ལ་ སོགས་པ་གཟུགས་ཅན་རྣམས་ལའང་། རོ་མང་པོ་ཅན་ཁ་ཅིག་གི་རོའི་ཁྱད་པར་དབང་པོས་ གཟུང་བར་བྱ་བ་རྣམས་ཀྱང་ངེས་པར་གཟུང་བར་དཀའ་ན། ཆོས་གང་དག་གཟུགས་ཅན་མ་ ཡིན་ཞིང་བློས་གཟུང་བར་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པ་ལྟར་རོ། ། གསུམ་པ་དེ་ལ་འགལ་བ་སྤང་བ་ནི། སེམས་ལས་རྫས་གཞན་པའི་སེམས་བྱུང་ཡོད་ ན། (ས་བཅུ་པ་ལས།)ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། ། ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་སེམས་བྱུང་རྣམས་སེམས་སུ་སྡུད་པ་མ་ཡིན་གྱི། ཕྱི་རོལ་ གྱི་དོན་མེད་པ་ལ་དགོངས་ནས་མཚུངས་ལྡན་དང་བཅས་པའི་སེམས་ཙམ་མོ་ཞེས་སྟོན་པ་ སྟེ། ཉི་ཤུ་པའི་འགྲེལ་པ་ལས། སེམས་དེའང་འདིར་མཚུངས་པར་ལྡན་པ་དང་བཅས་པ་ལ་ དགོངས་པའོ། །ཙམ་ཞེས་བྱ་བ་སྨོས་པ་ནི་དོན་དགག་པའི་ཕྱིར་རོ་ཞེས་པ་ལྟར་རོ། །ཡང་། (སྲིད་པ་འཕོ་བའི་མདོ་དང་མདོ་སྡེ་རྒྱན་ལས།)སེམས་ཉིད་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་ སྣང་བའམ། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། ། ཞེས་སེམས་ཉིད་གནས་སྐབས་སེམས་བྱུང་སྣ་ཚོགས་སུ་སྣང་བར་བཤད་པ་དང་འགལ་ལོ་ ཞེ་ན། དེ་ནི་སེམས་སེམས་བྱུང་གཉིས་སུ་ཕྱེ་བའི་ཡ་གྱལ་ལ་དགོངས་པ་མ་ཡིན་གྱི། སྤྱིར་ སེམས་ཀྱི་སྒྲ་རྣམ་ཤེས་དང་ཀུན་གཞི་དང་ཡིད་ཤེས་དང་རིག་པ་ཙམ་ལའང་འཇུག་པ་ལས། འདིར་ནི་རིགས་པ་ཙམ་ལས་གཞན་པའི་གཟུང་འཛིན་དང་། ཉོན་མོངས་དང་རྣམ་བྱང་མེད་ དོ་ཞེས་རྣམ་རིག་ཙམ་དུ་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་རོ། །ཉི་ཤུ་པའི་འགྲེལ་བཤད་ལས་ ཀྱང་། སེམས་ཞེས་བྱ་བ་ནི་གསུང་རབ་ལས། སེམས་ལས་བྱུང་བ་དག་ལ་ཡང་བྱ་སྟེ། འདི་ 1-1-102 ལྟར་སེམས་བཏུལ་ན་ལེགས་ཞེས་འབྱུང་བ་ལ་སེམས་ལས་བྱུང་བའང་མི་འདུལ་བ་ནི་མ་ ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་ཅེས་ཀྱང་གསུངས་ཏེ། །ཚོར་བ་ དང་སྲེད་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཀྱིས་མི་འཁྲིད་པའང་མ་ཡིན་ནོ། །ཞེས་ པ་ལྟར་རོ། །ཡང་སེམས་ཚོར་བ་དང་རྫས་མི་གཅིག་ན་མྱོང་བ་མ་ཡིན་པས་བེམ་པོར་འགྱུར་ རོ་ཞེ་ན་(སེམས་སེམས་བྱུང་རྣམས་མཚན་ཉིད་སོ་སོར་ངེས་པའི་ཕྱིར་རོ། །གཞན་རྣམས་མྱོང་བར་བྱེད་པའི་ངོ་བོ་ཡིན་ཡང་ དེ་དང་མཚུངས་པར་ལྡན་ཞིང་འདྲེས་པས་མྱོང་བར་བྱེད་པ་འཁྲུལ་བ་ཡིན་ནོ། །ཞེས་ཁ་ཅིག་འདོད་དོ། །ཁ་ཅིག་ཚོར་བ་ནི་རང་ སྟོབས་ཀྱིས་ཉམས་སུ་མྱོང་ལ། གཞན་རྣམས་ནི་ཚོར་བའི་སྟོབས་ཀྱིས་ཉམས་སུ་མྱོང་བ་ཡིན་ནོ། །ཞེས་ཟེར་རོ། །)མ་ངེས་ཏེ། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་འབྱུང་བའི་ཕྱིར་རོ། །འདུ་ཤེས་དང་མི་གཅིག་ན་མཚན་ འཛིན་ལས་གྲོལ་བའི་ཡེ་ཤེས་སུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། མཚན་མར་འཛིན་པ་དང་ མཚུངས་པར་ལྡན་པའི་ཕྱིར་རོ། ། (གསུམ་པ།)གཙོ་འཁོར་ངེས་པར་བྱ་བ་ནི། གཙོ་བོ་རྣམ་ཤེས་ཚོགས་བརྒྱད་སྡེ་ཚན་གསུམ་ དུ་བྱས་བའི་འཁོར་དུ། སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་གང་དང་གང་འབྱུང་ཚུལ་བརྩི་བ་ ཡིན་ལ། དེ་ཡང་(དང་པོ།)ཀུན་གཞིའི་རྣམ་ཤེས་ཀྱི་འཁོར་དུ་ནི། ཀུན་འགྲོ་ལྔ་ཁོ་ན་འབྱུང་གི་ དེ་ལས་གཞན་རྣམས་མི་འབྱུང་སྟེ། ཡུལ་སོ་སོར་ངེས་པ་ལྔ་ནི་དམིགས་པ་ཡོངས་སུ་ཆད་པས་ དམིགས་པ་ཡོངས་སུ་མི་མཚུངས་པའི་ཕྱིར་དང་། བཅུ་གཅིག་དགེ་བ་དང་། དྲུག་རྩ་བའི་ ཉོན་མོངས་པ་དང་། ཉི་ཤུ་ཉེ་བའི་ཉོན་མོངས་པ་རྣམས་ནི་(ཀུན་གཞི་)ལུང་མ་བསྟན་དང་ངོ་བོ་ མི་མཚུངས་པའི་ཕྱིར་དང་། བཞི་གཞན་འགྱུར་གྱི་གདགས་གཞི་(སེམས་པ་འཚོལ་བའི་རྣམ་པ་ཅན་ལ་ སོགས་པ་)དང་མི་ལྡན་པའི་ཕྱིར་རོ། ། (གཉིས་པ།)ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ། ཀུན་འགྲོ་ལྔ་དང་། རྩ་བའི་ཉོན་ མོངས་པ་དྲུག་གི་ནང་ནས་འདོད་ཆགས་དང་ང་རྒྱལ་དང་མ་རིག་པ་དང་འཇིག་ཚོགས་ལ་ལྟ་ 1-1-103 བ་རྣམས་འབྱུང་སྟེ། དོན་གསང་དུ། འདིའི་སེམས་ལས་བྱུང་བ་ནི་དགུ་ཁོ་ནའོ་ཞེས་པ་ལྟར་ རོ། །དེ་ལས་གཞན་མི་འབྱུང་བ་ནི། ཡུལ་སོ་སོར་ངེས་པ་ལྔ་དང་ཕལ་ཆེར་དམིགས་རྣམ་མི་ མཚུངས་པའི་ཕྱིར་དང་། བཅུ་གཅིག་དགེ་བ་ནི་ལུང་མ་བསྟན་དང་ངོ་བོ་མི་མཚུངས་པའི་ཕྱིར་ དང་། རྩ་བའི་ཉོན་མོངས་ཁོང་ཁྲོ་ནི་མི་དགེ་བའི་རྣམ་པ་ཅན་ཡིན་ཞིང་། ཐེ་ཚོམ་ནི་མཐའ་ གཞན་དུ་དོགས་པ་ཅན་ཡིན་ལ། (ཉོན་ཡིད་)དེ་དག་(ལས་ལྡོག་པ་)དང་རྣམ་པ་མི་མཚུངས་པའི་ ཕྱིར་དང་། ལྟ་བ་གཞན་བཞི་གདགས་གཞི་ཤེས་རབ་ཀྱི་རྫས་གཉིས་དང་མི་ལྡན་པའི་ཕྱིར་ དང་། ཁྱད་པར་ལྟ་བ་ཀུན་བརྟགས་གསུམ་མཐོང་སྤང་ཡིན་ཞིང་། ཡིད་ནི་སྒོམ་སྤང་ཡིན་ པའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་ལ་སྤྱིར་བཏང་ལ་ཉོན་མོངས་པའི་རླབས་ཅུང་ཟད་བྲི་ བ་ཉེ་བའི་ཉོན་མོངས་སུ་འཇོག་པ་ལྟར་ན། ཉོན་ཡིད་ལ་དེ་མེད་པས་ཉི་ཤུ་པོ་ཐམས་ཅད་མི་ འབྱུང་ཞིང་། དམིགས་བསལ་ནི། ངའོ་སྙམ་པ་ལ་བཏགས་པའི་གཡེང་བ་དང་། ཆགས་རྨོངས་ ལ་བཏགས་པའི་བག་མེད་དང་། འདོད་ཆགས་ལ་བཏགས་པའི་རྒོད་པ་དང་། གཏི་མུག་ལ་ བཏགས་པའི་མ་དད་པ་དང་། ལེ་ལོ་དང་། རྨུགས་པ་རྣམས་འབྱུང་སྟེ། བག་མེད་ལ་སོགས་པ་ འབྱུང་ཚུལ་མཛོད་དང་ཡང་མཐུན་པ་ཉིད་དོ། ། (གསུམ་པ།)འཇུག་པའི་རྣམ་ཤེས་ལ་ལྟ་འདོད་མེད་པར་གཟུགས་མཐོང་བ་ལྟ་བུ་རྐྱེན་ཉེར་ གནས་དང་། ལྟ་འདོད་ཡོད་པས་གཟུགས་མཐོང་བ་ལྟ་བུ་ཡིད་སྔོན་སོང་གཉིས་ལས། དང་ པོའི་འཁོར་དུ་ཀུན་འགྲོ་ལྔ་ལས་གཞན་མི་འབྱུང་སྟེ། འབྱུང་ལོང་མེད་པའི་ཕྱིར་རོ། །གཉིས་པ་ ལ། (སྒོ་ལྔ་དང་ཡིད་གཉིས་ཀྱི་དང་པོ།)སྒོ་ལྔ་(ལ་གསུམ་གྱི་དང་པོ།)དགེ་བའི་འཁོར་དུ་དང་པོ་ཉེར་གཅིག་ རྟོག་དཔྱོད་གཉིས་ཏེ་སྤྱི་རིགས་ལ་ཉེར་གསུམ་འབྱུང་ངོ་། ། (གཉིས་པ།)ཉོན་མོངས་ཅན་གྱི་འཁོར་དུ་དང་པོ་བཅུ་དང་རྩ་བའི་ཉོན་མོངས་ཀྱི་དུག་ གསུམ་དང་། ཉེ་བའི་ཉོན་མོངས་ཀྱི་བཅུ་ཚན་ཕྱི་མ་དང་། རྟོག་དཔྱོད་གཉིས་ཏེ་རྐྱེན་ཇི་ལྟ་ 1-1-104 བར་ཉི་ཤུ་རྩ་ལྔ་འབྱུང་ངོ་། ། (གསུམ་པ།)མ་བསྒྲིབས་ལུང་མ་བསྟན་གྱི་འཁོར་དུ་དང་པོ་བཅུ་རྟོག་དཔྱོད་དེ་བཅུ་གཉིས་ འབྱུང་ངོ་། །(གཉིས་པ།)ཡིད་ཤེས་(ལ་གསུམ་གྱི་དང་པོ།)དགེ་བའི་འཁོར་དུ་འདོད་ཁམས་སུ་དང་ པོ་ཉེར་གཅིག་དང་། བཞི་གཞན་འགྱུར་ཏེ་ཉེར་ལྔ་འབྱུང་ངོ་། །(གཉིས་པ།)ཉོན་མོངས་ཅན་ གྱི་འཁོར་དུ་སྤྱི་རིགས་ལ་དགེ་བ་བཅུ་གཅིག་ལས་གཞན་བཞི་བཅུ་འབྱུང་ངོ་། །(གསུམ་པ།) མ་བསྒྲིབས་ལུང་མ་བསྟན་ལ་དང་པོ་བཅུ་དང་ཕྱི་མ་བཞི་འབྱུང་ངོ་། །དེ་རྣམས་ཀྱི་རྒྱུ་མཚན་ ནི་རང་གི་མཚན་ཉིད་ལས་བརྩམས་ཏེ་དཔྱད་པ་ལས་ཀྱང་ཕལ་ཆེར་ཤེས་ལ་འགའ་ཞིག་ནི་ འཆད་པར་འགྱུར་བ་འདི་རྣམས་སོ། །དེ་ཡང་། (བཞི་པ།)ས་དང་སེམས་ཀྱི་ཁྱད་པར་མཛོད་ ལས་བྱུང་བ་རྣམས་ཏེ། ཀུན་འགྲོ་ལྔ་དང་ཡུལ་སོ་སོར་ངེས་པ་ལྔ་ནི་སེམས་ཀྱི་སྐད་ཅིག་ ཐམས་ཅད་ལ་ཚོགས་པར་འབྱུང་བས། སྤྱིའི་ས་མང་པོ་པ་བཅུ་དང་། བཅུ་གཅིག་དགེ་བའི་ གཏི་མུག་མེད་པ་ནི་ཤེས་རབ་ཏུ་འདུ་ཞིང་། གཞན་རྣམས་དགེ་བའི་སེམས་རྟག་ཏུ་འབྱུང་བས་ ཁྱད་པར་དགེ་བའི་ས་མང་པོ་པ་བཅུ་དང་། མ་རིག་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་ནི་ཉོན་མོངས་པ་ཅན་ཐམས་ཅད་ལ་རྟག་ཏུ་འབྱུང་ བས་ཉོན་མོངས་པའི་ས་མང་པོ་པ་དྲུག་དང་། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་ཐམས་ ཅད་ལ་འབྱུང་བས། མི་དགེ་བའི་ས་མང་པོ་པ་གཉིས་དང་། ཉེ་བའི་ཉོན་མོངས་པ་བཅུ་ཚན་ དང་པོ་ནི་མ་རིག་པ་ཙམ་དང་སྒོམ་སྤང་དང་ཡིད་ཀྱི་ས་པ་ཁོ་ན་དང་མཚུངས་པར་ལྡན་པས་ ཉོན་མོངས་ཆུང་ངུའི་ས་པ་བཅུ་ཞེས་བྱ་ཞིང་། བརྗེད་ངེས་དང་རྣམ་གཡེང་དང་ཤེས་བཞིན་མ་ ཡིན་པ་ལ་སོགས་པ་ནི་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཉོན་མོངས་ཅན་ལ་སོགས་ལ་ འདོགས་པས་རྫས་ལ་སོགས་པར་མི་བགྲང་སྟེ། དེ་ལྟར་སེམས་ལས་བྱུང་བ་རྣམས་ཀྱི་ནང་ ནས་སྡེ་ཚན་ལྔར་ཕྱེ་བ་ནི་སའི་ཕྱིར་རོ། །སེམས་ཀྱི་ཁྱད་པར་ནི། འདོད་པའི་དགེ་བའི་སེམས་ 1-1-105 ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །ལ་ལ་ དག་ཏུ་འགྱོད་པ་བསྣན། །ཞེས་པ་ལྟར་འདོད་པའི་དགེ་བའི་སེམས་གཅིག་ལ། སྤྱིར་ས་མང་ པོ་པ་བཅུ་དང་། དགེ་བའི་ས་མང་པོ་པ་བཅུ་དང་། རྟོག་དཔྱོད་དེ་ཉི་ཤུ་རྩ་གཉིས་ངེས་པར་ འབྱུང་ཞིང་། ཁ་ཅིག་ཏུ་འགྱོད་པའང་བསྣན་པས་ཉི་ཤུ་རྩ་གསུམ་འབྱུང་ངོ་། །མི་དགེ་ལ་ནི་མ་ འདྲེས་དང་། །ལྟ་དང་ལྡན་ལ་ཉི་ཤུ་འབྱུང་། །ཉོན་མོངས་བཞི་དང་ཁྲོ་སོགས་དང་། །འགྱོད་ པ་ལྡན་ལ་ཉི་ཤུ་གཅིག །ཅེས་པ་ལྟར་མི་དགེ་བའི་སེམས་མ་འདྲེས་པ་ལ། སྤྱིར་ས་མང་པོ་ པ་བཅུ་དང་། ཉོན་མོངས་པའི་ས་མང་པོ་པ་དྲུག་དང་། མི་དགེ་བའི་ས་མང་པོ་པ་གཉིས་དང་། རྟོག་དཔྱོད་གཉིས་ཏེ་ཉི་ཤུ་འབྱུང་ཞིང་། (མི་དགེ་བ་)དེ་ཉིད་ལྟ་བ་ཕྱི་མ་གསུམ་དང་ལྡན་པ་ ལའང་ཉི་ཤུ་འབྱུང་ངོ་། །འདྲེས་པའི་མི་དགེ་བ་ལ་ནི། འདོད་ཆགས་དང་ཁོང་ཁྲོ་ང་རྒྱལ་ཐེ་ ཚོམ་གང་རུང་དང་ལྡན་པ་ཡིན་ན། (གང་ལྡན་པ་)དེ་ཉིད་བསྣན་པས་ཉེར་གཅིག་གམ། ཁྲོ་བ་ ལ་སོགས་པ་ཉོན་མོངས་པ་ཆུང་ངུའི་ས་པ་བཅུ་གང་རུང་དང་ལྡན་པ་ཡིན་ན་(གང་རུང་)དེ་དག་ བསྣན་པས་ཉེར་གཅིག་གམ། འགྱོད་པ་དང་ལྡན་པ་ཡིན་ན་དེ་བསྣན་པས་ཉི་ཤུ་རྩ་གཅིག་ འབྱུང་ངོ་། །བསྒྲིབས་ལ་བཅོ་བརྒྱད་ལུང་མ་བསྟན། །གཞན་ལ་བཅུ་གཉིས་དག་ཏུ་འདོད། ། གཉིད་ནི་ཀུན་ལ་མི་འགལ་ཕྱིར། གང་ལ་ཡོད་པ་དེ་བསྣན་ནོ། །ཞེས་པ་ལྟར་འདོད་པའི་ལྟ་ བ་དང་པོ་གཉིས་དང་མཚུངས་ལྡན་གྱི་བསྒྲིབས་ལ་ལུང་མ་བསྟན་ལ་ས་མང་པོ་པ་བཅུ་དང་། ཉོན་མོངས་པའི་ས་མང་པོ་པ་དྲུག་དང་། རྟོག་དཔྱོད་གཉིས་དང་བཅོ་བརྒྱད་འབྱུང་ཞིང་། མ་ བསྒྲིབས་ལུང་མ་བསྟན་ལ་ས་མང་པོ་པ་བཅུ་དང་། རྟོག་དཔྱོད་གཉིས་ཏེ་བཅུ་གཉིས་འབྱུང་ ངོ་། །གཉིད་ནི་དགེ་མི་དགེ་ལུང་མ་བསྟན་ཐམས་ཅད་དང་མི་འགལ་བས་གང་ལ་ཡོད་པ་དེ་ ལ་དེའང་བསྣན་པས་ན་གྲངས་རེ་རེ་འཕེལ་ལོ་ཞེས་ཀྱང་བཤད་དེ། ཕལ་ཆེ་བ་སྔར་བཤད་པ་ རྣམས་དང་ཡང་མཐུན་པ་ཉིད་དོ། ། 1-1-106 (གཉིས་པ།)སེམས་ལས་བྱུང་བ་ཁྱད་པར་དུ་བཤད་པ་ལ། ཁམས་དང་སའི་བྱེ་བྲག རྫས་ དང་བཏགས་པའི་ཁྱད་པར། གྲངས་དང་རིམ་པ་དཔྱད་པ། ངེས་པའི་ཚིག་གིས་བསྟན་པའོ། ། དང་པོ་ནི། འདོད་པ་དང་བསམ་གཏན་དང་པོ་དང་གཉིས་པ་ཡན་ཆད་དེ། གསུམ་ན་ སེམས་ལས་བྱུང་བ་རྣམས་ཇི་ཙམ་ཡོད་མེད་དཔྱོད་པ་ཡིན་ལ། དེའང་འདོད་པའི་ཁམས་ན་ སྤྱི་རིགས་ནས་ལྔ་བཅུ་རྩ་གཅིག་པོ་ཐམས་ཅད་ཚང་བར་ཡོད་དོ། །ཤིན་ཏུ་སྦྱངས་པ་མེད་དོ། ། ཞེས་(བཅོམ་ལྡན་སོགས་)གསུངས་པ་ནི་མི་འཐད་དེ། སེམས་ལས་སུ་རུང་བ་ཡོད་པའི་ཕྱིར་དང་། ཡིད་ཀྱི་སར། དད་པ་ནས་རྣམ་པར་མི་འཚེ་བའི་བར་ས་ཐམས་ཅད་པར་གསུངས་པའི་ཕྱིར་ དང་། མཛོད་ལས་ཀྱང་། འདོད་པའི་དགེ་བའི་སེམས་བྱུང་ཐམས་ཅད་ཡོད་པར་གསུངས་པའི་ ཕྱིར་རོ། །བསམ་གཏན་དང་པོ་ན་སུམ་ཅུ་རྩ་དགུ་ཡོད་ཅིང་། གཞན་བཅུ་གཉིས་མེད་དེ། (དེ་ན་) རྒྱུད་ཞི་གནས་ཀྱིས་བརླན་ཞིང་(འདིས་བདག་དང་བདག་གི་བཤེས་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་ རོ་ཞེས་དྲུག་དང་བདག་གི་དགྲ་ལ་ཕན་བཏགས་སོ་འདོགས་སོ་འདོགས་པར་འགྱུར་རོ་ཞེས་གསུམ་སྟེ་)ཀུན་ནས་མནར་ སེམས་པ་(དགུ་)མེད་པས་ཁོང་ཁྲོ་དང་དེ་ལས་བཏགས་པའི་ཁྲོ་བ་དང་འཁོན་འཛིན་དང་ འཚིག་པ་དང་ཕྲག་དོག་དང་རྣམ་པར་འཚེ་བ་རྣམས་མེད་ལ། ཡོ་བྱད་ཀྱི་འཛིན་པ་དང་བྲལ་ བས་སེར་སྣ་མེད་ཅིང་། མི་དགེ་བ་མེད་པས་ངོ་ཚ་བ་མེད་པ་དང་ཁྲེལ་མེད་པ་དང་འཆབ་པ་ རྣམས་མེད་དོ། །འགྱོད་པ་དང་གཉིད་ཀྱང་མེད་དེ་མཉམ་པར་བཞག་པའི་ས་པ་དང་མི་མཐུན་ པའི་ཕྱིར་རོ། །རྨུགས་པ་དང་རྒོད་པའང་(མེད་པར་མེད་དེ་)ཐལ་བར་མི་འགྱུར་ཏེ་མ་རིག་པ་དང་ སྲེད་པ་ཤས་ཆེ་བའི་བསམ་གཏན་ཡོད་ཅིང་དེ་དག་ལ་འབྱུང་བའི་ཕྱིར་དང་། རྨུགས་རྒོད་ རྒྱགས་པ་ཁམས་གསུམ་པ། །ཞེས་འབྱུང་བའི་ཕྱིར་རོ། །དང་པོའི་ཡང་དངོས་གཞི་ཁྱད་པར་ ཅན་ནི་རྟོག་པའང་མེད་དོ། །བསམ་གཏན་གཉིས་པ་ཡན་ཆད་ན་སུམ་ཅུ་རྩ་ལྔ་ཡོད་ཅངི་གཞན་ 1-1-107 བཅུ་དྲུག་བཅུ་གཉིས་པོ་དེའི་སྟེང་དུ་རྟོག་པ་དང་དཔྱོད་པ་འདོད་ཆགས་དང་བྲལ་བས་དེ་དག་ མེད་ཅིང་། འཁོར་གྱི་ཀུན་ཏུ་འཛིན་པ་དང་བྲལ་བས་གཡོ་སྒྱུའང་མེད་དོ། །དང་པོ་མན་ཆད་ ན་གཡོ་སྒྱུ་མེད་དེ། འདོད་དང་བསམ་གཏན་དང་པོ་ན། །གཡོ་སྒྱུ་ཚངས་པས་འདྲིད་ཕྱིར་རོ། ། ཞེས་པ་(རྟ་ཐུལ་གྱིས་ཚངས་པ་ལ། འབྱུང་བ་རྣམས་གང་དུ་འགགས་དྲིས་པ་ན། ཁོ་བོ་ནི་ཚངས་པའོ། །ཚངས་ཆེན་ནོ། །དབང་ ཕྱུག་གོ། བྱེད་པ་པོའོ། །སྤྲུལ་བ་པོའོ། །འབྱིན་བྱེད་དོ། །འབྱིན་པ་པོའོ། །དངོས་པོ་རྣམས་ཀྱི་ཕ་ལྟ་བུ་ཡིན་ནོ། །ཞེས་ལན་བཏབ་ པ་)ལྟར་རོ། །དེ་དག་ནི། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་ མེད། །རྟོག་པའང་བསམ་གཏན་ཁྱད་པར་ཅན། །དེ་ཡི་གོང་ན་དཔྱོད་པའང་མེད། །ཅེས་པ་ དང་མཐུན་པ་ཉིད་དོ། །གལ་ཏེ་དེ་དག་ན་རྟོག་དཔྱོད་མེད་ན་ངག་བརྗོད་པ་དང་ཐོས་བྱུང་ཞི་ རགས་སུ་སྒོམ་པའང་མེད་པར་འགྱུར་རོ་ཞེ་ན། མཛོད་ལས། གཉིས་པ་སོགས་ན་ལུས་མིག་ དང་། །རྣ་བའི་རྣམ་ཤེས་རྣམ་རིག་སློང་། །གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་བསམ་ གཏན་དང་པོའི་རྟོག་དཔྱོད་དྲངས་ནས་བྱེད་པར་གསུངས་ཤིང་། (ཡིད་ཀྱི་)ས་ལས་ནི། (རྟོག་ དཔྱོད་མེད་པའི་ཏིང་འཛིན་རྟོག་དཔྱོད་དང་བཅས་པའི་རྣམ་ཤེས་ཀྱི་ས་བོན་དང་ལྡན་པས་དེ་ལས་ལངས་པ་ན། དེ་ཀུན་འབྱུང་ ལས་ལངས་པའི་རྣམ་ཤེས་དེ་ལ་སྤྱོད་པ་དེ་ཡང་རྟོག་དཔྱོད་མེད་པའི་ཏིང་ངེ་འཛིན་གྱི་ས་བོན་ལྡན་པ། ས་དེ་རྟོག་དཔྱོད་མེད་པ་ ཁོ་ན་ཡིན་ཡང་རྟོག་དཔྱོད་ལས་འདོད་ཆགས་དང་བྲལ་བས་རྟོག་དཔྱོད་མེད་པ་ཞེས་བྱའོ། །)རྟོག་དཔྱོད་ལས་འདོད་ ཆགས་དང་བྲལ་བས་དེ་དག་མེད་པའི་ས་ཞེས་བྱའི། ཀུན་ཏུ་འབྱུང་བ་མེད་པས་ནི་མ་ཡིན་ནོ། ། ཞེས་གསུངས་སོ། ། གཉིས་པ་ལ་རྫས་ཡོད་བཏགས་ཡོད་ཀྱི་འཇོག་ཚུལ་ནི། དོན་བྱེད་ནུས་པ་དང་རིགས་ པས་གྲུབ་པ་དང་བརྟན་པ་དང་རང་རྐྱ་ཐུབ་པའི་རྫས་ཡོད་བཞི་ལས། འདིར་ཕྱི་མ་ཁོ་ནས་ རྫས་ཡོད་དུ་འཇོག་སྟེ། གཞན་དུ་ན་ཐམས་ཅད་ཀྱང་དོན་བྱེད་ནུས་པ་དང་རིགས་པས་གྲུབ་ པའི་ཕྱིར་རྫས་ཡོད་དུ་ཐལ་ཞིང་། འཇིག་ཚོགས་ལྟ་བའང་བརྟན་པའི་ཕྱིར་རྫས་ཡོད་དུ་ཐལ་ 1-1-108 བར་འགྱུར་རོ། །དེ་བཞིན་དུ་བཏགས་ཡོད་ཀྱང་བཞི་ལས། གནས་སྐབས་ལ་བཏགས་པ་ ལྡན་མིན་འདུ་བྱེད་ལྟ་བུ་དང་། མེད་བཞིན་དུ་སྒྲོ་བཏགས་པ་བདག་དང་རི་བོང་གི་རྭ་ལྟ་བུ་ དང་། དེ་ལས་གཞན་པ་ལ་བཏགས་པ་བུམ་པ་ལྟ་བུ་མ་ཡིན་གྱི། ཆ་ལ་བཏགས་པ་གདགས་ གཞིའི་ཆོས་ཀྱི་དུམ་བུ་མ་དོར་བ་སྟེ། སློབ་དཔོན་བློ་བརྟན་གྱིས། གང་ཞིག་རང་གི་རྒྱུད་ ལོགས་སུ་གྲུབ་པ་རྫས་ཡོད་དང་། རང་གི་རྒྱུད་ལོགས་སུ་མ་གྲུབ་པ་བཏགས་ཡོད་དུ་བཤད་ པ་ལྟར་རོ། །དེ་ལ་རྫས་ཡོད་ནི། ལྔ་ཚན་དང་པོ་གཉིས་དང་། གཏི་མུག་མེད་པ་དང་བག་ཡོད་ པ་དང་བཏང་སྙོམས་དང་རྣམ་པར་མི་འཚེ་བ་མ་གཏོགས་པའི་དགེ་བ་བདུན་དང་། ལྟ་བ་མ་ གཏོགས་པ་ཉོན་མོངས་པ་ལྔ་དང་ཉི་ཤུ་རྩ་གཉིས་ཏེ། གཞན་ལ་མ་ལྟོས་པར་རང་རྐྱ་ཐུབ་བའི་ ཕྱིར་རོ། །བཏགས་ཡོད་ནི། དགེ་བ་ལྷག་མ་བཞི་དང་། ཉོན་མོངས་པའི་ལྟ་བ་དང་། ཉེ་བའི་ ཉོན་མོངས་པ་ཉི་ཤུ་དང་། བཞི་གཞན་འགྱུར་དང་ཉི་ཤུ་རྩ་དགུ་སྟེ། རང་གི་ངོ་བོ་བློ་ཡུལ་དུ་ འགྱུར་བ་གདགས་གཞིའི་ཆོས་ངེས་པ་ལ་ལྟོས་པའི་ཕྱིར་རོ། །བསྡུ་བར། ངོ་ཚ་བ་མེད་པ་དང་ འཁྲེལ་མེད་པ་དང་མ་དད་པ་དང་ལེ་ལོ་རྫས་ཡོད་དུ་གསུངས་པ་ནི་ནུས་པ་ཆེ་བ་ལ་དགོངས་ པའོ། ། གསུམ་པ་ལ་ལྔ་བཅུ་རྩ་གཅིག་ཏུ་གྲངས་ངེས་པ་དང་། སྡེ་ཚན་དྲུག་ལ་གོ་རིམ་ངེས་པ་ འཆད་པ་ནི། བརྗོད་འདོད་ཀྱིས་གཞག་པ་ཡིན་གྱི། དངོས་པོ་ལ་གྲུབ་པ་མེད་དེ། ལུང་ཕྲན་ ཚེགས་སུ། ཉེས་རྩོམ་ཁྲོ་བས་བསླད་པ་དང་། །སྐྱོན་བརྗོད་པ་འཕྱ་སྐྱེན་པ་དང་། །སྤུངས་མེད་ པ་སེམས་རྙོག་པ་དང་། །མི་འཆི་བའི་རྟོག་པ་ལ་སོགས་པ་ལྔ་བཅུ་རྩ་བདུན་གསུངས་ཤིང་། དེ་ལ་གཞི་བསྡུ་པ་དང་། རིན་ཆེན་ཕྲེང་བར་ཡང་དྲངས་ནས་འདི་དང་མི་འདྲ་བའི་རྣམ་གཞག་ མཛད་པའི་ཕྱིར་དང་། ཀླུ་སྒྲུབ་ཡབ་སྲས་ཀྱིས་རང་བཞིན་བརྒྱད་ཅུ་ཞེས་བྱ་བའི་སེམས་ཀྱི་ རྣམ་འགྱུར་སྔགས་ཀྱི་གཞུང་དུ་གསུངས་པའི་ཡང་འགའ་ཞིག་འདི་རྣམས་སུ་མི་འདུ་བའི་ 1-1-109 ཕྱིར་དང་། བསྡུ་བ་ལས། ལོག་པར་འདུན་པ་དང་ལོག་པར་མོས་པ་དང་ལོག་པར་དྲན་པ་ ཞེས་བྱ་བའི་སེམས་བྱུང་གཞན་ཡང་གསུངས་པའི་ཕྱིར་རོ། ། (བཞི་པ།)ངེས་ཚིག་ནི། སེམས་ལ་རག་ལས་ཤིང་སེམས་ལས་སྐྱེས་པའམ། སེམས་ལས་ འཐོན་ཞིང་སེམས་ལ་བརྟེན་ནས་བྱུང་བས་ན་སེམས་བྱུང་ཞེས་བྱའོ། །གལ་ཏེ་ཕན་ཚུན་རྒྱུ་ འབྲས་ཡིན་པའི་ཕྱིར་སེམས་ཀྱང་སེམས་བྱུང་ལས་བྱུང་བ་ཞེས་བྱ་བར་འགྱུར་ཞེ་ན། འགའ་ ཞིག་རྒྱུན་ཡོད་མེད་ཀྱི་སྒོ་ནས་ལན་འདེབས་པ་ནི་མི་རིགས་ཏེ། གཉི་ག་ལ་རྒྱུན་ཡོད་པའི་ ཕྱིར་རོ། །དོན་གསང་ལས། སེམས་བྱུང་ལ་རྒྱུན་མེད་པ་ལྟར་གསུངས་པ་ནི་ཀུན་གཞི་ལྟར་ རྒྱུན་བརྟན་པ་མེད་པས། བག་ཆགས་ཀྱི་རྟེན་དུ་མི་རུང་བ་ལ་དགོངས་པའོ། ། རྩོད་པའི་ལན་ནི། ངེས་ཚིག་ལ་ཁྱབ་པ་མི་བརྩི་སྟེ། མ་ཧེ་ལ་ས་སྟེང་ཉལ་དང་། གླང་པོ་ ཆེ་ལ་ལག་ལྡན་ཞེས་བརྗོད་པ་(ན་ས་ལ་ཉལ་བ་ཐམས་ཅད་མ་ཧེ་དང་། ལག་པ་ཅན་ཐམས་ཅད་གླང་པོ་ཆེར་ཐལ་ པའི་སྐྱོན་མེད་པ་)ལྟར། ཡང་ན་ཆུ་བོའི་རླབས་(ཆུ་བོའི་རྣམ་འགྱུར་ཡིན་པ་)བཞིན་དུ། སེམས་ཀྱི་རྣམ་ འགྱུར་ཡིན་པས་ན་སེམས་བྱུང་ཞེས་ཀྱང་བྱའོ། །སྤྱི་དོན་འདི་རྣམས་དབྱེ་བ་མདོར་བསྟན་གྱི་ རྗེས་སུ་བཤད་ནའང་ལས་དང་པོ་པ་ལ་ཅུང་ཟད་རྣམ་པ་གསལ་ལོ། ། གཞུང་དོན་ལ། འདུ་བྱེད་ཀྱི་ཁྱད་པར་སེམས་ལས་བྱུང་བའི་ཆོས་དེ་དག་ཀྱང་གང་ཞེ་ན། ལན་ལ། ཐུན་མོང་གི་དབྱེ་བ་མདོར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད། བྱེད་ལས་ཀྱིས་ བསྡུས་ཏེ་བསྟན་པའོ། ། དང་པོ་ནི། སུམ་ཅུ་པར། ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང་། ། དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཞེས་པ་དང་། ཕུང་པོ་ལྔ་པར། བཞི་ནི་གཞན་དུ་ ཡང་ངོ་ཞེས་པ་ལྟར་སྡེ་ཚན་དྲུག་ཏུ་བྱས་ནས་སྟོན་པ་ལ། ཕུང་པོ་ལ་སོགས་པར་བཤད་པའི་ ཚོར་བ་དང་། འདུ་ཤེས་དང་། ཐམས་ཅད་དུ་གཙོ་ཆེ་བའི་སེམས་པ་དང་། འཆད་བཞིན་པ་ 1-1-110 ཡིད་ལ་བྱེད་པ་དང་། རེག་པ་དང་ལྔ་ནི་སེམས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་ན་ཀུན་ཏུ་ འགྲོ་བ་ཞེས་བྱ་སྟེ། ཁམས་གསུམ་པའི་དགེ་བ་དང་། ཉོན་མོངས་ཅན་དང་། ལུང་མ་བསྟན་ དང་། འདོད་པའི་མི་དགེ་བ་དང་། ཟག་མེད་ཀྱི་སེམས་ཐམས་ཅད་དང་མཚུངས་པར་ལྡན་ པའི་ཕྱིར་དང་། སེམས་ཐམས་ཅད་མྱོང་བ་དང་། མཚན་མར་འཛིན་པ་དང་། ཡུལ་ལ་གཡོ་བ་ དང་། དམིགས་པ་ལ་འཇུག་པ་དང་གསུམ་འདུས་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །མཚན་ ཉིད་ནི། སེམས་བྱུང་གང་ཞིག་ངོ་བོ་ཉིད་ཀྱིས་དགེ་བ་དང་ཉོན་མོངས་པ་ཅན་མ་ཡིན་པ་རྫས་ ཡོད་དམིགས་ཡུལ་སོ་སོར་མ་ངེས་པའོ། །འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་ འཛིན་དང་། ཤེས་རབ་དང་ལྔ་ནི་ཡུལ་སོ་སོར་(དང་པོ་གསུམ་)ངེས་པ་སྟེ། བསམ་པ་དང་། ངེས་ པ་དང་། འདྲིས་པ་དང་ཕྱི་མ་གཉིས་བརྟག་པར་བྱ་བའི་ཁྱད་པར་ཁོ་ན་ལ་འཇུག་པའི་ཕྱིར་རོ། ། མཚན་ཉིད་ནི། གང་ཞིག་ངོ་བོ་ཉིད་ཀྱིས་དགེ་བ་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྫས་ ཡོད་དེའི་རིགས་ཀུན་གཞི་དང་མཚུངས་པར་མི་ལྡན་པའོ། །དད་པ་དང་། དང་པོ་གསུམ་ངོ་ ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་ པ་དང་། བརྩོན་འགྲུས་དང་ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཆེ་བ་དང་བཅུ་གཅིག་ནི་དགེ་བ་སྟེ། མི་དགེ་བའི་གཉེན་པོ་བྱེད་ཅིང་འབྲས་ བུ་འདོད་པར་བྱ་བ་སྐྱེད་པའི་ཕྱིར་རོ། །མཚན་ཉིད་ནི། གང་ཞིག་མཚུངས་པར་ལྡན་པའི་རྒྱུ་ མཚན་གྱིས་སེམས་ཀྱང་དགེ་བར་འགྱུར་བའོ། །འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་ དང་། མ་རིག་པ་དང་། ཐེ་ཚོམ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་ དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལོག་པར་ལྟ་བ་དང་བཅུའི་ལྟ་བ་ལྔ་གཅིག་ཏུ་བྱས་པས་དྲུག་ནི་རྩ་བའི་ཉོན་མོངས་པ་སྟེ་ སེམས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །མཚན་ཉིད་ནི། གང་ཞིག་དེ་བྱུང་བས་སེམས་ཀྱི་ 1-1-111 རྒྱུད་རབ་ཏུ་མ་ཞི་བར་བྱེད་ཅིང་སྲིད་པའི་རྩ་བར་གྱུར་པའོ། །ཁྲོ་བ་དང་། འཁོན་དུ་འཛིན་པ་ དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། ཤེས་ བཞིན་མ་ཡིན་པ་དང་། རྣམ་པར་གཡེང་བ་དང་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པ་སྟེ། ཉོན་མོངས་ པའི་ཆར་གཏོགས་ཤིང་ཉེ་བའམ་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །མཚན་ ཉིད་ནི། གང་ཞིག་དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་ཅིང་རྩ་བའི་ཉོན་མོངས་ པ་མ་ཡིན་པའོ། །གཉིད་དང་། འགྱོད་པ་དང་། རྟོག་པ་དང་། དཔྱོད་པའོ་ཞེས་པ་བཞི་ནི་ གཞན་དུ་འགྱུར་བ་ཞེས་བྱ་སྟེ། རྐྱེན་གྱི་དབང་གིས་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་ གསུམ་ཆར་དུ་འགྱུར་དུ་རུང་བའི་ཕྱིར་རོ། །མཚན་ཉིད་ནི། གང་ཞིག་དེའི་རིགས་ཆོས་གསུམ་ ཀ་དང་མི་འགལ་བ་བཏགས་ཡོད་ཅེས་པའོ། ། རྒྱས་བཤད་ལ་དྲུག་སྟེ། ཀུན་འགྲོའི་ཁྱད་པར་ཡུལ་ངེས་དང་། །དགེ་བ་བཅུ་གཅིག་ཉོན་ མོངས་དྲུག། ཉེ་བའི་ཉོན་མོངས་ཉི་ཤུ་དང་། །གཞན་དུ་འགྱུར་བ་བཞི་བཤད་པའོ། ། དང་པོ་ཀུན་འགྲོ་ལྔའི་ཁྱད་པར། ཚོར་བ་དང་འདུ་ཤེས་ཕུང་པོ་རེ་རེར་རྒྱས་པར་བཤད་ ཟིན་ནས། འདིར་གསུམ་འཆད་པའི་དང་པོ་སེམས་པ་གང་ཞེ་ན། ལན་ལ། འགྲེལ་བར། སེམས་ལས་བྱུང་བ་རྣམས་ནི་མཚན་ཉིད་བྱེད་ལས་ཀྱིས་བསྟན་པར་རིག་པར་བྱའོ། །ཞེས་པ་ ལྟར་ཐམས་ཅད་གཉིས་གཉིས་ཀྱིས་བཤད་པར་བྱ་ཞིང་། དམིགས་པ་དང་རྣམ་པ་མ་སྨོས་པ་ རྣམས་ལ་ཡང་དཔྱད་པ་ལས་ཤེས་པར་བྱའོ། །འདིར་ཡང་མཚན་ཉིད་ནི། ཁབ་ལེན་དབང་ གིས་ལྕགས་གཡོ་བ་ལྟར་གང་གིས་སེམས་དམིགས་པ་ལ་མངོན་པར་འདུ་བྱེད་ཅིང་སྐུལ་ བར་བྱེད་པའི་སེམས་ཀྱི་རྣམ་འགྱུར་ཡིན་ལ་སེམས་བྱུང་གཞན་གྱིས་ཀྱང་སེམས་མངོན་པར་ 1-1-112 འདུ་བྱེད་པས་དེ་གསལ་བའི་ཆེད་དུ་ཡིད་ཀྱི་ལས་རྣམ་ཤེས་ཀུན་ཏུ་གཡོ་བ་ལྟར་བྱེད་པ་སྟེ། སྐད་ཅིག་གཞན་དུ་མི་གནས་ཤིང་། །བྱེད་མེད་ཡིད་ཀྱང་གང་གིས་ནི། །བྱེད་དང་བཅས་ལྟར་ སྣང་བྱེད་པ། །སེམས་པ་དེ་ནི་ཡིད་ཀྱི་ལས། །ཞེས་བྱེ་བཤད་དུ་(ཆོས་མངོན་པའི་མདོ་)དྲངས་ པ་ལྟར་རོ། །བྱེད་ལས་ནི། ཇི་ལྟར་མངོན་པར་འདུས་བྱས་པ་ལྟར་དད་པ་ལ་སོགས་པ་དགེ་ བ་དང་། ཞེ་སྡང་ལ་སོགས་པ་མི་དགེ་བ་དང་། སྤྱོད་ལམ་ཕལ་བ་ལ་སོགས་པ་ལུང་དུ་མ་ བསྟན་པའི་ཆོས་རྣམས་ལ་སེམས་གཡོ་ཞིང་འཇུག་པར་བྱེད་པའི་ལས་ཅན་ནོ། །དེ་བཞིན་དུ་ (དྲིས་ལན་མཚན་ཉིད་བྱེད་ལས་སོགས་ཐམས་ཅད་ལ་)སྦྱར་ཏེ། ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་འཇུག་ པ་དམིགས་པ་ལ་སེམས་མངོན་དུ་ཕྱོགས་པར་བྱེད་པ་སྟེ། དམིགས་པ་དེ་ཉིད་ལ་སེམས་ཡང་ དང་ཡང་དུ་འཛིན་ཅིང་གཏོད་པར་བྱེད་པའི་ལས་ཅན་ནོ། །དེ་ན་ཡིད་ལ་བྱེད་པ་ཐོབ་པ་ནི་ ཏིང་ངེ་འཛིན་ཐོབ་པའོ། །ཞེས་གསུངས་སོ། །དེའང་ཁྱད་པར་ཅན་གྱི་དབང་དུ་བྱས་པ་སྟེ། གཞན་དུ་ན་(ཡིད་ལ་བྱེད་པ་ཀུན་འགྲོ་ཡིན་པས་ཏིང་ངེ་འཛིན་)ཐམས་ཅད་ཀྱིས་ཐོབ་པར་འགྱུར་རོ། །ཡིད་ ལ་བྱེད་པ་ནི་སྐད་ཅིག་རེ་རེ་འཛིན། ཏིང་ངེ་འཛིན་ནི་ཡུན་རིང་དུ་འཛིན་པ་ཁྱད་པར་ཡིན་ལ། ཡང་སེམས་པ་ནི་ཡུལ་ལ་གཡོ་བར་བྱེད་པ་རྒྱལ་པོ་བཞེངས་སུ་འཇུག་པ་ལྟ་བུ་སྟེ། ཡིད་ལ་བྱེད་ པ་ནི་དམིགས་པ་ལ་ཁྱད་པར་དུ་གཏོད་པ་རྒྱལ་པོ་སྐྱེད་མོས་ཚལ་དུ་ཁྲིད་པ་ལྟ་བུའོ། །སྤྱིར་ སེམས་ལས་བྱུང་བ་རྣམས་ཀྱི་མི་འདྲ་བའི་ཁྱད་པར་ནི་ཤིན་ཏུ་ཕྲ་བས་བརྗོད་པར་དཀའ་སྟེ། མེ་ལོང་དུ། བུར་ཤིང་འོ་མ་བུར་སོགས་ཀྱི། །མངར་བ་ཉིད་ནི་ཁྱད་པར་ཆེ། །དེ་ལྟ་མོད་ཀྱིས་ དེ་བརྗོད་པར། །དབྱངས་ཅན་མས་ཀྱང་ནུས་མ་ཡིན། །ཞེས་པ་ལྟར་རོ། །རེག་པ་གང་ཞེ་ན་ ཡུལ་དབང་རྣམ་ཤེས་གསུམ་རྒྱུ་འབྲས་ཀྱི་དངོས་པོར་འདུས་ཤིང་གནས་ནས། བདེ་སོགས་ འབྱུང་བ་མཐུན་པའི་དབང་པོའི་འགྱུར་བ་དང་འདྲ་བར་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་ཅིང་ རྟོག་པར་བྱེད་པ་སྟེ། (མཚུང་ལྡན་གྱི་རྒྱུ་འབྲས་ཡིན་པས་)མདུང་ཁྱིམ་ལྟར་དེ་དང་ལྷན་ཅིག་དེ་ལས་ 1-1-113 བྱུང་བའི་ཚོར་བའི་གནས་སམ། རྟེན་བྱེད་པའི་ལས་ཅན་ནོ། །ཡུལ་སོ་སོར་ངེས་པ་ལྔའི། འདུན་ པ་གང་ཞེ་ན། མི་འདོད་པ་ལ་འདུན་པ་མེད་པས་དམིགས་ཡུལ་ངེས་པ་ཅན་གང་དང་གང་ འདོད་པར་བྱ་བའི་དངོས་པོ་ལ་དམིགས་ནས། རྣམ་པ་ལྟ་བ་དང་ཉན་པ་དང་སེམས་པ་དང་ སྒོམ་པ་ལ་སོགས་པ་དེ་དང་དེ་ལྡན་པར་བྱེད་འདོད་ཅིང་དོན་དུ་གཉེར་བའི་སེམས་ཀྱི་རྣམ་ འགྱུར་ཉིད་དེ། གང་ལ་འདུན་པ་དེ་ལ་སྤྲོ་བས་འཇུག་པས་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་ པའི་ལས་ཅན་ནོ། །བརྩོན་འགྲུས་ནི་བྱ་བ་ལ་སྤྲོ་བ་ཙམ་སྟེ། བརྩོན་གང་དགེ་ལ་སྤྲོ་བའོ། ། ཞེས་པ་ལྟར་ན་དགེ་བའི་འདུན་པའི་བྱེད་ལས་སོ། །སྲེད་པ་དང་ཁྱད་པར་ཅི་ཡོད་ཅེ་ན། དེ་ ནི་ཆགས་པ་ཡིན་ལ་འདི་ནི་འདོད་པ་ཙམ་སྟེ། ཆགས་པ་དང་བྲལ་བར་འདོད་པའང་འཆད་ དོ། །མོས་པ་གང་ཞེ་ན། ཐེ་ཚོམ་ཅན་ལ་མོས་པ་མེད་པས། དམིགས་ཡུལ་ལུང་དང་རིགས་ པས་དཔྱད་ན་ཐེ་ཚོམ་མེད་པས་ངེས་པའི་དངོས་པོ་ལ་དམིགས་ནས། རྣམ་པ་སྟོང་ཉིད་དང་ བདག་མེད་ལ་སོགས་པ་འདི་ནི་འདི་ཁོ་ན་བཞིན་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཇི་ལྟར་ ངེས་པ་བཞིན་མཐའ་གཅིག་ཏུ་འཛིན་པ་སྟེ། དེ་གཅེས་སུ་བྱེད་པ་ནི་རང་གི་གྲུབ་མཐའ་ལས་ མི་ཕྲོགས་ཤིང་ཕས་རྒོལ་གྱིས་གཞན་དུ་དྲང་བར་མི་ནུས་པ་ཉིད་ཀྱི་ལས་ཅན་ནོ། །དྲན་པ་ གང་ཞེ་ན། མ་འདྲིས་པ་ལ་དྲན་པ་མེད་པས། དམིགས་ཡུལ་སྔོན་དུ་འདྲིས་ཤིང་མྱངས་པའི་ དངོས་པོ་རྣམས་ལ་དམིགས་ནས། རྣམ་པ་སེམས་ཀྱི་བརྗེད་པ་མེད་པར་སྔོན་བཟུང་བ་རྣམས་ ཡང་ཡང་འཆར་བས་བརྗེད་ངས་ཀྱི་གཉེན་པོར་བྱེད་ནུས་པ་སྟེ། ཟིན་པ་ཆུད་མི་ཟ་བས་ དམིགས་རྣམ་གཞན་ལ་སེམས་རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཏིང་ངེ་འཛིན་གང་ཞེ་ ན། མ་བརྟགས་པ་ལ་དེ་མེད་པས། དམིགས་ཡུལ་བདེན་བཞི་དང་སྐྱོན་ཡོན་དང་ཞི་རགས་ ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་བརྟག་པར་བྱ་བའི་དངོས་པོ་ལ་དམིགས་ནས། རྣམ་ པ་སེམས་རྩེ་གཅིག་ཏུ་གནས་ཤིང་རྣམ་གཡེང་གི་གཉེན་པོ་བྱེད་པ་སྟེ། མཉམ་པར་བཞག་ན་ 1-1-114 ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་འབྱུང་བས་དེའི་རྟེན་བྱེད་བའི་ལས་ཅན་ནོ། །ཤེས་ རབ་གང་ཞེ་ན། མ་བརྟགས་པ་ལ་དེའང་མེད་པས་དམིགས་ཡུལ་བརྟག་ཅིང་དཔྱད་པར་བྱ་ བ་ཉིད་ཀྱི་དངོས་པོ་ཤེས་བྱའི་ཆོས་རང་དང་སྤྱིའི་མཚན་ཉིད་འདྲེས་པ་ལྟ་བུ་རྣམས་ལ་ དམིགས་ནས། རྣམ་པ་ཡང་དག་པའམ་ལོག་པའམ་དེ་གཉི་ག་མ་ཡིན་པར་རབ་ཏུ་རྣམ་པར་ འབྱེད་ཅིང་སོ་སོར་རྟོག་པར་བྱེད་པ་སྟེ། དེའང་ལུང་དང་རིགས་པ་དང་ཐོས་བསམ་སྒོམ་ གསུམ་ཡང་དག་ལས་སྐྱེས་པའི་ཤེས་རབ་དང་། ལུང་རིགས་ལྟར་སྣང་དང་ཐོས་བསམ་སྒོམ་ གསུམ་ལ་སོགས་པ་ལས་སྐྱེས་པའི་ཤེས་རབ་དང་། སྐྱེ་བས་ཐོབ་པ་དང་འཇིག་རྟེན་པའི་ ལུགས་ཤེས་པའི་ཤེས་རབ་གསུམ་གྱིས་སོ། །ཆོས་རྣམ་པར་ཕྱེ་བ་ལས་ངེས་པ་རྙེད་པའི་ཕྱིར་ སོམ་ཉིའམ་ཐེ་ཚོམ་ཟློག་པའི་ལས་ཅན་ནོ། །དགེ་བ་བཅུ་གཅིག་ལ་སྡེ་ཚན་དྲུག་གི་དང་པོ་ ངེས་པའི་དུས་སུ་མཚུངས་པར་ལྡན་པ། དད་པ་གང་ཞེ་ན། དམིགས་ཡུལ་ཡོད་པ་ཉིད་དང་། ཡོན་ཏན་ཅན་དང་། ནུས་པ་རྣམས་ལ་རྣམ་པ་གོ་རིམ་བཞིན། མངོན་པར་ཡིད་ཆེས་པ་དང་། དང་པ་དང་། འདོད་པ་སྟེ། དེའང་དགེ་སྡིག་ལས་བདེ་སྡུག་འབྱུང་བ་ལ་སོགས་པ་ལས་དང་ འབྲས་བུ་མི་བསླུ་བར་ཡོད་པ་ལ་ཐེ་ཚོམ་དང་ལོག་ཤེས་མེད་པར་བདེན་ངེས་སྙམ་པས་བླང་ དོར་ལ་འཇུག་པར་འདོད་པ་མངོན་པར་ཡིད་ཆེས་པའི་དད་པ་དང་། སངས་རྒྱས་དོན་གཉིས་ མཐར་ཕྱིན་པ་དང་ཆོས་བདེན་པ་གཉིས་ཟུང་དུ་འཇུག་པ་དང་དགེ་འདུན་ཡེ་ཤེས་གཉིས་དང་ ལྡན་པ་ལ་སོགས་པའི་ཡོན་ཏན་ཅན་ལ་རབ་ཏུ་དགའ་ཞིང་ཡོན་ཏན་དང་ལྡན་པར་ཤེས་པས། ནོར་བུ་ཆུ་འདངས་དང་ཕྲད་ན་ཆུ་རྙོག་མ་མེད་པར་འགྱུར་བ་ལྟར་སེམས་ཀྱི་རྙོག་པ་ཉོན་ མོངས་པ་མེད་པར་འགྱུར་བ་དང་བའི་དད་པ། རང་གི་རྒྱུད་ལ་སྤངས་པ་དང་རྟོགས་པའི་ཡོན་ ཏན་ཁྱད་པར་ཅན་བསྒྲུབ་པ་ལ་ནུས་པ་ཐོབ་པ་དང་སྒྲུབ་པར་འདོད་པའི་དད་པའོ། །འདུན་ པ་དང་སྲེད་པའང་དད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་འདུན་པ་ནི་དད་པའི་འབྲས་བུ་ཡིན་ 1-1-115 ཞིང་། སྲེད་པ་ནི་དགེ་བའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །གང་ལ་དད་པ་ཡོད་པ་དེ་ལ་འདུན་ པ་འབྱུང་བས་དེའི་རྟེན་བྱེད་པའི་ལས་ཅན་ནོ། །མི་དགེ་བ་ལས་ལྡོག་པའི་དུས་སུ་ལྡན་པ་ གཉིས་ཀྱི། ངོ་ཚ་ཤེས་པ་གང་ཞེ་ན། ཁོ་བོ་ནི་རིགས་དང་སྡོམ་པ་དང་ཤེས་རྒྱ་ལ་སོགས་པ་ ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་ཕྱིར་སྡིག་པ་བྱར་མི་རུང་ངོ་ཞེས་བདག་ཉིད་རྒྱུ་མཚན་དུ་ བྱས་པ་ལས། དམ་པ་རྣམས་ཀྱིས་སྨད་ཅིང་རྣམ་སྨིན་མི་འདོད་པ་འབྱིན་པ་ཁ་ན་མ་ཐོ་བ་ རྣམས་ལ་དམིགས་ནས་རྣམ་པ་འཛེམ་ཞིང་འཇིགས་པར་ལྟ་བས་སེམས་བག་འཁུམས་པ་སྟེ། དེ་ལྡན་ན་སྒོ་གསུམ་གྱི་ཉེས་པར་སྤྱོད་པ་མི་དགེ་བ་བཅུ་ལ་ཕྱིས་མི་འཇུག་ཅིང་སྔར་བྱས་ པའང་སྤོང་བས་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲེལ་ཡོད་པ་གང་ཞེ་ན། སྡུག་པ་བྱས་ན་གང་ཟག་དམ་པ་རྣམས་ཀྱིས་ཁྲེལ་ཞིང་འཇིག་རྟེན་དུ་གྲགས་པ་ངན་པ་འབྱུང་ བ་ནི་མི་རུང་ངོ་ཞེས་གཞན་རྒྱུ་མཚན་དུ་བྱས་པ་ལས། ཁ་ན་མ་ཐོ་བ་ལ་དམིགས་ནས་རྣམ་པ་ འཛེམ་ཞིང་བག་འཁུམས་པ་སྟེ། སྔ་མ་བཞིན་དུ་ཉེས་པར་སྤྱོད་པ་ཡང་དག་པར་སྡོམ་པ་དེའི་ ལས་ཅན་ནོ། །དགེ་བ་ལ་འཇུག་པའི་དུས་སུ་ལྡན་པ་བཞིའི། མ་ཆགས་པ་གང་ཞེ་ན། དགག་ སྒྲ་ནི་མེད་པ་དང་གཞན་པ་དང་གཉེན་པོ་གསུམ་ལ་འཇུག་པ་ལས། འདིར་ཆགས་པའི་ གཉེན་པོ་སྟེ། ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དེ་ལའང་དེ་བཞིན་ནོ། །དེས་ན་སྲིད་པ་ ནང་ཉེར་ལེན་གྱི་ཕུང་པོ་དང་། སྲིད་པའི་ཡོ་བྱད་ཟས་གོས་དང་ནོར་ལ་སོགས་པ་ཉེ་བར་མཁོ་ བ་རྣམས་ལ་དམིགས་ནས། རྣམ་པ་ཆགས་པ་མེད་ཅིང་ཡིད་འབྱུང་ལ། ཉེས་དམིགས་ཤེས་ པས་ཆགས་པ་དང་དངོས་ཀྱི་གཉེན་པོ་བྱེད་པ་སྟེ། དེ་ཡོད་ན་འཆད་པར་འགྱུར་བ་ལྟར་ ཆགས་པའི་དབང་དུ་གྱུར་བའི་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། ། ཞེ་སྡང་མེད་པ་གང་ཞེ་ན། དགྲ་བོ་ལ་སོགས་པ་ཡིད་དུ་མི་འོང་བའི་སེམས་ཅན་རྣམས་དང་། ན་ཚ་ལ་སོགས་པ་རང་རྒྱུད་ཀྱི་ཚོར་བ་སྡུག་བསྔལ་དང་། དུག་དང་མཚོན་དང་ཚེར་མ་ལ་ 1-1-116 སོགས་པ་སྡུག་བསྔལ་གྱི་གནས་ཀྱི་ཆོས་སམ། རྒྱུ་རྣམས་ལ་དམིགས་ནས། རྣམ་པ་ཀུན་ནས་ མནར་སེམས་པའམ་གནོད་པ་བྱ་བར་སེམས་པ་མེད་པ་བྱམས་པའི་བདག་ཉིད་ཅན་ཏེ། འདིས་ཀྱང་ཞེ་སྡང་གིས་ཀུན་ནས་བསླངས་པའི་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་ པའི་ལས་ཅན་ནོ། །གཏི་མུག་མེད་པ་གང་ཞེ་ན། སྔོན་རྒྱུ་ལ་འབད་པའི་རྣམ་པར་སྨིན་པ་ལས་ བྱུང་བ་སྐྱེ་བས་ཐོབ་པ་ལས་སམ། ལུང་རྣམ་དག་ཐོས་པ་ལས་བྱུང་བ་དང་། དེའི་དོན་རིག་ པས་བསམ་པ་ལས་བྱུང་བ་ལས་སམ། རྟོགས་པའི་དོན་བསྒོམས་པ་ལས་བྱུང་བས་ཤེས་པའི་ ཤེས་རབ་ནི་དང་པོ་སྐྱེས་པ་མ་ཡིན་ཞིང་། དེའི་རྗེས་སུ་བྱུང་བ་སོ་སོར་བརྟགས་པའི་ཤེས་ རབ་ནི་བརྟན་པ་དང་བཅས་པ་སྟེ། བརྩོན་འགྲུས་སམ་ཏིང་ངེ་འཛིན་དང་མཚུངས་ལྡན་གྱི་ ཤེས་རབ་ནི་ཉོན་མོངས་པའི་ས་བོན་མ་སྤངས་ཀྱང་ཉོན་མོངས་པ་མངོན་གྱུར་མི་འབྱུང་བའི་ ཕྱིར་རོ། །ཉེས་སྤྱོད་ཀྱི་རྒྱུ་ལ་གཏི་མུག་གིས་ཁྱབ་པ་ལ། འདིས་གཏི་མུག་སེལ་བས་ཉེས་པར་ སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །བརྩོན་འགྲུས་གང་ཞེ་ན། (རྒྱན་ལས།) དགེ་ལ་ཡང་དག་སྤྲོ་བ་དང་། །ཞེས་པ་ལྟར་དགེ་བའི་ཆོས་རྣམས་ལ་དམིགས་ནས། རྣམ་པ་ སེམས་མངོན་པར་སྤྲོ་བ་སྟེ། ཉོན་མོངས་པ་ཅན་ལ་སྤྲོ་བ་ནི་སྨད་པའི་ཕྱིར་ལེ་ལོ་ཉིད་དུ་ གསུངས་སོ། །དེའང་དགེ་བ་རྒྱ་ཆེན་པོ་བསྒྲུབ་སྙམ་དུ་གོ་ཆ་གྱོན་པ་དང་། གོ་ཆར་ཉམས་སུ་ ལེན་པ་སྦྱོར་བ་དང་། བསྒྲུབ་པར་བྱ་བ་ལ་སེམས་མི་འགོང་ཞིང་མི་ཞུམ་པ་དང་། ཚ་གྲང་དང་ བཀྲེས་སྐོམ་ལ་སོགས་པའི་དཀའ་སྤྱད་ཀྱིས་མི་འཁྲུགས་ཤིང་མི་ལྡོག་པ་དང་། ཅུང་ཟད་ཙམ་ གྱིས་(ནན་པོ་)ཆོག་པར་མི་འཛིན་པར་རྒྱ་ཆེན་པོ་ལ་སེམས་མངོན་པར་སྤྲོ་བའི་བརྩོན་འགྲུས་ རྣམས་ཏེ། རྒྱན་ལས། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་ཏུ་སྦྱོར་ བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས། །རྣམ་པ་ཐམས་ཅད་ སངས་རྒྱས་རྣམས་རབ་གསུངས། །ཞེས་པ་ལྟར་རོ། །དེ་རྣམས་ལྡན་ན་དགེ་བའི་ཕྱོགས་ 1-1-117 བསམ་གཏན་གྱི་དངོས་གཞི་ལ་འཇུག་པ་ལྟ་བུ་མ་ཐོབ་པ་ཐོབ་ཅིང་ཡོངས་སུ་རྫོགས་པར་ བྱེད་པ་དང་། དེ་ཉིད་ཡོངས་སུ་སྦྱངས་བར་བྱས་ཏེ་ཐོབ་ཟིན་གོང་ནས་གོང་དུ་གྱ་ནོམ་པར་ སྒྲུབ་བའི་ལས་ཅན་ནོ། །འཇིག་རྟེན་པའི་ཆགས་བྲལ་གྱི་དུས་སུ་ལྡན་པ། ཤིན་ཏུ་སྦྱངས་(ལུས་ ཀྱི་རེག་བྱའི་ཁྱད་པར་དགའ་བས་ཟིན་པ་ནི་ལུས་ཤིན་ཏུ་སྦྱངས་)པ་གང་ཞེ་ན། ལུས་ལྕི་ཞིང་ཟོ་མདོག་མི་བདེ་ བ་ལ་སོགས་པས་དགེ་བ་ལ་བཀོལ་དུ་མི་རུང་བ་ལུས་ཀྱི་གནས་ངན་ལེན་དང་། སེམས་ རྨུགས་པ་དང་རྒོད་པ་ལ་སོགས་པས་ཉོན་མོངས་པའི་ས་བོན་དང་བཅས་ཤིང་ལས་སུ་མི་རུང་ བ་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་འདིས་སྤྱོད་པའི་ཕྱིར། དེའི་གཉེན་པོ་ཡིན་ལ། དེ་ལ་བརྟེན་ནས་རང་གི་བྱ་བ་རྣམས་ལ་ལྡང་བ་ཡང་བ་ལ་སོགས་པ་ལུས་ལས་སུ་རུང་བ་དང་། དགེ་བ་ལ་ཞུགས་པའི་སེམས་སིམ་ཞིང་ཡང་ལ་གསལ་བས་དམིགས་པ་ལ་ཐོགས་མེད་དུ་ འཇུག་པ་སེམས་ལས་སུ་རུང་བ་ཉིད་དེ། ལུས་ཤིན་ཏུ་སྦྱངས་པ་ནི། ཞར་ལས་བྱུང་བའམ། སེམས་ལས་སུ་རུང་བའི་སྒྲུབ་བྱེད་དུ་བཤད་པའོ། །དེ་དག་གིས་གནས་ངན་ལེན་གནས་གྱུར་ པར་བྱེད་པས་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། ། འཇིག་རྟེན་ལས་འདས་པའི་ཆགས་བྲལ་གྱི་དུས་སུ་ལྡན་པ་གཉིས་ཀྱི། བག་ཡོད་པ་གང་ཞེ་ ན། གདགས་གཞི་བཤད་ཟིན་པའི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་ དང་། བརྩོན་འགྲུས་དང་བཅས་པ་ལ་གནས་ཤིང་རྟེན་བཅས་ནས་ཉོན་མོངས་པའི་གཉེན་པོ་ བྱེད་པའི་ཕྱིར། བཞི་པོ་ཉིད་ལ་བག་ཡོད་ཅེས་བཏགས་སོ། །གལ་ཏེ་བག་ཡོད་བཞི་རྣམ་ཤེས་ གཅིག་གི་འཁོར་དུ་བྱུང་ན་རྫས་མཚུངས་ཉམས་སོ་ཞེ་ན། མི་ཉམས་ཏེ་འདི་ནི་བཏགས་ཡོད་ ཡིན་པས་གདགས་གཞི་ལས་གུད་ན་མེད་ལ། རྫས་མཚུངས་ནི་རྫས་ཡོད་ལ་བརྩི་བའི་ཕྱིར་ རོ། །ཞེས་གསུངས་ཤིང་། ཁ་ཅིག་ནི་གཞི་ལ་འདོགས་པ་སྤྱི་རིགས་ལ་དགོངས་པ་སྟེ། རྣམ་ ཤེས་གཅིག་གི་འཁོར་དུ་གང་རུང་ལ་བཏགས་པའི་བག་ཡོད་རེ་རེ་ལས་མི་འབྱུང་བས་སྐྱོན་ 1-1-118 མེད་ཅེས་གསུངས་སོ། །འདི་ནི་དུ་མ་ལ་བཏགས་པ་ཐམས་ཅད་ལ་སྦྱར་རོ། །ངོ་བོ་ནི། གང་ དགེ་བའི་ཆོས་ཟག་བཅས་དང་ཟག་མེད་རྣམས་ལ་དམིགས་ནས། རྣམ་པ་ཡང་དང་ཡང་དུ་ མངོན་དུ་བྱེད་ཅིང་སྒོམ་པ་དང་། ཟག་པ་དང་བཅས་པ་ཉོན་མོངས་པ་དང་དེའི་གནས་ཀྱིས་ ཆོས་རྣམས་ལ་དམིགས་ནས། རྣམ་པ་སེམས་སྲུང་ཞིང་བག་ཡངས་སུ་མི་གཏོང་བ་སྟེ། མཐོ་ རིས་ཀྱི་ལུས་དང་ལོངས་སྤྱོད་ལ་སོགས་པ་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་དང་། ཐར་ བའི་ལམ་དང་འབྲས་བུ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ ཅད་སྔར་མ་ཐོབ་པ་འཐོབ་ཅིང་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐོབ་པ་རྣམས་གོང་ནས་ གོང་དུ་གྱ་ནོམ་པར་ཡོངས་སུ་སྒྲུབ་པའི་ལས་ཅན་ནོ། །བཏང་སྙོམས་གང་ཞེ་ན། སྔ་མ་ལྟར་ གདགས་གཞི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་བརྩོན་འགྲུས་དང་ བཅས་པ་ལ་གནས་ཤིང་རྟེན་བཅས་ནས་བྱིང་རྒོད་སེལ་བའི་ཕྱིར་བཞི་པོ་ཉིད་ལ་བཏང་ སྙོམས་སུ་བཏགས་པའོ། །ངོ་བོ་ནི། ཆགས་སྡང་དང་བྱིང་རྒོད་ལ་སོགས་པ་ཀུན་ནས་ཉོན་ མོངས་པ་ཅན་དུ་གནས་པ་ལ་དམིགས་ནས། རྣམ་པ་དེ་དང་མི་མཐུན་ཞིང་འགལ་བས་དེ་ དག་སྤོང་བར་བྱེད་པ་ཡིན་ལ། དེའང་དང་པོར་བྱིང་རྒོད་ཀྱིས་མི་མཉམ་པ་མེད་པས་སེམས་ མཉམ་པ་ཉིད་དང་། བར་དུ་དེ་ཉིད་རྒྱུན་གྱིས་འཇུག་ཅིང་མངོན་པར་འདུ་བྱེད་པ་མེད་པས་ སེམས་རྣལ་དུ་འདུག་པ་ཉིད་དང་། མཐར་གོམས་པ་རབ་ཏུ་གྱུར་ཅིང་བྱིང་རྒོད་སེལ་བའི་ འབད་རྩོལ་མི་དགོས་པས་སེམས་ལྷུན་གྱིས་གྲུབ་པར་གནས་པ་ཉིད་དེ། དེ་ནི་ཀུན་ནས་ཉོན་ མོངས་པ་དང་མི་མཐུན་པའི་ཕྱིར་དེ་རྒྱུད་ལ་སྐྱེ་བའི་གོ་སྐབས་མི་འབྱེད་པའི་རྟེན་བྱེད་པའི་ ལས་ཅན་ནོ། །སེམས་ཅན་ལ་ཕན་འདོགས་པའི་དུས་སུ་ལྡན་པ། རྣམ་པར་མི་འཚེ་བ་གང་ཞེ་ ན། གདགས་གཞི་ཞེ་སྡང་མེད་པའི་ཆར་གཏོགས་པ་ཡིན་གྱི། རྫས་གཞན་དུ་མེད་ལ། དེའི་ ཕྱིར་དམིགས་རྣམ་ཡང་དེ་དང་འདྲ་ཞིང་། ངེས་ཚིག་ནི། ཀ་རུ་ཎའི་ཀཾ་བདེ་བ་དང་། རུ་ཎད་དྷི་ 1-1-119 འགོག་པ་ཞེས་པས། གཞན་གྱི་སྡུག་བསྔལ་གྱི་ཁྱད་པར་མཐོང་ན་མི་བཟོད་ཅིང་རང་གི་བདེ་ བ་འགོག་ནུས་པ་སྙིང་རྗེ་བའི་སེམས་ཉིད་དེ། རྣམ་པར་འཚེ་བའི་གཉེན་པོ་ཡིན་པས་གཞན་ གྱི་ལུས་དང་ལོངས་སྤྱོད་ལ་ཐོ་མི་འཚམ་པའི་ལས་ཅན་ནོ། ། ཉོན་མོངས་པ་དྲུག་ལས། ལྟ་མིན་ལྔ་བཤད་པ། ལྟ་བ་ལྔ་བཤད་པ། ལྟ་བའི་ཁྱད་པར་རོ། ། དང་པོ་ལ། འདོད་ཆགས་གང་ཞེ་ན། (ཁྱད་པར་ཅུང་ཟད་མ་ཆགས་པ་མ་ཡིན་གྱི་)ཁམས་གསུམ་ན་ཡོད་ པའི་ལུས་དང་ལོངས་སྤྱོད་རྣམས་ལ་དམིགས་ནས། རྣམ་པ་དེ་སྣང་ཞིང་རིག་པས་རྗེས་སུ་ ཆགས་ཤིང་ཞེན་པ་མཆེད་ནས་(གོས་ལ་སྣུམ་འཇེན་པ་ལྟར་)འབྲལ་དཀའ་བར་གྱུར་པ་སྟེ། ཆགས་ ཤིང་སྲེད་པའི་དབང་གིས་སྡུག་བསྔལ་གསུམ་དང་ལྡན་པའི་ཉེར་ལེན་གྱི་ཕུང་པོ་འགྲུབ་པས་ དེ་སྐྱེད་པའི་ལས་ཅན་ནོ། །རྣམ་འགྲེལ་ལས་ཀྱང་། བདག་ལ་ཆགས་པ་དང་ལྡན་པའི། །བདེ་ སྡུག་དོར་ཐབས་འདོད་པ་ཡིས། །སེམས་ཅན་གཞན་གྱིས་བཀྲི་མིན་པ། །དམན་པའི་གནས་ ནི་ཡོངས་སུ་ལེན། །ཞེས་པ་ལྟར་རོ། །ཁོང་ཁྲོ་བ་གང་ཞེ་ན། མི་མཐུན་པའི་སེམས་ཅན་རྣམས་ དང་། རང་རྒྱུད་ཀྱི་སྡུག་བསྔལ་དང་། མཚོན་ཆ་ལ་སོགས་པ་སྡུག་བསྔལ་གྱི་གནས་ཀྱི་ཆོས་ རྣམས་ལ་དམིགས་ནས། རྣམ་པ་ཀུན་ནས་མནར་ཞིང་གནོད་པ་བྱ་བར་སེམས་པ་སྟེ། (སྤྱོད་ འཇུག་ཏུ་)ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བ་ཉམས་མི་མྱོང་། །དགའ་དང་བདེ་བ་ མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །ཞེས་པ་ལྟར་རང་ཉིད་(རེག་ཅིང་སྲེད་པས་ རང་གིར་བྱེད་པས་ན་)རེག་པ་(ཞེས་པ་)བདེ་བ་(ཡིན་ལ་དེ་)དང་ལྷན་ཅིག་མི་གནས་པའི་ལས་ཅན་དང་། གཞན་དག་གསོད་ཅིང་འཆིང་བ་ལ་སོགས་པ་ཉེས་པར་སྤྱོད་པ་འཕེལ་བའི་རྟེན་བྱེད་པའི་ ལས་ཅན་ནོ། །ང་རྒྱལ་གང་ཞེ་ན། བདག་རྐྱེན་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདི་ནི་ བདག་གོ། འདི་རྣམས་བདག་གིའོ་ཞེས་རིགས་དང་ལོངས་སྤྱོད་ལ་སོགས་པའི་འབྱོར་བ་ལ་ དམིགས་ནས། རྣམ་པ་སེམས་ཁེངས་ཤིང་མཐོ་བས་གཞན་ལས་ལྷག་པར་རློམ་པ་སྟེ། བླ་མ་ 1-1-120 དང་ཡོན་ཏན་ཅན་རྣམས་ལ་འགྱིང་ཞིང་སྲི་ཞུ་མི་བྱེད་པས་མི་གུས་པ་དང་། ཁོང་ཁྲོ་ལྟར་དངོས་ སུ་སྡུག་བསྔལ་མི་སྐྱེད་ཀྱང་། (སྤྱོད་འཇུག་ཏུ་)ངན་འགྲོར་ང་རྒྱལ་གྱིས་འཁྲིད་ཅིང་། །མི་ཡི་དགའ་ སྟོན་བཅོམ་པ་དང་། །གཞན་གྱི་ཟན་ཟའི་བྲན་དང་ནི། །གླེན་དང་མི་སྡུག་ཅན་དུ་འགྱུར། ། ཞེས་པ་ལྟར་ཡང་སྲིད་ཕྱི་མ་ལ་སྡུག་བསྔལ་སྣ་ཚོགས་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ ནོ། །མ་རིག་པ་གང་ཞེ་ན། སྤྱིར་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཤེས་བྱའི་ཁྱད་པར་ འགའ་ཞིག་མི་ཤེས་པ་ལྟ་བུ་མི་གཟུང་གི། འདིར་ནི་རིག་པ་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ ཉོན་མོངས་པ་ཅན། རྟེན་ཁམས་གསུམ་པ་ལ་ཡོད་པ། ལས་དང་འབྲས་བུ་དང་བདེན་པ་དང་ དཀོན་མཆོག་ལ་སོགས་པའི་གནས་ལུགས་ལ་དམིགས་ནས། རྣམ་པ་མི་ཤེས་ཤིང་ཀུན་ཏུ་ རྨོངས་པར་འགྱུར་བ་སྟེ། ཤེས་བྱའི་ཆོས་རྣམས་ལ་འཁོར་བ་རྟག་པ་ལ་སོགས་པ་དང་། མྱང་ འདས་མི་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་གི་རྣམ་པར་ངེས་པ་དང་། དེ་དག་ལ་སོམ་ཉི་ ཟ་བའི་ཐེ་ཚོམ་དང་། འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཐམས་ཅད་འབྱུང་ ཞིང་འཕེལ་བའི་རྟེན་བྱེད་པའི་ལས་ཅན་ནོ། །རྣམ་འགྲེལ་ལས་ཀྱང་། དེ་ཉིད་ཕྱིར་ནི་ཉེས་ རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་པ་ལྟར་རོ། །ཐེ་ཚོམ་གང་ཞེ་ན། དེ་ནི་ ཉོན་མོངས་ཅན་མ་ཡིན་པ་ཕྱོགས་འདི་ན་ལྷ་ཡོད་དམ་མེད་སྙམ་པ་ལྟ་བུ་ཤེས་བྱའི་སྒྲིབ་པས་ བསྡུས་པའང་ཡོད་མོད། འདིར་ནི་ཉོན་མོངས་པ་ཅན། དམིགས་ཡུལ་ལས་འབྲས་དང་དཀོན་ མཆོག་ཀྱང་བདེན་བཞིར་འདུ་བས་འཕགས་པའི་བདེན་པ་བཞི་པོ་རྣམས་ལ་རྣམ་པ་ཡིད་ གཉིས་ཟ་ཞིང་ཡོད་མེད་ལ་སོགས་པ་མཐའ་གཞན་དུ་དོགས་པ་དང་བཅས་པས་བློ་སྣ་ཚོགས་ སུ་བྱེད་པ་སྟེ། ངེས་པ་མ་རྙེད་ན་བླང་དོར་མི་རྩོམ་པས་དགེ་བའི་ཕྱོགས་རྣམས་ལ་སྤྲོ་བས་མི་ འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། ། གཉིས་པ་ལྟ་བ་ནི། རྟོག་པའི་བདག་ཉིད་ཀྱི་ཤེས་རབ་ཉོན་མོངས་པ་ཅན་ཏེ། དེ་ཉིད་ 1-1-121 དམིགས་པ་དང་རྣམ་པ་ཐ་དད་པའི་དབྱེ་བས་ལྔ་ཡོད་པ་ལས། འཇིག་ཚོགས་ལ་ལྟ་བ་གང་ ཞེ་ན། སཏྐ་ཡ་ཞེས་པའི་སད་ཅེས་པ། ཥཌི་འཇིག་པ་ལའོ་ཞེས་པ་དང་། ཀཱ་ཡ་ཞེས་པ་ཙིཉ་ སོགས་པ་ལའོ། །ཞེས་པའི་བྱིངས་ལས་བསྒྲུབས་པས། འཇིག་ཅིང་མི་རྟག་པ་དུ་མ་འདུས་ ཤིང་ཚོགས་པས་ཉེ་བར་ལེན་པ་དང་བཅས་པའི་ཕུང་པོ་ལྔ་བོ་དག་ལ་དམིགས་ནས་རྣམ་པ་ ངོ་བོ་ཉིད་ཀྱི་བདག་གམ་ཕན་འདོགས་བྱེད་ཀྱི་བདག་གིར་དོན་དམ་ཡང་དག་པའི་བདེན་ པར་རྗེས་སུ་ལྟ་ཞིང་རྣམ་པར་འབྱེད་པ་སྟེ། དེའང་རང་རྒྱུད་དུ་གྱུར་པ་ལ་བདག་དང་། གཞན་ རྒྱུད་དུ་གྱུར་བ་དང་མ་ཟིན་པ་ལ་བདག་གིར་ལྟ་བ་དང་། གང་གི་ཚེ་རྣམ་ཤེས་ལ་བདག་ཏུ་ ལྟ་བ་དེའི་ཚེ་ཕུང་པོ་གཞན་བཞི་ལ་བདག་གིར་ལྟ་བ་དང་། གྲངས་ཅན་དང་གཅེར་བུ་དང་ སྤྱོད་པ་བ་ལ་སོགས་པ། བདག་ཤེས་རིག་ཏུ་འདོད་པ་ན་མིང་བཞི་ལ་བདག་དང་གཟུགས་ ལ་བདག་གིར་ལྟ་བ་དང་། བྱེ་བྲག་པ་ལ་སོགས་པ་བདག་བེམ་པོར་འདོད་པ་ན་མིག་སོགས་ བདག་ཏུ་རློམ་པས་གཟུགས་ལ་བདག་དང་མིང་བཞི་ལ་བདག་གིར་ལྟ་བ་ལ་སོགས་པའོ། ། དེའི་རྣམ་གྲངས་ནི། དེ་ལྟར་མོས་ཤིང་མི་སྐྲག་པས་བཟོད་པ་དང་། དོན་དུ་གཉེར་བས་འདོད་ པ་དང་། རབ་ཏུ་རྣམ་པར་འབྱེད་པས་བློ་གྲོས་དང་། ངེས་པ་ཐོབ་པས་རྟོག་པ་དང་། ཡོན་ཏན་ དུ་འཛིན་པས་ལྟ་བ་གང་ཡིན་པ་སྟེ། ཡང་ན་སྔ་མ་སྔ་མ་ཕྱི་མ་ཕྱི་མས་བཤད་པའམ། ཡང་ན་ ཆུང་ངུ་དང་འབྲིང་དང་ཆེ་བ་དང་ཆེས་ཆེ་བ་དང་ཤིན་ཏུ་ཆེས་ཆེ་བའི་རིམ་པས་འཆད་དེ་ཕྱི་མ་ རྣམས་ལའང་སྦྱར་རོ། །ལྟ་བ་ངན་པའི་བྱེ་བྲག་སྣ་ཚོགས་པ་ཐམས་ཅད་འདི་ལ་བརྟེན་ནས་ འབྱུང་བས་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །ཟག་བཅས་ལ་དམིགས་པའི་ ལྟ་བ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་མོད་ཀྱི། བདག་ལ་འཇིག་ཚོགས་ལས་གཞན་ པའི་ཡུལ་མེད་པས་དེ་སྐད་ཅེས་བཤད་དེ། མདོ་ལས། དགེ་སྤྱོང་ངམ་བྲམ་ཟེ་གང་ལ་ལ་དག་ བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ 1-1-122 ཕུང་པོ་ལྔ་པོ་འདི་དག་ལ་ལྟ་བ་ཁོ་ནར་ཟད་དོ་ཞེས་པ་ལྟར་རོ། །མཐར་འཛིན་པར་ལྟ་བ་གང་ ཞེ་ན། སྔ་མ་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་དམིགས་ནས། རྣམ་པ་རྟག་པ་ཐེར་ ཟུག་མི་འགྱུར་བའམ། ཆད་པ་གཉེན་པོས་མ་བཅོམ་ཡང་ཉིང་མཚམས་སྦྱར་བ་མེད་པར་ཡང་ དག་པར་རྗེས་སུ་ལྟ་ཞིང་རྣམ་པར་འབྱེད་པའི་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་ རྟོག་པ་དང་། ལྟ་བ་གང་ཡིན་པ་རྣམས་ཀྱི་བཤད་པ་སྔ་མ་ལྟར་སྦྱར་བ་སྟེ། མཐའ་གཉིས་དང་ བྲལ་བའི་རྟེན་འབྲེལ་ཤེས་པ་དབུ་མའི་ལམ་གྱིས་འཁོར་བ་ལས་ངེས་པར་འབྱུང་བའི་བར་ དུ་གཅོད་པའི་ལས་ཅན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། འཇིག་ཚོགས་དང་མཐར་ འཛིན་དང་ལོག་ལྟ་ལ་སོགས་པ་ལྟ་བ་ངན་པ་རྣམས་དང་། ལྟ་བ་དེ་དག་གང་ལས་བྱུང་བའི་ གནས་ལྟ་བ་པོའི་ལུས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་དམིགས་ནས། །རྣམ་པ་ཕུལ་ དུ་བྱུང་བས་མཆོག་དང་། འདི་ལས་ལྷག་པ་གཞན་མེད་པས་གཙོ་བོ་དང་། གཞན་ལས་ཁྱད་ ཞུགས་པས་ཁྱད་པར་དུ་འཕགས་པ་དང་། འདི་དང་མཚུངས་པ་གཞན་མེད་པས་དམ་པ་ཞེས་ པའམ། ཡང་ན་གཅིག་གིས་གཅིག་བཤད་པར་ཡང་སྦྱར་ཞིང་། དེ་ལྟར་དོན་དམ་ཡང་དག་ པར་རྗེས་སུ་ལྟ་བའི་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་གང་ ཡིན་པ་སྟེ། ལྟ་བ་ངན་པ་ལ་ཡོན་ཏན་དུ་འཛིན་པས་མངོན་པར་ཞེན་ཅིང་ཡོངས་སུ་མི་གཏོང་ བའི་རྟེན་བྱེད་པའི་ལས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ ཞེ་ན། ལྟ་བ་ངན་པ་སྔོན་དུ་འགྲོ་བས་བྱ་བ་འགའ་ཞིག་ལས་ལྡོག་པར་དམ་བཅས་པའི་ཚུལ་ ཁྲིམས་དང་། ཁྱི་དང་བ་ལང་ལ་སོགས་པའི་ཆ་ལུགས་དང་། བཟའ་བཏུང་དང་། ཁྲུས་དང་། སྤྱོད་ལམ་ལ་སོགས་པའི་ཁྱད་པར་དམ་བཅས་པའི་བརྟུལ་ཞུགས་དང་། ཚུལ་ཁྲིམས་བརྟུལ་ ཞུགས་ངན་པ་དེ་དག་གང་ལས་འབྱུང་བ་ཉིད་ཀྱི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་བོ་དག་ ལ་དམིགས་ནས། རྣམ་པ་འདིས་སྡིག་པའི་དྲི་མ་འདག་པ་དང་། ཉོན་མོངས་པའི་འཆིང་བ་ 1-1-123 ལས་གྲོལ་བ། འཁོར་བ་ལས་ངེས་པར་འབྱིན་པར་བྱེད་པ། ཐར་བའི་ལམ་དུ་ཡང་དག་པར་ རྗེས་སུ་ལྟ་བའི་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་གང་ཡིན་ པ་སྟེ། དེས་ཐར་བའི་ཆེད་དུ་འབད་ཀྱང་ངེས་པར་མི་འབྱུང་བའི་ཕྱིར་ངལ་བ་འབྲས་བུ་མེད་ པའི་རྟེན་བྱེད་པའི་ལས་ཅན་ནོ། །ལོག་པར་ལྟ་བ་གང་ཞེ་ན། ཟག་བཅས་ཀྱི་མངོན་ཤེས་ཕྲན་ ཚེགས་ལ་བརྟེན་ནས་བལྟས་པས་མཐའ་མ་ཆོད་པར། ཚེ་འདིར་སྦྱིན་སོགས་བྱེད་པ་ཕྱི་མར་ དབུལ་བོ་ལ་སོགས་པར་སྐྱེ་བ་མཐོང་ནས་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་ མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ཞེས་སྦྱིན་སོགས་ལོངས་ སྤྱོད་ལ་སོགས་པའི་རྒྱུ་ཡིན་པ་ལ་སྐུར་བ་འདེབས་པའམ། སྔོན་དགེ་བ་བྱས་པ་འདིར་ངན་ འགྲོ་དང་། མི་དགེ་བ་བྱས་བ་བདེ་འགྲོར་སྐྱེས་པ་མཐོང་ནས་ལེགས་པར་སྤྱད་པ་དང་ཉེས་ པར་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །ཞེས་འདིའི་བདེ་སྡུག་སྔོན་གྱི་ ལས་ཀྱི་འབྲས་བུ་ཡིན་པ་ལ་སྐུར་བ་འདེབས་པའམ། རྒྱལ་རིགས་ལ་སོགས་པ་ནས་བྲམ་ ཟེ་ལ་སོགས་པར་སྐྱེས་པ་མཐོང་ནས་རིགས་ངེས་པར་འགྲོ་འོང་མེད་དོ་སྙམ་སྟེ། འཇིག་རྟེན་ འདི་མེད་དོ། །ཕ་རོལ་མེད་དོ། །ཞེས་འགྲོ་འོང་གི་བྱེད་པ་དང་། ཕ་ཤི་བ་བུའི་བུ་རུ་སྐྱེས་པ་ དང་། མ་ཤི་བ་བུ་མོ་ལས་སྐྱེས་པ་མཐོང་ནས་ཕ་མེད་དོ། །མ་མེད་དོ། །ཞེས་ས་བོན་འདེབས་ པའི་བྱེད་པ་དང་། འདུ་ཤེས་མེད་པ་དང་གཟུགས་མེད་དུ་སྐྱེས་པའམ། མྱ་ངན་ལས་འདས་ པའི་གང་ཟག་གི་སྐྱེ་བ་བཙལ་བ་ན་མ་མཐོང་བས་སེམས་ཅན་སྐྱེ་བ་མེད་དོ། །ཞེས་ཉིང་ མཚམས་སྦྱོར་བའི་བྱེད་པ་ལ་དམིགས་ནས། རྣམ་པ་སྐུར་བ་འདེབས་པ་དང་། དགྲ་བཅོམ་ པར་མངོན་པའི་ང་རྒྱལ་ཅན་གྱིས་རང་ཉིད་སྲིད་པར་སྐྱེ་བ་མཐོང་ནས་འཇིག་རྟེན་ན་དགྲ་ བཅོམ་པ་མེད་དོ། །དཀོན་མཆོག་གསུམ་མེད་དོ། །ཞེས་ཡོད་པའི་དངོས་པོ་འཇིག་ཅིང་མེད་ པར་ལྟ་བ་སྟེ། དེ་ལས་གཞན་ཡང་ཕྱི་རོལ་བ་རྒྱུ་འབྲས་ལ་སོགས་པ་ཕྱིན་ཅི་ལོག་ཏུ་འཛིན་པ་ 1-1-124 དང་། ནང་བ་ཡིན་ཡང་ཟབ་མོའི་དགོངས་པ་མ་ཤེས་པར་ཐམས་ཅད་མེད་པར་འཛིན་པ་ལྟ་ བུ་ཡིན་ལུགས་ལས་ཕྱིན་ཅི་ལོག་པར་རྣམ་པར་རྟོག་པ་མི་སྐྲག་པའི་བཟོད་པ་དང་། དོན་དུ་ གཉེར་བའི་འདོད་པ་དང་། རྣམ་པར་འབྱེད་པའི་བློ་གྲོས་དང་། ངེས་པ་ཐོབ་པའི་རྟོག་པ་དང་། ཡོན་ཏན་དུ་འཛིན་པའི་ལྟ་བ་གང་ཡིན་པ་སྟེ། མེད་པར་ལྟ་བས་རྩ་བ་གཅོད། །ཅེས་པ་ལྟར་རྒྱུ་ འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་ནི་དགེ་བའི་རྩ་བ་གཅོད་པའི་ལས་ཅན་དང་། ཐམས་ཅད་ ཀྱང་མི་དགེ་བའི་རྩ་བ་དུག་གསུམ་གྱི་ས་བོན་གསོ་བས་དེ་ཉིད་དམ་དུ་འཛིན་པའི་རྟེན་བྱེད་ པའི་ལས་ཅན་དང་། མི་དགེ་བ་བྱས་ཀྱང་སྐྱོན་མེད་སྙམ་པས་དེ་ལ་འཇུག་པའི་ལས་ཅན་དང་། དགེ་བ་བྱས་ཀྱང་འབྲས་བུ་མེད་སྙམ་པས་དེ་ལ་མི་འཇུག་པའི་ལས་ཅན་ནོ། ། གསུམ་པ་ལྟ་བའི་ཁྱད་པར་ལ་དྲུག་སྟེ། ལྟ་བ་ལྔ་པོ་གཉིས་སུ་བསྡུ་བ། ལྟ་བ་དྲུག་ཅུ་རྩ་ གཉིས་འབྱུང་ཚུལ། ལྟ་བ་བཅུ་བཞི་གང་གིས་བསྡུས་ཚུལ། རྒྱལ་བའི་དགོངས་པས་བདག་ ཡོད་བཀག་ཚུལ། ཉི་ཤུ་བདག་དང་བདག་གིར་འཛིན་ཚུལ། བདག་ལྟ་མ་དཔྱད་པ་ལས་ འབྱུང་ཚུལ་ལོ། ། དང་པོ་ནི། སྔར་བཤད་པའི་ལྟ་བ་ལྔ་པོ་འདི་དག་ལས་མེད་པ་ལ་ཡོད་པར་སྒྲོ་འདོགས་ པའི་ལྟ་བ་ནི་དུ། ཡོད་པ་ལ་མེད་པར་སྐུར་བ་འདེབས་པའི་ལྟ་བ་ནི་དུ་ཞེ་ན། ལྟ་བ་དང་པོ་ བཞི་ནི། སྒྲོ་འདོགས་པའི་ལྟ་བ་ཞེས་བྱ་སྟེ་ཤེས་བྱ་ཕུང་པོ་ལྔ་ལ་འཇིག་ཚོགས་ལྟ་བས་བདག་ དང་བདག་གི་བའི་ངོ་བོ་ཉིད་དུ་སྒྲོ་འདོགས་པ་དང་། མཐར་འཛིན་ལྟ་བས་ཁྱད་པར་རྟག་པ་ དང་ཆད་པ་ཉིད་དུ་སྒྲོ་འདོགས་པ་དང་། ལྟ་བ་མཆོག་འཛིན་གྱིས་ལྟ་བ་ངན་པ་ལ་མཆོག་དང་ གཙོ་བོ་ལ་སོགས་པར་སྒྲོ་འདོགས་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་དེ་ དག་ལ་འདག་པ་དང་གྲོལ་བའི་རྒྱུར་སྒྲོ་འདོགས་པའི་ཕྱིར་རོ། །ལྟ་བ་གཅིག་ལོག་ལྟ་ནི་ཕལ་ ཆེར་རྒྱུ་འབྲས་ལ་སོགས་པ་ཡོད་པའི་དངོས་པོ་བསལ་ནས་སྐུར་བ་འདེབས་པའི་ལྟ་བའོ། ། 1-1-125 ཕལ་ཆེར་ཞེས་པ་ནི་སྐུར་འདེབས་གཅིག་པུར་མ་ངེས་ཀྱི། དབང་ཕྱུག་འགྲོ་བའི་བྱེད་པོ་ལ་ སོགས་པར་སྒྲོ་འདོགས་པའང་ཡོད་པའི་ཕྱིར་རོ། ། གཉིས་པ་(ལྟ་བ་དྲུག་ཅུ་རྩ་གཉིས་འབྱུང་ཚུལ་)ལ་(སྤྱི་གཞུང་གཉིས་ཀྱི་)སྤྱི་དོན་ནི། མདོ་སྡེ་ཚངས་པའི་ དྲ་བ་དང་། རྟོག་དཔྱོད་ཀྱི་ས་དང་། གཞི་བསྡུ་བ་ལ་སོགས་པར་གསུངས་པ་བཞིན་འཆད་པ་ ལ། (གསུམ་ལས་དང་པོ།)སྔོན་གྱི་མཐར་རྟོག་པའི་ལྟ་བ་བཅོ་བརྒྱད་དེ། (སྡོམ་ནི་)རྟག་དང་ཁ་ཅིག་རྒྱུ་ མེད་པར། །མཐའ་ལྡན་དེ་བཞིན་ལྷ་མི་སྤོང་། །ཞེས་པ་ལྟར་ལྔའི་རྟག་པར་སྨྲ་བ་རྣམས་ཀྱི་གཞི་ ནི། མཐའ་མ་ཆོད་པའི་མངོན་ཤེས་ཕྲན་ཚེགས་ཀྱིས་བལྟས་པ་ན། འཇིག་ཆགས་ཀྱི་བསྐལ་ པ་(བར་བསྐལ་དུའང་འཆད་མོད། མདོ་དང་ས་སྡེར་སྐལ་ཆེན་གསུངས་སོ། །)ཉི་ཤུ་དང་། དྲུག་ཅུ་དང་། བརྒྱད་ཅུ་ དྲན་པ་དང་། སེམས་ཅན་ཁ་དོག་བཟང་བོ་ལས་བཟང་བོར་སྐྱེ་བ་ལ་སོགས་པ་མཐོང་ནས། བདག་དང་འཇིག་རྟེན་ཇི་ལྟར་མཐོང་བ་བཞིན་དུ་རྟག་གོ་ཞེས་ལྟ་བའོ། །ཁ་ཅིག་རྟག་པར་སྨྲ་ བ་རྣམས་ཀྱི་གཞི་ནི། ཚངས་པ་ཆེན་པོའི་འཁོར་འགའ་ཞིག་ཤི་འཕོས་པ་མིར་སྐྱེས་ནས་རབ་ ཏུ་བྱུང་སྟེ་མངོན་ཤེས་བསྒྲུབས་ནས་བལྟས་པས་ཚངས་པ་མ་ཤི་བ་མཐོང་ནས། ཚངས་པ་ ཆེན་པོ་ནི་རྟག་ལ་ལྷ་གཞན་ནི་མི་རྟག་གོ་ཞེས་ལྟ་བ་དང་། ཚངས་པས་འབྱུང་བ་རྣམས་འགག་ ཅིང་སེམས་མི་འགག་པར་མཐོང་བའི་འཁོར་འགའ་ཞིག་མིར་སྐྱེས་པ་ཡང་དེ་དག་དྲན་ནས་ སེམས་རྟག་ལ་འབྱུང་བ་ནི་མི་རྟག་གོ་ཞེས་ལྟ་བ་དང་། འདོད་ལྷ་རྩེ་བས་རབ་ཏུ་བསླུ་བ་ཞེས་ བྱ་བ་རྩེད་མོ་ལ་རབ་ཏུ་གཡེངས་ནས་ལུས་དུབ་ཅིང་རྨོངས་པས་ཤི་འཕོས་པ་མིར་སྐྱེས་ཏེ་ མངོན་ཤེས་ཀྱིས་བལྟས་པས་རྩེད་ཟླ་མ་ཤི་བ་མཐོང་ནས་ལྷ་རྩེ་བས་རབ་ཏུ་བསླུས་པ་ནི་མི་ རྟག་ལ་ལྷ་གཞན་རྣམས་རྟག་གོ་ཞེས་པ་དང་། འདོད་ལྷ་ཡིད་འཁྲུགས་པ་ཞེས་བྱ་བ་གྲོགས་ ལ་སྡང་བས་མིག་ཚུགས་སུ་བལྟས་པ་ན་བསོད་ནམས་ཟད་ནས་ཤི་འཕོས་པ་ན་མིར་སྐྱེས་ཏེ་ མངོན་ཤེས་ཀྱིས་བལྟས་པས་གྲོགས་རྣམས་མ་ཤི་བ་མཐོང་ནས་ལྷ་ཡིད་འཁྲུགས་པ་ནི་མི་ 1-1-126 རྟག་ལ་ལྷ་གཞན་ནི་རྟག་གོ་ཞེས་ལྟ་བའོ། །རྒྱུ་མེད་དུ་སྨྲ་བ་གཉིས་ནི། འདུ་ཤེས་མེད་པ་དང་། གཟུགས་མེད་ཀྱི་ལྷ་ཤི་འཕོས་པ་འགའ་ཞིག་མིར་སྐྱེས་ཏེ་མངོན་ཤེས་ཀྱིས་བལྟས་པས་རྒྱུ་ སྔར་ཡོད་མ་མཐོང་ཞིང་ཚོགས་དྲུག་དང་གཟུགས་གློ་བུར་དུ་སྐྱེས་པར་མཐོང་ནས་བདག་དང་ འཇིག་རྟེན་ཐམས་ཅད་རྒྱུ་མེད་པའོ་ཞེས་ལྟ་བ་བསམ་གཏན་ལ་བརྟེན་པ་དང་། རྒྱུའི་ཚོགས་ ལ་མ་བརྟགས་པར་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་སྣང་བ་དང་ཆར་དང་རླུང་ལ་སོགས་པ་གློ་ བུར་དུ་འབྱུང་བར་མཐོང་ནས་བདག་དང་འཇིག་རྟེན་ཐམས་ཅད་རྒྱུ་མེད་པའོ་ཞེས་ལྟ་བ་རྟོག་ གེ་ལ་བརྟེན་པའོ། །མཐའ་ཡོད་མེད་དུ་སྨྲ་བའི་བཞི་ནི། མངོན་ཤེས་ཟག་བཅས་ཀྱིས་བལྟས་ པས་འཇིག་པའི་བསྐལ་པ་དྲན་ནས་བདག་དང་འཇིག་རྟེན་མཐའ་དང་ལྡན་ཞེས་ལྟ་བ་དང་། འཆགས་པའི་བསྐལ་པ་དྲན་ནས་མཐའ་དང་མི་ལྡན་ཞེས་ལྟ་བ་དང་། སྟེང་དུ་བསམ་གཏན་ བཞི་པ་དང་། འོག་ཏུ་མནར་མེད་ཀྱི་བར་ཙམ་མཐོང་ཞིང་། ཐད་ཀར་མཐར་ཐུག་པར་མ་ མཐོང་བས་མཐའ་དང་ལྡན་པའང་ཡིན་མི་ལྡན་པ་ཡང་ཡིན་ཞེས་ལྟ་བ་དང་། ཐད་ཀ་དང་སྟེང་ འོག་ཏུ་བསམས་ནས་མཐའ་དང་ལྡན་པའང་མ་ཡིན་མི་ལྡན་པ་ཡང་ཡིན་ཞེས་ལྟ་བའོ། །ལྷ་ མི་སྤོང་བ་བཞི་ནི། བློ་མ་བྱང་བ་དང་། རྟོགས་པ་མངོན་པའི་ང་རྒྱལ་ཅན་དང་། བྱང་བ་རྣམ་ པར་མ་ངེས་པ་དང་། ཤེས་པ་ཞན་ཞིང་རྨོངས་པ་སྟེ་བཞི་ལ་དགེ་མི་དགེ་དང་བདེན་བཞི་ལས་ བརྩམས་ནས་དྲིས་པ་ན། རྫུན་དང་། ལོག་ལྟ་དང་། ཤེས་བཞིན་མ་ཡིན་པ་དང་། གཏི་མུག་ གིས་འཇུགས་ནས་ལན་གདབ་པར་མ་ནུས་ཤིང་། མ་བཏབ་ནའང་ཅི་ཡང་མི་ཤེས་པའོ་ཞེས་ བཟུང་གིས་དོགས་ནས། (གཡོ་སྒྱུས་)བདག་ནི་ལྷ་མི་སྤོང་བའོ་ཞེས་སྨྲ་ཞིང་དམ་འཆའ་བ་བཞི་ སྟེ། (དེ་རྣམས་ལྟ་བར་འཇོག་པ་ནི་ཐོབ་པའི་བར་)ཕྱིར་རོལ་པ་འོངས་ནས་དེས་གཡོ་བསྒྲུབ་པར་བྱའོ་ སྙམ་དུ་སེམས་པ་ནི་ལྟ་བའོ། ། (གཉིས་པ།)ཕྱི་མའི་མཐར་རྟོག་པའི་ལྟ་བ་བཞི་བཅུ་རྩ་བཞིའི་སྡོམ་ནི། འདུ་ཤེས་ཡོད་སྨྲའི་ 1-1-127 བཅུ་དྲུག་དང་། །མེད་དང་གཉིས་མིན་བརྒྱད་བརྒྱད་དང་། །ཆད་པར་སྨྲ་བ་རྣམས་ཀྱི་བདུན། ། ཚེ་འདི་ཉིད་ལ་གྲོལ་ལྟའི་ལྔ། །ཞེས་པ་སྟེ། དེ་ལ་འདུ་ཤེས་ཡོད་པར་སྨྲ་བའི་བཅུ་དྲུག་ནི། བདག་གཟུགས་དང་ལྡན་པའི་འདུ་ཤེས་ཅན་ཞེས་བྱ་བ་འདི་ནི་བདེན་གྱི་གཞན་ནི་གཏི་མུག་ གོ་ཞེས་ལྟ་བ་དང་། དེ་བཞིན་དུ་སྦྱར་ཏེ་གཟུགས་དང་མི་ལྡན་པའི་འདུ་ཤེས་ཅན་དང་། གཉི་ ག་ཡིན་པའི་འདུ་ཤེས་ཅན་དང་། གཉི་ག་མ་ཡིན་པའི་འདུ་ཤེས་ཅན་བཞི་དང་། བདག་ མཐའ་དང་ལྡན་པ་དང་། མི་ལྡན་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པའི་འདུ་ཤེས་ཅན་ བཞི་དང་། བདག་བདེ་བ་དང་། སྡུག་བསྔལ་བ་དང་། གཉི་ག་དང་། གཉི་ག་མ་ཡིན་པའི་འདུ་ ཤེས་ཅན་བཞི་དང་། བདག་གཅིག་པུ་ཡིན་པ་དང་། ཐ་དད་པ་དང་། ཆུང་ངུ་དང་། ཚད་མེད་ པ་ཡིན་འདུ་ཤེས་ཅན་དུ་ལྟ་བ་བཞིའོ། །འདུ་ཤེས་མེད་པར་སྨྲ་བའི་བརྒྱད་ནི། སྔར་བཤད་ པའི་དང་པོ་བརྒྱད་ལ་འདུ་ཤེས་མེད་ཅེས་སྦྱར་བ་སྟེ། བདག་གཟུགས་དང་ལྡན་ལ་འདུ་ཤེས་ མེད་ཅེས་པ་ལ་སོགས་པ(ནས་མཐའ་དང་ལྡན་མི་ལྡན་གསུམ་མ་ཡིན་གྱི་བར་དུ)འོ། །གཉི་ག་མ་ཡིན་པར་ སྨྲ་བའི་བརྒྱད་ཀྱང་དེ་དང་འདྲ་སྟེ། བདག་གཟུགས་དང་ལྡན་འདུ་ཤེས་ཡོད་པའང་མ་ཡིན་ མེད་པའང་མ་ཡིན་ཞེས་པ་ལ་སོགས་པའོ། །ཆད་པར་སྨྲ་བ་རྣམས་ཀྱི་བདུན་ནི། འདོད་ ཁམས་ཀྱི་མི་དང་ལྷ་གཉིས་སུ་ཕྱེ་བ་དང་། གཟུགས་ཁམས་ཐམས་ཅད་གཅིག་ཏུ་བྱས་པ་དང་། ། གཟུགས་མེད་སྐྱེ་མཆེད་བཞི་པོ་རེ་རེར་བགྲངས་ཏེ། བདུན་པོ་འདི་རྣམས་མ་ཤི་བར་ལ་ ནད་དང་འབྲས་དང་ཟུག་རྔུ་དང་ཡོངས་སུ་གདུང་བ་དང་བཅས་ཤིང་། ཤི་ནས་གཏན་ཆད་ པར་ལྟ་བའོ། །ཚེ་འདི་ཉིད་ལ་གྲོལ་བར་སྨྲ་བའི་ལྔ་ནི། འདོད་པའི་ཡོན་ཏན་ལྔ་ལ་འཛེམ་མེད་ དུ་ལོངས་སྤྱོད་ཚེ་འདི་ཉིད་ལ་ཐར་བར་ལྟ་བ་གཅིག་དང་། བསམ་གཏན་བཞི་ཐོབ་ན་ཚེ་འདི་ ཉིད་ལ་ཐར་བ་ཐོབ་པར་ལྟ་བ་གཅིག་དང་། བསམ་གཏན་ཐོབ་ན་ཚེ་འདི་ཉིད་ལ་མྱ་ངན་ལས་ འདའ་བར་ལྟ་བ་བཞིའོ། ། 1-1-128 གཞུང་དོན་ལ། སྔོན་གྱི་མཐའ་འདས་པ་དང་ད་ལྟར་བའམ། སྐྱེ་བ་སྔ་མའི་འཁོར་བའི་ ཆ་ལ་རྟོག་པའི་ལྟ་བ་བཅོ་བརྒྱད་གང་ཡིན་པ་དང་། ཕྱི་མའི་མཐའ་མ་འོངས་པའམ་སྐྱེ་བ་ཕྱི་ མ་ལ་སོགས་ལ་རྟོག་པའི་ལྟ་བ་བཞི་བཅུ་རྩ་བཞི་གང་ཡིན་པ་དང་། ལྟ་བར་གྱུར་པ་དྲུག་ཅུ་རྩ་ གཉིས་པོ་དེ་དག་འདིར་ལོགས་སུ་མ་བརྗོད་པས། ལྔའི་ནང་དུ་མ་འདུས་ན་ལྟ་བ་མ་ཚང་བར་ འགྱུར་ཞིང་། འདུས་ན་ལྟ་བ་ལྔ་པོ་རྣམས་ཀྱི་དུ་ཞིག་ལས་བྱུང་བར་རིག་པར་བྱ་ཞེ་ན། མཚན་ ཉིད་ལ་བརྟགས་ན་གཉིས་སམ་ཞེས་པ་མཐར་འཛིན་ལྟ་བ་དང་ལོག་ལྟ་གཉིས་ལས་བྱུང་བ་ སྟེ། ཐམས་ཅད་ལ་དེ་གཉིས་ཀྱི་མཚན་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །འཁོར་དང་བཅས་པ་ ལ་བརྟགས་ན་ཐམས་ཅད་ལས་སོ་ཞེས་པ་ལྔ་ཅར་ལས་བྱུང་བ་སྟེ། འཇིག་ཚོགས་ལྟ་བ་ནི་ ཐམས་ཅད་ཀྱི་གནས་ཡིན་ཞིང་། མཆོག་འཛིན་གཉིས་ནི་དེ་དག་གི་འཁོར་ཡིན་པའི་ཕྱིར་རོ། ། ཡང་ན་རྟག་པར་སྨྲ་བའི་བརྒྱད། ཆད་པར་སྨྲ་བའི་གཙོ་ཆེར་མཐར་འཛིན་ལས་འབྱུང་ཞིང་། རྒྱུ་མེད་དུ་སྨྲ་བ་གཉིས་ལོག་ལྟ་ལས་འབྱུང་ལ། ལྷག་མ་རྣམས་གཉི་ག་ལས་བྱུང་བས་གཉིས་ ཀྱིས་བསྡུས་པའམ། ཐམས་ཅད་ཀྱང་རྒྱུ་འཇིག་ཚོགས་ལྟ་བ་ལས་བྱུང་(བའི་རྒྱུ་འབྲས་སུ་བསླུ་)ཞིང་། འབྲས་བུ་མཆོག་འཛིན་བསྐྱེད་པས་(འབྲས་བུས་རྒྱུ་བསྡུས་ཤིང་སྔར་བཞིན་གཉིས་ཀྱི་མཚན་ཉིས་ཀྱིས་བསྡུས་ པས་)ལྔ་ཅར་གྱིས་བསྡུས་པའོ། །ཡང་ན་མདོ་ལས། འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་(རྩ་) གཉིས་འདུས་(པ་)ལྟར། །དེ་བཞིན་ཕ་རོལ་ཕྱིན་པར་འདི་རྣམས་འདུས་པར་གསུངས། །ཞེས་ པ་ལྟར་ཐམས་ཅད་ཀྱང་འཇིག་ཚོགས་ལྟ་བར་འདུས་པས་མ་ཚང་བའི་སྐྱོན་མེད་དོ། ། གསུམ་པ་(ལྟ་བ་བཅུ་བཞི་གང་གིས་བསྡུ་ཚུལ་གྱི་གཞུང་)ལའང་(གཉིས་ལས། དང་པོ།)ལྟ་བའི་དབྱེ་བ་ ནི། དབུ་མ་རྩ་བར། གང་འདས་ཕན་ཆད་དང་མཐའ་སོགས་དང་། །རྟག་ལ་སོགས་པར་ལྟ་བ་ དག །མྱ་ངན་འདས་དང་ཕྱི་མཐའ་དང་། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །ཞེས་པ་ལྟར། དེ་ བཞིན་གཤེགས་པ་འདས་ཕན་ཆད་འབྱུང་བ་ཞེས་བྱ་བ་འདི་ནི་བདེན་གྱི། གཞན་ནི་གཏི་མུག་ 1-1-129 གོ། ཞེས་པ་ལྟ་བ་དང་། དེ་བཞིན་དུ་སྦྱར་ཏེ། མི་འབྱུང་བ་དང་། གཉི་ག་དང་། གཉི་ག་མ་ཡིན་ པར་ལྟ་བ་མྱ་ངན་ལས་འདས་པ་ལ་བརྟེན་པ་བཞི་དང་། བདག་འཇིག་རྟེན་མཐའ་དང་ལྡན་ པ་དང་། མི་ལྡན་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པར་ལྟ་བ་ཕྱི་མའི་མཐའ་ལ་བརྟེན་ པ་བཞི་དང་། བདག་དང་འཇིག་རྟེན་རྟག་པ་དང་། མི་རྟག་པ་དང་། གཉི་ག་དང་། གཉི་ག་ མ་ཡིན་པར་ལྟ་བ་སྔོན་གྱི་མཐལ་ལ་རྟེན་པ་བཞི་སྟེ། བཞི་ཚན་སོ་སོ་དང་པོ་རྣམ་གྲངས་ཅན་ པའི་རྟག་པར་ལྟ་བ་དང་། གཉིས་པ་རྣམས་རྒྱང་འཕེན་པའི་ཆད་པར་ལྟ་བ་དང་། གསུམ་པ་ རྣམས་གཅེར་བུ་པའི་རང་བཞིན་རྟག་ལ་གནས་སྐབས་མི་རྟག་པར་ལྟ་བ་དང་། བཞི་པ་(ཉན་ ཐོས་)རྣམས་གནས་མ་བུ་པའི་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་བལྟ་བའོ། །ལུས་ གང་ཡིན་པ་སྲོག་ཀྱང་དེའོ་ཞེས་ལྟ་བ་དང་། ལུས་ཀྱང་གཞན་ལ་སྲོག་ཀྱང་གཞན་ནོ་ཞེས་ལྟ་ བ་གཉིས་ནི། ལུས་དང་སྲོག་ལ་རྟེན་པ་སྟེ། རིགས་པ་ཅན་དང་གྲངས་ཅན་གྱི་ལྟ་བའོ། །དེ་ ལྟར་བཅུ་བཞི་བཅོམ་ལྡན་ལ་དྲིས་པ་ན། གང་ཟག་གི་བདག་ལས་བརྩམས་ནས་འདྲི་བར་ མཁྱེན་ཅིང་། དེ་མ་གྲུབ་པས་ཁྱད་པར་སྤྱོད་པ་མི་འཐད་ལ། མེད་དོ་ཞེས་གསུངས་ནའང་དོན་ དུ་མི་འགྱུར་བར་དགོངས་ནས་ལུང་དུ་མ་བསྟན་པ་སྟེ། རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་ དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས། ། སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ ཅད་མཁྱེན་པར་ཤེས། །ཞེས་པ་ལྟར་རོ། ། (གཉིས་པ།)གཞུང་ལ་སྦྱར་བ་ནི་སངས་རྒྱས་ཀྱིས་ལུང་དུ་མ་བསྟན་ཡང་དེ་ཉིད་རྒྱུ་མཚན་དུ་ བྱས་ནས་མཐའ་དང་ལྡན་པ་ལ་སོགས་དངོས་པོ་རྣམས་ལ་ལྟ་བ་དང་བཅུ་བཞི་གང་ཡིན་པ་དེ་ དག་འདིར་མ་འདུས་ན་མ་ཚང་བར་འགྱུར་ཞིང་། འདུས་ན་ལྟ་བ་ལྔ་པོའི་དུ་ཞིག་ལས་འབྱུང་ བར་རིག་པར་བྱ་ཞེ་ན། གང་ལས་གང་བྱུང་བ་དེར་དེ་འདུས་པས་མ་ཚང་བའི་སྐྱོན་མེད་དེ། 1-1-130 མཚན་ཉིད་ལ་བརྟགས་ན་མཐར་འཛིན་དང་ལོག་ལྟ་གཉིས་ལས་བྱུང་བས་སམ་འཁོར་དང་ བཅས་པ་ལ་བརྟགས་ན་ལྔ་པོ་ཐམས་ཅད་ལས་བྱུང་བས་སོ། །དེ་དག་གི་རྒྱུ་མཚན་ཡང་སྔ་མ་ བཞིན་ནོ། ། བཞི་པ་(རྒྱལ་བའི་དགོངས་པས་བདག་ཡོད་བཀག་ཚུལ་)ནི། (རྣམ་བཤད་རིགས་པ་ལས།)དཔལ་དང་ གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་ སུམ་ཚོགས་པ་སྟེ། །དྲུག་རྣམས་བྷ་ག་ཞེས་སུ་བཤད། །ཅེས་པ་ལྟར་སྐལ་བ་དྲུག་དང་ལྡན་ པའམ། བདུད་བཞི་བཅོམ་པ་དང་ལྡན་པ་སངས་རྒྱས་བཅོམ་ལྡན་ཀྱིས་བདག་ཡོད་པ་ལ་ཉེས་ པ་གང་ཡོད་པར་གཟིགས་ནས་དགག་གཞི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་(ཡེ་ ཤེས་བཤེས་གྱིས་མདོ་དྲངས་ཏེ་)གཟུགས་སོགས་བདག་གོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། དེ་བཞིན་དུ། གཟུགས་སོགས་ལ་བདག་དང་། བདག་གཟུགས་སོགས་དང་ལྡན་པར་དང་། གཟུགས་སོགས་ལས་གཞན་ན་ཡང་བདག་དང་། གཟུགས་སོགས་མེད་པར་ཡང་བདག་ ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་འགོག་ཚུལ་རྣམ་པ་ལྔས་དགག་བྱའི་ཆོས་བདག་ བསལ་ཞིང་དགག་པ་མཛད་ཅེ་ན། ལན་ནི། བདག་བཀག་ན་ཡུལ་མེད་པས་བདག་ལྟ་ཁེགས་ ལ། བདག་ཡོད་ན་འཇིག་ཚོགས་ལ་ལྟ་བས་ཡོངས་སུ་ཟིན་པ་ལ་རིགས་པ་དང་འགལ་བའི་ ཉེས་པ་ལྔ་ཡོད་པར་གཟིགས་ནས་བདག་བསལ་བར་མཛད་དེ་ཞེས་མདོར་བསྟན་ནས། རྒྱས་བཤད་ནི། གཟུགས་སོགས་བདག་གི་ངོ་བོ་མ་ཡིན་ཏེ། བདག་དང་མཚན་ཉིད་མི་ མཐུན་པར་གནས་པའི་ཕྱིར་རོ། །དེའང་བདག་ནི་རྟག་པ་གཅིག་པུ་རང་དབང་ཅན་དུ་འདོད་ ལ་གཟུགས་སོགས་ནི་མི་རྟག་དུ་མ་གཞན་དབང་ཅན་དུ་མཐོང་བའི་ཕྱིར་ཏེ། (དབུ་མའི་རྩ་ བར།)གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་ཞིང་འཇིག་པ་ཅན་དུ་འགྱུར། །ཞེས་པ་ལྟར་མཚན་ ཉིད་མི་མཐུན་པའི་ཉེས་པ་དང་། གཟུགས་སོགས་ལ་བདག་བརྟེན་པ་མེད་དེ། གལ་ཏེ་ཡོད་ 1-1-131 ན་བཞོན་པ་(རྟ་)འགྲོ་བ་ན་ཞོན་པ་པོ(མི་)འང་འགྲོ་བ་ལྟར། རྟེན་གཟུགས་སོགས་མི་རྟག་པ་ལ་ བརྟེན་པའི་ཕྱིར། བརྟེན་པ་པོ་བདག་ཀྱང་མི་རྟག་པར་ཐལ་བ་ཉིད་ཀྱི་ཉེས་པ་དང་། གཟུགས་ སོགས་ལ་བདག་དབང་སྒྱུར་བ་པོར་ལྡན་པའང་མེད་དེ། གལ་ཏེ་ཡོད་ན། (རྒྱན་ལས་)བདག་ པོ་ཉིད་གཅིག་ཡིན་ན་ནི། །མི་རྟག་མི་འདོད་འབྱུང་མི་བྱེད། །ཅེས་པ་ལྟར་རང་དབང་ཅན་དུ་ ཐལ་བར་འགྱུར་བ་ལས། བདག་མི་འདོད་བཞིན་དུ་གཟུགས་སོགས་(སྐྱེ་རྒ་ན་འཆིས་)འགྱུར་བ་ དང་བཅས་པར་མཐོང་བས་རང་དབང་མེད་པའི་ཉེས་པ་དང་། གཟུགས་སོགས་ལས་གཞན་ ནའང་བདག་མེད་དེ། (དབུ་མ་རྩ་བར།)གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་ མེད་པར་འགྱུར། །ཞེས་པ་ལྟར་གཟུགས་སོགས་ཀྱི་ལུས་མེད་ན་བདག་དེ་ལུས་མེད་ཅིང་མི་ དམིགས་པར་འགྱུར་བའི་ཉེས་བ་དང་། གཟུགས་སོགས་མེད་པར་ཡང་བདག་མེད་དེ། གལ་ ཏེ་ཡོད་ན་གཟུགས་སོགས་ཀྱི་འཆིང་བྱེད་མེད་པའི་ཕྱིར། །ལམ་ལ་བསྒྲིམ་པའམ་འབད་པ་མི་ དགོས་པར་ཐར་པ་ཐོབ་པར་འགྱུར་རོ་ཞེས་པའི་ཉེས་པའོ། ། ལྔ་པ་ནི། གང་ཉེ་བར་ལེན་པ་དང་བཅས་པའི་ཕུང་པོ་ལྔ་པོ་དག་ལ་འཇིག་ཚོགས་ལ་ལྟ་ བའི་མཐའམ་གཡང་སའམ་སྒོ་ཉི་ཤུ་པོ། མདོ་ལས། གཟུགས་བདག་དང་དབྱེར་མེད་ཡིན་ པར་ལྟ་བ་དང་། གཟུགས་བདག་དང་ཐ་དད་དུ་ལྡན་པ་དང་། གཟུགས་བདག་གིས་དབང་ བསྒྱུར་བྱ་ཡིན་པ་དང་། གཟུགས་ལ་བདག་ཚོགས་པ་གཅིག་ཏུ་གནས་པ་དང་། དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལའང་སྦྱར་བ་དང་། མཐར་རྣམ་པར་ཤེས་ པ་བདག་ཡིན་པར་ལྟ་བ་དང་། རྣམ་པར་ཤེས་པ་བདག་དང་ལྡན་པ་དང་། རྣམ་པར་ཤེས་པ་ བདག་གི་ཡིན་པ་དང་། རྣམ་པར་ཤེས་པ་ལ་བདག་གི་གནས་སོ་ཞེས་བྱ་བ་དང་། (ཀོ་ཊི་མཐའམ་ རྩེ་མོ་ཡིན་པས་)འགའ་ཞིག་ཏུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཞེས་ཀྱང་འབྱུང་བ་དེ་ལ་ བསྡུ་ན་གཉིས་སུའང་འདུ་བས། བདག་ཏུ་ལྟ་བ་ནི་དུ་ཡིན། བདག་གིར་ལྟ་བ་ནི་དུ་ཡིན་ཞེ་ 1-1-132 ན། གཟུགས་བདག་ཡིན་པར་ལྟ་བ་ནས་རྣམ་པར་ཤེས་པ་བདག་ཡིན་པར་ལྟ་བའི་བར་ལྔ་ནི་ བདག་ཏུ་ལྟ་བའོ། །དེའང་གཟུགས་སོགས་ཕུང་པོ་ལྔ་དང་བདག་གཞི་མཐུན་དུ་འཛིན་པའི་ ཕྱིར་རོ། །ལྷག་མ་བཅོ་ལྔ་པོ་ཐམས་ཅད་ནི་བདག་གིར་ལྟ་བ་ཞེས་པ་གཅིག་ཏུ་འདུའོ། །ཅིའི་ ཕྱིར་བཅོ་ལྔ་པོ་བདག་གིར་ལྟ་བ་ཞེས་བྱ་བར་འགྱུར་ཞེ་ན། གཟུགས་སོགས་བདག་དང་ལྡན་ པར་ལྟ་བ་ལྔ་ནི། ལོངས་སྤྱོད་པ་པོ་དང་སྤྱད་བྱ་སོགས་འབྲེལ་བས་བདག་གིར་འགྱུར་བའི་ ཕྱིར་དང་། གཟུགས་སོགས་བདག་ཡིན་པར་ལྟ་བ་ལྔ་ནི། ལྷས་བྱིན་གྱི་བ་ལང་ཞེས་པ་ལྟར་ དབང་སྒྱུར་བས་བདག་གིར་འགྱུར་བའི་ཕྱིར་དང་། གཟུགས་སོགས་ལ་བདག་གནས་པར་ ལྟ་བ་ལྔ་ནི། ལུས་ལ་སེམས་གནས་པ་ལྟར་ཕུང་པོ་ལ་བདག་ཞུགས་ཤིང་རྣམ་པར་ཞུགས་ ནས་གནས་ཏེ། །ཚོགས་པ་ཐ་དད་དུ་མི་འཇུག་པས་བདག་གིར་འགྱུར་བར་འཛིན་པའི་ཕྱིར་ རོ། ། དྲུག་པ་ནི། འཇིག་ཚོགས་ལ་ལྟ་བ་དེ་མ་དཔྱད་ན་ལྟ་བར་འགལ་བས། བརྟགས་ཤིང་ དཔྱད་ནས་འཛིན་པའི་གཞི་ཅན་ཞེས་བྱ་བའམ། དཔྱད་ན་བདག་དང་བདག་གི་བ་མེད་པས་ མ་དཔྱད་པར་འཇུག་པའི་གཞི་ཅན་ཞེས་བྱ་ཞེ་ན། ཕུང་པོ་ལྔའི་མཚན་ཉིད་ལ་དཔྱད་ན་བདག་ ལྟའི་སྐབས་མི་རྙེད་པས། ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་མ་བརྟགས་ཤིང་མ་ དཔྱད་པའི་གཞི་འམ་ཡུལ་ལས་བྱུང་བ་ཅན་འཁྲུལ་པ་ཞེས་བརྗོད་པར་བྱ་སྟེ། འོན་ཀྱང་ཚུལ་ བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་ཕུང་པོ་ལ་དམིགས་ནས། བདག་དང་བདག་གི་བའི་ རྣམ་པར་འཛིན་ཅིང་རྟོག་པས་ན་དེའི་ཡུལ་ཅན་གྱི་ལྟ་བའང་ཡིན་ནོ། །དཔེར་ན་ཐག་པ་ལ་ སྤྲུལ་དུ་འཛིན་པ་ཉིད་ཀྱི་བློ་བཞིན་ནོ། །དེའང་ཐག་པའི་ངང་ཚུལ་ལ་བརྟགས་ན་སྦྲུལ་གྱི་བློ་ མི་སྲིད་མོད། འོན་ཀྱང་ཐག་པ་ལ་དམིགས་ནས་སྤྲུལ་དུ་བཟུང་བས་དེའི་ཡུལ་ཅན་ཡང་ཡིན་ པ་ལྟར་རོ། ། 1-1-133 ཉེ་བའི་ཉོན་མོངས་པ་ལ་སྤྱི་དོན་གསུམ་ལས། (དང་པོ།)གསུམ་དུ་བསྡུ་བ་ནི། མི་དགེ་བའི་ སེམས་སོ་སོ་ལ་སྐྱེ་བ་ཁྲོ་བ་ལ་སོགས་པ་དང་པོ་བཅུ་སྟེ། གཅིག་གང་དུ་བྱུང་བ་དེར་གཞན་མི་ འབྱུང་བ་དང་། གཡོ་སྒྱུ་རྒྱགས་པ་བོར་བ་རྣམས་འདོད་ཁམས་ཁོ་ན་ན་ཡོད་པས་སོ། །མི་དགེ་ བའི་སེམས་ཐམས་ཅད་ལ་སྐྱེ་བ་ནི་ངོ་ཚ་མེད་པ་དང་ཁྲེལ་མེད་པའོ། །ཉོན་མོངས་པ་ཅན་གྱི་ སེམས་ཐམས་ཅད་ལ་སྐྱེ་བ་ནི་རྨུགས་པ་སོགས་བརྒྱད་དང་། ལོག་པར་མོས་པ་དང་ལོག་ པར་འདུན་པ་སྟེ། ཁམས་གསུམ་ཅར་ན་ཡོད་དོ་ཞེས་བསྡུ་བར་གསུངས་པ་ལྟར་རོ། ། (གཉིས་པ།)ངེས་ཚིག་བསྟན་པའང་། དེ་ཉིད་ལས། ཉོན་མོངས་པ་དང་རྗེས་སུ་མཐུན་པ་ དང་ལྷན་ཅིག་རྒྱུ་བ་དང་དེའི་ཕྱོགས་དང་མཐུན་པའོ། །ཞེས་པ་ལྟར་རོ། ། (གསུམ་པ།)ངོ་བོ་ངོས་གཟུང་བ་ནི། དོན་གསང་དུ། འདོད་ཆགས་ལ་སོགས་པ་ནི་གསལ་ བའི་རྣམ་པར་ཞུགས་པ་ཡིན་ཞིང་། དེའི་རྗེས་ལ་ཤས་ཀྱིས་བྲི་བར་ཞུགས་པ་ནི་ཉེ་བའི་ཉོན་ མོངས་པར་གདགས་སོ་ཞེས་བཤད་པ་ནི་གཞུང་འདི་དང་མཐུན་པར་མི་མངོན་ཞིང་། སྤྱོད་ འཇུག་འགྲེལ་ཆེན་དུ། ཞེ་སྡང་ནི་སེམས་རྩུབ་པའི་གནས་སྐབས་ཡིན་པའོ། །དེ་ལས་བྱུང་ བ་འཕེལ་བ་ནི་ཁྲོ་བ་ཡིན་ཏེ། གང་དབྱུག་པ་ལེན་པ་ལེན་པ་ལ་སོགས་པ་པའི་ལས་བྱེད་པའི་ ཕྱིར་རོ། །ཞེས་འབྱུང་བ་ནི་གཞུང་དང་མཐུན་པ་ཉིད་དོ། ། གཞུང་དོན་ལ། ཉི་ཤུ་ཡོད་ཀྱང་གནས་ཀྱི་སྒོ་ནས་དགུར་ཡང་གསུངས་ཏེ། ལྷན་ཅིག་ གནས་པའི་གཞི་ཅན་དང་། ཕན་ཚུན་གླེང་བ་དང་། རྙེད་བཀུར་ལ་ཆགས་པ་དང་། འཚོ་བ་ ཉམས་པ་དང་། བླ་མ་ལ་མི་འདུད་པ་དང་། མི་བཟོད་པ་དང་། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ དང་ཤེས་རབ་ཉམས་པའི་གཞི་ཅན་ནོ། །དང་པོ་ལ་གཉིས་ཀྱི། ཁྲོ་བ་གང་ཞེ་ན། དམིགས་ ཡུལ་གནོད་པར་བྱེད་པའི་རྒྱུ་དགྲ་བོ་དང་མཚོན་ཆ་ལ་སོགས་པ་སེམས་ཅན་དང་སེམས་ཅན་ མ་ཡིན་པ་འཕྲལ་དུ་ཉེ་བར་གནས་པ་ན། གདགས་གཞི་ཁོང་ཁྲོ་བའི་གནས་སྐབས་ཀྱི་བྱེ་ 1-1-134 བྲག་ལ་བཏགས་པའི་ཕྱིར་དེའི་ཆར་གཏོགས་ཤིང་དེ་ཉིད་དུ་འདུ་བ་ཡིན་གྱི། དེ་ལས་གུད་ན་ རྫས་སུ་གྲུབ་པ་མེད་དེ། འདི་ཡི་ཆར་གཏོགས་པའི་ཞེས་འབྱུང་བའི་ཐམས་ཅད་ལ་རིག་པར་ བྱའོ། །རྣམ་པ་སེམས་ཀྱིས་ཀུན་ནས་མནར་སེམས་ཞིང་གནོད་པ་བྱ་བར་འདོད་པ་སྟེ། བྱེད་ ལས་བརྡེག་པའི་བསམ་པས་མཚོན་ཆ་ལེན་པ་དང་། གསོད་པ་དང་འཆིང་བ་དང་འཕྲོག་པ་ ལ་སོགས་པས་ལུས་དང་ལོངས་སྤྱོད་ལ་ཆད་པས་གཅོད་པ་ལ་སོགས་པ་དང་། མདོར་ན་ གཞན་ལ་གནོད་པ་སྣ་ཚོགས་ཤོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །འཁོན་དུ་འཛིན་པ་གང་ ཞེ་ན། ཁྲོས་པ་དེའི་འོག་ཏུ་ཁོང་ཁྲོའི་ཆར་གཏོགས་པ་ཉིད་ཀྱིས་གནོད་བྱེད་ལ་དམིགས་ནས། རྣམ་པ་འདིས་བདག་ལ་གནོད་པ་བྱས་པའི་ལན་མ་བྱས་ན་མི་རུང་ངོ་ཞེས་ཤར་གཉེར་བའི་ བསམ་པ་མདུད་པ་ལྟར་དམ་དུ་འཛིན་ཞིང་མི་གཏོང་བར་རྒྱུན་དུ་བསྟེན་པ་སྟེ། གནོད་པ་ལ་ ཇི་མི་སྙམ་པར་མི་བྱེད་པས་མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །གླེང་བའི་གཞི་ཅན་ གཉིས་ཀྱི། འཆབ་པ་གང་ཞེ་ན། འདུན་པ་དང་ཞེ་སྡང་དང་། འཇིགས་པ་དང་གཏི་མུག་གིས་ འགྲོ་བ་བསལ་ནས་ཕན་པར་འདོད་པས་གླེང་བའི་དུས་སུ། ཁྱེད་ལ་ལྟུང་བ་འདི་བྱུང་གིས་ ཕྱིར་ཆོས་ཤིག། ཅེས་ལེགས་པར་བསྐུལ་བ་ན་གཏི་མུག་གི་ཆར་གཏོགས་པས་ཁ་ན་མ་ཐོ་བ་ ཉེས་ལྟུང་མཁྱུད་ཅིང་སྤེད་པ་སྟེ། བཅོས་སུ་ཡོད་པའི་དུས་སུ་ལྟུང་བ་གསང་ན་ཕྱིས་འགྱོད་ པར་འགྱུར་བས་དེ་དང་། འགྱོད་པ་ནི། ཡིད་མི་བདེ་བ་དང་ངེས་པར་ལྡན་པས་བདེ་བ་ལ་ རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། ། འཚིག་པ་གང་ཞེ་ན། གདགས་གཞི་ཁོང་ཁྲོ་འཕེལ་བའི་ཆར་གཏོགས་པ། རྒྱུ་ཁྲོ་བ་དང་ ཁོན་དུ་འཛིན་པ་ལས་བྱུང་བས་དེ་དག་སྔོན་དུ་འགྲོ་བའི་ངོ་བོ་སེམས་ཀྱི་ཀུན་ནས་མནར་ སེམས་པ་དྲག་པོ་ཚིག་རྩུབ་ཀུན་ནས་སློང་བར་ནུས་པ་སྟེ། ཐོས་མ་ཐག་མི་སྙན་པས་ཚིག་ རྩུབ་མོ། མཚང་འབྲུ་བའི་ཚུལ་གྱིས་ཞེ་ལ་གནོད་པས་བརླང་ཞིང་། ཡི་གེ་གསལ་པོས་ངོར་ 1-1-135 ལྷངས་ཀྱིས་བརྗོད་པས་དྲག་པོའི་རྟེན་བྱེད་པའི་ལས་ཅན་དང་། བསོད་ནམས་མ་ཡིན་པ་ ངག་གི་ཉེས་སྤྱོད་འཕེལ་བའི་ལས་ཅན་དང་། འགྲོགས་པར་དཀའ་བས་གྲོགས་བཟང་པོ་ དང་ལྷན་ཅིག་དགའ་བ་ལ་རེག་པར་མི་གནས་པའི་ལས་ཅན་ནོ། །རྙེད་བཀུར་གྱི་གཞི་ཅན་ གཉིས་ཀྱི། ཕྲག་དོག་གང་ཞེ་ན། རྒྱུ་རྙེད་པ་རྫས་གསར་དུ་འཐོབ་པ་དང་བཀུར་སྟི་ཕྱག་དང་ གྲལ་སྟོབ་པ་ལ་ལྷག་པར་ཆགས་ནས། དམིགས་ཡུལ་གཞན་གྱི་རིགས་དང་ལོངས་སྤྱོད་ དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་ལ། རྣམ་ པ་མི་བཟོད་པར་གྱུར་པ་སེམས་ཁོང་ནས་ཁྱབ་པར་འཁྲུགས་པ། གདགས་གཞི་ཞེ་སྡང་གི་ ཆར་གཏོགས་པ་སྟེ། གཞན་གྱི་ལེགས་པའི་ཡོན་ཏན་ལ་ཡིད་མི་བདེ་བ་དང་། དེའི་དབང་ གིས་རང་ཉིད་བདེ་བ་ལ་རེག་བར་མི་གནས་པའི་ལས་ཅན་ནོ། །སེར་སྣ་གང་ཞེ་ན། རྒྱུ་རྙེད་ པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས། དམིགས་ཡུལ་རང་གི་ཟས་དང་ནོར་ལ་སོགས་ པའི་ཡོ་བྱད་རྣམས་ལ། རྣམ་པ་སེམས་ཀྱིས་ཀུན་ཏུ་འཛིན་ཞིང་གཏོང་མི་ཕོད་པར་གྱུར་པ། གདགས་གཞི་འདོད་ཆགས་ཀྱི་ཆར་གཏོགས་པ་སྟེ། དེས་ཡོ་བྱད་མཁོ་བ་མ་ཟད་མི་མཁོ་བ་ རྣམས་ཀྱང་བསགས་པས་མ་བསྙུངས་ཤིང་འཕེལ་བའི་རྟེན་བྱེད་པའི་ལས་ཅན་ནི་སྐྱེས་བུ་ བྱེད་པའི་འབྲས་བུ་ཡིན་ནོ། །རྣམ་སྨིན་གྱི་འབྲས་བུ་ནི། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་ སྐྱེ་བར་འགྱུར། ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་པ་ལྟར་རོ། །འཚོ་བ་ ཉམས་པའི་གཞི་ཅན་གཉིས་ཀྱི། སྒྱུ་གང་ཞེ་ན། རྒྱུ་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ ནས། རྩ་བ་ཡོ་བྱད་ལ་འདོད་ཆགས་དང་ལོག་འཚོའི་ཉེས་པ་མ་རིག་པའི་གཏི་མུག་གི་ཆར་ གཏོགས་པ། ངོ་བོ་གཞན་བསླུ་བའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡོན་ཏན་ཡང་དག་ པ་མ་ཡིན་ཡང་ཡིན་པ་ལྟར་ཀུན་ཏུ་སྟོན་པའི་སེམས་ཀྱི་རྣམ་འགྱུར་ཏེ། ཚུལ་འཆོས་ཀྱིས་ བསྒྲུབས་པའི་ཡོ་བྱད་ལ་ལོངས་སྤྱོད་པས་ཚེ་འདིར་ལོག་པས་འཚེ་བའི་རྟེན་བྱེད་ཅིང་ཕྱི་མ་ 1-1-136 ལ་ངན་འགྲོར་ལྟུང་བའི་ལས་ཅན་ནོ། །གཡོ་གང་ཞེ་ན། རྒྱུ་རྙེད་པ་དང་བཀུར་སྟི་ལ་ལྷག་ པར་ཆགས་ནས། །རྩ་བ་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པ། ངོ་བོ་རང་གི་རྒྱུད་ ལ་ཉེས་པ་ཡང་དག་པར་ཡོད་ངེས་པ་གཞན་ནས་གཞན་དུ་བསྒྱུར་ཞིང་གཏམ་རླུང་ལ་བསྐུར་ བ་ལ་སོགས་པའི་ཐབས་སྣ་ཚོགས་ཀྱིས་སྐྱོང་ཞིང་སྦེད་པའི་སེམས་ཀྱི་རྣམ་འགྱུར་ཏེ། འདི་ནི་ ཟུར་གྱིས་གསང་ཞིང་འཆབ་པ་ནི་གསལ་པོར་གསང་བས་ཐ་དད་དོ། །བདག་ཉིད་ཀྱིས་ཚུལ་ མི་སྟོན་པ་ནི་གདམས་ངག་གི་སྣོད་མ་ཡིན་པའི་ཕྱིར། །གང་དང་འཕྲད་ཚུལ་བཞིན་ཡིད་ལ་ བྱེད་པར་འགྱུར་བ་ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའི་ལས་ཅན་ནོ། །བླ་ མ་ལ་མི་འདུད་པའི་གཞི་ཅན། རྒྱགས་པ་གང་ཞེ་ན། ལུས་ལ་རྒྱགས་པའི་རྒྱུ་ནད་མེད་པ་དང་། སྟོབས་ལ་རྒྱགས་པའི་རྒྱུ་ལང་ཚོ་དར་ལ་བབས་པ་ལ་བརྟེན་ཅིང་། སྲོག་ལ་རྒྱགས་པའི་རྒྱུ་ ཚེ་རིང་བའི་མཚན་མ་ཅན་དུ་མོ་རྩིས་པས་བསྟན་པ་ལ་སོགས་པ་དང་། རིགས་དང་གཟུགས་ དང་སྟོབས་དང་ཡིད་གཞུངས་པ་དང་བློ་གསལ་བ་དང་ལོངས་སྤྱོད་དང་དབང་ཕྱུག་ལ་སོགས་ པ་ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་རང་ལ་མཐོང་བ་ལ་དམིགས་ ནས། རྩ་བ་འདོད་ཆགས་ཀྱི་ཆར་གཏོགས་པའི་རྣམ་པ་འགའ་ཞིག་སྲེད་པ་དང་ཡིད་བདེ་ བ་ཉོན་མོངས་པ་ཅན་གྱི་སེམས་ཡོངས་སུ་གཏུགས་ཤིང་གང་བ་སྟེ། ཡོན་ཏན་གྱི་རྣམ་པས་ འཇུག་པས་ཟག་བཅས་ཐམས་ཅད་དང་རྗེས་སུ་མཐུན་པའི་ཕྱིར། ཆགས་སོགས་རྩ་བའི་ཉོན་ མོངས་པ་དང་། ཁྲོ་སོགས་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། ། ང་རྒྱལ་ནི། གཞན་གྱི་ཡོན་ཏན་ལ་ལྟོས་ནས་ཁེངས་པ་ཡིན་ལ། འདི་ནི་རང་གི་ཆོས་ལ་ ཆགས་པས་གང་བ་ཡིན་པའི་ཕྱིར། ཁྱད་པར་ཡོད་དེ། ང་རྒྱལ་ཁེངས་ཉིད་རྒྱགས་པ་སྟེ། །རང་ གི་ཆོས་ལ་ཆགས་པ་ཡིས། །སེམས་ནི་ཡོངས་སུ་གཏུགས་པའོ། །ཞེས་པ་ལྟར་རོ། །མི་བཟོད་ པའི་གཞི་ཅན། རྣམ་པར་འཚེ་བ་གང་ཞེ་ན། སེམས་རྩུབ་བའི་རྣམ་པས་འཇུག་པས་ཁོང་ཁྲོ་ 1-1-137 བའི་ཆར་གཏོགས་པ་གསོད་པ་ལ་སོགས་པའི་འཚེ་བ་རང་གི་བྱེད་པས་སྙིང་བརྩེ་བ་མེད་པ་ དང་། གཞན་བྱེད་དུ་འཇུག་པས་སྙིང་རྗེ་བ་མེད་པ་དང་། འཚེ་བ་བྱེད་པ་མཐོང་བ་དང་ཐོས་ པ་ལ་རྗེས་སུ་ཡི་རང་བས་བརྩེ་བ་མེད་པ་ཞེས་པའམ། ཡང་ན་གཅིག་གིས་གཅིག་བཤད་ པར་ཡང་སྦྱར་བ། གཞན་གྱི་རྒྱུད་ལ་སྡུག་བསྔལ་དང་ཡིད་མི་བདེ་བ་སྣ་ཚོགས་བསྐྱེད་པས་ རྣམ་པར་ཐོ་འཚམ་པའི་ལས་ཅན་ནོ། །ཚུལ་ཁྲིམས་ཉམས་པའི་གཞི་ཅན་གཉིས་ཀྱི། ངོ་ཚ་བ་ མེད་པ་གང་ཞེ་ན། གདགས་གཞི་འདོད་ཆགས་དང་ཞེ་སྡང་གཉིས་རྣམ་པ་མི་མཐུན་པས་དུས་ གཅིག་མི་འབྱུང་ཡང་། ཉེས་སྤྱོད་ལ་འཇུག་པའི་རྒྱུ་གཉིས་པོ་གང་ཡང་རུང་བ་དང་གཏི་མུག་ གི་ཆར་གཏོགས་པ་ལས། དེ་བྱ་བའི་ཆོས་མ་ཡིན་པར་ཤེས་བཞིན་དུ་སྡིག་པ་ཁ་ན་མ་ཐོ་བས་ བདག་གི་ཆོས་(རིགས་དང་ཡོན་ཏན་སོགས་)རྒྱུ་མཚན་དུ་བྱས་བ་ལས་མི་འཛེམ་པ་སྟེ། ཉོན་མོངས་ པའི་གནས་སྐབས་ཐམས་ཅད་ལ་གཏོགས་པས། ཆགས་སོགས་རྩ་བའི་ཉོན་མོངས་པ་དང་། ཁྲོ་སོགས་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་འཕེལ་བའི་གྲོགས་བྱེད་པའི་ལས་ཅན་ནོ། ། ཁྲེལ་མེད་པ་གང་ཞེ་ན། རྩ་བ་འདོད་ཆགས་དང་ཞེ་སྡང་གང་རུང་དང་གཏི་མུག་གི་ཆར་ གཏོགས་པ་ལས་ཏེ། དེ་ཆོས་དང་འཇིག་རྟེན་གཉི་ག་དང་མི་མཐུན་པར་ཤེས་བཞིན་དུ། སྡིག་ པ་ཁ་ན་མ་ཐོ་བས་གཞན་དགེ་བའི་བཤེས་གཉེན་ལ་སོགས་(པས་ཁྲེལ་ན་མི་རུང་སྙམ་)པ་རྒྱུ་མཚན་ དུ་བྱས་པ་ལས་ཀྱང་མི་མཛེམ་པ་སྟེ། སྔ་མ་ལྟར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །ཏིང་ངེ་འཛིན་དང་ཤེས་རབ་ཉམས་པའི་གཞི་ ཅན་གཉིས་ལས། ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་ཉམས་ པའི་གཞི་ཅན་གསུམ་དུ་བྱས་ཏེ། ཞི་གནས་ཀྱི་མཚན་མ་ཉམས་པའི་གཞི་ཅན། རྨུགས་པ་གང་ཞེ་ན། གདགས་གཞི་གཏི་མུག་གི་ཆར་གཏོགས་པ་སེམས་བླུན་པར་ གྱུར་ནས་མི་གཡོ་བཞིན་དུ་དམིགས་པ་ལ་གཏོད་མི་ནུས་པས་ལས་སུ་མི་རུང་ཞིང་བྱིང་བར་ 1-1-138 གྱུར་པ་ཉིད་དེ། དགེ་བ་ལ་བཀོལ་དུ་མི་རུང་ཞིང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ ཐམས་ཅད་ལ་གཏི་མུག་གིས་ཁྱབ་པས་མཚུངས་ལྡན་གྱི་གྲོགས་བྱེད་པའི་ལས་ཅན་ནོ། །རབ་ ཏུ་འཛིན་པའི་མཚན་མ་ཉམས་པའི་གཞི་ཅན། རྒོད་པ་གང་ཞེ་ན། ཡུལ་སྡུག་ཅིང་དགའ་བར་འོས་པའི་ཁ་དོག་དང་དབྱིབས་ལ་སོགས་ པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སྔོན་རྒོད་རྒོད་པ་ དང་རྩེ་རྩེ་བ་དྲན་ནས་སེམས་རྣམ་པར་མ་ཞི་ཞིང་འཕྲོ་བར་གྱུར་བ་སྟེ། ཏིང་ངེ་འཛིན་ཞི་བའི་ བདག་ཉིད་ཅན་གྱི་གནས་པ་དང་མི་མཐུན་པས་དེ་ཉིད་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། ། བཏང་སྙོམས་ཀྱི་མཚན་མ་ཉམས་པའི་གཞི་ཅན། དད་སོགས་དབང་པོ་ལྔ་འབྲས་བུ་དང་ བཅས་པ་ཉམས་པའི་དུས་སུ་འབྱུང་བ་དྲུག་གི། མ་དད་པ་གང་ཞེ་ན། རྩ་བ་གནས་ལུགས་མ་རིག་པ་གཏི་མུག་གི་ཆར་གཏོགས་པ། དམིགས་ཡུལ་དགེ་བའི་ཆོས་ལས་འབྲས་དང་བདེན་བཞི་ཡོད་པ་རྣམས་ལ། རྣམ་པ་སེམས་ ཀྱིས་ཡིད་མི་ཆེས་པ་དང་། དེ་བཞིན་དུ་ཡོན་ཏན་ཅན་ལ་མ་དད་པ་དང་། ནུས་པ་རྣམས་ལ་ མི་འདོད་པའི་སྒོ་ནས་དད་པ་གསུམ་གྱི་མི་མཐུན་ཕྱོགས་སུ་གྱུར་པ་སྟེ། མ་དད་ན་སྤྱོར་བ་ལ་ འདུན་པ་མེད་པའི་ཕྱིར་ལེ་ལོའི་རྟེན་བྱེད་པའི་ལས་ཅན་ནོ། ། ལེ་ལོ་གང་ཞེ་ན། བློས་ཕབ་སྟེ་ཉལ་བའམ་གཉིད་པ་དང་། མལ་ཆ་ལ་སོགས་ལ་ གཞོགས་བསྙེས་པ་དང་། ཡན་ལག་ཐམས་ཅད་བརྐྱངས་བ་འཕྲེས་པའི་བདེ་བའམ། བསོད་ ཉམས་ལ་བརྟེན་ནས་གཏི་མུག་གི་ཆར་གཏོགས་པ། དགེ་བ་ལ་སེམས་མངོན་པར་མི་སྤྲོ་བ་ སྟེ། བྱ་བ་ངན་པ་ལ་སྦྱོར་ཞིང་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ཡིན་པས་དགེ་བའི་ཕྱོགས་ ལ་སྦྱོར་བའི་བར་དུ་གཅོད་པའི་ལས་ཅན་ནོ། ། བག་མེད་པ་གང་ཞེ་ན། གདགས་གཞི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལེ་ལོ་ 1-1-139 དང་བཅས་པ་གང་རུང་གི་ཆར་གཏོགས་པ་དེ་ལ་གནས་ནས་ཞེས་པ་ལ། ལེ་ལོ་བཏགས་ཡོད་ པ་ལའང་འདོགས་ན་ཐུག་མེད་དུ་འགྱུར་རམ་སྙམ་ན་མི་འགྱུར་ཏེ། གཏི་མུག་གཅིག་ཉིད་ལ་ རང་རང་གི་མཚན་ཉིད་ཚང་བའི་ཆ་ནས་རེས་ལེ་ལོ་དང་། རེས་བག་མེད་དུ་འགྱུར་བས་སོ། ། ངོ་བོ་དགེ་བའི་ཆོས་རྣམས་མི་སྒོམ་ཞིང་ཡིད་ལ་མི་བྱེད་པ་དང་། ཟག་པ་དང་བཅས་པའི་ ཆོས་ཆགས་སོགས་ཉོན་མོངས་པ་རྣམས་ལ་སེམས་མི་སྲུང་ཞིང་མི་ཟློག་པས་བག་ཡངས་ སུ་གཏོང་བ་སྟེ། བག་མེད་པར་གྱུར་ན་སྤང་བྱ་མི་དགེ་བ་འཕེལ་བ་དང་། གཉེན་པོ་དགེ་བ་ འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ནོ། ། བརྗེད་ངེས་པ་གང་ཞེ་ན། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པས་དེའི་ དམིགས་པ་དྲན་ཞིང་། དགེ་བའི་དམིགས་པ་མི་གསལ་བས་བརྗེད་པར་གྱུར་པ་སྟེ། ཉོན་ མོངས་པའི་ཡུལ་ལ་སེམས་གཡེང་བའི་རྟེན་བྱེད་པའི་ལས་ཅན་ནོ། ། ཤེས་བཞིན་མ་ཡིན་པ་གང་ཞེ་ན། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་ པའི་སྒོ་ནས་ཤེས་རབ་ཕྱིན་ཅི་ལོག་ཏུ་གྱུར་བ་སྟེ། དེས་ལུས་ཀྱི་འགྲོ་འོང་དང་། ངག་གི་སྨྲ་ བརྗོད་དང་། སེམས་ཀྱི་རྟོག་དཔྱོད་ལ་སོགས་པའི་སྤྱོད་པ་ལ་ལེགས་པར་མ་བརྟགས་པར་མི་ ཤེས་བཞིན་དུ་འཇུག་པ་སྟེ། ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། ། ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་གྱུར། །ཞེས་པ་ལྟར་ གནང་བཀག་གི་ཆ་མི་ཤེས་པས་ལྟུང་བ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །འདུལ་བའི་ མ་མོ་བསྡུ་བར་ཡང་། ལྟུང་དེའི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང་། །ཉོན་ མོངས་མང་དང་མ་གུས་པའོ། །ཞེས་གསུངས་པ་ལས་འདི་ནི་དང་པོའོ། ། གཡེང་བ་གང་ཞེ་ན། ལན་ལ་བཞི་ལས་(དང་པོ།)མཚན་ཉིད་ནི། རྩ་བ་འདོད་ཆགས་ དང་ཞེ་སྡང་དང་གཏི་མུག་གསུམ་པོ་གང་རུང་གི་ཆར་གཏོགས་པའི་སེམས་ཏིང་ངེ་འཛིན་ལ་ 1-1-140 སོགས་པ་དགེ་བའི་དམིགས་པ་ལས་ཡུལ་སྣ་ཚོགས་ལ་རྣམ་པར་འཕྲོ་བར་འགྱུར་བའོ། ། (གཉིས་པ།)དབྱེ་བ་ནི། དེ་ཡང་དགོངས་འགྲེལ་གྱི་མདོ་ལས་གསུངས་པ་ལྟར་དྲུག་སྟེ། ཏིང་ ངེ་འཛིན་ལས་ལྡང་བ་ངོ་བོ་ཉིད་ཀྱིས་གཡེང་བ་དང་། ཡུལ་ལ་འཇུག་པ་ཕྱི་རོལ་དུ་གཡེང་ བ་དང་། རོ་མྱང་དང་བྱིང་རྒོད་ནང་གི་གཡེང་བ་དང་། ཡིད་ཆེས་པའི་བསམ་པ་མཚན་མའི་ གཡེང་བ་དང་། ངར་འཛིན་ཡིད་ལ་བྱེད་པ་གནས་ངན་ལེན་གྱི་གཡེང་བ་དང་། དམན་པའི་སེམས་ཡིད་ ལ་བྱེད་པའི་གཡེང་བའོ། །དབུས་མཐའ་ལས་ཀྱང་། ལྡང་དང་ཡུལ་ལ་འཇུག་པ་དང་། །དེ་ བཞིན་རོ་མྱོང་བྱིང་རྒོད་དང་། །ཡིད་ཆེས་པ་ཡི་བསམ་པ་དང་། །ཡིད་ལ་བྱེད་པ་ངར་འཛིན་ དང་། །ཆུང་ངུའི་སེམས་ནི་གཡེང་བ་སྟེ། །བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། །ཞེས་གསུངས་ པ་ལྟར་རོ། ། (གསུམ་པ།)ངོ་བོ་ལ་དྲུག་གི་དང་པོ། ངོ་བོ་ཉིད་ཀྱི་གཡེང་བ་གང་ཞེ་ན། དབང་པོ་གཟུགས་ ཅན་ལ་བརྟེན་པའི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། རང་བཞིན་གྱིས་བླུན་པས་ནང་དུ་ཏིང་ ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་མི་ནུས་པའོ། །ཕྱི་རོལ་དུ་གཡེང་བ་གང་ཞེ་ན། ནང་དུ་ཐོས་བསམ་སྒོམ་གསུམ་ལ་སོགས་པའི་དགེ་བ་ལ་ཞུགས་པའི་སེམས་ཕྱི་རོལ་འདོད་ པའི་ཡོན་ཏན་གཟུགས་སྡུག་པ་ལ་སོགས་པ་ལྔ་ལ་འཇུག་ཅིང་རྣམ་པར་འཕྲོ་བའོ། །ནང་གི་ གཡེང་བ་གང་ཞེ་ན། ཏིང་ངེ་འཛིན་གྱི་དགེ་བ་ལ་ཞུགས་པའི་སེམས་བྱིང་ཞིང་རྨུགས་པས་མི་ གསལ་བ་དང་། འཕྲོ་ཞིང་རྒོད་པས་མ་ཞི་བ་དང་། ཏིང་ངེ་འཛིན་ཐོབ་པའི་ཚོར་བ་ལ་སྲེད་ པ་ཆགས་ཤིང་རོ་མྱོང་བར་བྱེད་པའོ། །མཚན་མའི་གཡེང་བ་གང་ཞེ་ན། དགོས་པ་བདག་ལ་ གཞན་ཡིད་ཆེས་ཤིང་གུས་པར་བྱ་བའི་བློ་སྔོན་དུ་བཏང་སྟེ་དགེ་བ་ལ་སྦྱོར་བ་ན་ཁད་ཀྱིས་དེ་ ལས་ཉམས་པར་གྱུར་པའོ། །འདི་ནི་གཡེང་བའི་རྒྱུ་ལས་གཡེང་བར་བཏགས་པའོ། །ཞེས་ 1-1-141 ཀྱང་(ཡེ་ཤེས་བཤེས་གཉེན་)གསུང་ངོ་། །གནས་ངན་ལེན་གྱི་གཡེང་བ་གང་ཞེ་ན། བདག་གམ་ངར་ འཛིན་པ་དང་། བདག་གི་བའམ་ང་ཡིར་འཛིན་པ་འཇིག་ཚོགས་ལ་ལྟ་བ་དང་། ངའི་སྙམ་པ་ལ་ སོགས་པའི་ང་རྒྱལ་གྱི་ཕྱོགས་ཀྱི་གནས་ངན་ལེན་ས་བོན་འཕེལ་བ་ལ་བརྟེན་ནས། དགེ་བ་ བསྒོམ་པ་ལ་ཞུགས་པའི་ཚོར་བ་བདེ་བ་ལ་སོགས་པའི་ཉམས་མྱོང་འབྱུང་བ་རྣམས་ལ་མྱོང་ བ་པོ་ང་ཞེས་སམ། མྱང་བྱ་འདི་ནི་ང་ཡི་ཞེའམ། མྱོང་བ་ཡུལ་དུ་བྱུང་བ་དང་ལྡན་པ་ནི་ང་ཁོ་ ནའོ་ཞེས་དང་པོར་འཛིན་པ་དང་། དེའི་འོག་ཏུ་དེ་དང་སེམས་རྒྱུད་འདྲེས་པ་དང་། དེ་ཉིད་ལ་ ཡང་དང་ཡང་དུ་བཀྲ་བའམ་མཚན་མར་འཛིན་པ་སྟེ། དགེ་བའི་ཕྱོགས་ཡོངས་སུ་མ་དག་པར་ བྱེད་བའོ། །ཡིད་ལ་བྱེད་པའི་གཡེང་བ་གང་ཞེ་ན། སྙོམས་པར་འཇུག་པ་མཆོག་ལས་གཞན་ དམན་པའི་བསམ་གཏན་ནམ། ཐེག་པ་མཆོག་ལས་གཞན་ཐེག་དམན་ལ། རིམ་པ་ལྟར་ སྙོམས་པར་འཇུག་པར་འདོད་པ་དང་། གནས་པར་འདོད་པའི་སེམས་རྣམ་པར་འཕྲོ་བ་གང་ ཡིན་པ་སྟེ། བསམ་གཏན་གོང་མ་ཐོབ་བཞིན་དུ་འོག་མ་ཡིད་ལ་བྱེད་པ་དང་། ཐེག་པ་ཆེན་པོ་ ལ་གནས་བཞིན་དུ་ཐེག་ཆུང་ཡིད་ལ་བྱེད་པའོ། ། (བཞི་པ།)བྱེད་ལས་ནི། ཉེ་བའི་ཉོན་མོངས་སུ་གྱུར་པའི་གཡེངས་བས་ཏིང་ངེ་འཛིན་གྱི་ གེགས་བྱེད་ཅིང་། དེ་ཉིད་ཀྱི་ཕྱིར་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་གྱི་ས་ དང་ས་ལས་འདོད་ཆགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཅན་ནོ། །གཞན་དུ་འགྱུར་ བ་བཞིའི། གཉིད་གང་ཞེ་ན། ལན་ལ་བཞི་ལས། (དང་པོ།)རྒྱུ་ནི། ཉམ་ཆུང་བ་དང་ངལ་བ་དང་ ལྕི་བ་དང་མུན་པའི་མཚན་མ་ཡིད་ལ་བྱེད་པ་དང་རྩོམ་པ་ཐམས་ཅད་ཡལ་བར་འདོར་བ་དང་ དུས་སུ་ཡང་ཡང་གོམས་པ་དང་སྔགས་དང་བསྐུ་མཉེ་ལ་སོགས་པ་གཉིས་ཀྱི་རྒྱུ་ལ་བརྟེན་ ནས་བྱུང་བའོ། ། (གཉིས་པ།)དབྱེ་བ་ནི། (གཉིད་ཀྱིས་ཁམས་བསོས་ཏེ་སད་མ་ཐག་དགེ་བ་བྱའོ་སྙམ་པ་)སྣང་བ་དང་ལྡང་ 1-1-142 བའི་འདུ་ཤེས་ལ་སོགས་པ་ཀུན་སློང་སེམས་པ་དགེ་བས་འཕངས་ཤིང་། རྨི་ལམ་དུའང་དགེ་ བ་བྱེད་པ་རྨི་བ་ལ་སོགས་པའི་དགེ་བའི་གཉིད་དང་། དེ་ལས་ལྡོག་པ་མི་དགེ་བ་དང་། ཀུན་སློང་དེ་གཉི་ག་མེད་པའམ། ཡང་ན་སད་པ་དང་བཟོ་དང་ཚོང་ལ་སོགས་པ་བྱའོ་ སྙམ་པ་ལུང་དུ་མ་བསྟན་པ་དང་། ནམ་གྱི་གུང་ཐུན་ལ་དུས་ཀྱི་གཉིད་དང་། དེ་ལས་གཞན་ པ་དུས་མ་ཡིན་པ་དང་། དུས་སུ་ཇི་ལྟར་སྣང་བ་དང་། དུས་མ་ཡིན་ཡང་ནད་ལ་ཕན་པ་དང་། ལས་སུ་རུང་བར་བྱ་བའི་ཕྱིར་གཉིད་པ་རིགས་པ་དང་། དེ་ལས་ལྡོག་པ་མི་རིགས་པ་ལ་ སོགས་པའོ། ། (གསུམ་པ།)ངོ་བོ་ནི། འཇུག་པ་རང་དབང་མེད་པར་སེམས་ནང་དུ་བསྡུད་པ་སྟེ། མིག་ཤེས་ ལ་སོགས་པ་ཚོགས་དྲུག་དབང་པོ་སྒོ་ལྔ་ནས་ཡུལ་ལ་མི་འཇུག་པར་ཀུན་གཞི་ལ་བསྡུས་ནས་ གནས་པའོ། །ཏིང་ངེ་འཛིན་ཡང་དེར་ཐལ་བ་སྤང་པའི་ཕྱིར་གཏི་མུག་གི་ཆར་གཏོགས་པ་ ཞེས་གསུངས་ཤིང་། དེའང་མི་དགེ་བའི་གཉིད་ལ་དགོངས་པ་སྟེ། དགེ་བ་དང་ལུང་མ་བསྟན་ གྱིས་ནི་སེམས་ནང་དུ་ཕྱོགས་ཏེ་འཇུག་པའི་ཁྱད་པར་ཉིད་ལ་འདོགས་སོ་ཞེས་ཀྱང་(ཡེ་ཤེས་ བཤེས་གཉེན་)གསུང་ངོ་། ། (བཞི་པ།)བྱེད་ལས་ནི། བརྩོན་པའི་བྱ་བ་མ་ལུས་པ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ ནོ། །དེའི་ནང་ནས་དགེ་བའི་བྱ་བ་འཆོར་བ་ནི་ཉེ་བའི་ཉོན་མོངས་པ་ཅན་གྱི་དབང་དུ་བྱས་ པ་ཡིན་གྱི། དགེ་བའི་གཉིད་ཀྱིས་མ་ཡིན་ཏེ། ཐོས་པའི་སར། དགེ་སློང་དགེ་བའི་ཕྱོགས་ ལ་བརྩོན་པས་དུས་འདའ་བ་འབྲས་བུ་ཡོད་པར་འགྱུར་བའི་ཆོས་ནི་དུས་སུ་རན་པར་གཉིད་ ལོག་པའོ། །ཞེས་པ་ལྟར་རོ། ། འགྱོད་པ་གང་ཞེ་ན། སྔ་མ་ལྟར་བཞི་ལས། (དང་པོ།)རྒྱུ་ནི། རང་དགའ་བཞིན་དུ་བྱས་པ་ བསམས་པ་དང་། གཞན་གྱིས་ནན་གྱིས་བྱེད་དུ་བཅུག་པ་དང་། ཉོན་མོངས་པས་ཟིལ་གྱིས་ 1-1-143 ནོན་ནས་བྱས་པ་མ་བསམས་པའི་བྱ་བ་ལེགས་པར་སྤྱད་པ་དང་། བྱ་བ་མ་ཡིན་པ་ཉེས་པར་ སྤྱད་པ་གང་ཡིན་པ་བྱས་ཟིན་པ་དང་། མ་ཟིན་ལ་བརྟེན་ནས་བྱུང་བའོ། ། (གཉིས་པ།)དབྱེ་བ་ནི། མི་དགེ་བ་བྱས་ཤིང་དགེ་བ་མ་བྱས་པ་ལ་འགྱོད་པ་དགེ་བ་དང་། དེ་ལས་ཟློག་པ་མི་དགེ་བ་དང་། དེ་གཉི་ག་མ་ཡིན་པ་ལུང་དུ་མ་བསྟན་པ་དང་། བཅོས་སུ་ ཡོད་པ་ན་འགྱོད་པ་དུས་ཀྱི་དང་། བཅོས་སུ་མེད་པ་ན་འགྱོད་པ་དུས་མ་ཡིན་པ་དང་། འགྱོད་ པའི་གནས་ལ་འགྱོད་པ་རིགས་པ་དང་། གནས་མ་ཡིན་པ་ལ་འགྱོད་པ་མི་རིགས་པ་ལ་ སོགས་པའོ། ། (གསུམ་པ།)ངོ་བོ་ནི། བྱ་བ་དེ་ལྟ་བུ་མི་བྱེད་པ་ཡིན་ཏེ་སྙམ་པའི་སེམས་ཀྱི་རྣམ་འགྱུར་ཡིད་ལ་ གཅགས་པ་མི་དགའ་བ་དང་མཚུངས་པར་ལྡན་པའོ། །གཏི་མུག་གི་ཆར་གཏོགས་པ་ནི་ཉོན་ མོངས་ཅན་གྱི་དབང་དུ་བྱས་པ་སྟེ། (ཡེ་ཤེས་བཤེས་གཉེན་)དགེ་བ་དང་ལུང་མ་བསྟན་ནི་སེང་གེའི་ ལྟ་སྟངས་ཀྱིས་རྟོགས་པར་བྱ་བས་སེམས་པ་དང་ཤེས་རབ་ལ་གདགས་སོ། །ཞེས་ཀྱང་གསུང་ ངོ་། ། (བཞི་པ།)བྱེད་ལས་ནི། འདིས་ཏིང་ངེ་འཛིན་ལ་སྒྲིབ་པས་དམིགས་པ་ལ་སེམས་རྩེ་གཅིག་ ཏུ་གནས་པའི་བར་དུ་གཅོད་པའི་ལས་ཅན་ནོ། །རྟོག་དཔྱོད་ལ་སྤྱི་དོན་ནི། ལུས་དང་དམིགས་ པ་རྣམ་པ་དང་། ཀུན་ནས་སློང་དང་རབ་དབྱེ་དང་། རྣམ་པར་ངེས་དང་འཇུག་པ་ཡིན། །ཞེས་ ས་སྡེར་གསུངས་པ་ལྟར་བདུན་ཏེ། ལུས་ནི་སེམས་པ་དང་ཤེས་རབ་བོ། །དམིགས་པ་ནི་མིང་ དང་ཚིག་དང་ཡི་གེའི་ཚོགས་ལ་བརྟེན་པའོ། །རྣམ་པ་ནི་རིམ་པས་དམིགས་པ་ལ་གཏོད་ཅིང་ བྱེ་བྲག་ཏུ་གཏོད་པ་དང་སོ་སོར་རྟོག་པའོ། །ཀུན་སློང་ནི་ངག་ཀུན་ནས་སློང་བའོ། །དབྱེ་བ་ ནི་རང་གི་ངང་གིས་འཇུག་པ་ལ་སོགས་པ་བདུན་ནོ། །རྣམ་པར་ངེས་པ་ནི་རྟོག་དཔྱོད་གང་ ཡིན་པ་རྣམ་རྟོག་ཀྱང་དེ་ཡིན་ནམ་ཞེ་ན་ཡིན་ཏེ། ཁམས་གསུམ་པའི་སེམས་སེམས་བྱུང་ཡིན་ 1-1-144 པའི་ཕྱིར་རོ། །རྣམ་རྟོག་གང་ཡིན་པ་རྟོག་དཔྱོད་དེ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སེམས་སེམས་ བྱུང་གཞན་རྣམས་སོ། །འཇུག་པ་ལ་དམྱལ་བ་དང་ཡི་དྭགས་སྡུག་བསྔལ་ཆེ་བ་རྣམས་ཀྱི་རྟོག་ དཔྱོད་ནི་ཞུམ་པའི་རྣམ་པ་ཅན་དང་མི་སྡུག་པའི་འདུ་ཤེས་ཅན་ཏེ། རེག་པ་དང་སྡུག་བསྔལ་ གྱིས་བསྐྱོད་པ་དང་། ཡིད་མི་བདེ་བ་དང་ལྡན་པ་དང་། སྡུག་བསྔལ་ལས་ཐར་བར་འདོད་པ་ དང་། རྒྱུད་འཁྲུགས་པའི་ལས་བྱེད་ཅིང་འཇུག་ལ། ཡི་དྭགས་རྫུ་འཕྲུལ་ཆེ་བ་དང་དུད་འགྲོ་ དང་མི་རྣམས་ཀྱི་རྟོག་དཔྱོད་ནི་ཞུམ་པ་ཤས་ཆེ་བ་དང་། དགའ་བ་ཤས་ཆུང་ལ་སོགས་པའི་ རྣམ་པས་འཇུག་ཅིང་། འདོད་ལྷ་རྣམས་ཀྱི་རྟོག་དཔྱོད་ནི་ཞུམ་པ་ཤས་ཆུང་བ་དང་། དགའ་ བདེ་ཤས་ཆེ་བ་ལ་སོགས་པའི་རྣམ་པས་འཇུག་སྟེ། བསམ་གཏན་དང་པོ་པའི་རྟོག་དཔྱོད་ནི་ མཐའ་གཅིག་ཏུ་དགའ་བའི་རྣམ་པ་ཅན་ལ་སོགས་པ་ན་(སྡུག་པའི་འདུས་ཏེ་རྡེག་པ་དང་བདེ་བས་བསྐྱོད་ པ་དང་ཡིད་བདེ་དང་ལྡན་པ་དང་བདེ་བ་དང་མི་འབྲལ་བར་འདོད་པ་དང་)རྒྱུད་མི་འཁྲུགས་པའི་ལས་བྱེད་ཅིང་ འཇུག་གོ། གཞུང་དོན་ལ་གཉིས་ལས། (དང་པོ།)མཚན་ཉིད་སོ་སོར་བཤད་པ་ལ། རྟོག་པ་གང་ཞེ་ན། མངོན་པར་མི་རྟོག་པའི་དུས་སུ་སེམས་པའམ། མངོན་པར་རྟོག་པའི་དུས་སུ་སྐྱོན་ཡོན་འབྱེད་ པའི་ཤེས་རབ་ལ་བརྟེན་ནས་བཏགས་པ་བ་ཡིན་གྱི་རྫས་གཞན་དུ་མེད་ཅིང་། ངོ་བོ་ནི་འདི་ ཅི་ཡིན་ཞེ་ཀུན་ཏུ་ཚོལ་བ་ཡིད་ཀྱི་རྣམ་འགྱུར། སྒྲས་དོན་བརྗོད་པ་དང་འདྲ་བར་དོན་རྟོགས་ ཤིང་བརྗོད་པར་བྱེད་པ་སྟེ། དེ་ནི་དངོས་པོ་ཙམ་ཀུན་ཏུ་ཚོལ་བས་ན་སེམས་རྩིང་ཞིང་རགས་ པའོ། ། དཔྱོད་པ་གང་ཞེ་ན། སྔ་མ་ལྟར་སེམས་པའམ་ཤེས་རབ་ལ་བརྟེན་ནས་སྔར་རགས་པ་ བཙལ་ཟིན་པ། འདི་ནི་ཕྲ་བའི་ཁྱད་པར་འདི་དང་འདི་ལྟ་བུའོ། །ཞེས་སོ་སོར་རྟོག་པ་ཡིད་ཀྱི་ རྣམ་འགྱུར་བརྗོད་པ་དང་འདྲ་བར་དོན་རྟོགས་པར་བྱེད་པ་སྟེ། དེ་ནི་བྱེ་བྲག་ལ་འཇུག་པས་ 1-1-145 རྟོག་པ་ལ་ལྟོས་ནས་སེམས་ཞིབ་པའོ། །མཛོད་ལས་ཀྱང་། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། ། ཅེས་པ་ལྟར་རོ། ། (གཉིས་པ་ནི།)བྱེད་ལས་ཐུན་མོང་དུ་བསྟན་པ་ནི། རྟོག་དཔྱོད་དགེ་བས་བདེ་བ་ལ་རེག་ པར་གནས་པ་དང་། མི་དགེ་བས་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ། ། (གསུམ་པ།)སྤྱིའི་བྱེད་ལས་ཀྱིས་བསྡུས་ཏེ་བསྟན་པ་ནི། སོ་སོར་བཤད་པར་མ་ཟད། ཡང་ དད་པ་དང་མ་ཆགས་པ་ལ་སོགས་པ་ཆོས་དགེ་བ་རྣམས་ཀྱི་ལས་ནི་རང་རང་གི་མི་མཐུན་ པའི་ཕྱོགས་མ་དད་པ་དང་། འདོད་ཆགས་ལ་སོགས་པ་མངོན་གྱུར་གནོན་པ་དང་ས་བོན་ སྤྱོད་པའི་ཚུལ་གྱིས་ཇི་ལྟར་རིགས་པ་སྤོང་བའོ། །འདོད་ཆགས་ལ་སོགས་པ་རྩ་བའི་ཉོན་ མོངས་པ་དང་། ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ལས་ནི། རང་རང་གི་ གཉེན་པོ་ཆགས་བྲལ་དང་། བྱམས་པ་ལ་སོགས་པའི་བར་དུ་གཅོད་པའོ། །དེ་ལྟར་ཕན་ཚུན་ གནོད་པ་བྱེད་པས་ཐར་པ་མི་སྲིད་དམ་སྙམ་ན། མཐར་ནི་དགེ་བ་སྟོབས་ཆེ་བས་ཉོན་མོངས་ པ་མ་ལུས་པར་སྤོང་སྟེ། རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ ནི་ཕྱིན་ལོག་གིས། །འབད་དུ་ཟིན་དང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་ པ་ལྟར་རོ། ། ལྡན་མིན་འདུ་བྱེད་ལ་སྤྱི་དོན་གསུམ་ལས། (དང་པོ།)ངོ་བོ་ངོས་གཟུང་ནི། གཟུགས་དང་ སེམས་དང་སེམས་ལས་བྱུང་བ་གསུམ་གྱི་གནས་སྐབས་ཀྱི་ཆ་ལ་(མིང་དུ་)བཏགས་པ་གང་ ཞིག གཟུགས་སོགས་(གསུམ་)ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། གདགས་ གཞི་གཟུགས་སོགས་(གསུམ་)ལས་གུད་ན་རྫས་གཞན་དུ་འགྲུབ་པ་ཡང་མ་ཡིན་ཞིང་། ངོ་བོ་ གཟུགས་སོགས་(གསུམ་)ཀྱི་ལྡོག་པ་དེ་ཉིད་ཀྱང་མ་ཡིན་པའོ། །(དཔེར་ན་ཁུ་ཚུར་སོར་མོ་ལས་དེ་ཉིད་དང་ གཞན་དུ་བརྗོད་དུ་མེད་པ་བཞིན་ནོ། །)ཕུང་པོ་ལྔ་པར་ཡང་། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ 1-1-146 རྣམས་གང་ཞེ་ན། གང་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་ བཏགས་པ་སྟེ། དེ་ཉིད་དང་གཞན་དུ་མི་གདགས་སོ་ཞེས་པ་ལྟར་རོ། །སེམས་དང་མཚུངས་ པར་ལྡན་པ་ལྔས་མཚུངས་པར་མི་ལྡན་པ་ཡང་ཡིན་ལ། འདུས་བྱས་ཀྱི་གནས་སྐབས་ཡང་ཡིན་ པས་ལྡན་མིན་འདུ་བྱེད་ཅེས་བྱའོ། ། (གཉིས་པ།)རྫས་གྲུབ་དགག་པ་ནི། བྱེ་བྲག་ཏུ་སྨྲ་བས་གཟུགས་དང་སེམས་དང་སེམས་ ལས་བྱུང་བ་གསུམ་ལས་རྫས་གཞན་དུ་(བེམས་པོར་)བདེན་པར་གྲུབ་པར་འདོད་པ་མི་འཐད་ དེ། གསུམ་ལས་རྫས་གཞན་དུ་ཚད་མ་གསུམ་གྱིས་མ་གྲུབ་པའི་ཕྱིར་དང་། འདུས་བྱས་རྟག་ པ་ལ་སོགས་པར་ཐལ་བའི་ཕྱིར་རོ། ། (གསུམ་པ།)གྲངས་སོགས་དཔྱད་པ་ནི། འདིར་ཉི་ཤུ་རྩ་གསུམ་རིམ་པར་བསྟན་པས་ཉེ་ བར་མཚོན་ནས་གཞན་དག་ཀྱང་ཤེས་བར་བྱ་བའི་ཆེད་དུ་ཡིན་གྱི། གྲངས་དང་གོ་རིམ་འདི་ ཁོ་ན་ལྟར་སྟེ་མཐའ་གཅིག་ཏུ་ངེས་པར་འཆད་པར་འདོད་པ་ནི་བརྗོད་འདོད་ཙམ་ལས་དོན་ ལ་གྲུབ་པ་མེད་དེ། ཡུལ་སོ་སོར་ཐོབ་པ་དང་ཕུང་པོ་ལ་དམིགས་པ་དང་སྐྱེ་མཆེད་སོ་སོར་ དམིགས་པ་དང་། མ་ཚོགས་པ་དང་མ་ཐོབ་པ་ལ་སོགས་པ་གཞན་ཡང་མང་དུ་བཤད་ཅིང་། གནས་བཅུ་བསྟན་པའི་མདོར། མི་ལྡན་པའི་འདུ་བྱེད་བདུན་བརྒྱ་བཀའ་བསྩལ་པ་དང་། མཛོད་དང་ཕུང་པོ་ལྔ་པ་ལ་སོགས་པར་གྲངས་དང་གོ་རིམ་འདི་ལས་གཞན་དུ་བསྟན་པའི་ ཕྱིར་རོ། ། གཞུང་དོན་ལ། སེམས་དང་མཚུངས་ལྡན་ལྔས་མཚུངས་པར་ལྡན་པ་མ་ཡིན་ཞིང་ གཟུགས་ལ་སོགས་པ(གསུམ་པོ)འི་གནས་སྐབས་ཀྱི་འདུ་བྱེད་ཀྱང་ཡིན་པའི་ཕུང་པོ་རྣམས་ གང་ཞེ་ན། ལན་ལ་གཉིས་ལས། (དང་པོ།)དབྱེ་བ་མདོར་བསྟན་ནི། འཕེལ་འགྲིབ་ཀྱི་ཆ་ལ་ བཏགས་པ་ཐོབ་པ་དང་། ཤེས་རིག་འགགས་པའི་ཆ་ལ་བཏགས་པ་འདུ་ཤེས་མེད་པའི་ 1-1-147 སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་སྟེ་ སྙོམས་འཇུག་འབྲས་བུ་དང་བཅས་པ་དང་། གནས་པའི་ཆ་ལ་བཏགས་པ་སྲོག་གི་དབང་པོ་ དང་། འདྲ་བའི་ཆ་ལ་བཏགས་པ་རིས་མཐུན་པ་དང་། མཚན་ཉིད་ཀྱི་ཆ་ལ་བཏགས་པ་སྐྱེ་བ་ དང་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་དེ་ཆོས་བཞི་དང་། ཐ་སྙད་ཀྱི་ཆ་ལ་བཏགས་པ་ མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་ཚོགས་གསུམ་དང་། མ་ཐོབ་ པའི་ཆ་ལ་བཏགས་པའི་སོ་སོའི་སྐྱེ་བོ་ཉིད་དང་། རྒྱུ་འབྲས་ཀྱི་གནས་སྐབས་ལ་བཏགས་ པའི་འཇུག་པ་དང་། སོ་སོར་ངེས་པ་དང་། འབྱོར་འབྲེལ་པ་དང་། མགྱོགས་པ་དང་། གོ་རིམ་ དང་། དུས་དང་། ཡུལ་དང་། གྲངས་དང་། ཚོགས་པ་སྟེ་ཆ་མཐུན་དགུའོ། ། (གཉིས་པ།)ངོ་བོ་རྒྱས་བཤད་ལ་ཉི་ཤུ་རྩ་གསུམ་ཡོད་ཀྱང་སྡེ་ཚན་བརྒྱད་དུ་བྱས་ཏེ་འཆད་ པ་ལ། (དང་པོ།)འཕེལ་འགྲིབ་ལ་བཏགས་པའི་ཐོབ་པ་གང་ཞེ་ན། (འགྲེལ་པར་)སེམས་དང་ ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ནི་གནས་དང་། ངོ་བོ་ཉིད་དང་། བཏགས་པས་བཤད་ པར་བྱའོ། །ཞེས་པ་ལྟར་འཆད་པས། གདགས་གཞིའམ་གནས་ནི། དགེ་བ་དང་མི་དགེ་བ་ དང་ལུང་དུ་མ་བསྟན་པའི་ཆོས་རང་གི་མཚན་ཉིད་འཛིན་པ་རྣམས་ཀྱི་གནས་སྐབས་སོ། །ངོ་ བོ་ནི། དེ་དག་གི་ས་བོན་བརྟས་ཤིང་འཕེལ་བ་དང་། ནུས་པ་དམན་ཞིང་འགྲིབ་པའི་ཆའོ། ། བཏགས་པར་བསྟན་པ་ནི། དེ་ལྟར་གྱུར་པ་ལ་མངོན་དུ་མ་གྱུར་ཀྱང་ནུས་པ་ཐོབ་པའམ་སྤྱིར་ བསྟན་པ་ཐོབ་པ་དང་། སྔོན་མེད་གསར་དུ་རྙེད་པ་དང་ཐོབ་ཟིན་ཉམས་པ་ལས་བྱུང་བ་རྙེད་ པ་དང་། ཐོབ་ནས་སྐད་ཅིག་གཉིས་པ་སོགས་སུ་རྒྱུན་མ་ཉམས་པར་ཡོད་པ་ལ་ལྡན་པ་ཞེས་ གདགས་སོ། །འཕེལ་བ་ཐོབ་པ་འཐད་མོད་འགྲིབ་པ་ཇི་ལྟར་འཐད་ཅེ་ན། འགྲེལ་པ་ལས། དད་པ་ལ་སོགས་པ་འཕེལ་བ་ཡོད་ན་ཆེན་པོ་དང་ལྡན་ཞིང་། འགྲིབ་པ་ཡོད་ན་ཆུང་ངུ་དང་ ལྡན་མོད། ཅེས་གསུངས་པས་འགྲིབ་པ་ལ་ཡང་ལྡན་པ་ཞེས་གདགས་སོ། །དེ་ལྟར་མིང་དུ་ 1-1-148 བཏགས་པའི་ཆ་ལ་ལྡན་མིན་འདུ་བྱེད་ཅེས་བྱ་སྟེ། གཟུགས་སོགས་ལས་རྫས་གཞན་དུ་གྲུབ་ པ་ནི་མེད་དོ། །དེ་བཞིན་དུ་གཞན་ལའང་ཇི་ལྟར་རིགས་པར་སྦྱར་རོ། ། (གཉིས་པ།)ཤེས་རིག་འགགས་པ་ལ་བཏགས་པ་སྙོམས་འཇུག་འབྲས་བུ་དང་བཅས་པ་ལ་ གསུམ་གྱི། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གང་ཞེ་ན། ལན་ལ་བདུན་གྱི། (དང་པོ།) གང་ཟག་ནི། སོ་སོའི་སྐྱེ་བོ་གསུང་རབ་ལ་ཐོས་བསམ་མ་བྱས་པ་ལོག་པས་ཚངས་པར་སྤྱོད་ པ་ཚོལ་བ་ལ་མངོན་པར་ཞེན་པ་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པས་སྙོམས་པར་འཇུག་སྟེ། བསྡུ་བར། གང་ཟག་ལས་ནི་སོ་སོའི་སྐྱེ་བོའི་རྒྱུད་དུ་གཏོགས་པའོ། །ཞེས་པ་ལྟར་རོ། ། (གཉིས་པ།)ཁམས་ནི། དང་པོ་འདོད་པའི་ཁམས་སུ་བསྐྱེད་ཅིང་དེ་ནས་གཟུགས་ཁམས་ སུ་ཡང་མངོན་དུ་བྱེད་དེ། སྐྱེ་བ་ལས་ནི་དང་པོ་འདིར་བསྐྱེད་ཅིང་དེའི་འོག་ཏུ་གཟུགས་ཀྱི་ ཁམས་སུ་བསམ་གཏན་བཞི་པ་ལ་འབྲས་བུ་ལས་སོ་སོར་མྱོང་བར་འགྱུར་རོ། །ཞེས་པ་ལྟར་ རོ། ། (གསུམ་པ།)ས་ནི། བསམ་གཏན་གསུམ་པ་དགེ་རྒྱས་མན་ཆད་ཀྱི་འདོད་ཆགས་དང་བྲལ་ལ། སྟེང་མ་བཞི་པའི་འདོད་ཆགས་དང་མ་བྲལ་བའི་ཕྱིར་བསམ་གཏན་བཞི་པ་ལ་བརྟེན་པའོ། ། (བཞི་པ།)བསམ་པ་ནི། འདུ་ཤེས་མེད་པ་ལ་ཐར་པ་དང་དེའི་སྙོམས་འཇུག་ལ་ཐར་པའི་ ལམ་དུ་བཟུང་ནས་འཁོར་བ་ལ་ངེས་པར་འབྱུང་བར་བྱའོ་སྙམ་པའི་འདུ་ཤེས་སྔོན་དུ་བཏང་ བའི་ཡིད་ལ་བྱེད་པས་སོ། ། (ལྔ་པ།)གནས་སམ་དགག་བྱ་ནི། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་ནང་ ནས། བརྒྱལ་བ་ལ་སོགས་པའི་གནས་སྐབས་ན་མེད་ཅིང་། སེམས་དང་བཅས་པའི་གནས་ སྐབས་ནའང་རེས་འགའ་མེད་པས་བརྟན་པ་མ་ཡིན་པའི་འཇུག་པའི་རྣམ་ཤེས་ཚོགས་དྲུག་ འཁོར་དང་བཅས་པ་རྣམས་སོ། ། 1-1-149 (དྲུག་པ།)ངོ་བོ་ནི། འགོག་པ་ཞེས་པ་སྙོམས་འཇུག་གི་སེམས་ཀྱི་དུས་གཞན་ན་དགག་ བྱ་དེ་དག་མངོན་གྱུར་དུ་མི་འབྱུང་བར་བྱས་པའི་ཀུན་གཞིའི་གནས་སྐབས་ཀྱི་བྱེ་བྲག་སྟེ། ཚོགས་དྲུག་གི་ས་བོན་མགོ་གནོན་པའི་ཚུལ་གྱིས་སྤོང་བའོ། །བསྡུ་བར། ངོ་བོ་ཉིད་ལས་ནི་ དགེ་བའོ་ཞེས་པ་དང་། མཛོད་ལས། དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། །ཅེས་པ་ནི། འཇུག་ པ་དགེ་བ་ལ་དགོངས་པ་སྟེ། འདིར་ནི་ཞུགས་པ་ལུང་མ་བསྟན་ཡིན་པས་ཀུན་གཞིའི་གནས་ སྐབས་སུ་མི་འགལ་ལོ། ། (བདུན་པ།)བཏགས་པར་བསྟན་པ་ནི། དེ་ལ་འབྲས་བུ་ཚོགས་དྲུག་གི་འདུ་ཤེས་མེད་ པ་ཐོབ་པའི་ཆེད་དུ་སྙོམས་པར་འཇུག་པས་ན་དེ་སྐད་ཅེས་མིང་དུ་བཏགས་སོ་ཞེས་པ་ལ་ སོགས་པ་སྔ་མ་བཞིན་ནོ། ། འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། དེ་ལའང་བདུན་ལས། གང་ཟག་ནི། ཕྱིར་ མི་འོང་ལུས་ཀྱིས་མངོན་དུ་བྱེད་པ་དང་། དགྲ་བཅོམ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ དང་། རང་སངས་རྒྱས་རྣམས་སྙོམས་པར་འཇུག་ཅིང་། མདོ་ལས། ཀྱེ་རྒྱལ་བའི་སྲས་བྱང་ ཆུབ་སེམས་དཔའི་ས་དྲུག་པ་ཡན་ཆད་འགོག་པ་ལ་སྙོམས་པར་འཇུག་ཅིང་། ས་བདུན་པ་ ལ་སེམས་ཀྱི་སྐད་ཅིག་ལ་འགོག་པ་ལ་འཇུག་ཅིང་ལྡངས་ཏེ་འགོག་པ་མངོན་དུ་བྱས་པ་ཞེས་ ནི་མི་བྱའོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཏིང་ངེ་འཛིན་གྱི་རྩལ་ སྦྱོང་བ་ལ་སོགས་པའི་ཆེད་དུ་སྙོམས་པར་འཇུག་ལ། གཞན་སྣང་དུ་རྫོགས་པའི་སངས་རྒྱས་ ཀྱང་སྙོམས་པར་འཇུག་པ་དང་བཞེངས་པའི་རྣམ་པར་སྟོན་པའོ། ། ཁམས་ནི། བསྡུ་བར། སྐྱེ་བ་ལས་ནི་ཀུན་གཞིའི་རྣམ་ཤེས་རྣམ་པར་མ་བཞག་ན་དང་པོ་ འདིར་བསྐྱེད་ཅིང་། དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དེ། མངོན་དུ་བྱེད་པ་དེ་ ནི་གཟུགས་ལ་རགས་ལས་པའི་ཕྱིར་རོ། །ཀུན་གཞིའི་རྣམ་ཤེས་རྣམ་པར་བཞག་པ་ན་མངོན་ 1-1-150 དུ་བྱེད་པ་ཐམས་ཅད་དུ་འགྲོ་བར་བལྟ་བར་བྱའོ། །ཞེས་གསུངས་པ་ལྟར་སྔར་མ་ཐོབ་པ་མིའི་ ནང་དུ་བསྐྱེད་ཅིང་། ཐོབ་ཟིན་ནས་ཁམས་གསུམ་པོ་ཅི་རིགས་པར་མངོན་དུ་བྱེད་དེ། འདིར་ གཟུགས་མེད་དུ་མངོན་དུ་མི་བྱེད་པར་གསུངས་པ་ནི་ཀུན་གཞི་ཁས་མི་ལེན་པ་ཉན་ཐོས་སྡེ་པ་ དང་སྒོ་བསྟུན་པའོ། ། ས་ནི། གཟུགས་མེད་སྐྱེ་མཆེད་གསུམ་པ་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་འདོད་ ཆགས་དང་བྲལ་ལ། ཞེས་སྲིད་རྩེའི་སེམས་ཐོབ་པར་བསྟན་པས་རྒྱུན་ཞུགས་དང་ཕྱིར་འོང་ དང་ཕྱིར་མི་འོང་ཡིན་ཡང་སྲིད་རྩེའི་སེམས་མ་ཐོབ་པ་དང་། དགྲ་བཅོམ་པའང་ཤེས་རབ་ ཀྱིས་རྣམ་གྲོལ་ཙམ་གྱིས་སྙོམས་པར་འཇུག་མི་ནུས་པར་བསྟན་ཅིང་། ཟག་མེད་ཀྱི་ལམ་ གྱིས་སྲིད་པའི་རྩེ་མོ་ལས་ཀྱང་གྱེན་དུ་བསྐྱོད་པའི་ཞེས་པས་(མཐོང་ལམ་སྲིད་རྩེའི་གཉེན་པོ་ཡིན་པས་) དེའི་མཐོང་སྤང་རྣམས་སྤངས་ཤིང་སྒོམ་སྤང་ཡང་ཅི་རིགས་པ་སྤངས་པའི་ས་པ་སྟེ། སྲིད་ རྩེ་ལས་མ་བསྐྱོད་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་འཇུག་མི་ནུས་པར་བསྟན་ལ། དེ་ལས་འདོད་ ཆགས་དང་མ་བྲལ་བ་ཞེས་མ་སྨོས་པ་ནི་ཆགས་བྲལ་དགྲ་བཅོམ་པ་རྣམས་ཀྱང་སྙོམས་པར་ འཇུག་པའི་ཕྱིར་རོ། ། བསམ་པ་ནི། འདི་སྲིད་རྩེའི་ས་པ་ཡིན་པས་འཕགས་པ་རྣམས་དེ་ལ་སྲིད་པ་ལས་བྱུང་ བའི་འདུ་ཤེས་མི་འཇུག་གི་འདུ་ཤེས་དང་ཚོར་བས་སྐྱོ་ནས་དེ་དག་ཞི་བར་གནས་པའི་ འགོག་པ་ནི་མྱ་ངན་ལས་འདས་པ་དང་ཆ་འདྲ་བས་དེ་ལ་ཇི་སྲིད་འདོད་ཀྱི་བར་དུ་གནས་པར་ བྱའོ་སྙམ་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སྙོམས་པར་འཇུག་སྟེ། གཎྜི་ མི་རྡུང་གི་བར་རམ། ཞག་གམ་ལོའམ་བསྐལ་པའམ། མགོན་པོ་བྱམས་པ་སངས་མ་རྒྱས་ ཀྱི་བར་ཞེས་པ་ལ་སོགས་པ་འཕེན་པ་ཇི་ལྟ་བ་བཞིན་དུའོ། །(བྱང་ཆུབ་སེམས་དཔའ་ཞག་བདུན་ལས་ ལྷག་པ་སྙོམས་པར་མི་འཇུག་ཅེས་ཀྱང་གསུངས་མོད། པད་དཀར་ལས་བསྐལ་པ་མང་པོ་སྙོམས་པར་འཇུག་པར་ཡང་གསུངས་ 1-1-151 སོ། །འགའ་ཞིག་ཐམས་ཅད་ཀྱང་འདོད་ཁམས་ཡིན་པས་ཞག་བདུན་པས་ལྷག་ན་ཁམས་ཟས་ཆད་པས་འཆིའོ་ཟེར་བ་ནི་འཁྲུལ་ བའོ། །) དགག་བྱའི་གནས་ནི། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་ནང་ནས་འདོད་ ཁམས་སུ་འཇུག་པའི་རྣམ་ཤེས་ཚོགས་དྲུག་དང་། གཟུགས་ཁམས་སུ་(སྣ་ལྕེའི་རྣམ་ཤེས་མེད་པས་) ཚོགས་བཞི་དང་། གཟུགས་མེད་དུ་(དབང་ཤེས་ལྔ་མེད་པས་)ཡིད་ཤེས་འཁོར་དང་བཅས་པ་སྟེ་ སྔར་བཤད་བ་ལྟར་བརྟན་པ་མ་ཡིན་པ་རྣམས་དང་། བརྟན་པ་ཀུན་གཞི་དང་ཉོན་ཡིད་གཉིས་ པོ་དེ་དག་ལས་ཀྱང་ཁ་ཅིག་ཀུན་གཞི་(དགག་མི་དགོས་པས་)མི་འགོག་ཅིང་ཉོན་ཡིད་འཁོར་དང་ བཅས་པ་(དགག་དགོས་ཀྱང་བྱིས་པས་དགག་མི་ནུས་ཤིང་འཕགས་པས་ནུས་པའི་ཕྱིར་)འགོག་ལ། དགྲ་བཅོམ་ པས་ནི་ཉོན་ཡིད་སྔར་ནས་བཀག་ཟིན་ཚོགས་དྲུག་ཉིད་འགོག་གོ། ངོ་བོ་ལ་(གསུམ་ལས་དང་པོ།)དངོས་ནི། འགོག་པ་ཞེས་པ་སྙོམས་འཇུག་གི་སེམས་ཀྱིས། ཀུན་གཞིའི་གནས་སྐབས་ལ་ཚོགས་བདུན་འཁོར་དང་བཅས་པ་སྐྱེ་བའི་ས་བོན་ལ་གནོད་པ་ བྱས་པ་སྟེ། དུས་ཇི་སྲིད་འདོད་ཀྱི་བར་དུ་ཚོགས་བདུན་མི་འབྱུང་བར་འགོག་པའོ། ། (གཉིས་པ།)དོགས་སྤོང་ནི། སྔར་སྙོམས་འཇུག་གིས་རིང་དུ་བཀག་པའི་ཚོགས་བདུན་དེ་ རྣམས་ཕྱིས་(སྙོམས་འཇུག་ལས་)ལངས་པ་ན་གང་ལས་སྐྱེ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་འདས་ པའང་རྫས་སུ་གྲུབ་པར་ཡོད་པས་དེ་ཉིད་ལས་སྐྱེའོ། །ཞེས་ཟེར་བ་ནི་དུས་གསུམ་རྫས་སུ་ གྲུབ་པར་འདོད་པ་ཟད་བྱེད་པའི་ལུགས་ཡིན་པས་མི་འཐད་དོ། །མདོ་སྡེ་པ་ཁ་ཅིག་གཟུགས་ མེད་ནས་གཟུགས་ཅན་དུ་སྐྱེ་བ་ན་སེམས་ལས་ལུས་སྐྱེ་བ་ལྟར། དབང་པོ་དང་བཅས་པའི་ ལུས་ལས་སེམས་སྐྱེའོ། །ཞེས་ཟེར་བ་ནི་ལུས་སེམས་ཀྱི་རྒྱུར་འདོད་པ་རྒྱང་འཕེན་པ་དང་འདྲ་ བས་མི་རིགས་སོ། །དེས་ན་འདིར་རྒྱུའི་རྐྱེན་ཀུན་གཞིའི་ས་བོན་དང་། དེ་མ་ཐག་རྐྱེན་གཞན་ གྱིས་བར་མ་ཆོད་པ། སྙོམས་པར་འཇུག་ཁའི་སེམས་ལས་སྐྱེ་བར་གསུངས་པ་ནི་རིགས་པའོ། ། 1-1-152 (གསུམ་པ།)རང་བཞིན་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་མཛོད་འགྲེལ་དུ། འདིའི་རྣམ་ སྨིན་སྲིད་རྩེའི་ཕུང་པོ་བཞི་ཡིན་པས་ཟག་བཅས་སོ་ཞེས་གསུངས་ཀྱང་། མཉམ་པར་བཞག་ པའི་སའི་བསྡུ་བར། འགོག་པའི་སྙོམས་པར་འཇུག་པ་ནི་ཟག་མེད་དུ་བརྗོད་པར་བྱ་སྟེ། ཉོན་ མོངས་པ་དང་བྲལ་བ་དང་། ཉོན་མོངས་པ་དང་མཚུངས་པར་མི་ལྡན་པ་དང་། ཉོན་མོངས་པ་ ལ་དམིགས་པ་མ་ཡིན་པ་དང་། ཉོན་མོངས་བས་མ་བསྐྱེད་པའི་ཕྱིར་རོ། །ཞེས་གསུངས་ཤིང་། འདིར་འཇིག་རྟེན་ལས་འདས་པར་འཆད་དེ་ཐེག་ཆེན་པའི་ལུགས་སོ། །བཏགས་པར་བསྟན་ པ་ནི། དེ་ལྟར་སྙོམས་འཇུག་གི་སེམས་ཀྱི་ཀུན་གཞི་ལ་ཚོགས་བདུན་གྱི་ས་བོན་ཉམས་པར་བྱ་ བའི་དུས་ལ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ཞེས་མིང་དུ་གདགས་ ཀྱི་གཟུགས་སོགས་ལས་རྫས་གཞན་དུ་གྲུབ་པ་ནི་མེད་ཅེས་སོ། །སྙོམས་འཇུག་འདི་དག་ ཀྱང་བསྡུ་བར། ཡོངས་སུ་ཉམས་ཤིང་མྱུར་བར་བསྐྱེད་མི་ནུས་པ་ཆུང་ངུར་བསྒོམས་པ་དང་། ཉམས་ཀྱང་མྱུར་དུ་བསྐྱེད་ནུས་པ་འབྲིང་དུ་བསྒོམས་པ་དང་། གཏན་ཉམས་པར་མི་འགྱུར་བ་ ཆེན་པོར་བསྒོམས་པ་སྟེ་གསུམ་དུ་གསུངས་སོ། ། འདུ་ཤེས་མེད་པ་གང་ཞེ་ན། ལན་ལ་བཞི་ལས། ས་ནི་བསམ་གཏན་བཞི་པ་འབྲས་བུ་ཆེ་ བའི་བྱེ་བྲག ཚོགས་ལས་གུད་ན་སེམས་ཅན་དུ་འདུ་ཤེས་པ་མེད་པ་ཞེས་བྱ་བའི་ལྷའི་གནས་ གཞན་ཡོད་ཅིང་དེ་རྣམས་ཀྱི་ནང་དུ་སྐྱེས་པའི་ཕྱིར་བསམ་གཏན་བཞི་པར་གཏོགས་པའོ། ། དགག་བྱའམ་གནས་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་ནང་ནས་བརྟན་པ་ མ་ཡིན་པ་འཇུག་པའི་རྣམ་ཤེས་ཚོགས་དྲུག་གི་སྣ་དང་ལྕེའི་རྣམ་ཤེས་གཉིས་དེར་སྐྱེས་མ་ཐག་ ནས་མེད་པས་དགག་མི་དགོས་ལ། གཞན་བཞི་འཁོར་དང་བཅས་པ་རྣམས་འགོག་པའོ། ། ངོ་བོ་ནི། འགོག་པ་ཞེས་སྐྱེས་མ་ཐག་དེ་དག་གི་འདུ་ཤེས་ཅུང་ཟད་འབྱུང་ཡང་། སྐྱེས་ཐོབ་ ཀྱི་འབད་རྩོལ་མེད་པར་སྔོན་སྙོམས་འཇུག་གོམས་པའི་སྟོབས་ཀྱིས་དགག་བྱ་རྣམས་ཇེ་ཕྲ་ 1-1-153 ཇེ་ཕྲར་གྱུར་ནས་ས་བོན་ཉམས་པར་བྱས་པའི་ཕྱིར། ཡུན་རིང་པོར་རང་རིག་ཕྱི་མ་བསྐྱེད་མི་ ནུས་པར་བཀག་པའི་ལུས་སམ་ཀུན་གཞིའི་གནས་སྐབས་སོ། །བཏགས་པར་བསྟན་པ་ནི། དེར་གནས་ཀྱི་བར་ལ་འདུ་ཤེས་མེད་པའི་ཕྱིར་སེམས་ཅན་འདུ་ཤེས་མེད་པ་པ་ཞེས་མིང་དུ་ གདགས་སོ། །འདི་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གིས་འཕངས་པའི་རྣམ་སྨིན་ཏེ། ངོ་བོ་ (མ་བསྒྲིབས་)ལུང་མ་བསྟན་ཡིན་ཞིང་། སོ་སོའི་སྐྱེ་བོ་ཁོ་ན་དེར་སྐྱེ་ལ། འདུ་ཤེས་སྐྱེས་ནས་འཆི་ འཕོ་སྟེ། མདོ་ལས། སེམས་ཅན་དེ་དག་དུས་རིང་མོ་ཞིག་འདུག་འདུག་སྟེ། འདུ་ཤེས་སྐྱེས་ ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །ཞེས་པ་ལྟར་རོ། །དེ་དག་འཆི་ཁར་ཐར་པ་ལ་ སྐུར་འདེབས་ཀྱི་ལོག་ལྟ་སྐྱེ་བས་ལྷ་ཚེ་རིང་བོ་ཞེས་བྱ་བ་མི་ཁོམ་པའི་གནས་ཡིན་ནོ་ཞེས་ གསུངས་ཤིང་། ཁ་ཅིག་ནི་གོང་མའི་རྟེན་ལ་མི་དགེ་བ་སྐྱེ་མི་སྲིད་ཅིང་སེམས་ཉམས་པའང་མི་ སྲིད་ལ། འདུ་ཤེས་མེད་པ་ནས་འཆི་འཕོས་པ་ནི་འདོད་ཁམས་ཁོ་ནར་སྐྱེའོ་ཞེས་ཀྱང་གསུང་ ངོ་། །འདི་རྣམས་མཚུངས་ལྡན་དང་བཅས་པ་གཞན་རྣམས་ཀྱང་འགོག་བཞིན་དུ་འདུ་ཤེས་ དང་ཚོར་བ་ཁོ་ནས་འགོག་པ་ཞེས་བརྗོད་པ་ནི། དེ་གཉིས་ལ་ནད་དང་འབྲས་དང་ཟུག་རྔུ་ལ་ སོགས་པ་ལྟར་མི་མཐུན་པར་བཟུང་ནས་སྙོམས་པར་འཇུག་པའི་ཕྱིར་གཙོ་བོའི་མིང་གིས་ བརྗོད་པ་སྟེ། དཔེར་ན་སེམས་ལས་བྱུང་བའང་ཤེས་ཀྱང་གཞན་གྱི་སེམས་ཤེས་པའི་མངོན་ ཤེས་ཞེས་བརྗོད་པ་བཞིན་ནོ། །དེ་ལྟར་སྙོམས་འཇུག་གསུམ་ལྡན་མིན་འདུ་བྱེད་དུ་བཞག་ པའང་ཀུན་གཞིའི་གནས་སྐབས་ལ་བཏགས་པ་ཡིན་གྱི། དགག་བྱ་དགག་ཙམ་གྱི་མེད་ དགག་ནི་མ་ཡིན་ཏེ། འདུས་མ་བྱས་ཕུང་པོར་ཐལ་བའི་ཕྱིར་རོ། ། (གསུམ་པ།)གནས་པ་ལ་བཏགས་པའི། སྲོག་གི་དབང་པོ་གང་ཞེ་ན། གདགས་གཞིའམ་ གནས་ནི་ཀུན་གཞིའི་རྣམ་ཤེས་སྔོན་དུ་འགྲོ་བའི་འདུ་བྱེད་ལྷ་དང་མི་ལ་སོགས་པའི་ཚེ་ གཅིག་གི་ཕུང་པོའི་རྒྱུན་དུ་རིས་མཐུན་པར་གནས་པ་ཡིན་ལ། ངོ་བོ་ནི། སྔོན་སྐྱེ་བ་སྔ་མ་ལ་ 1-1-154 བྱས་པ་ཉིད་ཀྱི་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་གསུམ་གྱིས་ འཕངས་པའི་ལོ་བརྒྱའམ་སྟོང་ངམ་བསྐལ་པ་འདི་ཙམ་ཞེས་གནས་པའི་དུས་ངེས་པ་ཅན་ ཏེ། བཏགས་པར་བསྟན་པ་ནི། དེ་ལྟར་འདུ་བྱེད་ཀུན་གཞི་ཉིད་འགྲོ་བ་རིས་མཐུན་གཅིག་ ཏུ་གནས་པའི་དུས་ངེས་པ་ལ། འཚོ་བར་བྱེད་པས་ན་(དབུགས་ལ་)སྲོག་གམ་ཚེ་ཞེ་བྱ་བར་མིང་ དུ་གདགས་ཀྱི། སྲོག་ནི་ཚེ་ཡིན་(དབུགས་དེ་)དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་ པས་རྫས་གཞན་ནི་མེད་ཅེས་སོ། ། (བཞི་པ།)འདྲ་བ་ལ་བཏགས་པའི། རིས་མཐུན་གང་ཞེ་ན། གནས་ནི་ལྷ་དང་མི་ལ་སོགས་ པའི་སེམས་ཅན་གྱི་རིས་འགྲོ་བ་ལྔ་བོ་དེ་དང་དེར་སྐལ་བ་མཉམ་པར་སྐྱེས་བ་ལ་འདོགས་ ཤིང་། ངོ་བོ་ནི། ཁམས་གསུམ་གྱི་སེམས་ཅན་དེ་དང་དེ་དག་གི་གང་ལ་བདག་གི་དངོས་པོར་ འཛིན་པ་ནི་ལུས་ཏེ། ཕུང་པོ་ཡིན་ཞིང་དེ་ཉིད་འདོད་གཟུགས་སུ་ལྔ་དང་། གཟུགས་མེད་དུ་ བཞིའི་རྒྱུན་དུ་འདྲ་བའམ། ཡང་ན་འགྲོ་བ་དང་ལུས་ལ་སོགས་པ་ཐ་དད་པའི་སེམས་ཅན་ གྱི་ལུས་ནང་ཕན་ཚུན་འདྲ་བ་སྟེ། འདོགས་ཚུལ་ནི། དེ་ལྟར་མཚུངས་པའི་ཆ་ལ་རིས་མཐུན་ པའམ། ཚོགས་མཐུན་པའམ། སྐལ་པ་མཉམ་པ་ཞེས་གདགས་སོ། །དེའང་བསྡུ་བར། སྐྱེ་བ་ དང་རང་བཞིན་དང་བཟོའི་ལས་རིས་མཐུན་པ་གསུམ་གསུངས་སོ། ། (ལྔ་པ།)མཚན་ཉིད་ལ་བཏགས་པའི་སྐྱེ་སོགས་བཞི་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས། (མཛོད་དུ།)མཚན་ཉིད་དག་ནི་སྐྱེ་བ་དང་། །རྒ་དང་གནས་དང་མི་རྟག་ཉིད། །དེ་དག་སྐྱེ་བའི་ སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་ལྷན་ཅིག་འཇུག །ཅེས་འདུས་བྱས་ཀྱི་མཚན་གཞི་བུམ་པ་ ལྟ་བུ་གཅིག་ལའང་། སྐྱེ་བ་དང་རྒ་བ་དང་གནས་པ་དང་འཇིག་པ་སྟེ་རྩ་བའི་མཚན་ཉིད་བཞི་ དང་། དེ་དག་གི་ཡང་། སྐྱེ་བའི་སྐྱེ་བ་དང་། རྒ་བའི་རྒ་བ་དང་། གནས་པའི་གནས་པ་དང་། འཇིག་པའི་འཇིག་པ་སྟེ་རྗེས་སུ་མཐུན་པའི་མཚན་ཉིད་བཞི་ཐུར་མ་གཤིབས་པ་ལྟར་ལྷན་ 1-1-155 ཅིག་ཏུ་འཇུག་ཅིང་། སྐྱེ་བས་ནི་རང་མ་གཏོགས་པའི་མཚན་ཉིད་བདུན་དང་། མཚན་གཞི་ བུམ་པ་གཅིག་སྟེ་བརྒྱད་མ་འོངས་པ་ནས་ད་ལྟ་བར་འདྲེན་(ཅིང་བསྐྱེད་)པར་བྱེད་ལ། སྐྱེ་བའི་སྐྱེ་ བས་ནི་རྩ་བའི་སྐྱེ་བ་གཅིག་བུ་སྐྱེད་པར་བྱེད་པ་དང་། དེ་བཞིན་རྒ་བས་ཀྱང་རང་མ་ཡིན་པ་ བརྒྱད་རྙིངས་པར་བྱེད་ཅིང་། རྒ་བའི་རྒ་བས་རྒ་བ་གཅིག་པུ་རྙིངས་པར་བྱེད་པ་དང་། གནས་ པ་དང་མི་རྟག་པ་ལའང་དེ་བཞིན་དུ་སྦྱར་ནས་དུས་གསུམ་རང་ས་ན་རྫས་སུ་ཡོད་པར་སྨྲ་བ་ ནི་མི་རིགས་ཏེ། (ཆོས་བརྒྱད་པོ་)དེ་དག་ཚད་མ་གསུམ་གྱིས་མ་གྲུབ་པའི་ཕྱིར་དང་། གེགས་བྱེད་ པ་མེད་པས་འདས་པ་དང་མ་འོངས་པ་ཡང་བྱ་བ་བྱེད་པར་ཐལ་བའི་ཕྱིར་དང་། འདུས་བྱས་ ཀྱི་སྐད་ཅིག་ལ་དེ་ལྟ་བུ་མི་རུང་བའི་ཕྱིར་རོ། །དེས་ན་འདིར་རྒྱུན་ལ་དགོངས་ནས་མཚན་ ཉིད་བཞིར་གསུངས་པ་དང་མཐུན་པར་འཆད་དེ། སྔོན་མེད་ལས་བྱུང་སྐྱེ་བ་སྟེ། རྒྱུན་གནས་ དེ་ཆད་འཇིག་པ་ཡིན། །རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་ནི། །གནས་པ་གཞན་དུ་འགྱུར་བར་འདོད། ། ཅེས་མཛོད་འགྲེལ་དུ་མདོ་སྡེ་པའི་ལུགས་བཀོད་པ་ལྟར་རོ། །དེ་ལའང་སེམས་ཅན་གྱི་རྒྱུད་ ཀྱིས་བསྡུས་པའི་སྐྱེ་སོགས་ཁོ་ན་འདིར་འཆད་ཀྱི། འདུ་བྱེད་ཙམ་གྱི་སྐྱེ་སོགས་ནི་མ་ཡིན་ཏེ། (འགྲེལ་པར།)ནང་གི་འདུ་བྱེད་རྣམས་སྐྱེ་རྒ་གནས་འཇིག་གིས་ཕྱེ་ཞིང་། ཕྱིའི་གཟུགས་སོགས་ ནི་འཇིག་པ་དང་ཆགས་པས་ཕྱེ་པའི་ཕྱིར་རོ། །དེ་ཡང་ནང་གི་གཙོ་བོར་བསྟན་པས་མཚོན་ ནས་གཞན་གྱིའང་ཤེས་པར་འགྱུར་བས། སྐྱེ་བ་གང་ཞེ་ན། (གནས་)སེམས་ཅན་རེ་རེའི་རྒྱུད་ ཀྱིས་བསྡུས་པའི་སྒོ་ནས་རིས་མཐུན་པར་གྱུར་པའི་ནང་གི་འདུ་བྱེད་རྣམས་ཀྱི་རྒྱུན། (ངོ་བོ་) ཡོད་པ་སྐྱེ་བ་དང་སྐྱེ་བ་དོན་གཞན་བསལ་ནས་སྔར་མ་བྱུང་བ་ལས་གསར་དུ་བྱུང་བའི་ཆ་ལ་ (བཏགས་པ་)སྐྱེ་བ་ཞེས་མིང་དུ་གདགས་སོ། །དེ་བཞིན་དུ། རྒ་བ་གང་ཞེ་ན། (གནས་)སེམས་ཅན་ རེ་རེའི་རྒྱུད་ཀྱིས་བསྡུས་ཤིང་རིས་མཐུན་པར་གྱུར་པ་ནང་གི་འདུ་བྱས་རྣམས་ཀྱི་རྒྱུན་(ངོ་བོ་) སྐྱེ་སྲིད་ནས་འཆི་སྲིད་ཀྱི་བར་དུ། (ཡིད་ཀྱི་སར་གསུངས་པ་ལྟར་)སྐྱེས་ནས་འགྲོ་བར་མི་ནུས་པ་བྱིས་ 1-1-156 པ་དང་། འགྲོ་བ་དང་རྩེ་བར་ནུས་པ་གཞོན་ནུ་དང་། འདོད་པ་སྤྱོད་ནས་ལོ་སུམ་ཅུའི་བར་ ལང་ཚོ་དང་། དེ་ནས་ལྔ་བཅུའི་བར་དར་ལ་བབས་པ་དང་། དེ་ནས་བདུན་ཅུའི་བར་རྒས་པ་ དང་། དེ་ཡན་ཆད་འཁོག་པ་ཞེས་བྱ་བ་ལ་སོགས་པ་སྔ་ཕྱིའི་གནས་སྐབས་གཞན་དང་གཞན་ དུ་འགྱུར་བའི་ཆ་ལ་(བཏགས་པ་)རྒ་བ་ཞེས་གདགས་སོ། །གནས་པ་གང་ཞེ་ན། (གནས་)སེམས་ ཅན་རེ་རེའི་རྒྱུད་ཀྱིས་བསྡུས་ཤིང་རིས་མཐུན་པར་གྱུར་པའི་ནང་གི་འདུ་བྱེད་རྣམས་ཀྱི་རྒྱུན་ (ངོ་བོ་)སྐྱེས་ནས་མ་ཤིའི་བར་དུ་མི་འཇིག་པར་ཡོད་པ་ལ་གནས་པ་ཞེས་གདགས་སོ། །མི་ རྟག་པ་ཉིད་གང་ཞེ་ན། (གནས་)སེམས་ཅན་རེ་རེའི་རྒྱུད་ཀྱིས་བསྡུས་ཤིང་རིས་མཐུན་པར་གྱུར་ པའི་ནང་གི་འདུ་བྱེད་རྣམས་ཀྱི་རྒྱུན་(ངོ་བོ་)སྔར་ཡོད་པ་འཇིག་ཅིང་ཆད་དེ་འཆི་བ་ལ་མི་རྟག་པ་ ཉིད་ཅེས་གདགས་སོ། །མདོ་ལས། སྐྱེ་བ་དང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བ་སྟེ་ གསུམ་དུ་གསུངས་པ་ནི། ཐམས་ཅད་ཀྱང་དུས་གསུམ་དུ་འདུས་ཤིང་། གནས་པ་ཆགས་པའི་ གཞི་ཡིན་པས་དེ་ལ་སྐྱོ་བ་བསྐྱེད་པའི་ཕྱིར་གཞན་དུ་འགྱུར་བ་དང་བསྡུས་ནས་བསྟན་པའོ། ། (དྲུག་པ།)ཐ་སྙད་ལ་བཏགས་པའི་ཚོགས་གསུམ་ལས། མིང་གི་ཚོགས་གང་ཞེ་ན། ཤེས་ བྱའི་ཆོས་རང་གི་མཚན་ཉིད་འཛིན་པ་ཕུང་པོ་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་བརྗོད་དུ་མེད་ ཀྱང་མིག་དང་རྣ་བ་ཞེས་སོགས་ཆོས་ཀྱི་ངོ་བོ་དང་ལྔ་དང་མི་ཞེས་སོགས་གང་ཟག་གི་ངོ་བོ་ ཉིད་དུ་སྒྲོ་བཏགས་ནས་བརྗོད་པ་ཉིད་ཀྱི་ཚིག་བླ་དྭགས་ཏེ། བརྡས་ཐ་སྙད་འདོགས་པའི་ གནས་སྐབས་ལ། བརྗོད་བྱ་རྗོད་བྱེད་ལ་བློ་གཞོལ་བར་བྱེད་པས་ན་མིང་ཞེས་བྱ་ཞིང་། དེ་ ཉིད་ཀྱང་ཡི་གེ་དུ་མ་འདུས་པའམ། དེ་དག་གི་རིགས་འདྲ་དུ་མ་འདུས་པས་ན་ཚོགས་ཞེས་ བྱ་བར་གདགས་སོ། །ཚིག་གི་ཚོགས་གང་ཞེ་ན། ཆོས་རང་གི་མཚན་ཉིད་འཛིན་པ་རྣམས་ ཀྱི་ཁྱད་པར་བརྗོད་དུ་མེད་ཀྱང་། འདུ་བྱེད་ཐམས་ཅད་མི་རྟག་པའོ། །མྱ་ངན་ལས་འདས་པ་ ཞི་བའོ། །ཞེས་པ་ལ་སོགས་པ་ཁྱད་པར་དུ་སྒྲོ་བཏགས་ནས་བརྗོད་པ་ཉིད་ཀྱི་ཚིག་བླ་དྭགས་ 1-1-157 ལ། འདིས་ཁྱད་པར་གྱི་དོན་ཤེས་པར་བྱེད་པས་ན་ཚིག་ཅེས་བྱ་ཞིང་། དེ་དག་གི་གནས་ཡི་གེ་ འདུས་པའམ། རིགས་འདྲ་འདུས་པས་ན་ཚོགས་ཞེས་བྱ་བར་གདགས་སོ། །ཡི་གེའི་ཚོགས་ གང་ཞེ་ན། གང་དག་ཕན་ཚུན་འདུས་པ་ལས་མིང་དང་ཚིག་དེ་གཉི་ག་འབྱུང་བའི་གནས་སུ་ གྱུར་བ། ཨཱ་ལི་དང་ཀཱ་ལིའི་ཡི་གེ་རྣམས་ལ་སྒྲའི་རྡུལ་ཕྲན་འདུས་པའམ། དེའི་རིགས་ཅན་ ཐམས་ཅད་འདུས་པས་ན་ཡི་གེའི་ཚོགས་ཞེས་གདགས་སོ། །ངེས་ཚིག་ནི། (ཡི་གེའི་སྐད་དོད་) བྱཉྫན་ཞེས་པ་(བསྒྱུར་བ་)གསལ་བྱེད་དུ་འགྱུར་བས་ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་དང་ ཁྱད་པར་དེ་གཉི་ག་རབ་ཏུ་གསལ་བར་བྱེད་པའི་ཕྱིར་རོ། །ཝརྞ་ཞེས་པ་(བསྒྱུར་བ་)བརྗོད་པ་ ཡང་ཡི་གེ་དེ་ཉིད་ཡིན་ཏེ། མིང་ཚིག་གཉིས་ཀྱི་གནས་བྱས་ནས་དོན་གྱི་ངོ་བོ་དང་ཁྱད་པར་ ཐམས་ཅད་ཡང་དག་པར་བརྗོད་པའི་ཕྱིར་རོ། །ཨཀྵར་(བསྒྱུར་བ་)ཞེས་བྱ་འགྱུར་བ་མེད་པ་སྟེ། མིག་ལ་སོགས་པ་ནི་འདྲེན་བྱེད་ལ་སོགས་པའི་མིང་གི་རྣམ་གྲངས་གཞན་གྱིས་ཀྱང་བརྗོད་ དུ་རུང་མོད། ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་རྣམས་ཀྱི་རང་གི་ངོ་བོ་ནི་སྒྲའི་གདངས་ཡིན་ པས་མིང་གི་རྣམ་གྲངས་སུ་གཏོགས་པ་དབྱངས་ཀྱི་དང་པོ་ཞེས་པ་ལ་སོགས་པ་གཞན་གྱིས་ བརྗོད་དུ་རུང་བར་མི་འགྱུར་བར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་ཡི་གེས་ནི་སྒྲ་ཙམ་རིག་པར་ བྱེད་ཅིང་། མིང་གིས་ནི་སྒྲ་དང་དོན་གྱི་ངོ་བོ་ཙམ་རིག་བར་བྱེད་ལ། ཚིག་གིས་ནི་ཐམས་ཅད་ རིག་པར་བྱེད་པས། རིག་པའི་གནས་རྣམས་ལས་བརྩམས་ཏེ་ཐ་སྙད་ཐམས་ཅད་ཚོགས་ གསུམ་པོ་འདི་ཙམ་དུ་རྣམ་པར་བཞག་གོ། (བདུན་པ།)མ་ཐོབ་པ་ལ་བཏགས་པའི། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། སྡིག་ཏོ་མི་དགེ་བ་ ལས་རིང་དུ་སོང་བ་འཕགས་པའི་ཆོས་མཐོང་ལམ་ལ་སོགས་པ་ཟག་མེད་ཀྱི་ཡོན་ཏན་རྣམས་ མ་ཐོབ་ཅིང་། ཁམས་གསུམ་སྤྱོད་པའི་མཐོང་སྤང་གི་ས་བོན་གང་ཡང་མ་སྤངས་པའི་སེམས་ ཅན་གྱི་རྒྱུད་ལ། ལས་སོ་སོའི་དབང་གིས་འགྲོ་བ་ཐ་དད་དུ་སྐྱེ་བས་ན་སོ་སོའི་སྐྱེ་བོ་ཞེས་མིང་ 1-1-158 དུ་གདགས་སོ། །མདོ་(ཏིང་ངེ་འཛིན་རྒྱལ་པོའི་)ལས་ཀྱང་། སོ་སོ་ཐ་དད་འགྲོ་བས་ན། །སོ་སོ་སྐྱེ་བོ་ བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་ཏེ། དབྱེ་ན་ཁམས་གསུམ་གྱི་སོ་སོའི་སྐྱེ་བོ་གསུམ་མོ། ། (ཁ་ཅིག་རིགས་ཅན་གསུམ་དང་རིགས་ཆད་དེ་བཞིའོ་གསུང་ངོ་། །) (བརྒྱད་པ།)རྒྱུ་འབྲས་ལ་བཏགས་པའི་ཆ་མཐུན་དགུ་ལ། གདགས་གཞིའམ་གནས་ནི། དེ་ལས་གཞན་འབྱུང་བ་རྒྱུ་དང་། གཞན་དེ་ལས་བྱུང་བ་འབྲས་བུ་སྟེ་འདུས་བྱས་ཀྱི་ཆོས་ དེ་དག་གི་གནས་སྐབས་ཡིན་ཞིང་། ངོ་བོ་ནི། རིམ་པ་ལྟར་འབྱུང་ལ། བཏགས་པ་ནི། རང་ རང་གི་མིང་རྣམས་སོ་ཞེས་སྤྱིར་བསྟན་ནས། ཁྱད་པར་ལ། འཇུག་པ་གང་ཞེ་ན། སྐད་ཅིག་ དང་བར་ཆད་པ་ལ་དེ་མི་རུང་བས་རྒྱུ་དང་འབྲས་བུ་གནས་སྐབས་ཀྱི་རྒྱུན་བར་མི་ཆད་པར་ འབྱུང་བ་ལ་འཇུག་པ་ཞེས་གདགས་སོ། །དེ་ལ་དབྱེ་ན་སྐད་ཅིག་(བསྡུ་བར་)དང་། སྐྱེ་བ་དང་། ཉོན་མོངས་རྣམ་བྱང་གཅིག་ནས་གཅིག་ཏུ་འཇུག་པ་གསུམ་མོ། །སོ་སོར་ངེས་པ་གང་ཞེ་ ན། རྒྱུ་དགེ་བ་དང་མི་དགེ་བ་ཐ་དད་པ་ལས་རིམ་པ་ལྟར་འབྲས་བུ་(དགེ་བ་ལས་)འདོད་པ་ དང་(མི་དགེ་བ་ལས་)མི་འདོད་པ་ཐ་དད་པ་འབྱུང་བར་ཆོས་ཉིད་ཀྱིས་ངེས་པ་ལ་སོ་སོར་ངེས་པ་ ཞེས་གདགས་སོ། །དེ་ལའང་མཚན་ཉིད་དང་། རྒྱུ་དང་། འབྲས་བུ་སོ་སོར་ངེས་པ་གསུམ་ མོ། །འབྱོར་འབྲེལ་བ་གང་ཞེ་ན། སྦྱིན་པ་ལས་ལོངས་སྤྱོད་དང་། (རྐུ་བ་ལས་ཕོངས་པ་དང་) ཐོས་པ་ ལས་ཤེས་རབ་ལྟ་བུ་རྒྱུ་དང་འབྲས་བུ་རྗེས་སུ་མཐུན་ཞིང་འོས་(ལ་འཚམ་)པ་རིགས་པ་ཐོབ་པ་ འབྱུང་བ་ལ་འབྱོར་འབྲེལ་པ་ཞེས་མིང་དུ་གདགས་སོ། །དེ་ལའང་འདུས་པ་དང་། ཐབས་དང་། རིགས་པའི་ཚུལ་གྱིས་བྱ་བ་བྱེད་པའི་འབྱོར་འབྲེལ་པ་གསུམ་སྟེ། ཕྱི་མ་གཉིས་ནི་རིགས་ པ་བཞིའོ། །མགྱོགས་པ་གང་ཞེ་ན། རྒྱུ་དང་འབྲས་བུའི་ཁྱད་པར་(དངོས་རྒྱུ་དང་དངོས་འབྲས་ལྟ་བུ་) འཕྲལ་ལ་སྐྱེ་ཞིང་འཇིག་པའི་ཚུལ་གྱིས་མྱུར་ཞིང་སྐྱེན་པར་འབྱུང་བའི་གནས་སྐབས་ལ་ མགྱོགས་པ་ཞེས་གདགས་སོ། །དེ་ལའང་(རྒྱུ་འབྲས་མྱུར་བ་)འདུ་བྱེད་དང་། (བྱ་འཕུར་བ་དང་ཤེས་པ་ 1-1-159 མྱུར་བ་ལྟ་བུ་)སྐྱེས་བུ་བྱེད་པ་དང་། རྫུ་འཕྲུལ་གྱིས་མགྱོགས་པ་གསུམ་མོ། །གོ་རིམ་གང་ཞེ་ན། ཅིག་ཅར་མི་འབྱུང་གི་རྒྱུ་དང་འབྲས་བུ་རེ་རེ་ནས་སྔ་མའི་རྗེས་སུ་ཕྱི་མ་འབྱུང་བ་ལ་གོ་རིམ་ ཞེས་གདགས་སོ། །དེ་ལའང་སྐད་ཅིག་འཇུག་པ་དང་། ལུས་འཇུག་པ་དང་། བྱ་བ་བསྒྲུབ་ པར་འཇུག་པའི་གོ་རིམ་གསུམ་མོ། ། དུས་གང་ཞེ་ན། གང་རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བ་དེ་ལ་(འགྲེལ་པར་)བྱུང་ནས་འགགས་ པ་འདས་པ་དང་། མ་བྱུང་བ་ནི་མ་འོངས་པ་དང་། བྱུང་ལ་མ་འགགས་པ་ནི་ད་ལྟ་བ་སྟེ། (མཛོད་ འགྲེལ་དུ།)འོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བས་སམ། མི་རྟག་པ་ཉིད་ཀྱིས་ཟ་བས་ན་ དུས་ཞེས་གདགས་སོ། །དེའང་དབུས་མཐར། འབྲས་བུ་རྒྱུ་རྣམས་སྤྱད་ཟིན་དང་། དེ་བཞིན་ མ་སྤྱད་གཞན་ཡིན་ནོ། །ཞེས་པ་ལྟར་རྒྱུ་འབྲས་ཀྱི་གནས་སྐབས་གསུམ་ལ་དུས་གསུམ་ དུ་བཏགས་པ་ཡིན་གྱི། བྱེ་བྲག་སྨྲ་བ་དང་ཟད་བྱེད་པ་རྫས་སུ་གྲུབ་པ་དང་། བྱེ་བྲག་པ་ལ་ སོགས་པ། དུས་ཀྱིས་སྐྱེ་རྒུ་སྡུད་པར་བྱེད། དུས་ཀྱིས་འབྱུང་བ་སྨིན་པར་བྱེད། དུས་ཀྱིས་གཉིད་ ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་འདོད་པ་ལྟར་བྱེད་པ་པོ་རྟག་ པ་ནི་མེད་དོ། །ཡུལ་གང་ཞེ་ན། གང་ནས་ཉི་མ་འཆར་བ་ཤར་དང་། དེ་ལ་མངོན་དུ་ཕྱོགས་ པའི་གཡས་ནི་ལྷོ་དང་། གང་དུ་ཉི་མ་ནུབ་པ་ནུབ་དང་། དེ་ལ་རྒྱབ་ཀྱིས་ཕྱོགས་པའི་གཡོན་ ནི་བྱང་དང་། དེ་དག་གི་ཤུགས་ལས་མཚམས་བཞི་ཡང་བསྟན་ཞིང་འོག་དང་སྟེང་དང་ཕྱོགས་ བཅུ་ཐམས་ཅད་ན་གཟུགས་ཅན་གྱིས་བསྡུས་པའི་རྒྱུ་དང་འབྲས་བུ་ཡོད་པ་ཉིད་ལ་ཡུལ་ཞེས་ གདགས་སོ། །འགྲེལ་བར་ཡང་། གཟུགས་ཅན་མ་ཡིན་པ་ལ་ནི་ཕྱོགས་ལ་ཁྱབ་པའི་མཐུ་མེད་ པའི་ཕྱིར་རྒྱུ་དང་འབྲས་བུ་ནི་གཟུགས་སུ་བསྡུས་པར་རིག་པར་བྱའོ། །ཞེས་པ་ལྟར་ཏེ། བསྡུ་ ན་འོག་དང་སྟེང་དང་ཐད་ཀའི་ཡུལ་རྣམ་པ་གསུམ་མོ། ། གྲངས་གང་ཞེ་ན། ཐ་མི་དད་པའི་གཅིག་པུ་ལ་མི་འཐད་པས་འདུ་བྱེད་རྣམས་ཀྱི་སོ་སོ་ཐ་ 1-1-160 དད་པར་གནས་པའི་ཆ་ལ་གྲངས་ཞེས་གདགས་སོ། །དེ་ལའང་གཅིག་གི་དང་གཉིས་ཀྱི་དང་ (གསུམ་ཡན་ཆད་)མང་པོའི་གྲངས་གསུམ་མོ། །ཚོགས་པ་གང་ཞེ་ན། དབང་ཤེས་བསྐྱེད་པ་ལ་ ཡུལ་དབང་ཡིད་ལ་བྱེད་པ་གསུམ་ཚོགས་པ་ལྟ་བུ་རྒྱུ་དང་འབྲས་བུ་འབྲེལ་བར་འབྱུང་བའི་ རྐྱེན་མཐའ་དག་འདུས་པའམ། བྱ་བའི་ཡན་ལག་ཐམས་ཅད་མ་ཚང་བ་མེད་པར་འདུས་པ་ ལ་ཚོགས་པ་ཞེས་གདགས་སོ། །དེ་ཡང་(ས་ཆུ་ལྟ་བུ་)འདུས་པ་དང་། དོན་གཅིག་(ལ་སྐྱེ་བོ་མང་པོ་ ཚོགས་)པ་དང་(དགོས་པའི་མི་ཐམས་ཅད་ཚང་བ་ལྟ་བུ་)ཡོངས་སུ་རྫོགས་པའི་ཚོགས་པ་གསུམ་མོ། །དེ་ དག་གི་གནས་སྐབས་ལ་བཏགས་པའི་ཆ་རྣམས་ནི་ལྡན་མིན་འདུ་བྱེད་ཅེས་བྱའི། གཟུགས་ སོགས་ལས་རྫས་གཞན་དུ་གྲུབ་པ་ནི་མེད་དེ། འགྲེལ་བར། དེ་ལྟར་སེམས་དང་ལྡན་པ་མ་ ཡིན་པའི་འདུ་བྱེད་ཀྱི་ཆོས་འདི་རྣམས་ནི། གནས་སྐབས་དག་ལ་བཏགས་པའི་ཕྱིར་ཐམས་ ཅད་ཀྱང་བཏགས་པའི་ཡོད་པར་རིག་པར་བྱའོ། །ཞེས་པ་ལྟར་རོ། ། ལྔ་པ། རྣམ་པར་ཤེས་པའི་ཕུང་པོའི་རྣམ་པར་གཞག་པ་གང་ཞེ་ན། ལན་ལ་གཉིས་ལས། (དང་པོ།)རྣམ་གྲངས་ཀྱི་མདོར་བསྟན་ནི། (དོན་གསང་དུ།)ཉན་ཐོས་པའི་ལུགས་ཀྱིས། གསུམ་ཆར་ ཡང་རྣམ་ཤེས་ཚོགས་དྲུག་ཁོ་ནའི་མིང་དུ་འདོད་དེ། ངེས་ཚིག་གི་སྒོ་ནས་འབྱེད་པ་ན་སེམས་ དང་། ཤེས་པས་ན་ཡིད་དང་། རྣམ་པར་ཤེས་པས་ན་རྣམ་ཤེས་ཞེས་བྱ་བ་དང་། བསྟན་པའི་ དབྱེ་བས། ཁམས་བསྟན་པ་ན་སེམས་ཀྱི་ཁམས་བདུན་དང་། སྐྱེ་མཆེད་བསྟན་པ་ན་ཡིད་ཀྱི་ སྐྱེ་མཆེད་དང་། ཕུང་པོ་བསྟན་པ་ན་རྣམ་པར་ཤེས་པའི་ཕུང་པོ་ཞེས་པ་ལ་སོགས་པར་སྦྱར་རོ། ། ཐེག་ཆེན་པའི་ལུགས་ཀྱིས་ཕལ་བར་བསྟན་པ་ནི། གསུམ་ཆར་ཡང་ཐུན་མོང་དུ་རྣམ་ཤེས་ ཚོགས་བརྒྱད་ཀྱི་རྣམ་གྲངས་སུ་སྦྱར་ཏེ། ཀུན་གཞི་ནི་བསགས་པ་དང་། ཉོན་ཡིད་ནི་དོན་ལ་ སེམས་པ་དང་། འཇུག་ཤེས་ནི་སྣ་ཚོགས་ལ་དམིགས་པ་ན་སེམས་ཞེས་བྱ་ཞིང་། ཐམས་ཅད་ ཀྱང་མཚུངས་པར་དེ་མ་ཐག་རྐྱེན་བྱེད་པའི་དོན་ནམ། རྟོག་པའི་དོན་གྱིས་ན་ཡིད་ཅེས་བྱ་སྟེ། 1-1-161 བརྒྱད་ཅར་ཡང་ཡུལ་སོ་སོར་རྣམ་པར་རིག་པའི་དོན་གྱིས་ན་རྣམ་ཤེས་ཞེས་ཀྱང་བྱའོ། །གཙོ་ བོར་བསྟན་པ་ནི། གསུམ་པོ་སོ་སོར་རེ་རེ་ལ་སྦྱར་ནས། (སེམས་ལ་ཙིཏ་ཏ་ཞེས་པའི་ཙིཏ་བསགས་པ་དང་ ཙི་ཏྲ་སྣ་ཚོགས་དང་། ཙིཏ་ཏ་སེམས་ལ་འཇུག་པས་)བག་ཆགས་བསགས་པ་དང་། སྣ་ཚོགས་ལ་དམིགས་ པ་དང་། དོན་ལ་སེམས་པས་ན་(ཞེས་པ་གཞན་གཉིས་པོ་ལ་མེད་ཅིང་འདི་ལ་ཡོད་པས་)སེམས་གང་ཡིན་པ་ ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་དང་། དུས་རྟག་ཏུ་གསལ་བའི་རྣམ་པར་ངར་རློམ་པས་ན་ ཡིད་གང་ཡིན་པ་ཉོན་མོངས་པ་ཅན་གྱི་ཡིད་ཁོ་ན་དང་། སྣ་ཚོགས་ལ་གསལ་བར་དམིགས་ པས་ན་རྣམ་པར་ཤེས་པ་ནི་འཇུག་ཤེས་ཚོགས་དྲུག་ཁོ་ན་སྟེ། གསུམ་ཆར་ཡང་རྣམ་ཤེས་ཕུང་ པོ་དེའི་རྣམས་པར་གཞག་པ་ཡིན་ནོ་ཞེས་པའོ། །(རྒྱན་སྟུག་པོ་བཀོད་པའི་)མདོ་ལས་ཀྱང་། སེམས་ ནི་ཀུན་གཞིའི་རྣམ་པར་ཤེས། །ངར་སེམས་བདག་ཉིད་ཡིད་ཡིན་ནོ། །གང་ཞིག་ཡུལ་ལ་ འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་གསུངས་པ་ལྟར་རོ། ། (གཉིས་པ།)སོ་སོའི་དོན་རྒྱས་བཤད་ལ། སེམས་དང་། ཡིད་དང་། རྣམ་ཤེས་གསུམ་ལས། (དང་པོ།)སེམས་ཀུན་གཞི་ལ་སྤྱི་དོན་དང་། གཞུང་དོན་གཉིས་ཀྱི་དང་པོ་ལ་གཉིས་ལས། རྣམ་དབྱེ་ཐུན་མོང་དུ་བསྟན་པ་ནི། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། གང་ཞིག་ཤེས་ ནས་འགའ་ཞིག་སྤང་ཕྱིར་དང་། གཞན་གང་ཞིག་ནི་མངོན་སུམ་ཉིད་བྱ་བ། །དེས་ན་དེ་དག་ མཚན་ཉིད་སྒོ་ནས་ནི། །རྣམ་དབྱེ་འདོད་པས་བསྟན་བཅོས་འདི་བྱས་སོ། །ཞེས་གསུངས་པ་ ལྟར། སྤྱིར་ཡང་གཞུང་ལུགས་ཆེན་པོ་རྣམས་ཀྱི་དགོངས་པ་འཆད་པ་ལ། ཀུན་རྫོབ་དང་དོན་ དམ་དང་། ཆོས་ཅན་དང་ཆོས་ཉིད་དང་། རྣམ་ཤེས་དང་ཡེ་ཤེས་ལ་སོགས་པའི་རྣམ་པར་དབྱེ་ བ་ཤེས་དགོངས་ཤིང་། ཁྱད་པར་སེམས་དང་ཀུན་གཞི་ལའང་བདེན་གཉིས་རྣམ་དབྱེ་ཤེས་ དགོས་པས། སེམས་ཞེས་བྱ་བ་ནི་སྤྱིར་བསྟན་པ་སྟེ། དེ་ལ་ཀུན་རྫོབ་ཆོས་ཅན་རྣམ་ཤེས་ཀྱིས་ བསྡུས་པའི་སེམས་ནི་གཙོ་བོའི་སྒོ་ནས། སེམས་ནི་ཀུན་གཞིའི་རྣམ་པར་ཤེས། ཞེས་པ་ལྟར་ 1-1-162 ཀུན་གཞིའི་རྣམ་པར་ཤེས་པ་ལ་བྱ་ཞིང་། ཕལ་པའི་སྒོ་ནས། (མདོ་ལས་ཀྱང་)སེམས་དང་ཡིད་ དང་རྣམ་པར་ཤེས། །ཞེས་པ་ལྟར་རྣམ་ཤེས་ཚོགས་བརྒྱད་ལའང་བྱའོ། །དོན་དམ་ཆོས་ཉིད་ ཡེ་ཤེས་ཀྱི་ངོ་བོའི་སེམས་ནི། རང་བཞིན་འོད་གསལ་བ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་ པའི་སྙིང་པོ་ལ་བྱ་སྟེ། མདོ་ལས། སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་འོད་ གསལ་བའོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེའང་དྲི་བཅས་ཀྱི་དེ་བཞིན་ཉིད་ དུ་སེམས་ཅན་གྱི་གནས་སྐབས་ནའང་ཡོད་པ་ལ་དགོངས་ནས། རྒྱན་ལས། སེམས་ནི་རྟག་ ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་དྲི་མས་མ་རུང་བྱས། །ཆོས་ཉིད་སེམས་ལས་ གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་པ་དང་། དེ་བཞིན་ཉིད་ནི་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པས། །དེ་བཞིན་གཤེགས་ ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་པ་ལ་སོགས་པ་གསུངས་ཤིང་། རང་ བཞིན་ཆོས་ཉིད་གདོད་མ་ནས་འགྱུར་བ་མེད་པ་ལ་དགོངས་ནས། རྒྱུད་བླ་མར་ཡང་། སེམས་ ཀྱི་རང་བཞིན་འོད་གསལ་གང་ཡིན་པ། དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་ དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། ། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། །དེ་བཞིན་དུ་ཀུན་གཞི་ལའང་གཉིས་ ཀྱི། ཀུན་རྫོབ་ཆོས་ཅན་རྣམ་ཤེས་ཀྱི་ཆ་ནི་གང་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ཡ་གྱལ་ དུ་གྱུར་པ་དེ་ཉིད་ཡིན་ལ། དོན་དམ་ཆོས་ཉིད་ཡེ་ཤེས་ཀྱི་ཆ་ནི་དེ་བཞིན་གཤེགས་པའི་སྙིང་ པོ་ཉིད་ཡིན་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། སེམས་རྣམས་སྣ་ཚོགས་ཀུན་གཞི་སྟེ། བདེ་གཤེགས་སྙིང་པོ་དགེ་བའང་དེ། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་ པས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྟན་པ་ཡང་། །བློ་ཞན་རྣམས་ཀྱིས་མི་ཤེས་ སོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་ལྟར་གཉི་ག་ལའང་ཀུན་གཞིའི་སྒྲ་བཤད་ 1-1-163 དུ་རུང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། ། དེའང་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཉོན་མོངས་པའི་བག་ཆགས་ཀྱི་རྟེན་ཡིན་པས་འཁོར་ བའི་གཞི་བྱེད་ཅིང་། ཐོས་སོགས་དགེ་བའི་བག་ཆགས་ཀྱི་རྟེན་ཡིན་པས་མྱ་ངན་ལས་འདས་ པའི་གཞིའང་བྱེད་པའི་ཕྱིར་དང་། ཀུན་གཞི་དེ་བཞིན་གཤེགས་པའི་སྙིང་པོ་ནི་གློ་བུར་གྱི་དྲི་ མའི་རྟེན་ཡིན་པས་(ས་ནི་ཆུ་ལ་ཞེས་སོགས་ཀྱིས་)འཁོར་བའི་གཞིར་ཡང་གསུངས་ཤིང་། དེ་ཉིད་དྲི་ མ་དང་བྲལ་བ་ཙམ་གྱིས་རྣམ་པར་གྲོལ་བ་ཐོབ་པས་ན་མྱ་ངན་ལས་འདས་པའི་གཞི་མཐར་ ཐུག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ ལས། ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་བས་ ན་འགྲོ་ཀུན་དང་། མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གང་གསུངས་པ་དེ་ཉིད། གསུང་གཅིག་ཉིད་དུ་གསུངས་ན་ཡང་། །དུ་མ་ཉིད་དུ་སོ་སོར་སྣང་། ཞེས་པ་ལྟར་གདུལ་བྱའི་ སྐལ་བ་ཇི་ལྟ་བ་བཞིན་དུ་གཉི་ག་ལ་སྦྱར་ཏེ་བཤད་དུ་རུང་བས། འཕགས་པ་འདི་ཉིད་ཀྱིས། ཐེག་པ་ཆེན་པོ་བསྡུས་བར་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲུབ་བྱེད་དུ་སྦྱར་ནས་བཤད་ཅིང་། ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པར། ཀུན་གཞི་དེ་བཞིན་གཤེགས་པའི་སྙིང་པོའི་སྒྲུབ་ བྱེད་དུ་མདོ་དང་སྦྱར་ནས་རྒྱས་པར་བཤད་པ་ཡིན་ནོ། །དེ་བཞིན་དུ་ལང་ཀར་གཤེགས་པ་ ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་ཤེས་བདུན་དང་ལྡན་པ་ཡང་། །འཛིན་པ་ གཉིས་ཀྱི་རབ་འཇུག་སྟེ། །ཡོངས་སུ་ཤེས་པས་ལྡོག་པར་འགྱུར། །ཞེས་པ་དང་། ཡིད་ཀྱི་ རྣམ་ཤེས་ལས་བྱུང་བའི། །བག་ཆགས་དྲི་མ་བཞིན་དུ་ལྟོས། །སེམས་ནི་རས་ཡུག་དཀར་པོ་ འདྲ། །བག་ཆགས་རྣམས་ཀྱིས་མི་མཛེས་སོ། །ཞེས་གསུངས་པ་ལ་སོགས་པ་རྣམས་ཀུན་ གཞིའི་རྣམ་ཤེས་ཀྱི་སྒྲུབ་བྱེད་དུ་སྦྱར་ཏེ་འཆད་པ་རྣམས་ཀྱང་མཐར་ཐུག་ཀུན་གཞི་དེ་བཞིན་ གཤེགས་པའི་སྙིང་པོའི་སྒྲུབ་བྱེད་དུ་འགྱུར་བར་རིགས་པར་བྱའོ། །དེ་ལ་འགའ་ཞིག་དེ་ 1-1-164 གཉིས་དོན་གཅིག་པར་འཆད་པ་ནི། གང་དག་བདེན་པ་གཉིས་ཉིད་ཀྱི། །རྣམ་དབྱེ་རྣམ་པར་ མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ལ། །ཟབ་མོ་དེ་ཉིད་མཐོང་བ་མིན། །ཞེས་པ་ལྟར་ བདེན་གཉིས་ཀྱི་རྣམ་དབྱེ་མ་ཕྱེད་པ་སྟེ། ཀུན་རྫོབ་རྣམ་པར་ཤེས་པའི་ཆོས་ཉིད་ལས་མ་འདས་ པའི་ཀུན་གཞི་ནི། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་མཚན་ཉིད་ ཅན་ཡིན་ལ། དོན་དམ་གཉིས་མེད་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཀུན་གཞི་ནི། གཙང་བ་དང་ བདག་དང་བདེ་བ་དང་རྟག་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཐུག་པ་ཡིན་པས། མུན་པ་ དང་། སྣང་བ་དང་། དུག་དང་བདུད་རྩི་དང་། སྤུན་པ་དང་སྙིང་པོ་ལྟར་ཁྱད་པར་ཤིན་ཏུ་ཆེ་ བར་གནས་པའི་ཕྱིར་རོ། །དེ་བས་ན་གནས་སྐབས་ཐམས་ཅད་དུ་བདེན་པ་གཉིས་ཀྱི་རྣམ་ པར་དབྱེ་བ་ལ་མཁས་བར་བྱའོ། ། དེ་ལྟར་རྣམ་པར་དབྱེ་བ་ཐུན་མོང་དུ་བསྟན་ནས། ད་ནི་(གཉིས་པ།)སྐབས་ཀྱི་དོན་ཉིད་ ཁྱད་པར་དུ་བཤད་པར་བྱ་སྟེ། དེ་ཡང་འདིར་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་འཆད་པ་ ལ། མཚན་ཉིད། མཚན་གཞི། དམིགས་རྣམ། འཇུག་ལྡོག རྣམ་གྲངས། དབྱེ་བ། སྒྲུབ་ བྱེད་དོ། །མཚན་ཉིན་ནི། ཐེག་བསྡུས་སུ། མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་བའི་ངོ་བོ་ ཉིད་ནི་སྨིན་པའི་རྣམ་པར་ཤེས་པའི་ས་བོན་ཐམས་ཅད་པ་སྟེ་དེས་ཁམས་གསུམ་པའི་ལུས་ ཐམས་ཅད་དང་འགྲོ་བ་ཐམས་ཅད་བསྡུས་སོ་ཞེས་པ་ལྟར། རྣམ་སྨིན་དང་ས་བོན་ཐམས་ཅད་ ཇི་ལྟར་རིགས་པ་བརྟེན་ཞིང་དོན་གྱི་ངོ་བོ་རིག་པ་ཞེས་པ་སྟེ། སུམ་ཅུ་བར་ཡང་། དེ་ལ་ཀུན་ གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པར། །ཞེས་པ་ལྟར་རོ། །ས་བོན་ཐམས་ ཅད་པའི་དོན་ཡང་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་ཡིན་པས་སྤྱི་རིགས་ནས་ཚང་བ་ལ་ བྱའི། ཅིག་ཅར་ཐམས་ཅད་ཚང་བ་ལ་ནི་མ་ཡིན་ཏེ། རིགས་ཆད་དང་འཕགས་པའི་ཀུན་གཞི་ ལ་མ་ཁྱབ་པའི་ཕྱིར་རོ། །གཞན་ཡང་། (མུ་དྲ་)བག་ཆགས་བསྒོར་རུང་གི་རྣམ་པར་ཤེས་པ་ 1-1-165 ཞེས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་རྟེན། དོན་གྱི་ངོ་བོ་རིག་པ་ཞེས་གསུངས་ པས་ཀྱང་མཚོན་ནུས་ཤིང་། (བཅོམ་ལྡན་)འགའ་ཞིག་འཁོར་བ་ཇི་སྲིད་པར་འཇུག་པའི་རྣམ་ ཤེས་ཞེས་གསུངས་པ་ནི་མི་འཐད་དེ། དགྲ་བཅོམ་པའི་ཀུན་གཞི་ལ་མ་ཁྱབ་པའི་ཕྱིར་རོ། ། (མཚན་ཉིད་)དེ་ལ་དབྱེ་ན་ཐེག་བསྡུས་སུ། འདིའི་མཚན་ཉིད་རྣམ་པར་གཞག་པ་ཇི་ལྟར་ལྟ་ཞེ་ ན། རང་གི་མཚན་ཉིད་རྣམ་པར་གཞག་པ་དང་། རྒྱུ་ཉིད་དུ་རྣམ་པར་གཞག་པ་དང་། འབྲས་ བུ་ཉིད་དུ་རྣམ་པར་གཞག་པའོ། །ཞེས་གསུངས་ཤིང་། དེ་རྣམས་དོན་གསང་དུ་རིམ་པ་ལྟར། ཐུན་མོང་གི་མཚན་ཉིད་དང་། ས་བོན་གྱི་ཆའི་མཚན་ཉིད་དང་། རྣམ་སྨིན་གྱི་ཆའི་མཚན་ཉིད་ བཤད་པ་ལ། དེའི་དང་པོ་ནི་བཤད་ཟིན་པ་ལྟར་ཏེ། གཉིས་པ་ནི་ཀུན་གཞི་ལ་ཡོད་པའི་བག་ ཆགས་གང་ཞིག ཆོས་གཞན་སྐྱེ་བའི་རྒྱུའི་རྐྱེན་དུ་གནས་པ་ཞེས་པ་དང་། གསུམ་པ་ནི་ཐོག་ མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་ས་བོན་ཡོངས་སུ་སྨིན་པར་གྱུར་བའི་ཀུན་ གཞི་ཞེས་པའོ། །དེ་དག་ཀྱང་ཆོས་ཕྱི་མ་ལ་ལྟོས་ནས་ས་བོན་དང་། སྔ་མ་ལ་ལྟོས་ནས་རྣམ་ སྨིན་དང་། གཉི་ག་དོན་གྱི་ངོ་བོ་རིག་པའི་ཆ་ནས་རྣམ་ཤེས་ཡིན་པས། གསུམ་ཀའང་ཀུན་ གཞིའི་རྣམ་ཤེས་སུ་ངོ་བོ་གཅིག་པ་ཉིད་དོ། ། མཚན་གཞི་ངོས་གཟུང་བ་ལ་གསུམ་ལས། (དང་པོ།)ཐུན་མོང་དུ་གཏན་ལ་དབབ་པ་ནི། བསྡུ་བར་གསུངས་པ་ལྟར། ནང་ཉེ་བར་ལེན་པ་དང་། ཕྱི་རོལ་གནས་སྣོད་ཀྱི་འཇིག་རྟེན་ལ་ དམིགས་ནས། རྣམ་པ་མི་གསལ་ཞིང་ཆ་ཕྲ་བས་ཡུལ་སྣང་བར་ནུས་ཙམ་པ། གྲོགས་ཀུན་ འགྲོ་ལྔ་ཁོ་ན་དང་མཚུངས་པར་ལྡན་ཞིང་ཁྱད་པར་ཚོར་བ་བཏང་སྙོམས་ཁོ་ན་ཅན། ངོ་བོ་ ཐར་བ་ཐོབ་པ་ལ་མ་བསྒྲིབས་ཤིང་། དགེ་མི་དགེར་ལུང་དུ་མ་བསྟན་པ། དུས་འཁོར་བ་ཇི་ སྲིད་དུ་རྒྱུན་མི་ཆད་པར་འབྱུང་བ་སྟེ། སུམ་ཅུ་པར་ཡང་། དེ་ནི་(ནང་ཉེ་བར་)ལེན་པ་དག་ དང་(ཕྱི་རོལ་)གནས་(ལ་དམིགས་ནས)། །རྣམ་པར་རིག་པ་མི་རིག་པ། །(གྲོགས་)རྟག་ཏུ་རེག་དང་ 1-1-166 ཡིད་བྱེད་དང་། །རིག་(པ་ཚོར་བ་)དང་འདུ་ཤེས་(དང་)སེམས་པར་ལྡན། །དེ་ལ་(ཁྱད་པར་)ཚོར་བ་ བཏང་སྙོམས་ཏེ། །དེ་ནི་(ངོ་བོ་)མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པའང་(ཚོར་བ་བཏང་ སྙོམས་དང་མ་བསྒྲིབས་ལུང་མ་བསྟན་)དེ་བཞིན་ནོ། །དེ་ནི་(དུས་)རྒྱུན་འབབ་ཆུ་བོ་བཞིན། །ཞེས་ལྟར་ རོ། །འདི་ནི་དབང་པོ་དང་བཅས་པའི་ལུས་ཐམས་ཅད་ལ་ཁྱབ་པ་སྟེ། བྱེ་བཤད་དུ། ཀུན་ གཞིའི་རྣམ་པར་ཤེས་པ་ནི་ཁོག་པ་ཐམས་ཅད་ལ་ཁྱབ་པའོ་ཞེས་པ་ལྟར་རོ། ། (ཉུང་བས་གཉིས་པ།)རྣམ་སྨིན་གྱི་ཆ་གཏན་ལ་དབབ་པ་ནི། ཀུན་གཞི་དེ་ཉིད་སྔོན་གྱི་ལས་ ཟག་པ་དང་བཅས་པས་འཕངས་ཤིང་རྣམ་སྨིན་གྱི་ཆོས་དང་ལྡན་པའི་ཆ་ནས་རྣམ་པར་སྨིན་ པའི་རྣམ་ཤེས་ཞེས་བྱ་ཞིང་། དེའི་ཆོས་ནི་ངོ་བོ་མ་བསྒྲིབས་ལུང་མ་བསྟན་ཡིན་པ། རྒྱུ་ལུང་ བསྟན་དགེ་མི་དགེ་ལས་བྱུང་བ། དེའང་ལས་བྱས་མ་ཐག་མི་འབྱུང་གི། ཕྱིས་འབྱུང་བ་ཡིན་ པ། རྒྱུད་སེམས་ཅན་དུ་སྟོན་པ་སྟེ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་ བསྟན་ཕྱིས་སྐྱེས། །ཞེས་པ་ལྟར་རོ། ། (གསུམ་པ།)ས་བོན་གྱི་ཆ་གཏན་ལ་དབབ་པ་ནི། ཀུན་གཞི་དེ་ཉིད་ཆོས་རྣམས་སྐྱེད་པའི་ ནུས་པ་བག་ཆགས་དང་ལྡན་པའི་ཆ་ནས་ས་བོན་ཐམས་ཅད་པ་ཞེས་བྱ་ཞིང་། དེའི་བག་ ཆགས་གཏན་ལ་དབབ་པ་ལ། གང་ལ་བསྒོ་པའི་གཞི། གང་གིས་བསྒོ་བའི་ཆོས། ཇི་ལྟར་ བསྒོ་པའི་ཚུལ། དེ་ལྟར་བསྒོས་པའི་དོན་ནོ། ། དང་པོ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ལ་སྟེ། ཐེག་བསྡུས་སུ། བརྟན་ལུང་མ་བསྟན་ ལྷན་ཅིག་འབྱུང་། །སྒོ་བར་བྱེད་དང་འབྲེལ་བ་ལ། །སྒོ་བྱེད་དེ་ལས་གཞན་དུ་མིན། །འདི་ནི་ བག་ཆགས་མཚན་ཉིད་དོ། །ཞེས་པ་ལྟར་རོ། །དེའང་རྒྱུན་བརྟན་པ་ཏིལ་ལ་མེ་ཏོག་སྣ་མའི་ དྲི་ཆགས་ཀྱི། མི་བརྟན་པ་རླུང་དང་སྒྲ་ལ་མི་ཆགས་པ་བཞིན་དུ། རྒྱུན་བརྟན་པ་ཀུན་གཞི་ལ་ བག་ཆགས་བསྒོ་བར་བྱ་བ་ཡིན་གྱི། མི་བརྟན་པ་ཚོགས་དྲུག་དང་སྤྱིའི་གཟུགས་ལ་ནི་མ་ཡིན་ 1-1-167 ནོ། །གཟུགས་མེད་ཁམས་དང་སྙོམས་འཇུག་གསུམ་གྱི་གནས་སྐབས་ལ་སོགས་པ་ན་མེད་ པའི་ཕྱིར་རོ། །ཀུན་གཞིའང་ཕུང་པོ་ལྷག་མེད་དུ་རྒྱུན་འཆད་ཀྱང་། ཇི་སྲིད་དུ་སྒོ་བྱེད་ཡོད་པ་ དེ་སྲིད་དུ་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །དྲི་མཉམ་ཞིང་མི་གསལ་བ་ཏིལ་ལྟ་བུ་ལ་མེ་ཏོག་ གི་དྲི་འཆགས་ཀྱི། དྲི་ཤིན་ཏུ་གསལ་བ་གླ་རྩི་དང་སྒོག་པ་ལྟ་བུ་ལ་མི་འཆགས་པ་བཞིན་དུ། ལུང་དུ་མ་བསྟན་ཞིང་མི་གསལ་བ་ཀུན་གཞིའི་རྣམ་ཤེས་ལ་བག་ཆགས་བསྒོ་བར་བྱ་བ་ཡིན་ གྱི། དགེ་མི་དགེ་སྐྱེས་ཤིང་གསལ་བ་འཇུག་པའི་རྣམ་པར་ཤེས་པ་ལ་ནི་མ་ཡིན་ནོ། །བསྒོ་ བར་ནུས་ཤིང་སྙི་བ་ཏིལ་ལྟ་བུ་ལ་དྲི་འཆགས་པའི་འོས་ཡིན་གྱི། མཁྲེགས་པ་རྡོ་བ་ལ་སོགས་ པ་ལ་ནི་འོས་མ་ཡིན་པ་བཞིན་དུ། བསྒོས་པ་འཛིན་ཞིང་མི་རྟག་པ་ཀུན་གཞི་ནི་བག་ཆགས་ བསྒོ་བར་བྱ་བའི་འོས་ཡིན་གྱི། རྟག་པ་ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་ལ་ སོགས་པ་ལ་ནི་བསྒོ་བར་བྱ་བའི་འོས་མ་ཡིན་ནོ། །མེ་ཏོག་དང་ལྷན་ཅིག་འགྲོགས་པའི་ཏིལ་ ལ་དྲི་འཆགས་ཀྱི། ཡུལ་དང་དུས་ཐ་དད་པའི་ཏིལ་ལ་མི་འཆགས་པ་བཞིན་དུ། སྒོ་བྱེད་པ་ དང་རྒྱུད་གཅིག་ལ་དུས་མཉམ་དུ་འབྲེལ་བའི་ཀུན་གཞི་ལ་བག་ཆགས་བསྒོ་བར་བྱ་བ་ཡིན་ གྱི། རྒྱུད་དང་དུས་ཐ་དད་པའི་ཀུན་གཞི་ལ་ནི་མ་ཡིན་ནོ། །(དོན་གསང་མཁན་པོ་ལ་སོགས་པ་)ཁ་ཅིག་ དེའི་འཁོར་རེག་པ་ལ་སོགས་པ་བརྟེན་པ་སེམས་བྱུང་ལ་ནི་མི་བསྒོའི། རྟེན་སེམས་ལ་བསྒོ་ བས་རྟེན་དུ་རུང་བ་ཞེས་ཀྱང་གསུང་ངོ་། ། གཉིས་པ་ནི། བསྒོ་བྱ་ལ་ནུས་པ་རྗེས་སུ་འཇུག་ཏུ་རུང་བ་ཚོགས་བདུན་མཚུངས་ལྡན་ དང་བཅས་པས་བསྒོ་སྟེ། ཚོགས་དྲུག་ཟག་བཅས་དགེ་མི་དགེས་རྣམ་སྨིན་དང་རྒྱུ་མཐུན་གཉི་ གའི་བག་ཆགས་འཇོག་ཅིང་། ལུང་མ་བསྟན་དང་ཉོན་ཡིད་ཀྱིས་རྒྱུ་མཐུན་གྱི་བག་ཆགས་ འཇོག་པར་བྱེད་དོ། །ལུས་ངག་གི་ལས་གཟུགས་ཅན་གྱིས་ནི་དངོས་སུ་བག་ཆགས་མི་བསྒོ། དེའི་ཀུན་སློང་གི་སེམས་པས་བསྒོས་པས་འབྲས་བུ་འབྱིན་པར་འགྱུར་རོ། །དོན་གསང་དུ། 1-1-168 ཀུན་གཞིའི་འཁོར་གྱི་ཀུན་འགྲོ་ལྔས་རང་ཉིད་སྐྱེད་པའི་བག་ཆགས་བསྒོ་བ་དང་མི་བསྒོ་བའི་ ལུགས་གཉིས་གསུངས་ཀྱང་། རྒྱུ་མཚན་ཚང་བའི་ཕྱིར་དེ་དག་གིས་ཀྱང་རྒྱུ་མཐུན་གྱི་བག་ ཆགས་བསྒོ་བར་རིགས་པའོ། ། གསུམ་པ་ནི། ཏིལ་དང་སྣ་མ་ལ་སོགས་པའི་མེ་ཏོག་དྲི་ཞིམ་པོ་ཅན་ཡུན་རིང་པོར་ལྷན་ དུ་བཞག་སྟེ་དྲི་བསྒོས་པ་ལས། ཕྱིས་མེ་ཏོག་འགགས་ཀྱང་ཏིལ་ལ་དྲི་བཟང་པོའི་རྒྱུན་ཆགས་ པ་བཞིན་དུ་ཀུན་གཞི་དང་ཚོགས་བདུན་དགེ་མི་དགེ་ལུང་མ་བསྟན་དུ་སྐྱེས་པ་རྣམས་ཡུན་ རིང་དུ་འགྲོགས་ཤིང་སྐྱེ་འགག་ལྷན་ཅིག་ཏུ་བྱས་པ་ལས། ཕྱིས་སྒོ་བྱེད་ཀྱི་ཆོས་དེ་འགགས་ ཀྱང་དེའི་འབྲས་བུ་སྐྱེད་ནུས་པའི་བག་ཆགས་ཀྱི་རྒྱུན་ཀུན་གཞི་ལ་རྗེས་སུ་འཇུག་པའོ། ། བཞི་པའང་བག་ཆགས་ཉིད་ངོས་འཛིན་པ་སྟེ། དེ་ལའང་མཚན་ཉིད། དབྱེ་བ། རང་བཞིན། གནས་ཚུལ། འཇོག་ཚུལ་ལོ། །དང་པོ་ལ་རྒྱུ་མཐུན་གྱི་བག་ཆགས་ནི། ཀུན་གཞི་ཆོས་གང་ དང་ལྷན་ཅིག་སྐྱེ་འགག་བྱས་པ་ལ་བརྟེན་ནས་ཆོས་དེ་དང་རིགས་འདྲ་བ་འབྱུང་བའི་ནུས་པ་ ཁྱད་པར་ཅན་ཏེ། ཐེག་བསྡུས་སུ། བག་ཆགས་ཞེས་བརྗོད་པར་བྱ་བ་ནི་ཅི་ཞེ་ན། ཆོས་དེ་ དང་ལྷན་ཅིག་འབྱུང་བ་དང་འགག་པ་ལ་བརྟེན་ནས་དེ་འབྱུང་བའི་རྒྱུ་མཚན་ཉིད་གང་ཡིན་པ་ ཞེས་པ་ལྟར་རོ། །རྣམ་སྨིན་གྱི་བག་ཆགས་ནི། ཀུན་གཞི་ལ་ཆོས་གཞན་གྱིས་བསྒོས་པའི་ནུས་ པ་ཆོས་གཞན་སྐྱེ་བའི་རྒྱུའི་རྐྱེན་དུ་གྱུར་པ་སྟེ། (ཕྱོགས་གླང་གིས་)རྣམ་ཤེས་སྔ་མས་བཞག་པ་ཡི། ། ནུས་པ་བག་ཆགས་ཡིན་པར་འདོད། །ཅེས་པ་ལྟར་རོ། ། གཉིས་པ་ནི། ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་ཉིད་དང་ནི། །དམ་ པའི་དོན་ཏེ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །ཅེས་པ་ལྟར་སཱ་ལུ་ལ་སོགས་པ་ ཕྱིའི་ས་བོན་དང་། ཀུན་གཞི་ལ་ཡོད་པ་ནང་གིས་ས་བོན་དང་། མི་གསལ་བ་གཉིས་ནི་དགེ་ མི་དགེའམ། ཉོན་མོངས་རྣམ་བྱང་དུ་མི་གསལ་བ་ལུང་དུ་མ་བསྟན་པ་དང་། ཕྱི་ཐ་སྙད་པའི་ 1-1-169 ཤེས་པའི་ཡུལ་ཀུན་རྫོབ་དང་། ནང་དཔྱད་བཟོད་ས་བོན་ཐམས་ཅད་ཀྱི་རྟེན་དོན་དམ་གྱིའོ། ། གསུམ་པ་ནི། སྐད་ཅིག་པ་དང་ལྷན་ཅིག་འབྱུང་། །དེ་ནི་རྒྱུན་ཆགས་འབྱུང་བར་འདོད། ། ངེས་དང་རྐྱེན་ལ་ལྟོས་པ་དང་། །རང་གི་འབྲས་བུ་བསྒྲུབ་པའོ། །ཞེས་པ་ལྟར་ས་བོན་བག་ ཆགས་དེའང་རྟག་པ་མ་ཡིན་གྱི། བྱུང་མ་ཐག་འཇིག་པས་སྐད་ཅིག་མ་ཡིན་པ་དང་། སྐད་ ཅིག་གཞན་གྱིས་བར་མ་ཆོད་པར་དེ་མ་ཐག་འབྲས་བུ་སྐྱེད་པས་མྱུར་བ་ལ་དགོངས་ནས་ ལྷན་ཅིག་འབྱུང་བ་དང་། དེ་ཡང་(ནོར་གྱི་རྩ་ལག་)གཉེན་པོས་མ་བཅོས་གྱི་བར་རམ་(དོན་གསང་) འབྲས་བུ་མ་བྱུང་གི་བར་དུ་རྒྱུན་ཆགས་སུ་འབྱུང་བ་དང་། བག་ཆགས་དུ་མ་ཅིག་ཅར་དུ་ཡོད་ ཀྱང་ལས་ཐམས་ཅད་མི་འབྱུང་གི་ནུས་པ་སོ་སོར་ངེས་པ་ཁོ་ན་ལས་འབྱུང་བ་དང་། (ས་བོན་ གྱི་ས་བོན་གང་ཞེ་ན་)དེ་ཡང་དུས་གཅིག་ལ་ཐམས་ཅད་མི་འབྱུང་གི་རྐྱེན་གང་ཉེ་བ་ལ་ལྟོས་ནས་ འབྱུང་བ་དང་། ས་བོན་ཐོག་མ་མེད་པ་ནས་སྔ་མ་སྔ་མ་ལ་བརྒྱུད་དེ་འབྱུང་བའི་ཕྱིར་རང་གི་ འབྲས་བུས་ས་བོན་ཡོད་པར་བསྒྲུབ་ཅིང་། ས་བོན་གྱིས་ཀྱང་འབྲས་བུ་བསྒྲུབ་སྟེ། ཀུན་གཞི་ ལས་ཀུན་གཞི་དང་། སཱ་ལུ་ལས་སཱ་ལུ་འབྱུང་བ་ལ་སོགས་པ་བཞིན་ནོ། །(ཕྱིའི་ས་བོན་ཡོད་ན་ཀུན་ གཞི་ས་བོན་ཐམས་ཅད་པར་འགལ་ཞེ་ན།)སཱ་ལུ་ལ་སོགས་པ་རྣམས་ཀྱང་དེ་ལ་སྤྱོད་པའི་སེམས་ཅན་གྱི་ ལས་ཀྱི་བག་ཆགས་ཀུན་གཞི་ལ་གནས་པ་རྣམ་ཕྱི་རོལ་དུ་སྣང་བ་ཙམ་ཡིན་པའི་ཕྱིར། ཀུན་ གཞི་ཉིད་ས་བོན་ཐམས་ཅད་པ་ཞེས་བྱ་སྟེ། རྒྱན་སྟུག་པོ་བཀོད་པ་ལས། ཇི་ལྟར་འོ་མར་གྱུར་ པ་ན། །ཡོན་ཏན་ཞོ་དང་དར་བར་གནས། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །རྣམ་པར་ གྱུར་ན་གཟུགས་ལྟར་གནས། །ཞེས་གསུངས་པ་ལྟར་རོ། ། བཞི་པ་ལ། ཆོས་གསུམ་གང་གི་ངོ་བོར་གནས་ཚུལ་དང་། གཅིག་དང་ཐ་དད་ཇི་ལྟར་ གནས་ཚུལ་ལོ། །དང་པོ་ལ་གསུམ་ལས། (དང་པོ།)གཞན་ལུགས་ནི། (རོག་ལ་སོགས་པ་)ཁ་ཅིག་ 1-1-170 སྒོ་བྱེད་དགེ་མི་དགེ་ལུང་མ་བསྟན་གྱིས་བསྒོས་པའི་བག་ཆགས་རྣམས་ཀྱང་རང་རང་དང་ངོ་ བོ་འདྲ་བར་ཡོད་དེ། འདི་ཉིད་དུ་རྗེས་སུ་འབྲེལ་བས་དགེ་མི་དགེ་བག་ཆགས་ལ་བཤད་པའི་ ཕྱིར་དང་། གཞན་ཡང་དགེ་བས་བཞག་པའི་བག་ཆགས་ནི་དགེ་བ་ཉིད་ཡིན་ཏེ། འབྲས་བུ་ སྡུག་པ་འཛིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུང་ངོ་། །དེ་ནི་མི་འཐད་དེ། རྗེས་སུ་ འབྲེལ་པས་དགེ་བ་ལ་སོགས་པ་ནི་རྗེས་སུ་འབྲེལ་བའི་གཟུགས་ཅན་བཞིན་དུ་བཏགས་པ་ བ་ཡིན་པའི་ཕྱིར་དང་། འབྲས་བུ་སྡུག་པ་འཛིན་པ་ཡང་འཕེན་པས་འཛིན་པ་ནི་མ་གྲུབ་སྟེ། དགྲ་བཅོམ་པ་ལ་ཡང་འཕེན་བྱེད་ཡོད་པར་ཐལ་བའི་ཕྱིར་དང་། སྐྱེད་པས་འཛིན་པ་ནི་མ་ ངེས་ཏེ་བདེ་འགྲོའི་མིག་གི་དབང་པོའང་རིགས་འདྲ་ཕྱི་མ་སྐྱེད་པས་དགེ་བར་ཐལ་བའི་ཕྱིར་ རོ། །གནོད་བྱེད་ཀྱང་ཡོད་དེ། ཐེག་བསྡུས་ཀྱི་འགྲེལ་པར། དགེ་མི་དགེ་གཉི་གར་མི་གསལ་ བ་སྟེ་ལུང་དུ་མ་བསྟན་པའོ། །ཞེས་གསུངས་པའི་ཕྱིར་དང་། དགེ་མི་དགེས་བཞག་པའི་ བག་ཆགས་ཀུན་གཞི་དང་རྫས་གཅིག་པ་དེ་དགེ་མི་དགེ་མཚན་ཉིད་པ་ཡིན་ན། དེ་དག་ངོ་ བོ་གཅིག་ཏུ་ཐལ་ཞིང་འགལ་བ་མ་ཡིན་པར་ཡང་ཐལ་བའི་ཕྱིར་དང་། བསམ་གཏན་དང་པོ་ ཡན་ཆད་ནའང་དེའི་བག་ཆགས་ཡོད་པས་མི་དགེ་བ་ཡོད་པ་ལ་སོགས་པར་ཐལ་བའི་ཕྱིར་ རོ། ། (གཉིས་པ།)རང་ལུགས་ནི། འཇོག་བྱེད་དགེ་མི་དགེ་ལུང་མ་བསྟན་གང་གིས་བཞག་ཀྱང་ བག་ཆགས་ནི་ལུང་མ་བསྟན་ཉིད་ཡིན་ཏེ། ཀུན་གཞི་ལུང་མ་བསྟན་དང་རྫས་གཅིག་པའི་ཕྱིར་ རོ། །(ཐེག་བསྡུས་སུ།)འོ་ན་བག་ཆགས་སྣ་ཚོགས་མ་ཡིན་པ་སྟེ། ཆོས་སྣ་ཚོགས་ཀྱི་རྒྱུར་ཇི་ལྟར་རུང་ ཞེ་ན། དཔེར་ན་ཚིག་གུའི་(ཚོན་གྱི་བྱེ་བྲག་སྣ་ཚོགས་སུ་མི་སྣང་བ་ཞེས་ངོ་བོ་ཉིད་མེད་པ་ཟེར། གོས་སྐུད་པ་མང་པོས་ བཅིངས་ནས་སྣ་ཚོགས་སུ་མི་མཐོང་བ་ཞེས་ནོར་གྱི་རྩ་ལག་ཟེར་)རྩི་སྣ་ཚོགས་ཀྱིས་བསྒྱུར་བའི་དུས་ན་རས་སྣ་ ཚོགས་སུ་མི་སྣང་ཡང་། གང་གི་ཚེ་ཚོན་གྱི་སྣོད་དུ་བཅུག་པ་དེའི་ཚེ་རས་ཀྱི་ཁ་དོག་སྣ་ཚོགས་ 1-1-171 སུ་སྟོན་པ་དེ་བཞིན་དུ་བག་ཆགས་སྣ་ཚོགས་ཀྱིས་བསྒོས་པའི་ཀུན་གཞི་ཡང་བག་ཆགས་ཀྱི་ དུས་ན་སྣ་ཚོགས་སུ་མི་སྣང་ཡང་འབྲས་བུ་གྲུབ་པའི་དུས་ན་ཆོས་སྣ་ཚོགས་སུ་འགྱུར་བ་ཉིད་ དེ། འདི་ནི་ཐེག་ཆེན་ལ་མཆོག་ཏུ་ཟབ་ཅིང་ཕྲ་བའི་རྟེན་འབྲེལ་ཀྱང་བྱའོ། ། (གསུམ་པ།)རྩོད་སྤོང་ལ། བག་ཆགས་ལུང་མ་བསྟན་ལས་འབྲས་བུ་དགེ་མི་དགེ་འབྱུང་ ན་རྒྱུ་མཐུན་གྱི་བག་ཆགས་མི་སྲིད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། བག་ཆགས་འཇོག་ བྱེད་དང་། བག་ཆགས་ཀྱི་འབྲས་བུ་འདྲ་བས། རྒྱུ་མཐུན་རྒྱུ་དང་འདྲ་བར་གྲུབ་པའི་ཕྱིར་རོ། ། གཞན་ཡང་བག་ཆགས་ལུང་མ་བསྟན་གྱིས་བདེ་འགྲོ་དང་ངན་འགྲོ་བསྐྱེད་ན་ལུང་མ་བསྟན་ ལ་རྣམ་སྨིན་ཡོད་པར་འགྱུར་རོ་ཞེ་ན། མ་ངེས་ཏེ་ཀུན་གཞི་དང་ལུས་ཀྱི་དབང་པོའི་སྐད་ཅིག་ སྔ་མས་ཕྱི་མ་བསྐྱེད་ཀྱང་རྣམ་སྨིན་གྱི་རྒྱུ་མ་ཡིན་པ་བཞིན་ནོ། །རྣམ་སྨིན་ནི་བག་ཆགས་ཀྱིས་ འཕེན་པ་མ་ཡིན་ཏེ། བག་ཆགས་འཇོག་བྱེད་ཀྱིས་འཕངས་ཟིན་པའི་ཕྱིར་རོ། །ཡང་བག་ ཆགས་ཀྱི་དུས་ན་ལུང་མ་བསྟན་ཙམ་ལས་མེད་ན། བྱེ་བཤད་དང་། སྤྱོད་འཇུག་ལ་སོགས་ པར་སྡོམ་པའི་དགེ་བ་རྒྱུན་ཆགས་སུ་འབྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ ཏེ། བཤད་སྦྱར་དུ། ནུས་པའི་རང་བཞིན་གྱི་ཁྱད་པར་གྱི་ཕྱིར་ཞེས་པ་ལྟར། དགེ་བའི་ནུས་ པ་ཡོད་པ་ཙམ་ལ་དགོངས་པ་ཡིན་གྱི། མངོན་གྱུར་རྒྱུན་ཆགས་སུ་ཡོད་ན་རེས་འགའ་མི་དགེ་ བའང་འབྱུང་སྲིད་པས། དེ་གཉིས་རྒྱུན་གཅིག་ལ་དུས་སྐྱེ་བར་ཧ་ཅང་ཐལ་བ་ལ་སོགས་པའི་ ཕྱིར་རོ། ། གཉིས་པ་ནི། བག་ཆགས་དང་ཀུན་གཞི་རྫས་གཅིག་ཡིན་ན་ལུང་མ་བསྟན་དེ་ལས་ཕྱིས་ དགེ་མི་དགེ་སྣ་ཚོགས་སུ་འབྱུང་བ་འགལ་ཞིང་། ཐ་དད་ཡིན་ན་ས་བོན་རྣམས་ནི་སེམས་ སེམས་བྱུང་ཡིན་པས་རྟེན་གཅིག་ལ་རྒྱུད་དུ་མར་ཐལ་བར་འགྱུར་རོ། །སེམས་བྱུང་དང་ འཇུག་ཤེས་དུ་མ་བྱུང་ཡང་རྒྱུད་དུ་མར་མི་འགྱུར་བ་དང་མི་འདྲ་སྟེ། སེམས་བྱུང་ནི་སེམས་ལ་ 1-1-172 རག་ལས་ཤིང་། འཇུག་ཤེས་ནི་ཀུན་གཞི་ལ་རག་ལས་ལ། ས་བོན་ནི་ཀུན་གཞི་ལས་ཐ་དད་ རང་དབང་ཅན་དུ་གནས་པའི་ཕྱིར་རོ་ཞེ་ན། དེ་ལ་འཕགས་པས་དེ་ཉིད་དང་གཞན་དུ་བརྗོད་ དུ་མེད་པར་གསུངས་ཤིང་། བཤད་སྦྱར་དུ། མདོ་སྡེ་པ་དོན་གྱི་རྣམ་པ་འཛིན་པའི་བློ་དང་རྣམ་ པ་དག་དེ་ཉིད་དང་གཞན་མ་ཡིན་པར་འདོད་པ་དཔེར་བྱས་ནས་བཤད་དེ། དེ་ལྟར་ན་བག་ ཆགས་དང་ཀུན་གཞིའང་ལྡོག་པ་དེ་ཉིད་དུ་བརྗོད་དུ་མེད་ཅིང་། རྫས་གཞན་དུའང་བརྗོད་དུ་ མེད་པ་ཞེས་བྱའོ། །ལུང་མ་བསྟན་ལས་འབྲས་བུ་སྣ་ཚོགས་སུ་འབྱུང་བ་མི་འགལ་བ་ནི་(ཚིག་ གུའི་)དཔེ་དང་བཅས་ཏེ་བཤད་ཟིན་ཞིང་། ཐེག་བསྡུས་སུ། ཟག་མེད་ཀྱི་ས་བོན་ཐོས་པའི་བག་ ཆགས་ཀུན་གཞི་མ་ཡིན་པར་ཆུ་དང་འོ་མ་དཔེར་བྱས་ནས་གསུངས་པ་ནི་ཀུན་གཞིའི་ལྡོག་པ་ མ་ཡིན་པ་ལ་དགོངས་པའོ། ། ལྔ་པ་བག་ཆགས་འཇོག་ཚུལ་ལ་(རྣལ་འབྱོར་སྤྱོད་པའི་)ལུགས་གསུམ་སྟེ། རྙིང་པ་གསོ་བ་ དང་། གསར་དུ་འཇོག་པ་དང་། གཉི་ག་ཡིན་པའོ། ། དང་པོ་ལ། སྔོན་གྱི་སློབ་དཔོན་(ཟླ་སྐྱོང་དང་ཡང་དག་བདེན་ལ་སོགས་)ཁ་ཅིག་བག་ཆགས་ནི་སྒོ་ བྱེད་ལ་མི་ལྟོས་པར་ཐོག་མ་མེད་པ་ནས་ཆོས་ཉིད་ཀྱི་གནས་པ་འཕྲལ་དུ་གོས་བ་ཙམ་ཡིན་ གྱི་སྔོན་མེད་བསྐྱེད་བ་ནི་མ་ཡིན་ནོ། །གལ་ཏེ་གསར་དུ་འཇོག་པའི་ལུགས་ལྟར་ན་ཀུན་གཞི་ ནི་ཀུན་གཞི་གཞན་དང་ཕྲད་ནས་དེ་བསྐྱེད་པའི་བག་ཆགས་གསར་བ་གཞག་པ་མེད་པའི་ ཕྱིར་ཀུན་གཞི་ཕྱི་མ་རྒྱུ་མེད་དུ་ཐལ་བར་འགྱུར་ཞིང་། འཕགས་པའི་ལམ་ཡང་ཆོས་མཆོག་ མན་ཆད་དུ་སྐྱེ་མ་མྱངས་པས་དེ་སྐྱེད་པའི་བག་ཆགས་གསར་པ་གཞག་པ་མེད་པའི་ཕྱིར་རྒྱུ་ མེད་དུ་འགྱུར་ལ། རྙིང་པ་གོས་བའི་ལུགས་ལ་ནི་ཀུན་གཞི་དང་ཟག་མེད་ཀྱི་བག་ཆགས་ རྙིང་པ་ལས་དེ་དག་སྐྱེ་བ་ཡིན་ནོ། །ཞེས་གསུང་ངོ་། །དེ་ནི་མི་རིགས་ཏེ། ཆགས་སོགས་ བག་ཆགས་སྒོ་བྱེད་རྣམས་སྔར་མེད་སྐྱེད་བྱེད་མ་ཡིན་ཞིང་གྲུབ་ཟིན་གོས་བ་ཙམ་ཡིན་ན་ 1-1-173 ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་མ་ཡིན་པར་ཐལ་བ་ལས། དེ་ལྟར་ནི་ཐེག་བསྡུས་ སུ། ཀུན་གཞིའི་རྣམ་པར་ཤེས་པ་(ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་ཡིན་པ་)ཇི་ལྟ་བ་དེ་ ལྟར་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་དུ་ རྣམ་པར་གཞག་སྟེ། ཞེས་གསུངས་པ་དང་འགལ་ཞིང་། ཐོས་པ་ལ་སོགས་པའི་དགེ་བའི་ བག་ཆགས་ཆོས་ཉིད་ཀྱིས་གནས་པ་ཡོད་ན་སེམས་ཅན་ཐམས་ཅད་གདོད་མ་ནས་ཐར་བའི་ རིགས་སད་པར་འགྱུར་ཏེ། (ཐེག་བསྡུས་སུ།)ཐོས་པའི་བག་ཆགས་ཀྱི་ས་བོན་ཆུང་དུ་དང་འབྲིང་ དང་ཆེན་པོའང་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཞེས་པ་ལ་སོགས་པས་དེ་དག་རྒྱས་འགྱུར་ གྱི་རིགས་སུ་གསུངས་པའི་ཕྱིར་རོ། ། གཉིས་པ་ནི། (དགའ་བའི་སྡེ་དང་། མཆོག་གི་སྡེ་ལ་སོགས་པ་)འགའ་ཞིག་ཏིལ་ལ་སོགས་པ་ལ་ དྲི་གསར་དུ་བསྒོ་བ་མཐོང་ནས་སྒོ་བྱེད་ཀྱི་བག་ཆགས་སྔོན་མེད་གསར་དུ་སྐྱེ་བར་བྱེད་ཅིང་ གསོ་བྱེད་ཀྱིས་ཀྱང་དེ་ཉིད་གསར་དུ་གསོ་པར་བྱེད་དོ། །དེ་ལྟར་ན་ཡང་། ནང་གི་སྐྱེ་མཆེད་ལ་ དམིགས་པའི་ཡིད་ཀྱིས་ཀུན་གཞི་ལའང་དམིགས་ནས་ཀུན་གཞི་ཕྱི་མ་སྐྱེད་པའི་བག་ཆགས་ འཇོག་པས་ཀུན་གཞི་ནི་རྒྱུ་མེད་དུ་མི་འགྱུར་ཞིང་། འཕགས་པའི་ལམ་སྐད་ཅིག་དང་པོ་ལ་ནི་ རྒྱུའི་རྐྱེན་མེད་པ་ཉིད་དེ། དེའི་རྒྱུ་ནི་ཟག་མེད་ཀྱི་ས་བོན་མ་ཡིན་ཞིང་། (རྣམ་པར་ངེས་པ་བསྡུ་བར། སྒྲིབ་པ་གཉི་ག་སྤང་རུང་ཐེག་ཆེན་གྱི་རིགས་དང་ཉོན་སྒྲིབ་སྤང་རུང་ཐེག་དམན་གྱི་རིགས་དང་སྤང་དུ་རུང་མི་རུང་བ་རིགས་ཆད་ དེ་གསུམ་གསུངས་པས་)སྒྲིབ་པ་སྤང་རུང་ལ་རིགས་སུ་བཤད་པས་སྒྲིབ་པ་ཡིན་ལ། སེམས་སེམས་ བྱུང་རྐྱེན་བཞི་ལས་སྐྱེ་བ་ཡང་སྲིད་པའི་དབང་དུ་བྱས་ཀྱི་ཁྱབ་པའི་དོན་ནི་མ་ཡིན་ནོ། །ཞེས་ ཟེར་རོ། །དེ་ཡང་མི་འཐད་དེ། (ཡིད་ཀྱི་ཀུན་གཞི་)དེ་ལ་དམིགས་པས་དེའི་བག་ཆགས་འཇོག་ ན། གཞན་གྱི་སེམས་སེམས་བྱུང་ལ་དམིགས་པའི་སེམས་ཀྱིས་གཞན་གྱི་སེམས་སེམས་བྱུང་ གི་བག་ཆགས་འཇོག་པར་འགྱུར་ལ། དེ་ལྟར་ན་དེ་གཞན་གྱི་སེམས་སེམས་བྱུང་གི་རྒྱུའི་ 1-1-174 རྐྱེན་བྱེད་པར་འགྱུར་ཞིང་། དེ་ལྟར་ན་ནི་འགྲོ་བ་ཐམས་ཅད་རྒྱུད་གཅིག་ཏུ་ཧ་ཅང་ཐལ་བར་ འགྱུར་བའི་ཕྱིར་དང་། ཟག་མེད་དང་པོ་ལ་རྒྱུའི་རྐྱེན་མེད་པའང་མི་རིགས་ཏེ། (ཐེག་བསྡུས་སུ།) དེ་ནི་ཐོས་སོགས་དགེ་བའི་བག་ཆགས་ལས་སྐྱེ་བར་གསུངས་པའི་ཕྱིར་དང་། སྒྲིབ་པ་རིགས་ སུ་འདོད་པའང་མི་འཐད་དེ། (བྱང་སར།)རང་བཞིན་དུ་གནས་པའི་རིགས་ནི་སྐྱེ་མཆེད་དྲུག་གི་ ཁྱད་པར་རོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་དང་། རྐྱེན་བཞི་སྲིད་པའི་དོན་ཙམ་ དུ་འདོད་པའང་མི་རིགས་ཏེ། སྡེ་པ་ཐམས་ཅད་ཀྱིས་ཀྱང་སེམས་དང་སེམས་བྱུང་ཐམས་ཅད་ རྐྱེན་བཞི་ལས་སྐྱེ་བར་བཤད་པའི་ཕྱིར་རོ། ། གསུམ་པ་ནི། སློབ་དཔོན་(ཆོས་སྐྱོང་ལ་སོགས་པ་)ཁ་ཅིག་བག་ཆགས་ཆོས་ཉིད་ཀྱིས་གནས་ པ་གསོ་བ་དང་སྔོན་མེད་བསྐྱེད་པ་གཉི་ག་ཡོད་ཅིང་། གསར་དུ་བསྐྱེད་པས་ནི་ཆོས་ཉིད་ཀྱིས་ གནས་པའི་ལྷན་ཅིག་འབྱུང་བའི་རྒྱུ་བྱེད་པས་བདག་རྐྱེན་བྱེད་ལ། གཉི་གའང་སྐལ་མཉམ་ གྱི་རྒྱུ་བཞིན་དུ་རང་རང་གི་འབྲས་བུ་རྣམས་ཀྱི་རྒྱུའི་རྐྱེན་བྱེད་པར་བཞད་དོ། །དེ་རྣམས་ཀྱི་ ནང་ནས་གསུམ་པ་འདི་ཉིད་རིགས་པ་སྟེ། བག་ཆགས་ཀྱི་རིགས་ལ་བསམས་ན། འཁོར་བ་ ཐོག་མ་མེད་པ་ནས་གོམས་པའི་ཕྱིར་རྙིང་བ་གསོས་འདེབས་པ་གཙོ་ཆེ་ཞིང་། རྣམ་སྨིན་གྱི་ བག་ཆགས་གསར་དུ་བྱུང་བ་དང་ཐོས་པའི་བག་ཆགས་གསར་དུ་གཞག་པ་ལྟ་བུ་འཕྲལ་ལ་ སྐྱེས་པའང་མང་དུ་ཡོད་པའི་ཕྱིར་རོ། །དམིགས་རྣམ་ནི། བསྡུ་བར། ནང་གི་ཉེ་བར་ལེན་པ་ དང་། ཕྱི་རོལ་གྱི་སྣོད་ལ་དམིགས་ཤིང་རྣམ་པ་ཡོངས་སུ་མ་ཆད་པར་གསུངས་པས། (གསུམ་པ།)དམིགས་པ་ལ་གཉིས་ཀྱི་ནང་གི་ནི། བདག་དང་ཆོས་སུ་ཀུན་བརྟག་པའི་ངོ་བོ་ ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་། གནས་དང་བཅས་པའི་དབང་པོའི་གཟུགས་ དང་། མིང་བཞིའི་ཕུང་པོ་སྟེ། དེ་དག་ནི་ལུས་ཉེ་བར་ལེན་པ་ལ་སོགས་པས་ལེན་པ་ཞེས་བྱ་ཞིང་། གཟུགས་མེད་དུ་གཟུགས་དངོས་སུ་མི་ལེན་ཡང་དེའི་བག་ཆགས་ལེན་པས་ལེན་པ་ཞེས་ 1-1-175 བྱའོ། །དེ་རྣམས་ལ་དབུས་མཐར། སེམས་ཅན་དུ་སྣང་བ་ཞེས་གསུངས་ཤིང་། དེའི་འགྲེལ་ པར། སེམས་ཅན་དུ་སྣང་བ་ནི་དབང་པོ་ལྔར་བདག་དང་གཞན་གྱི་རྒྱུད་ལ་སྣང་བ་གང་ཡིན་ པའོ། །ཞེས་ཀྱང་བཤད་དོ། །དེ་ལ་ཀུན་གཞིས་གཞན་གྱི་དབང་པོ་ལ་དམིགས་ན་རང་རྒྱུད་ ལ་གཞན་གྱི་དབང་ཤེས་སྐྱེ་བར་འགྱུར་རོ་ཞེ་ན། མ་ངེས་ཏེ་ཡིད་ཤེས་ཀྱིས་གཞན་གྱི་དབང་ པོ་ལ་དམིགས་ཀྱང་དེའི་དབང་ཤེས་མི་སྐྱེ་བ་བཞིན་ནོ། །ཕྱིའི་དམིགས་པ་ནི། སྣོད་ཀྱི་འཇིག་ རྟེན་དུ་སྣང་བ་སྟེ། དེའང་(དོན་གསང་སོགས་)འདོད་གཟུགས་སུ་ཡིན་གྱི། གཟུགས་མེད་དུ་ནི་ ས་བོན་དང་མིང་བཞི་ཙམ་ལ་དམིགས་པའོ། །ཞེས་ཀྱང་གསུང་མོད། བསྡུ་བར། གཟུགས་ མེད་དུ་གཟུགས་མི་ལེན་པར་བཤད་ཀྱི། མི་དམིགས་པར་མ་གསུངས་ཤིང་། རེས་འགའ་ གཟུགས་མི་སྣང་ན། རྟག་ཏུ་རྒྱུན་མི་འཆད་པར་རིག་པ་མ་ཡིན་པར་ཐལ་བ་ལས། (བསྡུ་བར།) ནང་ལེན་པ་ལ་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས་རྟག་ཏུ་རྒྱུན་མི་འཆད་པར་ འཇིག་རྟེན་དང་སྣོད་ཀྱི་རྒྱུན་རྣམ་པར་རིག་པ་སྟེ་ཞེས་པ་ལ་སོགས་པས་ནང་གི་ལེན་པ་དང་ ཕྱིའི་སྣོད་གཉི་ག་ལ་ཅིག་ཅར་དུ་དམིགས་ཤིང་རྒྱུན་མི་འཆད་པར་གསུངས་བས་ཡོངས་སུ་ བཅད་པར་དཀའ་བའི་ཕྱིར་ཕྲ་བའི་རྣམ་པར་རིག་པ་ཞེས་བྱའོ། ། རྣམ་པ་ནི། ཡུལ་སྣང་བར་ནུས་པ་ཙམ་ཡིན་ཡང་སྒྲོ་འདོགས་གཅོད་མི་ནུས་པས་མི་ གསལ་ཞིང་མཐའ་གཅིག་ཏུ་མ་ངེས་པས་ཡུལ་ཡོངས་སུ་མ་ཆད་པའོ་ཞེས་ཀྱང་བཤད་ཟིན་ ཏོ། །དཔྱད་ན་ཕྱི་རོལ་གྱི་དམིགས་པ་མ་གྲུབ་ཀྱང་ཀུན་གཞི་ལ་ཡོད་པའི་ལས་ཀྱི་བག་ཆགས་ ཉིད་སྣོད་དང་དོན་དུ་སྣང་བ་སྟེ། ནམ་མཁའ་ས་རླུང་ཉི་མ་དང་། །རྒྱ་མཚོ་ཀླུ་དང་ཕྱོགས་ རྣམས་ནི། །ནང་གི་ཤེས་པའི་ངོ་བོ་ཡི། །ཆ་ལས་ཕྱི་རོལ་ལྟ་བུར་འདུག །ཅེས་བཤད་སྦྱར་དུ་ དྲངས་པ་ལྟར་རོ། ། (བཞི་པ།)འཇུག་ལྡོག་ནི། བསྡུ་བར། དམིགས་དང་མཚུངས་བར་ལྡན་པ་དང་། གཅིག་ 1-1-176 གི་རྐྱེན་ཉིད་གཅིག་ཡིན་དང་། །ལྷན་ཅིག་དངོས་པོས་འཇུག་པ་དང་། །ཀུན་ནས་ཉོན་མོངས་ ལྡོག་པ་ཡིན། །ཞེས་པ་ལྟར། འཇུག་ཚུལ་དང་། ལྡོག་ཚུལ་གཉིས་ཀྱི་དང་པོ་ལ་ལྔ་ལས། དམིགས་པ་ནི་ཕྱི་དང་ནང་གི་ཡུལ་ལ་དམིགས་གནས་འཇུག་པ་དང་། མཚུངས་ལྡན་ཀུན་ འགྲོ་ལྔ་ཁོ་ན་དང་འགྲོགས་ནས་འཇུག་པ་ནི་བཤད་ཟིན་ཅིང་། གསུམ་པ་གཅིག་གིས་གཅིག་རྐྱེན་བྱས་ནས་འཇུག་པ་ནི། ཀུན་གཞིས་འཇུག་པའི་རྣམ་ ཤེས་དགེ་མི་དགེ་ལུང་མ་བསྟན་དུ་འབྱུང་བའི་ས་བོན་གྱི་གཞི་བྱེད་པས་རྒྱུའི་རྐྱེན་དང་། ཀུན་ གཞིས་ཟིན་པའི་དབང་པོ་གཟུགས་ཅན་ལ་བརྟེན་ནས་དབང་ཤེས་ལྔ་སྐྱེ་བའི་རྟེན་དང་། ཡིད་ དང་ཡིད་ཤེས་ཀྱི་གནས་བྱེད་པས་བདག་རྐྱེན་བྱེད་ལ། འཇུག་པའི་རྣམ་ཤེས་ཀྱིས་ཀྱང་ཀུན་ གཞི་ལ་ཚེ་འདིར་འཇུག་ཤེས་དགེ་མི་དགེ་ལུང་མ་བསྟན་འབྱུང་བའི་རྒྱུ་མཐུན་གྱི་ས་བོན་ གསོ་ཞིང་བརྟས་པར་བྱེད་པས་ན་བདག་རྐྱེན་དང་། ཕྱི་མ་ལ་ཀུན་གཞི་ཉིད་འབྱུང་བའི་རྣམ་ སྨིན་གྱི་ས་བོན་འཇོག་པས་རྒྱུའི་རྐྱེན་བྱེད་ཅིང་མདུང་ཁྱིམ་ལྟར་ཕན་ཚུན་བརྟེན་པ་སྟེ། ཆོས་ མངོན་པའི་མདོ་ལས། ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །དེ་རྣམས་ལ་ཡང་དེ་དེ་བཞིན། ། ཕན་ཚུན་འབྲས་བུའི་དངོས་པོ་དང་། །རྒྱུ་ཡི་དངོས་པོར་རྟག་ཏུ་སྦྱོར། །ཞེས་གསུངས་པ་ལྟར་ རོ། ། བཞི་པ་ལ་རྣམ་ཤེས་གང་དང་ལྷན་ཅིག་འཇུག་པ་ནི། འགོག་པའི་སྙོམས་འཇུག་མ་ གཏོགས་པའི་སེམས་མེད་པའི་གནས་སྐབས་(འདུ་ཤེས་མེད་པ་སོགས་)རྣམས་ཉོན་ཡིད་དང་ལྷན་ ཅིག་འཇུག་ཅིང་། གཟུགས་མེད་ན་ཡིད་དང་ཡིད་ཀྱི་རྣམ་ཤེས་གཉིས་དང་ལྷན་ཅིག་འཇུག་ལ། གཟུགས་ཁམས་ན་རྣམ་ཤེས་ལྔ་དང་། འདོད་ཁམས་ན་རྐྱེན་ཇི་ལྟ་བར་ཚོགས་བདུན་(གང་སྐྱེས་ པ་)དང་ལྷན་ཅིག་འཇུག་སྟེ། (སུམ་ཅུ་པར།)ཆུ་ལ་རླབས་རྣམས་ཇི་བཞིན་ནོ། །ཞེས་པ་ལྟར་རོ། ། དེ་བཞིན་དུ་ཁམས་དང་འགྲོ་བ་གང་ན་ཚོར་བ་གང་དག་ཡོད་པ་དང་། སེམས་བྱུང་དགེ་མི་ 1-1-177 དགེ་ལུང་མ་བསྟན་གང་ཡོད་པ་དང་(དེ་རྣམས་ནས་སྐྱེས་པ་ན་)ཡང་ཇི་རིགས་པར་ལྷན་ཅིག་འཇུག་ སྟེ། དེ་རྣམས་དང་མཚུངས་པར་ལྡན་པ་ཞེས་ནི་མི་བྱའོ། ། ལྔ་པ་སྐྱེ་བ་བརྒྱུད་པར་འཇུག་པ་ནི། ཚེ་འདིའི་ཀུན་གཞི་ཟད་པ་ན་ལས་ཀྱི་བག་ཆགས་ གཟུང་འཛིན་གྱི་བག་ཆགས་ཀྱིས་གསོས་ནས་ཕྱི་མའི་ཀུན་གཞི་འཇུག་ཅིང་། དེ་ཉིད་ཟད་ ནས་དེའི་ཡང་ཕྱི་མ་འཇུག་པ་ལ་སོགས་པ་སྟེ། སུམ་ཅུ་པར། ལས་ཀྱི་བག་ཆགས་(གཟུང་བར་ འཛིན་པ་དང་འཛིན་པར་)འཛིན་(པ་)གཉིས་ཀྱི། །བག་ཆགས་བཅས་པ་སྔ་མ་ཡི། །རྣམ་པར་སྨིན་པ་ ཟད་ནས་གཞན། །རྣམ་སྨིན་སྐྱེད་པ་དེ་ཡིན་ནོ། །ཞེས་པ་ལྟར་རོ། །ལྡོག་(བསྡུ་བར། འཇུག་པའི་རྣམ་ པར་ཤེས་པ་ལྡན་ལ་ཀུན་གཞིའི་རྣམ་པར་ཤེས་པ་དང་མ་ལྡན་པ་ནི། སེམས་ཡོད་པའི་གནས་སྐབས་ན་དགྲ་བཅོམ་པ་དང་། རང་ སངས་རྒྱས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་དེ་པའོ། །གཉིས་ཀ་དང་མི་ལྡན་པ་ནི། དགྲ་བཅོམ་པ་དང་། རང་ སངས་རྒྱས་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་། དེ་པ་འགོག་པ་ལ་སྙོམས་པར་ཞུགས་པ་དང་། ཕུང་པོ་ལྷག་མ་ མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལའོ་ཞེས་པ་ནི་གནས་ངན་ལེན་དང་མ་བྲལ་བའི་ཀུན་གཞི་མེད་པ་ལ་དགོངས་པ་སྟེ། དེ་ལས། དོན་དམ་པ་རྣམ་པར་གཞག་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། སེམས་མེད་པའི་སའོ། ། དེ་ཅིའི་ཕྱིར་ཞེ་ན། དེར་ཀུན་གཞིའི་རྣམ་པར་ཤེས་པ་འགགས་པའི་ཕྱིར་ཏེ།)ཚུལ་ལ་ཀུན་གཞིའི་རྣམ་སྨིན་གྱི་ཆ་ ནི། ཐེག་ཆུང་པའི་ལུགས་ཀྱིས་ཕུང་པོ་ལྷག་མེད་ཀྱི་མྱང་འདས་སུ་ལྡོག་སྟེ་དེའི་ཚེ་རིག་པའང་ རྒྱུན་ཆད་པར་འདོད་པའི་ཕྱིར་རོ། །ཐེག་ཆེན་པའི་ལུགས་ཀྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ གྱི་རྗེས་ལ་མེ་ལོང་ཡེ་ཤེས་སུ་གནས་གྱུར་ནས་ལྡོག་སྟེ། (སློབ་དཔོན་ཙན་དྲ་གོ་མིས་)གང་ཡང་ཀུན་ གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་བ། །ཞེས་པ་ལྟར་རོ། །ས་བོན་གྱི་ཆ་ལ་མི་ དགེ་བའི་ས་བོན་འགའ་ཞིག་སྒྲིབ་པ་ཟད་བྱེད་ཀྱི་གཉེན་པོ་བསྒོམས་པས་ལྡོག་ཅིང་། འགའ་ ཞིག་(རྣམ་སྨིན་)ནི་འབྲས་བུ་འབྱུང་ན་ལྡོག་ལ། མཐོང་སྤང་གི་ས་བོན་མཐོང་ལམ་སྐྱེས་པ་དང་། སྒོམ་སྤང་གི་ས་བོན་སྒོམ་ལམ་སྐྱེས་པ་ན་ལྡོག་གོ། དགེ་བ་དང་ལུང་མ་བསྟན་གྱི་ས་བོན་སྔ་མ་ 1-1-178 ལྷག་མེད་མྱང་འདས་དང་། གནས་ཡོངས་སུ་གྱུར་པ་ལས་ལྡོག་སྟེ། སུམ་ཅུ་པར། དགྲ་བཅོམ་ ཉིད་ནི་དེ་ལྡོག་གོ། ཞེས་པ་དང་། བསྡུ་བར། ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་དགེ་བའི་ ཆོས་བསྒོམས་པས་རྣམ་པར་ལྡོག་པར་རིག་པར་བྱའོ། །ཞེས་པ་དང་། གནས་གྱུར་མ་ཐག་ཏུ་ ཀུན་གཞིའི་རྣམ་པར་ཤེས་བ་སྤངས་པར་རྗོད་པར་བྱ་སྟེ། ཞེས་བ་ལ་སོགས་པ་གསུངས་བ་ ལྟར་རོ། ། (ལྔ་པ།)རྣམ་གྲངས་ནི། ཐེག་ཆེན་པ་ལ་གྲགས་པ་(དོན་གསང་སོགས་)ཤེས་བྱ་ངོ་བོ་ཉིད་ གསུམ་གྱི་གནས་ཡིན་པས་ན་ཤེས་བྱའི་གནས་ཞེས་བྱ་བ་དང་། (ཐེག་བསྡུས་སུ།)ལུས་ལེན་པ་ དང་གནས་བར་བྱེད་པས་ན་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། (མདོ་ལས།)ས་ བོན་ཐམས་ཅད་ཀྱི་རྟེན་བྱེད་པས་ན་ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། (ཐེག་པ་)ཐུན་མོང་དུ་གྲགས་པ་འཁོར་འདས་ཐམས་ཅད་ཀྱི་གཞི་བྱེད་པས་ན་ཀུན་གཞིའི་ རྣམ་པར་ཤེས་པ་ཞེས་བྱ་བ་དང་། ཐེག་དམན་ལ་གཙོ་བོར་མ་བསྟན་ཡང་ཞར་བྱུང་དུ་གྲགས་ པ་ཕལ་ཆེན་སྡེ་པའི་ལུང་དུ་ཤིང་གི་རྩ་བ་ལྟར་རྣམ་ཤེས་གཞན་ཐམས་ཅད་ཀྱི་རྒྱུ་བྱེད་པས་ན་ རྩ་བའི་རྣམ་ཤེས་ཞེས་བྱ་བ་དང་། ས་སྟོན་སྡེ་པའི་ལུང་དུ་འཁོར་བ་ཇི་སྲིད་པའི་བར་དུ་རྒྱུན་ མི་འཆད་པར་འབྱུང་བས་ན་འཁོར་བ་ཇི་སྲིད་པའི་ཕུང་པོ་(སྐད་ཅིག་པ་སྐད་ཅིག་རེ་རེ་ལ་སྐྱེ་འགག་བྱེད་པ་ དང་། ཚེ་རབས་པ་ཚེ་རབས་ཇི་སྲིད་དུ་རྗེས་སུ་འབྲང་བ་དང་།)ཞེས་བྱ་བ་དང་། གནས་བརྟན་པ་དང་རྣམ་པར་ ཕྱེ་སྟེ་སྨྲ་བའི་ལུང་དུ་སྲིད་པའི་རྒྱུ་བྱེད་པས་ན་སྲིད་པའི་ཡན་ལག་གི་རྣམ་ཤེས་ཞེས་བྱ་བ་དང་། མང་པོས་བཀུར་བའི་ལུང་དུ་རྣམ་པར་སྨིན་པའི་རྣམ་ཤེས་ཞེས་བྱ་བ་ལ་སོགས་པའོ། ། (དྲུག་པ།)དབྱེ་བ་ལ། འཛིན་པ་གཉིས་ཀྱི་བག་ཆགས་དང་། སྤྲོས་པའི་བག་ཆགས་དང་། རྒྱུ་མཐུན་གྱི་བག་ཆགས་ཏེ་གསུམ་དུ་དབྱེ་བ་དང་། བག་ཆགས་གསར་དུ་བྱུང་བ་འཕེན་པས་ དབྱེ་བ་དང་། རྣམ་སྨིན་གྲུབ་ཟིན་པ་རྣམ་སྨིན་གྱིས་དབྱེ་བ་དང་། ཉོན་ཡིད་ཀྱིས་བདག་ཏུ་ 1-1-179 འཛིན་པའི་རྒྱུ་བྱེད་པས་རྒྱུ་ཉིད་ཀྱི་དབྱེ་བ་དང་། སྣོད་བཅུད་ཀྱི་ས་བོན་ཡིན་པས་ཐུན་མོང་གི་ མཚན་ཉིད་ལ་སོགས་པ་བཞིར་དབྱེ་བ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ས་ བོན་གནས་ངན་ལེན་གྱི་མཚན་ཉིད་ཅན་དང་། དགེ་བ་ཟག་བཅས་ཀྱི་ས་བོན་ཤིན་ཏུ་སྦྱངས་ པའི་མཚན་ཉིད་ཅན་ཏེ་གཉིས་སུ་དབྱེ་བ་དང་། དགེ་མི་དགེའི་རྣམ་པར་སྨིན་པ་སྤྱད་ཟིན་པ་ དང་། སྤྱད་མ་ཟིན་པའི་མཚན་ཉིད་གཉིས་སུ་དབྱེ་བ་ལ་སོགས་པའོ། ། (བདུན་པ།)སྒྲུབ་བྱེད་ལ་གཉིས་ལས། (དང་པོ།)ལུང་གི་སྒྲུབ་བྱེད་ནི། ཆོས་མངོན་པའི་མདོ་ ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་ གཞིའི་རྣམ་ཤེས་ནི། དམ་པ་རྣམས་ལ་ངས་བཤད་དོ། །ཞེས་པ་དང་། དགོངས་པ་ངེས་པར་ འགྲེལ་པ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་པོའི་རྒྱུན་ བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་ མ་བསྟན། །ཞེས་པ་དང་། ལང་ཀར་གཤེགས་པ་ལས། ཀུན་གཞིའི་ཆུ་བོ་དེ་བཞིན་དུ། །སྣ་ ཚོགས་ཡུལ་གྱི་རླུང་གིས་བསྐྱོད། །རྣམ་ཤེས་སྣ་ཚོགས་རྦ་རླབས་རྣམས། །གར་ཞིང་རབ་ཏུ་ འབྱུང་བར་འགྱུར། །ཞེས་པ་དང་། བློ་གྲོས་ཆེན་པོ་ཀུན་གཞིའི་རྣམ་པར་ཤེས་པ་ཆུ་ཀླུང་ལྟ་བུ་ ལ་འཇུག་པའི་རྣམ་པར་ཤེས་པའི་རླབས་འབྱུང་ངོ་ཞེས་པ་དང་། རྒྱན་སྟུག་པོ་བཀོད་པ་ལས། ཇི་ལྟར་ཟླ་བ་སྐར་ཚོགས་དང་། །ལྷན་ཅིག་མཁའ་ལ་གནས་པ་ལྟར། །དེ་བཞིན་ཀུན་གཞིའི་ རྣམ་ཤེས་ཀྱང་། །རླབས་བདུན་རྣམས་དང་ལྷན་ཅིག་གནས། །ཞེས་པ་ལ་སོགས་པ་རྒྱ་ཆེར་ གསུངས་ཤིང་། ཐེག་པ་ཆུང་ངུར་ཡང་། ལུང་གཅིག་ལས་འཕྲོས་པ་(དེ་བཞིན་གཤེགས་པ་འབྱུང་བའི་ ཕན་ཡོན་བཞི་བསྟན་པའི་མདོ་)ལས། སྐྱེ་རྒུ་ཀུན་གཞི་ལ་ཀུན་ཏུ་དགའ་བ། ཀུན་གཞི་ལ་དགའ་བ། ཀུན་གཞི་ལ་དགའ་བ་ལས་ཡང་དག་པར་བྱུང་བ། ཀུན་གཞི་ལ་མངོན་པར་དགའ་བ་ཅན་ རྣམས་ལ། ཀུན་གཞི་སྤང་བར་བྱ་བའི་ཕྱིར་ཆོས་བསྟན་པ་ན། ཉན་འདོད་ལ་རྣ་བ་གཏོད་དེ། 1-1-180 ཀུན་ཤེས་པར་བྱེད་པས་སེམས་ཉེ་བར་འཇོག་ཅིང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་ སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་པ་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདིའང་ འཇིག་རྟེན་དུ་འབྱུང་ངོ་། །ཞེས་གསུངས་སོ། །དེ་ལ་བཙུན་པ་དབྱིག་བཤེས་(ཀུན་གཞི་ལ་ དགའ་ཞེས་གསུངས་པའི་དོན་གྱིས་)ཉེར་ལེན་གྱི་ཕུང་པོ་ལྔ་ཀུན་གཞི་ཡིན་ནོ་ཞེས་ཟེར་བ་ ནི་མི་འཐད་དེ། ཤིན་ཏུ་སྡུག་བསྔལ་པའི་ངན་སོང་བ་ནི་ཕུང་པོ་རྣམས་ལ་དགའ་བས་སྦྱོར་ བ་མེད་ཅིང་དེ་དང་བྲལ་བར་འདོད་པའི་ཕྱིར་རོ། །བཙུན་པ་མིའུ་ཐུང་གིས་བདེ་བའི་ཚོར་བ་ འདོད་ཆགས་དང་བཅས་པ་ཀུན་གཞི་ཡིན་ནོ། །ཞེས་ཟེར་བའང་མི་རིགས་ཏེ། (བདེ་བ་ཆགས་ བཅས་)དེ་དག་ནི་བསམ་གཏན་བཞི་པ་ཡན་ཆད་ན་མེད་ཅིང་། (བཞི་པ་)དེར་སྐྱེས་པ་རྣམས་དེ་ ལ་ཀུན་ཏུ་དགའ་བ་མེད་ཕྱིར་རོ། །བཙུན་པ་དབྱངས་སྒྲོགས་ཀྱིས་འཇིག་ཚོགས་ལ་ལྟ་བ་ཀུན་ གཞི་ཡིན་ནོ། །ཞེས་ཟེར་བའང་མི་འཐད་དེ། ཆོས་འདི་པ་བདག་མེད་ལ་མོས་པ་རྣམས་(བདག་ ལྟ་)དེ་ལ་མི་མཐུན་པར་འཛིན་ཞིང་མངོན་པར་དགའ་བ་མེད་པའི་ཕྱིར་རོ། ། (གཉིས་པ།)རིགས་པའི་སྒྲུབ་བྱེད་ནི། རྣམ་པར་ངེས་པ་བསྡུ་བར། ལེན་པ་དང་པོ་གསལ་ བ་དང་། །ས་བོན་ལས་དང་ལུས་ཚོར་དང་། །སེམས་མེད་སྙོམས་པར་འཇུག་པ་དང་། །དེ་ བཞིན་འཆི་འཕོ་མི་རུང་འགྱུར། །ཞེས་བརྒྱད་གསུངས་པ། འདི་ཉིད་ཀྱི་འགྲེལ་པར་ཡང་ བཀོད་པ་རྣམས་ཏེ། དེའི་དང་པོ་མི་རུང་བ་དང་། གསལ་བ་མི་རུང་བ་དང་། ལས་བཞི་མི་ རུང་བ་གསུམ་ནི་རྩོད་པ་སྤོང་བའི་རིགས་པ་ཡིན་ལ། གཞན་ལྔ་ནི་ཀུན་གཞི་ཡོད་པའི་སྒྲུབ་ བྱེད་དངོས་སོ། །དེ་ལ་(དང་པོ་)ལེན་པ་མི་རུང་བ་ནི། སེམས་ཅན་གྱི་རྒྱུད་ལུས་ལེན་པ་མེད་ པར་ཐལ་བར་འགྱུར་ཏེ། ལེན་བྱེད་ཀུན་གཞིའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །མ་ངེས་ ཏེ་ཀུན་གཞི་མེད་ཀྱང་འཇུག་པའི་རྣམ་ཤེས་ཚོགས་དྲུག་གིས་ལེན་ནོ་ཞེ་ན། དེ་རྣམས་ནི་ལུས་ ལེན་བྱེད་དུ་མི་རུང་སྟེ། ལུས་ཐོབ་ཟིན་ནས་དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པའི་རྐྱེན་ 1-1-181 ལས་གསར་དུ་བྱུང་བ་རྣམས་སྔོན་ལུས་ལེན་དུས་ནམ་སྐྱེས་ནས་མེད་པའི་ཕྱིར་དང་། དེ་དག་ ནི་དགེ་བ་དང་མི་དགེ་བར་དམིགས་ཤིང་། ལུང་མ་བསྟན་རྣམ་པར་སྨིན་པས་བསྡུས་པ་མ་ ཡིན་པའི་ཕྱིར་དང་། དབང་པོ་སོ་སོ་དང་ཁྱད་པར་ལུས་ཀྱི་ཆ་ཤས་གང་དང་གང་ལ་རྣམ་ཤེས་ འབྱུང་བ་དེ་དང་དེ་ཤེས་པས་ཟིན་པར་འགྱུར་གྱི། ལྷག་མ་རྣམས་ནི་མ་ཟིན་པས་ལུས་འཛིན་ བྱེད་དང་ལེན་བྱེད་དུ་མི་འཐད་པའི་ཕྱིར་དང་། འཇུག་ཤེས་རྣམས་གཉིད་དང་བརྒྱལ་བ་ལ་ སོགས་པའི་དུས་སུ་མི་འབྱུང་ཞིང་། སད་པ་དང་སངས་པའི་དུས་སུ་འབྱུང་བས། ཚེ་གཅིག་ ལ་ལུས་ཡང་དང་ཡང་དུ་ལེན་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེས་ན་སེམས་ཅན་གྱི་རྒྱུད་ ལ་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་དེ། ལུས་ལེན་པའི་རྣམ་པར་ཤེས་པ་ཡོད་པའི་ཕྱིར་རོ། ། ཞེས་པའོ། ། (གཉིས་པ།)དང་པོ་མི་རུང་བ་ནི། རྣམ་ཤེས་གཞན་ཡོད་དུས་ན་ཀུན་གཞི་རྒྱུན་མི་འཆད་ པར་ཡོད་ན་རྣམ་པར་ཤེས་པ་གཉིས་ཅིག་ཅར་དུ་འབྱུང་བར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་ཉིད་ དོ། །འདི་ལྟར་ཁ་ཅིག་གི་རྒྱུད་ལ་གཟུགས་མཐོང་བར་འདོད་པ་དང་། སྒྲ་ཐོས་པར་འདོད་པ་ དང་། དྲི་སྣོམ་པར་འདོད་པ་དང་། རོ་མྱོང་བར་འདོད་པ་དང་། རེག་བྱ་རེག་པར་འདོད་པ་ དང་། ཆོས་ཤེས་པར་འདོད་པའི་ཡིད་ལ་བྱེད་པ་རྣམས་(ཐམས་ཅད་དམ་གང་རུང་)ཇི་ལྟར་སྐྱེས་པ་ ཚང་ཞིང་། དེ་དག་གི་དབང་པོའང་མ་ཉམས་པར་ཡོད་ལ། ཡུལ་ཡང་མཉམ་པ་ཉིད་དུ་སྣང་ བར་གྱུར་པ་ན། རྣམ་པར་ཤེས་པ་གང་རུང་གཅིག་དང་པོར་འབྱུང་གི། གཞན་མི་འབྱུང་བ་ནི་ མི་རུང་བས་ཅིག་ཅར་འབྱུང་བ་ཉིད་དེ། རང་རང་གི་རྒྱུའི་ཚོགས་པ་ཚང་བར་ཁྱད་པར་མེད་ པའི་ཕྱིར་རོ། ། (གསུམ་པ།)གསལ་བ་མི་རུང་བ་ནི། གལ་ཏེ་རྣམ་ཤེས་གཉིས་ལ་སོགས་པ་ཅིག་ཅར་འབྱུང་ བ་མེད་ན། འདས་པའི་དུས་ཀྱི་དབང་ཤེས་དང་ལྷན་ཅིག་ཡུལ་མྱོང་བ་རྗེས་སུ་དྲན་པའི་ཡིད་ 1-1-182 ཤེས་ཀྱི་རྒྱུ་བ་མི་གསལ་བར་འཇུག་པ་དང་། ད་ལྟར་བའི་དབང་ཤེས་དང་ལྷན་ཅིག་ཡུལ་མྱོང་ བའི་ཡིད་ཤེས་ཀྱི་རྒྱུ་བ་གསལ་བར་འཇུག་པའི་ཁྱད་པར་མི་རུང་བར་འགྱུར་ཏེ། (དབང་ཤེས་དང་ ཡིད་ཤེས་)ལྷན་ཅིག་འཇུག་པ་མེད་པའི་ཕྱིར་རོ། །འདོད་པར་ནི་མི་ནུས་ཏེ་གསལ་མི་གསལ་གྱི་ ཁྱད་པར་སྣང་བའི་ཕྱིར་རོ། ། (བཞི་པ།)ས་བོན་མི་རུང་བ་ནི། སེམས་ཅན་གྱི་རྒྱུད་ལ་དགེ་བ་ལ་སོགས་པའི་བག་ཆགས་ ས་བོན་མེད་པར་འགྱུར་ཏེ། ས་བོན་གྱི་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། ། ཅི་སྟེ་འཇུག་ཤེས་རྣམས་ས་བོན་གྱི་རྟེན་ཡིན་ནོ་ཞེ་ན། དེ་རྣམས་ཕན་ཚུན་ས་བོན་གྱི་རྟེན་དུ་ མི་རུང་སྟེ། འདི་ལྟར་(འཇུག་ཤེས་)དགེ་བའི་འོག་ཏུ་མི་དགེ་བ་དང་། མི་དགེ་བའི་འོག་ཏུ་དགེ་ བ་དང་། གཉི་གའི་འོག་ཏུ་ལུང་མ་བསྟན་དང་། དེ་བཞིན་དུ་ཁམས་དམན་པ་(འདོད་པ་)དང་ བར་མ་(གཟུགས་)དང་བཟང་པོ་(གཟུགས་མེད་)དང་། ཟག་བཅས་དང་ཟག་མེད་དང་། འཇིག་ རྟེན་དང་འཇིག་རྟེན་ལས་འདས་པ་(ཟག་མེད་མིན་པ་འཇིག་རྟེན་ལས་འདས་པའི་རྗེས་ཐོབ་ཀྱང་འཇིག་རྟེན་ལས་ འདས་པར་གཞག་པའི་ཆེད་དུ་ཟློས་པ་ལྟར་གསུངས་པའོ་ཞེས་སོ། །)ལ་སོགས་པའི་འཇུག་ཤེས་རྣམས་ཕན་ཚུན་ གཅིག་གི་རྗེས་སུ་གཅིག་འབྱུང་གི། ལྷན་ཅིག་མི་འབྱུང་བ་རྣམས་ནི། གཅིག་གིས་གཅིག་ ལ་བག་ཆགས་བསྒོ་བར་མི་ནུས་པའི་ཕྱིར་དང་། དགེ་སོགས་སུ་གསལ་ཞིང་དུས་མི་མཉམ་ པ་རྣམས་ནི་བག་ཆགས་བསྒོ་བྱར་མི་འཐད་པའི་ཕྱིར་དང་། སེམས་མེད་པའི་གནས་སྐབས་ སུ་རྒྱུན་ཆད་ནས་ཡུན་རིང་པོ་ནས་འབྱུང་བ་རྣམས་ནི་ས་བོན་གྱི་རྟེན་དུ་མི་རུང་བའི་ཕྱིར་རོ། ། གཞན་ཡང་ས་བོན་མེད་ན་རྒྱུ་མེད་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ ཐམས་ཅད་མེད་པར་ཐལ་བ་ལས། ས་བོན་ཡོད་ཅིང་དེའི་རྟེན་དུ་གྱུར་པའི་རྣམ་ཤེས་ནི་ཀུན་ གཞི་ཉིད་དུ་གྲུབ་པོ། །ཞེས་པའོ། ། (ལྔ་པ།)ལས་བཞི་མི་རུང་བ་ནི། རྣམ་ཤེས་དུ་མ་ཅིག་ཅར་མི་འབྱུང་ན། དོན་དུ་སྣང་བ་ 1-1-183 སྣོད་(ལམ་འཕྲང་སོགས་) ཀྱི་རྣམ་པར་རིག་པ་དང་། སེམས་ཅན་དུ་སྣང་བ་(ལུས་སོགས་ཀྱི་) དབང་པོའམ་གནས་ཀྱི་རྣམ་པར་རིག་པ་དང་། ཉོན་ཡིད་ལ་བརྟེན་ནས་ངའོ་སྙམ་པའི་རྣམ་ པར་རིག་པ་དང་། (ལམ་གྱི་རྡོ་བ་མཐོང་བ་ལ་སོགས་པའི་)འཇུག་ཤེས་དྲུག་ཡུལ་གྱི་རྣམ་པར་རིག་ པ་སྟེ། ལས་ཐ་དད་པ་ཅན་གྱི་རྣམ་རིག་བཞི་དུས་གཅིག་ལ་འབྱུང་མི་སྲིད་པར་འགྱུར་རོ། ། འདོད་པར་མི་ནུས་ཏེ་འགྲོ་བ་ལ་སོགས་པའི་གནས་སྐབས་སུ་འདི་བཞི་ཅིག་ཅར་དམིགས་ པའི་ཕྱིར་རོ། །དེ་ཡང་རྣམ་ཤེས་དུ་མ་ཅིག་ཅར་འབྱུང་བ་ལ་རུང་གི། རྣམ་ཤེས་གཅིག་གི་སྐད་ ཅིག་ལ་ནི་མི་རུང་སྟེ། སྐྱེ་མཆེད་ཐ་དད་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། ། (དྲུག་པ།)ལུས་ཚོར་མི་རུང་བ་ནི། ཀུན་གཞི་མེད་ན་རྒྱུ་ས་བོན་མེད་པའི་ཕྱིར། ཚུལ་བཞིན་ ནམ། ཚུལ་བཞིན་མ་ཡིན་པར་སེམས་ཤིང་རྟོག་པའམ། མཉམ་པར་བཞག་པའམ། མཉམ་ པར་མ་བཞགས་པ་གང་རུང་གི་ལུས་ལ། ལུས་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཚོར་བ་ བདེ་བ་ལ་སོགས་པ་སྣ་ཚོགས་སུ་མྱོང་བ་མི་སྲིད་པར་འགྱུར་ཏེ། ཡིད་ཤེས་ནི་ཚུལ་བཞིན་ སེམས་པ་ལྟ་བུ་ཡུལ་གཅིག་ལ་གཏད་ཅིང་། ཀུན་གཞིའང་མེད་ན། རྒྱུ་གཞན་མེད་པའི་ཕྱིར་ རོ། །འདོད་པར་མི་ནུས་ཏེ་ཚོར་བ་ནི་སྣ་ཚོགས་སུ་དམིགས་ཏེ། དེའི་རྒྱུ་ཀུན་གཞིའི་རྣམ་པར་ ཤེས་པ་ནི་ཡོད་པ་ཉིད་དོ་ཞེས་པའོ། ། (བདུན་པ།)སེམས་མེད་པའི་སྙོམས་འཇུག་མི་རུང་བ་ནི། ཀུན་གཞིའི་རྣམ་ཤེས་མེད་ན། སྙོམས་འཇུག་གཉིས་ལ་བཞུགས་པའི་གང་ཟག་གི་རྣམ་པར་ཤེས་པ་ཐམས་ཅད་ལུས་ལས་ འདས་པར་འགྱུར་ཏེ། གཉི་གས་ཚོགས་དྲུག་ནི་བཀག་ཅིང་། །ཁ་ཅིག་ཉོན་ཡིད་ཀྱང་མེད་ པར་འདོད་ལ། ཡོད་ཀྱང་འགོག་པའི་སྙོམས་འཇུག་ཏུ་བཀག་ཕྱིར་རོ། །དེ་ལྟར་ན་ནི་ཤི་ འཕོས་པར་འགྱུར་ཏེ། རྣམ་ཤེས་ཐམས་ཅད་ལུས་ལས་འདས་པའི་ཕྱིར་རོ། །འདོད་པར་མི་ ནུས་ཏེ། བཅོམ་ལྡན་འདས་ཀྱིས། དྲོད་དང་མ་བྲལ་ཞིང་སྲོག་གི་དབང་པོ་དང་མ་བྲལ་བས། 1-1-184 དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ རྣམ་ཤེས་གཞན་ཐམས་ཅད་བཀག་ཀྱང་ལུས་འཛིན་བྱེད་ཀྱི་རྣམ་ཤེས་ཡོད་པ་ནི་ཀུན་གཞི་ ཉིད་དོ། །ཞེས་པའོ། ། (བརྒྱད་པ།)འཆི་འཕོ་མི་རུང་བ་ནི། སེམས་ཅན་གྱི་རྒྱུད་ལ་འཆི་འཕོ་དང་རིམ་གྱིས་དྲོད་ འདོར་བ་མེད་པར་འགྱུར་ཏེ། འདོར་བྱེད་ཀུན་གཞིའི་རྣམ་ཤེས་མེད་པའི་ཕྱིར་རོ། །ཚོགས་ དྲུག་ཡོད་མེད་ཀྱིས་ནི་དེ་ལྟར་འགྱུར་བ་མ་ཡིན་ཏེ། གཉིད་འཐུག་པོའི་གནས་སྐབས་ལ་ སོགས་པར་འཆི་འཕོ་བར་ཐལ་བའི་ཕྱིར་དང་། ཁྱད་པར་སྒོ་ལྔའི་རྣམ་ཤེས་ལུས་ཀྱི་ཆ་ཤས་ གང་དུ་མ་སྐྱེས་པ་དེར་དྲོད་དང་ཚོར་བ་མེད་པར་ཐལ་བའི་ཕྱིར་དང་། ཡིད་ཤེས་ནི་སྲོག་ཐ་ མ་འཆད་ཀྱི་བར་དུ་གསལ་བར་ཡོད་ཀྱང་དེའི་སྔོན་ལ་དྲོད་ཡལ་བ་མཐོང་བའི་ཕྱིར་རོ། །དེ་ བས་ན་ཡིད་ཤེས་ལ་སོགས་པ་ཡོད་བཞིན་དུ་ལུས་ཀྱི་སྟོད་དམ་སྨད་ནས་དྲོད་དང་ཚོར་བ་ འདོར་བ་ནི་དམིགས་ཤིང་། དེའང་ལུས་འཛིན་བྱེད་ཀུན་གཞིའི་རྣམ་ཤེས་དང་བྲལ་བས་ཡིན་ ཏེ། ལས་ཀྱི་དབང་གིས་དེ་ལྟར་བྱེད་པའི་ཀུན་གཞི་ནི་ཡོད་པ་ཉིད་དུ་གྲུབ་བོ་ཞེས་པའི་དོན་ ཏོ། །གཞན་ཡང་ཐེག་བསྡུས་སུ། ཀུན་གཞི་མེད་ན་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ ནས་ཉོན་མོངས་པ་མི་རུང་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་ བྱང་བ་མི་རུང་བས་ཀྱང་བསྒྲུབས་ཏེ། ཕལ་ཆེར་ནི་ས་བོན་མེད་ན་མི་རུང་བར་འདུས་ཤིང་། འགའ་ཞིག་བཤད་ཟིན་པ་རྣམས་དང་ཡང་མཐུན་པ་ཉིད་དོ། །ཕུང་པོ་ལྔ་པར་ཡང་། སྙོམས་ འཇུག་(གཉིས་དང་འབྲས་བུ་གཅིག་སྟེ་)གསུམ་ལས་ལངས་པ་ན་འཇུག་ཤེས་འབྱུང་བ་ལ་རྒྱུའི་རྐྱེན་ གཞན་མེད་པའི་ཕྱིར་ཀུན་གཞི་ལས་བྱུང་ངོ་ཞེས་པ་དང་༡། རྣམ་པ་དམིགས་རྐྱེན་ལ་ལྟོས་པ་ ལྟར་རྒྱུའི་རྐྱེན་ལའང་ལྟོས་ཤིང་། དེའང་ཀུན་གཞིའི་ས་བོན་ཡོན་ནོ་ཞེས་པ་དང་༢། གཉིད་ དང་བརྒྱལ་བ་ན་ཆད་པའི་རྗེས་སུ་འཇུག་ཤེས་འབྱུང་བའང་ཀུན་གཞི་ལས་འབྱུང་ངོ་ཞེས་ 1-1-185 པ་དང་༣། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་སོགས་པ་འཁོར་བར་འཇུག་པ་དང་། ཉོན་མོངས་པའི་ས་བོན་སྤངས་བས་འཁོར་བ་ལས་ལྡོག་པ་གྲུབ་པའི་ཕྱིར་ཡང་ཀུན་གཞི་ཡོད་ དེ་༤ཞེས་སྒྲུབ་བྱེད་བཞི་གསུངས་ཤིང་། རྟེན་འབྲེལ་གྱི་མདོ་འགྲེལ་དང་སའི་སྟོད་འགྲེལ་ལ་ སོགས་པར་ཡང་ལུང་དང་རིགས་པའི་སྒྲུབ་བྱེད་མང་དུ་གསུངས་བས་རྒྱས་པར་དེ་དག་ལས་ ཤེས་པར་བྱའོ། ། གཞུང་དོན་ལ། སེམས་གང་ཞེ་ན། ལན་ལ་གསུམ་ལས། (དང་པོ།)ངོ་བོ་ནི། ཕུང་པོ་དང་ ཁམས་དང་སྐྱེ་མཆེད་རྣམས་མངོན་གྱུར་དུ་འབྱུང་བ་ན་དེ་རྣམས་ཀྱིས་རང་རང་དང་མཐུན་ པའི་འབྲས་བུ་སྐྱེད་ནུས་པའི་བག་ཆགས་ཀྱིས་ཡོངས་སུ་བསྒོས་ཤིང་ས་བོན་བཏབ་པར་གྱུར་ པ་སྟེ། (ཡེ་ཤེས་བཤེས་གཉེན་གྱིས།)བག་ཆགས་ལས་གཞན་པའི་ས་བོན་མེད་ཀྱང་ས་བོན་ཐོག་མ་ མེད་པའི་དུས་ཅན་ཡིན་པའི་ཕྱིར། ཕུང་པོ་ལ་སོགས་པ་དེ་རྣམས་སྐྱེ་བའི་ས་བོན་ཐམས་ཅད་ དང་ལྡན་པ་ཞེས་ཀྱང་བྱའོ། །(འགྲེལ་པར།)དེར་ཆོས་ཐམས་ཅད་ས་བོན་དུ་འདུ་ཞིང་སྦྱོར་བའི་ ཕྱིར་ཀུན་གཞི་ཞེས་བྱ་བའམ། ཡང་ན་འཇུག་ཤེས་བར་སྐབས་སུ་རྒྱུན་འཆད་པ་ལ་ནི་བདག་ ཏུ་མི་འཛིན་གྱི། སེམས་རྒྱུན་ལྡན་དུ་འབྱུང་བ་ལ་ཉོན་ཡིད་ཀྱིས་བདག་ཏུ་འཛིན་པས་སེམས་ ཅན་དུ་འདུ་ཞིང་སྦྱོར་བའི་ཕྱིར་ཀུན་གཞི་བྱ་ཞིང་། (དོན་གསང་དུ།)ས་བོན་ཐམས་ཅད་པའི་ཀུན་ གཞིར་གྲངས་ཅན་པའི་གཙོ་བོའང་འདོད་པ་དེ་གཅད་པའི་ཕྱིར་ཡུལ་རྣམ་པར་རིག་པས་ན་ རྣམ་པར་ཤེས་པ་ཞེས་བྱའོ། ། (གཉིས་པ།)རྣམ་གྲངས་ནི། སྔོན་གྱི་ལས་ཟག་པ་དང་བཅས་པ་ལས་ངེས་པར་སྨིན་ཞིང་ སྐྱེས་པས་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་། ཡང་དང་ཡང་དུ་ཉིང་མཚམས་སྦྱོར་ ཞིང་ལུས་ལེན་པར་བྱེད་པས་ན་ལེན་པའི་རྣམ་པར་ཤེས་པ་ཡང་དེ་ཡིན་ཏེ་ཞེས་པའོ། ། (གསུམ་པ།)ངེས་ཚིག་ནི། མདོར་བསྟན་ལྟར་གཙོ་བོར་ཀུན་གཞི་ཉིད་ལ་སེམས་ཞེས་བྱ་སྟེ། 1-1-186 ཕུང་པོ་ཁམས་སྐྱེ་མཆེད་དེ་རྣམས་ཐམས་ཅད་ཀྱི་བག་ཆགས་སམ་ས་བོན་བསགས་པ་ཡིན་ པའི་ཕྱིར་རོ། །ཞེས་པའོ། ། ཡིད་ལ་དངོས་དང་ཞར་བྱུང་གཉིས་ལས། དང་པོ་ལ་སྤྱི་དོན་ལྔ་སྟེ། མཚན་ཉིད། མཚན་ གཞི། འཇུག་ལྡོག་བྱེད་ལས། སྒྲུབ་བྱེད་དོ། །དང་པོ་ནི། ཀུན་གཞིའི་དོན་གྱི་ངོ་བོ་རིག་ཅིང་ རབ་ཏུ་མ་ཞི་བ་ཡིད་ཤེས་ཀྱི་བདག་རྐྱེན་བྱེད་ནུས་ཞེས་པའམ། ཀུན་གཞིའི་དོན་ཙམ་རིག་ ཅིང་། འཕགས་པའི་ལམ་མ་ཐོབ་ཀྱི་བར་དུ་རྟག་ཏུ་ངར་རློམ་པའི་རྣམ་པས་འཇུག་པ་ཞེས་ པའོ། ། མཚན་གཞི་ནི། བསྒྲིབས་ལ་ལུང་མ་བསྟན་གྱི་ཤེས་པ་རྒྱུན་བརྟན་པ་སྟེ། དེའང་ཟག་ མེད་ཀྱི་ལམ་དང་ལྷན་ཅིག་མངོན་གྱུར་དུ་མི་འབྱུང་བས་ཐར་བ་ཐོབ་པ་ལ་སྒྲིབ་ཅིང་། དགེ་མི་ དགེ་དང་ལྷན་ཅིག་མངོན་གྱུར་དུ་མི་འབྱུང་བས་ལུང་དུ་མ་བསྟན་པའོ། ། འཇུག་ལྡོག་ནི། གཞུང་དུ་འབྱུང་བ་ལྟར་གནས་སྐབས་གསུམ་མ་གཏོགས་པར་ཀུན་ གཞི་ལ་དམིགས་ནས་རྒྱུན་ལྡན་དུ་འཇུག་ཅིང་། ས་བརྒྱད་པ་ལ་གནས་གྱུར་པས་ལྡོག་སྟེ། (རྒྱན་ལས།)ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞེས་པ་ལྟར་ རོ། །སངས་རྒྱས་ས་གནས་གྱུར་མཐར་ཐུག་པ་མཉམ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་ཏེ། (ཙནྡྲ་གོ་ མས།)ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །ཞེས་པ་ལྟར་ རོ། ། བྱེད་ལས་ནི། ཡིད་ཤེས་ཀྱིས་བདག་རྐྱེན་བྱེད་ཅིང་། ཚོགས་དྲུག་མཚན་མ་ལ་འཆིང་ བའི་གནས་བྱས་ནས་ཟག་བཅས་སུ་འཆིང་བ་དང་། ཀུན་གཞི་ལ་ས་བོན་འདེབས་པར་བྱེད་དེ། ལང་ ཀར་གཤེགས་པ་ལས། སེམས་ནི་རང་བཞིན་དྭངས་བ་སྟེ། རྙོག་པ་མེད་པ་ཡིད་ཡིན་ནོ། །རྣམ་ པར་ཤེས་དང་བཅས་པའི་ཡིད། །རྟག་ཏུ་བག་ཆགས་འདེབས་པར་བྱེད། །ཅེས་གསུངས་པ་ 1-1-187 ལྟར་རོ། ། སྒྲུབ་བྱེད་ལ་ལུང་ནི། དགོངས་པ་ངེས་འགྲེལ་དང་ལང་ཀར་གཤེགས་པ་ལ་སོགས་ པའི་མདོ་སྡེ་མང་པོར་རྣམ་ཤེས་ཚོགས་བརྒྱད་དུ་གསུངས་ཤིང་། སྟུག་པོ་བཀོད་པར། ངར་ སེམས་བདག་ཉིད་ཡིད་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་ལ། ལུང་སིལ་བུར་ཡང་། ཉོན་མོངས་ཅན་ཡིད་རྟག་ཏུ་ནི། །ཉོན་མོངས་ལྷན་ཅིག་སྐྱེ་ཞིང་འགག། དེ་ནི་ཉོན་མོངས་ པ་རྣམས་ལས། །མ་གྲོལ་གྲོལ་བར་མི་འགྱུར་རོ། །ཞེས་པ་ལ་སོགས་པ་ལྟར་རོ། །རིགས་པ་ ནི། ཐེག་བསྡུས་སུ། ཉོན་མོངས་ཅན་གྱི་ཡིད་མེད་ན། །མ་འདྲེས་པ་ཡི་མ་རིག་དང་། །ལྔ་པོ་ དག་དང་འདྲ་བ་དང་། །སྙོམས་པར་འཇུག་པའི་བྱེ་བྲག་དང་། །ངེས་ཚིག་མེད་པའི་སྐྱོན་དུ་ འགྱུར། །འདུ་ཤེས་མེད་པའི་སྐྱེ་བའི་རྒྱུན། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་ པ་དང་ལྡན་པ་ནི། རྣམ་པ་ཀུན་ཏུ་མི་འཐད་དོ། །ཞེས་པ་ལྟར་དྲུག་གི། དང་པོ་ནི། ཆོས་མངོན་ པའི་མདོ་ལས། ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གེགས་སུ་བརྟན་གྱུར་གང་། །དུས་ རྣམས་ཀུན་ཏུ་འབྱུང་བ་སྟེ། མ་འདྲེས་པ་ཡི་མ་རིག་འདོད། །ཅེས་གསུངས་པ་ལྟར། དེ་ཇི་སྲིད་ རྒྱུད་ལ་ཡོད་ཀྱི་བར་ལ་བདག་མེད་མཐོང་བའི་ཡེ་ཤེས་འབྱུང་བའི་གེགས་བྱེད་ཅིང་། ཉོན་ ཡིད་ཁོ་ནའི་འཁོར་དུ་རྒྱུན་བརྟན་པར་འབྱུང་བ། ཆགས་སོགས་ཉོན་མོངས་པ་གཞན་ཡང་ འདྲེན་པར་བྱེད་པ། ངའམ་བདག་ཏུ་རྨོངས་པའི་རྣམ་པ་ཅན་ནི་མ་འདྲེས་པའི་མ་རིག་པ་ཞེས་ བྱ་སྟེ། གལ་ཏེ་སེམས་ཅན་གྱི་རྒྱུད་ལ་རྟེན་ཉོན་མོངས་པ་ཅན་གྱི་ཡིད་མེད་ན། བརྟེན་པ་མ་ འདྲེས་པའི་མ་རིག་པའང་མེད་པར་ཐལ་འགྱུར་རོ། །དེ་ནི་ཚོགས་དྲུག་མ་བསྟན་པ་དང་དུས་ མཚུངས་ཤིང་། ཁྱད་པར་སྒོ་ལྔ་ཕྱིར་བལྟས་དང་དམིགས་པ་མི་མཚུངས་ལ། ཀུན་གཞི་མ་ བསྒྲིབས་པ་དང་ངོ་བོ་མི་མཚུངས་པས། རྣམ་ཤེས་གཞན་ལ་བརྟེན་ནས་འབྱུང་བའང་མ་ཡིན་ ནོ། །དེ་བས་ན་མ་འདྲེས་པའི་མ་རིག་པ་ནི་ཡོད་པས་དེའི་རྟེན་ཉོན་ཡིད་ཀྱང་ཡོད་པར་གྲུབ་ 1-1-188 པོ། །ཞེས་པའོ། ། གཉིས་པ་ནི། དབང་ཤེས་ལྔ་པོ་ལ་ལྷན་ཅིག་སྐྱེ་བའི་གནས་བདག་རྐྱེན་ཡོད་པ་དང་འདྲ་ བར། ཡིད་ཤེས་ལ་བདག་རྐྱེན་(གནས་བརྟན་པའི་སྡེ་པ་ནི། སྙིང་བུ་ག་གཅིག་དགུའི་བར་ཡིན་ནོ་ཞེ་ན། དེ་རྟོག་མེད་ དུ་འགྱུར་ཏེ་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར། གཞན་ཡང་དགེ་སློང་དག་ཡིད་ནི་ནང་གི་སྐྱེ་མཆེད་ཡིན་ཏེ་གཟུགས་ཅན་ མིན་པ་བསྟན་དུ་མེད་ལ་ཐོགས་པ་མེད་པའོ། །ཞེས་པ་དང་འགལ་ལོ། །)ཡོང་བ་མ་ཡིན་པར་ཐལ་བར་འགྱུར་ཏེ། དེའི་ལྷན་ཅིག་སྐྱེ་བའི་གནས་ཉོན་ཡིད་མེད་ཅིང་གཞན་ཡང་མེད་པའི་ཕྱིར་རོ། །དེའང་དྲུག་ པོ་འདས་མ་ཐག་པའི་ཡིད་ནི་རྫས་སུ་མེད་ཅིང་ཡིད་ཤེས་དང་དུས་མི་མཉམ་པ་དེ་ལྷན་ཅིག་ འབྱུང་བའི་གནས་སུ་མི་རུང་བའི་ཕྱིར་དང་། ཀུན་གཞིའང་རྒྱུའི་རྐྱེན་ཡིན་གྱི་བདག་རྐྱེན་མ་ཡིན་ པའི་ཕྱིར་རོ། །དེས་ན་ཡིད་ཤེས་ཀྱི་བདག་རྐྱེན་དུ་གྱུར་བའི་ཉོན་ཡིད་ནི་ཡོད་པ་ཉིད་དོ་ཞེས་ པ(འོ་ན་ཡིད་ཤེས་ཟག་མེད་དང་དགྲ་བཅོམ་སོགས་ཀྱི་ཡིད་ཤེས་ཀྱིས་མ་ངེས་སོ་ཞེ་ན། མིང་ཙམ་ཡོད་ཀྱི་དོན་ཇི་ལྟ་བ་བཞིན་ མེད་ཅེས་བཤད་ལ། སའི་སྟོད་འགྲེལ་ལས་ཟག་བཅས་ཀྱི་དབང་དུ་བྱས་ཞེས་འདོད་ལ། དོན་གསང་མཁན་ནི། ཐེག་ཆུང་ལ་མ་ བསྒྲིབས་ལུང་མ་བསྟན། ཐེག་ཆེན་ལ་ཟག་མེད་དུ་གནས་གྱུར་ནས་ཡོད་ཅེས་འདོད་དེ་བརྟག་པའི་གནས་སོ། །)འོ། ། གསུམ་པ་ནི། ཉོན་ཡིད་མེད་ན་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་གཉིས་ བྱེ་བྲག་མེད་པར་ཐལ་བར་འགྱུར་ཏེ། ཚོགས་དྲུག་བཀག་ཙམ་དུ་མཚུངས་པའི་ཕྱིར་རོ། །ས་ དང་ཡིད་ལ་བྱེད་པ་ལ་སོགས་པའི་ཁྱད་པར་ཡོད་ཀྱང་ངོ་བོ་ལ་ཁྱད་པར་མེད་ན་ནི། འདུ་ཤེས་ དང་ཚོར་བ་ཞི་མ་ཞིའི་བྱེ་བྲག་མེད་པར་ཐལ་བ་ལས། འགོག་པ་ནི་ཉོན་ཡིད་བཀག་སྟེ་ངར་ འཛིན་ཞི་བས་ཁྱད་པར་དུ་འཕགས་པ་ཡིན་ལ། དེའི་དགག་བྱ་ཉོན་ཡིད་ནི་ཡོད་པར་གྲུབ་བོ་ ཞེས་པའོ། ། བཞི་པ་ནི། ཉོན་ཡིད་མེད་ན་དུས་རྟག་ཏུ་ངར་སེམས་པས་ན་ཡིད་ཅེས་པའི་ངེས་ཚིག་གི་ གཞི་མེད་པར་འགྱུར་ཏེ། རྣམ་ཤེས་གཞན་ལ་དེ་ལྟ་བུ་བཤད་དུ་མི་རུང་བའི་ཕྱིར་རོ། །དེ་ཡི་ 1-1-189 སྒོ་ལྔ་ནི་རྟོག་མེད་ཡིན་ཞིང་། ཡིད་ཤེས་ནི་རེས་འགའ་བ་ཡིན་ལ། ཀུན་གཞི་ནི་མ་བསྒྲིབས་ པ་ཡིན་པས། དེ་རྣམས་ལ་ངར་འཛིན་པ་མེད་པའི་ཕྱིར་རོ། །དེ་བས་ན་(ངར་ཡེ་ཤེས་བདག་ཉིད་ཡིན་ ནོ་ཞེས་སོགས་ཀྱིས་)ངེས་ཚིག་ཡང་དག་ཏུ་གསུངས་པས་དེའི་གཞི་ཉོན་ཡིད་ཡོད་དོ་ཞེས་པའོ། ། ལྔ་པ་ནི། རྟེན་ཉོན་ཡིད་མེད་ན་འདུ་ཤེས་མེད་པའི་སྐྱེ་བའི་རྒྱུན་ལ་ངར་འཛིན་མེད་པར་ ཐལ་བར་འགྱུར་ཞིང་། དེ་ལྟར་ན་ནི་འཕགས་པ་རྣམས་ཀྱིས་མི་ཁོམ་པའི་གནས་སོ་ཞེས་ སྨོད་ཅིང་སྤོང་བར་ཡང་མི་འགྱུར་ལ། འཇུག་ཤེས་དང་བྲལ་བ་ཙམ་གྱིས་སྤངས་ན་ནི་འགོག་ པའང་སྤངས་པར་ཧ་ཅང་ཐལ་བར་འགྱུར་རོ། །དེ་ནི་ཚོགས་དྲུག་བཀག་ཀྱང་ངར་འཛིན་ཡོད་ པའི་ཕྱིར་ཉོན་ཡིད་གྲུབ་པོ་ཞེས་པའོ། ། དྲུག་པ་ནི། ཉོན་ཡིད་མེད་ན་ངར་འཛིན་གྱི་གནས་མ་རིག་པའི་རྟེན་གཞན་མེད་པས། དགེ་བ་ལ་སོགས་པ་ཆོས་གསུམ་ཀའི་གནས་སྐབས་སུའང་ངར་འཛིན་མི་འབྱུང་བར་ཐལ་ ཞིང་། དེ་ལྟར་ན་དགེ་བའང་ཟག་མེད་ཀྱི་དགེ་བ་ཁོ་ནར་འགྱུར་ཏེ། ངར་འཛིན་གྱིས་མ་ བཅིངས་པའི་དགེ་བ་ཡིན་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ། བྱིས་པ་རྣམས་ཀྱི་རྒྱུད་ལ་ང་ དགེ་བ་བྱེད་དོ་ཞེས་པ་ལ་སོགས་པའི་ངར་འཛིན་རྟག་ཏུ་འབྱུང་ལ། དེ་མ་རིག་པ་ལ་བརྟེན་ ཞིང་། དེའང་ཉོན་ཡིད་ལ་བརྟེན་པས་དེ་ནི་ཡོད་པ་ཉིད་དུ་གྲུབ་པོ་ཞེས་པའོ། །(དོན་བསྡུ་བར། གཉིས་མེད་གསུམ་པོ་འགལ་བར་འགྱུར། །དེ་མེད་ན་ནི་ངར་འཛིན་པ་། །ཀུན་ཏུ་ཡོད་པར་མི་འགྱུར་རོ། །ཞེས་ཀྱང་གསུངས་ཏེ། ཉོན་ཡིད་མེད་ན་མ་འདྲེས་པའི་མ་རིག་པ་ལྔ་པོ་དང་འདྲ་བ་གཉིས་མེད་པར་འགྱུར་ཞིང་། དེའི་འོག་མ་གསུམ་པོ་དང་འགལ་བར་ འགྱུར་ལ། ཐ་མ་གཅིག་པུ་ཀུན་ཏུ་ཡོད་པར་མི་འགྱུར་རོ། །ཞེས་པའོ། །) གཞུང་དོན་ལ། ཡིད་གང་ཞེ་ན། ལན་ལ་བཞི་ལས། (དང་པོ།)ངེས་ཚིག་ནི། (མན་ནི་ཡིད་དེ། མ་ནྱ་ཏ་རློམ་སེམས་པ་ཡིན་པས་) ཤེས་པ་གང་ཞིག་དུས་རྟག་ཏུ་རྒྱུན་མི་འཆད་པར་ངའོ་སྙམ་པའི་ང་ རྒྱལ་གྱི་ཁེངས་པ་དང་ལྡན་པས་རློམ་སེམས་ཤིང་། ངར་སེམས་པའི་བདག་ཉིད་ཅན་ཡིན་ 1-1-190 པས་ན་ཡིད་ཅེས་བྱ་སྟེ། འདི་ནི་འཛིན་སྟངས་དང་རྣམ་པའང་གསལ་བར་བསྟན་ཏོ། ། (གཉིས་པ།)དམིགས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་རྒྱུན་བརྟན་པའི་ཆ་ལ་དམིགས་ པ་དང་། (དོན་གསང་དུ།)དེའི་དབང་གིས་བདག་གི་རྣམ་པ་སྐྱེ་བའི་སྒོ་ནས་ཡིད་ཀྱི་རང་མཚན་ལ་ དམིགས་པ་ནི་མ་ཡིན་ནོ། ། (གསུམ་པ།)མཚུངས་ལྡན་ནི། བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཉོན་མོངས་པ་བཞི་པོ་ ཀུན་གཞི་ལ་བདག་ཏུ་ལྟ་བའི་འཇིག་ཚོགས་ལྟ་བ་དང་། དེའི་དབང་གིས་བདག་ལ་དགའ་ བའི་ཆགས་པ་དང་། འཇིག་ཚོགས་སུ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་ངའོ་སྙམ་པའི་ང་ རྒྱལ་དང་། དེ་རྣམས་ཀྱི་རྒྱུ་བདག་ཏུ་རྨོངས་པ་མ་འདྲེས་པའི་མ་རིགས་པ་དང་མཚུངས་པར་ ལྡན་པས་ཉོན་མོངས་པ་ཅན་དུ་གྱུར་པ་སྟེ། སྔར་བཤད་པ་དང་ཀུན་འགྲོ་ལྔ་དང་ཡང་མཚུངས་ པར་ལྡན་པའོ། ། (བཞི་པ།)འཇུག་ལྡོག་ནི། ཉོན་ཡིད་འཁོར་དང་བཅས་པ་དེ་ཡང་འཕགས་པའི་ལམ་ མཉམ་གཞག་མངོན་དུ་གྱུར་པ་ན་མི་འབྱུང་སྟེ། དོན་དམ་བདག་མེད་མངོན་སུམ་ཤེས་པ་དང་། བདག་ལྟ་མངོན་གྱུར་ནི་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །སློབ་པ་ལ་ནི་རྗེས་ཐོབ་ཏུ་ཀུན་ གཞི་ལས་འབྱུང་སྟེ་ས་བོན་རྩ་བ་ནས་མ་སྤངས་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་ པ་ལ་ཞུགས་པ་ན། འདུ་ཤེས་མེད་པའི་སྙོམས་འཇུག་ལས་ཆེས་ཞི་ཞིང་ཁྱད་པར་དུ་འཕགས་ པའི་ཕྱིར་དང་། ཟག་མེད་ཀྱི་སྟོབས་ཀྱིས་ཞུགས་པའི་ཕྱིར་མངོན་གྱུར་མི་འབྱུང་ལ། ལངས་ པའི་རྗེས་ཐོབ་ཏུ་སྔ་མ་ལྟར་འབྱུང་ངོ་། །མི་སློབ་པའི་ས་ཐོབ་ཕྱིན་ཆད་གཏན་ནས་མི་འབྱུང་ སྟེ། རྡོ་རྗེ་ལྟ་བུའི་(དུས་ལ། ཇི་ལྟར་སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་སྒོམ་པས་སྤང་བར་བྱ་བ་རྣམས་པ་དགུ་པོ་དགྲ་ བཅོམ་པ་ཉིད་ཐོབ་པ་ན་བར་ཆད་མེད་པའི་ལམ་རྡོ་རྗེ་ལྟ་བུ་ཞེས་བྱ་བས་སྤོང་བ་དེ་བཞིན་དུ། ཉོན་མོངས་པ་ཅན་གྱི་ཡིད་དེ་འང་ བར་ཆད་མེད་པའི་ལམ་དེ་ཉིད་ཀྱིས་ཐམས་ཅད་ནས་ཐམས་ཅད་དུ་སྤོང་ངོ་། །བསྡུ་བར། མི་སློབ་པ་ལ་ནི་རྣམ་པ་ཐམས་ཅད་ཀུན་ 1-1-191 ཏུ་མི་འབྱུང་ངོ་། །དེ་དག་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཁོ་ནར་ཅིག་ཅར་སྤོང་ བར་རིགས་པར་བྱའི། འདི་ལྟ་སྟེ། དཔེར་ན་དེ་ལས་གཞན་པའི་ཉོན་མོངས་པ་དག་ལྟར་རིམ་གྱིས་མིན་ནོ། །)ཏིང་ངེ་འཛིན་ གྱིས་ས་བོན་མ་ལུས་པ་ཅིག་ཅར་དུ་སྤངས་པའི་ཕྱིར་རོ། །ལྡོག་པའི་གནས་སྐབས་གསུམ་མ་ གཏོགས་པར་ང་སྦྱིན་པ་གཏོང་ངོ་ཞེས་པ་ལ་སོགས་པའི་དགེ་བ་དང་། ང་གནོད་པ་བྱེད་དོ་ ཞེས་པ་ལ་སོགས་པའི་མི་དགེ་བ་དང་། ང་བཟོ་གནས་བྱེད་དོ་ཞེས་པ་ལ་སོགས་པའི་ལུང་དུ་ མ་བསྟན་པའི་གནས་སྐབས་ཐམས་ཅད་དུ་ཀུན་ཏུ་འགྲོ་བ་དང་འཇུག་པའོ། །དེ་དག་གི་དོན་ བསྡུ་བ་ནི། སུམ་བཅུ་པར། དེ་ལ་གནས་ཏེ་རབ་བྱུང་ཞིང་། །དེ་ལ་དམིགས་པས་ཡིད་ཅེས་བྱ། ། རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཉོན་མོངས་བཞི་ དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ ཤེས་པ། །གང་དུ་སྐྱེས་པ་(ཉོན་མོངས་པ་དེ་དག་ནི་གང་དུ་ལུས་སྐྱེས་པར་གྱུར་པའི་ས་དེ་པ་ཉིད་དེ། འདོད་ཆགས་དང་ བྲལ་བ་ལའང་དེ་དག་ཉིད་ཀུན་ཏུ་འབྱུང་བར་རིག་པར་བྱའོ། །)དེ་ནའོ་གཞན། རེག་སོགས་ཀྱང་དེ་དགྲ་བཅོམ་ མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ་ནའང་མེད། ། འདི་ནི་གྱུར་པ་གཉིས་པའོ། །ཞེས་སོ། ། (གཉིས་པ།)ཞར་ལས་བྱུང་བ་ནི། གང་ཞིག་ཉོན་ཡིད་མ་ཡིན་ཡང་ཡིད་ཅེས་རྣམ་གྲངས་སུ་ བསྟན་པ་ལ་ཀུན་རྫོབ་སྡེ་པ་ལ་གྲགས་པའང་ཡོད་དེ། མིག་ཤེས་ལ་སོགས་པ་རྣམ་པར་ཤེས་ པ་དྲུག་པོ་གང་ཡང་རུང་བ་དག་འགགས་མ་ཐག་ཡིད་ཤེས་སྐྱེ་བ་དེའི་ཚེ་གང་དང་གང་རང་ རང་གི་འབྲས་བུ་ཡིད་ཤེས་ཀྱི་སྔ་རོལ་དུ་འགགས་པའི་རྣམ་པར་ཤེས་པ་དེ་དང་དེ་ནི། དེ་མ་ ཐག་ཏུ་ཡིད་ཤེས་འབྱུང་བའི་རྟེན་བྱེད་པས་ན་ཡིད་ཅེས་བྱའོ། །མདོར་ན་(དྲུག་པོ་འདས་མ་ཐག་པ་ ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་སྔར་དྲངས་པ་ལྟར།)རྣམ་ཤེས་དྲུག་ཀའི་སྐད་ཅིག་སྔ་མ་རྣམས་ནི། རང་རང་གི་སྐད་ཅིག་ཕྱི་མའི་དེ་མ་ཐག་རྐྱེན་ནམ། རྟེན་བྱེད་པའི་ཆ་ལ་ཡིད་ཅེས་བཏགས་པ་ 1-1-192 ཡིན་གྱི། (ཚོགས་དྲུག་ལས་)རྫས་ལོགས་སུ་གྲུབ་པ་ནི་མེད་དེ། ཐེག་བསྡུས་སུའང་། (ས་མ་ནནྟ་རཾ་) དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར། རྣམ་པར་ཤེས་པ་འགགས་མ་ཐག་ པའི་ཡིད་རྣམ་པར་ཤེས་པ་སྐྱེ་པའི་གནས་དང་ཞེས་གསུངས་པ་ལྟར་རོ། ། རྣམ་ཤེས་དྲུག་ལ། སྤྱི་དོན་ནི། ཡིད་ཀྱི་སར། (དང་པོ།)ངོ་བོ་ཉིད་དང་གནས་དང་ནི། ། དམིགས་པ་དག་དང་གྲོགས་རྣམས་དང་། །ལས་ཏེ་སྒོ་ནི་ལྔ་པོ་ཡིས། །སེམས་ནི་ཡུལ་ལ་ འཇུག་པར་བྱེད། །ཅེས་པ་ལྟར་ལྔ་དང་། འབྱུང་ཚུལ་ཏེ་དྲུག་ལས། (དང་པོ།)ངོ་བོ་ཉིད་དམ་ སྤྱིའི་མཚན་ཉིད་ནི། ཡུལ་སྣ་ཚོགས་རྣམ་པར་རིག་ཅིང་རྒྱུན་མི་བརྟན་པར་གྱུར་པ་སྟེ། སོ་ སོའི་མཚན་ཉིད་ནི་གཞུང་དུ་འཆད་ལ། རང་རང་གི་ངོ་བོ་ལུང་མ་བསྟན་ཡིན་ཡང་གྲོགས་ཀྱི་ དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་སྐྱེ་རུང་ངོ་། ། (གཉིས་པ།)གནས་ནི། ཐམས་ཅད་ཀྱིའང་ས་བོན་གྱི་གནས་ཀུན་གཞིའི་རྣམ་པར་ཤེས་པ་ དང་། དེ་མ་ཐག་པའི་གནས་འགགས་མ་ཐག་པའི་ཡིད་དང་། སྒོ་ལྔའི་ལྷན་ཅིག་འབྱུང་བའི་ གནས་རང་རང་གི་དབང་པོ་དང་། ཡིད་ཤེས་ཀྱི་ལྷན་ཅིག་འབྱུང་བའི་གནས་(ཉན་ཐོས་པ་མི་ འདོད་ཀྱང་ཐེག་ཆེན་པས་སྔར་བཤད་པ་ལྟར་)ཉོན་ཡིད་དང་། (ཚོགས་དྲུག་)དགེ་མི་དགེར་བྱེད་པའི་གནས་ འཁོར་སེམས་ལས་བྱུང་བ་(དད་སོགས་)རྣམས་དང་། (ཐམས་ཅད་ཟག་བཅས་སུ་བྱེད་པས་)མཚན་མ་ལ་ འཆིང་བའི་གནས་ནི་ཉོན་ཡིད་དོ། ། (གསུམ་པ།)དམིགས་པ་ནི། གཟུགས་ལ་སོགས་པ་ཡུལ་དྲུག་གོ། (བཞི་པ།)གྲོགས་ནི། ཀུན་ འགྲོ་ལྔ་ལ་སོགས་པའི་སེམས་བྱུང་རྣམས་ཏེ། གང་གི་གྲོགས་སུ་གང་འབྱུང་བ་ནི་བཤད་ཟིན་ ཏོ། ། (ལྔ་པ།)བྱེད་ལས་ནི། ཐམས་ཅད་ཀྱིས་རང་རང་གི་ཡུལ་འཛིན་པར་བྱེད་ལ། སྒོ་ལྔས་དགེ་ བ་དང་ཉོན་མོངས་པ་ཅན་གྱི་རྗེས་སུ་འཇུག་པ་དང་། ལས་ཀུན་ནས་སློང་བའི་རྗེས་སུ་འཇུག་ 1-1-193 ཅིང་། སྡུག་མི་སྡུག་གི་རྗེས་སུ་འཇུག་པར་བྱེད་དོ། །ཡིད་ཤེས་ཀྱིས་དགེ་མི་དགེའི་ཆོས་དང་། ལས་ལ་འཇུག་པར་བྱེད་ཅིང་། རྣམ་ཤེས་གཞན་གྱིས་སྡུག་མི་སྡུག་གི་འབྲས་བུ་ཡོངས་སུ་ འཛིན་པར་བྱེད་ལ། ཁྱད་པར་ཡིད་ཀྱི་སར། དམིགས་པ་ལ་རྣམ་པར་རྟོག་པ་དང་། དམིགས་ པ་ལ་ཉེ་བར་སེམས་པ་དང་། ར་རོ་བར་བྱེད་པ་དང་། སྨྱོ་བར་བྱེད་པ་དང་། གཉིད་ལོག་པར་ བྱེད་པ་དང་། སད་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། བརྒྱལ་བ་ལས་ལངས་བར་ བྱེད་པ་དང་། ལུས་དང་ངག་གི་ལས་འཇུག་པར་བྱེད་པ་དང་། འདོད་ཆགས་དང་བྲལ་བར་ བྱེད་པ་དང་། ཆགས་བྲལ་ལས་ཡོངས་སུ་ཉམས་པ་དང་། དགེ་བའི་རྩ་བ་རྣམས་རྒྱུན་ཆད་པ་ དང་། དགེ་བའི་རྩ་བ་རྣམས་མཚམས་སྦྱོར་བ་དང་། འཆི་འཕོ་དང་སྐྱེ་བ (གཉིས་ཀྱི་རྐྱེན་ཡང་ བྱེད་པ)འོ། །ཞེས་གསུངས་པ་རྣམས་བྱེད་དོ། ། (དྲུག་པ།)འབྱུང་ཚུལ་ནི། (སུམ་ཅུ་པའི་འགྲེལ་པར།)མདོ་སྡེ་པ་(རྣམ་པར་ཤེས་པའི་ཚོགས་ལྔའི་སྐད་ཅིག་ གཉིས་ལྷན་ཅིག་ཏུ་འབྱུང་བའང་མེད་ལ། ཕན་ཚུན་གྱི་མཇུག་ཐོག་ཏུ་ཕན་ཚུན་འབྱུང་བར་མ་ངེས་སོ། །སྐད་ཅིག་ལ་འབྱུང་བའི་ རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་གི་མཇུག་ཐོག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་ངེས་པར་འབྱུང་བར་འགྱུར་རོ། །ཞེས་པ་ཡིད་ ཀྱིས་ལས་སོ། །)ལ་སོགས་པ་དེ་མ་ཐག་རྐྱེན་མང་པོ་མེད་ཅིང་། ཤེས་པ་གཅིག་གིས་མང་པོའི་དེ་ མ་ཐག་རྐྱེན་བྱེད་མི་ནུས་པས་ཤེས་པ་རེ་རེ་ཁོ་ན་སྐྱེ་བར་འདོད་མོད། འདིར་ནི་ཤེས་པའི་ དམིགས་རྐྱེན་སོ་སོར་ངེས་པ་ལྟར་དེ་མ་ཐག་རྐྱེན་སོ་སོར་ངེས་མི་དགོས་ཀྱི། དེ་མ་ཐག་རྐྱེན་ གཅིག་ལས་ཀྱང་ཤེས་པ་དུ་མ་འབྱུང་བས། ཀུན་གཞི་དང་ལྷན་ཅིག་ཆུ་ལས་རླབས་བཞིན་དུ་ རྐྱེན་ཇི་ལྟ་བར་རྣམ་ཤེས་གཅིག་ནས་མང་པོའི་བར་དུ་འབྱུང་བ་ཉིད་དེ། སུམ་ཅུ་པར། (དབང་ ཤེས་)ལྔ་རྣམས་རྩ་བ (ཀུན་གཞི)འི་རྣམ་ཤེས་ལ། །ཇི་ལྟའི་རྐྱེན་ལས་བྱུང་བ་ནི། །རྣམ་ཤེས་ལྷན་ ཅིག་གམ་མ་ཡིན(པ་མང་པོ་འབྱུང་སྟེ)། །ཆུ་ལ་རླབས་རྣམས་ཇི་བཞིན་(བློ་གྲོས་ཡངས་པ་དཔེར་ན་ཆུ་བོའི་ རྒྱུན་འབབ་པ་ལ། གལ་ཏེ་རླབས་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་པ་ན་རླབས་གཅིག་འབྱུང་ངོ་། །གལ་ཏེ་གཉིས་ 1-1-194 སམ་གསུམ་མམ་རླབས་མང་པོ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་པ་ན་ཡང་རླབས་མང་པོ་འབྱུང་སྟེ་ཆུ་བོའི་ཆུ་དེའི་རྒྱུན་ ཆད་པར་མི་འགྱུར་ལ་ཡོངས་སུ་ཟད་པར་ཡང་མི་མངོན་པ། དེ་བཞིན་དུ་བློ་གྲོས་ཡངས་པ། ཆུ་བོ་དེའི་གནས་ལྟ་བུའི་ཀུན་གཞིའི་ རྣམ་པར་ཤེས་པ་ལ་ཀུན་ཏུ་བརྟེན་ཅིང་རབ་ཏུ་གནས་ནས། གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་པུ་འབྱུང་བའི་རྐྱེན་ཉེ་བར་ གནས་པར་གྱུར་ན་མིག་གི་རྣམ་ཤེས་གཅིག་པུ་འབྱུང་ངོ་། །གལ་ཏེ་རྣམ་ཤེས་གཉིས་སམ་གསུམ་མམ་ལྔ་འབྱུང་བའི་རྐྱེན་ཉེ་བར་ གནས་པར་གྱུར་ན་ཡང་གཉིས་སམ་གསུམ་མམ་ལྔའི་བར་དུ་འབྱུང་བར་འགྱུར་རོ། །ཞེས་མདོ་སྡེ་དགོངས་འགྲེལ་ལས་སོ། །) ནོ། །ཞེས་པ་ལྟར་རོ། །ཁྱད་པར་ཡིད་ཤེས་ནི་སེམས་མེད་པའི་གནས་སྐབས་ལྔ་མ་གཏོགས་ པ་ཐམས་ཅད་དུ་རྒྱུན་མི་འཆད་པར་འབྱུང་བ་ཡིན་ཏེ། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ ཏུ་འོ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་ བརྒྱལ་(བ་དང་ལྔ་)མ་གཏོགས། །ཞེས་པ་ལྟར་རོ། ། གཞུང་དོན་ལ། རྣམ་པར་ཤེས་པ་གང་ཞེ་ན། ལན་ལ་མདོར་བསྟན་ནི། འཇུག་པའི་རྣམ་ པར་ཤེས་པའི་མཚན་ཉིད་ཅན་དུ་མ་འདུས་པས་ན་ཚོགས་ཀྱང་ཡིན་ལ་གནས་སམ་རྟེན་གྱི་ སྒོ་ནས་རྣམ་པ་དྲུག་སྟེ། དེའང་མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའོ། ། རྒྱས་བཤད་ལ། མིག་གི་རྣམ་པར་ཤེས་པ་གང་ཞེ་ན། བདག་རྐྱེན་མིག་གི་དབང་པོ་ལ་ དངོས་སུ་བརྟེན་ཅིང་ཞེས་པས་རྣམ་ཤེས་གཞན་སེལ་ལ། དམིགས་རྐྱེན་གཟུགས་ཀྱི་ངོ་བོ་ ལ་དམིགས་ནས་ཞེས་པས་མཚུངས་ལྡན་གྱི་སེམས་བྱུང་སེལ་ཞིང་། (ཐ་མལ་པའི་འཇུག་ཤེས་ལུས་ ཡོངས་སུ་ཆད་པ་མེད་པས།) ངོ་བོ་ཉིད་ནི་རང་གི་ཡུལ་གཞན་དང་མ་འདྲེས་པར་སོ་སོར་རྣམ་པར་ རིག་པའོ། །ཞེས་པ་སྟེ་རྣམ་པར་རིག་པ་ནི་འཛིན་པ་དང་རྟོགས་པ་དང་ཁོང་དུ་ཆུད་པའི་དོན་ ཏོ། །དེ་བཞིན་དུ་སྦྱར་ཏེ། རྣ་བའི་རྣམ་པར་ཤེས་པ་གང་ཞེ་ན། བདག་རྐྱེན་རྣ་བའི་དབང་པོ་ ལ་བརྟེན་ཅིང་། དམིགས་རྐྱེན་སྒྲའི་ངོ་བོ་ལ་དམིགས་ནས་ངོ་བོ་ཉིད་ནི་རང་གི་ཡུལ་སོ་སོར་ 1-1-195 རྣམ་པར་རིག་པའོ། །སྣའི་རྣམ་པར་ཤེས་པ་གང་ཞེ་ན། བདག་རྐྱེན་སྣའི་དབང་པོ་ལ་བརྟེན་ ཅིང་། དམིགས་རྐྱེན་དྲིའི་དབང་པོ་ལ་དམིགས་ནས། ངོ་བོ་ཉིད་ནི་རང་གི་ཡུལ་སོ་སོར་རྣམ་ པར་རིག་པའོ། །ལྕེའི་རྣམ་པར་ཤེས་པ་གང་ཞེ་ན། བདག་རྐྱེན་ལྕེའི་དབང་པོ་ལ་བརྟེན་ཅིང་། དམིགས་རྐྱེན་རོའི་ངོ་བོ་ལ་དམིགས་ནས། ངོ་བོ་ཉིད་ནི་རང་གི་ཡུལ་སོ་སོར་རྣམ་པར་རིག་ པའོ། །ལུས་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། བདག་རྐྱེན་ལུས་ཀྱི་དབང་པོ་ལ་བརྟེན་ཅིང་། དམིགས་རྐྱེན་རེག་བྱའི་ངོ་བོ་ལ་དམིགས་ནས། ངོ་བོ་ཉིད་ནི་རང་གི་ཡུལ་སོ་སོར་རྣམ་པར་ རིག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། བདག་རྐྱེན་ཡིད་ཀྱི་དབང་པོ་ཉོན་ཡིད་ལ་ བརྟེན་ཅིང་། དམིགས་རྐྱེན་ཤེས་བྱའི་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་དམིགས་ནས། ངོ་བོ་ཉིད་ ནི་རང་གི་ཡུལ་གཞན་དང་མ་འདྲེས་པར་སོ་སོར་རྣམ་པར་རིག་པའོ། ། གཉིས་པ། ཁམས་ཀྱི་རྣམ་པར་གཞག་པ་གང་ཞེ་ན། ངོ་བོའམ་མཚན་ཉིད་ནི་ཕལ་ཆེར་ ཕུང་པོའི་སྐབས་སུ་བཤད་ཟིན་པ་རྣམས་ཏེ། དེ་བས་ན་ཕུང་པོ་ལས་དམིགས་ཀྱིས་བཏོན་ ནས་ཁམས་ཀྱི་རྣམ་གཞག་དང་། ཁམས་ལས་དམིགས་ཀྱིས་བཏོན་ནས་སྐྱེ་མཆེད་ཀྱི་རྣམ་ གཞག་ཙམ་འཆད་པར་འགྱུར་རོ། །དེ་ལ་གསུམ་སྟེ། ཕུང་པོ་གང་ལ་ཁམས་གང་རྣམ་པར་ འཇོག་ཚུལ། ཕུང་པོས་མ་བསྡུས་པ་འདུས་མ་བྱས་བཤད་པ། ཆོས་ཀྱི་ཁམས་ཉིད་ཁྱད་པར་ དུ་ངོས་བཟུང་བའོ། ། དང་པོ་ལ། (གསུམ་ལས་དང་པོ།)གཟུགས་ཀྱིས་བསྡུས་པ་ནི། ཕུང་པོའི་སྐབས་སུ་གཟུགས་ ཀྱི་ཕུང་པོ་ཞེས་གཅིག་ཏུ་བསྟན་པ་གང་ཡིན་པ་དེ་ནི། ཁམས་ཀྱི་སྐབས་སུ་གཟུགས་ཅན་གྱི་ ཁམས་བཅུ་ཞེས་བྱ་སྟེ། དེའང་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། རྣ་བའི་ཁམས་ དང་། སྒྲའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་ དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ཞེས་པ་དབང་པོ་གཟུགས་ཅན་ལྔ་དང་། 1-1-196 ཡུལ་གཟུགས་ཅན་ལྔ་ཡིན་ལ། དེར་མ་ཟད་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་བསྡུས་པ་ལས་ གྱུར་པ་ལ་སོགས་པའི་གཟུགས་ལྔ་པོ་རྣམས་ཀྱང་གཟུགས་ཀྱི་ཕུང་པོར་འདུས་པ་ཡིན་ནོ། ། གཉིས་པ། (གཉིས་པ།)ཆོས་ཀྱིས་བསྡུས་བ་ནི། ཕུང་པོའི་སྐབས་སུ་ཚོར་བའི་ཕུང་པོ་དང་། འདུ་ཤེས་ ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་ཞེས་གསུམ་དུ་བསྟན་པ་གང་ཡིན་པ་དེ་ནི་ཡིད་ཁོ་ ནའི་ཡུལ་ཡིན་པའི་ཕྱིར། ཁམས་ཀྱི་སྐབས་སུ་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཏུ་འཇོག་གོ། (གསུམ་པ།)སེམས་ཀྱིས་བསྡུས་པ་ནི། ཕུང་པོའི་སྐབས་སུ་རྣམ་པར་ཤེས་པའི་ཕུང་པོ་ཞེས་ གཅིག་ཏུ་བསྟན་པ་གང་ཡིན་པ་དེ་ནི་ཁམས་ཀྱི་སྐབས་སུ་རྣམ་པར་ཤེས་པའི་ཁམས་བདུན་ ཞེས་བྱ་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཞེས་པ་ཚོགས་དྲུག་དང་། བདུན་པ་ཡིད་ཀྱི་ཁམས་ དེའང་ཉན་ཐོས་པའི་ལུགས་ཀྱིས་དྲུག་པོ་འགགས་མ་ཐག་པ་ནི་ཚོགས་དྲུག་པོ་ལས་གུད་ན་ མེད་ཀྱང་ཡིད་ཤེས་ཀྱི་གནས་བསྟན་པའི་ཕྱིར་ཡིད་ཀྱི་ཁམས་སུ་བཞག་ཅིང་། (ཡེ་ཤེས་བཤེས་ གཉེན་)ཐེག་ཆེན་པའི་ལུགས་ཀྱིས་ཡིད་ཀྱི་ཁམས་ནི་ཉོན་ཡིད་ཡིན་ལ། ཀུན་གཞིའང་བདུན་ ཀའི་ས་བོན་ཡིན་པས་དེ་རྣམས་ཀྱི་ཤུགས་ལ་བསྟན་པའོ། །གཉིས་པ་ལ། ཁམས་བཅོ་བརྒྱད་ པོ་རྣམས་ཀྱི་ནང་ནས་ཕུང་པོ་ལྔ་རྣམས་ཀྱིས་ཅི་ཞིག་མ་བསྡུས་ཞེ་ན། ལན་ལ། མདོར་བསྟན་ནི། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་འདུས་མ་བྱས་ནི་ཕུང་ པོས་མ་བསྡུས་ཏེ། དེ་ནི་འདས་པ་ལ་སོགས་པ་གཅིག་ཏུ་བསྡུས་ནས་སྤུངས་པའི་དོན་ཅན་མ་ ཡིན་པའོ། །དེ་ལ་འདུས་མ་བྱས་ཀྱི་མཚན་ཉིད་ནི་། ཆོས་གང་ཞིག་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་ ཞེས་པ་ཡིན་ལ། དངོས་པོ་ནི། (འདུས་བྱས་མ་ཡིན་གྱི་)གཞིའམ་ངོ་བོ་ཉིད་ཡིན་ཞིང་། དབྱེ་བ་ནི། མཛོད་ལས། འདུས་མ་བྱས་ནི་གསུམ་ཡང་སྟེ། ནམ་མཁའ་དང་ནི་འགོག་རྣམ་གཉིས། །ཞེས་ 1-1-197 ཀྱང་གསུངས་ལ། ཕུང་པོ་ལྔ་པར་དེ་བཞིན་ཉིད་དང་བཞིར་ཡང་བཤད་ཅིང་། (གནས་མཚུངས་) ཁ་ཅིག་མྱ་ངན་ལས་འདས་པ་གཅིག་པུར་ཡང་འདོད་མོད། འདིར་ནི་རྣམ་པ་བརྒྱད་ཡིན་ཏེ། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་དུ་ཆོས་མི་དགེ་བ་རྣམས་ཀྱི་དེ་བཞིན་ ཉིད་དང་། ལུང་དུ་མ་བསྟན་པ་རྣམས་ཀྱི་དེ་བཞིན་ཉིད་གསུམ་ནི་ཆོས་ཉིད་ལ་ཁྱད་པར་མེད་ ཀྱང་ཆོས་ཅན་རྟེན་ཐ་དད་པས་ཕྱེ་བ་དང་། དེ་བཞིན་དུ་ནམ་མཁའ་དང་། གཉེན་པོས་སོ་ སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། གཉེན་པོས་སོ་སོར་བརྟགས་པའི་སྒོ་ནས་ཉོན་ མོངས་པ་འགོག་པ་དང་། ཉོན་མོངས་པ་གནས་གྱུར་པའི་ཚོར་བ་ལ་སོགས་པས་མི་གཡོ་བ་ དང་། འགྱུར་བྱེད་མ་ཡིན་ཡང་མ་ཞི་བར་བྱེད་པ་འདུ་ཤེས་དང་ཚོར་བ་འགོག་པའོ། ། རྒྱས་བཤད་ལ། (བརྒྱད་ལས།) དེ་བཞིན་ཉིད་གསུམ་གྱི་དང་པོ་ལ་རྒྱས་བར་བཤད་པ་ནི། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཞེ་ན། (གསུམ་ལས་དང་པོ།)ངོ་བོ་ནི། ཆོས་ཅན་དགེ་བ་ ལ་ཡོད་པའི་ཆོས་ཉིད་དེ། རྟག་གཅིག་རང་དབང་ཅན་ལ་སོགས་པའི་བདག་གོ་ཞེས་གཟུང་ བ་གང་ཟག་གི་བདག་གིས་ཀྱང་སྟོང་ཞིང་། གཟུང་བ་དང་འཛིན་པའི་ཆོས་སུ་བརྟགས་པ་ ཆོས་ཀྱི་བདག་གིས་ཀྱང་སྟོང་པས་བདག་མེད་པ་རྣམ་པ་གཉིས་ཀྱི་ངོ་བོ་ཉིད་དུ་གྱུར་པ་དང་ ཞེས་པ་སྟེ། རྒྱན་ལས། འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན། ། སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་པ་ཁོ་ན་ཡིན། །ཞེས་པ་ལྟར་རོ། ། (གཉིས་པ།)རྣམ་གྲངས་ནི། དེ་ཉིད་ལ་མིང་གི་ཁྱད་པར་སྟོང་པ་ཉིད་དང་། མཚན་མ་མེད་ པ་དང་། ཡང་དག་པའི་མཐའ་དང་། དོན་དམ་པ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ ཉིད་དེ་ཡིན་ནོ་ཞེས་པའོ། ། (གསུམ་པ།)ངེས་ཚིག་ནི། རྒྱུ་མཚན་ཅིའི་ཕྱིར་དེ་བཞིན་ཉིད་བདག་གཉིས་ཀྱིས་སྟོང་པ་དེ་ ལ་དེ་བཞིན་ཉིད་ཅེས་མིང་དུ་བྱ་ཞེ་ན། ཡུམ་ལས། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་ 1-1-198 མ་བྱོན་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་བའོ། །ཞེས་པ་ལྟར་བདག་གཉིས་ ཀྱིས་སྟོང་པའི་ཆོས་ཉིད་དེ་བཞིན་ཉིད་དེ་ནམ་ཡང་གཞན་དུ་མི་འགྱུར་ཞིང་རྟག་ཏུ་ལྷུན་གྱིས་ གྲུབ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །རྒྱུད་བླ་མར་ཡང་། ཉེས་པ་གློ་བུར་དང་ལྡན་དང་། ཡོན་ ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ ཉིད་དོ། །ཞེས་གསུངས་སོ། །ཅིའི་ཕྱིར་སྟོང་པ་ཉིད་ཅེས་བྱ་ཞེ་ན། དེ་ནི་རང་བཞིན་དག་ཕྱིར་ དང་། །བག་ཆགས་སྤངས་ཕྱིར་གཙང་བ་ཉིད། །ཅེས་པ་ལྟར་ཆོས་ཉིད་རང་བཞིན་གྱིས་དག་ པ་དེ་ལ་དམིགས་ཏེ་བསྒོམས་ན་ཀུན་ནས་ཉོན་མོངས་པ་བག་ཆགས་དང་བཅས་པ་མི་རྒྱུ་ཞིང་ སྟོང་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། ། དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། །ཅེས་པ་ལྟར། (འགྲེལ་པར།)གང་གི་ཚེ་ཀུན་ནས་ཉོན་མོངས་ཅན་ཞེས་བརྗོད་པ་དེ་བཞིན་ཉིད་དྲི་མ་དང་བཅས་ པའི་གནས་སྐབས་ན་ཡང་ཉོན་མོངས་པ་རྣམས་ནི་དཔྱད་ན་མ་གྲུབ་པས་སྤང་རུང་གློ་བུར་བ་ ཡིན་གྱི། སེམས་ཀྱི་ཆོས་ཉིད་ལ་ཞུགས་པ་མ་ཡིན་ཏེ། (ཆོས་དབྱིངས་བསྟོད་པར།)ཆོས་ཀྱི་དབྱིངས་ ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མིན། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། ། ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་པ་ལྟར་(འགྲེལ་པར།)ཆོས་རྣམས་ཀྱི་ཆོས་ཉིད་ནི། རང་ བཞིན་གྱིས་འོད་གསལ་བ་འགྱུར་བ་མེད་པ་ཉིད་དོ། །ཡང་ཆོས་ཉིད་རང་བཞིན་གྱིས་འོད་ གསལ་བ་སྟེ། ཀུན་ནས་ཉོན་མོངས་པ་གློ་བུར་གྱི་དྲི་མ་གཉིས་སྣང་བག་ཆགས་དང་བཅས་པ་ རྣམ་པ་ཐམས་ཅད་དུ་སྟོང་པའི་ཕྱིར་སྟོང་པ་ཉིད་ཅེས་བྱ་སྟེ། (དབུས་མཐར།)གཉིས་དངོས་མེད་ པའི་དངོས་ཡོད་པ། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་པ་ལྟར་རོ། །ཅིའི་ཕྱིར་མཚན་ མ་མེད་པ་ཞེས་བྱ་ཞེ་ན། (རྒྱུད་བླར།)བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་ པའི་བདག །ཅེས་པ་ལྟར་གཟུགས་ནས་བྱང་ཆུབ་ཀྱི་བར་གྱི་ཡོད་མེད་རྟག་ཆད་ལ་སོགས་ 1-1-199 སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །ཅིའི་ཕྱིར་ཡང་དག་པའི་མཐའ་ཞེས་ བྱ་ཞེ་ན། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཞེས་པ་ལྟར་ ཕྱིན་ཅི་ལོག་གློ་བུར་གྱི་དྲི་མ་མཐའ་དག་མེད་པས་ཡང་དག་པ་ཡིན་ལ། དེ་ཉིད་རྣམ་པར་མི་ རྟོག་པའི་ཡེ་ཤེས་ཀྱི་དམིགས་ཡུལ་དུ་སྣང་བའང་ཡིན་ཞིང་། བདག་མེད་ལས་ཕ་རོལ་ན་དེ་ ཁོ་ན་ཉིད་བཙལ་དུ་མེད་པས་མཐའ་མ་མུར་ཐུག་པ་ཡང་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དོན་ དམ་པ་ཞེས་བྱ་ཞེ་ན། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། མཉམ་པར་བཞག་ པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་པ་ལྟར་སངས་རྒྱས་ལ་སོགས་པ་འཕགས་པ་རྣམས་ ཀྱིས་མཉམ་པར་བཞག་པའི་ཡེ་ཤེས་ནི་དམ་པའམ་མཆོག་ཏུ་གྱུར་པ་ཡིན་ལ། དེའི་སྤྱོད་ཡུལ་ ལམ། གཟུང་བར་བྱ་བའི་དོན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། (རྒྱན་ལས།)དེ་བཞིན་ཉིད་ནི་ཐམས་ཅད་ནས། །བསྒོམས་པ་ལས་ནི་ཡང་དག་བྱུང་། །ཞེས་པ་ ལྟར་དེ་བཞིན་ཉིད་ལ་དམིགས་ནས་གང་ཟག་གི་བདག་མེད་རྟོགས་ཏེ་བསྒོམས་ན་ཉན་ཐོས་ ཀྱི་ཆོས་ཐམས་ཅད་དང་། (གང་ཟག་དང་ཆོས་ཀྱི་ཕྱེད་གཟུང་བ་སྟེ།)བདག་ཕྱེད་དང་གཉིས་ཀྱིས་སྟོང་པར་ རྟོགས་ཏེ་བསྒོམས་ན་རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། བདག་མཐའ་དག་གིས་སྟོང་ པར་རྟོགས་ཏེ་བསྒོམས་ན་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་བའི་གནས་ སམ་རྒྱུ་ཡིན་པའི་ཕྱིར་རོ། །དེའང་ཆོས་ནི་སྤངས་རྟོགས་ཡོན་ཏན་གྱི་ཆོས་ཐམས་ཅད་ཡིན་ ལ། དབྱིངས་ནི་དེ་རྣམས་འབྱུང་བའི་རྒྱུའི་དོན་ཏོ། །ཆོས་གཉིས་ལ་མཚུངས་པར་སྦྱར་བ་ནི། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་དོན་གསུམ་གྱིས་བཤད་པ་ཇི་ལྟ་བ་བཞིན་དུ། ཆོས་ཅན་ མི་དགེ་བ་རྣམས་དང་། ལུང་དུ་མ་བསྟན་པ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱང་ངོ་བོ་དང་ རྣམ་གྲངས་དང་ངེས་ཚིག་གསུམ་དེ་བཞིན་དུ་བལྟ་ཞིང་བཤད་པར་བྱའོ། །དབུས་མཐར་ཡང་། སྟོང་པ་ཉིད་ནི་མདོར་བསྡུ་ན། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་ 1-1-200 དོན་དམ་དང་། །ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། ། དེ་འགགས་འཕགས་པའི་སྤྱོད་ཡུལ་དང་། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་ དོན་དེ་གོ་རིམ་བཞིན། །ཞེས་གསུངས་པ་ལྟར་རོ། །ཡང་དེ་ཉིད་ལ་ཀུན་ནས་ཉོན་མོངས་པ་ ཅན་འཁོར་བའི་གནས་སྐབས་ན་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་། རྣམ་པར་དག་པ་ མྱ་ངན་ལས་འདས་པའི་གནས་སྐབས་ན་དྲི་མ་མེད་པའི་དེ་བཞིན་ཉིད་ཅེས་ཀྱང་བྱ་ཞིང་། ངོ་ བོ་ནི་ནམ་ཡང་འགྱུར་བ་མེད་པ་ཉིད་དེ། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་ དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། ། ཅེས་པ་ལྟར་རོ། །ཡང་ངོ་བོ་ཉིད་ལ་ཁྱད་པར་མེད་ཀྱང་། དྲི་མ་རིམ་གྱིས་སྦྱང་དགོས་པ་ལས་ བརྩམས་ནས། སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་དང་། འཕགས་པ་བྱང་ཆུབ་སེམས་དཔའི་ དེ་བཞིན་ཉིད་དང་། རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་ཅེས་ཀྱང་གསུངས་ཏེ། (རྒྱུད་ བླར།)སོ་སོའི་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་ གཟིགས་པས་སེམས་ཅན་ལ། རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། །ཞེས་པ་ལྟར་རོ། ། (བཞི་པ།)ནམ་མཁའ་གང་ཞེ་ན། མཚན་ཉིད་ནི་གཟུགས་མེད་ཅིང་ཞེས་པ་སྟེ། དེའང་ (འགྲེལ་པར།)གཟུགས་ཁོ་ན་ལས་ལྡོག་པས་གཟུགས་ཀྱི་དངོས་པོ་མེད་པའི་མཚན་ཉིད་ཅན་ གྱི་ཆོས་གང་ཞིག་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པའོ། །(གཟུགས་ལས་གཞན་པ་ལས་ཀྱང་ ལྡོག་པ་)དེས་མིང་བཞི་དང་། དེ་བཞིན་ཉིད་དང་། འགོག་པ་གཉིས་དང་། མི་རྟག་པ་དང་། རི་ བོང་རྭ་ལ་སོགས་པ་དང་། རྒྱན་དང་། ནམ་མཁའ་ལ་སོགས་པ་ལས་འབྱེད་པར་བྱེད་དེ། དེ་ དག་ནི་གཟུགས་ཁོ་ན་ལས་ལྡོག་པ་དང་མེད་དགག་གི་མཚན་ཉིད་ཅན་དུ་མི་གནས་པའི་ཕྱིར་ རོ། །ཡིད་ཤེས་ཀྱི་ཡུལ་དུ་གྱུར་པ་ནི་ཆོས་ཀྱི་ཁམས་སུ་མཚོན་པའོ། །ངེས་ཚིག་ནི། ཇི་ལྟར་ འཇིག་རྟེན་ཐམས་ཅད་ནི། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །ཅེས་པ་ལྟར་ཐོགས་བཅས་ཀྱི་ 1-1-201 གཟུགས་སྐྱེ་བ་དང་འཇིག་པ་ལ་སོགས་པར་བྱེད་པ་ཐམས་ཅད་ཀྱི་གོ་འབྱེད་པའི་ཕྱིར་ནམ་ མཁའ་ཞེས་བྱ་ཞིང་། དེ་ཡང་འགྲོ་འོང་གི་སྒོ་ནས་གོ་འབྱེད་པ་ནི་མ་ཡིན་གྱི། ཐོགས་བཅས་ཀྱི་ གཟུགས་འབྱུང་བའི་གོ་མ་བཀག་པ་ཙམ་ལ་དེ་སྐད་ཅེས་བྱ་སྟེ། (མཛོད་དུ།)དེ་ལ་ནམ་མཁའ་མི་ སྒྲིབ་པ། །ཞེས་པ་ལྟར་རོ། །(བྲམ་ཟེའི་བཙུན་པ་ཡོན་ཏན་འོད་)ཁ་ཅིག་འདིའི་ནང་དུ་དངོས་པོ་རྣམས་ ཤིན་ཏུ་སྣང་བས་ནམ་མཁའོ། །ཞེས་ཀྱང་གསུང་ངོ་། ། (ལྔ་པ།)སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་གང་ཞེ་ན། གང་རྒྱུ་དང་རྐྱེན་མ་ཚང་ བའི་སྒོ་ནས་དགག་བྱ་དེ་རེ་ཞིག་འགོག་ལ། དེའི་ས་བོན་ནམ་བག་ལ་ཉལ་མ་བཅོམ་ཞིང་། སྤངས་པ་སླར་མི་ལྡོག་པར་མ་བྱས་པས་གཏན་དུ་འབྲལ་བ་མ་ཡིན་པ་སྟེ། དཔེར་ན་མིག་ ཤེས་གཟུགས་ལ་ཡེངས་པ་ན་རྣམ་པར་ཤེས་པ་གཞན་མ་སྐྱེས་བ་ལྟ་བུའམ། བྱ་རོག་ལ་ སོགས་པ་སྣང་དུ་རུང་བ་ཡོད་ན་ལྟ་འདོད་ཀྱང་ལྟ་འདོད་ཡོད་པ་ན་དེ་ཕྱོགས་གཞན་དུ་སོང་ ནས་རེ་ཞིག་མ་མཐོང་ཡང་། གཏན་ནས་མི་མཐོང་བ་ནི་མ་ཡིན་པ་ལྟ་བུའོ། ། (དྲུག་པ།)སོ་སོར་བརྟགས་པས་འགོག་པ་གང་ཞེ་ན། གང་གཉེན་པོ་ཟག་མེད་ཀྱི་ལམ་ རྒྱུད་ལ་སྐྱེས་པ་ན། རང་རང་གི་སྤང་བྱ་མ་ལུས་པར་འགོག་ལ། དེའི་གཉེན་པོ་གང་དང་གང་ བྱུང་བས་ཉོན་མོངས་པ་དེ་དང་དེའི་ས་བོན་བག་ལ་ཉལ་ལེགས་པར་བཅོམ་ཞིང་སྤངས་པ་ སླར་མི་ལྡོག་པར་བྱས་པས། སྤང་བྱ་དང་གཏན་དུ་བྲལ་བའོ་ཞེས་པ་སྟེ། (རྣམ་འགྲེལ་དུ།)བདག་ ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་ལྡོག་པ་ཉིད་ཡིན་ནོ། །ཞེས་པ་ལྟར་རོ། །དེས་སྙོམས་ འཇུག་གསུམ་(མ་སྐྱེས་པ་དང་དགོག་པ་)དང་སྐྱེ་བ་དང་མི་རྟག་པ་དང་བརྟགས་མིན་གྱི་འགོག་ པ་ལས་འབྱེད་ཅིང་། འདི་ནི་སོ་སོར་བརྟགས་ཤིང་གཞིག་ནས་བདེན་པ་བཞི་ལ་རྣམ་པར་ འབྱེད་པའི་ཤེས་རབ་བར་ཆད་མེད་པའི་ལམ་གྱིས་ཐོབ་པའི་འགོག་པ་ཡིན་པས་ན་སོ་སོར་ བརྟགས་འགོག་ཅེས་བྱ་སྟེ། བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་བར་གྱི་ 1-1-202 ཚིག་ཕྱིས་པ་ལྟ་བུའོ། །དེ་ནི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བས་གནས་གྱུར་པའོ། ། (བདུན་པ།)མི་གཡོ་བ་གང་ཞེ་ན། འཇིག་རྟེན་པའི་ལམ་གྱིས་བསམ་གཏན་གསུམ་པ་དགེ་ རྒྱས་མན་ཆད་ཀྱི་འདོད་ཆགས་དང་བྲལ་ལ། གོང་མ་བཞི་པའི་ས་ལ་འདོད་ཆགས་དང་མ་ བྲལ་བའི་དགག་བྱ་ལུས་སེམས་ལ་ཕན་གནོད་ཀྱི་འགྱུར་བར་བྱེད་པའི་ཚོར་བ་བདེ་བ་དང་ སྡུག་བསྔལ་མ་ལུས་པ་འགོག་པ་སྟེ། མེད་དགག་གི་ཆ་ནི་འདུས་མ་བྱས་པའོ། །དེའང་སྤྱིར་ སྐྱོན་བརྒྱད་ཀྱིས་མི་གཡོ་ཞིང་། ཁྱད་པར་དུ་འགྱུར་བྱེད་བདེ་སྡུག་གིས་མི་གཡོ་བའི་དོན་གྱིས་ ན་མི་གཡོ་བ་ཞེས་བྱ་སྟེ། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་གཡོ་བ་མེད་པ་ཡིན། ། རྟོག་དང་དཔྱོད་དང་དབུགས་དག་དང་། །བདེ་བ་ལ་སོགས་བཞི་ཡིན་ནོ། །ཞེས་པ་ལྟར་རོ། ། (བརྒྱད་པ།)འདུ་ཤེས་དང་ཚོར་བ་འགོག་པ་གང་ཞེ་ན། གཟུགས་མེད་པ་གསུམ་པ་ཅི་ཡང་ མེད་པའི་སྐྱེ་མཆེད་མན་ཆད་ཀྱི་འདོད་ཆགས་དང་བྲལ་ལ། བཞི་པ་སྲིད་པའི་རྩེ་མོ་ལས་ ཀྱང་སྤང་བྱ་ཅི་རིགས་པ་སྤངས་ནས་གྱེན་དུ་བསྐྱོད་པའི་འདུ་ཤེས་དང་ཚོར་བ་བཏང་སྙོམས་ ཀྱང་ཞི་བར་གནས་པ་འཐོབ་པར་བྱའོ་སྙམ་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་ པས། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་ཚོགས་དྲུག་འཁོར་བཅས་ རྣམས་དང་། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་ཉོན་ཡིད་འཁོར་དང་བཅས་པ་འགོག་པ་སྟེ། མེད་དགག་གི་ཆ་ནི་འདུས་མ་བྱས་པའོ། །དེ་དག་གི་མ་ཡིན་དགག་གི་ཆ་ཀུན་གཞིའི་གནས་ སྐབས་ནི་སྔར་ལྡན་མིན་འདུ་བྱེད་དུ་བཤད་ཅིང་། འདིར་ནི་མེད་དགག་གི་ཆ་འདུས་མ་བྱས་ སུ་བསྟན་པའོ། །དེ་གཉིས་ནི་ཚོར་བ་མཐའ་དག་གི་གཉེན་པོར་གྱུར་ཅིང་། སྙོམས་འཇུག་གི་ སྒྲིབ་པ་དང་བྲལ་བས་གནས་གྱུར་པ་ཡིན་ལ། བསམ་གཏན་གཉིས་བར་སྡུག་བསྔལ་འགོག་ པ་ལ་སོགས་སུ་མི་བརྗོད་པ་ནི་འགྱུར་བྱེད་ཀྱི་ཚོར་བ་མ་ལུས་པ་མ་སྤངས་པའོ། ། 1-1-203 གསུམ་པ་ནི། སྔར་བཤད་ཟིན་པའི་བསྡུས་པ་ལས་གྱུར་པ་ལ་སོགས་པའི་གཟུགས་རྣམ་ པ་ལྔ་གང་ཡིན་པ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་ པོ་གང་ཡིན་པ་སྟེ། འདུས་བྱས་བརྒྱད་དང་། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་གང་ཡིན་ པ་དེ་དག་བློས་གཅིག་ཏུ་བསྡུས་ཏེ་རྣམ་པ་བཅུ་དྲུག་གི་བདག་ཉིད་ནི་ཡིད་ཤེས་ཁོ་ནའི་སྤྱོད་ ཡུལ་ཡིན་པའི་ཕྱིར་ཆོས་ཀྱི་ཁམས་སོ་ཞེས་པའོ། ། གསུམ་པ་སྐྱེ་མཆེད་ཀྱི་རྣམ་པར་གཞག་པ་གང་ཞེ་ན། (གསུམ་ལས་དང་པོ།)གཟུགས་ཀྱིས་ བསྡུས་པ་ནི། ཁམས་ཀྱི་སྐབས་སུ་དབང་པོ་ལྔ་དང་། ཡུལ་ལྔ་སྟེ། གཟུགས་ཅན་གྱི་ཁམས་ བཅུ་པོ་བསྟན་པ་གང་ཡིན་པ་དེ་ཉིད་ལ། སྐྱེ་མཆེད་ཀྱི་སྐབས་སུའང་གཟུགས་ཅན་གྱི་སྐྱེ་ མཆེད་བཅུ་ཞེས་བྱའོ། ། (གཉིས་པ།)སེམས་ཀྱིས་བསྡུས་པ་ནི། ཁམས་ཀྱི་སྐབས་སུ་རྣམ་པར་ཤེས་པའི་ཁམས་ བདུན་དུ་ཕྱེ་ནས་བསྟན་པ་གང་ཡིན་པ་དེ་ནི། སྐྱེ་མཆེད་ཀྱི་སྐབས་སུ་ཡིད་ཀྱི་སྐྱེ་མཆེད་ཅེས་ བྱ་བ་གཅིག་ཏུ་འདུ་བ་ཉིད་དོ། ། (གསུམ་པ།)ཆོས་ཀྱིས་བསྡུས་པ་ནི། ཁམས་ཀྱི་སྐབས་སུ་ཆོས་ཀྱི་ཁམས་ལ་རྣམ་པ་བཅུ་ དྲུག་ཏུ་བསྟན་པ་གང་ཡིན་པ་དེ་ནི་སྐྱེ་མཆེད་ཀྱི་སྐབས་སུའང་ཆོས་ཀྱི་སྐྱེ་མཆེད་དོ་ཞེས་པའོ། ། བསྡུ་པ་ནི། ཕུང་པོ་ལས་ཁམས་དང་། ཁམས་ལས་སྐྱེ་མཆེད་དམིགས་ཀྱིས་བཏོན་ནས་ འཇོག་པ་དེ་ཉིད་ཀྱི་ཕྱིར། ཕུང་པོ་དང་། ཁམས་དང་། སྐྱེད་མཆེད་རྣམས་ནི་མདོར་བསྡུ་ན་ དོན་རྣམ་པ་གསུམ་དུ་འགྱུར་ཏེ། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་ རྣམ་རིག་བྱེད་མིན་ཉིད། །དབང་དོན་དེ་རྣམས་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུ་ཉིད། ། ཅེས་པ་ལྟར། གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་བཅུ་དང་། ཡིད་ཀྱི་ཡུལ་གྱི་གཟུགས་ རྣམས་བསྡུས་པ་གཟུགས་ཀྱི་ཕུང་པོ་དང་། ཚོར་བ་མྱོང་བའོ་འདུ་ཤེས་ནི། མཚན་མར་འཛིན་ 1-1-204 པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །དེ་གསུམ་རྣམ་རིག་བྱེད་མིན་དང་། ། འདུས་མ་བྱས་དང་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་པ་ལྟར་ཕུང་པོ་ གསུམ་དང་གཟུགས་ཀྱི་ཕྱོགས་གཅིག་དང་ཆོས་ཀྱི་སྐྱེ་མཆེད་བསྡུས་པ་ཆོས་ཀྱི་ཁམས་དང་། རྣམ་ཤེས་སོ་སོར་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཁམས་བདུན་རྣམས་སུ་ འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། །ཅེས་པ་ལྟར་རྣམས་ཤེས་ཕུང་པོ་དང་ཁམས་ བདུན་བསྡུས་པ་ཡིད་ཀྱི་སྐྱེ་མཆེད་དོ། །དེ་ཡང་། ཕུང་པོ་དང་ནི་སྐྱེ་མཆེད་དང་། ཁམས་གཅིག་ གིས་ནི་ཐམས་ཅད་བསྡུས། །ཞེས་པ་ལྟར་ཏེ། མཛོད་དང་ཕུང་པོ་ལྔ་པར་སྐྱེ་མཆེད་བར་དུ་ བཤད་པ་ནི་གྲངས་ཉུང་བའི་རིམ་པས་བསྟན་པའོ། ། ཞར་བྱུང་ལ། འགྲེལ་བར་འབྱུང་བའི་སྤྱི་དོན་དང་། རྩ་བར་འབྱུང་བའི་གཞུང་དོན་ གཉིས་ལས། དང་པོ་ལ་བརྒྱད་དེ། ཁམས་ཀྱི་གྲངས་ལ་རྩོད་པ་སྤོང་བ། དབང་ཡུལ་དག་པ་ ལས་ཤེས་པ་འབྱུང་ཚུལ། སྒྲ་རྣམས་ཇི་ལྟར་འབྱུང་ཚུལ་བསྟན་པ། ཚོགས་དྲུག་རྟོག་བཅས་ ཡིན་མིན་དཔྱད་པ། རྣམ་ཤེས་རྟེན་གྱི་མིང་གིས་བརྗོད་ཚུལ། དབང་ཤེས་གང་གིས་མཐོང་ སོགས་དཔྱད་པ། འདུས་མ་བྱས་རྣམས་ཕུང་པོ་མིན་ཚུལ། ཆོས་གཅིག་ཡང་ཡང་བཤད་པའི་ དགོས་པའོ། ། དང་པོ་ནི། ཁམས་བཅོ་བརྒྱད་དུ་བསྟན་པ་མི་འཐད་དེ། མིག་དང་རྣ་བ་དང་སྣ་ལ་གཉིས་ གཉིས་ཡོད་པས་ཉི་ཤུ་རྩ་གཅིག་ཏུ་འགྱུར་བའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། གཉི་གའང་མཚན་ ཉིད་འདྲ་བས་རིགས་གཅིག་པའི་ཕྱིར་དང་། སྤྱོད་ཡུལ་ཡང་གཅིག་ལ་འཇུག་པའི་ཕྱིར་དང་། རང་རང་གི་རྣམ་ཤེས་བསྐྱེད་པར་བྱ་བའང་གཅིག་པའི་ཕྱིར་ན་ཁམས་རེ་རེར་འཇོག་པའོ། ། ལུས་ཀྱི་རྟེན་མཛེས་པའི་དོན་དུ་(གཡས་གཡོན་)གཉིས་གཉིས་སུ་གྲུབ་པ་སྟེ། མིག་ལ་སོགས་པ་ གཉིས་ཡོད་ཀྱི། །རིགས་དང་སྤྱོད་ཡུལ་བྱ་བ་རྣམས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། ། 1-1-205 མཛེས་བྱའི་དོན་དུ་གཉིས་བྱུང་ངོ་། །ཞེས་པ་ལྟར་རོ། ། གཉིས་པ་ལ། (གསུམ་ལས་དང་པོ།)དབང་པོ་ལས་འབྱུང་ཚུལ་ནི་མིག་རེ་རེ་ལ་བརྟེན་ནས་ མིག་ཤེས་འབྱུང་ངམ། གཉི་ག་ལ་བརྟེན་ནས་འབྱུང་ཞེ་ན། གཉི་ག་ལ་བརྟེན་ནས་མིག་ཤེས་ གཅིག་འབྱུང་སྟེ། གཉི་ག་མ་ཉམས་ཤིང་མ་བསྒྲིབས་པས་ཕྱེ་ན་གསལ་བར་མཐོང་གི། དེ་ ཙམ་དུ་གཅིག་གིས་གསལ་བ་མ་ཡིན་པའི་ཕྱིར་རོ། །དཔེར་ན། ཁང་པ་གཅིག་ཏུ་མར་མེ་ གཉིས་སྦར་བ་ན་འོད་རྒྱས་པ་གཉིས་ཀྱིས་ཤིན་ཏུ་གསལ་བར་འགྱུར་གྱི། དེ་ཙམ་དུ་གཅིག་ གིས་ནི་མ་ཡིན་པ་བཞིན་ཏེ། མིག་ནི་གཉི་ག་དག་གིས་ཀྱང་། །མཐོང་སྟེ་གསལ་བར་མཐོང་ ཕྱིར་རོ། །ཞེས་པ་ལྟར་རོ། །རྣ་བ་དང་སྣ་ལའང་དེ་བཞིན་དུ་སྦྱར་རོ། ། (གཉིས་པ།)ཡུལ་ལས་འབྱུང་ཚུལ་ནི། གཟུགས་དཀར་དམར་ལ་སོགས་པ་དང་། རོལ་མོའི་ སྒྲ་དུ་མ་ལ་སོགས་པ་ཡུལ་སྣ་ཚོགས་ཉེ་བར་གནས་པ་ན་ཤེས་པས་རིམ་གྱིས་འཛིན་ནམ་ ཅིག་ཅར་དུ་འཛིན་ཞེ་ན། ཁ་ཅིག་རིམ་གྱིས་འཛིན་པར་འདོད་ཅིང་། ལ་ལ་རྣམ་པའི་གྲངས་ ཇི་སྙེད་པར་ཤེས་པའང་དུ་མ་ཅིག་ཅར་བར་འབྱུང་འདོད་མོད། འདིར་ནི་རྣམ་ཤེས་གཅིག་ཁོ་ ནས་ཅིག་ཅར་འཛིན་ཞིང་། རྣམ་པ་ནི་སྣ་ཚོགས་པར་སྣང་བ་ཉིད་དོ། །རྣམ་འགྲེལ་དུ། དེ་ཕྱིར་ སེམས་ཀྱི་རྣམ་པ་ནི། སྣ་ཚོགས་གཅིག་གི་ངོ་བོར་འགྱུར་ཞེས་པ་ལྟར་རོ། ། (གསུམ་པ་ནི།)གཉི་ག་ལས་འབྱུང་ཚུལ་ནི། ལྕེ་ལ་ཁམ་ཟས་ཀྱིས་རེག་པ་ན། ལྕེ་དང་ལུས་ ཀྱི་རྣམ་ཤེས་གང་སྔོན་ལ་སྐྱེ་ཞེ་ན། མཛོད་འགྲེལ་དུ། ཡུལ་གང་ཤས་ཆེ་བའི་ཤེས་པ་སྔོན་ལ་ སྐྱེ་ཞིང་། ཆ་མཉམ་ན་བཟའ་བར་འདོད་པའི་རྒྱུས་ལྕེའི་རྣམ་ཤེས་སྔོན་ལ་སྐྱེ་བར་བཤད་མོད། འདིར་ནི་གཉི་ག་ཅིག་ཅར་འབྱུང་བར་རིགས་པར་བྱའོ། ། གསུམ་པ་ལ། བྱེ་བྲག་པ་རྣམ་སྒྲ་རིམ་གྱིས་ནམ་མཁའི་ཕྱོགས་སུ་རྒྱུན་མི་འཆད་པར་སྐྱེ་ བཞིན་པ་སྟེ་རྣ་བ་དང་ནང་ཕྲད་པ་ན་འཛིན་པར་འདོད་པ་ནི་མི་འཐའ་དེ། ཉེར་ལེན་ལས་ཡང་ 1-1-206 ཡང་སྐྱེ་བའི་སྒྲ་རྣམས་རྒྱུན་རྩོམ་ན། (སྔ་མ་མཐའ་ཡི་རབ་གནས་ན། །འོག་ཏུ་སྒྲ་ནི་འཕེལ་བར་འགྱུར། །ཞེས་པ་ ལྟར།)ཉེར་ལེན་གཅིག་ལས་བྱུང་བའི་སྒྲས་ཀྱང་འཇིག་རྟེན་གསུམ་པོ་ཐམས་ཅད་གང་བར་ ཐལ་བའི་ཕྱིར་རོ། །དེས་ན་སྒྲ་ནི་རང་ལས་སྐད་ཅིག་གཞན་མི་སྐྱེ་བས། རྒྱུན་མེད་པའི་ཕྱིར་ ཡུལ་གཞན་ནས་གཞན་དུ་རྒྱུན་གྱིས་འགྲོ་བ་མེད་ཀྱི། རང་གི་ཡུལ་ན་འདུག་ཅིང་བྱུང་མ་ཐག་ རྒྱས་པ་འབྱུང་སྟེ། མར་མེའི་འོད་བཞིན་ནོ། །ཐག་ཉེ་ཡང་བར་དུ་ཆོད་པའི་སྒྲ་གསལ་བར་མི་ ཐོས་པ་ནི་ཐོགས་བཅས་ཡིན་པའི་ཕྱིར་སྒྲིབ་བྱེད་ཀྱི་གསེབ་ནས་ཆུང་ངུར་འབྱུང་བའོ། ། བཞི་པ་ནི་རྣམ་ཤེས་དྲུག་ལ་རྟོག་བཅས་ནི་དུ་ཞིག། རྟོག་མེད་ནི་དུ་ཞིག་ཡིན་ཞེ་ན། དེ་ལ་ རྣམ་རྟོག་གསུམ་གྱི་ཡིད་ཤེས་ཁོ་ན་རྟོག་བཅས་ཡིན་ཏེ། རང་བཞིན་གྱི་རྣམ་རྟོག་དང་། རྗེས་ སུ་དྲན་པའི་རྣམ་རྟོག་དང་། (ཨ་བྷི་ནི་རཱུ་པ་ཎཱ་)མངོན་པར་དཔྱོད་པའི་རྣམ་རྟོག་གིས་སོ། །དེའི་ དང་པོ་ནི། ད་ལྟར་གྱི་འདུ་བྱེད་མྱོང་བ་རྣམས་ཀྱི་རང་གི་མཚན་ཉིད་ལ་(དོན་མེད་ཀྱང་དེའི་དོན་ཅན་ འདྲ། །ཞེས་པ་ལྟར་)རྣམ་པར་རྟོག་པ་ཡིན་ཏེ། བར་མ་ནི། མངོན་དུ་མྱངས་པའི་འདུ་བྱེད་རྣམས་ ལ་རྟོག་པ་ཡིན་ལ། ཐ་མ་ནི། དུས་གསུམ་གྱི་ལྐོག་གྱུར་རྣམས་ལ་མངོན་པར་རྟོག་པ་ཡིན་ ཞིང་། དེ་རྣམས་ཀྱང་ཡིད་ཤེས་ཁོ་ན་ལ་ཡོད་པའི་ཕྱིར་རོ། །ཡང་རྣམ་རྟོག་བདུན་གྱི་དྲུག་ཆར་ ཡང་རྟོག་བཅས་ཡིན་ཏེ། དམིགས་པ་རང་གི་ངང་གིས་མཚན་ཉིད་ལ་རྣམ་པར་རྟོག་པ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། ཀུན་ཏུ་ཚོར་བ་དང་། སོ་སོར་རྟོག་པ་ དང་། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པར་རྟོག་པའོ། །དེ་ལ་དང་ པོས་ནི་(འགྲེལ་པ་འགའ་ཞིག་ཏུ་ལྔ་དང་འགའ་ཞིག་ཏུ་དྲུག་གསུངས་པས་)དབང་ཤེས་ལྔའམ། ཡང་ན་ཡིད་ ཤེས་དང་བཅས་པ་ཐམས་ཅད་ཀྱང་རྟོག་བཅས་ཡིན་ཏེ། དམིགས་པ་ལ་མཚན་མར་མི་འཛིན་ པར་ཡུལ་ཇི་ལྟ་བ་བཞིན་དུ་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །དབང་ཤེས་ལྔ་རྟོག་མེད་དུ་ བཤད་པ་ནི། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །ཅེས་པ་ 1-1-207 ལྟར་ཏོ། །འདིར་ནི་གཟུང་འཛིན་གྱི་རྣམ་པ་ཅན་ཡིན་པས་རྟོག་བཅས་སུ་བསྟན་པའོ། །ལྷག་ མ་རྣམས་ཀྱིས་ནི་ཡིད་ཤེས་ཁོ་ན་རྟོག་བཅས་ཡིན་ཏེ། མཚན་མ་དང་བཅས་པ་ནི་འདས་པ་ དང་ད་ལྟར་གྱི་ཚུལ་བཀྲ་བར་འཛིན་པའི་ཕྱིར། སྔར་བཤད་པའི་རང་བཞིན་དང་། རྗེས་སུ་ དྲན་པའི་རྣམ་པར་རྟོག་པ་ཡིན་ནོ། །མཚན་མ་མེད་པ་ནི་མ་འོངས་པའི་ཡུལ་ལ་འདོད་པའི་ རྣམ་པ་ཅན་ཏེ། མ་འོངས་པ་ནི་མ་སྐྱེས་ནས་མེད་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །ཕྱི་ མ་བཞི་ནི་མངོན་པར་དཔྱོད་པའི་རྣམ་རྟོག་ཡིན་ཏེ། དེ་ཉིད་རེས་འགའ་ངོ་བོ་ལ་ཀུན་ཏུ་ཚོལ་ ཞིང་། རེས་འགའ་ཁྱད་པར་ལ་སོ་སོར་རྟོག་ལ། རེས་འགའ་ཆགས་སོགས་ཉོན་མོངས་དང་ མཚུངས་པར་ལྡན་ཞིང་། རེས་འགའ་དད་སོགས་ཉོན་མོངས་ཅན་མ་ཡིན་པ་དང་མཚུངས་ པར་ལྡན་པའི་ཕྱིར་རོ། ། ལྔ་པ་ནི། གཉི་གའང་རྣམ་ཤེས་སྐྱེད་བྱེད་དུ་འདྲ་བ་ལ། གཟུགས་སོགས་ཡུལ་གྱི་རྣམ་ པར་ཤེས་པ་ཞེས་མི་བརྗོད་པར། མིག་སོགས་དབང་པོའི་རྣམ་པར་ཤེས་པ་ཞེས་བརྗོད་པའི་ རྒྱུ་མཚན་ཇི་ལྟར་ཞེ་ན། ཚིག་རྣམ་པར་སྦྱར་བའམ་བསྡུ་བ་ལྔ་ཡུལ་ལས་མི་འཐད་ཅིང་དབང་ པོ་ལ་འཐད་པས་རྣམ་ཤེས་རྣམས་རྟེན་གྱི་མིང་གིས་བརྗོད་པ་ཡིན་ནོ། །དེའང་མིག་ལ་ཤེས་ པས་ན་མིག་ཤེས་ཞེས་ཚིག་རྣམ་པར་སྦྱར་བ་ནི། གནས་ཀྱི་ཡུལ་དབང་པོ་ལ་དབང་ཤེས་ འབྱུང་བས། དབང་པོ་ནི་དབང་ཤེས་འབྱུང་བའི་ཡུལ་གྱི་དོན་ལ་བདུན་པ་དང་། དབང་པོ་ ཡོད་ན་དབང་ཤེས་འབྱུང་བས་རྒྱུ་མཚན་གྱི་དོན་ལ་བདུན་པའི་བསྡུ་བ་སྟེ། དེའང་མིག་ཡོད་ ན་ནི་(གཟུགས་གཞན་མེད་ཀྱང་)ཐ་ན་མུན་པ་ལའང་དེའི་ཁ་དོག་མཐོང་བའི་མིག་ཤེས་འབྱུང་གི གཟིགས་ཡོད་ཀྱང་ལོང་བ་རྣམས་ལ་ནི་མིག་ཤེས་མི་འབྱུང་བས། དབང་པོ་ནི་དབང་ཤེས་ འབྱུང་བའི་ཡུལ་དང་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མིག་གིས་ཤེས་པས་ན་མིག་ ཤེས་ཞེས་པ་ནི་བྱེད་པ་པོའི་དོན་ལ་གསུམ་པའི་བསྡུ་བ་སྟེ། མིག་སེར་གྱི་ནད་ཀྱིས་བཏབ་པ་ 1-1-208 ན་སྔོན་པོ་ལ་སོགས་པའང་སེར་བོར་མཐོང་བ་ལྟ་བུ། མིག་འགྱུར་ན་གཟུགས་མ་འགྱུར་ཡང་ (མིག་གི་)རྣམ་ཤེས་འགྱུར་བས། དབང་པོ་ནི་རྣམ་ཤེས་ཀྱི་བྱེད་པ་པོ་ཡིན་པའི་ཕྱིར་རོ། །མིག་ ལས་ཤེས་པས་ན་མིག་ཤེས་ཞེས་པ་ནི་འབྱུང་ཁུངས་ཀྱི་དོན་ལ་ལྔ་པའི་བསྡུ་བ་སྟེ། མིག་ནི་ མིག་ཤེས་ཀྱི་ས་བོན་དང་འབྲེལ་ཞིང་དེ་ལས་མིག་ཤེས་འགྲུབ་པས། དབང་པོ་ནི་རྣམ་ཤེས་ ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་རོ། །མིག་གི་ཆེད་དུ་ཤེས་པས་ན་མིག་ཤེས་ཞེས་པ་ནི་དགོས་ ཆེད་ཀྱི་དོན་ལ་བཞི་པའི་བསྡུ་བ་སྟེ། མིག་ཤེས་དང་མཚུངས་ལྡན་གྱི་(བདེ་སྡུག་)ཉམས་མྱོང་ གིས་དབང་པོའི་ཆེད་དུ་ཕན་གནོད་བྱེད་པར་འགྱུར་གྱི། ཡུལ་གྱི་ཆེད་དུ་ནི་མ་ཡིན་པའི་ཕྱིར་ རོ། །མིག་དང་འདྲ་བའི་ཤེས་པ་ཡིན་པས་ན་མིག་ཤེས་ཞེས་པ་ནི་བར་གྱི་ཚིག་ཕྱིས་པའི་བསྡུ་ བ་སྟེ། (དབང་པོ་དང་ཤེས་པ་)གཉི་གའང་སེམས་ཅན་གྱི་གྲངས་སུ་གཏོགས་པ་ཡིན་པས་འདྲ་བ་ ཡིན་གྱི། གཟུགས་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པར་མ་ངེས་པས་དེ་ཙམ་དུ་འདྲ་བ་མ་ ཡིན་པའི་ཕྱིར་རོ། །ཡང་ན་མྱུ་གུ་ལ་རྒྱུ་གཞན་ཡོད་ཀྱང་ནས་ཀྱི་མྱུ་གུ་ཞེས་བརྗོད་པ་བཞིན་དུ། རྣམ་ཤེས་ལ་རྒྱུ་གཞན་ཡོད་ཀྱང་རྟེན་དབང་པོ་ནི་ཐུན་མོངས་མ་ཡིན་པའི་རྒྱུ་ཡིན་པས་དེའི་ མིང་གིས་བརྗོད་པ་སྟེ། དེ་ཕྱིར་ཐུན་མོངས་མིན་ཕྱིར་ཡང་། དེ་དག་གིས་ནི་རྣམ་ཤེས་བསྟན། ། ཞེས་པ་ལྟར་རོ། ། དྲུག་པ་ནི། མིག་སོགས་དབང་པོས་ཡུལ་རྣམས་མཐོང་བ་ལ་སོགས་པ་ཡིན་ནམ། འོན་ ཏེ་རྣམ་པར་ཤེས་པས་མཐོང་བ་ལ་སོགས་པ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་ བར་དུ་ཆོད་པ་ཡི། །གཟུགས་རྣམས་མཐོང་བ་མིན་ཕྱིར་ལོ། །ཞེས་པ་ལྟར་དབང་པོས་མཐོང་ བ་ལ་སོགས་པ་ཡིན་གྱི། ཆོད་པའི་ཡུལ་ཡང་མཐོང་བ་ལ་སོགས་པར་ཐལ་བའི་ཕྱིར་རྣམ་ ཤེས་ཀྱིས་ནི་མ་ཡིན་ནོ་ཞེས་འདོད་མོད། འདིར་ནི་དོན་དམ་པར་ཆོས་ཐམས་ཅད་བྱེད་པ་ 1-1-209 པོ་མེད་པའི་ཕྱིར། དབང་པོ་དང་རྣམ་ཤེས་གཉི་གས་མཐོང་བ་མ་ཡིན་ཞིང་། ཐ་སྙད་ཙམ་དུ་ མིག་སོགས་རྒྱུའི་ཚོགས་པ་མཐའ་དག་ཚང་བར་གྱུར་པ་ལ་མཐོང་བ་ལ་སོགས་པར་གདགས་ སོ། །འོན་ཀྱང་དབང་པོས་མཐོང་བ་ལ་སོགས་པར་བརྗོད་པ་ནི། འབྱུང་ཕྱིར་གནས་ཕྱིར་མི་ གཡོའི་ཕྱིར། །རང་དབང་མཛེས་ཕྱིར་ལུང་གི་ཕྱིར། །ཞེས་དོན་དྲུག་གིས་གཙོ་ཆེ་བའི་ཕྱིར་ཏེ། དེའང་དབང་པོ་ནི་རྣམ་ཤེས་འབྱུང་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང་། མཐོང་བ་ལ་སོགས་ པའི་རྟེན་ནམ་གནས་ཀྱང་དབང་པོ་ཡིན་པའི་ཕྱིར་དང་། རྣམ་ཤེས་ནི་དགེ་སོགས་མང་པོ་ འབྱུང་བ་ལ་དབང་པོ་ནི་རྟག་ཏུ་ལུང་མ་བསྟན་དུ་རིགས་གཅིག་པས་མི་གཡོ་བར་འཇུག་པའི་ ཕྱིར་དང་། རྣམ་ཤེས་ནི་སྐད་ཅིག་སོ་སོར་རྐྱེན་བཞི་ལ་ལྟོས་ཤིང་། དབང་པོ་ནི་འཕེན་པའི་ དབང་གིས་སྐད་ཅིག་རེ་རེ་ལ་འབྱུང་བ་ལྟར་གྱི་རྐྱེན་ཚོགས་པ་ལ་མི་ལྟོས་པས་རང་དབང་དུ་ འཇུག་པའི་ཕྱིར་དང་། དབང་པོ་ཡོད་ན་དབང་རྟེན་མཛེས་བར་འཇུག་པའི་ཕྱིར་དང་། ལུང་ ལས་ཀྱང་། མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་ རོ། །རྒྱུ་མཚན་དྲུག་པོ་འདི་དག་རྣམ་ཤེས་ལ་མེད་པའི་ཕྱིར་དེས་མཐོང་བ་ལ་སོགས་པར་མ་ བརྗོད་དོ། ། བདུན་པ་ནི། ཁམས་དང་སྐྱེ་མཆེད་ལ་འདུས་མ་བྱས་རྣམ་པར་བཞག་ནས་ཕུང་པོ་ལ་མི་ འཇོག་པ་ཅི་ཞེ་ན། འདས་པ་ལ་སོགས་པ་མི་རྟག་པ་དུ་མ་གཅིག་ཏུ་བསྡུས་ནས་སྤུངས་པ་ནི་ ཕུང་པོའི་དོན་ཡིན་ལ། འདུས་མ་བྱས་ནི་རྟག་པ་ཡིན་ཞིང་དུས་ཀྱིས་མ་བསྡུས་པས་དོན་དང་ མི་མཐུན་པའི་ཕྱིར་ཕུང་པོར་མ་བཞག་སྟེ། ཕུང་པོ་རྣམས་སུ་འདུས་མ་བྱས། །དོན་དུ་མི་རུང་ ཕྱིར་མ་བཤད། ། ཅེས་པ་ལྟར་རོ། ། བརྒྱད་པ་ནི། མིག་ལ་སོགས་པའི་ཆོས་འདི་རྣམས་དོན་གཅིག་པ་ལ་ཕུང་པོ་དང་ཁམས་ 1-1-210 དང་སྐྱེ་མཆེད་ཀྱི་སྒོ་ནས་ཐ་དད་དུའང་བཤད་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་དག་ནི་གདུལ་ བྱ་རྣམས་དབྱེ་བསྡུ་ལ་མཁས་པར་བྱ་བའི་ཆེད་དུ་བསྟན་པ་སྟེ། ཕུང་པོ་གཟུགས་ལ་གཅིག་ཏུ་ བསྟན་པ་དེ་ཁམས་དང་སྐྱེ་མཆེད་ལ་བཅུ་གཅིག་ཏུ་ཕྱེ་ཞིང་ཚོར་བ་ལ་སོགས་པ་གསུམ་དུ་ཕྱེ་ བ་དེ་ཁམས་དང་སྐྱེ་མཆེད་ལ་རེ་རེའི་ཁོངས་སུ་བསྡུས་པ་ལ། རྣམ་ཤེས་ལ་གཅིག་ཏུ་བསྟན་ པ་དེ་ཁམས་ལ་བདུན་དུ་ཕྱེ་ནས་སྐྱེ་མཆེད་ལ་གཅིག་ཏུ་བསྡུས་པས་སོ། །ཡང་མཚན་ཉིད་ ཙམ་རྣམ་པར་གཞག་པའི་ཆེད་དུ་ཕུང་པོ་བསྟན་ཞིང་འཛིན་པ་(དབང་པོ་)དང་གཟུང་བ་(ཡུལ་) དང་འཛིན་པར་བྱེད་པ་(རྣམ་ཤེས་)རྣམ་པར་གཞག་པའི་ཆེད་དུ་ཁམས་བསྟན་ལ། འཛིན་བྱེད་ སྐྱེ་བའི་སྒོར་གྱུར་བའི་གཟུང་འཛིན་ཙམ་རྣམ་པར་གཞག་པའི་ཆེད་དུ་སྐྱེ་མཆེད་བསྟན་པའོ། ། ཡང་ཕུང་པོ་ལྔ་པར། གཅིག་པུ་དང་བྱེད་པ་པོ་དང་ཟ་བ་པོའི་བདག་ཏུ་འཛིན་པའི་གཉེན་ པོར་རོ། །ཞེས་པ་ལྟར་བདག་འཛིན་སྤངས་པའི་ཆེད་དུ་ཡང་ཡང་ཕྱེ་སྟེ་བསྟན་པའོ། ། གཞུང་དོན་ལ། མངོན་གྱུར་ས་བོན་མུ་བཞི་རྩི་བ་དང་། རྟེན་དབང་པོ་ཡུལ་ས་མཚུངས་ དཔྱད་པའོ། །དང་པོ་ལ་གཉིས་ལས། (དང་པོ།)དབང་པོ་གཟུགས་ཅན་ལ་རྩི་བ་ནི། ཕུང་པོའི་ རྣམ་གཞག་ཏུ། མིག་ཅེས་ཀྱང་བྱ་ཁམས་ཀྱི་རྣམ་བཞག་ཏུ་མིག་ནི་ཁམས་ཞེས་ཀྱང་བྱ་ན། མིག་གང་ཡིན་པ་མིག་གི་ཁམས་ཀྱང་དེ་ཡིན་ནམ། མིག་གི་ཁམས་གང་ཡིན་པ་མིག་ཀྱང་དེ་ ཡིན་ཞིང་ཁྱད་པར་མེད་པ་ཡིན་ནམ། འོན་ཏེ་ཁྱད་པར་ཅུང་ཟད་ཡོད་པ་ཡིན་ཞེ་ན། (གཉིས་ ལས་དང་པོ།)མིག་ལ་རྒྱས་པར་རྩི་བ་ནི། ཁམས་ཀྱི་དོན་ས་བོན་ནམ་རྒྱུ་ལ་འཇོག་པས་མུ་བཞི་ ཡོད་ཅིང་། དེའང་མིག་གི་ངོ་བོ་མངོན་གྱུར་ཡིན་ལ་མིག་གཞན་དག་གི་རྒྱུའམ། ཁམས་མ་ ཡིན་པ་ཡང་ཡོད་དེ། དགྲ་བཅོམ་པ་ཐ་མ་སྐད་ཅིག་གཉིས་པར་ལྷག་མེད་དུ་མྱ་ངན་འདས་ པའི་མིག་དང་གཟུགས་མེད་དུ་འགྲོ་བའི་ཕྱིར་མི་འོང་ཐ་མའི་མིག་གོ། མིག་གི་རྒྱུའམ་ཁམས་ ཡིན་ལ་མིག་མངོན་གྱུར་མ་ཡིན་པའང་ཡོད་དེ། སྒོ་ངའི་ནང་ན་འདུག་པ་མིག་འགྲུབ་རུང་དང་། 1-1-211 མངལ་དུ་ཕྱི་སྤྲོས་མ་ལྟ་བུས་གཡོགས་པ་ནུར་ནུར་པོར་གྱུར་པ་དང་། ཕྱི་ནང་གཉིས་ཀ་སྤྲོས་ མ་ལྟ་བུར་འདུག་པ་མེར་མེར་པོར་གྱུར་པ་དང་། ཤར་ནི་གྱུར་སླ་བར་སྣང་བ་ནར་ནར་པོར་ གྱུར་པ་དང་། གཞན་ཡང་མའི་མངལ་ན་གནས་པ་མིག་གི་དབང་པོ་མ་དོད་ཅིང་མིག་འགྲུབ་ རུང་དུ་ཡོད་པ་དང་། དགྲ་བཅོམ་པ་མ་ཡིན་པའི་མིག་ཞར་བའམ་ཉམས་པ་དབྱེར་རུང་མི་ རུང་གཉི་ག་ལའང་ས་བོན་ཡོད་པ་དང་། གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་རྒྱུད་ལ་ འདོད་གཟུགས་སུ་མིག་འགྲུབ་རུང་གི་རྒྱུའམ་ས་བོན་ཡོད་པའོ། །མིག་གི་ངོ་བོ་ཉིད་ཀྱང་ཡིན་ ལ་མིག་གི་རྒྱུའམ་ཁམས་ཀྱང་ཡིན་པ་ཡང་ཡོད་དེ་སྔར་བཤད་པ་དེ་དག་མ་ཡིན་པའི་གནས་ སྐབས་གཞན་མིག་ཐོབ་ལ་མ་ཉམས་པ་རྣམས་སོ། །མིག་གི་ངོ་བོ་ཉིད་ཀྱང་མ་ཡིན། མིག་གི་ རྒྱུའམ་ཁམས་ཀྱང་མ་ཡིན་པ་ཡོད་དེ། སེམས་ཅན་གྱི་རྒྱུད་སྔོན་སོང་ལ་ཉེར་ལེན་ཕུང་པོའི་ ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང་། གཟུགས་མེད་པར་སྐྱེས་བའི་ཕྱིར་མི་འོང་འཕགས་པའི་རྒྱུད་ལ་མིག་གི་ངོ་བོའང་འགགས་ ཤིང་ས་བོན་ཡང་མ་ལུས་པར་སྤངས་པའོ། །བསྡུ་བར། དགྲ་བཅོམ་པ་མིག་ཉམས་པའང་མུ་ བཞི་པར་གསུངས་སོ། ། (གཉིས་པ།)གཞན་མཚུངས་པར་སྦྱར་བ་ནི། མིག་དང་མིག་གི་ཁམས་ལ་མངོན་གྱུར་དང་ ས་བོན་མུ་བཞི་ཡོད་པ་ཇི་ལྟ་བ་བཞིན་དུ་རྣ་བ་དང་། རྣ་བའི་ཁམས་དང་། སྣ་དང་། སྣའི་ ཁམས་དང་། ལྕེ་དང་། ལྕེའི་ཁམས་དང་། ལུས་དང་། ལུས་ཀྱི་ཁམས་ཀྱང་དེ་བཞིན་དུ་མུ་ བཞི་དང་ལྡན་པའོ། ། ཞེས་སྤྱིར་བསྟན་ནས། ཐམས་ཅད་དུ་འདྲའམ་ཞེ་ན། དམིགས་བསལ་ནི། དེ་ཡང་ཅི་ རིགས་སུ་སྦྱར་རོ་ཞེས་པ་གཞན་ཐམས་ཅད་འདྲ་བ་ལ། ལུས་ཀྱི་ཁམས་ཡིན་ལ་ལུས་མ་ཡིན་ པ་ནི་གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོའི་ལུས་ཀྱི་རྒྱུའོ་ཞེས་བྱ་སྟེ། སྒོ་ངའི་ནང་ན་ 1-1-212 འདུག་པ་ལ་སོགས་པ་ནི་གཉིས་ཡིན་དུ་འགྱུར་ལ། (མིག་ཞར་བའམ་ཉམས་པའི་དོད་)ལུས་ཉམས་པ་ ནི་སྲོག་འགགས་པས་གཉིས་མིན་དུ་འགྱུར་བའི་ཕྱིར་རོ། ། (གཉིས་པ།)ཡིད་ཀྱི་དབང་པོ་ལ་རྩི་བ་ནི། སྔར་རྣམ་གཞག་གི་སྐབས་སུ་ཡིད་ཅེས་ཀྱང་བྱ། ཡིད་ཀྱི་ཁམས་ཞེས་ཀྱང་བྱ་ན། ཡིད་གང་ཡིན་པ་ཡིད་ཀྱི་ཁམས་ཀྱང་དེ་ཡིན་ནམ། ཡིད་ཀྱི་ ཁམས་གང་ཡིན་པ་ཡིད་ཀྱང་དེ་ཡིན་ཞིང་ཁྱད་པར་མེད་པ་ཡིན་ནམ། འོན་ཏེ་ཁྱད་པར་ཡོད་ པ་ཡིན་ཞེ་ན། དེ་ལའང་མུ་བཞི་ཡོད་ཅིང་། དེ་ཡིད་ཀྱི་ངོ་བོ་ཡིན་ལ་ཡིད་ཀྱི་རྒྱུའམ་ཁམས་མ་ ཡིན་པའང་ཡོད་དེ། དགྲ་བཅོམ་པ་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདའ་ཀ་མ་སྐད་ཅིག་ ཐ་མའི་ཡིད་དོ། །ཡིད་ཀྱི་ཁམས་སམ་ས་བོན་ཡིན་ལ་ཡིད་མངོན་གྱུར་མ་ཡིན་པ་ཡང་ཡོད་ དེ། འགོག་པའི་སྙོམས་པར་འཇུག་པའི་སྐབས་ན་ཚོགས་བདུན་བཀག་པས་ཡིད་ཀྱི་ངོ་བོ་ མེད་ཅིང་། དེ་ལས་ལངས་པ་ན་ཡིད་སྐྱེ་པའི་ས་བོན་ཀུན་གཞི་ལ་ཡོད་པ་ནི་ཁམས་སོ། །འདུ་ ཤེས་མེད་པ་མ་སྨོས་པ་ནི་ཉོན་ཡིད་མ་བཀག་པ་གཉིས་ཡིན་དུ་གྱུར་པའི་ཕྱིར་རོ། །ཡིད་ཀྱི་ངོ་ བོ་ཉིད་ཀྱང་ཡིན་ལ། ཡིད་ཀྱི་ས་བོན་ནམ་ཁམས་ཀྱང་ཡིན་པ་ཡང་ཡོད་དེ། སྔར་བསྟན་པ་དེ་ དག་མ་ཡིན་པའི་གནས་སྐབས་གཞན་ཡིད་དབང་ཐོབ་ལ་མ་ཉམས་པ་རྣམས་སོ། །ཡིད་ཀྱང་ མ་ཡིན་ལ་ཡིད་ཀྱི་ཁམས་ཀྱང་མ་ཡིན་པ་ཡང་ཡོད་དེ། སེམས་ཅན་གྱི་རྒྱུད་སྔོན་སོང་ལ་སྤང་ བྱ་ཕུང་པོ་ལྔའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་ འདས་པ་ན་ཡིད་མངོན་གྱུར་དང་ས་བོན་གཉི་ག་འགགས་བའོ། །དེ་དག་ཀྱང་ཐེག་པ་གསུམ་ དུ་རིགས་ངེས་ཤིང་དགྲ་བཅོམ་ཐེག་ཆེན་གྱི་ལམ་དུ་མི་འཇུག་པར་འདོད་པ་ཉན་ཐོས་སྡེ་བ་ དང་སྒོ་བསྟུན་པའི་དབང་དུ་བྱས་པའོ། །ས་མཚུངས་ལ་མིག་དང་རྣ་བ་ལ་དཔྱད་པ། གཟུགས་ ཅན་གཞན་གསུམ་ལ་དཔྱད་པ། ཡིད་ཀྱི་དབང་པོ་ལ་དཔྱད་པའོ། ། དང་པོ་ལ། མིག་གིས་གཟུགས་རྣམས་མཐོང་ན་ཁམས་དང་ས་གང་དུ་དང་པོར་བྱུང་ 1-1-213 ཞིང་གྲུབ་ལ་རྒྱུན་གྱིས་སྐྱེས་ཤིང་རྒྱས་པར་གྱུར་པ་དེའི་ས་བ་ཉིད་ཀྱི་མིག་གིས་དེའི་ས་པའི་ གཟུགས་རྣམས་མཐོང་ངམ་སྟེ། རྟེན་དང་དབང་པོ་ཡུལ་གསུམ་མཚུངས་པ་ཁོ་ནར་སེམས་ སམ་ཞེ་ན། རྟེན་ནམ་ལུས་གང་དུ་སྐྱེས་བ་དེའི་ས་བའི་དབང་པོ་མིག་གིས་ཡུལ་དེའི་ས་པའི་ གཟུགས་རྣམས་མཐོང་བ་གསུམ་ཀ་ས་མཚུངས་པ་ཡང་ཡོད་དོ། །(རྟེན་)ལུས་ལ་(ས་)འོག་མའི་ མིག་(བསྒྲུབ་པ་)མ་ཡིན། །(དབང་པོ་)མིག་གིས་(ཡུལ་རང་སས་འོག་ས་མཐོང་གི་)གོང་མའི་གཟུགས་(མཐོང་ བ་)མ་ཡིན། །ཞེས་པ་ལྟར་རྟེན་འོག་མས་དབང་པོ་གོང་མ་བསྒྲུབས་ནས་ཡུལ་རང་དང་འོག་ ས་ལ་འཇུག་པ་གཞན་གྱི་ས་བའི་མིག་བསྐྱེད་པས་གཞན་གྱི་ས་བའི་གཟུགས་མཐོང་བ་ས་མི་ མཚུངས་པ་ཡང་ཡོད་དེ། ཞེས་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་པ་ནི། རྟེན་འདོད་ པའི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་པའི་གང་ཟག་གི་དབང་པོའང་འདོད་པ་ན་སྤྱོད་པའི་ མིག་གིས་ཡུལ་འདོད་པ་ན་སྤྱོད་པའི་གཟུགས་རྣམས་མཐོང་བ་དང་ཞེས་པ་ནི་རྟེན་དབང་ པོ་ཡུལ་གསུམ་ཀ་ས་མཚུངས་པའོ། །རྟེན་འདོད་ཁམས་སུ་སྐྱེས་པའི་གང་ཟག་གི་དབང་པོ་ གཟུགས་ན་སྤྱོད་པ་ས་གོང་མ་པ་བསམ་གཏན་དང་པོ་ནས་བཞི་པའི་བར་གྱི་མིག་བསྒྲུབས་ པས་ཡུལ་ས་འོག་མས་བསམ་གཏན་གསུམ་པ་ནས་འདོད་པའི་བར་གྱི་གཟུགས་རྣམས་ མཐོང་བ་ན་ས་མི་མཚུངས་པ་ཡང་ཡོད་པའོ། །དེའང་གཟུགས་ཁམས་གང་རུང་གི་མིག་གིས་ མིག་དེའི་ས་པའི་གཟུགས་ལ་ལྟ་ན་དབང་ཡུལ་ས་མཚུངས་ཤིང་རྟེན་དང་མི་མཚུངས་བ་དང་། བསམ་གཏན་གང་རུང་གི་མིག་གིས་འདོད་པའི་གཟུགས་ལ་ལྟ་ན་རྟེན་ཡུལ་ས་མཚུངས་ཤིང་ དབང་པོ་དང་མི་མཚུངས་པ་དང་། བསམ་གཏན་བཞི་པའི་མིག་གིས་བསམ་གཏན་འོག་མ་ གསུམ་གྱི་གཟུགས་ལ་ལྟ་ན་གསུམ་ཀ་ས་མི་མཚུངས་བའོ། །འདི་ལ་རྟེན་དབང་ས་མཚུངས་ ཤིང་ཡུལ་དང་མི་མཚུངས་པ་ནི་མེད་དེ། འདོད་པ་ལ་ས་འོག་མ་མེད་ཅིང་འོག་མའི་མིག་གིས་ གོང་མ་མི་མཐོང་བའི་ཕྱིར་རོ། །མིག་གིས་གཟུགས་རྣམས་མཐོང་བ་ལ་ས་མཚུངས་བརྩིས་པ་ 1-1-214 ཇི་ལྟ་བ་བཞིན་དུ་རྣ་བས་སྒྲ་རྣམས་ཐོས་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། འདོད་ཁམས་སུ་སྐྱེས་ པའི་རྣ་བས་དེའི་སྒྲ་ཐོས་པ་ན་གསུམ་ཀ་ས་མཚུངས་པ་དང་། དེས་བསམ་གཏན་གང་རུང་གི་ རྣ་བ་བསྐྱེད་དེ་རང་དང་འོག་སའི་སྒྲ་ཐོས་པ་ན་མི་མཚུངས་བ་ཡིན་ནོ། །འདོད་པའི་ཁམས་སུ་ སྐྱེས་པར་གྱུར་པ་ལ་བརྩིས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་ཁམས་བསམ་གཏན་བཞི་པོ་ རྣམས་སུ་སྐྱེས་པར་གྱུར་པ་ལ་ཡང་དེ་བཞིན་དུ་སྦྱར་བ་ཡིན་ནོ། །དེའང་རྟེན་བསམ་གཏན་ དང་པོར་སྐྱེས་པས་དང་པོའི་མིག་གིས་དང་པོའི་གཟུགས་ལ་ལྟ་ན་གསུམ་ཀ་མཚུངས་པ་དང་། དེས་འདོད་པའི་གཟུགས་ལ་ལྟ་ན་རྟེན་དབང་མཚུངས་ཤིང་ཡུལ་དང་མི་མཚུངས་པ་དང་། གོང་མ་གསུམ་གྱི་མིག་གིས་འོག་གི་ས་བའི་གཟུགས་ལ་ལྟ་ན་དབང་ཡུལ་མཚུངས་ཤིང་རྟེན་ དང་མི་མཚུངས་པ་དང་། གོང་མ་གསུམ་གྱི་མིག་གིས་དང་པོའི་གཟུགས་ལ་ལྟ་ན་རྟེན་ཡུལ་ མཚུངས་ཤིང་དབང་པོ་དང་མི་མཚུངས་པ་དང་། གོང་མ་གཉིས་ཀྱི་མིག་གིས་གཉིས་པའི་ གཟུགས་ལ་ལྟ་ན་གསུམ་ཀ་མི་མཚུངས་པའོ། །བསམ་གཏན་གཉིས་པ་དང་གསུམ་པར་སྐྱེས་ པའང་དེ་བཞིན་དུ་དཔྱད་པས་ཤེས་ཤིང་། བཞི་པར་སྐྱེས་པ་ལ་ནི་གསུམ་ཀ་མཚུངས་པ་དང་། ས་འོག་མ་རྣམས་ཀྱི་གཟུགས་ལ་ལྟ་ན་ཡུལ་དང་མི་མཚུངས་པ་སྟེ་གཉིས་སུ་ངེས་སོ། ། གཉིས་པ་ནི། རྟེན་འདོད་པའི་ཁམས་སུ་སྐྱེས་པར་གྱུར་བའི་གང་ཟག་གི་དབང་པོའང་ འདོད་པ་ན་སྤྱོད་པའི་སྣ་དང་ལྕེ་དང་ལུས་ཀྱིས་རིམ་པ་བཞིན་དུ་ཡུལ་འདོད་པ་ན་སྤྱོད་པའི་དྲི་ རྣམས་སྣོམ་མོ། །རོ་རྣམས་མྱོང་ངོ་། །རེག་བྱ་རྣམས་ལ་རེག་གོ། ཞེས་པ་ནི། དེ་རྣམས་ཡུལ་ དང་ཕྲད་ནས་འཛིན་ཞིང་། ཐམས་ཅད་རང་རང་གི་ས་བར་ངེས་པ་གསུམ་ཀ་ས་མཚུངས་པ་ ཁོ་ནའོ། །རྟེན་གཟུགས་ཀྱི་ཁམས་སུ་སྐྱེས་པར་གྱུར་བའི་དབང་པོ་གཟུགས་ཁམས་བསམ་ གཏན་བཞི་པོ་སོ་སོ་ན་སྤྱོད་པའི་ལུས་ཀྱིས་ཡུལ་རང་རང་གི་ས་པ་ཉིད་ཀྱི་རེག་བྱ་རྣམས་ལ་ རེག་གོ། ཞེས་པའང་ཐམས་ཅད་ས་མཚུངས་པ་ཉིད་དུ་བསྟན་པའོ། །དེའང་བར་མ་གཉིས་ལ་ 1-1-215 མི་སྤྱོད་དམ་ཞེ་ན། གཟུགས་ཁམས་དེ་ནི་དྲི་དང་རོ་ནི་རང་བཞིན་གྱིས་མེད་དེ། དྲི་རོ་ནི་ཁམ་ ཟས་ཀྱི་ཁྱད་པར་ཡིན་ལ། བསམ་གཏན་དང་པོ་ཡན་ཆད་ཁམ་གྱི་ཟས་ལ་འདོད་ཆགས་དང་ བྲལ་བའི་ཕྱིར་རོ། །དེ་ན་ཁམ་ཟས་ཀྱིས་བསྡུས་པའི་རེག་བྱའང་མེད་ཀྱང་གནས་དང་གོས་ ལ་སོགས་པའི་རེག་བྱ་ནི་ཡོད་དོ། །གཟུང་བ་དྲི་རོ་མེད་པ་དེའི་ཕྱིར་དྲི་འཛིན་སྣའི་རྣམ་པར་ ཤེས་པ་དང་། རོ་འཛིན་ལྕེའི་རྣམ་པར་ཤེས་པ་ཡང་མེད་དོ། །(བསྡུ་བ་དང་མཛོད་འགྲེལ་དུ།)རྟེན་ མཛེས་པར་བྱེད་པ་དང་ཚིག་བརྗོད་པ་ལ་སོགས་པའི་ཆེད་དུ་སྣ་དང་ལྕེའི་དབང་པོ་ནི་ཡོད་ ཅིང་། ཡིད་ཀྱི་སའི་བསྡུ་བར། གཟུགས་ཁམས་པའི་སྣ་དང་ལྕེ་ནི་རྟག་སྟེ་སྐྱེ་མཆེད་མིན་པར་ གསུངས་སོ། ། གསུམ་པ་ལ་གཉིས་ལས། (དང་པོ།)ཟག་བཅས་ལ་དཔྱད་པ་ནི། རྟེན་འདོད་པའི་ཁམས་ སུ་སྐྱེས་བར་གྱུར་པའི་དབང་པོ་འདོད་པ་ན་སྤྱོད་པའི་ཡིད་ཀྱིས་ཡུལ་ཁམས་གསུམ་ན་སྤྱོད་ པ་ཟག་པ་དང་བཅས་པ་རྣམས་ཀྱིས་རང་གི་ས་པ་འགའ་ཞིག་མངོན་དུའང་ཤེས་པ་ལ་ཕལ་ ཆེར་ཐོས་བསམ་ལ་བརྟེན་ནས་སྤྱིའི་ཚུལ་དུ་ཤེས་པ་དང་། ཟག་པ་མེད་པའི་ཆོས་རྣམས་ ཀྱང་ཐོས་བསམ་བརྟགས་པའི་སྒོ་ནས་ཤེས་སོ། །འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་ ཇི་ལྟ་བ་བཞིན་དུ། གཟུགས་ཀྱི་ཁམས་སུ་སྐྱེས་པར་གྱུར་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ཁམས་གསུམ་ན་སྤྱོད་པ་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཕལ་ཆེར་ཐོས་ བསམ་གྱིས་ཤེས་པ་ཡིན་ནོ། །རྟེན་གཟུགས་མེད་པའི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་ པ་ནི། སྔར་གསུང་རབ་ལ་ཐོས་བསམ་གྱིས་མ་ཞུགས་པའི་སོ་སོའི་སྐྱེ་བོ་ཡིན་ན། དབང་པོ་ གཟུགས་མེད་པའི་སྐྱེ་མཆེད་སོ་སོ་ན་སྤྱོད་པའི་ཡིད་ཀྱིས། ཡུལ་གཟུགས་མེད་པ་སྐྱེ་མཆེད་ མུ་བཞི་ན་སྤྱོད་པའི་རང་རང་གི་ས་པའི་ཆོས་རྣམས་ཁོ་ན་ཤེས་པ་དང་། དེར་སྐྱེས་པའི་ཉན་ ཐོས་འཕགས་པས་ནི་རྗེས་ཐོབ་ཏུ་གཟུགས་མེད་ཀྱི་ཡིད་ཀྱིས་ཟག་པ་མེད་པའི་ཆོས་རྣམས་ 1-1-216 ཀྱང་ཤེས་སོ། །སོ་སོའི་སྐྱེ་བོ་ཡིན་ཡང་ཐོས་པས་ཡོངས་སུ་བསྒོས་པ་ཡིན་ན་ས་གོང་མ་དང་ ཟག་མེད་ཀྱང་ཤེས་སོ། །མཛོད་ལས་ཀྱང་། སྲེད་བཅས་རང་གི་སྲིད་ལ་དམིགས། །བསམ་ གཏན་དགེ་ཡུལ་ཡོད་རྒུ་ཡིན། །གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་འོག་ མའི་ཟག་བཅས་མིན། །ཞེས་གསུངས་ཏེ་རོ་མྱོང་དང་ལྡན་པའི་བསམ་གཏན་གཟུགས་མེད་ རྣམས་ཀྱི་ཡིད་ཀྱིས་རང་གི་ས་བའི་སྲིད་པ་ཁོ་ན་ལ་དམིགས་ཀྱི། འདོད་ཆགས་དང་བྲལ་ བའི་ཕྱིར་འོག་མ་ལ་མི་དམིགས་ཤིང་། ས་རྣམས་སྲེད་པས་ཡོངས་སུ་གཅད་པའི་ཕྱིར་གོང་མ་ ལའང་མི་དམིགས་ལ། དགེ་བར་ཐལ་བར་འགྱུར་བའི་ཕྱིར་ཟག་མེད་ལའང་མི་དམིགས་སོ། ། དགེ་བས་བསམ་གཏན་དག་པ་བ་དང་ཟག་མེད་ཀྱི་ཡིད་ཀྱིས་ནི་ཡུལ་ཡོད་རྒུ་ཐམས་ཅད་ལ་ དམིགས་ཤིང་། གཟུགས་མེད་ཀྱི་དངོས་གཞི་དགེ་བའི་ཡིད་ཀྱིས་འོག་མའི་ཟག་བཅས་ལ་མི་ དམིགས་ཀྱི། རང་ས་དང་གོང་མ་ལ་དམིགས་ལ། ཐམས་ཅད་ཀྱིའང་ཉེར་བསྡོགས་ཀྱི་ཡིད་ ཀྱིས་ནི་ཞི་རགས་སུ་བསྒོམ་པའི་ཕྱིར་འོག་མ་ལའང་དམིགས་སོ་ཞེས་པའི་དོན་ཏོ། ། (གཉིས་པ།)ཟག་མེད་ལ་དཔྱད་པ་ནི། ཟག་པ་མེད་པའི་ཡིད་ཀྱིས་ནི་རྗེས་ཐོབ་ཏུ་ཁམས་ གསུམ་ན་སྤྱོད་པ་རྣམས་སྒྱུ་མ་དང་རྨི་ལམ་ལ་སོགས་པ་ལྟར་སྣང་ལ་རང་བཞིན་མེད་པར་ ཤེས་ཤིང་། གཙོ་ཆེར་མཉམ་གཞག་ཏུ་ཟག་པ་མེད་པའི་ཆོས་རྣམས་ཀྱང་མངོན་སུམ་དུ་ཤེས་ ལ། རྗེས་ཐོབ་ཏུའང་(དེ་བཞིན་ཉིད་དུ་སྣང་བ་ལ་སོགས་པ་)ཅི་རིགས་པར་ཤེས་ཏེ། ཆོས་གཅིག་ཡོངས་ སུ་མ་ཤེས་ན་ཡང་ངེས་པར་འབྱུང་བར་མི་འགྱུར་བའི་ཟག་བཅས་ཟག་མེད་ཐམས་ཅད་ཤེས་ སོ། །ཞེས་པ་སྟེ། རྒྱན་ལས་ཀྱང་། དེ་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ ཀུན་རྟོག་པར། ཡེ་ཤེས་ཤིན་ཏུ་རྣམ་དག་པ། །གཉིས་སུ་མེད་པའི་དོན་གྱིས་མཐོང་། །ཞེས་ པ་ལ་སོགས་པ་གསུངས་པ་ལྟར་རོ། །འདིའི་ས་མཚུངས་ལ། ཡིད་ནི་མ་ངེས་སོ་ཞེས་གསུངས་ ཏེ། གོང་མའི་ལུས་ལའང་འོག་མའི་ཡིད་འབྱུང་ཞིང་། འོག་མའི་ཡིད་ཀྱིས་ཀྱང་གོང་མའི་ཆོས་ 1-1-217 ཤེས་པའི་ཕྱིར་རོ། ། (དྲུག་པ།)གོ་རིམ་ལའང་། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་གོ་རིམ་གསུམ་ལས། དང་པོ་ ལ། རྒྱུ་མཚན་ཅིའི་ཕྱིར་ཕུང་པོ་ལྔ་པོ་རྣམས་གཟུགས་ནས་རྣམ་ཤེས་ཀྱི་བར་གོ་རིམ་བཞིན་དུ་ བླགས་ཤིང་བཀོད་ཅེ་ན། ལན་ལ་གསུམ་གྱི། (དང་པོ།)རྣམ་ཤེས་གནས་པའི་གོ་རིམ་ནི། རྣམ་པར་ཤེས་པའི་གནས་དང་གནས་པ་ཉིད་ ཀྱི་ཕྱིར། ཕུང་པོ་ལྔ་རིམ་པ་བཞིན་བླགས་ཏེ། དེའང་མདོ་ལས། རྣམ་པར་ཤེས་པ་གནས་པ་ ན་གཟུགས་ལ་ཉེ་བར་འགྲོ་ཞིང་གནས་སོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ ལ་ཉེ་བར་འགྲོ་ཞིང་གནས་སོ་ཞེས་པ་ལྟར། འདི་རྣམས་ལ་རྣམ་པར་ཤེས་པ་དགའ་བ་དང་ ལྡན་པའི་སྒོ་ནས་འགྲོ་ཞིང་གནས་པས་དང་པོར་འགྲོ་བའམ་གནས་བཞི་པོ་རགས་རིམ་ནས་ བསྟན་པ་དང་། གནས་པ་པོ་རྣམ་པར་ཤེས་པ་ཕྱིས་ནས་བསྟན་པའོ། ། (གཉིས་པ།)རྟེན་དང་བརྟེན་པའི་གོ་རིམ་ནི། རྒྱུ་མཚན་སྔ་མར་མ་ཟད་གཞན་ཡང་འདི་ལྟར་ ཕུང་པོ་སྔ་མ་སྔ་མ་ནི་ཕྱི་མ་ཕྱི་མའི་རྟེན་ཡིན་པའི་ཕྱིར་རིམ་པ་བཞིན་དུ་བསྟན་པ་སྟེ། དེའང་ བདེ་སོགས་མྱོང་བར་འགྱུར་བའི་དབང་པོ་དང་ཡུལ་གྱི་གཟུགས་ཇི་ལྟ་བ་དེ་བཞིན་དུ་ཚོར་བས་ ཉམས་སུ་མྱོང་ངོ་། །ཇི་ལྟར་ཚོར་བས་མྱོང་བར་བྱེད་པ་སྟེ། དེ་བཞིན་དུ་འདུ་ཤེས་ཀྱིས་འདི་ནི་ བདེ་བའི་གནས་སོ། །འདི་ནི་སྡུག་བསྔལ་གྱི་གནས་སོ། །ཞེས་མཚན་མ་སྣ་ཚོགས་སུ་འཛིན་ པར་བྱེད་དོ། །ཇི་ལྟར་འདུ་ཤེས་སུ་བྱེད་ཅིང་མཚན་མར་གཟུང་བ་དེ་བཞིན་དུ་འདུ་བྱེད་ཀྱིས་ འདི་ནི་བླང་བྱའོ། །འདི་ནི་དོར་བྱའོ། །ཞེས་སེམས་གཡོ་ཞིང་སྐུལ་བར་བྱེད་དོ། །ཇི་ལྟར་འདུ་ བྱེད་སེམས་པས་ཡུལ་ལ་སྐུལ་ཞིང་ལས་མངོན་པར་འདུ་བྱེད་པ་དེ་བཞིན་དུ། སྤྱིར་རྣམ་པར་ ཤེས་པ་ཡུལ་ལ་འཇུག ཁྱད་པར་ཀུན་གཞི་བག་ཆགས་དང་ལྡན་པར་བྱེད་དེ། དེས་སྐྱེ་བ་ འདི་ལ་ཡུལ་སྣ་ཚོགས་དེ་དང་། སྐྱེ་བ་གཞན་དུ་ཁམས་དང་འགྲོ་བ་དང་། སྐྱེ་བ་ནས་ཐ་དད་ 1-1-218 པ་དེར་རྣམ་ཤེས་ཡོངས་སུ་འགྱུར་ཞིང་ཉེ་བར་འགྲོ་བར་འགྱུར། དེ་བས་རྟེན་རྣམས་དང་པོ་ བསྟན་ཞིང་། བརྟེན་པ་རྣམས་ཕྱིས་ནས་བསྟན་པའོ། ། (གསུམ་པ)ཉོན་མོངས་རྣམ་བྱང་གི་གོ་རིམ་ནི། སྔ་མ་དག་ལས་གཞན་ཡང་ཆགས་སོགས་ ཀུན་ནས་ཉོན་མོངས་པ་དང་། དད་སོགས་རྣམ་པར་བྱང་བའི་གནས་ཉིད་ཀྱི་ཕྱིར། །ཕུང་པོ་ ལྔ་རིམ་པ་ལྟར་བསྟན་ཏེ། དེའང་དང་པོ་གནས་སམ་གཞི་དབང་པོ་དང་བཅས་པའི་ལུས། གང་དུ་སྤང་བྱ་ཀུན་ནས་ཉོན་མོངས་པ་དང་། གཉེན་པོ་རྣམ་པར་བྱང་བ་འཇུག་པ་དེའི་དབང་ དུ་བྱས་ནས་གཟུགས་ཀྱི་ཕུང་པོ་དང་། དེ་ནས་བྱེད་པ་པོ་མྱོང་བ་ཟང་ཟིང་དང་བཅས་པ་དང་། ཟང་ཟིང་མེད་པ་དང་། ཚུལ་མིན་དང་ཚུལ་བཞིན་དུ་མཚན་མར་འཛིན་པ་དང་། མི་དགེ་བ་ དང་དགེ་བ་ལ་སེམས་མངོན་པར་འདུ་བྱེད་པ། གང་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་ པར་བྱང་བར་བྱེད་པ་དེའི་དབང་དུ་བྱས་ནས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་ གསུམ་དང་། མཐར་ལས་སུ་བྱ་བ་གནས་ངན་ལེན་ཡོད་མེད་ཀྱི་རྣམ་ཤེས་གང་ཀུན་ནས་ཉོན་ མོངས་པ་དང་། རྣམ་པར་བྱང་བ་དེའི་དབང་དུ་བྱས་ནས་རྣམ་པར་ཤེས་པའི་ཕུང་པོ་བསྟན་པ་ སྟེ། མདོར་བསྡུ་ན། ཕུང་པོ་ལྔ་པོ་རྣམས་ཀྱི་གོ་རིམ་བསྟན་པའི་རྒྱུ་མཚན་ནི་དོན་གསུམ་པོ་དེ་ ལྟ་བུ་ཡིན་པར་རིག་པར་བྱའོ། ། གཉིས་པ་ལ། རྒྱུ་མཚན་ཅིའི་ཕྱིར་ཁམས་བཅོ་བརྒྱད་པོ་རྣམས་གོ་རིམ་བཞིན་དུ་བླགས་ ཞེ་ན། ཐོག་མར་དབང་པོའི་ཁམས་དྲུག་རིམ་ཅན་དུ་སྟོན་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་རིམ་ པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། ། དེ་ཉིད་རྒྱས་པར་འཆད་པ་ལ། འཇིག་རྟེན་གྱི་ཐ་སྙད་དང་མཐུན་པ་གང་ཞེ་ན། དེ་ལ་ འཇིག་རྟེན་པ་རྣམས་ཐོག་མ་ཁོ་ནར་ཕྲད་མ་ཐག་ཕན་ཚུན་ལྟ་བ་ལ་མིག་འཇུག་པ་ལ་དེའི་ ཁམས་དང་པོར་བསྟན་པའོ། །དེ་ལྟར་བལྟ་བ་ལ་བརྟེན་ནས་བདེའམ། དགེའམ་ཞེས་པ་ལ་ 1-1-219 སོགས་པ་ཀུན་ཏུ་སྨྲ་ཞིང་དེ་ཉན་པ་ལ་རྣ་བའི་ཁམས་བསྟན་པའོ། །སྨྲས་ནས་བག་ཕེབས་པ་ དེའི་འོག་ཏུ་མགྲོན་དུ་གཉེར་ཏེ་དྲི་བཟང་པོའི་ཆུའི་ཁྲུས་དང་དྲི་བཟང་གི་བྱུག་པ་དང་མེ་ཏོག་ དྲི་ཞིམ་ཕྲེང་བ་ལ་ལོངས་སྤྱོད་དུ་བྱེད་ཅིང་དེ་སྣོམ་པ་ལ་སྣའི་ཁམས་བཤད་དོ། །དེའི་འོག་ཏུ་ འབྲས་ཆན་ལ་སོགས་པའི་བཟའ་བ་དང་། རྒུན་ཆང་ལ་སོགས་པའི་བཏུང་བ་ལ་ཡོངས་སུ་ སྤྱོད་པས་དེ་མྱོང་བ་ལ་ལྕེའི་ཁམས་བཤད་དོ། །ཉིན་པར་བཟའ་བཏུང་གིས་ཚིམ་པ་དེའི་འོག་ ཏུ་མཚན་མོ་བསྒོ་བ་ལ་སོགས་པའི་མལ་ཆ་དང་། ཁྲི་སྟན་ལ་སོགས་པའི་གདིང་བ་དང་། བུད་ མེད་ཀྱི་རེག་པ་ལ་ཡོངས་སུ་སྤྱོད་པས་དེ་དག་རེག་པ་ལ་ལུས་ཀྱི་ཁམས་བཤད་དོ། །ལྟ་བ་ལ་ སོགས་པ་དེ་རྣམས་ཐམས་ཅད་ལ་དུས་ཐམས་ཅད་དུ་རྣམ་པར་རྟོག་པར་བྱེད་པ་ཅན་གྱི་ཡིད་ ཀྱི་ཁམས་འཇུག་པས་དེ་ཉིད་ཐམས་ཅད་ཀྱི་ཐ་མར་སྨོས་པ་དང་བཅས་པ་རྣམས་སོ། །དབང་ པོའི་དབང་གིས་ཡུལ་གྲུབ་པས་ནང་གི་དབང་པོའི་ཁམས་རྣམས་གོ་རིམ་ངེས་པ་རྒྱུར་བྱས་ ནས། ཕྱི་རོལ་ཡུལ་གྱི་ཁམས་རྣམས་དབང་པོ་སོ་སོའི་རྗེས་སུ་གོ་རིམ་དུ་བླགས་སོ། །དབང་ པོ་དང་ཡུལ་ཚོགས་པ་དེ་ལས་ཀྱང་རྣམ་ཤེས་འབྱུང་བས་དབང་པོ་དང་ཡུལ་སོ་སོའི་རྗེས་སུ་ རང་རང་གི་རྣམ་པར་ཤེས་པའི་ཁམས་རྣམས་རིམ་པ་ལྟར་སྨོས་སོ། ། གསུམ་པ་ནི། དབང་པོ་དང་ཡུལ་གྱི་ཁམས་རྣམས་ཀྱི་གོ་རིམ་ཇི་ལྟ་བ་བཞིན་དུ་དེ་དག་ གི་སྐྱེ་མཆེད་རྣམས་ཀྱི་གོ་རིམ་ཡང་དེ་བཞིན་ཏེ། དབང་པོའི་སྐྱེ་མཆེད་དྲུག་འཇིག་རྟེན་གྱི་ཐ་ སྙད་དང་མཐུན་པའི་རིམ་པས་བསྟན་ཞིང་། དེའི་དབང་གིས་ཡུལ་གྱི་སྐྱེ་མཆེད་དྲུག་འབྱུང་ བས་དབང་པོ་སོ་སོའི་རྗེས་སུ་བསྟན་པ་ཡིན་ནོ། །དོན་ལའང་གསུམ་ལས། དང་པོ་ཕུང་པོ་ ཞེས་བརྗོད་པའི་སྒྲའི་དོན་གང་ཞེ་ན། ལན་ལ་གསུམ་གྱི། (དང་པོ།)སྤུངས་པའི་དོན་ཅན་དུ་ བཤད་པ་ནི། ཕུང་པོ་ལྔ་པར། དུས་དང་རྒྱུད་དང་རྣམ་པ་དང་འགྲོ་བ་དང་ཡུལ་ཐ་དད་པའི་ གཟུགས་ལ་སོགས་པ་བསྡུས་པའི་ཕྱིར་རོ། །ཞེས་པ་ལྟར། གཟུགས་ཀྱི་མཚན་ཉིད་ཅན་གང་ 1-1-220 ཡིན་པ་ཅི་ཡང་རུང་སྟེ། དུས་ཀྱིས་ཕྱེ་བ་བྱུང་བ་འགགས་པ་འདས་པ་དང་། ཡོད་ཀྱང་མ་བྱུང་ བ་མ་འོངས་བ་དང་། བྱུང་ལ་མ་འགགས་པ་ད་ལྟར་བྱུང་བའམ། རྒྱུད་ཀྱིས་ཕྱེ་བ་རང་རྒྱུད་དུ་ གཏོགས་པ་ནང་གིའམ། གཞན་རྒྱུད་དུ་གཏོགས་པ་ཕྱིའམ། རྣམ་པས་ཕྱེ་བ་ཐོགས་པ་དང་ བཅས་པ་རགས་པའམ། ཐོགས་པ་མེད་བ་ཕྲ་བའམ། འགྲོ་བས་ཕྱེ་བ་ངན་འགྲོའི་གཟུགས་ ངན་པའམ། བདེ་འགྲོའི་གཟུགས་གྱ་ནོམ་པའམ། ཡུལ་གྱིས་ཕྱེ་བ་(འདས་མ་འོངས་སམ་)རྒྱངས་ ཆད་པར་གནས་པ་རྒྱང་རིང་པོ་གང་ཡིན་པའམ། (ད་ལྟར་བའམ་)ཉེ་འཁོར་ན་གནས་པ་ཐག་ཉེ་ བ་གང་ཡིན་པ་དེ་ཐམས་ཅད་(པའི་རྩ་ལག་)དངོས་པོར་གཅིག་ཏུ་བསྡུར་མི་རུང་ཡང་ཚིག་གིས་ བསྡུས་པའམ། རྫས་གཅིག་ཏུ་བསྡུར་མི་རུང་ཡང་རིགས་གཅིག་ཏུ་བསྡུས་ཏེ་(བློས་)སྤུངས་ པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཞེས་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ ཤེས་པའི་ཕུང་པོའི་བར་དུ་ཡང་དེ་བཞིན་དུ་སྦྱར་ཏེ། མིང་བཞིའི་མཚན་ཉིད་ཅན་གང་ཡིན་པ་ ཅི་ཡང་རུང་། དུས་གསུམ་གྱི་བསྡུས་པའམ། རང་གཞན་གྱི་རྒྱུད་དུ་གཏོགས་པའམ། དབང་ པོ་གཟུགས་ཅན་དང་ཡིད་ལ་བརྟེན་པ་རགས་པ་དང་ཕྲ་བའམ། ངན་འགྲོ་དང་བདེ་འགྲོའིམ། རིང་བ་དང་ཉེ་བ་ལ་དམིགས་པ་གང་ཡིན་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སྤུངས་པའི་ ཕྱིར་ཕུང་པོ་ཞེས་བྱའོ། །(སོར་མོའི་རྩེ་མོའི་མདོར་གསུངས་པ་ལྟར་)འདས་པ་ལ་སོགས་པ་བཅུ་གཅིག་ ཏུ་ཕྱེ་བ་ནི། (འགྲེལ་པར་) སྲེད་པ་བཅུ་གཅིག་དབང་གིས་ཏེ། །(སྡོམ་ནི།)བལྟས་པ(འི་སྲིད་པ་དང་)ས་ མངོན་དགའ་(བ་དང་)ལྷག་པར་ཆགས(པའི་སྲེད་པའི་ཡུལ་དུས་གསུམ་དང་)། །བདག་(དང་)ཡུལ་(ལ་སྲེད་ པའི་ཡུལ་ནང་དང་ཕྱི་དང་)འདོད་པ་(དང་)སྙོམས་འཇུག་(ལ་སྲེད་པའི་ཡུལ་རགས་པ་དང་ཕྲ་བ་)དང་། །ཉེས་ (པར་)སྤྱད་(པའི་)སྡུག་བསྔལ་(དང་)ལེགས་(པར་)སྤྱད་(པའི་)བདེ(ལ་སྲེད་པའི་ཡུལ་ངན་པ་དང་གྱ་ནོམ་པ་དང་)། ། རིང་(བ་)དང་ཉེ་(བ་)ལ་སྲེད་པ(འི་ཡུལ་རིང་བ་དང་ཉེ་བ)འོ། །རིམ་པ་ལྟར་(སྲེད་པ་)དེ་རྣམས་ཀྱི་ དམིགས་ཡུལ་ཡིན་པའི་ཕྱིར་རོ། །ཡང་ན། (འདས་པ་དང་ད་ལྟར་བ་)བྱུང་(བ་དང་མ་འོངས་པ་)མ་བྱུང་ 1-1-221 གི་བྱེ་བྲག་(དུས་གསུམ་)དང་། །འཛིན་(པ་དང་)གཟུང་(བའི་བྱེ་བྲག་ནང་ཕྱི་དང་)ཕྱི་བལྟས་ནང་བལྟས་ (ཀྱི་བྱེ་བྲག་རགས་ཕྲ་)དང་། །ཉོན་མོངས་ཅན་དང་ཉོན་མོངས་(ཅན་)མིན(པའི་བྱེ་བྲག་ངན་པ་དང་ གྱ་ནོམ་པ་དང་)། །རིང་(བ་)དང་ཉེ་བའི་བྱེ་བྲག་གིས(རིང་བ་དང་ཉེ་བའི་གཟུགས་སོ)། །རིམ་པ་ཇི་ལྟ་ བ་བཞིན་དུ་འདས་པ་བཅུ་གཅིག་རྣམ་པར་གཞག་པ་སྟེ། དཔེར་ན་ནོར་གྱི་ཁྱད་པར་(བཟང་ངན་ གང་ཡང་རུང་)མང་པོ་གཅིག་ཏུ་བསྡུས་ནས་སྤུངས་པ་ལ་ནོར་གྱི་ཕུང་པོར་འཇོག་པ་བཞིན་ནོ། ། (གཉིས་པ།)ཆེ་བའི་དོན་ཅན་དུ་བཤད་པ་ནི། གཞན་སྐནྡྷ་ཞེས་པ་ཆེན་པོ་ལའང་འཇུག་ པས་གཟུགས་ལ་སོགས་པའི་རྩ་བ་ལ་བརྟེན་ནས། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཡལ་ འདབ་ཤིན་ཏུ་རྒྱས་ཤིང་ཆེ་བར་འབྱུང་བའི་མཚན་ཉིད་ཅན་ཁོ་ནའི་ཕྱིར་ཕུང་པོ་ཆེན་པོ་ཞེས་ བརྗོད་དེ། ཇི་སྐད་དུ་(རྟེན་འབྲེལ་གྱི་)མདོ་ལས། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་ཅེས་པ་ ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །ཞེས་གསུངས་ པ་ལྟ་བུ་སྟེ། དཔེར་ན་ཡལ་ག་དང་ལོ་མ་འདབ་རྒྱས་པའི་ཤིང་སྡོང་ལ་ཤིང་གི་ཕུང་པོ་ཆེན་པོ་ ཞེས་བརྗོད་པ་བཞིན་ནོ། ། (གསུམ་པ།)ཕྲག་པ་དང་མཐུན་པར་བཤད་པ་ནི། ཡང་སྐནྡྷ་ཕྲག་པ་ལའང་འཇུག་པས་ གཟུགས་ལ་སོགས་པ་ལ་བརྟེན་ནས། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་ མོངས་པའི་ཁུར་ཆེན་པོ་མི་འབྲལ་བར་ཁྱེར་བ་ཉིད་ཀྱི་ཕྱིར་ཕྲག་པའམ་ཕུང་པོ་ཞེས་བརྗོད་ དེ། དཔེར་ན་ལུས་ཀྱི་ཕྱོགས་གང་གིས་ཁུར་ཁྱེར་པ་དེ་ལ་ཕྲག་པ་ཞེས་འདོགས་ཤིང་དེས་ ཁུར་ཤིན་ཏུ་ལྕི་བ་ཁྱེར་བ་ལས་སྡུག་བསྔལ་པར་གནས་པ་བཞིན་ནོ། ། གཉིས་པ། ཁམས་ཀྱི་སྒྲའི་བརྗོད་བྱའི་དོན་གང་ཞེ་ན། (འགྲེལ་པར།)ཀུན་གཞིའི་རྣམ་ཤེས་ ལ་འདུས་བྱས་ཀྱི་ཆོས་ཐམས་ཅད་འགྲུབ་པའི་ས་བོན་གནས་པ་ཉིད་ཀྱི་དོན་ནམ། (དབུས་ མཐའི་ཊི་ཀར།)ཡང་ན་ཁམས་བཅོ་བརྒྱད་པོ་རང་རང་གི་སྐད་ཅིག་སྔ་མས་ཕྱི་མའི་ས་བོན་བྱེད་པ་ 1-1-222 ཉིད་ཀྱི་དོན་ནི་ཁམས་ཀྱི་དོན་ཏོ། ཡང་མིག་ལ་སོགས་པ་རྣམས་བྱེད་པ་པོ་མེད་པར་རང་རང་ གི་མཚན་ཉིད་གཞན་དང་ཐུན་མོང་མ་ཡིན་པ་འཛིན་པའི་དོན་ནི་ཁམས་ཀྱི་དོན་ཏོ། །ཡང་ རྣམ་ཤེས་དྲུག་འབྲས་བུའི་དངོས་པོ་འཛིན་པ་དང་། དབང་པོ་དང་ཡུལ་རྒྱུའི་དངོས་པོ་འཛིན་ པའི་དོན་ནི་ཁམས་བཅོ་བརྒྱད་ཀྱི་དོན་ཏོ། །ཡང་མདོ་སྡེ་གཞན་ལས་སའི་ཁམས་ལ་སོགས་ པ་ཁམས་ཀྱི་མིང་ཅན་གྱི་ཆོས་ཀྱི་རྣམ་པ་བསྟན་པ་ཐམས་ཅད་འབྱུང་བ་བཞིའི་ཁམས་རེག་ བྱ་དང་ནམ་མཁའི་ཁམས་ཆོས་སུ་འདུ་བ་ལྟ་བུ་འདིར་བསྟན་པའི་ཁམས་བཅོ་བརྒྱད་ཀྱིས་ བསྡུས་ནས་འཛིན་པའི་དོན་ནི་ཁམས་ཀྱི་དོན་ཏོ། ། གསུམ་པ། སྐྱེ་མཆེད་ཀྱི་སྒྲའི་དོན་གང་ཞེ་ན། དབང་པོ་དང་ཡུལ་དེ་དག་ལ་བརྟེན་ནས་ རྣམ་པར་ཤེས་པ་མཚུངས་ལྡན་དང་བཅས་པ་སྐྱེ་ཞིང་མཆེད་ལ་རྒྱས་པར་འབྱུང་བའི་སྒོའམ། བྱེད་རྒྱུའི་རྒྱུ་མཚན་དུ་གྱུར་པའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏོ། །འགྲེལ་བར། ས་བོན་གྱི་དོན་ དང་། ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་པའི་དོན་ཡང་སྐྱེ་མཆེད་ཀྱི་དོན་དུ་རིག་པར་བྱའོ། ། ཞེས་གསུངས་སོ། །དེ་རྣམས་ཀྱང་མཛོད་ལས། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པ་སྐྱེ་ མཆེད་ཁམས་རྣམས་སོ། །ཞེས་པ་ལྟར་རོ། ། (བརྒྱད་པ།)དཔེ་ལ་གཉིས་ལས། (དང་པོ།)མདོ་དགོད་པ་ནི། སློབ་དཔོན་ཡེ་ཤེས་བཤེས་ གཉེན་གྱི་འགྲེལ་པར་མདོ་རྒྱས་པར་དྲངས་ཏེ། དཔེར་ན་མིག་དང་ལྡན་པའི་སྐྱེས་བུས་ཆུ་ བོ་གངྒཱ་ལ་ཝུ་བ་རྡོས་པ་གནས་བཞིན་པ་མཐོང་སྟེ། དེས་དེ་ལ་ཚུལ་བཞིན་དུ་བརྟགས་པ་ན། མེད་པ་དང་གསོབ་དང་གསོག་དང་སྙིང་པོ་མེད་བར་སྣང་ངོ་། །དེ་བཞིན་དུ་འཕགས་པ་ཉན་ ཐོས་རྣམས་ཀྱི་གཟུགས་ལ་ཚུལ་བཞིན་དུ་བརྟགས་པ་ན། དེ་ནི་མེད་པར་སྣང་གསོབ་ཏུ་སྣང་ གསོག་ཏུ་སྣང་སྙིང་པོ་མེད་པར་སྣང་ངོ་ཞེས་པ་ལ་སོགས་པའོ། །དེ་བས་ན་གཟུགས་ནི་ཝུ་བ་ རྡོས་པའམ་ཝུ་བའི་ཕུང་པོ་ལྟ་བུའོ། །དེ་བཞིན་དུ་སྦྱར་ཏེ་ཚོར་བ་ནི་ཆུའི་སྟེང་དུ་ཆགས་པའི་ཆུ་ 1-1-223 བུར་ལྟ་བུའོ། །འདུ་ཤེས་ནི་ཉི་ཟེར་རླུང་གིས་བསྐྱོད་པ་སྨིག་རྒྱུ་ལྟ་བུའོ། །འདུ་བྱེད་རྣམས་ནི་ སྙིང་པོ་མེད་པ་ཆུ་ཤིང་གི་ཕུང་པོ་ལྟ་བུའོ། །རྣམ་པར་ཤེས་པ་ནི་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་ བུའོ། །ཞེས་གསུངས་པའོ། ། (གཉིས་པ)དོན་བཤད་པ་ནི། དེ་ལ་རྒྱུ་མཚན་ཅིའི་ཕྱིར་གཟུགས་ལྦུ་བ་རྡོས་པ་ལྟ་བུའོ་ཞེས་ བྱ་བ་ནས། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུའོ་ཞེས་བྱ་བའི་བར་དུ་དཔེ་དང་དོན་གཉི་ག་ལ་མེད་ པ་དང་གསོབ་དང་གསོག་དང་སྙིང་པོ་མེད་པར་སྣང་བ་ཞེས་བྱ་ཞེ་ན། ཉེར་ལེན་ཕུང་པོ་ལྔ་ལ་ བདག་དང་གཙང་བ་དང་བདེ་བ་དང་རྟག་པར་འཛིན་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོར་དེ་ སྐད་ཅེས་བྱ་སྟེ། དེའང་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་ཐམས་ཅད་ནི་དཔྱད་ན། བདག་ དང་གསོབ་དང་སེམས་ཅན་ལ་སོགས་པ་མེད་པ་ཉིད་ཀྱི་ཕྱིར་མེད་པར་སྣང་བ་དང་། རུལ་ བ་དང་ཉོན་མོངས་པ་ལ་སོགས་པ་ཅི་རིགས་པར་ལྡན་པས་གཙང་བ་མེད་པ་ཉིད་ཀྱི་ཕྱིར་ གསོབ་ཏུ་སྣང་བ་དང་། བདེ་བ་ལ་སོགས་པའི་རོ་བྲོ་བ་ཆུང་བ་ཉིད་ཀྱི་གསོག་ཏུ་སྣང་བ་དང་། སྐྱེས་མ་ཐག་འཇིག་པས་མི་བརྟན་ཞིང་བདེན་པར་གྲུབ་པའི་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་སྙིང་ པོ་མེད་པར་སྣང་བའོ་ཞེས་བྱ་བར་འགྱུར་རོ། །(དེ་དག་ལ་སྦྱོར་ཚུལ་གཞན་དུ་བཞེད་པ་ནི་གཞུང་གི་དགོངས་ པ་ཡིན་པར་གསལ་ལོ། །) ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཁམས་རྣམས་ནི་(གནོད་པ་སྣ་ཚོགས་ བྱེད་པས་)སྦྲུལ་གདུག་པ་ལྟ་བུ་དང་། སྐྱེ་མཆེད་རྣམས་ནི་(འཛིན་མཁན་གྱི་བདག་གམ་རྣམ་ཤེས་མེད་པས་) གྲོང་སྟོང་པ་ལྟ་བུར་ཡང་གསུངས་སོ། ། (དགུ་པ།)རྣམ་པའི་རབ་དབྱེ་ལ། ཤེས་བྱ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རྣམ་ པའི་རབ་ཏུ་དབྱེ་བ་གང་ཞེ་ན། ལན་ལ། རྒྱས་པའི་རབ་དབྱེ་དྲུག་ཅུ་དང་། བསྡུས་པའི་རབ་ དབྱེ་བཅུ་གསུམ་གཉིས་ཀྱི་དང་པོ་ལ། སྡོམ་གྱིས་མདོར་བསྟན་པ། ངོ་བོ་རྒྱས་བཤད། ཚུལ་མཐུན་སྦྱར་བའོ། །དང་པོ་ནི། བར་ 1-1-224 སྐབས་ཀྱི་སྡོམ་དུ་ན། བཤད་བྱ་རྫས་ཡོད་ལ་སོགས་པ་བཞི་དང་། ཤེས་བྱ་ལ་སོགས་པ་ གསུམ་དང་། གཟུགས་ཅན་ལ་སོགས་པ་དྲུག་དང་། ཟག་བཅས་ལ་སོགས་པ་བཅུ་གཉིས་ དང་། བྱུང་བ་ལ་སོགས་པ་བརྒྱད་དང་། འདས་པ་ལ་སོགས་པ་བཅུ་དྲུག་དང་། རྐྱེན་ལ་ སོགས་པ་བཅུ་གཅིག་པོ་རྣམས་འཆད་ཚུལ་མཚན་ཉིད་ཀྱི་འཇོག་ཚུལ་ཇི་ལྟར་ཡིན། མཚན་ གཞིའི་དངོས་པོ་ནི་དུ་ཞིག་ཡོད། དགོས་པ་ནི་ཅིའི་ཕྱིར་དུ་བསྟན་ཞེས་དྲིས་པའི་ལན་དུ་མཚན་ ཉིད་དང་དངོས་པོ་བསྟན་པས་ དེ་དག་ལ་རྨོངས་པ་བསལ་ནས་རང་མཚན་ཇི་སྙེད་པ་ལ་མཁས་པའི་ཤེས་རབ་སྐྱེད་ཅིང་། དགོས་པའི་ཁྱད་པར་བསྟན་པས་བདག་ཡོད་ཀྱི་སྒྲོ་འདོགས་སྤངས་ནས་སྤྱི་མཚན་ཇི་ལྟ་བ་ལ་ མཁས་པའི་ཤེས་རབ་སྐྱེད་པའོ། ། རྒྱས་བཤད་ལ་བདུན་ཏེ། རྫས་ཡོད། ཤེས་བྱ། གཟུགས་ཅན། ཟག་བཅས། བྱུང་བ། འདས་པ། རྐྱེན་བཞི་རྣམས་ཀྱི་མཐར་ལ་སོགས་པར་དབྱེ་བ་ཞེས་སྦྱར་བར་བྱའོ། །ཐམས་ ཅད་ཀྱང་དྲིས་ལན་གཉིས་ཀྱིས་བཤད་ཅིང་། ལན་ལའང་མཚན་ཉིད། དངོས་པོ། དགོས་པ་ གསུམ་གྱིས་བཤད་པར་བྱའོ། ། དེ་ལ་རྫས་ཡོད་ལ་སོགས་པར་དབྱེ་བ་ནི། རྫས་ཡོད་བཏགས་ཡོད་གཉིས་དང་། ཀུན་ རྫོབ་དོན་དམ་གཉིས་ཏེ་བཞི་ལས། དང་པོ་གཉིས་ནི་དོན་དང་ཐ་སྙད་ཀྱིས་ཕྱེ་བ་དང་། ཕྱི་མ་ གཉིས་བློ་འཁྲུལ་མ་འཁྲུལ་གྱིས་ཕྱེ་བའོ། །དང་པོ་ལ། ཆོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ ཀྱིས་བསྡུས་པའི་ཤེས་བྱ་རྣམས། མཚན་ཉིད་ཀྱིས་འཇོག་ཚུལ་ཇི་ལྟར་ན་རྫས་སུ་ཡོད་པ་ ཡིན། ཆོས་གསུམ་གྱི་ནང་ནས་མཚན་གཞི་རྫས་སུ་ཡོད་པའི་དངོས་པོ་རྣམས་ཀྱི་གྲངས་ནི་དུ་ ཞིག་ཡོད། རྟོག་ལྡན་གྱི་བྱ་བ་ལ་དགོས་པས་ཁྱབ་པས་དགོས་པ་ཅིའི་ཕྱིར་རྫས་སུ་ཡོད་པར་ བརྟག་སྟེ་བསྟན་ཅེ་ན། ལན་ལ། (དང་པོ།)མཚན་ཉིད་ནི། ཆོས་གང་ཞིག་རང་གི་ངོ་བོ་ཡིད་ཀྱི་ 1-1-225 དབང་པོའམ་བློའི་སྤྱོད་ཡུལ་དུ་གྱུར་པ་དེ་བརྗོད་པ་དང་སྒྲ་དང་མིང་ལ་སོགས་པའི་ཐ་སྙད་ ལའང་མི་ལྟོས་ཤིང་། དེ་ལས་གཞན་རྟགས་དང་དཔེ་དང་མཚན་ཉིད་ལ་སོགས་པ་རྣམ་པར་ འཇོག་བྱེད་དོན་གཞན་ལ་མི་ལྟོས་པ་ནི་རྫས་སུ་ཡོདཔའོ། །དེའང་བུམ་པ་བློ་ཡུལ་དུ་བྱུང་བ་ ལྟོ་ལྡིར་གྱི་གཟུགས་ལ་ལྟོས་པ་ལྟ་བུ་མ་ཡིན་པར། གཟུགས་སོགས་དོན་རང་མཚན་མངོན་ སུམ་དུ་མཐོང་བ་ལྟ་བུ་སྟེ། ཀུན་རྫོབ་སྡེ་པ་ལ་གྲགས་པའི་རྫས་ཡོད་དོ། །ཡང་ཆོས་རྣམས་ ཀྱི་ཆོས་ཉིད་དེ་བཞིན་ཉིད་ཡིད་ཀྱི་དབང་པོ་ཟག་མེད་ཀྱི་སྤྱོད་ཡུལ་དུ་གྱུར་པ་བརྗོད་པ་ཐ་ སྙད་ལ་སོགས་པ་དང་། དེ་ལས་གཞན་གཏན་ཚིགས་ལ་སོགས་པ་ལ་མི་ལྟོས་པ་ནི་དོན་དམ་ གྱི་རྫས་སུ་ཡོད་པ་སྟེ། (ཡེ་ཤེས་བཤེས་གཉེན་གྱི་)འགྲེལ་བཤད་ལས། ཡིད་ཀྱི་དབང་པོ་སྦྱོར་བྱུང་ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཆོས་རྣམས་ཀྱི་ཆོས་ཉིད་བརྗོད་ དུ་མེད་པའོ། །ཞེས་པ་ལྟར་རོ། ། (གཉིས་པ།)དངོས་པོ་ནི། ཆོས་གསུམ་པོ་ཐམས་ཅད་ཀྱང་ལྟོས་མེད་དུ་བློ་ཡུལ་དུ་གྱུར་པའི་ ཆ་ནས་རྫས་སུ་ཡོད་པའམ། ཡང་(ཡེ་ཤེས་བཤེས་གཉེན་)ཆོས་ཐམས་ཅད་དེ་བཞིན་ཉིད་ལས་ཐ་ མི་དད་པའི་ཕྱིར་རྫས་སུ་ཡོད་པའོ། ། (གསུམ་པ།)དགོས་པ་ནི། ཕྱི་རོལ་པ་ལ་སོགས་པ་མི་མཁས་པ་རྣམས་བདག་རྫས་སུ་གྲུབ་ པ་ཡོད་དོ་ཞེས་མངོན་པར་ཞེན་པ་སྤང་པའི་ཕྱིར་དེ་ལྟ་བུའི་མཚན་ཉིད་དང་། དངོས་པོ་ཕུང་པོ་ ཁམས་དང་སྐྱེ་མཆེད་རྣམས་རྫས་སུ་ཡོད་པར་བརྟག་གོ་ཞེས་པ་སྟེ། དེ་རྣམས་ནི་མི་རྟག་དུ་མ་ གཞན་དབང་ཅན་ཡིན་པས་བདག་གི་མཚན་ཉིད་དང་མི་ལྡན་ཞིང་། ཆོས་གསུམ་ལས་གཞན་ པའི་བདག་རྫས་སུ་གྲུབ་པའང་མེད་དོ། །ཞེས་པའི་དོན་ཏོ། །འདི་དག་གིས་ནི་གནས་སྐབས་ སུ་གསུང་རབ་ལས་འབྱུང་བའི་རྫས་ཡོད་ལ་སོགས་པ་གཏན་ལ་འབེབས་ཤིང་། མཐར་ཐུག་ ཆོས་ཐམས་ཅད་ཀྱི་གནས་ལུགས་བདག་མེད་པ་ལ་འཇུག་པའི་དོན་ཏེ། བདག་མེད་ཕུང་པོ་ 1-1-226 ཙམ་ཉིད་དོ། །ཞེས་པ་ལྟར་རོ། །དེ་བཞིན་དུ་གཞན་ལའང་རྒྱ་ཆེར་སྦྱར་རོ། ། གཉིས་པ་ལ། མཚན་ཉིད་ཇི་ལྟར་ན་བཏགས་པའི་ཡོད་པ་ཡིན། མཚན་གཞི་བཏགས་ པའི་ཡོད་པའི་དངོས་པོ་རྣམས་ནི་དུ་ཞིག། དགོས་པ་ཅིའི་ཕྱིར་བཏགས་པའི་ཡོད་པར་བརྟག་ སྟེ་བསྟན་ཅེ་ན། ཆོས་གང་ཡིད་ཀྱི་དབང་པོའམ་བློའི་སྤྱོད་ཡུལ་དུ་གྱུར་པ་དེ་བརྗོད་པ་སྒྲ་དང་ མིང་ལ་སོགས་པ་ལའང་ལྟོས་ཤིང་། དེ་ལས་གཞན་གདགས་གཞི་ལ་སོགས་པ་རྣམ་པར་ འཇོག་བྱེད་རྒྱུ་མཚན་ལ་ལྟོས་པ་དང་བཅས་པ་ནི་བཏགས་པའི་ཡོད་པའི་མཚན་ཉིད་ཅན་ ཏེ། ཕུང་པོ་ལ་གང་ཟག་ཏུ་བཏགས་པའམ། ལྟོ་ལྡིར་ལ་བུམ་པར་བཏགས་པ་ལྟ་བུའོ། །སྒྲས་ བརྗོད་དུ་རུང་བ་དང་། མིང་གིས་གདགས་སུ་རུང་བའི་ཆ་ནས་ཆོས་གསུམ་པོ་ཐམས་ཅད་ ཀྱང་བཏགས་པའི་ཡོད་པའི་དངོས་པོའོ། །ཤེས་བྱ་ཐམས་ཅད་ཆོས་གསུམ་གྱིས་བསྡུས་ཤིང་ དེ་ཐམས་ཅད་བཏགས་ཡོད་དུ་བསྟན་པས་(གཞུང་ལ་ལར་)བདག་ལ་རྫས་སུ་མངོན་པར་ཞེན་ པ་སྤང་བའི་ཕྱིར་རམ། ཡང་ན་བཏགས་ཡོད་ཀྱང་ཆོས་གསུམ་དུ་འདུས་ཤིང་། ཆོས་གསུམ་ ནི་བདག་གི་མཚན་ཉིད་དང་མི་ལྡན་པས(ལ་ལར)། བདག་ལ་བཏགས་པའི་ཡོད་པར་མངོན་ པར་ཞེན་པ་སྤང་བའི་ཕྱིར་བཏགས་པའི་ཡོད་པར་བརྟག་གོ། ཀུན་རྫོབ་དང་དོན་དམ་གཉིས་ ཀྱི་འཇོག་ཚུལ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས། (མཛོད་ལས།)གང་ལ་བཅོམ་དང་བློ་ཡིས་ གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ ཡོད་གཞན་ནོ། །ཞེས་ཐོ་བ་ལ་སོགས་པས་བཅོམ་ན་དེའི་བློ་འདོར་བ་བུམ་པ་ལྟ་བུ་དང་། (དྲི་ རོ་སོགས་)སྐྱེ་མཆེད་རྫས་ཐ་དད་དུ་ཕྱེ་ན་དེའི་བློ་འདོར་བ་ཆུ་ལྟ་བུ་ནི་ཀུན་རྫོབ་ཏུ་ཡོད་པ་དང་། དེ་ལས་གཞན་བཅོམ་པ་དང་གཞིག་པས་དེའི་བློ་མི་འདོར་བ་གཟུགས་ལྟ་བུ་ནི་དོན་དམ་དུ་ ཡོད་པར་འདོད་ཅིང་། (མདོ་སྡེ་པ་)རྣམ་འགྲེལ་དུ། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་ དོན་དམ་ཡོད་པ་སྟེ། །གཞན་ནི་ཀུན་རྫོབ་ཡོད་པ་ཡིན། །དེ་དག་རང་སྤྱིའི་མཚན་ཉིད་བཤད། ། 1-1-227 ཅེས་པ་ལྟར་རང་མཚན་དོན་དམ་དུ་ཡོད་པ་དང་། སྤྱི་མཚན་ཀུན་རྫོབ་ཏུ་ཡོད་པར་བཤད་ ལ། བདེན་གཉིས་སུ། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་ པ་ལྟར་སྣང་བའི་ཆ་ཀུན་རྫོབ་དང་། སྟོང་པའི་ཆ་དོན་དམ་དུ་བཤད་དེ། སློབ་དཔོན་ཤཱནྟི་བས་ ནི། འཁྲུལ་བའི་ཤེས་པ་ཡུལ་དང་བཅས་པ་ཀུན་རྫོབ་དང་། མ་འཁྲུལ་བའི་ཤེས་པ་ཡུལ་དང་ བཅས་པ་དོན་དམ་དུ་བཞེད་དོ། །ཞེས་ཀྱང་གསུང་ངོ་། །དབུས་མཐའ་ལས། བཏགས་པ་ དང་ནི་ཤེས་པ་དང་། །དེ་བཞིན་བརྗོད་པ་རགས་པ་ཡིན། །ཞེས་ཀུན་བརྟགས་(ནི་མེད་བཞིན་དུ་) བཏགས་པའི་ཀུན་རྫོབ་དང་། །གཞན་དབང་(ནི་རྟོག་བྱེད་)ཤེས་པའི་ཀུན་རྫོབ་དང་། ཡོངས་ གྲུབ་(དོན་ལ་)བརྗོད་དུ་མེད་པ་ལ་དེ་བཞིན་ཉིད་ལ་སོགས་པའི་སྒྲས་(སྒྲོ་བཏགས་ཏེ་)བརྗོད་པའི་ ཆའང་བརྗོད་པའི་ཀུན་རྫོབ་ཏུ་བཤད་ཅིང་། དམ་པའི་དོན་ནི་གཅིག་པུའོ། །ཞེས་ཡོངས་གྲུབ་ ཁོ་ན་དོན་དམ་གྱི་བདེན་པ་ཡིན་ལ། དེ་ལའང་། དོན་དང་ཐོབ་དང་བསྒྲུབ་པ་ནི། །དོན་དམ་ རྣམ་པ་གསུམ་དུ་འདོད། །ཅེས་དེ་བཞིན་ཉིད་(དོན་དམ་)དང་། མྱ་ངན་ལས་འདས་པ་(ཐོབ་པ་དོན་ དམ་)དང་། ལམ་(སྒྲུབ་པ་དོན་དམ་)གསུམ་དུ་ཕྱེ་ནས་གསུངས་སོ། །འདིར་ནི་(དོན་)ཕྱི་མ་དག་དང་ མཐུན་པར་(ཚིག་)རྣམ་གྲངས་ཀྱིས་འཆད་པ་ལ། ཇི་ལྟར་(ན་ཀུན་རྫོབ་ཏུ་ཡོད་པ་ཡིན། ཀུན་རྫོབ་ཏུ་ཡོད་པ་ རྣམས་ནི་)དུ་ཞིག་ཅིའི་ཕྱིར་ཀུན་རྫོབ་ཏུ་ཡོད་པར་བརྟག་ཅེ་ན། ཞེས་པ་ལ་སོགས་པས་དྲི་བའི་ གཞུང་བསྡུས་པ་རྣམས་ནི་ཡི་གེ་ཉུང་བའི་དོན་ཏེ། འཆད་པ་ན་སྔ་མ་ལྟར་ཕྱེ་སྟེ་བརྗོད་པར་ བྱའོ། ། ལན་ནི། ཆོས་གང་ལ་བརྟེན་པ་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ འཕེལ་བར་འགྱུར་བའི་དམིགས་པ་ཆོས་གསུམ་ཟག་པ་དང་བཅས་པའི་ཆོས་རྣམས་ནི་ཡང་ དག་པའི་དོན་ལ་བསྒྲིབས་པས་ན་ཀུན་རྫོབ་ཏུ་ཡོད་པའོ། །(མ་རིག་སོགས་)ཉོན་མོངས་པའི་ དམིགས་པར་གྱུར་པའི་ཆ་ནས་ཆོས་གསུམ་པོ་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཡོད་པའོ། །ཉོན་ 1-1-228 མོངས་ཀྱི་རྒྱུ་ཀུན་རྫོབ་ཆོས་གསུམ་དུ་བསྟན་བས་བདག་ལ་ཀུན་ནས་ཉོན་མོངས་པའི་རྒྱུར་ (འདོད་པའི་)མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་དོན་དམ་པར་ཡོད་ པར་བརྟག་ཅེ་ན། མཚན་ཉིད་ནི། སྤང་བྱ་ཀུན་ནས་ཉོན་མོངས་པའི་གློ་བུར་གྱི་དྲི་མ་རྣམ་ པར་དག་པར་འགྱུར་བའི་ཆེད་དུ། གཉེན་པོ་ལམ་རྣམ་དག་བསྒོམ་པའི་དམིགས་པ་དེ་བཞིན་ ཉིད་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་(བདག་གཉིས་ཀྱིས་སྟོང་པ་)ནི་ཡེ་ཤེས་དམ་ པའི་སྤྱོད་ཡུལ་དུ་འགྱུར་བའི་ཕྱིར་དོན་དམ་པར་ཡོད་པའོ། །ཞེས་པ་སྟེ། རྒྱན་ལས། (ཀུན་ བརྟགས་)མེད་པ་གང་ཡིན་དེ་ཉིད་ནི། །(ཡོངས་གྲུབ་)ཡོད་པ་ཡི་ནི་དེ་ཉིད་ཡིན། །(ཀུན་བརྟགས་) རྣམ་པ་ཀུན་ཏུ་མི་དམིགས་པ། །(ཡོངས་གྲུབ་)དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཅེས་པ་ལྟར་ རོ། །དངོས་པོ་ནི། (འགྲེལ་པར།)ཆོས་ཐམས་ཅད་དེ་བཞིན་ཉིད་ལས་གཞན་མ་ཡིན་པའི་ཕྱིར་ ཆོས་གསུམ་པོ་ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ། །ཞེས་པ་སྟེ། དབུས་མཐར། ཆོས་ ཀྱི་དབྱིངས་ལས་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །དེ་ཕྱིར་སྤྱི་ཡི་མཚན་ཉིད་ དུ། །དེ་ནི་ཕྱིན་ཅི་མ་ལོག་པའོ། །ཞེས་པ་ལྟར་རོ། །དགོས་པ་ནི། རྣམ་པར་དག་པ་ཐོབ་པའི་ རྒྱུ་ཡང་ཆོས་གསུམ་པོའི་དོན་དམ་གྱི་ཆ་ཡིན་ནོ་ཞེས་བསྟན་པས་བདག་ལ་རྣམ་པར་དག་པའི་ རྒྱུར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཞེས་པ་སྟེ། རྒྱུད་བླ་མར། རྟོགས་བྱ་(ཆོས་དབྱིངས་) རྟོགས་པ་(བྱང་ཆུབ་)དེ་ཡི་ནི། །ཡན་ལག་(ཡོན་ཏན་)རྟོགས་པར་བྱེད་ཕྱིར་(ཕྲིན་ལས་)ཏེ། །གོ་རིམ་ ཇི་བཞིན་གནས་གཅིག་ནི་(ཆོས་དབྱིངས་དོན་དམ་པ)། །དག་རྒྱུ་(ཕྱི་མ་)གསུམ་ནི་རྐྱེན་ཡིན་ནོ། །ཞེས་ པ་ལྟར་རོ། ། གཉིས་པ་ལ། ཤེས་པར་བྱ་བ། རྣམ་པར་ཤེས་བྱ། མངོན་པར་ཤེས་བྱ་གསུམ་སྟེ། སྤྱིར་ ཤེས་པ་ཙམ་གྱི་ཡུལ་དུ་གྱུར་པ་དང་། ཁྱད་པར་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡུལ་དུ་གྱུར་པ་ དང་། མངོན་པར་ཤེས་པ་དྲུག་གི་ཡུལ་དུ་གྱུར་པའི་ཆ་ནས་ཕྱེ་པའོ། །དེ་ལ། ཇི་ལྟར་དུ་ཞིག་ 1-1-229 ཅིའི་ཕྱིར་ཤེས་པར་བྱ་བར་བརྟག་ཅེ་ན། ལན་ལ། གཞི་ལྔའི་དབྱེ་བས་མཚན་ཉིད་དང་དངོས་ པོ། ཤེས་བྱེད་ཀྱི་སྒོ་ནས་བཅུ་གསུམ་དུ་དབྱེ་ན་དེ་དག་གིས་བཤད་པའི་དགོས་པ་བསྟན་པའོ། ། དང་པོ་ལ་གསུམ་གྱི། (དང་པོ།)དབྱེ་བ་ནི། སྤྱིར་ཤེས་པར་བྱ་བ་ཐམས་ཅད་ནི་གཞི་རྣམ་ པ་ལྔ་སྟེ། སྣང་བ་གཟུགས་ཀྱི་གཞི་དང་། གཙོ་བོ་སེམས་ཀྱི་གཞི་དང་། འཁོར་སེམས་ལས་ བྱུང་བའི་ཆོས་རྣམས་དང་། གནས་སྐབས་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ དང་། ཆོས་ཉིད་(གཙོ་ཆེ་བ་)འདུས་མ་བྱས་ཀྱི་གཞི་སྟེ། རྒྱན་ལས། སེམས་ནི་(གཟུང་འཛིན་དུ་སྣང་བ་ ལ། དང་པོ་གཉིས་དང་)ལྟ་བཅས་གང་ཡིན་(སེམས་བྱུང་)དང་། །དེ་ཡི་གནས་སྐབས་(ལྡན་མིན་དང་) མི་འགྱུར་བ(འདུས་མ་བྱས)། །དེ་ཉིད་མདོར་ན་མཚན་གཞི་སྟེ། །རབ་ཏུ་དབྱེ་བས་ཚད་མེད་དོ། ། ཞེས་པ་ལྟར་རོ། ། (གཉིས་པ།)ངས་ངེས་ནི། གཞི་གང་དུ་སྤང་བྱ་ཀུན་ནས་ཉོན་མོངས་པ་དང་། གཉེན་པོ་རྣམ་ པར་བྱང་བ་སྐྱེ་བ་དེའི་དབང་དུ་བྱས་ནས་གཟུགས་ཀྱི་གཞི་དང་། ལས་སུ་བྱ་བ་གང་ཀུན་ ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དེའི་དབང་དུ་བྱས་ནས་སེམས་ཀྱི་གཞི་དང་། བྱེད་ པ་པོ་ཆགས་སོགས་དང་དད་སོགས་གང་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་ བར་བྱེད་པ་དེའི་དབང་དུ་བྱས་ནས་སེམས་ལས་བྱུང་བའི་གཞི་དང་། གསུམ་པོ་དེའི་གནས་ སྐབས་ལ་བཏགས་པ་གང་ཡིན་པ་དེའི་དབང་དུ་བྱས་ནས་ལྡན་མིན་འདུ་བྱེད་ཀྱི་གཞི་དང་། དེ་བཞིན་ཉིད་དང་འགོག་པ་ལ་སོགས་པ་རྣམ་པར་བྱང་བ་གང་ཡིན་པ་དེའི་དབང་དུ་བྱས་ ནས་འདུས་མ་བྱས་ཀྱི་གཞི་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་ཤེས་པ་ཙམ་ གྱིས་སམ། ཤེས་རབ་གསུམ་གྱིས་ཤེས་པར་བྱ་བ་ཡིན་པའི་ཕྱིར་གཞི་ལྔ་པོ་དག་གོ་ཞེས་པའོ། ། 1-1-230 (གསུམ་པ།)རྒྱས་བཤད་ནི། ཆོས་གསུམ་གཞི་ལྔར་འཇོག་པ་དེ་ལ་སྣང་བ་གཟུགས་ཀྱི་གཞི་ ནི། ཕུང་པོའི་སྐབས་བུ་གཟུགས་ཀྱི་ཕུང་པོ་སྟེ། ཁམས་སུ་དབང་པོ་དང་ཡུལ་གཟུགས་ཅན་ གྱི་ཁམས་བཅུ་དང་། སྐྱེ་མཆེད་དུའང་དེ་དག་གི་སྐྱེ་མཆེད་བཅུ་དང་ཆོས་ཀྱི་ཁམས་དང་སྐྱེ་ མཆེད་ལ་ཡོད་པའི་གཟུགས་ལྔ་པོ་རྣམས་སོ། །གཙོ་བོ་སེམས་ཀྱི་གཞི་ནི། ཕུང་པོར་རྣམ་པར་ ཤེས་པའི་ཕུང་པོ་སྟེ། ཁམས་སུ་རྣམ་པར་ཤེས་པའི་ཁམས་བདུན་དང་། སྐྱེ་མཆེད་དུ་ནི་ཡིད་ ཀྱི་སྐྱེ་མཆེད་ཉིད་དོ། །འཁོར་སེམས་ལས་བྱུང་བའི་ཆོས་རྣམས་ནི། ཕུང་པོར་ཚོར་བའི་ཕུང་ པོ་དང་འདུ་ཤེས་ཀྱི་ཕུང་པོ་དང་འདུ་བྱེད་ལ་གཉིས་ཡོད་པའི་ལྡན་མིན་མ་ཡིན་ཞིང་། སེམས་ དང་མཚུངས་བར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དུ་ཆོས་ཀྱི་ཁམས་ དང་། སྐྱེ་མཆེད་ལ་ཆོས་བཅུ་དྲུག་ཡོད་པ་རྣམས་ཀྱི་ཕྱོགས་གཅིག་འདུས་མ་བྱས་བརྒྱད་དང་ གཟུགས་ལྔ་དང་ལྡན་མིན་འདུ་བྱེད་མ་གཏོགས་པར། བཤད་མ་ཐག་པའི་ཕུང་པོ་ཕྱེད་དང་ གསུམ་པོ་ཉིད་ཀྱང་ཡིན་ནོ། །གནས་སྐབས་ལྡན་པ་མ་ཡིན་པའི་འདུ་བྱེད་ནི། ཕུང་པོར་འདུ་ བྱེད་ཀྱི་ཕྱོགས་གཅིག་སེམས་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ་དང་། ཁམས་དང་ སྐྱེ་མཆེད་ཀྱི་ནང་ནས་ཆོས་ཀྱི་ཁམས་དང་། སྐྱེ་མཆེད་ཀྱི་ཕྱོགས་གཅིག་འདུས་མ་བྱས་དང་ གཟུགས་ལྔ་དང་སེམས་བྱུང་རྣམས་མ་གཏོགས་པར། ལྡན་མིན་འདུ་བྱེད་ཉིད་ཀྱང་ཡིན་ ནོ། །ཆོས་ཉིད་འདུས་མ་བྱས་ཀྱི་གཞི་ནི། ཕུང་པོ་འདུས་མ་བྱས་ལ་མེད་ཅིང་། ཁམས་དང་ སྐྱེ་མཆེད་དུ་ཆོས་ཀྱི་ཁམས་དང་། སྐྱེ་མཆེད་ཀྱི་ཕྱོགས་གཅིག་འདུས་བྱས་བརྒྱད་མ་གཏོགས་ པར། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་པོ་དག་གོ། གསུམ་པ་ནི། སྔ་མར་མ་ཟད་གཞན་ཡང་ཤེས་པར་བྱ་བའི་ཆོས་རྣམས་ནི་ཡུལ་ཅན་ཤེས་ པ་བཅུ་གསུམ་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཡང་རྣམ་པར་ཕྱེ་ནས་འཆད་པ་སྟེ། དེའང་ཐོས་ བྱུང་གི་ཚིག་གི་དོན་ཙམ་ངེས་པར་འཛིན་པ་མོས་པའི་ཤེས་པའི་སྤྱོད་ཡུལ་གྱི་ཤེས་བྱ་དང་། 1-1-231 དེ་བཞིན་དུ་སྦྱར་ཏེ། བསམ་བྱུང་གི་རིགས་པ་བཞིས་བརྟགས་ཤིང་དཔྱད་པའི་ཤེས་པའི་སྤྱོད་ཡུལ་ དང་། འཇིག་རྟེན་པའི་སྒོམ་བྱུང་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པ་རྣམས་པར་འཕྲོ་བ་ མེད་པའི་ཤེས་པའི་སྤྱོད་ཡུལ་དང་། དོན་དམ་པ་གཞན་དང་ཐུན་མོང་མ་ཡིན་པ་སོ་སོར་རང་ གིས་རིགས་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་ཤེས་པའི་སྤྱོད་ཡུལ་དང་། མངོན་པར་ཤེས་པས་ གཞན་གྱི་སེམས་ཀྱི་བདག་ཉིད་ཇི་ལྟ་བར་ཤེས་པའི་སྤྱོད་ཡུལ་དང་། བདེན་པ་རྣམས་ལ་དང་ པོར་སྐྱེ་བས་འོག་མ་ཆོས་ཤེས་པའི་སྤྱོད་ཡུལ་དང་། ཆོས་ཤེས་ཀྱི་ཕྱི་ནས་འབྱུང་བས་གོང་མ་ རྗེས་སུ་རྟོགས་པའི་ཤེས་པའི་སྤྱོད་ཡུལ་དང་། ཉེས་དམིགས་སུ་ལྟ་ཞིང་རྣམ་པར་སུན་འབྱིན་ པའི་སྒོ་ནས་སྡུག་བསྔལ་ཤེས་པའི་སྤྱོད་ཡུལ་དང་། ལས་དང་ཉོན་མོངས་པ་སྤངས་ནས་ སྤང་བྱ་ཀུན་ནས་མི་ལྡང་བའི་ཆེད་དུ་ཀུན་འབྱུང་ཤེས་པའི་སྤྱོད་ཡུལ་དང་། སྡུག་བསྔལ་ཀུན་ འབྱུང་འགགས་ནས་སླར་མི་སྐྱེ་བ་འགོག་པ་ཤེས་པའི་སྤྱོད་ཡུལ་དང་། ཟག་པ་མེད་པའི་ཤེས་ རབ་ཀྱི་ངོ་བོར་གྱུར་པ་ལམ་ཤེས་པའི་སྤྱོད་ཡུལ་དང་། སྤངས་རྟོགས་མཐར་ཐུག་པ་མི་སློབ་ ལམ་ཐོབ་པའི་དུས་ཀྱི་ཟད་པ་དང་མི་སྐྱེ་བ་ཤེས་པའི་སྤྱོད་ཡུལ་དང་། ཤེས་བྱ་ཐམས་ཅད་ རྟོགས་པས་རང་དང་གཞན་ལ་ཕན་པ་དང་བདེ་བའི་དོན་ཆེན་པོ་འགྲུབ་པ་ཐེག་པ་ཆེན་པོ་ ཤེས་པའི་སྤྱོད་ཡུལ་གྱི་ཤེས་བྱ་སྟེ། དེ་ལྟར་ཤེས་བྱ་གཞི་ལྔར་དབྱེ་བར་མ་ཟད། བཅུ་གསུམ་ དུ་ཕྱེ་བ་ནི་ཤེས་པ་བཅུ་གསུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཡང་ངོ་ཞེས་པའི་དོན་ཏོ། །དགོས་ པ་ནི། དེ་ལྟར་ཤེས་བྱ་ཆོས་གསུམ་དང་ཤེས་བྱེད་བཅུ་གསུམ་ལ་སོགས་པ་གསལ་བར་ བསྟན་པས། འགའ་ཞིག་བདག་ཡོད་ལ་དེའང་ཞི་གནས་ཀྱིས་ཤེས་པ་པོ་དང་། ལྷག་མཐོང་ གིས་མཐོང་པ་པོར་འདོད་ཅིང་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། གཉིས་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་རྣམ་པར་ཤེས་པར་བྱ་བར་བརྟག་ཅེ་ན། མཚན་ 1-1-232 ཉིད་ནི་སྒྲ་དོན་སྦྱར་ནས་མི་འཛིན་པས་རྣམ་པར་མི་རྟོག་པ་སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་ཡིན་ པས་ཀྱང་རྣམ་པར་ཤེས་བྱ་དང་། དེ་བཞིན་དུ་སྦྱར་ཏེ། སྒྲ་དོན་སྦྱར་ནས་འཛིན་པའི་རྣམ་ པར་རྟོག་པ་ཡུལ་གྱི་ཡུལ་དང་། ཐམས་ཅད་ཀྱི་རྒྱུའམ་ས་བོན་ཀུན་གཞིའི་རྣམ་ཤེས་ཀྱི་ཡུལ་ དང་། འཁོར་བར་འཇུག་པའི་རང་བཞིན་ཅན་ཉོན་ཡིད་ཀྱི་ཡུལ་དང་། རྣམ་ཤེས་སྐྱེ་བའི་རྒྱུ་ མཚན་དབང་པོ་དང་དོན་རྣམས་ལས་དབང་པོའི་ཡུལ་དང་། རྒྱུ་མཚན་ལས་བྱུང་བ་རྣམ་ཤེས་ ཚོགས་དྲུག་གི་ཡུལ་དང་། མི་མཐུན་པའི་ཕྱོགས་ཆགས་སོགས་ཉོན་མོངས་ཅན་གྱི་ཡུལ་དང་། གཉེན་པོ་ཆགས་བྲལ་ལ་སོགས་པ་ཉོན་མོངས་པ་མེད་པ་ཅན་གྱི་ཡུལ་དང་། ཕྲ་བའི་རབ་ ཏུ་དབྱེ་བ་ནི། མི་རིག་སྣ་ཚོགས་ལྷན་ཅིག་འབྱུང་། །གཉེན་པོ་བག་ཆགས་མཚམས་སྦྱོར་ གྲོལ། །ཞེས་པ་ལྟར་བདུན་ཏེ། དེའང་(སྔར་བཤད་པ་ལྟར་)ཀུན་གཞི་ལ་སྣོད་ཀྱི་འཇིག་རྟེན་སྣང་ བ་ནི་དུས་ཐམས་ཅད་དུ་སྔོ་སོགས་ཀྱི་ཤེས་པ་ལྟར་རྣམ་པ་ཡོངས་སུ་ཆད་པ་མ་ཡིན་པའི་ཕྱིར་ ཤིན་ཏུ་རྟོགས་པར་དཀའ་བས་མི་རིག་པའི་རྣམ་པར་རིག་པ་ཕྲ་བ་དང་། (ཤེས་པ་བྱུང་ཚུལ་ལྟར་) གཟུགས་(ཁ་དོག་མང་པོ་དང་། རོལ་མོ་མང་པོའི་)སྒྲ་ལ་སོགས་པ་ཡུལ་སྣ་ཚོགས་ཅིག་ཅར་སྣང་བ་ན་ བློ་གཅིག་གི་རྣམ་པ་རྫས་ལ་འཇུག་པས་གཅིག་ཀྱང་མ་ཡིན་ལ། ཡུལ་དུ་མས་གཏད་པའི་ རྣམ་པ་སྣ་ཚོགས་ཀྱང་ཡིན་པ་ནི་རྣམ་པར་གཞག་དཀའ་བས། སྣ་ཚོགས་པའི་རྣམ་པར་རིག་ པ་ཕྲ་བ་དང་། དུས་གཅིག་ལ་བྱུང་བའི་རྣམ་ཤེས་རྣམས་ཕན་ཚུན་ཡུལ་ངེས་མེད་དུ་འཛིན་ རྣམ་མཉམ་པ་ལ། མིག་ཤེས་གཟུགས་ཁོ་ན་ལ་འཇུག་གི་སྒྲ་ལ་མི་འཇུག་པ་ལྟ་བུ། སོ་སོར་ རང་རང་གི་ཡུལ་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་ཡོངས་སུ་སྤྱོད་པ་ནི། དངོས་པོའི་ཆོས་ཉིད་ ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པས་ན་ལྷན་ཅིག་འབྱུང་བའི་རྣམ་པར་རིག་པ་ཕྲ་བ་དང་། ཆགས་སོགས་ཉོན་མོངས་པའི་འཆིང་བ་དང་ལྡན་པའི་སེམས་དེ་ཉིད། གཉེན་པོས་ཡུད་ ཙམ་ཞིག་ལ་ཆགས་སོགས་དང་བྲལ་བར་འགྱུར་བ་ནི། སྣང་བས་མུན་པ་སེལ་བ་ལྟར་དོན་ 1-1-233 མི་འགལ་ཡང་ཕལ་པ་རྣམས་ལ་འགལ་བ་ལྟར་སྣང་བས་གཉེན་པོའི་རྣམ་པར་རིག་པ་ཕྲ་བ་ དང་། (བཤད་ཟིན་པ་ལྟར་)ལས་སྣ་ཚོགས་ཀྱིས་སེམས་ཀུན་གཞི་ལ་བག་ཆགས་བསྒོས་པས། དེ་ སེམས་ལས་གཅིག་དང་ཐ་དད་དུ་བཞག་དཀའ་ཞིང་འབྲས་བུ་རིམ་གྱིས་བསྐྱེད་པའང་ཤེས་ དཀའ་བས་ན་བག་ཆགས་ཀྱི་རྣམ་པར་རིག་པ་ཕྲ་བ་དང་། (འཆད་པར་འགྱུར་བ་ལྟར་)རྒྱུ་གཅིག་ལ་ འགྲོ་བ་རིས་དུ་མ་འགྲུབ་པའི་ལས་ཀྱི་བག་ཆགས་མཉམ་དུ་ཡོད་བཞིན་དུ། འཆི་ཁར་བག་ ཆགས་གང་རུང་གཅིག་སད་ནས་འགྲོ་བ་གང་རུང་གཅིག་ཏུ་ཉིང་མཚམས་སྦྱོར་བ་ནི། རྒྱུ་ མཉམ་པ་ལ་འབྲས་བུ་རིམ་གྱིས་འབྱུང་བ་རྟོགས་པར་དཀའ་བས་ན་ཉིང་མཚམས་སྦྱོར་བའི་ རྣམ་པར་རིག་པ་ཕྲ་བ་དང་། དགྲ་བཅོམ་པའི་སེམས་མཆོག་ཏུ་སྤྲོས་པ་མེད་པའི་ཆོས་ཉིད་ ཐོབ་པ་ན། འཁོར་པར་ཡུན་རིང་དུ་འདྲིས་པའི་ཟག་བཅས་ཀྱི་སྤྱོད་པ་ཐམས་ཅད་ལས་ཤིན་ ཏུ་འདས་པ་དེ། རྣམ་པ་ཇི་ལྟ་བུས་འཇུག་སྙམ་དུ་ཕལ་པ་རྣམས་ཀྱིས་ཤེས་པར་དཀའ་བས་ གྲོལ་བའི་རྣམ་པར་རིག་པ་ཕྲ་བ་ཡིན་ལ། དེ་ལྟར་ཤེས་བྱ་ཕྲ་མོ་རྟོགས་པའི་བློ་དེ་རྣམས་ཀྱི་ ཡུལ་དུ་གྱུར་པས་ཀྱང་རྣམ་པར་ཤེས་པར་བྱ་བར་བལྟའོ། །དངོས་པོ་ནི། རྣམ་ཤེས་དེ་རྣམས་ ཀྱིས་མི་ཤེས་པའི་ཆོས་གསུམ་མེད་པས་ཐམས་ཅད་ཀྱང་རྣམ་པར་ཤེས་པར་བྱ་བ་དག་གོ། དགོས་པ་ནི། རྣམ་པར་ཤེས་བྱ་ཤེས་བྱེད་དག་ཀྱང་འདི་ཙམ་དུ་ངེས་སོ། །ཞེས་གསལ་ བར་བསྟན་པས། མེད་བཞིན་དུ་བདག་ལ་མཐོང་པ་པོ་དང་། ལ་སོགས་པའི་སྒྲས་ཉན་པ་པོ་ དང་། སྣོམ་པ་པོ་དང་། མྱོང་བ་པོ་དང་། རེག་པ་པོ་དང་། རྣམ་པར་ཤེས་པ་པོར་མངོན་པར་ ཞེན་པ་སྤངས་ཏེ་བདག་མེད་ལ་འཇུག་པའི་ཕྱིར་རོ། ། གསུམ་པ་ལ་ཡུལ་ཅན་མངོན་ཤེས་ཀྱི་སྤྱི་དོན་ནི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག། སྤྱོད་ ཡུལ་གང་ཟག་ངེས་ཚིག་གོ། ངོ་བོ་ནི། འཆི་འཕོ་སྐྱེ་བ་ཐམས་ཅད་མངོན་སུམ་དུ་ཤེས་པ་ལྷའི་ མིག་གི་མངོན་ཤེས་དང་། ངག་ཏུ་སྨྲ་བའི་སྒྲ་ཆེ་ཆུང་ཐམས་ཅད་མངོན་སུམ་དུ་ཤེས་པ་ལྷའི་རྣ་ 1-1-234 བའི་མངོན་ཤེས་དང་། སེམས་ཀྱི་རྣམ་གྲངས་ཆགས་སོགས་ཡོད་མེད་ཐམས་ཅད་མངོན་སུམ་ དུ་ཤེས་པ་གཞན་གྱི་སེམས་ཤེས་པའི་མངོན་ཤེས་དང་། སྔོན་དགེ་བ་དང་མི་དགེ་བ་བསྐྱེད་པ་ མངོན་སུམ་དུ་ཤེས་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་དང་། གདུལ་བྱ་གང་ན་ ཡོད་པ་དེའི་གནས་སུ་འགྲོ་འོང་ལ་སོགས་པ་མངོན་སུམ་དུ་ཤེས་པ་རྫུ་འཕྲུལ་གྱི་མངོན་ཤེས་ དང་། སེམས་ཅན་འཁོར་བ་ལས་ངེས་པར་འབྱུང་བར་འགྱུར་བ་མངོན་སུམ་དུ་ཤེས་པ་ཟག་ པ་ཟད་པའི་མངོན་ཤེས་ཏེ། ཤེས་པ་ཉི་ཚེ་བ་མ་ཡིན་ཞིང་། ཀུན་ཏུ་ཁྱབ་པར་འགྲོ་བ། ཡུལ་ གྱི་དབྱེ་བ་དང་བཅས་པ་ཐམས་ཅད་ཐོགས་པ་མེད་པར་རིག་པའི་མཐུ་ཐོབ་པ་སྟེ། རྒྱན་ལས། སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། །དེ་ཡི་གནས་དང་ངེས་འབྱུང་མངོན་སུམ་གང་། ། ཤེས་པ་ཀུན་འགྲོ་ཡུལ་ལ་དབྱེ་བཅས་པ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། ། ཞེས་པ་ལྟར་རོ། །རྒྱུ་ནི། རྟེན་བསམ་གཏན་བཞི་པའི་སེམས་ཐོབ་པ་དང་། ཡེ་ཤེས་རྣམ་པར་ མི་རྟོག་པ་ལ་གནས་པ་དང་། ཡིད་ལ་བྱེད་པ་རང་རང་གི་སྤྱོད་ཡུལ་ཤེས་པར་འདོད་པ་རྣམས་ ལས་བྱུང་བ་སྟེ། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་ གཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་ འགྱུར། །ཞེས་པ་ལྟར་རོ། །ལས་ཀྱི་རྒྱུ་ནི། རིན་ཆེན་འཕྲེང་བར། ལྷམ་དང་བཞོན་པ་བྱེད་པ་ དང་། ཉམ་ཐག་བཀུར་བར་བྱས་པ་དང་། གཞོན་པས་བླ་མ་བཀུར་བ་ཡིས། །མཁས་པས་རྫུ་ འཕྲུལ་ཐོབ་པར་འགྱུར། །ཞེས་པ་དང་། དེ་བཞིན་དུ་མཆོད་རྟེན་ལ་རོལ་མོ་སྣ་ཚོགས་པ་ཕུལ་ བས་ལྷའི་རྣ་བ་དང་། གཞན་དག་གི་འཁྲུལ་པ་མ་བརྗོད་ཅིང་སེམས་རྗེས་སུ་བསྲུངས་པ་ལས་ གཞན་གྱི་སེམས་ཤེས་པ་དང་། གཞུང་དང་དོན་དྲན་པར་བྱས་ཏེ་ཆོས་ཀྱི་སྦྱིན་པ་བཏང་བས་ སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཡུལ་དམ་པ་ལ་སྣང་གསལ་མང་དུ་ཕུལ་བས་ལྷའི་མིག་ དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པས་ཟག་པ་ཟད་པའི་མངོན་ཤེས་རྣམས་ཐོབ་ 1-1-235 པར་གསུངས་སོ། །འབྲས་བུ་ནི། འཕགས་པའི་གནས་པ་རྣམ་པར་ཐར་བའི་སྒོ་གསུམ་དང་། ལྷའི་གནས་པ་བསམ་གཏན་བཞི་དང་། ཚངས་པའི་གནས་པ་ཚད་མེད་པ་བཞི་ལ་སོགས་ པའི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་རྟག་ཏུ་གནས་ཤིང་། ཞིང་ཁམས་ཐམས་ཅད་དུ་སོང་ནས་ འཕགས་པ་མཆོད་པ་དང་། སེམས་ཅན་སྨིན་པ་ལ་སོགས་པ་དོན་གཉིས་ཕུན་སུམ་ཚོགས་པ་ གྲུབ་པ་སྟེ། (རྒྱན་ལས།)གང་གི་འཕགས་དང་ལྷ་དང་ཚངས་པ་ཡི། །གནས་པ་དཔེ་མེད་རྒྱ་ཆེན་ རྟག་ཏུ་གནས། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་དག །ཡང་དག་མཆོད་བྱེད་རྣམ་ པར་དག་པ་སྐྱེད། །ཅེས་པ་ལྟར་རོ། ། ལན་ནི། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་དཔག་ཏུ་མེད་པས་ རྣམ་པར་རོལ་པ་སྟོན་ཅིང་། བཟོའི་ལས་ཀྱི་སྤྲུལ་པ་དང་། བསམ་བཞིན་སྐྱེ་བའི་སྤྲུལ་པ་དང་། བྱང་ཆུབ་མཆོག་གི་སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་བྱེད་པ་སྟེ། དེ་ནི་མཆོག་ཚོགས་ནང་དུ་ཏིང་ངེ་འཛིན། དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཞིང་། །ལས་ དང་སྐྱེ་དང་མཆོག་གི་སྤྲུལ་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་དུ་དུས་ཀུན་གནས། །ཞེས་པ་ ལྟར་རོ། །དེ་བཞིན་དུ་ཡུམ་ལས། ཤཱ་རིའི་བུ་མངོན་པར་ཤེས་པ་ཡོངས་སུ་དག་པ་ནི་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་གཏོད་པར་བྱེད་པའོ། །ཞེས་གསུངས་པའང་བྱེད་ལས་སོ། །ལྡན་ པ་ནི། སེམས་ཅན་སྨིན་པར་ནུས་པའི་ཡོན་ཏན་དང་། དམ་པ་རྣམས་ཀྱིས་བསྔགས་པའི་ ཡོན་ཏན་དང་། ཚིག་ལ་ཚད་མར་འཛིན་པའི་ཡོན་ཏན་རྣམས་དང་ལྡན་པ་སྟེ། འདབ་གཤོག་ ཀུན་ནས་རྒྱས་པའི་བྱ་བཞིན་དུ། སེམས་ཅན་སྨིན་པར་བྱེད་པ་ནུས་པ་བཞིན། །སངས་རྒྱས་ ལས་ནི་ཤིན་ཏུ་བསྔགས་པ་འཐོབ། །སྐྱེ་བོ་རྣམས་ལ་ཚིག་གཟུང་འོས་པར་འགྱུར། །ཞེས་ པ་ལྟར་རོ། །འཇུག་པ་ནི། མངོན་པར་ཤེས་པ་དྲུག་དང་། རིགས་པ་གསུམ་དང་། རྣམ་པར་ ཐར་པ་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་ 1-1-236 བཅུ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་རྣམས་ཀྱང་མཐུའམ་མངོན་ཤེས་ཀྱིས་རབ་ཏུ་དབྱེ་ བ་སྟེ། མངོན་པར་ཤེས་པ་དྲུག་དང་རིག་པ་གསུམ། །རྣམ་ཐར་བརྒྱད་དང་དེ་བཞིན་ཟིལ་ གནོན་བརྒྱད། །ཟད་པར་སྐྱེ་མཆེད་བཅུ་དང་ཏིང་ངེ་འཛིན། །དཔག་ཏུ་མེད་པ་བརྟན་པ་ཐོབ་ པའི་མཐུ། །ཞེས་པ་ལྟར་རོ། །དེ་དག་ནི་ཕལ་ཆེར་ཐེག་པ་ཆེན་པོའི་དབང་དུ་བྱས་པ་སྟེ། ཐུན་ མོངས་པའི་དབང་དུ་བྱས་ན། སྤྱོད་ཡུལ་ནི། མངོན་ཤེས་དང་པོ་ལྔས་རང་གི་ས་དང་། ས་འོག་ མས་རྫུ་འཕྲུལ་ལ་སོགས་པས་འཇུག་པར་ནུས་ཀྱི། གོང་མར་ནི་མ་ཡིན་པ་སྟེ། རང་དང་འོག་ སའི་ཡུལ་ཅན་ཡིན། །ཞེས་པ་ལྟར་རོ། །དྲུག་པ་ནི་ཐམས་ཅད་དུ་འགྲོ་བའོ། །གང་ཟག་ཀྱང་། དང་པོ་ལྔ་བྱང་ཆུབ་ཀྱི་ལམ་ལ་མ་ཞུགས་པའི་སོ་སོའི་སྐྱེ་བོ་ལའང་ཡོད་པ་སྟེ། མྱ་ངན་བསལ་ བ་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ ཡུལ་འཆི་མེད་པ། །དེར་ནི་འགྲོ་བའི་ནུས་པ་མེད། །ཅེས་པ་ལྟར་རོ། །ཟག་ཟད་ཀྱི་མངོན་ པར་ཤེས་པ་ནི་འཕགས་པའི་གང་ཟག་ཁོ་ན་ལ་ཡོད་པའོ། །ངེས་ཚིག་ནི། (ཆོས་ཀྱི་རྣམ་གྲངས་ཀྱི་ རྗེད་བྱང་ལས།) ཡུལ་དང་དུས་རིང་པོ་ན་གནས་པ་ལྐོག་ཏུ་གྱུར་པ་རྣམས་ཀྱང་ད་ལྟ་དྲུང་ན་མངོན་ སུམ་དུ་འདུག་པ་ལྟར་རྟོགས་ཤིང་ཤེས་པས་ན་མངོན་ཤེས་ཞེས་པའམ། བསྡུ་བར་དུས་ལ་ བབས་ན་སྟོན་པ་མངོན་པར་ཤེས་པའམ། གནས་པའམ། གཞན་གྱི་དོན་སྤྱོད་པའམ། དྲིས་ པའི་ལན་གདབ་པར་ཤེས་པས་ན་མངོན་ཤེས་སོ། །ཞེས་གསུངས་པ་ལྟར་རོ། ། གཞུང་དོན་ལ། ཆོས་གསུམ་པོ་ཇི་ལྟར་དུ་ཞིག་ཅིའི་ཕྱིར་མངོན་པར་ཤེས་པར་བྱ་བར་ བརྟག་ཅེ་ན། (མཛོད་དུ།)རྫུ་འཕྲུལ་རྣ་བ་ཡིད་དང་ནི། །སྔོན་ཚེ་འཆི་འཕོ་སྐྱེ་བ་དང་། །ཟད་ཤེས་ མངོན་དུ་བྱ་བ་ཡི། །མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། །ཞེས་པ་ལྟར་མངོན་ཤེས་དྲུག་གི་ ཡུལ་ཡིན་པའི་ཕྱིར་མངོན་པར་ཤེས་པར་བྱ་བ་སྟེ། དེའང་རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་རྣམ་ འཕྲུལ་སྣ་ཚོགས་པས་ནམ་མཁར་འགྲོ་བ་ལ་སོགས་པ་ཀུན་ཏུ་འགྲོ་བ་ཤེས་པའི་ཡུལ་ཡིན་པའི་ 1-1-237 ཕྱིར་མངོན་པར་ཤེས་བྱ་དང་། དེ་བཞིན་དུ་ལྷའི་རྣ་བའི་མངོན་ཤེས་ཀྱིས་འགྲོ་བ་མཐའ་ཡས་ པའི་སྒྲ་སྣ་ཚོགས་པ་རྗེས་སུ་ཐོས་པའི་ཡུལ་དང་། གཞན་གྱི་སེམས་ཤེས་པས་སེམས་ཅན་གྱི་ སེམས་ཀྱི་སྤྱོད་པ་ཆགས་སོགས་ཡོད་མེད་ལ་འཇུག་པའི་ཡུལ་དང་། སྔོན་གྱི་གནས་རྗེས་སུ་ དྲན་པས་འདས་པའི་ཚེ་རབས་གཅིག་གནས་གཅིག་ཏུ་བརྒྱུད་དེ་འགྲོ་བ་ཤེས་པའི་ཡུལ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པས་མ་འོངས་པའི་སྐྱེ་བར་བར་མ་དོས་འགྲོ་བ་ཤེས་པའི་ཡུལ་དང་། ཟག་པ་ཟད་པའི་མངོན་ཤེས་ཀྱིས་ཁམས་གསུམ་ལས་ངེས་པར་བྱུང་བ་འགོག་པ་དང་ངེས་ པར་འབྱུང་བའི་ཐབས་ལམ་ཤེས་པའི་ཡུལ་ཡིན་པའི་ཕྱིར་མངོན་པར་ཤེས་པར་བྱའོ། །ཤེས་ བྱ་ནི་སྔ་མ་དག་ཏུ་མ་ཟད་མངོན་ཤེས་དྲུག་གི་ཡུལ་ཡིན་པའི་ཕྱིར་ཡང་ངོ་ཞེས་པའོ། །ཆོས་ གསུམ་པོ་ཐམས་ཅད་ཀྱང་མངོན་ཤེས་ཕྱི་མ་གསུམ་གྱི་ཡུལ་ཡིན་པས་མངོན་པར་ཤེས་པར་ བྱ་བ་དག་གོ། མཐུ་མངོན་ཤེས་དང་ཡུལ་ཆོས་གསུམ་ཙམ་དུ་གསལ་བར་བསྟན་པས་བདག་ ལ་རྫུ་འཕྲུལ་ལ་སོགས་པའི་མཐུ་དང་བཅས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། གསུམ་པ་ལ། གཟུགས་ཅན་གཟུགས་མེད་གཉིས། བསྟན་ཡོད་བསྟན་མེད་གཉིས། ཐོགས་བཅས་ཐོགས་མེད་གཉིས་ཏེ་དྲུག་ལས། དང་པོ་གཉིས་ནི་བེམ་པོ་ཡིན་མིན་གྱི་ཕྱེ་བ་ དང་། བར་མ་གཉིས་ནི་མིག་ཡུལ་ཡིན་མིན་གྱིས་ཕྱེ་བ་དང་། ཐ་མ་གཉིས་ནི་ཀུན་འགྲོ་ཡིན་ མིན་གྱིས་ཕྱེ་བའོ། །དེ་ལ་ཇི་ལྟར་དུ་ཞིག་ཅིའི་ཕྱིར་གཟུགས་ཅན་དུ་བརྟག་ཅེ་ན། འབྱུང་ བ་དང་འབྱུང་གྱུར་ནི་གཞན་མ་ལྟོས་པར་གཟུགས་དེ་ནི་བདག་ཉིད་དམ་ངོ་བོ་ཡིན་པས་ གཟུགས་ཅན་དུ་བལྟའོ་ཞེས་པ་དང་། དེ་བཞིན་དུ་སྦྱར་ཏེ། འབྲས་བུའི་གཟུགས་ནི་འབྱུང་ བ་རྟེན་དུ་གྱུར་ཅིང་འབྱུང་བ་རྣམས་ཀྱང་ཕན་ཚུན་རྟེན་དུ་གྱུར་བའི་ཕྱིར་གཟུགས་གཞན་དང་ ལྡན་པས་གཟུགས་ཅན་དང་། གང་ལ་དགའ་བའི་སྲེད་པ་ཀུན་ཏུ་འབྱུང་བ་ཅན་གཟུགས་ཡིད་ དུ་འོང་བའམ། ཡང་ན་དགའ་བའང་ཡིན་ལ་ཀུན་འབྱུང་ཡང་ཡིན་པ་སྲེད་པ་འདོད་ཆགས་ནི་ 1-1-238 གཟུགས་ཀྱི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་དང་། སྟེང་འོག་ལ་སོགས་པ་ཕྱོགས་ཀྱི་ ཆ་ཤས་དང་བཅས་པ་དང་། ཕྱོགས་རྣམས་སུ་ལུས་ཀྱིས་རྒྱས་ཤིང་འགོག་པ་ནོན་པས་ཡུལ་ ཁྱབ་པ་དང་། ཕྱོགས་འདི་ན་འདི་ཡོད་དོ་ཞེས་ཡུལ་ཉེ་བར་བསྟན་དུ་རུང་བ་དང་། ཕྱོགས་ འགའ་ཞིག་ན་འདུག་པ་འདིར་ཡང་དམིགས་པ་ཡུལ་སྤྱོད་ཡུལ་དུ་གྱུར་པ་དང་། གཟུགས་ཅན་ མ་ཡིན་པ་ནི་རང་གིས་མྱོང་བ་ལྟར་གཞན་གྱིས་ཤེས་པར་མི་ནུས་པས་གང་ཟག་གཉིས་སམ་ མང་པོ་སྤྱོད་ཡུལ་མཚུངས་ཤིང་མཐུན་སྣང་དུ་གྲུབ་པ་དང་། དབང་ཤེས་རྣམས་ཀྱང་དབང་པོ་ གཟུགས་ཅན་དང་འབྲེལ་པས་བརྒྱུད་ནས་གཟུགས་ཅན་དང་། གཟུགས་མེད་བྱིས་པའི་མིང་ བཞིའང་གཟུགས་ཀྱི་ས་བོན་དང་རྗེས་སུ་འབྲེལ་བ་དང་། དམིགས་པ་གཟུགས་ལ་འཇུག་ པའི་རབ་ཏུ་རྟོག་པ་དང་། ཕུང་པོ་ལྔ་ཀའང་ལག་པའི་འདུས་ཏེ་རེག་པ་དང་མྱ་ངན་ལ་སོགས་ པས་གནོད་པར་བྱ་བ་ཡིན་པ་དང་། བསྟན་པས་དོན་གོ་བར་བྱེད་པ་སྒྲའི་བརྗོད་བྱ་གཟུགས་ ཅན་དང་། རྡུལ་ཕྲ་མོ་བསགས་པས་རྣམ་པར་གཞག་པ་རགས་པ་ཆ་ཤས་དང་བཅས་པ་དང་། འདོད་ཡོན་ལ་སྲེད་པས་ཕྱི་རོལ་དུ་བལྟས་པ་འདོད་ཁམས་པའི་གཟུགས་དང་། ཏིང་ངེ་འཛིན་ ལ་ནང་དུ་བལྟས་ཤིང་ཡིད་ལས་བྱུང་བ་གཟུགས་ཁམས་པའི་གཟུགས་དང་། ཐོག་མཐའ་ མེད་པས་རྒྱུན་རིང་བ་སོ་སོའི་སྐྱེ་བོའི་གཟུགས་དང་། སྲིད་པ་བདུན་པ་ལ་སོགས་པར་དུས་ ཡོངས་སུ་ཆད་པ་སློབ་པ་འགའ་ཞིག་གི་གཟུགས་དང་། དེའི་དུས་ཙམ་ཡིན་པ་ལྷག་བཅས་ པའི་སློབ་པའི་གཟུགས་དང་། དེ་བཞིན་དུ་གྲུབ་པ་མེད་ཀྱང་གདུལ་བྱ་ལ་ངེས་པར་བསྟན་ པའི་ཕྱིར་བྱུང་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཟུགས་ལ་ཡང་ གཟུགས་ཅན་དུ་བལྟའོ། །མཚན་ཉིད་དང་པོ་གཉིས་ཀྱིས་གཟུགས་ཅན་དུ་མཚོན་པར་ནུས་ མོད། (ཡེ་ཤེས་བཤེས་གཉེན་)ལྷག་མའི་རྣམ་པར་དབྱེ་བ་ནི་ཉན་པ་པོ་རྣམས་ཀྱི་ཤེས་རབ་འཕེལ་ བའི་ཆེད་དུ་བསྟན་པའོ། །ཞེས་ཀྱང་གསུང་ངོ་། །དངོས་བཏགས་མ་ཕྱེ་ན་གནོད་པར་བྱ་བ་ 1-1-239 ཡིན་པ་ལ་སོགས་པའི་དོན་གྱིས་ཆོས་གསུམ་པོ་ཐམས་ཅད་ཀྱང་གཟུགས་ཅན་དག་གོ། ཡང་ ན་ཅི་རིགས་སུ་སྦྱར་རོ། །ཞེས་པ་དགའ་བའི་ཀུན་ཏུ་འབྱུང་བ་དང་། འབྲེལ་དང་། རྗེས་སུ་ འབྲེལ་བ་དང་། རབ་ཏུ་རྟོག་པ་དང་། ངེས་པར་བསྟན་པའི་གཟུགས་ཅན་ནི་བཏགས་པ་ བ་དང་། གཞན་རྣམས་ནི་མཚན་ཉིད་པའོ། །ཡང་ན། ཐོགས་པ་དང་བཅས་པའི་གཟུགས་ ཅན་བཅུ་ཞེས་པ་རྣམས་མཚན་ཉིད་པ་སྟེ། གཞན་རྣམས་ནི་བཏགས་པ་བའོ། །གཟུགས་ ཅན་ནི་ཆོས་གསུམ་གྱི་ཁྱད་པར་ཡིན་ལ་དེ་དག་ལ་བདག་གི་མཚན་ཉིད་མེད་པས་བདག་ལ་ གཟུགས་ཅན་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། གཉིས་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་གཟུགས་ཅན་མ་ཡིན་པར་བརྟག་ཅེ་ན། གཟུགས་ཅན་མ་ཡིན་པ་ཞེས་པའི་དགག་སྒྲ་ནི་གཟུགས་ཅན་ལས་བཟློག་པའི་དོན་ཅན་ཏེ། གཟུགས་ཅན་མ་ཡིན་པ་དེའི་བདག་ཉིད་མིང་བཞི་དང་། དེ་རྟེན་དུ་ཡོད་པའི་ཡིད་ཤེས་དང་། དེ་ལ་དགའ་བའི་ཀུན་ཏུ་འབྱུང་བ་ཚོར་བ་བདེ་སོགས་དང་། ཕྱོགས་དང་བཅས་པ་མ་ཡིན་པ་ ཞེས་པ་ལ་སོགས་པ་དང་འབྲེལ་བས་ན་དབང་པོ་གཟུགས་ཅན་དང་། ཀུན་གཞི་དང་རྗེས་སུ་ འབྲེལ་པས་གཟུགས་ཀྱི་ཕུང་པོ་དང་། རབ་ཏུ་རྟོག་པས་གཟུགས་ཅན་མ་ཡིན་པ་ལ་སོགས་ པ་དང་། ཕྱིར་བལྟས་ལ་སོགས་པ་དྲུག་ནི་ཐུན་མོང་བ་ཡིན་པས་གཞན་འདྲ་བ་ལ་གཟུགས་ ཀྱི་ཐད་དུ་ཚོར་བ་ལ་སོགས་པ་སྦྱར་བ་ནི་གཟུགས་ཅན་མ་ཡིན་པ་དག་གོ། དངོས་བཏགས་ མ་ཕྱེ་ན་ཆོས་གསུམ་པོ་ཐམས་ཅད་ཀྱང་གཟུགས་ཅན་མ་ཡིན་པ་དག་གོ། ཡང་ན་ཕྱེ་ནས་ ཅི་རིགས་སུ་སྦྱར་ཏེ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དང་མིང་བཞིའི་ཕུང་པོ་དང་། སེམས་ཀྱི་ ཁམས་བདུན་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་དང་། སྐྱེ་མཆེད་ནི་དངོས་ཡིན་ལ་ གཞན་བཏགས་པ་བར་འགྱུར་རོ། །དེའང་ཆོས་གསུམ་གྱི་ཁྱད་པར་ཡིན་པས་བདག་གཟུགས་ ཅན་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། 1-1-240 གསུམ་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་བསྟན་དུ་ཡོད་པར་བརྟག་ཅེ་ན། མིག་གི་ཡུལ་དུ་ གྱུར་པའི་ཁ་དོག་དང་དབྱིབས་ཀྱི་གཟུགས་ནི་འདི་ནའོ། །ཕ་གི་ནའོ། །ཞེས་ཕན་ཚུན་བསྟན་ དུ་ཡོད་པའོ། །ལྷག་མའི་རབ་ཏུ་དབྱེ་བ་བསྟན་ཡོད་དེའི་བདག་ཉིད་གཟུགས་དང་། དེ་རྟེན་ དུ་གྱུར་པ་མིག་ཤེས་དང་། དེ་དང་འབྲེལ་བའང་མིག་ཤེས་མཚུངས་ལྡན་དང་བཅས་པ་དང་ རྗེས་སུ་འབྲེལ་བ་གཟུགས་མེད་བྱིས་པའི་ཕུང་པོ་ལ་སོགས་པ་ནི་གཟུགས་ཅན་གྱི་དབྱེ་བ་ ཇི་ལྟ་བ་བཞིན་ནོ། །འབྲེལ་བ་ལ་སོགས་པས་བསྟན་ཡོད་དུ་བྱས་ན་ཆོས་གསུམ་ཐམས་ཅད་ ཀྱང་བསྟན་དུ་ཡོད་པའོ། །ཡང་ན་ཅི་རིགས་སུ་སྦྱར་ཏེ། བསྟན་ཡོད་འདིར་ནི་གཟུགས་གཅིག་ བུ། །ཞེས་པ་དངོས་ཡིན་ལ་གཞན་ནི་བཏགས་པ་བར་འགྱུར་རོ། །མིག་གི་ཡུལ་ནི་བསྟན་དུ་ ཡོད་པ་ཡིན་པས་བདག་མིག་གི་ཡུལ་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། བཞི་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་བསྟན་དུ་མེད་པར་བརྟག་ཅེ་ན། བསྟན་དུ་ཡོད་པ་ ལས་ལྡོག་སྟེ་མིག་གི་ཡུལ་མ་ཡིན་པ་ཐམས་ཅད་ནི་དེའི་བདག་ཉིད་ལ་སོགས་པས་བསྟན་དུ་ མེད་པར་བལྟའོ། །བསྟན་མེད་ཀུན་གཞི་དང་འབྲེལ་བ་ལ་སོགས་པ་ཐམས་ཅད་ཀྱང་བསྟན་ དུ་མེད་པ་དག་གོ། ཡང་ཅི་རིགས་སུ་སྦྱར་ཏེ་མིག་གི་ཡུལ་མ་ཡིན་པ་ཐམས་ཅད་དངོས་ཡིན་ ལ་དེ་ལས་གཞན་ནི་བཏགས་པ་བར་འགྱུར་རོ། །དེའང་ཆོས་གསུམ་ཙམ་དུ་ཤེས་པས་བདག་ མིག་གི་ཡུལ་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། ལྔ་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཐོགས་པ་དང་བཅས་པར་བརྟག་ཅེ་ན། མཚན་ཉིད་ ལ་གསུམ་གྱི། (དང་པོ།)དངོས་བཏགས་ཐུན་མོང་དུ་བསྟན་པ་ནི། བསྟན་དུ་ཡོད་པ་མཚན་ཉིད་ པ་དང་བཏགས་པ་བ་བཤད་ཟིན་པ་གང་ཡིན་པ་དེ་དག་ཉིད་ཐོགས་པ་དང་བཅས་པའང་ མཚན་ཉིད་པ་དང་བཏགས་པ་བར་གྱུར་པ་ཡིན་ནོ། ། (གཉིས་པ།)མཚན་ཉིད་ཚུལ་གཞན་གྱིས་བཤད་པ་ནི། གཞན་ཡང་རྣམ་པ་གསུམ་གྱིས་ 1-1-241 ཐོགས་པ་(ཡུལ་དང་དམིགས་པ་དང་སྒྲིབ་པ་ལ་ཐོགས་པ་གསུམ་ལས། །དང་པོ་མིག་གི་སོགས་ཡུལ་ཅན་ཏེ། འུག་པའི་མིག་ གི་མིའུ་དམར་བས་ཉིན་མོ་མི་མཐོང་། མིའི་ནག་པས་མཚན་མོ་མི་མཐོང་། རྟ་དང་ཁྱིའི་སེར་སྨུག་དུ་ཡོད་པས་གཉིས་ཀར་མཐོང་། ཉའི་ཚིལ་ཡིན་པས་སྐམ་ལ་མི་མཐོང་ངོ་། །མིའི་ཆུ་བུར་ཡིན་པས་ཆུ་ལ་མི་མཐོང་ངོ་། །རུས་སྦལ་དང་། སྦལ་བ་དཀར་བོ་དང་། འབུ་ལུ་ཀ་རྣམས་ཀྱི་རུས་པ་ཡིན་པས་གཉིས་ཀ་མཐོང་ཞེས་བརྟགས་པའོ། །གཉིས་པ་ནི་སེམས་སེམས་བྱུང་རྣམས་སོ། །གཞུང་ འདིར་ནི་གསུམ་པའི་དབང་དུ་བྱས་སོ། །)དང་བཅས་པར་བལྟ་སྟེ། དེའང་རིགས་དང་ཉེ་བར་བསགས་ པ་དང་ཡོངས་སུ་སྦྱང་བ་མ་བྱས་པས་ཀྱང་ངོ་། །དེ་ལ་རིགས་སམ་ངོ་བོ་ཉིད་ཀྱི་ཐོགས་བཅས་ ནི་གང་དག་ཕན་ཚུན་སྒྲིབ་པར་བྱེད་པའི་རྩིག་པ་ལ་སོགས་པ་དང་། སྒྲིབ་པར་བྱེད་པ་འོད་ལ་ སོགས་པ་སྟེ་གཅིག་ཡོད་སར་གཞན་འབྱུང་བའི་གེགས་བྱེད་པའོ། །དེ་ལ་ཉེ་བར་བསགས་ པའམ་རྒྱས་པའི་ཐོགས་བཅས་ནི་རྡུལ་ཕྲ་རབ་རྣམས་བློས་བཀོད་པ་ཙམ་གྱི་གཟུགས་ཐོགས་ མེད་ཡིན་པ་ལ། དེ་ཉེ་བར་བསགས་པ་ལས་གོང་མར་རྒྱས་པར་འགྱུར་བ་རགས་པའི་དངོས་ པོའོ། །དེ་ལ་ཡོངས་སུ་སྦྱང་བ་མ་བྱས་པའི་ཐོགས་བཅས་ནི་གང་བསམ་གཏན་ཏིང་ངེ་འཛིན་ ཐོབ་པ་ཉིད་ཀྱི་དབང་གིས་ཐོགས་མེད་དུ་མ་བསྒྱུར་བ་འདོད་པའི་ཁམས་ཀྱི་གཟུགས་རྣམས་ སོ། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན་ནི་ཐོགས་མེད་ཡིན་ཏེ། ལྷ་སེམས་མཉམ་པ་མིར་ གྱུར་པ་དེ་སྙུང་བུའི་རྩེ་མོས་ཕུག་པའི་ཁྱོན་ཙམ་གྱི་ཕྱོགས་གཅིག་ཏུ་འཁོད་ཀྱང་གཅིག་ལ་ གཅིག་གིས་ཐོགས་པ་མེད་ཅེས་མདོ་ལས་འབྱུང་བ་བསྡུ་བར་དྲངས་པ་ལྟར་རོ། ། (གསུམ་པ།)སྔ་མ་ཚུལ་གཞན་གྱིས་བཤད་པ་ནི། ཡང་པྲ་ཏི་གྷ་ཞེས་པ་ཐོགས་པ་དང་ཁོང་ ཁྲོ་གཉི་ག་ལ་འཇུག་པས་དོན་གང་ལ་རྒྱུད་རབ་ཏུ་འཁྲུགས་པ་ཞེ་སྡང་སྐྱེ་བའི་གཞིའི་གནས་ དམིགས་རྐྱེན་ནམ་བདག་རྐྱེན་ནམ་བདག་རྐྱེན་ཡིན་པས་དེ་ལྟར་གྱུར་པའི་ཆོས་གསུམ་གྱི་མི་ སྡུག་པའི་ཆ་ནི་ངེས་ཚིག་གི་སྒོ་ནས་(དེ་གསུམ་ལ་སེམས་བདེ་བར་འཇུག་པ་ཐོགས་པའི་ཕྱིར།)ཐོགས་པ་དང་ བཅས་པའོ། །ཇི་ཞིག་ལྟར་ཞེ་སྡང་གི་ཡུལ་དུ་འགྱུར་སྲིད་པའམ། དངོས་བཏགས་མ་ཕྱེ་ན་ 1-1-242 ཐམས་ཅད་ཀྱང་ཐོགས་པ་དང་བཅས་པ་དག་གོ། ཡང་ན་ཅི་རིགས་སུ་སྤྱར་ཏེ། གཟུགས་ཅན་ བཅུ་དངོས་ཡིན་ལ་ལྷག་མ་རྣམས་ནི་བཏགས་པ་བར་འགྱུར་རོ། །ཐོགས་བཅས་ཆོས་གསུམ་ དུ་བསྟན་པས་བདག་ལ་ཐམས་ཅད་དུ་སོང་བ་མ་ཡིན་པར་ཐོགས་རྡུགས་དང་བཅས་པར་ མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། དྲུག་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཐོགས་པ་མེད་པར་བརྟག་ཅེ་ན། ཐོགས་པ་དང་ བཅས་པ་ལས་ལྡོག་པ་བསྟན་མེད་གང་ཡིན་ཐོགས་མེད་གང་ཡིན་པ་དང་། རིགས་སོགས་ གསུམ་མ་ཡིན་པའི་ཐོགས་མེད་དང་། ཆོས་གསུམ་གྱི་ཁོང་ཁྲོའི་གནས་མ་ཡིན་པའི་ཆ་ནི་ ཐོགས་པ་མེད་པའོ། །འབྲེལ་བ་ལ་སོགས་པས་ཐམས་ཅད་ཀྱང་ཐོགས་པ་མེད་པ་དག་གོ། ཡང་ན་ཅི་རིགས་སུ་སྦྱར་ཏོ། །གཟུགས་ཅན་མ་ཡིན་པ་ཐམས་ཅད་དངོས་ཡིན་ལ། གཟུགས་ ཅན་བཅུ་ནི་བཏགས་པ་འགྱུར་རོ། །དེའང་ཆོས་གསུམ་ཡིན་པས་བདག་ལ་ཐམས་ཅད་དུ་ སོང་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། བཞི་པ་ནི། ཟག་བཅས་ཟག་མེད་རྣམ་པ་གཉིས། འཐབ་བཅས་འཐབ་མེད་རྣམ་པ་ གཉིས། ཟང་ཟིང་ཡོད་མེད་རྣམ་པ་གཉིས། ཞེན་རྟེན་མངོན་འབྱུང་རྟེན་པ་གཉིས། འདུས་ བྱས་འདུས་མ་བྱས་གཉིས། འཇིག་རྟེན་པ་དང་འདས་པ་གཉིས་ཏེ། བཅུ་གཉིས་ཡིན་ལ། དེ་དག་ཀྱང་རིམ་པ་ལྟར་སྤྱིར་ཉོན་མོངས་པ་ཡོད་མེད་དང་། ཁྱད་པར་འཐབ་པའི་རྒྱུའི་ཉོན་ མོངས་པ་ཡོད་མེད་དང་། ལུས་ལ་སྲེད་པའི་ཉོན་མོངས་པ་ཡོད་མེད་དང་། འདོད་ཡོན་ལ་ ཞེན་པ་ཡོད་མེད་དང་། སྐྱེ་བ་དང་འཇིག་པ་ཡོད་མེད་དང་། ཁམས་གསུམ་དུ་གཏོགས་པ་དང་ མི་གཏོགས་པས་ཕྱེ་བའོ། །དེ་ལྟར་གཉིས་ཚན་དྲུག་གི། དང་བོ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ སྤང་བྱ་ཟག་པ་དང་བཅས་བར་བརྟག་ཅེ་ན། མཛོད་ལས། ལམ་མ་གཏོགས་པའི་འདུས་བྱས་ རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་གང་ 1-1-243 ལ་དམིགས་ནས་ཟག་པ་རྒྱས་པར་འགྱུར་བས་ཟག་བཅས་སུ་འཇོག་མོད། འདིར་ནི་ཟག་པ་ དང་སྒོ་དྲུག་གིས་འབྲེལ་བས་ཟག་བཅས་ཏེ། དེའང་ཉོན་མོངས་པ་དང་ཉེ་བའི་ཉོན་མོང་པ་ རྣམས་ནི་ཟག་པ་དེའི་བདག་ཉིད་དམ། རང་བཞིན་ཡིན་པས་ཟག་པ་དང་བཅས་པར་བལྟའོ། ། ཞེས་པ་དང་། དེ་བཞིན་དུ་སྦྱར་ཏེ། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་སེམས་ བྱུང་དང་། དེ་དག་གི་གནས་མིག་ལ་སོགས་པ་ནི་ཟག་པ་དང་འབྲེལ་བ་དང་། དགེ་བ་ཟག་ བཅས་དེ་རྣམས་ཀྱང་ཡང་སྲིད་འགྲུབ་བྱེད་དུ་གྱུར་པའི་ཆ་ནས་ཟག་པས་བཅིངས་པ་དང་། ས་གཞན་གྱི་ཀུན་གཞི་ལའང་ས་གཞན་གྱི་ཉོན་མོངས་པའི་གནས་ངན་ལེན་ལྡན་པ་ཟག་པའི་ རྗེས་སུ་འབྲེལ་བ་དང་། ངེས་འབྱེད་ཆ་མཐུན་ནི་ཉོན་མོངས་པའི་ས་བོན་དང་ལྡན་ཡང་། སྲིད་ པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་གཉེན་པོ་བྱེད་པས་ཟག་མེད་དུ་འཇོག་ལ། དེ་ལས་གཞན་པའི་ ཉོན་མོངས་པའི་ས་བོན་ཐམས་ཅད་དམ། ཡང་ལམ་ལས་གཞན་པའི་འདུས་བྱས་ཐམས་ཅད་ ཉོན་མོངས་པ་འཕེལ་བའི་རྐྱེན་བྱེད་པས་ཟག་པའི་རྗེས་སུ་མཐུན་པ་དང་། སོ་སོའི་སྐྱེ་བོ་དང་ འཕགས་པ་སློབ་པའི་ཕུང་པོ་ཟག་པའི་རྒྱུ་ལས་བྱུང་བར་མ་ཟད། (མི་སློབ་ལམ་འཁོར་བཅས་བོར་བའི་) ཐ་ན་དགྲ་བཅོམ་པའི་ཕུང་པོའང་སྔར་གྱི་ཉོན་མོངས་ཀྱིས་འཕངས་ཤིང་ཉིང་མཚམས་སྦྱར་ བའི་རྒྱུ་ཡིན་པས་ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་བལྟའོ། །ཉེ་བར་ ལེན་པའི་ཕུང་པོ་ལྔ་རྣམས་དང་ཞེས་པ་ལ། (ཡེ་ཤེས་བཤེས་གཉེན་)ཟག་པའི་བདག་ཉིད་ཡིན་པས་ འདུ་ཕྱེད་ཕུང་པོའི་ཕྱོགས་གཅིག་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་ཟག་བཅས་དང་། དེ་ བཞིན་དུ་འབྲེལ་བས་གནས་དང་མཚུངས་གྱི་སྒོ་ནས་ལྔ་ཀའི་ཕྱོགས་གཅིག་དང་། བཅིངས་ པས་གཙོ་ཆེར་འདུ་བྱེད་ཀྱི་ཕྱོགས་གཅིག་དགེ་བ་དང་རྣམ་སྨིན་དང་བཅས་པའི་ཆ་ནས་ལྔ་ ཀའི་ཕྱོགས་གཅིག་དང་། རྗེས་སུ་འབྲེལ་བས་དགྲ་བཅོམ་པ་མ་ཡིན་པའི་ལྔ་ཀ་དང་། རྗེས་ སུ་མཐུན་པས་ངེས་འབྱེད་ཆ་མཐུན་བོར་བའི་ལྔ་ཀའི་ཕྱོགས་གཅིག་དང་། རྒྱུ་ལས་བྱུང་བ་ 1-1-244 ལྔ་པོ་ཐམས་ཅད་ཀྱང་སྟེ། ཕྱོགས་འདིས་ཁམས་དང་སྐྱེ་མཆེད་ཀྱང་བཤད་པར་བྱའོ། །ཞེས་ གསུངས་སོ། །དེས་ན་ཁམས་དང་པོ་བཅོ་ལྔ་ནི་(དབང་པོ་ལྔ་)གནས་དང་(ཡུལ་ལྔ་)དམིགས་པ་ དང་(རྣམ་ཤེས་ལྔ་)མཚུངས་ལྡན་གྱི་སྒོ་ནས་ཟག་བཅས་དང་། སྐྱེ་མཆེད་གཟུགས་ཅན་བཅུའང་ གནས་དང་དམིགས་པའི་སྒོ་ནས་ཟག་བཅས་དང་། ཡིད་དང་ཆོས་དང་ཡིད་ཤེས་ཀྱི་ཁམས་ གསུམ་དང་། ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱི་ཕྱོགས་གཅིག་འཕགས་པའི་ལམ་འཁོར་ དང་བཅས་པ་དང་། འདུས་མ་བྱས་བོར་བ་ནི་ཟག་པ་དང་བཅས་པ་རྣམས་སོ། །ཟག་བཅས་ ཆོས་གསུམ་གྱི་ཁྱད་པར་དུ་བསྟན་པས་བདག་ཟག་པ་དང་བཅས་པར་མངོན་པར་ཞེན་པ་ སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་གཉེན་པོ་ཟག་པ་མེད་པར་བརྟག་ཅེ་ན། ཟག་ མེད་ལམ་གྱི་བདེན་པ་དང་། འདུས་མ་བྱས་རྣམས་ཞེས་པ་ལྟར། སྤང་བྱ་ཟག་པ་དང་བཅས་ པ་ལས་ལྡོག་པ། ཟག་པའི་སྒོ་དྲུག་དང་མ་འབྲེལ་པ་ནི་ཟག་པ་མེད་པར་བལྟའོ། །ཡང་ན་ ཡེ་ཤེས་བཤེས་གཉེན་གྱིས། ཟག་མེད་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པའི་ཤེས་ རབ་དང་། ཟག་མེད་དང་འབྲེལ་བ་དེ་དང་མཚུངས་ལྡན་དང་དེའི་གནས་དང་། བཅིང་བ་ ཟག་བཅས་ཡིན་ཡང་ཟག་མེད་ཀྱི་དབང་གིས་ཁམས་གསུམ་དུ་འབྲས་བུ་མི་འགྲུབ་པ་དང་། རྗེས་སུ་འབྲེལ་བ་ཟག་བཅས་ཡིན་ཡང་ཟག་མེད་ཀྱི་ཆོས་ཀྱི་ས་བོན་དང་ལྡན་པ་ཟག་མེད་ བཏགས་པ་བ་དང་། རྗེས་སུ་མཐུན་པ་ངེས་འབྱེད་ཆ་མཐུན་རྣམས་དང་། རྒྱུ་ལས་བྱུང་བ་ཚུལ་ ཁྲིམས་དང་ཏིང་ངེ་འཛིན་གྱི་ཕུང་པོ་དག་གོ་ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ནི་བཅིངས་ པའང་བཏགས་པར་བཤད་དགོས་ཏེ། གཞན་དུ་ན་ཟག་མེད་ཀྱི་ཁམས་བཅོ་ལྔ་སྲིད་པར་ ཐལ་བས་སོ། །ཉེ་བར་ལེན་པ་མེད་པའི་ཕུང་པོ་ལྔ་རྣམས་དང་ཞེས་པ་ནི་ཚུལ་ཁྲིམས་དང་ཏིང་ ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་པའི་ཡེ་ཤེས་གཟིགས་ པའི་ཕུང་པོའོ། །ཞེས་ཡེ་ཤེས་བཤེས་གཉེན་དང་ཡོན་ཏན་འོད་ཀྱིས་གསུངས་པ་ལྟར་རམ། 1-1-245 ཡང་ན་འཕགས་པ་རྣམས་ཀྱི་ཟག་མེད་སྡོམ་པའི་གཟུགས་ལ་སོགས་པ་དང་། ཟང་ཟིང་མེད་ པའི་ཚོར་བ་དང་། མཚན་མ་མེད་པའི་འདུ་ཤེས་དང་སེམས་པ་ལ་སོགས་པ་དང་ཡིད་ཤེས་ རྣམས་སོ། །ཁམས་ཐ་མ་གསུམ་དང་སྐྱེ་མཆེད་ཐ་མ་གཉིས་ཀྱི་ཕྱོགས་གཅིག་འཕགས་པའི་ ལམ་འཁོར་བཅས་དང་འདུས་མ་བྱས་གྱིས་བསྡུས་པ་རྣམས་སོ། །ཟག་མེད་ཀྱང་ཆོས་གསུམ་ དུ་བསྟན་པས་བདག་ཟག་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། གཉིས་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་འཐབ་པ་དང་བཅས་པར་བརྟག་ཅེ་ན། རང་ ཕྱོགས་ལ་འདོད་ཆགས་དང་། གཞན་ཕྱོགས་ལ་ཞེ་སྡང་དང་དེ་དག་གི་སྐྱོན་མ་རིག་པའི་གཏི་ མུག་གི་ངོ་བོ་གང་ལ་བརྟེན་ནས་བརྡེག་པའི་བསམ་པས་རལ་གྲི་ལ་སོགས་པའི་མཚོན་ཆ་ ལེན་པ་དང་། ལུས་དང་ལོངས་སྤྱོད་ལ་ཆད་པས་གཅོད་པ་དང་། ཉེས་པ་རྩོམ་པ་རྣམས་ཀྱིས་ སྨྲ་ཞིང་སླར་སྨྲ་བ་འཐབ་རྩོད་དང་། ཕན་ཚུན་སྐྱོན་ནས་བརྗོད་པ་མཚང་ནས་འབྲུ་བ་དང་། དེ་ མི་བཟོད་པས་རྩོད་པ་དང་། ཞལ་ལྕེའི་གྲར་ཤག་འགྱེད་པ་རྣམས་འབྱུང་བས་རྒྱུ་དུག་གསུམ་ ལ་འབྲས་བུ་འཐབ་པར་བཏགས་པ་སྟེ། དུག་གསུམ་དེའི་བདག་ཉིད་དང་། དེ་དང་འབྲེལ་ བའི་སེམས་སེམས་བྱུང་དང་། དེས་བཅིངས་པའི་དགེ་བ་ཟག་བཅས་དང་། ཁམས་གོང་མ་ ནའང་དེའི་ས་བོན་རྗེས་སུ་འབྲེལ་བ་དང་། གང་ལ་དུག་གསུམ་འཕེལ་བར་འགྱུར་བ་དེའི་ རྗེས་སུ་མཐུན་པ་དང་། ཕུང་པོ་ཟག་བཅས་ཐམས་ཅད་དེའི་རྒྱུ་ལས་བྱུང་བའི་ཕྱིར། འཐབ་ པའི་རྒྱུ་དུག་གསུམ་དང་སྒོ་དྲུག་གིས་འབྲེལ་བ་ནི་འཐབ་པ་དང་བཅས་པར་བལྟའོ། །ཟག་ པ་དང་བཅས་པའི་གྲངས་ཇི་སྙེད་པ་འཐབ་པ་དང་བཅས་པའང་དེ་སྙེད་དེ་བཤད་མ་ཐག་པ་ ཉིད་དོ། །འཐབ་བཅས་ཆོས་གསུམ་གྱི་ཆ་ལ་བཏགས་པས་བདག་འཐབ་པ་དང་ལྡན་པར་ མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་འཐབ་པ་མེད་པར་བརྟག་ཅེ་ ན། འཐབ་པ་དང་བཅས་པ་ལས་ལྡོག་པས་འཐབ་པའི་རྒྱུ་དུག་གསུམ་དང་སྒོ་དྲུག་གིས་མ་ 1-1-246 འབྲེལ་བ་ནི་འཐབ་པ་མེད་པ་སྟེ། དུག་གསུམ་མེད་པའི་དགེ་བ་འཐབ་པའི་གཉེན་པོར་གྱུར་ པ་དེའི་བདག་ཉིད་ལ་སོགས་པའོ། །ཟག་པ་མེད་པའི་གྲངས་ཇི་སྙེད་པར་འཐབ་པ་མེད་པའི་ དངོས་པོའང་དེ་སྙེད་དོ། །དེའང་ཆོས་གསུམ་གྱི་ཆ་ཡིན་པས་བདག་འཐབ་པ་དང་བྲལ་བར་ མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། གསུམ་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཟང་ཟིང་དང་བཅས་པར་བརྟག་ཅེ་ན། འཁོར་ བ་ལ་འདོད་ཆགས་དང་། རྣམ་བྱང་ལ་ཞེ་སྡང་དང་། དེ་དག་གི་རྒྱུ་གཏི་མུག་གི་ངོ་བོ་གང་ ལ་བརྟེན་ནས་ཡང་ཡང་སྲིད་པར་སྐྱེ་བ་ལེན་པའི་ལུས་ཉེར་ལེན་གྱི་ཕུང་པོ་ལྔ་ལ་ལྷག་པར་ ཆགས་ཤིང་ཞེས་པ་དེའི་བདག་ཉིད་དང་། དེ་དང་གནས་དང་གྲོགས་སུ་འབྲེལ་བ་དང་། དེས་ བཅིངས་བའི་དགེ་བ་དང་། དེའི་ས་བོན་ཀུན་གཞི་ལ་རྗེས་སུ་འབྲེལ་བ་དང་། དེ་ཉིད་འཕེལ་ བའི་རྗེས་སུ་མཐུན་པ་དང་། ཕུང་པོ་ཟག་བཅས་རྣམས་དེའི་རྒྱུ་ལས་བྱུང་བའི་ཕྱིར་ཟང་ཟིང་ སྣ་ཚོགས་སུ་འབྱུང་བས་ན་ཟང་ཟིང་དང་བཅས་པར་བལྟའོ། །འཐབ་པ་དང་བཅས་པ་ཇི་ སྙེད་པར་ཟང་ཟིང་དང་བཅས་པའང་དེ་སྙེད་དེ་ཟག་བཅས་ཀྱི་སྐབས་སུ་བསྟན་པ་ཉིད་དོ། ། ཟང་ཟིང་ཅན་ཡང་ཆོས་གསུམ་དུ་འདུ་བས་བདག་ཟང་ཟིང་དང་ལྡན་པར་མངོན་པར་ཞེན་ བ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཟང་ཟིང་མེད་པར་བརྟག་ཅེ་ན། ཟང་ཟིང་ དང་བཅས་པ་ལས་ལྡོག་པ་ཟང་ཟིང་གི་རྒྱུ་དང་སྒོ་དྲུག་གིས་མ་འབྲེལ་བ་ནི་ཟང་ཟིང་མེད་པ་ སྟེ། ཡང་སྲིད་ལ་ཆགས་པའི་གཉེན་པོ་ཤེས་རབ་ཟག་མེད་དང་། དེ་དང་འབྲེལ་བ་ལ་སོགས་ པའོ། །འཐབ་པ་མེད་པ་ཇི་སྙེད་པར་ཟང་ཟིང་མེད་པའང་དེ་སྙེད་དེ་ཟག་མེད་དོ། །དེའང་ཆོས་ གསུམ་དུ་འདུ་བས་བདག་ཟང་ཟིང་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། བཞི་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཞེན་པ་རྟེན་པར་བརྟག་ཅེ་ན། འདོད་ཡོན་ལ་འདོད་ ཆགས་དང་། ངེས་འབྱུང་ལ་ཞེ་སྡང་དང་། དེ་དག་གི་རྒྱུ་གཏི་མུག་གི་ངོ་བོ་གང་ལ་བརྟེན་ནས་ 1-1-247 གཟུགས་སྡུག་པ་དང་སྒྲ་སྙན་པ་དང་དྲི་ཞིམ་པ་དང་རོ་མངར་བ་དང་རེག་བྱ་འཇམ་པ་སྟེ་ འདོད་པའི་ཡོན་ཏན་ལྔ་ལ་ལྷག་པར་ཆགས་ཤིང་ཞེན་པ་འབྱུང་བ་དེའི་བདག་ཉིད་དང་། དེ་ དང་གྲོགས་སུ་འབྲེལ་བ་དང་། དེས་བཅིངས་པའི་དགེ་བ་དང་། དེའི་ས་བོན་རྗེས་སུ་མཐུན་ པ་དང་། དེ་འཕེལ་བའི་རྗེས་སུ་མཐུན་པ་དང་། ཟག་བཅས་རྣམས་དེའི་རྒྱུ་ལས་བྱུང་བའི་ཕྱིར་ ཞེན་པ་རྟེན་པར་བལྟའོ། །ཟང་ཟིང་དང་བཅས་པ་ཇི་སྙེད་པར་ཞེན་པ་རྟེན་པའང་དེ་སྙེད་དེ་ ཟག་བཅས་ཉིད་དོ། །དེ་ལྟར་ཤེས་པས་བདག་འདོད་ཡོན་ལ་ཞེན་པ་དང་ལྡན་པར་མངོན་ པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་མངོན་པར་འབྱུང་བ་རྟེན་པར་བརྟག་ཅེ་ ན། ཞེན་པ་བརྟེན་པ་ལས་ལྡོག་པ་འདོད་ཡོན་ལ་ལྷག་པར་ཆགས་པའི་རྒྱུ་དུག་གསུམ་དང་སྒོ་ དྲུག་གིས་མ་འབྲེལ་པ་ནི་མངོན་པར་འབྱུང་བ་བརྟེན་པ་སྟེ། འདོད་ཡོན་ལ་ཞེན་པའི་གཉེན་ པོ་ཞི་གནས་ལྷག་མཐོང་དེའི་བདག་ཉིད་དང་། དེ་དང་འབྲེལ་བ་ལ་སོགས་པའོ། །ཟང་ཟིང་ མེད་པ་ཇི་སྙེད་པར་མངོན་པར་འབྱུང་བ་རྟེན་པའང་དེ་སྙེད་དེ་གོང་མ་གོང་མ་ལ་སྙེགས་པས་ ཟག་མེད་ཉིད་དོ། །དེའང་ཆོས་གསུམ་གྱི་ཆ་ཡིན་པས་བདག་འདོད་ཡོན་ལ་ཞེན་པ་དང་བྲལ་ བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། ལྔ་པ་ལ་གསུམ་ལས། (དང་པོ།)སོ་སོའི་ངོ་བོ་རྒྱས་པར་བཤད་པ་ལ། ཇི་ལྟར་དུ་ཞིག་ཅིའི་ ཕྱིར་འདུས་བྱས་སུ་བརྟག་ཅེ་ན། ཆོས་གང་ལ་རྒྱུ་ལས་གསར་དུ་སྐྱེ་བ་དང་། ཡོད་པ་འཕྲལ་ དུ་འཇིག་པ་དང་། རེ་ཞིག་རྒྱུན་ཙམ་གནས་པ་དང་། གནས་སྐབས་གཞན་དུ་འགྱུར་བར་ ཡང་སྣང་བ་དེ་རྒྱུ་དང་(མཛོད་འགྲེལ་དུ་)རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་བའི་ཕྱིར་འདུས་ བྱས་སུ་བལྟའོ། །སྔར་གྱི་སྐྱེ་སོགས་ཆོས་བཞི་ནི་སེམས་ཅན་གྱིས་བསྡུས་པ་ཁོ་ནའི་མཚན་ ཉིད་ཡིན་ལ་འདི་ནི་འདུས་བྱས་སྤྱིའི་མཚན་ཉིད་དོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་ གཅིག་འདུས་མ་བྱས་བརྒྱད་མ་གཏོགས་པའི་ཆོས་གསུམ་པོ་ཐམས་ཅད་ཀྱང་འདུས་བྱས་ 1-1-248 དག་གོ། མི་རྟག་པ་འདུས་བྱས་ཆོས་གསུམ་དུ་བསྟན་པས་བདག་མི་རྟག་པ་ཡིན་པར་མངོན་ པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་འདུས་མ་བྱས་སུ་བརྟག་ཅེ་ན། འདུས་བྱས་ལས་ལྡོག་པ་ཆོས་གང་ལ་སྐྱེ་བ་དང་འཇིག་པ་དང་གནས་པ་དང་གཞན་དུ་འགྱུར་ བར་ཡང་མི་སྣང་བ་དེ་ནི་འདུས་མ་བྱས་སོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ ཏུ་འདུས་མ་བྱས་བརྒྱད་པོ་དག་གོ། རྟག་པའང་ཆོས་གསུམ་གྱི་ཁྱད་པར་འདུས་མ་བྱས་སུ་ བསྟན་པས་བདག་རྟག་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། (གཉིས་པ།)ཕུང་པོ་ཟག་མེད་གཉི་ག་མིན་ཚུལ་ནི། ཉེ་བར་ལེན་པའམ་ཟག་པ་མེད་པའི་ ཕུང་པོ་ཚུལ་ཁྲིམས་ལ་སོགས་པ་རྣམས་འདུས་བྱས་ཞེས་བྱའམ་འདུས་མ་བྱས་ཞེས་བྱ་ཞེ་ན། མཐའ་གཉིས་སུ་ཞེན་པ་སྤང་བའི་ཕྱིར་འཇོག་ཚུལ་གཉིས་ལ་ལྟོས་ཏེ་འདུས་བྱས་ཀྱང་མ་ཡིན་ འདུས་མ་བྱས་ཀྱང་མ་ཡིན་ཞེས་བྱའོ། །གཉི་ག་མ་ཡིན་པ་དེ་ཅིའི་ཕྱིར་ཞེ་ན། ལས་ཟག་པ་ དང་བཅས་པ་དང་། ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་འདུས་བྱས་མ་ ཡིན་ནོ། །འདོད་པ་སེམས་བསྐྱེད་པ་བཞིན་དུ་ལམ་སྒྲུབ་པར་བྱེད་པས་མྱ་ངན་ལས་འདས་པ་ ལ་མངོན་དུ་ཕྱོགས་པ་དང་། འཁོར་བ་ལ་རྒྱབ་ཀྱིས་བལྟས་ནས་སྤོང་བར་བྱེད་པ་གཉེན་པོའི་ ངོ་བོ་ཉིད་ཀྱི་ཕྱིར་ཞེས་པའམ། ཡང་ན་མངོན་དུ་ཕྱོགས་པ་སྐྱེ་བར་ཡང་སྣང་ཞིང་རྒྱབ་ཀྱིས་ བལྟ་བ་འཇིག་པར་ཡང་སྣང་བས་འདུས་མ་བྱས་མ་ཡིན་ནོ། ། (གསུམ་པ)དེ་ལ་ལུང་དང་འགལ་བ་སྤོང་བ་ནི། འོ་ན་བཅོམ་ལྡན་འདས་ཀྱིས་འདུས་བྱས་ དང་འདུས་མ་བྱས་ཞེས་བྱ་བ་འདི་ནི་གཉིས་སོ་ཞེས་ཆོས་ཐམས་ཅད་འདི་གཉིས་སུ་ངེས་པར་ གང་གསུངས་བ་དེའི་ཇི་ལྟ་བུ་ཞེ་ན། དེ་ནི་དེ་ལྟར་ཉིད་དེ་དེ་གཉིས་ལས་གུད་ན་ཆོས་གཞན་ མེད་པའི་ཕྱིར་རོ། །འོན་ཀྱང་འདིར་གཉིས་མ་ཡིན་བསྟན་པ་ནི་འདོད་བཞིན་དུ་སྐྱེ་འགག་ བྱེད་པའི་དོན་གང་གིས་འདུས་བྱས་སུ་འགྱུར་བའི་དོན་དེས་འདུས་བྱས་ཡིན་ནོ་ཞེས་པ་དང་། 1-1-249 ལས་དང་ཉོན་མོངས་པས་འདུས་མ་བྱས་པའི་དོན་གང་གིས་འདུས་མ་བྱས་སུ་འགྱུར་བའི་ དོན་དེ་ཉིད་ཀྱིས་འདུས་མ་བྱས་ཡིན་ཏེ། ཞེས་ལྟོས་ས་གཉིས་ལ་ལྟོས་ནས་ཕུང་པོ་གསུམ་པ་ ལྟ་བུར་བསྟན་པ་ཡིན་གྱི། དོན་ལ་ཟག་མེད་ཕུང་པོ་ལྔ་པོ་གཉིས་པོ་ལས་གུད་ན་མེད་པས་ དེ་ལྟར་བཤད་པའི་ཚུལ་འདི་ནི་འདི་ལྟར་འགལ་བ་མེད་པར་བལྟ་བར་བྱའོ། །དེའང་ཚུལ་ ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་འགའ་ཞིག་འདུས་བྱས་མཚན་ཉིད་པ་ དང་འདུས་མ་བྱས་བཏགས་པ་བ་ཡིན་ལ། རྣམ་པར་གྲོལ་བ་དང་རྣམ་གྲོལ་ཡེ་ཤེས་གཟིགས་ པ་དང་། ཕུང་པོ་ལྔའི་དེ་བཞིན་ཉིད་ནི་འདུས་མ་བྱས་མཚན་ཉིད་པ་དང་འདུས་བྱས་བཏགས་ བབ་ཡིན་པའི་ཕྱིར་རོ།། །། བམ་པོ་གཉིས་པ་ནས་བརྩམས་ཏེ་འཆད་ཅེས་མཚམས་སྦྱར་ནས། དྲུག་པ་ལ། ཇི་ལྟར་ དུ་ཞིག་ཅིའི་ཕྱིར་འཇིག་རྟེན་པར་བརྟག་ཅེ་ན། འདོད་པ་དང་གཟུགས་དང་གཟུགས་མེད་ པའི་ཁམས་གསུམ་པར་གཏོགས་པའི་ཆོས་རྣམས་ལ་སྲེད་པས་བདག་གིར་བྱས་པ་དང་། མཉམ་གཞག་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཁམས་གསུམ་པ་དེ་ ལྟར་སྣང་བ་ཡང་འཇིག་རྟེན་(མདོ་ལས། འཕགས་པ་སེམས་ཅན་གྱི་དོན་མཛད་ཅིང་འཇིག་རྟེན་ན་བཞུགས་པ་ནི་སོ་ སོའི་སྐྱེ་བོ་དང་མཐུན་ནོ། །ཞེས་སོ། །)པའོ། །ཕུང་པོ་རྣམས་ཀྱི་ཕྱོགས་གཅིག་ནི་ཡང་དག་པའི་ལམ་གྱིས་ བསྡུས་པ་དང་རྗེས་ཐོབ་དེ་བཞིན་ཉིད་དུ་སྣང་བ་མ་རྟོགས་པ་རྣམས་དང་། གཟུགས་ཅན་ གྱི་ཁམས་བཅུ་རྣམ་ཤེས་དང་བཅས་པ་བཅོ་ལྔ་དང་། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་། ཞེས་པ་ནི་འཇིག་རྟེན་པ་ཁོ་ན་ཡིན་ལ། ཁམས་ཕྱི་མ་གསུམ་དང་། སྐྱེ་མཆེད་ཕྱི་མ་གཉིས་ ཀྱི་ཕྱོགས་གཅིག་ནི་ཡང་དག་པའི་ལམ་དང་རྗེས་ཐོབ་དེ་བཞིན་དུ་སྣང་བ་དང་འདུས་མ་བྱས་ བོར་བ་རྣམས་སོ། །དེའང་ཆོས་གསུམ་དུ་འདུ་བས་བདག་ལ་ཁམས་གསུམ་ལས་མ་གྲོལ་ བས་འཇིག་རྟེན་པ་ཉིད་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་ 1-1-250 འཇིག་རྟེན་ལས་འདས་པར་བརྟག་ཅེ་ན། སྤང་བྱ་ཁམས་གསུམ་པའི་ས་བོན་སྤོང་བའི་གཉེན་ པོ་འཕགས་པའི་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་སྟེ། ཉན་ རང་རྣམས་ཀྱི་ནི་རྟག་སོགས་ཕྱིན་ཅི་ལོག་ཏུ་མི་རྟོག་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ནི་གཟུགས་སོགས་སྤྲོས་པའི་ཆོས་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་སྤྲོས་པ་མེད་ པའི་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་དང་། འདུས་མ་བྱས་ནི་རྟོག་པ་ཐམས་ཅད་ཀྱི་གཞིའི་ གནས་མ་ཡིན་པའི་ཕྱིར་རོ། །ཡང་རྣམ་གྲངས་སུ་ན་མཉམ་གཞག་འཇིག་རྟེན་ལས་འདས་ པའི་རྗེས་ལས་ཐོབ་པ་དེ་བཞིན་ཉིད་དུ་སྣང་བ་ལ་སོགས་པའང་འཇིག་རྟེན་ལས་འདས་པ་ ཡིན་ཏེ། (བསྡུ་བར། དེའང་མ་འདྲིས་པའི་དོན་གྱིས་ནི་འཇིག་རྟེན་ལས་འདས་པ་ཡིན་ལ། ཐ་སྙད་ཀྱི་མཚན་མ་ལ་དམིགས་ པའི་དོན་གྱིས་འཇིག་རྟེན་པ་ཡིན་པས་དེའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །) འཇིག་རྟེན་ ལས་འདས་པའི་ལམ་ལ་རྟེན་ཅིང་དེའི་ཡེ་ཤེས་ཀྱིས་ཟིན་པའམ། དེའི་རྣམ་པར་སྣང་བའམ་ དེའི་མཐུ་ལས་བྱུང་བས་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །ཕུང་པོ་ལྔ་པོ་རྣམས་དང་ཁམས་ཕྱི་ མ་གསུམ་དང་སྐྱེ་མཆེད་ཕྱི་མ་གཉིས་ཀྱི་ཕྱོགས་གཅིག་གོ་ཞེས་པ་ནི་ཡང་དག་པའི་ལམ་དང་ རྗེས་ཐོབ་སྟེ་དེ་བཞིན་ཉིད་དུ་སྣང་བ་ལ་སོགས་པ་དང་འདུས་མ་བྱས་ཀྱིས་བསྡུས་པ་རྣམས་ སོ། །དེའང་ཆོས་གསུམ་དུ་བསྟན་པས་བདག་ཁམས་གསུམ་ལས་གྲོལ་བས་ཐར་པ་འབའ་ ཞིག་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། ལྔ་པ་ནི། བྱུང་དང་མ་བྱུང་གཉིས། འཛིན་པ་གཟུང་བ་གཉིས། ཕྱི་བལྟས་ནང་བལྟས་ གཉིས། ཉོན་མོངས་ཅན་ཡིན་མིན་གཉིས་ཏེ་བརྒྱད་ཡིན་ལ། དེ་དག་ཀྱང་རིམ་པ་ལྟར་སྐྱེས་ བ་དང་མ་སྐྱེས་པ་དང་། ཡུལ་ཅན་དང་ཡུལ་དང་། མཉམ་བར་མ་བཞག་པ་དང་བཞག་པ་ དང་། ཉོན་མོངས་ཡོད་པ་དང་མེད་པས་རབ་ཏུ་ཕྱེ་བའོ། །དེ་ལྟར་གཉིས་ཚན་བཞིའི་དང་པོ་ ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་བྱུང་བར་བརྟག་ཅེ་ན། ལན་ལ་གཉིས་ལས། (དང་པོ་)ངོ་བོ་ནི། 1-1-251 ཆོས་གསུམ་གྱི་འདས་པ་དང་། ད་ལྟར་བྱུང་བས་བསྡུས་པའི་འདུས་བྱས་རྣམས་ནི་རྒྱུ་རྐྱེན་ ལས་སྐྱེས་པ་ན་བྱུང་བའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་མ་འོངས་པ་དང་འདུས་མ་བྱས་ བོར་བ་དག་གོ། བྱུང་བའང་ཆོས་གསུམ་དུ་འདུ་བས་བདག་ཐེར་ཟུག་མ་ཡིན་པ་གསར་བྱུང་ དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། (གཉིས་པ།)དབྱེ་བ་ལའང་། བྱུང་བ་ནི་རྣམ་པ་ཉི་ཤུ་རྩ་བཞི་སྟེ། དེའང་དང་པོ་སྐྱེ་གནས་སུ་ ཉིང་མཚམས་སྦྱར་བའི་དུས་ན་མིང་དང་གཟུགས་ཀྱི་དངོས་པོར་བྱུང་བ་དང་། དེ་ཕྱིན་ཆད་ ཆོས་གསུམ་རྒྱུན་གྱིས་བྱུང་བ་དང་། གཉིད་དང་ཟས་དང་ཚངས་སྤྱོད་དང་སྙོམས་འཇུག་སྟེ་ རྒྱས་བར་བྱེད་བའི་རྒྱུ་བཞི་ལས་བྱུང་བ་དང་། ནང་དབང་པོ་རྣམས་རྣམ་ཤེས་ཀྱི་རྟེན་དུ་བྱུང་ བ་དང་། ཚོར་བ་བདེ་སོགས་བྱུང་ན་དེ་དང་མཐུན་པར་དབང་པོ་རྣམས་འགྱུར་བ་དང་བཅས་ པར་བྱུང་བ་དང་། རྒས་བའི་གནས་སྐབས་སུ་ཕུང་པོ་རྣམས་ཡོངས་སུ་སྨིན་པར་བྱུང་བ་དང་། བདེ་འགྲོ་ནས་ངན་འགྲོར་སྐྱེས་པ་ཉམས་པར་བྱུང་བ་དང་། ངན་འགྲོ་ནས་བདེ་འགྲོར་ སྐྱེས་པ་ཁྱད་པར་དུ་འཕགས་པ་བྱུང་བ་དང་། ལྷ་རྩེ་བས་བསླུས་པ་དང་ཡིད་སུན་འབྱིན་ནི་ དག་པ་མང་ལ། འཕྲུལ་དགའ་བ་དང་གཞན་འཕྲུལ་དབང་བྱེད་པ་ནི་ལོངས་སྤྱོད་ལ་དབང་ སྒྱུར་ཞིང་། གཟུགས་དང་གཟུགས་མེད་པ་ན་སྦྱོད་པ་ནི་སེམས་གནས་པ་ལ་རང་གིས་དབང་ སྒྱུར་བས་འོད་གསལ་བར་བྱུང་བ་དང་། དེ་ལས་གཞན་པ་རྣམས་ནི་འོད་གསལ་མ་ཡིན་ པར་བྱུང་བ་དང་། ཡུལ་ཕན་ཚུན་དུ་ཀུན་ཏུ་འགྲོ་ཞིང་བགྲོད་པའི་དུས་ན་བྱུང་བ་དང་། དགྲ་ བཅོམ་པ་ཐ་མའི་ཕུང་པོ་མ་གཏོགས་པ་རྣམས་རིགས་འདྲ་ཕྱི་མ་སྐྱེད་པའི་ས་བོན་དང་བཅས་ པར་བྱུང་བ་དང་། དགྲ་བཅོམ་པ་ཐ་མའི་ཕུང་པོ་ནི་རིགས་འདྲ་ཕྱི་མ་མི་བསྐྱེད་པའི་ཕྱིར་ས་ བོན་དང་བཅས་པ་མ་ཡིན་པར་བྱུང་བ་དང་། ཏིང་ངེ་འཛིན་གྱི་ཡུལ་དུ་ཀེང་རུས་ལ་སོགས་ པའི་གཟུགས་བརྙན་དང་། རྣམ་ཐར་ལས་བྱུང་བའི་སྔོ་སོགས་སུ་སྣང་བ་དབང་འབྱོར་པ་དང་། 1-1-252 སངས་རྒྱས་གཟུགས་སྐུའི་རྣམ་འཕྲུལ་ནི་གཞན་སྣང་དུ་ངེས་པར་བསྟན་པའི་ཕྱིར་བྱུང་བ་ དང་། རྒྱུན་གྱི་གནས་སྐབས་ཚེ་རབས་གཅིག་གནས་གཅིག་ཏུ་བརྒྱུད་དེ་བྱུང་བ་དང་། འདུས་ བྱས་ཀྱི་མཚན་ཉིད་སྐད་ཅིག་སོ་སོར་གནས་པའི་སྔ་མ་ཞིག་ནས་ཕྱི་མ་བྱུང་བ་དང་། སྡུག་པ་ དང་མི་སྡུག་པ་དང་ཆགས་བཅས་དང་ཆགས་བྲལ་ལ་སོགས་པ་རྣམས་ནི་རེས་འགའ་ཕྲད་ པ་དང་རེས་འགའ་བྲལ་བའི་རྣམ་པར་བྱུང་བ་དང་། མེར་མེར་པོ་ལ་སོགས་པ་དང་ནད་ལ་ སོགས་པའི་གནས་སྐབས་གཞན་དང་གཞན་དུ་བྱུང་བ་དང་། ནང་སེམས་ཅན་གྱི་འཇིག་རྟེན་ འཆི་འཕོ་དང་སྐྱེ་བ་བྱུང་བ་དང་། ཕྱི་སྣོད་ཀྱི་འཇིག་རྟེན་འཇིག་པ་དང་ཆགས་པས་བྱུང་བ་དང་། སྐྱེས་ནས་མ་ཤིའི་བར་སྔོན་གྱི་སྲིད་པའི་དུས་ན་བྱུང་བ་དང་། སྲོག་འཆད་པའི་སྐད་ཅིག་ ནི་འཆི་བའི་སྲིད་པའི་དུས་ན་བྱུང་བ་དང་། འཆི་སྲིད་དང་སྐྱེ་སྲིད་ཀྱི་བར་དུ་བར་མ་དོའི་སྲིད་ པ་བྱུང་བ་དང་། ཉིང་མཚམས་སྦྱོར་བའི་དུས་ན་སྐྱེ་བའི་སྲིད་པ་བྱུང་བའོ། །དེ་ནི་དང་པོ་བྱུང་ བ་དང་ཡང་དོན་གཅིག་ཀྱང་འདིར་ནི་སྲིད་པ་བཞི་ཀ་ཚང་བའི་ཆེད་དུ་སྨོས་པའོ། །ཇི་ལྟར་དུ་ ཞིག་ཅིའི་ཕྱིར་མ་བྱུང་བར་བརྟག་ཅེ་ན། མ་འོངས་པ་ནི་རྒྱུ་ཡོད་ཀྱང་མ་བྱུང་བ་དང་། འདུས་ མ་བྱས་འབྱུང་དུ་མི་རུང་བས་མ་བྱུང་བའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་དེ་དག་གིས་ བསྡུས་པ་དག་གོ། དེའང་ཆོས་གསུམ་དུ་བསྟན་པས་བདག་རྒྱུ་ལས་མ་བྱུང་བའི་རྟག་པ་ཐེར་ ཟུར་ཏུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཡང་བྱུང་བ་ཉི་ཤུ་རྩ་བཞི་ལས་ལྡོག་པ་ནི་མ་ བྱུང་བ་དེ་སྙེད་དེ། དང་པོར་མ་བྱུང་བ་ལ་སོགས་པའོ། ། གཉིས་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་འཛིན་པར་བརྟག་ཅེ་ན། གསུམ་ལས་དང་པོ་ དོན་གསུམ་གྱིས་བཤད་པ་ནི། མིག་སོགས་དབང་པོ་གཟུགས་ཅན་ལྔ་ནི་རང་རང་གི་ཡུལ་ འཛིན་པའི་རྒྱུ་མཚན་ཉིད་ཀྱིས་འཛིན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ ནི་རང་རང་གི་དམིགས་པ་སོ་སོར་སྣང་བ་ཉིད་ཀྱིས་འཛིན་པར་བལྟའོ། །ཚོར་བ་དང་འདུ་ 1-1-253 ཤེས་དང་རྣམ་ཤེས་ཀྱི་ཕུང་པོ་དང་། གཟུགས་ཀྱི་ཕྱོགས་གཅིག་དབང་པོ་ལྔ་དང་འདུ་བྱེད་ ཀྱི་ཕྱོགས་གཅིག་སེམས་ལས་བྱུང་བ་དང་། དབང་པོ་དང་རྣམས་ཤེས་ཀྱི་ཁམས་བཅུ་གཉིས་ དང་། ནང་གི་སྐྱེ་མཆེད་དྲུག་དང་། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་སེམས་ ལས་བྱུང་བ་དག་གོ། འཛིན་པ་ཆོས་གསུམ་དུ་བསྟན་པས། ཟ་པོ་དངོས་རྟག་བྱེད་པོ་མིན་ པའི་བདག །ཅེས་(གྲངས་ཅན་པའི་ལུགས་འཇུག་པར་བཤད་)པ་དང་། རྟེན་དང་ཀུན་འཇུག་ཟ་བྱེད་བོ། ། ཞེས་པ་(བྱེ་བྲག་པ་འདོད་)ལ་སོགས་པ་ལྟར་བདག་ཡུལ་འཛིན་ཞིང་ལོངས་སྤྱོད་པའི་ཟ་བ་བོར་ མངོན་བར་ཞེན་པ་སྤང་བའི་ཕྱིར་རོ། ། གཉིས་པ་འཛིན་ཚུལ་གྱིས་བཤད་པ་ནི། ཡང་། མིག་དང་རྣ་བ་ཡིད་གསུམ་ནི། །ཡུལ་ དང་མ་ཕྲད་གསུམ་གཞན་ཡང་། །ཞེས་པ་ལྟར་མིག་དང་རྣ་བ་དང་ཡིད་གསུམ་རང་རང་གི་ ཡུལ་དང་ཕྲད་ཅིང་མ་རེག་པར་འཛིན་པ་དང་། སྣ་དང་ལྕེ་དང་ལུས་གསུམ་རང་རང་གི་ཡུལ་ དང་བར་མེད་པར་ཕྲད་ཅིང་རེག་ནས་འཛིན་པ་དང་། དབང་ཤེས་ལྔས་དུས་ད་ལྟར་གྱི་ཡུལ་ རང་གི་མཚན་ཉིད་ཅན་ཁོ་ན་དབང་པོ་གཞན་དང་ཐུན་མོང་མ་ཡིན་པར་རང་གི་གཟུང་དོན་ སོ་སོར་འཛིན་པ་དང་། ཡིད་ཤེས་ཀྱིས་སོ་སོ་བ་རང་གི་མཚན་ཉིད་དང་། ཐུན་མོང་བ་སྤྱིའི་ མཚན་ཉིད་ཅན་གྱི་དུས་གསུམ་པོ་ཐམས་ཅད་པའི་ཡུལ་ཤེས་བྱའི་ཁྱད་པར་ཐམས་ཅད་(ལ་ལ་) སྣང་བ་དང་(ལ་ལ་)བཏགས་པའི་སྒོ་ནས་འཛིན་པ་ཡང་འཛིན་པར་བལྟའོ། ། གསུམ་པ་བཏགས་པ་བར་བསྟན་པ་ནི། ཐ་སྙད་ཙམ་དུ་རྒྱུ་རྐྱེན་མཐའ་དག་ཚོགས་ ན་འབྲས་བུ་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བ་ཉིད་ལ་ བཏགས་པ་ཅན་ཡང་འཛིན་པར་སྨྲའོ་ཞེས་བལྟ་པར་བྱའོ། །ཡང་དག་པའི་དོན་དུ་ན་འཛིན་པ་ རྫས་སུ་གྲུབ་པ་ནི་མེད་དེ། ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ ཕྱིར་གཟུང་བར་བརྟག་ཅེ་ན། སྔར་བཤད་པའི་འཛིན་པ་གང་ཡིན་པ་གཟུང་བ་ཡང་དེ་ཡིན་ 1-1-254 ནོ། །ཞེས་པ་ནི་མིག་སོགས་འཛིན་པ་ཐམས་ཅད་ཀྱང་ཡིད་ཤེས་ཀྱིས་གཟུང་བྱ་ཡིན་པའི་ ཕྱིར་རོ། །གཟུང་བ་ཁོ་ན་ཡིན་ལ་འཛིན་པ་མ་ཡིན་པ་ཡང་ཡོད་དེ་འཛིན་པའི་སྤྱོད་ཡུལ་ཉིད་ ཀྱི་དོན་གཟུགས་སོགས་ལྔ་དང་ཆོས་ཀྱི་ཕྱོགས་གཅིག་སེམས་བྱུང་མ་གཏོགས་པ་རྣམས་ཡིན་ ནོ། །ཆོས་གསུམ་པོ་ཐམས་ཅད་ནི་ཤེས་པས་གཟུང་བར་བྱ་བ་ཉིད་དོ། །དེ་ལྟར་བསྟན་པས་ བདག་གཟུང་བ་ཡུལ་དུ་མངོན་པར་ཞེས་པ་སྤངས་བའི་ཕྱིར་རོ། ། གསུམ་པ་ལ་ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཕྱི་རོལ་དུ་བལྟས་བར་བརྟག་ཅེ་ན། སངས་རྒྱས་ ཀྱི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་ཅན་རྣམས་ལ་དང་པོར་ཐོས་པ་ལས་གྲུབ་པ་ དང་། ཚུལ་བཞིན་བསམས་པ་ལས་བྱུང་བ་དང་། ཐོས་བསམ་དེའི་རྗེས་སུ་མཐུན་པའི་ཆོས་ ཞི་གནས་ལྷག་མཐོང་བསྒོམ་ཞིང་སྒྲུབ་པ་ཉམས་སུ་ལེན་པས་ཡོངས་སུ་བསྡུས་པའི་སེམས་ དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་འདོད་ཁམས་པ་ཡིན་ཡང་ཐར་བ་ལ་དམིགས་ཤིང་ ཆོས་ཉིད་རྟོགས་པའི་རྒྱུ་མཐུན་པ་ཡིན་བས་ཕྱིར་བལྟས་མ་ཡིན་ལ། དེ་རྣམས་མ་གཏོགས་ པར་གང་འདོད་པའི་ཁམས་དང་རབ་ཏུ་ལྡན་པའི་ཆོས་གསུམ་ནི་འདོད་ཡོན་ལ་སྲེད་པ་དང་ འབྲེལ་བར་བྱུང་བས་ཕྱི་རོལ་དུ་བལྟས་པའོ། །སྣ་དང་ལྕེའི་རྣམ་ཤེས་དང་དྲི་དང་རོའི་ཁམས་ བཞི་དང་། དྲི་དང་རོའི་སྐྱེ་མཆེད་གཉིས་དང་ཞེས་པ་དྲུག་ནི་ཕྱིར་བལྟས་ཁོ་ན་ཡིན་པ་དེ་ལས་ གཞན་པ་དག་ཕྱོགས་གཅིག་འདོད་ཁམས་པས་བསྡུས་པ་ཕལ་ཆེ་བ་དག་གོ། ཕྱིར་བལྟས་ ཆོས་གསུམ་དུ་བསྟན་པས་བདག་འདོད་ཡོན་ལ་འདོད་ཆགས་དང་བྲལ་བ་མ་ཡིན་པར་ མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་ནང་དུ་བལྟས་པར་བརྟག་ཅེ་ ན། ཕྱི་རོལ་དུ་བལྟས་པ་ལས་ལྡོག་པ་ཁམས་འོག་མ་ཡིན་ཡང་ཐར་བ་ལ་དམིགས་པའི་ཐོས་ བསམ་སྒོམ་གསུམ་ནི་བསྟན་པ་ལ་ནང་དུ་བལྟས་པ་དང་། ཁམས་གོང་མ་གཉིས་ནི་མཉམ་ པར་གཞག་པའི་ས་པ་ཡིན་པས་ཏིང་ངེ་འཛིན་ལ་ནང་དུ་བལྟས་པའོ། །བཤད་མ་ཐག་པའི་ 1-1-255 ཁམས་བཞི་དང་། སྐྱེ་མཆེད་གཉིས་ནི་འདོད་ཁམས་པ་ཁོ་ན་ཡིན་པས་མ་གཏོགས་པར། དེ་ ལས་གཞན་པ་དག་གི་ཕྱོགས་གཅིག་ཁམས་གོང་མ་གཉིས་དང་ཐར་པ་ཆ་མཐུན་གྱིས་བསྡུས་ པ་དག་གོ། དེའང་ཆོས་གསུམ་དུ་འདུ་བས་བདག་འདོད་ཡོན་ལ་འདོད་ཆགས་དང་བྲལ་བར་ མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། བཞི་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཉོན་མོངས་པ་ཅན་དུ་བརྟག་ཅེ་ན། འཆད་པར་ འགྱུར་བའི་མི་དགེ་བ་ཐམས་ཅད་ལུང་མ་བསྟན་ལ་གཉིས་ཀྱི་ནང་ནས་བསྒྲིབས་ལ་ལུང་དུ་ མ་བསྟན་པ་ནི་ངོ་བོ་ཉིད་དང་མཚུངས་ལྡན་དང་། ཀུན་ནས་སློང་བ་གསུམ་གྱིས་ཉོན་མོངས་ པ་ཅན་ནོ། །ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ངོས་གཟུང་ བ་ནི། ཁམས་དང་ས་དང་གནས་སྐབས་ཀུན་ཏུ་འགྲོ་བའི་ཉོན་མོངས་པ་ཅན་གྱི་ཡིད་དང་། དེ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་བཞི་པོ་རྣམས་དང་། གཙོ་བོ་ཡིད་ཀྱི་རྣམ་པར་ ཤེས་པ་དང་མཚུངས་པར་ལྡན་པའི་ལྟ་བ་ལ་གཉིས་ཡོད་པའི་ཀུན་བརྟགས་ནི་མི་དགེ་བ་ ཡིན་པས་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་བའི་ལྟ་བ་དག་དང་། གཟུགས་དང་གཟུགས་མེད་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཏིང་ངེ་འཛིན་གྱིས་ ཟིལ་གྱིས་མནན་པ་རྣམས་ཏེ། དེ་དག་ནི་ཐར་པ་ཐོབ་བ་ལ་བསྒྲིབས་ཤིང་དགེ་མི་དགེ་འམ་ རྣམ་སྨིན་འཕེན་པ་ལུང་དུ་མ་བསྟན་པའོ། །ཕུང་པོ་རྣམས་དང་། རྣམ་པར་ཤེས་པའི་ཁམས་ བདུན་དང་། གཟུགས་སྒྲ་ཆོས་ཀྱི་ཁམས་གསུམ་སྟེ་ཁམས་བཅུ་དང་། ཡིད་དང་གཟུགས་ སྒྲ་ཆོས་ཀྱི་སྐྱེ་མཆེད་བཞིའི་ཕྱོགས་གཅིག་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་གྱིས་ བསྡུས་པ་དག་གོ། ཉོན་མོངས་པ་ཅན་གྱི་ཆོས་གསུམ་དུ་བསྟན་པས་བདག་ཉོན་མོངས་པ་ དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཉོན་མོངས་པ་ ཅན་མ་ཡིན་པར་བརྟག་ཅེ་ན། འཆད་པར་འགྱུར་བའི་དགེ་བ་ཐམས་ཅད་དང་། མ་བསྒྲིབས་ 1-1-256 ལ་ལུང་དུ་མ་བསྟན་པ་ནི་ཉོན་མོངས་པའི་ངོ་བོ་མ་ཡིན་པ་ལ་སོགས་པས་ཉོན་མོངས་པ་ཅན་ མ་ཡིན་པའོ། །དབང་པོ་ལྔ་དང་དྲི་རོ་རེག་བྱའི་ཁམས་བརྒྱད་དང་། དེ་བཞིན་དུ་སྐྱེ་མཆེད་ བརྒྱད་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་དགེ་ བ་དང་མ་བསྒྲིབས་ལུང་མ་བསྟན་གྱིས་བསྡུས་པ་དག་གོ། དེའང་ཆོས་གསུམ་དུ་འདུ་བས་ བདག་ཉོན་མོངས་པ་དང་བྲལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། དྲུག་པ་ལ་བཅུ་དྲུག་ཡོད་ཀྱང་སྡེ་ཚན་དྲུག་སྟེ། འདས་པ་ལ་སོགས་པ་དུས་གསུམ་(དུ་དབྱེ་ བ་)དང་། དགེ་བ་ལ་སོགས་པ་ཆོས་གསུམ་དང་། འདོད་པ་ལ་སོགས་པ་ཁམས་གསུམ་དང་། སློབ་པའི་ལ་སོགས་པ་ཆོས་གསུམ་དང་། མཐོང་སྤང་ལ་སོགས་པ་དོན་གསུམ་དུ་དབྱེ་བ་དང་། རྟེན་འབྲེལ་གྱི་དབྱེ་བ་དོན་བཅུ་ཡིས་བསྟན་བའོ། །དང་པོ་ལ་དོན་དངོས་དང་། ཁྱད་པར་ རོ། ། (དང་པོ།)དངོས་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་འདས་པར་བརྟག་ཅེ་ན། དངོས་པོ་གང་ ཞིག་བྱུང་བའི་དུས་ཞེས་པས་མ་འོངས་པ་སེལ་ཞིང་། འགགས་པ་ཞེས་པས་ད་ལྟ་བ་བསལ་ ནས། དེ་ལྟ་བུའི་མཚན་ཉིད་ཅན་གྱི་དུས་དང་ཞེས་པ་རེ་རེས་ཀྱང་འདས་པར་མཚོན་ནུས་ ཀྱང་། ལྷག་མ་རྣམས་ནི་རྣམ་གྲངས་ལ་མཁས་པའི་ཆེད་དུ་བསྟན་པའོ། །དབུས་མཐར། འབྲས་བུ་རྒྱུ་རྣམས་སྤྱད་ཟིན་དང་། །དེ་བཞིན་མ་སྤྱད་གཞན་ཡིན་ནོ། །ཞེས་པ་ལྟར་རྒྱུས་ རང་གི་འབྲས་བུ་བསྐྱེད་ཅིང་བྱུང་ཟིན་དང་། འབྲས་བུའི་ངོ་བོ་སྤྱད་ཟིན་ཅིང་མྱངས་ནས་ འགགས་ཟིན་པའི་དུས་དང་། ད་ལྟར་གྱི་ཆགས་སོགས་ལྟར་སེམས་ཀུན་ནས་ཉོན་མོངས་ བར་བྱེད་བའི་ཆོས་རྣམས་དང་། ད་ལྟར་གྱི་དད་སོགས་ལྟར་སེམས་རྣམ་པར་བྱང་བར་བྱེད་ པའི་ཆོས་རྣམས་ཡང་དག་པར་ཤིན་ཏུ་འདས་ཏེ་མཐུ་མེད་པའི་དུས་དང་། ཆོས་རྣམས་ཀྱི་རྒྱུ་ བག་ཆགས་ཡོངས་སུ་བཟུང་ཞིང་བཞག་ནས་རང་ཉིད་ཞིག་པའི་དུས་དང་། དེས་བསྐྱེད་པའི་ 1-1-257 འབྲས་བུ་བག་ཆགས་དང་། དེ་འཇོག་བྱེད་ཀྱི་རྫས་རང་གི་མཚན་ཉིད་ནི་རིམ་པ་ལྟར། བག་ ཆགས་ནི་ཡོད་པ་དང་། འཇོག་བྱེད་ནི་མེད་པའི་དུས་དང་། སྔོན་འདི་ལྟ་བུ་བྱུང་ངོ་ཞེས་དྲན་པ་ དང་མཚུངས་པར་ལྡན་པའི་ཀུན་ཏུ་རྟོག་པའི་མཚན་མའམ་དམིགས་པ་ཙམ་དུ་ཡོད་པའི་དུས་ དང་། འདས་པའི་ཡུལ་བཟང་ངན་དྲན་པ་ལ་ལྟོས་པ་ཆགས་སྡང་གིས་ཀུན་ནས་ཉོན་མོངས་ པའི་མཚན་མའམ་དམིགས་པ་ཡིན་པ་དང་། དེ་ལྟར་དྲན་ཡང་ཆགས་སྡང་མེད་པར་བཏང་ སྙོམས་སུ་གནས་པ་ཉིད་ཀྱིས་རྣམ་པར་བྱང་བའི་མཚན་མའམ་དམིགས་པ་ཡིན་པས་ཀྱང་ འདས་བར་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་མ་འོངས་པ་དང་ད་ལྟར་བྱུང་བ་དང་ འདུས་མ་བྱས་མ་གཏོགས་པ་དག་གོ། ཆོས་གསུམ་འདས་སོགས་ཀྱི་དངོས་པོ་འཇུག་བྱེད་ དུ་གོ་ན་བདག་འདས་པ་ནས་ད་ལྟར་དུ་འཇུག་པར་བྱེད་པའི་མངོན་པར་ཞེན་པ་སྤང་བའི་ ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་མ་འོངས་པར་བརྟག་ཅེ་ན། རྒྱུ་ཡོད་ཀྱང་ཞེས་པས་འདུས་ མ་བྱས་ལས་འབྱེད་ཅིང་། མ་བྱུང་བ་དང་ཞེས་པས་འདས་པ་དང་ད་ལྟར་བ་བསལ་ནས་མ་ འོངས་པར་མཚོན་བའོ། །དེ་བཞིན་དུ་ཀུན་གཞི་ལ་ས་བོན་ཡོད་ཀྱང་འབྲས་བུ་རང་གི་མཚན་ ཉིད་དམ་རང་བཞིན་མ་ཐོབ་ཅིང་མ་གྲུབ་པའི་དུས་དང་། རང་འབྲས་མ་སྐྱེད་པས་རྒྱུ་མ་སྤྱད་ པ་དང་། དེ་ཉིད་ཀྱི་ཕྱིར་འབྲས་བུའང་མ་སྐྱེས་ཤིང་མ་སྤྱད་པའི་དུས་དང་། ཆགས་སོགས་ ཀུན་ནས་ཉོན་མོངས་པ་དང་། དད་སོགས་རྣམ་པར་བྱང་བའི་དངོས་པོ་མ་སྐྱེས་ཤིང་ཉེས་ བར་མི་གནས་པའི་དུས་དང་། ཆོས་དེའི་རྒྱུ་ས་བོན་དང་རང་གི་མཚན་ཉིད་ངོ་བོ་དག་རིམ་ པ་ལྟར། ས་བོན་དུ་ཡོད་པ་དང་། ངོ་བོར་མེད་པའི་དུས་དང་། འཐོབ་འགྱུར་གྱི་ཡུལ་འབའ་ ཞིག་ལ་མངོན་པར་དགའ་ཞིང་སྲེད་པས་ཀུན་ནས་ཉོན་མོངས་པ་ཆགས་པའི་མཚན་མའམ་ དམིགས་ཡུལ་ཡིན་པ་དང་། དེ་ཉིད་ལ་དམ་པ་རྣམས་མངོན་པར་དགའ་ཞིང་དོན་དུ་གཉེར་བ་ མེད་པས་རྣམ་པར་བྱང་བ་ཆགས་བྲལ་གྱི་མཚན་མའམ་དམིགས་པ་ཡིན་པས་ཀྱང་མ་འོངས་ 1-1-258 པར་བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་འདས་པ་དང་ད་ལྟར་བྱུང་བ་དང་འདུས་མ་ བྱས་མ་གཏོགས་པ་དག་གོ། བདག་མ་འོངས་པ་ཉིད་ཀྱི་སྔ་མ་ནས་ཕྱེད་ཕྱི་མར་འཇུག་པར་ བྱེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་ད་ལྟར་བྱུང་བར་ བརྟག་ཅེ་ན། རྒྱུ་ལས་བྱུང་ཞིང་གྲུབ་ལ་ཞེས་པས་འདུས་མ་བྱས་དང་མ་འོངས་པ་ལས་འབྱེད་ ཅིང་མ་འགགས་པའི་མཚན་ཉིད་དམ་རང་བཞིན་ཅན་ཞེས་པས་འདས་པ་ལས་ཀྱང་ཕྱེ་ནས་ ད་ལྟ་བར་མཚོན་པ་དང་། དེ་བཞིན་དུ་སྐྱེད་བྱེད་རྒྱུ་དང་བསྐྱེད་བྱ་འབྲས་བུ་དག་རིམ་པ་ལྟར་ རྒྱུས་བྱ་བ་བྱས་ཟིན་པས་སླར་ཡང་འབྲས་བུ་སྐྱེད་བྱེད་དུ་མི་འགྲུབ་པའི་ཕྱིར་སྤྱད་ཟིན་དང་། འབྲས་བུ་སྐྱེས་ནས་མ་འགགས་པར་ཡོད་པའི་ཕྱིར་སྤྱད་མ་ཟིན་པའི་དུས་དང་། དེའི་གནས་ སྐབས་ཆགས་སོགས་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། དད་སོགས་སེམས་ རྣམ་པར་བྱང་བར་བྱེད་པ་ཉེ་བར་གནས་བཞིན་པའི་དུས་དང་། ད་ལྟར་བ་ལ་བརྟེན་ནས་གང་ ཆོས་དེའི་གནས་སྐབས་ཐོབ་ཟིན་པ་དེ་འདས་པ་དང་། འཐོབ་པར་འགྱུར་བ་དེ་མ་འོངས་པའོ་ ཞེས་ཉེ་བར་བཏགས་ནས་རབ་ཏུ་གཞག་པའི་རྒྱུ་ཡིན་པ་མིག་གིས་མིག་ཤེས་ཀྱི་རྟེན་བྱེད་ བཞིན་པ་ལྟ་བུ་རང་རང་གི་བྱེད་པ་ཉེ་བར་གནས་པའི་དུས་ཡིན་པས་ཀྱང་ད་ལྟར་འབྱུང་བར་ བལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་འདས་མ་འོངས་དང་འདུས་མ་བྱས་མ་གཏོགས་པ་ དག་གོ། བདག་འདི་ནས་མ་འོངས་པར་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤང་བའི་ ཕྱིར་རོ། ། (གཉིས་པ།)ཁྱད་པར་ནི། བཅོམ་ལྡན་འདས་ཀྱིས་འདི་རྣམས་ནི་གཏམ་གྱི་གཞི་སྟེ། གང་ རྣམས་ཞེ་ན། འདས་པའི་དུས་དང་མ་འོངས་པ་དང་ད་ལྟར་བྱུང་བའོ། །ཞེས་བཀའ་བསྩལ་ བ་ལྟར་བཤད་མ་ཐག་པའི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་འདུས་བྱས་དུས་ གསུམ་གྱིས་བསྡུས་པ་རྣམས་ནི་གཏམ་དང་ངག་དང་བརྗོད་པའི་ཐ་སྙད་ཀྱི་གཞི་ཡིན་ནོ། ། 1-1-259 (མཛོད་དུ་)དེ་རྣམས་ཉིད་དུས་གཏམ་གཞི་དང་། ངེས་བར་འབྱུང་བཅས་གཞི་དང་བཅས། །ཞེས་ པ་ལྟར་རོ། །དེ་བཞིན་ཉིད་རྣམ་པར་དག་པ་རང་བཞིན་གྱིས་མྱ་ངན་ལས་འདས་པ་འདུས་ མ་བྱས་ཀྱི་དབྱིངས་ནི་གཏམ་གྱི་གཞི་མ་ཡིན་ཏེ། (རྒྱུད་བླར་)སོ་སོ་རང་གིས་རྟོགས་བྱའི་ཕྱིར། ། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་པ་ལྟར་རྣམ་པར་རྟོག་པའི་ཡེ་ཤེས་ཀྱིས་སོ་སོ་ རང་གིས་རིག་པར་བྱ་བ་ཡིན་གྱི། གཞན་གྱིས་བསྟན་པ་ལས་རྟོགས་པར་བྱ་བ་མ་ཡིན་པའི་ ཕྱིར་དང་། (དབུ་མ་)རྩ་བ་ལས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པའོ། ། ཞེས་པ་དང་། བདེན་གཉིས་སུ། གང་ཕྱིར་ཁོ་ན་དེ་ལ་ནི། །བརྗོད་བྱའི་བག་ཀྱང་ཅི་ཡང་མེད་། ། ཅེས་པ་ལྟར་རྟོག་པའི་ཡུལ་ཡིན་པས་དེས་ཀུན་ནས་བསླང་ནས་བརྗོད་དུ་མེད་པ་ཉིད་ཀྱི་ ཕྱིར་དང་། (རྒྱུད་བླ་མ་ལས།)ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་ བྱས། །ཞེས་པ་ལྟར་བྱུང་བ་དང་། ཕྱིས་འབྱུང་བ་དང་། ད་ལྟར་གནས་པ་ཉིད་ཀྱི་མཐོང་པ་དང་ ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་ལ་སོགས་པ་ཐ་སྙད་གང་གི་ཡང་གནས་མ་ ཡིན་པའི་ཕྱིར་རོ། ། གཉིས་པ་ལ་། ཆོས་གསུམ་སོ་སོའི་ངོ་བོ་དང་། བསྟན་པ་ཡིས་ཀྱང་གཞག་ཚུལ་ལོ། ། དང་པོ་ལ་གཉེན་པོ་ངོས་གཟུང་བའི་ཆེད་དུ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་དགེ་བར་བརྟག་ཅེ་ ན། (གཉིས་ལས་དང་པོ།)དོན་གསུམ་གྱིས་བསྟན་པ་ནི། གཞན་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་ དགེ་བ་དང་། དེ་དང་མཚུངས་ལྡན་གྱིས་འབྲེལ་བ་དང་། དེའི་ས་བོན་རྗེས་སུ་འབྲེལ་བ་དང་། དེས་ཀུན་ནས་སློང་བ་དང་། དོན་དམ་པས་དགེ་བ་དང་ཞེས་པ་ལྔ་ནི་དངོས་པོའི་དབྱེ་བ་ སྟེ། དེ་དག་གིས་ནི་དགེ་བ་ཐམས་ཅད་བསྡུས་པར་ཡང་འཆད་དོ། །རྒྱུའི་སྒོ་ནས་སྔོན་གྱི་ སྐྱེ་བས་ཐོབ་པ་དང་། དེའི་སྦྱོར་བ་ལས་བྱུང་བ་དང་། དམིགས་པའི་སྒོ་ནས་འཕགས་པ་ལ་ དམིགས་པ་མདུན་དུ་བྱས་པ་དང་། སེམས་ཅན་ལ་དམིགས་པ་ཕན་འདོགས་པ་དང་། འབྲས་ 1-1-260 བུའི་སྒོ་ནས་རྣམ་སྨིན་གཙོ་ཆེ་བ་ཡོངས་སུ་འཛིན་པ་དང་། བདག་འབྲས་གཙོ་ཆེ་བ་གཉེན་ པོ་དང་། བྲལ་འབྲས་ཉེ་བར་ཞི་བ་དང་། རྒྱུ་མཐུན་གྱི་འབྲས་བུ་རྒྱུ་མཐུན་པས་ཀྱང་དགེ་ བར་བལྟའོ། །ཞེས་པ་བརྒྱད་ནི་རྣམ་པའི་དབྱེ་བ་སྟེ། ཐམས་ཅད་ཀྱང་གྲུབ་པ་དང་བདེ་བའི་ བདག་ཉིད་ཡིན་པ་དང་། དེ་དག་འབྱུང་བར་བྱེད་པས་ན་དགེ་བའོ། །ཡང་ན་བཤད་སྦྱར་ དུ། ཁ་ན་མ་ཐོ་བ་མེད་པ་དང་དགེ་བ་དང་བཀྲ་ཤིས་པ་ནི་དགེ་བའོ་ཞེས་པ་ལྟར་རོ། །ཕུང་པོ་ རྣམས་ཀྱི་ཕྱོགས་གཅིག་ནི་གཟུགས་ཀྱི་ནང་ནས་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་ མ་ཡིན་པ་འགའ་ཞིག་མ་ཆགས་པ་ལ་སོགས་པ་ཀུན་ནས་སློང་བའི་དགེ་བ་དང་། མིང་བཞི་ ནི་འབྲེལ་བས་དགེ་བ་དང་། ཁྱད་པར་འདུ་བྱེད་ཀྱི་དད་སོགས་ངོ་བོ་ཉིད་ཀྱིས་དགེ་བ་དང་། ཐོབ་པ་རྗེས་སུ་འབྲེལ་བས་དགེ་བ་དང་། འགོག་པའི་སྙོམས་འཇུག་ཉེ་བར་ཞི་བས་དགེ་བ་ ལ་སོགས་པའོ། །རྣམ་ཤེས་ཁམས་བདུན་དང་གཟུགས་སྒྲ་ཆོས་ཀྱི་ཁམས་གསུམ་སྟེ་བཅུའི་ ཕྱོགས་གཅིག་ནི་རྣམ་ཤེས་ཀྱི་ཆ་འབྲེལ་བ་དང་། གཟུགས་སྒྲའི་ཆ་ཀུན་ནས་སློང་བ་དང་། ཆོས་ཀྱི་ཆ་འདུས་བྱས་རྣམས་འབྲལ་པ་ལ་སོགས་པས་དང་། འདུས་མ་བྱས་དེ་བཞིན་ཉིད་ དོན་དམ་པ་དང་། སོ་སོར་བརྟགས་འགོག་ཉེ་བར་ཞི་བས་དགེ་བ་ལ་སོགས་པའོ། །ཡིད་དང་ གཟུགས་སྒྲ་ཆོས་ཀྱི་སྐྱེ་མཆེད་བཞིའི་ཕྱོགས་གཅིག་ནི་ཡིད་ཀྱི་ཆ་འབྲེལ་བ་དང་། གཟུགས་ སྒྲའི་ཆ་ཀུན་ནས་སློང་བ་དང་། ཆོས་ཀྱི་ཆ་ངོ་བོ་ཉིད་ཀྱིས་དགེ་བ་ལ་སོགས་པ་རྣམས་སོ། ། དགེ་བ་ཐམས་ཅད་ཆོས་གསུམ་གྱི་ཆར་བསྟན་པས་བདག་ཆོས་དགེ་བ་དང་ལྡན་པར་མངོན་ པར་ཞེན་པ་སྤང་བའི་ཕྱིར་རོ། ། (གཉིས་པ།)མཚན་ཉིད་ཀྱིས་རྒྱས་བཤད་ལ། ངོ་བོ་ཉིད་ཀྱིས་དགེ་བ་གང་ཞེ་ན། དུང་གི་ དཀར་པོ་ལྟར་འཇོག་བྱེད་གཞན་ལ་མི་ལྟོས་པར་སྐྱེས་ཕྱིན་ཆད་དགེ་བ་ཁོ་ནར་བྱུང་བ་དད་ པ་ལ་སོགས་པའི་སེམས་ལས་བྱུང་བའི་སྐབས་སུ་བཤད་ཟིན་པའི་ཆོས་བཅུ་གཅིག་པོ་དག་ 1-1-261 གོ། འབྲེལ་བས་དགེ་བ་གང་ཞེ་ན། སྨན་དང་སྦྱར་བའི་བཏུང་བ་བཞིན་དུ། དད་སོགས་བཅུ་ གཅིག་པོ་དེ་དག་དང་དོན་ལྔས་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ ཆོས་རྣམས་སོ། །རྗེས་སུ་འབྲེལ་བས་དགེ་བ་གང་ཞེ་ན། དད་སོགས་མཚུངས་ལྡན་དང་བཅས་ པ་དེ་དག་ཉིད་ཀྱི་བག་ཆགས་ས་བོན་ཀུན་གཞི་ལ་ཡོད་པ་གང་ཡིན་པའོ། །སློང་བས་དགེ་ བ་གང་ཞེ་ན། དད་སོགས་མཚུངས་ལྡན་དང་བཅས་པ་དེས་ཀུན་ནས་བསླངས་ཞིང་བསྐྱེད་ པའི་ལུས་དང་ངག་གི་ལས་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་རྣམས་སོ། ། དོན་དམ་པས་དགེ་བ་གང་ཞེ་ན། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཡེ་ཤེས་དམ་པའི་སྤྱོད་ཡུལ་ དུ་གྱུར་པ་ཉིད་དོ། །(རྒྱུད་བླར་མར།)དེ་ནི། དགེ་བ་རང་བཞིན་དག་ཕྱིར་ཏེ། །ཞེས་པ་ལྟར་རང་ བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པས་རྟག་ཏུ་གྲུབ་པ་དང་བདེ་བའི་བདག་ཉིད་ཡིན་ པའི་ཕྱིར་ཏེ། མཛོད་ལས་ཀྱང་། ཐར་པ་དམ་པའི་དོན་དུ་དགེ། ཞེས་པ་ལྟར་རོ། །སྐྱེ་བས་ ཐོབ་པ་དགེ་བ་གང་ཞེ་ན། དད་པ་ལ་སོགས་པའི་དགེ་བའི་ཆོས་འདི་དག་ཉིད་སྔོན་སྐྱེ་བ་སྔ་ མར་ཡང་དང་ཡང་དུ་གོམས་པར་བྱས་བ་ལ་བརྟེན་ནས་ཚེ་འདིར་དགེ་བ་དེའི་ངོ་བོའི་རྣམ་ པར་སྨིན་པ་དགེ་བ་བྱེད་ནུས་པའི་ཕུང་པོ་མངོན་པར་གྲུབ་པ་སྟེ་རྣམ་སྨིན་དེས་དགེ་བ་དེ་དག་ ཉིད་དང་དགེ་བའི་བཤེས་གཉེན་བསྟེན་པ་ལ་སོགས་པ་མེད་པར་ཡང་རང་བཞིན་རྣམ་རང་གི་ ངང་གིས་སོ་སོར་མ་བརྟགས་པར་འདོད་པ་ཀུན་ཏུ་གནས་པའོ། །དེའང་སྐྱེས་ཐོབ་ཀྱི་འདོད་པ་ གཙོ་ཆེ་བས་དེ་སྐད་ཅེས་བྱའི། དོན་ཁོ་ནར་ནི་མ་ངེས་ཏེ་ཚེ་འདིའི་དད་སོགས་དང་ཡང་ལྷན་ ཅིག་པའོ། །སྦྱོར་བས་དགེ་བ་གང་ཞེ་ན། གང་དང་འགྲོགས་ན་དགེ་བ་ངང་གིས་འཕེལ་བའི་ སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་གསུང་རབ་དགོངས་འགྲེལ་དང་བཅས་པ་ ཉན་པ་དང་། ཤེས་བྱའམ་འཁོར་འདས་ཀྱི་གནས་ལུགས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཆོས་མྱ་ངན་ལས་འདས་པ་ཉིད་ཀྱི་རྗེས་སུ་མཐུན་ཞིང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་བའི་ལམ་ 1-1-262 གྱི་ཆོས་སྒྲུབ་པ་ལ་བརྟེན་ནས་ཐོས་བསམ་སྒོམ་གསུམ་གྱི་དགེ་བ་འབད་པས་བསྒྲུབ་ཅིང་ བསྒོམ་པའོ། །མདུན་དུ་བྱ་བས་དགེ་བ་གང་ཞེ་ན། དེ་བཞིན་གཤེགས་པ་མཆོག་གི་སྤྲུལ་སྐུ་ མངོན་སུམ་དུ་བཞུགས་པའམ། ཆོས་སྐུའི་རྟེན་མཆོད་རྟེན་ནམ། གཟུགས་སྐུའི་རྟེན་ལུགས་ མའམ་ལྡེར་སོ་ལ་སོགས་པ་སྐུ་གཟུགས་སུ་བྱས་པའམ། རས་བྲིས་ལ་སོགས་པའི་རི་མོར་བྲིས་ པ་མདུན་དུ་བྱས་པའམ། ལུང་དང་རྟོགས་པའི་ཆོས་སམ། ཆོས་ཀྱི་གཞི་གླེགས་བམ་མདུན་དུ་ བྱས་ཏེ་མཆོད་པའི་ལས་བྱེད་པའོ། །ཕན་འདོགས་པས་དགེ་བ་གང་ཞེ་ན། རྒྱན་ལས། སྦྱིན་ མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ནི། སྙན་པར་སྨྲ་དང་ དོན་སྤྱོད་དང་། །དོན་མཐུན་པ་ནི་ཡིན་ཞེས་བྱ། །ཞེས་པ་ལྟར་སྦྱིན་པ་ཕར་ཕྱིན་དང་པོ་དང་ མཚུངས་པ་དང་། སྙན་པར་སྨྲ་བ་ཕར་ཕྱིན་དྲུག་པ་ལ་སོགས་པ་དམ་པའི་ཆོས་སྟོན་པ་དང་། དོན་སྤྱོད་པ་བསྟན་པ་ལྟར་གཞན་ཉམས་སུ་ལེན་དུ་འཇུག་པ་དང་། དོན་མཐུན་པ་བདག་ ཉིད་ཀྱང་དེའི་རྗེས་སུ་འཇུག་པ་སྟེ་གང་བསྡུ་བའི་དངོས་པོ་བཞི་བོ་དག་གི་སེམས་ཅན་རྣམས་ ལ་ཕན་འདོགས་པའོ། །ཡོངས་སུ་འཛིན་པས་དགེ་བ་གང་ཞེ་ན། སྦྱིན་པ་རྒྱ་ཆེན་པོ་བཏང་བ་ ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའམ། ཚུལ་ཁྲིམས་རྣམ་དག་བསྲུངས་པ་ལས་ བྱུང་བའི་དགེ་བས་མཐོ་རིས་ལྷ་དང་མི་རྣམས་སུ་སྐྱེ་བ་ཡོངས་སུ་འཛིན་པའམ། དེའི་ཁྱད་ པར་རྫས་དང་ཡོ་བྱད་མང་པོ་ལྡན་པའི་ཕྱུག་པོ་དང་། རྒྱལ་རིགས་ལ་སོགས་པའི་རིགས་ མཐོན་པོར་སྐྱེ་བ་མངོན་བར་མཐོ་བའི་རྒྱུ་ཡོངས་སུ་འཛིན་པའམ། རྣམ་པར་བྱང་བ་མྱ་ངན་ ལས་འདས་པ་ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་སྒོམ་པའི་སྐྱེ་བ་ངེས་པར་ལེགས་པའི་རྒྱུ་ ཡོངས་སུ་འཛིན་པའོ། །གཉེན་པོས་དགེ་བ་གང་ཞེ་ན། གང་འཆད་པར་འགྱུར་བ་ལྟར་ཟག་ བཅས་ཀྱི་འདུ་བྱེད་རྣམས་ལ་ནད་དང་འབྲས་ལ་སོགས་པའི་རྣམ་པ་ཉེས་དམིགས་སུ་བལྟ་བ་ ཉེར་ལེན་གྱི་ཕུང་པོ་རྣམ་པར་སུན་འབྱིན་པ་གཉེན་པོ་དང་། སྦྱོར་བ་དང་བར་ཆད་མེད་པའི་ 1-1-263 ལམ་གྱིས་ཉོན་མོངས་པ་སྤོང་བ་གཉེན་པོ་དང་། རྣམ་པར་གྲོལ་བའི་ལམ་གྱིས་སྤངས་བའི་ ཐོབ་པ་ཀུན་ཏུ་འཛིན་པ་(ཨཱ་དྷ་ར་)གཞི་གཉེན་པོ་དང་། ཁྱད་པར་གྱི་ལམ་གྱིས་སྤངས་པ་ཐག་ བསྲིང་བ་གཉེན་པོ་དང་། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པའི་ས་བོན་རྣམ་པར་གནོན་ པ་གཉེན་པོ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་ས་བོན་དང་བྲལ་བ་གཉེན་པོ་དང་། གང་ཟག་གི་བདག་མེད་རྟོགས་པ་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་དང་། ཆོས་ཀྱི་བདག་ མེད་རྟོགས་པ་ཤེས་བྱའི་སྒྲིབ་པའི་གཉེན་པོའོ། །ཉེ་བར་ཞི་བས་དགེ་བ་གང་ཞེ་ན། གང་ ཁམས་གསུམ་གྱི་འདོད་ཆགས་མཐའ་དག་སྤོང་བ་དང་། ཞེ་སྡང་ཁོང་ཁྲོ་མཐའ་དག་སྤོང་བ་ དང་། གཏི་མུག་རྨོངས་པ་མཐའ་དག་སྤོང་བ་དང་། མདོར་ན་རྩ་བ་དང་ཉེ་བའི་ཉོན་མོངས་པ་ ཀུན་བརྟགས་དང་ལྷན་སྐྱེས་མཐའ་དག་མ་ལུས་པར་སྤོང་ཞིང་སྤངས་པ་ལྟར་ཟད་པས་ཉོན་ མོངས་བའི་སྒྲིབ་པ་ཉེ་བར་ཞི་བ་དང་། ཉོན་མོངས་ཀྱི་རྒྱུ་འདུ་ཤེས་དང་ཚོར་བ་འགོག་ཅིང་ བཀག་པ་ལྟར་ཁེགས་པས་སྙོམས་འཇུག་གི་སྒྲིབ་པ་ཉེ་བར་ཞི་བ་དང་། ཕྱིས་འཕེན་བྱེད་ཉོན་ མོངས་པ་ཟད་ཀྱང་སྔོན་འཕངས་པའི་ཕུང་པོ་ཙམ་ལྷག་མར་ལུས་པ་དང་བཅས་པའི་མྱ་ངན་ ལས་འདས་པ་དང་། སྡུག་བསྔལ་ཕུང་པོའི་ལྷག་མ་ཙམ་དེའང་མེད་པའི་མྱ་ངན་ལས་འདས་ པའི་དབྱིངས་ཉན་རང་གི་ཉེ་བར་ཞི་བ་དང་། ཤེས་རབ་དང་སྙིང་རྗེས་སྲིད་པ་དང་ཞི་བའི་ མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་ཉེ་བར་ཞི་བའི་དགེ་ བ་སྟེ། ཤེས་བྱའི་སྒྲིབ་པ་ཞི་བ་ཡང་མི་གནས་པའི་མྱ་ངན་ལས་འདས་པའོ། །རྒྱུ་མཐུན་པས་ དགེ་བ་གང་ཞེ་ན། སྤང་བྱ་ཉེ་བར་ཞི་བའི་དགེ་བ་ཐོབ་པ་དེའི་དབང་གིས་གྲུབ་པའི་ཡོན་ཏན་ ཁྱད་པར་ཅན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྒྱུད་ལ་ཡོད་པ་ཚད་མེད་པ་ དང་། མངོན་པར་ཤེས་པ་ལ་སོགས་པ་གང་ཟག་གཞན་ལ་ཡོད་པའི་ཐུན་མོང་བ་དང་སྟོབས་ དང་མི་འཇིགས་པ་ལ་སོགས་སངས་རྒྱས་ཁོ་ན་ལ་མངའ་བའི་ཐུན་མོང་མ་ཡིན་པ་རྣམས་སོ། ། 1-1-264 སྤང་བྱ་ངོས་གཟུང་བའི་ཆེད་དུ་ཇི་ལྟར་དུ་ཞིག་ཅིའི་ཕྱིར་མི་དགེ་བར་བརྟག་ཅེ་ན། (གཉིས་ལས་དང་པོ།)དོན་གསུམ་གྱིས་བསྟན་པ་ནི། རང་བཞིན་ནམ་ངོ་བོ་ཉིད་དང་། མཚུངས་ལྡན་དུ་འབྲེལ་བ་དང་། ས་བོན་རྗེས་སུ་འབྲེལ་བ་དང་། དེས་ཀུན་ནས་སློང་བ་ དང་། དོན་དམ་པས་མི་དགེ་པ་སྟེ་ལྔ་ནི་ངོ་བོའི་དབྱེ་བ་དང་། སྔོན་གྱི་སྐྱེ་བས་ཐོབ་དང་། ཚེ་ འདིའི་སྦྱོར་བས་བྱུང་བ་དང་། དམིགས་ཡུལ་མདུན་དུ་བྱ་བ་དང་། གཞན་ལ་གནོད་པ་བྱེད་པ་ དང་། འབྲས་བུ་ཡོངས་སུ་འཛིན་པ་དང་། གཉེན་པོའི་མི་མཐུན་པའི་ཕྱོགས་དང་། དགེ་བའི་ བར་དུ་གཅོད་པས་ཀྱང་མི་དགེ་བར་བལྟའོ། །ཞེས་པ་བདུན་ནི་རྣམ་པའི་དབྱེ་བ་སྟེ། གྲུབ་ པ་དང་བདེ་བ་མ་ཡིན་པ་ལ་སོགས་པ་དགེ་བ་ལས་ལྡོག་བའི་དོན་གྱི་ན་མི་དགེ་བའོ། །ཕུང་ པོ་རྣམས་ཀྱི་ཕྱོགས་གཅིག་ནི་གཟུགས་ཀྱི་ནང་ནས་རྣམ་པར་རིག་བྱེད་དང་རིག་བྱེད་མ་ ཡིན་པ་འགའ་ཞིག་ཀུན་ནས་བསླང་བ་དང་། མིང་བཞི་ནི་འབྲེལ་བ་དང་ཁྱད་པར་འདུ་བྱེད་ ཀྱི་ཆགས་སོགས་ངོ་བོ་ཉིད་དང་། ཐོབ་པ་རྗེས་སུ་འབྲེལ་བ་དང་། ཉེར་ལེན་ཕུང་པོ་ཐམས་ ཅད་ཀྱང་དོན་དམ་པས་མི་དགེ་བ། རྣམ་ཤེས་ཁམས་བདུན་དང་གཟུགས་སྒྲ་ཆོས་ཏེ་ཁམས་ བཅུའི་ཕྱོགས་དང་། ཡིད་དང་གཟུགས་སྒྲ་ཆོས་ཀྱི་སྐྱེ་མཆེད་བཞིའི་ཕྱོགས་གཅིག་མི་དགེ་བའི་ མཚན་ཉིད་ཅན་རྣམས་སོ། །མི་དགེ་བའང་ཆོས་གསུམ་དུ་འདུ་བས་བདག་ཆོས་མ་ཡིན་པ་མི་ དགེ་བ་དང་ལྡན་པར་མངོན་པར་ཞེན་པ་སྤངས་བའི་ཕྱིར་རོ། ། (གཉིས་པ།)མཚན་ཉིད་ཀྱིས་རྒྱས་པར་བཤད་པ་ལ། ངོ་བོ་ཉིད་ཀྱིས་མི་དགེ་བ་གང་ཞེ་ ན། ཉོན་ཡིད་དང་མཚུངས་པར་ལྡན་པའི་བདག་ལྟ་ལ་སོགས་པ་བཞི་དང་། གཟུགས་དང་ གཟུགས་མེད་པ་གཉིས་ན་སྤྱོད་པའི་ཉོན་མོངས་པ་ནི་བསྒྲིབས་ལ་ལུང་མ་བསྟན་པ་ཡིན་པས་ མ་གཏོགས་པར། དེ་ལས་གཞན་པ་འདོད་པ་ན་སྤྱོད་པའི་རྩ་བའི་ཉོན་མོངས་པ་དང་། ཉེ་ བའི་ཉོན་མོངས་པ་ཐམས་ཅད་ལས་རང་འཁྲུངས་མ་ཡིན་པ་ཀུན་བརྟགས་གང་ཡིན་པ་དག་ 1-1-265 དང་། རང་འཁྲུངས་ལྷན་སྐྱེས་ལའང་གཉིས་ལས་ཉེས་སྤྱོད་ཀུན་ནས་སློང་མི་ནུས་པ་ནི་ལུང་ མ་བསྟན་ཡིན་པས། ལུས་ངག་གི་ཉེས་པར་སྤྱོད་པ་ཀུན་ནས་སློང་ནུས་པ་རྣམས་ཏེ་སོལ་བའི་ ནག་པོ་ལྟར་དོན་གཞན་ལ་མི་ལྟོས་པར་སྐྱེས་ཙམ་གྱིས་མི་དགེ་བར་གྲུབ་པའོ། །འབྲེལ་བས་ མི་དགེ་བ་གང་ཞེ་ན། ངོ་བོ་ཉིད་ཀྱིས་མི་དགེ་བར་གྱུར་པའི་(ཆགས་སོགས་རྩ་བའི་)ཉོན་མོངས་པ་ དང་། (ཁྲོ་སོགས་)ཉེ་བའི་ཉོན་མོངས་པ་དེ་རྣམས་ཉིད་དང་མཚུངས་པར་ལྡན་པའི་སེམས་དང་ སེམས་ལས་བྱུང་བའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་བས་མི་དགེ་བ་གང་ཞེ་ན། མི་དགེ་བ་ དེ་དག་ཉིད་ཀྱི་བག་ཆགས་ས་བོན་ཀུན་གཞི་ལ་ཡོད་པ་ཐོབ་པས་བསྡུས་པ་རྣམས་སོ། །སློང་ བས་མི་དགེ་བ་གང་ཞེ་ན། སེམས་སེམས་བྱུང་མི་དགེ་བར་གྱུར་པ་དེས་ཀུན་ནས་བསླངས་ བའི་ལུས་ཀྱི་ལས་སྲོག་གཅོད་པ་ལ་སོགས་པ་དང་། ངག་གི་ལས་རྫུན་ལ་སོགས་པ་རྣམས་ སོ། །ཡིད་ཀྱི་ལས་མ་སྨོས་པ་ནི་འབྲེལ་པ་ཁོ་ནས་སེམས་པ་དགེ་མི་དགེར་གྲུབ་པའི་ཕྱིར་རོ། ། ཞེས་ཀྱང་(ཡེ་ཤེས་བཤེས་གཉེན་)གསུང་ངོ་། །དོན་དམ་པས་མི་དགེ་བ་གང་ཞེ་ན། དཔྱད་ན་གྲུབ་ པ་དང་བདེ་བ་མ་ཡིན་པའི་ཕྱིར། འཁོར་བ་ཁམས་གསུམ་པ་ཐམས་ཅད་དོ། །དེའང་འཁོར་ བར་གཏོགས་པ་ལ་ནི་དགེ་བ་ངེས་པར་གྲུབ་པ་མཐོང་བ་མེད་དོ། །ཞེས་པ་ལྟར་ཏེ། ཟག་ བཅས་ལ་སྐྱོ་བ་བསྐྱེད་པའི་ཆེད་དུ་བསྟན་པའོ། །སྐྱེ་བས་ཐོབ་པའི་མི་དགེ་བ་གང་ཞེ་ན། འདི་ ལྟ་སྟེ་སྔོན་སྐྱེ་བ་སྔ་མ་ལ་མི་དགེ་བ་གོམས་པར་བྱས་པས་ཚེ་འདིར་དེའི་ངོ་བོ་རྣམས་པར་སྨིན་ པ་མི་དགེ་བ་བྱེད་ནུས་ཀྱི་ལུས་མངོན་པར་གྲུབ་པ་སྟེ། དེས་མི་དགེ་བ་ཉིད་ལ་རང་གི་ངང་ གིས་འདོད་པ་ཀུན་ནས་གནས་པའོ། །སྦྱོར་བས་མི་དགེ་བ་གང་ཞེ་ན། འདི་ལྟ་སྟེ། གང་དང་ འགྲོགས་ན་སྡིག་པ་ངང་གིས་འཕེལ་བའི་སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང་། སྡིག་པ་ བྱ་བ་ངེས་དོན་དུ་སྟོན་པ་དམ་པའི་ཆོས་མ་ཡིན་པ་ཉན་པ་དང་། དངོས་པོའི་གནས་ལུགས་དང་ མི་མཐུན་པར་། མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ 1-1-266 ལ་བྱེད་པ་ལ་བརྟེན་ནས་སྲོག་གཅོད་སོགས་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང་། རྫུན་ སོགས་ངག་དང་། བརྣ་བ་སེམས་སོགས་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པའོ། །མདུན་དུ་བྱ་ བས་མི་དགེ་བ་གང་ཞེ་ན། འདི་ལྟ་སྟེ། མཆོག་གསུམ་ལས་གཞན་པ་ལྷའི་རིས་དབང་ཕྱུག་ ལ་སོགས་པ་གང་ཡང་རུང་བ་ལ་བརྟེན་པ་མདུན་དུ་བྱས་ནས་ལུག་དང་མ་ཧེ་ལ་སོགས་པ་ གསོད་པར་འདོད་པའི་འཚེ་བ་སྔོན་དུ་བཏང་བའམ། སྲོག་གི་མཆོད་སྦྱིན་གྱིས་ཐར་བ་ཐོབ་ པར་འདོད་པའམ། བསོད་ནམས་དང་། མཆོག་ཐོབ་པར་འདོད་པའི་ཕྱིར་ཟས་མི་ཟ་བ་ལ་ སོགས་པས་ཉོན་མོངས་པར་བྱེད་པའི་ལྟ་བ་ངན་པ་སྔོན་དུ་བཏང་ནས་ཕྱི་རོལ་པའི་ལྷ་རྟེན་ བྱེད་པ་དང་། གཞི་གང་དུ་སྐྱེ་བོ་ཕལ་བོ་ཆེ་བསོད་ནམས་མ་ཡིན་པ་སྡིག་པའི་ལས་ལ་སྦྱོར་ བ་དེར་ཤ་ཁྲག་ལ་སོགས་པས་མཆོད་པའི་ལས་ལ་སྦྱོར་བའོ། །གནོད་པ་བྱེད་པས་མི་དགེ་བ་ གང་ཞེ་ན། འདི་ལྟ་སྟེ། ཡུལ་སེམས་ཅན་རྣམས་ལ་སྦྱོར་བ་ལུས་དང་ངག་དང་ཡིད་ཀྱིས་ལོག་ པར་ཏེ་གནོད་པ་སྣ་ཚོགས་པ་བྱེད་བའོ། ། ཡོངས་སུ་འཛིན་པས་མི་དགེ་བ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་ སྡིག་པ་སྤྱོད་པའམ། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྡིག་པ་སྤྱོད་པས། ངན་འགྲོའམ་ བདེ་འགྲོར་རྣམ་སྨིན་གྱིས་འབྲས་བུ་ཡིད་དུ་མི་འོང་ཞིང་མི་འདོད་པ་འཕེན་པའམ། ཡོངས་ སུ་རྫོགས་པར་བྱེད་པ་འཛིན་པའོ། །དེའང་ངན་འགྲོར་ནི་འཕེན་པ་དང་རྫོགས་པ་གཉི་ག་ བྱེད་དོ། །ཐོག་མར་ངན་སོང་གི་ཕུང་པོ་འགྲུབ་ཅིང་གྲུབ་ནས་ཀྱང་སྡུག་བསྔལ་གྱི་ཁྱད་པར་ དུ་མ་དང་ལྡན་པར་བྱེད་པའི་ཕྱིར་རོ། །བདེ་འགྲོར་ནི་(མི་དགེ་བས་འཕེན་པར་མི་བྱེད་ཅིང་)རྫོགས་པ་ ཁོ་ན་བྱེད་དེ། ཅི་སྟེ་དགེ་བས་བདེ་འགྲོར་འཕངས་ཀྱང་། དེའང་རིགས་ངན་པ་དང་དབུལ་ ཞིང་ཕོངས་པ་དང་ནད་མང་བ་ལ་སོགས་པའི་སྡུག་བསྔལ་དུ་མ་དང་ལྡན་པར་བྱེད་པའི་ཕྱིར་ རོ། །མི་མཐུན་པའི་ཕྱོགས་ཀྱིས་མི་དགེ་བ་གང་ཞེ་ན། གཉེན་པོ་དད་པ་དང་བརྩོན་འགྲུས་ 1-1-267 ལ་སོགས་པའི་མི་མཐུན་པའི་ཕྱོགས་མ་དད་པ་དང་ལེ་ལོ་ལ་སོགས་པའི་ཆོས་གང་ཡིན་པ་ དག་གོ། བར་དུ་གཅོད་པས་མི་དགེ་བ་གང་ཞེ་ན། དགེ་བའི་བར་ཆད་བྱེད་པའི་ཆོས་རྒྱུན་དུ་ ཚོགས་སུ་འདུག་ཅིང་འདུ་འཛི་བྱེད་པ་དང་། (སྡོམ་པ་ཉི་ཤུ་པར།)ཆགས་པས་བྲེ་མོའི་གཏམ་ལ་ དགའ་བ་དང་། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ལ་སོགས་པ་གང་ཡིན་དག་གོ། (དགེ་མི་དགེ་)དེ་དག་ལ་ལྟོས་ནས་ཇི་ལྟར་དུ་ཞིག་ཅིའི་ཕྱིར་ལུང་དུ་མ་བསྟན་པར་བརྟག་ཅེ་ན། (གཉིས་ལས་དང་པོ།)དོན་གསུམ་གྱིས་བསྟན་པ་ནི། རང་བཞིན་ངོ་བོ་ཉིད་དང་། གྲོས་སུ་ འབྲེལ་བ་དང་། ས་བོན་རྗེས་སུ་འབྲེལ་བ་དང་། ཀུན་ནས་སློང་བ་དང་། དོན་དམ་པས་ལུང་ དུ་མ་བསྟན་པ་སྟེ་ལ་ནི་ངོ་བོའི་དབྱེ་བ་དང་། སྔོན་གྱི་སྐྱེ་བས་ཐོབ་པ་དང་། སྦྱོར་བས་བྱུང་ བ་དང་། དམིགས་ཡུལ་མདུན་དུ་བྱས་པ་དང་། གཞན་ལ་ཕན་འདོགས་པ་དང་། ཡོ་བྱད་ ཉེ་བར་སྤྱོད་པ་དང་། འབྲས་བུ་ཡོངས་སུ་འཛིན་པ་དང་། གཉེན་པོ་དང་། ཉེ་བར་ཞི་བ་དང་། རྒྱུ་མཐུན་པས་ཀྱང་ལུང་དུ་མ་བསྟན་པར་བལྟའོ། །ཞེས་པ་དགུ་ནི་རྣམ་པའི་དབྱེ་བ་སྟེ། དགེ་མི་དགེར་གསལ་ཞིང་དེ་དག་ཏུ་བརྗོད་དུ་མེད་པས་ན་ལུང་དུ་མ་བསྟན་པའོ། །དབང་ པོ་གཟུགས་ཅན་ལྔ་དང་དྲི་རོ་རེག་བྱ་གསུམ་སྟེ་ཁམས་བརྒྱད་དང་། དེ་བཞིན་དུ་སྐྱེ་མཆེད་ བརྒྱད་དང་། ཞེས་པ་ནི་ལུང་མ་བསྟན་ཁོ་ན་ཡིན་ལ་དེ་དག་ལས་གཞན་པའི་ཕུང་པོ་ལྔ་དང་། ཁམས་(སེམས་ཀྱི་ཁམས་བདུན་གཟུགས་སྒྲ་ཆོས་ཏེ་ཡིད་དང་)བཅུ་དང་། སྐྱེ་མཆེད་ལྷག་མ་བཞི་པོ་རྣམས་ ཀྱི་ཕྱོགས་གཅིག་ནི་དགེ་མི་དགེའི་མཚན་ཉིད་ཅན་བོར་བ་དག་གོ། དེ་དག་ཀྱང་ཆོས་གསུམ་ གྱི་ཁྱད་པར་དུ་བསྟན་པས་བདག་ཆོས་དགེ་བ་དང་ཆོས་མ་ཡིན་པ་མི་དགེ་བ་དང་བྲལ་བའི་ ལུང་མ་བསྟན་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། (གཉིས་པ།)མཚན་ཉིད་ཀྱིས་རྒྱས་བཤད་ལ། ངོ་བོ་ཉིད་ཀྱིས་ལུང་དུ་མ་བསྟན་པ་གང་ཞེ་ན། དབང་པོ་ལྔ་དང་དྲི་རོ་རེག་བྱ་སྟེ་ཁམས་དང་སྐྱེ་མཆེད་གཟུགས་ཅན་བརྒྱད་དང་། མཚུངས་ 1-1-268 པར་ལྡན་པའི་གྲོགས་དགུ་དང་བཅས་པའི་ཉོན་ཡིད་དང་། གནས་པའི་དུས་ངེས་པ་སྲོག་གི་ དབང་པོ་དང་། སེམས་ཅན་གྱི་ལུས་འདྲ་བ་རིས་མཐུན་པ་དང་། ཐ་སྙད་ལ་བཏགས་པའི་(རྗོད་ བྱེད་ཀྱི་དབང་དུ་བྱས་ན་དོན་གྱི་ངོ་བོ་སྟོན་པའི་)མིང་གི་ཚོགས་དང་། (ཁྱད་པར་སྟོན་པའི་)ཚིག་གི་ཚོགས་ དང་། (དེ་གཉིས་ཀྱི་གནས་ཀ་ཁ་)ཡི་གེའི་ཚོགས་རྣམས་སོ། །དེ་དག་གི་ཉོན་ཡིད་ནི་བསྒྲིབས་པ་དང་ གཞན་རྣམས་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་ཞིང་། གཟུགས་སྒྲ་སེམས་ཅན་གྱི་རྒྱུད་ཀྱིས་ མ་བསྡུས་པ་རྣམས་ཀྱང་ངོ་བོ་ལུང་མ་བསྟན་ཡིན་ལ། ཐམས་ཅད་ཀྱང་མེའི་ཚ་བའམ་བུ་རམ་གྱི་ མངར་བ་ལྟར་དོན་གཞན་ལ་མ་ལྟོས་པར་སྐྱེས་སོ་ཅོག་ཏུ་ལུང་དུ་མ་བསྟན་པའོ། །འདིར་ཀུན་ གཞིའི་རྣམ་ཤེས་མ་སྨོས་པ་ནི་སྐྱེ་བས་ཐོབ་པར་འཆད་པས་སོ། །ཞེས་ཀྱང་(ཡེ་ཤེས་བཤེས་གཉེན་) གསུང་ངོ་། །འབྲེལ་བས་ལུང་དུ་མ་བསྟན་པ་གང་ཞེ་ན། སྡང་བ་ལ་སོགས་པ་མི་དགེ་བ་ཡང་ མ་ཡིན་ཞིང་། དང་བ་ལ་སོགས་པ་དགེ་བ་ཡང་མ་ཡིན་པའི་སེམས་སུ་གྱུར་བའི་མིང་དང་ ཚིག་དང་ཡི་གེ་དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པ་སྟེ། ཚོགས་གསུམ་གྱི་རྣམ་པ་ཅན་དུ་སྐྱེས་ པའི་ཡིད་ཤེས་ལ་སོགས་པ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་ བས་ལུང་དུ་མ་བསྟན་པ་གང་ཞེ་ན། སྐྱེ་བ་ཕྱི་མ་ལའང་ཚོགས་གསུམ་པོ་དེ་དག་ཉིད་ཀྱི་མངོན་ པར་བརྗོད་པ་འབྱུང་བའི་ཆེད་དུ་སེམས་ལ་བག་ཆགས་བསྒོས་པ་རྣམས་སོ། །སློང་བས་ལུང་ དུ་མ་བསྟན་པ་གང་ཞེ་ན། སྡང་བ་དང་དང་པ་མ་ཡིན་པ་དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པའི་ སེམས་དང་སེམས་ལས་བྱུང་བའི་ཆོས་མིང་སོགས་བརྗོད་པའི་རྣམ་པར་ཤར་བ་རྣམས་ཀྱིས་ གང་ཀུན་ནས་བསླངས་བའི་ལུས་དང་ངག་གི་ལས་འགྲོ་བ་དང་སྨྲ་བ་ལ་སོགས་པ་རྣམས་ སོ། །དོན་དམ་པས་ལུང་དུ་མ་བསྟན་པ་གང་ཞེ་ན། འདུས་མ་བྱས་ནམ་མཁའ་དང་། གཉེན་ པོས་སོ་སོར་བརྟག་པ་མ་ཡིན་པའི་འགོག་པའོ་ཞེས་པ་མ་བསྒྲིབས་དག་སྟེ། དོན་དམ་པར་ ནི་ལུང་མ་བསྟན་པ་བརྟན་པ་དག་ཅེས་པ་ལྟར་རོ། །སྐྱེ་བས་འཐོབ་པའི་ལུང་དུ་མ་བསྟན་པ་ 1-1-269 གང་ཞེ་ན། མི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་དང་། དགེ་བ་ཟག་མེད་ལ་རྣམ་སྨིན་ མེད་པས་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་མཚན་ཉིད་པ་ཀུན་གཞིའི་ རྣམ་པར་ཤེས་པ་དང་། བཏགས་པ་བདེ་ལས་བྱུང་བའི་ཚོགས་བདུན་ལ་སོགས་པའོ། །སྦྱོར་ བས་ལུང་དུ་མ་བསྟན་པ་གང་ཞེ་ན། ཀུན་སློང་ཉོན་མོངས་པ་ཅན་མི་དགེ་བ་ཡང་མ་ཡིན་ཞིང་། དགེ་བ་ཡང་མ་ཡིན་པའི་སེམས་དང་ལྡན་པའི་སྤྱོད་ལམ་འགྲོ་འཆག་ཉལ་འདུག་ལ་སོགས་ དང་བཟོའི་གནས་སྣ་ཚོགས་པ་རྣམས་སོ། །དེ་ལས་གཞན་དུ་ཉོན་མོངས་ཅན་གྱི་སྤྱོད་ལམ་ དང་བཟོ་ནི་མི་དགེ་བར་འགྱུར་ཞིང་། དགེ་བའི་སེམས་དང་ལྡན་པའི་སྤྱོད་ལམ་དང་བཟོ་ནི་ དགེ་བར་ཡང་འགྱུར་རོ། །མདུན་དུ་བྱ་བས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། རིའི་ ལྷ་དང་ཤིང་གི་ལྷ་ལ་སོགས་པའི་ལྷའི་རིས་གང་ཡང་རུང་བ་ལ་བརྟེན་པ་མདུན་དུ་བྱས་ནས། འཚེ་བའམ་ལྟ་བ་ངན་པ་ལ་སོགས་པ་ཉོན་མོངས་པ་ཅན་ཡང་རྣམ་པར་སྤངས་ཤིང་དད་པ་ལ་ སོགས་པ་དགེ་བའི་སེམས་རྣམས་ཀྱང་རྣམ་པར་སྤངས་ཏེ། འཇིག་རྟེན་པའི་ལྷ་རྟེན་བྱེད་པ་ དང་། གཞི་གང་དུ་སྐྱེ་བོ་ཕལ་པོ་ཆེའི་རྒྱུད་ལ་དགེ་བ་བསོད་ནམས་ཀྱང་མི་བསྐྱེད་ཅིང་། མི་ དགེ་བ་བསོད་ནམས་མ་ཡིན་པའང་མི་བསྐྱེད་པ་དེར་གྲགས་པས་འདོད་པ་ལ་སོགས་པས་ཐ་ མལ་བའི་ལྷ་རྟེན་འཛུགས་པའོ། །ཕན་འདོགས་པས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་ལྟ་ སྟེ། ཚེ་རབས་ཀྱི་བྲན་དང་། དུས་ངེས་པ་ཅན་ལ་གླ་རྔན་ལེན་པའི་མི་དང་། ཉིན་རེ་ཙམ་ལས་ བྱེད་པ་དང་། རང་གི་བུ་དང་ཆུང་མ་རྣམས་ལ་སྡང་བ་མི་དགེ་བ་ཡང་མ་ཡིན་ཞིང་དང་བ་དགེ་ བ་ཡང་མ་ཡིན་པའི་སེམས་ཀྱིས་ཟས་དང་གོས་ལ་སོགས་པའི་སྦྱིན་པ་བྱིན་པའོ། །ཉེ་བར་ སྤྱོད་པས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་སྤྱད་ལ་སྟོབས་བསྐྱེད་དེ། དགེ་བ་བྱའོ་སྙམ་པ་ སོ་སོར་བརྟགས་པ་མ་ཡིན་ལ། འདི་སྤྱད་ལ་སྟོབས་བསྐྱེད་དེ་མི་དགེ་བྱའོ་སྙམ་པ་ཉོན་མོངས་ པ་ཅན་ཡང་མ་ཡིན་པའི་སེམས་ཀྱིས་རང་གི་ལོངས་སྤྱོད་ཟས་དང་གོས་ལ་སོགས་པ་རྣམས་ 1-1-270 ལ་ཉེ་བར་སྤྱད་པའོ། །ཡོངས་སུ་འཛིན་པས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། ཚེ་ འདིར་བཟོའི་གནས་ཀྱི་ཁྱད་པར་ལ་གོམས་པའི་བག་ཆགས་ཡོད་པའི་ཕྱིར་མ་འོངས་བ་སྐྱེ་ བ་ཕྱི་མ་ན་ཡང་། བཟོ་གནས་ལ་མཁས་པ་དེའི་ངོ་བོའི་ལུས་ཁྱད་པར་ཅན་ཡོངས་སུ་འཛིན་ པར་བྱེད་པ་སྟེ། ལུས་བཟུང་བ་དེས་འབད་རྩོལ་གྱིས་བསླབ་མི་དགོས་པར་མྱུར་བ་མྱུར་བར་ བཟོའི་གནས་ཀྱི་ཁྱད་པར་གང་ཡིན་པ་དེ་དག་ལ་བསླབ་པ་མཐར་ཕྱིན་པར་འགྱུར་བའོ། ། གཉེན་པོས་ལུང་དུ་མ་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། ནད་ཞི་ནས་དགེ་མི་དགེ་བྱའོ་ སྙམ་པ་སོ་སོར་བརྟགས་པ་མ་ཡིན་པས་སྤྱིར་ནད་ཀྱི་གཉེན་པོ་ཙམ་དུ་སྨན་བསྟེན་པའོ། ། གཞུང་ལ་ལར་སོ་སོར་བརྟགས་པས་ཞེས་འབྱུང་བ་ལྟར་ན། སྨན་འདི་ནད་འདིའི་གཉེན་ པོར་འགྱུར་རོ་ཞེས་སོ་སོར་བརྟགས་པ་ཙམ་མོ། ཉེ་བར་ཞི་བས་ལུང་དུ་མ་བསྟན་པ་གང་ཞེ་ ན། གཟུགས་དང་གཟུགས་མེད་པའི་ཁམས་ན་སྤྱོད་པའི་རྩ་བ་དང་ཉེ་བའི་ཉོན་མོངས་པ་ རྣམས་ཏེ། དེ་དག་ནི་མཐར་ཐུག་ཐར་བ་ལ་བསྒྲིབས་ཀྱང་གནས་སྐབས་སུ་རྒྱུད་ཞི་གནས་ ཀྱི་ཏིང་ངེ་འཛིན་དང་ལྡན་པས་ཉེས་སྤྱོད་ཀུན་ནས་སློང་མི་ནུས་པའི་ཕྱིར་དང་། བསྡུ་བར། དཀར་བོའི་ཆོས་མང་པོས་ཟིན་པར་གསུངས་པའི་ཕྱིར་རོ། །རྒྱུ་མཐུན་པས་ལུང་དུ་མ་བསྟན་ པ་གང་ཞེ་ན། སྤྲུལ་བའི་སེམས་དང་ལྷན་ཅིག་སྐྱེས་པའོ། །ཞེས་སེམས་སེམས་བྱུང་གང་གིས་ རྩེད་མོའི་ཆེད་དུ་རྟ་དང་གླང་པོ་ལ་སོགས་པ་སྤྲུལ་བ་སྣ་ཚོགས་བྱས་པ་སྟེ། སེམས་ཅན་ལ་ ཕན་པའི་ཆེད་དུ་སྤྲུལ་ན་དགེ་བ་དང་། གནོད་པའི་ཆེད་དུ་སྤྲུལ་ན་མི་དགེ་བར་འགྱུར་བའི་ ཕྱིར་རོ། ། (གཉིས་པ།)བསྟན་པས་ཀྱང་འཇོག་ཚུལ་ནི། ཆོས་གསུམ་མཚན་ཉིད་པར་བཤད་པར་ མ་ཟད་ཡང་གཞན་སྣང་དུ་ངེས་པར་བསྟན་པས་ཀྱང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་ བསྟན་པར་བལྟ་སྟེ། བསྟན་པ་ཙམ་གྱིས་ཆོས་གསུམ་པོ་དེ་ཡང་གང་ཞེ་ན། གང་རྫོགས་པའི་ 1-1-271 སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་དང་དབང་བཅུ་ལ་སོགས་ པ་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ལ་རང་རང་གི་ བསམ་པ་དང་མཐུན་པར་ཕན་འདོགས་པར་བྱ་བའི་ཕྱིར་སྦྱིན་པ་ལ་སྤྲོ་བའི་ཆེད་དུ་སྤྲུལ་པའི་ ཟས་སྐོམ་ལ་སོགས་པ་སྤྲུལ་པའི་སློང་བ་ལ་སྟེར་བ་དགེ་བའི་རྣམ་པ་དང་། གདུག་པ་ཅན་ སྡིག་པའི་ཆེད་དུ་ཆོམ་རྐུན་ལ་སོགས་པ་སྤྲུལ་ནས་ལག་པ་དང་རྐང་པ་དང་མགོ་གཅོད་པ་ལ་ སོགས་པ་མི་དགེ་བའི་རྣམ་པ་དང་། རབ་དགའ་འདུལ་བའི་ཆེད་དུ་དྲི་ཟར་སྤྲུལ་ནས་རྒྱུད་ མང་སྤྲེང་བ་ལ་སོགས་པ་ལུང་མ་བསྟན་གྱི་རྣམ་པར་སྟོན་པ་སྟེ། བསྟན་པ་ཙམ་དུ་འཇོག་པའི་ རྒྱུ་ནི་ངེས་པར་བསྟན་པ་དེ་ན་དགེ་བ་ལ་སོགས་པ་དེ་དག་སྤྲུལ་བ་ཙམ་ཡིན་པའི་ཕྱིར། ཇི་ ལྟར་བསྟན་པ་དེ་བཞིན་དུ་གྲུབ་པ་ནི་གང་ཡང་མེད་དོ། །ཐམས་ཅད་དགེ་བ་ཁོ་ན་ཡིན་ཏེ། ། བཞི་བརྒྱ་པར། བྱང་ཆུབ་སེམས་དཔའི་ཀུན་རྟོག་ལས། །དགེ་བའམ་ཡང་ན་མི་དགེ་བའོ། ། གང་ཕྱིར་ཡིད་དབང་གྱུར་རྣམས་ལ། །མི་དགེ་བ་ནི་ཅུང་ཟད་མེད། །ཅེས་པ་ལ་སོགས་པ་ གསུངས་པ་ལྟར་རོ། ། གསུམ་པ་ལ། དངོས་སུ་ཁམས་གསུམ་ཀྱི་དབྱེ་བ་དང་། ཞོར་ལ་ཆགས་བྲལ་གྱི་དབྱེ་བའོ། ། དང་པོ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་འདོད་པ་དང་རབ་ཏུ་ལྡན་པར་བརྟག་ཅེ་ན། གཉེན་པོ་ ཏིང་ངེ་འཛིན་གྱི་ཁྱད་པར་གང་ཡང་མ་ཐོབ་པས་ཁམས་གསུམ་ཆར་ལས་འདོད་ཆགས་དང་ ཡེ་མ་བྲལ་བ་སྟེ། བསམ་གཏན་དང་པོའི་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་ཙམ་ཐོབ་ ནའང་ཕྱོགས་གཅིག་ལས་ཆགས་བྲལ་དུ་འགྱུར་བས་སོ། །དེ་ལྟ་བུའི་རྒྱུད་ལ་ཡོད་པའི་དགེ་ བ་ཟག་མེད་ནི་ཁམས་ཀྱིས་མ་བསྡུས་པས། ཟག་པ་དང་བཅས་པ་རྣམས་དང་། མི་དགེ་བ་ ཐམས་ཅད་དང་། ལུང་དུ་མ་བསྟན་པ་ཐམས་ཅད་ནི་གཟུགས་སོགས་འདོད་པའི་ཡོན་ཏན་ ལྔ་ལ་གཅེས་སྤྲས་སུ་བྱེད་པའི་ཁམས་པ་ཡིན་པས་འདོད་པ་དང་རབ་ཏུ་ལྡན་པ(ལྟ་ཅི་དངོས་གཞི་ 1-1-272 ལ་ཐོབ་པར་བྱེད་ན་ཉེར་བསྡོགས་ཀྱང་དེར་གྱུར་ན། མཚན་ཉིད་རབ་ཏུ་རིག་པ་ནས་བཟུང་སྟེ་རང་རང་གི་མི་མཐུན་ཕྱོགས་དང་ བྲལ་བའི་ཆགས་བྲལ་ཡོད་པ)ར་བལྟའོ། །ཕྱི་རོལ་སྣོད་ཀྱི་གཟུགས་སོགས་ཀྱང་འདོད་ཆགས་དང་མ་ བྲལ་བ་དེའི་ལས་ཀྱི་དབང་གིས་བྱུང་བའི་ཕྱིར་འདོད་པ་དང་ལྡན་པ་སྟེ། སེམས་ཅན་ཐམས་ ཅད་ཀྱི་ལས་ཀྱིས་གྲུབ་པར་གསུངས་པ་ནི་ཁམས་གོང་མའི་རྒྱུད་ལའང་འདོད་ཁམས་སུ་སྐྱེ་ བའི་ལས་ཀྱི་ས་བོན་ཡོད་པ་ལ་དགོངས་པའོ། །དྲི་རོ་དང་སྣ་ལྕེའི་ཁམས་བཞི་དང་། དྲི་རོའི་ སྐྱེ་མཆེད་གཉིས་དང་ཞེས་པ་ནི་འདོད་ཁམས་པ་ཁོ་ན་ཡིན་ལ་དེ་རྣམས་ལས་གཞན་པའི་ཕུང་ པོ་ལྔ་དང་། ཁམས་བཅུ་བཞི་དང་། སྐྱེ་མཆེད་བཅུ་པོ་རྣམས་ཀྱི་ཕྱོགས་གཅིག་ཁམས་གོང་མ་ གཉིས་དང་ཟག་མེད་ཀྱིས་བསྡུས་པ་བོར་བ་དག་གོ། འདོད་ཆགས་དང་མ་བྲལ་བའང་ཆོས་ གསུམ་གྱི་ཁྱད་པར་དུ་བསྟན་པས་བདག་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་འདོད་ ཁམས་ཀྱི་བདག་པོ་ལ་སོགས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ ཅིའི་ཕྱིར་གཟུགས་དང་རབ་ཏུ་ལྡན་པར་བརྟག་ཅེ་ན། ཉེར་བསྡོགས་མི་ལྕོགས་པ་མེད་པ་ ཐོབ་པ་ཡན་ཆད་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཞེས་པས་འདོད་ཁམས་ལས་འབྱེད་ ཅིང་། གཟུགས་ལ་འདོད་ཆགས་དང་མ་བྲལ་བ་ཞེས་པས་གཟུགས་མེད་དང་ཟག་མེད་ཀྱང་ བསལ་ནས་གཟུགས་ཁམས་པར་མཚོན་ཏེ། དེ་ལྟ་བུའི་རྒྱུད་ལ་ཡོད་པའི་དགེ་བ་ཟག་པ་དང་ བཅས་པ་དང་། བསྒྲིབས་མ་བསྒྲིབས་ཀྱི་ལུང་དུ་མ་བསྟན་པ་ཐམས་ཅད་ནི་གཟུགས་དང་ རབ་ཏུ་ལྡན་པར་བལྟའོ། །དྲི་རོ་དང་སྣ་ལྕེའི་ཁམས་བཞི་དང་། དྲི་རོའི་སྐྱེ་མཆེད་གཉིས་ནི་ འདོད་ཁམས་པ་ཡིན་པས་མ་གཏོགས་པར་དེ་ལས་གཞན་པའི་ཕུང་པོ་དང་ཁམས་དང་སྐྱེ་ མཆེད་རྣམས་ཀྱི་ཕྱོགས་གཅིག་ཁམས་གོང་འོག་གཉིས་དང་ཟག་མེད་བོར་བ་དག་གོ། དེའང་ ཆོས་གསུམ་དུ་ཤེས་པས་བདག་འདོད་པ་ལ་འདོད་ཆགས་དང་བྲལ་བ་གཟུགས་ཁམས་བར་ མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་གཟུགས་མེད་པ་དང་རབ་ཏུ་ 1-1-273 ལྡན་པར་བརྟག་ཅེ་ན། གཟུགས་མེད་ཀྱི་ཉེར་བསྡོགས་ཐོབ་པ་ཡན་ཆད་གཟུགས་ལ་འདོད་ ཆགས་དང་བྲལ་བ་ཞེས་པས་ཁམས་འོག་མ་གཉིས་ལས་འབྱེད་ཅིང་། གཟུགས་མེད་པ་ལ་ འདོད་ཆགས་དང་མ་བྲལ་བ་ཞེས་པས་ཟག་མེད་དགྲ་བཅོམ་པ་ལ་སོགས་པའང་བསལ་ནས་ གཟུགས་མེད་ཁམས་པར་མཚོན་ཏེ། དེ་ལྟ་བུའི་རྒྱུད་ལ་ཡོད་པའི་དགེ་བ་ཟག་བཅས་དང་། ལུང་དུ་མ་བསྟན་པ་ཐམས་ཅད་ནི་གཟུགས་མེད་པ་དང་རབ་ཏུ་ལྡན་པར་བལྟའོ། །དེ་དག་ཏུ་ མི་དགེ་བ་མ་སྨོས་པ་ནི་ཁམས་གོང་མ་ན་མེད་པའི་ཕྱིར་རོ། །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ ཤེས་ཀྱི་ཕུང་པོ་བཞི་དང་། (མཛོད་དུ།)གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ ཡིད་ཀྱི་རྣམ་ཤེས་ཁམས། །ཞེས་པ་ལྟར་ཁམས་གསུམ་དང་ཞ ཡིད་དང་ཆོས་ཀྱི་སྐྱེ་མཆེད་ གཉིས་ཀྱི་ཕྱོགས་གཅིག་ནི་ཁམས་འོག་མ་གཉིས་དང་ཟག་མེད་ཀྱིས་བསྡུས་པ་བོར་བ་རྣམས་ སོ། །དེའང་ཆོས་གསུམ་དུ་འདུ་བས་བདག་གཟུགས་ལ་འདོད་ཆགས་དང་བྲལ་བའི་གཟུགས་ མེད་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །དེ་ལྟར་ཁམས་གསུམ་ལ་ནི་ས་དགུ་ཡོད་ཅིང་། ས་རེ་ལའང་སྤང་བྱ་ཉེས་པ་དགུ་དགུ་ཡོད་ལ། དེ་བཞིན་གཉེན་པོ་ཡོན་ཏན་ཡང་དགུ་དགུ་ ཡོད་པས། འོག་མའི་ཉེས་པ་སྤངས་ཤིང་གོང་མའི་ཡོན་ཏན་ཐོབ་པ་ན་འོག་མ་ལས་འདོད་ ཆགས་དང་བྲལ་བར་འགྱུར་ཏེ། (མཛོད་དུ།)ས་དང་ས་ན་ཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཞེས་པ་ ལྟར་རོ། ། གཉིས་པ་ལ། ཆགས་བྲལ་ལྔར་དབྱེ་བ་དང་། བཅུར་དབྱེ་བའོ། །དང་པོ་ནི། གང་འདོད་ ཆགས་དང་བྲལ་བ་ཞེས་བརྗོད་པ་དེ་ཉིད་ཀྱང་རྣམ་པའི་དབྱེ་བས་བསྟན་ན། ཁམས་གསུམ་ ས་དགུའི་དབང་དུ་བྱས་ཏེ་ཕྱོགས་གཅིག་ལ་འདོད་ཆགས་དང་བྲལ་བ་ཉིད་ནི་བརྒྱད་པ་ཅི་ ཡང་མེད་པ་མན་ཆད་ཀྱི་ཉེས་པ་ལས་གྲོལ་བ་དང་། མཐའ་དག་ལས་འདོད་ཆགས་དང་ 1-1-274 བྲལ་བ་ཉིད་ནི་དགུ་པ་སྲིད་རྩེའི་ཉེས་པ་ལས་ཀྱང་གྲོལ་བའོ། །དེ་དག་ཀྱང་འཇིག་ཚོགས་ འཁོར་བ་ལས་ཆགས་བྲལ་གྱི་དབང་དུ་བྱས་ན། སློབ་ལམ་པ་རྣམས་ཀྱིས་ནི་སྤང་བྱ་ཕྱོགས་ གཅིག་ལས་འདོད་ཆགས་དང་བྲལ་བ་དང་། མི་སློབ་པ་རྣམས་ཀྱིས་ནི་སྤང་བྱ་མཐའ་དག་ ལས་འདོད་ཆགས་དང་བྲལ་བ་ཉིད་དུ་རིག་པར་བྱའོ། །རྟོགས་པས་འདོད་ཆགས་དང་བྲལ་ བ་ཉིད་ནི་མཐོང་ལམ་ཐོབ་པ་ན་མཐོང་སྤངས་ལས་གྲོལ་བ་དང་། གནོན་པས་འདོད་ཆགས་ དང་བྲལ་བ་ཉིད་ནི་འཇིག་རྟེན་པའི་ལམ་གྱིས་རེ་ཞིག་སྤང་བྱ་ཉམས་སྨད་པ་དང་། ལེགས་ པར་བཏོན་པས་འདོད་ཆགས་དང་བྲལ་བ་ཉིད་ནི་འཇིག་རྟེན་ལས་འདས་པའི་སྒོམ་ལམ་ བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤང་བྱའི་ས་བོན་རྩ་བ་ནས་སྤངས་པ་ཉིད་དུ་བལྟའོ། ། གཉིས་པ་ལ། (གཉིས་ལས། དང་པོ།)དབྱེ་བ་མདོར་བསྟན་ནི། སྔ་མར་མ་ཟད་ཡང་དབྱེ་གཞི་ འདོད་ཆགས་དང་བྲལ་བ་ཉིད་ནི་གྲངས་ཀྱི་དབྱེ་བ་བཅུ་སྟེ། གསལ་བར་མིང་གིས་ཕྱེ་ན། ངོ་ བོའམ་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཉིད་དང་། ལུས་སེམས་ལ་གནོད་པས་ འདོད་ཆགས་དང་བྲལ་བ་ཉིད་དང་། ཟས་ཀྱིས་ཉེ་བར་བརྟེན་པས་འདོད་ཆགས་དང་བྲལ་ བ་ཉིད་དང་། འབྱོར་པ་ཕུལ་དུ་བྱུང་བས་འདོད་ཆགས་དང་བྲལ་བ་ཉིད་དང་། ཡོན་ཏན་ལ་ མ་རྨོངས་པས་འདོད་ཆགས་དང་བྲལ་བ་ཉིད་དང་། སྤང་བྱའི་གཉེན་པོས་འདོད་ཆགས་དང་ བྲལ་བ་ཉིད་དང་། ཉེས་དམིགས་ཡོངས་སུ་ཤེས་པས་འདོད་ཆགས་དང་བྲལ་བ་ཉིད་དང་། ཉེས་པ་སྤོང་བས་འདོད་ཆགས་དང་བྲལ་བ་ཉིད་དང་། ཟས་ཀྱིས་དམན་པ་གོང་མ་དང་ བཅས་པའི་འདོད་ཆགས་དང་བྲལ་བ་ཉིད་དང་། མཆོག་གོང་ན་མེད་པའི་འདོད་ཆགས་དང་ བྲལ་བ་ཉིད་དེ། དེ་དག་ཀྱང་ངེས་པར་སྤོང་བའི་དོན་ཅན་ནི་མ་ཡིན་གྱི། མི་འཕྲོད་པར་འཛིན་ པ་ཙམ་ལའང་བརྗོད་དོ། ། (གཉིས་པ།)ངོ་བོ་ངོས་གཟུང་ལ། རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ 1-1-275 ན། ལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་དང་། གང་ལ་སྡུག་བསྔལ་ གྱི་ཚོར་བ་འབྱུང་བའི་གནས་ཀྱི་ཆོས་དུག་དང་མཚོན་ཆ་ལ་སོགས་པ་ཡུལ་ཡིད་དུ་མི་འོང་བ་ རྣམས་ལ་གཉེན་པོ་མ་བསྐྱེད་པར་ཡང་ངང་གིས་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །དེའང་ ཆགས་བྲལ་དང་འདྲ་བའི་ཕྱིར་ཆགས་བྲལ་ཞེས་བྱ་སྟེ། གཞན་དག་ལའང་སྦྱར་རོ། །གནོད་ པས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན་། (རྒྱུད་བླར།)ཇི་ལྟར་པདྨ་འདམ་སྐྱེས་དེ། །མདུན་ དུ་གྱུར་ན་ཡིད་དགའ་ལ། །ཕྱིས་ནས་དགའ་བ་མེད་འགྱུར་བ། །འདོད་ཆགས་དགའ་བའང་ དེ་དང་མཚུངས། །ཞེས་པ་ལྟར་འཁྲིག་པའི་འདོད་ཆགས་ལ་ཞུགས་པ་ཆགས་པའི་གདུང་བ་ དང་བྲལ་ནས་དབང་པོའི་ནུས་པ་ལ་གནོད་པར་མཐོང་སྟེ་གང་མི་འཕྲོད་པར་འཛིན་པ་ཉིད་ དོ། །ཉེ་བར་བརྟན་པས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། སྔོན་འགྲངས་པར་ཟོས་ ཤིང་བཏུང་བས་ཚིམ་ནས་ལུས་ཀྱི་སྟོབས་བསྐྱེད་ཅིང་ཉེ་བར་བརྟན་པར་བྱས་པ་ནི་ཕྱིས་ཁ་ ཟས་བཏུང་བ་ཞིམ་པོ་ལ་ཡང་གང་མི་འཕྲོད་པར་འཛིན་པ་ཉིད་དོ། །ཕུལ་དུ་བྱུང་བས་འདོད་ ཆགས་དང་བྲལ་བ་ཉིད་གང་ཞེ་ན། ལོངས་སྤྱོད་གྱ་ནོམ་པ་དང་ལྡན་པའི་འཁོར་ལོས་སྒྱུར་ རྒྱལ་ལམ། གྲོང་ཁྱེར་བཟོ་སྣ་བཅོ་བརྒྱད་ཡོད་པའི་གཙོ་བོ་ལྟ་བུ་འཚོ་ཐབས་སམ་གོ་འཕང་ ཤིན་ཏུ་ཆེན་པོ་ཐོབ་པ་ནི། རྒྱལ་ཕྲན་དང་གྲོང་དཔོན་ལ་སོགས་པ་འཚོ་ཐབས་དམའ་པ་ལ་ གང་མི་འཕྲོད་པར་འཛིན་པ་ཉིད་དོ། །རྨོངས་བས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་འཇིག་ཚོགས་འཁོར་བ་ལ་ལྷག་པར་ཆགས་པ་རྣམས་ནི། དེ་དང་བྲལ་ བའི་མྱ་ངན་ལས་འདས་པ་ལ་ཞི་ཞིང་བདེ་བའི་ཡོན་ཏན་མི་ཤེས་པས་གང་མི་འཕྲོད་པར་ འཛིན་པ་ཉིད་དོ། །གཉེན་པོས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། འཇིག་རྟེན་པའི་ ལམ་གྱིས་ཉོན་མོངས་པ་མངོན་གྱུར་དུ་སྐྱེ་བའི་ས་བོན་མགོ་ནོན་པའི་ཚུལ་གྱིས་སྤོང་བའམ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པའི་ས་བོན་རྩ་བ་ནས་སྤོང་བ་གང་ཡིན་ 1-1-276 པའོ། །ཡོངས་སུ་ཤེས་པས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། ཆོས་ཉིད་མངོན་སུམ་ དུ་མཐོང་བའི་ལམ་ཐོབ་པ་རྣམས་ནི། ཁམས་གསུམ་པའི་འདུ་བྱེད་སྡུག་བསྔལ་དུ་ཡོངས་ སུ་ཤེས་ནས་ཟག་པ་དང་བཅས་པ་ཐམས་ཅད་ལ་ཡིད་འབྱུང་བས་གང་མི་འཕྲོད་པར་འཛིན་ པ་ཉིད་དོ། །སྤོང་བས་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། འདོད་པ་ནས་སྲིད་རྩེའི་ བར་དུ་ཁམས་གསུམ་གྱི་ས་དང་སར་སྒོམ་སྤང་ཉོན་མོངས་པ་ཆེ་འབྲིང་ཆུང་དགུ་རིམ་གྱིས་ རབ་ཏུ་སྤོང་བ་ན། སྤང་བྱ་གང་ལས་འདོད་ཆགས་དང་བྲལ་བ་དེ་ལ་མི་མཐུན་པར་འཛིན་པ་ ཉིད་གང་ཡིན་པའོ། །ཆགས་བྲལ་ཐམས་ཅད་ཀྱང་ཕྱི་མ་གཉིས་སུ་འདུ་བས། གོང་མ་དང་ བཅས་པའི་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། འཇིག་རྟེན་པའི་ཆགས་བྲལ་གྱི་གོང་ ན་འཇིག་རྟེན་ལས་འདས་པ་ཡོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་འདོད་ཆགས་ དང་བྲལ་བའི་གོང་ན་ཐེག་པ་ཆེན་པའི་ཆགས་བྲལ་ཡོད་པ་ཉིད་གང་ཡིན་པའོ། །གོང་ན་མེད་ པའི་འདོད་ཆགས་དང་བྲལ་བ་ཉིད་གང་ཞེ་ན། རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཆེན་པོ་རྣམས་ཀྱི་སྒྲིབ་གཉིས་སྤང་བའི་འདོད་ཆགས་དང་བྲལ་བ་ཉིད་གང་ཡིན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕུགས་སུ་ངེས་པར་ལེགས་པའི་ཕན་པ་དང་། འཕྲལ་དུ་མངོན་ པར་མཐོ་བའི་བདེ་བ་ཐམས་ཅད་འབྱུང་བའི་གནས་ཡིན་པའི་ཕྱིར་རོ། །སྡོམ་པ་ཉི་ཤུ་པར། སྡུག་བསྔལ་ཡིན་ཡང་གང་ཕན་བྱ། །བདེ་ཡང་མི་ཕན་མི་ཕན་བྱའོ། །ཞེས་གསུངས་པ་ནི་ཆོས་ མིན་དང་འདྲེས་པའི་བདེ་བ་ལ་མི་སྦྱོར་བའི་དོན་ཏོ། ། བཞི་པ་ལ། སློབ་མི་སློབ་གཉིས་མིན་ཀྱི་ཆོས་གསུམ་ལས། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ སློབ་པར་བརྟག་ཅེ་ན། ཚོགས་ལམ་ཐར་པ་ཆ་མཐུན་ནས་བཟུང་སྟེ་ཐར་པ་མྱ་ངན་ལས་ འདས་པ་ལ་ཐོབ་པའི་ཆེད་དུ་སྤྲོ་ཞིང་བརྩོན་པའི་རྒྱུད་ལ་ཡོད་པའི་དགེ་བ་ཟག་བཅས་ཟག་ མེད་ཐམས་ཅད་ནི་གང་ཟག་དེ་སློབ་ལམ་པར་འཇོག་པའི་ཆོས་སུ་བལྟའོ། །དེའང་ཐར་བ་ 1-1-277 ལ་བརྩོན་ཞེས་པ་ལམ་ལ་ཞུགས་པ་དང་། ཞུགས་པ་མཐར་ཕྱིན་པ་མི་སློབ་པ་ལས་འབྱེད་ ཅིང་། དགེ་བས་ནི་མི་དགེ་བ་དང་(ཚོགས་ལམ་ཆུང་ངུ་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་)ལུང་ མ་བསྟན་སེལ་བའོ། །ཕུང་པོ་ལྔ་རྣམས་དང་། རྣམ་ཤེས་ཁམས་བདུན་དང་། གཟུགས་སྒྲ་ ཆོས་གསུམ་སྟེ་ཁམས་བཅུ་དང་། གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་བཞིའི་ ཕྱོགས་ནི་ཐར་བ་ལ་བརྩོན་པའི་དགེ་བས་བསྡུས་པ་རྣམས་སོ། །དེའང་ཆོས་གསུམ་དུ་བསྟན་ པས་ཆོས་དེ་དང་ལྡན་པའི་བདག་ཐར་བ་ལ་བརྩོན་པའི་སློབ་པར་མངོན་པར་ཞེན་པ་སྤང་ བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་མི་སློབ་པར་བརྟག་ཅེ་ན། ལྷག་པའི་ཚུལ་ཁྲིམས་ དང་སེམས་དང་ཤེས་རབ་ཀྱི་བསླབ་པ་གསུམ་མཐར་ཕྱིན་ནས་དགྲ་བཅོམ་པར་གྱུར་པའི་ རྒྱུད་ལ་ཡོད་པའི་དགེ་བ་ནི་གང་ཟག་དེ་མི་སློབ་པར་འཇོག་པའི་ཆོས་སུ་བལྟའོ། །ཕུང་པོ་ལྔ་ རྣམས་དང་། སེམས་ཀྱི་ཁམས་བདུན་གཟུགས་སྒྲ་ཆོས་དང་བཅས་པ་བཅུ་དང་། གཟུགས་སྒྲ་ ཡིད་དང་ཆོས་ཀྱི་སྐྱེ་མཆེད་བཞིའི་ཕྱོགས་གཅིག་ནི་མི་སློབ་པའི་རྒྱུད་ལ་ཡོད་པའི་དགེ་བས་ བསྡུས་པ་རྣམས་སོ། །དེ་ལའང་ཟག་བཅས་ཀྱི་དགེ་བ་ཡོད་པར་མངོན་ཏེ། སྔར་ཁམས་བཅོ་ ལྔ་རིལ་བོ་ཟག་བཅས་སུ་བཤད་པའི་ཕྱིར་རོ། །མི་སློབ་པའི་ཆོས་ཀྱང་ཆོས་གསུམ་དུ་བསྟན་ པས། ཆོས་དེ་དང་ལྡན་པའི་བདག་ཁམས་གསུམ་ལས་གྲོལ་བའི་མི་སློབ་པར་མངོན་པར་ ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་སློབ་པའི་ཡང་མ་ཡིན་མི་སློབ་པའི་ཡང་ མ་ཡིན་པར་བརྟག་ཅེ་ན། སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པའི་ཐར་པ་དང་ངེས་འབྱེད་ཆ་མཐུན་ གྱི་དགེ་བ་ནི་སློབ་པའི་ཆོས་ཡིན་པས། དེ་མ་གཏོགས་པར་བསོད་ནམས་ཆ་མཐུན་གྱི་དགེ་བ་ དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཐམས་ཅད་དང་། སློབ་པའི་རྒྱུད་ལ་ཡོད་པའི་མི་ དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་ཏེ་ཉོན་མོངས་པ་ཅན་དང་། མ་བསྒྲིབས་ལ་ལུང་དུ་མ་ བསྟན་པ་དང་། མི་སློབ་པའི་རྒྱུད་ལ་ནི་སྒྲིབ་པ་མི་སྲིད་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་ 1-1-278 པ་དང་། འདུས་མ་བྱས་ཕལ་ཆེ་བ་ནི་སློབ་པའི་ཆོས་ཀྱང་མ་ཡིན་མི་སློབ་པའི་ཆོས་ཀྱང་མ་ ཡིན་པར་བལྟའོ། །དེ་ལ་འདུས་མ་བྱས་ཞེས་སྤྱིར་བསྟན་པ་ནི་རགས་པའི་རྣམས་གཞག་སྟེ། ཞིབ་མོར་ན་སོ་སོར་བརྟགས་འགོག་དང་འདུ་ཤེས་དང་ཚོར་བ་འགོག་པ་ནི་གཉིས་མིན་དུ་ བརྗོད་པར་མི་ནུས་སོ། །ཞེས་ཀྱང་(ཡེ་ཤེས་བཤེས་གཉེན་)གསུང་ངོ་། །ཆོས་དེ་དག་དང་ལྡན་པས་ ནི་གཉིས་མིན་གྱི་གང་ཟག་ཏུ་མི་འཇོག་གི། སྔར་བཤད་པའི་སློབ་མི་སློབ་ཀྱི་ཆོས་དང་མི་ལྡན་ ཞིང་། ལམ་ལ་མ་ཞུགས་པ་རྣམས་ལ་གཉིས་མིན་གྱི་གང་ཟག་ཅེས་བྱའོ། །དབང་པོ་ལྔ་དང་ དྲི་རོ་རེག་བྱའི་ཁམས་བརྒྱད་དང་། དེ་དག་སྐྱེ་མཆེད་བརྒྱད་དང་། དེ་ལས་གཞན་པའི་ཕུང་ པོ་ལྔ་དང་། ཁམས་བཅུ་དང་། སྐྱེ་མཆེད་བཞི་པོ་རྣམས་ཀྱི་ཕྱོགས་གཅིག་སློབ་མི་སློབ་ཀྱི་ཆོས་ ཀྱིས་བསྡུས་པ་དག་བོར་བ་རྣམས་སོ། །དེ་དང་ཆོས་གསུམ་དུ་བསྟན་པས་བདག་ཐར་བ་ལ་ རིམ་གྱིས་ཞུགས་ཏེ་གྲོལ་བ་མ་ཡིན་པར་གཉིས་མ་ཡིན་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་ རོ། ། ལྔ་པ་ལ་མཐོང་སྤང་། སྒོམ་སྤང་། སྤང་བྱ་མིན་པ་གསུམ་ལས། ཇི་ལྟར་དུ་ཞིག་ཅིའི་ ཕྱིར་མཐོང་བས་སྤང་བར་བྱ་བར་བརྟག་ཅེ་ན། དེའང་ཀུན་ནས་ཉོན་མོངས་པ་གསུམ་གྱིས་ བསྡུས་པ་སྟེ། ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་ནི། ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་ བརྟགས་པ་རྣམས་དང་ཞེས་པ་ལ། ཉོན་མོངས་པ་ཅན་ཞེས་པས་ཡང་དག་པའི་ལྟ་བ་བསལ་ ནས། ཀུན་བརྟགས་པ་ཞེས་འཇིག་ཚོགས་དང་མཐར་འཛིན་ལྟ་བ་ལྷན་སྐྱེས་ལས་འབྱེད་དེ། དེ་དག་ལྷན་སྐྱེས་ཇི་ལྟ་བུ་སྙམ་ན། (འགྲེལ་པར།)མངོན་པར་རྟོག་པ་ལ་ཞུགས་པ་(སྟེ་མཐོང་ཡང་སྤང་ པ་)རྣམས་ལའང་ངའི་བདག་གང་ཡིན་ཞེས་སྐྲག་པ་གང་ལས་འབྱུང་བའི་བདག་ལྔ་དང་ཆད་ ལྟ་ཡོད་པའོ། །འདིར་(མཐོང་སྤང་དུ་འགྱུར་བ་)ནི་སྡིག་གྲོགས་བརྟེན་པ་དང་། ཆོས་མིན་མཉན་པ་ དང་། ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་ཀུན་ཏུ་བརྟགས་པའི་ལྟ་བ་ལྔ་པོ་རྣམས་སོ། །རང་ 1-1-279 བཞིན་གྱིས་བརྗེད་ངེས་ལ་སོགས་པ་མ་བརྟགས་ཀྱང་(ངང་གིས་)འབྱུང་བ་ནི་ལྷན་སྐྱེས་ཏེ། དེ་ བས་ན་ལྟ་བ་ཕྱི་མ་གསུམ་ནི་ཀུན་བརྟགས་ཁོ་ནར་བསྟན་ཞིང་། དང་པོ་གཉིས་ལ་ནི་ཀུན་ བརྟགས་དང་ལྷན་སྐྱེས་གཉི་ག་ཡོད་པར་བསྟན་ཏོ། །དེ་བཞིན་དུ་ཐེ་ཚོམ་དང་ཉོན་མོངས་པ་ ཅན་ཀུན་བརྟགས་བདེན་པ་ལ་ཡིད་གཉིས་ཟ་བ་དང་། དེ་ཡི་ལྟ་བའི་གནས་ནི་དེ་དག་དང་ མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་དང་། ཡང་ན་དེ་དག་གི་ས་བོན་ནོ། །ལྟ་ བ་ལ་ལོག་པར་ཞུགས་པ་ནི་ལྟ་བའི་སྟོབས་ཀྱིས་བྱུང་བ་དང་། ལྟ་བ་ལ་དམིགས་ནས་རང་ གི་ལྟ་བ་ལ་ཆགས་པ་དང་། གཞན་གྱི་ལྟ་བ་ལ་སྡང་བ་ལ་སོགས་རྩ་བའི་ཉོན་མོངས་པ་དང་། ངོ་ཚ་མེད་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་བཅུ་ཚན་ཕྱི་མ་གང་ཡིན་པ་དེ་དག་དང་ ཞེས་པའོ། །ལས་ཀྱིས་ཀུན་ནས་ཉོན་མོངས་པ་ནི་གང་ཡང་ལྟ་བ་ངན་པ་དེ་རྣམས་དང་། དེའི་ དབང་གིས་བྱུང་བའི་འདོད་ཆགས་ལ་སོགས་པས་ཀུན་ནས་བསླངས་པའི་ལུས་ཀྱི་ལས་སྲོག་ གཅོད་པ་ལ་སོགས་པ་དང་། ངག་གི་ལས་རྫུན་དང་ཚིག་རྩུབ་ལ་སོགས་པ་མི་དགེ་བ་རྣམས་ ཏེ། ཡིད་ཀྱི་ལས་ནི་ལྟ་བ་ལ་གནས་པས་བསྡུས་པའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་དེ་ ལྟ་བུའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་དབང་གིས་ཕྱི་མ་ལ་ངན་སོང་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འགྲུབ་པར་འགྱུར་བའི་བག་ཆགས་ཡོད་པའོ། །མངོན་དུ་གྱུར་པ་ནི་ མ་ཡིན་ཏེ་མཐོང་ལམ་ཐོབ་པ་ན་དེ་དག་འགགས་པའི་ཕྱིར་རོ། །དེ་ལྟར་ཀུན་ནས་ཉོན་མོངས་ པ་གསུམ་གྱིས་བསྡུས་པ་ཐམས་ཅད་ནི་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བས་ སྤང་བར་བྱ་བར་བལྟའོ། །ཆོས་གསུམ་པོ་ཐམས་ཅད་ཀྱི་ཕྱོགས་གཅིག་ནི་སྒོམ་སྤང་དང་ཟག་ མེད་ཀྱིས་བསྡུས་པ་བོར་བ་དག་གོ། དེའང་ཆོས་གསུམ་དུ་བསྟན་པས་དེ་སྤང་བའི་བདག་ མཐོང་བ་ཕུན་སུམ་ཚོགས་པ་དང་ལྡན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ ཞིག་ཅིའི་ཕྱིར་སྒོམ་པས་སྤང་བར་བྱ་བར་བརྟག་ཅེ་ན། མཐོང་ལམ་མ་ཐོབ་ཀྱི་བར་ལ་སྒོམ་ 1-1-280 སྤང་མི་སྤོང་བས་མཐོང་བའི་ལམ་ཐོབ་པ་སྟེ་ཡན་ཆད་ཀྱི་རྒྱུད་ལ་ཡོད་པའི་སྤང་བྱ་གང་ཞིག་ མཐོང་ལམ་ཐོབ་མ་ཐག་མཐོང་སྤང་སྤངས་ཟིན་པས་མཐོང་བས་སྤང་བར་བྱ་བ་ལས་ལྡོག་པ་ (ཉོན་མོངས་ནི་)འཇིག་ཚོགས་དང་མཐར་འཛིན་ལྟ་བ་ལྷན་སྐྱེས་དང་ལྟ་བའི་གནས་དང་ཡུལ་ལ་ ལོག་པར་ཞུགས་པའི་ཉོན་མོངས་པ་རྣམས་དང་། (ལས་ཀྱི་ན་)དེ་དག་གིས་ཀུན་ནས་བསླངས་ པའི་ལུས་ངག་གི་ལས་དང་། བདེ་འགྲོའི་ཕུང་པོ་ཁམས་སྐྱེ་མཆེད་རྣམས་ཏེ། དེ་ཡན་ཆད་ ཟག་མེད་ཀྱང་མང་དུ་ཡོད་པས། ཟག་པ་དང་བཅས་པའི་ཆོས་ཆོས་ཉིད་མཐོང་ཟིན་གོམས་ པས་སྤང་བར་བྱ་བ་རྣམས་སོ། །སྔར་ངེས་འབྱེད་ཆ་མཐུན་(སྐྱེ་བའི་ནི་)ཟག་མེད་དང་རྗེས་སུ་ མཐུན་པས་ཟག་མེད་དུ་བཤད་ཀྱང་། འདིར་ནི་ཟག་པའི་ས་བོན་རྗེས་སུ་འབྲེལ་བའི་ཆ་ནས་ ཟག་བཅས་སུ་བསྡུའོ། །བསྡུ་བར། དགེ་བ་ཟག་བཅས་ཐམས་ཅད་དང་མ་བསྒྲིབས་ལུང་མ་ བསྟན་ཐམས་ཅད་སྒོམ་སྤང་དུ་བཤད་པ་ནི་འདིར་ཟག་བཅས་སྨོས་པས་འགྲུབ་ཅིང་། ཤེས་ བྱའི་སྒྲིབ་པ་རྣམས་མཐོང་སྤང་དུ་མི་འཆད་པ་ནི། (རྒྱན་དུ།)མཐོང་བས་སྤང་བྱའི་ཉོན་མོངས་ རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་པ་ ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་ཐེག་ཆེན་པའི་ལུགས་ལ་མཐོང་ལམ་གྱིས་ཉོན་སྒྲིབ་དང་ སྒོམ་ལམ་གྱིས་ཤེས་སྒྲིབ་གཙོ་ཆེར་སྤང་བ་ལ་དགོངས་པའོ། །ཆོས་གསུམ་པོ་ཐམས་ཅད་ཀྱི་ ཕྱོགས་གཅིག་ནི་མཐོང་སྤང་དང་ཟག་མེད་ཀྱིས་བསྡུས་པ་རྣམས་བོར་བ་དག་གོ། དེའང་ཆོས་ གསུམ་དུ་བསྟན་པས་དེ་སྤང་བའི་བདག་སྒོམ་པ་ཕུན་སུམ་ཚོགས་པ་དང་ལྡན་པར་མངོན་ པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་ལྟར་དུ་ཞིག་ཅིའི་ཕྱིར་སྤང་བར་བྱ་བ་མ་ཡིན་པར་བརྟག་ ཅེ་ན། འགོག་ལམ་ལ་སོགས་པ་ཟག་པ་མེད་པ་ནི་སྐྱོན་མེད་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་ པར་བལྟའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་(ཐུན་མོང་བ་ལྟར་ན་)ཟག་པའི་ས་བོན་ཅན་ ནམ། (ཐེག་ཆེན་པ་ལྟར་ན་)རྟོག་པའི་བདག་ཉིད་ཅན་སྒོམ་སྤང་ཡིན་པས་མ་གཏོགས་པར། དེ་ 1-1-281 ལས་གཞན་པའི་ཕུང་པོ་ལྔ་རྣམས་དང་། སེམས་ཀྱི་ཁམས་བདུན་གཟུགས་སྒྲ་ཆོས་གསུམ་ དང་བཅས་པ་བཅུ་དང་། གཟུགས་དང་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་བཞིའི་ཕྱོགས་ནི་ འཇིག་རྟེན་ལས་འདས་པའི་མཉམ་གཞག་དང་དེའི་རྗེས་ཐོབ་དེ་བཞིན་དུ་སྣང་བ་ལ་སོགས་ པས་བསྡུས་པ་རྣམས་སོ། །ཡང་ན་སྔར་(ཟག་མེད་དུ་)བཤད་པ་ལྟར་ཡིད་དང་ཆོས་དང་ཡིད་ ཤེས་ཀྱི་ཁམས་གསུམ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱི་ཕྱོགས་ལམ་བདེན་དང་ འདུས་མ་བྱས་ཀྱིས་བསྡུས་པ་རྣམས་སོ། །དེའང་ཆོས་དུ་མ་བསྟན་པས་བདག་གྲུབ་པ་དང་ བདེན་པ་དང་རྟག་པའི་ངོ་བོ་སྤང་བྱ་མ་ཡིན་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། དྲུག་པ་རྟེན་འབྲེལ་ལ། སྤྱི་དོན་དང་། གཞུང་དོན་ནོ། །དང་པོ་ལ་དྲུག་སྟེ། མཚན་ཉིད། དབྱེ་བ། བསྡུ་བ། འབྱུང་ཚུལ། ས་མཚུངས། ངེས་ཚིག་གོ། དང་པོ་སྤྱིའི་མཚན་ཉིད་ནི། ཆོས་ ཐམས་ཅད་དཔྱད་ན་སྟོང་པ་ཉིད་དུ་གནས་ཀྱང་སྣང་ཙམ་དུ་གང་ལ་བརྟེན་ནས་གང་འབྱུང་བ་ དེ། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་ ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་ ལྟར་རོ། ། དབྱེ་བ་ལ། ཀུན་ནས་ཉོན་མོངས་པ་འཁོར་བའི་ཕྱོགས་ཀྱི་རྟེན་འབྲེལ་དང་། རྣམ་པར་ བྱང་བ་མྱ་ངན་ལས་འདས་པའི་ཕྱོགས་ཀྱི་རྟེན་འབྲེལ་གཉིས་ཏེ། དང་པོ་ལའང་ཕྱི་སྣོད་དང་། ནང་སེམས་ཅན་གྱི་རྟེན་འབྲེལ་གཉིས་སོ། །སེམས་ཅན་ལའང་ཐེག་བསྡུས་སུ། ངོ་བོ་ཉིད་ རྣམ་པར་འབྱེད་པའི་རྟེན་འབྲེལ་ཀུན་གཞི་ལས་ཆོས་ཐམས་ཅད་འབྱུང་བ་དང་། སྡུག་པ་དང་ མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་། ཉེ་བར་སྤྱོད་པ་ཅན་གྱི་ རྟེན་འབྲེལ་རྣམ་པར་ཤེས་པ་ཚོགས་དྲུག་སྟེ་གསུམ་གསུངས་ཤིང་། དེའི་དང་པོ་ནི་ཟབ་ཅིང་ ཕྲ་བས་ཐེག་ཆེན་པ་ཁོ་ན་ལ་བསྟན་ལ། ཕྱི་མ་དག་ནི་ཐམས་ཅད་ལ་ཐུན་མོང་དུ་བསྟན་པའོ། ། 1-1-282 ཡན་ལག་བཅུ་གཉིས་ནི། (སྡོམ་དུ་བྱས་ན།)མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་ མཆེད་རེག་པ་དང་། །ཚོར་བ་སྲེད་པ་ལེན་པ་དང་། སྲིད་པ་སྐྱེ་བ་རྒ་ཤིའོ། །དེའང་ཡང་དག་ པའི་དོན་མཐོང་བ་ལ་སྒྲིབ་པར་བྱེད་པ་མ་རིག་པ་དང་། དེའི་དབང་གིས་ཀུན་གཞི་ལས་ཀྱི་ ས་བོན་འདེབས་པར་བྱེད་པ་འདུ་བྱེད་དང་། ས་བོན་དང་མཐུན་པར་སྐྱེ་གནས་སུ་འཁྲིད་པར་ བྱེད་པ་རྣམ་པར་ཤེས་པ་དང་། ཁྲིད་པ་ལྟར་ལུས་ཀུན་ཏུ་འཛིན་པར་བྱེད་པ་མིང་དང་གཟུགས་ དང་། བཟུང་བ་ལྟར་ལུས་ཡོངས་སུ་རྫོགས་པར་བྱེད་པ་སྐྱེ་མཆེད་དྲུག་དང་། དེའི་མཐུ་ལས་ གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པར་བྱེད་པ་རེག་པ་དང་། བཅད་པ་ལྟར་བདེ་ སོགས་ལ་ཉེ་བར་སྤྱོད་པར་བྱེད་པ་ཚོར་བ་དང་། དེའི་དབང་གིས་ལས་དང་མཐུན་པའི་ཡང་ སྲིད་སྡུད་པར་བྱེད་པ་སྲེད་པ་དང་། སྲེད་པ་ལྟར་རྣམ་ཤེས་སྐྱེ་བ་ལ་སྦྱོར་བར་བྱེད་པ་ལེན་པ་ དང་། སྦྱར་བ་ལྟར་ཡང་སྲིད་སྐྱེ་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་སྲིད་པ་དང་། དེའི་དབང་ གིས་སྡུག་བསྔལ་གྱི་ཕུང་པོ་འགྲུབ་པར་བྱེད་པ་སྐྱེ་བ་དང་། དེའི་ཉེས་དམིགས་ན་ཚོད་དང་ སྲོག་འགྱུར་བར་བྱེད་པ་རྒ་ཤི་ཞེས་བྱ་བ་འཁོར་བར་ཀུན་ནས་ཉོན་མོངས་པར་བྱེད་པ་རྣམས་ ཏེ། དབུས་མཐར། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །འཁྲིད་པའི་ཕྱིར་དང་ཀུན་འཛིན་ ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར། །སྦྱོར་ བའི་ཕྱིར་དང་མངོན་དུའི་ཕྱིར། །སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས། །ཞེས་གསུངས་པ་ ལྟར་རོ། ། བསྡུ་བ་ལ་གཉིས་ལས། (དང་པོ།)རྒྱུ་འབྲས་ཚར་དུ་ཡིས་བསྡུས་པ་ནི། བྱེ་བྲག་ཏུ་སྨྲ་བའི་ ལུགས་ཀྱིས། དང་པོ་གཉིས་རྒྱུ་དང་། རྣམ་ཤེས་ལ་སོགས་པ་ལྔ་འབྲས་བུ་དང་། སྲེད་ལེན་ སྲིད་པ་གསུམ་རྒྱུ་དང་། རྒ་ཤི་གཉིས་འབྲས་བུ་སྟེ་ཚར་གཉིས་ཀྱིས་བསྡུས་པར་ཡང་འདོད་ མོད། འདི་མངལ་སྐྱེས་ཀྱི་སྲིད་པ་གཅིག་གི་མགོ་བརྩམས་ནས་འཇུག་རྫོགས་ཀྱི་བར་ལ་རྒྱུ་ 1-1-283 འབྲས་ཚར་གཅིག་ཏུའང་འདུ་བ་ཡིན་ཏེ། དེའི་གོ་རིམ་ནི་དང་པོ་གསུམ་གྱི་རྗེས་སུ་སྲེད་ལེན་ སྲིད་པ་གསུམ་སྦྱར་བའོ། ། (གཉིས་པ།)ཚེ་དུ་ལ་རྫོགས་པར་བསྡུས་པ་ལའང་། ཉན་ཐོས་པའི་ལུགས་ཀྱིས། །སྔོན་དང་ ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་དང་པོ་གཉིས་ཚེ་ སྔ་མ་དང་། དེ་ནས་བརྒྱད་བར་མ་དང་། དེ་ནས་གཉིས་ཚེ་ཕྱི་མ་ལ་འགྲུབ་པས་ཚེ་གསུམ་གྱི་ ཕུང་པོ་ལྔའི་གནས་སྐབས་ལ་རྫོགས་པར་འདོད་མོད། འདིར་ནི་ཡང་སྲིད་འཕེན་བྱེད་སྐྱེས་ ནས་མྱོང་འགྱུར་འགའ་ཞིག་ཚེ་གཉིས་ལ་རྫོགས་པ་སྲིད་དེ། དེའང་ཚེ་འདིར་མ་རིག་པའི་ དབང་གིས་ལས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་ནས། ལས་དེ་ཇི་ལྟར་འོང་བའི་སྲེད་ ལེན་གྱིས་བརླན་པས་འཆི་ཁར་སྲིད་པ་མཐུ་ཅན་དུ་གྱུར་ཅིང་ཤི་འཕོས་པ་དང་། ཚེ་གཉིས་ པར་ཉིང་མཚམས་སྦྱར་བ་ན། མིང་གཟུགས་ལ་སོགས་པ་བཞི་དང་སྐྱེ་བ་དང་རྒ་ཤི་འགྲུབ་པ་ ལྟ་བུའོ། །གཞན་ནི་ངེས་པ་མེད་དེ། ཚེ་རབས་མང་པོས་སྐྱེ་བ་གཅིག་འཕེན་པ་སྲིད་པའི་ཕྱིར་ དང་། ལས་འགའ་ཞིག་རྣམ་པར་སྨིན་པའི་ལུས་བསྐལ་པ་བརྒྱའི་ཕ་རོལ་ལ་སོགས་པར་ འབྱུང་བ་སྲིད་པའི་ཕྱིར་རོ། །འབྱུང་ཚུལ་ནི། མ་རིག་པ་ལ་རྒྱུ་མེད་ན་འཁོར་བ་ཐོག་མ་ཅན་ དུ་འགྱུར་ལ། རྒ་ཤི་ལ་འབྲས་བུ་མེད་ན་ལམ་མ་བསྒོམས་ཀྱང་འཁོར་བ་མཐའ་ཅན་དུ་འགྱུར་ ཞིང་། དེ་དག་ལ་རྒྱུ་འབྲས་ལ་སོགས་པ་ཡོད་ན་ཡན་ལག་བཅུ་གཉིས་ལས་མིང་བར་འགྱུར་ རོ་ཞེ་ན། དེ་ལྟ་བུའི་སྐྱོན་མེད་དེ། མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་ བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་པ་ལྟར་བཅུ་གཉིས་པོ་ཡང་གསུམ་དུ་འདུ་ཞིང་། དེའང་ དབུ་མ་རྟེན་འབྲེལ་སྙིང་པོར། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །ཞེས་པ་ལྟར། (དང་པོ་)མ་རིག་པ་དང་(བརྒྱད་པ་) སྲེད་(དགུ་པ་)ལེན་གསུམ་ཉོན་མོངས་པ་དང་། (གཉིས་པ་)འདུ་བྱེད་དང་(བཅུ་པ་)སྲིད་པ་གཉིས་ 1-1-284 ལས་དང་། ལྷག་མ་རྣམ་ཤེས་སོགས་བདུན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཡིན་ལ། དེ་ རྣམས་ཀྱི། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། ། གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་པ་ལྟར་ཉོན་ མོངས་གསུམ་གྱིས་ལས་གཉིས་བྱས་པ་ལས་གཞི་བདུན་འབྱུང་ཞིང་། དེ་དག་ལས་ཀྱང་ཉོན་ མོངས་པ་འབྱུང་བས། སྒོ་ང་ལས་བྱ་དང་བྱ་ལས་སྒོ་ང་ལྟར་ཕན་ཚུན་འཁོར་བའི་ཚུལ་གྱིས་ འབྱུང་བའི་ཕྱིར་རོ། །མདོ་འགྲེལ་དུའང་། གང་གི་དོན་དུ་ཡན་ལག་བཅུ་གཉིས་བསྟན་པ་དེ་ ལ་མ་རིག་པ་ལ་རྐྱེན་མི་དགོས་སོ། །ཞེས་གསུངས་ཤིང་། དེ་བཞིན་དུ་རྒ་ཤི་ལའང་འབྲས་ བུ་བསྟན་མི་དགོས་ཏེ། ཡན་ལག་བཅུ་གཉིས་ནི། མངལ་སྐྱེས་ཀྱི་སྲིད་པ་གཅིག་གིས་མགོ་ མཇུག་ཚང་བ་ལ་བྱེད་ན་མི་འབྱུང་བ་རྣམས་ཡན་ལག་ཏུ་བསྟན་པའོ། །མདོ་སྡེར། མ་རིག་ པ་ནི་ཚུལ་མིན་ཡིད་ལ་བྱེད་པ་ལས་བྱུང་བའོ། །ཞེས་པ་དང་། སྒྲིབ་པ་ལྔ་དང་མ་རིག་པ་ཉིད་ ལས་བྱུང་བ་དང་། ལོག་ལྟ་དང་འདོད་ཆགས་ལ་སོགས་པ་ལས་བྱུང་བར་ཡང་གསུང་མོད། བཅུ་གཉིས་ལས་གཞན་དུ་སྟོན་པ་ནི་མ་ཡིན་ནོ། ། ས་མཚུངས་ལ་གསུམ་ལས། (དང་པོ།)ཁམས་དང་ས་ལ་རྩི་བ་ནི། ཁམས་གང་ན་རྟེན་ འབྲེལ་གང་ཡོད་ཅིང་དེ་རྣམས་ཀྱང་ས་མཚུངས་པའམ་མི་མཚུངས་པ་ཇི་ལྟར་ཡིན་སྙམ་ན། འདོད་པའི་ཁམས་ན་ཡན་ལག་བཅུ་གཉིས་པོ་རྫོགས་པར་ཡོད་ལ། ཁམས་གོང་མ་གཉིས་ན་ བཅུ་གཉིས་པོའི་ཕྱོགས་རེ་རེ་ཡོད་དེ། གོང་མ་ན་རྒ་བ་ཇི་ལྟར་ཡོད་ན་འདུ་བྱེད་རྣམས་རྙིངས་ པ་དང་དེངས་པའོ་ཞེས་འཆད་པས་སོ། །གཟུགས་མེད་ན་རྟེན་འབྲེལ་གཟུགས་ཅན་རྣམས་ མེད་དོ། །ཁམས་གསུམ་གྱིས་དགུ་པའང་རང་ས་དང་འོག་ས་དང་གོང་ས་གསུམ་མོ། །འཆི་ ས་དང་སྐྱེ་ས་དང་གཉི་ག་མ་ཡིན་པ་གསུམ་དུ་འདུའོ། །དེ་ལ་མ་རིག་པ་ལས་གཞན་པའི་ཡན་ ལག་བཅུ་གཅིག་ནི་གང་སྐྱེ་བར་འགྱུར་བ་དེའི་ས་པ་ཁོ་ནར་མཚུངས་ཏེ། ས་གཞན་གྱི་ལས་ 1-1-285 དང་ཉོན་མོངས་པས་ས་གཞན་གྱི་ཕུང་པོ་མངོན་པར་འགྲུབ་པ་མི་སྲིད་པའི་ཕྱིར་དང་། ས་པ་ གཞན་གྱི་རྣམ་སྨིན་ས་པ་གཞན་གྱིས་མྱོང་བར་འགལ་བའི་ཕྱིར་རོ། །དེའང་དོན་གསང་དུ། སྐྱེ་བའི་ས་པ་གང་ཡིན་པ་དེ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་ དེའི་ས་པ་ཁོ་ན་ཡིན་ནོ་ཞེས་པ་ལྟར་རོ། །འོ་ན་མ་རིག་པ་ཡང་གང་དུ་སྐྱེ་བར་དེའི་ས་པར་ངེས་ སམ་སྙམ་ན། དེ་ནི་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་མ་ཡིན་ཞིང་། འཕེན་པར་ བྱེད་པའི་ཉོན་མོངས་པ་ཡིན་པས་ངེས་པ་མེད་དེ། དོན་གསང་དུ། འཕེན་པར་བྱེད་པའི་ཉོན་ མོངས་པ་ནི་མ་ངེས་སོ་ཞེས་བཤད་པས་སོ། །དེས་ན་མ་རིག་པ་ནི། རང་ས་ནས་རང་སར་སྐྱེ་ བ་ལ། འདོད་པ་ནས་འདོད་པར་སྐྱེ་པ་ན་འདོད་པར་གཏོགས་པས་ཐམས་ཅད་ས་མཚུངས་ ཤིང་། ས་གོང་མ་བརྒྱད་རང་ས་ནས་རང་སར་སྐྱེ་བ་ལ་ནི་མ་རིག་པ་རང་གི་ས་པ་མེད་དེ། དེ་རྣམས་སུ་སྐྱེ་བ་འཕེན་པའི་ལས་ནི། ཞི་རགས་སུ་སྒོམ་པ་ཡིན་ལ། རང་ཉིད་རང་ས་ཞི་ རགས་སུ་སྒོམ་པ་མེད་པའི་ཕྱིར་རོ། །དེས་ན་དང་པོ་ནས་དང་པོར་སྐྱེ་ན་མ་རིག་པ་འདོད་ པར་གཏོགས་པ་ལྟ་བུ་རང་རང་ས་འོག་མར་གཏོགས་སོ། །འོན་ཀྱང་ཞིབ་མོར་ན་ཚངས་ རིས་པ་གནས་གཞན་གོང་མ་འདོད་པས། བསམ་གཏན་དང་པོའི་སེམས་དེ་ཉིད་འབྲིང་དང་ ཆེན་པོར་སྒོམ་པ་ལས་མདུན་ན་འདོན་དང་ཚངས་ཆེན་དུ་སྐྱེ་བ་ལ་ནི་མ་རིག་པ་རང་གི་ས་པ་ སྲིད་དེ། དེ་བཞིན་དུ་གོང་མ་གསུམ་ལའང་མཚུངས་སོ། །འོག་ས་ནས་གོང་དུ་སྐྱེ་བ་ལ་ནི་མ་ རིག་པ་རང་གི་ས་པ་མེད་ཅིང་། འདོད་པ་ནས་སྲིད་རྩེར་སྐྱེ་བ་ལ་མ་རིག་པ་ཅི་ཡང་མེད་པར་ གཏོགས་པ་ལྟ་བུ་སྐྱེ་སའི་འོག་མར་ངེས་པ་ཉིད་དོ། །དོན་གསང་དུ། འདོད་ཆགས་དང་མ་ བྲལ་བ་རྣམས་ལ་ས་གོང་མའི་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་པའི་ཕྱིར་དང་། ཞེས་པ་ལྟར་གོང་ མའི་མ་རིག་པ་མངོན་དུ་མི་འགྱུར་ཕྱིར་རོ། །གོང་མ་ནས་འོག་མར་སྐྱེ་བ་ལ་ཡང་མ་རིག་པ་ སྐྱེ་ས་དང་འཆི་ས་གཉི་གར་གཏོགས་པ་མེད་ཅིང་། སྲིད་རྩེ་ནས་བཞི་པར་སྐྱེ་བ་ན་མ་རིག་པ་ 1-1-286 གསུམ་པར་གཏོགས་པ་ལྟ་བུ་སྐྱེ་སའི་འོག་མར་ངེས་ཏེ། གོང་མའི་རྟེན་ལ་འོག་མ་དོན་དུ་མི་ གཉེར་བས་འོག་མའི་ལས་གསར་པ་མི་སོག་ལ། དེར་སྐྱེ་བའི་ལས་རྙིང་པ་ནི་འོག་མའི་རྟེན་ ལ་སོག་ཅིང་། དེའང་འོག་མའི་མ་རིག་པས་ཀུན་ནས་སློང་བའི་ཕྱིར་རོ། །འོན་ཀྱང་བསམ་ གཏན་དང་པོ་ནས་འདོད་པར་སྐྱེ་བའི་མ་རིག་པ་ནི་སྐྱེ་ས་ཉིད་དུ་གཏོགས་པའོ། ། (གཉིས་པ།)དེ་ལ་རྩོད་པ་སྤང་བ་ནི། འདུ་བྱེད་ལ་སོགས་པ་བཅུ་གཅིག་སྐྱེ་ས་ཁོ་ནར་ གཏོགས་ན་གོང་ས་ནས་འོག་སར་སྐྱེ་བ་ལ་འོག་མའི་སྲེད་ལེན་འབྱུང་བས། རྟེན་གོང་མ་པ་ལ་ ས་འོག་མའི་ཉོན་མོངས་པ་འབྱུང་བར་འགྱུར་རོ་ཞེ་ན། གོང་མ་ལས་ཉམས་ཁའམ། ཉམས་མ་ ཐག་འབྱུང་བས་དེ་ལྟར་འགྱུར་བའི་སྐྱོན་མེད་པར་དོན་གསང་དུ་བཤད་ཅིང་། མཛོད་དུའང་། འཆི་འཕོ་དག་ལས་ཉོན་མོངས་ཀུན། །ཞེས་པ་དང་མཐུན་ཏེ། ལྷ་ཚེ་རིང་པོ་འཆི་ཁར་ཐར་པ་ ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་པ་ལྟ་བུའོ། ། (གསུམ་པ།)མ་རིགས་པ་ལ་དཔྱད་པ་ནི། སྐབས་འདིའི་མ་རིག་པ་མཐོང་སྤང་དང་སྒོམ་ སྤང་དག་ལས་གང་ཡིན་སྙམ་ན། མདོ་འགྲེལ་དུ། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་ དང་བྲལ་ན་འབྱུང་བ་མེད། །ཅེས་པ་དང་། འགྲེལ་པར་ཡང་། བདེན་པ་མ་མཐོང་བ་རྣམས་ ཀྱི་རྒྱུད་ལ་དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ་ཞེས་པ་དང་། དོན་གསང་དུ། རྨོངས་པ་ ནི་འདིར་མཐོང་བས་སྤང་བར་བྱ་བའི་མ་རིག་པའོ། །ཞེས་གསུངས་པས་མཐོང་སྤང་ཡིན་ ཏེ། ཡང་སྲིད་འཕེན་པར་བྱེད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་རྒྱུད་བླར། འཕགས་པས་ན་དང་རྒ་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་ མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་དང་མཐུན་པ་ཉིད་ དོ། །ཡང་ཁ་ཅིག་ནི། སར་རྒྱུན་དུ་ཞུགས་པས་(རྟེན་འབྲེལ་གྱི་)ཡན་ལག་ཏུ་སྤང་བར་བརྗོད་ཅེ་ ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ། གང་ཡང་རིལ་གྱིས་ནི་མ་ཡིན་ནོ། །ཞེས་གསུངས་པས་ 1-1-287 མཐོང་སྤང་དང་སྒོམ་སྤང་གཉི་ག་ཡིན་ནོ། །ཞེས་ཀྱང་འཆད་དོ། ། ངེས་ཚིག་ནི། ས་སྡེ་ལས། མྱུར་དུ་འཇིག་པ་དང་ལྡན་པར་སྐྱེ་བས་ན་རྟེན་ཅིང་འབྲེལ་ བར་འབྱུང་བའོ། །ཞེས་པ་ལ་སོགས་པ་གསུངས་ཤིང་། མཛོད་འགྲེལ་ལས། གསུང་པའི་དོན་ ནི་ཡན་ལག་སྔ་མ་ལ་རྟེན་ཅིང་འབྲེལ་བར་ཕྱི་མ་རྣམས་འབྱུང་བ་ཡིན་ལ། ཚིག་གསལ་དང་ མཛོད་འགྲེལ་མཐུན་བར། པྲ་ཏི་ཏྱ་ཕྲད་ནས། ས་མུ་པཱ་ད་འབྱུང་བ་ཡིན་པས། རྒྱུ་དང་རྐྱེན་ ཕྲད་ཅིང་ཚོགས་པ་ལ་ལྟོས་ནས་འབྲས་བུ་རྣམས་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་ བའོ། །ཞེས་བསྟན་ཏོ། ། གཞུང་དོན་ལ་གཉིས་ལས། (དང་པོ།)དོན་གསུམ་གྱིས་བསྟན་པ་ནི། ཇི་ལྟར་དུ་ཞིག་ཅིའི་ ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བར་བརྟག་ཅེ་ན། ཤེས་པར་བྱ་བའི་དངོས་པོ་དེ་ཉིད་དོན་ བཅུས་ཡོངས་སུ་ཤེས་པར་བྱེད་དེ། དེའང་རྟེན་འབྲེལ་ཐུན་མོང་གི་མཚན་ཉིད་དང་། ཁྱད་ པར་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་དབྱེ་བ་དང་། དེ་དག་ཏུ་གྲངས་ངེས་ཚུལ་གྱི་ཡན་ལག་ མདོར་བསྡུ་བ་དང་། སྤྱིའི་བྱེད་ལས་ཡན་ལག་རྐྱེན་ཉིད་དུ་རྣམ་པར་གཞག་པ་དང་། སོ་སོའི་ བྱེད་ལས་ཡན་ལག་གི་ལས་རྣམ་པར་གཞག་པ་དང་། འབྱུང་ཚུལ་གྱིས་བསྡུ་བ་ཡན་ལག་ ཀུན་ནས་ཉོན་མོངས་པར་བསྡུ་བ་དང་། ངེས་པའི་ཚིག་སྒྲའི་དོན་དང་། བསམ་གྱིས་མི་ཁྱབ་ པའི་ཚུལ་ཟབ་པ་དང་། ཆོས་ཐམས་ཅད་ཀྱང་དེའི་རབ་ཏུ་དབྱེ་བར་བསྟན་པ་དང་། སྒོམ་ཚུལ་ ལམ་བླང་དོར་གྱི་སྒོ་ནས་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པས་ཀྱང་རྟེན་ ཅིང་འབྲེལ་བར་འབྱུང་བའི་རང་བཞིན་བསྟན་པར་བལྟའོ། ། དེའི་མཚན་ཉིད་དང་དོན་དང་ཟབ་པ་དང་རབ་ཏུ་དབྱེ་བས་ནི་རྟེན་འབྲེལ་ཙམ་འཆད་ཅིང་། གཞན་དྲུག་གིས་ནི་ཡན་ལག་བཅུ་གཉིས་གཏན་ལ་དབབ་པའོ། །ཆོས་ཀྱི་ཁམས་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་འདུས་མ་བྱས་མ་གཏོགས་པར་འདུས་བྱས་ཀྱིས་བསྡུས་ 1-1-288 པའི་ཆོས་གསུམ་པོ་ཐམས་ཅད་དོ། །བདག་སེམས་ཅན་དང་ཆོས་ཕྱི་རོལ་གྱི་དངོས་པོའམ། བདག་ནི་ལེགས་པར་དུལ་གྱུར་ན། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་པ་ལྟར་ བདག་སེམས་དང་། ཆོས་དེ་དང་འབྲེལ་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་རྟེན་འབྲེལ་ དུ་ཤེས་པས། རྒྱང་འཕེན་པ་ལྟར་རྒྱུ་མེད་ལས་བྱུང་བ་དང་། དབང་ཕྱུག་པ་ལ་སོགས་པ་ལྟར་ མི་མཐུན་པའི་རྒྱུ་རྟག་པ་ལས་བྱུང་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། (གཉིས་པ།)མཚན་ཉིད་ཀྱིས་རྒྱས་བཤད་ལ་དོན་བཅུའི། དང་པོ་(ཐུན་མོང་གི་)མཚན་ཉིད་ ཀྱིས་ཇི་ལྟ་བུ་ཞེ་ན། བྱེད་པོ་ཚངས་པ་ལ་སོགས་པའི་ཀུན་སློང་ལས་བྱུང་བ་བསལ་བའི་ཆེད་ དུ། མདོ་ལས། འདི་ཡོད་ན་འདི་འབྱུང་ཞེས་པ་ལྟར། རྐྱེན་ཚོགས་པ་ཡོད་ན་འབྲས་བུ་འབྱུང་ གི་འདི་བསྐྱེད་པར་བྱའོ་སྙམ་པའི་བློའི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང་། གཡོ་བ་ ལས་མ་བྱུང་ཡང་བདག་སོགས་རྟག་པ་ལས་འབྱུང་བ་བསལ་བའི་ཆེད་དུ། འདི་སྐྱེས་པའི་ ཕྱིར་འདི་སྐྱེས་ཞེས་པ་ལྟར། སྐྱེ་ལྡན་འཇིག་པར་ངེས་པ་མི་རྟག་པའི་རྐྱེན་ལས་བྱུང་བ་དང་། གཡོ་བ་མེད་ཅིང་མི་རྟག་པ་ལས་འབྱུང་ཡང་རྐྱེན་གང་རུང་རུང་ལས་འབྲས་བུ་ཐམས་ཅད་ འབྱུང་བ་བསལ་པའི་ཆེད་དུ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལྟར། རང་རང་གི་ འབྲས་བུ་སྐྱེད་ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རྟེན་འབྲེལ་གྱི་མཚན་ཉིད་ཅན་དུ་འགྱུར་རོ། ། མདོར་ན། རྐྱེན་དུ་འོས་པ་ལས་སྐྱེ་བ་ཞེས་པ་སྟེ། འདིས་ནི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ ཀྱི་མཚན་ཉིད་བསྟན་ཞིང་། ཀུན་ནས་ཉོན་མོངས་ཅན་ནང་གི་རྟེན་འབྲེལ་གྱི་མཚན་ཉིད་ནི། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་རྐྱེན་ལས་སྐྱེས་པའོ། ། (གཉིས་པ་ཁྱད་པར་དུ།)ཡན་ལག་རྣམ་པར་དབྱེ་བ་ཇི་ལྟ་བུ་ཞེ་ན། སྲིད་པ་འཁོར་པའི་ཡན་ ལག་བཅུ་གཉིས་རྣམས་ཏེ། ཞེས་གྲངས་ཀྱི་དབྱེ་བས་བསྟན་ནས། རྒྱུ་རྐྱེན་ཚོགས་པ་ལས་ རྟེན་ཅིང་འབྲེལ་བར་འབྲས་བུ་འབྱུང་བའི་ཡན་ལག་བཅུ་གཉིས་མིང་གི་དབྱེ་བས་འཆད་པ་ 1-1-289 ན། མ་རིག་པ་དང་མི་ཤེས་པ་དང་མ་མཐོང་བ་དང་མ་རྟོག་པ་དང་མུན་པ་དང་རྨོངས་པ་ལ་ སོགས་པ་ནི་རྣམ་གྲངས་ཡིན་ལ། ངོ་བོ་ནི། ཡང་སྲིད་ཀྱི་རྒྱུ་ལས་ཀུན་ནས་སློང་ནུས་གང་ ཞིག་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་བའི་སེམས་བྱུང་སྒྲིབ་པའི་བདག་ཉིད་དེ། མདོ་འགྲེལ་དུ། ཡོད་པ་དག་ནི་འགོག་པ་དང་། །གཞན་པ་ཉིད་དང་འདྲ་བ་དང་། །སྨད་དང་ ཉུང་དང་འབྲལ་དོན་དང་། །གཉེན་པོ་རྣམས་ལ་འདི་ཡིན་ནོ། །ཞེས་དགག་སྒྲ་དོན་བདུན་ལ་ འཇུག་པར་གསུངས་པ་ལས། འདིར་ནི། རིག་(པའི་)མི་མཐུན་ཆོས་གཞན་(ལ་)མ་རིག །(མཛའ་ བའི་མི་མཐུན་པ་)མི་མཛའ་(བདེན་པའི་མི་མཐུན་པ་)མི་བདེན་(ཞེས་པ་)ལ་སོགས་བཞིན། །ཞེས་པ་ལྟར་ རིག་པའི་མི་མཐུན་པ་ལ་མ་རིག་པ་ཞེས་བརྗོད་པའོ། །འདུ་བྱེད་དང་ཞེས་པ་ཡང་སྲིད་འཕེན་ པར་ནུས་པའི་སྒོ་གསུམ་གྱི་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ འདུ་བྱེད་རྣམས་སོ། །རྣམ་པར་ཤེས་པ་དང་ཞེས་པ་ལས་ཀྱི་བག་ཆགས་དང་ལྡན་པའི་ཀུན་ གཞི་སྟེ། དེའང་ས་བོན་བཞག་ཙམ་རྒྱུ་དུས་ཀྱི་རྣམ་ཤེས་དང་། ནུས་པ་བརྟས་ནས་སྐྱེ་གནས་ སུ་ཁྲིད་པའི་ཚེ་འབྲས་བུའི་དུས་ཀྱི་རྣམ་ཤེས་སོ། །མིང་དང་གཟུགས་ཞེས་པ་ཀུན་གཞིའི་རྣམ་ ཤེས་མངལ་དུ་ཞུགས་པ་ལས་གྲུབ་པའི་མིང་བཞི་དང་གཟུགས་ཀྱི་ཕུང་པོ་དབང་པོ་མ་དོད་ ཀྱི་བར་རྣམས་སོ། །སྐྱེ་མཆེད་དྲུག་དང་ཞེས་པ་དེར་མིང་དང་གཟུགས་འཕེལ་བ་ལས་མིག་ ལ་སོགས་པའི་དབང་པོ་དྲུག་ཚང་བའོ། །རེག་པ་དང་ཞེས་པ་གསུམ་འདུས་ནས་བདེ་སོགས་ འབྱུང་བ་དང་མཐུན་པའི་དབང་པོའི་འགྱུར་བ་ཡུལ་ཡོངས་སུ་གཅད་པ་སྟེ་མིག་གི་འདུས་ཏེ་ རེག་པ་ལ་སོགས་པའོ། །ཚོར་བ་དང་ཞེས་པ་རེག་པ་ལ་བརྟེན་ནས་སིམ་པ་དང་གདུང་བ་དང་ གཉི་ག་མ་ཡིན་པ་ཉམས་སུ་མྱོང་བ་སྟེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་ བ་ལ་སོགས་པའོ། །སྲེད་པ་དང་ཞེས་པ་ཚོར་བས་བདེ་སོགས་མྱང་བ་རྣམས་ལ་བླང་དོར་དུ་ འདོད་ཆགས་ཤིང་ཞེན་པ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པ་རྣམས་ 1-1-290 སོ། །ལེན་པ་དང་ཞེས་པ་སྲེད་པ་འཕེལ་པ་ལས་དངོས་སུ་བླང་དོར་གྱི་སྒོ་ནས་རྩོད་ཅིང་ཡང་ སྲིད་ཉེ་བར་ལེན་པར་བྱེད་པ་སྟེ། འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་རྣམས་ཡིན་ལ། དང་པོས་འདོད་པ་དང་། གཞན་གསུམ་གྱིས་ ཁམས་ཐམས་ཅད་དུ་སྡུག་བསྔལ་འགྲུབ་པར་བྱེད་པའོ། །སྲིད་པ་དང་ཞེས་པ་ཀུན་གཞིའི་རྣམ་ ཤེས་ཉེར་ལེན་དང་བཅས་པ་ལས། ལས་ཀྱི་ས་བོན་ནུས་པ་མཐུ་ཆེན་དུ་འཕེལ་ནས། ཡང་ སྲིད་སྐྱེ་བ་བསྐྱེད་ངེས་སུ་གྱུར་པ་སྟེ། མདོ་ལས། འགྲོ་བ་རྒྱུད་ལྔའི་སྲིད་པ་དང་བར་དོའི་སྲིད་ པ་དང་ལས་ཀྱི་སྲིད་པ་རྣམས་གསུངས་པ་ལས། འདི་ནི་ལས་ཀྱི་སྲིད་པ་ཡིན་ལ། དབྱེ་ན་ ཁམས་གསུམ་གྱི་སྲིད་པ་གསུམ་མོ། །སྐྱེ་བ་དང་ཞེས་པ་ལས་ཀྱིས་སྲིད་པ་སྟོབས་ལྡན་ལས་ ཕུང་པོ་གསར་དུ་མངོན་པར་འགྲུབ་པ་སྟེ་སྲོག་དང་བཅས་པར་སྐྱེ་བའོ། །རྒ་ཤི་ནི། སྐྱེས་ཕྱིན་ ཆད་ལང་ཚོ་འགྱུར་བ་དང་བཅས་ཤིང་མཐར་སྲོག་ཀྱང་འགགས་པའོ། །རྒྱས་པར་ནི་རྟེན་ འབྲེལ་གྱི་མདོ་འགྲེལ་ལ་སོགས་པ་རྣམས་ལས་ཤེས་པར་བྱའོ། ། (གསུམ་པ་གྲངས་ངེས་ཚུལ།)ཡན་ལག་མདོར་བསྡུ་བ་ཇི་ལྟ་བུ་ཞེ་ན། སྔར་བཅུ་གཉིས་སུ་ཕྱེ་ པ་དེ་དག་མདོར་བསྡུ་ན་ཡན་ལག་བཞིར་འགྱུར་ཏེ། རྒྱུའི་དུས་ན་གང་གིས་འཕེན་པའི་ཡན་ ལག་དང་། གང་འཕང་བའི་ཡན་ལག་དང་། འབྲས་བུའི་དུས་ན་གང་གིས་མངོན་པར་འགྲུབ་ པར་བྱེད་པའི་ཡན་ལག་དང་། གང་མངོན་པར་གྲུབ་པ་ཡན་ལག་གོ། དེ་ལ་འཕེན་པའི་ཡན་ ལག་གང་ཞེ་ན་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །ཞེས་པ་སྟེ། མ་རིག་ པས་ཀུན་ནས་བསླངས་པའི་ལས་ཀྱི་བག་ཆགས་རྣམ་ཤེས་ལ་བསྒོས་ནས་མིང་གཟུགས་ ལ་སོགས་པ་འཕེན་པར་བྱེད་པའི་ཕྱིར་རོ། །འཕངས་པའི་ཡན་ལག་གང་ཞེ་ན། མིང་དང་ གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བའོ། །ཞེས་པ་སྟེ། སེམས་ཀྱི་བག་ ཆགས་ཀྱིས་མིང་གཟུགས་ལ་སོགས་པ་སྔ་མ་ལ་བརྟེན་ནས་ཕྱི་མ་འགྲུབ་པའི་ས་བོན་བརྟས་ 1-1-291 པར་བྱས་ཤིང་འཕངས་པའི་ཕྱིར་རོ། །མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་གང་ཞེ་ན། སྲེད་པ་དང་། ལེན་པ་དང་། སྲིད་པའོ། །ཞེས་པ་སྟེ། ཁམས་གསུམ་པའི་སྲེད་པ་ལས་བྱུང་ བའི་རྣམ་ཤེས་ཉེར་ལེན་དང་བཅས་པ་ལ་བརྟེན་པ་ལས་ཀྱི་སྲིད་པ་མཐུ་ཆེན་དུ་གྱུར་བས་སྐྱེ་ བ་མངོན་པར་འགྲུབ་པའི་ཕྱིར་རོ། །མངོན་པར་གྲུབ་པའི་ཡན་ལག་གང་ཞེ་ན། སྐྱེ་བ་དང་། རྒ་ཤིའོ། །ཞེས་པ་སྟེ། ཇི་ལྟར་འཕངས་ཤིང་བསྒྲུབས་པ་ལྟར་འགྲོ་བ་ཐ་དད་པའི་སྐྱེ་བ་གྲུབ་ ཅིང་། དེའི་ཉེས་དམིགས་སུ་རྒ་ཤིའང་འགྲུབ་པའི་ཕྱིར་རོ། །དེ་དག་གིས་ནི་གྲངས་ངེས་ཀྱང་ བསྟན་ཞིང་། འདིར་འདུས་བྱས་ཀྱི་མཚན་ཉིད་བཞི་ལས་གནས་པ་མ་སྨོས་པ་ནི་འཁོར་བ་ ལ་སྐྱོ་བ་བསྐྱེད་པའི་ཕྱིར་དུའོ། །སྒྲ་མི་སྙན་པ་ལ་སོགས་པ་མ་རྒས་པར་འཆི་བའང་སྲིད་པས་ རྒ་ཤི་གཉིས་ཡན་ལག་གཅིག་ཏུ་བྱས་ཤིང་སྐྱེ་མཆེད་དྲུག་མེད་ཀྱང་མིང་གཟུགས་མངལ་དུ་ འབྱུང་བས། དེ་གཉིས་ནི་ཡན་ལག་སོ་སོར་བྱས་པའོ། །བརྫུས་སྐྱེས་ལ་སྐྱེ་མཆེད་དྲུག་གི་ སྔོན་དུ་མིང་གཟུགས་མེད་ཅིང་། གཟུགས་མེད་ན་སྐྱེ་མཆེད་ལྔའང་མེད་ཀྱང་། འདི་དག་ནི་ མངལ་སྐྱེས་ཀྱི་དབང་དུ་བྱས་པའོ། ། (བཞི་པ་སྤྱིའི་བྱེད་ལས།)ཡན་ལག་རྐྱེན་ཉིད་དུ་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། ཐུན་མོང་ དུ་བསྟན་པ་ནི། བག་ཆགས་ཀྱིས་རྒྱུའི་རྐྱེན་དང་། ཤུགས་ཀྱིས་དེ་མ་ཐག་རྐྱེན་དང་། ཡིད་ བྱེད་པས་དམིགས་རྐྱེན་དང་། ལྷན་ཅིག་འབྱུང་བས་བདག་རྐྱེན་བྱེད་ཚུལ་སྟོན་པས་ཀྱང་ཡན་ ལག་སྔ་མ་སྔ་མ་རྣམས་ཡན་ལག་ཕྱི་མ་ཕྱི་མའི་རྐྱེན་ཉིད་དུ་རྣམ་པར་གཞག་པར་རིག་པར་ བྱའོ། །ཁྱད་པར་དུ་བཤད་པ་ནི། དེ་ཡང་ཡན་ལག་སོ་སོ་ཇི་ལྟར་རིགས་རིགས་སུ་སྦྱར་ཏེ་ བཤད་པ་ལས་རྟོགས་པར་འགྱུར་རོ། །དེ་ལ་ས་སྡེར། ཡན་ལག་གཟུགས་ཅན་གྱིས་གཟུགས་ ཅན་ལ་བདག་རྐྱེན་གཅིག་པུ་བྱེད་ཅིང་། གཟུགས་ཅན་གྱིས་ཤེས་རིག་ལ་དམིགས་རྐྱེན་དང་ བདག་རྐྱེན་གཉིས་བྱེད་ལ། ཤེས་རིག་གིས་གཟུགས་ཅན་ལ་བདག་རྐྱེན་གཅིག་པུ་བྱེད་ཅིང་། 1-1-292 ཤེས་རིག་གིས་ཤེས་རིག་ལ་དེ་མ་ཐག་པ་དང་དམིགས་པ་དང་བདག་རྐྱེན་གསུམ་བྱེད་ པར་གསུངས་ཤིང་། ཐེག་བསྡུས་དང་དོན་གསང་དུ། སྔ་མས་ཕྱི་མ་ལ་བདག་རྐྱེན་གཅིག་པུ་ བྱེད་པར་གསུངས་མོད། འདིར་ནི་སྤྱི་རིགས་ནས་རྐྱེན་བཞི་ཀ་བྱེད་དེ། དེའང་མ་རིག་པ་སྔར་ བྱུང་བའི་བག་ཆགས་ཀྱིས་འདུ་བྱེད་རྒྱུའི་རྐྱེན་བྱེད་དེ། མ་རིག་པའི་བག་ཆགས་ཅན་གྱི་རྒྱུད་ ལ་ཡོད་པས་ལས་ཀྱིས་ཡང་སྲིད་མངོན་པར་འདུ་བྱེད་ནུས་ཀྱི། ཡེ་ཤེས་ཅན་གྱི་རྒྱུད་ལ་ཡོད་ པས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །དེའི་དུས་ཀྱི་མ་རིག་པའི་ཤུགས་ཀྱིས་དེ་མ་ཐག་རྐྱེན་བྱེད་ དེ། མ་རིག་པའི་འཕེན་པའི་བྱེ་བྲག་གིས་འདུ་བྱེད་ཕྱི་མ་ཕྱི་མ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་ རོ། །ཡིད་ལ་བྱེད་པའི་ཚུལ་གྱིས་དམིགས་པའི་རྐྱེན་བྱེད་དེ། རྨོངས་པའི་གནས་སྐབས་དེ་ ཉིད། མཆོག་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དམིགས་པར་འགྱུར་བའི་ ཕྱིར་རོ། །ལྷན་ཅིག་འབྱུང་བའི་ཚུལ་གྱིས་བདག་པོའི་རྐྱེན་བྱེད་དེ། མ་རིག་པའི་དབང་གིས་ དེ་དང་མཚུངས་ལྡན་གྱི་སེམས་ལས་བྱུང་བ་སེམས་པ་རྣམས་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་ མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་བཞིན་སྔར་བྱུང་བའི་འདུ་བྱེད་ཀྱི། བག་ཆགས་ཀྱིས་ རྣམ་ཤེས་མིང་གཟུགས་སྐྱེད་ནུས་སུ་བྱེད་པས་རྒྱུའི་རྐྱེན་དང་། དེ་དུས་ཀྱི་འདུ་བྱེད་ཀྱི་ཤུགས་ ཀྱི་དེ་ལྟ་བུའི་རྒྱུན་འཇུག་པས་དེ་མ་ཐག་རྐྱེན་དང་། ལྷན་ཅིག་འབྱུང་བའི་འདུ་བྱེད་ཀྱིས་རྣམ་ ཤེས་ཀྱི་བདག་རྐྱེན་བྱེད་ཅིང་། ཀུན་གཞིས་འདུ་བྱེད་ཀྱི་གནས་སྐབས་ལ་མི་དམིགས་པས་ དམིགས་རྐྱེན་ནི་མི་བྱེད་དོ། །རྣམ་ཤེས་ཀྱིས་ཀྱང་མིང་བཞི་ལ་སྔ་མ་ལྟར་རྒྱུ་དང་དེ་མ་ཐག་པ་ དང་བདག་རྐྱེན་གསུམ་བྱེད་ཅིང་། སྐྱེ་བའི་ཆར་གཏོགས་ཀྱི་མིང་གིས་སེམས་ལ་མི་དམིགས་ པས་དམིགས་རྐྱེན་མི་བྱེད་ལ། གཟུགས་ལ་ནི་དེའི་ས་བོན་ཡིན་པས་རྒྱུའི་རྐྱེན་དང་། སེམས་ ཀྱི་དབང་གིས་སྐྱེ་བ་ལེན་པས་བདག་རྐྱེན་བྱེད་ཅིང་། འབྲས་བུ་ཤེས་རིག་མ་ཡིན་པས་ དམིགས་རྐྱེན་དང་དེ་མ་ཐག་རྐྱེན་མི་བྱེད་དོ། །ཕྱོགས་འདིས་ལྷག་མ་རྣམས་ལ་ཅི་རིགས་པར་ 1-1-293 སྦྱོར་རོ། །ཞེས་ཀྱང་(ཡེ་ཤེས་བཤེས་གཉེན་)གསུང་ངོ་། ། (ལྔ་པ་སོ་སོའི་བྱེད་ལས།)སྤྱིར་ཡན་ལག་གི་ལས་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། ཐམས་ ཅད་ཀྱང་སེམས་ལ་བྱ་བ་བྱེད་ཚུལ་དང་། ཡན་ལག་ཕྱི་མ་ལ་བྱ་བ་བྱེད་ཚུལ་གཉིས་གཉིས་ ཀྱིས་འཆད་ཅིང་། ཁྱད་པར་མ་རིག་པ་ཅིའི་ལས་ཅན་ཞེ་ན། དེས་ཡང་དག་པའི་དོན་ལ་ བསྒྲིབས་པས་ཅི་བདག་འདས་པའི་དུས་ན་བྱུང་ངམ་མ་བྱུང་ཞེས་ཀྱང་བྱ་བ་ལ་སོགས་པར་ཐེ་ ཚོམ་ཟ་ཞིང་། སྲིད་པ་ཉེར་ལེན་ཕུང་པོའི་དུས་གསུམ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་ པ་དང་། དེའི་དབང་གིས་ཡང་སྲིད་འཕེན་པའི་ལས་གསོག་པས་འདུ་བྱེད་རྣམས་ཀྱི་རྐྱེན་ཀྱང་ ཡིན་ནོ། །འདུ་བྱེད་རྣམས་ཅིའི་ལས་ཅན་ཞེ་ན། ལས་བཟང་ངན་གྱི་དབང་གིས་འགྲོ་བ་ལྔ་ པོ་རྣམས་སུ་སེམས་ཅན་དག་གི་ལུས་སྣ་ཚོགས་སུ་རྣམ་པར་འབྱེད་པར་བྱེད་པ་དང་། ཀུན་ གཞིའི་རྣམ་པར་ཤེས་པ་ལ་སྐྱེ་བ་ཕྱི་མ་འགྲུབ་པའི་བག་ཆགས་ས་བོན་གསོ་པའི་རྐྱེན་ཀྱང་ ཡིན་ནོ། །རྣམ་པར་ཤེས་པ་ཅིའི་ལས་ཅན་ཞེ་ན། སེམས་ཅན་རྣམས་ཀྱི་ལས་ཀྱི་བག་ཆགས་ འཁོར་བར་འཆིང་བར་བྱེད་པ་དེ་ལྷན་ཅིག་འབྱུང་བའི་ཚུལ་གྱིས་འཛིན་པ་དང་། དེ་མངལ་ དུ་ཞུགས་པ་ལས་མིང་དང་གཟུགས་འཕེལ་བར་བྱེད་པའི་རྐྱེན་ཀྱང་ཡིན་ནོ། །མིང་དང་ གཟུགས་ཅིའི་ལས་ཅན་ཞེ་ན། དེ་གྲུབ་ན་སེམས་ཅན་རྣམས་ཀྱི་ལུས་རིས་མཐུན་ཕྱི་མ་བརྟེན་ པའི་ཚུལ་གྱིས་ལེན་དུ་འཇུག་པ་དང་། དེ་ལ་བརྟེན་ནས་སྐྱེ་མཆེད་དྲུག་འབྱུང་བའི་རྐྱེན་ཀྱང་ ཡིན་ནོ། །སྐྱེ་མཆེད་དྲུག་ཅིའི་ལས་ཅན་ཞེ་ན། དེ་གྲུབ་ན་སེམས་ཅན་རྣམས་ཀྱི་ལུས་དབང་པོ་ དྲུག་ཚང་བའི་ཚུལ་གྱིས་ཡོངས་སུ་རྫོགས་པར་ལེན་དུ་འཇུག་པ་དང་། དེ་དང་ཡུལ་འདུས་པ་ ལས་རེག་པ་འབྱུང་བའི་རྐྱེན་ཀྱང་ཡིན་ནོ། །རེག་པ་ཅིའི་ལས་ཅན་ཞེ་ན། དེས་ཡུལ་ཡོངས་སུ་ གཅད་པའི་དབང་གིས་བདེ་བ་མྱང་བར་འགྱུར་བ་ལ་སོགས་པའི་ཡུལ་གྱི་ལོངས་སྤྱོད་སེམས་ ཅན་རྣམས་ལ་འཇུག་པ་དང་། དེ་དག་ལ་དམིགས་ནས་བདེ་བའི་ཚོར་བ་ལ་སོགས་པ་འབྱུང་ 1-1-294 བའི་རྐྱེན་ཀྱང་ཡིན་ནོ། །ཚོར་བ་ཅིའི་ལས་ཅན་ཞེ་ན། དེ་ལ་བརྟེན་ནས་ལས་ཀྱི་རྣམ་སྨིན་ལ་ ཉེ་བར་སྤྱོད་པས་སྐྱེ་བ་བཟང་ངན་ལ་སོགས་པའི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་ པ་དང་། བདེ་བ་དང་ཕྲད་པར་འདོད་པ་ལ་སོགས་པའི་སྲེད་པའི་རྐྱེན་ཀྱང་ཡིན་ནོ། །སྲེད་པ་ ཅིའི་ལས་ཅན་ཞེ་ན། དེའི་དབང་གིས་སེམས་ཅན་རྣམས་ཀྱི་སྐྱེ་བ་ཕྱི་མའི་རྒྱུད་རྒྱུན་མི་འཆད་ པར་འདྲེན་པ་དང་། གང་ལ་སྲེད་ཅིང་འདུན་པ་དེ་ལ་འདོད་ཆགས་ལ་སོགས་པ་འབྱུང་བས་ ལེན་པའི་རྐྱེན་ཀྱང་ཡིན་ནོ། །ལེན་པ་ཅིའི་ལས་ཅན་ཞེ་ན། ཡང་སྲིད་འཁོར་བ་ལེན་པའི་ ཕྱིར་དུ། སེམས་ཅན་རྣམས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་ལ་དམྱལ་བ་ལ་སོགས་པ་འགྲོ་ བ་བྱེ་བྲག་ཅན་དུ་ཉིང་མཚམས་སྦྱོར་བའི་ལས་ཀྱི་བག་ཆགས་བརྟས་པར་བྱས་ཏེ། སྐྱེ་བ་ཕྱི་ མ་ཉེ་བར་ལེན་པ་དང་བཅས་པར་བྱེད་པ་དང་། དེའི་དབང་གིས་ལས་ཀྱི་སྲིད་པ་མཐུ་ཆེན་ དུ་འགྱུར་བའི་རྐྱེན་ཀྱང་ཡིན་ནོ། །སྲིད་པ་ཅིའི་ལས་ཅན་ཞེ་ན། ཡང་སྲིད་འཁོར་བར་སེམས་ ཅན་རྣམས་འཕྲལ་ལ་མངོན་དུ་ཕྱོགས་ཤིང་དེ་མ་ཐག་འགྲོ་བ་གཞན་འདྲེན་པར་བྱེད་པ་དང་། རིས་མཐུན་པར་སྐྱེ་བའི་རྐྱེན་ཀྱང་ཡིན་ནོ། །སྐྱེ་བ་ཅིའི་ལས་ཅན་ཞེ་ན། སྔར་བཤད་པ་ ལྟར་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་རྣམས་སྔ་མ་སྔ་མ་ ལས་ཕྱི་མ་ཕྱི་མའི་གནས་སྐབས་གཞན་འདྲེན་པའི་རིམ་གྱིས་སེམས་ཅན་རྣམས་མངོན་པར་ འགྲུབ་པར་བྱེད་པ་དང་། དེ་ཡོད་ན་འགྱུར་བ་དང་འཇིག་པ་འབྱུང་བས་རྒ་ཤིའི་རྐྱེན་ཀྱང་ ཡིན་ནོ། །རྒ་ཤི་ཅིའི་ལས་ཅན་ཞེ་ན། སྐྱེས་ཕྱིན་ཆད་ཡང་དང་ཡང་ལང་ཚོ་ལས་དར་ལ་བབ་ པ་ལ་སོགས་པ་ན་ཚོད་འགྱུར་བ་དང་། ཚེ་རྣམ་པར་འཇིག་ཅིང་སྲོག་གི་དབང་པོ་འགྱུར་བ་ལ་ སེམས་ཅན་རྣམས་སྦྱོར་བའོ། ། (དྲུག་པ་འབྱུང་ཚུལ་གྱིས་བསྡུ་བ།)ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བས་ཇི་ལྟ་བུ་ཞེ་ན། འཕེན་བྱེད་མ་རིག་པ་གང་ཡིན་པ་དང་། འགྲུབ་བྱེད་སྲེད་པ་གང་ཡིན་པ་དང་། ལེན་པ་གང་ 1-1-295 ཡིན་པ་འདི་དག་ནི་སེམས་རབ་ཏུ་མ་ཞི་བར་འབྱུང་བ་དང་། རང་གཞན་ལ་གནོད་པ་བྱེད་པ་ དང་། ལས་དང་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པར་བསྡུའོ། ། ལས་ཀྱི་ངོ་བོ་ནི་འདུ་བྱེད་གང་ཡིན་པ་དང་། དེའི་ས་བོན་ཅན་གྱི་རྣམ་པར་ཤེས་པ་གང་ཡིན་ པ་དང་། དངོས་སུ་འགྲུབ་བྱེད་སྲིད་པ་གང་ཡིན་པ་འདི་རྣམས་ནི་འཕྲལ་དུ་ལུས་སེམས་སྡུག་ བསྔལ་བར་བྱེད་པ་དང་། ཕྱི་མ་ལ་རྣམ་སྨིན་འབྱིན་པར་བྱེད་པའི་ཕྱིར་ལས་ཀྱི་ཀུན་ནས་ཉོན་ མོངས་པར་བསྡུའོ། །དབུས་མཐའ་དང་བསྡུ་བ་ལ་སོགས་པར། རྣམ་ཤེས་སྐྱེ་བར་བསྡུས་ ཀྱང་། འདིར་ལས་སུ་བསྡུས་པ་ནི་རྣམ་ཤེས་ཙམ་མིན་གྱི། ལས་ཀྱི་བག་ཆགས་དང་ལྡན་ པའི་ཀུན་གཞིའི་རྣམ་ཤེས་ལ་དགོངས་པའོ། །ལྷག་མ་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་ དང་རེག་པ་དང་ཚོར་བ་དང་སྐྱེ་བ་དང་རྒ་ཤི་རྣམས་ནི། དང་པོ་བཞི་ད་ལྟར་སྡུག་བསྔལ་བ་ དང་། ཕྱི་མ་གཉིས་མ་འོངས་པ་ན་སྡུག་བསྔལ་བ་དང་། དྲུག་ཅར་ཡང་གནོད་པ་ཐམས་ཅད་ ཀྱི་གནས་སུ་གྱུར་པ་དང་། ཐམས་ཅད་ཀྱང་ལས་དང་ཉོན་མོངས་པ་ལས་བྱུང་བའི་སྐྱེ་བའམ་ ཚེའི་ཀུན་ནས་ཉོན་མོངས་པར་བསྡུའོ། །དེ་རྣམས་ཀྱི་དང་པོ་གཉིས་ནི་ཀུན་འབྱུང་། ཕྱི་མ་ ནི་སྡུག་བསྔལ་དུའང་འདུ་ཞིང་། གསུམ་པོ་ལ་རིམ་པ་ལྟར་ཉོན་མོངས་པ་དང་། ལས་དང་། རྣམ་པར་སྨིན་པའི་ལམ་གསུམ་ཞེས་ཀྱང་བྱ་སྟེ། རིན་ཆེན་ཕྲེང་བར། ལམ་གསུམ་ཐོག་མཐའ་ དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་དུ། ། རྒྱུ་ཅན་དུ་ནི་འཁོར་བར་འགྱུར། །ཞེས་པ་ལྟར་རོ། ། (བདུན་པ་ངེས་ཚིག་གིས་བཤད་པ་སྒྲ་)དོན་གྱིས་ཇི་ལྟ་བུ་ཞེ་ན། དབང་ཕྱུག་ལ་སོགས་པའི་བྱེད་པ་ པོ་གཞན་མེད་པར་འབྱུང་བའི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲའི་བརྗོད་བྱའི་དོན་ དང་། དེ་བཞིན་དུ་སྦྱར་ཏེ། མ་རིག་པ་ལ་སོགས་པར་རང་རང་གི་རྒྱུད་དང་བཅས་པ་ལས་ འབྱུང་བའི་དོན་དང་། རང་བཞིན་གྱིས་བདག་མེད་པས་སྐྱེ་བ་པོའི་སེམས་ཅན་མེད་པའི་དོན་ 1-1-296 དང་། རྒྱུ་རྐྱེན་ལ་རག་ལས་པས་གཞན་གྱི་དབང་ལས་འབྱུང་བའི་དོན་དང་། རྐྱེན་རྣམས་ ལའང་འདི་བསྐྱེད་པར་བྱའོ་སྙམ་པའི་བློའི་གཡོ་བ་མེད་པར་འབྱུང་བའི་དོན་དང་། ཐེར་ཟུག་ མ་ཡིན་པས་མི་རྟག་པའི་དོན་དང་། སྐྱེས་མ་ཐག་འགགས་པས་སྐད་ཅིག་པའི་དོན་དང་། རྒྱུའི་སྐད་ཅིག་འགགས་པ་དང་དུས་མཉམ་དུ་འབྲས་བུའི་སྐད་ཅིག་གཞན་འབྱུང་བས་རྒྱུ་དང་ འབྲས་བུའི་རྒྱུད་རྒྱུན་མི་འཆད་པའི་དོན་དང་། དེའང་ཐམས་ཅད་ལས་ཐམས་ཅད་མི་འབྱུང་ གི་དགེ་སྡིག་ལས་བདེ་སྡུག་འབྱུང་བ་ལྟ་བུ་རྒྱུ་དང་འབྲས་བུ་མཐུན་པའི་དོན་དང་། རྒྱུ་ཡུལ་ དབང་ཡིད་བྱེད་ས་བོན་དང་བཅས་པ་དུ་མ་ལས་འབྲས་བུ་རྣམ་ཤེས་གཅིག་སྐྱེ་བ་དང་། རྒྱུ་ ཀུན་གཞིའི་རྣམ་ཤེས་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ་ལྟ་བུ་རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་ དོན་དང་། རྒྱུ་གང་ལ་ལས་ཡོད་པ་དེ་ལ་དེའི་འབྲས་བུ་རྣམས་སྨིན་འབྱུང་གི། གཞན་གྱི་རྣམ་ སྨིན་གཞན་ལ་མི་འབྱུང་བས་རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་དོན་ནི་རྟེན་ཅིང་འབྲེལ་བར་ འབྱུང་བའི་སྒྲའི་བརྗོད་བྱའི་དོན་ཏོ། ། (བརྒྱད་པ་བསམ་གྱིས་མི་ཁྱབ་པའི་ཚུལ།)ཟབ་པས་ཇི་ལྟ་བུ་ཞེ་ན། (གཉིས་ལས་དང་པོ།)དོན་དངོས་ནི་ བཅུ་གཅིག་པོ་འདི་དག་ཟབ་པ་ལྔ་སྟེ། མི་མཐུན་པའི་རྒྱུ་དང་རྒྱུ་མེད་པར་སྨྲ་བའི་གཉེན་པོར་ བྱེད་པ་པོ་མེད་པ་དང་། རྒྱུ་དང་བཅས་པ་ལས་འབྱུང་བའི་དོན་ནི་རྒྱུས་ཟབ་པ་དང་། བདག་ མེད་པས་སེམས་ཅན་མེད་པའི་དོན་ནི་མཚན་ཉིད་ཀྱིས་ཟབ་པ་དང་། རྐྱེན་ལས་འབྲས་བུ་འབྱུང་ བའང་བློའི་གཡོ་པས་མ་བྱས་གཞན་གྱི་དབང་དང་གཡོ་བ་མེད་པའི་དོན་ནི་སྐྱེ་བས་ཟབ་པ་ དང་། མི་གནས་ཀྱང་གནས་པར་སྣང་བས་མི་རྟག་པ་དང་སྐད་ཅིག་པའི་དོན་ནི་གནས་པས་ ཟབ་པ་དང་། རྒྱུ་ལས་ འབྲས་བུ་འབྱུང་ཚུལ་ཤེས་པར་དཀའ་བས་ན་རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པ་དང་ མཐུན་པར་དང་སྣ་ཚོགས་དང་སོ་སོར་ངེས་པའི་དོན་ནི་འབྱུང་བས་ཟབ་པས་ཀྱང་རྟེན་ཅིང་ 1-1-297 འབྲེལ་པར་འབྱུང་བ་ཟབ་ཅིང་ཕྲ་ལ་བསམ་གྱིས་མི་ཁྱབ་པར་བལྟའོ། ། (གཉིས་པ།)དེའི་སྒྲུབ་བྱེད་ནི་ཡང་རང་རང་གི་དོན་རྣམས་ཆོས་ཅན་དུ་བྱས་ནས། ཟབ་ པ་ལྔ་བསྒྲུབ་བྱའི་ཆོས་སུ་བྱས་ཏེ། འདི་རྣམས་གཏན་ཚིགས་སུ་སྦྱར་ནས་ཀྱང་འཆད་མོད། ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་རྣམས་ཆོས་ཅན་དུ་བྱས་ཀྱང་རུང་བས། དེ་ཉིད་ གནས་ཚུལ་གྱི་སྒོ་ནས་ཟབ་པ་ཡིན་ཏེ། ངོ་བོ་སྐད་ཅིག་ལས་རིང་དུ་མི་གནས་པ་ཡང་ཡིན་ ལ། རིགས་འདྲ་གཞན་འབྱུང་བས་རྒྱུན་གནས་པར་ཡང་དམིགས་པའི་ཕྱིར་དང་། རྟེན་ཅིང་ འབྲེལ་བར་འབྱུང་བ་སྐྱེ་ཚུལ་གྱི་སྒོ་ནས་ཀྱང་ཟབ་པ་ཡིན་ཏེ། བློ་སྔོན་དུ་བཏང་བའི་གཡོ་བ་ མེད་པའི་རྐྱེན་ལས་འབྱུང་བ་ཡང་ཡིན་ལ། རང་རང་གི་འབྲས་བུ་སྐྱེད་པར་ནུས་པའི་རྐྱེན་ ལས་འབྱུང་བ་ཡང་དམིགས་པའི་ཕྱིར་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མཚན་ཉིད་ཀྱི་ སྒོ་ནས་ཀྱང་ཟབ་པ་ཡིན་ཏེ། དཔྱད་ན་བདག་དང་གསོ་བ་དང་སེམས་ཅན་མེད་པ་ཡང་ཡིན་ ལ། སྣང་ཙམ་དུ་ཕུང་པོའི་རྒྱུ་སེམས་ཅན་དུ་ཡང་དམིགས་པའི་ཕྱིར་དང་། རྟེན་ཅིང་འབྲེལ་ བར་འབྱུང་བ་རྒྱུའི་སྒོ་ནས་ཀྱང་ཟབ་པ་ཡིན་ཏེ། གལ་ཏེ་བདག་ནི་ཡོད་མིན་ན། །ལས་འབྲས་ འབྲེལ་བ་མི་རུང་སྟེ། །ལས་བྱས་ནས་ནི་ཞིག་པའི་ཕྱིར། །སུ་ཡི་ལས་སུ་འགྱུར་ཞེ་ན། །རྒྱུད་ གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན། །ཞེས་པ་ལྟར་དོན་དམ་པར་ ལས་བྱེད་པ་པོའི་བདག་མེད་པ་ཡང་ཡིན་ལ། ཐ་སྙད་དུ་རྒྱུད་ལ་བརྟེན་ནས་རྣམ་སྨིན་མྱོང་ བས་ལས་དང་འབྲས་བུ་ཆུད་མི་ཟ་བར་ཡང་དམིགས་ཤིང་གྲུབ་པའི་ཕྱིར་དང་། ཡང་དེ་ཉིད་ འབྱུང་ཚུལ་གྱི་སྒོ་ནས་ཟབ་པ་ཡིན་ཏེ། དཔྱད་ན་གང་གིས་བྱེད་པར་འདོད་པ་དེ་མ་སྐྱེས་པས་ བདག་ལས་འབྱུང་བ་མ་ཡིན། རྐྱེན་རྣམས་བྱེད་པ་པོ་མ་ཡིན་པས་གཞན་ལས་འབྱུང་བ་མ་ ཡིན། དེ་ཉིད་ཀྱི་ཕྱིར་རང་གཞན་གཉི་ག་ལས་འབྱུང་བ་ཡང་མ་ཡིན་ལ། སྣང་ཙམ་དུ་རྒྱུ་རྐྱེན་ ཚོགས་པ་ལས་འབྲས་བུ་འབྱུང་བས། རྒྱུ་རང་གི་བྱེད་པ་མེད་པ་དང་། རྐྱེན་གཞན་གྱི་བྱེད་པ་ 1-1-298 མེད་པ་དང་། གཏན་ནས་རྒྱུ་མེད་པ་དང་། གཏན་ནས་རྒྱུ་མེད་པ་ལས་འབྱུང་བ་ཡང་མ་ཡིན་ པས་ཕྱིར་རོ། །ཡང་ན་ཐམས་ཅད་རྐྱེན་ལ་ལྟོས་པའི་ཕྱིར་བདག་ཉིད་ལས་མ་ཡིན། རྐྱེན་ཡོད་ ཀྱང་ས་བོན་མེད་ན་མི་སྐྱེ་བའི་ཕྱིར་གཞན་ལས་མ་ཡིན། བློའི་གཡོ་བ་ལ་ལྟོས་པ་མེད་པའི་ ཕྱིར་གཉི་ག་ལས་མ་ཡིན་ཞིང་། རེ་ཞིག་ས་བོན་དང་རྐྱེན་ནུས་ལྡན་ལས་བྱུང་ཕྱིར་བའི་རྒྱུ་ རྐྱེན་མེད་པ་ལས་ཀྱང་འབྱུང་བ་མ་ཡིན་ཏེ། འགྲེལ་བར། རང་གི་ས་བོན་ལས་ཏེ་གཞན་ལས་ མིན། །དེ་ལ་ལྟོས་ཕྱིར་བདག་གིས་བྱས་མ་ཡིན། །གཡོ་བ་མེད་ཕྱིར་གཉིས་ཀྱིས་མ་བྱས་ ལ། །དེ་ནི་ནུས་པ་རྒྱུ་མེད་འབྱུང་མ་ཡིན། །ཞེས་པ་ལྟར་རོ། །དེ་ལྟར་ཤིན་ཏུ་ཕྲ་ཞིང་རྟོག་པར་ དཀའ་བ་དེའི་རྟེན་ཅིང་འབྲེལ་བར་འབྱུང་བ་མཆོག་ཏུ་ཟབ་པར་རིག་པར་བྱའོ། ། (དགུ་པ་ཆོས་ཐམས་ཅད་ཀྱང་དེའི་)རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། མིག་དང་གཟུགས་ལ་བརྟེན་ ནས་མིག་ཤེས་འབྱུང་བ་ལྟ་བུའི་རྣམ་པར་ཤེས་པ་འབྱུང་བའི་རབ་ཏུ་དབྱེ་བ་དང་། བཅུད་ཀྱི་ འཇིག་རྟེན་གྱི་དབང་དུ་བྱས་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་འཆི་འཕོ་པ་དང་ སྐྱེ་བའི་རབ་ཏུ་དབྱེ་བ་དང་། ས་བོན་དང་མྱུ་གུ་དང་སྡོང་བོ་དང་སྦུ་གུ་དང་འདབ་མ་དང་མེ་ཏོག་ དང་འབྲས་བུ་རྣམས་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བ་ཕྱིའི་ལོ་ཏོག་འབྱུང་བའི་རབ་ཏུ་དབྱེ་ བ་དང་། སྣོད་ཀྱི་འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཐུན་མོང་གི་ལས་ལ་བརྟེན་ནས་འཇིག་པ་ ཆགས་པའི་རབ་ཏུ་དབྱེ་བ་དང་། ཟས་བཞི་ལ་བརྟེན་ནས་སེམས་ཅན་རྣམས་ཁམས་གསུམ་ དུ་གནས་པ་ཟས་ཀྱིས་བརྟན་པའི་རབ་ཏུ་དབྱེ་བ་དང་། ལེགས་སྤྱད་དང་ཉེས་སྤྱད་ལ་བརྟེན་ ནས་བདེ་འགྲོ་དང་ངན་འགྲོར་སྐྱེ་བ་འདོད་པ་དང་མི་འདོད་པའི་འགྲོ་བ་རྣམ་པར་འབྱེད་པའི་ རབ་ཏུ་དབྱེ་བ་དང་། ཐར་པའི་ལམ་ལྔ་རིམ་པ་ལྟར་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའམ། གཞན་གྱི་སྒྲ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ཡང་དག་པའི་ལྟ་བ་དང་རྣམ་པར་ གྲོལ་བ་འབྱུང་བ་རྣམ་པར་དག་པའི་རབ་ཏུ་དབྱེ་བ་དང་། རྣམ་དག་ཐོབ་པ་ལ་བརྟེན་ནས་ 1-1-299 མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་འབྱུང་བ་མཐུ་སྟོབས་ཀྱིས་རབ་ཏུ་ དབྱེ་བས་ཀྱང་འདུ་བྱེད་ཟག་བཅས་ཟག་མེད་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ རབ་ཏུ་དབྱེ་བ་རྒྱ་ཆེར་བལྟ་ཞིང་རྟོགས་པར་བྱའོ། །ལུགས་དང་མཐུན་པ་དང་ལུགས་དང་ མི་མཐུན་པ་ཇི་ལྟ་བུ་ཞེ་ན། ཀུན་ནས་ཉོན་མོངས་པའི་དབང་གིས་འཁོར་བར་འཇུག་ཚུལ་ གྱི་ལུགས་དང་མཐུན་པ་ནི་རིམ་པ་ཇི་ལྟ་བ་སྟེ། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་པ་ནས། མཐར་སྐྱེ་པའི་རྐྱེན་གྱིས་རྒ་ཤི་དང་ མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་པ་དང་འཁྲུག་པ་རྣམས་ འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ ཞེས་པ་ལྟ་བུ་དང་། (བཅུ་པ་སྒོམ་ཚུལ་ལམ་བླང་དོར་ནི་)ལུགས་དང་མི་མཐུན་པ་དང་། ཞེས་པ་ནི་རིམ་པ་ལྡོག་པ་སྟེ། རྒ་ཤི་ལ་སོགས་པ་སྐྱེ་བ་ལས་འབྱུང་། སྐྱེ་བ་སྲིད་པ་ལས་འབྱུང་། སྲིད་པ་ལེན་པ་ལས་འབྱུང་ ཞེས་པ་ནས་འདུ་བྱེད་མ་རིག་པ་ལས་འབྱུང་ཞེས་པའི་བར་ཡིན་ཞིང་། དེ་དག་ཀྱང་རིམ་པའི་ སྒོ་ནས་ཆ་གཉིས་སུ་ཕྱེ་བ་མ་གཏོགས་པ་དོན་ནི་འཁོར་བའི་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་ པར་མཚུངས་པ་ཉིད་དོ། །(འགྲེལ་པར།)བདེན་པ་ལ་སྦྱར་ནས་རྒ་ཤི་དང་། རྒ་ཤི་ཀུན་འབྱུང་བ་ དང་། རྒ་ཤི་འགོག་པ་དང་། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་པ་ལ་སོགས་པ་མས་རིམ་ གྱིས་གསུངས་པའི་འགོག་ལམ་ནི་རྣམ་བྱང་ཡིན་ཡང་བདེན་བཞི་ཚང་བའི་ཆེད་དུ་ཞར་ལས་ བྱུང་བའོ། །དེ་བཞིན་དུ་རྣམ་པར་བྱང་བའི་དབང་གིས་མྱ་ངན་ལས་འདས་པར་འཇུག་ཚུལ་ གྱི་ལུགས་དང་མཐུན་པ་ནི་ཡས་རིམ་གྱིས། མ་རིག་པ་འགགས་ན་འདུ་བྱེད་འགག འདུ་ བྱེད་འགགས་ན་རྣམ་པར་ཤེས་པ་འགག ཅེས་པ་ནས། མཐར་སྐྱེ་བ་འགགས་ན་རྒ་ཤི་ལ་ སོགས་པ་འགག ཅེས་པ་དང་། ལུགས་དང་མི་མཐུན་པ་ནི་མས་རིམ་གྱིས་(འགྲེལ་པར་)གང་ 1-1-300 མེད་ན་རྒ་ཤི་མི་འབྱུང་། གང་འགགས་ན་རྒ་ཤི་འགག ཅེས་པ་ལ་སོགས་སྐྱེ་བ་འགགས་ ནའོ་ཞེས་པ་ལ་སོགས་པའམ། ཡང་ན་སྐྱེ་བ་འགགས་ན་རྒ་ཤི་འགག སྲིད་པ་འགགས་ན་ སྐྱེ་བ་འགག ཅེས་པ་ནས། མ་རིག་པ་འགགས་ན་འདུ་བྱེད་འགག་ཅེས་པའི་བར་ཏེ། རིམ་ པ་ཙམ་མ་གཏོགས་པ་ནི་མྱ་ངན་ལས་འདས་པ་འཐོབ་ཚུལ་དུ་གཅིག་པ་ཉིད་དོ། །དེ་ལྟར་ རྟོགས་པར་གྱུར་པས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལུགས་དང་མཐུན་པ་དང་ལུགས་ དང་མི་མཐུན་པའི་སྒོམ་ཚུལ་བསྟན་པར་བལྟའོ། །དེ་ལ་ཁ་ཅིག་མ་རིག་པ་འགགས་པས་འདུ་ བྱེད་འགག ཅེས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་ཀྱི་ལུགས་ལྡོག་ཏུ་འཆད་པ་ནི་མི་ རིགས་ཏེ། དེ་ནི་རྣམ་པར་བྱང་བའི་ལུགས་མཐུན་དུ་(འགྲེལ་པ་ལ་སོགས་པར་)གསུངས་པའི་ཕྱིར་ རོ། །དེ་བས་ན་འཁོར་བ་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་རྣམས་ཀྱིས་ནི་ མ་རིགས་པ་སྤང་པའི་ཆེད་དུ་ཡང་དག་པའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། དབུ་མའི་རྩ་བར། མ་ རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ཀུན་ཏུ་འབྱུང་མི་འགྱུར། །མ་རིག་འགགས་པར་ འགྱུར་བ་ནི། །ཤེས་པ་དེ་ཉིད་བསྒོམས་པས་སོ། །ཞེས་པ་ལྟར་རོ། །དེ་ལྟར་རྩ་བ་མ་རིག་པ་ འགགས་ན་སྡུག་བསྔལ་མཐའ་དག་ལས་གྲོལ་བར་འགྱུར་ཏེ། དེ་དང་དེ་ནི་འགགས་གྱུར་ པས། །དེ་དང་དེ་ནི་མངོན་མི་འབྱུང་། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་ དག་འགག །ཅེས་པ་ལྟར་རོ། །དེ་ལྟ་བུའི་རྟེན་འབྲེལ་ཟབ་མོ་ཤེས་ན་ཡང་དག་པའི་ལྟ་བ་ལ་ བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ཏེ། (རྣམ་འགྲེལ་ལས།)ངེད་ཀྱི་དེ་ཡང་རྐྱེན་ ལས་སྐྱེས། །དེ་ཡང་བདག་མེད་ལྟ་རྟེན་ཡིན། །ཞེས་པ་དང་། (བཤེས་སྤྲིང་དུ།)རྟེན་ཅིང་འབྲེལ་ བར་འབྱུང་འདི་རྒྱལ་རྣམས་ཀྱི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ ཡང་དག་མཐོང་བ་དེས། །ཆོས་མཐོང་དེ་ཡིས་དེ་བཞིན་གཤེགས་པ་མཐོང་། ཞེས་པ་ལྟར་རོ། ། 1-1-301 (བདུན་པ།)རྐྱེན་བཞི་ལ་སོགས་པར་དབྱེ་བ་ལ་བཅུ་གཅིག་སྟེ། རྐྱེན་དང་རྟེན་མཚུངས་དེ་ མཚུངས་དང་། །ཟིན་པ་དབང་པོ་སྡུག་བསྔལ་གསུམ། །རྣམ་པར་སྨིན་པ་དང་བཅས་ཟས། ། གང་ན་ཡོད་དང་མེད་པའོ། ། དང་པོ་ལ་གཉིས་ལས་སྤྱི་དོན་ལ། རྒྱུ་དང་རྐྱེན་གྱི་ཁྱད་པར་། རྐྱེན་ལས་འབྲས་བུ་འབྱུང་ ཚུལ། ཁྱད་པར་དུས་ལ་དཔྱད་པའོ། །དང་པོ་ནི། འབྲས་བུའི་ངོ་བོར་སྐྱེད་པ་ཉེར་ལེན་གྱི་རྒྱུ་ དང་། འབྲས་བུའི་ཁྱད་པར་སྐྱེད་པ་ལྷན་ཅིག་བྱེད་པའི་རྐྱེན་ཞེས་པའམ། ཡང་ན་འབྲས་བུ་དེ་ ཐུན་མོང་མ་ཡིན་པར་སྐྱེད་པའི་ཆ་ནས་རྒྱུ་དང་། ཐུན་མོང་དུ་སྐྱེད་པའི་ཆ་ནས་རྐྱེན་ཞེས་ཀྱང་ བྱ་སྟེ། དེ་ལ་ངོ་བོ་ནི། ཆོས་གང་ཡོད་ན་དེར་གཞག་པ་ཐོབ་ཅིང་ལོག་ན་ལྡོག་པ་མེའི་དྲོ་བ་ལྟ་ བུ་དང་། ཁྱད་པར་ནི། ངོ་བོ་ལ་ཡོད་པའི་ཆོས་གང་ལོག་ཀྱང་དེར་གཞག་པ་མི་ལྡོག་པ་མེའི་ འབར་བ་ལ་སོགས་པ་ལྟ་བུའོ། ། གཉིས་པ་ནི། སྤྱི་རིགས་ནས་རིག་པས་རིག་པ་ལ་རྐྱེན་བཞི་བྱེད་དེ། ཀུན་གཞིའི་ཚོགས་ བདུན་གྱི་རྒྱུའི་རྐྱེན་དང་། རིག་པ་སྔ་མས་ཕྱི་མའི་དེ་མ་ཐག་རྐྱེན་དང་། གཞན་རིག་གིས་རང་ རིག་གི་དམིགས་རྐྱེན་དང་། ཡིད་དབང་གིས་ཡིད་ཤེས་ཀྱི་བདག་རྐྱེན་བྱེད་པ་ལྟ་བུའོ། །རིག་ པས་བེམ་པོ་ལ་རྐྱེན་གཉིས་བྱེད་དེ། ཀུན་གཞིས་ལུས་དབང་ལ་སོགས་པའི་རྒྱུའི་རྐྱེན་དང་། སེམས་པས་སྣོད་འཕེན་པ་ལ་སོགས་པའི་དམིགས་རྐྱེན་བྱེད་པ་ལྟ་བུའོ། །བེམ་པོས་བེམ་པོ་ ལ་རྐྱེན་གཉིས་བྱེད་དེ། ས་བོན་གྱིས་མྱུ་གུའི་རྒྱུའི་རྐྱེན་དང་། འབྱུང་བས་འབྱུང་གྱུར་བདག་ རྐྱེན་བྱེད་པ་ལྟ་བུའོ། །བེམ་པོས་རིག་པ་ལ་རྐྱེན་གཉིས་བྱེད་དེ། དབང་པོ་ལྔས་དབང་ཤེས་ ཀྱི་བདག་རྐྱེན་དང་། གཟུགས་སྒྲ་ལ་སོགས་པས་དམིགས་རྐྱེན་བྱེད་པ་ལྟ་བུའོ། །ཡང་མཛོད་ དུ། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། ། གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་པ་ལྟར་སྤྱིར་སེམས་སེམས་བྱུང་ཐམས་ཅད་རྐྱེན་ 1-1-302 བཞི་ལས་སྐྱེ་ཞིང་། ཁྱད་པར་སྙོམས་འཇུག་གཉིས་ནི་དམིགས་བྱེད་མ་ཡིན་པས་དམིགས་ རྐྱེན་ལས་མི་སྐྱེ་བར་རྐྱེན་གསུམ་ལས་སྐྱེ་ལ། གཞན་གཟུགས་ཅན་རྣམས་ནི་རྒྱུ་རྐྱེན་དང་ བདག་རྐྱེན་གཉིས་ལས་སྐྱེ་བ་ཡིན་ནོ། །རིག་པ་གང་ཡིན་རྐྱེན་བཞི་ལས་སྐྱེ་བའི་ངེས་པ་ནི་ མེད་དེ། དོན་དུ་ན་ཤེས་པ་འཁྲུལ་པ་ལ་དམིགས་རྐྱེན་མེད་པའི་ཕྱིར་རོ། ། གསུམ་པ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས། རྒྱུ་གཉིས་པོ་དག་འགག་པ་ལ། །བྱ་བ་ བྱེད་དོ་གསུམ་པོ་ནི། །སྐྱེ་ལ་འོ་དེ་ལས་གཞན་པ་ཡི། །རྐྱེན་དག་དེ་ལས་ལྡོག་པ་ཡིན། །ཞེས་ པ་ལྟར་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུས་འབྲས་བུ་འགག་བཞིན་པ་ལ་བྱ་བ་ བྱེད་པས་ད་ལྟར་བ་དུས་མཉམ་དུ་བསྐྱེད་ཅིང་། སྐལ་མཉམ་དང་ཀུན་འགྲོ་དང་རྣམ་སྨིན་གྱི་ རྒྱུས་འབྲས་བུ་སྐྱེ་འགྱུར་ལ་བྱ་བ་བྱེད་པས་མ་འོངས་པ་བསྐྱེད་ལ། དེ་ལས་གཞན་པ་དེ་མ་ ཐག་རྐྱེན་གྱིས་འབྲས་བུ་མ་འོངས་བ་དང་། དམིགས་རྐྱེན་གྱིས་ད་ལྟར་བ་བསྐྱེད་པས་སྔ་མ་ དག་ལས་ལྡོག་པ་སྟེ། རྒྱུ་འབྲས་དུས་མཉམ་པ་དང་མི་མཉམ་པ་གཉི་ག་འདོད་དོ། །རྒྱུ་དང་ རྐྱེན་དང་བདག་རྐྱེན་དང་བྱེད་རྒྱུ་ནི་རྣམ་གྲངས་སུ་འདོད་ཅིང་། དུས་ཐམས་ཅད་དུ་འབྲས་བུ་ བསྐྱེད་པ་ལ་མི་སྒྲིབ་པའི་བྱ་བ་ཙམ་ལ་རྐྱེན་དུ་འདོད་དོ། །ཐེག་ཆེན་པའི་ལུགས་ཀྱིས། དོན་ གསང་དུ། རྒྱུའི་རྐྱེན་དང་འབྲས་བུ་དུས་མཉམ་པ་དང་། མི་མཉམ་པ་དང་། གཉི་ག་ཡོད་པའི་ ལུགས་གསུམ་བཀོད་དེ། ས་བོན་དུ་མྱུ་གུ་དང་། མར་མེ་དང་འོད་ལ་སོགས་པ་དཔེར་བྱས་ ནས། ཀུན་རྫོབ་ཏུ་རྒྱུ་འབྲས་དུས་མཉམ་མི་མཉམ་གཉི་ཡོད་པར་བཤད་མོད་རྟོག་དཔྱོད་ ཀྱི་སར། སྐྱེས་ལ་འགོགས་པས་རྒྱུ་བྱེད་ཀྱི་མ་སྐྱེས་ལ་མ་འགགས་པས་ནི་མ་ཡིན་ནོ། །ཞེས་ གསུངས་ཤིང་། བསྡུ་བར་ཡང་། དུས་མི་མཉམ་པ་ཁོ་ན་རྐྱེན་དུ་གསུངས་པས། འདིར་སྔར་ ཡང་བཤད་པ་ལྟར་རྒྱུ་འབྲས་མཚན་ཉིད་པ་ནི་དུས་མི་མཉམ་པ་ཁོ་ནའོ། ། གཞུང་དོན་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་རྐྱེན་དུ་བརྟག་ཅེ་ན། (གཉིས་ལས་དང་པོ།)དོན་ 1-1-303 གསུམ་གྱིས་བསྟན་པ་ནི། འབྲས་བུའི་ངོ་བོ་སྐྱེད་པ་རྒྱུའི་རྐྱེན་དང་། ཁྱད་པར་ཤེས་རིག་ཕྱི་མ་ སྐྱེད་པ་དེ་མ་ཐག་པའི་རྐྱེན་དང་། ཤེས་པ་ཡུལ་གྱི་རྣམ་ལྡན་སྐྱེད་པ་དམིགས་པའི་རྐྱེན་དང་། འབྲས་བུ་འབྱུང་བ་ལ་དབང་བྱེད་པ་བདག་པོས་ཀྱང་རྐྱེན་གྱི་མཚན་ཉིད་ཅན་དུ་བལྟའོ། །དེ་ ལ་གཞི་བསྡུ་བར། དང་པོ་ནི་རྒྱུ་རྐྱེན་གཉི་ག་ཡིན་པ་དང་། ཕྱི་མ་གསུམ་རྐྱེན་ཁོ་ན་ཡིན་པར་ ཡང་གསུངས་ཤིང་། ཡུམ་ལས་ཀྱང་། རྒྱུ་དང་དེ་མ་ཐག་པ་དང་དམིགས་པ་དང་བདག་པོའི་ རྐྱེན་རྣམས་རྟོགས་པར་འདོད་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། ། ཞེས་བཀའ་སྩལ་བ་ལྟར་རོ། །ཆོས་གསུམ་གྱི་འདུས་བྱས་རྣམས་རྐྱེན་ཡིན་པར་མ་ཟད། འདུས་མ་བྱས་ཀྱང་ཡིད་ཤེས་ཀྱི་དམིགས་ཡུལ་དུ་མི་རུང་བས། ཐམས་ཅད་ཀྱང་རྐྱེན་ཡིན་ནོ། ། ཐམས་ཅད་ཀྱི་རྒྱུ་ཆོས་གསུམ་བསྟན་པས་ཆོས་བདག་གི་རྒྱུ་ལས་བྱུང་བར་མངོན་པར་ཞེན་ པ་སྤང་བའི་ཕྱིར་རོ། ། (གཉིས་པ།)མཚན་ཉིད་ཀྱིས་རྒྱས་པར་བཤད་པ་ལ་བཞི་ལས། (དང་པོ་)རྒྱུའི་རྐྱེན་གང་ཞེ་ན། ཐེག་ཆེན་ལྟར་ཆོས་གཉིས་རྒྱུའི་རྐྱེན་དུ་བསྟན་པ་དང་། ཐུན་མོང་དུ་རྒྱུ་དྲུག་རྒྱུའི་རྐྱེན་བཤད་ པའོ། ། དང་པོ་ལ། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་རྒྱུའི་ རྐྱེན་ཏེ། དེའང་སྐྱེ་བ་སྔ་མ་ལ་ས་བོན་གསོས་བཏབ་པའི་ཀུན་གཞིའི་རྣམ་སྨིན་གྱི་ཆ་ནི། སྐྱེས་ ཐོབ་ཀྱི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་ཡིན་ལ། མངོན་པར་འདུ་བྱེད་པའི་འབད་རྩོལ་དང་བཅས་ པ་ཚེ་འདིའི་འཇུག་ཤེས་དང་ལྷན་ཅིག་འབྱུང་བའི་བག་ཆགས་ཀྱིས་བསྒོས་པ་ནི་སྦྱོར་བྱུང་ གི་ཆོས་རྣམས་དང་། ཕྱི་མའི་ཀུན་གཞི་གཞན་གྱི་རྒྱུའི་རྐྱེན་ཡིན་ནོ། །ཁྱད་པར་དགེ་བའི་ བག་ཆགས་ནི་ཟག་པ་མེད་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་ཏེ། དེའང་ཐར་པ་ཆ་མཐུན་གྱི་བག་ ཆགས་སོ། །ཀུན་གཞི་ལ་གནས་པའི་བག་ཆགས་ཟག་བཅས་ཏེ། ཟག་མེད་ཀྱི་རྒྱུའི་རྐྱེན་དུ་ 1-1-304 འགྱུར་བ་ནི། དེ་ཡི་རྒྱུ་མཐུན་ཟབ་པ་དང་། སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་པ་ལྟར་འཇིག་ རྟེན་ལས་འདས་པ་ཐོབ་པའི་རྒྱུ་མཐུན་པའི་ཆོས་བསྟན་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། ། གཉིས་པ་ལ། (གཉིས་ལས་དང་པོ།)རྣམ་གྲངས་ཀྱི་དབྱེ་བས་བསྟན་པ་ནི། ཡང་རྒྱུའི་ངོ་བོ་ཉིད་ དུ་གནས་པ་བྱེད་རྒྱུ་དང་། དེའི་རྣམ་པའི་རབ་ཏུ་དབྱེ་བ་དང་། གྲོགས་གཞན་དང་ལྷན་ཅིག་ འབྱུང་བའི་རྒྱུ་དང་། དམིགས་པ་མཐུན་པར་རྟོགས་པ་མཚུངས་ལྡན་གྱི་རྒྱུ་དང་། རིགས་འདྲ་ རྒྱས་པར་འབྱུང་བ་སྐལ་མཉམ་གྱི་རྒྱུ་དང་། ཐར་པ་ལ་བར་དུ་གཅོད་པ་ཀུན་འགྲོའི་རྒྱུ་དང་། ལུས་ཡོངས་སུ་འཛིན་པ་རྣམ་སྨིན་གྱི་རྒྱུ་ཡིན་པས་ཀྱང་རྒྱུའི་རྐྱེན་དུ་བལྟའོ། །ཞེས་པ་སྟེ། བྱེད་ རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་བར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་ སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་པ་ལྟར་རོ། ། (གཉིས་པ།)སོ་སོའི་མཚན་ཉིད་རྒྱས་བཤད་ལ། ངོ་བོ་ཉིད་ཀྱིས་ཇི་ལྟར་ཞེ་ན། རང་ལས་ གཞན་པ་བྱེད་པའི་རྒྱུ། །ཞེས་རང་ཉིད་ལས་གཞན་པའི་འདུས་བྱས་ཀྱི་ཆོས་འབྲས་བུ་སྐྱེ་བ་ ལ་གེགས་མི་བྱེད་ཙམ་ཐམས་ཅད་བྱེད་རྒྱུར་འདོད་པ་ལྟར་མ་ཡིན་གྱི། འདིར་ནི་བྱེད་པ་དང་ བཅས་པའི་རྒྱུ་སྟེ། འབྲས་བུ་ལ་ཕན་འདོགས་པར་བྱེད་པས་རྒྱུའི་ངོ་བོ་ཉིད་དོ། །དེས་ན་རྒྱུ་ ཐམས་ཅད་ནི་བྱེད་རྒྱུའི་ནང་དུ་འདུས་ཤིང་། གྲོགས་ལ་སོགས་པ་ནི་དེའི་བྱེ་བྲག་ཡིན་ལ། གཞན་ལྔར་མ་འདུས་པའི་རྒྱུ་ཐམས་ཅད་ཀྱང་བྱེད་རྒྱུར་གཞག་པའི་ཆེད་དུ་དེ་ཉིད་ལོགས་སུ་ བསྟན་པའོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། འབྱུང་གནས་རྟེན་གསལ་འགྱུར་བྲལ་བསྒྱུར། ། ཡིད་ཆེས་ཡིད་ཆེས་བྱེད་དང་འཐོབ། །ཐ་སྙད་ལྟོས་དང་འཕེན་པ་འགྲུབ། །ཡོངས་འཛིན་ཆུད་ བྱེད་སོ་སོར་ངེས། །ལྷན་ཅིག་བྱེད་དང་མི་མཐུན་མཐུན། །བྱེད་རྒྱུ་ཉི་ཤུ་ཉེ་བར་མཚོན། །ཞེས་ པ་སྡོམ་དུ་བྱས་ནས་རིམ་པ་ལྟར་དཔེའི་སྒོ་ནས་ཕྱོགས་རེ་ཙམ་སྟོན་པ་སྟེ། ཕྱོགས་འདིས་དེ་ ལྟ་བུའི་རང་བཞིན་ཅན་གཞན་ལའང་ཤེས་པར་བྱའོ། །དེའང་སྔར་འབྲས་བུ་མ་བྱུང་བ་ལས་ 1-1-305 གསར་དུ་འབྱུང་བའི་བྱེད་རྒྱུ་ནི། དཔེར་ན་རྣམ་པར་ཤེས་པ་འབྱུང་བའི་རྣམ་པར་ཤེས་པ་སྐྱེད་ པའི་རྐྱེན་གྱི་ཚོགས་པ་ཚང་བ་ལྟ་བུའོ། །སྐྱེས་པ་རྒྱུན་མི་འཆད་པར་གནས་པའི་བྱེད་རྒྱུ་ནི། དཔེར་ན་སེམས་ཅན་འབྱུང་པོའི་ཉིང་མཚམས་སྦྱར་ཟིན་པ་རྣམས་དང་། འབྱུང་བ་ཚོལ་བ་ སྲིད་པ་བར་དོ་རྣམས་ཀྱི་རྒྱུན་ཟས་བཞིས་གནས་པ་ལྟ་བུའོ། །ལྟུང་བའི་གེགས་བྱས་ནས་རྟེན་ པའི་བྱེད་རྒྱུ་ནི། དཔེར་ན་སེམས་ཅན་རྣམས་ཀྱི་རྟེན་ས་ལྟ་བུའོ། །སྒྲིབ་པ་གསལ་བའི་བྱེད་ རྒྱུ་ནི། དཔེར་ན་མུན་ཁུང་གི་གཟུགས་རྣམས་ཀྱི་གསལ་བྱེད་སྒྲོན་མ་ལྟ་བུའོ། །རྒྱུན་གཞན་ དུ་འགྱུར་བའི་བྱེད་རྒྱུ་ནི། དཔེར་ན་བུད་ཤིང་གི་(མེ་དང་ཤིང་གི་འབར་འཕྲོ་ནག་པོར་འགྱུར་བའོ། །)རྒྱུན་ སོལ་བའམ་ཐལ་བར་(འབྲས་བུ་ཡིན་)འགྱུར་བར་བྱེད་པའི་མེ་ལྟ་བུའོ། །འབྲེལ་བ་གཅོད་བྱེད་ འབྲལ་བའི་བྱེད་རྒྱུ་ནི། དཔེར་ན་བརྔ་བར་བྱ་བ་ལོ་ཏོག་ལ་སོགས་པར་གཉིས་སུ་གཅོད་བྱེད་ ཟོར་བ་ལྟ་བུའོ། །ཆ་ཤས་ཡུལ་གཞན་དུ་འཕོ་ཞིང་སྒྱུར་བར་བྱེད་པའི་བྱེད་རྒྱུ་ནི། དཔེར་ན་ གསེར་ལ་སོགས་པའི་དངོས་པོའི་བཟོའི་གནས་བྱས་ནས་སྐུ་གཟུགས་དང་རྒྱན་ཆ་ལ་སོགས་ པར་བསྒྱུར་བ་དང་། བསྔོ་བས་དགེ་བ་བྱང་ཆུབ་ཏུ་བསྒྱུར་བ་ལྟ་བུའོ། །ལྐོག་གྱུར་ལ་རྗེས་ དཔག་གིས་རང་ཡིད་ཆེས་པའི་བྱེད་རྒྱུ་ནི། དཔེར་ན་གཞི་འགའ་ཞིག་ཏུ་མེ་ཡོད་པར་ཡིད་ ཆེས་པའི་རྟགས་ཡང་དག་དུ་བ་མཐོང་བ་ལྟ་བུའོ། །དེ་ཉིད་ཡང་དག་པར་ངེས་བར་བྱེད་ཅིང་ གཞན་ཡང་ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི། དཔེར་ན་བསྒྲུབ་པའི་ངག་གིས་ལ་ལ་མེ་ཡོད་ དེ་ཞེས་པའི་དམ་བཅའ་བ་དང་དུ་བ་ཡོད་པའི་ཕྱིར་ཞེས་པའི་གཏན་ཚིགས་དང་། ཚང་མང་ བཞིན་ཞེས་པའི་དཔེ་ལ་སོགས་པ་རྣམས་ཀྱིས་མེ་ཡོད་ལ་ཡིད་ཆེས་བསྐྱེད་པ་ལྟ་བུའོ། །མ་ ཐོབ་པ་འཐོབ་པའི་བྱེད་རྒྱུ་ནི། དཔེར་ན་མྱ་ངན་ལས་འདས་པ་ཐོབ་པའི་ཆེད་དུ་ཟག་མེད་ཀྱི་ ལམ་སྒོམ་པ་ལྟ་བུའམ། མཁས་པའི་ཆེད་དུ་སློབ་གཉེར་བྱེད་པ་ལྟ་བུའོ། །མིང་དོན་འབྲེལ་ བའི་ཐ་སྙད་ཀྱི་བྱེད་རྒྱུ་ནི། དཔེར་ན་བུམ་པ་ལ་སོགས་པའི་མིང་དང་ལྟོ་ལྡིར་ལ་སོགས་པའི་ 1-1-306 མཚན་མ་དང་དེ་གཉིས་དང་ལྡན་པའི་དོན་མཐོང་བ་ལས་མིང་ཇི་ལྟ་བར་མཚན་མར་བཟུང་ ནས་རྗེས་སུ་ཐ་སྙད་འདོགས་པ་ལྟ་བུའོ། གཞན་དུ་འདོད་པ་འབྱུང་བ་ལྟོས་པའི་བྱེད་རྒྱུ་ནི། སྤང་བྱ་གང་ལ་ལྟོས་ནས་གཉེན་པོ་གང་དོན་དུ་གཉེར་བ་འབྱུང་བ་སྟེ། དཔེར་ན་བཀྲེས་པ་ ལ་ལྟོས་ནས་ཟས་དོན་དུ་གཉེར་བའི་འདོད་པ་འབྱུང་བ་ལྟ་བུའོ། །གནས་སྐབས་གཞན་ནས་ གཞན་དུ་བརྒྱུད་དེ་འཕེན་པའི་བྱེད་རྒྱུ་ནི། འབྲས་བུ་ལ་རྒྱང་རིང་པོའི་རྐྱེན་ཏེ། དཔེར་ན་ཕྱི་མ་ ལ་རྒ་ཤི་འཕེན་པའི་འདིའི་མ་རིག་པ་ལྟ་བུའོ། །དེ་མ་ཐག་མངོན་པར་འགྲུབ་པའི་བྱེད་རྒྱུ་ནི། འབྲས་བུ་ལ་ཉེ་བའི་རྐྱེན་ཏེ། དཔེར་ན་འདུ་བྱེད་རྣམས་ཀྱི་དངོས་སུ་འགྲུབ་བྱེད་མ་རིག་པ་ལྟ་ བུའོ། །སྟོབས་བསྐྱེད་ཅིང་ཡོངས་སུ་འཛིན་པའི་བྱེད་རྒྱུ་ནི། ཉེར་ལེན་གྱི་རྒྱུ་དེ་ལས་གཞན་པ་ ལྷན་ཅིག་བྱེད་པའི་རྐྱེན་ཏེ། དཔེར་ན་འབྲས་བུ་ལོ་ཏོག་འབྱུང་བའི་རྐྱེན་ཞིང་དང་ཆུ་དང་ལུད་ དང་དྲོད་དང་ལ་སོགས་པས་རང་གི་ས་བོན་ལས་བྱུང་བའི་སྟོབས་བསྐྱེད་པ་ལྟ་བུའོ། །རྗེས་ སུ་མཐུན་པར་འགུགས་པས་ཕ་རོལ་གྱི་ཡིད་དུ་ཆུད་པར་བྱེད་པའི་བྱེད་རྒྱུ་ནི། ཕ་རོལ་གྱི་བློ་ དང་མཐུན་པའི་རྐྱེན་ཏེ། དཔེར་ན་རྒྱལ་པོ་མཉེས་པར་བྱ་བའི་ཆེད་དུ་རྒྱལ་པོ་ལ་ལུས་ངག་གི་ སྲི་ཞུ་བསྐྱེད་ནས་ལེགས་པར་བརྟེན་པ་ལྟ་བུའོ། །རང་བཞིན་ཐ་དད་པས་འབྲས་བུ་གཞན་ དང་གཞན་འབྱུང་བ་སོ་སོར་ངེས་པའི་བྱེད་རྒྱུ་ནི། རྐྱེན་བཟང་ངན་སྣ་ཚོགས་པ་སྟེ། དཔེར་ན་ འགྲོ་བ་རིགས་ལྔ་པོ་དག་གི་ལུས་སོ་སོར་ངེས་པར་བྱེད་པ་འགྲོ་བ་ལྔའི་རྐྱེན་ལས་ཐ་དད་པ་ ལྟ་བུའོ། །རང་གི་འབྲས་བུ་འགྲུབ་པ་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ལྷན་ཅིག་བྱེད་པའི་ རྒྱུ་ནི། རྐྱེན་རྣམས་ཕན་ཚུན་ལྟོས་ཤིང་ཚོགས་པ་སྟེ། དཔེར་ན་འབྲས་བུ་རྣམ་པར་ཤེས་པ་ བསྐྱེད་པའི་ཆེད་དུ་བདག་རྐྱེན་དབང་པོ་མ་ཉམས་པ་དང་། དམིགས་རྐྱེན་ཡུལ་ཡང་སྣང་བ་ དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་སེམས་ཀྱི་འཇུག་པ་ཡང་ཉེ་བར་གནས་པ་ལྟ་བུའོ། །འདིར་ ནི་ཕན་ཚུན་ལྟོས་པའི་ཆ་ནས་བསྟན་ལ། སྔར་ནི་ཚོགས་པ་ལས་འབྲས་བུ་འབྱུང་བའི་ཆ་ནས་ 1-1-307 བསྟན་པའོ། །གེགས་ཀྱི་སྒོ་ནས་མི་མཐུན་པའི་བྱེད་རྒྱུ་ནི། འབྲས་བུ་འབྱུང་བའི་བར་ཆད་ བྱེད་པ་སྟེ། དཔེར་ན་ལོ་ཏོག་ཕུན་སུམ་ཚོགས་པར་འབྱུང་བ་ལ་སེར་བས་བར་ཆད་བྱེད་པ་ལྟ་ བུའོ། །དེ་ལས་ལྡོག་པ་མི་མཐུན་པ་མ་ཡིན་ཞིང་མཐུན་པའི་བྱེད་རྒྱུ་ནི། འབྲས་བུ་ལ་བར་ཆད་ མི་བྱེད་ཅིང་གྲོགས་བྱེད་པ་སྟེ། དཔེར་ན་ལོ་ཏོག་ལ་བར་ཆད་བྱེད་པའི་སེར་བ་དེ་ཉིད་མེད་ ཅིང་ཆར་བ་དུས་སུ་འབབ་པ་ལ་སོགས་པ་ལྟ་བུའོ། ། (གཉིས་པ།)གྲོགས་ཀྱིས་ཇི་ལྟ་བུ་ཞེ་ན། མཛོད་དུ། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། ། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་དང་མཚན་ཉིད་མཚན་གཞི་བཞིན། ། ཞེས་ཕན་ཚུན་གཅིག་གི་འབྲས་བུ་གཅིག་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་སྟེ། འབྱུང་བ་ གཞི་ཕན་ཚུན་དང་། སེམས་སེམས་བྱུང་གཞི་ཕན་ཚུན་དང་། འདུས་བྱས་ཀྱི་མཚན་ཉིད་དང་ མཚན་གཞི་ཕན་ཚུན་ལྟ་བུའོ། །ཞེས་གསུངས་ཤིང་། འདིར་ཡང་དེ་དང་རྗེས་སུ་མཐུན་པར་ མཚན་ཉིད་ནི། འབྲས་བུའི་ཆོས་གང་དག་གྲོགས་སུ་ངེས་པའི་ཆོས་དེ་ཡོད་ན་དེ་དང་ལྷན་ ཅིག་འབྱུང་གི་གྲོགས་སུ་ངེས་པའི་ཆོས་གང་ཡང་རུང་བ་མ་ཚང་ན་ཆོས་དེའང་འབྱུང་བ་མ་ ཡིན་པ་ནི་གྲོགས་ཀྱི་སྒོ་ནས་ཕན་ཚུན་རྒྱུའི་རྐྱེན་དུ་བལྟ་སྟེ་ཞེས་པའོ། །དཔེར་བརྗོད་ནི། འདི་ ལྟ་སྟེ། གྲོགས་སུ་ངེས་པའི་འབྱུང་བ་རྣམས་ཕན་ཚུན་རླུང་མེད་པ་ན་མེ་འབར་བ་མི་འབྱུང་བ་ དང་། འབྱུང་བ་ལས་གྱུར་པ་རྣམས་ཕན་ཚུན་(བུ་རམ་ལ་སོགས་པའི་)གཟུགས་མེད་ན་རོ་མི་འབྱུང་ བ་ལྟ་བུའོ། །དེའང་རྒྱུ་འབྲས་དུས་མཉམ་དུ་སྟོན་པ་ནི་མ་ཡིན་གྱི། རྒྱུའི་ཚོགས་པ་ཚར་གཅིག་ པའི་ཆ་ནས་གཞག་པ་སྟེ། (རྣམ་འགྲེལ་དུ།)ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་ གྱི་རྒྱུ། །ཞེས་པ་ལྟར་རོ། ། (གསུམ་པ།)མཐུན་པར་རྟོགས་པས་ཇི་ལྟ་བུ་ཞེ་ན། མཚུངས་ལྡན་རྒྱུ་ནི་སེམས་རྣམས་དང་། ། སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་གསུངས་ཤིང་། འདིར་ཡང་དེ་དང་མཐུན་ 1-1-308 པར་མཚན་ཉིད་ནི། རིག་པའི་ཆོས་གང་དག་གཙོ་འཁོར་དུ་གྱུར་པ་ལྷན་ཅིག་འབྱུང་བས་ དམིགས་པ་དང་མཐུན་ཞིང་མཚུངས་པར་རྟོགས་ཀྱི། མཚུངས་ལྡན་དུ་ངེས་པའི་ཆོས་གང་ ཡང་རུང་བ་མ་ཚང་ན་དམིགས་པ་མཐུན་པར་རྟོགས་པ་མ་ཡིན་པ་དེ་དག་ཕན་ཚུན་རྒྱུའི་རྐྱེན་ དུ་བལྟ་སྟེ་ཞེས་པའོ། །མཚན་གཞི་ནི། འདི་ལྟ་སྟེ། རྟེན་མཚུངས་པའི་སེམས་དང་སེམས་ལས་ བྱུང་བ་ཕན་ཚུན་གྲོགས་བྱས་ནས་དམིགས་པ་མཐུན་པར་རྟོགས་པ་རྣམས་སོ། །དུས་མཚུངས་ པ་རྣམས་ནི་མ་ཡིན་ཏེ་རྒྱུ་འབྲས་ཡིན་པའི་ཕྱིར་རོ། །འདིས་ནི་སེམས་དང་སེམས་བྱུང་རྫས་ཐ་ དད་དུའང་བསྟན་ཅིང་། དེ་ཉིད་ལྷན་ཅིག་འབྱུང་བའི་ནང་དུ་འདུས་ཀྱང་། དམིགས་པ་རྟོགས་ པའི་གྲོགས་བྱེད་པའི་ཆ་ནས་ལོགས་སུ་བཤད་པའོ། ། (བཞི་པ།)རྒྱས་པས་ཇི་ལྟ་བུ་ཞེ་ན། སྐལ་མཉམ་རྒྱུ་ནི་འདྲ་བའོ། །རང་རིས་ས་པའོ་སྔར་ སྐྱེས་རྣམས། །ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་སྤྱིར་ སྐལ་མཉམ་གྱི་རྒྱུ་ནི། འབྲས་བུ་(དགེ་བ་ལ་སོགས་པ་དང་འདོད་པ་ལ་སོགས་པ་)རང་དང་རིགས་འདྲ་བ་ དང་མཚུངས་པ་བསྐྱེད་ཅིང་། རྒྱུ་སྔར་སྐྱེས་པས་(མཉམ་པ་དང་སྔ་བ་ལ་མ་ཡིན་གྱི་)འབྲས་བུ་ཕྱི་མ་ལ་ བྱ་བ་བྱེད་པ་ཡིན་ལ། ཁྱད་པར་བསམ་གཏན་དྲུག་དང་གཟུགས་མེད་དང་པོ་གསུམ་སྟེ་ས་ དགུ་ལ་བརྟེན་པའི་ལམ་བདེན་ཟག་མེད་ནི། ཁམས་གསུམ་དུ་མི་གཏོགས་པའི་ཕྱིར་(ས་མ་ ངེས་པར་)ཕན་ཚུན་གྱི་སྐལ་མཉམ་(གྱི་རྒྱུ་)ཡིན་ཞིང་། དེའང་འབྲས་བུ་དམན་པ་མི་བསྐྱེད་ཅིང་། མཐོང་ལམ་གྱིས་རང་ཉིད་དང་། ལམ་ཕྱི་མ་གཉིས་ཀྱིས་སྐལ་མཉམ་དང་། སྒོམ་ལམ་གྱིས་ ཀྱང་རང་ཉིད་མི་སློབ་ལམ་གྱི་སྐལ་མཉམ་དང་། (ས་དེ་གློ་བུར་དུ་འོང་ཞིང་ས་དེའི་སྲེད་པས་བདག་གིར་མ་ བྱས་པས་)མི་སློབ་ལམ་གྱི་རང་ཉིད་ཀྱི་སྐལ་མཉམ་བྱེད་པ་ལྟ་བུ་འབྲས་བུ་མཉམ་པ་དང་། ཁྱད་ པར་འཕགས་པ་དག་སྐྱེད་པའོ། །ཞེས་འབྱུང་ཞིང་། འདིར་ཡང་། སྔོན་དུ་དགེ་བ་དང་མི་དགེ་ པ་དང་ལུང་དུ་མ་བསྟན་པའི་ཆོས་རྒྱུད་ལ་བསྒོམས་ཤིང་ཀུན་ཏུ་སྤྱད་དེ་འདྲིས་པར་བྱས་ནས་ 1-1-309 ས་བོན་ཡོངས་སུ་གསོས་པ་རྣམས་ཕྱི་མའི་མཐར་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ རང་རང་གི་རིགས་འདྲ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དང་པོར་ཤིན་ཏུ་རྒྱས་པ་དང་། རྒྱུན་གྱིས་ མཆོག་ཏུ་རྒྱས་པར་འབྱུང་བ་གང་ཡིན་པ་དེའི་རིགས་འདྲ་སྔ་མ་རྣམས་ནི་ཕྱི་མ་རྒྱས་པར་བྱེད་ པས་ན་རྒྱུའི་རྐྱེན་དུ་བལྟའོ། ། (ལྔ་པ།)བར་དུ་གཅོད་པས་ཇི་ལྟ་བུ་ཞེ་ན། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། རྣམས་ ཀྱི་རང་སར་ཀུན་འགྲོ་ལྔ། །ཞེས་ཀུན་འགྲོའི་ཆོས་སྔར་སྐྱེས་པ་རྣམས་རང་སའི་ཉོན་མོངས་ པ་ཅན་གྱི་ཆོས་ཕྱི་མ་རིགས་མཐུན་མི་མཐུན་ཐམས་ཅད་ཀྱི་ཐུན་མོང་གི་རྒྱུ་ཡིན་པས་ཀུན་ འགྲོའི་རྒྱུའོ། །ཞེས་འབྱུང་ཞིང་། འདིར་ཡང་ཉོན་མོངས་པ་ཅན་གྱི་ཆོས་གང་ཞིག་རྣམ་གྲོལ་ མྱ་ངན་ལས་འདས་པའི་རྒྱུད་ཐག་བསྲིང་པའི་ཕྱིར་དུ་སྔོན་འདོད་ཆགས་ལ་སོགས་པ་ཉོན་ མོངས་གང་ཡང་རུང་བ་གོམས་པར་བྱས་པ་ལས་ཕྱིས་རིགས་འདྲ་འཕེལ་བར་མ་ཟད། རིགས་ མི་འདྲ་བ་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་གང་ཡང་རུང་པའི་རྒྱུན་རྒྱུད་ལ་རྒྱས་པར་བརྟན་ པར་བྱེད་པ་དེ་ནི་འཁོར་བར་དམ་དུ་འཆིང་བས་ཐར་བ་ལ་བར་དུ་གཅོད་པའི་རྒྱུའི་རྐྱེན་དུ་ བལྟའོ། །སྔ་མ་ནི་ཆོས་གསུམ་ཀ་ལ་ཡོད་ཅིང་རིགས་འདྲ་རྒྱས་པར་བྱེད་པ་ཡིན་ལ། འདི་ནི་ དེ་ལས་ཕྱེ་བ་ཡིན་ཡང་ཉོན་མོངས་ཅན་ཁོ་ན་ལ་ཡོད་ཅིང་། རིགས་གཞན་ཡང་རྒྱས་པར་བྱེད་ པས་ཐ་དད་དུ་བཞག་པའོ། ། (དྲུག་པ།)ཡོངས་སུ་འཛིན་པས་ཇི་ལྟ་བུ་ཞེ་ན། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་ བཅས་རྣམས་ཁོ་ན། །ཞེས་འབྱུང་ཞིང་། །འདིར་ཡང་དེ་དང་མཐུན་པར་རྣམ་སྨིན་གྱི་ལུས་ཀུན་ གཞིའི་རྣམ་ཤེས་མ་བསྒྲིབས་ལུང་མ་བསྟན་འཕེན་པའི་སྒོ་ནས་ཡོངས་སུ་འཛིན་པའི་ཕྱིར་། མི་དགེ་བ་ཐམས་ཅད་དང་། དགེ་བའི་ནང་ནས་ཟག་པ་དང་བཅས་པའི་ཆོས་རྣམས་ནི་རྣམ་ པར་སྨིན་པ་འཁོར་བའི་ཕུང་པོ་བསྐྱེད་པས་རྒྱུའི་རྐྱེན་དུ་བལྟའོ། །ཞེས་སོ། །ལུང་མ་བསྟན་ 1-1-310 ནི་ས་བོན་རུལ་བ་ལྟར་སྟོབས་ཆུང་བས་རྣམ་སྨིན་མི་བསྐྱེད་ཅིང་། དགེ་བ་ཟག་མེད་ཀྱང་སྲེད་ པའི་རླན་དང་བྲལ་བའི་ཕྱིར་རྣམ་སྨིན་གྱི་རྒྱུ་མ་ཡིན་ནོ། །དེ་རྣམས་ལས་འབྲས་བུ་འབྱུང་ཚུལ་ ནི། རྣམ་སྨིན་གྱི་འབྲས་བུ་ནི་རྣམ་སྨིན་གྱི་རྒྱུ་ལས་སྐྱེས་པ་ཡིན་ཞིང་། བདག་པོའི་འབྲས་བུ་ ནི་བྱེད་རྒྱུ་ལས་སྐྱེས་པ་ཡིན་ལ། རྒྱུ་མཐུན་གྱི་འབྲས་བུ་ནི་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ ལས་སྐྱེས་པ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་ རྒྱུ་ལས་སྐྱེས་པའི་ཡིན་ཏེ། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །བདག་པོའི་འབྲས་བུ་དང་པོའི་ ཡིན། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །ཞེས་པ་ལྟར་རོ། ། བྲལ་བའི་འབྲས་བུ་ནི་ཤེས་རབ་ཀྱིས་སྤང་བྱ་ཟད་པར་བྱས་པ་སྟེ། བྲལ་བ་བློ་ཡི་ཟད་པའོ། ། ཞེས་པའོ། ། གཉིས་པ། དེ་མ་ཐག་པས་ཇི་ལྟ་བུ་ཞེ་ན། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་ མ་མིན་མཚུངས་དེ་མ་ཐག །ཅེས་དགྲ་བཅོམ་ཐ་མ་མ་གཏོགས་པའི་སེམས་སེམས་བྱུང་སྐྱེས་ ཤིང་རྫས་མཚུངས་པ་རྣམས་འགགས་མ་ཐག་མཚུངས་ལྡན་གཞན་བསྐྱེད་པ་ནི་དེ་མ་ཐག་ རྐྱེན་ནོ། །ཞེས་འབྱུང་ཞིང་། ཚིག་གསལ་དུ། རྒྱུ་ས་བོན་ལ་སོགས་པ་འགགས་མ་ཐག་འབྲས་ བུ་མྱུ་གུ་ལ་སོགས་པ་སྐྱེ་བའི་རྐྱེན་དུ་འགྱུར་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། ། ཞེས་ཀྱང་གསུང་མོད། འདིར་ནི། རྒྱུན་མི་འཆད་པར་ཞེས་པས་རྒྱུན་འཆད་པ་དགྲ་བཅོམ་པ་ ཐ་མའི་ཤེས་པ་དེ་ཤེས་པ་གཞན་གྱི་དེ་མ་ཐག་རྐྱེན་ཡིན་པ་སེལ་ཞིང་། བར་ཆད་མེད་པ་དང་ ཞེས་པ་ནི། རྒྱུད་གཅིག་གི་རྒྱུ་འབྲས་ཀྱི་ཤེས་རིག་ལ་རིག་པ་གཞན་གྱིས་བར་དུ་ཆོད་པ་མེད་ པ་ཡིན་གྱི། (འགྲེལ་པར།)སྐད་ཅིག་གིས་བར་ཆད་མེད་པའི་ངེས་པ་ནི་མེད་དེ། སེམས་མེད་པའི་ སྙོམས་པར་འཇུག་ཁ་མའི་སེམས་ནི་ལངས་མ་ཐག་པའི་སེམས་ཀྱི་དེ་མ་ཐག་རྐྱེན་དུ་འགྱུར་ བའི་ཕྱིར་རོ། །དེ་ལ་འགགས་ནས་རིང་དུ་ལོན་པ་སྟེ་མེད་པའི་ཕྱིར་རྐྱེན་མི་རུང་ངོ་ཞེ་ན། དེ་ 1-1-311 ནི་འགགས་མ་ཐག་པ་ལའང་མཚུངས་མོད། གཉི་གའང་ཕན་འདོགས་བྱེད་དུ་འདྲ་བས་རྐྱེན་ དུ་རུང་ངོ་། །དེའང་མཐུན་པ་དང་ཞེས་པ་ནི། དགེ་བ་ལས་དགེ་བ་ལ་སོགས་པ་ངོ་བོ་མཐུན་ པ་དང་། འདོད་སེམས་ལས་འདོད་སེམས་ལ་སོགས་པ་ཁམས་མཐུན་པ་དང་། ཟག་བཅས་ ལས་ཟག་བཅས་ལ་སོགས་པ་ཆོས་མཐུན་པ་དང་། མི་མཐུན་པ་དང་ཞེས་པ་ནི། དགེ་བ་ལས་མི་དགེ་བ་ལ་སོགས་པ་ངོ་བོ་དང་། འདོད་ སེམས་ལས་གཟུགས་སེམས་ལ་སོགས་པ་ཁམས་དང་། ཟག་བཅས་ལས་ཟག་མེད་ལ་ སོགས་པ་ཆོས་མི་མཐུན་པ་སྟེ། དེ་བཞིན་དུ་འདོད་པའི་དགེ་བ་ལས་བསམ་གཏན་དང་པོའི་ དགེ་བ་འབྱུང་བ་ན་ཁམས་མི་མཐུན་ཞིང་ངོ་བོ་མཐུན་པའང་ཡིན་ལ། དེ་ལྟ་བུའི་སེམས་དང་ སེམས་ལས་བྱུང་བ་འབྱུང་ན་རྐྱེན་དང་རྐྱེན་ཅན་གཉི་ག་ཤེས་རིག་ཏུ་མཚུངས་ཤིང་སྔ་མ་ འགགས་པའི་དེ་མ་ཐག་སེམས་གཞན་གྱིས་བར་ཆད་མེད་པར་ཕྱི་མ་འབྱུང་བས་ཀྱང་སྔ་མ་དེ་ ཉིད་ཕྱི་མའི་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་བལྟའོ། །བསྡུ་བར་ཡང་། སེམས་དང་སེམས་ ལས་བྱུང་བའི་ཆོས་གང་དག་གི་མཇུག་ཐོག་ཏུ། སེམས་དང་སེམས་ལས་བྱུང་བའི་ཆོས་གང་ དག་འབྱུང་བ་དེ་དག་ནི། དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཅེས་བྱའོ། །ཞེས་གསུངས་ པ་ལྟར་རོ། །དེ་ལ་སེམས་ཐམས་ཅད་ཀྱི་རྗེས་སུ་ཐམས་ཅད་ངེས་མེད་དུ་འབྱུང་བ་ནི་མ་ཡིན་ ཞིང་། གང་གི་རྗེས་སུ་གང་འབྱུང་བའི་ཚུལ་ཐམས་ཅད་ཀྱང་བརྗོད་ཀྱིས་མི་ལང་བས། མདོར་ བསྡུ་ན། འགྲེལ་པར། སྟོབས་བཅུས་སེམས་འབྱུང་བར་གསུངས་ཏེ། (དེའི་སྡོམ་ནི།)འདྲིས་འདུན་ སྦྱོར་བ་སྙོམས་འཇུག་འཕེན། །རྒྱུ་ཡུལ་དྲན་རིག་ཉིང་མཚམས་སྦྱོར། །ཞེས་པའོ། །འདྲིས་ པའི་སྟོབས་ནི་གསུམ་སྟེ། སྙོམས་པར་འཇུག་པ་དང་གནས་པ་དང་ལྡང་བའི་རྒྱུ་མི་མངོན་པ་ ཆུང་ངུ་དང་། མངོན་ཡང་ལེགས་པར་མ་འདྲིས་པ་འབྲིང་པོ་དང་། མངོན་ཞིང་ལེགས་པར་ འདྲིས་པ་ཆེན་པོའོ། །དེའི་ཆུང་ངུས་ནི་བསམ་གཏན་བཞི་དང་གཟུགས་མེད་བཞི་ལ་རིམ་པ་ 1-1-312 ལྟར་སྙོམས་པར་འཇུག་ཅིང་། འབྲིང་བོས་ནི་འདོད་པ་ནས་གཉིས་པ་དང་། དེ་ནས་གསུམ་པ་ ལ་སོགས་པ་རེ་རེས་བར་དུ་ཆོད་པའི་ཚུལ་གྱིས་ཐོད་རྒལ་དུ་སྙོམས་པར་འཇུག་ལ། (དེ་བཞིན་ གཤེགས་པ་དང་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་གཉིས་ཀྱིས་ངེས་པར་འབྱུང་བ་ནི་མ་གཏོགས་ཏེ། དེ་གཉིས་ལ་ནི་ ཅི་དགའ་མགུར་སྙོམས་པར་འཇུག་པའི་ཕྱིར་རོ་ཞེས་)ཆེན་པོས་ནི་ཇི་ལྟར་འདོད་པར་གཉིས་པ་དང་གསུམ་ པ་ལ་སོགས་པ་ལས་བརྒལ་ཏེ་སྲིད་རྩེའི་བར་དུ་འཇུག་ཅིང་། ཐམས་ཅད་ལས་ཐོད་རྒལ་ དུ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པ་སྟེ། དེ་དག་གི་ སེམས་སྔ་མའི་རྗེས་སུ་ཕྱི་འབྱུང་བའོ། །འདུན་པའི་སྟོབས་ཀྱིས་ནི། བསམ་གཏན་གཉིས་ པའི་སེམས་ཐོབ་པ་དང་པོ་ལ་ཞུགས་ཏེ། འདོད་ན་ལྡང་བའི་ཚེ་གཉིས་པའི་སེམས་མངོན་དུ་ བྱེད་པ་དང་། འདོད་ན་འདོད་པའི་དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་མངོན་དུ་བྱེད་པ་ལྟ་ བུའོ། །སྦྱོར་བའི་སྟོབས་ཀྱིས་ནི། འདོད་པའི་དགེ་སེམས་ལས་དང་པོའི་ཉེར་བསྡོགས་དང་། དེ་ལས་དང་པོའི་དངོས་གཞི་དང་། དེ་ལས་གཉིས་པའི་ཉེར་བསྡོགས་ལ་སོགས་པ་ནས་ རིམ་པས་སྲིད་རྩེའི་བར་གྱི་སེམས་འབྱུང་བ་ལྟ་བུའོ། །སྙོམས་འཇུག་གི་སྟོབས་ཀྱིས་ནི། དག་ པ་ལ་སྙོམས་པར་ཞུགས་པའི་སེམས་ལ་རེས་འགའ་ནི་དག་པ་པའི་སེམས་སུ་སྐྱེ་ཞིང་། རེས་ འགའ་ནི་ཉོན་མོངས་པ་ཅན་དུའང་སྐྱེ་བ་ལྟ་བུའོ། །འཕེན་པའི་སྟོབས་ཀྱིས་ནི། ཏིང་ངེ་འཛིན་ ལས་ལངས་ནས་ཕྱི་རོལ་ཏུ་རྒྱུ་བ་ན། འགལ་ཟླ་ཉོན་མོངས་ལ་མངོན་གྱུར་གྱིས་མ་ཉམས་ ཀྱི་བར་དུ་མཉམ་པར་བཞག་པ་དང་མ་བཞག་པའི་སེམས་འདྲེས་མར་འབྱུང་བའོ། །འགལ་ ཟླ་ནི་སྟོབས་བཞིས་འབྱུང་སྟེ། རྒྱུའི་སྟོབས་ཀྱིས་ནི། སྔོན་ཏིང་ངེ་འཛིན་ཉམས་པར་འགྱུར་ པའི་ལས་ཀྱི་སྒྲིབ་པ་བསགས་པ་ལས་ཉོན་མོངས་པའི་སེམས་སྐྱེ་བའོ། །ཡུལ་གྱི་སྟོབས་ ཀྱིས་ནི། ཆགས་སོགས་སྐྱེ་བ་དང་མཐུན་པའི་ཡུལ་སྡུག་མི་སྡུག་ལ་སོགས་པའི་ཤས་ཆེ་བ་ མཐོང་བ་ལས་ཉོན་མོངས་པ་འབྱུང་བའོ། །དྲན་པའི་སྟོབས་ཀྱིས་ནི། དྲན་པ་དང་མཚུངས་ 1-1-313 ལྡན་གྱི་རྟོག་པ་འདས་པའི་ཡུལ་འཕྲོས་པ་ལས་ཉོན་མོངས་པ་འབྱུང་བའོ། །ཡིད་ལ་བྱེད་པའི་ སྟོབས་ཀྱིས་ནི། དཔྱོད་པའི་ཡིད་ལ་བྱེད་པས་སྡུག་པའི་མཚན་མ་ལ་སོགས་པ་ཡིད་ལ་བྱས་ པ་ལས་ཉོན་མོངས་པ་འབྱུང་བའོ། །ཉིང་མཚམས་སྦྱོར་པའི་སྟོབས་ལ། སྤྱིར་འདོད་པ་ནས་ ཤི་འཕོས་ནས་འདོད་པ་དང་གཟུགས་དང་གཟུགས་མེད་པར་སྐྱེ་བ་གསུམ་དང་། གཟུགས་ སུ་ཤི་ནས་ཁམས་གསུམ་དུ་སྐྱེ་བ་གསུམ་དང་། གཟུགས་མེད་དུ་ཤི་ནས་ཁམས་གསུམ་དུ་སྐྱེ་ བ་གསུམ་སྟེ་དགུ་ཡོད་ཅིང་། དེའི་འཆི་སེམས་དགུ་ནི་གང་དུ་སྐྱེ་བར་འགྱུར་བ་དེའི་ལུས་ལ་ སྲིད་པ་དང་མཚུངས་པར་ལྡན་པའི་ཕྱིར་རང་རང་གི་སྐྱེ་བར་གཏོགས་ལ་སྲེད་པ་དེའང་ལྷན་ སྐྱེས་དམིགས་པ་ལ་མི་དཔྱོད་པ་བསྒྲིབས་ལ་ལུང་མ་བསྟན་དེ་དེའི་དབང་གིས་སོ་སོའི་སྐྱེ་བོ་ རྣམས་དེ་མ་ཐག་བར་མ་དོའི་སྲིད་པར་ཉིང་མཚམས་སྦྱར་རོ། །འཕགས་པ་རྒྱུན་ཞུགས་དང་ ཕྱིར་འོང་རྣམས་ལ་འཆི་བའི་དུས་སུ་འདུ་ཤེས་གསལ་བའི་བར་ལ་སྲེད་པ་དེ་མངོན་གྱུར་དུ་ འབྱུང་ཡང་གཉེན་པོས་ཚར་གཅོད་ཅིང་། འཕགས་པ་ཕྱིར་མི་འོང་རྣམས་ལ་གཉེན་པོ་སྟོབས་ ཆེ་བས་མངོན་གྱུར་དུ་མི་འབྱུང་མོད། དེ་དག་ཀྱང་ས་བོན་གྱི་དབང་གིས་ཉིང་མཚམས་ སྦྱོར་རོ། །བར་སྲིད་དུ་ཉིང་མཚམས་སྦྱར་བའི་སྐད་ཅིག་ནི་རྣམ་སྨིན་ཀུན་གཞི་ཡིན་པས་མ་ བསྒྲིབས་ལུང་མ་བསྟན་ཡིན་ལ། དེའི་འོག་ཏུ་དགེ་མི་དགེ་ལུང་མ་བསྟན་ཅི་རིགས་སུ་འགྱུར་ ཞིང་། དེ་རྣམས་ལས་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་བའི་སེམས་ནི་མ་བསྒྲིབས་ལུང་མ་(མཛོད་ ཀྱི་རང་འགྲེལ་དུ། ཉེར་བསྡོགས་ཀྱི་སེམས་ཀྱིས་ཉིང་མཚམས་སྦྱོར་བ་ཉོན་མོངས་པ་ཅན་ཡིན་མོད་ཀྱི། མཉམ་པར་གཞག་པ་ ལ་ནི་ཉོན་མོངས་ཅན་ཉིད་དག་གོ།)བསྟན་ནོ། །བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་ རྣམས་ཀྱི་འཆི་སེམས་ལ་སོགས་པ་ཐམས་ཅད་ནི་མཐའ་གཅིག་ཏུ་དགེ་བའོ། །དེ་རྣམས་ཀྱི་ སེམས་གང་གི་རྗེས་སུ་གང་འབྱུང་བ་ན་སྔ་མ་ཕན་འདོགས་བྱེད་ནི་དེ་མ་ཐག་རྐྱེན་དང་། ཕྱི་ མ་ཕན་བཏགས་པ་ནི་དེའི་འབྲས་བུར་རིག་པར་བྱའོ། ། 1-1-314 གསུམ་པ། དམིགས་པས་ཇི་ལྟ་བུ་ཞེ་ན། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་ ཀྱང་བཤད་ཅིང་། འདིར་ནི་ཤེས་པའི་དབང་གིས་ཡུལ་ཡོད་པར་འཛིན་པས་ན་དམིགས་བྱེད་ ཀྱི་སྒོ་འཇོག་སྟེ། དབང་ཤེས་ལྔ་ནི་ཡུལ་སོ་སོར་ངེས་པའི་ཕྱིར་དེའི་དམིགས་པ་ནི་ཡུལ་ཡོངས་ སུ་ཆད་པའི་དམིགས་པ་ཡིན་པས་དམིགས་པའི་རྐྱེན་དུ་བལྟའོ་ཞེས་པ་དང་། དེ་བཞིན་དུ་ སྦྱར་ཏེ་ཡིད་ཤེས་ནི་ཆོས་ཐམས་ཅད་ལ་འཇུག་པས་དེའི་ཡུལ་ནི་ཡུལ་ཡོངས་སུ་མ་ཆད་པའི་ དམིགས་པ་དང་། བརྡ་ལམ་བྱང་བ་རྣམས་ཀྱི་ཡིད་ཤེས་ནི་མིང་ལས་མཚན་མར་འཛིན་པ་ དེའི་ཡུལ་ནི་ཡུལ་བཀྲ་བར་འཛིན་པ་མེད་པའི་དམིགས་པ་དང་། (དུད་འགྲོ་དང་བྱིས་པ་ལ་སོགས་པ་) བརྡ་ལ་བྱང་བ་རྣམས་ཀྱིས་མིང་དོན་སྦྱར་ནས་འཛིན་པའི་ཡུལ་ནི་ཡུལ་ལ་བཀྲ་བར་འཛིན་ པའི་དམིགས་པ་དང་། ཡུལ་རྫས་སུ་ཡོད་པ་དངོས་པོ་དང་བཅས་པའི་ཡུལ་གྱི་དམིགས་པ་ དང་། ལྟ་བ་དང་ང་རྒྱལ་མཚུངས་ལྡན་དང་བཅས་པ་ནི་བདག་ལ་དམིགས་པས་དེའི་ཡུལ་ནི་ དངོས་པོ་མེད་པའི་ཡུལ་གྱི་དམིགས་པ་དང་། རྟོགས་མེད་དང་ཞེན་ཡུལ་དོན་ལ་ཡོད་པའི་ རྟོག་པའི་ཡུལ་ནི་དངོས་པོའི་དམིགས་པ་དང་། ཕལ་པའི་བློས་ཟག་མེད་ལ་དམིགས་པ་དང་། བསྐལ་པ་མི་མཉམ་པའི་ཁམས་དང་ས་པ་ལ་དམིགས་པ་དང་། མ་འོངས་པའི་གཞི་གཏན་ལ་ མ་ཕེབས་པ་ལ་དམིགས་པའི་ཡུལ་ནི་རང་གིས་ཀུན་ཏུ་བརྟགས་པ་ཙམ་ཡིན་པའི་དམིགས་ པ་དང་། འདུས་བྱས་རྟག་པ་ལ་སོགས་པར་འཛིན་པའི་ཡུལ་ནི་ཕྱིན་ཅི་ལོག་གི་དམིགས་པ་ དང་། ཆོས་ཀུན་བདག་མེད་ལ་སོགས་པར་འཛིན་པའི་ཡུལ་ནི་ཕྱིན་ཅི་མ་ལོག་པའི་དམིགས་ པ་དང་། ཤེས་བྱའི་སྒྲིབ་པ་མ་སྤངས་པ་རྣམས་ཀྱི་ཡུལ་ནི་ཐོགས་པ་དང་བཅས་པའི་དམིགས་ པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པ་རྣམས་ཀྱི་ཡུལ་ནི་ཐོགས་པ་མེད་པའི་དམིགས་པ་ཡིན་ པས་ཀྱང་དམིགས་པའི་རྐྱེན་དུ་བལྟའོ། །འདི་ཉིད་གཏན་ལ་འབེབས་པ་ལ། འགྲེལ་པར་ དོན་ལྔ་གསུངས་ཏེ། མཚན་ཉིད་རབ་དབྱེ་འཇོག་ཚུལ་དང་། ཡོངས་ཤེས་དང་ནི་སྤོང་བའོ། ། 1-1-315 མཚན་ཉིད་ནི། དོན་གང་ཞིག་གཟུགས་སོགས་ཀྱི་རྣམ་པ་ཅན་གྱི་སེམས་དང་སེམས་ལས་ བྱུང་བ་རྣམས་འབྱུང་བའི་རྒྱུ་མཚན་དང་། དེ་དག་བྱུང་ནས་ཀྱང་དོན་དེ་ལ་ཞེན་ཅིང་ཐ་སྙད་ འདོགས་པ་དང་། སོ་སོར་རང་གིས་རིག་པར་འགྱུར་བ་སྟེ། བསྡུས་ན་ཤེས་པའི་དམིགས་ བྱར་གྱུར་པའོ། །རབ་དབྱེ་ནི། མེད་ཡོད་དམིགས་མེད་དམིགས་དང་བཅས། །ཡང་དག་ལོག་ དང་གཉིས་མིན་དང་། །ཚུལ་བཞིན་ཚུལ་མིན་གཉིས་མ་ཡིན། །འདྲ་དང་མི་མཐུན་སྣ་ཚོགས་ གཅིག །འབྲལ་བསྡུས་མཐར་ཕྱིན་ཕྲ་ཉོན་མོངས། །མདོ་སྡེའི་ཚིག་དོན་ཆུང་ངུ་ཆེ། །མཚན་མ་ མཚན་མེད་དེ་ཉིད་གནས། །དབང་བསྒྱུར་ཁ་ཅིག་རྗེས་སུ་འབྲང་། །ཞེས་པ(འི་སྡོམ་)ལྟར་ཉི་ཤུ་ རྩ་དགུ་སྟེ། དེ་ལ་མེད་པའི་དམིགས་པ་ནི། ཤེས་རིག་ཕྱིན་ཅི་ལོག་གི་ཡུལ་དང་། འདས་མ་ འོངས་དང་རྨི་ལམ་གཟུགས་བརྙན་སྒྱུ་མ་ལ་སོགས་པ་དང་། ཡོད་པའི་དམིགས་པ་ནི། ཤེས་ པ་མ་འཁྲུལ་བ་ལ་སྣང་བ་དང་ད་ལྟར་བའི་དངོས་པོ་དང་། དམིགས་པ་མེད་པའི་དམིགས་ པ་ནི། གཟུགས་དང་ལྡན་མིན་འདུད་བྱེད་དང་འདུས་མ་བྱས་རྣམས་དང་། དམིགས་པ་དང་ བཅས་པའི་དམིགས་པ་ནི། སེམས་ལས་བྱུང་བའི་རྣམས་དང་། ཡང་དག་པའི་དམིགས་པ་ ནི། དགེ་བ་དང་། ལོག་པའི་དམིགས་པ་ནི། ཉོན་མོངས་པ་ཅན་དང་། གཉི་ག་མ་ཡིན་པའི་ དམིགས་པ་ནི། མ་བསྒྲིབས་ལུང་མ་བསྟན་དང་། ཚུལ་བཞིན་གྱི་དམིགས་པ་ནི། དམིགས་ བྱེད་དགེ་བའི་ཡུལ་དང་། ཚུལ་བཞིན་མ་ཡིན་པའི་དམིགས་པ་ནི། དམིགས་བྱེད་ཉོན་མོངས་ ཅན་གྱི་ཡུལ་དང་། དེ་གཉི་ག་མ་ཡིན་པའི་དམིགས་པ་ནི། དམིགས་བྱེད་མ་བསྒྲིབས་ལུང་མ་ བསྟན་གྱི་ཡུལ་དང་། འདྲ་བའི་དམིགས་པ་ནི། དགེ་བས་དགེ་བ་ལ་དམིགས་པ་ལ་སོགས་ པ་དང་། མི་མཐུན་པའི་དམིགས་པ་ནི། ཟག་མེད་ཀྱིས་ཟག་བཅས་ལ་དམིགས་པ་ལ་སོགས་ པ་དང་། སྣ་ཚོགས་ཀྱི་དམིགས་པ་ནི། ཤེས་རིག་རྟོག་དཔྱོད་དང་བཅས་པའི་ཡུལ་དང་། གཅིག་པུའི་དམིགས་པ་ནི། མི་རྟོག་མི་དཔྱོད་པ་རྣམས་ཀྱི་ཡུལ་དང་། (ཤྲཱི་བྷཱུ་ཏིས་འབྲལ་བ་དང་ 1-1-316 ཆེན་པོ་གཉིས་ལ་འཇུག་པ།)འབྲལ་བའི་དམིགས་པ་ནི། འདུ་ཤེས་མེད་པ་ལ་སྦྱོར་བ་(ཆེན་པོའི་དམིགས་ པ་)དང་། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་པ་རྣམས་ཀྱི་རིག་པའི་ཡུལ་དང་། བསྡུས་པ་ ཕྲ་བའི་དམིགས་པ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་པ་རྣམས་ཀྱི་ཡུལ་དང་། མཐར་ཕྱིན་པ་ཕྲ་ བའི་དམིགས་པ་ནི། སྲིད་པའི་རྩེ་མོ་བ་རྣམས་ཀྱི་ཡུལ་དང་། ཉོན་མོངས་པའི་དམིགས་པ་ནི། ཆགས་སོགས་དེ་རྣམས་ཉིད་ཀྱི་ཡུལ་དང་། མདོ་སྡེའི་ཚིག་གི་དམིགས་པ་ནི། གསུང་རབ་ཀྱི་ མིང་ཚིག་ཡི་གེའི་ཚོགས་དང་། དོན་གྱི་དམིགས་པ་ནི། དེ་ལ་བརྟེན་པའི་བརྗོད་བྱའི་དོན་དང་། ཆུང་ངུའི་དམིགས་པ་ནི། ཉན་ཐོས་ཀྱི་ཐེག་པ་དང་། རྒྱ་ཆེན་པོའི་དམིགས་པ་ནི། ཐེག་པ་ ཆེན་པོ་དང་། མཚན་མའི་དམིགས་པ་ནི། ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ ཀྱི་མཚན་མ་དང་། མཚན་མ་མེད་པའི་དམིགས་པ་ནི། མྱ་ངན་ལས་འདས་པ་དང་སྲིད་པའི་ རྩེ་མོ་དང་། དེ་ཁོ་ན་ཉིད་ཀྱི་དམིགས་པ་ནི། བདེན་པ་བཞིའི་དེ་བཞིན་ཉིད་དང་། གནས་ པར་བྱ་བའི་དམིགས་པ་ནི། འགོག་པའི་སྙོམས་འཇུག་ལ་སྦྱོར་བའི་ཤེས་རིགས་གི་ཡུལ་ དང་། དབང་སྒྱུར་བའི་དམིགས་པ་ནི། རྣམ་ཐར་ལ་སོགས་པ་ནས་རྣམ་མཁྱེན་གྱི་བར་གྱི་ ཡོན་ཏན་རྣམས་ཀྱི་ཡུལ་དང་། སྐད་ཅིག་མའི་དམིགས་པ་ནི། མི་སློབ་པ་རྣམས་ཀྱི་ཚེ་དེ་ཉིད་ དང་། རྗེས་སུ་འབྲང་བའི་དམིགས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ དམིགས་པའོ། ། འཇོག་ཚུལ་ནི། དེ་རྣམས་ཀྱི་ཆོས་ཉིད་དོན་དམ་པ་དེ་བཞིན་ཉིད་ཀྱི་ཆ་ནི་མུ་བཞིའི་ སྤྲོས་པ་དང་བྲལ་བ་ཡིན་ཞིང་། ཆོས་ཅན་ཀུན་རྫོབ་གཟུང་འཛིན་གྱི་ཆ་རྣམས་སྣང་ཙམ་དུ་སྣ་ ཚོགས་སུ་སྣང་ཡང་རིག་པ་བཞིས་དཔྱད་ན་བདེན་པར་གྲུབ་པ་མེད་པའོ། །ཞེས་རྣམ་པར་ འཇོག་པ་སྟེ། རྣམ་ཤེས་མི་མཐུན་པ་རྣམས་བསྐྱེད་པ་དང་། དམིགས་པ་མེད་པའི་རྣམ་ཤེས་ མཐོང་པ་དང་། །འབད་པ་མེད་པར་གྲོལ་བར་ཐལ་བ་དང་། །ཤེས་པ་གསུམ་གྱི་རྗེས་སུ་ 1-1-317 འཇུག་པས་སོ། ། དང་པོ་ནི། དོན་དུ་སྣང་བ་ཆུ་ཀླུང་ལ་སོགས་པ་དཔྱད་ན་བདེན་པར་གྲུབ་པ་མེད་དེ། དངོས་པོ་གཅིག་ཉིད་རྟོག་མེད་མ་འཁྲུལ་བའི་ཤེས་པ་དུ་མར་མཐོང་བའི་ཕྱིར་རོ། །དེའང་། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་པ་ལྟར། ཆུའི་དངོས་པོ་གཅིག་ཉིད་ ཡི་དྭགས་ཀྱིས་རྣག་ཁྲག་ལ་སོགས་པ་དང་། དུད་འགྲོས་གནས་ཀྱི་ཁྱད་པར་དང་། མི་རྣམས་ ཀྱིས་བཏུང་བྱ་ལ་སོགས་པ་དང་། ནམ་མཁའ་མཐའ་ཡས་པའི་ལྷས་ནམ་མཁར་མཐོང་བ་ལ་ སོགས་པའོ། ། གཉིས་པ་ནི། དོན་མེད་ན་ཤེས་པའང་མེད་པར་འགྱུར་རོ་ཞེ་ན། དམིགས་པ་མེད་ཀྱང་ རྣམ་ཤེས་སྐྱེ་བ་མི་འགལ་ཏེ། འདས་སོགས་དེ་བཞིན་རྨི་ལམ་དང་། །གཟུགས་བརྙན་རྣམ་ པ་གཉིས་པོ་ཡང་། །མེད་ན་དམིགས་པ་ཉིད་ཀྱི་ཕྱིར། །དེ་ལ་དམིགས་པ་རུང་ཕྱིར་རོ། །ཞེས་ པ་ལྟར་འདས་མ་འོངས་དང་རྨི་ལམ་ལ་སོགས་པ་དང་། མེ་ལོང་གི་གཟུགས་བརྙན་དང་། རྣལ་འབྱོར་པའི་ཡིད་ལ་ཀེང་རུས་ཀྱི་རྣམ་པ་ལ་སོགས་པ་སྣང་བ་ནི་མེད་པ་ལ་དམིགས་པའི་ ཤེས་པ་ཡིན་པའི་ཕྱིར་རོ། དེ་ལྟར་དམིགས་པ་མེད་པའི་ཤེས་པ་མཐོང་བའི་ཕྱིར་ཡང་དོན་ནི་ བདེན་པར་གྲུབ་པ་མེད་དོ། ། གསུམ་པ་ནི། དོན་བདེན་པ་མེད་པར་ཡོད་ན་དེ་མཐོང་བ་རྣམ་ཤེས་ཀྱང་བདེན་པ་མངོན་ སུམ་དུ་མཐོང་བའི་ཕྱིར་ལམ་ལ་འབད་པ་མེད་པར་གྲོལ་བར་ཐལ་པ་ལས། དེ་ལྟར་ཡང་མ་ ཡིན་ཏེ། དོན་ནི་དོན་དུ་གྲུབ་གྱུར་ན། །མི་རྟོག་ཡེ་ཤེས་མེད་པར་འགྱུར། །དེ་མེད་པས་ན་ སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །ཞེས་པ་ལྟར་དོན་བདེན་པར་གྲུབ་ན་དེ་ དང་བྲལ་བའི་མི་རྟོག་ཡེ་ཤེས་མེད་པར་འགྱུར་ཞིང་། དེ་མེད་ན་རྒྱུ་མེད་པའི་ཕྱིར་སངས་རྒྱས་ 1-1-318 ཉིད་ཐོབ་པའང་མེད་པར་ཐལ་བའི་ཕྱིར་རོ། ། བཞི་པ་ལ་གསུམ་ལས། (དང་པོ།)དབང་གི་ཤེས་པའི་རྗེས་སུ་འཇུག་པ་ནི། བྱང་ཆུད་ སེམས་དཔའ་དབང་ཐོབ་དང་། །རྣལ་འབྱོར་པ་ནི་འདི་ལྟར་ཡང་། །མོས་པའི་དབང་གིས་ས་ ལ་སོགས། །དངོས་པོ་དེ་ལྟར་དམིགས་པར་འགྱུར། །ཞེས་པ་ལྟར་ས་ལ་སོགས་པར་སྣང་བ་ རྣམས་ནི་དཔྱད་ན་བདེན་པར་གྲུབ་པ་མེད་དེ། སེམས་ལ་དབང་ཐོབ་པ་རྣམས་ཀྱིས་ཇི་ལྟར་ མོས་པ་བཞིན་དུ་ཆུ་དང་གསེར་ལ་སོགས་པ་སྣ་ཚོགས་སུ་བསྒྱུར་དུ་རུང་བའི་ཕྱིར་རོ། ། (གཉིས་པ།)ལྷག་མཐོང་ཤེས་པའི་རྗེས་སུ་འཇུག་པ་ནི། འདི་ལ་རྣམ་པར་འབྱེད་གྲུབ་དང་། ། བློ་ལྡན་ཞི་བ་ཐོབ་པ་ཡིས། །ཆོས་ཀུན་ཡིད་ལ་བྱེད་པ་ལས། །དེ་ལྟར་དོན་རྣམས་སྣང་ཕྱིར་ ཡང་། །ཞེས་པ་ལྟར་དོན་ནི་བདེན་པར་གྲུབ་པ་མེད་དེ། བློ་ལྡན་ཞི་གནས་ལྷན་མཐོང་ལ་ འདྲིས་ཤིང་མདོ་སྡེ་ལ་སོགས་པའི་ཆོས་ཏིང་ངེ་འཛིན་གྱི་ཡུལ་དུ་བྱེད་པ་རྣམས་ལ་ཇི་ལྟར་ ཡིད་ལ་བྱས་པ་ལྟར་སྣང་བའི་ཕྱིར་རོ། ། (གསུམ་པ།)མི་རྟོག་ཤེས་པའི་རྗེས་སུ་འཇུག་པ་ནི། མི་རྟོག་ཡེ་ཤེས་རྒྱུ་བ་ལ། དོན་ཀུན་ སྣང་བ་མེད་ཕྱིར་ཡང་། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་ པ་ལྟར་དོན་དུ་སྣང་བ་ནི་བདེན་པར་གྲུབ་པ་མེད་དེ། རྣམ་པར་མི་རྟོག་ཡེ་ཤེས་ལ་མི་སྣང་ བའི་ཕྱིར་རོ། །དེ་ལྟོས་ས་གཟུང་བ་མ་གྲུབ་པའི་ཕྱིར་རོ། །ལྟོས་ཆོས་འཛིན་པ་རྣམ་རིག་ཀྱང་ དཔྱད་ན་བདེན་པར་གྲུབ་མེད་དོ། །ཡོངས་ཤེས་ནི། བཤད་ཟིན་པའི་མཚན་ཉིད་དང་རབ་ཏུ་ དབྱེ་བ་དང་གཞག་པའི་ཚུལ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །སྤང་ བ་ནི། ཉན་རང་རྣམས་ཀྱི་དམིགས་པའི་འཆིང་བ་ལས་རྣམ་པར་ཐར་པ་ཙམ་གྱིས་གནས་ གྱུར་པས་མི་སྤོང་ཞིང་། ཐེག་ཆེན་པས་ནི་རྣམ་པར་ཐར་པ་དང་དབང་འབྱོར་པ་གཉི་གའི་ གནས་གྱུར་ཐོབ་པས་སྤོང་བའོ། ། 1-1-319 བཞི་པ། བདག་པོས་ཇི་ལྟ་བུ་ཞེ་ན། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་ཀྱང་འབྱུང་ ཞིང་། འདིར་ཡང་འབྲས་བུ་འབྱུང་བ་ལ་དབང་སྒྱུར་བར་བྱེད་པ་ནི་བདག་རྐྱེན་དུ་འཇོག་སྟེ། དེའང་རླུང་གི་དཀྱིལ་འཁོར་གྱིས་ཆུའི་དཀྱིལ་འཁོར་གྱི་རྟེན་བྱེད་པ་དང་། སྣོད་ཀྱིས་བཅུད་ ཀྱི་རྟེན་བྱེད་པ་དང་། འབྱུང་བས་འབྱུང་གྱུར་གྱི་རྟེན་བྱེད་པ་དང་། དབང་པོས་རྣམ་ཤེས་ཀྱི་ རྟེན་བྱེད་པ་ལ་སོགས་པ་རྟེན་གྱི་སྒོ་ནས་བརྟེན་པ་ལ་ཕན་འདོགས་ཤིང་དབང་བྱེད་པས་ ཀྱང་རྟེན་གང་ཡིན་པ་དེ་བརྟེན་པའི་བདག་པོའི་རྐྱེན་དུ་བལྟའོ་ཞེས་པ་དང་། དེ་བཞིན་དུ་ སྦྱར་ཏེ། སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ཀྱི་དབང་གིས་སྣོད་ཀྱི་འཇིག་རྟེན་འཕེན་པ་ དང་། སོ་སོའི་ལས་ཟག་བཅས་ཀྱི་དབང་གིས་རྣམ་པར་སྨིན་པ་འཕེན་པ་ལ་སོགས་པ་འཕེན་ པ་ལ་དབང་བྱེད་པ་དང་། སེམས་ཀྱི་དབང་གིས་སེམས་བྱུང་དང་། ཡིད་ལ་བྱེད་པའི་དབང་ གིས་སེམས་དང་། རེག་པའི་དབང་གིས་ཚོར་བ་འབྱུང་བ་ལ་སོགས་པ་ཕན་ཚུན་ལྷན་ཅིག་ འབྱུང་བ་ལ་དབང་བྱེད་པ་དང་། འདི་མན་ཆད་ནི་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་དབང་དུ་བྱས་པ་ སྟེ། དམིགས་སོགས་དབང་པོ་དྲུག་ནི་གཟུགས་སོགས་ཡུལ་དྲུག་འགྲུབ་པ་ལ་དབང་བྱེད་པ་ དང་། ཕོ་དང་དབང་པོ་ནི་མངལ་ནས་སྐྱེ་བར་དབང་བྱེད་པ་དང་། སྲོག་གི་དབང་པོ་ནི་རིས་ མཐུན་གནས་པར་དབང་བྱེད་པ་དང་། ཚོར་བའི་དབང་པོ་ལྔ་ནི་དགེ་སྡིག་གི་འབྲས་བུ་ལ་ཉེ་ བར་སྤྱོད་པར་དབང་བྱེད་པ་དང་། དད་སོགས་དབང་པོ་ལྔ་ནི་ཉོན་མོངས་པ་རྣམ་པར་གནོན་ པས་འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་དང་། དབང་པོ་ཐ་མ་གསུམ་ནི་བག་ ལ་ཉལ་ལེགས་པར་འཇོམས་པས་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་དབང་སྒྱུར་ བར་བྱེད་པས་ཀྱང་རང་རང་གི་འབྲས་བུ་ལ་བདག་པོའི་རྐྱེན་དུ་བལྟའོ། ། གཉིས་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་བརྟེན་པ་མཚུངས་པ་དང་དེ་དང་མཚུངས་པར་ བརྟག་ཅེ་ན། རང་རང་གི་རྣམ་པར་ཤེས་པ་དང་མ་བྲལ་ཞིང་རྣམ་ཤེས་དེ་དང་ཡུལ་འཛིན་ 1-1-320 པར་འདྲ་བའི་དབང་པོ་ཡུལ་ལ་ལོངས་སྤྱོད་བཞིན་རྒྱུན་དུ་འབྱུང་བ་དང་། རྣམ་པར་ཤེས་པ་ དང་ནི་བྲལ་ཞིང་དབང་པོ་རང་གི་སྐད་ཅིག་སྔ་མ་དང་ཕྱི་མ་རིགས་འདྲ་བ་རྒྱུན་ཏུ་འབྱུང་བས་ ཀྱང་། རིམ་པ་ལྟར་རྣམ་ཤེས་རྟེན་བཞིན་པའི་དབང་པོ་ནི་བརྟེན་པ་མཚུངས་པ་དང་། རྣམ་ ཤེས་དང་བྲལ་བའི་དབང་པོ་ནི་དེ་དང་མཚུངས་པ་ཞེས་བྱ་བར་བལྟའོ། །གཟུགས་ཀྱི་ཕུང་ པོའི་ཕྱོགས་གཅིག་དབང་པོ་གཟུགས་ཅན་ལྔ་དང་། དབང་པོ་གཟུགས་ཅན་གྱི་ཁམས་ལྔ་ དང་། དབང་པོའི་སྐྱེ་མཆེད་ལྔའོ། །དེའང་ཆོས་གསུམ་དུ་བསྟན་པས་བདག་རྣམ་པར་ཤེས་པ་ དང་ལྡན་པས་རྟེན་མཚུངས་ཀྱི་དབང་པོ་དང་། རྣམ་པར་ཤེས་པ་དང་མི་ལྡན་པ་དེ་མཚུངས་ཀྱི་ དབང་པོར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། གསུམ་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཟིན་པར་བརྟག་ཅེ་ན། གང་ལ་བརྟེན་ནས་བདེ་ སྡུག་ལ་སོགས་པའི་ཚོར་བ་འབྱུང་བའི་གནས་ནང་གི་གཟུགས་ནི་སེམས་ཀྱིས་ཟིན་པར་ བལྟའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་དབང་པོ་ལྔ་རྟེན་དང་བཅས་པ་དང་། ཁམས་ དང་སྐྱེ་མཆེད་ཀྱི་ནང་ནས་དབང་པོ་གཟུགས་ཅན་ལྔ་དང་། བཞིའི་ཕྱོགས་གཅིག་ནི་དབང་ པོ་དང་ཐ་མི་དད་དུ་འཇུག་པའི་གཟུགས་དང་དྲི་རོ་རེག་བྱ་དག་གོ། (ས་འགྲེལ་དུ། གང་དབང་པོ་དང་ ཐ་དད་དུ་མི་གནས་པའི་སྒྲ་དེ་ནི་དབང་པོའི་འབྱུང་བ་ཆེན་པོ་དེ་དག་ཁོ་ན་གནས་པ་སྟེ། དེའི་ཕྱིར་དེ་ནི་ཟིན་པ་ཡིན་པར་འདོད་དོ་ ཞེས།) ཤེས་རིག་གི་ལུས་ཟིན་པར་བསྟན་པས་བདག་ལུས་ལ་དབང་བསྒྱུར་ཞིང་ལུས་འཛིན་ པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །མ་ཟིན་པ་ནི་ཕྱི་རོལ་གྱི་དོན་ལྔ་དང་། ནང་གི་འང་ རྩ་བ་མ་གཏོགས་པའི་སྐྲ་དང་སྤུ་དང་སེན་མོ་དང་སོ་དང་། བཤང་གཅི་དང་མཆིལ་མ་དང་ རྣག་ཁྲག་ལ་སོགས་པའོ། ། བཞི་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་དབང་པོར་བརྟག་ཅེ་ན། ཡབ་སྲས་མཇལ་བ་ལ་ སོགས་པར་དབང་པོ་ཉི་ཤུ་རྩ་གཉིས་གསུངས་པ་ལྟར་འཆད་པའི་མིང་དོན་ནི། དབང་ནི་ 1-1-321 དབང་ཕྱུག་དམ་པ་ལའོ། །ཞེས་པའི་སྒྲའི་བྱིངས་ལས་བསྒྲུབས་པས། ལྷག་པར་དབང་སྒྱུར་ བར་བྱེད་པའམ། ཐུན་མོང་མ་ཡིན་པར་བདག་པོ་བྱེད་པས་ན་དབང་པོ་ཞེས་བྱ་སྟེ། དེའང་ མིག་སོགས་དབང་པོ་དྲུག་ནི་གཟུགས་སོགས་དང་ཕྲད་པ་ལས་སེམས་དང་སེམས་ལས་བྱུང་ བ་འབྱུང་བའི་རྟེན་ཡིན་པའི་ཕྱིར། །རང་རང་གི་ཡུལ་འཛིན་པར་བྱེད་པས་ན་དབང་པོར་ བལྟའོ་ཞེས་པ་དང་། དེ་བཞིན་དུ་སྦྱར་ཏེ། ཕོ་དང་མོའི་དབང་པོ་ནི་བུ་དང་ཚ་བོ་ལ་སོགས་པ་ རྒྱུན་མི་འཆད་པར་འབྱུང་བའི་རྟེན་ཡིན་པས་རིགས་ཀྱི་རྒྱུད་ལ་དབང་བྱེད་པ་དང་། སྲོག་གི་ དབང་པོ་ནི་མི་འཆི་བའི་རྟེན་ཡིན་པས། རིགས་མཐུན་གནས་པར་དབང་བྱེད་པ་དང་། ཚོར་ བའི་དབང་པོ་ལྔ་ནི་བདེ་སོགས་ཉམས་སུ་མྱོང་བས་དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་དང་ ཡིད་བདེ་དང་། མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་བསྔལ་དང་ཡིད་མི་བདེ་དང་། གཉི་གའི་ འབྲས་བུ་བཏང་སྙོམས་ལ་ཉེ་བར་ལོངས་སྤྱོད་པར་དབང་བྱེད་པ་དང་། དད་པ་དང་བརྩོན་ འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་ལྔ་ནི་མ་དད་པ་ལ་སོགས་ པའི་ཉོན་མོངས་པ་རྣམས་རྣམ་པར་གནོད་པས་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་ བྲལ་བ་ཉིད་ལ་དབང་བྱེད་པ་དང་། མི་ཤེས་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་དད་སོགས་ ལྔ་དང་ཡིད་ཀྱི་དབང་པོ་དང་། བདེ་བ་ཡིད་བདེ་བཏང་སྙོམས་གསུམ་དང་། (བསྡུ་བར། དེ་ལ་ རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་ནི་རྣམ་ཐར་གོང་མ་ལ་འདོད་པ་དང་དོན་དུ་གཉེར་བ་དང་ཡོངས་སུ་མི་འཆད་པ་ དང་ཡིད་མི་བདེ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་རྣམ་པར་གཞག་གོ། ཕྱིར་མི་འོང་ལ་ནི་ རྣམ་པ་དང་པོ་གཉིས་ནི་ཡོད་ལ། གཞན་གཉིས་ནི་མེད་པའི་ཕྱིར་མི་བདེ་བའི་དབང་པོ་རྣམ་པར་མི་བཞག་སྟེ། དགེ་བ་ལ་འདུན་ པ་འབའ་ཞིག་ཏུ་ཟད་དོ། །)སྲིད་འཚོལ་ལ་ཡིད་མི་བདེ་བ་དང་བཅས་པའི་བཅུ་བོ་ཅི་རིགས་པ་སྦྱོར་ ལམ་ནས་བཟུང་སྟེ་མཐོང་ལམ་སྐད་ཅིག་བཅོ་ལྔའི་བར་དུ་སྔོན་མ་ཤེས་པའི་དེ་ཁོ་ན་ཉིད་ ཀུན་ཤེས་པར་བྱ་བའི་ཕྱིར་དབང་བྱེད་པ་དང་། ཀུན་ཤེས་པའི་དབང་པོ་ནི་བཅུ་བོ་ཅི་རིགས་ 1-1-322 པས། སྐད་ཅིག་བཅུ་དྲུག་པ་ནས་རྡོ་རྗེ་ལྟ་བུའི་བར་ལ་མི་ཤེས་པ་ཤེས་པར་བྱ་རྒྱུ་མེད་ཀྱང་ སྤང་བྱ་ལྷག་མ་སྤོང་བ་དང་ཡོན་ཏན་ཕྱི་མ་འཐོབ་པའི་ཕྱིར་དབང་བྱེད་པ་དང་། ཀུན་ཤེས་ པ་ལྡན་པའི་དབང་པོ་ནི་ཡིད་མི་བདེ་མ་གཏོགས་པའི་དགུ་པོ་ཅི་རིགས་པས་མི་སློབ་པའི་ ལམ་ལ་དབང་བྱེད་པ་སྟེ། དེ་ལྟ་དབང་པོ་གསུམ་(མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ ནི་དྲི་མ་མེད། །ཅེས་ཐ་མ་གསུམ་ཟག་མེད་ཁོ་ནར་འདོད་ཀྱང་། འདིར་ཐ་མའི་དང་པོ་སྦྱོར་ལམ་ནས་རྩི་བས་ཟག་བཅས་ཀྱང་ ཡོད་ལ། བསྡུ་བར། ཐ་མ་གཉིས་ཟག་མེད་དུ་བཤད་ཀྱང་ཡིད་མི་བདེ་བའི་འདོད་པའི་ལུགས་ཡིན་གྱི། དེ་ལ་ཟག་མེད་དང་ལུང་ མ་བསྟན་མི་སྲིད་པའི་འདོད་པའི་ལུགས་ལ་གཉི་གའོ། །)ནི་ཉོན་མོངས་པའི་ས་བོན་སྤོང་བས་འཇིག་རྟེན་ ལས་འདས་པའི་ལམ་གྱིས་བག་ཆགས་དང་བྲལ་བ་ཉིད་ལ་དབང་བྱེད་པས་ཀྱང་དབང་པོར་ བལྟའོ། །མ་རིག་པས་ཀྱང་འདུ་བྱེད་ལ་དབང་བྱེད་པ་ལ་སོགས་པ་དབང་པོ་གཞན་ཡོད་པ་ མ་ཡིན་ནམ། ཇི་ལྟར་ཉི་ཤུ་རྩ་གཉིས་སུ་ངེས་ཞེ་ན། སེམས་ཀྱི་རྟེན་སེམས་ཅན་གྱི་རྫས་མིག་ སོགས་དྲུག་དང་། དེའི་བྱེ་བྲག་འབྱེད་པ་ཕོ་མོའི་དབང་པོ་དང་། དེ་དག་གནས་པར་བྱེད་པ་ སྲོག་དང་། དེའི་བར་མ་ཀུན་ནས་ཉོན་མོངས་པར་བྱེད་པ་ཚོར་བ་ལྔ་དང་། ཉོན་མོངས་པ་ སྤང་བའི་ཆེད་དུ་ཚོགས་སོག་བར་བྱེད་པ་དད་སོགས་ལྔ་དང་། ཚོགས་བསགས་པ་ལས་རྣམ་ བྱང་ཐོབ་པར་བྱེད་པ་ཕྱི་མ་གསུམ་གྱི་དབང་དུ་བྱས་ནས་ངེས་པར་བསྟན་པ་སྟེ། སེམས་ཀྱི་ རྟེན་དང་དེའི་བྱེ་བྲག །གནས་དང་ཀུན་ནས་ཉོན་མོངས་ཉིད། །ཚོགས་དང་རྣམ་བྱང་ཇི་སྙེད་ པ། །དབང་པོ་རྣམ་ཀྱང་དེ་སྙེད་དུ། །ཞེས་པ་ལྟར་རོ། །ཡང་ན་དབང་པོ་དྲུག་གིས་འཁོར་བར་ འཇུག་པའི་རྟེན་དང་། ཕོ་མོའི་དབང་གིས་སྐྱེ་བ་དང་། སྲོག་གིས་གནས་པ་དང་། ཚོར་བ་ལྔས་ ཉེ་བར་སྤྱོད་པར་བྱེད་པས་ཀུན་ནས་ཉོན་མོངས་ཀྱི་དབང་པོ་བཅུ་བཞི་དང་། དད་སོགས་ལྔ་ དང་། ཕྱི་མ་གསུམ་གྱིས་འཁོར་བ་ལས་ལྡོག་པའི་རྟེན་བྱེད་པ་རྣམ་པར་བྱང་བའི་དབང་པོ་ བརྒྱད་ཀྱི་དབང་དུ་བྱས་ནས་གསུངས་བ་སྟེ། ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་ 1-1-323 དང་ཉེར་སྤྱོད་ལས། །བཅུ་བཞིའོ་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། ། ཞེས་པ་ལྟར་རོ། །དེ་དག་གིས་ནི་གོ་རིམ་ངེས་པའང་བསྟན་ཏོ། །ཚོར་བའི་ཕུང་པོ་ཚོར་བ་ལྔ་ དང་། རྣམ་པར་ཤེས་པའི་ཕུང་པོ་ཡིད་ཀྱི་དབང་པོ་དང་། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ དབང་པོ་ལྔ་དང་། ཕོ་མོའི་དབང་པོ་སྟེ་བདུན་དང་། འདུ་བྱེད་ཀྱི་དབང་པོའི་ཕྱོགས་གཅིག་ དང་སོགས་ལྔ་དང་སྲོག་གི་དབང་པོ་དང་། དབང་པོ་དྲུག་དང་རྣམ་ཤེས་དྲུག་གི་ཁམས་བཅུ་ གཉིས་དང་། དབང་པོའི་སྐྱེ་མཆེད་དྲུག་དང་། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ ཚོར་བ་ལྔ་དང་དད་སོགས་ལྔ་དང་སྲོག་གི་དབང་པོ་སྟེ་བཅུ་གཅིག་གོ། ཆོས་རྣམས་ལ་དབང་ བྱེད་པའང་ཕུང་པོ་ལ་སོགས་པར་བསྟན་པས། བདག་དབང་བྱེད་པར་མངོན་པར་ཞེན་པ་སྤང་ བའི་ཕྱིར་རོ། ། དེ་རྣམས་གཏན་ལ་འབེབས་པ་ལ། བསྡུ་བར། ལས་དང་རྫས་དང་གཟུགས་སོགས་དང་། ། དགེ་བ་སོགས་དང་རྣམ་སྨིན་དང་། །ཁམས་དང་ས་དང་ཐོབ་པ་དང་། །འཆི་འཕོ་སྐྱེ་བ་ཁོ་ན་ ཡིན། །ཞེས་གསུངས་པ་ལྟར་བཅུའི། (དང་པོ།)སོ་སོའི་བྱེད་ལས་ལ། སྔར་བསྟན་པ་ལྟར་ཡུལ་འཛིན་པར་བྱེད་པ་ལ་སོགས་པ་ སྟེ། དབུས་མཐར། འཛིན་དང་གནས་དང་རྒྱུན་མི་འཆད། །སྤྱོད་དང་དག་པ་གཉིས་ཀྱི་ཕྱིར། ། ཞེས་གསུངས་པ་ལྟར་རོ། ། (གཉིས་པ།)རྫས་སོགས་ལ་དཔྱད་པ་ལ། ཕོ་མོའི་དབང་པོ་ནི་ལུས་ངག་གི་ཆ་ལ་བཏགས་ པ་ཡིན་ལ། སྲོག་ནི་གནས་པའི་ཆ་ལ་བཏགས་པ་ཡིན་ཞིང་། དབང་པོ་ཕྱི་མ་གསུམ་ནི་དད་ སོགས་ཀྱི་ཆ་ལ་བཏགས་པ་ཡིན་པས་དྲུག་ནི་བཏགས་ཡོད་ཡིན་ལ། གཞན་ལྷག་མ་བཅུ་ དྲུག་ནི་རྫས་སུ་ཡོད་པའོ། ། (གསུམ་པ།)གཟུགས་སོགས་ཀྱིས་བསྡུས་པ་ལ། ཤེས་བྱ་གཞི་ལྔའི་ནང་ནས་གཟུགས་ཀྱིས་ 1-1-324 བསྡུས་པ་ནི་མིག་སོགས་ལྔ་དང་ཕོ་མོའི་དབང་པོ་སྟེ་རྟེན་བདུན་དང་། སེམས་ཀྱིས་བསྡུས་པ་ ནི་ཡིད་དང་ཕྱི་མ་གསུམ་གྱི་ཆ་དང་། སེམས་བྱུང་གིས་བསྡུས་པ་ནི་ཚོར་བ་ལྔ་དང་དད་སོགས་ ལྔ་དང་ཕྱི་མ་གསུམ་གྱི་ཕྱོགས་དང་། ལྡན་མིན་གྱིས་བསྡུས་པ་ནི་སྲོག་སྟེ། འདུས་མ་བྱས་ ཀྱིས་བསྡུས་པ་ནི་མེད་དོ། ། (བཞི་པ།)དགེ་སོགས་ཀྱི་ངོ་བོ་ལ། དད་སོགས་ལྔ་དང་ཕྱི་མ་གསུམ་སྟེ་བརྒྱད་ནི་དགེ་བ་ཁོ་ ན་ཡིན་ཞིང་། ཚོར་བའི་ནང་ནས་ཡིད་མི་བདེ་ནི་དགེ་མི་དགེ་རྣམ་པ་གཉིས་ཀ་ཡིན་ལ། ཡིད་ ཀྱི་དབང་པོ་དང་ཚོར་བ་གཞན་བཞི་སྟེ་ལྔ་ནི་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་གར་ ཡང་འགྱུར་བ་དང་། གཟུགས་ཅན་བདུན་དང་སྲོག་གི་དབང་པོ་སྟེ་གཞན་བརྒྱད་ནི་ལུང་མ་ བསྟན་གཅིག་པུ་ཡིན་པ་སྟེ། མཛོད་དུ། དད་སོགས། དགེ་བ་བརྒྱད་ཡིད་མི་བདེ་བ། །རྣམ་ གཉིས་ཡིད་དང་ཚོར་གཞན་ནི། །རྣམ་གསུམ་གཞན་ནི་རྣམ་པ་གཅིག། ཅེས་པ་ལྟར་རོ། ། (ལྔ་པ།)རྣམ་སྨིན་གྱི་དབྱེ་བ་ནི། ཡིན་མིན་གྱིས་དབྱེ་བ་དང་། ཡོད་མེད་ཀྱིས་དབྱེ་བ་ གཉིས་ལས། དང་པོ་ནི། སྲོག་གཅིག་པུ་རྣམ་སྨིན་ཡིན་པ་དང་། དད་སོགས་(ལྔ་ཕྱི་མ་གསུམ་སྟེ།) ཐ་མ་བརྒྱད་དང་། (ཚོར་བ་)ཡིད་མི་བདེ་ནི་རྣམ་སྨིན་མ་ཡིན་པ་དང་། དེ་རྣམས་མ་གཏོགས་པ་ མིག་སོགས་དྲུག་དང་། ཕོ་མོའི་དབང་པོ་གཉིས་དང་། ཚོར་བ་གཞན་བཞི་སྟེ་བཅུ་གཉིས་ནི་ རྣམ་སྨིན་ཡིན་པ་དང་མ་ཡིན་པ་གཉི་གའོ། ། གཉིས་པ་ནི། (ཚོར་བ་)ཡིད་མི་བདེ་གཅིག་པུ་རྣམ་སྨིན་དང་བཅས་པ་ཡིན་ཞིང་། ཡིད་དང་ ཚོར་བ་གཞན་བཞི་དང་། དད་སོགས་ལྔ་སྟེ་བཅུ་ནི་རྣམ་སྨིན་ཡོད་མེད་གཉི་ག་ཡིན་ལ། (དབང་ པོ་ལྔ་ཕོ་མོ་གཉིས་ཏེ།)གཟུགས་ཅན་བདུན་དང་སྲོག་དང་(དབང་པོ་)ཐ་མ་གསུམ་ནི་རྣམ་སྨིན་མེད་པ་ ཡིན་ཏེ། སྲོག་ནི་རྣམ་སྨིན་(ཡིན་པའི་)བཅུ་གཉིས་(ནི་ཡིན་མིན་)གཉིས(ཀའི)། །(དེའང་རྣམ་སྨིན་མ་ཡིན་ པ་)ཐ་མ་བརྒྱད་དང་ཡིད་མི་བདེ། །མ་གཏོགས་པ་སྟེ་(ཡིད་མི་བདེ་)དེ་གཅིག་ནི། །རྣམ་པར་སྨིན་ 1-1-325 (པ་དང་)བཅས་(པའོ་)བཅུ་(ནི་རྣམ་སྨིན་ཡོད་མེད་གཉིས་)རྣམ་གཉིས(ཀའོ)། །(དེའང་)ཡིད་དང་ཚོར་(བ་) གཞན་(བཞི་དང་)དད་ལ་སོགས(ལྔ་པོ་གཞན་ནི་རྣམ་སྨིན་མེད་པའོ)། །ཞེས་པ་ལྟར་རོ། ། (དྲུག་པ།)ཁམས་གང་ན་གང་ཡོད་པ་ལ། དབང་པོ་ཟག་མེད་གསུམ་ནི་ཁམས་གསུམ་ ཅར་དུ་མི་གཏོགས་ལ། འདོད་པའི་ཁམས་ན་དེ་ལས་གཞན་པ་རྣམས་ཚང་བར་ཡོད་ཅིང་། གཟུགས་ཁམས་ན་ཕོ་མོའི་དབང་པོ་དང་སྡུག་(བསམ་གཏན་དང་པོར་སྡུག་བསྔལ་མེད་པར་བྱས་པ་ནི་གྲོགས་ ཡིད་མི་བདེ་མེད་པས་མངོན་དུ་མི་འགྱུར་བ་ལ་དགོངས་ཀྱི་སྤངས་པ་མིན་ཏེ། བསྡུ་བར། དེ་ལ་དེའི་ཕྱོགས་དང་མཐུན་པའི་ གནས་ངན་ལེན་དང་མ་བྲལ་བའི་ཕྱིར་ཏེ། གལ་ཏེ་དེ་ལ་སྡུག་བསྔལ་གྱི་དབང་པོ་སྤངས་པར་གྱུར་ན་བསམ་གཏན་གཉིས་པ་དང་། གནས་པའི་ཁྱད་པར་དམིགས་པར་མི་འགྱུར་ཞེས་བཤད་པས། དུཿཁ་གནས་ངན་ལེན་གྱི་ཚུལ་དུ་ཡོད་དོ། །སའི་དངོས་གཞིར། ཅིའི་ཕྱིར་བསམ་གཏན་དང་པོར་དུཿཁའི་དབང་པོ་མ་སྤངས་ཞེས་བྱ་ཞེ་ན། དེ་ན་དེའི་ཕྱོགས་ཀྱི་གནས་ངན་ལེན་མ་སྤངས་པའི་ ཕྱིར་རོ། །མ་སྤངས་ནའང་། ཅིའི་ཕྱིར་བསམ་གཏན་སྐྱེས་པ་ལ་དེ་ཀུན་ཏུ་འབྱུང་བར་མི་འགྱུར་ཞེ་ན། དེའི་གྲོགས་ཀྱི་ཆ་ཡིད་ མི་བདེའི་དབང་པོས་བསྡུས་པའི་དུཿཁ་སྤངས་པའི་ཕྱིར་རོ། །)བསྔལ་ཡིད་མི་བདེ་མ་གཏོགས་པ་རྣམས་ཡོད་ ལ། །གཟུགས་མེད་ན་གཟུགས་ཅན་ཐམས་ཅད་མེད་ཅིང་བདེ་བ་དང་ཡིད་བདེ་བའང་མེད་ པས་ཡིད་དང་སྲོག་དང་བཏང་སྙོམས་དང་དད་སོགས་ལྔ་ཡོད་དེ། དྲི་མེད་(གསུམ་)མ་གཏོགས་ འདོད་པར་གཏོགས(པ)། །ཕོ་མོའི་དབང་དང་སྡུག་བསྔལ་(ཡིད་མི་བདེ་)དག །མ་གཏོགས་ གཟུགས་གཏོགས་གཟུགས་ཅན་(ཐམས་ཅད་)དང་། །བདེ་(བ་ཡིད་བདེ་)བའང་མ་གཏོགས་ གཟུགས་མེད་གཏོགས། །ཞེས་པ་ལྟར་རོ། ། (བདུན་པ།)ས་གང་ན་གང་ཡོད་ནི། ཁམས་ཟག་བཅས་ཡིན་ཡང་ས་ཟག་མེད་དུའང་འགྱུར་ བས། བསམ་གཏན་དང་པོ་དང་གཉིས་པའི་ས་ན་གཟུགས་ཁམས་ཀྱི་བཅོ་ལྔ་པོའི་སྟེང་དུ་ དབང་པོ་ཕྱི་མ་གསུམ་ཡང་བསྣན་པས་བཅོ་བརྒྱད་ཡོད་ཅིང་། གསུམ་པ་ན་ཡིད་བདེ་མེད་ པས་བཅུ་བདུན་ཡོད་ལ། བཞི་པ་ན་བདེ་བའང་མེད་པས་བཅུ་དྲུག་ཡོད་དོ། །གཟུགས་མེད་ 1-1-326 ཀྱིས་ས་དང་པོ་གསུམ་ན་སྔར་གྱི་བརྒྱད་པོའི་སྟེང་དུ་ཟག་མེད་གསུམ་བསྣན་པས་བཅུ་གཅིག་ ཡོད་ཅིང་། སྲིད་རྩེའི་ས་ནི་ཟག་བཅས་ཡིན་པས་སྔར་གྱི་བརྒྱད་པོ་ཁོ་ན་ཡོད་དོ། ། (བརྒྱད་པ།)ཐོབ་པའམ་ལྡན་ཚུལ་ལ་གཉིས་ལས། ངེས་ལྡན་ནི། བཏང་སྙོམས་དང་སྲོག་ དང་ཡིད་ཀྱི་དབང་པོ་གསུམ་གང་ལ་གཅིག་ལྡན་པ་དེ་ལ་ཐམས་ཅད་མ་ཚང་པ་མི་སྲིད་པའི་ ཚུལ་གྱིས་ལྡན་པ་སྟེ། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། ། ཞེས་པ་ལྟར་རོ། །སྲིད་ལྡན་ནི། དེ་རྣམས་ཀྱི་སྟེང་དུ་བདེ་བ་དང་ལྡན་ན་བཞི་དང་ལྡན་པ་དང་། མིག་སོགས་དང་ལྡན་ན་ལྔ་དང་ལྡན་པ་ལ་སོགས་པ་གང་དང་གང་ལྡན་པ་དེ་དང་དེ་བསྣན་ པས་རྣམ་གྲངས་མང་པོར་འགྱུར་ཏེ། བདེ་ལུས་ལྡན་ལ་བཞི་དག་དང་། མིག་སོགས་ལྡན་ལ་ ལྔ་དང་ལྡན། །ཞེས་པ་ལ་སོགས་པ་འབྱུང་བ་ལྟར་རོ། །དེའི་ཁྱད་པར་ནང་གིས་ཉུང་བར་ལྡན་ པ་ནི། ཁམས་འོག་མར་སྐྱེས་པ་དགེ་བའི་རྩ་བ་ཆད་པ་ལ་ལུས་དང་ཚོར་བ་ལྔ་དང་སྲོག་དང་ ཡིད་དེ་བརྒྱད་ལྡན་ཞིང་། གཟུགས་མེད་ཀྱི་བྱིས་པ་ལའང་སྔར་བཤད་པ་ལྟར་བརྒྱད་དང་ ལྡན་པ་སྟེ། དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །གཟུགས་ མེད་བྱིས་པ་དེ་བཞིན་ཏེ། །བཏང་སྙོམས་སྲོག་ཡིད་དགེ་རྣམས་དང་། །ཞེས་པ་ལྟར་རོ། །ནང་ གིས་མང་བར་ལྡན་པ་ནི་འདོད་ཁམས་ཀྱི་སོ་སོའི་སྐྱེ་བོ་མཚན་གཉིས་པ་དབང་པོ་ཚང་བ་ལ་ ཟག་མེད་གསུམ་མ་གཏོགས་པ་བཅུ་དགུ་ཚང་བར་ལྡན་ཞིང་། འཕགས་པ་ཆགས་བཅས་ ལའང་མཚན་བཞི་དང་དྲི་མེད་གཉིས་མ་གཏོགས་པར་བཅུ་དགུ་ཚང་བར་ལྡན་པ་སྲིད་དེ། མང་པོར་ལྡན་ལ་བཅུ་དགུ་སྟེ། །དྲི་མ་མེད་(གསུམ་)རྣམས་མ་གཏོགས་པའོ། །(དེའང་)མཚན་ གཉིས་(པ་ལའོ་)འཕགས་པ་ཆགས་བཅས་(ལའང་བརྒྱད་)ཏེ། །མཚན་གཅིག་(དང་)དྲི་མེད་(སྔ་ཕྱི་) གཉིས་མ་གཏོགས(པའོ)། །ཞེས་པ་ལྟར་རོ། །བསྡུ་བར་ནི། སྲིད་པ་ལས་ཐམས་ཅད་དང་ལྡན་ པ་ནི་འདོད་ཁམས་སུ་སྐྱེས་པ་དང་། མིར་སྐྱེས་པ་དང་། ལྷར་སྐྱེ་པ་དང་། དགེ་བའི་རྩ་བ་མ་ཆད་ 1-1-327 པ་དང་། འཕགས་པ་རྣམས་ཡིན་པར་གསུངས་སོ། ། (དགུ་པ།)འཆི་བ་ན་འགག་ཚུལ་ནི། གཟུགས་མེད་དུ་འཆི་བ་ན་སྲོག་དང་ཡིད་དང་བཏང་ སྙོམས་གསུམ་འགག་ཅིང་། གཟུགས་ཁམས་སུ་འཆི་བ་ན་དེ་རྣམས་དང་མིག་སོགས་ལྔ་སྟེ་ བརྒྱད་འགག་ལ། འདོད་ཁམས་སུ་ཅིག་ཅར་འཆི་བ་ན་བརྒྱད་པོའི་སྟེང་དུ་མཚན་གཉིས་ པ་ལ་ཕོ་མོའི་དབང་པོ་གཉིས་ཏེ་བཅུའམ། མཚན་མ་གཅིག་པ་ལ་དེ་གཉིས་གང་རུང་སྟེ་ དགུའམ། མཚན་མེད་པ་ལ་བརྒྱད་པོ་ཉིད་འགག་གོ། རིམ་གྱིས་འཆི་བ་ན་ལུས་སྲོག་ཡིད་ དང་བཏང་སྙོམས་བཞི་འགག་ཅིང་། དགེ་བའི་སེམས་ཡོད་ན་ཐམས་ཅད་དུ་དད་སོགས་ ལྔའང་འགག་སྟེ། གཟུགས་མེད་དུ་ནི་འཆི་བ་ན། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། ། འགག་པར་འགྱུར་རོ་གཟུགས་ན་བརྒྱད། །འདོད་པར་བཅུའམ་དགུའམ་བརྒྱད། །རིམ་གྱིས་ འཆི་བ་ལ་ནི་བཞི། །དགེ་ལ་ཐམས་ཅད་དུ་ཡང་ལྔ། །ཞེས་པ་ལྟར་རོ། ། (བཅུ་པ།)སྐྱེ་བ་ན་རྙེད་ཚུལ་ནི། བརྫུས་སྐྱེས་མ་ཡིན་པས་འདོད་ཁམས་སུ་སྐྱེས་མ་ཐག་ ལུས་དང་སྲོག་གི་དབང་པོ་གཉིས་གསར་དུ་རྙེད་ཅིང་། བསྐལ་པ་དང་པོའི་མི་ལྟ་བུ་བརྫུས་ སྐྱེས་མཚན་མེད་ཀྱིས་མིག་སོགས་ལྔ་དང་སྲོག་སྟེ་དྲུག་རྙེད་ལ། །དེའི་སྟེང་ལྷ་ལ་སོགས་པ་ མཚན་གཅིག་པས་བདུན་དང་། དམྱལ་བ་ལ་སོགས་པ་མཚན་གཉིས་པས་བརྒྱད་རྙེད་དོ། ། གཟུགས་ཁམས་སུ་སྐྱེ་བ་ན་སྔ་མ་ལྟར་དྲུག་རྙེད་ཅིང་། གཟུགས་མེད་དུ་སྐྱེ་བ་ན་སྲོག་གི་ དབང་པོ་གཅིག་པུ་རྙེད་དེ། འདོད་པར་དང་པོ་རྣམ་སྨིན་གཉིས། །རྙེད་དེ་བརྫུས་ཏེ་སྐྱེ་བས་ མིན། །དེ་ཡིས་དྲུག་གམ་བདུན་ནམ་བརྒྱད། །གཟུགས་སུ་དྲུག་གོ་གོང་མར་གཅིག །ཅེས་པ་ ལྟར་རོ། །དབང་པོའི་རྣམ་གཞག་རྒྱ་ཆེར་བསྡུ་བ་དང་མཛོད་འགྲེལ་ལ་སོགས་པར་བལྟ་ཞིང་། ཕལ་ཆེར་གཞུང་འདིའི་སྔ་ཕྱིར་ཡང་གསལ་བས། སྐབས་འདིའི་སྤྲོས་པ་རྣམས་མ་བཤད་ཀྱང་ ཆོག་གོ ། 1-1-328 ལྔ་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བརྟག་ཅེ་ན། ལུས་སེམས་ལ་དངོས་སུ་གནོད་པའི་སྡུག་བསྔལ་གྱི་ཚོར་བའི་རང་གི་མཚན་ཉིད་ཅན་ནམ་ བདག་ཉིད་ནི་སྡུག་བསྔལ་དངོས་ཡིན་པའི་ཕྱིར་དང་། གང་ལ་བརྟེན་ནས་སྡུག་བསྔལ་མྱོང་ བར་འགྱུར་བའི་ཆོས་ཡུལ་ཡིད་དུ་མི་འོང་བ་དང་། དེ་དང་ཕྲད་པའི་དབང་པོ་དང་། དེ་དང་ མཚུངས་ལྡན་གྱི་སེམས་དང་། སེམས་བྱུང་སྐྱེས་པ་རྣམས་ཀྱི་རང་གི་མཚན་ཉིད་ནི། སྡུག་ བསྔལ་གྱི་རྒྱུ་ཡིན་པ་ཉིད་ཀྱིས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བལྟའོ། །ཐམས་ཅད་ ཀྱི་ཕྱོགས་གཅིག་ནི་སྡུག་བསྔལ་གྱི་ཚོར་བ་རྒྱུ་བཅས་པས་བསྡུས་པ་དག་གོ། དེའང་ཆོས་ གསུམ་གྱི་ཆར་བསྟན་པས་བདག་སྡུག་བསྔལ་བར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། དྲུག་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་འགྱུར་བའི་སྡུག་བསྔལ་ཉིད་དུ་བརྟག་ཅེ་ན། ལུས་ སེམས་ལ་ཕན་པར་སྣང་བ་བདེ་བའི་ཚོར་བ་འགྱུར་བ་དང་བཅས་པའི་རང་གི་མཚན་ཉིད་ དམ་བདག་ཉིད་དང་། གང་ལ་བརྟེན་ནས་བདེ་བ་མྱོང་བར་འགྱུར་བའི་ཆོས་ཡུལ་ཡིད་དུ་འོང་ བ་དང་དེ་དང་ཕྲད་པའི་དབང་པོ་ལ་སོགས་པ་འགྱུར་བ་དང་བཅས་པའི་མཚན་ཉིད་ནི། དེ་དག་ འགྱུར་བ་ལས་ཡིད་མི་བདེ་འབྱུང་བས་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། །བདེ་བ་ཟག་བཅས་ རྒྱུ་དང་བཅས་པ་དེ་ལ་ཡང་རྗེས་སུ་ཆགས་ཤིང་ཞེན་པས་འདི་དག་འགྱུར་ན་མི་རུང་ངོ་སྙམ་དུ་ སེམས་ཡིད་མི་བདེས་འགྱུར་བ་དང་བཅས་པས་ཀྱང་འགྱུར་བའི་སྡུག་བསྔལ་ཉིད་དུ་བལྟའོ། ། དེ་ལྟར་ཆགས་པའང་སྡུག་བསྔལ་གྱི་ངོ་བོར་བརྗོད་དེ། ཇི་སྐད་དུ། ཞེན་ནས་འགྱུར་བའི་ སེམས་ཀྱིས་ལག་པ་ནས་འཛིན་པའམ་ལན་བུ་ནས་འཛིན་པ་ལ་སོགས་པས་ཡོངས་སུ་གདུང་ བར་གསུངས་བའི་ཕྱིར་རོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་བདེ་བ་ཟག་བཅས་ཀྱི་ཚོར་བ་ རྒྱུ་དང་བཅས་པས་བསྡུས་པ་དག་གོ། དེའང་ཆོས་གསུམ་དུ་འདུ་བས་བདག་བདེ་བར་མངོན་ པར་ཞེན་པ་སྤང་བའི་ཕྱིར་རོ། ། 1-1-329 བདུན་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་བརྟག་ཅེ་ན། དངོས་སུ་ཕན་གནོད་དུ་མི་སྣང་བས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་ བ་བཏང་སྙོམས་པ་གཙོ་ཆེར་ཀུན་གཞི་དང་མཚུངས་པར་ལྡན་པ་དང་། ཀུན་གཞི་ལས་དེ་ ལྟར་སྐྱེས་པའི་རྣམ་ཤེས་གཞན་དང་ཡང་ལྡན་པའི་རང་གི་མཚན་ཉིད་དམ་བདག་ཉིད་དང་། གང་ལ་བརྟེན་ནས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་མྱོང་ བར་འགྱུར་བའི་ཆོས་ཡུལ་ཐ་མལ་བ་དང་དེ་དང་ཕྲད་པའི་དབང་པོ་ལ་སོགས་པ་དང་། བཞི་ པ་ཡན་ཆད་ཀྱི་རྒྱ་མི་གཡོ་བའི་ལས་ལ་སོགས་པ་བཏང་སྙོམས་སྐྱེད་བྱེད་ཀྱི་རང་གི་མཚན་ ཉིད་དང་། དེ་དག་སྡུག་བསྔལ་དུ་འཇོག་པའི་རྒྱུ་མཚན་ཡང་། སྡུག་བསྔལ་དང་འགྱུར་བའི་ སྡུག་བསྔལ་དེ་གཉི་གའི་གནས་ངན་ལེན་ས་བོན་ཀུན་གཞི་ལ་ཡོངས་སུ་འཛིན་པ་དང་། བག་ ཆགས་ཡོངས་སུ་བཟུང་བས་སྡུག་བསྔལ་གཉི་ག་ལས་མི་ཐར་ཞིང་མ་གྲོལ་བར་རེས་བདེ་ བ་དང་རེས་སྡུག་བསྔལ་དུ་འགྱུར་ཞིང་། བཏང་སྙོམས་དེའང་མི་རྟག་པ་ཉིད་ཀྱིས་རྗེས་སུ་ བཅིངས་པས་མཐའ་གཅིག་ཏུ་མི་འགྱུར་བས་གྲུབ་པ་དང་བདེ་བའི་བདག་ཉིད་མ་ཡིན་པས་ ཀྱང་ཟག་བཅས་ཐམས་ཅད་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་བལྟའོ། །ཕུང་པོ་ རྣམས་དང་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་དང་ཆོས་ཀྱི་ སྐྱེ་མཆེད་གཉིས་ཀྱི་ཕྱོགས་གཅིག་ཟག་མེད་ཀྱི་ཆ་མ་གཏོགས་པ་ཐམས་ཅད་དོ། །དེས་ན་ སྔར་གྱི་གཉིས་པོའང་འདིའི་ཁོངས་སུ་འདུ་བ་ཡིན་ཏེ། སའི་དངོས་གཞིར། འགྱུར་བའི་སྡུག་ བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་བསྡུས་པ་གང་ཡིན་པ་དེ་དག་ནི། འདུ་བྱེད་ཀྱི་ སྡུག་བསྔལ་གྱིས་བསྡུས་པའང་ཡིན་ནོ། །ཞེས་པ་ལྟར་རོ། །དེའང་ཆོས་གསུམ་དུ་བསྟན་པས་ བདག་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བཏང་སྙོམས་པར་མངོན་པར་ཞེན་ པ་སྤང་བའི་ཕྱིར་རོ། ། 1-1-330 བརྒྱད་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་རྣམ་པར་སྨིན་པ་དང་བཅས་པར་བརྟག་ཅེ་ན། (གཉིས་ལས་དང་པོ།)དོན་དངོས་ནི་སྔར་རྣམ་སྨིན་གྱི་རྒྱུར་བཤད་པ་ལྟར་མི་དགེ་བ་གང་ཡིན་པ་ དང་། དགེ་བའི་ནང་ནས་ཟག་པ་དང་བཅས་པ་ནི་འབྲས་བུ་རྣམ་པར་སྨིན་པ་དང་བཅས་པར་ བལྟའོ། །ཕུང་པོ་ལྔ་རྣམས་དང་རྣམ་ཤེས་ཁམས་བདུན་གཟུགས་སྒྲ་ཆོས་ཏེ་ཁམས་བཅུ་དང་། གཟུགས་སྒྲ་ཡིད་དང་ཆོས་ཀྱི་སྐྱེ་མཆེད་བཞིའི་ཕྱོགས་གཅིག་ནི་ཟག་མེད་དང་ལུང་མ་བསྟན་ མ་གཏོགས་པར་མི་དགེ་བ་དང་དགེ་བ་ཟག་བཅས་ཀྱིས་བསྡུས་པ་དག་གོ། དེ་དག་རྣམ་སྨིན་ གྱི་རྒྱུར་བསྟན་པས་(གང་ཟག་)བདག་(འདི་ཉིད་)ཕུང་པོར་(རྙིང་པ་)འཇོག་ཅིང་(རྣམ་སྨིན་)འཕེན་པར་ བྱེད་པ་དང་སྐྱེ་གནས་སུ་(ཕུང་པོ་གསར་པ་)ཉིང་མཚམས་སྦྱོར་བར་བྱེད་པར་མངོན་པར་ཞེན་པ་ སྤང་བའི་ཕྱིར་རོ། ། (གཉིས་པ།)ལྡན་ཆོས་ལ། འབྲས་བུ་རྣམ་པར་སྨིན་པ་མཚན་ཉིད་པ་ནི་གཙོ་བོ་ཀུན་གཞིའི་ རྣམ་པར་ཤེས་པ་འཁོར་དེ་དང་མཚུངས་པར་ལྡན་པའི་གྲོགས་ཀུན་འགྲོ་ལྔ་དང་བཅས་ པར་བལྟའོ། །ཀུན་གཞི་དེ་ལས་གཞན་ཚོགས་བདུན་འཁོར་དང་བཅས་པ་དང་དབང་པོ་ལ་ སོགས་པ་དག་ནི་རྒྱུ་རྣམ་པར་སྨིན་པ་ལས་བྱུང་བས་ན། འབྲས་བུའང་རྣམ་པར་སྨིན་པ་ཞེས་ བཏགས་པའོ། ། དགུ་པ་ཟས་ལ་སྤྱི་དོན་གསུམ་སྟེ། ཟས་བཞིའི་ངོ་བོ་ངོས་བཟུང་། གྲངས་དང་གོ་རིམ་ ངེས་ཚུལ། ཁམས་དང་སའི་ཁྱད་པར་རོ། ། དང་པོ་ནི། ཁམ་གྱི་ཟས་དང་། རེག་པའི་ཟས་དང་། སེམས་ཀྱི་ཟས་དང་། རྣམ་ཤེས་ ཀྱི་ཟས་སོ། །དེ་ལ་ཁམ་གྱི་ཟས་ནི་དྲི་རོ་རེག་བྱའི་བདག་ཉིད་ཅན། སྣ་ལྕེ་ལུས་གསུམ་གྱིས་ སོ་སོར་བཅད། མིད་པའམ་ཁམ་གྱིས་དུམ་བུར་བཅད་དེ་ཟོས་པ་ལས། ལེགས་པར་ཞུ་བ་ ན་དབང་པོའི་འབྱུང་བ་ཆེན་པོ་འཕེན་ཞིང་རྟས་པར་བྱེད་པའོ། །གཟུགས་སྒྲ་ནི་ཞུ་བ་ལས་ 1-1-331 ཕན་མི་འདོགས་པས་ཁམ་ཟས་མ་ཡིན་ཞིང་། ཟ་བ་ན་ཡིད་དུ་འོང་བའི་ཁ་དོག་མཐོང་བ་ ལས་དབང་པོ་ཚིམ་པའང་རེག་པའི་ཟས་ཡིན་གྱི་ཁམ་གྱི་ནི་མ་ཡིན་ནོ། །དེས་ན་ཁམ་དང་ ཟས་ལའང་མུ་བཞི་ཡོད་དེ། ཟོས་ཤིང་མིད་ཀྱང་དབང་པོའི་འབྱུང་བ་ལ་མི་ཕན་པ་ནི་ཁམ་ ཡིན་ལ་ཟས་མ་ཡིན་པ་དང་། ཟས་གཞན་གསུམ་གྱིས་ཕན་པ་ནི་ཟས་ཡིན་ལ་ཁམ་མ་ཡིན་པ་ དང་། ཟོས་ཤིང་ཞུ་བ་ལས་ཕན་པ་ནི་ཁམ་ཡང་ཡིན་ལ་ཟས་ཀྱང་ཡིན་པ་དང་། རེག་སོགས་ གསུམ་གྱིས་མི་ཕན་པ་ལ་སོགས་པ་ནི་ཁམ་ཡང་མ་ཡིན་ལ་ཟས་ཀྱང་མ་ཡིན་པའོ། །སེམས་ ལས་བྱུང་བ་རེག་པའི་ཟས་ནི་ཡིད་དུ་འོང་བའི་ཡུལ་དང་དབང་པོ་འདུས་ཏེ་རེག་པ་ལས་ཚོར་ བ་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་གང་རུང་འབྱུང་ཞིང་རྣམ་ཤེས་ལ་ཕན་འདོགས་ ལ། དེས་དབང་པོའི་འབྱུང་བ་ལ་ཕན་པར་བྱེད་པའོ། །འདུ་བྱེད་སེམས་པའི་ཟས་ནི་འདོད་ པའི་དངོས་པོ་ལ་རེ་བ་དང་བཅས་པའི་བདེ་སོགས་ཀྱིས་རྣམ་ཤེས་ལ་ཕན་འདོགས་ཤིང་། དེས་དབང་པོའི་འབྱུང་བ་ལ་ཕན་འདོགས་པ་སྟེ། (མཛོད་འགྲེལ་དུ།)དཔེར་ན་ཐལ་བའི་ཐུམ་པོ་ ལ་ཕྱེར་བལྟས་པས་དེར་རྟོག་པའི་བྱིས་བདག་ཐལ་བར་མ་ཤེས་ཀྱི་བར་ལ་རེ་བ་དང་བཅས་ པས་འཚོ་བ་དང་། རྒྱ་མཚོར་གྲུ་ཞིག་པའི་མི་དག་གིས་ལྦུ་བའི་ཕུང་པོ་ལ་ཐང་དུ་འདུ་ཤེས་ ཏེ་དེར་མ་ཕྱིན་གྱི་བར་ལ་རེ་བ་དང་བཅས་པས་འཚོ་བ་ལྟ་བུའོ། །རྣམ་ཤེས་ཀྱི་ཟས་ནི་ཀུན་ གཞིའི་རྣམ་པར་ཤེས་པ་སྟེ། དེ་དང་བྲལ་ན་ལུས་རུལ་པ་ལ་སོགས་པར་འགྱུར་བ་ལས་དེས་ ཡོངས་སུ་བཟུང་བའི་བར་ལ་མི་འདྲུལ་བར་གནས་པའི་སྒོ་ནས་ཕན་འདོགས་པའོ། ། གཉིས་པ་ནི། ལུས་དང་ཚོར་བ་དང་སེམས་དང་ཆོས་ཏེ་དྲན་པ་ཉེ་བར་གཞག་པ་བསྒོམ་ པ་ལ་རིམ་གྱིས་ཞུགས་པའི་ཕྱིར་གྲངས་བཞི་དང་རིམ་པའང་དེ་ལྟར་བསྟན་པ་སྟེ། བསྡུ་བར། དྲན་པ་ཉེ་བར་གཞག་པ་རྣམས་ལ་འཇུག་པ་སླ་བའི་ཕྱིར་ཞེས་པ་ལ་སོགས་པ་གསུངས་པ་ ལྟར་རོ། །ཡང་ན་ཁམ་ཟས་ཀྱིས་རྟེན་དབང་པོ་དང་བཅས་པའི་ལུས་རྒྱས་པར་བྱེད་ཅིང་། 1-1-332 རེག་པས་བརྟེན་པ་རྣམ་པར་ཤེས་པ་ལ་ཕན་འདོགས་པར་བྱེད་ལ། སེམས་པས་ཡང་སྲིད་ཕྱི་ མ་འཕེན་པར་བྱེད་ཅིང་། རྣམ་ཤེས་ཀྱིས་འཕངས་པ་མངོན་པར་འགྲུབ་པར་བྱེད་པས་ན་སྲིད་ པར་སྐྱེས་ཟིན་གསོ་བར་བྱེད་པ་གཉིས་དང་། ཕྱི་མ་སྐྱེད་པར་བྱེད་པ་གཉིས་ཀྱི་དབང་དུ་བྱས་ ནས་དེ་ལྟར་བསྟན་པ་སྟེ། འདི་ལ་རྟེན་དང་ནི། བརྟེན་པ་རྒྱས་པའི་དོན་དུ་ནི། །སྲིད་གཞན་ འཕེན་དང་འགྲུབ་པ་ཡི། །དོན་དུ་གཉིས་ཏེ་གོ་རིམ་བཞིན། །ཞེས་པ་ལྟར་རོ། ། གསུམ་པ། ཁམ་གྱི་ཟས་འདོད་པའི་ཁམས་ཁོ་ན་ལ་ཡོད་ཅིང་། ཕྱི་མ་གསུམ་ནི་ཁམས་ གསུམ་པོ་ཐམས་ཅད་ན་ཁྱབ་པར་ཡོད་དེ། ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་ གྱི་བདག་ཉིད་དོ། །ཞེས་པ་དང་། རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན་ གསུམ་དག་ན། །ཞེས་པ་ལྟར་རོ། ། གཞུང་དོན་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་ཟས་སུ་བརྟག་ཅེ་ན། (གསུམ་ལས། དང་པོ།)དོན་ གསུམ་གྱིས་བཤད་པ་ནི། ཁམ་དུ་བཅད་དེ་ཟོས་པ་ན་འཇུ་བས་ཀྱང་འཇུ་བ་ལས་གྱུར་ཏེ་ ནུས་པ་ཡོངས་སུ་སྨིན་པས་དབང་པོའི་འབྱུང་བ་རྟས་པར་བྱེད་པ་ནི་ཁམ་གྱི་ཟས་སུ་བལྟའོ། ། ཞེས་པ་དང་། དེ་བཞིན་དུ། ཡིད་དུ་འོང་བའི་ཡུལ་གྱིས་ཀྱང་ཡུལ་ལས་གྱུར་ཏེ། དེ་དང་ དབང་པོ་ཕྲད་པའི་རེག་པ་ལས་བྱུང་བའི་ཚོར་བ་བདེ་སོགས་ཀྱིས་ལུས་ལ་ཕན་འདོགས་པ་ ནི་རེག་པའི་ཟས་དང་། འདོད་པའི་དངོས་པོ་དང་འབྲེལ་བའི་རེ་བ་དང་བཅས་པས་ཀྱང་རེ་ བ་ལས་འགྱུར་ཏེ་ཇི་སྲིད་རེ་བ་ཡོད་ཀྱི་བར་དུ་ལུས་ལ་ཕན་འདོགས་པ་ནི་སེམས་པའི་ཟས་ དང་། ཀུན་གཞིའི་རྣམ་པར་ཤེས་པ་ལུས་ཉེ་བར་ལེན་པ་དང་བཅས་པས་ཀྱང་ལེན་པ་ལས་ གྱུར་ཏེ། དེ་དང་མ་བྲལ་གྱི་བར་དུ་ལུས་མི་འདྲུལ་བར་གནས་པས་ཕན་འདོགས་པ་ཉིད་ནི་ རྣམ་ཤེས་ཀྱི་ཟས་སུ་བལྟའོ། །(མཛོད་དུ། འགྲོ་བའི་ཟས་ནི་རྣམ་པ་བཞི། །གསུངས་སོ། །) གཟུགས་དང་འདུ་ བྱེད་དང་རྣམ་ཤེས་ཏེ་ཕུང་པོ་གསུམ་དང་། སེམས་ཀྱི་ཁམས་བདུན་དང་དྲི་རོ་རེག་བྱ་དང་ 1-1-333 ཆོས་ཏེ་ཁམས་བཅུ་གཅིག་དང་། དྲི་རོ་རེག་བྱ་དང་ཡིད་དང་ཆོས་ཏེ་སྐྱེ་མཆེད་ལྔའི་ཕྱོགས་ གཅིག་ཟས་བཞིས་བསྡུས་པ་དག་གོ། ཟས་ཀྱིས་ལུས་གནས་པའང་ཆོས་གསུམ་གྱི་ཁྱད་པར་ དུ་བསྟན་པས་བདག་ཟས་ཀྱིས་གནས་པར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། ། (གཉིས་པ།)བྱེད་ལས་ཀྱིས་བསྡུ་བ་ནི། ཡང་ཟས་ནི་འཆི་བ་མཐའ་དག་དང་ལྡན་པས་མ་ དག་པ་འདོད་ཁམས་ཀྱི་སོ་སོའི་སྐྱེ་བོའི་ལུས་གནས་པར་བྱེད་པ་དང་། འཆིང་བ་ཕྱོགས་ གཅིག་གིས་དག་པ་དང་། འཆིང་བ་ལྷག་མས་མ་དག་པ་ཁམས་གསུམ་གྱི་འཕགས་པ་སློབ་ པ་དང་། གོང་མ་གཉིས་ཀྱི་སོ་སོའི་སྐྱེ་བོའི་ལུས་གནས་པར་བྱེད་པ་དང་། འཆིང་བ་མཐའ་ དག་གིས་དག་པ་དགྲ་བཅོམ་པའི་ལུས་གནས་པར་བྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས་ཀྱི་ལུས་ནི་དོན་ལ་ལྟོས་པ་མེད་ཀྱང་གཞན་སྣང་དུ་ ཟས་ཀྱིས་གནས་པར་ཀུན་ཏུ་སྟོན་པར་ཡང་བལྟའོ། ། བཅུ་པ་ལ། ཇི་ལྟར་དུ་ཞིག་ཅིའི་ཕྱིར་གོང་མ་དང་བཅས་པར་བརྟག་ཅེ་ན། འདུས་བྱས་ ཐམས་ཅད་དང་། འདུས་མ་བྱས་ཀྱི་ཕྱོགས་གཅིག་ནི། ནམ་མཁའ་དང་བརྟགས་མིན་གྱི་ འགོག་པ་ལ་སོགས་པ་དག་གིས་ཀྱང་གོང་མ་དང་བཅས་པར་བལྟའོ། །ཆོས་ཀྱི་ཁམས་དང་ སྐྱེ་མཆེད་ཀྱི་ཕྱོགས་གཅིག་དེ་བཞིན་ཉིད་དང་སོ་སོར་བརྟགས་འགོག་མ་གཏོགས་པ་ཐམས་ ཅད་དོ། །དེའང་ཆོས་གསུམ་དུ་བསྟན་པས་བདག་རྫས་ངན་པ་གོང་མ་དང་བཅས་པར་མངོན་ པར་ཞེན་པ་སྤང་བའི་ཕྱིར་རོ། ། བཅུ་གཅིག་པ་ལ། ཇི་ལྟར་ན་གོང་ན་མེད་པའི་མཚན་ཉིད་ཅན་ཡིན། གོང་ན་མེད་པས་ བསྡུས་པའི་དངོས་པོ་རྣམས་ནི་གྲངས་དུ་ཞིག་ཡོད། དགོས་པ་ཅིའི་ཕྱིར་གོང་ན་མེད་པར་ བརྟག་སྟེ་བསྟན་ཅེ་ན། ཐར་བ་བླ་ན་མེད་པ་ཡིན། །ཞེས་པ་ལྟར་མྱ་ངན་ལས་འདས་པ་ནི་ ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་འདུས་མ་བྱས་ཀྱི་ཕྱོགས་གཅིག་དེ་བཞིན་ཉིད་རྣམ་ 1-1-334 པར་དག་པ་དང་སོ་སོར་བརྟགས་པས་ཐོབ་པའི་འགོག་པ་ནི་མེད་པའི་མཚན་ཉིད་ཅན་ཡིན་ པར་བལྟའོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་དེ་བཞིན་ཉིད་དྲི་མ་དང་བྲལ་ བ་དང་། དག་པ་གཉིས་ལྡན་གྱི་འགོག་པ་ནི་དེའི་དངོས་པོའི་རྐང་གྲངས་སུ་གྱུར་པ་དག་གོ ། དགོས་པ་ནི། སྤྱིར་ཡང་ཆོས་ཐམས་ཅད་བདག་མེད་རྟོགས་པའི་དོན་དུ་བསྟན་པ་ཡིན་ཞིང་། ཁྱད་པར་གོང་ན་མེད་པའང་ཆོས་གསུམ་དུ་འདུ་བར་བསྟན་པས། ཆོས་གསུམ་ནི་བདག་ གི་ངོ་བོ་མ་ཡིན་ཞིང་བདག་དོན་གཞན་དང་ཡང་མི་ལྡན་པར་བསྒྲུབས་ཟིན་པས་ན། འགའ་ ཞིག་བདག་ཡོད་པ་དེའང་རྫས་ཀྱི་མཆོག་གོང་ན་མེད་པ་ཉིད་དུ་གྲུབ་པར་མངོན་པར་ཞེན་པ་ སྤངས་ནས་བདག་མེད་ལ་འཇུག་པར་བྱ་བའི་ཕྱིར་རོ། ། (གསུམ་པ།)ཚུལ་མཐུན་སྦྱར་བ་ནི། དེ་ལྟར་ན་གོང་དུ་རྒྱས་པར་བཤད་པའི་རྣམ་པའི་རབ་ ཏུ་དབྱེ་བའི་ཚུལ་ལམ་རིགས་པ་འདིས་ཕྱེ་ན་ཆོས་གསུམ་གྱི་རབ་ཏུ་དབྱེ་བའི་ཚུལ་གཞན་ཡང་ མཐའ་ཡས་ཤིང་ཚད་མེད་པར་འགྱུར་བ་ཉིད་དོ། །དེའང་(ནང་གི་གཅིག་གཉིས་གཟུགས་ལ་སོགས།་)ཕྱི་ རོལ་དང་ནང་གིར་དབྱེ་བ་དང་། (དམིགས་བཅས་སེམས་ཀྱི་ཁམས་བདུན་དང་། ཆོས་ཀྱི་ཕྱེད་ཀྱང་། ཞེས་པ་ལྟར་) དམིགས་བཅས་དང་དམིགས་མེད་དུ་དབྱེ་བ་དང་། (ཡིད་དང་ཡིད་ཤེས་)རྟོག་བཅས་དང་(གཞན་) རྟོག་མེད་དུ་དབྱེ་བ་དང་། (གཟུགས་ཅན་བཅུ་ནི་བསགས་པའོ། །ཞེས་པ་ལྟར་)བསགས་པ་དང་(གཞན་) མ་བསགས་པར་དབྱེ་བ་དང་། (འདུས་མ་བྱས་ནི་)རྟག་པ་དང་(གཞན་)མི་རྟག་པ་ལ་སོགས་པ་སྟེ། (རྣམ་འགྲེལ་དུ།)ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ནས་ནི་ངེས་པ་དང་། །སྒྲ་དང་དེ་སྙེད་ ཁོ་ན་ངེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན། །ཞེས་པ་ལྟར་སྤོབས་པ་(ཡེ་ཤེས་བཤེས་གཉེན་གྱིས་)སོ་ སོ་རིག་པའི་བྱེ་བྲག་གི་ཡུལ་མཐའ་ཡས་པའི་ཕྱིར་རོ། །(ཞེས་སོ། །) (གསུམ་པ།)བསྡུས་པའི་རབ་དབྱེ་བཅུ་གསུམ་ལ། ཀུན་བརྟགས་ལ་སོགས་པ་གསུམ་དུ་ དབྱེ་བ། ཀུན་བརྟགས་ལ་སོགས་པ་གསུམ་དུ་དབྱེ་བ། མཚན་ཉིད་ལ་སོགས་པ་གསུམ་དུ་ 1-1-335 དབྱེ་བ། ཕྱིར་བལྟས་ལ་སོགས་པ་དྲུག་ཏུ་དབྱེ་བའོ། ། དང་པོ་ལ། (གཉིས་ལས།) མདོར་བསྟན་ནི། སྔར་བཤད་པར་མ་ཟད་སླར་ཡང་རྫས་ཡོད་ པ་ཐམས་ཅད་མདོར་བསྡུ་ན། དབྱེ་གཞི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རྣམ་པའི་ རབ་ཏུ་དབྱེ་བ་ནི་གྲངས་ཀྱི་སྒོ་ནས་རྣམ་པ་གསུམ་སྟེ། དེ་ཉིད་མིང་གིས་གསལ་བར་སྟོན་པ་ ནི། མེད་བཞིན་དུ་ཀུན་ཏུ་བརྟགས་པའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། རྟོག་པས་རྣམ་པར་ བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང་། ཡོངས་གྲུབ་ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་ རབ་ཏུ་དབྱེ་བའོ། ། རྒྱས་བཤད་ལ། འདིར་ནི་གཙོ་ཆེར་(འགྲེལ་པར་)གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་ ནས་ངོ་བོ་ཉིད་གསུམ་སྟོན་པ་སྟེ། དེ་ལ་ཀུན་ཏུ་བརྟགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ གང་ཞེ་ན། (སྒྲོས་)གདགས་གཞི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་དོན་ལ་(སྒྲོ་འདོགས་ བྱེད་གཞན་དབང་གིས་)མེད་བཞིན་དུ་ང་རྒྱལ་གྱི་གཞིར་གྱུར་པས་བདག་ཅེའམ། ཞུམ་པའི་བདག་ ཉིད་ཅན་(སེམས་དང་ལྡན་པ་)ཡིན་པས་སེམས་ཅན་དང་། རིས་མཐུན་གནས་པར་བྱེད་པས་(ལུས་ འཛིན་པས་)སྲོག་དང་། ལུས་ཉིང་མཚམས་སྦྱོར་བར་བྱེད་པས་སྐྱེ་བ་པོ་དང་། ཟས་ཀྱིས་རྒྱས་ པར་བྱེད་པས་གསོ་(ཕུང་པོ་གསོ་བར་བྱེད་པ་)བ་དང་། ཡང་ཡང་འགྲོ་བར་རྟེན་པས་(ཆོས་གསུམ་ཚེ་སྟོད་ ལ་གང་ཞིང་། ཚེ་སྨད་ལ་ཟག་པས་)གང་ཟག་དང་། གཙོ་བོར་ཡིད་ལས་སྐྱེས་པས་(སྐྱེ་རྒུའི་བདག་པོ་ཤེད་ཅེས་ པ་ལས་སྐྱེས་པས་)ཤེད་ལས་སྐྱེས་དང་། ང་རྒྱལ་སྲུང་བར་བྱེད་པས་ཤེད་བདག་གམ་ཤེད་བུ་ཞེས་ བྱ་བ་ལ་སོགས་པར་གང་ཟག་གི་བདག་ཏུ་གང་ཀུན་ཏུ་བརྟགས་པའོ། །རྣམ་པར་བརྟགས་ པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། རྒྱུ་རྐྱེན་ལ་རག་ལས་པའི་ཕུང་པོ་དང་ཁམས་ དང་སྐྱེ་མཆེད་རང་གི་མཚན་ཉིད་ཅན་དེ་དག་ཉིད་དེ། གང་ལ་བདག་སོགས་སུ་རྟོག་པའི་ འཁྲུལ་བ་དེ་བྱུང་བའི་གཞིར་གྱུར་པ་ཉིད་དོ། །ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ 1-1-336 གང་ཞེ་ན། དགག་གཞི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དེ་དག་ཉིད་ལ་དགག་བྱའི་ཆོས་ སྔར་བསྟན་པ་ལྟ་བུའི་བདག་མེད་ཅིང་། དེ་བཞིན་དུ་སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་ དང་། གསོ་བ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་ལ་སོགས་པ་གང་ཟག་གི་ བདག་ནི་དཔྱད་ན་བདེན་པར་གྲུབ་པ་མེད་པས་ཡོད་པའི་མཐའ་ལས་གྲོལ་ལ། བདག་མེད་ པའི་ཕུང་པོ་ལ་སོགས་པ་ནི་སྣང་ཙམ་དུ་ཡོད་པའམ། ཆོས་ཉིད་ཡོངས་སུ་གྲུབ་པ་ནི་མི་འགྱུར་ བར་ཡོད་པས་མེད་པའི་མཐའ་ལས་གྲོལ་བ་ཉིད་དོ། ། གཉིས་པ་ལ་གསུམ་ལས། (དང་པོ།)དབྱེ་བ་མདོར་བསྟན་ནི། ཡང་ཕུང་པོ་ལ་སོགས་པ་ རྣམས་ལ་རབ་ཏུ་དབྱེ་བ་རྣམ་པ་བཞི་སྟེ། ཆོས་རྣམས་ཀྱི་མཚན་ཉིད་དམ་རང་བཞིན་གྱིས་ རབ་ཏུ་དབྱེ་བ་དང་། དེ་དག་གི་རྣམ་པའམ་ཁྱད་པར་གྱིས་རབ་ཏུ་དབྱེ་བ་དང་། གང་ཟག་སོ་ སོའི་ལུས་ཀྱིས་རབ་ཏུ་དབྱེ་བ་དང་། སྐད་ཅིག་སོ་སོའི་རྒྱུན་གྱིས་རབ་ཏུ་དབྱེ་བའོ། ། (གཉིས་པ།)ངོ་བོ་རྒྱས་བཤད་ལ། མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། དབྱེ་གཞི་ ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ་སོར་རང་གི་མཚན་ཉིད་མི་འདྲ་བ། གཟུགས་རུང་ མཚན་ཉིད་ཅན་ནི་གཟུགས། །ཞེས་པ་ལ་སོགས་པ་ཐ་དད་པ་ཉིད་ཀྱིས་མཚན་གཞི་ཆོས་ སུམ་ཅུ་རྩ་ལྔར་རབ་ཏུ་དབྱེ་བ་བཤད་ཟིན་པར་གྱུར་པའོ། རྣམ་པས་རབ་ཏུ་དབྱེ་བ་གང་ཞེ་ ན། དབྱེ་གཞི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་ཉིད་ཀྱི་འབྱེད་ཚུལ་མིང་སོགས་ལ་ ལྟོས་མེད་དུ་གྲུབ་པའི་ཆ་ནས་རྫས་སུ་ཡོད་པ་དང་། བརྡ་སྦྱར་བ་ལ་ལྟོས་ནས་བཏགས་པའི་ ཡོད་པ་དང་། ཐ་སྙད་ཀུན་རྫོབ་ཏུ་ཡོད་པ་དང་། དཔྱད་ན་དོན་དམ་པར་ཡོད་པ་དང་། དངོས་ པོ་དང་བཏགས་པའི་སྒོ་ནས་གཟུགས་ཅན་དང་། དེ་ལས་ལྡོག་པ་གཟུགས་ཅན་མ་ཡིན་པ་ དང་། མིག་ཡུལ་དུ་བསྟན་དུ་ཡོད་པ་དང་། ལྡོག་པ་བསྟན་དུ་མེད་པ་དང་། དེ་དག་ལ་སོགས་ པ་སྔར་ཇི་སྐད་བསྟན་པ་རྣམས་སོ། །ལུས་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། ཁམས་གསུམ་ 1-1-337 གྱི་སེམས་ཅན་རྣམས་ཀྱི་ལུས་མི་འདྲ་བ་ཐ་དད་པ་ཇི་སྙེད་པ་ཕུང་པོ་དང་། ཁམས་དང་། སྐྱེ་ མཆེད་རྣམས་ཀྱང་དེ་སྙེད་དེ། གཟུགས་ཅན་གཉིས་ན་ཕུང་པོ་ལྔ་ཅི་རིགས་པར་ཡོད་པ་དང་། གཟུགས་མེད་ན་མིང་བཞི་ཙམ་ཡོད་པ་ལ་སོགས་པ་ཉིད་དོ། །རྒྱུན་གྱིས་རབ་ཏུ་དབྱེ་བ་གང་ ཞེ་ན། སེམས་ཅན་རེ་རེའི་རྒྱུད་ཀྱིས་བསྡུས་པའི་ཡུལ་གཅིག་ལའང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདུས་བྱས་རྣམས་ཀྱི་སྐད་ཅིག་སྔ་མའི་རྗེས་སུ་ཕྱི་མ་རེ་རེ་ཞིང་འབྱུང་བས་སོ་སོ་ ཐ་དད་པའོ། ། (གསུམ་པ།)ཤེས་པའི་ཕན་ཡོན་ནི། མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ ཞིག་ཡོངས་སུ་ཤེས་ཞེ་ན། འདི་རྣམས་ཀྱི་རྒྱུ་ཤེས་པ་ལས་འབྲས་བུ་སྤོང་བ་འབྱུང་བས་དེའི་ མིང་གིས་བརྗོད་པ་དེའོ། །ཆོས་གསུམ་སོ་སོའི་མཚན་ཉིད་ཤེས་པས་དེ་དང་མི་མཐུན་པ་ལ་ སོགས་པའི་སྒོ་ནས་བདག་ལ་མངོན་པར་ཞེན་པ་ནི་འཁྲུལ་བར་ཡོངས་སུ་ཤེས་སོ། །ཤེས་ ནས་སྤོང་ངོ་། །དེ་བཞིན་ཏུ་སྦྱར་ཏེ་རྣམ་པའི་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་ སུ་ཤེས་ཞེ་ན། ཁྱད་པར་རྣམ་པ་དུ་མར་ཤེས་པས་རིལ་བོ་གཅིག་ཏུ་འཛིན་པའི་འདུ་ཤེས་ནི་ འཁྲུལ་བར་ཡོངས་སུ་ཤེས་སོ། །ལུས་ཀྱིས་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ ཤེས་ཞེ་ན། ལུས་ཐ་དད་རྣམས་རང་རང་གི་ལས་ཐ་དད་ལས་བྱུང་བར་ཤེས་པས། ལས་མ་ བྱས་པའི་འབྲས་བུ་དང་ཕྲད་པ་དང་། ལས་བྱས་པའི་འབྲས་བུའི་རྒྱུན་གཞན་ལ་སྨིན་ནས་ ཆུད་ཟ་བར་འདོད་པའི་འདུ་ཤེས་ནི་འཁྲུལ་བར་ཡོངས་སུ་ཤེས་སོ། །རྒྱུན་གྱིས་རབ་ཏུ་དབྱེ་ བ་ལ་མཁས་པས་ཅི་ཞིག་ཤེས་ཞེ་ན། འདུས་བྱས་རྣམས་སྐད་ཅིག་གིས་སྐྱེ་འགག་བྱེད་པར་ ཤེས་པས། རྟག་ཅིང་བརྟན་པར་འཛིན་པའི་འདུ་ཤེས་ནི་འཁྲུལ་བར་ཡོངས་སུ་ཤེས་སོ། ། གསུམ་པ་ལ། (གཉིས་ལས།)མདོར་བསྟན་ནི། ཡང་དབྱེ་གཞི་ཕུང་པོ་དང་ཁམས་དང་སྐྱེ་ མཆེད་འདི་དག་ཉིད་ཀྱི་གྲངས་ཀྱི་རབ་ཏུ་དབྱེ་བ་རྣམ་པ་དྲུག་སྟེ། མིང་གིས་དབྱེ་བ་ནི། འདོད་ 1-1-338 ཡོན་ལ་ཕྱི་རོལ་ཏུ་བལྟས་པས་རབ་ཏུ་དབྱེ་བ་དང་། ཏིང་ངེ་འཛིན་ལ་ནང་དུ་བལྟས་པས་རབ་ ཏུ་དབྱེ་བ་དང་། མཐའ་མེད་པ་རྒྱུན་རིང་བོའི་དུས་ཀྱིས་རབ་ཏུ་དབྱེ་བ་དང་། མཐའ་ཡོད་པ་ དུས་ཡོངས་སུ་ཆད་པས་རབ་ཏུ་དབྱེ་བ་དང་། ཡུན་ཐུང་བས་དེའི་དུས་ཀྱིས་རབ་ཏུ་དབྱེ་བ་ དང་། གཞན་སྣང་དུ་ཀུན་ཏུ་སྟོན་པས་རབ་ཏུ་དབྱེ་བའོ། ། རྒྱས་བཤད་ལ། ཕྱི་རོལ་ཏུ་བལྟས་པས་རབ་ཏུ་དབྱེ་བ་གང་ཞེ་ན། ཕལ་ཆེར་ཏེ་བསྟན་ པ་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་མ་གཏོགས་པ་འདོད་པའི་ཁམས་ན་སྤྱོད་པས་རབ་ཏུ་ དབྱེ་བའི་ཆོས་གསུམ་རྣམས་ཏེ་འདོད་ཡོན་ལ་སྲེད་པ་མི་བཟད་པ་ལས་བྱུང་བར་གྱུར་པའོ། ། ནང་དུ་བལྟས་པས་རབ་ཏུ་དབྱེ་བ་གང་ཞེ་ན། མཉམ་པར་གཞག་པའི་ས་བ་བསམ་གཏན་ དང་གཟུགས་མེད་པའི་ཟག་བཅས་ཟག་མེད་ཐམས་ཅད་དང་། འདོད་པར་ཡང་བསྟན་པ་ལ་ ཐོས་བསམ་སྒོམ་གསུམ་བྱེད་པས་བསྡུས་པ་རྣམས་ཏེ་སྙོམས་འཇུག་ལ་ནང་དུ་བལྟས་པ་ཉིད་ དོ། །རྒྱུན་རིང་བོའི་དུས་ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་ གསུམ་སྟེ་སྔོན་དང་ཕྱི་མའི་མཐའ་ཐུག་པ་མེད་པར་གྱུར་པའོ། །དུས་ཡོངས་སུ་ཆད་པས་རབ་ ཏུ་དབྱེ་བ་གང་ཞེ་ན། འཕགས་པ་སློབ་པ་སྲིད་པ་ལན་བདུན་པ་ལ་སོགས་པའི་ཆོས་གསུམ་ ཐམས་ཅད་དང་། མི་སློབ་པ་རྣམས་ཀྱིའང་ཐ་མའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ མ་གཏོགས་པ་སྟེ། བདུན་དང་གཅིག་ལ་སོགས་པ་དུས་ངེས་པ་ཅན་དུ་གྱུར་པའོ། །དེའི་དུས་ ཀྱིས་རབ་ཏུ་དབྱེ་བ་གང་ཞེ་ན། མི་སློབ་པ་རྣམས་ཀྱི་ཐ་མ་ལྷག་མེད་དུ་མྱ་ངན་ལས་འདའ་ཁ་ མའི་སྐད་ཅིག་གིས་བསྡུས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་དེའི་དུས་ཙམ་ཁོ་ན་ཡིན་ གྱི་སྐད་ཅིག་གཉིས་པ་ནས་རྒྱུན་འཆད་འགྱུར་བ་རྣམས་སོ། །ཀུན་ཏུ་སྟོན་པས་རབ་ཏུ་དབྱེ་བ་ གང་ཞེ་ན། གང་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་སོགས་ པ་ཐོབ་ཅིང་ཡོད་ཏན་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ 1-1-339 དག་ནི་ལས་དང་ཉོན་མོངས་པ་ལས་གྲུབ་པ་མེད་ཀྱང་། སྨོན་ལམ་དང་དགེ་བའི་རྩ་བའི་ དབང་གིས་གདུལ་བྱ་ལ་ཕན་གདགས་པའི་ཕྱིར་སྣང་ཙམ་དུ་ཀུན་ཏུ་སྟོན་པའོ། ། བཅུ་པ་ལ། བསྡུས་པ་གང་ཞེ་ན། ཐུན་མོང་གི་དབྱེ་བ། སོ་སོའི་ངོ་བོ། མཁས་བའི་ཕན་ ཡོན་གསུམ་ལས་དང་པོ་ནི། བསྡུས་པའི་ཚུལ་ནི་རྣམ་པ་བཅུ་གཅིག་ཏུ་བལྟ་སྟེ། དེའང་མཚན་ ཉིད་ཀྱིས་མཚན་གཞི་བསྡུས་པ་དང་། རྒྱུ་ཁམས་ཀྱིས་འབྲས་བུ་བསྡུས་པ་དང་། སྤྱི་རིགས་ ཀྱིས་བྱེ་བྲག་བསྡུས་པ་དང་། གནས་སྐབས་ཀྱིས་གནས་སྐབས་ཅན་བསྡུས་པ་དང་། གྲོགས་ ཀྱིས་གྲོགས་ཅན་བསྡུས་པ་དང་། ཕྱོགས་ཀྱིས་ཕྱོགས་ཅན་བསྡུས་པ་དང་། དུས་ཀྱིས་དུས་ ཅན་བསྡུས་པ་དང་། ཕྱོགས་གཅིག་གིས་ཕྱོགས་གཅིག་བསྡུས་པ་དང་། མཐའ་དག་གིས་ མཐའ་དག་བསྡུས་པ་དང་། ཆོས་གསུམ་གཅིག་གིས་གཅིག་ཕན་ཚུན་བསྡུས་པ་དང་། ཆོས་ ཉིད་དོན་དམ་པས་ཆོས་ཅན་བསྡུས་པའོ། ། གཉིས་པ་ལ། (བཅུ་གཅིག་གི་དང་པོ།)མཚན་ཉིད་ཀྱིས་བསྡུས་པ་གང་ཞེ་ན། ཐམས་ཅད་ཀྱང་ སྡུད་བྱེད་གང་གིས་བསྡུ་བྱ་གང་ཞིག་ཇི་ལྟར་བསྡུས་ཚུལ་གྱིས་རིག་པར་བྱ་སྟེ། འདིར་ཡང་ སྡུད་བྱེད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་སོ་སོའི་རང་གི་མཚན་ཉིད་གཟུགས་སུ་ རུང་བ་ལ་སོགས་པ་མི་འདྲ་བ་གང་ཡིན་པ་དེ་དག་ཉིད་ཀྱིས་བསྡུ་བྱ་རྒྱུད་གཞན་དང་གཞན་ དུ་གཏོགས་པའི་གཟུགས་ལ་སོགས་པ་དེ་དག་སྡུད་ཚུལ་དོན་བྱེད་ནུས་པས་དངོས་པོ་རྣམས་ བསྡུས་པ་ལྟར་མཚན་ཉིད་ཀྱིས་མཚན་གཞི་བསྡུས་པར་བལྟའོ། །དེ་བཞིན་དུ་སྦྱར་ཏེ། (གཉིས་པ།)ཁམས་ཀྱིས་བསྡུས་པ་གང་ཞེ་ན། སྡུད་བྱེད་ཕུང་པོ་དང་ཁམས་དང་སྐྱེད་མཆེད་ རྣམས་ཀྱི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེས། བསྡུ་བྱ་ཆོས་གསུམ་པོ་དེ་ དག སྡུད་ཚུལ་གྱི་ས་བོན་ཀུན་གཞི་ལ་ཡོད་པའི་ཕྱིར་རྒྱུ་ཁམས་ཀྱིས་འབྲས་བུ་རྣམས་བསྡུས་ པའོ། ། 1-1-340 (གསུམ་པ།)རིགས་ཀྱིས་བསྡུས་པ་གང་ཞེ་ན། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་བེམ་ རིག་ལ་སོགས་པའི་སྒོ་ནས་སོ་སོར་རང་རང་གི་མཚན་ཉིད་མི་འདྲ་བ་ཐ་དད་པ་ཡོད་ཀྱང་ དུ་མ་སྤུངས་པས་ན་ཕུང་པོའི་དོན་བརྩན་པར་བྱས་ནས་ཚོར་བ་ལ་སོགས་པ་ཐམས་ཅད་ ཀྱང་ཕུང་པོ་ཞེས་གཅིག་ཏུ་བསྡུས་ཤིང་། དེ་བཞིན་དུ་ཉེར་སྤྱོད་འཛིན་པས་ན་ཁམས་ཀྱི་ དོན་བརྩན་པར་བྱས་ནས་མིག་ལ་སོགས་བ་ཐམས་ཅད་ཁམས་ཞེས་གཅིག་ཏུ་བསྡུས་པ་དང་། ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པས་ན་སྐྱེ་མཆེད་ཀྱི་དོན་བརྩན་པར་བྱས་ནས་མིག་ལ་སོགས་པ་ ཐམས་ཅད་སྐྱེ་མཆེད་གཅིག་ཏུ་བསྡུས་པ་སྟེ། ཐམས་ཅད་ཕན་ཚུན་ཁྱད་པར་མི་འདྲ་བར་གནས་ ཀྱང་། སྤྱི་རིགས་ཀྱིས་བསྡུས་པ་དག་གོ། (བཞི་པ།)གནས་སྐབས་ཀྱིས་བསྡུས་པ་གང་ཞེ་ན། བསྡུ་བྱ་བདེ་བ་སྐྱེས་པའི་གནས་སྐབས་ ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ནི་མང་པོ་ཡོད་ཀྱང་སྡུད་བྱེད་བདེ་བའི་གནས་སྐབས་ དེ་དག་ཉིད་ཀྱིས་བདེ་བའི་གནས་སྐབས་ཀྱི་ཆོས་གསུམ་ཞེས་གཅིག་ཏུ་བསྡུས་པའོ། །དེ་ བཞིན་དུ་སྡུག་བསྔལ་གྱི་གནས་སྐབས་ཀྱི་ཆོས་གསུམ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་ བ་ཡང་མ་ཡིན་པའི་གནས་སྐབས་ཀྱི་ཆོས་གསུམ་རྣམས་ཀྱང་སྡུག་བསྔལ་དང་བཏང་སྙོམས་ དེ་དག་ཉིད་ཀྱིས་བསྡུས་པའོ། ། (ལྔ་པ།)གྲོགས་གྱིས་བསྡུས་པ་གང་ཞེ་ན། བསྡུ་བྱ་གཟུགས་ཀྱི་ཕུང་པོ་འཁོར་དང་བཅས་ པ་སྟེ་མ་ལུས་པ་ནི་སྡུད་བྱེད་དེ་ལས་གཞན་པའི་ཕུང་པའི་གྲོགས་སུ་གྱུར་པ་ཚོར་བ་ལ་སོགས་ པ་རྣམས་ཀྱིས་སྡུད་ཚུལ་ཐམས་ཅད་ཀྱང་གྲོགས་དང་ལྷན་ཅིག་ཕུང་པོ་ལྔ་ཞེས་གྲོགས་ཀྱིས་ བསྡུས་པས་གྲོགས་ཅན་བསྡུས་པའོ། །དེ་བཞིན་དུ་དེ་ལས་གཞན་པ་ཚོར་བའི་ཕུང་པོའང་ གྲོགས་ལྷག་མ་རྣམས་དང་ལྷན་ཅིག་ཕུང་པོ་ལྔ་ཞེས་བསྡུས་པ་ལ་སོགས་པ་དང་། མིག་གི་ ཁམས་འཁོར་དང་བཅས་པ་ནི་དེ་ལས་གཞན་པའི་ཁམས་གྲོགས་སུ་གྱུར་པ་རྣམས་དང་ལྷན་ 1-1-341 ཅིག་ཁམས་བཅོ་བརྒྱད་ཅེས་བསྡུས་པ་ལ་སོགས་པ་དང་། ཆོས་ཀྱི་སྐྱེ་མཆེད་འཁོར་དང་བཅས་ པ་ནི་དེ་ལས་གཞན་པའི་སྐྱེ་མཆེད་གྲོགས་སུ་གྱུར་པ་རྣམས་དང་ལྷན་ཅིག་སྐྱེ་མཆེད་བཅུ་ གཉིས་ཞེས་བསྡུས་པ་ལ་སོགས་པ་རྣམས་ལ་ཡང་སོ་སོར་དཔྱད་དེ་རིག་པར་བྱའོ། ། (དྲུག་པ་)ཕྱོགས་ཀྱིས་བསྡུས་པ་གང་ཞེ་ན། བསྡུ་བྱ་ཤར་ཕྱོགས་ཀྱི་ཕུང་པོ་དང་ཁམས་ དང་སྐྱེ་མཆེད་གང་ཡིན་པ་དེ་རྣམས་མང་པོ་ཡོད་ཀྱང་སྡུད་བྱེད་ཤར་ཕྱོགས་དེ་དག་ཉིད་ཀྱིས་ བསྡུས་ཚུལ་ཡུལ་མཚུངས་པའི་ཕྱིར་ཤར་ཕྱོགས་ཀྱི་ཆོས་གསུམ་ཞེས་ཕྱོགས་ཀྱིས་ཕྱོགས་ཅན་ ཐ་དད་མེད་པར་བསྡུས་པའོ། །དེ་བཞིན་དུ་དེ་ལས་གཞན་པའི་ཕྱོགས་ལྷག་མ་དགུ་པོ་རྣམས་ ལ་ཡང་རིག་པར་བྱ་སྟེ་ལྷོ་ཕྱོགས་ཀྱི་ཆོས་གསུམ་ཞེས་པ་ལ་སོགས་པའོ། ། (བདུན་པ་)དུས་ཀྱིས་བསྡུས་པ་ཞེ་ན། བསྡུ་བྱ་འདས་པའི་དུས་ཀྱི་ཕུང་པོ་དང་ཁམས་དང་ སྐྱེ་མཆེད་རྣམས་ནི། སྡུད་བྱེད་འདས་པའི་དེ་དག་ཉིད་ཀྱིས། བསྡུས་ཚུལ་དུས་མཚུངས་པའི་ ཕྱིར། འདས་པའི་ཆོས་གསུམ་ཞེས་དུས་དང་དུས་ཅན་ཐ་དད་མེད་པར་བསྡུས་པའོ། །དེ་ བཞིན་དུ་མ་འོངས་པའི་ཆོས་གསུམ་དང་། ད་ལྟར་བྱུང་བའི་ཆོས་གསུམ་རྣམས་ཀྱང་མ་འོངས་ པ་དང་ད་ལྟར་བ་དེ་དག་ཉིད་ཀྱིས་བསྡུས་པའོ། ། (བརྒྱད་པ།)ཕྱོགས་གཅིག་གིས་བསྡུས་པ་གང་ཞེ་ན། བསྡུ་བྱ་ཕུང་པོ་དང་ཁམས་དང་སྐྱེ་ མཆེད་ཀྱིས་བསྡུས་པའི་ཆོས་མདོ་གཞན་ལས་མིང་ཐ་དད་དུ་བསྟན་པ་ཇི་སྙེད་པ་དེ་དག་སྡུད་ བྱེད་འདིར་བསྟན་པའི་ཆོས་གསུམ་པོའི་ནང་ཚན་གང་ཡང་རུང་བས་བསྡུས་པ་ནི་ཕྱོགས་ གཅིག་གིས་བསྡུས་པར་རིག་པར་བྱ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོའི་ ཕྱོགས་གཅིག་གིས་བསྡུས་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོའང་འདུ་བྱེད་ཀྱི་ ཕྱོགས་གཅིག་གིས་བསྡུས་པ་དང་། འདོད་པ་དང་གནོད་སེམས་དང་རྣམ་འཚེའི་ཁམས་ནི་ སེམས་བྱུང་ཡིན་པས་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གིས་བསྡུས་པ་དང་། ནམ་མཁའ་ 1-1-342 མཐའ་ཡས་ཀྱི་སྐྱེ་མཆེད་ལ་སོགས་པ་བཞི་ནི་སེམས་སེམས་བྱུང་གི་ངོ་བོ་ཡིན་པས་ཡིད་དང་ ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས་པ་ལ་སོགས་པའོ། ། (དགུ་པ།)མཐའ་དག་གིས་བསྡུས་པ་གང་ཞེ་ན། བསྡུ་བྱ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ ཀྱིས་བསྡུས་པའི་ཆོས་མདོ་གཞན་དུ་མིང་མི་འདྲ་པར་བསྟན་པ་ཇི་སྙེད་པ་དེ་དག་དང་། སྡུད་ བྱེད་འདིར་མ་བསྟན་པའི་ཕུང་པོ་ལ་སོགས་པས་མ་ལུས་པར་བསྡུས་པ་ནི་མཐའ་དག་གིས་ བསྡུས་པར་རིག་པར་བྱ་སྟེ། སྡུག་བསྔལ་གྱི་ཕུང་པོ་ནི་ཉེར་ལེན་གྱི་ཕུང་པོ་ལྔ་ཅར་གྱིས་ བསྡུས་པ་དང་། འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་བསྡུས་པ་དང་། འདུ་ཤེས་མེད་པའི་སེམས་ཅན་གྱི་སྐྱེ་མཆེད་ནི་དྲི་རོ་བོར་བའི་སྐྱེ་མཆེད་བཅུས་བསྡུས་ཀྱང་ གང་དེ་ན་ཡོད་པའི་སྐྱེ་མཆེད་མ་ལུས་པ་བསྡུས་པའོ། ། (བཅུ་པ།)གཅིག་གིས་གཅིག་བསྡུས་པ་གང་ཞེ་ན། ཆོས་གསུམ་པོ་རེ་རེས་ཀྱང་གཞན་ གཉིས་པོ་བསྡུས་ཤིང་། གཞན་གཉིས་ཀྱིས་ཀྱང་རེ་རེ་བསྡུས་པས་ཕན་ཚུན་གྱིས་བསྡུས་ཚུལ་ རིམ་པ་ལྟར་སྟོན་པ་སྟེ། དེ་ལ་ཕུང་པོ་ལྔས་གཞན་གཉིས་པོ་བསྡུས་ཚུལ་ཞེས་པ་ལ་སོགས་ པར་ཡང་སྦྱར་དུ་རུང་མོད། འོན་ཀྱང་དོན་གཅིག་པ་ཉིད་ཀྱི་ཕྱིར་སྔར་ཇི་ལྟར་གྲགས་པ་ བཞིན་འཆད་པ་ལ་བཞིའི། དང་པོ་ཕུང་པོ་ལྔ་གཞན་གཉིས་པོས་བསྡུས་ཚུལ་ནི། གཟུགས་ ཀྱི་ཕུང་པོ་ཁམས་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཞེ་ན། དེ་ནི་དབང་པོ་ལྔ་དང་ཡུལ་ ལྔ་སྟེ་གཟུགས་ཅན་གྱི་ཁམས་བཅུ་དང་། དེ་བཞིན་དུ་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་པོ་ ཐམས་ཅད་དང་། ཁམས་གཅིག་དང་སྐྱེ་མཆེད་གཅིག་ནི་ཆོས་ཀྱི་སྟེ་དེ་དག་གི་ཕྱོགས་གཅིག་ གཟུགས་རྣམ་པ་ལྔ་པོ་དག་གིས་ཀྱང་བསྡུས་སོ། །ཚོར་བའི་ཕུང་པོ་ཁམས་དུ་དང་སྐྱེ་མཆེད་དུ་ དག་གིས་བསྡུས་ཞེ་ན། ཆོས་ཀྱི་ཁམས་གཅིག་དང་སྐྱེ་མཆེད་གཅིག་ལ་ཆོས་བཅུ་དྲུག་ཡོད་པ་ དག་གི་ཕྱོགས་གཅིག་ཚོར་བ་ཉིད་ཀྱིས་བསྡུས་སོ། །ཚོར་བའི་ཕུང་པོ་ཇི་ལྟ་བར། འདུ་ཤེས་ 1-1-343 ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་ཡང་དེ་བཞིན་དུ། ཆོས་བཅུ་དྲུག་གི་ཡ་གྱལ་རེ་རེས་བསྡུས་ པ་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་ཁམས་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཞེ་ན། སེམས་ཀྱི་ཁམས་བདུན་དང་། ཡིད་ཀྱི་སྐྱེ་མཆེད་གཅིག་གིས་བསྡུས་སོ། ། (གཉིས་པ།)ཁམས་བཅོ་བརྒྱད་གཞན་གཉིས་པོས་བསྡུས་ཚུལ་ལ། མིག་གི་ཁམས་ཕུང་ པོ་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཞེ་ན། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་མིག་གི་ དབང་པོ་དང་མིག་གི་སྐྱེ་མཆེད་གཅིག་གིས་བསྡུས་སོ། །མིག་གི་ཁམས་ཇི་ལྟ་བར་རྣ་བའི་ ཁམས་དང་སྣའི་ཁམས་དང་ལྕེའི་ཁམས་དང་ལུས་ཀྱི་ཁམས་ཀྱང་དེ་བཞིན་གཟུགས་ཀྱི་ཕུང་ པོའི་ཕྱོགས་རེ་དང་རང་རང་གི་སྐྱེ་མཆེད་རེ་རེས་བསྡུས་པ་ཡིན་ནོ། །གཟུགས་ཀྱི་ཁམས་ཕུང་ པོ་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཞེ་ན། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཡུལ་ལྔའི་ དང་པོ་དང་གཟུགས་ཀྱི་སྐྱེ་མཆེད་གཅིག་གིས་བསྡུས་པའོ། །གཟུགས་ཀྱི་ཁམས་ཇི་ལྟ་བར་ སྒྲའི་ཁམས་དང་དྲིའི་ཁམས་དང་རོའི་ཁམས་དང་རེག་བྱའི་ཁམས་ཀྱང་དེ་བཞིན་དུ་གཟུགས་ ཀྱི་ཕུང་པོའི་ཕྱོགས་རེ་དང་རང་རང་གི་སྐྱེ་མཆེད་རེ་རེས་བསྡུས་པ་ཡིན་ནོ། །མིག་གི་རྣམ་པར་ ཤེས་པའི་ཁམས་ཕུང་པོ་དུ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཞེ་ན། རྣམ་པར་ཤེས་པའི་ཕུང་ པོའི་ཕྱོགས་གཅིག་དང་ཡིད་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །མིག་གི་རྣམ་ པར་ཤེས་པའི་ཁམས་ཇི་ལྟ་བར་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་ པའི་ཁམས་ཀྱང་དེ་བཞིན་ཏེ་རྣམ་ཤེས་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་རེས་བསྡུས་ པ་ཡིན་ནོ། །འདིས་ནི་ཡིད་ཀྱི་ཁམས་ཀྱང་བཤད་པ་ཡིན་ཏེ་རྣམ་ཤེས་ཕུང་པོ་དང་ཡིད་ཀྱི་ སྐྱེ་མཆེད་ཕྱོགས་གཅིག་གིས་བསྡུས་པའི་ཕྱིར་རོ། །ཆོས་ཀྱི་ཁམས་ཕུང་པོ་དུ་དང་སྐྱེ་མཆེད་ དུ་དག་གིས་བསྡུས་ཞེ་ན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དེ་ཕུང་པོ་གསུམ་དང་གཅིག་ གཟུགས་ཀྱི་ཕྱོགས་གཅིག་གཟུགས་རྣམ་པ་ལྔ་དང་། ཆོས་ཀྱི་སྐྱེ་མཆེད་གཅིག་གིས་བསྡུས་ 1-1-344 སོ། ། (གསུམ་པ་)སྐྱེ་མཆེད་རྣམས་གཞན་གཉིས་པོས་བསྡུས་ཚུལ་ལ། མིག་གི་སྐྱེ་མཆེད་ཕུང་པོ་ དུ་དང་ཁམས་དུ་དག་གིས་བསྡུས་ཞེ་ན། གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་མིག་གི་དབང་ པོ་དང་མིག་གི་ཁམས་གཅིག་གིས་བསྡུས་སོ། །མིག་གི་སྐྱེ་མཆེད་ཇི་ལྟ་བར་རྣ་བ་དང་སྣ་དང་ ལྕེ་དང་ལུས་ཀྱི་སྐྱེ་མཆེད་རྣམས་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་ རྣམས་ཀྱང་དེ་བཞིན་ཏེ། གཟུགས་ཀྱི་ཕུང་པོའི་ཕྱོགས་རེ་དང་རང་གི་ཁམས་རེ་རེས་བསྡུས་ པ་ཡིན་ནོ། །ཡིད་ཀྱི་སྐྱེ་མཆེད་ཕུང་པོ་དུ་དང་ཁམས་དུ་དག་གིས་བསྡུས་ཞེ་ན། རྣམ་པར་ཤེས་ པའི་ཕུང་པོ་གཅིག་དང་སེམས་ཀྱི་ཁམས་བདུན་གྱིས་བསྡུས་སོ། །ཆོས་ཀྱི་སྐྱེ་མཆེད་ཕུང་པོ་ དུ་དང་ཁམས་དུ་དག་གིས་བསྡུས་ཞེ་ན། སྔ་མ་ལྟར་ཕུང་པོ་གསུམ་དང་། གཅིག་གཟུགས་ཀྱི་ ཕྱོགས་གཅིག་དང་ཆོས་ཀྱི་ཁམས་གཅིག་གིས་བསྡུས་སོ། ། (བཞི་པ།)རིགས་གཞན་ཡང་ཆོས་གསུམ་དུ་བསྡུ་བ་ནི། ཆོས་གསུམ་ཕན་ཚུན་བསྡུས་པ་ དེ་བཞིན་དུ་སྔར་བཤད་པའི་གཟུགས་སོགས་དེ་ལས་མིང་གཞན་པའི་ཆོས་མདོ་གཞན་ལས་ ཆོས་ཀྱི་ཕུང་པོ་ལ་སོགས་པ་ཕུང་པོ་བསྟན་པ་དང་། ཁམས་མང་པོ་བའི་མདོར། འབྱུང་བཞི་ ལ་སོགས་པའི་ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་དང་། ཡིད་དང་ཆོས་སུ་འདུ་བའི་ཟད་པར་ དང་ཟིལ་གནོན་ལ་སོགས་པ་སྐྱེ་མཆེད་བསྟན་པ་གང་ཡིན་པ་དག་དང་། གཞན་ཡང་གང་ དག་མིང་ཆོས་གསུམ་པོ་དེ་བཞིན་དུ་མ་བསྟན་པ་འདི་ལྟ་སྟེ། དོན་ལ་རྫས་སུ་ཡོད་པ་དང་། མིང་དུ་བཏགས་པའི་ཡོད་པ་དང་། ཀུན་རྫོབ་ཙམ་དུ་ཡོད་པ་དང་། དོན་དམ་དུ་བདེན་པར་ ཡོད་པ་དང་། ཤེས་པ་ཙམ་གྱིས་ཤེས་པར་བྱ་བ་དང་། རྣམ་པས་ཤེས་པས་ཤེས་པར་བྱ་བ་ དང་། མངོན་པར་ཤེས་པས་ཤེས་པར་བྱ་བ་དང་། གཟུགས་ཅན་དུ་གྲུབ་པ་དང་། གཟུགས་ ཅན་མ་ཡིན་པ་དང་། གཞན་ལ་བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་ལ་སོགས་པ་དེ་དག་ 1-1-345 ཀྱང་། འདིར་བསྟན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་བསྡུས་པ་མཚན་ཉིད་ ཇི་ལྟར་མཐུན་མཐུན་དུ་དཔྱད་པ་ལས་རིག་པར་བྱ་སྟེ་དེ་རྣམས་ནི་སྔར་རྣམ་པའི་རབ་ཏུ་དབྱེ་ བ་རྒྱས་པར་བསྟན་ཟིན་པ་ཉིད་དོ། ། (བཅུ་གཅིག་པ།)དོམ་དམ་པས་བསྡུས་པ་གང་ཞེ་ན། བསྡུ་བྱ་གང་ཕུང་པོ་དང་ཁམས་དང་ སྐྱེ་མཆེད་རྣམས་སྡུད་བྱེད་དེ་རྣམས་ཀྱི་རང་བཞིན་དེ་བཞིན་ཉིད་ཀྱིས་བསྡུས་ཚུལ། (རྒྱུད་བླ་ མར།)དེའི་སྤྱིའི་མཚན་ཉིད་ཉེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་དབྱེ་ བ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་པ་ལྟར་ཆོས་ཀྱི་དབྱིངས་ ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་ཚུལ་གྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ན་ཆོས་ཉིད་ཀྱིས་ ཆོས་ཅན་བསྡུས་པ་ཉིད་དོ། །ཡང་། གཞི་གནས་འཆིང་བ་དོན་མཐུན་དང་། །ཉེར་འཛིན་མི་ འཕྲོ་མངོན་སྡུད་བསྡུས། །ཞེས་འགྲེལ་བར། འཇིག་རྟེན་གྱི་གྲགས་པ་དང་མཐུན་པའི་བསྡུས་ པ་རྣམ་པ་དྲུག་ཀྱང་གསུངས་ཏེ། གླིང་གིས་མི་རྣམས་བསྡུས་པ་ལྟར། མིག་གིས་མིག་ཤེས་ བསྡུས་པ་ནི་གཞིའི་གནས་ཀྱིས་བསྡུས་པ་དང་། ཐག་པས་ཤིང་ཁུར་བཅིངས་པ་ལྟར། ལུས་ ཀྱིས་མིག་སོགས་བཅིངས་པ་ནི་འཆིང་བས་བསྡུས་པ་དང་། དགོས་པ་མཐུན་པའི་མི་རྣམས་ ཕན་ཚུན་བརྟེན་པ་ལྟར། མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་གཅིག་ལ་གཅིག་ བརྟེན་པ་ནི་དོན་མཐུན་པས་བསྡུས་པ་དང་། རྗེ་བོས་བྲན་ལ་སོགས་པ་བཟུང་བ་ལྟར། ཀུན་ གཞིའི་རྣམ་པར་ཤེས་པས་ཡུལ་ཡོངས་སུ་བཟུང་བ་ནི་ཡུལ་ཉེ་བར་འཛིན་པས་བསྡུས་པ་དང་། བུམ་བས་ཆུ་བཟུང་བ་ལྟར། ཏིང་ངེ་འཛིན་གྱིས་སེམས་སེམས་བྱུང་བཟུང་བ་ནི་རྣམ་པར་མི་ འཕྲོ་བས་བསྡུས་པ་དང་། རྒྱ་མཚོས་འབབ་ཆུ་རྣམས་བསྡུས་པ་ལྟར། གཟུགས་ཀྱི་ཕུང་པོས་ མིག་ལ་སོགས་པ་བསྡུས་པ་ནི་མངོན་པར་བསྡུས་པས་བསྡུས་པའོ། །རྒྱ་ཆེར་ནི། རང་གིས་ དཔྱད་པ་ལས་ཤེས་བའོ། །དེ་བཞིན་གཞན་ཡང་ཇི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་ 1-1-346 རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ། །ཞེས་ པ་ལྟར་རོ། །ཕན་ཡོན་ལ། དེ་ལྟར་བསྡུས་པ་ལ་མཁས་པས་ཕན་ཡོན་ཅི་ཞིག་འཐོབ་ཅེ་ན། ཆོས་གསུམ་ཕན་ཚུན་འདུ་བའི་ཚུལ་ཤེས་ན་གཅིག་ལ་དམིགས་པས་ཐམས་ཅད་ལ་དམིགས་ པར་འགྱུར་བའི་ཕྱིར། ཏིང་ངེ་འཛིན་གྱི་དམིགས་པ་ལ་སེམས་མངོན་པར་སྡུད་བའི་ཕན་ཡོན་ འཐོབ་སྟེ། ཐུབ་པ་དགོངས་རྒྱན་དུ། དབང་པོ་རྣོན་པོས་ཁམས་བཅོ་བརྒྱད་དང་། འབྲིང་ བོས་སྐྱེ་མཆེད་བཅུ་གཉིས་དང་། རྟུལ་བོས་དབང་པོ་ལྔ་ལ་དམིགས་ནས་ཞི་གནས་སྐྱེད་པར་ ཡང་གསུངས་ཤིང་། ཇི་ལྟ་ཇི་ལྟར་ཏིང་ངེ་འཛིན་གྱི་དམིགས་པ་ལ་སེམས་མངོན་པར་སྡུད་ ཅིང་མཉམ་པར་འཇོག་པ་དེ་ལྟར་དམིགས་པ་ལ་རྩེ་གཅིག་པའི་ཞི་གནས་དང་། དེ་ལ་བརྟེན་ ནས་ཆོས་རབ་ཏུ་རྣམ་པར་འབྱེད་བའི་ལྷག་མཐོང་ལ་སོགས་པ་དགེ་བའི་རྩ་བ་ཁྱད་པར་ཅན་ གོང་ནས་གོང་དུ་མངོན་པར་འཕེལ་ལོ། དགེ་བ་འཕེལ་བ་ལས་ནི་བྱང་ཆུབ་ཐོབ་པ་ལ་སོགས་ པའོ། ། བཅུ་གཅིག་པ། མཚུངས་པར་ལྡན་པ་གང་ཞེ་ན། སྔ་མ་ལྟར་དབྱེ་བ། ངོ་བོ། ཕན་ཡོན་ གསུམ་ལས། དང་པོ་ནི། ཆོས་གསུམ་གྱིས་མཚུངས་པར་ལྡན་པའི་ཚུལ་རྣམ་པ་དྲུག་ཏུ་བལྟ་ སྟེ། ཡང་ཡུལ་གྱི་སྒོ་ནས་གཟུགས་ཅན་ཆུང་ངུ་ཐ་དད་མེད་པས་མཚུངས་པར་ལྡན་པ་དང་། བར་མ་འདྲེས་པར་གྱུར་བས་མཚུངས་པར་ལྡན་པ་དང་། ཆེན་པོ་ཕྲད་པས་མཚུངས་པར་ལྡན་ པ་དང་། དུས་ཀྱི་སྒོ་ནས་ལྷན་ཅིག་འབྱུང་བས་མཚུངས་པར་ལྡན་པ་དང་། བྱེད་ལས་ཀྱི་སྒོ་ ནས་བྱ་བ་བསྒྲུབས་པས་མཚུངས་པར་ལྡན་པ་དང་། དམིགས་པའི་སྒོ་ནས་མཐུན་པར་རྟོགས་ པས་མཚུངས་པར་ལྡན་པའོ། ། གཉིས་པ་ལ། (དྲུག་གི་དང་པོ།) ཐ་དད་མེད་པས་མཚུངས་པར་ལྡན་པ་གང་ཞེ་ན། རྡུལ་ ཕྲ་རབ་ཀྱི་ཕྱོགས་སམ་ཡུལ་ལ། རྡུལ་ཕྲ་རབ་གཅིག་ཏུ་གཏོགས་པའི་ཕྱོགས་ཅན་གཟུགས་ 1-1-347 དང་དྲི་རོ་ལ་སོགས་པ་ཇི་ལྟར་སྲིད་པ་རྣམས་ཐམས་ཅད་ཕྱོགས་སམ་ཡུལ་མཐུན་པའི་ཕྱིར་ ཚོགས་པ་ཐ་དད་མེད་པར་གྱུར་པའོ། ། (གཉིས་པ།)འདྲེས་པས་མཚུངས་པར་ལྡན་པ་གང་ཞེ་ན། རྡུལ་ཕྲ་རབ་གཉིས་ཡན་ཆད་ འདུས་པ་ལས་གོང་མའམ་རགས་པར་གྱུར་པའི་ཕྱོགས་ཅན་འབྱུང་བ་དང་འབྱུང་གྱུར་གང་ ཡིན་པ་རྣམས་ཕན་ཚུན་འདྲེས་པར་གྱུར་པ་སྟེ། ཆུ་རྙོག་མ་ཅན་གྱི་ནང་དུ་ཆུ་དང་སའི་རྡུལ་ཕྲན་ འདྲེས་པ་ལྟ་བུའོ། ། (གསུམ་པ།)ཕྲད་པས་མཚུངས་པར་ལྡན་པ་གང་ཞེ་ན། ཕྱོགས་ཅན་འདུས་པའི་རགས་པ་ རྣམས་ཉིད་ཕན་ཚུན་ཕྲད་པར་གྱུར་པ་སྟེ། ཕ་གུ་རྣམས་ཕྲད་པ་ལས་རྩིག་པ་གྲུབ་པ་ལྟ་བུའོ། ། (བཞི་པ།)ལྷན་ཅིག་འབྱུང་བས་མཚུངས་པར་ལྡན་པ་གང་ཞེ་ན། སེམས་ཅན་རེ་རེའི་ལུས་ གཅིག་གིས་བསྡུས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྐད་ཅིག་མ་གང་ཡིན་པ་རྣམས་ དུས་མཉམ་དུ་ལྷན་ཅིག་འབྱུང་བས་འཁོད་པ་སྟེ། དང་པོར་སྐྱེ་བ་དུས་གཅིག་པ་དང་བར་དུ་ གནས་པའི་ངང་གཅིག་པ་དང་མཐར་འགག་པའི་དུས་གཅིག་པ་རྣམས་སོ། ། (ལྔ་པ།)བྱ་བ་བསྒྲུབས་པས་མཚུངས་པར་ལྡན་པ་གང་ཞེ་ན། དགོས་པ་གཅིག་ལ་ཞུགས་ པ་རྣམས་བྱ་བ་མཐུན་པར་སྒྲུབ་པ་ཡིན་ལ། དེའང་འདི་ལྟ་སྟེ། དགེ་སློང་གཉིས་ལྟུང་བ་ཕྱིར་ བཅོས་པ་ལ་སོགས་པའི་རྩོད་པའམ་གཞི་གང་ཡང་རུང་བ་ལ་ཕན་ཚུན་མཚུངས་པར་ཞུགས་ ནས། གཏན་ལ་འབེབས་པའམ་ལྟུང་བ་བཤགས་པ་ལ་སོགས་པའི་བྱ་བ་བསྒྲུབས་པ་ལྟ་ བུའོ། ། (དྲུག་པ།)མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་གང་ཞེ་ན། ངོ་བོ། ཁྱད་པར། དབྱེ་ བ་གསུམ་ལས། དང་པོ་ནི། དབང་པོ་གཅིག་ལ་པོ་ལ་བརྟེན་པའི་སེམས་དང་སེམས་ལས་ བྱུང་བའི་ཆོས་རྣམས། དམིགས་པའི་ཡུལ་གཅིག་ལ་དམིགས་ནས་རྣམ་པ་མཐུན་པར་རྟོགས་ 1-1-348 པའོ། ། (གཉིས་པ།)ཁྱད་པར་ནི། མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་དེ་ཡང་། གཙོ་ བོར་གྱུར་པའི་སེམས་དེ་ཉིད་འཁོར་སེམས་བྱུང་ཚོར་བ་ལ་སོགས་པ་གཞན་གྱི་དངོས་པོ་དང་ མཚུངས་པར་ལྡན་པ་ཡིན་གྱི། སེམས་ཉིད་སེམས་དང་མཚུངས་ལྡན་དང་། ཚོར་བ་ཉིད་ཚོར་ བ་དང་མཚུངས་ལྡན་མི་རུང་བས་བདག་གི་དངོས་པོ་དང་ནི་མཚུངས་པར་ལྡན་པ་མ་ཡིན་ཏེ། དེས་ནི་སེམས་དང་སེམས་བྱུང་ཐ་དད་དུ་བསྟན་ཞིང་། རྫས་རིགས་འདྲ་གྲངས་མཉམ་པས་ན་ རྫས་མཚུངས་པ་ཡང་ཡིན་ནོ། །དེ་བཞིན་དུ་དགེ་བའི་སེམས་དང་སེམས་བྱུང་ལྟ་བུ་དམིགས་ རྣམ་དང་ངོ་བོ་མཐུན་པ་གཉིས་མཚུངས་པར་ལྡན་པ་ཡིན་གྱི། འདོད་ཆགས་དང་ཞེ་སྡང་ལྟ་ བུའམ་དགེ་བ་དང་མི་དགེ་བ་ལྟ་བུ་མི་མཐུན་པ་གཉིས་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། ། ད་ལྟར་བའི་སེམས་སེམས་བྱུང་ལྟ་བུ་དུས་མཉམ་ཞིང་འདྲ་བ་གཉིས་མཚུངས་པར་ལྡན་པ་ ཡིན་གྱི། འདས་པ་དང་མ་འོངས་པ་ལྟ་བུ་དུས་མི་འདྲ་བ་གཉིས་མཚུངས་པར་ལྡན་པ་ནི་མ་ ཡིན་ནོ། །འདོད་པའི་སེམས་སེམས་བྱུང་ལྟ་བུ་མཐུན་པའི་ཁམས་དང་ས་བ་གཉིས་མཚུངས་ པར་ལྡན་པ་ཡིན་གྱི། འདོད་ཁམས་དང་གཟུགས་ཁམས་སམ། བསམ་གཏན་དང་པོ་དང་ གཉིས་པ་ལྟ་བུ་མི་མཐུན་པའི་ཁམས་དང་ས་བ་གཉིས་ནི་མཚུངས་པར་ལྡན་པ་མ་ཡིན་ནོ། ། (གསུམ་པ།)དབྱེ་བ་ལ་བཅུ་ཡོད་ཀྱང་སྡེ་ཚན་བཞི་སྟེ། ཀུན་འགྲོ་དང་རེས་འགའི་མཚུངས་ ལྡན། གནས་སྐབས་དང་རྒྱུན་གྱི་མཚུངས་ལྡན། ཕྱིར་བལྟས་དང་ནང་བལྟས་ཀྱི་མཚུངས་ ལྡན། འདྲིས་པ་དང་མ་འདྲིས་པའི་མཚུངས་ལྡན་ནོ། །དང་པོ་ལ་སྤྱིར་མཚུངས་པར་ལྡན་པ་ ཀུན་ཏུ་འགྲོ་བ་ནི་འདི་ལྟ་སྟེ། འཁོར་སེམས་ལས་བྱུང་བ་ཚོར་བ་དང་འདུ་ཤེས་དང་སེམས་ པ་དང་རེག་པ་དང་ཡིད་ལ་བྱེད་པ་སྟེ་ཀུན་འགྲོ་ལྔ་དང་། གཙོ་བོར་གྱུར་བའི་སེམས་རྣམ་པར་ ཤེས་པ་རྣམས་སོ། །ཞེས་པ་སྟེ། ཁམས་དང་ས་དང་གནས་སྐབས་ཐམས་ཅད་དུ་འདི་དག་ 1-1-349 ལས་གང་རུང་གཅིག་ཡོད་པར་ཐམས་ཅད་འགྲོ་ཞིང་གཅིག་མེད་ན་ཐམས་ཅད་མེད་པའི་ ཕྱིར་རོ། །ཡང་ཁྱད་པར་མཚུངས་པར་ལྡན་པ་ཀུན་ཏུ་འགྲོ་བ་ཉོན་མོངས་པ་ཅན་ནི། གཙོ་བོ་ ཉོན་མོངས་པ་ཅན་གྱི་ཡིད་དང་། འཁོར་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་བཞི་ པོ་རྣམས་སོ། །ཞེས་པ་སྟེ། སོ་སོའི་སྐྱེ་བོའི་གནས་སྐབས་ཐམས་ཅད་ན་ཡོད་པའི་ཕྱིར་རོ། ། རེས་འགའ་མཚུངས་པར་ལྡན་པ་ནི་འདི་ལྟ་སྟེ། གཙོ་བོ་སེམས་རྣམ་ཤེས་ཚོགས་དྲུག་ལ་ འཁོར་སེམས་ལས་བྱུང་བ་རེས་འགའ་དད་པ་ལ་སོགས་པ་དགེ་བ་རྣམས་དང་མཚུངས་པར་ ལྡན་པ་དང་། རེས་འགའ་འདོད་ཆགས་ལ་སོགས་པ་རྩ་བའི་ཉོན་མོངས་པ་རྣམས་དང་། ཁྲོ་ བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་རྣམས་སོ། །གནས་སྐབས་ ལས་ཀྱང་གྱུར་པའི་མཚུངས་པར་ལྡན་པ་ནི། བདེ་བའི་ཚོར་བ་མཚུངས་པར་ལྡན་པ་དང་ བཅས་པ་རྒྱུད་ལ་སྐྱེས་པའི་གནས་སྐབས་ན་བདེ་བའི་གནས་སྐབས་ཀྱི་མཚུངས་པར་ལྡན་ པའོ། །ཞེས་པ་དང་། སྡུག་བསྔལ་གྱི་ཚོར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ ཡིན་པ་བཏང་སྙོམས་པའི་ཚོར་བ་མཚུངས་ལྡན་དང་བཅས་པ་རྒྱུད་ལ་སྐྱེ་བའི་གནས་སྐབས་ ན་ཡང་དེ་བཞིན་ནོ། །རྒྱུན་མི་འཆད་པར་མཚུངས་པར་ལྡན་པ་ནི། དབང་པོ་དང་བཅས་པའི་ ལུས་ཚོགས་བདུན་ལ་སོགས་པའི་སེམས་དང་བཅས་པའི་དུས་ན་ཀུན་འགྲོ་ལྔ་ལ་སོགས་པ་ རྒྱུན་དུ་བྱུང་བའོ། །རྒྱུན་ཆད་པའི་མཚུངས་པར་ལྡན་པ་ནི། འགོག་པ་ལ་སོགས་པའི་སེམས་ མེད་པའི་སྙོམས་པར་འཇུག་པས་བར་དུ་ཆོད་པའི་ཕྱི་ནས་སླར་ཡང་སེམས་དང་སེམས་བྱུང་ སྐྱེས་པར་གྱུར་བའོ། །ཕྱི་རོལ་ཏུ་བལྟས་པས་མཚུངས་པར་ལྡན་པ་ནི། འདོད་པའི་ཁམས་དང་ རབ་ཏུ་ལྡན་པའི་སེམས་དང་སེམས་ལས་བྱུང་བ་འདོད་ཡོན་ལ་སྲེད་པའི་དབང་གིས་བྱུང་བ་ རྣམས་ཏེ། དེ་དག་ལས་ཕལ་ཆེར་རོ་ཞེས་པའང་ཐར་བ་ལ་དམིགས་པའི་ཤེས་རབ་གསུམ་ མ་གཏོགས་པའོ། །ནང་དུ་བལྟས་པས་མཚུངས་པར་ལྡན་པ་ནི། བསམ་གཏན་དང་གཟུགས་ 1-1-350 མེད་པ་ལ་མཉམ་པར་གཞག་པའི་ས་བ་རྣམས་དང་སྔ་མ་ལྟར་ཤེས་རབ་རྣམ་པ་གསུམ་དང་། ཟག་མེད་ཀྱི་སེམས་དང་སེམས་ལས་བྱུང་བ་ཏིང་ངེ་འཛིན་དང་ཐར་བ་ལ་དམིགས་པ་རྣམས་ སོ། །ཕལ་ཆེར་རོ་ཞེས་འགའ་ཞིག་ལས་འབྱུང་བ་ནི་རྒྱ་དཔེ་དང་གཞུང་གཞན་ལ་མེད་ཅིང་ གོང་གི་རྣམ་གཞག་དང་ཡང་མི་མཐུན་པས་བཞག་གོ། འདྲིས་པའི་མཚུངས་པར་ལྡན་པ་ནི། ཁམས་གསུམ་གྱི་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་འཁོར་བ་ཐོགས་མ་ མེད་པ་ནས་རྒྱུད་ལ་འདྲིས་པ་རྣམས་དང་། འཕགས་པ་སློབ་པ་རྣམས་ཀྱི་སེམས་སེམས་བྱུང་ དགེ་བ་ཟག་བཅས་དང་མི་དགེ་བ་ལུང་མ་བསྟན་གྱིས་བསྡུས་པ་རྣམས་དང་། མི་སློབ་པའི་ སེམས་སེམས་བྱུང་དེ་དག་ལས་ཀྱང་ཁ་ཅིག་མ་བསྒྲིབས་ལུང་མ་བསྟན་གྱིས་བསྡུས་པ་ཡུན་ རིང་དུ་འདྲིས་ཤིང་མྱངས་པར་གྱུར་པ་དག་གོ། སྔར་ནི་སློབ་མི་སློབ་དུ་འཇོག་པའི་ཆོས་ཀྱི་ དབང་དུ་བྱས་ནས་དགེ་བ་ཁོ་ན་བཤད་པ་སྟེ། འདིར་ནི་རྒྱུད་ལ་ཡོད་པའི་དབང་དུ་བྱས་པའོ། ། མ་འདྲིས་པས་མཚུངས་པར་ལྡན་པ་ནི། ཟག་མེད་འཇིག་རྟེན་ལས་འདས་པའི་སེམས་དང་ སེམས་ལས་བྱུང་བ་རྣམས་ཏེ། དེ་རྣམས་ཀྱི་སྐད་ཅིག་དང་པོར་བྱུང་བ་དང་། དེའི་འོག་མ་སྐད་ ཅིག་གཉིས་པ་ཕན་ཆད་དུ་བྱུང་བ་རྣམས་དང་། ཞེས་སྨོས་པ་ནི་གཉིས་པ་ལ་སོགས་པ་འདྲིས་ པར་དགོས་པ་སྤང་བའི་ཆེད་དུ་ཡིན་ལ། དེ་དག་དང་མཉམ་གཞག་འཇིག་རྟེན་ལས་འདས་ པའི་རྗེས་ལ་ཐོབ་པ་དེ་བཞིན་ཉིད་དུ་སྣང་བ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའང་ སྔོན་འཇིག་རྟེན་དུ་སྐྱེ་མ་མྱངས་པས་མ་འདྲིས་པའོ། ། (གསུམ་པ།)ཕན་ཡོན་ནི། མཚུངས་པར་ལྡན་པ་ལ་མཁས་པས་ཕན་ཡོན་ཅི་ཞིག་འཐོབ་ཅེ་ ན། གཙོ་བོ་སེམས་ཆོས་ཙམ་བདག་མེད་པ་ལ་འཁོར་སེམས་བྱུང་ཚོར་བ་ལ་སོགས་པ་ཀུན་ འགྲོ་ལྔ་དང་ཡུལ་ངེས་པ་ལྔ་དང་རྩ་བ་དང་ཉེ་བའི་ཀུན་ནས་ཉོན་མོངས་པ་རྣམས་དང་། དད་ པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་ 1-1-351 པའི་ཚུལ་ལེགས་པར་ཤེས་སོ། །ཆོས་ཙམ་གྱིས་ཚོར་བར་བྱེད་པ་ལ་སོགས་པ་དེ་ཤེས་ན། འགའ་ཞིག་བདག་ཡོད་ལ་དེས་ཚོར་བར་བྱེད་དོ། །འདུ་ཤེས་སུ་བྱེད་དོ། །སེམས་པར་བྱེད་ དོ། །དྲན་པར་བྱེད་དོ། །ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་ངོ་། །ཞེས་ཐམས་ཅད་ཀྱི་བྱེད་ པ་པོ་བདག་ཏུ་མངོན་པར་ཞེན་པ་སྤང་ཞིང་། ཆོས་ཐམས་ཅད་ཀྱི་གནས་ལུགས་བདག་མེད་ པ་ལ་རིམ་གྱིས་འཇུག་གོ། བདག་མེད་རྟོགས་པ་ལས་ནི་རྣམ་གྲོལ་ཐོབ་པ་ལ་སོགས་པའོ། ། བཅུ་གཉིས་པ་ལྡན་པ་ལ་སྤྱི་དོན་ལྔ་སྟེ། ལྡན་པའི་ངོ་བོ་ངོས་བཟུང་། གང་ལ་ལྡན་པའི་ གང་ཟག ལྡན་ཆོས་ངེས་པར་བྱ་བ། ལྡན་པའི་རབ་ཏུ་དབྱེ་བ། ཇི་ལྟར་ལྡན་ཚུལ་བརྩི་བའོ། ། (དང་པོ།)ངོ་བོ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས། ཐོབ་དང་མ་ཐོབ་རང་རྒྱུད་དུ། གཏོགས་ པ་རྣམས་ཀྱི་འགོག་གཉིས་ཀྱིའང་། དུས་གསུམ་པ་ཡི་རྣམ་པ་གསུམ། །དགེ་ལ་སོགས་ཀྱི་ དགེ་ལ་སོགས། །ཞེས་ཐོབ་པ་རྫས་གྲུབ་རང་གི་རྒྱུད་ལ་ཡོད་པའི་ཆོས་སྟོབས་ལྡན་འགོག་པ་ གཉིས་ལའང་(ཁོ་ན་ལ་ཟེར་)ཡོད་པ། ཆོས་དེ་མ་སྐྱེས་པ་དང་འགགས་པ་ན་ཡང་ཡོད་པས་དུས་ གསུམ་དུ་གྲུབ་པ། ཆོས་དེ་དང་དེའི་ཐོབ་པ་དང་། ཐོབ་པའི་ཐོབ་པ་སྟེ་གསུམ་དུ་ཡོད་ཅིང་། ཐོབ་པས་ཆོས་དེ་དང་ཐོབ་པའི་ཐོབ་པ་དག་ལྡན་པར་བྱེད་ལ། ཐོབ་པའི་ཐོབ་པས་ནི་ཐོབ་ པ་ཁོ་ན་དང་ལྡན་པར་འགྱུར་བ། དགེ་བའི་ཐོབ་པའང་དགེ་བ་ཉིད་ཡིན་པ་ལ་སོགས་པར་ འདོད་མོད། དེ་ནི་མཛོད་ཀྱི་འགྲེལ་ཊཱིཀ་ཏུ། དེ་ལྟར་ཐོབ་པ་ཐུག་པ་མེད་པར་འགྱུར་བས། ཐོབ་པའི་དགའ་སྟོན་ཆེན་པོ་སྟེ། སྟེས་ཏེ་ཐོགས་པ་མེད་པས་གོ་སྐབས་རྙེད་ཀྱི། གཞན་དུ་ན་ སེམས་ཅན་གཉིས་པའི་ཐོབ་པས་ནི་ནམ་མཁའ་ལའང་གོ་སྐབས་མེད་པར་འགྱུར་རོ། །ཞེས་ པ་ལ་སོགས་པས་བཀག་ཅིང་། བསྡུས་བར་ཡང་། ཐོབ་པ་རྫས་སུ་ཡོད་པ་དེ་ཆོས་རྣམས་སྐྱེད་ པའི་རྒྱུའམ། སྐྱེས་པ་མི་འབྲལ་བའི་རྒྱུར་འདོད། དང་པོ་ལྟར་ན། ཆོས་དེ་མ་སྐྱེས་པ་ན། དེའི་ ཐོབ་པའང་མེད་པས་ནམ་ཡང་མི་སྐྱེ་བར་འགྱུར་ལ། གཉིས་པ་ལྟར་ན། ཆོས་དགེ་མི་དགེ་ 1-1-352 ལུང་མ་བསྟན་གྱི་ཐོབ་པ་དུས་མཉམ་ནུས་ལྡན་དུ་ཡོད་པ་ན། དགེ་མི་དགེ་མི་མཐུན་པ་དུས་ མཉམ་དུ་ཡོད་པར་འགྱུར་བས། འགལ་བའི་ཆོས་རྣམས་དུས་གཅིག་ཏུ་གནས་བར་འགྱུར་རོ། ། ཞེས་པས་བཀག་གོ། དེས་ན་འདིར་ནི་སྔར་བཤད་པ་ལྟར་ཆོས་རྣམས་ཀྱི་འཕེལ་འགྲིབ་ལ་ ཐོབ་པའམ་ལྡན་པ་ཞེས་བྱའོ། ། (གཉིས་པ།)གང་ཟག་ནི། ཁམས་ཀྱི་རབ་ཏུ་དབྱེ་བར་འཆད་པ་ལྟར། ཁམས་གསུམ་གྱི་སོ་ སོའི་སྐྱེ་བོ་གསུམ་དང་། འཕགས་པ་སློབ་པ་གསུམ་དང་། མི་སློབ་པ་གསུམ་སྟེ་དགུ་ལ་བརྩི་ ཞིང་། འོག་མ་གཉིས་ཀྱི་བྱིས་པ་ལ་རང་ཁམས་ལས་འདོད་ཆགས་དང་མ་བྲལ་བ་དང་། གནོན་ པ་ཆགས་བྲལ་རྫོགས་ཏེ་གོང་མའི་སེམས་ཐོབ་པ་གཉིས་གཉིས་སུ་ཕྱེ་ན་བཅུ་གཅིག་ཏུའང་ འགྱུར་རོ། ། (གསུམ་པ།)ལྡན་ཆོས་ལ། མཛོད་དུ། འདོད་ཡིད་དགེ་དང་མི་དགེ་དང་། །བསྒྲིབས་པ་ དང་ནི་མ་བསྒྲིབས་པ(འི་ལུང་མ་བསྟན)། །གཟུགས་དང་གཟུགས་མེད་པ་རྣམས་ན། །མི་དགེ་ (བ་མེད་པས་དེ་)ལས་གཞན་(དང་)ཟག་མེད་གཉིས། །ཞེས་པ་ལ་སོགས་པས་དགེ་མི་དགེ་ལུང་ མ་བསྟན་གསུམ་དང་། ཟག་མེད་གཉིས་ལ་བརྩི་བར་གསུངས་མོད། འདིར་ནི་བསྡུ་བའི་ དགོངས་པ་དང་ཡང་མཐུན་པར་ཁམས་གོང་མ་གཉིས་དང་འཕགས་པ་ཕལ་ཆེ་བ་ལ་མེད་ པས་མི་དགེ་བར་རེ་ཞིག་བཞག་ནས། སྤྱིར་ཉོན་མོངས་པ་དང་། དགེ་བ་དང་། ལུང་མ་བསྟན་ ཏེ་ཆོས་གསུམ་དང་། དགེ་བའི་ཁྱད་པར་སློབ་པའི་ཆོས་(མཐོང་ལམ་སྒོམ་ལམ་སོགས་)ཟག་མེད་དང་། མི་སློབ་པའི་ཆོས་(མི་སློབ་ལམ་སོགས་)ཟག་མེད་གཉིས་ཏེ་ཆོས་ལྔ་ལ་བརྩི་བ་ཡིན་ཞིང་། དགེ་ བ་དང་ལུང་མ་བསྟན་དག་ལའང་། སྐྱེས་མ་ཐག་ངང་གིས་བྱུང་བའི་དད་པ་ལ་སོགས་པ་དགེ་ བ་སྐྱེ་ཐོབ་དང་། ཀུན་གཞི་དང་མིག་དབང་ལ་སོགས་པ་ལུང་མ་བསྟན་སྐྱེས་ཐོབ་དང་། ཚེ་ 1-1-353 དེའི་འབད་རྩོལ་ལས་བྱུང་བའི་དད་པ་ལ་སོགས་པ་དགེ་བ་སྦྱོར་བྱུང་དང་། བཟོ་གནས་དང་ སྤྲུལ་པ་ལ་སོགས་པ་ལུང་མ་བསྟན་སྦྱོར་བྱུང་གཉིས་གཉིས་སུ་ཕྱེ་བས་བདུན་དུའང་འགྱུར་ རོ། །དེས་ན་འཆད་པར་འགྱུར་བ་ཐམས་ཅད་དུ་སྐྱེས་ཐོབ་གཉིས་ཞེས་པ་ནི་དགེ་བ་དང་ལུང་ མ་བསྟན་སྐྱེས་ཐོབ་གཉིས་ལ་གོ་བར་བྱ་ཞིང་། སྦྱོར་བྱུང་གཉིས་ཞེས་པའང་དགེ་བ་དང་ལུང་ མ་བསྟན་སྦྱོར་བྱུང་གཉིས་ལ་གོ་བར་བྱའོ། །དེ་རྣམས་ཁམས་ཀྱིས་ཕྱེ་ན། འདོད་པ་ན་རང་ གི་ཉོན་མོངས་དང་། དེའི་སྐྱེས་ཐོབ་གཉིས་དང་། སྦྱོར་བྱུང་གཉིས་ཏེ་ལྔ་ཡོད་པ་ལ་ནི་འདོད་ པའི་ཆོས་ལྔ་ཞེས་བྱ་ཞིང་། དེ་བཞིན་དུ་གཟུགས་ཁམས་ན་ཡང་རང་གི་ཉོན་མོངས་པ་དང་། དེའི་སྐྱེས་ཐོབ་གཉིས་དང་། སྦྱོར་བྱུང་གཉིས་ཏེ་ལྔ་ཡོད་པ་ལ་གཟུགས་ཀྱི་ཆོས་ལྔ་ཞེས་ བྱའོ། །གཟུགས་མེད་ན་སྤྲུལ་བ་ཡོད་པར་གསུངས་པ་ལྟར་ན་ལུང་མ་བསྟན་སྦྱོར་བྱུང་ཡང་ ཡོད་མོད། འདིར་ནི་གཟུགས་མེད་ན་གཟུགས་མེད་ཅིང་བྱང་ཆུབ་སེམས་དཔའ་དེར་སྐྱེས་ན་ གཞན་དོན་མི་འགྲུབ་པར་གསུངས་ནས་ལུང་མ་བསྟན་སྦྱོར་བྱུང་མེད་པའི་དབང་དུ་(དོན་གསང་ དུ། གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་མིག་ལ་སོགས་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཡིན་ནོ། །ཞེས་པ་དང་། བསྡུ་བར། དེ་ ལ་གཟུགས་མེད་པ་རྣམས་ན་ནི་ལས་ཀྱི་དབང་གིས་འགྲུབ་པ་ཉིད་ལ་བརྟེན་ནས་གཟུགས་མེད་པ་ཞེས་བྱ་བར་ཟད་ཀྱི། སྙོམས་ པར་འཇུག་པའི་དབང་ལ་བརྟེན་ནས་ནི་མ་ཡིན་ཏེ། འདི་ལྟར་དེ་ན་སྙོམས་པར་འཇུག་པས་མངོན་པར་འདུ་བྱ་བ་མངོན་དུ་གྱུར་པ་ ལས་ཐམས་ཅད་ན་གཟུགས་ཀྱི་རྣམ་པ་ལ་དབང་པོ་དམིགས་པའི་ཕྱིར་ཏེ། དེའང་སྙོམས་པར་འཇུག་པའི་གཟུགས་ཆ་ཕྲ་བ་ཞེས་ བྱའོ། །ཞེས་གཟུགས་ཆ་ཕྲ་བར་ཡོད་པར་གསུངས་པ་ནི་སྡེ་པ་གཞན་གྱི་གྲུབ་མཐའ་དང་སྒོ་བསྟུན་པར་མངོན་ཏེ། འགྲེལ་པར། འདི་ནི་དགེ་འདུན་ཕལ་ཆེན་པའི་དྲི་ཡིན་ཏེ་ཞེས་འབྱུང་ངོ་། །ལུང་མ་བསྟན་སྦྱོར་བྱུང་ཡོད་པ་གསལ་བར་བཤད་པ་ཡང་མི་སྣང་།) བྱས་ཏེ། རང་གི་ཉོན་མོངས་པ་དང་། དེའི་སྐྱེས་ཐོབ་གཉིས་དང་། དགེ་བ་སྦྱོར་བྱུང་སྟེ་བཞི་ ཡོད་པ་ལ་གཟུགས་མེད་ཀྱི་ཆོས་བཞི་ཞེས་(པ་རྣམས་འོག་ཏུ་དྲན་པར་)བྱའོ། །དེ་ལྟར་ཁམས་འོག་ མ་དག་གི་ཆོས་ལྔ་ལྔ་དང་། གཟུགས་མེད་ཀྱི་བཞི་སྟེ། ཟག་མེད་བཅུ་བཞི་དང་། སྔར་གྱི་ཟག་ 1-1-354 མེད་གཉིས་ཏེ་བཅུ་དྲུག་ནི་ལྡན་པའི་ཆོས་ཞེས་བྱའོ། ། (བཞི་པ།)དབྱེ་བ་ནི། ས་བོན་དང་དབང་དང་མངོན་གྱུར་དུ་ལྡན་པ་གསུམ་ཡིན་ལ། དེ་ རྣམས་ཀྱི་ས་བོན་དང་ལྡན་པ་བརྩི་བ་ཡིན་ན། ཟག་མེད་དང་སྦྱོར་བྱུང་ལ་མི་བརྩི་བར། ཁམས་གསུམ་གྱི་ཉོན་མོངས་པ་གསུམ་དང་། དགེ་བ་སྐྱེས་ཐོབ་གསུམ་དང་། ལུང་མ་བསྟན་ སྐྱེས་ཐོབ་གསུམ་སྟེ་དགུ་བོ་གང་ཡོད་དཔྱད་ཅིང་། དབང་གྱུར་དུ་ལྡན་པ་བརྩི་བ་ནི། ཉོན་ མོངས་པ་དང་སྐྱེས་ཐོབ་མི་བརྩི་བར་ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་གསུམ་དང་། འོག་ མ་དག་གི་ལུང་མ་བསྟན་སྦྱོར་བྱུང་དང་། སློབ་མི་སློབ་ཀྱི་ཆོས་ཟག་མེད་གཉིས་ཏེ་བདུན་ཡོད་ མེད་དཔྱོད་པ་ཡིན་ལ། མངོན་གྱུར་དུ་ལྡན་པ་བརྩི་བ་ན། དེ་གཉི་ག་བསྡམས་པའི་བཅུ་དྲུག་ པོའི་ནང་ནས་གང་དང་གང་མངོན་དུ་གྱུར་པ་དཔྱད་པར་བྱའོ། ། (ལྔ་པ།)ལྡན་ཚུལ་ལ། (གཉིས་ལས་དང་པོ།) ཐུན་མོང་དུ་བསྟན་པ་ནི། རྟེན་འོག་མ་བས་གོང་ མའི་དངོས་གཞིའི་སེམས་ཐོབ་ན། གོང་མའི་ཉོན་མོངས་པ་མངོན་གྱུར་དུ་ལྡན་ལ། རང་སའི་ ཉོན་མོངས་པ་མངོན་གྱུར་དུ་ལྡན་ཞིང་། (འོན་ཀྱང་ཉོན་ཡིད་ནི། གོང་དུ་ལུས་སྐྱེས་པ་དེའི་ས་བ་ཡིན་ཞིང་། ཆགས་ བྲལ་ལའང་འབྱུང་བས། སོ་སྐྱེ་ལ་རྟག་ཏུ་མངོན་དུ་འགྱུར་ལ། བྱེ་བྲག་པས། གོང་མའི་དངོས་གཞི་ཐོབ་ན་འདོད་ཁམས་ཀྱི་མཐོང་ སྤང་དང་། སྒོམ་སྤང་གིས་ཉོན་མོངས་པ་ཐམས་ཅད་སྤོང་བར་འདོད་ཀྱང་། རྣལ་འབྱོར་སྤྱོད་པ་བས། མཐོང་སྤང་ནི་ཉོན་མོངས་མི་ སྤོང་བར་འདོད་དེ། བསྡུ་བར། འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་དེའི་འདོད་ཆགས་དང་། གནོད་སེམས་དང་། དེ་ དང་མཐུན་པའི་ཆོས་དང་འབྲེལ་བའི་ང་རྒྱལ་དང་། དེ་དང་མཚུངས་པར་ལྡན་པའི་མ་རིག་པ་ནི། ཀུན་ཏུ་མི་འབྱུང་བའི་ཚུལ་གྱིས་ སྤངས་པ་ཡིན་གྱི། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་དག་ནི་དེ་ལྟ་མ་ཡིན་ནོ། །དེ་དག་ཀྱང་འདི་ན་ གནས་པ་ལུས་འདི་ལ་གནས་པ་སྤངས་པ་དེ་ལ་ནི་ལན་འགའ་ཀུན་ཏུ་འབྱུང་བར་འགྱུར་གྱི། གོང་མར་སྐྱེས་པ་ལ་ནི་མི་འབྱུང་ངོ་། ། ཞེས་བཤད་པ་ལྟར། ཆགས་བྲལ་ལའང་འདོད་པའི་ཉོན་མོངས་མངོན་གྱུར་དུ་ལྡན་ནོ། །) ས་བོན་དུ་ལྡན་མི་ལྡན་ གཉི་གར་ཡང་(གཞུང་དོན་དུ་)འཇོག་མོད། (སྤྱི་དོན་)འདིར་ནི་རེ་ཞིག་མི་ལྡན་པའི་དབང་དུ་བྱས་ 1-1-355 ཏེ་བརྩི་བའོ། །སྐྱེས་ཐོབ་རྣམས་ནི་(ཁམས་)གང་དུ་སྐྱེས་པ་དེ་ཁོ་ན་ལ་ལྡན་པ་ཡིན་གྱི། གོང་ མ་དང་འོག་མ་ལ་མི་ལྡན་ཞིང་། སྦྱོར་བྱུང་རྣམས་ནི་རྟེན་འོག་མ་དང་། རང་ས་རྣམས་ལ་ཇི་ རིགས་པར་དབང་དང་མངོན་གྱུར་དུ་ལྡན་ནོ། །ཟག་མེད་གཉིས་ནི་བྱིས་པ་ལ་མངོན་གྱུར་དུ་ ལྡན་པ་མི་སྲིད་ཅིང་། སློབ་ཆོས་ཟག་མེད་དབང་གྱུར་དུ་ལྡན་པ་སྲིད་ལ། འཕགས་པ་སློབ་ པ་ལའང་མི་སློབ་ཆོས་ཟག་མེད་མངོན་གྱུར་དུ་མི་ལྡན་ཞིང་། དབང་གྱུར་དུ་ལྡན་པ་སྲིད་དེ། འཕགས་པ་གཉི་ག་ལའང་རང་རང་གི་ཟག་མེད་དབང་གྱུར་དང་། མངོན་གྱུར་གཉི་གར་ལྡན་ པར་བརྩིའོ། །(དེ་རྣམས་གཞིར་བཟུང་བས་འོག་མ་རྣམས་དཔྱད་པས་ཤེས་སོ། །) (གཉིས་པ།)སོ་སོ་ལ་སྦྱར་བ་ནི། གང་ཟག་གང་ལ། ཆོས་གང་ལྡན་པའི་ཚུལ་ཇི་ལྟར་སྲིད་ ཚོད་ཀྱི་དབང་དུ་བྱས་ནས་རིམ་པ་ལྟར་བརྩི་བ་ཡིན་ཞིང་། དེ་ལ། བྱིས་པ་ལ་བརྩི་བ་དང་། འཕགས་པ་ལ་བརྩི་བ་གཉིས་ལས། དང་པོ་ལའང་། འདོད་པ་དང་། གཟུགས་ཁམས་དང་། གཟུགས་མེད་ཀྱི་བྱིས་པ་ལ་བརྩི་བ་གསུམ་གྱི། དང་པོ་ལ་གཉིས་ལས། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་སོ་སོའི་སྐྱེ་བོའི་རྒྱུད་ ལ་སྔར་གྱི་ལྡན་ཆོས་བཅུ་དྲུག་པོའི་ནང་ནས་ས་བོན་ནི་དུ་དང་ལྡན། དབང་གྱུར་ནི་དུ་དང་ ལྡན། །མངོན་གྱུར་ནི་དུ་དང་ལྡན་སྙམ་ན། ས་བོན་ནི་གཉེན་པོ་གང་ཡང་མ་ཐོབ་པས་ཁམས་ གསུམ་གྱི་ཉོན་མོངས་པ་གསུམ་དང་། རྟེན་གྱི་དབང་གིས་འདོད་པའི་སྐྱེས་ཐོབ་གཉིས་ཏེ་ལྔ་ དང་ལྡན་ཞིང་། དབང་གྱུར་དུ་འདོད་པའི་སྦྱོར་བྱུང་གཉིས་དང་། བསམ་གཏན་དང་པོའི་ཉེར་ བསྡོགས་བསྒོམས་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་། བཟོད་པ་དང་ཆོས་མཆོག་ཐོབ་པ་ ལྟ་བུ་ལ་སློབ་ཆོས་ཟག་མེད་དེ་བཞི་དང་ལྡན་ལ། (གཟུགས་ཀྱི་ལུང་མ་བསྟན་དང་། གཟུགས་མེད་ཀྱི་དགེ་ བ་སྦྱོར་བྱུང་གི་དབང་དང་མི་ལྡན་ཏེ། གཟུགས་ཀྱི་དངོས་གཞི་མ་ཐོབ་པར་དེ་གཉིས་ཀྱི་ས་བོན་སྦྱོར་བས་བརྟས་པ་མེད་པའི་ཕྱིར་ ཞེས་སོ། །) མངོན་གྱུར་ནི་འདོད་པའི་ཆོས་ལྔ་དང་། གཟུགས་ཀྱི་དགེ་བ་སྦྱོར་བྱུང་སྟེ་དྲུག་དང་ལྡན་ 1-1-356 པ་སྲིད་དོ། །དེ་བཞིན་དུ་སྦྱར་ཏེ། རྟེན་འདོད་ཁམས་པ་དེ་ཉིད་རང་ཁམས་ལ་གནོན་པ་ཆགས་ བྲལ་རྫོགས་ནས་གཟུགས་ཁམས་ཀྱི་སེམས་ཐོབ་པ་ལ་ས་བོན་གོང་མ་དག་གི་ཉོན་མོངས་པ་ གཉིས་དང་། རྟེན་གྱི་དབང་གིས་འདོད་པའི་སྐྱེས་ཐོབ་གཉིས་ཏེ་བཞི་དང་ལྡན་ཞིང་། དབང་ གྱུར་འདོད་པའི་སྦྱོར་བྱུང་གཉིས་དང་། གཟུགས་ཀྱི་དགེ་བ་སྦྱོར་བྱུང་གཉིས་དང་། གཟུགས་ མེད་ཀྱི་དགེ་བ་སྦྱོར་བྱུང་དང་། སློབ་ཆོས་ཟག་མེད་དེ་དྲུག་དང་ལྡན་ལ། མངོན་གྱུར་འདོད་ པའི་སྐྱེས་ཐོབ་གཉིས་དང་། སྦྱོར་བྱུང་གཉིས་དང་། གཟུགས་ཀྱི་ཉོན་མོངས་པ་དང་། སྦྱོར་ བྱུང་གཉིས་དང་། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་སྟེ་བརྒྱད་དང་ལྡན་པ་སྲིད་དོ། །འདོད་ པའི་རྟེན་ཅན་གཟུགས་མེད་ཀྱི་སེམས་ཐོབ་པ་ལ་རིགས་པ་དེ་ཉིད་ཀྱིས་དཔྱད་ན་(ས་བོན་གསུམ་ དབང་དྲུག་མངོན་གྱུར་དུ་ལྡན་པར་)ཤེས་སོ། ། གཉིས་པ་ནི། གཟུགས་སོགས་ལ་འདོད་ཆགས་དང་མ་བྲལ་བའི་སོ་སོའི་སྐྱེ་བོ་ལ། ས་ བོན་གཟུགས་དང་གཟུགས་མེད་ཀྱི་ཉོན་མོངས་པ་གཉིས་དང་། གཟུགས་ཀྱི་སྐྱེས་ཐོབ་ གཉིས་ཏེ་བཞི་དང་ལྡན་ཞིང་། དབང་གྱུར་ཡང་གཟུགས་ཀྱི་སྦྱོར་བྱུང་གཉིས་དང་། གཟུགས་ མེད་ཀྱི་དགེ་བ་སྦྱོར་བྱུང་དང་། སློབ་ཆོས་ཟག་མེད་དེ་བཞི་དང་ལྡན་ལ། མངོན་གྱུར་གཟུགས་ ཀྱི་ཆོས་ལྔ་དང་། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་སྟེ་དྲུག་དང་ལྡན་པ་སྲིད་དོ། །གཟུགས་ ཀྱི་རྟེན་ཅན་གཟུགས་མེད་ཀྱི་སེམས་ཐོབ་པ་ལ་སྔར་གྱི་རིགས་པས་བརྩིས་ན་(ས་བོན་དབང་དང་ མངོན་གྱུར་དུ་ལྡན་པར་)ཤེས་སོ། ། གསུམ་པ་ནི། གཟུགས་མེད་དུ་སྐྱེས་པའི་སོ་སོའི་སྐྱེ་བོ་ལ་ས་བོན་རང་གི་ཉོན་མོངས་པ་ དང་། སྐྱེས་ཐོབ་གཉིས་ཏེ་གསུམ་དང་ལྡན་ཞིང་། དབང་གྱུར་རང་གི་དགེ་བ་སྦྱོར་བྱུང་ཁོ་ན་ དང་ལྡན་ལ། (གཞན་མི་ལྡན་པ་ནི་འོག་མའི་དགེ་བ་མངོན་དུ་བྱེད་མི་ནུས་པའི་གནས་ཡིན་པས་སོ་ཞེས་གྲག་གོ།) མངོན་ གྱུར་ཡང་གཟུགས་མེད་ཀྱི་ཆོས་བཞི་དང་ལྡན་ནོ། །འཕགས་པ་ལ་བརྩི་བ་ལའང་། འདོད་པ་ 1-1-357 དང་། གཟུགས་ཁམས་དང་། གཟུགས་མེད་ཀྱི་འཕགས་པ་གསུམ་ལས། དང་པོ་ལའང་སློབ་ པ་དང་། མི་སློབ་པ་ལ་བརྩི་བ་གཉིས་ཀྱི། དང་པོ་ནི། འདོད་པའི་རྟེན་ཅན་གྱི་འཕགས་པ་སློབ་པ་རྒྱུན་ཞུགས་དང་ཕྱིར་འོང་ལྟ་བུའི་ རྒྱུད་ལ་ཆོས་དུ་དང་ལྡན་སྙམ་ན། ས་བོན་ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་པ་གསུམ་ དང་། རྟེན་གྱི་དབང་གིས་འདོད་པའི་སྐྱེས་ཐོབ་གཉིས་ཏེ་ལྔ་དང་ལྡན་ཞིང་། དབང་གྱུར་ འདོད་པའི་སྦྱོར་བྱུང་གཉིས་དང་། གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་། སློབ་པ་དང་མི་སློབ་ པའི་ཆོས་ཟག་མེད་གཉིས་ཏེ་ལྔ་དང་ལྡན་ལ། མངོན་གྱུར་འདོད་པའི་ཆོས་ལྔ་དང་། གཟུགས་ ཀྱི་དགེ་བ་སྦྱོར་བྱུང་དང་། སློབ་ཆོས་ཟག་མེད་དེ་བདུན་དང་ལྡན་ནོ། །འདོད་པའི་རྟེན་ཅན་ གཟུགས་དང་གཟུགས་མེད་ཀྱི་སེམས་ཐོབ་པའི་ཕྱིར་མི་འོང་བ་ལ་བརྩི་ནའང་འདི་དང་སྔར་གྱི་ རིགས་པ་དཔྱད་པ་ལས་ཤེས་སོ། ། གཉིས་པ། འདོད་པའི་མི་སློབ་པ་ཤེས་རབ་ཀྱི་རྣམ་གྲོལ་ལ། ས་བོན་རྟེན་གྱིས་དབང་ གིས་འདོད་པའི་སྐྱེས་ཐོབ་གཉིས་དང་ལྡན་(གྱི་དགྲ་བཅོམ་ཡིན་པ་ཉོན་མོངས་པ་མི་ལྡན་)ཞིང་། དབང་ གྱུར་འདོད་པའི་སྦྱོར་བྱུང་གཉིས་དང་། གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་། མི་སློབ་ཆོས་ཟག་ མེད་དེ་བཞི་དང་ལྡན་ལ། མངོན་གྱུར་འདོད་པའི་སྐྱེས་ཐོབ་གཉིས་དང་། སྦྱོར་བྱུང་གཉིས་ དང་། གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང་། མི་སློབ་ཆོས་ཟག་མེད་དེ་དྲུག་དང་ལྡན་ནོ། །གཉི་ གའི་ཆ་ལས་རྣམ་གྲོལ་ལ། ས་བོན་སྔར་དང་འདྲ་ཞིང་། དབང་གྱུར་འདོད་པའི་སྦྱོར་བྱུང་ གཉིས་དང་། གཟུགས་ཀྱི་སྦྱོར་བྱུང་གཉིས་དང་། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དང་། མི་སློབ་ཆོས་ཟག་མེད་དེ་དྲུག་དང་ལྡན་ལ། མངོན་གྱུར་འདོད་པའི་སྐྱེས་ཐོབ་གཉིས་དང་། སྦྱོར་བྱུང་གཉིས་དང་། གཟུགས་ཀྱི་སྦྱོར་བྱུང་གཉིས་དང་། གཟུགས་མེད་ཀྱི་དགེ་བ་སྦྱོར་ བྱུང་དང་། མི་སློབ་པའི་ཆོས་ཟག་མེད་དེ་བརྒྱད་དང་ལྡན་ནོ། །(གཟུགས་ཀྱི་སྦྱོར་བྱུང་གཉིས་མི་ལྡན་ཟེར་ 1-1-358 བའང་ཡོད་དོ། །) གཟུགས་ཁམས་ཀྱི་འཕགས་པ་ལའང་སློབ་པ་དང་། མི་སློབ་པ་གཉིས་ཀྱི། དང་ པོ་ལ། ས་བོན་ཁམས་གོང་མ་དག་གི་སྒོམ་སྤང་ཉོན་མོངས་པ་གཉིས་དང་། རྟེན་གྱི་དབང་ གིས་གཟུགས་ཀྱི་སྐྱེས་ཐོབ་གཉིས་ཏེ་བཞི་དང་ལྡན་ཞིང་། དབང་གྱུར་གཟུགས་ཀྱི་སྦྱོར་བྱུང་ གཉིས་དང་། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དང་། སློབ་མི་སློབ་ཀྱི་ཆོས་ཟག་མེད་གཉིས་ ཏེ་ལྔ་དང་ལྡན་ལ། མངོན་གྱུར་གཟུགས་ཀྱི་ཆོས་ལྔ་དང་། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་ དང་། སློབ་ཆོས་ཟག་མེད་དེ་བདུན་དང་ལྡན་ནོ། །གཟུགས་ཀྱི་རྟེན་ཅན་གཟུགས་མེད་ཀྱི་ སེམས་ཐོབ་པ་ལའང་ཤེས་སོ། །གཟུགས་ཀྱི་མི་སློབ་པ་ལའང་། ས་བོན་གཟུགས་ཀྱི་སྐྱེས་ ཐོབ་གཉིས་དང་ལྡན་ཞིང་། དབང་གྱུར་གཟུགས་ཀྱི་སྦྱོར་བྱུང་གཉིས་དང་། གཟུགས་མེད་ཀྱི་ དགེ་བ་སྦྱོར་བྱུང་དང་། མི་སློབ་པའི་ཆོས་ཟག་མེད་དེ་བཞི་དང་ལྡན་ལ། མངོན་གྱུར་དེ་གཉི་ ག་བསྡམས་པ་དྲུག་དང་ལྡན་ནོ། ། གཟུགས་མེད་ཀྱི་འཕགས་པ་ལའང་སློབ་པ་དང་། མི་སློབ་པ་གཉིས་ཀྱི། དང་པོ་ལ། ས་ བོན་རང་གི་སྒོམ་སྤང་ཉོན་མོངས་པ་དང་། གཟུགས་མེད་ཀྱི་སྐྱེས་ཐོབ་གཉིས་ཏེ་གསུམ་དང་ ལྡན་ཞིང་། དབང་གྱུར་ཡང་གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དང་། སློབ་མི་སློབ་ཀྱི་ཆོས་ ཟག་མེད་གཉིས་ཏེ་གསུམ་དང་ལྡན་ལ། མངོན་གྱུར་རང་གི་ཉོན་མོངས་པ་དང་། སྐྱེས་ཐོབ་ གཉིས་དང་། དགེ་བ་སྦྱོར་བྱུང་དང་། སློབ་ཆོས་ཟག་མེད་དེ་ལྔ་དང་ལྡན་ནོ། །ས་ལ་བརྩིས་ན་ འོག་མའི་སྦྱོར་བྱུང་དང་ཡང་ལྡན་པ་སྲིད་དེ། སྲིད་རྩེའི་འཕགས་པ་ཅི་ཡང་མེད། །མངོན་སུམ་ བྱས་ནས་ཟག་པ་ཟད། །ཅེས་པ་ལྟར་རོ། །གཟུགས་མེད་ཀྱི་མི་སློབ་པ་ལ། ས་བོན་རང་གི་ སྐྱེས་ཐོབ་གཉིས་དང་ལྡན་ཞིང་། དབང་གྱུར་ཡང་དེའི་དགེ་བ་སྦྱོར་བྱུང་དང་། མི་སློབ་པ་ཟག་ མེད་དེ་གཉིས་དང་ལྡན་ལ། མངོན་གྱུར་དེ་དག་བསྡོམས་པ་བཞི་དང་ལྡན་ནོ། །བསྡུ་བར། ཁམས་ལ་ཇི་ལྟ་བ་དེ་བཞིན་དུ་ས་ལའང་བལྟ་བར་བྱའོ་ཞེས་གསུངས་པ་ལྟར་བརྩིས་ན་ཤིན་ 1-1-359 ཏུ་མང་བར་འགྱུར་མོད། འདོད་ན་རང་གིས་དཔྱད་པ་ལས་ཤེས་པ་ཉིད་དོ། །ཡང་(སྔར་གྱི་རྣམ་ པ་གཞན་ནས།)ན། ཉུང་བ་ལ་མོས་པ་རྣམས་ཀྱིས་ནི་བྱེ་བཤད་དུ་འབྱུང་བ་ལྟར་བརྩིས་ཀྱང་རུང་ བས། དེའི་(དང་པོ།)ལྡན་ཆོས་ནི། དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་རྣམས་ཀྱིས་རང་ དང་རིགས་མཐུན་པའི་ཆོས་སྐྱེད་པའི་རྒྱུ་ཀུན་གཞི་ལ་ཡོད་པའི་ནུས་པའི་བྱེ་བྲག་ས་བོན་དེ་ རྐྱེན་ལ་ལྟོས་ནས་རྒྱུན་གྱིས་འབྲས་བུ་སྒྲུབ་པའི་དུས་དབང་གྱུར་དང་། དེའི་འབྲས་བུ་གྲུབ་པ་ མངོན་གྱུར་ཏེ། དེ་ལྟར་དགེ་མི་དགེ་ལུང་མ་བསྟན་གསུམ་ལས་ས་བོན་དང་དབང་གྱུར་མངོན་ གྱུར་གསུམ་གསུམ་དུ་ཕྱེ་བས་དགུ་ཡིན་ལ། (གཉིས་པ།)གང་ཟག་ནི། ཁམས་གསུམ་གྱི་བྱིས་པ་དང་འཕགས་པ་ལས། (གསུམ་པ།)ལྡན་ ཚུལ་ནི། འདོད་པའི་བྱིས་པ་འཆིང་བ་ཀུན་ལྡན་ལ་འདོད་པའི་ཆོས་(དགེ་སོགས་ལ་ས་བོན་སོགས་ཀྱིས་ ཕྱེ་བའི་)དགུ་དང་། གོང་མ་གཉིས་ཀྱི་དགེ་བ་དང་ལུང་མ་བསྟན་གྱི་ས་བོན་བཞི་དང་། དབང་ བཞི་སྟེ་བཅུ་བདུན་དང་ལྡན་ནོ། །དེ་ལ་གོང་མ་གཉིས་ཀྱི་དབང་ལྡན་པ་ནི་ཐོས་བསམ་པ་ལ་ དེ་དག་གི་ས་བོན་གསོས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཀྱི་བྱིས་པ་ལ་(དེ་ཡན་ཆད་ ན་མི་དགེ་བ་མེད་པ་)རང་གི་དགེ་བ་དང་ལུང་མ་བསྟན་ལ་ས་བོན་ལ་སོགས་པས་ཕྱེ་བའི་ཆོས་དྲུག་ དང་། གཟུགས་མེད་ཀྱི་ས་བོན་དང་དབང་བཞི་དང་། འདོད་པའི་མངོན་གྱུར་མ་གཏོགས་པ་ དྲུག་སྟེ་བཅུ་དྲུག་དང་ལྡན་ནོ། །དེ་ལ་གོང་འོག་གི་དབང་དང་ལྡན་པའང་ཐོས་བསམ་གྱིས་གོང་ མའི་ས་བོན་གསོས་པ་དང་། ཕྱི་མ་འདོད་པར་སྐྱེ་བ་སྲིད་པའི་ཕྱིར་རོ། །གཟུགས་མེད་ཀྱི་བྱིས་ པ་ལ་སྔ་མ་ལྟར་རང་གི་ཆོས་དྲུག་དང་། གཟུགས་ཀྱི་བཞི་དང་། འདོད་པའི་དྲུག་སྟེ་བཅུ་དྲུག་ དང་ལྡན་ནོ། །དེ་ལའང་འོག་མ་གཉིས་ཀྱི་དབང་དང་ལྡན་པ་ནི་ཕྱི་མ་ལ་དེ་དག་ཏུ་སྐྱེ་བའི་ ཕྱིར་རོ། །འཕགས་པ་རྒྱུན་ཞུགས་དང་ཕྱིར་འོང་ལ་ཆོས་དགུ་ཅར་ལྡན་ཞིང་། ཕྱིར་མི་འོང་ དང་དགྲ་བཅོམ་ལ་མི་དགེ་བ་མངོན་གྱུར་བོར་བའི་ཆོས་བརྒྱད་དང་ལྡན་ཏེ། (ལུང་དུ། རང་སངས་ 1-1-360 རྒྱས་དུག་མདས་གྲོངས་པ་དང་། དགྲ་བཅོམ་སྒུར་ཆུང་བཀྲེས་ནས་གྲོངས་སོགས།)ཉོན་མོངས་ཟད་ཀྱང་དེ་དག་ལ། ། ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་པ་ལྟར་རོ། །བྱང་ཆུབ་སེམས་དཔའ་འཕགས་པ་ལས་ ས་གཉིས་པ་ནས་འཆལ་བའི་ཚུལ་ཁྲིམས་དང་བྲལ་བས་མི་དགེ་བ་མངོན་གྱུར་མི་ལྡན་ལ་ གཞན་བསམ་གྱིས་མི་ཁྱབ་ཅིང་། དབང་ཐོབ་པ་རྣམས་ལ་ལུང་མ་བསྟན་ཡང་མེད་པས་དགེ་ བའི་ཆོས་གསུམ་པོ་ཁོ་ན་ལྡན་ནོ། །རྫོགས་པའི་སངས་རྒྱས་ལ་ནི་སྐྱོན་ཐམས་ཅད་མི་ལྡན་ཞིང་། སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་པས། དགེ་བ་མངོན་གྱུར་ཁོ་ན་དང་ལྡན་པའམ་བསམ་ གྱིས་མི་ཁྱབ་པ་ཞེས་བྱའོ། ། གཞུང་དོན་ལ། ལྡན་པ་གང་ཞེ་ན། ལན་ལའང་བཞི་སྟེ། མཚན་ཉིད་གང་དུ་བཤད་ཚུལ། དེའི་དབྱེ་བ་མདོར་བསྟན། ཕྱེ་བ་རྒྱས་པ་བཤད་པ། དེ་ལ་མཁས་པའི་ཕན་ཡོན་ནོ། ། དང་པོ་ནི། མཚན་ཉིད་ཀྱིས་ནི་སྔ་མ་བཞིན་ནོ། །ཞེས་བཤད་ཟིན་དྲན་པ་ལ་སྦྱར་བ་ སྟེ། འདུ་བྱེད་ཕུང་པོའི་རྣམ་གཞག་ཏུ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ རྣམས་ཀྱི་འཕེལ་བ་དང་འགྲིབ་པ་དང་ཐོབ་པ་དང་རྙེད་པ་དང་ལྡན་པ་ཞེས་གདགས་སོ་ཞེས་པ་ ལྟར་རོ། ། གཉིས་པ། རབ་ཏུ་དབྱེ་བ་ནི་གསུམ་སྟེ། ཉོན་མོངས་པ་དང་དགེ་བ་དང་ལུང་མ་བསྟན་ ཚེ་འདིའི་འབད་རྩོལ་ལ་མི་ལྟོས་པར་ཁམས་དེར་སྐྱེ་བས་ཐོབ་པ་རྣམས་ས་བོན་དང་ལྡན་པ་དང་། དགེ་བ་དང་ལུང་མ་བསྟན་སྦྱོར་བ་ལས་བྱུང་བ་རྐྱེན་གྱི་དབང་གིས་རྒྱུ་ས་བོན་ཡོངས་སུ་ བརྟས་པར་གྱུར་པ་དབང་དང་ལྡན་པ་དང་། དེ་དག་ལས་འབྲས་བུ་གྲུབ་ཅིང་ད་ལྟར་གྱི་ཆོས་ རང་མཚན་མངོན་དུ་གྱུར་པ་ཀུན་ཏུ་འབྱུང་བ་དང་ལྡན་པའོ། ། རྒྱས་བཤད་ལ། དོན་དངོས་དང་། དམིགས་བསལ་གཉིས་ཀྱི། དང་པོ་ལ་ས་བོན་དང་། དབང་གྱུར་དང་། མངོན་གྱུར་དུ་ལྡན་པ་གསུམ་ལས། དང་པོ། ས་བོན་དང་ལྡན་པ་གང་ཞེ་ 1-1-361 ན། བྱིས་པའི་ལྡན་པ་དང་། འཕགས་པའི་ལྡན་པ་གཉིས་ཀྱི། དང་པོ། ཁམས་གསུམ་གྱི་བྱིས་ པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ཆོས་གང་དང་ལྡན་པ་བརྩི་བ་ལ། རྟེན་འདོད་པའི་ཁམས་ སུ་སྐྱེས་ཤིང་སྨིན་པར་གྱུར་པའི་སོ་སོའི་སྐྱེ་བོའི་རྒྱུད་ལ་ནི་ཆོས་འདོད་པའི་ཁམས་དང་རབ་ ཏུ་ལྡན་ཞིང་དེར་གཏོགས་པའི་འདོད་ཆགས་ལ་སོགས་པ་རྩ་བའི་ཉོན་མོངས་པ་དང་། ཁྲོ་བ་ ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་དང་། དེར་མ་ཟད་གཟུགས་ཁམས་དང་གཟུགས་ མེད་པའི་ཁམས་དང་རབ་ཏུ་ལྡན་པའི་རྩ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ རྣམས་ཀྱི་ས་བོན་དང་ལྡན་ནོ། །དེའང་འཆིང་བ་མཐའ་དག་དང་ལྡན་པའི་དབང་དུ་བྱས་པ་ སྟེ། འཆིང་བ་ཕྱོགས་རེ་དང་བྲལ་བ་ཡིན་ན་ནི་གང་དང་བྲལ་བ་དེའི་ས་བོན་དང་ལྡན་མི་ལྡན་ གཉི་གར་འཇོག་གོ། གཞན་ཡང་ས་གང་ཡིན་པ་དེ་ཁོ་ནར་སྐྱེ་བས་ཐོབ་པའི་དགེ་བ་རྣམས་ ཀྱི་ས་བོན་དང་ལྡན་པས་ལྡན་པའོ། །དེའི་ཤུགས་ལ་བསྡུ་བ་དང་བྱེ་བཤད་དུ་འབྱུང་བ་ལྟར་ ལུང་མ་བསྟན་སྐྱེས་ཐོབ་ཀྱི་ས་བོན་དང་ཡང་ལྡན་པར་བསྟན་ཏོ་རྟེན་གཟུགས་ཀྱི་ཁམས་སུ་ སྐྱེས་ཤིང་སྨིན་པར་གྱུར་བའི་སོ་སོའི་སྐྱེ་བོའི་རྒྱུད་ལ་ནི། འདོད་པ་དང་རབ་ཏུ་ལྡན་པའི་ཉོན་ མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་འཇིག་རྟེན་ལས་འདས་པའི་ལམ་གྱིས་བག་ ལ་ཉལ་ལེགས་པར་མ་བཅོམ་པའི་ཆ་ནས། དེ་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པ་ཞེས་ བྱ་བ་དང་། རེ་ཞིག་འཇིག་རྟེན་པའི་གཉེན་པོས་གནོད་པ་བྱས་པའི་ཆ་ནས། དེ་དག་གི་ས་ བོན་དང་ལྡན་པ་མ་ཡིན་པ་ཞེས་ཀྱང་བྱ་སྟེ། ཆ་གཉིས་སུ་བཞག་པའོ། །དེ་རང་སའི་འཆིང་ བ་མཐའ་དག་ཅན་ཡིན་ན་གཟུགས་དང་རབ་ཏུ་ལྡན་པ་དང་། གཟུགས་མེད་པ་དང་རབ་ཏུ་ ལྡན་པའི་རྩ་བའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་དང་ལྡན་པར་ འཇོག་ཅིང་། ཅི་སྟེ་གཟུགས་མེད་ཀྱི་སེམས་ཐོབ་པ་ཡིན་ན་ནི་རང་སའི་ཉོན་མོངས་པ་དང་ ལྡན་མི་ལྡན་གཉི་གར་འཇོག་གོ། གཟུགས་ཁམས་སུ་སྐྱེ་བས་ཐོབ་པའི་དགེ་བ་རྣམས་དང་། 1-1-362 སྔར་ལྟར་ལུང་མ་བསྟན་སྐྱེས་ཐོབ་ཀྱིའང་ས་བོན་དང་ལྡན་པས་ལྡན་པའོ། །རྟེན་གཟུགས་ མེད་པར་སྐྱེས་ཤིང་སྨིན་པར་གྱུར་པའི་སོ་སོ་སྐྱེ་བོའི་རྒྱུད་ལ་ནི་ཁམས་འོག་མ་འདོད་པ་དང་ རབ་ཏུ་ལྡན་པ་དང་གཟུགས་དང་རབ་ཏུ་ལྡན་པའི་རྩ་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་ མོངས་པ་རྣམས་འཕགས་པའི་གཉེན་པོས་བག་ལ་ཉལ་བ་རྩད་ནས་མ་སྤངས་པའི་ཆ་ནས་དེ་ རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པ་ཞེས་བྱ་བ། བྱིས་པའི་གཉེན་པོས་རེ་ཞིག་མགོ་མནན་ པའི་ཆ་ནས་ས་བོན་དང་ལྡན་པ་ཡང་མ་ཡིན་པ་ཞེས་ཀྱང་བྱ་སྟེ་ཆ་ཤས་གཉིས་སུ་བསྟན་པའོ། ། མཐའ་གཅིག་ཏུ་ངེས་པ་ནི་གཟུགས་མེད་པའི་ཁམས་དང་རབ་ཏུ་ལྡན་པའི་རྩ་བའི་ཉོན་ མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་། གཟུགས་མེད་དུ་སྐྱེ་བས་ཐོབ་པའི་དགེ་བ་ རྣམས་དང་སྔ་མ་ལྟར་ལུང་མ་བསྟན་སྐྱེས་ཐོབ་ཀྱི་ས་བོན་དང་ལྡན་པས་ལྡན་པའོ། །འཕགས་ པའི་ལྡན་པ་ནི་སྤང་བྱ་ཁམས་གསུམ་པའི་གཉེན་པོ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་ པའི་གང་ཟག་རྣམས་ཀྱི་རྒྱུད་ལ་ནི། སྒོམ་སྤང་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་གང་དང་ གང་གིས་གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་བྱུང་བ་ན། འཕགས་པའི་ཤེས་ རབ་ཀྱིས་བག་ལ་ཉལ་ལེགས་པར་བཅོམ་པའི་ཕྱིར། སྤང་བྱ་དེ་དང་དེའི་ས་བོན་དང་ལྡན་ པས་ལྡན་པ་མ་ཡིན་གྱི། སྒོམ་སྤང་ཆུང་ངུའི་ཆུང་ངུ་ལྟ་བུ་གང་གི་གཉེན་པོ་སྒོམ་ལམ་ཆེན་པོའི་ ཆེན་པོ་ལྟ་བུ་མ་བྱུང་བ་དེའི་ས་བོན་དང་ལྡན་པས་ལྡན་པའོ། །(ཡེ་ཤེས་བཤེས་གཉེན་)གཉེན་པོ་ནི་ སྒོམ་ལམ་སྟེ། མཐོང་ལམ་ནི་རྣམ་པ་དང་ས་དང་ཆེ་འབྲིང་ཆུང་ངུས་སྤང་བ་མེད་པའི་ཕྱིར་མ་ ཡིན་ནོ། །ཞེས་ཀྱང་གསུང་ངོ་། ། གཉིས་པ། དབང་དང་ལྡན་པ་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ ཆོས་ཉན་པ་ལ་སོགས་པ་ཚེ་དེའི་སྦྱོར་བ་ལས་བྱུང་བའི་དགེ་བའི་ཆོས་ཟག་བཅས། འཇིག་ རྟེན་པའི་བསམ་གཏན་གཟུགས་མེད་པ་ལ་སོགས་པ་རྣམས་དང་། ཟག་མེད་འཇིག་རྟེན་ 1-1-363 ལས་འདས་པའི་བསམ་གཏན་བཞི་དང་། རྣམ་པར་ཐར་བ་བརྒྱད་དང་། དཔའ་བར་འགྲོ་ བ་ལ་སོགས་པའི་ཏིང་ངེ་འཛིན་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། ཚད་མེད་པ་དང་མངོན་པར་ཤེས་པ་ལ་སོགས་པ་རྣམས་དང་། ལུང་དུ་མ་བསྟན་པ་སྐྱེས་ཐོབ་ དང་སྦྱོར་བྱུང་གཉིས་པོ་དེ་དག་ལས་ཀྱང་ཁ་ཅིག་བཟོ་གནས་དང་སྤྲུལ་བ་ལ་སོགས་པ་སྦྱོར་ བ་ལས་བྱུང་བ་རྣམས་ནི་བྱིས་པ་དང་འཕགས་པ་རྣམས་ལ་ཇི་རིགས་པར་ས་བོན་སྦྱོར་བས་ ཡོངས་སུ་བརྟས་ཏེ། དབང་གྱུར་དང་ལྡན་པས་ལྡན་པའོ། ། གསུམ་པ། ཀུན་ཏུ་འབྱུང་བ་དང་ལྡན་པ་གང་ཞེ་ན། སྔར་བཤད་པའི་ཕུང་པོ་དང་ཁམས་ དང་སྐྱེ་མཆེད་རྣམས་ལས་སྐྱེ་བས་ཐོབ་པ་དང་སྦྱོར་བ་ལས་བྱུང་བའི་དགེ་བ་ཟག་པ་དང་ བཅས་པ་དང་། ཟག་པ་མེད་པའམ། རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་མི་དགེ་ བའམ། མདོར་ན་དགེ་མི་དགེ་དེ་དག་ཏུ་ལུང་དུ་མ་བསྟན་པའམ། སྐྱེས་ཐོབ་སྦྱོར་བྱུང་དང་ བསྒྲིབས་མ་བསྒྲིབས་ཀྱི་ལུང་དུ་མ་བསྟན་པ་ཡང་རུང་། ཆོས་གང་དང་གང་རང་གི་མཚན་ ཉིད་མངོན་སུམ་དུ་གྱུར་པ་དེ་དང་དེ་ཀུན་ཏུ་འབྱུང་བ་དང་ལྡན་པས་ལྡན་པའོ། །དབང་གྱུར་ དང་མངོན་གྱུར་དེ་དག་ཀྱང་ཁམས་གསུམ་གྱི་གང་ཟག་གང་ལ་ཆོས་ཇི་ཙམ་ལྡན་པའི་ཚུལ་ནི་ སྤྱི་དོན་དུ་བཤད་ཟིན་པ་ཉིད་དོ། །དམིགས་བསལ་ནི། མེད་པར་ལྟ་བས་རྩ་བ་གཅོད། །ཅེས་ པ་ལྟར་ཐར་པ་ལ་སྐུར་འདེབས་ཀྱི་ལོག་ལྟས་དགེ་བའི་རྩ་བ་ཆད་པའི་གང་ཟག་ལ་ནི། ཕྱིས་ མཚམས་སྦྱར་དུ་ཡོད་པས་དགེ་བའི་ཆོས་རྣམས་ཀྱི་ས་བོན་ཕྲ་མོ་དང་ལྡན་པས་ལྡན་པ་ཞེས་ བྱ་བ་དང་རེ་ཞིག་ཉམས་པར་བྱས་པས་ལྡན་པ་མ་ཡིན་པ་ཞེས་བྱའོ། །ཡང་ཀུན་ནས་ཉོན་ མོངས་པ་དང་གཏན་དུ་ལྡན་པ་ནི་ཡུན་རིང་བོར་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ ཅན་གྱི་གང་ཟག ཁམས་གསུམ་པའི་འཁོར་བ་ཁོ་ན་འདོད་ཅིང་དོན་དུ་གཉེར་བ(འི་ཕྱིར་འདོད་ ཆེན་པ་གཉིས་ཀྱི། བྱང་སེམས་འདོད་ཆེན་པ་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པར་དུ་བདག་མྱ་ངན་ལས་མི་འདའོ། ། 1-1-364 ཞེས་སྲིད་པར་སྨོན་པ་ནི་ཐབས་སྔོན་དུ་བཏང་བ་ཡིན་ལ་སེམས་ཅན།)ས་འདོད་ཆེན་པ་རིགས་ཆད་སེམས་ཅན་ དུ་གྲགས་པ་རྣམས་ཀྱི་ངང་ཚུལ་ཡིན་པར་བལྟ་སྟེ། དེ་དག་ལ་ནི་ཐར་པ་ཐོབ་པའི་རྒྱུ་ཆོས་ དབྱིངས་རྟོགས་པའི་རྒྱུ་མཐུན་པའི་ཐོས་སོགས་དགེ་བའི་བག་ཆགས་སད་པ་མེད་པའི་ཕྱིར་ དུས་གཏན་དུ་བ་སྟེ་ཡུན་རིང་པོར་འཁོར་བར་གནས་པས་རྒྱུ་དང་མི་ལྡན་པ་ཞེས་བྱའོ། །ཐར་ པའི་རྒྱུ་ནི་རིགས་ཡིན་ལ། དེའང་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང་། །དེ་ནི་རྟེན་དང་ བརྟེན་པ་དང་། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་ལ་རིགས་ཞེས་བྱ། །ཞེས་ པ་དང་། རྒྱུད་བླ་མར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་ བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཡིན་ནོ། །ཞེས་པ་ ལྟར། ཆོས་ཀྱི་དབྱིངས་གདོད་མ་ནས་རྣམ་པར་དག་པར་གནས་པ་རང་བཞིན་གྱི་རིགས་དང་། དེ་རྟོགས་པའི་རྒྱུ་མཐུན་པའི་ཐོས་སོགས་དགེ་བའི་བག་ཆགས་འཕེལ་བ་རྒྱས་འགྱུར་གྱི་ རིགས་གཉིས་ཡིན་ཞིང་། འདི་ཉིད་ཀྱི་འགྲེལ་བར་ཡང་། ཐར་བ་ཐོབ་པའི་རྒྱུ་གང་ཞེ་ན། དེ་ བཞིན་ཉིད་ལ་ཉོན་མོངས་པའི་གནས་ངན་ལེན་གནས་པ་ཡིན་ཏེ། (ཡེ་ཤེས་བཤེས་གཉེན་)ཞེས་དེ་ ཁོ་ན་མ་དག་པ་དང་དག་པ་ལས། འཁོར་བ་དང་མྱ་ངན་ལས་འདས་པར་འགྱུར་བ་ཆོས་ཉིད་ རང་བཞིན་དུ་གནས་པའི་རིགས་དང་། རྒྱུད་གང་ལ་གཉེན་པོའི་རྗེས་སུ་མཐུན་པའི་རྐྱེན་རྙེད་ ན་ལེགས་པར་འཇོམས་ནུས་པ་དེ་ནི་སྐལ་བ་དང་ལྡན་པའི་ཕྱིར་རྒྱུའོ། །ཞེས་དགེ་བའི་བཤེས་ གཉེན་བརྟེན་པ་ལ་སོགས་པས་གཉེན་པོ་དགེ་བའི་བག་ཆགས་སད་དེ། སྤང་བྱ་ཉོན་མོངས་ པ་རིམ་གྱིས་སྤོང་བ་རྒྱས་པ་ལས་བྱུང་བའི་རིགས་གཉིས་བཤད་ནས། (དེ་མ་ཐག་)བཟློག་པ་ ནི་རྒྱུ་དང་མི་ལྡན་པར་རིག་པར་བྱའོ། །ཞེས་བསྟན་པ་ནི་ཡུན་རིང་བོར་རྒྱས་འགྱུར་གྱི་རིགས་ དང་མི་ལྡན་པའོ། །ཞེས་བྱ་བའི་དོན་ཏེ། རྒྱུད་བླ་མའི་འགྲེལ་བར། ལོག་སྲེད་ཅན་གཏན་ ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་གང་ཡིན་པ་དེ་ནི། ཐེག་ 1-1-365 པ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་གྱིས་རྒྱུ་ཡིན་པའི་ཕྱིར། །ཐེག་པ་ཆེན་པོའི་ཆོས་ ལ་སྡང་བ་བཟློག་པའི་དོན་དུ་དུས་གཞན་ལ་དགོངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ རོ། །རང་བཞིན་དུ་གནས་པའི་རིགས་དང་མི་ལྡན་པ་ནི་མི་སྲིད་དེ། (རྒྱུད་བླར།)ཇི་ལྟར་རྟོག་ མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་ དབྱིངས། །དེ་བཞིན་རྟེན་ཀུན་འགྲོ་བ་ཉིད། །ཅེས་ནམ་མཁའ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ ཐམས་ཅད་ལ་ཁྱབ་པར་གསུང་བའི་ཕྱིར་དང་། (མངོན་རྟོགས་རྒྱན་དུ།)ཆོས་ཀྱི་དབྱིངས་ལ་དབྱེར་ མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་པ་ལ་སོགས་པས་ཐམས་ཅད་ཀྱི་ཆོས་ཉིད་ ལ་ཁྱད་པར་མེད་པར་གསུངས་པའི་ཕྱིར་རོ། ། བཞི་པ། ལྡན་པ་ལ་མཁས་པས་ཕན་ཡོན་ཅི་ཞིག་འཐོབ་ཅེ་ན། མཚན་ཉིད་ལ་སོགས་ པ་བསྟན་པ་ལྟར་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་འཕེལ་ བ་དང་འགྲིབ་པའི་ཚུལ་ལེགས་པར་ཤེས་པར་འགྱུར་རོ། །དེ་ལྟར་རེས་འཕེལ་བ་དང་རེས་ འགྲིབ་པ་ལ་སོགས་པའི་གནས་ལུགས་ཤེས་ན། འཇིག་རྟེན་པའི་ལུས་དང་ལོངས་སྤྱོད་ལ་ སོགས་པ་ཕུན་སུམ་ཚོགས་པ་ཐོབ་བའམ། རྒུད་ཅིང་ཕོངས་པར་གྱུར་པ་གང་ལ་ཡང་མཐའ་ གཅིག་ཏུ་འདི་ཁོ་ནར་བསྟན་པའོ། །ཞེས་ངེས་པར་འདུ་ཤེས་པར་མི་འགྱུར་གྱི། འདི་ལྟ་ སྟེ། (རྒྱན་དུ།)དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་བར་རྟོགས་ནས། ། འབྱོར་བའི་དུས་དང་རྒུད་པའི་དུས་ན་ཡང་། །ཉོན་མོངས་སྡུག་བསྔལ་དག་གིས་གནོད་ པ་མེད། །ཅེས་པ་ལྟར་འབྱོར་པ་ལ་རྗེས་སུ་ཆགས་པ་དང་། རྒུད་པ་ལ་ཁོང་ཁྲོ་བ་སྤོང་བར་ འགྱུར་རོ། །(ཡེ་ཤེས་བཤེས་གཉེན་)འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ནི་ཆགས་སྡང་གི་ གནས་མ་ཡིན་པས་མ་སྨོས་པའོ། །(གསུང་ངོ་། །) དེ་ལྟར་ཉོན་མོངས་པ་སྤངས་ཏེ་ཡོན་ཏན་ཁྱད་ པར་ཅན་རིམ་གྱིས་སྤེལ་བ་ལས་ནི་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་ 1-1-366 འགྱུར་བ་ཉིད་དོ། །དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས། ཆོས་རྣམས་ཀྱི་མཚན་ཉིད་མངོན་པའི་མདོ་ཀུན་ལས་བཏུས་ནས་བསྟན་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་དང་པོ་རྫོགས་པར་བཤད་ཟིན་པའོ།། །། ད་ནི་བམ་པོ་གསུམ་པ་ནས་བརྩམས་ཏེ་རྣམ་ངེས་ཀུན་ལས་བཏུས་ཀྱི་ཡན་ལག་རྒྱས་ པར་འཆད་པ་ལ། སྔར་ལུས་རྣམ་གཞག་ཏུ་མིང་ཙམ་སྨོས་པའི་རྣམ་པར་ངེས་པ་གང་ཞེ་ན། ལན་ལ། ཐུན་མོང་གི་དབྱེ་བ། སོ་སོའི་ངོ་བོ་གཉིས་ལས། དང་པོ་ནི། བརྗོད་བྱ་འཕགས་པའི་ བདེན་པ་བཞི་ལས་བརྩམས་ཏེ་གཏན་ལ་འབེབས་ཤིང་། ཕེབས་པ་ལྟར་ངེས་པའི་བློ་སྐྱེ་ བས་ན། བདེན་པ་རྣམ་པར་ངེས་པ་དང་། དེ་བཞིན་དུ་སྦྱར་ཏེ། ཆོས་སྡེ་སྣོད་གསུམ་དང་ གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ལས་བརྩམས་ཏེ་གཏན་ལ་འབེབས་ཤིང་རྣམ་ པར་ངེས་པ་དང་། འཐོབ་པ་པོའི་གང་ཟག་དང་འཐོབ་བྱའི་མངོན་རྟོགས་ལ་སོགས་པ་ལས་ བརྩམས་ཏེ་གཏན་ལ་འབེབས་ཤིང་རྣམ་པར་ངེས་པ་དང་། དེ་ལྟར་རྒྱ་ཆེན་པོ་ཤེས་པ་ན་ཕན་ ཚུན་འབེལ་བའི་གཏམ་བྱེད་ཚུལ་ལས་བརྩམས་ཏེ་གཏན་ལ་འབེབས་ཤིང་རྣམ་པར་ངེས་ པའོ། ། ངོ་བོ་ལ་བཞི། བདེན་པ་རྣམས་ངེས་ལ་སྤྱི་དོན་ལྔ་སྟེ། མཚན་ཉིད། ཐ་དད། གྲངས་ངེས། གོ་རིམ། ངེས་ཚིག་གོ། མཚན་ཉིད་ནི། བསྡུ་བར། བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་ཅན་ ཞེས་པ་ལྟར་སྡུག་བསྔལ་བདེན་པའི་མཚན་ཉིད་ཀུན་འབྱུང་གིས་བསྐྱེད་པའི་འབྲས་བུ་ཟག་ པ་དང་བཅས་པའི་ཕུང་པོ་བསྟན་པ་དང་མཐུན་པ་དང་། ཀུན་འབྱུང་གི་མཚན་ཉིད་སྡུག་ བསྔལ་ཉེར་ལེན་གྱི་ཕུང་པོ་སྐྱེད་བྱེད་བསྟན་པ་དང་མཐུན་པ་དང་། འགོག་པའི་མཚན་ཉིད་ 1-1-367 དེ་བཞིན་ཉིད་གློ་བུར་གྱི་དྲི་མས་དག་པ་བསྟན་པ་དང་མཐུན་པ་དང་། ལམ་བདེན་གྱི་མཚན་ ཉིད་ཐར་པར་འགྲོ་བའི་འཇུག་ངོགས་བསྟན་པ་དང་མཐུན་པའོ། །དེས་ན་མ་རིག་བག་ ཆགས་ཀྱི་རྐྱེན་དང་། ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས། ཡིད་ཀྱི་རང་བཞིན་གྱི་ལུས་གྲུབ་སྟེ་ བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་དང་སྐྱེ་བ་ནི་འདིར་བཤད་པའི་སྡུག་བསྔལ་ དང་ཀུན་འབྱུང་མ་ཡིན་ནོ། །(བསྡུ་བར་གསུངས་པའི་དོན་)ཡང་འགོག་པ་དེ་ལམ་གྱི་འབྲས་བུ་ཡིན་ ན་མི་རྟག་པར་འགྱུར་ཞིང་། རྟག་ཏུ་ཡོད་ན་འབད་མེད་དུ་ཐར་བ་ཐོབ་པར་འགྱུར་རོ་ཞེ་ན་ སྐྱོན་མེད་དེ། ཐར་བ་ནི་འགོག་པ་མངོན་དུ་བྱས་པ་དྲི་མ་དང་བྲལ་བའི་འབྲས་བུ་ཡིན་གྱི། སྐྱེད་པའི་འབྲས་བུ་མ་ཡིན་པའི་ཕྱིར་རོ། ། ཐ་དད་བསམ་པ་ལ། འགོག་པ་ནི་གཞན་གསུམ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་ མེད་པ་ཡིན་ཞིང་། ལམ་ཟག་མེད་ཡིན་པས་སྡུག་བསྔལ་དང་ཀུན་འབྱུང་ལས་ཐ་དད་པ་ལ། གཉིས་པོའང་ཅི་རིགས་རྒྱུ་འབྲས་སུ་གྱུར་པའི་ཆ་ནི་ཐ་དད་ཡིན་མོད་ཀྱི་འོན་ཀྱང་ཀུན་འབྱུང་ གང་ཡིན་སྡུག་བསྔལ་ཡིན་པ་ལ་སོགས་པའི་ཆ་ནས་ངོ་བོ་གཅིག་པ་ཡང་སྲིད་དོ། །སྡུག་ བསྔལ་ཡིན་ལ་ཀུན་འབྱུང་མ་ཡིན་པ་ཡང་ཡོད་པས་མི་གཅིག་པའང་ཡོད་དེ། (བསྡུ་བར།)བྱིས་ པའི་རྣམ་སྨིན་ལུང་མ་བསྟན་གྱིས་བསྡུས་པ་ཐམས་ཅད་དང་། ད་ལྟར་སྐྱེས་བུའི་རྩོལ་བ་ལས་ བྱུང་བའི་བདེ་སྡུག་བཏང་སྙོམས་ལུང་མ་བསྟན་རྣམས་དང་། སྣོད་ཀྱི་འཇིག་རྟེན་ལ་སོགས་ པའོ། ། གྲངས་ངེས་ནི། བདེན་པ་བཞིར་བྱས་པ་ལ་འཁོར་བ་དང་མྱང་འདས་གཉིས་སུ་ངེས་ཤིང་། འཁོར་བ་ལའང་འབྲས་བུ་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་གཉིས་སུ་ངེས་ལ། མྱང་འདས་ ལའང་འབྲས་བུ་འགོག་པ་དང་རྒྱུ་ལམ་བདེན་གཉིས་སུ་ངེས་པས་བདེན་པ་བཞི་སྟེ། རྒྱན་ དུ། གང་ཕྱིར་བདེན་པ་གཉིས་ལས་ནི། །འཇིག་རྟེན་རྣམས་རྟག་འབྱུང་བར་འདོད། །གཉིས་ 1-1-368 ཀྱིས་ནུབ་པར་འགྱུར་དེའི་ཕྱིར། །དེ་ཤེས་འཇིག་རྟེན་ཤེས་ཞེས་བྱ། །ཞེས་པ་ལྟར་རོ། །ཤེས་ བྱ་ཐམས་ཅད་བདེན་བཞིར་འདུ་བ་ནི་མ་ཡིན་ཏེ། ནམ་མཁའ་དང་། སོ་སོར་བརྟགས་མིན་གྱི་ འགོག་པ་དང་། མ་དག་པའི་དེ་བཞིན་ཉིད་དང་། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ ལ་སོགས་པ་རྣམས་བཞི་པོ་གང་དུའང་མ་འདུས་པའི་ཕྱིར་རོ། ། གོ་རིམ་ནི། ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་དང་མཐུན་པར་ཡུལ་བདེན་པ་ བཞི་བསྟན་པ་སྟེ། དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་པ་ལྟར་རོ། །དེ་ཡང་འཁོར་ བ་སྡུག་བསྔལ་གྱི་ཕུང་པོ་མི་ནད་དང་འདྲ་བར་ཤེས་པར་བྱ་བ་དང་། དེའི་རྒྱུ་ལས་དང་ཉོན་ མོངས་པའི་ཀུན་འབྱུང་ནི་ནད་ཀྱི་རྒྱུ་དང་འདྲ་བར་སྤང་བར་བྱ་བ་དང་། སྡུག་བསྔལ་མཐའ་ དག་ལས་གྲོལ་བའི་འགོག་པ་ནད་མེད་པའི་བདེ་བ་དང་འདྲ་བར་ཐོབ་པར་བྱ་བ་དང་། དེའི་ ཐབས་སུ་ལམ་ཟག་མེད་སྒོམ་པ་ནི་སྨན་བཟང་པོ་དང་འདྲ་བར་བསྟེན་པར་བྱ་བར་རྟོགས་ པའི་ཕྱིར་ཏེ། རྒྱུད་བླ་མར། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། བདེར་གནས་ཐོབ་བྱ་ སྨན་ནི་བསྟེན་པར་བྱ་བ་དང་། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་ སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པ་ལྟར་རོ། ། ངེས་ཚིག་ལ། ཐུན་མོང་དུ་རང་རང་གི་ངོ་བོ་རྣམ་པ་བཞི་བཞིར་བདེན་ཞིང་མི་བསླུ་བར་ གནས་པས། དེ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་མཐོང་བ་ཕྱིན་ཅི་མ་ལོག་པའི་བློ་སྐྱེ་བས་ན་ འཕགས་པའི་བདེན་པ་ཞེས་བྱ། (མཛོད་འགྲེལ་དུ་དྲངས་པ།)འཕགས་པས་བདེ་བར་གང་གསུངས་ པ། །དེ་ནི་གཞན་གྱིས་སྡུག་བསྔལ་རིག །གཞན་གྱིས་བདེ་བར་གང་སྨྲས་པ། །དེ་ནི་འཕགས་ པས་སྡུག་བསྔལ་རིག། ཅེས་པ་ལྟར་རོ། །ཁྱད་པར་དུ་མཛོད་འགྲེལ་དུ། གནོད་པའི་བདག་ ཉིད་ཡིན་པས་སྡུག་བསྔལ་ལོ། །འདི་ལས་སྡུག་ཀུན་འབྱུང་བས་ན་ཀུན་འབྱུང་ངོ་། །ཕུང་པོ་ ཞིག་པས་འཇུག་པ་མེད་པས་ན་འགོག་པའོ། །བགྲོད་པའི་དོན་གྱིས་ན་ལམ་མོ། །ཞེས་པ་ 1-1-369 ལྟར་རོ། ། གཞུང་དོན་ལ། བདེན་པ་རྣམ་པར་ངེས་པ་གང་ཞེ་ན། བདེན་བཞི་ཐུན་མོང་གི་དབྱེ་བ། ཕྱེ་བ་སོ་སོའི་རང་བཞིན། ཟག་བཅས་ཟག་མེད་ཀྱི་ཁྱད་པར་རོ། །(དང་པོ།)དབྱེ་བ་ནི་འདི་ དག་གི་རང་བཞིན་འཕགས་པའི་ཡེ་ཤེས་ལ་ཕྱིན་ཅི་མ་ལོག་པར་སྣང་བས་ན་འཕགས་པས་ མངོན་སུམ་དུ་གཟིགས་པའི་བདེན་པ་བཞི་བོ་དག་སྟེ། ཡོངས་སུ་ཤེས་པར་བྱ་བ་སྡུག་བསྔལ་ གྱི་བདེན་པ་དང་། ཤེས་ནས་སྤང་བར་བྱ་བ་ཀུན་འབྱུང་གི་བདེན་པ་དང་། སྤངས་བས་འཐོབ་ པར་འགྱུར་བ་འགོག་པའི་བདེན་པ་དང་། ཐོབ་བྱ་མངོན་དུ་བྱེད་པའི་ཐབས་སུ་བསྟེན་པར་བྱ་ བ་ལམ་ཟབ་མོའི་བདེན་པའོ། ། (གཉིས་པ།)རང་བཞིན་ལའང་དེ་ལྟར་བཞི་སྟེ། ཤེས་བྱ་སྡུག་བསྔལ་གྱི་བདེན་པ། སྤང་བྱ་ ཀུན་འབྱུང་གི་བདེན་པ། ཐོབ་བྱ་འགོག་པའི་བདེན་པ། བསྟེན་བྱ་ལམ་བདེན་གྱི་རྣམ་གཞག་ གོ། དང་པོ་ལ་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། བརྟན་གཡོའི་འཇིག་རྟེན་སྡུག་བསྔལ་དུ་ གཞག་པ། མདོའི་དོན་བཤད་དེ་རང་མཚན་ངོས་གཟུང་བ། སྡུག་བསྔལ་གྱི་རྣམ་པའམ་སྤྱི་ མཚན་བསྟན་པ། དེ་དག་ལས་འཕྲོས་པའི་ཁྱད་པར་བཤད་པའོ། །དང་པོ་ལ་དོན་དངོས་དང་། དམིགས་བསལ་གཉིས་ལས། དངོས་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་གྱི་ དང་པོ་ལ། སྡུག་བསྔལ་གྱི་བདེན་པ་དེ་ནི་གཡོ་བ་སེམས་ཅན་གྱི་འཇིག་རྟེན་གང་སྐྱེ་བ་དང་། བརྟན་པ་སྣོད་ཀྱི་འཇིག་རྟེན་གང་དུ་སྐྱེ་བའི་གནས་ཀྱིས་ཀྱང་བསྟན་པར་རིག་པར་བྱའོ། ། རྒྱས་བཤད་ལ། གཡོ་བ་བཅུད་ཀྱི་འཇིག་རྟེན་དང་། བརྟན་པ་སྣོད་ཀྱི་འཇིག་རྟེན་ལས། དང་པོ་ལ། གཞུང་དོན་གྱིས་ངོ་བོ་ངོས་བཟུང་བ་དང་། སྤྱི་དོན་གྱིས་གཏན་ལ་དབབ་པ་གཉིས་ ཀྱི་གཞུང་དོན་ལ། སེམས་ཅན་སྐྱེ་བ་གང་ཞེ་ན། སེམས་ཅན་དམྱལ་བ་(དེ་ལ་སེམས་ཅན་དམྱལ་བ་ 1-1-370 པའི་འགྲོ་བ་གང་ཞེ་ན་སེམས་ཅན་དམྱལ་བ་པའི་ཕུང་པོ་ས་བོན་དང་འབྲས་བུས་བསྡུས་པ་རྣམས་དང་། སེམས་ཅན་དམྱལ་བ་ མྱོང་པར་འགྱུར་བའི་ལས་གང་ཡིན་པའོ་ཞེས་སའི་དངོས་གཞིར་རོ། །འགྲེལ་པར་གལ་ཏེ་སེམས་ཅན་དམྱལ་བར་འགྲོ་བའི་ལས་ ཀྱི་ས་བོན་དེ་ཡང་། སེམས་ཅན་དམྱལ་བའི་འགྲོ་བ་ཡིན་ན། ཇི་ལྟར་འགྲོ་བ་འདྲེས་པར་མི་འགྱུར་ཞེ་ན་མི་འགྲོ་བའི་འགྲོ་བ་གང་ ཡིན་པ་དེ་ཁོ་ན་དང་། དེའི་ལས་ཐ་མི་དད་དོ་ཞེས་སུ་སྨྲའི། ཀུན་ཏུ་འབྱུང་བ་ཙམ་གྱིས་འདྲེས་པར་མི་འདོད་དེ་གཟུགས་དང་ གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། དེའི་ས་བོན་ཡང་འདོད་པ་ན་སྤྱོད་པ་ཉིད་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ རོ། །)རྣམས་སུ་སེམས་ཅན་སྐྱེ་བ་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་པ་ལ་སོགས་པར་སྦྱར་ཏེ། བསོད་ནམས་མ་ཡིན་པའི་ལས་ཀྱིས་དེར་ཁྲིད་པས་སམ། ན་ར་ཀ་ཞེས་པའི་ན་མེད་པ་དང་ར་ ཏི་དགའ་བ་དང་ཀ་ར་བྱེད་པ་སྟེ། དགའ་བར་བྱེད་པ་མེད་པས་སམ་(འདུས་བཟང་ན་རེ་)སྐྱབས་ མི་རྙེད་པའི་དོན་གྱིས་ན་དམྱལ་བ་དང་། མི་ལྟར་འགྲེངས་ཏེ་མི་འགྲོ་བར་ཕལ་ཆེར་དུད་དེ་ འགྲོ་བས་ན་དུད་འགྲོ་རྣམས་དང་། ཡུན་རིང་བོར་ཕྱིར་མི་ལྡོག་པར་འོང་བས་སམ། སྐོམ་པ་ དང་ལྡན་པས་ན་ཡི་དྭགས་(ལྟོ་གུག་ཁ་ཁབ་ལྟར་ཕྲ་དང་། །བཤང་ཟ་ཀུན་སྟོན་དྲི་ཟ་དང་། །ཆོས་ཟ་སྦྱིན་པ་ཟ་བ་དང་། ། ཆུ་འཐུང་བསམ་པས་འཚོ་བ་དང་། །མཆིལ་མ་ཟ་དང་ཕྲེང་བ་ཟ། །ཁྲག་ཟ་ཤ་ཟ་བདུག་པ་ཟ། །དྲག་ཤུལ་སྤྱོད་དང་གླགས་ལྟ་དང་། ། ས་འོག་གནས་དང་མཐུ་པོ་ཆེ། །མཚན་མོ་ལུས་འབར་མིར་གླགས་ལྟ། །འདོད་གཟུགས་གླིང་བར་གནས་པ་དང་། །གཤིན་ རྗེའི་དབྱུག་པ་བྱིས་པ་ཟ། །ཚངས་སྲིན་འབྲུ་ཡི་ཤུན་པ་ཟ། །མི་གཙང་ས་དང་ལམ་ཆེན་གནས། །སྤང་དུ་ཟ་དང་མེ་མདག་ཟ། ། དུག་ཟ་དགོན་པར་གནས་པ་དང་། །དུར་ཁྲོད་གནས་དང་ཤིང་ལ་གནས། །ལམ་གྱི་གཞི་མདོར་གནས་པ་དང་། །བདུད་ཀྱི་སྡེ་སྟེ་ སུམ་ཅུ་དྲུག །ཅེས་དྲན་པ་ཉེར་གཞག་ནས་རིག་རལ་གྱིས་བསྡུས་པའོ། །ཡི་དྭགས་ལྟོ་གུག་དང་། ཁ་ཁབ་ལྟར་ཕྲ་བ་དང་། བཤང་ བ་ཟ་བ་དང་། ཀུན་སྟོན་དང་། དྲི་ཟ་དང་། ཆོས་ཟ་དང་། སྦྱིན་པ་ཟ་བ་དང་། ཆུ་འཐུང་བ་དང་། བསམ་པས་འཚོ་བ་དང་། མཆིལ་ མ་ཟ་བ་དང་། ཕྲེང་བ་ཟ་བ་དང་། ཁྲག་ཟ་བ་དང་། ཤ་ཟ་བ་དང་། བདུག་པ་ཟ་བ་དང་། དྲག་ཤུལ་སྤྱོད་པ་དང་། གླགས་ལྟ་བ་དང་། སའི་འོག་ན་གནས་པ་དང་། མཐུ་པོ་ཆེ་དང་། མཚན་མོ་ལུས་རབ་ཏུ་འབར་བ་དང་། མི་རྣམས་ལ་གླགས་ལྟ་བ་དང་། འདོད་པའི་ གཟུགས་ཅན་དང་། གླིང་གི་བར་ན་གནས་དང་། གཤིན་རྗེའི་དབྱིག་པ་དང་། བྱིས་པ་ལ་ཟ་བ་དང་། ཚངས་པའི་སྲིན་པོ་དང་། 1-1-371 འབྲུ་དྲུས་པའི་ཤུན་པ་ཟ་བ་དང་། མི་གཙང་བ་ཟ་བ་དང་། ལམ་པོ་ཆེ་ན་གནས་པ་དང་། མང་དུ་ཟ་བ་དང་། མེ་མདག་ཟ་བ་དང་། དུག་ཟ་བ་དང་། དགོན་པ་ན་གནས་པ་དང་། དུར་ཁྲོད་ན་གནས་པ་དང་། ཤིང་ལ་གནས་པ་དང་། ལམ་གྱི་གཞི་མདོ་ན་གནས་པ་ དང་། བདུད་ཀྱི་སྡེ་སྟེ། དེ་ལྟར་མདོར་བསྡུས་ན་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ཡོད་དོ། །)རྣམས་ཏེ་ངན་སོང་གསུམ་ དང་། ཡིད་ཤས་ཆེ་བ་སྐྱེ་དགུའི་བདག་པོའི་ཤེད་ཀྱི་བུ་ཡིན་པས་ན་མི་དང་། དེའི་ཁྱད་པར་ གླིང་འདི་ལ་ལྟོས་ན་རི་རབ་ཀྱི་ཤར་ན་ཡོད་ཅིང་། ལུས་ཁྱད་པར་དུ་འཕགས་ཤིང་བཟང་བ་ ཡོད་པས་ན་ཤར་གྱི་ལུས་འཕགས་དང་། མཚོ་མ་དྲོས་པའི་འགྲམ་ན་ཤིང་འཛམ་བུ་ཞེས་བྱ་ བ་ཤིང་ཐོག་ཆུ་ནང་ལྷུང་བ་རྣམས་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་བ་ཡོད་ཅིང་དེས་མཚོན་ པའི་གླིང་ཡིན་པས་ན་འཛམ་བུ་གླིང་དང་། ལྷོ་མི་སྨོས་པ་ནི་གཞན་གསུམ་འདི་ལ་ལྟོས་ནས་ བཞག་པའི་དོན་ཏོ། །འདི་ལ་ལྟོས་པའི་ནུབ་ན་ཡོད་ཅིང་སྦྱིན་པ་དང་ཉོ་ཚོང་ལ་སོགས་པ་ རྣམས་གཙོ་ཆེར་བ་ལང་ལ་སྤྱོད་པས་ན་ནུབ་ཀྱི་བ་ལང་སྤྱོད། འདི་ལ་ལྟོས་པའི་བྱང་ན་ཡོད་ ཅིང་སྐད་ངན་པ་སྨྲ་བའམ་འཆི་ཁར་(འཆི་དུས་འདེབས་པ་སོགས་)སྒྲ་མི་སྙན་པ་འབྱུང་བས་ན་བྱང་གི་ སྒྲ་མི་སྙན་ཏེ་མིའི་འཇིག་རྟེན་དང་། འདིར་ལྷ་མ་སྨོས་པ་ནི་འགྲོ་བ་གཞན་གྱི་ནང་དུ་འདུ་བས་ སོ། །གཙོ་བོ་རྒྱལ་པོ་བཞིའི་སྡེ་འམ་ཁོངས་སུ་གཏོགས་པས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ རྣམས་དང་། (ས་འགྲེལ་དུ།)ལོངས་སྤྱོད་མཆོག་ལ་སྙོམས་པར་འཇུག་ཅིང་རྩེ་བར་བྱེད་པས་ སམ། ཚངས་པའི་ལུས་ལས་བྱུང་བས་ན་ལྷ་ཞེས་བྱ་སྟེ་གོང་མ་རྣམས་ལའང་སྦྱར་རོ། །ལེགས་ བྱས་ལྷན་ཅིག་བྱས་པ་རྣམས་དེར་སྐྱེས་པས་སམ། (ཀཱ་མ་དྷེ་ནུར་) དབང་པོ་དང་འཛིན་བྱེད་དང་ སྤོང་གཞན་ལ་སོགས་ཉི་མའི་མིང་ཅན་བཅུ་གཉིས་དང་། འཕྲོག་བྱེད་དང་བདེ་འབྱུང་དང་ དབང་ལྡན་ལ་སོགས་པ་དྲག་པོ་བཅུ་གཅིག་དང་། ཡིད་གཅུགས་དང་ངེས་བྱེད་དང་ཟླ་བ་ཅན་ ལ་སོགས་པ་ནོར་ལྷ་བརྒྱད་དང་། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ་སུམ་(འཆི་མེད་མཛོད་དུ། དབང་ པོ་འཛིན་བྱེད་སྤོང་གཞན་དང་། འཇོག་པོ་རྒྱས་བྱེད་བསྟེན་བྱ་དང་། ཆ་ཅན་རྣམ་གནས་ཁྱབ་འཇུག་དང་། འོད་ཅན་བགྲོད་བྱེད་ 1-1-372 བཤེས་གཉེན་ཉིད། །ཅེས་པ་ཉི་མའི་མིང་ཅན་བཅུ་གཉིས་དང་། ཡང་། གཅིག་པུར་མ་སྐྱེས་འཆིང་བྱེད་དང་། །འཇོག་པོ་དྲག་པོ་ བརྩོན་འགྲུས་ལྡན། །འཕྲོག་བྱེད་ཉིད་དང་བདེ་འབྱུང་དང་། །མིག་གསུམ་གཞན་གྱིས་མི་ཐུབ་པ། །དབང་ལྡན་དང་ནི་ས་གསུམ་ པ། །དྲག་པོ་བཅུ་གཅིག་རྣམས་སུ་བཤད། །ཅེས་པ་དང་། ཡིད་གཅུགས་ངེས་བྱེད་ཟླ་བ་ཅན། །འཛིན་པ་ཉིད་དང་རླུང་དང་མེ། ། ཐོ་རངས་དང་ནི་རབ་གསལ་བྱེད། །ཅེས་པ་དེ་བརྒྱད་ནོར་ལྷར་བཤད། །ཅེས་པ་དང་། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ནི། ཚོགས་ བདག་དང་སྨིན་དྲུག་གི་བུའོ། །)ཅུ་རྩ་གསུམ་ཡོད་པའམ། (དྲན་པ་ཉེར་བཞག་ཏུ་)ཆོས་བཟང་ན་གནས་པ་ ལ་སོགས་པ་སུམ་(ཆོས་༡བཟང་མཐོ་༢བ་རི་༣རྩེ་ལེགས་༤མཐོང་དང་། །ཕྱོགས་༥གཅིག་ཤིང་གསེབ་༦ཤིང་རྟ་སྣ་ཚོགས་ ༧དང་། །དགའ་བྱེད་༨རྣམ་༩མཛེས་ཡོངས་༡༠འདུ་འདྲེས་པའི་༡༡འགྲམ། །ཚང་ཚིང་འགྲམ་༡༢དང་ནོར་བུའི་སྙིང་༡༣པོ་དང་། ། ཀུན་ཏུ་གསལ་༡༤སྤྱོད་གསེར་ཕུག་ཁང་༡༥བ་དང་། །ཕྲེང་བའི་གྲིབ་༡༦མ་དམའ་མཐོང་རྒྱུ་༡༧བ་དང་། །བཀྲ་༡༨བ་སྣ་ཚོགས་ ཀྱི་ཕྱེ་སྦྱོར་བ་འཇུག༡༩། ཞི་སྤྱོད་༢༠གླུ་ཡི་སྒྲ་ལ་ཤིན་ཏུ་དགའ། །ཞིང་མངོན་པར་ཆགས་པ་དང་གཟི་བརྗིད་འབར༢༡། །ཟླ་གནས་ ལྟར་རྒྱུ་༢༢ས་ལ་བཟུང་༢༣དང་ནི། །མིག་ཕྱེ་༢༤འགྲོ་ཞིང་བཙུམས་ནས་འགྲོ་༢༥བ་དང་། །ལུས་མདོག་བཟང་༢༦དང་ནོར་བུ་ འཆང་༢༧བ་དང་། །རིས་མཐུན་༢༨འཁོར་ན་གནས་༢༩དང་མཐོ་བར་བྱེད༣༠། །གཟི་བརྗིད་མཆོག་༣༡དང་གཟི་ཕྲེང་༣༢མ་ འདྲེས་༣༣པའོ། །)ཅུ་རྩ་གསུམ་ཡོད་པས་ན་སུམ་ཅུ་རྩ་གསུམ་དང་། (དཀའ་སྤྱད་དུ།)ལྷ་མ་ཡིན་དང་ འཐབ་པའི་འཇིགས་པ་དང་བྲལ་བས་ན་འཐབ་བྲལ་དང་། དེ་ལ་ནི་(ས་འགྲེལ་དུ།)བསོད་ནམས་ ཀྱིས་སོང་བས་སམ། མེལ་ཚེ་ཐུན་རེ་ལ་བསོད་ནམས་ལ་བསྐུལ་བའི་སྒྲ་འབྱུང་བས་སམ། ལྷ་ མཚེ་མར་བརྫུས་ཏེ་སྐྱེ་བས་ན་མཚེ་མ་ཞེས་ཀྱང་བྱའོ། །དགའ་ཞིང་ཡིད་དུ་འོང་བའི་ལས་ ཀྱིས་སོང་བས་སམ། ཐེག་ཆེན་གྱི་ཆོས་ཀྱི་དགའ་བདེ་དང་ལྷག་པར་ལྡན་པས་ན་དགའ་ལྡན་ དང་། འདོད་ཡོན་རང་གིས་སྤྲུལ་པ་ལ་ཅི་དགར་སྤྱོད་པས་ན་འཕྲུལ་དགའ་དང་། གཞན་གྱིས་ སྤྲུལ་པའི་ལོངས་སྤྱོད་ལ་དབང་སྒྱུར་བར་བྱེད་པས་ན་གཞན་འཕྲུལ་དབང་བྱེད་དེ་འདོད་པའི་ ཁམས་དང་། སྡིག་པ་མི་དགེ་བའི་ཆོས་བསལ་བའི་ཕྱིར་ཚངས་པ་སྟེ་དེའི་རིགས་སམ་འཁོར་ དུ་གཏོགས་པས་ན་ཚངས་(སའི་དངོས་གཞིར་དཔེར་ན་ནོར་བུ་ནི་ཕྱི་རོལ་ན་འོད་ཡོད་ལ་ནོར་བུ་ཉིད་འོད་མིན་པ་དེ་ 1-1-373 བཞིན་དུ་བསམ་གཏན་དང་པོའི་ལུས་ལ་ཕྱི་རོལ་ན་འོད་ཡོད་ལ་ལུས་ཉིད་ནི་འོད་མ་ཡིན་ནོ། །ཇི་ལྟར་མར་མེ་ནི་ཕྱི་རོལ་ན་འོད་ ཡོད་ལ་མར་མེ་ཉིད་ཀྱང་འོད་ཡིན་པ་དེ་བཞིན་དུ་བསམ་གཏན་གཉིས་པའི་ལུས་ཀྱང་འོད་ཡིན་པར་རིག་པར་བྱའོ། །)རིས་ དང་། ཚངས་པའི་མདུན་ན་འདུག་སྟེ་ཚིག་འདོན་ཅིང་སྨྲ་བས་ན། ཚངས་པའི་མདུན་ན་འདོན་ དང་། དགེ་བའི་རྩ་བ་ཆེན་པོ་ལས་སྐྱེས་ཤིང་ཚེ་ཚད་ལུས་ཚད་ལ་སོགས་པ་ཚངས་པ་གཞན་ ལས་ཆེ་བས་ན་ཚངས་ཆེན་ཏེ་བསམ་གཏན་དང་པོ་དང་། རང་གི་ས་པ་གོང་མ་ལ་ལྟོས་ཏེ་འོད་ ཀྱི་ཁྱོན་དང་གསལ་བ་གཉིས་ཀ་ཆུང་བས་ན་འོད་ཆུང་དང་། འོད་ཀྱི་ཁྱོན་ས་འོག་མ་བས་ཚད་ བཟུང་བར་མི་ནུས་པས་ན་ཚད་མེད་འོད་དང་། འོད་ཀྱི་ཁྱོན་དང་གསལ་བ་གཉིས་ཀ་ཆེ་ཞིང་ གནས་གཞན་མཐའ་དག་སྣང་བར་བྱེད་པས་ན་འོད་གསལ་ཏེ་བསམ་གཏན་གཉིས་པ་དང་། ཡིད་ཀྱི་ས་བའི་བདེ་བ་ནི་རབ་ཏུ་ཞི་བའི་ཕྱིར་དགེ་བ་ཞེས་བཏགས་ཤིང་། དེ་རང་གི་ས་བ་ གོང་མ་པས་ཆུང་བས་ན་དགེ་ཆུང་དང་། བདེ་བ་ས་འོག་མ་པས་ཚད་བཟུང་དུ་མེད་པ་དང་ ལྡན་པས་ན་ཚད་མེད་དགེ་དང་། བདེ་བ་ཆེར་རྒྱས་ཤིང་འཕེལ་བ་དང་ལྡན་པས་ན་དགེ་རྒྱས་ ཏེ་བསམ་གཏན་གསུམ་པ་དང་། དེ་ཡན་ཆད་ས་གཞི་སྤྲིན་འཁྲིགས་པ་ལྟ་བུ་འདབས་ཆགས་ མེད་པས་ན་སྤྲིན་མེད་དང་། མི་གཡོ་བའི་བསོད་ནམས་ལས་སྐྱེས་བས་སམ། བྱམས་པ་ཕུལ་ དུ་བྱུང་བ་ལས་སྐྱེས་པས་བསོད་ནམས་སྐྱེས་དང་། གཞན་དང་འབྲེལ་བའི་སོ་སོ་སྐྱེ་བོ་ཐམས་ ཅད་ལས་འབྲས་བུ་མཆོག་ཏུ་གྱུར་བས་ན་འབྲས་བུ་ཆེ་སྟེ་བསམ་གཏན་བཞི་པ་དང་། དེའི་བྱེ་ བྲག་སྐྱེས་ཐོབ་ཀྱིས་ཚོགས་དྲུག་གི་འདུ་ཤེས་འགགས་ཏེ་གནས་པས་ན་འདུ་ཤེས་མེད་པའི་ སེམས་ཅན་དང་། སོ་སོ་སྐྱེ་བོ་དང་མ་འདྲེས་པའི་གནས་གཙང་མ་གོང་མ་རྣམས་ལས་ཡོན་ ཏན་གྱི་ཁྱད་པར་མི་ཆེ་བས་ན་མི་ཆེ་བ་དང་། ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པས་འགྱོད་ པའམ་ཉོན་མོངས་པའི་གདུང་བ་མེད་པས་ན་མི་གདུང་བ་དང་། རབ་ཏུ་ཞི་ཞིང་མཆོག་ཏུ་ མཛེས་པར་སྣང་བས་ན་གྱ་ནོམ་སྣང་དང་། མཐོང་བའམ་ལྟ་བ་རྣམ་པར་དག་ཅིང་བཟང་བས་ 1-1-374 ན་ཤིན་ཏུ་མཐོང་དང་། གནས་གཞན་དང་འབྲེལ་བ་འདི་ལས་ཡོན་ཏན་ལྷག་པ་གོང་ན་མེད་ པས་ན་འོག་མིན་(ཨ་ཀ་ནིཥྛ་)དང་། ཡང་ན་རྡུལ་ཕྲ་རབ་བསགས་པའི་གཟུགས་ཀྱི་མཐར་ཐུག་ པ་ཡིན་པས་ན་བསགས་མཐའ་(ཨཱ་གྷ་ནིཥྛ་)ཞེས་ཀྱང་བྱ་སྟེ། གཟུགས་ཀྱི་ཁམས་དང་། སྙོམས་ འཇུག་གི་སྤྱོར་བའི་དུས་སུ་ནམ་མཁའ་མཐའ་ཡས་སོ་སྙམ་པའི་རྣམ་པར་བྱེད་ཅིང་། ལམ་དེ་ ཉིད་སྐྱེ་ཞིང་མཆེད་པ་བྱུང་བས་འབྲས་བུ་སྐྱེ་བའང་དེའི་མིང་གིས་བཏགས་ནས་ནམ་མཁའ་ མཐའ་ཡས་སྐྱེ་མཆེད་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་ཤེས་མཐའ་ཡས་སོ་སྙམ་པའི་རྣམ་པར་ བྱེད་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་དོ་སྙམ་པའི་རྣམ་པར་བྱེད་པས་ ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་ནི་ནད་དང་འབྲས་དང་ཟུག་རྔུ་དང་འདྲ་ཞིང་། འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ་སྙམ་པའི་རྣམ་པར་བྱེད་ཅིང་འདུ་ཤེས་ཀྱི་རྒྱུ་བ་ཞན་པ་ བྱུང་བས་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་ཏེ་གཟུགས་མེད་པའི་ ཁམས་སུ་སེམས་ཅན་སྐྱེ་བའང་སྡུག་བསྔལ་གྱི་བདེན་པར་རིག་པར་བྱའོ། །དེ་རྣམས་གཏན་ ལ་དབབ་པ་ནི། རྟོག་དཔྱོད་ཀྱི་སར། གྲངས་དང་གནས་དང་ཚད་རྣམས་དང་། །ཚེ་ཡི་ཚད་ དང་ལོངས་སྤྱོད་དང་། །སྐྱེ་བ་དང་ནི་ལུས་རྣམས་དང་། །རྒྱུ་དང་རྐྱེན་རྣམས་རྒྱ་ཆེར་རོ། །ཞེས་ གསུངས་པ་ལྟར་བརྒྱད་ལས། དང་པོ་གྲངས་ཀྱིས་གཏན་ལ་དབབ་པ་ནི། ཐམས་ཅད་ཀྱང་ ཁམས་ཀྱིས་ཕྱེ་ན་གསུམ་ཡིན་ཞིང་། སེམས་མི་འདྲ་བས་ཕྱེ་ན་ས་དགུར་འགྱུར་ལ། རིགས་ ཀྱིས་ཕྱེ་ན་འགྲོ་བ་དྲུག་སྟེ། (ཡབ་སྲས་མཇལ་བའི་)མདོ་ལས། སེམས་ཅན་ཚོགས་ཀྱིས་འགྲོ་དྲུག་ གང་བསྟན་པ། །སེམས་ཅན་དམྱལ་བ་དུད་འགྲོ་ཡི་དྭགས་དང་། ལྷ་མིན་རིས་དང་མི་དང་ལྷ་ རྣམས་སུ། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །ཅེས་པ་ལྟར་རོ། །རྒྱུད་དམ་ལམ་ གྱི་སྒོ་ནས་ལྔར་ཡང་གསུངས་ཏེ། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་ གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་ 1-1-375 མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་པ་དང་། (རྒྱུད་བླ་མར།)འཁོར་བའི་སྐྱེ་འཆི་ཐོག་མ་ མེད་འདིར་འགྲོ་བའི་ལམ་ནི་རྣམ་པ་ལྔ། །ཞེས་པ་ལྟར་རོ། །དེ་བཞིན་དུ་མཛོད་ལས་ཀྱང་། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་དག །ཉོན་མོངས་ཅན་མིན་ ལུང་བསྟན་མིན། །སེམས་ཅན་ཞེས་བྱ་བར་སྲིད་མིན། །ཞེས་ཁམས་གསུམ་པོ་དེར་འགྲོ་བ་ རྣམས་རིས་ལྔར་འདུས་ཤིང་། འགྲོ་བའི་ངོ་བོ་མ་བསྒྲིབས་ལུང་མ་བསྟན་ཡིན་ལ་སྲིད་པ་བར་ མ་ནི་སྐྱེ་གནས་བཞིས་བསྡུས་ཀྱང་འགྲོ་བ་ལྔས་མ་བསྡུས་པར་(གདགས་པ་དང་རྒྱ་མཚོ་སྤྲིན་དུའང་) བཤད་དོ། །ལྷ་མ་ཡིན་ནི་དྲན་པ་ཉེར་གཞག་ལ་སོགས་པར་དུད་འགྲོ་བསྡུས་ཀྱང་མི་བླུན་པོ་ ལ་བ་ལང་ཞེས་སྨད་པ་ཙམ་སྟེ། ས་སྡེ་ལས། ལོངས་སྤྱོད་ལྷ་དང་འདྲ་བ་ལ་སོགས་པས་ལྷའི་ འགྲོ་བར་བསྡུས་ཤིང་། མདོ་ལས་ཀྱང་། འདི་དག་ནི་སྔོན་ནས་ལྷ་ཉིད་ལགས་སོ་ཞེས་ གསུངས་སོ། །ཀླུ་དང་ནམ་མཁའ་ལྡིང་དང་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ནི་དུད་འགྲོར་འདུས་ ཤིང་། འཆི་མེད་མཛོད་དུ་ནི། རིག་འཛིན་ལྷ་མིན་གནོད་སྦྱིན་དང་། །སྲིན་པོ་དྲི་ཟ་མིའམ་ཅི། ། ཤ་ཟ་གསང་བ་གྲུབ་པ་དང་། འབྱུང་པོ་ལྷ་ཡི་སྐྱེ་གནས་ཅན། །ཞེས་བཤད་ལ། གྲུལ་བུམ་ དང་། སྲུལ་བོ་དང་། ལུས་སྲུལ་བོ་དང་། སྨྱོ་བྱེད་དང་། རྗེད་བྱེད་དང་། གྲིབ་གནོན་དང་། ནམ་གྲུའི་གདོན་དང་། བྱའི་གདོན་ལ་སོགས་པ་ནི་ཡི་དྭགས་སོ། །ཞེས་ཀྱང་འཆད་དོ། ། མདོར་བསྡུ་ན་ངན་འགྲོ་དང་བདེ་འགྲོ་གཉིས་སོ། །གནས་ཀྱིས་གཏན་ལ་དབབ་པ་ལ། འདོད་པའི་ཁམས་ན་གནས་གཞན་སུམ་ཅུ་རྩ་དྲུག་སྟེ། ཉེ་འཁོར་བ་ནི་འཁོར་ཡིན་ཞིང་། ཉི་ ཚེ་བ་ནི་གནས་གཞན་ནའང་ཡོད་པས་ལོགས་སུ་མི་བགྲང་། ཚ་དམྱལ་བརྒྱད། གྲང་དམྱལ་ བརྒྱད། ཡི་དྭགས་དང་། ལྷ་མ་ཡིན་ཏེ་བཅོ་བརྒྱད་དང་། དུད་འགྲོ་ནི་ལྷ་མི་དང་ཡང་ལྷན་ཅིག་ རྒྱུ་བས་ལོགས་སུ་མི་བགྲང་བར། མི་ལ་གླིང་བཞི་དང་གླིང་ཕྲན་བརྒྱད་དེ་བཅུ་གཉིས་དང་། འདོད་ལྷའི་གནས་དྲུག་པོ་རྣམས་སོ། །མཛོད་དུ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་ 1-1-376 རྣམས་དང་ནི་ལྷ་རྣམས་དྲུག །འདོད་པའི་ཁམས་ཡིན་དམྱལ་བ་དང་། །གླིང་དབྱེ་བ་ལས་དེ་ ཉི་ཤུ། ཞེས་དམྱལ་བ་བརྒྱད་ཡི་དྭགས་དུད་འགྲོ་གཉིས་ཏེ་ངན་འགྲོའི་གནས་བཅུ་དང་། མིའི་ གླིང་བཞི་དང་ལྷའི་གནས་དྲུག་སྟེ་བདེ་འགྲོའི་གནས་བཅུ་རྣམས་བསྡོམས་པས་ཉི་ཤུར་ བསྟན་ཏོ། ། གཟུགས་ཀྱི་ཁམས་ན་གནས་གཞན་བཅོ་བརྒྱད་དེ། འདུ་ཤེས་མེད་པ་ནི་འབྲས་བུ་ཆེ་ བའི་ནང་དུ་གཏོགས་པས། བསམ་གཏན་བཞི་ལ་ས་བཞི་གསུམ་གསུམ་དུ་ཕྱེ་བའི་བཅུ་ གཉིས་དང་། གནས་གཙང་མ་ལྔ་སྟེ་བཅུ་བདུན་གྱི་སྟེང་དུ། གནས་གཙང་མ་ལས་ཀྱང་འདས་ པ་ན་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཁོ་ན་བཞུགས་ པའི་འོག་མིན་ཆེན་པོ་དང་བཅས་པའོ། །དེ་ལྟར་འཕགས་པའི་གནས་དྲུག་ནི་སྡུག་བསྔལ་ གྱི་བདེན་པ་དངོས་མ་ཡིན་ཡང་གཟུགས་ཁམས་ཀྱི་ཞར་ལས་བྱུང་བའོ། །ཁ་ཆེ་བ་ནི་ཚངས་ ཆེན་པ་མདུན་ན་འདོན་གྱི་དགོན་པ་ལྟ་བུ་ཡིན་པས་བཅུ་དྲུག་ཏུ་འདོད་ལ། ཉི་འོད་བྱེ་བྲག་ཏུ་ སྨྲ་བ་ནི་བཅུ་བདུན་དུ་འདོད་ཅིང་། མཛོད་ལས་ཀྱང་། གོང་མའི་གནས་རྣམས་བཅུ་བདུན་ ནི། གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་ བརྒྱད་པ་ཡིན། །ཞེས་སོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་མེད་པའི་ཕྱིར་གནས་ གཞན་ཐ་དད་བ་མེད་ཅིང་། སྐྱེ་བ་ལེན་ཚུལ་གྱིས་རྣམ་པ་བཞི་ཡིན་ཏེ། གཟུགས་མེད་ཁམས་ ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་པ་ལྟར་རོ། །དེ་རྣམས་ས་དགུར་འཇོག་ པ་ན། འདོད་པའི་ཁམས་ས་གཅིག་དང་། གཟུགས་ཁམས་བསམ་གཏན་བཞི་པོ་ས་བཞི་དང་། གཟུགས་མེད་པ་བཞིའང་ས་བཞིའོ། །དེ་ལ་ཁམས་ནི་སྲེད་པས་རིས་སུ་བཅད་ཅིང་ལྟ་བས་ བདག་གིར་བྱས་པ་ཡིན་ལ། ས་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་ན་བསམ་གཏན་ དང་པོ་ཐོབ་པ་ལྟ་བུ་ཆགས་བྲལ་གྱི་རིམ་པ་ཡིན་པས། ས་དགུས་ཁམས་གསུམ་བསྡུས་ཀྱང་ 1-1-377 ཁམས་གསུམ་གྱིས་ནི་ས་དགུ་མ་བསྡུས་ཏེ། བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་བར་ ལ་མཐོང་ལམ་ལ་སོགས་པ་བརྟེན་པ་ན། ཁམས་ཟག་བཅས་ཡིན་ཡང་ས་ཟག་མེད་དུ་སྐྱེ་ བའི་ཕྱིར་རོ། །དེས་ན་བསྡུ་བར། ཀུན་ཤེས་པའི་དབང་པོ་ལ་སོགས་པ་གསུམ་ཁམས་ཀྱིས་ མ་བསྡུས་ཤིང་སས་བསྡུས་པར་བཤད་དོ། ། ལུས་ཚད་ཀྱིས་གཏན་ལ་དབབ་པ་ལ། དོན་དངོས་དང་། འཇལ་བྱེད་གཉིས་ལས། དངོས་ནི། ཆོས་མངོན་པ་ནས་ངན་སོང་གསུམ་གྱི་ལུས་ཚད་ངེས་པ་མ་བཤད་ཅིང་། རྒྱལ་ བའི་ཡུམ་དུའང་། དམ་པའི་ཆོས་སྤོང་བ་དམྱལ་བར་སྐྱེ་བའི་ལུས་ཚད་བཤད་དུ་མི་རུང་བར་ གསུངས་མོད་ཀྱི། དྲན་པ་ཉེར་གཞག་ཏུ། མཚམས་མེད་གཅིག་ནས་ལྔའི་བར་དུ་བྱས་པའི་ མནར་མེད་ཀྱི་ལུས་ལ་དཔག་ཚད་གཅིག་ནས་ལྔའི་བར་དུ་ཡོད་པ་ལ་སོགས་གསུངས་ཤིང་། མྱ་ངན་ལས་འདས་པའི་མདོར། མཚམས་མེད་བརྒྱད་བྱས་པའི་ལུས་ལ་དཔག་ཚད་བརྒྱད་ཁྲི་ ཡོད་ཀྱང་གཅིག་ལ་གཅིག་ཐོགས་པ་མེད་པར་བཤད་ལ། དཀོན་མཆོག་ཏ་ལ་ལའི་མདོར། ཐེག་ཆེན་ལ་སྐུར་བ་བཏབ་པའི་དམྱལ་བའི་ལྕེ་ལ་ཡང་དཔག་ཚད་འབུམ་ཡོད་པ་ལ་སོགས་ པ་གསུངས་སོ། །ཉི་མའི་སྙིང་པོའི་མདོར། ཡི་དྭགས་ཆུང་བ་ལ་མཐོ་གང་དང་། ཆེ་བ་ལ་ དཔག་ཚད་སྟོང་པར་གསུངས་ཤིང་། དུད་འགྲོ་ཆུང་བ་ལ་སྐྲའི་རྩེ་མོའི་ལྔ་བཅུ་ཆ་ཙམ་དང་། ཉི་ཟེར་གྱི་རྡུལ་ཙམ་དང་། རྒྱ་ཤུག་གི་ཚི་གུའི་ཚད་ཙམ་དང་། ཆེ་བ་ལ་དཔག་ཚད་ཁྲི་ཡོད་པའི་ བར་ཏུ་གསུངས་ལ། གཞན་ཡང་གླང་པོ་ཆེ་རབ་བརྟན་དང་། ས་སྲུངས་ཀྱི་བུ་ལ་མཐའ་སྐོར་ དུ་དཔག་ཚད་བདུན་ཡོད་པ་དང་། ཆུ་སྲིན་ཉའི་རིགས་ལ་དཔག་ཚད་ལྔ་བརྒྱ་ཡོད་པ། ཉ་མིད་ ཀྱིས་དེ་ཡང་མིད་པར་ནུས་པ་དང་། དེ་མིད་ཀྱིས་ཉ་མིད་ཀྱང་མིད་པར་ནུས་པ་ལ་སོགས་པ་ གསུངས་སོ། །ལས་བརྒྱ་པར། ཆུ་སྲིན་ཆེ་བ་ལ་དཔག་ཚད་ཉིས་སྟོང་བདུན་བརྒྱ་ཡོད་པར་ བཤད་ཅིང་། ཉི་མའི་སྙིང་པོར། ཀླུའི་རྒྱལ་པོ་རྣམས་ཀྱིས་རྒྱ་མཚོ་ལས་ལུས་མ་འཕགས་པར་ 1-1-378 སྟོད་ཀྱི་སུམ་ཅུ་རྩ་གསུམ་དུ་ཕྱིན་ནས་སྟོན་པ་ལ་ཆོས་ཉན་པ་དང་། རྣམ་པར་ཤེས་པ་འཕོ་ བའི་མདོར། ཀླུའི་རྒྱལ་པོ་དགའ་པོ་དང་ཉེར་དགའི་ལུས་ཀྱིས་རི་རབ་ཀྱང་གཡོ་ཞིང་། དབུགས་ཀྱི་དུག་གིས་རྒྱ་མཚོའང་བཏུང་དུ་མི་རུང་བར་བྱེད་པ་དང་། ལུང་དུ་ཀླུ་གཉིས་ཀྱིས་ རི་རབ་ལ་ལན་གསུམ་གསུམ་བཀྲིས་པ་ལ་སོགས་པ་གསུངས་(ཀླུ་རྣམས་སྤྲུལ་པ་ཡིན་པའང་སྲིད་ཅེས་ གསུངས་)སོ། །ས་སྡེ་ལས། ངན་སོང་གསུམ་གྱི་ལུས་ཚད་ནི། སྡིག་པ་ཇི་ལྟར་ཆེ་བ་བཞིན་དུ་ ལུས་ཆེ་ཞིང་དེ་ལ་བརྟེན་པའི་སྡུག་བསྔལ་ཡང་ཆེ་ལ། སྡིག་པ་ཆུང་བ་ལྟར་ལུས་ཆུང་ཞིང་སྡུག་ བསྔལ་ཡང་ཆུང་བས། མཐའ་གཅིག་ཏུ་ངེས་པ་མེད་པར་གསུངས་སོ། །བདེ་འགྲོ་ལ་མི་ རྣམས་ཀྱི་ལུས་ཚད་ནི། འཛམ་བུ་གླིང་བ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། ། ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། །ཅེས་འཛམ་བུ་གླིང་བའི་ མི་རྣམས་བསྐལ་པ་དང་པོའི་དུས་ན་ཆེ་ཞིང་སྙིགས་མའི་དུས་ན་ཆུང་ཡང་ཕལ་ཆེར་རང་རང་ གི་ཁྲུ་བཞི་པའམ་ཕྱེད་དང་བཞི་པར་ངེས་ལ། ཤར་ལུས་འཕགས་པོའི་མི་རྣམས་ལ་ཆོས་ མངོན་པ་གསུངས་དུས་ཀྱི་འཛམ་བུ་གླིང་པའི་ལུས་ཉིས་འགྱུར་དང་། ནུབ་བ་ལང་སྤྱོད་པ་ལ་ ཤར་གྱིའང་ཉིས་འགྱུར་དང་། བྱང་སྒྲ་མི་སྙན་པ་ལ་ནུབ་ཀྱིའང་གཉིས་ཀྱིས་ཆེ་བ་སྟེ། སར། དེ་རྣམས་ཀྱང་རང་རང་གི་ཁྲུ་ཕྱེད་དང་བཞི་པར་ངེས་ཤིང་ལུས་ཤིན་ཏུ་ཆེ་བ་དང་ལྡན་པར་ གསུངས་སོ། །བསོད་ནམས་ལྡན་པའི་མི་འགའ་ཞིག་ནི་སུམ་ཅུ་རྩ་གསུམ་པ་དང་མཉམ་པ་ སྟེ། ཡབ་སྲས་མཇལ་བར། རྒྱལ་བོ་སྤྱི་བོ་སྐྱེས་དང་བརྒྱ་བྱིན་གཉིས་སྟན་གཅིག་ལ་འདུག་པ་ ན་མིག་འབྱེད་འཛུམ་ཙམ་མ་གཏོགས་པར་ཁྱད་པར་མི་སྣང་བར་གསུངས་པའི་ཕྱིར་རོ། ། (ཆུང་བ་ལ་)ལྷ་མ་ཡིན་རྣམས་ཀྱི་ལུས་ཚད་དང་ཚེ་ཚད་དང་ལོངས་སྤྱོད་ནི་ས་སྡེ་ལས་སུམ་ཅུ་ རྩ་གསུམ་པ་དང་འདྲ་བར་གསུངས་སོ། །འདོད་ལྷ་རིགས་དྲུག་གི་ལུས་ཚད་ནི། འདོད་དང་ ལྡན་པ་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། ། 1-1-379 ཅེས་པ་ལྟར་རྒྱལ་ཆེན་རིགས་བཞི་ལ་རྒྱང་གྲགས་བཞི་ཆ་དང་། སུམ་ཅུ་རྩ་གསུམ་པ་ལ་རྒྱང་ གྲགས་ཕྱེད་དང་། འཐབ་བྲལ་བ་ལ་རྒྱང་གྲགས་བཞི་གསུམ་དང་། དགའ་ལྡན་པ་ལ་རྒྱང་ གྲགས་གཅིག་དང་། འཕྲུལ་དགའ་བ་ལ་གཅིག་དང་བཞི་ཆ་དང་། གཞན་འཕྲུལ་དབང་བྱེད་ པ་ལ་རྒྱང་གྲགས་ཕྱེད་གཉིས་ཏེ། (ཆུང་བ་ལ་)འདོམ་བརྒྱ་ཉི་ཤུ་རྩ་ལྔ་ནས་(ཆེ་བ་ལ་)བྱེད་དང་ བརྒྱད་བརྒྱའི་བར་རོ། །གཟུགས་ཁམས་པ་རྣམས་ཀྱི་ལུས་ཚད་ནི། གཟུགས་ཅན་དང་པོ་ དཔག་ཚད་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །ཞེས་པ་ལྟར་ཚངས་ རིས་པའི་ལུས་ལ་དཔག་ཚད་ཕྱེད་དང་(འདོམ་ཉིས་སྟོང་)། མདུན་ན་འདོན་པ་ལ་གཅིག་དང་ (འདོམ་བཞི་སྟོང་)། ཚངས་ཆེན་ལ་ཕྱེད་དང་གཉིས་དང་། འོད་ཆུང་བ་ལ་གཉིས་དང་། ཚད་མེད་ འོད་པ་ལ་བཞི་དང་། འོད་གསལ་བ་ལ་བརྒྱད་དང་། དགེ་ཆུང་ལ་བཅུ་དྲུག་དང་། ཚད་མེད་ དགེ་ལ་སུམ་ཅུ་སོ་གཉིས་དང་། དགེ་རྒྱས་པ་ལ་དྲུག་ཅུ་རྩ་བཞི་དང་། སྤྲིན་མེད་པ་ལ་དེའི་ ཉིས་འགྱུར་བརྒྱ་ཉི་ཤུ་རྩ་བརྒྱད་ལ་གསུམ་དོར་བས་ཉི་ཤུ་རྩ་ལྔ་དང་། བསོད་ནམས་སྐྱེས་པ་ ལ་ཉིས་བརྒྱ་ལྔ་བཅུ་དང་འབྲས་བུ་ཆེ་བ་ལ་ལྔ་བརྒྱ་དང་། མི་ཆེ་བ་ལ་སྟོང་དང་། མི་གདུང་བ་ ལ་ཉིས་སྟོང་སྟེ། འཛམ་བུ་གླིང་གི་དཀྱུས་དང་མཉམ་པ་དང་། གྱ་ནོམ་སྣང་བ་ལ་བཞི་སྟོང་ དང་། ཤིན་ཏུ་མཐོང་བ་ལ་བརྒྱད་སྟོང་དང་། འོག་མིན་པའི་ལུས་ལ་དཔག་ཚད་ཁྲི་དྲུག་སྟོང་ སྟེ། འཛམ་བུ་གླིང་གི་དཀྱུས་ལ་ནི་དེའི་མཐོ་གང་ངོ་། །གཟུགས་མེད་པའི་ཁམས་ན་གཟུགས་ མེད་པའི་ཕྱིར་ལུས་ཀྱི་ཚད་ངེས་པ་མེད་དོ། །དེ་ན་དགེ་འདུན་ཕལ་ཆེན་པ་དང་། གོས་དམར་ ཅན་གྱི་སྡེ་པ་ལ་སོགས་པ་གཟུགས་ཕྲ་བར་ཡོད་པར་འདོད་པ་ནི་མཛོད་འགྲེལ་ལས་བཀག་ ཅིང་། མདོ་ལས་གཟུགས་མེད་པའི་ལྷ་རྣམས་ཀྱང་མཆོད་རྫས་སྣ་ཚོགས་པ་ཐོགས་ཏེ་བཅོམ་ ལྡན་འདས་ལ་ཆོས་མཉན་པའི་ཕྱིར་འོང་བ་གསུངས་པ་ནི། དེར་སྐྱེས་པའི་འཕགས་པ་ཕྱིར་ 1-1-380 མི་འོང་ལ་སོགས་པ་ཏིང་ངེ་འཛིན་གྱིས་སྤྲུལ་པ་ཡིན་ཞིང་སྤྲུལ་པའི་ལུས་ལ་ཚད་ངེས་པ་མེད་ དོ་ཞེས་ཀྱང་གསུང་ངོ་། །འཇལ་བྱེད་ཀྱི་ཚད་ནི། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་ གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། དེ་ལས་ཤིག་དང་དེ་བཞིན་ནས། །སོར་ཚིགས་ཞེས་བྱ་ གོང་བདུན་འགྱུར་། །ཞེས་པ་ལྟར་གཟུགས་ཀྱི་མཐའ་རྡུལ་ཕྲ་རབ་དང་། དུས་ཀྱི་མཐའ་སྐད་ ཅིག་མ་དང་། མིང་གི་མཐའ་ཡི་གེ་ཡིན་པས་། །འདིར་ནི་གཟུགས་ཀྱི་ཆུང་ཤོས་མཐར་ཐུག་ པར་གྱུར་པ་རྡུལ་ཕྲ་རབ་ནི་གྲུབ་མཐས་བརྟགས་ནས་བཞག་པ་བསྟན་དུ་མེད་ཅིང་། ཐོགས་ པ་མེད་པའི་གཟུགས་ཡིན་ལ། དེ་བདུན་ལ་རྡུལ་ཕྲན་ཞེས་བྱ་ཞིང་། དེ་བཞིན་དུ་(དེ་བདུན་ལ་) ལྕགས་རྡུལ་དང་། (དེ་བདུན་ལ་)ཆུ་རྡུལ་དང་། (དེ་བདུན་ལ་)རི་བོང་གི་རྡུལ་དང་། (དེ་བདུན་ལ་)ལུག་ གི་རྡུལ་དང་། (དེ་བདུན་ལ་)གླང་གི་རྡུལ་དང་། (དེ་བདུན་ལ་)ཉི་ཟེར་གྱི་རྡུལ་དང་། (དེ་བདུན་ལ་)སྲོ་མ་ དང་། (དེ་བདུན་ལ་)དེ་ལས་བྱུང་བ་ཤིག་དང་། (དེ་བདུན་ལ་)ནས་རྣམས་ཀྱང་སྔ་མ་བདུན་ནི་ཕྱི་ མའི་ཚད་དེ། ནས་བདུན་ལ་སོར་གང་ཞེས་བྱའོ། །(ལྕགས་བྱང་མ་ལ་ཆགས་པའི་རྡུལ་ལ་ལྕགས་རྡུལ་ཞེས་ སོགས་ནི་རགས་པ་བ་སྟེ་སྔ་མ་བདུན་འགྱུར་ལས་ཕྱེ་ཞེས་ཐ་སྙད་བཏགས་པ་ཙམ་མོ། །) གདགས་པ་དང་། རྒྱ་ཆེར་ རོལ་པ་ལ་སོགས་པར་བར་པ་རྣམས་ཀྱི་མིང་དང་གོ་རིམ་མི་འདྲ་བར་གསུངས་ཀྱང་། གྲངས་ མཐུན་པས་སོར་ནི་མཉམ་པ་ཉིད་དོ། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། ། དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ ཅེས་བྱའོ། །ཞེས་པ་ལྟར། སོར་ཉི་ཤུ་རྩ་གཅིག་ལ་ཁྲུ་གང་དང་། ཁྲུ་བཞི་ལ་གཞུ་འདོམ་གང་ དང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་ཞེས་བྱ་ཞིང་། གྲོང་ལས་རྒྱང་གྲགས་ཡན་ཆད་ འཕགས་པ་ནི་དགོན་པའི་ཚད་ཡིན་ལ། རྒྱང་གྲགས་བརྒྱད་ལ་ནི་དཔག་ཚད་ཅེས་བྱའོ། །ཚེ་ ཚད་ཀྱིས་གཏན་ལ་དབབ་པ་ལའང་གཉིས་ལས། །དོན་དངོས་ནི། མིའི་ཚེ་ཚད་ནས་བརྩམས་ 1-1-381 ཏེ་བཤད་ན་གོ་སླ་བས། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་ མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་པ་ལྟར་སྒྲ་མི་སྙན་ན་ཚེ་ལོ་སྟོང་པ་ དང་། བ་ལང་སྤྱོད་ན་ལྔ་བརྒྱ་ཡོད་པ་དང་། ལུས་འཕགས་པོ་ན་ཉིས་བརྒྱ་ལྔ་བཅུ་པར་ངེས་ ཤིང་། འཛམ་བུ་གླིང་འདི་ན་མཐའ་གཅིག་ཏུ་མ་ངེས་པར་ཐུང་ཤོས་ལ་ཚེ་ལོ་བཅུ་པ་དང་། བསྐལ་པ་དང་པོ་ཚེ་ལོ་དཔག་ཏུ་མེད་པ་དང་། བར་སྐབས་བརྒྱད་ཁྲི་ལ་སོགས་པར་འགྱུར་ རོ། །འདོད་ལྷ་དྲུག་གི་ཚེ་ཚད་ནི། །མི་རྣམས་ཚེ་ལོ་ལྔ་བཅུ་ལ། །འདོད་ལྷ་འོག་མའི་ཉིན་ཞག་ སྟེ། །དེ་ཡི་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉི་ག་ཉིས་འགྱུར་ཏེ། །ཞེས་པ་ལྟར་མི་ལོ་ལྔ་བཅུ་ནི་ རྒྱལ་ཆེན་རིས་བཞི་པའི་ཉིན་ཞག་གཅིག་ཡིན་ལ། དེས་ནི་ཞག་ཆེན་པོ་སུམ་ཅུ་ལ་ཟླ་བ་དང་། དེ་བཅུ་གཉིས་ལ་ལོར་བྱས་པའི་ཚེ་ལོ་ལྔ་བརྒྱ་ཐུབ་ཅིང་། དེ་བཞིན་དུ། མི་ལོ་བརྒྱ་ནི་སུམ་ཅུ་ རྩ་གསུམ་པའི་ཞག་གཅིག་སྟེ་དེས་དེ་བསགས་པའི་ལོ་སྟོང་དང་། མི་ལོ་ཉིས་བརྒྱ་ནི་འཐབ་ བྲལ་པའི་ཞག་གཅིག་སྟེ་དེས་ལོ་ཉིས་སྟོང་དང་། མི་ལོ་བཞི་བརྒྱ་ནི་དགའ་ལྡན་པའི་ཞག་ གཅིག་སྟེ་དེས་ལོ་བཞི་སྟོང་དང་། མི་ལོ་བརྒྱད་བརྒྱ་ནི་འཕྲུལ་དགའི་ཞག་གཅིག་སྟེ་དེས་ལོ་ བརྒྱད་སྟོང་དང་། མི་ལོ་སྟོང་དྲུག་བརྒྱ་ནི་གཞན་འཕྲུལ་དབང་བྱེད་པའི་ཞག་གཅིག་སྟེ་དེས་ ལོ་ཁྲི་དྲུག་སྟོང་ཐུབ་པའོ། །མཛོད་འགྲེལ་དུ། རི་གཉའ་ཤིང་འཛིན་ཡན་ཆད་ན་ཉི་ཟླ་མེད་ ཀྱང་། པད་མ་དང་ཀུ་མུ་ཏ་བཞིན་དུ་མེ་ཏོག་གི་ཁ་བྱེ་ཟུམ་དང་། བྱ་རྣམས་སྐད་འབྱིན་མི་ འབྱིན་དང་། གཉིད་སངས་པ་དང་བྲོ་བ་ལ་སོགས་ཉིན་མཚན་དུ་འཇོག་ཅིང་། སྣང་བའི་བྱ་བ་ ནི་རང་ལུས་ཀྱི་འོད་ཀྱིས་བྱེད་པར་བཤད་དོ། །ངན་སོང་གསུམ་གྱི་ཚེའི་ཚད་ལ། །ཡང་སོས་ ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེ་ཡིས་དེ་དག་རྣམས་ཀྱི་ ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་པ་ལྟར་དམྱལ་བ་ཡང་སོས་པས་རྒྱལ་ཆེན་རིས་ བཞི་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་དང་། ཐིག་ནག་པས་སུམ་ཅུ་རྩ་ 1-1-382 གསུམ་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་སྟོང་དང་། བསྡུས་འཇོམས་པས་འཐབ་ བྲལ་བའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ཉིས་སྟོང་དང་། ངུ་འབོད་པས་དགའ་ལྡན་པའི་ ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་བཞི་སྟོང་དང་། ངུ་འབོད་ཆེན་པོ་པས་འཕྲུལ་དགའ་ བའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་བརྒྱད་སྟོང་དང་། ཚ་བ་བས་གཞན་འཕྲུལ་དབང་ བྱེད་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་ཁྲི་དྲུག་སྟོང་ཐུབ་པོ། །རབ་ཏུ་ཚ་ཕྱེད་ མནར་མེད་ནི། །བར་གྱི་བསྐལ་པའོ་དུད་འགྲོ་རྣམས། །མཆོག་རིང་བསྐལ་པའོ་ཡི་དྭགས་ རྣམས། །ཟླ་བ་ཉིན་ཞག་གི་ལྔ་བརྒྱ། །ཞེས་པ་ལྟར་རབ་ཏུ་ཚ་བའི་ཚེ་ཚད་བར་བསྐལ་ཕྱེད་ དང་། མནར་མེད་པའི་ཚེ་ཚད་བར་བསྐལ་གཅིག་སྟེ། གདགས་པར་དམྱལ་བ་འདི་དག་དང་ རིམ་པ་ལྟར་ཚངས་རིས་པ་དང་། འདུན་ན་འདོན་པ་ཚེ་ཚད་མཉམ་པར་བཤད་དོ། །དུད་འགྲོ་ རྣམས་ནི་ཚེ་ངེས་པ་མེད་པ་ཡིན་ཡང་མཆོག་ཏུ་རིང་ན་བསྐལ་པར་གནས་པ་སྟེ། དགེ་སློང་ དག་ཀླུ་བརྒྱད་པོ་ནི་ཀླུ་ཆེན་པོ་སྟེ་བསྐལ་པར་གནས་པས་འཛིན་པའོ་ཞེས་པ་ལྟར་རོ། །ཡི་ དྭགས་རྣམས་ནི་མིའི་ཟླ་བ་ལ་ཞག་གཅིག་བྱས་པའི་ལོ་ལྔ་བརྒྱ་བ་སྟེ། བཤེས་སྤྲིང་དུ། ལྔ་ སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་པ་ལྟར་རོ། །ཉི་མའི་སྙིང་པོའི་མདོར། །དུད་ འགྲོ་ཚེ་ཐུང་བས་ཡུད་ཙམ་དང་། རིང་བ་བསྐལ་པ་ཐུབ་པ་དང་། ཡི་དྭགས་ཚེ་ཐུང་བས་ལོ་ སྟོང་དང་། རིང་བས་སྟོང་ཕྲག་བརྒྱད་ཅུ་ཐུབ་པར་གསུངས་སོ། །གྲང་དམྱལ་རྣམས་ཀྱི་ནི། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་པ་ལྟར་མ་གདྷཱའི་ཏིལ་ཁལ་བརྒྱད་ཅུས་གང་བའི་ བང་བ་ནས་ལོ་བརྒྱ་བརྒྱ་ནས་ཏིལ་རེ་རེ་ཕྱུང་བས་ཟད་པར་གྱུར་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ ཡིན་ལ། ཆུ་བུར་རྡོལ་བ་ལ་སོགས་པ་ཕྱི་མ་ཕྱི་མ་རྣམས་ནི་སྔ་མ་སྔ་མ་རྣམས་ལས་ཉི་ཤུར་ འགྱུར་གྱིས་རིང་བ་(ས་ལས། གྲང་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་གྱི་ཚེའི་ཚད་ནི། སེམས་ཅན་དམྱལ་ 1-1-383 བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ལ་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པར་རིག་པར་བྱའོ། །ཞེས་པ་ལ། བློ་བརྟན་ཚ་དམྱལ་གྱི་ ཕྱེད་ཕྱེད་གྲང་དམྱལ་ཞེས་དང་། རིག་རལ་སུམ་གཉིས་ཞེས་འཆད་མོད་བསྟུན་ན་ཕྱེད་ཕྱེད་པས་གྲང་དམྱལ་རིང་བར་གསལ་ ལོ། །)སྟེ། ཉེ་འཁོར་བ་དང་ཉི་ཚེ་བའི་ཚེ་ཚད་ནི་མ་ངེས་པར་གསུངས་སོ། །ཁམས་གོང་མ་དག་ གི་ནི། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིན། །འོད་ ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཕྱེད་ཡིན། །ཞེས་པ་ལྟར་གཟུགས་ཁམས་ ན་ཉིན་མཚན་མེད་པས་ལོའི་སྒོ་ནས་མི་འཇོག་པར་རང་གི་ལུས་ལ་དཔག་ཚད་གང་ཡོད་དེའི་ གྲངས་དང་མཉམ་པའི་བསྐལ་པར་གནས་པར་འཇོག་གོ། དེའི་འོག་མ་གསུམ་ལ་ནི་བསྐལ་ ཆེན་ཕྱེད་ལ་བསྐལ་བར་བྱས་པའི་ཕྱེད་ཕྱེད་ཅེས་བྱ་སྟེ། ཚངས་རིས་པས་བར་བསྐལ་ཉི་ཤུ་ དང་། མདུན་ན་འདོན་པས་བཞི་བཅུ་དང་། ཚངས་ཆེན་པས་དྲུག་ཅུ་ཐུབ་ཅིང་། འོད་ཆུང་བས་ བསྐལ་ཆེན་གཉིས་དང་། དགེ་ཆུང་བས་བཅུ་དྲུག་དང་། སྤྲིན་མེད་པས་བརྒྱ་ཉི་ཤུ་རྩ་ལྔ་དང་། མི་ཆེ་བས་སྟོང་དང་། འོག་མིན་པས་བསྐལ་ཆེན་ཁྲི་དྲུག་སྟོང་ཐུབ་ཅེས་བྱ་བའི་བར་ནི་སྔར་གྱི་ རིགས་པས་ཤེས་སོ། །གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། ཉི་ཤུ་ལྷག་པས་ལྷག་པ་ཡིན། ། ཞེས་པ་ལྟར་ནམ་མཁའ་མཐའ་ཡས་པས་བསྐལ་ཆེན་ཉི་ཁྲི་དང་། རྣམ་ཤེས་མཐའ་ཡས་ པས་བཞི་ཁྲི་དང་། ཅི་ཡང་མེད་པས་དྲུག་ཁྲི་དང་། སྲིད་པའི་རྩེ་མོ་བས་བསྐལ་ཆེན་བརྒྱད་ཁྲི་ ཐུབ་པོ། །དེ་དག་ལ་ཡང་། སྒྲ་མི་སྙན་མ་གཏོགས་པ་འཆི། །ཞེས་པས་སྒྲ་མི་སྙན་པའི་ཚེ་ཚད་ ནི་ངེས་པ་ཅན་ཡིན་ལ། གཞན་རྣམས་ལ་ནི་ཚེ་ཚད་མ་རྫོགས་པར་འཆི་བ་ཡོད་དོ། །འོན་ཀྱང་། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དགའ་ལྡན་ན་བཞུགས་པ་དང་། སྲིད་ པ་ཐ་མ་བ་དང་། རྒྱལ་བས་ལུང་བསྟན་པ་དང་། རྒྱལ་བའི་དྲུང་དུ་མངགས་པའི་ཕོ་ཉ་བ་དང་། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དང་། བྱང་ཆུབ་སེམས་དཔའ་དང་འཁོར་ལོས་སྒྱུར་ མངལ་ན་ཡོད་པའི་ཡུམ་ལ་སོགས་པ་རྣམས་ལའང་བར་སྐབས་སུ་འཆི་བ་མེད་པའོ། །འཇལ་ 1-1-384 བྱེད་ནི། སྐད་ཅིག་མ་བརྒྱད་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་རྣམས་ཀྱང་། །དྲུག་ཅུ་ལ་ནི་ཐང་ གཅིག་གོ། ཡུད་ཙམ་ཉིན་ཞག་ཟླ་བ་གསུམ། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་མི་ ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པ་ལ། རྣམ་འགྲེལ་དུ། རྡུལ་(ཕྲ་ རབ་)གཅིག་(བླ་འོག་)བསྒྲེས་(པའི་)དུས་(ལྟ་བུ་)ཆུང་བ་ཡི། །མཐར་ཐུག་དུས་ནི་སྐད་ཅིག་འདོད། ། ཅེས་པའམ། (མཛོད་འགྲེལ་དུ།)ཆོས་མངོན་པ་བ་རྣམས་ནི་སྐྱེས་བུ་སྟོབས་ལྡན་གྱིས་སེ་གོལ་ གཏོགས་པ་ཙམ་སྐད་ཅིག་དྲུག་ཅུ་རྩ་བཞི་(སྔ་ལུང་བཞིན་)འདའོ་ཞེས་པའི་ཚད་དང་ལྡན་པའི་ སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་དང་། དེའང་དྲུག་ཅུ་ལ་ཐང་ཅིག་དང་། ཐང་ཅིག་ སུམ་ཅུ་ལ་ཡུད་ཙམ་དང་། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་དང་། ཉིན་ཞག་སུམ་ཅུ་ལ་ཟླ་བ་དང་། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཅེས་བྱའོ། །ལོ་གཅིག་དུས་གཞིར་འཇོག་པ་ན། དབྱར་ དགུན་སྟོན་དཔྱིད་རེ་རེ་ཡང་། །ཟླ་བ་གསུམ་གསུམ་བདག་ཉིད་དེ། །(གསུམ་པའི་མིང་ནི་)ར་བ་ འབྲིང་དང་ཐ་ཆུང་ངོ་། །ཞེས་ཀྱང་(སྡོམ་དུ་བྱས་པ་ལྟར་)རིག་པར་བྱ་སྟེ། ཞག་མི་ཐུབ་དོར་བའི་ ཚུལ་ནི། མཛོད་འགྲེལ་དུ། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་ འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པར་དོར། །ཞེས་པ་ལྟར། སྟོན་ཟླ་ཐ་ཆུངས་(སྨིན་དྲུག་ཅན་)ཀྱི་ཚེས་བཅུ་དྲུག་ནས་(མགོ་)བརྩམས་ཏེ་ཟླ་བ་བཞི་བཞི་ནི་ དགུན་དང་དཔྱིད་དང་དབྱར་གྱི་དུས་གསུམ་ཡིན་ལ། ཟླ་བ་(བཞི་གསུམ་)བཅུ་གཉིས་པོ་དེ་དག་ གི་(སྨིན་དྲུག་ལྟ་བུའི་)མར་ངོ་རེ་དང་སླར་ཡར་ངོ་རེ་དང་མར་ངོ་རེ་སྟེ། ཟླ་བ་ཕྱེད་དང་གཉིས་ གཉིས་འདས་ནས་ཟླ་བ་ཕྱེད་ཡར་ངོ་རེ་ལུས་པ་ན། མར་ངོ་ཕྱི་མ་དེའི་གནམ་སྟོང་ཆད་ པས། (པ་ལ་གསོ་སྦྱོང་བཅུ་བཞི་པ་ཞེས་བརྗོད་དོ། །)ཟླ་བ་གཉིས་གཉིས་ན་ཞག་མི་ཐུབ་རེ་རེ་འདོར་བའོ། ། དེའི་རྒྱུ་མཚན་ཡང་། (རྒྱལ་པོའི་སྲས་ཀྱིས་)ཟླ་བ་ཐམས་ཅད་ཀྱང་མར་གྱི་ངོ་སྔ་མ་སྟེ་ཞེས་པ་ལྟར་ དཀྱིལ་འཁོར་འགྲིབ་པའི་ཆ་(ཚེས་བཅུ་དྲུག་པ་)ནས་མགོ་བཟུང་སྟེ་ཡོངས་སུ་རྫོགས་པར་གང་ 1-1-385 (བཅོ་ལྔ་)བའི་བར་ནི་ཟླ་བ་གཅིག་ཡིན་ལ། དེ་ལ་ནམ་ལངས་ནས་ནམ་ལངས་ཀྱི་བར་གྱི་ཞག་ ཕྱེད་དང་སུམ་ཅུ་ལས་མེད་པས། ཞག་དེ་ལྔ་བཅུ་ང་དགུས་ཟླ་བ་གཉིས་ཡོངས་སུ་རྫོགས་པའི་ ཕྱིར་རོ། །ཐུབ་པ་དང་མི་ཐུབ་པའང་ཟླ་བ་རེ་རེ་ཞིང་སྤེལ་མར་འབྱུང་ལ། དེ་ལ་ནི། དབྱར་ (དང་)དགུན་(གྱི་)འབྲིང་(པོ་ལ་)ཐུབ་(པ་རེ་དང་)སྟོན་(དང་)དཔྱིད་(ཀྱི་)འབྲིང་(པོ་ལ་)མི་ཐུབ། (པ་རེའང་ འོང་ངོ་། །) ཅེས་ཀྱང་བརྗོད་དེ། རབ་ཐ་ཆུངས་ཀྱིས་ཐུབ་མི་ཐུབ་ཀྱང་དེ་དག་གི་ཤུགས་ལས་ (དབྱར་ཟླ་འབྲིང་པོ་ཐུབ་པ་ན་ཐ་ཆུངས་མི་ཐུབ་པ་དང་སྟོན་ཟླ་ར་བ་ཐུབ་པ་ཞེས་བྱ་བ་ལ་སོགས་པར་)ཤེས་སོ། །དེ་ལྟར་ མི་ཐུབ་པའི་ཞག་དྲུག་པོ་དེ་དག་བསགས་པ་རྣམས་བསྣན་པ་དང་བཅས་པའི་ཟླ་བ་བཅུ་ གཉིས་ནི་ལོ་གཅིག་གོ། དེ་ལྟར་ན་ལོ་ལྔ་ལྔ་ལ་ཟླ་ཤོལ་རེ་རེ་འབྱུང་བར་རིགས་སོ་ཞེ་ན། ལུང་ དུ་(རགས་པའི་རྣམ་བཞག་)དེ་ལྟར་ཡང་གསུངས་ཤིང་། འོན་(ཕྲན་ཚེགས་ཀྱི་རིགས་པ་རྣམས་ནི་ནང་རིག་པའི་ དབྱེ་བ་ཡིན་པས་)ཀྱང་ཤོལ་འདོར་བ་ལ་སོགས་པ་ནི་རྒྱལ་པོའི་རྗེས་སུ་འབྲང་བར་བྱའོ་ཞེས་ གསུངས་ལ། (འདུལ་ཚིག་མེ་ཏོག་ཕྲེང་རྒྱུད་དུ།)ལོ་དང་ཟླ་བ་ཟླ་ཤོལ་དག །རྒྱལ་པོའི་བཀའ་ཡིས་ ཀྱང་ནི་བསྔགས། །བཀའ་བཙན་གྲགས་ལྡན་ཤེས་རབ་ལྡན། །དཔུང་ལྡན་དེ་ཡི་རྗེས་འབྲང་ བྱ། །ཞེས་ཀྱང་གསུངས་མོད། དེའང་ཞག་མི་ཐུབ་ཀྱང་བསགས་པ་ལས་ཟླ་ཤོལ་འབྱུང་བ་ནི་ མ་ཡིན་གྱི། དགུན་ཉི་ལོག་ནས་ལོག་གི་བར་ལ་ལོ་གཅིག་ཏུ་བྱས་པ་ལ་དཀྱིལ་འཁོར་རྫོགས་ པའི་ཟླ་བ་བཅུ་གཉིས་ཀྱིས་མ་ཆོག་པར་ཞག་མི་ཐུབ་དྲུག་དང་། དེ་ནས་ཀྱང་ཞག་(བཞིའམ་)ལྔ་ ཙམ་བསྣན་དགོས་པར་བྱུང་བས། ལོ་གསུམ་གསུམ་ན་ཟླ་ཤོལ་རེ་རེ་འབྱུང་བ་ཡིན་ཏེ། རྟ་བྱ་ བྱི་བ་ཡོས་(བཞི་)ལ་ཤོལ(ཟླ་རེ་འབྱུང་བས་རིམ་པ་ལྟར)། །(རྟ་ལོ་ལ་)སྟོན་(ཟླ་འབྲིང་བ་གཉིས་) དགུན་(བྱི་བ་ལོ་ལ་)དཔྱིད་(དང་)དབྱར་འབྲིང་པོ་གཉིས། །ཞེས་ཟེར་རོ། །བསྐལ་པའི་ཚད་ནི་ གཞུང་དུ་འཆད་པར་འགྱུར་རོ། ། ལོངས་སྤྱོད་ཀྱིས་གཏན་ལ་དབབ་པ་ལ། སྡུག་བསྔལ་དང་། བདེ་བ་དང་། ཁ་ཟས་དང་། 1-1-386 འཁྲིག་པའི་ལོངས་སྤྱོད་བཞི་ལས། སྡུག་བསྔལ་གྱི་ལོངས་སྤྱོད་ནི། ཚ་དམྱལ་བརྒྱད་ན་ འོག་ཐམས་ཅད་ལྕགས་བསྲེགས་ཀྱི་ས་གཞི་མེ་ལྕེ་རབ་ཏུ་འབར་བས་ཁྱབ་ཅིང་། ཕྱོགས་ ཐམས་ཅད་ལྕགས་ཀྱི་ར་བས་ཀུན་ནས་བསྐོར་ཏེ། མེ་ལྕེ་དཔག་ཚད་དུ་མར་འཕྲོ་བའི་ནང་དུ། བསྐལ་པ་འཇིག་དུས་ཀྱི་མེ་བས་ཀྱང་ཡང་སོས་ཀྱི་མེས་ཚ་ཞིང་། དེ་བས་ཀྱང་འོག་མ་འོག་མ་ བཞི་འགྱུར་གྱིས་ཚ་བའི་མེས་རྒྱུན་མི་འཆད་པར་བསྲེག་པའི་སྡུག་བསྔལ་དང་ལྡན་ལ། ཁྱད་ པར་དུ་ཡང་སོས་པ་རྣམས་ལ་ལས་ཀྱི་དབང་གིས་རལ་གྲི་ལ་སོགས་པའི་མཚོན་ཆ་རྣོན་པོ་ སྣ་ཚོགས་པ་ལག་ཏུ་བྱུང་སྟེ། ཐམས་ཅད་ཕན་ཚུན་དགྲའི་འདུ་ཤེས་སུ་གྱུར་ནས་བསྣུན་རེས་ བྱས་པས་ཤིན་ཏུ་སྡིག་བསྔལ་ནས་བརྒྱལ་ཞིང་ས་ལ་འགྱེལ་བ་ན། ནམ་མཁའ་ལས་ཁྱེད་ རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་འབྱུང་བའམ། རླུང་གྲང་མོ་ལངས་པས་སླར་ཡང་ སོས་ཏེ་སྔ་མ་ལྟར་སྡུག་བསྔལ་དྲག་པོ་ལས་མ་ཟད་ཀྱི་རབ་དུ་འབྱུང་བ་དང་། ཐིག་ནག་པ་ རྣམས་ཀྱི་ལུས་ལ་དམྱལ་སྲུང་རྣམས་ཀྱིས་ཐིག་ཆ་བཞིའམ་བརྒྱད་དམ་བཅུ་དྲུག་ལ་སོགས་ པ་དུ་མར་བཏབ་ནས་ལྕགས་ཀྱི་སོག་ལེ་མེ་འབར་བས་གཤོག་པ་དང་། སྟེའུ་དང་སྟ་རེ་ལ་ སོགས་པས་འཇོག་པའི་སྡུག་བསྔལ་དང་། བསྡུས་འཇོམས་པ་རྣམས་ཀྱི་ལུས་རྒྱུ་ཚོགས་པ་ ན་དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི་རའི་གདོང་པ་ལྟ་བུ་དང་། ལུག་དང་རྟ་དང་གླང་པོ་ ཆེ་དང་སེང་གེ་དང་སྟག་གི་གདོང་པ་ལྟ་བུའི་བར་དུ་འཇུག་ཅིང་། དེ་མ་ཐག་རི་དེ་དག་གིས་ བཙིར་བས་བུ་ག་ཐམས་ཅད་ནས་ཁྲག་གི་རྒྱུན་འབབས་པ་དང་། ཡང་འདུས་པ་ན་ལྕགས་ ཀྱི་འཁྲུལ་འཁོར་ཆེན་པོས་བུར་ཤིང་ལྟར་འཚིར་བ་དང་། ཡང་འདུས་པ་ན་ལྕགས་བསྲེགས་ ཀྱི་གཞི་ལ་ལྕགས་ཀྱི་ཕ་བོང་གི་ཆར་འབབ་པས་བརྟུལ་ཞིང་འཇོམས་པའི་སྡུག་བསྔལ་དང་། ངུ་འབོད་པ་རྣམས་ཀྱིས་གནས་ཚོལ་དུ་ཕྱིན་པ་ན་ལྕགས་ཀྱི་ཁང་པ་རྙེད་དེ་དེར་ཞུགས་མ་ ཐག་སྒོ་འགགས་ཤིང་ཕྱོགས་ཐམས་ཅད་མེ་འབར་བས་བསྲེགས་པས་ངུ་ཞིང་ཉམ་ཐག་པས་ 1-1-387 འབོད་ཀྱང་སྐྱབས་མི་རྙེད་པའི་སྡུག་བསྔལ་དང་། ངུ་འབོད་ཆེན་པོ་པས་གཞན་སྔར་དང་འདྲ་ བ་ལ་ལྕགས་ཀྱི་ཁང་པ་ཉིས་རིམ་ལ་སོགས་པར་ཆུད་པས་སྡུག་བསྔལ་ཤིན་ཏུ་དྲག་པོར་མྱོང་ བ་དང་། ཚ་བ་པ་རྣམས་ཀྱི་ལུས་ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་པ་མེ་འབར་བའི་ནང་ དུ་བཅུག་ནས་ཉ་བཞིན་དུ་འཚེད་པ་དང་། ལྕགས་ཀྱི་གསལ་ཤིང་འབར་བས་གཤམ་ནས་སྤྱི་ བོར་ཕུག་སྟེ་བུ་ག་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབར་བ་དང་། ལྕགས་བསྲེགས་ཀྱི་ ས་གཞི་ལ་བསྒྱེལ་ནས་ལྕགས་ཀྱི་ཐོ་བ་ཆེན་པོ་མེ་འབར་བས་བརྡུངས་པའི་སྡུག་བསྔལ་དང་། རབ་ཏུ་ཚ་བ་པ་རྣམས་ཀྱི་ལུས་ལ་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་མེ་འབར་བས་གཤམ་ ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕུག་སྟེ་དབང་པོའི་སྒོ་ཐམས་ཅད་ནས་མེ་རབ་ཏུ་འབར་ བ་དང་། ལྕགས་ཀྱི་ལེབ་མ་མེ་ཆེན་པོ་འབར་བས་ལུས་ལ་ཀུན་ནས་འཁྲི་བ་དང་། ལྕགས་ ཟངས་འགྱུར་བྱེད་ཁོལ་བས་གང་བར་སྤྱི་ཚུགས་སུ་བཅུག་ནས་འཚེད་པ་དང་། ཤ་ཁྲག་ཟད་ ནས་ཀེང་རུས་ཙམ་ལུས་པ་ལྕགས་ཀྱི་ས་གཞི་ལ་བཀྲམ་པས་ཤ་ཁྲག་འཕྲལ་དུ་སྐྱེས་མ་ཐག་ སླར་ཡང་འཚེད་པ་ལ་སོགས་པའི་སྡུག་བསྔལ་དང་། མནར་མེད་པ་རྣམས་ཀྱི་ལུས་ལ་ལྕགས་ ཀྱི་ས་གཞི་ལས་ཕྱོགས་ཐམས་ཅད་ནས་མེ་རབ་ཏུ་འབར་བ་འོངས་ཏེ་དེས་ལྤགས་པ་དང་ཤ་ དང་རྒྱུས་པ་དང་རུས་པ་དང་རྐང་གི་བར་བསྲེགས་ཏེ་མེའི་ཕུང་པོ་ཆེན་པོ་འབའ་ཞིག་ཏུ་སྣང་ ལ་ཉམ་ཐག་པའི་སྐད་འབྱིན་པ་ལས་སེམས་ཅན་དུ་མངོན་ཙམ་དང་། ལྕགས་ཀྱི་ཞིབ་མ་ཆེན་ པོར་ལྕགས་ཀྱི་མདག་མ་མེ་འབར་བ་དང་བསྲེས་ནས་རྔོད་པ་དང་། ལྕགས་ཀྱི་རི་མེ་ཆེན་པོ་ འབར་བ་ལ་འབབ་འཛེག་བྱེད་དུ་བཅུག་པ་དང་། ལྕེ་ཕྱུངས་ཏེ་ལྕགས་བསྲེགས་ཀྱི་ས་གཞི་ལ་ བརྒྱངས་ནས་ལྕགས་ཀྱི་ཕུར་བ་མང་པོས་འདེབས་པ་དང་། ལྤགས་པ་བཤུས་ཏེ་ལྕགས་ཀྱི་ས་ གཞི་མེ་འབར་བ་ལ་གན་རྐྱལ་དུ་བསྒྱེལ་ནས། ཁ་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཕྱེ་བར་ལྕགས་ ཀྱི་ཐོ་ལུམ་འབར་བ་དང་། ཟངས་ཞུན་བསྐོལ་བ་བླུགས་པས་ཁ་དང་ལྐོག་མ་དང་ནང་ཁྲོལ་ 1-1-388 རྣམས་སྲེག་ཅིང་སྨད་ནས་ཕྱིར་འབྱུང་བ་ལ་སོགས་པའི་སྡུག་བསྔལ་དྲག་ཅིང་རྩུབ་ལ་རྒྱུན་མི་ འཆད་པ་མྱོང་བ་སྟེ། (སྤྱོད་འཇུག་ལས།)གཤིན་རྗེའི་སྐྱེས་བུས་ལྤགས་པ་མ་ལུས་བཤུས་པས་ཤིན་ ཏུ་ཉམ་ཐག་ཅིང་། །རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ། ། འབར་བའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་བླགས་པ། །ཤིན་ཏུ་འབར་ བའི་ལྕགས་ཀྱི་ས་གཞིར་ལྷུང་བ་མང་པོར་མི་དགེས་འགྱུར། །ཞེས་པ་ལྟར་རོ། །འདི་རྣམས་ ཀྱི་སྡུག་བསྔལ་འགའ་ཞིག་ཡན་མན་དུའང་ཡོད་ལ་གོང་མ་གོང་མའི་སྡུག་བསྔལ་ཐམས་ཅད་ ནི་འོག་མ་འོག་མ་ལ་ཚང་བར་ཡོད་ཅིང་། ནད་བཞི་བརྒྱ་རྩ་བཞི་བོ་ཐམས་ཅད་ཚང་བས་ཀྱང་ སྡུག་བསྔལ་བར་གནས་པའོ། ། ཉེ་འཁོར་བ་ནི། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་ དང་རོ་མྱག་འདམ། །སྤུ་གྲི་ལམ་སོགས་ཆུ་བོ་ཡིན། །ཞེས་པ་ལྟར་དམྱལ་བ་བརྒྱད་པོ་ཐམས་ ཅད་ཀྱི་ཕྱོགས་རེ་རེ་ནའང་མེ་མ་མུར་ལ་སོགས་པ་བཞི་བཞི་ཡོད་པས་ན་བཅུ་དྲུག་སྟེ། དེའང་ མེ་མ་མུར་གྱི་ཐང་ཆེན་པོ་པུས་མོ་ནུབ་ཙམ་ལ་ཕྱིན་པ་ན་རྐང་པ་བཞག་མ་ཐག་ལྤགས་པ་དང་ ཤ་ཁྲག་རྣམས་སྲེག་ཅིང་བཏེག་མ་ཐག་འཚོ་བ་དང་། རོ་མྱག་ཕྱི་སའི་འདམ་རྫབ་ཤིན་ཏུ་དྲི་ང་ བར་ལུས་བྱིང་བ་སྲིན་བུ་མཆུ་རྣོན་པོ་ཅན་རྣམས་ཀྱིས་ལྤགས་པ་ནས་རྐང་གི་བར་དུ་ཕུག་སྟེ་ ཟ་བ་དང་། སྤུ་གྲིའི་སོ་གྱེན་དུ་བསྟན་ནས་བསླངས་ཏེ་གཏམས་པའི་ལམ་ལ་ཕྱིན་པ་ན་རྐང་ པ་བཞག་མ་ཐག་གཅོད་ཅིང་བཏེག་མ་ཐག་འཚོ་བ་དང་། རལ་གྲིའི་ལོ་མའི་ནགས་ཚལ་དུ་ གྲིབ་མ་ལ་འཁོད་པ་ནས་རལ་གྲི་རྣམས་ལྷུང་བས་ཡན་ལག་དང་ཉིང་ལག་ཐམས་ཅད་གཅོད་ ཅིང་། དེར་བརྒྱལ་ཏེ་འགྱེལ་བ་ན་ཁྱི་སྲེ་བོ་དག་ལྷགས་ནས་བཤུལ་ཤ་འཐོག་ཅིང་ཟ་བ་དང་། ལྕགས་ཀྱི་ཤིང་ཤལ་མ་ལའི་ནགས་ཚལ་དུ་ཕྱིན་པ་ན་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཡན་ མན་དུ་ལྟ་བ་ལ་འབབས་འཛེག་བྱས་པས་ལུས་ཀུན་ནས་འབིགས་ཤིང་། དེར་ཁྭ་ལྕགས་ 1-1-389 ཀྱི་མཆུ་ཅན་འོངས་ཏེ་ཕྲག་པ་ལ་འཁོད་ནས་མིག་འབྲས་འཐོག་ཅིང་ཟ་བ་རྣམས་ནི་མཚོན་ ཆར་འདྲ་བས་གཅིག་ཏུ་བྱས་པ་དང་། ཆུ་བོ་རབ་མེད་ཅེས་བྱ་བ་ཐལ་ཚན་ནམ་འགྱུར་བྱེད་ ཀྱི་ཆུ་ཁོལ་པས་གང་བར་ལུས་ལྷུང་སྟེ་ངོས་གཉིས་ན་སྐྱེས་བུ་མཚོན་ཆ་སྣ་ཚོགས་ཐོགས་པས་ སྲུང་ཞིང་ཤ་ཁྲག་ཐམས་ཅད་ཟད་ནས་ཁོང་རུས་རྣམས་མེ་ཏོག་ཀུན་ད་ལྟར་གྱུར་གྱི་བར་དུ་ འཚེད་ལ། བར་བར་ཏུ་ལྕགས་ཀྱུས་ཕྱུང་ནས་གན་རྐྱལ་དུ་བཞག་ནས་ཅི་འདོད་ཅེས་དྲིས་པ་ ན། བདག་ཅག་གིས་ནི་ཅིའང་མི་ཤེས་མི་མཐོང་མོད། འོན་ཀྱང་བཀྲེས་སོ་སྐོམ་མོ་ཞེས་པ་ ལ་ཐུ་ལུམ་འབར་བ་དང་ཟངས་ཞུན་ཁོལ་བ་ཁར་ལྡུག་པ་ལ་སོགས་པའི་སྡུག་བསྔལ་མྱོང་ངོ་། ། དམྱལ་སྲུང་རྣམས་ནི་བྱེ་བྲག་ཏུ་སྨྲ་བ་འགའ་ཞིག་སེམས་ཅན་དུ་འདོད་ལ། (ཆོས་ལྡན་རབ་འབྱོར་ གྱིས། གང་དག་ཁྲོ་ཞིང་གཏུམ་པ་དང་། །སྡིག་ལས་མངོན་པར་དགའ་བ་དང་། དུཿཁ་བ་ལ་དགའ་དེ་དག །གཤིན་རྗེའི་སྲིན་པོར་ སྐྱེ་བར་འགྱུར། །ཞེས་པ་ནི་གཤིན་རྗེའི་སྒོ་ནས་དམྱལ་བར་འཁྲིད་མཁན་ལ་དགོངས་ཀྱི། དེར་ལས་བྱེད་མཁན་ནི་མིན་ཟེར་རོ། །) མདོ་སྡེ་པ་ནི་ལས་ཀྱི་མཐུས་འབྱུང་བས་ལ་སོགས་པ་ཉིད་དེ་ལྟར་སྣང་བར་འདོད་ཅིང་། ས་ སྡེ་ལས་ཀྱང་། ལས་ཀྱི་དབང་གིས་གྲུབ་པ་སྤྲུལ་པ་ལྟ་བུ་འབྱུང་བར་གསུངས་ལ། ཉི་ཤུ་བར། སེམས་ཀྱི་དེ་དག་ཏུ་སྣང་བར་གསུངས་སོ། ། གྲང་དམྱལ་བརྒྱད་ན། ཉི་ཟླ་ལ་སོགས་པའི་སྣང་བ་མེད་པའི་གནས་མུན་པའི་ཁྲོད་ འཁྱག་པའི་སྦུབས་ཆེན་པོ་རྣམས་སུ། ལུས་དང་སྒྲའི་རྣམ་འགྱུར་དངན་པར་ཤིན་ཏུ་གྲང་བའི་ སྡུག་བསྔལ་འོག་མ་འོག་མ་རྣམས་ཆེས་དྲག་པར་མྱོང་བ་སྟེ། དེ་ཡང་ས་སྡེ་ཉིད་ན་ཡོད་པའི་ རླུང་ཆེན་པོས་བཏབ་ནས་གྲང་བས་ཉེན་པས་ལུས་ཐམས་ཅད་ཆུ་བུར་དུ་གྱུར་པ་ཅན་དང་། དེ་བས་ཀྱང་གྲང་བར་གྱུར་བས་ཆུ་བུར་དེ་ཡང་རྡོལ་བ་ཅན་དང་། ཤིན་ཏུ་གྲང་ཆེས་པས་སོ་ ཐམ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་དང་། ལྤགས་པ་སྔོན་པོར་གྱུར་ནས་ཁ་ ལྔའམ་དྲུག་ཏུ་གྱེས་པ་ཨུཏྤལ་ལྟར་གས་པ་དང་། སྔོ་བ་ལས་ཀྱང་ཐལ་ནས་དམར་པོར་གྱུར་ 1-1-390 ཅིང་ཁ་བཅུའམ་དེ་བས་ཀྱང་ལྷག་པར་གྱེས་པ་པདྨ་ལྟར་གས་པ་དང་། ཤིན་ཏུ་དམར་བར་ གྱུར་ནས་བརྒྱའམ་སྟོང་ལ་སོགས་པར་གྱེས་པ་པད་མ་ལྟར་ཆེར་གས་པའི་སྡུག་བསྔལ་མི་ བཟད་པ་དང་ལྡན་པའོ། ། ཉི་ཚེ་བའི་སྡུག་བསྔལ་ནི། གཤེན་མ་འགའ་ཞིག་ཐལ་གོང་དང་ཁ་སྣ་ལ་བྱ་གཅན་གྱིས་ འཐོག་པར་སྐྱེས་པ་དང་། ཤན་པའི་སློབ་མ་རུས་གོང་དྲི་ང་བ་ལ་བྱ་རོག་ལ་སོགས་པས་ འཐོག་པར་སྐྱེས་པ་དང་། ཉ་བ་འགའ་ཞིག་ལུས་ལྕགས་ཀྱིས་དཀྲིས་པར་སྐྱེས་པ་ལ་སོགས་ པ་མདོ་སྡེར་གསུངས་པ་དང་། གཞན་ཡང་དགེ་འདུན་སྲུངས་དང་གྲོ་ཞུན་སྐྱེས་ཀྱི་རྟོགས་ བརྗོད་ལས་འབྱུང་བ་ལྟ་བུའོ། །བཤེས་སྤྲིང་དུ། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། ། རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེ་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུའི་ཡང་། ། འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་པ་ལྟར་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་ ཅིང་ཤིན་ཏུ་ཉམ་ང་བ་སྟེ། རྒྱས་པར་ནི་དམ་པའི་ཆོས་དྲན་པ་ཉེར་གཞག་ལ་སོགས་པ་ལས་ ཤེས་པར་བྱའོ། །ཡི་དྭགས་ལ། (དྲན་པ་ཉེར་གཞག་ཏུ་གསུངས་པ་ལྟར།) ལྟོ་གུག་ཁ་ཁབ་ལྟར་ཕྲ་དང་། ། བཤང་ཟ་ཀུན་སྟོན་དྲི་ཟ་དང་། །ཞེས་པ་ལ་སོགས་པ་རིགས་སུམ་ཅུ་རྩ་དྲུག་ཡོད་ཀྱང་བསྡུ་ ན་གསུམ་ལས། ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཅན་ནི་བཀྲེས་པ་དང་སྐོམ་པས་ཉམ་ཐག་པས་ ལྤགས་པ་དང་ཤ་ཁྲག་རྣམས་སྐམས་ནས་ལུས་སྡོང་དུམ་མེས་ཚིག་པ་ལྟར་གྱུར་ཏེ་ཁ་སྐམས་ པ་ལ་ལྕེས་ལྡག་ཅིང་རྫིང་བུ་ལ་སོགས་པར་བརྒྱུགས་པ་ན། མཚོན་ཆ་སྣ་ཚོགས་ཐོགས་པས་ བསྲུངས་ནས་འཐུང་དུ་མི་འཇུག་ལ། གལ་ཏེ་མ་བསྲུངས་ཀྱང་ཆུ་རྣམས་རྣག་ཁྲག་ལ་སོགས་ པར་མཐོང་ནས་བཏུང་དུ་མི་རུང་བའི་སྡུག་བསྔལ་དང་། ནང་གི་སྒྲིབ་པ་ཅན་ནི། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་ པས་ཉེན། མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་ 1-1-391 སོ། །ཞེས་པ་ལྟར་གལ་ཏེ་ཟས་སྐོམ་རྙེད་ཀྱང་ཁར་མི་ཤོང་བ་ལ་སོགས་པའི་སྒོ་ནས་བཟའ་ བཏུང་མི་ནུས་པའི་སྡུག་བསྔལ་དང་། ཟས་སྐོམ་ཉིད་ལ་སྒྲིབ་པ་ཅན་ནི། གལ་ཏེ་བཟའ་བཏུང་ ནུས་ཀྱང་དེ་དག་མེ་ལྕེའི་ཕྲེང་བ་ལ་སོགས་པར་གྱུར་ནས་སྲེག་པ་དང་། བཤང་གཅི་དང་དྲི་ང་ བ་དང་དུག་དང་མཆིལ་མ་དང་ངར་སྣབས་ལ་སོགས་པ་ལྗན་ལྗིན་ཟ་བའི་སྡུག་བསྔལ་དང་ ལྡན་པའོ། ། དུད་འགྲོ་རྣམས་ནི་(ཆུ་སྲིན་ལ་སོགས་པ་)ཆེ་བས་ཆུང་བ་མིད་དེ་ཟ་བ་དང་། (སྲིན་བུ་ལ་སོགས་པ་) ཆུང་བས་ཆེ་བའི་ལུས་ཕུག་སྟེ་ཟ་བ་ལ་སོགས་པ་ཕན་ཚུན་གཅིག་གིས་གཅིག་གསོད་ཅིང་ ཟ་བའི་སྡུག་བསྔལ་དང་ལྡན་ཞིང་། ཁྱད་པར་ཀླུ་རྣམས་ནི་ཉིན་རེ་བཞིན་བྱེ་ཚན་གྱི་ཆར་པས་ ཐམས་ཅད་རུས་པར་ཐུག་པར་སྲེག་པ་དང་། ནམ་མཁའ་ལྡིང་གིས་ཟ་བ་ལ་སོགས་པའི་སྡུག་ བསྔལ་དང་ལྡན་ལ། ཁ་འཐོར་བ་རྣམས་ཀྱང་རང་དབང་མེད་པར་གསོད་པ་དང་རྡེག་འཚོག་ དང་བཀོལ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་དང་ལྡན་པ་སྟེ། ཁ་ཅིག་མུ་ཏིག་བལ་ དང་རུས་པ་ཁྲག། ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་ནི་རྡོག་པ་ ལག་པ་དང་། །ལྕག་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་བཀོལ། །ཞེས་པ་ལྟར་རོ། ། མི་རྣམས་ཀྱང་བཀྲེས་སྐོམ་དང་། ཚ་གྲང་དང་། འགྲོ་འོང་དང་། ངལ་དུབ་དང་། འཐབ་ རྩོད་དང་། གནོད་འཚེ་དང་། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་བརྒྱད་དང་ཡང་ལྡན་ ཞིང་། མདོར་ན་འབྱོར་ལྡན་རྣམས་ནི་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར་དེ་དག་བསྲུང་ བའི་སྡུག་བསྔལ་ཡང་ཆེ་ལ། དབུལ་པོ་རྣམས་ནི་འདོད་པའི་ཡོ་བྱད་ཀྱིས་ཕོངས་ནས་ཉམ་ ཐག་པས་ཙམ་ཡང་མ་རྙེད་པ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་སྟེ། (སྐྱེ་རབས་སུ) གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་ཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་ དབུལ་ཡང་རུང་། །གང་ནའང་དགའ་བ་མེད་འགྱུར་བ། །ཞེས་པ་ལྟར་རོ། ། 1-1-392 འདོད་ལྷ་རྣམས་ལ། (བཤེས་སྤྲིང་དུ།)ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། སྟན་ལ་ (ལྷ་གཞན་)མི་དགའ་(བ་དང་)མེ་ཏོག་ཕྲེང་རྙིངས་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། ། (མཆན་ཁུང་གཉིས་ནས་)སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་ བྱེད་འཆི་ལྟས་ལྔ། །ཞེས་ཐབས་ཀྱིས་མི་ཟློག་པ་རྩ་བའི་འཆི་ལྟས་ལྔ་དང་གོས་དང་རྒྱན་ལས་ སྒྲ་མི་སྙན་པ་འབྱུང་བ་དང་། འོད་ཆུང་བ་དང་། ཁྲུས་ཀྱི་ཆུ་ཐིགས་ལུས་ལ་འཆགས་པ་དང་། གཡོ་བའི་བདག་ཉིད་ཅན་ཡང་བློ་ཡུལ་གཅིག་ལ་གནས་པ་དང་། མིག་འབྱེད་འཛུམ་སྟེ་ ཐབས་ཀྱིས་ཟློག་རུང་ཉེ་བའི་འཆི་ལྟས་ལྔ་(གང་བ་སྤེལ་)ལྷའི་ཞག་ལྔའི་གོང་དུ་འབྱུང་བ་དང་། རང་གི་ལྷ་མོ་རྣམས་ལྷ་གཞན་དང་དགའ་མགུར་སྤྱོད་པ་ན་སྡུག་བསྔལ་དང་ཡིད་མི་བདེ་ བ་ཆེན་པོ་འབྱུང་ཞིང་། ཁྱད་པར་ངན་སོང་དུ་སྐྱེ་ན་སྐྱེ་གནས་ཀྱི་སྡུག་བསྔལ་མངོན་སུམ་དུ་ མཐོང་ནས་སེམས་ཀྱི་གདུང་བ་དམྱལ་བ་བས་ཀྱང་ཆེར་དྲག་པ་འབྱུང་བ་སྟེ། (དྲན་པ་ཉེར་གཞག་ ཏུ་)ལྷ་ཡི་གནས་ནས་ལྟུང་བ་དང་། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་ བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པ་ལྟར་རོ། །གཞན་ཡང་ལྷ་བསོད་ནམས་ཆེ་བ་ མཐོང་ན་ཆུང་བ་རྣམས་དཔའ་བཀོང་བ་དང་མཐུ་ཆེ་བས་ཆུང་བ་སྐྲོད་པའི་སྡུག་བསྔལ་ཡོད་ ཅིང་། འོག་མ་གཉིས་ལ། ལྷ་མ་ཡིན་དང་འཐབ་པ་ན་གཅོད་འདྲལ་དང་གསོད་པའི་སྡུག་ བསྔལ་ཡང་ཡོད་དོ། ། དེ་ཡང་ལྷ་རྣམས་ལྷ་མ་ཡིན་གྱི་བུ་མོ་མཛེས་མ་འདོད་པ་དང་། ལྷ་མ་ཡིན་རྣམས་ལྷའི་ བདུད་རྩི་བཟང་བོ་འདོད་པས་ཞེ་འགྲས་ནས། རི་རབ་ཀྱི་འོག་གི་ཁོང་གསེང་ནས་ལྷ་མ་ཡིན་ གྱི་དཔུང་ཚོགས་ཡན་ལག་བཞི་གསེར་དང་དངུལ་དང་བཻ་ཌཱུརྱ་དང་མན་ཤེལ་གྱི་གོ་ཆ་གྱོན་ ཏེ། རལ་གྲི་དང་མདུང་དང་འཕོང་མདུང་དང་མདའ་གཞུ་ལ་སོགས་པའི་མཚོན་ཆ་ཐོགས་ ནས་ཆས་པ་དང་། དམག་གི་ཤུགས་ཀྱིས་བརྒྱ་བྱིན་གྱི་གདན་འགུལ་བ་ལས་དམག་འོང་བར་ 1-1-393 ཤེས་སོ། །དེ་ནས་ཀླུ་དང་བང་རིམ་བཞིའི་ལྷ་སྟེ་སུམ་ཅུ་རྩ་གསུམ་པའི་སྲུང་མ་ལྔ་གོ་མཚོན་ སྔར་དང་འདྲ་བ་བཟུང་བ་རྣམས་དང་རིམ་གྱིས་འཐབ་ཅིང་། དང་པོ་ཀླུ་དང་འཐབ་པས་ལྷ་ མིན་ཕམ་ན་རང་གི་གནས་སུ་ལྡོག་ལ། གལ་ཏེ་རྒྱལ་ན་ཆུ་མཚམས་ནས་འཐོན་ཏེ་རྫུ་འཕྲུལ་ གྱིས་ནམ་མཁའ་ལ་འཕགས་ནས་བང་རིམ་གྱི་ལྷ་རྣམས་དང་འཐབ་པོ། །དེའི་ཚེ་དྲན་པ་ཉེར་ གཞག་ཏུ། ལྷའི་གནས་གསལ་བར་བྱ་བའི་ཆེད་དུ་སྒྲ་གཅན་འཛིན་གྱིས་ཉི་མ་དང་ཟླ་བ་ལག་ པས་སྒྲིབ་ཅིང་། དེ་དག་གི་རྒྱལ་འཕམ་དང་སྐྱེ་དགུའི་བདེ་སྡུག་འཛམ་བུ་གླིང་པའི་དགེ་སྡིག་ ལ་རག་ལས་པར་ཡང་གསུངས་ལ། དེས་ན་ཟླ་བའི་མདོར། ཟླ་བ་གཟས་ཟིན་པ་ན་དགེ་བ་ འབུམ་འགྱུར་དང་། ཉི་མ་ཟིན་པ་ན་བྱེ་བ་འགྱུར་དུ་གསུངས་སོ་ཞེས་ཀྱང་འཆད་དོ། །དེ་དག་ གིས་མ་ཐུབ་པ་ན་རྒྱལ་ཆེན་བཞིས་བརྒྱ་བྱིན་ལ། ལྷའི་དབང་པོ་མཁྱེན་པར་མཛོད་ཅིག ། བདག་ཅག་སྲུང་མ་རྣམས་ནི་ལྷ་མིན་གྱིས་ཕམ་པར་བྱས་ནས་རི་རབ་ཀྱི་སྟེང་དུ་འོངས་སོ། ། ཞེས་གསོལ་བ་བཏབ་པ་དང་། དབང་པོས་གཞན་རྣམས་ལ་བཀའ་བསྒོ་ཞིང་། གླང་བོ་ཆེ་ རབ་བརྟན་ཡང་དབང་པོའི་བསམ་པ་ཤེས་ནས་འཁོར་དང་བཅས་པ་འཕྲལ་ལ་འོངས་ཏེ། སུམ་ཅུ་རྩ་གསུམ་པའི་དཔུང་གི་ཚོགས་དཔག་ཏུ་མེད་པ་ཆས་ནས་ཐོག་མར་རྩུབ་འགྱུར་གྱི་ ཚལ་དུ་ཕྱིན་པ་ན་འཐབ་པར་འདོད་བློ་སྐྱེ་ཞིང་། དེ་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཐོན་ནས་རི་ རབ་ཀྱི་ལྷོ་འམ་ནུབ་ཀྱི་ཕྱོགས་སུ་འཐབ་པོ། །དྲན་པ་ཉེར་གཞག་ཏུ། ལྷ་མ་ཡིན་རི་འཕེན་ཞིང་། དེ་རྣམས་བརྒྱ་བྱིན་གྱི་རྡོ་རྗེས་བཅོམ་པའི་དུམ་བུ་རོལ་མཚོ་རྣམས་སུ་ལྷུང་བས་སྲོག་ཆགས་ མང་པོ་ཤི་ནས་མཚོ་རྣམས་དམར་པོར་འགྱུར་བར་གསུངས་སོ། །ལྷ་རྣམས་ནི་མགོ་དང་རྐེད་ པ་ཆད་ན་འཆིའི། ཡན་ལག་དང་ཉིང་ལག་བཅད་པ་ལས་ནི་སྡུག་བསྔལ་དྲག་པོ་འབྱུང་ཡང་ སླར་སྐྱེ་ཞིང་འཚོལ། ལྷ་མ་ཡིན་རྣམས་ནི་མི་ལྟར་གནད་དུ་ཕོག་པ་ལས་འཆི་སྟེ། དེ་རྣམས་ཀྱི་ གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་མཚོ་གུན་སྣང་ཞེས་བྱ་བ་ལ་ཤར་བ་མཐོང་ནས། 1-1-394 དམག་མ་ལོག་པའི་གོང་དུ་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་གསུངས་སོ། །ཕལ་ཆེར་ནི་ ལྷ་རྒྱལ་ཞིང་། གང་ཕམ་པ་དེ་དག་རང་གི་གྲོང་ཁྱེར་དུ་ཞུགས་པ་ལས་ཕན་ཚུན་གནོད་པས་ མི་ཚུགས་སོ། །ལྷ་མ་ཡིན་རྣམས་ནི་ལྷའི་འབྱོར་བ་ཆེན་པོ་མཐོང་ནས་ཕྲག་དོག་གིས་ཡིད་མི་ བདེ་བས་ཀྱང་རྟག་ཏུ་སྡུག་བསྔལ་དང་ལྡན་པའོ། །གཟུགས་དང་གཟུགས་མེད་པ་དག་ན་ སྡུག་བསྔལ་གྱི་སྡུག་བསྔལ་མེད་ཀྱང་ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་པས་ འཆི་འཕོ་དང་སྐྱེ་བ་ལ་རང་དབང་མེད་པའི་ཕྱིར། འདུ་བྱེད་གནས་ངན་ལེན་གྱི་སྡུག་བསྔལ་ དང་ལྡན་པས་འཁོར་བ་ཐམས་ཅད་སྡུག་བསྔལ་ལ་སྤྱོད་པ་སྟེ། མི་གཙང་བ་ལ་དྲི་ཞིམ་མེད་ བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་ སྐྱེས་བཞིན། །ཞེས་པ་ལྟར་རོ། །བདེ་བའི་ལོངས་སྤྱོད་ལ། ས་སྡེར། དམྱལ་བ་བཞིན་བདེ་བ་ མྱོང་བ་མེད་ཅེས་གསུངས་པ་ནི་རྣམ་སྨིན་ལས་སྐྱེས་པ་མེད་པའི་དབང་དུ་བྱས་པ་ཡིན་གྱི། རྒྱུ་ མཐུན་ལས་སྐྱེས་པ་ཅུང་ཟད་ཡོད་དེ་ཤཱ་རིའི་བུའི་ཏིང་ངེ་འཛིན་གྱི་མཐུས་བདེ་བ་མྱོང་བ་དང་། བཅོམ་ལྡན་འདས་ཀྱི་བྱིན་རླབས་ལས་ལྷས་སྦྱིན་གྱིས་བདེ་བ་མྱོང་བར་གསུངས་པའི་ཕྱིར་རོ། ། མཛོད་འགྲེལ་དུ། མནར་མེད་ན་བདེ་བ་གཏན་མེད་ལ། གཞན་ཡང་སོས་པ་རྣམས་ལ་རླུང་ བསིལ་བས་རེག་པ་ལ་སོགས་པའི་བདེ་བ་རྒྱུ་མཐུན་ལས་སྐྱེས་པ་ཡོད་པར་གསུངས་སོ། །ཡི་ དྭགས་རྫུ་འཕྲུལ་ཆེ་བ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དང་། དུད་འགྲོ་ཀླུའི་རྒྱལ་པོ་འགའ་ཞིག་ལ་ ནི་ལྷའི་དཔལ་ལ་སྤྱོད་པའི་བདེ་བ་ཡོད་ཅིང་། གླང་པོ་ཆེ་རབ་བརྟན་དང་ས་སྲུང་གི་བུ་དང་། རྟ་རིན་པོ་ཆེ་ལ་སོགས་པ་ལ་ཡང་བདེ་བ་ཇི་རིགས་པ་ཡོད་དོ། །མི་རྣམས་ནི། གདགས་པར་། འཛམ་བུ་གླིང་ན་གཙོ་ཆེར་གསེར་དང་དངུལ་ལ་ཉོ་ཚོང་དང་ལོངས་སྤྱོད་དུ་བྱེད་ཅིང་། ཤར་ན་ རས་དང་བེའུ་རས་དང་། ནུབ་ན་བ་ལང་སྤྱོད་ན་ནོར་བུ་ལ་སྤྱོད་དེ། བྱང་ན་ལོངས་སྤྱོད་ཡོངས་ སུ་འཛིན་པ་མེད་དོ། །འདི་ན་ཁ་ཟས་འབྲས་ཆན་དང་། ཁུར་བ་དང་ཟན་དང་ཕྱེ་དང་ཤ་ཆང་ 1-1-395 ལ་སོགས་པ་ཡོད་པ་ལྟར་ཤར་དང་ནུབ་ནའང་ཡོད་ལ། བྱང་ན་ནི་མ་རྨོས་མ་བཏབ་པའི་ འབྲས་ས་ལུ་འབའ་ཞིག་སྤྱོད་དོ། །འདི་ན་ཆར་འབབ་མཁས་(གླིང་རྣམས་སུ་ཆར་འབབ་པའི་རྒྱུ་བརྒྱད་ དེ། ཀླུ་གནོད་སྦྱིན་གྲུལ་བུམ་ལྷ་མི་རྣམས་ཀྱི་ནུས་མཐུ་དང་། རྫུ་འཕྲུལ་དང་། ཆོས་ཉིད་དང་། བདེན་པ་བསྐུལ་བས་འབབ་པ་ རྣམས་སོ། །རྒྱུ་བརྒྱད་ཀྱིས་ཆར་མི་འབབ་སྟེ། མེའི་ཁམས་འཕགས་ནས་སྐོམས་པ་དང་། རླུང་དྲག་པོས་དགོན་པ་སྟོང་པར་འདོར་ བ་དང་། སྒྲ་གཅན་གྱིས་ལག་པས་བླངས་ནས་རྒྱ་མཚོར་འདོར་བ་དང་། ཆར་འབེབས་པའི་ལྷའི་བུ་བག་མེད་པར་འགྱུར་བ་དང་། མིས་ཆོས་མིན་སྤྱོད་པ་དང་། རྫུ་འཕྲུལ་གྱིས་དང་། ཆོས་ཉིད་ཀྱིས་དང་། བདེན་པས་བསྐུལ་བས་མི་འབབ་པ་རྣམས་སོ། །བསྐལ་ པ་དང་པོའི་མི་བསོད་ནམས་ཆེ་བས་སྤྲིན་རྣམས་དཔག་ཚད་ཕྱེད་དང་གཉིས་ནས་ཆར་འབེབས། དེ་ནས་དཔག་ཚད་གཅིག་དང་། བཞི་ཆ་དང་། དཔག་ཚད་གཅིག་དང་དཔག་ཚད་བཞི་ཆ་གསུམ། དཔག་ཚད་ཕྱེད་དང་། རྒྱང་གྲགས་གཅིག་དང་རྒྱང་གྲགས་བཞི་ ཆ་ནས་སོ། །ས་གཡོ་བའི་རྒྱུ་བརྒྱད་ནི་ནམ་མཁའ་ལ་རླུང་ལངས་པས་ཆུ་འཁྲུགས་ནས་དང་། རྫུ་འཕྲུལ་ཅན་གྱིས་ས་ཆུང་ལ་ཆུ་ཆེ་ བར་འདུ་ཤེས་བསྐྱེད་པས་དང་། བྱང་སེམས་ལྷུམས་སུ་འཇུག་པ། བལྟམས་པ་དང་། བྱང་ཆུབ་པ་དང་། ཆོས་འཁོར་བསྐོར་བ་ དང་། སྐུ་ཚེ་བཏང་བ་དང་། མྱ་ངན་ལས་འདས་པ་ན། ཀླུ་དབང་ཆེ་བ་རྣམས་མཆོད་པའི་ཕྱིར་སྟེང་དུ་འོངས་པས་ཆུ་འཁྲུགས་ནས་ གཡོ་བའོ། །)མི་མཁས་ལས་ལོ་ཉེས་དང་དེ་དག་ལ་བརྟེན་པའི་ལོངས་སྤྱོད་ལ་འཕེལ་འགྲིབ་དང་། ཉོ་ཚོང་དང་། ཁ་དོག་དུ་མ་དང་། ཁང་པ་ཆེད་དུ་བྱས་པ་དང་། གོས་སྟན་ལྕི་བ་དང་། བག་ མ་གཏོང་ལེན་དང་། རྗེ་ཁོལ་དང་། དེ་དག་ལ་ཞེན་པ་ཡོད་པ་ལྟར་ཤར་དང་ནུབ་ནའང་ཡོད་ ཅིང་། བྱང་ན་ནི་མེད་དེ། དེ་ན་ཁ་དོག་ཀྱང་དཀར་པོ་ཁོ་ན་དང་། ཁང་པའང་ཆེད་དུ་མ་བྱས་ པའི་ས་ཁང་འབའ་ཞིག་དང་། གོས་ཀྱང་དཔག་བསམ་གྱི་ཤིང་ལས་བྱུང་བའི་སྲང་གཅིག་པ་ ཁོ་ན་ཡོད་ལ། གང་ལ་ཡང་ཡོངས་འཛིན་མེད་པར་བྱས་པ་རྣམས་ཀྱང་སྐྱེས་མ་ཐག་འདོར་ ཞིང་རང་གི་མཐེ་བོ་ལས་ནུ་ཞོ་འབྱུང་བས་འཚོ་བར་བཤད་དོ། །མིའི་ནང་ནས་འཁོར་ལོས་ སྒྱུར་བའི་བདེ་བ་ནི་མཆོག་ཡིན་ཞིང་། དེ་འཇིག་རྟེན་དུ་འབྱུང་བ་ན་རིན་པོ་ཆེ་སྣ་བདུན་འབྱུང་ སྟེ། ས་འགྲེལ་དུ། དེ་ཚེས་བཅོ་ལྔ་ལ་ཁྲུས་བྱས་ནས་གསོ་སྤྱོང་ལ་གནས་ཤིང་བློན་པོའི་ 1-1-396 ཚོགས་ཀྱིས་བསྐོར་ཏེ་འདུག་པ་ན། ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ལྟེ་བ་མྱུ་ ཁྱུད་དང་བཅས་པ་དག་ཅིང་གཙང་བ། བརྒྱ་བྱིན་གྱི་བཀས་ལས་ཐམས་ཅད་པས་སྤྲུལ་ཏེ་ རྒྱལ་ཆེན་བཞི་ལ་བརྒྱུད་ནས་ལྷའི་ཕོ་ཉ་བས་ཤར་ཕྱོགས་ནས་འབུལ་བར་གསུངས་ཤིང་། དྲན་པ་ཉེར་གཞག་ཏུ། གསེར་ཀྱི་འཁོར་ལོ་དཔག་ཚད་ལྔ་བརྒྱ་ཡོད་པ། རྩིབས་སྟོང་དང་ལྡན་ ཞིང་མཛེས་པ། ཉི་མ་གཅིག་གིས་ནམ་མཁའ་ལ་དཔག་ཚད་འབུམ་དུ་འགྲོ་བར་ནུས་པ། དེའི་ མཐུས་གླིང་བཞི་དང་ལྷའི་རིས་སུ་ཡང་གླང་པོ་ཆེ་ལ་སོགས་པ་དེ་ཐམས་ཅད་འགྲོ་བ། རྒྱལ་ པོས་མ་ཐོས་པ་ཐོས་པར་བྱེད་ཅིང་འགྲན་ཟླ་སུ་ཡང་མེད་པར་བྱེད་པའོ། །ནོར་བུ་ནི་ཟུར་ བརྒྱད་དང་ལྡན་པ་འོད་སྣ་ཚོགས་འཕྲོ་ཞིང་མཚན་མོ་དཔག་ཚད་བརྒྱར་འོད་འབྱུང་བ་དང་། ཉིན་པར་ཚ་བ་ན་བསིལ་བར་བྱེད་ཅིང་སྐོམ་པ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བ། རྒྱལ་པོས་ཇི་བསམ་པ་ཐམས་ཅད་འབྱུང་ཞིང་ལས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་ འགྲུབ་པ་དཔག་ཚད་བརྒྱར་ནད་མེད་པར་བྱེད་ཅིང་མྱ་ངན་དང་གཡང་སའི་ཡུལ་ཐམས་ཅད་ ཀྱང་ལྗོན་ཤིང་མཚེའུ་ལ་སོགས་པའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བ། མི་རྣམས་ ལ་དུས་མ་ཡིན་པའི་འཆི་བ་མེད་པར་བྱེད་ཅིང་སྲོག་ཆགས་གདུག་པ་ཅན་དག་གིས་ཀྱང་ གནོད་པ་མེད་པ་ཞིག་དབང་པོས་གནང་བར་འགྱུར་རོ། །བཙུན་མོ་ནི་ལུས་ལ་ཙནྡན་དང་ཁ་ ལ་ཨུད་པ་ལའི་དྲི་འབྱུང་ཞིང་རེག་པ་ན་ཉོན་མོངས་པ་མེད་པར་འགྱུར་བ། གླིང་དེའི་བཀྲེས་ སྐོམ་དང་མྱ་ངན་སེལ་བར་བྱེད་ཅིང་རྒྱལ་པོས་མཐོང་བ་ན་གྲང་དུས་དྲོ་བ་དང་དྲོ་དུས་བསིལ་ བར་བྱེད་པ་མ་དང་སྲིང་མོ་ལྟར་ཐམས་ཅད་ཀྱིས་བསམ་པ་དང་མཐུན་ཞིང་བུ་མང་པོ་བཙའ་ བ། ཁྱིམ་ཐབ་བུད་མེད་གཞན་དང་འགྲོགས་ཀྱང་ཕྲག་དོག་མི་འབྱུང་ཞིང་འདོད་ཡོན་གྱི་ དབང་དུ་མི་འགྱུར་བ་ཞིག་བློན་པོས་འབུལ་ཏེ་ཤི་འཕོས་ནས་ལྷར་སྐྱེ་བའོ། །བློན་པོ་ནི་ མཁས་ཤིང་གསལ་ལ་ཡིད་གཞུངས་པས་བྱ་བ་ཐམས་ཅད་མ་བསླབས་པར་ཤེས་ནས་རྒྱལ་ 1-1-397 པོའི་བསམ་པ་དང་མཐུན་པར་སྒྲུབ་པ་ལ་སྐྱོ་བ་མེད་པ། མི་དགེ་བ་སྤངས་ཤིང་སྐྱེ་རྒུ་ཐམས་ ཅད་ལ་ཕ་མ་ལྟར་ཕན་འདོགས་པའོ། །གླང་པོ་ནི་ཅང་ཤེས་ཤིང་བཀའ་ཉན་པ་གླང་པོ་ཆེ་སྟོང་ གི་སྟོབས་ཡོད་པ་ཆུ་དང་སྐམ་དང་བར་སྣང་ལ་གཡུལ་འགྱེད་ཅིང་ཕ་རོལ་ལས་རྒྱལ་བར་ བྱེད་པ། ཉིན་གཅིག་ལ་འཛམ་བུ་གླིང་ལན་དུ་མར་བསྐོར་བར་ནུས་པ། སྐུད་པས་ཀྱང་བཀྲིར་ རུང་ཞིང་རྒྱལ་པོས་ཞོན་པ་ན་གང་འདོད་པར་བསྐུལ་མི་དགོས་པར་དལ་གྱིས་འགྲོ་བ་ཞིག་ བརྒྱ་བྱིན་གྱི་བཀས་གནང་བར་འགྱུར་ཏེ། ས་འགྲེལ་དུ། གླང་པོ་ཆེ་རབ་བརྟན་གྱི་བུ་ཐུ་བོའོ་ ཞེས་སོ། །རྟ་མཆོག་ཀྱང་ཀུ་མུད་དང་དུང་ལྟར་དཀར་བ་གླང་པོ་ཆེ་དང་ཡོན་ཏན་མཚུངས་པ་ ཞིག་དབང་པོས་གནང་སྟེ། ས་འགྲེལ་དུ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་བུ་ཐུ་བོར་ གསུངས་སོ། །ཁྱིམ་བདག་ནི་ལོངས་སྤྱོད་ཆེ་ཞིང་ལྷའི་མིག་གིས་གཏེར་མཐོང་བ། བང་མཛོད་ ཐམས་ཅད་རིན་པོ་ཆེས་འགེངས་ཤིང་ནོར་གྱི་སྒོ་ནས་རྒྱལ་པོའི་དོན་སྒྲུབ་པ། གཡོ་སྒྱུ་མེད་ ཅིང་གཞན་ལ་མི་གནོན་པ་སྐྱེ་བོ་ཐམས་ཅད་དགའ་བར་བྱེད་པའོ། །རྒྱལ་པོའི་སྲས་ཀྱིས། ཁྱིམ་བདག་ནི་མཛོད་ཀྱི་སྤྱན་ལྟ་བུ་དང་བློན་པོ་ནི་དམག་གི་སྤྱན་ལྟ་བུའོ་ཞེས་བཤད་དོ། །དེ་ བཞིན་དུ། རལ་གྲི་ལྤགས་པ་ཁང་པ་ཚལ། །མལ་ཆ་གོས་དང་ལྷམ་གྱི་མཆོག །ཅེས་པ་(སྡོམ་དུ་ བྱས་པའི་)ཉེ་བའི་རིན་པོ་ཆེ་བདུན་ཡང་འབྱུང་སྟེ། རྒྱལ་པོ་དང་འགལ་བ་བྱེད་འདོད་པ་དེར་ སོང་ནས་མ་བཏབ་ཀྱང་ཀུན་གྱིས་འདུད་པར་བྱེད་པའི་རལ་གྲི་(ཉེ་བའི་རིན་པོ་ཆེ་)དང་། ཀླུའི་ ལྤགས་པ་ཆུར་དཔག་ཚད་འབུམ་དང་ཞེང་དུ་ལྔ་ཡོད་པ། ཆར་གྱིས་མི་བརླན་ཞིང་། རླུང་གིས་ མི་བསྐྱོད་པ། གྲང་དུས་ན་དྲོ་ཞིང་དྲོ་དུས་ན་བསིལ་བར་བྱེད་པ། བུད་མེད་མི་སྡུག་པ་མི་ མཐོང་ཞིང་ཉི་ཟླའི་འོད་སྣང་བའི་ལྤགས་པ་(ཉེ་བའི་རིན་པོ་ཆེ་)དང་། ཆུར་དཔག་ཚད་བཅུ་གཉིས་ དང་ཞེང་དུ་དཔག་ཚད་བདུན་ཡོད་པ། རིན་པོ་ཆེ་དང་ཟླ་བ་དང་རྒྱུ་སྐར་རྣམས་ཀྱང་ལྟ་བར་ འདོད་པ་དེ་ཉིད་དུ་འོང་བ། བདེ་བར་གཉིད་དུ་འགྲོ་ཞིང་རྨི་ལམ་དགེ་བ་མཐོང་བ། གྲང་དུས་ 1-1-398 སུ་དྲོ་ཞིང་དྲོ་དུས་སུ་བསིལ་བའི་ཁང་པ་(ཉེ་བའི་རིན་པོ་ཆེ་)དང་། ལྷ་རྫས་ཀྱི་མེ་ཏོག་དང་ལྗོན་ ཤིང་ལ་སོགས་པས་བརྒྱན་ཞིང་། ལྷའི་བུ་མོ་རྣམས་འོངས་ནས་རོལ་མོ་སྣ་ཚོགས་པ་བྱེད་པ་ དང་ལྷན་ཅིག་འདོད་ཡོན་ལ་རྩེ་བའི་ཚལ་(ཉེ་བའི་རིན་པོ་ཆེ་)དང་། ཡང་ཞིང་འཇམ་ལ་བསམ་ གཏན་དང་མཐུན་པ། དེར་འདུག་ན་རྣམ་པར་གྲོལ་ཞིང་བློ་གསལ་ལ་ཀུན་ནས་ཉོན་མོངས་ པ་མི་འབྱུང་བའི་མལ་ཆ་(ཉེ་བའི་རིན་པོ་ཆེ་)དང་། ཐགས་བཟང་ཞིང་འཇམ་ལ་དྲི་མ་མེད་པ། གྱོན་ པ་ན་ཚ་གྲང་དང་བཀྲེས་སྐོམ་དང་ངལ་དུབ་ཀྱིས་མི་གནོད་ལ། མེས་མི་འཚིག་ཅིང་མཚོན་ གྱིས་མི་ཆོད་པའི་གོས་(ཉེ་བའི་རིན་པོ་ཆེ་)དང་། གོན་པ་ན་ཚུལ་མི་འབྱིང་ཞིང་། ཡུད་ཙམ་གྱིས་ དཔག་ཚད་བརྒྱར་འགྲོ་བ་ལ་ཡང་ངལ་བ་ཅུང་ཟད་ཀྱང་མི་འབྱུང་བའི་ལྷམ་(ཉེ་བའི་རིན་པོ་ཆེ་) རྣམས་སོ། །གཞན་ཡང་བཙུན་མོའི་འཁོར་དཔག་ཏུ་མེད་པ་དང་། མི་སྟོང་ཕྲག་རེ་ཐུབ་པའི་ བུ་སྟོང་དང་། དཔུང་གི་ཚོགས་ཡན་ལག་བཞི་པ་དང་། དགྲ་སྡེ་ཟིལ་གྱིས་གནོན་པའི་མདའ་ གཞུ་དང་། (རྡོ་འཕངས་པའི་མདོ་ལས།)རིན་པོ་ཆེའི་ཁྱད་པར་ཨིན་དྲ་ནཱི་ལ་ལ་སོགས་པ་འཁོར་དང་ ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །འབྱུང་བའི་དུས་ནི། འཁོར་ལོས་སྒྱུར་བ་ འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །ཞེས་པ་ལྟར་རོ། །དེ་མན་ཆད་དུ་ཕུན་སུམ་ ཚོགས་པའི་ཁྱད་པར་རྣམས་མི་རྫོགས་པས་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་ལ་འབྱུང་ ངོ་། །ཁྱད་པར་ནི། གསེར་(རྒྱང་གྲགས་བཞི་)དངུལ་(གསུམ་)ཟངས་(གཉིས་)ལྕགས་(གཅིག་)འཁོར་ ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ལྷན་ ཅིག་གཉིས་མིན་སངས་རྒྱས་བཞིན། །ཞེས་པ་ལྟར་གླིང་བཞི་ག་ལ་དབང་བྱེད་པ་གསེར་གྱི་ འཁོར་ལོ་ཅན་དང་། བྱང་མ་གཏོགས་པ་གསུམ་ལ་དབང་བྱེད་པ་དངུལ་གྱི་འཁོར་ལོ་ཅན་ དང་། འདི་དང་ཤར་ལ་དབང་བྱེད་པ་ཟངས་ཀྱི་འཁོར་ལོ་ཅན་དང་། འདི་ཁོ་ན་ལ་དབང་བྱེད་ པ་ལྕགས་ཀྱི་འཁོར་ལོ་ཅན་དང་བཞིའོ། །དེ་རྣམས་ཀྱང་ཞིང་ཁམས་གཅིག་ཏུ་སངས་རྒྱས་ 1-1-399 གཉིས་གཅིག་ཅར་མི་འབྱུང་(བྱེ་བྲག་སྨྲ་བས་ལོ་ཀ་བའི་ཁམས་ཐམས་ཅད་དུ་དུས་གཅིག་ལ་སངས་རྒྱས་གཅིག་ལས་ མི་འབྱུང་སྟེ་ཕྲིན་ལས་ཐོགས་མེད་ཡིན་པས་གདུལ་བྱ་ཐམས་ཅད་གཅིག་ཁོ་ནས་འདུལ་ནུས་པའི་ཕྱིར་དེ་དང་མཉམ་པ་འགའ་ ཡང་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཕལ་ཆེན་པ་ལོ་ཀའི་ཁམས་གཅིག་ལ་དགོངས་ཀྱི་གཞན་ན་ནི་ཡོད་ཟེར་ཏེ། ཐེག་བསྡུས་སུ་ གླིང་བཞི་པ་གཅིག་ལ་དགོངས།)བ་ལྟར། མངའ་རིས་གཅིག་ལ་རྒྱལ་པོ་གཉིས་གཅིག་ཅར་མི་འབྱུང་ བར་རིམ་གྱིས་འབྱུང་སྟེ། འགྲན་ཟླ་མེད་པའི་ལས་ཀྱིས་གྲུབ་པའི་ཕྱིར་རོ། །དེ་དག་གིས་རྒྱལ་ བར་བྱེད་ཚུལ་ཡང་། ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་ གནོད་པ་མེད། །ཅེས་པ་ལྟར་གསེར་གྱི་འཁོར་ལོ་ཅན་གང་བགྲོད་པའི་ཕྱོགས་དེར་ཁམས་ཀྱི་ རྒྱལ་ཕྲན་རྣམས་ཀྱིས་བསུས་ནས་ཕྱག་འཚལ་ཏེ། འབྱོར་པ་རྒྱས་པ་དང་བདེ་བ་དང་ལོ་ ལེགས་པ་དང་སྐྱེ་བོ་མང་པོས་གང་པའི་ལྗོངས་འདི་དག་ནི་ལྷའི་ལགས་ཀྱིས། ལྷས་འདི་དག་ ལ་ལེགས་པར་རྗེས་སུ་བསྟན་དུ་གསོལ། བདག་ཅག་ནི་ལྷའི་རྗེས་སུ་མཆི་བ་ལགས་སོ་ཞེས་ གསོལ་བ་དང་། དེས་གཙོ་བོ་དག་དེའི་ཕྱིར་ཁྱེད་ཅག་རང་རང་གི་རིས་སུ་གཏོགས་པ་རྣམས་ ལ་ཆོས་ཀྱི་རྗེས་སུ་སྟོན་ཅིང་། ཆོས་མ་ཡིན་པ་མ་བྱེད་ཅིག། ཁྱེད་ཀྱིས་ཆོས་མ་ཡིན་པ་སྤྱོད་པ་ དང་ལོག་པར་སྤྱོད་པ་རྣམས་ཡུལ་དུ་འདུག་ཏུ་མ་གཞུག་ཅིག་ཅེས་བཀའ་བསྒོ་ཞིང་། དེ་ བཞིན་དུ་རྗེས་སུ་སྒྲུབ་པར་ཡང་བྱེད་དོ། །དངུལ་གྱི་འཁོར་ལོ་ཅན་གྱིས་དེ་དག་གི་ཐད་དུ་རང་ ཉིད་སོང་བ་ཙམ་གྱིས་འདུལ་ཞིང་། ཟངས་ཀྱི་འཁོར་ལོ་ཅན་གྱིས་སོང་སྟེ་གཡུལ་བཤམས་པ་ ཙམ་གྱིས་འདུལ་ལ། ལྕགས་ཀྱི་འཁོར་ལོ་ཅན་གྱིས་གཡུལ་བཤམས་ནས་རྡེག་མི་དགོས་ པར་མཚོན་ཆ་(བཟས་པའམ་)བརྩམས་པ་ཙམ་གྱིས་འདུལ་ཏེ། ཐམས་ཅད་ཀྱི་ཕྱོགས་ལས་རྒྱལ་ ཡང་གནོད་པ་མེད་པར་ཁྲིམས་དགེ་བ་བཅུ་ལ་བཀོད་ནས་རྒྱལ་སྲིད་ཆོས་དང་མཐུན་པར་ སྐྱོང་བས་ཕྱི་མ་ལ་ལྷར་སྐྱེ་བར་གསུངས་སོ། །དེ་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་ཀྱིས་ཀྱང་མི་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། རིན་ཆེན་ཕྲེང་བར། འཁོར་ 1-1-400 ལོས་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་ གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་པ་ལྟར་རོ། །འདིའི་རྒྱུ་ནི་མཆོད་རྟེན་ དང་གཙུག་ལག་ཁང་བཞེངས་པ་དང་། བྱམས་པ་བསྒོམས་པ་ལ་སོགས་པ་སྟེ། མཛངས་བླུན་ དང་སེང་གེ་ཡིད་མ་བརྟན་པས་རང་ཉིད་གསོད་པའི་རྔོན་པ་ལ་བྱམས་པ་བསྒོམས་པ་བས་ བསྐལ་པ་མང་དུ་འཁོར་ལོས་སྒྱུར་བར་སྐྱེས་པར་བཤད་པ་ལྟར་རོ། །འདོད་ལྷའི་བདེ་བ་ནི་ ཐམས་ཅད་ན་ས་གཞི་ཤིང་བལ་གྱི་འདབ་མ་ལྟར་རེག་ན་འཇམ་པ། ཚོན་སྣ་བརྒྱ་རྩ་གཅིག་ གིས་མིག་མངས་རིས་སུ་བྲིས་པ་དང་། ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ བའི་རྫིང་བུ་ཡིད་དུ་འོང་བ་དང་། མཚོ་མེ་ཏོག་སྣ་ཚོགས་དང་བྱ་སྐད་སྙན་པ་འབྱིན་པས་ བརྒྱན་པ་དང་། འདོད་ཡོན་ལ་རྩེ་བའི་སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ་ལ་སོགས་པ་རྣམས་ ཡོད་ཅིང་། གནས་གསེར་དངུལ་དང་བཻ་ཌཱུཪྻ་དང་། མན་ཤེལ་ལས་གྲུབ་པའི་གཞན་མེད་ཁང་ བ་གམ་དང་བསིལ་ཁང་དང་སྟེགས་བུ་དང་སྐར་ཁུང་དྲ་བ་ཅན་ནོར་བུའི་ཚོགས་ཀྱིས་སྤྲས་པ། འོད་ཟེར་སྣ་ཚོགས་པའི་སྣང་བ་འགྱེད་པས་མཆོག་ཏུ་མཛེས་ཤིང་ཉམས་དགའ་བར། ལུས་ ཕྱི་ནང་ཐམས་ཅད་གཙང་ཞིང་རྡུལ་དང་དྲི་མ་དང་རུས་པ་དང་རྩ་རྒྱུས་དང་ནང་ཁྲོལ་དང་ བཤང་གཅི་མེད་པ། འོད་དང་ལྡན་ཞིང་རབ་ཏུ་མཛེས་པ། གོས་སྲབ་ཅིང་འཇམ་ལ་(སྲང་ཕྱེད་ ནས་དྲུག་ཅུ་རྩ་བཞི་ཆའི་བར་)ཤིན་ཏུ་ཡང་བ་རེག་ན་བདེ་བ་ཁ་དོག་སྣ་ཚོགས་པ་གསེར་གྱིས་སྤྲས་པ་ རྣམས་གྱོན་ཞིང་། རྒྱན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ནོར་བུ་དང་རྣ་རྒྱན་དང་གདུ་བུ་ དང་མགུལ་རྒྱན་དང་སྐ་རགས་དང་དོ་ཤལ་ལ་སོགས་པས་རྣམ་པར་བརྒྱན་པ། འཁོར་ལྷའི་ བུ་དང་བུ་མོ་གཞོན་ནུས་སིལ་སྙན་དང་རོལ་མོ་སྣ་ཚོགས་པ་འཛིན་པས་ཡོངས་སུ་བསྐོར་ཏེ། ལོངས་སྤྱོད་བཟའ་བ་བདུད་རྩི་སྔོན་པོ་དང་སེར་བོ་དང་དཀར་བོ་དང་དམར་བོ་རྣམས་འབྱུང་ བའི་ལྗོན་ཤིང་དང་། བཏུང་བ་སྤྲང་རྩི་དང་སྦྲང་ཆང་ལ་སོགས་པ་འབྱུང་བའི་ལྗོན་ཤིང་དང་། 1-1-401 བཞོན་པ་ཤིང་རྟ་དང་ཁྱོགས་དང་ཁྱོགས་གཡོག་ལ་སོགས་པ་འབྱུང་པའི་ལྗོན་ཤིང་དང་། གོས་དང་རྒྱན་གྱི་ཁྱད་པར་སྣ་ཚོགས་པ་འབྱུང་བའི་ལྗོན་ཤིང་དང་། སྤོས་དང་བདུག་པ་དང་ མེ་ཏོག་དང་ཕྲེང་བ་རྣམས་འབྱུང་བའི་ལྗོན་ཤིང་དང་། བཞད་གད་དང་གླུ་གར་དང་རོལ་མོའི་ སྒྲ་སྣ་ཚོགས་འབྱུང་བའི་ལྗོན་ཤིང་དང་། སྣོད་སྤྱད་དང་ཡོ་བྱད་སྣ་ཚོགས་པ་འབྱུང་བའི་ལྗོན་ ཤིང་རྣམས་ལས་གང་འདོད་པ་མདུན་དུ་འབྱུང་བ་ལ་སྤྱོད་ཅིང་། དུས་དུས་སུ་བག་མེད་པ་ ལས་སྐུལ་བར་བྱེད་པའི་རྔ་བོ་ཆེའི་སྒྲ་ལ་བརྟེན་ནས་དམ་པའི་ཆོས་ཀྱི་བདེན་པ་ལའང་སྤྱོད་ དོ། །ཐམས་ཅད་ན་བ་དང་རྒ་བ་དང་བཀྲེས་པ་དང་སྐོམ་པ་དང་ཕོངས་པའི་སྡུག་བསྔལ་ནི་ མེད་ལ། ས་གཞི་ཐམས་ཅད་མེ་ཏོག་མན་དཱ་ར་བ་པུས་མོ་ནུབ་ཙམ་མཛེས་པར་ཁེབས་པའི་ རྙིང་བ་རྣམས་རླུང་གིས་འདོར་ཞིང་གསར་རྣམས་བ་ལེགས་པར་འགྲེམས་པའི་བདེ་བ་ཡང་ ལྡན། དྲན་པ་ཉེར་གཞག་ཏུ། ལྷ་རྣམས་བསོད་ནམས་དབང་རྐྱེན་ཀྱིས། །ལྷ་ཡི་གྲོང་དུ་རླུང་ ཆེན་ལྡང་། །མེ་ཏོག་རྙིང་པ་འདོར་བྱེད་ཅིང་། །མེ་ཏོག་གསར་བ་ལེགས་པར་འགྲེམས། །ཞེས་ པ་ལྟར་རོ། །ཁྱད་པར་སུམ་ཅུ་རྩ་གསུམ་པའི་རྩེ་ཚུལ་ནི། གདགས་པ་དང་དཀོན་མཆོག་ཏ་ལ་ ལའི་གཟུངས་སུ། ཤིང་རྟ་སྣ་ཚོགས་ཀྱི་ཚལ་ན་གླང་པོ་ཆེ་ས་སྲུངས་ཀྱི་བུ་གཟུགས་བཟང་ མཛེས་པ་དཀར་བ། ཡན་ལག་(རྐང་ལག་མཇུག་མ་ཟེགས་པ་རླིག་པ་འདོམས་ཀྱི་གནས་ན་འདུག་པ་དང་། སྣ་ལག་ པར་གནས་པ་སྟེའོ། །)བདུན་ལེགས་པར་གནས་པ། མགོ་དམར་བ་མཆེ་བ་དྲུག་དང་ལྡན་པ། སྲིད་ དུ་དཔག་ཚད་གཅིག་དང་ཁོར་ཡུག་ཏུ་བདུན་ཡོད་པ། འཁོར་གླང་པོ་བརྒྱ་སྟོང་དང་ལྡན་པ་ གནས་ཏེ། སྐྱེད་མོས་ཚལ་དུ་འགྲོ་བ་ན། དེའི་མགོ་བོ་སུམ་ཅུ་རྩ་གསུམ་དུ་སྤྲུལ་ཞིང་། མགོ་བོ་ རེ་རེ་ལ་མཆེ་བ་དྲུག་དྲུག་དང་། མཆེ་བ་རེ་རེར་རྫིང་བུ་བདུན་བདུན་དང་། རྫིང་བུ་རེ་རེ་ལ་ པདྨའི་སྡོང་བོ་བདུན་བདུན་དང་། པདྨ་རེ་རེ་ལ་ལྷ་མོ་བདུན་བདུན་དང་། ལྷ་མོ་རེ་རེ་ལ་ གཡོག་མོ་བདུན་བདུན་དང་། གཡོག་མོ་རེ་རེ་ལ་འཁོར་སིལ་སྙན་འཁྲོལ་བ་བདུན་བདུན་ 1-1-402 ཡོད་པར་སྤྲུལ་ནས། མགོ་དབུས་མ་ལ་དབང་པོ་དང་། གཞན་རྣམས་ལ་ཉེ་དབང་སུམ་ཅུ་རྩ་ གཉིས་དང་། གླང་པོ་ཆེ་གཞན་རྣམས་ལ་འཁོར་རྣམས་ཞོན་ཏེ། འགྲོ་བ་མི་མངོན་པ་ལྟ་བུའི་ མགྱོགས་པས་ཡུད་ཀྱིས་སྐྱེད་མོས་ཚལ་ཡིད་དུ་འོང་བར་ཕྱིན་ནས། གླང་པོའང་ལྷའི་ལུས་སུ་ སྤྲུལ་ཞིང་། ཐམས་ཅད་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་གསུངས་སོ། །དེ་བས་ཀྱང་ གོང་མ་གོང་མ་རྣམས་འདོད་ཡོན་གྱི་བདེ་བ་ལྷག་པར་ཡོད་ལ། དགའ་ལྡན་ནི་ས་བཅུའི་ དབང་ཕྱུག་གི་དྲུང་ན་རྟག་ཏུ་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པས་ཀྱང་ལྷག་ཅིང་། དེར་འགྲོ་ བར་འདོད་པས་ནི་དམ་པའི་ཆོས་ལ་འབད་པར་རིགས་ཏེ། དྲན་པ་ཉེར་གཞག་ཏུ། ཐོས་པ་ མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་བ་འདོད། །ཡོན་ཏན་རྣམས་ལ་དགའ་ བའི་མི། །དེ་རྣམས་དགའ་ལྡན་ཉེ་བར་འགྲོ། །ཞེས་པ་ལྟར་རོ། །ཁམས་གོང་མ་དག་ནི་འདོད་ ཡོན་གྱི་བདེ་བ་ལ་འདོད་ཆགས་དང་བྲལ་ནས་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་བདེ་ བ་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། དེ་ཡང་། ས་སྡེར། གཟུགས་ཁམས་བསམ་གཏན་བཞི་ པོ་རྣམས་སུ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་དང་ཞི་བའི་བདེ་བ་མི་གཡོ་བ་ཅན་ མྱོང་བ་དང་། གཟུགས་མེད་པ་རྣམས་སུ་ཞི་བ་དང་རྣམས་པར་ཐར་པའི་བདེ་བ་ཁྱད་པར་ཅན་ མྱོང་བར་གསུངས་སོ། །ཁ་ཟས་ཀྱི་ལོངས་སྤྱོད་ལ། ས་སྡེར། དམྱལ་བ་ནི། རླུང་རྒྱུ་བའི་ཁ་ ཟས་ཕྲ་བས་གནས་པར་གསུངས་ཤིང་། མཛོད་འགྲེལ་དུ་ནི། ཐུ་ལུམ་དང་ཟངས་ཞུན་དག་ ཀྱང་བཀྲེས་པ་དང་སྐོམ་པ་སེལ་བས་ཁ་ཟས་ཡིན་ལ། ཉི་ཚེ་བ་རྣམས་ལ་ཁ་ཟས་མི་དང་འདྲ་ བ་ཡོད་པར་ཡང་བཤད་དོ། །ཡི་དྭགས་དང་དུད་འགྲོ་དང་མི་རྣམས་ནི་ཁ་ཟས་རགས་པས་ འཚོ་ཞིང་། བསྐལ་པ་དང་པོའི་མི་དང་། མེར་མེར་པོ་ལ་སོགས་པའི་སེམས་ཅན་དང་། བར་ དོ་དང་། ལྷ་རྣམས་ནི་ཁ་ཟས་ཕྲ་བས་འཚོལ། ཁམས་གོང་མ་དག་ནི་ཁམས་ཟས་ལ་འདོད་ ཆགས་དང་བྲལ་བའོ། །འཁྲིག་པའི་ལོངས་སྤྱོད་ནི། དམྱལ་བ་ན་སྡུག་བསྔལ་དྲག་པོ་རྒྱུན་དུ་ 1-1-403 འབྱུང་བས་མེད་ལ། ཡི་དྭགས་དང་དུད་འགྲོ་དང་མི་རྣམས་ལ་ཡོད་ཅིང་ཁུ་བ་ཕོ་བའང་ཡོད་ དོ། །འདོད་ལྷ་རྣམས་ལ། གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟས་ པས་འཁྲིག་པ་ཡིན། །ཞེས་པ་ལྟར་དང་པོ་(རིས་བཞི་རྩ་གསུམ་)གཉིས་ན་གཉིས་གཉིས་སྤྲོད་པ་ དང་། གོང་མ་བཞིན་རིམ་བ་ལྟར་(འཐབ་བྲལ་ན་)འཁྱུད་པ་དང་། (དགའ་ལྡན་ན་)ལག་པ་ནས་ འཛིན་པ་དང་། (འཕྲུལ་དགའ་ན་)དགོད་པ་དང་། (གཞན་འཕྲུལ་དབང་བྱེད་ན་)མིག་ཚུགས་སུ་ལྟ་བའི་ འཁྲིག་པ་ཡོད་དེ། ཁུ་བ་འབྱུང་བ་ནི་མེད་ཅིང་མཚན་གྱི་སྒོ་ནས་རླུང་ཉི་ཚེ་འབྱུང་བས་གདུང་ བ་དང་བྲལ་བར་བྱེད་དོ། །གླིང་གསུམ་དང་ཡི་དྭགས་རྫུ་འཕྲུལ་ཆེ་བ་འདོད་ལྷ་འོག་མ་བཞི་ ལ་བག་མ་གཏོང་ལེན་དང་། ཆུང་མ་འཆང་བ་ཡོད་ཀྱི། སྒྲ་མི་སྙན་པ་དང་གོང་མ་གཉིས་ན་ མེད་ཅིང་། ལྷ་མོ་རྣམས་ལ་མངལ་གྱི་གནས་མེད་པས་ཕྲག་པའམ་པང་པར་བརྫུས་ཏེ་སྐྱེས་པ་ ལ་ཕ་མའི་ཐ་སྙད་བྱེད་དོ། །དེ་ཡང་འདོད་ལྷ་དྲུག་ཏུ་རིམ་པ་ལྟར་(རིས་བཞི་པ་ན་)བྱིས་པ་ལོ་ལྔ་ པ་ནས(གཞན་འཕྲུལ་དབང་བྱེད་ན་)ལོ་བཅུའི་བར་གྱི་བོངས་ཚོད་དུ་སྐྱེ་ལ། གཟུགས་ཁམས་ཡན་ ཆད་འཁྲིག་པ་ལ་འདོད་ཆགས་དང་བྲལ་ཞིང་། ལུས་ཡོངས་སུ་རྫོགས་པ་གོས་དང་བཅས་པ་ སྐྱེ་སྟེ། (ལྷ་ཐམས་ཅད་འཕགས་པའི་སྐད་དུ་སྨྲ་)བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་བ་ལྟ་བུའི་ བར། །དེ་དག་ཏུ་སྐྱེ་གཟུགས་(རིས་བཞི་པ་ན་)ཅན་རྣམས། ཀུན་རྫོགས་གོས་དང་བཅས་པ་ཉིད། ། ཅེས་པ་ལྟར་རོ། །འདོད་ཁམས་ནི་ངོ་ཚ་ཁྲེལ་ཡོད་ཤས་ཆུང་བས་ཕལ་ཆེར་གཅེར་བུར་སྐྱེ་ ཞིང་། རྒྱལ་བུ་དོན་གྲུབ་དང་ཁྱེའུ་གསེར་མདོག་ལ་སོགས་པ་གོས་དང་བཅས་པ་སྐྱེ་བའང་ ཡོད་ལ། བརྒྱ་བྱིན་ནི་ཡོངས་སུ་རྫོགས་པར་སྐྱེ་བས་སྔ་ཕྱི་བརྗེ་བའང་མི་ཤེས་ཏེ། འདོད་ལྷ་ གཞན་རྣམས་ཀྱང་ལུས་མྱུར་དུ་རྫོགས་པར་འགྱུར་རོ། །སྐྱེ་ཚུལ་གྱིས་གཏན་ལ་དབབ་པ་ནི། འདོད་པ་སྐྱེ་བ་གསུམ་པོ་ནི། འདོད་པའི་ལྷ་དང་མིར་བཅས་རྣམས། །བདེ་བ་སྐྱེ་བ་གསུམ་པོ་ ནི། །བསམ་གཏན་གསུམ་ལ་ས་དགུ་ཡིན། །ཞེས་པ་ལྟར་མི་དང་འདོད་ལྷ་དང་པོ་བཞི་འདོད་ 1-1-404 པ་(གྲུབ་ཟིན་)ཉེ་བར་གནས་པ་ལ་དབང་བྱེད་པའི་སྐྱེ་བ་དང་། འཕྲུལ་དགའ་འདོད་པ་རང་ གིས་སྤྲུལ་པ་ལ་དབང་བྱེད་པའི་སྐྱེ་བ་དང་། གཞན་འཕྲུལ་དབང་བྱེད་པ་འདོད་པ་གཞན་ གྱིས་སྤྲུལ་བ་ལ་དབང་བྱེད་པའི་སྐྱེ་བ་སྟེ(འདོད་པའི་སྐྱེ་བ་)གསུམ་དང་། བསམ་གཏན་དང་པོ་ན་ དབེན་པ་ལས་སྐྱེས་པའི་བདེ་བ་ཅན་དང་། གཉིས་པ་ན་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བ་ ཅན་དང་། གསུམ་པ་ན་དགའ་བ་མེད་པའི་བདེ་བ་ཅན་གྱི་སྐྱེ་བ་དེ་(བདེ་བའི་སྐྱེ་བ་)གསུམ་ལ་ གནས་གཞན་གསུམ་གསུམ་དུ་སྐྱེ་བས་དགུའོ། །གཞན་ཡང་། དེར་ནི་སྒོ་ང་ལས་སྐྱེས་སོགས། ། སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་ རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཞེས་པ་ ལྟར་སེམས་ཅན་ཐམས་ཅད་སྐྱེ་གནས་བཞིས་བསྡུས་ཤིང་། མི་དང་དུད་འགྲོ་གཉིས་ལ་བཞི་ ག་ཚང་བར་ཡོད་དེ། མི་སྒོ་ང་ལས་སྐྱེས་པ་ནི་ཁྲུང་ཁྲུང་མོ་ལ་སྐྱེས་པ་གནས་བརྟན་བྲག་དང་ ཉེ་བའི་བྲག་དང་། རི་དྭགས་འཛིན་མའི་བུ་སུམ་ཅུ་རྩ་གཉིས་དང་། རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་ བརྒྱ་ལྟ་བུ་ཡིན་ཞིང་། དྲོད་གཤེར་ལས་སྐྱེས་པ་ནི་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་གནས་ ང་ལས་ནུ་དང་། དེའི་བརླ་གཡས་པ་ལས་མཛེས་པ་དང་། གཡོན་པ་ལས་ཉེར་མཛེས་དང་། ཆུ་ཤིང་གི་སྡོང་པོ་ལས་ཨ་མྲ་སྐྱོང་མ་སྐྱེས་པ་ལྟ་བུ་ཡིན་ལ། བརྫུས་སྐྱེས་ནི་བསྐལ་བ་དང་ པོའི་མི་དང་། ཕྱིས་ཀྱང་འཕགས་པ་ལྷ་སིང་ག་གླིང་བའི་རྒྱལ་པོའི་ལྡུམ་རར་པདྨ་ལས་སྐྱེས་ པ་ལྟ་བུའོ། །དུད་འགྲོ་སྤྱི་རིགས་ལའང་སྐྱེ་གནས་བཞི་ཀ་ཡོད་ཅིང་། ཁྱད་པར་ཀླུ་དང་ནམ་ མཁའ་ལྡིང་ལྟ་བུ་རེ་རེ་ལའང་ཚང་བར་ཡོད་དེ། གདགས་པར། ནམ་མཁའ་ལྡིང་བརྫུས་སྐྱེས་ ཀྱིས་ཀླུ་སྐྱེ་གནས་བཞི་ཀ་དང་། དྲོད་གཤེར་སྐྱེས་ཀྱིས་བརྫུས་སྐྱེས་མ་གཏོགས་པ་གསུམ་ དང་། མངལ་སྐྱེས་ཀྱིས་མངལ་སྐྱེས་སྒོང་སྐྱེས་གཉིས་དང་། སྒོང་སྐྱེས་ཀྱིས་སྒོང་སྐྱེས་ཁོ་ན་ཟ་ པར་བཤད་པ་ལྟ་བུའོ། །བརྫུས་སྐྱེས་ལ་རོ་མེད་ཀྱང་མ་ཤི་བའི་བར་བཟའ་བའི་ཆེད་དུ་ 1-1-405 འདྲེན་པའམ་མ་ཤི་བར་དུ་ཟ་བའོ། །དམྱལ་བ་དང་ལྷ་དང་བར་དོ་ཐམས་ཅད་བརྫུས་སྐྱེས་ ཡིན་ལ། ཡི་དྭགས་ཀྱང་ཕལ་ཆེར་བརྫུས་སྐྱེས་ཡིན་ཞིང་། མངལ་སྐྱེས་ཀྱང་ཡོད་དེ། (ལུང་དུ།) མཽའུ་འགལ་གྱི་བུ་ལ། ཡི་དྭགས་མོས་སྨྲས་པ། བདག་གིས་མཚན་མོ་བུ་ལྔ་དང་། །དེ་བཞིན་ ཉིད་མོ་བུ་ལྔ་དག །བསྐྱེད་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་པ་ ལྟར་རོ། །སྒོང་སྐྱེས་དང་མངལ་སྐྱེས་དང་དྲོད་གཤེར་སྐྱེས་དང་བརྫུས་སྐྱེས་རྣམས་ནི་རིམ་པ་ ལྟར་ཕྱི་མ་བཟང་ཞིང་། ཁྱད་པར་བརྫུས་སྐྱེས་ལ་བརྟེན་པ་ནི་མང་བར་ཡང་གནས་སོ། །དེ་ ལྟར་བརྫུས་སྐྱེས་མང་ཞིང་བཟང་ཡང་། གཞོན་ནུ་དོན་གྲུབ་མངལ་སྐྱེས་ལ་བརྟེན་པ་ནི་ཉེ་ དུའི་འབྲེལ་བས་ཤཱཀྱའི་རིགས་ཆེན་པོ་ཆོས་ལ་གཟུང་བའི་ཕྱིར་དང་། འདི་འཁོར་ལོས་སྒྱུར་ བའི་རིགས་ཡིན་ནོ་ཞེས་རིམ་གྲོ་སྐྱེད་དུ་གཞུག་པའི་ཕྱིར་དང་། མིར་གྱུར་པས་ཀྱང་གྲུབ་པ་ འདི་ཐོབ་བོ་ཞེས་གདུལ་བྱ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་དང་། མུ་སྟེགས་པའི་གཞུང་ལས་ བསྐལ་པ་བརྒྱ་འདས་ནས་སྒྱུ་མ་མཁན་གྱི་སྒྱུ་མས་འཇིག་རྟེན་ཐམས་ཅད་བསླུ་བར་འགྱུར་ རོ། །ཞེས་འབྱུང་བས་དེ་ལྟ་བུར་དོགས་པ་སྤང་བའི་ཕྱིར་དང་། སྐུ་གདུང་རིང་བསྲེལ་གྱིས་ ཀྱང་སེམས་ཅན་དཔག་ཏུ་མེད་པ་མཐོ་རིས་དང་ཐར་བ་ལ་འགོད་པར་བྱ་བའི་ཕྱིར་རོ། ། ལུས་ཀྱིས་གཏན་ལ་དབབ་པ་ནི། ལུས་ཐོབ་པ་འཆི་འཕོ་ཚུལ་གྱི་སྒོ་ནས་ཕྱེ་ན་མུ་བཞི་སྟེ། དེ་ཡང་ལུས་ཐོབ་པ་གང་རང་གི་སེམས་ཀྱིས་འཆི་འཕོའི་གཞན་གྱི་སེམས་ཀྱིས་མ་ཡིན་པ་ འདོད་པའི་ལྷ་རྩེད་མོས་མྱོས་པ་དང་། ཡིད་འཁྲུག་པར་བྱེད་པ་རྣམས་དང་། གཞན་གྱི་སེམས་ ཀྱིས་འཆི་འཕོའི་རང་གིས་མ་ཡིན་པ་མངལ་ན་གནས་པ་དང་། སྒོ་ང་ན་གནས་པ་རྣམས་དང་། རང་གི་སེམས་དང་གཞན་གྱི་སེམས་གཉི་གའི་རྐྱེན་གྱིས་འཆི་འཕོ་བ་འདོད་པའི་ཁམས་ སུ་སྐྱེས་ཤིང་དབང་པོ་རྫོགས་པ་ཕལ་ཆེ་བ་རྣམས་དང་། རང་གཞན་གཉི་གའི་སེམས་ཀྱིས་ མ་ཡིན་པར་འཆི་འཕོ་བ་གཟུགས་དང་གཟུགས་མེད་པའི་ལྷ་རྣམས་དང་། དམྱལ་བ་དང་ཡི་ 1-1-406 དྭགས་དང་། རྒྱལ་བས་བཏང་བའི་ཕོ་ཉ་བ་དང་། མཐོང་ལམ་པ་དང་། འགོག་པ་དང་བྱམས་ པ་དང་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། བར་དོ་དང་། སྔར་དུས་མིན་དང་། འཆི་བར་བཤད་པ་རྣམས་སོ། ། རྒྱུ་རྐྱེན་གྱིས་གཏན་ལ་དབབ་པ་རྣམས་ནི། མདོར་བསྡུ་ན་སེམས་ཅན་ཐམས་ཅད་ཀྱི་ སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ག་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཡང་། གློ་ བུར་གྱི་དྲི་མ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་རྣམ་པར་རྟོག་པའི་དབང་ གིས་ཉོན་མོངས་པ་འབྱུང་ཞིང་། དེས་ཀུན་ནས་བསླངས་པའི་ལས་ཟག་པ་དང་བཅས་པ་སྤྱད་ པ་ལས། འཁོར་བ་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་གྲུབ་པ་སྟེ། (རྒྱུད་བླ་མར།)ཚུལ་ བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་ བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་ མཆེད་ཁམས་རྣམས་འབྱུང་། །ཞེས་པ་ལྟར་རོ། །དེ་ཡང་ལས་མི་དགེ་བ་སྤྱད་པ་ལས་ངན་ འགྲོའི་ཕུང་པོ་སོགས་འགྲུབ་ཅིང་། དགེ་བ་སྤྱད་པ་ལས་བདེ་འགྲོའི་ཕུང་པོ་སོགས་འགྲུབ་སྟེ། (རིན་ཆེན་ཕྲེང་བར།)མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ ལས་བདེ་འགྲོ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་པ་ལྟར་རོ། །དེ་བས་ན་ སྡུག་བསྔལ་སྤང་བར་འདོད་པ་རྣམས་ཀྱིས་ནི་སྡིག་པ་མི་དགེ་བར་འགྱུར་བ་མཐའ་དག་སྤང་ བར་བྱའོ། །(སྤྱོད་འཇུག་ཏུ།)སྡིག་པ་བྱེད་པ་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་འགྱུར་བ། ། དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་འཇོམས་འགྱུར། །ཞེས་གསུངས་ པའི་ཕྱིར་རོ། །བདེ་བ་ལ་སྤྱད་པར་འདོད་པ་རྣམས་ཀྱིས་ནི་དགེ་བའི་རྩ་བ་ལ་ཅི་ནུས་ཀྱིས་ འབད་པར་བྱ་སྟེ། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་འགྱུར་བ། །དེ་ དང་དེར་ནི་དགེ་བ་དེས། །འབྲས་བུ་ཡིན་གྱིས་མངོན་མཆོད་འགྱུར། །ཞེས་པ་ལ་སོགས་པ་ 1-1-407 གསུངས་པའི་ཕྱིར་རོ། །རྒྱ་ཆེར་ནི་བཤད་ཟིན་ཞིང་འཆད་པར་ཡང་འགྱུར་རོ། ། བརྟན་པའི་འཇིག་རྟེན་ལ། སྐྱེ་བའི་གནས་གང་ཞེ་ན། སེམས་ཅན་གྱི་གནས་སམ་སྣོད་ དུ་གྱུར་ཅིང་རབ་ཏུ་འཇིག་པ་དང་ལྡན་པས་ན་སྣོད་ཀྱི་འཇིག་རྟེན་ཏེ་ཞེས་སྤྱིར་བསྟན་ནས་ སོ་སོར་འཆད་པ་ལ། སྟོང་གསུམ་གྱི་འཇིག་རྟེན་བསྟན་པ་དང་། །ཕྱོགས་བཅུའི་འཇིག་རྟེན་ བཤད་པའོ། །སྟོང་གསུམ་གྱི་གནས་ཚུལ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་གང་ ཆེན་མཚོའི་ཕྱག་གི་མཐིལ་ན་རླུང་གི་དཀྱིལ་འཁོར་མང་པོ་བརྩེགས་པའི་སྟེང་ན་སའི་དཀྱིལ་ འཁོར་ཆེན་པོ་གནས་ཤིང་། དེའི་སྟེང་ན་སྤོས་ཆུའི་རྒྱ་མཚོ་དཔག་ཏུ་མེད་པ་ཡོད་པའི་རེ་རེའི་ སྟེང་ནའང་སྟོང་གསུམ་འཁོར་དང་བཅས་པ་ཉི་ཤུ་བརྩེགས་མ་རེ་རེ་གནས་ཏེ། དེ་ཐམས་ ཅད་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱའོ། ། དེའི་ཚེ་ནང་གི་དབུས་མ་ཟེ་བ་ཡིད་དུ་འོང་ཞིང་འོད་ཟེར་མཐའ་ཡས་པ་ཞེས་བྱ་བའི་པདྨ་ ལ། ཕྱོགས་ཀུན་ནས་རིན་པོ་ཆེ་འབར་བའི་འོད་རྣམ་པར་སྣང་བ་ཞེས་བྱ་བའི་ཞིང་། འཁོར་ འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས་བསྐོར་བ་ཡོད་ལ། དེའི་ སྟེང་ན་འཇིག་རྟེན་གྱི་ཁམས་མིང་ཅན་ཉི་ཤུ་རེ་རེ་ལའང་ཞིང་གཅིག་ནས་ཉི་ཤུའི་བར་རང་ རང་གི་གྲངས་ཀྱི་རྡུལ་དང་མཉམ་པའི་འཇིག་རྟེན་གྱིས་བསྐོར་བ་ཡོད་ཅིང་། དེ་རྣམས་སྟེང་ འོག་གི་བར་ན་ཡང་འཇིག་རྟེན་གྱི་ཁམས་ཞིང་གི་རྡུལ་སྙེད་རེ་རེ་ཡོད་པ་ལས། མི་མཇེད་ འདི་ནི་ཞིང་མིང་ཅན་རྣམས་ཀྱི་འོག་མ་ནས་བགྲང་བའི་བཅུ་གསུམ་པ་ཡིན་པར་(ཕལ་པོ་ཆེར་) གསུངས་ཤིང་། འདི་མ་དག་པའི་ཞིང་ཡིན་ཡང་། བསོད་ནམས་ཀྱི་འགྱུར་ཁྱད་གཞན་པས་ ཆེ་སྟེ། (ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་)མདོ་ལས། གང་གིས་བསྐལ་པ་བྱེ་བར་ཞིང་གཞན་ དུ། །སེམས་ལྡན་དམ་ཆོས་འཛིན་པར་འགྱུར་བ་བས། །སུ་དག་སྔ་དྲོ་ཙམ་ཞིག་མི་མཇེད་དུ། ། འདི་ནི་དེ་བས་མཆོག་ཏུ་མཁས་པ་དགོངས། །ཞེས་པ་ལྟར་རོ། །ཁྱད་པར་གླིང་བཞི་པོ་རེ་ 1-1-408 རེའི་གནས་ཚུལ་ནི་རི་རབ་ཐམས་ཅད་ཀྱི་དབུས་ན་གྲོང་གི་གཙོ་བོ་ལྟར་གནས་ཤིང་། དེའི་ཕྱི་ རོལ་ནས་གསེར་གྱི་རི་བདུན་ནི་ལྕགས་ཆུང་བདུན་རིམ་པ་ལྟར་གནས་ལ། དེ་ནས་གླིང་བཞི་ གླིང་ཕྲན་རྣམས་ནི་ཕྱོགས་སོ་སོ་ན་གྲོང་གི་འཁོར་ལྟ་བུར་གནས་ཏེ། ཕྱི་མ་ཁོར་ཡུག་ཆེན་པོ་ ནི་གྲོང་གི་ལྕགས་རི་ལྟ་བུར་གནས་སོ་ཞེས་བཀོད་ཚུལ་ཐུན་མོང་དུ་བསྟན་ནས། དེ་དག་ཁྱད་ པར་དུ་འཆད་པ་ལ། རྟེན་གཞི་འབྱུང་བའི་དཀྱིལ་འཁོར་བསྟན་པ་དང་། བརྟེན་པ་སྣོད་ཀྱི་ གནས་ཚུལ་བཤད་པའོ། །རྟེན་ནི་མདོ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། ། དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་པ་ལྟར། །འཇིག་རྟེན་གྱི་ཁམས་ཆགས་ པའི་ཐོག་མར་ནམ་མཁའི་དབྱིངས་སུ་རླུང་གི་དཀྱིལ་འཁོར་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་ གཞིག་པར་མི་ནུས་ཤིང་སྲ་བ། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་ཡོད་པ། རྒྱར་གྲངས་ ཀྱི་གནས་གཞན་ཐ་མའམ་བགྲང་དུ་མེད་པ་དང་བཅས་པ་ཞིག་འཆགས་ཏེ། དེ་ལ་སྣོད་ ཀྱི་འཇིག་རྟེན་ཀྱི། །གནས་པར་འདོད་པའི་འོག་དག་གི། རླུང་གི་དཀྱིལ་འཁོར་རྔམས་སུ་ ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཞེས་པ་ལྟར་རོ། །དེ་ལ་ནི་ཆུའི་དཀྱིལ་འཁོར་བརྟེན་ ཏོ། །ཞེས་པས་དེའི་སྟེང་དུ་ཆར་ཆེན་པོ་འབབ་པ་རྣམས་འོག་གཞི་དང་གློ་ན་གནས་པའི་རླུང་ གིས་སྐྱོར་བ་ལས་ཆུའི་དཀྱིལ་འཁོར་རྔམས་སུ་འབུམ་ཕྲག་བཅུ་གཅིག་དང་། སྟོང་ཕྲག་ཉི་ཤུ་ ཡོད་པ་ཞིག་འཆགས་ལ། དེ་ལ་ནི་སའི་དཀྱིལ་འཁོར་རོ་ཞེས་པ་དེ་ཉིད་རླུང་གིས་བསྲུབས་ པ་ལས་སྟོད་ཀྱི་ཆ་རྣམས་གསེར་གྱི་ས་གཞིར་གྱུར་ནས་རྔམས་སུ་སུམ་འབུམ་ཉི་ཁྲིར་མཐུག་ པ་ཞིག་ཆགས་ཤིང་དེའི་ཚེ་ཆུའི་དཔངས་འབུམ་ཕྲག་བརྒྱད་པར་འགྱུར་ཏེ། ཆུ་རྔམས་འབུམ་ ཕྲག་བཅུ་གཅིག་དང་། སྟོང་ཕྲག་དག་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། ། ལྷག་མ་དག་ནི་གསེར་དུ་འགྱུར། །ཞེས་པ་ལྟར་རོ། །དེ་དག་གི་ཐད་ཀའི་རྒྱར་ནི། ཆུ་དང་ གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་ 1-1-409 བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཞེས་པ་ལྟར་རོ། །ཁོར་ཡུག་ནི་སུམ་འགྱུར་རོ། ། ཞེས་པ་ཟླུམ་པོ་ཐམས་ཅད་ཀྱི་མཐའ་སྐོར་ལ་ཐད་ཀའི་སུམ་འགྱུར་ཡིན་པས། དཔག་ཚད་ས་ ཡ་གསུམ་དང་དྲུག་འབུམ་ཁྲི་སུམ་བརྒྱ་ལྔ་བཅུའོ། །སར་དཔག་ཚད་ཀྱི་གྲངས་མ་གསུངས་པ་ ལ། (འཆིམས་པ་)ཁ་ཅིག་གསུམ་ཀ་སྟོང་གསུམ་དང་རྒྱ་མཉམ་པར་བཞེད་ཅིང་། (ལྷོ་པ་)ཁ་ཅིག་ གསུམ་ཀ་གླིང་བཞི་ཀ་དང་གྲངས་མཉམ་པར་ཡང་བཞེད་དོ། །བརྟེན་པ་ལ་གླིང་བཞི་པ་དང་། སྟོང་སྤྱི་ཕུད་དང་། སྟོང་གཉིས་པ་བར་མ་དང་། སྟོང་གསུམ་བཤད་པའོ། །དང་པོ་ལ། རི་གླིང་ རྒྱ་མཚོའི་གནས་ཚུལ་སྤྱིར་བསྟན་པ་དང་། འགྲོ་བའི་གནས་གཞན་སོ་སོར་བཤད་པའོ། ། དང་པོ་ནི། སའི་དཀྱིལ་འཁོར་ལ་ནི་རི་རབ་དང་ཞེས་པ་གསེར་གྱི་ས་གཞིའི་སྟེང་དུ་ཆར་ འབབ་པ་རྣམས་རླུང་གིས་བསྲུབས་པ་ལས་དབུས་སུ་རི་རབ་ལྷུན་པོ་གྲུ་བཞི་བ། ཤར་དངུལ་ དང་ལྷོ་བཻ་ཌཱུཪྻ་དང་ནུབ་(མདོ་ལས་ཤེལ་དམར་པོར་གསུངས།)ཤེལ་དམར་པོ་དང་བྱང་གསེར་ལས་ གྲུབ་པ། (གདགས་པར་ཤར་ཤེལ་དང་ནུབ་དངུལ་དུ་བཤད།) དེའི་མཐུ་ལས་ནམ་མཁའ་དང་རྒྱ་མཚོ་ཡང་ ཕྱོགས་སོ་སོའི་ཁ་དོག་དང་མཐུན་པར་སྣང་བ་སྟེ། ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ཆུ་ ཡི་ནང་དུ་བརྒྱད་ཁྲི་དག། ནུབ་བོ་ཆུ་ཡི་སྟེང་དུ་ཡང་། །དཔག་ཚད་དག་ནི་བརྒྱད་ཁྲིའོ། །ཞེས་ པ་ལྟར་རོ། །གསེར་གྱི་རི་བདུན་དང་། ཞེས་པ་ནི་རི་རབ་མཐའ་སྐོར་དུ། གསེར་ལས་གྲུབ་པ་ ཐིག་ཤིང་ལྟར་རང་རང་གི་དཔངས་དང་རྒྱ་མཉམ་པའི་གྲུ་བཞི་ནར་མོ། ཆུ་ནང་དུ་ཐམས་ཅད་ ཀྱང་དཔག་ཚད་བརྒྱད་ཁྲི་ནུབ་པ། རྩེ་མོའི་རྣམ་པ་མི་འདྲ་བ་ལས་མིང་དུ་བཏགས་ནས། དེ་ལ་ ལྷུན་པོ་གཉའ་ཤིང་འཛིན་། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་ལྟ་ན་སྡུག་ རི་དང་། །རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རིའོ་ཞེས་པ་ལྟར་ཏེ། ས་སྡེར། བར་མ་ ལྔའི་མིང་དེ་ལས་གོ་རིམ་ཟློག་པར་ཡང་གསུངས་སོ། །བརྒྱད་པོ་འཕང་དུ་ཕྱེད་ཕྱེད་འབྲི། །དེ་ དག་རྔམས་སུ་འཕང་དང་མཉམ། །ཞེས་པ་ལྟར་ཆུ་མཚམས་ཡན་ཆད་ཕྱི་མ་ཕྱི་མ་རྣམས་ཕྱེད་ 1-1-410 ཕྱེད་ཀྱིས་དམའ་བས་མཆོད་རྟེན་གྱི་བང་རིམ་ལྟར་གནས་པ་སྟེ། གཉའ་ཤིང་འཛིན་གྱིས་རི་ རབ་ཀྱི་ཕྱེད་དུ་སླེབ་པ་ལ་བཞི་ཁྲི་དང་། ཕྱི་མ་རྣམས་ལ་རིམ་པ་ལྟར་ཉི་ཁྲི་དང་། ཁྲི་དང་། ལྔ་ སྟོང་དང་། ཉིས་སྟོང་ལྔ་བརྒྱ་དང་། སྟོང་ཉིས་བརྒྱ་ལྔ་བཅུ་དང་། དྲུག་བརྒྱ་ཉི་ཤུ་རྩ་ལྔའོ། །གླིང་ བཞི་དང་ཞེས་པ་ནི་ཕྱོགས་བཞི་ན་ཐམས་ཅད་ཀྱང་རྩ་བ་གསེར་གྱི་ས་གཞི་ལ་གནས་པ། རྩེ་ མོ་དབྱིབས་དང་ཚད་མི་འདྲ་བ་སྟེ། འཛམ་བུའི་གླིང་དེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ ཤིང་རྟའི་དབྱིབས་། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཞེས་པ་ལྟར་ངོས་རིང་བ་གསུམ་ ལ་སྟོང་ཕྲག་གཉིས་གཉིས་ཏེ་དྲུག་དང་། ཐུང་བ་ཕྱིར་བསྟན་པ་ལ་དཔག་ཚད་ཕྱེད་བཞི་ཡོད་ པ་དང་། ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ ཚད་སུམ་བརྒྱ་ལྔ་བཅུའོ། །ཞེས་པ་ལྟར་ངོས་རིང་བ་གསུམ་ལ་སྟོང་ཕྲག་དྲུག་དང་ཐུང་བ་ནང་ དུ་བསྟན་པ་ལ་སུམ་བརྒྱ་ལྔ་བཅུ་ཡོད་པ་དང་། བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་ དང་བརྒྱད་ཡིན་ནོ། །དེ་ཡི་དབུས་ལ་ཕྱེད་དང་གསུམ། །ཞེས་པ་མཐའ་སྐོར་དུ་བདུན་སྟོང་ ལྔ་བརྒྱ་དང་དབུས་ཀྱི་ཐད་ཀ་ལ་སྟོང་ཕྲག་ཕྱེད་དང་གསུམ་ཡོད་པ་དང་། སྒྲ་མི་སྙན་བརྒྱད་ གྲུ་བཞིར་མཉམ། །ཞེས་པ་ལྟར་ངོས་རེ་ལ་སྟོང་ཕྲག་གཉིས་གཉིས་ཏེ་བརྒྱད་ཡོད་པའོ། །ས་ སྡེར། ལྷོ་ལ་དྲུག་སྟོང་ལྔ་བརྒྱ་དང་ཤར་ལ་བདུན་སྟོང་ཡོད་པར་ཡང་བཤད་ཅིང་། (སྒྲ་ཆེན་པོའི་ མདོ། ཁང་བུ་བརྩེགས་པའི་མདོ། རྡོ་འཕང་བའི་མདོ། རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས།)མདོ་ལས། ལྷོ་ལ་བདུན་ སྟོང་དང་། ཤར་ལ་བརྒྱད་སྟོང་དང་། ནུབ་ལ་དགུ་སྟོང་དང་། བྱང་ལ་སྟོང་ཕྲག་བཅུ་པར་ཡང་ གསུངས་སོ། །བྱམས་པ་ལུང་བསྟན་པའི་མདོར། དེ་ཚེ་འཛམ་བུའི་གླིང་འདི་ཡང་། །ཆུ་ཞེང་ ཐ་གྲུ་མཉམ་པར་ནི། དཔག་ཚད་སྟོང་ཕྲག་བཅུ་པའོ། །ཞེས་ཀྱང་འབྱུང་ངོ་། །གླིང་འདིའི་ཁྱད་ པར་ནི། མཛོད་འགྲེལ་ལས། དེའི་དབུས་སུ་གསེར་གྱི་རང་བཞིན་ཅན་གྱིས་གཞི་གང་ལ་བྱང་ ཆུབ་སེམས་དཔའ་རྣམས་བཞུགས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་མཛད་པ་རྡོ་ 1-1-411 རྗེའི་གདན་མངོན་པར་འགྲུབ་སྟེ། ཏིང་ངེ་འཛིན་དེ་ནི་ལུས་སམ་ས་ཕྱོགས་གཞན་གྱིས་བཟོད་ པར་ནུས་པ་མ་ཡིན་ནོ། །ཞེས་པ་ལྟར། དབུས་ན་ནི་གནས་གཞན་ལས་མཆོག་ཏུ་གྱུར་པའི་རྡོ་ རྗེའི་གདན་ཡོད་ཅིང་། གཞན་ཡང་། འདི་ནས་བྱང་ན་རི་ནག་པོ། །དགུ་འདས་གངས་རིའོ་དེ་ ནས་ནི། །སྤོས་ངད་ལྡན་པའི་ཚུ་རོལ་ན། ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་པ་ལྟར་ཡུལ་ དབུས་སམ་མཉན་ཡོད་ལ་སོགས་པ་འདི་ནས་བྱང་ཕྱོགས་སུ་རི་ནག་པོ་གསུམ་ཚན་གསུམ་ འདས་པ་ན་རིའི་རྒྱལ་པོ་གངས་རི་ཡོད་ལ། དེའི་བྱང་ཕྱོགས་ན་རི་སྤོས་ཀྱི་ངད་ལྡན་ཡོད་ཅིང་། དེའི་དཔག་ཚད་བཅུའི་ཚུ་རོལ་མཚོ་མ་དྲོས་པ་(དེར་རྫུ་འཕྲུལ་མེད་པའི་མིས་བགྲོད་པར་མི་ནུས་ཏེ། ལུང་སྨན་ གཞི་ལས། གནོད་སྦྱིན་གཏུམ་པོ་མི་བཟད་གནས་པ་ཡིད་འོང་ཞིང་། །མེ་ཏོག་སྣ་ཚོགས་ཤིང་གིས་རྣམ་པར་མཛེས་བྱས་པ། །དེ་ ལ་རྒྱ་མཚོ་དུག་ཅན་དག་ཏུ་འགྲོ་བ་ཡི། །ཆུ་བོ་ཆེན་པོ་བཞི་པོ་འདི་དག་ཕྱོགས་བཞིར་འབབ། །གངྒཱ་སིནྡྷུ་དེ་བཞིན་བཀྵུ་དང་། །སི་ ཏཱ་དེ་ལས་རྫུ་འཕྲུལ་སྟོབས་ཐོབ་པ། །མ་གཏོགས་མི་རྣམས་ཀྱིས་ནི་མི་བགྲོད་པ། །དེར་ནི་ཐུབ་པ་དགེ་འདུན་བཅས་པ་བཞུགས། ། ཞེས་སོ། །)ཞེས་བྱ་བ་ཆུ་ཞེང་ལ་དཔག་ཚད་ལྔ་བཅུ་ཡོད་པ། (ཕྱོགས་རེ་ལ་ལྔ་བཅུ་ཡོད་པས་གྲུ་བཞི་ཞེས་ཀྱང་ ཟེར་རོ། །) འོག་གཞི་གསེར་གྱི་བྱེ་མ་བརྡལ་བ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་ པ། ངོས་ཐམས་ཅད་རིན་པོ་ཆེའི་རྩིག་པ་ལྟ་བུར་གནས་པ། བསིལ་ཞིང་མངར་བ་ལ་སོགས་ པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱིས་བརྒྱད་པ་ ཡོད་དེ། གདགས་པར། དེའི་དབུས་ན་ཀླུའི་རྒྱལ་པོ་མ་དྲོས་པའི་ཕོ་བྲང་རིན་པོ་ཆེ་ལས་གྲུབ་ པ་ཡོད་(པས་མ་དྲོས་པ་ཞེས་བྱ་)ཅིང་། ཕྱོགས་བཞི་ནས་རིམ་པ་ལྟར་གླང་པོ་ཆེ་དང་རྨ་བྱ་དང་རྟ་ དང་སེང་གེའི་ཁ་ནས་ཤར་དུ་ཆུ་གངྒཱ་དང་། ལྷོར་སིན་དྷཱུ་དང་། ནུབ་ཏུ་པཀྵུ་དང་། བྱང་དུ་ཤཱི་ ཏ་རྣམས་ཆུ་ཀླུང་ལྔ་བརྒྱ་ལྔ་བརྒྱ་དང་ལྷན་ཅིག་རྒྱ་མཚོར་འབབ་པར་བཤད་ལ། ཕལ་པོ་ཆེར། དེ་རྣམས་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མ་འདྲེན་ཞིང་། མཚོ་ལ་གཡས་སྐོར་ལན་བདུན་ བདུན་བྱས་ནས་ཕྱོགས་བཞིར་འགྲོ་བར་གསུངས་སོ། །གངས་རི་དང་ཉེ་བ་ན་བྲག་གསེར་ 1-1-412 གྱི་བྱ་སྐྱིབས་སུ་འདུག་པ་ལྷ་མིན་གྱི་ངོས་ཞེས་བྱ་བ་ཚད་མཚོ་དྲོས་པ་དང་མཉམ་པ་(འཕངས་བྱེད་ དང་བཞི་པ་ཁོར་ཡུག་ན་གསེར་གྱི་བྲག་བྱ་སྐྱིབས་བརྒྱད་སྟོང་ཡོད་པ་)ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ཡོད་ལ། (གདགས་པར་དཔག་ཚད་ཉི་ཤུའི་)དེའི་བྱང་ཕྱོགས་ན་ཤིང་སཱ་ལའི་རྒྱལ་བོ་རབ་བརྟན་ཞེས་བྱ་བ། (རྩ་ བ་འདོམ་བཞི་བཅུ་རྩ་དགུ་ཐུར་དུ་ཟུག་པ།) སཱ་ལའི་ཕྲེང་བ་རིམ་བདུན་གྱིས་བསྐོར་བ་ཡོད་ཅིང་། དེའི་ ཤར་ཕྱོགས་ན་རྫིང་བུ་དལ་གྱིས་འཐོར་(འབབ་ཟེར་)ཞེས་བྱ་བ་ཆུ་བསིལ་ཞིང་མངར་བས་གང་ བ། པདྨ་ཤིན་ཏུ་ཆེ་བས་ཁེབས་པ། རྫིང་བུ་ལྔ་བརྒྱས་བསྐོར་བ་ཡོད་དེ། (གནས་)དེ་རྣམས་སུ་ གླང་པོ་ཆེ་རབ་བརྟན་གླང་པོ་ཆེ་ལྔ་བརྒྱས་(དང་པོ་འདོམ་བཅུ་གསུམ་ཐུར་དུ་ཟུག་པ་ཕྱི་མ་རྣམས་འདོམ་རེ་རེ་ཕྲི་ བ་ཡལ་ག་རྣམས་ཕྱི་མ་ལ་རེག་པའོ། །)བསྐོར་ནས་པདྨའི་རྩ་བ་ཟ་ཞིང་གཟུགས་(ལྷའི་གླང་པོ་སོགས་)འདོད་ རྒུར་བསྒྱུར་ཏེ་བདེ་བར་སྤྱོད་དོ། །གཞན་ཡང་གླིང་འདི་ན་གནས་འཇོག་གི་མདོར་ཡུལ་ཆེན་ པོ་བཅུ་དྲུག་ཡོད་པར་བཤད་ལ་གསང་བ་བསམ་གྱིས་མི་ཁྱབ་པར། ཐོ་གར་དང་རྒྱ་ཡུལ་ལ་ སོགས་པར་ཡུལ་ཕྲན་སྟོང་ཡོད་པར་གསུངས་ཤིང་། ཁྱད་པར་རྒྱ་གར་ན་ལུང་ཕྲན་ཚེགས་སུ། མཉན་ཡོད་དང་། སེར་སྐྱ་དང་། ཡངས་པ་ཅན་དང་། རྒྱལ་པོའི་ཁབ་དང་། བཱ་ར་ཎཱ་སཱི་དང་། ཙམ་པ་སྡེ་གྲོང་ཁྱེར་ཆེན་པོ་དྲུག་ཡོད་པར་གསུངས་སོ། །(གླིང་འདིའི་བྱང་གི་འགྲམ་ན་རྒྱ་མཚོའི་འགྲམ་ གྱི་ཤིང་ཐམས་ཅད་ཀྱི་མཆོག་ཤིང་ཤལ་མ་ལའི་རྩེ་མོ་ཤིན་ཏུ་མཐོ་བ་ལ་མཁའ་ལྡིང་སྐྱེ་གནས་བཞི་ཡོད་དོ། །) བར་གྱི་གླིང་ བརྒྱད་དང་ཞེས་པ་ནི་གླིང་བཞི་པོ་རྣམས་ཀྱི་བར་བར་ན། (ཤར་ན་)ལུས་དང་ལུས་འཕགས་ (བྱང་ན་)སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །(གདགས་པ་ལས། གཅིག་ན་ནི་མི་མ་ཡིན་པ་རྣམས་གནས་སོ་ ཞེས་པ་དང་། ཡིད་ཀྱི་སར་གཅིག་ནི་སྲིན་མོའི་གླིང་ཡིན་ནོ་ཞེས་པ་དང་། མཛོད་དུ་ཐམས་ཅད་མིར་འདོད་དོ། །) (ལྷོ་ན་)རྔ་ ཡབ་དང་ནི་རྔ་ཡབ་གཞན། །(ནུབ་ན་)གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །ཞེས་པ་ལྟར་ཕྱོགས་ བཞིར་གཉིས་གཉིས་ཏེ་བརྒྱད་ཡིན་ལ། དབྱིབས་ནི་གླིང་གཙོ་བོ་དང་མཐུན་པ་སྟེ། གླིང་གི་ དབྱིབས་བཞིན་དུ་དེ་ན་གནས་པའི་མི་རྣམས་ཀྱི་གདོང་པའི་དབྱིབས་ཀྱང་དེ་དང་འདྲའོ། ། 1-1-413 ནང་གི་རྒྱ་མཚོ་དང་ཞེས་པ་ནི། དེ་དག་བར་བདུན་རོལ་མཚོ་ཡིན། །དང་པོ་སྟོང་ཕྲག་ བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། །དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ ཕྱེད་ཕྱེད་བྲི། །ཞེས་པ་ལྟར་གསེར་གྱི་རི་བདུན་གྱི་ནང་གི་མཚོ་བདུན་པོ་རྣམས་ནི་ཤཱི་ཏ་ཞེས་ པ་རྨོས་ཀྱི་རོལ་དང་འདྲ་བས་རོལ་མཚོ་ཞེས་བྱ་བ་སྟེ། (ཁ་ཅིག་རོ་ཞིམ་པའི་ཆུ་ཡོད་པས་རོལ་མཚོ་དང་ཀླུ་ རྣམས་རྩེ་ཞིང་རོལ་བས་ན་རོལ་མཚོ་ཞེས་ཟེར་བ་ནི་མ་ཡིན་ནོ། །)མཚོ་ནང་མ་རི་རབ་དང་གཉའ་ཤིང་འཛིན་གྱི་ བར་ན་ཡོད་པའི་ཁ་ཞེང་ལ་དཔག་ཚད་བརྒྱད་ཁྲི་ཡོད་ཅིང་། དེའི་ཕྱིར་རོལ་གྱི་ངོས་ཀྱི་ཕྱོགས་ གཅིག་ལའང་ཞེང་གི་སུམ་འགྱུར་ཡིན་པས་ཉིས་འབུམ་བཞི་ཁྲི་ཡོད་ལ། ཐམས་ཅད་ཀྱང་གྲུ་ བཞི་ཡིན་པས་མཐའ་སྐོར་དུ་ནི་དེའང་བཞི་འགྱུར་རོ(དགུ་འབུམ་དྲུག་ཁྲིའོ)། །ཕྱི་མ་རྣམས་ལ་ཕྱེད་ ཕྱེད་ཕྲི་བས་གཉིས་པ་ལ་བཞི་ཁྲི་དང་། བདུན་པ་ལ་སྟོང་ཉིས་བརྒྱ་ལྔ་བཅུའི་བར་ཏེ། མཐའ་ སྐོར་ནི་དཔྱད་པས་ཤེས་ཤིང་ཐམས་ཅད་ཀྱང་། (རྒྱལ་པོ་སྲས་ཀྱིས།)བསིལ་དང་ཞིམ་དང་ཡང་ དང་འཇམ། །དང་བ་དང་ནི་དྲི་ང་མེད། །འཐུང་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལ་ནི་མི་ གནོད་པའོ། །ཞེས་པ་ལྟར་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། མདོག་ ཤིན་ཏུ་སྔོ་བ། མེ་ཏོག་དང་སྨན་སྣ་ཚོགས་ཀྱིས་བརྒྱན་པ་ཀླུའི་རྒྱལ་པོ་ཆེན་པོ་རྣམས་གནས་ པའོ། ། ཕྱིའི་རྒྱ་མཚོ་བཞི་དང་ཞེས་པ་ནི། ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན། །འབུམ་ཕྲག་གསུམ་དང་ སྟོང་ཕྲག་ནི། ཉི་ཤུ་གཉིས་སོ། །ཞེས་པ་ལྟར་མུ་ཁྱུད་འཛིན་ནས་ལྕགས་རིའི་བར་གྱི་མཚོ་ནི་ ཕྱིའི་རྒྱ་མཚོ་ཆེན་པོ་ཡིན་ཞིང་། ཕྱོགས་ཀྱིས་ཕྱེ་བས་བཞིར་ཡང་འགྱུར་ལ། ཁ་ཞེང་དུ་སུམ་འབུམ་ཉི་ཁྲི་ཉིས་སྟོང་ཡོད་པ་སྟེ། བམ་ཚྭ་ཅན་གྱི་ཆུས་ཡོངས་སུ་གང་བ། ཀླུ་དང་ཆུ་སྲིན་ལ་སོགས་པའི་སྲོག་ཆགས་སྣ་ཚོགས་པ་དང་། རིན་པོ་ཆེའི་རིགས་དུ་མ་ཡོད་ པ་ཀླུ་གཙང་སྦྲ་ཅན་གནས་པས་ཤི་བའི་རོ་དང་ཞག་ཏུ་མི་འགྲོགས་པ། རླབས་ཀྱི་རིམ་པ་ཆེ་ 1-1-414 ཆུང་རྣམས་(གདགས་པར། ཆུང་བ་ནང་བར་དང་ཕྱི་མ་རེད་ཀྱི་དུས་རླབས་ནི་རྒྱ་མཚོ་ནས་སེམས་ཅན་བཀྲེས་ཤིང་། ཉམ་ ཆུང་བས་ཟས་ཚོལ་བ་ནང་པར་མཚོ་ནས་འཐོན་ཞིང་ཕྱི་མ་རེད་བཀྲེས་བཞིན་དུ་ལྡོག་པས་འབྱུང་ལ། ཆེན་པོ་ཆོས་བརྒྱད་དང་ བཅུ་བཞི་སོགས་ལ་རྒྱ་མཚོ་ནས་སེམས་ཅན་ཐང་ལ་བྱུང་ནས་ལྷ་ལ་ཕྱག་འཚལ་ཞིང་གསོ་སྦྱོང་བྱེད་པས་འབྱུང་ངོ་)དུས་ལས་ མི་འདའ་བར་འབྱུང་བའོ། །དེར་ཆུ་ཀླུང་དཔག་ཏུ་མེད་པ་བབས་ཤིང་། ཀླུའི་རྒྱལ་པོ་རྣམས་ ཀྱིས་ཆར་གྱི་རྒྱུན་མང་པོ་ཕབ་ཀྱང་ལྷག་པར་འཕེལ་བར་མི་འགྱུར་བ་ནི། གདགས་པར། དེ་ ན་གནས་པའི་སྲོག་ཆགས་ཀྱིས་ལོངས་སྤྱད་པའི་ལྷག་མ་རླུང་དང་ཉི་ཚན་གྱིས་སྐེམས་པར་ བཤད་ཅིང་། མདོ་ལས་(འཛངས་བླུན)། དམྱལ་བའི་མེས་སྐེམས་པ་དང་། རིན་པོ་ཆེའི་ཁྱད་པར་ འགའ་ཞིག་གིས་མི་སྣང་བར་བྱེད་པར་གསུངས་ལ། ཨ་བྷ་ཡས། སྤྲིན་གྱིས་ཆུ་ནི་མ་བླངས་ ཀྱང་། །རྒྱ་མཚོའི་ཆུ་ནི་ཟད་མི་འགྱུར། །ཞེས་རྒྱ་མཚོའི་ཆུ་ཉིད་འཁོར་བར་ཡང་བཤད་དོ། །རི་ རབ་ཀྱི་བང་རིམ་དང་ཞེས་པ་ནི། འདི་ལ་བང་རིམ་བཞི་ཡོད་དེ། བར་གྱི་ཚད་ན་སྟོང་ཕྲག་ བཅུ་། །སྟོང་ཕྲག་དག་ནི་བཅུ་དྲུག་དང་། བརྒྱད་དང་བཞི་དང་གཉིས་འཕགས་སོ། །ཞེས་ པ་ལྟར་འོག་ནས་རིམ་པ་བཞིན་ཁྲི་དྲུག་སྟོང་དང་བརྒྱད་སྟོང་དང་བཞི་སྟོང་དང་ཉིས་སྟོང་ཕྱི་ རོལ་དུ་འཕགས་ཤིང་། གོང་འོག་གི་བར་ལ་ཁྲི་ཕྲག་རེ་རེ་ཡོད་པ་སྟེ། གདགས་པར། དེ་དག་ ཀྱང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པར་བཤད་དོ། ། (གཉིས་པ།)གནས་གཞན་ལ། བདེ་འགྲོ་དང་ངན་འགྲོའི་གནས་གཞན་གཉིས་ལས། དང་ པོ་ལ། རྒྱལ་ཆེན་བཞིའི་རིས་ཀྱི་གནས་གཞན་དག་དང་ཞེས་སྦྱར་ཏེ། བང་རིམ་བཞི་ལ་འོག་ ནས་རིམ་པ་བཞིན། །དེ་ལ་ལག་ན་གཞོང་ཐོགས་དང་། །ཕྲེང་ཐོགས་དང་ནི་རྟག་མྱོས་དང་། ། རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། །རི་བོ་བདུན་པོ་རྣམས་ལ་ཡང་། །ཞེས་པ་ལྟར་ བང་རིམ་བཞི་པ་ལ་རྒྱལ་བོ་ཆེན་པོ་བཞི་པོ་རང་ཉིད་འཁོར་དང་བཅས་པའི་གནས་ཡོད་ ཅིང་། འོག་མ་རྣམས་དང་རི་བདུན་ལ་ཡང་དེའི་རིས་སུ་གཏོགས་པའི་གྲོང་དང་གྲོང་རྡལ་ལ་ 1-1-415 སོགས་པ་ཡོད་ལ། །གཞན་ཡང་རི་དང་ཆུ་ཀླུང་དང་། ཤིང་དང་ནགས་ཚལ་དང་། ས་བླ་དང་ ནམ་མཁའ་དང་། རྒྱ་མཚོ་དང་ཉི་ཟླ་དང་སྐར་མ་ལ་སོགས་པ་རྣམས་ལ་ཡང་དེ་དང་དེའི་ལྷའི་ གནས་ཡོད་དེ། མཛོད་འགྲེལ་དུ། དེ་ཉིད་ཀྱི་ཕྱིར་ལྷའི་རིས་དེ་ནི་ཐམས་ཅད་པས་ཆེའོ་ཞེས་ པ་ལྟར་རོ། །ས་དང་གདགས་པར། གཉའ་ཤིང་འཛིན་གྱི་སྟེང་གི་ཤར་ན་ཡུལ་འཁོར་སྲུང་གི་ ཕོ་བྲང་ཡང་ཡུལ་འཁོར་སྲུང་ཞེས་བྱ་བ་དང་། ལྷོ་ན་འཕགས་སྐྱེས་བོའི་ཕོ་བྲང་འཕགས་པར་ སྐྱེས་ཞེས་བྱ་བ་དང་། ནུབ་ན་སྤྱན་མི་བཟང་གི་ཕོ་བྲང་སྣ་ཚོགས་གཟུགས་ཞེས་བྱ་བ་དང་། བྱང་ན་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཞེས་བྱ་བ་དང་ཐམས་ཅད་ཀྱང་ཆུ་ཞེང་དུ་དཔག་ ཚད་ཉིས་བརྒྱ་ལྔ་བཅུ་ཡོད་པ། དཔག་ཚད་སྟོང་གི་མཐའ་ནས་གསེར་གྱི་ར་བ་དཔག་ཚད་ ཕྱེད་པས་བསྐོར་བ། དབྱིབས་ཀུན་ནས་གྲུ་བཞིར་མཉམ་པ། རིན་པོ་ཆེ་ལས་གྲུབ་པའི་རྩིག་ སྐྱབས་དང་མདའ་ཡབ་དང་ཟམ་པ་བརྒྱུད་མ་བཞི་དང་ལྡན་པ། གཡས་དང་གཡོན་ན་རྫིང་ བུ་ཆུ་སྦྲང་རྩི་ལྟ་བུས་གང་བ་ལ་མེ་ཏོག་དང་བྱ་སྐད་སྙན་པ་སྣ་ཚོགས་པས་བརྒྱན་པ་ཡོད་པར་ གསུངས་སོ། ། སུམ་ཅུ་རྩ་གསུམ་གྱི་གནས་གཞན་རྣམས་དང་ཞེས་པ་དོན་བཞིས་འཆད་པ་ལ་ཕྱིའི་ ཚད་ནི། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེ་ཡི་ངོས་ལ་བརྒྱད་ཁྲིའོ། །ཕྱོགས་བྲལ་བརྩེགས་ པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས་ཞེས་པ་ལྟར་རི་རབ་ཀྱི་སྟེང་གི་རྒྱ་དང་མཉམ་པར་སུམ་ ཅུ་རྩ་གསུམ་གྱི་ངོས་རེ་རེ་ལའང་དཔག་ཚད་བརྒྱད་ཁྲི་ཡོད་པས་མཐའ་སྐོར་དུ་སུམ་འབུམ་ ཉི་ཁྲི་ཡོད་ཅིང་། དེའི་མཚམས་བཞིན་ཁང་པ་བརྩེགས་མ་བཞི་ནི་རིན་པོ་ཆེ་བཞི་ལས་གྲུབ་ པ། ཆུ་ཞིང་དུ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པ། དཔག་ཚད་ཕྱེད་དང་ལྔ་གྱེན་དུ་འཕགས་ པ་གནོན་སྦྱིན་ལག་ན་རྡོ་རྗེ་གནས་པ་སྟེ། ས་དང་མཛོད་འགྲེལ་དུ་དཔག་ཚད་ལྔ་བརྒྱར་ཡང་ གསུངས་སོ། ། 1-1-416 ནང་གི་གྲོང་ནི། དབུས་ན། གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་བ། ། དཔག་ཚད་ཕྱེད་དང་གཉིས་གསེར་གྱི། །རང་བཞིན་གཞི་བཀྲ་མཉེན་པ་ཡོད། །ཅེས་པ་ལྟར་ སུམ་ཅུ་རྩ་གསུམ་གྱི་དབུས་ན་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ། ཆུ་ཞེང་ལ་དཔག་ཚད་ཉིས་ སྟོང་ལྔ་བརྒྱ་ཡོད་པ། མཐའ་སྐོར་དུ་ཁྲི་ཡོད་པ། གསེར་གྱི་ར་བ་འཕང་དུ་དཔག་ཚད་ཕྱེད་དང་ གཉིས་ཡོད་པས་བསྐོར་བ། ས་གཞི་ཚོན་སྣ་བརྒྱ་རྩ་གཅིག་གིས་རྣམ་པར་བཀྲ་བ། མནན་ ན་ནེམ་ཞིང་བཏེག་ན་འཕར་བ་དང་ལྡན་པ་ཡོད་དེ། སར། རི་རབ་དེའི་སྟེང་ན་ལྷའི་ཕོ་བྲང་ གནས་པའི་ཚད་ནི་ཆུ་ཞིང་དུ་དཔག་ཚད་ཁྲི་ཁྲི་ཡོད་དོ། །གཞན་དག་ནི་ལྷ་དེ་དག་གི་གྲོང་དང་ གྲོང་རྡལ་དང་ལྗོངས་རྣམས་ཡོད་དོ། །ཞེས་ཀྱང་གསུངས་ལ། གཞག་པར། དེ་ནི་གསེར་གྱི་ ར་བ་དཔག་ཚད་ཕྱེད་དང་གསུམ་པས་བསྐོར་པ། རྩིག་སྐྱབས་གསེར་དང་དངུལ་དང་བཻ་ཌཱུ་ ཪྻ་དང་ཤེལ་ལས་བྱས་པ། མདའ་ཡབ་བཟང་པོ་བཞི་དང་ལྡན་པ། སྒོ་སྟོང་དུ་གཅིག་གིས་ མ་ཚང་བ་ཡོད་པ། སྒོའི་དཔངས་སུ་ཚད་ཕྱེད་དང་གསུམ་དང་། ཞིང་དུ་ཕྱེད་དང་གཉིས་ཡོད་ པ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ། སྒོ་རེ་རེ་ལ་སྲུང་མ་གོ་མཚོན་ཐོགས་པ་ལྔ་བརྒྱ་ལྔ་བརྒྱ་ ཡོད་པ། ལམ་སྲང་ཞིང་དུ་དཔག་ཚད་བཅུ་གཉིས་དང་སྲིད་དུ་ཉིས་སྟོང་དང་ལྔ་བརྒྱ་ཡོད་པ། གསེར་གྱི་བྱེ་མ་བརྡལ་བ་དང་ལྡན་པ་ལ་སོགས་པར་བཤད་དོ། ། གཙོ་བོའི་གནས་ནི། དེ་ན་རྣམ་པར་རྒྱལ་བྱེད་དེ། ངོས་ལ་ཉིས་བརྒྱ་ལྔ་བཅུའོ། །ཞེས་ པ་ལྟར་ལྟ་ན་སྡུག་གི་དབུས་ན་ལྷའི་དབང་པོའི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ། ཆུ་ ཞིང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་པ། མཐའ་སྐོར་སྟོང་ཡོད་པ། གྲོང་ལས་དཔག་ ཚད་ཕྱེད་དང་ལྔ་གྱེན་དུ་འཕགས་པ། རྨང་རིན་པོ་ཆེ་བཞི་ལས་བྱས་པ། ཐེམ་སྐས་བཞི་དང་ ལྡན་པ། ཀ་བ་རྣམས་གསེར་དང་དངུལ་དང་བཻ་ཌཱུ་ཪྻ་དང་ཤེལ་ལས་བྱས་པ། ཀ་རྟེན་དང་ཀ་ ཞུ་དང་བྲེ་ཕུལ་དུང་ལ་སོགས་པ་ལས་བྱས་པ། བ་གམ་བརྒྱ་རྩ་གཅིག་གིས་མཛེས་པ། བ་ 1-1-417 གམ་(ས་ནས་བརྒྱ་བརྒྱ་)རེ་རེ་(གདགས་པར་)ལ་ཁང་པ་བརྩེགས་པ་བདུན་བདུན་དང་། ཁང་པ་རེ་རེ་ ལ་ཁང་མིག་བདུན་བདུན་དང་། ཁང་མིག་རེ་རེ་ལ་ལྷའི་བུ་བདུན་བདུན་དང་། ལྷའི་བུ་རེ་རེ་ ལ་ལྷ་མོ་བདུན་བདུན་དང་། ལྷ་མོ་རེ་རེ་ལ་གཡོག་མོ་བདུན་བདུན་དང་། གཡོག་མོ་རེ་རེ་ལ་ སིལ་སྙན་འཁྲོལ་བ་བདུན་བདུན་ཡོད་པ་ལ་སོགས་པ་གྲོང་གི་མངོན་དགའ་བ་དང་ལྡན་པའོ། ། ཚལ་སོགས་འཁོར་ནི། ཕྱི་རོལ་ཤིང་རྟ་སྣ་ཚོགས་དང་། །རྩུབ་འགྱུར་འདྲེས་ཚལ་དགའ་བས་ བརྒྱན། །ཞེས་པ་ལྟར་གྲོང་ཁྱེར་ལས་དཔག་ཚད་ཉི་ཤུའི་ཕྱི་རོལ་ན་ལྷ་རྣམས་འདོད་ཡོན་ལ་ རྩེ་བའི་སྐྱེད་མོས་ཚལ་བཞི་ཡོད་དེ། ཤར་ན་འདོད་པའི་ཡོན་ཏན་དུ་མ་དང་ལྡན་པ་ཤིང་རྟ་སྣ་ ཚོགས་ཀྱི་ཚལ་དང་། ལྷོ་ན་ལུས་དང་སེམས་རྩུབ་བར་འགྱུར་བའི་ཚལ་དང་། ནུབ་ན་འཆོལ་ པར་འདྲེས་ཏེ་སྤྱོད་པའི་ཚལ་དང་། བྱང་ན་ཡིད་རབ་ཏུ་བདེ་ཞིང་དགའ་བར་འགྱུར་བའི་ཚལ་ ལོ། །འདི་དག་གི་ནི་ཕྱོགས་བཞི་ན། ཉི་ཤུས་བཅད་ན་ས་གཞི་བཟང་། །ཞེས་པ་ལྟར་ཚལ་བཞི་ ལས་དཔག་ཚད་ཉི་ཤུའི་ཕྱི་རོལ་ན་ས་གཞི་བཟང་པོ་བཞི་དང་། ཤིང་རྟ་སྣ་ཚོགས་དང་རྩུབ་པ་ དང་འདྲེས་པ་དགའ་བ་ཞེས་བྱ་བ་སྟེ། ཐམས་ཅད་ཚད་རྣམ་རྒྱལ་དང་མཚུངས་པ། གསེར་གྱི་ ར་བ་དཔག་ཚད་གཅིག་པས་བསྐོར་བ། རྩིག་སྐྱབས་དང་མདའ་ཡབ་དང་ཟམ་པ་བརྒྱུད་མ་ རྣམས་རིན་པོ་ཆེ་བཞི་ལས་བྱས་པ། ནང་ན་ལམ་སྲང་དང་རྫིང་བུ་ལ་སོགས་པའི་འདོད་ཡོན་ སྣ་ཚོགས་དང་བཅས་པའོ། །བྱང་ཤར་མཚམས་ན་ཡོངས་འདུ་སྟེ། ལྷོ་ནུབ་མཚམས་ན་ཆོས་ བཟང་ངོ་། །ཞེས་པ་ལྟར་གྲོང་ཁྱེར་གྱི་ཕྱི་རོལ་བྱང་ཤར་གྱི་ཆ་ལ་དཔག་བསམ་གྱི་ཤིང་ཡོངས་ འདུས་བརྟོལ་ཞེས་བྱ་བ། སྦོམས་སུ་དཔག་ཚད་ཉི་ཤུ་ཡོད་པ། རྩ་བ་ལྔ་བཅུ་ཐུར་དུ་ཟུག་ཅིང་ དཔངས་སུ་བརྒྱ་གྱེན་དུ་འཕགས་པ། ཡལ་ག་དང་ལོ་འདབ་ཀྱིས་བརྒྱད་ཅུར་ཁྱབ་པ། མེ་ ཏོག་རྒྱས་པའི་དྲི་རྫི་ཕྱོགས་སུ་དཔག་ཚད་བརྒྱ་དང་ཕྱོགས་གཞན་ལྔ་བཅུར་ལྡང་བ། དེའི་དྲུང་ དུ་ལྷ་རྣམས་དབྱར་ཟླ་བ་བཞི་རྩེ་ཞིང་དགའ་བར་བྱེད་པ་ཡོད་ལ། ལྷོ་ནུབ་ན་ཆོས་བཟང་ལྷའི་ 1-1-418 འདུན་ས་(དབྱིབས་གྲུ་གསུམ་ངོས་རེ་ལ་སུམ་བརྒྱ། གྱེན་དུ་གྲོང་ལས་དཔག་ཚད་ཕྱེད་དང་བཞི་འཕགས་པ།)ཞེས་བྱ་བ། ། ས་གཞི་དང་ཐོག་ལ་སོགས་པ་ཕལ་ཆེར་ཤེལ་ལས་གྲུབ་པ། དབུས་ན་བཻ་ཌཱུཪྻའི་ཀ་བ་ཟུར་ བརྒྱད་པས་མཛེས་པ། གསེར་གྱི་ཁྲི་བཟང་པོ་དང་ལྡན་པ། དཔག་ཚད་གཅིག་པའི་འོབས་ཆུ་ སྦྲང་རྩི་ལྟ་བུས་གང་ཞིང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་རིམ་པ་བདུན་གྱིས་བསྐོར་བ་ཡོད་ དེ། དེར་ལྷ་རྣམས་ཆོས་ཀྱི་དོན་ལ་འཇལ་རྟོག་ངེས་པར་སེམས་པར་བྱེད་ཅིང་། ཁྱད་པར་ བརྒྱ་བྱིན་ལྷ་དང་མིའི་དོན་ལ་སེམས་པར་བྱེད་པ་ཡོད་དོ། །དེ་དང་ཉེ་བ་ན་ཨར་མོ་ནི་ཀ་ལྟ་ བུ་ཞེས་བྱ་བའི་རྡོ་ལེབ་དཀར་པོ་ངོས་རེ་ལ་དཔག་ཚད་ལྔ་བཅུ་ཡོད་པ། འཕངས་སུ་དྲུག་དང་ བཅོ་བརྒྱད་ཡོད་པ། བཟང་ཞིང་ལྟ་ན་སྡུག་པ། བརྒྱ་བྱིན་འཁོར་དང་བཅས་པའི་གདན་སྣ་ ཚོགས་ཀྱིས་བརྒྱན་པ་ཡོད་ཅིང་། རྣམ་རྒྱལ་ཁང་བཟང་གི་སྟེང་ན་(རྔ་དེ་གཟུགས་མེད་བསྟན་དུ་མི་རུང་ ཡང་། །དེ་ལྟར་རྔ་སྒྲ་དོན་ཆེན་བརྒྱད་བྱེད་ན། །ཞེས་སོ། །)རྔ་བོ་ཆེ་ཆོས་ཀྱི་སྒྲ་དབྱངས་ཞེས་བྱ་བ། བསྟན་དུ་ མེད་ཅིང་ཐོགས་པ་དང་བཅས་པའི་གཟུགས། མ་བརྡུངས་པར་སྒྲ་འབྱུང་བ། ལྷ་རྣམས་འདོད་ ཡོན་ལ་ཡེངས་ན་ཆོས་ལ་སྐུལ་ཞིང་། ལྷ་མ་ཡིན་གྱིས་གཙེས་ན་དབུགས་འབྱིན་པ་ཡོད་པ་ལ་ སོགས་པ་ཁྱད་པར་དུ་མ་དང་ལྡན་པའོ། །ཁོར་ཡུག་གི་རི་དང་ཞེས་པ་ནི། ཕྱི་རོལ་ན་འཁོར་ ལོ་ལྟ་བུའི་ཁོར་ཡུག་སྟེ། །བདུན་ནི་གསེར་ཡིན་དེ་ལྕགས་སོ། །ཞེས་པ་ལྟར་གླིང་བཞི་གླིང་ ཕྲན་ཐམས་ཅད་ཕྱི་རོལ་ནས་འཁོར་ལོ་ལྟ་བུར་བསྐོར་བའི་ཁོར་ཡུག་ལྕགས་རི་ལས་གྲུབ་པ་ ཆུ་མཚམས་ཡན་ཆད་ལ་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་ཡོད་པ་སྟེ། སར་ནི་མུ་ ཁྱུད་འཛིན་དང་ཚད་མཉམ་པར་ཡང་བཤད་ཅིང་། ལུང་ཕྲན་ཚེགས་སུ། འདི་ལའང་ལག་ན་ རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་རྒྱལ་ཆེན་རིས་བཞི་པའི་རིས་ཀྱི་ལྷ་གནས་པར་གསུངས་སོ། ། གླིང་བཞི་པ་འདི་ནི་བཅོམ་པ་དང་ལྡན་ཞེས་བྱ་བ་ཡིན་ལ། འདི་དང་འདབས་ཆགས་པར་ ཕྱོགས་བཞི་ན་ཤིན་ཏུ་སྲུང་དང་། དགའ་བ་བཟོད་དཀའ་དང་། སྙིང་པོ་དམ་པ་དང་། གཉེན་ 1-1-419 ལྡན་ཞེས་བྱ་བ་ལ་སོགས་པ་ཡོད་པར་བཤད་དོ། །ནམ་མཁའ་ལ་གཞལ་མེད་ཁང་རྣམས་ དང་། ཞེས་པ་ནི་འོག་གཞི་ལ་མ་བརྟེན་པར་བར་སྣང་ལ་གནས་པའི་ཉི་ཟླ་དང་གཟའ་སྐར་ ནས་འོག་མིན་གྱི་བར་གྱི་གནས་གཞན་ཐམས་ཅད་སྤྱིར་བསྟན་པ་སྟེ། དེ་ལ་ཐོག་མར་ཉི་མ་ དང་ཟླ་བ་དང་། དེ་དག་ལ་བརྟེན་པའི་དུས་ཀྱི་ཁྱད་པར་ལ་སོགས་པ་འཆད་པ་ལ་དོན་ལྔ་ ལས། (དང་པོ།)ཉི་ཟླའི་གནས་ལུགས་ནི། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཚད་ལྔ་བཅུ་གཅིག་ དང་བཅས། །ཞེས་པ་ལྟར་གཉིས་ཀ་ལྷུན་པོའི་ཕྱེད་ཀྱི་ཐད་ཀའི་ནམ་མཁའ་ནས་འཁོར་བ། ཟླ་བའི་དཀྱིལ་འཁོར་ནི་ཆུ་ཤེལ་ལས་གྲུབ་པ། དབུས་ཀྱི་ཐད་ཀ་ལ་དཔག་ཚད་ལྔ་བཅུ་ཡོད་ པ། ཉི་མའི་དཀྱིལ་འཁོར་ནི་མེ་ཤེལ་ལས་གྲུབ་པ། ཐད་ཀ་ལྔ་བཅུ་རྩ་གཅིག་ཡོད་པ། གཉིས་ ཀའི་མཐའ་སྐོར་དུ་དེ་དང་དེའི་སུམ་འགྱུར་ལྡན་པ། དཔངས་སུ་དྲུག་(ཕྱེད་དང་)དྲུག་(ཟེར་)དང་ བཅོ་བརྒྱད་ཆ་ཡོད་པ། གསེར་གྱི་ར་བ་དཔག་ཚད་(ཕྱེད་ཟེར་)གཅིག་པས་བསྐོར་བ། རིན་པོ་ ཆེའི་གཞལ་མེད་ཁང་དང་། ལམ་སྲང་དང་། ལྗོན་ཤིང་དང་། རྫིང་བུ་མེ་ཏོག་ལ་སོགས་པ་ལྷ་ རྫས་ཀྱི་ལོངས་སྤྱོད་དུ་མ་དང་ལྡན་པའོ། ། (གཉིས་པ།)གླིང་བཞི་པོར་འཁོར་ཚུལ་ལ་རང་འགྲོས་རྒྱུ་སྐར་གྱི་སྟེང་ནས་ལོངས་སྤྱོད་པས་ གཡོན་སྐོར་དུ་འཁོར་བ་ནི་ཟླ་བ་མགྱོགས་ཤིང་ངེས་མེད་དུ་འགྲོ་(ལ་ཕལ་ཆེར་ཞག་ཉེར་བདུན་ན་ཁྱིམ་ བཅུ་གཉིས་འཁོར།)བས་ཟླ་བ་རེར་ཁྱིམ་བཅུ་གཉིས་བགྲོད་ཅིང་། ཉི་མས་ཁྱིམ་རེ་བགྲོད་ལ། རླུང་ འགྲོས་སེམས་ཅན་གྱི་ལས་ཀྱི་དབང་གིས་བར་སྣང་ལ་འཕུལ་དང་འདེགས་པ་དང་སྐྱོར་བའི་ རླུང་གི་སྟོབས་ཀྱིས་གཡས་སྐོར་དུ་འཁོར་བ་ནི། ནམ་ཕྱེད་ཉི་མ་ནུབ་པ་དང་། ཉི་མ་ཕྱེད་དང་ འཆར་དུས་གཅིག་ཅེས་པ་ལྟར་བྱང་གི་ནམ་ཕྱེད་པ་དང་ཤར་གྱི་ཉི་མ་ནུབ་པ་དང་། ལྷོའི་ཉི་ མ་ཕྱེད་པ་དང་ནུབ་ཀྱི་ཉི་མ་འཆར་བ་རྣམས་དུས་གཅིག་པའི་ཚུལ་གྱིས་འཁོར་ཞིང་སྣང་བའི་ 1-1-420 བྱ་བ་(དེའང་ས་འགྲེལ་དུ་ཉིན་མཚན་མཉམ་པ་ནའོ་ཞེས་སོ་)བྱེད་དེ། དེ་དང་ཚུལ་མཚུངས་པར་ཟླ་བ་དང་ གཟའ་སྐར་རྣམས་ཀྱང་ཉིན་ཞག་རེ་ལ་ལན་རེ་འཁོར་རོ། ། (གསུམ་པ།)ཉིན་མཚན་གྱི་རིང་ཐུང་ནི། (རང་འགྲེལ་དུ། འདུས་བཟང་དང་། ཕྱོགས་གླང་གི་འགྲེལ་པ་ལས། དབྱར་གྱི་གཉིས་པ་དབྱར་ཟླ་ཐ་ཆུང་དང་། དགུན་གྱི་བཞི་པ་དགུན་ཟླ་ཐ་ཆུང་དུ་བཤད་ལ། གདགས་པར་ཡང་། དགུན་ཟླ་ཐ་ ཆུང་ཡར་ངོའི་ཚེས་བརྒྱད་ལ་མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ། །ཞེས་འབྱུང་ཡང་འགྱུར་ ཁྱད་མིན་པ་དོན་འདྲའམ་སྙམ་སྟེ། ཡང་དེ་ཉིད་ལས་སྟོན་ཟླ་ར་བ་ཡར་ངོའི་ཚེས་བརྒྱད་ལ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད་མཚན་ མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ། །ཞེས་པས་སོ། །)དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་ མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ན། །ཐུང་དུ་འགྱུར་རོ་ཉིན་མོ་ལྡོག །ཅེས་པ་སྟེ། (ཐོག་ མར་)ལོ་གཅིག་ལ་དུས་བཞིར་འབྱེད་པ་(འདི་གཟུང་)ན(གོ་བདེ་བས)། ཁྲུམས་དང་ཐ་སྐར་སྨིན་དྲུག་ (གི་ཟླ་བ་གསུམ་ནི)སྟོན(ཟླ་བ་འབྲིང་ཐ་ཆུང་གསུམ་པ)། །མགོ་དང་རྒྱལ་དང་མཆུ་ནི་དགུན(ཟླ་བ་འབྲིང་ཐ་ཆུང་ གསུམ་པ)། །དབོ་དང་ནག་པ་ས་ག་དཔྱིད(ཟླ་བ་འབྲིང་ཐ་ཆུང་གསུམ་པ)། །སྣོན་དང་ཆུ་སྟོད་གྲོ་ བཞིན་དབྱར(ཟླ་བ་འབྲིང་ཐ་ཆུང་གསུམ་པ)། །ཞེས་བྱ་བ་ཡིན་ལ། འདིར་དེ་དག་དུས་གསུམ་དུ་སྡུད་ པས་ན་སྨིན་དྲུག་གི་(སྟོན་ཟླ་ཐ་ཆུང་)ཚེས་བཅུ་དྲུག་ནས་(དཔྱིད་ཟླ་ར་བ་)དབོའི་ཚེས་བཅོ་ལྔའི་བར་ ཟླ་བ་བཞི་ནི་དགུན་གྱི་དུས་དང་། དེའི་བཅུ་དྲུག་ནས་(དབྱར་ཟླ་འབྲིང་པོ་)ཆུ་སྟོད་ཀྱི་བཅོ་ལྔའི་ བར་ཟླ་བ་བཞི་ནི་དཔྱིད་ཀྱི་དུས་དང་། དེའི་བཅུ་དྲུག་ནས་སྨིན་དྲུག་གི་བཅོ་ལྔའི་བར་ཟླ་བ་ བཞི་ནི་དབྱར་གྱི་དུས་སོ། །དེ་ལ་གྲོ་བཞིན་གྱི་ཕྱེད་ཕྱི་མ་ནས་ཁྲུམས་ཀྱི་ཕྱེད་སྔ་མའི་བར་ནི་ དབྱར་གྱི་ཟླ་བ་གཉིས་ཡིན་ལ། དེའི་ཐ་མ་ཁྲུམས་ཀྱི་ཡར་ངོའི་ཚེས་དགུ་ལ་སྟོན་ཉིན་མཚན་ མཉམ་ཞིང་། དེ་ནས་མཚན་མོ་རིང་དུ་སོང་བ་ནས་བརྩམས་ཏེ་ཟླ་བ་གསུམ་ན་མགོའི་ཡར་ ངོའི་ཚེས་དགུ་ལ་དགུན་གྱི་ཉི་མ་ལྡོག་གོ། མཆུའི་ཕྱེད་ཕྱི་མ་ནས་དབོའི་ཕྱེད་སྔ་མའི་བར་ནི་ དགུན་གྱི་ཟླ་བ་བཞི་པ་ཡིན་ལ། དེའི་ཐ་མ་དབོའི་ཡར་ངོའི་ཚེས་དགུ་ལ་དཔྱིད་ཀྱི་ཉིན་མཚན་ 1-1-421 མཉམ་ཞིང་། དེ་ནས་མཚན་མོ་ཐུང་དུ་སོང་བ་ནས་བརྩམས་ཏེ་ཟླ་བ་གསུམ་ན་སྣོན་གྱི་ཡར་ ངོའི་ཚེས་དགུ་ལ་དབྱར་གྱི་ཉི་མ་ལྡོག་གོ། (དེའང་སྟོན་དཔྱིད་ར་བའི་ཚེས་དགུར་ཉིན་མཚན་མཉམ། །དབྱར་ དགུན་ར་བའི་ཚེས་དགུར་ཉི་མ་ལྡོག །ཅེས་པའོ། །)དེ་དག་ནི་རགས་པ་སྟེ། ཞིབ་མོར་ནི་ཉི་མ་ལྡོག་པ་དང་། ཞག་མི་ཐུབ་འདོར་བ་དང་ཞག་འབྱུང་བ་ལ་སོགས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་བྱེད་རྩིས་ ལས་ཤེས་པར་བྱའོ། ། (བཞི་པ།)དེའི་ཚད་དང་རྒྱུ་མཚན་ནི། ཉིན་མཚན་རིང་བ་ཐང་ཅིག་གོ། ཉི་མ་ལྷོ་བྱང་འགྲོ་ ཚེའོ། །ཞེས་པ་ལྟར་ཞག་རེ་ལ་ཐང་ཅིག་རེས་རིང་ཐུང་དུ་བྱེད་ཅིང་། ཉིན་མཚན་མཉམ་པ་ནི་ གཉི་ག་ལ་ཡུད་ཙམ་བཅོ་ལྔ་དང་། རིང་ཐུང་དུ་གྱུར་པ་ན་ཐུང་ཤོས་ལ་ཡུད་ཙམ་བཅུ་གཉིས་ དང་། རིང་ཤོས་ལ་ཡུད་ཙམ་བཅོ་བརྒྱད་དུ་འགྱུར་རོ། །དེ་ཡང་ཉི་མ་ལྷོར་བགྲོད་པ་ན་(དཔག་ ཚད་ཕྱེད་དང་དྲུག་དང་བཅོ་བརྒྱད་ཆས།)གླིང་ལས་ཡོལ་ཏེ་འོད་ཟེར་རྒྱ་མཚོ་ལ་བབས་པས་གཏིང་གི་ཆུ་ དྲོ་ལ། གླིང་གི་མཐའ་མྱུར་དུ་སྤོང་བས་ཉི་མ་ཐུང་ཞིང་གྲང་བའོ། །བྱང་དུ་བགྲོད་པ་ན་(དཔག་ ཚད་ཕྱེད་དང་དྲུག་དང་བཅོ་བརྒྱད་ཆས།)རྒྱ་མཚོ་ལས་ཡོལ་ཏེ་འོད་ཟེར་གླིང་གི་སྟེང་དུ་འབབས་པས་ གཏིང་གི་ཆུ་གྲང་ལ། གླིང་གི་དབུས་དལ་བུས་སྤོང་བས་ཉི་མ་རིང་ཞིང་དྲོ་བའོ། །མྱང་འདས་ སུ། དགུན་མྱུར་དུ་འགྲོ་བས་ཉི་མ་ཐུང་ཞིང་གྲང་བ་དང་། དབྱར་དལ་བུས་འགྲོ་བས་ཉི་མ་ རིང་ཞིང་དྲོ་བར་ཡང་གསུངས་ལ། (བཅོམ་ལྡན།)ཁ་ཅིག་(དཔག་ཚད་བཅུ་གཉིས་མཐོ་དམན་དུ་བྱེད་ཅིང་) དམའ་བ་ནས་འགྲོ་བ་ན་མགྱོགས་པས་ཐུང་བ་དང་། མཐོ་བ་ནས་འགྲོ་བ་ན་བུལ་བས་རིང་ བའོ་ཞེས་ཀྱང་བཞེད་དོ། ། (ལྔ་པ།)ཟླ་བའི་ཆ་འཕེལ་འགྲིབ་ནི། (ཉི་མ་དང་ཉེ་བས་ཉི་མའི་འོད་གཞལ་ཡས་ཁང་ལ་བབས་པར་ངོས་སུ་ གྲིབ་མས་བསྒྲིབས་པས་མ་གང་བར་མཐོང་ལ་ཉི་མ་དང་བྲལ་ནས་དེའི་འོད་ཟེར་ཕོག་པའི་གྲིབ་མ་མེད་པའི་ཕྱིར་གང་བར་སྣང་ སྟེ། སྒྲོན་མེ་དང་ཀ་བའི་གྲིབ་མ་བཞིན་ནོ། །)ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་སྒྲིབ་པར་སྣང་། ། 1-1-422 ཞེས་པ་ལྟར་ཉི་མ་དང་ཕན་ཚུན་དུ་ཉེ་བ་ལས་ཉི་མའི་འོད་ཟེར་ཟླ་བའི་མཐའ་སྐོར་ལ་ཕོག་ པ་ན་གང་མཐའ་སྐོར་གྱི་གྲིབ་མས་བསྒྲིབས་པ་རྣམས་སྣང་ཞིང་། འོད་ཟེར་ཕོག་པ་རྣམས་ནི་ ཆུ་ཤེལ་གྱི་རང་བཞིན་དྭངས་བའི་རྒྱུ་མཚན་གྱིས་མི་སྣང་བའོ། །ཟླ་བའི་ནང་གི་རི་མོ་ནི། སར། རྒྱ་མཚོའི་ཉ་དང་རུལ་སྦལ་ལ་སོགས་པའི་གཟུགས་བརྙན་ཤར་བར་བཤད་ཅིང་། མདོ་ལས། བྱང་ཆུབ་སེམས་དཔའ་རི་བོང་གི་གཟུགས་བརྙན་བྲིས་པར་གསུངས་སོ། །སྐར་མ་རྣམས་ ནི་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད་དང་། བར་པ་ལ་བཅུ་དང་། ཆུང་བ་ལ་བཞི་ཡོད་པར་ གསུངས་ཤིང་། མཛོད་འགྲེལ་དུ། ཆུང་བ་ལ་རྒྱང་གྲགས་གཅིག་པར་ཡང་བཤད་དོ། །ཐམས་ ཅད་ཀྱང་ཤེལ་ལས་གྲུབ་པ། གསེར་གྱི་ར་བས་བསྐོར་བ། གཞལ་མེད་ཁང་ལ་སོགས་པ་ཉི་ ཟླ་དང་མཚུངས་། ལྷ་དང་ལྷ་མོ་རྣམས་འདོད་ཡོན་ལ་སྤྱོད་པ་དང་བཅས་པའོ། །ཉི་ཟླ་གཟའ་ སྐར་རྣམས་(གདགས་པར། ལོ་ཀ་བར་མཚམས་ཐམས་ཅད་དུ། །ཉི་ཟླ་དེ་བཞིན་སྐར་མ་དང་། །རྒྱུ་སྐར་ཚོགས་ནི་རྒྱ་ཆེན་ དང་། །ཁོར་ཡུག་མི་འདའ་ལོ་ཀ་ཡིན། །བར་མཚམས་ཐམས་ཅད་མུན་པར་འདུག །ཅེས་སོ། །)ལྕགས་རིའི་ཁོར་ཡུག་ ལས་མི་འདའ་བས་དེ་ཕན་ཆད་ནི་གླིང་བར་གྱི་མུན་པས་ཁེབས་པའོ། །(དྲང་སྲོང་གར་གས།) ལྟས་ཀྱི་རྣམ་པ་བསྟན་པ་ལས། སྐར་མ་ཐམས་ཅད་བསྡོམས་ན་དུང་ཕྱུར་གཉིས་དང་། བྱེ་བ་ ཕྲག་བརྒྱ་དང་། ས་ཡ་ལྔ་ཡོད་པར་ཡང་བཤད་དོ། །རི་རབ་ཀྱི་ཐད་ཀའི་སྟེང་གི་ནམ་མཁའ་ ལ་འཐབ་བྲལ་བའི་གནས་གཞན་དང་། དེའི་སྟེང་ན་དགའ་ལྡན་དང་། དེའི་སྟེང་ན་འཕྲུལ་ དགའ་དང་། དེའི་སྟེང་ན་ནམ་མཁའ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་ གཞན་ནི་འོག་མ་འོག་མ་ལས་ཡོན་ཏན་ཁྱད་པར་དུ་འཕགས་པ་དང་ལྡན་པ་ཡོད་དེ། ཁ་ཅིག་ ཐམས་ཅད་རི་རབ་ཀྱི་སྟེང་གི་རྒྱ་དང་མཉམ་པར་ཡང་འདོད་མོད། གཞན་དག་ནི་གོང་མ་ གོང་མ་རྣམས་ཉིས་འགྱུར་གྱིས་ཡངས་པར་བཞེད་དོ། །གཟུགས་ན་སྤྱོད་པའི་གནས་གཞན་ རྣམས་དང་ཞེས་སྦྱར་ཏེ། ཁ་ཅིག་བསམ་གཏན་དང་པོ་གླིང་བཞི་པ་ཙམ་དང་། གཉིས་པ་སྟོང་ 1-1-423 སྤྱི་ཕུད་ཙམ་དང་། གསུམ་པ་སྟོང་གཉིས་པ་བར་མ་ཙམ་དང་། བཞི་པ་སྟོང་གསུམ་ཙམ་མོ་ ཞེས་ཀྱང་འདོད་མོད། གཞན་དག་ནི་དང་པོ་སྟོང་སྤྱི་ཕུད་ཙམ་དང་། གཉིས་པ་སྟོང་གཉིས་ པ་བར་མ་ཙམ་དང་། གསུམ་པ་སྟོང་གསུམ་དང་། བཞི་པ་ཚད་མེད་པར་བཞེད་དོ(འདོད་པ་ གཉིས་གཉིས་ནི་མཛོད་འགྲེལ་དུ)། སྟེང་འོག་གི་བར་ཐག་ནི། གནས་ནས་གནས་འོག་ཇི་སྲིད་པ། དེ་ ནས་དེ་ཡི་གོང་དེ་སྲིད། །ཅེས་པ་ལྟར་སུམ་ཅུ་རྩ་གསུམ་ནས་འདིའི་བར་ལ་དཔག་ཚད་བརྒྱད་ ཁྲི་ཡོད་པ། དེ་ཙམ་དུ་དེ་ནས་འཐབ་བྲལ་ཀྱི་བར་ལའང་རྒྱ་ཁྲི་ཡོད་ཅིང་། འཐབ་བྲལ་ནས་ དེའི་བར་ལ་འབུམ་དྲུག་ཁྲི་ཡོད་པ་ལྟར་དེ་ནས་དགའ་ལྡན་གྱི་བར་ལའང་དེ་ཙམ་ཞིག་ཡོད་ གཅིག་ཅེས་བྱ་བ་ནས། མཐར་ཤིན་ཏུ་མཐོང་ནས་འདིའི་བར་ལ་ཇི་ཙམ་ཡོད་པ་ལྟར། དེ་ ནས་འོག་མིན་གྱི་བར་ལའང་དེ་ཙམ་ཞིག་ཡོད་པའོ། །རྫུ་འཕྲུལ་གཞན་རྟེན་མ་གཏོགས་པ། ། དེ་དག་གོང་མ་མཐོང་བ་མེད། །ཅེས་པ་ལྟར་རྫུ་འཕྲུལ་དང་ལྡན་པའམ། དེས་ཁྲིད་པས་ གོང་མ་མཐོང་གི། གཞན་གྱིས་ནི་མ་ཡིན་ལ། གོང་མ་འོག་ཏུ་འོངས་པའང་འོག་མའི་ལུས་སུ་ སྤྲུལ་ན་མཐོང་གི། གཞན་དུ་ན་མ་ཡིན་ནོ། །ལྷ་མ་ཡིན་རྣམས་ཀྱི་གནས་གཞན་དག་དང་ཞེས་ པ་ནི་རི་རབ་ཀྱི་འོག་གི་ཆ་ཆུ་མཚམས་མན་ཆད་ལ་ཡོད་དེ། དྲན་པ་ཉེར་གཞག་ཏུ། དཔག་ ཚད་སུམ་ཁྲི་ན་འོད་ལྡན་གྱི་གྲོང་ན་སྒྲ་གཅན་དང་། དེ་ནས་བཞི་སྟོང་ན་སྐར་ཕྲེང་གི་གྲོང་ན་ མགུལ་ཕྲེང་དང་། དེ་ནས་བཞི་སྟོང་ན་བརྟན་པའི་གྲོང་ན་རབ་གནོན་དང་། དེ་ནས་བཞི་སྟོང་ ན་ཟབ་པའམ་གསེར་ལྡན་གྱི་གྲོང་ན་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་གནས་པར་ གསུངས་སོ། །ལྷ་རྣམས་མཐོ་བ་བཟང་བ་ལྟར་འདི་རྣམས་དམའ་བ་བཟང་ཞིང་། བཞི་པ་ ཐགས་བཟངས་རིས་ནི་གསེར་གྱི་ས་གཞིའི་སྟེང་ན་སུམ་ཅུ་རྩ་གསུམ་ལ་འགྲན་པའི་ལོངས་ སྤྱོད་དང་ལྡན་པ་སྟེ། དེའང་ལྟ་ན་སྡུག་གི་དོད་ལ་གྲོང་ཁྱེར་གསེར་ལྡན་དང་། རྣམ་རྒྱལ་གྱི་ དོད་ལ་ཁང་བཟང་གཏམས་པ་ཅན་དང་། ཆོས་བཟང་གི་དོད་ལ་འདུན་ས་ནོར་བཟངས་དང་། 1-1-424 ཡོངས་འདུའི་དོད་ལ་ཙི་ཏྲ་པ་ཏྲ་དང་། རྡོ་ལེབ་དཀར་པོའི་དོད་ལ་རྡོ་ལེབ་བཟང་པོ་དང་། ཚལ་བཞིའི་དོད་ལ་ཀུན་དགའ་དང་། རབ་དགའ་དང་དགའ་བ་དང་ཀུན་དགའ་ར་བ་དང་། ས་གཞི་བཞིའི་དོད་ལ་ཀུན་དགའ་ཅན་ལ་སོགས་པ་བཞི་དང་། རབ་བརྟན་གྱི་དོད་ལ་གཡུལ་ གྱི་གླང་པོ་ཏི་སེ་གངས་བརྩེགས་དང་། ས་སྲུངས་ཀྱི་བུའི་དོད་ལ་བཟོད་པར་དཀའ་བ་དང་། སྤྲིན་གྱི་ཤུགས་ཅན་གྱི་དོད་ལ་རྟའི་རྒྱལ་པོ་ཕྲག་འཛིངས་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་ དུ་མ་དང་ལྡན་པའོ། ། (གཉིས་པ།)ངན་འགྲོའི་གནས་གཞན་ལ་སེམས་ཅན་དམྱལ་བ་རྣམས་ཀྱི་གནས་གཞན་ དག་དང་ཞེས་པ་ནི་སྤྱིར་བསྟན་པ་སྟེ། (ཡེ་ཤེས་བཤེས་གཉེན་)ཁ་ཅིག་རི་རབ་ཀྱི་འོག་གི་ཆ་ལ་ཡོད་ དོ་ཞེས་ཀྱང་བཞེད་དོ། །ཚ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་གནས་ནི་ས་སྡེར། གངས་ རིའི་འོག་དཔག་ཚད་སུམ་ཁྲི་ཉིས་སྟོང་ན་ཡང་སོས། དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་ གི་འོག་ན་གཞན་བདུན་པོ་ཡོད་པར་གསུངས་ཤིང་། མཛོད་དུ། འདི་འོག་སྟོང་ཕྲག་ཉི་ཤུ་ན། མནར་མེད་པའོ་དེ་ཙམ་མོ། །དེ་ཡི་གོང་ན་དམྱལ་བ་བདུན། ཞེས་གླིང་འདིའི་དཔག་ཚད་ཉི་ ཁྲིའི་འོག་ན་ཆུ་ཞེང་དུའང་ཉི་ཁྲི་པའི་མནར་མེད་ཀྱི་གནས་ཡོད་པས། འདི་ནས་དེའི་འོག་ གཞི་ལ་ནི་བཞི་ཁྲི་ཡོད་ཅིང་། དེའི་སྟེང་ན་གཞན་བདུན་པོ་ཡོད་པར་བཤད་ལ། (མཛོད་འགྲེལ་ དུ།)ཁ་ཅིག་ནི་མནར་མེད་ཀྱི་ལོགས་ན་གནས་པར་འདོད་དོ། །གྲང་བའི་སེམས་ཅན་དམྱལ་བ་ རྣམས་ཀྱི་གནས་ནི་ས་སྡེར། ཡང་སོས་ཀྱི་ཐད་ཀ་དཔག་ཚད་ཁྲིའི་ཕ་རོལ་ན་གྲང་དམྱལ་དང་ པོ། །དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གི་འོག་ན་གཞན་བདུན་པོ་ཡོད་པར་གསུངས་ ཤིང་། མཛོད་འགྲེལ་དུ་ནི་ཚ་དམྱལ་རྣམས་ཀྱི་ཐད་ཀ་ན་ཡོད་པར་ཡང་བཤད་ལ། ཁ་ཅིག་ ནི་རྒྱ་མཚོ་དང་ཉེ་བར་གནས་པས་གྲང་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །ཉི་ཚེ་བའི་སེམས་ཅན་ དམྱལ་བ་རྣམས་ཀྱི་གནས་ནི་ངེས་པ་མེད་པར་ཆུ་དང་རི་དང་མྱ་ངམ་གྱི་ཕྱོགས་དང་རྒྱ་མཚོའི་ 1-1-425 འགྲམ་དང་། མིའི་གནས་ལ་སོགས་པ་ནའང་ཡོད་དོ། །(དབའ་བཞེད་ལྟར་ན་ཆུ་ཚན་རྣམས་ཀྱང་ཡིན་ནོ། །) དུད་འགྲོ་རྣམས་ཀྱི་རྩ་བའི་གནས་ནི་རྒྱ་མཚོ་ཆེན་པོ་ཡིན་ལ། དེ་ལས་འཕྲོས་པའི་གནས་ནི་ ཆུ་དང་ཐང་དང་ནམ་མཁའི་སྤྱོད་ཡུལ་ལ་སོགས་པ་གཞན་འཕྲུལ་དབང་བྱེད་མན་ཆད་ཀྱི་ལྷ་ དང་མིའི་ཡུལ་ནའང་ཡོད་ཅིང་། མིའི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་ཡོད་པར་གསུངས་ པས་དེ་དག་ཀྱང་ཡིན་ནོ། །ཡི་དྭགས་དེ་དག་ཁ་ཅིག་གི་གནས་གཞན་རྣམས་དང་ཞེས་པ་ནི་ གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་ན་རྩ་བའི་གནས་རྒྱལ་པོའི་ཁབ་ཡོད་ཅིང་དེ་ན་གཤིན་རྗེ་ ཆོས་ཀྱི་རྒྱལ་བོ་འཁོར་དང་བཅས་པ་གནས་ནས་སེམས་ཅན་སྐྱེ་བ་མི་དྲན་པ་རྣམས་ལ་ལས་ འབྲས་བཤད་དེ་ཕན་པ་འབའ་ཞིག་སྒྲུབ་པ་ཡོད་ལ། ཁ་ཅིག་ཅེས་པའི་སྒྲས་མཁའ་ལ་རྒྱུ་བ་ ལ་སོགས་པ་མིའི་ཡུལ་དང་རྒྱ་མཚོའི་འགྲམ་ནའང་ཡོད་དེ། བྱེ་བྲག་ཏུ་སྨྲ་བ་ནི་ཡི་དྭགས་དང་ དུད་འགྲོ་གཉིས་ཀ་དམྱལ་བའི་གནས་ན་ཡོད་པར་འདོད་དོ། །(མཛོད་འགྲེལ་དུ།)འཛམ་བུ་གླིང་ འདི་ཙམ་གྱི་འོག་ཏུ་མནར་མེད་ལ་སོགས་པ་དེ་ཙམ་ཤོང་བ་ནི། གླིང་རྣམས་འབྲུའི་ཕུང་པོ་ ལྟར་ཞབས་རྒྱ་ཆེ་བར་གནས་པ་ཡིན་ཏེ། དེའི་ཕྱིར་རྒྱ་མཚོ་ཆེན་པོར་རིམ་གྱིས་གཞོལ་བར་ ཡང་བཤད་དོ། །ནམ་མཁའ་ལ་ཤིང་རྟའི་འཁོར་ལོའི་ཁྱོན་ཙམ་ལའང་། མི་སྣང་བའི་(འགྲོ་བ་ པའི་)སེམས་ཅན་ཞེས་བྱ་བ་སངས་རྒྱས་ཀྱི་སྤྱན་གྱིས་གཟུགས་པ། སྟོང་གསུམ་གྱི་སེམས་ཅན་ གཞན་ཐམས་ཅད་པས་ཀྱང་མང་བ་ཡོད་པར་ཡང་གསུངས་སོ། །དེ་ལྟར་གླིང་བཞི་པ་གཅིག་ གི་གནས་ལུས་རྒྱས་པར་བཤད་ནས། དེ་ལས་རིམ་གྱིས་བསྒྲེས་ཏེ། སྟོང་སྤྱི་ཕུད་བཤད་པ་ནི། ཉི་མ་འཇིག་རྟེན་རྣམ་པར་སྣང་བྱེད་ནམ་མཁའ་ལ་ཀུན་ཏུ་ རྒྱུ་ཞིང་གཅིག་གི་ཕྱོགས་སྣང་བར་བྱེད་ནུས་པ་ནི་གླིང་བཞི་པ་གཅིག་ཡིན་ལ་དེ་ཇི་སྙེད་པ་དེ་ སྙེད་ཀྱི་སྟོང་གི་འཇིག་རྟེན་ན་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་སྟོང་དང་། ཉི་མའི་དཀྱིལ་ འཁོར་སྟོང་དང་། ས་གཞི་ལ་རིའི་རྒྱལ་པོ་རི་རབ་སྟོང་དང་། གླིང་འདི་ལ་ལྟོས་པའི་ཤར་གྱི་ 1-1-426 ལུས་འཕགས་སྟོང་དང་། འཛམ་བུའི་གླིང་སྟོང་དང་། ནུབ་ཀྱི་བ་ལང་སྤྱོད་སྟོང་དང་། བྱང་གི་ སྒྲ་མི་སྙན་སྟོང་དང་། རི་རབ་ཀྱི་བང་རིམ་ལ་སོགས་པ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ ཀྱི་གནས་གཞན་སྟོང་དང་། རི་རབ་ཀྱི་སྟེང་གི་སུམ་ཅུ་རྩ་གསུམ་སྟོང་དང་། དེའི་སྟེང་གི་ནམ་ མཁའ་ལ་གོང་ནས་གོང་དུ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་ འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་གཞན་སྟོང་དང་། ཚངས་པའི་འཇིག་རྟེན་གྱི་གནས་ གཞན་བསམ་གཏན་དང་པོ་མན་ཆད་སྟོང་པ་འདི་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ བྱའོ་ཞེས་པ་སྟེ། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་ འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །ཅེས་པ་ལྟར་རོ། ། སྟོང་གཉིས་པ་བར་མ་བཤད་པ་ནི། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དེའང་སྟོང་དུ་ བགྲངས་པའི་གླིང་བཞི་པ་ལ་སོགས་པ་གང་ཡིན་པ་དེ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་ གྱི་ཁམས་ཞེས་བྱ་སྟེ། དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཞེས་བྱ། ། ཞེས་པའོ། །སྟོང་གསུམ་བཤད་པ་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དེའང་ སྟོང་དུ་བགྲངས་པའི་སྟོང་སྤྱི་ཕུད་ས་ཡའམ་གླིང་བཞི་པ་ལ་སོགས་པ་བྱེ་བ་ཕྲག་བརྒྱའམ་ ཐེར་འབུམ་གཅིག་གང་ཡིན་པ་འདི་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཞེས་བྱ་སྟེ། དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་ནི་རྡོ་རྗེ་ལས་གྲུབ་པའི་ཁོར་ཡུག་ཆེན་པོས་(གནའ་མཆན་ལས་དཔངས་ཚངས་པའི་འཇིག་ རྟེན་དང་མཉམ་ཞེས།)ཀུན་ཏུ་བསྐོར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་ནི་མེ་ལ་སོགས་པས་འཇིག་པ་ན་ཡང་ཐམས་ཅད་དུས་མཉམ་དུ་འཇིག་ཅིང་སྟོངས་ལ། འཆགས་པ་ན་ཡང་ཐམས་ཅད་དུས་མཉམ་དུ་འཆགས་ཤིང་གནས་ཏེ། མཉམ་དུ་འཇུག་ཅིང་ འབྱུང་བ་ཡིན་ཞེས་སོ། །ཕལ་པོ་ཆེར། སྟོང་གསུམ་མི་མཇེད་འདི་དང་འདབས་ཆགས་སུ་ 1-1-427 ཕྱོགས་བཞི་ན་འཇིག་རྟེན་གྱི་ཁམས་ཁེབས་ལྡན་དང་། ཕན་པ་ལྷག་ལྡན་དང་། ཀུན་ཏུ་སོང་ བ་དང་། རྡུལ་བསལ་བ་ལ་སོགས་པ་ཡོད་པར་གསུངས་སོ། །ཕྱག་ན་རྡོ་རྗེ་དབང་བསྐུར་ བའི་རྒྱུད་དུ། སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་མཚམས་སྦྱོར་བ་གཅིག་དང་། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག་དང་། ཞེས་པའང་ཡོད། དེ་བྱེ་ བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་གཅིག་དང་། (དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་པར་མ་ གཅིག་དང་། ཞེས་པའང་ཡོད།)དེ་བྱེ་བ་ཕྲག་བརྒྱ་ལ་གཞིའི་སྙིང་པོ་མེ་ཏོག་གི་རྒྱན་བཀོད་པ་གཅིག་ སྟེ། དེ་ནི་ལོངས་སྐུ་རྣམ་པར་སྣང་མཛད་ཀྱི་རྣམ་པར་སྨིན་པའི་ཞིང་ཡིན་ལ། དེ་ཡང་རྣམ་ པར་སྣང་མཛད་གང་ཆེན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲ་རབ་གཅིག་ལ་གནས་སོ། །ཞེས་ ཀྱང་བཤད་དོ། །གང་ཡང་། དཔལ་དུས་ཀྱི་འཁོར་ལོ་ལས་འཇིག་རྟེན་གྱི་ཁམས་དཔག་ཚད་ འབུམ་ཕྲག་བཞི་པ་ལ་སོགས་པ་འདི་དང་མི་འདྲ་བ་གསུངས་པ་དང་། ས་དང་གཞག་པ་ལ་ སོགས་པར་ནང་གསེས་ཅུང་ཟད་མི་འདྲ་བར་བཤད་པ་ནི་ཕྱིའི་དོན་བདེན་པར་མ་གྲུབ་པས། སེམས་ཅན་སོ་སོའི་སྣང་བ་དང་མཐུན་པར་བསྟན་པ་སྟེ། མདོ་ལས། ཞིང་རྣམས་འདི་ཀུན་ སེམས་ཀྱིས་རྣམ་པར་བརྟགས། །ཞེས་པ་ལྟར་རོ། ། ཕྱོགས་བཅུའི་འཇིག་རྟེན་བཤད་པ་ནི། སྟོང་གསུམ་འདི་ཆགས་འཇིག་མཉམ་པ་བཞིན་ དུ་ཕྱོགས་གཞན་ཡང་དེ་ལྟ་བུ་ཚད་མེད་པར་གནས་པ་འདི་ལྟ་སྟེ། དཔེར་ན། འཇིག་རྟེན་ ཆགས་པའི་ཚེ་ཆར་གྱི་རྒྱུན་ཆེན་པོ་སྦོམས་སུ་གཉའ་ཤིང་ཙམ་ཡོད་པ་འབབ་པ་ན། བར་སྣང་ ལ་ཆར་གྱི་རྒྱུན་འབབ་པ་རྣམས་ཀྱི་(སར་)ཐད་ཀ་ལ་བར་དང་སྟེང་འོག་ལ་མཚམས་མེད་པ་ དེ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པ་དང་འཆགས་པ་རྣམས་ཀྱི་ཡང་ ཐད་ཀ་ལ་བར་དང་སྟེང་འོག་ལ་མཚམས་མེད་པ་ཞིག་ཡོད་དེ། ད་ལྟ་ཉིད་དུའང་འཇིག་རྟེན་ གྱི་ཁམས་གཞན་དག་ནི་འཇིག་བཞིན་པར་འདུག་གོ། གཞན་དག་ནི་ཞིག་ནས་སྟོངས་པར་ 1-1-428 འདུག་གོ། གཞན་དག་ནི་རིམ་གྱིས་འཆགས་སོ། །གཞན་དག་ནི་འཆགས་ནས་གནས་པར་ འདུག་གོ། (བྱེ་བྲག་ཏུ་སྨྲ་བ།)ཁ་ཅིག་འཇིག་རྟེན་གྱི་ཁམས་ལ་ཐད་ཀར་མཐའ་མེད་ཀྱང་སྟེང་འོག་ ཏུ་མཐའ་ཡོད་པར་འདོད་མོད། འདི་ནི་ཤར་ཕྱོགས་སུ་འཇིག་ཆགས་བརྗོད་ཀྱིས་མི་ལོང་ བ་ཡོད་པ་ཇི་ལྟ་བར་ལྷོ་ཕྱོགས་ལ་སོགས་པར་ཕྱོགས་བཅུ་ཐམས་ཅད་ཀྱང་དེ་བཞིན་ཏེ། ད་ ལྟ་ཉིད་ལའང་འཇིག་རྟེན་གྱི་ཁམས་འཇིག་པ་དང་སྟོངས་པ་དང་འཆགས་པ་དང་གནས་པ་ རྣམས་བར་མཚམས་མེད་པ་ཞིག་ཡོད་པ་ཡིན་ནོ། །དེ་བས་ན། (བར་སྡོམ་ནི།) རྟེན་དང་དབྱིབས་ དང་གླིང་དང་ཚད། །ལོངས་སྤྱོད་སྣང་བ་རྒྱན་དང་ནི། །སངས་རྒྱས་གནས་ཡུན་གནས་ཚུལ་ གྱིས། །ཞིང་རྣམས་མཐའ་ཡས་ཤེས་པར་བྱ། །ཞེས་པ་ལྟར་ཞིང་ཁམས་རབ་འབྱམས་ཏེ་དེ་ རྣམས་ནི་རྟེན་གཞིའི་སྒོ་ནས་ཀྱང་མཐའ་ཡས་པ་སྟེ། (ཕལ་པོ་ཆེར།)ལ་ལ་ནི་ནམ་མཁའ་དྲི་མ་ མེད་པའི་འོད་ཅན་ལ་བརྟེན་པ་དང་། ལ་ལ་ནི་ནོར་བུའི་རྒྱ་མཚོ་ལ་བརྟེན་པ་དང་། ལ་ལ་ ནི་པདྨའི་རྒྱ་མཚོ་ལ་བརྟེན་པ་དང་། ལ་ལ་ནི་སངས་རྒྱས་ཀྱི་སྐུའི་བྱིན་ལ་བརྟེན་(གསུངས་པ་) ལ་སོགས་པའོ། །དབྱིབས་ཀྱི་སྒོ་ནས་ཀྱང་ཟླུམ་པོ་དང་གྲུ་གསུམ་དང་གྲུ་བཞི་དང་། ནོར་བུ་ ལྟ་བུ་དང་། པདྨ་ལྟ་བུ་དང་། འཁོར་ལོ་ལྟ་བུ་དང་། ཟུར་བརྒྱད་པ་ལ་སོགས་པ་སྣ་ཚོགས་པ་ སྟེ། ཕལ་པོ་ཆེར། ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ནི་གྲུ་བཞིར་ གནས། །ནོར་བུ་པདྨ་འཁོར་ལོ་ཡན་ལག་བརྒྱད། །ཀུན་ཀྱང་ལས་རྣམས་རྒྱ་མཚོས་རྣམ་པར་ བྲིས། །ཞེས་པ་ལྟར་རོ། །གླིང་ཡོད་མེད་ལ་སོགས་པས་ཀྱང་རྣམ་པར་ཐ་དད་པ་སྟེ། འདི་ ལྟ་བུ་ན་གླིང་བཞི་པ་དུ་མར་བཅད་པ་དང་། བདེ་བ་ཅན་ལ་སོགས་པ་འགའ་ཞིག་ན་ཐམས་ ཅད་ལག་མཐིལ་ལྟར་མཉམ་ཞིང་ཡིད་དུ་འོང་བར་གསུངས་པའོ། །གླིང་དུ་བཅད་པ་ལ་ཡང་ ཚད་མི་འདྲ་བ་མང་པོ་སྟེ། སངས་རྒྱས་རི་རབ་འོད་ཡང་དག་པར་འཕགས་པའི་ཞིང་རབ་ ཏུ་དགའ་བ་ན་འཛམ་བུ་གླིང་ལ་དཔག་ཚད་བྱེ་བ་ཡོད་ཅིང་། གཞན་གསུམ་ལ་བརྒྱད་ཁྲི་རེ་ 1-1-429 ཡོད་པར་གསུངས་པ་དང་། འདས་པའི་དུས་སུ་སངས་རྒྱས་སེང་གེའི་བློ་གྲོས་འཇིག་རྟེན་དུ་ བྱོན་པ་ན་འཛམ་བུ་གླིང་འདི་ལའང་དཔག་ཚད་དྲུག་ཁྲི་བརྒྱད་སྟོང་ཡོད་པར་གསུངས་པ་ལ་ སོགས་པའོ། །ལོངས་སྤྱོད་ཀྱི་སྒོ་ནས་ཀྱང་མཐའ་ཡས་པ་སྟེ། མངོན་པར་དགའ་བའི་ཞིང་ན་ མི་རྣམས་གསེར་དང་དངུལ་གྱི་སྐས་ལ་འཛེགས་ནས་སུམ་ཅུ་རྩ་གསུམ་དུ་སོང་སྟེ་འདོད་ཡོན་ ལ་སྤྱོད་པས་ལྷ་ལ་མི་སྨོན་ཞིང་། ལྷ་རྣམས་ནི་འཛམ་བུའི་གླིང་ན་སངས་རྒྱས་བཞུགས་ཤིང་ དམ་པའི་ཆོས་ཀྱི་བདེ་བ་ལ་སྤྱོད་པའོ་ཞེས་མི་ལ་སྨོན་པར་གསུངས་པ་ལ་སོགས་པའོ། །སྣང་ བ་ཡོད་མེད་ཀྱི་སྒོ་ནས་ཀྱང་སྣ་ཚོགས་པ་སྟེ། ལས་མི་དགེ་བ་མཐུན་པར་བསགས་པའི་དབང་ གིས། ཞིང་རྣམས་ལ་ལ་འོད་མེད་དེ། །མུན་པའི་འཇིགས་པ་ཤིན་ཏུ་ཆེ། །རེག་ན་སྡུག་བསྔལ་ སྤུ་གྲི་འདྲ། །བལྟ་ན་མི་བཟོད་སྐྱི་ཡང་གཡའ། །ཞེས་པ་ལྟ་བུ་དང་། སྣང་བ་ཡོད་པའི་ཁྱད་ པར་ཡང་། ལྷ་ལ་སོགས་པའི་འོད་དང་། ལྗོན་ཤིང་དང་རི་བོ་དང་ནོར་བུ་དང་མར་མེ་དང་པདྨ་ དང་སྤོས་ཆུའི་འོད་དང་ལྡན་པ་ལ་སོགས་པ་སྟེ། ཞིང་རྣམས་ལ་ལ་ལྷ་འོད་ཅན། །ལ་ལ་ཁྱིམ་ གྱི་འོད་ཅན་ཏེ། །ལ་ལ་ཉི་ཟླའི་འོད་དང་ལྡན། །ཞིང་རྣམས་ལ་ལ་རང་གི་འོད། །ཅེས་སོགས་ འབྱུང་བ་ལྟ་བུའོ། །གཞན་ཡང་སངས་རྒྱས་(འཇམ་དཔལ་གྱི་ཞིང་གི་བཀོད་པར།)ནོར་བུ་བརྩེགས་ པའི་རྒྱལ་པོའི་ཞིང་ན་ཉི་ཟླ་མེད་པར་དེའི་སྨིན་མཚམས་ཀྱི་ནོར་བུས་གསལ་བར་བྱེད་པ་དང་། སངས་རྒྱས་ཀུན་ཏུ་བཟང་བོའི་ཞིང་མི་འཛུམ་བ་ན་སྟོང་གསུམ་རིལ་པོ་ཉི་ཟླ་ཟུར་གཅིག་ གིས་སྣང་བར་བྱེད་པར་གསུངས་པ་ལ་སོགས་པའོ། །རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་ ལ་སོགས་པའི་རྒྱན་ཡོད་མེད་ཀྱི་སྒོ་ནས་ཀྱང་ཐ་དད་པ་མང་པོ་སྟེ། ཞིང་གི་རྒྱན་མང་བྱེ་པས་ བརྒྱས། །ཞིང་རྣམས་ལ་ལ་རྣམ་པར་བྲིས། །རྒྱན་དང་ཚུལ་རྣམས་ཐ་དད་པར། །སྣ་ཚོགས་ མིག་ཡོར་ལྟ་བུར་སྣང་། །ཞེས་པ་ལ་སོགས་པ་ལྟར་རོ། །སངས་རྒྱས་ཡོད་མེད་དང་། ཡོད་པ་ ལའང་མང་ཉུང་གི་སྒོ་ནས་ཀྱང་མཐའ་ཡས་པ་སྟེ། ཞིང་རྣམས་ལ་ལ་སངས་རྒྱས་མེད། །ཞིང་ 1-1-430 རྣམས་ལ་ལ་སངས་རྒྱས་བཅས། །ལ་ལའི་ཞིང་ན་སངས་རྒྱས་གཅིག །ལ་ལར་སངས་རྒྱས་ མང་པོའོ། །ཞེས་པ་ལྟར་རོ། །གནས་པའི་ཡུན་རིང་ཐུང་གི་སྒོ་ནས་ཀྱང་རྣམ་པ་སྣ་ཚོགས་པ་ སྟེ། ཞིང་རྣམས་ལ་ལ་བསྐལ་པ་ཙམ། །ལ་ལ་བསྐལ་པ་བཅུ་པ་སྟེ། །ཞིང་རྣམས་ལ་ལ་རྡུལ་ མཉམ་པའི། །བསྐལ་པ་བྱེད་པར་བརྗོད་པ་ཡིན། །ཞེས་པ་ལྟར་རོ། །གཞན་ཡང་གནས་ཚུལ་ གྱི་སྒོ་ནས་ཀྱང་འཇིག་རྟེན་གྱི་ཁམས་ཐད་ཀ་བ་འདི་ལྟ་བུ་རྣལ་མར་གནས་པ་དང་། འདི་ལ་ ལྟོས་ནས་ལོགས་ལ་རྐང་བ་བཙུགས་ཏེ་འགྲོ་བ་སྣེལ་ཞིའི་འཇིག་རྟེན་དང་། སྟེང་དུ་རྐང་པ་ གཙུགས་ཏེ་འགྲོ་བ་སྤྱིའུ་ཚུགས་ཀྱི་འཇིག་རྟེན་ལ་སོགས་པ་ལས་དང་སྨོན་ལམ་དང་སྣང་ ཚུལ་གྱི་དབང་གིས་ཚད་མེད་པར་ཤེས་པར་བྱའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་མཐའ་མེད་ པ་རྣམས་ཀྱང་ཁམས་གསུམ་དུ་འདུ་བ་ལས། མཛོད་འགྲེལ་དུ། འདོད་ཁམས་གཅིག་ལས་ འདོད་ཆགས་དང་བྲལ་བ་ན་ཐམས་ཅད་ལ་འདོད་ཆགས་དང་བྲལ་བར་འགྱུར་ཞིང་། ཁམས་ གོང་མ་གཉིས་ལའང་དེ་དང་མཚུངས་ལ། བསམ་གཏན་དང་པོའི་རྫུ་འཕྲུལ་ཐོབ་པ་ནི་ཞིང་ ཁམས་གང་དུ་སྐྱེས་པ་དེའི་ཚངས་པའི་འཇིག་རྟེན་དུ་འགྲོའི། གཞན་དུ་ནི་མ་ཡིན་པར་ཡང་ གསུངས་སོ། ། (གསུམ་པ།)དོན་བསྡུ་བ་ནི། གོང་དུ་བཤད་པའི་ནང་གཡོ་བ་སེམས་ཅན་གྱི་འཇིག་རྟེན་ གང་ཡིན་པ་དང་ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་དེ་དག། ཇི་ལྟར་ས་བོན་ཁྱད་ པར་གྱིས། །འབྲས་བུ་སྣ་ཚོགས་འབྱུང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ ཅན་རྣམས་དང་ཞིང་འབྱུང་ངོ་། །ཞེས་པ་ལྟར་རྒྱུད་ལྔས་བསྡུས་པའི་འགྲོ་བ་རྣམས་ནི་ལས་ ཟག་པ་དང་བཅས་པ་དང་དེ་ཀུན་ནས་སློང་བའི་ཉོན་མོངས་པས་མཚམས་སྦྱར་ནས་དངོས་ སུ་བསྐྱེད་པའི་ཕྱིར་དང་། དེ་རྣམས་ཀྱི་གནས་ནི་གནས་པ་པོ་ཐམས་ཅད་ཀྱི་ཐུན་མོང་བའི་ ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ཕྱིར་ཏེ་མདོར་ན་ཀུན་འབྱུང་གི་རྒྱུ་ལས་བྱུང་ 1-1-431 བའི་ཕྱིར། མ་དག་པའི་སྣོད་བཅུད་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་པ་སྟེ། ཞིང་གི་ཁམས་རྣམས་ལ་ལ་ནི། །ཀུན་ནས་ཉོན་མོངས་རྣམ་པར་གནས། །སེམས་ཅན་རྣམས་ ཀྱི་ཉོན་མོངས་ལས། །ཆོས་ཉིད་དེ་རྣམས་དེ་ན་སྣང་། །ཞེས་པ་ལྟར་རོ། ། (གཉིས་པ།) དམིགས་བསལ་ནི། ཞིང་རྣམས་ལ་ལ་འོད་བཏང་བས། །རིན་ཆེན་རང་བཞིན་ དྲི་མ་མེད། །རྣམ་པ་སྣ་ཚོགས་དྲི་མ་དག །སངས་རྒྱས་རྣམས་ཀྱིས་ཡོངས་དག་བྱས། །ཞེས་ པ་ལྟར་བདེ་བ་ཅན་ནམ་འོག་མིན་ལ་སོགས་པ་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ དེ་དག་ནི་སྣོད་བཅུད་ཡིན་ཡང་སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་བལྟ་སྟེ། ཀུན་འབྱུང་ གི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །དེ་ཡང་གང་ཟག་དེ་དག་ནི་ལས་དང་ཉོན་མོངས་པས་ རྒྱུའི་རྐྱེན་བྱས་ནས་དངོས་སུ་བསྐྱེད་པ་མ་ཡིན་ཞིང་། སྣོད་དེ་དག་ཀྱང་ལས་དང་ཉོན་མོངས་ པའི་བདག་རྐྱེན་ཀྱི་དབང་གིས་འབྱུང་བ་མ་ཡིན་གྱི། ཀླུའི་རྒྱལ་བོས་སྦྲིན་ཕུང་རྣམས། །རྣམ་ མཁའི་དབྱིངས་སུ་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་སྨོན་ལམ་གྱིས། །ཞིང་རྣམས་ཀུན་ ཏུ་འབྱུང་བ་ཡིན། །ཞེས་པ་ལྟར་སྔོན་གཞན་དོན་དུ་སྨོན་ལམ་རྣམ་དག་བཏབ་པ་དང་། དགེ་ བའི་རྩ་བ་བརྒྱ་ཆེན་པོ་བསགས་པའི་དབང་གིས་བྱུང་བ་དག་གོ། ཟག་མེད་ཀྱི་ལས་ལས་བྱུང་ ཡང་སྣོད་བཅུད་དུ་སྣང་བ་དེ་ལྟ་བས་ན་དེ་དག་གི་ཇི་ལྟ་བའི་ཚུལ་ནི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་(ཡེ་ཤེས་ཉིད་དེ་ལྟར་སྣང་བ་ཡིན་ཏེ་ཤིན་ཏུ་རྣམ་ པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད་ཅེས་གསུངས་སོ། །)ཡིན་པའི་ཕྱིར། སྐྱེ་བའི་གནས་ ཡོངས་སུ་དག་པའི་ཞིང་ཁམས་དེ་དག་ནི་སངས་རྒྱས་ལས་གཞན་པས་བསམ་གྱིས་མི་ཁྱབ་ སྟེ། དེ་དག་ནི་བསམ་གཏན་ལ་མཉམ་པར་བཞག་པ་རྣམས་ཀྱི་བསམ་གཏན་ཏིང་ངེ་འཛིན་ སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ན། འཇིག་རྟེན་དངོས་པོར་རབ་ཏུ་ འཇལ་བ་ན་རྟོག་གེ་བ་རྣམས་ཀྱིས་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་རྟོག་དཔྱོད་ 1-1-432 ཀྱི་སྤྱོད་ཡུལ་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། །དེས་ན་གནས་སྐབས་སུ་ལུང་རྣམ་དག་ལ་ ཡིད་ཆེས་པའི་སྒོ་ནས་སྤྱིའི་ཚུལ་དུ་ཤེས་པར་བྱ་ཞིང་། མཐར་ཐུག་ཇི་ལྟ་བའི་དོན་ནི་ཐམས་ ཅད་མཁྱེན་པའི་ཡེ་ཤེས་བསྒྲུབས་ཏེ་ཤེས་པར་བྱའོ། ། (གཉིས་པ།) མདོའི་དོན་བཤད་པ་ལ་(བརྒྱད་དྲུག་གསུམ་གཉིས་ཏེ་)བཞི་ལས་ཐོག་མར་སྡུག་ བསྔལ་བརྒྱད་དུ་དབྱེ་བ་ལ་མདོ་དགོད་པ་དང་། དོན་བཤད་པ་གཉིས་ཀྱི་དང་པོ་ནི། སྔར་ བཤད་པར་མ་ཟད་ཡང་མདོ་ལས། སྐྱེ་བ་ནི་སྡུག་བསྔལ་ལོ། །རྒ་བ་ནི་སྡུག་བསྔལ་ལོ། །ན་ བ་ནི་སྡུག་བསྔལ་ལོ། །འཆི་བ་ནི་སྡུག་བསྔལ་ལོ། །ཞེས་ནང་ལ་བརྟེན་པའི་སྡུག་བསྔལ་བཞི་ དང་། མི་སྡུག་པ་དང་ཕྲད་པ་ནི་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་བ་ནི་སྡུག་བསྔལ་ལོ། ། གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ་ཞེས་ཕྱི་ལ་བརྟེན་པའི་སྡུག་བསྔལ་ གསུམ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་ཐམས་ཅད་ཀྱི་རྩ་ བའམ་རྒྱུར་གྱུར་པའི་སྡུག་བསྔལ་གཅིག་རྣམས་གསུངས་པ་སྟེ། སྡུག་བསྔལ་ཡང་ཡང་སྨོས་ པ་ནི་སྡུག་བསྔལ་གྱི་རྣམ་པ་ངེས་པར་གཟུང་བས་གདུལ་བྱ་རྣམས་འཁོར་བ་ལ་སྐྱོ་བ་སྐྱེ་པའི་ དོན་དུའོ། །མདོའི་དོན་བཤད་པ་ལ། ཅིའི་ཕྱིར་སྐྱེ་བ་སྡུག་བསྔལ་ཞེ་ན་མངལ་དུ་འདུག་པ་ན་ ཟས་ཞུ་མ་ཞུའི་བར་དང་། མི་གཙང་བའི་རྫས་སྣ་ཚོགས་ཀྱིས་བཙིར་ཞིང་། བཙའ་བ་ན་ཡང་ མངལ་གྱི་སྒོས་དམ་དུ་བཙིར་བས་དོག་པའི་སྡུག་བསྔལ་ཉིད་ཀྱི་ཕྱིར་དང་། སྐྱེས་ནས་ཀྱང་དེ་ ལས་གཞན་པ་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་སྡུག་བསྔལ་རྣམས་ ཞར་ལས་འབྱུང་བ་ཉིད་ཀྱི་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རྒ་བ་སྡུག་བསྔལ་ཞེ་ན་ན་ ཚོད་དམ་ལང་ཚོ་དར་བ་ལས་རྒུད་པར་འགྱུར་ཏེ་ལུས་ཀྱི་མཐུ་ཉམས་པས་སྡུག་བསྔལ་བ་ ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ན་སྡུག་བསྔལ་ཞེ་ན་རླུང་འཁྲིས་བད་ཀན་གྱིས་ཁམས་མ་སྙོམས་ པར་འགྱུར་ཏེ་ཟུག་རྔུ་དྲག་པོས་གཟིར་བའི་སྡུག་བསྔལ་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་འཆི་བ་ 1-1-433 སྡུག་བསྔལ་ཞེ་ན། སྲོག་གི་དབང་པོ་འགྱུར་བ་ན་གནད་གཅོད་པའི་སྡུག་བསྔལ་མཚོན་རྣོན་ པོས་བཏབ་པ་ལྟ་བུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་ ཞེ་ན་དགྲ་དང་མཚོན་ཆ་ལ་སོགས་པ་ཡིད་དུ་མི་འོང་བ་དང་ཕྲད་པ་ལས་ལུས་སེམས་སྡུག་ བསྔལ་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་སྡུག་བ་དང་བྲལ་བ་སྡུག་བསྔལ་ཞེ་ན་གཉེན་བཤེས་ དང་ནོར་རྫས་ལ་སོགས་པ་ཡིད་དུ་འོང་བ་དང་བྲལ་བ་ལས་ལུས་སེམས་སྡུག་བསྔལ་བ་ཉིད་ ཀྱི་ཕྱིར་རོ། །ཅིའི་ཕྱིར་གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ཞེ་ན་སེམས་ཀྱི་ འདོད་པ་ལུས་ངག་གིས་བཙལ་ཡང་མ་རྙེད་པ་ན་ཡིད་ལ་རེ་པའི་འབྲས་བུ་གྲུབ་པ་མེད་པས་ སྡུག་བསྔལ་བ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ ཞེ་ན། དེ་ནི་ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་གཞིར་གྱུར་བའི་ཕྱིར། དེ་ལས་དེ་ དག་རྒྱས་པར་འགྱུར་བས་ན་གནས་ངན་ལེན་ནམ་ས་བོན་གྱི་སྒོ་ནས་སྡུག་བསྔལ་བ་ཉིད་ཀྱི་ ཕྱིར་རོ། །དེ་དག་ལ་ནི་དོག་པས་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པའི་རྒྱུའི་དོན་ལ་རྣམ་དབྱེ་ གསུམ་པ་སྦྱར་(ཡེ་ཤེས་བཤེས་གཉེན།)རོ། ། (གཉིས་པ།) དེ་རྣམས་དྲུག་ཏུ་བསྡུ་བ་ལ། སྡུག་བསྔལ་དེ་དག་ནི་ཕྱེ་ན་བརྒྱད་ཡིན་ཡང་ བསྡུ་ན་དྲུག་ཏུ་འགྱུར་ཞིང་། བསྡུ་ན་དྲུག་ཡིན་ཡང་ཕྱེ་ན་བརྒྱད་དུ་འགྱུར་ཏེ། སྐྱེ་བ་དོག་པའི་ སྡུག་བསྔལ་དང་རྒ་བ་ན་བ་འཆི་བ་རྣམས་ན་ཚོད་ཁམས་དང་སྲོག་འགྱུར་བའི་སྡུག་བསྔལ་ དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། ཡིད་ལ་རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་དང་། ཐམས་ཅད་ཀྱི་རྩ་བ་གནས་ངན་ལེན་གྱི་ སྡུག་བསྔལ་ལོ། ། (གསུམ་པ།) སྡུག་བསྔལ་གསུམ་དུ་བསྟན་པ་ལ། གང་མདོ་ལས་སྡུག་བསྔལ་ཉིད་གསུམ་ གསུངས་ན། ཅི་སྡུག་བསྔལ་ཉིད་གསུམ་པོ་དག་གིས་སྡུག་བསྔལ་རྣམ་པ་བརྒྱད་བསྡུས་སམ། 1-1-434 འོན་ཏེ་སྡུག་བསྔལ་རྣམ་པ་བརྒྱད་ཀྱིས་སྡུག་བསྔལ་ཉིད་གསུམ་བསྡུས་ཞེ་ན། དེ་དག་ཕན་ ཚུན་གཅིག་གིས་གཅིག་བསྡུས་པས་མ་ཚང་བའི་སྐྱོན་མེད་དེ། དེའང་བརྒྱད་ཀྱི་སྐབས་སུ། སྐྱེ་ བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་ བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཞེས་གང་གསུངས་པ་འདིས་ནི། སྡུག་ བསྔལ་མྱོང་བར་འགྱུར་བའི་ཆོས་ཀྱི་རང་གི་མཚན་ཉིད་ཡིན་པས་གནས་ཀྱི་སྐབས་སུ་སྡུག་ བསྔལ་གྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །དེ་བཞིན་དུ་སྡུག་པ་དང་བྲལ་བའི་སྡུག་ བསྔལ་དང་། གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ་ཞེས་གང་གསུངས་ པ་འདིས་ནི། བདེ་བ་མྱོང་བར་འགྱུར་བའི་ཆོས་འགྱུར་བའི་རང་གི་མཚན་ཉིད་ཡིན་པས་ འགྱུར་བའི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་ བསྔལ་ལོ་ཞེས་གང་གསུངས་པ་འདིས་ནི། བདེ་སྡུག་ལས་མ་གྲོལ་ཞིང་མི་རྟག་པ་ཉིད་རྗེས་ སུ་འབྲེལ་ཏེ་གྲུབ་པ་དང་བདེ་བ་མ་ཡིན་པས། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ ཏོ། ། (བཞི་པ།) དེ་དག་གཉིས་སུ་བསྡུ་བ་ནི། ཡང་མདོ་ལས། ཀུན་རྫོབ་ཀྱི་བདེན་པར་སྡུག་ བསྔལ་བ་དང་། དོན་དམ་པའི་བདེན་པར་སྡུག་བསྔལ་བ་ཞེས་གང་གསུངས་པ་ལ། བརྒྱད་ པོ་དེ་དག་ལས་ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་ནི་གང་ཡིན། དོན་དམ་པའི་བདེན་ པར་སྡུག་བསྔལ་བ་ནི་གང་ཡིན་ཞེ་ན། སྐྱེ་བའི་སྡུག་བསྔལ་ནས་འདོད་པ་བཙལ་ཏེ་མ་རྙེད་པ་ དེ་ཡང་སྡུག་བསྔལ་ཞེས་བྱ་བའི་བར་ནི་རྟོགས་པར་སླ་བས་འཇིག་རྟེན་པའི་ཤེས་པས་ཀྱང་ སྡུག་བསྔལ་དུ་རིག་ཅིང་དེའི་ཡུལ་ཡིན་པའི་ཕྱིར། ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བའོ། ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གང་གསུངས་པ་ནི། (མཛོད་འགྲེལ་ དུ།)བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་ 1-1-435 དང་འདྲ་བ་ཡིས། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་པ་ལྟར་འཇིག་རྟེན་པས་རྟོགས་ པར་དཀའ་ལ། འཇིག་རྟེན་ལས་འདས་པའི་ཤེས་པས་སྡུག་བསྔལ་དུ་རིག་ཅིང་དེའི་ཡུལ་ ཡིན་པའི་ཕྱིར། དོན་དམ་པའི་བདེན་པར་སྡུག་བསྔལ་བའོ། ། (གསུམ་པ།) སྤྱི་མཚན་བསྟན་པ་ལ། སྔར་ལས་དང་ཉོན་མོངས་པའི་འབྲས་བུ་ཞེས་པ་ལ་ སོགས་པས་རང་གི་མཚན་ཉིད་བཤད་ནས། ད་ནི་སྡུག་བསྔལ་གྱི་བདེན་པའི་སྤྱིའི་མཚན་ ཉིད་གང་ཞེ་ན། ཐུན་མོང་གི་དབྱེ་བ་ནི། གང་འདུས་བྱས་ཡིན་པ་དེ་མི་རྟག་པའི་མཚན་ཉིད་ ཅན་དང་། གང་མི་རྟག་པ་དེ་སྡུག་བསྔལ་བའི་མཚན་ཉིད་ཅན་དང་། གང་སྡུག་བསྔལ་བ་དེ་ སྟོང་པའི་མཚན་ཉིད་ཅན་དང་། གང་སྟོང་པ་དེ་བདག་མེད་པའི་མཚན་ཉིད་ཅན་ནོ། །ཞེས་ རྣལ་འབྱོར་པ་རྣམས་རྣམ་པ་འདི་བཞིས་དཔྱོད་པ་སྟེ། འདུས་བྱས་རྟག་པ་ལ་སོགས་པར་ འཛིན་པའི་གཉེན་པོ་ཉིད་དོ། ། སོ་སོའི་ངོ་བོ་ལ། མི་རྟག སྡུག་བསྔལ། སྟོང་པ། བདག་མེད་བཞི་ལས། དང་པོ་མི་རྟག་ པའི་མཚན་ཉིད་གང་ཞེ་ན། མདོར་བསྟན་ནི། མེད་དང་རྣམ་འཇིག་འགྱུར་བྲལ་ཉེ་བ་དང་། ། ཆོས་ཉིད་སྐད་ཅིག་རྒྱུན་དང་ནད་ལ་སོགས། །སེམས་ནི་སྣ་ཚོགས་རྣམ་པར་འབྱུང་བ་དང་། ། འབྱོར་བ་རྒུད་དང་སྣོད་ཀྱི་འཇིག་ཆགས་ཉིད། །ཅེས་པ། (བར་སྡོམ་དུ་བྱས་ཏེ།) མཚན་ཉིད་བཅུ་ གཉིས་ཀྱི་སྒོ་ནས་མི་རྟག་པ་སྡུག་བསྔལ་གྱི་བདེན་པ་རིག་པར་བྱ་སྟེ། གང་མེད་པའི་མཚན་ ཉིད་དང་། རྣམ་པར་འཇིག་པའི་མཚན་ཉིད་དང་། འགྱུར་བའི་མཚན་ཉིད་དང་། འབྲལ་བའི་ མཚན་ཉིད་དང་། ཉེ་བའི་མཚན་ཉིད་དང་། ཆོས་ཀྱི་མཚན་ཉིད་དང་། སྐད་ཅིག་གི་མཚན་ཉིད་ དང་། རྒྱུན་གྱི་མཚན་ཉིད་དང་། ནད་ལ་སོགས་པའི་མཚན་ཉིད་དང་། སེམས་སྣ་ཚོགས་ཀྱི་ རྣམ་པར་འབྱུང་བའི་མཚན་ཉིད་དང་། ལོངས་སྤྱོད་འབྱོར་བ་རྒུད་པའི་མཚན་ཉིད་དང་། སྣོད་ འཇིག་པ་དང་འཆགས་པའི་མཚན་ཉིད་རྣམས་ཀྱིས་འཆད་པ་ཉིད་དོ། །རྒྱས་བཤད་ལ་མེད་ 1-1-436 པའི་མཚན་ཉིད་གང་ཞེ་ན། མི་རྟག་པའི་མི་ཞེས་པ་དགག་ཚིག་ཡིན་ལ། རྟག་པ་ཞེས་པ་དུས་ ཐམས་ཅད་པ་ཡིན་པས། རྟག་ཏུ་མེད་པ་ཞེས་བྱ་བའི་དོན་ཏེ། (དབུས་མཐའ།)མི་རྟག་དོན་ནི་ མེད་དོན་དང་། །ཞེས་པ་ལྟར་དགག་གཞི་གང་ཉེར་ལེན་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ རྣམས་ལ་དགག་བྱའི་ཆོས་རྟག་གཅིག་རང་དབང་ཅན་ལ་སོགས་པའི་བདག་དང་བདག་གི་ བ་དུས་རྟག་ཏུ་མེད་པའོ། །རྣམ་པར་འཇིག་པའི་མཚན་ཉིད་གང་ཞེ་ན། སྐྱེ་ཞིང་འཇིག་པའི་ ཆོས་ཅན་དང་། །ཞེས་པ་ལྟར་འདུ་བྱེད་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་ཀྱི་བྱུང་ནས་མེད་པར་ འགྱུར་བའི་རྣམ་པར་འཇིག་པའོ། །འགྱུར་བའི་མཚན་ཉིད་གང་ཞེ་ན། གང་འདུ་བྱེད་རྣམས་ ཀྱི་གསར་བ་ལས་རྙིང་པ་དང་ལང་ཚོ་ལས་རྒན་པོ་ལ་སོགས་པ་རྒྱུན་གཞན་དང་གཞན་དུ་མི་ འདྲ་བ་འབྱུང་བའོ། །འབྲལ་བའི་མཚན་ཉིད་གང་ཞེ་ན། གང་འདུ་བྱེད་དངོས་པོའི་ཁྱད་པར་ ཟས་གོས་དང་ཆུང་མ་ལ་སོགས་པའི་ལོངས་སྤྱོད་རྣམས་ལ། རང་ཉིད་རྒས་པ་ལ་སོགས་པས་ ཟིལ་གྱིས་མནན་ནས་དབང་བྱེད་པ་ཉམས་པ་དང་། ཁ་ཅིག་ཏུ་ནི་རྒྱལ་སྲིད་ལ་སོགས་པ་ གཞན་དག་གི་ཕྲོགས་ནས་བདག་གིར་བྱས་པས་ཉམས་པའོ། །ཉེ་བའི་མཚན་ཉིད་གང་ཞེ་ན། ནད་ལ་སོགས་པ་སྔོན་དུ་སོང་ནས་འཆི་བ་ལྟ་བུ་དེ་ཉིད་ཀྱི་ཚེ་མི་རྟག་པ་མྱོང་ཞིང་མི་རྟག་པ་ ཉིད་ཀྱིས་ནོན་ཏེ་དེ་ལས་མ་འདས་པའོ། །ཆོས་ཉིད་ཀྱི་མཚན་ཉིད་གང་ཞེ་ན། རྒྱུ་མེད་ཕྱིར་ན་ འཇིག་པ་ནི། །རང་གི་ངོ་བོས་རྗེས་འབྲེལ་ཉིད། །ཅེས་པ་ལྟར་དངོས་པོ་རྣམས་མི་རྟག་པ་ཉིད་ གདོན་མི་ཟ་བར་མྱོང་འགྱུར་དུ་འབྱུང་བ། རྐྱེན་གཞན་ལ་མི་ལྟོས་པར་རང་རྒྱུས་འབྲེལ་བ་སྟེ། མེའི་ཚ་བ་ལྟ་བུའོ། །སྐད་ཅིག་མའི་མཚན་ཉིད་གང་ཞེ་ན། འདུ་བྱེད་རྣམས་སྐྱེས་དུས་ཀྱི་སྐད་ ཅིག་ལས་གཉིས་པ་ཕན་ཆད་དུ་མི་གནས་པར་དེ་མ་ཐག་འཇིག་པའོ། །རྒྱུན་གྱི་མཚན་ཉིད་ གང་ཞེ་ན། འཁོར་བ་ཐོག་མ་མེད་པའི་དུས་ནས་འོངས་ཤིང་སླར་ཡང་མཐའ་མེད་དུ་འགྲོ་བ་ ཅན་གྱི་འདུ་བྱེད་རྣམས་ཀྱི་ཚེ་རབས་སྔ་མ་ནས་ཕྱི་མར་བརྒྱུད་དེ་སྐྱེ་བ་རྒྱུན་མི་འཆད་བའོ། ། 1-1-437 ནད་ལ་སོགས་པའི་མཚན་ཉིད་གང་ཞེ་ན། ན་བས་ཁམས་མ་སྙོམས་པར་འགྱུར་བ་དང་། རྒ་བས་ན་ཚོད་རྒུད་པར་འགྱུར་བ་དང་། འཆི་བས་སྲོག་གི་དབང་པོ་འགག་པ་ལ་སོགས་པ་ རྣམས་སུ་འགྱུར་བའོ། །སེམས་སྣ་ཚོགས་ཀྱི་རྣམ་པར་འབྱུང་བའི་མཚན་ཉིད་གང་ཞེ་ན། རྐྱེན་ གྱི་དབང་གིས་རེས་འགའ་སྤང་བྱ་འདོད་ཆགས་དང་བཅས་པའི་སེམས་དང་། རེས་འགའ་ གཉེན་པོ་འདོད་ཆགས་དང་བྲལ་བའི་སེམས་དང་། དེ་བཞིན་དུ་སྦྱར་ཏེ་ཁོང་ཁྲོ་ཞེ་སྡང་དང་ བཅས་པ་དང་། ཞེ་སྡང་དང་བྲལ་བ་བྱམས་པའི་བདག་ཉིད་ཅན་དང་། རྨོངས་པ་གཏི་མུག་ དང་བཅས་པ་དང་། གཏི་མུག་དང་བྲལ་བ་ཤེས་རབ་ཀྱི་ངོ་བོ་དང་། ནང་དུ་དམིགས་པ་ལ་ སེམས་བསྡུས་ཏེ་ཞི་གནས་ལ་འཇོག་པ་དང་། ཕྱི་རོལ་ཏུ་འདོད་ཡོད་ལ་སེམས་འཕྲོས་ཏེ་རྣམ་ པར་གཡེངས་པ་དང་། གཉིད་དང་རྨུགས་པ་ལ་སོགས་པ་བྱིང་བ་དང་། དང་བར་འགྱུར་བའི་ དམིགས་པ་ལ་སེམས་རབ་ཏུ་བཟུང་བ་དང་། སྔོན་གྱི་རྩེ་རྩེ་རྗེས་སུ་དྲན་པས་རྒོད་པ་དང་། དེ་གཉེན་པོས་འདུལ་བར་བྱེད་པས་མི་རྒོད་པ་དང་། བྱིང་རྒོད་ཀྱི་མཐར་ལྷུང་བས་ཉེ་བར་ མ་ཞི་བ་དང་། བྱིང་རྒོད་ཀྱི་མཐའ་དང་བྲལ་བས་ཉེ་བར་ཞི་བ་དང་། ནང་དུ་ཏིང་ངེ་འཛིན་ལ་ མཉམ་པར་བཞག་པ་དང་། དེ་ལས་ལངས་ཏེ་ཐ་མལ་དུ་གནས་པ་མཉམ་པར་མ་བཞག་པ་ དང་། གཞན་ཡང་ལས་སུ་རུང་བ་དང་མི་རུང་བ་དང་། བསྒོམས་པ་དང་མ་བསྒོམས་པ་དང་། གྲོལ་བ་དང་མ་གྲོལ་བ་ལ་སོགས་པའི་རྣམ་པ་སྣ་ཚོགས་པར་སེམས་པ་བྱུང་བ་གང་ཡིན་ པའོ། །ལོངས་སྤྱོད་ཀྱི་འབྱོར་བ་རྒུད་པའི་མཚན་ཉིད་གང་ཞེ་ན། དར་བ་རྒུད་པར་མ་གྱུར་སུ་ ཞིག་ཡོད། །ཅེས་པ་ལྟར་འཇིག་རྟེན་པའི་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཐའ་ ནི་གཏན་དུ་གནས་པ་མ་ཡིན་པས་རྒུད་པར་གྱུར་པའི་ཉེས་པ་དང་ལྡན་པ་ཉིད་དོ། ། (བཅུ་གཉིས་པ།) སྣོད་འཇིག་པ་དང་འཆགས་པའི་མཚན་ཉིད་གང་ཞེ་ན། འཇིག་པའི་ཚུལ་ དངོས་དང་། བསྐལ་བའི་རྣམ་གཞག་གོ། དང་པོ་ལ་གསུམ་ལས། (དང་པོ།) གཞུང་དོན་གྱི་ 1-1-438 དབྱེ་བ་མདོར་བསྟན་ནི། ས་ཆེན་པོ་ལ་སོགས་པའི་སྣོད་ཀྱི་འཇིག་རྟེན་འདི་འཇིག་པར་བྱེད་ པའི་རྐྱེན་རྣམ་པ་གསུམ་སྟེ། མེས་འཚིག་པར་བྱེད་པ་དང་། ཆུས་འདྲུལ་བར་བྱེད་པ་དང་། རླུང་གིས་སྐེམས་ཤིང་འཐོར་བར་བྱེད་པའོ། །འཇིག་པ་ན་ལུས་པ་གསུམ་སྟེ། །དེ་ཡི་སྐྱོན་དང་ ཆོས་མཐུན་ཕྱིར། །ཞེས་པ་ལྟར་བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ་ཡོད་པས་དེ་མན་ ཆད་མེས་འཚིག་ཅིང་གཉིས་པ་ཡན་ཆད་ལུས་པ་དང་། གཉིས་པ་ན་དགའ་བ་ཆུ་ལྟ་བུ་ཡོད་ པས་དེ་མན་ཆད་ཆུས་འདྲུལ་ཞིང་གསུམ་པ་ཡན་ཆད་ལུས་པ་དང་། གསུམ་པ་ན་དབུགས་ འབྱུང་རྔུབ་ཀྱི་རླུང་ཡོད་པས་དེ་མན་ཆད་རླུང་གིས་སྐེམས་ཤིང་བཞི་པ་ཡན་ཆད་ལུས་པ་དང་། དེ་ཡང་། བཞི་པ་ན་མེད་མི་གཡོའི་ཕྱིར། །ཞེས་པ་ལྟར་ཕྱི་རོལ་གྱི་རྐྱེན་གྱིས་འཇིག་པ་ནི་ མེད་དོ། །འོད་ཀྱང་། མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ ཕྱིར། །ཞེས་པ་ལྟར་བསམ་གཏན་བཞི་པ་པའི་སེམས་ཅན་སྐྱེ་བ་ན་ཡང་དེའི་གཞལ་མེད་ཁང་ རྣམས་དང་ལྷན་ཅིག་དུས་མཉམ་དུ་འབྱུང་བ་དང་། འཆི་བ་ན་ཡང་གཞལ་མེད་ཁང་རྣམས་ དང་ལྷན་ཅིག་དུས་མཉམ་དུ་འགག་པས་འཇིག་ཅིང་འཆགས་སོ། ། (གཉིས་པ།) དེའི་དོན་རྒྱས་པར་བཤད་པ་ནི། འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་ པ་མེད་ནས་སྣོད་ཟད་པ། །ཞེས་པ་ལྟར་གནས་པའི་བསྐལ་པ་རྫོགས་པ་དང་དམྱལ་བར་ སེམས་ཅན་གསར་པ་མི་སྐྱེ་ཞིང་། རྙིང་པ་ལས་ཟད་པ་རྣམས་ཤི་འཕོས་ནས་འགྲོ་བ་གཞན་དུ་ སྐྱེ་ལ། མ་ཟད་པ་རྣམས་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་སྐྱེ་སྟེ། ཐོག་མར་འདིའི་ དམྱལ་བ་མ་ལུས་པ་འཇིག་གོ། དུད་འགྲོ་དང་ཡི་དྭགས་རྣམས་ཀྱང་དེ་དང་འདྲ་ལ། འོན་ཀྱང་ གནས་ན་གནས་པ་རྣམས་སྔོན་ལ་འཇིག་ཅིང་། བདེ་འགྲོ་དང་ལྷན་ཅིག་པ་རྣམས་ནི་དེ་དག་ དང་ལྷན་ཅིག་འཇིག་གོ། དེ་ནས་(སར་)མི་འགའ་ཞིག་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་ གཉིས་པ་བསྐྱེད་དེ། གཞན་རྣམས་ཀྱང་དེའི་རྗེས་སུ་སློབ་ཅིང་ཤི་འཕོས་ནས་འོད་གསལ་ 1-1-439 གྱི་ལྷར་སྐྱེ་ལ། འདོད་ལྷ་རྣམས་ཀྱང་དེ་དང་འདྲའོ། །མཛོད་འགྲེལ་དུ། གླིང་གསུམ་གྱི་མི་ རྣམས་བསམ་གཏན་དང་པོ་བསྐྱེད་ཅིང་། སྒྲ་མི་སྙན་པ་ལ་ཆགས་བྲལ་གྱི་ལམ་མེད་པས་ ཐོག་མར་འདོད་ལྷར་སྐྱེ་སྟེ། འདོད་ལྷ་རྣམས་ཀྱང་བསམ་གཏན་དང་པོ་བསྐྱེད་ནས་ཐམས་ ཅད་ཤི་འཕོས་པ་དང་ཚངས་བའི་འཇིག་རྟེན་དུ་སྐྱེ་ལ། དེར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་ གཏན་གཉིས་པ་བསྐྱེད་ནས་འོད་གསལ་དུ་སྐྱེ་བར་ཡང་བཤད་དོ། །དེ་བཞིན་དུ་ཆུས་འཇིག་ པ་ན་བསམ་གཏན་གསུམ་པའི་བར་ཐོབ་ནས་དེར་སྐྱེ་ཞིང་། རླུང་གིས་འཇིག་པ་ན་བཞི་པའི་ བར་ཐོབ་ནས་དེར་སྐྱེ་སྟེ། ཐོག་མར་བཅུད་ཀྱི་སེམས་ཅན་མ་ལུས་པ་འཇིག་གོ། དེ་ནས་སྣོད་ ཀྱི་འཇིག་རྟེན་མེས་འཇིག་པ་ན། སེམས་ཅན་གྱི་འཕེན་པ་ཟད་པས་ཡོ་བྱད་གསར་པ་རྣམས་ མི་འབྱུང་ཞིང་ཆར་མི་འབབ་པས། སྨན་དང་རྩི་ཤིང་ནགས་ཚལ་རྣམས་ཉི་མ་འདི་ཉིད་ཀྱིས་ སྲེག་ལ། འདི་བས་བཞི་འགྱུར་གྱིས་ཚ་བའི་ཉི་(ལྷ་མེད་པ་)མ་དྲུག་རིམ་གྱིས་ཤར་ནས། ཉི་མ་ གཉིས་པས་ལྟེང་ཀ་ཆེ་ཆུང་དང་། གསུམ་པས་ཆུ་བོ་ཆེ་ཆུང་དང་། བཞི་པས་མཚོ་མ་དྲོས་པ་ དང་། ལྔ་པ་དྲུག་པའི་ཕྱོགས་གཅིག་གིས་རྒྱ་མཚོ་ཆེན་པོ་རྣམས་བསྐེམས་ཤིང་། དྲུག་པ་དང་ བདུན་པས་རི་རབ་དང་ས་ཆེན་པོ་ཡང་བསྲེགས་ཏེ། མེ་ལྕེ་རླུང་གིས་ཁྱེར་བས་ཚངས་པའི་ འཇིག་རྟེན་མན་ཆད་བསྲེགས་ནས་དུ་བ་དང་ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་པར་འཇིག་ གོ། དེའི་ཚེ་འོད་གསལ་བ་ལྷ་གཞོན་པ་རྣམས་མེ་ལྕེ་བྱུང་བར་དོགས་པས་སྐྲག་པ་ལ། ལྷ་ རྒན་པ་སྲིད་པ་འཆགས་འཇིག་ལ་མཁས་པ་རྣམས་ཀྱིས། གྲོགས་པོ་དག་མ་འཇིགས་ཤིག། མེ་ལྕེ་འདི་ནི་སྔོན་ཡང་ཚངས་པའི་འཇིག་རྟེན་སྟོང་པ་ལན་མང་དུ་བསྲེགས་ནས་དེ་ཉིད་དུ་ མི་སྣང་བར་འགྱུར་རོ་ཞེས་དབུགས་འབྱིན་པར་འགྱུར་ཏེ། དེ་དག་ནི་ལུས་འདྲ་ཞིང་གཅིག་ ཀྱང་འདུ་ཤེས་ཐ་དད་དུ་གྱུར་པའི་ལྷ་ཞེས་བཤད་དོ། །ཆུས་འཇིག་པ་ན་བསམ་གཏན་གཉིས་ པ་ཉིད་ལས་བྱུང་བའི་ཆུས་སྣོད་ཐམས་ཅད་ལན་ཚྭ་བཞིན་དུ་ཞུ་ནས་འཇིག་ཅིང་ཆུ་དེའང་མི་ 1-1-440 སྣང་བར་འགྱུར་ལ། རླུང་གིས་འཇིག་པ་ན་བསམ་གཏན་གསུམ་པ་ཉིད་ལས་བྱུང་བས་རླུང་ གིས་སར་ལུས་རླུང་ནད་ཀྱིས་བསྐམས་པ་ལྟར་སྣོད་ཐམས་ཅད་བསྐམས་ནས་མེད་པར་བྱེད་ ཅིང་། (མཛོད་འགྲེལ་ལས་འཐོར་པར་བཤད།) རླུང་དེའང་མི་སྣང་བར་འགྱུར་རོ། །དེ་བས་ན། གདགས་ པར། དེ་ལྟར་ལྷུན་པོ་རྒྱ་མཚོ་ཆེ་དྭངས་པ། །དེ་བཞིན་མཐོ་རིས་ཟད་འགྱུར་ཤེས་ནས་ནི། །སྐྱེ་ བོ་དམ་པ་རྣམས་ཀྱིས་བརྟེན་པ་ཡི། །འཕགས་པའི་གནས་ལ་རྟག་ཏུ་བློ་ཞོག་ཅིག །ཅེས་པ་ ལྟར་རིག་པར་བྱའོ། །འཇིག་པར་བྱེད་པའི་མེ་དང་ཆུ་དང་རླུང་ཡང་རང་རང་གི་ས་བས་ཡིན་ གྱི། ས་རིས་མི་མཐུན་པས་འཇིག་པ་ནི་མེད་དེ། འོན་ཀྱང་ཕན་ཚུལ་འབྲེལ་བར་འབྱུང་བས་ དེ་ཉིད་ཀྱིས་ཞེས་བཤད་པའོ། ། (གསུམ་པ།) དེ་དག་གི་གྲངས་དང་རིམ་པ་ནི། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་ བདུན་ཐལ་ན་ཡང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་ པ་ལྟར་མེས་འཇིག་པ་ལན་བདུན་བདུན་གྱི་རྗེས་སུ་ཆུས་འཇིག་པ་ལན་རེ་རེ་འབྱུང་ཞིང་། དེ་ ལྟར་མེ་ཡིས་བཞི་བཅུ་རྩ་དགུ་དང་། ཆུས་བདུན་ཐལ་ནས། སླར་ཡང་མེས་ལན་བདུན་འཇིག་ ལ། དེ་ཐམས་ཅད་ཀྱི་རྗེས་སུ་རླུང་གིས་ལན་གཅིག་འཇིག་སྟེ། དེ་ལྟ་བུའི་བསྐལ་ཆེན་དྲུག་ཅུ་ རྩ་བཞི་ལ། མེས་འཇིག་པ་ནི་ལྔ་བཅུ་རྩ་དྲུག་དང་། ཆུས་འཇིག་པ་བདུན་དང་། རླུང་གིས་ འཇིག་པ་གཅིག་གོ། རྡོ་རྗེ་གདན་དང་བྱ་རྒོད་ཕུང་པོའི་རི་དང་ལོངས་སྤྱོད་རྫོགས་སྐུའི་ཞིང་ ཁམས་ནི་དེ་དག་གིས་མི་འཇིག་པར་ཡང་གསུངས་སོ། ། (གཉིས་པ།) བསྐལ་པའི་རྣམ་གཞག་ལ་བཞི་སྟེ། བར་བསྐལ་ཀྱི་རྫོགས་བྱེད། གནས་ སྐབས་བཞིས་བསྐལ་ཆེན། བསྐལ་པའི་ཞར་འབྱུང་། ཞར་ལས་བྱུང་བའི་འཕྲོས་པའོ། །དང་ པོ་ནི། བསྐལ་ཆེན་གྱི་དབུས་སུ་འབྱུང་བས་བསྐལ་པ་བར་མ་ནི་གསུམ་སྟེ་ཞེས་མདོར་ བསྟན་ནས། དེ་དག་རིམ་གྱིས་འབྱུང་ཚུལ་རྒྱས་པར་འཆད་པ་ནི། སྔར་བྱུང་སེམས་ཅན་ 1-1-441 གཟུགས་ཅན་བཞིན། །དེ་ནས་རིམ་གྱིས་རོ་ལ་ཆགས། །ལེ་ལོས་སོག་འཇོག་བྱས་ནས་ནི། ། འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབས། །ཞེས་པ་ལྟར་བསྐལ་པ་དང་པོའི་མི་རྣམས་ གཟུགས་ཁམས་ཀྱི་ལྷ་ལྟ་བུ་ཡིད་ལས་བྱུང་བ། ཡན་ལག་དང་ཉིང་ལག་དང་དབང་པོ་རྣམས་ ཚང་བ། རང་གི་ལུས་ལ་འོད་ཡོད་པ། ནམ་མཁའ་ལ་འགྲོ་བ། ཟས་སུ་དགའ་བདེ་ཟ་བ། ཚེ་ ལོ་དཔག་མེད་ཐུབ་པ་ཡོད་པ་ལས། བར་སྐབས་སུ་ལས་ཀྱི་དབང་གིས་སའི་བཅུད་ཁ་དོག་ མར་སར་པ་ལྟ་བུ། རོ་སྦྲང་རྩི་བསྐོལ་མ་ལྟར་མངར་བ། སའི་སྟེང་ཆུས་ཁྱབ་པ་ལ་རླུང་གི་ སྤྲིས་མ་ལྟར་བྱས་པ་འབྱུང་སྟེ། རོ་ལ་ཆགས་པ་འགའ་ཞིག་སོར་མོས་བླངས་ནས་ཟོས་པས་ གཞན་རྣམས་ཀྱང་དེ་ལྟར་བྱེད་ཅིང་། ཁམ་ཟས་ཟོས་པས་ལུས་རྩུབ་པ་དང་ལྕི་བར་འགྱུར་ ནས་འོད་ཡལ་ཞིང་མུན་པ་བྱུང་བ་ན་སྤྱིའི་ལས་ཀྱིས་ཉི་མ་དང་ཟླ་བ་འབྱུང་ངོ་། །རོ་ལ་ཆགས་ པས་སའི་བཅུད་དེ་ནུབ་པ་དང་། སའི་ཞག་སེར་པོ་སྦྲང་རྩིའི་རོ་ཅན་བྱུང་ཞིང་། ལྡུམ་པོའི་ ཚལ་དམར་པོ་སྦྲང་རྩིའི་རོ་ཅན་འབྱུང་ལ། དེ་ནུབ་པ་དང་མ་རྨོས་མ་བཏབ་པའི་འབྲས་སཱ་ ལུ་ཕུབ་མ་དང་ཤུན་པ་མེད་པ་འབྱུང་སྟེ། ཟས་རགས་པ་དེ་ཟོས་པས་རྒྱུ་མཐུན་འབྱུང་བའི་ གཤང་གཅིའི་ལམ་དང་ཕོ་མོའི་དབང་པོ་བྱུང་ནས། སྔོན་གོམས་དང་ཚུལ་མིན་ཡིད་ལ་བྱེད་ པས་འཁྲིག་པ་སྤྱོད་པ་འབྱུང་ཞིང་། དེ་ལ་སྨད་པས་བསྲུང་བའི་ཆེད་དུ་ཁྱིམ་བྱེད་པ་འབྱུང་ངོ་། ། འབྲས་སཱ་ལུ་དེ་ནང་ཟ་བར་བྱ་བ་ནང་ལེན་ཞིང་། ནུབ་ཟ་བར་བྱ་བ་ནུབ་ལེན་པ་ན། ལེ་ ལོ་ཅན་འགའ་ཞིག་གིས་སོག་འཇོག་བྱས་པ་དང་ཐམས་ཅད་དེ་བཞིན་དུ་བྱེད་པས་སླར་མི་ སྐྱེའོ། །དེ་ནས་ཞིང་བགོས་ཏེ་འཛིན་པ་ལ་མ་བྱིན་ལེན་བསྲུང་བའི་ཆེད་དུ་སྟོན་ཐོག་གི་དྲུག་ ལ་བསྟབས་ནས་ཞང་དབོན་བསྐོས་པས་མང་པོས་བཀུར་བའི་རྒྱལ་རིགས་བྱུང་ངོ་། །དེར་ཁ་ ཅིག་ཁྱིམ་གྱི་ཉེས་དམིགས་མཐོང་ནས་ཡིད་ཕྱིར་ཕྱོགས་པས་ཕྱི་རོལ་པའི་བྲམ་ཟེའི་རིགས་ དང་། ཁ་ཅིག་ལས་རྣམ་པ་སྣ་ཚོགས་བྱེད་ཀྱང་དམན་པའི་ལས་མི་བྱེད་པས་རྗེའུ་རིགས་དང་། 1-1-442 ཁ་ཅིག་ངན་ལས་གནོད་པའི་ལས་འབའ་ཞིག་བྱེད་པས་དམངས་རིགས་དང་། ཁ་ཅིག་ རྒྱལ་པོའི་རྔན་པ་ལ་བལྟས་ནས་མི་གསོད་པ་གཏུམ་པོ་གདོལ་པའི་རིགས་རྣམས་ཀྱང་འབྱུང་ ངོ་། །དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། །ཞེས་པ་ལྟར་ཕྱིས་རྒྱལ་ པོ་འགའ་ཞིག་གིས་ཆགས་པའི་དབང་གིས་ཞིང་མ་བགོས་པར་མང་དུ་བཟུང་བས་རྐུན་པོ་ བྱུང་ཞིང་། དེ་ལ་མཚོན་གྱིས་འདེབས་པས་ནམ་བརྐུས་སོ་ཞེས་རྫུན་དུ་སྨྲ་བ་ལ་སོགས་པ་མི་ དགེ་བ་བཅུ་འབྱུང་། དེ་ལྷག་པར་སྤྱད་པས་ངན་སོང་གསུམ་འགྲུབ་ཅིང་། ཚེ་ལོ་དཔག་མེད་ ནས་བཅུ་པའི་བར་དུ་རིམ་གྱིས་འགྲིབ་སྟེ། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་ པའི་བར་དུའོ། །ཞེས་པ་ལྟར་རོ། །དེ་ལྟར་འགྲིབ་པའི་ཚེ་ལོ་སུམ་ཅུ་པ་ནས་མུ་གེའི་བསྐལ་ པ་བར་མ་ལོ་བདུན་དང་ཟླ་བདུན་ཞག་བདུན་འབྱུང་སྟེ། མིས་ཆོས་མིན་སྤྱད་པ་ན་ལྷས་ཆར་ མི་འབེབས་ཤིང་འབྲུ་མི་སྨིན་པས། བཀྲེས་ཤིང་ཉམ་ཆུང་བ་རྣམས་འདུས་ནས་འཆི་བ་དང་། གབ་ཙེའི་ནང་དུ་ས་བོན་བཞག་ནས་རིན་པོ་ཆེ་ལྟར་སྲུང་བས་གབ་ཙེ་བ་དང་། ཤ་ཟད་ནས་ ཤི་མ་ཐག་རུས་པ་སྣུམ་མེད་དཀར་པོར་འགྱུར་བ་དང་། རུས་པ་དཀར་པོ་ཆུ་ནང་བཅུག་སྟེ་ བསྐོལ་ནས་འཐུང་བས་རུས་གོང་དཀར་བོ་བ་དང་། ཐུར་མས་ཉི་མ་རེས་མོས་སུ་ཟས་འགྱེད་ པ་དང་། ཐུར་མས་རྩིག་སྲུབ་ནས་འབྲུ་བྲུས་ཏེ་ཆུ་ནང་བསྐོལ་ཏེ་འཐུང་བ་ཐུར་མས་འཚོ་བ་ ཞེས་བྱ་བ་གསུམ་གྱིས་ཕལ་ཆེར་འཆི་ཞིང་། ཤི་བ་རྣམས་ཀྱང་ཡི་དྭགས་སུ་སྐྱེའོ། །ལྷག་མ་ རྣམས་འདུས་ཏེ་སྐྱོ་བ་ཅུང་ཟད་བསྐྱེད་ནས་མི་དགེ་ཅི་རིགས་པ་སྤངས་པས་རེ་ཞིག་ཚེའང་མི་ འགྲིབ་ཅིང་མུ་གེའང་འཆད་དོ། །དེ་ནས་ཡང་སྐྱོ་བ་མེད་པར་ཆོས་མིན་སྤྱད་པ་ལས་ཚེ་ལོ་ཉི་ ཤུ་པར་འགྲིབས་པ་ན། ནད་ཀྱི་བསྐལ་པ་བར་མ་ཟླ་བདུན་དང་ཞག་བདུན་འབྱུང་སྟེ། མི་མ་ ཡིན་རྣམས་ཀྱིས་ཡམས་དང་གནོད་པ་དང་འགོ་བའི་ནད་གསོར་མི་རུང་བ་སྣ་ཚོགས་བཏང་ ནས། སྨན་སྟེར་བ་དང་གཡོག་བྱེད་པ་ལ་སོགས་པ་མེད་པར། ཟུག་རྔུ་དྲག་པོས་གཟིར་ཞིང་ 1-1-443 ཕལ་ཆེར་འཆིའོ། །ལྷག་མ་རྣམས་འདུས་ཏེ་སྐྱོ་བ་བར་མ་བསྐྱེད་ནས་མི་དགེ་བ་ཅི་རིགས་སུ་ སྤངས་པས་རེ་ཞིག་ཚེའང་མི་འགྲིབ་ཅིང་ནད་ཀྱང་འཆད་དོ། །དེ་ནས་སྐྱོ་བ་མེད་པར་ཆོས་ མིན་ཤས་ཆེར་སྤྱད་པས་ཚེ་ལོ་བཅུ་པར་འགྲིབ་པ་ན། ཚེ་རྒུད་པ་རིང་ན་ལོ་བཅུ་དང་། ལུས་ རྒུད་པ་མཐོ་གང་ཆང་གང་དང་། ལོངས་སྤྱོད་རྒུད་པས་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་ རམ་དང་ལན་ཚྭ་ནི་མེད་ཅིང་། ཟས་ཀྱི་མཆོག་ཁྲེ་རྒོད་དང་། གོས་ཀྱི་མཆོད་སྐྲའི་ལྭ་བ་དང་། རྒྱན་གྱི་མཆོག་མཚོན་ཆ་ལ་བྱེད་དེ། བུ་མོ་རྣམས་ཀྱང་ཟླ་བ་ལྔ་ལོན་ནས་བག་མ་ལ་གཏང་ བ་འབྱུང་ངོ་། །དེའི་ཚེ་མཚོན་གྱི་བསྐལ་པ་བར་མ་ཞག་བདུན་འབྱུང་སྟེ་མི་རྣམས་ཕན་ཚུན་ རྔོན་པས་རི་དྭགས་མཐོང་བ་ལྟར་གནོད་སེམས་དྲག་པོ་སྐྱེས་ནས། གང་བླངས་པ་ཐམས་ཅད་ མཚོན་ཆ་རྣོན་པོ་བརྡ་བར་གྱུར་པས་གཅིག་གིས་གཅིག་གསོད་ཅིང་ཕལ་ཆེར་འཆིའོ། །ནད་ དང་མཚོན་གྱིས་ཤི་བ་རྣམས་ཀྱང་དམྱལ་བར་སྐྱེའོ། །དེའི་ཚེ་གླིང་གཉིས་སུ་བཀྲེས་སྐོམ་ཙམ་ དང་། མདོག་ངན་ཞིང་ཉམ་ཆུང་བ་ཙམ་དང་། གནོད་སེམས་ཙམ་འབྱུང་ངོ་། །མཛོད་འགྲེལ་ དུ་གསུམ་ཀ་ཚེ་ལོ་བཅུ་པ་ལ་འབྱུང་བར་བཤད་ཅིང་། དགེ་འདུན་ལ་བསོད་སྙོམས་འབུལ་ བ་དང་། སྨན་འབུལ་བ་དང་། ཉི་མ་འགའ་ཞིག་སྲོག་གཅོད་སྤངས་ན་དེ་དག་ལས་ཐར་བར་ ཡང་གསུངས་སོ། །གདགས་པར། ཚེ་ལོ་བཅུ་པ་རེ་རེ་ལ་རེས་མོས་སུ་འབྱུང་བར་བཤད་ ཅིང་། རྒྱལ་པོའི་སྲས་ཀྱང་དེ་ལྟར་བཞེད་དོ། །དེ་དག་གིས་ནི་གནས་པའི་བར་གྱི་བསྐལ་པ་ གཅིག་ཚར་ཕྱིན་ཞིང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པ་སྟེ། བསྐལ་པ་མཚོན་དང་ནད་ དང་ནི། །མུ་གེ་རྣམས་ཀྱིས་ཚར་ཕྱིན་ཏོ། །ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་སྟེ་ གོ་རིམ་བཞིན། །ཞེས་པ་ལྟར་རོ། ། (གཉིས་པ།) བསྐལ་ཆེན་ནི་བཤད་ཟིན་པ་ལྟར། བརྒྱད་ཁྲི་པ་ནས་བཅུ་པའི་བར་དུ་རིམ་ གྱིས་མར་འབྲི་བའི་བར་གྱི་བསྐལ་པ་གཅིག་སྟེ་ཡ་ཐོག་རིང་པོ་དང་སླར་ཡང་ཡར་འཕེལ་བ་ 1-1-444 དང་ཞེས་པ་ནི་མཚོན་གྱི་རྗེས་སུ་ཕན་ཚུན་འདུས་ནས་སྐྱོ་བ་ཤས་ཆེར་བསྐྱེད་པ་ལས། འདི་ལྟ་ བུ་ལ་མཚོན་ན། སྙིང་རྗེ་པདྨ་དཀར་པོར། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་དུ། རྗེ་བཙུན་ བྱམས་པ་འཁྲུ་གང་པ་ཅིག་བྱོན་ནས་ལུས་ཆེ་ཞིང་ཚེ་རིང་བའི་རྒྱུ་ནི་མི་དགེ་བ་བཅུ་སྤངས་ པའོ་ཞེས་ཆོས་བསྟན་པ་དང་། ལུས་ཀྱི་གསུམ་སྤངས་བས་ཉི་ཤུ་པ་དང་ལྔ་བཅུ་པ་དང་བརྒྱ་ བར་འཕེལ་ཞིང་། ངག་གི་བཞི་སྤངས་པས་(རིམ་པ་བཞིན་ཕྱེད་དང་སུམ་བརྒྱ། ལྔ་བརྒྱ། སྟོང་།)ཉིས་སྟོང་ པ་དང་། ཡིད་ཀྱི་གསུམ་སྤངས་པས་(རིམ་བཞིན། ལྔ་སྟོང་། ཁྲི། ཉི་ཁྲི། ཆོས་མ་ཡིན་པའི་ཆགས་པས་ཆགས་པ་ དང་འདོད་པས་ཟིལ་གྱིས་གནོན་པ་དང་ལོག་ཆོས་ལྡན་པ་སྤངས་པས།)བཞི་ཁྲི་བར་འཕེལ་ལ། ཕ་དང་མར་ བཟུང་ནས་བྱམས་པ་བསྒོམས་པས་བརྒྱད་ཁྲི་བར་འཕེལ་ཏེ། ལུས་དང་མདོག་དང་སྟོབས་ དང་དབང་ཕྱུག་དང་དབང་བྱེད་པ་རྣམས་ཀྱང་འཕེལ་ནས། ས་གཞི་ཐམས་ཅད་བྱ་གག་ འཕུར་བས་སླེབ་ཙམ་གྱི་བར་ཡོད་པའི་གྲོང་གིས་ཁྱབ་པ་དང་། སྙེ་མ་རེ་ལ་འབྲུ་བྲེ་བཞི་བཞི་ འབྱུང་བ་དང་། བུ་མོ་རྣམས་ཀྱང་ལོ་ལྔ་བརྒྱ་ལོན་ནས་བག་མར་གཏོང་བ་ལ་སོགས་པར་ གསུངས་པའོ། །དེ་ནས་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་ལྷག་པར་སྤྱད་པའི་དབང་གིས་ ཚེ་ལོ་བཅུ་པའི་བར་དུ་མར་འབྲི་བ་གཉིས་ནི་བར་གྱི་ཁུག་པ་སྟེ། དེ་ལྟ་བུ་བཅོ་བརྒྱད་དང་ སླར་ཡང་དགེ་བའི་དབང་གིས། དེ་རྣམས་ཚེ་ནི་བརྒྱད་ཁྲིའི་བར། །ཞེས་པ་ལྟར་ཡར་སྐྱེ་བ་ གཅིག་ནི་མ་ཐོག་རིང་མོ་སྟེ། དེ་ལྟ་བུའི་བར་གྱི་བསྐལ་པ་བཅུ་དགུ་ལ་བཅུ་དང་། གཅིག་ལ་ སྣོད་འཇིག་པས་ཉི་ཤུར་འཇིག་རྟེན་འཇིག་གོ། ཐོག་མཐའི་རྐྱང་པ་རེ་དང་བར་གྱི་ཁུག་པ་རེ་ ནི་དུས་མཉམ་པར་བཤད་ཅིང་། དེ་དག་ལ་ལོ་བརྒྱ་འམ་ཉིས་བརྒྱ་ཞིང་ལོ་རེ་རེས་འཕེལ་ འགྲིབ་བྱེད་པར་འདོད་པ་ནི་མི་འཐད་དེ། དགེ་སྡིག་སྟོབས་ཆེ་ཆུང་གི་དབང་གིས་འཕེལ་ འགྲིབ་སྟོབས་ཆེ་ཆུང་དུ་འགྱུར་པའི་ཕྱིར་རོ། །(ཐོག་མཐའི་རྐྱང་བ་གཉིས་ཀྱི་འཕེལ་འགྲིབ་ནི་བུལ་བར་བཤད། བར་གྱི་ཁུག་པ་རྣམས་ཀྱི་འཕེལ་འགྲིབ་ནི་འགྲིབ་པ་ལ་མི་དགེ་བ་སྟོབས་ཆེ་བས་མྱུར་ལ་ཡར་འཕེལ་བ་ན་ཡང་དགེ་སྟོབས་ཆེ་ 1-1-445 བས་མྱུར་རོ་ཞེས་གསུངས་སོ། །) བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་ཞིག་ནས་སྟོངས་པར་འདུག་གོ་ ཞེས་པ་ནི་དེའི་བར་ལ་འཕེལ་འགྲིབ་མི་འཇུག་ཀྱང་ཡུལ་མཉམ་པའོ། །བར་གྱི་བསྐལ་པ་ཉི་ ཤུར་འཇིག་རྟེན་འཆགས་སོ། །ཞེས་པ་ནི་གཅིག་ལ་སྣོད་དང་བཅུ་དགུ་ལ་བཅུད་ཀྱི་འཇིག་ རྟེན་ཏེ། འཆགས་པ་དང་པོ་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །ཞེས་པ་ལྟར་ སེམས་ཅན་གྱི་ལས་ཀྱི་དབང་གིས་སྣོད་འཆགས་པའི་སྔ་ལྟས་སུ་གྱུར་པའི་རླུང་འཇམ་པོ་ དལ་བུས་ལངས་པ་ལས་ཐོག་མར་ནམ་མཁའ་ལ་གནས་གཞན་རྣམས་ཡས་རིམ་བཞིན་ འཆགས་ཤིང་། དེའི་རྗེས་སུ་རླུང་ནས་རི་རབ་ཀྱི་བར་མས་རིམ་བཞིན་འཆགས་སོ། །དེའང་ གང་མཇུག་ཏུ་ཞིག་པ་དེ་དང་པོར་འཆགས་པས། རླུང་གི་ཞིག་པའི་རྗེས་ཡིན་ན་བསམ་གཏན་ གསུམ་པ་མན་ཆད་དང་། ཆུས་ཞིག་པའི་རྗེས་ཡིན་ན་གཉིས་པ་མན་ཆད་དང་། མེས་ཞིག་ པའི་རྗེས་ཡིན་ན་དང་པོ་མན་ཆད་ནས་འཐབ་བྲལ་གྱི་བར་གྱི་གཞལ་མེད་ཁང་རྣམས་བར་ སྣང་ལ་སྤྲུལ་པ་ལྟར་འཆགས་སོ། །དེ་ནས་རིམ་གྱིས་སྔར་བཤད་པ་ལྟར་རླུང་དལ་བུས་ ལངས་པ་རྣམས་ཕྱོགས་གཅིག་ཏུ་འདུས་པ་ལས་འོག་གཞིའི་རླུང་གི་དཀྱིལ་འཁོར་ཆེན་པོ་ འཆགས་ཤིང་། དེའི་སྟེང་དུ་སྤྲིན་གསེར་གྱི་སྙིང་པོ་ཅན་ལས་ཆར་ཆེན་པོ་བབས་པས་ཆུའི་ དཀྱིལ་འཁོར་དང་། དེའི་སྟེང་དུ་རླུང་གིས་འཐས་ཤིང་སྲ་བར་བྱས་པས་སའི་དཀྱིལ་འཁོར་ དང་། དེའི་སྟེང་དུ་སྤྲིན་ཁམས་སྣ་ཚོགས་ཅན་ལས་ཆར་བབས་པས་རྒྱ་མཚོ་ཆེན་པོ་རྣམས་ འཆགས་ཏེ། སྙིང་རྗེ་པདྨ་དཀར་པོར། ཆུ་དེའི་ནང་ན་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་ པ་སྟོང་སྣང་ནས། གནས་གཙང་མའི་ལྷ་རྣམས་ཀྱིས་ཅིའི་སྔ་ལྟས་ཡིན་ཞེས་བརྟགས་པ་ན། བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བར་ཤེས་ཏེ། བསྐལ་པ་འདི་ནི་བཟང་པོའོ་ཞེས་ བསྒྲགས་སོ་ཞེས་ཀྱང་འབྱུང་ངོ་། །རྒྱ་མཚོའི་ཁམས་བཟང་ཤོས་རྣམས་རླུང་གིས་བསྲུབས་པ་ ལས་རི་རབ་དང་། བར་མ་རྣམས་བསྲུབས་པ་ལས་གསེར་གྱི་རི་བདུན་དང་། ངན་པ་རྣམ་ 1-1-446 བསྲུབས་པ་ལས་གླིང་དང་གླིང་ཕྲན་དང་ཁོར་ཡུག་གི་རི་རྣམས་འཆགས་སོ། །སེམས་ཅན་ འཆགས་པ་ནི། རླུང་གིས་ཞིག་པའི་རྗེས་སུ་བསམ་གཏན་བཞི་པ་ནས་གསུམ་པ་ལ་སོགས་ པར་སྐྱེ་ཞིང་ཆུས་ཞིག་པའི་རྗེས་སུ་གསུམ་པ་ནས་གཉིས་པ་ལ་སོགས་པར་སྐྱེ་ལ། འདི་ནི་ མེས་ཞིག་པའི་རྗེས་ཡིན་པས། གཉིས་པ་འོད་གསལ་བའི་ལྷ་ཚེ་དང་བསོད་ནམས་དང་ལས་ ཟད་པ་ཞིག་ཤི་འཕོ་ནས་ཚངས་པ་ཆེན་པོར་སྐྱེས་ཏེ་ཤེད་བདག་ཏུ་རྟོག་གོ། དེ་གཅིག་པུ་སྐྱོ་ བར་གྱུར་ནས་(འདི་སྐྱོ་བ་ནི་ཡིད་བདེ་མ་ཡིན་གྱི་སྐྱོ་བ་ཡིན་ནོ། །)སེམས་ཅན་གཞན་ཡང་འདིར་སྐྱེ་བར་ གྱུར་ཅིག་སྙམ་དུ་སྨོན་པ་ན་སླར་ཡང་འགའ་ཞིག་གོང་མ་ནས་དེར་སྐྱེས་པ་ནི་ཤེད་ལས་སྐྱེས་ སུ་རྟོག་ཅིང་། དེ་དག་ལུས་ཀྱི་རྣམ་པ་ཐ་དད་ཀྱང་ཚངས་པ་ཆུང་བར་འདུ་ཤེས་མཐུན་པས། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པའི་ལྷ་ཞེས་གསུངས་སོ། །དེ་ནས་ཡས་རིམ་གྱིས་འདོད་ ལྷ་དྲུག་དང་། བྱང་དང་ནུབ་དང་ཤར་དང་ལྷོའི་མི་རྣམས་འཆགས་ཤིང་། དེར་མི་དགེ་བ་སྤྱད་ པའི་དབང་གིས་ངན་སོང་གསུམ་རིམ་གྱིས་འཆགས་ཏེ། དམྱལ་བར་སེམས་ཅན་གཅིག་སྐྱེས་ པ་དང་། འཆགས་པ་རྫོགས་པ་དང་། གནས་པ་རྩོམ་པ་དང་། ཚེ་ལོ་དཔག་མེད་ནས་འགྲིབ་ པ་མགོ་ཚུགས་པ་རྣམས་མཉམ་པའོ། །བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་འཆགས་ནས་ གནས་པར་འདུག་གོ་ཞེས་པ་ནི། དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་གཞན་ནི་བཅོ་ བརྒྱད་དང་། །ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་ལྟར་འཇིག་རྟེན་འཆགས་པ་འདི། །བར་གྱི་ བསྐལ་པ་ཉི་ཤུར་གནས། །ཞེས་པ་ལྟར་ཏེ། སར་ཁུག་པ་ཉི་ཤུར་གནས་པར་ཡང་གསུངས་ སོ། །གནས་པའི་བསྐལ་པ་བཟང་པོ་འདི་ལ་ནི་སངས་རྒྱས་སྟོང་འབྱུང་སྟེ། དེ་ཡང་གསང་བ་ བསམ་གྱིས་མི་ཁྱབ་པའི་མདོར། སྔོན་བསྐལ་པ་མཛེས་པར་སྣང་བ་ལ་འཇིག་རྟེན་གྱི་ཁམས་ རྣམ་པར་བརྒྱན་པར་སངས་རྒྱས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་ པོ་ཞེས་བྱ་བ་བྱོན་ཏེ། དེའི་ཚེ་སངས་རྒྱས་མར་མེ་མཛད་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་ 1-1-447 འཁོར་སྲུང་དུ་གྱུར་པ་ལ་སྲས་སྟོང་ཡོད་པ་རྫོགས་པའི་བྱང་ཆུབ་ལ་ཞུགས་པར་ཤེས་ནས། གང་སྔོན་ལ་འཚང་རྒྱ་བ་བརྟག་པའི་ཕྱིར་བུམ་པའི་ནང་དུ་མཚན་བྱང་རྣམས་བཅུག་སྟེ་རིམ་ གྱིས་བཏོན་པ་ན། དང་བོར་རྒྱལ་བུ་ཆེ་ཤོས་རྣམས་པར་དག་པའི་བློ་གྲོས་བྱུང་བ་ནི་རྒྱལ་བ་ འཁོར་བ་འཇིག་དང་། མཐར་ཆུང་ཤོས་བློ་མཐའ་ཡས་པ་བྱུང་བ་ནི་སངས་རྒྱས་མོས་པ་དང་། བཙུན་མོ་དམ་པ་མ་སྨད་པའི་བང་དུ་བརྫུས་ཏེ་སྐྱེས་པའི་ཁྱེའུ་ཆོས་ཀྱི་སེམས་དཔའ་ནི་སངས་ རྒྱས་སྟོང་གི་སྐུ་དང་བསྟན་པ་གྲུང་བར་སྨོན་ལམ་བཏབ་པ་དཔལ་ཕྱག་ན་རྡོ་རྗེ་དང་། བཙུན་ མོ་དཔེ་མེད་མའི་བང་སུ་སྐྱེས་པ་ཆོས་ཀྱི་བློ་གྲོས་ནི་སངས་རྒྱས་སྟོང་ལ་ཆོས་ཀྱི་འཁོར་ལོ་ བསྐོར་བར་སྐུལ་བར་སྨོན་ལམ་བཏབ་པ་ཚངས་པ་གཙུག་ཕུད་ཅན་ནོ་ཞེས་གསུངས་སོ། །དེ་ རྣམས་རེ་རེ་ཞིང་ཡང་བསྐལ་བ་བཟང་པོའི་མདོར། ཡུལ་རིགས་འོད་དང་ཡབ་ཡུམ་སྲས། ། རིམ་འགྲོ་ཤེས་རབ་རྫུ་འཕྲུལ་མཆོག །འཁོར་འདུས་སྐུ་ཚེ་དམ་ཆོས་གནས། །སྐུ་གདུང་བཅུ་ གསུམ་དོན་གྱིས་བཤད། །ཅེས་བྱ་སྟེ་སྟོན་པ་འདི་ལ་མཚོན་ན། ཡུལ་ནི་གྲོང་ཁྱེར་སེར་སྐྱའོ། ། རིགས་ནི་རྒྱལ་རིགས་སོ། །འོད་ནི་འདོམ་གང་ངོ་། །ཡབ་ནི་ཟས་གཙང་མའོ། །ཡུམ་ནི་སྒྱུ་ འཕྲུལ་ཆེན་མོའོ། །སྲས་ནི་སྒྲ་གཅན་འཛིན་ནོ། །རིམ་གྲོ་བ་ནི་ཀུན་དགའ་བོའོ། །ཤེས་རབ་ ཅན་རྣམས་ཀྱི་མཆོག་ནི་ཤཱ་རིའི་བུའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མོའུ་གལ་གྱི་བུའོ། ། འཁོར་འདུས་པ་ནི་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་མོ། །སྐུ་ཚེ་ནི་ལོ་བརྒྱད་ཅུ་དང་། དམ་པའི་ ཆོས་ནི་ལོ་སྟོང་ཕྲག་ལྔར་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་པ་ལ་སོགས་ པའོ། །སྙིང་རྗེ་པདྨ་དཀར་པོར། བར་བསྐལ་དང་པོ་འདིའི་ཚེ་ལོ་བཞི་ཁྲི་པ་ལ་སངས་རྒྱས་ འཁོར་བ་འཇིག་དང་། སུམ་ཁྲི་པ་ལ་གསེར་ཐུབ་དང་། ཉི་ཁྲི་པ་ལ་འོད་སྲུངས་དང་། བརྒྱ་པ་ ལ་ཤཱཀྱའི་རྒྱལ་པོ་བྱོན་པར་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོར། སྟོན་པ་ འདི་ཉིད་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པ་ན་རྒྱལ་བ་ཤཱཀྱ་ཐུབ་པ་ཆེན་པོ་ལ་སེམས་ 1-1-448 བསྐྱེད་དེ། གྲངས་མེད་གཅིག་ཏུ་ཚོགས་བསགས་པ་ལས་ཚོང་དཔོན་ཤེས་རབ་བཟང་པོར་ གྱུར་པ་ན་སངས་རྒྱས་དཀོན་མཆོག་ཡན་ལག་གི་དྲུང་དུ་ས་དང་པོ་ཐོབ་ཅིང་། གྲངས་མེད་ གཉིས་པ་སོང་བ་དང་བྲམ་ཟེའི་ཁྱེའུ་གཞོན་ནུ་སྤྲིན་དུ་གྱུར་པ་ནས་སངས་རྒྱས་མར་མེ་མཛད་ ཀྱི་སྤྱན་སྔར་ས་བརྒྱད་པ་ཐོབ་ནས་གྲངས་མེད་གསུམ་སོང་བ་ལས་མངོན་པར་རྫོགས་པར་ སངས་རྒྱས་པར་གསུངས་སོ། །ཕྱིས་ཚེ་ལོ་བརྒྱད་ཁྲི་པར་འཕེལ་བ་ན་རྒྱལ་བ་བྱམས་པ་ འཇིག་རྟེན་དུ་བྱོན་ཏེ། འཁོར་འདུས་པ་དང་པོ་ལ་དགྲ་བཅོམ་པ་ཁྲག་ཁྲིག་ཕྲག་དགུ་དང་། ཐེར་འབུམ་ཆེན་པོ་ཕྲག་དྲུག་འབྱུང་ཞིང་། དེ་ནས་རིམ་གྱིས་སེང་གེ་དང་། རབ་གསལ་དང་། མེ་ཏོག་དང་། མེ་ཏོག་གཉིས་པ་ལ་སོགས་པ་འབྱུང་ལ། མཐར་ཐམས་ཅད་ཀྱི་གཅུང་པོ་མོས་ པའམ་སྣང་མཛད་འབྱུང་སྟེ། དེ་ནི་འཁོར་དང་སྐུ་ཚེ་དང་མཛད་པ་ལ་སོགས་པ་སངས་རྒྱས་ སྟོང་གི་གཞན་ཐམས་ཅད་དང་མཉམ་པར་གསུངས་སོ། །བསྐལ་པ་བཟང་པོ་འདིའི་འོག་ཏུ་ བསྐལ་པ་དྲུག་ཅུ་རྩ་ལྔར་སངས་རྒྱས་མི་འབྱུང་ཞིང་། དེ་ནས་བསྐལ་པ་སྙན་གྲགས་ཆེན་པོ་ ལ་སངས་རྒྱས་ཁྲི་ཕྲག་གཅིག་འབྱུང་ངོ་། །དེའི་འོག་བསྐལ་པ་བརྒྱད་ཅུར་ཡང་སངས་རྒྱས་མི་ འབྱུང་ཞིང་། དེ་ནས་བསྐལ་བ་སྐར་མ་ལྟ་བུ་ལ་སངས་རྒྱས་བརྒྱད་ཁྲི་འབྱུང་ངོ་། །དེ་འོག་ཏུ་ བསྐལ་པ་སུམ་བརྒྱར་སངས་རྒྱས་མི་འབྱུང་ཞིང་། དེ་ནས་བསྐལ་པ་ཡོན་ཏན་བཀོད་པ་ལ་ སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ་། །ཞེས་ཀྱང་སྐལ་བཟང་ལས་གསུངས་ཏེ། དེ་ལྟར་ ན་སངས་རྒྱས་འབྱུང་བའི་བསྐལ་པ་ནི་ཉུང་ཞིང་། མུན་པའི་བསྐལ་པ་ནི་ཤིན་ཏུ་མང་བས་ སངས་རྒྱས་འཇིག་རྟེན་ཏུ་བྱོན་ནས་བསྟན་པ་གནས་པའི་དུས་སུ་དལ་འབྱོར་ཐོབ་པ་རྣམས་ ཀྱིས་དམ་པའི་ཆོས་ལ་འབད་པར་རིགས་སོ། །དེ་ལྟར་འཇིག་རྟེན་འཇིག་པ་དང་སྟོང་པ་དང་ འཆགས་པ་དང་གནས་པའི་གནས་སྐབས་བཞི་པོ་དེ་དག་ནི་བར་གྱི་བསྐལ་པ་བརྒྱད་ཅུ་སྟེ། དེ་རྣམས་ཐམས་ཅད་ལ་ནི་བསྐལ་པ་ཆེན་པོ་གཅིག་ཅེས་བྱའོ། །དེའང་ཞིང་ཁམས་འདིའི་ 1-1-449 དབང་དུ་བྱས་པ་ཡིན་གྱི་མཐའ་གཅིག་ཏུ་ངེས་པ་ནི་མེད་དེ། བརྒྱད་སྟོང་འགྲེལ་བར། བསྐལ་ པ་སྐར་མ་ལྟ་བུའི་མར་འགྲིབ་ལའང་ད་ལྟའི་བར་བསྐལ་ཉི་ཁྲི་ཡོད་པར་གསུངས་པའི་ཕྱིར་ དང་། ཐུབ་དབང་འོད་དཔག་མེད་དང་རྡོ་རྗེ་རབ་འཇོམས་དང་། །སྐུ་མཆོག་ཕྱིར་མི་ལྡོག་པའི་ འཁོར་ལོ་རབ་སྒྲོགས་དང་། ཆོས་ཀྱི་རྒྱལ་མཚན་སེང་གེ་རྣམ་སྣང་སྙིང་པོ་དང་། །ཆོས་ཀྱི་འོད་ ཟེར་པདྨ་རབ་ཏུ་རྒྱས་པ་དང་། །མངོན་པར་མཁྱེན་པ་ཀུན་གྱི་གཟི་བརྗིད་རྒྱལ་པོ་དང་། ཟླ་ བའི་ཐུགས་མངའ་བཟང་པོའི་དཔལ་ལ་ཕྱག་འཚལ་ལོ། །ཞེས་བར་སྐབས་ཀྱི་སྡོམ་སྟེ། ཕལ་ བོ་ཆེར། སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་མི་མཇེད་ཀྱི་བསྐལ་ཆེན་ལ། འོད་དཔག་མེད་ཀྱི་ ཞིང་བདེ་བ་ཅན་གྱི་ཞག་གཅིག་གོ་ཞེས་པ་ནས། སངས་རྒྱས་བཅུ་གཅིག་དེ་རྣམས་ཀྱི་སྔ་མ་ སྔ་མའི་བསྐལ་ཆེན་ལ་ཕྱི་མ་ཕྱི་མའི་ཞག་རེར་གསུངས་ཤིང་། སངས་རྒྱས་དེ་དག་བྱང་ཆུབ་ སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ཅན་གྱིས་ཐོས་ཀྱི། གཞན་གྱིས་ནི་མི་ཐོས་པར་ཡང་ གསུངས་སོ། །བསྐལ་ཆེན་ལས་འཕྲོས་ནས། །དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ ངོ་མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །རང་སངས་རྒྱས་རྣམས་གཉིས་ཀ་ ལ། །ཞེས་པའི་གྲངས་མེད་ནི་གྲངས་ཀྱི་གནས་གཞན་དྲུག་ཅུའི་ཐ་མ་ཡིན་ལ། དེའང་ལུང་ སིལ་བུར་འབྱུང་བ་ལྟར་སྡོམ་དུ་བྱས་ན། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་ དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཐེར་འབུམ་(དང་ཐེར་འབུམ་ཆེན་པོ་ཞེས་སོགས) ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་ཕྱིན་དང་། །བང་སྟེང་དེར་ འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིང་ རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་འབྱུང་དང་ནི་སྟོབས་མིག་རྣམས། ཆེན་པོའི་ཟླ་དང་བཅས་པ་སྟེ། གྲངས་མེད་པ་ནི་ཐ་མ་ཡིན། །ཞེས་པ་ལྟར་ཏེ་ཐམས་ཅད་ཀྱང་ བཅུ་འགྱུར་དུ་བསྒྲེ་ཞིང་། བར་ནས་བརྒྱད་མ་རྙེད་པ་ནི་མིང་གང་ཡང་རུང་བ་གཞུག་པར་ 1-1-450 གསུངས་སོ། །དེ་ལ་མདོ་དང་བྱང་སར། གྲངས་མེད་དང་པོས་ས་དང་པོའི་བར་དང་། གཉིས་ པས་ས་བདུན་པའི་བར་དང་། གསུམ་པས་ས་བཅུ་པའི་བར་རྫོགས་ནས་འཚང་རྒྱ་བར་ གསུངས་ཤིང་། (དབྱིག་གཉེན་དང་སེང་བཟང་།)ཁ་ཅིག་ནི་གསུམ་ཚན་དུ་ཆོས་མཐུན་པས་གསུམ་ ཞེས་བརྗོད་ཀྱི། དོན་ལ་སུམ་ཅུ་རྩ་གསུམ་ཡིན་ཏེ། དང་པོ་གསུམ་གྱིས་མོས་སྤྱོད་ཀྱི་ས་དང་། དེ་ནས་གསུམ་གསུམ་གྱིས་ས་བཅུ་པོ་རེ་རེ་རྫོགས་པར་བཞེད་ཅིང་། འགའ་ཞིག་(བསྐལ་བཟང་) ཏུ་བདུན་དང་(སྡེ་བ་ཐ་དད་བཀླག་པར།)བཅུས་རྫོགས་པར་གསུངས་བའང་ཡོད་དོ། །དེ་ལྟ་ན་ཡང་ བརྩོན་འགྲུས་དང་ཐབས་ལ་མཁས་པའི་ཁྱད་པར་གྱིས་ཡུན་ཐུང་ངུ་ལའང་བསྐལ་པ་མང་ པོའི་ཚོགས་འདུམས་པ་ཡོད་དེ། (གསང་ཆེན་ཐབས་མཁས་ཀྱི་)མདོ་ལས་སྟོན་པ་དེ་ཉིད་བྲམ་ཟེའི་ ཁྱེའུ་སྐར་མར་གྱུར་པ་ན་ཚོང་དཔོན་གྱི་བུ་མོ་དང་ལྷན་ཅིག་འདུས་པས་བསྐལ་པ་ཁྲིའི་ཚོགས་ འདུམས་པ་དང་། དེད་དཔོན་ཐབས་ལ་མཁས་པར་གྱུར་པ་ན་མི་ནག་པོ་བསད་པས་བསྐལ་ བ་འབུམ་གྱི་ཚོགས་འདུམས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི་འདོད་ན་ཞག་ བདུན་གྱིས་འཚང་རྒྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེའང་ཡར་འཕེལ་ལ་གདུལ་བྱ་ རྣམས་སྐྱོང་བར་དཀའ་བའི་ཕྱིར། བརྒྱད་ཁྲི་པ་ནས་བརྒྱ་པའི་བར་གྱི་མར་འགྲིབ་ལ་འབྱུང་། བརྒྱ་པ་མན་ཆད་ལ་ཚེ་དང་དུས་དང་ཉོན་མོངས་པ་དང་ལྟ་བ་དང་སེམས་ཅན་སྙིགས་མ་ལྔ་ ཤིན་ཏུ་ཤས་ཆེ་བའི་ཕྱིར་མི་འབྱུང་ལ། རང་སངས་རྒྱས་ནི་ཡར་འཕེལ་དང་མར་འགྲིབ་ གཉིས་ཀ་ལ་འབྱུང་ངོ་ཞེས་པ་ནི་ཐུན་མོང་བའི་རྣམ་གཞག་སྟེ། ཐེག་ཆེན་པའི་ལུགས་ལ་ནི། སྙིང་རྗེ་པདྨ་བཀར་པོར། འཇིག་རྟེན་གྱི་ཁམས་མཐེ་བོང་ཅན་ཞེས་བྱ་བར་མཐེ་བོང་གི་ཚད་ ཙམ་མི་རྣམས་ཀྱི་ནང་དུ་ཚེ་ལོ་བཅུ་པའི་དུས་སུ་སངས་རྒྱས་སྐར་མ་ལ་དགའ་བ་བྱོན་པ་དང་། ཚེ་ལོ་སུམ་ཅུ་པ་དང་ལྔ་བཅུ་པ་ལ་སོགས་པ་ལའང་སངས་རྒྱས་འབྱོན་པར་གསུངས་ཤིང་། བསྐལ་བཟང་དུ། མི་ཡི་འདྲེན་པ་སྣང་མཛད་པའི། །མི་རྣམས་ཚེ་ལོ་དཔག་ཏུ་མེད། །སངས་ 1-1-451 རྒྱས་དགུ་བརྒྱ་དགུ་བཅུ་དགུས། །ཇི་སྙེད་མཛད་ཀུན་དེས་མཛད་འགྱུར། །ཞེས་པ་ལ་སོགས་ པ་གསུངས་སོ། ། (གསུམ་པ།) ཞར་བྱུང་ནི། བསྐལ་པ་བགྲང་བའི་ཚུལ་དེས་གཟུགས་ན་སྤྱོད་པའི་ལྷ་རྣམས་ ཀྱི་ཚེའི་ཚད་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་གོང་དུ་རྒྱས་པར་ བཤད་ཟིན་པ་ཉིད་དོ། །དེ་དག་གི་ཚངས་ཆེན་པའི་ཚེ་ཚད་བར་བསྐལ་དྲུག་ཅུར་གསུངས་ ཀྱང་ལྔ་བཅུ་རྩ་བརྒྱད་ལ་བཏགས་པ་སྟེ། སྣོད་འཆགས་འཇིག་གི་བར་བསྐལ་གཉིས་དང་ སྟོངས་བའི་བར་བསྐལ་ཉི་ཤུ་དེའི་ཚེ་ཚད་དུ་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་འོད་གསལ་ བའི་བསྐལ་ཆེན་བརྒྱ་དང་། དགེ་རྒྱས་པའི་བསྐལ་ཆེན་དྲུག་ཅུ་རྩ་བཞི་ལའང་ཆགས་འཇིག་ གི་བར་བསྐལ་གཉིས་དང་སྟོངས་པའི་བར་བསྐལ་ཉི་ཤུ་རེ་དབྲི་དགོས་མོད། འོན་ཀྱང་ཉེ་བ་ ལ་དེ་དག་ཏུ་བཏགས་པའོ། ། (བཞི་པ།) དེ་ལས་འཕྲོས་པ་ནི། བསྐལ་པ་མང་པོར་གནས་པ་དེ་དག་ལ་འཆི་བ་མེད་དམ་ སྙམ་ན། ཁམས་གོང་མའི་སེམས་ཅན་དེ་དག་རང་སའི་ཚེ་ཟད་ཅིང་འགལ་རྐྱེན་གྱི་བསོད་ ནམས་ཟད་ལ་མྱོང་འགྱུར་གྱི་ལས་ཀྱང་ཟད་ནས་གཟུགས་དང་གཟུགས་མེད་ཀྱི་གནས་ དེ་ནས་འཆི་འཕོ་བར་འགྱུར་རོ། །དེ་འཆད་པ་ལ་ཚེ་ཟད་པས་ཇི་ལྟ་བུ་ཞེ་ན། ཚེའི་འཕེན་ པ་ཅི་ཙམ་ཡོད་པ་རྫོགས་ཏེ། འཆི་བའི་དུས་ལ་བབ་པ་ན་དུས་སུ་འཆིའོ། །བསོད་ནམས་ ཟད་པས་ཇི་ལྟ་བུ་ཞེ་ན། འདི་ལྟར་སེམས་ཅན་དེ་དག་སྙོམས་པར་འཇུག་པའི་རོ་མྱང་(བ་དང་ མཚུངས་པར་ལྡན་པས་ནི་སྐྱེ་བར་མི་འགྱུར་རོ། །གལ་ཏེ་སྐྱེས་ནས་རོ་མྱང་བར་བྱེད་ན་ཡང་དེ་ལས་འཆི་འཕོ་བར་འགྱུར་རོ། ། ཞེས་སོ། །)བས་ཚེ་འཕེན་པར་བྱེད་པའི་བསོད་ནམས་ཀྱི་བག་ཆགས་ལ་གནོན་པར་བྱས་ནས་ ཟད་པར་འགྱུར་ཏེ། དེས་ན་ཚེ་ཟད་དམ་རྫོགས་པས། དུས་ལ་མ་བབ་ཀྱང་དུས་མིན་དུ་འཆི་ བའོ། །ལས་ཟད་པས་ཇི་ལྟ་བུ་ཞེ་ན། གནས་གང་ནས་འཆི་འཕོ་བ་དེར་སྐྱེས་ནས་མྱོང་བར་ 1-1-452 འགྱུར་བའི་ལས་སྤྱད་ཟིན་པའི་ཕྱིར་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ བསགས་པ་མེད་པའི་ཕྱིར་ཡོངས་སུ་གཏུགས་པ་སྟེ་རྒྱུན་འཆད་པའི་འཆི་འཕོ་བའོ། །ཚེ་དང་ བསོད་ནམས་ཟད་ཀྱང་ལས་མ་ཟད་ན་སླར་ཡང་གནས་དེར་སྐྱེའི། ལས་ཟད་པ་ནི་རེ་ཞིག་མི་ སྐྱེ་བ་ཉིད་དོ། ། (གཉིས་པ།) སྡུག་བསྔལ་གྱི་མཚན་ཉིད་གང་ཞེ་ན། ལན་ལ་གཉིས་ལས། (དང་པོ།) དོན་ དངོས་བཤད་ཟིན་དྲན་པ་ལ་སྦྱར་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་སོགས་པ་གསུམ་ དང་། སྐྱེ་བའི་སྡུག་བསྔལ་ལ་སོགས་པ་རྣམས་པ་བརྒྱད་ནི་སྡུག་བསྔལ་གྱི་རྣམ་པའམ་མཚན་ ཉིད་ཅན་ཞེས་བྱའོ། ། (གཉིས་པ།) དེ་དང་མདོའི་དོན་མཐུན་པར་བསྟན་པ་ལ་འོ་ན་ཅིའི་ཕྱིར་མདོ་ལས་གང་མི་ རྟག་པ་དེ་སྡུག་བསྔལ་དུ་གསུངས་ཞེ་ན། གཉིས་ལས། (དང་པོ།) མི་རྟག་པ་ལ་སྡུག་བསྔལ་ གསུམ་རྟོགས་ཚུལ་ལ། མདོར་བསྟན་ནི། མི་རྟག་པ་ཉིད་ནི་གཉིས་ཀྱི་ཆར་གཏོགས་པ་སྟེ་ ཟག་བཅས་སྔར་མ་བྱུང་བ་ལས་གསར་དུ་འབྱུང་བ་སྐྱེ་བའི་ཆར་གཏོགས་པ་དང་། བྱུང་ནས་ ཀྱང་སྐད་ཅིག་གཉིས་པར་མི་གནས་པས་མེད་པར་འགྱུར་བ་འཇིག་པའི་ཆར་གཏོགས་པའོ། ། རྒྱས་བཤད་ནི། སྐྱེ་བའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས། སྡུག་བསྔལ་ གྱི་ཕྱོགས་ཀྱི་འདུ་བྱེད་སྐྱེས་ན་གནོད་པའི་བདག་ཉིད་དུ་རྟོགས་པས། སྡུག་བསྔལ་གྱི་སྡུག་ བསྔལ་ཉིད་རབ་ཏུ་ཤེས་སོ། །འཇིག་པའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས། བདེ་བའི་ཕྱོགས་ཀྱི་འདུ་བྱེད་ཞིག་ན་ཡིད་མི་བདེ་འབྱུང་བས། འགྱུར་བའི་སྡུག་བསྔལ་ཉིད་ རབ་ཏུ་ཤེས་སོ། །སྐྱེ་འཇིག་དེ་གཉིས་ཀའི་ཆར་གཏོགས་པའི་མི་རྟག་པ་ཉིད་ལ་བརྟེན་ནས། གནས་ངན་ལེན་དང་བཅས་པའི་འདུ་བྱེད་རྒྱུན་དུ་འབྱུང་ཞིང་འཇིག་པ་ཡང་འདོད་པ་མ་ཡིན་ 1-1-453 པས། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རབ་ཏུ་ཤེས་སོ། །སྡུག་བསྔལ་སྐྱེ་བ་ནི་འཇིག་རྟེན་ན་ སྡུག་བསྔལ་དུ་གྲགས་པའི་ཕྱིར་དགོས་པ་བརྗོད་མི་དགོས་པས། གཉིས་ཀའི་ཆར་གཏོགས་ འདུ་བྱེད་དང་། འཇིག་པའི་ཆར་གཏོགས་འགྱུར་བའི་སྡུག་བསྔལ་ཡིན་པ་དེ་ལ་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་ངས་བཏང་སྙོམས་ཀྱི་ཕྱོགས་ཀྱི་འདུ་བྱེད་མི་རྟག་པས་གྲུབ་པ་དང་ བདེ་བ་མ་ཡིན་པ་ཉིད་དང་། བདེ་བའི་ཕྱོགས་ཀྱི་འདུ་བྱེད་འགྱུར་བ་ན་ཡིད་མི་བདེ་འབྱུང་བ་ ཉིད་ལ་དགོངས་ནས་ཟག་བཅས་ཀྱི་བདེ་སྡུག་བཏང་སྙོམས་གང་ཅི་ཚོར་ཡང་འདིར་ནི་འདིར་ སྡུག་བསྔལ་གྱི་ངོ་བོ་ཉིད་དུ་གསུངས་སོ་ཞེས་བཀའ་སྩལ་ཏོ། ། (གཉིས་པ།) མི་རྟག་པ་ལ་སྡུག་བསྔལ་བརྒྱད་གཏོགས་ཚུལ་ནི་ཡང་སྐྱེ་བ་དང་འཇིག་པ་ རྐྱེན་གཞན་ལ་མི་ལྟོས་པར་ཆོས་ཉིད་ཀྱི་རྗེས་སུ་འབྲེལ་བའི་འདུ་བྱེད་ཟག་པ་དང་བཅས་པ་ རྣམས་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བརྒྱད་སྣང་ཞིང་མངོན་ཏེ། དེའི་ཕྱིར་མི་རྟག་པ་དེ་ སྡུག་བསྔལ་ཞེས་བྱའོ། །དེ་ལྟར་སྐྱེ་སོགས་དང་འབྲེལ་བའི་མི་རྟག་པ་སྡུག་བསྔལ་ཡིན་གྱི། མི་རྟག་པ་གང་ཡིན་པ་ནི་སྡུག་བསྔལ་མ་ཡིན་ཏེ། ལམ་ཡང་སྡུག་བསྔལ་དུ་ཐལ་བའི་ཕྱིར་རོ། ། འདོད་པར་མི་ནུས་ཏེ། བསྡུ་བར། མི་རྟག་པ་ཡིན་ལ་སྡུག་བསྔལ་མ་ཡིན་པ་ཡོད་དེ། ལམ་ གྱི་བདེན་པའོ་ཞེས་གསུངས་པའི་ཕྱིར་རོ། ། (གསུམ་པ།) སྟོང་པའི་མཚན་ཉིད་གང་ཞེ་ན། སྟོང་པ་ཉིད་ཀྱི་ངོ་བོ་ངོས་བཟུང་བ་དང་། ངོ་ བོ་ཉིད་གསུམ་དང་སྦྱར་བའོ། །དང་པོ་ལ། (གསུམ་ལས་དང་པོ།) སྟོང་ཚུལ་མདོར་བསྟན་ནི། སྟོང་ པའི་གཞི་གང་ལ་སྟོང་པའི་ཆོས་གང་མེད་པར་དོན་ལ་གནས་པ་ན། གཞི་དེ་ནི་ཆོས་དེས་སྟོང་ པར་ཡང་དག་པར་ཐོས་བསམ་གྱིས་རྟོགས་པའི་རྗེས་སུ་སོ་སོ་རང་རིག་གིས་མངོན་སུམ་དུ་ མཐོང་སྟེ་ཡོད་པའི་མཐའ་དང་བྲལ་བར་ཤེས་ཤིང་། འདི་ལ་ལྷག་མ་སྟོང་པའི་གཞི་གང་ཡིན་ པ་དེ་ནི་འདིར་ངེས་པར་ཡོད་པའི་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ 1-1-454 རྟོགས་པས་མེད་པའི་མཐའ་དང་ཡང་བྲལ་བར་རབ་ཏུ་ཤེས་སོ། །དེ་ལྟར་ཡུལ་མཐའ་གཉིས་ དང་བྲལ་བ་ལ་བློས་ཀྱང་མཐའ་གཉིས་དང་བྲལ་བར་རྟོགས་པ་འདི་ནི་སྟོང་པ་ཉིད་ལ་འཇུག་ པའི་ཚུལ་ཡང་དག་པ་ཇི་ལྟ་བ་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཕྱིན་ཅི་མ་ལོག་པ་ཞེས་ བྱའོ། །ཡུམ་(རྒྱས་པ་ལས་སོ། །)གྱི་འགྲེལ་བར་ཡང་། སྟོང་པ་ནི་གཞན་དང་གཞན་བྲལ་བ་སྟེ། དཔེར་ན་ཆུ་དང་བྲལ་བའི་ཕྱིར་བུམ་པ་སྟོང་པ་ཞེས་བྱ་བ་ལྟ་བུའོ་ཞེས་པ་ལྟར་རོ། ། (གཉིས་པ།) རྒྱས་པར་བཤད་པ་ནི། གཞི་གང་ལ་ཆོས་ཅི་ཞིག་མེད་ཅེ་ན། སྟོང་པའི་གཞི་ ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་སྟོང་པའི་ཆོས་མི་རྟག་པ་མེད་པའི་རྟག་པ་དང་། སྐད་ཅིག་གིས་མི་འཇིག་པའི་བརྟན་པ་དང་། རྒྱུན་གྱིས་མི་འཇིག་པའི་ཐེར་ཟུག་དང་། གཞན་ དུ་མི་འགྱུར་བའི་ཆོས་ཅན་གྱི་བདག་བརྟགས་པ་དང་། དེ་ལ་ལྟོས་པའི་བདག་གི་བ་ནི་མེད་ དོ། །བདག་དོན་གཞན་དང་བྲལ་བ་དེ་ལྟ་བས་ན་གཞི་ཕུང་པོ་ལ་སོགས་པ་དེ་དག་ནི་ཆོས་ བདག་དང་བདག་གི་བ་དེས་སྟོང་ངོ་། །དེ་ལ་ལྷག་མ་ཅི་ཞིག་ཡོད་ཅེ་ན། བདག་མེད་ཕུང་པོ་ ཙམ་ཉིད་དོ། །ཞེས་པ་ལྟར་གང་བརྟགས་པའི་བདག་མེད་པའི་འདུ་བྱེད་ཕུང་པོ་ལ་སོགས་དེ་ ཉིད་སྣང་ཙམ་དུ་ཡོད་པ་སྟེ། དེ་ལྟར་རྟག་པ་གཅིག་རང་དབང་ཅན་ལ་སོགས་པའི་བདག་ནི་ མེད་ཀྱི་བདག་མེད་པའི་ཆོས་གསུམ་ནི་རེ་ཞིག་ཡོད་པས་མཐའ་གཉིས་དང་བྲལ་བའི་སྟོང་ པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཞེས་པ་ནི་གནས་སྐབས་རྒྱུ་འབྲས་ལ་ཡིད་ཆེས་པའི་ཆེད་དུ་ ཀུན་རྫོབ་བདེན་པ་ལ་སྦྱར་ཏེ་བཤད་པའོ། །མཐར་ཐུག་དོན་དམ་པའི་བདེན་པ་ལ་སྦྱར་བ་ནི་ སྟོང་པའི་གཞི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་ ལ། སྟོང་པའི་ཆོས་ཀུན་རྫོབ་གློ་བུར་གྱི་དྲི་མ་མཐའ་དག་མེད་ཅིང་མི་དམིགས་པས་ཡོད་པའི་ མཐའ་དང་བྲལ་ཞིང་། ཆོས་ཀྱི་དབྱིངས་ལྷུན་གྱིས་གྲུབ་ཅིང་། འགྱུར་བ་མེད་པ་ནི་དུས་རྟག་ ཏུ་ལྷག་མར་ཡོད་པས་མེད་པའི་མཐའ་དང་ཡང་བྲལ་བས་ན། དོན་དམ་མཐའ་གཉིས་དང་ 1-1-455 བྲལ་བའི་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ་ཞེས་པ་སྟེ། རྒྱུད་བླ་མར། རྣམ་དབྱེ་བཅས་པའི་ མཚན་ཉིད་ཅན། །གློ་བུར་དག་གི་དབྱིངས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། ། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་ཤིང་། དེ་འགྲེལ་བར་ཡང་འཕགས་པ་འདི་ ཉིད་ཀྱིས་དེ་དང་མཐུན་པར་བཤད་ལ། མདོ་ལས་ཀྱང་། ཀུན་དགའ་བོ་དེ་ལྟ་བས་ན་གང་ ལ་གང་མེད་པ་དེ་དེས་སྟོང་ངོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ཡང་། དེ་ལ་ལྷག་མ་ གང་ཡིན་པ་དེ་དེ་ལ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཀུན་ དགའ་བོ་འདི་ལྟ་སྟེ་ཟག་པ་རྣམས་ཟད་པས་ཟག་པ་ནི་མེད་ཅིང་། མངོན་པར་འདུས་མ་བྱས་ པ་རྣམ་པར་གྲོལ་བ་ནི་ཡོད་པ་གང་ཡིན་པ་འདི་ནི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པ་ཡིན་ ནོ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། (གསུམ་པ།) ཤེས་བྱེད་དགོད་པ་ནི། གནས་སྐབས་ཀུན་རྫོབ་སྣང་ཙམ་དུ་ཡོད་ཅིང་དཔྱད་ ན་བདག་དང་བདག་གི་བ་མེད་པ་དང་། མཐར་ཐུག་དོན་དམ་མི་འགྱུར་བར་ཡོད་ཅིང་གློ་ བུར་གྱི་དྲི་མ་མཐའ་དག་མེད་པ་འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། ཡོད་པ་ལ་ ཡང་ཡོད་པར། མེད་པ་ལ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་ གསུངས་སོ། །དབུས་མཐར་ཡང་། གཉིས་དངོས་མེད་པའི་དངོས་མེད་པ། །དངོས་པོ་སྟོང་ པའི་མཚན་ཉིད་དོ། །ཞེས་གསུངས་ཤིང་། རྒྱན་ལས་ཀྱང་། དོན་མེད་པ་དང་དོན་ཡོད་དག། མི་སྣང་སྣང་བས་ཡིན་ཞེས་བྱ། །ཞེས་པ་དང་། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་ དམ་པར་འདོད། །ཅེས་པ་དང་། རྒྱུད་ལས་ཀྱང་། ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་པ་ ལ་སོགས་པ་རྒྱ་ཆེར་འབྱུང་བ་ལྟར་རོ། ། ངོ་བོ་ཉིད་གསུམ་དང་སྦྱར་བ་ལ། སྤྱི་དོན་གསུམ་སྟེ། མཚན་ཉིད་གསུམ་ངོས་བཟུང་། འཁྲུལ་བའི་སྐྱོན་སྤང་བ། ཆོས་གསུམ་ལ་འཇུག་ཚུལ་ལོ། །དང་པོ་ལ། ངོ་བོ། དབྱེ་བ། ཐ་ 1-1-456 དད། གྲངས་ངེས་སོ། ། (དང་པོ།) ངོ་བོ་ལ། ཀུན་བརྟགས་ནི་དོན་ལ་མེད་བཞིན་རྟག་གཅིག་རང་དབང་ཅན་ལ་ སོགས་པའི་གང་ཟག་གི་བདག་དང་། གཟུང་བ་དང་འཛིན་པ་ཆོས་ཀྱི་བདག་ཏུ་བརྟགས་པ། རྟོག་བྱེད་ཀྱི་གཟུང་ཆར་སྣང་བ། བརྟགས་པའི་ཆ་ཅི་ཡང་མེད་པ་རི་བོང་གི་རྭ་ལྟ་བུ་སྟེ། སུམ་ ཅུ་པར། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་པ་ལྟར་རོ། །གཞན་དབང་ནི་ཁམས་གསུམ་ པའི་རིག་པ། ཀུན་བརྟགས་ཀྱི་གདགས་གཞིར་གྱུར་པ། རྟོག་བྱེད་རྒྱུ་རྐྱེན་ལ་རག་ལས་པ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་པ་ལྟར་རོ། །ཡོངས་ གྲུབ་ནི། སྟོང་པ་ཉིད་ཡིན་ལ་དེའང་གནས་སྐབས་ཀུན་རྫོབ་ལ་སྦྱར་བ་ནི། གཞན་དབང་རྣམ་ རིག་ཙམ་དེ་ཉིད། ཀུན་བརྟགས་བདག་གཉིས་ཀྱི་སྟོང་པ་སྟེ། གྲུབ་ནི་དེ་ལ་སྔ་མས་སོ། །རྟག་ ཏུ་མེད་པར་གྱུར་པ་གང་། །ཞེས་པ་དང་། དབུས་མཐར་ཡང་། ཡང་དག་མ་ཡིན་ཀུན་རྟོག་ ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་པ་ལྟར་རོ། །མཐར་ཐུག་དོན་དམ་ལ་སྦྱར་བ་ནི། རང་བཞིན་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་འགྱུར་བ་མེད་པ་དེ་ཉིད། ཀུན་བརྟགས་དང་ གཞན་དབང་གིས་བསྡུས་པའི་གློ་བུར་གྱི་དྲི་མ་མཐའ་དག་གིས་སྟོང་པ་སྟེ། འབུམ་གྱི་འགྲེལ་ བར། (གཟུང་འཛིན་)ཀུན་བརྟགས་པ་དང་རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་པ་གང་ ཡིན་པ་དེ་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི་གཟུགས་ཞེས་པ་ལ་ སོགས་པ་དང་། རྒྱན་གྱི། ཡོད་མིན་མེད་མིན་ཞེས་པའི་འགྲེལ་པར། ཀུན་བརྟགས་པ་དང་ གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ། །ཡོངས་སུ་གྲུབ་པའི་མཚན་ ཉིད་ཀྱིས་ནི་མེད་པ་མ་ཡིན་ནོ་ཞེས་པ་དང་། (དབུ་མ།)བསམ་གྱིས་མ་ཁྱབ་པར་བསྟོད་པར་ ཡང་། (ཡོངས་གྲུབ།) དམ་པའི་དོན་ནི་བཅོས་མ་མིན། །ངོ་བོ་ཉིད་དང་རང་བཞིན་དང་། །ཡོང་ 1-1-457 དག་རྫས་དངོས་ཡོད་པ་ལགས། །(ཀུན་)བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་ དབང་ཡང་ཡོད་མ་ལགས། །ཞེས་པ་ལྟར་རོ། ། (གཉིས་པ།) དབྱེ་བ་ལ། ཀུན་བརྟགས་གསུམ་ནི་རྗོད་པ་མིང་ཇི་ལྟར་བར་དོན་དུ་འདུ་ཤེས་ ཤིང་མཚན་མར་འཛིན་པའི་སེམས་བྱུང་གི་རྒྱུ་མཚན་ནམ་དམིགས་ཡུལ་སྔོ་སེར་ལ་སོགས་ པ་ཀུན་ཏུ་བརྟག་པར་བྱ་བ་གང་ཡིན་པ་དང་། རྗོད་པ་མིང་དེའི་བག་ཆགས་ཀུན་གཞི་ལ་ ཡོད་པའང་ཀུན་བརྟགས་ཀྱི་རྒྱུ་ཡིན་པས་ཀུན་བརྟགས་སུ་གཞག་པ་དང་། བག་ཆགས་དེ་ ལས་ཀྱང་མིང་དོན་སྦྱར་ནས་འཛིན་པའི་འདུ་ཤེས་མེད་ཀྱང་དོན་རྐྱང་པར་སྣང་བའི་ཀུན་ཏུ་ བརྟགས་པ་སྟེ། རྒྱན་ལས། ཇི་ལྟར་དོན་རྗོད་འདུ་ཤེས་ཀྱི། །རྒྱུ་མཚན་དང་དེའི་བག་ཆགས་ དང་། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་ཏུ་བརྟགས་པའི་མཚན་ཉིད་དོ། །ཞེས་པ་ལྟར་རོ། ། ཡང་ཀུན་བརྟགས་གཉིས་ནི་མིང་ཇི་ལྟ་བར་དོན་དུ་སྣང་བ་དང་། དོན་ཇི་ལྟ་བར་མིང་དུ་སྣང་ བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་རྒྱུ་མཚན་ནམ་དམིགས་པ་དག་སྟེ། མིང་དང་ དོན་ནི་ཇི་ལྟ་བར། །དོན་དང་མིང་དུ་སྣང་བ་གང་། །ཡང་དག་མིན་རྟོགས་རྒྱུ་མཚན་ནི། །ཀུན་ ཏུ་བརྟག་པའི་མཚན་ཉིད་དོ། །ཞེས་པ་ལྟར་རོ། །ཡང་(མིག་ལ་སོགས་པ་སྟེ་དངོས་པོ་ཙམ་ཉེ་བར་འཛིན་ པ།)ངོ་བོ་ཀུན་བརྟགས་དང་(མི་རྟག་པ་ལ་སོགས་པའི་ཆོས་སུ་བརྟགས་པ།)ཁྱད་པར་ཀུན་བརྟགས་གཉིས་ སུའང་འགྱུར་རོ། །གཞན་དབང་གི་དབྱེ་བ་ནི། གནས་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང་། དོན་གཟུགས་སོགས་ཡུལ་ལྔར་སྣང་བ་དང་། ལུས་དབང་པོ་གཟུགས་ཅན་དུ་སྣང་བ་གསུམ་ ནི་གཟུག་ཅན་གྱི་མཚན་ཉིད་ཅན་གྱི་རྣམ་པར་རིག་པ་ཡིན་ལ། ཡིད་ཉོན་མོངས་པ་ཅན་དུ་ སྣང་བ་དང་། འཛིན་པ་སྒོ་ལྔའི་རྣམ་ཤེས་སུ་སྣང་བ་དང་། རྟོག་པ་ཡིད་ཀྱི་རྣམ་ཤེས་སུ་སྣང་ བ་གསུམ་ནི་འཛིན་པའི་མཚན་ཉིད་ཅན་གྱི་རྣམ་པར་རིག་པ་ཡིན་པས། དེ་ལྟར་གཟུང་བ་དང་ འཛིན་པའི་རྣམ་པར་རིག་པ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྒྱུ་རྐྱེན་ལ་རག་ལས་པ་ 1-1-458 དག་སྟེ། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་ དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་པ་ལྟར་རོ། །ཡང་ན་ འདོད་པ་དང་གཟུགས་དང་གཟུགས་མེད་པས་ཕྱེ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ ཏེ། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་ པ། །ཞེས་པ་ལྟར་རོ། །ཡོངས་གྲུབ་ནི་དེ་བཞིན་ཉིད་ཡིན་ལ་དེ་ཡང་བྱིས་པས་བརྟགས་པ་ བཞིན་དུ་དོན་ལ་མེད་ཅིང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པས་ཡོད་པ་དང་མེད་ པ་མཉམ་པ་ཉིད་རང་གི་མཚན་ཉིད་ཅན་དང་། གློ་བུར་གྱི་དྲི་མ་དག་གིས་མ་ཞི་ཡང་རང་ བཞིན་གྱིས་རྣམ་པར་དག་པས་ཞི་བ་ཉིད་ཉོན་མོངས་རྣམ་བྱང་གི་མཚན་ཉིད་ཅན་དང་། རྣམ་ པར་རྟོག་པའི་སྤྱོད་ཡུལ་ལས་འདས་པས་སྤྲོས་པ་མེད་པ་ཉིད་རྣམ་པར་མི་རྟོག་པའི་མཚན་ ཉིད་ཅན་ཏེ། མེད་དང་ཡོད་ཉིད་གང་ཡིན་དང་། །ཡོད་དང་མེད་པ་མཉམ་ཉིད་དང་། །མ་ཞི་ ཞི་དང་རྣམ་མི་རྟོག། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་པ་ལྟར་རོ། །ཡང་ན་ཆོས་ཉིད་ འདུས་མ་བྱས་འགྱུར་བ་མེད་པའི་ཡོངས་སུ་གྲུབ་དང་། འཕགས་པའི་ལམ་གྱི་ཡེ་ཤེས་འདུས་ བྱས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་ཏེ། དབུས་མཐར། འགྱུར་མེད་ཕྱིན་ཅི་མ་ལོག་ པའི། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་པ་ལྟར་རོ། །ཡང་ཡུམ་རྒྱས་པ་ལ་སོགས་པའི་ འགྲེལ་པར། ཡོངས་གྲུབ་དགུར་ཡང་གསུངས་ཏེ། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱི་ མི་ཁྱབ་པའི་དབྱིངས་རྣམས་ནི་རིམ་པ་ལྟར། འཇིག་པ་མེད་པར་ཡོངས་སུ་གྲུབ་པ་དང་། དེ་ བཞིན་དུ་ཕྱིན་ཅི་མ་ལོག་པ་དང་། འགྱུར་བ་མེད་པ་དང་། ངོ་བོ་ཉིད་དང་། རྣམ་པར་བྱང་བའི་ ཆོས་ཀྱི་རྒྱུ་ཉིད་དང་། དུས་ཐམས་ཅད་དང་། ཕྱིར་མི་ལྡོག་པ་དང་། དེ་ཁོ་ན་ཉིད་དང་། རྟོག་ 1-1-459 གེ་བའི་ལམ་ལས་འདས་པར་ཡོངས་སུ་གྲུབ་པར་བསྟན་པས་སོ། ། (གསུམ་པ།) ཐ་དད་བསམ་པ་ནི། (ཀུན་བརྟགས་ལ་ངོ་བོ་མེད་ཅིང་ཡོངས་གྲུབ་ཆོས་ཉིད་ཡིན་པས།)དེ་ རྣམས་ཕན་ཚུན་དེ་ཉིད་གཞན་དུ་བརྗོད་དུ་མེད་པ་ཞེས་བྱ་སྟེ། སུམ་ཅུ་པར། (གཅིག་པ་བཀག་པའི་ ཐ་དད་ཟེར་)དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་པ་མིན་པའང་མིན། །ཞེས་ གསུངས་ཤིང་། ཐེག་བསྡུས་སུའང་། དེ་དག་ཐ་དད་པ་ཡང་མ་ཡིན་ལ། ཐ་དད་མ་ཡིན་པ་ ཡང་མ་ཡིན་པར་བརྗོད་པར་བྱའོ། །ཞེས་པ་དང་། དབུས་མཐར་ཡང་། ཐ་དད་གཅིག་པའི་ མཚན་ཉིན་མིན། །ཞེས་པ་ལྟར་རོ། ། (བཞི་པ།) གྲངས་ངེས་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བརྟགས་ པ་བཞིན་དོན་ལ་མེད་པའི་ཆ་ནི་ཀུན་བརྟགས་དང་། རྐྱེན་ལ་ལྟོས་ནས་སྣང་ཙམ་དུ་ཡོད་ཀྱང་ དཔྱད་ན་རང་དབང་ཅན་དུ་མེད་པའི་ཆ་ནི་གཞན་དབང་དང་། ཆོས་ཉིད་མི་འགྱུར་བར་ཡོད་ ཅིང་གློ་བུར་གྱི་དྲི་མ་མེད་པའི་ཆ་ནི་ཡོངས་གྲུབ་ཅེས་བྱ་བ་གསུམ་དུ་ངེས་པ་སྟེ། ཡུམ་བར་ མར། བྱམས་པ་ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་སུ་མེད་པར་བལྟ་ བར་བྱའོ། །རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་སུ་ ཡོད་པའི་ཕྱིར་རྫས་སུ་ཡོད་པར་བལྟའི་རང་དབང་དུ་འཇུག་པའི་ནི་མ་ཡིན་ནོ། །ཆོས་ཉིད་ ཀྱི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པ་ཡང་མ་ཡིན་རྫས་ཡོད་པ་ཡང་མ་ཡིན་ཏེ་དོན་དམ་ པས་རབ་ཏུ་ཕྱེ་བར་བལྟའོ་ཞེས་པ་ལ་སོགས་པ་རྣམ་མཁྱེན་གྱི་བར་ལ་སྦྱར་ནས་གསུངས་ ཤིང་། དེ་དག་གི་དགོངས་པ་བསྡུས་ནས་དབུས་མཐར་ཡང་། ངོ་བོ་ཉིད་གསུམ་བརྟག་མེད་ དང་། །ཡོད་ཀྱང་ཁོ་ན་མ་ཡིན་དང་། །ཡོད་དང་མེད་དེ་ཡི་ཁོ་ན་སྟེ། །ངོ་བོ་ཉིད་ནི་གསུམ་ དུ་འདོད། །ཅེས་གསུངས་པ་ལྟར་རོ། །ཡང་གཟུགས་སོགས་རང་མཚན་དོན་ལ་མེད་ཀྱང་ ཀུན་རྟོག་ཙམ་དུ་དམིགས་པ་དང་། རྟོག་བྱེད་ཀྱི་ཤེས་པ་སྣང་ཙམ་དུ་ཡོད་པ་དང་། དེ་དག་ 1-1-460 གི་ཆོས་ཉིད་དོན་དམ་དུ་གྲུབ་པ་གསུམ་དུ་ངེས་པའི་ཕྱིར་ཡང་སྟེ། ཀུན་ཏུ་རྟོག་དོན་རྣམ་རྟོག་ དོན། །ཆོས་ཉིད་དོན་གྱིས་དེ་དག་དེར། །ཞེས་པ་ལྟར་རོ། །ཡང་དོན་ལ་མེད་བཞིན་དུ་དོན་དུ་ བརྟགས་པའི་ཕྱིར་དང་། རྟོག་བྱེད་ཡང་དག་པ་མ་ཡིན་པའི་ཀུན་རྟོག་རེ་ཞིག་དམིགས་པའི་ ཕྱིར་དང་། དཔྱད་ན་གཟུང་འཛིན་གཉིས་པོ་མེད་པའི་ཆོས་ཉིད་ཡོངས་སུ་གྲུབ་པའི་ཕྱིར་ཡང་ རྣམ་པ་གསུམ་སྟེ། བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་ཀྱང་སྟེ། ། དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་པ་ལྟར་རོ། ། (གཉིས་པ།) འཁྲུལ་སྤོང་ནི། གང་དག་ངོ་བོ་ཉིད་གསུམ་གྱི་རྣམ་པར་གཞག་པ་འདི་དག་ རྣམ་རིག་སེམས་ཙམ་དུ་སྨྲ་བ་ཁོ་ནའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ཡིན་གྱི། དབུ་མའི་ གཞུང་ལུགས་སུ་ནི་དེ་ལྟར་གྲགས་པ་མ་ཡིན་ནོ་ཞེས་འདོད་པ་དེ་དག་ནི་འཁྲུལ་པ་ཡིན་ པས་རྒྱང་རིང་དུ་སྤང་བར་བྱ་སྟེ། དབུ་མ་ཆེན་པོའི་གསུང་རབ་དགོངས་འགྲེལ་དང་བཅས་ པ་རྣམས་སུ་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་ཤིན་ཏུ་གསལ་བར་ཡང་ཡང་བསྟན་པའི་ཕྱིར་ རོ། །དེ་ཡང་ཇི་སྐད་དུ། ཡུམ་བར་མར། བྱམས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ ཅིང་ཆོས་རབ་ཏུ་དབྱེ་བ་ལ་མཁས་པར་གནས་པའི་བྱང་ཆུབ་སེམས་དཔས་རྣམ་པ་གསུམ་ གྱི་གཟུགས་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་བྱའོ། །ཚོར་བ་དང་འདུ་ཤེས་དང་ འདུ་བྱེད་དང་རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རབ་ཏུ་དབྱེ་བ་གདགས་ པ་རྗེས་སུ་ཤེས་པར་བྱ་སྟེ། འདི་ལྟར། ཡོངས་སུ་བརྟགས་པའི་གཟུགས། འདི་ནི་རྣམ་པར་ བརྟགས་པའི་གཟུགས་སོ། འདི་ནི་ཆོས་ཉིད་ཀྱི་གཟུགས་སོ་ཞེས་པ་ལ་སོགས་པ་རྣམ་མཁྱེན་ ཀྱི་བར་ལ་སྦྱར་ནས་གསུངས་པའི་ཕྱིར་དང་། འབུམ་གྱི་འགྲེལ་པར་ཡང་། ཀུན་བརྟགས་པ་ དང་རྣམ་པར་བརྟགས་པའི་གཟུགས་དེ་གཉིས་ཀྱི་རྣམ་པར་བྲལ་བ། ཡོངས་སུ་གྲུབ་པ་དེ་ བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ལ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ་ཞེས་པ་ལ་ 1-1-461 སོགས་པ་གསུངས་པའི་ཕྱིར་དང་། བརྒྱད་སྟོང་དོན་བསྡུར་ཡང་། ཤེས་རབ་ཕ་རོལ་ཕྱིན་པར་ ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་ སུ་གྲུབ་པ་ཁོ་ནའོ། །ཞེས་མདོར་བསྟན་ནས། མེད་ཅེས་བྱ་སོགས་ཚིག་གིས་ནི། །བརྟགས་ པ་ཐམས་ཅད་འགོག་པ་སྟེ། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་ བསྟན། །(དྲི་བཅས་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་བྱང་བ་དང་། དྲི་མེད་དེ་བཞིན་ཉིད་དྲི་མ་མེད་པའི་རྣམ་པར་བྱང་ བ་དང་། ལམ་གྱི་དམིགས་པ་ཤེར་ཕྱིན་དམིགས་པའི་རྣམ་པར་བྱང་བ་དང་། དེ་དག་གི་རྒྱུ་མཐུན་པའི་ཆོས་བསྟན་པ་རྒྱུ་མཐུན་ པའི་རྣམ་པར་བྱང་བས་ཏེ།)རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པར་རབ་ཏུ་བསྒྲགས། ། ཞེས་རྒྱས་པར་བཤད་ཅིང་། ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་རྣམས་ཀྱིས་(ངོ་བོ་ ཉིད་གསུམ་ལས།)གཞན་བསྟན་མེད། །ཅེས་མཐའ་གཞན་བཀག་ནས་དོན་བསྡུས་ཏེ་བསྟན་པའི་ ཕྱིར་དང་། དབུ་མ་སྣང་བར་ཡང་། དབུ་མ་བ་རྣམས་ཀྱང་ངོ་བོ་ཉིད་གསུམ་རྣམ་པར་གཞག་ པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། གཞན་དུ་ན་མཐོང་བ་ལ་སོགས་པ་དང་འགལ་བ་ཅི་ལྟར་ སྤོང་བར་འགྱུར། ཞེས་པ་དང་། དབུ་མ་རྒྱན་དུ་ཡང་། རང་བཞིན་གསུམ་དུ་སྨྲ་བ་ནི་དབུ་མའོ། ། ཡང་གང་ཞིག་ཐམས་ཅད་རྫུན་པ་ཉིད་དུ་སྨྲ་བ་དེ་དག་ནི་དབུ་མ་པ་ལྟར་སྣང་བ་ཡིན་ནོ་ཞེས་ པ་ལ་སོགས་པ་རྒྱ་ཆེར་ཡང་གསུངས་པའི་ཕྱིར་རོ། །འདི་དག་གིས་ནི། ལང་ཀར་གཤེགས་པ་ དང་། དགོངས་པ་ངེས་འགྲེལ་དང་། མདོ་སྡེ་རྒྱན་དང་། དབུས་མཐའ་དང་། རྣལ་འབྱོར་སྤྱོད་ པའི་ས་ལ་སོགས་པ་རྣམས་ངོ་བོ་ཉིད་གསུམ་སྟོན་པའི་ཕྱིར་སེམས་ཙམ་གྱི་གཞུང་ཡིན་ནོ་ ཞེས་སྨྲ་བའི་འཁྲུལ་པ་ཡང་བསལ་བ་ཡིན་ཏེ། དེ་རྣམས་སུ་གཞན་དབང་རྣམ་རིག་ཙམ་ཀུན་ བརྟགས་ཀྱིས་སྟོང་པའི་ཡོངས་གྲུབ་ལ་སོགས་པ་གནས་སྐབས་སེམས་ཙམ་པ་དང་མཐུན་ པའི་ངོ་བོ་ཉིད་གསུམ་ཡང་གསུངས་མོད། མཐར་ཐུག་ཆོས་ཀྱི་དབྱིངས་བདག་མཐའ་དག་ གིས་སྟོང་པའི་ཡོངས་གྲུབ་ལ་སོགས་པ་དབུ་མ་པ་བཞེད་པའི་ངོ་བོ་ཉིད་གསུམ་བརྗོད་བྱའི་ 1-1-462 གཙོ་བོར་སྟོན་པའི་ཕྱིར་རོ། །ཅི་སྟེ་གནས་སྐབས་སུ་སེམས་ཙམ་པ་བསྟན་པས་སེམས་ཙམ་ གྱི་རང་གཞུང་དུ་འགྱུར་ན་ནི། ཡུམ་དང་། མངོན་རྟོགས་རྒྱན་ལ་སོགས་པར་ཡང་ཉན་ཐོས་ཀྱི་ ཐེག་པ་བསྟན་པའི་ཕྱིར་ཉན་ཐོས་ཀྱི་གཞུང་དུ་ཧ་ཅང་ཐལ་བར་འགྱུར་ཏེ་དེ་ལྟར་ཡང་མ་ཡིན་ ནོ། ། (གསུམ་པ།) འཇུག་ཚུལ་ནི་གཞི་བདེན་པ་གཉིས་ཀྱི་གནས་ལུགས་ཤེས་པར་འདོད་པས་ ཀྱང་ཀུན་བརྟགས་གཟུང་འཛིན་ལ་སོགས་པ་མེད་པ་ལ་མེད་པ་ཉིད་དུ་ཤེས་པར་བྱས་ནས། གཞན་དབང་འཁྲུལ་བའི་རྟེན་ཀུན་རྟོག་ཙམ་དེ་ཉིད་སྤང་བར་བྱ་ཞིང་། ཡོངས་གྲུབ་ཆོས་ཀྱི་ དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་ལས་རྣམ་པར་སྦྱང་བར་བྱ་སྟེ། རྒྱན་ལས། (ཀུན་བརྟགས་)རྟག་ཏུ་གཉིས་བྲལ་(གཞན་དབང་)འཁྲུལ་པའི་རྟེན་གང་ཡིན་དང་(ཡོངས་ གྲུབ་)གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ ན། །(དང་པོ་)ཤེས་བྱ་(གཉིས་པ་)སྤང་བྱ་(གསུམ་པ་)རང་བཞིན་དྲི་མེད་འདོད་གང་རྣམ་པར་སྦྱར་ བྱ་སྟེ། །(ཡོངས་གྲུབ་)དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་འདོད། ། ཅེས་པ་ལྟར་རོ། །དེ་ཡང་ཡོངས་གྲུབ་ནམ་མཁའ་དང་གསེར་དང་ཆུ་ལྟར་རང་བཞིན་གྱིས་ དག་པ་བཞིན་དུ་རྣམ་པར་དག་པ་ཡིན་ཡང་གློ་བུར་གྱི་དྲི་མ་དང་བཅས་པའི་གནས་སྐབས་ ལ་ནི་འཁོར་བ་ཞེས་བྱ་ཞིང་། ཀུན་བརྟགས་དང་གཞན་དབང་གིས་བསྡུས་པའི་དྲི་མ་མཐའ་ དག་དང་བྲལ་བ་མངོན་སུམ་དུ་གྱུར་པ་ལ་ནི་མྱ་ངན་ལས་འདས་པ་ཞེས་ཀྱང་རིག་པར་བྱ་སྟེ། དབུས་མཐར། ཀུན་ནས་ཉོན་མོངས་རྣམ་པར་དག། དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་ གསེར་དང་ནམ་མཁའ་རྣམས། །(རང་གཞན་གྱིས་)དག་པ་བཞིན་དུ་དག་པར་འདོད། །ཅེས་པ་ ལྟར་རོ། །དེ་བས་ན་ཆོས་ཉིད་དོན་དམ་པའི་བདེན་པ་ཆོས་ཅན་ཀུན་རྫོབ་ཐམས་ཅད་ཀྱི་རང་ བཞིན་དུ་ཡོད་ཀྱང་། མངོན་སུམ་དུ་མ་གྱུར་གྱི་བར་ལ་བྱིས་པ་རྣམས་འཁྲུལ་བ་ལོངས་སྤྱོད་ 1-1-463 ཅིང་། རིམ་གྱིས་མངོན་དུ་གྱུར་པ་ལས་ནི་འཕགས་པ་རྣམས་ཡང་དག་པ་མཐོང་བ་ཞེས་བྱ་ སྟེ། རྒྱན་ལས། འགྲོ་བ་དག་ན་(ཆོས་ཉིད་)དེ་ལས་གཞན་པའང་ཅུང་ཟད་ཡོད་མིན་ལ། །འགྲོ་ བ་མ་ལུས་པ་ཡང་(ཆོས་ཉིད་)དེ་ལ་ཀུན་ཏུ་རྨོངས་པའི་བློས། །(ཆོས་ཉིད་)ཡོད་པ་ཀུན་ནས་སྤངས་ ཏེ་(ཆོས་ཅན་)མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ ཀོ་ཇི་ལྟ་བུ། །ཞེས་པ་དང་། བྱིས་པ་(ཆོས་ཉིད་)ཡང་དག་ཉིད་བསྒྲིབས་ནས། །(ཆོས་ཅན་)ཡང་ དག་མ་ཡིན་ཀུན་ཏུ་སྣང་། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ ཏུ་སྣང་། །ཞེས་པ་ལྟར་རོ། །ལམ་ཟབ་མོ་ཉམས་སུ་བླང་བར་འདོད་པས་ཀྱང་ཀུན་བརྟགས་ ཡོངས་སུ་ཤེས་ནས་གཞན་དབང་སྤང་བར་བྱས་ལ་ཡོངས་གྲུབ་མངོན་སུམ་དུ་ཐོབ་པར་བྱ་ སྟེ། དབུས་མཐར། ཡོངས་སུ་ཤེས་ནི་སྤོང་བ་དང་། །ཐོབ་པ་མངོན་སུམ་བྱ་བས་ནི། །ལམ་ གྱི་བདེན་པ་ཡང་དག་བཤད། །ཅེས་པ་ལྟར་རོ། །འབྲས་བུ་སྐུ་གསུམ་ཐོབ་པར་འདོད་པས་ ཀྱང་ཀུན་བརྟགས་ཤེས་ཤིང་གཞན་དབང་སྤངས་ནས་ཡོངས་གྲུབ་དག་པ་གཉིས་ལྡན་མངོན་ སུམ་དུ་བྱ་སྟེ། (ཀླུའི་བཤེས་གཉེན་གྱིས་མཛད་པའི།)སྐུ་གསུམ་ལ་འཇུག་པའི་སྒོར། ངོ་བོ་ཉིད་ནི་རྣམ་ གསུམ་པོ། །ཡོངས་སུ་ཤེས་ཀྱི་ཡང་དག་པས། །སྐུ་གསུམ་པོ་དག་འཐོབ་འགྱུར་ཏེ། །དེ་ཕྱེད་ དེ་དག་དེ་ཡིས་བསྡུས། །ཞེས་པ་ལྟར་རོ། ། གཞུང་དོན་ནི། ཡང་མཚན་ཉིད་གསུམ་དང་སྦྱར་ན་སྟོང་པ་ཉིད་རྣམ་པ་གསུམ་སྟེ། རང་ གི་མཚན་ཉིད་དམ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང་། སྣང་ཙམ་དུ་ཡོད་ཀྱང་དེ་བཞིན་དུ་དོན་ ལ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་དང་། ནམ་ཡང་གཞན་དུ་མི་འགྱུར་བ་རང་བཞིན་གྱི་ སྟོང་པ་ཉིད་དོ། །དེ་ལ་དང་པོས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཉེར་བར་གཟུང་བར་བལྟ་ སྟེ། དེ་ནི་རང་གི་མཚན་ཉིད་ཁོ་ནས་རྣམ་པ་གང་གིས་ཀྱང་གཏན་མེད་པའི་ཕྱིར་རོ་ཞེས་པའོ། ། གཉིས་པས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཉེ་བར་གཟུང་བར་བལྟ་སྟེ། དེ་ནི་ཇི་ལྟར་ 1-1-464 སྣང་བ་དེ་བཞིན་དུ་དཔྱད་ན་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་པའོ། །གསུམ་པས་ནི་ཡོངས་ སུ་གྲུབ་པའི་ངོ་བོ་ཉིད་ཉེ་བར་གཟུང་བར་བལྟ་སྟེ། དེ་ནི་བདག་མཐའ་དག་གིས་སྟོང་པའི་ རང་བཞིན་དུ་གནས་པའི་ཕྱིར་རོ། །ཞེས་པའོ། །དེ་དག་ཀྱང་ལུང་རྣམ་པར་དག་པ་རྣམས་ ལས་ཤིན་ཏུ་གསལ་ཏེ། ཇི་སྐད་དུ། (ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པར།)ངས་ཆོས་ཐམས་ ཅད་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས་ངོ་བོ་ཉིད་གསུམ་དུ་གསུངས་སོ་ཞེས་ པ་དང་། དབུ་མ་སྣང་བར་ཡང་། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་ པས། དབུ་མའི་ལམ་མཐའ་གཉིས་དང་བྲལ་བར་རབ་ཏུ་བསྟན་པའི་ཕྱིར། ངེས་པའི་དོན་ ཁོ་ན་གཞུང་འཛུགས་པར་མཛད་པ་ཡིན་ནོ་ཞེས་པ་དང་། དབུས་མཐར་ཡང་། དངོས་མེད་ དེ་ཡི་དངོས་མིན་དང་། །རང་བཞིན་གྱིས་ནི་སྟོང་པར་འདོད། །ཅེས་པ་དང་། རྒྱན་ལས་ཀྱང་། མེད་པའི་སྟོང་པ་ཉིད་ཤེས་ཤིང་། །དེ་བཞིན་ཡོད་མིན་སྟོང་ཉིད་དང་། །རང་བཞིན་སྟོང་ པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། དེ་ལྟར་སྟོང་པ་ཉིད་ཀྱི་དབྱེ་བ་གསུམ་བསྟན་ནས། སླར་ཡང་རྣམ་དབྱེ་ལ་མཁས་པའི་དོན་ དུ། རྒྱས་པར་ཕྱེ་ན་སྟོང་པ་ཉིད་བཅུ་དྲུག་ནི། ནང་དང་ཕྱི་དང་ཕྱི་ནང་ཆེན་པོ་དང་། །སྟོང་ཉིད་ དོན་དམ་འདུས་བྱས་འདུས་མ་བྱས། །མཐའ་འདས་ཐོག་མཐའ་དོར་མེད་རང་བཞིན་དང་། ། རང་མཚན་ཆོས་ཀུན་དངོས་མེད་ངོ་བོ་ཉིད། །ཅེས་བར་སྐབས་ཀྱི་སྡོམ་དུ་བྱས་ནས། ཟ་ པོ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་སྟོང་པ་ནི་ནང་སྟོང་པ་ཉིད་དང་། བཟའ་བར་ བྱ་བ་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་རྣམས་ཀྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་དང་། ཕྱི་ ནང་གི་སྐྱེ་མཆེད་དེ་དག་གི་ལུས་སམ་ཁོག་པའི་སྟོང་པ་ནི་ཕྱི་ནང་སྟོང་པ་ཉིད་དང་། གནས་ ཀྱི་གཞི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོའི་སྟོང་པ་ནི་ཆེན་པོ་སྟོང་པ་ཉིད་དང་། ནང་གི་སྐྱེ་མཆེད་ ལ་སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞིང་ཤེས་པའི་སྟོང་པ་ནི་སྟོང་པ་ཉིད་སྟོང་པ་ 1-1-465 ཉིད་དང་། ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ནི་དོན་དམ་པ་སྟོང་པ་ཉིད་ དང་། བྱང་ཆུབ་སེམས་དཔས་བསྒྲུབ་པར་བྱ་བ་ལམ་གྱི་དགེ་བ་འདུས་བྱས་ཀྱི་སྟོང་པ་ནི་ འདུས་བྱས་སྟོང་པ་ཉིད་དང་། མྱ་ངན་ལས་འདས་པའི་དགེ་བ་འདུས་མ་བྱས་ཀྱི་སྟོང་པ་ནི་ འདུས་མ་བྱས་སྟོང་པ་ཉིད་དང་། ཕན་གདགས་པར་བྱ་བའི་སེམས་ཅན་མཐའ་ཡས་པའི་སྟོང་ པ་ཉིད་ནི་མཐའ་ལས་འདས་པའི་སྟོང་པ་ཉིད་དང་། བློས་མི་བཏང་བར་བྱ་བ་འཁོར་བ་ཐོག་ མཐའ་མེད་པའི་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། ལྷག་མེད་ཀྱི་མྱང་ འདས་སུ་ཡང་དགེ་བ་མི་ཟད་པར་བྱ་བའི་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དང་། རིགས་ རང་བཞིན་གྱིས་དག་པ་དྲི་མས་ཀྱང་དག་པར་བྱ་བའི་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དང་། ཐོབ་པར་བྱ་བ་མཚན་དང་དཔེ་བྱད་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་སྟོང་པ་ནི་རང་གི་མཚན་ ཉིད་སྟོང་པ་ཉིད་དང་། དག་པར་བྱ་བ་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་སྟོང་པ་ནི་ ཆོས་ཐམས་ཅད་སྟོང་པ་ཉིད་དང་། དེ་ལྟར་སྟོང་པ་ཉིད་བཅུ་བཞི་པོ་རྣམས་ཀྱི་མཚན་ཉིད་ མདོར་བསྡུ་ན། ཀུན་རྫོབ་གློ་བུར་གྱི་དྲི་མ་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གི་དངོས་ པོ་མེད་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དང་། དོན་དམ་པ་ཆོས་ཀྱི་དབྱིངས་བདག་མཐའ་ དག་གིས་སྟོང་པ་དེའི་ངོ་བོར་ཡོད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། དབུས་ མཐར། ཟ་པོ་བཟའ་བ་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ ལྟར་མཐོང་། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་ སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་བཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། ། རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །གང་ཟག་དང་ནི་ཆོས་ རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ 1-1-466 ལས་སྟོང་ཉིད་གཞན། །ཞེས་པ་ལྟར་ཡིན་ལ། སྔགས་མཚན་ཉིད་ངེས་དོན་གཅིག་པའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་དཔལ་ཡང་དག་པར་སྤྱོར་བར་ཡང་ཟབ་མོ་སྟོང་པ་ཉིད་ཀྱི་དབྱེ་བ་འདི་ཇི་ལྟ་ བ་བཞིན་དུ་གསུངས་སོ། །གཞུང་གཞན་དུ་དུས་གསུམ་གྱི་སྟོང་པ་ནི་མི་དམིགས་པ་སྟོང་པ་ ཉིད་དང་། འདུ་འཕྲོ་ལས་བྱུང་བའི་སྟོང་པ་ཉིད་ནི་ངོ་བོ་ཉིད་སྟོང་ཉིད་དེ་བཅོ་བརྒྱད་དུ་ཡང་ ཕྱེ་ལ། སློབ་དཔོན་སེང་གེ་བཟང་པོས། ཕུང་པོ་ལྔའི་སྟོང་པ་ནི་དངོས་པོ་སྟོང་པ་ཉིད་དང་། དེ་ བཞིན་ཉིད་ཀྱི་སྟོང་པ་ནི་གཞན་གྱི་ངོ་བོ་སྟོང་པ་ཉིད་དེ་ཉི་ཤུར་ཡང་བཤད་དོ། །དེ་ལྟར་བདག་ དོན་གཞན་དང་བྲལ་བའི་སྟོང་པ་བཤད་ནས། རང་གི་ངོ་བོ་བདག་མ་ཡིན་པར་སྟོན་པ་ལ་ བཞིས། ། (བཞི་པ།) བདག་མེད་པའི་མཚན་ཉིད་གང་ཞེ་ན། ལན་ལ། བདག་གི་མཚན་ཉིད་མེད་ ཚུལ། དེ་ལ་དགོངས་པའི་ཤེས་བྱེད། འཕྲོས་པའི་ལུང་དོན་བཤད་པའོ། །དང་པོ་ནི། ཇི་ལྟར་ ཕྱི་རོལ་པ་རྣམས་དང་། ནང་པ་ཡིན་ཡང་(ཉན་ཐོས་)གནས་མ་བུ་པ་ལ་སོགས་པ་བདག་རྫས་ ཡོད་དུ་སྨྲ་བ་རྣམས་ཀྱིས་བདག་ཏུ་བརྟགས་པའི་མཚན་ཉིད་རྟག་གཅིག་རང་དབང་ཅན་ནམ། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལ་སོགས་པ་བཀོད་པ་དེས་གཞི་ཕུང་པོ་ དང་ཁམས་དང་སྐྱེ་མཆེད་རྣམས་ནི་ཆོས་བདག་གི་མཚན་ཉིད་དང་བྲལ་བས་བདག་མ་ཡིན་ པའོ་ཞེས་པ་སྟེ། དེ་དག་ནི་མི་རྟག་པ་ལ་སོགས་པའི་ངོ་བོར་གནས་པའི་ཕྱིར་རོ། །དེ་ལྟ་བས་ ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་བདག་གི་མཚན་ཉིད་དང་མི་མཐུན་པ་ཉིད་ཀྱི་ བདག་མེད་པའོ། ། (གཉིས་པ།) ཤེས་བྱེད་ནི། ཆོས་ཐམས་ཅད་ཕུང་པོ་ཁམས་སྐྱེ་མཆེད་གསུམ་དུ་འདུ་ཞིང་དེ་ དག་ལ་བདག་མེད་པ་འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་ མེད་པའོ་ཞེས་གསུངས་སོ། ། 1-1-467 (གསུམ་པ།) ལུང་དོན་ལ། མདོ་བཀོད་དེ་དྲི་བ་ནི་བཅོམ་ལྡན་འདས་ཀྱིས་འདི་དག་ཐམས་ ཅད་ནི་ངའི་བའམ་བདག་གི་བ་མེད་པའོ། །འདི་ནི་ངའམ་བདག་མ་ཡིན་པ་པའོ། །འདི་ནི་ ངའི་བདག་མ་ཡིན་པ་སྟེ། ཆོས་འདི་རྣམས་ནི་བདག་དང་བདག་གི་བ་མེད་པ་འདི་བཞིན་ནོ་ ཞེས་ཡུལ་ཅན་ཡང་དག་པའི་ཤེས་རབ་ཀྱིས་ཡུལ་བདག་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་ དུ་བལྟ་བར་བྱའོ་ཞེས་པ་འདིའི་དོན་ཅི་ཡིན། བདག་དང་བདག་གི་བ་བཀག་པས་དགག་ བྱ་ཐམས་ཅད་ཁེགས་མོད། ཚིག་གསུམ་པ་སྨོས་པའི་དགོངས་པ་གང་ཡིན་ཞེ་ན། དེ་ལན་ གྱིས་བཤད་པ་ནི། ཤེས་པར་བྱེད་པ་པོའི་རྒྱུད་ལ་ཕྱི་རོལ་གྱི་དངོས་པོ་ཟིན་པ་དང་མ་ཟིན་པ་ འདི་ནི་དཔྱད་ན་བདག་གིས་དབང་བསྒྱུར་བར་བྱ་བ་མ་ཡིན་པས་ངའི་བ་མེད་པའོ། །ནང་གི་ དངོས་པོ་རང་གི་ལུས་འདི་ནི་བདག་ཏུ་བདེན་པར་མ་གྲུབ་པས་ང་མ་ཡིན་པའོ། །དགག་བྱ་དེ་ དག་ཏུ་ཟད་ཀྱང་། སླར་ཡང་ནང་གི་དངོས་པོ་འདི་ནི་ངའི་བ་དང་འབྲེལ་བའི་བདག་མ་ཡིན་ ནོ་ཞེས་བྱ་བར་དགོངས་ནས་ཚིག་གསུམ་པ་གསུངས་པ་སྟེ། དེས་ན་འདི་ལྟར་ཕྱིའི་དངོས་པོ་ ལ་ནི་བདག་ཏུ་མི་འཛིན་པས་བདག་གི་བའི་རྣམ་པ་གཅིག་པུ་དང་། ནང་ལ་ནི་གཉིས་ཀར་ འཛིན་སྲིད་པས་བདག་དང་བདག་གི་བའི་རྣམ་པ་གཉིས་ཀ་བཀག་གོ ། དེ་དག་ལ་འཕྲོས་པ་ལས། མི་རྟག་པ་དང་། སྡུག་བསྔལ་གྱི་མཚན་ཉིད་ལས་འཕྲོས་པ་ གཉིས་ཀྱི་དང་པོ་ལ། གཟུགས་ཅན་སྐད་ཅིག་མར་བསྒྲུབ་པ་དང་། ཞར་བྱུང་གཟུགས་ཅན་ལ་ དཔྱད་པའོ། ། དང་པོ་ནི། སྐད་ཅིག་མའི་མཚན་ཉིད་ནི་མི་རྟག་པ་ཉིད་དོ་ཞེས་མདོ་ལས་གང་གསུངས་ ཤིང་འདིར་ཡང་སྔར་བསྟན་པ་དེ་ཇི་ལྟ་བུ་ཞེ་ན། གནས་མ་བུ་པའི་སྡེ་བ་ལ་སོགས་པ་ གཟུགས་མི་རྟག་པར་འདོད་ཀྱང་སྐད་ཅིག་མར་མི་འདོད་པས་དེ་དག་གི་དོན་དུ། དཔེ་ཇི་ ལྟར་ན་སེམས་དང་སེམས་ལས་བྱུང་བ་སྐད་ཅིག་མ་ཡིན་པར་འཇིག་རྟེན་ནའང་གྲགས་ཤིང་ 1-1-468 སྡེ་བ་དེ་དག་ཀྱང་འདོད་པ་དེ་ལྟར། དོན་གཟུགས་ཀྱང་སྐད་ཅིག་མ་ཡིན་པར་བལྟ་སྟེ། ཚོར་ བ་འབྱུང་བའི་གནས་ཀྱི་གཟུགས་ནི་སེམས་སྐད་ཅིག་མ་ཉིད་ཀྱིས་ཟིན་པའི་ཕྱིར་དང་དེ་ཡང་ སེམས་དང་མ་ཐོབ་པ་ལས་ཐོབ་པའི་གྲུབ་པ་དང་ཐོབ་པ་རྗེས་སུ་འཇུག་པའི་བདེ་བ་གཅིག་ པའི་ཕྱིར་ཏེ། སེམས་དང་བཅས་ན་ལུས་རྣལ་མར་གནས་ཤིང་མེད་ན་ལུས་རུལ་བ་ལ་སོགས་ པར་འགྱུར་བའི་ཕྱིར་དང་། སེམས་བདེ་སྡུག་དང་ཆགས་སྡང་ལ་སོགས་པས་སྐད་ཅིག་རེ་རེ་ ཞིང་འགྱུར་ན་ལུས་དེ་ཡང་འགྱུར་བར་སྣང་བའི་ཕྱིར་དང་། དབང་པོ་དང་བཅས་པའི་ལུས་ ནི་སེམས་ཀྱི་གནས་ཡིན་པའི་ཕྱིར་ཏེ་རང་སྐད་ཅིག་གིས་མི་འཇིག་ན་འཇིག་པའི་གནས་ སུ་མི་རུང་བའི་ཕྱིར་དང་། ཕྱི་ནང་གི་གཟུགས་ཐམས་ཅད་སེམས་ཀྱི་བག་ཆགས་ཀྱི་དབང་ གིས་བྱུང་པའི་ཕྱིར་ཏེ་རྒྱུ་སྐད་ཅིག་མའི་འབྲས་བུ་རྟག་པར་འགལ་བའི་ཕྱིར་དང་། རྣམ་ཐར་ དང་ཟད་པར་ལ་སོགས་པ་མཐུ་ཁྱད་པར་ཅན་ཐོབ་པའི་སེམས་སྐད་ཅིག་མས་ས་ལ་སོགས་ པའང་གསེར་ལ་སོགས་པ་ཇི་ལྟར་མོས་པ་བཞིན་དུ་དབང་དུ་བསྒྱུར་བའི་ཕྱིར་ཏེ། སྐད་ཅིག་ མ་མ་ཡིན་ན་ནི་བསྒྱུར་བར་མི་ནུས་པའི་ཕྱིར་རོ། །ཡང་གཞོན་ནུ་ལས་རྒན་པོ་དང་གསར་བ་ ལས་རྙིང་པ་ལ་སོགས་པ་མཐར་འགྱུར་བར་སྣང་བའི་ཕྱིར་དང་། (རྒྱན་དུ།)དང་པོར་མི་འཇིག་ མཐར་མི་འགྱུར། །ཞེས་པ་ལྟར་དང་པོ་ནས་སྐད་ཅིག་གིས་མི་འཇིག་ན་མཐར་འགྱུར་བ་ འགལ་བའི་ཕྱིར་དང་། དངོས་པོ་ཐམས་ཅད་ནི་རྒྱུ་རྐྱེན་ལས་སྐྱེད་ཙམ་ཉིད་ནས་ཀྱང་འཇིག་ བྱེད་ཕྱིར་འབྱུང་གི་རྐྱེན་གཞན་ལ་མི་ལྟོས་པར། རང་གི་ངང་གིས་སྐད་ཅིག་གིས་རྣམ་པར་ འཇིག་པའི་ཕྱིར། ཕྱི་ནང་གི་གཟུགས་ཐམས་ཅད་ཀྱང་སྐད་ཅིག་མ་ཉིད་དུ་གྲུབ་པར་བལྟའོ། ། (གཉིས་པ།) ཞར་བྱུང་ལ་གཉིས་ལས། (དང་པོ།)གཟུགས་རྒྱུ་འབྲས་ལ་དཔྱད་པ་ནི། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་ཀྱང་རྒྱུའི་གཟུགས་ལ་འབྱུང་བ་ཆེན་པོ་ བཞི་དག་ཚང་བ་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་འབྲས་བུའི་གཟུགས་ལའང་ 1-1-469 འབྱུང་གྱུར་ཐམས་ཅད་ཚང་བའོ་ཞེས་གང་མདོ་ལས་གསུངས་ཤིང་འདིར་ཡང་བསྟན་པ་དེ་ཅི་ ལ་དགོངས་ནས་གསུངས་ཞེ་ན། སྔར་བསྟན་པ་ལྟར་བྱེ་བྲག་ཏུ་སྨྲ་བ་ནི་བྱེད་ལས་ལ་དཔགས་ ནས་ཁྱབ་པའི་དོན་དུ་འདོད་ཅིང་། མདོ་སྡེ་པ་ནི་ས་བོན་ཙམ་ཚང་བ་ལ་དགོངས་པར་འདོད་ མོད། འདིར་ཐེག་ཆེན་པའི་ལུགས་ཀྱིས་ཐམས་ཅད་ཚང་བ་སྲིད་པ་ལ་དགོངས་ནས་དེ་སྐད་ ཅེས་གསུངས་སོ། །འབྱུང་བའི་ཕྱོགས་སམ་ཡུལ་གཅིག་ལ་བརྟེན་པའི་དངོས་པོའི་དོན་ནི་ རྒྱུར་བྱས་པ་འབྲས་བུའི་གཟུགས་ཀྱི་དོན་ཏེ། འབྱུང་བ་ནི་འབྱུང་གྱུར་གྱིས་བརྟེན་པའི་རྒྱུ་ཡིན་ པས། འབྱུང་བའི་ཕྱོགས་གང་ཡིན་པ་དེ་ཁོ་ན་འབྱུང་གྱུར་ཀྱི་ཕྱོགས་ཀྱང་ཡིན་ཞིང་། འབྱུང་བ་ ལས་ལོགས་སུ་འབྱུང་གྱུར་ལ་རང་དབང་དུ་འཇུག་པའི་མཐུ་མེད་པའི་ཕྱིར་རོ། །དེ་བས་ན་ རྒྱུའི་གཟུགས་འདུས་པ་གང་ལས་བྱུང་བའི་རང་གི་མཚན་ཉིད་ཅན་གང་དམིགས་པ་དེ་ནི་དེ་ ན་ཡོད་ཀྱི། གང་མ་དམིགས་པ་དེ་ནི་མེད་དོ་ཞེས་བརྗོད་པར་བྱའོ། །དེ་ཡང་འདི་ལྟར་འབྱུང་ བ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད་དེ། ས་རྡོག་སྐམ་པོ་ལྟ་བུའོ། །འབྱུང་བ་གཉིས་ ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་གཤེར་བ་ལྟ་བུའོ། །འབྱུང་བ་གསུམ་ལས་གྱུར་པ་ཡང་ཡོད་ དེ། དེ་ཉིད་དྲོ་བ་ལྟ་བུ་ནས། འབྱུང་བ་བཞི་པོ་ཐམས་ཅད་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་ འདྲིལ་ཞིང་འགྲོ་བ་ལྟ་བུ་ཉིད་དོ། །དེ་བཞིན་དུ་འབྱུང་བ་བཞི་རྒྱུར་བྱས་པ་ལས་བྱུང་བ་འབྲས་ བུའི་གཟུགས་ལ་ཡང་། རྒྱུར་བྱས་པའི་འབྲས་བུའི་གཟུགས་འདུས་པ་གང་ལ་དམིགས་པ་དེ་ ནི་དེ་ན་ཡོད་ཀྱི། མ་དམིགས་པ་དེ་ནི་མེད་དོ་ཞེས་ཀྱང་རིག་པར་བྱ་སྟེ། འདི་ལྟར་གཟུགས་ གཅིག་དང་ལྡན་པ་ནི་འོད་ལྟ་བུ་དང་། གཉིས་དང་ལྡན་པ་ནི་སྒྲའམ་དྲི་དང་བཅས་པའི་རླུང་ ལྟ་བུ་དང་། གསུམ་དང་ལྡན་པ་ནི་གཟུགས་དང་དྲི་དང་རེག་བྱ་ཡང་བ་ཅན་གྱི་དུ་བ་ལྟ་བུ་དང་། བཞི་པ་དང་ལྡན་པ་ནི་གཟུགས་དང་དྲི་རོ་རེག་བྱ་འདུས་པ་བུ་རམ་གྱི་གོང་བུ་ལྟ་བུ་དང་། ལྔ་དང་ལྡན་པ་ནི་དེ་ཉིད་སྒྲ་དང་བཅས་པ་ལྟ་བུའོ། ། 1-1-470 (གཉིས་པ།) རྡུལ་ཕྲ་རབ་ལ་དཔྱད་པ་ནི་མདོ་ལས། རྡུལ་ཕྲ་རབ་བསགས་པ་ནི་གཟུགས་ འདུས་པའོ་ཞེས་གང་བརྗོད་པ་དེ་ལ། རྩོམ་བྱེད་རྡུལ་ཕྲ་རབ་ནི། ཉི་ཤུ་པར། (རགས་པ་རྩོམ་ པའི་དུས་སུ་རྡུལ་)དྲུག་གིས་གཅིག་ཅར་སྦྱར་བ་ན། ཕྲ་རབ་རྡུལ་(ཕྱོགས་)ཆ་དྲུག་ཏུ་འགྱུར(བས་ཆ་ མེད་དུ་འགལ་ལོ)། །དྲུག་པོ་རྣམས་ནི་གོ་(ས་)གཅིག་ནས(སྦྱོར་ན)། །(བརྩམས་པའི་)གོང་བུའང་རྡུལ་ ཕྲན་ཙམ་དུ་འགྱུར། །ཞེས་པ་ལ་སོགས་པའི་རིགས་པས་དཔྱད་ན་ལུས་སམ་རང་གི་ངོ་བོ་ ཉིད་རྫས་སུ་གྲུབ་པ་མེད་པར་རིག་པར་བྱའོ། །འོན་ཀྱང་གོང་བུ་ལ་བློས་ཇི་ཙམ་དུ་ཆ་ཤས་ སུ་བཤིག་ཅིང་དབྱེ་བར་ནུས་པ་དེ་ཙམ་དུ་མཐར་རབ་ཏུ་ཕྱེ་ནས་གཟུགས་ཀྱི་ཆུང་མཐའ་ལ་ རྡུལ་ཕྲ་རབ་ཅེས་བྱ་བ་ཉིད་དུ་གྲུབ་མཐས་བརྟགས་ནས་རྣམ་པར་བཞག་པ་ཙམ་སྟེ། དོན་ལ་ མེད་ཀྱང་དེ་ལྟར་བཞག་པའི་དགོས་པ་ནི་འདི་ཐམས་ཅད་གཟུགས་གཅིག་གོ་ཞེས་རིལ་པོར་ འཛིན་པའི་འདུ་ཤེས་རྣམ་པར་གཞིག་ཅིང་གང་ཟག་གི་བདག་མེད་ལ་འཇུག་པའི་ཕྱིར་དང་། གཟུགས་རྣམས་རྡུལ་ཕྲ་རབ་ཏུ་བཤིགས་ནས་དེའང་མེད་པར་བསྟན་པས་གཟུགས་རྫས་སུ་ བདེན་པར་ཡོངས་སུ་གྲུབ་པ་མེད་པར་རྟོགས་ཏེ་རྣམ་རིག་ཙམ་ལ་འཇུག་ཅིང་མཐར་དེ་ཡང་ མེད་པས་ཆོས་ཀྱི་བདག་མེད་ལ་འཇུག་པར་བྱ་བའི་ཕྱིར་རོ། ། སྡུག་བསྔལ་ལས་འཕྲོས་པ་ལ། སྡུག་བསྔལ་ཐུན་མོང་གི་དབྱེ་བ་དང་། འཆི་བ་སྡུག་ བསྔལ་གྱི་ཁྱད་པར་རོ། །དང་པོ་ལ། (གཉིས་ལས་དང་པོ།)དབྱེ་བ་ནི། ཡང་སྡུག་བསྔལ་འདི་ནི་ ཐམས་ཅད་ཚང་བས་ཤིན་ཏུ་རྒྱས་ལ་གཉེན་པོས་མ་བསྲབས་པ་དང་། རྒྱས་ལ་གཉེན་པོས་ བསྲབས་པ་དང་། རྒྱས་ལ་རེ་ཞིག་བསྲབས་པ་ཡང་ཡིན་ལ། གཏན་ནས་མ་བསྲབས་པ་ཡང་ ཡིན་པ་ཡང་ཡོད། སྡུག་བསྔལ་བར་མ་གཉེན་པོ་ཟག་མེད་ཀྱིས་མ་བསྲབས་པ་ཡང་ཡོད། ། སྡུག་བསྔལ་བསྲབས་ལ་གཉེན་པོ་ཟག་མེད་ཀྱིས་མ་བསྲབས་པ་ཡང་ཡོད། སྡུག་བསྔལ་ ཕལ་ཆེར་ཟད་པས་ཆེས་བསྲབས་ལ་བསྲབས་པ་ཡང་ཡོད། །སྡུག་བསྔལ་རྩ་བ་ནས་ཟད་ 1-1-471 པས་ཤིན་ཏུ་ཆེས་བསྲབས་ལ་བསྲབས་པ་ཡང་ཡོད། ངོ་བོ་སྡུག་བསྔལ་མ་ཡིན་ལ་འཕྲལ་དུ་ སྡུག་བསྔལ་དུ་སྣང་ཞིང་གཞན་གྱི་སྡུག་བསྔལ་སེལ་བས་བསྲབས་པ་ཆེན་པོ་ཉེ་བར་གནས་ པ་ཡང་ཡོད་དོ། ། (གཉིས་པ།) ངོ་བོ་ལ་སྡུག་བསྔལ་ཤིན་ཏུ་བསྲབས་ལ་མ་བསྲབས་པ་གང་ཞེ་ན། གང་འདོད་ པ་ན་སྤྱོད་པའི་སོ་སོ་སྐྱེ་བོ་དགེ་བའི་རྩ་བ་ཟག་བཅས་དང་ཟག་མེད་གང་ཡང་མ་བསགས་པ་ རྣམས་ཀྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཏེ། དེ་ནི་འགྲོ་བ་ལྔ་དང་སྐྱེ་གནས་བཞི་དང་། སྡུག་ བསྔལ་གསུམ་ལ་སོགས་པ་ཐམས་ཅད་ཚང་བས་ཤིན་ཏུ་རྒྱས་ཤིང་། གཉེན་པོ་གང་གིས་ཀྱང་ མ་བསྲབས་པའོ། ། རྒྱས་ལ་བསྲབས་པ་གང་ཞེ་ན། །འདོད་པ་ན་སྤྱོད་པས་ཤིན་ཏུ་རྒྱས་པ་དེ་ཉིད་ཐར་བའི་ ཆ་དང་མཐུན་པའི་ལམ་རྒྱུད་ལ་སྐྱེས་པ་རྣམས་ཀྱི་སྡུག་བསྔལ་ཏེ། གཉེན་པོས་མྱ་ངན་ལས་ འདའ་ངེས་སུ་བྱས་པས་བསྲབས་པའོ། །ཤིན་ཏུ་རྒྱས་ལ་བསྲབས་པ་ཡང་ཡིན་ལ་མ་བསྲབས་ པའང་ཡིན་པ་གང་ཞེ་ན། འདོད་པ་ན་སྤྱོད་པའི་དེ་ཉིད་འཇིག་རྟེན་པའི་ལམ་བསྒོམས་པས་ འདོད་ཆགས་དང་བྲལ་བ་ཉིད་དུ་བྱ་བའི་ཕྱིར་བསོད་ནམས་ཆ་མཐུན་གྱི་དགེ་བའི་རྩ་བ་ བསགས་པ་རྣམས་ཀྱི་སྡུག་བསྔལ་ཏེ། རེ་ཞིག་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་པ་ལས་ འདའ་བས་བསྲབས་པའང་ཡིན་ལ། གཏན་དུ་འགྲོ་བ་མ་ཡིན་པས་མ་བསྲབས་པའང་ཡིན་ པའོ། །བར་མ་མ་བསྲབས་པ་གང་ཞེ་ན། གཟུགས་ཀྱི་ཁམས་སུ་སྐྱེས་པའི་སོ་སོ་སྐྱེ་བོ་ཐར་ བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམ་པར་སྤངས་པ་རྣམས་ཀྱི་སྡུག་བསྔལ་ཏེ། དེ་ནི་ འདོད་པའི་སྡུག་བསྔལ་ལས་འདས་པས་བར་མ་ཡིན་ལ། གཉེན་པོ་ཟག་མེད་དང་བྲལ་བས་ མ་བསྲབས་པའོ། །བསྲབས་ལ་མ་བསྲབས་པ་གང་ཞེ་ན། གཟུགས་མེད་པར་སྐྱེས་པའི་བྱིས་ པ་ཐར་བའི་ཆ་དང་མཐུན་པའི་དགེ་པ་རྣམ་པར་སྤངས་པ་རྣམས་ཀྱི་སྡུག་བསྔལ་ཏེ། དེའང་ 1-1-472 འདོད་གཟུགས་ཀྱི་སྡུག་བསྔལ་ལས་འདས་པས་བསྲབས་པ་ཡིན་ལ། གཉེན་པོ་ཟག་མེད་ དང་བྲལ་བས་མ་བསྲབས་པའོ། །ཆེས་སྲབ་ལ་བསྲབས་པ་གང་ཞེ་ན། གང་འཕགས་པ་སློབ་ པ་སྲིད་པ་ལན་བདུན་པ་ལ་སོགས་པ་རྣམས་ཀྱི་སྡུག་བསྔལ་ཏེ། དེ་དག་ནི་ངན་འགྲོ་དང་སྒོང་ སྐྱེས་དང་དྲོད་གཤེར་སྐྱེས་ལ་སོགས་པའི་སྡུག་བསྔལ་ཆེས་བསྲབས་པར་གྱུར་པའོ། །ཤིན་ཏུ་ ཆེས་སྲབ་ལ་བསྲབས་པ་གང་ཞེ་ན། གང་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་ པ་ཐོབ་པའི་མི་སློབ་པ་རྣམས་ཀྱི་ཚེ་དེ་ཉིད་ཀྱི་སྲོག་གི་དབང་པོ་མ་འགགས་པའི་རྐྱེན་གྱི་མིང་ བཞི་དང་གཟུགས་སོ། །ཞེས་པ་ཉེར་ལེན་གྱི་ཕུང་པོ་དག་ལྷག་མར་ལུས་པ་སྟེ། དེ་རྣམས་ འགགས་པ་ན་སླར་མི་འབྱུང་བས་ཤིན་ཏུ་ཆེས་བསྲབས་པའོ། །སྡུག་བསྔལ་ཡང་མ་ཡིན་ ལ་སྡུག་བསྔལ་དུ་སྣང་ཞིང་བསྲབས་པ་ཆེན་པོ་ཉེ་བར་གནས་པ་གང་ཞེ་ན། གང་བྱང་ཆུབ་ སེམས་དཔའ་ལྷག་པའི་བསམ་པ་རྣམ་པར་དག་པ་ས་བཅུ་(ས་དང་པོ་སྦྱིན་པ་ལ་སོགས་པ་)རྣམས་ སུ་དམ་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པ་རྣམས་ཀྱི་སེམས་ཅན་དུ་མའི་རྒྱུད་ཀྱི་སྡུག་བསྔལ་ བསལ་བའི་ཆེད་དུ་གཞན་སྣང་ལ་སྡུག་བསྔལ་གྱི་རྣམ་པར་བསྟན་པ་རྣམས་ཏེ། དེ་དག་ ནི་བསམ་བཞིན་སྲིད་པར་སྐྱེ་བ་བླངས་ནས་ལུས་དང་ཡན་ལག་སྦྱིན་པ་ལ་སོགས་པ་སྡུག་ བསྔལ་བར། སྣང་ཡང་ལས་དང་ཉོན་མོངས་པ་ལས། གྲོལ་བས་སྡུག་བསྔལ་གྱི་ཉེས་པ་མེད་ པའི་ཕྱིར་རོ། ། གཉིས་པ་ལ་ལྔ་ལས། (དང་པོ།) འཆི་སེམས་ཀྱི་དབྱེ་བ་བསྟན་པ་ནི། འཆི་བའི་སྡུག་ བསྔལ་ལོ་ཞེས་མདོ་ལས་གང་གསུངས་ཤིང་འདིར་ཡང་སྔར་བསྟན་པ་དེ་ལ། (འཆི་བ་སླུ་ བར་)ཚེ་དང་དབང་པོ་རྣམས་དང་སྲོག །འགགས་པ་འཆི་བའི་མཚན་ཉིད་དེ། །(འཆི་བ་སླུ་བའི།) ཐབས་ཀྱིས་ཡུན་རིང་འཚོ་བ་ནི། འཆི་བ་སླུ་བ་ཞེས་བཤད་དོ། །ཞེས་པ་ལྟར་སྲོག་འགག་པའི་ འཆི་བ་ནི་རྣམ་པ་གསུམ་སྟེ། དེ་ཡང་དགེ་བའི་སེམས་ཡོད་པ་དང་། མི་དགེ་བའི་སེམས་ཡོད་ 1-1-473 པ་དང་། ལུང་དུ་མ་བསྟན་པའི་སེམས་ཡོད་པའི་འཆི་བའོ། །དེ་དག་གི་དགེ་མི་དགེ་ནི་འཆི་ སེམས་ཐ་མའི་སྔོན་ལ་འབྱུང་བ་གསལ་པའི་དབང་དུ་བྱས་པ་སྟེ། ཐ་མ་ཉིད་ནི་མི་གསལ་བ་ (བསྒྲིབས་པའམ། དོན་གསང་མ་བསྒྲིབས་པའི་)ལུང་མ་བསྟན་ཁོ་ནར་གསུངས་སོ། །དེ་ལ་སེམས་ཀྱི་རྒྱུ་ བ་གསལ་ན་རང་གི་སྔོན་གོམས་པའི་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་སམ། གཞན་དགེ་ བའི་བཤེས་གཉེན་གྱི་ཆོས་བསྟན་ཞིང་བསྐུལ་ནས་བསྒྲུབས་པས་ཀྱང་རུང་སྟེ། དད་པ་ལ་ སོགས་པ་ཀུན་ཏུ་སྤྱོད་པ་ནི་དགེ་བའི་སེམས་ཡོད་པའི་འཆི་བར་བལྟའོ། །ཡང་སེམས་ཀྱི་རྒྱུ་ བ་གསལ་བ་ན་རང་གི་ཉོན་མོངས་པས་ཀུན་ནས་བསླང་ཞིང་མི་དགེ་བའི་སེམས་སྐྱེས་བས་ སམ། གཞན་སྡིག་པའི་གྲོགས་པོ་རྣམས་ཀྱིས་བསྐུར་ཞིང་བསྒྲུབས་པས་ཀྱང་རུང་སྟེ། སྡིག་ པ་ལ་མངོན་དུ་ཕྱོགས་པ་ནི་མི་དགེ་པའི་སེམས་ཡོད་པའི་འཆི་བར་བལྟའོ། །སེམས་ཀྱི་རྒྱུ་བ་ གསལ་ཡང་རུང་མི་གསལ་ཡང་རུང་། རང་གཞན་གྱི་རྐྱེན་དེ་གཉིས་ཀ་མ་ཚང་བའི་ཕྱིར་རམ། རྐྱེན་ཡོད་ཀྱང་སྟོབས་ཞན་པས་དགེ་སྡིག་ཏུ་མངོན་པར་འདུ་བྱེད་མི་ནུས་པ་ཡང་རུང་སྟེ། ཐ་ མལ་བར་གནས་པ་ནི་ལུང་དུ་མ་བསྟན་པའི་སེམས་ཡོད་པའི་འཆི་བར་བལྟའོ། ། (གཉིས་པ།) འཆི་བ་ན་དྲོད་ཀྱི་བསྡོག་ཚུལ་ནི་དགེ་བ་བྱེད་པའི་ལུས་ནི་ཐོག་མ་ཉིད་དུ་རྐང་ པ་ནས་སྙིང་གའི་བར་དུ་སྨད་ནས་གྲང་བར་འགྱུར་རོ། །མི་དགེ་བ་བྱེད་པའི་ལུས་ནི་ཐོག་ མ་ཉིད་དུ་སྤྱི་བོ་ནས་སྙིང་གའི་བར་དུ་སྟོད་ནས་གྲང་བར་འགྱུར་རོ། །སར་མེར་མེར་པོའི་ ཕྱོགས་གང་དུ་རྣམ་ཤེས་ཞུགས་པ་དེ་སྙིང་ཁ་ཡིན་པས་དེ་ནས་དྲོད་དང་རྣམ་ཤེས་འཕོ་བར་ གསུངས་སོ། །མཛོད་དུ་ནི། འོག་མིན་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་རྐང་པ་དང་། ལྟེ་བ་སྙིང་གར་ཡིན་འཆི་འཕོ། །ཞེས་ངན་འགྲོ་དང་མི་དང་ལྷར་སྐྱེ་བ་དང་དགྲ་བཅོམ་པ་ རྣམས་རིམ་པ་ལྟར་(ངན་སོང་)རྐང་པ་དང་(མི་)ལྟེ་བ་དང་(ལྷ་དང་དགྲ་བཅོམ་)སྙིང་ག་ནས་དྲོད་དང་ རྣམ་ཤེས་འཕོ་བར་བཤད་དེ། ཁ་ཅིག་ནི་དགྲ་བཅོམ་པ་སྤྱི་གཙུག་ནས་འཕོའོ་ཞེས་ཀྱང་ཟེར་ 1-1-474 རོ། །གཅིག་ཅར་འཆི་བ་ན་ཡིད་དང་བཅས་པའི་ལུས་དབང་མེད་ལ་འགག་གོ། གཞན་ཡང་ དགེ་བ་བྱེད་པ་རྣམས་ནི་གཟུགས་ཡིད་དུ་འོང་བ་སྣ་ཚོགས་པ་མཐོང་བ་ལ་སོགས་པའི་སྒོ་ ནས་བདེ་བར་འཕོ་ཞིང་། མི་དགེ་བ་བྱེད་པ་ནི་གཟུགས་མི་སྡུག་པ་མཐོང་བ་དང་། རྡུལ་དང་ སྤུ་ཟིང་ཞེས་བྱེད་པ་དང་། རྐང་ལག་གཡོབ་པ་དང་། མིག་ལྡོག་པ་དང་། ལྦུ་བ་སྐྱུགས་པ་ལ་ སོགས་པས་སྡུག་བསྔལ་དང་བཅས་ཏེ་འཕོའོ། །གནད་གཅོད་པའི་སྡུག་བསྔལ་ཡང་དམྱལ་ བ་དང་ལྷ་ལ་མེད་ཅིང་། དགེ་བ་བྱེད་པ་དང་སྒྲ་མི་སྙན་པ་ཚབས་ཆུང་ལ། མི་དགེ་བ་བྱེད་པ་ རྣམས་ཀྱིས་ཚབས་ཆེན་པོ་མྱོང་བར་གསུངས་སོ། །(ཆགས་བཅས་འཆི་ན་མི་གཙང་བ་དང་ཁུ་བ་འབྱུང་བས་ ལུས་ཐམས་ཅད་ཁྱབ་པས་དྲི་ང་བ་འབྱུང་ལ། ལྷ་རྣམས་ཀྱང་དེ་བསལ་བ་ལ་བརྩོན་པར་མི་བྱེད། འཆི་ཁར་སྐྱེ་བ་ཕྱི་མ་ལ་སེམས་ གཏོད་པས་མིག་འབྱེད་འཛུམ་བྱེད་ཅིང་དེའི་རླུང་སྙིང་གར་འགགས་པས་རླུང་ལྟོ་ནས་གྱེན་དུ་ལྡངས་ཏེ་དེས་རོ་རེངས་སོ། །དགྲ་ བཅོམ་འཆི་ཁར་མི་གཙང་བ་མི་འབྱུང་བས་ལུས་དྲི་མི་ང་། ལྷ་རྣམས་ཀྱང་དེ་བསལ་བ་ལ་བརྩོན་པར་བྱེད། སྐྱེ་བ་ཕྱི་མ་ལ་སེམས་ མི་གཏད་པས་མིག་འབྱེད་འཛུམ་མི་བྱེད། རླུང་ལྟེ་བར་འགགས་པས་གྱེན་དུ་ལྡང་རྒྱུ་མེད་པས་རོ་མི་རེངས་སོ་ཞེས་གདགས་པར་ རོ། །) (གསུམ་པ།) ཤི་འཕོས་ནས་བར་སྲིད་འགྲུབ་ཚུལ་ལ་སྤྱི་དོན་བཞིའི། མཚན་ཉིད་ནི། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །ཞེས་པ་ལྟར་ཡུལ་གཞན་དུ་སྐྱེ་ བ་ཐོབ་པར་བྱ་བའི་ཕྱིར་འཆི་སྲིད་དང་སྐྱེ་སྲིད་དག་གི་བར་དུ་མངོན་བར་གྲུབ་པའི་སྲིད་པའོ། ། དབྱེ་བ་ནི་འགྲོ་བ་དྲུག་ཏུ་སྐྱེ་བར་འགྱུར་བའི་བར་དོ་དྲུག་གམ། འདོད་པ་དང་གཟུགས་སུ་ སྐྱེ་བའི་བར་དོ་གཉིས་སོ། །སྒྲུབ་བྱེད་ལ་རིགས་པ་ནི། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། ། སྲིད་པ་ཆད་ལས་འབྱུང་བ་མིན། ཞེས་པ་ལྟར། གང་རྒྱུན་གྱིས་འཇུག་པའི་ཆོས་རྣམས་ནི་ རྒྱུན་མི་འཆད་པར་ཡུལ་གཞན་དུ་འབྱུང་བ་མཐོང་སྟེ། དཔེར་ན་འབྲུ་ཡི་རྒྱུན་བཞིན། སེམས་ གྱི་རྒྱུན་ཡང་རྒྱུན་གྱིས་འཇུག་པའོ་ཞེས་པས། (ཕལ་ཆེན་སྡེ་པ།)ཁ་ཅིག་འཆི་སྲིད་ཁོ་ན་ལས་སྐྱེ་ 1-1-475 སྲིད་འབྱུང་བར་འདོད་པ་བསལ་ནས། བར་སྲིད་ཡོད་པར་འགྲུབ་བོ། །ཅི་སྟེ་གཟུགས་ལས་ གཟུགས་བརྙན་ལྟར་རྒྱུན་མེད་ཀྱང་འབྱུང་ངོ་སྙམ་ན། གཟུགས་བརྙན་མ་གྲུབ་ཕྱིར་བ་དང་། མི་འདྲའི་ཕྱིར་ན་དཔེ་མ་ཡིན། །ཞེས་ཏེ། གཟུགས་བརྙན་ནི་འཁྲུལ་ཤེས་ལ་སྣང་བ་ཙམ་ཡིན་ གྱི་དོན་ལ་མ་གྲུབ་པའི་ཕྱིར་དང་། གྲུབ་ཀྱང་གཟུགས་ཀྱི་རྒྱུན་མ་ཡིན་ཞིང་། གཟུགས་དང་མེ་ ལོང་གཉིས་ཀ་ལས་བྱུང་བས་མི་འདྲ་བའི་ཕྱིར་དཔེར་མི་རུང་ངོ་། །ལུང་ནི། མགུར་གསུངས་ ཕྱིར་ཡོད་དྲི་ཟ་ནི། །ལྔར་གསུངས་འགྲོ་མདོ་ལས་ཀྱང་འགྲུབ། །ཅེས་པ་ལྟར་བཅོམ་ལྡན་ འདས་ཀྱི་མགུར་ནས། སྲིད་པ་ནི་བདུན་ཏེ། འགྲོ་བ་ལྔའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ་ཞེས་པ་དང་། གནས་གསུམ་མངོན་དུ་གྱུར་ན་མའི་མངལ་དུ་བུ་འཆགས་ ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་ཤིང་ཕྲད་པ་དང་། དྲི་ཟ་ཡང་ཉེ་བར་ གནས་པའོ་ཞེས་(དེ་ཕུང་པོ་ཞིག་པའོ་སྙམ་ན། རྟ་ལེན་གྱི་མདོ་ལས། ཁྱོད་ཀྱིས་དྲི་ཟ་ཉེ་བར་གནས་པ་གང་ཡིན་པ་དེ་རྒྱལ་ རིགས་སམ་བྲམ་ཟེའམ་རྗེའུ་རིགས་སམ་འོན་ཏེ་ཤར་ཕྱོགས་ནས་འོངས་པ་ཞིག་གམ་འོན་ཏེ་ལྷོ་དང་ནུབ་དང་བྱང་ནས་འོངས་ པ་ཞིག་ཤེས་སམ། ཞེས་སོ། །)གསུངས་ཤིང་། ཕྱིར་མི་འོང་ལྔའི་ནང་དུ་ཡང་བར་མ་དོར་མྱ་ངན་ལས་ འདས་བར་གསུངས་པ་དང་། འགྲོ་བ་བདུན་གྱི་མདོར་ཡང་། བར་མ་དོར་མྱ་ངན་ལས་འདའ་ བ་གསུམ་གསུངས་པས་བར་སྲིད་ཡོད་པར་འགྲུབ་པོ། །རྩོད་སྤང་ནི་བར་སྲིད་ཡོད་ན་བདུན་ སུན་འབྱིན་བྱེད་ཅེས་བྱ་བ་ལུས་དེ་ཉིད་ཀྱིས་དམྱལ་བར་ལྟུང་བར་བཤད་པ་དང་འགལ་ལོ་ ཞེ་ན། དེ་ནི་ལས་ཤིན་ཏུ་དྲག་པོས་མཐོང་ཆོས་ལ་དམྱལ་བའི་མེས་བསྐོར་ཏེ། ཤི་འཕོས་ནས་ བར་སྲིད་ཀྱིས་ཕྱི་མ་ལ་དམྱལ་བར་ལྷུང་བ་ལ་དགོངས་པའོ། །དེ་བཞིན་དུ་མཚམས་མེད་པ་ ལྔའི་ལས་གང་བྱས་ཤིང་བསགས་ན་དེ་མ་ཐག་དམྱལ་བར་སྐྱེའོ། །ཞེས་གསུངས་པའང་། འགྲོ་བ་གཞན་གྱིས་བར་མ་ཆོད་པ་ལ་དགོངས་པ་ཡིན་གྱི། སྒྲ་ཇི་བཞིན་པར་རྟོག་ན་གསོན་ པའི་ཚེ་དེ་ཉིད་ལ་དམྱལ་བ་མྱོང་བར་ཐལ་ལོ། །གཞན་ཡང་(བྲམ་ཟེ་རྒན་པོ་ལ་གདམས་པའི་)མདོ་ 1-1-476 ལས། བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་ལས། །འཆི་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། །བར་ ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང་། །ཁྱོད་ཀྱི་ལམ་རྒྱགས་ཀྱང་ནི་ཡོད་མ་ཡིན། །ཞེས་ གསུངས་པའང་མིའི་ནང་ན་གནས་མེད་པ་ལ་དགོངས་པའོ། ། གཞུང་དོན་ལ། ཁ་དོག་ཁམས་མིང་ཚེ་ཚད་ལས། །མཐོང་དབྱིབས་བགྲོད་པའི་ཁྱད་ པར་རོ། །དེ་ལ་ཁ་དོག་གི་ཁྱད་པར་ནི། དྲོད་ཡལ་ནས་བར་སྲིད་གྲུབ་པ་དེ་ལ་མི་དགེ་བ་ བྱེད་པ་ངན་སོང་དུ་སྐྱེ་བའི་བར་མ་དོའི་སྲིད་པ་མངོན་པར་གྲུབ་པ་རྣམས་ཀྱི་རང་གི་ལུས་དང་ མཐོང་ཡུལ་ཐམས་ཅད་ནི་དཔེར་ན་ཕྱར་བ་ནག་པོ་ལྟ་བུའམ། ཉི་མ་དང་ཟླ་བ་སྐར་མ་ལ་ སོགས་པའི་འོད་དང་བྲལ་བའི་མཚན་མོ་མུན་པ་མུན་ནག་ཏུ་སྣང་བ་ལྟ་བུའོ། །དགེ་བ་བྱེད་ པ་བདེ་འགྲོར་སྐྱེ་བའི་ཡུལ་དང་མཐོང་ཡུལ་ནི་དཔེར་ན་སྣམ་བུ་དཀར་པོ་ལྟ་བུའམ། དཀར་ ཞིང་གསལ་བའི་ཟླ་བའི་འོད་དང་བཅས་པའི་མཚན་མོར་སྣང་བ་ལྟ་བུའོ། །སྲིད་པ་ཕོ་བའི་ མདོར། དམྱལ་བའི་བར་དོར་སྡོང་དུམ་མེས་ཚིག་པ་ལྟ་བུའོ། །ཡི་དྭགས་ཀྱི་ཆུ་ལྟ་བུ་དང་། དུད་འགྲོའི་དུ་བ་ལྟ་བུ་དང་། མི་དང་འདོད་ལྷའི་གསེར་ལྟ་བུ་དང་། གཟུགས་ཁམས་ཀྱི་ལྷའི་ སྣམ་བུ་དཀར་པོ་ལྟ་བུར་ཡང་གསུངས་སོ། །ཁམས་ཀྱི་ཁྱད་པར་ནི། བར་མ་དོའི་སྲིད་པ་ནི་ འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་སྐྱེ་བ་ན་ཡུལ་གཞན་དུ་འགྲོ་དགོས་ཤིང་། དེ་ རྣམ་ཤེས་རྐྱང་པས་མི་ནུས་པས་ཡོད་པའོ། །གཟུགས་མེད་དུ་སྐྱེ་བ་ན་མེད་དེ། གཟུགས་མེད་ གང་དུ་ཤི་བ་དེར། །ཞེས་པ་ལྟར་ཡུལ་གཞན་དུ་འགྲོ་མི་དགོས་པའི་ཕྱིར་རོ། །གཟུགས་མེད་ པ་ནས་ནི་འཆི་འཕོ་བ་འདོད་གཟུགས་སུ་སྐྱེ་བ་ལ་ཡོད་པའོ། །མིང་གི་ཁྱད་པར་ནི། བར་སྲིད་ དེ་ནི་སེམས་ཙམ་ལས་བྱུང་ཞིང་བརྫུས་སྐྱེས་ཡིན་པས་ཡིད་ལས་བྱུང་བ་དང་། དྲི་ཟ་བའི་ཆེད་ དུ་འགྲོ་ཞིང་དྲིས་བརྟས་པར་འགྱུར་བས་དྲི་ཟ་ཞེས་ཀྱང་བྱའོ། །དེ་བཞིན་དུ་སྲིད་པ་འཚོལ་ བ་དང་། སྲིད་པ་གཉིས་ཀྱི་བར་མ་དང་། སྐྱེ་བ་མངོན་པར་འགྲུབ་པ་ཞེས་པ་ལ་སོགས་པ་ 1-1-477 སྟེ། ཡིད་ལས་བྱུང་དང་སྲིད་ཚོལ་དང་། དྲི་ཟ་སྲིད་པ་བར་མ་དང་། འགྲུབ་པའོ་ཞེས་པ་ལྟར་ རོ། །ཚེ་ཚད་ཀྱི་ཁྱད་པར་ནི། བར་དོ་དེར་དེ་ལྟར་ཐོགས་ཤིང་མཆོག་ཏུ་རིང་ན་ཞག་བདུན་ གནས་ཏེ། གལ་ཏེ་སྐྱེ་བའི་རྐྱེན་རྙེད་ན་དེ་ཚུན་ཆད་ཡུན་ཐུང་ངུ་ཉིད་ཀྱིས་འཆི་འཕོ་བར་འགྱུར་ བའོ། །ཅི་སྟེ་མ་རྙེད་ན་ཞག་བདུན་བདུན་ན་ཤི་འཕོས་ནས་སླར་ཡང་སྐྱེ་ཞིང་། བདུན་ཕྲག་ བདུན་གྱི་བར་དུ་གནས་ལ། དེའི་ཁོངས་སུ་ནི་གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་ཡང་ གསུངས་སོ། །བྱེ་བྲག་ཏུ་སྨྲ་བ་ནི། དེ་སྲིད་ཚོལ་ཡིན་པས་དུས་ཐུང་ངུར་གནས་ཏེ། ཡུལ་དེར་ སྐྱེ་འགྱུར་དུ་ངེས་པ་ཡིན་ན་(ཕ་མ་འདུ་བ་ལ་སོགས་པ་)ལས་ཀྱི་རྐྱེན་ཚོགས་པ་གསར་དུ་འདྲེན་ལ། མ་ངེས་ན་ཡུལ་གཞན་དུ་སྐྱེ་བར་འདོད་ཅིང་། མདོ་སྡེ་པ་ཁ་(བྱེ་བྲག་ཏུ་སྨྲ་བ་ཁ་ཅིག བ་ལང་དབྱར། ཁྱི་ སྟོན་། དོམ་དགུན། རྟ་སོས། བ་མེན། ཅེ་སྤྱང་། དྲེད། བོང་བུ་རྣམས་དུས་མིན་དུ་འཁྲིག་པས། བ་ལང་དུ་སྐྱེ་བབ་མེན་ལྟར་འདྲ་ བ་གཅིག་ཏུ་སྐྱེ་ཟེར་རོ། །)ཅིག་ནམ་སྐྱེ་བའི་རྐྱེན་མ་རྙེད་ཀྱི་བར་དུ་གནས་པར་འདོད་དོ། །ལས་སོག་ པའི་ཁྱད་པར་ནི། བྱེད་བྲག་ཏུ་སྨྲ་བ། མི་ལྡོག་དེ་ནི་དྲི་ཟའོ། །ཞེས་ངན་འགྲོའམ་བདེ་འགྲོའི་ བར་སྲིད་གང་འགྲུབ་པ་དེ་ལས་མི་ལྡོག་པར་འདོད་མོད། འདིར་ནི་ཕལ་ཆེ་བ་དེ་ལྟར་ཡང་། ཅི་སྟེ་ན་ལྡོག་གོ། ཞེས་པས་གཞན་དུ་སྐྱེ་བའི་རྐྱེན་སྟོབས་ལྡན་མངོན་དུ་གྱུར་པ་ན། མི་དགེ་ བའི་དབང་གིས་བདེ་འགྲོའི་བར་དོ་ནས་ངན་འགྲོའི་བར་དོར་ལྡོག་ཅིང་། དགེ་བའི་དབང་ གིས་ངན་འགྲོའི་བར་དོ་ནས་བདེ་འགྲོའི་བར་དོར་ལྡོག་པ་ཡང་སྲིད་དེ། དེ་དཔེར་ན་བསམ་ གཏན་བཞི་པ་ཐོབ་པའི་དགེ་སློང་དགྲ་བཅོམ་པའོ་སྙམ་པའི་མངོན་པའི་ང་རྒྱལ་ཅན་ཤི་ནས་ བཞི་པའི་བར་དོ་གྲུབ་པ་ན། (སྐྱེ་བ་ལེན་པ་ཤེས་ནས་)ཐར་པ་ལ། (མི་བདེན་ནོ་ཞེས་)སྐུར་འདེབས་ཀྱི་ ལོག་ལྟ་སྐྱེས་པས་དུས་གཞན་ན་མྱོང་འགྱུར་གྱི་ལས་སད་ནས་དམྱལ་བའི་བར་དོ་གྲུབ་པ་ ལྟ་བུ་དང་། ཡང་འགའ་ཞིག་ལ་ངན་འགྲོའི་བར་དོ་གྲུབ་པ་ན་གསང་སྔགས་ཀྱི་ཆོ་ག་ཟབ་མོ་ དང་སྦྱིན་གཏོང་ལ་སོགས་པའི་སྟོབས་ཀྱིས་བདེ་འགྲོའི་བར་དོར་བསྒྱུར་བ་ལྟ་བུའོ། །བར་ 1-1-478 སྲིད་དེ་ན་གནས་པ་ན་ཡང་སྔོན་གྱི་འཕེན་པའི་དབང་གིས་དགེ་བ་ལ་སོགས་པའི་སེམས་པ་ འབྱུང་བས་ལས་སོག་གོ། མཐོང་བའི་ཁྱད་པར་ནི། སྐལ་པ་མཉམ་པའི་སེམས་ཅན་རྣམས་ ཀྱང་མཐོང་ངོ་། །ཞེས་པ་སྟེ། འགྲེལ་པར། གང་སྔོན་དགེ་མི་དགེ་ལྷན་ཅིག་སྤྱད་བ་དེ་རྣམས་ རྨི་ལམ་གྱི་ཚོད་ཙམ་དུ་མཐོང་བར་བཤད་ལ་སར། རང་དང་སྐལ་པ་མཉམ་པའི་བར་སྲིད་ དང་། རང་གི་སྐྱེ་གནས་མཐོང་ཞིང་། སྡིག་ཅན་རྣམས་མིག་ཐུར་དུ་སྤྱི་ཚུགས་སུ་ལྟ་བ་དང་། ལྷར་སྐྱེ་བ་རྣམས་གྱེན་དུ་ལྟ་བ་དང་། མིར་སྐྱེ་བ་རྣམས་ཐད་ཀར་ལྟ་བ་ཡང་གསུངས་སོ། ། མཐོང་བྱེད་ནི། རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་པ་རིགས་མཐུན་པའི་མིག་ དང་། ལྷའི་མིག་རྣམ་པར་དག་པའི་མངོན་ཤེས་ཀྱིས་མཐོང་གི། ལྷའི་མིག་སྐྱེས་ཐོབ་ཀྱིས་ནི་ མ་ཡིན་ནོ། །ཁ་ཅིག་རང་དང་སྐལ་པ་མཉམ་པ་དང་། འགྲོ་བ་འོག་མའི་བར་དོའང་མཐོང་ ཞིང་། གོང་མ་རྣམས་མི་མཐོང་བར་ཡང་འཆད་དོ། །དབྱིབས་ཀྱི་ཁྱད་པར་ནི། ལས་གང་གིས་ འགྲོ་བ་གང་འཕེན་པ་དེ་ཉིད་ཀྱིས་དེའི་བར་སྲིད་ཀྱང་འཕེན་པས་ན། གང་དུ་སྐྱེ་བར་འགྱུར་ བ་དེའི་བྱད་གཟུགས་སོ་ཞེས་པ་ལྷར་སྐྱེ་བ་ན་ལྷའི་དབྱིབས་ཅན་དུ་འགྲུབ་པ་ལ་སོགས་པ་ སྟེ། དེ་ནི་འཕེན་པ་གཅིག་པའི་ཕྱིར། །འབྱུང་(བར་)འགྱུར་(བའི་)སྔོན་དུས་(ཀྱི་)སྲིད་(པའི་) དབྱིབས་ཅན། །ཞེས་པ་ལྟར་རོ། །དེ་ལྟ་ན་འགའ་ཞིག་གི་(ཕྲུ་གུ་ཤི་ནས་)མངལ་དུ་ཚ་དམྱལ་གྱི་ བར་དོ་དེའི་དབྱིབས་ཅན་དུ་གྲུབ་ན་མངལ་སྲེག་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། བལྟར་ མི་རུང་བ་བཞིན་དུ་རེག་ཏུའང་མི་རུང་བའི་ཕྱིར་རོ། །བོངས་ཚོད་ནི་བྱིས་བ་ལོ་ལྔ་དྲུག་ལོན་ པ་ལ་སོགས་པ་ནས་གཟུགས་ཁམས་པའི་བར་དོ་བོངས་ཚོད་ཡོངས་སུ་རྫོགས་པ་སྟེ་གོས་ ཡོད་མེད་ཀྱང་སྐྱེ་ཚུལ་དང་འདྲའོ། །བྱང་ཆུབ་སེམས་དཔའ་(དོན་གྲུབ་)ནི་གཞོན་ནུ་ཐུར་བུ་ལྟ་ བུ་མཚན་དཔེ་དང་བཅས་ཤིང་སྟོང་གསུམ་སྣང་བར་མཛད་པ་ཡིན་ཡང་། ཡུམ་གྱི་རྨི་ལམ་དུ་ གླང་བོ་ཆེ་དཀར་བོས་ཞུགས་པར་གཟིགས་པ་ནི་མཚན་མ་ཙམ་བསྟན་པ་སྟེ། རྒྱལ་པོ་ཀྲི་ཀིའི་ 1-1-479 རྨི་ལམ་(གླང་ཆེན་ཁྲོན་དང་ཕྱེ་དང་ཙན་དན་ཚལ། །གླང་ཕྲུག་མི་གཙང་དབང་བསྐུར་རས་ཡུག་རྩོད། །)ལྟ་བུའོ། །བགྲོད་ པའི་ཁྱད་པར་ནི། རྡོ་རྗེའི་རིལ་ལ་སོགས་པས་ཀྱང་མི་ཟློག་ཅིང་སངས་རྒྱས་ཀྱིས་ཀྱང་མི་ ཁེགས་པས་འགྲོ་བ་ལ་ཐགས་ཐོགས་མེད་དོ། །ལས་ཀྱི་རྫུ་འཕྲུལ་ཀྱི་ཤུགས་དྲག་པོ་དང་ལྡན་ བཞིན་དུ་རང་ཉིད་ཀྱི་སྐྱེ་གནས་གང་ན་ཡོད་པ་དེར་མྱུར་དུ་འགྲོ་ཞིང་། སྐྱེ་བའི་གནས་སུ་ནི་ ཐོགས་ཏེ། ལྕགས་ཀྱི་ཐུ་ལུམ་འབར་བའི་ནང་ནས་སྲིན་བུ་བྱུང་ངོ་ཞེས་གྲགས་པའོ། །དེ་དག་ ཀྱང་། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ཞེས་པ་ ལྟར་རོ། །དེ་ལ་དབང་པོ་ཐམས་ཅད་ཚང་བ་ཡིན་ན་དམུས་ལོང་ལ་སོགས་པའི་བར་སྲིད་བྱད་ གཟུགས་མི་འདྲ་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཕལ་ཆེར་འདྲ་བ་ལ་དེ་སྐད་ཅེས་བརྗོད་ པའི་ཕྱིར་རོ། ། (བཞི་པ།) བར་སྲིད་ནས་ཉིང་མཚམས་སྦྱོར་ཚུལ་ནི་དཔེར་ན་སྲང་མདའི་མགོ་འཇུག་ མཐོན་དམན་དུས་མཉམ་པ་ཉིད་ཀྱི་ཚུལ་དུ་བར་སྲིད་ནས་འཆི་འཕོ་ཞིང་སྐྱེ་སྲིད་དུ་ཉིང་ མཚམས་སྦྱོར་རོ། །དེ་ཡང་། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། ། ཞེས་པ་ལྟར་བར་མ་དོའི་སྲིད་པ་ནི་གནས་པ་ནི་མངལ་དུ་སྐྱེས་ན་ལས་ཀྱི་མིག་གིས་སྐྱེ་བའི་ གནས་ཁུ་ཁྲག་འདུས་པ་ལ། (སར་) ཕ་མ་ཉལ་པོ་བྱེད་པར་འཁྲུལ་ནས། (མཛོད་ལྟར་ན་ཉལ་པོ་ བྱེད་པ་མཐོང་ནས་)ཕོར་སྐྱེ་ན་མ་ལ་འདོད་ཆགས་སྐྱེད་ཅིང་། མོར་སྐྱེ་ན་ཕ་ལ་འདོད་ཆགས་སྐྱེ་ དེ། གཅིག་ལ་སྡང་བས་བྲལ་བར་འདོད་ཅིང་ཕྱིན་པ་དང་། གང་རུང་དེ་ཉིད་ལུས་གཞན་མེད་ པའི་ཕོའམ་མོའི་དབང་པོ་ཙམ་དུ་མཐིང་བ་ལ་ཆགས་ཤིང་། དེ་ལས་གཞན་པའི་ཉོན་མོངས་ པ་ཞེ་སྡང་གི་བར་སྲིད་འགག་ཅིང་སྐྱེ་སྲིད་ལེན་པའི་རྐྱེན་དུ་འགྱུར་རོ། །དེ་ལྟར་ཕོ་མོ་ལ་ འདོད་ཆགས་དང་བཅས་པ་བར་མ་དོའི་སྲིད་པ་གང་རུང་ལ་སྡང་བ་བཅས་པས་འགག་ཅིང་། ཕ་མའི་ཆགས་པ་དྲག་པོའི་རྗེས་སུ་ཁུ་ཁྲག་གི་ཐིགས་པ་གཉིས་སྐྱེ་གནས་སུ་འདྲེས་ནས་འོ་ 1-1-480 མའི་སྤྲིས་མ་ལྟར་ནུང་ནུར་བོར་གྱུར་པ་ཀུན་གཞིའི་རྣམ་པར་ཤེས་པ་དང་བཅས་པ་འབྱུང་སྟེ། ཀུན་གཞིའི་རྣམ་ཤེས་དེ་ནི་རྣམ་པར་སྨིན་པ་ཞེས་ཀྱང་བྱའོ། །དྲི་དང་གནས་ལ་མངོན་འདོད་ གཞན། །ཞེས་པ་ལྟར་དྲོད་གཤེར་ལས་སྐྱེས་པ་ནི་དྲི་སྣ་ཚོགས་འདོད་པས་ཉིང་མཚམས་སྦྱོར་ ཞིང་། བརྫུས་ཏེ་སྐྱེས་ན་གནས་དོན་དུ་གཉེར་བས་འཇུག་པ་ནི། ཆར་དང་རླུང་དྲག་པོས་ཉེན་ ནས་མེ་འབར་བ་མཐོང་སྟེ་ཚ་དམྱལ་དུ་ཉིང་མཚམས་སྦྱོར་བ་དང་། མེ་དང་ཉི་མ་ལ་སོགས་ པས་ཉེན་ནས་བསིལ་བར་མཐོང་སྟེ་གྲང་དམྱལ་དུ་ཉིང་མཚམས་སྦྱོར་བ་དང་། གནས་ཡིད་ དུ་འོང་བ་མཐོང་སྟེ་ལྷའི་གནས་སུ་ཉིང་མཚམས་སྦྱོར་བ་ལ་སོགས་པའོ། །སྒོ་ང་ལས་སྐྱེ་ན་དེ་ ཉིད་ཐོག་མར་མངལ་ལམ་དྲོད་གཤེར་ལས་སྐྱེ་བས་དེ་དག་དང་མཐུན་པའོ། །དེ་ལྟར་འཕོ་ ཞིང་འཇུག་པའི་ཚེ་སྐལ་པ་ངན་ན་ཀུ་ཅོའི་སྒྲ་དང་འདམ་བུ་དང་ནགས་ཐིབས་པོ་ལ་སོགས་ པར་འགྲོ་བའི་མཚན་མ་འབྱུང་ཞིང་སྐལ་བ་བཟང་ན་སྒྲ་སྙན་པ་དང་གཞལ་མེད་ཁང་དང་ སྐྱེད་མོས་ཚལ་ལ་སོགས་པར་འགྲོ་བའི་མཚན་མ་འབྱུང་བར་ཡང་(བར་)གསུངས་སོ། ། (ལྔ་པ།) སྐྱེ་གནས་བཞིའི་དབང་པོ་འགྲུབ་ཚུལ་ནི། རྣམ་སྨིན་ཀུན་གཞི་ཉིང་མཚམས་སྦྱར་ བ་དེའི་འོག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས་མིང་དང་གཟུགས་དང་སྐྱེ་མཆེད་ དྲུག་དང་ཞེས་པ་ལ་སོགས་པ་ཇི་སྐད་དུ་འབྱུང་བ་བཞིན་དུ། སེམས་ཅན་གྱི་སྐྱེ་གནས་བཞི་ པོ་སྒོ་ང་ཐོག་མར་གྲུབ་པ་ལས་སྐྱེ་བ་དང་། མའི་མངལ་ནས་སྐྱེ་བ་དང་དྲོད་དང་གཤེར་ལས་ སྐྱེ་བ་དང་། བརྫུས་ཏེ་འཕྲལ་ལ་སྐྱེ་བར་དབང་པོ་མངོན་པར་འགྲུབ་སྟེ། དང་པོ་ལ་རིམ་གྱིས་ འགྲུབ་ཅིང་བརྫུས་སྐྱེས་ལ་ནི་གཅིག་ཅར་འགྲུབ་པོ། །ཁྱད་པར་མངལ་སྐྱེས་ཀྱི་འགྲུབ་ཚུལ་ ནི། (ཞག་བདུན་ཕྲག་ལྔས་)ཐོག་མ་ཉིད་དུ་ནུར་ནུར་འགྱུར། །ནུར་ནུར་པོ་ལས་མེར་མེར་འགྱུར། ། མེར་མེར་པོ་ལས་ནར་ནར་འགྱུར། །ནར་ནར་པོ་ལས་གོར་གོར་འགྱུར། །གོར་གོར་པོ་ལས་ རྐང་ལག་འགྱུར(ཞེས་གནས་སྐབས་དང་པོ་ལྔ་དང་ལྷག་མ་རྣམས་ཀྱིས)། །སྐྲ་སྤུ་སེན་མོ་ལ་སོགས་དང་། ། 1-1-481 དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་རིམ་གྱིས་འབྱུང་བར་འགྱུར(ཞེས་ པ་ཕྱི་མ་གསུམ་རྫོགས་ཏེ)། །ཞེས་པ་ལྟར་མངལ་གྱི་གནས་སྐབས་བརྒྱད་བོར་ཞག་བདུན་ཕྲག་ སུམ་ཅུ་རྩ་བརྒྱད་ཀྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་ནས་ཞག་བཞི་སོང་བ་(ཟླ་བ་ དགུ་)ན་བཙའ་བར་གསུངས་སོ། །དེའང་ཕལ་ཆེ་བ་སྟེ། སྲས་སྒྲ་གཅན་འཛིན་ལོ་དྲུག་དང་། གནས་བརྟན་རྒན་བོ་སྐྱེ་ལོ་དྲུག་ཅུ་མངལ་དུ་གནས་པར་ཡང་བཤད་དོ། །ཕོར་སྐྱེ་ན་མའི་ ལྟོ་བ་གཡས་བ་ལ་རྟེན་ཅིང་རྒྱབ་ཏུ་ལྟ་བ་དང་། མོར་སྐྱེ་ན་གཡོན་བ་ལ་རྟེན་ཅིང་མདུན་ཏུ་ལྟ་ བ་དང་། མ་ནིང་དུ་སྐྱེ་ན་ཆགས་པ་གང་ཤས་ཆེ་བ་དང་མཐུན་པར་ལྟ་ཞིང་། བར་དོ་དབང་ པོ་ཚང་བས་ཞུགས་ནས་ཕྱིས་མ་ནིང་དུ་འགྱུར་བར་ཡང་གསུངས་སོ། །མཚེ་མར་སྐྱེ་ན་བར་ དོའི་དུས་སུ་མངལ་གྱི་སྒོ་ནས་རིམ་གྱིས་ཞུགས་པའི་ཕྱིར་སྔར་སྐྱེས་པ་ཉིད་གཞོན་པའོ་ཞེས་ ཀྱང་འཆད་དོ། །དེ་ལྟ་བུའི་རིམ་པས་སྐྱེ་འཆིའི་སྲིད་པ་ནི་ཐོག་མ་མེད་པ་ནས་འཁོར་ལོ་ལྟར་ འཁོར་བ་སྟེ། (མཛོད་དུ།)ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། །འཕེལ་ནས་ལས་དང་ཉོན་ མོངས་ཀྱིས། །འཇིག་རྟེན་ཕ་རོལ་དུ་འགྲོ་ཞེས། །སྲིད་པའི་འཁོར་ལོ་རྒྱུན་མི་འཆད། །ཅེས་པ་ ལྟར་རོ། །དེ་ལྟ་ན་ཡང་རྣམ་པར་དག་པའི་ལམ་བསྒོམས་ན་རྒྱུ་ཟད་པ་ལས་མཐར་འཁོར་བ་ ལས་གྲོལ་བར་འགྱུར་ཏེ། (དབུ་མ་)བཞི་བརྒྱ་པར། ཇི་ལྟར་ས་བོན་མཐའ་མཐོང་ཞིང་། །དེ་ལ་ ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བ་འབྱུང་བར་མི་འགྱུར་རོ། །ཞེས་ པ་ལྟར་རོ། ། དེ་ལྟར་ཤེས་ནས་སྤང་བར་བྱ་བ་ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ལན་ལ། སྲེད་པ་ གཙོ་བོའི་ཚུལ་གྱིས་མདོར་བསྟན་པ། རང་གི་མཚན་ཉིད་རྒྱས་པར་བཤད་པ། སྤྱིའི་མཚན་ ཉིད་བསྡུས་ཏེ་བསྟན་པའོ། །དང་པོ་ལ། (གཉིས་ལས་དང་པོ།) དོན་དངོས་བསྟན་པ་ནི་ཉོན་མོངས་ པ་ཐམས་ཅད་དང་། ཉོན་མོངས་པས་ཀུན་ནས་བསླངས་པའི་དབང་གིས་བྱུང་བའི་ལས་ཟག་ 1-1-482 པ་དང་བཅས་པ་སྟེ། གང་ལས་སྡུག་བསྔལ་ཀུན་འབྱུང་བ་རྣམས་སོ། ། (གཉིས་པ།) ལུང་འགལ་སྤང་བ་ནི། དེ་ལྟ་ན་མདོ་ལས་སྲེད་པ་ཉིད་ཀུན་འབྱུང་དུ་བཤད་ པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་ཀུན་འབྱུང་གི་གཙོ་བོར་བསྟན་པའི་ཕྱིར་རོ། །དེ་ ཡང་སྲེད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ལུས་ཐོབ་པ་ལ་མི་འབྲལ་བར་སྲེད་པ་དང་ལུས་ མ་ཐོབ་པ་ལ་ཐོབ་པར་སྲེད་པས་ཡང་སྲིད་འབྱུང་བར་བྱེད་པ་ཅན་དང་། ཡུལ་ཐོབ་པ་ལ་ དགའ་ཞིང་མི་འབྲལ་བར་སྲེད་པའི་ཡིད་བདེ་འདོད་ཆགས་དང་ལྡན་པ་དང་། ཡུལ་མ་ཐོབ་པ་ ལ་ཕྲད་ཅིང་འབྱུང་བར་སྲེད་པས་དེ་དང་མངོན་པར་དགའ་བ་ཡིན་པའི་ཕྱིར། དེ་ལྟ་བུའི་རྣམ་ པ་ཅན་གྱི་སྲིད་པ་ལ་ཀུན་འབྱུང་བའི་བདེན་པར་བསྟན་བས་གཙོ་བོར་བསྟན་ཏོ། །དེ་ཉིད་ བཤད་པ་ནི་གཙོ་བོའི་དོན་གང་ཞེ་ན། སྲེད་པ་གང་ཐམས་ཅད་དུ་འགྲོ་བའི་དོན་ཏོ། །དེས་ གཙོ་བོར་འཇོག་ན་ཐམས་ཅད་དུ་འགྲོ་བའི་དོན་གང་ཞེ་ན། དེ་ནི་འདི་ལྟར། སྔར་བསྟན་པ་ བཞིན་ལུས་དང་ཡུལ་ཐོབ་པ་དང་མ་ཐོབ་བ་ཐམས་ཅད་ལ་སྲེད་པས་ཁྱབ་པས་དངོས་པོ་ ཐམས་ཅད་དུ་འགྲོ་བ་དང་། སྡུག་བསྔལ་ལ་བྲལ་བ་དང་། བདེ་བ་ལ་མི་འབྲལ་བར་སྲེད་ལ། བཏང་སྙོམས་ལ་གཏི་མུག་གིས་སྲེད་ཅིང་། ཁྱད་པར་ཀུན་གཞི་ལ་བདག་ཏུ་རྨོངས་བས་སྲེད་ པས། ཚོར་བ་གསུམ་གྱི་གནས་སྐབས་ཐམས་ཅན་དུ་འགྲོ་བ་དང་། འདས་པ་ལ་དྲན་པ་དང་། མ་འོངས་བ་ལ་དགའ་བ་དང་། ད་ལྟ་བ་ལ་ཆགས་ཤིང་སྲེད་པས་དུས་ཐམས་ཅད་དུ་འགྲོ་བ་ དང་། འདོད་པ་དང་གཟུགས་དང་གཟུགས་མེད་པ་ལ་སྲེད་པས་ཁམས་ཐམས་ཅད་དུ་འགྲོ་ བ་དང་། འདོད་པ་དང་སྲིད་པ་ཚོལ་བ་ལ་སྲེད་པས་ཁམས་བསུམ་དུ་སྡུག་བསྔལ་འགྲུབ་ཅིང་། ལོག་པའི་ཚངས་སྤྱོད་ཚོལ་བ་ལ་སྲེད་པས་འཁོར་བ་ལས་མི་ཐར་བས་ཚོལ་བ་ཐམས་ཅད་ དུ་འགྲོ་བ་དང་། འདོད་པ་རྟག་ཏུ་འབྱུང་བར་སྲེད་ཅིང་། མི་འདོད་པ་རྒྱུན་ཆད་པར་སྲེད་པས་ རྟག་ཆད་ཀྱི་རྣམ་པ་ཐམས་ཅད་དུ་འགྲོ་བའོ། ། 1-1-483 རྒྱས་བཤད་ལ། ཉོན་མོངས་ཀུན་འབྱུང་དང་། ལས་ཀྱི་ཀུན་འབྱུང་གཉིས་ལས། དང་པོ་ ལ། ཉོན་མོངས་པ་གང་ཞེ་ན། དབྱེ་བ་མདོར་བསྟན་ནི་དོན་བཅུས་གཏན་ལ་འབེབས་པ་སྟེ། གྲངས་དུ་ཡིན་པ་དང་། མཚན་ཉིད་གང་ཡིན་པ་དང་། རྒྱུ་གང་ལས་བྱུང་བ་དང་། དམིགས་ ཡུལ་གང་ལ་འཇུག་པ་དང་། གྲོགས་གང་དང་མཚུངས་པར་ལྡན་པ་དང་། མིང་གི་རྣམ་གྲངས་ གང་ཡིན་པ་དང་། ཚུལ་ཇི་ལྟ་བུར་ལོག་པར་ཞུགས་པ་དང་། ཁམས་གང་ན་གང་ཡོད་དང་། སྡེའམ་རིས་ཀྱི་སྒོ་ནས་དབྱེ་བ་དང་། སྤོང་བའི་ཚུལ་ཇི་ལྟ་བུ་ཡིན་པས་ཀྱང་ཉོན་མོངས་པའི་ ཀུན་འབྱུང་གཏན་ལ་འབེབས་པར་བལྟའོ། །ངོ་བོ་རྒྱས་བཤད་ལའང་བཅུ་སྟེ། གྲངས་དང་ མཚན་ཉིད་འབྱུང་དམིགས་མཚུངས་ལྡན་དང་། །རྣམ་གྲངས་ལོག་ཞུགས་ཁམས་རིས་སྤོང་ བའོ། །དེ་ལ་གྲངས་གང་ཞེ་ན། བསྡུ་ན་ཉོན་མོངས་པ་དྲུག་གམ་ཕྱེ་ན་ཉོན་མོངས་པ་བཅུའོ། ། ཉོན་མོངས་པ་དྲུག་གང་ཞེ་ན། སྔར་བསྟན་པ་ལྟར་ཁམས་གསུམ་པའི་རྗེས་སུ་ཆགས་པ་ འདོད་ཆགས་དང་། གཞན་དག་ལ་ཀུན་ནས་མནར་སེམས་པ་ཁོང་ཁྲོ་དང་། བདག་ལྟ་ལ་ བརྟེན་ནས་སེམས་ཁེངས་པ་ང་རྒྱལ་དང་། ཁམས་གསུམ་པའི་མི་ཤེས་པ་མ་རིག་པ་དང་། བདེན་པ་ལ་ཡིད་གཉིས་ཟ་བ་ཐེ་ཚོམ་དང་། ཤེས་རབ་ཉོན་མོངས་པ་ཅན་ལྟ་བའོ། །རྩ་བའི་ ཉོན་མོངས་པ་དྲུག་པོ་དེ་དག་ཉིད་ཀྱི་ཁྱད་པར་ལྟ་བ་ལ། བདག་དང་བདག་གི་(འཇིག་ལྟ་དང་) ཆད་རྟག་(མཐར་འཛིན་)དང་། །མེད་(པར་ལྟ་བ་)དང་དམན་ལ་མཆོག་(འཛིན་)ལྟ་དང་། །རྒྱུ་མིན་ ལམ་མིན་དེར་ལྟ་བ (ཚུལ་ཐུགས)། །དེ་རྣམས་ལྟ་བ་ལྔ་ཡིན་ནོ། །ཞེས་པ་ལྟར་རྣམ་པ་ལྔར་ཕྱེ་ བའི་བྱེ་བྲག་གིས་ཉོན་མོངས་པ་བཅུར་ཡང་འགྱུར་རོ། །མཚན་ཉིད་གང་ཞེ་ན། རང་གི་མཚན་ ཉིད་འདུ་བྱེད་དུ་བཤད་ཟིན་ནས། སྤྱིའི་མཚན་ཉིད་ནི་སེམས་ལས་བྱུང་བའི་ཆོས་གང་ཞིག་ འབྱུང་བ་ན། རྣམ་གཡེང་དང་ཕྱིན་ཅི་ལོག་དང་། རྒོད་པ་དང་རྨུགས་པ་དང་། བག་མེད་པ་དང་ འཛེམ་པ་མེད་པ་རྣམས་ལས་གང་ཡང་རུང་བས་རབ་ཏུ་མ་ཞི་བའི་མཚན་ཉིད་ཅན་དུ་འབྱུང་ 1-1-484 བ་སྟེ། བྱེད་ལས་ནི་དེ་འབྱུང་བས་སེམས་ཀྱི་རྒྱུ་རབ་ཏུ་མ་ཞི་ཞིང་ལས་སུ་མི་རུང་བར་འབྱུང་ བར་བྱེད་པ་དེ་ཉོན་མོངས་པའི་མཚན་ཉིད་དོ། །འབྱུང་བ་གང་ཞེ་ན། རྒྱུའི་རྐྱེན་ཉོན་མོངས་ པའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ནམ་བག་ལ་ཉལ་གཉེན་པོས་ལེགས་པར་མ་ བཅོམ་ཞིང་མ་སྤངས་པར་གྱུར་པ་དང་། དམིགས་པའི་རྐྱེན་ཉོན་མོངས་པ་སྐྱེ་བའི་གནས་ཀྱི་ ཆོས་ཡུལ་སྡུག་མི་སྡུག་ལ་སོགས་ཀྱང་སྣང་བར་གྱུར་པ་དང་། བདག་པོའི་རྐྱེན་ཡུལ་དེ་དག་ ལ་ཡང་མི་སྡུག་པ་ལ་སྡུག་པར་འཛིན་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་ པ་ཉེ་བར་གནས་པ་ཡིན་ཏེ་རྒྱུའི་ཚོགས་པ་དེ་ལྟ་བུ་ལ་འབྲས་བུ་ཉོན་མོངས་པ་མངོན་གྱུར་དུ་ འབྱུང་བར་འགྱུར་ཏེ། ཕྲ་རྒྱས་སྤངས་པར་མ་གྱུར་དང་། །ཡུལ་ནི་ཉེ་བར་གྱུར་པ་དང་། །ཚུལ་ བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་པ་ལྟར་རོ། ། དམིགས་པ་གང་ཞེ་ན། (གསུམ་ལས་དང་པོ།)རང་དང་འབྱུང་ཚུལ་གྱི་དབང་དུ་བྱས་པ་ནི། འདོད་ཆགས་ལ་དམིགས་ནས་ཀྱང་ཁོང་ཁྲོ་འབྱུང་བ་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ ནི་ཕན་ཚུན་གཅིག་གིས་གཅིག་ལ་དམིགས་པས་ཉོན་མོངས་པ་ཐམས་ཅད་ཀྱི་དམིགས་པར་ བལྟའོ། །དེའང་སྲིད་པའི་དབང་དུ་བྱས་པ་སྟེ། ཉོན་མོངས་པ་གཅིག་གིས་ཐམས་ཅད་ལ་ གཅིག་ཆར་དམིགས་པ་ནི་མ་ཡིན་ནོ། །ཡང་ན་དེས་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་ ཤིང་། དེ་དག་གིས་ཉོན་མོངས་པ་ཐམས་ཅད་བསྡུས་པས་དེ་སྐད་ཅེས་བྱའོ། །གང་ལས་ ཉོན་མོངས་པ་འབྱུང་ཞིང་རྒྱས་པའི་གཞི་ཡུལ་སྡུག་མི་སྡུག་ལ་སོགས་པ་ཡང་ཉོན་མོངས་པའི་ དམིགས་པའོ། ། (གཉིས་པ།) ཟག་བཅས་ས་དགུའི་དབང་དུ་བྱས་པ་ནི། (གཞན་གྱིས་མི་ནུས་པ་)ལྟ་བ་དང་ མཚུངས་ལྡན་གྱི་མ་རིག་པ་དང་གཞན་གྱི་ས་པའི་འདུ་བྱེད་ལ་ངའོ་སྙམ་དུ་མི་འཛིན་པས་ བདག་ལྟ་ལས་གཞན་པའི་ལྟ་བ་བཞི་དང་། ཐེ་ཚོམ་རྣམས་ནི་ས་གོང་མ་ལ་རང་ས་ལྟར་མངོན་ 1-1-485 སུམ་དུ་མི་དམིགས་ཀྱང་ཀུན་ཏུ་བརྟགས་པའི་སྒོ་ནས་དམིགས་པས་དེ་རྣམས་མ་གཏོགས་ པར། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་རྣམས་ནི་ས་ གོང་མ་ལ་མི་དམིགས་སོ། །དེའང་གོང་མ་མ་ཐོབ་པ་ལ་ཆགས་པ་མེད་ཅིང་ཐོབ་འདོད་འདུན་ པ་དགེ་བ་ཡིན་པའི་ཕྱིར་དང་། གོང་མས་བདག་ལ་གནོད་པ་མེད་པའི་ཕྱིར་དང་། གོང་མ་ལ་ དམིགས་ནས་སེམས་ཁེངས་པ་མེད་པའི་ཕྱིར་རོ། །ས་གོང་མའི་ཉོན་མོངས་པ་ནི་འོག་མ་ལ་ འདོད་ཆགས་དང་བྲལ་བའི་ཟག་པ་ཡིན་པའི་ཕྱིར་རོ་ས་འོག་མ་ལ་དམིགས་པ་མ་ཡིན་ནོ། ། དེའང་འོག་མ་ལ་ཆགས་སྡང་དང་བདག་ལྟ་ནི་མེད་ཅིང་། འོག་མ་དམན་པར་མཐོང་བས་ ཁེངས་བ་ཡང་མེད་ལ། དེ་དག་དང་རྗེས་སུ་འབྲེལ་བའི་ཉོན་མོངས་པ་གཞན་ཡང་མི་འབྱུང་ བས་སོ། །ཞིབ་མོར་ན་ང་རྒྱལ་གྱི་དམིགས་པ་སྲིད་དེ། འོག་མ་ལས་མཆོག་ཏུ་འཛིན་པའི་ཕྱིར་ རོ་ཞེས་གསུངས་ཏེ། བསྡུ་བ་དང་ཡང་མཐུན་ནོ། ། (གསུམ་པ།) ཟག་མེད་འགོག་ལམ་གྱི་དབང་དུ་བྱས་པ་ལ། ཉོན་མོངས་པའི་གཞི་དམིགས་ པ་ཡིན་ན་འགོག་ལམ་ནི་གཞི་མ་ཡིན་པས་དམིགས་པར་མི་རུང་ངོ་ཞེ་ན། འགོག་པ་དང་ ལམ་ལ་སྒྲོ་བཏགས་ནས་ཕྱིན་ཅི་ལོག་ཏུ་དམིགས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་ པ་གང་ཡིན་པ་དེ་དག་ནི་འགོག་ལམ་དེ་དག་ལ་དངོས་སུ་དམིགས་པ་མ་ཡིན་པར་བལྟ་སྟེ། ཟག་མེད་དེ་དག་ནི་འཇིག་རྟེན་ལས་འདས་པའི་མཉམ་གཞག་རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་སོ་ སོ་རང་གི་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་དེའི་དམིགས་པར་སྣང་བའི་ཆ་ ནི་ཉོན་མོངས་པ་དང་མཚུངས་ལྡན་གྱི་སེམས་དེས་ཡོངས་སུ་བརྟགས་པ་ཙམ་སྟེ། རྟོག་བྱེད་ ལས་བརྟགས་པ་གུད་ན་གྲུབ་པ་མེད་པས་རྟོག་པ་ཞེས་བརྗོད་པའོ། ། (བཞི་པ།) གཞི་བཅས་གཞི་མེད་ཀྱི་དབང་དུ་བྱས་པ་ནི། གཞིའམ་དངོས་པོ་དོན་ལ་གྲུབ་ པ་ཅུང་ཟད་ཀྱང་མེད་པ་ལ་དམིགས་པའི་ཉོན་མོངས་པ་ནི། ལྟ་བ་མཚུངས་པར་ལྡན་པ་དང་ 1-1-486 བཅས་པའོ་ཞེས་ལྟར་པ་སྟེ། དེ་དག་ནི་བདག་ལ་དམིགས་ནས་འཇུག་ཅིང་། ཞེས་ཡུལ་གྱི་ བདག་དངོས་པོར་གྲུབ་པ་མེད་པའི་ཕྱིར་རོ། །དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ནི་ གཞི་དངོས་པོར་གྲུབ་པ་དང་བཅས་པ་ལ་དམིགས་པའོ་ཞེས་པ་སྟེ། ཆགས་སྡང་ལ་སོགས་ པའི་ཞེན་ཡུལ་སྡུག་མི་སྡུག་ལ་སོགས་པ་རེ་ཞིག་དངོས་པོར་ཡོད་པའི་ཕྱིར་རོ། །བསྡུ་བར་ ནི། ལྟ་བ་དང་ང་རྒྱལ་གྱི་གཞི་མེད་དང་། འདོད་ཆགས་དང་ཁོང་ཁྲོ་གཞི་ཡོད་དང་། ཐེ་ཚོམ་ དང་མ་རིག་པ་གཉིས་གར་ཡང་གསུངས་ཏེ་ཕྲ་བའི་རྣམ་གཞག་གོ། །མཚུངས་པར་ལྡན་པ་ གང་ཞེ་ན། རྩ་བའི་ཉོན་མོངས་ཀྱི་མཚུངས་ལྡན་ནི། དེ་གཉིས་ངོ་བོ་མི་མཚུངས་ཕྱིར། ཞེས་ པ་ལྟར་འདོད་ཆགས་ནི་ཁོང་ཁྲོ་བ་དང་འཛིན་སྟངས་ཤིན་ཏུ་མི་མཐུན་པའི་ཕྱིར། དམིགས་ རྣམས་ལྷན་ཅིག་མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་མ་ཡིན་ནོ། །ཁོང་ཁྲོ་བ་དང་མི་ མཐུན་པ་ཇི་ལྟ་བར་ཐེ་ཚོམ་ཡང་དེ་བཞིན་དུ་མཚུངས་པར་མི་ལྡན་པ་ཡིན་ནོ་ཞེས་པ་སྟེ། ཐེ་ ཚོམ་དུ་གྱུར་པས་བློ་མི་གནས་ན་ཆགས་པ་མི་སྐྱེ་བའི་ཕྱིར་རོ། །ལྷག་མ་ང་རྒྱལ་དང་མ་རིག་ པ་དང་ལྟ་བ་ནི་འཛིན་སྟངས་མི་མཐུན་པ་མེད་པའི་ཕྱིར་འདོད་ཆགས་དེ་དང་མཚུངས་པར་ ལྡན་པ་ཡིན་ནོ། །འདོད་ཆགས་ཁོང་ཁྲོ་བ་དང་མི་མཐུན་པ་ཇི་ལྟ་བ་དེ་བཞིན་དུ། ཁོང་ཁྲོ་བ་ ཡང་འདོད་ཆགས་དང་མི་མཐུན་ཞིང་། ང་རྒྱལ་དང་ལྟ་བ་དང་ཡང་མཚུངས་པར་ལྡན་པ་མ་ ཡིན་ནོ་ཞེས་བྱ་སྟེ། གང་ལ་ཞེ་འགྲས་པ་དེས་མི་ཁེངས་པའི་ཕྱིར་དང་། དེ་ལ་མཐའ་གཅིག་ཏུ་ རྟོག་པར་མི་ནུས་པའི་ཕྱིར་རོ། །ང་རྒྱལ་ནི་ཁོང་ཁྲོ་བ་དང་ཐེ་ཚོམ་དང་མཚུངས་པར་ལྡན་པ་མ་ ཡིན་ཏེ། ཁེངས་པ་དེ་ལ་མི་ཁྲོ་ཞིང་། བློ་མི་གནས་ན་ཁེངས་མི་ནུས་པའི་ཕྱིར་རོ་ཞེས་པ་སྔ་མ་ བཞིན་ནོ། །མ་རིག་པ་ནི་རྨོངས་པར་གྱུར་པ་ལས་ཉོན་མོངས་རྣམས་འབྱུང་བའི་ཆ་ནས་ཉོན་ མོངས་པ་ཐམས་ཅད་མཚུངས་པར་ལྡན་པ་དང་། འདྲེས་པའི་མ་རིག་པ་ཞེས་བྱའོ། །དེ་ལས་ གཞན་པའི་ཉོན་མོངས་པས་ཀུན་ནས་མ་དཀྲིས་པ་ནི་མ་འདྲེས་པའི་མ་རིག་པ་ཡང་ཡིན་ལ་ 1-1-487 དེ་ནི་ཉོན་མོངས་གང་དང་ཡང་མཚུངས་པར་ལྡན་པ་མ་ཡིན་ནོ། །མ་འདྲེས་བའི་མ་རིག་པ་ ནི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་སེམས་ལ་འགེབས་ཤིང་སྒྲིབ་པ་ དང་མུན་པར་གྱུར་བའོ། །ལྟ་བ་ནི་ཞེ་འགྲས་པ་དང་བློ་མི་གནས་པ་ལ་རྟོག་མི་ནུས་པས་ཁོང་ ཁྲོ་བ་དང་ཐེ་ཚོམ་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཐེ་ཚོམ་ནི་གང་ལ་བློ་མི་གནས་པ་དེ་ ལ་ཞེན་པ་དང་། ཁེངས་པ་དང་རྟོག་པ་མེད་པས་འདོད་ཆགས་དང་ང་རྒྱལ་དང་ལྟ་བ་རྣམས་ དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ཉེ་བའི་ཉོན་མོངས་ཀྱི་མཚུངས་ལྡན་ནི། ཁོང་ཁྲོ་བ་ལ་ སོགས་པ་ཉེ་བའི་ཉོན་མོངས་པ་འཛིན་སྟངས་མི་མཐུན་པ་རྣམས་ནི་ཕན་ཚུན་མཚུངས་པར་ ལྡན་མ་ཡིན་ཏེ། དཔེར་ན་འདོད་ཆགས་ཀྱི་ཆར་གཏོགས་པ་རྣམས་ཞེ་སྡང་གི་ཆར་གཏོགས་ པ་དང་མི་མཐུན་པ་བཞིན་ནོ། །གཞུང་ལ་ལར་མཚུངས་པར་ལྡན་ནོ་ཞེས་ཀྱང་འབྱུང་སྟེ། མི་ མཐུན་པ་མེད་པ་དག་ནི་རྩ་བའི་ཉོན་མོངས་པ་བཞིན་དུ་མཚུངས་པར་ལྡན་པར་ཡང་རིག་ པར་བྱའོ། །ཁྱད་པར་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བ་ཐམས་ཅད་དང་མཚུངས་ པར་ལྡན་ནོ་ཞེས་བྱ་སྟེ། རང་གཞན་ལ་མི་འཛེམ་པ་མེད་ན་ཉོན་མོངས་སྐྱེས་ཀྱང་ལུང་མ་ བསྟན་ཙམ་དུ་འགྱུར་མོད། མི་འཛེམ་པ་ལས་མི་དགེ་བ་ཐམས་ཅད་འབྱུང་བའི་ཕྱིར་རོ། །དེ་ བཞིན་དུ་རྨུགས་པ་དང་རྒོད་པ་དང་མ་དད་པ་དང་ལེ་ལོ་དང་བག་མེད་པ་རྣམས་ནི་ཉོན་ མོངས་པ་ཅན་ཐམས་ཅད་དང་མཚུངས་པར་ལྡན་ནོ་ཞེས་ཀྱང་བྱ་སྟེ། དེ་དག་གི་སེམས་ལས་ སུ་མི་རུང་བ་ཉིད་ལ་སོགས་པ་མེད་ན་ཉོན་མོངས་པ་མི་སྲིད་པའི་ཕྱིར་རོ། །བསྡུ་བར། དེ་ དག་གི་སྟེང་དུ་ལོག་པར་འདུན་མོས་དྲན་པ་དང་གཡེང་བ་དང་ཤེས་བཞིན་མ་ཡིན་པ་བསྣན་ པའི་བཅུ་པོ་ཉོན་མོངས་པ་ཅན་གྱི་སེམས་ཐམས་ཅད་འབྱུང་བར་ཡང་གསུངས་སོ། ། རྣམ་གྲངས་གང་ཞེ་ན། དབྱེ་བ་མདོར་བསྟན་ནི། སྡུག་བསྔལ་ལ་སྦྱོར་བར་བྱེད་པས་ ཀུན་ཏུ་སྦྱོར་བ་དང་། དགེ་ལ་འདོད་དགུར་བྱེད་དུ་མི་འཇུག་པས་འཆིང་བ་དང་། འཇིག་རྟེན་ 1-1-488 པའི་ཡར་འཕེལ་ཐམས་ཅད་ཀྱི་ས་བོན་དང་ལྡན་པས་བག་ལ་ཉལ་དང་། ཕྱིན་ཅི་ལོག་གིས་ སེམས་རྒྱུད་མ་རུང་བར་བྱེད་པས་ཉེ་བའི་ཉོན་མོངས་པ་དང་། ཡང་དང་ཡང་དུ་རྒྱུན་དུ་འབྱུང་ བས་ཀུན་ནས་དཀྲིས་པ་དང་། གཏིང་དཔག་དཀའ་ཞིང་རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པས་ ཆུ་བོ་དང་། ལོག་པ་སྒྲུབ་བའི་ཐབས་ཡིན་པས་སྦྱོར་བ་དང་། ལུས་རྒྱུན་ལེན་པར་བྱེད་པས་ཉེ་ བར་ལེན་པ་དང་། དགྲོལ་དཀའ་བར་གྱུར་པས་མདུད་པ་དང་། དེ་ཁོ་ནའི་དོན་ལ་འགེབས་ པར་བྱེད་པས་སྒྲིབ་པ་དང་། དགེ་བའི་ལོ་ཐོག་གི་ཞིང་དུ་མ་གྱུར་པས་ཐ་བ་དང་། ངོ་བོ་ཉིད་ ཀྱི་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པས་དྲི་མ་དང་། རྟག་ཏུ་གནོད་པ་བྱེད་པས་སྡིག་པ་ དང་། རབ་ཏུ་མ་ཞི་ཞིང་རིང་དུ་སོང་བར་བྱེད་པས་ཟུག་རྔུ་དང་། ཕུང་པོ་ཡོངས་སུ་འཛིན་ པའི་རྒྱུ་བྱེད་པས་ཅི་ཡང་དང་། ལོག་པར་སྒྲུབ་པའི་ངོ་བོ་ཉིད་ཡིན་པས་ཉེ་བར་སྤྱད་པ་དང་། སེམས་རྣམ་པར་གཡེང་བར་བྱེད་པས་ཟག་པ་དང་། ཡོ་བྱད་ཀྱིས་ཆོག་མི་ཤེས་པས་ཕོངས་ པ་དང་། འདོད་པས་ཕོངས་པར་བྱེད་པས་ཡོངས་སུ་གདུང་བ་དང་། རྒུད་པ་འདྲེན་པར་བྱེད་ པས་འཁྲུག་པ་དང་། འཐབ་རྩོད་ཀྱི་རྒྱུ་ཡིན་པས་འཐབ་པ་དང་། ནད་ཆེན་པོར་གྱུར་པས་ རིམས་ནད་དང་། ལུས་སྣ་ཚོགས་ཀྱི་ལྗོན་ཤིང་སྒྲུབ་པས་ནགས་སྦྱོར་དང་། འདོད་ཡོན་ལ་ ཆགས་པར་བྱེད་ཅིང་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའི་བར་ཆད་བྱེད་པས་གེགས་ ཞེས་བྱ་བ་ལ་སོགས་པའི་ངེས་ཚིག་གིས་ས་སྡེར་གསུངས་པ་དག་གོ། ངོ་བོ་རྒྱས་བཤད་ལ། ཀུན་སྦྱོར་འཆིང་བ་བག་ལ་ཉལ་དང་ཉེ་བའི་ཉོན་མོངས་ཀུན་ནས་ དཀྲིས། ཆུ་བོ་སྦྱོར་བ་ཉེར་ལེན་མདུད་པ་སྒྲིབ་པ་ཐ་མ་དྲི་མ་དང་། སྡིག་པ་ཟུག་རྔུ་ཅི་ཡང་ཉེར་ སྤྱོད་ཟག་པ་ཕོངས་པ་ཡོངས་གདུང་དང་། འཁྲུག་པ་འཐབ་པ་རིམས་ནད་ནགས་སྦྱོར་གགས་ པ་རྣམས་ཤེས་ནས་སྤང་བར་བྱ། ཞེས་པ་ལྟར་ཉི་ཤུ་རྩ་བཞིའོ། ། དང་པོ་ལ་ཀུན་ཏུ་སྦྱོར་བ་རྣམས་ནི་གྲངས་དུ་ཞིག། རྣམ་པ་ཇི་ལྟར། དངོས་གང་དུ་སྦྱར་ 1-1-489 ཞེ་ན། (གཉིས་ལས་དང་པོ།)ཀུན་སྦྱོར་དགུའི་དབྱེ་བ་ནི། བསྒྲིབ་བྱའི་དབང་གིས་ཀུན་དུ་སྦྱོར་བ་ དགུ་སྟེ། དེ་ཡང་དབུས་མཐར། སྐྱོ་བ་དང་ནི་བཏང་སྙོམས་དང་། །དེ་ཁོ་ན་ཉིད་མཐོང་བ་སྟེ། ། འཇིག་ཚོགས་ལྟ་དང་དེ་གཞི་དང་། །འགོག་དང་ལམ་དང་དཀོན་མཆོག་དང་། །རྙེད་པ་དང་ ནི་བཀུར་སྟི་དང་། །ཡོ་བྱད་བསྙུངས་པ་ཡོངས་ཤེས་ལའོ། །ཞེས་པ་ལྟར། ཁམས་གསུམ་ལས་ སྐྱོ་བ་ལ་སྒྲིབ་པ་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། གནོད་བྱེད་བཏང་སྙོམས་སུ་འཇོག་ པ་ལ་སྒྲིབ་པ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་། ཕྱི་མ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་མཐོང་བ་ ལ་སྒྲིབ་ཅིང་། ཁྱད་པར་འཇིག་ཚོགས་ལྟ་བ་ཤེས་པ་ལ་སྒྲིབ་པ་ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང་། དེའི་གཞི་ཕུང་པོ་ཤེས་པ་ལ་སྒྲིབ་པ་མ་རིག་པའི་ཀུན་ཏུ་སྦྱོར་བ་དང་། འགོག་བདེན་ཤེས་ པ་ལ་སྒྲིབ་པ་ལྟ་བའི་ཀུན་ཏུ་སྦྱོར་བ་དང་། ལམ་བདེན་ཤེས་པ་ལ་སྒྲིབ་པ་མཆོག་ཏུ་འཛིན་ པའི་ཀུན་ཏུ་སྦྱོར་བ་དང་། དཀོན་མཆོག་གི་ཡོན་ཏན་ཤེས་པ་ལ་སྒྲིབ་པ་ཐེ་ཚོམ་གྱི་ཀུན་ཏུ་ སྦྱོར་བ་དང་། རྙེད་བཀུར་གྱི་ཉེས་དམིགས་ཤེས་པ་ལ་སྒྲིབ་པ་ཕྲག་དོག་གི་ཀུན་ཏུ་སྦྱོར་བ་ དང་། ཡོ་བྱད་བསྙུངས་པའི་ཕན་ཡོན་ཤེས་པ་ལ་སྒྲིབ་པ་སེར་སྣའི་ཀུན་ཏུ་སྦྱོར་བའོ། །རྩ་ བའི་ཉོན་མོངས་ཀྱི་ནང་ནས་ལྟ་བ་ལ་གཉིས་སུ་ཕྱེ་བ་ནི་བསྒྲིབ་བྱ(འགོག་ལམ་གཉིས་པོ་)འི་དབང་ དུ་བྱས་པ་ཡིན་ཞིང་། ཉེ་བའི་ཉོན་མོངས་ཀྱི་ནང་ནས་གཉིས་ཁོ་ན་འཇོགས་པ་ནི། མཛོད་དུ། གང་ཕྱིར་གཉི་ག་གཅིག་ཏུ་ནི། །མི་དགེ་རང་དབང་དེ་ཡི་ཕྱིར། །ཕྲག་དོག་སེར་སྣ་དེ་རྣམས་ ལས། །ལོག་ཤིག་ཀུན་སྦྱོར་གཉིས་སུ་བཤད། །ཅེས་པ་ལྟར་རོ། ། (གཉིས་པ།) སྦྱོར་ཚུལ་རྒྱས་པར་བཤད་པ་ལ། རྗེས་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་ལྟར། ། མཆོག་འཛིན་ཐེ་ཚོམ་ཕྲག་དོག་སེར་སྣའོ། །ཞེས་པ་ལྟར་དགུ་སྟེ། ཐམས་ཅད་ཀྱང་གང་གིས་ ཇི་ལྟར་གང་ལ་སྦྱོར་ཚུལ་གྱིས་བྱད་པར་བྱ་ཞིང་། ངོ་བོ་རྣམས་ནི་ཕལ་ཆེར་སེམས་བྱུང་དུ་ བཤད་ཟིན་པ་ཉིད་དོ། །དང་པོ་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་ལ་ངོ་བོ་གང་གིས་སྦྱོར་བ་ 1-1-490 ནི་ཁམས་གསུམ་ན་ཡོད་པའི་ལུས་དང་ལོངས་སྤྱོད་ལ་ཆགས་པའི་འདོད་ཆགས་སོ། །རྣམ་པ་ ཇི་ལྟར་སྦྱོར་ན་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ཁམས་གསུམ་པའི་འཁོར་ བ་ལ་ཡིད་འབྱུང་ཞིང་སྐྱོ་བར་མི་འགྱུར་རོ། །འཁོར་བ་ལ་ཡིད་མི་འབྱུང་ཞིང་ཆགས་པས་ དོན་དམ་པའི་མི་དགེ་བ་ནི་ལས་ཟག་པ་དང་བཅས་པ་ཡིན་ལ་དེ་སྤྱོད་ཅིང་། དགེ་བ་ཟག་ མེད་མི་སྤྱོད་དེ་ཞེས་པའི་ཚུལ་གྱིས་སོ། །དངོས་པོ་གང་ལ་སྦྱོར་ན་ལས་དེས་སྐྱེ་བ་ཕྱི་མ་ལ་ སོགས་པ་མ་འོངས་པ་ན་སྡུག་བསྔལ་གྱི་རང་བཞིན་ཉེར་ལེན་གྱི་ཕུང་པོ་མངོན་པར་འགྲུབ་ པར་བྱེད་པས་འཁོར་བའི་སྡུག་བསྔལ་དང་ཀུན་ཏུ་སྦྱོར་བའོ། །དེ་བཞིན་དུ་སྦྱར་ཏེ་གཉིས་ པ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་ལ་གང་གིས་སྦྱོར་བ་ནི་གནོད་བྱེད་སེམས་དང་ཚོར་བ་སྡུག་ བསྔལ་དང་མཚོན་ལ་སོགས་པ་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་སེམས་ཀྱི་ཀུན་ནས་ མནར་སེམས་པའོ། །ཇི་ལྟར་སྦྱོར་ན་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ལྡན་པ་ནི། གནོད་བྱེད་ འདིས་བདག་ལ་གནོད་པ་(སྔར་)བྱས་སོ་(ད་ལྟར་)བྱེད་དོ་(ཕྱིས་)བྱེད་པར་འགྱུར་རོ། །བདག་གི་ བཤེས་ལ་གནོད་པ་(སྔར་)བྱས་སོ་(ད་ལྟར་)བྱེད་དོ་(ཕྱིས་)བྱེད་པར་འགྱུར་རོ། །བདག་གི་དགྲ་ལ་ ཕན་བཏགས་སོ་འདོགས་སོ་འདོགས་པར་འགྱུར་རོ། །ཞེས་ཁོང་ཁྲོ་བའི་རྒྱུ་ཀུན་ནས་མནར་ སེམས་ཀྱི་དངོས་པོ་དགུ་ལས་གནོད་སེམས་ཡལ་བར་མི་འདོར་ཞིང་བཏང་སྙོམས་སུ་མི་བྱེད་ དེ། གནོད་ལན་བྱེད་འདོད་པ་དེས་ཀུན་ནས་བསླང་བ་ལ་སོགས་པའི་མི་དགེ་བ་སྤྱོད་ཅིང་། དགེ་བ་མི་སྤྱོད་དེ། གང་ལ་སྦྱོར་ན་དེས་ཕྱི་མ་སྡུག་བསྔལ་སྣ་ཚོགས་མངོན་པར་འགྲུབ་པར་ བྱེད་པས། འབྲས་བུ་སྡུག་བསྔལ་དང་ཀུན་ཏུ་སྦྱོར་རོ། ། གསུམ་པ་ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་ལ་གང་གིས་སྦྱོར་ན་དབྱེ་བ་ནི་སེམས་ཁེངས་པའི་ མཚན་ཉིད་ཅན་གྱི་ང་རྒྱལ་དེ་ཉིད་འཇུག་ཚུལ་གྱི་བྱེ་བྲག་གིས་རྣམ་པ་བདུན་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ 1-1-491 ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །ངོ་བོ་ལ། ང་རྒྱལ་གང་ ཞེ་ན། རིགས་དང་གཟུགས་དང་ལོངས་སྤྱོད་ལ་སོགས་པའི་ཡོན་ཏན་རང་བས་ཆུང་བ་བས་ བདག་ཆེའོ་སྙམ་པའམ། མཚུངས་པ་དང་བདག་མཚུངས་པ་སྙམ་དུ་སེམས་ཁེངས་པ་གང་ ཡིན་པའོ། །ཆེ་བའི་ང་རྒྱལ་གང་ཞེ་ན། ཡོན་ཏན་གྱི་ཁྱད་པར་མཚུངས་པ་བས་བདག་ཆེའོ་ སྙམ་པའམ། ཆེ་བ་དང་བདག་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ང་རྒྱལ་ ལས་ཀྱང་ང་རྒྱལ་གང་ཞེ་ན། དོན་ལ་རང་བས་ཆེ་བ་བས་ཀྱང་བདག་ཆེའོ་སྙམ་དུ་སེམས་ ཁེངས་པ་གང་ཡིན་པའོ། །ངའོ་སྙམ་པའི་ང་རྒྱལ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་བོ་ རྣམས་ལ་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་ཆ་ནི་འཇིག་ཚོགས་ལ་ལྟ་བ་ ཡིན་ཡང་། དེ་ལ་བརྟེན་ནས་སེམས་ཁེངས་པ་གང་ཡིན་པ་ནི་ང་རྒྱལ་དུ་གཞག་པའོ། །མངོན་ པའི་ང་རྒྱལ་གང་ཞེ་ན། གོང་མའི་ཁྱད་པར་བསམ་གཏན་དང་མངོན་ཤེས་དང་འབྲས་བུ་ བཞི་ལ་སོགས་པ་ཐོབ་པར་བྱ་བ་རྣམས་དོན་ལ་མ་ཐོབ་པར་བདག་གིས་ཐོབ་སྙམ་དུ་སེམས་ ཁེངས་པ་གང་ཡིན་པའོ། །ཅུང་ཟད་སྙམ་པའི་ང་རྒྱལ་གང་ཞེ་ན། ཡོན་ཏན་གྱི་ཁྱད་པར་ཆེས་ འཕགས་པ་བས་བདག་ཅུང་ཟད་ཅིག་གིས་ཆུང་ངོ་ཞེས་ཁྱད་པར་ཇི་ལྟར་ཡོད་པ་བཞིན་མི་ འཛིན་པར་མཆོག་གི་ནང་ན་ཅུང་ཟད་དམན་ཡང་གཞན་ལས་བདག་ནི་བཟང་བའོ་སྙམ་དུ་ སེམས་ཁེངས་པ་གང་ཡིན་པ་སྟེ། འདུད་པའམ་དམན་པའི་ང་རྒྱལ་ཞེས་ཀྱང་བྱའོ། །ལོག་ པའི་ང་རྒྱལ་གང་ཞེ་ན། ཡོན་ཏན་མ་ཡིན་པ་ལྟ་བ་དང་དཔྱོད་པ་ལ་སོགས་པ་དམན་པ་དང་ལྟ་ བ་ལ། བདག་ལྟ་བ་མཐོན་པོ་དང་སྤྱོད་པ་བཟང་བོ་ལ་སོགས་པའི་ཡོན་ཏན་དང་ལྡན་སྙམ་དུ་ སེམས་ཁེངས་པ་གང་ཡིན་པའོ། །ཇི་ལྟར་སྦྱོར་ན་ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དེ་དག་དང་ལྡན་ པ་ནི་ངར་འཛིན་པ་དང་ང་ཡིར་འཛིན་པ་འཇིག་ཚོགས་ལྟ་བའི་རང་བཞིན་དང་ཉེས་དམིགས་ ཡོངས་སུ་མི་ཤེས་སོ། །དེ་ལྟར་ཡོངས་སུ་མ་ཤེས་ན་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་ 1-1-492 མངོན་པར་ཞེན་ནས་ང་རྒྱལ་ཀྱིས་ཀུན་ནས་བསླང་བ་ལ་སོགས་པའི་མི་དགེ་བ་སྤྱོད་ཅིང་ དགེ་བ་མི་སྤྱོད་དེ། གང་ལ་སྦྱོར་ན་དེས་ཕྱི་མ་ལ་དམན་ཞིང་ཉམ་ཐག་པ་ལ་སོགས་པའི་སྡུག་ བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་ཀུན་ཏུ་སྦྱོར་རོ། ། བཞི་པ་མ་རིག་པའི་ཀུན་ཏུ་སྦྱོར་བ་ལ་གང་གི་སྦྱོར་བའི་ངོ་བོ་ནི་ཁམས་གསུམ་པའི་ གནས་ལུགས་མི་ཤེས་པའི་རྨོངས་པའོ། །ཇི་ལྟར་སྦྱོར་ན་མ་རིག་པའི་ཀུན་ཏུ་སྦྱོར་བ་དང་ ལྡན་པ་ནི་ཟག་བཅས་འབྲས་བུར་གྱུར་པ་སྡུག་བསྔལ་གྱི་ཆོས་རྣམས་དང་། རྒྱུར་གྱུར་པ་ཀུན་ འབྱུང་བའི་ཆོས་རྣམས་ལ་ངོ་བོ་དང་ནི་ཉེས་དམིགས་མི་ཤེས་པས་ལྷག་པར་སྲེད་ཅིང་ཆགས་ སོ། །འཁོར་བ་རྒྱུ་འབྲས་དེ་དག་ལ་ལྷག་པར་ཆགས་པས་མི་དགེ་བ་ལས་ཟག་བཅས་སྤྱོད་ ཅིང་དགེ་བ་ཟག་མེད་མི་སྤྱོད་དེ། གང་ལ་སྦྱོར་ན་དེས་ཕྱི་མ་ལ་སྡུག་བསྔལ་ཉེར་ལེན་གྱི་ཕུང་ པོ་མངོན་པར་འགྲུབ་པར་བྱེད་པས་འཁོར་བའི་སྡུག་བསྔལ་དང་ཀུན་ཏུ་སྦྱོར་རོ། ། ལྔ་པ་ལྟ་བའི་ཀུན་ཏུ་སྦྱོར་བ་ལ་གང་གིས་སྦྱོར་བའི་ངོ་བོ་ནི་ལྟ་བ་གསུམ་པོ་སྟེ། འཇིག་ ཚོགས་ཕུང་པོ་ལ་བདག་གིར་ལྟ་བ་དང་། དེ་ཉིད་རྟག་པའམ་ཆད་པའི་མཐར་འཛིན་པར་ལྟ་ བ་དང་། རྒྱུ་དང་འབྲས་བུ་མེད་དོ་ཞེས་ལོག་པར་ལྟ་བའོ། །ཇི་ལྟར་སྦྱོར་ན་ལྟ་བའི་ཀུན་ཏུ་ སྦྱོར་བ་དེ་དག་དང་ལྡན་པ་ནི་འཇིག་ལྟས་བདག་གྲོལ་ལོ། །མཐར་ལྟས་གྲོལ་ནས་ཀྱང་རྟག་ པའམ་ཆད་པའོ། །ལོག་ལྟས་སངས་རྒྱས་པ་ལ་ཐར་བ་མེད་དོ་སྙམ་དུ་བསམས་ནས་ལོག་ པས་ངེས་པར་འབྱུང་བ་ཐོག་མར་ཡོངས་སུ་ཚོལ་ལོ། །འདི་ཉིད་ཁོ་ན་བདེན་ནོ་ཞེས་རྒྱུན་ཏུ་ མངོན་པར་ཞེན་ཏོ། །ལྟ་བ་ལོག་པས་འཁོར་བ་ལས་ངེས་པར་འབྱུང་བ་ལ་མངོན་པར་ཞེན་ པས། མི་དགེ་བ་ཟག་བཅས་སྤྱོད་ཅིང་དགེ་བ་ཟག་མེད་མི་སྤྱོད་དེ། གང་ལ་སྦྱོར་ན་དེས་ཕྱི་མ་ ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་སྡུག་བསྔལ་དང་ཀུན་ཏུ་སྦྱོར་རོ། ། དྲུག་པ་མཆོག་ཏུ་མི་འཛིན་པའི་ཀུན་ཏུ་སྦྱོར་བ་ལ་གང་གིས་སྦྱོར་བ་ནི་ལྟ་བ་ངན་པ་ལ་ 1-1-493 མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་མཆོག་ཏུ་འཛིན་པའོ། ། ཇི་ལྟར་སྦྱོར་ན་མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ལམ་བཟང་བོ་འཕགས་ པའི་ལམ་ཡན་ལག་བརྒྱད་ལྟ་བུ་བོར་ནས། ལྟ་བ་ངན་པ་ལ་ཡིད་ཆེས་ཤིང་། དེས་ཀུན་ནས་ བསླངས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་དག་གྲོལ་ངེས་འབྱིན་གྱི་ལམ་དུ་ ཡིད་ཆེས་པས་ལོག་པས་ངེས་པར་འབྱུང་བའི་ཐབས་ལ་རྟོག་གོ། ཐབས་ཕྱིན་ཅི་ལོག་ལ་ མངོན་པར་ཞེན་པས། ཕྱུགས་ཀྱི་མཆོད་སྤྱིན་ལ་སོགས་པའི་མི་དགེ་བ་སྤྱོད་ཅིང་དགེ་བ་ཟག་ མེད་མི་སྤྱོད་དེ། གང་ལ་སྦྱོར་ན་དེས་ཕྱི་མ་ལ་སྡུག་བསྔལ་སྣ་ཚོགས་མངོན་པར་འགྲུབ་པར་ བྱེད་པས་ངན་སོང་ལ་སོགས་པའི་སྡུག་བསྔལ་དང་ཀུན་ཏུ་སྦྱོར་རོ། ། བདུན་པ་ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ལ་གང་གིས་སྦྱོར་བ་ནི་དོན་ལ་མཐའ་གཅིག་ཏུ་ བདེན་པ་རྣམས་ལ་བློས་མཐའ་གཉིས་སུ་དོགས་ཤིང་ཡིད་གཉིས་ཟ་བའོ། །ཇི་ལྟར་སྦྱོར་ ན་ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་སྤངས་རྟོགས་སམ་དོན་གཉིས་མཐར་ཕྱིན་པའི་ སངས་རྒྱས་དཀོན་མཆོག་ལ་སོམ་ཉི་ཟ་ཞིང་། ཆགས་པ་དང་བྲལ་བ་བདེན་པ་གཉིས་ཀྱི་ མཚན་ཉིད་ཅན་ཆོས་དཀོན་མཆོག་དང་། མངོན་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ དང་ལྡན་པ་དགེ་འདུན་དཀོན་མཆོག་ལ་སོམ་ཉི་ཟ་བའོ། །འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། ། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ ཕྱིར་དཔོན་མཆོག་ཉིད། །ཅེས་པ་ལྟར་དཀོན་མཆོག་རྣམས་ཡོན་ཏན་དང་ལྡན་པར་གནས་ པ་ལ་ཡོད་མེད་དང་སྐྱབས་གནས་ཡིན་མ་ཡིན་ལ་སོགས་པར་སོམ་ཉི་ཟ་བས་མཆོད་པ་དང་ སྒྲུབ་པ་དང་བསྙེན་བཀུར་ལ་སོགས་པ་ལེགས་པར་སྒྲུབ་པར་མི་འགྱུར་རོ། །དཀོན་མཆོག་ རྣམས་ལ་བཀའ་བཞིན་ལེགས་པར་མི་བསྒྲུབས་པས་མི་དགེ་བ་སྤྱོད་ཅིང་དགེ་བ་མི་སྤྱོད་དེ། གང་ལ་སྦྱོར་ན་དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་འཁོར་བའི་སྡུག་ 1-1-494 བསྔལ་དང་ཀུན་ཏུ་སྦྱོར་རོ། ། བརྒྱད་པ་ཕྲག་དོག་ཀུན་ཏུ་སྦྱོར་བ་ལ་གང་གིས་སྦྱོར་བ་ནི་རྒྱུ་རྙེད་པ་དང་བཀུར་སྟི་ལ་ ལྷག་པར་ཆགས་པས་ཡུལ་ཕ་རོལ་གྱི་ཕུན་སུམ་ཚོགས་པ་ལ་ངོ་བོ་མི་བཟོད་པར་བྱས་པའི་ སེམས་ཁོང་ནས་འཁྲུག་པའོ། །ཇི་ལྟར་སྦྱོར་ན་ཕྲག་དོག་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་རྙེད་ པ་དང་བཀུར་སྟིའི་ཉེས་དམིགས་མ་ཤེས་ནས་གཅེས་སྤྲས་སུ་འཛིན་པ་ཡིན་གྱི། དམ་པའི་ ཆོས་ལ་གཅེས་སྤྲས་སུ་འཛིན་ཞིང་གཙོ་བོར་བྱེད་པ་ནི་མ་ཡིན་ནོ། །རྙེད་པ་དང་བཀུར་སྟི་ལ་ གཅེས་སྤྲས་སུ་འཛིན་ཞིང་ལྷག་པར་ཆགས་པས་དེ་ཐོབ་པའི་ཆེད་དུ་མི་དགེ་བ་སྤྱོད་ཅིང་དགེ་ བ་མི་སྤྱོད་དེ། གང་ལ་སྦྱོར་ན་དེས་ཕྱི་མ་ལ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པས་ སྡུག་བསྔལ་དང་ཀུན་ཏུ་སྦྱོར་རོ། ། དགུ་པ་སེར་སྣའི་ཀུན་ཏུ་སྦྱོར་བ་ལ་གང་གིས་སྦྱོར་བ་ནི་རྒྱུ་རྙེད་པ་དང་བཀུར་སྟི་ལ་ལྷག་ པར་ཆགས་པ་ཉིད་ཀྱིས་ཡུལ་སྲིད་པའི་ཡོ་བྱད་རྣམས་ལ་ངོ་བོ་སེམས་ཀྱིས་ཀུན་ནས་དམ་དུ་ འཛིན་པའོ། །ཇི་ལྟར་སྦྱོར་ན་སེར་སྣའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་ནི་ཡོ་བྱད་སོག་ཅིང་སྤེལ་ བ་གཅེས་སྤྲས་སུ་འཛིན་པ་ཡིན་གྱི། ཡོ་བྱད་ཀྱིས་དབེན་ཞིང་བསྙུངས་པ་གཅེས་སྤྲས་སུ་ འཛིན་པ་མ་ཡིན་ནོ། །ཡོ་བྱད་ངན་ངོན་ཚུན་ཆད་སོག་པ་གཅེས་སྤྲས་སུ་འཛིན་པས་དེའི་ཆེད་ དུ་མི་དགེ་བ་ལས་ཟག་བཅས་སྤྱོད་ཅིང་དགེ་བ་ཟག་མེད་མི་སྤྱོད་དེ་ཞེས་པའི་ཚུལ་གྱིས་སོ། ། གང་ལ་སྦྱོར་ན་དེས་སྐྱེ་བ་ཕྱི་མ་ལ་སོགས་པ་མ་འོངས་པ་ན་ཡི་དྭགས་ལ་སོགས་པའི་སྡུག་ བསྔལ་མངོན་པར་འགྲུབ་པར་བྱེད་པས་འབྲས་བུ་སྡུག་བསྔལ་དང་ཀུན་ཏུ་སྦྱོར་རོ། ། གཉིས་པ་ལ་གསུམ་གྱི་(དང་པོ།)འཆིང་བའི་དབྱེ་བ་བསྟན་པ་ལ་འཆིང་བ་ནི་རྣམ་པ་ གསུམ་སྟེ། ཁམས་གསུམ་གྱི་ཆགས་པ་འདོད་ཆགས་ཀྱི་འཆིང་བ་དང་། གནོད་བྱེད་ལ་ཁྲོ་ བ་ཞེ་སྡང་གི་འཆིང་བ་དང་། ཁམས་གསུམ་གྱི་རྨོངས་པ་གཏི་མུག་གི་འཆིང་བའོ། །དེ་ལྟར་ 1-1-495 གསུམ་དུ་འཇོག་པའི་ཚེ་ང་རྒྱལ་ལ་སོགས་པ་རྣམས་གཏི་མུག་ཏུ་བསྡུའོ། ། (གཉིས་པ།) གང་གིས་གང་ལ་འཆིང་ཚུལ་ནི། །ཚོར་བའི་དབང་གིས་འཆིང་བ་གསུམ། ། ཞེས་པ་ལྟར་འདོད་ཆགས་ཀྱི་འཆིང་བས་ནི་བདེ་བ་ཟག་བཅས་ཀྱི་ཚོར་བ་ཕྲ་རྒྱས་(བྱེ་བྲག་ཏུ་ སྨྲ་བའི་ལུགས་ཀྱིས་ནི་ཕྲ་རྒྱས་ཀུན་ནས་དཀྲིས་པ་ཡིན་ནོ། །གནས་མ་བུ་བའི་སྡེ་པ་རྣམས་ཀྱི་ལྟར་ན་ནི་ཕྲ་རྒྱས་ཐོབ་པ་ཡིན་ ནོ། །མདོ་སྡེ་པའི་ལུགས་ཀྱིས་ནི་ས་བོན་ཡིན་ནོ་ཞེས་རྒྱལ་པོའི་སྲས་སོ། །)འཕེལ་བར་བྱེད་པས་འགྱུར་བའི་སྡུག་ བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །ཞེ་སྡང་གི་འཆིང་བས་ནི་སྡུག་བསྔལ་གྱི་ཚོར་བ་ཕྲ་ རྒྱས་འཕེལ་བར་བྱེད་པས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་འཆིང་བར་འགྱུར་རོ། །གཏི་ མུག་གི་འཆིང་བས་ནི་བཏང་སྙོམས་ཀྱི་ཚོར་བ་ཕྲ་རྒྱས་འཕེལ་བར་བྱེད་པས་འདུ་བྱེད་ཀྱི་སྡུག་ བསྔལ་ཉིད་ལ་འཆིང་བར་འགྱུར་རོ། ། (གསུམ་པ།) འཆིང་བར་འཇོག་པའི་རྒྱུ་མཚན་ནི་གཞན་ཡང་། དཔེར་ན་ལྕགས་སྒྲོགས་ལ་ སོགས་པ་ཕྱི་རོལ་གྱི་འཆིང་བས་བཅིངས་ནས་འགྲོ་བར་མི་ནུས་ཤིང་འདུག་ཀྱང་འདོད་པ་ བཞིན་དུ་མི་ནུས་པ་ལྟར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་གིས་བཅིངས་པ་ ལ་བརྟེན་ནས་ཀྱང་། འབྲས་བུ་ཐར་བར་འགྲོ་བར་མི་ནུས་ཤིང་། རྒྱུ་དགེ་བ་ལ་སྦྱོར་བ་ན་ཇི་ ལྟར་འདོད་པ་བཞིན་དུ་བྱེད་པ་མི་འཐོབ་སྟེ། དེའི་ཕྱིར་ཡང་དུག་གསུམ་དེ་དག་ནི་འཆིང་བ་ རྣམས་སོ། ། གསུམ་པ་ལའང་། (གསུམ་ལས་དང་པོ།)མིང་གི་དབྱེ་བས་མདོར་བསྟན་ནི། ཉོན་མོངས་དྲུག་ གི་འདོད་ཆགས་ལ་གཉིས་སུ་ཕྱེ་ནས་དེ་དག་གི་ས་བོན་ནམ་བག་ལ་ཉལ་ནི་རྣམ་པ་བདུན་ཏེ། འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་དང་། ཁོང་ཁྲོ་བའི་བག་ལ་ཉལ་དང་། སྲིད་པའི་ འདོད་ཆགས་ཀྱི་བག་ལ་ཉལ་དང་། ང་རྒྱལ་གྱི་བག་ལ་ཉལ་དང་། མ་རིག་པའི་བག་ལ་ཉལ་ དང་། ལྟ་བའི་བག་ལ་ཉལ་དང་། ཐེ་ཚོམ་གྱི་བག་ལ་ཉལ་ལོ། ། 1-1-496 གོང་མ་གཉིས་ཀྱི་འདོད་ཆགས་ལོགས་སུ་འཇོག་པ་ནི། ཁམས་(གོང་མ་)གཉིས་ལས་ སྐྱེ་(བ་)སྲིད་(པའི་)འདོད་ཆགས། །ཁ་ནི་ནང་དུ་(ཏིང་ངེ་འཛིན་ལ་)བལྟས་ཕྱིར་དེར། །ཐར་(པར་ཞེན་) པའི་འདུ་ཤེས་བཟློག་ཕྱིར་བཤད། །ཅེས་པ་ལྟར་རོ། ། (གཉིས་པ།) སོ་སོའི་ངོ་བོ་རྒྱས་བཤད་ལ། འདོད་ཆགས་ཀྱི་བག་ལ་ཉལ་ནི་འོག་མ་འདོད་ པའི་ཁམས་ལ་འདོད་ཆགས་ཀྱི་ཕྱོགས་མངོན་གྱུར་རིམ་གྱིས་རྒྱུད་ལ་སྐྱེ་བ་དང་རྗེས་སུ་ མཐུན་པའི་བག་ཆགས་སམ་གནས་ངན་ལེན་ནམ་ས་བོན་ནོ། །ཁོང་ཁྲོ་བའི་བག་ལ་ཉལ་ ནི་ཞེ་སྡང་ངམ་ཁོང་ཁྲོ་བའི་ཕྱོགས་མངོན་གྱུར་རིམ་གྱིས་རྒྱུད་ལ་སྐྱེ་བ་དང་རྗེས་སུ་མཐུན་ པའི་གནས་ངན་ལེན་ནམ་ས་བོན་ནོ། །སྲེད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ནི་གོང་མ་ གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་ཀྱི་ཕྱོགས་མངོན་གྱུར་རིམ་གྱིས་ རྒྱུད་ལ་སྐྱེ་བ་དང་རྗེས་སུ་མཐུན་པའི་གནས་ངན་ལེན་ནམ་ས་བོན་ནོ། །ང་རྒྱལ་གྱི་བག་ལ་ ཉལ་ནི་བཤད་ཟིན་པའི་ང་རྒྱལ་གྱི་ཕྱོགས་མངོན་གྱུར་རིམ་གྱིས་རྒྱུད་ལ་སྐྱེ་བ་དང་རྗེས་སུ་ མཐུན་པའི་གནས་ངན་ལེན་ནམ་ས་བོན་ནོ། །མ་རིག་པའི་བག་ལ་ཉལ་ནི་མི་ཤེས་པ་མ་རིག་ པའི་ཕྱོགས་མངོན་གྱུར་རིམ་གྱིས་རྒྱུད་ལ་སྐྱེ་བ་དང་རྗེས་སུ་མཐུན་པའི་གནས་ངན་ལེན་ནམ་ ས་བོན་ནོ། །ལྟ་བའི་བག་ལ་ཉལ་ནི་ཤེས་རབ་ཉོན་མོངས་ཅན་ལྟ་བ་ངན་པའི་ཕྱོགས་མངོན་ གྱུར་རིམ་གྱིས་རྒྱུད་ལ་སྐྱེ་བ་དང་རྗེས་སུ་མཐུན་པའི་གནས་ངན་ལེན་ནམ་ས་བོན་ནོ། །ཐེ་ ཚོམ་གྱི་བག་ལ་ཉལ་ནི་བདེན་པ་ལ་ཡིད་གཉིས་ཟ་བ་ཐེ་ཚོམ་གྱི་ཕྱོགས་མངོན་གྱུར་རིམ་གྱིས་ རྒྱུད་ལ་སྐྱེ་བ་དང་རྗེས་སུ་མཐུན་པའི་གནས་ངན་ལེན་ནམ་ས་བོན་ནོ། ། (གསུམ་པ།) གང་ལ་རྒྱས་པར་གྱུར་ཚུལ་ནི། འདོད་པའི་ཡོན་ཏན་ལ་སྲེད་པས་ཚོལ་ཞིང་ དོན་དུ་གཉེར་བ་མ་སྤངས་པས་ནི་ཆགས་སྡང་བ་འཕེལ་བར་བྱེད་པས། འདོད་ཡོན་འབྱོར་ པའི་ཚེ་འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་དང་། འབྱོར་པ་རྒུད་པའི་ཚེ་ཁོང་ཁྲོ་བའི་ 1-1-497 བག་ལ་ཉལ་རྒྱས་པར་འགྱུར་རོ། །སྲིད་པ་ཁམས་གོང་མ་གཉིས་ཀྱི་ལུས་ལ་སྲེད་པའི་ཚོལ་ ཞིང་དོན་དུ་གཉེར་བ་མ་སྤངས་པས་ནི་སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་རྒྱས་ཤིང་ འཕེལ་བར་འགྱུར་རོ། །ལམ་ལོག་པས་ཉེས་པ་ལས་ཚངས་པར་སྤྱོད་པའི་ཐར་བ་ཚོལ་ཞིང་ དོན་དུ་གཉེར་བ་མ་སྤངས་པས་ནི་ང་རྒྱལ་གྱི་བག་ལ་ཉལ་དང་། མ་རིག་པའི་བག་ལ་ཉལ་ དང་། ལྟ་བའི་བག་ལ་ཉལ་དང་། ཐེ་ཚོམ་གྱི་བག་ལ་ཉལ་རྒྱས་པར་འགྱུར་ཏེ། རྒྱུ་མཚན་འདི་ ལྟར་ཐར་ལམ་མ་ཡིན་པ་ལ་ཐར་ལམ་དུ་ཞེན་པ་དེ་དག་ནི་འཇིག་རྟེན་པའི་གཉེན་པོ་ཆུང་ངུ་ ཙམ་གྱིས་ཀྱང་སེམས་ཁེངས་པས་ང་རྒྱལ་གྱི་ས་བོན་འཕེལ་བར་འགྱུར་རོ། །བདེན་པ་རྣམས་ ཀྱི་ངོ་བོ་དང་རྣམ་པ་ལ་རྨོངས་པས་མ་རིག་པའི་ས་བོན་འཕེལ་བར་འགྱུར་རོ། །ལྟ་བ་གསུམ་ གྱིས་ལོག་པའི་ཐར་བ་ལ་རྟོག་པ་དང་། མཆོག་འཛིན་གཉིས་ཀྱིས་ལོག་པར་ཐར་བའི་ཐབས་ ལ་རྟོག་པས་ལྟ་བའི་ས་བོན་འཕེལ་བར་བྱེད་དོ། །སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་སྡེ་ སྣོད་གསུམ་དང་བསླབ་པ་གསུམ་ལ་སོགས་པ་ལུང་དང་མངོན་པར་རྟོགས་པའི་བདག་ཉིད་ ཅན། གདུལ་བྱའི་སེམས་འཆོས་ཤིང་ཉོན་མོངས་པ་འདུལ་བར་བྱེད་པ་ལ་སོམ་ཉི་ཟ་ཞིང་ཐེ་ ཚོམ་ཟ་བས་ཐེ་ཚོམ་གྱི་ས་བོན་འཕེལ་བར་འགྱུར་བའི་ཕྱིར་རོ་ཞེས་པའོ། ། བཞི་པ་ལ་གསུམ་ལས། (དང་པོ།)རགས་པ་དང་ཕྲ་བའི་རྣམ་གཞག་ལ། ཉེ་བའི་ཉོན་ མོངས་པ་རྣམས་ནི་རྩ་བའི་ཉོན་མོངས་པ་དྲུག་པོ་གང་ཡིན་པ་དེ་དག་སེམས་ཉེ་བར་ཉོན་ མོངས་པར་བྱེད་པའི་ཆ་ནས་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་ཡིན་ནོ། །ཡང་ཉོན་མོངས་པ་ དང་མཐུན་ཞིང་དེའི་ཆར་གཏོགས་པས་ཉེ་བའི་ཉོན་མོངས་པ་ཁོ་ན་ཡིན་ལ་ལོགས་སུ་རང་རྐྱ་ མི་ཐུབ་པས་རྩ་བའི་ཉོན་མོངས་པ་མ་ཡིན་པ་ཡང་ཡོད་དེ། རྩ་བའི་ཉོན་མོངས་པ་དྲུག་གམ་ བཅུ་པོ་རྣམས་མ་གཏོགས་པར། དེ་དག་ལས་གཞན་པ་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་ པོར་བསྟན་པའི་ཉོན་མོངས་པ་ཅན་ཁྲོ་བ་ལ་སོགས་པ་རྣམས་ཡིན་ནོ། ། 1-1-498 (གཉིས་པ།) དུག་གསུམ་ཉིད་གཙོ་བོར་བསྟན་པ་ནི། ཡང་འདོད་ཆགས་ནི་སེམས་ལས་ བྱུང་བ་ཡང་ཡིན་ལ་ཉེ་བའི་ཉོན་མོངས་པ་ཡང་ཡིན་པའོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ ནི་སེམས་ལས་བྱུང་བ་ཡང་ཡིན་ལ་ཉེ་བའི་ཉོན་མོངས་པ་ཡང་ཡིན་པའོ། །དེ་ཡང་འདི་ལྟར་ ཉེ་བའི་ཉོན་མོངས་པའི་གཙོ་བོ་དུག་གསུམ་པོ་དེས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་ཞིང་ཉེ་བའི་ ཉོན་མོངས་པ་ཅན་དུ་གྱུར་ན། ས་བོན་སྤངས་པའི་སྒོ་ནས་ཆགས་པ་དང་བྲལ་བར་མི་འགྱུར་ ལ། གནས་གྱུར་པའི་སྒོ་ནས་རྣམ་པར་གྲོལ་བར་མི་འགྱུར་ཏེ་དེ་དག་ལ་སྒྲིབ་པར་བྱེད་པ་ དུག་གསུམ་དེ་མ་སྤངས་པའི་ཕྱིར་རོ། ། (གསུམ་པ།) དེ་ཉིད་ལ་དགོངས་པའི་ཤེས་བྱེད་ནི། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། སེམས་ཀྱི་རང་བཞིན་འོད་གསལ་བ་འདི་ནི་ཡུན་རིང་པོ་འཁོར་བ་ཐོག་མ་མེད་པ་ནས་གློ་ བུར་གྱི་དྲི་མ་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ། ཞེ་སྡང་དང་གཏི་ མུག་གིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ཞེས་གསུངས་པ་ལྟ་བུ་སྟེ། ཀུན་ནས་ཉོན་ མོངས་པ་དང་ཉེ་བའི་ཉོན་མོངས་ནི་དོན་གཅིག་པའོ། ། ལྔ་པ་ལ། (གཉིས་ལས་དང་པོ།)དབྱེ་བ་ནི། རྣལ་འབྱོར་བ་རྣམས་ཀྱི་དགེ་བའི་བར་ཆད་བྱེད་ པའི་ཀུན་ནས་དཀྲིས་པ་ནི་བརྒྱད་དེ། ཞི་གནས་ཀྱི་བར་ཆད་བྱེད་པ་རྨུགས་པ་དང་གཉིད་ གཉིས་དང་། ལྷག་མཐོང་གི་བར་ཆད་བྱེད་པ་རྒོད་པ་དང་འགྱོད་པ་གཉིས་དང་། བཏང་ སྙོམས་ཀྱི་བར་ཆད་བྱེད་པ་ཕྲག་དོག་དང་སེར་སྣ་གཉིས་དང་། ཚུལ་ཁྲིམས་ཀྱི་བར་ཆད་བྱེད་ པ་ངོ་ཚ་དང་ཁྲེལ་མེད་པ་གཉིས་པོའོ། ། (གཉིས་པ།) འཇོག་ཚུལ་ནི། རྩེ་གཅིག་ཏུ་ཞི་གནས་ཀྱི་རྒྱུ་མཚན་སྒོམ་པའི་དུས་ན་རྨུགས་པ་ དང་གཉིད་ཀྱིས་སེམས་ནང་དུ་བྱིང་ཞིང་ཞུམ་པར་བྱེད་པའི་ཕྱིར་དང་། ལྷག་མཐོང་ལ་རབ་ཏུ་ འཛིན་པའི་རྒྱུ་མཚན་སྒོམ་པའི་དུས་རྒོད་པ་དང་འགྱོད་པས་ཕྱི་རོལ་དུ་འཕྲོ་ཞིང་གཡེང་བར་ 1-1-499 བྱེད་པའི་ཕྱིར་དང་། ཟུང་འཇུག་བཏང་སྙོམས་ཀྱི་རྒྱུ་མཚན་སྒོམ་པའི་དུས་ན་ཕྲག་དོག་སེར་ སྣས་གཞན་གྱི་འབྱོར་བ་ལ་སྡང་བ་དང་། རང་གི་འབྱོར་བ་ལ་ཞེན་ནས་སེམས་གཡོ་བར་བྱེད་ པའི་ཕྱིར་དང་། གསུམ་པོ་དེ་དག་གི་གཞི་དང་པོ་ཚངས་སྤྱོད་ལ་སོགས་ཚུལ་ཁྲིམས་རྣམ་པར་ དག་པ་སྲུང་བའི་དུས་ན་ངོ་ཚ་མེད་པ་དང་ཁྲེལ་མེད་པས་ཐམས་ཅད་དུ་ལྟུང་བ་ལ་མི་འཛེམ་ པར་བྱེད་པའི་ཕྱིར་བརྒྱད་པོ་དེ་རྣམས་ཀྱི་དུས་ཡང་དང་ཡང་དུ་ངོ་བོ་ཤས་ཆེར་སེམས་ལ་ཀུན་ ནས་འཁྲི་ཞིང་ཡོན་ཏན་རྒྱུད་ལ་སྐྱེ་བའི་བར་ཆད་བྱེད་པས་ན། ཉོན་མོངས་པ་དེ་དག་ནི་ཀུན་ ནས་དཀྲིས་པ་དག་གོ། དྲུག་པ་ལ་(གསུམ་ལས་དང་པོ།)ངོ་བོ་ནི། ཀུན་ནས་ཉོན་མོངས་པ་དང་མཐུན་པའི་ཆ་ནས་ བཞག་པའི་ཆུ་བོ་ནི་བཞི་སྟེ། མ་རིག་པ་ལྟ་བ་མ་གཏོགས་པ་འདོད་ཁམས་ཀྱི་རྩ་བ་དང་ཉེ་ བའི་ཉོན་མོངས་ཐམས་ཅད་འདོད་པའི་ཆུ་བོ་དང་། གཉིས་པོ་མ་གཏོགས་པ་ཁམས་གོང་ མའི་ཉོན་མོངས་པ་ཐམས་ཅད་སྲིད་པའི་ཆུ་བོ་དང་། ཁམས་གསུམ་ཀའི་ལྟ་བ་ལྔ་བོ་ལྟ་བའི་ ཆུ་བོ་དང་། ཁམས་གསུམ་ཀྱི་མི་ཤེས་པ་མ་རིག་པའི་ཆུ་བོའོ། ། (གཉིས་པ།) ངེས་ཚིག་ནི། ཤུགས་ཆེན་པོ་དང་ལྡན་པས་འཁོར་བ་དང་ངན་སོང་གི་རྒྱུན་ ཕྱོགས་སམ་ཐུར་ངོས་སུ་ཁྱེར་ཞིང་ལྟུང་བར་བྱེད་པའི་ཕྱིར་ཉོན་མོངས་པ་དེ་དག་ནི་ཆུ་བོ་ཞེས་ བྱ་བ་དག་གོ། (གསུམ་པ།) འབྱུང་ཚུལ་ནི། འདོད་པ་ཚོལ་བ་ལ་ཞུགས་པའི་དབང་དུ་བྱས་ནས་ནི་དང་པོ་ འདོད་པའི་ཆུ་བོ་འབྱུང་བའོ། །སྲིད་པ་ཚོལ་བ་ལ་ཞུགས་པའི་དབང་དུ་བྱས་ནས་ནི་གཉིས་པ་ སྲིད་པའི་ཆུ་བོ་འབྱུང་བའོ། །ལོག་པས་ཚངས་པར་སྤྱོད་པ་ཚོལ་བ་ལ་ཞུགས་པའི་དབང་དུ་ བྱས་ནས་ནི་ཐ་མ་ལ་ལྟ་བ་དང་མ་རིག་པའི་ཆུ་བོ་གཉིས་འབྱུང་བ་སྟེ། རྨོངས་པར་གྱུར་ན་ལྟ་ བ་ངན་པ་སྣ་ཚོགས་འབྱུང་བས་གནས་པ་ལྟ་བ་དང་གནས་མ་རིག་པ་འབྲེལ་བའི་ཚུལ་གྱིས་ 1-1-500 སོ། ། བདུན་པ་ལའང་། (གསུམ་གྱི་དང་པོ།)ངོ་བོ་ནི། རྣམ་པར་བྱང་བ་དང་མི་མཐུན་པའི་ཆ་ནས་ གཞག་པའི་སྤྱོར་བ་ནི་བཞི་སྟེ། སྔ་མ་བཞིན་དུ་ཁམས་འོག་མའི་ཉོན་མོངས་པ་འདོད་པའི་ སྦྱོར་བ་དང་། གོང་མ་གཉིས་ཀྱི་ཉོན་མོངས་པ་སྲིད་པའི་སྦྱོར་བ་དང་། ཁམས་གསུམ་ཀའི་ལྟ་ བ་ནི་ལྟ་བའི་སྦྱོར་བ་དང་། གསུམ་ཀའི་མི་ཤེས་པ་མ་རིག་པའི་སྦྱོར་བའོ། ། (གཉིས་པ།) ངེས་ཚིག་ནི། སྤང་བྱ་དང་བྲལ་བའི་བར་དུ་གཅོད་ཅིང་ཁམས་གསུམ་གྱི་སྡུག་ བསྔལ་སྣ་ཚོགས་ལ་དམ་དུ་སྦྱོར་བར་བྱེད་པའི་ཕྱིར་སྦྱོར་བ་རྣམས་ཏེ་ཞེས་པའོ། ། (གསུམ་པ།) འབྱུང་ཚུལ་ནི། །སྦྱོར་བ་བཞི་བོ་དེ་དག་ཀྱང་ཚོལ་བ་ལ་ཞུགས་པ་གསུམ་པོ་ རྣམས་ཀྱི་དབང་དུ་བྱས་ནས་འབྱུང་བ་ཡིན་ཏེ། ཇི་ལྟར་མཐུན་མཐུན་དུ་སྦྱོར་རོ། །ཞེས་པ་ འདོད་པ་ཚོལ་བ་ལ་ཞུགས་པས་འདོད་པའི་སྦྱོར་བ་དང་། སྲིད་པ་ཚོལ་བ་ལ་ཞུགས་པས་ སྲིད་པའི་སྦྱོར་བ་དང་། ལོག་པས་ཚངས་པར་སྤྱོད་པ་ཚོལ་བ་ལ་ཞུགས་པས་ལྟ་བ་དང་མ་ རིག་པའི་སྦྱོར་བ་འབྱུང་བའོ། ། བརྒྱད་པ་ལ་གཉིས་ཀྱི། (དང་པོ།)ངོ་བོ་ལ། ཉེ་བར་ལེན་པ་ནི་བཞི་སྟེ། འདོད་པའི་ཡོན་ ཏན་ལ་འདུན་ཞིང་ཆགས་པའི་ཉེ་བར་ལེན་པ་དང་། ལྟ་བ་ངན་པ་སྣ་ཚོགས་པའི་ཉེ་བར་ལེན་ པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ཉིད་ཀྱི་ཉེ་བར་ལེན་པ་དང་། མེད་བཞིན་ དུ་བདག་ཏུ་ལྟ་ཞིང་སྨྲ་བའི་ཉེ་བར་ལེན་པའོ། ། (གཉིས་པ།) འཇོག་ཚུལ་ལ། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ་གྱི། དང་པོ་ནི་ བཞི་བོ་དེ་དག་གིས་དངོས་སུ་རྩོད་པའི་རྩ་བ་ཉེ་བར་ལེན་པའི་ཕྱིར་ཏེ། ཕན་ཚུན་རྩོད་ཅིང་ འཐབ་པ་དེའི་ཕྱིར་བརྒྱུད་ནས་ཡང་སྲིད་པ་ཕྱི་མ་ལ་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་ལེན་པའི་ ཕྱིར་ཉོན་མོངས་པ་དེ་དག་ལ་ཉེ་བར་ལེན་པ་རྣམས་ཞེས་གསུངས་སོ། ། 1-1-501 རྒྱས་བཤད་ལ་གཉིས་ཀྱི། (དང་པོ།)ཁྱིམ་པ་རྩོད་པའི་རྩ་བ་ནི། རང་གི་འདོད་པའི་ཡོན་ ཏན་རྣམས་ལ་དང་པོར་མངོན་པར་དགའ་བས་འདོད་ཆགས་དང་། དེ་ཉིད་ལ་རྒྱུན་གྱི་ཡོངས་ སུ་འཛིན་པས་ལྷག་པར་ཞེན་པ་དང་། དེ་དང་མི་འབྲལ་བར་འདོད་པས་སེམས་རྒྱུད་རྣམ་ པར་བཅིངས་པ་དང་། གཞན་གྱི་འདོད་པ་ལ་ཡང་དགའ་བར་བྱེད་པས་ཡོངས་སུ་ཞེན་པ་ དང་། དེ་དག་ལ་དུས་ཐམས་ཅད་དུ་ཆགས་ཤིང་སྲེད་པས་ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་གྲུབ་ མཐས་བློ་མ་བསྒྱུར་བ་ཁྱིམ་པ་རྣམས་དང་། ཁྱིམ་པ་རྣམས་སུ་ནང་ཕན་ཚུན་འདོད་ཡོན་ལ་མི་ མཐུན་པས་རྩོད་དེ། རྩོད་པ་དེའི་རྩ་བ་ནི་ཉེར་ལེན་བཞིའི་དང་པོ་འདོད་པས་ཉེ་བར་ལེན་པ་ ཡིན་ནོ། ། (གཉིས་པ།) རབ་བྱུང་རྩོད་པའི་རྩ་བའང་གཉིས་ལས། (དང་པོ།)ཐུན་མོང་དུ་བསྟན་པ་ནི། རང་གི་ལྟ་བ་ལ་དང་པོར་མངོན་པར་དགའ་བས་འདོད་ཆགས་དང་། རྒྱུན་གྱི་ཡོངས་སུ་འཛིན་ པས་ལྷག་པར་ཞེན་པ་དང་། དེ་དང་མི་འབྲལ་བར་འདོད་པས་རྣམ་པར་བཅིངས་པ་དང་། མི་ མཐུན་པ་རྣམས་ཀྱང་རང་གི་ལྟ་བར་བསྒྱུར་བར་འདོད་པས་ཡོངས་སུ་ཞེན་པ་དང་། མཐུན་ པ་རྣམས་ལ་རྗེས་སུ་ཆགས་པས་ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་གྲུབ་མཐས་བློ་བསྒྱུར་བ་རབ་ ཏུ་བྱུང་བ་རྣམས་དང་། རབ་ཏུ་བྱུང་བ་རྣམས་སུ་ནང་ཕན་ཚུན་ལྟ་སྤྱོད་ལ་མི་མཐུན་པས་རྩོད་ དེ། རྩོད་པ་དེའི་རྩ་བ་ནི་ཉེ་བར་ལེན་པ་བཞིའི་ཕྱི་མ་གསུམ་པ་དག་སྟེ། དེ་ཡང་སྔར་བཤད་ པ་ལྟར་ལྟ་བ་མི་འདྲ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལ་འདུན་ཞིང་ཆགས་པ་ནི་ལྟ་བའི་ཉེ་བར་ ལེན་པའོ། །འགའ་ཞིག་ཞི་བའང་ཡོད་མོད། །ཕལ་ཆེར་ཁྱི་དང་བ་ལང་ལ་སོགས་པའི་བརྟུལ་ ཞུགས་དང་། མེ་ལྔ་བསྟེན་པ་ལ་སོགས་པ་དཀའ་ཐུབ་དྲག་པོ་ལྟ་བའི་དབང་གིས་མི་མཐུན་ པ་སོ་སོ་ཐ་དད་པ་དག་ལ་འདུན་ཞིང་ཆགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ ལེན་པའོ། །ལྟ་སྤྱོད་སྣ་ཚོགས་དེ་དག་གི་གནས་སམ་གཞི་འཇིག་ཚོགས་ཕུང་པོ་ལ་བདག་ཏུ་ 1-1-502 ལྟ་བ་ནི། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་ནས་བདག་ཏུ་སྨྲ་བའང་ཡིན་ལ་དེ་ལ་འདུན་ ཞིང་ཆགས་པ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། ། (གཉིས་པ།)ཁྱད་པར་དུ་བཤད་པ་ལ་གཉིས་ཀྱི། (དང་པོ།)ཕྱི་པ་རྩོད་པའི་རྩ་བ་ནི། ལྟ་བ་ སྣ་ཚོགས་པའི་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཐ་དད་ཀྱི་ཉེ་བར་ལེན་ པས་ནི། དེ་དག་བཟང་ངན་ལ་འདོད་ལུགས་དུ་མར་གྱུར་པའི་ཕྱིར། མུ་སྟེགས་ཅན་རྣམས་ ནང་ཕན་ཚུན་རྩོད་དོ། །(གཉིས་པ།) ཕྱི་ནང་རྩོད་པའི་རྩ་བ་ནི་བདག་ཏུ་ལྟ་ཞིང་སྨྲ་བའི་ཉེ་བར་ ལེན་པས་ནི། བདག་ཡོད་པ་ཉིད་དུ་བློ་མཐུན་པའི་ཕྱིར་ཕྱི་བ་རྣམས་མི་རྩོད་ཀྱི་མུ་སྟེགས་ཅན་ རྣམས་དང་། ཆོས་འདི་བ་ནང་བ་རྣམས་སུ་རྩོད་དོ་ཞེས་པ་སྟེ། སངས་རྒྱས་པ་རྣམས་བདག་ མེད་དུ་སྨྲ་བའི་ཕྱིར་རོ། ། (གསུམ་པ།) དོན་བསྡུ་ནི། ཚུལ་དེ་ལྟར་ཉོན་མོངས་པ་དེ་དག་དངོས་སུ་ཁྱིམ་པ་དང་རབ་ཏུ་ བྱུང་བ་རྣམས་རྩོད་པའི་རྩ་བ་ཉེ་བར་ལེན་པ་ལ་མངོན་པར་ཞེན་པའི་རྒྱུ་བྱེད་པས་བརྒྱུད་ནས་ ཕྱི་མ་ལ་ཡང་སྲིད་འཁོར་བ་ཉེ་བར་ལེན་ཏེ། དེས་ན་བཞི་བོ་དེ་དག་ནི་ཉེ་བར་ལེན་པ་རྣམས་ ཞེས་བྱའོ། ། དགུ་པ་ལ་གསུམ་གྱི། (དང་པོ།)ངོ་བོ་ལ་མདུད་པ་ནི་བཞི་སྟེ། ལོངས་སྤྱོད་ལ་བརྣབ་སེམས་ ལུས་ཀྱི་མདུད་པ་དང་། གང་ཟག་ལ་གནོད་སེམས་ལུས་ཀྱི་མདུད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་མཆོག་ཏུ་འཛིན་པ་ལུས་ཀྱི་མདུད་པ་དང་། འདི་ཁོ་ན་བདེན་གྱི་གཞན་ནི་མ་ཡིན་ནོ་ཞེས་ལྟ་བ་ངན་པ་ལ་མཆོག་ཏུ་འཛིན་ཅིང་མངོན་པར་ ཞེན་པ་ལུས་ཀྱི་མདུད་པའོ། ། (གཉིས་པ།) ངེས་ཚིག་ནི། དེ་དག་ཀྱང་གཟུགས་ཀྱི་ལུས་ཀྱི་མདུད་པ་མ་ཡིན་གྱི། ཏིང་ངེ་ འཛིན་ལ་མཉམ་པར་གཞག་པའི་ཡིད་དམ་སེམས་ཀྱི་རང་བཞིན་དུ་མ་བསགས་པའི་ལུས་ཀྱི་ 1-1-503 བར་དུ་གཅོད་པར་བྱེད་པའི་ཕྱིར་མདུད་པ་རྣམས་སོ་ཞེས་པ་སྟེ། དཔེར་ན་མདུད་པས་དམ་དུ་ བསྡམས་པས་གྲོལ་བའི་བར་དུ་གཅོད་པ་བཞིན་ནོ། ། (གསུམ་པ།) འཇོག་ཚུལ་ནི། མཉམ་གཞག་ལ་བར་དུ་གཅོད་པའི་རྒྱུ་མཚན་འདི་ལྟར་ སེམས་གཡེང་བའི་རྒྱུ་ནི་བཞི་སྟེ། བརྣབ་སེམས་ཀྱིས་ཟས་ལ་སོགས་པ་ཟང་ཟིང་ཅུང་ཟད་ ཙམ་ལའང་ཆགས་པའི་རྒྱུས་སེམས་གཡེང་བ་དང་། གནོད་སེམས་ཀྱིས་ལྟུང་བ་ལ་ཕྱིར་ བཅོས་པ་ལ་བསྐུལ་བ་ན་ལེགས་པར་མི་སྒྲུབ་ཅིང་ཕྱིས་འགྱོད་པའི་རྒྱུས་སེམས་གཡེང་བ་ དང་། སྤྱོད་ངན་ལ་མཆོག་ཏུ་འཛིན་པས་ངལ་བ་འབྲས་བུ་མེད་པའི་ཚུལ་ཁྲིམས་དང་། བརྟུལ་ ཞུགས་དྲག་པོས་ལུས་སེམས་སྡུག་བསྔལ་བར་གནས་པའི་རྒྱུས་སེམས་གཡེང་བ་དང་། ལྟ་ ངན་ལ་མཆོག་ཏུ་འཛིན་པས་གནས་ལུགས་དང་མི་མཐུན་པར་ཚུལ་བཞིན་མ་ཡིན་པ་ཡིད་ལ་ བྱེད་པས་ཤེས་བྱ་ལ་ལོག་པར་རྟོག་པའི་རྒྱུས་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ ལས་གཡེང་བར་བྱེད་དོ། །ཕྱི་མ་ཐམས་ཅད་ངོ་བོ་དང་འཇོག་ཚུལ་གཉིས་གཉིས་ཀྱིས་འཆད་ པ་ལ་(བཅུ་པ་)སྒྲིབ་པའི་ངོ་བོ་ནི་ལྔ་སྟེ་ཡུལ་ཡིད་དུ་འོང་བ་ལ་སྤྱོད་པར་མོས་པ་འདོད་པ་ལ་ འདུན་པའི་སྒྲིབ་པ་དང་། ཕན་འདོགས་པ་ལ་ཁྲོ་བར་བྱེད་པ་གནོད་སེམས་ཀྱི་སྒྲིབ་པ་དང་། ནང་དུ་བྱིང་ཞིང་ཞུམ་པར་བྱེད་པ་རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་དང་། ཕྱི་རོལ་དུ་འཕྲོ་ཞིང་ གཡེང་བར་བྱེད་པ་རྒོད་པ་དང་འགྱོད་པའི་སྒྲིབ་པ་དང་། བདེན་པ་ལ་ཡིད་གཉིས་ཟ་བར་ བྱེད་པ་ཐེ་ཚོམ་གྱི་སྒྲིབ་པའོ། །དེ་ལྟར་གྲངས་བདུན་ཡོད་ཀྱང་། རྨུགས་གཉིད་རྒོད་འགྱོད་ དག་རེ་རེར་བྱས་ནས་ལྔར་འཇོག་པ་ནི། དེ་དག་གཉེན་པོ་གཅིག་པ་དང་། ཟས་གཅིག་ལས་ འབྱུང་བ་དང་། བྱ་བ་གཅིག་པའི་ཕྱིར་དང་། ཡང་སྒྲིབ་པ་དང་པོ་གཉིས་ཀྱིས་ཚུལ་ཁྲིམས་ ལ་གནོད་པས། བར་བ་གཉིས་ཀྱིས་ཏིང་ངེ་འཛིན་དང་ཤེས་རབ་ལ་གནོད་པ་དང་། ཐེ་ཚོམ་ གྱིས་ངེས་པ་མེད་པར་བྱེད་པའི་ཕྱིར་ཏེ། འདོད་ན་སྒྲིབ་རྣམས་མི་མཐུན་དང་། །ཟས་དང་ 1-1-504 བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ཕུང་པོ་གནོད་བྱེད་དང་། །ཐེ་ཚོམ་ཕྱིར་ན་ལྔ་ཉིད་ དོ། །ཞེས་པ་ལྟར་རོ། །འཇོག་ཚུལ་ནི། འདོད་པ་ལ་འདུན་པས་འདོད་ཡོན་ལ་ཆགས་པར་ བྱེད་པས་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བའི་དུས་ན་སྒྲིབ་པ་དང་། གནོད་པའི་སེམས་ ཀྱི་སེམས་འཚིག་པར་བྱེད་པས་དགེ་བའི་གྲོགས་ཀྱིས་བསླབ་པའི་གནས་ལ་བསྐུལ་བ་ན་ ལེགས་པར་སྒྲུབ་པའི་དུས་ན་སྒྲིབ་པ་དང་། རྨུགས་གཉིད་ཀྱིས་ཞུམ་པར་བྱེད་པས་ཞི་གནས་ ཏིང་ངེ་འཛིན་གྱི་དུས་ན་སྒྲིབ་པ་དང་། རྒོད་འགྱོད་ཀྱིས་གཡེང་བར་བྱེད་པས་ལྷག་མཐོང་ རབ་ཏུ་འཛིན་པའི་དུས་ན་སྒྲིབ་པ་དང་། ཐེ་ཚོམ་གྱི་མཐའ་གཉིས་སུ་བྱེད་པས་ཟུང་འཇུག་ བཏང་སྙོམས་ཀྱི་དུས་ན་སེམས་ལ་སྒྲིབ་ཅིང་འགེབས་པས་དགེ་བའི་ཕྱོགས་མི་རྟོགས་པའི་རྒྱུ་ ཡིན་པས་ན་ལྔ་བོ་དེ་དག་ནི་སྒྲིབ་པ་རྣམས་ཞེས་སོ་གསུངས་སོ། ། (བཅུ་གཅིག་པ།)ཐ་བའི་ངོ་བོ་ནི་གསུམ་སྟེ། སྲེད་པ་འདོད་ཆགས་ཀྱི་ཐ་བ་དང་། ཁོང་ཁྲོ་ཞེ་ སྡང་གི་ཐ་བ་དང་། རྨོངས་པ་གཏི་མུག་གི་ཐ་བ་བའོ། །འཇོག་ཚུལ་ནི། འདོད་ཆགས་དང་ཞེ་ སྡང་དང་གཏི་མུག་དེ་དག་རྒྱུད་ལ་ཡོད་པ་ལ་བརྟེན་ནས་སྔོན་འཁོར་བ་ཐོག་མ་མེད་པ་ནས་ གོམས་ཤིང་འདྲིས་པའི་ཚུལ་གྱིས་ད་ལྟར་ཡང་འདོད་ཆགས་ལ་སོགས་པ་མངོན་གྱུར་ལ་ལྷག་ པར་སྤྱོད་པར་འགྱུར་ཏེ། སྤྱོད་པ་ངན་པ་དེ་མ་སྤངས་པས་ཏིང་ངེ་འཛིན་ལ་སེམས་ལས་སུ་མི་ རུང་ཞིང་དགེ་བའི་ལོ་ཐོག་གི་ཞིང་དུ་མི་རུང་བ་དང་། སྤང་བྱ་དང་འབྲལ་དཀའ་ཞིང་གཉེན་ པོའི་ཐོང་གཤོལ་གྱིས་རློག་དཀའ་བར་འགྱུར་བ་དུག་གསུམ་དེ་དག་ནི་ཐ་བ་རྣམས་ཞེས་ བྱའོ། ། (བཅུ་གཉིས་པ།) དྲི་མའི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་དྲི་མ་དང་། ཞེ་སྡང་གི་དྲི་མ་ དང་། གཏི་མུག་གི་དྲི་མའོ་ཞེས་པ་དྲི་མའི་རྒྱུ་ཡིན་པས་དུག་གསུམ་གྱི་དྲི་མ་ཞེས་བརྗོད་པའོ། ། འཇོག་ཚུལ་ནི། ཀུན་སློང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། 1-1-505 དྲི་མ་དེའི་ངོ་བོ་སྲོག་གཅོད་ལ་སོགས་པ་འཆལ་བའི་ཚུལ་ཁྲིམས་མི་དགེ་བའི་རང་བཞིན་ལ་ ལྷག་པར་དཔྱོད་དེ། དྲི་མ་ཅན་གྱི་གང་ཟག་དེ་ཁྱིམ་གཅིག་ལ་སོགས་པའི་གྲོང་ན་འདུག་ཀྱང་ རུང་། རྒྱང་གྲགས་གཅིག་འཕགས་པའི་དགོན་པ་ན་འདུག་ཀྱང་རུང་། མི་དགེ་བ་ལས་ཚངས་ པ་དག་པའི་ཚུལ་ཁྲིམས་མཚུངས་པར་སྤྱོད་པ་བསླབ་པ་ལ་མཁས་པ་རྣམས་ཀྱིས་མཐོང་ན། གང་གི་ཕྱིར་འདི་སྐད་དུ་ཚེ་དང་ལྡན་པ་འདི་ནི་མི་དགེ་བ་འདི་ལྟ་བུ་བྱེད་པས་ལུས་ངག་གི་ ཀུན་སྤྱོད་ངན་པ་འདི་ལྟ་བུ་སྤྱོད་པ་སྟེ། ལྟུང་བའི་དྲི་མ་དང་བཅས་པས་མི་གཙང་བ་དཔེར་ ན་གྲོང་གི་ནང་དུ་ཚེར་མ་གཅིག་མཐོང་ན་གཞན་ཡང་ཡོད་པར་དོགས་པ་བཞིན་དུ་གྲོགས་ གཞན་ཡང་གནོད་པའོ་ཞེས་བརྗོད་པར་འགྱུར་བ་མ་དག་པར་ཡིད་ཆེས་པའི་རྒྱུ་དུག་གསུམ་ དེ་དག་ནི་དྲི་མ་རྣམས་ཞེས་བྱའོ། ། (བཅུ་གསུམ་པ།) སྡིག་པའི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་སྡིག་པ་དང་། ཞེ་སྡང་གི་ སྡིག་པ་དང་། གཏི་མུག་གི་སྡིག་པའོ་ཞེས་པའང་རྒྱུ་ལ་འབྲས་བུའི་མིང་གིས་བསྟན་པའོ། ། འཇོག་ཚུལ་ནི། རྒྱུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས་སྡིག་པ་ སྤྱད་པས་དུས་ཡུན་རིང་བོར་ཡང་དང་ཡང་འཁོར་བར་སྐྱེ་བ་དང་འཆི་བའི་སྡུག་བསྔལ་སྣ་ ཚོགས་མྱོང་བར་འགྱུར་བའི་ཚུལ་གྱིས་གནོད་པར་བྱེད་པ་དེ་དག་ནི་སྡིག་པ་རྣམས་ཞེས་བྱའོ། ། (བཅུ་བཞི་པ།) ཟུག་རྔུའི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཟུག་རྔུ་དང་། ཞེ་སྡང་གི་ཟུག་ རྔུ་དང་། གཏི་མུག་གི་ཟུག་རྔུའོ་ཞེས་པའང་འབྲས་བུའི་མིང་གིས་བརྗོད་པའོ། །འཇོག་ཚུལ་ ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། སྲིད་པ་ཁམས་གསུམ་ པའི་ལུས་དང་། སྲིད་པའི་ཡོ་བྱད་ཟས་གོས་ལ་སོགས་པ་ཉེ་བར་མཁོ་བ་རྣམས་ལ་ཤིན་ཏུ་ འདོད་པའི་སྲེད་པ་སྐྱེས་ཤིང་གནས་ཏེ། རྫོགས་པའི་སངས་རྒྱས་དང་། དམ་པའི་ཆོས་དང་། 1-1-506 འཕགས་པའི་དགེ་འདུན་རྣམས་དང་། འཁོར་བ་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་དེ་དག་ བྲལ་བ་འགོག་པ་དང་། དེ་མངོན་སུམ་དུ་བྱེད་པའི་ལམ་རྣམས་ལ་ཐེ་ཚོམ་ཟ་ཞིང་མི་དགེ་བ་ སྤྱད་པས་སྡུག་བསྔལ་གྱི་ཟུག་རྔུས་གནོད་པ་བྱེད་པའི་རྒྱུ་དུག་གསུམ་དེ་དག་ནི་ཟུག་རྔུ་རྣམས་ ཞེས་བྱའོ། ། (བཅོ་ལྔ་པ།) ཅི་ཡང་གི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཅི་ཡང་དང་། ཞེ་སྡང་གི་ཅི་ ཡང་དང་། གཏི་མུག་གི་ཅི་ཡང་ངོ་ཞེས་པའང་འབྲས་བུའི་མིང་གིས་བསྟན་པའོ། །འཇོག་ ཚུལ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། ལོངས་སྤྱོད་ཅི་ཡང་ བཟུང་བས། དེ་དག་སྲུང་བའི་དོན་དུ་འཇིགས་པ་དང་བཅས། དེའི་ཆེད་དུ་རྩོད་པས་ཁོ་ན་ དང་བཅས་ཤིང་། སོག་སྲུང་སྤེལ་བའི་སྒོ་ནས་གཡེང་བ་མང་བར་གནས་པ་ལ་སོགས་པ་ ཉེས་དམིགས་ཅི་ཡང་འབྱུང་བའི་རྒྱུ་དུག་གསུམ་དེ་དག་ནི་ཅི་ཡང་རྣམས་ཞེས་བྱའོ། ། དེ་བཞིན་དུ་(བཅུ་དྲུག་པ།)ཉེས་པར་སྤྱོད་པའི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཉེས་ པར་སྤྱོད་པ་དང་། ཞེ་སྡང་གི་ཉེས་པར་སྤྱོད་པ་དང་། གཏི་མུག་གི་ཉེས་པར་སྤྱད་པའོ། ། འཇོག་ཚུལ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས་སྲོག་གཅོད་ ལ་སོགས་པ་ལུས་ཀྱི་ཉེས་པར་སྤྱད་པ་སྤྱོད་པ་དང་། བརྫུན་ལ་སོགས་པ་ངག་དང་། བརྣབ་ སེམས་ལ་སོགས་པ་ཡིད་ཀྱི་ཉེས་པར་སྤྱད་པ་སྤྱོད་པ་འབྱུང་བའི་རྒྱུ་དུག་གསུམ་དེ་དག་ནི་ ཉེས་པར་སྤྱོད་པ་རྣམས་ཞེས་བྱའོ། །ཡང་ས་སྡེར་དུག་གསུམ་ཉིད་མི་དགེ་བའི་རྩ་བར་ཡང་ གསུངས་པ་ལྟར། ལོངས་སྤྱོད་དོན་དུ་གཉེར་བས་ཟང་ཟིང་ངན་པ་ཅུང་ཟད་ཙམ་ལའང་ ཆགས་པའི་རྒྱུ་དང་། གཞན་གྱི་ཉེས་པ་མི་བཟོད་པས་གནོད་པ་བྱས་པའི་རྒྱུ་ལ་ཐབས་སྣ་ ཚོགས་ཀྱིས་ཡོངས་སུ་རྟོག་པའི་རྒྱུ་དང་། སྲོག་གི་མཆོད་སྦྱིན་ལ་སོགས་པ་ཆོས་ལོག་པ་ལ་ མངོན་པར་ཞེན་པའི་རྒྱུས། སེམས་ཅན་རྣམས་ལ་ཉེས་པར་སྤྱད་པ་མི་དགེ་བ་སྤྱོད་དོ། །དེ་ལྟ་ 1-1-507 བས་ན་གང་ལ་ཉེས་སྤྱོད་འབྱུང་བའི་གཞི་ཆགས་པ་དང་ཞེ་སྡང་དང་གཏི་མུག་རྣམས་ནི་ཉེས་ པར་སྤྱོད་པ་མི་དགེ་བའི་རྩ་བ་རྣམས་ཞེས་བྱའོ། །མཛོད་དུའང་། འདོད་ལ་འདོད་ཆགས་ཁོང་ ཁྲོ་དང་། །རྨོངས་རྣམས་མི་དགེའི་རྩ་བའོ། །ཞེས་པ་ལྟར་རོ། ། (བཅུ་བདུན་པ།) ཟག་པའི་ངོ་བོ་ནི་གསུམ་སྟེ། མ་རིག་པ་བོར་བའི་འདོད་པའི་ཉོན་མོངས་ པ་ཐམས་ཅད་འདོད་པའི་ཟག་པ་དང་། མ་རིག་པ་བོར་བའི་གོང་མ་གཉིས་ཀྱི་ཉོན་མོངས་པ་ ཐམས་ཅད་སྲིད་པའི་ཟག་པ་དང་། རྩ་བ་མ་རིག་ཡིན་པས་ན། །ལོགས་ཤིག་ཏུ་ནི་ཟག་པར་ བསྟན། །ཞེས་པ་ལྟར་ཁམས་གསུམ་ཀའི་རྨོངས་པ་མ་རིག་པའི་ཟག་པའོ། །འཇོག་ཚུལ་ནི། ཐམས་ཅད་ཀྱི་སེམས་སྐྱེ་མཆེད་དྲུག་གི་རྨ་ནས་ཡུལ་ལ་རྣམ་པར་འཕྲོ་ཞིང་རྒྱུད་འཁོར་བར་ ཟག་པར་བྱེད་པའི་ཕྱིར་ཟག་པའོ་ཞེས་པ་དང་། ཁྱད་པར་དུ་འདོད་པའི་ཡོན་ཏན་ལ་ཕྱི་རོལ་ ཏུ་བལྟས་ཏེ་ཁམས་འོག་མར་ཟག་པའི་ཕྱིར་འདོད་པའི་ཟག་པའོ། །སྙོམས་འཇུག་ལ་ནང་དུ་ བལྟས་ཏེ་རོ་མྱང་བས་གོང་མ་གཉིས་སུ་ཟག་པའི་ཕྱིར་སྲིད་པའི་ཟག་པའོ། །ཟག་པ་དེ་གཉི་ གའི་གནས་སམ་རྩ་བ་ཡིན་པས་ཁམས་གསུམ་དུ་ཟག་པའི་ཕྱི་མ་རིག་པའི་ཟག་པའོ། ། (བཅོ་བརྒྱད་པ།) ཕོངས་པའི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཕོངས་པ་དང་། ཞེ་སྡང་གི་ ཕོངས་པ་དང་། གཏི་མུག་གི་ཕོངས་པའོ། །ཞེས་པ་ལུས་སེམས་ལ་གནོད་པའི་རྒྱུ་དུག་གསུམ་ ལ་ཕོངས་པ་ཞེས་བརྗོད་པའོ། །འཇོག་ཚུལ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་ དག་ལ་བརྟེན་ནས། སྲིད་པའི་ཡོ་བྱད་ཟས་གོས་ལ་སོགས་པ་མ་འབྱོར་ཏེ་ཕོངས་པས་ལུས་ ལ་གནོད་ཅིང་། དེ་འདོད་ནས་དོན་དུ་གཉེར་བ་ཕོངས་པས་སེམས་ལ་གནོད་པ་བྱེད་པའི་ ཕྱིར་དུག་གསུམ་དེ་དག་ནི་ཕོངས་པ་རྣམས་ཞེས་བྱའོ། ། (བཅུ་དགུ་པ།) ཡོངས་སུ་གདུང་བའི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་ཡོངས་སུ་གདུང་ བ་དང་། ཞེ་སྡང་གི་ཡོངས་སུ་གདུང་བ་དང་། གཏི་མུག་གི་ཡོངས་སུ་གདུང་བའོ་ཞེས་པའང་ 1-1-508 ཡོངས་སུ་གདུང་གི་རྒྱུ་དུག་གསུམ་ཉིད་དོ། །འཇོག་ཚུལ་ནི། འདོད་ཆགས་དང་ཞེ་སྡང་དང་ གཏི་མུག་དེ་དག་ལ་བརྟེན་ནས། གནས་ལུགས་དང་མཐུན་པར་ཚུལ་བཞིན་མ་ཡིན་པར་ཡིད་ ལ་བྱེད་པས་སྡུག་པ་དང་མི་སྡུག་པའི་མཚན་མ་འཛིན་པ་དང་། དེ་དག་གི་ཁྱད་པར་ཆ་ཤས་ ལ་མངོན་རྟགས་སུ་འཛིན་པར་འགྱུར་ཏེ། རགས་པ་ལ་མཚན་མར་འཛིན་པ་དང་ཕྲ་བ་ལ་ མངོན་རྟགས་སུ་འཛིན་པ་གང་གིས། ལུས་སྡུག་བསྔལ་གྱིས་ཡོངས་སུ་གདུང་བར་འགྱུར་བ་ དང་། སེམས་མྱ་ངན་གྱིས་ཡོངས་སུ་གདུང་བར་འགྱུར་བའི་རྒྱུ་དུག་གསུམ་དེ་དག་ནི་ཡོངས་ སུ་གདུང་བ་རྣམས་ཞེས་བྱའོ། ། (ཉི་ཤུ་པ།) འཁྲུག་པའི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་འཁྲུག་པ་དང་། ཞེ་སྡང་གི་ འཁྲུག་པ་དང་། གཏི་མུག་གི་འཁྲུག་པའོ་ཞེས་པ་ལའང་འཁྲུག་པའི་རྒྱུ་དུག་གསུམ་ཉིད་དོ། ། འཇོག་ཚུལ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟེ་དེ་དག་ལ་བརྟེན་ནས། གཟུགས་ སོགས་ཡིད་དུ་མི་འོང་བའི་དངོས་པོ་གང་དུ་དང་པོར་མངོན་པར་དགའ་བ་དང་རྒྱུན་གྱིས་ ལྟག་པར་ཆགས་པར་འགྱུར་བའི་ཡུལ་དེ་ཉིད། གཏན་མེད་དུ་སོང་བས་རྣམ་པར་གྱུར་ཅིང་ རྒྱུན་ཡོད་ཀྱང་མི་སྡུག་པར་གཞན་དུ་གྱུར་ན་ཤིན་ཏུ་མི་བཟོད་པའི་རྣམ་པར་རྟོག་པ་མྱ་ངན་ དང་། དེ་ལས་བྱུང་བའི་ཅལ་ཅོལ་སྨྲ་བ་སྨྲེ་སྔགས་འདོན་པ་དང་། ལུས་ལ་རང་གིས་བསྣུན་ པ་ལ་སོགས་པ་སྡུག་བསྔལ་དང་། སེམས་ལ་གདུང་བ་དྲག་པོ་འབྱུང་བ་ཡིད་མི་བདེ་བ་དང་། ཡུན་རིང་དུ་ལོན་ནས་ཀྱང་གནོད་པ་བྱེད་པ་འཁྲུག་པ་རྣམས་ཀྱིས་ལུས་དང་སེམས་ལ་རེག་ ཅིང་ཉོན་མོངས་པར་འགྱུར་བའི་རྒྱུ་དུག་གསུམ་དེ་དག་ནི་འཁྲུག་པ་རྣམས་ཞེས་བྱའོ། ། (ཉེར་གཅིག་པ།) འཐབ་པའི་ངོ་བོ་ནི་གསུམ་སྟེ། རང་ཕྱོགས་ལ་ཆགས་པས་འདོད་ཆགས་ ཀྱི་འཐབ་པ་དང་། གཞན་ཕྱོགས་ལ་སྡང་བས་ཞེ་སྡང་གི་འཐབ་པ་དང་། ཉེས་དམིགས་མ་ རིག་པས་གཏི་མུག་གི་འཐབ་པའོ། །འཇོག་ཚུལ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ 1-1-509 དེ་དག་ལ་བརྟེན་ནས། ལུས་དང་ལོངས་སྤྱོད་ལ་ཆད་པས་གཅོད་པ་དང་། བརྡེག་པའི་བསམ་ པས་ལུས་ཀྱིས་མཚོན་ཆ་ལེན་པ་དང་། དབྱུག་པ་ལེན་པ་དང་། ངག་གིས་ཉེས་པ་བརྗོད་ཅིང་ འཐབ་པ་དང་སྐྱོན་ནས་གླེངས་ཏེ་མཚང་འབྲུ་བ་དང་། དེ་མི་བཟོད་ཅིང་རྩོད་པ་དང་། ཞལ་ཆེ། གྲར་གཤག་འགྱེད་པ་རྣམས་འབྱུང་བའི་རྒྱུ་དུག་གསུམ་དེ་དག་ནི་འཐབ་པ་རྣམས་ཞེས་བྱའོ། ། (ཉེར་གཉིས་པ།) རིམས་ནད་ཀྱི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་རིམས་ནད་དང་། ཞེ་ སྡང་གི་རིམས་ནད་དང་། གཏི་མུག་གི་རིམས་ནད་དོ་ཞེས་པས་ཕྱིའི་རིམས་ཚ་བས་ལུས་ གདུང་བར་བྱེད་པ་དང་འདྲ་བས་ན་དུག་གསུམ་ཉིད་རིམས་ནད་དོ། །འཇོག་ཚུལ་ནི། འདོད་ ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། ཆོས་མ་ཡིན་པ་ལོག་གཡེམ་དང་ དམག་དང་ལིངས་ལ་སོགས་པ་མི་དགེ་བའི་ལས་ལ་འདོད་ཆགས་པའི་ཡོངས་སུ་གདུང་བ་ ཆེན་པོས་ལུས་ཡོངས་སུ་གདུང་བར་འགྱུར་བ་དང་། མཐུན་ཞིང་ཆགས་པར་མི་རིགས་པ་ ཆོམ་རྐུན་ལ་སོགས་པས་ཡོ་བྱད་ཚོལ་བ་ལ་ཆགས་པའི་ཡོངས་སུ་གདུང་བ་ཆེན་པོས་ལུས་ སེམས་ཡོངས་སུ་གདུང་བར་འགྱུར་བ་དང་། ཆོས་ལོག་པ་འཚེ་བ་ཆོས་སུ་སྟོན་པ་ལ་སོགས་ པ་ཆགས་པའི་ཡོངས་སུ་གདུང་བ་ཆེན་པོས་ལུས་ཡོངས་སུ་གདུང་བ་ཆེན་པོས་ལུས་སེམས་ ཡོངས་སུ་གདུང་བར་འགྱུར་བའི་རྒྱུ་དུག་གསུམ་དེ་དག་ནི་རིམས་ནད་རྣམས་ཞེས་བྱའོ། ། (ཉེར་གསུམ་པ།) ནགས་སྦྱོར་གྱི་ངོ་བོ་ནི་གསུམ་སྟེ། འདོད་ཆགས་ཀྱི་ནགས་སྦྱོར་དང་། ཞེ་སྡང་གི་ནགས་སྦྱོར་དང་། གཏི་མུག་གི་ནགས་སྦྱོར་རོ་ཞེས་པས་ནགས་སྦྱོར་དང་འདྲ་ བས་ན་དུག་གསུམ་ཉིད་ལ་ནགས་སྦྱོར་ཞེས་བརྗོད་དོ། །འཇོག་ཚུལ་ནི། འདོད་ཆགས་དང་ ཞེ་སྡང་དང་གཏི་མུག་དེ་དག་ལ་བརྟེན་ནས། སྲིད་པར་སྐྱེ་བའི་རྩ་བ་འདུ་བྱེད་ལས་ཟག་པ་ དང་བཅས་པ་ཤིང་སྡོང་གི་རྩ་བ་དང་འདྲ་བ་རྣམས་ལ་ཆགས་ཏེ་སྤྱད་པས་ཀུན་གཞི་ལ་བག་ 1-1-510 ཆགས་བཞག་ནས། ངན་སོང་གསུམ་དང་བདེ་འགྲོ་གཉིས་ཏེ་འགྲོ་བ་ལྔའི་འཁོར་བར་རིགས་ དྲུག་གི་ལུས་རྣམ་པ་སྣ་ཚོགས་ནགས་ཚལ་དང་འདྲ་བ་མངོན་པར་འགྲུབ་པར་བྱེད་པའི་རྒྱུ་ དུག་གསུམ་དེ་དག་ནི་ནགས་སྦྱོར་རྣམས་ཞེས་བྱའོ། ། (ཉེར་བཞི་པ།) གགས་ཀྱི་ངོ་བོ་ནི་གསུམ་སྟེ། སྲེད་པ་འདོད་ཆགས་ཀྱི་གགས་དང་། ཁོང་ཁྲོ་ ཞེ་སྡང་གི་གགས་དང་། རྨོངས་པ་གཏི་མུག་གི་གགས་སོ་ཞེས་པ་དགེ་བའི་བར་ཆད་བྱེད་པའི་ དུག་གསུམ་ཉིད་དོ། །འཇོག་ཚུལ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དེ་དག་རྒྱུད་ལ་ ཡོད་པ་ལ་བརྟེན་ནས་ཞི་གནས་ཀྱི་གགས་དཀའ་སྤྱད་བྱས་ན་ལུས་ཉམས་སུ་དོགས་ནས་དེ་ ལ་གཅེས་པར་ལྟ་བ་དང་བཅས་པས་དགེ་བ་ལ་མི་སྦྱོར་བ་དང་། སྤྱིན་སོགས་སྤྱད་ན་ལོངས་ སྤྱོད་ཉམས་སུ་དོགས་ནས་དེ་ལ་བསྲུང་བྱར་ལྟ་བ་དང་བཅས་པས་དགེ་བ་ལ་མི་སྦྱོར་བ་དང་། ལྷག་མཐོང་གི་གགས་ཤེས་བྱ་རྒྱ་ཆེན་པོ་ལ་བློ་མ་བྱང་བ་ཁྲོན་པའི་རུས་སྦལ་ལྟ་བུ་དང་། དེ་གཉི་གའི་གགས་གཏན་ནས་མི་སྦྱོར་བར་འཇིག་རྟེན་པའི་འདུ་འཛི་སྣ་ཚོགས་དང་འདྲེ་ ཞིང་གནས་པ་དང་། སྦྱོར་ཀྱང་མཐར་ཐུག་པར་མི་འགྱུར་བར་དགེ་བའི་བྱ་བ་ཅུང་ཟད་ཙམ་ གྱིས་ངོམས་ཤིང་ཆོག་པར་འཛིན་པས་དགེ་བ་རྒྱ་ཆེན་པོ་ལ་མི་སྦྱོར་བའི་ཆ་ནས་དུག་གསུམ་ དེ་དག་གགས་རྣམས་ཞེས་བྱ་སྟེ། (བཅོམ་ལྡན་འདས་ཀྱིས་གགས་ལྔ་གསུངས་པ་གང་དག་ལགས་པ་དེ་དག་དུ་ནི་ཞི་ གནས་ཀྱི་གགས་ལགས། དུ་ནི་ལྷག་མཐོང་གི་གགས་ལགས། དུ་ནི་གཉི་གའི་གགས་ལགས། བྱམས་པ་ལུས་དང་ལོངས་སྤྱོད་ ལ་ལྟ་བ་ནི་ཞི་གནས་ཀྱི་གགས་ཡིན་ནོ། །འཕགས་པའི་བསམ་གཏན་འདོད་པ་བཞིན་མ་ཐོབ་པ་ནི་ལྷག་མཐོང་གི་གགས་ཡིན་ནོ། ། འདྲེས་པར་གནས་པ་དང་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་དེ་གཉི་གའི་གགས་ཡིན་ནོ། །)མདོ་སྡེར་སེམས་ཀྱི་ གགས་ལྔ་གསུངས་པའི་དབང་དུ་བྱས་པའོ། ། བདུན་པ་ལོག་པར་ཞུགས་པས་ཇི་ལྟ་བུ་ཞེན། (གཉིས་ལས་དང་པོ།)སོ་སོས་ཡུལ་སོགས་ལ་ ལོག་པར་རྟོག་ཚུལ་ནི། ཤེས་བྱའི་གནས་ལུགས་དང་མི་མཐུན་པར་ལོག་པར་འཛིན་པས་ 1-1-511 འདོད་ཆགས་སྒོམ་སྤང་གི་ཆ་ནི་ཡུལ་ལ་ལོག་པར་རྟོག་པ་དང་། མཐོང་སྤང་གི་ཆ་ནི་ལྟ་བ་ ལ་ལོག་པར་རྟོག་པའོ་ཞེས་པ་སྟེ། དོན་ལ་མ་གྲུབ་ཀྱང་སྡུག་པ་ཙམ་དུ་དམིགས་པའི་ཕྱིར་རོ། ། འདོད་ཆགས་ཇི་ལྟ་བར་ཁོང་ཁྲོ་བ་དེ་བཞིན་ནོ་ཞེས་པ་སྒོམ་སྤང་ཡུལ་མི་སྡུག་པ་ལ་ལོག་ པར་ཞུགས་པ་དང་། མཐོང་སྤང་ལྟ་བ་མི་མཐུན་པ་ལ་ལོག་པར་ཞུགས་པ་སྟེ། དོན་ལ་མ་ གྲུབ་ཀྱང་མི་མཐུན་པའི་རྒྱུ་མཚན་དུ་དམིགས་པའི་ཕྱིར་རོ། །ཆགས་སྡང་དེ་དག་སེམས་ལ་ དམིགས་པའང་ཡུལ་ལ་ལོག་པར་ཞུགས་སུ་རིག་པར་བྱའོ། །ང་རྒྱལ་ནི་ཆུང་ངུ་བས་བདག་ཆེ་ ཞེས་སོགས་ཀྱི་རྣམ་པར་འབྱུང་བས་སེམས་ཅན་རྣམས་དང་། ལྟ་བ་ངན་པས་སེམས་ཁེངས་ པས་ལྟ་བ་ལ་ལོག་པར་རྟོག་པའོ། །འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་ དང་། ལོག་པར་ལྟ་བ་ནི་ཤེས་བྱ་ཕུང་པོ་ལྔ་ལ་སྒྲོ་འདོགས་པ་དང་(མཐར་ལྟ་དང་ལོག་ལྟའི་ཆ་གཅིག་ གིས་)སྐུར་བ་འདེབས་པའི་སྒོ་ནས་ལོག་པར་རྟོག་བའི་ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ལྟ་བ་ངན་པ་དང་། དེའི་སྐྱོན་གྱིས་བྱུང་བའི་ སྤྱོད་པ་དམན་པ་ལ་མཆོག་དང་དག་གྲོལ་ལ་སོགས་པར་འཛིན་པའི་སྒོ་ནས་ལོག་པར་རྟོག་ པའོ། །ཐེ་ཚོམ་ནི་བདེན་པ་ལ་བློ་རྩེ་གཉིས་སུ་འཇུག་པས་གཉེན་པོ་ཡུལ་དང་བཅས་པ་ལ་ ལོག་པར་རྟོག་པའོ། །མ་རིག་པ་ནི་སྔར་གྱི་ཐམས་ཅད་ལའང་ཁྱད་བྱེད་དུ་ཡོད་པས་ཡུལ་ལ་ སོགས་པ་ཐམས་ཅད་ལ་ལོག་པར་རྟོག་པའོ། ། (གཉིས་པ།) ཐམས་ཅད་བདེན་བཞིན་ལ་ལོག་པར་རྟོག་ཚུལ་ནི། ཉོན་མོངས་པ་བཅུ་པོ་ ཐམས་ཅད་ནི་སྡུག་བསྔལ་དང་ཀུན་འབྱུང་ལ། བཅུ་པོའང་གཉིས་པོ་དེའི་རྒྱུ་ཡིན་པ་དང་། གཉིས་པོའང་བཅུ་པོའི་གཞིའམ་གནས་བྱེད་པ་ཉིད་ཀྱིས་ཀྱང་ཕན་ཚུན་རྒྱུ་ཡིན་པས་ལོག་ པར་སྒྲུབ་པའམ། (དཔྱད་ན་མ་གྲུབ་ཀྱང་)དེ་ལྟར་འཛིན་པའི་སྒོ་ནས་ལོག་པར་རྟོག་པའོ། །ཉོན་ མོངས་པ་བཅུ་པོ་ཐམས་ཅད་ནི་དེ་དག་གི་དབང་གིས་འཁོར་བ་ལ་མངོན་པར་དགའ་ཞིང་། 1-1-512 རྣམ་བྱང་གི་ངོ་བོ་འགོག་པ་དང་། དེའི་ཐབས་ལམ་ལ་གཡེང་བར་འདུ་ཤེས་ནས། སྐྲག་ པའི་གནས་མ་ཡིན་པ་དེ་ལ་སྐྲག་པ་སྐྱེད་པ་དང་། མུ་སྟེགས་པས་འགོག་ལམ་ཕྱིན་ཅི་ལོག་ཏུ་ བཟུང་ནས་ཀྱང་ལོག་པར་རྟོག་པའོ། ། བརྒྱད་པ་ཁམས་ཀྱིས་ཇི་ལྟ་བུ་ཞེ་ན། (བཞི་ལས་དང་པོ།)ཁམས་གསུམ་གང་ན་གང་ཡོད་ནི། ཁོང་ཁྲོ་བ་མ་གཏོགས་པར་ཉོན་མོངས་པ་ལྔའམ་དགུ་ནི་ཁམས་གསུམ་ཐམས་ཅད་ན་ཡོད་ པ་ཉིད་དོ། །ཁོང་ཁྲོ་བ་ནི་འདོད་པ་དང་རབ་ཏུ་ལྡན་པ་སྟེ། འདོད་ཁམས་ཁོ་ན་ན་ཡོད་པའོ། ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་དེ་རྒྱུད་ཞི་གནས་ཀྱིས་བརླན་པ་དང་། ཀུན་ནས་མནར་ སེམས་ཀྱི་གཞི་མེད་པའི་ཕྱིར་རོ། ། (གཉིས་པ།) ཚོར་བ་གང་དང་མཚུངས་ལྡན་ལ། འདོད་ཆགས་ནི་འདོད་པའི་ཁམས་ན་ སྒོ་ལྔའི་འཁོར་དུ་བྱུང་བ་ནི་བདེ་བ་དང་། ཡིད་ཤེས་ཀྱི་འཁོར་དུ་བྱུང་བ་ནི་ཡིད་བདེ་བ་དང་། ཐམས་ཅད་རྒྱུན་འཆད་ཁར་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །སྡུག་བསྔལ་དང་ ཡིད་མི་བདེ་དང་མི་ལྡན་ཏེ་དགའ་བའི་རྣམ་པར་འབྱུང་བའི་ཕྱིར་རོ། །འདོད་པའི་ཁམས་ན་ ཇི་ལྟ་བར་གཟུགས་ཁམས་བསམ་གཏན་དང་པོ་དང་གཉིས་པ་ན་ཡང་དེ་བཞིན་ཏེ། རྣམ་ ཤེས་གསུམ་གྱིས་འདོད་ཆགས་བདེ་བ་དང་། ཡིད་ཤེས་ཀྱི་འདོད་ཆགས་ཡིད་བདེ་བ་དང་། འགག་ཁར་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །བསམ་གཏན་གསུམ་པ་ན་ནི་ཡིད་ བདེ་མེད་པས་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡན་ཆད་བསམ་ གཏན་བཞི་པ་དང་གཟུགས་མེད་དུ་ནི་བདེ་བ་ལ་སོགས་པ་མེད་པས་བཏང་སྙོམས་ཉིད་དང་ མཚུངས་པར་ལྡན་ནོ། །ཁོང་ཁྲོ་བ་ནི་དབང་ཤེས་ཀྱི་འཁོར་དུ་བྱུང་བ་སྡུག་བསྔལ་དང་ཡིད་ ཤེས་ཀྱི་འཁོར་དུ་བྱུང་བ་ཡིད་མི་བདེ་དང་། འགག་ཁར་བཏང་སྙོམས་དང་མཚུངས་པར་ལྡན་ ནོ། །བདེ་བ་དང་ཡིད་བདེ་བ་དང་མི་ལྡན་ཏེ་དམན་པའམ་སྐྱོ་བའི་རྣམ་པར་འབྱུང་བའི་ཕྱིར་ 1-1-513 རོ། །ང་རྒྱལ་ནི་ཡིད་ཀྱི་ས་བ་ཁོ་ན་ཡིན་པས་འདོད་པའི་ཁམས་ན་ཡིད་བདེ་བ་དང་བཏང་ སྙོམས་དང་མཚུངས་པར་ལྡན་ནོ། །ཁེངས་པའི་རྣམ་པ་ཅན་ཡིན་པས་ཡིད་མི་བདེ་བ་དང་མི་ ལྡན་ཞིང་། བདེ་སྡུག་དང་ཡང་མི་ལྡན་ཏེ་རྣམ་ཤེས་ལྔ་དང་མཚུངས་ལྡན་མེད་པའི་ཕྱིར་རོ། ། བསམ་གཏན་དང་པོ་དང་གཉིས་པ་ན་ནི་ཡིད་ཀྱི་ས་བའི་བདེ་བ་དང་ཡིད་མི་བདེ་བ་དང་ བཏང་སྙོམས་དང་མཚུངས་པར་ལྡན་ནོ། །བསམ་གཏན་གསུམ་པ་ན་ནི་ཡིད་བདེ་མེད་པས། ཡིད་ཀྱི་ས་པའི་བདེ་བ་དང་། འགག་ཁར་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་དག་ གི་བདེ་བ་དང་ཡིད་བདེ་ནི་མདོ་ལས་དགའ་བ་དང་བདེ་བ་ཅན་ཞེས་འབྱུང་བ་སྟེ། དེ་ཡན་ ཆད་ཀྱི་ཚོར་བ་སིམ་པར་མྱོང་བ་དེས་ཡིད་ཤེས་འཁོར་བཅས་དགའ་བར་བྱེད་པས་ན་དགའ་ བ་དང་། ཀུན་གཞི་ཤིན་ཏུ་སྦྱངས་པའི་བདེ་བས་ཚིམ་པར་བྱེད་པས་ན་བདེ་བའོ། །(ཇི་སྐད་དུ་ དགའ་བ་གང་ཞེ་ན། གང་གནས་གྱུར་པའི་འཇུག་པའི་རྣམ་ཤེས་ལ་བརྟེན་པའི་སེམས་ཚིམ་པ་དང་སེམས་ཤིན་ཏུ་དགའ་བ་དང་། སེམས་རངས་པ་དང་། སེམས་དགའ་བ་དང་། བདེ་བ་མྱོང་བ་སྟེ་ཚོར་བར་གཏོགས་པའོ། །བདེ་བ་གང་ཞེ་ན། གནས་གྱུར་ པའི་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པའི་གནས་ལ་ཕན་པ་དང་། གནས་ཚིམ་པ་དང་། མྱོང་བ་སྟེ། ཚོར་བར་གཏོགས་པའོ་ཞེས་ སོ། །) བསམ་གཏན་བཞི་པ་དེ་ཡན་ཆད་དུ་ནི་གཞན་མེད་པས་བཏང་སྙོམས་ཉིད་དང་མཚུངས་ པར་ལྡན་ནོ། །ང་རྒྱལ་གྱི་མཚུངས་ལྡན་ཇི་ལྟ་བ་བཞིན་དུ་དང་པོར་འཇིག་ཚོགས་ལ་ལྟ་བ་ དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ ཞུགས་མཆོག་ཏུ་འཛིན་པ་ཡང་དེ་བཞིན་ཏེ་ཡིད་ཀྱི་ས་བ་ཡིན་པས་འདོད་ཁམས་ན་ཡིད་བདེ་ བཏང་སྙོམས་གཉིས་དང་། བསམ་གཏན་དང་པོ་གཉིས་ན་བདེ་བ་ཡིད་བདེ་བ་བཏང་སྙོམས་ གསུམ་དང་། གསུམ་པ་ན་བདེ་བ་བཏང་སྙོམས་གཉིས་དང་། དེ་ཡན་ཆད་ན་བཏང་སྙོམས་ ཁོ་ན་དང་མཚུངས་པར་ལྡན་ནོ། །ལྔ་པ་ལོག་པར་ལྟ་བ་ནི། འདོད་པའི་ཁམས་ན་སྡིག་པའི་ འབྲས་བུ་མེད་པར་མཐོང་ནས་སྡིག་ཅན་རྣམས་ཡིད་བདེ་བ་དང་། དགེ་བའི་འབྲས་བུ་མེད་ 1-1-514 པར་མཐོང་ནས་དགེ་བ་ལ་འགྱོད་ཅིང་ཡིད་མི་བདེ་བ་དང་། འགག་ཁར་བཏང་སྙོམས་དང་ མཚུངས་པར་ལྡན་ནོ། །གཟུགས་ཁམས་བསམ་གཏན་བཞི་དང་། གཟུགས་མེད་པའི་ཁམས་ ན་ནི་ཚོར་བ་གང་ཡོད་པ་དེ་དང་མཚུངས་པར་ལྡན་ནོ་ཞེས་པ་ནི་ལྟ་བ་དང་པོ་བཞི་ལ་བཤད་ པ་ཇི་ལྟ་བ་བཞིན་ནོ། །ཁམས་གོང་མ་གཉིས་ན་མི་དགེ་བའི་ལོག་ལྟ་མེད་ཀྱང་ལུས་ཐ་དད་ ཅིང་འདུ་ཤེས་གཅིག་པ་ལ་སོགས་པ་ལུང་མ་བསྟན་གྱི་ལོག་ལྟ་ཡོད་ལ། ལྟ་བ་ཐམས་ཅད་ ཡིད་ཀྱི་ས་བ་ཡིན་པས་བདེ་སྡུག་དབང་ཤེས་ཀྱི་ས་བ་དང་མི་ལྡན་ནོ། །ཐེ་ཚོམ་ནི་འདོད་པའི་ ཁམས་ན་གཏན་ལ་མ་ཕེབས་པ་ལ་མོས་པ་མེད་པས་ཡིད་བདེ་དང་མི་ལྡན་གྱི། ངོ་བོ་ཡིད་ མི་བདེ་བ་དང་། འགག་ཁར་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །ཐེ་ཚོམ་ཤས་ཆེ་བའི་ བསམ་གཏན་པ་ལ་ཏིང་ངེ་འཛིན་ལས་བྱུང་བའི་དགའ་བདེ་ཡོད་པའི་ཕྱིར། གཟུགས་དང་ གཟུགས་མེད་པའི་ཁམས་ན། ཚོར་བ་གང་ཡོད་པ་དེ་དང་མཚུངས་པར་ལྡན་ནོ། །འདྲེས་ པའི་མ་རིག་པ་ནི་ཉོན་མོངས་པ་གཞན་ཐམས་ཅད་དང་མཚུངས་པར་ལྡན་པ་ཅན་ཡིན་པས། ཁམས་དང་ས་གང་ན་ཚོར་བ་ལྔ་པོ་གང་ཡོད་པ་དེ་དང་དེར་མཚུངས་པར་ལྡན་པ་ཅན་ཞེས་ བྱའོ། །མ་རིག་པ་ཉོན་མོངས་པ་གཞན་དང་མ་འདྲེས་པ་གང་ཡིན་པ་ཉོན་ཡིད་ཀྱི་འཁོར་ལས་ གཞན་པ་དེ་ནི་འདོད་པའི་ཁམས་ན་བདེན་པ་ལ་རྨོངས་ནས་ཡང་དག་པའི་ཆོས་ལ་མི་དགའ་ བས་ཡིད་མི་བདེ་བ། འགག་ཁར་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡན་ཆད་ ཁམས་གོང་མ་དག་ཏུ་ནི། ཡིད་ཀྱི་ས་བའི་ཚོར་བ་གང་ཡོད་པ་དེ་དང་མཚུངས་པར་ལྡན་ནོ། ། ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་ཞེ་ན། ཉོན་ མོངས་པའི་རྒྱུན་ཇེ་ཆུང་དུ་སོང་སྟེ་རྒྱུན་འཆད་ཀར་ཐ་མལ་པར་བཏང་སྙོམས་སུ་འདུག་པ་ལ་ བརྟེན་ནས་ནུབ་ཅིང་འགག་པར་འགྱུར་བའི་ཕྱིར་རོ། །བསྡུ་བར། མཚུངས་ལྡན་དེ་དག་ཀྱང་ མི་འཆོལ་བར་བྱ་བའི་ཕྱིར་ཆེ་ལོང་ཙམ་ཡིན་གྱི། རང་གཞན་གྱི་རྒྱུད་སྣ་ཚོགས་ཀྱི་འཇུག་པས་ 1-1-515 ཞིབ་མོར་ཕྱེ་ན་འདོད་ཆགས་ཀྱང་འདོད་པ་ལས་བཟློག་པ་བྱུང་ན་སྡུག་བསྔལ་དང་ཡིད་མི་ བདེ་དང་ལྡན་པ་དང་། ཁོང་ཁྲོའང་དགྲ་སྡུག་བསྔལ་ན་དགའ་བདེ་དང་ལྡན་པ་དང་། འདུད་ པའི་ང་རྒྱལ་ཡིད་བདེ་དང་ལྡན་པ་དང་། ངན་འགྲོར་ངེས་པ་ལ་ཐེ་ཚོམ་སྐྱེད་ན་ཡིད་བདེ་དང་ ལྡན་པ་དང་། བདེ་སྡུག་ཅན་གྱི་ཕུང་པོ་ལ་དམིགས་པའི་ལྟ་བའང་བདེ་སྡུག་ལྡན་པ་ལ་སོགས་ པ་གསུངས་སོ། ། (གསུམ་པ།) རྣམ་ཤེས་གང་དང་མཚུངས་ལྡན་ལ། འདོད་ཆགས་ནི་འདོད་པའི་ཁམས་ན་ འཇུག་པའི་རྣམ་པར་ཤེས་པ་ཚོགས་དྲུག་གི་འཁོར་དུ་འབྱུང་བས་དེ་དག་དང་མཚུངས་པར་ ལྡན་ཞིང་། ཉོན་ཡིད་རྩི་ན་དེ་དང་ཡང་ལྡན་ནོ། །འདོད་ཆགས་ཇི་ལྟ་བར་ཁོང་ཁྲོ་བ་དང་མ་ རིག་པ་ཡང་དེ་བཞིན་དུ་ཚོགས་དྲུག་དང་མཚུངས་པར་ལྡན་ནོ། །གཟུགས་ཀྱི་ཁམས་ན་ནི་ སྣ་དང་ལྕེའི་རྣམ་ཤེས་མེད་པས། མིག་དང་རྣ་བ་དང་ལུས་དང་ཡིད་དེ་རྣམ་པར་ཤེས་པའི་ ཚོགས་བཞི་དང་མཚུངས་པར་ལྡན་ནོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་ཅན་གྱི་ རྣམ་ཤེས་ལྔ་མེད་པས་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་ཁོ་ན་དང་མཚུངས་པར་ལྡན་ནོ། ། འདོད་ཆགས་ཇི་ལྟ་བར་མ་རིག་པ་ཡང་དེ་བཞིན་དུ་གཟུགས་ཁམས་ན་རྣམ་ཤེས་བཞི་དང་ གཟུགས་མེད་ན་ཡིད་ཤེས་ཁོ་ན་དང་མཚུངས་པར་ལྡན་ནོ། །ང་རྒྱལ་ནི་བདག་གཞན་ལ་ འཇལ་བ་དང་། ལྟ་བ་ནི་ངེས་པར་རྟོག་པ་དང་། ཐེ་ཚོམ་ནི་ཡིན་མིན་དཔྱོད་པའི་རྣམ་པ་ཅན་ ཡིན་ལ། དེ་དག་དབང་ཤེས་རྟོག་མེད་བེམ་པོའི་རྟེན་ཅན་གྱིས་མི་ནུས་པས། ཁམས་དང་ས་ ཐམས་ཅད་དུ་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་གཅིག་པུ་དང་མཚུངས་པར་ལྡན་ནོ། ། (བཞི་པ།) དངོས་པོའི་ཡུལ་གང་ལ་འཇུག་ཚུལ་ནི། འདོད་ཆགས་ཡུལ་སྡུག་པ་དང་། ཁོང་ ཁྲོ་མི་སྡུག་པ་དང་། ང་རྒྱལ་ནི་ཕུན་སུམ་ཚོགས་པའི་ཁྱད་པར་ལ་འཇུག་པས། འདོད་པའི་ ཁམས་ན་དམིགས་བྱའི་དངོས་པོའི་ཕྱོགས་གཅིག་ཁོ་ན་ལ་འཇུག་གོ། འདོད་པའི་ཁམས་ན་ 1-1-516 ཇི་ལྟ་བར། ཁོང་ཁྲོ་ལས་གཞན་གཉིས་པོ་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ ན་ཡང་དེ་བཞིན་དངོས་པོའི་ཕྱོགས་རེ་ལ་འཇུག་པ་ཡིན་ནོ། །ལྷག་མ་མ་རིག་པ་དང་ལྟ་བ་ དང་ཐེ་ཚོམ་ནི་ཁམས་དང་ས་ཐམས་ཅད་དུ་ཡང་སྡུག་མི་སྡུག་ལ་སོགས་པའི་ཡུལ་གྱི་དངོས་ བོའམ་གཞི་མཐའ་དག་ལ་འཇུག་པའོ། ། དགུ་པ་རིས་ཀྱིས་ཇི་ལྟ་བུ་ཞེ་ན། མདོར་བསྟན་ནི། ཉོན་མོངས་པའི་ཁྱད་པར་ཐམས་ཅད་ སྡེའམ་རིས་ཀྱི་སྒོ་ནས་ཕྱེ་ན་རྣམ་པ་གཉིས་སུ་འདུ་བ་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་ མོངས་པ་ནི་སེམས་རབ་ཏུ་མ་ཞི་བར་བྱེད་པ་ཀུན་བརྟགས་སུ་གྱུར་པ་ཞེས་པའི་མཚན་ཉིད་ ཅན། ཐོས་བསམ་ཕྱིན་ཅི་ལོག་ལས་བྱུང་བ་དང་། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ ནི་སེམས་རབ་ཏུ་མ་ཞི་བར་བྱེད་པ་ལྷན་སྐྱེས་སུ་གྱུར་པ་ཞེས་པའི་མཚན་ཉིད་ཅན་ཐ་ན་བྱ་ དང་རི་དྭགས་ལ་སོགས་ལའང་ཡོད་པའི་རང་འཁྲུངས་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་ དེ་འོངས་པའོ། ། རྒྱས་བཤད་ལ། མཐོང་སྤང་ནི། འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་ བར་བྱ་བ་དག་ནི་བཅུའོ། །ཞེས་པ་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ནས་ཕྱིན་ཅི་ལོག་ ཏུ་འཛིན་པའི་ཉོན་མོངས་པ་བཅུ་སྟེ། འཇིག་ཚོགས་སུ་ལྟ་བས་བདག་དང་བདག་གི་བ་དང་། མཐར་འཛིན་གྱིས་རྟག་ཆད་དང་། ལོག་ལྟས་མེད་པའམ་དབང་ཕྱུག་གིས་བྱས་པ་ལ་སོགས་ པ་དང་། ཐེ་ཚོམ་གྱིས་མཐའ་གཉིས་སུ་འཛིན་པས་བཞི་ནི་དངོས་སུ་ལོག་པར་རྟོག་པ་དང་། མཆོག་འཛིན་གཉིས་ནི་ལྟ་བ་དང་སྤྱོད་པ་ངན་པ་ལ་མཆོག་དང་དག་བྱེད་དུ་འཛིན་པ་དང་། འདོད་ཆགས་ནི་ལྟ་བ་ལ་རྗེས་སུ་ཆགས་པ་དང་། ང་རྒྱལ་ནི་ལྟ་བས་ཁེངས་པ་དང་། ཁོང་ཁྲོ་ ནི་མི་མཐུན་པའི་ལྟ་བ་སྡང་བས་ལྔ་ནི་ལོག་ཞུགས་ལ་ལོག་པར་རྟོག་པ་དང་། དེ་དང་མཚུངས་ ལྡན་འདྲེས་པའི་མ་རིག་པ་དང་མ་འདྲེས་པའི་མ་རིག་པ་ནི་གནས་ལུགས་མི་ཤེས་པས་ 1-1-517 གཉིས་ཀ་ལ་ལོག་པར་རྟོག་པའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་ཀུན་ འབྱུང་མཐོང་སྤང་ཡང་དེ་དང་འདྲ་བར་བཅུ་དང་། འགོག་པ་ལ་བདག་གྲོལ་བ་དང་། གྲོལ་ ནས་རྟག་ཆད་དང་། དགྲ་བཅོམ་མེད་པ་དང་། ཐར་བ་གཞན་དུ་རྟག་པ་ལ་སོགས་པ་བཅུ་ དང་། ལམ་ལ་ཡང་དག་སྒོམ་པ་དང་། དེ་རྟག་ཆད་དང་། ལམ་མེད་པར་འཛིན་པ་ལ་སོགས་ པ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་དེ་བཞིན་དུ་བཅུ་སྟེ། དེ་ལྟར་ན་བཅུ་བཞི་ཡིན་ནོ། ། ཟག་མེད་འགོག་ལམ་ལ་དམིགས་པའི་ཉོན་མོངས་པ་ནི་དམིགས་པའི་དབང་གིས་ཕྲ་རྒྱས་ སུ་མི་འགྱུར་ཡང་། ལོག་རྟོག་གི་དབང་གིས་ཟག་བཅས་མཚུངས་ལྡན་ཉིད་ལས་ཕྲ་རྒྱས་སུ་ འགྱུར་བའོ། །གཟུགས་ཀྱི་ཁམས་ན་ཁོང་ཁྲོ་མེད་པས་སྡུག་བསྔལ་ཉིད་མཐོང་བས་སྤང་བར་ བྱ་བའི་ཉོན་མོངས་པ་དག་ནི་དགུའོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཇི་ལྟ་བར་ཀུན་ འབྱུང་མཐོང་སྤང་དགུ་དང་། འགོག་པ་མཐོང་སྤང་དགུ་དང་། ལམ་མཐོང་བས་སྤང་བར་བྱ་ བ་རྣམས་ཀྱང་དེ་བཞིན་དུ་དགུ་སྟེ། དེ་ལྟར་ན་དགུ་བཞི་སུམ་ཅུ་རྩ་དྲུག་ཡིན་ནོ། །གཟུགས་ ཀྱི་ཁམས་ན་ཇི་ལྟ་བར་གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་དུ་བདེན་པ་བཞི་ལ་ཉོན་ མོངས་པ་དགུས་ལོག་པར་བཟུང་བའི་མཐོང་སྤང་སུམ་ཅུ་རྩ་དྲུག་སྟེ། ཁམས་གསུམ་གྱི་ མཐོང་སྤང་དེ་དག་མདོར་བསྡུ་ན་ཉོན་མོངས་པ་ཀུན་བརྟགས་ཀྱི་ཆ་བརྒྱ་རྩ་བཅུ་གཉིས་ནི་ བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་ སོ། །བསྡུ་བར། ལྟ་བ་དང་པོ་གཉིས་བདེན་པ་ཕྱི་མ་གསུམ་ལ་མི་འཇུག་པར་གསུངས་པ་ ནི་རགས་པའི་རྣམ་གཞག་ཡིན་ལ། མཛོད་དུ། (དེར་མ་ཟད་) ཚུལ་ཞུགས་མཆོག་འཛིན་ཡང་ བར་པ་གཉིས་ལ་མི་འཇུག་པར་བཤད་པ་ནི་གྲུབ་མཐའ་ཐ་དད་ཀྱི་དབང་དུ་བྱས་པ་ཡིན་ཞིང་ འགོག་ལམ་ཟག་མེད་ཁམས་ཀྱིས་ཕྱེ་བ་ནི། ཁམས་གསུམ་གྱིས་ཟག་བཅས་འགགས་པ་ལ་ (ཁམས་གསུམ་)དེ་དག་གིས་འགོག་པ་དང་། དེའི་ཐབས་ལ་(ཁམས་གསུམ་)དེ་དག་གི་ལམ་ཞེས་ 1-1-518 བརྗོད་པའོ། །སྒོམ་སྤང་ནི། ཐེ་ཚོམ་དང་ལྟ་བ་ཕྱི་མ་གསུམ་ཀུན་བརྟགས་ཁོ་ན་ཡིན་པས་མ་ གཏོགས་པར། འདོད་པའི་ཁམས་ན་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་དྲུག་སྟེ། འཇིག་ཚོགས་ལ་ལྟ་བ་ལྷན་སྐྱེས་ནི་མཐོང་ལམ་སྐྱེས་ཀྱང་གང་ལ་བརྟེན་ནས་འཕགས་པ་ ཉན་ཐོས་རྣམས་ལ་ངའོ་སྙམ་པའི་ང་རྒྱལ་འབྱུང་བ་སྟེ། མདོ་ལས། ཚེ་དང་ལྡན་ཕྲན་ཅན་ཁོ་ བོས་ནི་ཉེ་བར་ལེན་པའི་ཕུང་པོ་འདི་དག་ལ་བདག་གམ་བདག་གིར་རྗེས་སུ་མི་མཐོང་མོད་ ཀྱི། འོན་ཀྱང་ཉེ་བར་ལེན་པའི་ཕུང་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་ པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་སོ། །ཡོངས་སུ་མ་ཤེས་སོ། །མ་ བཀག་གོ། མཐའ་མེད་པར་མ་བྱས་སོ་ཞེས་པ་དང་། རྣམ་འགྲེལ་དུ། བདེ་བར་གྱུར་པའམ་ སྡུག་བསྔལ་བར། པ། མ་གྱུར་ཅིག་ཅེས་འདོད་པ་ན། །ངའོ་སྙམ་པའི་བློ་གང་དེ། །སེམས་ཅན་ ལ་ལྟ་ལྷན་ཅིག་སྐྱེས། །ཞེས་པ་ལྟར། དཔེར་ན་(མ་མས་བུ་ཆུང་གི་)གོས་ཀྱི་དྲི་མ་(བུམ་ཆུ་ལ་སོགས་ པས་)བཀྲུས་ཀྱང་དྲི་མནམས་པའི་བག་སྤོས་ཀྱི་བསལ་དགོས་པ་བཞིན་དུ། (ཉོན་མོངས་པ་)ཀུན་ བརྟགས་ཀྱི་ཆ་(སྔར་)མཐོང་ལམ་གྱིས་སྤངས་ཀྱང་ལྷན་སྐྱེས་ཀྱི་ཆ་སྒོམ་ལམ་གྱིས་སྤང་དགོས་ པ་དང་། མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་ནི་བདེན་པ་མཐོང་བ་རྣམས་ལའང་ངའི་ བདག་གང་ཡིན་ཞེས་ཡི་ཆད་ནས་མྱང་འདས་ལས་ཡིད་ཕྱིར་ལྡོག་པར་བྱེད་པ་གཙོ་ཆེར་ཆད་ ལྟས་བསྡུས་པ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་སྟེ་བཞི་ ཡང་ལྟ་བ་ལ་ལོག་པར་ཞུགས་པ་ཀུན་བརྟགས་ཀྱི་ཆ་རྣམས་མ་གཏོགས་པར། ཡུལ་ལ་ལོག་ པར་ཞུགས་པ་ལྷན་སྐྱེས་ཀྱི་ཆར་གྱུར་བའོ། །གཟུགས་ཀྱི་ཁམས་ན་ནི་ཁོང་ཁྲོ་བ་མེད་པས་དེ་ མ་གཏོགས་པ་སྒོམ་སྤང་ཉོན་མོངས་པ་ལྔའོ། ། གཟུགས་ཀྱི་ཁམས་ན་ཇི་ལྟ་བར་གཟུགས་མེད་པའི་ཁམས་ན་ཡང་དེ་བཞིན་དུ་ལྔ་སྟེ། ཁམས་གསུམ་གྱི་སྒོམ་སྤང་དེ་དག་ངོ་བོའི་སྒོ་ནས་མདོར་བསྡུ་ན་ཉོན་མོངས་པ་ལྷན་སྐྱེས་ཀྱི་ 1-1-519 ཆ་བཅུ་དྲུག་ནི་ཆོས་ཉིད་མཐོང་ཟིན་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པའི་རིས་ སོ། །དེ་རྣམ་པ་(དགུ་)དང་ཆེ་འབྲིང་(དགུ་)གིས་ཕྱེ་ན་(འདོད་པར་)ཁོང་ཁྲོ་དགུ་དང་། གཞན་ལྔ་ ལ་(ས་དགུ་པོར་དགུ་དགུ་)བརྒྱད་ཅུ་རྩ་གཅིག་པ་རེ་རེ་སྟེ་བཞི་བརྒྱ་དང་བཅུ་བཞིར་ཡང་འགྱུར་རོ། ། མཛོད་དུ། ལྟ་བ་གཉིས་སྒོམ་སྤང་དུ་མ་བཤད་པ་ནི་དེ་གཉིས་ལྷན་སྐྱེས་མི་སྲིད་པའི་གྲུབ་ མཐའི་དབང་དུ་བྱས་པ་ཡིན་ལ། བསྡུ་བར་ཡང་རགས་པའི་རྣམ་གཞག་ལ་མ་བཤད་ཀྱང་། ཕྲ་བའི་རྣམ་གཞག་ལ་ལྷན་སྐྱེས་ཐམས་ཅད་སྒོམ་སྤང་དུ་གསུངས་ཤིང་། དེ་གཉིས་ལ་ལྷན་ སྐྱེས་ཀྱང་བཤད་པས། སའི་དངོས་གཞི་དང་མཐུན་པར་དྲུག་ཅར་སྒོམ་སྤང་དུ་བཞེད་དོ། །དེ་ དག་ཀྱང་གཙོ་ཆེར་ཐེག་པ་ཐུན་མོང་བའི་དབང་དུ་བྱས་པ་སྟེ། ཐེག་པ་ཆེན་པོའི་ལུགས་ལ་ ནི་ཉོན་མོངས་པའི་སྒྲིབ་པ་རྣམས་མཐོང་སྤང་དང་། ཤེས་བྱའི་སྒྲིབ་པ་རྣམས་སྒོམ་སྤང་ཞེས་ ཀྱང་འཆད་པར་འགྱུར་རོ། །བཅུ་པ་སྤོང་བས་ཇི་ལྟ་བུ་ཞེ་ན། མདོར་བསྟན་ནི། ཐབས་ཚུལ་ ཇི་ལྟར་སྤོང་བ་དང་། གཉེན་པོ་ཡིད་ལ་བྱེད་པ་ཅི་འདྲ་བས་སྤོང་བ་དང་། སྤང་བྱ་གང་ཞིག་ས་ བོན་གང་ལ་སྤོང་བའོ། །རྒྱས་བཤད་ལའང་དེ་ལྟར་གསུམ་གྱི་དང་པོ་ཇི་ལྟར་སྤོང་ཞེ་ན། དབྱེ་བ་ནི། གནས་ལུགས་ཡོངས་སུ་ཤེས་པ་དང་། སྐྱེས་པ་ཡོངས་སུ་སྤོང་པ་དང་། མ་ སྐྱེས་པའི་གཉེན་པོ་རྙེད་པས་སོ་ངོ་བོ་ལ་ཡོངས་སུ་ཤེས་པ་གང་ཞེ་ན། ནད་སེལ་བ་ལྟར་ཉོན་ མོངས་པ་དེ་སྐྱེ་བའི་གཞིའམ་རྒྱུའི་དངོས་པོ་སྔར་བཤད་པ་ལྟར་བག་ཆགས་མ་སྤངས་པ་ལ་ སོགས་པ་གསུམ་ཡོངས་སུ་ཤེས་པ་དང་། ངོ་བོའམ་མཚན་ཉིད་སེམས་རྒྱུན་ཀུན་ནས་ཉོན་ མོངས་ཤིང་རབ་ཏུ་མ་ཞི་བར་བྱེད་པ་ཡོངས་སུ་ཤེས་པ་དང་། (རྒྱན་དུ།)ཉོན་མོངས་རྣམས་ ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་ པ་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་ རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་ཐོབ། །ཅེས་པ་ལྟར་ 1-1-520 དེ་ལས་བྱུང་བའི་འབྲས་བུའམ་ཉེས་དམིགས་ཡོངས་སུ་ཤེས་པའོ། ། (གཉིས་པ།) ཡོངས་སུ་སྤོང་བ་གང་ཞེ་ན། དེ་ལྟར་ཤེས་པའི་སྒོ་ནས་ཉོན་མོངས་པ་མངོན་ གྱུར་དུ་འབྱུང་བར་གྱུར་པ་དང་དུ་མི་ལེན་པའི་ཚུལ་གྱིས་སྤོང་བའོ། །གཉེན་པོ་རྙེད་པ་གང་ཞེ་ ན། ཉོན་མོངས་སྔར་མ་སྐྱེས་པ་ཕྱིས་ཀྱང་མི་འབྱུང་ཞིང་ས་བོན་སྤང་བར་བྱ་བའི་ཕྱིར་གཉེན་ པོ་ལམ་ཟག་མེད་རྙེད་ནས་སྒོམ་པ་གང་ཡིན་པའོ། ། གཉིས་པ་ཡིད་ལ་བྱེད་པ་ཅི་འདྲ་བས་སྤོང་ཞེ་ན། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཐ་ དད་མེད་པར་འདྲེས་པ་ལ་དམིགས་པས་སྤོང་སྟེ། དེ་ཡང་ཆོས་ཐམས་ཅད་བདག་མེད་པར་ མཚན་ཉིད་གཅིག་པའོ་ཞེས་བྱ་བའི་ཡིད་ལ་བྱེད་པའོ། །དེ་ལྟར་ཤེས་པས་སྤོང་ན་མི་རྟག་པ་ ལ་སོགས་པ་ཅིའི་ཕྱིར་བསྟན་ཞེ་ན། དེ་དག་གིས་དངོས་སུ་མི་སྤོང་ཡང་། མདོ་ལས། གང་ མི་རྟག་པ་དེ་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་བདག་མེད་པའོ་ཞེས་པ་ལྟར་མི་རྟག་ པའི་རྣམ་པ་ལ་སོགས་པ་རྣམ་པ་ལྷག་མ་གང་ཡིན་པ་དེ་དག་ནི་བདག་མེད་པའི་རྣམ་པ་ལ་ རིམ་གྱིས་འཇུག་ཅིང་དེ་ཐོབ་བར་བྱེད་པའི་ཐབས་ཡིན་པ་དེའི་ཡོངས་སུ་སྦྱོང་བའོ། །ཞེས་པ་ སྟེ། (རྣམ་འགྲེལ་དུ།)སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་པ་ དང་། (སྤྱོད་འཇུག་ཏུ།)ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། ། ཞེས་པ་ལྟར་རོ། །(འགྲེལ་བར།)དེས་ན་བདག་མེད་ཤེས་པ་ནི་དེ་བས་ལྷག་པའི་ཤེས་རབ་ མེད་པས་ཤེས་པ་བླ་ན་མེད་པ་དང་། སླར་ལ་མངོན་ཤེས་མྱུར་བ་ལམ་བླ་ན་མེད་པ་དང་། མི་ འཁྲུག་པའི་རྣམ་པར་གྲོལ་བ་རྣམ་གྲོལ་བླ་ན་མེད་པ་སྟེ། དེ་རྣམས་ཀྱང་མཐོང་ལམ་དང་སྒོམ་ ལམ་དང་མི་སློབ་པའི་ལམ་ལ་རིམ་གྱིས་འབྱུང་བར་གསུངས་སོ། ། གསུམ་པ་གང་ཞིག་གང་ལ་སྤོང་ཞེ་ན། (གསུམ་ལས་དང་པོ།)མངོན་གྱུར་སྤོང་བ་མིན་ཚུལ་ ནི། ཉོན་མོངས་མངོན་གྱུར་འདས་པ་ནི་འགགས་ནས་སྤང་རྒྱུ་མེད་པའི་ཕྱིར་སྤོང་བ་མ་ཡིན་ 1-1-521 ནོ། །མ་འོངས་པ་ནི་མ་བྱུང་ཞིང་མ་སྐྱེས་པ་ལ་ངོ་བོ་མེད་པའི་ཕྱིར་སྤོང་བ་མ་ཡིན་ནོ། །ད་ལྟར་ འབྱུང་བ་ནི་གཉེན་པོ་ལམ་དང་དུས་མཉམ་དུ་ཤེས་རྒྱུད་གཅིག་ལ་མི་འཇུག་པའི་ཕྱིར་སྤོང་བ་ མ་ཡིན་ནོ། ། (གཉིས་པ།) ས་བོན་ཇི་ལྟར་སྤོང་ཚུལ་ནི། མངོན་གྱུར་ལས་མི་སྤོང་བ་འོན་ཀྱང་ཉོན་མོངས་ པའི་གནས་ངན་ལེན་ས་བོན་གང་ཡིན་པ་དེ་ལས་སྤོང་ངོ་། །དེའང་མཐོང་སྤང་དང་སྒོམ་སྤང་ གི་ས་བོན་ནམ་གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་མཐོང་ལམ་དང་སྒོམ་ལམ་གང་ བྱུང་ན། གཉེན་པོའི་རྣམ་པ་མཐོང་ལམ་སྐད་ཅིག་དང་པོ་ལྟ་བུ་དང་སྒོམ་ལམ་ཆུང་ངུའི་ཆུང་ངུ་ ལ་སོགས་པ་དེ་འབྱུང་བ་དང་། སྤང་བྱ་གནས་ངན་ལེན་གྱི་རྣམ་པར་རང་གི་རང་གི་ངོ་སྐལ་ (སྡུག་བསྔལ་ཆོས་བཟོད་ཀྱི་སྤང་བྱ་དང་སྒོམ་སྤང་ཆེན་པོའི་ཆེན་པོ་ལྟ་བུ་)དེ་དག་འགོག་པ་ནི་དུས་མཉམ་པས་སྐྱེ་ འགག་མགོ་མཉམ་སྟེ་དཔེར་ན་སྣང་བ་དང་མུན་པ་དག་རིམ་པ་ལྟར་འབྱུང་བ་དང་འགགས་ པ་དུས་མཉམ་པ་ཇི་ལྟ་བ་བཞིན་ནོ། ། (གསུམ་པ།) སྤངས་པའི་སྐབས་དོན་བསྟན་པ་ནི། ཉོན་མོངས་པའི་གནས་ངན་ལེན་ས་བོན་ གྱི་རྣམ་པ་དང་བྲལ་བས་རྒྱུ་ཟད་པའི་ཕྱིར། རྐྱེན་དང་ཕྲད་ཀྱང་མ་འོངས་པ་ན་དེའི་འབྲས་བུ་ ཉོན་མོངས་པ་མངོན་གྱུར་མི་སྐྱེ་བའི་ཆོས་ཅན་དུ་གནས་པ་དེ་ནི་སྤང་བའོ་ཞེས་པ་སྟེ། (རྣམ་ འགྲེལ་དུ།)བདག་ལྟའི་ས་བོན་སྤང་བའི་ཕྱིར། །སླར་མི་ཟློག་པ་ཉིད་ཡིན་ནོ། །ཞེས་པ་ལྟར་རོ། ། ལས་ཀྱི་ཀུན་འབྱུང་ལ། ཉོན་མོངས་པའི་དབང་གིས་བྱུང་བའི་ལས་གང་ཞེ་ན། གཉིས་དང་ ལྔའི་དབྱེ་བ་མདོར་བསྟན། གཉིས་ཀྱི་ཁྱད་པར་རྒྱས་པར་བཤད་པ། མདོ་དང་སྦྱར་ཏེ་ཤིན་ཏུ་ རྒྱས་བཤད་དོ། ། དང་པོ་ནི། མདོ་ལས། དགེ་སློང་དག་སེམས་པ་ལས་སུ་ང་སྨྲ་སྟེ། བསམ་པ་ཡང་ངོ་ཞེས་ གསུངས་པ་ལྟར་སེམས་པ་ཡིད་ཁོ་ནའི་ལས་དང་། དེས་བསྐྱེད་པའི་བསམ་པ་ལུས་དང་ངག་ 1-1-522 དང་ཡིད་གསུམ་ཀའི་ལས་ཏེ། གཉིས་པོ་དེས་ལས་ཀྱི་ཀུན་འབྱུང་གི་མཚན་ཉིད་དམ་རང་ བཞིན་ཐམས་ཅད་མདོར་བསྡུས་པའོ། །མཛོད་དུ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ། དེ་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ངག་དང་ལུས་ ཀྱི་ལས། །ཞེས་ཀྱང་བཤད་ལ། ཡེ་ཤེས་བཤེས་གཉེན་ནི། (འདི་དང་འདིས་འགྲོ་བར་བྱེད་དོ་ཞེས།)ཡང་ དག་པར་འཛིན་པའི་སེམས་པ་དང་། (བྱ་མི་བྱ་དཔྱོད་པ་ལ་ཞུགས་པ།)ངེས་པའི་སེམས་པ་དང་། (ངེས་ ནས་བྱ་བའི་ཚེ།)ལུས་ངག་བསྐུལ་བའི་སེམས་པ་གསུམ་ལས། (འདི་དང་འདིས་འགྲོ་བར་བྱེད་དོ་ཞེས་སེམས་ པ་འགྲོ་བའི་དང་། འདི་བྱ་འདི་མི་བྱ་ཞེས་དཔྱོད་པར་ཞུགས་པ་ངེས་པའི་དང་། ངེས་ནས་བྱ་བའི་ཚེ་སེམས་པ་གཡོ་བྱེད་ཀྱི་སེམས་ པ་གསུམ་ལས།)དང་པོ་གཉིས་སེམས་པའི་ལས་དང་། ཕྱི་མ་བསམ་པའི་ལས་སོ་ཞེས་གསུངས་ ཏེ། ལས་སྒྲུབ་པའི་རིགས་དང་ཡང་མཐུན་པའོ། ། ཡང་ལས་རྣམ་པ་ལྔ་སྟེ། མིག་གིས་གཟུགས་ལ་ལྟ་བ་ལ་སོགས་པ་དམིགས་པའི་ལས་ དང་། སས་རྟེན་བྱེད་པ་དང་མཚན་ཉིད་ཀྱིས་མཚོན་པར་བྱེད་པ་ལ་སོགས་པ་བྱེད་པའི་ལས་ དང་། བསམ་པ་སྔོན་དུ་བཏང་བའི་སྒོ་གསུམ་གྱི་བྱ་བ་རྩོལ་བའི་ལས་དང་། གསེར་གྱི་དངོས་ པོ་རྒྱན་དུ་བསྒྱུར་བ་(དང་བསྔོ་བས་དགེ་བ་བྱང་ཆུབ་ཏུ་བསྒྱུར་བ་)ལ་སོགས་པ་བསྒྱུར་བའི་ལས་དང་། འཕགས་པའི་ལམ་གྱིས་མྱང་འདས་ཐོབ་པ་ལ་སོགས་པ་ཐོབ་པའི་ལས་སོ། །སེམས་པ་དང་ བསམ་པའི་ལས་ཀྱི་སྐབས་འདིར་ནི། བྱེད་པ་དང་ཐོབ་པའི་ལས་ཀྱང་ཡོད་མོད་ཀྱི་ཕལ་ཆེར་ རྩོལ་བའི་ལས་སུ་འདོད་དོ། ། (གཉིས་པ།) རྒྱས་བཤད་ལ་གཉིས་ཀྱི། (དང་པོ།)སེམས་པའི་ལས་གང་ཞེ་ན། (གཉིས་ལས་དང་ པོ།)ངོ་བོ་ནི། སེམས་བྱ་བ་ལ་བསྐུལ་ཞིང་གཡོ་བར་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། (གཉིས་པ།)དབྱེ་བ་ནི་འདོད་ཁམས་ཀྱི་དགེ་བ་ཐམས་ཅད་བསོད་ནམས་ཀྱི་ལས་དང་། མི་དགེ་ བ་གང་ཡིན་པ་བསོད་ནམས་མ་ཡིན་པའི་ལས་དང་། ཁམས་གོང་མ་དག་གི་དགེ་བ་(སྲིད་རྩེའི་ 1-1-523 སྐྱོན་གྱིས།)མི་གཡོ་བའི་ལས་ཞེས་བྱའོ། ། གཉིས་པ་བསམ་པའི་ལས་གང་ཞེ་ན། (གསུམ་ལས་དང་པོ།)རྟེན་དང་ངོ་བོའི་སྒོ་ནས་མདོར་ བསྟན་ནི། དབང་པོ་དང་བཅས་པའི་ཁོག་པ་ནི་བསགས་པས་ན་ལུས་ཏེ། དེ་གཡོ་བར་བྱེད་ པ་ཉིད་ཀྱིས་ན་ལས་དང་། དོན་བརྗོད་པས་ན་ངག་གི་ལས་དང་། རྣམ་པར་ཤེས་པས་ན་ ཡིད་དེ་ལུས་ངག་མི་འཇུག་པའི་དུས་ཀྱི་དེ་མཚུངས་ལྡན་གྱི་ལས་སོ། །རྟེན་གྱི་སྒོ་ནས་ལུས་ ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་གསུམ་པོ་དེ་ཡང་། ངོ་བོའི་སྒོ་ནས་གཉིས་ཏེ། བྱ་ བའི་རང་བཞིན་དུ་གྱུར་པ་དགེ་བ་དང་བྱ་བར་མི་འོས་པ་མི་དགེ་བའོ། ། (གཉིས་པ།) ལས་ཀྱི་ལམ་བཅུ་རྒྱས་པར་བཤད་པ་ལ། (གཉིས་ལས་དང་པོ།)སྤང་བྱ་མི་དགེ་བ་ ནི་མི་དགེ་བའི་ལས་ཀྱང་ཡིན་ལ། ངན་འགྲོ་རྣམས་ཀྱི་ལམ་ཡང་ཡིན་པ་བཅུ་སྟེ། དེ་ཡང་འདི་ ལྟ་སྟེ། ལུས་ཀྱི་ལས་གསུམ་ལ་སྲོག་གཅོད་པ་དང་ཞེས་པ། སྲོག་གཅོད་པ་ནི་བསམ་བཞིན་ དུ། །མ་ནོར་བར་ནི་གཞན་བསད་པའོ། །ཞེས་པ་ལྟར་བསད་སེམས་ཉོན་མོངས་ཅན་གྱིས་ སེམས་ཅན་གཞན་མ་ནོར་བར་གསོད་པའི་སྦྱོར་བ་བྱས་ཤིང་མཐར་ཐུག་གྲུབ་པར་གྱུར་པ་ སྟེ། བསད་སེམས་མེད་པ་དང་ནོར་བ་བསད་པ་ལ་སོགས་པས་ནི་དངོས་གཞིར་མི་འགྱུར་ ཡང་རྗེས་མཐུན་པའི་ཉེས་པ་འབྱུང་ལ། སུ་ཡིན་ཡང་བསད་སྙམ་པ་ལས་ནི་དངོས་གཞིར་ ཡང་འགྱུར་རོ། །མ་བྱིན་པར་ལེན་པ་དང་ཞེས་པ་ནི། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་ དང་འཇབས་བུས་བདག་གིར་བྱེད། །ཅེས་པ་ལྟར་བླང་སེམས་ཉོན་མོངས་ཅན་གྱིས་གཞན་ གྱི་རྫས་མ་ནོར་བར་བདག་གིར་བྱས་པ་སྟེ། གཏམ་པ་དང་བུ་ལོན་དང་ཁྲལ་བཙས་པ་ལ་ སོགས་པ་ལ་བསྙོན་དོར་བྱེད་པ་དང་། སྔགས་དང་གཡོ་སྒྱུ་ལ་སོགས་པ་ལ་བླངས་ནའང་ དངོས་གཞིར་འགྱུར་ཞིང་། མཆོད་རྟེན་གྱི་རྫས་བླངས་ན་སངས་རྒྱས་སམ་སྲུང་མ་ལས་བླང་ བ་དང་། བདག་པོ་མེད་པའི་གཏེར་བྲུས་ན་ཡུལ་གྱི་བདག་པོ་ལས་བླང་བ་དང་། རབ་བྱུང་ 1-1-524 འདས་པའི་ནོར་བླངས་ན་མཚམས་(བཅད་ན་དེའི་)ནང་པའམ་(མིན་ན་)དགེ་འདུན་ཐམས་ཅད་ ལས་བླང་བར་འགྱུར་ལ། གཞན་གྱི་རྫས་སྲེག་པ་ལ་སོགས་པ་ནི་འདུལ་བར་སྦོམ་པོར་ བཤད་ཅིང་། བསྡུ་བར་མ་བྱིན་ལེན་དང་འདྲ་བའམ་དེ་བས་ཉེས་པ་ཆེ་བར་ཡང་གསུངས་སོ། ། བསླབ་བཏུས་སུ། བྱང་ཆུབ་སེམས་དཔའ་རང་གི་འབྱོར་བ་ཐམས་ཅད་སེམས་ཅན་ལ་བཏང་ ནས། གཞན་གྱིར་འདུ་ཤེས་པས་སྤྱོད་ན་དངོས་གཞི་དང་། རང་གིར་ཤེས་པས་སྤྱད་ན་ཉོན་ མོངས་ཀྱི་ལྟུང་བར་འགྱུར་བར་ཡང་བཤད་དོ། །འདོད་པས་ལོག་པར་གཡེམ་པ་དང་ཞེས་པ་ ནི་། བསྒྲོད་མིན་བསྒྲོད་པར་འདོད་པ་ཡིས། །ལོག་པར་གཡེམ་བ་རྣམ་པ་བཞི། །ཞེས་པ་ལྟར་ བསྒྲོད་པར་འདོད་པའི་བསམ་པས། བསྒྲོད་བྱ་མ་ཡིན་པ་རང་གི་ཆུང་མ་དང་གླ་བྱིན་པའི་སྨད་ འཚོང་མ་ལས་གཞན། བདག་པོ་ཅན་དང་ཕ་མའི་བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ་དང་། རབ་ཏུ་ བྱུང་བ་ལ་སོགས་པ་ལ། ཡན་ལག་མ་ཡིན་པ་ཁ་དང་བཤང་བའི་ལམ་དུ། ཡུལ་མ་ཡིན་པ་ སྣང་བ་ཅན་དང་། གཙུག་ལག་ཁང་དང་མཆོད་རྟེན་གྱི་དྲུང་དང་། སྐྱེ་བོ་མང་པོས་མཐོང་བ་ དང་། བསྒྲོད་བྱ་ལ་གནོད་པའི་ས་ཕྱོགས་སུ། དུས་མ་ཡིན་པ་ཟླ་མཚན་ཟག་པ་དང་། སྦྲུམ་ མ་ཟླ་བ་ཚང་བ་དང་། ནུ་ཞོ་འཛག་པ་དང་། བསྙེན་གནས་ལ་སོགས་པ་ལ་གནས་པའི་ཚེ་མ་ ནོར་བར་བསྒྲོད་པ་སྟེ། ནོར་ནས་རང་གིར་འདུ་ཤེས་པས་གཞན་གྱིས་བསྒྲོད་ཀྱང་དངོས་མི་ གཞིར་འགྱུར་ཞིང་། གཞན་དག་གི་(ལྷ་སྦྱིན་གྱི་ཡིན་པའི་བསམ་པས་མཆོད་སྦྱིན་གྱི་)ལ་ནོར་བར་བསྒྲོད་ ན་ཁ་ཅིག་དངོས་གཞིར་འགྱུར་བར་འདོད་ལ། གཞན་ནི་(སྲོག་གཅོད་ལྟར་)བསམ་སྦྱོར་འཛོལ་ བའི་ཕྱིར་མི་འགྱུར་བར་འདོད་དོ། ། ངག་གི་ལས་བཞི་ལ། བརྫུན་དུ་སྨྲ་བ་དང་ཞེས་པ་ནི། བརྫུན་ཚིག་འདུ་ཤེས་གཞན་ བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཞེས་པ་ལྟར་དོན་གཞན་དུ་གནས་པ་ལ་ཚིག་ གཞན་དུ་བརྗོད་པར་བྱའོ་སྙམ་པས། སེམས་ཅན་གཞན་དག་ལ་མཐོང་ཡང་མ་མཐོང་ངོ་ཞེས་ 1-1-525 པ་ལ་སོགས་པ་དོན་གོ་བར་སྨྲས་པ་སྟེ། ཕ་རོལ་བོས་མ་གོ་ན་ནི་བརྫུན་དུ་མི་འགྱུར་ཞིང་ངག་ འཁྱལ་ཙམ་དུ་འགྱུར་རོ། །ངག་ཏུ་མ་སྨྲས་ཀྱང་ཡོད་པ་ལ་མེད་པའི་ལུས་ཀྱི་བརྡ་བྱེད་པ་དང་། ལུས་ངག་གཉིས་ཀས་མ་བྱས་ཀྱང་གསོ་སྦྱོང་གི་ཚེ་ཡོངས་སུ་དག་གམ་ཞེས་དྲིས་པ་ན་ལྟུང་ བ་ཡོད་བཞིན་དུ་ཅིའང་མི་སྨྲ་བ་ལ་སོགས་པའང་བརྫུན་གྱི་ཁྱད་པར་དུ་གསུངས་སོ། །ཕྲ་ མ་དང་ཞེས་པ་ནི། ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཅེས་ པ་ལྟར་དབྱེ་བར་འདོད་པའི་བསམ་པས། ཕ་རོལ་བོ་མཐུན་པ་དབྱེ་བའམ། བྱེ་བ་མི་འདུམ་ པར་བྱ་བའི་ཆེད་དུ། ཕན་ཚུན་གྱི་སྐྱོན་མ་ནོར་ཞིང་གོ་བར་སྨྲས་པ་སྟེ། དེའང་(སྐྱོན་)བདེན་པ་ སྨྲས་ན་ཕྲ་མ་ཁོ་ན་ཡིན་ལ། བརྫུན་པ་སྨྲས་ན་ནི་བརྫུན་དང་ཕྲ་མ་གཉིས་ཀར་ཡང་འགྱུར་རོ། ། ངག་རྩུབ་པོ་དང་ཞེས་པ་ནི། ཚིག་རྩུབ་པོ་ནི་མི་སྙན་པ། །ཞེས་པ་ལྟར་མི་སྙན་པ་སྨྲ་འདོད་ ཀྱིས་ཕ་རོལ་བོ་ལ་མ་ནོར་ཞིང་གོ་བར་སྨྲས་པ་སྟེ། བསྡུ་བར་ནི། ལྐོག་གམ་དབེན་པར་སྨྲས་ ནའང་འགྱུར་བར་གསུངས་སོ། །ཚིག་འཁྱལ་དང་ཞེས་པ་ནི། ཉོན་མོངས་ཅན་ཀུན་ཀྱལ་བ་ ཉིད། །ཅེས་པ་ལྟར་ཉོན་མོངས་པ་ཅན་གྱི་ཚིག་ཐམས་ཅད་ཡིན་པས་བརྫུན་སོགས་གཞན་ གསུམ་ཡང་ཀྱལ་བར་འདོད་ལ། ཁ་ཅིག་ནི་བརྫུན་སོགས་ལས་གཞན་པའི་ཉོན་མོངས་ཅན་ གྱི་ཚིག་ཅེས་ཀྱང་འདོད་དོ། །གཞན་ནི་དེ་ལས་གཞན་ཉོན་མོངས། །ཁ་གསག་གླུ་དང་ཟློས་ གར་དང་། །བསྟན་བཅོས་ངན་བཞིན་ཞེས་པ་ལྟར། །ཕྱི་རོལ་པའི་གཞུང་འཆད་པ་དང་། སྨྲེ་ སྔགས་དང་། འདུ་འཛིའི་གཏམ་ལ་སོགས་པའོ། །ཡིད་ཀྱི་ལས་གསུམ་ལ། བརྣབ་སེམས་ དང་ཞེས་པ་བརྣབ་སེམས་ནི། ལོག་པས་གཞན་གྱི་ནོར་ལ་ཆགས། །ཞེས་པ་ལྟར་མཐུའམ་ འཇབས་བུས་ཀྱང་རུང་ལོག་པས་གཞན་གྱི་ནོར་དང་ཡོ་བྱད་བདག་གིར་བྱེད་འདོད་པ། མ་ བྱིན་ལེན་གྱི་ཀུན་སློང་དུ་གྱུར་པ་སྟེ། བསྡུ་བར་ནི། རྗེ་དཔོན་འཁོར་དུ་འདུ་བར་འདོད་པ་དང་། བདག་ཉིད་ཡོན་ཏན་ཅན་དུ་ཡིད་ཆེས་པར་འདོད་པ་དང་། ཕྱི་མ་ལ་ལྷའི་དཔལ་འབྱོར་ཐོབ་ 1-1-526 པར་འདོད་པ་ལ་སོགས་པའི་ཡིད་སྨོན་ཡང་བརྣབ་སེམས་སུ་གསུངས་སོ། །གནོད་སེམས་ དང་ཞེས་པ་ནི། གནོད་སེམས་སེམས་ཅན་ལ་སྡང་བ། །ཞེས་པ་ལྟར་ཀུན་ནས་མནར་སེམས་ ཀྱི་གཞིར་གྱུར་པའི་སེམས་ཅན་རྣམས་ལ་གསོད་པ་ལ་སོགས་པའི་གནོད་པ་བྱ་བར་འདོད་ པའི་བསམ་པ་སྟེ་མི་བཟོད་པ་དང་ཁྲོ་བ་དང་ཁོན་འཛིན་དང་འཁུ་སེམས་དང་ངོ་ཚ་མེད་པ་ལ་ སོགས་པ་ལས་གྱུར་པའོ། །ལོག་པར་ལྟ་བའོ་ཞེས་པ་ནི། དགེ་དང་མི་དགེ་མེད་ལྟ་བ། །ལོག་ པར་ལྟ་བ་ཡིན་ཞེས་པ་ལྟར་གཞི་དོན་ལ་ཡོད་ཀྱང་རྒྱུ་མི་དགེ་ལས་འབྲས་བུ་བདེ་སྡུག་འབྱུང་ བ་ལ་སོགས་པ་མེད་དོ་ཞེས་འདུ་ཤེས་ཤིང་སྐུར་བ་འདེབས་པ་སྟེ། ཕྱིན་ཅི་ལོག་ཏུ་འཛིན་ཞིང་ དགེ་བའི་རྩ་བ་གཅོད་བྱེད་དུ་འགྱུར་པའོ། །དེ་དག་ལ་ཡེ་ཤེས་བཤེས་གཉེན་ནི། འདིས་སྲོག་ འགོག་ཅིང་གཅོད་པའི་སེམས་པ་ཞེས་སོགས་ཀྱལ་བའི་བར་ལ་སྦྱར་ཏེ། བརྣབ་སེམས་ལ་ སོགས་པ་གསུམ་དང་ལྷན་ཅིག་འཇུག་པའི་སེམས་པའོ་ཞེས་ཀྱང་གསུངས་སོ། །དེ་རྣམས་ ཁམས་དང་འགྲོ་བ་གང་ན་ཡོད་དཔྱད་པ་ནི། དམྱལ་བ་ན་ནི་ཀྱལ་བ་དང་། །ཚིག་རྩུབ་གནོད་ སེམས་རྣམ་གཉིས་སོ། །ཞེས་པ་ལྟར་དེ་ན་སྨྲེ་སྔགས་འདོན་པའི་ཀྱལ་བ་དང་། ཚིག་རྩིབ་ སྨྲ་བ་དང་། གནོད་པར་སེམས་པ་གསུམ་མངོན་གྱུར་དང་ལྡན་པ་གཉི་གས་ཡོད་ལ། བརྣབ་ སེམས་ལོག་ལྟ་ལྡན་པའོ། །ཞེས་པ་ལྟར་འདོད་བྱའི་དངོས་པོ་མེད་པས་བརྣབ་སེམས་དང་། ལས་འབྲས་མངོན་དུ་གྱུར་པས་ལོག་ལྟ་གཉིས་མངོན་གྱུར་མེད་ཀྱང་ལྡན་པས་ཡོད་ཅིང་། གཞན་རྣམས་མེད་དེ། ལས་མ་ཟད་པར་མི་འཆི་བས་སྲོག་གཅོད་དང་། རྫས་བཟུང་བ་མེད་ པས་མ་བྱིན་ལེན་དང་། བུད་མེད་བཟུང་བ་མེད་པས་འདོད་ལོག་དང་། དགོས་པ་མེད་པས་ བརྫུན་དང་། བྱེ་ཟིན་པས་ཕྲ་མ་མེད་པའི་ཕྱིར་རོ། །སྒྲ་མི་སྙན་ན་གསུམ་ཡོད་དོ། །ཞེས་པ་ ལྟར་ཡིད་ཀྱི་གསུམ་ལྡན་པར་ཡོད་ལ། མངོན་གྱུར་མེད་དེ་། (རིམ་པ་ལྟར་)ང་ཡིར་འཛིན་པ་མེད་ པ་དང་། རྒྱུད་འཇམ་ཞིང་མནར་སེམས་ཀྱི་གཞི་མེད་པ་དང་། སྡིག་པ་ཅན་གྱི་བསམ་པ་མེད་ 1-1-527 པའི་ཕྱིར་རོ། །དེ་ན་བདུན་པ་དངོས་སུ་ཡང་། །ཞེས་པ་ལྟར་ཉོན་མོངས་ཅན་གྱི་བསམ་པས་ གླུ་ལེན་པའི་ཕྱིར་ཀྱལ་བ་མངོན་གྱུར་དུ་ཡོད་ལ། གཞན་རྣམས་མེད་དེ། ཚེ་ཚད་ངེས་པས་སྲོག་གཅོད་མེད་ཅིང་། རྫས་མ་བཟུང་བ་མེད་པས་མ་བྱིན་ལེན་མེད་ དོ། །བུད་མེད་བདག་གིར་བཟུང་བ་མེད་ཅིང་། ཤིང་གི་རྩར་ཕྱིན་པ་ན་བསྒྲོད་བྱ་ཡིན་ན་སྒྲིབ་ པ་དང་། མིན་ན་མི་སྒྲིབ་པས་འདོད་ལོག་མེད་དེ། སྨྲས་པ་ལ་དགོས་པ་མེད་པས་ངག་གི་(ཀྱལ་ པ་ལས་གཞན་)ཡང་མེད་དོ། །འདོད་པ་གཞན་ན་མི་དགེ་བཅུ། །ཞེས་པ་ལྟར་དམྱལ་བ་དང་སྒྲ་མི་ སྙན་པ་ལས་གཞན་པའི་འདོད་ཁམས་པ་རྣམས་ལ་བཅུ་ཀ་ཅི་རིགས་སུ་ཚང་བར་ཡོད་ཅིང་། ཁམས་གོང་མ་གཉིས་ན་མི་དགེ་བ་ཐམས་ཅད་མེད་ལ། འཁོར་ལོས་སྒྱུར་བ་འབྱུང་བ་ན་མི་ ལ་ཡང་(བཅུ་ཀ་)མེད་དེ། དེའི་ཚེ་ཀླུ་ཡང་ངེས་འབྱུང་གི་བསམ་པས་ལེན་པར་གསུངས་སོ། ། (གཉིས་པ།) གཉེན་པོ་དགེ་བ་ནི་དགེ་བཅུའི་ལས་ཡིན་ལ་བདེ་འགྲོ་རྣམས་ཀྱི་ལམ་ཡང་ ཡིན་པ་རྣམས་ཏེ། དེ་ཡང་འདི་ལྟ་སྟེ། ལུས་ཀྱི་སྲོག་གཅོད་པ་སྤང་བའི་སེམས་པ་ནས་མ་བྱིན་ ལེན་དང་ལོག་གཡེམ་སྤོང་བའི་སེམས་པ་དགེ་བ་གསུམ་དང་། ངག་གི་བརྫུན་དང་ཕྲ་མ་དང་ ངག་རྩུབ་པོ་དང་ཚིག་ཀྱལ་བའི་བར་དུ་སྤོང་བའི་སེམས་པ་དགེ་བ་བཞི་དང་། ཡིད་ཀྱི་བརྣབ་ སེམས་མེད་པ་མ་ཆགས་པའི་སེམས་པ་དང་། གནོད་སེམས་མེད་པ་བྱམས་པ་དང་། ཡང་ དག་པའི་ལྟ་བ་ལས་འབྲས་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ཤེས་པའི་སེམས་པ་དགེ་བ་ གསུམ་པོའོ། ། (གསུམ་པ།) མི་དགེ་བའི་ལས་ལམ་དངོས་གཞིར་འགྱུར་ཚུལ་ནི། སྲོག་གཅོད་པ་ལ་སོགས་ པ་མི་དགེ་བ་བཅུ་པོ་རྣམས་ཀྱི་མཚན་ཉིད་དམ་ངོ་བོ་ནི་སྲོག་གཅོད་འདོད་ལོག་བརྫུན་ཕྲ་མ་ ཚིག་རྩུབ་གནོད་སེམས་རྣམས་སེམས་ཅན་ལས་བྱུང་བ་དང་། གཞན་(མ་བྱིན་ལེན་ཀྱལ་པ་བརྣབ་ སེམས་ལོག་ལྟ་)རྣམས་སེམས་ཅན་ཡིན་མ་ཡིན་གཉིས་ཀ་ལས་འབྱུང་བ་ལྟ་བུ་དེ་དག་གང་ལས་ 1-1-528 བྱུང་བའི་གཞི་དང་། གཞི་དེ་ལ་དེར་འདུ་ཤེས་མ་འཁྲུལ་བ་དང་། ལས་དེ་བྱེད་པར་འདོད་ པའི་ཀུན་སློང་གི་བསམ་པ་དང་། ལས་དེ་བྱ་བའི་ཆེད་དུ་རང་གིས་བྱས་པའམ་གཞན་ལ་ བསྒོས་པའི་སྒོ་གསུམ་གྱི་འབད་པ་སྦྱོར་བ་དང་། དུག་གསུམ་འདུས་པའམ་སོ་སོ་བས་སྐྱེད་ ཚུལ་འཆད་པར་འགྱུར་བའི་ཉོན་མོངས་པ་དང་། སྦྱོར་བ་དེ་ལས་དེ་མཐར་ཐུག་པ་ཡོངས་སུ་ རྫོགས་ཤིང་ཟིན་པར་བྱས་པས་ཀྱང་དངོས་གཞིར་འགྱུར་བར་རིག་པར་བྱའོ། །ཉོན་མོངས་ པ་མ་གཏོགས་(གཞི་བསམ་པ་སྦྱོར་བ་མཐུན་)པ་བཞི་ནི་དགེ་བ་ལ་ཡང་སྦྱར་ཞིང་། བསམ་པའི་ཁྱད་ པར་ནི། (རིན་ཆེན་ཕྲེང་བར།)འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་ བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་ཀྱང་རིག་པར་ བྱའོ། །སྦྱོར་བའི་ཁྱད་པར་ནི་ཡིད་ཀྱི་གསུམ་མ་གཏོགས་པ་གཞན་བྱེད་དུ་བཅུག་པས་ཀྱང་ དངོས་གཞིར་འགྱུར་ལ། རྗེས་སུ་ཡི་རང་བ་ལས་ཀྱང་ལས་ཀྱི་ལམ་བཅུར་འགྱུར་ཞིང་། (མཛོད་ དུ།)དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་པ་ལྟར་ མང་པོ་འདུན་པ་གཅིག་པ་ལས་ཀྱང་སོ་སོའི་ལས་ཀྱི་ལམ་དུ་འགྱུར་རོ། །བཅུ་པོ་དེར་དགེ་ མི་དགེ་ཐམས་ཅད་མ་འདུས་ཀྱང་རགས་པ་བསྡུས་ནས་ལས་ཀྱི་ལམ་བཅུར་བསྟན་པ་སྟེ། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཇི་རིགས་པར། །ལས་ཀྱི་ལམ་ནི་བཅུར་ གསུངས་སོ། །ཞེས་པ་ལྟར་རོ། ། (གསུམ་པ།) ཤིན་ཏུ་རྒྱས་བཤད་ལ། བསམས་བཞིན་པ་དང་རྟེན་འབྲེལ་འདུ་བྱེད་དང་། རྟེན་དང་ནུས་པ་གནང་བཀག་རབ་དབྱེ་དང་། འབྲས་བུའི་ཆ་དང་སྦྱིན་དང་ཚུལ་ཁྲིམས་དང་། རང་གིས་སྤྱོད་ཚུལ་བསམ་གྱིས་མི་ཁྱབ་པའོ། ། དང་པོ་ལ་གཉིས་ལས། (དང་པོ།)ལས་ལྔར་དབྱེ་བའི་སེམས་པ་ནི་བསམས་བཞིན་པ་ ཞེས་པར་བསྒྱུར་ཏེ། (ཡེ་ཤེས་བཤེས་གཉེན་གྱིས་)བསམ་བཞིན་པ་ལས་བྱེད་པའི་སྔ་རོལ་གྱི་ཀུན་ 1-1-529 སློང་ངོ་ཞེས་གསུངས་པའོ། །དེའང་བསམ་བཞིན་པ་ལས་གྱུར་པའི་ལས་ཞེས་མདོ་ལས་གང་ འབྱུང་བ་ལ་དེའི་དོན་འཆད་པ་ན། བསམ་བཞིན་པ་ལས་གྱུར་པ་གང་ཞེ་ན། རང་ཉིད་མི་ འདོད་བཞིན་དུ་གཞན་དག་གིས་ནན་གྱིས་བསྒོ་བ་ལ་བརྟེན་ནས་བསམ་བཞིན་པ་ལས་གྱུར་ པའི་མི་དགེ་བ་སྤྱོད་པ་དང་། གང་མི་འདོད་བཞིན་དུ་གཞན་གྱིས་འདི་ནི་ཕན་པའོ་ཞེས་(གྲོས་ དང་)གསོལ་བ་བཏབ་པ་ལ་བརྟེན་ནས་བསམ་བཞིན་པ་ལས་གྱུར་པའི་མི་དགེ་བ་སྤྱོད་པ་དང་། ལས་ཀྱི་སྐྱོན་ཡོན་མི་ཤེས་ཤིང་མངོན་ཞེན་མེད་ལ་རང་དགར་འཇུག་པ་བསམ་བཞིན་པ་ ལས་གྱུར་པའི་མི་དགེ་བ་སྤྱོད་པ་དང་། ཉེས་སྤྱོད་ཀྱི་རྩ་བ་དུག་གསུམ་ལ་མངོན་པར་ཞེན་ པ་དྲག་པོས་ཟིལ་གྱིས་ནོན་པ་ལ་བརྟེན་ནས་བསམ་བཞིན་པ་ལས་གྱུར་པའི་མི་དགེ་བ་སྤྱོད་ པ་དང་། འཚེ་བ་ཆོས་སུ་འདོད་པ་ལ་སོགས་པ་ཕྱིན་ཅི་ལོག་གི་ལྟ་བ་ལ་བརྟེན་ནས་བསམ་ བཞིན་པ་ལས་གྱུར་པའི་མི་དགེ་བ་སྤྱོད་པའོ། །དང་པོ་(གཞན་གྱིས་བསྒོ་བ་དང་གསོལ་བ་བཏབ་པ།) གཉིས་ནི་དགེ་བ་ལའང་སྲིད་ཅིང་ཡིད་ཀྱི་གསུམ་ནི་(དང་པོ།)དེ་དག་ལ་མེད་དོ་ཞེས་བསྡུ་བར་ གསུངས་སོ། ། གཉིས་པ་དེ་ལས་འཕྲོས་པ་ལ་ལྔ་ལས། (དང་པོ།)བསགས་པ་དང་ངེས་པའི་དབྱེ་བ་ནི། མདོ་ལས། དགེ་སློང་དག་བྱས་ཤིང་བསགས་པའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་མི་ མྱོང་བ་མ་ཡིན་པར་ང་སྨྲའོ་ཞེས་གསུངས་པ་དེ་ཅི་ལ་དགོངས་ཞེ་ན། ལས་ལྔ་བསྟན་པ་དེ་ལ་ དང་པོ་གསུམ་ནི་བྱས་ཀྱང་མ་བསགས་པས་རྣམ་སྨིན་མྱོང་བར་ངེས་པ་མ་ཡིན་ལ། རྩ་བ་ལ་ མངོན་པར་ཞེན་པ་བསམ་བཞིན་པ་ལས་གྱུར་པ་དང་། ཕྱིན་ཅི་ལོག་བསམ་བཞིན་པ་ལས་ གྱུར་བའི་ལས་གཉིས་ནི་བྱས་ཤིང་བསགས་པ་ཡིན་པས་འབྲས་བུ་རྣམ་པར་སྨིན་པ་ནི་མྱོང་ བར་མི་འགྱུར་བ་མ་ཡིན་གྱི་མྱོང་བར་ངེས་པ་ཡིན་ནོ། །དེ་དག་གི་ལས་བྱེད་པ་ནི་བློ་སྔོན་དུ་ བཏང་བའང་བཏང་ཡང་རུང་སྒོ་གསུམ་གྱིས་ཀུན་ཏུ་སྤྱོད་པའོ། །སོག་པ་ནི་ཀུན་གཞི་ལ་རྣམ་ 1-1-530 སྨིན་གྱི་བག་ཆགས་བཞག་ནས་ས་བོན་དེ་ཉིད་རྟས་ཤིང་འཕེལ་བར་བྱེད་པའོ། །(རྒྱུ་མཐུན་གྱི་ས་ བོན་ནི་མིན་ཞེས་སོ། །)དེ་ལ་མུ་བཞི་སྟེ། བྱས་ལ་མ་བསགས་པ་ནི་དང་པོ་གསུམ་དང་། རྨི་ལམ་དུ་ བྱས་པ་དང་། ཆེད་དུ་མ་བྱས་པ་དང་། ནོར་བ་དང་བརྗེད་པས་བྱས་པ་དང་། ལན་གཅིག་བྱས་ ཀྱང་འགྱོད་པ་དང་གཉེན་པོས་བཅོམ་པ་ལྟ་བུ་དང་། བསགས་ལ་མ་བྱས་པ་ནི་བསད་སེམས་ ཡུན་རིང་པོ་བྱས་ཀྱང་མ་བསད་པ་དང་། གཞན་གྱིས་བྱས་པ་ལ་ཡི་རང་བ་ལྟ་བུ་དང་། བྱས་ ཤིང་བསགས་པ་ནི་ཐ་མ་གཉིས་པོ་ལྟ་བུ་དང་། གཉི་ག་མ་ཡིན་པ་ནི་དེ་དག་ལས་གཞན་པ་ ལྟ་བུའོ། །མྱོང་བར་ངེས་པའི་ལས་ཞེས་མདོ་ལས་གང་འབྱུང་བ་ལ་ངེས་པ་གང་ཞེ་ན། སྔོན་གྱི་ ལས་དང་སྨོན་ལམ་གྱིས་འཕངས་ནས་ལས་དེ་ཚེ་དེ་ཉིད་ལ་བྱེད་པ་སངས་རྒྱས་གྱིས་ཀྱང་མི་ བཟློག་པར་ངེས་པ་སྟེ། མ་སྐྱེས་དགྲས་དྲང་སྲོང་དུ་གྱུར་པ་ན་ཕ་གསོད་པར་སྨོན་ལམ་བཏབ་ པ་དང་། འཕགས་སྐྱེས་པོས་ཉར་གྱུར་པ་ན་ཤཱཀྱ་རྣམས་གསོད་པར་སྨོན་ལམ་བཏབ་པ་གྲུབ་ པ་ལྟ་བུ་དང་། རྣམ་པར་སྨིན་པ་མྱོང་བར་ངེས་པ་དང་ཞེས་པ་ནི་འབྲས་བུ་མངོན་དུ་གྱུར་པས་ ལོངས་སྤྱད་བྱར་ངེས་པ་བསམས་བཞིན་པ་ཐ་མ་གཉིས་ལྟ་བུ་སྟེ། ཉོན་མོངས་རབ་དང་དྲག་ པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། །ཕ་མ་གསོད་ གང་དེ་ངེས་སོ། །ཞེས་ཀྱང་གསུངས་སོ། །དུས་ངེས་པ་ནི་མཐོང་བའི་ཆོས་དང་སྐྱེས་ནས་དང་ ལན་གྲངས་གཞན་ལ་མྱོང་འགྱུར་གསུམ་འཆད་པར་འགྱུར་བའོ། ། (གཉིས་པ།) ལས་ལམ་བཅུའི་འབྲས་བུ་བསྟན་པ་ནི། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། ། རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཅེས་པ་ལྟར་སོ་སོ་ལ་སྦྱར་ཏེ་འཆད་པ་ལ། (གཉིས་ ལས་)མི་དགེ་བའི་འབྲས་བུ་ནི། ལས་ཀྱི་འབྲས་བུ་མྱོང་བར་ངེས་པ་དེ་ལ་མི་དགེ་བ་བཅུའི་ ལས་ཀྱི་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོར་སྤྱད་པ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ ནི་རིམ་པ་ལྟར་དུད་འགྲོ་དང་ཡི་དྭགས་དང་དམྱལ་བ་སྟེ་ངན་སོང་གསུམ་པོ་རྣམས་སུ་སྐྱེས་ 1-1-531 ནས་སྡུག་བསྔལ་སྣ་ཚོགས་མྱོང་བའོ། །དེ་དག་སོ་སོའི་ཁྱད་པར་ནི། དྲན་པ་ཉེར་གཞག་ཏུ། ཆགས་དང་གཏི་མུག་འཇིགས་དང་ཁྲོས། །མི་གང་མི་ནི་གསོད་པ་དང་། །གཞན་ཡང་བསྐྱེད་ ནས་གསོད་བྱེད་པ། །དེ་རྣམས་ངེས་པར་ཡང་སོས་འགྲོ། །ཞེས་པ་དང་། མེད་པར་ལྟ་བ་གང་ ཞིག་གིས། །ཆོས་དང་ཆོས་མིན་ལོག་སྟོན་ཅིང་། །གཞན་རྣམས་ལ་ནི་ཉོན་མོངས་བྱེད། །དེ་ ནི་རབ་ཏུ་ཚ་བར་སྲེག། ཅེས་པ་དང་། གང་ཞིག་བརྟུལ་ཞུགས་བཟང་མནོས་ནས། །ལེགས་ པར་འཛིན་པར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིག་པའི་མེ་མ་མུར་དུ་སྲེག ། ཅེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །(ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པར། བསྟན་པ་འདི་ལ་རབ་ཏུ་བྱུང་བ་ རྣམས་ཚུལ་ཁྲིམས་ཉམས་ཤིང་མ་རྫོགས་ཀྱང་ལྟ་བ་དྲང་པོར་གྱུར་ན་ཀླུར་སྐྱེ་ཞིང་དེ་ནས་རིམ་གྱིས་ལྷ་དང་མིར་སྐྱེས་ནས་བསྐལ་ པ་བཟང་པོ་འདི་ཉིད་ལ་མྱ་ངན་ལས་འདའ་བར་གསུངས་སོ། །)རྒྱུ་མཐུན་པའི་འབྲས་བུ་ལ། བྱེད་པ་རྒྱུ་མཐུན་ ནི་རང་རང་གི་རིགས་འདྲ་ཕྱི་མ་བྱེད་པར་འདོད་པ་ཡིན་ལ། མྱོང་བ་རྒྱུ་མཐུན་ནི་གལ་ཏེ་ངན་ སོང་ནས་མིར་སྐྱེས་ན་ཡང་ཚེ་ཐུང་བ་དང་ནོར་དང་ཁྱིམ་ཐབ་དམན་པ་ལ་སོགས་པ་མི་དགེ་ བ་སོ་སོ་དང་མཐུན་པར་མིའི་ལུས་དང་ཡོངས་སུ་བཟུང་བའི་ཁྱད་པར་རྣམས་མི་འབྱོར་བ་སྟེ། (དབུ་མ་)རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་ མང་། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་པ་དགྲ་དང་བཅས། །བརྫུན་དུ་སྨྲ་བས་ སྐུར་བ་སྟེ། ཕྲ་མ་ཡིས་ནི་བཤེས་དང་འབྱེ། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་ བས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་ སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་པ་ལྟ་བུའོ། །དབང་ངམ་བདག་ པོའི་འབྲས་བུ་ནི་རྒྱུ་སོ་སོ་དང་མཐུན་པ་ཉིད་དུ་རིམ་པ་ལྟར་ཕྱིའི་དངོས་པོ་རྣམས་མི་འབྱོར་ ཞིང་རྒུད་པ་སྟེ། (ལུས་ཀྱི་དང་པོས་)ས་ཕྱོགས་གཟི་ཆུང་(གཉིས་པ་)ལོ་ཐོག་ལ། །དགྲ་མང་(གསུམ་ པ་)རྡུལ་གྱིས་འཁྲིགས་པ་དང་། །(ངག་གི་བཞིས་)དྲི་མ་མཐོན་དམན་ཚ་སྒོ་ཅན། །དུས་ཚིགས་ 1-1-532 འགྱུར་བ་མི་སྙོམས་དང་། །(ཡིད་ཀྱི་གསུམ་གྱིས་)འབྲས་བུ་ཕྲ་དང་ཁ་བ་དང་། །ཉུང་བའམ་མེད་ པར་སྐྱེ་བའོ(ཞེས་པ་བར་སྡོམ་མོ། །)། །དགེ་བའི་འབྲས་བུ་ནི་རེ་རེ་ལས་གསུམ་གསུམ་འབྱུང་བ་དེ་ ཡང་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་ཇི་སྐད་དུ། དགེ་བ་བཅུའི་ལས་ཀྱི་ལམ་ཟག་ པ་དང་བཅས་པ་སྤྱད་པ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་ཆེན་པོས་གོང་མ་གཉིས་ཀྱི་ ལྷ་དང་འབྲིང་གིས་འདོད་པའི་ལྷ་དང་། ཆུང་ངུས་མི་རྣམས་ཀྱི་ནང་དུ་སྐྱེས་ནས་འདོད་པ་སྣ་ ཚོགས་མྱོང་བའོ། །རྒྱུ་མཐུན་པའི་འབྲས་བུ་ལ། བྱེད་པ་རྒྱུ་མཐུན་ནི་སྔ་མ་ལྟ་བུ་དང་། མྱོང་ བ་རྒྱུ་མཐུན་ནི་བདེ་འགྲོ་དེ་དག་ཉིད་དུ་ལས་སོ་སོ་དང་མཐུན་པར་སྲོག་གཅོད་སྤངས་པས་ ཚེ་རིང་བ་དང་མ་བྱིན་ལེན་སྤངས་པས་ལོངས་སྤྱོད་ཆེ་བ་ལ་སོགས་པ་ལུས་དང་ཡོངས་སུ་ གཟུང་བའི་ཁྱད་པར་ཕུན་སུམ་ཚོགས་པ་ཐོབ་པའོ། །དབང་ངམ་བདག་པོའི་འབྲས་བུ་ནི་ལྷ་ དང་མིའི་གནས་དེ་དག་ཉིད་དུ་ལས་སོ་སོ་དང་མཐུན་པར་ས་ཕྱོགས་གཟི་བྱིན་ཆེ་བ་དང་། ལོ་ ཐོག་རྣམ་པར་འཕེལ་བ་ལ་སོགས་པ་ཕྱིའི་དངོས་པོ་ཕུན་སུམ་ཚོགས་པ་ཐོབ་པ་སྟེ། (རིན་ཆེན་ ཕྲེང་བར་)མི་དགེ་ཞེས་བྱ་དེ་རྣམས་ཀྱི། །རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ ཐམས་ཅད་ལ། །འབྲས་བུ་དེ་ལས་བཟློག་སྟེ་འབྱུང་། །ཞེས་པ་ལྟ་བུའོ། །མདོར་ན། མི་དགེ་ བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ ཅད་དང་། །རྣམ་པ་ཀུན་དུ་བདེ་བ་དག། ཅེས་ཀྱང་རིག་པར་བྱ་ཞིང་། རྒྱ་ཆེར་དྲན་པ་ཉེར་ གཞག་དང་། ལས་བརྒྱ་བ་དང་། འདུལ་བ་ལུང་ལ་སོགས་པ་བལྟ་སྟེ་བླང་དོར་ལ་འབད་པར་ བྱའོ། ། (གསུམ་པ།) འཕེན་རྫོགས་ཀྱི་ཁྱད་པར་ངོས་བཟུང་བ་ནི། དགེ་བ་ཟག་པ་དང་བཅས་པ་ དང་མི་དགེ་བའི་ལས་ཀྱིས་ནི་རིམ་པ་ལྟར་དགེ་བས་བདེ་འགྲོ་ཁོ་ན་དང་མི་དགེ་བས་ངན་ འགྲོ་ཁོ་ན་སྐྱེ་བ་འཕེན་པར་བྱེད་པའི་ལས་ཞེས་བྱ་བ་དང་། དགེ་མི་དགེ་གཉིས་ཀས་བདེ་ 1-1-533 འགྲོ་ངན་འགྲོ་གཉིས་ཀར་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པའི་ལས་སུ་རིག་པར་བྱའོ། ། དེ་ལ་འཕེན་པ་ནི་ལས་གང་གིས་གང་དུ་སྐྱེ་བ་དེའི་རྣམ་པར་སྨིན་པའི་ཕུང་པོ་སོ་སོར་མ་ འདྲེས་པར་འཕེན་པ་སྟེ། སྐྱ་རིས་བཟང་ངན་ཐ་དད་པ་ལྟ་བུའོ། །ཡོངས་སུ་རྫོགས་པར་བྱེད་ པ་ན་ལས་གང་གིས་གནས་གང་དུ་སྐྱེས་པ་དེ་ན་ཡང་འབྲས་བུ་འདོད་པ། (ཡོན་ཏན་བདུན་བརྗོད་ པའི་གཏམ་དུ།)ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་ དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་རྣམས་ལས་གསུངས། །ཞེས་པ་རྣམས་ མྱོང་བ་དང་། མི་འདོད་པ་དེ་ལས་ལྡོག་པའི་ཚེ་ཐུང་བ་དང་ནད་མང་བ་ལ་སོགས་པ་མྱོང་བ་ སྟེ། ཚོན་བཟང་ངན་གྱིས་རྫོགས་པར་བྱས་པ་ལྟ་བུའོ། །དེ་དག་ལའང་མུ་བཞི་སྟེ། (འཕེན་བྱེད་)དགེ་བས་(བདེ་འགྲོར་)འཕངས་ཀྱང་(རྫོགས་བྱེད་)མི་དགེ་བས་རྫོགས་(པས་སྡུག་བསྔལ་མྱོང་)པ་མི་ དབུལ་བོ་ལྟ་བུ་དང་། (དེ་ལས་ལྡོག་པ་)མི་དགེ་བས་འཕངས་ཀྱང་དགེ་བས་རྫོགས་པ་ཀླུ་འབྱོར་ ལྡན་ལྟ་བུ་དང་། འཕེན་རྫོགས་གཉིས་ཀ་མི་དགེ་བས་བྱས་པ་དམྱལ་བ་ལྟ་བུ་དང་། གཉི་ག་ དགེ་བས་བྱས་པ་འཁོར་ལོས་སྒྱུར་བ་ལྟ་བུའོ། ། (བཞི་པ།) འཕེན་ཚུལ་ལ་མུ་བཞི་བརྩི་བ་ནི། (འཕེན་བྱེད་)གཅིག་གིས་སྐྱེ་བ་གཅིག་(ཁོ་ན་) འཕེན་ཏེ། ཡོངས་རྫོགས་བྱེད་པ་དུ་མ་(མདོ་ལས། མ་འགགས་པས་བདག་ནི་བསོད་སྙོམས་གཅིག་པུ་དེའི་རྣམ་ པར་སྨིན་པས་ལན་བདུན་གྱི་བར་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་ནས། ད་ལྟར་གྱི་ཤཱཀྱ་ཕྱུག་པོའི་རིགས་སུ་ སྐྱེས་པ་རྣམས་ཀྱི་བར་ཡིན་ཞེས་པ་ནི། དེ་ལ་བརྟེན་ནས་བསོད་ནམས་ཡང་ཡང་། བྱས་པས་ཐོབ་པའམ། དེ་ཉིད་ཀྱི་ཚེ་སེམས་ པའི་རྒྱུན་མང་པོ་འབྱུང་བས་སྐྱོན་མེད་ཅེས་ཟེར་ཡང་གྲུབ་མཐའ་གཞན་ཡིན་ནོ། །འདོད་པའི་ལས་ནི་མིའི་ནང་དུ་སྨིན་འགྱུར་ གྱིས། སྨོན་ལམ་སོགས་རྐྱེན་དབང་གིས་ལྷ་དང་ངན་སོང་དང་། །འདོད་ལྷ་དང་པོར་སྨིན་འགྱུར་དྲུག་པར་སྨིན་པ་སོགས་ཡོད་དེ། ། རྣ་རིགས་ཀྱི་མདོ་ལས། སྦྱིན་པའི་རྣམ་སྨིན་གྱིས་གླང་པོ་ཆེ་ལོངས་སྤྱོད་ཆེན་པོར་སྐྱེས་པ་དང་། གནས་པའི་གྲོང་གི་བྲམ་ཟེ་མོས་ ཀཱ་ཏྱའི་བུ་ལ་བསོད་སྙོམས་ཕུལ་བ། ཡིད་སྨོན་ལོག་པས་ཡི་དྭགས་སུ་སྐྱེས་པར་གསུངས་པ་བཞིན་ནོ། །)ཡིན། །ཞེས་ཀྱང་ 1-1-534 འདོད་མོད། འདིར་ནི་ལས་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་གིས་ཚེ་གཅིག་གི་རྣམ་སྨིན་གྱི་ ས་བོན་གསོས་ནས་ལུས་སྐྱེ་བ་གཅིག་ཁོ་ན་འཕེན་པའི་ལས་ཀྱང་ཡོད་དེ། །(སེམས་གསལ་གཅིག་ བསྐྱེད་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །)སྙིང་རྗེའི་སེམས་གསལ་བ་གཅིག་གིས་ཚངས་ པར་སྐྱེས་པ་ལྟ་བུའོ། །དེ་བཞིན་དུ་ལས་གཅིག་གིས་ཚེ་རབས་དུ་མའི་ས་བོན་གསོས་ནས་ ལུས་སྐྱེ་བ་དུ་མ་འཕེན་པའི་ལས་ཀྱང་ཡོད་དེ། མཆོད་རྟེན་ལ་ཕྱག་གུས་པ་གཅིག་ཕུལ་བས་ ལུས་ཀྱིས་ནོན་པའི་(སའི་)རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་སྒྱུར་བ་ཐོབ་པ་ ལྟ་བུའོ། །ལས་དུ་མས་ལུས་སྐྱེ་བ་གཅིག་འཕེན་པའི་ལས་ཀྱང་ཡོད་དེ། མཆོད་སྤྱིན་བརྒྱ་བྱས་ པས་བརྒྱ་བྱིན་དུ་སྐྱེས་པ་ལྟ་བུའོ། ། (ལྔ་པ།) ལས་དུ་མས་ཕན་ཚུན་ལྟོས་ནས་ཚེ་རབས་དུ་མའི་ས་བོན་གསོས་པས་ལུས་སྐྱེ་བ་ དུ་མ་འཕེན་པའི་ལས་ཀྱང་ཡོད་དེ། ཚུལ་ཁྲིམས་དུ་མ་བསྲུངས་པས་ལྷ་མི་དུ་མ་ཐོབ་པ་ལྟ་བུ་ ཉིད་དོ། །འཕངས་པ་རྣམས་རིམ་གྱིས་མྱོང་ཚུལ་ལ། ལུས་དུ་མ་གཅིག་ཅར་མི་རུང་བས། འགྲོ་ བ་ལྔ་འགྲུབ་པའི་ལས་མང་པོ་དང་ལྡན་པའི་སེམས་ཅན་ཇི་ལྟར་རིམ་གྱིས་རྣམ་པར་སྨིན་པ་ མྱོང་བར་འགྱུར་ཞེ་ན། རྒྱུད་གཅིག་ལ་ལས་ཀྱི་ས་བོན་དུ་མ་ཡོད་པ་དེ་ལ་དགེ་མི་དགེའི་ལས་ གང་ཤིན་ཏུ་ལྕི་ཞིང་སྟོབས་ཆེ་བར་གྱུར་པ་དེ་ཐོག་མར་རྣམ་པར་སྨིན་པར་འགྱུར་རོ། །ཡང་ ལྕི་ཡང་མཉམ་ན་འཆི་བའི་དུས་ན་གསོས་བཏབ་ནས་གང་མངོན་དུ་གྱུར་པའོ། །ཡང་དེ་དག་ མཉམ་ན་གང་ཡུན་རིང་དུ་གོམས་པ་ཤས་ཆེ་བར་གྱུར་པའོ། །ཡང་དེ་རྣམས་མཉམ་ན་གང་ ཐོག་མར་སྤྱད་པ་དེའི་འབྲས་བུ་ཐོག་མ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ་ཞེས་པ་སྟེ། (མཛོད་ འགྲེལ་དུ།)ལས་ནི་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་པ་ལྟར་རོ། ། རྟེན་འབྲེལ་གྱི་འདུ་བྱེད་ལ། (གསུམ་ལས་དང་པོ།)ལས་ཀྱི་ངོ་བོ་ངོས་བཟུང་བ་ནི། བསོད་ 1-1-535 ནམས་ཀྱི་ལས་དང་། བསོད་ནམས་མ་ཡིན་པའི་ལས་དང་། མི་གཡོ་བའི་ལས་ཞེས་མདོ་ལས་ གང་འབྱུང་བ་ལ་བསོད་ནམས་གང་ཞེ་ན་ལས་གང་འདོད་པ་དང་རབ་ཏུ་ལྡན་པའི་ལྷ་དང་ མི་འགྲུབ་པའི་དགེ་བའོ། །བསོད་ནམས་མ་ཡིན་པ་གང་ཞེ་ན། ལས་གང་ངན་སོང་གསུམ་ འགྲུབ་པའི་མི་དགེ་བའོ། །མི་གཡོ་བའི་ལས་གང་ཞེ་ན། གང་གཟུགས་དང་གཟུགས་མེད་ པ་དང་རབ་ཏུ་ལྡན་པའི་ལྷ་རྣམས་འགྲུབ་པའི་དགེ་བ་སྟེ། རང་ས་ལས་གཞན་དུ་རྣམ་སྨིན་མི་ གཡོ་ཞིང་། མཉམ་པར་གཞག་པའི་ས་བ་ཡིན་པ་དང་། ས་འོག་མའི་སྐྱོན་གྱིས་མི་གཡོ་བའོ། ། དེ་དག་ཀྱང་བསོད་ནམས་ཡིན་ཡང་ཁྱད་པར་དུ་བཟང་བས་མི་གཡོ་བ་ཞེས་བརྗོད་པའོ། ། (གཉིས་པ།) དེ་རྣམས་ཀྱང་མ་རིག་པས་སྐྱེད་ཚུལ་ནི། མ་རིག་པའི་རྐྱེན་གྱིས་བསོད་ ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་རྣམས་ཞེས་རྟེན་འབྲེལ་གྱི་ མདོ་ལས་གང་གསུངས་པ་དེ་ལ། (བསོད་ནམས་དང་མི་གཡོ་བ།)དགེ་བ་དག་ནི་དུག་གསུམ་མེད་པ་ ལས་འབྱུང་བཞིན་དུ་ཇི་ལྟར་ན་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ འདུ་བྱེད་རྣམས་ཐམས་ཅད་མ་རིག་པའི་རྐྱེན་ལས་བྱུང་བ་ཡིན་ཞེ་ན། རྨོངས་པ་མ་རིག་པ་ ནི་གཉིས་ཏེ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་དང་། ལས་འབྲས་ཤེས་ཀྱང་ བདེན་པ་བཞིའི་དེ་ཁོ་ནའི་དོན་ལ་རྨོངས་པའོ། །དེ་ལ་འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་ ནི་མཐའ་གཅིག་ཏུ་ཉོན་མོངས་ཅན་ཡིན་པས་དེ་ཡོད་ན་རྒྱུ་འབྲས་ལ་ཡིད་ཆེས་པའི་ལྟ་བའི་ སྐབས་མེད་པའི་ཕྱིར། དེའི་དབང་གིས་ཚེ་འདིའི་བདེ་བའི་ཆེད་དུ་སྲོག་གཅོད་ལ་སོགས་པ་ ལ་འཇུག་པས་བསོད་ནམས་མ་ཡིན་པ་མི་དགེ་བའི་འདུ་བྱེད་རྣམས་འབྱུང་། །དེ་ཁོ་ནའི་དོན་ ལ་རྨོངས་པ་ནི་དགེ་བའི་སེམས་ཡོད་ཅིང་མ་རིག་པ་མངོན་གྱུར་མེད་ཀྱང་། ས་བོན་གྱི་དབང་ གིས་ཁམས་གསུམ་མཐའ་དག་སྡུག་བསྔལ་དུ་མ་ཤེས་པར་བསོད་ནམས་མི་གཡོ་བའི་འདུ་ བྱེད་རྣམས་སྐྱེད་པར་གསུངས་སོ། ། 1-1-536 (གསུམ་པ།)མི་དགེ་བ་དུག་གསུམ་གྱིས་སྐྱེད་ཚུལ་ལ། སྲོག་གཅོད་པ་ལ་ནི་(རྒྱུའི་ཀུན་སློང་)ཤ་ དང་ལྤགས་པ་འདོད་པ་ལ་སོགས་པའི་ཆགས་པ་དང་། མི་ཤ་བླན་པར་འདོད་པ་ལ་སོགས་ པའི་ཞེ་སྡང་དང་། (རྒྱལ་ཁྲིམས་དང་)མཆོད་སྦྱིན་བྱེད་པར་འདོད་པ་ལ་སོགས་པའི་གཏི་མུག་གིས་ སྦྱོར་ཏེ། (དུས་ཀྱི་ཀུན་སློང་)ཞེ་སྡང་མེད་ན་དངོས་གཞི་མི་འགྲུབ་པས་ཞེ་སྡང་གིས་མཐར་ཕྱིན་ པར་བྱེད་དེ། སྲོག་གཅོད་པ་ལ་ཇི་ལྟ་བར་ངག་རྩུབ་པོ་དང་གནོད་སེམས་ལ་ཡང་དེ་བཞིན་ཏེ། རྙེད་སོགས་ལ་ཆགས་པ་དང་། གནོད་བྱེད་ལ་སྡང་བ་དང་། (དེ་དག་གི་)ཉེས་དམིགས་ལ་རྨོངས་ པས་སྦྱོར་ཞིང་ཞེ་སྡང་གིས་རྫོགས་པ་ཡིན་ནོ། །མ་བྱིན་པར་ལེན་པ་ལ་ནི་ཡོ་བྱད་ལ་ཆགས་ པ་དང་། གནོད་བྱེད་ལ་ཞེ་སྡང་དང་། མཆོད་སྦྱིན་དང་རྒྱལ་སྲིད་སྲུང་བ་(དང་བླ་མ་དང་བྲམ་ཟེ་)ལ་ སོགས་པའི་ཆེད་དུ་སྐྱོན་མེད་སྙམ་པའི་གཏི་མུག་གིས་སྦྱོར་ཏེ། ཆགས་པ་མེད་ན་ནི་མི་འགྲུབ་ པས་དེས་མཐར་ཕྱིན་པར་བྱེད་དོ། །མ་བྱིན་པར་ལེན་པ་ལ་ཇི་ལྟ་བར་འདོད་པས་ལོག་པར་ གཡེམ་པ་ལའང་གཞན་གྱི་བུད་མེད་ལ་ཆགས་པ་དང་། གནོད་ལན་དུ་སྡང་བ་དང་། པར་ སིག་པ་མ་བག་མར་ལེན་པ་ལ་སོགས་པའི་གཏི་མུག་གིས་སྦྱོར་ཞིང་། བརྣབ་སེམས་ལའང་ དེ་བཞིན་དུ་ཡོ་བྱད་ལ་ཆགས་པ་དང་། (འགྲེལ་པར་)དེའི་འདིའི་མིན་པར་གྱུར་ཅིག་སྙམ་པའི་ སྡང་བ་དང་། ཉེས་དམིགས་ལ་རྨོངས་པས་སྦྱོར་ཏེ། གཉིས་ཀའང་ཆགས་པས་མཐར་ཕྱིན་ པ་ཡིན་ནོ། །བརྫུན་དུ་སྨྲ་བ་ལ་ནི་རྙེད་པ་སོགས་ལ་ཆགས་པ་དང་། གཞན་དག་ལ་ཞེ་སྡང་ དང་། མི་ཤེས་པ་གཏི་མུག་གིས་སྦྱོར་ཏེ། ཉོན་མོངས་པ་གསུམ་པོ་དག་ལས་གང་ཡང་རུང་ བས་མཐར་ཕྱིན་པར་བྱེད་དོ། །བརྫུན་དུ་སྨྲ་བ་ལ་ཇི་ལྟ་བར་ཕྲ་མ་དང་ཚིག་ཀྱལ་བ་ལ་ཡང་དེ་ བཞིན་ཏེ། དུག་གསུམ་གྱིས་སྦྱོར་ཞིང་གང་རུང་གིས་མཐར་འབྱིན་ནོ། །ལོག་པར་ལྟ་བ་ནི་ལྟ་ སྤྱོད་ངན་པ་ལ་ཆགས་པ་དང་། དེ་དང་འགལ་བ་ལ་ཞེ་སྡང་དང་། གནས་ལུགས་མ་རིག་པའི་ གཏི་མུག་གིས་སྦྱོར་ཏེ། གཏི་མུག་མེད་ན་ལོག་ལྟ་མི་འབྱུང་བས་རྒྱུ་འབྲས་ལ་རྨོངས་པའི་གཏི་ 1-1-537 མུག་གིས་མཐར་ཕྱིན་པར་བྱེད་དོ། །དེ་དག་གི་དང་པོ་སྦྱོར་བ་ནི་རྒྱུའི་འབྲས་བུ་ཀུན་སློང་དང་། རྗེས་སུ་མཐར་ཕྱིན་པ་ནི་དུས་ཀྱི་ཀུན་སློང་ཞེས་ཀྱང་བྱ་སྟེ། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། ། དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་ལ་དང་པོར་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་ བྱེད་ཡིན། །ཞེས་པ་ལྟར་རོ། ། རྟེན་དང་ནུས་པས་བཤད་པ་ལ། (གཉིས་ལས་དང་པོ།)བཤད་བྱ་དགོད་པ་ནི་མདོ་ལས། ལས་ ཐུན་མོང་ཞེས་ཀྱང་འབྱུང་། ཐུན་མོང་མ་ཡིན་པ་ཞེས་ཀྱང་འབྱུང་། སྟོབས་དང་ལྡན་པ་ཞེས་ ཀྱང་འབྱུང་། མཐུ་ཆུང་ཞེས་ཀྱང་འབྱུང་བ་ལ་ཞེས་པའོ། ། (གཉིས་པ།) དེ་ཉིད་བཤད་པ་ལ(འང་གཉིས་ལས་དང་པོ།)རྟེན་གྱི་སྒོ་ནས་བཤད་པ་ནི། ཐུན་མོང་ བ་གང་ཞེ་ན། ལས་གང་འབྲས་བུ་སྣོད་ཀྱི་འཇིག་རྟེན་སོ་སོར་རྣམ་པར་འབྱེད་ཅིང་སྐྱེད་པ་ སྟེ། ལས་བཟང་པོ་མཐུན་པར་བསགས་པ་ལས་ཞིང་ཁམས་དག་པ་དང་། ངན་པ་མཐུན་པར་ བསགས་པ་ལས་མ་དག་པ་ཐུན་མོང་དུ་གྲུབ་པའོ། །ཐུན་མོང་མ་ཡིན་པ་གང་ཞེ་ན། ལས་ གང་འབྲས་བུ་སེམས་ཅན་གྱི་འཇིག་རྟེན་སོ་སོར་རྣམ་པར་འབྱེད་ཅིང་སྐྱེད་པ་སྟེ། རང་རང་ གི་ལས་ཀྱི་དབང་གིས་བདེ་འགྲོ་དང་ངན་འགྲོའི་ཁྱད་པར་འགྲུབ་པའོ། །དེ་ལྟར་རྣམ་སྨིན་ གྱི་འབྲས་བུ་སོ་སོ་བ་ཡིན་ན་ཡང་ལས་གང་གིས་སེམས་ཅན་རྣམས་ཕན་ཚུན་གྱི་དབང་གིས་ འབྱུང་བ་ཞེས་མདོ་ལས་བརྗོད་པའི་སེམས་ཅན་རྣམས་ཕན་ཚུན་གཅིག་གི་བདག་རྐྱེན་གྱི་ དབང་གིས་གཅིག་འབྱུང་བའི་ལས་ཐུན་མོང་བ་ཉིད་ཀྱང་ཡོད་དེ། འདི་ལྟར་སེམས་ཅན་གང་ སེམས་ཅན་གཞན་རྣམས་དང་ཕན་ཚུན་དུ་ལྟ་བ་དང་སྨྲ་བ་དང་རེག་པ་ལ་སོགས་པ་ཉེ་བར་ ལོངས་སྤྱོད་པར་མི་འགྱུར་བའི་སེམས་ཅན་དེ་དག་ནི་ཡོད་ཅིང་རྙེད་སླ་བ་མ་ཡིན་པས་ཤིན་ཏུ་ དཀོན་ཏེ། གཟུགས་མེད་པའི་སེམས་ཅན་ལ་སྲིད་པ་ཙམ་ཡིན་ནོ། །དེ་བས་ན་ལྟ་བ་སོ་སོའི་ ལས་ཀྱི་དབང་གིས་བལྟ་བྱ་དང་། སློབ་དཔོན་གྱི་ལས་ཀྱི་དབང་གིས་སློབ་མ་དང་། རྒྱལ་ 1-1-538 བོའི་ལས་ཀྱི་དབང་གིས་བློན་པོ་ལ་སོགས་པ་ནི་དབང་འབྲས་ལས་ཐུན་མོང་བར་གྲུབ་པ་སྟེ། ཉི་ཤུ་པར། གཅིག་ལ་གཅིག་གི་དབང་གིས་ནི། །རྣམ་པར་རིག་པ་ཕན་ཚུན་འབྲས། །ཞེས་པ་ ལྟར་རོ། ། (གཉིས་པ།)ནུས་པའི་སྒོ་ནས་བཤད་པ་ལ། (གཉིས་ལས་དང་པོ།)སྟོབས་དང་ལྡན་པའི་ལས་ གང་ཞེ་ན། ལན་ལ་བཞིའི། (དང་པོ།)གཉེན་པོའི་དབང་གིས་སྟོབས་ལྡན་ལ་གསུམ་ལས། (དང་ པོ།)དགེ་བ་སྟོབས་དང་ལྡན་ཚུལ་ནི། སྤྱིར་ཡང་སྤང་བྱའི་འབྲས་བུ་འཕངས་ཀྱང་གཉེན་པོས་ བསྒྱུར་བར་ནུས་པའི་ཕྱིར། གཉེན་པོའི་ལས་སྟོབས་ཆེ་བ་ཡིན་ལ། (འདུ་བྱེད་རྣམ་པ་མཚུངས་པར་ ལྡན། །ས་ཉིད་འབྲས་བུ་རྣམ་གཉིས་ཉིད། །འཆད་དང་ཆུང་ངུས་ཡང་དག་འཇོམས། །སྤོང་དང་ཕྱོགས་ཀྱི་ཁྱད་པར་ཉིད། །ཅེས་ སོ། །) ཁྱད་པར་དུ། འཕགས་པའི་ལམ་ཐོབ་པའམ། སོ་སོ་སྐྱེ་བོ་ཡིན་ཡང་སྡིག་པ་ལ་འགྱོད་ ཅིང་བཤགས་པ་རྣམ་པར་སུན་འབྱིན་པའི་སྟོབས་དང་། མི་དགེ་བའི་གཉེན་པོར་དགེ་བ་དང་། ཟག་བཅས་ཀྱི་གཉེན་པོར་ཟག་མེད་སྤྱོད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་དང་། ཉེས་པ་དེའི་ རྒྱུན་གཅོད་ཅིང་སྡོམ་པ་སླན་ཆད་ལྡོག་པའི་སྟོབས་དང་། སྐྱབས་སུ་འགྲོ་བ་དང་། སེམས་ བསྐྱེད་པ་ལ་སོགས་པ་རྟེན་གྱི་སྟོབས་ཏེ། ཆོས་བཞི་བསྟན་པའི་མདོར། སྟོབས་བཞི་གསུངས་ པ་ལ་སོགས་པ་གཉེན་པོའི་སྟོབས་ཅན་གྱི་གང་ཟག་གི་རྒྱུད་ལ་ཡོད་པའི་བསམས་བཞིན་ པ་ལས་གྱུར་བའི་ལས་མི་དགེ་བ་གང་ཡིན་པ་དེ་ནི། གཉེན་པོ་དགེ་བའི་སྟོབས་བསྐྱེད་པས་ གང་ཕྱི་མར་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་མཐོང་བའི་ཆོས་ཚེ་འདི་ལ་ ནད་སོགས་ཅུང་ཟད་མྱོང་བར་འགྱུར་བར་བསྒྱུར་བ། དཔེར་ན་དགེ་སློང་དཔས་བྱིན་གྱིས་ གཞན་གྱི་བུད་མེད་བསྟེན་ཞིང་དེའི་ཁྱིམ་ཐབ་བསད་དེ་འགྱོད་པ་ལ། བྱང་ཆུབ་སེམས་དཔའ་ ངོ་མཚར་བླ་མས་ཆོས་བསྟན་པས། སྡུག་བསྔལ་ཅུང་ཟད་མྱངས་ནས་བཟོད་པ་ཐོབ་པ་ལྟ་ བུའམ། གང་མཐོང་བའི་ཆོས་ཚེ་དེ་ཉིད་ལ་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་བའི་ལས་ 1-1-539 དེ་གཉེན་པོའི་སྟོབས་བསྐྱེད་པས་ཟད་ཅིང་གཏན་ནས་མྱོང་བར་མི་འགྱུར་བར་བསྒྱུར་བ། དཔེར་ན་མཛའ་བོའི་བུ་མོས་མའི་མགོ་ལ་གནོད་པ་བྱས་པ་ཚེ་དེ་ཉིད་ཀྱིས་ཉི་ཚེ་བའི་དམྱལ་ བ་མྱོང་བ་བདག་ལས་གཞན་གཅེས་ཀྱི་སེམས་བསྐྱེས་པས་འཕྲལ་ལ་ཐར་བ་ལྟ་བུ་སྟེ། ཚུལ་ དེ་ལྟར་ན་གཉེན་པོ་ལས་བྱུང་བའི་ལས་ནི་སྤང་བྱ་བས་སྟོབས་ཆེ་བ་དང་། འཕགས་པའི་ ལམ་དུ་མ་ཟད་བསམས་བཞིན་པ་ལས་གྱུར་བའི་དགེ་བའི་ལས་ཐམས་ཅད་མི་དགེ་བ་ལས་ སྟོབས་ཆེ་བ་དང་ལྡན་པའོ། ། (གཉིས་པ།) དེ་ལ་དགོངས་པའི་ཤེས་བྱེད་ནི། གཉེན་པོའི་ལས་སྟོབས་ཆེ་བ་འདི་ལ་ དགོངས་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་ཉན་ཐོས་ལ་སོགས་པ་སེམས་ཤིན་ཏུ་ བསྒོམས་པ་དམིགས་རྣམ་ཚད་མེད་པས་ཕན་ཡོན་རྒྱ་ཆེ་བ་དེ་ལ། གང་ཚད་དུ་བྱས་པའི་མི་ དགེ་བའི་ལས་དེས་གང་ཟག་དེ་ངན་འགྲོ་ལ་སོགས་པར་ཁྲིད་པར་མི་བྱེད་དོ། །ལས་དེ་ལ་ གང་ཟག་དེ་གནས་པར་མི་བྱེད་དོ། །ལས་དེས་གང་ཟག་དེ་ལས་བྱེད་པ་པོ་དང་འབྲས་བུ་ མྱོང་བ་པོར་བགྲང་བར་མི་འགྱུར་རོ་ཞེས་གསུངས་སོ། ། (གསུམ་པ།)ལུང་གི་དགོངས་པ་བཤད་པ་ནི། གཉེན་པོ་དགེ་བའི་མཐུ་ཆུང་བའི་གང་ཟག་ གི་རྒྱུད་ལ་ཡོད་པའི་བསམས་བཞིན་པ་ལས་གྱུར་པའི་ལས་མི་དགེ་བ་གང་ཡིན་པ་དེ་དང་། དགེ་མི་དགེ་གང་ཡིན་ཡང་བསམས་བཞིན་པ་ལས་གྱུར་པའི་ལས་རྣམ་པར་སྨིན་པ་མྱོང་བར་ ངེས་པ་དེ་སྤོང་བའི་ཡོངས་ཤེས་འཕགས་ལམ་གྱིས་མ་སྤངས་པ་དང་། ཡེ་ཤེས་ཀྱི་ཡོངས་ ཤེས་ཟག་མེད་ཀྱིས་ཡོངས་སུ་མ་ཤེས་པ་དེ་ནི་རེ་ཞིག་འགལ་ཟླ་བས་སྟོབས་ཆེ་བ་དང་ལྡན་ པ་ཡིན་ཏེ། འབྲས་བུ་འབྱིན་པར་ངེས་པའི་ཕྱིར་རོ་ཞེས་པ་འདི་ནི་མདོ་འདིར་ཤུགས་ལ་ དགོངས་ཏེ་གསུངས་པའོ། ། (གཉིས་པ།) ཁམས་དང་རྒྱུད་ཀྱིས་སྟོབས་ལྡན་ནི། ཡང་འདོད་པའི་ཁམས་དང་རབ་ཏུ་ 1-1-540 ལྡན་པའི་མི་དགེ་བ་གང་ཡིན་པ་དེ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་ པའི་འཁོར་མང་བའི་ཕྱིར་ཁམས་གོང་མ་དག་གི་ཉོན་མོངས་པ་བས་སྟོབས་ཆེ་བ་དང་། དགེ་ མི་དགེ་གང་སྔོན་ཡང་ཡང་གོམས་པར་བྱས་པ་ནི་རྒྱུན་ལ་བག་ཆགས་བསྒོས་པའི་ཕྱིར་མ་ གོམས་པ་བས་སྟོབས་ཆེ་བ་དང་། གནས་ལ་གནས་པ་ནར་སོན་པ་རྣམས་ཀྱིས་བྱས་པ་ནི་ མངོན་ཞེན་དང་དད་པ་དྲག་པོས་བྱེད་པའི་ཕྱིར་གཞོན་ནུ་བས་སྟོབས་ཆེ་བ་དང་། ཡོངས་ སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རིགས་ཆད་རྣམས་ཀྱི་རེ་ཞིག་ཐར་བ་བསྒྲུབ་ཏུ་མེད་ པའི་ཉོན་མོངས་པ་གང་ཡིན་པ་དེ་ནི་གཉེན་པོས་དབྱུང་དུ་མེད་པའི་ཕྱིར་རིགས་ཅན་གྱི་ཉོན་ མོངས་པ་བས་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་སྟོབས་ཆེ་བ་དང་ལྡན་པའོ། ། (གསུམ་པ།) ཞིང་དང་བསམ་པས་སྟོབས་ལྡན་ནི། །འགྲོ་དང་སྡུག་བསྔལ་ཕན་འདོགས་ དང་། །ཡོན་ཏན་རྣམས་ཀྱི་ཞིང་ཁྱད་འཕགས། །ཞེས་པ་ལྟར། འགྲོ་བའི་ཁྱད་པར་(ལས་ཀྱི་རྣམ་ སྨིན་བསྟན་པའི་མདོར།)དུད་འགྲོ་ལ་བྱིན་ན་རྣམ་པར་སྨིན་པ་བརྒྱ་འགྱུར་དང་། (དེའི་རུང་མཐུན་སྦྱར་ན་མི་ དང་གྲངས་མཉམ་གྱི་དུད་འགྲོ་བཅུ་བསད་པ་དང་མི་ཕལ་པ་བསད་པ་སྡིག་པ་མཉམ་པོར་མངོན་གསུང་།)མི་ཚུལ་ཁྲིམས་ མེད་པ་ལ་སྟོང་འགྱུར་དང་། དགེ་སློང་ལ་ཁྲི་འགྱུར་དང་། དགེ་སློང་ཐེག་ཆེན་སྨྲ་བ་ལ་ཚད་ མེད་པར་གསུངས་པ་དང་། སྡུག་བསྔལ་བའི་ཁྱད་པར་ནད་པ་དང་ནད་གཡོག་དང་གྲང་བས་ ཉེན་པ་ལ་སོགས་པ་དང་། ཕན་འདོགས་(མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་ དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་སོ། །)པའི་ཁྱད་པར་ཕ་མ་དང་ ཆོས་སྨྲ་བ་ལ་སོགས་པའི་དྲིན་ཅན་དང་། ཡོན་ཏན་གྱི་ཁྱད་པར་ཚུལ་ཁྲིམས་དང་ལྡན་པ་དང་། འཕགས་པ་ལ་སོགས་པ་ལ་ཕན་གནོད་བྱས་ན་ཞིང་གི་སྒོ་ནས་སྟོབས་དང་ལྡན་པའི་ལས་ དང་། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ལ་སོགས་པའི་དགེ་བའམ། ལོག་ལྟ་ལ་སོགས་ པའི་འདུན་པ་དྲག་པོས་བྱས་པའི་མི་དགེ་བ་ནི་སེམས་ཀྱི་མངོན་པར་འདུ་བྱེད་པས་ཀྱང་ 1-1-541 སྟོབས་ཆེན་པོ་དང་ལྡན་པའི་ལས་སུ་རིག་པར་བྱའོ། ། (བཞི་པ།) ཞིང་སོགས་དགུ་ཡིས་སྟོབས་ལྡན་ནི། གཞན་ཡང་རྣམ་པ་དགུས་སྟོབས་ཆེན་ པོ་དང་ལྡན་པའི་ལས་སུ་རིག་པར་བྱ་སྟེ། དཀོན་མཆོག་ལ་སོགས་པ་ཡུལ་བཟང་པོ་ལ་ཕན་ གནོད་བྱེད་པ་ཞིང་གིས་སྟོབས་དང་ལྡན་པ་དང་། སྦྱིན་བྱའི་དངོས་པོ་བཟང་ཞིང་མང་བའམ། དུད་འགྲོ་བོངས་ཆེ་བ་བསད་ན་གཞི་ལས་ལྕི་བར་གསུངས་པ་ལྟ་བུ་དངོས་པོས་སྟོབས་དང་ ལྡན་པ་དང་། སྦྱིན་པ་ཚུལ་ཁྲིམས་སྒོམ་པ་གསུམ་དང་། (ཐོས་བསམ་སྒོམ་གསུམ་དང་ཕར་ཕྱིན་དྲུག་དང་། ཀྱལ་བ་ནས་སྲོག་གཅོད་ཀྱི་བར་དང་)ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་པོ་ཕྱི་མ་རྣམས་ངོ་བོ་ཉིད་ཀྱིས་ སྟོབས་དང་ལྡན་པ་དང་། བྱེད་པ་པོ་ཆགས་བྲལ་དང་སྡོམ་ལྡན་གྱིས་བྱས་པ་བྱེད་པོས་སྟོབས་ དང་ལྡན་པ་དང་། དད་པ་དང་འདུན་པ་དྲག་པོས་བྱས་པ་ཡིད་ལ་བྱེད་པས་སྟོབས་དང་ལྡན་ པ་དང་། མྱང་འདས་སམ་མངོན་མཐོ་སོགས་ཐོབ་པར་འདོད་པ་བསམས་པས་སྟོབས་དང་ ལྡན་པ་དང་། སྦྱིན་པ་ཚུལ་ཁྲིམས་ཀྱི་གྲོགས་ཀྱིས་ཟིན་པ་དང་། སྲོག་གཅོད་རྐུ་བའི་གྲོགས་ ཀྱིས་ཟིན་པ་ལ་སོགས་པ་གྲོགས་ཀྱིས་སྟོབས་དང་ལྡན་པ་དང་། ཡང་ཡང་བྱས་པའམ་རྗེས་ སུ་གསོས་པ་ལན་མང་དུ་བྱེད་པས་སྟོབས་དང་ལྡན་པ་དང་། རང་ཡང་བྱེད་ལ་གཞན་དག་ ཀྱང་བྱེད་དུ་འཇུག་པ་སྐྱེ་བོ་མང་པོས་ཀྱང་སྟོབས་དང་ལྡན་པ་སྟེ། (ཡེ་ཤེས་བཤེས་གཉེན་)ཐམས་ ཅད་ལ་སྔ་མ་རྣམས་མཉམ་ན་ཞེས་ཀྱང་རིག་པར་བྱའོ། ། (གཉིས་པ།)མཐུ་སྟོབས་ཆུང་བའི་ལས་ནི། སྔར་གྱི་སྟོབས་ལྡན་འདི་རྣམས་ལས་བཟློག་པ་ གཉེན་པོ་བས་སྤང་བྱ་སྟོབས་ཆུང་བ་ལ་སོགས་པ་ནི་སྟོབས་དང་མི་ལྡན་པའི་ལས་སོ་ཞེས་པ་ སྟེ། མཇུག་(ཏུ་གསོས་པ་)དང་ཞིང་དང་གཞི་དང་ནི། །སྦྱོར་དང་སེམས་པ་བསམས་པ་སྟེ། །དེ་ རྣམས་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད། །ཅེས་པ་ལྟར་རོ། ། རྒྱུ་འབྲས་གནང་བཀག་གིས་བཤད་པ་ལས། (གཉིས་ལས་དང་པོ།)མདོ་བཀོད་དེ་དྲི་བ་ནི། 1-1-542 བཅོམ་ལྡན་འདས་ཀྱིས་གང་ཟག་སུ་ཞིག་ཚིག་འདི་སྐད་དུ་ལས་བྱེད་པ་པོའི་སྐྱེས་བུ་གང་ ཟག་འདི་ཚོར་བ་བདེ་སྡུག་བཏང་སྙོམས་ཇི་ལྟ་ཇི་ལྟར་ལྡན་པ་ལས་བྱེད་ཅིང་སོག་པ་དེ་ལྟ་དེ་ ལྟར་རྒྱུ་དུས་ཀྱི་ཚོར་བ་གང་ཡིན་དང་འདྲ་བའི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་འགྱུར་ན། ཉོན་མོངས་པ་དྲག་པོ་ཅན་སོ་སོར་བརྟགས་ནས་སྡུག་བསྔལ་ཡིད་མི་བདེ་དང་བཅས་པས་ ཚུལ་ཁྲིམས་སྲུང་བ་རྣམས་འབྲས་བུའང་སྡུག་བསྔལ་མྱོང་བར་འགྱུར་བའི་ཕྱིར་དང་། གཞན་ གྱི་བུད་མེད་བསྟན་པ་ལ་སོགས་པ་འདོད་ཡོན་གྱི་བདེ་བ་ལ་ཆགས་པ་དང་བཅས་པའི་ཚུལ་ ཁྲིམས་འཆལ་བ་ལ་སྤྱོད་པ་འབྲས་བུའང་བདེ་བ་མྱོང་བའི་ཕྱིར། དེ་ལྟ་ན་སྡུག་བསྔལ་སྤོང་ བར་འདོད་པའི་རྟོག་ལྡན་རྣམས་ཚངས་པར་སྤྱོད་པ་ལ་གནས་པར་མི་འགྱུར་ཞིང་། གལ་ཏེ་ གནས་ཀྱང་ཡང་དག་པར་ན་མཐོང་ལམ་གྱིས་སྡུག་བསྔལ་ཟད་པ་དང་། སྒོམ་ལམ་གྱིས་སྡུག་ བསྔལ་མཐར་དབྱུང་བའི་སྐབས་ཀྱང་མི་སྣང་ངོ་ཞེས་ཟེར་བ་དང་། ཡང་སུ་ཞིག་འདི་སྐད་དུ། སྐྱེས་བུ་གང་ཟག་འདི་རྒྱུ་དུས་ན་ཚོར་བ་ཅི་ཡོད་ཀྱང་རུང་། ཇི་ལྟ་ཇི་ལྟར་འབྲས་བུ་བདེ་སྡུག་ བཏང་སྙོམས་མྱོང་བར་འགྱུར་བའི་ལས་དགེ་མི་དགེ་བྱེད་ཅིང་སོག་པ་དེ་ལྟ་དེ་ལྟར་ལས་དང་ མཐུན་པའི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་འགྱུར་ན། དེ་ལྟ་ན་ནི་བདེ་བ་མྱོང་འགྱུར་གྱི་ ཚངས་པར་སྤྱོད་པ་ལ་གནས་པར་འགྱུར་ཞིང་། གཉེན་པོ་བསྟེན་པས་ཡང་དག་པར་སྡུག་ བསྔལ་ཟད་པར་འགྱུར་བ་དང་། སྡུག་བསྔལ་མཐར་དབྱུང་བའི་སྐབས་ཀྱང་སྣང་ངོ་ཞེས་ཟེར་ རོ་ཞེས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ལ་ལུང་གི་དགོངས་པ་གང་ཡིན་ཞེ་ན། (གཉིས་པ།)དེ་ལན་གྱིས་བཤད་པ་ལ། (གཉིས་ལས་དང་པོ།)གནས་མ་ཡིན་པ་བཀག་པའི་ཚུལ་ འདིར་ནི་ལོག་གཡེམ་བྱེད་དུས་བདེ་ཡང་སྡུག་བསྔལ་མྱོང་བར་འགྱུར་བའི་ཕྱིར། བཅོམ་ལྡན་ འདས་ཀྱིས་ལས་བྱེད་དུས་ན་བདེ་བ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་དུས་ན་བདེ་ བ་དང་ལྡན་པར་ངེས་པ་ནི་བཀག་གོ། དཀའ་ཐུབ་དྲག་པོའི་དགེ་བ་ལས་རྣམ་སྨིན་བདེ་བ་ 1-1-543 མྱོང་བའི་ཕྱིར། རྒྱུ་དུས་ན་སྡུག་བསྔལ་དང་ལྡན་པའི་ལས་ཀྱི་འབྲས་བུའང་སྡུག་བསྔལ་དང་ ལྡན་པར་ངེས་པ་དང་། བཏང་སྙོམས་དང་ལྡན་པའི་དགེ་སྡིག་ལས་རྣམ་སྨིན་བདེ་སྡུག་མྱོང་ བའི་ཕྱིར། རྒྱུ་དུས་ན་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་དང་ལྡན་ པའི་ལས་ཀྱི་འབྲས་བུའང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་དང་ ལྡན་པར་ངེས་པ་ཡང་དེ་བཞིན་དུ་བཀག་པ་ཡིན་(འདིར་རྣམ་སྨིན་ལས་སྐྱེས་པའི་འཇུག་ཤེས་དང་མཚུངས་ ལྡན་གྱི་ཚོར་བ་ལས་རྣམ་སྨིན་དུ་བརྟགས་པའི་ཞེས་ཀྱང་གསུང་)ནོ། ། (གཉིས་པ།) གནས་ཡིན་པ་རྣམས་གནང་བའི་ཚུལ་ནི། ཡང་ལས་བྱེད་དུས་ན་བདེ་བ་དང་ ལྡན་ཞིང་ཕྱིས་ཀྱང་བདེ་བ་མྱོང་བར་འགྱུར་བའི་ལས་དགེ་བ་བྱས་ན་རྣམ་པར་སྨིན་པའང་ བདེ་བ་དང་ལྡན་པ་ནི་གནང་ངོ་། །འདོད་ལོག་སྤྱོད་པ་ལྟ་བུ་རྒྱུ་དུས་ན་བདེ་ཡང་སྡུག་བསྔལ་ མྱོང་བར་འགྱུར་བའི་ལས་ཡིན་པས་འབྲས་བུ་སྡུག་བསྔལ་དང་ལྡན་པ་དང་། རྒྱུ་དུས་ན་བདེ་ ཞིང་བསམ་གཏན་དང་པོ་ཡན་ཆད་འགྲུབ་པའི་དགེ་བ་བྱེད་པ་ནི་སྡུག་བསྔལ་ཡང་མ་ཡིན་ བདེ་བ་ཡང་མ་ཡིན་པ་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཡིན་པས། འབྲས་བུ་སྡུག་ བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་དང་ལྡན་པ་ནི་གནང་ངོ་། །ཉོན་ མོངས་པ་དྲག་པོ་ཅན་ཚུལ་ཁྲིམས་སྲུང་བ་ལྟ་བུ་རྒྱུ་དུས་ན་སྡུག་བསྔལ་དང་ལྡན་ལ། བདེ་བ་ མྱོང་པར་འགྱུར་བའི་ལས་ཡིན་པས་རྣམ་པར་སྨིན་པ་བདེ་བ་དང་ལྡན་པ་ནི་གནང་ངོ་། །རྩོལ་ བ་དྲག་པོས་ཆོམ་རྐུན་བྱེད་པ་ལྟ་བུ་རྒྱུ་དུས་ན་སྡུག་བསྔལ་དང་ལྡན་ཞིང་། སྡུག་བསྔལ་མྱོང་ བར་འགྱུར་བའི་ལས་ཡིན་པས་འབྲས་བུའང་སྡུག་བསྔལ་དང་ལྡན་པ་དང་། དཀའ་ཐུབ་དྲག་ པོས་བསམ་གཏན་བཞི་པ་ཡན་ཆད་འགྲུབ་པའི་ཏིང་ངེ་འཛིན་སྒོམ་པ་ནི་སྡུག་བསྔལ་ཡང་མ་ ཡིན་བདེ་བ་ཡང་མ་ཡིན་པ་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཡིན་པས། འབྲས་བུ་ སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བཏང་སྙོམས་དང་ལྡན་པ་ནི་གནང་ངོ་། །ལས་ 1-1-544 བྱེད་དུས་ན་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བཏང་སྙོམ་དང་ལྡན་ལ་ཕྱིས་བདེ་ བ་མྱོང་བར་འགྱུར་བའི་ལས་དགེ་བ་བྱས་ན། རྣམ་པར་སྨིན་པ་བདེ་བ་དང་ལྡན་པ་ནི་གནང་ ངོ་། །བཏང་སྙོམས་དང་ལྡན་པས་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་མི་དགེ་བ་བྱས་ན་ རྣམ་སྨིན་སྡུག་བསྔལ་དང་ལྡན་པ་དང་། ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་སྒོམ་པ་ ལྟ་བུ་རྒྱུ་དུས་ན་བཏང་སྙོམས་དང་ལྡན་པས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ བཏང་སྙོམས་མྱོང་བར་འགྱུར་བའི་ལས་མི་གཡོ་བ་བྱས་ན། འབྲས་བུའང་སྡུག་བསྔལ་ཡང་ མ་ཡིན་བདེ་བ་ཡང་མ་ཡིན་བཏང་སྙོམས་དང་ལྡན་པ་ནི་གནང་ངོ་། །རྒྱུ་དུས་ན་ཚོར་བ་ཅི་ ཡོད་ཀྱང་། མྱོང་འགྱུར་གྱི་ལས་གང་བྱས་པའི་འབྲས་བུ་སོ་སོར་མྱོང་བའོ་ཞེས་བྱ་བ་འདི་ནི་ སྐབས་འདིར་ལུང་གི་དགོངས་པས་བཤད་པའོ། ། ལས་ཀྱི་རབ་དབྱེ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ལ། (གསུམ་ལས།)དངོས་ནི། ཡང་ལས་ཀྱི་རབ་ཏུ་དབྱེ་བ་ནི་གསུམ་སྟེ། སྡིག་པའི་རྒྱུན་འགོག་ཅིང་ དགེ་བ་ལ་ཞུགས་པ་སྡོམ་པའི་ལས་དང་། སྡོམ་པ་དང་འགལ་ཞིང་མཐའ་གཅིག་ཏུ་གཞན་ལ་ གནོད་པར་ཞུགས་པ་སྡོམ་པ་མ་ཡིན་པའི་ལས་དང་། རེས་འགའ་དགེ་བ་དང་རེས་མི་དགེ་བ་ ལ་འཇུག་པ་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པའང་མ་ཡིན་པ་བར་མའི་ལས་སོ། ། (གཉིས་པ་)དེ་རྣམས་ཀྱི་རྟེན་ནི། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་ཉིད་མ་གཏོགས་མི་ རྣམས་ལ། །སྡོམ་མིན་སྡོམ་པའང་དེ་བཞིན་ལ། །ལྷ་ལའང་མི་རྣམས་ལ་གསུམ་མོ། །འདོད་ དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད་ཟག་མེད་ནི། །བསམ་གཏན་ཁྱད་ པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང་། །ཞེས་པ་ལྟར་མི་མ་ཡིན་ ཡང་ཟ་མ་མ་ནིང་མཚན་ཉིད་རྣམས་ནི་རྟེན་གཉིས་ཀའི་ཉོན་མོངས་པ་ཤས་ཆེ་ཞིང་ངོ་ཚ་ཁྲེལ་ ཡོད་ཤས་ཆུང་ལ་སྡུག་པ་ལའང་བློ་མི་བརྟན་པའི་ཕྱིར་དང་། སྒྲ་མི་སྙན་པ་ལ་ལེན་སེམས་ 1-1-545 དང་ཏིང་ངེ་འཛིན་མེད་ཅིང་སྡིག་པ་བྱ་བའི་བསམ་པའང་མེད་པའི་ཕྱིར་སྡོམ་པ་དང་སྡོམ་མིན་ གཉིས་ཀ་མེད་ལ། དེ་དག་ལས་གཞན་པའི་མི་རྣམས་ཁོ་ན་ལ་སྡོམ་མིན་དང་སོ་སོར་ཐར་ བའི་སྡོམ་པ་ཡོད་དོ། །སྤྱིར་ལྷ་རྣམས་ལ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡོད་ཅིང་། མི་རྣམས་ལ་སྡོམ་པ་གསུམ་ཀའང་ཡོད་ལ། ཁྱད་པར་འདོད་གཟུགས་ཀྱི་ལྷ་རྣམས་ལ་བསམ་ གཏན་གྱི་སྡོམ་པ་ཡོད་དོ། །བསམ་གཏན་ཁྱད་པར་ཅན་ལས་ཀྱིས་སྐྱེ་བ་བཟུང་བའི་ཚངས་ ཆེན་དང་འདུ་ཤེས་མེད་པ་མ་གཏོགས་པའི་གཟུགས་ཅན་གྱི་ལྷ་ལ་ཟག་མེད་ཀྱི་སྡོམ་པ་ཡོད་ ཅིང་། གཟུགས་མེད་ནའང་ལྡན་པའི་སྒོ་ནས་ཡོད་དོ། །ངན་འགྲོ་ལ་ནི་ངོ་ཚ་ཁྲེལ་ཡོད་དང་དེ་ དག་འཇིག་རྒྱུ་མེད་པས་སྡོམ་པ་དང་སྡོམ་མིན་གཉིས་ཀ་མེད་ལ། བར་མ་ནི་འདོད་ཁམས་ཀྱི་ འགྲོ་བ་ལྔ་ཅར་ལ་(བར་མ་དགེ་བ་ནི། གཟུགས་ཁམས་མ་གཏོགས་པའི་ཁམས་གཉིས་འགྲོ་བ་ལྔ་ག་ལ་ཡོད་དེ་སྡོམ་པ་ སྡོམ་ཡིན་མ་ཡིན་པའི་དགེ་མི་དགེ་ཀུན་བར་མར་བཤད་པས་སོ། །)ཡོད་དོ། ། (གསུམ་པ།) ངོ་བོ་ནི་བྱེ་བྲག་སྨྲ་བས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་ སྡོམ་པ་མིན་དང་གཞན། །ཞེས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད་མོད། དེ་ ལྟར་ཀུན་བརྟགས་པ་ཡིན་གྱི། དོན་ལ་གཟུགས་སུ་གྲུབ་པ་ནི་མེད་དོ། །དེས་ན་སྡོམ་པ་ནི་ བསྡུ་བར། སྤོང་བའི་སེམས་པ་སྟེ་སྤོང་བ་དེ་ལ་དབང་བྱེད་པའི་(དད་སོགས་)དབང་པོ་ལྔ་དང་ ལྡན་པ་གང་ཡིན་པ་དེ་སྡོམ་པའོ་ཞེས་པ་ལྟར། མི་མཐུན་ཕྱོགས་སྤོང་བའི་སེམས་པ་ཡིན་ལ། ཁྱད་པར་སོ་སོར་ཐར་བ་ནི་ཆོ་གས་བླངས་ཤིང་ལུས་ངག་གི་ལས་བཀག་པ་རྣམས་སྡོམ་པའི་ སེམས་པ་དེས་ཕྱིས་རིགས་འདྲ་འབྱུང་བའི་ས་བོན་ཀུན་གཞི་ལ་བཏབ་སྟེ་དེ་ནས་སྲོག་གཅོད་ ལ་སོགས་པ་སྤངས་པའོ་ཞེས་བླངས་པ་དྲན་པས་འཛེམ་ཞིང་བསླབ་པ་མི་འདྲ་བའོ་ཞེས་བྱེ་ བཤད་དུ་འབྱུང་བ་ལྟར་ཡིན་ཞིང་བསམ་གཏན་ཟག་མེད་ནི་རྗེས་ཐོབ་ཏུའང་མི་དགེ་བ་སྤོང་ ཞིང་དགེ་བ་ལ་འཇུག་པའི་བསམ་པ་དང་གནས་པ་ཐོབ་པ་སྟེ། བར་མ་དང་སྡོམ་མིན་ཡང་ 1-1-546 སྦྱོར་བའི་བསམ་པ་དང་ཁས་ལེན་པའི་སེམས་པའོ། ། རྒྱས་བཤད་ལ་སྡོམ་པ་སྡོམ་མིན་བར་མ་གསུམ་ལས། དང་པོ་སྡོམ་པའི་ལས་གང་ཞེ་ན། (གཉིས་ལས་དང་པོ།)དབྱེ་བ་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་སེམས་པ་འདོད་ པ་ན་སྤྱོད་པའི་ཚུལ་ཁྲིམས་སོ་སོར་ཐར་བའི་སྡོམ་པས་བསྡུས་པ་དང་། བསམ་གཏན་ས་དྲུག་ གི་ཏིང་ངེ་འཛིན་ཟག་བཅས་དང་ལྷན་གཅིག་པའི་སྤོང་བའི་སེམས་པ་གཟུགས་ན་སྤྱོད་པའི་ ཚུལ་ཁྲིམས་བསམ་གཏན་གྱི་སྡོམ་པས་བསྡུས་པ་དང་། ཏིང་ངེ་འཛིན་ཟག་མེད་དང་ལྷན་ ཅིག་འབྱུང་བའི་སྤོང་བའི་སེམས་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཟག་པ་མེད་པའི་ སྡོམ་པས་བསྡུས་པའོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ལུས་དང་སྲོག་ལའང་མི་ལྟ་བར་ ལུས་ངག་ཡིད་གསུམ་གྱིས་རྣམ་པ་ཐམས་ཅད་དུ་གཞན་ལ་ཕན་པར་ཞུགས་པའོ་ཞེས་ཀྱང་ (བྱེ་བཤད་དུ་འབྱུང་བ་ལྟར་)རིག་པར་བྱའོ། ། (གཉིས་པ།) ངོ་བོ་ལ་གསུམ་གྱི་སོ་སོར་ཐར་བའི་སྡོམ་པ་ལ་སྤྱི་དོན་བདུན་ཏེ། སྒོ་ཡུལ་ མི་ཐོབ་འཐོབ་ཚུལ་དང་། གནས་ཚུལ་གཏོང་རྒྱུ་ངེས་ཚིག་གོ། དང་པོ་ནི་མཛོད་འགྲེལ་དུ། སྐྱབས་སུ་འགྲོ་བ་ནི་སྡོམ་པ་བླང་བ་ཐམས་ཅད་ལ་སྒོར་གྱུར་པའོ། །ཞེས་པ་ལྟར་ཡིན་ལ། དེ་ ལའང་། རྒྱུ་དང་ཡུལ་དང་ངོ་བོ་དང་། །བསླབ་བྱ་དང་ནི་ཕན་ཡིན་ནོ། །རྒྱུ་ནི་སྔར་བཤད་པ་ ལྟར་དད་པ་གསུམ་ཐོབ་པའོ། །ཡུལ་ནི་དཀོན་མཆོག་གསུམ་ཡིན་ལ། དེའི་སངས་རྒྱས་ནི་ ཆོས་ཀྱི་དབྱིངས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་ སུམ་དུ་རྟོགས་པས་རང་དོན་ཕུན་སུམ་ཚོགས་པ་འགྲུབ་ཅིང་། དེ་ཉིད་སེམས་ཅན་ཐམས་ ཅད་ལ་ཡང་ཡོད་པར་མཁྱེན་ནས་ཐུགས་རྗེ་ཆེན་པོས་ལམ་སྟོན་ཞིང་སྡུག་བསྔལ་དང་ཉོན་ མོངས་པ་སྤོང་བར་ནུས་པ་གཞན་དོན་ཕུན་སུམ་ཚོགས་པའང་འགྲུབ་པས། དོན་གཉིས་ མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པ་སྟེ། (རྒྱུད་བླ་མར།)འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ། 1-1-547 གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ ལྡན་པའི་སངས་རྒྱས་ཉིད། །ཅེས་པ་ལྟར་རོ། །ཆོས་ནི་གང་ཞིག་འདོད་ཆགས་དང་བྲལ་བ་ འགོག་བའི་བདེན་པ་བསམ་གྱིས་མི་ཁྱབ་ཅིང་ལས་དང་ཉོན་མོངས་པ་དང་རྣམ་པར་རྟོག་པ་ ཞི་བ་དང་། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པ་དྲི་མས་དག་ཅིང་ཡེ་ཤེས་ ཀྱི་སྣང་བ་གསལ་ལ་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་པ་སྟེ། བསམ་མེད་གཉིས་ མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་ བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པ་ལྟར་རོ། །དགེ་འདུན་ནི་ཆོས་ཀྱི་ དབྱིངས་མངོན་སུམ་དུ་རྟོགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། དེ་སེམས་ཅན་ཐམས་ ཅད་ལ་ཁྱབ་པར་གཟིགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་ལྡན་པས་ཐེག་ཆེན་ འཕགས་པ་ཕྱིར་མི་ལྡོག་པར་གྱུར་པ་སྟེ། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་ པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པ་ལྟར་ རོ། །སྐྱབས་གསུམ་བདུན་ཅུ་པར། ཐུབ་པའི་དབང་པོའི་སྐུ་གཉིས་དང་། །མྱ་ངན་འདས་དང་ གང་ཟག་བརྒྱད། །དེ་ལ་གུས་པས་སྐྱབས་འགྲོ་གང་། །གསུམ་ལ་སྐྱབས་སུ་སོང་བ་ཡིན། ། ཞེས་ཀྱང་གསུངས་ལ། གནས་སྐབས་སུ་སངས་རྒྱས་གཟུགས་ཀྱི་སྐུ་དང་དེའི་རྟེན་གཟུགས་ སྐུ་དང་། ཆོས་གསུང་རབ་དང་དེའི་གཞི་གླེགས་བམ་དང་། དགེ་འདུན་སྡེ་བ་བཞིའི་དགེ་ སློང་གི་དགེ་འདུན་ལ་སོགས་པའོ། །(བསྡུ་བར།)ངོ་བོ་ནི། ཡོན་ཏན་ཤེས་པ་དང་། ཁྱད་པར་ ཤེས་པ་དང་། ཁས་བླངས་པ་དང་། གཞན་མི་སྨྲ་བའི་ཁྱད་པར་བཞི་དང་ལྡན་པས་ཡུལ་དམ་ པ་ལ་བརྟེན་པར་ཁས་ལེན་ཞིང་བློ་གཏོད་པའོ། །བསླབ་བྱ་ནི། ཐུན་མོང་དུ་ཐོས་པའི་སའི་ བསྡུ་བར། སྦྱོར་བས་དགེ་བའི་རྟེན་གཞི་དང་། དབང་པོ་མི་རྒོད་པ་དང་། བསླབ་པའི་གཞི་ བླང་བ་དང་། སེམས་ཅན་ལ་སྙིང་རྗེ་བ་དང་། དུས་དུས་སུ་དཀོན་མཆོག་མཆོད་པར་བྱ་བ་ལ་ 1-1-548 བསླབ་པར་གསུང་ཤིང་། ཁྱད་པར་དུ་མྱང་འདས་ཀྱི་མདོར། གང་ཞིག་སངས་རྒྱས་སྐྱབས་ སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་ མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བ། འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་ འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་པ་ལྟར་རོ། །ཕན་ཡོན་ ནི་འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་སྟེ། སངས་རྒྱས་ཆོས་དང་ དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྲིད་ པའི་འཇིགས་པ་ཆེ་ལས་སྒྲོལ། །ཞེས་པ་ལྟར་རོ། །བླང་བའི་ཡུལ་ནི། བསྡུ་བར། ཁྱིམ་པའི་ སྡོམ་པ་རང་གཞན་གང་རུང་ལས་ལེན་ཞིང་། རབ་བྱུང་གི་སྡོམ་པ་གཞན་ཁོ་ན་ལས་ལེན་ཏེ། དེ་ལྟ་མིན་ན་རབ་ཏུ་དབྱུང་བར་མི་འོས་པའང་རང་དགར་འཇུག་པས་བསྟན་པ་མི་བརྟན་པར་ འགྱུར་ཞེས་གསུངས་སོ། །འདུལ་བར་དགེ་སློང་ད་ལྟར་གྱི་ཆོ་ག་གསོལ་བཞིས་བསྙེན་པར་ རྫོགས་པ་ནི་ཡུལ་དབུས་དང་མཐའ་འཁོབ་ཏུ་བཅུ་དང་ལྔའི་ཚོགས་ལས་ལེན་པ་དང་། དགེ་ སློང་དང་དགེ་སློང་མའང་དགེ་འདུན་ལས་ལེན་པ་དང་། དགེ་ཚུལ་ནི་མཁན་སློབ་ལ་སོགས་ པ་གང་ཟག་ལས་ཀྱང་ལེན་པར་གསུངས་སོ། །(ལུང་དུ་མཚམས་མེད་བྱས་པ་རང་རྟགས་རང་གིས་བླངས་ པའི་མཁན་བུས་དགྲ་བཅོམ་པ་ཐོབ་པར་གསུངས་པས་མཁན་པོ་ལ་ལྡོམ་པ་མེད་ཀྱང་བསྒྲུབ་བྱས་ཡོད་པར་འདུ་ཤེས་ན་སྐྱེ་བར་ མངོན་ནོ། །)དགེ་བསྙེན་ནི་སྡོམ་བརྒྱད་དུ། དགེ་བསྙེན་ལས་ཀྱང་བླང་བར་བཤད་ཅིང་། བསྙེན་ གནས་ནི་ནམ་སྲུང་བའི་སྔ་དྲོ་ལེན་པ་དང་། ཚེ་གཅིག་གི་དུས་ངེས་པ་ཅན་ལ་ལེན་པ་གཉི་ག་ གསུངས་ལ། དེའང་མདོ་ལས། དགེ་སློང་ངམ་བྲམ་ཟེའམ་གཞན་གང་ཡང་རུང་བ་ཤེས་པ་ གཅིག་གི་གན་དུ་སོང་སྟེ་ཞེས་གསུངས་པས་ཆོ་ག་ཤེས་ན་དགེ་བསྙེན་ནམ་གཞན་ལས་ཀྱང་ བླང་དུ་རུང་ངོ་། །(ཡང་བསྡུ་བར། རབ་བྱུང་རང་གིས་བླངས་ནས་བསྲུང་ནའང་ཀུན་སློང་གི་བསམ་པ་ཉམ་ན་བསོད་ ནམས་མཉམ་པར་གསུངས་སོ། །) 1-1-549 མི་འཐོབ་པའི་རྒྱུ་ནི། སྡོམ་པ་སྐྱེ་བའི་བར་ཆད་མཚམས་མེད་བྱས་པ་དང་སྤྲུལ་བ་ལ་ སོགས་པ་དང་། གནས་པའི་བར་ཆད་རྒྱལ་པོས་བཀྲབས་པ་དང་ཕ་མས་མ་གནང་བ་ལ་ སོགས་པ་དང་། ཁྱད་པར་དུ་འགྱུར་བའི་བར་ཆད་འབྲས་དང་ཕོལ་མིག་ལ་སོགས་པའི་ནད་ དང་ལྡན་པ་དང་། མཛེས་པའི་བར་ཆད་སྐྲ་སེར་ལ་སོགས་པ་རྣམས་སོ། །བླང་བའི་ཡུལ་མ་ ཚང་བ་དང་། ཆོ་ག་ཉམས་པ་ལས་ཀྱང་མི་འཐོབ་ཅིང་། སེམས་ཅན་དང་ཡན་ལག་དང་ཡུལ་ དང་དུས་དང་ཚེ་ངེས་པའི་བསམ་པ་རྣམས་ལའང་མི་སྐྱེ་བར་གསུངས་སོ། །འཐོབ་ཚུལ་ནི། འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བ་ན། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །ཞེས་ པ་ལྟར་རང་རང་གི་ཆོ་ག་དང་བསླབ་པ་ཉན་པའི་སྒྲས་ཀུན་གཞི་ལ་བག་ཆགས་བཞག་ནས་ དེའི་མཐུས་མི་མཐུན་ཕྱོགས་སྤོང་བའི་འདུ་བྱེད་སེམས་པ་ཐོབ་ཅིང་། སོགས་ཀྱི་སྒྲས་རང་ བྱུང་གི་བསྙེན་པར་རྫོགས་པ་སངས་རྒྱས་དང་རང་རྒྱལ་དང་། ངེས་པ་ལ་འཇུག་པས་བསྙེན་ པར་རྫོགས་པ་ལྔ་སྡེ་བཟང་པོ་དང་། ཚུར་ཤོག་གིས་བསྙེན་པར་རྫོགས་པ་གྲགས་པ་དང་ མཆོག་ཟུང་གཅིག་ལ་སོགས་པ་(སྟོན་པར་ཁས་བླངས་ཀྱིས་འོད་སྲུངས། དྲི་བས་མཉེས་པས་ལེགས་སྦྱིན། ལྕི་བའི་ ཆོས་བརྒྱད་ཁས་བླངས་པས་སྐྱེ་དགུའི་བདག་མོ། ཕོ་ཉས་ཆོས་སྦྱིན་མ། ལྔ་ཚོགས་ཀྱིས་)མང་པོ་གསུངས་རྣམས་ཀྱང་ བསྡུའོ། །གནས་ཚུལ་ནི། རིམ་གྱིས་སྡོམ་པ་མང་པོ་བླངས་པ་རྣམས་ཕན་ཚུན་འགལ་བ་མེད་ པས་ན་རྒྱུད་གཅིག་ལ་(སྐྱེས་བུ་གཅིག་ལ་རྒྱན་དུ་མ་ལྟར། མཐའ་འཁོབ། བཅུ་ཚོགས་ཀྱིས་དབུས། སྐྱབས་གསུམ་ ཁས་ལེན་གྱིས་སྡེ་བཟང་དྲུག་ཅུ་སྟེ་བཅུ་མཛོད་འགྲེལ་དུ་བཤད་དོ། །ལེགས་བྱིན་གྱིས་སྨྲས་པའི་ལན་བཏབ་པས་བཅོམ་ལྡན་ འདས་མཉེས་པར་གྱུར་ཏེ། མཉེས་པ་དེས་ན་འདི་བསྙེན་པར་རྫོགས་པར་གྱུར་ཏོ། །སངས་རྒྱས་ལ་འདྲི་བ། ཆོས་གཅིག་ལ་གང་ བསྔགས་དད་པའི་སོགས་མངོན་པའི་མདོ་ནས་བཤད་དོ། །དགེ་སློང་ལ་བསྙེན་པར་རྫོགས་ཤིང་། དགེ་སློང་མའི་དངོས་པོར་བྱ་ བ་དང་། ཟླ་བ་ཕྱེད་ཅིང་དགེ་སློང་ལ་གདམས་ངག་མནོད་པར་བྱ་བ་དང་། དབྱར་དགེ་སློང་མེད་པའི་གནས་སུ་འགྲོ་བར་མི་བྱ་ བ་དང་། དགག་དབྱེའི་ཚེ་གཉི་གའི་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་བྱ་བ་དང་། དགེ་སློང་གི་ལྟུང་བ་གླེང་བར་མི་ 1-1-550 བྱ་བ་དང་། ལྟུང་བ་བྱུང་བ་ལ་ཁྲོ་བར་མི་བྱ་བ་དང་། བླ་མའི་ཆོས་ཀྱི་ལྟུང་བ་བྱུང་ན་ཟླ་བ་ཕྱེད་དུ་མཉེས་པར་བྱ་བ་སྤྱད་པར་བྱ་བ་ དང་། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་དགེ་སློང་གསར་བུ་ལ་ཕྱག་བྱ་བ་ཞེས་བྱ་བ།)ཐ་དད་དུ་གནས་ཤིང་། གཅིག་མངོན་དུ་གྱུར་པ་ན་གཞན་ས་བོན་དང་ལྡན་པའི་ཕྱིར་རྫས་མཚུངས་ཀྱང་ཉམས་པར་ མི་འགྱུར་རོ། །གཏོང་རྒྱུ་ནི། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་ བ་དང་། །(དགེ་བའི་)རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་བའི་འདུལ་བ་གཏོང་། ། ཞེས་པ་ལྟར་དང་པོ་བཞིས་སྤྱི་དང་། ཁྱད་པར་མཚན་མོ་འདས་པས་བསྙེན་གནས་གཏོང་སྟེ། རིམ་པ་ལྟར་བླངས་པ་དང་འགལ་བའི་རྣམ་རིག་སྐྱེས་པ་དང་། རྟེན་བོར་བ་དང་། རྟེན་ཉམས་ པ་དང་། གཞི་ཆད་པ་དང་། དེ་སྲིད་དུ་འཕངས་པ་རྫོགས་པའི་ཕྱིར་རོ། །ཡང་། ཁ་ཅིག་ལྟུང་ བར་འགྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་པ་ལྟར་(མདོ་སྡེ་པ།)ཁ་ཅིག་རྩ་ལྟུང་བྱུང་བ་ན་ཐམས་ ཅད་གཏོང་བར་འདོད་ཅིང་། གཞན་དག་དམ་པའི་ཆོས་ནུབ་པ་ན་བསླབ་མཚམས་དང་ལས་ ཀྱི་མཐའ་མེད་པས་གཏོང་ཟེར་ལ། མཛོད་འགྲེལ་དུ་ནི་དམ་པའི་ཆོས་ནུབ་པ་ན་འདུལ་བའི་ ལས་མེད་པའི་ཕྱིར་སྔར་མེད་པའི་སྡོམ་པ་ཐོབ་པ་ནི་མེད་ཀྱི་ཐོབ་ཟིན་པ་ནི་གཏོང་བ་མེད་ དོ་ཞེས་བཤད་དོ། །བསྡུ་བར་ཡང་དེ་(གོས་དམར་བ།)ལྟར་གསུངས་སོ། །ཁ་ཆེ་བ་(དེ་ལ་བདེ་བར་ གཤེགས་པ་གང་ཡིན་པ་དེ་ནི་ལམ་གྱིས་རྒྱལ་བའོ། །ཆོས་སྨྲ་བ་གང་ཡིན་པ་དེ་ནི་ལམ་སྟོན་པའོ། །ལེགས་པར་ཞུགས་པ་གང་ ཡིན་པ་དེ་ནི་ལམ་གྱིས་འཚོ་བའོ། །ལོག་པར་ཞུགས་པ་གང་ཡིན་པ་དེ་ནི་ལམ་སུན་འབྱིན་པར་བྱེད་པའོ། །ཞེས་ཉན་སར་རོ། །) ནི་ཕྱོགས་གཅིག་ཉམས་པས་མཐའ་དག་གཏོང་བར་མི་རིགས་པའི་ཕྱིར། བུ་ལོན་དང་ནོར་ གཉིས་ཀ་ཡོད་པ་བཞིན་དུ་རྩ་ལྟུང་གང་བྱུང་བའི་ཆ་ནས་ཚུལ་ཁྲིམས་འཆལ་བ་ཡང་ཡིན་ཞིང་ ལྷག་མ་ཡང་སྲུང་བའི་སྡོམ་པ་དང་ལྡན་པར་འདོད་དོ། །འདུལ་བ་ཀུན་ལས་བཏུས་པར་ཡང་ དེ་དང་མཐུན་པར་བཤད་ཅིང་། འོད་ལྡན་དུ་ནི་གཉིས་ཀའི་ལུང་དང་རིགས་པ་བཀོད་ནས་ 1-1-551 མཐའ་གཅིག་ཏུ་མ་ངེས་པར། དེ་ལྟ་བས་ན་དམ་པའི་ཆོས་འདུལ་བ་ནི་ཟབ་པ་གཏིང་དཔག་ དཀའ་བའོ་ཞེས་གསུངས་སོ། །ངེས་ཚིག་ནི། ཉོན་མོངས་པའི་གདུང་བ་བསིལ་བར་བྱེད་པས་ ན་ཚུལ་ཁྲིམས་དང་། མཁས་པས་བསྔགས་པར་བྱ་བས་ན་ལེགས་སྤྱད་དང་། བྱ་བའི་རང་ བཞིན་ཡིན་པས་ན་ལས་དང་། སྡིག་པ་ལས་སོ་སོར་ཐར་ཞིང་ལུས་ངག་སྡོམ་པས་ན་སྡོམ་པ་ ཞེས་པ་ལ་སོགས་པ་སྟེ། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། ། ཞེས་པ་ལྟར་རོ། ། གཞུང་དོན་ལ། སོ་སོར་ཐར་བའི་སྡོམ་པས་བསྡུས་པའི་ལས་གང་ཞེ་ན། སྡོམ་པའི་དབྱེ་ བ། གང་ཟག་གི་ཁྱད་པར། དགེ་བསྙེན་ལ་དཔྱད་པའོ། །དབྱེ་བ་ནི་རིས་སམ་སྡེ་ཚན་བརྒྱད་ དེ། ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ་དང་། སྤང་ལྟུང་སུམ་བཅུ་དང་། འབའ་ཞིག་པ་ དགུ་བཅུ་སྟེ་གཉིས་ལ་ལྟུང་བྱེད་བརྒྱ་ཉི་ཤུར་བྱས་པ་དང་། སོ་སོར་བཤགས་པ་བཞི་དང་། ཉེས་བྱས་བརྒྱ་རྩ་བཅུ་གཉིས་ཏེ་དེ་ལྟར་ལྟུང་བ་སྡེ་ལྔ་ལ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུ་ཕྱེ་བ་ རྣམས་དང་། གཞན་ཡང་གཞིས་བསྡུས་ཀྱི་ཉེས་བྱས་ལ་སོགས་པ་ལུས་ངག་གི་སྤང་བྱ་ཐམས་ ཅད་སྤོང་བ་ཡང་དག་པར་བླངས་པ་(དགེ་བ་དང་ཟས་སློང་བས་ན་)དགེ་སློང་གི་སྡོམ་པ་དང་། དེ་ལྟ་ བུ་བུད་མེད་ཀྱི་རྟེན་ལ་སྐྱེས་ཤིང་ལྟུང་བ་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་སྲུང་བ་དགེ་སློང་མའི་ སྡོམ་པ་དང་། བུད་མེད་ཉོན་མོངས་པ་མང་བས་རིམ་གྱིས་དགེ་སློང་མ་ལ་གཞུག་པའི་ཕྱིར་ དགེ་ཚུལ་མའི་སྟེང་དུ། (འདུལ་བ་རྒྱ་ཆེར་འགྲེལ་ལས།)གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་ རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །དེ་དང་ལྷན་ཅིག་འདུག་མི་བྱ། །སྨྱན་དུ་འགྱུར་ བ་མི་བྱ་ཞིང་། །ཁ་ན་མ་ཐོབ་ཅབ་མི་བྱ། །ཞེས་པ་ལྟར་ཆོས་དྲུག་དང་། གསེར་ལ་གཟུང་བར་ མི་བྱ་ཞིང་། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་རྣམས་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་རྣམས་ ཀྱང་གཅད་མི་བྱ། །བྱིན་ལེན་མ་བྱས་ཟ་མི་བྱ། །སོག་འཇོག་བྱས་པའང་བཟའ་མི་བྱ། །ཞེས་ 1-1-552 པ་ལྟར་རྗེས་སུ་མཐུན་པའི་ཆོས་དྲུག་ལ་སློབ་པ་དགེ་སློབ་མའི་སྡོམ་པ་དང་། (འདུལ་བ་སུམ་བརྒྱ་ པར།)གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་བའི་ ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་དངུལ་ གཉིས་ལེན་པ་སྤང་། །ཞེས་པ་ལྟར་རྩ་བ་བཞི་དང་ཡན་ལག་དྲུག་སྟེ་སྤང་བྱ་བཅུ་སྤོང་བ་ཡང་ དག་པར་བླངས་པ་དགེ་ཚུལ་གྱི་སྡོམ་པ་དང་། དེ་ལྟ་བུ་བུད་མེད་ཀྱི་རྟེན་ལ་ཡོད་པ་དགེ་ཚུལ་ མའི་སྡོམ་པ་དང་། (དགེ་བསྙེན་སྡོམ་བརྒྱད་དུ།)ཇི་སྲིད་འཚོ་བར་(གཞན་གྱི་སྲོག་དང་ལོངས་སྤྱོད་དང་ཆུང་མ་ལ་ གནོད་པ་སྤང་བའི་ཆེད་དུ་)གསོད་དང་རྐུ། །ལོག་པར་གཡེམ་(ཉམས་པ་ཕྱིར་གསོ་བའི་ཆེད་དུ།)དང་བརྫུན་ གྱི་ཚིག །(བླངས་པ་མ་ཉམས་པའི་ཆེད་དུ།)ཆང་གི་བཏུང་བ་རྣམས་ལས་ལྡོག །ཅེས་པ་ལྟར་སྤང་བྱ་ལྔ་ སྤོང་བ་ཡང་དག་པར་བླངས་པ་དགེ་བསྙེན་གྱི་སྡོམ་པ་དང་། དེ་ཉིད་བུད་མེད་ལ་ཡོད་པ་དགེ་ བསྙེན་མའི་སྡོམ་པ་དང་། (བཤེས་སྤྲིང་དུ།)འཚེ་དང་འཁྲིག་པ་ཆོམ་རྐུན་བརྫུན་དང་ནི། །ཆང་ དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་སྟན་མཐོ་ལ་དགའ་དང་གླུ་དང་ནི། །གར་དང་ ཕྲེང་བའི་ཁྱད་པར་རྣམ་པར་སྤང་། །ཞེས་པ་དང་། (མཛོད་དུ།)ཚུལ་ཁྲིམས་ཡན་ལག་བག་ཡོད་ པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། ། དེ་ཡིས་དྲན་ཉམས་དྲེགས་པར་འགྱུར། །ཞེས་པ་ལྟར་རྩ་བ་བཞི་སྲུང་བ་ཚུལ་ཁྲིམས་ཀྱི་ཡན་ ལག་དང་། དྲན་པ་ཉམས་པའི་རྒྱུ་ཆང་སྤོང་བག་ཡོད་པའི་ཡན་ལག་དང་། དྲེགས་པའི་རྒྱུ་ (གར་སོགས་གཅིག་ཏུ་བྱས་པའི་)གཞན་གསུམ་སྤོང་བ་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་སྤང་བྱ་བརྒྱད་ ཉིན་ཞག་ལ་སྤོང་བ་ཡང་དག་པར་བླངས་པ་ནི། དགྲ་བཅོམ་པའམ་ཇི་སྲིད་འཚོའི་སྡོམ་པ་ཉེ་ བར་གནས་པའི་ཕྱིར་བསྙེན་གནས་པའི་སྡོམ་པའོ། །དེ་ལྟར་མིང་གི་དབྱེ་བས་བརྒྱད་ཡིན་ ཡང་རྫས་སུ་ནི་(དགེ་སློབ་ནི་དགེ་ཚུལ་དང་གཅིག་པས་)བཞིར་འདུ་སྟེ། སྤང་བྱ་ལྔ་བརྒྱད་བཅུ་དང་ ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །(རིམ་པ་ལྟར་)དགེ་བསྙེན་དང་ནི་བསྙེན་གནས་དང་། ། 1-1-553 དགེ་ཚུལ་དང་ནི་དགེ་སློང་ཉིད། །ཅེས་པ་ལྟར་རོ། ། (གཉིས་པ།) ཁྱད་པར་ནི་དགེ་སློང་ལ་སོགས་པ་རབ་ཏུ་བྱུང་བའི་སྡོམ་པ་ལྔ་གཉེན་པོའི་སྒོ་ ནས་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་ཅེ་ན། ཇི་སྲིད་འཚོའི་བར་དུ་སྲོག་ གཅོད་པ་ལ་སོགས་པ་སྒོ་གསུམ་གྱི་ཉེས་པར་སྤྱད་པ་མི་དགེ་བ་ལས་དབེན་པར་སྤྱོད་པ་དང་། མི་ཚངས་སྤྱོད་ལ་སོགས་པ་འདོད་པ་ལས་ཀྱང་དབེན་པར་སྤྱོད་པ་སྟེ་དེ་དག་སྤོང་ནུས་པའི་ དབང་དུ་བྱས་པའོ། །ཁྱིམ་པའི་སྡོམ་པ་གསུམ་ལས་དགེ་བསྙེན་དང་དགེ་བསྙེན་མའི་སྡོམ་ པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་ཅེ་ན། ཇི་སྲིད་འཚོའི་བར་དུ་སྲོག་ གཅོད་དང་ལོག་གཡེམ་ལ་སོགས་པ་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་ཡིན་གྱི། མི་ ཚངས་སྤྱོད་ལ་སོགས་པ་འདོད་པ་ལས་དབེན་པར་སྤྱོད་པ་ནི་མ་ཡིན་ནོ། །བསྙེན་གནས་ པའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ཏེ་རྣམ་པར་གཞག་ཅེ་ན། ཇི་སྲིད་འཚོའི་བར་ དུ་སྲོག་གཅོད་ལ་སོགས་པ་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་པ་ཡང་མ་ཡིན་ནོ། །མི་ ཚངས་སྤྱོད་ལ་སོགས་པ་འདོད་པ་ལས་དབེན་པར་སྤྱོད་པ་ཡང་མ་ཡིན་པའི་དབང་དུ་བྱས་པ་ སྟེ། འོན་ཀྱང་ཉིན་ཞག་རེར་གཉི་ག་སྲུང་བ་ལ་སྡོམ་པར་བཏགས་ནས། རིམ་གྱིས་ཚེ་གང་དུ་ གཉི་ག་སྲུང་བ་ལ་གོམས་སུ་གཞུག་པའི་ཕྱིར་བསྟན་པའོ། ། དགེ་བསྙེན་ལ་དཔྱད་པ་ལ་གཉིས་ལས། (དང་པོ།)བསླབ་གྲངས་ལ་དཔྱད་པ་ནི། དགེ་ བསྙེན་གྱི་བསླབ་པའི་གཞི་ལྔ་ལས་ཕྱོགས་གཅིག་སྲོག་གཅོད་སྤང་བ་ལྟ་བུ་ལ་སློབ་ན་དགེ་ བསྙེན་གྱི་སྡོམ་པ་དང་ལྡན་པ་ཞེས་བྱའམ་ལྡན་པ་མ་ཡིན་པ་ཞེས་བྱ་ཞེ་ན། མིང་ཆེན་གྱི་ མདོར། བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན་དུ་འགྱུར་བ་ལགས་ཞེས་ སོགས་ཞུས་པའི་ལན་དུ། བསླབ་བྱ་སྣ་གཅིག་སྲུང་ན་སྣ་གཅིག་སྤྱོད་པ་དང་། གཉིས་སྲུང་ ན་ཕྱོགས་གཅིག་སྤྱོད་པ་དང་། གསུམ་མམ་བཞི་སྲུང་ན་ཕལ་ཆེར་སྤྱོད་པ་དང་། ལྔ་ཅར་སྲུང་ 1-1-554 ན་ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་དུ་གསུངས་པས། གང་བླངས་པ་སྲུང་བའི་ཆ་ ནས་སྡོམ་པ་དང་ལྡན་པ་ཞེས་བྱ་སྟེ། ལྷག་མ་མི་སྲུང་བའི་ཆ་ནས་ཚུལ་ཁྲིམས་འཆལ་བ་ཞེས་ ཀྱང་བྱའོ། །བསླབ་བྱ་གཞན་མི་སྲུང་ཡང་གསུམ་ལ་སྐྱབས་སུ་སོང་ན། (མདོ་ལས་མིང་ཆེན། འདི་ ལྟར་ཁྱིམ་པ་གོས་དཀར་པོ་བགོས་པའི་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་ དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་། བདག་ལ་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་ཏུ་སྨྲ་ན་འདི་ཙམ་གྱིས་དགེ་བསྙེན་དུ་ འགྱུར་རོ། །ཞེས་སོ། །)སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་གསུངས་ཤིང་། བསྙེན་གནས་(ཁ་ཆེ་ བ་ཁ་ཅིག་དགེ་བསྙེན་དུ་ཁས་བླངས་པས་སྡོམ་པ་ཐོབ་ཀྱང་དེ་ཤེས་པའི་ཕྱིར་བསླབ་པ་བསྡོད་པ་ཡིན་ལ། སྡོམ་པ་ཐམས་ཅད་ཀྱི་ ས་ཐོབ་ཀྱང་གང་སྲུང་བ་དེ་ལྡན་ལ་མི་སྲུང་བ་དེ་འཆལ་བ་ཡིན་ཟེར་བ་ལ་འཆལ་བ་སྣ་གཅིག་སྤྱོད་པའི་དགེ་བསྙེན་གང་ཡིན་ཞེས་ ཞུ་བ་ཡང་མི་འཐད་ན་ལན་ལྟ་སྨོས་ཀྱང་ཅི་དགོས་ཞེས་དབྱིག་གཉེན་ཟེར་རོ། །)ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་ དུ་སྲུང་ན་གོ་མཱིའི་དགེ་བསྙེན་ནོ་ཞེས་པའང་གནས་བརྟན་སྡེ་པའི་མན་ངག་གོ། (གཉིས་པ།) གང་ཟག་ལ་དཔྱད་པ་ལ། (གཉིས་ལས།)དོན་དངོས་ནི། ཕོ་མོའི་དབང་པོ་གང་ ཡང་མེད་པ་ཟ་མ་ནིང་དང་། ཡོད་ཀྱང་དགའ་བའི་ཁྱད་པར་སྐྱེ་མི་ནུས་པ་མ་ནིང་རྣམས་ ལ་དགེ་བསྙེན་གྱི་སྡོམ་པ་བཀག་གམ་དགེ་བསྙེན་གྱི་སྡོམ་པ་མ་བཀག་ཅེ་ན། དགེ་བསྙེན་ ཉིད་ཅེས་བྱ་བའི་ངེས་པའི་ཚིག་ནི་བཀག་སྟེ། དགེ་སློང་དང་དགེ་སློང་མའི་ཕྱོགས་གཉིས་ ལ་བསྙེན་བཀུར་བྱེད་ཅིང་ཉེ་བར་གནས་པས་ན་དགེ་བསྙེན་ཞེས་བྱ་བ་ཡིན་ལ། དེ་དག་ དང་མཚན་གཉིས་རྣམས་ནི་དེ་ལྟར་བྱ་བའི་འོས་མ་ཡིན་པའི་ཕྱིར་རོ། །དེ་ཡང་རྟེན་གཉིས་ ཀའི་ཉོན་མོངས་པ་ཤས་ཆེ་བས་དགེ་སློང་དང་འགྲོགས་ན་བུད་མེད་དང་། དགེ་སློང་མ་དང་ འགྲོགས་ན་སྐྱེས་པ་བསྟེན་པའི་ཉེས་པར་འགྱུར་རོ། །འོན་ཀྱང་(བསྡུ་བར་)བསླབ་པ་བསྲུངས་ ན་བསོད་ནམས་མཉམ་པར་བཤད་ཅིང་། (ཡེ་ཤེས་བཤེས་གཉེན།)སྐྱབས་སུ་འགྲོ་བའི་དགེ་བསྙེན་ ནི་མ་བཀག་གོ། ཞེས་ཀྱང་གསུང་ངོ་། །ཞར་བྱུང་ལ་སྔར་བསྟན་པའི་མ་ནིང་གི་དབྱེ་བ་ནི་ 1-1-555 ལྔ་སྟེ། མངལ་དུ་ཕོ་མོའི་དབང་པོ་མ་གྲུབ་པས་སྐྱེས་མ་ཐག་ཉིད་ནས་མ་ནིང་དུ་གྱུར་པ་དང་། གཞན་འདོད་པ་སྤྱོད་པ་མཐོང་ན་སྐྱེས་པའི་སྤོབས་པ་སྐྱེ་བ་མ་ནིང་ཕྲག་དོག་ཅན་དང་། ཟླ་ བའི་དཀར་ཕྱོགས་ནག་ཕྱོགས་ལ་མཚན་འཕོ་ཞིང་འདོད་ཆགས་འཕོ་བས་གནོད་པ་མ་ནིང་ ཟླ་བ་ཕྱེད་པ་དང་། ཁ་ལ་སོགས་པར་མི་གཙང་བ་བླུགས་པ་ན་སྐྱེས་པའི་རྣམ་པར་འགྱུར་ བའམ། འཁྱུད་ན་(དབང་པོ་)ལྡང་བ་བླུགས་པའི་མ་ནིང་དང་། (འབྲས་བུ་རླུང་གིས་བླུགས་པ་ཞེས་ཀྱང་ཟེར་ རོ། །) དུག་དང་མཚོན་དང་མེ་དང་སྔགས་ལ་སོགས་པས་སྐྱེས་པའི་དབང་པོ་ཆད་ཅིང་དོན་ བྱེད་མི་ནུས་པར་གྱུར་པ་ཉམས་པའི་མ་ནིང་ངོ་། ། གཉིས་པ་བསམ་གཏན་པའི་སྡོམ་པ་གང་ཞེ་ན། (གསུམ་ལས་དང་པོ།)དོན་དངོས་ནི། འཆལ་ བའི་ཚུལ་ཁྲིམས་མི་དགེ་བ་ཀུན་ནས་སློང་བའི་རྒྱུ་འདོད་ཁམས་ཀྱི་ཉོན་མོངས་པ་དང་ཉེ་ བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་རྣམ་པར་གནོན་པའི་གཉེན་པོས་འཇོམས་པའི་དུས་ན། འདོད་པ་ཕྱོགས་གཅིག་ལ་འདོད་ཆགས་དང་བྲལ་བས་མི་དགེ་བ་སྤོང་བའི་སེམས་པ་གང་ ཡིན་པ་བསམ་གཏན་དང་པོའི་སྡོམ་པ་དང་། བསམ་གཏན་དང་པོ་འདོད་ཆགས་དང་བྲལ་ བའི་སྤོང་བའི་སེམས་པ་གཉིས་པའི་སྡོམ་པ་དང་། བསམ་གཏན་གཉིས་པ་ལ་འདོད་ཆགས་ དང་བྲལ་བའི་སྤོང་བའི་སེམས་པ་གསུམ་པའི་སྡོམ་པ་དང་། བསམ་གཏན་གསུམ་པ་ལ་ འདོད་ཆགས་དང་བྲལ་བའི་སྤོང་བའི་སེམས་པ་བཞི་པའི་སྡོམ་པ་སྟེ། དེ་དག་ནི་རིང་དུ་བྱེད་ པའི་གཉེན་པོས་སྤང་བྱ(འདོད་པ)འི་(ཉོན་མོངས་སོགས་པའི་)ས་བོན་སྤོང་བ་གང་ཡིན་པའོ། །བཞི་ པ་ལ་འདོད་ཆགས་དང་བྲལ་ན་གཟུགས་མེད་པའི་ཕྱིར་གཟུགས་ཀྱི་ངོ་བོ་ཅན་གྱི་སྡོམ་པ་ མེད་པར་(འགྲེལ་པར་)གསུངས་པ་ནི་བྱེ་བྲག་ཏུ་སྨྲ་བ་དང་སྒོ་བསྟུན་པ་སྟེ། ས་སྡེར། གཟུགས་ དང་གཟུགས་མེད་པ་ན་སྤྱོད་པའི་བསམ་གཏན་གྱི་སྡོམ་པ་དང་ཞེས་གསུངས་པས་སོ། ། (གཉིས་པ།) འཐོབ་ཚུལ་ནི། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །ས་ཉིད་ཀྱིས་ཐོབ་ 1-1-556 ཅེས་པ་ལྟར་ཟག་བཅས་ཀྱི་དངོས་གཞིའི་ཉེར་བསྡོགས་ཐོབ་པ་ན་འཐོབ་ཅིང་། (གསུམ་པ།) གཏོང་རྒྱུ་ནི། བསམ་གཏན་གཏོགས་པའི་དགེ་བ་ནི། ས་འཕོས་ཉམས་པ་ དག་གིས་གཏོང་། །ཞེས་པ་ལྟར་ས་གོང་འོག་ཏུ་སྐྱེས་པའམ་སྙོམས་འཇུག་ལས་ཉམས་པ་ན་ གཏོང་ངོ་། ། གསུམ་པ་ཟག་པ་མེད་པའི་སྡོམ་པ་གང་ཞེ་ན། (བཞི་ལས་དང་པོ།)དོན་དངོས་ནི། ཆོས་ཉིད་ བདེན་པ་མངོན་སུམ་དུ་མཐོང་བའི་གང་ཟག་གི་ཟག་པ་མེད་པའི་འཇིག་རྟེན་ལས་འདས་ པའི་ལམ་གྱིས་འཆལ་བའི་ཚུལ་ཁྲིམས་ཀུན་སློང་དང་བཅས་པའི་ས་བོན་རྩ་བ་ནས་སྤངས་པ་ གང་ཡིན་པའོ་ཞེས་པ་སྟེ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་སོ། ། (གཉིས་པ།) འཐོབ་ཚུལ་ཟག་མེད་ནི། འཕགས་དེས་ཞེས་པ་ལྟར་འཕགས་པར་གྱུར་པ་ན། བསམ་གཏན་ས་དྲུག་ཏིང་ངེ་འཛིན་ཟག་མེད་དང་ལྷན་ཅིག་འབྱུང་བས་འཐོབ་ཅིང་། (གསུམ་ པ།) གཏོང་རྒྱུ་ནི། འབྲས་བུ་ཐོབ་སྤྱངས་ཉམས་པ་ལས། ཞེས་པ་ལྟར་འབྲས་བུ་གོང་མ་ཐོབ་ ན་ལམ་སྔ་མ་གཏོང་ཞིང་། དབང་པོ་རྣོན་པོས་སྦྱངས་པ་ལས་རྟུལ་འབྲིང་གིས་ལམ་གཏོང་ལ། ཉམས་པ་ལས་ནི་ལམ་གོང་མའང་གཏོང་ངོ་། ། དེ་དག་གི་(བཞི་པ།)ཞར་བྱུང་སྡོམ་པའི་མིང་ཅན་ནི། (ཐེག་ཆེན་པའི་ལུགས་ལ་བསྡུ་བར།) མི་དགེ་ བ་བཅུའི་ངོ་བོ་ཕྱོགས་གཅིག་སྤོང་བ་དང་། ཕལ་ཆེར་སྤོང་བ་དང་། ཐམས་ཅད་སྤོང་བ་དང་། (ཉིན་ཞག་སོགས་)དུས་ཡུན་ཐུང་ངུས་སྤོང་བ་དང་། (ལོ་ལ་སོགས)རིང་དུ་སྤོང་བ་དང་། ཇི་སྲིད་ འཚོའི་བར་དུ་སྤོང་བ་དང་། གང་ཟག་རང་ཉིད་སྤོང་བ་དང་། གཞན་སྤོང་དུ་འཇུག་པ་དང་། སྤོང་བའི་བསྔགས་པ་བརྗོད་པ་དང་། སྤོང་བ་མཐོང་ན་དགའ་ཞིང་ཡི་རང་བ་རྣམས་བཅུ་ བཅུར་ཕྱེ་བས་བརྒྱར་འགྱུར་ལ། བསྡུ་ན་(ཕྱོགས་གཅིག་སོགས་)ཆུང་ངུ་དང་(ཕར་ཆེར་སོགས་)འབྲིང་ དང་(འཚོ་བར་སོགས་)ཆེན་པོ་གསུམ་མམ། ལུས་ངག་ཡིད་གསུམ་གྱི་སྡོམ་པ་གསུམ་དུའང་ 1-1-557 འགྱུར་ཏེ། ལུས་ཀྱི་སྡོམ་པ་ལེགས་པ་ཡིས། །ངག་གི་སྡོམ་པ་ལེགས་པ་སྟེ། །ཡིད་ཀྱི་སྡོམ་པ་ ལེགས་པ་ཡིས། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཞེས་པ་ལྟར་རོ། ། གཉིས་པ་སྡོམ་པ་མ་ཡིན་པ་གང་ཞེ་ན། (བཞི་ལས་དང་པོ།)སྡོམ་པ་མ་ཡིན་པའི་དོན་དངོས་ ནི། ཕྱུགས་བསད་དེ་བཙོངས་ནས་འཚོ་བ་ཤན་པ་རྣམས་ཀྱིས་སེམས་ཅན་ལ་གནོད་པའི་ སེམས་པ་དང་། དེ་བཞིན་དུ་སྦྱར་ཏེ། བྱ་གག་ཁྱིམ་བྱ་བསྟེན་ཅིང་བསད་པ་དང་། ཕག་པ་ བསྲེལ་ཞིང་བསད་པ་དག་གིས་འཚོ་བ་དང་། ཉ་བཤོར་ཏེ་འཚོ་བ་དང་། རི་དྭགས་ཀྱི་རྔོན་པ་ བྱས་ཏེ་འཚོ་བ་དང་། བྱ་བཤོར་ཏེ་འཚོ་བ་དང་། རི་བོང་རྒྱས་འཆོར་བའམ་(རྒྱལ་པོ་སྲས་)བ་གུ་ རི་ཞེས་གྲགས་པའི་སྲོག་ཆགས་བམ་པ་གསོད་པ་དང་། ཆོམ་རྐུན་བྱས་ཏེ་མ་ཕྱིན་ལེན་གྱིས་ འཚོ་བ་དང་། རྒྱལ་པོས་མི་གསོད་པར་བསྐོས་པའི་གཤེད་མ་དང་། ནགས་ནས་གླང་བོ་ཆེ་ འཛིན་ཞིང་འདུལ་སྦྱོང་བྱེད་བ་དང་། སྤྲེའུ་ལྟར་སྤྲུལ་གྱི་རྩེད་མོས་འཚོ་བ་དང་། རྒྱལ་པོའི་ བཙོན་སྲུང་བྱེད་པ་དང་། ཕྲ་མ་དང་འདམ་པོ་ལ་སོགས་པའི་ཉན་རྣ་བྱེད་པས་འཚོ་བ་དང་། མདོར་ན་གཞན་ལ་གནོད་པ་བྱེད་པ་རྣམས་ཀྱིས་སེམས་ཅན་ལ་གནོད་པ་བྱ་བའི་སེམས་ པ་ས་བོན་དང་མངོན་གྱུར་གང་ཡིན་པའོ། །མཛོད་འགྲེལ་དུ་། རྒྱལ་པོ་དང་། བློན་པོ་དང་ ཤགས་ཟན་རྣམས་ཀྱང་དོན་གྱིས་སྡོམ་མིན་ཅན་དུ་བཤད་ཅིང་། རིན་ཆེན་ཕྲེང་བར་ཡང་། ཉམ་ཆུང་བཙོན་རྣམས་བཏང་བར་མཛོད། །འགའ་ཡང་མི་བཏང་མེད་པར་མཛོད། །ཁྱོད་ནི་ གང་ལ་གཏང་སེམས་མེད། །དེ་ལས་སྡོམ་པ་མིན་པ་སྐྱེ། །ཞེས་གསུངས་སོ། ། (གཉིས་པ།) འཐོབ་ཚུལ་ནི། (ཇི་ལྟར་ཁས་བླངས་པ་བཞིན་སྡོམ་མིན་དང་རིས་བརྒྱད་མ་གཏོགས་པའི་སྡོམ་པ་ མ་ཚང་བ་དང་ཉི་ཚེ་བ་ཡང་ཡོད་ཅེས་མདོ་སྡེ་པ་ཟེར་རོ། །) སྡོམ་མིན་དེ་དག་གི་ལས་སྐྱེས་པས་སམ་ཞེས་པ་ དེའི་རིགས་ཅན་དུ་སྐྱེས་པ་ཙམ་གྱིས་འཐོབ་པའང་ཡོད་ལ། གཞན་གྱི་རིགས་ཅན་ཡིན་ན་ ཡང་དག་པར་བླངས་པ་ལས་ཐོབ་པ་སྟེ། ལུས་ངག་གི་སྦྱོར་བས་དེ་དག་གི་ལས་སྤྱད་པར་ 1-1-558 ངེས་པ་བྱས་པའོ། །དེའང་། སྡོམ་པ་མིན་པ་བྱ་བའམ། ཁས་ལེན་པ་ལས་ཐོབ་བར་འགྱུར། ། ཞེས་པ་ལྟར་རོ། ། (གསུམ་པ།) གཏོང་རྒྱུ་(ལས་དེ་བསམ་པ་ཐག་པས་བཏང་ཡང་སྡོམ་པ་མ་ཐོབ་ན་མི་གཏོར་ཟེར་ལ་བསྡུ་བར་གཏོང་ བར་ཡང་གསལ་ལོ། །)ནི། སྡོམ་མིན་སྡོམ་པ་ཐོབ་པ་དང་། །ཤི་དང་མཚན་གཉིས་བྱུང་བ་ལས། ། ཞེས་པའོ། ། (བཞི་པ།) ངེས་ཚིག་ནི། ལུས་ངག་མི་སྡོམ་པས་ན་སྡོམ་མིན་དང་། དམ་པས་སྨད་ཅིང་ འབྲས་བུ་མི་འདོད་པ་སྐྱེད་པས་ན་ཉེས་སྤྱད་དང་། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་ ན་འཆལ་བའི་ཚུལ་ཁྲིམས་དང་། ལུས་ངག་གི་ལས་ཀྱང་ཡིན་ལ་དངོས་ཀྱིས་བསྡུས་པས་ ལམ་ཡང་ཡིན་པ་སྟེ། སྡོམ་པ་མིན་དང་ཉེས་སྤྱད་དང་། །འཆལ་པའི་ཚུལ་ཁྲིམས་ལས་དེའི་ ལམ། ཞེས་པ་ལྟར་རོ། ། བར་པ་ནི། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། (བཞི་ལས་ དང་པོ།)དོན་དངོས་ནི། སྡོམ་པ་ལྟ་བུ་དགེ་བ་རྒྱུན་ཆགས་པ་མ་ཡིན། སྡོམ་པ་མ་ཡིན་པ་ལྟ་ བུའི་མི་དགེ་བ་རྒྱུན་ཆགས་པའང་མ་ཡིན་པའི་སྒོ་གསུམ་གྱི་ལས་སྦྱིན་པ་དང་སྙན་པར་སྨྲ་བ་ ལ་སོགས་པ་དགེ་བའམ། ཁུ་ཚུར་དང་ཐལ་ལྕག་བསྣུན་པ་ལ་སོགས་པ་མི་དགེ་བ་གང་ཡིན་ པའོ་ཞེས་པ་སྟེ། རེས་འགའ་བར་འགྱུར་བ་ཐམས་ཅད་དོ། ། (གཉིས་པ།)འཐོབ་ཚུལ་ནི། ལྷག་མའི་རྣམ་རིག་མིན་ཞིང་དང་། །ལེན་དང་གུས་པར་བྱེད་ ལས་ཐོབ། །ཅེས་པ་ལྟར་རྫས་(དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བ་དང་། དེར་གཙུག་ལག་ཁང་བརྩིག་པ་དང་། དེར་མལ་ཆ་དང་སྟན་དབུལ་བ་དང་། དེར་འཚོ་བ་ནར་མར་འབུལ་བ་དང་། གློ་བུར་དུ་འགྲོ་འོང་བྱེད་པ་ལ་སྦྱིན་པ་དང་ནད་ པ་དང་ནད་གཡོག་ལ་སྦྱིན་པ་དང་། ཡུལ་ངན་ནམ་རླུང་ངམ་ཆར་འབབ་པ་ན་བདེ་བ་ལ་རེག་པའི་ཕྱིར་སྦྱིན་པའོ། །)ལས་བྱུང་ བའི་བསོད་ནམས་ལྟ་བུ་ཞིང་ཕུལ་བ་དང་། ཟས་ཀྱི་སྔོན་དུ་སངས་རྒྱས་ལ་ཕྱག་བྱའོ་ཞེས་ 1-1-559 སོགས་ཡིད་མ་བླངས་པ་དང་། དགེ་མི་དགེའི་བྱ་བ་རྩོམ་པའི་གུས་པ་ལས་ཐོབ་བོ། ། (གསུམ་པ།) ལྡན་ཚུལ་ནི། སྡོམ་མིན་གནས་པའི་དགེ་བ་དང་། སྡོམ་པ་གནས་པའི་མི་ དགེ་བའི། །རྣམ་རིག་མི་ལྡན་ཇི་སྲིད་དུ། །རབ་དང་ཉོན་མོངས་ཤུགས་ལྡན་པར། །ཞེས་ པ་ལྟར་སྡོམ་མིན་ཅན་མིན་ཅན་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་ལ་རབ་ཏུ་དང་ བའི་ཤུགས་ཡོད་ཀྱི་བར་དུ་དགེ་བ་དང་། སྡོམ་ལྡན་གཞན་ལ་འཐབ་པ་ལ་སོགས་པ་ལ་ཉོན་ མོངས་པའི་ཤུགས་ཡོད་ཀྱི་བར་དུ་མི་དགེ་བ་ལྡན་པའོ། ། (བཞི་པ།) གཏོང་རྒྱུ་ནི། བར་མ་ཤུགས་བླངས་བྱ་བ་དང་། དོན་ཚེ་རྩ་བ་ཆད་པ་ལས། ཞེས་ པ་ལྟར། དད་པ་དང་ཉོན་མོངས་པའི་ཤུགས་ཆད་པ་དང་། བླངས་བ་བཏང་བ་དང་། ཇི་ལྟར་ བླངས་པའི་བྱ་བ་མ་བྱས་པ་དང་། མཆོད་རྟེན་ལ་སོགས་པའི་དོན་ཞིག་པ་དང་། ཚེ་ཆད་པས་ གཏོང་ཞིང་། ཁྱད་པར་དགེ་བ་ནི་དགེ་རྩ་གཅོད་པར་རྩོམ་པས་ཀྱང་གཏོང་ངོ་། །འབྲས་བུའི་ ཆ་ནས་བཤད་པ་ལ། འབྲས་བུའི་ངོ་བོའི་སྒོ་ནས་བཤད་པ། འབྲས་བུ་མྱོང་བའི་དུས་ཀྱིས་ བཤད་པ། ངོ་བོ་རྣམ་སྨིན་གཉི་གས་བཤད་པའོ། །ངོ་བོ་ལ། བདེ་བ་སྡུག་བསྔལ་བཏང་ སྙོམས་གསུམ་མྱོང་འགྱུར་གསུམ་ལས། དང་པོ་བདེ་བ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། འདོད་པའི་ཁམས་དང་གཟུགས་ཁམས་བསམ་གཏན་དང་པོ་གསུམ་པོ་དག་གི་འཕེན་པར་ བྱེད་པའི་དགེ་བའོ། ། (གཉིས་པ།) སྡུག་བསྔལ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། གང་མི་དགེ་བ་སྟེ་ངན་སོང་ ལ་གསུམ་སོགས་པར་འཕེན་པའོ། །(གསུམ་པ།) སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་ པ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། བསམ་གཏན་གསུམ་པོ་དག་ལས་གོང་མ་བཞི་པ་ དང་གཟུགས་མེད་དུ་འཕེན་པའི་དགེ་བའོ། །ཐམས་ཅད་ཀྱང་ཀུན་གཞི་དང་མཚུངས་ལྡན་ བཏང་སྙོམས་མྱོང་འགྱུར་ཡིན་མོད་ཀྱི། (ཡེ་ཤེས་བཤེས་གཉེན་)ཚོར་བ་དེ་དག་ནི་འཇུག་ཤེས་དང་ 1-1-560 མཚུངས་ལྡན་གྱི་དབང་དུ་བྱས་པའོ་ཞེས་ཀྱང་གསུངས་སོ། ། (གཉིས་པ།)དུས་ལ་གསུམ་སྟེ། མཐོང་བའི་ཆོས་དང་སྐྱེས་ནས་དང་། །ལན་གྲངས་གཞན་ ལ་མྱོང་འགྱུར་རོ། །(དང་པོ།)མཐོང་བའི་ཆོས་ལ་མྱོང་བའི་ལས་གང་ཞེ་ན། ལས་གང་ཚེ་དེ་ཉིད་ ལ་བྱས་པས་མཐོང་བའི་ཆོས་ཚེ་དེ་ཉིད་ལ་རྣམ་པར་སྨིན་པའི་འབྲས་བུ་རྣམ་པར་སྨིན་ཞིང་ མྱོང་བར་འགྱུར་བ་སྟེ། དེའང་། ཞིང་དང་བསམ་པའི་ཁྱད་པར་ལས། ཞེས་པ་གཉིས་ཀྱི་(དང་ པོ།)ཞིང་ལས་ནི་འདི་ལྟར། སེམས་ཅན་ཚད་མེད་པ་ལ་མཆོག་ཏུ་ཕན་པའི་ལྷག་པའི་བསམ་པ་ ཅན་བྱམས་པའི་ཏིང་ངེ་འཛིན་ལས་ལངས་མ་ཐག་པ་ལ་ཕན་འདོགས་པ་དང་གནོད་པ་བྱེད་ པ་ལས་བྱུང་བའི་ལས་ནི་འབྲས་བུ་ཚེ་འདི་ལ་འབྱུང་བ་དང་། བྱམས་པའི་ཏིང་ངེ་འཛིན་ལས་ ཇི་ལྟ་བར། སེམས་ཅན་ཚད་མེད་པའི་སེམས་ཤིན་དུ་སྲུང་བར་གནས་པ་ཉོན་མོངས་པའི་ ཏིང་ངེ་འཛིན་དང་། མྱང་འདས་ལྟར་མཆོག་ཏུ་ཞི་ཞིང་འཕགས་པའི་གནས་པ་འགོག་པའི་ སྙོམས་པར་འཇུག་པ་དང་། མི་དགེ་བ་ཐམས་ཅད་མི་བྱེད་པའི་སྡོམ་པ་ཐོབ་ཅིང་མཐོང་སྤང་ གིས་དག་པའི་གནས་གྱུར་སར་བ་ཐོབ་པ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། མཐར་ཐུག་ ཅིང་སྒོམ་སྤང་མ་ལུས་པས་དག་པའི་གནས་གྱུར་སར་བ་ཐོབ་པ་དགྲ་བཅོམ་པའི་འབྲས་བུ་ ལས་ལངས་པ་དང་། ཤིན་ཏུ་མཐར་ཐུག་པ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པ་ དགེ་སློང་གི་དགེ་འདུན་མང་པོ་ལ་ཕན་གནོད་བྱས་པ་ལ་ཡང་དེ་བཞིན་དུ་འབྲས་བུ་ཚེ་འདི་ ཉིད་ལ་འབྱུང་བ་ཡིན་ནོ། །ཞིང་པ་དབུལ་བོས་སྟོན་པ་ལ་མཆོད་པ་ཕུལ་བས་ཞིང་གསེར་དུ་ སྐྱེས་པ་དང་། དགེ་སློང་གཅིག་གིས་དགེ་འདུན་ལ་བུད་མེད་ཅེས་བརྗོད་པས་དེ་མ་ཐག་ཏུ་ བུད་མེད་དུ་གྱུར་པ་ལ་སོགས་པ་ལྟ་བུ་སྟེ། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་ དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་ བར་འགྱུར། །ཞེས་ཀྱང་འབྱུང་ངོ་། ། 1-1-561 (གཉིས་པ།) བསམ་པ་ལས་ནི། ཡང་ན་ལས་གང་བསམ་པ་དད་སོགས་དང་ཉོན་མོངས་ ཤིན་ཏུ་དྲག་ཅིང་རྒྱ་ཆེན་པོས་ཀུན་ནས་བླངས་པའི་སྦྱོར་བས་དགེ་བའམ་མི་དགེ་བ་སྤྱད་པ་ ལས་ཀྱང་འབྲས་བུ་འཕྲལ་དུ་འབྱུང་བ་རྣམས་ཏེ། གཉེན་པོ་སྟོབས་ལྡན་དུ་བཤད་པ་ལྟ་བུའོ། ། ཡང་། ས་དེའི་འདོད་ཆགས་གཏན་བྲལ་ཕྱིར། །རྣམ་སྨིན་ངེས་པ་གང་ཡིན་པའོ། །ཞེས་ འདོད་པའི་ཕྱིར་མི་འོང་བ་འདོད་པའི་ས་བའི་ལས་མྱོང་ངེས་ཡོད་པ་ལྟ་བུའང་མཐོང་ཆོས་ལ་ མྱོང་བར་གསུངས་སོ། ། གཉིས་པ་སྐྱེས་ནས་མྱོང་བ་འགྱུར་བའི་ལས་གང་ཞེ་ན། ལས་གང་བྱས་པའི་སྐྱེ་བ་དེ་ ལ་ཚེ་ཕྱི་མ་སྐྱེ་བ་གཞན་གྱིས་བར་མ་ཆད་པ་ཉིད་ལ་རྣམ་པར་སྨིན་པའི་འབྲས་བུ་རྣམ་པར་ སྨིན་ཞིང་མྱོང་བར་འགྱུར་བ་སྟེ། མཚན་གཞི་དཔེར་བརྗོད་པ་འདི་ལྟ་སྟེ་མཚམས་མེད་པ་ ལྔའི་ལས་རྣམས་སོ། །དེའི་(དོན་དྲུག་གི་)དབྱེ་བ་ནི་(ཀྲི་ཡ་)དཔུང་བཟངས་སུ། གང་ཞིག་ཕ་མ་ དགྲ་བཅོམ་གསོད། །མཐུན་པའི་དགེ་འདུན་དབྱེན་བྱེད་དང་། དེ་བཞིན་གཤེགས་ལ་སྡང་ སེམས་ཀྱིས། །མི་གང་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་ལས་འདི་རྣམས། །རྒྱལ་ བས་མཚམས་མེད་ལྔ་རུ་གསུངས། །ཞེས་པ་ལྟར་ཏེ། ཁ་ཅིག་(སྒྲོན་གསལ་དུ།)སངས་རྒྱས་ཀྱི་ སྐུ་འཇིག་པ་དང་། དམ་པའི་ཆོས་སྤོང་བ་དང་། (བདེ་ཆེན་རྡོ་རྗེ་)བྱང་ཆུབ་སེམས་དཔའི་ཏིང་ངེ་ འཛིན་བསྐྱོད་པའང་མཚམས་མེད་དུ་བཞེད་ཅིང་། (གཉིས་པ།) གང་ན་ཡོད་ན། མཛོད་དུ། མཚམས་མེད་གླིང་གསུམ་དག་ན་ཡོད། །ཟ་མ་ སོགས་ལ་མི་འདོད་དེ། །(ཕ་མའི་)ཕན་དང་(རང་གི་)ངོ་ཚ་ཆུང་བའི་ཕྱིར། །ཞེས་པ་ལྟར་གླིང་ གསུམ་གྱི་སྐྱེས་པ་དང་བུད་མེད་ལ་ཡོད་དོ། ། (གསུམ་པ།) ངོ་བོ་ནི་གླིང་གསུམ་གྱི་མི་ཕོ་མོས་རང་གི་ལུས་དེ་སྐྱེད་བྱེད་ཀྱི་ཕ་མ་མིའི་འགྲོ་ བ་ཡིན་པ། བསད་སེམས་ཀྱིས་རང་ངམ་བསྐོས་པས་མ་ནོར་བར་བསད་ནས་མཚམས་མེད་ 1-1-562 དང་པོ་གཉིས་སུ་འགྱུར་ཏེ། །མཚན་ནི་གཞན་དུ་གྱུར་ཀྱང་རུང་། །གང་གི་ཟླ་མཚན་ལས་བྱུང་ མ། །ཞེས་པ་ལྟར་ཕ་མ་མཚན་གྱུར་པ་བསད་ནའང་འགྱུར་ཞིང་། གཞན་གྱི་ཟླ་མཚན་གཞན་ གྱི་མངལ་དུ་བླུགས་པ་ལས་སྐྱེས་ན་སྔ་མ་ལས་འགྱུར་ལ། ཕྱི་མའང་བྱ་བ་ཞུ་བའི་གནས་སུ་ གསུངས་སོ། །ཕ་མ་མི་མ་ཡིན་པ་བསད་པ་ལས་ནི་མི་འགྱུར་ཞིང་། ཁྲིའི་འོག་ན་མ་ཡོད་པར་ མ་ཤེས་ཏེ་བསྡད་པས་ཆག་ནས་ཤི་བ་དང་། ཁྲུས་མཁན་གྱི་བུས་སྦྲང་བུ་ལ་བསྣུན་པས་ཕ་ཤི་ བ་ལྟ་(དགྲ་བོ་བློ་དང་ལྡན་པ་མཆོག་ཡིན་གྱི། །མཛའ་བཤེས་བློ་དང་བྲལ་བ་དེ་ལྟ་མིན། །བློ་གྲོས་བྲལ་བས་སྦྲང་བུ་བསད་སྙམ་ པས། །ཕ་ཡི་ཀླད་པ་བཅོམ་པར་གྱུར་ལ་ལྟོས། །ཞེས་སོ། །)བུ་གཞན་ལ་སྦྱོར་བ་བྱས་པ་ལས་ཀྱང་མི་འགྱུར་རོ། ། གསུམ་པ་ནི་དགྲ་བཅོམ་པ་གསོད་པ་སྟེ། འདི་བསད་དོ་ཞེས་རྟེན་ངེས་པར་བཟུང་བའི་ ཕྱིར། དགྲ་བཅོམ་མིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་བསད་ཀྱང་འགྱུར་ལ། (ཆོས་ཀྱི་རྣམ་ གྲངས་ཀྱི་བརྗེད་བྱང་དང་སྒྲོན་གསལ་ལས།)ཕ་དགྲ་བཅོམ་པ་བསད་པ་ལས་ནི་(དགྲ་བཅོམ་པ་བསད་པའི། ཕ་ བསད་ཀྱི་མཚམས་མེད་གཅིག་ལས་ཀྱང་མེད་འགྱོད་པ་སྐྱེད་པའི་ཕྱིར་ཡིན་ཟེར། སྐྲ་ཅན་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ ཏེ་ཞེས་པ་ནི་རྒྱུ་གཉིས་དང་སྒོ་གཉིས་ཀྱིས་སྤྱོས་ཀྱི།)མཚམས་མེད་གཅིག་ཏུ་འགྱུར་བར་(རྒྱལ་སྲས་)འདོད་ ཅིང་། བསྔུན་འོག་དགྲ་བཅོམ་པ་ལ་མིན། །ཞེས་པ་ལྟར་གསོད་པའི་སྦྱོར་བ་བྱས་རྗེས་དགྲ་ བཅོམ་པ་ཐོབ་ནས་ཤིའང་མཚམས་མེད་དུ་མི་འགྱུར་རོ། ། བཞི་པ་ནི་དགེ་འདུན་འཁོར་ལོའི་དབྱེན་བྱེད་པ་སྟེ། དེའང་། དགེ་སློང་ལྟ་སྤྱོད་ཚུལ་ལྡན་ པས། །འབྱེད་དོ་གཞན་དུའོ་བྱས་པ་རྣམས། །སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ་དེ་ ནི་མི་གནས་སོ། །དེ་ནི་འཁོར་ལོའི་དབྱེན་དུ་འདོད། །འཛམ་བུའི་གླིང་ནའོ་དགུ་སོགས་ཀྱིས། ཞེས་པ་ལྟར་འབྱེད་པ་པོ་(ཁྱིམ་པ་དང་དགེ་སློང་མ་དང་འདོད་སྲེད་སྤྱོད་པས་མ་ཡིན་གྱི།)དགེ་སློང་ལྟ་བ་སྤྱོད་ པ་ཚུལ་ཁྲིམས་དང་ལྡན་པ། གནས་སྟོན་པའི་སྤྱན་(བཟོད་དཀའ་ཞིང་བཀའ་བཙན་པ་དེས་འཕགས་པ་དབྱེ་ 1-1-563 བར་མི་ནུས་པས་)སྔ་ལས་གཞན་དུ། གང་ཟག་སོ་སོ་སྐྱེ་བོའི་དགེ་སློང་རྣམས། །(དབྱེ་འདོད་ཀྱི་གསོལ་ བ་དང་ཚུལ་ཤིང་གིས་འབྱེད་ལ་)ཚུལ་སངས་རྒྱས་ལས་གཞན་ལ་སྟོན་པ་དང་། དེས་བཤད་པ་ལ་ལམ་ དུ་འཛིན་པའི་སྒོ་ནས་ཕྱེ་བ་ཡིན་ལ། དུས་ཞག་གཅིག་ཏུ་མི་གནས་པར་འདུམས་ཞིང་། ལམ་ ལ་འཇུག་པའི་གེགས་ཡིན་པ་དང་། ཆོས་ཀྱི་འཁོར་ལོ་ལས་ཕྱེ་བས་འཁོར་ལོའི་དབྱེ་ན་ཞེས་ བྱ་སྟེ། འཛམ་བུ་གླིང་ཁོ་ན་ཡོད་ཅིང་། དབྱེ་ཡུལ་དང་དབྱེ་བྱ་བཞི་བཞི་དང་འབྱེད་མཁན་དགེ་ སློང་དགུ་ཡན་ཆད་ཚང་བ་ལས་འགྱུར་རོ། །དེ་ནི། དང་པོ་མཐའ་སྐྱོན་ཟུང་ཅིག་གི། སྔ་རོལ་ ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ ངོ་། །ཞེས་པ་ལྟར་དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་མ་ཐག་པ་(ན་དབྱེ་བྱ་མེད་པས་)དང་། མཐའ་ མྱ་ངན་ལས་འདའ་ཀ་(དགེ་འདུན་ཤ་གཅིག་པ་)དང་། བསྟན་པ་ལ་(ལྟ་ཚུལ་གྱི་)སྐྱོན་མ་བྱུང་བ་དང་། སྡུམ་པ་བོ་(མེད་པས་)མཆོག་ཟུང་ཅིག་མ་བྱུང་བའི་སྔ་རོལ་དང་། འགྲན་ཟླར་བཟུང་བའི་སྟོན་ པ་(མེད་པས་)འདས་པ་དང་། (མཚམས་ནང་གཅིག་ཏུ་དབྱེ་དགོས་པས་)མཚམས་མ་བཅད་པ་སྟེ་དུས་དྲུག་ ཏུ་མི་འབྱུང་ངོ་། ། (གཉིས་པ།) ལས་ཀྱི་དབྱེན་ནི་གླིང་གསུམ་ན། དེ་ནི་(དགེ་སློང་)བརྒྱད་དག་ཡན་ཆད་ཀྱིས། ། (འདི་མན་ཆད་པར་ལྷག)ཞེས་པ་ལྟར་བསྟན་པ་གནས་པ་ན་མཚམས་ནང་གཅིག་ཏུ་(འདི་མན་ཆད་པར་ ལྷག)དགེ་འདུན་མི་མཐུན་པས་ལས་བརྒྱ་རྩ་གཅིག་གང་རུང་བྱེད་པ་སྟེ། དེ་ནི་མཚམས་མེད་ མ་ཡིན་ནོ། ། ལྔ་པ་ནི་བཞིན་གཤེགས་པ་མི་ཐུབ་པའི་ཆོས་ཅན་ཡིན་པས་བཀྲོངས་པར་མི་ནུས་ཀྱང་། དགྲོང་བར་འདོད་པའི་བསམ་པས་ཁྲག་འབྱིན་པ་སྟེ། སངས་རྒྱས་བརྡེག་པར་སེམས་ལས་ མིན། །ཞེས་པ་ལྟར་བརྡེག་པའི་བསམ་པ་ཙམ་ཡིན་ན་ནི་དངོས་གཞིར་མི་འགྱུར་རོ། ། (བཞི་པ།) ཉེས་དམིགས་ནི། །མཚམས་མེད་སྦྱོར་བ་བྱས་ལས། །འདོད་ཆགས་བྲལ་བ་ 1-1-564 མི་སྲིད་དོ། །ཞེས་སོགས་འབྱུང་མོད། ཐེག་ཆེན་པའི་གཞུང་དུ་ནི། དེ་ཡང་ཆོས་ཉིད་ངེས་པར་ བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། ཞེས་པ་ལ་སོགས་པ་གསུངས་ཏེ་མ་སྐྱེས་དགྲ་ལྟ་ བུའོ། ། (ལྔ་པ།) ལྕི་ཡང་ནི། དགེ་འདུན་དབྱེན་ཕྱིར་བརྫུན་སྨྲ་བ། ཁ་ན་མ་ཐོ་རབ་ཆེར་འདོད། ། ཅེས་པ་ལྟར་ལྔའི་ནང་ནས་དབྱེན་ལྕི་སྟེ་ཆོས་སྐུ་ལ་བསྣུན་ཞིང་མཐོ་རིས་དང་ཐར་བའི་བར་ དུ་གཅོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བསྐལ་པར་མནར་མེད་སྨིན་པར་འགྱུར། ཞེས་ དབྱེན་བྱེད་པ་པོ་མནར་མེད་དུ་ངེས་ཤིང་། གཞན་གྱིས་དམྱལ་བར་ལྟུང་ཡང་མནར་མེད་དུ་ མ་ངེས་སོ། ། (དྲུག་པ།) རྩོད་སྤང་ནི། (ཕ་མ་དང་དགྲ་བཅོམ་པ་བསད་པའི་ཆོས་སྲེད་ལྟ་བུ་)གང་ཟག་གཅིག་གིས་ མཚམས་མེད་མང་པོ་བྱས་པའི་འབྲས་བུ་སྐྱེ་བ་གཅིག་ལ་གཅིག་ཅར་སྨིན་ན་གཅིག་དང་དུ་མ་ (ལྕི་ཡང་)ཁྱད་མེད་དུ་འགྱུར་ཞིང་། རིམ་གྱིས་སྨིན་ན་ཚེ་ཕྱི་མ་ཁོ་ན་ལ་མྱོང་བ་གསུངས་པ་དང་ འགལ་ལོ་ཞེ་ན། ལྷག་པས་གནོད་པ་ལྷག་པར་འགྱུར། །ཞེས་པ་(དང་འགྲེལ་པ་)ལྟར་མང་པོའི་ རྣམ་སྨིན་གཅིག་ཅར་མྱོང་སྟེ། དེའི་ལུས་ཤིན་ཏུ་གཞོན་ཤ་ཅན་མནར་མི་བཟོད་པ་འགྲུབ་ཅིང་། ཆད་པ་དང་མི་བཟད་པ་སྣ་ཚོགས་པ་འབྱུང་བས། ཚོར་བ་སྡུག་བསྔལ་ཤིན་ཏུ་མང་པོར་ འགྱུར་བའི་ཕྱིར་རོ། །ཡང་ན་དགེ་བ་ཞིང་དང་བསམ་པ་ལ་སོགས་པས་སྟོབས་དང་ལྡན་པ་ རྣམས་དང་། མི་དགེ་བ་གཞན། མ་(གསོད་པ་དང་ཉེ་བ་)དགྲ་བཅོམ་མ་(འདོད་པས་)སུན་ཕྱུངས་དང་། ། (ཕ་གསོད་པ་དང་ཉེ་བ་)བྱང་ཆུབ་སེམས་དཔའ་ངེས་གནས་(གང་ནས་བྱང་ཆུབ་སེམས་དཔའ་ཡིན། ། གང་ནས་མཚན་གྱི་ལས་བྱེད་པ། །བདེ་འགྲོ་རིགས་མཐོ་སྐྱེ་དབང་མཚུངས། །ཕོར་འགྱུར་ཚེ་རབས་དྲན་མི་ལྡོག །ཅེས་མཛོད་ ལས་སོ། །) དང་། །(དགྲ་བཅོམ་གསོད་པ་དང་ཉེ་བ་)སློབ་པ་(རྒྱུན་ཞུགས་)གསོད་དང་(དབྱེན་དང་ཉེ་བ་)དགེ་ འདུན་གྱི། །(ཞལ་དུ་)འདུ་བའི་སྒོ་ནི་དགུ་འཕྲོག་པ་དང་། །མཚམས་མེད་པ་དང་ཆ་འདྲ་(ཉེ་བ་) 1-1-565 སྟེ། །ལྔ་པ་(སངས་རྒྱས་ལ་ཁྲག་འབྱིན་པ་དང་ཉེ་བ་)མཆོད་རྟེན་འཇིག་པ་ཡིན། །ཞེས་པ་མཚམས་མེད་ དང་ཉེ་བ་ལྔའང་སྐྱེས་ནས་མྱོང་བ་ཡིན་ནོ། ། གསུམ་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་གང་ཞེ་ན། ལས་གང་བྱས་ པའི་ཚེ་ཕྱི་མ་དེ་ལས་གཉིས་པ་ཕན་ཆད་དུ་རྣམ་པར་སྨིན་པའི་འབྲས་བུ་རྣམ་པར་སྨིན་ཞིང་ མྱོང་བ་འགྱུར་བ་སྟེ། ལས་བརྒྱ་བར། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ པ་ལྟ་བུའོ། །དུས་གསུམ་པོ་དེ་དག་ཀྱང་མགོ་རྩོམ་པའི་དབང་དུ་བྱས་ནས་གཞག་པ་ཡིན་གྱི། དེ་ཙམ་གྱིས་རྫོགས་པའི་ངེས་པ་ནི་མེད་དེ། རང་རྒྱལ་ལྔ་བརྒྱ་བསད་པས་དམྱལ་བ་ཀྱི་ཧུད་ ཅེས་བྱ་བ་མཚམས་མེད་ཀྱི་དམྱལ་བར་ཡང་དང་ཡང་དུ་སྐྱེས་པར་བཤད་པའི་ཕྱིར་རོ། ། (གསུམ་པ།)གཉིས་ཀས་བཤད་པ་ལ། (གཉིས་ལས་དང་པོ།)ཟག་བཅས་ཀྱི་ལས་ནི་གསུམ་ ལས། ངོ་བོ་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་གང་ཞེ་ན། གང་མི་དགེ་བའོ་ཞེས་པ་ སྟེ། ཉོན་མོངས་པ་ཅན་ཡིན་པ་དང་། འབྲས་བུ་རྣམ་སྨིན་མི་འདོད་པ་མྱོང་བའི་ཕྱིར་རོ། །དེ་ ལས་ལྡོག་པ་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང་ཞེ་ན། ཁམས་གསུམ་པའི་དགེ་ བ་ཟག་བཅས་ཏེ། ཉོན་མོངས་པ་ཅན་མ་ཡིན་ཞིང་རྣམ་སྨིན་འདོད་པའི་མྱོང་བའོ། །ལས་ དཀར་ནག་ཏུ་འདྲེས་པར་གྱུར་ལ་རྣམ་པར་སྨིན་པའང་དཀར་ནག་ཏུ་འདྲེས་པར་གྱུར་པ་གང་ ཞེ་ན། ལས་གང་འདོད་པའི་ཁམས་དང་རབ་ཏུ་ལྡན་པའི་དགེ་སྡིག་འདྲེས་མ་ལས་རྣམ་སྨིན་ བདེ་སྡུག་འདྲེས་མ་མྱོང་བ་སྟེ། དེ་ཉིད་ལ་ངོ་བོ་གཅིག་ལས་འགལ་ཡང་བསམ་སྦྱོར་གཉིས་ ལ་ལྟོས་ནས་འཇོག་པས། གཞན་སླུ་བའི་ཆེད་དུ་སྦྱིན་པ་ལ་སོགས་པ་སྤྱོད་པ་བསམ་པས་ ནག་ལ་སྦྱོར་བས་དཀར་བ་དང་། བུ་དང་སློབ་མ་ལ་སོགས་པ་ལུས་ངག་གིས་ཐོ་འཚམ་ཡང་ མི་ཕན་པ་ལ་སོགས་ཟློག་པར་འདོད་པ་སྦྱོར་བས་ནག་ལ་བསམ་པས་དཀར་བ་དག་ལ་ 1-1-566 འདྲེས་མ་ཞེས་བྱའོ། ། (གཉིས་པ།)ཟག་མེད་ཀྱི་ལས་ནི། ཉོན་མོངས་པའི་དྲི་མ་མེད་པས་མི་གནག་ཅིང་གཅིག་ཏུ་ རྣམ་པར་བྱང་བས་དཀར་བ་ལ། འཁོར་བ་དང་མི་མཐུན་པས་རྣམ་པར་སྨིན་པར་མི་འགྱུར་ ཞིང་། ཟག་བཅས་ཀྱི་ལས་ཀྱི་བག་ཆགས་འཇོམས་པས་ལས་ཟད་པར་འགྱུར་བའི་ལས་ གང་ཞེ་ན། ཉོན་མོངས་པ་སྤོང་བར་སྦྱོར་བ་དང་། དེ་ཉིད་བར་ཆད་མེད་པར་སྤོང་བའི་ལམ་ (འཆད་པར་འགྱུར་བ་)རྣམས་ལ་ཟག་པ་མེད་པའི་ལས་རྣམས་སོ། །དེ་དག་གི་ཞར་བྱུང་ནི་(མདོ་ དང་འགྲེལ་པར་)ཟག་མེད་ཀྱི་ལས་ཀྱི་བར་དུ་གཅོད་པ་དང་། རྗེས་སུ་མཐུན་པ་དང་། ངོ་བོ་ཉིད་ ཀྱི་དབང་དུ་བྱས་ནས་(ཡོན་པོ་ཉེས་པ་རྙོག་པ་དང་། །གཙང་བ་ཐུབ་པ་ཞེས་བྱ་བ། །)ལས་ལྔ་གསུངས་ཤིང་། དེའི་བར་ཆད་ནི་གསུམ་སྟེ། འཕགས་ལམ་བརྒྱད་(དྲང་པོ་)ལ་སྒྲིབ་པའམ་དབུ་མའི་ལམ་གྱི་ བར་ཆད་མཐར་འཛིན་ལྟ་བས་ཟིན་པ་ཡོན་པོའི་ལས་དང་། སེམས་རྒྱུད་ལ་སྒྲིབ་པའམ་རྣམ་ བྱང་ལ་སྡང་བའི་སྐུར་འདེབས་ཀྱིས་ཟིན་པ་ཉེས་པའི་ལས་དང་། བསྟན་པ་ལ་མ་དད་པའམ་ བདག་མེད་རྟོགས་པའི་བར་ཆད་འཇིག་ལྟས་ཟིན་པ་རྙོག་པའི་ལས་སོ། །མཐུན་པ་ནི་ཚུལ་ ཁྲིམས་དང་ལྟ་བ་དྲང་བོས་ཟིན་ཞིང་དྲི་མ་མེད་པ་གཙང་བའི་ལས་སོ། །ངོ་བོ་ནི་སློབ་པ་དང་ མི་སློབ་པའི་སྒོ་གསུམ་གྱི་ལས་ཟག་པ་མེད་པ་ཐུབ་པའི་ལས་སོ། །མཛོད་དུ་ནི། མི་དགེ་(བ་ དང་)གཟུགས་(ཀྱི་དགེ་བ་)དང་འདོད་(པར་)གཏོགས་པའི། །དགེ་བ་ཉིད་(གསུམ་)ནི་རིམ་བཞིན་ དུ། །གནག་དང་དཀར་དང་གཉིས་ཀའི་ལས(གསུམ་སྟེ)། །དེ་(རྣམས་)ཟད་བྱེད་པ་ཟད་མེད་དོ། ། ཞེས་ཀྱང་འབྱུང་ངོ་། ། བདུན་པ་སྦྱིན་པའི་ལས་གང་ཞེ་ན། སྦྱིན་པའི་ངོ་བོ་ངོས་བཟུང་། སྦྱིན་པ་ཕུན་སུམ་ ཚོགས་ཚུལ། སྦྱིན་བྱ་ཕུན་སུམ་ཚོགས་ཚུལ་ལོ། །དང་པོ་ནི། དེའི་གཞི་དང་ཀུན་ནས་སློང་ བ་དང་དངོས་པོ་དང་ངོ་བོ་ཉིད་ཀྱིས་ཀྱང་རིག་པར་བྱ་སྟེ། དེ་ལ་གཞིའམ་བརྒྱུད་པའི་རྒྱུ་ནི་ 1-1-567 ཡོ་བྱད་ལ་མ་ཆགས་པ་དང་། བཏང་ཡུལ་ལ་ཞེ་སྡང་མེད་པ་དང་། ལས་འབྲས་ལ་གཏི་མུག་ མེད་པའོ། །ཀུན་ནས་སློང་བ་དངོས་ཀྱི་རྒྱུ་ནི་མ་ཆགས་པ་ལ་སོགས་པ་དེ་དག་དང་ལྡན་པའི་ གཏོང་བའི་སེམས་པའོ། །དངོས་པོ་ནི་ཆོས་དང་ཡོ་བྱད་ལ་སོགས་པ་སྦྱིན་པར་བྱ་བའི་དངོས་ པོའོ། །ངོ་བོ་ཉིད་ནི་གཏོང་བ་ན་ལུས་ཀྱི་ལས་ཀྱིས་གཏོད་པ་དང་། ངག་གི་ལས་ཀྱིས་ཁྱེར་ ཅིག་ཅེས་ཟེར་བ་དང་ཆོས་སྟོན་པ་ལ་སོགས་པ་རྣམས་སོ། ། གཉིས་པ་ལ་ཇི་ལྟར་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། མདོར་སྦྱིན་པའི་ངང་ཚུལ་ ཅན་དུ་འགྱུར་རོ་ཞེས་པ་ལྟར་ཕྱིར་ཞིང་ཡང་དང་ཡང་དུ་རྒྱུན་མི་འཆད་པར་སྦྱིན་པ་དང་། དགེ་ སྦྱོང་དང་བྲམ་ཟེ་དང་སློང་བ་དང་ཕོངས་པ་དང་འགྲོན་པོ་རྣམས་ལ་སྦྱིན་ཞེས་པ་ལྟར་ཉེ་རིང་ ཐམས་ཅད་ལ་ཕྱོགས་མི་འབྱེད་པར་སྦྱིན་པ་དང་། བཟའ་བ་དང་བཏུང་བ་དང་གོས་དང་རྒྱན་ དང་སྨན་དང་མེ་ཏོག་གི་ཕྲེང་བ་དང་མིའི་ཡོ་བྱད་གང་ཅི་ཡང་རུང་བ་སྦྱིན་ཞེས་པ་ལྟར་འདོད་ པ་ཐམས་ཅད་ཡོངས་སུ་རྫོགས་པར་སྦྱིན་པའི་ཕྱིར་དོན་གསུམ་གྱིས་སྦྱིན་པ་ཕུན་སུམ་ཚོགས་ པར་འགྱུར་རོ། །ཡང་མདོ་ལས། ལྷུག་པར་གཏོང་བ་དང་། ལག་རྐྱང་བ་དང་། གཏོང་བ་ལ་ དགའ་བ་དང་། མཆོད་སྦྱིན་བྱེད་པའི་ངང་ཚུལ་ཅན་དང་། གཏོང་བ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་ལེགས་པར་འགྱེད་པ་ལ་དགའ་བ་ཞེས་ གསུངས་པའི་རིམ་པ་ལྟར་སྲིད་པ་དང་ལོངས་སྤྱོད་ཀྱི་ཆེད་དུ་མི་བསྔོ་ཞིང་། མི་གནས་པར་ སྦྱིན་པ་དང་། བསམ་པ་དང་སྦྱིན་བྱའི་སྒོ་ནས་རྒྱ་ཆེར་སྦྱིན་པ་དང་། རངས་ཤིང་འགྱོད་པ་ མེད་པར་དགའ་བས་སྦྱིན་པ་དང་། ཡང་དང་ཡང་དུ་ཕྱིར་ཞིང་སྦྱིན་པ་དང་། བསམ་སྦྱོར་གྱི་ སྒོ་ནས་ཕྱོགས་མི་འབྱེད་ཀྱང་ཞིང་གི་སྒོ་ནས་སྣོད་བཟུང་བ་ལ་སྦྱིན་པ་དང་། རང་གི་འཁོར་ དང་གློ་བུར་དུ་འོངས་པ་ལ་ཉེ་རིང་མེད་པར་ལེགས་པར་བགོས་ཏེ་སྦྱིན་པས་དོན་དྲུག་གིས་ ཀྱང་སྦྱིན་པ་ཕུན་སུམ་ཚོགས་པར་རིགས་པར་བྱའོ། ། 1-1-568 གསུམ་པ་ནི། དེའང་སྦྱིན་བྱ་ལ་ལྟོས་པ་ཇི་ལྟར་ན་སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པར་ རིག་པར་བྱ་ཞེ་ན། མདོ་ལས། ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་པ་ལྟར་སྦྱིན་པར་ བྱ་བའི་དངོས་པོ་བཅོལ་མ་ལ་བསྙོན་འདེབས་པ་ལ་སོགས་པ་གཞན་ལ་གནོད་པས་གྲུབ་པ་ མ་ཡིན་པ་དང་། ལག་དར་བའི་མཐུས་བསྒྲུབས་པ་ཞེས་པ་ལྟར་སྦྱིན་པར་བྱ་བའི་དངོས་པོ་ གཞན་གྱིས་འབད་པས་བསྒྲུབས་པ་ལས་ཕྲོགས་པ་མ་ཡིན་པ་དང་། རྡུལ་དང་དྲི་མས་མ་ཕོག་ པ་ཞེས་པ་ལྟར་སྦྱིན་པར་བྱ་བའི་དངོས་པོ་མ་རུལ་ཞིང་དྲི་མ་མེད་པ་དང་། ཆོས་དང་མཐུན་པ་ ཞེས་པ་ལྟར་སྦྱིན་པར་བྱ་བའི་དངོས་པོ་དུག་དང་མཚོན་ཆ་དང་བསད་ཤ་དང་ཆང་ལ་སོགས་ པ་མ་ཡིན་པ་རུང་བ་དང་། ཆོས་ཀྱིས་ཐོབ་པ་ཞེས་པ་ལྟར་སྦྱིན་པར་བྱ་བའི་དངོས་པོ་གཞལ་ གཡོ་དང་ལོག་འཚོས་བསྒྲུབས་པ་ལ་སོགས་པ་སྤངས་ཏེ་ཆོས་ཀྱིས་བསྒྲུབས་པའི་ཕྱིར་དོན་ ལྔས་མཆོག་ཏུ་འགྱུར་རོ། ། ཚུལ་ཁྲིམས་ཀྱི་ལས་ལ་གཉིས་ལས། (དང་པོ།)ཚུལ་ཁྲིམས་ཡན་ལག་དྲུག་ལྡན་བཤད་པ་ ནི། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། རྐྱེན་ཚང་བས་ཡང་དག་པར་བླངས་པའི་ ཚུལ་ཁྲིམས་མ་ཉམས་པར་རྗེས་སུ་སྲུང་བའི་ཕྱིར་རོ། །ཇི་ལྟར་ན་སོ་སོར་ཐར་བའི་སྡོམ་པས་ བསྡམས་པ་ཡིན་ཞེ་ན། འཁོར་བ་ལས་ངེས་པར་འབྱིན་པའི་ཚུལ་ཁྲིམས་ཡིན་པ་ནི་སྲུང་བ་ པོ་སོ་སོར་ཐར་བ་ཐོབ་པའི་ཕྱིར་རོ། །ཇི་ལྟར་ན་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ ཞེ་ན། འཕྲལ་གྱི་ཡོ་བྱད་དང་ཀུན་སྤྱོད་རྣམ་པར་དག་པ་ཆོ་ག་ཕུན་སུམ་ཚོགས་པ་དང་། དགེ་ སློང་གི་སྤྱོད་ཡུལ་མ་ཡིན་པའི་གནས་གསོད་པའི་ས་དང་། སྨད་འཚོང་དང་། ཆང་འཚོང་དང་། གདོལ་བའི་ཁྱིམ་དང་། རྒྱལ་བོའི་ཕོ་བྲང་སྟེ་ལྔ་སྤངས་པས་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ དང་ལྡན་ཞིང་། དམ་པ་རྣམས་ཀྱིས་མ་སྨད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ ཁ་ན་མ་ཐོ་བ་ཆུང་ངུ་ཙམ་རྣམས་ལ་ཡང་འཇིག་པར་ལྟ་བ་ཡིན་ཞེ་ན། (རྩྭ་གཅོད་པ་ལྟ་བུ།) སྟོན་ 1-1-569 པས་བཀག་པའི་དབང་གིས་ཉེས་པར་འགྱུར་བ་བཅས་པའི་ཁ་ན་མ་ཐོ་བ་དང་། (མི་དགེ་བ་བཅུ་) ངོ་བོ་ཉིད་ཀྱིས་ཉེས་པར་འགྱུར་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་སྤོང་ལ། བཅས་པ་ ལའང་རང་བཞིན་དང་འདྲ་བར་བསམ་པ་དྲག་པོས་འཛེམ་ཞིང་ཤིན་ཏུ་གུས་པར་སློབ་པའི་ ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཡང་དག་པར་བླངས་པ་ལ་སློབ་ཅེ་ན། བསླབ་པའི་ གཞི་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་སོགས་པ་གང་བླངས་པ་རྣམས་ལ་ བསླབ་བྱ་ཐམས་ཅད་སྣ་གཅིག་ཀྱང་མ་ཉམས་པར་ཡོངས་སུ་རྫོགས་པར་སྲུང་ཞིང་སློབ་པའི་ ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། ། (གཉིས་པ།)མདོ་ལས་བྱུང་བའི་ཀུན་སྤྱོད་བཤད་པ(འི་བར་སྡོམ་)ནི། བསྡམས་པ་ཕུན་ཚོགས་ ཡོངས་དག་དགེ། ཁ་ན་མ་ཐོ་གནོད་པ་མེད། །རྗེས་མཐུན་རྗེས་འབྱོར་ཐབས་ལྡན་འཚམས། ། མཐུན་ཞིང་གདུང་འགྱོད་ཡིད་གཅགས་མེད། །ཅེས་པ་བཅུ་བཞིའོ། །དེ་ལ། ཇི་ལྟར་ན་ལུས་ དང་ངག་བསྡམས་པ་ཡིན་ཞེ་ན། སྤྱོད་ལམ་ཐམས་ཅད་སྟོན་པས་གསུངས་པ་ལྟར་བློ་སྔོན་དུ་ བཏང་ནས་ཤེས་བཞིན་གྱིས་ཡོངས་སུ་ཟིན་པར་བྱས་ཏེ་ལེགས་པར་སྒྲུབ་པའི་ཕྱིར་རོ། །ཇི་ ལྟར་ན་ལུས་དང་ངག་ཕུན་སུམ་ཚོགས་པ་ཡིན་ཞེ་ན། སྒོ་གསུམ་གྱི་ལྟུང་བར་མི་བྱེད་ཅིང་ ཚུལ་ཁྲིམས་ཆུད་མི་གསོན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཡོངས་ སུ་དག་པ་ཡིན་ཞེ་ན། ལྟུང་བའི་དྲི་མས་མ་གོས་པའི་ཕྱིར་འགྱོད་པ་མེད་པ་དང་ལས་སུ་རུང་ བ་ལ་སོགས་པའི་རིམ་གྱིས་བདེ་བར་མཉམ་པར་བཞག་པ་ལས་ཏིང་ངེ་འཛིན་གྱི་བར་ལ་ གནས་ཤིང་དེས་འཆལ་བའི་ཚུལ་ཁྲིམས་ཐག་བསྲིང་བའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་ གི་ཀུན་ཏུ་སྤྱོད་པ་དགེ་བ་ཡིན་ཞེ་ན། ཆགས་སོགས་ཉོན་མོངས་པ་ཅན་གྱི་རྟོག་པས་སྐྱེད་པ་ དང་མ་འདྲེས་པ་མཐའ་གཅིག་ཏུ་དགེ་བའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་ པ་ཁ་ན་མ་ཐོ་བ་མེད་པ་ཡིན་ཞེ་ན། མཐོ་རིས་དང་ལོངས་སྤྱོད་ལ་སྨོན་ནས་ཚངས་པར་སྤྱོད་ 1-1-570 པས་གནས་པ་རྣམ་པར་སྤངས་ཏེ་ཐར་བའི་ཆེད་དུ་འབད་པས་དམ་པ་རྣམས་ཀྱིས་བསྔགས་ པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་གནོད་པ་མེད་པ་ཡིན་ཞེ་ན། བདག་ ལ་བསྟོད་པ་ལ་སོགས་པས་གཞན་ལ་ཁྱད་གསོད་དང་བརྙས་ཐབས་མི་བྱེད་ཅིང་སེམས་མི་ བསྲེགས་པས་འགྲོགས་ན་བདེ་བའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ རྗེས་སུ་མཐུན་པ་ཡིན་ཞེ་ན། སྤྱོད་པ་དག་པས་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་དང་ མཐུན་པ་འཕགས་པའི་ལམ་འདྲེན་པའི་ཕྱིར་རོ། །ཇི་ལྟར་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ རྗེས་སུ་འབྱོར་བ་ཡིན་ཞེ་ན། རང་གི་དགེ་བའི་ཡོན་ཏན་མི་གཡོབས་ཤིང་མི་ངོམས་པ་དང་། སྡིག་པའི་ཉེས་པ་མི་འཆབ་ཅིང་མཐོལ་བའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་ སྤྱོད་པ་ཐབས་དང་ལྡན་པ་ཡིན་ཞེ་ན། བསྟེན་ན་ཡོན་ཏན་འཕེལ་བས་ཉེ་བར་འགྲོ་བར་འོས་ པས་ན་ཚངས་པ་མཚུངས་པར་སྤྱོད་པ་མང་པོ་ཉེ་བར་སྡུད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་ རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་འཚམས་པ་ཡིན་ཞེ་ན། རང་གི་མཁན་པོ་ ལ་སོགས་པ་བླ་མ་རྣམས་དང་བླ་མ་དང་ཡོན་ཏན་འདྲ་བས་བཀུར་བར་འོས་པ་རྣམས་ལ་ང་ རྒྱལ་བཅགས་ནས་ཇི་ལྟར་རིགས་པར་བསྙེན་བཀུར་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ ངག་གི་ཀུན་ཏུ་སྤྱོད་པ་མཐུན་པ་ཡིན་ཞེ་ན། རང་གི་ལྟ་བ་ལ་མཆོག་འཛིན་མེད་པར་བླ་མའི་ གདམས་ངག་ལ་མཐུན་པར་འཛིན་ཞིང་ཉམས་སུ་ལེན་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ ངག་ཀུན་ཏུ་སྤྱོད་པ་གདུང་བ་མེད་པ་ཡིན་ཞེ་ན། མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་ཐུབ་ དྲག་པོ་དང་། ཐལ་བས་འབྱུག་པ་ལ་སོགས་པའི་སྤྱོད་པ་ངན་ངོན་ལ་མོས་པ་རྣམ་པར་སྤངས་ པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཕྱིས་འགྱོད་པ་མེད་པ་ཡིན་ཞེ་ན། ཁྱིམ་གྱི་ལོངས་སྤྱོད་ཞིང་ལས་དང་ཚོང་ལ་སོགས་པའི་ལས་ཀྱིས་མཐའ་སྤངས་པ་ལ་རྗེས་སུ་ འགྱོད་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་ལུས་དང་ངག་གི་ཀུན་ཏུ་སྤྱོད་པ་ཡིད་ལ་གཅགས་པ་ 1-1-571 མེད་པ་ཡིན་ཞེ་ན། དགེ་བའི་ཕྱོགས་ལ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པར་ཇི་ཙམ་ ནུས་པ་རྒྱ་ཆེར་བསྒྲུབས་ཟིན་པས་མ་གྲུབ་སྙམ་པའི་ཡིད་ལ་གཅགས་པ་མེད་པའི་ཕྱིར་རོ། ། ལས་རང་གིས་མྱོང་ཚུལ་ལ། (གཉིས་ལས་དང་པོ།)མདོ་དྲང་བ་ནི། བཅོམ་ལྡན་འདས་ཀྱིས་ བྲམ་ཟེའི་ཁྱེའུ། སེམས་ཅན་འདི་དག་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་ པ། ལས་ཀྱི་སྐྱེ་གནས་པ། ལས་བརྟེན་པར་བྱ་བ་དག་སྟེ། ལས་ནི་སེམས་ཅན་མཐོན་པོ་དང་ དམའ་བ་དང་། ངན་པ་དང་གྱ་ནོམ་པ་རྣམ་པར་འབྱེད་པའོ་ཞེས་གང་གསུངས་པ་ལ་ཞེས་ པའོ། ། (གཉིས་པ།) དེ་བཤད་པ་ལ། ལས་བདག་གིར་བྱ་བས་ཇི་ལྟ་བུ་ཞེ་ན། རང་གིས་བྱས་པའི་ ལས་ཀྱི་རྣམ་པར་སྨིན་པ་གཞན་དང་ཐུན་མོང་མ་ཡིན་པར་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་ ཕྱིར་ཏེ། (ཁྱད་པར་འཕགས་པའི་བསྟོད་པར།)བྲམ་ཟེ་རྣམས་ནི་དགེ་སྡིག་དག །བྱིན་པ་ལེན་ཞིང་འཕྲོ་ བར་སྨྲ། །ཁྱོད་ཀྱིས་བྱས་ཆུད་མི་ཟ་དང་། །མ་བྱས་པ་དང་ཕྲད་མེད་གསུངས། །(འོ་ན་ཤི་བའི་རྗེས་ སུ་གཞན་གྱིས་དགེ་བ་བྱས་པ་གཞན་ལ་མི་ཕན་ནམ་ཞེ་ན། བྱེད་དུ་བཅུག་པ་དང་སྦྱིན་བདག་སོགས་ཡིན་ན་རང་གིས་བསགས་ པའི་ཆ་ཡོད་ཅིང་དེ་ལྟ་མིན་ན་གཞན་ལ་རྣམ་སྨིན་འབྲས་བུར་མི་འགྱུར་ཡང་འབྱིན་པའི་རྐྱེན་དུ་འགྱུར་བས་ཤིན་ཏུ་ཕན་ཏེ། ཤཱ་ རིའི་བུའི་ཏིང་ངེ་འཛིན་གྱི་མཐུས་དམྱལ་བ་པ་རྣམས་བདེ་བ་དང་རྫོགས་བྱེད་ཀྱི་མཆོད་རྟེན་ལ་སློབ་མ་རྣམས་ཀྱིས་མཆོད་པ་བྱས་ པས་དེ་ལ་དུཿཁ་དྲག་ཏུ་སྐྱེས་པ་སྟེ། དེ་དག་ལ་བདེ་སྡུག་མྱོང་འགྱུར་གྱི་ལས་ལྷན་ཅིག་བྱེད་རྐྱེན་དེ་ལྟ་བུ་ལ་རག་ལས་པ་ཡོད་ པ་དེ་རྐྱེན་དེས་མངོན་དུ་འབྱིན་པར་བྱེད་པས་རང་གིས་མྱོང་བ་དང་མི་འགལ་ཞེས་ལུང་འགྲེལ་དུ་འབྱུང་ངོ་། །)ཞེས་པ་ལྟར་ རོ། །ཇི་ལྟར་ན་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ཞེ་ན། སྤྱིར་རང་གིས་བྱས་པའི་ལས་ཀྱི་ རྣམ་པར་སྨིན་པ་རང་གིས་མྱོང་བ་དེ་ལའང་དགེ་བའི་འབྲས་བུ་འདོད་པ་དང་། མི་དགེ་ལས་ ཀྱི་འབྲས་བུ་མི་འདོད་པ་སོ་སོར་མྱོང་བར་རང་དང་མཐུན་པའི་བགོ་སྐལ་ལ་མ་འདྲེས་པར་ ལོངས་སྤྱོད་པའི་ཕྱིར་རོ། །ཇི་ལྟར་ན་ལས་ཀྱི་སྐྱེ་གནས་པ་ཡིན་ཞེ་ན། རྒྱང་ཕན་པ་ལྟར་རྒྱུ་ 1-1-572 གཏན་ནས་མེད་པ་དང་། བྱེ་བྲག་པ་ལྟར་མི་མཐུན་པའི་རྒྱུ་དབང་ཕྱུག་ལ་སོགས་པར་འདོད་ པ་རྣམ་པར་སྤངས་པའི་ལས་ནི་སེམས་ཅན་གྱི་སྐྱེ་གནས་ཡིན་ལ་དེ་ལས་སེམས་ཅན་རྣམས་ འབྱུང་བའི་ཕྱིར་རོ། ། (གསུམ་པ།) དེ་དག་ནི་འཁོར་བར་འཇུག་པ་ལས་བརྩམས་པ་སྟེ། ལྡོག་པ་ལས་ཀྱང་ བརྩམས་ནས། ཇི་ལྟར་ན་ལས་བརྟན་པར་བྱ་བ་ཡིན་ཞེ་ན། ཟག་བཅས་ཀྱི་ལས་ཀྱིས་འཁོར་ བར་བཅིངས་པ་ལས་རྣམ་པར་ཐར་བར་བྱེད་པའི་ཕྱིར་གཉེན་པོ་ཟག་པ་མེད་པའི་ལས་ནི་ སེམས་ཅན་རྣམས་ཀྱི་བརྟེན་པར་བྱ་བའི་རྟེན་ནམ་སྐྱབས་ཡིན་པའི་ཕྱིར་རོ། །སེམས་ཅན་ མཐོན་པོ་དང་དམའ་བ་གང་ཞེ་ན། འཕེན་བྱེད་ཀྱི་དབང་གིས་བདེ་འགྲོར་ལུས་ཐོབ་པ་ནི་ མཐོ་བ་དང་། ངན་འགྲོར་ལུས་ཐོབ་པ་ནི་དམའ་བའོ། །ངན་པ་དང་གྱ་ནོམ་པ་གང་ཞེ་ན། རྫོགས་བྱེད་ཀྱི་དབང་གིས་ཡུལ་ཅན་དེ་དག་ཉིད་ཚེ་ཐུང་བ་ལ་སོགས་པ་སྐྱོན་དང་ལྡན་པ་ནི་ ངན་པ་དང་ཚེ་རིང་བ་ལ་སོགས་པ་ཡོན་ཏན་དང་ལྡན་པ་ནི་གྱ་ནོམ་པའོ། ། ལས་བསམ་གྱིས་མི་ཁྱབ་པ་ལ། (གཉིས་ལས་དང་པོ།)མདོ་བཀོད་དེ་དྲི་བ་ནི། སེམས་ཅན་ རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པོ་ཞེས་གང་གསུངས་པ་དེ་ལ། རྣམ་ པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའང་མིན་པས། ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་ ཁྱབ་པ་ནི་ཇི་ལྟ་བུ། བསམ་གྱིས་མི་ཁྱབ་པ་ནི་ཇི་ལྟ་བུ་ཞེ་ན། (གཉིས་པ།)དེའི་དོན་བཤད་པ་ལ་ གཉིས་ལས། (དང་པོ།)བཟློག་ཟླ་བསམ་གྱིས་ཁྱབ་པ་ནི་རྒྱུ་ལས་དགེ་བ་ཟག་བཅས་རྣམས་ཀྱི་ རྣམ་པར་སྨིན་པའི་འབྲས་བུ་བདེ་འགྲོ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ནས་འདོད་པ་ཡིད་དུ་ འོང་བ་མྱོང་བའོ་ཞེས་བྱ་བ་ནི་བསམ་གྱིས་ཁྱབ་པའོ། །རྒྱུ་ལས་མི་དགེ་བ་རྣམས་ཀྱི་རྣམ་པར་ སྨིན་པའི་འབྲས་བུ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་ཀྱི་གནས་ངན་པར་ སོང་བས་ན་ངན་སོང་། འགྲོ་བ་ངན་པར་སྐྱེས་པས་ན་ངན་འགྲོ། སྡུག་བསྔལ་གྱི་གཡང་སར་ 1-1-573 ལྟུང་བས་ན་ལོག་པར་ལྟུང་བ་རྣམས་སུ་སྐྱེས་ནས་མི་འདོད་པ་ཡིད་དུ་མི་འོང་བ་མྱོང་བའོ་ ཞེས་བྱ་བ་འདི་ནི་བསམ་གྱིས་ཁྱབ་པའོ། །ཞེས་པ་སྟེ། བསམ་པར་ནུས་ཤིང་། བསམས་ན་ ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་འདྲེན་པའི་ཕྱིར་རོ། ། (གཉིས་པ།) སྐབས་དོན་བསམ་གྱིས་མི་ཁྱབ་པ་ལའང་གཉིས་ལས། (དང་པོ།)སྤང་བྱ་ཟག་ བཅས་ཀྱི་ལས་བསམ་གྱིས་མི་ཁྱབ་པ་ནི། རྒྱུ་ལས་ཀྱི་ཁྱད་པར་ཕྲ་མོ་འདི་དང་འདིས་འབྲས་ བུ་སེམས་ཅན་རྣམས་ཀྱི་ལུས་ཁ་དོག་དང་དབྱིབས་ལ་སོགས་པ་རྣམས་པ་ཐ་དད་པ་སྣ་ ཚོགས་སུ་གྱུར་པ་ཞེས་བྱ་བ་འདི་ནི་བསམ་གྱིས་མི་ཁྱབ་པའོ། །ཞེས་པ་སྟེ། (བསྟོད་པ་དང་མཛོད་ འགྲེལ་དུ།)རྨ་བྱའི་མདོངས་ནི་གཅིག་པུ་ལ། །རྒྱུ་ཡི་དབྱེ་བ་ཇི་སྙེད་པ། ། དེ་མཁྱེན་པས་ན་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་པ་ལྟར་ ཀུན་མཁྱེན་ལས་གཞན་པས་བསམ་པར་མི་ནུས་ཤིང་། བསམས་ན་མགོ་མྱོས་པ་ལ་སོགས་ པའི་སྐྱོན་འདྲེན་པའི་ཕྱིར་རོ། །ལས་དགེ་བ་དང་མི་དགེ་བ་དེ་དག་ཉིད་གནས་གྲོང་ཁྱེར་ལ་ སོགས་པའི་ཕྱོགས་གང་དུ་བྱས་པ་དང་། གཞིའམ་དངོས་པོ་སེམས་ཅན་དང་སེམས་ཅན་ མ་ཡིན་པ་གང་ལ་བརྟེན་ནས་བྱས་པ་དང་། རྒྱུ་དགེ་མི་དགེའི་རྩ་བ་དད་སོགས་དང་ཆགས་ སོགས་གང་ཡིན་པ་དང་། རྣམ་པར་སྨིན་པ་ལུས་ཀྱི་བཀོད་པ་སྣ་ཚོགས་སུ་གྲུབ་པའི་རབ་ ཏུ་དབྱེ་བ་ཕྲ་མོ་རྣམས་ནི་བསམ་གྱིས་མི་ཁྱབ་སྟེ། ཡང་རབ་ཏུ་དབྱེ་བ་ནི་ཕྱིའི་འཇིག་རྟེན་ ནམ་སྲན་མ་ཟླུམ་པ་དང་ཚེར་མ་རྣོ་བ་དང་། མེ་གྱེན་དུ་འབར་བ་ལ་སོགས་པའི་དངོས་པོ་སྣ་ ཚོགས་མངོན་པར་འགྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་པོ། །ནོར་བུའི་ནུས་པས་ ཆུ་ཤེས་ལས་ཆུ་དང་མེ་ཤེལ་ལས་མེ་འབྱུང་བ་ལ་སོགས་པ་དང་། སྔགས་ཀྱི་ནུས་པས་མེས་ མི་འཚིག་པ་དང་། དུག་གཞིལ་བ་ལ་སོགས་པ་དང་། སྨན་གྱི་ནུས་པས་མི་སྣང་བར་འགྱུར་ བ་དང་གཏེར་མཐོང་བ་ལ་སོགས་པ་དང་། མཁྱུད་སྤྱད་ཀྱི་ནུས་པས་ལུང་བ་གསུམ་གྱི་མདའ་ 1-1-574 ན་རྡེའུ་གསུམ་བླངས་ཏེ་མཐོ་སར་ཕྱིན་ནས་བདུན་པ་མན་ཆད་ཀྱི་རིམས་རྣམས་སོང་ཞིག་ ཅེས་བརྗོད་ཅིང་ལུང་བ་གསུམ་དུ་འཕངས་པས་རིམས་ཞི་བ་ལ་སོགས་པ་(ཁབ་སྟོར་ན་ཕྱི་སྒོའི་ཡག་ ཤིང་ཁུང་བུར་སོག་མ་བཅུག་པས་རྙེད་པ་དང་། ཁྱིའི་རྐན་ལ་རུས་པ་ཟུག་ན་དམོད་མོ་བརྡབ་ཅིང་སྒོ་ཕྱིར་བསྒུལ་བས་ཐོན་པ་དང་། སྒྱུག་མོའི་ལྟག་པར་མེ་བཙའ་བྱས་པས་མནའ་མའི་ལྦ་བ་ཞི་པ་དང་། མག་པའི་སྤྱི་བོར་མེ་བཙའ་བྱས་པས་སྒྱུག་མོའི་མིག་ཚག་ པ་ཕན་པ་དང་། བྱ་རོག་གི་མཆུ་བཅངས་ན་བདུད་ཟློག་པ་དང་། སྟག་གི་སྡེར་མོ་བཅངས་ན་བཙན་ཟློག་པ་དང་། ས་ལེ་སྦྲམ་ བཅངས་ན་ཀླུ་ཟློག་པ་དང་། དུང་གི་མཆོག་བཅངས་ན་ས་བདག་ཟློག་པ་དང་། རྐུན་མའི་ལག་པ་བཅངས་ན་ནོར་འགྲུབ་པ།) དང་ལྡན་པའི་ལས་བསམ་གྱིས་མི་ཁྱབ་པོ། ། (གཉིས་པ།)གཉེན་པོ་ཟག་མེད་ཀྱི་ལས་བསམ་གྱིས་མི་ཁྱབ་པ་ལ་(རྣལ་འབྱོར་པ། བྱང་སེམས་ སངས་རྒྱས་ཀྱི་ལས་གསུམ་ལས།)མཉམ་པར་གཞག་པའི་རྣལ་འབྱོར་བ་ཞི་གནས་ལྷག་མཐོང་ཟུང་ དུ་འབྲེལ་བ་དང་ལྡན་པའི་སེམས་ཀྱི་མཐུ་མངོན་པར་ཤེས་པ་ཐོབ་པའི་ལས་ས་གཡོ་བ་དང་ ནམ་མཁའ་ལ་འཕུར་ལ་སོགས་པ་བསམ་གྱིས་མི་ཁྱབ་བོ། །(གཙོ་ཆེར་)ས་བརྒྱད་པ་ལ་སོགས་ པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དབང་འབྱོར་བ་དག་གི་ལས་བསམ་ གྱིས་མི་ཁྱབ་སྟེ། དེའང་། (སྡོམ་ནི།)ཚེ་སེམས་ཡོ་བྱད་ལས་སྐྱེས་པ། །མོས་སྨོན་རྫུ་འཕྲུལ་ཡེ་ ཤེས་ཆོས། །ཞེས་པ་འདི་ལྟ་བུ་སྟེ། སྐུ་ཚེ་བྱིན་གྱིས་བརླབས་ནས་ཇི་སྲིད་འདོད་པར་གནས་ པ་ཚེ་ལ་དབང་བ་དང་། ཇི་ལྟར་བཞེད་པ་བཞིན་ཏིང་ངེ་འཛིན་ལ་འཇུག་ནུས་པ་སེམས་ལ་ དབང་བ་དང་། སེམས་ཅན་རྣམས་ལ་ཅི་འདོད་པའི་ལོངས་སྤྱོད་ཀྱི་ཆར་འབེབས་ནུས་པ་ཡོ་ བྱད་ལ་དབང་བ་དང་། ཁམས་དང་ས་དང་འགྲོ་བ་དང་སྐྱེ་གནས་དང་གནས་སྐབས་གཞན་ དུ་མྱོང་འགྱུར་གྱི་ལས་རྣམས་གཞན་དུ་བསྒྱུར་བར་ནུས་པ་ལས་ལ་དབང་བ་དང་། བསམ་ གཏན་ལས་མ་ཉམས་བཞིན་དུ་འདོད་ཁམས་སུ་སྐྱེ་བ་ལ་སོགས་པ་གང་འདོད་པར་སྨོན་ ལམ་ལ་དབང་བ་དང་། ས་ལ་སོགས་པའང་ཆུ་དང་གསེར་ལ་སོགས་པ་གང་མོས་པར་བསྒྱུར་ 1-1-575 བར་ནུས་པ་མོས་པ་ལ་དབང་བ་དང་། ཇི་ལྟར་སྨོན་པ་བཞིན་དུ་རང་གཞན་གྱི་དོན་ཕུན་སུམ་ ཚོགས་པ་འགྲུབ་པར་ནུས་པ་སྨོན་ལམ་ལ་དབང་བ་དང་། གདུལ་བྱ་འདུན་པར་བྱ་བའི་ཆེད་ དུ་རྣམ་འཕྲུལ་དཔག་ཏུ་མེད་པ་སྟོན་ནུས་པ་རྫུ་འཕྲུལ་ལ་དབང་བ་དང་། སོ་སོ་ཡང་དག་པ་ རིག་པ་བཞི་རབ་ཀྱི་མཐར་ཕྱིན་པ་ཡེ་ཤེས་ལ་དབང་བ་དང་། སེམས་ཅན་མཐའ་ཡས་པ་ ལ་མིང་ཚིག་ཡི་གེའི་ཚོགས་ཐ་དད་པས་(མདོ་སྡེ་ལ་སོགས་པ་)ཆོས་ཀྱི་སྒོ་མཐའ་ཡས་པ་བསྟན་ ནས་ཅིག་ཅར་ཚིམ་པར་བྱེད་ནུས་པ་ཆོས་ལ་དབང་བ་རྣམས་ཐོབ་པའི་ཕྱིར་རོ། །མཐར་ཐུག་ སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དོན་དམ་པ་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ དབྱིངས་སུ་འདྲེས་ཤིང་རོ་གཅིག་པ་བརྙེས་ནས་འབད་པ་དང་རྩོལ་བ་མེད་བཞིན་དུ། ཀུན་ རྫོབ་གདུལ་བྱ་ནམ་དུས་ལ་བབ་པ་ན་གང་ལ་གང་འདུལ་གྱི་ཚུལ་གྱིས་སངས་རྒྱས་ཀྱི་མཛད་ པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་སྒྲུབ་པའི་ཕྲིན་ལས་ནི་ཕལ་བ་རྣམས་ཀྱི་བསམ་གྱིས་ མི་ཁྱབ་བོ། །ཞེས་པ་སྟེ། རྒྱན་ལས། སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་བསྒྲུབ་པའི་ བྱེ་བྲག་དང་། །གྲངས་དང་ཞིང་གིས་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་ པ་ལྟར་རོ། །འདིར་ཐོབ་པའི་ལས་ལ་སོགས་པ་ཟག་མེད་ཀྱི་ལས་རྣམས་ནི་ཀུན་འབྱུང་མིན་ ཡང་། ལས་ཀྱི་དབྱེ་བ་ལ་མཁས་པའི་ཆེད་དུ་ཞར་བྱུང་དུ་བསྟན་པའོ། ། སྤྱི་མཚན་ལ་(གཉིས་ལས།)རྣམ་པ་བཞིར་དབྱེ་བ་ནི། གོང་དུ་རྒྱ་ཆེར་བཤད་པ་དེ་དག་ མདོར་བསྡུ་ན། ཀུན་འབྱུང་བའི་བདེན་པའི་མཚན་ཉིད་དེ་རང་བཞིན་ནམ་བསྒོམ་བྱའི་རྣམ་ པ་གྲངས་བཞིར་རིག་པར་བྱ་སྟེ། རྒྱུའི་མཚན་ཉིད་དང་། ཀུན་འབྱུང་བའི་མཚན་ཉིད་དང་། རབ་ཏུ་སྐྱེ་བའི་མཚན་ཉིད་དང་། རྐྱེན་གྱི་མཚན་ཉིད་དོ། ། (གཉིས་པ།) ངེས་ཚིག་གིས་བཤད་པ་ལ། རྒྱུའི་མཚན་ཉིད་གང་ཞེ་ན། ལས་དང་ཉོན་མོངས་ པ་དེ་དག་ཡང་སྲིད་པ་སྐྱེ་བ་ཕྱི་མ་འགྲུབ་པའི་བག་ཆགས་ས་བོན་འཇོག་པའི་བྱེད་རྒྱུ་ཡིན་ 1-1-576 པའི་ཕྱིར་རྒྱུའི་མཚན་ཉིད་ཅན་དུ་རིག་པར་བྱའོ། །(ས་མུ་ད་ཡ་)ཀུན་འབྱུང་བའི་མཚན་ཉིད་གང་ ཞེ་ན། སེམས་ཅན་ལས་ཀྱི་བག་ཆགས་བསགས་པ་དེ་དང་དེ་དག་ལྷ་ལ་སོགས་པའི་སེམས་ ཅན་གྱི་རིགས་དྲུག་པོ་དེ་དང་དེར་ནང་ཕན་ཚུན་ཆ་བྱད་དང་རང་བཞིན་འདྲ་བར་འབྱུང་(ས་མ་ ཨུ་ད་ཡ་)བའི་བྱེད་རྒྱུ་ཡིན་པའི་ཕྱིར་ཀུན་འབྱུང་བའི་མཚན་ཉིད་ཅན་དུ་རིག་པར་བྱའོ། །རབ་ཏུ་ སྐྱེ་བ(པྲ་བྷ་བ)འི་མཚན་ཉིད་གང་ཞེ་ན། (པྲཱ་ཏྱཱད་མ་)སོ་སོའི་རང་གི་རྒྱུད་ཐ་དད་དུ་ངེས་པར་འབྱུང་ བ་དང་། འགྲོ་བ་དང་སྐྱེ་གནས་ལ་སོགས་པ་རྣམ་པ་(པྲ་ཀཱ་ར་)ཐ་དད་དུ་འབྱུང་བ་དང་། འགྲོ་ བའི་མཆོག་(པྲ་ཀཪྵ་)སྲིད་པའི་རྩེ་མོར་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རབ་ཏུ་སྐྱེ་བའི་མཚན་ ཉིད་ཅན་དུ་བལྟའོ། །རྐྱེན་(པྲ་ཏྱ་)གྱི་མཚན་ཉིད་གང་ཞེ་ན། སྔར་འཐོབ་པའི་ལུས་གཞན་དང་ གཞན་ཐོབ་པ་(པྲཱཔཏ་)དང་། ཐོབ་ཟིན་པའི་ལུས་གཞན་དང་གཞན་དུ་འདའ་བའི་(ཨ་ཏྱ་ཡ་)བྱེད་ རྒྱུ་ཡིན་པའི་ཕྱིར་རྐྱེན་གྱི་མཚན་ཉིད་ཅན་དུ་རིག་པར་བྱའོ། ། ཐོབ་བྱ་འགོག་པའི་བདེན་པ་ལ། སྤྱི་དོན་གསུམ་སྟེ། གང་ལས་འགྲུབ་ཚུལ། ངོ་བོ་ངོས་ བཟུང་། འཁྲུལ་བ་སྤང་བའོ། ། འགྲུབ་ཚུལ་ནི། ལམ་བསྒོམས་པ་ལས་དེ་བཞིན་ཉིད་དྲི་མ་དང་བྲལ་བ་ཐོབ་པ་སྟེ། དེ་ བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམས་པ་ལས་ནི་ཡང་དག་བྱུང་། །ཞེས་པ་ལྟར་རོ། ། ངོ་བོ་ནི། བྱེ་བྲག་ཏུ་སྨྲ་བ་དགག་བྱ་དང་གྲངས་མཉམ་པའི་དགག་པ་རྫས་གྲུབ་ཏུ་འདོད་ ཅིང་། མདོ་སྡེ་པ་ནི་གཉེན་པོ་བསྒོམས་པས་སྤང་བྱ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ པའི་མེད་དགག་ཏུ་འདོད་མོད། འདིར་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་གློ་བུར་ཀྱི་ དྲི་མས་ཀྱང་དག་ནས་དག་པ་གཉིས་ལྡན་དུ་གྱུར་པ་སྟེ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། ། སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་པ་ལྟར་རོ། ། འཁྲུལ་སྤོང་ལ་གསུམ་ལས། (དང་པོ།)སྐྱེད་འབྲས་སུ་འདོད་པ་སྤང་བ་ནི། ལམ་བསྒོམས་ 1-1-577 པ་ལས་སྐྱེས་པའི་འབྲས་བུ་འདུས་བྱས་སོ་སྙམ་དུ་སེམས་ན། དེ་ནི་ཆུ་རྙོག་མ་སངས་པ་ལྟར་ སེམས་དྲི་མས་དག་པ་བྲལ་འབྲས་མངོན་དུ་གྱུར་པ་ཙམ་ཡིན་གྱི་སྔར་མེད་གསར་དུ་སྐྱེས་པ་ ནི་མ་ཡིན་ཏེ། ཇི་ལྟར་ཆུ་རྙོག་པ་ལས་དང་བ་ན། །དང་བ་དེ་ཉིད་དེ་ལས་སྐྱེས་མིན་ཏེ། །དེ་ནི་ དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་འདི་ཉིད། །ཅེས་པ་ལྟར་རོ། ། (གཉིས་པ།) མི་རྟག་པར་འདོད་པ་སྤང་བ་ནི། དྲི་བཅས་དྲི་མེད་དུ་འགྱུར་བའི་ཕྱིར་མི་རྟག་ པའོ་སྙམ་དུ་སེམས་ན། སྐྱོན་མེད་ཅིང་རང་བཞིན་ནམ་ཡང་མི་འགྱུར་བས་ན་རྟག་པ་ཉིད་ དོ། །མདོ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་ པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །ཞེས་པ་ནས། བཅོམ་ལྡན་འདས་འདི་ལ་བདེན་པ་གཅིག་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་ པ་ལགས་ཏེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་དེ་ ཉིད་ནི་རྟག་པ་ལགས་སོ། །གང་རྟག་པ་དེ་ནི་མི་སླུ་བའི་ཆོས་ཅན་ལགས་སོ། །ཞེས་པ་ལྟར་ རོ། ། (གསུམ་པ།) གཏན་མེད་དུ་འདོད་པ་སྤང་བ་ནི། སྤང་བྱ་འགོག་ཙམ་གྱི་མེད་དགག་ལ་ འགོག་བདེན་ནོ་སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ཆོས་ འཇིག་པ་ནི་སྡུག་བསྔལ་འགོག་པ་མ་ལགས་སོ། །སྡུག་བསྔལ་འགོག་པ་ཞེས་བགྱི་བ་འདི་ ནི་ཐོག་མ་མེད་པའི་དུས་ཅན། མ་བྱས་པ་མ་སྐྱེས་པ་མ་བྱུང་བ། ཟད་པ་མེད་པ་ཟད་པ་དང་ བྲལ་བ། རྟག་པ་བརྟན་པ་ཞི་བ་མི་འཇིག་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་ བ། རྣམ་པར་དབྱེར་མེད་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་ བྱེ་མ་ལས་འདས་པ་དང་ལྡན་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟེ། བཅོམ་ལྡན་འདས་ དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་ 1-1-578 བཞིན་གཤེགས་པའི་སྙིང་པོ་ཞེས་བྱའོ། །ཞེས་པ་དང་། ཤཱ་རིའི་བུ་འགོག་པ་ཞེས་བྱ་བ་འདི་ ནི་ཆོས་ཀྱི་སྐུ་སྟེ་གཉིས་སུ་མེད་པའི་ཆོས་ཅན་རྣམ་པར་མི་རྟོག་པའི་ཆོས་སོ། །ཞེས་པ་ལྟར་ མཐར་ཐུག་གི་འགོག་པ་ནི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། ། གཞུང་དོན་ནི། བམ་པོ་བཞི་པ་ནས་བརྩམས་ཏེ་འཆད་པ་ལ། ལས་དང་ཉོན་མོངས་ པ་སྤངས་པ་ལས་ཐོབ་པར་བྱ་བ་འགོག་པའི་བདེན་པ་གང་ཞེ་ན། ཐུན་མོང་གི་རྣམ་གཞག་ མདོར་བསྟན། སོ་སོའི་ངོ་བོ་རྒྱས་བཤད། སྤྱིའི་མཚན་ཉིད་བསྡུས་ཏེ་བསྟན་པའོ། །མདོར་ བསྟན་ནི་མཚན་ཉིད་དམ་རང་བཞིན་དང་། ཟབ་ཅིང་རྟོགས་པར་དཀའ་བ་དང་། ཀུན་རྫོབ་ བརྡའི་ས་བསྟན་པ་དང་། དོན་དམ་ཆོས་ཉིད་རྟོགས་པ་དང་། གནས་སྐབས་ཡོངས་སུ་མ་ རྫོགས་པ་དང་། མཐར་ཐུག་ཡོངས་སུ་རྫོགས་པ་དང་། དེའང་ཐུན་མོང་བའི་ལུགས་ལ་རྒྱན་ མེད་པ་དང་། རྒྱན་དང་བཅས་པ་དང་། སྤང་བྱའི་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་ དང་། ཐུན་མོང་མ་ཡིན་པ་ཁྱད་པར་འཕགས་པ་དང་། མིང་གི་རྣམ་གྲངས་ཀྱིས་འགོག་པའི་ བདེན་པ་བསྟན་པར་རིག་པར་བྱའོ། ། རྒྱས་བཤད་ལ། དེ་ལྟར་བཅུ་གཉིས་ཀྱི་(དང་པོ།)མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། ངོ་བོ་ ངོས་བཟུང་། ལུང་དང་སྦྱར་བ། སྐབས་དོན་བསྡུ་བའོ། །ངོ་བོ་ནི་ཆོས་ཉིད་དེ་བཞིན་ཉིད་ལ་ འགོག་པ་དང་། ལམ་ཟག་མེད་ཀྱིས་འགོག་པ་དང་། སྤང་བྱ་ཉོན་མོངས་པ་མི་འབྱུང་ཞིང་ འགགས་པ་སྟེ། དེ་ཡང་གཞི་གང་དུ་འགོག་པ་དང་། ཐབས་གང་གིས་འགོག་པ་དང་དགག་ བྱ་གང་འགོག་པ་རྣམས་ཡིན་ཞིང་། མདོར་ན་ཆོས་དབྱིངས་རང་བཞིན་གྱིས་དག་པ་ལ་ལམ་ བསྒོམས་པས་གློ་བུར་གྱི་དྲི་མ་འགགས་པ་ནི་འགོག་པའི་མཚན་ཉིད་དོ་ཞེས་པའོ། ། ལུང་ནི་གཉིས་ལས། (དང་པོ།)ཆོས་ཉིད་ལ་ཕུང་པོ་སྐྱེ་མཆེད་འགགས་པ་འགོག་པར་ གསུངས་ཚུལ་ནི། (མདོ་ལས།)མཚོ་ནི་གང་ལས་ལྡོག་པར་འགྱུར། །ལམ་ནི་གང་ལས་ལྡོག་པ་ 1-1-579 ལགས། །གང་དུ་འཇིག་རྟེན་སྡུག་བསྔལ་དང་། །བདེ་བ་མ་ལུས་འགག་པར་འགྱུར། །ཞེས་ ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དེ་བཞིན་ཉིད་གང་དུ་ཟག་བཅས་ཀྱི་ མིག་དང་རྣ་བ་དང་། དེ་བཞིན་དུ་སྣ་དང་ལྕེ་དང་ལུས་དང་ཡིད་དེ་ནང་གི་སྐྱེ་མཆེད་དྲུག་དང་། དེ་བཞིན་དུ་ཕྱིའི་སྐྱེ་མཆེད་དྲུག་དང་། མིང་བཞིའི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ་རྣམས་ མ་ལུས་པར་ནི་འགགས་པར་གྱུར་པ་ནི་སྐྱེ་མཆེད་དྲུག་གི་མཚོ་དང་ལས་དང་ཉོན་མོངས་པའི་ ལམ་ཐམས་ཅད་འགགས་པས། དེ་ལས་མཚོ་ནི་ལྡོག་པར་འགྱུར་ཞིང་། །ལམ་ནི་དེ་ལས་ལྡོག་ པའོ། །ཞེས་གསུངས་པ་ལྟ་བུའོ། ། (གཉིས་པ།) ཆོས་ཉིད་ལ་ཟག་བཅས་ཁམས་རྣམས་འགགས་པ་འགོག་པར་གསུངས་ ཚུལ་ནི་ཡང་གསུངས་པ། དེ་བཞིན་ཉིད་གང་དུ་མིག་གི་ཁམས་འགག་པ་དང་། མིག་ཤེས་ དང་མཚུངས་ལྡན་གྱི་ཁ་དོག་གི་འདུ་ཤེས་མེད་པར་འགྱུར་བ་དང་། ཆོས་ཀྱི་ཁམས་ཀྱི་བར་ དུ་འགག་པ་དང་། ཡིད་ཤེས་དང་མཚུངས་ལྡན་གྱི་ཆོས་ཀྱི་འདུ་ཤེས་མེད་པར་འགྱུར་ཞིང་ ཁམས་བཅོ་བརྒྱད་འགགས་པ་དེ་ནི་གནས་སུ་རིག་པར་བྱ་སྟེ། གནས་ནི་འགོག་པའི་རྣམ་ གྲངས་ཡིན་པས་སོ། །ཡང་ན་(ཡེ་ཤེས་བཤེས་གཉེན་)དེ་བཞིན་ཉིད་ཆོས་ཀྱི་སྐྱེ་མཆེད་དུ་འདུས་ པས་སྐྱེ་མཆེད་དུ་རིག་པར་བྱའོ། །བསྡུ་བ་ནི་ལུང་གི་རྣམ་གྲངས་སམ་ཚུལ་འདིས་ན་དེ་བཞིན་ ཉིད་ཀྱང་ཡིན་ལ་ཟག་མེད་ཀྱི་ལམ་གྱི་དམིགས་པ་ཡང་ཡིན་པ་གང་དུ། ཟག་པ་དང་བཅས་ པའི་ཆོས་གསུམ་གྱི་དངོས་པོ་ཐམས་ཅད་འགགས་པ་དེ་འགོག་པའི་བདེན་པའི་མཚན་ཉིད་ དོ། ། ཟབ་པས་ཇི་ལྟ་བུ་ཞེ་ན། (གཉིས་ལས་དང་པོ།)དོན་དངོས་བསྟན་པ་ནི་འདུ་བྱེད་ཟག་བཅས་ དེ་དག་གི་འཇིག་པ་མ་ཡིན་དགག་དངོས་པོར་གྱུར་པ་ལས། འགོག་པ་དེ་གཞན་ཞེས་ཀྱང་ མི་བྱ་སྟེ། གཞན་མ་ཡིན་ན་ཆོས་ཅན་དང་ཆོས་ཉིད་མ་འབྲེལ་བར་འགྱུར་བས་སོ། །གཞན་མ་ 1-1-580 ཡིན་ཞེས་ཀྱང་མི་བྱ་སྟེ། དེ་དག་མཚན་ཉིད་མི་མཚུངས་ཞིང་། མཚུངས་ན་འགོག་པའང་ཀུན་ ནས་ཉོན་མོངས་པ་ཅན་དུ་འགྱུར་བས་སོ། །གཞན་པ་ཡང་ཡིན་ལ་གཞན་མ་ཡིན་པ་ཡང་ཡིན་ ཞེས་ཀྱང་མི་བྱ་སྟེ། སྐྱོན་དེ་གཉིས་ཀར་འགྱུར་བས་སོ། །གཞན་པ་ཡང་མ་ཡིན་ལ་གཞན་ མ་ཡིན་པ་ཡང་མ་ཡིན་ཞེས་ཀྱང་མི་བྱ་སྟེ། སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་གཏན་ ནས་མེད་པ་མ་ཡིན་པའོ། །དེ་ལྟར་མི་བྱ་བའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འགོག་པའི་བདེན་ པ་ནི་མུ་བཞིའི་སྤྲོས་པ་མཐའ་དག་མེད་པའི་དབྱིངས་ཡིན་པའི་ཕྱིར་རོ། །སྤྲོས་པ་ནི་འགོག་ པའི་སྐབས་འདིར་བསམ་བྱ་དང་། སེམས་པ་མི་མཐུན་པ་ཚུལ་དང་ལམ་དང་རིགས་པ་དང་ ཐབས་བཞིན་མ་ཡིན་པར་སེམས་པ་སྟེ། ཚུལ་བཞི་ནི་ཞི་བ་དང་གྱ་ནོམ་པ་ལ་སོགས་པའི་ རྣམ་པར་སེམས་པའོ། ། (གཉིས་པ།) ལུང་གིས་བསྒྲུབ་པ་ནི། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། རེག་པ་འབྱུང་ བའི་སྐྱེ་མཆེད་དབང་པོ་དྲུག་ལ་སོགས་པ་དག་ཆོས་ཉིད་རྟོགས་ནས་ཟད་པ་དང་། གཉེན་པོ་ རྣམ་པར་ཞིག་པ་དང་། སྤང་བྱའི་སོ་བོན་འགོག་པ། སྡུག་བསྔལ་ཉེ་བར་ཞི་བ། རང་གི་ངང་ གིས་ནུས་པ་ལ་སོགས་པའི་འགོག་པ་ལས་ཆོས་ཅན་དེ་གཞན་དུ་ཡོད་ཅེ་ན། ཆོས་ཉིད་སྤྲོས་ པ་མེད་པ་ལ་ཚུལ་མིན་དུ་སེམས་པས་སྤྲོས་པར་བྱེད་དོ། །དེ་དག་གཞན་དུ་མེད་དོ་ཞེའམ། ཐ་དད་དུ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེའམ། ཐ་དད་གཞན་པར་ཡོད་པ་ཡང་མ་ཡིན་ མེད་པ་ཡང་མ་ཡིན་ཞེ་ན། ཡང་ཆོས་ཉིད་སྤྲོས་པ་མེད་པ་ལ་ཚུལ་མིན་དུ་སེམས་པས་སྤྲོས་ པར་བྱེད་དོ་ཞེས་པ་སྟེ། (དགོངས་འགྲེལ་དུ།)འདུ་བྱེད་ཁམས་དང་དོན་དམ་ཆོས་ཉིད་ནི། །གཅིག་ དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་ བཞིན་མིན་ལ་ཞུགས་པའོ། །ཞེས་པ་ལྟར་རོ། །དེའི་དོན་ཡང་ཇི་སྲིད་དུ་སྐྱེ་མཆེད་དྲུག་ལ་ སོགས་པ་ཡོད་པའི་དེ་སྲིད་དུ་གཟུང་འཛིན་གྱི་སྤྲོས་པ་དང་བཅས་པའོ། །སྐྱེ་མཆེད་དྲུག་ 1-1-581 འཁོར་དང་བཅས་པ་འགགས་པ་ནི་མུ་བཞིའི་སྤྲོས་པ་མེད་པ་སྟེ། དེ་ནི་ཐར་བ་མྱ་ངན་ལས་ འདས་པར་བསྟན་ཏོ་ཞེས་གསུངས་པ་ལྟ་བུའོ། །(ཆོས་དབྱིངས་)བསྟོད་པར་ཡང་། སྐྱེ་མཆེད་ དྲུག་པོ་རྣམ་དག་པ། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་པ་དང་། (སེམས་ཀྱི་རྡོ་རྗེའི་བསྟོད་པར།) འཁོར་བ་རྣམ་རྟོག་ཙམ་ཉིད་དེ། །རྣམ་པར་རྟོག་མེད་ཐར་བ་ཡིན། །ཞེས་སོ། །དེ་ལྟར་ཟབ་ པའི་དོན་ཡང་བསམ་གྱིས་མི་ཁྱབ་སྟེ། (དཔལ་ཕྲེང་གི་)མདོ་ལས། བཅོམ་ལྡན་འདས་སེམས་ ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་འདས་པ་སྡུག་བསྔལ་འགོག་པའི་བདེན་པ་ ནི་བསམ་གྱིས་མི་ཁྱབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིའང་ཤེས་པའི་སྤྱོད་ ཡུལ་མ་ལགས་སོ་ཞེས་པ་ལྟར་རོ། །བརྡས་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པ་སོ་སོ་སྐྱེ་བོའི་ལམ་ གྱིས་སྤང་བྱའི་ས་བོན་ཉམས་སྨད་ཅིང་མགོ་མནན་པས་འགོག་པ་གང་ཡིན་པ་སྟེ། དེ་ཙམ་ ལའང་འགོག་པར་འདོགས་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འགོག་པ་དེའི་རྣམ་གྲངས་ སུ་གཏོགས་པ་ལ་དགོངས་ནས། མ་ལུས་པར་འགགས་པ་དེའི་ཡན་ལག་གམ་ཆ་ཤས་ཀྱིས་ མྱ་ངན་ལས་འདས་པར་བཏགས་ནས་གསུངས་སོ། །དོན་དམ་པས་ཇི་ལྟ་བུ་ཞེ་ན། འཇིག་ རྟེན་ལས་འདས་པ་འཕགས་པའི་ཤེས་རབ་ཀྱིས་སྤང་བྱའི་ས་བོན་ཀུན་ཏུ་བཅོམ་སྟེ་སླར་མི་ སྐྱེ་བའི་ཚུལ་གྱིས་འགོག་པ་གང་ཡིན་པའོ། །ཡོངས་སུ་མ་རྫོགས་པས་ཇི་ལྟ་བུ་ཞེ་ན། རྒྱུན་ དུ་ཞུགས་པའི་འབྲས་བུར་བསྡུས་པའི་མཐོང་སྤང་ཐམས་ཅད་འགགས་པའམ། ལན་ཅིག་ ཕྱིར་འོང་བའི་འབྲས་བུར་བསྡུས་པའི་འདོད་ཁམས་ཀྱི་སྒོམ་སྤང་དྲུག་འགགས་པའམ། ཕྱིར་ མི་འོང་བའི་འབྲས་བུར་བསྡུས་པའི་འདོད་ཁམས་ཀྱི་སྒོམ་སྤང་ཐམས་ཅད་འགགས་པ་ཡང་ རུང་སྟེ། འཕགས་པ་སློབ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ཡོངས་སུ་རྫོགས་པས་ཇི་ ལྟ་བུ་ཞེ་ན། དགྲ་བཅོམ་པའི་འབྲས་བུར་བསྡུས་པ་འཕགས་པ་མི་སློབ་པ་རྣམས་ཀྱིས་སྤང་བྱ་ མ་ལུས་པ་ཟད་པའི་འགོག་པ་གང་ཡིན་པའོ། །རྒྱན་མེད་པས་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱིས་ 1-1-582 ཉོན་མོངས་པའི་སྒྲིབ་པ་ཙམ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་ གང་ཡིན་པ་སྟེ་མངོན་ཤེས་ལ་སོགས་པའི་རྒྱན་མེད་པའོ། །རྒྱན་དང་བཅས་པ་ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་སྔོན་དང་ ཕྱི་མའི་མཐའ་དང་ཟག་ཟད་ཤེས་པའི་རིག་པ་གསུམ་མངོན་པར་ཤེས་པ་དྲུག་ལ་སོགས་པ་ ཡོན་ཏན་གྱི་རྒྱན་དང་ལྡན་པའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་གང་ཡིན་པའོ། །ལྷག་མ་ དང་བཅས་པས་ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་ཐམས་ཅད་སྤངས་ཀྱང་ཚེ་མ་འཕོས་པས་སྔར་ གྱི་རྣམ་སྨིན་ཕུང་པོ་(འདོད་གཟུགས་)ལྔའམ་(གཟུགས་མེད་ན་)བཞིའི་ལྷག་མ་དང་བཅས་པའི་འགོག་ པ་གང་ཡིན་པའོ། །ལྷག་མ་མེད་པས་ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་ཐམས་ཅད་སྤངས་ཤིང་ ཚེའང་འཕོས་པས་རྣམ་སྨིན་ཕུང་པོའི་ལྷག་མ་མེད་པའི་འགོག་པ་གང་ཡིན་པའོ། །ཁྱད་པར་ དུ་འཕགས་པས་ཇི་ལྟ་བུ་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ དང་སྙིང་རྗེ་ལ་བརྟེན་ནས་སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་ འདས་པར་བསྡུས་པའི་འགོག་པ་གང་ཡིན་པ་སྟེ། སེམས་ཅན་ཐམས་ཅད་ལ་མཐར་ཐུག་གི་ ཕན་པ་དང་། གནས་སྐབས་ཀྱི་བདེ་བའི་རྒྱུར་ཉེ་བར་གནས་པའི་ཕྱིར་རོ། ། རྣམ་གྲངས་ཀྱིས་ཇི་ལྟ་བུ་ཞེ་ན། (གཉིས་ལས།)མདོར་བསྟན་ནི། མ་ལུས་པར་སྤངས་པ་དང་། ངེས་པར་སྤངས་པ་དང་། བྱང་བར་གྱུར་པ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་ དང་། འགོག་པ་དང་། རྣམ་པར་ཞི་བ་དང་། ནུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། སོགས་པའི་ སྒྲས་ནི་ལྷག་མ་རྣམས་སྡུད་པའོ། ། (གཉིས་པ།) རྒྱས་བཤད་ལ། སྤང་བྱ་དང་བྲལ་བའི་རྣམ་གྲངས། ཡོན་ཏན་དང་ལྡན་པའི་ རྣམ་གྲངས། སྡུག་བསྔལ་ལས་བཟློག་པའི་རྣམ་གྲངས་སོ། །དང་པོ་ནི། མདོར་བསྟན་ལྟར་ བརྒྱད་དེ། དེའང་ཅིའི་ཕྱིར་མ་ལུས་པར་སྤངས་པ་ཞེས་བྱ་ཞེ་ན། ཚིག་ལྷག་མ་ནུབ་པའི་བར་ 1-1-583 རྣམས་ཀྱིས་འཆད་པ་སྟེ། དེ་དག་གིས་ནི་སྤང་བྱ་ས་བོན་དང་མངོན་གྱུར་མ་ལུས་པ་འགགས་ པ་སྟོན་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་སྤངས་པ་ཞེས་བྱ་ཞེ་ན། ཀུན་ནས་དཀྲིས་པ་ཉོན་ མོངས་པ་མངོན་གྱུར་དུ་བྱུང་བ་རྣམས་བོར་ཞིང་ཡོངས་སུ་སྤངས་པའི་ཕྱིར་རོ། །ཅིའི་ཕྱིར་བྱང་ བར་གྱུར་པ་ཞེས་བྱ་ཞེ་ན། བག་ལ་ཉལ་ས་བོན་རྩ་བ་ནས་མཐར་ཕྱིན་པར་སྤངས་ཏེ་སླར་མི་ སྐྱེ་བར་བྱས་པའི་ཕྱིར་རོ། །ཅིའི་ཕྱིར་ཟད་པ་ཞེས་བྱ་ཞེ་ན། གཉེན་པོ་མཐོང་བའི་ལམ་གྱིས་ སྤང་བྱ་ཕལ་ཆེར་སྲབས་ཤིང་ཟད་དེ་བྲལ་བར་བྱས་པའི་ཕྱིར་རོ། །ཅིའི་ཕྱིར་འདོད་ཆགས་ དང་བྲལ་བ་ཞེས་བྱ་ཞེ་ན། གཉེན་པོ་སྒོམ་པའི་ལམ་གྱིས་ས་དང་ས་ལ་འདོད་ཆགས་དང་ བྲལ་བར་བྱས་པའི་ཕྱིར་རོ། །ཅིའི་ཕྱིར་འགོག་པ་ཞེས་བྱ་ཞེ་ན། དེ་ལྟར་མཐོང་སྤང་དང་སྒོམ་ སྤང་འགགས་པས་ཚེ་ཕྱི་མ་ལ་ཀུན་འབྱུང་དེའི་འབྲས་བུ་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་མི་ སྐྱེ་བའི་ཆོས་ཉིད་དུ་བྱས་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་ཞི་བ་ཞེས་བྱ་ཞེ་ན། དེ་བཞིན་དུ་ མཐོང་བའི་ཆོས་ཚེ་འདི་ཉིད་ལའང་ཀུན་འབྱུང་དེའི་འབྲས་བུ་སེམས་ཀྱི་སྡུག་བསྔལ་ཡིད་མི་ བདེ་རྒྱུ་མེད་པར་བྱས་པའི་ཕྱིར་རོ། །ཅིའི་ཕྱིར་ནུབ་པ་ཞེས་བྱ་ཞེ་ན། སྔོན་གྱི་ལས་དང་ཉོན་ མོངས་པའི་འབྲས་བུ་ཕུང་པོའི་ལྷག་མ་རྣམས་རང་གི་ངང་གིས་འཇིག་ཅིང་ཕྱི་མ་མི་ལེན་པས་ སྡུག་བསྔལ་ནུབ་པར་འགྱུར་བའི་ཕྱིར་རོ། ། (གཉིས་པ།) ཡོན་ཏན་ལ་བཞི་ལས། (དང་པོ།)ཟབ་པའི་ཡོན་ཏན་ནི་འདུས་མ་བྱས་དང་བལྟ་ བར་དཀའ་བའོ། །དེ་ལ་ཅིའི་ཕྱིར་འདུས་མ་བྱས་ཞེས་བྱ་ཞེ་ན། འདུས་བྱས་ཀྱི་མཚན་ཉིད་སྐྱེ་ བ་དང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བ་གསུམ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་ བལྟ་དཀའ་བ་ཞེས་བྱ་ཞེ་ན། དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་གྱི་གཟུགས་མཐོང་ བ་ཤའི་སྤྱན་དང་། གཟུགས་རྣམས་དང་སེམས་ཅན་གྱི་ཤི་འཕོ་དང་སྐྱེ་བ་མཐོང་བ་རྣམ་སྨིན་ ལས་བྱུང་བའི་ལྷའི་སྤྱན་དང་། འཕགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་སྤྱན་ 1-1-584 དང་། གསུང་རབ་བཅུ་གཉིས་ཐོགས་མེད་དུ་ཤེས་པའམ་འཕགས་པ་གཞན་གྱི་རྟོགས་པ་ ཤེས་པ་ཆོས་ཀྱི་སྤྱན་དང་། ཆོས་ཐམས་ཅད་མངོན་པར་རྫོགས་པར་མཁྱེན་པ་སངས་རྒྱས་ཀྱི་ སྤྱན་ཏེ་སྤྱན་ལྔ་གསུངས་པ་ལས། འདི་ནི་འཕགས་པ་ཁོ་ནའི་ཤེས་རབ་ཀྱི་སྤྱན་གྱི་ཡུལ་ཡིན་ པས། ཤའི་མིག་དང་ལྷའི་མིག་གི་སྤྱོད་ཡུལ་ལས་ཀྱང་འདས་ན། ཐ་མལ་བའི་མིག་གི་ཡུལ་ ལས་ཤིན་ཏུ་ཡང་འདས་པའི་ཕྱིར་རོ། ། (གཉིས་པ།) བྲལ་བའི་ཡོན་ཏན་ནི། གཡོ་མེད་མི་འདུད་འཆི་མེད་ཟག་མེད་དེ། ཅིའི་ ཕྱིར་གཡོ་བ་མེད་པ་ཞེས་བྱ་ཞེ་ན། སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བར་ཕན་ཚུན་ འཕོ་བ་དང་བྲལ་ཞིང་བརྟན་པར་གནས་པའི་ཕྱིར་རོ། །ཅིའི་ཕྱིར་མི་འདུད་པ་ཞེས་བྱ་ཞེ་ན། ཁམས་གསུམ་གྱི་སྲིད་པ་གསུམ་དང་བྲལ་བས་སྲིད་པར་གཞོལ་བ་མེད་པའི་ཕྱིར་རོ། །ཅིའི་ ཕྱིར་འཆི་བ་མེད་པ་ཞེས་བྱ་ཞེ་ན། འཆི་བའི་རྟེན་ཕུང་པོའི་རྒྱུན་འགགས་པས་འཆི་བ་བདག་ གི་བདུད་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་ཟག་པ་མེད་པ་ཞེས་བྱ་ཞེ་ན། རྩ་བ་དང་ཉེ་བའི་ ཉོན་མོངས་རྣམས་འགགས་པས་ཉོན་མོངས་པའི་བདུད་དང་བྲལ་བའི་ཕྱིར་རོ། ། (གསུམ་པ།) རྟེན་གྱི་ཡོན་ཏན་ལ། གནས་དང་གླིང་དང་སྐྱོབ་མགོན་དཔུང་གཉེན་ཏེ། ཅིའི་ ཕྱིར་གནས་ཞེས་བྱ་ཞེ་ན། ཁ་ན་མ་ཐོ་བའམ་སྐྱོན་མེད་པ་རྣམ་པར་གྲོལ་བའི་དགའ་བའམ་ བདེ་བའི་གཞི་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གླིང་ཞེས་བྱ་ཞེ་ན། ཁམས་གསུམ་གྱི་འཁོར་བའི་ རྒྱ་མཚོ་ཆེན་པོ་(འཁོར་བ་ནི་རྒྱ་མཚོ་དང་ཆོས་མཐུན་པ་ལྔས་རྒྱ་མཚོའི་མིང་འཐོབ་སྟེ། སྤྱོད་ཡུལ་ཚད་མེད་པར་མཐུན་པ་ དང་། ཟབ་པར་ཆོས་མཐུན་པ་དང་། གཏིང་སླེབ་དཀའ་བར་ཆོས་མཐུན་པ་དང་། བཏུང་དུ་མི་རུང་བར་ཆོས་མཐུན་པ་དང་། རིན་ པོ་ཆེ་ཆེན་པོའི་གནས་ཡིན་པར་ཆོས་མཐུན་པས་སོ། །ཞེས་བསྡུ་བར་རོ། །)ལས་ལོགས་ཤིག་ཏུ་ཡོངས་སུ་ཆད་དེ་ ཐང་བདེ་བ་ལྟ་བུར་གྱུར་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱོབ་པ་ཞེས་བྱ་ཞེ་ན། དེ་ཐོབ་ན་སྐྱེ་བ་ལ་ སོགས་པའི་གནོད་པ་ཐམས་ཅད་ཟློག་པར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་མགོན་ཞེས་བྱ་ཞེ་ 1-1-585 ན། འགོག་པ་དེར་དམིགས་ཏེ་བསམ་པ་སེམས་བསྐྱེད་ལ་སོགས་པ་དང་སྦྱོར་བ་ལམ་སྒོམ་ པ་ལ་སོགས་པ་བྱས་པ་རྣམས་འབྲས་བུ་དོན་ཆེན་པོ་ཡོད་པའི་གཞིའི་གནས་སམ་རྟེན་ཡིན་ པའི་ཕྱིར་རོ། །ཅིའི་ཕྱིར་དཔུང་གཉེན་ཞེས་བྱ་ཞེ་ན། འཕགས་པའི་མཆོག་དགྲ་བཅོམ་པ་ ཉིད་དུ་འགྲོ་བའི་ལམ་གྱི་གཞིའི་གནས་སམ་དམིགས་པ་ཡིན་པའི་ཕྱིར་ཏེ། །མདོ་ལས་ཀྱང་། སྡུག་བསྔལ་འགོག་པའི་བདེན་པ་ཉིད་ནི་ཡང་དག་པར་ན་བདེན་པ་དང་རྟག་པ་དང་སྐྱབས་ ལགས་སོ། །ཞེས་པ་ལྟར་རོ། ། (བཞི་པ།) བདེན་པའི་ཡོན་ཏན་ལ། (གསུམ་ལས་དང་པོ།)དགག་ཕྱོགས་ནས་བཤད་པ་ནི། འཆི་འཕོ་རིམས་ནད་ཡོངས་གདུང་མེད་པ་སྟེ། ཅིའི་ཕྱིར་འཆི་འཕོ་མེད་པ་ཞེས་བྱ་ཞེ་ན། དང་ པོ་སྐྱེ་བ་དང་བྲལ་བས་མཐར་ཉམས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་རིམས་ནད་མེད་པ་ཞེས་ བྱ་ཞེ་ན། སྡུག་པའི་ཡུལ་ལ་འདོད་པས་ཕོངས་པའི་ཡིད་མི་བདེ་ཐམས་ཅད་བྲལ་བའི་ཕྱིར། ཅིའི་ཕྱིར་ཡོངས་སུ་གདུང་བ་མེད་པ་ཞེས་བྱ་ཞེ་ན། ཡིད་མི་བདེ་བ་དང་མཚུངས་ལྡན་གྱི་རྣམ་ རྟོག་མྱ་ངན་དང་། དེས་ཀུན་ནས་བསླངས་པའི་ཅ་ཅོ་སྨྲེ་སྔགས་འདོན་པ་དང་། ལུས་ཀྱི་གདུང་ བ་སྡུག་བསྔལ་བ་དང་། སེམས་ཀྱི་གདུང་བ་ཡིད་མི་བདེ་བ་དང་། དེ་དག་གིས་ཀུན་ཏུ་རྨོངས་ པའི་འཁྲུག་པ་རྣམས་དང་བྲལ་བས་བསིལ་བར་གྱུར་པའི་ཕྱིར་རོ། ། (གཉིས་པ།) བསྒྲུབ་ཕྱོགས་ནས་བཤད་པ་ནི། བདེ་ཞི་བདེན་གཞི་བདེ་བར་འགྱུར་བ་སྟེ། ཅིའི་ཕྱིར་བདེ་བ་ཞེས་བྱ་ཞེ་ན། ན་རྒ་འཆི་བའི་འཇིགས་པ་མེད་པར་འཕགས་པའི་གནས་པ་ རྣམ་ཐར་གསུམ་གྱི་གཞིའི་གནས་སམ་རྟེན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞི་བ་ཞེས་བྱ་ཞེ་ན། དགེ་བའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པས་གཏན་དུ་ཕན་པའི་དངོས་པོར་གྱུར་པའི་ཕྱིར་ རོ། །ཅིའི་ཕྱིར་བདེ་གཞི་ཞེས་བྱ་ཞེ་ན། དོན་དམ་པ་འཇིག་རྟེན་ལས་འདས་པའི་བདེ་བའི་ གཞིའམ་གནས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་བདེ་བར་འགྱུར་བ་ཞེས་བྱ་ཞེ་ན། ངལ་དུབ་ཀྱི་ 1-1-586 མཐའ་སྤངས་ནས་སྦྱོར་བ་ལམ་བདེ་ཞིང་འཇུག་པ་བདེ་བས་རྣམ་གྲོལ་དེ་ཐོབ་པའི་གཞིའི་ གནས་སམ་དམིགས་པ་ཡིན་པའི་ཕྱིར་རོ། ། (གསུམ་པ།) སླར་ཡང་དགག་ཕྱོགས་ནས་བཤད་པ་ནི། ནད་མེད་མི་གཡོ་མྱ་ངན་འདས་པ་ སྟེ། ཅིའི་ཕྱིར་ནད་མེད་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་དང་ལས་དང་སྐྱེ་བའི་སྒྲིབ་པ་ནད་ལྟ་ བུ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མི་གཡོ་བ་ཞེས་བྱ་ཞེ་ན། གཟུགས་སོགས་ ཡུལ་གྱི་སྤྲོས་པའི་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མྱ་ངན་ ལས་འདས་པ་ཞེས་བྱ་ཞེ་ན། གཟུང་འཛིན་གྱི་མཚན་མར་འཛིན་པ་མེད་ཅིང་སྡུག་བསྔལ་ཉེ་ བར་ཞི་ལ། ཟག་པ་མེད་པའི་བདེ་བར་གནས་པའི་གཞིའི་གནས་སམ་དམིགས་པ་ཡིན་པའི་ ཕྱིར་རོ། ། (གསུམ་པ།) སྡུག་བསྔལ་ལས་ཟློག་པ་ནི། མ་སྐྱེས་པ་དང་མ་བྱུང་མ་བྱས་པ། །འདུས་མ་ བྱས་དང་སྐྱེ་བ་མེད་པ་སྟེ། །ཅིའི་ཕྱིར་མ་སྐྱེས་པ་ཞེས་བྱ་ཞེ་ན། སྡུག་བསྔལ་ནི་སྐྱེ་བ་རྒྱུན་མི་ འཆད་པར་ཉིང་མཚམས་སྦྱོར་བ་ཡིན་ལ། འགོག་པ་ནི་དེ་ལས་བཟློག་སྟེ་སེམས་ཅན་གྱི་རིས་ རྣམས་སུ་ཉིང་མཚམས་སྦྱོར་བ་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་མ་བྱུང་བ་ཞེས་བྱ་ཞེ་ན། ཉིང་མཚམས་སྦྱོར་བ་དེའི་འོག་ཏུ་ལུས་ཡོངས་སུ་རྫོགས་པར་འབྱུང་བ་དང་བྲལ་བའི་ཕྱིར་རོ། ། ཅིའི་ཕྱིར་མ་བྱས་པ་ཞེས་བྱ་ཞེ་ན། སྔོན་གྱི་མཐའ་སྐྱེ་བ་སྔ་མའི་ལས་དང་ཉོན་མོངས་པའི་ འཕེན་པ་དང་བྲལ་བའི་དེ་དག་གིས་མ་བྱས་པའི་ཕྱིར་རོ། །ཅིའི་ཕྱིར་འདུས་མ་བྱས་ཞེས་བྱ་ ཞེ་ན། ད་ལྟར་གྱི་ཚེ་ལ་ལས་དང་ཉོན་མོངས་པ་སྲིད་པ་གཞན་མངོན་པར་འདུ་མི་བྱེད་པའི་ གཞིའི་གནས་སམ་དམིགས་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་བ་མེད་པ་ཞེས་བྱ་ཞེ་ན། མ་ འོངས་པ་ཚེ་ཕྱི་མའི་སྐྱེ་བའི་རྒྱུད་འབྱུང་བ་དང་བྲལ་བའི་ཕྱིར་རོ། ། སྤྱི་མཚན་ལ། (གཉིས་ལས།)བསྟན་པ་ནི་ཡང་འགོག་པའི་བདེན་པའི་མཚན་ཉིད་དམ་རང་ 1-1-587 བཞིན་རྣམ་པ་བཞིར་རིག་པར་བྱ་སྟེ། འགོག་པའི་མཚན་ཉིད་དང་། ཞི་བའི་མཚན་ཉིད་དང་། གྱ་ནོམ་པའི་མཚན་ཉིད་དང་། ངེས་པར་འབྱུང་བའི་མཚན་ཉིད་དོ། །བཤད་པ་ལ། ཅིའི་ཕྱིར་ འགོག་པའི་མཚན་ཉིད་ཅེས་བྱ་ཞེ་ན། སྡུག་བསྔལ་འབྱུང་བའི་ཉོན་མོངས་པ་རྣམས་དང་བྲལ་ བའི་ཕྱིར་རོ། །ཅིའི་ཕྱིར་ཞི་བའི་མཚན་ཉིད་ཅེས་བྱ་ཞེ་ན། མ་ཞི་བར་བྱེད་པ་འདུ་བྱེད་སྡུག་ བསྔལ་ཉེར་ལེན་གྱི་ཕུང་པོ་རྣམས་དང་བྲལ་བའི་ཕྱིར་རོ། །ཅིའི་ཕྱིར་གྱ་ནོམ་པའི་མཚན་ཉིད་ ཅེས་བྱ་ཞེ་ན། ཉོན་མོངས་པ་དང་བྲལ་བའི་གཙང་བ་དང་། སྡུག་བསྔལ་དང་བྲལ་བས་བདེ་ བའི་དངོས་པོ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་འབྱུང་བའི་མཚན་ཉིད་ཅེས་བྱ་ཞེ་ན། སླར་མི་ལྡོག་པར་སོང་བས་རྟག་པ་དང་། དོན་དམ་པར་དགེ་བས་རང་གཞན་ལ་ཕན་པའི་ གཞི་ཡིན་པའི་ཕྱིར་རོ། །མཐར་ཐུག་པའི་འགོག་པ་ནི་ཆོས་ཀྱི་སྐུ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་ པ་བཞི་དང་ལྡན་པ་ཐོབ་པ་སྟེ། གཙང་བདག་བདེ་བ་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་ འབྲས། །ཞེས་པ་ལྟར་རོ། ། བསྟེན་བྱ་ལམ་གྱི་རྣམ་གཞག་ལ། སྤྱི་དོན་གཉིས་ཏེ། ལམ་གྱི་རྟེན་དང་། བརྟེན་པ་ལམ་ མོ། །རྟེན་པའང་ལུས་དང་སེམས་ཀྱི་རྟེན་གཉིས་ལས། དང་པོ་ལ་སྐྱེ་བའི་རྐྱེན་(ལ་གཉིས་)གྱི་ སྤྱིར་བཏང་ནི། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བརྟེན་ པ་དང་། །བདག་གིས་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ ནི་ཁྱོད་ལ་མངའ། །ཞེས་པ་ལྟར་འཁོར་ལོ་བཞི་དང་ལྡན་ཞིང་སྒྲིབ་པ་གསུམ་དང་བྲལ་བའི་ ལྷ་དང་མི་རྣམས་ལ་སྐྱེའོ། །དེའང་། མཚམས་མེད་པ་ཡི་ལས་རྣམས་དང་། །ཉོན་མོངས་ ཤས་ཆེ་ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་ འདོད། །ཅེས་པ་ལྟར་མཚམས་མེད་ལྔ་བྱས་པ་ལས་ཀྱི་སྒྲིབ་པ་ཅན་དང་། (ཉོན་མོངས་དྲག་པོ་ ཡིན་ཡང་གཉེན་པོས་གཞོམ་ནུས་མོད་ཀྱི་)ཟ་མ་ལ་སོགས་པ་ལྟ་བུའི་ཉོན་མོངས་པ་ཤས་ཆེ་བ་རྒྱུན་དུ་ 1-1-588 འབྱུང་བ་(གཉེན་པོའི་སྐབས་མི་རྙེད་པས་)ཉོན་མོངས་པའི་སྒྲིབ་པ་ཅན་དང་། ངན་སོང་གསུམ་དང་ བདེ་འགྲོ་ཡིན་ཡང་། སྒྲ་མི་སྙན་པ་དང་ལྷ་ཚེ་རིང་པོ་ནི་རྣམ་པར་སྨིན་པའི་སྒྲིབ་པ་ཅན་ཏེ། དེ་ དག་ནི་འཕགས་པའི་ལམ་དང་དེ་ལ་སྦྱོར་བའི་དགེ་བ་ལ་སྒྲིབ་པ་ཅན་ཡིན་པས་རྟེན་མ་ཡིན་ པར་བཤད་དོ། །དམིགས་བསལ་ནི་ཐེག་པ་ཆེན་པོའི་ལུགས་ལ་ངན་འགྲོ་ལའང་སྐྱེ་སྟེ། རྒྱ་ མཚོས་ཞུས་པར། ཀླུ་ཉིས་སྟོང་སེམས་བསྐྱེད་ནས་བསྐལ་པ་མངོན་པར་དགའ་བ་ལ་འཇིག་ རྟེན་གྱི་ཁམས་དྲི་མེད་སྙིང་པོར་སངས་རྒྱས་ཡེ་ཤེས་བླ་མ་ལ་སོགས་པར་ལུང་བསྟན་པ་དང་། སྡོང་བོ་བཀོད་པར་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་འཇམ་དཔལ་གྱིས་རྒྱ་མཚོ་ནས་ འོངས་པའི་ཀླུ་རྣམས་ལ་སེམས་བསྐྱེད་མཛད་པ་དང་། ཟ་མ་ཏོག་བཀོད་པར། ཡུལ་འཁོར་མོ་ འཇིག་ཏུ་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་དང་སྲིན་བུའི་རིགས་མང་པོ་བདེན་པ་མཐོང་ བ་ལ་བཀོད་པར་གསུངས་པའི་ཕྱིར་རོ། ། (གཉིས་པ།) གནས་པའི་རྟེན་ནི། ཉན་ཐོས་པའི་ལུགས་ལའང་ཁམས་གསུམ་ཅི་རིགས་ པར་གནས་ཤིང་། ཐེག་ཆེན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་བསམ་ གྱིས་མི་ཁྱབ་པས་འགྲོ་བ་ཐམས་ཅད་ན་ཡོད་དེ། སྤྱན་རས་གཟིགས་དབང་ཕྱུག་གིས་དམྱལ་ བར་གཤེགས་པ་དང་། སྐྱེས་རབས་སུ་དུད་འགྲོར་གྱུར་པའི་བྱང་ཆུབ་སེམས་དཔའ་མང་དུ་ འབྱུང་བ་དང་། མ་དྲོས་པས་ཞུས་པར་ཀླུའི་རྒྱལ་བོ་དེ་ཉིད་ས་བཅུ་པར་གསུངས་པ་ལྟར་རོ། ། སེམས་ཀྱི་རྟེན་ནི། ཚོགས་ལམ་གྱི་ཐོས་བསམ་སྒོམ་གསུམ་འདོད་པའི་སེམས་ལ་བརྟེན་ པ་གཙོ་ཆེ་ལ། སྦྱོར་ལམ་ནི། སྒོམ་བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་ བའོ། །ཞེས་སྒོམ་བྱུང་ཡིན་པས་མི་ལྕོགས་པ་མེད་པ་དང་། དང་པོའི་དངོས་གཞི་ཁྱད་པར་ ཅན་དང་། བསམ་གཏན་བཞིའི་དངོས་གཞི་སྟེ་ས་དྲུག་པ་ལ་བརྟེན་ཅིང་། མཐོང་ལམ་ཡང་། དེ་ནི་ཆོས་མཆོག་དང་ས་གཅིག །ཅེས་སྔར་དང་འདྲ་ལ། སྒོམ་ལམ་ནི་བསམ་གཏན་བཞི་དང་ 1-1-589 གཟུགས་མེད་དང་པོ་གསུམ་ལ་བརྟེན་ཅིང་། མཐར་ཕྱིན་པའི་ལམ་དང་ཁྱད་པར་བསེ་རུ་ལྟ་ བུའི་ལམ་ཐམས་ཅད་བསམ་གཏན་བཞི་པ་ལ་བརྟེན་པ་སྟེ། སྟོན་དང་བསེ་རུ་བྱང་ཆུབ་བར། ། བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་པ་ལྟར་རོ། །ཐེག་ཆེན་པའི་ལུགས་ཀྱིས་ ཕལ་ཆེར་དངོས་གཞི་ལ་བརྟེན་པ་སྟེ། ཚོགས་ལམ་ཆེན་པོ་ནས་ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་ པར་གསུངས་པས་སོ། །ཁྱད་པར་སྒོམ་ལམ་ནི་སྔར་དང་འདྲ་བར་ཡང་འཆད་པར་འགྱུར་ལ། ཁམས་གསུམ་གྱི་ས་དགུ་ཅར་ལ་བརྟེན་པར་ཡང་གསུངས་ཏེ། (མངོན་རྟོགས་རྒྱན་དུ།)ས་ དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་ པའི་ལམ་ནི་དག་པ་ཡིན། །ཞེས་པ་ལྟར་རོ། །ལམ་ལ། མཚན་ཉིད་མཚན་གཞི་རྣམ་དབྱེ་དང་། ། ངེས་ཚིག་དངོས་བཏགས་དཔྱད་པའོ། །མཚན་ཉིད་ལ་ཁ་ཅིག་ཐར་བའི་རྒྱུར་གྱུར་པའི་ དགེ་བ་ཞེས་པ་དང་། སྤང་བྱ་སྤོང་བར་ནུས་པ་ཞེས་འཇོག་པ་ནི་མི་འཐད་དེ། ས་དང་གཉེན་ པོའི་ཆ་ཡང་དེར་ཐལ་བའི་ཕྱིར་རོ། །དེས་ན། གང་ལ་ཞུགས་ནས་མྱ་ངན་ལས་འདས་པར་ ཕྱིན་པར་བྱེད་པ་ཞེས་པའམ། རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་ཞེས་པ་ལ་སོགས་ ཇི་ལྟར་རིག་པའོ། །མཚན་གཞིའི་དངོས་པོ་ནི་བྱང་ཆུབ་འདོད་པས་ཀུན་ནས་བསླངས་པའི་ སྒོ་གསུམ་གྱི་དགེ་བ་བྱང་ཆུབ་ཏུ་བསྔོས་པའོ། །རྣམ་དབྱེ་ནི་ཐེག་པ་གསུམ་གྱི་ལམ་གསུམ་ དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་དང་། སྦྱོར་བ་ལ་སོགས་པའི་ ལམ་བཞི་དང་། མྱུར་བུལ་དང་དཀའ་སླས་ཕྱེ་བའི་ལམ་བཞི་དང་། སློབ་པ་དང་མི་སློབ་པའི་ ལམ་གཉིས་དང་། མཉམ་གཞག་དང་རྗེས་ཐོབ་ཀྱི་ལམ་ལ་སོགས་པ་སྟེ། ཕལ་ཆེར་གཞུང་ དུ་འཆད་པར་འགྱུར་རོ། །མཉམ་རྗེས་ཀྱི་ཁྱབ་པར་ལ་སྣང་མེད་དང་སྣང་བཅས་སམ། ཆོས་ ཉིད་ཆོས་ཅན་ཡུལ་དུ་བྱེད་པའོ་ཞེས་ཟེར་བ་ནི་མི་འཐད་དེ། སེམས་མེད་པའི་གནས་སྐབས་ དང་རྗེས་ཐོབ་དེ་བཞིན་དུ་སྣང་བ་ཡང་མཉམ་བཞག་ཏུ་ཐལ་བའི་ཕྱིར་རོ། །དེས་ན་ཏིང་ངེ་ 1-1-590 འཛིན་ལ་རྩེ་གཅིག་ཏུ་གནས་པ་མཉམ་གཞག་དང་། དེ་ལས་ལངས་པའི་བྱ་བ་རྗེས་ཐོབ་ཅེས་ བྱའོ། །ངེས་ཚིག་ནི་མྱ་ངན་འདས་པའི་བགྲོད་པའི་གཞིར་གྱུར་པས་ན་ལམ་ཞེས་བྱའོ། ། ལྔ་པ་ལ། འགྲེལ་བར། རབ་ཏུ་དབྱེ་བ་འདིའང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་ སྐབས་ཀྱིས་རིག་པར་བྱའོ་ཞེས་པ་དང་། དེའི་བཤད་སྦྱར་དུའང་། (ཡེ་ཤེས་བཤེས་གཉེན་གྱིས།) ཚོགས་སྦྱོར་འཇིག་རྟེན་པ་ཉིད་ཀྱི་ཕྱིར་ལམ་གྱི་བདེན་པ་མ་ཡིན་གྱི། ལམ་གྱི་འཁོར་དེ་འབྱུང་ བར་བྱེད་པའི་ཕྱིར་རོ་ཞེས་གསུངས་པ་ལ། (འབྲེ་དང་ཐོ་ལ་སོགས་པ།)གཞན་དག་ཀྱང་ཚོགས་སྦྱོར་ གཉིས་ནི་རྟོག་བཅས་དང་ཟག་བཅས་ཡིན་པའི་ཕྱིར་ལམ་དངོས་མ་ཡིན་ཡང་རྒྱུ་ལ་ལམ་དུ་ བཏགས་པའོ། །ཞེས་གསུངས་མོད། རྟོག་བཅས་ཡིན་ཡང་། ཡང་དག་པའི་རྟོག་པ་ལས་མི་ རྟོག་པ་སྐྱེ་བ་ཤིང་གཉིས་དྲུད་པ་ལས་མེ་འབྱུང་བའི་དཔེས་(དཀོན་མཆོག་བརྩེགས་པར་)གསུངས་པ་ དང་། ས་བོན་དང་འབྲེལ་བས་ཟག་བཅས་སུ་བཤད་པའང་(ལམ་དེ་ལྡན་གྱི་)ཀུན་གཞི་ལ་འབྲེལ་ བ་ཡིན་གྱི། ལམ་གྱི་ཆ་ཟག་མེད་ཡིན་པའི་ཕྱིར། དེ་དག་ཀྱང་ལམ་མཚན་ཉིད་པར་འགྱུར་རོ། ། ཡང་ཁ་(འབུམ་ཕྲག་གསུམ་པ་)ཅིག་སྔ་མ་བཞི་ལམ་མཚན་ཉིད་པ་ཡིན་ལ། ཕྱི་མ་ནི་འབྲས་བུ་ལ་ ལམ་དུ་བཏགས་པའོ་ཞེས་ཀྱང་གསུངས་མོད། དེའང་ཉན་ཐོས་དང་རང་རྒྱལ་རྣམས་ཀྱི་གོང་ དུ་འགྲོ་བ་དང་བཅས་པའི་ཕྱིར་ལམ་མཚན་ཉིད་པ་དང་འབྲས་བུ་བཏགས་པ་བ་ཡིན་ཞིང་། ཐེག་ཆེན་པ་རྣམས་ཀྱི་ནི་སྤངས་རྟོགས་མཐར་ཕྱིན་པའི་ཕྱིར་ལམ་བཏགས་པ་བ་དང་འབྲས་ བུ་མཚན་ཉིད་པ་ཡིན་ནོ། །(སྒོམ་ལམ་ཟག་བཅས་དང་དེ་ལ་བརྟེན་པའི་མངོན་ཤེས་ཀྱང་ལམ་བདེན་གྱིས་མ་བསྡུས་ ཏེ། བསྡུ་བར་མངོན་པར་ཤེས་པ་ལྔ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ལམ་གྱི་རྗེས་ལ་ཐོབ་ ཅིང་རྣམ་པར་དག་པ་དང་། ལམ་ལ་བརྟེན་པ་ཡིན་མོད་ཀྱི་དེ་དག་ནི་ལམ་གྱི་བདེན་པས་བསྡུས་པ་མ་ཡིན་ནོ། །ཞེས་མདོ་སྡེ་པ་ དང་མཐུན་པར་བཤད་དོ། །) 1-1-591 གཞུང་དོན་ལ། སྡུག་བསྔལ་འགོག་པར་འགྲོ་བ་ལམ་གྱི་བདེན་པ་གང་ཞེ་ན། ལན་ལ་ བྱེད་པའི་སྒོ་ནས་མདོར་བསྟན། ཕྱེ་སྟེ་རྒྱས་པར་བཤད་པ། སྤྱི་མཚན་བསྡུས་ཏེ་བསྟན་པའོ། ། མདོར་བསྟན་ནི། མངོན་པར་འདོད་པའི་དོན་ཚོལ་བའི་ལམ་གང་གིས་འཁོར་བའི་ངོ་བོ་ སྡུག་བསྔལ་གྱི་རང་བཞིན་ཡོངས་སུ་ཤེས་པར་བྱེད་པ་དང་། དེའི་རྒྱུ་ལས་དང་ཉོན་མོངས་ པའི་ཀུན་འབྱུང་སྤོང་བར་བྱེད་པ་དང་། དེ་དག་དང་བྲལ་བའི་འགོག་པ་མྱ་ངན་ལས་འདས་ པ་མངོན་དུ་བྱེད་པ་དང་། དེའི་ཐབས་ལམ་རྒྱུད་ལ་བསྟེན་ཞིང་སྒོམ་པར་བྱེད་པ་སྟེ། བདེན་ པ་བཞི་ལ་རང་རང་དང་མཐུན་པའི་བྱ་བ་བྱེད་པ་འདི་ནི་ལམ་གྱི་བདེན་པའི་རང་བཞིན་ནམ་ མཚན་ཉིད་མདོར་བསྡུས་ནས་བསྟན་པའོ། ། རྒྱས་བཤད་ལ། ལམ་ལྔ་ཐུན་མོང་གི་དབྱེ་བ་དང་། ཕྱེ་བ་སོ་སོའི་རང་བཞིན་ནོ། །དབྱེ་བ་ ནི་ཡང་ལམ་རྣམ་པ་ལྔ་སྟེ། རང་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དྲོད་མ་ཐོབ་ཀྱི་བར་དུ་ ཚོགས་གཉིས་སོག་པ་ཚོགས་ཀྱི་ལམ་དང་། དེ་བཞིན་དྲོད་ཐོབ་ནས་བདེན་བཞིའི་ཆོས་ཉིད་ མངོན་སུམ་དུ་མ་མཐོང་བའི་བར་སྦྱོར་བའི་ལམ་དང་། དེ་མཐོང་ནས་སྐད་ཅིག་རྣམས་ཡོངས་ སུ་མ་རྫོགས་ཀྱི་བར་མཐོང་བའི་ལམ་དང་། ཡོངས་སུ་རྫོགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ གྱི་བར་སྒོམ་པའི་ལམ་དང་། རང་རང་གི་བསླབ་པ་ཡོངས་སུ་རྫོགས་པ་མཐར་ཕྱིན་པའི་ལམ་ མོ། །རང་བཞིན་ནི། ལྔ་བོ་རེ་རེ་ཞིང་དོན་གཉིས་གཉིས་ཀྱིས་འཆད་པའི་སྤྱི་དོན་ནི་ཐམས་ ཅད་མཐུན་པར། མཚན་ཉིད་སྤངས་རྟོགས་ཡོན་ཏན་དང་། །རྣམ་དབྱེ་བྱེད་ལས་ངེས་ཚིག་གོ། དེ་ལ་ཚོགས་ལམ་གྱི་མཚན་ཉིད་ནི་མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་ཐར་ བ་ཆ་མཐུན་གྱི་དགེ་བས་བསྡུས་པའོ། །སྤངས་རྟོགས་ནི་སྤང་བྱ་ཤིན་ཏུ་རགས་པ་འཁོར་བར་ སྡུག་བསྔལ་སྐྱེད་བྱེད་རྣམས་རྣམ་པར་སུན་འབྱིན་པའི་གཉེན་པོས་སྤངས་པ་དང་། བདག་ མེད་གཉིས་ཤེས་རབ་གསུམ་གྱིས་སྤྱིའི་ཚུལ་དུ་རྟོགས་པའོ། །ཡོན་ཏན་ནི། (རྒྱན་དུ།)དེ་ཚེ་ཆོས་ 1-1-592 ཀྱི་རྒྱུ་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། ། གདམས་ངག་རྒྱ་ཆེར་རྙེད་པར་འགྱུར། །ཞེས་པ་ལྟར་སངས་རྒྱས་ལས་ཆོས་ཉན་ཞིང་གཞུང་ དང་དོན་འཛིན་པར་ནུས་པ་དང་། སྤྱན་དང་མངོན་པར་ཤེས་པ་ལྔ་ཐོབ་ཅིང་ཕྱོགས་བཅུའི་ སངས་རྒྱས་རྣམས་ལྟ་བར་ནུས་པ་ལ་སོགས་པའོ། །སྒོམ་བྱུང་མེད་པར་འདོད་པ་ནི་ཉན་ཐོས་ ཀྱི་ལུགས་ཡིན་ཞིང་། ཉི་ཁྲི་སྣང་བར། ཐོས་པ་དང་བསམ་པའི་རང་བཞིན་དུ་གསུངས་པའང་ དེ་དག་ཤས་ཆེ་བ་ལ་དགོངས་པའོ། །རྣམ་དབྱེ་ནི་ལས་དང་པོ་པའི་ས་དང་། དད་པའི་ས་དང་། ཐར་བ་ཆ་མཐུན་དང་། གོ་ཆའི་སྒྲུབ་པ་ལ་སོགས་པའོ། །བྱེད་ལས་ནི་རྒྱུད་ཡོངས་སུ་སྨིན་ པར་བྱེད་པ་དང་། སྦྱོར་ལམ་འདྲེན་པར་བྱེད་པ་ལ་སོགས་པའོ། །ངེས་ཚིག་ནི་འབྲས་བུ་བྱང་ ཆུབ་ཡང་དག་པར་འཛིན་པས་སམ། རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་འགེངས་ཤིང་། ཐར་བར་ འགྲོ་བའི་གཞི་ཡིན་པས་ན་ཚོགས་ལམ་ཞེས་བྱའོ། ། གཞུང་དོན་ལ། ཚོགས་ཀྱི་ལམ་གང་ཞེ་ན། གསུམ་ལས། (དང་པོ།)ཐར་བའི་རྒྱུའི་ཆོས་ ལྔ་བཤད་པ་ལས། (སྤྱོད་འཇུག་ལས།)དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་ དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་ འབྱོར་བར་ག་ལ་འགྱུར། །ཞེས་པ་ལྟར་དལ་འབྱོར་རྙེད་པར་དཀའ་བ་དང་། དེ་རིང་ཁོ་ན་ མི་འཆི་ཞེས། །བདེ་བར་འདུག་པའང་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། ། དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་པ་ལྟར་འཆི་བ་མི་རྟག་པ་རྗེས་སུ་དྲན་པའི་སྒོ་ནས། སྡིག་པ་བྱེད་པ་བདེ་འདོད་པ། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་སྡིག་པ་དེས། ། སྡུག་བསྔལ་མཚོན་གྱིས་རྣམ་འཇོམས་འགྱུར། །ཞེས་པ་ལྟར་འཁོར་བའི་ཉེས་དམིགས་དང་ ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱས་ཏེ། སྤོང་བའི་སེམས་ནི་ཐོབ་པ་དང་། །ཚུལ་ཁྲིམས་ཕ་ རོལ་ཕྱིན་པར་བཤད། །ཅེས་པ་ལྟར་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་(སྔར་བསྟན་པ་བཞིན་)ཡན་ལག་ 1-1-593 དྲུག་དང་ལྡན་པ་བསྲུང་བ་དང་༡། (མདོ་ལས།)མིག་གིས་གཟུགས་རྣམས་མཐོང་སྟེ་མཚན་མར་ མི་འཛིན་མངོན་རྟགས་སུ་མི་འཛིན། ཞེས་པ་ལ་སོགས་པ་གསུངས་པ་ལྟར་དྲན་པ་རྟག་ཏུ་ བྱེད་པས་མིག་སོགས་ཡུལ་ལ་འཇུག་པ་ན་ཆགས་སྡང་གི་ཉོན་མོངས་པ་སྐྱེ་བ་བསྲུངས་ཏེ་ དབང་པོའི་སྒོ་བསྡམ་པ་དང་༢། ཁ་ཟས་ལ་སོགས་པ་དད་པའི་སྒོ་ནས་ཕུལ་བ་རྣམས་ལ། (དགེ་སློང་གི་ལོ་དྲི་བར།)མི་སློབ་པ་ནི་བདག་པོར་བཤད། །སློབ་པ་བྱིན་པ་ལེན་པར་སྤྱོད། །(སྤོང་བ་) བསམ་གཏན་(དང་)ཀློག་(པ་ཐོས་བསམ་བྱེད་པ་)དང་ལྡན་པ་ནི། །གཟི་བརྗིད་ལྡན་(པ་ཐུབ་)པས་ རྗེས་གནང་བརྗོད། །(རྣམ་སྨིན་)སྐྱིན་པོ་ཉིད་དུ་ལོངས་སྤྱོད་(དགོས་)པ། །(ནི་ཚུལ་ཁྲིམས་སྲུང་ཡང་ཐོས་ སོགས་མི་བྱེད་པ)ལེ་ལོས་བཅོམ་པའི་བདག་ཉིད་ཡིན། །གཙུག་ལག་ཁང་(དགེ་སློང་གི་དྲི་བ་)སོགས་ ལོངས་སྤྱོད་ལ། །ཚུལ་ཁྲིམས་འཆལ་བས་སྤྱོད་པ་བཀག །ཅེས་པ་ལྟར་གནང་བཀག་རིག་ པར་བྱ་སྟེ། (ས་དང་བཤེས་སྤྲིང་)ཁ་ཟས་སྨན་དང་འདྲ་བར་རིག་བགྱིས་ནས། །འདོད་ཆགས་ཞེ་ སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་སྒེག་པའི་ཕྱིར་མ་ལགས། །མཚག་ ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་པ་ལྟར་ཧ་ཅང་ཉུང་ན་བཀྲེས་སྐོམ་གྱི་ རིད་དེ་དགེ་བ་ལ་སྦྱོར་མི་བཟོད་ཅིང་། ཧ་ཅང་མང་ན་རྒྱགས་ཏེ་དབུགས་མི་བདེ་བ་དང་མ་ ཞུ་བའི་ནད་སྐྱེད་པས། འཇུ་ཞིང་ལུས་གནས་པ་ལ་ཕན་པ་ཙམ་དུ་སྤྱོད་པ་ཟས་ཀྱི་ཚོད་ཤེས་ པ་དང་༣། རིགས་པའི་བདག་ཉིད་ཉིན་པར་ཐམས་ཅད་དང་། །མཚན་མོའང་དེ་བཞིན་སྟོད་ སྨད་ཐུན་བཟླས་ནས། །མནལ་ཚེའང་འབྲས་མེད་ཉིད་དུ་མི་འགྱུར་བར། །དྲན་ལྡན་དེ་སྲིད་ བར་དུ་མནལ་བར་མཛོད། །ཅེས་པ་ལྟར་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མེལ་ཚེ་ཐུན་རེ་ལྷག་ ཙམ་མི་ཉལ་བར། (སྤྱོད་འཇུག་ཏུ།)ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་ རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་ རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་པ་ལྟར་འདུ་འཛི་ལ་ཆགས་པ་སྤངས་པ་ 1-1-594 སྟེ་མི་སྡུག་པ་དང་ཚད་མེད་པ་སྒོམ་པ་ལ་སོགས་པ་སྒྲིབ་པ་རྣམ་པར་སྦྱོང་བའི་རྣལ་འབྱོར་ལ་ བརྩོན་པ་དང་༤། ལུས་ངག་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་སྲུང་བའི་མཚན་ཉིད་དོ། །ཞེས་པ་ལྟར་སྒོ་གསུམ་གྱི་ སྤྱོད་པ་ལ་ལེགས་པར་བརྟགས་ནས་རུང་བ་སྤྱོད་ཅིང་མི་རུང་བ་སྤོང་བ་ཤེས་བཞིན་དུ་གནས་ པར་མངོན་པར་དགའ་བའོ། ། (གཉིས་པ།) དགེ་བ་གཞན་དང་ཤེས་རབ་བཤད་པ་ནི། གང་ཡང་ཐར་བའི་རྒྱུར་གྱུར་པའི་ དགེ་བ་གཞན་ལྟུང་བས་འགྱོད་པ་མེད་ཅིང་དགའ་བ་ལ་སེམས་མཉམ་པར་འཇོག་པ་དང་། མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་སོགས་པ་དང་། (བཤེས་ སྤྲིང་)དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་དང་། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། ། ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་བར་དོན་མ་མཆིས་ རྟོགས་མཛོད། །ཅེས་པ་ལྟར་འཕགས་པའི་ནོར་བདུན་ལ་སྤྱོད་པ་དང་། (དབུས་མཐར།)ཡི་གེ་ འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཐོན་བྱེད་པ་དང་། ། དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་ དཔག་མེད་འཐོབ། །ཅེས་པ་ལྟར་ཆོས་སྤྱོད་བཅུའི་སྒྲུབ་པ་ལ་བརྩོན་པ་དང་། (ལེགས་པར་གྲུབ་ པར་)ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོ་བྱས་ན་ ནངས་པར་བཤགས། །ལེགས་པར་བྱས་ལ་མངོན་དགར་བྱ། །ཞེས་པ་ལྟར་སྡིག་པ་བཤགས་ པ་ལ་སོགས་པ་སྒྲུབ་པ་དང་། ཁྱད་པར་དུ་ཐེག་ཆེན་པས། (ཐེག་བསྡུས་སུ།)གཞན་ལ་ཕན་པའི་ མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་ གྱིས་ཞུགས། །ཞེས་པ་ལྟར་གཞན་དོན་གཙོ་བོར་བྱ་བ་དང་། (མདོ་སྡེ་རྒྱན་དུ།)རྒྱལ་སྲས་སྤྱོད་ཚེ་ ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་པ་ 1-1-595 ཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་པ་ལྟར་སྟན་ལ་འདུག་པ་ ན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོར་རྡོ་རྗེའི་གདན་ལ་གནས་པར་གྱུར་ཅིག་ཅེས་པ་ ལ་སོགས་པས་སྤྱོད་ལམ་ཐམས་ཅད་ཡོངས་སུ་དག་པར་བསྒྱུར་བ་དང་། ཡིད་ཆེས་པའི་ལུང་ རྣམ་དག་ཐོས་པ་ལས་བྱུང་བའི་ཤེས་རབ་དང་། རིགས་པ་ངེས་པར་བསམས་པ་ལས་བྱུང་ བའི་ཤེས་རབ་དང་། ཏིང་ངེ་འཛིན་རྩེ་གཅིག་ཏུ་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་ རུང་སྟེ། མདོར་ན་སེམས་བསྐྱེད་ནས་དྲོད་མ་ཐོབ་ཀྱི་བར་གྱི་དགེ་བ་བྱང་ཆུབ་ཏུ་བསྔོས་པ་ རྣམས་སོ། ། (གསུམ་པ།) ཚོགས་ཀྱི་ལམ་གྱི་བྱེད་པ་བཤད་པ་ནི། ཚོགས་ལམ་དེ་བསྒོམས་པས་བདེན་ པ་རྣམས་མངོན་པར་རྟོགས་པའི་མཐོང་ལམ་བརྒྱུད་ནས་སྐྱེ་བ་དང་། རིམ་གྱིས་སྒྲིབ་པ་ལས་ རྣམ་པར་ཐར་བར་འགྱུར་བའི་གནས་ཀྱི་སྣོད་སྦྱོར་ལམ་དངོས་སུ་སྐྱེ་བའི་འོས་ཉིད་དུ་འགྱུར་ རོ། །སྦྱོར་ལམ་གྱི་སྤྱི་དོན་ལ། མཚན་ཉིད་ནི། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ ཞིག་དོན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །སྤངས་རྟོགས་ནི། ཉོན་ མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་བརྟགས་པ་རྣམས་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་ ཞིང་། བདེན་པ་རྣམས་ལ་ཆོས་ཀྱི་བདག་གི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པའོ། ། དེའི་མཉམ་གཞག་གི་བློ་ནི་(སྲེག་སྟོན་)རྣལ་འབྱོར་མངོན་སུམ་དང་། (འབྲེ་)དྲན་པ་བཅད་ ཤེས་དང་། (དབྱར་)ཡིད་དཔྱོད་དང་། (ཟླ་ཅོག་)ལོག་ཤེས་ལ་སོགས་པར་ཡང་འདོད་མོད། སོ་ སོ་རང་གིས་ཞེས་གསུངས་པས་རང་རིག་གཙོ་ཆེ་བ་ཉིད་དོ། །ཡོན་ཏན་ནི། རྩེ་མོ་ཐོབ་པ་(དགེ་ བའི་)རྩ་མི་འཆད། །བཟོད་ཐོབ་ངན་སོང་ཡོང་མི་འགྲོ། ཞེས་པ་དང་། ཐེག་ཆེན་པས་(དཀོན་ མཆོག་སྤྲིན་ལས།)སོ་སོ་སྐྱེ་བོའི་རྒུད་པ་ལས་གྲོལ་ཞིང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ ཐར་བ་དང་མངོན་པར་ཤེས་པ་ལ་སོགས་པ་དུ་མ་དང་ལྡན་པ་དང་། (ཡུམ་དང་རྒྱན་དུ་)དབང་པོ་ 1-1-596 རྣོན་པོས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་ལ་སོགས་པའོ། །རྣམ་ དབྱེ་ནི། མོས་པས་སྤྱོད་པའི་ས་དང་། སྒོམ་བྱུང་པ་ཟག་བཅས་དང་། ངེས་འབྱེད་ཆ་མཐུན་ དང་། འཇུག་པའི་སྒྲུབ་པ་ལ་སོགས་པའོ། །བྱེད་ལས་ནི། མཐོང་ལམ་འདྲེན་པར་བྱེད་པ་དང་ ཐར་བ་ཐོབ་པར་བྱེད་པ་ལ་སོགས་པའོ། །ངེས་ཚིག་ནི་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་ ཞིང་ཐར་བ་བགྲོད་པའི་གཞི་ཡིན་པས་ན་སྦྱོར་ལམ་ཞེས་བྱའོ། ། གཞུང་དོན་ལ། སྦྱོར་བའི་ལམ་གང་ཞེ་ན། (གཉིས་ལས་དང་པོ།)ཐུན་མོང་དང་ཁྱད་པར་གྱི་ དབྱེ་བ་ནི། ཚོགས་ལམ་གྱི་སྐབས་སུ་བཤད་པའི་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་ལ་སོགས་པ་གང་ ཡིན་པ་དེ་རྣམས་དྲོད་ཡན་ཆད་ན་ཡོད་པ་ནི་སྦྱོར་བའི་ལམ་ཡང་དེ་དག་ཡིན་ཏེ། འཕགས་ པའི་ལམ་གྱི་རྩོམ་བྱེད་ཡིན་པས་སོ་ཞེས་(ཡེ་ཤེས་བཤེས་གཉེན་གྱིས་)བཤད་པ་བཞིན་ནོ། །སྦྱོར་ བའི་ལམ་གྱི་ཆོས་ཡིན་ལ་ཚོགས་ལམ་གྱི་ཆོས་མ་ཡིན་པ་ཡང་ཡོད་དེ། ཚོགས་བསགས་ཤིང་ ཐར་བ་ཆ་མཐུན་རྫོགས་པའི་རྗེས་སུ་བདེན་པ་རྣམས་ལ་ཐེ་ཚོམ་སྤོང་ཞིང་ངེས་པར་འབྱེད་ པ་འཕགས་པའི་ལམ་གྱི་ཆ་མཐོང་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའི་དགེ་བའི་རྩ་བ་རྣམས་ ཏེ། དེ་ནི་འདི་ལྟར་གཙུབ་ཤིང་ལས་མེ་རིམ་གྱིས་འབྱུང་བ་བཞིན་དུ་ཟག་མེད་ཡེ་ཤེས་མེ་ལྟ་ བུའི་སྔ་ལྟས་ཡིན་པས་དྲོ་བར་གྱུར་པ་དང་། དགེ་བའི་རྩ་བ་གཡོ་བ་རྣམས་ཀྱི་རབ་མཐའ་ ཡིན་པས་རྩེ་མོ་དང་། མི་གཡོ་བའི་སྒོ་ནས་བདེན་པ་མཐོང་བའི་ལམ་དང་རྗེས་སུ་མཐུན་པའི་ བཟོད་པ་དང་། སྐལ་མཉམ་གྱི་རྒྱུ་མེད་ཀྱང་འཕགས་པའི་ལམ་རྩལ་གྱིས་འདྲེན་ནུས་པས་ འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་སོ། ། (གཉིས་པ།) ཕྱེ་བའི་ཁྱད་པར་བཤད་པ་ལ། དྲོ་བར་གྱུར་པ་གང་ཞེ་ན། གཞན་གྱི་སྒྲ་དང་ རྟགས་ལ་མ་བརྟེན་པར་སྒོམ་པ་བོ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་བདེན་པ་བཞིའི་ དབང་དུ་བྱས་པའི་ཆོས་རྣམས་ལ་དམིགས་ནས་མཉམ་པར་བཞག་པ་ན་ནང་འཛིན་པ་ཡིད་ 1-1-597 ཀྱི་བརྗོད་པ་ཙམ་མ་གཏོགས་པ་གཟུང་བ་ཕྱི་རོལ་གྱི་དོན་མེད་པར་རྟོགས་པའི་སྣང་བ་ཐོབ་ པར་འགྱུར་བའི་ངོ་བོ་ཏིང་ངེ་འཛིན་ཞི་གནས་དང་ཤེས་རབ་ལྷག་མཐོང་གྲོགས་དེ་དག་དང་ མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་དང་བཅས་པའོ་ཞེས་པ་སྟེ། རྒྱན་ ལས་ཀྱང་། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་ པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་པ་ལྟར་རོ། །རྩེ་མོ་གང་ཞེ་ན། སྔར་བཞིན་དུ་སོ་ སོར་རང་གིས་རིག་པའི་ཡེ་ཤེས་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ལ་དམིགས་ ནས་བསྒོམས་པ་ན། གཟུང་བ་མེད་པར་རྟོགས་པའི་སྣང་བ་དེ་ཉིད་སྔ་མ་ལས་གོང་དུ་འབྱེད་ ཅིང་འཕེལ་བར་བྱ་བའི་ཆེད་དུ་བརྩོན་འགྲུས་བརྟན་པའི་ཏིང་ངེ་འཛིན་ཞི་གནས་དང་ཤེས་ རབ་ལྷག་མཐོང་མཚུངས་པར་ལྡན་པའི་གྲོགས་དང་བཅས་པའོ་ཞེས་པ་སྟེ། ཆོས་ཀྱི་སྣང་བ་ འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་རྩོམ། །ཞེས་པ་ལྟར་རོ། །བདེན་པའི་རྗེས་ སུ་མཐུན་པའི་བཟོད་པ་གང་ཞེ་ན། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་བདེན་པའི་དབང་ དུ་བྱས་པའི་ཆོས་རྣམས་ལ་དམིགས་ཏེ་བསྒོམས་པ་ན། དོན་དུ་སྣང་བ་ཐམས་ཅད་སེམས་ ཁོ་ནར་སྣང་བས་གཟུང་བའི་རྣམ་གཡེང་སྤངས་ཏེ་ཕྱོགས་གཅིག་གཟུང་བ་རང་བཞིན་མེད་ པ་ལ་ཞུགས་པ་དང་། འཛིན་པའི་རྣམ་གཡེང་ལུས་ཀྱང་འཛིན་མེད་དུ་རྟོགས་པའི་རྗེས་སུ་ མཐུན་པར་སོང་བའི་ཏིང་ངེ་འཛིན་ཞི་གནས་དང་ཤེས་རབ་ལྷག་མཐོང་མཚུངས་པར་ལྡན་ པའི་གྲོགས་དང་བཅས་པའོ་ཞེས་པ་སྟེ། དེ་ནས་དོན་དུ་སྣང་བ་ནི། སེམས་སུ་རབ་ཏུ་སྣང་ བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །ཞེས་པ་ལྟར་རོ། ། དེ་གསུམ་ནི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་གསལ་སྣང་ཆུང་ངུ་དང་ འབྲིང་དང་ཆེན་པོའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་གང་ཞེ་ན། སོ་སོ་རང་གིས་རིག་པའི་ ཡེ་ཤེས་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ལ་དམིགས་ཏེ་བསྒོམས་པ་ན་དེ་མ་ 1-1-598 ཐག་པའི་རྗེས་སུ་མཐོང་ལམ་སྐྱེས་ནས་འཛིན་པ་མེད་པར་རྟོགས་པར་འགྱུར་པའི་སེམས་ཀྱི་ ཏིང་ངེ་འཛིན་ཞི་གནས་དང་ཤེས་རབ་ལྷག་མཐོང་མཚུངས་པར་ལྡན་པའི་གྲོགས་དང་བཅས་ པའོ་ཞེས་པ་སྟེ། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་ མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་ བར་གྱུར་སོགས་ཡིན་ཤེས་བྱ། །ཞེས་པ་ལྟར་རོ། ། མཐོང་ལམ་གྱི་སྤྱི་དོན་ལ། མཚན་ཉིད་ནི་མྱ་ངན་ལས་འདས་པར་བགྲོད་པའི་གཞི་ གང་ཞིག་དེ་ཁོ་ན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །སྤངས་རྟོགས་ ནི་མཐོང་སྤང་གི་ས་བོན་རྩ་བ་ནས་སྤངས་པ་དང་། ཆོས་ཉིད་ཇི་ལྟ་བའི་དོན་མངོན་སུམ་དུ་ རྟོགས་ཤིང་། ཆོས་ཅན་ཇི་སྙེད་པའི་དོན་ཡང་ཇི་རིགས་པར་རྟོགས་པར་སྟེ། དེ་ནས་ཆོས་ དབྱིངས་གཉིས་ཀྱི་མཚན་ཉིད་དང་། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །ཞེས་ པ་དང་། དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཡེ་ ཤེས་ཤིན་ཏུ་དྲི་མེད་པར། །གཉིས་སུ་མེད་པའི་དོན་གྱིས་མཐོང་། །ཞེས་པ་ལྟར་རོ། །ཡོན་ ཏན་ནི་བརྒྱ་ཕྲག་བཅུ་གཉིས་རྗེས་ཐོབ་ཏུ་འབྱུང་བའི་ནུས་པ་ཐོབ་པ་ལ་སོགས་པའོ། །རྣམ་ དབྱེ་ནི་གང་ཟག་གིས་ཕྱེ་ན་ཞུགས་གནས་གཉིས་དང་། ཐེག་པས་ཕྱེ་ན་མཐོང་ལམ་གསུམ་ དང་། ངོ་བོས་ཕྱེ་ན་སྐད་ཅིག་མ་བཅུ་དྲུག་ལ་སོགས་པའོ། ། དེ་ལ་(གསུམ་ལས་དང་པོ།)ཉན་ཐོས་པའི་ལུགས་ཀྱི་ཆོས་སྲུང་སྡེ་བ་ལ་སོགས་པ་རྣམས་ བདེན་པ་བཞི་གཅིག་ཅར་མངོན་པར་རྟོགས་པར་འདོད་ལ། མང་པོས་བཀུར་བ་དག་སྐད་ ཅིག་མ་བཅུ་གཉིས་སུ་སྨྲ་ཞིང་། མཛོད་དུ་ནི། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་ བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལོ་དེ་ལས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། ། སྡུག་བསྔལ་ལྷག་མ་རྗེས་བཟོད་ཤེས། །བདེན་པ་གསུམ་ལ་དེ་བཞིན་ནོ། །ཞེས་པ་ལྟར། 1-1-599 ཆོས་མཆོག་གི་མཇུག་ཏུ། འདོད་པའི་སྡུག་བསྔལ་དམིགས་པའི་ཆོས་བཟོད་དང་། དེ་ལས་ ཆོས་ཤེས་དང་། དེ་ནས་ཁམས་གོང་མའི་སྡུག་བསྔལ་ལ་དམིགས་པའི་རྗེས་བཟོད་དང་། དེ་ལས་རྗེས་ཤེས་ཏེ་སྐད་ཅིག་མ་བཞི་དང་། དེ་བཞིན་དུ་གཞན་གསུམ་ལའང་སྦྱར་བའི་ སྐད་ཅིག་མ་བཅུ་དྲུག་གི་ཟག་མེད་ཤེས་རབ་ཀྱིས་བདེན་པ་མཐོང་བར་བཤད་དོ། །དེ་ཡང་། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །དེ་ལས་སྐད་ཅིག་ བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་པ་ལྟར་བཟོད་པ་བརྒྱད་ནི་མཐོང་ སྤང་གི་ཐོབ་པ་གཅོད་པས་བར་ཆད་མེད་པའི་ལམ་དང་། ཤེས་པ་བརྒྱད་ནི་བྲལ་བའི་ཐོབ་ པ་ཉམས་སུ་མྱོང་བས་རྣམ་པར་གྲོལ་བའི་ལམ་སྟེ། དེ་དག་གི་སྐད་ཅིག་བཅོ་ལྔ་ནི་མཐོང་ ལམ་དངོས་ཡིན་ཞིང་། བཅུ་དྲུག་པ་ནི་འབྲས་བུ་ཡིན་པ་དང་རྒྱུན་ཆགས་པའི་ཕྱིར་སྒོམ་ལམ་ ཡིན་ལ། ཤེས་པ་གཞན་བདུན་ནི་མཐོང་བ་མ་རྫོགས་པའི་བར་ན་གནས་པས་མཐོང་ལམ་དུ་ འཐད་དོ་ཞེས་ཀྱང་སྨྲའོ། ། (གཉིས་པ།)ཐེག་ཆེན་པའི་ལུགས་ཀྱིས། (རིགས་པ་དྲུག་ཅུ་པའི་འགྲེལ་བར་ཟླ་གྲགས་ཀྱིས་)གཞུང་ གཞན་དུ་ནི་སྐད་ཅིག་མ་གཅིག་ཁོ་ན་ལ་དེ་ཁོ་ན་ཉིད་མཐོང་སྟེ། ངོ་བོ་གཅིག་པའི་ཡེ་ཤེས་དེ་ ཁོ་ན་ལ་ཆར་ཕྱེ་ནས་སྐད་ཅིག་མ་བཅུ་དྲུག་གཞག་པ་ནི་དེ་ལྟ་བུར་བསྟན་པས་གདུལ་བྱ་ལ་ ཕན་གདགས་པའི་ཆེད་དུའོ་ཞེས་བཤད་ཅིང་། (བརྒྱད་སྟོང་འགྲེལ་ཆེན་)ཁ་ཅིག་ནི་འབྲས་བུ་མངོན་ པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་གཅིག་དང་། བདེན་པ་སོ་སོ་ལ་ལོག་རྟོག་བསལ་ བའི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་གོ་ཞེས་ཀྱང་འདོད་ལ། (ཐུབ་དགོངས་)འགའ་ཞིག་ནི། སྡུག་ བསྔལ་ལ་ཆོས་བཟོད་མཐོང་ལམ་མཚན་ཉིད་པ་དང་། གཞན་རྣམས་ནི་བཏགས་པ་པའོ་ ཞེས་ཀྱང་གསུངས་སོ། །གཞན་ཡང་དབང་པོའི་རིམ་པས་གཅིག་དང་གཉིས་དང་བཞི་དང་ བརྒྱད་ལ་སོགས་པར་སྐྱེ་བར་ཡང་འདོད་མོད། 1-1-600 (གསུམ་པ།) གཞུང་འདིའི་དགོངས་པས་ནི། སྐད་ཅིག་མ་བཅུ་དྲུག་རིམ་པ་བཞིན་བར་ མ་ཆད་དུ་སྐྱེ་བར་གསལ་ཏེ། གཞན་དུ་ན་ཞུགས་གནས་ཀྱི་ཁྱད་པར་དང་དབང་པོའི་ས་ མཚམས་(སྐ་ཅིག་བཅོ་ལྔ་པ་དང་བཅུ་དྲུག་པ་ལ་གཞག་པ་)ལ་སོགས་པ་དང་འགལ་བའི་ཕྱིར་རོ། །དེ་ སྒོམ་པའི་ཡུན་ནི། (ཆོས་བཤེས་)ཁ་ཅིག་སྤང་བྱ་བརྒྱ་རྩ་བཅུ་གཉིས་སྤང་བའི་དོན་དུ་ལན་བརྒྱ་ རྩ་བཅུ་གཉིས་སྙོམས་པར་འཇུག་གོ་ཞེས་ཀྱང་སྨྲ་ཞིང་། (བཅོམ་ལྡན་)ལ་ལ་(ཀླུ་སྒྲུབ་ལྟ་བུ་)ས་དང་ པོ་ལ་ཡུན་རིང་དུ་གནས་པར་གསུངས་པས་མཐོང་ལམ་ལ་ཡུན་རིང་དུ་གནས་པའང་ཡོད་ དོ་ཞེས་འདོད་པ་ནི་མ་ངེས་ཏེ། ས་དང་པོ་ལའང་མཐོང་བའི་ལམ་གྱི་རྗེས་ལ་སྒོམ་པའི་ལམ་ ཡོད་པར་(འདི་དང་རྒྱན་གྱི་འགྲེལ་པར།)གསུངས་པའི་ཕྱིར་རོ། །དེས་ན་ས་དང་པོའི་སྟོད་ཀྱི་ཆར་ མཉམ་གཞག་སྒོམ་ཐུན་གཅིག་གི་རྒྱུན་ལ་སྐྱེས་ཞིང་རྗེས་ཐོབ་ནས་ས་དེའི་ཡོངས་སྦྱོང་ལྷག་ མ་རྣམས་ལ་འཇུག་པར་གསལ་ལོ། །བྱེད་ལས་ནི་སྒོམ་ལམ་འདྲེན་པར་བྱེད་པ་དང་འཕགས་ པ་ཐོབ་པར་བྱེད་པ་ལ་སོགས་པ་དུ་མ་སྟེ། དེ་བཞིན་གཅིག་ཀྱང་དུ་མ་བྱེད། །ཅེས་པ་ལྟར་རོ། ། ངེས་ཚིག་ནི་དེ་ཁོ་ན་ཉིད་སྔར་མ་མཐོང་བ་མཐོང་ཞིང་འཕགས་པའི་སར་ཕྱིན་པར་བྱེད་པས་ ན་མཐོང་ལམ་ཞེས་བྱའོ། ། གཞུང་དོན་ལ། མཐོང་བའི་ལམ་གང་ཞེ་ན། ངོ་བོ་ངོས་བཟུང་། རྣམ་གྲངས་བསྟན་ པ། རབ་ཏུ་དབྱེ་བ། ལུང་དོན་བཤད་པའོ། །དང་པོ་ནི། རྣམ་དབྱེ་རྒྱས་བཤད་ལ་ལྟོས་ནས། མདོར་བསྡུ་ན་བདག་རྐྱེན་འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་བརྟེན་ནས་དུས་ཀྱང་དེའི་ མཇུག་ཐོགས་སུ་བར་ཆད་མེད་པར། ངོ་བོ་འཇིག་རྟེན་ལས་འདས་པའི་ཡེ་ཤེས། དམིགས་ པའི་རྣམ་རྟོག་གི་གཉེན་པོར་གྱུར་པས་མི་དམིགས་ཤིང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ ཞི་གནས་དང་ཤེས་རབ་ལྷག་མཐོང་གྲོགས་དེ་དག་དང་མཚུངས་པར་ལྡན་པའི་བྱང་ཆུབ་ཀྱི་ ཡན་ལག་ལྷག་མ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་དང་བཅས་པའོ། ། 1-1-601 གཉིས་པ་ནི། དམིགས་པར་བྱ་བ་གཟུང་བ་དང་དམིགས་པར་བྱེད་པ་འཛིན་པ་དག་དོན་ ལ་གྲུབ་པ་མེད་པར་མཉམ་པས། དེ་བཞིན་ཉིད་དུ་མཉམ་པར་མངོན་སུམ་དུ་ཤེས་པའང་ མཐོང་ལམ་ཉིད་ཡིན་ཏེ། གཞན་ཡང་སྒོམ་པ་བོ་སོ་སོ་རང་གི་རྒྱུད་ལ་གང་ཟག་གི་བདག་ གི་མཚན་མར་མི་རྟོག་པས་སེམས་ཅན་གྱི་བརྡའམ་འདུ་ཤེས་བསལ་པ་དང་། རང་རྒྱུད་ལ་ གཟུགས་སོགས་ཆོས་ཀྱི་མཚན་མར་མི་རྟོག་པས་ཆོས་ཀྱི་བརྡའམ་འདུ་ཤེས་བསལ་བ་དང་། རང་གཞན་ཐམས་ཅད་དུ་བྱེ་བྲག་མེད་པར་བདག་དང་ཆོས་ཀྱི་མཚན་མར་མི་རྟོག་པས་གཉི་ གའི་བརྡའམ་འདུ་ཤེས་བསལ་བ་ལ་དམིགས་ནས། དོན་དམ་པའི་ཆོས་དེ་བཞིན་ཉིད་ཤེས་ པའང་མཐོང་ལམ་དེ་ཡིན་ནོ། །བསྡུ་བར། དེ་གསུམ་གྱིས་རིམ་པ་ལྟར་མཐོང་སྤང་གིས་ས་ བོན་ཆུང་ངུ་དང་འབྲིང་དང་ཐམས་ཅད་རྣམས་སྤོང་ཞིང་། ཞི་གནས་དང་ལྷག་མཐོང་གཉིས་ གཉིས་ཡོད་ཀྱང་ཟུང་དུ་འབྲེལ་བས་གསུམ་དུ་འདུས་ལ། དང་པོ་གཉིས་ཆོས་ཤེས་དང་ མཚུངས་ལྡན་དང་། ཕྱི་མ་གཉིས་ནི་རྗེས་ཤེས་དང་མཚུངས་ལྡན་དུའང་གསུངས་སོ། །(ཡེ་ཤེས་ བཤེས་གཉེན་)འདིར་ཁ་ཅིག་ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་དངོས་སུ་མི་མཐོང་ཡང་ཆོས་ཀྱི་ བདག་གི་མཚན་མར་མི་འཛིན་པས་དེ་སྐད་ཅེས་བཤད་དོ། །ཞེས་ཀྱང་གསུངས་སོ། ། རབ་དབྱེ་ལ་ལྔ་ལས། (དང་པོ།)སྐད་ཅིག་བཅུ་དྲུག་ཏུ་དབྱེ་བ་ནི། ཡང་མཐོང་བའི་ལམ་ བསྡུས་ཏེ་བསྟན་པ་དེ་རབ་ཏུ་དབྱེ་ན། (མངོན་རྟོགས་རྒྱན་དུ།)བདེན་དང་བདེན་ལ་བཟོད་པ་དང་། ། ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ཞེས་པ་ལྟར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ ཐོགས་སུ་ཡོངས་སུ་ཤེས་པར་བྱ་བ་སྡུག་བསྔལ་ལ་དམིགས་ནས་དེའི་ཆོས་དེ་བཞིན་ཉིད་ ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་བཟོད་ལ་བརྟེན་ནས་ཤེས་པ་དང་། དེ་དག་གི་ རྒྱུ་ལས་སྡུག་བསྔལ་ལ་རྗེས་སུ་མཐུན་པར་རྟོགས་པའི་ཤེས་པའི་བཟོད་པ་དང་། དེ་རིག་པ་ སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་སྟེ་བདེན་པ་དང་པོའི་ཡུལ་ཅན་སྐད་ཅིག་མ་བཞི་ 1-1-602 དང་། དེ་བཞིན་དུ་ཤེས་ནས་སྤང་བར་བྱ་བ་ཀུན་འབྱུང་བ་ལ་དམིགས་ནས་ཆོས་ཤེས་པའི་ བཟོད་པ་དང་། ཀུན་འབྱུང་བ་ལ་ཆོས་ཤེས་པ་དང་། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ ཤེས་པའི་བཟོད་པ་དང་། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པ་སྟེ་བདེན་པ་གཉིས་ པའི་ཡུལ་ཅན་སྐད་ཅིག་མ་བཞི། སྤངས་པས་ཐོབ་པར་བྱ་བ་འགོག་པ་ལ་དམིགས་ནས་ཆོས་ ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་ལ་རྗེས་སུ་རྟོགས་པའི་ ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ་སྟེ་བདེན་པ་གསུམ་པའི་ ཡུལ་ཅན་སྐད་ཅིག་མ་བཞི་དང་། འགོག་པ་ཐོབ་པར་བྱེད་པ་ལམ་ལ་དམིགས་ནས་ཆོས་ ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་ བཟོད་པ་དང་། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ་སྟེ་བདེན་པ་བཞི་པའི་ཡུལ་ཅན་ཡེ་ཤེས་ སྐད་ཅིག་མ་བཞིའོ། ། (གཉིས་པ།) ཕྱེ་བ་སོ་སོའི་རང་བཞིན་ལ་གཉིས་ལས། དང་པོ་བཞི་རྒྱས་པར་བཤད་པ་ ནི། སྡུག་བསྔལ་གང་ཞེ་ན། བརྟན་གཡོའི་འཇིག་རྟེན་ལ་སོགས་པའི་སྒོ་ནས་སྡུག་བསྔལ་གྱི་ བདེན་པ་སྔར་རྒྱས་པར་བཤད་ཟིན་པའོ། །སྡུག་བསྔལ་ལ་ཆོས་གང་ཞེ་ན། བརྗོད་བྱ་སྡུག་ བསྔལ་གྱི་བདེན་པའི་དབང་དུ་བྱས་པའི་ཆོས་མི་རྟག་པ་ལ་སོགས་པ་རང་མཚན་དང་སྤྱི་ མཚན་མདོ་སྡེ་ལ་སོགས་པས་བསྟན་པ་རྣམས་སོ། །ཆོས་ཤེས་པ་གང་ཞེ་ན། སྔར་སྦྱོར་བའི་ ལམ་དུ་སྡུག་བསྔལ་གྱི་དབང་དུ་བྱས་པ་ལས་བྱུང་བའི་ཆོས་མདོ་སྡེ་པ་ལ་སོགས་པས་བསྟན་ པ་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་རྣམ་པར་དཔྱོད་པའི་ཤེས་པའོ། །བཟོད་པ་གང་ཞེ་ ན། སྔར་སྦྱོར་ལམ་དུ་རྣམ་པར་དཔྱོད་པ་དེའི་བདག་རྐྱེན་གྱི་དབང་དུ་བྱས་ནས་སྒོམ་པ་པོ་ སོ་སོ་རང་ལ་སྡུག་བསྔལ་གྱི་བདེན་པའི་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བར་གྱུར་པའི་ ཟག་པ་མེད་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡང་དག་པའི་ལྟ་བ་སྟེ། ཤེས་རབ་ 1-1-603 གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་ཁམས་ཀྱི་བཅུ་དང་ གོང་མ་གཉིས་ཀྱི་དགུ་དགུ་སྟེ་ཉི་ཤུ་རྩ་བརྒྱད་ཀྱི་ས་བོན་རྩ་བ་ནས་སྤོང་བ་སྟེ་སྡུག་བསྔལ་ལ་ ཆོས་ཉིད་ཟབ་མོ་ཤེས་པས་མི་སྐྲག་པའི་བཟོད་པ་ཞེས་བྱའོ། །དེ་བཞིན་དུ་ཤེས་སྒྲིབ་ཀྱང་ ཅི་རིགས་པར་སྤོང་སྟེ་རང་རྒྱལ་གྱིས་གཟུང་རྟོག་དང་བྱང་སེམས་ཀྱིས་གཉིས་ཀ་སྤོང་བའང་ དོན་གྱིས་ཐོབ་པོ། །སྡུག་བསྔལ་ལ་ཆོས་ཤེས་པ་གང་ཞེ་ན། ཟག་མེད་ཀྱི་ཤེས་པ་གང་གིས་ བཟོད་པའི་མཇུག་ཐོགས་སུ་སྤང་བྱ་ལས་རྣམ་པར་གྲོལ་ཞིང་གནས་གྱུར་པའི་དེ་བཞིན་ ཉིད་དག་པ་མངོན་སུམ་དུ་བྱེད་ཅིང་ཉམས་སུ་མྱོང་བའོ། །སྡུག་བསྔལ་ལ་རྗེས་སུ་རྟོགས་ པའི་ཤེས་པའི་བཟོད་པ་གང་ཞེ་ན། དུས་སྡུག་བསྔལ་ལ་ཆོས་ཤེས་པའི་མཇུག་ཐོགས་སུ། དམིགས་ཡུལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་ལ་ དམིགས་ནས་ངོ་བོ་སྐད་ཅིག་མ་དང་པོ་འདི་གཉིས་ནི་འཕགས་པ་སློབ་པ་དང་མི་སློབ་པའི་ སྤངས་རྟོགས་ཀྱི་ཆོས་རྣམས་དངོས་དང་བརྒྱུད་ནས་ཡང་དག་པར་འབྱུང་བར་བྱེད་པ་ཉིད་ ཀྱི་རྒྱུའོ་ཞེས་སྒོམ་པ་བོ་སོ་སོ་རང་ལ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་བོ། ། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན། ཟག་པ་མེད་པའི་ཤེས་པ་གང་གིས་ སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་སྟེ་རང་རིག་པའི་ཚུལ་གྱིས་ངེས་པར་ འཛིན་ཅིང་མྱོང་བར་བྱེད་པའོ། ། (གཉིས་པ།) ལྷག་མ་རྣམས་མཚུངས་པར་བསྟན་པ་ནི་བདེན་པ་དང་པོའི་ཡུལ་ཅན་སྐད་ ཅིག་མ་བཞི་དངོས་སུ་བཤད་པ་དེ་བཞིན་དུ། བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང་ ཤེས་པའི་སྐད་ཅིག་མ་རྣམས་ཤུགས་ལ་བསྟན་པར་ཅི་རིགས་སུ་སྦྱར་བས་ཤེས་པར་བྱའོ། ། ཞེས་པ་སྟེ། དེ་ལྟར་སྡུག་བསྔལ་བདེན་པ་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཞི་རིམ་ ཅན་དུ་སྐྱེས་པའི་རྗེས་སུ། སོ་སོ་རང་ལ་ཀུན་འབྱུང་གི་བདེན་པ་མངོན་སུམ་དུ་གྱུར་པའི་ཟག་ 1-1-604 མེད་ཤེས་རབ་ཀྱིས་དེའི་མཐོང་སྤང་སྤོང་བ་ཆོས་ཤེས་པའི་བཟོད་པ་དང་། སྤངས་ནས་དེའི་ རྣམ་གྲོལ་ཉམས་སུ་མྱོང་བ་ཆོས་ཤེས་པ་དང་། དེ་དག་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུར་ རྟོགས་པ་རྗེས་སུ་ཤེས་པའི་བཟོད་པ་དང་། དེ་ཉིད་རང་རིག་པའི་ཚུལ་གྱིས་ངེས་པར་འཛིན་ པ་རྗེས་སུ་ཤེས་པ་སྟེ། ཀུན་འབྱུང་བདེན་པ་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཞི་རིམ་ ཅན་དུ་འབྱུང་ངོ་། །དེའི་རྗེས་སུ། སོ་སོ་རང་ལ་འགོག་པའི་བདེན་པ་མངོན་སུམ་དུ་གྱུར་པའི་ ཟག་མེད་ཤེས་རབ་ཀྱིས་དེའི་མཐོང་སྤང་སྤོང་བ་ཆོས་ཤེས་པའི་བཟོད་པ་དང་། སྤངས་ནས་ དེའི་རྣལ་གྲོལ་ཉམས་སུ་མྱོང་བ་ཆོས་ཤེས་པ་དང་། དེ་དག་འཕགས་པའི་ཆོས་ཐམས་ཅད་ ཀྱི་རྒྱུར་རྟོགས་པ་རྗེས་སུ་ཤེས་པའི་བཟོད་པ་དང་། དེ་ཉིད་རང་རིག་པའི་ཚུལ་གྱིས་ངེས་པར་ འཛིན་པ་རྗེས་སུ་ཤེས་པ་སྟེ་འགོག་བདེན་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཞི་རིམ་ ཅན་དུ་འབྱུང་ངོ་། །དེའི་རྗེས་སུ་སོ་སོ་རང་ལ་ལམ་གྱི་བདེན་པ་མངོན་སུམ་དུ་གྱུར་པའི་ཟག་ མེད་ཤེས་རབ་ཀྱིས་དེའི་མཐོང་སྤང་སྤོང་བ་ཆོས་ཤེས་པའི་བཟོད་པ་དང་། སྤངས་ནས་དེའི་ རྣམ་གྲོལ་ཉམས་སུ་མྱོང་བ་ཆོས་ཤེས་པ་དང་། དེ་དག་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུར་ རྟོགས་པ་རྗེས་སུ་ཤེས་པའི་བཟོད་པ་དང་། དེ་ཉིད་རང་རིག་པའི་ཚུལ་གྱིས་ངེས་པར་འཛིན་ པ་རྗེས་སུ་ཤེས་པ་སྟེ་ལམ་བདེན་ལ་དམིགས་པའི་ཡེ་ཤེས་སྐད་ཅིག་མ་བཞི་རིམ་ཅན་དུ་ འབྱུང་བས། མཐོང་བའི་ལམ་ནི་མཉམ་གཞག་སྒོམ་ཐུན་གཅིག་གི་རྒྱུན་ལ་ཡེ་ཤེས་སྐད་ཅིག་ མ་བཅུ་དྲུག་རིམ་ཅན་དུ་སྐྱེ་བར་རིགས་པར་བྱའོ། ། (གསུམ་པ།) དེ་ཡིས་རང་གི་ཡུལ་རྟོགས་ཚུལ་ནི། (འགྲེལ་པར།)འཇིག་རྟེན་ལས་འདས་པའི་ ལམ་གྱི་ཡུལ་ནི་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་གཉིས་ཡིན་པས། སེམས་བཅུ་ དྲུག་པོ་དེ་ལ་ཆོས་ཤེས་པའི་བཟོད་པ་བཞི་དང་ཆོས་ཤེས་པ་བཞི་བོ་རྣམས་ཀྱིས་ནི་གཟུང་བ་ གནས་གྱུར་པ་བདེན་པའི་ཆོས་ཉིད་དེ་བཞིན་ཉིད་མཐོང་སྤང་ལས་གྲོལ་བ་མངོན་སུམ་དུ་ 1-1-605 རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་བཞི་དང་རྗེས་སུ་ཤེས་པ་བཞི་པོ་རྣམས་ཀྱིས་ནི་ འཛིན་པ་གནས་གྱུར་པ་ཡང་དག་པའི་ཡེ་ཤེས་ཀྱི་གནས་ལུགས་རང་རིག་པའི་ཚུལ་གྱིས་ཇི་ ལྟ་བ་རྟོགས་སོ། །དེ་དག་གཟུང་འཛིན་རང་བཞིན་མེད་པ་ལ་སྦྱོར་བ་ནི་མི་འཐད་དེ། ཐམས་ ཅད་ཀྱིས་དེ་ལྟར་རྟོགས་པའི་ཕྱིར་རོ། །གནས་གྱུར་པའི་གཟུང་འཛིན་རྟོགས་ཀྱང་མཚན་ འཛིན་དུ་མི་འགྱུར་ཏེ། བཟོད་པ་དང་ཤེས་པའི་ཡེ་ཤེས་བཅུ་དྲུག་པོ་ཐམས་ཅད་ལ་ཡང་ གཟུགས་སོགས་སྤྲོས་པའི་མཚན་མ་ཐམས་ཅད་མི་དམིགས་པས། དེ་དག་ལ་གནས་པའི་ གང་ཟག་ནི་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། ། (བཞི་པ།) ཐམས་ཅད་མཐོང་ལམ་དུ་གཞག་པ་ནི། འདི་ལས་གཞན་དུ་(གཅིག་གཉིས་ལ་སོགས་ པར་)འདོད་པ་བསལ་བའི་ཆེད་དུ་སེམས་ཀྱི་སྐད་ཅིག་བཅུ་དྲུག་པོ་འདི་དག་ཐམས་ཅད་ནི་ མཐོང་བའི་ལམ་མོ་ཞེས་པ་སྟེ། དེ་དག་གིས་བདེན་པ་རེ་རེ་ལ་ཡང་སྔོན་མ་མཐོང་བའི་རྣམ་ པ་བཞི་བཞི་གསར་དུ་མཐོང་བའི་ཕྱིར་རོ། ། (ལྔ་པ།) སྐད་ཅིག་བྱ་རྫོགས་སུ་བསྟན་པ་ནི། (འགྲེལ་པར་)སེམས་ཀྱི་སྐད་ཅིག་གི་ཚད་ནི་ དུས་ཀྱི་ཐུང་མཐའ་ལ་འཇོག་པ་མ་ཡིན་གྱི། ཇི་ཙམ་ཤེས་བྱའི་དངོས་པོ་ལ་འདི་ནི་འདིའོ་ཞེས་ པའི་ཤེས་བ་འབྱུང་བ་ཡོངས་སུ་རྫོགས་པར་གྱུར་པ་ལ་སྐད་ཅིག་མ་རེ་རེར་རིག་པར་བྱ་སྟེ། ། སྡུག་བསྔལ་ཤེས་པར་བྱའོ་ཞེས་ལེགས་པར་ངེས་པ་ལ་སོགས་པའོ། །དེ་ཐམས་ཅད་ཀྱང་ སྟན་ཐོག་གཅིག་ཏུ་སྐྱེས་ཏེ། (གཟུངས་ཀྱི་དབང་ཕྱུག་གིས་ཞུས་པར།)གང་བརྒྱད་པ་འབྲས་བུ་མ་ཐོབ་ པར་ལྡང་བ་འདི་ནི་གནས་མེད་དོ། །ཞེས་པ་ལྟར་མཉམ་གཞག་གི་རྒྱུན་གཅིག་ལ་ཐོབ་པར་ གསལ་ལོ། །ཉི་ཁྲི་སྣང་བར། མཐོང་བའི་ལམ་གྱི་སྐད་ཅིག་བརྒྱད་པ་ལ་ནི་བྱང་ཆུབ་སེམས་ དཔའ་ལ་ཚད་མེད་པ་རྣམས་ངེས་པར་དགོས་ཏེ། དེ་ལྟ་མ་ཡིན་ན་སྐད་ཅིག་དགུ་པ་ལ་སེམས་ ཅན་གྱི་ཁམས་ལ་ལྟོས་པ་མེད་པར་འགོག་པར་ལྟུང་བར་འགྱུར་བས་སོ་ཞེས་པ་ལྟར། (ཕར་ 1-1-606 ཕྱིན་པ་)ཁ་ཅིག་ཚད་མེད་སྒོམ་པ་དང་གཞན་དགེ་བ་ལ་འགོད་ཅིང་བསྔགས་པ་བརྗོད་པ་ལ་ སོགས་པ་རྗེས་ཐོབ་ཀྱང་བར་བར་དུ་ཡོད་པར་འདོད་མོད། འོན་ཀྱང་(འགྲེལ་པར་)མཐོང་ལམ་ གྱི་སྤྲོས་པ་ནི་རྣམ་པར་གཞག་པ་ཙམ་སྟེ་འཇིག་རྟེན་ལས་འདས་པའི་གནས་སྐབས་སོ་སོ་ རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར། སྤྱིར་ལམ་གྱི་བདེན་པ་ཐམས་ཅད་རྣམ་པར་བཞིར་ རིག་པར་བྱ་སྟེ། འཕགས་པ་རྣམས་ཀྱིས་རྗེས་ཐོབ་ཏུ་གཞན་ལ་གོ་བའི་ཕྱིར་མིང་ཚིག་ཡེ་གེའི་ ཚོགས་ཀྱིས་ལམ་གྱི་གནས་ལུགས་སྟོན་པ་རྣམ་པར་བཞག་པའི་ལམ་དང་། ཇི་ལྟར་རྣམ་པར་ བཞག་པ་ལྟར་སྦྱོར་ལམ་དུ་འཇིག་རྟེན་པའི་ཤེས་པ་ཚུལ་བཞིན་ཡིད་ལ་བྱེད་ཅིང་གོམས་པར་ བྱེད་པ་རྣམ་པར་རྟོག་པའི་ལམ་དང་། གོམས་པ་ལས་མཐོང་ལམ་མི་རྟོག་པའི་ཡེ་ཤེས་ཐོབ་ པ་ཉམས་སུ་མྱོང་བའི་ལམ་དང་། དེའི་འོག་ཏུ་གནས་གྱུར་ཐོབ་ནས་མི་སློབ་པ་ཐོབ་པ་ཡོངས་ སུ་རྫོགས་པའི་ལམ་མོ། །དེ་དག་ཀྱང་རྗེས་ཐོབ་ཏུ་ལམ་བདེན་འཇོག་པས་རྒྱུན་མི་འཆད་ པར་འཁོར་བ་ལ་ནི་ལམ་གྱི་འཁོར་ལོ་ཞེས་ཀྱང་བྱའོ། ། ལུང་དོན་ལ། (གཉིས་ལས་དང་པོ།)བཟོད་ཤེས་གཉིས་ལ་དགོངས་པའི་ལུང་དོན་ནི། གདུལ་ བྱ་མང་པོས་མཐོང་ལམ་ཐོབ་པའི་དུས་སུ་ཆོས་བདེན་པ་བཞི་བོ་རྣམས་ཀྱི་དེ་བཞིན་ཉིད་ལ་ ལྟ་བའི་ཆོས་ཀྱི་མིག་འཕགས་པའི་ཤེས་རབ་ཀྱི་རང་བཞིན་ཉོན་མོངས་པའི་རྡུལ་མེད་ཅིང་ གཟུང་འཛིན་གྱི་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ནི་ མཐོང་བའི་ལམ་གྱི་ངེས་ཚིག་གི་དབང་དུ་མཛད་ནས་གསུངས་པ་སྟེ། ཆོས་ལ་བཟོད་པ་བཞི་ བོ་རྣམས་ཀྱིས་ནི་མཐོང་སྤང་ཉོན་མོངས་པའི་སྒྲིབ་པ་སྤངས་པས་རྡུལ་མེད་པའོ། །ཆོས་ཤེས་ པ་བཞི་བོ་རྣམས་ཀྱིས་ནི་སྤངས་པའི་གནས་གྱུར་ཉམས་སུ་མྱོང་བས་དྲི་མ་དང་བྲལ་བའོ། ། ཡང་བཟོད་པ་བཞིས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་ཡོངས་སུ་ཤེས་པ་དང་། ཤེས་པ་ བཞིས་རྣམ་གྲོལ་ཉམས་སུ་མྱོང་ཞིང་སྤང་བྱ་ཐག་བསྲིངས་ཏེ་སྤང་བས་ཀྱང་མཐོང་ལམ་རྣམ་ 1-1-607 པར་དག་པའི་ཕྱིར། རྡུལ་མེད་ཅིང་དྲི་མ་དང་བྲལ་བར་འགྱུར་རོ། ། (གཉིས་པ།) ཡེ་ཤེས་བཞི་ལ་དགོངས་པའི་ལུང་དོན་ནི། ཡང་མདོ་ལས། ཆོས་མཐོང་བ། ཆོས་ཐོབ་པ། ཆོས་རིག་པ། ཆོས་རྟོགས་པ། སོམ་ཉི་ལས་བརྒལ་བ། ཐེ་ཚོམ་ལས་བརྒལ་ བ། གཞན་གྱི་དྲིང་ལ་མི་འཇོག་པ། སྟོན་པའི་བསྟན་པ་ལས་གཞན་གྱིས་མི་བཀྲི་བ། ཆོས་ རྣམས་ལ་མི་འཇིགས་པ་ཐོབ་པ་ཞེས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ཡང་མཐོང་ བའི་ལམ་གྱི་ཕན་ཡོན་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། དེ་ཡང་ཆོས་ལ་བཟོད་པ་བཞི་ བོ་རྣམས་ཀྱིས་ཆོས་བདེན་པ་བཞིའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་ངོ་། །ཆོས་ཤེས་པ་ བཞི་བོ་རྣམས་ཀྱིས་གནས་གྱུར་དག་པའི་ཆོས་ཉིད་མངོན་སུམ་དུ་ཐོབ་པོ། །རྗེས་སུ་རྟོགས་ པའི་བཟོད་པ་བཞི་བོ་རྣམས་ཀྱིས་ཡེ་ཤེས་དེ་གཉིས་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུར་ རིག་གོ། རྗེས་སུ་རྟོགས་པའི་ཤེས་པ་བཞི་བོ་རྣམས་ཀྱིས་ཆོས་རང་རང་གི་ཡེ་ཤེས་སྔ་མ་དེ་ རང་རིག་པའི་ཚུལ་གྱིས་རྟོགས་སོ། །དེ་དག་གིས་ནི་བདེན་པའི་ཤེས་བྱ་ཇི་སྙེད་པ་ཡོངས་སུ་ རྫོགས་པར་ཡང་འགྱུར་རོ། །བཟོད་ཤེས་ཐམས་ཅད་ཀྱིས་ཡུན་རིང་བོ་ནས་དོན་དུ་གཉེར་བ་ དེ་ཐོབ་པར་ངེས་པས་འབྲས་བུ་རང་གིས་ཐོབ་པ་ལ་སོམ་ཉི་བརྒལ་ཏོ། །དེ་ཕྱིན་ཆད་གཞན་ དག་གིས་ཁྱད་པར་ཐོབ་པ་ལ་ཡིད་གཉིས་མེད་པས་ཐེ་ཚོམ་ལས་བརྒལ་ཏོ། །གཞན་གྱི་མན་ ངག་མེད་ཀྱང་རང་ཉིད་མཁས་པས་ལམ་སྒོམ་པ་ལ་གཞན་གྱི་དྲིང་ལ་མི་འཇོག་གོ། ཤེས་ ནས་དད་པ་ཐོབ་པས་མུ་སྟེགས་ཅན་རྣམས་ཀྱིས་མོས་པ་མི་འཕྲོག་པའི་ཕྱིར། སྟོན་པའི་ བསྟན་པ་ལས་ལམ་དང་ལྟ་བ་གཞན་གྱིས་མི་བཀྲིའོ། །ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ ཞེས་གསུངས་པ་ནི་རང་གིས་ཐོབ་པ་ལས་བརྩམས་ཏེ་ཡོངས་སུ་འདྲི་བའི་ཆོས་དང་། གཞན་ གྱིས་དྲིས་པ་ལུང་སྟོན་པའི་ཆོས་གཉིས་ནི་སྐབས་འདིར་ཆོས་སུ་འདོད་དེ། དེ་དག་ལ་བརྫུན་ དུ་སྨྲ་བ་དང་མངོན་པའི་ང་རྒྱལ་ཅན་དག་སེམས་ཞུམ་པར་འགྱུར་བ་ལྟ་བུ་འདི་ལ་མེད་པའི་ 1-1-608 ཕྱིར་ཆོས་དེ་ལ་མི་འཇིགས་པ་ཐོབ་བོ། ། བཞི་པ་སྒོམ་པའི་ལམ་གང་ཞེ་ན། ཐུན་མོང་གི་དབྱེ་བ། སོ་སོའི་ངོ་བོ། ལམ་སྒོམ་ཚུལ་ བཤད་པའོ། །དང་པོ་ནི། མཐོང་བའི་ལམ་གྱིས་སྒོམ་སྤང་སྤོང་མི་ནུས་པ་ལས་འདིས་ཀུན་ སྦྱོར་ལྷག་མ་སྒོམ་སྤང་རིམ་གྱིས་སྤོང་ནུས་པའི་ཕྱིར་ནུས་པ་གོང་མར་གྱུར་པ་སྟེ། དེའང་ཕལ་ ཆེ་བས་ཡིན་གྱི། འཇིག་རྟེན་པའི་ལམ་ནི་འབྲས་བུ་འཁོར་བ་སྐྱེད་པས་མཐོང་ལམ་ལས་ དམན་པ་ཉིད་དོ། །དེ་དག་ཟག་པ་ཡོད་མེད་ཀྱིས་ཕྱེ་ན་འཇིག་རྟེན་པའི་ལམ་དང་འཇིག་རྟེན་ ལས་འདས་པའི་ལམ་དང་། སྤང་བྱ་སྤོང་ཚུལ་ལམ་ངོ་བོས་ཕྱེ་ན་ལམ་ཆུང་ངུ་དང་ལམ་འབྲིང་ དང་ལམ་ཆེན་པོ་དང་། བྱེད་ལས་སམ་ནུས་པས་ཕྱེ་ན་སྦྱོར་བའི་ལམ་དང་། བར་ཆད་མེད་ པའི་ལམ་དང་། རྣམ་པར་གྲོལ་པའི་ལམ་དང་། ཁྱབ་པར་གྱི་ལམ་མོ། །ངོ་བོ་ལ། འཇིག་རྟེན་ འཇིག་རྟེན་ལས་འདས་ཆུང་འབྲིང་ཆེན་པོ་དང་། །སྦྱོར་བ་བར་ཆད་མེད་དང་རྣལ་གྲོལ་ཁྱད་ པ་ལམ། །ཞེས་པ་ལྟར་དགུའོ། ། དང་པོ་སྤྱི་དོན་བཞིའི་གང་ཟག་ནི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་རྣམས་དང་། ལྷའི་ནང་ནས་འདུ་ཤེས་མེད་པ་དང་སྲིད་རྩེ་བ་མ་གཏོགས་པ་རྣམས་ལ་སྐྱེ་ཞིང་(ངན་སོང་སོགས་) རྣམ་སྨིན་གྱི་སྒྲིབ་པ་ཅན་རྣམས་ལ་མི་སྐྱེ་ལ། སྲིད་རྩེ་བ་ནི་གོང་མ་ལ་ཞི་བར་ལྟ་བ་མེད་པས་ སྐྱེ་བའི་རྟེན་མ་ཡིན་ནོ། །(ཚེ་རིང་པོ་དང་གཉིས་པོའང་གནས་པའི་རྟེན་དུ་མི་རུང་ངོ་། །) ངོ་བོ་ནི་ཟག་བཅས་ ཀྱི་དགེ་བ་སེམས་རྩེ་གཅིག་པ་འཁོར་དང་བཅས་པ་སྟེ། སྙོམས་འཇུག་དགེ་བ་རྩེ་གཅིག་པ། ། རྗེས་འབྲངས་བཅས་ན་(གཟུགས་ཁམས་ན་)ཕུང་པོ་ལྔ། །ཞེས་པ་དང་། དེ་བཞིན་གཟུགས་མེད་ ཕུང་པོ་བཞི། །ཞེས་པ་ལྟར་རོ། ། དབྱེ་བ་ནི། རྒྱུ་སྙོམས་འཇུག་དང་འབྲས་བུ་སྐྱེ་བས་ཕྱེ་བ་གཉིས་སམ། རྟོག་དཔྱོད་ གཉིས་ཀ་དང་བཅས་པ་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པའང་མེད་ཅིང་སྤྱོད་ 1-1-609 པའང་མེད་པའི་ཏིང་ངེ་འཛིན་གྱིས་ཕྱེ་བ་གསུམ་མམ། ཉོན་མོངས་ཅན་དང་དག་པ་དང་ཟག་ མེད་ཀྱིས་ཕྱེ་བ་གསུམ་ལ་སོགས་པའོ། །སྐྱེ་ཚུལ་ནི། ཉན་ཐོས་ཀྱི་སར་བསམ་གཏན་ལ་(བསྡུ་ བར་ཏིང་ངེ་འཛིན་དེ་ལས་སྒྲའི་རྐྱེན་གྱིས་ལྡང་བ་ནི་མཉམ་པར་བཞག་པའི་ཡིད་ཀྱི་རྣམ་ཤེས་དང་ལྷན་ཅིག་འབྱུང་བའི་རྣ་བའི་ རྣམ་ཤེས་གཞན་ཁོ་ན་སྐྱེ་བ་འགྱུར་ཏེ། མཉམ་པར་གཞག་པའི་ཡིད་ཀྱི་རྣམ་ཤེས་དེ་ཉིད་ནི་སྒྲ་འཛིན་པ་མིན་པའི་ཕྱིར་རོ། །གཞན་ དུ་ན་དེ་སོ་སོར་མ་རིག་པར་ལྡང་བ་ཉིད་མི་རིགས་ཏེ་དེའི་ཕྱིར་སྒྲ་འཛིན་པ་ཙམ་གྱིས་ལྡང་བ་མིན་གྱི་སྒྲ་སོ་སོར་རིག་ནས་འདོད་ ན་དེའི་ལྡང་བར་འགྱུར་རོ། །)སྙོམས་པར་འཇུག་པ་ན་ལུས་ས་འོག་ཏུ་འབྱིང་བར་སྣང་བ་ལྟ་བུ་དང་། གཟུགས་མེད་པ་ལ་སྙོམས་པར་འཇུག་པ་ན་ལུས་ནམ་མཁའ་ལ་འཕར་བ་ལྟ་བུ་དང་། འདོད་ ཆགས་དང་བྲལ་བའི་རྟགས་སུ་ཡུལ་ལྔ་མཐོང་ཡང་སོ་སོ་ཡང་དག་པར་རིག་ཅིང་འདོད་ ཆགས་མི་སྐྱེ་བ་དང་། ཤིན་ཏུ་སྦྱངས་པ་ཆེན་པོས་ལུས་སེམས་ལ་ཁྱབ་པ་དང་། བྲེ་མོ་འདུ་ འཛི་ལ་མི་དགའ་བ་དང་། བརྣབ་སེམས་དང་འཁྲུག་པ་མེད་པ་ལ་སོགས་པ་མང་དུ་གསུངས་ སོ། ། གཞུང་དོན་ལ། འཇིག་རྟེན་པའི་ལམ་གང་ཞེ་ན། (གསུམ་ལས་དང་པོ།)བཤད་བྱ་བརྒྱད་ དུ་དབྱེ་བ་ནི། གང་ཟག་འཇིག་རྟེན་པའི་རྒྱུད་ལ་སྐྱེ་ཞིང་དྲན་པས་རྩེ་གཅིག་ཏུ་དམིགས་པ་ལ་ ཉེ་བར་གཏོད་པའི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་། བསམ་གཏན་ བཞི་པ་སྟེ་གཟུགས་ཁམས་ཀྱི་ཏིང་ངེ་འཛིན་བཞི་དང་། སྙོམས་འཇུག་དང་འབྲས་བུ་གཉིས་ ཀའི་དུས་སུ་དེ་ལྟར་སེམས་པ་འཕེལ་བར་བཏགས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་དེ། (སྐྱེ་བ་ན་)གཟུགས་དང་(སྙོམས་འཇུག་གི་ཚེ་)གཟུགས་ཀྱི་འདུ་ཤེས་ མེད་པས་ན་གཟུགས་མེད་པའི་ཏིང་ངེ་འཛིན་བཞིའོ། ། (གཉིས་པ།) འཆད་བྱེད་བཞི་ཡིས་རྟོགས་ཚུལ་ནི། བསམ་གཏན་བཞི་དང་གཟུགས་མེད་ 1-1-610 པ་བཞི་བོ་དེ་དག་ཀྱང་། ཀུན་ནས་ཉོན་མོངས་པ་དང་བཅས་པ་དང་། རྣམ་པར་བྱང་ཞིང་ དག་པ་དང་། རྣམ་དབྱེ་རྣམ་པར་གཞག་པ་དང་། མཐར་ཐུག་རྣམ་པར་དག་པས་གཏན་ལ་ འབེབས་པར་རིག་པར་བྱའོ། ། (གསུམ་པ།) དེ་དག་རྒྱས་པར་བཤད་པ་ལ། ཉོན་མོངས་རྣམ་བྱང་རྣམ་གཞག་རྣམ་དག་ བཞི་ལས་ཀུན་ནས་ཉོན་མོངས་པས་ཇི་ལྟ་བུ་ཞེ་ན། བསམ་གཏན་གཟུགས་མེད་ཀྱི་སེམས་ བསྒྲིབས་ལ་ལུང་དུ་མ་བསྟན་པར་བྱེད་པའི་རྩ་བ་བཞི་བོ། སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་ མ་རིག་པ་སྟེ། དེ་དག་གིས་ཉོན་མོངས་ཅན་དུ་གྱུར་པ་ལ་ཁམས་གོང་མའི་ཉོན་མོངས་པ་དང་ ཉེ་བའི་ཉོན་མོངས་ཐམས་ཅད་འབྱུང་བའོ། །དེ་ལ་སྲེད་པས་ནི་གསུམ་པ་མན་ཆད་ན་ཤིན་ཏུ་ སྦྱངས་པ་ལས་བྱུང་བའི་བདེ་བ་དང་། དེ་ཡན་ཆད་ན་ཤིན་ཏུ་སྦྱངས་པ་ཉིད་བདེ་བ་གྱུར་པ་ལ་ སྲེད་ཅིང་རོ་མྱང་བའི་ཀུན་ནས་ཉོན་མོངས་པས་སེམས་རྒྱུད་ཀུན་ནས་ཉོན་མོངས་(ཏེ་ལངས་པས་ རོ་མྱང་ཞུགས་པ་དེ་ལ་རོ་མྱང་ངོ་། །)སོ། །ལྟ་བས་ནི་བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐར་རྟོགས་ པ་སོགས་འབྱུང་བས། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་སོགས་ཤས་ཆེར་འཕེལ་བའི་བསམ་ གཏན་པ་ཉིད་ཀྱིས་སེམས་རྒྱུད་ཀུན་ནས་ཉོན་མོངས་སོ། །ང་རྒྱལ་གྱིས་ནི་དེ་དག་ཁྱད་པར་ ཐོབ་པས་སེམས་ཁེངས་ནས་ང་རྒྱལ་ཤས་ཆེར་འཕེལ་བའི་བསམ་གཏན་པ་ཉིད་ཀྱིས་སེམས་ རྒྱུད་ཀུན་ནས་ཉོན་མོངས་སོ། །མ་རིག་པས་ནི་དེ་ཁོ་ན་ཉིད་མ་རྟོགས་པས་ཁྱད་པར་ཐོབ་པ་ དེ་ཐར་བ་ཡིན་ནམ་མ་ཡིན་སྙམ་ན་ཐེ་ཚོམ་ཤས་ཆེར་འཕེལ་བའི་བསམ་གཏན་པ་ཉིད་ཀྱིས་ སེམས་རྒྱུད་ཀུན་ནས་ཉོན་མོངས་སོ། །དེ་ལྟར་བཞིས་སེམས་ཀུན་ནས་ཉོན་མོངས་པ་ཅན་ དུ་གྱུར་པ་དག་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་རྩ་བའི་ཉོན་མོངས་པ་དང་ཉེ་ བའི་ཉོན་མོངས་པ་རྣམས་འབྱུང་ངོ་། ། (གཉིས་པ།) རྣམ་པར་བྱང་བས་ཇི་ལྟ་བུ་ཞེ་ན། རང་སའི་ཉོན་མོངས་པ་མངོན་གྱུར་གྱིས་ 1-1-611 དག་པའི་(དེ་ལ་དབང་རྟུལ་ད་ལྟ་དག་པ་ལ་གནས་ཀྱང་དགའ་བདེའི་ཕན་ཡོན་མི་བཟོད་པས་ཉོན་མོངས་སྐྱེ་བ་དང་མཐུན་ པར་ཉམས་འགྱུར་ནི་ཉམས་པའི་དང་། དབང་པོ་རྣོན་འབྲིང་གིས་མི་ཉམས་ཤིང་གོང་དུ་མི་འཕོ་བར་རང་ས་དང་། དེ་ལས་གོང་ མ་ཐོབ་པར་བྱེད་པ་ཁྱད་པར་གྱི་དང་། དེ་ལས་ཟག་མེད་ལ་འཇུག་པ་ངེས་འབྱེད་ཀྱི་ཆ་མཐུན་དང་བཞིའོ། །)བསམ་གཏན་ བཞི་དང་གཟུགས་མེད་པ་བཞི་པོ་རྣམས་ཀྱང་། འཇིག་རྟེན་པ་ཡིན་ཡང་ངོ་བོ་དགེ་བའི་ཕྱིར། ཀུན་ནས་དཀྲིས་པའི་དྲི་མ་དང་བྲལ་བ་ལ་རྣམ་པར་བྱང་བ་ཞེས་བྱའོ། ། (གསུམ་པ།) རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། (གཉིས་ལས།)མདོར་བསྟན་ནི། ཡན་ལག་ གམ་ཆ་ཤས་རྣམ་པར་གཞག་པ་དང་། སྙོམས་པར་འཇུག་པའི་ཚུལ་རྣམ་པར་གཞག་པ་དང་། རྒྱུ་འབྲས་ཀྱི་ཚད་རྣམ་པར་གཞག་པ་དང་། མིང་དུ་གདགས་པའི་ཚུལ་རྣམ་པར་གཞག་པས་ སོ། ། རྒྱས་བཤད་ལ། ཡན་ལག་སྙོམས་འཇུག་ཚད་དང་མིང་འདོགས་སོ། །(དང་པོ།)ཡན་ལག་ རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། (གསུམ་ལས་དང་པོ།)སོ་སོའི་དབྱེ་བ་ནི། བསམ་གཏན་དང་ པོ་ལ་ཡན་ལག་ལྔ་སྟེ། ཆ་ཤས་སམ་ཡན་ལག་ལྔ་ནི་ས་གོང་འོག་ལ་ཞི་རགས་སུ་རྟོག་པ་དང་ དཔྱོད་པ་དག འདོད་པའི་འདོད་ཆགས་དང་། གནོད་སེམས་དང་རྣམ་འཚེའི་རྣམ་རྟོག་དང་། སྡུག་བསྔལ་ཡིད་མི་བདེ་བ་དང་། འཆལ་བའི་ཚུལ་ཁྲིམས་དང་། རྣམ་གཡེང་ལ་སོགས་ པ་སྤོང་བ་གཉེན་པོའི་ཡན་ལག་དང་། སྤང་བྱས་དབེན་པའི་འདོད་པས་དབེན་པ་ལས་སྐྱེས་ པའི་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་དང་། སེམས་རྩེ་གཅིག་པ་ལ་བརྟེན་ནས་ རྟོག་དཔྱོད་འཇུག་ཅིང་དགའ་བདེ་འབྱུང་བས་དེ་གཉིས་ཀའི་གནས་ཀྱི་རང་བཞིན་གྱི་ཡན་ ལག་ཉིད་དོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ཆ་ཤས་སམ་ཡན་ལག་བཞི་ ནི་ནང་སེམས་དང་སེམས་བྱུང་འཁྲུག་པ་དང་བྲལ་བས་རབ་ཏུ་དང་པ་ནི་བསམ་གཏན་དང་ པོ་ལ་ཆགས་པ་དང་རྟོག་དཔྱོད་དང་སྡུག་བསྔལ་དང་རྒོད་པ་དང་ཏིང་ངེ་འཛིན་མ་རྫོགས་པ་ 1-1-612 ལ་སོགས་པའི་གཉེན་པོའི་ཡན་ལག་དང་། རང་གི་སྦྱོར་བའི་མཐར་ཐུག་ཡིད་ལ་བྱེད་པའི་ ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་དང་། སེམས་རྩེ་ གཅིག་པ་ལ་བརྟེན་ནས་དེ་དག་འབྱུང་བས་གཉིས་ཀའི་གནས་ཀྱི་རང་བཞིན་གྱི་ཡན་ལག་ ཉིད་དོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། ཆ་ཤས་སམ་ཡན་ལག་ལྔ་ནི་བྱིང་རྒོད་ དང་བྲལ་བའི་འདུ་བྱེད་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་རྣམས་གཉིས་པ་ལ་ཆགས་ པ་དང་ཡིད་བདེ་བ་དགའ་བ་དང་ཏིང་ངེ་འཛིན་མ་རྫོགས་པ་ལ་སོགས་པའི་གཉེན་པོའི་ཡན་ ལག་དང་། ལུས་ཀྱི་(ཉན་སར། དེ་དགའ་བའི་འདོད་ཆགས་དང་བྲལ་བ་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་ བཞིན་ཅན་ཡིན་ཏེ་བདེ་བ་ལུས་ཀྱིས་མྱོང་བ་ལ་འཕགས་པ་རྣམས་ཀྱིས་གང་དེ་དང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་ བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་སོ། །)ཚོར་བ་དང་ ཤིན་ཏུ་སྦྱངས་པ་ལས་བྱུང་བའི་བདེ་བ་མྱོང་བ་ཕན་ཡོན་གྱི་ཡན་ལག་དང་། སེམས་རྩེ་གཅིག་ པ་ལ་བརྟེན་ནས་དེ་དག་འབྱུང་བ་གཉིས་ཀའི་གནས་ཀྱི་རང་བཞིན་གྱི་ཡན་ལག་ཉིད་དོ། ། བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། ཆ་ཤས་སམ་ཡན་ལག་བཞི་ནི་སྐྱོན་བརྒྱད་ལས་ གྲོལ་བའི་འདུ་བྱེད་བཏང་སྙོམས་ཡོངས་སུ་དག་པ་དང་དྲན་པ་ཡོངས་སུ་དག་པ་ནི་གསུམ་པ་ ལ་ཆགས་པ་དང་ཡིད་བདེ་དང་བདེ་བ་དང་དབུགས་འབྱུང་རྔུབ་དང་ཏིང་ངེ་འཛིན་མ་རྫོགས་ པ་ལ་སོགས་པའི་གཉེན་པོའི་ཡན་ལག་དང་། སྡུག་བསྔལ་ཡང་མ་ཡིན་བདེན་བ་ཡང་མ་ཡིན་ པའི་ཚོར་བ་བཏང་སྙོམས་ནི་སྐྱོན་གྱི་གནས་ཆུང་བས་ཕན་ཡོན་གྱི་ཡན་ལག་དང་། སེམས་རྩེ་ གཅིག་པ་ལས་དེ་དག་འབྱུང་བས་གཉིས་ཀའི་གནས་ཀྱི་རང་བཞིན་གྱི་ཡན་ལག་ཉིད་དོ། ། (གཉིས་པ།) གྲངས་ངེས་པའི་རྒྱུ་མཚན་ནི། དེ་རྣམས་ལ་སེམས་སེམས་བྱུང་གཞན་ཡང་ མང་པོ་ཡོད་བཞིན་དུ་དེ་དག་ཁོ་ན་ཡན་ལག་ཏུ་འཇོག་པ་ནི་རང་རང་གི་མི་མཐུན་ཕྱོགས་སྤོང་ བ་གཉེན་པོའི་ཡན་ལག་དང་། ལུས་སེམས་ལ་ཕན་འདོགས་པ་ཕན་ཡོན་གྱི་ཡན་ལག་དང་། 1-1-613 དེ་དག་གང་ལས་འབྱུང་བའི་གཞིའམ་རྟེན་དུ་གྱུར་པ་དེ་གཉིས་ཀའི་གནས་ཀྱི་རང་བཞིན་གྱི་ ཡན་ལག་རྣམས་བཅོ་བརྒྱད་པོ་དེ་དག་གིས་ཡོངས་སུ་རྫོགས་པའི་ཕྱིར་རོ། །(མཛོད་དུ་རབ་ཏུ་དང་ བ་དད་པ་ཡིན་པས་རྫས་སུ་བཅུ་གཅིག་ཅེས་ནང་དང་བ་དད་པར་བྱས་ནས་རྫས་བཅུ་གཅིག་ཏུ་འཆད་ཀྱང་། འདིར་ནང་དང་བ་ དྲན་ཤེས་བཞིན་བཏང་སྙོམས་ཡིན་ལ་དེ་དང་པོར་ཡོད་ཀྱང་རྟོག་དཔྱོད་ཀྱི་སྒོས་བསྒྲུབས་པས་མ་སྨོས། གཉིས་པར་དགའ་བའི་ ཀུན་ནས་དཀྲིས་པས་རང་མིང་གིས་མ་སྨོས། གསུམ་པར་དེ་དང་བྲལ་བས་རང་མིང་གིས་སྨོས་པར་བཤད་པས་རྫས་བཅུ་གཅིག་ མེད་དོ། །ཅིའི་ཕྱིར་བསམ་གཏན་གསུམ་པ་ན་ཡོད་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེ་ན། འདི་ལྟར། དེའི་བདེ་བ་ནི་ཚོར་བ་ ཡིན་ལ། བསམ་གཏན་དང་པོ་གཉིས་པ་ན་ནི་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཞེས་བཤད་དོ། །སྙོམས་པར་འཇུག་པའི་བསམ་གཏན་ གཉིས་ན་བདེ་བའི་དབང་པོ་མི་ལྡན་པའི་ཕྱིར་ཏེ། དེ་གཉིས་དེ་ལུས་ཀྱི་ཡིན་པར་ནི་མི་རུང་སྟེ། སྙོམས་པར་ཞུགས་པ་ལ་རྣམ་པར་ ཤེས་པ་ཚོགས་ལྔ་མེད་པའི་ཕྱིར་རོ། །སེམས་ཀྱི་ཡང་མིན་ཏེ་དགའ་ཞེས་འབྱུང་བའི་ཕྱིར་རོ། །དགའ་བ་ནི་ཡིད་བདེ་བ་ཡིན་ན་དེ་ གཉིས་གཅིག་ཅར་འབྱུང་བ་ནི་མེད་དོ། །ཞེས་རང་འགྲེལ་དུའོ། །) (གསུམ་པ།) གཟུགས་མེད་ཀྱི་དམིགས་བསལ་ནི། ཆ་ཤས་སམ་རོ་དུ་མ་ཚོགས་པ་ལ་ཡན་ ལག་རྣམ་པར་འཇོག་ནུས་པ་ཡིན་པ་ལ་གཟུགས་མེད་པ་བཞི་པོ་རྣམས་ན་ནི་ཐམས་ཅད་ ཀྱང་ཞི་གནས་སུ་རོ་གཅིག་པ་ཉིད་ཀྱི་ཕྱིར་ཡན་ལག་མི་འདྲ་བ་རྣམ་པར་གཞག་པ་ནི་མེད་དོ། ། འོན་ཀྱང་དེ་དག་དམིགས་པ་ཐ་དད་པས་འཇོག་སྟེ། ནམ་མཁའ་མཐའ་ཡས་སོ་རྣམ་ཤེས་ མཐའ་ཡས་སོ་ཅི་ཡང་མེད་དོ་འདུ་ཤེས་གསལ་བ་ནི་མེད་ཅིང་མི་གསལ་བ་ནི་མེད་པ་ཡང་ མིན་ནོ་ཞེས་འཇུག་པས་སོ། །ཉི་ཁྲི་སྣང་བར་བཏང་སྙོམས་དང་སེམས་རྩེ་གཅིག་པའི་དབང་ གིས་འདི་དག་ཐམས་ཅད་ཡན་ལག་གཉིས་དང་ལྡན་པའོ་ཞེས་ཀྱང་གསུངས་སོ། ། (གཉིས་པ།) སྙོམས་པར་འཇུག་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། ཡིད་ལ་བྱེད་པ་ བདུན་གྱི་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འདྲེན་ཅིང་ཐ་མས་དངོས་གཞི་ལ་འཇུག་པའི་ ཚུལ་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། དང་པོ་ལ་ཇི་ལྟ་བར་འདུ་ཤེས་ 1-1-614 མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་དུ་ཉེར་བསྡོགས་དྲུག་དྲུག་དངོས་ གཞི་རེ་རེ་སྟེ་བདུན་བདུན་གྱིས་སྙོམས་པར་འཇུག་པ་ཡིན་ནོ། །ཡིད་ལ་བྱེད་པ་བདུན་གང་ ཞེ་ན། མཉམ་པར་གཞག་པའི་ས་བའི་ཡིད་ལ་བྱེད་པས་འདོད་པའི་ས་ནི་སྡུག་བསྔལ་དྲག་པ་ དང་ཚེ་ཐུང་བ་དང་ཉོན་མོངས་པ་མང་བ་ལ་སོགས་པས་སྐྱོན་དང་བཅས་པར་རགས་པ་དང་། བསམ་གཏན་དང་པོ་ན་དེ་དག་མེད་པས་ཡོན་ཏན་དང་བཅས་པ་ཞི་བའོ་ཞེས་པ་གོང་འོག་ གི་ཞི་རགས་ཀྱི་མཚན་ཉིད་རབ་ཏུ་རིག་ཅིང་རྟོགས་པ་ཐོས་བསམ་དང་འདྲེས་པའི་ཡིད་ལ་ བྱེད་པ་དང་། དེའི་འོག་ཏུ་ཐོས་བསམ་ལས་འདས་ནས་མཐའ་གཅིག་སྒོམ་པའི་རྣམ་པས་ཞི་ རགས་ཀྱི་མཚན་མ་ལ་དམིགས་ཏེ་ཞི་གནས་ལྷག་མཐོང་ཡང་དང་ཡང་དུ་གོམས་པར་བྱེད་པ་ མོས་པ་ལས་བྱུང་བ་དང་། དེ་གོམས་པ་ལས་འདོད་པའི་ཉོན་མོངས་པ་ཆེན་པོ་གསུམ་སྤངས་ ཏེ་དེ་དག་གི་གནས་ངན་ལེན་དང་བྲལ་བ་རབ་ཏུ་དབེན་པ་ལས་བྱུང་བ་དང་། དེ་ལྟར་སྤོང་ བ་ལ་དགའ་ཞིང་ཉོན་མོངས་ཆེན་པོས་དབེན་པའི་དགའ་བདེ་ཆུང་ངུས་རེག་ནས། རྨུགས་ གཉིད་རྒོད་གསུམ་དང་བྲལ་བ་ལ་རབ་ཏུ་དགའ་བར་བྱེད་པས་འདོད་པའི་ཉོན་མོངས་པ་ འབྲིང་བོ་གསུམ་སྤོང་བ་དགའ་བ་སྡུད་པ་དང་། རྒྱུ་དེ་དག་གིས་འདོད་པའི་ཉོན་མོངས་པ་ མངོན་གྱུར་མ་བྱུང་བ་ལ། དེ་དག་ཟད་པར་སྤངས་མ་སྤངས་བརྟག་པའི་ཆེད་དུ་སྡུག་པའི་ མཚན་མ་ཡིད་ལ་བྱེད་པས་སོ་སོར་རྟོག་པ་དཔྱོད་པ་དང་། དེ་ལྟར་དཔྱད་པས་ཆུང་ངུ་གསུམ་ མ་སྤངས་པར་ཤེས་ནས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤོང་བའི་ཕྱིར་རོ། ། གཉེན་པོ་མཐར་ཐུག་ཡིད་ལ་བྱེད་པ་སྦྱོར་བའི་མཐའ་དང་། དེ་ལྟར་འདོད་པའི་སྐྱོན་ ཐམས་ཅད་སྤངས་པ་ལས་བསམ་གཏན་དང་པོའི་དངོས་གཞི་ཐོབ་པ་སྦྱོར་བའི་མཐའི་འབྲས་ བུ་ཡིད་ལ་བྱེད་པའོ། །དང་པོ་དྲུག་ནི་(མཛོད་ལས། དེ་རྣམས་ཀྱི་ནི་ཉེར་བསྡོགས་བརྒྱད། །དག་པ་བདེ་མིན་དུཿཁ་ མིན། །དང་པོ་འཕགས་པའང་ཁ་ཅིག་གསུམ། །ཞེས་ཉེར་བསྡོགས་ཐམས་ཅད་དག་པ་ཡིན་ཞིང་། འབད་དེ་དྲང་བར་བྱ་བ་དང་། 1-1-615 ས་འོག་མ་ལས་ཡིད་འབྱུང་མ་བྲལ་ཞིང་ཆགས་བྲལ་གྱི་ལམ་ཡིན་པས་བཏང་སྙོམས་ཡོད་ཀྱང་རོ་མྱང་མེད་ཟེར་རོ། །)ཁམས་ གསུམ་གྱི་ཉོན་མོངས་པ་སྤོང་བའི་ལམ་གྱི་རྟེན་བྱེད་མི་ནུས་པ་མེད་པས་ཉེར་བསྡོགས་མི་ ལྕོགས་པ་མེད་པ་ཞེས་བྱ་ཞིང་། དེ་རྣམས་ཀྱང་སྒོམ་རིམ་དུ། རྟོག་དཔྱོད་གཉིས་དང་བཏང་ སྙོམས་དང་རྩེ་གཅིག་པ་སྟེ་ཡན་ལག་བཞི་ལྡན་དུའང་གསུངས་སོ། །(གལ་ཏེ་མི་ལྕོགས་པ་མེད་པ་ ན་ཡིད་བདེ་བའི་དབང་པོ་ཡོད་ན། དེ་ལྟ་ན་ཅིའི་ཕྱིར་བསམ་གཏན་དང་པོ་བཞིན་དུ་དགའ་བ་བཅས་པར་མི་གཞག་ཅེ་ན། སྨྲས་ པ། དེ་ན་དགའ་བ་གཡོ་བའི་ཕྱིར་རོ། །བསམ་གཏན་དང་པོའི་ས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ། བཅོ་བརྒྱད་ དོ། །བསམ་གཏན་གཉིས་པའི་ས་ན་དེ་ཉིད་དོ། །བསམ་གཏན་གསུམ་པའི་ས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ་བཅུ་ བདུན་ནོ། །བསམ་གཏན་བཞི་པའི་ས་ན་ནི་བཅུ་དྲུག་གོ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་ན་དབང་པོ་དུ་དག་དམིགས་ ཤེ་ན། སྨྲས་པ་བཅུ་གཅིག་གོ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ས་ན་ཇི་ལྟ་བ་བཞིན་དུ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ ས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་ན་ཡང་དེ་བཞིན་དུ་བལྟ་བར་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ ས་ན་དབང་པོ་དུ་དག་དམིགས་ཤེ་ན། སྨྲས་པ་བརྒྱད་དོ། །ཞེས་བསྡུ་བར་རོ། །) དེ་བཞིན་དུ་བསམ་གཏན་གཉིས་ པ་ནས་སྲིད་རྩེའི་བར་ལས་གོང་འོག་གི་ཁྱད་པར་ཡོངས་སུ་ཤེས་ནས་བླང་དོར་བྱ་བར་འདོད་ པ་མཚན་ཉིད་རབ་ཏུ་རིག་པ་དང་། ཡང་དག་པའི་སྦྱོར་བ་སྒོམ་པ་མོས་པ་ལས་བྱུང་བ་དང་། འོག་མའི་ཉོན་མོངས་པ་ཆེན་པོ་གསུམ་སྤོང་བ་རབ་ཏུ་དབེན་པ་དང་། འབྲིང་བོ་གསུམ་སྤོང་ བ་དགའ་བ་སྡུད་པ་དང་། ཐོབ་པའི་མཐོང་བ་ང་རྒྱལ་མེད་པ་དཔྱོད་པ་དང་། ཆུང་ངུ་གསུམ་ ཡང་སྤོང་པ་སྦྱོར་བའི་མཐའ་དང་། གོང་མའི་དངོས་གཞི་ཐོབ་པ་སྦྱོར་བའི་མཐའི་འབྲས་བུ་ ཡིད་ལ་བྱེད་པ་སྟེ་བདུན་བདུན་གྱིས་སྙོམས་པར་འཇུག་གོ། (གསུམ་པ།) ཚད་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། (གཉིས་ལས་དང་པོ།)རྒྱུ་སྙོམས་འཇུག་ གི་ཚད་ནི། བསམ་གཏན་དང་པོ་ལ་གུས་སྦྱོར་རྒྱུན་སྦྱོར་གཉིས་ཀ་དང་མི་ལྡན་པ་ཆུང་ངུར་ ཡོངས་སུ་བསྒོམ་པ་དང་། གང་རུང་དང་ལྡན་པ་འབྲིང་དུ་ཡོངས་སུ་བསྒོམ་པ་དང་། གཉི་ 1-1-616 ག་དང་ལྡན་པ་ཆེན་པོར་ཡོངས་སུ་བསྒོམ་པའམ། ཡང་ན་ཤེས་རབ་དང་བརྩོན་འགྲུས་ཆུང་ ངུ་འབྲིང་ཆེན་པོ་གསུམ་གྱིས་ཕྱེ་བའོ། །བསམ་གཏན་དང་པོ་ལ་ཇི་ལྟ་བར་བསམ་གཏན་ ལྷག་མ་གསུམ་པོ་རྣམས་དང་། གཟུགས་མེད་པའི་སྐྱེ་མཆེད་བཞི་བོ་རྣམས་ཀྱང་དེ་བཞིན་དུ་ བསྒོམ་ཚུལ་རྣམ་པ་གསུམ་གསུམ་གྱིས་ཕྱེ་བ་ཡིན་ནོ། ། (གཉིས་པ།) འབྲས་བུ་སྐྱེ་བའི་ཚད་ནི། བསམ་གཏན་དང་པོ་ཆུང་ངུ་དང་འབྲིང་དང་ཆེན་པོ་ ཡོངས་སུ་བསྒོམས་པའི་འབྲས་བུ་ནི། རིམ་པ་བཞིན་དུ་བསམ་གཏན་དང་པོའི་སྐྱེ་བ་ཚངས་ རིས་དང་ཚངས་པ་འདུན་ན་འདོན་དང་ཚངས་ཆེན་ཏེ་གསུམ་མོ། །བསམ་གཏན་དང་པོ་ལ་ ཇི་ལྟ་བར་བསམ་གཏན་ལྷག་མ་རྣམས་ཀྱི་འབྲས་བུ་ཡང་དེ་བཞིན་ཏེ། གཉིས་པ་ལ་འོད་ ཆུང་ཚད་མེད་འོད་འོད་གསལ་གསུམ་དང་། གསུམ་པ་ལ་དགེ་ཆུང་ཚད་མེད་དགེ་དགེ་རྒྱས་ གསུམ་དང་། བཞི་པ་ལ་སྤྲིན་མེད་བསོད་ནམས་སྐྱེས་འབྲས་བུ་ཆེ་གསུམ་སྟེ་བསམ་གཏན་ གྱི་སྐྱེ་བ་རྣམ་པ་གསུམ་མོ། །གནས་གཙང་མ་ནི་འོག་ཏུ་འཆད་དོ། །གཟུགས་མེད་པའི་སྐྱེ་ མཆེད་བཞི་བོ་རྣམས་ན་ནི་གཞལ་མེད་ཁང་གི་གནས་གཞན་ཐ་དད་པ་མེད་པའི་ཕྱིར་གནས་ ཀྱིས་ཕྱེ་བའི་སྐྱེ་བ་ཐ་དད་པ་ཡང་མེད་དོ། །འོན་ཀྱང་དེ་དག་ན་ཆུང་ངུ་དང་འབྲིང་དང་ཆེན་ པོར་ཡོངས་སུ་བསྒོམས་པས་རིམ་པ་ལྟར། (ཆུང་ངུས་)གཟུགས་མེད་པ་རྣམས་སུ་སྐྱེ་བ་དམན་ ཞིང་ངན་པ་དང་། (འབྲིང་གིས་)མཐོ་ཞིང་ངན་པའམ་དམའ་ཞིང་བཟང་བ་དང་། (ཆེན་པོས་)མཐོ་ ཞིང་བཟང་བ་རྣམས་སུ་འགྱུར་ཏེ། དེའང་ཚེ་རིང་བ་ལ་སོགས་པས་མཐོན་པོ་དང་། ཚེ་ཐུང་ བ་སོགས་པས་དམའ་བ་དང་། ཉོན་མོངས་པ་ཤས་ཆེ་བས་ངན་པ་དང་། ཉོན་མོངས་པ་ཤས་ ཆུང་བས་བཟང་བོར་མངོན་ནོ། ། (བཞི་པ།) མིང་དུ་གདགས་པ་རྣམ་པར་གཞག་པས་ཇི་ལྟ་བུ་ཞེ་ན། བསམ་གཏན་བཞིས་ རབ་ཏུ་ཕྱེ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱི་མིང་ནི་གྲངས་མེད་ཅིང་བསམ་གྱིས་མི་ 1-1-617 ཁྱབ་སྟེ། བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་ཇི་སྙེད་ལ་རྫོགས་པའི་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས་སྙོམས་པར་འཇུག་པ་དེ་དག་གི་མིང་ ཡང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་ན། གྲངས་དང་སྙོམས་ འཇུག་མི་ཤེས་པ་ལྟ་ཅི་སྨོས། བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་གྱི་མིང་ མཐའ་ཡས་པ་ཇི་ལྟ་བར། བསམ་གཏན་ལྷག་མ་རྣམས་དང་གཟུགས་མེད་པས་བསྡུས་པའི་ ཏིང་ངེ་འཛིན་རྣམས་ཀྱང་དེ་བཞིན་དུ་མིང་དུ་གདགས་པ་མཐའ་ཡས་ཤིང་བསམ་གྱིས་མི་ ཁྱབ་པ་ཡིན་ནོ། །རྒྱལ་བའི་ཡུམ་ལ་སོགས་པ་ཐེག་ཆེན་གྱི་མདོ་སྡེ་རྣམས་སུ་དཔའ་བར་འགྲོ་ བ་དང་རིན་ཆེན་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་འབྱུང་བ་དེ་རྣམས་ནི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ པ་ལ་བརྟེན་ནས་མཁྱེན་གྱི། ཉན་རང་རྣམས་ལ་ནི་དེ་མེད་པས་མི་ཤེས་སོ། ། (ལྔ་པ།) རྣམ་པར་དག་པས་ཇི་ལྟ་བུ་ཞེ་ན། རང་རང་གི་ཆུང་ངུ་ལས་འབྲིང་དང་། འབྲིང་ ལས་ཆེན་པོར་གྱུར་པ་ནི་འཕེལ་བའི་རབ་ཡིན་པས་རབ་ཀྱི་མཐའི་ཆ་ལས་བྱུང་བ་སྟེ། དེ་ལྟ་ བུ་བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་བྱུང་བ་ རྣམས་ནི་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་བསྒྲུབས་པ་ན་འདོད་པ་བཞིན་ ཐོབ་པས་ལས་སུ་རུང་བ་ཞིང་མཆོག་ཏུ་ཁྲིད་པའི་ཕྱིར་རྣམ་པར་དག་པ་ཞེས་བྱའོ། །མཛོད་ དུ་ནི། དེ་ནི་ས་ཀུན་གྱིས་མཐུན་བྱས། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །ཞེས་བཞི་པ་ཁོ་ ན་ལ་རབ་མཐའ་བར་བཤད་ཅིང་། དེའང་དང་པོ་ནས་སྲིད་རྩེའི་བར་ལ་རེ་རེ་ཞིང་སྙོམས་ པར་ཞུགས་པ་དང་། ཡང་བཞི་པ་ལ་སྙོམས་པར་ཞུགས་པ་རེ་སྤེལ་བ་ལ་ས་ཐམས་ཅད་ཀྱིས་ མཐུན་པར་བྱས་པས་ཞེས་ཟེར་རོ། །འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱི་སྤྱི་དོན་ལ། མཚན་ཉིད་ནི་མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་རྗེས་ལ་མངོན་པར་རྟོགས་ 1-1-618 པའི་གནས་སྐབས་ཀྱིས་བསྡུས་པའོ། །སྤངས་རྟོགས་ནི་སྒོམ་སྤང་རྣམས་རིམ་གྱིས་སྤངས་ ཤིང་། ཁྱད་པར་ཐེག་ཆེན་པས། མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་ དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ ལྟར་ཤེས་སྒྲིབ་གཙོ་ཆེར་སྤངས་པ་དང་། (སེང་གེ་བཟང་པོས་)ཇི་སྐད་བཤད་པའི་མཐོང་བའི་ལམ་ གྱིས་མངོན་སུམ་དུ་བྱས་པ་ལས་ཐ་མི་དད་པ་དམིགས་པའི་ཕྱིར་ཞེས་པ་ལྟར་ཆོས་ཉིད་མངོན་ སུམ་རྟོགས་པས་མཐོང་བའི་ལམ་དང་རྗེས་སུ་མཐུན་པའོ། །ཡོན་ཏན་ནི་རྗེས་ལ་མངོན་ རྟོགས་ཀྱིས་བསྡུས་པ་འཆད་འགྱུར་རྣམས་དང་། ས་བཅུའི་ཡོན་ཏན་ཁྱད་པར་ཅན་རྣམས་སོ། ། རྣམ་དབྱེ་ནི་ངོ་བོས་ཕྱེ་ན་མཉམ་རྗེས་གཉིས་སམ་ཆེ་འབྲིང་དགུ་དང་། སྤང་གཉེན་གྱིས་ཕྱེ་ ན་བརྒྱད་ཅུ་རྩ་གཅིག་དང་། ཐེག་པས་ཕྱེ་ན་རྣམ་པ་གསུམ་ལ་སོགས་པའོ། །བྱེད་ལས་རང་ གིས་ཡོན་ཏན་ཐོབ་པར་བྱེད་པ་དང་གཞན་དག་ཡོངས་སུ་སྨིན་པར་བྱེད་པ་ལ་སོགས་པ་སྟེ། རྣམ་པར་མི་རྟོག་ཡེ་ཤེས་དེ། །སངས་རྒྱས་ཆོས་ནི་སྦྱོང་བར་བྱེད། །གཞན་ནི་ཇི་བཞིན་རྣམ་ འཇོག་པ། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་པ་ལྟར་རོ། །ངེས་ཚིག་ནི། ཆོས་ ཉིད་མཐོང་ཟིན་གོམས་པར་བྱེད་ཅིང་གོང་དུ་རིམ་གྱིས་བགྲོད་པར་བྱེད་པས་ན་སྒོམ་ལམ་ ཞེས་བྱའོ། ། གཞུང་དོན་ལ། འཇིག་རྟེན་ལས་འདས་པའི་ལམ་གང་ཞེ་ན། གསུམ་ལས། (དང་པོ།) དོན་དངོས་ས་བདུན་ལ་རྟེན་ཚུལ་ནི། སྒོམ་པའི་ལམ་གྱི་གནས་སྐབས་ལ་ཡང་དམིགས་ཡུལ་ སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པའི་དེ་བཞིན་ཉིད་ལ་ དམིགས་ནས་རྣམ་པ་དེ་དག་མངོན་སུམ་དུ་ཤེས་པའི་ཡེ་ཤེས་རྣམས་གོམས་པར་བྱེད་པ་སྟེ། དེ་ཡང་བདེན་བཞིའི་ཆོས་ཉིད་སྤང་བྱས་དག་པའི་རྣམ་གྲོལ་ཉམས་སུ་མྱོང་བ་ཆོས་ཤེས་པ་ བཞི་དང་། དེ་དག་གི་གནས་ལུགས་རང་རིག་པའི་ཚུལ་གྱིས་རྟོགས་པ་རྗེས་སུ་རྟོགས་པའི་ 1-1-619 ཤེས་པ་བཞིའི་ཕྱོགས་ལྷག་མཐོང་སྒོམ་ལམ་གྱིས་བསྡུས་པ་རྣམས་དང་། ལྷག་མཐོང་ཤེས་ པ་བརྒྱད་པོ་དེ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཞི་གནས། བསམ་གཏན་དང་ པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཟག་མེད་དུ་ སྐྱེས་པར་བསྡུས་པའོ། །ཐོག་མཐའི་ས་གཉིས་ནི་ཟག་མེད་དུ་མི་རུང་སྟེ། འདོད་པའི་ཁམས་ དང་སྲིད་རྩེ་ན། །བྱང་ཆུང་ལམ་གྱི་ཡན་ལག་སྤངས། །ཞེས་པ་ལྟར་རོ། ། (གཉིས་པ།) སྲིད་རྩེ་འཇིག་རྟེན་པར་བསྟན་པ་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་ མཆེད་ནི་འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་མི་གསལ་བའི་ཕྱིར། འཇིག་རྟེན་ལས་འདས་པའི་ལམ་ རྒྱུ་བ་ཤིན་ཏུ་གསལ་བའི་རྟེན་མ་ཡིན་པས། མཐའ་གཅིག་ཏུ་འཇིག་རྟེན་པ་ཉིད་དེ། འདུ་ཤེས་ དམན་པས་དམིགས་པ་ལ་མཚན་མར་མི་བྱེད་པ་དེའི་ཕྱིར་གསལ་བའི་མཚན་མ་མེད་པ་ཞེས་ བྱའོ། །དེའི་རྒྱུ་མཚན་བཅོམ་ལྡན་འདས་ཀྱིས་ཀྱང་ཇི་སྐད་དུ། ཇི་ཙམ་དུ་འདུ་ཤེས་གསལ་ བ་དང་བཅས་པ་ཉིད་ཀྱིས་སྙོམས་པར་འཇུག་པ་ཡོད་པ་དེ་ཙམ་དུ་ཆོས་ཀུན་ཤེས་པའི་རང་ བཞིན་འཇིག་རྟེན་ལས་འདས་པའི་ཤེས་རབ་རྟོགས་སོ་ཞེས་གསུངས་སོ། །དེ་ལྟར་ཞི་གནས་ (ཏིང་ངེ་འཛིན་དང་)ལྷག་མཐོང་(ཤེས་རབ་)ནི་སྒོམ་ལམ་གྱི་ངོ་བོར་གསུངས་ཤིང་། དེས་མཚོན་ནས་ རྗེས་ཐོབ་སྒོམ་གསུམ་གྱི་དགེ་བ་བྱང་ཆུབ་ཀྱི་རྒྱུར་གྱུར་པ་རྣམས་ཀྱང་སྒོམ་ལམ་དུ་བསྟན་པ་ ཡིན་ནོ། ། (གསུམ་པ།) ཞར་བྱུང་འགོག་པ་ལ་དཔྱད་པ་ནི། སྲིད་རྩེ་འཇིག་རྟེན་པ་དང་གཞན་བདུན་ འཇིག་རྟེན་ལས་འདས་པར་ཡང་བསྟན་ན། མཐར་གྱིས་གནས་པའི་སྙོམས་འཇུག་དགུ་པ་ འགོག་པ་ནི་ཇི་ལྟ་བུ་ཞེ་ན། འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པ་ སྟེ། འཕགས་པའི་ལམ་གྱི་རྗེས་ཐོབ་ཏུ་བདག་མེད་ཡེ་ཤེས་ཀྱི་སྟོབས་ཀྱིས་ཉོན་ཡིད་འགོག་ ནུས་པའི་ཕྱིར་རོ། །དེ་ཡང་ཐོག་མར་མི་རྣམས་ཀྱི་ནང་དུ་བློ་གསལ་ཞིང་སྐྱོ་ཤས་ཆེ་བས་དེའི་ 1-1-620 རྟེན་ལ་མངོན་པར་སྒྲུབ་བོ། །སྐྱེ་བའི་རྟེན་མི་རྣམས་ཀྱི་ནང་དུ་མངོན་པར་གྲུབ་ནས་ཚེ་དེ་ཉིད་ ལ་མི་རྣམས་ཀྱི་ནང་དུ་མངོན་དུ་བྱེད་པའམ། ཚེ་འཕོས་ནས་ནི་གཟུགས་ཀྱི་ཁམས་སུ་མངོན་ དུ་བྱེད་དོ། །དེ་ལ་སྲིད་རྩེའི་སེམས་མ་ཐོབ་ན་འགོག་པ་ལ་སྙོམས་པར་འཇུག་མི་ནུས་ཤིང་། ཐོབ་ན་གཟུགས་ཁམས་སུ་སྐྱེ་བར་ཡང་འགལ་ལོ་ཞེ་ན། འགྲེལ་བར། (གཟུགས་ལ་འདོད་ ཆགས་དང་བྲལ་ཞིང་གཟུགས་མེད་ལ་མི་འཇུག་པ་དང་། མ་བྲལ་ཡང་འཇུག་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་ པའོ། །)མུ་བཞི་གསུངས་པའི་ནང་ནས། (མུ་གཉིས་པ་)བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་ གཟུགས་མེད་དུ་སྐྱེ་བར་མི་འདོད་པས་ཞི་རགས་སུ་སྒོམ་པའི་སྤོང་ལམ་བསལ་ནས་སྙོམས་ འཇུག་སྦྱང་བའི་ཆེད་དུ་ནམ་མཁའི་འདུ་ཤེས་ལ་སོགས་ས་པ་ཁྱད་པར་གྱི་ལམ་ལ་གནས་ པས་སྲིད་རྩེའི་བར་གྱི་སེམས་ཐོབ་པ། གཟུགས་ལ་འདོད་ཆགས་དང་མ་བྲལ་ཡང་གཟུགས་ མེད་ཀྱི་སེམས་ཐོབ་པ་གཅིག་གིས་སྙོམས་པར་འཇུག་པས་འགལ་བ་མེད་དོ། །ཁ་ཅིག་ འོག་ས་ལས་འདོད་ཆགས་དང་མ་བྲལ་བར་གོང་མའི་དངོས་གཞི་ཐོབ་པ་ནི་མི་རིགས་སོ་ ཞེས་ཀྱང་གསུངས་མོད། བྱིས་པ་ལ་དེ་ལྟར་ཡིན་ཡང་འཕགས་པ་ལ་བསམ་གྱིས་མི་ཁྱབ་བོ། ། ཡང་ན་མཛོད་འགྲེལ་དུ་སྔར་སྲིད་རྩེའི་སེམས་ཐོབ་པ་ལས་ཉམས་ནས་གཟུགས་ཁམས་སུ་ སྐྱེས་པ་ཞིག་གི་སླར་ཡང་བསྐྱེད་དེ་སྙོམས་པར་འཇུག་པར་གསུངས་པ་ལྟར་རོ། །གཟུགས་ མེད་པའི་ཁམས་སུ་ནི་འགོག་པ(འདུ་ཤེས་དང་ཚོར་བ)འི་སྙོམས་འཇུག་འདི་མངོན་དུ་འགྱུར་བ་ མེད་དེ། གཟུགས་མེད་ཞི་བའི་རྣམ་པར་ཐར་བ་ལས་བྱུང་བའི་རྣམ་པར་སྨིན་པར་བཏགས་པ་ བ་མཆོག་ཏུ་ཞི་བས་གནས་པའི་འཕགས་པ་རྣམས་ནི། ཞི་བ་ཐོབ་ཟིན་པས་མ་ཞི་བ་འགོག་ པ་དེ་ལ་འབད་པའི་རྩོམ་པ་དགོས་པ་མེད་པའི་ཕྱིར་རོ། །འདི་ནི་ཀུན་གཞི་མི་འདོད་པ་ཉན་ ཐོས་སྡེ་བ་དང་སྒོ་བསྟུན་པ་སྟེ། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་གཞག་ན་ནི་མངོན་དུ་ བྱེད་པ་ཐམས་ཅད་དུ་འགྲོ་བར་(བསྡུ་བར་)ཡང་གསུངས་སོ། །ངོ་བོས་ཕྱེ་བ་གསུམ་ལས་ལམ་ 1-1-621 ཆུང་དུ་གང་ཞེ་ན། སྒོམ་སྤང་རིམ་གྱིས་སྤོང་བར་བསྟན་པའི་ཕྱིར། གཉེན་པོ་ཆུང་རིམ་ནས་ སྐྱེ་བ་དང་། སྤང་བྱ་ཆེ་རིམ་ནས་འགགས་ཚུལ་འཆད་པ་ནི་ལམ་ཆུང་ངུ་ལའང་ཆུང་ངུའི་ཆུང་ ངུ་དང་། ཆུང་ངུའི་འབྲིང་བོ་དང་། ཆུང་ངུའི་ཆེན་པོ་སྟེ་གསུམ་ཡིན་ལ། གསུམ་པོ་གང་གིས་ འདོད་པ་ནས་སྲིད་རྩེའི་བར་གྱིས་ས་དང་ས་དགུ་བོ་དག་ནི་ཁམས་གསུམ་ན་སྤྱོད་པའི་སྒོམ་ སྤང་ཉོན་མོངས་པ་རྣམས་ཀྱི་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་དང་ཆེན་པོའི་འབྲིང་བོ་ དང་། ཆེན་པོའི་ཆུང་ངུ་རྣམས་རིམ་པ་ལྟར་སྤོང་བའོ། །དེ་བཞིན་དུ་ལམ་འབྲིང་བོ་གང་ཞེ་ན། གཉེན་པོ་ལམ་འབྲིང་བོའི་ཆུང་ངུ་དང་། འབྲིང་བོའི་འབྲིང་བོ་དང་། འབྲིང་བོའི་ཆེན་པོ་སྟེ་གསུམ་པོ་གང་གིས་སྤང་བྱ་ས་དང་ ས་ན་ཁམས་གསུམ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམས་ཀྱི་ཉོན་མོངས་པའི་རྣམ་པ་ འབྲིང་བོའི་ཆེན་པོ་དང་འབྲིང་བོའི་འབྲིང་བོ་དང་། འབྲིང་པོའི་ཆུང་ངུ་རྣམས་རིམ་པ་ལྟར་ སྤོང་བའོ། །ལམ་ཆེན་པོ་གང་ཞེ་ན། གཉེན་པོ་ལམ་ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་ བོ་དང་། ཆེན་པོའི་ཆེན་པོ་སྟེ། གསུམ་པོ་གང་གིས་སྤང་བྱ་ས་དང་ས་ན་ཁམས་གསུམ་ན་སྤྱོད་ པའི་སྒོམ་སྤང་ཉོན་མོངས་པ་རྣམས་ཀྱི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆེན་པོ་དང་། ཆུང་ ངུའི་འབྲིང་བོ་དང་། ཆུང་ངུའི་ཆུང་ངུ་རྣམས་རིམ་པ་ལྟར་སྤོང་བའོ། །དེ་ལ་ལམ་ཆུང་ངུས་ཉོན་ མོངས་པ་ཆེན་པོ་ཇི་ལྟར་སྤོང་སྟེ་དོད་ཉམས་དུ་སྤོང་བར་རིགས་སོ་སྙམ་ན། སྤང་བྱ་ཆེན་པོ་ ནི་ངོ་ཚ་ཁྲེལ་ཡོད་དང་བྲལ་ཞིང་འཛེམ་པ་མེད་པའི་རྒྱུད་ལ་འབྱུང་བ་རྟོགས་སླ་བས་དྲི་མ་ཆེ་ ལོང་དང་འདྲ་བར་གཉེན་པོ་ཆུང་ངུས་ཀྱང་སེལ་ལ་སྤང་བྱ་ཆུང་ངུ་ནི་ཡོངས་སུ་དཔྱད་དཀའ་ ཞིང་ཕྲ་བ་རྒྱུད་ལ་ཞེན་པས་དྲི་མ་ཕྲ་མོ་དང་འདྲ་བར་གཉེན་པོ་ཆེན་པོས་བསལ་དགོས་པའི་ ཕྱིར་དང་། ཐོག་མ་ཁོ་ནར་ལམ་ཆེན་པོ་མི་སྲིད་ཅིང་། དེ་སྐྱེས་པ་ན་ཉོན་མོངས་པ་ཆེན་པོའང་ མི་སྲིད་པའི་ཕྱིར་རོ། །སྨན་ཐུན་གཅིག་གིས་ཡུན་རིང་བོར་བསགས་པའི་ནད་འབྱིན་པ་དང་། 1-1-622 སྒྲོན་མེ་ཆུང་ངུས་མུན་པ་ཆེན་པོ་སེལ་བ་བཞིན་དུ། འཕགས་པའི་ལམ་ཆུང་ངུས་ཀྱང་ཐོག་ མེད་ནས་བརྒྱུད་པའི་ཉོན་མོངས་པ་ཆེན་པོ་རྩད་ནས་འབྱིན་པའི་ཕྱིར་རོ། །དཀར་བོའི་ཆོས་ རྣམས་སྟོབས་དང་ལྡན་པར་ཡང་རིག་པར་བྱའོ། །ནུས་པས་ཕྱེ་བ་བཞི་ལས། སྦྱོར་བའི་ལམ་ གང་ཞེ་ན། ལམ་གང་བསྒོམས་པ་དག་གིས་སྤང་བྱ་ཉོན་མོངས་པ་ཆེན་པོའི་ཆེན་པོ་ལ་སོགས་ པའི་ས་བོན་གྱི་ཆ་ཤས་རེ་རེ་དང་བྲལ་བ་ལས་རིམ་གྱིས་གནས་འགྱུར་བའི་ཚུལ་གྱིས་སྤོང་ བའི་སྦྱོར་བ་རྩོམ་པའོ། །བར་ཆད་མེད་པའི་ལམ་གང་ཞེ་ན། སྤང་བར་བརྩམས་པ་གང་གི་ འོག་ཏུ་གེགས་ཀྱི་བར་ཆད་བྱེད་པ་མེད་པར་ཉོན་མོངས་པའི་རྣམ་པ་གང་ཡིན་པ་དེའི་ས་བོན་ མ་ལུས་པ་དང་བྲལ་བས་ཐམས་ཅད་གནས་གྱུར་པའི་ཚུལ་གྱིས་སྤོང་བའོ། །རྣམ་པར་གྲོལ་ བའི་ལམ་གང་ཞེ་ན། ལམ་གང་གིས་སྤང་བྱ་ཉོན་མོངས་པ་ས་བོན་དང་བཅས་པ་མ་ལུས་པར་ སྤངས་ནས་ཀྱང་དེའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་གནས་གྱུར་དག་པ་སོ་སོ་རང་རིག་ པའི་ཚུལ་གྱིས་མངོན་སུམ་དུ་མྱོང་བར་བྱེད་པའོ། ། ཁྱད་པར་གྱི་ལམ་གང་ཞེ་ན། གསུམ་ལས། (དང་པོ།)སྤང་བྱ་སྤོང་བའི་སྒོ་ནས་གཞག་པ་ ནི། བསྡུ་བར་རྣམ་པ་གཞན་གྱིས་སྦྱོར་བའི་ལམ་གང་ཡིན་པ་དེ་ནི་སྔ་མའི་ཁྱད་པར་གྱི་ལམ་ མོ་ཞེས་གསུངས་པ་ལྟར་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་དེ་ལས་གཞན་ཆེན་པོའི་ འབྲིང་བོ་ལ་སོགས་པ་ལ་སྤོང་བའི་སྦྱོར་བ་རྩོམ་པ་དང་། བརྩམས་པ་ལྟར་བར་ཆད་མེད་པ་ སྤོང་བ་དང་། སྤངས་ནས་ཀྱང་རྣམ་པར་གྲོལ་བ་མྱོང་བར་བྱེད་པའི་ལམ་ནི་སྔར་གྱི་སྤོང་བ་དེ་ ལ་ལྟོས་ནས་ཁྱད་པར་གྱི་ལམ་མོ་ཞེས་བྱ་སྟེ་དེ་བཞིན་དུ་གཞན་ལ་ཡང་རིག་པར་བྱའོ། ། (གཉིས་པ།) ཤེས་བྱ་ཤེས་པའི་སྒོ་ནས་གཞག་པ་ནི། སྤང་བྱ་ཉོན་མོངས་པ་མ་སྤངས་ པ་སྦྱོར་བའི་སྦྱོར་བ་དེ་རེ་ཞིག་བསལ་ཞིང་བཏང་སྙོམས་སུ་བཞག་ནས་མདོ་ལ་སོགས་པ་ གསུང་རབ་ཀྱི་ཆོས་ལ་ཚུལ་བཞིན་སེམས་པའམ། སྔར་ཞུགས་ཏེ་བསམས་ཤིང་རྟོགས་པའི་ 1-1-623 ཆོས་ལ་སོ་སོར་རྟོག་པས་གནས་པའམ། སྙོམས་འཇུག་གཞན་ལ་སྙོམས་པར་འཇུག་པའི་ ཁྱད་པར་གྱི་ལམ་གང་ཡིན་པའོ། ། (གསུམ་པ།) ཡོན་ཏན་སྒྲུབ་པའི་སྒོ་ནས་གཞག་པ་ནི། ཡང་མངོན་པར་ཤེས་པ་ལ་སོགས་ པའི་ཡོན་ཏན་ཁྱད་པར་ཅན་རྣམས་སྔར་མེད་པ་མངོན་པར་སྒྲུབ་པའམ། གྲུབ་ཟིན་པ་ལ་ གནས་པའི་ལམ་གང་ཡིན་པའོ། །སྒོམ་ལམ་རྒྱ་ཆེར་བཤད་པ་ལ་འཕྲོས་ནས་གཞན་དང་ཐུན་ མོང་བའི་ལམ་སྒོམ་ཚུལ་ལ། ལམ་སྒོམ་པ་གང་ཞེ་ན། ལམ་སྒོམ་ཚུལ་རྣམ་པ་བཞིར་བསྟན་ པ། རྣམ་གྲངས་ཀྱིས་བཅུ་གཅིག་ཏུ་བཤད་པ། ས་གོང་མའི་ལམ་སྒོམ་པའི་ནུས་པའོ། ། དང་པོ་ལ་གཉིས་ལས། (དང་པོ།)མདོར་བསྟན་ནི། དང་པོ་མ་ཐོབ་པ་ཐོབ་པར་བྱ་བའི་ ཕྱིར་སྒོམ་པ་དང་། ཐོབ་ཟིན་བསྟེན་པའི་སྒོམ་པ་དང་། སྤང་བྱ་བསལ་བའི་ཕྱིར་སྒོམ་པ་དང་། དེའི་གཉེན་པོ་སྒོམ་པའོ། ། (གཉིས་པ།) རྒྱས་བཤད་ལ་གསུམ་ལས། (དང་པོ།)ཡང་དག་འཇོག་བཞིའི་དབང་དུ་བྱས་པ་ ནི། ཐོབ་པར་བྱ་བའི་ཕྱིར་སྒོམ་པ་གང་ཞེ་ན། གཉེན་པོ་དགེ་བའི་ཆོས་སྔར་རྒྱུད་ལ་མ་སྐྱེས་པ་ རྣམས་གསར་དུ་བསྐྱེད་པའི་ཕྱིར་སྒོམ་པའོ། །བསྟེན་པའི་སྒོམ་པ་གང་ཞེ་ན། གཉེན་པོ་དགེ་ བའི་ཆོས་སྔར་རྒྱུད་ལ་སྐྱེས་པ་རྣམས་རྒྱུན་དུ་གནས་པ་དང་། འགལ་རྐྱེན་གྱིས་མི་ཉམས་པ་ དང་། ཡང་ཡང་ཕྱིར་ཞིང་འབྱུང་བ་དང་། གོང་ནས་གོང་དུ་འཕེལ་བ་དང་། རྒྱ་ཆེར་སྤངས་ པར་བྱ་བའི་ཕྱིར་བསྒོམ་པའོ། །བསལ་བའི་ཕྱིར་བསྒོམ་པ་གང་ཞེ་ན། སྤང་བྱ་སྡིག་པ་མི་ དགེ་བའི་ཆོས་སྔར་རྒྱུད་ལ་མངོན་དུ་སྐྱེས་པ་རྣམས་སྤོང་བའི་ཕྱིར་གང་བསྒོམ་པའོ། །གཉེན་ པོ་སྒོམ་པ་གང་ཞེ་ན། སྤང་བྱ་སྡིག་པ་མི་དགེ་བའི་ཆོས་སྔར་རྒྱུད་ལ་མ་སྐྱེས་པ་རྣམས་ས་བོན་ བཀག་ནས་ཕྱིན་ཆད་ཀྱང་མི་སྐྱེ་བའི་ཕྱིར་གང་བསྒོམ་པའོ། ། (གཉིས་པ།) ལམ་གྱི་སྐྱེ་ཚུལ་གྱི་དབང་དུ་བྱས་པ་ནི། རྣམ་གྲངས་གཞན་ཡང་འཕགས་པའི་ 1-1-624 ལམ་སྐྱེ་བ་ན་རིགས་མཐུན་ཕྱི་མ་འཕེལ་ཞིང་རྒྱས་པའི་ཆེད་དུ་རང་གི་བག་ཆགས་འཇོག་པ་ དེ་ནི་ཐོབ་པར་བྱ་བའི་ཕྱིར་བསྒོམ་པའོ། །ལམ་དེ་ཉིད་མངོན་དུ་གྱུར་ནས་ཀྱང་རྒྱུན་མི་འཆད་ སྒོམ་པར་འགྱུར་བ་དེ་ནི་བསྟེན་པའི་བསྒོམ་པའོ། །དེས་རང་རང་གི་སྤང་བྱ་སྒྲིབ་པའི་ས་བོན་ རྩ་བ་ནས་སྤོང་བ་དེ་ནི་བསལ་བའི་ཕྱིར་བསྒོམ་པའོ། །སྒྲིབ་པ་བག་ཆགས་དང་བཅས་པ་ སྤངས་ནས་ཀྱང་གནས་གྱུར་མངོན་དུ་བྱས་པའི་ཕྱིར། ཕྱི་མ་ལ་སྤང་བྱ་མི་སྐྱེ་བའི་ཆོས་ཅན་དུ་ འཇོག་པ་དེ་ནི་གཉེན་པོ་བསྒོམ་པའོ། ། (གསུམ་པ།) གཉེན་པོ་ཁྱད་པར་དུ་ཕྱེ་སྟེ་བཤད་པ་ནི། ཡང་སྔར་བསྟན་པའི་གཉེན་པོ་སྒོམ་ པ་དེ་ནི་རྣམ་པ་བཞི་སྟེ། རྣམ་པར་སུན་འབྱིན་པའི་གཉེན་པོ་དང་། སྤོང་བ་གཉེན་པོ་དང་། རྟེན་གཉེན་པོ་དང་། ཐག་བསྲིང་བ་གཉེན་པོ་རྣམས་ནི་གཉེན་པོ་སྒོམ་པ་ཞེས་བྱའོ། །དེ་ལ་ རྣམ་པ་སུན་འབྱིན་པ་གཉེན་པོ་གང་ཞེ་ན། ཟག་མེད་ནི་སུན་དབྱུང་དུ་མེད་པས་ཟག་པ་དང་ བཅས་པའི་འདུ་བྱེད་ཉེར་ལེན་གྱི་ཕུང་པོ་རྣམས་ལ་ནད་དང་འབྲས་དང་ཟུག་རྔུ་ལ་སོགས་ པའི་རྣམ་པས་ཉེས་དམིགས་སུ་ལྟ་ཞིང་སུན་འབྱིན་པའོ། །སྤོང་བ་གཉེན་པོ་གང་ཞེ་ན། སྤང་ བྱ་སྤོང་བ་ལ་རིམ་གྱིས་སྦྱོར་བའི་ལམ་དང་། སྤང་བར་བརྩམས་པ་དེ་བར་ཆད་མེད་པར་ མཐའ་དག་སྤོང་བའི་ལམ་མོ། །རྟེན་གཉེན་པོ་གང་ཞེ་ན། (ཨཱདྷར་ཞེས་པ་རྟེན་ནམ་ཀུན་འཛིན་པ་སྟེ།) སྤངས་པའི་ཐོབ་པ་ཀུན་ཏུ་འཛིན་ཞིང་གནས་གྱུར་ཉམས་སུ་མྱོང་བ་རྣམ་པར་གྲོལ་བའི་ལམ་ མོ། །ཐག་བསྲིང་བ་གཉེན་པོ་གང་ཞེ་ན། དེའི་གོང་མའི་ལམ་མོ། །ཞེས་པ་ཁྱད་པར་གྱི་ལམ་ ལ་སོགས་པ་སྟེ། དེ་དག་གིས་སྔར་སྤངས་པའི་ཉོན་མོངས་པ་ཐག་བསྲིང་བའི་ཕྱིར་རོ། ། བཅུ་གཅིག་ཏུ་བཤད་པ་ལ་གཉིས་ལས། (དང་པོ།)བྱེད་ལས་དང་སྦྱར་བ་སྟེ་མདོར་བསྟན་ ནི། ཡང་ལམ་སྒོམ་པ་ནི་ཐོག་མར་ལུས་པོ་ལ་སོགས་པའི་དངོས་པོ་ལ་མི་གཙང་བ་ལ་སོགས་ པར་ཡོངས་སུ་རྟོགས་པའི་ལམ་དྲན་པ་ཉེ་བར་གཞག་པ་བཞི་དང་། བརྟགས་ནས་སྒྲིབ་པ་ 1-1-625 སྤང་བའི་ཆེད་དུ་བརྩོན་འགྲུས་བརྩམས་པ་རྩོལ་བ་ལས་བྱུང་བའི་ལམ་ཡང་དག་པར་སྤོང་བ་ བཞི་དང་། སྒྲིབ་པ་སྦྱངས་ནས་འདུན་པ་ལ་སོགས་པས་སེམས་ལས་སུ་རུང་བར་འགྱུར་བ་ ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་རྫུ་འཕྲུལ་རྐང་བ་བཞི་དང་། ཏིང་ངེ་འཛིན་ སྦྱངས་པ་ལས་འཕགས་པའི་ལམ་སྒྲུབ་པ་ལ་དབང་བྱེད་པ་དྲོད་དང་རྩེ་མོའི་མངོན་པར་ རྟོགས་པ་ལ་སྦྱོར་བའི་ལམ་དབང་པོ་ལྔ་དང་། དབང་པོ་ཐོབ་ནས་བདེན་པ་རྟོགས་པའི་ཆེད་ དུ་མ་དད་པ་ལ་སོགས་པས་ཟིལ་གྱིས་མི་ནོན་པ་བཟོད་པ་དང་ཆོས་མཆོག་གི་མངོན་པར་ རྟོགས་པ་དང་འདྲེས་པའི་ལམ་སྟོབས་ལྔ་དང་། དེ་ལྟར་རིམ་གྱིས་ཞུགས་པ་ལས་དང་པོ་ཉིད་ དུ་སོ་སོ་རང་གིས་བདེན་པ་རྣམས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་ཡང་དག་པར་རྟོགས་པའི་ ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། དེའི་འོག་ཏུ་སྒོམ་སྤང་ཉོན་མོངས་པ་ལས་རྣམ་པར་ དག་པར་བྱ་བའི་ཕྱིར་ངེས་པར་འབྱིན་པའི་ལམ་འཕགས་པའི་ཡན་ལག་བརྒྱད་དེ། བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་དང་། གནས་བསམ་གཏན་གྱི་དངོས་གཞི་ཐོབ་མ་ ཐོབ་དང་དབང་པོ་རྣོ་རྟུལ་ཐ་དད་པས་ཕྱེ་བའི་ལམ་ནི་ལམ་བཞི་དང་། བསླབ་པ་རིན་པོ་ཆེ་ གསུམ་ཡོངས་སུ་སྦྱོང་ཞིང་དགའ་བར་བྱེད་པའི་ལམ་ཆོས་ཀྱི་གནས་བཞི་དང་། འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་མངོན་པར་སྒྲུབ་པར་བྱེད་པའི་ལམ་ཞི་ གནས་ལྷག་མཐོང་དང་། སྦྱོར་མཐོང་གཉིས་དང་སྒོམ་ལམ་དང་མཐར་ཕྱིན་པའི་ལམ་རྣམས་ རིམ་པ་ལྟར་སྡུད་པའི་ལམ་ནི་ལམ་ཞེས་བྱ་སྟེ་དབང་པོ་གསུམ་མོ། །དེ་ཡང་དང་པོ་བདུན་ནི་ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། དེ་ནས་བཞི་ནི་ལམ་བཞི་དང་། ཆོས་ཀྱི་ གནས་བཞི་དང་། ཞི་གནས་དང་ལྷག་མཐོང་གཉིས་དང་། དབང་པོ་གསུམ་དང་། གོ་རིམ་ བཞིན་དུ་སྦྱར་ནས་འཆད་པ་ཡིན་ནོ། ། (གཉིས་པ།) སོ་སོའི་ངོ་བོ་རྒྱས་པར་བཤད་ལ། སྔར་བསྟན་པ་ལྟར། བྱང་ཆུབ་ཕྱོགས་ 1-1-626 མཐུན་བཤད་པ། ལམ་བཞིའི་ཁྱད་པར་བཤད་པ། ཆོས་ཀྱི་གནས་བཞི་བཤད་པ། ཞི་གནས་ ལྷག་མཐོང་བཤད་པ། དབང་པོ་ཟག་མེད་བཤད་པའོ། །དང་པོ་ལ་སྦྱི་དོན་ལྔ་ལས། མཚན་ ཉིད་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་རྗེས་སུ་མཐུན་པའི་ཆོས་ཏེ། ཟད་དང་མི་སྐྱེ་ཤེས་པ་ ནི། །བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། །སུམ་ཅུ་རྩ་བདུན་དེ་ཡི་ཕྱོགས། །ཞེས་པ་ལྟར་རོ། ། རྫས་བཏགས་ཀྱི་ཁྱད་པར་ལ་(རྫས་སུ་བཅུ་ཞེས་བྱ་བ་ནི། ཁ་ཅིག་གི་གཞུང་ལུགས་ཡིན་ཏེ་བྱེ་བྲག་ཏུ་སྨྲ་བ་རྣམས་ ཀྱི་ལྟར་ན་ལུས་དང་ངག་དག་ཐ་དད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་རྫས་གཉིས་ཡིན་པས་བཅུ་གཅིག་ཡིན་ནོ། །ཞེས་ འཆད་པར་འགྱུར་བའི་ཕྱིར་རོ་ཞེས་རྒྱལ་པོའི་སྲས་སོ། །)རྫས་སུ་གྲུབ་པ་ནི་བཅུ་ཡིན་ཏེ། དད་དང་བརྩོན་ འགྲུས་དྲན་པ་དང་། །ཏིང་འཛིན་ཤེས་རབ་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ ཤིན་ཏུ་སྦྱངས། །ཞེས་པ་རྣམས་སོ། །གཞན་རྣམས་ནི་དེ་དག་གི་ནང་དུ་འདུ་བས་རྫས་ལོགས་ སུ་གྲུབ་པ་མེད་དེ། དྲན་པ་ཉེར་གཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་ བྱ། །རྫུ་འཕྲུལ་རྐང་བ་ཏིང་འཛིན་ནོ། །གཙོ་བོ་མོས་པའི་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་ རྣམས་ཀྱང་ཡིན། །ཞེས་པ་ལྟར་ཡིན་པ་དང་། ཆོས་རབ་ཏུ་རྣམ་འབྱེད་དང་ཡང་དག་པའི་ལྟ་ བ་ནི་ཤེས་རབ་ཡིན་ཞིང་། རྩོལ་བ་ནི་བརྩོན་འགྲུས་ཡིན་ལ། ཡང་དག་པའི་ངག་དང་ལས་ ཀྱི་མཐའ་དང་འཚོ་བ་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ས་མཚམས་ལ། སྡེ་ཚན་བདུན་ནི་ གོ་རིམ་བཞིན། །ལས་ནི་དང་པོ་བ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་ དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་སྡེ་ཚན་བདུན་པོ་རིམ་པ་ལྟར་ཚོགས་ལམ་དང་དྲོད་དང་རྩེ་ མོ་དང་བཟོད་པ་དང་ཆོས་མཆོག་དང་སྒོམ་ལམ་དང་མཐོང་ལམ་རྣམས་ན་རེ་རེ་ཡོད་པར་ འདོད་མོད། འདིར་ནི་ཚོགས་ལམ་ཆུང་ངུ་ན་དྲན་པ་ཉེ་བར་གཞག་པ་བཞི་དང་། འབྲིང་བོ་ ན་ཡང་དག་པར་སྤོང་བ་བཞི་དང་། ཆེན་པོ་ན་རྫུ་འཕྲུལ་ཀྱི་རྐང་བ་བཞི་དང་། སྦྱོར་ལམ་དང་ པོ་གཉིས་ན་དབང་པོ་ལྔ་དང་། ཕྱི་མ་གཉིས་ན་སྟོབས་ལྔ་དང་། མཐོང་ལམ་ན་བྱང་ཆུབ་ཀྱི་ 1-1-627 ཡན་ལག་བདུན་དང་། སྒོམ་ལམ་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་པར་འཆད་དོ། ། གོ་རིམ་ཡང་དེ་ཉིད་ཀྱིས་ཤེས་དེ་སྔ་མ་ལས་ཕྱི་མ་འབྱུང་བ་རྒྱུ་འབྲས་ཀྱི་རིམ་པའོ། །ཟག་པ་ ཡོད་མེད་ཀྱི་ཁྱད་པར་ནི། བྱང་ཆུབ་ཡན་ལག་ལམ་ཡན་ལག། ཟག་པ་མེད་པའོ་གཞན་རྣམ་ གཉིས། །ཞེས་ཕྱི་མ་གཉིས་ཟག་མེད་ཁོ་ན་ཡིན་པ་དང་། གཞན་རྣམས་ཟག་བཅས་ཟག་མེད་ གཉིས་ཀ་ཡིན་པར་ཡང་འདོད་མོད། ཟག་པ་རྒྱས་པ་མེད་པའི་ཆ་ནས་ནི་ཐམས་ཅད་ཀྱང་ ཟག་མེད་དུ་འགྱུར་ཞིང་། འོན་ཀྱང་བྱིས་པ་ལ་ཡོད་པ་རྣམས་ཟག་བཅས་དང་། འཕགས་པ་ ལ་ཡོད་པ་རྣམས་ཟག་མེད་ཅེས་ཀྱང་བྱའོ། ། གཞུང་དོན་ལ་གཉིས་ལས། (དང་པོ།)ཐུན་མོང་དུ་བསྟན་པ་ལ། བཤད་བྱ་དྲན་པ་ཉེ་བར་ གཞག་པ་རྣམས་ནི་འཆད་ཚུལ་ཡུལ་གང་ལ་དམིགས་པ་དང་། རང་གི་ངོ་བོ་ཉིད་གང་ཡིན་པ་ དང་། གྲོགས་གང་དང་མཚུངས་པར་ལྡན་པ་དང་། ཚུལ་ཇི་ལྟར་སྒོམ་པ་དང་། བསྒོམས་པའི་ འབྲས་བུར་གང་གྲུབ་ཚུལ་ཏེ་རྣམ་པ་ལྔས་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་ དོན་ལྔས་འཆད་པ་ཇི་ལྟ་བར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མ་རྣམས་ལ་དེ་བཞིན་དུ་དོན་ ལྔ་ལྔས་རིག་པར་བྱ་བ་ཡིན་ནོ། ། (གཉིས་པ།) ཁྱད་པར་དུ་བཤད་པ་ལ། དྲན་པ་ཉེར་གཞག་རྣམ་པ་བཞི། ཡང་དག་པར་ སྤོང་བ་རྣམ་པ་བཞི། རྫུ་འཕྲུལ་གྱི་རྐང་བ་རྣམ་པ་བཞི། དད་སོགས་དབང་པོ་རྣམ་པ་ལྔ། དེ་ དག་སྟོབས་སུ་གྱུར་པ་རྣམ་པ་ལྔ། བྱང་ཆུབ་ཡན་ལག་རྣམ་པ་བདུན། འཕགས་ལམ་ཡན་ ལག་རྣམ་པ་བརྒྱད་ཅེས་པའོ། ། དང་པོ་ལ་སྤྱིར་བསྟན་ལྟར་ལྔ་ལས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དམིགས་པ་གང་ ཞེ་ན། (གཉིས་ལས་དང་པོ།)བཞིར་དབྱེ་བ་ནི་ཕྱི་ནང་གི་ལུས་དང་། ཟག་བཅས་ཀྱི་ཚོར་བ་དང་། རྣམ་ཤེས་ཀྱི་སེམས་དང་། འཁོར་འདས་ཀྱི་ཆོས་རྣམས་སོ། ། 1-1-628 (གཉིས་པ།) དེར་འཇོག་ཚུལ་ནི། བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་དབང་པོ་དང་ བཅས་པའི་ལུས་ལ་བདག་གི་གནས་སམ་རྟེན་གྱི་དངོས་པོ་དང་། བདེ་སོགས་ཀྱི་ཚོར་བ་ལ་ བདག་གི་ལོངས་སྤྱོད་ཀྱི་གཞིའམ་དངོས་པོ་དང་། སེམས་ལ་དམིགས་པར་བྱེད་པའི་མཚན་ ཉིད་ཅན་གྱི་བདག་གི་དངོས་པོ་དང་། ཆོས་ལ་བདག་འདོད་ཆགས་ལ་སོགས་པས་ཀུན་ནས་ ཉོན་མོངས་པ་དང་། དད་པ་ལ་སོགས་པས་རྣམ་པར་བྱང་བར་བྱེད་པའི་དངོས་པོའི་ཞེས་ འཛིན་པ་དེ་རྣམས་བཟློག་པའི་ཆེད་དུ་བཞག་པའོ། །ངོ་བོ་ཉིད་གང་ཞེ་ན། ལུས་ལ་སོགས་ པའི་རྗེས་སུ་ལྟ་བ་ཞེས་གསུངས་པས་དེ་དག་གི་གནས་ལུགས་ཇི་ལྟ་བར་ཤེས་པའི་ཤེས་རབ་ དང་། དྲན་པ་ཉེ་བར་གཞག་པ་ཞེས་གསུངས་པས་ཤེས་རབ་ཀྱིས་རྟོགས་པའི་དོན་ལ་མི་ བརྗེད་པར་གནས་པའི་དྲན་པའོ། །གྲོགས་གང་ཞེ་ན། དྲན་ཤེས་དེ་དག་དང་མཚུངས་ལྡན་ ལྔས་མཚུངས་པར་ལྡན་པའི་སེམས་ཡིད་ཀྱི་རྣམ་པར་ཤེས་པ་དང་། སེམས་ལས་བྱུང་བའི་ ཆོས་ཀུན་འགྲོ་ལྔ་ལ་སོགས་པ་རྣམས་སོ། ། སྒོམ་པ་གང་ཞེ་ན། (གཉིས་ཏེ་)ཁྱད་པར་དུ་དམིགས་རྣམ་སྒོམ་ཚུལ་དང་། ཐུན་མོང་དུ་ གཉེན་པོ་སྒོམ་ཚུལ་ལོ། །དང་པོ་ལ། མདོར་བསྟན་ནི། དམིགས་ཡུལ་ནང་གི་ལུས་ལ་སོགས་ པ་བཞི་པོ་རྣམས་ལ་དམིགས་ནས་རྣམ་པ་ལུས་ལ་སོགས་པ་བཞི་བོའི་གནས་ལུགས་ཇི་ལྟ་ བར་རྗེས་སུ་ལྟ་ཞིང་དྲན་པ་ལ་ཉེ་བར་འཇོག་པའོ། །ནང་ལ་ཇི་ལྟ་བར་ཕྱིའི་ལུས་ལ་སོགས་པ་ བཞི་དང་། ནང་དང་ཕྱི་གཉིས་ཀའི་ལུས་ལ་སོགས་པ་བཞི་ལ་ཡང་དེ་བཞིན་དུ་སྒོམ་པ་ཡིན་ ནོ། ། རྒྱས་བཤད་ལ། དང་པོ་ལུས་ལ་སྒོམ་ཚུལ་དང་། ཕྱི་མ་གསུམ་ལ་སྒོམ་ཚུལ་ལོ། །དང་ པོ་ལ་གཉིས་ལས། (དང་པོ།)དམིགས་པ་ནི། ནང་གི་ལུས་གང་ཞེ་ན། སྒོམ་པ་པོའི་ལུས་གང་ ལ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཟུགས་ཅན་དབང་པོ་ལྔ་བོ་གང་ཡིན་པ་སྟེ། སེམས་ 1-1-629 ཅན་གྱི་གྲངས་སུ་གཏོགས་པའོ། །ཕྱིའི་ལུས་གང་ཞེ་ན། གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་ གཟུགས་ཅན་ཡུལ་ལྔ་བོ་གང་ཡིན་པ་སྟེ་སེམས་རྒྱུད་ཀྱིས་མ་ཟིན་པ་རྣམས་སོ། །ནང་དང་ ཕྱིའི་ལུས་གང་ཞེ་ན། མིག་གི་དབང་པོ་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་དང་འབྲེལ་ཞིང་ ཚོགས་པ་ཐ་མི་དད་དུ་འཇུག་པའི་དྲི་རོ་རེག་བྱ་ལ་སོགས་པའི་ཕྱིའི་སྐྱེ་མཆེད་དབང་པོའི་ གནས་སམ་རྟེན་དུ་གྱུར་པ་སེམས་ཅན་དུ་གཏོགས་པས་ནང་ཡང་ཡིན་ལ། ཕྱིའི་སྐྱེ་མཆེད་ ཀྱིས་བསྡུས་པས་ཕྱི་ཡང་ཡིན་པ་རྣམས་དང་། གང་ཟག་གཞན་གྱི་རྒྱུད་ལ་ཡོད་པའི་མིག་ལ་ སོགས་པ་ནང་གི་སྐྱེ་མཆེད་གཟུགས་ཅན་རྒྱུད་ཀྱི་དབང་གིས་ཕྱི་ཡང་ཡིན་ལ། སྐྱེ་མཆེད་ཀྱི་ དབང་གིས་ནང་ཡང་ཡིན་པ་རྣམས་སོ། ། (གཉིས་པ།) རྣམ་པ་ནི། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་གང་ཞེ་ན། རྣམ་པར་རྟོག་པ་ལ་དུར་ ཁྲོད་ཀྱི་ཀེང་རུས་དང་རྣམ་པར་སྔོས་པ་ལ་སོགས་པར་སྣང་བའི་གཟུགས་བརྙན་གྱི་ལུས་དང་ འདྲ་བར། གང་ལ་ཆགས་པའི་རང་བཞིན་གྱི་གཟུགས་ཀྱི་ལུས་ལ་ལུས་འདི་ཡང་འདི་ལྟ་བུའི་ རང་བཞིན། འདི་ལྟ་བུའི་ཆོས་ཅན། ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་མི་གཙང་བར་ མཉམ་པ་ཉིད་དུ་ལྟ་བ་གང་ཡིན་པའོ། །ཕྱི་མ་གསུམ་གྱི་དམིགས་པ་ནི་ནང་གི་ཚོར་བ་གང་ཞེ་ ན། གནས་དང་དམིགས་པ་གཉིས་ཀ་ནང་གི་ལུས་དབང་པོ་ལ་བརྟེན་ནས་འབྱུང་བའི་ཚོར་ བའོ། །ཕྱིའི་ཚོར་བ་གང་ཞེ་ན། གནས་དང་དམིགས་པ་གཉིས་ཀ་ཕྱིའི་ལུས་ཡུལ་ལ་བརྟེན་ ནས་འབྱུང་བའི་ཚོར་བའོ། །ནང་དང་ཕྱིའི་ཚོར་བ་གང་ཞེ་ན། རང་རྒྱུད་ཀྱི་ཕྱིའི་སྐྱེ་མཆེད་ལ་ དམིགས་པ་དང་། གཞན་རྒྱུད་ཀྱི་ནང་གི་སྐྱེ་མཆེད་ལ་དམིགས་ནས་སྐྱེས་པ་ནང་དང་ཕྱིའི་ ལུས་ལ་བརྟེན་ནས་བྱུང་བའི་ཚོར་བའོ། །ཚོར་བ་ལ་གསུམ་དུ་འབྱེད་པ་ཇི་ལྟ་བར་སེམས་ རྣམ་པར་ཤེས་པ་ལ་ཡང་ནང་དང་ཕྱི་དང་གཉིས་ཀའི་ལུས་ལས་བྱུང་བ་གསུམ་དང་། ཆོས་ སེམས་བྱུང་དགེ་མི་དགེ་ལ་སོགས་པ་རྣམས་ལའང་དེ་བཞིན་དུ་ནང་དང་ཕྱི་དང་གཉིས་ཀའི་ 1-1-630 ལུས་ལས་བྱུང་བ་གསུམ་དུ་འགྱུར་བ་ཡིན་ནོ། །རྣམ་པ་ནི། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་ དྲན་པ་ཉེར་གཞག་སྒོམ་ཚུལ་ཇི་ལྟ་བར་ཚོར་བ་ལ་སོགས་པ་གསུམ་ལ་དམིགས་ནས་ཚོར་བ་ ལ་སོགས་པ་གསུམ་པོའི་གནས་ལུགས་རྗེས་སུ་ལྟ་བའི་ཤེས་རབ་དང་དྲན་པ་སྒོམ་པ་ཡང་དེ་ བཞིན་ཏེ། ཚོར་བ་ཐམས་ཅད་སྡུག་བསྔལ་བ་དང་། སེམས་ཐམས་ཅད་མི་རྟག་པ་དང་། ཆོས་ ཐམས་ཅད་བདག་མེད་པར་མཉམ་པ་ཉིད་དུ་ལྟ་བ་གང་ཡིན་པའོ་ཞེས་པ་ལ་སོགས་པ་ཅི་ རིགས་སུ་སྦྱར་བར་རིག་པར་བྱའོ། །གཞན་ཡང་(དབུས་མཐའི་ཊཱི་ཀར།)ཐམས་ཅད་ཀྱི་སྤྱིའི་མཚན་ ཉིད་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་དུ་མཚུངས་པར་སྒོམ་པ་དང་། ཐེག་ཆེན་པ་རྣམ་ རྟོག་སྤང་བའི་ཆེད་དུ་མི་དམིགས་པའི་རྣམ་པར་སྒོམ་པ་དང་། རྒྱན་གྱི་འགྲེལ་བར། ལུས་ ཡང་དག་པ་མ་ཡིན་པའི་ངོ་བོར་སྣང་བ་སྒྱུ་མ་ལྟ་བུ་དང་། ཚོར་བ་ལོག་པར་ཉམས་སུ་མྱོང་བ་ རྨི་ལམ་ལྟ་བུ་དང་། སེམས་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་ལྟ་བུ་དང་། ཆོས་གློ་ བུར་དུ་འབྱུང་བ་སྤྲིན་ལ་སོགས་པ་ལྟ་བུར་ཡོངས་སུ་ཤེས་པས་སྒོམ་པར་ཡང་གསུངས་སོ། ། གཉེན་པོ་ལ། (གཉིས་ལས།) མདོར་བསྟན་ནི། གཞན་ཡང་བར་ཆད་སེལ་བའི་ཆེད་སྒོམ་ པའི་ཚུལ་ནི་རྣམ་པ་དགུ་སྟེ། འདུན་པ་དང་། བརྩོན་འགྲུས་དང་། རྩོལ་བ་དང་། སྤྲོ་བ་དང་། མ་ཐན་པ་དང་། ཕྱིར་ནུར་བ་མེད་པ་དང་། དྲན་པ་དང་། ཤེས་བཞིན་དང་། བག་ཡོད་པ་རྣམ་ པའོ། ། རྒྱས་བཤད་ནི། དྲན་པ་ཉེར་གཞག་ལ་སོགས་པ་སྒོམ་པའི་ཚེ་གདམས་ངག་གི་དམིགས་ རྣམ་ཡིད་ལ་མི་བྱེད་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་སྒོམ་པར་འདོད་པའི་འདུན་པ་ སྒོམ་མོ། །སྒོམ་པ་ལ་མི་སྤྲོ་བ་ལེ་ལོའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཐོག་མར་གོ་ཆའི་ བརྩོན་འགྲུས་སྒོམ་མོ། །རྨུགས་ཤིང་བྱིང་བ་དང་འཕྲོ་ཞིང་རྒོད་པ་ཉེ་བའི་ཉོན་མོངས་པའི་ གཉེན་པོར་བྱིང་རྒོད་སེལ་བའི་རྩོལ་བ་སྦྱོར་བའི་བརྩོན་འགྲུས་སྒོམ་མོ། །བདག་ལྟ་བུས་ཁྱད་ 1-1-631 པར་ཐོབ་པར་མི་ནུས་སྙམ་དུ་སྒྱིད་ལུག་སྟེ་སེམས་ཞུམ་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་ དཀའ་བའི་གནས་ལ་མ་ཞུམ་ཞིང་མི་འགོང་བའི་བརྩོན་འགྲུས་ཀྱིས་སྤྲོ་བ་སྒོམ་མོ། །སྦྲང་ བུ་ལ་སོགས་པའི་གནོད་པས་ཡོངས་སུ་སྐྱོ་ཞིང་མི་བཟོད་པ་ཉེ་བའི་ཉོན་མོངས་པའི་གཉེན་ པོར་གནོད་པས་ཇི་མི་སྙམ་ཞིང་མི་འཁྲུག་པའི་བརྩོན་འགྲུས་ཀྱིས་མ་ཐན་པ་སྒོམ་མོ། །དགེ་ བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་ཞིང་ཕྱིར་ལྡོག་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་ ཆོག་མི་ཤེས་པའི་བརྩོན་འགྲུས་ཕྱིར་ནུར་བ་མེད་པ་སྒོམ་མོ། །གདམས་ངག་གི་དམིགས་རྣམ་ བརྗེད་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་སེམས་རྩེ་གཅིག་ཏུ་ཉེ་བར་གནས་པའི་དྲན་པ་ སྒོམ་མོ། །མི་ཤེས་པས་ལྟུང་བ་བྱུང་སྟེ་ཡིད་ལ་གཅགས་ཤིང་འགྱོད་པས་སེམས་མི་གནས་ པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་སྒོ་གསུམ་གྱི་སྤྱོད་པ་ཤེས་བཞིན་དུ་འཇུག་པ་སྒོམ་ མོ། །བག་མེད་པས་དགེ་བའི་བརྩོན་པ་འདོར་ཞིང་བརྩམས་པ་མཐར་མི་འབྱིན་པ་ཉེ་བའི་ ཉོན་མོངས་པའི་གཉེན་པོར་རྟག་ཏུ་དགེ་བ་སྤྱོད་པའི་བག་ཡོད་པ་སྒོམ་མོ། །བསྒོམས་པའི་ འབྲས་བུ་གང་ཞེ་ན། ལུས་གཙང་བ་དང་། ཚོར་བ་བདེ་བ་དང་། སེམས་རྟག་པ་དང་། ཆོས་ བདག་ཡོད་དུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤོང་བ་དང་། དབུས་མཐར། གནས་ངན་ལེན་ ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། ། དྲན་པ་ཉེ་བར་གཞག་པ་སྒོམ། །ཞེས་པ་ལྟར་ལུས་འདུ་བྱེད་གནས་ངན་ལེན་གྱིས་ཕྱེ་བར་ རིག་ནས་སྡུག་བསྔལ་དང་། ཚོར་བ་སྲེད་པའི་རྒྱུར་རིག་ནས་ཀུན་འབྱུང་དང་། སེམས་བདག་ ཏུ་ཞེན་པའི་གཞིར་རིག་ཅིང་བདག་ཆད་ཀྱིས་དོགས་ནས་མྱང་ངན་འདས་ལ་སྐྲག་པ་མེད་ པས་འགོག་པ་དང་། ཆོས་ཉོན་མོངས་རྣམ་བྱང་སྤང་གཉེན་དུ་ཤེས་ཤིང་མ་རྨོངས་པས་ལམ་ ལ་འཇུག་པས་ན། འཕགས་པའི་བདེན་པ་བཞི་ལ་འཇུག་པ་དང་། ཟག་བཅས་ཀྱི་ལུས་ལ་ སོགས་པ་བཞིའི་ས་བོན་དང་བྲལ་བ་རིམ་གྱིས་ཐོབ་པའོ། ། 1-1-632 གཉིས་པ་ནི། སྒྲིབ་པ་སེལ་བས་ན་ཡང་དག་པར་སྤོང་བའམ། དམིགས་པ་ལ་སེམས་ འཇོག་པས་ན་ཡང་དག་པར་འཇོག་པ་ཞེས་ཀྱང་བྱ་སྟེ། དེ་ལའང་ལྔ་ལས། ཡང་དག་པར་སྤོང་ བ་རྣམས་ཀྱི་དམིགས་པ་གང་ཞེ་ན། མི་མཐུན་པའི་ཕྱོགས་སྡིག་པ་དང་གཉེན་པོ་དགེ་བ་དག་ སྐྱེས་པ་མངོན་སུམ་དུ་གྱུར་པ་དང་མ་སྐྱེས་པ་མ་འོངས་པ་སྟེ། དེ་དག་གཉིས་ཀ་ལ་སྦྱར་བའི་ བཞི་ལ་དམིགས་ནས་སྒོམ་པའོ། །ངོ་བོ་ཉིད་གང་ཞེ་ན། ཆོས་དྲན་པ་ཉེར་གཞག་བསྒོམས་ པས་སྤང་གཉེན་ཤེས་ནས་དེ་དག་ལ་བླང་དོར་བྱེད་པའི་བརྩོན་འགྲུས་དམིགས་པས་ཕྱེ་བ་ རྣམ་པ་བཞི་སྟེ། མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ ན། །དེ་དག་སྤང་ཕྱིར་གཉེན་པོ་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང་། །ཞེས་གསུངས་སོ། ། གྲོགས་གང་ཞེ་ན། བརྩོན་འགྲུས་དེ་དག་དང་དོན་ལྔས་མཚུངས་པར་ལྡན་པའི་སེམས་ཡིད་ ཤེས་དང་སེམས་ལས་བྱུང་བའི་ཆོས་ཀུན་འགྲོ་ལ་སོགས་པ་རྣམས་སོ། ། སྒོམ་པ་གང་ཞེ་ན། (གཉིས་ལས།)མདོར་བསྟན་ནི། གང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་ རྣམས་སྤང་བའི་ཕྱིར་དང་། མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་དང་། དགེ་བའི་ཆོས་སྐྱེས་ པ་རྣམས་གནས་པའི་ཕྱིར་དང་། མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། འདུན་པ་སྐྱེད་དོ་འབད་ དོ་བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ་རབ་ཏུ་འཇོག་གོ། ཞེས་བྱ་བ་(བཞི་ཀ་སྦྱར་བ་) མདོ་ལས་འབྱུང་བ་རྣམས་ཏེ། རྒྱས་བཤད་ནི། འདུན་པ་ལ་ནི་བརྟེན་ནས་སུ། །རྣལ་འབྱོར་རྒྱུ་ མཚན་བཅས་སྒོམ་པ། །ཡང་དག་སྤོང་བ་ཐམས་ཅད་ལ། །གཉེན་པོ་ཞེས་ནི་ངེས་པར་བརྗོད། ། ཅེས་པ་ལྟར་མདོའི་ཚིག་ལྔ་བོ་འདིས་ནི་བརྩོན་འགྲུས་སྒོམ་པའི་ཚུལ་གནས་དང་བཅས་པ་ བསྟན་པའོ། །དེ་ལ་བརྩོན་འགྲུས་ཀྱི་གནས་ནི་སྡིག་པ་སྤོང་བར་འདོད་པ་ལ་སོགས་པའི་ འདུན་པ་སྟེ་དེ་ལ་བརྟེན་ནས་བརྩོན་འགྲུས་འབྱུང་བའོ། །འབད་པ་ནི་ཞི་གནས་ལྷག་མཐོང་ གི་རྣལ་འབྱོར་སྒོམ་པ་ལ་སྤྲོ་བའི་བརྩོན་འགྲུས་སོ། །དེ་ཡང་རྩེ་གཅིག་ཏུ་གནས་པའི་ཞི་ 1-1-633 གནས་དང་། དམིགས་པ་བསལ་བ་ལ་རབ་ཏུ་འཛིན་པ་དང་། འདུ་བྱེད་བཏང་སྙོམས་ཀྱི་ མཚན་མ་རྣམས་ཡིད་ལ་བྱེད་པས་གཉེན་པོ་སྐྱོན་མེད་སྒོམ་པ་ལ་སྤྲོ་བའི་བརྩོན་འགྲུས་རྩོམ་ མོ་ཞེས་པ་ནི་རྒྱུ་མཚན་དང་བཅས་པའོ། །སྔར་བརྩོན་འགྲུས་རྩོམ་མོ་ཞེས་གསུངས་པ་ནི་བྱིང་ བ་དང་རྒོད་པ་བྱུང་ན་དེ་དག་སེལ་བའི་གཉེན་པོར་གྱུར་པའི་བརྩོན་འགྲུས་ཉིད་བསྟན་པ་ ཡིན་ཏེ། རྒྱུ་མཚན་འདི་ལྟར་ཚིག་དེའི་འོག་ཏུ་བྱིང་བ་སེལ་བའི་ཐབས་དགའ་བར་འགྱུར་བ་ ལ་སོགས་པ་ཡིད་ལ་བྱེད་པས་སེམས་གསལ་བར་བྱས་ནས་ལྷག་མཐོང་གི་རབ་ཏུ་འཛིན་པ་ དང་། རྒོད་པ་སེལ་བའི་ཐབས་ནང་དུ་སྡུད་པའི་སྒོ་ནས་ཞི་གནས་ཀྱི་སེམས་རབ་ཏུ་འཇོག་པ་ སྨོས་སོ། །འབྲས་བུ་གང་ཞེ་ན། དང་པོ་དང་གཉིས་པའི་འབྲས་བུ་མི་མཐུན་པའི་ཕྱོགས་སྡིག་ པ་མ་ལུས་པ་ཉམས་ཤིང་ཟད་པ་དང་། གསུམ་པའི་འབྲས་བུ་གཉེན་པོ་དགེ་བའི་ཆོས་ཐོབ་ ཅིང་སྐྱེས་པ་དང་། བཞི་པའི་འབྲས་བུ་སྐྱེས་པ་རྣམས་འཕེལ་ཞིང་ཡངས་པར་གྱུར་པའོ། ། གསུམ་པ་ལ། རྫུ་འཕྲུལ་གྱི་རྐང་བ་རྣམས་ཀྱི་དམིགས་པ་གང་ཞེ་ན། ཏིང་ངེ་འཛིན་ གོམས་པ་ཉིད་ཀྱིས་འགྲུབ་པའི་བྱ་བ་སྤྲུལ་པ་དང་བསྒྱུར་བ་ལ་སོགས་པའོ། །ངོ་བོ་ཉིད་ གང་ཞེ་ན། བརྩོན་འགྲུས་བརྩམས་པ་ལས་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཏོ། ། མངོན་ཤེས་ལ་སོགས་པ་དོན་ཐམས་ཅད་འགྲུབ་པའི་གནས་སམ་རྒྱུ་ཡིན་པས་ན་རྫུ་འཕྲུལ་ གྱི་རྐང་བ་ཉིད་དོ། །ཞེས་པ་སྟེ། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་ འབྱོར་བར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་ གསུངས་པ་ལྟར་རོ། ། གྲོགས་གང་ཞེ་ན། གཉིས་ལས། (དང་པོ།)གྲོགས་དངོས་ནི་འདུན་པ་དང་བརྩོན་འགྲུས་ དང་སེམས་དང་དཔྱོད་པའི་ཏིང་ངེ་འཛིན་བཞི་བོ་དེ་དག་དང་དོན་ལྔས་མཚུངས་པར་ལྡན་ པའི་སེམས་ཡིད་ཤེས་དང་སེམས་ལས་བྱུང་བའི་ཆོས་ཀུན་འགྲོ་ལ་སོགས་པ་རྣམས་སོ། ། 1-1-634 (གཉིས་པ།) གྲོགས་ཅན་ལའང་གཉིས་ལས། (དང་པོ།)རྟེན་དང་རྒྱུ་ལས་གྱུར་ཚུལ་ནི། འདུན་ པའི་ཏིང་ངེ་འཛིན་གང་ཞེ་ན། གང་འདུན་པ་དྲག་པོ་དང་སྦྱོར་བ་ནན་ཏུར་གྱིས་གུས་པར་སྦྱོར་ བ་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་ཉིད་ལ་རེག་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་ འཛིན་གང་ཞེ་ན། གང་ནམ་ཡང་མི་སྦྱོར་བ་མ་ཡིན་པར་རྟག་ཏུ་རྒྱུན་མི་འཆད་པ་ཉིད་དུ་སྦྱོར་ བ་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་ཉིད་ལ་རེག་པའོ། །སེམས་ཀྱི་ཏིང་ངེ་འཛིན་ གང་ཞེ་ན། གང་སྔོན་སྐྱེ་བ་སྔ་མར་ཏིང་ངེ་འཛིན་བསྒོམས་པའི་ས་བོན་བརྟས་པ་ལ་བརྟེན་ ནས་རང་གི་ངང་གིས་སེམས་རྩེ་གཅིག་ཏུ་གནས་པ་ཉིད་ལ་རེག་པའོ། །དཔྱོད་པའི་ཏིང་ངེ་ འཛིན་གང་ཞེ་ན། གང་གཞན་དགེ་བའི་བཤེས་གཉེན་གྱིས་བསྟན་ནས་ཤེས་རབ་ཀྱིས་ཆོས་ ཀྱི་གནས་ལུགས་རབ་ཏུ་རྣམ་པར་འབྱེད་པའི་ལྷག་མཐོང་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་ གནས་པ་ཉིད་ལ་རེག་པའོ། ། (གཉིས་པ།) ཡང་དག་འཇོག་ལས་གྱུར་ཚུལ་ནི། རྣམ་གྲངས་གཞན་ཡང་འདུན་པའི་ཏིང་ ངེ་འཛིན་གང་སྒོམ་པར་འདོད་པའི་འདུན་པ་སྐྱེད་པ་ན་སེམས་རྩེ་གཅིག་ཏུ་གནས་པ་ཉིད་ལ་ རེག་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གང་བྱིང་རྒོད་ཀྱི་གཉེན་པོར་འབད་ཅིང་བརྩོན་ འགྲུས་རྩོམ་པ་ན་སེམས་རྩེ་གཅིག་ཏུ་གནས་པ་ཉིད་ལ་རེག་པར་བྱའོ། །སེམས་ཀྱི་ཏིང་ངེ་ འཛིན་གང་ཞི་གནས་ཀྱི་ནང་དུ་བསྡུས་ཏེ་སེམས་རབ་ཏུ་འཇོག་པ་ན་སེམས་རྩེ་གཅིག་ཏུ་ གནས་པ་ཉིད་ལ་རེག་པའོ། །དཔྱོད་པའི་ཏིང་ངེ་འཛིན་གང་ལྷག་མཐོང་གིས་གསལ་བར་ བྱས་ཏེ་སེམས་རབ་ཏུ་འཛིན་པ་ན་སེམས་རྩེ་གཅིག་ཏུ་གནས་པ་ཉིད་ལ་རེག་པའོ། །འཇོག་ པ་དང་འཛིན་པའི་གོ་རིམ་སྔར་དང་མི་འདྲ་བ་ནི་འདིར་ཏིང་ངེ་འཛིན་གྱི་རིམ་པ་དང་བསྟུན་ པའོ། ། སྒོམ་པ་གང་ཞེ་ན། གཉིས་ལས། (དང་པོ།)སྤོང་བའི་འདུ་བྱེད་སྒོམ་ཚུལ་ནི། མི་མཐུན་ 1-1-635 ཕྱོགས་ཉེས་པ་ལྔ་སྤོང་བའི་ཆེད་དུ་གཉེན་པོ་འདུ་བྱེད་བརྒྱད་གོམས་པར་བྱེད་པ་སྟེ། ཉེས་ པ་ལྔ་ནི། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་ བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པ་ལྟར་ཡིན་ལ། དེ་རྣམས་ སྤོང་བར་བྱེད་པའི་གཉེན་པོ་འདུ་བྱེད་བརྒྱད་ནི་ལེ་ལོས་མི་སྦྱོར་བའི་གཉེན་པོ། གནས་དང་ དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །ཉེས་པ་ལྟར་གནས་སམ་གཞི་འདུན་པ་ དང་། དེ་ལ་གནས་པ་རྩོལ་བ་དང་། འདུན་པའི་རྒྱུ་ཡིད་ཆེས་པ་ལ་སོགས་པའི་དད་པ་དང་། རྩོལ་བའི་འབྲས་བུ་ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་རྣམས་དང་། དམིགས་པ་ བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོགས་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། ། ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་པ་ལྟར་བརྗེད་པས་མཉམ་པར་འཇོག་མི་ཤེས་པའི་གཉེན་ པོར་དམིགས་པ་མ་བརྗེད་པའི་དྲན་པ་དང་། བྱིང་རྒོད་ཀྱིས་ལས་སུ་མི་རུང་བའི་གཉེན་པོ་དེ་ ཡང་རྟོགས་པའི་ཤེས་བཞིན་དང་། བྱིང་རྒོད་སྤོང་བར་འདུ་མི་བྱེད་པའི་གཉེན་པོ་འདུ་བྱེད་ སེམས་པ་དང་། བྱིང་རྒོད་ཞི་ནས་ཀྱང་འདུ་བྱེད་པའི་གཉེན་པོ་རྣལ་དུ་འཇོག་པའི་བཏང་ སྙོམས་སོ། །སྤོང་བའི་འདུ་བྱེད་འདི་དག་ནི་བརྒྱད་ཡིན་དུ་ཟིན་ཀྱང་བྱེད་པའི་སྒོ་ནས་ཐབས་ བཞིར་འགྱུར་ཏེ། དད་ནས་འདུན་པའི་རྩོལ་བ་ནི་འབད་པའི་ཐབས་དང་། ཤིན་ཏུ་སྦྱངས་པ་ ནི་ལུས་སེམས་ལ་བདེ་བས་ཕན་འདོགས་པའི་ཐབས་དང་། དྲན་པ་དང་ཤེས་བཞིན་ནི་མི་ འཕྲོ་ཞིང་འཕྲོས་པ་ངོས་ཟིན་པས་ཉེ་བར་འདོགས་པའི་ཐབས་དང་། སེམས་པ་དང་བཏང་ སྙོམས་ནི་འདུ་མི་བྱེད་པ་དང་ཧ་ཅང་བྱེད་པ་གཉིས་ཀ་སྤོང་བས་གཉེན་པོའི་ཐབས་ཞེས་བྱ་ བའོ། ། (གཉིས་པ།) བྱིང་རྒོད་སེལ་བའི་སྒོམ་ཚུལ་ནི། ཡང་འདུན་པ་དང་བརྩོན་འགྲུས་དང་ སེམས་དང་དཔྱོད་པའི་ཏིང་ངེ་འཛིན་བཞི་བོ་རྣམས་ཀྱིས་སྤང་བྱ་གཉིད་དང་རྨུགས་པས་ནང་ 1-1-636 དུ་ཞུམ་པ་སྡུད་པ་དང་། དེའི་གཞི་གནས་ལྷག་མཐོང་དང་བྲལ་བས་བྱིང་བར་གྱུར་པ་དང་ བཅས་པ་ཡོངས་སུ་སྤངས་པ་དང་། སྡུག་པའི་མཚན་མའི་རྗེས་སུ་འབྲངས་ནས་ཡུལ་ལ་འཕྲོ་ བ་གཡེང་བ་དང་དེའི་གཞི་མི་སྡུག་པ་དང་བྲལ་བས་རྒོད་པར་གྱུར་པ་དང་བཅས་པ་ཡོངས་ སུ་སྤངས་པ་དང་བཅས་པ་དང་། དེ་དག་གི་གཉེན་པོ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ ལ་རྣམ་པར་ལྟ་བ་ཞུམ་པ་མེད་པ་དང་། མཐུན་པ་སྒོམ་པ་དང་། ལུས་ལ་མི་གཙང་བའི་རྫས་ སུ་རྟོག་པ་གཡེང་བ་མེད་པ་དང་། མཐུན་པ་སྒོམ་པ་དང་། སྣང་བའི་འདུ་ཤེས་དང་ལྡན་པ་དེ་ གཉིས་ཀའི་གནས་དང་མཐུན་པ་སྒོམ་པའོ། །འབྲས་བུ་གང་ཞེ་ན། དེ་ལྟར་རྫུ་འཕྲུལ་གྱི་རྐང་ བའི་ཏིང་ངེ་འཛིན་སྒོམ་ཚུལ་བརྒྱད་ལ་སོགས་པས་ལེགས་པར་ཡོངས་སུ་སྦྱང་བ་བྱས་ན་ཆོས་ མངོན་པར་ཤེས་པར་བྱ་བ་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་གང་དང་གང་མངོན་དུ་བྱ་ཞིང་ ཐོབ་པར་འདོད་པའི་ཐབས་དང་དེ་དང་དེ་ལ་སེམས་མངོན་པར་གཏོད་པའི་གང་ཟག་དེ་རང་ རིགས་གནས་ཀྱི་ཆོས་ཅན་དང་། མངོན་ཤེས་ལ་སོགས་པ་རྣམས་ལ་ཇི་ལྟར་འདོད་པ་བཞིན་ མངོན་དུ་འགྱུར་ཞིང་ཐོབ་པའི་སྐལ་བ་ཅན་དུ་འགྱུར་བ་སྟེ། དེ་གནས་ལས་སུ་རུང་བ་ཉིད། ། དོན་རྣམས་ཐམས་ཅད་འབྱོར་བར་འགྱུར། །ཞེས་པ་ལྟར་རོ། ། བཞི་པ་དབང་པོ་རྣམས་ཀྱི་དམིགས་པ་གང་ཞེ་ན། བདེན་པ་མངོན་པར་རྟོགས་པའི་ཆེད་ དུ་རིམ་གྱིས་སྦྱོར་བས་འཕགས་པའི་བདེན་པ་བཞི་བོ་རྣམས་ཀྱི་སྤྱིའི་ཚུལ་དམིགས་ནས། ངོ་ བོ་ཉིད་གང་ཞེ་ན། ཐར་བ་ཆ་མཐུན་གྱི་དགེ་བའི་རྩ་བ་སྐྱེད་པ་ལ་དབང་བྱེད་པས་དབང་པོ་ ཞེས་བྱ་ཞིང་། དེའང་འདུན་པའི་རྒྱུ་དད་པའི་དབང་པོ་དང་། སྦྱོར་བ་བརྩོན་འགྲུས་ཀྱི་དབང་ པོ་དང་། དམིགས་པ་མི་བརྗེད་པ་དྲན་པའི་དབང་པོ་དང་། མི་འཕྲོ་བ་ཏིང་ངེ་འཛིན་གྱི་དབང་ པོ་དང་། ཆོས་རྣམ་པར་འབྱེད་པ་ཤེས་རབ་ཀྱི་དབང་པོ་སྟེ། ཐར་བའི་ཆ་དང་མཐུན་བསྐྱེད་ ནས། །འདུན་དང་སྦྱོར་བ་དབང་བྱེད་དེ། །དམིགས་པ་བརྗེད་པར་མ་གྱུར་དང་། །མི་འཕྲོ་རྣམ་ 1-1-637 པར་འབྱེད་ཀྱང་ངོ་། །ཞེས་པ་ལྟར་རོ། །གྲོགས་གང་ཞེ་ན། ལྔ་བོ་དེ་དག་དང་མཚུངས་པར་ ལྡན་པའི་སེམས་ཡིད་ཤེས་དང་སེམས་ལས་བྱུང་བའི་ཆོས་ཀུན་འགྲོ་ལྔ་ལ་སོགས་པ་རྣམས་ སོ། །སྒོམ་པ་གང་ཞེ་ན། རིམ་པ་ལྟར་སྐྱེད་ཅིང་སྒོམ་པ་སྟེ་ཐོག་མར་དད་པའི་དབང་པོ་ནི། འཕགས་པའི་བདེན་པ་བཞི་བོ་རྣམས་ལ་མངོན་པར་ཡིད་ཆེས་པ་དང་དང་བ་དང་འདོད་པའི་ ཚུལ་གྱིས་སྒོམ་པར་འགྱུར་རོ། །དེ་ལྟར་མངོན་པར་ཡིད་ཆེས་པ་ལ་སོགས་པའི་དད་པ་སྐྱེས་ པ་ནི་བདེན་པ་རྣམས་མྱུར་དུ་མངོན་པར་རྟོགས་པར་བྱ་བའི་ཕྱིར་འདུན་པའི་སྒོ་ནས་སྤྲོ་བའི་ ཚུལ་གྱིས་བརྩོན་འགྲུས་སྒོམ་པ་འགྱུར་རོ། །སྤྲོ་བས་བརྩོན་འགྲུས་བརྩམས་པ་ནི་བདེན་པ་ རྣམས་ལ་གསལ་བར་ཉེ་བར་གནས་པའི་དྲན་པ་དམིགས་རྣམ་མི་བརྗེད་པའི་ཚུལ་གྱིས་སྒོམ་ པར་འགྱུར་རོ། །བདེན་པ་རྣམས་ལ་གསལ་བའི་དྲན་པ་ཉེ་བར་གནས་པའི་ཏིང་ངེ་འཛིན་ ནི་གཡེང་བ་མེད་པས་དམིགས་པ་ལ་སེམས་རྩེ་གཅིག་པའི་ཚུལ་གྱིས་བསྒོམ་པ་འགྱུར་རོ། ། བདེན་པ་རྣམས་ལ་མཉམ་པར་གཞག་ཅིང་ཏིང་ངེ་འཛིན་གྱིས་རྗེས་སུ་བཟུང་བའི་ཤེས་རབ་ ནི་ཤིན་ཏུ་གསལ་བའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་པའི་ཚུལ་ གྱིས་བསྒོམ་པར་འགྱུར་རོ། །འབྲས་བུ་གང་ཞེ་ན། བདེན་པ་མྱུར་དུ་མངོན་པར་རྟོགས་ནས་ མཐོང་ལམ་སྐྱེ་བར་བྱེད་པ་དང་། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཡན་ ལག་གཉིས་གཉིས་སོ། །ཞེས་པ་ལྟར་དྲོ་བར་གྱུར་པ་དང་རྩེ་མོ་གཉིས་འཕྲལ་དུ་བསྟེན་པས་ སྒྲུབ་པ་དང་། བཟོད་པ་དང་ཆོས་ཀྱི་མཆོག་རྣམས་ཕྱིས་སྟོབས་ཀྱི་དུས་སུ་བསྟེན་པས་སྒྲུབ་ པའོ། ། ལྔ་པ་ནི། དབང་པོ་རྣམས་ལ་དོན་ལྔས་བཤད་པ་ཇི་ལྟ་བར་སྟོབས་རྣམས་ལ་ཡང་དེ་ བཞིན་དུ། དམིགས་པ་བདེན་པ་བཞི་དང་། ངོ་བོ་ཉིད་དད་པ་ལ་སོགས་པ་ལྔ་དང་། གྲོགས་ དེ་དག་དང་མཚུངས་ལྡན་གྱི་ཆོས་རྣམས་དང་། སྒོམ་པ་རིམ་གྱིས་བསྐྱེད་པར་བྱེད་པ་དང་། 1-1-638 འབྲས་བུ་མཐོང་ལམ་ཐོབ་པ་རྣམས་ཡིན་ནོ། །འོན་ཀྱང་འདི་ནི་བྱེ་བྲག་ཡིན་ཏེ་ལྔ་བོའི་མི་ མཐུན་པའི་ཕྱོགས་མ་དད་པ་དང་ལེ་ལོ་དང་བརྗེད་ངེས་དང་གཡེང་བ་དང་ཤེས་བཞིན་མེད་ པ་རྣམས་ངེས་པར་བསྲབས་ཏེ་མངོན་གྱུར་དུ་མི་འབྱུང་བས་གཉེན་པོ་ལ་མི་བརྫི་བའི་ཕྱིར། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་ རྣམས་སོ། །དེ་རྣམས་ནི་སྔ་མ་སྔ་མས་ཕྱི་མ་ཕྱི་མ་འབྱུང་བ་སྟེ། མི་མཐུན་ཕྱོགས་ནི་བསྲབས་ པའི་ཕྱིར། །སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན། །ཞེས་པ་ལྟར་རོ། ། དྲུག་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་གང་ཞེ་ན། འཕགས་པའི་བདེན་ པ་བཞི་བོ་དག་གི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་སྟེ་རྣམ་པར་དག་པའི་དམིགས་པ་དོན་དམ་ པས་བསྡུས་པའོ། །ངོ་བོ་ཉིད་གང་ཞེ་ན། (གཉིས་ལས་དང་པོ།)མིང་དོན་གྱི་དབྱེ་བ་ནི། དེ་ཁོ་ན་ ཉིད་དུ་མངོན་པར་བྱང་ཆུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གྲོགས་སུ་གྱུར་པ་ནི་བྱང་ ཆུབ་ཀྱི་ཡན་ལག་ཡིན་པས་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ཞེས་པ་ལ་སོགས་ པ་སྦྱར་ཏེ། དེའང་རྒྱན་ལས། ཤེས་བྱ་མ་རྒྱལ་རྒྱལ་བའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་སྤྱོད། ། ཅེས་པ་ལྟར་དྲན་པ་ནི་ཤེས་བྱ་མ་རྟོགས་པ་རྟོགས་པར་བྱེད་པས་འཁོར་ལོ་རིན་པོ་ཆེས་ གཡུལ་མ་ཕེབས་པ་འབེབས་པ་ལྟ་བུ་དང་། འདི་ཡི་རྣམ་འབྱེད་རྟོག་པ་ཡི། །མཚན་མ་ཐམས་ ཅད་འཇོམས་པར་བྱེད། །ཅེས་པ་ལྟར་ཆོས་རྣམ་པར་འབྱེད་པ་ནི་བདག་ཏུ་རྟོག་པའི་མཚན་ མ་འཇོམས་པར་བྱེད་པས་གླང་བོས་ཕྱིར་རྒོལ་འཇོམས་པ་ལྟ་བུ་དང་། འདི་ཡི་བརྩོན་འགྲུས་ མ་ལུས་པ། །མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག །ཅེས་པ་ལྟར་བརྩོན་འགྲུས་ནི་མངོན་ཤེས་ མྱུར་དུ་འགྲུབ་པར་བྱེད་པས་རྟ་མཆོག་གིས་མྱུར་དུ་བགྲོད་པ་ལྟ་བུ་དང་། ཆོས་ཀྱི་སྣང་བ་རྣམ་ འཕེལ་བའི། །དགའ་བས་རྟག་ཏུ་རྒྱས་པར་འགྱུར། །ཞེས་པ་ལྟར་དགའ་བ་ནི་ཆོས་ཀྱི་སྣང་ བས་སེམས་རྒྱུད་ཚིམ་པར་བྱེད་པས་ནོར་བུའི་འོད་ཀྱིས་དགའ་བར་བྱེད་པ་ལྟ་བུ་དང་། སྒྲིབ་ 1-1-639 པ་ཀུན་ལས་ཐར་བའི་ཕྱིར། །ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ། །ཅེས་པ་ལྟར་ཤིན་ཏུ་སྦྱངས་ པ་ནི་ལུས་སེམས་ལས་སུ་རུང་བའི་བདེ་བ་ཐོབ་པར་བྱེད་པས་བཙུན་མོས་བདེ་བ་མྱོང་བར་ བྱེད་པ་ལྟ་བུ་དང་། ཏིང་ངེ་འཛིན་ལས་བསམ་པའི་དོན། །འབྱོར་བ་ཉེ་བར་སྐྱེ་བར་འགྱུར། ། ཞེས་པ་ལྟར་ཏིང་ངེ་འཛིན་ནི་གནས་གྱུར་པའི་འབྱོར་བ་རྣམས་སྒྲུབ་པར་བྱེད་པས་ཁྱིམ་ བདག་གིས་ནོར་ཐམས་ཅད་སྒྲུབ་པ་བྱེད་པ་ལྟ་བུ་དང་། བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། ། འདི་ནི་ཇི་ལྟར་འདོད་བཞིན་གནས། །ཞེས་པ་ལྟར་བཏང་སྙོམས་ནི་མི་རྟོག་ཡེ་ཤེས་ཀྱིས་ ཇི་ལྟར་འདོད་པ་བཞིན་གནས་པར་བྱེད་པས་བློན་པོས་དཔུང་གི་ཚོགས་བདེ་བླག་ཏུ་འདོར་ གནས་བྱེད་པ་ལྟ་བུ་རྣམས་སོ། །དེས་ན་མཐོང་ལམ་ཐོབ་པ་ནི་འཁོར་ལོས་སྒྱུར་བ་ལྟ་བུའི་ འབྱོར་བ་རྣམས་དང་ལྡན་པ་སྟེ། རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ ཀྱིས་བསྐོར། །ཞེས་པ་ལྟར་རོ། ། (གཉིས་པ།) ཡན་ལག་ཏུ་འགྱུར་ཚུལ་ནི། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་ པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་ མེད་ཡན་ལག །ཅེས་པ་ལྟར་དྲན་པ་ནི། དགེ་བའི་ཆོས་ཐམས་ཅད་མ་བརྗེད་པ་ལས་ཡན་ ལག་ཕྱི་མ་རྣམས་འབྱུང་བས་གནས་ཀྱི་ཡན་ལག་གོ། ཆོས་རྣམ་པར་འབྱེད་པ་ནི་ཡེ་ཤེས་ཀྱི་ རང་བཞིན་ཡིན་པས་ངོ་བོ་ཉིད་ཀྱི་ཡན་ལག་གོ། བརྩོན་འགྲུས་ནི་བགྲོད་བྱ་མཐར་ཐུག་པར་ འགྲོ་བས་ངེས་པར་འབྱུང་བའི་ཡན་ལག་གོ། དགའ་བ་ནི་སེམས་ཀྱི་རྒྱུད་རབ་ཏུ་ཚིམ་པར་ བྱེད་པས་ཕན་ཡོན་གྱི་ཡན་ལག་གོ། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་གསུམ་ནི་གཞི་དང་གནས་དང་ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་ མོངས་པ་མེད་པའི་ཡན་ལག་སྟེ། དེའང་ཤིན་ཏུ་སྦྱངས་པ་ནི་གནས་ངན་ལེན་ཐམས་ཅད་ འཇིག་པས་གཞི་གང་གིས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། ཏིང་ངེ་འཛིན་ 1-1-640 གནས་གྱུར་པར་ཐོབ་པས་གནས་གང་དུའང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། བཏང་སྙོམས་ནི་བརྣབ་སེམས་དང་ཞེ་སྡང་གི་རྒྱུ་ཡིད་མི་བདེ་བ་དང་བྲལ་བས་རང་གི་ངོ་ བོ་ཉིད་ཀུན་ནས་ཉོན་མོངས་པ་གང་ཡང་མེད་པའི་ཡན་ལག་ཅེས་བྱའོ། །འདི་ལའང་གཞི་ དང་གནས་དང་ནི། །ངོ་བོ་ཉིད་ཀྱིས་བསྟན་པར་འདོད། །ཅེས་པ་ལྟར་རོ། །གྲོགས་གང་ཞེ་ ན། བདུན་པོ་དེ་དག་དང་མཚུངས་པར་ལྡན་པའི་སེམས་ཟག་མེད་ཡིད་ཀྱི་རྣམ་ཤེས་དང་ སེམས་ལས་བྱུང་བའི་ཆོས་ཀུན་འགྲོ་ལྔ་ལ་སོགས་པ་རྣམས་སོ། །སྒོམ་པ་གང་ཞེ་ན། དྲན་ པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་དམིགས་ནས་ དེས་དབེན་པ་ཚོལ་བ་ལ་གནས་པ་དང་། སྲེད་པ་ལ་སྡུག་བསྔལ་ཀུན་འབྱུང་བའི་གཙོ་བོར་ དམིགས་ནས་དེ་ལས་འདོད་ཆགས་དང་བྲལ་བར་འདོད་པ་ལ་གནས་པ་དང་། འགོག་པ་ ལ་སྡུག་བསྔལ་འགགས་པར་དམིགས་ནས་དེ་མངོན་སུམ་དུ་བྱེད་པར་འདོད་པས་གནས་ པ་དང་། ལམ་ལ་འགོག་པར་འགྲོ་བར་དམིགས་ནས་དེས་སྡུག་བསྔལ་རྣམ་པར་སྤོང་བས་ གནས་ཡོངས་སུ་བསྒྱུར་བ་ཚོལ་ཞིང་སྒོམ་པའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ བདེན་བཞི་ལ་དམིགས་ནས་མི་བརྗེད་པའི་ཚུལ་གྱིས་སྒོམ་པ་ཇི་ལྟ་བར་ཤེས་རབ་ཀྱིས་རྣམ་ པར་འབྱེད་པའི་ཚུལ་གྱིས་སྒོམ་པ་དང་། བརྩོན་འགྲུས་ཀྱིས་སྤྲོ་བའི་ཚུལ་གྱིས་སྒོམ་པ་དང་། དགའ་བས་ཚིམ་པའི་ཚུལ་གྱིས་སྒོམ་པ་དང་། ཤིན་ཏུ་སྦྱངས་པས་ལས་སུ་རུང་བའི་ཚུལ་ གྱིས་སྒོམ་པ་དང་། ཏིང་ངེ་འཛིན་གྱིས་རྩེ་གཅིག་པའི་ཚུལ་གྱིས་སྒོམ་པ་དང་། བཏང་སྙོམས་ ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་རྣལ་དུ་འཇོག་པའི་ཚུལ་གྱིས་སྒོམ་པའི་བར་དུ་ཡང་དེ་ བཞིན་དུ་རིག་པར་བྱ་བ་ཡིན་ནོ། །མདོའི་དོན་བསྟན་བཅོས་སུ་བཤད་པ་འདིས་ནི་འཕགས་ པའི་བདེན་པ་བཞི་ལ་དམིགས་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པའི་ཚུལ་ཡོངས་སུ་ བསྟན་ཏོ། །འབྲས་བུ་གང་ཞེ་ན། གཞན་ཡང་མང་པོ་ཡོད་མོད། འདི་དག་མཐོང་ལམ་གྱི་ངོ་ 1-1-641 བོ་ཡིན་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་པའོ། །ཞེས་པ་ནི་ ཕྱོགས་ཙམ་མཚོན་པའོ། ། བདུན་པ་ལམ་གྱི་ཡན་ལག་རྣམས་ཀྱི་དམིགས་པ་གང་ཞེ་ན། མཐོང་ལམ་བྱང་ཆུབ་ཀྱི་ ཡན་ལག་གིས་ཆོས་ཉིད་མངོན་སུམ་དུ་མཐོང་བ་དེའི་འོག་ཏུ་འཕགས་པའི་བདེན་པ་བཞི་བོ་ དེ་དག་གིས་ཡང་དག་པ་ཇི་ལྟ་བའི་དོན་སྔར་མཐོང་ཟིན་པ་ཉིད་ལ་དམིགས་ནས་རིམ་གྱིས་ གོམས་པར་བྱེད་པའོ། ། ངོ་བོ་ཉིད་གང་ཞེ་ན། (གཉིས་ལས་དང་པོ།)མིང་དོན་གྱིས་དབྱེ་བ་ནི། འཕགས་པས་ཉོན་ མོངས་པ་སྤོང་བ་དང་རྣམ་གྲོལ་མངོན་སུམ་དུ་བྱེད་པའི་ལམ་རྣམས་ཡན་ལག་བརྒྱད་པོ་ འདིས་བསྒྲུབས་པས་ན་འཕགས་ལམ་ཡན་ལག་བརྒྱད་ཅེས་བྱ་སྟེ། དེའང་བྱང་ཆུབ་ཀྱི་ཡན་ ལག་གིས་ཇི་ལྟ་བ་བཞིན་རྟོགས་པའི་རྗེས་སུ་འཇུག་པ་ཡང་དག་པའི་ལྟ་བ་དང་། རང་གི་ རྣམ་པར་གཞག་པ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་གཞན་གྱི་རྣམ་པར་གཞག་པའི་མདོ་སྡེ་ ལ་སོགས་པ་ལ་ཡང་འཇུག་པ་ཡང་དག་པའི་རྟོག་པ་དང་། ངག་གི་ལས་རྣམ་པར་དག་པ་ ཡང་དག་པའི་ངག་དང་། ལུས་ཀྱི་ལས་རྣམ་པར་དག་པ་ཡང་དག་པའི་ལས་ཀྱི་མཐའ་དང་། གཉིས་ཀའི་ལས་རྣམ་པར་དག་པ་ཡང་དག་པའི་འཚོ་བ་དང་། ཤེས་བྱའི་སྒྲིབ་པའི་གཉེན་ པོ་ཡང་དག་པའི་རྩོལ་བ་དང་། ལམ་གྱི་སྒྲིབ་པའི་གཉེན་པོ་ཡང་དག་པའི་དྲན་པ་དང་། ཡོན་ ཏན་ཁྱད་པར་ཅན་གྱི་སྒྲིབ་པའི་གཉེན་པོ་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཞེས་པ་སྟེ། རྒྱན་ ལས། དེ་ཡི་འོག་ཏུ་ཇི་ལྟ་བར། །རྟོག་པའི་རྗེས་སུ་འཇུག་པ་སྐྱེ། །རྣམ་གཞག་ཇི་བཞིན་ རྟོགས་པ་དང་། །རྣམ་པར་གཞག་ལ་འཇུག་པ་དང་། །ལས་གསུམ་རྣམ་པར་དག་པ་དང་། ། ཤེས་བྱ་དག་དང་ལམ་དང་ནི། །ཡོན་ཏན་ཁྱད་པར་ཅན་གྱི་ནི། །སྒྲིབ་པའི་གཉེན་པོར་སྒོམ་ པའོ། །ཞེས་གསུངས་པ་ལྟར་རོ། ། 1-1-642 (གཉིས་པ།) ཡན་ལག་ཏུ་འགྱུར་ཚུལ་ནི། དབུས་མཐར། ཡོངས་སུ་གཅོད་དང་གོ་བྱེད་དང་། ། རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ ཡན་ལག་འདི་བརྒྱད་དོ། །ཞེས་པ་ལྟར་ཡང་དག་པའི་ལྟ་བ་ནི། མཐོང་ལམ་དུ་ཇི་ལྟ་མྱོང་བའི་ དེ་ཁོ་ན་ཉིད་ངེས་པར་འཛིན་པས་ཡོངས་སུ་གཅོད་པའི་ཡན་ལག་གོ། ཡང་དག་པའི་རྟོག་པ་ ནི་ཇི་ལྟར་རྟོགས་པའི་དོན་ངག་ཏུ་བརྗོད་པའི་ཀུན་སློང་ཡིན་པས་གཞན་ལ་གོ་བར་བྱེད་པའི་ ཡན་ལག་གོ། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི་གདུལ་བྱ་གཞན་ རྣམས་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ངག་གིས་ནི་འདྲི་བ་དང་ལུང་བསྟན་པ་དང་ འབེལ་བའི་གཏམ་གྱིས་ཆོས་གཏན་ལ་ཕབ་པས་ལྟ་བ་རྣམ་པར་དག་པ་ཤེས་པ་དང་། ལས་ ཀྱི་མཐས་ནི་འགྲོ་བ་དང་ལྡོག་པ་ཐམས་ཅད་དུ་སྤྱོད་ལམ་ཕུན་སུམ་ཚོགས་པ་སྟོན་པས་ཚུལ་ ཁྲིམས་རྣམ་པར་དག་པ་ཤེས་པ་དང་། འཚོ་བས་ནི་ཆོས་གོས་ལ་སོགས་པ་ཇི་ལྟ་བར་གནང་ བ་བཞིན་ཚོལ་ཞིང་ལོག་པའི་འཚོ་བ་ཐམས་ཅད་སྤོང་བས་འཚོ་བ་རྣམ་པར་དག་པ་ཤེས་པའི་ ཕྱིར་རོ། །ཡང་དག་པའི་རྩོལ་བ་ནི་སྒོམ་པས་སྤང་བར་བྱ་བའི་ཀུན་སྦྱོར་ལྷག་མ་རྣམས་རིམ་ གྱིས་སྤོང་བས་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ། ཡང་དག་པའི་དྲན་ པ་ནི་ཞི་གནས་ལ་སོགས་པའི་རྒྱུ་མཚན་མ་བརྗེད་པའི་སྒོ་ནས་བྱིང་རྒོད་ཀྱིས་སྐབས་མི་ཕྱེད་ པས་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ། ཡང་དག་པའི་ཏིང་ངེ་ འཛིན་ནི་སྙོམས་འཇུག་གི་སྒྲིབ་པ་སྤངས་ནས་མངོན་ཤེས་ལ་སོགས་པ་བསྒྲུབས་པས་ཡོན་ ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ། དེ་ལྟར་ན་བརྒྱད་ཀ་ཚོགས་པ་ ནི་སྒོམ་ལམ་གྱི་ངོ་བོ་ཡིན་ལ། ཆ་ཤས་སོ་སོ་ལ་དེའི་ཡན་ལག་ཅེས་ཀྱང་བྱའོ། །གྲོགས་གང་ ཞེ་ན། ངག་ལ་སོགས་པ་ལ་ནི་དམིགས་རྣམ་མེད་པས་མི་རྩི་ཞིང་། ལྟ་བ་ལ་སོགས་པ་གཞན་ དེ་དག་དང་མཚུངས་པར་ལྡན་པའི་སེམས་ཟག་མེད་ཡིད་ཀྱི་རྣམ་ཤེས་དང་སེམས་ལས་བྱུང་ 1-1-643 བའི་ཆོས་ཀུན་འགྲོ་ལྔ་ལ་སོགས་པ་རྣམས་སོ། །སྒོམ་པ་ནི་ཡང་དག་པའི་ལྟ་བ་དབེན་པ་ལ་ གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་ བས་ཡོངས་སུ་སྒྱུར་བ་སྒོམ་མོ། །ཞེས་པ་ལ་སོགས་པ་དབེན་པ་བཞི་ལ་དམིགས་ཏེ་སྒོམ་པའི་ ཚུལ་བྱང་ཆུབ་ཀྱི་ཡན་ལག་གི་སྐབས་སུ་བསྟན་པ་ཇི་ལྟ་བ་བཞིན་ནོ། །འབྲས་བུ་གང་ཞེ་ན། ལྟ་བས་རང་གིས་མྱོང་བ་ལ་སྒྲོ་འདོགས་ཡོངས་སུ་གཅོད་པ་དང་། རྟོག་པས་ངག་ཀུན་ནས་ བསླངས་ཏེ་གཞན་ལ་གོ་བར་བྱེད་པ་དང་། ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམ་པར་ དག་པས་གཞན་ཡིད་ཆེས་པར་བྱེད་པ་དང་། རྩོལ་བས་སྒོམ་སྤོང་ཉོན་མོངས་པའི་སྒྲིབ་པ་ རྣམ་པར་དག་པ་དང་། དྲན་པས་བྱིང་རྒོད་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ དང་། ཏིང་ངེ་འཛིན་གྱིས་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་དག་པ་རྣམས་འགྲུབ་ པའོ། ། གཉིས་པ་ལམ་བཞི་གང་ཞེ་ན། (གཉིས་ལས་དང་པོ།)བཤད་བྱ་དགོད་པ་ནི། མངོན་པར་ཤེས་ པ་བུལ་ལ་ལམ་སྒྲུབ་པ་དཀའ་བ་དང་། མངོན་པར་ཤེས་པ་མྱུར་ལ་ལམ་སྒྲུབ་པ་དཀའ་བ་ དང་། མངོན་པར་ཤེས་པ་བུལ་ལ་ལམ་སྒྲུབ་པ་སླ་བ་དང་། མངོན་པར་ཤེས་པ་མྱུར་ལ་ལམ་ སྒྲུབ་པ་སླ་བ་སྟེ། དབང་པོ་དང་གནས་ཀྱི་སྒོ་ནས་ཕྱེ་བ་བཞིའོ། ། (གཉིས་པ།) དེ་ཉིད་བཤད་པ་ལ། དང་པོ་ནི་དད་པ་ལ་སོགས་པའི་དབང་པོ་རྟུལ་པོར་གྱུར་ པ་ན་མངོན་པར་ཤེས་པ་བུལ་ལ། དངོས་གཞིའི་བསམ་གཏན་གྱི་སེམས་མ་ཐོབ་པ་ན་མི་ ལྕོགས་པ་མེད་པ་མན་ཆད་ཞི་གནས་ཞན་ཞིང་གཟུགས་མེད་ཡན་ཆད་ལྷག་མཐོང་ཞན་པས་ སྒྲུབ་པ་དཀའ་བའི་ལམ་ཞེས་བྱའོ། །གཉིས་པ་ནི་དད་པ་ལ་སོགས་པའི་དབང་པོ་རྣོན་པོར་ གྱུར་པ་ན་མངོན་པར་ཤེས་པ་མྱུར་ལ། དངོས་གཞིའི་བསམ་གཏན་མ་ཐོབ་པ་ན་ཞི་གནས་ ལྷག་མཐོང་ཞན་པས་སྒྲུབ་པར་དཀའ་བའི་ལམ་ཞེས་བྱའོ། །གསུམ་པ་ནི་དད་སོགས་དབང་ 1-1-644 པོ་རྟུལ་པོར་གྱུར་པ་ན་མངོན་པར་ཤེས་པ་བུལ་ལ། དངོས་གཞིའི་བསམ་གཏན་གྱི་སེམས་ ཐོབ་པ་ན་ཞི་གནས་ལྷག་མཐོང་ཟུང་དུ་འཇུག་པས་སྒྲུབ་པ་སླ་བའི་ལམ་ཞེས་བྱའོ། །བཞི་པ་ ནི་དད་སོགས་དབང་པོ་རྣོན་པོར་གྱུར་པ་ན་མངོན་པར་ཤེས་པ་མྱུར་ལ། དངོས་གཞིའི་བསམ་ གཏན་གྱི་སེམས་ཐོབ་པ་ན་ཞི་གནས་ལྷག་མཐོང་ཟུང་དུ་འཇུག་པས་སྒྲུབ་པ་སླ་བའི་ལམ་ ཞེས་བྱའོ། །མཛོད་དུའང་། ལམ་སྒྲུབ་བསམ་གཏན་རྣམས་ལ་སླ། ས་གཞན་རྣམས་ལ་དཀའ་ བ་ཡིན། །བློ་རྟུལ་མངོན་ཤེས་བུལ་བ་སྟེ། །གཅིག་ཤོས་ཀྱི་ནི་མངོན་ཤེས་མྱུར། །ཞེས་པ་ལྟར་ རོ། ། གསུམ་པ་ཆོས་ཀྱི་གནས་བཞི་གང་ཞེ་ན། (གཉིས་ལས་དང་པོ།)མིང་གི་དབྱེ་བ་ནི། བརྣབ་ སེམས་མེད་པ་མ་ཆགས་པའི་དགེ་བ་དང་། གནོད་སེམས་མེད་པ་བྱམས་པའི་བདག་ཉིད་ དང་། ཡང་དག་པའི་དྲན་པ་གདམས་ངག་གི་དམིགས་རྣམ་མ་བརྗེད་པ་དང་། ཡང་དག་པའི་ ཏིང་ངེ་འཛིན་མཉམ་གཞག་ལ་རྩེ་གཅིག་ཏུ་གནས་པ་སྟེ། དོམ་དམ་པའི་ཆོས་རིམ་གྱིས་ཐོབ་ པའི་གནས་སམ་གཞིར་གྱུར་པའོ། ། (གཉིས་པ།) བསླབ་གསུམ་སྦྱོང་ཚུལ་ནི། བརྣབ་སེམས་མེད་པ་དང་གནོད་སེམས་མེད་ པ་ནི་ལོངས་སྤྱོད་ལ་ཆགས་པ་དང་སེམས་ཅན་ལ་སྡང་བའི་སྒོ་ནས་བསླབ་པ་མི་ཉམས་པས་ ཡན་ལག་དྲུག་དང་ལྡན་པ་ལ་སོགས་པའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་སྦྱོང་ བའོ། །ཡང་དག་པའི་དྲན་པ་ནི་དམིགས་པ་ལ་མ་བརྗེད་པའི་སྒོ་ནས་སེམས་མཉམ་པར་ བཞག་ན་བསམ་གཏན་བཞིའི་ཏིང་ངེ་འཛིན་གྱིས་བདེ་བར་གནས་པ་ལ་སོགས་པ་འབྱུང་ བས་ལྷག་པའི་སེམས་སོ་ཞེས་པ་སེམས་ཀྱི་བསླབ་པ་རྣམ་པར་སྦྱོང་བའོ། །ཡང་དག་པའི་ ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལས་བདེན་བཞིའི་རྣམ་པ་བཅུ་ དྲུག་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་སོགས་པའི་ཡེ་ཤེས་འབྱུང་བས་ལྷག་པའི་ཤེས་རབ་པོ་ 1-1-645 ཞེས་པ་ཤེས་རབ་ཀྱི་བསླབ་པ་རྣམ་པར་སྦྱོང་བའོ། །དེ་ལ་ལྷག་པ་ནི་ཆོས་འདི་པ་ཁོ་ན་ལ་ ཡོད་པས་ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པའི་དོན་ཡིན་ལ། དོན་དམ་པའི་ཆོས་ཐོབ་ པའི་གནས་ཀྱི་གཙོ་བོ་ཤེས་རབ་ཡིན་ཡང་ཏིང་ངེ་འཛིན་ལས་འབྱུང་ཞིང་དེའང་ཚུལ་ཁྲིམས་ ལས་འབྱུང་བས་རྒྱུ་འབྲས་ཀྱི་རིམ་པ་བསྟན་པའོ། ། བཞི་པ་ལ་གསུམ་ལས། (དང་པོ།)སོ་སོའི་ངོ་བོ་ངོས་གཟུང་ལ། ཞི་གནས་གང་ཞེ་ན། འདི་ ལྟར་མདོ་ལས་འབྱུང་བ་བཞིན་དུ་སེམས་གནས་པར་བྱེད་པའི་ཐབས་རྣམ་པ་དགུ་སྟེ། ཕྱི་ རོལ་ཏུ་འགྲོ་བ་ལས་བསྡུས་ནས་ནང་ཏིང་ངེ་འཛིན་གྱི་དམིགས་པ་ཉིད་ལ་ཐོག་མར་རྣམ་ གཡེང་སྤངས་ཏེ་ཉེ་བར་གཏོད་པས་སེམས་འཇོག་པ་དང་། རགས་པ་དང་པོར་བཞག་པ་དེ་ ཡུན་རིང་དུ་མངོན་པར་སྡུད་པས་རྒྱུན་དུ་འཇོག་པ་དང་། བརྗེད་དེ་ཕྱི་རོལ་ཏུ་འཕྲོས་པར་གྱུར་ ན་སླར་ཡང་བཀུག་ནས་བླན་ཏེ་འཇོག་པ་དང་། སེམས་ཕྱི་རོལ་ཏུ་མི་འཕྲོ་བའི་ཆེད་དུ་དང་ པོ་ཉིད་ནས་དྲན་པས་བཟུང་སྟེ་ཉེ་བར་འཇོག་པ་དང་། གཡེང་བའི་རྒྱུ་འདོད་ཡོན་ལ་ཉེས་ དམིགས་སུ་ལྟ་བས་འཕྲོར་མི་འཇུག་པ་འདུལ་བར་བྱེད་པ་དང་། འཁྲུག་པའི་རྒྱུ་རྣམ་རྟོག་ ལ་ཉེས་དམིགས་སུ་ལྟ་བས་འཕྲོར་མི་འཇུག་པ་ཞི་བར་བྱེད་པ་དང་། བརྗེད་ནས་རྣམ་པར་ རྟོག་པ་ལ་སོགས་པ་མངོན་གྱུར་དུ་བྱུང་ཡང་དང་དུ་མི་ལེན་པ་རྣམ་པར་ཞི་བར་བྱེད་པ་དང་། སེམས་པས་མངོན་པར་འདུ་བྱེད་པ་དང་བཅས་ཏེ་བྱིང་རྒོད་ཀྱིས་སྐབས་མི་འབྱེད་པར་རྩེ་ གཅིག་ཏུ་བྱེད་པ་དང་། ཤིན་ཏུ་གོམས་པས་འབད་མེད་ལྷུན་གྲུབ་ཏུ་སེམས་གནས་པ་མཉམ་ པར་འཇོག་པའོ། །རྒྱན་ལས་ཀྱང་། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་ གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །སླར་ཡང་དེ་ལས་བླན་པར་བྱ། །ཞེས་ པ་ལ་སོགས་པ་གསུངས་སོ། །ལྷག་མཐོང་གང་ཞེ་ན། དེ་ནི་ཤེས་རབ་ཀྱི་རང་བཞིན་ནོ་ཞེས་ སྟོན་པ་ནི་འདི་ལྟ་སྟེ། ཆོས་ཅན་ཇི་སྙེད་པ་རྣམས་ལ་འདི་དག་ནི་ཁམས་དྲུག་གོ་ཞེས་པ་ལ་ 1-1-646 སོགས་པར་རྣམ་པར་འབྱེད་པ་དང་། ཆོས་ཉིད་ཇི་ལྟ་བའི་དོན་ལ་ཕྱིན་ཅི་མ་ལོག་པར་རབ་ཏུ་ རྣམ་པར་འབྱེད་པ་དང་། རྟོག་བཅས་ཤེས་རབ་ཀྱིས་མཚན་མར་བྱེད་ཅིང་། ངོ་བོ་ལ་རགས་ པ་ཚོལ་བས་ཡོངས་སུ་རྣམ་པར་རྟོག་པར་བྱེད་པ་དང་། ཁྱད་པར་ལ་ཞིབ་མོར་ཚོལ་བས་ ཡོངས་སུ་རྣམ་པར་དཔྱོད་པར་བྱེད་པའོ། །མདོར་ན་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་ འཛིན་ནི་ཞི་གནས་དང་། ཆོས་རྣམ་པར་འབྱེད་པའི་ཤེས་རབ་ནི་ལྷག་མཐོང་སྟེ། ཡང་དག་ གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་ པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་སྔར་ཇི་སྐད་བསྟན་པ་ལྟར་རོ། ། (གཉིས་པ།) དེ་དག་ལ་ཡོན་ཏན་འགྲུབ་ཚུལ་ནི། དགོངས་འགྲེལ་དུ། རྣལ་འབྱོར་པ་ཡིས་ ཞི་གནས་དང་། །ལྷག་མཐོང་སྒོམ་པར་བྱས་པས་ནི། །མཚན་མའི་འཆིང་དང་དེ་བཞིན་དུ། ། གནས་ངན་ལེན་གྱི་འཆིང་ལས་གྲོལ། །ཞེས་པ་ལྟར་ལྷག་མཐོང་གིས་ཉོན་མོངས་པའི་ས་ བོན་གནས་ངན་ལེན་གྱི་གཉེན་པོ་བྱེད་པ་དང་། ཞི་གནས་ཀྱིས་ཉོན་མོངས་པའི་དམིགས་ པ་ལ་མཚན་མར་འཛིན་པའི་གཉེན་པོ་བྱེད་པ་ཉིད་དང་། དེ་བཞིན་ཕྱིན་ཅི་ལོག་འཁྲུལ་བ་ ཐམས་ཅད་ལས་ངེས་པར་འབྱིན་པ་དང་། ཕྱིན་ཅི་ལོག་མ་ཡིན་པ་ཡང་དག་པའི་དོན་ལ་ སེམས་མཉམ་པར་འཇོག་པའི་ཕྱིར་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་འགྲུབ་པར་འགྱུར་རོ། ། (གསུམ་པ།) དེ་དག་ལས་ལམ་བཞིར་འགྱུར་ཚུལ་ནི། ཡང་མདོ་ལས་འབྱུང་བ་ལྟར་ཞི་ གནས་དང་ལྷག་མཐོང་དེ་དག་ལ་བརྟེན་ནས་ལམ་གྱི་སྒྲུབ་ཚུལ་རྣམ་པ་བཞིར་འགྱུར་ཏེ། དེའང་གང་ཟག་ལ་ནི་སེམས་གནས་པའི་ཐབས་དགུས་ཞི་གནས་ཐོབ་པ་ཡིན་གྱི། ཆོས་རྣམ་ པར་འབྱེད་པའི་ལྷག་མཐོང་ནི་མ་ཐོབ་པ་སྟེ། དེ་ཞི་གནས་ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་ མཐོང་ཤེས་རབ་སྒྲུབ་པ་ལ་བརྩོན་པར་བྱེད་དོ། །གང་ཟག་ལ་ལ་ནི་རྣམ་པར་འབྱེད་པའི་ 1-1-647 ལྷག་མཐོང་ཐོབ་པ་ཡིན་གྱི། རྩེ་གཅིག་ཏུ་གནས་པའི་ཞི་གནས་ནི་མ་ཐོབ་པ་སྟེ། དེ་ལྷག་ མཐོང་ཤེས་རབ་ལ་བརྟེན་ནས་ཞི་གནས་ཏིང་ངེ་འཛིན་སྒྲུབ་པ་ལ་བརྩོན་པར་བྱེད་དོ། །གང་ ཟག་ལ་ལ་ནི་ཞི་གནས་ཀྱིས་རྩེ་གཅིག་ཏུ་གནས་པ་ཡང་ཐོབ་པ་མ་ཡིན་ལ། ལྷག་མཐོང་གིས་ རྣམ་པར་འབྱེད་པ་ཡང་ཐོབ་པ་མ་ཡིན་ཏེ། དེ་དམ་པའི་ཆོས་ལ་རྒོད་ཅིང་མ་ཞི་བ་མངོན་པར་ ཚར་གཅད་པའི་སེམས་ཀྱིས་ཐོག་མར་ཐོས་པ་འཛིན་པའི་སྒོ་ནས་ལྷག་མཐོང་དང་ཞི་གནས་ གཉིས་ཀ་སྒྲུབ་པ་ལ་བརྩོན་པར་བྱེད་དོ། །གང་ཟག་ལ་ལ་ནི་ཞི་གནས་ཏིང་ངེ་འཛིན་དང་ ལྷག་མཐོང་ཤེས་རབ་གཉིས་ཀ་ཡང་ཐོབ་པ་ཡིན་ཏེ། དེ་ཞི་གནས་དང་ལྷག་མཐོང་ལྷན་ཅིག་ ཏུ་འདྲེས་པར་གྱུར་ནས་ཆ་མཉམ་པར་ཟུང་དུ་འཇུག་གོ །(དང་པོ་མཐོང་ལམ། གཉིས་པ་དང་བཞི་པ་སྒོམ་ ལམ། གསུམ་པ་ལམ་གཉི་ག་སྒྲུབ་པ་ལས་བརྩམས་ཏེ་བསྟན་ཞེས་སར་རོ། །)དབང་པོ་ལ་(གཉིས་ལས་)མདོར་བསྟན་ ནི། ལམ་ཐམས་ཅད་བསྡུས་པའི་དབང་པོ་རྣམས་ནི་གསུམ་སྟེ། སྔོན་མ་ཤེས་པ་ཀུན་ཤེས་ པར་བྱེད་པའི་དབང་པོ་དང་། ཀུན་ཤེས་ཟིན་ལ་འཇུག་པའི་དབང་པོ་དང་། ཀུན་ཤེས་པ་སྲུང་ བ་དང་ལྡན་པའི་དབང་པོའོ། ། རྒྱས་བཤད་ལ་ཐུན་མོང་དུ་དབང་པོ་བཅུ་སྟེ། ཡིད་ཀྱི་དབང་པོ་དང་། དད་སོགས་དབང་ པོ་ལྔ་དང་། སྡུག་བསྔལ་མ་གཏོགས་པ་ཚོར་བའི་དབང་པོ་བཞིའོ། །ཁྱད་པར་དུ་མི་ལྕོགས་ པ་མེད་པ་ལ་བརྟེན་ན་སྦྱོར་བའི་དུས་སུ་རྣམ་ཐར་ལ་སོགས་པ་འདོད་པ་ལ་དོགས་པ་དང་ བཅས་པའི་ཡིད་མི་བདེའང་སྲིད་པས་བཅུ་ཀ་དང་ལྡན་ཞིང་། བསམ་གཏན་དང་པོ་དང་ གཉིས་པའི་དངོས་གཞི་ལ་བརྟེན་ན་ཡིད་མི་བདེ་མེད་པས་དགུ་དང་། གསུམ་པ་ལ་བརྟེན་ན་ ཡིད་བདེ་བའང་མེད་པས་བརྒྱད་དང་། བཞི་པ་ལ་བརྟེན་ན་བདེ་བའང་མེད་པས་བདུན་ལྡན་ སྲིད་དེ། གྲངས་དེ་དག་ཚང་བའང་སྲིད་པ་ལ་དགོངས་པ་ཡིན་གྱི། ངེས་པར་ལྡན་པའི་དོན་ ནི་མ་ཡིན་ནོ། །དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སྔར་བཤད་ 1-1-648 པའི་དབང་པོ་དེ་དག་དགེ་བའི་ཆོས་ལ་འདུན་པ་ནས་བཟུང་སྟེ་སྦྱོར་བའི་ལམ་དང་མཐོང་ བའི་ལམ་གྱི་སྐད་ཅིག་བཅོ་ལྔ་པ་མན་ཆད་ལ་སྔོན་མ་ཤེས་པའི་དོན་ཀུན་ཤེས་པར་བྱ་བའི་ ཆེད་དུ་གང་དབང་འབྱོར་བར་བྱེད་པའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན། དབང་པོ་ དེ་དག་མཐོང་བའི་ལམ་གྱི་སྐད་ཅིག་བཅུ་དྲུག་པ་ལ་བརྟེན་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ མན་ཆད་སློབ་པའི་ལམ་ཐམས་ཅད་ལ་ཀུན་ཤེས་ཟིན་པའི་དོན་ལ་འཇུག་པའི་ཚུལ་གྱིས་ གང་དབང་འབྱོར་བར་བྱེད་པའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་པ་གང་ཞེ་ན། མྱང་ འདས་ཐོབ་ནས་ཡིད་མི་བདེ་མེད་པས་གཞན་དགུ་བོ་མི་སློབ་པའི་ལམ་ལ་ཀུན་ཤེས་པ་སྲུང་ བ་དང་རྒྱུན་དུ་ལྡན་པས་གང་དབང་འབྱོར་བར་བྱེད་པའོ། །ས་གོང་མའི་ལམ་གྱི་ནུས་པ་ནི། བསམ་གཏན་དང་པོའི་ས་བའི་ལམ་མངོན་དུ་གྱུར་པས་སྒོམ་པ་ན་འདོད་པ་དང་རབ་ཏུ་ལྡན་ པའི་དགེ་བའི་རྩ་བ་མངོན་དུ་མ་གྱུར་པ་རྣམས་ཀྱང་སྒོམ་པར་འགྱུར་ཏེ། དེ་དག་ལ་མཆོག་ཏུ་ སྦྱངས་ཤིང་གོམས་པ་མཐར་ཕྱིན་པས་མངོན་དུ་བྱེད་པ་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་རོ། ། (བོད་བསྒྲེས་ཁ་ཅིག དགེ་བ་ལ་དབང་འབྱོར་བ་ནི་སྦྱོར་བྱུང་གི་ཚེ་ཡིན་གྱི། སྐྱེ་བོའི་ཚེ་མིན་ཏེ་བསྡུ་བར། ས་འོག་མའི་ཆོས་ རྣམས་ནི་གོང་མར་སྐྱེས་པ་ལ་ཀུན་ཏུ་མི་འབྱུང་བར་རིག་པར་བྱའོ་ཞེས་དང་། ས་འཕོས་པས་འོག་མའི་དགེ་བ་གཏོང་བར་བཤད་ པའི་ཕྱིར་དང་། དེ་ནི་འདོད་པ་ན་སྤྱོད་པ་ཉིད་ཡིན་པར་རིག་པར་བྱ་སྟེ། དེའི་གཟུགས་བརྙན་གྱི་རིགས་ཉིད་ཀྱི་ཕྱིར་ཡིན་གྱི་ངོ་བོ་ ཉིད་ལས་ནི་མིན་པའི་ཕྱིར་རོ་ཞེས་གོང་མས་འདོད་པར་སྤྲུལ་པར་བྱེད་པ་ན་སྤྲུལ་སེམས་ལ་འདོད་སེམས་བཏགས་པར་བཤད་ པའི་ཕྱིར་རོ། །)བསམ་གཏན་དང་པོའི་ས་པ་ལ་འདོད་པ་ན་སྤྱོད་པའི་དགེ་བ་རྣམས་ཀྱང་སྒོམ་ པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་སྲིད་རྩེའི་བར་གྱི་ས་གོང་མ་གོང་མའི་ལམ་ཐམས་ཅད་ མངོན་དུ་གྱུར་པས་སྒོམ་པ་ན་འོག་མ་འོག་མའི་དགེ་བའི་རྩ་བ་མངོན་དུ་མ་གྱུར་པ་རྣམས་ ཀྱང་བསྒོམ་པར་འགྱུར་ཏེ། དེ་དག་ལ་མཆོག་ཏུ་སྦྱངས་ཤིང་གོམས་པར་གྱུར་པ་མཐར་ཕྱིན་ པས་མངོན་དུ་བྱེད་པ་ལ་དབང་འབྱོར་པ་ཐོབ་པའི་ཕྱིར་རོ། །མཐར་ཕྱིན་པའི་ལམ་གྱི་སྤྱི་དོན་ 1-1-649 ལ་མཚན་ཉིད་ནི། མྱ་ངན་ལས་འདས་པར་ཕྱིན་པའི་གཞི་གང་ཞིག་མཐར་ཐུག་པ་མངོན་པར་ རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །སྤངས་རྟོགས་ནི། རང་རང་གི་ཐར་བའི་གེགས་ སུ་གྱུར་པ་མ་ལུས་པ་སྤངས་པ་དང་། ཇི་ལྟ་བའི་དོན་ཆོས་ཉིད་རང་རང་གི་སྤང་བྱ་མཐའ་དག་ གིས་དག་པར་རྟོགས་ཤིང་། ཇི་སྙེད་པའི་དོན། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་ གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་པ་ལྟར་རྟོགས་པའོ། །ཡོན་ཏན་ནི་ཐུན་མོང་དུ་ དགྲ་བཅོམ་པ་ཟག་པ་ཟད་པ་ཉོན་མོངས་པ་མེད་པ་ཞེས་པ་ལ་སོགས་པ་ཡུམ་གྱི་གླེང་གཞིར་ འབྱུང་བ་རྣམས་དང་། ཁྱད་པར་དུ་སྟོབས་དང་རྣམ་མཁྱེན་ལ་སོགས་པར་འཆད་པར་འགྱུར་ བ་རྣམས་ཐོབ་པའོ། །རྣམ་དབྱེ་ནི། ཐེག་པས་ཕྱེ་བ་གསུམ་འམ། མི་སློབ་པའི་ཆོས་དང་། བྱས་པ་རྟོགས་པའི་ས་དང་། སྒྲིབ་པ་སྤངས་པའི་ས་ལ་སོགས་པའོ། །བྱེད་ལས་ནི་ཐུན་མོང་ དུ་རྣམ་གྲོལ་ཉམས་སུ་མྱོང་བ་དང་། ཁྱད་པར་དུ། (རྒྱན་ལས།)ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། ། བྱ་བ་རྒྱུན་མི་འཆད་པ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །རྒྱལ་བའི་མཛད་པ་ རྒྱུན་མི་འཆད། །ཅེས་པ་ལྟར་ཕྲིན་ལས་སྤྲོ་བར་བྱེད་པ་ལ་སོགས་པའོ། །ངེས་ཚིག་ནི་བསླབ་ པ་མཐར་ཕྱིན་པར་བགྲོད་པས་ན་མཐར་ཕྱིན་པའི་ལམ་ཞེས་བྱའོ། ། གཞུང་དོན་ལ། མཐར་ཕྱིན་པའི་ལམ་གང་ཞེ་ན། (གཉིས་ལས།)མདོར་བསྟན་ནི། སྤང་བྱ་ གནས་ངན་ལེན་བག་ཆགས་ཐམས་ཅད་རྒྱུན་བཅད་པ་དང་། དེ་ཉིད་འཆད་པ་ཟག་བཅས་ཀྱི་ ཆོས་དང་ཕྲད་ཅིང་ལྡན་པའི་ཐོབ་པ་རྣམས་ཀྱི་རྒྱུན་ཆད་པ་དང་། ཟག་པ་གཏན་ནས་བྲལ་བ་ སོ་སོར་བརྟགས་པའི་འགོག་པའི་ཐོབ་པ་རྣམས་རྒྱུད་ལ་ཐོབ་པའི་ཕྱིར། དངོས་ཀྱི་རྒྱུ་གཉེན་ པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་འཐོབ་པའི་ཚུལ་ཏིང་ངེ་འཛིན་དེའི་རྗེས་དེ་མ་ ཐག་ཏུ་གནས་མ་ལུས་པ་ཡོངས་སུ་གྱུར་ཏེ། ཡེ་ཤེས་ཀྱི་ངོ་བོ་དྲི་མ་ཟད་པ་ལ་ཟད་པར་ཤེས་ པ་དང་། མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པའོ། །རྣམ་གྲངས་སུ་མི་སློབ་པའི་ཆོས་བཅུ་ཡང་ཡིན་ཏེ། 1-1-650 འཕགས་ལམ་ཡན་ལག་བརྒྱད་མཐར་ཐུག་པ་ལ་མི་སློབ་པའི་ཡང་དག་པའི་ལྟ་བ་ནས་མི་ སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་ཞེས་བྱ་བ་བརྒྱད་དང་། མི་སློབ་པའི་ཡང་དག་ པའི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། མི་སློབ་པའི་ཡང་དག་པའི་ཤེས་རབ་ཤིན་ཏུ་རྣམ་ པར་གྲོལ་བའོ། ། རྒྱས་བཤད་ལ། སྤང་བྱ་གནས་ངན་ལེན་ངོས་བཟུང་། སྤངས་པས་ཐོབ་པའི་ཁྱད་པར། གཉེན་པོ་ཏིང་ངེ་འཛིན་སྒོམ་ཚུལ། བསྒོམས་པས་གནས་གྱུར་པ་ཐོབ་ཚུལ། ཡེ་ཤེས་ཟད་ མི་སྐྱེ་ཤེས་པ། ཆོས་བཅུ་མཐར་ཐུག་པ་བཤད་པའོ། །དང་པོ་གནས་ངན་ལེན་ཐམས་ཅད་ གང་ཞེ་ན། མངོན་བརྗོད་ཚོར་བ་ཉོན་མོངས་ལས་རྣམ་སྨིན། །གསུམ་གྱི་སྒྲིབ་པ་སྒྲིབ་རྟོག་ ཟས་འཁྲིག་རྨི། ནད་རྒས་འཆི་དང་ཡོངས་ངལ་བརྟན་པ་དང་། ཚེ་སོགས་ཉོན་མོངས་སྙོམས་ འཇུག་ཤེས་སྒྲིབ་ཀྱིའོ། །ཞེས་(སྡོམ་དུ་བྱས་)པ་ལྟར་ཉི་ཤུ་རྩ་བཞི་སྟེ། མིག་སོགས་ཆོས་ཐམས་ ཅད་ཀྱི་མིང་ལ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞི་ལ་ཐོག་མེད་ནས་གནས་པས་ ཕྱིས་ཀྱང་དེ་ལྟ་བུ་ཡང་ཡང་འབྱུང་བ་མིང་གིས་དོན་མངོན་པར་བརྗེད་པའི་གནས་ངན་ལེན་ ཁམས་ཐམས་ཅད་དུ་ཀུན་ཏུ་འགྲོ་བ་སྤྲོས་པའི་བག་ཆགས་ཞེས་བྱ་བ་དང་། ཟག་བཅས་ཀྱི་ བདེ་སྡུག་ལ་སོགས་པའི་བག་ཆགས་ཚོར་བའི་གནས་ངན་ལེན་དང་། ཆགས་སྡང་ལ་སོགས་ པའི་བག་ལ་ཉལ་ཉོན་མོངས་པའི་གནས་ངན་ལེན་དང་། ལས་ཟག་པ་དང་བཅས་པའི་བག་ ཆགས་ལས་ཀྱང་གནས་ངན་ལེན་དང་། རྣམ་སྨིན་གྱི་ལས་སུ་མི་རུང་བའི་བག་ཆགས་རྣམ་ པར་སྨིན་པའི་གནས་ངན་ལེན་དང་། མ་ནིང་ལ་སོགས་པའི་ཆགས་སོགས་དྲག་ཅིང་རྒྱུན་ རིང་བའི་བག་ཆགས་ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང་། མཚམས་མེད་ལ་ སོགས་པས་ལམ་གྱི་བར་ཆད་བྱེད་པའི་བག་ཆགས་ལས་ཀྱི་སྒྲིབ་པའི་གནས་ངན་ལེན་དང་། བདེན་པ་རྟོགས་སུ་མི་རུང་བ་ངན་སོང་ལ་སོགས་པའི་ལུས་ཐོབ་པའི་བག་ཆགས་རྣམ་པར་ 1-1-651 སྨིན་པའི་སྒྲིབ་པའི་གནས་ངན་ལེན་དང་། འདོད་པ་ལ་འདུན་པ་ལ་སོགས་པ་ལྔས་ཟིལ་གྱིས་ ནོན་པའི་བག་ཆགས་སྒྲིབ་པའི་གནས་ངན་ལེན་དང་། འདོད་ཡོན་གྱི་རྣམ་རྟོག་ལ་སོགས་ པས་ཟིལ་གྱིས་ནོན་བའི་བག་ཆགས་རྟོག་པའི་གནས་ངན་ལེན་དང་། བཟའ་བཏུང་ཧ་ཅང་ མང་ཉུང་དུ་སྤྱད་པས་དགེ་བ་ལ་སྦྱོར་མི་ནུས་པའི་བག་ཆགས་ཟས་ཀྱི་གནས་ངན་ལེན་དང་། གཉིས་གཉིས་འཁྱུད་པ་ལ་སོགས་པས་ལུས་སེམས་གདུང་བའི་བག་ཆགས་འཁྲིག་པའི་ གནས་ངན་ལེན་དང་། གཉིས་ཀྱི་དབང་གིས་ལུས་བེམ་པོ་ལྟ་བུར་གྱུར་པའི་གནས་སྐབས་ ཀྱི་བག་ཆགས་རྨི་ལམ་གྱི་གནས་ངན་ལེན་དང་། ཁམས་མ་སྙོམས་པས་ཉམས་རབ་ཏུ་མི་ བདེ་བའི་བག་ཆགས་ནད་ཀྱི་གནས་ངན་ལེན་དང་། འབྱུང་བ་སྨིན་པ་ལས་རང་དབང་མེད་ པའི་བག་ཆགས་རྒ་བའི་གནས་ངན་ལེན་དང་། སྲོག་འགྱུར་བ་ལས་དབང་པོ་ཐམས་ཅད་ འཁྲུགས་པའི་བག་ཆགས་འཆི་བའི་གནས་ངན་ལེན་དང་། འགྲོ་འོང་དྲག་པོ་ལ་སོགས་པས་ ལུས་དུབ་པའི་བག་ཆགས་ཡོངས་སུ་ངལ་བའི་གནས་ངན་ལེན་དང་། དེ་རྣམས་ཅི་རིགས་ པར་གང་ཟག་གི་རྒྱུད་ལ་ལྟོས་ཏེ་བསྡུས་ན་རིགས་ཆད་སེམས་ཅན་གྱི་རྒྱུད་ལ་ཡོད་པ་གནས་ ངན་ལེན་བརྟན་པ་དང་། འདོད་ཁམས་པའི་རྒྱུད་ལ་ཡོད་པ་གནས་ངན་ལེན་ཆེན་པོ་དང་། གཟུགས་ཁམས་པའི་རྒྱུད་ལ་ཡོད་པ་གནས་ངན་ལེན་འབྲིང་བོ། གཟུགས་མེད་པའི་རྒྱུད་ལ་ ཡོད་པ་གནས་ངན་ལེན་ཆུང་ངུ་དང་། གཉེན་པོ་ལ་ལྟོས་ཏེ་བསྡུས་ན་ཉན་རང་གི་ཐར་བའི་མི་ མཐུན་ཕྱོགས་ཀྱི་བག་ཆགས་ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་དང་། སྙོམས་འཇུག་ དགུའི་མི་མཐུན་ཕྱོགས་ཀྱི་བག་ཆགས་སྙོམས་པར་འཇུག་པའི་སྒྲིབ་པའི་གནས་ངན་ལེན་ དང་། ཐམས་ཅད་མཁྱེན་པའི་མི་མཐུན་ཕྱོགས་ཀྱི་བག་ཆགས་ཤེས་བྱའི་སྒྲིབ་པའི་གནས་ ངན་ལེན་ཏོ། །ཐེག་ཆེན་པས་དེ་རྣམས་མ་ལུས་པར་རྒྱུན་བཅད་པ་ཡིན་ལ། ཉན་རང་རྣམས་ ཀྱིས་མཐའ་དག་མ་སྤངས་ཀྱང་ཕལ་ཆེར་སྤངས་པ་ལ་རྒྱུན་བཅད་པ་ཞེས་བྱ་སྟེ། ཇི་སྐད་དུ། 1-1-652 སེམས་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་ནས་ལུས་ཀྱི་གནས་ངན་ལེན་རྣམས་རྒྱུན་བཅད་ དེ་ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཐོབ་པ་ལ། ཕྲད་པའི་ཐོབ་པ་རྣམས་གང་ཞེ་ན། སྔར་བཤད་པའི་གནས་ངན་ལེན་དེ་དག་རྒྱུད་ལ་བསགས་པའི་ཆ་ལ་ཕྲད་པའི་ཐོབ་པ་ཞེས་ གདགས་སོ། །བྲལ་བའི་ཐོབ་པ་རྣམས་གང་ཞེ་ན། གནས་ངན་ལེན་དེ་དག་ཅི་རིགས་པར་ གཉེན་པོས་བཅོམ་སྟེ་ཟད་པའི་ཆ་ལ་བྲལ་བའི་ཐོབ་པ་ཞེས་གདགས་སོ། །དེས་ན་ཕྲད་བྲལ་ གྱི་ཐོབ་པ་རྫས་གཞན་ལོགས་སུ་གྲུབ་པ་ནི་མེད་དོ། ། གཉེན་པོ་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཞེ་ན། (གསུམ་ལས་དང་པོ།)དབྱེ་བ་མདོར་ བསྟན་ནི། དགུ་པའི་བར་ཆད་མེད་ལམ་ཡང་། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཞེས་བར་ཆད་མེད་ ལམ་འབའ་ཞིག་ལའང་འདོད་མོད། འདིར་ནི་སྒོམ་ལམ་མཐར་ཐུག་པའི་སྤོང་ལམ་གཉིས་ ཀ་སྟེ། སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུའི་ཆ་ཤས་རིམ་གྱིས་སྤོང་བ་སྦྱོར་བའི་ལམ་གྱིས་ བསྡུས་པ་དང་། དེ་མ་ལུས་པར་སྤོང་བ་བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །རྡོ་རྗེ་ཕ་ ལམ་གྱིས་ནོར་གཞན་ཐམས་ཅད་འབིགས་ཤིང་། དེ་གཞན་གྱིས་མི་ཕིགས་པ་ལྟར། ཏིང་ངེ་ འཛིན་དེ་དག་གིས་སྤང་བྱ་ཐམས་ཅད་ཟིལ་གྱིས་གནོན་ཞིང་དེ་སྤང་བྱས་ཟིལ་གྱིས་མི་ནོན་ པས་ན་རྡོ་རྗེ་ལྟ་བུ་ཞེས་བྱའོ། ། (གཉིས་པ།) ངོ་བོ་རྒྱས་བཤད་ལ། སྦྱོར་བའི་ལམ་གྱིས་བསྡུས་པ་ནི་སྒོམ་ལམ་ཆེན་པོའི་ ཆེན་པོ་རྒྱུད་ལ་སྐྱེས་པ་གང་ཕན་ཆད་སྤང་བྱ་སྒྲིབ་པ་ཐམས་ཅད་ཀྱིས་སྐབས་མི་འབྱེད་ཅིང་། སྒྲིབ་པ་ཐམས་ཅད་ནི་ཤིགས་ཤིང་འཇོམས་པར་ནུས་པའོ། །བར་ཆད་མེད་པའི་ལམ་གྱིས་ བསྡུས་པ་ནི་ཏིང་ངེ་འཛིན་གང་གི་འོག་དེ་མ་ཐག་ཏུ་ཟད་པར་ཤེས་པ་དེང་མི་སྐྱེ་བ་ཤེས་པའི་ ཡེ་ཤེས་གཉིས་པོ་འབྱུང་བའི་དངོས་རྒྱུར་གྱུར་པ་སྟེ། ཏིང་ངེ་འཛིན་དེ་ཡང་འགལ་རྐྱེན་འཇིག་ རྟེན་པའི་སྤྱོད་པས་ནམ་ཡང་མི་བརྫི་བས་བར་ཆད་མེད་པ། སྒྲིབ་པ་ཐམས་ཅད་ཀྱིས་མི་ 1-1-653 ཕྱེད་ཅིང་སྒྲིབ་པ་རྣམས་ནི་འཇོམས་པས་བརྟན་ཞིང་སྲ་བ། རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ མཚུངས་པས་རོ་གཅིག་པ། ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་དེ་བཞིན་ཉིད་ལ་དམིགས་པས་ ཁྱབ་པའོ། ། (གསུམ་པ།) ལུང་དང་སྦྱར་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འདི་ལ་དགོངས་ནས། བཅོམ་ ལྡན་འདས་ཀྱིས་དཔེར་ན་བྲག་ཆེན་པོ་མ་གྲུམ་པས་བར་མེད་པ། སེར་ཁ་མེད་ཅིང་ཁོག་སྟོང་ པ་མ་ཡིན་པས་བརྟན་ཞིང་སྲ་བ། གཅིག་ཏུ་འདུས་པས་རོ་གཅིག་པ་ཤིན་ཏུ་མཁྲེགས་པས་ ཐམས་ཅད་དུ་ཁྱབ་པ་དེ་ནི་ཤར་ཕྱོགས་ཀྱི་རླུང་གི་ཤུགས་ཀྱིས་ཀྱང་ཅུང་ཟད་ཀྱང་མི་བསྒུལ་ ཞིང་ཆེས་ཆེར་མི་གཡོས་སོ། །ཤར་ཕྱོགས་ཇི་ལྟ་བར་ཕྱོགས་གཞན་ཐམས་ཅད་རླུང་གིས་ ཀྱང་མིག་གཡོས་པ་དེ་བཞིན་ནོ་ཞེས་གསུངས་སོ། །དེས་ན་ཏིང་ངེ་འཛིན་དེ་ནི་མི་མཐུན་པའི་ ཕྱོགས་ཀྱིས་ནམ་ཡང་གཡོ་བ་མེད་པར་རིག་པར་བྱའོ། །གནས་གྱུར་པ་ལ་གནས་མ་ལུས་ པར་གྱུར་པ་གང་ཞེ་ན། གང་མི་སློབ་པའི་ལམ་ཐོབ་པའི་གནས་གྱུར་རྣམ་པ་གསུམ་སྟེ། ཆོས་ ཉིད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་གནས་པ་དེ་ཉིད་གློ་བུར་གྱི་དྲི་མ་མཐའ་ དག་དང་བྲལ་ནས་དེ་བཞིན་ཉིད་དག་པ་གཉིས་ལྡན་དུ་གྱུར་པ་སེམས་ཀྱི་གནས་གྱུར་པ་དང་། སྔར་མཐོང་ལམ་དུ་འཇིག་རྟེན་པའི་ལམ་ལས་འཇིག་རྟེན་ལས་འདས་པར་གྱུར་ཀྱང་མ་ རྫོགས་པ་ལས། འདིར་ནི་སློབ་ལམ་ལས་མི་སློབ་ལམ་དུ་གྱུར་ཅིང་ཡོངས་སུ་རྫོགས་པ་ལམ་ གྱི་གནས་གྱུར་པ་དང་། ཀུན་གཞིའི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་དང་བྲལ་བར་ གྱུར་པ་གནས་ངན་ལེན་གྱི་གནས་གྱུར་པའོ། །དེས་ན་གནས་གྱུར་གྱི་དོན་དྲི་བཅས་དྲི་མེད་ དུ་གྱུར་པ་ཡིན་གྱི་ངོ་བོ་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །ཡེ་ཤེས་ལ། ཟད་པ་ཤེས་པ་གང་ཞེ་ ན། རྒྱུ་ཀུན་འབྱུང་མ་ལུས་པར་ཟད་ནས་སྐྱེས་པའི་ཤེས་པ་གང་ཡིན་པའམ། ཀུན་འབྱུང་ཟད་ པའི་འགོག་པ་ལ་དམིགས་པའི་ཡེ་ཤེས་གང་ཡིན་པའོ། །མི་སྐྱེ་བ་ཤེས་པ་གང་ཞེ་ན། འབྲས་ 1-1-654 བུ་སྡུག་བསྔལ་མཐའ་དག་གཏན་མི་སྐྱེ་བའི་ཚུལ་དུ་སྤངས་ནས་སྐྱེས་པའི་ཤེས་པ་གང་ཡིན་ པའམ། འབྲས་བུ་སྡུག་བསྔལ་མི་སྐྱེ་བའི་འགོག་པ་ལ་དམིགས་པའི་ཡེ་ཤེས་གང་ཡིན་པའོ། ། དེ་དག་ནི་བདག་རྐྱེན་དང་དམིགས་རྐྱེན་ལས་མིང་དུ་བཏགས་ཏེ། མངོན་པར་རྟོགས་པའི་ རྒྱན་དུ་ནི། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་དོན་དམ་པར་ཟད་པ་དང་སྐྱེ་བ་མེད་པར་ ཤེས་པ་ལའང་གསུངས་སོ། །(ཉན་ཐོས་པ། ཟད་པ་ཤེས་པ་བདེན་རྣམས་ལ། །ཡོངས་ཤེས་ལ་སོགས་ངེས་པའོ། ། ཡོངས་ཤེས་བྱར་མེད་ཅེས་ལ་སོགས། །མི་སྐྱེ་བ་ཡི་བློར་འདོད་དོ། །ཞེས་སོ། །) ཆོས་བཅུ་ལ་མི་སློབ་པའི་ཆོས་བཅུ་ ལ་ནི་ཕུང་པོ་ཟག་མེད་ལྔའི་དབང་དུ་བྱས་པ་སྟེ། མི་སློབ་པའི་ཡང་དག་པའི་ངག་དང་ལས་ཀྱི་ མཐའ་དང་འཚོ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། དྲན་པ་དང་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ གྱི་ཕུང་པོ་དང་། ལྟ་བ་རྟོགས་པ་དང་རྩོལ་བ་ནི་ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་ བ་ནི་རྣམ་པར་གྲོལ་བའི་ཕུང་པོ་དང་། ཡང་དག་པའི་ཤེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་ གཟིགས་པའི་ཕུང་པོའི་དབང་དུ་བྱས་ནས་བསྟན་པར་ཤེས་པར་བྱའོ། །དེ་དག་ཀྱང་རྒྱན་ ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོགས་པས་མི་ཤེས་ཐོབ་ནས་ནི། །གནས་གཞན་གྱུར་ པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་དང་། །གང་ལ་གནས་ན་སེམས་ཅན་ཀུན། །ཕན་ ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་ཐོབ། ། ཅེས་གསུངས་པ་ལྟར་རོ། ། སྤྱི་མཚན་ལ། (གཉིས་ལས།)རྣམ་པ་བཞིར་དབྱེ་བ་ནི་ཡང་ལམ་གྱི་བདེན་པའི་མཚན་ཉིད་ དེ་རང་བཞིན་ནམ་བསྒོམ་བྱའི་རྣམ་གྲངས་བཞིར་ཤེས་པར་བྱ་སྟེ། ལམ་གྱི་མཚན་ཉིད་དང་། རིགས་པའི་མཚན་ཉིད་དང་། སྒྲུབ་པའི་མཚན་ཉིད་དང་། ངེས་པར་འབྱིན་པའི་མཚན་ཉིད་ དོ། །ངེས་ཚིག་གིས་བཤད་པ་ལ། ཅིའི་ཕྱིར་ལམ་གྱི་མཚན་ཉིད་ཅེས་བྱ་ཞེ་ན། (མཱར་ག་འཚོལ་བ་ 1-1-655 ལའོ་ཞེས་པའི་བྱིངས་ལས་བསྒྲུབས་པས།) ཆོས་ཀྱི་དབྱིངས་དེ་ཁོ་ནའི་དོན་ཡོངས་སུ་ཚོལ་ཞིང་རྟོགས་ པར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་རིགས་པའི་མཚན་ཉིད་ཅེས་བྱ་ཞེ་ན། རིགས་པ་མ་ཡིན་ པ་ཉོན་མོངས་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་སྒྲུབ་པའི་མཚན་ཉིས་ཅེས་བྱ་ཞེ་ ན། འདུས་བྱས་རྟག་པར་འཛིན་པ་ལ་སོགས་པའི་ཕྱིན་ཅི་ལོག་ལས་བཟློག་ནས་དེ་ཁོ་ན་ཉིད་ རྟོགས་པ་ལ་འཇོག་ཅིང་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ངེས་པར་ འབྱིན་པའི་མཚན་ཉིད་ཅེས་བྱ་ཞེ་ན། འདུས་མ་བྱས་ཤིང་རྟག་པ་གཏན་དུ་བའི་མྱ་ངན་ལས་ འདས་པའི་གནས་སུ་འགྲོ་(ནིཪྻཱ་ཎ་)བའི་ཕྱིར་རོ། ། ཟག་བཅས་ཟག་མེད་ཀྱི་ཁྱད་པར་ལ། (གཉིས་ལས་དང་པོ།)དོན་དངོས་བསྟན་པ་ནི་སྡུག་ བསྔལ་བ་ལ་སོགས་པའི་བདེན་པ་བཞི་པོ་རྣམས་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་ དྲུག་ནི། སེམས་སེམས་བྱུང་གིས་དམིགས་པ་འཛིན་པའི་བྱེ་བྲག་ནི་རྣམ་པ་ཡིན་ལ། དེ་ རྣམས་བྱིས་པས་རྟོགས་པ་ཟག་བཅས་འཇིག་རྟེན་པ་ཡང་ཡོད། འཕགས་པས་རྟོགས་པ་ ཟག་མེད་འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་ པ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། བྱིས་པས་དེ་བཞིན་ཉིད་མངོན་སུམ་དུ་མ་རྟོགས་པས་ཤེས་ བྱ་ལ་ལེགས་པར་མ་ཞུགས་པ་དང་། འཕགས་པས་མངོན་སུམ་དུ་རྟོགས་པས་ལེགས་པར་ ཞུགས་པ་དང་། དེ་བཞིན་དུ་མཐོང་སྤང་ཉོན་མོངས་པའི་བག་ལ་ཉལ་དང་འབྲེལ་བས་སྒྲིབ་ པ་དང་བཅས་པ་དང་། མཐོང་སྤང་མ་ལུས་པར་སྤངས་པས་སྒྲིབ་པ་མེད་པ་དང་། མིང་དོན་ སྦྱར་ནས་འཛིན་པས་སྤྲོས་བཅས་གཉིས་སྣང་གི་རྣམ་པར་རྟོག་པ་དང་བཅས་པ་དང་། སྤྲོས་ པ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་ཕྱིར་ཏེ་འདི་དག་ནི་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པ་དག་གི་བྱེ་བྲག་གོ། (གཉིས་པ།) རྩོད་པ་སྤང་བ་ནི་རྣམ་པར་མི་རྟོག་པ་ཡིན་ན་འདིའོ་ཞེས་ངེས་པར་མི་འགྱུར་ 1-1-656 ལ། མ་ངེས་ན་ཤེས་བྱ་ལ་ལེགས་པར་ཞུགས་པར་འགལ་ལོ་ཞེ་ན། འདི་ལྟར་འཇིག་རྟེན་ལས་ འདས་པའི་ཡེ་ཤེས་རྣམ་པ་བཅུ་དྲུག་ལ་འཇུག་ཅིང་གནས་པ་ན། མི་རྟག་པའི་དོན་མངོན་ སུམ་དུ་མཐོང་ཞིང་ཉམས་སུ་མྱོང་བས་ལེགས་པར་ཞུགས་པ་ཡིན་གྱི། མི་རྟག་པ་ཉིད་ཅེས་ བྱ་བར་མིང་དོན་སྦྱར་ནས་འཛིན་པའི་རྟོག་པ་དང་བཅས་པས་མཐོང་བ་ནི་མ་ཡིན་ནོ། །རྣམ་ པ་དང་པོ་མི་རྟག་པ་ཉིད་ཀྱི་དོན་ལ་བཤད་ཟིན་པ་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ལྷག་མ་བཅོ་ ལྔ་པོ་རྣམས་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། ངེས་པར་འབྱིན་པའི་དོན་མངོན་སུམ་ དུ་མཐོང་བས་ཤེས་བྱ་ལ་ལེགས་པར་ཞུགས་པ་ཡིན་གྱི་ངེས་པར་འབྱིན་པ་ཉིད་ཅེས་བྱ་བར་ མིང་དོན་སྦྱར་ནས་འཛིན་པའི་རྟོག་པ་དང་བཅས་པ་ནི་མ་ཡིན་པས་འགལ་བ་ཅུང་ཟད་ཀྱང་ མེད་དོ་ཞེས་བྱ་བའི་བར་དུ་རིག་པར་བྱའོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ལས། བརྗོད་ བྱ་འཕགས་པའི་བདེན་པ་བཞི་གཏན་ལ་འབེབས་ཤིང་རྣམ་པར་ངེས་པར་བྱེད་པ་ཞེས་བྱ་བ་ སྟེ། ཀུན་ལས་བཏུས་པ་གཉིས་པའི་རྣམ་པར་བཤད་པའོ།། །། སྔར་མདོར་བསྟན་དུ་མིང་ཙམ་སྨོས་པའི་ཆོས་རྣམ་པར་ངེས་པ་གང་ཞེ་ན། བརྒྱད་དེ་ གསུང་རབ་དང་སྡེ་སྣོད་ངོས་བཟུང་། ཡུལ་ཅན་གྱི་ཤེས་པ་བཤད་པ། དམིགས་བྱའི་རྣམ་པར་ དབྱེ་བ། དཔྱོད་བྱེད་ཀྱི་རིགས་པ་བཤད་པ། དཔྱད་པ་ལས་བྱུང་བའི་མངོན་རྟོགས། སྒོམ་བྱུང་ གི་ས་ལྔ་བཤད་པ། ཆོས་རྣམས་ལ་མཁས་ཤིང་གནས་ཚུལ། ཁྱད་པར་དུ་ཐེག་ཆེན་བཤད་ པའོ། ། གསུང་རབ་ཀྱི་སྤྱི་དོན་ལ་ལྔའི། (དང་པོ།)ལྡང་ཚད་ནི་ཡི་གེ་(སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་) དུ་མ་འདུས་པ་ལས་མིང་དང་། མིང་དུ་མ་འདུས་པ་ལས་ཚིག་དང་། (འཇུག་ལྡོག་གི་ཁྱད་པར་སྟོན་པ་) ཚིག་དུ་མ་འདུས་པ་ལས་ངག་དང་། ངག་དུ་མ་འདུས་པ་ལས་(བརྗོད་བྱ་ཕྱོགས་རེ་ཙམ་ཚང་བར་སྟོན་པ་) ལེའུ་འམ་རབ་ཏུ་བྱེད་པ་དང་། རབ་དུ་བྱེད་པ་དུ་མ་འདུས་པ་ལས་བསྟན་བཅོས་སམ་གསུང་ 1-1-657 རབ་ཅེས་བྱ་བར་འགྱུར་རོ། ། (གཉིས་པ།) ངོ་བོ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་མིང་གི་ཕྲེང་བ་ལྡན་མིན་འདུ་བྱེད་ཀྱིས་ བསྡུས་པར་འདོད་ཅིང་། མདོ་སྡེ་པ་སྒྲ་རང་གི་མཚན་ཉིད་གཞུང་ལུགས་ཀྱི་ཚད་དང་མཉམ་ པ་གཟུགས་ཀྱི་ཕུང་པོས་བསྡུས་པར་འདོད་དེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ཀྱང་། །གཟུགས་སམ་འདུ་བྱེད་དག་ ཏུ་འདུས། །ཞེས་པ་ལྟར་རོ། །ཐེག་ཆེན་པའི་ལུགས་ཀྱིས། (ཐེག་བསྡུས་དང་བཤད་སྦྱར་ དུ།)རྐྱང་བ་དང་ཚིགས་སུ་བཅད་པའི་སྒྲར་སྣང་བ་འདོད་པའི་དོན་གྱི་རྗེས་སུ་འཇུག་པ་ཉན་ པ་པོའི་རྣམ་པར་རིག་པའི་ཚོགས་ཞེས་པར་འདོད་ཅིང་། དབུས་མཐའི་འགྲེལ་བཤད་དུའང་ འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་ རིག་པའི་ཚོགས་ཞེས་གསུངས་སོ། ། (གསུམ་པ།) གྲངས་ཚད་ནི་སྟོན་པ་འདིའི་གསུང་རབ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ ཡིན་ལ། རེ་རེའི་ཚད་ཤཱ་རིའི་བུས་མཛད་པའི་བསྟན་བཅོས་ཚིགས་བཅད་དྲུག་སྟོང་ཡོད་པ་ ལྟ་བུའམ། ཡང་ན་ཕུང་པོ་དང་བདེན་པ་ལ་སོགས་པ་དོན་སྣ་རེ་ཚང་བར་སྟོན་པ་སྟེ། ཆོས་ ཀྱི་ཕུང་པོ་ཤཱ་རིའི་བུས། །ཞེས་པ་དང་། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་ སོགས་གཏམ་རེ་ཡིན། །ཞེས་པ་ལྟར་རོ། །འགྲེལ་བར་རེ་རེའི་ཚད་ཚིགས་བཅད་སྟོང་ཕྲག་ རེ་ཡིན་ལ། ཐམས་ཅད་བསྡོམས་པ་ལ་བྱེ་བ་ཕྲག་བརྒྱ་དང་འབུམ་ཕྲག་བཞི་བཅུར་འགྱུར་ བར་གསུངས་ཏེ། ཚིགས་བཅད་རེ་རེའི་ཚད་ནི་དབྱངས་ཡིག་སུམ་ཅུ་རྩ་གཉིས་ཀྱིས་བཅིངས་ པའོ། །རབ་ཏུ་སྒྲོན་གསལ་དུ་ནི། གླང་བོ་ཆེ་རབ་བརྟན་གྱིས་ཐེག་པའི་སྣག་ཚས་ཆོས་ཀྱི་ཕུང་ པོ་གཅིག་འབྲི་བར་ནུས་སོ་ཞེས་ཀྱང་གསུངས་སོ། ། (བཞི་པ།) དགོས་ཆེད་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་ལ་སོགས་ 1-1-658 པའི་ཉོན་མོངས་པ་ཇི་སྙེད་པའི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་དུ་གསུངས་པ་སྟེ། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་ལྟར་རོ། ། (ལྔ་པ།) ངེས་ཚིག་ནི་ཚིག་གམ་གསུང་རྣམས་ཀྱི་ནང་ནས་རབ་བམ་མཆོག་ཡིན་པས་ན་ གསུང་རབ་ཅེས་པའོ། །གཞུང་དོན་ལ། མིང་གི་དབྱེ་བ་མདོར་བསྟན། ངོ་བོ་རྒྱས་པར་བཤད་ པ། སྡེ་སྣོད་གསུམ་དུ་བསྡུ་བའོ། །དང་པོ་ནི། རིགས་པ་སྟོན་པའམ་དོན་ཕྱིན་ཅི་མ་ལོག་པ་ འཛིན་པའི་དོན་གྱིས་ན་ཆོས་ཞེས་བྱ་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ། མདོའི་སྡེ་ དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་ སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་པའི་ ཆོས་ཀྱི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེའོ། །རྒྱས་བཤད་ལ། མདོ་དང་དབྱངས་ བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་དུ་བརྗོད་དང་གླེང་གཞིའི་རྟོགས་པ་བརྗོད། །དེ་ ལྟ་བུ་བྱུང་སྐྱེས་རབས་ཤིན་ཏུ་རྒྱས། །རྨད་བྱུང་ཆོས་དང་གཏན་ལ་ཕབ་པར་བསྟན། །ཞེས་པ་ ལྟར་བཅུ་གཉིས་ཀྱི་དང་པོ་མདོའི་སྡེ་གང་ཞེ་ན། (གཉིས་ལས་དང་པོ།) དོན་དངོས་བསྟན་པ་ནི། གསུང་རབ་གང་དུ་བཞེད་པའི་དོན་གོ་སྨོས་ པའམ་མདོར་བསྡུས་ཏེ་གསལ་བར་བསྟན་པའི་ཚུལ་གྱིས་རྐྱང་པ་སྟེ་ལྷུག་པར་གསུངས་པའོ། ། (གཉིས་པ།) དེའི་ཕན་ཡོན་ནི། འཆད་པ་པོ་དང་ཉན་པ་པོས་ཐོས་བའི་ཕན་ཡོན་བཅུ་པོ་འདི་ དག་གཟུགས་ནས་དེ་བཞིན་གཤེགས་པ་རྣམས་སྨོས་པའི་ཚུལ་གྱིས་ཆོས་སྟོན་པར་མཛད་དེ། དེའང་འཆད་པ་པོས་བཤད་བྱའི་དོན་མང་པོ་མདོར་བསྡུས་ནས་ཚེགས་ཆུང་ངུས་སྟོན་པས་ རྣམ་པར་གཞག་སླ་བ་དང་། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་གོ་བར་བྱེད་པས་བཤད་སླ་བ་དང་། 1-1-659 ཉན་པ་པོས་ཀྱང་གཞུང་ཉུང་ཞིང་དོན་གསལ་བས་བཟུང་སླ་བ་དང་། ཆོས་འདི་བསྒོམས་པས་ ཤེས་པར་བྱ་བ་རྟོགས་ནས་དེ་ལ་གུས་པས་གཅེས་སུ་འཛིན་ཅིང་མྱུར་དུ་ཚོགས་གཉིས་ཡོངས་ སུ་རྫོགས་པར་བྱེད་པ་དང་། གུས་པའི་སྦྱོར་བས་ཤེས་རབ་རྣོན་པོར་གྱུར་ནས་མྱུར་དུ་ཆོས་ ཉིད་རྟོགས་པར་འགྱུར་བ་དང་། ཆོས་ཉིད་རྟོགས་ནས་བསྟན་པ་ལེགས་པར་གནས་པ་རྟོགས་ ཏེ། སྟོན་པ་པོ་སངས་རྒྱས་ལ་ཡོན་ཏན་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པ་དང་། བསྟན་བྱ་ དམ་པའི་ཆོས་དང་དེ་སྒྲུབ་པ་ལ་འཕགས་པའི་དགེ་འདུན་ལའང་དེ་དག་གི་ཡོན་ཏན་ཤེས་ ནས་མི་ཕྱེད་པའི་དད་པ་ཐོབ་པ་དང་། དགོངས་པའི་དོན་འབད་དེ་རྟོགས་པས་རབ་ཏུ་དགའ་ བ་ཐོབ་པའི་ཕྱིར་མཐོང་བའི་ཆོས་ཚེ་འདི་ཉིད་ལའང་བདེ་བར་གནས་པའི་མཆོག་ལ་རེག་པ་ དང་། བརྒལ་ལན་ལ་སོགས་པའི་འབེལ་བའི་གཏམ་གྱིས་དོན་ཟབ་མོ་གཏན་ལ་འབེབས་ ཤིང་རྣམ་པར་འབྱེད་པས་དམ་པ་མཁས་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། དེ་ལ་བརྟེན་ ནས་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང་སྙན་པའི་གྲགས་པ་ཀུན་ཏུ་འབྱུང་ བ(སྟེ་བརྒྱད་ཐོབ་པ)འོ། །དབྱངས་ཀྱིས་བསྙད་པའི་སྡེ་གང་ཞེ་ན། མདོའི་སྡེ་ལྷུག་པར་གསུངས་ པ་དེ་ཉིད་དབུས་སུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དང་མཐར་བསྡུ་བའི་ཚིགས་སུ་བཅད་ པ་མཛད་དེ། སྙན་པའི་དབྱངས་ཀྱིས་བསྙད་པ་ལེགས་པར་སྐྱེས་ཀྱི་མདོ་(འཆད་འགྱུར་)ལྟ་བུའོ། ། ཡང་ན་གེ་ཡ་ཞེས་པ་དབྱངས་སུ་བྱ་བ་དང་རྟོགས་པར་བྱ་གཉིས་ཀ་ལ་འཇུག་པས་ཀུན་རྫོབ་ སྒྲུབ་པར་སྟོན་པ་དྲང་བའི་དོན་གྱི་མདོ་སྡེ་ནི་ཚིག་གི་དོན་གཞན་དུ་རྟོགས་པར་བྱ་བ་ཡིན་ པས་ན་དབྱངས་ཀྱིས་བསྙད་པའོ། །ལུང་དུ་བསྟན་པའི་སྡེ་གང་ཞེ་ན། མདོ་གང་ལས་ཉན་ ཐོས་དང་བྱང་ཆུབ་སེམས་དཔའ་དང་ཁྱིམ་བདག་ལ་སོགས་པ་སྔར་འདས་ཏེ་ཤི་བའི་དུས་ བྱས་པ་དང་། མ་འོངས་པ་ནི་འབྱུང་བར་འགྱུར་བ་ལུང་སྟོན་པའོ། །ཡང་ན་དོན་དམ་སྒྲུབ་པ་ གཙོ་བོར་སྟོན་པ་ངེས་པའི་དོན་གྱི་མདོ་སྡེ་ནི་དགོངས་པ་རྣམ་པར་ཕྱེ་ནས་ལུང་སྟོན་པའི་ཕྱིར་ 1-1-660 ལུང་དུ་བསྟན་པའི་སྡེའོ། །ཚིགས་སུ་བཅད་པའི་སྡེ་གང་ཞེ་ན། མདོ་གང་དུ་ཚིགས་སུ་སྦྱར་ ཞིང་རྐང་པ་མཉམ་པར་བཅད་ནས་གསུངས་པ་སྟེ། དེ་ནི་ལུང་དུ། ཇི་སྲིད་ཟག་མེད་མ་ཐོབ་ པ། །དེ་སྲིད་སྐྱིལ་ཀྲུང་གཞིག་མི་བྱ། །ཞེས་པ་ལྟ་བུ་རྩ་བའམ་རྐང་པ་གཉིས་པ་དང་། ཚངས་ པར་སྐྱེ་བར་བྱ་བའི་ཕྱིར། །འདི་ལ་འབད་པ་བརྟན་པར་གྱིས། །ཆོས་འདི་དག་ལ་གཡུང་དྲུང་ ཡིན། །ཞེས་པ་ལྟ་བུ་རྩ་བ་གསུམ་པ་དང་། ནམ་མཁའ་ལ་ནི་གནས་མེད་ལྟར། །ཕྱི་རོལ་པ་ ལ་དགེ་སློང་མེད། །(རྟོག་པས།)བྱིས་པ་རྣམས་ནི་སྤྲོས་ལ་དགའ། །དེ་བཞིན་གཤེགས་པ་སྤྲོས་ མི་མངའ། །ཞེས་པ་ལྟ་བུ་རྩ་བ་བཞི་པ་དང་། །སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་མང་ བྱེ་བ་ཁྲག་ཁྲིག་ཏུ། །སྔོན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་ འདི་ལ་རྗེས་སུ་རྟོགས། །ཞེས་པ་ལྟ་བུ་རྩ་བ་ལྔ་པ་དང་། (མཚན་མོ་བཟང་པོའི་མདོ།)འདས་ལ་རྗེས་ སུ་འགྲོ་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །ད་ལྟར་འབྱུང་ཆོས་གང་ཡིན་པ། །དེ་དང་དེ་ལ་ རྣམ་ལྟ་བ། །མི་འཕྲོག་ཀུན་ཏུ་མི་འཁྲུགས་པ། །དེ་ནི་མཁས་པས་འཕེལ་བར་བྱེད། །ཅེས་པ་ ལྟ་བུ་རྩ་བ་དྲུག་པའོ། །དེ་དག་ནི་(ག་ཐཱ་ཞེས་པ་)གསུང་རབ་ལ་གྲགས་པ་སྟེ། སྙན་ངག་པ་རྣམས་ ནི། (ཤོ་ལོ་ཀ་ཞེས་པ་)ཚིགས་བཅད་རྐང་བཞི་ཅན་དེ་ཡང་། ཞེས་རྩ་བ་བཞི་པ་ཁོ་ནར་འདོད་དོ། ། ཆེད་དུ་བརྗོད་པའི་སྡེ་གང་ཞེ་ན། བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཆེད་དུ་གང་ཡི་ རངས་ནས་བརྗོད་པ་སྟེ་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་ དོ་ཞེས་པ་ལྟ་བུའོ། །གླེང་གཞིའི་སྡེ་གང་ཞེ་ན། གང་ཟག་གང་དག་གི་ཆེད་དུ་བྱས་ཏེ་གསུངས་ པ་དང་། བཟང་སྦྱིན་གྱིས་འཁྲིག་པ་སྤྱད་པ་དང་ནོར་ཅན་གྱིས་ཤིང་བརྐུས་པ་ལ་སོགས་པ་ བྱུང་བ་དང་ལྡན་པའི་དུས་སུ་ཕྱིན་ཆད་འདི་ལྟ་བུ་མི་བྱའོ་ཞེས་བསླབ་པ་བཅས་པ་གསུངས་ པའོ། །རྟོགས་པ་བརྗོད་པའི་སྡེ་གང་ཞེ་ན། དོན་གསལ་བར་རྟོགས་པའི་ཆེད་དུ་དཔེ་རྒྱས་པ་ དང་བཅས་པར་གསུངས་པ་སྟེ། ཀོ་ས་ལའི་རྒྱལ་པོ་རིང་ལེན་དང་ཀཱ་ཤིའི་རྒྱལ་པོ་ཚངས་བྱིན་ 1-1-661 གྱི་སྔོན་བྱུང་གསུངས་ནས། རྒྱལ་པོ་དེ་དག་ཀྱང་བཟོད་པ་དང་བཟོད་པའི་བསྔགས་པ་སྨྲ་ན། དགེ་སློང་རྣམས་ཀྱིས་སྨྲ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བུ་བྱུང་ བའི་སྡེ་གང་ཞེ་ན། མདོ་གང་དུ་སྔོན་གྱི་སྦྱོར་བ་ལས་འདི་དང་འདི་ལྟ་བུ་སྤྱད་པ་ལས་འབྲས་ བུ་འདི་དང་འདི་ལྟ་བུ་ལྡན་པའོ་ཞེས་སྟོན་པ་སྟེ་ལས་བརྒྱ་པ་ལ་སོགས་པ་ལྟ་བུའོ། །སྐྱེས་པ་ རབས་ཀྱི་སྡེ་གང་ཞེ་ན། མདོ་གང་དུ་སྔོན་གྱི་སྦྱོར་བའི་བྱེ་བྲག་བྱང་ཆུབ་སེམས་དཔའི་དཀའ་ བ་སྤྱོད་པ་རྒྱ་ཆེན་པོ་དང་ལྡན་པ་སྟོན་པ་སྟེ་དོན་གྲུབ་ཀྱི་མདོ་ལ་སོགས་པ་ལྟ་བུའོ། ། ཤིན་ཏུ་རྒྱས་པའི་སྡེ་གང་ཞེ་ན། (གསུམ་ལས་དང་པོ།)ངོ་བོ་ནི་གསུང་རབ་གང་དུ་ལམ་ཕ་རོལ་ ཏུ་ཕྱིན་པ་བཅུ་ཉམས་སུ་བླངས་པས་གནས་སྐབས་ཀྱི་འབྲས་བུ་ས་བཅུ་དང་མཐར་ཐུག་གི་ འབྲས་བུ་སྟོབས་བཅུ་དང་ལྡན་པའི་སངས་རྒྱས་ཉིད་དུ་འགྲུབ་པར་སྟོན་པ་བྱང་ཆུབ་སེམས་ དཔའི་སྡེ་སྣོད་དང་ལྡན་པའོ། ། (གཉིས་པ།) རྣམ་གྲངས་ནི་ཤིན་ཏུ་རྒྱས་པའི་སྡེ་ཇི་ལྟ་བ་བཞིན་དུ་རྣམ་པར་འཐག་པའི་སྡེ་ དང་མཚུངས་བྲལ་གྱི་སྡེ་ཡང་དོན་དེ་བཞིན་དུ་སྟོན་པ་ཡིན་ནོ། ། (གསུམ་པ།) ངེས་ཚིག་ལ། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ ལ་མཐར་ཐུག་གི་ཕན་པ་དང་། གནས་སྐབས་ཀྱི་བདེ་བ་ཐོབ་པའི་གནས་སམ་གཞི་ཡིན་པ་ དང་། དེ་ཉིད་ཀྱི་ཕྱིར་ཕན་འདོགས་ཤིན་ཏུ་རྒྱས་པ་དང་། སྙིང་རྗེས་སེམས་ཅན་ཐམས་ཅད་ ལ་དམིགས་པ་རྒྱ་ཆེ་བའི་རྣམ་པ་དང་། ཤེས་རབ་ཀྱིས་ཆོས་ཐམས་ཅད་བདག་མེད་པའི་དོན་ ལ་དམིགས་པས་ཟབ་པའི་རྣམ་པར་ཆོས་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་འཐག་པ་ ཞེས་བྱ་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་ཅིང་འཇིག་ པར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་མཚུངས་བྲལ་ཞེས་བྱ་ཞེ་ན། འདི་དང་མཚུངས་པའི་སྡེ་སྣོད་ གཞན་མེད་ཅིང་འདི་ཉིད་ཁོ་ན་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་དག་ནི། (རྒྱན་ལས།)དམིགས་ 1-1-662 པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་ དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་ ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་དང་ལྡན་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། ། ཅེས་པ་ལྟར་སྟོང་ཕྲག་བརྒྱ་བ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་ལ་དམིགས་པ་དང་། རང་ གཞན་གཉིས་ཀའི་དོན་ཐམས་ཅད་སྒྲུབ་པ་དང་། བདག་མེད་གཉིས་ཀ་རྟོགས་པའི་ཡེ་ཤེས་ དང་། གྲངས་མེད་གསུམ་དུ་བཀའ་བ་བརྒྱ་སྟོང་ལ་བརྩོན་པ་དང་། སྲིད་ཞི་གཉིས་ཀྱི་མཐར་ མི་ལྷུང་བའི་ཐབས་ལ་མཁས་པ་དང་། སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཡང་དག་ པར་འགྲུབ་པ་དང་། འཁོར་བ་ཇི་སྲིད་པར་གཞན་དོན་སྒྲུབ་པའི་ཕྲིན་ལས་ཏེ། ཆེན་པོ་བདུན་ དང་ལྡན་པའི་དོན་སྟེན་པས་ན་ཐེག་པ་ཆེན་པོ་ཞེས་ཀྱང་བྱའོ། །དེ་རྣམས་ཀྱང་བགྲོད་བྱེད་ རྒྱུའི་ཐེག་པ་དང་བགྲོད་བྱ་འབྲས་བུའི་ཐེག་པ་གཉིས་སུ་འདུས་ལ། དེ་དག་རྗོད་པར་བྱེད་ པའི་གསུང་རབ་ལའང་བརྗོད་བྱའི་མིང་གིས་བཏགས་ནས་ཐེག་ཆེན་ཞེས་གསུངས་པའོ། ། བརྗོད་བྱའི་དོན་ཡང་། རྒྱན་དུ་རིགས་དང་ཆོས་ལ་མོས་པ་ལ་སོགས་པ་བཅུས་བསྡུས་པར་ གསུངས་ལ། (ལང་གཤེགས།)མདོ་ལས། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་ པ་བརྒྱད་ཉིད་དང་། །བདག་མེད་པ་ནི་གཉིས་དག་སྟེ། །ཐེག་ཆེན་མཐའ་དག་ཡོངས་བསྡུས་ འགྱུར། །ཞེས་གསུངས་པའི་གཞན་རྣམས་སྐབས་ཇི་ལྟ་བར་བཤད་ཟིན་ཞིང་། ཆོས་ལྔའི་དབྱེ་ བ་ནི། (གསུམ་ལས་དང་པོ།)མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་ཡང་ དག་པའི་ཡེ་ཤེས་སོ། ། (གཉིས་པ།) ངོ་བོ་ལ། མིང་ནི་གཟུགས་ཞེས་བྱ་བ་དང་། ལྷས་བྱིན་ཞེས་བྱ་བ་ལ་སོགས་ པ་ཆོས་དང་གང་ཟག་གི་ཚིག་བླ་དྭགས་རྣམས་སོ། །རྒྱུ་མཚན་ནི་གང་ལ་བརྟེན་ནས་མིང་གི་ མངོན་རྗོད་འཇུག་པ་སྒྲའི་བརྗོད་བྱ་ཐམས་ཅད་དོ། །རྣམ་པར་རྟོག་པ་ནི་ཁམས་གསུམ་པའི་ 1-1-663 སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་བཞིན་ཉིད་ནི་བདག་མཐའ་དག་གིས་སྟོང་ པའི་ཆོས་ཀྱི་དབྱིངས་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་སྒྲའི་རྗོད་པ་ལས་ཡང་དག་པར་ འདས་པའོ། །ཡང་དག་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ ཤེས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་སོ། ། (གསུམ་པ།) བསྡུ་བ་ནི་མིང་བཞིན་དུ་དོན་ལ་མེད་པའི་ཆ་ཀུན་བརྟགས་དང་། རྒྱུ་མཚན་ དང་རྣམ་པར་རྟོག་པ་གཞན་དབང་དང་། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཡོངས་ གྲུབ་ཏུ་འདུ་བ་སྟེ། དབུས་མཐར། རྒྱུ་དང་རྣམ་པར་རྟོག་པ་དང་། །མིང་ནི་རྣམ་པ་གཉིས་སུ་ བསྡུ། །ཡང་དག་ཡེ་ཤེས་རབ་ཁོ་ན། །གཅིག་པུ་ཁོ་ནར་བསྡུས་པ་ཡིན། །ཞེས་པ་ལྟར་རོ། ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཞེ་ན། མདོ་གང་ལས་ཀུན་དགའ་བོའི་ཐོས་པ་དང་ཤཱ་རིའི་ བུའི་ཤེས་རབ་དང་མོའུ་འགལ་གྱི་བུའི་རྫུ་འཕྲུལ་ལ་སོགས་པ་ཉན་ཐོས་ཀྱི་ངོ་མཚར་རྨད་དུ་ བྱུང་བ་དང་། འཇམ་པའི་དབྱངས་ཀྱི་མཁྱེན་རབ་དང་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་ ཕྱག་ན་རྡོ་རྗེའི་མཐུ་སྟོབས་ལ་སོགས་པ་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བ་དང་། ཐུབ་པ་ཆེན་པོའི་བརྩོན་འགྲུས་དང་། འོད་དཔག་མེད་ཀྱི་སྐུ་ཚེ་དང་། ཀུན་ཏུ་གཟིགས་ཀྱི་ ཞིང་ཁམས་ལ་སོགས་པ་སངས་རྒྱས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པ་སྟེ། དད་ པའི་སྟོབས་སྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོར། མཚོ་དཔག་ཚད་ལྔ་འབུམ་པ་པད་མས་ ཁེབས་པ་ཞིག་ལ་ལྕགས་ཀྱི་ཤིང་རྟ་མཁའ་ལྡིང་བས་ཀྱང་མགྱོགས་པའི་རྟས་དྲངས་ཏེ་པད་ མའི་འདབ་མ་ཡང་མ་སྣང་བར་འགྲོ་བའི་སྐད་ཅིག་རེ་རེ་ལ་སྤྲུལ་ཤིན་ཏུ་མགྱོགས་པ་ཞིག་ བྱུང་ནས་ལན་བཅུ་བཅུ་བསྐོར་བའི་ལན་གཅིག་གི་བར་ལ། ཀུན་དགའ་བོས་ཆོས་ཀྱི་རྣམ་ གྲངས་མི་འདྲ་བ་བཅུ་གོ་ཞིང་འཆད་པར་ནུས་པ་དང་། དེའི་གཅིག་གི་བར་ལ་ཤཱ་རིའི་བུས་ སྟོང་གོ་ཞིང་འཆད་ནུས་པ་དང་། དེའི་གཅིག་གི་བར་ལ་མོའུ་འགལ་གྱིས་བུས་འཇིག་རྟེན་གྱི་ 1-1-664 ཁམས་བརྒྱད་ཁྲི་རྫུ་འཕྲུལ་གྱིས་འདའ་བར་ནུས་པ་དང་། དེའི་གཅིག་གི་བར་ལ་སངས་རྒྱས་ ཀྱིས་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པ་ཐམས་ཅད་ཀྱི་གླིང་རེ་རེར་ཡང་མཛད་ པ་བཅུ་གཉིས་རྒྱས་པ་དང་དམ་པའི་ཆོས་གནས་པ་དང་། སྐྱེས་པའི་རབས་ཐམས་ཅད་ཀྱང་ ལྷུན་གྲུབ་ཏུ་སྟོན་པར་གསུངས་པ་ལ་སོགས་པ་ལྟ་བུའོ། །ཡོན་ཏན་དེ་ལྟ་བུ་འདས་པའི་དུས་ ན་གང་ཟག་གཞན་ལ་མ་བྱུང་བས་ངོ་མཚར་བ་དང་མ་འོངས་བའི་དུས་ན་མི་འབྱུང་བས་རྨད་ དུ་བྱུང་བ་ཞེས་ཀྱང་(རྒྱ་མཚོ་སྤྲིན་དུ།)གསུངས་སོ། །གཏན་ལ་དབབ་པར་བསྟན་པའི་སྡེ་གང་ཞེ་ ན། གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་དག་ནི་བརྗོད་བྱ་བསླབ་པ་གསུམ་སྟོན་པའི་ སྒོ་ནས་བསྡུ་ན། གསུང་རབ་གང་དུ་མདོ་ལ་སོགས་པའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་སྟེ། མདོའི་དོན་འཆད་ཅིང་དེའི་རྟེན་དུ་གྱུར་བས་ན་མ་མོ་ ཞེས་ཀྱང་གསུངས་པའོ། ། བསྡུ་བ་ལ། (གཉིས་ལས་དང་པོ།)དོན་དངོས་བསྟན་པ་ནི། བརྗོད་ཚུལ་གྱི་སྒོ་ནས་ཕྱེ་བའི་ མདོའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་དག་ནི་བརྗོད་བྱ་བསླབ་པ་ གསུམ་སྟོན་པའི་སྒོ་ནས་བསྡུ་ན་སྡེ་སྣོད་གསུམ་དུ་འགྱུར་ཏེ། དེའང་མདོའི་སྡེ་དང་དབྱངས་ ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང་ཆེད་དུ་ བརྗོད་པའི་སྡེ་གང་ཡིན་པ་འདི་དག་ནི་ཉན་ཐོས་ཀྱི་མདོའི་སྡེ་སྣོད་དོ་ཞེས་པ་ནི་ཉན་ཐོས་ ལའང་དེ་རྣམས་ཡོད་པའི་ཆ་གང་ཡིན་པ་རྣམས་ཏེ། ཐེག་ཆེན་པ་ལ་དེ་རྣམས་ཡོད་པ་ནི་ཤིན་ ཏུ་རྒྱས་པ་དང་རྨད་དུ་བྱུང་བར་འདུས་སོ། །གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པའི་སྡེ་དང་ དེ་ལྟ་བུ་བྱུང་བའི་སྡེ་དང་སྐྱེས་པ་རབས་ཀྱི་སྡེ་འཁོར་དང་བཅས་པ་འདི་ནི་ཐེག་པ་ཆེ་ཆུང་ གཉིས་ཀའི་འདུལ་བའི་སྡེ་སྣོད་དོ་ཞེས་བྱ་སྟེ། གླེང་གཞི་ནི་གཙོ་བོ་དང་། གཞན་གསུམ་ནི་ འཁོར་ཡིན་ལ། སྐྱེས་རབས་ལ་སོགས་པར་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ 1-1-665 ཀྱང་སྟོན་པས་སོ། །ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་མདོའི་སྡེ་སྣོད་དོ་ཞེས་པ་ནི་རྨད་དུ་བྱུང་བར་ཡང་བྱང་ཆུབ་སེམས་ དཔའི་མཐུ་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བ་རྣམས་ཁྱད་པར་དུ་སྟོན་པའི་ཕྱིར་རོ། །གཏན་ ལ་ཕབ་པར་བསྟན་པའི་སྡེ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དོ་ཞེས་པ་ ནི་ཤེས་བྱའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཕྱེ་ནས་སྟོན་པས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་རྒྱུ་ བྱེད་པའི་ཕྱིར་རོ། །ཉན་ཐོས་ཀྱི་སར་ནི་གླེང་གཞི་འདུལ་བ་དང་གཏན་ལ་ཕབ་པ་མངོན་པ་ དང་གཞན་རྣམས་མདོ་སྡེར་ཡང་གསུངས་ཏེ། དེ་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་པའོ། ། (གཉིས་པ།) འདུ་བའི་རྒྱུ་མཚན་ལ། ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡེ་སྣོད་ གསུམ་དུ་རྣམ་པར་གཞག་ཅེ་ན། (གསུམ་ལས་དང་པོ།)སྤང་བྱའི་དབང་དུ་བྱས་པ་ནི། གདུལ་བྱ་ རྣམས་ཀྱི་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོའི་ཕྱིར་ཤིན་ཏུ་གསལ་བར་བསྟན་པས་ ངེས་པ་ཐོབ་པར་བྱེད་པ་མདོ་སྡེའི་སྡེ་སྣོད་རྣམ་པར་བཞག་གོ། དེ་བཞིན་དུ་ཉེ་བའི་ཉོན་ མོངས་པ་མཐའ་གཉིས་སུ་ལྷུང་བ་དང་ལྡན་པའི་གཉེན་པོའི་ཕྱིར་ཁ་ན་མ་ཐོ་བ་དང་བཅས་ པའི་སོག་འཇོག་ལ་སོགས་པ་བཀག་པས་འདོད་པ་བསོད་སྙོམས་ཀྱི་མཐའ་སྤོང་ཞིང་། ཁ་ ན་མ་ཐོ་བ་མེད་པའི་གོས་འབུམ་རི་བ་ལ་སོགས་པའང་གནང་བས་ངལ་ཞིང་དུབ་པའི་མཐའ་ སྤང་བ་འདུལ་བའི་སྡེ་སྣོད་རྣམ་པར་བཞག་གོ། རང་གི་འདོད་པའི་ལྟ་བ་ལ་འདི་ཉིད་ཁོ་ན་ བདེན་ནོ་ཞེས་མཆོག་ཏུ་འཛིན་པ་ཉེ་བའི་ཉོན་མོངས་པའི་གཉེན་པོའི་ཕྱིར་ཆོས་ཀྱི་མཚན་ ཉིད་རྒྱ་ཆེར་བསྟན་པས་བློ་བྱང་ནས་ཕྱོགས་ཞེན་སྤོང་བར་བྱེད་པ་ཆོས་མངོན་པའི་སྡེ་སྣོད་ རྣམ་པར་བཞག་གོ། (གཉིས་པ།) བསྒྲུབ་བྱའི་དབང་དུ་བྱས་པ་ནི། ཡང་གདུལ་བྱ་རྣམས་བསླབ་པ་གསུམ་ལ་ བྱང་བར་བྱ་བའི་ཆེད་དུ་དེ་རྣམས་གསལ་ཞིང་རྒྱས་པར་བརྗོད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་ 1-1-666 རྣམ་པར་བཞག་གོ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་ཆེར་བསྒྲུབ་པ་དང་། ཚུལ་ ཁྲིམས་དང་ལྡན་ན་འགྱོད་པ་མེད་པ་ལ་སོགས་པ་རིམ་གྱིས་སེམས་མཉམ་པར་འཇོག་པའི་ སྒོ་ནས་ལྷག་པའི་སེམས་ཀྱི་བསླབ་པའང་བསྒྲུབ་པའི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་ བཞག་གོ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཐབས་རྒྱ་ཆེར་བསྟན་ནས་ལྷག་པའི་ཤེས་རབ་ ཀྱི་བསླབ་པ་གཙོ་ཆེར་མངོན་པར་བསྒྲུབ་པའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་བཞག་ གོ། (གསུམ་པ།) བྱེད་ལས་ཀྱི་དབང་དུ་བྱས་པ་ནི། ཡང་རྗོད་བྱེད་ཀྱི་ཆོས་དང་བརྗོད་བྱའི་ དོན་གསལ་བར་བརྗོད་ཅིང་དེ་དག་ལ་བློ་བྱང་བར་བྱེད་པའི་ཕྱིར་མདོ་སྡེའི་སྡེ་སྣོད་རྣམ་པར་ བཞག་གོ། ཆོས་དང་དོན་མངོན་སུམ་དུ་རྟོགས་པའི་ཤེས་རབ་ནི་ཏིང་ངེ་འཛིན་ལས་འབྱུང་ ཞིང་། དེའང་ཚུལ་ཁྲིམས་རྣམ་དག་ལས་འབྱུང་བས་དེ་རྣམས་རིམ་གྱིས་འགྲུབ་པར་བྱ་བའི་ གཞིའི་གནས་བྱེད་པ་ཉིད་ཀྱི་ཕྱིར་འདུལ་བའི་སྡེ་སྣོད་རྣམ་པར་བཞག་གོ། ཆོས་དང་དོན་ མང་པོའི་རང་དང་སྤྱིའི་མཚན་ཉིད་རྣམ་དབྱེ་ལ་བློ་བྱང་ནས་ཕན་ཚུན་འབེལ་བའི་གཏམ་ གྱིས་གཏན་ལ་འབེབས་པས་ཆོས་ཐམས་ཅད་ལ་རྫོགས་པར་ལོངས་སྤྱོད་པའི་བདེ་བ་ལ་ རེག་པར་གནས་པར་བྱ་བའི་ཕྱིར་ཆོས་མངོན་པའི་སྡེ་སྣོད་རྣམ་པར་བཞག་གོ། དེ་དག་ཀྱང་ འབྲས་བུ་མང་པོ་བསྡུས་པའི་སྣོད་བཞིན་དུ་ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ཕྱིར་སྡེ་ སྣོད་ཅེས་བྱ་སྟེ། རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །ཞེས་པ་ལྟར་རོ། །གཞན་ཡང་། གནས་རྣམས་དང་ནི་མཚན་ ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་པ་ལྟར་གང་དུ་གསུངས་པའི་གནས་དང་ བདེན་པ་གཉིས་ཀྱི་མཚན་ཉིད་དང་ཕུང་པོ་ལ་སོགས་པའི་ཆོས་དང་དེ་རྣམས་ཀྱི་དགོངས་ པའི་དོན་སྨོས་པའི་ཚུལ་གྱིས་གསལ་བར་སྟོན་པས་མདོ་སྡེ་དང་། མངོན་དུའི་ཕྱིར་དང་ཡང་ 1-1-667 ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པ་ལྟར་མྱ་ངན་ལས་འདས་པ་ལ་ མངོན་དུ་ཕྱོགས་པར་བྱེད་པ་དང་ཆོས་རེ་རེའང་རྣམ་པ་མང་པོས་ཡང་ཡང་སྟོན་པ་དང་། སྨྲ་ བ་རྣམ་ངེས་ལ་མཁས་པས་ཕྱིར་རྒོལ་ཟིལ་གྱིས་གནོན་པ་དང་མདོའི་དོན་རྟོགས་པར་བྱེད་ པས་མངོན་པ་དང་། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། ། བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་པ་ལྟར་ལྟུང་བ་ སྡེ་ལྔ་དང་དེ་རྣམས་འབྱུང་བའི་རྒྱུ་དང་དེ་དག་ལས་ལྡང་བའི་ཚུལ་དང་ངེས་པར་འབྱུང་བའི་ ཚུལ་ཏེ་བཞི་དང་། གང་ལ་བརྟེན་པའི་གང་ཟག་དང་དེ་ལ་བསླབ་པ་བཅས་པ་དང་བསླབ་ པའི་རབ་ཏུ་དབྱེ་བ་དང་ལྟུང་བ་ཡོད་མེད་ངེས་ཚུལ་རྣམས་སྟོན་པས་འདུལ་བ་ཞེས་ཀྱང་བྱ་ ཞིང་། མདོ་དང་ཆོས་མངོན་འདུལ་བ་དག །མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་ པས་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། །ཅེས་པ་ལྟར་ཐམས་ཅད་མཁྱེན་པ་ ཐོབ་པར་འདོད་པས་དེ་དག་ལ་མཁས་པར་ཡང་བྱའོ། །འགྲེལ་བར། ཉན་ཐོས་ཀྱི་ཐེག་པའི་ སྐབས་སུ་གནས་བརྟན་ཀུན་དགའ་བོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཟུང་བའང་སྡེ་ སྣོད་གསུམ་པོ་འདི་ཉིད་ཡིན་ནོ་ཞེས་གསུངས་ཤིང་། བསྐལ་བཟང་དུ་ནི་ཐེག་པ་ཆེན་པོ་ཉིད་ ལའང་ཆོས་ཀྱི་ཕུང་པོ་དེ་སྙེད་ཡོད་པར་གསུངས་སོ། ། ཡུལ་ཅན་ལ་སྡེ་སྣོད་གསུམ་གྱིས་བསྡུས་པའི་ཆོས་བཅུ་གཉིས་པོ་འདི་དག་བློ་གང་གི་ སྤྱོད་ཡུལ་ཡིན་ཞེ་ན། དོན་དངོས་(ལ་གཉིས་ལས་དང་པོ།)བསྟན་པ་ནི་གསུང་རབ་ཐོས་པ་ལས་བྱུང་ བ་དང་། དེའི་དོན་བསམས་པ་ལས་བྱུང་བ་དང་། རྩེ་གཅིག་ཏུ་བསྒོམས་པ་ལས་བྱུང་བའི་ ཤེས་རབ་གསུམ་དང་། ཤེས་རབ་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ ལས་བྱུང་བའི་ཆོས་རྣམས་ཀྱི་དམིགས་པའམ་སྤྱོད་ཡུལ་ལོ། ། (གཉིས་པ།) ལྡན་ཆོས་བཤད་པ་ལ། ཤེས་རབ་གསུམ་དང་མཚུངས་པར་ལྡན་པའི་སེམས་ 1-1-668 དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་དམིགས་པའི་ཡུལ་དང་བཅས་པ་དང་། ཡུལ་གྱི་ རྣམ་པ་དང་བཅས་པ་དང་། གནས་སམ་རྟེན་དང་བཅས་པ་དང་། གྲོགས་དང་མཚུངས་པར་ ལྡན་པ་ཞེས་ཀྱང་བྱའོ། །ཆོས་ལས་གཞན་པའི་དམིགས་པ་ནི་རབ་ཏུ་གྲགས་པས་ཆོས་སྡེ་ སྣོད་གསུམ་གྱི་ནང་ནས་སེམས་སེམས་བྱུང་དེ་དག་གི་དམིགས་པ་གང་ཞེ་ན། རྗོད་བྱེད་མིང་ ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པའི་མདོ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའོ། ། རྣམ་པ་གང་ཞེ་ན། བརྗོད་བྱ་ཕུང་པོ་དང་ཁམས་ལ་སོགས་པ་དང་ལྡན་པ་ལས་བརྩམས་ཏེ་ བསྟན་པའི་དོན་གྱི་རྣམ་པར་རིག་པའི་ངོ་བོར་ཤར་བ་རྣམས་སོ། །གནས་གང་ཞེ་ན། ཐོག་ མར་བཤད་པའི་དུས་ན་གཞན་གྱི་སྒྲ་ལས་དོན་རྣམ་པར་རིག་པ་འབྱུང་བ་ནི་ཐོས་བྱུང་གི་ གནས་དང་། དེའི་འོག་ཏུ་ཇི་ལྟར་ཐོས་པ་བཞིན་རྗེས་སུ་དྲན་པར་གྱུར་པ་ནི་བསམ་བྱུང་གི་ གནས་དང་། དེའི་འོག་ཏུ་དྲན་པ་མེད་ཀྱང་གོམས་པའི་དབང་གིས་ཕྱིས་ཀྱང་སྣང་བར་འགྱུར་ བའི་བག་ཆགས་ནི་སྒོམ་བྱུང་གི་གནས་སོ། །མཚུངས་པར་ལྡན་པ་གང་ཞེ་ན། སེམས་དང་ སེམས་ལས་བྱུང་བ་རྣམས་ཕན་ཚུན་གཅིག་གི་གྲོགས་གཅིག་ཡིན་པའི་ཚུལ་གྱིས་ཕུང་པོ་ལ་ སོགས་པ་དང་ལྡན་པའི་དོན་གྱི་རྣམ་པ་ཤར་བས་མདོ་སྡེ་ལ་སོགས་པའི་དམིགས་པ་མཐུན་ པར་ཡང་དག་པར་བརྟགས་པའོ། ། (གསུམ་ལས།) དམིགས་བྱའི་རྣམ་དབྱེ་ལ། ཆོས་ལ་དམིགས་པའི་རབ་ཏུ་དབྱེ་བ་གང་ཞེ་ན། (གཉིས་ལས་དང་པོ།)མདོར་བསྟན་ནི་ཐམས་ཅད་ལ་ཁྱབ་པའི་དམིགས་པ་དང་། ཉོན་མོངས་པ་ མངོན་གྱུར་ལ་སྤྱོད་པ་རྣམ་པར་སྦྱོར་བའི་དམིགས་པ་དང་། ཤེས་བྱ་ལ་མཁས་པའི་དམིགས་ པ་དང་། ཉོན་མོངས་པའི་ས་བོན་རྣམ་པར་སྦྱོང་བའི་དམིགས་པའོ། ། (གཉིས་པ།) རྒྱས་བཤད་ལ་བཞིའི་དང་པོ་ཁྱབ་པའི་དམིགས་པ་གང་ཞེ་ན། (གསུམ་ལས་དང་ པོ།)ཐུན་མོང་གི་དབྱེ་བ་ནི། རྣམ་པར་རྟོག་པ་དང་བཅས་བའི་གཟུགས་བརྙན་དང་། རྣམ་པར་ 1-1-669 མི་རྟོག་པའི་གཟུགས་བརྙན་དང་། དངོས་པོའི་མཐའ་དང་། དགོས་པ་ཡོངས་སུ་གྲུབ་པའོ། ། (གཉིས་པ།) སོ་སོའི་ངོ་བོ་ལ་རྣམ་པར་རྟོག་པ་དང་བཅས་བའི་གཟུགས་བརྙན་གང་ཞེ་ན། ཆོས་མཆོག་མན་ཆད་དུ་ཆོས་ཉིད་ལ་མོས་པ་ཙམ་ཡིད་ལ་བྱེད་པས་སྒོམ་པ་པོའི་ཞི་གནས་ དང་ལྷག་མཐོང་ལ་བདག་མེད་པའི་སྤྱིའི་རྣམ་པ་ཙམ་སྣང་ཞིང་དམིགས་པ་སྟེ་དེ་ནི་འཇིག་ རྟེན་པའི་ཡུལ་ཡིན་པས་རྣམ་རྟོག་དང་བཅས་པའོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་ གང་ཞེ་ན། མཐོང་ལམ་ཡན་ཆད་དུ་ཆོས་ཉིད་དེ་ཁོ་ན་ཉིད་རྟོགས་པས་ཡིད་ལ་བྱེད་པས་ གང་སྒོམ་པ་པོའི་ཞི་གནས་དང་ལྷག་མཐོང་ལ་བདག་མེད་པའི་དོན་མངོན་སུམ་དུ་སྣང་ཞིང་ དམིགས་པ་སྟེ། དེ་ནི་འཇིག་རྟེན་ལས་འདས་པ་དང་རྗེས་ཐོབ་སྟེ་དེ་བཞིན་ཉིད་དུ་སྣང་བའི་ ཡུལ་ཡིན་པས་མི་རྟོག་པའི་དམིགས་པའོ། །གཉིས་ཀ་ལའང་གཟུགས་བརྙན་ཞེས་བྱ་བ་ནི་ ཤེས་བྱའི་དངོས་པོ་དང་ཆ་འདྲ་བ་སེམས་ལ་ཤར་བའོ། །དངོས་པོའི་མཐའ་གང་ཞེ་ན། གང་ ཤེས་བྱའི་ཆོས་རྣམས་ཀྱི་འཐའ་ནི་འདི་ཙམ་དུ་བཟོད་ཞེས་ཆོས་ཅན་ཇི་སྙེད་ཡོད་པ་དང་། དེ་ རྣམས་བདེན་གཉིས་ལ་སོགས་པའི་རྣམ་པར་གནས་པ་ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པའོ། ། དེ་ལ་དངོས་པོ་ཇི་སྙེད་ཡོད་པ་ནི་འདུས་བྱས་ཐམས་ཅད་ཕུང་པོ་ལྔ་དང་། ཤེས་བྱ་ཐམས་ ཅད་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་སུ་འདུས་པ་རྣམས་སོ། །གནས་ལུགས་ཇི་ ལྟ་བ་བཞིན་དུ་ཡོད་པ་ནི་ཕུང་པོ་ལ་སོགས་པ་དེ་རྣམས་བདེན་པའི་སྒོ་ནས་སྡུག་བསྔལ་ཉིད་ དུ་ཤེས་པར་བྱ་བ་ལ་སོགས་པས་ཕྱེ་བ་འཕགས་པའི་བདེན་པ་བཞི་པ་དང་། རྣམ་པའི་སྒོ་ ནས་བདེན་པ་རེ་རེའང་བཞི་བཞིར་ཕྱེ་བས་མི་རྟག་པ་ལ་སོགས་པ་བཅུ་དྲུག་དང་། སྤྱི་མཚན་ གྱི་སྒོ་ནས་ཐམས་ཅད་ཀྱང་བྱེ་བྲག་མེད་པར་དེ་བཞིན་ཉིད་དུ་གཅིག་པ་དང་། ཆོས་ཀྱི་སྡོམ་ གྱི་སྒོ་ནས་སྤྱིར་ཟག་བཅས་ཟག་མེད་ཀྱི་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཁྱད་པར་དུ་ ཟག་བཅས་ཀྱི་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། འདུས་བྱས་འདུས་མ་བྱས་ཀྱི་ཆོས་ 1-1-670 ཐམས་ཅད་བདག་མེད་པ་དང་། ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཐམས་ཅད་ སྡུག་བསྔལ་ཞི་བ་དང་། རྣམ་ཐར་གྱི་སྒོ་ནས་ཆོས་ཐམས་ཅད་བདག་གཉིས་ཀྱིས་སྟོང་པ་ཉིད་ དང་། བདག་ཏུ་འཛིན་པའི་རྟེན་ཕུང་པོ་ལྔ་སྨོན་པར་བྱ་བའི་འོས་སུ་མེད་པ་དང་། དཔྱད་ན་ ཕུང་པོ་ཉེ་བར་ཞི་བས་མཚན་མ་མེད་པའོ། །དགོས་པ་ཡོངས་སུ་གྲུབ་པ་གང་ཞེ་ན། གནས་ མ་ལུས་པ་ཡོངས་སུ་གྱུར་ཅིང་ལམ་གྱི་འབྲས་བུ་གྲུབ་པ་སྟེ་ཐོགས་མེད་ཡེ་ཤེས་ལ་ཆོས་ཀྱི་ མཚན་ཉིད་ཕྱིན་ཅི་མ་ལོག་པར་སྣང་བས་ན་དམིགས་པའོ། ། (གསུམ་པ།) ནང་སེམས་ཀྱིས་བསྡུས་ཚུལ་ལ། རྣམ་པ་བཅུ་དྲུག་དང་རྣམ་ཐར་གསུམ་ཕན་ ཚུན་འདུ་བས། མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ནང་ནས་སྟོང་པ་ཉིད་ཀྱི་རྣམ་པ་དུ་ ཞེ་ན། སྟོང་པ་ཉིད་དང་བདག་མེད་པའི་རྣམ་པ་གཉིས་སོ། །སྨོན་པ་མེད་པའི་རྣམ་པ་དུ་ཞེ་ ན། ཁམས་གསུམ་པས་བསྡུས་ཤིང་ཡིད་སྨོན་པའི་གནས་མ་ཡིན་པ་མི་རྟག་སྡུག་བསྔལ་ གཉིས་དང་རྒྱུ་ཀུན་འབྱུང་རྐྱེན་རབ་སྐྱེ་བཞི་སྟེ་དྲུག་གོ། མཚན་མ་མེད་པའི་རྣམ་པ་དུ་ཞེ་ན། འགོག་ལམ་ལ་མཚན་མར་བྱེད་མི་ནུས་པས་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞི་དང་ ལམ་རིགས་པ་སྒྲུབ་པ་ངེས་འབྱིན་བཞི་སྟེ་བརྒྱད་དོ། །སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་ གང་ཞེ་ན། འདོད་ཆགས་ཤས་ཆེ་བ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོར་ནི་གང་ལ་ཆགས་པའི་ ཡུལ་དེ་མི་སྡུག་ཅིང་མི་གཙང་བའི་ངོ་བོར་སྒོམ་པའོ། །དེའང་། (མཛོད་དུ།)མི་སྡུག་མ་ཆགས་ ས་བཅུ་དང་། །དམིགས་པ་འདོད་སྣང་མིས་སྐྱེད་དོ། །ཞེས་པ་ལྟར་ངོ་བོ་ནི་མ་ཆགས་པའི་ དགེ་བ་ཡིན་ལ། ས་བསམ་གཏན་བཞི་དང་ཉེར་བསྡོགས་བཞི་དང་ཁྱད་པར་ཅན་དང་འདོད་ པ་སྟེ་བཅུ་ལ་བརྟེན་ནས། དམིགས་ཡུལ་འདོད་ཁམས་ཀྱི་ཁ་དོག་དང་དབྱིབས་ལ་དམིགས་ ཏེ། རྟེན་གླིང་གསུམ་གྱི་མི་ཁོ་ནས་བསྐྱེད་པར་འདོད་དོ། །ཁྱད་པར་དུ་(ཉན་སར་)རང་ལུས་ལ་ ཆགས་པའི་གཉེན་པོར་ནང་གི་མི་གཙང་བའི་རྫས་སུམ(ཉན་སར་འདི་ལྟ་སྟེ་སྐྲ་དང་བ་སྤུ་དང་སེན་མོ་དང་ 1-1-671 སོ་དང་གློ་ག་པ་དང་དྲི་མ་དང་ལྤགས་པ་དང་ཤ་དང་རུས་པ་དང་ཆུ་རྒྱུས་དང་རྩ་དང་མཁལ་མ་དང་སྙིང་དང་མཆིན་པ་དང་གློ་བ་ དང་རྒྱུ་མ་དང་གཉེ་མ་དང་ཕོ་བ་དང་ལོང་ཀ་དང་མཚེར་བ་དང་ཕྱི་ས་དང་མཆི་མ་དང་རྔུལ་དང་མཆིལ་མ་དང་སྣབས་དང་ཞག་ དང་ཆུ་སེར་དང་རྐང་དང་ཚིལ་དང་མཁྲིས་པ་དང་བད་ཀན་དང་རྣག་དང་ཁྲག་དང་ཀླད་པ་དང་ཀླད་རྒྱས་དང་གཅིན་དང་ཞེས་ སོ། །)ཅུ་རྩ་དྲུག་ལ་དམིགས་ནས་མི་སྡུག་པ་བསྒོམ་པར་གསུངས་ཤིང་། གཞན་ལུས་ལ་ཆགས་ པའི་གཉེན་པོར་ཁ་དོག་ལ་ཆགས་ན་རྣམ་པར་བསྔོས་པ་དང་གནག་པ་ལ་སོགས་པ་དང་། དབྱིབས་ལ་ཆགས་ན་རྣམ་པར་ཟོས་པ་དང་འཐོར་བ་དང་། རེག་བྱ་ལ་ཆགས་ན་རྣམ་པར་ འབུས་གཞིགས་པ་དང་རྒྱུས་པས་སྤྲེལ་བའི་ཀེང་རུས་དང་། བསྙེན་བཀུར་ལ་ཆགས་ན་ཤི་ བའི་རོ་གཡོ་བ་མེད་པར། དམིགས་ཏེ་མི་སྡུག་པ་སྒོམ་པར་གསུངས་སོ། །ཐུན་མོང་དུ། (མཛོད་ དུ།)ཀེང་རུས་ཆགས་ཅན་ཐམས་ཅད་ལ། །རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པས་ ལས་དང་པོ། །རྐང་རུས་ནས་ནི་ཐོད་ཕྱེད་པར། །བཏང་བས་སྦྱང་བ་བྱས་པར་བཤད། །སྨིན་ མའི་བར་ཏུ་སེམས་འཛིན་པ། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །ཞེས་པ་ལྟར་ཆགས་པ་བཞི་ ཆར་གྱི་གཉེན་པོར་ལུས་ཀྱི་ཆ་དཔྲལ་བ་ལ་སོགས་པར་ཤ་མྱགས་ཤིང་ཟགས་ནས་རུས་པར་ གྱུར་ཅིང་རིམ་གྱིས་ལུས་ཐམས་ཅད་དང་རྒྱ་མཚོའི་བར་ཀེང་རུས་ཀྱིས་གང་བར་སྤྲོས་ནས། སླར་ཡང་བསྡུས་ཏེ་ལུས་གཅིག་པུ་ཀེང་རུང་སུ་སྒོམ་པ་ལས་དང་པོ་བའི་ཡིད་ལ་བྱེད་པ་དང་། སྤྲོ་བའི་ཚུལ་འདྲ་བ་ལ་བསྡུས་པ་ན་རྐང་རུས་བོར་ཏེ་ལྷག་མ་རུས་པར་མོས་པ་ནས་རིམ་ གྱིས་ཐོད་པའི་ཕྱེད་བོར་ཏེ་ཕྱེད་ཙམ་རུས་པར་མོས་པ་སྦྱང་བ་བྱས་པའི་ཡིད་ལ་བྱེད་པ་དང་། ཕྱེད་ཀྱང་བོར་ནས་སྨིན་མ་གཉིས་ཀྱི་བར་ཙམ་ལ་སེམས་འཛིན་པ་ཡིད་ལ་བྱེད་པ་རྫོགས་ པ་རྣམས་སྒོམ་པའོ། །ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་སེམས་ཅན་ཐམས་ཅད་ལ་ དམིགས་ནས་བདེ་བ་རྒྱུ་དང་བཅས་པ་དང་ཕྲད་པར་འདོད་པའི་བྱམས་པ་སྒོམ་པའོ། །དེའང་ ཐོག་མར་མཛའ་བཤེས་དང་། དེ་ནས་ཐ་མལ་པ་དང་། མཐར་དགྲ་ལ་སྒོམ་སྟེ། དགྲ་གཉེན་ 1-1-672 མཉམ་པར་གྱུར་ན་འབྱོངས་པའོ། །གཏི་མུག་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་རྒྱུ་རྐྱེན་ཚོགས་ པ་འདི་ལས་འབྲས་བུ་འདི་འབྱུང་བ་ཞེས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་སྟེ། དེའང་ རིགས་པ་བཞི་དང་ལྡན་པའི་ཆོས་ཙམ་གྱི་རྒྱུ་འབྲས་ཡོད་ཀྱི། བྱེད་པ་པོ་དང་ཚོར་བ་པོ་གཞན་ མེད་པར་སྒོམ་པའོ། །ང་རྒྱལ་ལ་སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་ཁམས་ཀྱི་རབ་ཏུ་དབྱེ་བ་སྟེ། སྐྱེས་བུ་འདི་ནི་ཁམས་དྲུག་པའོ་ཞེས་པ་ལྟར་ལུས་འདི་ལ་སྲ་གཤེར་དྲོད་ཉིད་གཡོ་བར་སྣང་ བ་བཞི་ནི་(རིམ་པ་ལྟར་)འབྱུང་བ་བཞིའི་ཁམས་དང་། བུ་ག་རྣམས་ནམ་མཁའི་ཁམས་དང་། མིག་ཤེས་སོགས་རྣམ་པར་ཤེས་པའི་ཁམས་སུ་ཤེས་ན་རིལ་བོའི་འདུ་ཤེས་འཇིག་ཅིང་། ས་ ལ་སོགས་པའི་ཆ་ཤས་རྣམས་ཀྱིས་ཁེངས་པར་མི་འགྱུར་བའོ། །རྣམ་པར་རྟོག་པ་མང་པོ་ལ་ སྤྱོད་པ་རྣམས་ཀྱི་གཉེན་པོ་ནི་དབུགས་ཕྱིར་འབྱུང་བ་དང་ནང་དུ་རྔུབ་པ་འབའ་ཞིག་རྗེས་སུ་ དྲན་པས་དེ་དག་ལ་སེམས་འཛིན་པའོ། །དེའང་། དབུགས་རྔུབ་དབུགས་དབྱུང་དྲན་པ་ནི། ། ཤེས་རབ་ས་ལྔ་སྤྱོད་ཡུལ་རླུང་། །འདོད་རྟེན་ཕྱི་སའི་མ་ཡིན་ནོ། །ཞེས་པ་ལྟར་ངོ་བོ་ནི་དེ་ཁོ་ ན་ཡིད་ལ་བྱེད་པའི་ཤེས་རབ་ཡིན་ལ། ས་ཉེར་བསྡོགས་དང་པོ་གསུམ་དང་བསམ་གཏན་ ཁྱད་པར་ཅན་དང་འདོད་པའི་བཏང་སྙོམས་དང་མཚུངས་ལྡན་(དང་པོ་གསུམ་)ལ(འང་)བརྟེན་ ནས། སྤྱོད་ཡུལ་རླུང་ལ་དམིགས་ཏེ། རྟེན་འདོད་པའི་ལྷ་དང་མི་ཕྱི་ས་མ་ཡིན་པས་སྒོམ་པར་ འདོད་དོ། །དེ་ལ་བགྲང་བའི་སྒོམ་ཚུལ་ནི་འབྱུང་རྔུབ་སོ་སོར་བྱས་ནས་བཅུའི་བར་དུ་བགྲང་ བ་རེ་རེ་ནས་བགྲང་བ་དང་། འབྱུང་རྔུབ་གཅིག་ཏུ་བྱས་ནས་བཅུའི་བར་ཏུ་བགྲང་བ་ཟུང་ དུ་བགྲང་བ་དང་། གཅིག་ནས་བཅུའི་བར་དུ་རྗེས་སུ་མཐུན་པར་བགྲང་བ་དང་། བཅུ་ནས་ གཅིག་གི་བར་དུ་རྗེས་སུ་མི་མཐུན་པར་བགྲང་བ་དང་། དེ་དག་ལ་བྱང་བ་དང་གཉིས་གཉིས་ ལ་གཅིག་ཏུ་བྱེད་པ་ནས་བརྒྱ་ལ་གཅིག་ཏུ་བྱེད་པའི་བར་གོང་ནས་གོང་དུ་བསྐྱེད་ཅིང་བཅུའི་ བར་དུ་བགྲང་བ་སྟེ། བར་དུ་གཡེངས་ན་གཞི་ནས་བསླང་ཞིང་། ཏིང་ངེ་འཛིན་ཐོབ་ཀྱི་བར་དུ་ 1-1-673 བྱའོ། །སྒོམ་ཚུལ་གཞན་ནི་མཛོད་ལས་འབྱུང་བ་ལྟར་རོ། ། མཁས་པའི་དམིགས་པ་གང་ཞེ་ན། (གསུམ་ལས་དང་པོ།)མཁས་པ་རྣམ་པ་ལྔར་དབྱེ་བ་ནི། དུ་མ་འདུས་པའི་ཕུང་པོ་ལ་མཁས་པ་དང་། ཉེར་སྤྱོད་འཛིན་པའི་ཁམས་ལ་མཁས་པ་དང་། ཉེར་སྤྱོད་སྐྱེ་བའི་སྐྱེ་མཆེད་ལ་མཁས་པ་དང་། རྒྱུ་འབྲས་ཀྱི་འབྱུང་ཚུལ་རྟེན་ཅིང་འབྲེལ་བར་ འབྱུང་བ་ལ་མཁས་པ་དང་། རྟེན་འབྲེལ་གྱི་ཁྱད་པར་གནས་དང་གནས་མ་ཡིན་པ་ལ་མཁས་ པ་སྟེ། དེ་དག་གི་རང་དང་སྤྱིའི་མཚན་ཉིད་ལ་བློ་བྱང་བར་གྱུར་པ་ནི་མཁས་པ་ཡིན་ལ། དེའི་ ཡུལ་གྱི་དབྱེ་བས་དམིགས་པ་བསྟན་པའོ། ། (གཉིས་པ།) ལྔ་པོ་ཁྱད་པར་དུ་བཤད་པ་ལ། དང་པོར་བཞི་པོ་ཐམས་ཅད་འདུས་མོད། གནས་དང་གནས་མ་ཡིན་པ་ལ་མཁས་པ་ཇི་ལྟར་བལྟ་ཞེ་ན། དེ་ནི་རྟེན་ཅིང་འབྲེལ་བར་ འབྱུང་བ་ལ་མཁས་པ་ལས་ཕྱེ་བའི་ཁྱད་པར་དུ་བལྟའོ། །དེའང་དབུས་མཐར། མི་འདོད་ འདོད་དང་རྣམ་དག་དང་། མཉམ་དུ་འབྱུང་དང་དབང་བྱེད་དང་། ཐོབ་དང་ཀུན་ཏུ་སྤྱོད་པ་ རྣམས། །གཞན་དབང་ཉིད་ཀྱི་དོན་ཏེ་གཞན། །ཞེས་པ་ལྟར་མི་དགེ་བའི་ལས་མི་འདོད་པ་ འབྱུང་བ་གནས་ཡིན་གྱི་འདོད་པ་འབྱུང་བ་གནས་མ་ཡིན་པ་དང་། དེ་བཞིན་དུ་དགེ་བ་ལས་ འདོད་པ་འབྱུང་བ་དང་། སྒྲིབ་པ་མ་སྤངས་པར་རྣམ་དག་ཏུ་མི་འགྱུར་བ་དང་། སངས་རྒྱས་ གཉིས་ཞིང་ཁམས་གཅིག་ཏུ་མཉམ་དུ་མི་འབྱུང་བ་དང་། བུད་མེད་ཀྱིས་འཁོར་ལོས་སྒྱུར་ བའི་གོ་འཕང་ལ་དབང་མི་བྱེད་པ་དང་། བུད་མེད་ཀྱི་རྟེན་ལ་རང་བྱུང་གཉིས་མི་ཐོབ་པ་དང་། འཕགས་པ་རྣམས་ཉེས་པ་ཀུན་ཏུ་མི་སྤྱོད་པ་གནས་ཡིན་གྱི་དེ་ལས་ལྡོག་པ་རྣམས་གནས་མ་ ཡིན་ནོ་ཞེས་པ་ལ་སོགས་པ་སྟེ། རྒྱུ་འབྲས་འོས་པ་དང་མི་འོས་པའི་ཁྱད་པར་ལ་མཁས་པའོ། ། (གསུམ་པ།) ཕྱི་མ་གཉིས་པོའི་ཁྱད་པར་ལ། འོ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་ 1-1-674 པ་དང་གནས་དང་གནས་མ་ཡིན་པ་ལ་མཁས་པ་ལ་ཐ་དད་དུ་འཇོག་པའི་བྱེ་བྲག་ཅི་ཞིག་ ཡོད་ཅེ་ན། མ་རིག་པ་ལ་སོགས་པའི་རྒྱུའི་ཆོས་རྣམས་ལས་འདུ་བྱེད་ལ་སོགས་པའི་འབྲས་ བུའི་ཆོས་རྣམས་མངོན་པར་འབྱུང་བའི་ཕྱིར། རྒྱུ་དང་འབྲས་བུའི་རྩོལ་བ་ལ། །སྒྲོ་འདོགས་ མེད་ཅིང་སྐུར་འདེབས་མེད། །ཅེས་པ་ལྟར་རྒྱུ་གཏན་ནས་མེད་པར་སྐུར་བ་འདེབས་པ་དང་། མི་མཐུན་པའི་རྒྱུ་དབང་ཕྱུག་ལ་སོགས་པར་སྒྲོ་འདོགས་པ་ཡོངས་སུ་སྤངས་པར་ཤེས་པས། དེའི་ཆ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པའོ། །ཆོས་རྣམས་རྒྱུ་ལས་འབྱུང་ཡང་ ནས་ཀྱི་ས་བོན་ལས་སཱ་ལུའི་མྱུ་གུ་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་མི་འབྱུང་གི། སྦྱིན་པ་ ལས་ལོངས་སྤྱོད་དང་ཚུལ་ཁྲིམས་ལས་མཐོ་རིས་ལ་སོགས་པ་རྒྱུ་དང་མཐུན་པར་འབྲས་བུ་ འབྱུང་བར་ཡོངས་སུ་བཟུང་ཞིང་ཤེས་པའི་ཕྱིར་དེའི་ཆ་ནས་ཁྱད་པར་གནས་དང་གནས་མ་ ཡིན་པ་ལ་མཁས་པའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། འཇིག་ རྟེན་པའི་ལམ་གྱི་སྐབས་སུ་སྔར་བཤད་པ་ལྟར་ས་འོག་མ་འོག་མ་རྣམས་ཀྱི་ནི་སྐྱོན་དང་ བཅས་པས་རགས་པ་ཉིད་དོ། །ས་གོང་མ་གོང་མ་རྣམས་ཀྱི་ནི་ཡོན་ཏན་དང་ལྡན་པས་ཞི་ བ་ཉིད་དོ་ཞེས་ཡིད་ལ་བྱས་པས་ཀུན་ནས་དཀྲིས་པ་དེ་རྣམ་པར་གནོན་པའི་ཚུལ་གྱིས་སྤོང་ ཞིང་། འཇིག་རྟེན་ལས་འདས་པའི་ལམ་གྱི་སྐབས་སུ་ནི་མདོར་བསྡུས་ན་དེ་བཞིན་ཉིད་ལ་ དམིགས་པ་དང་། རྣམ་པར་སྤྲོས་ནས་འཕགས་པའི་བདེན་པ་བཞི་ལ་དམིགས་ནས་བསྒོམས་ པས་བག་ལ་ཉལ་རྩ་བ་ནས་ལེགས་པར་སྤོང་བའོ། ། རིགས་པ་ནི་སྒྲུབ་པའི་ཆོས་ལ་བརྩོན་པ་གསུང་རབ་ཀྱི་ཆོས་ལ་རྣམ་པར་དཔྱོད་པ་ན་ རིགས་པ་དུ་ཞིག་གིས་རྣམ་པར་དཔྱོད་ཅེ་ན། (གཉིས་ལས་དང་པོ།)མདོར་བསྟན་ནི། རིགས་པ་ བཞིས་རྣམ་པར་དཔྱོད་དེ། འབྲས་བུ་རྣམས་རྒྱུ་ལ་ལྟོས་པའི་རིགས་པ་དང་། རྒྱུ་རྣམས་འབྲས་ བུ་ལ་བྱ་བ་བྱེད་པའི་རིགས་པ་དང་། སྒྲུབ་བྱེད་འཐད་པ་སྒྲུབ་པའི་རིགས་པ་དང་། རང་ 1-1-675 བཞིན་ཆོས་ཉིད་ཀྱི་རིགས་པའོ། ། (གཉིས་པ།) རྒྱས་བཤད་ལ། ལྟོས་པའི་རིགས་པ་གང་ཞེ་ན། གང་ལ་འབྲས་བུ་འདུ་བྱེད་ རྣམས་འབྱུང་བ་ན། རང་རང་གི་རྒྱུ་རྐྱེན་ལ་ལྟོས་ནས་འབྱུང་བ་སྟེ། མྱུ་གུ་ས་བོན་ལ་ལྟོས་ པ་དང་རྣམ་ཤེས་རྐྱེན་གསུམ་ལ་ལྟོས་པ་ལ་སོགས་པའོ། །བྱ་བ་བྱེད་པའི་རིགས་པ་གང་ཞེ་ ན། གང་རང་རང་གི་མཚན་ཉིད་ཐ་དད་པ་ཅན་གྱི་རྒྱུའི་ཆོས་རྣམས་སོ་སོ་རང་རང་གི་འབྲས་ བུ་ལ་རྗེས་སུ་མཐུན་པའི་བྱ་བ་བྱེད་པ་སྟེ། མིག་གིས་མིག་ཤེས་ཀྱི་རྟེན་བྱེད་པ་ལ་སོགས་ པའོ། །འཐད་པར་སྒྲུབ་པའི་རིགས་པ་གང་ཞེ་ན། གང་ངོ་བོ་དང་ཁྱད་པར་གྱིས་བསྡུས་པའི་ བསྒྲུབ་པར་བྱ་བའི་དོན་རྣམས་མངོན་སུམ་ལ་སོགས་པའི་ཚད་མ་དང་མི་འགལ་བར་རྟགས་ ཡང་དག་གིས་སྟོན་ཅིང་སྒྲུབ་པར་བྱེད་པ་སྟེ། བྱས་ཡོད་ལས་མི་རྟག་པ་དང་དུ་བ་ལས་མེ་ ཡོད་པར་སྟོན་པ་ལ་སོགས་པའོ། །ཆོས་ཉིད་ཀྱི་རིགས་པ་གང་ཞེ་ན། ཐོག་མ་མེད་པའི་དུས་ ནས་མེའི་རང་བཞིན་ཚ་བ་དང་ཆུའི་རང་བཞིན་གཤེར་བ་ལ་སོགས་པ་རང་གི་མཚན་ཉིད་ དང་། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པ་ལ་སོགས་པ་ སྤྱིའི་མཚན་ཉིད་གནས་པའི་ཆོས་རྣམས་ལ་རང་རྒྱུ་ཁོ་ན་ལས་དེ་ལྟར་འབྱུང་བ་ཆོས་ཉིད་དམ་ རང་བཞིན་དུ་གྲགས་པ་སྟེ། འཇིག་རྟེན་ནའང་མེས་ནི་འཚིག་ཅིང་ཆུས་ནི་འདྲུལ་བ་ཞེས་པ་ ལ་སོགས་པ་དང་། གསུང་རབ་ལས། འབྱོར་ལྡན་མིག་ནི་རྟག་པ་ནས་བདག་གི་བར་གྱིས་ སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །རིགས་ པ་གཞན་གསུམ་པོའང་མཐར་འདི་ལ་ཐུག་པས་འདི་ཉིད་རིགས་པ་ཐམས་ཅད་ཀྱི་མཆོག་སྟེ། (ཐམས་ཅད་མཁྱེན་པ་གྲུབ་པར།)བསྟོད་པར་ཡང་། རིགས་པའི་ནང་ན་ཆོས་ཉིད་ལྟར། །རྣམ་གྲོལ་ ནང་ན་མི་གཡོ་ལྟར། །ཤེས་རབ་ནང་ན་ཀུན་མཁྱེན་ལྟར། །ཁྱོད་ནི་ལུས་ཅན་ཀུན་གྱི་མཆོག ། ཅེས་པ་ལྟར་རོ། ། 1-1-676 མངོན་རྟོགས་ལས། དེ་ལྟར་ཆོས་ལ་རིགས་པས་དཔྱོད་པ་ལ་བརྩོན་པའི་ཀུན་ཏུ་ཚོལ་བ་ གང་ཞེ་ན། ཀུན་ཏུ་ཚོལ་བའི་དབྱེ་བ་དང་། བཙལ་བས་ཡོངས་སུ་ཤེས་པ་གཉིས་ལས། །དབྱེ་ བ་ལ། (གཉིས་ལས་དང་པོ།) མདོར་བསྟན་ནི། ཀུན་ཏུ་ཚོལ་ཞིང་རྟོག་པ་རྣམ་པ་བཞི་སྟེ། མིང་ཀུན་ ཏུ་ཚོལ་བ་དང་། དངོས་པོ་ཀུན་ཏུ་ཚོལ་བ་དང་། ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་དང་། བྱེ་བྲག་ཏུ་འདོགས་པ་ཀུན་ཏུ་ཚོལ་བའོ། ། (གཉིས་པ།) རྒྱས་བཤད་ལ། མིང་ཀུན་ཏུ་ཚོལ་བ་གང་ཞེ་ན། གང་རྗོད་བྱེད་མིང་གི་ཚོགས་ དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ནི་དངོས་པོ་ལ་མིང་གློ་བུར་དུ་བཏགས་ནས་ བརྗོད་པ་ཙམ་ཡིན་གྱི། དཔྱད་ན་རང་གི་མཚན་ཉིད་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་ཀུན་ ཏུ་རྟོག་ཅིང་ཚོལ་བའོ། །དངོས་པོ་ཀུན་ཏུ་ཚོལ་བ་གང་ཞེ་ན། གང་དེ་བཞིན་དུ་བརྗོད་བྱ་ཕུང་ པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱང་མིང་ལ་དོན་དུ་གློ་བུར་བ་ཉིད་དུ་སྒྲོ་བཏགས་པ་ ཙམ་ཡིན་གྱི། དཔྱད་ན་རང་གི་མཚན་ཉིད་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་ཀུན་ཏུ་རྟོག་ ཅིང་ཚོལ་བ་སྟེ། རྒྱན་ལས། མིང་དང་དངོས་དག་ཕན་ཚུན་དུ། །གློ་བུར་བ་ནི་ཉིད་དུ་བཙལ། ། ཞེས་པ་ལྟ་བུའོ། །ངོ་བོ་ཉིད་དུ་འདོགས་པ་ཀུན་ཏུ་ཚོལ་བ་གང་ཞེ་ན། གང་བརྡ་ལ་བྱང་བ་ན་ རྗོད་པར་བྱེད་པའི་མིང་དང་བརྗོད་པར་བྱ་བའི་དོན་རྟོག་ཡུལ་དུ་འབྲེལ་བར་སྣང་བས། མིང་ ཐོས་པ་ན་དོན་དྲན་ཞིང་། དོན་མཐོང་བ་ན་མིང་དྲན་པ་དེ་ལ་མིག་ཅེས་པ་ལ་སོགས་པ་ངོ་བོ་ ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོག་གི། དཔྱད་ན་བཏགས་པ་བཞིན་དོན་ ལ་མེད་པར་ཀུན་ཏུ་རྟོག་ཅིང་ཚོལ་བའོ། །ཁྱད་པར་དུ་འདོགས་པ་ཀུན་ཏུ་ཚོལ་བ་གང་ཞེ་ན། སྔ་མ་བཞིན་དུ་གང་རྗོད་པར་བྱེད་པའི་མིང་གང་བརྗོད་པར་བྱ་བའི་དོན་རྟོག་ཡུལ་དུ་འབྲེལ་ བར་སྣང་བ་དེ་ལ། རྟག་མི་རྟག་དང་བླ་ན་ཡོད་མེད་ལ་སོགས་པ་ཁྱད་པར་དུ་འདོགས་པ་ཙམ་ གྱི་ཐ་སྙད་ཀྱི་རྒྱུ་ཉིད་དུ་རྟོག་གི། དཔྱད་ན་བཏགས་པ་བཞིན་དོན་ལ་མེད་ལ་མེད་པར་ཀུན་ཏུ་ 1-1-677 རྟོག་ཅིང་ཚོལ་བ་སྟེ། འདོགས་པ་རྣམས་པ་གཉིས་པོ་འདིར། །དེ་ཙམ་དུ་ནི་ཚོལ་བའོ། །ཞེས་ པ་ལྟ་བུའོ། ། (གཉིས་པ།) ཡོངས་ཤེས་ལ། དེ་ལྟར་ཆོས་ཀུན་ཏུ་ཚོལ་བ་ལ་བརྩོན་པའི་འབྲས་བུ་ཡང་ དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། (གཉིས་ལས་དང་པོ།)མདོར་བསྟན་ནི། གནས་ལུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཡེ་ཤེས་བཞི་སྟེ། མིང་ཚོལ་ བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང་། དངོས་པོ་ཚོལ་བར་ རྟོགས་པ་དང་། ངོ་བོ་ཉིད་དུ་འདོགས་པ་ཚོལ་བར་རྟོགས་པ་དང་། ཁྱད་པར་དུ་འདོགས་པ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ ཤེས་པའོ། །བཙལ་བ་ལས་འགྲུབ་པས་དེ་རྣམས་སུ་རྟོགས་པ་ཞེས་ཀྱང་བྱའོ། ། (གཉིས་པ།) རྒྱས་བཤད་ལ། མིང་ཚོལ་བར་རྟོགས་པ་ཡང་དག་པ་ཇི་བཞིན་དུ་ཡོངས་སུ་ ཤེས་པ་གང་ཞེ་ན། རྗོད་བྱེད་མིང་ཚིག་ཡི་གེའི་ཚོགས་རྣམས་བཙལ་བ་ལས་མི་དམིགས་པར་ ཡོངས་སུ་ཤེས་པའོ། །དངོས་པོ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ ཤེས་པ་གང་ཞེ་ན། རྗོད་བྱེད་མི་དམིགས་པ་དེ་བཞིན་དུ། བརྗོད་བྱ་ཕུང་ཁམས་སྐྱེ་མཆེད་ ཀྱི་དངོས་པོའི་མཚན་ཉིད་བཙལ་བ་ལས་མི་དམིགས་པར་ཡོངས་སུ་ཤེས་པའོ། །ངོ་བོ་ཉིད་ དུ་འདོགས་པ་ཚོལ་བར་རྟོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ ན། དམིགས་པ་ལ་སོགས་པ་ངོ་བོ་ཉིད་ཀྱི་མིང་དོན་འབྲེལ་བ་བཙལ་བ་ལས་རྫས་སུ་མི་ དམིགས་པར་ཡོངས་སུ་ཤེས་པའོ། །ཁྱད་པར་དུ་འདོགས་ལ་ཚོལ་བར་རྟོགས་པ་ཡང་དག་ པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཞེ་ན། རྟག་མི་རྟག་ལ་སོགས་པའི་བྱེ་བྲག་གི་མིང་ དོན་འབྲེལ་བ་བཙལ་བ་ལས་རྫས་སུ་མི་དམིགས་པར་ཡོངས་སུ་ཤེས་པ་སྟེ། ཐམས་ཅད་ དམིགས་སུ་མེད་པའི་ཕྱིར། །ཡང་དག་ཡེ་ཤེས་རྣམ་པ་བཞི། །ཞེས་པ་ལྟ་བུའོ། །དེ་ལ་ཚོལ་ 1-1-678 བ་བཞི་སྦྱོར་ལམ་དང་པོ་གཉིས་དང་། ཡོངས་ཤེས་བཞི་ཕྱི་མ་གཉིས་སུ་འབྱུང་ངོ་ཞེས་ཀྱང་ཁ་ ཅིག་གསུངས་སོ། ། སྒོམ་བྱུང་གི་ས་ལ། ཆོས་ལ་ཏིང་ངེ་འཛིན་པར་བརྩོན་པའི་རྣལ་འབྱོར་གྱི་ས་གང་ཞེ་ན། (གཉིས་ལས་དང་པོ།)དབྱེ་བ་ནི། ཞི་གནས་ལྷག་མཐོང་འབྲེལ་བའི་རྣལ་འབྱོར་དེ་དག་གང་ལ་ བརྟེན་ནས་སྐྱེ་བའི་ས་ནི་རྣམ་པ་ལྔར་བལྟ་སྟེ། གཞི་དང་སྐྱེད་པ་སྦྱོར་བའི་ས་གཉིས་དང་། མེ་ ལོང་ལྟ་བུ་དང་སྣང་བ་དངོས་གཞིའི་ས་གཉིས་དང་། གནས་སོ་ཞེས་པ་འབྲས་བུའི་ས་གཅིག་ གོ། (གཉིས་པ།) ངོ་བོ་ལ་གཉིས་ལས། (དང་པོ།)རྒྱུའི་ས་བཞི་ལ། (གཉིས་ལས་དང་པོ།)དོན་དངོས་ ནི། གཞི་གང་ཞེ་ན། ཚོགས་ལམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་སྒོ་ ནས། བརྗོད་བྱ་བདེན་པ་བཞི་ལས་བརྩམས་ཏེ་གསུངས་པའི་ཆོས་ལ་མང་དུ་ཐོས་པ་ཅི་འདྲ་ བ་དམིགས་པའི་ཚུལ་གྱིས་ཞི་གནས་ལྷག་མཐོང་འབྱུང་བའི་གནས་སུ་གྱུར་པ་སྟེ། དེ་ནི་རྣལ་ འབྱོར་གྱི་གཞི་ཉིད་དོ། །སྐྱེད་པ་གང་ཞེ་ན། མང་དུ་ཐོས་པའི་དོན་དེ་ལ་དམིགས་པའི་ཚུལ་ བཞིན་ཡིད་ལ་བྱེད་པས་ཕྱིན་ཅི་མ་ལོག་པར་སེམས་འཛིན་ཞིང་ཏིང་ངེ་འཛིན་སྐྱེད་པའོ། །མེ་ ལོང་ལྟ་བུ་གང་ཞེ་ན། མང་དུ་ཐོས་པ་དེ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་གཟུགས་བརྙན་ ལྟ་བུའི་མཚན་མ་སྣང་བ་དང་བཅས་པ་སྟེ། དེའི་སྤྱོད་ཡུལ་དུ་ཤེས་བྱའི་དངོས་པོ་དང་ཆ་ མཐུན་པའི་གཟུགས་བརྙན་ཤར་བ་ལ་ཡོངས་སུ་རྟོག་པའོ། །སྣང་བ་གང་ཞེ་ན། གཟུང་བ་ དང་འཛིན་པ་མི་དམིགས་པར་རྟོགས་པའི་ཤེས་པ་སྟེ། ཆོས་ཉིད་ཡང་དག་པའི་དོན་མངོན་ སུམ་དུ་གསལ་ཞིང་སྣང་བ་མཐོང་ལམ་གྱིས་བསྡུས་པའོ། ། (གཉིས་པ།) ཤེས་བྱེད་ནི་རྣལ་འབྱོར་གྱི་རིམ་པ་འདི་ལ་དགོངས་ནས་བཅོམ་ལྡན་འདས་ ཀྱིས་རྣལ་འབྱོར་རྣམ་པར་དབྱེ་བ་ལ་གདམས་པར་ཚོགས་གཉིས་རིམ་གྱིས་བསགས་པའི་ 1-1-679 བྱང་ཆུབ་སེམས་དཔའ་རྣམས་ལ་བསྐལ་པ་གྲངས་མེད་པ་གཅིག་རྫོགས་ཏེ། ཆོས་ཉིད་ རྟོགས་པ་དང་མཐུན་པའི་ཐོས་བསམ་ལ་བརྟེན་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་ པར་བཞག་པས། ཡིད་ཀྱི་ངོ་བོ་ཤེས་བྱའི་གཟུགས་བརྙན་དུ་མཐོང་སྟེ། དེ་སེམས་ལས་གཞན་ མ་ཡིན་པར་ཤེས་པས་ན་གཟུགས་བརྙན་དེ་ལ་ཕྱི་རོལ་གྱི་དོན་དུ་བདེན་པ་ཉིད་ཀྱི་འདུ་ཤེས་ ལྡོག་ཅིང་དྲོད་ཐོབ་ལ། དེ་ནས་སེམས་འདི་ཉིད་ཆོས་དང་དོན་ལྟ་བུར་སྣང་བ་ཡིན་གྱི་རང་གི་ ངོ་བོ་སེམས་ཙམ་དུ་ཟད་པའོ་སྙམ་པའི་འདུ་ཤེས་ངེས་པར་བཟུང་བས་རྩེ་མོ་ཐོབ་ཅིང་། དེ་ ལྟར་ནང་གི་སེམས་ཙམ་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་ནས་གཟུང་བ་ཕྱི་རོལ་གྱི་དོན་ རྣམ་པ་ཐམས་ཅད་དུ་མེད་པར་རྟོགས་པར་བྱས་པས་བཟོད་པ་ཐོབ་སྟེ། དེའི་འོག་ཏུ་ལྟོས་པ་ གཟུང་བ་མེད་པས་ལྟོས་ཆོས་འཛིན་པའང་མེད་པར་རྟོགས་པར་བྱས་ཏེ་ཆོས་མཆོག་ཐོབ་པ་ དང་། དེ་ནས་གཟུང་འཛིན་གཉིས་ཀའི་རང་བཞིན་མི་དམིགས་པར་མངོན་སུམ་དུ་རེག་ཅིང་ རྟོགས་པར་བྱས་པས་མཐོང་ལམ་ཐོབ་པོ་ཞེས་དོན་ཕུན་སུམ་ཚོགས་པ་ལེགས་པར་གསུངས་ སོ། །ཚིག་ཕུན་སུམ་ཚོགས་པས་ལེགས་བར་བཀའ་བསྩལ་ཏོ། །ཡང་ན་ངོ་མཚར་བའམ་ངེས་ གཟུང་ལ་ལན་གཉིས་སྨོས་པ་སྟེ། (བརྒྱད་སྟོང་འགྲེལ་པར།)ངོ་མཚར་བ་དང་རྩོད་པ་དང་། །ཁྲོ་དང་ ཞུམ་དང་ངེས་བཟུང་དང་། །དད་དང་དགའ་བ་རྣམས་ལ་ནི། །ཚིག་གཅིག་ལན་གཉིས་བརྗོད་ པར་བྱ། །ཞེས་པ་(དྲངས་པ་)ལྟར་རོ། ། (གཉིས་པ།) འབྲས་བུའི་ས་གཅིག་ལ་གནས་པ་གང་ཞེ་ན། གནས་ངན་ལེན་དང་བྲལ་ནས་ གནས་ཡོངས་སུ་དག་པར་གྱུར་པ་སྟེ། (རྒྱན་དུ་)དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་ པོ་ཡིན་པར་འདོད། །ཅེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ། ། མཁས་ཤིང་གནས་ཚུལ་ལ། (གཉིས་ལས་དང་པོ།)ཆོས་ལ་མཁས་ཚུལ་བཤད་པ་ནི། ཀུན་ དགའ་བོས། ཤཱ་རིའི་བུ་ཆོས་ལྔ་དང་ལྡན་པའི་དགེ་སློང་ནི་མྱུར་དུ་འཛིན་པ་མང་དུ་འཛིན་པ་ 1-1-680 ལེགས་པར་འཛིན་པ་ཟིན་པ་ཆུད་མི་གསོན་པའོ། །ཞེས་གསུངས་བའི་མདོའི་དོན་འཆད་པ་ ཡིན་ལ། ཆོས་ལྔ་ནི། ཆོས་དོན་ཡི་གེ་ངེས་ཚིག་དང་། སྔོན་དང་ཕྱི་མཐའ་འགྲེལ་བའོ། །ཇི་ ལྟར་ན་ཆོས་རྣམས་ལ་ཆོས་ལ་མཁས་པ་ཡིན་ཞེ་ན། རྗོད་བྱེད་ཀྱི་ཆོས་མང་དུ་ཐོས་པ་ཉིད་ ཀྱིས་མྱུར་དུ་འཛིན་པར་བྱེད་པ་སྟེ། ངེས་ཚིག་དང་ཡི་གེ་ཕལ་ཆེར་རྣམ་པར་འབྱེད་ཤེས་པའི་ ཕྱིར་རོ། །ཇི་ལྟར་ན་དོན་ལ་མཁས་པ་ཡིན་ཞེ་ན། ཆོས་མངོན་པ་དང་འདུལ་བ་མངོན་པ་དང་ མདོ་སྡེ་མངོན་པ་རྣམས་སུ་བརྗོད་བྱའི་དོན་གྱི་རང་དང་སྤྱིའི་མཚན་ཉིད་ལེགས་པར་ཤེས་ པས་མང་དུ་འཛིན་པར་བྱེད་པ་སྟེ། དེ་ཁོང་དུ་ཆུད་ན་ཚིག་ཇི་ལྟར་འདོད་པ་འདྲེན་ནུས་པ་ཉིད་ ཀྱི་ཕྱིར་རོ། །ཇི་ལྟར་ན་ཡི་གེ་ལ་མཁས་པ་ཡིན་ཞེ་ན། ཤེས་བྱ་ཐམས་ཅད་མཁྱེན་པས་ན་ཀུན་ མཁྱེན་ཞེས་པ་ལ་སོགས་པ་དོན་དང་མཐུན་པར་ཡི་གེ་སྣོན་པ་དང་སྒྱུར་བ་དང་མི་མངོན་པར་ བྱེད་པའི་ངེས་པའི་ཚིག་བཟང་པོ་ལ་མཁོ་བའི་ཡི་གེ་རྣམས་ཤེས་པས་ལེགས་པར་འཛིན་པ་ སྟེ། གཞུང་མ་ནོར་བར་འཛིན་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་ངེས་པའི་ཚིག་ལ་མཁས་པ་ཡིན་ ཞེ་ན། བདག་གོ་བདག་གོ་ཞེས་པ་ལ་སོགས་པ་རང་རང་གི་ཡུལ་མིའི་ངེས་ཚིག་གམ་མང་ ཕྱོགས་རེ་ལ་མངོན་པར་མ་ཞེན་པར་རྣམ་པ་ཐམས་ཅད་དུ་དོན་དང་མཐུན་པར་རྗེས་སུ་ཐ་ སྙད་འདོགས་པ་ཤེས་པས་ལེགས་པར་འཛིན་པ་སྟེ། དོན་མ་ནོར་བར་འཛིན་པ་ཉིད་ཀྱི་ཕྱིར་ རོ། །ཇི་ལྟར་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་འབྲེལ་བ་ལ་མཁས་པ་ཡིན་ཞེ་ན། སྔོན་གྱི་ མཐར་རྗོད་བྱེད་ཀྱི་ཆོས་ཐོས་ཤིང་བཟུང་བར་གྱུར་པ་དང་། དེ་ལ་བརྟེན་ནས་ཕྱི་མའི་མཐར་ དགོངས་པར་ཁོང་དུ་ཆུད་པས་སྙིང་པོ་ལེན་ཞེས་ཐོས་པ་ཙམ་ལས་ངེས་པར་འབྱུང་བར་བྱ་ བ་ཤེས་པ་ཉིད་ཀྱི་ཕྱིར་ཟིན་པ་ཆུད་མི་གསོན་པར་བྱེད་པ་སྟེ། དོན་ཤེས་ནས་ནི་(ཐ་སྙད་ཀྱི་) ཆོས་རྣམས་ཀུན། །(ཆུ་བརྒལ་ཟིན་པའི་)གཟིངས་དང་འདྲ་བ་ཉིད་དུ་རིག(ན་ཚིག) ། ཐོས་པ(ཙམ་གྱི) ས་ཆོག་པར་འཛིན་(པ་)སྤོང་(ཞིང་དོན་སྒྲུབ་པས་སྙིང་པོ་ལེན།)བ། །དེས་ན་ཆོས་ཤེས་པ་ཞེས་བརྗོད། ། 1-1-681 ཅེས་པ་ལྟར་རོ། ། (གཉིས་པ།) ཆོས་ལ་གནས་ཚུལ་བཤད་པ་ལ། ཇི་ལྟར་ན་ཆོས་རྣམས་ལ་ཆོས་ལ་གནས་ པ་ཉིད་ཡིན་ཞེ་ན། (གཉིས་ལས་དང་པོ།)དོན་དངོས་བསྟན་པ་ནི། བཙུན་པ་ཆོས་ལ་གནས་པའི་ དགེ་སློང་ཞེས་བརྗོད་དོ། །ཞེས་པའི་མདོ་དེར་ཐོས་བསམ་སྒོམ་གསུམ་མཐའ་དག་ཚང་ན་ ཆོས་ལ་གནས་པ་ཡིན་གྱི་ཡ་གྱལ་གང་རུང་གིས་ནི་མ་ཡིན་པར་གསུངས་པའི་དོན་འཆད་པ་ སྟེ། དེ་ལ་ཁ་ཅིག་ཐོས་བསམ་ཙམ་གྱིས་ཆོག་པར་འཛིན་ན་རྣལ་འབྱོར་ཡིད་ལ་བྱེད་པ་ལ་ སོགས་པའི་སྒོམ་པ་ལ་མ་བརྟེན་པར། འཛིན་པ་དང་ཁ་ཐོན་བྱེད་པ་ལ་སོགས་པ་ཐོས་པ་དང་ སེམས་པའི་སྦྱོར་བ་འབའ་ཞིག་ཀྱང་ཆོས་ལ་རྫོགས་པར་གནས་པ་མ་ཡིན་ཏེ། མ་བསྒོམས་ ན་དོན་དམ་པའི་ཆོས་མི་རྟོགས་ལ། ཉོན་མོངས་པའི་རྩ་བ་དབྱུང་བར་མི་ནུས་པའི་ཕྱིར་རོ། ། གཞན་དག་སྒོམ་པ་ཙམ་གྱི་ཆོག་པར་འཛིན་ན། བསྟན་པ་དམ་པའི་ཆོས་ཚུལ་བཞིན་དུ་ཐོས་ པ་དང་སེམས་པ་ལ་མ་བརྟེན་པར་རང་བཟོར་སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ ལ་རྫོགས་པར་གནས་པ་མ་ཡིན་ཏེ། གནས་ལུགས་ཀྱི་ཚུལ་ལེགས་པར་མ་རྟོགས་པའི་སྒོམ་ པས་ནི་ཐར་བ་ཐོབ་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་ཐོས་བསམ་གྱི་སྦྱོར་བ་དང་སྒོམ་ པའི་སྦྱོར་བ་གཉིས་ཀ་ལ་བརྟེན་ཏེ། ཐོས་བསམ་དང་སྒོམ་པ་ཟུང་འབྲེལ་དུ་ཉམས་སུ་བླངས་ ནས་གཉིས་ཀ་ལ་གནས་ན་དམ་པའི་ཆོས་ལ་རྫོགས་པར་གནས་པ་ཡིན་ནོ་ཞེས་པ་སྟེ། མདོ་ ལས་ཀྱང་། ཆོས་ལ་གནས་པའི་དགེ་སློང་ལས་བརྩམས་ཏེ། མདོའི་སྡེ་ལ་སོགས་པའི་ཆོས་ ཀུན་ཆུབ་པར་བྱེད། ཁ་ཐོན་དུ་བྱེད། གཞན་དག་ལ་ཡང་སྦྱིན་པར་བྱེད། རྟོགས་པ་མང་བར་ བྱེད་ཅེས་པ་ལྟར། དེའི་འོག་ཏུ་རྣལ་འབྱོར་ལ་སོགས་པ་མི་འདོར་རོ་ཞེས་གསུངས་ཤིང་། རྒྱན་ལས་ཀྱང་། དེ་ལྟར་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ཡང་དོན་མེད་མིན། །དེ་ལྟས་ བདེ་བར་གཤེགས་པའི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་ 1-1-682 དོན་མཐོང་གྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་ བསྟན་པ་དོན་མེད་འགྱུར། །ཞེས་པ་ལྟར་རོ། ། (གཉིས་པ།) ཁྱད་པར་བཤད་པ་ནི། ཡིད་ཆེས་པའི་ལུང་གི་ཚིག་དང་དོན་(དང་གླེགས་བམ་ཡང་) དད་པས་འཛིན་ཞིང་ཀུན་ཆུབ་པར་བྱེད་པ་དང་། བཟུང་བ་གོམས་པའི་ཆེད་དུ་རང་གིས་ཁ་ ཐོན་བྱེད་པ་དང་། སྦྱིན་པར་འོས་པ་གཞན་ལ་བཤད་པ་དང་། གཞན་གྱིས་བཤད་པ་ཉན་ པས་ཀྱང་ངེས་ཤེས་སྐྱེས་པ་ནི་ཐོས་པ་ལས་བྱུང་བ་དང་། རིགས་པས་བརྟགས་དཔྱད་བྱས་ པ་ལས་རྟོགས་པ་མང་དུ་འཕེལ་བ་ནི་བསམ་པ་ལས་བྱུང་བར་ཡང་བལྟའོ། །ཏིང་ངེ་འཛིན་ ལ་སྦྱོར་བ་དང་ཆོག་པར་མི་འཛིན་པས་སྒོམ་པ་ལས་བྱུང་བར་བལྟའོ་ཞེས་མདོར་བསྟན་ནས། དེ་བཤད་པ་ལ་སྦྱོར་བ་ནི་རྒྱུན་མི་འཆད་པ་ཉིད་དུ་ཆུད་ཅིང་གོམས་པར་བྱེད་པ་དང་། འདུན་ པ་དྲག་པོའི་སྒོ་ནས་གུས་པར་སྦྱོར་བས་རྣལ་འབྱོར་མི་འདོར་བ་དང་། བསྒོམ་བྱའི་དོན་མ་ ནོར་ཞིང་ཕྱིན་ཅི་མ་ལོག་པར་སྦྱོར་བས་ཡིད་ལ་བྱེད་པ་མི་འདོར་བར་བལྟའོ། །ཆོག་པར་མི་ འཛིན་པ་ནི་ཏིང་ངེ་འཛིན་འོག་མའི་རོ་མི་མྱོང་ཞིང་ཅུང་ཟད་ཐོབ་པས་མི་ངོམས་པ་དང་། གོང་ ནས་གོང་དུ་ཞི་གནས་ལ་སྦྱོར་བས་ནང་དུ་སེམས་ཞི་གནས་སུ་བྱེད་པ་མི་འདོར་བར་བལྟའོ། ། ཐེག་ཆེན་བཤད་པ་ལ། (བདུན་ཏེ།) དེ་ཕར་ཕྱིན་སྡེ་སྣོད་དུ་འཇོག་ཚུལ། དེ་ཉིད་ཟབ་རྒྱས་ སུ་བསྟན་པ། ཁ་ཅིག་མི་མོས་པའི་རྒྱུ་མཚན། མོས་ཀྱང་མ་རྟོགས་ན་ཉམས་ཚུལ། དགོངས་ པ་ཟབ་མོའི་ཁྱད་པར། ཏིང་ངེ་འཛིན་ཤེས་པའི་ཕན་ཡོན། མཆོད་པར་འོས་པའི་རྒྱུ་མཚན་ནོ། ། དང་པོ་ནི་ཅིའི་ཕྱིར་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ལ་མདོ་འགའ་ཞིག་ཏུ་བྱང་ཆུབ་སེམས་ དཔའི་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཅེས་ཀྱང་བྱ་ན་དེའི་རྒྱུ་མཚན་གང་ཞེ་ན། ཤིན་ཏུ་རྒྱས་པ་ དེར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། ། 1-1-683 ཞེས་པ་བཤད་བྱའི་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལས་བརྩམས་ནས། རྒྱན་དང་ཐེག་ བསྡུས་སུ། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང་། །ངེས་པའི་ཚིག་དང་གོམས་བྱའི་ཡོན་ ཏན་དང་། །རབ་ཏུ་དབྱེ་དང་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ ཞེས་བྱ། །ཞེས་པ་ལྟར་འཆད་བྱེད་ཀྱི་ཚུལ་རྣམ་པ་བཅུས་གཏན་ལ་འབེབས་པའི་ཕྱིར་ཏེ། དེ་ ལ་དང་པོ། གྲངས་ངེས་པ་བསྟན་པ་དང་ཞེས་པ་ནི། (ཐེག་བསྡུས་སུ།) འཁོར་བ་ལས་མི་འཕགས་ པའི་རྒྱུ་ལོངས་སྤྱོད་དང་ཁྱིམ་ཐབ་ལ་ཆགས་པའི་གཉེན་པོར་དང་པོར་གཉིས་དང་། འཕགས་ ཀྱང་ལྡོག་པའི་རྒྱུ་ལོག་སྒྲུབ་དང་དཀའ་སྤྱད་ལ་སྐྱོ་བའི་གཉེན་པོར་བར་བ་གཉིས་དང་། མི་ ལྡོག་ཀྱང་ཆུད་ཟ་བའི་རྒྱུ་རྣམ་གཡེང་དང་གཏི་མུག་གི་གཉེན་པོར་ཕྱི་མ་གཉིས་ཏེ་སྤང་བྱ་ལ་ ལྟོས་ནས་གཉེན་པོ་དྲུག་ཏུ་ངེས་ཤིང་། (སྦྱིན་སོགས་) ཡང་དང་པོ་བཞིས་མི་གཡེང་བའི་རྒྱུ་བྱས་ ནས་(བསམ་གཏན་)མི་གཡེང་བ་གཅིག་འགྲུབ་ཅིང་དེ་ལ་བརྟེན་ནས་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་ བར་(ཤེས་རབ་ཀྱིས་)ཤེས་པས་སྟོབས་ལ་སོགས་པ་འགྲུབ་པས་ན། སངས་རྒྱས་ཀྱི་ཆོས་འགྲུབ་ པའི་གཞིའི་དབང་དུ་བྱས་ནས་ཀྱང་དྲུག་ཏུ་ངེས་པ་ལ། (གཉིས་ཀར་སྦྱིན་པས་ལོངས་སྤྱོད་ཀྱིས་)མི་ ཕོངས་པ་དང་(ཚུལ་ཁྲིམས་ཀྱིས་)རྣམ་པར་མི་འཚེ་དང་། །(བཟོད་པས་)རྣམ་འཚེ་བཟོད་དང་(བརྩོན་ འགྲུས་ཀྱིས་གཞན་དོན་)བྱ་བས་མི་སྐྱོ་དང་། །(བསམ་གཏན་ལ་བརྟེན་པའི་མངོན་ཤེས་ཀྱིས་)དགའ་བྱེད་(ཤེས་ རབ་ཀྱིས་ཐེ་ཚོམ་སེལ་ཞིང་)ལེགས་པར་བརྗོད་པ་དེ་ཡིས་བྱེད། །(དྲུག་གིས་དངོས་སུ་)གཞན་གྱི་དོན་(བྱེད་ ཅིང་དེ་)ཉིད་རང་གི་དོན་(ཡང་)ཡིན་ནོ། །ཞེས་པ་ལྟར་སེམས་ཅན་སྨིན་པ་དང་མཐུན་པའི་དབང་ དུ་བྱས་ནས་ཀྱང་དྲུག་ཏུ་ངེས་པའོ། ། གཉིས་པ་མཚན་ཉིད་བསྟན་པ་དང་ཞེས་པ་ལ། (གཉིས་ལས་དང་པོ།)ཕྱིའི་མཚན་ཉིད་ནི། (རྒྱན་དུ།)སྤང་བྱ་རང་རང་གི་མི་མཐུན་ཕྱོགས་སྤངས་ཤིང་། གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ ཤེས་དང་ལྡན་ལ། བྱེད་ལས་གནས་སྐབས་སུ་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་ 1-1-684 བྱེད་ཅིང་། མཐར་ཐུག་སྐལ་བ་དང་མཐུན་པར་ཐེག་པ་གསུམ་གྱིས་སེམས་ཅན་སྨིན་པར་ བྱེད་པ་སྟེ། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་ པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་(ཚུལ་ ཁྲིམས་མི་མཐུན་ཕྱོགས་ཉམས་དང་)ལ་སོགས་པ་གསུངས་པ་ལྟར་རོ། །ཡང་ན་(ཐེག་བསྡུས་སུ།)དམ་པ་ དྲུག་དང་ལྡན་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་བརྟེན་པས་རྟེན་དམ་པ་དང་། གཞིའམ་དངོས་ པོ་མཐའ་དག་ལ་འཇུག་པས་དངོས་པོ་དམ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་བདེའི་ དོན་དུ་འཇུག་པས་ཆེད་དུ་བྱ་བ་དམ་པ་དང་། འཁོར་གསུམ་དུ་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་ པས་ཐབས་ལ་མཁས་པ་དམ་པ་དང་། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་བསྔོ་བ་དམ་ པ་དང་། སྒྲིབ་པ་གཉིས་བྱང་བར་བྱེད་པས་རྣམ་པར་དག་པ་དམ་པའོ། །དེས་ན་མུ་བཞི་སྟེ། སྦྱིན་པ་ཡིན་ལ་ཕར་ཕྱིན་མ་ཡིན་པ་དམ་པ་དྲུག་དང་བྲལ་བའི་སྤྱིན་པ་དང་། ཕར་ཕྱིན་ཡིན་ ལ་(ཟང་ཟིང་གི་)སྦྱིན་པ་མ་ཡིན་པ་དམ་པ་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལྟ་བུ་དང་། གཉིས་ཀ་ ཡིན་པ་དམ་པ་དྲུག་དང་ལྡན་པའི་སྦྱིན་པ་དང་། གཉིས་ཀ་མ་ཡིན་པ་དམ་པ་དྲུག་དང་བྲལ་ བའི་ཚུལ་ཁྲིམས་ལ་སོགས་པའོ། །གཞན་རྣམས་ལའང་ཇི་ལྟར་རིགས་པར་སྦྱར་བས་ཤེས་ ཤིང་། དེ་བས་ན་ཉན་རང་རྣམས་ལ་སྦྱིན་སོགས་ཡོད་ཀྱང་ཕར་ཕྱིན་མེད་ལ། མཐར་ཐུག་ པ་ནི་སངས་རྒྱས་ཁོ་ན་ལ་མངའ་བ་སྟེ། (ཐེག་བསྡུས་)བཤད་སྦྱར་དུ། བསེ་རུ་ལྟ་བུ་རྣམས་ལ་ ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་ བཞུགས་པ་ལགས། །ཞེས་པ་ལྟར་རོ། ། (གཉིས་པ།) སོ་སོའི་མཚན་ཉིད་ནི་ཡུམ་ལས། ཡོངས་སུ་གཏོང་བ་དང་། གདུང་བ་མེད་པ་ དང་། འཁྲུག་པ་མེད་པ་དང་། དགེ་བ་སྡུད་པ་དང་། སེམས་རྩེ་གཅིག་པ་དང་། རབ་ཏུ་འབྱེད་ པའི་རང་བཞིན་ཅན་དུ་གསུངས་པ་རྣམས་ཏེ། རེ་རེ་ཞིང་(མི་མཐུན་ཕྱོགས་ཉམས་སོགས་)ཁྱད་པར་ 1-1-685 བཞི་དང་ལྡན་པའམ་(རྟེན་དམ་པ་སོགས་)དམ་པ་དྲུག་དང་ལྡན་པ་ཞེས་སྦྱར་བ་རྣམས་སོ། ། གསུམ་པ་གོ་རིམ་བསྟན་པ་དང་། ཞེས་པ་ནི་ཕྱི་ནང་གི་ལོངས་སྤྱོད་རྣམས་བཏང་བ་ལས་ ཚུལ་ཁྲིམས་ལེན་ཞིང་། དགེ་སྦྱོང་གི་ཆོས་བཞི་དང་ལྡན་པ་ལས་བཟོད་པ་འབྱུང་ལ། གནོད་ པས་མི་སྐྱོ་བའི་བརྩོན་འགྲུས་ཀྱིས་མཉམ་པར་བཞག་པ་ལས་ཤེས་རབ་འབྱུང་བ་རྒྱུ་འབྲས་ ཀྱི་རིམ་པ་དང་། སྔ་མ་རྣམས་དམན་ཞིང་ཕྱི་མ་རྣམས་མཆོག་ཏུ་གནས་པའི་རིམ་པ་དང་། སྔ་ མ་རྣམས་རགས་ཤིང་ཕྱི་མ་རྣམས་ཕྲ་བའི་རིམ་པས་གསུངས་པ་སྟེ། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། ། དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །འདི་དག་རིམ་པར་ བསྟན་པ་ཡིན། །ཞེས་པ་ལྟར་རོ། ། བཞི་པ་ངེས་པའི་ཚིག་བསྟན་པ་དང་། ཞེས་པ་ལ་(གཉིས་ལས་དང་པོ།)སྤྱིའི་ངེས་ཚིག་ནི་སྲིད་ པ་འཇིག་རྟེན་པ་དང་། ཞི་བ་ཉན་རང་དག་གི་སྦྱིན་སོགས་དགེ་བ་ཐམས་ཅད་ལས་ཕུལ་དུ་ བྱུང་བར་སོང་བས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞིང་། (གཉིས་པ།)སོ་སོའི་ངེས་ཚིག་ནི། དབུལ་ བ་འདོར་བར་བྱེད་པ་དང་། །(གདུང་བ་ལས་)བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་(དགེ་ བ་ལ་)སྦྱོར་བ་དང་ཡིད་(ནང་དུ་)འཛིན་དང་། །དོན་དམ་ཤེས་པའི་ཕྱིར་(ཤེས་རབ་ཅེས་)བཤད་དོ། ། ཞེས་པ་ལྟར་དབུལ་བ་འདོར་བར་བྱེད་པས་ན་སྦྱིན་པ་ཞེས་བྱ་བ་ལ་སོགས་པའམ། ཡང་ ན། (འགྲེལ་པར་སེར་སྣ་དབུལ་བ་དང་བཅས་པ་སེལ་བས་ན་སྦྱིན་པ་ཞེས་སོགས་)རང་རང་གི་མི་མཐུན་ཕྱོགས་ འབྲས་བུ་དང་བཅས་པ་སེལ་བས་ན་དེ་དང་དེར་བརྗོད་པའོ། ། ལྔ་པ་སྒོམ་པ་བསྟན་པ་དང་ཞེས་པ་ལ། (རྒྱན་དུ།)ཐམས་ཅད་སྒོམ་པ་དངོས་པོ་དང་། །དེ་ བཞིན་ཡིད་ལ་བྱེད་པ་དང་། །བསམ་པ་དང་ནི་ཐབས་དག་དང་། །དབང་འབྱོར་ཉིད་ལ་ བརྟེན་པར་འདོད། །ཅེས་པ་ལྟར་ལྔ་ནི་(དང་པོ།)དངོས་པོ་ལ་བརྟེན་པའི་སྒོམ་པ་བཞི་སྟེ། རྒྱུ་ རིགས་སད་པ་(ལ་རྟེན་པ་སྒོམ་པ་)དང་། རྣམ་སྨིན་ལུས་ཕུན་སུམ་ཚོགས་པ་དང་། སྔོན་གྱི་སྨོན་ 1-1-686 ལམ་རྣམ་པར་དག་པ་དང་། སོ་སོར་བརྟགས་པའི་སྟོབས་ལ་བརྟེན་པ་ཕར་ཕྱིན་ཉམས་སུ་ ལེན་པའོ། །(གཉིས་པ།)དེ་བཞིན་དུ་ཡིད་ལ་བྱེད་པ་ལ་བརྟེན་པ་བཞི་ནི། ཕར་ཕྱིན་དྲུག་སྟོན་ པའི་མདོ་སྡེ་ཟབ་མོ་ལ་མོས་པ་ཡིད་ལ་བྱེད་པ་དང་། ཕར་ཕྱིན་དྲུག་སྒོམ་པ་ལ་ཡོན་ཏན་དུ་ལྟ་ བ་རོ་མྱང་བ་ཡིད་ལ་བྱེད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཕར་ཕྱིན་དྲུག་ལ་རྗེས་ སུ་ཡི་རང་བ་ཡིད་ལ་བྱེད་པ་དང་། རང་གཞན་ལ་མ་འོངས་པ་ན་ཕར་ཕྱིན་དྲུག་འབྱུང་བ་ལ་ མངོན་པར་དགའ་བ་ཡིད་ལ་བྱེད་པའོ། ། (གསུམ་པ།) བསམ་པ་ལ་བརྟེན་པ་དྲུག་སྟེ། བྱང་ཆུབ་སེམས་དཔའ་རྣམས་བསྐལ་བ་གང་ གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྐད་ཅིག་རེ་རེ་ལ་སེམས་ཅན་རེ་རེའི་ཕྱིར་ཡང་། ལུས་གང་གཱའི་ ཀླུང་གི་བྱེ་མ་སྙེད་དང་ཞིང་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་(གསེར་དངུལ་བཻ་དཱུརྱ་ཤེལ་སྤུག །རྡོའི་ སྙིང་པོ་མུ་ཏིག་དམར། །)རིན་པོ་ཆེ་སྣ་བདུན་གྱིས་གང་བ་བྱིན་ཡང་མི་ངོམས་(པའི་སྦྱིན་)པ་དང་། དུས་ དེ་སྲིད་དུ་ལུས་དེ་སྙེད་ཀྱིས་སྟོང་གསུམ་མེས་གང་བར་ཡང་སྤྱོད་ལམ་བཞི་བྱེད་ཅིང་ཡོ་བྱད་ ཅིའང་མེད་ཀྱང་ཚུལ་ཁྲིམས་ལ་སོགས་པ་(ལྔ་)མངོན་སུམ་དུ་བྱེད་པ་ནི་མི་ངོམས་པའི་བསམ་ པ་དང་། དེ་ལྟ་བུ་སྐད་ཅིག་ཙམ་ཡང་ཉམས་པ་མེད་པར་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་གཅོད་པ་ ནི་ཡངས་པ(འམ་རྒྱ་ཆེ་བ)འི་བསམ་པ་དང་། བྱང་ཆུབ་སེམས་དཔའ་ཕར་ཕྱིན་དྲུག་གིས་སེམས་ ཅན་ལ་ཕན་ཐོགས་པའི་དགའ་བས་སེམས་ཅན་རྣམས་ལ་ཕན་བཏགས་སོ་སྙམ་པའི་དགའ་ བ་ཟིལ་གྱིས་གནོན་པ་ནི་དགའ་བའི་བསམ་པ་དང་། ཕན་བཏགས་པའི་འགྲོ་བ་འདི་རྣམས་ དགེ་བའི་གྲོགས་སུ་གྱུར་པས་བདག་ལ་ཤིན་ཏུ་ཕན་འདོགས་པར་མཐོང་གི། བདག་གིས་ནི་ དེ་ཙམ་དུ་གཞན་ལ་ཕན་བཏགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་ཕན་པའི་བསམ་པ་དང་། ལན་དུ་ཕན་འདོགས་པ་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པར་སྦྱིན་སོགས་ལ་འཇུག་པ་ ནི་མ་གོས་པའི་བསམ་པ་དང་། དེ་ལྟ་བུའི་བསོད་ནམས་མཐའ་དག་སེམས་ཅན་ཐམས་ཅད་ 1-1-687 དང་ཐུན་མོང་དུ་བྱས་ནས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་ནི་དགེ་བའི་བསམ་པའོ། ། (བཞི་པ།) ཐབས་ལ་བརྟེན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་འཁོར་ གསུམ་ཡོངས་སུ་དག་པར་བྱེད་པའོ། ། (ལྔ་པ།) དབང་འབྱོར་བ་ལ་བརྟེན་པ་ནི་(མི་སློབ་ལམ་དུ་)ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་ པའི་སྐུ་ཐོབ་པས་སྐུ་ལ་དབང་འབྱོར་བ་དང་། སྤྲུལ་བའི་སྐུས་སྐལ་བ་དང་མཐུན་པར་འཇུག་ པ་སྤྱོད་པ་ལ་དབང་འབྱོར་བ་དང་། ཕར་ཕྱིན་དྲུག་ཐོགས་མེད་དུ་འཆད་པ་སྟོན་པ་ལ་དབང་ འབྱོར་བ་རྣམས་ཀྱིས་སྐལ་བ་ཇི་ལྟ་བར་སྦྱིན་སོགས་ཀྱིས་གཞན་ལ་ཕན་པ་སྒྲུབ་པའོ། ། དྲུག་པ་རབ་ཏུ་དབྱེ་བ་བསྟན་པ་དང་། ཞེས་པ་ནི། (རྒྱན་དུ་ངོ་བོ་)དོན་རྣམས་གཏོང་བར་ བྱེད་པ་དང་། །(རྒྱུའམ་)རྩ་བ་(མ་ཆགས་པའི་)སེམས་པ་ལ་བརྟེན་དང་། །(འབྲས་བུ་)ལུས་ངག་ ལོངས་སྤྱོད་ཕུན་ཚོགས་དང་། །(ལས་རང་གཞན་)གཉིས་རྗེས་འཛིན་དང་(ཚོགས་)རྫོགས་བྱེད་དང་། ། (ལྡན་པ་)དེ་ཡང་སེར་སྣ་མེད་ལྡན་དང་། །(འཇུག་པ་)ཆོས་དང་ཟང་ཟིང་མི་འཇིགས་མཐོང་། ། སྦྱིན་པ་(དོན་དྲུག་ལྡན་པ་)དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། ། ཅེས་པ་ལྟར་རེ་རེའང་ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་སྟེ། དོན་དྲུག་དྲུག་ཏུ་འབྱེད་པ་ དང་། ཁྱད་པར་(རབ་ཏུ་དབྱེ་བའི་)འཇུག་པ་ལའང་(ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ ཇི་བཞིན་སྟོན། །ཞེས་པ་ལྟར།)ཆོས་དང་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་གསུམ་དང་། སྡོམ་པ་ དང་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང་། གནོད་པ་ལ་ཇི་ མི་སྙམ་པ་དང་སྡུག་བསྔལ་དང་དུ་ལེན་པ་དང་ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་གསུམ་ དང་། གོ་ཆ་དང་སྦྱོར་བ་དང་མ་ཞུམ་མི་འཁྲུགས་ཆོག་མི་ཤེས་པའི་བརྩོན་འགྲུས་གསུམ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པ་ དང་སེམས་ཅན་གྱི་དོན་བྱ་བ་སྒྲུབ་པའི་བསམ་གཏན་གསུམ་དང་། (ཐེག་བསྡུས་སུ།)རྣམ་པར་མི་ 1-1-688 རྟོག་པའི་སྦྱོར་བ་དང་དངོས་གཞི་དང་རྗེས་ཐོབ་ཀྱི་ཤེས་རབ་གསུམ་མམ། (འདི་ཡི་འགྲེལ་པར།) ཀུན་རྫོབ་དང་དོན་དམ་དང་གཞན་དོན་གསུམ་ལ་དམིགས་པའི་ཤེས་རབ་གསུམ་མམ། (རྒྱན་ གྱི་འགྲེལ་པར།)འཇིག་རྟེན་པ་དང་ཉན་རང་དང་ཐེག་ཆེན་པའི་ཤེས་རབ་གསུམ་དུ་འབྱེད་པ་ལ་ སོགས་པའོ། ། བདུན་པ་བསྡུས་པ་བསྟན་པ་དང་། ཞེས་པ་ནི། (རྒྱན་དུ།)དཀར་པོའི་ཆོས་ཀུན་རྣམ་ གཡེངས་དང་། མཉམ་གཞག་གཉིས་ཀར་ཤེས་པར་བྱ། །ཕ་རོལ་ཕྱིན་དང་གཉིས་དང་ གཉིས། །གཉིས་ཀྱིས་ཡོངས་སུ་བསྡུས་པ་ཡིན། །ཞེས་པ་ལྟར་དཀར་པོ་དགེ་བའི་ཆོས་མཉམ་ པར་མ་བཞག་པ་ཐམས་ཅད་སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་བསྡུས་ཤིང་། མཉམ་པར་བཞག་ པ་ཐམས་ཅད་བསམ་གཏན་དང་ཤེས་རབ་ཀྱིས་བསྡུས་ལ། མཉམ་པར་བཞག་མ་བཞག་ གཉིས་ཀ་ཡིན་པ་རྣམས་བཟོད་པ་དང་བརྩོན་འགྲུས་ཀྱིས་བསྡུས་པའོ། །ཡང་ན་(ཐེག་བསྡུས་སུ་) སྦྱིན་སོགས་དེ་དག་གི་མཚན་ཉིད་ཀྱིས་བསྡུས་ཤིང་། དད་སོགས་དེ་དག་དང་མཐུན་པས་ བསྡུས་ལ། སྟོབས་སོགས་དེ་དག་གི་འབྲས་བུས་བསྡུས་པས་དགེ་བའི་ཆོས་ཐམས་ཅད་ཕར་ ཕྱིན་དྲུག་ཏུ་འདུས་པའོ། །བརྒྱད་པ་མི་མཐུན་པའི་ཕྱོགས་བསྟན་པ་དང་། ཞེས་པ་ནི། (རྒྱུད་ བླར།)སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་ རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པ་ལྟར་སེར་སྣ་དང་འཆལ་ བའི་ཚུལ་ཁྲིམས་དང་ཁོང་ཁྲོ་དང་ལེ་ལོ་དང་རྣམ་གཡེང་དང་འཆལ་བའི་ཤེས་རབ་སྟེ་ཉོན་ མོངས་པའི་སྒྲིབ་པ་དང་། འཁོར་གསུམ་དུ་རྣམ་པར་རྟོག་པ་ཤེས་བྱའི་སྒྲིབ་པའོ། །ཡང་ན་ (རྒྱན་དུ།)རང་རང་གི་མི་མཐུན་ཕྱོགས་དང་ཕྱི་བཤོལ་དང་དེ་ཙམ་གྱིས་ཆོག་པར་འཛིན་པ་དང་ ལན་ལ་རེ་བ་དང་རྣམ་སྨིན་ལ་རེ་བ་དང་མི་མཐུན་ཕྱོགས་ཀྱི་བག་ལ་ཉལ་དང་(ཐེག་དམན་ཡིད་ བྱེད་དང་། འཁོར་གསུམ་དུ་རྟོག་པས་)རྣམ་པར་གཡེང་བ་ལ་ཆགས་པ་རྣམས་ནི་མི་མཐུན་པའི་ཕྱོགས་ 1-1-689 ཡིན་ལ་དེ་དག་གི་གཉེན་པོར་མ་ཆགས་པ་བདུན་གསུངས་པ་སྟེ། (རྒྱན་དུ།)བྱང་ཆུབ་སེམས་ དཔའི་སྦྱིན་པ་ནི། །(སེར་སྣ་)མ་ཆགས་(ཕྱི་བཤོལ་ལ་)མི་ཆགས་(ཆོག་འཛིན་ལ་)ཆགས་པ་མེད། །(ལན་ ལ་རེ་བ་ཉིད་ཀྱི་)ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །(རྣམ་སྨིན་ལ་རེ་བ་ལ་)མ་ཆགས་(བག་ལ་ཉལ་ལ་)མི་ ཆགས་(རྣམ་གཡེང་ལ་)ཆགས་པ་མེད། །(བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི།)ཅེས་པ་ལ་སོགས་པའོ། ། དགུ་པ་ཡོན་ཏན་གྱི་བསྔགས་པ་བསྟན་པ་དང་། ཞེས་པ་ནི། (རྒྱན་དུ་ངོ་བོ་)རྒྱ་ཆེ་བ་དང་ (རྣམ་སྨིན་ལ་རེ་བའི་)ཟང་ཟིང་མེད། །(སེམས་ཅན་གྱི་)དོན་ཆེ་བ་དང་(མྱང་འདས་སུའང་)མི་ཟད་པ། །སྦྱིན་ པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །ཞེས་པ་ལ་སོགས་པའམ། ཡང་ན་(འགྲེལ་པར།)རང་རང་གི་མི་མཐུན་ཕྱོགས་སྤངས་པ་བྲལ་བའི་འབྲས་བུ་དང་། མཐོང་ ཆོས་ལ་རང་གཞན་རྗེས་སུ་འཛིན་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང་། ཕྱི་མ་ལ་རིགས་འདྲ་ མཆོག་ཏུ་འབྱུང་བ་རྒྱུ་མཐུན་པའི་འབྲས་བུ་དང་། མཐར་ཐུག་གི་བྱང་ཆུབ་ཆེན་པོ་ཐོབ་པ་ བདག་པོའི་འབྲས་བུ་དང་། (རིན་ཆེན་ཕྲེང་བར།)སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་ པས་གཟུགས་བཟང་(ཞིང་འཁོར་མང་)བརྩོན་པས་བརྗིད(ཅིང་ལས་མཐའ་འགྲུབ་པ)། །བསམ་གཏན་ གྱིས་ཞི་(ཞིང་གནོད་པ་མེད་པ་)བློ་ཡིས་གྲོལ(ཞིང་རིག་པ་ཐམས་ཅད་ཤེས་པ)། །སྙིང་བརྩེ་བས་ནི་དོན་ཀུན་ འགྲུབ། །ཅེས་སོགས་ལྟ་བུ་རྣམ་པར་སྨིན་པའི་འབྲས་བུ་རྣམས་ཐོབ་པའོ། ། བཅུ་པ་གཅིག་ལ་གཅིག་ངེས་པར་བསྟན་པའི་ཕྱིར་རོ། །ཞེས་པ་ནི་རྡོ་རྗེ་གཅོད་པར་སྦྱིན་ པ་གཅིག་པུ་བསྟན་པ་ལ་སོགས་པ་ཕར་ཕྱིན་དྲུག་པོ་ཐམས་ཅད་གང་རུང་རེ་རེའི་སྒྲས་བསྟན་ པ་ནི་གཅིག་ལ་སྤྱད་པས་ཐམས་ཅད་ཚང་པར་འགྱུར་བ་ལ་དགོངས་ནས་གསུངས་པ་སྟེ། དེ་ ཡང་། ཕན་ཚུན་བསྡུས་ཕྱིར་རབ་དབྱེའི་ཕྱིར། །ཆོས་ཉིད་ཕྱིར་དང་རྒྱུ་མཚན་ཕྱིར། །ཕ་རོལ་ ཕྱིན་དྲུག་རྣམ་ཀུན་ཏུ། །རྣམ་པར་ངེས་པ་ཤེས་པར་བྱ། །ཞེས་པ་ལྟར་ཆོས་དང་ཟང་ཟིང་དང་ མི་འཇིགས་པ་གསུམ་ཀའི་དབང་དུ་བྱས་ན་ཕར་ཕྱིན་ཐམས་ཅད་ཀྱང་སྦྱིན་པ་གཅིག་པུར་ 1-1-690 འདུ་ཞིང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སུ་ཡང་ཐམས་ཅད་འདུ་བ་ལྟ་བུ་ཕན་ཚུན་གཅིག་ གིས་གཅིག་བསྡུས་པའི་ཕྱིར་དང་། དྲུག་པོ་རེ་རེ་ཞིང་ཡང་རང་རང་གི་ངོ་བོ་གཞན་རྒྱུད་ལ་ འཇོག་པའི་གཏོང་བ་(སྦྱིན་པ་)དང་། མི་མཐུན་ཕྱོགས་ཀྱི་གནོད་པ་སྡོམ་པ་(ཚུལ་ཁྲིམས་)དང་། བཀའ་སྤྱད་ལ་ཇི་མི་སྙམ་པ་(བཟོད་པ་)དང་། ཕྱིར་ཞིང་སྤྲོ་བས་འཇུག་པ་(བརྩོན་འགྲུས་)དང་། སོ་སོ་ལ་སེམས་རྩེ་གཅིག་ཏུ་གནས་པ་(བསམ་གཏན་)དང་། གནས་ལུགས་ཕྱིན་ཅི་མ་ལོག་ པར་ཤེས་པ་(ཤེས་རབ་)སྟེ་རྣམ་པ་དྲུག་ཏུ་རབ་ཏུ་དབྱེར་ཡོད་པའི་ཕྱིར་དང་། བརྗོད་བྱ་སྦྱིན་པ་ ལ་སོགས་པའི་དོན་དང་རྗོད་བྱེད་མདོའི་སྡེ་ལ་སོགས་པའི་ཆོས་བཟོད་པ་ནི་ཕན་ཚུན་གཅིག་ གིས་གཅིག་བསྡུས་ཤིང་། སྔར་བཤད་པ་ལྟར་དཀར་པོའི་ཆོས་ཐམས་ཅད་ཀྱང་སྦྱིན་སོགས་ སུ་འདུ་བའི་ཕྱིར་དང་། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་ཅིང་། དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ནས། ཡོངས་སུ་འཛིན་པ་ཐམས་ཅད་གཏོང་བ་ལ་ སོགས་པ་ཕན་ཚུན་གཅིག་ལས་གཅིག་འགྲུབ་པའི་རྒྱུ་མཚན་དུ་འགྱུར་བའི་ཕྱིར་སྦྱིན་སོགས་ གང་རུང་རེ་རེ་ལའང་དྲུག་ཀ་ཚང་བར་ཤེས་པར་བྱའོ། ། གཉིས་པ་ནི་ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་རྒྱ་ཆེ་བ་དང་ཟབ་པར་ཡང་བསྟན་ཞེ་ན། དེའི་ དོན་ཉམས་སུ་བླངས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ན་སྦྱིན་སོགས་བསོད་ ནམས་ཀྱི་ཚོགས་ཀྱིས་འབྲས་བུ་གཟུགས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་རྒྱ་ཆེ་བ་དང་། ཤེས་ རབ་ཡེ་ཤེས་ཀྱི་ཚོགས་ཀྱིས་འབྲས་བུ་ཆོས་ཀྱི་སྐུ་ཟབ་ཅིང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ རྣམས་ཐོབ་པའི་ཕྱིར་ཏེ། རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པ་བསྟན་པའི་ཕྱིར་རོ། ། གསུམ་པ་(མི་མོས་པ་)ནི་ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ཐེག་ཆེན་ལ་སེམས་དམན་པ་ཁ་ཅིག་ དེ་ལྟར་རྒྱ་ཆེ་བ་དང་ཟབ་པར་མི་མོས་ཤིང་སྐྲག་པས་(རྒྱལ་བའི་བཀའ་མིན་ཞེས་པ་ལ་སོགས་པ།)ཡིད་ ཕྱིར་ཕྱོགས་པར་འགྱུར་ཞེ་ན། རྒྱུ་ཆོས་ཉིད་རིགས་ཀྱི་ཁྱད་པར་ཐེག་ཆེན་གྱིས་རྒྱས་འགྱུར་ 1-1-691 གྱི་རིགས་དང་བྲལ་བ་དང་། མཐུན་རྐྱེན་བྱང་ཆུབ་ཆེན་པོར་སྨོན་པ་ལ་སོགས་པའི་དགེ་བའི་ རྩ་བ་མ་བསྐྱེད་པ་དང་། འགལ་རྐྱེན་ཐེག་ཆེན་སྤོང་བ་ལ་སོགས་པ་སྡིག་པའི་གྲོགས་པོས་ ཡོངས་སུ་ཟིན་པའི་ཕྱིར་ཏེ། (རྒྱན་དུ།)འགྲོ་བ་དེ་(སྐྲག་པའི་)གནས་མིན་ལ་སྐྲག་པས་(ངན་སོང་དུ་) གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་ཕུང་ཆེན་བསགས་བྱས་(ཕྱིར་)ཡུན་རིང་དུ(འོ)། ། རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་(ཐེག་ཆེན་ལ་)བློ་མ་སྦྱངས། །ཆོས་འདིས་སྐྲག་ འགྱུར་འདི་ན་(བྱང་ཆུབ་ཆེན་པོའི་ཚོགས་ཀྱི་)དོན་ཆེན་འདི་ལས་ལྟུང་། །ཞེས་པ་ལྟར་རོ། །དེ་ལྟར་ སྐལ་བ་དང་མི་ལྡན་པ་རྣམས་མི་མོས་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་མཆོག་ཏུ་གྲུབ་པ་ཡིན་ཏེ། (མོས་ ཡུལ་)དམན་པར་མོས་ཤིང་ཁམས་(རྒྱས་འགྱུར་རིགས་)ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་ པ་(སྡིག་གྲོགས་)དག་གིས་ཡོངས་སུ་བསྐོར། །ཟབ་ཅིང་རྒྱ་ཆེན་ལེགས་པར་བཤད་པའི་ཆོས། ། འདི་ལ་གལ་ཏེ་མོས་(པ་)མེད་(ན་དེ་ཉིད་ཀྱི་ཕྱིར་མཆོག་ཏུ་)གྲུབ་པ་ཡིན། །ཞེས་པ་ལྟར་རོ། །དེ་ བས་ན་མཐར་ཐུག་ཟབ་མོ་ལ་མོས་ཤིང་མི་སྐྲག་པ་ལ་ནི་གདུལ་བྱ་སྐལ་བ་དང་ལྡན་པ་འབའ་ ཞིག་དགོས་ཏེ། (མངོན་རྟོགས་རྒྱན་དུ།)སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་ བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་པ་ ལྟར་རོ། ། བཞི་པ་ནི་(ངེས་པར་མི་འབྱུང་བ་)ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་པས་ ཞུགས་ནས་ཐེག་ཆེན་པར་འདོད་ཀྱང་དེས་འཁོར་བ་ལས་ངེས་པར་འབྱུང་བར་མི་འགྱུར་ བའི་རྒྱུ་མཚན་གང་ཡིན་ཞེ་ན། གཉིས་ལས། (དང་པོ།)དོན་དངོས་བསྟན་པ་ནི། ངེས་པའི་དོན་ གྱི་མདོ་སྡེ་རྣམས་མི་ཚོལ་བར་བདག་ཉིད་ཀྱིས་བརྟགས་པའི་ལྟ་བ་དམན་པ་ལ་འདི་ཉིད་ཁོ་ ན་བདེན་ནོ་ཞེས་མཆོག་ཏུ་འཛིན་པ་ལ་གནས་པའི་ཕྱིར་དང་། ཆོས་ཐམས་ཅད་ངོ་བོ་ཉིད་ མེད་པའོ་ཞེས་པ་ལ་སོགས་པ་གསུངས་པ་རྣམས་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ 1-1-692 ནས་དངོས་པོ་ཐམས་ཅད་ལ་སྐུར་བ་འདེབས་ཤིང་ཆད་པ་ཆེན་པོའི་མཐར་ལྟུང་བའི་ཕྱིར་ རོ། །ཐེག་པ་ཆེན་པོར་གདུལ་བྱ་ལ་ལྟོས་ནས་སྣ་ཚོགས་སུ་གསུངས་པའི་དགོངས་པ་མ་ཤེས་ པར་སྒྲ་ཇི་བཞིན་དུ་ངེས་པར་བཟུང་ན་ཡང་དག་པའི་དོན་མི་རྟོགས་ཤིང་། མ་རྟོགས་ན་སྒྲུབ་ ཚུལ་མི་ཤེས་པས་མངོན་པར་འདོད་པའི་འབྲས་བུ་མི་ཐོབ་པའི་ཕྱིར་ཏེ། (ངོ་བོ་ཉིད་མེད་པའི་)དོན་ སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་(ལྟ་བ་མཆོག་འཛིན་གྱིས་)སྙེམས་ཤིང་བློ་ཉམས་འགྱུར། ། ལེགས་པར་གསུངས་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། །ཅེས་ པ་ལ་སོགས་པ་གསུངས་པ་ལྟར་རོ། ། (གཉིས་པ།) ལུང་གིས་བཤད་པ་ལ། (གཉིས་ལས་དང་པོ།)མདོར་བསྟན་ནི་ཐེག་ཆེན་ལ་མོས་ ཀྱང་རྒྱུ་མཚན་གཉིས་ཀྱིས་ངེས་པར་མི་འབྱུང་བ་འདི་ལ་དགོངས་ནས་བཅོམ་ལྡན་འདས་ ཀྱིས་(ལུང་དུ། ཤེས་ནས་དད་པ་དང་འཕགས་པ་དགེས་པའི་ཚུལ་ཁྲིམས་ལ་ཆོས་ཀྱི་མེ་ལོང་བཤད་པ་ལས་འདིར་ནི།) ཡོན་ ཏན་གྱི་གཟུགས་བརྙན་འཆར་དུ་རུང་བས་ན་ཆོས་ཀྱི་མེ་ལོང་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་ གྲངས། (ཤེས་ནས།) དད་པ་ཆེན་པོ་སྐྱེད་པའི་མདོ་ལས་གསུངས་པ། ཐེག་ཆེན་ལ་མོས་པའི་བྱང་ ཆུབ་སེམས་དཔའ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་ལ་སོགས་པའི་དགོངས་ པ་མ་ཤེས་པར་སྒྲ་ཇི་བཞིན་དུ་བདེན་པར་བཟུང་ནས། རིགས་པའམ་ཚུལ་བཞིན་མ་ཡིན་ པར་ཆོས་གསུང་རབ་ཀྱི་དོན་རྣམ་པར་འབྱེད་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་སྟེ་ཞེས་ པའོ། ། (གཉིས་པ།) རྒྱས་བཤད་ལ། ལྟ་བ་ངན་བ་ཉི་ཤུ་རྩ་བརྒྱད་པོ་དག་གང་ཞེ་ན། གསུམ་ལས། (དང་པོ།)ངོ་བོའི་སྒོ་ནས་(བཅུ་བདུན་དུ་)དབྱེ་བ་ནི། ངོ་བོ་ཉིད་མེད་པ་ལ་སོགས་པའི་དགོངས་པ་ མ་ཤེས་པར་ཆོས་ཐམས་ཅད་ཅི་ཡང་མེད་པའི་རྒྱུ་མཚན་ནམ་མཚན་མར་བཟུང་སྟེ་ལྟ་བ་དང་། དེ་ལྟར་མཚན་མ་ལ་མངོན་པར་ཞེན་ནས། སྣང་ཙམ་དུ་གཟུང་འཛིན་ལ་སོགས་པར་བཏགས་ 1-1-693 ནས་བརྗོད་པ་ལ་ཀུན་བརྟགས་ཙམ་དུའང་མེད་དོ་ཞེས་སྐུར་བ་འདེབས་པའི་ལྟ་བ་དང་། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཀུན་རྫོབ་ཏུ་ཡོད་པ་ལ་གཞན་དབང་དུའང་མེད་དོ་ ཞེས་སྐུར་བ་འདེབས་པའི་ལྟ་བ་དང་། ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་དོན་དམ་པར་གྲུབ་པ་ལ་ ཡོངས་གྲུབ་ཀྱང་མེད་དོ་ཞེས་སྐུར་བ་འདེབས་པའི་ལྟ་བ་དང་། མེད་པའི་ལྟ་བ་དེ་སྒྲུབ་པའི་ ཆེད་དུ་རིགས་པ་ལྟར་སྣང་འགའ་ཞིག་ཡོངས་སུ་འཛིན་པའི་ལྟ་བ་དང་། (ཧྭ་ཤིང་གི་མདོ་སྡེ་བརྒྱད་ ཅུ་ཁུངས་ལྟ་བུ།)ངེས་དོན་ཆོས་ཉིད་ཟབ་མོ་སྟོན་པའི་མདོ་སྡེ་རྣམས་ལྟ་བ་ངན་པ་དེའི་ཤེས་བྱེད་ དུ་བསྒྱུར་བའི་ལྟ་བ་དང་། ལྟ་བ་འདི་ལ་བརྟེན་ནས་དགེ་མི་དགེ་གང་སྤྱད་ཀྱང་སྐྱོན་མེད་དོ་ ཞེས་ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་། ལྟ་བ་དེ་རྟོགས་ན་སྔོན་བསགས་པའི་སྒྲིབ་པ་མཐའ་ དག་ལས་གྲོལ་བར་འགྱུར་རོ་ཞེས་ངེས་པར་འབྱུང་བར་ལྟ་བ་དང་། ཉན་ཐོས་ཀྱི་སྡེ་སྣོད་ལ་ སོགས་པ་རྒྱུ་འབྲས་བདེན་པར་སྟོན་པའི་གསུང་རབ་རྣམས་ཁྱད་པར་དུ་གསོད་པ་དབང་ཟ་ བའི་ལྟ་བ་དང་། ལྟ་བ་དེ་ལ་མི་མོས་ཤིང་ལས་འབྲས་ཡོད་པར་སྨྲ་བའི་གང་ཟག་རྣམས་ལ་ ཞེ་སྡང་བ་རབ་ཏུ་འཁྲུག་པའི་ལྟ་བ་དང་། ཆད་པའི་ལྟ་བ་དེ་ཉིད་རྣམ་པར་ཐར་བ་སྒོ་གསུམ་ གྱི་དོན་དང་མཐུན་པའོ་ཞེས་དེ་མ་ཡིན་ལ་དེར་འཛིན་པ་ཕྱིན་ཅི་ལོག་གི་ལྟ་བ་དང་། ལྟ་བ་དེ་ ལ་རང་གཞན་ཐམས་ཅད་འཇུག་པ་ནི་བསོད་ནམས་མང་དུ་སྐྱེད་པའོ་སྙམ་དུ་སེམས་པས་ འཕེལ་བའི་ལྟ་བ་དང་། ལྟ་ངན་དེ་ལས་བརྩམས་ཏེ་གཞན་གྱིས་བརྒལ་བརྟག་བྱས་པ་ན་ངེད་ ལ་ཁས་ལེན་གང་ཡང་མེད་དོ་ཞེས་ཁས་མི་ལེན་པའི་ལྟ་བ་དང་། དེ་ཉིད་བསྐྱང་བའི་ཆེད་དུ་ ཚིག་དོན་དང་ལྟག་ཆོད་ལ་སོགས་པའི་ཐབས་སྣ་ཚོགས་ཀྱིས་གཞན་ལ་(སྐབས་སུ་མ་བབས་པ་) འདྲི་ཞིང་སུན་འབྱིན་པ་ངན་གཡོའི་ལྟ་བ་དང་། ལྟ་བ་དེ་རྟོགས་ནས་སངས་རྒྱས་ཐམས་ཅད་ ལ་མཆོད་པ་དང་རིམ་གྲོ་བྱས་པར་འགྱུར་རོ་སྙམ་དུ་འཛིན་པ་བཀུར་སྟིའི་ལྟ་བ་དང་། མཁས་ པས་ལུང་རིགས་རྣམ་དག་གིས་སུན་ཕྱུང་ཡང་མངོན་ཞེན་དྲག་པོས་ནམ་ཡང་མི་འདོར་བ་ 1-1-694 རྨོངས་པ་བརྟན་པའི་ལྟ་བ་དང་། ལྟ་བ་དེ་དག་གི་བག་ཆགས་ས་བོན་ཀུན་གཞི་ལ་གནས་པ་ ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་ནས་རྩ་བའི་ལྟ་བ་དང་ཞེས་པ་རྣམས་སོ། ། (གཉིས་པ།) སྐྱོན་གྱི་སྒོ་ནས་(བཅུར་)བསྡུ་བ་ལ། མཚན་མར་ལྟ་བ་ནི་མེད་པ་ལ་སོགས་ པའི་མཚན་མ་ལ་ཞེན་ཡང་ཞེན་པ་མེད་པར་འདུ་ཤེས་པས་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ དང་། ངོ་བོ་ཉིད་གསུམ་ལ་སྐུར་བ་འདེབས་པའི་ལྟ་བ་ནི་འབད་པ་ཐམས་ཅད་འབྲས་བུ་མེད་ པར་འདུ་ཤེས་པས་དགེ་བའི་བྱ་བ་ལ་སྦྱོར་བ་སེལ་བའི་ལྟ་བ་དང་། ཡོངས་འཛིན་དང་བསྒྱུར་ བའི་ལྟ་བ་ནི་ཐབས་མ་ཡིན་པ་ལ་ཞུགས་པས་འབྲས་བུ་མི་ཐོབ་པའི་ཕྱིར་ངེས་པར་འབྱིན་པ་ མ་ཡིན་པའི་ལྟ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་ངེས་པར་འབྱུང་བར་ལྟ་བ་ནི་སྒྲིབ་པའི་རྒྱུ་ ལ་གཉེན་པོར་འདུ་ཤེས་པས་སྒྲིབ་པ་མི་ཟད་ཅིང་འཕེལ་བར་བྱེད་པའི་ཕྱིར་སྒྲིབ་སོག་པའི་ ལྟ་བ་དང་། དབང་ཟ་བ་དང་རབ་ཏུ་འཁྲུག་པའི་ལྟ་བ་ནི་དམ་པའི་ཆོས་(རྒྱུ་འབྲས་སྟོན་པ།)དང་ གང་ཟག་ལ་(བླང་དོར་བྱེད་པ་)ལོག་པར་བསྒྲུབས་པས་མི་དགེ་བ་སྐྱེད་པའི་ཕྱིར་བསོད་ནམས་ མ་ཡིན་པ་འཕེལ་བའི་ལྟ་བ་དང་། ཕྱིན་ཅི་ལོག་དང་འཕེལ་བའི་ལྟ་བ་ནི་ཆོས་ཉིད་ལོག་པར་ འཇོག་པ་དང་ལྟ་བ་ངན་པ་བཟུང་བ་ལས་འདོད་པའི་ཁྱད་པར་མི་ཐོབ་པའི་ཕྱིར་འབྲས་བུ་ མེད་པའི་ལྟ་བ་དང་ཁས་མི་ལེན་པ་དང་ངན་གཡོའི་ལྟ་བ་ནི་རིགས་པ་མ་ཡིན་པར་སྨྲ་བ་པོ་ ནམ་ཡང་རྒྱལ་བ་མི་སྲིད་ཅིང་ཚར་གཅད་བྱ་བའི་གནས་ཡིན་པས་ཆད་པས་གཅད་པའི་ལྟ་བ་ དང་། བཀུར་སྟིའི་ལྟ་བ་ནི་སངས་རྒྱས་དེ་ལྟར་མི་གསུང་བ་ལ་གསུང་བར་སྒྲོ་བཏགས་པས་ སྐུར་བའམ་སྨོད་པའི་ལྟ་བ་དང་། (སྐུར་པ་དང་སྐུར་བ་འདེབས་པའི་ལྟ་བ་ནི་མི་འདྲའོ། །) རྨོངས་པ་བརྟན་ པའི་ལྟ་བ་ནི་ལོག་པར་མངོན་པར་ཞེན་པ་ལ་འབེལ་གཏམ་བྱས་ཀྱང་དོན་དུ་མི་འགྱུར་བས་ བསྙད་པར་བྱ་བ་མ་ཡིན་པའི་ལྟ་བ་དང་། རྩ་བའི་ལྟ་བ་ནི་ལྟ་བ་ངན་པ་ཐམས་ཅད་རྟས་ཤིང་ རྒྱས་པར་འགྱུར་བའི་གཞི་ཡིན་པའི་ཕྱིར་ལྟ་བ་ཆེན་པོ་དང་ཞེས་པ་རྣམས་སོ། ། 1-1-695 (གསུམ་པ་ཐམས་ཅད་ཀྱི།)རྩ་བ་གཅིག་ཏུ་བསྟན་པ་ནི། ཉི་ཤུ་རྩ་བདུན་པོ་མཐའ་དག་ནི་མངོན་ པའི་ང་རྒྱལ་གྱི་ལྟ་བའོ་ཞེས་པ་སྟེ་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པ་ལ་ཡང་དག་ཏུ་འདུ་ ཤེས་པའི་མངོན་པའི་ང་རྒྱལ་གྱིས་ཀུན་ནས་བསླང་བའི་ཕྱིར་རོ། །དེའི་ཕྱིར་མདོ་དེ་ཉིད་ལས། འདི་དག་ནི་བཅུ་བདུན་ཡིན་ཡང་བཅུར་འགྱུར་ཞིང་བཅུ་ཡིན་ཡང་བཅུ་བདུན་དུ་འགྱུར་ལ། ཉི་ཤུ་རྩ་བདུན་ཡིན་ཡང་གཅིག་ཏུ་འགྱུར་ཞིང་གཅིག་ཡིན་ཡང་ཉི་ཤུ་རྩ་བདུན་དུ་འགྱུར་རོ། ། ཞེས་ཀྱང་གསུངས་སོ། །མདོར་ན་ཐེག་པ་ཆེན་པོར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་ པའི་དགོངས་པ་ལེགས་པར་ཤེས་དགོས་ཀྱི། མོས་པ་ཙམ་ཡོད་ཀྱང་ངོ་བོ་ཉིད་མེད་པ་སྒྲ་ཇི་ བཞིན་པར་བཟུང་ན་ནི་ཆད་པ་ཆེན་པོར་ལྟུང་ཞིང་རྣམ་པར་གྲོལ་བ་མི་འཐོབ་བོ་ཞེས་པའི་ དོན་ཏེ། དབུ་མ་རྩ་བར། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། ། ཇི་ལྟར་སྦྲུལ་ལ་བཟུང་ཉེས་ན། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །ཞེས་པ་དང་། རིན་ཆེན་ཕྲེང་བར། ཆོས་འདི་ལོག་པར་བཟུང་བ་ན། །མི་མཁས་རྣམས་ནི་ཆུད་ཀྱང་ཟ། །འདི་ ལྟར་མེད་པར་ལྟ་བ་ཡིན། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་པ་དང་། མདོ་ལས་ཀྱང་། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི་མངོན་པའི་ང་རྒྱལ་ཅན་ཐམས་ཅད་སྟོང་ པར་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་བས་ན། དབུ་ མ་རྒྱན་དུ། རྒྱུ་དང་འབྲས་བུའི་དངོས་པོ་རྣམས། །ཀུན་རྫོབ་ཏུ་ནི་མ་བཟློག་པས། ཀུན་ནས་ ཉོན་མོངས་རྣམ་བྱང་སོགས། །རྣམ་པར་གཞག་པ་འཁྲུག་པ་མེད། །ཅེས་པ་ལྟར་ཆོས་ཅན་ ཀུན་རྫོབ་ལས་རྒྱུ་འབྲས་སྣང་ཙམ་དུ་བདེན་པར་ཡོད་པ་ལ་ཡང་མངོན་པར་ཡིད་ཆེས་པར་བྱ་ ཞིང་། མདོ་སྡེའི་རྒྱན་དུ། (ཀུན་རྫོབ་ཀུན་བརྟགས་པའི་ངོ་བོར་)མེད་པ་གང་ཡིན་དེ་ཉིད་ནི། །(དོན་དམ་ པར་ཡོངས་སུ་གྲུབ་པའི་ངོ་བོར་)ཡོད་པ་ཡི་ནི་དམ་པར་འདོད། །(ཀུན་རྫོབ་ཀུན་བརྟགས་པའི་ངོ་བོར་)རྣམ་པ་ ཀུན་ཏུ་མི་དམིགས་པ། །(དོན་དམ་པར་ཡོངས་སུ་གྲུབ་པའི་ངོ་བོར་)དམིགས་པ་ཡི་ནི་མཆོག་ཏུ་འདོད། ། 1-1-696 ཅེས་པ་ལྟར། ཆོས་ཉིད་ཡོངས་གྲུབ་དོན་དམ་པའི་བདེན་པ་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ ཡུལ་དུ་ཡོད་པ་ལ་ཡང་མངོན་པར་ཡིད་ཆེས་པར་བྱས་ཏེ། (ཀུན་རྫོབ་བསོད་ནམས་དང་དོན་དམ་ཡེ་ཤེས་ ཀྱི་)ཚོགས་གཉིས་ཀྱི་སྦྱོར་བ་ལ་འབད་པར་བྱ་བ་ཉིད་དོ། ། ལྔ་པ་(དགོངས་པ་ཟབ་མོའི་ཁྱད་པར་)ལ་གསུམ་ལས། (དང་པོ།)ངོ་བོ་ཉིད་མེད་པའི་དགོངས་པ་ ནི། ཤིན་ཏུ་རྒྱས་པ་ཐེག་ཆེན་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གང་གསུངས་པ་ དེ་ལ། སྒྲ་ཇི་བཞིན་པ་མ་ཡིན་ན་དགོངས་པའི་དོན་གང་ཡིན་ཞེ་ན། དགོངས་གཞི་ནི་འདུས་ བྱས་ཀྱི་མཚན་ཉིད་གསུམ་དང་སྦྱར་ན་མ་འོངས་པ་རྣམས་གྲངས་ཅན་པ་ལྟར་ཡོད་པ་སྐྱེ་བ་ ནི་མ་ཡིན་གྱི། རྐྱེན་གཞན་ལ་རག་ལས་ནས་འབྱུང་བའི་ཕྱིར་བདག་ཉིད་ཀྱིས་མི་འབྱུང་བ་ དང་། འདས་པ་རྣམས་(གྲངས་ཅན་པའི་)ཉེ་བར་ཞི་བ་ཙམ་མ་ཡིན་གྱི། དེའི་བདག་ཉིད་དུ་མི་ འགྱུར་བར་སྡོད་པ་མེད་པས་རང་གི་བདག་ཉིད་དུ་མེད་པ་དང་། ད་ལྟ་བ་རྣམས་སྐད་ཅིག་ མར་གྲུབ་པས་རང་གི་ངོ་བོ་སྐད་ཅིག་ལས་རིང་བ་ཉིད་ལ་མི་གནས་པ་ལ་དགོངས་ནས་ངོ་བོ་ ཉིད་མེད་པར་གསུངས་ཀྱི། སྣང་ཙམ་དུ་རྒྱུ་རྐྱེན་ལས་བྱུང་བའི་འདུས་བྱས་གཏན་ནས་མེད་ པ་ནི་མ་ཡིན་ནོ་ཞེས་པ་དང་། ཡང་ཆོས་ཐམས་ཅད་ལ་བྱིས་པ་རྣམས་ཀྱིས་སྤྲོས་པའི་བག་ ཆགས་ཀྱི་སྒོ་ནས་རྟག་བདེ་བདག་གཙང་ལ་སོགས་པར་བཟུང་བ་བཞིན་དུ་མཚན་ཉིད་མེད་ པའི་ཕྱིར་ངོ་བོ་ཉིད་མེད་པར་གསུངས་སོ། །འཕགས་པ་ལ་སྣང་བ་ལྟར་མེད་པ་ནི་མ་ཡིན་ནོ། ། ཞེས་པ་སྟེ། རང་དང་རང་གི་བདག་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་ དང་འཛིན་བཞིན་ཏེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་པ་ལྟར་རོ། །ཆོས་ཐམས་ཅད་ ནི་ངོ་བོ་ཉིད་གསུམ་དུ་འདུ་བས། དེའི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་རང་གི་མཚན་ཉིད་ ངོ་བོ་ཉིད་མེད་པ་དང་། གཞན་གྱི་དབང་ལ་རང་ཉིད་སྐྱེ་བའི་ངོ་བོ་ཉིད་མེད་པ་དང་། ཡོངས་ སུ་གྲུབ་པ་ལ་ནི་དོན་དམ་པ་ཡེ་ཤེས་ཀྱི་དམིགས་པ་ལ་ཀུན་བརྟགས་གཞན་དབང་གི་ངོ་བོ་ 1-1-697 ཉིད་མེད་པའི་ཕྱིར། །དེ་དག་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་ པ་ཡིན་གྱི། ཀུན་བརྟགས་བཏགས་པ་ཙམ་དུའང་མེད་པ་དང་། གཞན་དབང་རྐྱེན་ལས་སྐྱེ་ བའང་མེད་པ་དང་། ཡོངས་གྲུབ་ཡེ་ཤེས་ཀྱི་སྤྱོད་ཡུལ་དུའང་མེད་པ་ནི་མ་ཡིན་པས། རྣམ་པ་ ཐམས་ཅད་དུ་ཅི་ཡང་མེད་པ་ལ་དགོངས་པ་མ་ཡིན་ཏེ། སུམ་ཅུ་བར་ཡང་། ངོ་བོ་ཉིད་ནི་རྣམ་ གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ ཉིད་མེད་བསྟན་པ་ཡིན། །ཞེས་པ་ལྟར་རོ། །གཞན་ཡང་དབུ་མའི་གཞུང་(ཆོས་དབྱིངས་བསྟོད་པ།) ལས། སྟོང་པ་ཉིད་ནི་སྟོན་པའི་མདོར། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་ གྱིས་ཉོན་མོངས་ལྡོག །ཁམས་(དབྱིངས་)དེ་ཉམས་པར་བྱེད་མ་ཡིན། །ཞེས་པ་ལྟར་ཀུན་རྫོབ་ གློ་བུར་གྱི་དྲི་མ་ཀུན་ནས་ཉོན་མོངས་པ་རྣམས་དཔྱད་ན་རང་བཞིན་མེད་པ་ལ་དགོངས་ནས་ ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ཡིན་གྱི། དོན་དམ་རང་བཞིན་གྱིས་རྣམ་པར་དག་ པའི་ཆོས་ཀྱི་དབྱིངས་གཏན་ནས་མེད་པ་ནི་མ་ཡིན་ནོ་ཞེས་ཀྱང་རིག་པར་བྱའོ། ། (གཉིས་པ།) དེས་དགོངས་པ་གཞན་ཡང་འགྲུབ་ཚུལ་ནི། འོ་ན་ཐེག་ཆེན་དུ། ཆོས་ཐམས་ ཅད་མ་སྐྱེས་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་ འབྱུང་བའི་དགོངས་པ་གང་ཡིན་ཞེ་ན། ངོ་བོ་ཉིད་མེད་པའི་དགོངས་པ་ཤེས་ན་འདི་དག་གི་ དགོངས་པའང་ཤུགས་ལ་ཤེས་ཏེ། ཇི་ལྟར་ན་ཀུན་རྫོབ་ཀྱི་ཆོས་རྣམས་དཔྱད་ན་བདེན་པའི་ ངོ་བོ་ཉིད་མེད་པ་དེ་ལྟར་ན། སྐྱེ་རྒུའི་ངོ་བོ་མ་གྲུབ་པས་མ་སྐྱེས་སོ་ཞེས་གསུངས་ཀྱི་སྣང་ཙམ་ དུ་རྐྱེན་ལས་སྐྱེ་བ་མེད་པ་ནི་མ་ཡིན་ནོ། །ཇི་ལྟར་མ་སྐྱེས་པའི་ཆ་དེ་ལྟར་ཤེས་ནས་འགགས་ རྒྱུ་མ་གྲུབ་པས་མ་འགགས་སོ་ཞེས་པ་དང་། ཇི་ལྟར་དང་པོ་ནས་མ་སྐྱེས་པ་དང་མ་འགགས་ པའི་ཆ་དེ་ལྟར་ཤེས་ན་སྐྱེ་འགགས་གིས་མ་ཞི་བར་བྱེད་པ་མེད་པས་གཟོད་མ་ནས་ཞི་བའོ་ ཞེས་པ་དང་། མ་ཞི་བ་ནི་མྱ་ངན་ཡིན་ལ་དེ་ལས་འདས་པའི་ཆོས་ཉིད་དང་པོ་ནས་གནས་ 1-1-698 པ་དེ་ལྟར་ན་རང་བཞིན་ཀྱིས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བར་ཡང་ཤེས་ཏེ། ཕྱི་ མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡིས། །སྐྱེ་མེད་འགག་མེད་བཟོད་ནས་ཞི། ། རང་བཞིན་མྱ་ངན་འདས་པ་འགྲུབ། །ཅེས་པ་ལྟར་རོ། །དེ་བས་ན་མཐར་ཐུག་ཟབ་མོ་སྟོན་ པ་རྣམས་ཀྱི་དགོངས་པ་ལེགས་པར་ཤེས་ནས་སྨྲ་བར་བྱའི། སྒྲ་ཇི་བཞིན་པར་ནི་མ་ཡིན་ ཏེ། དགོངས་པ་ངེས་འགྲེལ་དུ། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང་། །ཆོས་ རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང་། །ཆོས་རྣམས་ཐམས་ཅད་རང་བཞིན་ མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །ཅེས་གསུངས་ པ་ལྟར་རོ། ། དེའི་ཕྱིར། (གསུམ་པ།)དགོངས་པ་དང་ལྡེམ་དགོངས་བཤད་པ་ལ་ཡང་བློ་དང་ལྡན་པ་གང་ དག་གིས་ཤིན་ཏུ་རྒྱས་པ་ཐེག་ཆེན་ལ་འཇུག་པ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་ པ་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའི་དོན་མདོར་བསྡུ་ན་དགོངས་པ་ནི་རྣམ་པ་བཞིར་ཤེས་ པར་བྱ་སྟེ། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། གང་ ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་པ་ལྟར་རོ། །མཉམ་པ་ ཉིད་ལ་དགོངས་པ་ནི་(དགོས་པ་ཐུབ་པ་ལྟ་བུ་)སངས་རྒྱས་ལ་བརྙས་པའི་གཉེན་པོར་(དགོངས་གཞི་) ཆོས་ཀྱི་སྐུ་མཉམ་པ་ལ་དགོངས་ནས་(རྣམ་གཟིགས་ཀྱི་བསྔགས་པ་གསུངས་པའི་རྗེས་སུ་)ང་ཉིད་དེའི་ཚེ་ སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏེ་ཞེས་གསུངས་པ་ལྟ་བུ། ཡང་ན། (མཛོད་དུ།)སངས་ རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང་། ། རིགས་དང་སྐུ་བོང་ཚད་ཀྱི་མིན། །ཞེས་པ་ལྟར་རྒྱུ་(ཚོགས་གཉིས་)དང་འབྲས་བུ་(ཆོས་སྐུ་)དང་ བྱེད་པ་(ཕྲིན་ལས་)གསུམ་མཉམ་པར་ཡང་འདོད་དོ། །དུས་གཞན་ལ་དགོངས་པ་ནི་(སྒྱིད་ལུག་པ་ ལ་སོགས་པའི་)ལེ་ལོའི་གཉེན་པོར་(དགོངས་གཞི་)རིམ་གྱིས་དུས་གཞན་ན་འགྲུབ་པ་ལ་དགོངས་ 1-1-699 ནས་གང་དག་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ ཞེས་པ་དང་། སངས་རྒྱས་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་ན་རྫོགས་པའི་བྱང་ཆུབ་ཏུ་ངེས་ པར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་དང་། དོན་གཞན་ལ་དགོངས་པ་ནི་ཆོས་ལ་བརྙས་(ཤིང་ དཀའ་སྤྱད་མི་བྱེད་)པའི་གཉེན་པོར་(དགོངས་གཞི་ལུང་ལས་)དོན་གཞན་(མཐོང་ལམ་སོགས་)རྟོགས་པའི་ ཆོས་ལ་དགོངས་ནས་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ནས་ གདོད་ཐེག་པ་ཆེན་པོའི་ཆོས་ཐོབ་པར་འགྱུར་རོ། །ཞེས་གསུངས་པ་ལྟ་བུ་དང་། གང་ཟག་ གི་བསམ་པ་ལ་དགོངས་པ་ནི་གདུལ་བྱ་ལ་ལྟོས་ནས་(དགེ་བ་)ཅུང་ཟད་ཙམ་གྱིས་ཆོག་པར་ འཛིན་པའི་གཉེན་པོར་གང་གིས་ཚིམ་པའི་དགེ་བ་སྦྱིན་པ་ལ་སོགས་པ་ལ་སྨད་ཅིང་གཞན་ (ཚུལ་ཁྲིམས་ལ་སོགས་པ་)དག་ལ་བསྔགས་པ་བརྗོད་པ་ལྟ་བུའོ། །དེ་བཞིན་དུ་བློ་དང་ལྡན་པ་གང་ དག་གིས་ཤིན་ཏུ་རྒྱས་པ་ཐེག་ཆེན་ལ་འཇུག་པ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ལྡེམ་པོར་ དགོངས་པ་ཐེག་ཆེན་ཁོང་དུ་ཆུད་པར་བྱ་བའི་དོན་དུ་མདོར་བསྡུ་ན། ལྡེམ་པོར་དགོངས་པ་ནི་ རྣམ་པ་བཞིར་ཤེས་པར་བྱ་སྟེ། གཞུག་པ་ལྡེམ་པོར་དགོངས་པ་དང་། །མཚན་ཉིད་ལྡེམ་པོར་ དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་ལྡེམ་པོར་དགོངས་པ་ སྟེ། །ཞེས་པ་རྣམས་སོ། །གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་(དགོས་པ་)ཆོས་(གཟུགས་སོགས་)དང་གང་ཟག་(གི་བདག་)ཆད་ཀྱིས་དོགས་ནས་འཇིགས་པའི་ཉན་ཐོས་རྣམས་བསྟན་པ་ལ་ རིམ་གྱིས་གཞུག་པའི་དོན་དུ། (དགོངས་པ་ནི་)སྣང་ཙམ་དུ་ཡོད་པ་ལ་དགོངས་ནས་གཟུགས་ལ་ སོགས་པ་ཡོད་དོ་ཞེས་པ་དང་། བརྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་ལྟ་བུ་ དང་། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་(དགོངས་གཞི་)ངོ་བོ་ཉིད་གསུམ་གྱི་ཀུན་བརྟགས་ ལ་རང་གི་མཚན་ཉིད་མེད་པ་དང་གཞན་དབང་ལ་རང་ཉིད་སྐྱེ་བ་མེད་པ་དང་ཡོངས་གྲུབ་ལ་ ཀུན་བརྟགས་གཞན་དབང་མེད་པ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་ 1-1-700 མ་སྐྱེས་པ་ལ་སོགས་པ་གསུངས་པ་ལྟ་བུ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་(དགོས་པ་)གདུལ་བྱའི་རྒྱུད་ལ་ཉེས་པ་གང་དང་གང་ཡོད་པ་དེ་དང་དེ་འདུལ་བའི་གཉེན་པོར་གསུངས་ པ་རྣམས་ཏེ། (ཚིགས་སུ་བཅད་པ་གཉིས་པ་དང་། རྒྱན་དུ་འདི་དག་བཟུང་བའི་ཕན་ཡོན་དང་བཅས་ཏེ་)སངས་རྒྱས་ ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་ དང་། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ ཐེག་མཆོག་གསུངས། །དེས་དེའི་བར་དུ་གཅོད་པ་ཡི། །ཉེས་པ་ཐམས་ཅད་སྤོང་བར་འགྱུར། ། ཞེས་པའི་དང་པོ་བཞི་དགོངས་པར་བཤད་ཟིན་པ་ལྟ་བུ་དང་། (གཟུགས་དང་སྟོབས་ལ་སོགས་པའི་)ང་རྒྱལ་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་འགའ་ཞིག་གི་(མཚན་དཔེ་ལ་སོགས་པའི་)ཕུན་སུམ་ ཚོགས་པ་ལྷག་པར་བསྔགས་པ་དང་། (ཟག་བཅས་)འདོད་ཆགས་ལ་སྤྱོད་པའི་གཉེན་པོར་ (སངས་རྒྱས་ཀྱི་)ཞིང་ཁམས་འགའ་ཞིག་གི་འབྱོར་བ་ལྷག་པར་བསྔགས་པ་དང་། འགྱོད་(པས་ ཡི་ཆད་)པའི་གཉེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱེད་པ་དེ་དག་ ཐམས་ཅད་ཀྱང་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་པ་དང་། བྱང་སེམས་རིགས་མ་ངེས་ པ་ཐེག་ཆེན་ལས་ལྡོག་པའི་གཉེན་པོར་ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་སུ་ལུང་བསྟན་ ནས། ཐེག་པ་ནི་(གནས་སྐབས་སུ་གསུམ་ཡོད་ཀྱང་མཐར་ཐུག་ལ་དགོངས་ནས་)གཅིག་ཁོ་ནར་བསྟན་པ་ལ་ སོགས་པ་ལྟ་བུ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད་བྱ་ཤིན་ཏུ་ཟབ་མོ་དག་ སྒྲས་དངོས་ཀྱི་དོན་གཞན་དུ་བརྗོད་ནའང་དགོངས་པའི་དོན་དུ་གཞན་དུ་ཡོངས་སུ་བསྒྱུར་ ནས་བཤད་དགོས་པ། སྙིང་པོ་མེད་ལ་སྙིང་པོར་ཤེས་ཞེས་པའི་སྐབས་སུ་(རྣམ་གཡེང་མེད་ལ་སྙིང་ པོར་ཤེས། །ཞེས་བསྒྱུར་ནས།)འཆད་པར་འགྱུར་བ་ལྟ་བུ་སྟེ། དེ་དག་ཀྱང་། ཉན་ཐོས་དང་ནི་ངོ་བོ་ ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་ རྣམ་པ་བཞི། །ཞེས་གསུངས་པ་དང་མཐུན་པའོ། །དེ་བས་ན་ཐེག་ཆེན་ལ་མོས་པ་རྣམས་ཀྱིས་ 1-1-701 ཐམས་ཅད་སྒྲ་ཇི་བཞིན་པར་མི་བཟུང་ཞིང་། དགོངས་པ་དང་ལྡེམ་དགོངས་ཀྱིས་གསུངས་པ་ རྣམས་ཀྱང་ལེགས་པར་ཤེས་ནས་འཇུག་པར་བྱའོ། །དེ་དག་གི་ཁྱད་པར་གང་ཞེ་ན། བཤད་ སྦྱར་དུ། དགོངས་པ་ནི་ཡིད་ལ་གཞག་པ་ཙམ་ཡིན་གྱི་ཕ་རོལ་གཟུད་པ་ལ་ལྟོས་པར་ཁས་ མི་ལེན་ཏོ། །ལྡེམ་དགོངས་ནི་དེ་ཉིད་ཕ་རོལ་གཟུད་པ་ལ་ལྟོས་པའོ། །ཞེས་འབྱུང་(ཞིང་ནོར་ གྱི་རྩ་ལག་དང་ངོ་བོ་ཉིད་མེད་པའང་གསུངས་ཟེར་)བ་ལྟར་ན་དགོངས་གཞི་ཙམ་ཐུགས་ལ་བཞག་པའི་ཆ་ ནས་དགོངས་པ་དང་། དགོངས་གཞི་དང་དགོངས་པ་གཉིས་ཀ་ཐུགས་ལ་བཞག་པའི་ཆ་ ནས་ལྡེམ་དགོངས་སོ་ཞེས་ཀྱང་གསུངས་ཤིང་། (བཅོམ་ལྡན།)ཁ་ཅིག་དགོངས་པ་བཞི་ནི་ལྡེམ་ དགོངས་ཀྱི་བྱེ་བྲག་ཡིན་ཏེ་གཉེན་པོ་ལྡེམ་དགོངས་སུ་འདུ་བའི་ཕྱིར་རོ་ཞེས་ཀྱང་གསུངས་ སོ། །དེ་དག་ལ་འགའ་ཞིག་དགོངས་པ་དང་ལྡེམ་དགོངས་ཀྱིས་གསུངས་པ་ཐམས་ཅད་དྲང་ དོན་ཡིན་ཞིང་དེའང་དོན་ལ་མི་གནས་པའི་བརྫུན་པ་འབའ་ཞིག་གོ་སྙམ་དུ་སེམས་ན། དེ་ ལྟར་ཡང་མི་བསམ་སྟེ། གནས་སྐབས་སུ་དགོས་པའི་དབང་གིས་སྒྲའི་དངོས་ཀྱི་བརྗོད་བྱ་ དྲང་དོན་ཡིན་ཡང་མཐར་ཐུག་དགོངས་གཞི་དོན་ལ་གནས་པའི་ཆ་ནི་ངེས་དོན་ཡིན་པའི་ ཕྱིར་རོ། །དཔེར་ན་ང་ཉིད་དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པའི་སྒྲས་ དངོས་སུ་དྲང་དོན་སྟོན་ཡང་། དགོངས་གཞི་ཆོས་ཀྱི་སྐུ་མཉམ་པ་ཉིད་དུ་དོན་ལ་གནས་པ་ནི་ ངེས་དོན་ཡིན་པ་ལྟ་བུའོ། །འོ་ན་དྲང་དོན་དང་ངེས་དོན་གྱི་ཁྱད་པར་གང་ཡིན་སྙམ་ན། ཟླ་བ་ སྒྲོན་མར། སྟོན་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ རིག །ཅེས་པ་ལྟར་མཐར་ཐུག་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཟབ་མོ་ སྟོན་པ་རྣམས་ནི་ངེས་པའི་དོན་ཡིན་ཞིང་། གནས་སྐབས་ཀུན་རྫོབ་ཀྱི་བདེན་པ་རྒྱུ་འབྲས་ལ་ ཡིད་ཆེས་པའི་དོན་དུ་སེམས་ཅན་དང་གང་ཟག་ལ་སོགས་པ་སྟོན་པ་རྣམས་ནི་དྲང་བའི་དོན་ 1-1-702 ཡིན་ནོ། །ཡང་ན་སྒྲོན་གསལ་དུ། སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་གསུངས་པ་དྲང་ བའི་དོན། །ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །ཞེས་པ་ ལྟར་(བདེན་པ་གཉིས་ཀ་ལའང་)དགོངས་པའི་དབང་གིས་སྦས་ཏེ་གསུངས་པ་ལ་སོགས་པའི་སྒྲའི་ དངོས་ཀྱི་བརྗོད་བྱ་ལ་གནོད་བྱེད་ཡོད་པས་དགོངས་པ་གཞན་བཙལ་དགོས་པ་ནི་དྲང་བའི་ དོན་དང་། གསལ་པོར་གསུངས་ཤིང་གནོད་བྱེད་མེད་པས་དགོངས་པ་དེ་ཁོ་ན་བཞིན་གཟུང་ དུ་རུང་བ་ནི་ངེས་པའི་དོན་ཡིན་ནོ། །དེ་དག་ལ་ཡང་ཐེག་པ་དང་གྲུབ་མཐའ་འོག་མ་འོག་མའི་ ངེས་དོན་དང་དོན་དམ་ནི་གོང་མ་གོང་མའི་དྲང་དོན་དང་། ཀུན་རྫོབ་ཏུ་འགྱུར་བའང་ཡོད་དེ། བདེན་གཉིས་སུ། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། གཞན་ གྱི་མར་འདོད་གང་ཡིན་དེ། གཞན་གྱི་ཆུང་མར་ཡང་འདོད་བཞིན། །ཞེས་(ཀླུ་སྒྲུབ་ཀྱིས་ལུང་དྲངས་) པ་ལྟར་ཉན་ཐོས་པའི་(ལུགས་ཀྱི་)དོན་རང་མཚན་དོན་དམ་གྱི་བདེན་པ་ཐེག་ཆེན་པའི་ཀུན་ རྫོབ་ཡིན་པ་དང་། སེམས་ཙམ་པའི་(ལུགས་ཀྱི་)རྣམ་ཤེས་རང་རིག་རང་གསལ་དོན་དམ་གྱི་ བདེན་པ་དབུ་མ་པའི་ཀུན་རྫོབ་ཡིན་པ་ལ་སོགས་པ་ལྟ་བུའོ། ། དྲུག་པ་(ཏིང་ངེ་འཛིན་ཤེས་པའི་ཕན་ཡོན་)ནི། ཤིན་ཏུ་རྒྱས་པ་ཐེག་ཆེན་ལ་བྱང་ཆུབ་སེམས་ དཔའ་རྣམས་ཆོས་ལ་ཏིང་ངེ་འཛིན་དུ་གནས་པར་གསུངས་ན་དེ་ལ་མཁས་པར་ཇི་ལྟར་ཏེ་ རྟགས་གང་གིས་ཁོང་དུ་ཆུད་པར་བྱ་ཞེ་ན། རྟགས་སམ་ཕན་ཡོན་མང་དུ་ཡོད་ཀྱང་མདོར་ བསྡུ་ན་རྣམ་པ་ལྔ་སྟེ། རྒྱན་ལས། ས་རྣམས་ཀུན་ལ་རྣམ་ཀུན་ཏུ། །བློ་ལྡན་རྣམས་ཀྱི་ཕན་ཡོན་ ནི། །ཞི་གནས་ལྷག་མཐོང་གཉིས་ཀ་ལ། །ལྔ་པོའི་བདག་ཉིད་དག་ཏུ་འདོད། །ཅེས་པ་ལྟར་ རོ། ། དེ་ལ་(གསུམ་ལས་དང་པོ།)ཞི་གནས་ཀྱི་ཕན་ཡོན་གཉིས་ནི་སྐད་ཅིག་རེ་རེ་ལའང་ཤིན་ཏུ་ སྦྱངས་བ་ཁྱད་པར་ཅན་གྱིས་ལུས་ལ་ཁྱབ་པའི་ཕྱིར་སྒྲིབ་པ་གཉིས་ཀྱི་གནས་ངན་ལེན་ས་ 1-1-703 བོན་གྱི་གནས་ཀུན་གཞིའི་རྣམ་ཤེས་སམ། ལུས་སེམས་ལས་སུ་མི་རུང་བའི་བག་ཆགས་ ཐམས་ཅད་འཇིག་ཅིང་སྟོབས་ཆུང་བར་བྱེད་པ་དང་བསྟན་པའི་ཆོས་ཐམས་ཅད་ཆོས་ཀྱི་ དབྱིངས་དེ་བཞིན་ཉིད་དུ་རོ་གཅིག་པར་མོས་པས་མཉམ་པར་འཇོག་པའི་ཕྱིར་ཕུང་པོ་ལ་ སོགས་པའི་དོན་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ་མདོ་ལ་སོགས་པའི་ཆོས་ཀྱི་དོན་རྟོགས་ པའི་དགའ་བ་ལ་བརྟེན་ནས་ཤིན་ཏུ་སྦྱངས་པའི་དགའ་བ་ཁྱད་པར་ཅན་ཐོབ་པ་དང་ཞེས་པ་ སྟེ། ལུས་ལ་གནས་ངན་ལེན་པ་དང་། །སྐད་ཅིག་རེ་རེ་ལ་ཟད་འགྱུར། །ལུས་དང་སེམས་ནི་ ཀུན་ཏུ་ཡང་། །ཤིན་ཏུ་སྦྱངས་པས་གང་བར་འགྱུར། །ཞེས་པ་ལྟར་རོ། ། (གཉིས་པ།) ལྷག་མཐོང་གི་ཕན་ཡོན་གཉིས་ནི་ཇི་ལྟར་རབ་ཏུ་ཕྱེ་བའི་ཆོས་རྣམས་རྒྱུན་དུ་ མི་བརྗེད་པར་དྲན་པ་ཙམ་གྱི་སྒོ་ནས་མདོ་ལ་སོགས་པའི་ཆོས་ལ་ཤེས་རབ་ཀྱི་སྣང་བ་རྣམ་ པ་ཕྱོགས་རེར་ཡོངས་སུ་མ་ཆད་ཅིང་ཕྱོགས་ཐམས་ཅད་དུ་ཚད་མེད་པ་ཡང་དག་པར་ཤེས་པ་ དང་། དེ་ལ་སྒྲིབ་པ་རྣམ་པར་དག་པའི་ཆ་དང་མཐུན་པ་གནས་གྱུར་ཐོབ་པའི་སྔ་ལྟས་སུ་རྣམ་ པར་མི་རྟོག་པའི་ཡེ་ཤེས་ལམ་མངོན་པར་འདུས་མ་བྱས་ཤིང་མ་བརྟགས་པ་བཞིན་དུ་སངས་ རྒྱས་འཁོར་དང་བཅས་པ་མཐོང་བ་ལ་སོགས་པ་ཡང་དག་པའི་མཚན་མ་རྣམས་ཀུན་ཏུ་ འབྱུང་བ་དང་ཞེས་པ་སྟེ། ཆོས་རྣམས་སྣང་བ་ཐམས་ཅད་དུ། །ཡོངས་སུ་ཆད་མེད་རྟོགས་པར་ འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་རབ་ཏུ་མཐོང་། །ཞེས་པ་ལྟར་རོ། ། (གསུམ་པ།) གཉིས་ཀའི་ཕན་ཡོན་གཅིག་ནི་སྒྲིབ་པ་གཉིས་སྤངས་པས་གནས་གྱུར་པའི་ ཆོས་ཀྱི་སྐུ་ས་བཅུ་པར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་སར་དག་པ་ གཉིས་ལྡན་དུ་ཡོངས་སུ་བསྒྲུབ་པར་བྱ་བའི་ཕྱིར། རིམ་གྱིས་ཁྱད་པར་དུ་འཕགས་པའི་གོང་ མ་བས་ཀྱང་ཆེས་གོང་མ་འགྲུབ་པའི་རྒྱུ་མཐུན་པའི་ས་བོན་ཡོངས་སུ་འཛིན་པར་བྱེད་པའོ་ 1-1-704 ཞེས་པ་སྟེ། དེ་བཞིན་ཆོས་སྐུ་རབ་རྫོགས་དང་། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་ལྡན་ གོང་ནས་གོང་དུ་ཡང་། །ཀུན་ཏུ་རྒྱུ་ཡོངས་འཛིན་པར་བྱེད། །ཅེས་པ་ལྟར་རོ། ། བདུན་པ་(མཆོད་པར་འོས་པ་)ནི། རྒྱུད་བླར། ཆོས་སྐུ་(དངོས་དང་བཏགས་པ་བ་)རྣམ་གཉིས་ཤེས་ བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་(ཉོན་མོངས་པའི་)དྲི་(མ་)མེད་(པ་)དང་། །(བསྟན་པ་ཆོས་སྐུ་)དེ་ཡི་རྒྱུ་ མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་པ་ལྟར་ཐེག་པ་ཆེ་ཆུང་གཉིས་ཀའང་ རྟོགས་པ་ཆོས་སྐུ་ཐོབ་པའི་རྒྱུ་མཐུན་དུ་བསྟན་པར་འདྲ་བ་ལ། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ཐེག་ པ་ཆེན་པོའི་ཆོས་ལ་བདུག་པ་བསྲེགས་སྤོས་དང་ཕྱེ་མའི་ཕུར་མ་དང་མེ་ཏོག་དང་། མར་མེ་ དང་གདུགས་དང་རྒྱལ་མཚན་ལ་སོགས་པས་མཆོད་པར་འོས་པར་(མདོ་མང་པོར་)གསུངས་ཀྱི། ཉན་ཐོས་ཀྱི་ཆོས་ལ་ནི་དེ་ལྟར་གསུངས་པ་མ་ཡིན་ཞེ་ན། ཐེག་དམན་ནི་གཞན་ལ་ཕན་བདེའི་ གནས་མ་ཡིན་ལ། ཐེག་ཆེན་ནི་སེམས་ཅན་ཐམས་ཅད་ལ་གཏན་དུ་ཕན་པ་དང་། འཕྲལ་དུ་ བདེ་བའི་གནས་སམ་གཞིར་གྱུར་པ་ཡིན་ཞིང་། ཁྱད་པར་གཞན་ལ་ཕན་འདོགས་པ་དང་མྱ་ ངན་ལས་འདས་པ་ནའང་ཡོན་ཏན་མི་ཟད་པའི་ཕྱིར་ཏེ། དབུས་མཐར། ཁྱད་པར་ཕྱིར་དང་ མི་ཟད་ཕྱིར། །གཞན་ལ་ཕན་འདོགས་མ་ཞིའི་ཕྱིར། །ཞེས་པ་ལྟར་རོ། །ཆོས་མངོན་པ་ཀུན་ ལས་བཏུས་པ་ལས། ཁྱད་པར་དུ་གསུང་རབ་དང་སྡེ་སྣོད་ཀྱི་ཆོས་གཏན་ལ་འབེབས་ཤིང་ རྣམ་པར་ངེས་པར་བྱེད་པ་ཞེས་བྱ་བ་སྟེ། ཀུན་ལས་བཏུས་པ་གསུམ་པའི་རྣམ་པར་བཤད་ པའོ།། །། ད་ནི་བམ་པོ་ལྔ་པ་སྟེ་ཐ་མར་ཐོབ་པ་རྣམ་ངེས་འཆད་པ་ལ། བྲལ་བའི་ཐོབ་པ་རྣམས་ཀྱི་ ཐོབ་བྱ་ཐོབ་བྱེད་ཤེས་པའི་དོན་དུ་ཐོབ་པ་རྣམ་པར་ངེས་པ་གང་ཞེ་ན། (གཉིས་ལས་དང་པོ།) མདོར་བསྟན་ནི། གང་གིས་ཐོབ་པར་བྱེད་པ་པོའི་གང་ཟག་རྣམ་པར་ གཞག་པ་དང་། གང་ཐོབ་པར་བྱ་བའི་ཆོས་མངོན་པར་རྟོགས་པ་རྣམ་པར་གཞག་པ་ལ་ 1-1-705 སོགས་པ་ཐོབ་པའི་དོན་གཏན་ལ་འབེབས་པར་བལྟའོ། ། (གཉིས་པ།) རྒྱས་བཤད་ལ། (བཞི་སྟེ།)ཐོབ་པ་པོ་གང་ཟག་ངོས་བཟུང་། ཐོབ་བྱའི་མངོན་ པར་རྟོགས་པ། མངོན་རྟོགས་སུ་འདུས་པའི་ཡོན་ཏན། དེ་དག་ལས་འཕྲོས་པའི་ཁྱད་པར་རོ། ། དང་པོ་ལ། གང་ཟག་རྣམ་པར་གཞག་པ་གང་ཞེ་ན། སྡེ་ཚན་བདུན་དུ་དབྱེ་བ། ནང་ཚན་དྲུག་ ཅུར་དབྱེ་བ། ཕྱེ་བ་སོ་སོའི་རང་བཞིན་། རྒྱུན་ཞུགས་གཉིས་ལ་དཔྱད་པའོ། ། དང་པོ་ནི། སྤང་བྱ་ཉོན་མོངས་པ་ཤས་ཆེ་ཆུང་ལ་སྤྱོད་པས་རབ་ཏུ་དབྱེ་བ་དང་། གཉེན་ པོ་ཐེག་པ་གང་ལ་བརྟེན་ནས་ངེས་པར་འབྱུང་བས་རབ་ཏུ་དབྱེ་བ་དང་། བསྒྲུབ་བྱ་ཚོགས་ གཉིས་ཀྱི་སྒོ་ནས་རྒྱུད་ཉེ་བར་བརྟན་པས་རབ་ཏུ་དབྱེ་བ་དང་། བདེན་པ་མངོན་པར་རྟོགས་ པ་ལ་རིམ་གྱིས་སྦྱོར་བས་རབ་ཏུ་དབྱེ་བ་དང་། ཐོབ་བྱ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུས་རབ་ ཏུ་དབྱེ་བ་དང་། རྟེན་པ་ཁམས་གསུམ་ལ་བརྟེན་ནས་གནས་ཚུལ་གྱིས་རབ་ཏུ་དབྱེ་བ་དང་། མཐར་ཐུག་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པས་རབ་ཏུ་དབྱེ་བས་ཀྱང་ཐོབ་པ་བོ་གང་ཟག་བསྡུས་ཏེ་ རྣམ་པར་གཞག་པར་བལྟའོ། ། (དྲུག་ཅུར་དབྱེ་བ།) གཉིས་པ་ནི། སྡེ་ཚན་བདུན་པོ་རིམ་པ་ལྟར་པ་འབྱེད་པའི་དང་པོ་སྤྱོད་ པས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། འཁོར་བ་ན་སྤྱོད་པའི་གང་ཟག་བདུན་ཏེ། འདོད་ཆགས་ ལ་སྤྱོད་པ་དང་། ཞེ་སྡང་ལ་སྤྱོད་པ་དང་། གཏི་མུག་ལ་སྤྱོད་པ་དང་། ང་རྒྱལ་ལ་སྤྱོད་པ་དང་། རྣམ་པར་རྟོག་པ་ལ་སྤྱོད་པ་དང་། དེ་དག་ཆ་མཉམ་པ་ལ་སྤྱོད་པ་དང་། ཉོན་མོངས་པ་ཤས་ ཆུང་བའི་གང་ཟག་གོ(༧)། གཉིས་པ་ངེས་པར་འབྱུང་བས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། མྱང་འདས་ལ་ཞུགས་ པའི་གང་ཟག་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། ཐེག་པ་ཆེན་པོའི་གང་ཟག་གོ(༡༠) ། 1-1-706 གསུམ་པ་ཉེ་བར་བརྟན་པས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། ཁྱད་པར་ཚོགས་སྦྱོར་ལ་ གནས་པའི་གང་ཟག་གསུམ་སྟེ། ཚོགས་མ་བསགས་པ་དང་། ཚོགས་བསགས་པ་ཡང་ཡིན་ ལ་མ་བསགས་པ་ཡང་ཡིན་པ་དང་། ཚོགས་བསགས་པའི་གང་ཟག་གོ(༡༣) ། བཞི་པ་སྦྱོར་བས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། ཕལ་ཆེར་སྦྱོར་ལམ་ལ་གནས་པའི་ གང་ཟག་གཉིས་ཏེ། དད་པའི་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བའི་གང་ ཟག་གོ(༡༥) ། ལྔ་པ་འབྲས་བུས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། འབྲས་བུ་བཞི་ལ་གནས་པའི་གང་ ཟག་ཉི་ཤུ་རྩ་བདུན་ཏེ། དེའང་དབང་པོ་དང་སྙོམས་འཇུག་གིས་ཕྱེ་བ་ལྔ་ནི་དད་པས་མོས་པ་ དང་། མཐོང་བས་ཐོབ་པ་དང་། ལུས་ཀྱིས་མངོན་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་ གྲོལ་བ་དང་། གཉིས་གའི་ཆ་ལས་རྣམ་པར་གྲོལ་བ་དང་། རྩ་བའི་སྐྱེས་བུ་ཟུང་བཞི་ནི་རྒྱུན་ ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ གཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་གཅིག་ཕྱིར་འོང་ བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་ དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། དགྲ་བཅོམ་པ་ དང་། འབྲས་བུ་བཞིའི་ཁྱད་པར་བཅུ་བཞི་ལ་རྒྱུན་ཞུགས་ཀྱི་ཁྱད་པར་གཉིས་ནི། དེ་ལྟར་ ཐོགས་ན་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། ཕྱིར་འོང་གི་ཁྱད་ པར་གཅིག་ནི། བར་ཆད་གཅིག་པ་དང་། ཕྱིར་མི་འོང་གི་ཁྱད་པར་ལྔ་ནི། བར་དོར་ཡོངས་སུ་ མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་ བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པ་འདུ་བྱེད་པ་དང་བཅས་པས་ ཡོངས་སུ་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དང་། དགྲ་བཅོམ་པའི་ཁྱད་པར་དྲུག་ནི་ 1-1-707 དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་དང་། བདག་གསོད་པའི་ཆོས་ཅན་དང་། རྗེས་ སུ་སྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་གཡོ་བའི་ཆོས་ཅན་དང་། རབ་ཏུ་རྟོགས་པའི་ འོས་སུ་གྱུར་པ་དང་། མི་འཁྲུགས་པའི་ཆོས་ཅན་གྱི་གང་ཟག་གོ(༤༢) ། དྲུག་པ་ཁམས་ཀྱིས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། ཁམས་གསུམ་ན་སྤྱོད་པའི་གང་ ཟག་བཅུ་གསུམ་སྟེ། དེ་ལའང་སྤྱིར་ཁམས་གསུམ་གྱི་གང་ཟག་དགུ་ནི་འདོད་པ་ན་སྤྱོད་པའི་ སོ་སོ་སྐྱེ་བོ་དང་། འཕགས་པ་སློབ་པ་དང་མི་སློབ་པའོ་ཞེས་པ་གསུམ་དང་། འདོད་པ་ན་ སྤྱོད་པ་གསུམ་ཇི་ལྟ་བར་གཟུགས་ན་སྤྱོད་པ་གསུམ་དང་། གཟུགས་མེད་པ་ན་སྤྱོད་པའང་ དེ་བཞིན་དུ་གསུམ་ཡིན་ནོ། །ཁྱད་པར་འདོད་གཟུགས་ཀྱི་གང་ཟག་བཞི་ནི་འདོད་པ་དང་ གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་གཉིས་དང་། འདོད་པ་ན་སྤྱོད་པའི་རང་སངས་ རྒྱས་དང་། དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཡང་མཛད་པ་བཅུ་གཉིས་ འདོད་ཁམས་སུ་སྟོན་པས་དེའི་གང་ཟག་གོ(༥༥) ། བདུན་པ་སྤྱད་པས་རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། ཁྱད་པར་དུ་ཐེག་པ་ཆེན་པོའི་ལམ་ ལ་གནས་པའི་གང་ཟག་ལྔ་སྟེ། མོས་པས་སྤྱོད་པ་ཅན་དང་། ལྷག་པའི་བསམ་པས་སྤྱོད་པ་ ཅན་དང་། མཚན་མ་དང་བཅས་པར་སྤྱོད་པ་ཅན་དང་། མཚན་མ་མེད་པར་སྤྱོད་པ་ཅན་དང་། མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ཅན་གྱི་བྱང་ཆུབ་སེམས་དཔའི་གང་ཟག་གོ(༦༠) ། དེ་ ལ་ངེས་པར་བྱ་བའི་དོན་དུ། སྤྱི་དོན་རྣམ་པ་ལྔ་སྟེ། བསྟན་པའི་དགོས་པ། ངོ་བོ་ངོས་བཟུང་། རྣམ་པའི་རབ་དབྱེ། སྤྱིའི་དོན་བསྡུ། གྲངས་སོགས་དཔྱད་པའོ། ། (དང་པོ།) དགོས་པ་ནི། གང་ཟག་བཏགས་པའི་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ ནོ། །མི་དམིགས་(པའི་ཕྱིར་དམིགས་པ་ནི་)ཕྱིན་ཅི་ལོག་པ་དང་། ཀུན་ནས་ཉོན་མོངས་(དང་)ཉོན་ མོངས་རྒྱུ(ཡིན་ནོ)། །ཞེས་པ་ལྟར་(རྒྱལ་པོའི་སྲས་ཀྱིས་ཀྱང་)དོན་དམ་པར་གང་ཟག་དང་བདག་དང་ 1-1-708 སེམས་ཅན་མ་གྲུབ་ཀྱང་། ཀུན་རྫོབ་ཏུ་བཏགས་ནས་བསྟན་པ་ལས་ཕན་ཡོན་བཞི་ཐོབ་པ་ སྟེ་གཟུགས་ལ་སོགས་པའི་ཆོས་མཚན་ཉིད་དང་མིང་ཐ་དད་པ་ཅན་མང་པོ་གཅིག་ཏུ་བསྡུས་ ནས་ལྷ་སྦྱིན་སོང་ཞེས་པ་ལ་སོགས་པས་བརྗོད་ན་ཐ་སྙད་བརྗོད་སླ་བ་དང་། འཇིག་རྟེན་ ནའང་ཆོས་ཙམ་གྱི་ཐ་སྙད་མ་གྲགས་ཀྱི་གང་ཟག་གི་ཐ་སྙད་གྲགས་ཤིང་འཕགས་པས་ཀྱང་ དེ་དང་མཐུན་པར་མཛད་པས་དོན་གོ་སླ་བ་དང་། གང་ཟག་མེད་ན་ལས་བྱེད་པ་དང་རྣམ་ སྨིན་མྱོང་བ་མེད་པས་རྒྱུ་འབྲས་མེད་དམ་སྙམ་པའི་སྐྲག་པ་སྤོང་བ་དང་། གང་ཟག་ཆེ་གེ་མོའི་ རྒྱུད་ལ་སྐྱོན་འདི་རྣམས་སྤངས་སོ་ཡོན་ཏན་འདི་རྣམས་ཐོབ་པོ་ཞེས་སྐྱོན་ཡོན་གྱི་སྤངས་ཐོབ་ ཤེས་པ་རྣམས་སོ། །དེ་བཞིན་དུ་འཁོར་འདས་ཀྱི་གནས་སྐབས་དང་དབྱེ་བ་དང་རྒྱུན་གྱི་བྱེ་ བྲག་རྣམས་ཤེས་པའི་དོན་དུ་ཡང་བསྟན་པ་སྟེ། ཀུན་ནས་ཉོན་མོངས་རྣམ་བྱང་བའི། །གནས་ སྐབས་གཅོད་པའི་བྱེ་བྲག་དང་། །འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང་། །གང་ཟག་གིས་ནི་ཉེ་ བར་བསྟན། །ཞེས་པ་ལྟར་རོ། ། (གཉིས་པ།) ངོ་བོ་ནི། དོན་དམ་པའི་ཚིགས་སུ་བཅད་པར། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། ། མཚན་ཉིད་འཛིན་ལ་ཆོས་ཞེས་བྱ། །འདི་ན་གང་ཡང་འཁོར་བ་མེད། །སུ་ཡང་མྱ་ངན་འདས་ པ་མེད། །ཅེས་པ་ལྟར་ཕུང་པོའི་རྒྱུན་ལ་གང་ཟག་ཅེས་བྱའོ། །དེ་ལ་ཁ་ཅིག་རྒྱུད་གསུམ་རྣམ་ པར་ངེས་པར། ཁ་ཡར་བ་དང་ཚོགས་པ་ཞེས། །བརྟགས་ན་ཕུང་པོ་ལྔ་ཡི་རྒྱུན། །གང་ཟག་མ་ ཡིན་དེ་ཡི་ཕྱིར། །ས་བོན་ཀུན་གཞི་རྣམ་ཤེས་ཀྱི། །རྒྱུན་ནི་གང་ཟག་ཡིན་པར་འདོད། །ཅེས་ པ་ལྟར་ཕུང་པོ་ཁ་ཡར་བ་གང་ཟག་ཡིན་ན་བུམ་པ་ལ་སོགས་པའང་གང་ཟག་ཏུ་འགྱུར་ཞིང་། ལྔ་ཀ་ཚོགས་པ་གང་ཟག་ཡིན་ན་གཟུགས་མེད་ན་གང་ཟག་མེད་པར་འགྱུར་བས། ཀུན་ གཞིའི་རྣམ་ཤེས་ཀྱི་རྒྱུན་ནི་གང་ཟག་ཏུ་འདོད་མོད། དེ་ལྟ་ནའང་སངས་རྒྱས་གང་ཟག་མ་ ཡིན་པར་འགྱུར་བས། ཕུང་པོ་ཟག་བཅས་ཟག་མེད་ཅི་རིགས་པའི་རྒྱུན་ལ་གང་ཟག་ཅེས་ 1-1-709 བྱའོ། ། (གསུམ་པ།) རྣམ་དབྱེ་ནི། འཕགས་བྱིས་སློབ་མི་སློབ་ཐེག་པ། །ཁམས་ལམ་སྦྱར་བ་ལྟར་ འདོད་དོ། །ཞེས་པ་ལྟར་དྲུག་ཅུ་བོ་དེ་དག་(དང་པོ།)འཕགས་པ་དང་བྱིས་པ་གང་ཡིན་དཔྱད་ དེ་ཕྱེ་ན། སྦྱོར་བས་ཕྱེའང་ཟེར་ཏེ་དཔྱད་ཞུགས་པ་དང་པོ་མ་གཏོགས་པའི་འབྲས་བུས་ཕྱེ་བ་ ཉེར་དྲུག་དང་ཁམས་གསུམ་གྱི་སློབ་མི་སློབ་དྲུག་དང་། དེ་བཞིན་གཤེགས་པ་དང་། བྱང་ སེམས་ཕྱི་མ་བཞི་སྟེ་སུམ་ཅུ་རྩ་བདུན་ནི་འཕགས་པ་ཡིན་ལ། སྤྱོད་པས་ཕྱེ་བ་དྲུག་དང་། ཉེ་ བར་བསྟན་པས་ཕྱེ་བ་གསུམ་དང་། ཁམས་གསུམ་གྱི་སོ་སོ་སྐྱེ་བོ་གསུམ་དང་། མོས་པས་ སྤྱོད་པ་ཅན་ཏེ་བཅུ་གསུམ་ནི་བྱིས་པ་ཡིན་ཞིང་། ངེས་འབྱུང་གིས་ཕྱེ་བ་གསུམ་དང་། (སྦྱོར་ བས་ཕྱེ་བའང་ཟེར་ཏེ་དཔྱད།)ཞུགས་པ་དང་པོ་དང་། འདོད་པའི་རང་རྒྱལ་དང་། ཉོན་མོངས་ པ་ཆུང་བ་ལ་སོགས་པ་ནི་གཉིས་ཀའི་ཐུན་མོང་བ་ཡིན་ནོ། ། དེ་བཞིན་དུ་(གཉིས་པ།)སློབ་པ་དང་མི་སློབ་པའི་གང་ཡིན་དཔྱད་དེ་ཕྱེ་ན་འབྲས་བུས་ ཕྱེ་བའི་ནང་ནས་ཞུགས་པ་དང་པོ་དང་། དགྲ་བཅོམ་དགུ་མ་གཏོགས་པ་ལྷག་མ་བཅུ་བདུན་ དང་། ཁམས་གསུམ་གྱི་སློབ་པ་གསུམ་དང་། འདོད་གཟུགས་ཀྱི་བྱང་ཆུབ་སེམས་དཔའ་ དང་། བྱང་སེམས་ཕྱི་མ་བཞི་ནི་སློབ་པ་ཡིན་ལ། རྣམ་གྲོལ་གཉིས་དང་། དགྲ་བཅོམ་འབྲས་ གནས་དང་། དེའི་ཁྱད་པར་དྲུག་དང་། དེ་བཞིན་གཤེགས་པ་རྣམས་ནི་མི་སློབ་པ་ཡིན་ཞིང་། སྤྱོད་པས་ཕྱེ་བ་དང་། བརྟན་པས་ཕྱེ་བ་དང་། ཁམས་གསུམ་གྱི་བྱིས་པ་དང་། མོས་པས་སྤྱོད་ པ་ཅན་ལ་སོགས་པ་ནི་སློབ་མི་སློབ་གཉིས་ཀ་མ་ཡིན་པ་དང་། (ཉོན་མོངས་པ་ཆུང་བ་དང་སྦྱོར་བས་ཕྱེ་ བ་གཉིས་དང་། ཞུགས་པ་དང་པོ་ནི་གཉིས་མིན་སྲིད་པ་ཟེར།)ངེས་འབྱུང་གིས་ཕྱེ་བ་གསུམ་དང་། འདོད་པའི་ རང་རྒྱལ་ནི་གཉིས་ཀའི་ཐུན་མོང་བ་ཡིན་ནོ། །དེ་དག་གི་སློབ་པ་ནི་འཕགས་པའི་དབང་དུ་ བྱས་པ་སྟེ། ཐར་པ་ལ་བརྩོན་པའི་དབང་དུ་བྱས་པ་ནི་དཔྱད་པས་ཤེས་སོ། ། 1-1-710 (གསུམ་པ།) ཐེག་པ་གསུམ་དང་སྦྱར་ཏེ་ཕྱེ་ན། ངེས་འབྱུང་དང་པོ་དང་། འབྲས་བུས་ཕྱེ་བ་ ཉེར་བདུན་ནི་ཉན་ཐོས་ཀྱི་ཐེག་པ་བ་དང་། ངེས་འབྱུང་བར་པ་དང་། འདོད་པའི་རང་རྒྱལ་ནི་ རང་སངས་རྒྱས་ཀྱི་ཐེག་པ་དང་། ངེས་འབྱུང་ཕྱི་མ་དང་། འདོད་གཟུགས་ཀྱི་བྱང་སེམས་དང་། དེ་བཞིན་གཤེགས་པ་དང་། སྤྱད་པས་ཕྱེ་བ་ལྔ་ནི་ཐེག་པ་ཆེན་པོ་པ་ཡིན་ཞིང་། བརྟན་པས་ཕྱེ་ བ་གསུམ་དང་། སྦྱོར་བས་ཕྱེ་བ་གཉིས་དང་། ཁམས་གསུམ་གྱི་སློབ་མི་སློབ་དྲུག་ནི་གསུམ་ ཀའི་ཐུན་མོང་བ་ཡིན་ལ། སྤྱད་པས་ཕྱེ་བ་བདུན་དང་། ཁམས་གསུམ་གྱི་བྱིས་པ་གསུམ་ལ་ནི་ ཐེག་པ་གསུམ་ཀའི་ཐུན་མོང་བ་ཡིན་མ་ཡིན་གཉིས་ཀ་ཡོད་དོ། ། (བཞི་པ།) ཁམས་གསུམ་དང་སྦྱར་ཏེ་ཕྱེ་ན། འདོད་ཁམས་པ་ནི་ཞེ་སྡང་ལ་སྤྱོད་པ་དང་། ངེས་འབྱུང་བར་པ་དང་། ཤེས་རབ་ཀྱི་རྣམ་གྲོལ་དང་། ཟུང་དང་པོ་གཉིས་དང་གསུམ་པ་ ལ་ཞུགས་པ་དང་། སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་ གཅིག་པ་དང་། དགྲ་བཅོམ་(དྲུག་གི་)དང་པོ་གསུམ་དང་། (ལྔ་པའང་ཟེར།) འདོད་པའི་སློབ་པ་ སོགས་གསུམ་དང་། དེའི་རང་རྒྱལ་དང་བྱང་སེམས་དང་དེ་བཞིན་གཤེགས་པ་རྣམས་ཡིན་ ཞིང་། གཟུགས་ཁམས་པ་(ཕྱིར་མི་འོང་གི་ཁྱད་པར་)ནི་མྱ་ངན་ལས་འདའ་བ་བཞི་དང་། གཟུགས་ ཀྱི་སློབ་པ་སོགས་གསུམ་དང་། དེའི་བྱང་སེམས་རྣམས་ཡིན་ལ། གཟུགས་མེད་ཁམས་པ་ནི་ དེའི་སློབ་པ་སོགས་གསུམ་པོ་ཉིད་ཡིན་ནོ། །འདོད་གཟུགས་ཀྱི་ཐུན་མོང་བ་ནི་བྱང་སེམས་ དབང་ཐོབ་པ་(སྤྱོད་པས་ཕྱེ་པའི་ལྔ་པ་)རྣམས་ཡིན་ཞིང་། གོང་མ་གཉིས་ཀྱི་ཐུན་མོང་པ་ནི་གོང་དུ་ འཕེལ་བ་ཡིན་ལ། ཁམས་གསུམ་ཀའི་ཐུན་མོང་བས་ནི་(གོང་མ་གཉིས་ནའང་སྲེད་པ་ཤས་ཆེ་བ་སོགས་ ཡོད་པས་)སྤྱོད་པས་ཕྱེ་བ་དྲུག་དང་། ངེས་འབྱུང་ཕྱི་མ་དང་། བརྟན་པས་ཕྱེ་བ་དང་། སྦྱོར་བས་ ཕྱེ་བ་དང་། དད་མོས་མཐོང་ཐོབ་ལ་སོགས་པ་(ལྔར་ཕྱེ་བའི་ལྷག་མ་)དང་། སྤྱད་པས་ཕྱེ་བ་རྣམས་ ཡིན་ནོ། ། 1-1-711 (ལྔ་པ།) ལམ་ལྔ་དང་སྦྱར་ཏེ་ཕྱེ་ན། ཚོགས་ལམ་པ་ནི་དང་པོའི་དྲུག་གི་ཕྱོགས་གཅིག་ ལམ་ལ་ཞུགས་པ་རྣམས་ཡིན་ཞིང་། ཚོགས་སྦྱོར་ཐུན་མོང་བ་ནི་བརྟན་པས་ཕྱེ་བ་གསུམ་དང་། མོས་པས་སྤྱོད་པ་དང་། སོ་སོ་སྐྱེ་བོ་གསུམ་གྱི་ཕྱོགས་གཅིག་ལམ་ལ་ཞུགས་པ་རྣམས་ཡིན་ ལ། སྦྱོར་བས་ཕྱེ་པ་གཉིས་ནི་ཕལ་ཆེར་སྦྱོར་ལམ་པ་ཡིན་ཡང་(ཁ་ཅིག་)མཐོང་ལམ་དང་གཉིས་ ཀའི་ཐུན་མོང་བར་ཡང་འདོད་དོ། །ཞུགས་པ་དང་བོ་ནི་སྦྱོར་མཐོང་གཉིས་ཀའི་ཐུན་མོང་བ་ ཡིན་ལ། མཐོང་ལམ་པ་ནི་རྒྱུ་ཞུགས་དང་དེའི་ཁྱད་པར་གཉིས་ཡིན་ནོ། །མཐོང་སྒོམ་གཉིས་ ཀའི་ཐུན་མོང་བ་ནི་དད་མོས་མཐོང་ཐོབ་གཉིས་དང་། ཁམས་གསུམ་གྱི་སློབ་པ་གསུམ་དང་། ལྷག་པའི་བསམ་པས་སྤྱོད་པ་དང་། མཚན་མ་དང་བཅས་པའི་ནང་ནས་ས་དང་པོ་པ་རྣམས་ ཡིན་ལ། སྒོམ་ལམ་པ་ནི་ལུས་ཀྱིས་མངོན་དུ་བྱེད་པ་དང་། ཟུང་བར་པ་གཉིས་དང་། དེ་དག་ གི་ཁྱད་པར་དྲུག་དང་། ཞུགས་པ་ཕྱི་མ་དང་། འདོད་གཟུགས་ཀྱི་བྱང་སེམས་དང་། བྱང་ སེམས་ཕྱི་མ་གསུམ་པོ་རྣམས་ཡིན་ཞིང་། མཐར་ཕྱིན་པའི་ལམ་ལ་གནས་པ་ནི་སྔར་གྱི་མི་ སློབ་པ་རྣམས་ཡིན་ནོ། །ལམ་ལྔ་ཀའི་ཐུན་མོང་པ་ནི་ངེས་འབྱུང་གིས་ཕྱེ་པ་གསུམ་དང་འདོད་ པའི་རང་རྒྱལ་ཏེ་བཞིའོ། །དོན་བསྡུ་ནི། དེ་དག་ཀྱང་ངོ་བོའི་སྒོ་ནས་ཀུན་ནས་ཉོན་མོངས་པ་ འཁོར་བ་དང་། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་གང་ཟག་ཅེས་བྱ་བ་གཉིས་སུ་འདུ་ ཞིང་། གནས་སྐབས་ཀྱི་སྒོ་ནས་ཆོས་ཀྱི་དབྱིངས་སྒྲིབ་པས་མ་དག་པ་སེམས་ཅན་དང་། སྒྲིབ་ པ་ཕྱོགས་གཅིག་གིས་དག་པ་བྱང་ཆུབ་སེམས་དཔའ་དང་། སྒྲིབ་པ་མཐའ་དག་གིས་དག་པ་ དེ་བཞིན་གཤེགས་པ་ཞེས་བྱ་བ་གསུམ་དུ་འདུ་བ་སྟེ། དབུས་མཐར། ཆོས་ཀྱི་དབྱིངས་ལ་ རྣམ་གསུམ་སྟེ། མ་དག་མ་དག་དག་པ་དང་། །རྣམ་པར་དག་པ་ཅི་རིགས་སྦྱར། །འདི་ལས་ ཇི་ལྟར་འོས་འོས་སུ། །གང་ཟག་རྣམ་པར་གཞག་པར་འདོད། །ཅེས་གསུངས་ཤིང་། རྒྱུད་བླ་ མར་ཡང་། མ་དག་མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ 1-1-712 ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། ། ལྔ་པ་(གྲངས་སོགས་དཔྱད་པ་)ནི། དྲུག་ཅུ་བོ་འདི་ཁོ་ན་ལྟར་གྲངས་དང་གོ་རིམ་ངེས་སམ་སྙམ་ ན། མདོ་འགའ་ཞིག་གི་རྗེས་སུ་འབྲངས་ནས་འདི་ལྟ་བུས་གདུལ་བྱར་བྱ་བ་དག་ལ་ཤེས་རབ་ སྐྱེད་པའི་ཆེད་དུ་བསྟན་པ་ཡིན་གྱི་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏེ། ཐམས་ཅད་ཀྱང་ བསྡུ་ན་ཁམས་གསུམ་གྱི་གང་ཟག་ཏུ་འདུ་ཞིང་། ནང་སེམས་ཀྱིས་ཕྱེ་ན་མྱ་ངན་ལས་འདའ་བ་ ལའང་མང་པོར་འགྱུར་བའི་ཕྱིར་དང་། ཉན་ཐོས་ཀྱི་སར་ཉི་ཤུ་རྩ་བརྒྱད་དུ་གསུངས་བ་དང་། ཡུམ་དང་དེའི་རྒྱན་ཉི་ཤུར་གསུངས་པ་དང་། གཞུང་གཞན་དུ་ཡང་གྲངས་གཞན་གསུངས་ ཤིང་། གོ་རིམ་ཡང་མི་འདྲ་བ་མང་པོ་གསུངས་པའི་ཕྱིར་རོ། ། (གསུམ་པ་སོ་སོའི།) རང་བཞིན་ལའང་། སྤྱོད་དང་ངེས་འབྱུང་ཉེ་བར་བརྟན་པ་དང་། །སྦྱོར་ བ་འབྲས་བུ་ཁམས་དང་སྤྱད་པས་དབྱེ། །ཞེས་པ་ལྟར་བདུན་གྱི་དང་པོ་སྤྱོད་པས་དབྱེ་བ་ནི། འདོད་ཆགས་ལ་སྤྱོད་པ་གང་ཞེ་ན། སྔོན་གོམས་པའི་དབང་གིས་ཆགས་བྱའི་དངོས་པོ་དམན་ པ་ལ་ཡང་འདོད་ཆགས་ཤས་ཆེན་པོ་འབྱུང་ཞིང་བྱུང་ནས་ཀྱང་རྒྱུན་རིང་པོར་རྗེས་སུ་འབྲེལ་ པ་ལ་སྤྱོད་པའོ། །རྣམ་པར་རྟོག་པ་ལ་སྤྱོད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །ཞེ་སྡང་ལ་ སྤྱོད་པ་ནི་ཧ་ཅང་སྡང་བར་མི་འོས་པའི་ཡུལ་ལ་ཡང་ཁོང་ཁྲོ་ཤས་ཆེན་པོ་རྒྱུན་རིང་དུ་འབྱུང་བ་ དང་། གཏི་མུག་ལ་སྤྱོད་པ་ནི་དེ་ཙམ་དུ་རྨོངས་པར་མི་འོས་པའི་ཡུལ་ལ་ཡང་རྨོངས་པ་ཤས་ ཆེན་པོ་རྒྱུན་རིང་དུ་འབྱུང་བ་དང་། ང་རྒྱལ་ལ་སྤྱོད་པ་ནི་ཁེངས་བར་མི་འོས་པའི་ཆོས་ལ་ བརྟེན་ནས་ཀྱང་ཁེངས་པ་ཤས་ཆེན་པོ་རྒྱུན་རིང་དུ་འབྱུང་བ་དང་། རྣམ་པར་རྟོག་པ་ལ་སྤྱོད་ པ་ནི་འབྲོ་བར་མི་འོས་པའི་ཡུལ་ལ་ཡང་རྣམ་པར་རྟོག་པ་ཤས་ཆེན་པོ་འཕྲོ་ཞིང་རྒྱུན་རིང་ བོར་རྗེས་སུ་འབྲེལ་བ་ལ་སྤྱོད་པའོ། །ཆ་མཉམ་པ་ལ་སྤྱོད་པ་གང་ཞེ་ན། སྔོན་སྤང་གཉེན་ གཉིས་ཀ་ལ་མ་གོམས་པ་ཤས་ཆེ་ཆུང་གཉིས་ཀའི་མཐའ་སྤངས་ཏེ་ཡུལ་རྐྱེན་དང་འཚམ་པར་ 1-1-713 ཉོན་མོངས་པ་འབྱུང་བས་འོས་ཤིང་ཆ་མཉམ་པའམ་རང་བཞིན་དུ་གནས་པ་ལ་སྤྱོད་པའོ། ། ཉོན་མོངས་པ་ཆུང་བ་གང་ཞེ་ན། སྔོན་གཉེན་པོ་གོམས་པའི་དབང་གིས་ཡུལ་ཤས་ཆེན་པོ་ ལ་ཡང་ཉོན་མོངས་པ་ཆུང་ངུ་ལས་མི་འབྱུང་ཞིང་། འབྲིང་དང་ཆུང་ངུ་ལ་གཏན་ནས་མི་འབྱུང་ བས་ཤིན་ཏུ་སྲབ་པའི་རང་བཞིན་དུ་གནས་པའོ། ། (གཉིས་པ།) ངེས་འབྱུང་གིས་དབྱེ་བ་གསུམ་གའང་། རིགས་དང་དབང་པོ་སྨོན་ལམ་ བསམ་པ་དང་། དམིགས་པ་སྒྲུབ་པ་འབྲས་བུའི་ཁྱད་པར་ཏེ། བདུན་བདུན་གྱིས་འཆད་པ་ལ། དང་པོ་ཉན་ཐོས་ཀྱི་ཐེག་པ་པ་གང་ཞེ་ན། དམ་ཆོས་པདྨ་དཀར་པོར། མགོན་པོ་དེ་རིང་བདག་ ཅག་ཉན་ཐོས་གྱུར། །བྱང་ཆུབ་མཆོག་གི་སྒྲ་ཡང་བསྒྲག་པར་བགྱི། །ཞེས་པ་ལྟར། སྲིད་པ་ ཐ་མ་བའི་དུས་སུ་ཡང་གཞན་ལས་ཉན་པར་བྱེད་པའམ་ཐོས་པ་ཙམ་སྒྲོགས་པའི་དོན་གྱིས་ ན་ཉན་ཐོས་ཞེས་བྱ་སྟེ། རིགས་ཀྱི་ཁྱད་པར་ནི་རྐྱེན་གཞན་གྱིས་མི་ཕྲོགས་པར་ཉན་ཐོས་ ཀྱི་བྱང་ཆུབ་ཏུ་ཅིས་ཀྱང་འགྱུར་བ་དེའི་ཆོས་ཉིད་དུ་ངེས་པའམ། (དྲོད་རྩེ་)གཉིས་སློབ་རིགས་ ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་(ལ་)གཞན་(རང་རྒྱལ་དུ་)གསུམ་(པ་བཟོད་པ་བ་)ཡང་ (འགྱུར)། །ཞེས་འདོད་ཀྱང་། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་(བ་འཕགས་ པ་)དང་མ་མཐོང་བ(བྱིས་པ)འོ། །ཞེས་པ་ལྟར་རྐྱེན་གྱི་དབང་གིས་བྱང་ཆུབ་གཞན་དུའང་ འགྱུར་སྲིད་པ་མ་ངེས་པ་ལ་གནས་པ་དང་། དབང་པོའི་ཁྱད་པར་ནི་ནང་ཚན་ལ་ལྟོས་ནས་ ཆོས་ཀྱི་རྗེས་འབྲང་ལ་སོགས་པའི་དབང་པོ་རྣོན་པོ་ཡོད་ཀྱང་། ཐེག་པ་ཕྱི་མ་གཉིས་ལ་ལྟོས་ ཏེ་རང་བཞིན་ནམ། ངོ་བོ་ཉིད་ཀྱིས་ཤེས་རབ་ལ་སོགས་པའི་དབང་པོ་ལྔ་བརྟུལ་བར་འགྱུར་ བ་དང་། སྨོན་པའི་ཁྱད་པར་ནི། བདག་ཉིད་གཅིག་པོ་འཁོར་བའི་སྡུག་བསྔལ་ལས་རྣམ་པར་ ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་ཅིང་སེམས་བསྐྱེད་པ་དང་། བསམ་པའི་ཁྱད་པར་ ནི་སྡུག་བསྔལ་ལས་ཡིད་འབྱུང་བ་དང་ཀུན་འབྱུང་ལ་འདོད་ཆགས་དང་བྲལ་བ་དང་། རྣམ་ 1-1-714 པར་གྲོལ་བ་འགོག་པ་ཐོབ་པར་བྱ་བའི་ཕྱིར་ལམ་སྒོམ་པར་འདོད་པའི་དད་མོས་ཀྱི་བསམ་ པ་ཅན་དང་། དམིགས་པའི་ཁྱད་པར་ནི་ཉན་ཐོས་ཀྱི་ཆེད་དུ་གསུངས་པའི་སྡེ་སྣོད་གསུམ་ལ་ དམིགས་ནས། །སྒྲུབ་པའི་ཁྱད་པར་ནི་ཆོས་མྱ་ངན་ལས་འདས་པ་ཉིད་ཀྱི་རྗེས་སུ་མཐུན་པའི་ ཆོས་ལམ་ཐོས་བསམ་སྒོམ་གསུམ་གྱིས་སྒྲུབ་ཅིང་། འབྲས་བུའི་ཁྱད་པར་ནི་ལྷག་བཅས་ཀྱི་ མྱང་འདས་སམ། མདོ་ལས། ལུས་ཞིག་ཚོར་བ་བསིལ་བར་གྱུར། །འདུ་ཤེས་འགག་ཅིང་འདུ་ བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་པ་ལྟར་ སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་ཟད་ཅིང་མཐར་ཕྱིན་པ་ལྷག་མེད་ཀྱི་མྱང་འདས་ཐོབ་པའོ། ། གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཞེ་ན། དབུ་མ་རྩ་བར། རྫོགས་སངས་རྒྱས་ རྣམས་མ་བྱོན་ཞིང་། ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་ པ་མེད་ལས་རབ་ཏུ་སྐྱེ། །ཞེས་པ་ལྟར་གཞན་གྱི་སྒྲ་ལ་མ་བརྟེན་པར་རང་ཉིད་སོ་སོ་གཅིག་ པོར་བྱང་ཆུབ་པ་སྟེ། རིགས་ནི་བསེ་རུ་ལྟ་བུ་རང་བྱང་ཆུབ་ཏུ་ཅིས་ཀྱང་འགྱུར་བ་རང་སངས་ རྒྱས་ཀྱི་ཆོས་ཉིད་དུ་ངེས་པའམ། ཚོགས་སྤྱོད་པ་བྱང་ཆུབ་གཞན་དུའང་འགྱུར་སྲིད་པ་མ་ངེས་ པ་ལ་གནས་པ་དང་། ཞེས་པ་སྟེ། དེ་དག་ནི་ཉོན་མོངས་པ་ཆུང་བས་འདུ་འཛི་ལ་མི་འཇུག་ ཅིང་གཅིག་པུ་དབེན་པ་ལ་དགའ་བ་དང་། སྙིང་རྗེ་ཆུང་བས་གཞན་དོན་དུ་ཆོས་སྟོན་པ་ལ་ མི་འཇུག་ཅིང་སེམས་ལས་ཆུང་ངུར་གནས་པ་དང་། ང་རྒྱལ་ཆེ་བས་སློབ་དཔོན་དང་འགྲན་ ཟླ་མེད་པར་བྱང་ཆུབ་ཐོབ་པའི་རིགས་ཅན་ནོ། །དབང་པོ་ནི་ནང་ཚན་ལ་རྣོ་རྟུལ་ཡོད་ཀྱང་ གོང་འོག་གཉིས་ལ་ལྟོས་ཏེ་རང་བཞིན་གྱིས་ཤེས་རབ་ལ་སོགས་པའི་དབང་པོ་ལྔ་འབྲིང་ པོར་གྱུར་པ་དང་། སྨོན་པ་ནི་བདག་ཉིད་གཅིག་པུ་འཁོར་བ་ལས་རྣམ་པར་ཐར་པར་བྱ་བའི་ ཕྱིར་སྨོན་ལམ་བཏབ་ཅིང་སེམས་བསྐྱེད་པ་དང་། བསམ་པ་ནི། ཐུན་མོང་དུ། སྡུག་བསྔལ་ ལས་ཡིད་འབྱུང་བ་དང་། ཀུན་འབྱུང་ལ་འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་ 1-1-715 འགོག་པ་ཐོབ་པར་བྱ་བའི་ཕྱིར་ལམ་སྒོམ་པར་འདོད་པའི་བསམ་པ་ཅན་དང་། ཁྱད་པར་ དུ་འདྲེན་པ་གཞན་ལ་མི་ལྟོས་པར་བདག་ཉིད་འབའ་ཞིག་མངོན་པར་རྫོགས་པར་བྱང་ཆུབ་ པར་བྱ་བའི་དད་མོས་ཀྱི་བསམ་པ་ཅན་དང་། དམིགས་པ་ནི་འདི་ལ་དངོས་སུ་གསུངས་པའི་ སྡེ་སྣོད་ལ་སོགས་པ་མེད་ཅིང་ལམ་གྱི་དམིགས་རྣམ་འདྲ་བས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་ དམིགས་ནས་སྒྲུབ་པ་ནི་ཐུན་མོང་དུ་ཆོས་མྱང་འདས་ཀྱི་རྗེས་སུ་མཐུན་པའི་ཆོས་དེའི་ལམ་ སྒྲུབ་ཅིང་ཉམས་སུ་ལེན་པ་དང་། ཁྱད་པར་དུ། དབང་པོ་རྣོན་པོ་བསེ་རུ་ལྟ་བུ་ནི། །བསེ་རུ་ བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་པ་ལྟར་ཚོགས་བསགས་ནས་རྒྱུད་སྨིན་པར་བྱེད་ཅིང་བདེན་ པ་དང་བཅས་པའི་གནས་དྲུག་ལ་མཁས་པར་བྱས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་ པའི་སྦྱོར་ལམ་ཡན་ཆད་རང་གིས་མངོན་དུ་བྱ་བར་ནུས་པས་སྔོན་སློབ་དཔོན་ལ་ལྟོས་ནས་ མ་སྐྱེས་པའམ། དབང་པོའི་འབྲིང་པོ་ཚོགས་སྤྱོད་ཆེན་པོ་ལ་ནི་ཚོགས་ཀྱང་ཅི་རིགས་པར་ སོག་ཅིང་གནས་དྲུག་ལ་མཁས་པར་བྱས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མན་ ཆད་སྔོན་སློབ་དཔོན་གྱི་དྲུང་དུ་བསྐྱེད་པ་ཡིན་ལ། མཐོང་ལམ་ཡན་ཆད་རང་གིས་མངོན་དུ་ བྱ་བར་ནུས་པས་སྔོན་སློབ་དཔོན་ལ་ལྟོས་ནས་དགེ་སྦྱོང་གི་འབྲས་བུ་མ་ཐོབ་པའམ། དབང་ པོ་རྟུལ་བོ་ཚོགས་སྤྱོད་ཆུང་ངུ་བ་ནི་ཚོགས་ཀྱང་སྔ་མ་དག་ལས་ཉུང་བར་སོག་ཅིང་གནས་དྲུག་ ལ་མཁས་པར་བྱས་ཏེ། སྔོན་སློབ་དཔོན་ལ་ལྟོས་ནས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་མཐོང་ ལམ་ལ་སོགས་པ་ཐོབ་པ་ཡང་རུང་། གསུམ་ཀའང་སྨོན་ལམ་གྱི་དབང་གིས་སངས་རྒྱས་ འབྱུང་བ་མེད་པའི་ཞིང་ཁམས་སྟོང་པར་སྐྱེས་ཏེ་གཞན་གྱི་སྒྲ་ལ་མ་ལྟོས་པར་བདག་ཉིད་ཀྱིས་ རང་རང་གི་ལམ་ལྷག་མ་རྣམས་མངོན་དུ་བྱས་ནས་ཞེས་པའོ། །འབྲས་བུ་ནི་དབང་པོ་རྣོན་པོ་ བསེ་རུ་ལྟ་བུར་ཟླ་མེད་པར་གྱུར་ཏེ་གཅིག་པུར་གནས་པས་རང་བྱང་ཆུབ་ཐོབ་པའམ། ཕྱི་མ་ དག་ཀྱང་སྡིག་པའི་ཆོས་ལས་རང་རྒྱལ་བར་གྱུར་ཏེ་ཚོགས་དང་ལྷན་ཅིག་སྤྱོད་པས་གང་སྡུག་ 1-1-716 བསྔལ་གྱི་དངོས་པོ་ཟད་ཅིང་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་པ་སྟེ། (དབུ་མ་སྙིང་ པོར།)དང་པོ་གཅིག་པུར་གནས་པ་སྟེ། །(རྟེན་འབྲེལ།)ཟབ་མོ་ལ་ནི་རྟོག་པ་ཡི། །མོས་པ་དང་ལྡན་ ལྷག་མ་གཉིས། །ཚོགས་དང་ལྷན་ཅིག་གནས་པ་ཡིན། །ཞེས་པ་ལྟ་བུའོ། །ས་སྡེར། གསུམ་ གས་ཀྱང་ཉན་ཐོས་དང་འདྲ་བར་གང་ཟག་གི་བདག་མེད་ཙམ་རྟོགས་པར་བཤད་ལ། ཡུམ་ གྱི་རྒྱན་དུ། བསེ་རུ་ལྟ་བུའི་ཆོས་ཀྱི་བདག་གི་ཕྱོགས་གཅིག་གཟུང་བ་མེད་པའང་རྟོགས་པར་ གསུངས་ཏེ། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་ བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་པའོ། །ཐམས་ཅད་ཀྱང་རྟེན་ འབྲེལ་ཟབ་མོ་དང་རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་ཅིང་། གཞན་མ་དད་པ་བཟློག་པའི་ཆེད་ དུ་རྫུ་འཕྲུལ་ཡང་ཇི་རིགས་པར་སྟོན་ལ། ཞི་བ་དང་དུལ་བས་བསོད་སྙོམས་ལ་འཇུག་པས་ ན་སྒྲ་མེད་པར་ལུས་ཀྱི་སྒོ་ནས་ཆོས་སྟོན་པར་ཡང་བྱེད་དེ། གང་གང་དོན་ནི་གང་གང་ལ། །ཇི་ ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས་པ་ ལྟར་རོ། ། གསུམ་པ་ཐེག་པ་ཆེན་པོ་པ་གང་ཞེ་ན། ཡུམ་དུ། གཏོང་བ་ཆེ་བ་དང་བློ་ཆེ་བ་དང་མཐུ་ ཆེ་དང་། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང་། །གོ་ཆ་ཆེན་པོ་བགོས་ཤིང་ བདུད་ཀྱི་སྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད། །ཅེས་གསུངས་ པའི་ཡོན་ཏན་རྣམས་དང་ལྡན་པ་སྟེ། (ཡུམ་གྱི་རྒྱན་དུ།)རིགས་ནི་དབང་པོ་རྣོན་པོ་སྦྱོར་ལམ་ དང་། འབྲིང་པོ་མཐོང་ལམ་དང་། ཤིན་ཏུ་རྟུལ་ཡང་སྒོམ་ལམ་ས་བརྒྱད་པ་ནས་རྫོགས་པའི་ བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཐོབ་(ཅེས་དང་བསྡུ་བར་ས་ཐོབ་ནས་རིགས་ངེས་ཞེས་)པ་བྱང་ཆུབ་སེམས་ དཔའི་ཆོས་ཉིད་རིགས་ངེས་པ་ལ་གནས་པའམ། (དཔའ་བོས་ཕར་ཕྱིན་བསྡུས་པར།)ཡིད་ནི་མཆོག་ཏུ་ གཡོ་བས་ལྡོག །དེ་ཕྱིར་དེ་ལ་དབུགས་མ་ཕྱུང་། །ས་བཞིན་གཡོ་མེད་མ་ཐོབ་པར། །བརྟན་ 1-1-717 མེད་མི་གཡོའི་ས་རྟོགས་དཀའ། །ཞེས་པ་ལྟར། སྔར་བཤད་པ་དེ་དག་གི་སྔ་རོལ་དུ་རེ་ཞིག་ ཕྱིར་སྲིད་པ་རིགས་མ་ངེས་པ་ལ་གནས་པ་དང་། (བསྡུ་བར། དེ་དག་ཀྱང་མཐར་ཐུག་ཐེག་དམན་གྱིས་འདའ་ མི་སྲིད་པར་ཡང་གསུངས་སོ། །) དབང་པོ་ནི། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་ པོས་རྟོགས་དཀར་བཞེད། །ཅེས་པ་ལྟར་ནང་ཚན་ལ་རྣོ་རྟུལ་ཡོད་ཀྱང་འོག་མ་གཉིས་ལ་ལྟོས་ ནས་རང་བཞིན་གྱིས་ཤེས་རབ་ལ་སོགས་པའི་དབང་པོ་ལྔ་རྣོ་བར་གྱུར་པ་དང་། སྨོན་པ་ནི་ སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་སྨོན་ ལམ་བཏབ་ཅིང་སེམས་བསྐྱེད་པ་སྟེ། ངོ་བོ་ནི། (ཡུམ་གྱི་རྒྱན་དུ།)སེམས་བསྐྱེད་པ་ནི་གཞན་དོན་ ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་ཡིན་ལ། ཁྱད་པར་ནི། (དེ་ཁོ་ན་ཉིད་ ལ་འཇུག་པར།)དེ་ལ་དང་པོ་མགོན་པོ་ཡིས། །དོན་གཉེར་རྣམ་པར་ཡང་དག་བཤད། །གཉིས་པ་ སྦྱིན་པ་ལ་སོགས་ལ། །འཇུག་པའི་རྣམ་པར་རབ་ཏུ་བསྒྲགས། །ཞེས་པ་ལྟར་སྨོན་པ་སེམས་ བསྐྱེད་དང་། འཇུག་པ་སེམས་བསྐྱེད་གཉིས་སུ་འབྱེད་པ་ལ་སོགས་བའོ། །བསམ་པ་ནི། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་པ་ལྟར་ཤེས་རབ་ སྟོང་ཉིད་རྟོགས་པས་སྲིད་པའི་མཐའ་ལ་མི་གནས་ཤིང་། ཐབས་སྙིང་རྗེ་ཆེན་པོས་ཞི་བའི་ མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་བསམ་ པ་ཅན་དང་། དམིགས་པ་ནི་བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་བུ་རྣམས་གསལ་བར་ སྟོན་པའི་སྡེ་སྣོད་ཤིན་ཏུ་རྒྱས་པ་ལ་དམིགས་ནས། སྒྲུབ་པ་ནི། ཐུན་མོང་དུ་ཆོས་མི་གནས་ པའི་མྱང་འདས་ཀྱི་རྗེས་སུ་མཐུན་པའི་ཆོས་ཐེག་ཆེན་གྱི་ལམ་ཟབ་མོ་སྒྲུབ་ཅིང་ཉམས་སུ་ ལེན་པ་དང་། ཁྱད་པར་དུ། (རྒྱན་དུ།)ཇི་ལྟར་རྨ་དང་ཟས་ལ་དེ་དག་གི། །གཟག་དང་སྤྱོད་དུ་ རུང་བས་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །ཡོངས་སུ་དཔྱད་ པ་སྨིན་པ་ཉིད་དུ་འདོད། །ཅེས་པ་ལྟར་སྤང་བྱ་སྤང་རུང་དང་གཉེན་པོ་སྐྱེ་རུང་དུ་བྱས་ནས་ 1-1-718 སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། །(དྲི་མ་མེད་པར་གྲགས་པས་ཞུས་པའི་མདོར།)སངས་ རྒྱས་ཀྱི་ཞིང་སྦྱོང་བར་འདོད་པས་རང་གི་སེམས་སྤྱང་པར་བྱའོ་ཞེས་པ་ལྟར་རང་ཇི་ལྟར་ འདོད་པའི་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་བར་བྱེད་ལ། (རྒྱན་དུ།)གང་ཟག་དུས་ཀྱི་བྱེ་ བྲག་གིས། །བློ་ལྡན་ལུང་སྟོན་རྣམ་པ་གཉིས། །བྱང་ཆུབ་དང་ནི་ལུང་སྟོན་པ། གཞན་ཡང་ ཆེན་པོར་བརྗོད་པ་ནི། །ཞེས་པ་ལྟར་གང་ཟག་གི་ཁྱད་པར་གྱིས་(རིགས་ངེས་པ་)མངོན་སུམ་དུ་ ལུང་སྟོན་པ་དང་(ལེ་ལོ་ཅན་)གསང་སྟེ་ལུང་སྟོན་པ་དང་། དུས་ཀྱི་ཁྱད་པར་ཚད་ཡོད་པ་དང་ མེད་པར་ལུང་སྟོན་པ་དང་། བྱང་ཆུབ་ཏུ་དངོས་སུ་ལུང་སྟོན་པ་དང་། གཞན་གྱིས་ལུང་སྟོན་ འགྱུར་དུ་ལུང་སྟོན་པ་དང་། ས་བརྒྱད་པར་མི་སྐྱེ་བའི་བཟོད་པ་ཐོབ་ནས་སྲིད་ཞིའི་མཐར་མི་ ལྟུང་བར་ཤེས་པ་ན་ཆེན་པོར་བརྗོད་པའི་ལུང་བསྟན་པ་ཡང་ཐོབ་ཅིང་འབྲས་བུ་ནི་གང་བླ་ ན་མེད་ཅིང་གོང་ན་གཞན་མེད་པ་ཡང་དག་པ་ཕྱིན་ཅི་མ་ལོག་པར་སྤང་རྟོགས་མཐའ་དག་ ཡོངས་སུ་རྫོགས་པའི་བྱང་ཆུབ་ཆེན་པོ་ཉིད་དུ་ཤེས་བྱ་ཐམས་ཅད་མངོན་སུམ་པར་རྟོགས་ པའི་སྒོ་ནས་རྫོགས་པར་འཚང་རྒྱའོ། ། (གསུམ་པ།) བརྟན་པས་དབྱེ་བ་ལ་གསུམ་ལས། (དང་པོ།)ཚོགས་ལམ་ལ་སྦྱར་བའང་། ཚོགས་མ་བསགས་པ་གང་ཞེ་ན། གང་བདེན་པ་བཞིའི་དབང་དུ་བྱས་ཏེ་བསྟན་པའི་ཆོས་ རྣམས་ལ་དམིགས་ནས་ཇི་ལྟར་ངེས་པ་བཞིན་འཛིན་པའི་མོས་པ་དང་། ཡིད་ཆེས་པ་ལ་ སོགས་པའི་དད་པ་ཆུང་ངུ་དང་ལྡན་པའི་གང་ཟག་སྟེ། དེ་ཡང་ཚོགས་ལམ་ཐར་བའི་ཆ་དང་ མཐུན་པ་ཆུང་ངུ་ལ་གནས་ཤིང་སྦྱོར་ལམ་སྐྱེ་བ་ལ་ཚེ་རབས་ཀྱི་དུས་ངེས་པ་མེད་པ་དང་ ལྡན་པའོ། །དེའང་ཕྱི་མ་དག་ལ་ལྟོས་ནས་ཚོགས་མ་བསགས་པ་ཞེས་བྱའི་གཏན་ནས་མ་ བསགས་པ་ནི་མ་ཡིན་ནོ། །སྔ་ཕྱི་གཉིས་ཀ་ལ་ལྟོས་ནས་ཚོགས་བསགས་པ་ཡང་ཡིན་ལ་མ་ བསགས་པ་ཡང་ཡིན་པ་གང་ཞེ་ན། གང་བདེན་པ་བཞིའི་དབང་དུ་བྱས་ཏེ་བསྟན་པའི་ཆོས་ 1-1-719 རྣམས་ལ་དམིགས་ནས་ངེས་པ་བཞིན་འཛིན་པའི་མོས་པ་དང་། ཡིད་ཆེས་པ་ལ་སོགས་པའི་ དད་པ་བར་མ་དང་ལྡན་པའི་གང་ཟག་སྟེ། དེ་ཡང་ཚོགས་ལམ་ཐར་པའི་ཆ་དང་མཐུན་པ་ འབྲིང་པོ་ལ་གནས་ཤིང་། སྦྱོར་ལམ་ཚེ་རབས་ཕྱི་མ་ཕན་ཆད་ཀྱི་འདི་ཙམ་ལ་སྐྱེའོ་ཞེས་པའི་ དུས་ངེས་པ་དང་ལྡན་པའོ། །སྔ་མ་དག་ལ་ལྟོས་ནས་ཚོགས་བསགས་པའི་གང་ཟག་གང་ཞེ་ ན། གང་བདེན་པ་བཞིའི་དབང་དུ་བྱས་ཏེ་བསྟན་པའི་ཆོས་རྣམས་ལ་དམིགས་ནས་ངེས་པ་ བཞིན་འཛིན་པའི་མོས་པ་དང་ཡིད་ཆེས་ལ་སོགས་པའི་དད་པ་ཆེན་པོ་དང་ལྡན་པའི་གང་ ཟག་སྟེ། དེ་ཡང་ཚོགས་ལམ་ཐར་པའི་ཆ་དང་མཐུན་པ་ཆེན་པོ་ལ་གནས་ཤིང་། སྦྱོར་ལམ་ ཚེ་རབས་དེ་ཉིད་ཀྱི་དུས་ཅན་ལ་སྐྱེ་བར་ངེས་པ་དང་ལྡན་པའོ། །(འཕགས་པ་གྲོལ་སྡེས།)དེ་དག་གི་ ཐར་བ་ནི་བྲལ་བའི་ཁྱད་པར་ཡིན་ལ། དེའི་ཆ་ལ་ཕན་འདོགས་པས་ན་ཆ་དང་མཐུན་པ་ཞེས་ གསུངས་སོ། །དེ་ལྟར་ན་ཚོགས་ལམ་ན་དད་པ་གཙོ་ཆེ་ཞིང་། སྦྱོར་ལམ་དུ་ནི་ཤེས་རབ་གཙོ་ ཆེ་ལ་གཉིས་ཀ་ནའང་གཉིས་ཀ་ཡོད་དེ། དེ་དག་གི་ཆུང་ངུ་ལ་སོགས་པའི་ཁྱད་པར་ནི་མི་ མཐུན་ཕྱོགས་ཆུང་ངུས་ཉམས་སྲིད་པ་ཆུང་ངུ་དང་། (ཆུང་འབྲིང་གིས་མི་ཉམས་ལ།)ཆེན་པོས་ཉམས་ སྲིད་པ་འབྲིང་པོ་དང་། གང་གིས་ཀྱང་མི་ཉམས་པ་ནི་ཆེན་པོ་ཞེས་བྱའོ། ། (གཉིས་པ།) སྦྱོར་ལམ་ལ་སྦྱར་བ་ལ། ཡང་ཕྱི་མ་དག་ལ་ལྟོས་ནས་ཚོགས་མ་བསགས་པ་ ནི་བདེན་པ་བཞིའི་དབང་དུ་བྱས་ཏེ་བསྟན་པའི་ཆོས་ལ་དམིགས་ནས། བདེན་པ་རྣམས་ལ་ ཆོས་ཀྱི་རང་བཞིན་ངེས་པར་སེམས་ཤིང་རྣམ་པར་འབྱེད་པའི་ཤེས་རབ་ཆོས་ཟབ་མོ་ལ་མི་ སྐྲག་པའི་བཟོད་པ་ཆུང་ངུ་དང་ལྡན་པའི་གང་ཟག་སྟེ། དེ་ཡང་སྦྱོར་ལམ་ངེས་པར་འབྱེད་པའི་ ཆ་དང་མཐུན་པ་ཆུང་ངུ་ལ་གནས་ཤིང་། མཐོང་ལམ་སྐྱེ་བ་ལ་ཚེ་རབས་ཀྱི་དུས་ངེས་པ་མེད་ པ་དང་ལྡན་པའོ། །སྔ་ཕྱི་གཉིས་ལ་ལྟོས་ནས་ཚོགས་བསགས་པ་ཡང་ཡིན་ལ་མ་བསགས་པ་ ཡང་ཡིན་པ་ནི་བདེན་པ་བཞིའི་དབང་དུ་བྱས་ཏེ་བསྟན་པའི་ཆོས་ལ་དམིགས་ནས། བདེན་ 1-1-720 པ་རྣམས་ལ་ཆོས་ཀྱི་རང་བཞིན་ངེས་པར་སེམས་ཤིང་རྣམ་པར་འབྱེད་པའི་བཟོད་པ་འབྲིང་ པོ་དང་ལྡན་པའི་གང་ཟག་སྟེ། དེ་ཡང་སྦྱོར་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྲིང་ བོ་ལ་གནས་ཤིང་། མཐོང་ལམ་ཚེ་རབས་ཕྱི་མ་ཕན་ཆད་ཀྱི་འདི་ཙམ་ལ་སྐྱེའོ་ཞེས་པའི་ དུས་ངེས་པ་དང་ལྡན་པའོ། །སྔ་མ་དག་ལ་ལྟོས་ནས་ཚོགས་བསགས་པ་ནི་བདེན་པ་བཞིའི་ དབང་དུ་བྱས་ཏེ་བསྟན་པའི་ཆོས་ལ་དམིགས་ནས། བདེན་པ་རྣམས་ལ་ཆོས་ཀྱི་རང་བཞིན་ ངེས་པར་སེམས་ཤིང་རྣམ་པར་འབྱེད་པའི་བཟོད་པ་ཆེན་པོ་དང་ལྡན་པའི་གང་ཟག་སྟེ། དེ་ ཡང་འཇིག་རྟེན་པའི་ཆོས་ཀྱི་མཆོག་མ་གཏོགས་པར་སྦྱོར་ལམ་ངེས་པར་འབྱེད་པའི་ཆ་དང་ མཐུན་པ་ཆེན་པོ་ལ་གནས་ཤིང་། མཐོང་ལམ་ཚེ་རབས་དེ་ཉིད་ཀྱི་དུས་ཅན་ལ་སྐྱེ་བར་ངེས་ པ་དང་ལྡན་པའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་མི་གཏོགས་པའི་རྒྱུ་མཚན་ནི། ཇི་ལྟར་ བཟོད་ཆེན་སྐད་ཅིག་མ། །གཅིག་ཡིན་དེ་བཞིན་ཆོས་ཀྱི་མཆོག །ཅེས་པ་ལྟར་དེ་ལ་རྒྱུན་མེད་ པས་རང་བཞིན་གྱིས་སྐད་ཅིག་པ་སྟེ། སྐད་ཅིག་གཉིས་པར་མཐོང་ལམ་སྐྱེ་བས་ཚེ་རབས་དེ་ ཉིད་ཀྱི་དུས་ཅན་ཁོ་ན་ངེས་པའི་ཕྱིར་དཔྱད་མི་དགོས་ཞེས་པའོ། །དེའང་ཐུན་མོང་བའི་དབང་ དུ་བྱས་པ་སྟེ། ཡུམ་གྱི་རྒྱན་དུ་ནི། དེ་དག་ལའང་རྒྱུན་ཡོད་པར་གསུངས་སོ། །དེ་རྣམས་ ཀྱིའང་ངེས་པར་བྱེད་པ་དངོས་ནི་མཐོང་ལམ་ཡིན་ལ། དེའི་ཆ་ལ་ཕན་འདོགས་ཆ་མཐུན་པ་ ཞེས་ཀྱང་བྱའོ། ། (གསུམ་པ།) ཉམས་མི་ཉམས་དཔྱད་པ་ནི། ཚོགས་ལམ་ཐར་བའི་ཆ་དང་མཐུན་པ་དང་། སྦྱོར་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཆེན་པོ་དག་ནི་ལམ་ཕྱི་མ་སྐྱེད་པ་ལ་ནུས་ པ་བརྟས་པའི་ཕྱིར་ཉམས་པ་མི་སྲིད་ལ། ཆུང་ངུ་དང་འབྲིང་རྣམས་ལས་རེ་ཞིག་ཡོངས་སུ་ ཉམས་པ་དེ་དག་ནི་ཀུན་ཏུ་འབྱུང་བ་མངོན་གྱུར་ཡོངས་སུ་ཉམས་པར་ཟད་ཀྱི། བག་ཆགས་ ས་བོན་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པར་འཇོག་པ་ནི་མ་ཡིན་ཏེ། ཐར་བའི་ཆེད་དུ་ 1-1-721 དགེ་བའི་ས་བོན་སྔར་བསྐྱེད་ཟིན་པ་ཡང་བསྐྱེད་མི་དགོས་པའི་ཕྱིར་རོ། །ཐར་བ་ཆ་མཐུན་ ཆུང་ངུ་ལ་དགོངས་ནས་ཀྱང་བཅོམ་ལྡན་འདས་ཀྱིས། (མཛོད་དུ། རྣམ་པར་ཉམས་ན་སྔོན་མེད་ཐོབ་ཟེར་ ཡང་འདིར།)འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོངས་གྱུར་པ། །དེ་ནི་ཚེ་རབས་ སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་ཏེ། ཡང་དག་པའི་ལྟ་བ་ནི་ ལས་འབྲས་ལ་དང་པ་དང་མཚུངས་ལྡན་གྱི་ཤེས་རབ་ཡིན་ནོ། ། (བཞི་པ།) སྦྱོར་བས་དབྱེ་བ་ལ། དད་པའི་རྗེས་སུ་འབྲང་བ་གང་ཞེ་ན། གང་ཟག་གང་ ཚོགས་ལམ་དུ་ཚོགས་བསགས་པ་ཕྱི་མ་ལ་ལྟོས་ཏེ་ཤེས་རབ་ལ་སོགས་པའི་དབང་པོ་ལྔ་ རྟུལ་པོ་ཕ་རོལ་སློབ་དཔོན་གྱིས་གདམས་པ་བསྟན་པའི་རྗེས་སུ་འབྲངས་ནས་བདེན་པ་བཞི་ མངོན་སུམ་པར་རྟོགས་པའི་མཐོང་ལམ་ཐོབ་པར་བྱ་བའི་ཕྱིར་སྦྱོར་བའི་ལམ་སྒོམ་པའོ། ། ཆོས་ཀྱི་རྗེས་སུ་འབྲང་བ་གང་ཞེ་ན། གང་ཚོགས་ལམ་དུ་ཚོགས་བསགས་པ་སྔ་མ་ལ་ལྟོས་ ཏེ་ཤེས་རབ་ལ་སོགས་པའི་དབང་པོ་ལྔ་རྣོན་པོ། གཞན་གྱི་ལུང་ལ་མི་ལྟོས་པར་བདག་ཉིད་ ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་གསུང་རབ་ཀྱི་དོན་ཤེས་རབ་ཀྱིས་རྟོགས་པའི་རྗེས་ སུ་འབྲངས་ནས། བདེན་པ་བཞི་མངོན་སུམ་པར་རྟོགས་པའི་མཐོང་ལམ་ཐོབ་པར་བྱ་བའི་ ཕྱིར་སྦྱོར་བའི་ལམ་སྒོམ་པའོ། །(ཡེ་ཤེས་བཤེས་གཉེན།)ཁ་ཅིག་དེ་དག་སྦྱོར་ལམ་ནས་བཟུང་སྟེ་ མཐོང་ལམ་སྐད་ཅིག་བཅོ་ལྔ་མན་ཆད་ཀྱི་ཐུན་མོང་བར་བཞེད་ཅིང་། མཛོད་དུ་ནི། དེ་ལ་སྐད་ ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྟུལ་རྣོ་དེ་དག་ཏུ། །དད་ དང་ཆོས་ཀྱི་རྗེས་འབྲང་བ། །ཞེས་མཐོང་ལམ་པ་ཁོ་ནར་ཡང་འདོད་དོ། ། (ལྔ་པ།) འབྲས་བུས་དབྱེ་བ་ལ། སྤྱི་དོན་ལྔ་སྟེ། (དང་པོ།)ཁམས་གང་དུ་ཐོབ་ཚུལ་ནི། འདོད་ པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ ཞིང་། །དེར་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་པ་ལྟར་འབྲས་བུ་དང་པོ་གསུམ་འདོད་ 1-1-722 ཁམས་སུ་ཐོབ་ཅིང་དགྲ་བཅོམ་ནི་ཁམས་གསུམ་ཅར་དུ་ཐོབ་པོ། །དེ་ལ་རྒྱུན་ཞུགས་དང་ཕྱིར་ འོང་གཉིས་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ལ་གོང་མར་མི་ཐོབ་པར་རིགས་མོད། ཕྱིར་མི་འོང་གོང་མར་མི་ཐོབ་པའི་རྒྱུ་མཚན་གང་ཞེན་ན། དེའི་རྒྱུ་མཐོང་ལམ་མེད་པའི་ཕྱིར་ ཏེ་གཟུགས་མེད་ན་ཉན་པ་མེད་ཅིང་། འོག་མ་ལ་མི་དམིགས་པའི་ཕྱིར་དང་གཟུགས་ཁམས་ ན་ལམ་སྒོམ་པའི་རྒྱུ་འཁོར་བ་ལ་སྐྱོ་བ་མེད་པའི་ཕྱིར་དང་། ལུང་ལས་ཀྱང་། མྱ་ངན་ལས་ འདས་བ་ལྔ་འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། ། (གཉིས་པ།) ལམ་རང་གི་ངོ་བོ་ནི། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་ འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །ཞེས་པ་ ལྟར་ཉོན་མོངས་པ་ཞི་བར་བྱེད་པའི་དགེ་སྦྱོང་གི་ཚུལ་ནི་ཟག་པ་མེད་པའི་ལམ་ཡིན་ལ། དེའི་ འབྲས་བུ་གྲོལ་ལམ་རྣམས་ནི་འདུས་བྱས་དང་ཉོན་མོངས་པ་ཟད་པའི་ཆ་རྣམས་ནི་འདུས་མ་ བྱས་ཡིན་ཞིང་། དེ་དག་ལ་ཕྱེ་ན་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ བརྒྱད་དང་། སྒོམ་སྤང་སྤོང་བའི་ལམ་བརྒྱད་ཅུ་རྩ་གཅིག་སྟེ་བརྒྱད་ཅུ་རྩ་དགུའོ། །འདིར་ནི་ གྲངས་དེ་ལྟར་གཅིག་མཐའ་གཅིག་ཏུ་ངེས་པར་མི་འདོད་དེ། གཅིག་ཅར་བ་ལ་སྒོམ་ལམ་ དགུ་ལས་མེད་ཅིང་མཐོང་ལམ་ཡང་བར་ཆད་མེད་ལམ་བཞིར་འདུ་བའི་ཕྱིར་རོ། ། (གསུམ་པ།) ཚེ་དུ་ལ་འགྲུབ་ཚུལ་ནི། མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཞེས་པ་ལྟར་ས་ བོན་འདེབས་པ་དང་མྱུ་གུ་སྐྱེ་བ་དང་འབྲས་བུ་སྨིན་པ་གསུམ་འབྱུང་བ་བཞིན་དུ་ཚེ་དང་པོ་ལ་ ཚོགས་ལམ་དང་གཉིས་པ་ལ་སྦྱོར་ལམ་དང་གསུམ་པ་ལ་འཕགས་ལམ་རྣམས་བསྐྱེད་ནས་ གྲོལ་བ་སྲིད་ཅིང་། བུལ་བ་ལ་ནི་ངེས་པ་མེད་དེ་ཕྱིར་མི་འོང་དུ་གྱུར་ནས་ཀྱང་སྐྱེ་བ་མང་པོ་ ལེན་པ་ལྟ་བུའོ། ། (བཞི་པ།) ས་བརྒྱད་དང་སྦྱར་བ་ནི། དཀར་པོ་རྣམ་པར་མཐོང་བའི་ས་ནི་སྦྱོར་ལམ་དང་། 1-1-723 རིགས་ཀྱི་ས་ནི་ཆོས་མཆོག་དང་། བརྒྱད་པའི་ས་ནི་རྒྱུན་ཞུགས་ལ་ཞུགས་པ་དང་། མཐོང་ བའི་ས་ནི་རྒྱུན་ཞུགས་དང་། བསྲབས་པའི་ས་ནི་ཕྱིར་འོང་དང་། འདོད་ཆགས་དང་བྲལ་བའི་ ས་ནི་ཕྱིར་མི་འོང་དང་། བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་དང་། ཉན་ཐོས་ཀྱི་ས་ནི་ཞུགས་ པ་ཕྱི་མ་གསུམ་དུ་གསུངས་སོ། ། (ལྔ་པ།) ངེས་ཚིག་གི་ཁྱད་པར་ནི། མྱ་ངན་ལས་འདས་པའི་རྒྱུན་ལ་རིམ་གྱིས་ཞུགས་པས་ ན་རྒྱུན་དུ་ཞུགས་པ་དང་། སྤང་བྱ་ལྷག་མ་སྤང་བའི་ཆེད་དུ་འདོད་ཁམས་སུ་ལན་ཅིག་སྐྱེ་བས་ ན་ལན་ཅིག་ཕྱིར་འོང་བ་དང་། སྤང་བྱ་ཟད་པའི་ཕྱིར་ལན་གཅིག་ཀྱང་མི་སྐྱེ་བས་ན་ཕྱིར་མི་ འོང་བ་དང་། ཉོན་མོངས་པའི་དགྲ་མ་ལུས་པར་བཅོམ་ཞིང་མཆོད་པར་འོས་པས་ན་དགྲ་ བཅོམ་པ་ཞེས་བྱའོ། ། གཞུང་དོན་ལ། དབང་པོ་དང་སྙོམས་འཇུག་དབྱེ་བ། རྩ་བའི་སྐྱེ་བུ་ཟུང་བཞི། འབྲས་བུ་ བཞིའི་ཁྱད་པར་བཤད་པའོ། །དང་པོ་ལ། དད་པས་མོས་པ་གང་ཞེ་ན། སྔར་གྱི་དབང་པོ་རྟུལ་ པོ་དད་པའི་རྗེས་སུ་འབྲང་བའི་གང་ཟག་གང་ཡིན་པ་དེ་ཕྱིས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ ཐོབ་པའི་དུས་ན་དད་པ་ལྷག་པའི་དབང་གིས་མོས་པ་ལས་བྱུང་བ་ཞེས་བྱའོ། ། མཐོང་བས་ཐོབ་པ་གང་ཞེ་ན། སྔར་གྱི་དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ ཟག་གང་ཡིན་པ་དེ་ཕྱིས་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་པའི་དུས་ན་དད་པའང་ཡོད་ཀྱང་ ཤེས་རབ་ལྷག་པའི་དབང་གིས་ལྟ་བ་ལས་ཐོབ་པ་ཞེས་བྱའོ། །དེ་ལ་འབྲས་བུ་ནི། (ཡེ་ཤེས་ བཤེས་གཉེན།)ཁ་ཅིག་གོ་རིམ་གྱིས་བརྟུལ་ཤུགས་ཀྱི་འབྲས་བུ་དང་པོའོ་ཞེས་གསུངས་ཞིང་། (སྔ་ རབས་པ།)འགའ་ཞིག་སློབ་པའི་འབྲས་བུ་གསུམ་དུའང་བཞེད་དེ། དེ་ཚེ་དབང་པོ་རྟུལ་རྣོ་དག ། དད་པས་མོས་དང་མཐོང་བས་ཐོབ། །ཅེས་པ་(སློབ་པའི་འབྲས་གནས་ལ་སྦྱར་བ་)ལྟར་རོ། ། ལུས་ཀྱིས་མངོན་དུ་བྱེད་པ་གང་ཞེ་ན། གང་སློབ་པ་(ཕྱིར་མི་འོང་མན་ཆད་ལ་མི་སྲིད་པས་)ཕྱིར་ 1-1-724 འོང་བ་རྣམ་པར་ཐར་བ་བརྒྱད་ལ་ཇི་ལྟར་འདོད་པ་བཞིན་བསམ་གཏན་དུ་བྱེད་ནུས་ཤིང་ ཁྱད་པར་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་གང་ཟག་གོ་ཞེས་པ་སྟེ། འགོག་པ་ཐོབ་ པའི་ཕྱིར་མི་འོང་། །ལུས་ཀྱིས་མངོན་དུ་བྱེད་པར་འདོད། །ཅེས་པ་ལྟར་རོ། །ཤེས་རབ་ཀྱིས་ རྣམ་པར་གྲོལ་བ་གང་ཞེ་ན། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ ཆགས་བྲལ། །ཞེས་པ་ལྟར་ཉེར་བསྡོགས་ལ་བརྟེན་ནས་ཤེས་རབ་ཀྱིས་ཉོན་མོངས་པའི་ སྒྲིབ་པ་མ་ལུས་པ་སྤངས་པས་གང་ཟག་པ་ཟད་པ་སྟེ། དངོས་གཞི་མ་ཐོབ་པས་རྣམ་པར་ཐར་ བ་བརྒྱད་ལ་བསམ་གཏན་དུ་བྱེད་ནུས་པ་ནི་མ་ཡིན་པའི་གང་ཟག་གོ། དེའང་མངོན་ཤེས་ལ་ སོགས་པའི་ཡོན་ཏན་གྱི་རྒྱན་མེད་ཀྱང་སྲིད་པ་ལས་གྲོལ་བའི་དགྲ་བཅོམ་པ་སྟེ། (མ་ཁོལ་གྱིས།) ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་ རས་རྩྭ་བཞིན་དུ། །སྲིད་པ་དག་ནི་ཟློག་པར་བགྱིད། །ཅེས་པ་ལྟར་རོ། །གཉིས་ཀའི་ཆ་ལས་ རྣམ་པར་གྲོལ་བ་གང་ཞེ་ན། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤངས་བས་གང་ཟག་ པ་ཟད་པ་དང་། དངོས་གཞི་ཐོབ་ཅིང་སྙོམས་འཇུག་གི་སྒྲིབ་པའང་སྤངས་པས་རྣམ་པར་ཐར་ བ་བརྒྱད་ལ་བསམ་གཏན་དུ་བྱེད་ནུས་ཤིང་ཡོན་ཏན་གྱི་རྒྱན་དང་ལྡན་པའི་གང་ཟག་གོ། དེ་ དག་ཀྱང་། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་གཅིག་ཤོས་སོ། །ཞེས་ བ་ལྟར་ཏེ། སྙོམས་འཇུག་གི་སྒྲིབ་པ་ནི་(དབུས་མཐའི་ཊཱི་ཀར།)ཉོན་མོངས་ཅན་མ་ཡིན་པའི་མི་ ཤེས་པར་བཤད་པས་ཤེས་བྱའི་སྒྲིབ་པའི་ཁྱད་པར་ཡིན་ལ། ཐེག་དམན་ལའང་དེ་དག་(ཐམས་ ཅད་སྤངས་པ་མེད་ཀྱང་)ཅི་རིགས་པ་སྤངས་པ་ཡོད་དོ། ། (གཉིས་པ།) ཟུང་བཞིའི་དང་པོ་ལ་བཞི་ལས། (དང་པོ།)དོན་དངོས་རྒྱུན་དུ་ཞུགས་གནས་ བཤད་པ་ལ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་(འདོད་པའི་སྐྱོན་ལྔ་སྤངས་ པའི་ཉེར་བསྡོགས་ལ་བརྟེན་ནས་)སྦྱོར་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་ལ་ 1-1-725 མཐོང་ལམ་སྐྱེ་བ་ནས་བཟུང་ནས། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་པ་ལམ་ ལ་རྗེས་བཟོད་མན་ཆད་ལ་གནས་པ་སྟེ། འབྲས་བུ་དང་པོ་མངོན་དུ་བྱ་བའི་ཕྱིར་རིམ་གྱིས་ ཞུགས་པའི་གང་ཟག་གོ། རྒྱུན་དུ་ཞུགས་པ་གང་ཞེ་ན། གང་མཐོང་པའི་ལམ་གྱི་སེམས་ཀྱི་ སྐད་ཅིག་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ལ་གནས་པ་སྟེ། མྱ་ངན་ལས་འདས་པའི་རྒྱུན་ལ་ ཞུགས་ཤིང་སོན་པ་འབྲས་བུ་དང་པོ་རྫོགས་པར་ཐོབ་པའི་གང་ཟག་གོ། (གཉིས་པ།) མཐོང་བའི་ལམ་གྱི་མིང་གཞན་བཤད་པ་ནི། འཕགས་དང་མཚམས་མེད་ བྱེད་པ་དག །(རིམ་པ་ལྟར་)ཡང་དག་ལོག་པ་ཉིད་དུ་ངེས། །ཞེས་པ་ལྟར་རོ། །མཐོང་བའི་ལམ་ ནི་ཡང་དག་པ་མྱ་ངན་ལས་འདས་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ཤིང་འགྲོ་བ་སྟེ། དོན་ དམ་པའི་ཆོས་དེ་བཞིན་ཉིད་མངོན་སུམ་པར་རྟོགས་པ་ཡང་མཐོང་བའི་ལམ་དེ་ཡིན་ནོ། ། (གསུམ་པ།) རྟེན་གྱི་དབང་གིས་འབྲས་བུའི་ཁྱད་པར་ནི། མཐོང་ལམ་པ་ཐམས་ཅད་རྒྱུན་ ཞུགས་སུ་ངེས་སམ་སྙམ་ན་མ་ངེས་ཏེ། ཆགས་བྲལ་སྔོན་སོང་གི་འབྲས་བུ་གཉིས་ཀྱང་སྲིད་ པའི་ཕྱིར་རོ་ཞེས་སྟོན་པ་སྟེ། མཐོང་ལམ་གྱི་སྔོན་དུ་འཇིག་རྟེན་པའི་སྒོམ་ལམ་གྱི་འདོད་པའི་ སྒོམ་སྤང་གཅིག་ཀྱང་མ་སྤངས་པའམ། གཅིག་ནས་ལྔའི་བར་སྤངས་ཀྱང་འདོད་པ་རྣམས་ལ་ འདོད་ཆགས་དང་མ་བྲལ་བ་ཡིན་ལ། དེ་ལྟ་བུའི་གང་ཟག་ནི་ཡང་དག་པ་ཉིད་དུ་ངེས་པར་ གྱུར་པ་ལ་ཞུགས་ནས། སྔར་བཞིན་དུ་སྐད་ཅིག་བཅོ་ལྔ་མན་ཆད་ལ་རྒྱུན་ཞུགས་ལ་འཇུག་ པ་དང་། བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་འགྱུར་རོ། །(འགྲེལ་པར།) སྔར་(ཉན་སར་བདེན་པ་མངོན་པར་རྟོགས་པར་བྱེད་པའི་གང་ཟག་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན་འདི་ལྟ་སྟེ། འདོད་ ཆགས་དང་མ་བྲལ་བ་དང་། འདོད་ཆགས་དང་ཤས་ཆེར་བྲལ་བ་དང་། འདོད་ཆགས་དང་བྲལ་བའོ། །དེ་ལ་ཐམས་ཅད་དུ་ཐམས་ ཅད་ཀྱི་འདོད་ཆགས་དང་མ་བྲལ་བས་བདེན་པ་རྣམས་མངོན་པར་རྟོགས་ན། བདེན་པ་རྣམས་མངོན་པར་རྟོགས་མ་ཐག་ཏུ་རྒྱུན་ ཞུགས་པར་འགྱུར་རོ། །འདོད་ཆགས་དང་ཤས་ཆེར་བྲལ་བས་བདེན་པ་རྣམས་མངོན་པར་རྟོགས་ན་བདེན་པ་རྣམས་མངོན་པར་ 1-1-726 རྟོགས་མ་ཐག་ཏུ་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །འདོད་ཆགས་དང་བྲལ་བས་བདེན་པ་རྣམས་མངོན་པར་རྟོགས་ན་བདེན་པ་ རྣམས་མངོན་པར་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བར་འགྱུར་རོ། །ཞེས་སོ། །)འཇིག་རྟེན་པའི་ལམ་གྱིས་འདོད་པའི་ སྒོམ་སྤང་དྲུག་པ་སྤངས་པའམ། (སྔ་རབས་པ།)དེར་མ་ཟད་བདུན་པ་དང་བརྒྱད་པ་སྤངས་པའང་ ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ཡིན་ལ། དེ་ལྟ་བུའི་གང་ཟག་ནི་ཡང་དག་པ་ཉིད་དུ་ ངེས་པར་གྱུར་པ་ལ་ཞུགས་ནས་མཐོང་ལམ་ཐོབ་མ་ཐག་རྒྱུན་ཞུགས་ལ་མི་སྡོད་པར། སྐད་ ཅིག་བཅོ་ལྔ་མན་ཆད་ལ་ཕྱིར་འོང་ལ་འཇུག་པ་དང་བཅུ་དྲུག་པ་ལ་ལན་ཅིག་ཕྱིར་འོང་བའི་ འབྲས་བུ་ལ་གནས་པར་འགྱུར་རོ། །(འགྲེལ་པར།)སྔར་འདོད་པའི་སྒོམ་སྤང་དགུ་ཅར་སྤངས་ ནས་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བའམ། (སྔ་རབས་པ་)དེར་མ་ཟད་བསམ་ གཏན་དང་པོ་ནས་ཅི་ཡང་མེད་པའི་བར་གྱི་སྒོམ་སྤང་རྣམས་རིམ་གྱིས་སྤངས་པ་ཡང་རུང་། དེ་ལྟ་བུའི་གང་ཟག་ནི་ཡང་དག་པ་ཉིད་དུ་ངེས་པར་འགྱུར་བ་ལ་ཞུགས་ནས་མཐོང་ལམ་ཐོབ་ མ་ཐག་རྒྱུན་ཞུགས་དང་ཕྱིར་འོང་ལ་མི་སྡོད་པར། སྐད་ཅིག་བཅོ་ལྔ་མན་ཆད་ལ་ཕྱིར་མི་འོང་ ལ་འཇུག་པ་དང་། བཅུ་དྲུག་པ་ལ་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་རོ། །དེ་ དག་དང་ཆ་མཐུན་པར་མཐོང་ལམ་ཐོབ་མ་ཐག་དགྲ་བཅོམ་ཞུགས་གནས་སུ་འགྱུར་བའང་ སྲིད་དམ་སྙམ་ན། མི་འགྱུར་ཏེ་སྔར་འཇིག་རྟེན་པའི་ལམ་གྱིས་སྲིད་རྩེ་ལས་འདོད་ཆགས་ དང་བྲལ་བ་མི་སྲིད་པའི་ཕྱིར་རོ། ། (བཞི་པ།) ལུང་དང་འགལ་བའི་རྩོད་པ་སྤང་བ་ནི། གང་གི་ཚེ་འདིར་མཐོང་བས་སྤང་བར་ བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས་རྒྱུན་དུ་ཞུགས་པར་འགྱུར་བ་ཡིན་ན། ཅིའི་ཕྱིར་ ལུང་དུ། (སྟོང་ཆེན་རབ་འཇོམས་ལས།)འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་པས་འཕགས་པའི་བདེན་པ་མཐོང་། ། ཞེས་པ་དང་། (ཡུམ་དུ།)གང་ཟག་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པ་ 1-1-727 ཞེས་པ་བྱའོ། །ཞེས་པ་ལ་སོགས་པ་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ་ཀུན་ སྦྱོར་གསུམ་པོ་རྒྱུན་ཞུགས་ཀྱི་སྤང་བྱའི་གཙོ་བོ་ཡིན་ལ་དེ་དངོས་སུ་བསྡུས་ནས་བསྟན་པའི་ ཤུགས་ལ་ཕལ་པ་ཐམས་ཅད་ཀྱང་སྤངས་པར་འགྲུབ་པའི་ཕྱིར། དེ་ལ་ཅིའི་ཕྱིར་ཀུན་སྦྱོར་ གསུམ་པོ་མཐོང་སྤང་གི་གཙོ་བོ་ཞེས་བྱ་ཞེ་ན། འཇིག་ཚོགས་ལྟ་བ་ནི་ཕུང་པོ་ལ་བདག་དང་ བདག་གིར་ཞེན་ནས་གནས་ལ་དགའ་ཞིང་ཐར་བར་འགྲོ་མི་འདོད་པས་སྡུག་བསྔལ་ལས་མི་ འཕགས་པའི་རྒྱུ་ཡིན་པ་དང་། ཅི་སྟེ་འཕགས་ཀྱང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ ནི་ལམ་ངན་པ་ལ་ཐར་བའི་ལམ་དུ་ཞེན་ནས་ལོག་པས་ངེས་པར་འབྱུང་བའི་རྒྱུ་ཡིན་པ་དང་། ཐེ་ཚོམ་ནི་ལམ་བཟང་པོ་ལ་སོམ་ཉི་ཟ་བས་ཡང་དག་པས་ངེས་པར་འབྱུང་བ་མ་ཡིན་པའི་ རྒྱུ་ཡིན་པའི་ཕྱིར་ཏེ། འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་ བར་བགྲོད་པའི་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་པ་ལྟར་རོ། །ཡང་ འཇིག་ལྟ་ནི་ཤེས་བྱ་ཕུང་པོ་བདག་མེད་ཅིང་སྡུག་བསྔལ་ཙམ་ལ་བདག་དང་བདག་གི་བར་ སྒྲོ་འདོགས་ཤིང་ལོག་པར་རྟོག་པའི་རྒྱུ་ཡིན་པ་དང་། མཆོག་འཛིན་ནི་ལྟ་བ་ངན་པ་ལ་འདག་ གྲོལ་ལ་སོགས་པར་ཡིད་ཆེས་ཤིང་ལོག་པར་རྟོག་པའི་རྒྱུ་ཡིན་པ་དང་། ཐེ་ཚོམ་ནི་གཉེན་པོ་ དཀོན་མཆོག་གསུམ་ལ་ངེས་པར་མི་འཛིན་ཅིང་ལོག་པར་རྟོག་པའི་རྒྱུ་ཡིན་པའི་ཕྱིར་མཐོང་ སྤང་གི་གཙོ་བོར་འགྱུར་རོ། ། ཟུང་བར་པ་གཉིས་ཀྱི་འབྲས་བུ་ཐོད་རྒལ་དུ་ཐོབ་པའི་ཆགས་བྲལ་སྔོན་སོང་བཤད་ཟིན་ ནས། འདི་རིམ་གྱིས་འཆད་པ་ལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་སྔར་རྒྱུན་ཞུགས་ཐོབ་པའི་རྗེས་སུ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་སྒོམ་ པའི་ལམ་གང་རུང་ལ་འདོད་པ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམས་ཀྱི་རྣམ་པ་ལྔ་པ་ འབྲིང་པོའི་འབྲིང་པོ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་པ་སྟེ། རྣམ་པ་ལྔ་ཡི་ 1-1-728 བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པ་ཡིན། །ཞེས་པ་ལྟར་རོ། །ལན་ཅིག་ཕྱིར་འོང་བའི་ གང་ཟག་གང་ཞེ་ན། གང་སྒོམ་པའི་ལམ་གང་ཡང་རུང་བ་ལ་འདོད་པ་ན་སྤྱོད་པའི་སྒོམ་སྤང་ ཉོན་མོངས་པ་རྣམས་ཀྱི་རྣམ་པ་དྲུག་པ་འབྲིང་པོའི་ཆུང་ངུ་སྤངས་པའི་ལམ་ལ་གནས་པའི་ གང་ཟག་གོ་ཞེས་པ་སྟེ། རྣམ་པ་དྲུག་པ་ཟད་གྱུར་པ། དེ་ནི་ལན་ཅིག་ཕྱིར་འོང་བའོ། །ཞེས་པ་ ལྟར་རོ། ། ཟུང་གསུམ་པ་ལ། (གཉིས་ལས་དང་པོ།)དོན་དངོས་བསྟན་པ་ནི། ཕྱིར་མི་འོང་བའི་འབྲས་བུ་ ལ་འཇུག་པ་གང་ཞེ་ན། གང་ཕྱིར་འོང་ཐོབ་ནས་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་ པའི་སྒོམ་པའི་ལམ་གང་ཡང་རུང་བ་ལས་འདོད་པ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམ་ པ་བདུན་པ་ཆུང་ངུའི་ཆེན་པོ་དང་བརྒྱད་པ་ཆུང་ངུའི་འབྲིང་པོ་སྤངས་བའི་ལམ་ལ་གནས་པའི་ གང་ཟག་གོ། ཕྱིར་མི་འོང་བའི་གང་ཟག་གང་ཞེ་ན། གང་སྒོམ་པའི་ལམ་གང་ཡང་རུང་བ་ལ་འདོད་ པ་ན་སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་རྣམ་པ་དགུ་པ་ཆུང་ངུའི་ཆུང་ངུའང་སྤངས་པའི་ལམ་ ཡོངས་སུ་རྫོགས་པ་ལ་གནས་པའི་གང་ཟག་གོ། དེ་དག་ཀྱང་། ཉེས་ཆ་བདུན་དང་བརྒྱད་ ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། གསུམ་པ་ལ་ནི་ཞུགས་པ་ཡིན། །དེ་དགུ་ཟད་ པ་ཕྱིར་མི་འོང་། །ཞེས་པ་ལྟར་རོ། ། (གཉིས་པ།) ལུང་འགལ་སྤོང་བ་ནི། གང་གི་ཚེ་འདིར་འདོད་པ་ན་སྤྱོད་པའི་སྒོམ་པས་སྤང་ བར་བྱ་བ་ཐམས་ཅད་སྤངས་པས་ཕྱིར་མི་འོང་བར་འགྱུར་བ་ཡིན་ན། ཅིའི་ཕྱིར་ལུང་དུ་སྔར་ གྱི་ཀུན་སྦྱོར་གསུམ་དང་འདོད་པ་ལ་འདུན་པ་དང་གནོད་སེམས་ཏེ། (ཡུམ་བརྒྱད་སྟོང་ལ་སོགས་ པར།)གང་ཟག་འདི་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་ བ་ཞེས་བྱའོ་ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ་ཀུན་སྦྱོར་ལྔ་བོ་ཕྱིར་མི་ 1-1-729 འོང་གི་སྤང་བྱའི་གཙོ་བོ་ཡིན་ལ་དེ་དག་དངོས་སུ་བསྡུས་ནས་བསྟན་པའི་ཤུགས་ལ་གཞན་ རྣམས་ཀྱང་མཚོན་པའི་ཕྱིར་རོ། །དེ་ལ་ཅིའི་ཕྱིར་ཀུན་སྦྱོར་ལྔ་པོ་སྤང་བྱའི་གཙོ་བོ་ཞེས་བྱ་ཞེ་ ན། འཇིག་ལྟ་དང་མཆོག་འཛིན་དང་ཐེ་ཚོམ་གསུམ་ནི་འགྲོ་བ་ཐ་མ་ངན་སོང་གསུམ་ལས་ མི་འདའ་བའི་རྒྱུ་ཡིན་པ་དང་། འདོད་ཡོན་ལ་འདུན་པ་དང་གནོད་སེམས་ནི་ཁམས་ཐ་མར་ འདོད་ཁམས་ལས་མི་འདའ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ཕྱི་མ་གཉིས་ཀྱིས་འདོད་ཁམས་ ལས་མི་འདའ་ཞིང་། ཅི་སྟེ་འདས་ཀྱང་དང་པོ་གསུམ་གྱིས་ཟློག་པར་བྱེད་པས་ཀྱང་གཙོ་བོ་ ཞེས་བྱ་སྟེ། གཉིས་ཀྱིས་འདོད་ལས་མི་འདའ་ལ། །གསུམ་པོ་ཡིས་ནི་ཟློག་པར་བྱེད། །ཅེས་ པ་ལྟར་རོ། ། ཟུང་བཞི་པ་ལའང་(གཉིས་ལས་དང་པོ།)དོན་དངོས་བསྟན་པ་ནི། དགྲ་བཅོམ་པའི་འབྲས་བུ་ ལ་འཇུག་པ་གང་ཞེ་ན། གང་ཕྱིར་མི་འོང་ཐོབ་ནས་སྲིད་པའི་རྩེ་མོའི་སྒོམ་སྤང་ཉོན་མོངས་ པའི་རྣམ་པ་བརྒྱད་པ་ཆུང་ངུའི་འབྲིང་པོ་མན་ཆད་སྤངས་པའི་ལམ་ལ་གནས་པའི་གང་ཟག་ གོ། དེའང་། སྲིད་རྩེའི་ཆ་བརྒྱད་པར་ཟད་པ། དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །ཞེས་པ་ སྟེ། མཛོད་འགྲེལ་དུ། བསམ་གཏན་དང་པོའི་ཉོན་མོངས་པ་གཅིག་སྤངས་པ་ནས་མགོ་རྩོམ་ པར་ཡང་བཤད་དོ། །དགྲ་བཅོམ་པ་གང་ཞེ་ན། གང་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་ལ་བརྟེན་ནས་ སྲིད་པའི་རྩེ་མོའི་སྒོམ་སྤང་ཉོན་མོངས་པའི་རྣམ་པ་དགུ་པ་ཆུང་ངུའི་ཆུང་ངུའང་སྤངས་བའི་ རྣམ་གྲོལ་ལམ་ཡོངས་སུ་རྫོགས་པ་ལ་གནས་ཤིང་ཟད་པ་ཐོབ་པ་དང་ཤེས་པའི་གང་ཟག་གོ། ཞེས་པ་སྟེ། དགུ་པའི་བར་ཆད་མེད་ལམ་ཡང་། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །དེ་ཟད་ཐོབ་དང་ ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་པ་ལྟར་རོ། ། (གཉིས་པ།) ལུང་འགལ་སྤང་བ་ནི། གང་གི་ཚེ་འདི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་ པའི་རྣམ་པ་ཐམས་ཅད་སྤངས་བས་དགྲ་བཅོམ་པར་འགྱུར་བ་ཡིན་ན། ཅིའི་ཕྱིར་ལུང་དུ། 1-1-730 ཁམས་གོང་མ་གཉིས་འགྲུབ་པའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ། གཟུགས་དང་གཟུགས་ མེད་ལས་སྐྱེས་པའི། །འདོད་ཆགས་གཉིད་རྒོད་ང་རྒྱལ་རྨོངས། །ཞེས་པ་ལྔ་སྤངས་པས་དགྲ་ བཅོམ་པ་ཞེས་བྱའི་ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ལྔ་པོ་དེ་དག་ དགྲ་བཅོམ་གྱི་སྤང་བྱའི་གཙོ་བོ་ཡིན་ལ་དེ་དངོས་སུ་བསྡུས་ནས་བསྟན་པས་ཕལ་བ་ཐམས་ ཅད་ཀྱང་སྤངས་པར་ཤུགས་ལས་འགྲུབ་པའི་ཕྱིར་རོ། །དེ་ལ་ཅིའི་ཕྱིར་གོང་མའི་ཆ་མཐུན་ལྔ་ བོ་སྤང་བྱའི་གཙོ་བོ་ཞེས་བྱ་ཞེ་ན། གོང་མའི་འདོད་ཆགས་དག་ནི་དེ་དག་ཏུ་སྐྱེ་བ་ཉེ་བར་ལེན་ པའི་རྒྱུ་ཡིན་པ་དང་། རྒོད་པས་སྲེད་པ་དང་། ང་རྒྱལ་གྱིས་ང་རྒྱལ་བ་དང་། མ་རིག་པས་ཐེ་ ཚོམ་ཤས་ཆེ་བའི་བསམ་གཏན་པ་ཉིད་དུ་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། དེ་གསུམ་ ནི་གོང་མ་དག་ལས་གོང་དུ་ཡོངས་སུ་མི་གཏོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཟུང་བཞི་པོ་དེར་ འབྲས་བུས་ཕྱེ་བ་ཐམས་ཅད་འདུ་ཞིང་། རིམ་གྱིས་ཞུགས་པ་ཕྱི་མ་གསུམ་ཡང་རང་རང་གི་སྔ་ མའི་འབྲས་གནས་སུ་འདུ་བས་བསྡུ་ན་ལྔ་ཉིད་དེ། ཉན་སར་ཡང་། བར་ཆད་གཅིག་པ་དང་ ཕྱིར་མི་འོང་ལ་ཞུགས་པ་རྫས་གཅིག་ཏུ་བཤད་པ་ལྟར་རོ། ། (གསུམ་པ།) ཁྱད་པར་ལའང་བཞི་ལས། (དང་པོ།)རྒྱུན་ཞུགས་ཀྱི་འབྲས་བུའི་ཁྱད་པར་ལ་རེ་ ལྟར་ཐོགས་ན་སྲིད་པ་ལན་བདུན་པ་གང་ཞེ་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་ གང་ཟག་(དབང་པོ་རྟུལ་པོ་)སྔར་སྒོམ་སྤང་གཅིག་ཀྱང་མ་ཟད་པ་ཉིད་འདོད་པའི་ལྷ་དང་གླིང་ གསུམ་གྱི་མི་རྣམས་ཀྱི་ནང་དུ། (མི་འཁྲུག་པའི་ཞིང་བཀོད་ལས། རྒྱུན་དུ་ཞུགས་པ་དེ་ནི་རེ་ལྟར་ཐོགས་ན་སྲིད་པ་ ལན་བདུན་པ་མ་ཡིན་གྱི། ལུས་དེ་ཉིད་ཀྱིས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །)ལྷ་ནས་མིར་སྐྱེ་ཞིང་མི་ནས་ ལྷར་སྐྱེ་བ་ལ་སོགས་པའི་རིམ་པས་ལན་བདུན་ཡན་མན་དུ་སྲིད་པའི་འཁོར་བར་སྐྱེ་བ་ལེན་ པར་བྱས་ནས་གང་སྐྱེ་བ་གཞན་དུ་ཉིང་མཚམས་མི་སྦྱོར་བའི་སྡུག་བསྔལ་གྱི་ཐ་མ་མྱ་ངན་ ལས་འདས་པ་ཐོབ་པར་བྱེད་ཅིང་། དེའང་སྔར་ལྷའི་ནང་དུ་རྒྱུན་ཞུགས་ཐོབ་ན་ལྷའི་ནང་དང་། 1-1-731 མིའི་ནང་དུ་ཐོབ་ན་མིའི་ནང་དུ་འགྲུབ་པར་བྱེད་པ་སྟེ། འབྲས་གནས་སྒོམ་སྤང་བྱ་མ་ཟད། ། རེ་ལྟར་ཐོགས་ན་ལན་བདུན་པར། །ཞེས་པ་ལྟ་བུའོ། །ཅི་སྟེ་རིང་ཡང་དེའི་ཁོངས་སུ་འགྲུབ་ པས་རེ་ལྟར་ཐོགས་ན་ཞེས་པ་སྟེ། དེ་བས་རིང་བ་མི་འགྲོ་བས་སྦྲུལ་གོམ་པ་བདུན་པ་ཞེས་ བརྗོད་པ་བཞིན་ནོ། །(བྱེ་བྲག་ཏུ་སྨྲ་བ།)ཁ་ཅིག་ནི་ལྷ་དང་མི་དང་དེ་དག་གི་བར་དོ་བདུན་བདུན་ ཏེ་སྲིད་པ་ཉི་ཤུ་རྩ་བརྒྱད་ལེན་ཡང་བདུན་ཚན་དུ་ཆོས་མཐུན་པས་དེ་སྐད་ཅེས་བྱ་སྟེ། དཔེར་ ན་ཤིང་སྡོང་ལ་འདབ་མ་མང་པོ་ཡོད་ཀྱང་ཡལ་ག་རེ་རེ་ལ་བདུན་བདུན་ཡོད་པས་ཤིང་འདབ་ མ་བདུན་པ་ཞེས་བརྗོད་པ་བཞིན་ནོ་ཞེས་ཀྱང་སྨྲ་བའོ། །རིགས་ནས་རིགས་སུ་སྐྱེ་བ་གང་ཞེ་ ན། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཏེ་ཕྱིར་འོང་འབྲས་བུ་ལ་རིམ་གྱིས་འཇུག་ཅིང་། འདོད་པའི་ལྷའི་རིགས་ནས་རིགས་སུའམ་མི་རྣམས་ཀྱི་ནང་དུ་རིགས་ནས་རིགས་སུ་སོང་ ཞིང་སྐྱེ་བ་བླངས་ནས་སྲིད་པ་ལན་གཉིས་ཀྱིས་འཁོར་བར་བྱས་ཏེ་གང་སྡུག་བསྔལ་ཟད་པ་ ཉིད་ཀྱི་ཐ་མ་མྱང་འདས་ཐོབ་པར་བྱེད་པའོ། །དེ་ལ། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་ གཉིས་གསུམ་དུ་རིགས་ནས་རིགས། །ཞེས་འདོད་པའི་སྒོམ་སྤང་གསུམ་མམ་བཞི་སྤངས་པ་ དེ་རིགས་ནས་རིགས་སུ་སྐྱེ་བ་གཉིས་སམ་གསུམ་ལེན་པར་ཡང་འདོད་དོ། ། (གཉིས་པ།) ཕྱིར་འོང་གི་འབྲས་བུའི་ཁྱད་པར་ནི། བར་ཆད་གཅིག་པ་གང་ཞེ་ན། ལན་ གཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་ཉིད་འདོད་པའི་སྒོམ་སྤང་བདུན་ནམ་བརྒྱད་ སྤངས་ཏེ་ཕྱིར་མི་འོང་འབྲས་བུ་ལ་རིམ་གྱིས་འཇུག་ཅིང་། ཕྱི་མ་ལ་འདོད་པའི་ལྷ་རྣམས་ཀྱི་ ནང་དུ་སྐྱེ་བ་གཅིག་བླངས་ནས་གང་སྡུག་བསྔལ་ཟད་པ་ཉིད་ཀྱི་ཐ་མ་མྱ་ངན་ལས་འདས་པ་ ཐོབ་པར་བྱེད་པ་སྟེ། ཕྱིར་མི་འོང་འབྲས་གནས་ལ་ཉོན་མོངས་པ་གཅིག་གིས་བར་ཆོད་པས་ སམ། དགྲ་བཅོམ་ཐོབ་པ་ལ་ཚེ་གཅིག་གིས་བར་ཆོད་པས་ན་བར་ཆད་གཅིག་པ་ཞེས་བྱའོ། ། (གསུམ་པ།) ཕྱིར་མི་འོང་གི་ཁྱད་པར་ལ། མྱ་ངན་ལས་འདས་པ་ལྔའི་(དང་པོ།)བར་མ་དོར་ 1-1-732 ཡོངས་སུ་མྱ་ངན་ལས་འདས་པ་གང་ཞེ་ན། འདོད་ཁམས་སུ་ཕྱིར་མི་འོང་བ་དེ་ཉིད་གཟུགས་ ཁམས་སུའང་སྐྱེ་བ་ལེན་པའི་རྒྱུ་ཀུན་ཏུ་སྦྱོར་བ་ཉོན་མོངས་པའི་ཤུགས་ཀྱིས་ཉིང་མཚམས་ སྦྱོར་བ་ནི་སྤངས་པས་མི་སྐྱེ་ལ། གཟུགས་ཀྱི་བར་སྲིད་མངོན་པར་འགྲུབ་པའི་རྒྱུ་ཀུན་ཏུ་སྦྱོར་ བ་ཉོན་མོངས་པའི་བག་ལ་ཉལ་ཙམ་ནི་ལྷག་མར་ལུས་ཤིང་མ་སྤངས་པ་སྟེ། དེ་ལ་བརྟེན་ ནས་གཟུགས་ཁམས་གང་རུང་གི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པ་ན་དེ་མ་ཐག་གང་ སྔོན་གོམས་པའི་ལམ་མངོན་དུ་བྱས་ནས་སྡུག་བསྔལ་ཟད་པ་ཉིད་ཀྱི་ཐ་མ་ཐོབ་པ་མྱུར་བར་ མྱ་ངན་ལས་འདའ་བ་དང་། བར་མ་དོའི་སྲིད་པ་མངོན་པར་གྲུབ་པ་ལ་རེ་ཞིག་འདུག་ནས་ སྐྱེ་བའི་སྲིད་པར་འགྲོ་བར་བྱའོ་སྙམ་དུ་མི་སེམས་པ་ཙམ་ཉིད་ནི་གང་སྔོན་གོམས་པའི་ལམ་ མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་ཐོབ་པ་མྱུར་བ་མ་ཡིན་པར་མྱ་ངན་ལས་འདའ་བ་ དང་། རིང་དུ་འདུག་ཅིང་སྐྱེ་བའི་སྲིད་པར་འགྲོ་བར་བྱའོ་སྙམ་དུ་མངོན་པར་བསམས་ནས་ སྐྱེ་བའི་སྲིད་པ་ལ་གཞོལ་ཞིང་མངོན་པར་འཇུག་སྟེ། འོན་ཀྱང་སྐྱེ་བའི་སྲིད་པ་ནི་མ་ཐོབ་པ་ ཙམ་ཉིད་ན་གང་སྔོན་གོམས་པའི་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་ཐོབ་པ་ཡུན་ རིང་མོ་ཞིག་ནས་མྱ་ངན་ལས་འདའ་བ་གསུམ་སྟེ། སྐྱེས་བུ་དམ་པའི་(བར་དོ་གསུམ་དང་གཞན་བཞི་ སྟེ་)འགྲོ་བ་བདུན་གྱི་མདོར། ཞོགས་མེའི་མེ་སྟག་གནམ་དུ་ཡར་མ་ཐག་འཆི་བ་དང་། ལྕགས་ བསྲེགས་བརྡུངས་པའི་ཟེགས་མ་ཡར་ནས་ལྡོག་ཁར་འཆི་བ་དང་། ལྕགས་ཀྱི་ཚྭ་ཚྭ་ཡར་ནས་ ས་ལ་མ་ལྷུང་ཙམ་འཆི་བའི་དཔེ་གསུམ་གྱིས་གསུངས་པ་ལྟ་བུའོ། ། (གཉིས་པ།) སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། ཕྱིར་མི་འོང་གང་ གཟུགས་སུ་སྐྱེ་བ་དང་མངོན་པར་འགྲུབ་པ་གཉིས་ཀར་ཀུན་ཏུ་སྦྱོར་བ་མ་སྤངས་པ། དེའི་ དབང་གིས་གཟུགས་ཀྱི་ཁམས་ཀྱི་གནས་རིས་གང་ཡང་རུང་བ་རྣམས་སུ་སྐྱེས་པ་ཙམ་ཉིད་ ཀྱིས་དེ་མ་ཐག་གང་སྔོན་གོམས་པའི་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་མྱ་ངན་ 1-1-733 ལས་འདས་པ་ཐོབ་པའོ། ། (གསུམ་པ།) མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། ཕྱིར་མི་འོང་གང་གཟུགས་ཁམས་གང་རུང་དུ་སྐྱེས་ནས་ཅུང་ཟད་ལོན་པ་ན་མངོན་པར་འདུ་ བྱེད་པའི་འབད་རྩོལ་མེད་པར་སྔོན་གོམས་པ་ལས་ངང་གིས་འབྱུང་བའི་ལམ་མངོན་དུ་བྱས་ ནས་སྡུག་བསྔལ་གྱི་ཐ་མ་མྱ་ངན་ལས་འདས་པ་ཐོབ་པའོ། ། (བཞི་པ།) མངོན་པར་འདུ་བྱེད་པ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བ་གང་ ཞེ་ན། ཕྱིར་མི་འོང་གང་གཟུགས་ཁམས་གང་རུང་དུ་སྐྱེས་ནས་རིང་དུ་ལོན་པ་ན་རང་གི་ངང་ གིས་མི་འབྱུང་བར། བསྒྲིམས་ཏེ་མངོན་པར་འདུ་བྱེད་པའི་འབད་རྩོལ་དང་བཅས་པས་ལམ་ མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་མྱ་ངན་ལས་འདས་པ་ཐོབ་པའོ། ། (ལྔ་པ།) གོང་དུ་འཕོ་བ་གང་ཞེ་ན། (གསུམ་ལས་དང་པོ།)འོག་མིན་དུ་འགྲོ་བ་ནི། བསམ་ གཏན་གྱི་རྣམ་པ་ཆུང་ངུ་ལ་སོགས་པ་ལ་རོ་མྱང་མང་བར་བྱེད་ཅིང་ལྷག་མཐོང་ཤས་ཆེར་སྤྱོད་ པའི་ཕྱིར་མི་འོང་གང་ཚངས་རིས་ནས་བཟུང་སྟེ་རྒྱུན་མི་འཆད་པར་གཟུགས་ཀྱི་ཁམས་ཀྱི་ གནས་རིས་བཅུ་དྲུག་པོ་རྣམས་སུ་ས་ནས་སར་ལན་རེ་རེ་སྐྱེ་བ་ལེན་ཞིང་། མཐར་སྤེལ་མར་ བསྒོམས་པས་བཅུ་བདུན་པ་འོག་མིན་གྱི་བར་དུ་ཞུགས་ནས་དེར་ལམ་ལྷག་མ་མངོན་དུ་བྱས་ ཏེ་སྡུག་བསྔལ་གྱི་ཐ་མ་མྱང་འདས་ཐོབ་པའོ། །མཛོད་དུ་ནི་འདི་ནས་ཚངས་རིས་སུ་སྐྱེ་ཞིང་དེ་ ནས་འོག་མིན་དུ་འགྲོ་བ་འཕར་བ་དང་། འདི་ནས་ཚངས་རིས་དང་དེ་ནས་གནས་གཙང་མའི་ འོག་མ་གང་རུང་དུ་སྐྱེ་ཞིང་དེ་ནས་འོག་མིན་དུ་འགྲོ་བ་ཕྱེད་དུ་འཕར་བ་ཞེས་བྱ་བ་གཉིས་ ཀྱང་གསུངས་ཤིང་། ས་དང་སར་སྐྱེ་བའང་ལྟ་བའི་གནས་ཡིན་ཞིང་གཙོ་བོ་གཅིག་ཏུ་ཟད་ པས་ཚངས་ཆེན་དུ་མི་སྐྱེ་བར་བཞེད་དོ། ། (གཉིས་པ།) སྲིད་རྩེའི་བར་དུ་འགྲོ་བ་ནི། ཞི་གནས་ཤས་ཆེར་སྤྱོད་པའི་ཕྱིར་མི་འོང་ལ་ལ་ 1-1-734 ནི་སྤེལ་མར་མ་བསྒོམས་པས་གནས་གཙང་མར་མི་སྐྱེ་ལ། གཞན་སྔར་བཞིན་ས་ཐམས་ཅད་ དུ་སྐྱེ་ཞིང་གཟུགས་མེད་དང་པོ་གསུམ་དུའང་སྐྱེས་ཏེ་མཐར་སྲིད་པའི་རྩེ་མོའི་བར་དུ་སོང་ ནས། དེར་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་ཐ་མ་མྱ་ངན་ལས་འདས་པ་ཐོབ་པའོ། །དེ་ དག་ཀྱང་། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་ པ་ལྟར་རོ། །མྱ་ངན་ལས་འདའ་བ་ལྔར་བསྟན་པ་ནི་རིགས་ཀྱི་སྒོ་ནས་མདོར་བསྡུས་པ་སྟེ། རྫས་ཀྱི་སྒོ་ནས། (མཛོད་འགྲེལ་ལྟར།)དབང་པོ་དང་ཆགས་བྲལ་གྱི་རིམ་པ་དང་གནས་གཞན་ལ་ སོགས་པས་ཕྱེ་ན་ཤིན་ཏུ་མང་པོར་ཡང་འགྱུར་རོ། ། (གསུམ་པ།) སྤེལ་མ་རྒྱུ་འབྲས་བཤད་པ་ནི། དང་པོར་བཞི་པ་སྤེལ་བར་བྱེད། །སྐད་ཅིག་ མ་ནི་བསྲེས་པས་འགྲུབ། །སྐྱེ་དང་གནས་པར་བྱ་ཕྱིར་དང་། ཉོན་མོངས་པས་ནི་འཇིག་ཕྱིར་ ཡང་། །ཞེས་པ་ལྟར་ཕྱིར་མི་འོང་དབང་རྣོན་གནས་གཙང་བར་སྐྱེ་བར་བྱ་བའི་ཕྱིར་དང་། མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། དབང་རྟུལ་ཉོན་མོངས་པས་འཇིགས་ ནས་ཐག་བསྲིང་བར་བྱ་བའི་ཕྱིར། ཐམས་ཅད་ཀྱི་ནང་ནས་ལས་སུ་རུང་ཞིང་ལམ་སླ་བའི་ མཆོག་ཏུ་གྱུར་པ་བཞི་པ་ཉིད་དང་པོར་རྒྱུན་དང་ལྡན་པ་སྤེལ་ཞིང་། རིམ་གྱིས་རྒྱུན་ཕྲི་ནས་ སྐད་ཅིག་མ་སྤེལ་པ་ཐོག་མར་མའི་ནང་དུ་སྒོམ་ལ་ཕྱིས་ཉམས་ན་གཟུགས་ཁམས་སུའང་ སྒོམ་པར་འདོད་མོད། དབྱིག་གཉེན་ལ་སོགས་པ་ནི་སྐད་ཅིག་མ་སྤེལ་བ་སངས་རྒྱས་ལས་ གཞན་པས་མི་ནུས་པས་རྒྱུན་ཆགས་སྤེལ་བར་བཞེད་དོ། །དེའང་དང་པོ་ཟག་མེད་ལ་སྙོམས་ པར་འཇུག་ཅིང་དེ་ནས་ཟག་བཅས་ལ་སྙོམས་པར་འཇུག་ལ་མཐར་ཟག་མེད་ལ་སྙོམས་ པར་འཇུག་པའི་ཚུལ་གྱིས་སྤེལ་མར་སྒོམ་པ་ནི་བསམ་གཏན་བཞི་པ་ཉིད་ཆུང་ངུ་སུམ་སྤེལ་ དུ་ཡོངས་སུ་སྒོམ་པ་དང་། དེ་ལྟ་བུ་ལན་གཉིས་ཀྱིས་འབྲིང་པོ་དྲུག་སྤེལ་དུ་ཡོངས་སུ་སྒོམ་ པ་དང་། ལན་གསུམ་གྱིས་ཆེན་པོ་དགུ་སྤེལ་དུ་ཡོངས་སུ་སྒོམ་པ་དང་། ལན་བཞིས་ཆེས་ 1-1-735 ཆེར་བཅུ་གཉིས་སྤེལ་དུ་ཡོངས་སུ་སྒོམ་པ་དང་། ལན་ལྔས་ཤིན་དུ་ཆེས་ཆེར་བཅོ་ལྔ་སྤེལ་དུ་ ཡོངས་སུ་སྒོམ་རྣམས་ནི་རྒྱུན་ཡིན་ལ། འབྲས་བུ། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་ བ་ལྔ་ཁོ་ན། ཞེས་པ་ལྟར་ཆུང་ངུས་མི་ཆེ་བ་དང་། འབྲིང་གིས་མི་གདུང་བ་དང་། ཆེན་པོས་གྱ་ ནོམ་སྣང་བ་དང་། ཆེས་ཆེ་བས་ཤིན་ཏུ་མཐོང་དང་ཤིན་ཏུ་ཆེས་ཆེ་བས་འོག་མིན་ཏེ་སོ་སོ་སྐྱེ་ བོ་དང་མ་འདྲེས་པ་གནས་གཙང་མའི་ལྷ་རྣམས་སུ་སྐྱེའོ། །དེ་ལྟར་གཟུགས་སུ་ཉེར་འགྲོའི་ རྗེས་སུ། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཞེས་ཕྱིར་མི་འོང་འདོད་པ་ན་གཟུགས་ མེད་དུ་འགྲོ་བ་ལ་བར་དོ་མེད་པས་སྐྱེས་ནས་མྱ་ངན་ལས་འདའ་བ་དང་འདུ་བྱེད་ཡོད་མེད་ དང་། སྲིད་རྩེ་མ་གཏོགས་པ་ལ་གོང་དུ་འཕོ་བ་སྟེ་བཞི་བཞི་ཡང་གསུངས་ཤིང་། གཞན་ནི་ འདི་ལ་མྱ་ངན་འདའ། །ཞེས་འདོད་པར་ཕྱིར་མི་འོང་ཐོབ་པའི་ཚེ་དེ་ཉིད་ལ་ཐར་ཐོབ་པའང་ གསུངས་ལ། དེའི་བྱེ་བྲག་འདོད་ཁམས་སུ་ཚེ་གཉིས་པར་འཕོས་པའང་རྟེན་དེ་ཉིད་ལ་མྱང་ འདས་ཐོབ་ཅིང་ཁམས་གཞན་དུ་མི་འགྲོ་བར་བཤད་དེ། འདོད་པར་ཚེ་ཡོངས་གྱུར་པས་ འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་པ་ལྟར་རོ། །དགྲ་བཅོམ་འབྲས་བུའི་ཁྱད་ པར་ལ། །དགྲ་བཅོམ་དྲུག་འདོད་དེ་དག་ལས། །ལྔ་ནི་དད་པས་མོས་ལས་སྐྱེས། །དེ་དག་ རྣམ་གྲོལ་དུས་དང་སྦྱོར། །མི་གཡོའི་ཆོས་ཅན་མི་གཡོ་བ། །དེ་ཕྱིར་དེ་དུས་མི་སྦྱོར་དེས། །དེ་ ནི་མཐོང་ཐོབ་རྒྱུ་ལས་བྱུང་། །ཞེས་པ་ལྟར་དང་པོ་ལྔ་ནི་(རྒྱུ་)དད་པས་མོས་པ་ལས་སྐྱེས་ཤིང་། (རྣམ་གྲོལ་ཐོབ་ནས་ཀྱང་)ཡོ་བྱད་དང་ནད་མེད་པ་དང་ཡུལ་གྱི་བྱེ་བྲག་ལ་ལྟོས་པའམ་ཉམས་ སྲིད་པས་དུས་དང་སྦྱོར་བ་ཞེས་བྱ་བ་ཡིན་ལ། དྲུག་པ་ནི་(རྒྱུ་)མཐོང་བས་ཐོབ་པ་ལས་སྐྱེས་ ཤིང་། (རྣམ་གྲོལ་ཐོབ་པ་ནི་)འདོད་རྒུར་ཏིང་ངེ་འཛིན་འགྲུབ་པའམ། ཉམས་པ་མི་སྲིད་པས་དུས་ དང་མི་སྦྱོར་བ་ཞེས་བྱའོ། །ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ ཞེས་བྱ། །སྟོན་པ་ཐ་མ་མི་གཡོ་ལ། །བར་པའང་གཞན་ལ་རྣམ་གསུམ་མོ། །ཞེས་པ་ལྟར་ 1-1-736 སྤྱིར་ཉམས་པ་ལས་ཕྱེ་ན་ཡོན་ཏན་གྱི་ཁྱད་པར་ཐོབ་ཟིན་པ་ལས་ཉམས་པ་དང་། ཐོབ་པར་ བྱ་བ་མ་ཐོབ་པ་ལས་ཉམས་པ་དང་། ཐོབ་ཀྱང་མངོན་དུ་མི་བྱེད་པ་ཉེར་སྤྱད་ལས་ཉམས་པ་ སྟེ་གསུམ་ལས། སྟོན་པ་ལ་ཐ་མ་དང་། མི་གཡོ་བ་ལ་བར་པ་དང་ཐ་མ་གཉིས་དང་། གཞན་ རྣམས་ལ་གསུམ་ཀའང་ཡོད་པར་འདོད་ལ། འབྲས་ལས་ཉམས་ལས་འཆི་བ་མེད། །བྱ་བ་མ་ ཡིན་དེ་མི་བྱེད། །ཅེས་འབྲས་བུ་ལས་ཉམས་པའང་དེ་སོར་མ་ཆུད་པར་མི་འཆི་ཞིང་། ཉམས་ ཀྱང་འབྲས་བུ་དང་འགལ་བའི་བྱ་བ་མི་བྱེད་པར་ཡང་འདོད་མོད། མདོ་ལས། འཕགས་པའི་ ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་ལེགས་པར་སྤངས་པའོ་ཞེས་པ་དང་། སློབ་པ་ལ་ བག་ཡོད་པར་བྱའོ་ཞེས་གསུངས་པས། སློབ་པ་ལ་ཉམས་པ་སྲིད་ཀྱི་དགྲ་བཅོམ་པའི་འབྲས་ བུ་ལས་ཉམས་པ་མི་སྲིད་ལ། ཉམས་པར་གསུངས་པ་ནི་བསམ་གཏན་དངོས་གཞིའི་ཏིང་ངེ་ འཛིན་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཉམས་པར་འགྱུར་བ་སྟེ། རྙེད་དང་བཀུར་ སྟིས་དབྱེན་སྤྱོད་པས་དབང་པོ་ཉམས་པ་སྲིད་པའི་ཕྱིར་རོ། །ཉམས་པར་བྱེད་པའི་རྒྱུ་ལྔ་ནི་ (རྒྱལ་པོའི་སྲས་ཀྱིས་མདོ་དྲངས་པ་ལྟར་)ལས་ཀྱི་མཐའ་ལ་ཞུགས་པ་དང་སྨྲ་བ་ལ་ཞུགས་པ་དང་རྩོད་པ་ ལ་ཞུགས་པ་དང་། རིང་དུ་རྒྱུ་བས་དུབ་པ་དང་ནད་ཡུན་རིང་པོས་ཐེབས་པ་རྣམས་ཡིན་ལ། མི་ཉམས་པའི་རྒྱུ་ནི་དྲན་པ་དང་ཤེས་བཞིན་གྱིས་སེམས་རྗེས་སུ་སྲུང་བར་བྱེད་པའོ། །དེ་ལ་ ཡོངས་སུ་ཉམས་པའི་ཆོས་ཅན་ལ་དགྲ་བཅོམ་པ་གང་ཞེ་ན། ཤེས་རབ་ལ་སོགས་པའི་དབང་ པོ་རྟུལ་པོ་རྙེད་པ་དང་བཀུར་སྟིའི་དབང་གིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང་། རང་གིས་རང་ གསོད་ཀྱང་རུང་མི་གསོད་ཀྱང་རུང་སྟེ། གང་མཐོང་བའི་ཆོས་ཚེ་དེ་ཉིད་ལ་བདེ་བར་གནས་ པ་(འཇིག་རྟེན་ལས་འདས་པའི་རྣམ་གྲོལ་ལས་མི་ཉམས་ཀྱང་)འཇིག་རྟེན་པའི་བསམ་གཏན་གྱི་དངོས་གཞི་ ཐོབ་པ་ལས་ཅིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ནོ། །བདག་གསོད་ པའི་ཆོས་ཅན་གང་ཞེ་ན། དགྲ་བཅོམ་པ་དབང་པོ་རྟུལ་པོ་ཉིད་རྙེད་པ་དང་བཀུར་སྟིས་མྱོས་ 1-1-737 ཀྱང་རུང་མ་མྱོས་ཀྱང་རུང་། རང་གིས་རང་མི་གསོད་ན་མཐོང་བའི་ཆོས་ཚེ་དེ་ཉིད་ལ་བདེ་ བར་གནས་པ་བསམ་གཏན་དངོས་གཞིའི་སེམས་སྔར་ཐོབ་པ་ལས་ཕྱིས་ཡོངས་སུ་ཉམས་ པར་འགྱུར་བའི་སྐལ་བ་ཅན་ཡིན་པས་གསོད་ནུས་ན་ཉམས་པའི་སྐལ་བ་ཅན་མ་ཡིན་པས་ མ་ཉམས་པའི་གོང་དུ་སྐུ་ཚེའི་འདུ་བྱེད་ཡོངས་སུ་གཏོང་བའོ། །(ཚེ་དང་ལྡན་པ་གནག་ཚོགས་ཅན་སློབ་ པར་གྱུར་པ་ཡང་ཡང་ཉམས་ནས་ལྕེབས་པ་ན་འཆི་ཁར་དགྲ་བཅོམ་ཐོབ་པ་ནི་སློབ་པ་བདག་གསོད་པའི་ཆོས་ཅན་ཡིན་གྱི་དགྲ་ བཅོམ་བདག་གསོད་པའི་ཆོས་ཅན་ནི་མ་ཡིན་ནོ། །) རྗེས་སུ་སྲུང་བའི་ཆོས་ཅན་གང་ཞེ་ན། གང་དགྲ་བཅོམ་དབང་པོ་རྟུལ་པོ་ཉིད་རྙེད་པ་ དང་བཀུར་སྟིས་དབྱེན་སྤྱོད་པས་མྱོས་ན། མཐོང་བའི་ཆོས་ཚེ་དེ་ཉིད་ལ་བདེ་བར་གནས་ པ་བསམ་གཏན་དངོས་གཞིའི་ཏིང་ངེ་འཛིན་སྔར་ཐོབ་ཅིང་མངོན་དུ་བྱེད་ནུས་པ་ལས་ཕྱིས་ ཡོངས་སུ་ཉམས་ནས་མངོན་དུ་བྱེད་མི་ནུས་པའི་སྐལ་བ་ཅན་ཡིན་ལ། དྲན་པ་དང་ཤེས་ བཞིན་གྱི་བཟུང་སྟེ་མ་མྱོས་ན་ཉམས་པའི་སྐལ་བ་ཅན་མ་ཡིན་པས་ཉམས་སུ་དོགས་ནས་ རང་གི་སེམས་རྗེས་སུ་སྲུང་བར་བྱེད་པའོ། །གནས་པ་ལས་མི་བསྐྱོད་པ་གང་ཞེ་ན། དགྲ་ བཅོམ་དབང་པོ་རྟུལ་པོ་རྙེད་པ་དང་བཀུར་སྟིའི་དབང་གིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང་། མཐོང་བའི་ཆོས་ཚེ་དེ་ཉིད་ལ་བདེ་བར་གནས་པ་བསམ་གཏན་གྱི་དངོས་གཞི་ལས་ཡོངས་ སུ་ཉམས་པར་འགྱུར་བའི་སྐལ་བ་ཅན་ཡང་མ་ཡིན་ལ། ཤེས་རབ་ལ་སོགས་པའི་དབང་པོ་ རྣམས་རྟུལ་བོ་ལས་རྣོན་པོར་སྦྱོང་བའི་སྐལ་བ་ཅན་ཡང་མ་ཡིན་པས་གཞི་དེ་ལས་གོང་འོག་ ཏུ་མི་འཕོ་བའི་གང་ཟག་གོ། རབ་ཏུ་རྟོགས་པའི་འོས་སུ་གྱུར་པ་གང་ཞེ་ན། གང་དགྲ་བཅོམ་ དབང་པོ་རྟུལ་པོ་རྙེད་བཀུར་གྱིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང་། མཐོང་བའི་ཆོས་ཚེ་དེ་ཉིད་ ལ་བདེ་བར་གནས་པ་བསམ་གཏན་གྱི་དངོས་གཞི་ལས་ཡོངས་སུ་ཉམས་པའི་སྐལ་པ་ཅན་ ཡང་མ་ཡིན་ལ། འབད་རྩོལ་གྱིས་དབང་པོ་རྣམས་རྟུལ་པོ་ལས་རྣོན་པོར་སྦྱོང་ཞིང་སྦྱངས་པ་ 1-1-738 ལས་རབ་ཏུ་རྟོགས་པ་མི་གཡོ་བའི་ཆོས་ཅན་ཐོབ་པར་འགྱུར་བའི་སྐལ་བ་ཅན་ཡིན་པའི་གང་ ཟག་གོ། མི་འཁྲུགས་པའི་ཆོས་ཅན་གང་ཞེ་ན། དགྲ་བཅོམ་པ་གང་རང་བཞིན་གྱིས་ཤེས་ རབ་ལ་སོགས་པའི་དབང་པོ་ལྔ་རྣོན་པོར་གྱུར་པ་སྟེ། དེས་ན་དབང་པོ་སྦྱང་མི་དགོས་ཤིང་། རྙེད་པ་དང་བཀུར་སྟིའི་དབང་གིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང་། མཐོང་བའི་ཆོས་ཚེ་དེ་ ཉིད་ལ་བདེ་བར་གནས་པ་བསམ་གཏན་དངོས་གཞིའི་སེམས་ཐོབ་པ་ལས་ནམ་ཡང་མི་གཡོ་ ཞིང་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་པ་ཅན་མ་ཡིན་པའོ། ། (དྲུག་པ།) ཁམས་ཀྱིས་དབྱེ་བ་ལ། (གཉིས་ལས་དང་པོ།)ཁམས་གསུམ་གྱི་གང་ཟག་དགུ་ཐུན་ མོང་དུ་བསྟན་པ་ནི། འདོད་པ་ན་སྤྱོད་པའི་སོ་སོ་སྐྱེ་པོ་གང་ཞེ་ན། གང་འདོད་པའི་ཁམས་སུ་ སྐྱེས་པར་གྱུར་ཞེས་པས་གོང་མ་གཉིས་སུ་སྐྱེས་པ་སེལ་ལ། འཕགས་པའི་ཆོས་ཟག་མེད་ཀྱི་ ལམ་རྣམས་ནི་མ་ཐོབ་པའི་གང་ཟག་གོ་ཞེས་པས་འཕགས་པ་ཡིན་པ་བསལ་ནས་བྱིས་པར་ མཚོན་ཏེ་རང་རང་གི་ལས་སོ་སོའི་དབང་གིས་གནས་ཐ་དད་དུ་སྐྱེས་པ་རྣམས་སོ། །འདོད་པ་ ན་སྤྱོད་པའི་སློབ་པ་གང་ཞེ་ན། འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཅེས་པས་གོང་མ་གཉིས་ སུ་སྐྱེས་པས་སེལ་ཏེ། འཕགས་པའི་ཆོས་རྣམས་ཐོབ་ཅེས་པས་བྱིས་པ་ཡིན་པ་སེལ་ལ། ཀུན་ ཏུ་སྦྱོར་བ་ལྷག་མ་དང་བཅས་པའི་གང་ཟག་གོ་ཞེས་པས་མི་སློབ་པའང་བསལ་ནས་འཕགས་ པ་སློབ་པར་མཚོན་ནོ། །འདོད་པ་ན་སྤྱོད་པའི་མི་སློབ་པ་གང་ཞེ་ན། འདོད་པའི་ཁམས་སུ་ སྐྱེས་པར་གྱུར་ཅེས་པའི་གོང་མ་གཉིས་སུ་སྐྱེས་པ་སེལ་ཏེ། འཕགས་པར་འཇོག་པའི་ཆོས་ རྣམས་ཐོབ་ཅེས་པས་སོ་སོར་སྐྱེ་བོ་ཡིན་པ་ལ་སེལ་ལ། ཀུན་ཏུ་སྦྱོར་བ་ལྷག་མ་མེད་པའི་གང་ ཟག་གོ། ཞེས་པའི་སློབ་པའང་བསལ་ནས་མི་སློབ་པར་མཚོན་ནོ། །འདོད་པ་ན་སྤྱོད་པའི་ གང་ཟག་གསུམ་ལ་རྒྱས་པར་བཤད་པ་ཇི་ལྟ་བར། གཟུགས་ཀྱི་ཁམས་ན་སྤྱོད་པའི་སོ་སོ་སྐྱེ་ བོ་དང་འཕགས་པ་སློབ་པ་དང་མི་སློབ་པ་གསུམ་དང་། གཟུགས་མེད་པའི་ཁམས་ན་སྤྱོད་ 1-1-739 པའི་སོ་སོ་སྐྱེ་བོ་དང་འཕགས་པ་སློབ་པ་དང་མི་སློབ་པ་གསུམ་ལ་ཡང་མཚན་ཉིད་དེ་བཞིན་ དུ་སྦྱར་ཏེ་བལྟ་བར་བྱའོ། །འདོད་གཟུགས་ཀྱི་གང་ཟག་བཞི་ཁྱད་པར་དུ་བཤད་པ་ལ་། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། གང་མཐུའི་ ཁྱད་པར་ཐོབ་པའི་འཕགས་པ་རྣམས་ནི་སེམས་ཅན་སྨིན་པར་བྱ་བའི་གནས་མ་ཡིན་པ་ གཟུགས་མེད་པའི་ཁམས་སུ་སྐྱེ་བ་རྣམ་པར་སྤངས་པའི་བསམ་གཏན་ཏིང་ངེ་འཛིན་དང་ལྡན་ ལ་བསམ་གཏན་གྱི་དངོས་གཞི་སེམས་ཐོབ་པའི་བདེ་བས་གནས་ཤིང་དེ་ལས་མཉམ་བཞིན་ དུ་སེམས་ཅན་མང་པོ་ལ་ཕན་གདགས་པའི་ཕྱིར་འདོད་པའི་ཁམས་སུ་སྐྱེས་པའི་བྱང་ཆུབ་ སེམས་དཔའ་དང་། གཟུགས་ཀྱི་ཁམས་གང་ཡང་རུང་བ་རྣམས་སུ་སྐྱེ་བའི་བྱང་ཆུབ་སེམས་ དཔའི་གང་ཟག་གོ། འདོད་པ་ན་སྤྱོད་པའི་རང་སངས་རྒྱས་གང་ཞེ་ན། གང་སྔོན་སྨོན་ལམ་ བཏབ་པའི་དབང་གིས་རྫོགས་པའི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་འབྱུང་བ་ མེད་པར་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཏེ། གཞན་དགེ་བའི་བཤེས་གཉེན་ལ་མི་ལྟོས་ པར་རང་ཉིད་ཀྱིས་བྱང་ཆུབ་མངོན་དུ་བྱེད་པའི་གང་ཟག་གོ། དབུ་མ་སྙིང་པོར། ཆོས་རྣམས་ བསལ་དང་གཞག་མེད་ཕྱིར། །ཆོས་ཉིད་ཇི་ལྟ་དེ་བཞིན་དུ། །གང་ཕྱིར་དེ་ནི་གཤེགས་གྱུར་ པ། །དེ་ཕྱིར་དེ་ནི་དེ་བཞིན་གཤེགས། །ཞེས་པ་ལྟར་ཆོས་ཉིད་དེ་བཞིན་ཉིད་དག་པ་གཉིས་ ལྡན་མངོན་སུམ་དུ་རྟོགས་ཤིང་དེའི་ངང་དུ་གཤེགས་ནས་དེ་བཞིན་ཉིད་གསུངས་པ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གང་ཟག་གང་ཞེ་ན། གང་དགའ་ ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ། བདུད་ལས་རྒྱལ་བའི་བར་རྒྱལ་སྲས་ཀྱི་མཛད་པ་ དགུ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་ པོའི་བར་རྒྱལ་བའི་མཛད་པ་གསུམ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་ པའི་རྣམ་པར་ཐར་པ་ཐམས་ཅད་དང་། སངས་རྒྱས་ཀྱི་སྤྱོད་པའི་རྣམ་པར་ཐར་པ་ཡང་འདོད་ 1-1-740 པའི་ཁམས་སུ་སྟོན་པའི་གང་ཟག་གོ། དེ་དག་ཀྱང་རྒྱུད་བླ་མར། དགའ་ལྡན་གནས་ནས་འཕོ་ བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་ མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུང་སྙིང་པོར་ གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་ བསྐོར། །མྱང་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། ། སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་ལྟར་ཏེ། སྟོན་པ་འདི་ཉིད་ལ་ཉེ་བར་མཚོན་ན་ བདག་ཉིད་ཆེན་པོ་དེས་དགའ་ལྡན་པའི་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་འཁྲུངས་ ནས་ལྷའི་ཚོགས་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་དེ། འཛམ་བུ་གླིང་པ་ཐམས་ ཅད་གདུལ་བའི་དུས་ལ་བབ་པ་ན་རིན་པོ་ཆེའི་ཅོད་པན་བྱམས་པ་ལ་གནང་ནས་རྒྱལ་ཚབ་ཏུ་ དབང་བསྐུར་ཞིང་། ལྷ་རྣམས་ལ་ཁོ་བོ་མི་རྣམས་གདུལ་བའི་ཕྱིར་འགྲོ་སྟེ་ཁྱེད་རྣམས་ལ་མི་ ཕམ་པ་ཆོས་སྟོན་པར་འགྱུར་གྱིས་བག་ཡོད་པར་གྱིས་ལ། འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ ལོ་བསྐོར་ན་ཡང་མཉན་པའི་ཆེད་དུ་ཤོག་ཅིག །ཅེས་གསུངས་ནས་རིམ་གྱིས་བྱོན་པ་ལྟ་བུ་ དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་(༡)དང་། དེ་ནས་སྤྲུལ་པའི་ལུས་ལེན་པའི་ཚུལ་ བྲམ་ཟེ་རྣམས་ཀྱི་རིགས་བྱེད་ལས་འབྱུང་བ་དང་མཐུན་པར་གླང་པོ་ཆེ་ཤིན་ཏུ་དཀར་བ་མཆེ་ བ་དྲུག་དང་ལྡན་པ་རྒྱབ་གསེར་གྱི་དྲ་བས་གཡོགས་པ་ཞིག་ཏུ་སྤྲུལ་ཏེ། ཡུམ་གསོ་སྦྱོང་ལ་ གནས་པའི་གློ་གཡས་པ་ནས་དགེ་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ཞུགས་ ཤིང་། ལྷུམས་དེ་ཡང་རིན་པོ་ཆེ་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་ཆེན་པོར་བྱིན་གྱིས་ བརླབས་ནས་ཟླ་བ་བཅུའི་བར་དུ་བདེ་བའི་ངང་ལ་བཞུགས་པ་ལྟ་བུ་ལྷུམས་སུ་འཇུག་པའི་ མཛད་པ་(༢)དང་། དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྐྱེད་མོས་ཚལ་རྣམས་སུ་མེ་ ཏོག་སྣ་ཚོགས་ཁ་འབུས་པ་དང་གཏེར་ཆེན་པོ་ཉི་ཁྲི་ཡང་ཁ་བྱེ་བ་དང་། མཛོད་ཀྱི་རིན་པོ་ཆེ་ 1-1-741 རྣམས་ལས་ཀྱང་རིན་པོ་ཆེའི་མྱུ་གུ་འཕེལ་བ་ལ་སོགས་པའི་ལྟས་བཟང་པོ་བསམ་གྱིས་མི་ ཁྱབ་པ་བྱུང་ཞིང་བཙའ་བའི་དུས་ལ་བབ་པ་ན། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལུམྦི་ནཱིའི་ཚལ་ ལེགས་པར་བརྒྱན་པའི་ནང་དུ་གཤེགས་པ་ན་ཤིང་ལྗོན་པ་ཆེན་པོས་ཕྱག་བྱས་པའི་ཡལ་ག་ ནས་བཟུང་བ་དང་། བྱང་ཆུབ་སེམས་དཔའི་སྐུ་ནོར་བུ་ལྟར་དྭངས་ཤིང་མཚན་དང་དཔེ་བྱད་ ཀྱིས་མཛེས་པ་རྒྱན་དང་ན་བཟའ་དང་བཅས་པ་ཡུམ་ལ་གནོད་པ་མེད་པར་གློ་གཡས་པ་ནས་ འཁྲུངས་པ་ལ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པས་མཆོད་ ཅིང་ཕྱོགས་དྲུག་ཏུ་གོམ་པ་བདུན་བདུན་པོར་བ་ལས་པད་མ་འདབ་མ་སྟོང་དང་ལྡན་པ་ཤིང་ རྟའི་འཕང་ལོ་ཙམ་རེ་རེ་ཡང་བྱུང་ཞིང་། ང་ནི་འཇིག་རྟེན་ན་མཆོག་གོ་ཞེས་པ་ལ་སོགས་པས་ སེང་གེའི་སྒྲ་བསྒྲག་པ་ཡང་མཛད་དེ་མངོན་ཤེས་དང་ལྡན་པའི་བྲམ་ཟེས་མཚན་བཟང་པོ་ ཡང་ལུང་བསྟན་པ་ལྟ་བུ་ལྷུམས་ནས་བལྟམས་པའི་མཛད་པ་(༣)དང་། དེ་ནས་ཡིག་ཤིང་ནོར་ བུ་རིན་པོ་ཆེས་སྤྲས་པ་གསེར་གྱི་ཡང་མིག་ཅན་ཐོགས་ཏེ་བྱིས་པ་ཀུན་གྱི་བཤེས་གཉེན་གྱི་ཡི་ གེའི་གྲར་བྱིན་ནས་ཨཱ་ལི་དང་ཀཱ་ལི་རྣམས་ལ་སློབ་པའི་ཚུལ་བསྟན་ཞིང་། སློབ་དཔོན་གྱིས་ མིང་ཙམ་ཡང་མི་ཤེས་པའི་ཡེ་གེའི་རིགས་མཐའ་ཡས་པ་མངོན་སུམ་དུ་བསྟན་པས་བྱིས་པ་ སུམ་ཁྲི་ཉིས་སྟོང་ཡང་སྨིན་པར་མཛད་ལ། རྩིས་པ་ཤཱཀྱ་སྲིད་སྒྲུབ་ཀྱི་དྲུང་དུ་བྱོན་ནས་རྩིས་ དང་ཤྭོ་དགོད་པ་དང་འཕོང་དང་གྱད་ཀྱི་འཛིན་སྟངས་ལ་སོགས་པ་འཇིག་རྟེན་པའི་བསླབ་ པའི་གནས་རྣམས་ལ་ཡང་སློབ་པར་མཛད་ཅིང་སློབ་དཔོན་ལས་ལྷག་པའི་གོ་འཕང་བརྙེས་ པས་སྐྱེ་རྒུ་རྣམས་ཤིན་ཏུ་ངོ་མཚར་བར་མཛད་པ་ལྟ་བུ་བཟོའི་གནས་ལ་མཁས་པའི་མཛད་པ་ (༤)དང་། དེ་ནས་དགུང་ལོ་བཅོ་ལྔ་ལོན་པ་ན་རྒྱལ་པོའི་གདུང་བརྒྱུད་མི་འཆད་པའི་དོན་དུ་ ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་བཙུན་མོ་རྣམས་བཞེས་པར་གསོལ་བ་བཏབ་པ་དང་། དེ་དག་གི་ཕ་ཤཱཀྱ་ལག་ན་བེ་ཅོན་ལ་སོགས་པས་གང་སྒྱུ་རྩལ་མཁས་པ་དེ་ལ་སྦྱིན་པར་བྱའོ་ 1-1-742 ཞེས་སྨྲས་པ་ལྷ་སྦྱིན་ལ་སོགས་པའི་སྐྱེ་བོ་མང་པོས་ཐོས་ནས། ཡི་གེ་དང་རྩིས་དང་གྱད་ཀྱི་ འཛིན་སྟངས་དང་བོང་དང་མཆོངས་དང་རྐྱལ་དང་འཕོང་གི་སྦྱོར་བ་ལ་སོགས་པའི་སྒྱུ་རྩལ་ ཐམས་ཅད་ལ་འགྲན་པས་བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་ཏེ། ས་འཚོ་མ་དང་གྲགས་ འཛིན་མ་དང་ལེགས་སྐྱེས་མ་དང་རི་དྭགས་འཛིན་མ་རྣམས་འཁོར་ཉི་ཁྲི་ཉི་ཁྲི་དང་བཅས་པ་ ཁབ་ཏུ་བཞེས་པའི་ཚུལ་བསྟན་པ་ལྟ་བུ་བཙུན་མོའི་འཁོར་དང་དགྱེས་པར་རོལ་བའི་མཛད་ པ་(༥)དང་། དེ་ནས་བྱང་ཆུབ་སེམས་དཔའ་དུས་ལས་མི་འདའ་ཡང་སངས་རྒྱས་རྣམས་ཀྱིས་ བསྐུལ་བ་ཆོས་ཉིད་ཡིན་པས་དེ་དག་གིས་བྱིན་གྱིས་བརླབས་པའི་རོལ་མོ་རྣམས་ལས་སྔོན་ གྱི་དམ་བཅས་པ་དྲན་པར་གྱིས་ཤིག་ཅེས་པ་ཡང་ཡང་བྱུང་ནས་རབ་ཏུ་འབྱུང་བར་བཞེད་པ་ ལ། ཡབ་ཀྱིས་སྐྱེད་མོས་ཚལ་དུ་འདོད་ཡོན་ལ་རྩེར་བཏང་བའི་ལམ་དུ་རྒས་པ་དང་ན་བ་དང་ ཤི་བའི་སྡུག་བསྔལ་རྣམས་གཟིགས་ཤིང་དགེ་སྦྱོང་གི་ཡོན་ཏན་ཡང་གཟིགས་ནས། ཡབ་ལ་ རབ་ཏུ་འབྱུང་བར་ཞུས་པས་མ་གནང་བར་ཁང་བཟང་ཟབ་མོར་བཅུག་སྟེ་ཕྱོགས་བཞི་ནས་ ཤཱཀྱ་ལྔ་བརྒྱ་ལྔ་བརྒྱས་སྲུང་ཞིང་གནས་པ་ལས། ཞག་བདུན་འདས་པའི་ནམ་ཕྱེད་ན་ལྷའི་ མཐུས་མི་རྣམས་གཉིད་མཐུག་པོར་གྱུར་པ་དང་ཡབ་ལ་ཞུས་ཤིང་གནང་སྟེ། འདུན་པ་དང་ ལྷན་ཅིག་རྟའི་རྒྱལ་པོ་ལ་ཆིབས་ནས་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་ལྷའི་ཚོགས་དཔག་ ཏུ་མེད་པས་མཆོད་བཞིན་པས་བར་སྣང་ལ་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན་ཏེ་རྟ་མཆོག་ རྒྱན་དང་བཅས་པ་འདུན་པ་ལ་ཟློག་ཅིང་། རལ་གྲི་ཨུཏྤལ་མཐིང་ག་ལྟ་བུས་ཉིད་ཀྱི་དབུ་སྐྲ་ ཉིད་ཀྱིས་བཞར་ནས་ལྷ་རྣམས་ཀྱིས་སྤྲུལ་བའི་རྔོན་པས་ན་བཟའ་ངུར་སྨྲིག་ཕུལ་བ་ཡང་ བླངས་ཏེ་དཔལ་རང་བྱུང་བསྙེན་པར་རྫོགས་པར་མཛད་པ་ལྟ་བུ་རྒྱལ་པོའི་ཁབ་ནས་ངེས་ པར་འབྱུང་བའི་མཛད་པ་(༦)དང་། དེ་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་ མཆོག་ཏུ་འཛིན་པའི་ལྟ་བ་ཅན་གཅེར་བུ་དང་རྩེ་གསུམ་ལ་མཆོང་པ་དང་མེ་ལྔ་བསྟེན་པའི་ 1-1-743 དཀའ་སྤྱད་ཙམ་གྱིས་གྲོལ་བར་རློམ་པའི་མུ་སྟེགས་པ་རྣམས་སུན་དབྱུང་བའི་ཕྱིར། ཆུ་བོ་ནཻ་ རན་ཛ་ནའི་འགྲམ་དུ་དབུགས་དབྱུང་རྔུབ་བཀག་སྟེ། མི་གཡོ་བ་ལ་སོགས་པའི་ཏིང་ངེ་འཛིན་ མཐའ་ཡས་པ་ལ་སྙོམས་པར་ཞུགས་ནས་ཏིལ་ཕྱེད་ཕྱེད་ཙམ་གསོལ་བའི་དཀའ་བ་ལོ་དྲུག་ སྤྱད་པས་སྐུ་ལུས་ཤིན་ཏུ་རིད་ཅིང་བསྐམས་པར་གྱུར་པ་ལས། སངས་རྒྱས་རྣམས་ཀྱི་ཐུགས་ རྗེའི་འོད་ཟེར་གྱིས་བསྐུར་ཏེ་ཏིང་ངེ་འཛིན་ལས་བཞེངས་པ་དང་། ལྷ་རྣམས་ཀྱིས་བསྐུར་ནས་ ཞིང་བའི་བུ་མོ་ལེགས་སྐྱེས་མ་ལ་སོགས་པས་འབྲས་ཆན་དང་འོ་ཐུག་དྲངས་པ་གསོལ་བས་ སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་པ་ལྟ་བུ་དཀའ་བ་སྤྱད་པའི་མཛད་པ་(༧)དང་། དེ་ ནས་དུས་གསུམ་གྱི་སངས་རྒྱས་མང་པོས་བྱང་ཆུབ་བརྙེས་པའི་གནས། །རྡོ་རྗེ་གདན་ལ་ ཐུགས་གཏད་དེ་གཤེགས་པའི་ལམ་དུ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་རྨ་བྱའི་མགྲིན་པ་ ལྟར་སྔོ་ཞིང་འཇམ་ལ་དྲི་ཞིམ་པ་ཕུལ་བ་རྣམས་བླངས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་ འཁྲུགས་པར་བཏིང་བ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་སྐུ་དྲང་པོར་བསྲངས་བའི་ཞལ་ ཤར་ཕྱོགས་སུ་གཟིགས་ནས། བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་སྟན་དེ་ཉིད་ལས་མི་གཡོ་ བར་དམ་བཅས་པ་མཛད་པ་ལ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡང་དག་པར་བསྟོད་ པ་ལྟ་བུ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་(༨)དང་། དེ་ནས་སྲོད་ལ་བབ་པའི་དུས་ སུ་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇིག་པ་ཞེས་བྱ་བའི་འོད་ཟེར་ མཐའ་ཡས་པ་བཀྱེ་ཞིང་། འོད་ཟེར་གྱི་རྩེ་མོ་རྣམས་ལས་བདུད་ཟིལ་གྱིས་གནོན་པའི་སྒྲ་ཆེན་ པོ་བྱུང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱིན་ གྱིས་བརླབས་པ་དང་། བདུད་སྡིག་ཅན་འཁོར་དང་བཅས་པ་ཤིན་ཏུ་འཁྲུགས་ནས་འཇིགས་ སུ་རུང་བའི་རྣམ་འགྱུར་དུ་མ་དང་བཅས་པའི་དཔུང་གི་ཚོགས་ཆེན་པོ་སྟེང་གི་བར་སྣང་ལ་ འོངས་ཏེ། རི་དང་བྲག་དང་མེ་དང་ཐོག་དང་འཁོར་ལོ་དང་མདུང་ཐུང་དང་རལ་གྲི་དང་གཏུན་ 1-1-744 ཤིང་དང་མདའ་པོ་ཆེ་ལ་སོགས་པའི་མཚོན་ཆ་དཔག་ཏུ་མེད་པ་སེར་བ་དྲག་པོའི་རྒྱུན་བཞིན་ དུ་བར་དང་མཚམས་མེད་པ་ཕབ་ཀྱང་། དེའི་བྱམས་པའི་མཐུ་ལས་གནོད་པ་མེད་ཅིང་མེ་ ཏོག་གི་ཆར་འབའ་ཞིག་ཏུ་གྱུར་ནས་ལྡིང་ཞིང་འབབ་པར་གྱུར་པས་ཞེ་སྡང་གི་རྣམ་འགྱུར་ གྱིས་ཀྱང་བརྫི་བར་མ་ནུས་ལ། བདུད་ཀྱི་བུ་མོ་ཤིན་ཏུ་མཛེས་པ་རྣམས་ཀྱིས་ཆགས་པའི་རྣམ་ འགྱུར་མཐའ་ཡས་པ་བསྟན་པས་ཀྱང་བསླུ་བར་མ་ནུས་པ་ལྟ་བུ་བདུད་ཀྱི་སྡེ་མཐའ་དག་ འཇོམས་པའི་མཛད་པ་(༩)དང་། དེ་ནས་ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་མངོན་དུ་ མཛད་ཅིང་གུང་ཐུན་ལ་མངོན་པར་ཤེས་པ་རྣམས་བསྐྱེད་ནས་ཐོ་རངས་ཟག་པ་ཟད་པ་མངོན་ དུ་མཛད་པ་སྟེ། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་གཅིག་དང་ལྡན་ པའི་ཤེས་རབ་ཀྱིས་སྤང་བྱའི་ལྷག་མ་མ་ལུས་པར་སྤངས་ཤིང་རྟོགས་པ་མཐར་ཐུག་པར་ ཡོངས་སུ་རྫོགས་ནས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ས་གཡོ་བ་དང་འོད་གསལ་བ་དང་མེ་ཏོག་གི་ཆར་ འབབ་པ་ལ་སོགས་པའི་ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་བ་ལ། ཕྱོགས་བཅུའི་ སངས་རྒྱས་ཐམས་ཅད་ཀྱིས་བསྔགས་ཤིང་ལྷ་དང་བཅས་པའི་འགྲོ་བ་མང་པོས་ཀྱང་མཆོད་ ཅིང་བསྟོད་པའི་གོ་འཕང་ཐོབ་པ་ལྟ་བུ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཛད་པ་(༡༠) དང་། དེ་ནས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པས་གསེར་ གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཡོན་དུ་ཕུལ་ཏེ་གསོལ་བ་ཡང་ཡང་བཏབ་པས། བཱ་ར་ཎཱ་ སཱིར་བྱོན་ཏེ་ལྔ་སྡེ་བཟང་པོ་ལ་སོགས་པའི་གདུལ་བྱ་རྣམས་ལ་བཀའ་དང་པོ་བདེན་པ་བཞིའི་ ཆོས་ཀྱི་འཁོར་ལོ་ལོ་བདུན་དུ་བསྐོར་བས་གང་ཟག་གི་བདག་ཏུ་ལྟ་བ་ལས་བཟློག་ནས་མྱ་ ངན་ལས་འདས་པའི་ལམ་ལ་འཇུག་པར་མཛད་པ་དང་། བྱ་རྒོད་ཕུང་པོ་ལ་སོགས་པར་བྱོན་ ཏེ་གང་ཟག་སྡེ་བཞི་ལ་སོགས་པའི་གདུལ་བྱ་རྣམས་ལ་བཀའ་བར་མཚན་ཉིད་མེད་པའི་ཆོས་ 1-1-745 ཀྱི་འཁོར་ལོ་ལོ་བཅུའི་བར་དུ་བསྐོར་བས་དངོས་པོར་འཛིན་པའི་ལྟ་བ་ལས་བཟློག་ནས་ ཐེག་པ་ཆེན་པོའི་ལམ་གྱིས་སྨིན་པར་མཛད་པ་དང་། མཉན་ཡོད་དང་ལང་ཀ་པུ་རི་ལ་སོགས་ པར་བྱོན་ཏེ་རང་བཞིན་སྣ་ཚོགས་པའི་གདུལ་བྱ་རྣམས་ལ་བཀའ་ཐ་མ་དོན་དམ་རྣམ་པར་ ངེས་པའི་ཆོས་ཀྱི་འཁོར་ལོ་ལོ་སུམ་ཅུར་བསྐོར་བས་ཡོད་མེད་རྟག་ཆད་ཀྱི་མཐར་འཛིན་པའི་ ལྟ་བ་བཟློག་ནས་མུ་བཞིའི་སྤྲོས་པ་དང་བྲལ་བའི་བྱང་ཆུབ་ཆེན་པོ་ལ་སྦྱོར་བར་མཛད་པ་ལྟ་ བུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་(༡༡)དང་། དེ་ནས་རེ་ཞིག་འོས་སུ་གྱུར་པའི་གདུལ་ བྱ་རྣམས་ཀྱི་དོན་བྱ་བ་ལ་ཡོངས་སུ་རྫོགས་པར་གཟུགས་ཏེ་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་ བ་དང་རྟག་འཛིན་ཅན་རྣམས་དེ་ལས་བཟློག་པ་ལ་སོགས་པའི་ཆེད་དུ། གྲོང་ཁྱེར་རྩྭ་མཆོག་ ཏུ་གཤེགས་ནས་ཤིང་སཱ་ལ་ཟུང་གི་ཚལ་དུ་གཟིམས་མལ་གྱི་ཐ་མ་མཛད་ཅིང་ས་གཡོ་བ་ལ་ སོགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བུད་ཤིང་ཟད་པའི་མེ་བཞིན་དུ་ གཟུགས་ཀྱི་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། ཀུན་དགའ་བོ་ལ་སོགས་པས་ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་དུ་སྐུ་ལ་ཤིང་བལ་འཇམ་པོས་དཀྲིས་ཤིང་རས་ ཟུང་སྟོང་གིས་ཀྱང་བཅིངས་ནས་འབྲུ་མར་གྱིས་བཀང་བའི་སྒྲོམ་དུ་བཅུག་སྟེ་ཙན་དན་གྱི་མེ་ ཤིན་ཏུ་ཚ་བས་སྦྱངས་ཀྱང་ཚིག་པར་མ་གྱུར་པ་ལས། ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་ བྱུང་བས་ཞག་བདུན་དུ་སྦྱངས་པ་ལ་ལྷ་དང་བཅས་པའི་འགྲོ་བ་མཐའ་ཡས་པས་མཆོད་པའི་ ཚོགས་ཚད་མེད་པ་ཕུལ་བས། རིང་བསྲེལ་མ་ག་དྷཱའི་ཁལ་བཅུ་གཉིས་བྱོན་པ་ཆ་བརྒྱད་དུ་ གྱུར་ནས་སེར་སྐྱ་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་རྣམས་སུ་བབས་ཏེ་སྐུ་གདུང་གིས་ཀྱང་ སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་ལྟ་བུ་མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་ (༡༢)རྣམས་སོ། ། (བདུན་པ།) སྤྱད་པས་དབྱེ་བ་ལ་སྤྱི་དོན་གཉིས་ཏེ། གང་ལ་གནས་པ་སའི་རང་བཞིན་ 1-1-746 དང་། ས་ལ་ཞུགས་ནས་སྤྱད་པ་སྤྱོད་ཚུལ་ལོ། །དང་པོ་ལ་ཐུན་མོང་གི་དབྱེ་བ་དང་། སོ་སོའི་ རང་བཞིན་གཉིས་ལས། དབྱེ་བ་ལ། (གཉིས་ཀྱི་དང་པོ།)ཐོབ་ཚུལ་གྱིས་དབྱེ་བ་ནི། ཆོས་རྣམས་ ལ་མོས་པ་གཙོར་སྤྱོད་པས་འཇུག་པ་མོས་པས་ཐོབ་པའི་ས་དང་། ཆོས་སྤྱོད་བཅུ་ལ་ཇི་ལྟར་ འདོད་པ་བཞིན་འཇུག་པ་སྤྱོད་པས་ཐོབ་པའི་ས་དང་། ས་དང་པོ་ཡན་ཆད་ཆོས་ཉིད་མངོན་ སུམ་དུ་མཐོང་ཤེས་པ་རྟོགས་པས་ཐོབ་པའི་ས་དང་། ཁྱད་པར་དུ་བརྒྱད་པ་ཡན་ཆད་འབད་ མེད་ལྷུན་གྲུབ་ཏུ་འཇུག་པ་གྲུབ་པས་ཐོབ་པའི་ས་ཞེས་བྱ་བ་བཞི་སྟེ། རྒྱན་ལས། ས་ཐོབ་པ་ ནི་མོས་པ་དང་། །སྤྱོད་པ་དག་ལ་འཇུག་པ་དང་། །རྟོགས་པའི་ཕྱིར་དང་ས་རྣམས་ནི། །གྲུབ་ པའི་སྒོ་ནས་རྣམ་པ་བཞི། །ཞེས་པ་ལྟར་རོ། ། (གཉིས་པ།)གྲུབ་ཚུལ་གྱིས་དབྱེ་བ་ནི། ཚོགས་སྦྱོར་གྱི་གནས་སྐབས་མོས་པས་སྤྱོད་པའི་ ས་ནི་མ་གྲུབ་པ་དང་། མཐོང་སྒོམ་གྱི་གནས་སྐབས་མོས་པ་སྤྱོད་པའི་ས་ནི་མ་གྲུབ་པ་དང་། མཐོང་སྒོམ་གྱི་གནས་སྐབས་ལྷག་བསམ་རྣམ་དག་གི་ས་ནི་གྲུབ་པ་དང་། གྲུབ་པ་ལའང་ དང་པོ་ནས་བདུན་པའི་བར་ནི་འབད་རྩོལ་དང་བཅས་པའི་ཆ་ནས་མ་གྲུབ་པ་དང་། བརྒྱད་ པ་ཡན་ཆད་ནི་འབད་རྩོལ་མེད་པའི་ཕྱིར་གྲུབ་པ་ཞེས་བྱ་བ་བཞི་སྟེ། ས་རྣམས་ཐམས་ཅད་མ་ གྲུབ་དང་། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་པ། །གྲུབ་པ་དག་ཏུ་ཡང་ འདོད་དོ། །ཞེས་པ་ལྟར་རོ། ། རང་བཞིན་ལ་གཉིས་ལས། (དང་པོ།) མོས་པས་སྤྱོད་པའི་ས་ནི། ཐེག་ཆེན་རྒྱས་འགྱུར་ རིགས་སད་ཅིང་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ས་དང་བོར་མ་ཆུད་ཀྱི་བར་གྱི་བྱང་ ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་ཡེ་ཤེས་ཡོན་ཏན་ཁྱད་པར་ཅན་རྣམས་རིམ་གྱིས་གོང་ ནས་གོང་དུ་སྐྱེ་བའི་རྟེན་ནམ་གཞིར་གྱུར་པ་སྟེ། དེ་ལ་ནི་ལས་དང་པོ་པའི་ས་ཞེས་ཀྱང་བྱའོ། ། 1-1-747 (གཉིས་པ།) ལྷག་བསམ་དག་པའི་ས་ལ། མཚན་ཉིད་དབྱེ་བ་སྤངས་པ་རྟོགས་པ་དང་། ། ཡོངས་སྦྱོང་འཕོ་ཚུལ་ཡོན་ཏན་ངེས་ཚིག་གོ། མཚན་ཉིད་ནི། བྱང་ཆུབ་སེམས་དཔའ་ འཕགས་པ་སློབ་པའི་ཡེ་ཤེས་མཚུངས་ལྡན་དང་བཅས་པ་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་ རྟེན་དུ་གྱུར་པ་སྟེ། དབུ་མ་འཇུག་པར། བྱང་ཆུབ་སེམས་དཔའི་སྙིང་རྗེ་ལ་སོགས་པས་ཡོངས་ སུ་བཟུང་བའི་ཡེ་ཤེས་ཁོ་ན་ཆར་ཕྱེ་བ་ལ་ནི་སའི་མིང་འཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་ པའི་ཕྱིར་རོ། །ཞེས་པ་དང་། དབུས་མཐའི་ཊཱི་ཀར་ཡང་། ཀུན་ཏུ་འགྲོ་བ་ལ་སོགས་པའི་དོན་ ཁོང་དུ་ཆུད་པའི་གནས་སྐབས་རྣམས་ནི་དེ་ལས་སྐྱེས་པའི་ཡོན་ཏན་གྱི་གཞིའི་ཚུལ་གྱིས་ས་ རྣམས་སོ་ཞེས་པ་ལྟར་རོ། ། དབྱེ་བ་ལ་བཞི་ལས། (དང་པོ།)གང་ཟག་གིས་དབྱེ་བ་ནི། ས་དང་པོ་ལ་གནས་པ་སྟེ་ཆོས་ ཀྱི་དབྱིངས་བདག་གཉིས་ཀྱིས་སྟོང་པར་རྟོགས་པའི་ཕྱིར་ལྟ་བ་རྣམ་པར་དག་པའི་གང་ཟག་ ཅེས་བྱ་ཞིང་། དེ་བཞིན་དུ་ས་གཉིས་པ་ལ་ལྟུང་བ་ཕྲ་མོས་ཀྱང་མི་གོས་པའི་ཕྱིར་ཚུལ་ཁྲིམས་ རྣམ་པར་དག་པ་དང་། གསུམ་པ་ལ་བསམ་གཏན་དང་ཏིང་ངེ་འཛིན་མཐའ་ཡས་པ་ཐོབ་པའི་ ཕྱིར་ཤིན་ཏུ་མཉམ་པར་གཞག་པ་དང་། བཞི་པ་ལ་ཡོངས་སུ་འཛིན་པ་མེད་པའི་ཕྱིར་ཆོས་ལ་ ཐ་དད་པའི་ང་རྒྱལ་མེད་པ་དང་། ལྔ་པ་ལ་སེམས་མཉམ་པ་ཉིད་ཐོབ་པའི་ཕྱིར་རྒྱུད་ལ་ཐ་དད་ པའི་ང་རྒྱལ་མེད་པ་དང་། དྲུག་པ་ལ་རང་བཞིན་གྱིས་དག་པའི་ཕྱིར་ཀུན་ནས་ཉོན་མོངས་ པ་དང་རྣམ་བྱང་ལ་ཐ་དད་པའི་ང་རྒྱལ་མེད་པ་དང་། བདུན་པ་ལ་མཚན་མ་མེད་པར་གནས་ པའི་ཕྱིར་སྐད་ཅིག་རེ་རེ་ལ་བྱང་ཆུབ་ཕྱོགས་མཐུན་རྣམས་སྒོམ་པའི་བློ་ཐོབ་པ་དང་། བརྒྱད་ པ་ལ་ལྷུན་གྱིས་གྲུབ་པའི་ཕྱིར་བཏང་སྙོམས་ཤིང་ཞིང་ཡོངས་སུ་སྦྱོར་བ་དང་། དགུ་པ་ལ་སོ་ སོ་ཡང་དག་རིག་བཞི་ལ་དབང་ཐོབ་པའི་ཕྱིར་སེམས་ཅན་སྨིན་པར་བྱེད་པ་ལ་མཁས་པ་དང་། བཅུ་པ་ལ་མངོན་པར་ཤེས་པ་ཆེན་པོ་ཐོབ་པའི་ཕྱིར་མཐུ་ཆེ་ཞིང་ཏིང་ངེ་འཛིན་དང་གཟུངས་ 1-1-748 ཀྱི་སྒོའི་ལུས་ཡོངས་སུ་རྫོགས་ལ་དགའ་ལྡན་ན་གནས་པ་ལ་སོགས་པའི་སྤྲུལ་པ་ངེས་པར་ སྟོན་ཅིང་སངས་རྒྱས་ཐམས་ཅད་ལས་དབང་སྐུར་བ་ཐོབ་པའི་གང་ཟག་ཅེས་བྱ་སྟེ། བྱང་ཆུབ་ སེམས་དཔའ་ལྟ་བ་རྣམ་པར་དག །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་གཞག །ཆོས་ ལ་སངས་རྒྱས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་དག་པ་ཐ་དད་ང་རྒྱལ་མེད། །སྐད་ཅིག་ གཅིག་བློ་ཐོབ་པ་བཏང་སྙོམས་པ། །ཞིང་རྣམས་སྦྱོར་བ་སེམས་ཅན་སྨིན་བྱེད་པ། །མཁས་པ་ མཐུ་ཆེན་ལུས་ཡོངས་རྫོགས་པ་དང་། །ངེས་པར་སྟོན་ལ་མཁས་པ་དབང་སྐུར་ཡིན། །ཞེས་ པ་ལྟར་རོ། ། (གཉིས་པ།) བསླབ་གསུམ་གྱིས་དབྱེ་བ་ནི། ས་དང་པོར་བསླབ་གསུམ་རྣམ་པར་དག་པའི་ རྒྱུ་ལ་སློབ་ཅིང་། གཉིས་པར་ཚུལ་ཁྲིམས་ཀྱི་བསླབ་པ་དང་། གསུམ་པར་སེམས་ཀྱི་བསླབ་པ་ དང་། བཞི་པ་ལྔ་པ་དྲུག་པ་རྣམས་སུ་རིམ་པ་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་ འབྲེལ་ཤེས་པའི་ཤེས་རབ་རྣམས་ལ་བསླབས་པས། དེ་དག་གི་འབྲས་བུས་ས་བདུན་པ་ལ་ མཚན་མ་མེད་པའི་ཡེ་ཤེས་དང་། བརྒྱད་པ་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང་། དགུ་པ་ལ་ སེམས་ཅན་ཡོངས་སུ་སྨིན་པ་དང་། བཅུ་པ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་ཡོན་ཏན་རྣམས་ འགྲུབ་པ་སྟེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང་། ། ལྷག་པའི་ཤེས་རབ་ལ་རྗེས་སློབ། ཅེས་པ་དང་། འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ ལ་ཡང་དག་བརྟེན། །ཞེས་པ་ལྟར་རོ། ། (གསུམ་པ།) ཕུང་པོ་ལྔས་དབྱེ་བ་ནི། ས་དང་པོར་ཆོས་ཉིད་མངོན་སུམ་གྱིས་རྟོགས་ནས། གཉིས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། གསུམ་པར་ཏིང་འཛིན་གྱི་ཕུང་པོ་དང་། བཞི་པ་ལྔ་ པ་དྲུག་པ་རྣམས་སུ་ཤེས་རབ་ཀྱི་ཕུང་པོ་དང་། བདུན་པ་ལ་སོགས་པར་འབྲས་བུ་བཞིའི་སྒྲིབ་ པ་ལས་རྣམ་པར་གྲོལ་བའི་ཕུང་པོ་སྦྱོང་ཞིང་། སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ལ་ཐོགས་པའི་ 1-1-749 སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བ་དང་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་རྣམ་པར་ སྦྱོང་བ་སྟེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྦྱོང་། །དེ་ཡི་འོག་ ཏུ་ཏིང་འཛིན་དང་། །ཤེས་རབ་ཕུང་པོ་རྣམ་པར་སྦྱོང་། །དེ་ལས་གཞན་པ་དག་ལ་ནི། །སྒྲིབ་ པ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང་། །གྲོལ་བའི་ཡེ་ཤེས་རྣམ་པར་ སྦྱོང་། །ཞེས་པ་ལྟར་རོ། ། (བཞི་པ།) ཕར་ཕྱིན་གྱིས་དབྱེ་བ་ནི། ས་རེ་རེ་ནའང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཚང་ བར་ཡོད་མོད། འོན་ཀྱང་དང་པོ་ན་སྤྱིན་པ་གཙོ་ཆེ་བ་ནས་བཅུ་པ་ན་ཡེ་ཤེས་གཙོ་ཆེ་བའི་ བར་ཏེ། དབུས་མཐར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་པ་བཅུ། །ཞེས་ པ་ལྟར། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་པ་ལྟར་རོ། ། སྤངས་པ་ནི། ས་བཅུ་སོ་སོར་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་རྣམས་ཀྱི་ རང་རང་གི་མི་མཐུན་པའི་ཕྱོགས་མ་རིག་པས་བསྡུས་པའི་ཤེས་བྱའི་སྒྲིབ་པ་རྣམས་རིམ་གྱིས་ སྤངས་ཏེ། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་ མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་པ་ལྟར་རོ། །གཞན་ཡང་། (ས་ བཅུ་པའི་)མདོ་ལས། ས་ཐོབ་འགྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚོ་བ་ཆད་དང་འཆི་ དང་མི་བསྔགས་ངན་འགྲོ་དང་། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅིའི་ ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། །ཞེས་པ་ལྟར་འཇིགས་པ་ལྔ་སྤངས་པ་དང་། རྒྱུད་ བླ་མར། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་ དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་པ་ལྟར་སྡུག་བསྔལ་གྱི་ཆུ་ བོ་བཞིའང་སྤངས་པ་ལ་སོགས་པའོ། ། 1-1-750 རྟོགས་པ་ནི། ཐམས་ཅད་ཀྱིས་ཀྱང་མཉམ་གཞག་ཏུ་ཆོས་ཉིད་དོན་དམ་ཇི་ལྟ་བའི་ཚུལ་ སྤྲོས་པའི་མཐའ་དང་བྲལ་བ་ནམ་མཁའ་ལྟ་བུར་རྟོགས་ཤིང་རྗེས་ཐོབ་ཏུ་ཆོས་ཅན་ཀུན་རྫོབ་ ཇི་སྙེད་པའི་ཚུལ་སྣང་བ་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་ཏེ། རྣམ་པར་མི་རྟོག་ པ་ལ་འཇུག་པའི་གཟུངས་སུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་ མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། །དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ ཐམས་ཅད་སྒྱུ་མ་ལ་སོགས་པ་བརྒྱད་དང་མཚུངས་པར་མཐོང་ངོ་། །ཞེས་པ་ལྟར་རོ། །སོ་ སོས་ནི། ས་དང་པོར་ཆོས་ཀྱི་དབྱིངས་རང་བཞིན་ཐམས་ཅད་ཀྱི་བདག་ཉིད་དུ་འགྲོ་བའི་ ཚུལ་དུ་རྟོགས་ཤིང་། དེ་བཞིན་དུ་ས་གཉིས་པར་རང་བཞིན་གྱིས་འདི་འོད་གསལ་བར་ མཐོང་བས་མཆོག་གི་དོན་དང་། གསུམ་པར་བསྟན་པའི་ཆོས་ཐམས་ཅད་རྟོགས་པའི་རྒྱུ་ མཐུན་པའི་དོན་དང་། བཞི་པར་གང་ལ་ཡང་བདག་གི་བར་ཡོངས་སུ་འཛིན་པ་མེད་པའི་ དོན་དང་། ལྔ་པར་རྣམ་པར་དག་པའི་དབྱིངས་སུ་རང་གཞན་གྱི་རྒྱུད་རྣམས་ཐ་དད་མེད་ པའི་དོན་དང་། དྲུག་པར་ཉོན་མོངས་པ་རྣམས་གློ་བུར་བ་ཡིན་གྱི་རང་བཞིན་མ་ཡིན་ལ་རང་ བཞིན་གྱིས་དག་པས་གསལ་དུ་རྣམ་པར་དག་པའང་མ་ཡིན་པའི་དོན་དང་། བདུན་པར་མདོ་ ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་མེད་པའི་དོན་དང་། བརྒྱད་པར་མི་སྐྱེ་བའི་ཆོས་ལ་ བཟོད་པ་ཐོབ་པས་ཉོན་མོངས་པ་བྲི་བ་དང་རྣམས་པར་བྱང་བ་འཕེལ་བ་མེད་པའི་དོན་དང་། ཉོན་ཡིད་གནས་གྱུར་པས་རྣམས་པར་མི་རྟོག་པ་ལ་དབང་བའི་དོན་དང་། དབང་ཤེས་གནས་ གྱུར་བས་ཞིང་དག་པ་ལ་དབང་པའི་དོན་དང་། དགུ་པར་ཡིད་ཤེས་གནས་གྱུར་པས་སོ་སོ་ ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་པའི་དོན་དང་། བཅུ་པར་ཇི་ལྟར་བཞེད་པ་བཞིན་ སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པས་ཕྲིན་ལས་ལ་དབང་བའི་གནས་ཀྱི་དོན་དུ་སྟེ། དབུས་ མཐར། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཡོངས་སུ་ 1-1-751 འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་པ་དང་། །ཉོན་མོངས་རྣམ་དག་མིན་དོན་ དང་། །ཐ་དད་མེད་པའི་དོན་ཉིད་དང་། །བྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་ པ་བཞི་ཡི་གནས། །ཞེས་པ་དང་། རྒྱན་དུ། ཡིད་དང་འཛིན་དང་རྣམ་པར་རྟོག །(གཅིག་པ་ལྟར་) གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལ་(བརྒྱད་ པ་ལྟར་)རྣམ་གཉིས་དེ་ལས་གཞན། །(དགུ་པ་དང་བཅུ་པ་ལ་)དབང་རེ་རེར་ནི་འདོད་པ་ཡིན། །ཞེས་ པ་ལྟར་རོ། །དེ་ལ་ཁ་ཅིག་(སྒྲོ་འདོགས་གཅོད་ཚུལ་ལ་ཁྱད་ཡོད་ཀྱང་)རྟོགས་བྱའི་དོན་ལ་ཁྱད་པར་མེད་ པའི་ཕྱིར་ཆོས་དབྱིངས་རྟོགས་པ་ལ་ཁྱད་པར་མེད་དོ་ཞེས་ཀྱང་གསུང་མོད། འོན་ཀྱང་གློ་ བུར་གྱིས་དྲི་མ་རིམ་གྱིས་སྤངས་པ་ལས་ཆོས་ཀྱི་དབྱིངས་རྟོགས་པའང་གོང་ནས་གོང་དུ་ཁྱད་ པར་དུ་འཕེལ་བར་འགྱུར་ཏེ། ཆོས་དབྱིངས་བསྟོད་པར། ཇི་ལྟར་ཚེས་པའི་ཟླ་བ་ནི། །སྐད་ ཅིག་སྐད་ཅིག་རྒྱས་པར་མཐོང་། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་ འཕེལ་པར་མཐོང་། །ཞེས་པ་ལྟར་རོ། ། ཡོངས་སྦྱོང་ནི། རང་རང་གི་ཡོན་ཏན་ཁྱད་པར་ཅན་རྣམས་རིམ་གྱིས་འཕེལ་བར་བྱེད་པ་ སྟེ། ཡུམ་གྱི་རྒྱན་དུ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །བསམ་ དང་ཕན་པའི་དངོས་ཉིད་དང་། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་བཞིན་ནོ། ། འཕོ་ཚུལ་ནི། ཇི་སྲིད་དུ་རང་རང་གི་ཡོངས་སྦྱོང་མ་རྫོགས་ཀྱི་བར་དེ་སྲིད་དུ་ས་དེ་དང་ དེ་ཡིན་ཞེས་དང་རྫོགས་ནས་གོང་མ་གོང་མར་འཕོ་བ་སྟེ། བརྒྱད་སྟོང་འགྲེལ་པར། ས་གོང་ གི་ཡོངས་སུ་སྦྱོང་བར་འགྱུར་པའི་ཆོས་གང་ཡིན་པ་དེ་དག་མ་རྫོགས་ཀྱི་བར་ནི་ས་དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་རིག་པར་བྱའོ་ཞེས་པ་ལྟར་རོ། །ཡོན་ཏན་ནི་ས་ དང་པོར་སྐད་ཅིག་མ་རེ་རེ་ལའང་། (མདོའི་དོན་སྡོམ་དུ་བྱས་པ།)ཏིང་འཛིན་བརྒྱ་ཐོབ་དེ་ལ་འཇུག་ 1-1-752 པ་དང་(གཅིག)། །སངས་རྒྱས་བརྒྱ་མཐོང་(གཉིས།)དེ་ཡིས་བྱིན་རླབས་རིག(གསུམ)། འཇིག་རྟེན་ ཁམས་བརྒྱ་གཡོ་(བཞི་)ཞིང་ཞིང་བརྒྱར་(ལྔ་)འགྲོ། དེ་བརྒྱ་སྣང་བྱེད་(དྲུག་)འགྲོ་བར་བརྒྱ་སྨིན་ པར་བྱེད(བདུན)། །བསྐལ་པ་བརྒྱར་(བརྒྱད་)གནས་སྔོན་དང་ཕྱི་མར་འཇུག(དགུ)། ཆོས་སྒོ་བརྒྱ་ (བཅུ་)འབྱེད་ལུས་བརྒྱ་སྟོན་དང་(བཅུ་གཅིག)། །ལུས་རེའང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་ གི། འཁོར་གྱིས་ཀུན་ནས་ཡོངས་སུ་བསྐོར་བར་སྟོན(བཅུ་གཉིས)། །ཞེས་པ་ལྟར་ཡོན་ཏན་བརྒྱ་ ཕྲག་བཅུ་གཉིས་དང་། ས་གཉིས་པར་ཏིང་ངེ་འཛིན་སྟོང་ལ་སྙོམས་པར་འཇུག་པ་ལ་སོགས་ པ་ཡོན་ཏན་སྟོང་ཕྲག་བཅུ་གཉིས་དང་། ས་གསུམ་པར་ཡོན་ཏན་འབུམ་ཕྲག་བཅུ་གཉིས་ ལ་སོགས་པ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་རྣམས་ཐོབ་ཅིང་། ས་བཅུ་པར་དབང་ བསྐུར་བ་ཁྱད་པར་ཅན་ཡང་ཐོབ་སྟེ། རྒྱན་དུ། སངས་རྒྱས་ཀུན་གྱིས་འོད་ཟེར་ཆེན་པོའི་ དབང་བསྐུར་བྱིན། །དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན། །སངས་རྒྱས་འཁོར་ གྱི་དཀྱིལ་འཁོར་སྟོན་པའི་རྣམ་པ་ཤེས། །བསླབ་པ་བཅའ་བས་ཚར་གཅོད་ཕན་འདོགས་ བྱེད་ལ་བརྩོན། །ཞེས་པ་ལྟར་རོ། །གཞན་ཡང་རྣམ་སྨིན་རང་ལུགས་སུ་གཞག་པ། (དང་པོ་ལ་) འཛམ་བུའི་གླིང་གི་རྒྱལ་པོ་དང་(གཉིས་པ་ལ་)གླིང་བཞི་པའི་རྒྱལ་པོ་དང་(གསུམ་པ་ལ་)བརྒྱ་བྱིན་ ལ་སོགས་པ་ནས་(རིམ་གྱིས་)གནས་གཙང་མའི་ལྷའི་རྒྱལ་པོ་རྣམས་སུ་སྐྱེ་བ་ལེན་པའི་ཡོན་ ཏན་དང་། ས་དང་པོར་སྟོང་གསུམ་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་གང་བར་མཐོང་བ་ ལ་སོགས་པའི་རྨི་ལྟས་ཁྱད་པར་ཅན་རྣམས་ཀྱང་འགྲུབ་པར་(གསེར་འོད་སོགས་སུ་)གསུངས་སོ། ། ངེས་ཚིག་ནི། འབྱུང་བོ་དཔག་ཏུ་མེད་པ་རྣམས་འཇིགས་པ་མེད་པར་བྱ་བའི་ཆེད་དུ་ཕྱིར་ ཞིང་གོང་དུ་འགྲོ་བ་དང་ལྡན་པའི་ཕྱིར་ས་ཞེས་བྱ་སྟེ། འབྱུང་པོ་དཔག་མེད་འཇིགས་མེད་ ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ལ་སར་ 1-1-753 འདོད་དོ། །ཞེས་པ་ལྟར་རོ། ། སྤྱད་པ་སྤྱོད་ཚུལ་ནི། བྱང་ཆུབ་སེམས་དཔའ་རྣམས་ལུས་ཅན་མཐའ་ཡས་པ་ལ་ཕན་ པ་རྒྱ་ཆེན་པོ་སྒྲུབ་པ་ཡིན་ལ། དེའང་ཐེག་ཆེན་ལ་མོས་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ པས་ཕན་འདོགས་པ་དང་། ཐེག་དམན་ལ་མོས་པ་རྣམས་ལ་བྱང་ཆུབ་ཕྱོགས་མཐུན་གྱི་སྤྱོད་ པས་ཕན་འདོགས་པ་དང་། གཉི་གའང་འདུན་པར་བྱ་བའི་ཆེད་དུ་མངོན་ཤེས་ཀྱི་མཐུན་པའི་ སྤྱོད་པས་ཕན་འདོགས་པ་དང་། ཐམས་ཅད་ཀྱང་རིམ་གྱིས་གདུལ་བྱའི་ཆེད་དུ་སེམས་ཅན་ ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པས་ཕན་འདོགས་པ་དང་། (རྒྱན་དུ།)ལུས་ཅན་ཐེག་པ་ཆེན་ པོ་དང་། །ཐེག་པ་དམན་ལ་མོས་པ་རྣམས། །གཉི་ག་འདུན་པར་བྱ་བ་དང་། །གདུལ་བར་བྱ་ ཕྱིར་བརྟན་རྣམས་ཀྱི། །སྤྱོད་པ་བཞི་པོ་མདོ་བཞིན་དུ། །རྗེས་སུ་འབྲངས་ནས་བཤད་པ་ཡིན། ། ཞེས་པ་ལྟར་རོ། ། གཞུང་དོན་ལ། མོས་པ་སྤྱོད་པ་ཅན་གང་ཞེ་ན། རིགས་ལ་གནས་པ་སྨོན་ལམ་ཆེན་པོ་ བཏབ་པ་ནས་བཟུང་སྟེ་སོ་སོར་རང་གིས་རིག་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་ ཐོབ་ཀྱི་བར་དུ་ཆོས་ཉིད་ལ་མོས་པ་ཙམ་ཡིད་ལ་བྱེད་པས་གཙོ་བོར་སྤྱོད་པའི་ཚོགས་སྦྱོར་གྱི་ གནས་སྐབས་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་རྐྱེན་ཆུང་ངུས་ཀྱང་ཉམས་སྲིད་པ་ ཆུང་ངུ་དང་། རྐྱེན་ཆེན་པོས་ཉམས་སྲིད་པ་འབྲིང་པོ་དང་། རྐྱེན་གང་གིས་ཀྱང་མི་ཉམས་པ་ ཆེན་པོ་དང་ལྡན་པའི་གང་ཟག་གང་ཡིན་པའི་བྱང་ཆུབ་སེམས་དཔའོ། །དེའང་ཐེག་བསྡུས་ སུ། (སྤང་བྱས་མི་བརྫི་བ་)བཟང་དང་(རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་པ་)སྨོན་པའི་སྟོབས་ཅན་དང་། ། (སྡིག་པའི་གྲོགས་པོས་མི་འགྱུར་བ་)སེམས་བརྟན་(འདི་ཕྱི་ཐམས་ཅད་དུ་དགེ་བ་མི་ཉམས་ཤིང་)ཁྱད་པར་འགྲོ་ བ་ཡིས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་ཅེས་བརྗོད། ། ཅེས་པ་ནས་བཟུང་སྟེ་གྲངས་མེད་དང་པོས་རྫོགས་པར་གསུངས་སོ། ། 1-1-754 ལྷག་པའི་བསམ་པས་སྤྱོད་པ་གང་ཞེ་ན། (ཨ་བྷི་དཱ་ན་ལས།)རབ་ཏུ་དགའ་དང་དྲི་མ་མེད། ། འོད་བྱེད་པ་དང་འོད་འཕྲོ་བ། སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་ བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ཞེས་པ་ལྟར། གང་བྱང་ཆུབ་སེམས་དཔའི་ས་བཅུ་ ལ་གནས་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པས་བསམ་པ་རྣམ་པར་དག་ པའི་གང་ཟག་གོ། མཚན་མ་དང་བཅས་པར་སྤྱོད་པ་གང་ཞེ་ན། རྒྱན་དུ། བྱང་ཆུབ་ལ་ནི་ཉེ་ བ་ན། །སེམས་ཅན་དོན་སྒྲུབ་མཐོང་བ་ལས། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་ དགའ་ཞེས་བརྗོད་དོ། །ཞེས་པ་ལྟར་གང་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་ དང་། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་པ་ལྟར་ཚུལ་ ཁྲིམས་འཆལ་བ་དང་ཐེག་དམན་ཡིད་ལ་བྱེད་པའི་དྲི་མ་དང་བྲལ་བས་ས་གཉིས་པ་དྲི་མ་ མེད་པ་དང་། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་པ་ལྟར་ཏིང་ ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཚད་མེད་པ་ཚོལ་ཞིང་གཞན་དག་ལའང་ཆོས་ཀྱི་སྣང་བ་ཆེན་ པོ་བྱེད་པས་ས་གསུམ་པ་འོད་བྱེད་པ་དང་། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་ སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །ཞེས་ པ་ལྟར་བྱང་ཆུབ་ཕྱོགས་མཐུན་གྱི་ཤེས་རབ་ལ་བརྟེན་ནས་སྒྲིབ་པ་གཉིས་སྲེག་པར་བྱེད་ པས་ས་བཞི་པ་འོད་འཕྲོ་བ་ཅན་དང་། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་ སེམས་ཀྱང་སྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྤྱང་དཀའ་བ། དེ་ཕྱིར་སྤྱང་དཀའ་ཞེས་ བྱའོ། །ཞེས་པ་ལྟར་སེམས་ཅན་མང་པོ་སྨིན་པར་བྱེད་ཅིང་དེ་དག་གི་ལོག་སྒྲུབ་ལས་སེམས་ སྲུང་བར་ཡང་བྱེད་པ་ནི་སྒྲུབ་པར་དཀའ་བས་ས་ལྔ་པ་ཤིན་ཏུ་སྤྱང་དཀའ་བ་དང་། ཤེས་རབ་ ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་ པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་པ་ལྟར་རྟེན་འབྲེལ་ཤེས་པའི་ཤེས་ 1-1-755 རབ་ལ་བརྟེན་ནས་སྲིད་ཞིའི་རང་བཞིན་མཉམ་པ་ཉིད་མངོན་སུམ་དུ་གྱུར་པས་ས་དྲུག་པ་ མངོན་དུ་གྱུར་པ་ཞེས་བྱ་བ་རྣམས་ལ་གནས་པ་སྟེ། དེ་ལྟར་ས་དྲུག་ཐོབ་ཀྱང་མི་འདོད་བཞིན་ དུ་(གཟུགས་སོགས་སྤྲོས་པའི་)མཚན་མ་དང་འདྲེས་པར་སྤྱོད་པའི་གང་ཟག་གོ། མཚན་མ་མེད་ པར་སྤྱོད་པ་ཅན་གྱི་གང་ཟག་གང་ཞེ་ན། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་ སོང་བའི་སར་འདོད་དོ། །ཞེས་པ་ལྟར་ཕྱིར་མི་ལྡོག་པའི་ས་དང་འབྲེལ་བའི་ཕྱིར་གང་བྱང་ ཆུབ་སེམས་དཔའི་ས་བདུན་པ་རིང་དུ་སོང་བ་ལ་གནས་པ་སྟེ། བསྒྲིམས་ནས་ཇི་སྲིད་པར་ འདོད་པར་མཚན་མ་མངོན་གྱུར་མི་འབྱུང་བའི་གང་ཟག་གོ། དེ་ལྟར་ས་བདུན་ནི་གྲངས་མེད་ གཉིས་པས་རྫོགས་པར་(ཐེག་བསྡུས་སུ་)གསུངས་སོ། །མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་ ཅན་གང་ཞེ་ན། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར་མི་གཡོ་བ་ཞེས་རབ་ཏུ་བརྗོད། །ཅེས་ པ་ལྟར་མཚན་མར་རྩོལ་བ་དང་མཚན་མེད་དུ་རྩོལ་བའི་འདུ་ཤེས་གང་གིས་ཀྱང་མི་གཡོ་ བས་ན་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་དང་། སོ་སོ་ཡང་དག་རིག་བློ་བཟང་། ། ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་པ་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ས་ དགུ་པ་ལེགས་པའི་བློ་གྲོས་དང་། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ ན་ཆོས་ཀྱི་སྤྲིན། །ཞེས་པ་ལྟར་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་སྤྲིན་ལྟ་བུས་ཐོས་པའི་ཆོས་ གནམ་མཁའ་ལྟ་བུ་ཁྱབ་པས་ན་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་བ་རྣམས་ལ་གནས་པ་སྟེ། ས་ སྔ་མ་རྣམས་སུ་གོམས་པར་བྱས་པའི་རྣམ་སྨིན་གྱི་འབྲས་བུ་མི་རྟོག་པའི་ཡེ་ཤེས་ལྷུན་གྲུབ་ ཏུ་འབྱུང་བས་མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པའི་གང་ཟག་གོ། དེ་ལྟར་དག་པ་ས་ གསུམ་ནི་གྲངས་མེད་གསུམ་པས་རྫོགས་པར་གསུངས་ཏེ། དེ་དག་ཀྱང་། གཅིག་ནི་མོས་པ་ དང་ལྡན་པ། །ལྷག་པའི་བསམ་པ་དག་པ་གཞན། །མཚན་མ་དང་ནི་མཚན་མ་མེད། །མངོན་ པར་འདུ་བྱེད་མེད་སྤྱོད་པ། །ལྔ་བོ་འདི་དག་ས་ཀུན་ལ། །བྱང་ཆུབ་སེམས་དཔའ་ཡིན་ཞེས་ 1-1-756 བྱ། །ཞེས་པ་ལྟར་རོ། ། རྒྱུན་ཞུགས་གཉིས་པ་ལ་དཔྱད་པ་ལ། དབྱེ་བ་ནི། རྒྱུན་དུ་ཞུགས་པའི་གང་ཟག་ཅེས་ མདོ་ལས་གང་གསུངས་ཤིང་འདིར་ཡང་སྔར་བཤད་པ་ལ། རྒྱུན་དུ་ཞུགས་པའི་གང་ཟག་ནི་ གཉིས་ཏེ་རིམ་གྱིས་ངེས་པར་འབྱིན་པ་དང་གཅིག་ཅར་ངེས་པར་འབྱིན་པ་ཞེས་བྱའོ། ། ངོ་བོ་ལ། (གཉིས་ལས་དང་པོ།)རིམ་གྱིས་པ་བཤད་ཟིན་དྲན་པ་རྣམས་ལ་སྦྱར་བ་ནི། རིམ་ གྱིས་ངེས་པར་འབྱིན་པ་ནི་སྤང་བྱ་རྣམས་རིམ་གྱིས་སྤངས་ནས་འབྲས་བུ་བཞི་རིམ་གྱིས་ཐོབ་ པར་བྱེད་པ་སྟེ། སྔར་ཇི་སྐད་བསྟན་པ་བཞིན་ནོ། ། (གཉིས་པ།) གཅིག་ཅར་པའི་ལམ་དང་འབྲས་བུ་བསྟན་པ་ལ། གཅིག་ཅར་ངེས་པར་ འབྱིན་པ་ནི་གང་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་ཆོས་ཉིད་མངོན་པར་རྟོགས་པས་ མཐོང་ལམ་ཐོབ་པར་བྱས་ནས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ ལ་བརྟེན་ཏེ་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་གྱིས་ཁམས་གསུམ་གྱི་ས་དགུ་ན་ སྤྱོད་པའི་སྒོམ་སྤང་ཉོན་མོངས་པ་བརྒྱད་ཅུ་རྩ་གཅིག་པོ་རྣམས། འདོད་པའི་སྒོམ་སྤང་ཆེན་ པོའི་ཆེན་པོ་སྤོང་བ་ན་སྲིད་རྩེའི་བར་གྱི་ཆེན་པོའི་ཆེན་པོ་རྣམས་སྤོང་ལ། དེ་བཞིན་དུ་འདོད་ པའི་ཆུང་ངུའི་ཆུང་ངུ་སྤོང་བ་ན་སྲིད་རྩེའི་བར་གྱི་ཆུང་ངུའི་ཆུང་ངུ་རྣམས་སྤོང་བ་ནི། དཔེར་ ན་ཁམས་གསུམ་གྱི་མཐོང་སྤང་གཅིག་ཅར་སྤོང་བ་བཞིན་དུ་རྣམ་པས་གཅིག་ཅར་སྤོང་བ་ སྟེ། སོར་མོའི་རྩེ་མོའི་མདོ་ལས། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་གང་ཅིའང་རུང་ འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ནས་རྒྱང་རིང་པོ་དང་ཐག་ཉེ་བའི་བར་དེ་ ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཆ་གཅིག་ཏུ་བྱེད་དོ། །གཅིག་ཏུ་བཟླུམས་གཅིག་ཏུ་བསྡོམས་ ཕུང་པོ་གཅིག་ཏུ་བྱས་ནས་འདི་ལྟར་ཡང་དག་པར་སློབ་སྟེ། འདི་ཐམས་ཅད་ནི་མི་རྟག་པ་ འདི་ཐམས་ཅད་ནི་སྡུག་བསྔལ་བ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། །འདི་ 1-1-757 ནི་ཁམས་གསུམ་གྱི་མཐོང་སྤང་མ་ལུས་པར་སྤངས་པར་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། སྒོམ་སྤང་མ་ལུས་པར་སྤངས་པར་དགྲ་བཅོམ་པའི་འབྲས་བུ་སྟེ་ཐོག་མཐའི་འབྲས་བུ་གཉིས་ ལ་གདགས་སོ། ། བར་པ་གཉིས་ལ་མ་ཡིན་ཏེ། དེ་དག་ནི་འདོད་ཁམས་ཀྱི་སྒོམ་སྤང་ལྷག་མ་ཡོད་མེད་ ཀྱིས་ཕྱེ་བ་ཡིན་ལ་དེ་ལྟ་བུ་འདི་ལ་མི་རུང་བའི་ཕྱིར་རོ། །འདིའི་དབང་དུ་མཛད་ནས་རྣམ་ པར་འབྱེད་པའི་མདོར་རྒྱུན་ཞུགས་ཀྱི་འོག་ཏུ་དགྲ་བཅོམ་པ་རྣམ་པར་གཞག་གོ། དེ་ཕལ་ ཆེར་ནི་མཐོང་བའི་ཆོས་རྒྱུན་ཞུགས་ཐོབ་པའི་ཚེ་ཉིད་ཀྱིས་སམ་དེ་ལས་འཆི་བའི་དུས་ཀྱི་ཚེ་ ཀུན་ཤེས་པ་དགྲ་བཅོམ་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་དེ་མྱུར་དུ་མྱ་ངན་ལས་ འདས་པར་འདོད་པའི་སྨོན་ལམ་གྱི་སྟོབས་ཅན་ཡིན་པས། སྨོན་ལམ་གྱི་དབང་གིས་སྒོམ་ སྤང་ལྷག་མ་སྤང་བའི་ཆེད་དུ་འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ་སངས་རྒྱས་འབྱུང་བ་ན་དེའི་ ཉན་ཐོས་དགྲ་བཅོམ་དུ་གྱུར་པའང་སྲིད་ཅིང་དེ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །གལ་ཏེ་ རིམ་གྱིས་བྱང་ཆུབ་ཆེན་པོར་འགྱུར་བའང་སྲིད་དེ། རྒྱན་དུ། དོན་བྱས་མ་ཡིན་དེ་སངས་རྒྱས། ། མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་པ་དང་། དཔལ་ཕྲེང་གི་མདོར། མེའི་དཔེས་ཉན་ཐོས་སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། ། ཕྱིས་ནི་སངས་རྒྱས་སུ་ཡང་འགྱུར་རོ་ཞེས་པ་ལྟར་རོ། ། མངོན་རྟོགས་ལ་སྤྱི་དོན་གསུམ་གྱི། (དང་པོ།)ངོ་བོ་ནི། བསྡུ་བར་བདེན་པ་རྣམས་ལ་ངེས་ པའི་ཤེས་རབ་རྗེས་འབྲངས་དང་བཅས་པའི་མཚན་ཉིད་ཅན་དུ་གསུངས་པ་ལྟར་ཏེ། ཡང་ ན་(ཡེ་ཤེས་བཤེས་གཉེན།)བདག་ཉིད་ཀྱིས་ཡང་དག་པར་ཁོང་དུ་ཆུད་པའོ་ཞེས་ཀྱང་གསུང་སོ། ། (གཉིས་པ།)དབྱེ་བ་ནི། ངོ་བོའི་དབྱེ་བ་ལམ་ལྔའི་མངོན་པར་རྟོགས་པ་དང་། རྣམ་པའི་དབྱེ་བ་ 1-1-758 ཐེག་པ་གསུམ་གྱི་མངོན་པར་རྟོགས་པའོ། ། (གསུམ་པ།) ངེས་ཚིག་ནི། མངོན་དུ་ཕྱོགས་པས་རྟོགས་པའམ། མངོན་སུམ་ཉིད་དུ་རྟོགས་ པས་ན་མངོན་རྟོགས་ཞེས་བྱའོ། །གཞུང་དོན་ལ། མངོན་པར་རྟོགས་པ་རྣམ་པར་གཞག་པ་ གང་ཞེ་ན། ཐུན་མོང་གི་དབྱེ་བ། སོ་སོའི་ངོ་བོ། ཐེག་པའི་ཁྱད་པར་རོ། །དབྱེ་བ་ནི། གང་ཟག་ གི་རྒྱུད་ལ་ཐོབ་པར་བྱ་བའི་མངོན་པར་རྟོགས་པ་ནི་བཅུ་སྟེ། དེའང་ངོ་བོས་ཕྱེ་ན་ཚོགས་ལམ་ དུ་ཆོས་མངོན་པར་རྟོགས་པ་དང་། སྤྱོར་ལམ་དུ་དོན་མངོན་པར་རྟོགས་པ་དང་། མཐོང་ལམ་ དུ་དེ་ཁོ་ན་མངོན་པར་རྟོགས་པ་དང་། སྒོམ་ལམ་དུ་རྗེས་ལམ་མངོན་པར་རྟོགས་པ་དང་། མཐོང་སྒོམ་གཉིས་ཀར་དཀོན་མཆོག་མངོན་པར་རྟོགས་པ་དང་། ཀུན་ཏུ་མི་འབྱུང་བ་མངོན་ པར་རྟོག་པ་དང་། མི་སློབ་པའི་ལམ་དུ་མཐར་ཐུག་པ་མངོན་པར་རྟོགས་པ་དང་། རྣམ་པས་ ཕྱེ་ན་ཐེག་ཆུང་ཉན་ཐོས་ཀྱི་མངོན་པར་རྟོགས་པ་དང་། བར་མ་རང་སངས་རྒྱས་ཀྱི་མངོན་ པར་རྟོགས་པ་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པའོ། ། ངོ་བོ་ལ། ཆོས་དོན་དེ་རྗེས་དཀོན་མཆོག་དང་། །ཀུན་ཏུ་མི་འབྱུང་མཐར་ཐུག་པ། །ཉན་ རང་བྱང་ཆུབ་སེམས་དཔའ་ཡི། །མངོན་པར་རྟོགས་པ་རྣམ་པ་བཅུ། །ཞེས་པ་སྟེ། ཆོས་མངོན་ པར་རྟོགས་པ་གང་ཞེ་ན། ཐར་བའི་ཆ་དང་མཐུན་པ་ཚོགས་ལམ་ཆེན་པོའི་གནས་སྐབས་ ན་བདེན་པ་བཞིའི་དབང་དུ་བྱས་ཏེ་བསྟན་པའི་ཆོས་རྣམས་ལ་དམིགས་ནས་ཇི་ལྟར་ངེས་ པ་བཞིན་དུ་འཛིན་པའི་མོས་པ་དང་མངོན་པར་ཡིད་ཆེས་པའི་དད་པ་ཆེན་པོ་ཐོབ་པ་སྟེ། དེ་ ཐོབ་པས་བདེན་པ་དེ་དག་ལ་ཆོས་མངོན་པར་རྟོགས་པར་འགྱུར་རོ་ཞེས་བརྗོད་པའོ། །དོན་ མངོན་པར་རྟོགས་པ་གང་ཞེ་ན། སྦྱོར་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མཐར་ ཐུག་པའི་གནས་སྐབས་ན་བདེན་པ་བཞིའི་དབང་དུ་བྱས་ཏེ་བསྟན་པའི་ཆོས་རྣམས་ཁོ་ན་ ལ་དམིགས་ནས་བདེན་པ་བཞིའི་ཆོས་མི་རྟག་པ་ལ་སོགས་པ་བཅུ་དྲུག་ལ་ངེས་པར་སེམས་ 1-1-759 ཤིང་། རྣམ་པར་དཔྱད་ནས་མི་སྐྲག་པའི་བཟོད་པ་མི་མཐུན་ཕྱོགས་ཀྱིས་མི་འཕྲོག་པས་ཆེན་ པོ་ཐོབ་པ་སྟེ། ཆོས་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་དེ་ཡང་གནས་ལུགས་དང་མཐུན་པར་ འཛིན་པ་ཚུལ་བཞིན་ཡིད་ལ་བྱེད་པ་ཆེན་པོའི་ཆུང་ངུ་དྲོད་ཀྱི་ཡེ་ཤེས་དང་། ཆེན་པོའི་འབྲིང་ བོ་རྩེ་མོ་དང་བཟོད་པའི་ཡེ་ཤེས་དང་། ཆེན་པོའི་ཆེན་པོ་ཆོས་མཆོག་གི་ཡེ་ཤེས་དང་རྣམ་པ་ གསུམ་གྱིས་རབ་ཏུ་ཕྱེ་བའོ། །དེ་ཁོ་ན་མངོན་པར་རྟོགས་པ་གང་ཞེ་ན། གང་སྔར་བསྟན་པ་ ལྟར་བདེན་པ་ལྟར་བདེན་པ་བཞི་ལ་དམིགས་ནས་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་ བཅུ་དྲུག་པོ་དག་ཡོངས་སུ་རྫོགས་པར་ཐོབ་པའོ། །མཐོང་བའི་ལམ་ནི་བདེན་པ་བཞིའི་ དམིགས་རྣམ་འདི་དང་འདི་ལྟ་བུའོ་ཞེས་རྣམ་པར་འཇོགས་པ་མཉམ་གཞག་ཆོས་ཉིད་མངོན་ པར་རྟོགས་པའི་མཐའ་ལས་བྱུང་བ་རྗེས་ཐོབ་ཀུན་རྫོབ་ཤེས་པ་རྣམས་ཀྱང་འཇིག་རྟེན་ལས་ འདས་པའི་ཡེ་ཤེས་ཀྱི་དབང་གིས་ས་བོན་བཏབ་པའི་ཚུལ་གྱིས་ཐོབ་སྟེ། སྐད་ཅིག་བཅུ་དྲུག་ བར་མ་ཆད་དུ་འབྱུང་བ་ན་འཇིག་རྟེན་པའི་སེམས་ཀྱི་སྐབས་མེད་པའི་ཕྱིར་མངོན་དུ་བྱེད་པ་ ནི་མ་ཡིན་ནོ། །འོན་ཀྱང་རྗེས་ཐོབ་ཀུན་རྫོབ་ཤེས་པ་དེ་དག་ནི་སྒོམ་པའི་ལམ་ལ་མངོན་དུ་ བྱེད་དོ། །རྗེས་ལ་མངོན་པར་རྟོགས་པ་གང་ཞེ་ན། སྒོམ་སྤང་གི་ས་བོན་མགོ་ནོན་པས་སྤོང་ བ་འཇིག་རྟེན་པ་ཡང་རུང་རྩ་བ་ནས་སྤོང་བ་འཇིག་རྟེན་ལས་འདས་པ་ཡང་རུང་། དེའང་ཕྱི་ མ་གཙོ་ཆེ་བ་སྟེ། མདོར་ན་ཆོས་ཉིད་མངོན་སུམ་དུ་མཐོང་བའི་རྗེས་ལ་གོམས་པར་བྱེད་པ་ སྒོམ་པའི་ལམ་ཐམས་ཅད་དོ། །དཀོན་མཆོག་མངོན་པར་རྟོགས་པ་གང་ཞེ་ན། ཀྱེ་མ་བཅོམ་ ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་སངས་རྒྱས་ལ་དེའི་ཡོན་ཏན་ ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པ་དང་། དེ་བཞིན་དུ་དམ་ པའི་ཆོས་ནི་ལེགས་པར་གསུངས་པའོ་ཞེས་པ་ལ་སོགས་པས་ཆོས་ལ་ཤེས་ནས་དད་པ་ཐོབ་ པ་དང་། འཕགས་པའི་དགེ་འདུན་ནི་ལེགས་པར་ཞུགས་པའོ་ཞེས་དགེ་འདུན་ལ་ཡོན་ཏན་ 1-1-760 ཤེས་ནས་ཡིད་ཆེས་པའི་དང་བ་ཟག་མེད་ཐོབ་པའོ། །(མཛོད་དུ།)བདེན་(པ་དང་པོ་)གསུམ་མཐོང་ ནས་ཚུལ་ཁྲིམས་(ཐོབ་པ་)དང་། །ཆོས་ལ་ཤེས་ནས་དད་པ་ཐོབ། །ལམ་མངོན་(པར་)རྟོགས་ ནས་སངས་རྒྱས་དང་། །དེ་ཡི་དགེ་འདུན་དག་ལ་ཡང་(ཤེས་ནས་དད་དོ)། །ཞེས་ཀྱང་འདོད་དོ། ། ཀུན་ཏུ་མི་འབྱུང་བ་མངོན་པར་རྟོགས་པ་གང་ཞེ་ན། མི་དགེ་བ་ཐམས་ཅད་མི་བྱ་བའི་སྡོམ་པ་ ཟག་མེད་ཀྱི་ཚུལ་ཁྲིམས་ཐོབ་པའི་འཕགས་པ་སློབ་པ་འདི་སྙམ་དུ་སེམས་ཏེ། བདག་གི་རྒྱུད་ ལ་ངན་སོང་གི་རྒྱུ་ལས་ངན་པ་ཟད་པས་འབྲས་བུ་སེམས་ཅན་དམྱལ་བ་ཟད་དོ་དུད་འགྲོ་ཟད་ དོ་ཡི་དྭགས་ཟད་དོ། །ཆོས་ངན་པ་སྤྱོད་པས་ངན་སོང་གི་སྡུག་བསྔལ་ཆེན་པོ་མྱོང་བས་ངན་ འགྲོའི་གཡང་ས་ཆེན་པོར་ལྷུང་བས་ལོག་པར་ལྟུང་བ་ཟད་དོ། །སྔར་གྱི་ལས་ངན་པ་སྤངས་ པ་ཙམ་དུ་མ་ཟད། ཕྱིས་ཀྱང་ཉེས་སྤྱོད་ཀུན་ནས་སློང་བའི་རྒྱུ་ཉོན་མོངས་པ་སྤངས་པའི་ཕྱིར་ བདག་ཡང་ངན་སོང་དུ་སྐྱེ་བར་འགྱུར་བའི་རྒྱུ་ལས་ངན་པ་བྱས་ནས་འབྲས་བུ་ངན་སོང་ རྣམས་སུ་རྣམ་པར་སྨིན་པ་སྡུག་བསྔལ་མངོན་པར་འགྲུབ་པའི་སྐལ་བ་ཅན་མ་ཡིན་ནོ་སྙམ་དུ་ སེམས་པ་སྟེ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀུན་ཏུ་མི་འབྱུང་བར་ རྟོགས་པའོ། །དེས་ན་འདི་ནི་ཚུལ་ཁྲིམས་ཡིན་ཞིང་སྔ་མ་ནི་དད་པ་ཡིན་ལ་གཉི་ཀའང་མཐོང་ ལམ་ནས་ཐོབ་ཅིང་སྒོམ་ལམ་ནས་མངོན་དུ་བྱེད་པར་གསུངས་སོ། །མཐར་ཐུག་པ་མངོན་ པར་རྟོགས་པ་གང་ཞེ་ན། གནས་ངན་ལེན་ཐམས་ཅད་རྒྱུན་གཅོད་པ་ཞེས་པ་ལ་སོགས་ པས་སྔར་ཇི་ལྟར་ལམ་གྱི་བདེན་པ་ལ་སྤངས་རྟོགས་མཐར་ཕྱིན་པའི་ལམ་བསྟན་ཟིན་པ་ལྟ་ བུའོ། །ཉན་ཐོས་ཀྱི་མངོན་པར་རྟོགས་པ་གང་ཞེ་ན། སྔར་ཐུན་མོང་དུ་བསྟན་པའི་ཆོས་མངོན་ རྟོགས་པ་ལ་སོགས་པ་བདུན་པོ་དེ་ཉིད་མདོར་བསྡུས་ཏེ། ཁྱད་པར་དུ་སྲིད་པ་ཐ་མ་པའི་དུས་ ན་ཡང་ཕལ་ཆེར་གཞན་སློབ་དཔོན་གྱི་སྒྲ་ལ་བརྟེན་ནས་ཐོབ་པའི་ཆ་ནི་ཉན་ཐོས་ཀྱི་མངོན་ པར་རྟོགས་པ་ཞེས་བྱའོ། །རང་སངས་རྒྱས་ཀྱི་མངོན་པར་རྟོག་པ་གང་ཞེ་ན། སྔར་གྱི་མངོན་ 1-1-761 པར་རྟོགས་པ་བདུན་པོ་དེ་དག་ཕལ་ཆེར་གཞན་སློབ་དཔོན་གྱི་སྒྲ་ལ་མ་བརྟེན་པར་བདག་ ཉིད་ཀྱིས་རྟེན་འབྲེལ་ཟབ་མོའི་དོན་རྟོགས་པ་ལས་ཐོབ་པའི་ཆ་ནི་རང་སངས་རྒྱས་ཀྱི་མངོན་ པར་རྟོགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་གང་ཞེ་ན། ཉན་ཐོས་ དང་རང་སངས་རྒྱས་རྣམས་འདུལ་བའི་ཐབས་ལ་མཁས་པའི་ཕྱིར་ཉན་རང་གི་མངོན་པར་ རྟོགས་པ་བདུན་པོ་དེ་དག་ལའང་བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པའི་བཟོད་པ་ ཆོས་ལ་ངེས་པར་སེམས་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་ཤེས་པ་གང་ཡིན་པ་སྟེ། སྙིང་ རྗེས་སེམས་ཅན་ལ་ལྟ་ཞིང་ཐེག་པ་ཆུང་ངུས་ངེས་པར་མི་འབྱུང་བའི་ཕྱིར་ཉན་རང་གི་མངོན་ པར་རྟོགས་པ་རྣམས་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་ཤེས་པར་བྱ་བའི་མངོན་རྟོགས་ བསྟན་ནས་སླར་ཡང་ས་དང་བོ་རབ་ཏུ་དགའ་བ་ལ་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་ པས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་མངོན་དུ་བྱ་ བའི་མངོན་པར་རྟོགས་པ་ཞེས་བྱ་བའོ། །དེ་ལྟར་རབ་དགའ་དངོས་སུ་སྨོས་པས་ཆོས་དང་ དོན་མངོན་པར་རྟོགས་པ་སྔོན་དུ་སོང་བར་ཡང་འགྲུབ་ཅིང་། རྗེས་ལ་ས་གཞན་རིགས་འདྲ་ བ་རྣམས་རིམ་གྱིས་རྟོགས་པ་ཡང་འགྲུབ་སྟེ། ཇི་ལྟར་སྨྱུག་ཚིགས་དང་པོ་ལ། །བཀས་པའི་ ཚུལ་ལྟར་ཐམས་ཅད་ཀྱང་། །དེ་ལྟར་མྱུར་དུ་འགས་པར་འགྱུར། །དེ་བཞིན་ཡེ་ཤེས་གཅིག་ ནས་གཅིག། ཅེས་(ཐེག་བསྡུས་སུ་)བཤད་སྦྱར་དུ་དྲངས་པ་ལྟར་རོ། །ཁྱད་པར་ལ། ཉན་ཐོས་ཀྱི་ མངོན་པར་རྟོགས་པ་ལས་བྱང་ཆུབ་སེམས་དཔའི་མངོན་དུ་བྱ་བའི་མངོན་པར་རྟོགས་པ་ཁྱད་ པར་ཅི་ཡོད་ཅེས་ན། (གཉིས་ལས་དང་པོ།) ཁྱད་པར་བཅུའི་དབྱེ་བ་ལ། དམིགས་པའི་ཁྱད་པར་ནི་ཐེག་དམན་ རྣམས་ཉན་ཐོས་ཀྱི་སྡེ་སྣོད་ཙམ་ལ་དམིགས་ཤིང་ཐེག་ཆེན་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལ་ ཡང་དམིགས་པ་དང་། ཉེ་བར་རྟོན་པའི་ཁྱད་པར་ནི་ཐེག་དམན་རྣམས་སྲིད་པ་གསུམ་ལ་ 1-1-762 སོགས་པ་ཙམ་ལས་ཚོགས་མི་སོག་ཅིང་ཐེག་ཆེན་པ་བསྐལ་པ་གྲངས་མེད་པ་གསུམ་དུ་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་སོག་པ་དང་། རབ་ཏུ་རྟོགས་པའི་ཁྱད་པར་ ནི་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་ཙམ་རྟོགས་ཤིང་། རང་རྒྱལ་གྱིས་བདག་ཕྱེད་ དང་གཉིས་ཀྱི་སྟོང་པ་ཙམ་རྟོགས་ལ། ཐེག་ཆེན་པས་གང་ཟག་དང་ཆོས་ཀྱི་བདག་མཐའ་ དག་གི་སྟོང་པར་རྟོགས་པ་དང་། ཁས་ལེན་པའི་ཁྱད་པར་ནི་ཐེག་ཆུང་བས་རང་དོན་ཙམ་ སྒྲུབ་པར་ཁས་ལེན་ཞིང་ཐེག་ཆེན་པས་རང་གཞན་ཐམས་ཅད་ཀྱི་དོན་མཉམ་པ་ཉིད་དུ་སྒྲུབ་ པར་ཁས་ལེན་པ་དང་། ངེས་པར་འབྱུང་བའི་ཁྱད་པར་ནི། རིན་ཆེན་ཕྲེང་བར། ཇི་ལྟར་ཉན་ ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལས། །བྱང་ ཆུབ་སེམས་དཔའི་ས་བཅུའོ། །ཞེས་པ་ལྟར་ས་ཉུང་བ་དང་མང་བས་ངེས་པར་འབྱུང་བ་དང་། ཡོངས་སུ་འཛིན་པའི་ཁྱད་པར་ནི་ཐེག་ཆུང་བ་འཁོར་བའི་མཐའ་སྤངས་ནས་ཞི་བའི་མཐའ་ ཡོངས་སུ་འཛིན་ལ། ཐེག་ཆེན་པ་ཤེས་རབ་དང་སྙིང་རྗེས་སྲིད་པ་དང་ཞི་བའི་མཐའ་གཉིས་ ཀ་སྤངས་ནས་མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་འཛིན་པ་དང་། གནས་དང་ གཡོག་འཁོར་གྱི་ཁྱད་པར་ནི་ཐེག་ཆུང་བ་ཞིང་སྦྱོང་བ་དང་འཁོར་སྡུད་པ་མི་བྱེད་ལ། ཐེག་ ཆེན་པ་གནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་འཁོར་འདུལ་བའི་སྐྱེ་བོ་དཔག་ཏུ་ མེད་པ་ཉེ་བར་སྡུད་པར་བྱེད་པ་དང་། བཙུན་པར་སྐྱེ་བའི་ཁྱད་པར་ནི་ཐེག་ཆུང་བས་སངས་ རྒྱས་ཀྱི་གདུང་སོབ་མི་ནུས་ལ། ཐེག་ཆེན་པས་ཡབ་སངས་རྒྱས་ཀྱི་རིགས་རྒྱུད་འཛིན་ནུས་ པས་སྲས་ཀྱི་ཐུ་བོའི་མཚན་ཉིད་ཅན་ཡིན་པ་དང་། སྐྱེ་བའི་ཁྱད་པར་ནི་ཐེག་ཆུང་བ་རྣམས་ ཕལ་བར་སྐྱེ་ལ་ཐེག་ཆེན་པ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་པད་མ་ལས་ བརྫུས་ཏེ་སྐྱེ་བ་དང་། འབྲས་བུའི་ཁྱད་པར་ནི་མྱང་འདས་ཐོབ་པའི་དུས་སུ་ཐེག་ཆུང་བས་ གནས་གྱུར་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་མི་ཐོབ་ལ། ཐེག་ཆེན་པས་མཐར་ 1-1-763 ཐུག་གི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་པའི་ཕྱིར་རོ། ། (གཉིས་པ།) ཕྱི་མ་གཏན་ལ་དབབ་པ་ལ། སྤྱི་དོན་བཞི་སྟེ། གང་ལས་འགྲུབ་པའི་རྒྱུ། ཇི་ ལྟར་འགྲུབ་པའི་ཚུལ། གང་ཞིག་འགྲུབ་པའི་དོན། སྒྲུབ་པར་རིགས་པའི་ཚུལ་ལོ། །རྒྱུ་ནི། བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ ཚོགས་གཉིས་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་ བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི(འོ)། །གསུམ་པོ་གཞན་ནི་གཉིས་ཀའི་ (ཚོགས་)སྟེ། །ལྔ་ཅར་ཡང་ནི་(མི་རྟོག་པས་ཟིན་ན་)ཡེ་ཤེས་ཚོགས། །ཞེས་པ་རྣམས་སོ། །དེའང་ མདོར་བསྡུ་ན་མཉམ་གཞག་ཏུ་མི་རྟོག་པ་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། རྗེས་ཐོབ་ ཏུ་སེམས་ཅན་རྣམས་སྨིན་པར་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་ཡིན་པས་དེ་དག་ལ་འབད་ པར་བྱ་སྟེ། རྣམ་པར་མི་རྟོག་ཡེ་ཤེས་ནི། །སངས་རྒྱས་ཆོས་རྣམས་སྦྱོང་བར་བྱེད། །གཞན་ནི་ ཇི་བཞིན་རྣམ་འཇོག་པ། །སེམས་ཅན་རྣམ་ཡོངས་སྨིན་པར་བྱེད། །ཅེས་པ་ལྟར་རོ། །དེ་ལྟར་ ཚོགས་གཉིས་བསྐལ་པ་གྲངས་མེད་པ་གསུམ་དུ་བསགས་པ་ལས་འགྲུབ་པར་གསུངས་མོད། འོན་ཀྱང་བརྩོན་འགྲུས་དང་ཐབས་ལ་མཁས་པའི་ཁྱད་པར་གྱིས་བསྐལ་བ་མང་པོའང་དུས་ ཐུང་ངུར་འདུ་བ་སྲིད་དེ། དུས་གསུམ་བརྟག་པར། རྨི་ལམ་ལ་ནི་ལོ་གཅིག་ཀུན། །ཡུད་ཙམ་ གྱིས་ཀྱང་དམིགས་པ་སྟེ། །དེས་ན་དཔག་མེད་དུས་རྣམས་ཀྱང་། །སྐད་ཅིག་ཉིད་དུ་འདུ་བར་ འགྱུར། །ཞེས་པ་ལྟར་རོ། ། འགྲུབ་ཚུལ་ལ་གསུམ་ལས། (དང་པོ།)གང་ལས་གང་འགྲུབ་ཚུལ་ནི། བསོད་ནམས་ ཀྱི་ཚོགས་ཀྱི་དོན་དུ་སེམས་ཅན་ལ་ཕན་པ་བསྒྲུབས་པ་ལས་རྣམ་པར་སྨིན་པའི་འབྲས་བུ་ གཟུགས་ཀྱི་སྐུ་འགྲུབ་ཅིང་། ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་ པ་ལས་དྲི་མ་དང་བྲལ་བའི་འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པ་སྟེ། རིན་ཆེན་ཕྲེང་བར། སངས་ 1-1-764 རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་ མདོར་བསྡུ་ན། །རྒྱལ་བོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པ་ལྟར་རོ། ། (གཉིས་པ།) གནས་གང་དུ་འགྲུབ་ཚུལ་ནི། འོག་མིན་ཆེན་པོར་ལོངས་སྐུའི་རྟེན་ལ་ཆོས་ ཀྱི་སྐུ་མངོན་དུ་མཛད་ཅིང་། གླིང་བཞི་པ་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་ཅིག་ཅར་མངོན་པར་ བྱང་ཆུབ་པར་མཛད་པ་སྟེ། ལང་ཀར་གཤེགས་པར། གཙང་མའི་གནས་རྣམས་སྤངས་པ་ཡི། ། འོག་མིན་གནས་ནི་ཉམས་དགའ་བར། ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་ པོ་འདིར་མངོན་སངས་རྒྱས། །ཞེས་པ་ལྟར་རོ། ། (གསུམ་པ།) གནས་གྱུར་ལས་འགྲུབ་ཚུལ་ནི། དཔྱད་ན་དོན་ལ་མེད་པའི་གློ་བུར་གྱི་དྲི་མ་ སྒྲིབ་པ་མཐའ་དག་སྤངས་ནས་མི་སྣང་ཞིང་རྟག་ཏུ་མི་འགྱུར་བར་ཡོད་པ་ཆོས་ཀྱི་དབྱིངས་ མཐའ་དག་མངོན་སུམ་དུ་སྣང་བས་ཇི་ལྟར་བཞེད་པ་བཞིན་ཟག་མེད་ཀྱི་འབྱོར་པ་སྤྱོད་པ་ལ་ སྟེ། རྒྱན་ལས། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཡིན་ཞེས་བྱ། །དེ་ནི་གནས་ གཞན་གྱུར་པ་སྟེ། །འདོད་དགུར་སྤྱོད་ཕྱིར་ཐར་བ་ཡིན། །ཞེས་པ་ལྟར་རོ། ། གྲུབ་པའི་དོན་ལ། སྐུ་གསུམ་ཡོངས་སུ་རྫོགས་པའི་དོན། ཡེ་ཤེས་བཞི་དང་ལྡན་པའི་ དོན། ཕྲིན་ལས་ཕུན་སུམ་ཚོགས་པའི་དོན། ཟག་མེད་དབྱིངས་ན་ཟབ་པའི་དོན། དང་པོ་ ལ་བཞི་ལས། (དང་པོ།)ཐུན་མོང་གི་དབྱེ་བ་ནི། རང་དོན་མཐར་ཕྱིན་པ་ངོ་བོ་ཉིད་ཀྱི་སྐུ་དང་། གཞན་དོན་ལའང་གདུལ་བྱ་ཉེ་བ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། རིང་བ་ལ་ སྣང་བ་སྤྲུལ་བའི་སྐུ་སྟེ་གསུམ་ཡིན་ལ། དེ་དག་གི་དང་པོ་ནི་ཕྱི་མ་གཉིས་ཀྱི་རྟེན་ཡིན་ཞིང་། གཉིས་པོའང་རིམ་པ་ལྟར་རྟེན་དང་བརྟེན་པ་སྟེ། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་ བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་བའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ ཡིན་ནོ། །ཞེས་པ་ལྟར་རོ། ། 1-1-765 (གཉིས་པ།) སོ་སོའི་རང་བཞིན་ལ། (གསུམ་གྱི་)ངོ་བོ་ཉིད་ཀྱི་སྐུ་ནི་ཟག་པ་མེད་པའི་ཡོན་ ཏན་ཐམས་ཅད་དང་ལྡན་པའི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་གློ་བུར་ གྱི་དྲི་མ་ཐམས་ཅད་དང་ཡང་བྲལ་ནས་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་དུ་གྱུར་པ་སྟེ། ཡུམ་ གྱི་རྒྱན་དུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག། ཐོབ་གྱུར་རྣམ་ཀུན་ རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་པ་ལྟར་རོ། །ལོངས་སྤྱོད་རྫོགས་ པའི་སྐུ་ནི་འོག་མིན་ཆེན་པོར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུས་རྒྱལ་སྲས་འཕགས་ པ་རྣམས་དང་ལྷན་ཅིག་ཐེག་པ་ཆེན་པོའི་ཆོས་ཁོ་ན་ལ་རྒྱུན་མི་འཆད་པ་ཉེ་བར་ལོངས་སྤྱོད་ པ་སྟེ། མཚན་ནི་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་ བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པ་ལྟར་རོ། །སྤྲུལ་ པའི་སྐུ་ནི་གདུལ་བྱ་མཐའ་ཡས་པའི་བསམ་པ་དང་མཐུན་པར་རྣམ་འཕྲུལ་སྣ་ཚོགས་པས་ སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་མཛད་པ་སྟེ། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། ། ཅེས་པ་ལྟར་རོ། །དེའང་དྲི་ཟ་གདུལ་བའི་དོན་དུ་རྒྱུད་མངས་སྤྲེང་བ་ལ་སོགས་པ་བཟོའི་ སྤྲུལ་པ་དང་། རི་བོང་དང་རུ་རུ་ལ་སོགས་པ་ཡང་སྟོན་པ་སྐྱེ་བའི་སྤྲུལ་བ་དང་། ཤཱཀྱ་ཐུབ་ པ་ལ་སོགས་པར་སྟོན་པ་བྱང་ཆུབ་མཆོག་གི་སྤྲུལ་པ་དང་། དུས་ལ་བབ་པ་ན་མྱ་ངན་ལས་ འདས་པར་ཡང་སྟོན་པས་གདུལ་བྱ་རྣམས་རྣམ་གྲོལ་ལ་སྦྱོར་བར་མཛད་པ་སྟེ། རྒྱན་དུ། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་བའི་སྐུ་འདི་ ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་པ་ལྟར་རོ། ། (གསུམ་པ།)དེ་དག་གི་འཇོག་ཚུལ་ནི། འགའ་ཞིག་སྐུ་བཞིར་འདོད་པའང་རང་དོན་དོན་ དམ་པའི་སྐུ་ལ་དག་པ་གཉིས་ཀྱི་ཆ་ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་མཐར་ཐུག་པའི་ཆ་ཆོས་ཀྱི་ 1-1-766 སྐུར་ཕྱེ་བའམ། ཡང་ན་བདེ་བ་ཆེན་པོ་དང་སྟོང་པ་ཉིད་ལ་དེ་དག་ཏུ་ཕྱེ་བ་ཡིན་གྱི། བསྡུ་ན་སྐུ་ གཉིས་དང་གསུམ་དུ་མི་འདོད་པ་མ་ཡིན་ལ། གཞན་དག་སྐུ་གཉིས་སུ་འདོད་པའང་རྒྱུད་བླ་ མར། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་པ་ལྟར་རང་དོན་གྱི་སྐུ་གཉིས་པོ་ ཆོས་ཀྱི་སྐུ་དང་། གཞན་དོན་གྱི་སྐུ་གཉིས་པོ་གཟུགས་ཀྱི་སྐུར་འདོད་པ་ཡིན་གྱི། ཕྱེ་ན་གསུམ་ དང་བཞིར་མི་འདོད་པ་མ་ཡིན་པས་ཐམས་ཅད་ཀྱང་འགལ་བ་མེད་པར་བལྟ་སྟེ། རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་ བཞིན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་པ་ལྟར་རོ། ། (བཞི་པ།) ཕྱིན་ཅི་ལོག་སྤང་བ་ནི། མི་མཁས་པ་ཁ་ཅིག་རང་གིས་མ་མཐོང་བ་དང་། ལུང་ ལས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་ངོ་བོ་ཉིད་མེད་པར་གསུངས་པ་རྒྱུ་མཚན་དུ་བྱས་ ནས། སངས་རྒྱས་ཞེས་བྱ་བ་ནི་བཏགས་པ་ཙམ་ཡིན་གྱི་དོན་ལ་གྲུབ་པ་ཅུང་ཟད་ཀྱང་མེད་དོ་ སྙམ་དུ་སེམས་མོད། མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཆེན་པོ་ལ་སྐུར་བ་འདེབས་པ་ནི་ཤིན་ ཏུ་རིགས་པ་མ་ཡིན་ཏེ། རྒྱུད་བླ་མར། རིམ་གྱིས་དེ་མཐོང་དེ་བརྟེན་ནས། །ཐེག་པ་འདི་ལ་ གནས་པ་རྣམས། །ནང་གི་དམ་པའི་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་ པ་ལྟར་ཀུན་རྫོབ་གཟུགས་ཀྱི་སྐུ་ནི་སྨོན་ལམ་གྱི་དབང་གིས་གདུལ་བྱ་ལ་སྣང་ཙམ་དུ་ཡོད་ པའི་ཕྱིར་དང་། དེ་མཐོང་བ་ལ་བརྟེན་ནས་ཐེག་ཆེན་པ་ལ་ཞུགས་ན་དོན་དམ་ཆོས་ཀྱི་སྐུ་ཡང་ སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་སྣང་བར་འགྱུར་བའི་ཕྱིར་རོ། །ངོ་བོ་ཉིད་ མེད་པའང་སྔར་བསྟན་པ་ལྟར་ཀུན་རྫོབ་ཀྱི་ཆ་དཔྱད་ན་མེད་པ་དང་། དོན་དམ་གྱི་ཆ་ཀུན་ རྫོབ་ཀྱིས་སྟོང་པ་ལ་དགོངས་ནས་གསུངས་པ་ཡིན་གྱི། གཏན་ནས་མེད་པ་མ་ཡིན་ལ། རང་ གིས་མ་མཐོང་ཡང་དེ་ཙམ་གྱིས་མེད་པར་མི་འགྲུབ་ཅིང་། ཉོན་མོངས་པས་བསྒྲིབས་པ་དང་། 1-1-767 སྐལ་བ་དང་མི་ལྡན་པའི་ཕྱིར་མ་མཐོང་བར་ཟད་དེ། ཆོས་དབྱིངས་བསྟོད་པར། ཇི་ལྟར་ཡི་ དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐེམས་པར་མཐོང་བ་ལྟར། །དེ་བཞིན་མི་ཤེས་པས་བསྒྲིབས་ པས། །སངས་རྒྱས་རྣམས་ཀྱང་མེད་པར་བཏགས། །ཞེས་པ་དང་། རྒྱན་ལས། ཇི་ལྟར་ཆུ་ཡི་ སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་ རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་པ་ལྟར་རོ། །ཡང་ཁ་ཅིག་གཟུགས་ཀྱི་སྐུ་ནི་དོན་དམ་ པའི་སངས་རྒྱས་སོ་སྙམ་དུ་སེམས་ན། དེ་ལྟར་ཡང་མི་བསམ་སྟེ། དེ་ནི་སྐལ་བ་ལ་ལྟོས་ནས་ གཞན་སྣང་ལ་གྲུབ་པ་འདུས་བྱས་ཀྱི་དངོས་པོར་བསྟན་པ་ཡིན་གྱི་འདུས་མ་བྱས་ལ་སོགས་ དོན་དམ་པའི་མཚན་ཉིད་ཅན་མ་ཡིན་པའི་ཕྱིར་རོ། །ཡུམ་ལས། དགེ་སློང་དག་ང་ནི་ཆོས་ཀྱི་ སྐུས་ཡོངས་སུ་རྫོགས་པར་ལྟོས་ཤིག་ཅེས་གསུངས་ཤིང་། རྡོ་རྗེ་གཅོད་པར། གང་དག་ང་ ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སོང་ལ་ཞུགས་པ་སྟེ། །སྐྱེ་ བོ་དེ་ཡིན་ང་མི་མཐོང་། །ཞེས་གསུངས་ལ། སྤྲིན་ཆེན་པོར་ཡང་། བཅོམ་ལྡན་སངས་རྒྱས་ ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ལྡན་སྐུ་ནི་དེ་འདྲ་ལ། །ཆོས་ བསྟན་པ་ཡང་དེ་དང་འདྲ། །ཞེས་པ་ལྟར་རོ། །ཡང་འགའ་ཞིག་འཁོར་འདས་དབྱེར་མེད་དུ་ གསུངས་པའི་ཕྱིར་འཁོར་བའི་གནས་ལུགས་བདེན་མེད་དུ་རྟོགས་པ་ཙམ་གྱིས་མྱ་ངན་ལས་ འདས་པ་ཐོབ་པར་འདོད་མོད། དེ་ལྟར་རྟོགས་ཀྱང་འཁོར་བའི་སྐྱོན་མ་འགགས་ཀྱི་བར་ལ་ སངས་རྒྱས་ཐོབ་པ་ཞེས་མི་བྱ་སྟེ། (ཆོས་དབྱིངས་)བསྟོད་པར། འདོད་ཆགས་ཟད་པས་མྱ་ངན་ འདའ། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་དག་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ ཀུན་གྱི་སྐྱབས་ཡིན་ནོ། །ཞེས་པ་ལ་སོགས་པས་སྒྲིབ་པ་མཐའ་དག་སྤངས་པ་ལས་ཐོབ་པར་ གསུངས་པའི་ཕྱིར་རོ། །འཁོར་འདས་དབྱེར་མེད་དུ་གསུངས་པའང་ཆོས་ཅན་འཁོར་བའི་ངོ་ བོ་དེ་ཉིད་མྱ་ངན་ལས་འདས་པའོ་ཞེས་སྟོན་པ་ནི་མ་ཡིན་གྱི། ཆོས་ཀྱི་དབྱིངས་ཀྱིས་ཐམས་ 1-1-768 ཅད་དུ་ཁྱབ་པར་འཁོར་བའི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་མྱ་ངན་ལས་ འདས་པའོ་ཞེས་སྟོན་པ་སྟེ། རྒྱན་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །གང་ཕྱིར་ཆོས་ མེད་དེ་ཡི་ཕྱིར། །ཀུན་ནས་ཉོན་མོངས་(མ་རིག་པ་དང་བྱང་ཆུབ་ནི་གཅིག་གོ་ཞེས་སོགས།)བསྟན་བསྟན་ པ་ལ། །བློ་ལྡན་དགོངས་པ་དེ་ཡིན་འདོད། །ཅེས་པ་ལྟར་རོ། ། ཡེ་ཤེས་ལ་ཡང་བཞི་ལས། (དང་པོ།)ཐུན་མོང་གི་དབྱེ་བ་ལ། ཡེ་ཤེས་ལྔར་འབྱེད་པ་ན་ ཆོས་དབྱིངས་ཡེ་ཤེས་ནི། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ ཉིད་དེ། །དངོས་པོ་ཤེས་པ་དེ་ལ་དམིགས། །དབང་ཟད་མི་ཤེས་མཚན་ཉིད་དོ། །ཞེས་པ་ལྟར་ དེ་བཞིན་ཉིད་དག་པ་གཉིས་ལྡན་དུ་གྱུར་པ་ཡིན་ལ། འདིར་ནི་མེ་ལོང་ལྟ་བུ་ལ་སོགས་པ་ བཞིའི་དང་པོ་ནི་མི་གཡོ་ཞིང་རྟེན་དུ་གྱུར་པ་དང་། ཕྱི་མ་གསུམ་དེ་ལ་བརྟེན་པར་གྱུར་པ་སྟེ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག ། བྱ་བ་གྲུབ་པ་ཁོ་ནའོ། །ཞེས་པ་ལྟར་རོ། ། སོ་སོའི་ངོ་བོ་ལ། (བཞི་ལས།)མེ་ལོང་ལྟ་བུའི་ཡེ་ཤེས་ནི་ང་ཡིར་འཛིན་པ་མེད་པའི་སྒོ་ནས་ ཡུལ་མཐའ་དག་དུས་རྟག་ཏུ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་མཁྱེན་ནས་ཤེས་བྱ་ ཐམས་ཅད་ལ་མ་རྨོངས་ཤིང་། ཡུལ་གྱི་རྣམ་པ་འཆར་བ་ལ་ལྟོས་པའང་མ་ཡིན་པ་སྟེ། མེ་ལོང་ ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ཤིང་། །རྟག་ཏུ་ དེ་ལ་མངོན་ཕྱོགས་མིན། །ཞེས་པ་ལྟར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་སློབ་ལམ་དུ་བདག་ གཞན་མཉམ་པ་ཉིད་དུ་བསྒོམས་པ་ལས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ན་ སྲིད་ཞི་མཉམ་པ་ཉིད་དུ་མཁྱེན་པ་སྟེ། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །བསྒོམ་པ་དག་ པ་ལས་འདོད་དེ། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། ། ཅེས་པ་ལྟར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་ཅིང་ 1-1-769 ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མཐའ་ཡས་པ་དང་ལྡན་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ནི། ། ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། གཏེར་དང་འདྲ་བ་ ཁོ་ན་ཡིན། །ཞེས་པ་ལྟར་རོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་ཞིང་ཁམས་མཐའ་ཡས་པར་སྤྲུལ་ བ་སྣ་ཚོགས་པ་བསྟན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་མཁྱེན་པ་སྟེ། བྱ་བ་གྲུབ་ པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཞིང་། །དཔག་མེད་བསམ་ཡས་སྤྲུལ་པ་ ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། །ཞེས་པ་ལྟར་རོ། ། (གསུམ་པ།) འབྱུང་ཚུལ་གྱིས་བསྡུད་པ་ནི། དམ་པའི་ཆོས་མང་དུ་ཐོབ་ཤིང་འཛིན་པ་ལས་ མེ་ལོང་ལྟ་བུའི་ཡེ་ཤེས་དང་། བདག་གཞན་མཉམ་པ་ཉིད་དུ་བསྒོམས་པ་ལས་མཉམ་པ་ཉིད་ ཀྱི་ཡེ་ཤེས་དང་། ཡང་དག་པའི་ཆོས་གསལ་བར་བསྟན་པ་ལས་སོ་སོར་རྟོག་པའི་ཡེ་ཤེས་ དང་། གཞན་གྱི་བྱ་བ་བསྒྲུབས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་འབྱུང་བ་སྟེ། འཛིན་ པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། བྱ་བ་སྒྲུབ་པ་ཉིད་ཀྱི་ ཕྱིར། །ཡེ་ཤེས་བཞི་པོའང་ཡང་དག་འབྱུང་། ཞེས་པ་ལྟར་རོ། །གནས་གྱུར་ལས་འབྱུང་ཚུལ་ ནི། ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟར་བུའི་ཡེ་ཤེས་དང་། ཉོན་མོངས་ཅན་ ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོ་སོར་ རྟོག་པའི་ཡེ་ཤེས་དང་། སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་ཀྱང་ (སྐུ་གསུམ་ལ་འཇུག་པའི་མདོ་དང་ཙནྡྲ་གོ་མཱི་ལ་སོགས་པས་)གསུངས་སོ། ། (བཞི་པ།) ཕྱིན་ཅི་ལོག་སྤང་བ་ནི། ཁ་ཅིག་ཡེ་ཤེས་རྣམས་གཞན་སྣང་ལ་ལྟོས་ནས་ བཞག་པ་ཡིན་གྱི། སངས་རྒྱས་པ་ན་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་དེ། འཇུག་པ་ ལས། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད་ཅེས་པ་ལ་སོགས་པ་གསུངས་པའི་ ཕྱིར་རོ་ཞེ་ན། སེམས་འགགས་པར་གསུངས་པའང་མདོ་ལས་སེམས་ནི་སེམས་མ་མཆིས་པ་ 1-1-770 སྟེ། ཞེས་པ་ལྟར་གློ་བུར་གྱི་དྲི་མ་རྣམ་ཤེས་ཀྱི་ཆ་འགགས་པ་ལ་དགོངས་པ་ཡིན་གྱི། སེམས་ ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་པ་ལྟར་རང་བཞིན་གྱིས་དག་པའི་ཡེ་ཤེས་ཀྱི་ཆ་ འགགས་པ་ནི་མ་ཡིན་ཏེ། (རྒྱུད་བླ་མར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་ འགྱུར་མེད་དེ། །ཞེས་པ་ལྟར།) ནམ་མཁའ་ལྟར་འགྱུར་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡེ་ཤེས་མེད་ན་ བྱང་ཆུབ་ཡོན་ཏན་གྱི་ཕྲིན་ལས་དང་བཅས་པའང་མེད་པར་ཐལ་བར་འགྱུར་ཏེ། ཡུམ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་ མེད་པར་འགྱུར། །ཞེས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཡང་ འགའ་ཞིག་མཉམ་བཞག་ལའང་(བརྒྱད་སྟོང་འགྲེལ་སོགས་སུ།)མཉམ་བཞག་དང་རྗེས་ཐོབ་གཉིས་ ཡོད་ལ། (ཕྱི་རོལ་དོན་སྒྲུབ་ཏུ།)རྗེས་ཐོབ་གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་བཅས་པར་ཡང་ འདོད་མོད། དེ་ཡང་རིགས་པ་མ་ཡིན་ཏེ། ནང་དུ་ཡང་དག་འཇོག་ལས་བཞེངས་པ་ལ་སོགས་ པ་ནི་གཞན་སྣང་ལ་བསྟན་པ་ཙམ་ཡིན་གྱི། ལུང་ལས། གླང་ཆེན་བཞེངས་ཀྱང་མཉམ་པར་ བཞག །གླང་ཆེན་བཞུགས་ཀྱང་མཉམ་པར་བཞག །རྟག་ཏུ་མཉམ་པར་བཞག་པ་ཡིན། ། ཞེས་པ་ལྟར་དོན་དམ་པར་མཉམ་གཞག་ལས་གཡོ་བ་མི་མངའ་བའི་ཕྱིར་དང་། གཟུང་ འཛིན་ཆོས་ཀྱི་བདག་མཐའ་དག་གིས་སྟོང་པར་རྟོགས་ཤིང་། (རྒྱུད་བླ་མར། འཁོར་གསུམ་རྣམ་པར་ རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པའི་) འཁོར་གསུམ་དུ་མི་རྟོག་པ་ལ་སོགས་པའི་སྒྲིབ་ པ་མ་ལུས་པ་སྤངས་པའི་ཕྱིར་རོ། ། ཡང་ཁ་ཅིག་(མཛོད་འགྲེལ་དུ།)ཡེ་ཤེས་ཀྱིས་ཤེས་བྱ་རིམ་གྱིས་མཁྱེན་པ་དང་། ཕལ་ཆེ་བ་ མཁྱེན་གྱི་མཐའ་དག་མི་མཁྱེན་པ་དང་། (རལ་གྲི།)ད་ལྟར་པ་དངོས་སུ་མཁྱེན་པས་འདས་མ་ འོངས་ཤུགས་ལ་མཁྱེན་པར་འདོད་པའང་རིགས་པ་མ་ཡིན་ཏེ། (རྒྱན་དུ།)སངས་རྒྱས་རྣམ་ནི་ 1-1-771 མངོན་སུམ་སྤྱན། །ཞེས་པ་དང་། (རྒྱུད་བླར།)དུས་ལའང་ཡེ་ཤེས་སྒྲིབ་པ་མེད། །ཅེས་པ་དང་། (བདེན་གཉིས་སུ།)མཁྱེན་པའི་སྐད་ཅིག་གཅིག་གིས་ནི། ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ ཅན། །ཞེས་པ་ལྟར་དུས་གསུམ་གྱི་ཤེས་བྱ་མཐའ་དག་གཅིག་ཅར་མངོན་སུམ་དུ་མཁྱེན་ པའི་ཕྱིར་རོ། །ཡང་འགའ་ཞིག་ཡེ་ཤེས་ལ་ཀུན་རྫོབ་ཀྱི་དངོས་པོ་རྣམས་སྣང་ན་འཁྲུལ་བར་ འགྱུར་ལ། མི་སྣང་ན་ཐམས་ཅད་མཁྱེན་པར་ཡང་འགལ་ལོ་སྙམ་ན་གནས་གྱུར་པའི་ཡེ་ཤེས་ ལ་ནི་མ་དག་པའི་དངོས་པོ་ཐམས་ཅད་མི་སྣང་བས་འཁྲུལ་བར་མི་འགྱུར་ཞིང་། དཔྱད་ན་ ཀུན་རྫོབ་འདུས་བྱས་ཀྱི་ཆོས་རྣམས་མེད་པ་ལ་མེད་པར་མཁྱེན་པའི་ཉིད་ཀྱི་ཕྱིར་ཐམས་ཅད་ མཁྱེན་པར་ཡང་མི་འགལ་ཏེ། (ཡུམ་གྱི་རྒྱན་དུ།)ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ ཆོས་རྣམས་མ་གཟིགས་ཕྱིར། །ཞེས་པ་ལྟར་རོ། །མཐར་ཐུག་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཇི་ ལྟར་མཁྱེན་པའི་ཚུལ་ནི་རྟོག་གེའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་ཕལ་པ་རྣམས་ཀྱིས་བསམ་ གྱིས་མི་ཁྱབ་སྟེ། རྣམ་འགྲེལ་དུ། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ ཉིད་སྤྱོད་པ་ནི། །མ་དག་བློ་ཅན་ལས་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་ པ་ལྟར་རོ། ། འཕྲིན་ལས་ལ། (གསུམ་ལས་དང་པོ།)ལྷུན་གྱིས་གྲུབ་པའི་དོན་ནི། དཔེར་ན་ལྷའི་རྔ་བོ་ཆེས་ རྟོག་པ་མེད་བཞིན་དུ་ཆོས་ཀྱི་སྡོམ་བཞི་སྟོན་པ་དང་ནོར་བུ་རིན་པོ་ཆེས་འབད་རྩོལ་མེད་ བཞིན་དུ་འོད་ཟེར་འཕྲོ་བ་དང་མཐུན་པར། རང་རང་གི་ཁམས་དང་བསམ་པ་དང་བག་ལ་ ཉལ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་དང་སྤྲུལ་བ་མཛད་པ་ལ་སོགས་པས་གདུལ་བྱ་མཐའ་ ཡས་པ་ཡོངས་སུ་སྨིན་པར་མཛད་ཀྱང་། འདི་དང་འདི་བྱའོ་སྙམ་པའི་རྣམ་པར་རྟོག་པ་དང་ འབད་རྩོལ་མི་མངའ་བར་འཇུག་པ་སྟེ། རྒྱན་ལས། ཇི་ལྟར་རྔ་དག་མ་བརྡུངས་པར། །སྒྲ་ནི་ ཀུན་ཏུ་འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་བཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང་། ། 1-1-772 ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་བཟོ་ མེད་པར། །དེ་བཞིན་མཛད་པའང་ངེས་པར་སྟོན། །ཞེས་པ་ལྟར་རོ། ། (གཉིས་པ།) རྒྱུན་མི་འཆད་པའི་དོན་ནི། དཔེར་ན་འདུས་མ་བྱས་ནམ་མཁའི་དབྱིངས་ སུ་འདུས་བྱས་རྣམས་ཀྱི་སྐྱེ་བ་དང་འཇིག་པ་རྒྱུན་མི་འཆད་པ་བཞིན་དུ། ཟག་པ་མེད་པའི་ དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་གདུལ་བྱ་དུས་ལ་བབ་པ་ན་ཕྲིན་ ལས་འཇུག་ཅིང་མ་བབ་ན་མི་འཇུག་པའི་ཚུལ་གྱིས་རྒྱལ་བའི་མཛད་པ་རྒྱུན་མི་འཆད་པ་ སྟེ། ཇི་ལྟར་ནམ་མཁའ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པ་ལྟར། །དེ་བཞིན་ཟག་མེད་ དབྱིངས་ན་ཡང་། །རྒྱལ་བའི་མཛད་པ་རྒྱུན་མི་འཆད། །ཇི་ལྟར་མཁའ་ལ་རྟག་ཏུ་ནི། །བྱ་བ་ ཉམས་ཤིང་འབྱུང་བ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་ཕྲིན་ལས་སྐྱེ་ ཞིང་འབྲིང་། །ཞེས་པ་ལྟར་རོ། ། (གསུམ་པ།) སྐལ་པར་ལྟོས་པའི་དོན་ནི། དཔེར་ན་ཆུ་དང་བ་ཅན་གྱི་སྣོད་མང་པོར་ཉི་མའི་ གཟུགས་བརྙན་གཅིག་ཅར་བ་བཞིན་དུ་གདུལ་བྱ་སྐལ་བ་བཟང་པོ་ཅན་རྣམས་ལ་སངས་ རྒྱས་ཀྱི་ཕྲིན་ལས་གཅིག་ཅར་འཇུག་པས་སྨིན་པར་མཛད་པ་སྟེ། རྒྱུད་བླ་མར། གང་ཕྱིར་ གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །སངས་རྒྱས་ཉི་མའི་གཟུགས་བརྙན་ནི། ། དཔག་ཏུ་མེད་པར་གཅིག་ཅར་འཆར། །ཞེས་པ་ལྟར་རོ། །ཡང་དཔེར་ན་རིའི་ཁྱད་པར་ལས་ ཉི་མ་རིམ་གྱིས་འཆར་བ་བཞིན་དུ་གདུལ་བྱ་སྐལ་བ་བཟང་པོ་དང་བར་མ་དང་དམན་པ་ རྣམས་ལ་སངས་རྒྱས་ཀྱི་ཕྲིན་ལས་རིམ་གྱིས་འཇུག་པས་ཀྱང་སྨིན་པར་མཛད་པ་སྟེ། ཇི་ལྟར་ རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདི། །འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། ། མཆོག་དང་བར་མ་དམན་པའི་རི་ལ་འབབ་དེ་བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ ལ་རིམ་ཀྱིས་འབབ། །ཅེས་པ་ལྟར་རོ། ། 1-1-773 ཟབ་པའི་དོན་ནི། འཁོར་འདས་ཀྱི་རང་བཞིན་ལ་ཁྱད་པར་མེད་པའི་ཕྱིར་དག་དགོས་པ་ མ་ཡིན་ལ། སངས་རྒྱས་པ་ན་གློ་བུར་གྱི་དྲི་མ་མཐའ་དག་སྤངས་པའི་ཕྱིར་མ་དག་པའང་མ་ ཡིན་པས་ཟབ་ཅིང་བསམ་གྱིས་མི་ཁྱབ་པ་སྟེ། རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང་། སྒྲིབ་པ་ ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །ཞེས་ པ་ལྟར་རོ། །དེ་བཞིན་དུ་སངས་རྒྱས་ཐོབ་པ་ན་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གིས་ སྟོང་པའི་ཕྱིར་བདག་མེད་པའང་ཡིན་ལ། །དེ་བཞིན་ཉིད་དག་དག་པའི་བདག་ཐོབ་པའི་ཕྱིར་ བདག་ཡོད་པའང་ཡིན་པས་བསམ་གྱིས་མི་ཁྱབ་པ་སྟེ། སྟོང་པ་ཉིད་ནི་རྣམ་དག་ན། །བདག་ མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་ པོའི་བདག་ཏུ་འགྱུར། །ཞེས་པ་ལྟར་རོ། །དེ་ཉིད་ཀྱི་ཕྱིར་ཟག་བཅས་ཀྱི་ངོ་བོར་ཡོད་པའང་ མ་ཡིན་ལ། ཟག་མེད་ཀྱི་ངོ་བོར་མེད་པའང་མ་ཡིན་པས་བསམ་གྱིས་མི་ཁྱབ་པ་སྟེ། དེ་ཕྱིར་ སངས་རྒྱས་ཡོད་མིན་ཞིང་། །མེད་པར་ཡང་ནི་མི་བརྗོད་དོ། །དེ་ལྟར་སངས་རྒྱས་དེ་སྐད་ འདྲི། །ལུང་མ་བསྟན་པའི་ཚུལ་དུ་འདོད། །ཅེས་པ་ལྟར་རོ། །དཔེར་ན་ལྕགས་ཀྱི་ཚ་བ་དང་ མིག་གི་རབ་རིབ་སྤངས་ནས་མེད་ཀྱང་ལྕགས་གྲང་མོ་དང་མིག་གསལ་པོ་ཡོད་པ་བཞིན་དུ། སངས་རྒྱས་པ་ན་རྣམ་ཤེས་གློ་བུར་གྱི་དྲི་མ་རྣམས་སྤངས་ནས་མེད་ཀྱང་། ཡེ་ཤེས་རྣམ་པར་ གྲོལ་བའི་སྐུ་ཡོད་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་སྟེ། ཇི་ལྟར་ལྕགས་ལ་ཚ་བ་དང་། །མིག་ ལ་རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་བརྗོད་ དོ། །ཞེས་པ་ལྟར་རོ། །ཡང་ཟག་པ་མེད་པའི་དབྱིངས་ན་དོན་དམ་ཆོས་ཀྱི་སྐུ་ནམ་མཁའ་ ལྟར་རོ་གཅིག་པའི་ཕྱིར་མང་པོ་མ་ཡིན་ལ། ཐ་སྙད་གཟུགས་ཀྱི་སྐུ་སྔོན་གྱི་སྨོན་ལམ་གྱི་རྗེས་ སུ་འབྲང་ནས་སྣ་ཚོགས་སུ་སྣང་བའི་ཕྱིར་གཅིག་པུའང་མ་ཡིན་པས་བསམ་གྱིས་མི་ཁྱབ་པ་ སྟེ། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང་། །སྔོན་གྱི་ 1-1-774 ལུས་རྗེས་འབྲང་བའི་ཕྱིར། །མང་པོ་མ་ཡིན་གཅིག་ཉིད་མིན། །ཞེས་པ་ལྟར་རོ། །དཔེར་ན་ ཉི་མའི་འོད་ཟེར་གཅིག་གང་དུ་འབྱུང་བ་ན་ཐམས་ཅད་འབྱུང་བ་ལྟར་སངས་རྒྱས་གཅིག་གི་ ཕྲིན་ལས་འཇུག་པ་ན་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་འཇུག་པའི་ཕྱིར་ཡང་བསམ་གྱིས་མི་ ཁྱབ་པ་སྟེ། དཔེར་ན་ཉི་མའི་འོད་ཟེར་གཅིག །བྱུང་ན་འོད་ཟེར་ཀུན་འབྱུང་བ། །དེ་བཞིན་ སངས་རྒྱས་རྣམས་ཀྱི་ཡང་། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །ཞེས་པ་ལྟར་རོ། ། སྒྲུབ་པར་རིགས་པ་ནི། དེ་ལྟར་སངས་རྒྱས་ཐོབ་པ་ན་རང་གཞན་གྱི་དོན་ཕུན་སུམ་ ཚོགས་པ་ཐམས་ཅད་འགྲུབ་པའི་ཕྱིར། བློ་དང་ལྡན་པ་རྣམས་ཀྱིས་བྱང་ཆུབ་ཀྱི་མཆོག་ཏུ་ སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་རྣམས་སྤྱད་པར་བྱ་སྟེ། དེ་ལྟར་ སངས་རྒྱས་ཉིད་ནི་དཀར་པོའི་ཆོས། །དཔེ་མེད་ལྡན་ཕྱིར་ཕན་བདེའི་རྒྱུ་མཚན་ཕྱིར། །བདེ་ དགེ་དམ་པ་མི་ཟད་འབྱུང་གནས་ཕྱིར། །བློ་ལྡན་བྱང་ཆུབ་སེམས་དགེ་བླང་བའི་རིགས། ། ཞེས་པ་དང་། སྤྱོད་འཇུག་ལས་ཀྱང་། བདག་ལྟ་རིགས་ཀྱི་མིར་སྐྱེས་ནས། །ཕན་དང་གནོད་ པ་ངོ་ཤེས་བཞིན། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་ པ་ལྟར་རོ། ། གཞུང་དོན་ལ། འབྲས་བུ་མཐར་ཐུག་ཐོབ་པའི་ཁྱད་པར་ནི། དོན་བཅུས་འཆད་པ་སྟེ། གནས་གྱུར་པའི་ཁྱད་པར་ཡང་ཐེག་ཆུང་བས་ཉོན་མོངས་པའི་གནས་ངན་ལེན་གནས་གྱུར་ པ་ཙམ་ལས་མ་ཐོབ་ཅིང་། ཐེག་ཆེན་པས་རྒྱན་དུ། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ ས་བོན་དུས་རིང་རྟག་ལྡན་པ། །སྤང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ ཏེ། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་ མི་རྟོག་རབ་དག་ཤིན་ཏུ་ཡུལ་ཅན་ཡེ་ཤེས་ལམ་གྱིས་ཐོབ། །ཅེས་པ་ལྟར་མཉམ་གཞག་དང་ རྗེས་ཐོབ་ཀྱི་ཡེ་ཤེས་ལ་བརྟེན་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ 1-1-775 མ་ལུས་པ་སྤངས་ཏེ་ཡོན་ཏན་བླ་ན་མེད་པ་ཐོབ་པའི་ཕྱིར་དང་། ཡོན་ཏན་ཕུན་སུམ་ཚོགས་ པའི་ཁྱད་པར་ནི། ཐེག་ཆུང་བས་བསམས་ནས་ཤེས་པ་ལ་སོགས་པའི་ཡོན་ཏན་ཕྱོགས་རེ་ ཙམ་ལས་མ་ཐོབ་ཅིང་། ཐེག་ཆེན་པ་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་ལ་སོགས་པ་ཐམས་ཅད་འཆད་པར་འགྱུར་བའི་ཡོན་ཏན་དཔག་ཏུ་མེད་པ་རྣམས་ ཐོབ་པའི་ཕྱིར་དང་། རྣམ་པ་ལྔའི་ཁྱད་པར་ནི། ཐེག་ཆུང་བ་ལ་འདི་རྣམས་མེད་ཅིང་། ཐེག་ ཆེན་པ་ལ། འགྲེལ་པར། རྣམ་པར་དག་དང་ཡོངས་དག་དང་། །ལུས་དང་ལོངས་སྤྱོད་རྫོགས་ པ་དང་། །ལས་ཀྱི་སངས་རྒྱས་ཆོས་རྣམས་ཀྱི། །ཁྱད་པར་ཡོངས་སུ་བརྟན་པ་ཡིན། །ཞེས་ པ་ལྟར་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པ་དང་། ལུས་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པ་དང་། ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ ལོངས་སྤྱོད་པ་དང་། སྤྲུལ་པས་ཞིང་ཁམས་མཐའ་ཡས་པར་ཕྲིན་ལས་སྒྲུབ་པ་རྣམས་ཡོད་ པའི་ཕྱིར་དང་། སྐུ་གསུམ་གྱི་ཁྱད་པར་ནི། ཐེག་ཆུང་བས་སྐུ་གསུམ་ཐོབ་པ་མེད་ཅིང་། ཐེག་ ཆེན་པས། (རྒྱན་དུ།)རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པ་དག་གིས་ཐ་དད་འཇུག ། ཅེས་པ་ལྟར་སྐུ་གསུམ་ཡོངས་སུ་རྫོགས་པར་ཐོབ་པའི་ཕྱིར་དང་། མྱ་ངན་ལས་འདས་པའི་ ཁྱད་པར་ནི་ཐེག་ཆུང་བས་ཕུང་པོ་ལྷག་མེད་ཀྱི་མྱང་འདས་སུ་སེམས་ཅན་ལ་ཕན་པའི་ཡོན་ ཏན་རྒྱུན་གཅོད་ཅིང་ཐེག་ཆེན་པས་མི་གཅོད་པའི་ཕྱིར་ཏེ་འདིའི་ལྷག་བཅས་ལྷག་མེད་ནི་ (ཀླུའི་བཤེས་གཉེན་གྱིས།)སྐུ་གསུམ་གྲུབ་པར། ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཉིས་ ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་པ་ ལྟ་བུ་དང་། འདྲེས་ཤིང་ཉེ་བར་འདྲེས་པའི་ཡེ་ཤེས་ཀྱིས་ནུས་པ་ཐོབ་པའི་ཁྱད་པར་ནི། ཐེག་ དམན་ལ་དེ་ལྟ་བུ་མེད་ཅིང་། ཐེག་ཆེན་པས་སངས་རྒྱས་ཐམས་ཅད་རྟེན་ཆོས་ཀྱི་དབྱིངས་ རྣམ་པར་དག་པ་རོ་གཅིག་ཏུ་འདྲེས་ཤིང་བརྟེན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་ 1-1-776 འདྲེས་པའི་ཡེ་ཤེས་ཀྱིས་ནུས་པ་མཐར་ཐུག་པ་ཐོབ་པའི་ཕྱིར་དང་། སྒྲིབ་པ་རྣམ་པར་དག་ པའི་ཁྱད་པར་ནི། ཐེག་ཆུང་བས་སྒྲིབ་པ་ཕྱོགས་རེ་ཙམ་སྤངས་པ་ལས་མེད་ཅིང་། ཐེག་ཆེན་ པས་དབུས་མཐར། ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་དག་ཏུ་བསྟན། །དེར་ ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་པ་ལྟར་སྒྲིབ་པ་གཉིས་མ་ ལུས་པར་སྤངས་པའི་ཕྱིར་དང་། འདྲེས་པ་དང་ཉེ་བར་འདྲེས་པའི་ལས་བྱེད་པའི་ཁྱད་པར་ ནི། ཐེག་དམན་ལ་དེ་ལྟ་བུ་མེད་ཅིང་། ཐེག་ཆེན་པས་རྒྱན་དུ། ཇི་ལྟར་ཉི་མའི་དཀྱིལ་འཁོར་ གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང་། །རྟག་ཏུ་བྱ་བ་གཅིག་ལ་འཇུག། འཇིག་རྟེན་ལ་ ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་དཔག་ཏུ་མེད་འདྲེས་ ཤིང་། །མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །ཅེས་པ་ལྟར་ སེམས་ཅན་རེ་རེ་འདུལ་བ་ལ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་འདྲེས་པའི་ ནུས་པ་ཕྲིན་ལས་གཅིག་ཏུ་འདྲེས་ནས་འཇུག་པའི་ཕྱིར་དང་། མངོན་པར་རྫོགས་པར་བྱང་ ཆུབ་པ་དང་མྱ་ངན་ལས་འདས་པར་སྟོན་པའི་ཐབས་ཀྱི་ཁྱད་པར་ནི། ཐེག་དམན་ལ་ཐབས་ དེ་ལྟ་བུ་མེད་ཅིང་། ཐེག་ཆེན་པས་ཐེག་བསྡུས་སུ། ལ་ལར་རྫོགས་པའི་བྱང་ཆུབ་སྟོན། །ལ་ ལར་མེ་བཞིན་མྱ་ངན་འདའ། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་ སྐུ། །ཞེས་པ་ལྟར་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པ་རྣམས་སུ་འཁོར་བ་ཇི་སྲིད་པར་ ལ་ལར་མངོན་པར་བྱང་ཆུབ་པ་དང་། ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ལ་ལར་མྱ་ ངན་ལས་འདས་པར་ཡང་སྟོན་པ་ལ་སོགས་པ་ཐབས་ཇི་ལྟར་རིགས་པས་གདུལ་བྱ་རྣམས་ སྨིན་གྲོལ་ལ་འགོད་པའི་ཕྱིར་དང་། ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་ནི། ཐེག་དམན་ གྱི་འབྲས་བུ་ཐོབ་ཀྱང་གཞན་ཡོངས་སུ་སྐྱོད་པར་མི་ནུས་ཤིང་། ཐེག་ཆེན་པས་རྒྱན་དུ། འཚེ་བ་ དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་ 1-1-777 པ་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་པ་ལྟར་སངས་རྒྱས་མཐོང་བ་ཙམ་གྱིས་འོན་པ་ དང་ལོང་བ་དང་སེམས་འཁྲུགས་པ་དང་ནད་ལ་སོགས་པའི་གནོད་པ་རྣམས་ཞི་བར་མཛད་ པས་འཚེ་བ་ཐམས་ཅད་ལས་སྐྱོབ་པ་དང་། མི་དགེ་བ་ལས་བཟློག་ནས་དགེ་ལ་སྦྱོར་ཞིང་ མཐོང་ལམ་ལ་སོགས་པ་ལ་འགོད་པས་ངན་སོང་ཐམས་ཅད་ལས་སྐྱོབ་པ་དང་། ལྟ་བ་ངན་པ་ ཐམས་ཅད་ལས་བཟློག་ནས་ཡང་དག་པའི་ལྟ་བ་ལ་འགོད་པས་ཐབས་མ་ཡིན་པ་ལས་སྐྱོབ་ པ་དང་། གནས་སྐབས་སུ་ཐེག་པ་གཉིས་ཀྱི་མྱང་འདས་ལའང་བཀོད་ནས་འཇུག་ཚོགས་ ཁམས་གསུམ་གྱི་སྡུག་བསྔལ་ལས་སྐྱོབ་པ་དང་། མཐར་ཐུག་ཉན་ཐོས་མ་ངེས་པ་རྣམས་ཀྱང་ ཐེག་ཆེན་ལ་འཇུག་ཅིང་བྱང་སེམས་མ་ངེས་པ་རྣམས་ཐེག་དམན་དུ་མི་ལྟུང་བར་མཛད་པས་ ཐེག་པ་དམན་པ་ལས་ཀྱང་སྐྱོབ་པ་སྟེ། དེ་རྣམས་ཀྱིས་ཀྱང་ཐེག་པ་ཆེ་ཆུང་གི་མངོན་རྟོགས་ཀྱི་ ཁྱད་པར་རྣམས་རིག་པར་བྱས་ནས་ཐེག་ཆེན་གྱི་འབྲས་བུ་སྒྲུབ་པ་ལ་འབད་པར་བྱའོ། ། ཡོན་ཏན་ལ་སྤྱི་དོན་གསུམ་གྱི། (དང་པོ།)ཐུན་མོང་དང་མཐར་ཐུག་གཉིས་སུ་བསྡུ་བ་ནི། ཚད་མེད་པ་ལ་སོགས་པ་སྟེ་ཚད་མེད་པས་དང་པོ་བཅུ་པོ་རྣམས་མཐར་ཐུག་པ་སངས་རྒྱས་ ལ་མངའ་ཡང་གནས་སྐབས་སུ་གང་ཟག་གཞན་གྱིས་ཀྱང་ཅི་རིགས་པར་ཐོབ་པ་ཡོད་པས་ ཐུན་མོང་བའི་ཡོན་ཏན་ཞེས་བྱ་ཞིང་། སྟོབས་བཅུ་ལ་སོགས་པ་ཕྱི་མ་དགུའི་དོན་དམ་གྱི་ཆ་ནི་ རང་བཞིན་རྣམ་དག་གི་ཚུལ་གྱིས་གཞན་ལའང་ཡོད་ཀྱང་མངོན་དུ་གྱུར་པའི་སྒོ་ནས་སངས་ རྒྱས་ཁོ་ན་ལ་མངའ་བས་ན་ཐུན་མོང་མ་ཡིན་པ་མཐར་ཐུག་པའི་ཡོན་ཏན་ཞེས་བྱའོ། ། (གཉིས་པ།) མཐར་ཐུག་ཀྱང་བདེན་པ་གཉིས་སུ་བསྡུ་བ་ནི། སངས་རྒྱས་ཀྱི་ཡོན་ཏན་ ཐམས་ཅད་ཀྱང་རང་དོན་མཐར་ཕྱིན་པ་དོན་དམ་ཆོས་ཀྱི་སྐུ་ལ་གདོད་མ་ནས་དབྱེར་མེད་དུ་ ཡོད་པ་དྲི་མ་དང་བྲལ་བ་ཙམ་གྱི་འབྲས་བུས་ཕྱེ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་། གཞན་ དོན་མཐར་ཕྱིན་པ་ཀུན་རྫོབ་གཟུགས་ཀྱི་སྐུ་ལ་ཡོད་པར་རིམ་གྱིས་སྐྱེས་པ་ལས་གྲུབ་པ་རྣམ་ 1-1-778 པར་སྨིན་པའི་འབྲས་བུས་ཕྱེ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་བྱ་ཞེས་བྱ་སྡེ་ཚན་གཉིས་སུ་ འདུ་བ་སྟེ། རྒྱུད་བླ་མར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་ སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་ དག །ཅེས་པ་ལྟར་རོ། ། (གསུམ་པ།) དེ་དག་ཀྱང་དཔེ་དང་སྦྱར་ཏེ་བསྟན་པ་ནི། སྟོབས་བཅུ་བོས་མ་རིག་པ་ལ་ སོགས་པའི་སྒྲིབ་པ་རྣམས་འཇོམས་ཤིང་སྒྲིབ་པས་སླར་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུ་དང་། མི་འཇིགས་པ་བཞིས་འཁོར་གྱི་ནང་དུ་འཇིགས་པ་དང་བག་ཚ་བ་མེད་པར་ཆོས་སྟོན་པར་ མཛད་པའི་ཕྱིར་སེང་གེ་ལྟ་བུ་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་ནི་གཞན་ལ་མངོན་དུ་ གྱུར་པ་མེད་པའི་ཕྱིར་ནམ་མཁའ་འབྱུང་བ་བཞི་དང་མ་འདྲེས་པ་ལྟ་བུ་དང་། གཟུགས་སྐུ་ གཉིས་ཀྱི་མཚན་སུམ་བཅུ་རྩ་གཉིས་ནི་གདུལ་བྱའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེའི་ངོ་ བོར་གྲུབ་པ་མེད་པའི་ཕྱིར་(སྤྲུལ་སྐུ་)ཆུ་(ལ་ཟླ་བ་)དང་(ལོངས་སྐུ་)ནམ་མཁར་ཤར་བའི་ཟླ་བ་ལྟ་བུ་ སྟེ། སྟོབས་ནི་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིགས་རྣམས་ནི་འཁོར་དུ་སེང་གེ་བཞིན། ། དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་ བཞིན། །ཞེས་པ་ལྟར་རོ། ། གཞུང་དོན་ལ། མངོན་རྟོགས་གང་གིས་བསྡུས་ཚུལ། མིང་གི་དབྱེ་བ་མདོར་བསྟན། དོན་གྱི་ངོ་བོ་རྒྱས་བཤད། གང་གིས་ཇི་ལྟར་སྒྲུབ་ཚུལ། ཉམས་རྗེས་གཉིས་སུ་བསྡུ་བ། སོ་ སོའི་བྱེད་ལས་བཤད་པའོ། ། དང་པོ་ལ། མངོན་རྟོགས་སུམ་འདུས་པའི་འཕགས་པའི་ཡོན་ཏན་གྱི་ཆོས་འགའ་ཡང་ མེད་པས། འཆད་པར་འགྱུར་བའི་ཚད་མེད་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་འདི་ དག་བཤད་ཟིན་པའི་མངོན་པར་རྟོགས་པ་བཅུ་པོ་འདི་དག་གི་ནང་ནས་གང་གི་བསྡུས་ཞེ་ 1-1-779 ན། སྒོམ་ལམ་དུ་གྲུབ་པ་རྣམས་རྗེས་ལ་མངོན་པར་རྟོགས་པ་དང་། མི་སློབ་ལམ་དུ་གྲུབ་པ་ རྣམས་མཐར་ཐུག་པ་མངོན་པར་རྟོགས་པས་བསྡུས་སོ། །དེའང་འཕགས་པའི་རྒྱུད་ལ་ཡོད་ པ་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། ཟད་པ་ཕྱོགས་དེ་ཙམ་དང་མངོན་ཤེས་དང་པོ་ལྔ་ ལ་སོགས་པ་ནི་བྱིས་པ་རྣམས་ལ་ཡོད་དེ། རྣམ་འགྲེལ་དུ། མི་སྡུག་ཟད་པར་ས་ལ་སོགས། ། ཡང་དག་མིན་ལའང་ཞེས་པ་དང་། མྱ་ངན་བསལ་བར། །དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། ། མཁའ་ལ་རྐྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པའི། །གནས་དེར་འགྲོ་བ་ ཡོད་མ་ཡིན། །ཞེས་པ་ལྟར་རོ། ། དབྱེ་བ་ལ། ཡོན་ཏན་དེ་དག་ཀྱང་ཚད་མེད་པ་རྣམས་དང་། རྣམ་པར་ཐར་བ་རྣམས་ དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་དང་། ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱི་འགོག་ པའི་རྣམ་ཐར་བོར་བ་དང་མངོན་ཤེས་དང་པོ་ལྔ་ནི་བྱིས་པ་དང་འཕགས་པ་ཐམས་ཅད་ལ་ ཡོད་པའི་ཐུན་མོང་བ་དང་། ཉོན་མོངས་པ་མེད་པ་དང་། བསམས་ནས་ཤེས་པ་དང་། སོ་སོ་ ཡང་དག་པར་རིག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་ནི་ཐེག་པ་ཆེ་ཆུང་གི་འཕགས་ པ་ཐམས་ཅད་ལ་ཡོད་པའི་ཐུན་མོང་བ་དང་། མཚན་དང་དཔེ་བྱད་བཟང་པོ་རྣམས་དང་། ཡོངས་སུ་དག་པ་རྣམས་ནི་ཐེག་ཆེན་སློབ་པ་དང་མི་སློབ་པ་གཉིས་ལ་ཡོད་པའི་ཐུན་མོང་བ་ དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། བསྲུང་བ་མེད་པ་རྣམས་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ལེགས་ པར་བཅོམ་པ་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཐེག་ཆེན་མི་སློབ་པ་སངས་རྒྱས་ཁོ་ན་ལ་ཡོད་ པའི་ཐུན་མོང་མ་ཡིན་པ་སྟེ། ཐམས་ཅད་ཀྱང་མདོ་སྡེ་ལས་ཇི་སྐད་འབྱུང་བ་རྣམས་སོ། །ངོ་བོ་ ལ། ཚད་མེད་རྣམ་ཐར་ཟིལ་གནོན་ཟད་པར་ཉོན་མོངས་མེད་དང་བསམས་ནས་ཤེས། །རིག་ 1-1-780 དང་མངོན་ཤེས་མཚན་དཔེ་ཡོངས་དག་སྟོབས་དང་མི་འཇིགས་པ་རྣམས་དང་། དྲན་པ་ཉེར་ གཞག་བསྲུང་མེད་བསྙེལ་མེད་བག་ཆགས་བཅོམ་དང་ཐུགས་རྗེ་ཆེ། །མ་འདྲེས་བཅོ་བརྒྱད་ རྣམ་མཁྱེན་ལ་སོགས་ཡོན་ཏན་མཆོག་མངའ་རྣམས་ལ་འདུད། ཅེས་པ་ལྟར་བཅུ་དགུ་སྟེ། རེ་ རེ་ཞིང་ཡང་གནས་དང་དམིགས་པ་དང་རྣམ་པ་དང་ངོ་བོ་ཉིད་གྲོགས་ཀྱིས་ཀྱང་བཤད་པར་ བྱའོ། །(དེ་ལ་ཚད་མེད་པ་བཞི་ནི། རྒྱན་དུ།)བརྟན་པ་རྣམས་ཀྱི་(ཚད་མེད་)དེ་དག་(སེམས་ཅན་ལ་དམིགས་པ་ནི་) བདེ་འདོད་དང་། །སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང་། །ཉོན་མོངས་ཅན་(ལ་དམིགས་ པ་)དང་(ཆོས་ལ་དམིགས་པ་)དེ་དག་(སྟོན་པའི་)བསྟན་བཅོས་(ལ་དམིགས་པ་)དང་། (དམིགས་པ་མེད་པ་ནི་) དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །ཅེས་པ་ལྟར་རེ་རེ་ཞིང་ཡང་སེམས་ཅན་ལ་དམིགས་ པ་དང་ཆོས་ལ་དམིགས་པ་དང་དམིགས་མེད་པ་སྟེ་གཉིས་གཉིས་གསུངས་ལ། འདིར་ནི་ གཙོ་ཆེར་སེམས་ཅན་ལ་དམིགས་པ་འཆད་པའི་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ བཞི་ལས། བྱམས་པ་གང་ཞེ་ན། གནས་བསམ་གཏན་གྱི་དངོས་གཞི་གང་རུང་ལ་རྟེན་ཏེ། དམིགས་ཡུལ་བདེ་བ་འདོད་པའི་སེམས་ཅན་རྣམས་ལ་རྣམ་པར་ཕན་ཞིང་བདེ་བ་དང་ཕྲད་ པར་ཤོག་ཤིག་པར་བསམ་པའི་གནས་པ་ངོ་བོ་ཡང་དག་པར་འབྱོར་ཞིང་ཇི་ལྟར་འདོད་པ་ བཞིན་དབང་བྱེད་པའི་ཏིང་ངེ་འཛིན་ནི་ཞི་གནས་དང་ཤེས་རབ་ལྷག་མཐོང་གང་ཡིན་པ་དང་། གྲོགས་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ སོགས། གནས་དང་གྲོགས་དངོས་སུ་མ་སྨོས་པ་རྣམས་ལའང་དེ་དག་སྦྱར་ཏེ་བཤད་པར་ བྱའོ། །སྙིང་རྗེ་གང་ཞེ་ན། གནས་བསམ་གཏན་ལ་རྟེན་ཏེ་དམིགས་ཡུལ་སྡུག་བསྔལ་རྒྱུ་ དང་བཅས་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ། རྣམ་པ་སྡུག་བསྔལ་ཐམས་ཅད་དང་བྲལ་ བར་ཤོག་ཤིག་པར་བསམས་པའི་གནས་པ། ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ དང་ཤེས་རབ་གྲོགས་མཚུངས་ལྡན་གྱི་སེམས་སེམས་བྱུང་དང་བཅས་པའོ་ཞེས་བྱ་བ་སྔ་ 1-1-781 མ་བཞིན། དགའ་བ་གང་ཞེ་ན། གནས་བསམ་གཏན་དང་པོ་གཉིས་ལ་བརྟེན་ཏེ་དམིགས་ ཡུལ་བདེ་བ་དང་། ལྷག་པའི་སེམས་ཅན་རྣམས་ལ་རྣམ་པ་རྗེས་སུ་ཡི་རང་བའི་སྒོ་ནས་བདེ་ བ་དང་མི་འབྲལ་བར་ཤོག་ཤིག་པར་བསམ་པའི་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ ཏིང་ངེ་འཛིན་དང་ཤེས་རབ་གྲོགས་མཚུངས་ལྡན་རྣམ་པ་དང་བཅས་པའོ་ཞེས་བྱ་བ་སྔ་མ་ བཞིན་ནོ། །བཏང་སྙོམས་གང་ཞེ་ན། གནས་ཀྱི་དངོས་གཞི་གང་རུང་ལ་རྟེན་ཏེ་དམིགས་ ཡུལ་ཆགས་སྡང་གིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ཅན་རྣམས་ལ་རྣམ་ པ་ཉོན་མོངས་པ་ལས་གྲོལ་བར་གྱུར་ཅིག་སྙམ་དུ་ཕན་པར་བསམ་པའི་གནས་པ་ངོ་བོ་ཡང་ དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གྲོགས་མཚུངས་ལྡན་རྣམས་དང་བཅས་ པའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་རྣམས་བསམ་གཏན་ལ་བརྟེན་པ་ནི་ཕལ་ཆེ་བའི་དབང་ དུ་བྱས་པ་ཡིན་གྱི། བསམ་གཏན་མ་ཐོབ་པས་བསྒོམ་པའང་ཡོད་ལ། གནས་སྐབས་ཚངས་ པར་སྐྱེ་བའི་རྒྱུ་ཡིན་པས་ཚངས་པའི་གནས་པ་ཞེས་ཀྱང་བྱ་ཞིང་། དམིགས་ཡུལ་སེམས་ཅན་ ཚད་མེད་པ་ལ་དམིགས་(ས་དང་འབྲས་བུ་བསོད་ནམས་ཚད་མེད་པ་ཐོབ་)པས་ན་ཚད་མེད་པ་སྟེ། ཐམས་ ཅད་ཀྱང་མཐར་ཐུག་སངས་རྒྱས་ལ་མངའ་བའི་སྒོ་ནས་རྒྱན་དང་ཐེག་བསྡུས་བསྟོད་པ་ནི། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འདྲལ་བ་ཡི་ དགོངས་པ་ཅན། །ཕན་བདེའི་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་པ་ལྟར་རོ། །རྣམ་ཐར་ལ་ སོགས་པའི་སྡེ་ཚན་གསུམ་གྱི་གང་ཟག་ནི། མཛོད་དུ། གཟུགས་མེད་ཅེས་བྱ་ཁམས་གསུམ་ གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེས། །ཞེས་པ་དང་། ངོ་བོ་ནི། རྣམ་པར་ཐར་བརྒྱད་དང་པོ་ གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །གསུམ་པ་མཐའ་ན་དེ་མ་ཆགས། །གཟུགས་ མེད་མཉམ་གཞག་དགེ་རྣམས་སོ། །ཞེས་རྣམ་ཐར་དང་པོ་གཉིས་ནི་མི་སྡུག་པའི་རྣམ་པ་ཅན་ བསམ་གཏན་དང་པོ་གཉིས་ན་ཡོད་པ་དང་། གསུམ་པ་ནི་བསམ་གཏན་བཞི་པ་ན་ཡོད་ཅིང་ 1-1-782 ངོ་བོ་མ་ཆགས་པ་ཡིན་པ་དང་། གཟུགས་མེད་ཀྱི་རྣམ་ཐར་བཞི་ནི་དེའི་ས་བའི་མཉམ་གཞག་ དགེ་བ་ཁོ་ན་ཡིན་པ་དང་། ཟད་པར་བཅུའོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་སྤྱོད་ ཡུལ་ནི། །འདོད་པ་གཉིས་ནི་གཟུགས་མེད་དག །སྤྱོད་ཡུལ་རང་གི་ཕུང་པོ་བཞི། །ཞེས་པ་ དང་པོ་བརྒྱད་ངོ་བོ་མ་ཆགས་པ་དང་ས་བསམ་གཏན་བཞི་པ་དང་དམིགས་པ་འདོད་པའི་ གཟུགས་ལ་འཇུག་པ་དང་། ཐ་མ་གཉིས་གཟུགས་མེད་དག་པའི་རང་བཞིན་རང་སའི་ཕུང་ པོ་བཞི་ལ་དམིགས་པར་ཡང་བཤད་ཅིང་། འདིར་ནི་རྣམ་ཐར་ལའང་གསུམ་གྱི། (དང་པོ།)གཟུགས་ཅན་གྱི་རྣམ་ཐར་གསུམ་ལ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། དགོས་ཆེད་དམ་ངེས་ཚིག་ ནི་ས་ལ་སོགས་པའི་དམིགས་པ་གསེར་ལ་སོགས་པའི་གཟུགས་སུ་སྤྲུལ་པ་དང་དབང་སྒྱུར་ བར་བྱེད་པའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར། །གནས་བསམ་གཏན་བཞི་པ་ ལ་བརྟེན་ཏེ་ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་མ་བྲལ་བའམ། འགྲེལ་བར་ གཟུགས་མེད་ལ་བརྟེན་པར་ཡང་བཤད་པས་དེ་ལྟ་ན་གཟུགས་ཀྱི་འདུ་ཤེས་ཉེ་བར་གཞག་ པས་ཀྱང་རུང་སྟེ། དམིགས་ཡུལ་རང་བཞིན་པར་སྣང་བའི་གཟུགས་ཆེ་ཆུང་དང་བཟང་ངན་ ལ་སོགས་པ་རྣམས་ལ། རྣམ་པ་ཆུང་ངུ་ལ་ཆེན་པོ་དང་ཆེན་པོ་ལ་ཆུང་ངུ་དང་མཛེས་པ་ལ་ མི་མཛེས་པ་དང་མི་མཛེས་པ་ལ་མཛེས་པ་ལ་སོགས་གང་སྤྲུལ་པར་འདོད་པར་མོས་པ་ལྟ་ བའི་གནས་པ་ངོ་བོ་ཡང་དག་པར་འབྱོང་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། གྲོགས་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ སོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་རྣམས་ལ་ལྟ་བ་ཇི་ལྟ་བུ་ཞེ་ན། གནས་(འགྲེལ་པར།)གཟུགས་མེད་ཀྱི་སྙོམས་འཇུག་ལ་བརྟེན་པ་(ཞེས་པ་ལྟར།)ཡིན་ན་ལྟ་བ་པོ་ བདག་ལ་གཟུགས་སུ་འདུ་ཤེས་པ་དང་བྲལ་བའམ་མིན་ཡང་བསམ་གཏན་ལ་བརྟེན་ནས་ 1-1-783 རང་ལ་གཟུགས་མེད་པ་མིང་བཞིའི་འདུ་ཤེས་ཉེ་བར་བཞག་པས་ཀྱང་རུང་སྟེ། དམིགས་ ཡུལ་རང་བཞིན་པར་སྣང་བའི་གཟུགས་བཟང་ངན་ལ་སོགས་པ་རྣམས་ལ་རྣམ་པ་གང་སྤྲུལ་ བར་འདོད་པ་མོས་ནས་ལྟ་བའི་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ ཤེས་རབ་གྲོགས་མཚུངས་ལྡན་རྣམས་དང་བཅས་པའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྡུག་པའི་ རྣམ་པར་(བསྡུ་བར། དེ་ལ་འཕགས་པ་ནི་གཟུགས་ཀྱི་མཚན་མ་དང་དེ་བཞིན་ཉིད་ཡིད་ལ་བྱེད་པས་ཟིལ་གྱིས་མནན་ནས་ ཤེས་ཤིང་ཟིལ་གྱིས་མནན་ནས་མཐོང་ངོ་། །སོ་སོའི་སྐྱེ་བོས་ཇི་ལྟར་ཟིལ་གྱིས་གནོན་ཅེ་ན། སྨྲས་པ། འདུ་ཤེས་གཉིས་ཀྱིས་ ཏེ་གཟུགས་སྡུག་པ་དང་མི་སྡུག་པ་གཅིག་ལ་གཅིག་ལྟོས་པའི་འདུ་ཤེས་དང་གཅིག་ལ་གཅིག་ལྟོས་པའི་ཕྱིར་གཅིག་ལ་གཅིག་ འབྲལ་བའི་འདུ་ཤེས་དང་གཅིག་ལ་གཅིག་འབྲེལ་བའི་ཕྱིར་གཟུགས་སྡུག་པ་དང་མི་སྡུག་པ་ལ་སྡུག་པར་རོ་གཅིག་པའི་འདུ་ ཤེས་ཀྱིས་སོ། །དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཟིལ་གྱིས་གནོན་པ་ཐ་མ་སྟེ་དེ་ནི་འཕགས་པ་རྣམས་དང་ཐུན་མོང་ཡང་ཡིན་ནོ་ ཞེས་སོ། །)ཐར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ཇི་ལྟ་བུ་ཞེ་ ན། དགོས་ཆེད་ནི་སྡུག་ཅིང་མཛེས་པ་དང་མི་སྡུག་ཅིང་མི་མཛེས་པ་ལ་སྤྲུལ་བར་འདོད་པའི་ རྗེས་ཆགས་དང་སྤྲུལ་པར་མི་འདོད་པའི་ལེ་ལོའི་ཀུན་ནས་ཉོན་མོངས་པ་འབྱུང་བའི་སྒྲིབ་པ་ ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་གནས་བསམ་གཏན་བཞི་པ་ལ་བརྟེན་ཏེ་དམིགས་པ་ རང་གིས་སྡུག་པ་དང་མི་སྡུག་པའི་གཟུགས་སྤྲུལ་བ་རྣམས་ལ། རྣམ་པ་དཔེར་ན་དངུལ་བུམ་ ནི་ཟངས་བུམ་ལ་ལྟོས་ནས་སྡུག་པ་དང་གསེར་བུམ་ལ་ལྟོས་ནས་མི་སྡུག་པ་ཡིན་གྱི་མ་ལྟོས་ པར་རིགས་གཅིག་པ་ལ་སྡུག་མི་སྡུག་གི་བློ་མི་འབྱུང་ངོ་སྙམ་དུ་ཕན་ཚུན་ལྟོས་པའི་འདུ་ཤེས་ དང་། དེ་བཞིན་དུ་ཟངས་བུམ་ལ་ལྟོས་པའི་སྡུག་པ་ལ་གསེར་ལ་ལྟོས་པའི་མི་སྡུག་པ་ངོ་བོ་ གཅིག་ཏུ་འབྲེལ་ཞིང་མི་སྡུག་པ་ལའང་སྡུག་པ་རྗེས་སུ་འབྲེལ་བའམ་སེམས་ཅན་ལ་སྡུག་ པར་གྲགས་པའང་ལྤགས་པ་ཙམ་དུ་ཟད་དེ་དེའང་སྐྲ་ལ་སོགས་པའི་མི་གཙང་བའི་རྫས་སུམ་ ཅུ་རྩ་དྲུག་གི་ནང་དུ་འདུས་པའི་ཕྱིར་སྡུག་མི་སྡུག་ནི་ཕན་ཚུན་རྗེས་སུ་འབྲེལ་བའོ་སྙམ་པའི་ 1-1-784 འདུ་ཤེས་དང་། དེ་ལྟར་སྡུག་མི་སྡུག་གི་གཟུགས་ཐམས་ཅད་ཕན་ཚུན་བསྲེས་ཏེ་མདོ་ལས་ སྡུག་པའོ་ཞེས་མོས་པར་འགྱུར་བ་ནི་གསུམ་པའོ་ཞེས་པ་ལྟར་ཐམས་ཅད་སྡུག་པ་ཉིད་དུ་རོ་ གཅིག་པའི་འདུ་ཤེས་ཐོབ་ནས་དེ་དག་ལ་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་ འཛིན་དང་ཤེས་རབ་གྲོགས་མཚུངས་ལྡན་རྣམས་དང་བཅས་པའོ་ཞེས་བྱ་བ་སྔ་མ་བཞིན་ནོ། ། (གཉིས་པ།) གཟུགས་མེད་ཀྱི་རྣམ་ཐར་བཞི་ལ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ རྣམ་པར་ཐར་བ་གང་ཞེ་ན། ཐར་བའམ་ཟག་པ་མེད་པའི་རྗེས་སུ་མཐུན་པའི་ནམ་མཁའ་ མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་དག་པ་བ་ལ་གནས་པ་ཡང་དག་པར་འབྱོར་བའི་ཏིང་ ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་བྱ་བ་སྔ་མ་བཞིན་ནོ། །ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་བ་ཇི་ལྟ་བར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ ཀྱི་རྣམ་པར་ཐར་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་བ་དང་། འདུ་ཤེས་ མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་བ་ཡང་དེ་བཞིན་དུ་ཟག་མེད་ཀྱི་རྗེས་སུ་ མཐུན་པའི་རང་རང་གི་དངོས་གཞི་དག་པ་བ་ལ་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་ འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པར་བལྟ་བར་བྱ་སྟེ། ཐམས་ཅད་ཀྱི་གནས་ནི་ རང་རང་གི་དངོས་གཞི་ཡིན་ཞིང་དམིགས་རྣམ་ནི་གོང་དུ་བཤད་ཟིན་ལ། དགོས་ཆེད་ནི་འདི་ ལྟར་མ་ཞི་བ་གཟུགས་ལས་འདས་པའི་གཟུགས་མེད་ཞི་བའི་རྣམ་པར་ཐར་བ་ཟག་བཅས་ ལ་ཆགས་ཤིང་རོ་མྱོང་བའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་རོ། ། (གསུམ་པ།) འགོག་པའི་རྣམ་ཐར་གཅིག་ལ། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ ཐར་བ་གང་ཞེ་ན། འདི་ལྟ་སྟེ། དགོས་ཆེད་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་ འཇུག་པའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར། གནས་འདུ་ཤེས་མེད་འདུ་ཤེས་ 1-1-785 མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་བ་ལ་བརྟེན་ཏེ་གཟུགས་མེད་ཞི་བའི་རྣམ་པར་ཐར་བ་ ལ་གནས་པ་ལས་ཀྱང་ཡང་དག་པར་འདས་ནས་ལམ་ཟག་མེད་ཀྱི་གནས་པས་མཆོག་ཏུ་ ཞི་ཞིང་ཉོན་ཡིད་ཀྱང་མི་འབྱུང་བའི་ཕྱིར་ཐར་བ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་ པར་གནས་པ་ཡང་དག་པར་འབྱོར་བའི་ངོ་བོ་གང་སེམས་དང་སེམས་ལས་བྱུང་བའི་ཆོས་ ཚོགས་བདུན་འཁོར་དང་བཅས་པ་རྣམས་འགོག་པའོ། །(འགྲེལ་པར།)ཤེས་རིག་བཀག་པའི་ ཕྱིར་དམིགས་རྣམ་དང་གྲོགས་ནི་མེད་ཅིང་། འཕགས་པ་རྣམས་འདི་དག་གིས་གནས་པས་ འཕགས་པ་གནས་པའི་རྣམ་པར་ཐར་བ་བརྒྱད་ཅེས་ཀྱང་བྱའོ། །དེ་རྣམས་ལས་ཀྱང་གསུམ་ པ་དང་བརྒྱད་པ་ནི་མཆོག་ཡིན་པས་ལན་མང་དུ་གནས་ཏེ། དེ་གཉིས་ཀྱིས་རིམ་པ་ལྟར་ གཟུགས་ཅན་དང་གཟུགས་མེད་ཀྱི་རྣམ་ཐར་ལ་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར་དང་། གནས་གྱུར་རྫོགས་པར་མངོན་དུ་བྱེད་པའི་ཕྱིར་རོ། ། ཟིལ་གནོན་ལ་གསུམ་གྱི། (དང་པོ།)རྣམ་ཐར་ལས་བྱུང་ཚུལ་ནི། མདོ་ལས་ནང་གཟུགས་ སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་མཛེས་པ་དང་ཁ་དོག་མི་སྡུག་པ་དང་ ངན་པ་དང་བཟང་པོ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོ་ཞེས་པ་དང་། དེ་བཞིན་དུ་རྒྱས་པར་སྦྱར་ཏེ་ཕྱི་རོལ་གྱི་གཟུགས་ཆེན་པོ་ལ་ལྟ་བ་ནི་གཉིས་པ་སྟེ། དེ་དག་ ནི་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ལས་བྱུང་ཞིང་། ནང་གཟུགས་མེད་པར་འདུ་ ཤེས་ནས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ལྟ་བ་ནི་གསུམ་པ་དང་། ཆེན་པོ་ལ་ལྟ་བ་ནི་བཞི་པ་ སྟེ། དེ་གཉིས་ནི་ནང་གཟུགས་མེད་པར་ཤེས་ནས་ཕྱིའི་གཟུགས་ལ་ལྟ་བའི་རྣམ་ཐར་ལས་ བྱུང་བས། དེ་ལྟར་ན་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོ་བཞི་ནི་རྣམ་པར་ཐར་བ་དང་པོ་ གཉིས་ཀྱིས་བསྐྱེད་པར་རིག་པར་བྱའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་ 1-1-786 གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་ སྟེ། དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་བཱ་ར་ཎཱ་སཱིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་ དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུག་མེད་པར་ འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་ འབྱུང་བ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ ནས་མཐོང་སྟེ་དེ་ལྟ་བུར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ་ཞེས་པ་ དང་། དེ་བཞིན་དུ་རྒྱས་པར་སྦྱར་ཏེ་སེར་པོ་དོང་ཀའི་མེ་ཏོག་(དང་རས་སེར་པོ་)ལྟ་བུ་མཐོང་བ་ནི་ དྲུག་པ་དང་། དམར་པོ་བན་དྷུ་ཛཱི་བ་ཀའི་མེ་ཏོག་ལྟ་བུར་མཐོང་བ་ནི་བདུན་པ་དང་། དཀར་ པོ་སྐར་མ་པ་བ་སངས་ལྟ་བུར་མཐོང་བ་ནི་བརྒྱད་པ་སྟེ། དེ་ལྟར་ན་ཟིལ་གྱིས་གནོན་པའི་སྐྱེ་ མཆེད་ཕྱི་མ་བཞི་ནི་སྡུག་པའི་རྣམ་པར་ཐར་བ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་ བྱས་ནས་གནས་པ་གཅིག་གིས་བསྐྱེད་པར་རིག་པར་བྱའོ། ། (གཉིས་པ།) དེ་གཉིས་ཀྱི་ཁྱད་པར་ནི། རྣམ་ཐར་ལས་ཟིལ་གནོན་འབྱུང་ན་དེ་དག་ལ་ཁྱད་ པར་ཅི་ཡོད་སྙམ་ན། རྣམ་པར་ཐར་བ་རྣམས་ཀྱིས་ནི་དང་པོར་དམིགས་པ་ཆེ་ཆུང་དང་བཟང་ ངན་ལ་སོགས་པ་རྣམས་ལ་གང་སྤྲུལ་བར་འདོད་པར་མོས་ཤིང་ཡོངས་སུ་སྦྱོང་བར་བྱེད་དོ། ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ནི་དེའི་འོག་ཏུ་ཇི་ལྟར་འདོད་པ་བཞིན་སྤྲུལ་བ་ དང་བསྒྱུར་བ་ལ་དབང་བྱེད་པའི་ཕྱིར་སྔར་གྱི་དམིགས་པ་དེ་མི་སྣང་པར་བྱེད་ཅིང་ཟིལ་གྱིས་ གནོན་ཏོ། ། (གསུམ་པ།) མདོའི་དོན་བཤད་པ་ནི། སེམས་ཅན་གྱི་གཟུགས་དང་སེམས་ཅན་མ་ཡིན་ པར་གཏོགས་པ་རི་དང་ཁང་བ་ལ་སོགས་པའི་གཟུགས་རྣམས་ནི་རིམ་པ་ལྟར་ཆུང་ངུ་དང་ ཆེན་པོ་ཞེས་བྱའོ། །ཁ་དོག་མཛེས་པ་དང་མི་སྡུག་པ་ནི་ཡིད་དུ་འོང་བ་དང་མི་འོང་བ་ཡིན་ 1-1-787 ལ། མི་དང་ལྷའི་གཟུགས་རྣམས་ནི་རིམ་པ་ལྟར་ངན་པ་དང་བཟང་བོ་རྣམས་སོ། །གཟུགས་ དེ་དག་ཀྱང་ཟིལ་གྱིས་མནན་ནས་ཞེས་པ་ནི་དབང་བསྒྱུར་ཏེ། ཤེས་ཞེས་པ་ནི་ཞི་གནས་ ཀྱི་ལམ་གྱིས་ཤེས་ཤིང་། མཐོང་ཞེས་པ་ནི་ལྷག་མཐོང་གི་ལམ་གྱིས་མཐོང་ལ། དེ་ལྟ་བུར་ འདུ་ཤེས་པར་གྱུར་ཞེས་པ་ནི་ཟིལ་གྱིས་མནན་མ་མནན་ཇི་ལྟར་བར་ཤེས་པས་མངོན་པའི་ ང་རྒྱལ་མེད་པའོ། །ཕྱི་མ་བཞིའི་སྐབས་སུ་སྔོན་པོ་ནི་སྤྱིར་བསྟན་པ་དང་། ཁ་དོག་སྔོན་པོ་ ནི་ལྷན་ཅིག་སྐྱེས་པ་དང་། སྔོན་པོ་ལྟ་བུར་སྟོན་པ་ནི་སྦྱར་བ་ལས་བྱུང་བ་དང་། འོད་སྔོན་ པོ་འབྱུང་བ་ནི་གཉིས་ཀ་ལས་ཀྱང་འོད་འཕྲོ་ཞིང་གསལ་བ་ཡིན་ལ། སེར་པོ་ལ་སོགས་པ་ ལའང་དེ་བཞིན་དུ་སྦྱར་ཏེ། མེ་ཏོག་དང་རས་ནི་ལྷན་ཅིག་སྐྱེས་པ་དང་སྦྱར་བ་ལས་བྱུང་བའི་ དཔེའོ། །ལྷག་མ་ནང་གཟུགས་དང་གཟུགས་མེད་པར་འདུ་ཤེས་ནས་ཕྱི་རོལ་གྱི་གཟུགས་ རྣམས་ལ་ལྟ་བ་ཞེས་པ་ལ་སོགས་པ་ནི་རྣམ་པར་ཐར་བ་ལས་འབྱུང་བ་ཇི་ལྟ་བ་སྟེ། གནས་ བསམ་གཏན་བཞི་པ་དང་། དམིགས་པ་སྣང་བའི་གཟུགས་དང་། རྣམ་པ་བཟང་ངན་ལ་ སོགས་པ་དང་། ངོ་བོ་ཏིང་ངེ་འཛིན་དང་ཤེས་རབ་དང་། གྲོགས་མཚུངས་ལྡན་རྣམས་དང་ བཅས་པའོ་ཞེས་གོང་དུ་ཇི་སྐད་བསྟན་པ་བཞིན་ནོ། ། ཟད་པར་ལ་(གཉིས་ལས་དང་པོ།)དོན་དངོས་བསྟན་པ་ནི། གནས་བསམ་གཏན་བཞི་པ་ལ་ བརྟེན་ཏེ། སྔར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱི་དམིགས་པ་ཐ་མལ་བ་ཟིལ་གྱིས་ མནན་ཞིང་དབང་བསྒྱུར་ནས་འདིར་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་དམིགས་པ་ས་ལ་ སོགས་པ་གང་ཡིན་པ་དེ་དག་རྣམ་པ་ཐམས་ཅད་དུ་མ་ལུས་ཤིང་ཟད་པར་རྒྱས་ཤིང་ཁྱབ་ པར་བྱེད་པར་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་ པ་དང་། གྲོགས་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ རྣམས་དང་བཅས་པ་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ། །དེ་ཡང་ཟད་པར་ས་དང་ཆུ་དང་ 1-1-788 མེ་དང་རླུང་དང་། ཟད་པར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་། ཟད་པར་ ནམ་མཁའ་དང་རྣམ་པར་ཤེས་པ་སྟེ་ཟད་པར་ས་ལ་དབང་འབྱོར་པས་ཆུ་ལ་སོགས་པའང་ སར་སྤྲུལ་ཞིང་མི་བྱིང་བར་འགྲོ་བ་དང་། ཆུས་ས་ལ་སོགས་པའང་ཆུར་སྤྲུལ་ནས་འཛུལ་བར་ ནུས་པ་དང་། མེས་ཆུ་ལ་སོགས་པའང་མེ་འབར་ཞིང་མེའི་ཆར་འབེབས་པ་དང་། རླུང་གིས་ རླུང་ལྟར་མགྱོགས་པར་འགྲོ་ཞིང་རླུང་གི་ཆར་འབེབས་པ་དང་། སྔོན་པོས་བཻ་ཌཱུརྱ་ལ་སོགས་ པར་སྒྱུར་བ་དང་། སེར་པོས་གསེར་ལ་སོགས་པར་སྒྱུར་བ་དང་། དམར་པོས་མུ་ཏིག་དམར་ པོ་ལ་སོགས་པར་སྒྱུར་བ་དང་། དཀར་པོས་ཟླ་བ་ཆུ་ཤེལ་ལ་སོགས་པར་སྒྱུར་བ་དང་། ནམ་ མཁས་རི་ལ་སོགས་པའང་ནམ་མཁར་སྤྲུལ་ནས་ཐོགས་མེད་དུ་འགྲོ་བར་བྱེད་པ་དང་། རྣམ་ པར་ཤེས་པས་གཉིད་དང་རྨུགས་ལ་སོགས་པ་སེལ་ཞིང་ཉོན་མོངས་པ་མེད་པ་དང་བསམས་ ནས་ཤེས་པ་ལ་སོགས་པ་འགྲུབ་པར་བྱེད་པའོ། ། (གཉིས་པ།) ཁྱད་ཆོས་དཔྱད་པ་ནི། རྣམ་ཐར་དང་ཟིལ་གནོན་ལ་འབྱུང་བ་བཞི་མི་འཇོག་ པར་ཅིའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་རྣམས་ལ་ས་ལ་སོགས་པ་ཟད་པར་དུ་གདགས་ཞེ་ན། འདིར་ནི་གནས་འབྱུང་བ་དང་བཅས་པ་འབྲས་བུའི་གཟུགས་སྔོན་པོ་ལ་སོགས་པའི་ཕྱོགས་ ཐམས་ཅད་ལ་རྒྱས་ཤིང་ཁྱབ་པར་བྱ་བ་འབྱོར་བ་ཉིད་ཀྱི་ཆ་ནས་ཟད་པར་དུ་འཇོག་པའི་ཕྱིར་ ས་ལ་སོགས་པའང་གཞག་སྟེ་གནས་འབྱུང་བའི་གཟུགས་ལ་རྒྱས་ཤིང་ཁྱབ་པར་བྱེད་པ་མེད་ ན་གནས་པ་འབྲས་བུའི་གཟུགས་ལ་རྒྱས་ཤིང་ཁྱབ་པར་བྱེད་མི་ནུས་པའི་ཕྱིར་རོ། །ལྷག་མ་ ཟད་པར་ནམ་མཁའ་དང་རྣམ་པར་ཤེས་པ་དག་ནི་གཟུགས་མེད་དང་པོ་གཉིས་ཀྱི་རྣམ་པར་ ཐར་བ་བཞིན་དུ་ཇི་ལྟར་མཐུན་དུ་སྦྱོར་རོ། །འོན་ཀྱང་རྣམ་ཐར་གྱིས་མོས་པའི་སྒོ་ནས་མགོ་ རྩོམ་ཞིང་ཟིལ་གནོན་གྱིས་དབང་བསྒྱུར་ནས་སྦྱོར་བར་བྱེད་ལ། ཟད་པར་གྱི་སྐྱེ་མཆེད་རྣམས་ ཀྱིས་ནི་རྣམ་པར་ཐར་བས་བརྩམས་པ་རྣམས་ཡོངས་སུ་རྫོགས་པར་འགྲུབ་པར་བྱེད་དོ། ། 1-1-789 གསུམ་པོ་དེ་དག་ཀྱང་ཕལ་བ་རྣམས་ཀྱིས་ཕྱོགས་རེ་ཙམ་ཐོབ་པ་ཡིན་ལ། ཡོངས་སུ་རྫོགས་ པར་མངའ་བ་ནི་སངས་རྒྱས་ཉིད་དེ། ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ ལོ། །ཞེས་པ་ལྟར་རོ། །ཉོན་མོངས་པ་མེད་པ་གང་ཞེ་ན། གནས་བསམ་གཏན་ལ་བརྟེན་ཏེ་ དམིགས་པ་གཞན་གྱི་ཉོན་མོངས་པ་རྣམས་ལ་དམིགས་ནས་རྣམ་པ་སྐྱེ་བོ་རྣམས་བདག་ལ་ དམིགས་ནས་ཉོན་མོངས་པ་སྐྱེ་མི་སྐྱེ་བལྟས་ཏེ་སྐྱེ་ན་དེའི་གནས་སུ་མི་འགྲོ་བའམ་འགྲོ་ན་ ཡང་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་དང་དེས་ཀུན་ནས་བསླངས་པའི་འཐབ་རྩོད་ ལ་སོགས་པར་འབྱུང་བ་རྗེས་སུ་སྲུང་ཞིང་སྤོང་བར་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། གྲོགས་དེ་དག་དང་མཚུངས་པར་ལྡན་པའི་ སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེའང་། (ཡུམ་གྱི་རྒྱན་དུ།)ཉན་ཐོས་ཉོན་ མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་ རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་པ་ལྟར་ཉན་ཐོས་རྣམས་ནི་བདག་ མཐོང་བ་ལས་གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེས་སུ་བསྲུང་བ་ཙམ་ཡིན་ལ། སངས་རྒྱས་ རྣམས་ནི་གདུལ་བྱ་གང་ན་ཡོད་པར་གཤེགས་ནས་ཉོན་མོངས་པ་མ་ལུས་པ་འཇོམས་ཤིང་ རྗེས་སུ་འཛིན་པར་མཛད་པ་སྟེ། སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ་ཕྱག་ འཚལ་ལོ། །ཞེས་པ་ལྟར་རོ། ། བསམ་ནས་ཤེས་པ་གང་ཞེ་ན། གནས་བསམ་གཏན་ལ་བརྟེན་ཏེ་དམིགས་ཡུལ་དུས་ གསུམ་ལ་སོགས་པའི་ཤེས་བྱ་གང་ཤེས་པར་འདོད་པ་རྣམས་ལ། རྣམ་པ་འདི་ཤེས་པར་བྱའོ་ ཞེས་བསམས་ཤིང་སྨོན་ནས་མཉམ་པར་བཞག་པ་ལྟར་ཤེས་པ་ངོ་བོ་ཡང་དག་པར་འབྱོར་ 1-1-790 བའི་ཏིང་ངེ་འཛིན་དང་ཤེས་རབ་གྲོགས་མཚུངས་ལྡན་རྣམས་དང་བཅས་པའོ། །ཞེས་བྱ་བ་ སྔ་མ་བཞིན་ནོ། །དེའང་ཉན་རང་རྣམས་ཀྱིས་ནི་འབད་རྩོལ་དང་བཅས་པ་ལ་སོགས་པས་ དམན་ཞིང་སངས་རྒྱས་རྣམས་ཀྱི་ནི་ལྷུན་གྱིས་གྲུབ་པ་ལ་སོགས་པས་མཆོག་ཏུ་གྱུར་པ་སྟེ། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་གཞག་ ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །རིག་པ་ལ། ཆོས་ དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་ཡང་དག་པར་རིག་པ་བཞི་ལས། ཆོས་སོ་སོ་ཡང་ དག་པར་རིག་པ་གང་ཞེ་ན། བཞི་ཀའང་གནས་བསམ་གཏན་ལ་བརྟེན་ནས་དམིགས་ཡུལ། བཅོམ་ལྡན་བདེ་གཤེགས་ཐམས་ཅད་མཁྱེན། །ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས། །ཞེས་པ་ ལྟ་བུ་སངས་རྒྱས་ཀྱི་རྣམ་གྲངས་དང་། །མ་རིག་པ་དང་མི་ཤེས་པ། །མི་མཐོང་མངོན་པར་མི་ རྟོག་པ། །ཞེས་པ་ལྟ་བུ་གཏི་མུག་གི་རྣམ་གྲངས་ལ་སོགས་པ་མིང་གི་རྣམ་གྲངས་སུ་གཏོགས་ པ་རྣམས་ལ་རྣམ་པ་ཐོགས་པ་མེད་པར་ཤེས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ ཤེས་རབ་གྲོགས་མཚུངས་ལྡན་དང་བཅས་པའི་ཞེས་བྱ་བ་སྔ་མ་བཞིན་ནོ། ། དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་དང་སྤྱིའི་མཚན་ ཉིད་དང་། དོན་གཞན་ལ་སོགས་པའི་དགོངས་པ་རྣམས་ལ་དམིགས་ནས་རྣམ་པ་ཐོགས་པ་ མེད་པར་ཤེས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་ པ་ཞེས་བྱ་བ་སྔ་མ་བཞིན་ནོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། (རྒྱ་གར་ བ་)ཀུམྦྷ་དང་(བོད་)བུམ་པ་ཞེས་(བརྗོད་)པ་ལ་སོགས་པ་ཡུལ་མི་སོ་སོའི་སྐད་མི་འདྲ་བ་དང་། (འགྲེལ་པར།)འཇིག་ཅིང་རབ་ཏུ་འཇིག་པས་ན་འཇིག་རྟེན་ཞེས་པ་ལ་སོགས་པའམ། རྒྱལ་ ཆེན་རིས་བཞི་ན་(ཆོས་)བདེན་པ་བཞི་ལ་ཨེ་ནེ་དང་མེ་ནེ་དང་དམ་པོ་དང་ད་དམ་པོ་ཞེས་ གྲགས་པ་ལྟ་བུ་ཆོས་ཀྱི་ངེས་པའི་ཚིག་རྣམས་ལ་དམིགས་ནས་རྣམ་པ་ཐོགས་པ་མེད་པ་ཤེས་ 1-1-791 པ་ཡང་དག་པ་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་ སྔ་མ་བཞིན་ནོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། རྫས་ཡོད་དང་བཏགས་ ཡོད་ལ་སོགས་པ་ཆོས་ཀྱི་རབ་ཏུ་དབྱེ་བ་རྣམས་ལ་དམིགས་ནས་རྣམ་པ་ཐོགས་པ་མེད་པར་ ཤེས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་ བྱ་བ་སྔ་མ་བཞིན་ནོ། །དེ་དག་གི་རྟེན་ཆོས་དང་བརྟེན་པ་དོན་ནི་བཤད་བྱ་ཡིན་ལ། གསུང་ ངེས་ཚིག་དང་མཁྱེན་པ་སྤོབས་པ་ནི་འཆད་བྱེད་ཡིན་ཞིང་། ངོ་བོ་ནི་ཤེས་རབ་ཕུལ་དུ་བྱུང་བ་ སྟེ། མཐར་ཐུག་སངས་རྒྱས་ལ་མངའ་བ་ནི། རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་ མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བས། །ལེགས་སྟོན་ཁྱོད་ལ་ཕྱག་ འཚལ་ལོ། །ཞེས་པ་ལྟར་རོ། ། མངོན་ཤེས་ལ། རྫུ་འཕྲུལ་ལྷ་ཡི་རྣ་བ་དང་། །སེམས་ཀྱི་རྣམ་གྲངས་སྔོན་གནས་དྲན། ། འཆི་འཕོ་སྐྱེ་བ་ཟག་པ་ཟད། །མངོན་པར་ཤེས་པ་རྣམ་པ་དྲུག། ཅེས་པ་ལྟར་ཏེ། རྫུ་འཕྲུལ་ གྱི་མངོན་པར་ཤེས་པ་གང་ཞེ་ན། ཐམས་ཅད་ཀྱང་གནས་བསམ་གཏན་བཞི་པའི་དངོས་གཞི་ ལ་བརྟེན་ནས་དམིགས་ཡུལ་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་ལ་སོགས་པ་རྫུ་འཕྲུལ་ གྱི་རྣམ་པར་འཕྲུལ་བ་(སྐྱེས་ཐོབ་ཀྱི་སྤྲུལ་པ་ནི་སེམས་ཡོད་པ་སེམས་ཅན་དེའི་དབང་གིས་འགྱུར་བ་ཟས་ཟོས་ནས་ སྤྲུལ་པའི་ལྟོར་འཇུ་བ་ཡིན་པ། སྒོམ་བྱུང་གི་ནི་སེམས་མེད་པ་སྤྲུལ་པ་པོའི་སེམས་ཀྱི་དབང་གིས་འགྱུར་བ་ཟས་ཟོས་ནས་སྤྲུལ་ པ་པོའི་ལྟོར་འཇུ་བའོ་ཞེས་བཏགས་པའོ། །སྐྱེས་ནས་ཐོབ་པ་ནི། གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ཀྱི་སྔོན་བསྒོམས་པ་ལ་ བརྟེན་ནས་ཕྱིས་སྐྱེས་ནས་ཐོབ་པ་གང་ཡིན་པ་དང་། འདོད་པ་ན་སྤྱོད་པའི་ལྷ་དང་མི་ཁ་ཅིག་གི་བསོད་ནམས་ཀྱི་སྟོབས་ཀྱིས་ ཐོབ་པ་གང་ཡིན་པ་སྟེ། འདི་ལྟ་སྟེ་དཔེར་ན་རྒྱལ་པོ་ང་ལས་ནུ་ལྟ་བུའོ། །རྫུ་འཕྲུལ་ནི་རིས་མཐུན་པས་བསྡུས་པའི་བྱ་རྣམས་དང་། ཡི་དྭགས་ཁ་ཅིག་གི་ཡང་ཡིན་ནོ། །ཞེས་བསྡུ་བར་རོ། །)སྣ་ཚོགས་པ་རྣམས་ལ། རྣམ་པ་ཇི་ལྟར་འདོད་པ་ བཞིན་ཤེས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་ 1-1-792 གྲོགས་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། ། ལྷའི་རྣ་བའི་མངོན་པར་ཤེས་པ་གང་ཞེ་ན། ལྷ་དང་མི་ལ་སོགས་པའི་སྒྲ་ཆེ་ཆུང་སྣ་ཚོགས་ པ་རྣམས་ལ་དམིགས་ནས་རྣམ་པ་ཇི་ལྟ་བ་བཞིན་དུ་ཉན་ཅིང་ཐོས་པ་ཡང་དག་པར་འབྱོར་ བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །སེམས་ ཀྱི་རྣམ་གྲངས་མངོན་པར་ཤེས་པ་གང་ཞེ་ན། སེམས་ཅན་གཞན་གྱི་སེམས་ཀྱི་སྤྱོད་པ་(མཛོད་ འགྲེལ་ལས། ཕ་རོལ་གྱི་སེམས་ཤེས་པ་ཕ་རོལ་གྱི་སེམས་ཀྱི་རྣམ་པའམ་དམིགས་པ་གང་འཛིན་ཅེ་ན་མི་འཛིན་ཏེ། དེ་ནི་རྣམ་ པའམ་དམིགས་པ་ལ་མི་ལྟོས་པ་ཡིན་ཏེ་སེམས་འདི་ཆགས་པ་ཡིན་ནོ། །ཞེས་བྱ་བར་ཤེས་ཀྱི། གཟུགས་ཆེ་གེ་མོ་ཞིག་ལ་ཆགས་ སོ་ཞེས་བྱ་བར་མི་ཤེས་སོ། །དེ་ལྟ་མིན་ན་དེས་གཟུགས་ལ་དམིགས་པར་འགྱུར་ལ་དེ་ལ་དམིགས་པའི་ཕ་རོལ་གྱི་སེམས་ འཛིན་པ་ན་དེའི་རང་གི་ངོ་བོ་ཉིད་འཛིན་པར་འགྱུར་རོ་ཞེས་སོ། །)ཆགས་པ་ཡོད་མེད་ལ་སོགས་པ་རྣམས་ལ་ དམིགས་ནས་རྣམ་པ་ཇི་ལྟ་བར་ཤེས་ཤིང་འཇུག་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྔོན་གྱི་གནས་རྗེས་སུ་ དྲན་པའི་མངོན་པར་ཤེས་པ་གང་ཞེ་ན། སྔོན་གྱི་འདས་པའི་མཐའི་སྤྱོད་པ་ཚེ་རབས་བརྒྱུད་ པ་མང་པོའི་མིང་དང་རིགས་དང་རུས་ལ་སོགས་པ་རྣམས་ལ་དམིགས་ནས་རྣམ་པ་ཇི་ལྟ་བར་ རྗེས་སུ་དྲན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་ པ་ཞེས་བྱ་བ་སྔ་མ་བཞིན་ནོ། །འཆི་འཕོ་བ་དང་སྐྱེ་བ་མངོན་པར་ཤེས་པ་གང་ཞེ་ན། སེམས་ ཅན་རྣམས་ཀྱི་སྔ་མ་ནས་འཆི་འཕོ་དང་ཕྱི་མར་སྐྱེ་བ་ཡང་ཡིན་པ་བར་མ་དོའི་སྲིད་པ་རྣམས་ ལ་དམིགས་ནས་རྣམ་པ་དེ་དག་གི་ཁ་དོག་བཟང་ངན་དང་བདེ་འགྲོ་དང་ངན་འགྲོ་ལ་སོགས་ པའི་ཁྱད་པར་ཇི་ལྟ་བར་ལྷའི་མིག་གིས་མཐོང་བ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཟག་པ་ཟད་པའི་མངོན་ པའི་མངོན་པར་ཤེས་པ་གང་ཞེ་ན། གནས་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་ 1-1-793 དམིགས་ཡུལ་ཐབས་གང་གིས་ཟག་པ་ཟད་ཅིང་མི་སྐྱེ་བ་དང་ཟད་ཅིང་མི་སྐྱེ་བའི་ངོ་བོ་གང་ ཡིན་པ་ལ་དམིགས་ཏེ། རྣམ་པ་དེ་དག་གི་གནས་ལུགས་ཇི་ལྟ་བ་མངོན་སུམ་དུ་ཤེས་པ་ངོ་བོ་ ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་གྲོགས་དེ་དག་དང་ མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཏིང་ངེ་འཛིན་ལ་ སོགས་པ་ནི་མངོན་ཤེས་ཀྱི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ་ཞེས་ཀྱང་(ཡེ་ཤེས་བཤེས་ གཉེན་)གསུང་ངོ་། །འདི་རྣམས་ཀྱང་མཐར་ཐུག་སངས་རྒྱས་ལ་མངའ་པའི་སྒོ་ནས་འཆད་པར་ འགྱུར་བའི་བྱེད་ལས་དང་མཐུན་པར་བསྟོད་པ་ནི། གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། ། དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། ། མཚན་དང་དཔེ་བྱད་བཟང་བོ་རྣམས་གང་ཞེ་ན། གནས་བསམ་གཏན་བཞི་པ་ལ་ བརྟེན་ནས་དམིགས་ཡུལ། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཞེས་པ་ ལ་སོགས་པ་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་པ་ལ་སོགས་པ་ནང་གི་ཡོན་ཏན་གསལ་བར་ བྱེད་པའི་དཔེ་བྱད་བཟང་བོ་བརྒྱད་ཅུས་བརྒྱན་པའི་སྐུ་རྣམ་པ་གདུལ་བྱའི་སྣང་ངོར་ཀུན་ཏུ་ སྟོན་པའི་ཚུལ་མཁྱེན་པ། ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ ཡིན་པ་དང་། གྲོགས་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ ཆོས་རྣམས་དང་། ཞེས་ཏིང་ངེ་འཛིན་ལ་སོགས་པ་མཚན་དཔེར་གསུངས་པ་ནི་དོན་དམ་པའི་ (འགྲེལ་པར་)སངས་རྒྱས་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཆ་ནས་བཞག་པ་ཡིན་ལ། (དེ་ལྟར་ཀུན་ཏུ་སྟོན་ ནུས་པ་)བྱང་སེམས་ས་བརྒྱད་པ་ཡན་ཆད་ཀྱིའང་དེ་དང་རྗེས་སུ་མཐུན་ཞིང་། དེ་ལས་གཞན་ པ་རྣམས་ཀྱི་ཏིང་ངེ་འཛིན་ལ་སོགས་པ་དེ་དག་ལས་བྱུང་བའི་རྣམ་པར་སྨིན་པའི་རང་བཞིན་ 1-1-794 དུ་ཐོབ་པའོ། །བྱང་སར་མཚན་དཔེ་དེ་དག་གཟུགས་ཅན་དུ་བཤད་པ་ལྟར་ཏིང་ངེ་འཛིན་ལ་ སོགས་པ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་སྟེ། འདི་དག་ཀྱང་སངས་རྒྱས་ལ་མངའ་ བའི་སྒོ་ནས་བྱེད་ལས་དང་མཐུན་པར་བསྟོད་པ་ནི། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། ། སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། ། ཡོངས་དག་ལ། གནས་དང་དམིགས་པ་ཐུགས་དང་ནི། །མཁྱེན་པ་ཡོངས་སུ་དག་པའོ། ། གནས་ཡོངས་སུ་དག་པ་གང་ཞེ་ན། ཐམས་ཅད་ཀྱང་གནས་བསམ་གཏན་གྱི་དངོས་གཞི་ ལ་བརྟེན་ནས་དམིགས་ཡུལ་སྐུ་ལུས་ཀྱི་ཁྱད་པར་རྣམས་ལ་རྣམ་པ་ཇི་ལྟར་བཞེད་པ་བཞིན་ དུ་གནས་སྐྱེ་བ་ལེན་པ་དང་། ཚེ་བྱིན་གྱིས་བརླབས་ནས་ཡུན་རིང་དུ་བཞུགས་པ་དང་། ནམ་ བཞེད་པ་ན་སྐུ་ཚེ་ཡོངས་སུ་གཏོང་བའི་ཚུལ་རྣམས་མཁྱེན་པ། ངོ་བོ་ཡང་དག་པར་འབྱོར་ བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། གྲོགས་དེ་དག་དང་མཚུངས་པར་ལྡན་ པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། ། དམིགས་པ་ཡོངས་སུ་དག་པ་གང་ཞེ་ན། རང་ཇི་ལྟར་བཞེད་པ་བཞིན་དུ་སྔར་མེད་པའི་ དམིགས་པ་གཟུགས་ལ་སོགས་པའི་ཁྱད་པར་མང་པོ་གསར་དུ་སྤྲུལ་བ་དང་། སྔར་ཡོད་པའི་ དམིགས་པ་ས་ལ་སོགས་པའང་གསེར་ལ་སོགས་པར་བསྒྱུར་བའི་ཚུལ་མཁྱེན་པ་ཡང་དག་ པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ ནོ། ། ཐུགས་ཡོངས་སུ་དག་པ་གང་ཞེ་ན། རང་ཇི་ལྟར་བཞེད་པ་བཞིན་དུ་སྐད་ཅིག་རེ་རེ་ལ་ ཡང་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་དབང་བསྒྱུར་ཞིང་སྙོམས་པར་འཇུག་པ་ཡང་དག་ པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ 1-1-795 ནོ། ། མཁྱེན་པ་ཡོངས་སུ་དག་པ་གང་ཞེ་ན། གནས་བསམ་གཏན་ལ་བརྟེན་ནས་རང་ཇི་ལྟར་ བཞེད་པ་བཞིན་དུ། (ཡུམ་ལས།)ཨ་ར་པ་ཙ་ན་ཞེས་བྱ་བ་ནི་རིམ་པ་ལྟར་སྐྱེ་བ་མེད་པ་དང་ རྡུལ་དང་བྲལ་བ་དང་། དོན་དམ་པ་སྟོན་པ་དང་། འཆི་འཕོ་བ་མེད་པ་དང་། མིང་དང་བྲལ་ བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ལ་སོགས་པ་ཡི་གེ་བཞི་བཅུ་རྩ་གཉིས་ལས་གང་ ཡང་རུང་བ་ཡིད་ལ་བྱས་པ་ན་དེ་དང་པོར་གྱུར་པའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་བརྗོད་ པའི་ནུས་པ་ཐོབ་པ་ལ་སོགས་པ། ཚིག་དང་དོན་མི་བརྗེད་ཅིང་དྲན་པའི་མཚན་ཉིད་ཅན་གྱི་ གཟུངས་ཀྱི་སྒོ་ཀུན་ཏུ་འཛིན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་དག (འགྲེལ་པར།)བྱང་ཆུབ་སེམས་དཔའ་ ཆེན་པོ་རྣམས་ལའང་ཡོད་པར་གསུངས་ཤིང་མཐར་ཐུག་སངས་རྒྱས་ལ་མངའ་བ་ནི། ལེན་ དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །སྟོབས་ལ། རྒྱུད་བླ་མར། གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་པར་སྨིན་དང་དབང་པོ་དང་། །ཁམས་རྣམས་ དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་ དང་། །སྔོན་གནས་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཟག་པ་ཟད། །མཁྱེན་པའི་སྟོབས་ ནི་རྣམ་པ་བཅུ། །ཞེས་པ་སྟེ། (གཉིས་ལས་དང་པོ།)དང་པོ་གཉིས་དངོས་སུ་བསྟན་པ་ནི། གནས་དང་གནས་མ་ཡིན་པ་ མཁྱེན་པའི་སྟོབས་གང་ཞེ་ན། ཐམས་ཅད་ཀྱང་གནས་བསམ་གཏན་བཞི་པའི་རབ་མཐའི་ ས་ཟག་མེད་ལ་བརྟེན་ནས་དམིགས་ཡུལ་རྒྱུ་མཐུན་པ་ལས་འབྲས་བུ་འབྱུང་བ་ནི་གནས་ཡིན་ པ་དང་། རྒྱུ་མི་མཐུན་པ་ལས་འབྲས་བུ་འབྱུང་བ་ནི་གནས་མ་ཡིན་པ་ལ་དམིགས་ཏེ་རྣམ་པ་ 1-1-796 ཐམས་ཅད་ཆགས་ཐོགས་མེད་པར་མངོན་སུམ་དུ་མཁྱེན་པ། ངོ་བོ་ཡང་དག་པར་འབྱོར་བའི་ ཏིང་ངེ་འཛིན་དང་ཤེས་རབ་མཐར་ཐུག་པ་གང་ཡིན་པ་དང་། གྲོགས་དེ་དག་དང་མཚུངས་ པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་སྒྲིབ་པ་དང་བྲལ་བ་མངོན་དུ་གྱུར་པ་ རྣམས་སོ། །ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་གང་ཞེ་ན། རང་རང་གིས་བྱས་པའི་ ལས་ཀྱི་རྣམ་པར་སྨིན་པ་རང་རང་གིས་མྱོང་བའི་ཚུལ་ལས་བདག་གིར་བྱ་བའི་རྣམ་པ་ཐམས་ ཅད་ཆགས་ཐོགས་མེད་པར་མངོན་སུམ་དུ་མཁྱེན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། ། (གཉིས་པ།) ལྷག་མ་རྣམས་ཤུགས་ལ་རྟོགས་ཚུལ་ནི། སེམས་ཅན་རྣམས་ཀྱི་དད་པ་ལ་ སོགས་པའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་། ཐེག་པ་གསུམ་གྱི་རིགས་ ཐ་དད་པ་ལ་སོགས་པ་ཁམས་སྣ་ཚོགས་མཁྱེན་པ་དང་། ཟག་བཅས་དང་ཟག་མེད་ལ་མོས་ པ་ལ་སོགས་པ་མོས་པ་སྣ་ཚོགས་མཁྱེན་པ་དང་། འགྲོ་བ་རྒྱུད་ལྔ་དང་མྱང་འདས་གསུམ་དུ་ བགྲོད་པའི་ཚུལ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང་། བསམ་གཏན་དང་རྣམ་པར་ཐར་བ་ དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སོགས་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ དང་རྣམ་པར་བྱང་བའི་ཚུལ་མཁྱེན་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་ཞིང་མཁྱེན་པ་དང་། ལྷའི་མིག་གིས་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ ཏེ་སྟོབས་ལྷག་མ་བརྒྱད་པོ་རྣམས་ལ་ཡང་སྔ་མ་གཉིས་པོ་དེ་བཞིན་དུ་རང་རང་གི་དམིགས་ ཡུལ་ཐོགས་མེད་དུ་མཁྱེན་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་ཇི་ ལྟར་མཐུན་མཐུན་དུ་རིག་པར་བྱའོ། །དེ་རྣམས་ཀྱི་གནས་དང་གནས་མ་ཡིན་པ་མཁྱེན་པས་ ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པའི་ཐབས་ལ་སླུ་བ་དང་། ལས་བདག་གིར་བྱ་བ་མཁྱེན་ པས་དབང་ཕྱུག་ལ་སོགས་པ་སྐྱབས་ལས་སླུ་བ་དང་། བསམ་གཏན་ལ་སོགས་པ་མཁྱེན་ 1-1-797 པས་ཟག་བཅས་ཀྱི་བསམ་གཏན་ལ་སོགས་པ་ཐོབ་པ་ན་ཐར་བའོ་ཞེས་དག་པ་ལས་སླུ་བ་ དང་། ལྷག་མ་རྣམས་ཀྱིས་ཐེག་ཆེན་ལས་དང་པོ་བ་འདུན་པ་ཟློག་ཅིང་ངེས་པར་འབྱུང་བ་ ལས་སླུ་བའི་བདུད་འཇོམས་པས་ན་སྟོབས་ཞེས་བྱ་སྟེ། ཐབས་དང་སྐྱབས་དང་དག་པ་དང་། ། ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་འཇོམས་ཁྱོད་ ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། ། མི་འཇིགས་པ་ནི། མདོ་ལས། (སྟོན་པ་ཆོས་གསུང་བ་ན།) ང་མངོན་པར་རྫོགས་པར་སངས་ རྒྱས་སོ་ཞེས་བྱ་བ་འདི་ལ་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་(དཀའ་ ཐུབ་ཀྱི་ང་རྒྱལ་བའི་)དགེ་སྦྱོང་ངམ་(རིགས་ཀྱིས་)བྲམ་ཟེའམ་(ལོངས་སྤྱོད་ཀྱིས་)ལྷའམ་(སྟོབས་ཀྱིས་)བདུད་ དམ་(ཆགས་བྲལ་གྱིས་ང་རྒྱལ་བའི་)ཚངས་པའམ་གཞན་སུ་ཡང་རུང་བས་ཆོས་དང་(མི་མཐུན་པར་རྒོལ་ སྲིད་མོད་)མཐུན་པར་ང་ལ་(ངག་གིས་)རྒོལ་བའམ་(སེམས་ཀྱིས་)འགྲན་པར་བྱེད་པའི་མཚན་མ་མི་ མཐོང་སྟེ། མཚན་མ་དེ་མ་མཐོང་བས་(ལུས་)བདེ་བ་ཐོབ་(སེམས་)མི་འཇིགས་པ་ཐོབ་(ངག་) བག་ཚ་བ་མེད་པ་ཐོབ་ནས་གནས་སོ། །(གནོད་པ་དང་འཇིགས་པ་ཐམས་ཅད་མེད་པས་)ཁྱུ་ མཆོག་གི་གནས་རྒྱ་ཆེན་པོར་ཞལ་གྱིས་འཆེའོ། །(ཞི་ཞིང་བསིལ་བར་གྱུར་པས་)ཚངས་པའི་འཁོར་ ལོ་བསྐོར་རོ། །(ཕས་རྒོལ་ཟིལ་གྱིས་གནོན་པས་)འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་གོ། དེ་བཞིན་དུ་(གཞན་ལའང་རྒྱས་པར་)སྦྱར་ཏེ་ངས་ཟག་པ་ཟད་དོ་ཞེས་བྱ་བ་ལ་ཟག་པ་འདི་མ་ཟད་ དོ་ཞེས་བྱ་བ་དང་། ངས་བར་དུ་གཅོད་པའི་ཆོས་གང་དག་བསྟན་པ་ལ་དེ་དག་བསྟེན་ཀྱང་ བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་དང་། ངས་ངེས་པར་འབྱུང་བར་བྱ་བའི་ལམ་གང་ དག་བསྟན་པ་དེ་དག་ནི་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་བྱ་བར་(ང་རྒྱལ་ཅན་)སུས་ཀྱང་རྒོལ་ བར་མི་ནུས་པས་མི་འཇིགས་པ་ཐོབ་པར་གསུངས་པ་རྣམས་ཡིན་ལ། དེའང་། མངོན་རྫོགས་ བྱང་ཆུབ་ཟག་ཟད་མཁྱེན། །བར་གཅོད་ཆོས་དང་ངེས་འབྱིན་ལམ། །རང་གཞན་དོན་དུ་སྟོན་ 1-1-798 པ་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་ འཇིགས་པ་གང་ཞེ་ན། ཐམས་ཅད་ཀྱང་གནས་བསམ་གཏན་བཞི་པ་རབ་མཐའ་པ་ལ་བརྟེན་ ནས་ཐོག་མར་རང་གི་དོན་དུ་རྟོགས་པ་མཐར་ཕྱིན་པ་ལས་བརྩམས་ཏེ་དམིགས་ཡུལ་ཤེས་ བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པར་དབྱེ་བ་མཐའ་ཡས་པ་ཐམས་ཅད་རྣམ་པ་མངོན་པར་ རྫོགས་པར་བྱང་ཆུབ་ཅིང་མངོན་སུམ་དུ་མཁྱེན་པར་ཞལ་གྱིས་འཆེ་བ་འཇོག་པ་ལ་ཆོས་དང་ མཐུན་པའི་རྒོལ་བའི་འཇིགས་པ་མི་མངའ་བ་དང་། ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་ འཛིན་དང་ཤེས་རབ་མཐར་ཐུག་པ་གང་ཡིན་པ་དང་གྲོགས་དེ་དག་དང་མཚུངས་པར་ལྡན་ པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཟག་མེད་མངོན་དུ་གྱུར་པ་རྣམས་སོ། ། ཟག་པ་ཟད་པ་མཁྱེན་པ་ལ་མི་འཇིགས་པ་གང་ཞེ་ན། རང་གི་དོན་དུ་སྤངས་པ་མཐར་ ཕྱིན་པ་ལས་བརྩམས་ཏེ་ཟག་པ་ཉོན་མོངས་པ་བག་ཆགས་དང་བཅས་པའི་རྣམ་པ་ཐམས་ ཅད་ཟད་པར་ཞལ་གྱིས་འཆེ་བ་འཇོག་པ་ལ་འཇིགས་པ་མི་མངའ་བ་ཡང་དག་པར་འབྱོར་ བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། ། བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་གང་ཞེ་ན། གཞན་གྱི་དོན་དུ་སྤང་བྱ་ལས་ བརྩམས་ཏེ་ཐར་བ་ལ་བར་དུ་གཅོད་པའི་ཆོས་ཀུན་ནས་ཉོན་མོངས་པའི་རྣམ་པ་ཐམས་ཅད་ སྟོན་པར་ཞལ་གྱིས་འཆེ་བ་འཇོག་པ་ལ་འཇིགས་པ་མི་མངའ་བ་ཡང་དག་པར་འབྱོར་བའི་ ཏིང་ངེ་འཛིན་ཤེས་རབ་དང་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། ། ངེས་པར་འབྱིན་པའི་ལམ་ལ་མཁས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་གཞན་ གྱི་དོན་དུ་གཉེན་པོ་ལས་བརྩམས་ཏེ་ཐེག་པ་གསུམ་གྱི་སྦྱོར་ལམ་ནས་མཐར་ཕྱིན་པའི་ལམ་ གྱི་བར་འཁོར་བ་ལས་ངེས་པར་འབྱིན་པའི་ལམ་གྱི་རྣམ་པ་ཐམས་ཅད་སྟོན་པར་ཞལ་གྱིས་ འཆེ་བ་འཇོག་པ་ལ་འཇིགས་པ་མི་མངའ་བ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཤེས་ 1-1-799 རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ལྟར་རང་དོན་དུ་སྤངས་ རྟོགས་མཐར་ཕྱིན་པ་དང་གཞན་དོན་དུ་སྤང་གཉེན་མཐའ་ཡས་པ་སྟོན་པ་ལ་ཕས་གྱི་རྒོལ་བ་ ཐམས་ཅད་ཀྱིས་མི་བརྫི་བས་ན་མི་འཇིགས་པ་ཞེས་བྱ་སྟེ། རང་གཞན་དོན་དུ་ཡེ་ཤེས་དང་། ། སྤངས་དང་ངེས་འབྱུང་གེགས་བྱེད་རྣམས། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་ བརྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། ། དྲན་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། སྟོན་པ་ཐུགས་ཅན་གྱིས་གདུལ་བྱའི་ཚོགས་ མཐའ་ཡས་པ་ཡོངས་སུ་བསྡུས་ཏེ། དགེ་སློང་དག་འདི་དག་ནི་ཕན་པ་དང་བདེ་བ་དང་ཕན་ བདེར་གྱུར་པའོ་ཞེས་ཆོས་སྟོན་པ་ན་དམིགས་ཡུལ་སློབ་མའི་ཁྱད་པར་གསུམ་ལ་རྣམ་པ་ གུས་ཤིང་ཡང་དག་པར་སྒྲུབ་པ་རྣམས་ལ་རྗེས་སུ་ཆགས་པ་མི་འབྱུང་བ་དང་མི་གུས་ཤིང་ ལོག་པར་སྒྲུབ་པ་རྣམས་ལ་ཁོང་ཁྲོ་བ་མི་འབྱུང་ཞི་བ་དང་། ཁ་ཅིག་གུས་ཤིང་ཁ་ཅིག་མི་གུས་ པ་ལ་ཆགས་སྡང་གཉིས་ཀའི་ཀུན་ནས་ཉོན་མོངས་པ་བག་ཆགས་དང་བཅས་པའི་རྣམ་པ་ ཐམས་ཅད་ཀུན་ཏུ་མི་འབྱུང་བར་བཏང་སྙོམས་ཅན་གྱི་དྲན་པ་དང་ཤེས་བཞིན་ལ་ཉེ་བར་ གནས་པ། ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གྲོགས་མཚུངས་ལྡན་ དང་བཅས་པའོ་ཞེས་བྱ་བ་སྔ་མ་བཞིན་ནོ། ། བསྲུང་བ་མེད་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ལ་སྐུ་གསུང་ཐུགས་ཀྱི་སྤྱོད་ པ་ཡོངས་སུ་མ་དག་པ་མེད་པས་གཞན་གྱི་སྐྱོན་བརྗོད་ན་རང་ལའང་བསྙད་གདགས་སུ་འོང་ སྙམ་པའི་དོགས་པའམ་འཇིགས་པ་མི་མངའ་བའི་ཕྱིར། དམིགས་ཡུལ་གདུལ་བྱའི་ཚོགས་ ཡོངས་སུ་སྡུད་པ་ཉིད་ལ་རྣམ་པ་ཇི་ལྟར་བཞེད་པ་བཞིན་དུ་ཚར་བཅད་དེ་སྤ་བཀོང་ནས་ཡོན་ ཏན་ཐོབ་ཟིན་བསྐྱང་བའི་ཆེད་དུ་གདམས་པ་དང་མ་ཐོབ་པ་ཐོབ་པའི་ཆེད་དུ་རྗེས་སུ་བསྟན་ པ་སྦྱོར་བ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གྲོགས་མཚུངས་ལྡན་ 1-1-800 དང་བཅས་པའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ལྟར་བསྲུང་བ་མེད་པ་གསུམ་དང་སྔར་གྱི་ བསྙེལ་བ་མི་མངའ་བའི་དྲན་པ་ཉེ་བར་གཞག་པ་གསུམ་གྱིས་ཚོགས་ཡོངས་སུ་སྡུད་པའི་ ཚུལ་ནི། བསྲུང་མེད་བསྙེལ་བ་མི་མངའ་བས། །འཁོར་གྱི་ནང་དུ་བག་རྐྱོང་མཛད། །ཀུན་ ནས་ཉོན་མོངས་གཉིས་སྤངས་པས། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། ། བསྙེལ་བ་མེད་པའི་ཆོས་ཉིད་གང་ཞེ་ན། དམིགས་ཡུལ་གདུལ་བྱ་འདུལ་བའི་བྱ་བ་ རྣམས་རང་རང་གི་ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ། དུས་ལས་ མི་འདའ་བར་སྐུའི་རྣམ་འཕྲུལ་མཛད་པ་དང་གསུང་གི་ལེགས་བཤད་གསུངས་བ་རྣམ་པ་ ཐམས་ཅད་རྣམ་པ་མངོན་པར་བརྗོད་ཅིང་རྟག་ཏུ་མི་བསྙེལ་བར་དྲན་པ་ཉེ་བར་གནས་པ་ངོ་ བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གྲོགས་མཚུངས་ལྡན་དང་བཅས་ པའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །མ་འདྲེས་པའི་ཡོན་ཏན་གསུམ་པ་དང་ཡང་མཐུན་པ་སྟེ། སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་ བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། ། བག་ཆགས་ལེགས་པར་བཅོམ་པ་གང་ཞེ་ན། སྒྲིབ་གཉིས་བག་ཆགས་དང་བཅས་པ་ སྤངས་ཏེ་ཐམས་ཅད་མཁྱེན་པར་གྱུར་ནས་ཐམས་ཅད་མཁྱེན་པ་མ་ཡིན་ཞིང་བག་ཆགས་ མ་སྤངས་པ་ལྟ་བུའི་སྐུ་དང་གསུང་གི་གཡོ་བ་འཁྲུལ་བ་ཅ་ཅོ་ཀུན་མི་འབྱུང་བ་ཡང་དག་པར་ འབྱོར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། ། མ་འདྲེས་པའི་ཡོན་ཏན་དང་པོ་གཉིས་དང་ཡང་མཐུན་པ་སྟེ། ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང་། ། གནས་པ་ཀུན་ལ་རྟག་པར་ཡང་། །ཀུན་མཁྱེན་མིན་སྤྱོད་མི་མངའ་བ། །ཡང་དག་དོན་ལྡན་ ཁྱོད་ཕྱག་འཚལ། །ཞེས་པ་ལྟར་རོ། ། ཐུགས་རྗེ་ཆེན་པོ་གང་ཞེ་ན། ཉིན་མཚན་ལན་གསུམ་གསུམ་གྱིས་མཚོན་ནས་རྒྱུན་མི་ 1-1-801 འཆད་པར་དམིགས་ཡུལ་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་རྒྱུ་དང་བཅས་པ་ལ་སྤྱོད་ པ་ཐམས་ཅད་ལ་དམིགས་ནས་རྣམ་པ་དེ་རྣམས་སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་ བཞེད་པའི་ཐུགས་རྗེ་ཆེན་པོ་མཐར་ཐུག་པ་ལ་གནས་པ་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ ངེ་འཛིན་ཤེས་རབ་གྲོགས་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་དང་ ལྡན་པ་ལ་བྱེད་ལས་དང་མཐུན་པར་བསྟོད་པ་ནི། འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་ དྲུག་དུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པའི། །ཕན་དགོངས་ཁྱོད་ལ་ཕྱག་ འཚལ་ལོ། །ཞེས་པ་ལྟར་རོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གང་ཞེ་ན། (བཞི་ལས་དང་པོ།)སྤྱོད་པས་བསྡུས་ པ་དྲུག་ནི། རྒྱུད་བླ་མར། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། ། མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་ བཏང་སྙོམས་མི་མངའ་འོ། །ཞེས་པ་ལྟར་ཏེ། དགྲ་བཅོམ་པ་རྣམས་ལ་གླང་པོ་ཆེ་གཏུམ་པོ་ དང་ལྷན་ཅིག་འགྲོ་བ་ལ་སོགས་པའི་འཁྲུལ་བ་དང་། གད་མོ་དང་འཕྱ་བ་ལ་སོགས་པའི་ཅ་ ཅོ་དང་། དྲན་པ་ཐོབ་ཟིན་ཉམས་པ་དང་། རྗེས་ཐོབ་མཉམ་པར་མ་བཞག་པ་དང་། སྲིད་ཞིའི་ རང་བཞིན་ལ་ཐ་དད་པའི་འདུ་ཤེས་དང་། གདུལ་བྱ་མ་བརྟགས་པར་བཏང་སྙོམས་སུ་འཇོག་ པ་རྣམས་ཡོད་མོད་ཀྱི། དེ་བཞིན་གཤེགས་པའི་སྐུའི་སྤྱོད་པ་ལ་སྦྲུལ་རྡོག་པས་བརྫི་བ་ལ་ སོགས་པའི་འཁྲུལ་བ་ནམ་ཡང་མི་མངའ་བ་དང་། གསུང་གི་སྤྱོད་པ་ལ་དོན་དུ་མི་འགྱུར་བའི་ ཚིག་སྨྲ་བ་ལ་སོགས་པའི་ཅ་ཅོ་མི་མངའ་བ་དང་། ཐུགས་ཀྱི་སྤྱོད་པ་ལ་ཉོན་མོངས་པ་མེད་ པར་ཡུན་རིང་བོ་ནས་མཛད་པ་དང་གསུངས་པ་རྗེས་སུ་དྲན་པས་དྲན་པ་ཉམས་པ་མི་མངའ་ བ་དང་། མཉམ་གཞག་རྗེས་ཐོབ་ཐམས་ཅད་མཁྱེན་བཞིན་དུ་འཇུག་པས་རྟག་ཏུ་མཉམ་ པར་མ་བཞག་པ་མི་མངའ་བ་དང་། སྲིད་ཞི་མཉམ་ཉིད་དུ་རྟོགས་པ་མཐར་ཕྱིན་པས་འཁོར་ 1-1-802 འདས་ཐ་དད་ཀྱི་འདུ་ཤེས་མི་མངའ་བ་དང་། གདུལ་བྱ་བརྟགས་ནས་དོན་དུ་མི་འགྱུར་ན་ ཡལ་བར་འདོར་བ་སྲིད་ཀྱིས་མ་བརྟགས་པར་བཏང་སྙོམས་སུ་འཇོག་པ་མི་མངའ་བ་སྟེ། སྒོ་ གསུམ་གྱི་ཕྲིན་ལས་གཞན་དང་ཐུན་མོང་བ་དཔེ་གཞན་མ་ཡིན་པ་ཡོངས་སུ་དག་པར་འབྱོར་ བ་དང་། (གཉིས་པ།) རྟོགས་པས་བསྡུས་པ་དྲུག་ནི། འདུན་དང་བརྩོན་འགྲུས་དྲན་ཏིང་འཛིན། ། ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ཞེས་པ་སྟེ། དགྲ་བཅོམ་པ་རྣམས་ལ་ཤེས་སྒྲིབ་ལྷག་མ་ཡོད་པས་འདུན་པ་ལ་སོགས་པ་དྲུག་མ་ཐོབ་པའི་ ཡོངས་སུ་ཉམས་པ་ཡོད་ཀྱང་། དེ་བཞིན་གཤེགས་པས་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ པའི་ཕྱིར་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་བཞི་དང་། དེ་དག་གི་གནས་འདུན་པ་དང་འབྲས་བུ་རྣམ་གྲོལ་ཡེ་ཤེས་དང་བཅས་པ་རྣམས་མ་ཐོབ་པའི་ ཡོངས་སུ་ཉམས་པ་མེད་པ་ཡང་དག་པར་འབྱོར་བ་དང་། (གསུམ་པ།) མཛད་པས་བསྡུས་པ་གསུམ་ནི། ལས་གསུམ་ཡེ་ཤེས་སྔོན་འགྲོ་དང་། །ཞེས་ པ་སྟེ། དགྲ་བཅོམ་པའི་སྒོ་གསུམ་གྱི་ལས་ལ་རེས་དགེ་བ་དང་རེས་ལུང་མ་བསྟན་ཡོད་ཀྱང་། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་ལས་ཐམས་ཅད་ཡེ་ཤེས་ཀྱིས་ཀུན་ནས་ བསླངས་པས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་དང་ལྷན་ཅིག་རྒྱུ་བས་ཡེ་ཤེས་རྗེས་སུ་འབྲང་ བའི་ཕྱིར་གཞན་དང་ཐུན་མོང་མ་ཡིན་པའི་ཕྲིན་ལས་དགེ་བ་ཁོ་ནའི་མཛད་པ་ཡང་དག་པར་ འབྱོར་བ་དང་། (བཞི་པ།)མཁྱེན་པས་བསྡུས་པ་གསུམ་ནི། དུས་ལའང་ཡེ་ཤེས་སྒྲིབ་པ་མེད། །ཅེས་པ་ སྟེ། དགྲ་བཅོམ་པའི་ཡེ་ཤེས་ནི་རྩོལ་བ་ཙམ་གྱིས་མི་རྟོགས་པས་ཆགས་པ་དང་བཅས་ཤིང་ ཐམས་ཅད་མི་རྟོགས་པས་ཐོགས་པ་དང་བཅས་པ་ཡིན་ལ། དེ་བཞིན་གཤེགས་པས་རྩོལ་ 1-1-803 བ་ཙམ་གྱིས་ཤེས་བྱ་ཐམས་ཅད་རྟོགས་པས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ དངོས་པོ་རྣམས་ལ་མ་ཆགས་མ་(རིམ་གྱིས་ཐམས་ཅད་ཤེས་པ་དང་མང་པོ་ཤེས་པ་དང་ད་ལྟར་བའི་ཤུགས་ལ་ གཞན་ཤེས་པར་འདོད་པ་མིན་གྱི། མཛོད་འགྲེལ་ལས། རྒྱུན་གྱིས་སྤྱོད་པའི་ཕྱིར་ན་དཔེར། །མེ་ཡིས་ཐམས་ཅད་སྲེག་འདོད་ ལྟར། །དེ་བཞིན་ཐམས་ཅད་མཁྱེན་འདོད་བྱའི། །གཅིག་ཅར་ཐམས་ཅད་མཁྱེན་ཕྱིར་མིན། །ཅེས་སོ། །)ཐོགས་པའི་ཡེ་ ཤེས་ལ་གནས་པ་གཞན་དང་ཐུན་མོང་མ་ཡིན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ དང་ཤེས་རབ་གང་ཡིན་པ་མཚུངས་ལྡན་དང་བཅས་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཏིང་ངེ་ འཛིན་ལ་སོགས་པ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ་ཞེས་ཀྱང་གསུང་ངོ་། །དེ་ ལྟར་སྡེ་ཚན་བཞི་དང་ལྡན་པས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྟེ། སྤྱོད་པ་དང་ནི་ རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། གནས་བསམ་གཏན་བཞི་པ་རབ་ཀྱི་མཐར་ ཕྱིན་པ་ལ་བརྟེན་ནས་དམིགས་ཡུལ་ཤེས་བྱ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་ པའི་ཆོས་ཅན་ཇི་སྙེད་པ་དང་ཆོས་ཉིད་ཇི་ལྟ་བའི་དོན་རྣམས་ལ། རྣམ་པ་ངོ་བོ་དང་ཁྱད་པར་ གྱི་མཚན་ཉིད་དང་རབ་ཏུ་དབྱེ་བའི་མཐར་ཐུག་པའི་རྣམ་པ་ཐམས་ཅད་ཆགས་ཐོགས་མེད་ པར་མངོན་སུམ་དུ་མཁྱེན་པ་ཉིད་ངོ་བོ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་ཞི་གནས་ དང་ཤེས་རབ་ལྷག་མཐོང་མཐར་ཕྱིན་པ་གང་ཡིན་པ་དང་། གྲོགས་དེ་དག་དང་དོན་ལྔས་ མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཟག་པ་མེད་པ་དང་བཅས་པ་ རྣམས་སོ། །དེའང་སྐུ་གསུམ་དང་ལྡན་པའི་བྱང་ཆུབ་ཆེན་པོ་ཐོབ་ནས་གདུལ་བྱ་མཐའ་དག་ གི་དོན་མཛད་པ་སྟེ། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། ། སེམས་ཅན་ཀུན་གྱི་ཐེ་ཚོམ་དག། གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། ། 1-1-804 སྒྲུབ་ཚུལ་ལ། ཡོན་ཏན་འདི་རྣམས་ཇི་ལྟར་མངོན་པར་སྒྲུབ་ཅེ་ན། (གཉིས་ལས་དང་པོ།)གང་ ཞིག་གང་ལ་བསྟན་ཚུལ་ནི། །སྒྲུབ་པ་པོའི་གང་ཟག་ཕྱི་རོལ་མུ་སྟེགས་པའམ་ནང་བའི་ཉན་ ཐོས་སམ་བྱང་ཆུབ་སེམས་དཔའ་ཡང་རུང་སྟེ། སྒྲུབ་པའི་གནས་དག་པའི་བསམ་གཏན་བཞི་ གང་རུང་གི་དངོས་གཞི་ལ་བརྟེན་ནས། ཚད་མེད་པ་རྣམས་མངོན་པར་སྒྲུབ་པོ། །ཚད་མེད་ པ་རྣམས་ཇི་ལྟ་བར་ཟག་བཅས་ཀྱི་མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་ཏེ་དེ་དག་ནི་ཕྱི་ནང་ གཉི་གའི་ཐུན་མོང་ཡིན་ནོ། །ཟག་མེད་ཀྱི་མངོན་ཤེས་དང་རྣམ་ཐར་ལ་སོགས་པ་ཡོན་ཏན་ ལྷག་མ་རྣམས་ནི་གང་ཟག་ཕྱི་རོལ་པས་མི་སྒྲུབ་ཀྱི་སྔར་ཐུན་མོང་ཡིན་མིན་དུ་ཕྱེ་བ་ལྟར་ཉན་ ཐོས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ཡང་རུང་སྟེ་གནས་བསམ་ གཏན་དང་པོ་གསུམ་ལ་མི་བརྟེན་གྱི་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ ནས་མངོན་པར་སྒྲུབ་བོ། །འོན་ཀྱང་སངས་རྒྱས་ཀྱིས་ནི་མངོན་དུ་ཕྱོགས་པར་མཛད་པ་ཉིད་ ལ་མངོན་པར་སྒྲུབ་པོ་ཞེས་བརྗོད་པའོ། ། (གཉིས་པ།) དེས་ཇི་ལྟར་སྒྲུབ་ཚུལ་ནི། དེ་ཡང་ཅིའི་ཕྱིར་ཡོན་ཏན་ཐམས་ཅད་གནས་ བསམ་གཏན་ལ་བརྟེན་ནས་སྒྲུབ་ཅེ་ན། མདོ་ལས། བྱམས་པ་དང་ལྡན་པའི་སེམས་ཁོ་ན་ མེད་པ་འགྲན་ཟླ་མེད་པ་གཅུགས་མེད་པ་གནོད་པ་མེད་པ་ཞེས་པ་ལ་སོགས་པ་གསུངས་པ་ རྣམས་མཉམ་གཞག་བསམ་གཏན་དངོས་གཞི་སེམས་ཐོབ་པ་ལ་བརྟེན་ནས། རང་ཇི་ལྟར་ འདོད་པ་དང་མཐུན་པར་རྣམ་པར་བཞག་པ་བཞིན་དུ་ལན་མང་དུ་ཡང་ཡང་ཡིད་ལ་བྱེད་ ཅིང་སྒོམ་པར་ནུས་པས་འགྲུབ་པ་ཡིན་གྱི་བསམ་གཏན་མ་ཐོབ་ན་དེ་ལྟ་མ་ཡིན་པའི་ཕྱིར་རོ། ། མཉམ་རྗེས་གཉིས་སུ་བསྡུ་བ་ནི། ཚད་མེད་པ་ལ་སོགས་པའི་ཡོན་ཏན་སྡེ་ཚན་བཅུ་དགུ་པོ་ འདི་དག་ནི་རྣམ་པ་གཉིས་སུ་འདུ་སྟེ། རང་རང་གི་བྱ་བ་ལ་ཉེ་བར་གནས་པ་རྗེས་ཐོབ་ཀྱིས་ བསྡུས་པ་དང་། གནས་པ་ལས་གྱུར་པ་མཉམ་གཞག་གིས་བསྡུས་པའོ། །དེའང་ཅི་རིགས་ 1-1-805 སུ་མི་མཐུན་ཕྱོགས་སྤོང་བ་ནས་ཐེ་ཚོམ་གཅོད་པའི་བར་རང་རང་གི་བྱ་བ་ལ་ཉེ་བར་གནས་ ཤིང་བྱེད་པའི་ཡོན་ཏན་གང་ཡིན་པ་དེ་དག་ནི་འགའ་ཞིག་འཇིག་རྟེན་པའང་ཡོད་ཀྱང་གཙོ་ ཆེ་བའི་དབང་དུ་བྱས་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཀུན་རྫོབ་ སྒྱུ་མ་ལྟ་བུར་ཤེས་པའི་རང་བཞིན་དུ་བལྟའོ། །མཆོག་ཏུ་ཞི་ཞིང་ནང་དུ་སེམས་གནས་པ་ ལས་གྱུར་པ་དམིགས་པ་མེད་པའི་ཚད་མེད་པ་ལ་སོགས་པའི་ཡོན་ཏན་གང་ཡིན་པ་དེ་དག་ ནི་མཉམ་གཞག་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ བལྟ་སྟེ་དེས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་པའོ། །བྱེད་ལས་ལའང་བཅུ་ དགུ་ལས། ཚད་མེད་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། སོ་སོའི་མི་མཐུན་ཕྱོགས་གནོད་ སེམས་དང་རྣམ་འཚེ་དང་ཕྲག་དོག་དང་ཆགས་སྡང་རྣམས་སྤོང་ངོ་། །ཐམས་ཅད་ཀྱང་ཐུགས་ བརྩེ་བར་གནས་ཤིང་སེམས་ཅན་ལ་ཕན་འདོགས་པའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་ རྫོགས་པར་མཛད་དོ། །དེ་ཉིད་ཀྱི་ཕྱིར། (རྒྱན་ལས།)སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས། །ཞི་ ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ ཅི་དགོས། །ཞེས་པ་ལྟར་རང་དོན་ལ་མི་ལྟ་བས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་ མི་སྐྱོའོ། ། རྣམ་པར་ཐར་བ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། རྣམ་ཐར་དང་པོ་གཉིས་ཀྱིས་ས་ ལ་སོགས་པ་གསེར་ལ་སོགས་པར་སྤྲུལ་བའི་ལས་མངོན་པར་སྒྲུབ་བོ། །གསུམ་པས་དགེ་ བ་སྟེ་སྡུག་ཅིང་ཡིད་དུ་འོང་བ་སྤྲུལ་པ་ལ་ཆགས་པའི་ཀུན་ནས་ཉོན་མོངས་པར་མི་འགྱུར་ རོ། །གཟུགས་མེད་ཀྱི་རྣམ་ཐར་བཞིས་གཟུགས་ཀྱི་འདུ་ཤེས་ཉེ་བར་ཞི་བ་ཙམ་གྱི་རྣམ་པར་ ཐར་བ་རྣམས་ལ་མི་ཆགས་སོ། །འགོག་པས་མོས་པ་ལྟར་སྒྲིབ་པ་ལས་རྣམ་པར་ཐར་བའི་ ཕྱིར་ཉོན་ཡིད་ཀྱང་བཀག་པས་འཕགས་པའི་གནས་པ་མཆོག་ཏུ་རབ་ཏུ་ཞི་བའི་གནས་པས་ 1-1-806 གནས་སོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། ཐ་མལ་བའི་དམིགས་པ་ཟིལ་གྱིས་གནོན་པའི་ཕྱིར་གཟུགས་ཅན་གྱི་རྣམ་པར་ཐར་ བ་གསུམ་པོ་དག་གི་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་བར་མཛད་དོ། ། ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། མཐའ་དག་ཟད་ཅིང་མ་ལུས་པར་ རྒྱས་ཤིང་ཁྱབ་པར་མཛད་པའི་ཕྱིར་རྣམ་པར་ཐར་པས་ཇི་ལྟར་མོས་པའི་དམིགས་པ་རྣམས་ ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པར་སྒྲུབ་པར་མཛད་དོ། ། ཉོན་མོངས་པ་མེད་པས་ལས་ཅི་མཛད་ཅེ་ན། གཞན་གྱིས་སེམས་སྲུང་ཞིང་ཇི་ལྟར་ མཐུན་པར་སྨྲ་བས་གཟུང་བར་འོས་པའི་ཚིག་ཏུ་འགྱུར་རོ། །བསམས་ནས་ཤེས་པས་ལས་ ཅི་མཛད་ཅེ་ན། འདས་པ་ན་བྱུང་བ་དང་མ་འོངས་པ་ན་འབྱུང་བར་འགྱུར་བ་དང་ད་ལྟར་གྱི་ དོན་གཞན་གྱིས་མི་ཤེས་པ་རྣམས་ལུང་སྟོན་པར་བྱེད་པ་དང་། འདི་ནི་ཐམས་ཅད་མཁྱེན་ པའོ་ཞེས་འཇིག་རྟེན་ན་མང་པོས་བཀུར་བར་འགྱུར་རོ། །སོ་སོ་ཡང་དག་རིག་པ་རྣམས་ཀྱིས་ ལས་ཅི་མཛད་ཅེ་ན། བཤད་བྱ་འཆད་བྱེད་དུ་ལེགས་པར་ཤེས་ནས་རྣམ་པ་མང་པོས་ཐེ་ཚོམ་ གཅོད་ཅིང་བཤད་པས་སེམས་ཅན་རྣམས་ཀྱི་སེམས་ཚིམ་ཞིང་མགུ་བར་མཛད་དོ། ། མངོན་པར་ཤེས་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། རྫུ་འཕྲུལ་གྱིས་ནམ་མཁའ་ལ་ འགྲོ་བ་ལ་སོགས་པའི་ལུས་ཀྱི་ལས་ཀྱིས་གདུལ་བྱ་བསྟན་པ་ལ་འདུན་པར་མཛད་དོ། །ལྷའི་ རྣ་བས་སྒྲ་ཐམས་ཅད་རྟོགས་ནས་སོ་སོའི་སྐད་ཀྱིས་ཆོས་སྟོན་པ་ལ་སོགས་པའི་ངག་གི་ལས་ ཀྱིས་བསྟན་པ་ལ་འདུན་པར་མཛད་དོ། །གཞན་གྱི་སེམས་ཤེས་ནས་དགེ་མི་དགེ་ལ་སོགས་ པའི་ཚུལ་ཀུན་ཏུ་བརྗོད་པས་ཀྱང་འདུན་པར་མཛད་དོ། །སྔོན་གྱི་གནས་དྲན་པས་སེམས་ ཅན་གྱི་སྤྱོད་པ་སྔ་མ་གང་ནས་འོངས་པ་དང་ལྷའི་མིག་གིས་ཕྱི་མ་གང་དུ་འགྲོ་བའི་ཚུལ་ ཐམས་ཅད་མཁྱེན་པ་ཟག་ཟད་ཀྱིས་སེམས་ཅན་རྣམས་འཁོར་བ་ལས་ངེས་པར་འབྱུང་བའི་ 1-1-807 ཐབས་ལ་ཇི་ལྟ་བ་བཞིན་དུ་གདམས་ངག་འདོམས་སོ། ། མཚན་དང་དཔེ་བྱད་བཟང་བོ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། གདུལ་བྱས་མཐོང་མ་ ཐག་ཏུ་གདོན་མི་ཟ་བར་སྐྱེས་བུ་ཆེན་པོའམ་མཆོག་ཏུ་གྱུར་པ་ཉིད་དུ་ཡིད་ཆེས་པར་མཛད་ དོ། །སེམས་ཀྱང་མངོན་པར་དང་ཞིང་སྤྲོ་བར་མཛད་དོ། །ཡོངས་སུ་དག་པ་རྣམས་ཀྱིས་ལས་ ཅི་མཛད་ཅེ་ན། གནས་ཡོངས་སུ་དག་པས་སེམས་ཅན་གྱི་དོན་དུ་འགྱུར་ན་བསམ་བཞིན་ དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་ཏོ། །བཞེད་ན་སྐུ་ཚེ་བསྐལ་པའམ་བསྐལ་པ་ ལས་ལྷག་པར་བཞུགས་སོ། །གཤེགས་པ་དོན་ཆེ་ན་ཚེའི་འདུ་བྱེད་ཀྱང་འདོར་རོ། །དམིགས་ པ་ཡོངས་སུ་དག་པས་དངོས་པོའི་ཆོས་ལ་དབང་བསྒྱུར་རོ། །ཐུགས་ཡོངས་སུ་དག་པས་ཏིང་ ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་དབང་བསྒྱུར་རོ། །མཁྱེན་པ་ཡོངས་སུ་དག་པས་གཟུངས་ཀྱི་ སྒོ་ལ་བརྟེན་ནས་དམ་པའི་ཆོས་ཚད་མེད་པ་རྣམས་ཀྱང་ཡང་དག་པར་འཛིན་ཏོ། ། སྟོབས་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པས་ མངོན་མཐོའི་འབྲས་བུ་རྒྱུ་མེད་པ་ལས་འབྱུང་བ་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པ་ རྒྱུར་སྨྲ་བ་དང་། ལས་བདག་གིར་བྱ་བ་མཁྱེན་པས་རང་གིས་མ་བྱས་པའི་ལས་ཀྱི་འབྲས་བུ་ དང་ཕྲད་པར་སྨྲ་བ་བསལ་ནས་རྒྱུ་འབྲས་ལ་ཡིད་ཆེས་པར་མཛད་དེ་ཡང་དག་པར་མངོན་ པར་མཐོ་བ་བདེ་འགྲོའི་ལམ་སྟོན་ཏོ། །བསམ་གཏན་ལ་སོགས་པ་མཁྱེན་པས་སེམས་ཅན་ གྱི་སེམས་ཀྱི་སྤྱོད་པ་དག་མ་དག་ལ་སོགས་པའི་ཁྱད་པར་དང་། དབང་པོ་མཆོག་དང་མཆོག་ མ་ཡིན་པ་མཁྱེན་པས་བཤད་པའི་སྣོད་དད་སོགས་སྨིན་མ་སྨིན་གྱི་ཁྱད་པར་དང་། མོས་པ་ སྣ་ཚོགས་མཁྱེན་པས་བསམ་པ་བཟང་ངན་གྱི་ཁྱད་པར་དང་། ཁམས་སྣ་ཚོགས་མཁྱེན་པས་ བག་ལ་ཉལ་ཉོན་མོངས་པའི་ས་བོན་གང་ཤས་ཆེ་བའི་ཁྱད་པར་དང་། ཀུན་འགྲོའི་ལམ་ མཁྱེན་པས་ཐེག་པ་གསུམ་ལ་སོགས་པ་གང་ལ་དམིགས་པའི་ཁྱད་པར་དང་། སྔོན་གྱི་གནས་ 1-1-808 དྲན་པས་སྔ་མར་ཚོགས་ཇི་ཙམ་བསགས་པའི་ཁྱད་པར་དང་། ལྷའི་མིག་གིས་ཕྱི་མ་ལ་ལམ་ གང་སྐྱེ་བའི་འོས་སུ་གྱུར་པ་དང་། ཟག་ཟད་མཁྱེན་པས་འཁོར་བ་ལས་ངེས་པར་འབྱུང་བ་ རྗེས་སུ་རྟོགས་ནས་སྐལ་བ་ཇི་ལྟ་བ་བཞིན་དུ་ངེས་པར་ལེགས་པ་ཐར་བའི་ལམ་སྟོན་ཏོ། ། ཐམས་ཅད་ཀྱིས་ཕུང་པོ་ལ་སོགས་པའི་བདུད་ཐམས་ཅད་ཀྱང་ཚར་གཅོད་དོ། །ཤེས་བྱའི་ སྒྲིབ་པ་སྤངས་ཤིང་ཐོགས་པ་མི་མངའ་བའི་ཕྱིར་རང་རང་གི་སྤྱོད་ཡུལ་ཐམས་ཅད་དུ་དྲི་བས་ དྲིས་པ་ཡང་ལུང་སྟོན་ཏོ། ། མི་འཇིགས་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། འཁོར་མང་པོ་འདུས་པའི་ནང་དུ་བདག་ ཉིད་རང་གཞན་ལ་ཕན་པར་ཞུགས་པའི་སྟོན་པ་ཡང་དག་པར་ཡིན་པར་རྣམ་པར་འཇོག་གོ། རང་གིས་སྤང་རྟོགས་ཐོབ་པ་དང་གཞན་ལ་སྤང་གཉེན་སྟོན་པ་ལས་ཕྱིན་ཅི་ལོག་ཏུ་རྒོལ་བ་ གཞན་མུ་སྟེགས་པ་རྣམས་ཀྱང་ཆོས་དང་མཐུན་པར་ཚར་གཅོད་དོ། ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། གུས་པ་ལ་ཆགས་པ་དང་མི་ གུས་པ་ལ་སྡང་བ་དང་གཉིས་ཀ་ལ་འདྲེས་མའི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་ གདུལ་བྱའི་ཚོགས་ཡོངས་སུ་སྡུད་དོ། ། བསྲུང་བ་མེད་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། རང་གི་སྒོ་གསུམ་གྱི་སྐྱོན་བརྗོད་དུ་ དོགས་པ་མེད་པས་རྒྱུན་མི་འཆད་པར་ཚོགས་ལ་གདམས་ངག་འདོམས་སོ། །ཡང་དག་པར་ རྗེས་སུ་སྟོན་ཏོ། ། བསྙེལ་བ་མི་མངའ་བའི་ཆོས་ཀྱིས་ལས་ཅི་མཛད་ཅེ་ན། (ལས་བརྒྱ་པར།)རྒྱ་མཚོ་ཆུ་སྲིན་ རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་བའང་སྲིད། །གདུལ་བར་བྱ་བའི་སྲས་ རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་པ་ལྟར། སངས་རྒྱས་ཀྱི་མཛད་པ་ སེམས་ཅན་ཀྱི་དོན་སྒྲུབ་པ་ནམ་ཡང་མི་འདོར་རོ། ། 1-1-809 བག་ཆགས་ལེགས་པར་བཅོམ་པས་ལས་ཅི་མཛད་ཅེ་ན། ཉོན་མོངས་པ་བག་ཆགས་ དང་བཅས་པ་སྤངས་ནས་མེད་པས་ཉོན་མོངས་པ་ཡོད་པ་ལྟ་བུའི་སྤྱོད་པ་འཁྲུལ་བ་དང་ཅ་ཅོ་ ལ་སོགས་པ་ནམ་ཡང་མི་སྟོན་ནོ། ། ཐུགས་རྗེ་ཆེན་པོས་ལས་ཅི་མཛད་ཅེ་ན། ཉིན་མཚན་ལན་དྲུག་གིས་མཚོན་ནས་རྒྱུན་མི་ འཆད་པ་ཉིད་དུ་འཇིག་རྟེན་མཐའ་དག་ལ་ཕན་པར་དགོངས་པའི་ཐུགས་རྗེ་ཆེན་པོས་རྣམ་ པར་གཟིགས་སོ། ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ལས་ཅི་མཛད་ཅེ་ན། སྐུ་དང་གསུང་དང་ ཐུགས་ཀྱི་ཕྲིན་ལས་ཐུན་མོང་མ་ཡིན་པ་སྤྱོད་པ་མ་འདྲེས་པ་དྲུག་ཡོངས་སུ་དག་པ་དང་། རྟོགས་པ་མ་འདྲེས་པ་དྲུག་ལེགས་པར་ཐོབ་པ་དང་། ཕྲིན་ལས་མ་འདྲེས་པ་གསུམ་གྱིས་ གཞན་དོན་ལ་གཤེགས་པ་དང་། ཡེ་ཤེས་མ་འདྲེས་པ་གསུམ་གྱིས་མཁྱེན་བཞིན་དུ་བཞུགས་ པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལས་ཅི་མཛད་ཅེ་ན། ཤེས་བྱ་ཐམས་ཅད་ལ་ཡེ་ ཤེས་ཐོགས་པ་མི་མངའ་བས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་དོ། །ཐེ་ཚོམ་བཅད་ པའི་ཕྱིར་སྟོན་པས་བསྟན་པ་རྣམས་སྡུད་པ་པོས་བསྡུས་ནས་མྱ་ངན་ལས་འདས་པ་ཐོབ་པར་ བྱེད་པའི་ལུང་དང་རྟོགས་པའི་ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་འཇོག་གོ། དེའང་(མཛོད་འགྲེལ་ ལ་སོགས་པར། ལོ་སྟོང་དང་ཕྱེད་དང་ཉིས་སྟོང་དང་། ཕྱེད་དང་སུམ་སྟོང་གནས་པར་ཡང་བཤད་མོད།)འབུམ་ཏཱིག་ལ་ སོགས་པར། སྟོན་པ་འདིའི་ཆོས་ལོ་དགུ་སྟོང་གནས་པ་ལ་བུད་མེད་རབ་ཏུ་བྱུང་བས་བཞི་ སྟོང་འགྲིབས་ནས་ལྔ་སྟོང་གནས་ཏེ། (ལྔ་བརྒྱ་པ་ཕྲག་བཅུ་ལ་)དགྲ་བཅོམ་པ་དང་། ཕྱིར་འོང་དང་། རྒྱུན་ཞུགས་ཐོབ་པས་འབྲས་བུའི་དུས་ལྔ་བརྒྱ་ཕྲག་གསུམ་དང་། ཤེས་རབ་དང་ཏིང་ངེ་ འཛིན་དང་ཚུལ་ཁྲིམས་ལ་གནས་པས་སྒྲུབ་པའི་དུས་ལྔ་བརྒྱ་ཕྲག་གསུམ་ནི་རྟོགས་པའི་དུས་ 1-1-810 དང་། མངོན་པ་དང་མདོ་སྡེ་དང་འདུལ་བ་ལ་སྤྱོད་པ་ལུང་གི་དུས་ལྔ་བརྒྱ་པ་ཕྲག་གསུམ་དང་། རྟགས་ཙམ་འཛིན་པ་ལྔ་བརྒྱ་པ་ཕྲག་གཅིག་གོ། ཞེས་པ་ལྟ་བུའོ། །ཆོས་ཀྱི་ཚུལ་དེས་སེམས་ ཅན་ཡོངས་སུ་སྨིན་པ་རྣམས་སྤང་བྱ་སྤང་རུང་དང་གཉེན་པོ་སྐྱེ་རུང་གི་སྒོ་ནས་ཡོངས་སུ་སྨིན་ པར་མཛད་དོ། །ཡོངས་སུ་སྨིན་པ་རྣམས་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བའི་བྱང་ ཆུབ་ལ་འགོད་པར་མཛད་དོ། །དེ་ལྟར་ན་གཞུང་ལུགས་རྣམ་པར་དག་པ་འདིར། ཕུང་པོ་(ལྔ་) སྐྱེ་མཆེད་(བཅུ་གཉིས་)རྣམ་ཤེས་(དྲུག་)རེག་(དྲུག་)ཚོར་(དྲུག་)ཁམས་(དྲུག)། །རྟེན་འབྲེལ་(བཅུ་ གཉིས་)ཕར་ཕྱིན་(དྲུག་)སྟོང་ཉིད་(བཅོ་ལྔ་)ཕྱོགས་མཐུན་ཆོས(སུམ་ཅུ་སོ་བདུན)། །བདེན་པ་(བཞི་) བསམ་གཏན་(བཞི་)ཚད་མེད་(བཞི་)གཟུགས་མེད་བཞི། །རྣམ་ཐར་(བརྒྱད་)སྙོམས་འཇུག་(དགུ་) སྒོ་གསུམ་མངོན་ཤེས་དྲུག །ཏིང་འཛིན་གཟུངས་སྒོ་སྟོབས་བཅུ་མི་འཇིགས་བཞི། །སོ་སོ་ རིག་བཞི་བྱམས་པ་སྙིང་རྗེ་ཆེ། །མ་འདྲེས་བཅོ་བརྒྱད་ཟུང་བཞི་རང་སངས་རྒྱས། །བྱང་ཆུབ་ སེམས་དཔའ་སངས་རྒྱས་མཁྱེན་པ་གསུམ། །ཞེས་(སྡོམ་དུ་བྱས་)པ་ལྟར་གཟུགས་ནས་རྣམ་ མཁྱེན་གྱི་བར་རྒྱལ་བའི་ཡུམ་ལ་སོགས་པར་གསུངས་པའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་ པ་གཏན་ལ་ཕབ་ནས་ཤེས་རབ་ཕུལ་དུ་བྱུང་བ་སྐྱེད་པའི་རྒྱུ་དམ་པ་མཛད་པ་ཡིན་ནོ། ། འཕྲོས་པའི་ཁྱད་པར་ལ་དྲུག་ལས། (དང་པོ།)མངོན་རྟོགས་ཀྱི་འདོར་ལེན། བསྟན་པ་ནི། མངོན་པར་རྟོགས་པ་བཅུ་བོ་འདི་དག་ལས་རིམ་གྱིས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་ པའི་ལམ་འབྲས་བུ་ལ་གནས་པ་ལྟ་བུ་ཐོབ་ནས་ལམ་སྔ་མ་དམན་པ་འབྲས་བུ་ལ་འཇུག་པ་ ལྟ་བུ་ནི་འདོར་ཏེ། སླར་ཡང་མངོན་དུ་མི་བྱེད་པའི་ཕྱིར་རོ། །འབྲས་བུ་གང་དང་གང་མངོན་ དུ་བྱས་པ་ན་དེ་དང་དེའི་སྤང་བྱ་མ་ལུས་པ་སྤངས་པའི་གནས་གྱུར་ཐོབ་པའི་ཕྱིར་ལམ་སྔ་ཕྱི་ བསྡོམས་ཏེ་སྤང་བྱ་སྤོང་བ་ཡང་མངོན་སུམ་དུ་བྱེད་དོ། ། (གཉིས་པ།) མྱང་འདས་ཀྱི་ཁྱད་པར་བཤད་པ་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་ 1-1-811 འདས་པའི་དབྱིངས་སུ་ཉན་ཐོས་ནི་ལམ་ཐམས་ཅད་རྒྱུན་ཡང་དག་པར་གཅོད་ཅིང་མངོན་ གྱུར་གཏན་མེད་པའི་རྣམ་པར་འདོར་བས་རྣམ་པར་སྤོང་སྟེ། ཞུམ་པ་མེད་པའི་སེམས་ཀྱིས་ ནི། །ཚོར་བ་དང་དུ་ལེན་པ་ན། །མར་མེ་ཤི་བར་གྱུར་པ་བཞིན། །དེ་ཡི་སེམས་ནི་ཡོངས་སུ་ ཐར། །ཞེས་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་ལམ་ནི་སེམས་ཅན་ཐམས་ཅད། མྱ་ངན་ ལས་ཟློ་བའི་བསམ་པ་སྔོན་དུ་བཏང་བའི་ཕྱིར་ལྷག་མེད་དུ་ཡང་གཞན་གྱི་དོན་རྒྱུན་གཅོད་པ་ མ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུའི་དུས་ན་དགེ་བའི་རྩ་བ་མི་ཟད་པ་ དང་། འབྲས་བུའི་དུས་ན་ཡོན་ཏན་མི་ཟད་པ་ཞེས་བྱ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས་མི་ ཟད་པ་བརྒྱད་ཅུ་བསྟན་པ་ལྟ་བུའོ། ། (གསུམ་པ།) ལུང་མ་བསྟན་འཇོག་པའི་རྒྱུ་མཚན་ནི། དྲི་བ་ཐམས་ཅད་ལུང་སྟོན་ཞིང་ཐེ་ ཚོམ་ཐམས་ཅད་གཅོད་པ་ཡིན་ན་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་ལ་སོགས་པ་ གང་དག་རྣམ་པར་གཞག་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། གཞི་མ་གྲུབ་པར་ཁྱད་པར་གྱི་ཆོས་ དཔྱོད་པ་ལ་སོགས་པའི་སྒོ་ནས་དོན་དང་མི་ལྡན་ཞིང་ཚུལ་བཞིན་མ་ཡིན་པ་ལན་གདབ་ཏུ་ མི་རུང་བ་ཡོངས་སུ་འདྲི་བའི་ཕྱིར་རོ། །ཅིའི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡོངས་སུ་འདྲི་ཞེ་ ན། བདེན་པ་བཞི་ལས་བརྩམས་ནས་འདྲི་ན་ཚུལ་བཞིན་འདྲི་བ་ཡིན་པ་ལ། འདིར་རྒྱུ་ཀུན་ འབྱུང་དང་ལམ་དང་འབྲས་བུ་སྡུག་བསྔལ་དང་འགོག་པ་དང་། ཀུན་ནས་ཉོན་མོངས་པ་ སྡུག་བསྔལ་དང་ཀུན་འབྱུང་དང་རྣམ་པར་བྱང་བ་འགོག་པ་དང་ལམ་ལ་སེམས་པ་ཡོངས་སུ་ སྤངས་ནས་བདག་རྟག་གམ་མི་རྟག་ཅེས་པ་ལ་སོགས་པ་དོན་དང་མི་ལྡན་པ་འདྲི་བའི་ཕྱིར་ རོ། ། (བཞི་པ།) བྱང་སེམས་ལ་ཟུང་གསུམ་མེད་ཚུལ་ནི། ཉན་ཐོས་རྣམས་མཐོང་ལམ་ཐོབ་ནས་ རྒྱུན་ཞུགས་སུ་འགྱུར་བ་ལ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་ 1-1-812 སྐྱོན་མེད་པ་ལ། ཞུགས་ཏེ་མཐོང་ལམ་ཐོབ་ནས་རྒྱུན་དུ་ཞུགས་པར་མི་འགྱུར་ཞེ་ན། དེ་དག་ ནི་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ཐོབ་པས་ཉན་རང་གི་མྱང་འདས་ཆད་པའི་ མཐར་ལྟུང་བའི་རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་ཅིའི་ཕྱིར་ འདོད་པའི་སྒོམ་སྤང་དྲུག་སྤངས་ནས་ལན་ཅིག་ཕྱིར་འོང་བར་མི་འགྱུར་ཞེ་ན། འདོད་པར་ ལན་ཅིག་ཙམ་འོང་བར་མ་ཟད་གཞན་དོན་དུ་འགྱུར་ན་བསམ་བཞིན་དུ་འདོད་པ་ལ་སོགས་ པའི་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་འདོད་པའི་སྒོམ་ སྤང་དགུ་སྤངས་ཀྱང་ཕྱིར་མི་འོང་བར་མི་འགྱུར་ཞེ་ན། བསམ་གཏན་གྱི་བདེ་བ་རྣམས་ཀྱིས་ གནས་ཤིང་དེ་ལས་མ་ཉམས་བཞིན་དུ་སླར་ཡང་འདོད་པའི་ཁམས་སུ་སྐྱེ་བ་ལེན་པའི་ཕྱིར་ རོ། །རྒྱན་གྱི་འགྲེལ་བར། ས་དང་པོ་དང་བརྒྱད་པ་དང་བཅུ་པ་དང་སངས་རྒྱས་ཀྱི་ས་ལ་རིམ་ པ་ལྟར་འབྲས་བུ་བཞི་གཞག་པ་ནི་ཕྱོགས་རེ་ཙམ་འདྲ་བ་ལ་དགོངས་ནས་དེ་དག་ལ་མོས་པ་ རྣམས་དྲང་བའི་ཕྱིར་གསུངས་པའོ། ། (ལྔ་པ།) ཐེག་ཆེན་པས་གཉེན་པོ་སྒོམ་ཚུལ་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་ས་དང་ པོའི་སྟོད་ཀྱི་ཆར་མཐོང་བའི་ལམ་ལ་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་རེ་ རེའང་བསྐལ་པ་མང་པོས་འགྲུབ་པར་བཤད་པས་དང་པོའི་ཕལ་ཆེ་བ་ནས་བརྩམས་ཏེ་བཅུ་ པའི་བར་ས་བཅུ་རྣམས་སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་གཙོ་བོར་ སྒོམ་པ་ཡིན་གྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ནི་གཙོ་བོར་སྒོམ་པ་མ་ཡིན་ཏེ། (ཐེག་ བསྡུས་སུ།)ཐབས་ཆེན་དག་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་པ་ ལྟར་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུའི་ཉོན་མོངས་པ་ཅུང་ཟད་གཞག་པ་ནི་རེ་ཞིག་ཆེད་དུ་ གཉེར་ནས་མི་སྤོང་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ བརྟེན་ནས་རྫོགས་པའི་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པ་དང་སྒྲིབ་ཤེས་བྱའི་སྒྲིབ་པའི་ལྷག་ 1-1-813 མ་བག་ཆགས་དང་བཅས་པ་གཅིག་ཅར་སྤང་ངོ་། །ཉོན་སྒྲིབ་སྤངས་པས་གཅིག་ཅར་དགྲ་ བཅོམ་པ་དང་། ཤེས་སྒྲིབ་སྤངས་པས་གཅིག་ཅར་དེ་བཞིན་གཤེགས་པར་འགྱུར་རོ། །དེ་རེ་ ཞིག་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་། ཉོན་མོངས་ཐུལ་ལ་སྤངས་པ་མེད། །སྔགས་ཀྱིས་ བསད་པའི་དུག་དང་འདྲ། །ཞེས་པ་ལྟར་སྔགས་དང་སྨན་ཀྱིས་སོད་པའི་དུག་གིས་མི་གནོད་ ཅིང་ཕན་པ་ལྟ་བུ་དང་། དཔེར་ན་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ལྟར་ ས་བཅུ་བོ་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་རང་གཞན་འཇོམས་པ་ལ་སོགས་པ་མི་སྐྱེད་ ཅིང་མི་རྟོག་ཡེ་ཤེས་ཀྱིས་ཟིན་པས་སེམས་ཅན་ལ་ཕན་འདོགས་པའི་ཡོན་ཏན་སྐྱེད་པར་བྱེད་ དོ། ། (དྲུག་པ།) མཁས་པ་དང་དབང་པོ་སྦྱོང་ཚུལ་ལ། (གཉིས་ལས་དང་པོ།)མདོར་བསྟན་ནི། ཡང་ བྱང་ཆུབ་སེམས་དཔའ་དམིགས་ཡུལ་ཤེས་བྱ་ལ་མཁས་པ་དང་། ཉམས་ལེན་ཐབས་ལ་ མཁས་པ་དང་། སྤང་བྱ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ལ་མཁས་པ་དང་། གཉེན་ པོ་རྣམ་པར་མི་རྟོག་པ་ལ་མཁས་པར་བྱའོ། །དུས་དུས་སུ་དབང་པོ་རྣམས་གོང་ནས་གོང་དུ་ སྦྱང་བར་བྱའོ། ། (གཉིས་པ།) རྒྱས་བཤད་ལ་གཉིས་ཀྱི། (དང་པོ།)མཁས་པ་རྒྱས་པར་བཤད་པ་ལ་བཞི་ ལས། (དང་པོ།)ཤེས་བྱ་ལ་མཁས་པ་ལའང་གང་ལ་མཁས་པར་བྱ་བའི་ཡུལ་ཤེས་བྱ་གང་ཞེ་ ན། དེ་ཡང་མདོར་བསྡུ་ན་རྣམ་པ་དྲུག་ཏུ་བལྟ་སྟེ། འཁྲུལ་བ་ནི་གཟུང་འཛིན་དོན་ལ་མེད་ པ་ལ་གཟུང་འཛིན་དུ་ཀུན་ནས་བརྟགས་ཏེ་མངོན་པར་ཞེན་པ་དང་། འཁྲུལ་བའི་གནས་ནི་ གང་ལ་བྱིས་པ་རྣམས་མངོན་ཞེན་ནས་འཇུག་པའི་གཞི་གཞན་དབང་ཡང་དག་མ་ཡིན་པའི་ ཀུན་དུ་རྟོག་པ་དང་། མ་འཁྲུལ་བའི་གནས་ནི་མི་རྟོག་ཡེ་ཤེས་ཀྱི་རྟེན་ནམ་གཞིར་གྱུར་པ་ ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དང་ཤེས་བྱ་ལ་རྟོག་པས་འཁྲུལ་བ་སྤངས་པ་ཡིན་ལ། མི་རྟོག་ 1-1-814 པའི་རྒྱུ་མཐུན་པས་མ་འཁྲུལ་བ་ཡང་ཡིན་པ་ནི་ཟག་མེད་ཡེ་ཤེས་ཐོབ་པ་དང་རྗེས་སུ་མཐུན་ པའི་ཐོས་བསམ་གྱི་ཤེས་རབ་དང་། མ་འཁྲུལ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། མ་ འཁྲུལ་བའི་རྒྱུ་མཐུན་པ་ནི་འཕགས་པ་རྣམས་ཀྱི་རྗེས་ལ་ཐོབ་པའི་དགེ་བའོ། ། གཉིས་པ་ཐབས་ལ་མཁས་པ་གང་ཞེ་ན། གདུལ་བྱ་རྣམས་བསྡུ་བའི་དངོས་པོ་བཞིས་ བསྡུས་ནས་དགེ་བ་ལ་འགོད་པ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་དང་། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རྫོགས་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པ་ལྟར་མི་རྟོག་པའི་ཡེ་ཤེས་ལ་སྤྱོད་པ་ སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་དང་། སྡིག་པ་བཤགས་པ་དང་ བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་སངས་རྒྱས་ལ་གསོལ་བ་འདེབས་པ་དང་དགེ་བའི་ རྩ་བ་ཡོངས་སུ་བསྔོ་བ་སྟེ་བཞིའམ། ཕྱག་འཚལ་བ་ལ་སོགས་པ་ཡན་ལག་བདུན་པ་བྱམས་ པས་ཞུས་པའམ་བཟང་སྤྱོད་ལ་སོགས་པར་གསུངས་པ་བཞིན་ཉིན་མཚན་ལན་དྲུག་ཏུ་བྱེད་ པ་མངོན་པར་ཤེས་པ་མྱུར་བ་ལ་མཁས་པ་དང་། མི་གནས་པའི་མྱང་འདས་ཐོབ་ནས་ཀྱང་ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱ་ཇི་ལྟ་བར་སངས་རྒྱས་དང་བྱང་ཆུབ་སེམས་ དཔའི་སྤྱོད་པ་ཀུན་ཏུ་སྟོན་པ་ལམ་རྒྱུན་མི་འཆད་པ་ལ་མཁས་པའོ། ། གསུམ་པ་ལའང་སྤང་བྱ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་གང་ཞེ་ན། (གཉིས་ལས་ དང་པོ།)རྣམ་རྟོག་བཅུར་བསྟན་པ་ནི། རྟོག་པ་ཐམས་ཅད་ཀྱིས་ས་བོན་དུ་གྱུར་པ་ཀུན་གཞིའི་ རྣམ་པར་ཤེས་པ་རྩ་བའི་རྣམ་པར་རྟོག་པ་དང་། ལུས་དབང་པོ་གཟུགས་ཅན་དང་གནས་སྣོད་ ཀྱི་འཇིག་རྟེན་དང་ལོངས་སྤྱོད་ཡུལ་ལྔའི་རྣམ་པར་རིག་པ་ནི་གཟུང་བྱའི་རྒྱུ་མཚན་དུ་གྱུར་པ་ མཚན་མའི་རྣམ་པར་རྟོག་པ་དང་། ཚོགས་དྲུག་དང་ཉོན་ཡིད་ནི་སྔར་གྱི་གཟུང་བྱའི་མཚན་མ་ དེ་དག་གི་རྣམ་པར་སྣང་བར་གྱུར་པས་མཚན་མར་སྣང་བའི་རྣམ་པར་རྟོག་པ་དང་། ལུས་ལ་ 1-1-815 སོགས་པའི་མཚན་མ་རྣམས་ཡིད་དུ་འོང་མི་འོང་ལ་སོགས་པ་རྣམ་པ་གཞན་དུ་འགྱུར་བ་ལ་ འཇུག་པ་མཚན་མར་གྱུར་པའི་རྣམ་པར་རྟོག་པ་དང་། ཡུལ་འགྱུར་བའི་དབང་གིས་ཡུལ་ཅན་ མིག་ཤེས་ལ་སོགས་པའང་བདེ་སྡུག་ལ་སོགས་པའི་གནས་སྐབས་གཞན་དུ་འགྱུར་བ་མཚན་ མར་སྣང་བ་འགྱུར་བའི་རྣམ་པར་རྟོག་པ་དང་། མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྟན་པའི་ རྗེས་སུ་འཇུག་པ་གཞན་གྱིས་བསྟན་པའི་རྣམ་པར་རྟོག་པ་དང་། དེའི་ཁྱད་པར་ཉེས་བཤད་ ཀྱི་རྗེས་སུ་འབྲངས་ནས་འདུས་བྱས་རྟག་པར་འཛིན་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པའི་ རྣམ་པར་རྟོག་པ་དང་། ལེགས་བཤད་ཀྱི་རྗེས་སུ་འབྲངས་ནས་མྱང་འདས་ཞི་བར་འཛིན་པ་ ལ་སོགས་པ་ཚུལ་བཞིན་གྱི་རྣམ་པར་རྟོག་པ་དང་། ཚུལ་མིན་གྱི་ཁྱད་པར་ལྟ་བར་གྱུར་པ་ དྲུག་ཅུ་རྩ་གཉིས་ལ་སོགས་པ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་། ཚུལ་བཞིན་ལས་ གཡེང་བའི་མི་རྟོག་ཡེ་ཤེས་ཡུལ་དང་བཅས་པ་ལས་གཡེང་བ་རྣམ་པར་གཡེང་བའི་རྣམ་པར་ རྟོག་པའོ། ། (གཉིས་པ།) ཕྱི་མ་བཅུར་དབྱེ་བ་ནི། ཡུམ་གྱི་གདམས་ངག་གི་སྐབས་སུ་འབྱུང་བ་ལྟར་སྤང་ གཉེན་སྦྱར་ནས་འཆད་པ་ལ། རྣམ་པར་གཡེང་བའི་རྣམ་པར་རྟོག་པ་ཡང་རྣམ་པ་བཅུ་ལས་ དངོས་པོ་མེད་པར་རྣམ་པར་རྟོག་པ་ནི་གཞན་དབང་ཀུན་རྫོབ་ཙམ་དུའང་མེད་པར་འཛིན་ པ་སྟེ། དེའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་བཞིན་དུ་ཞེས་སོགས་གསུངས་ པ་ལྟ་བུ་དང་། དངོས་པོར་རྣམ་པར་རྟོག་པ་ནི་གང་ཟག་དང་ཆོས་ཀྱི་དངོས་པོ་དོན་དམ་དུ་ ཡོད་པར་འཛིན་པ་སྟེ། དེའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་ མཐོང་། དེའི་མིང་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་དང་སྤྱོད་ཅེས་བྱ་བ་དང་ མི་སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་གསུངས་པ་ལྟ་བུ་དང་། སྒྲོ་ འདོགས་པའི་རྣམ་པར་རྟོག་པ་ནི་ཀུན་བརྟགས་ཡོད་པར་འཛིན་པ་སྟེ། དེའི་གཉེན་པོར་མིང་ 1-1-816 ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །ཞེས་གསུངས་པ་ལྟ་བུ་དང་། སྐུར་བ་འདེབས་པའི་རྣམ་པར་རྟོག་ པ་ནི་མིང་དེ་ཀུན་བརྟགས་དང་བྲལ་བ་ཙམ་དུའང་མེད་པར་འཛིན་པ་སྟེ། དེའི་གཉེན་པོར་ སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་དང་། གཅིག་པ་ཉིད་དུ་རྣམ་པར་རྟོག་ པ་ནི་གཟུགས་སོགས་ཀུན་བརྟགས་དང་སྟོང་ཉིད་ཡོངས་གྲུབ་གཅིག་ཏུ་འཛིན་པ་སྟེ། དེའི་ གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་གསུངས་པ་ ལྟ་བུ་དང་། ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་ནི་ཆོས་ཅན་དང་ཆོས་ཉིད་སོ་སོ་ཐ་དད་པར་ འཛིན་པ་སྟེ། དེའི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་གཟུགས་ཉིད་སྟོང་ པ་ཉིད་དེ་སྟོང་པ་ཉིད་གཟུགས་སོ་ཞེས་གསུངས་པ་ལྟ་བུ་དང་། ངོ་ངོ་ཉིད་དུ་རྣམ་པར་རྟོག་པ་ ནི་བརྗོད་བྱའི་དོན་གྱི་ངོ་བོ་ཉིད་རྫས་སུ་གྲུབ་པར་འཛིན་པ་སྟེ། དེའི་གཉེན་པོར་གཟུགས་ནི་ མིང་ཙམ་མོ་རྣམ་པར་ཤེས་པའི་བར་ནི་མིང་ཙམ་མོ་ཞེས་གསུངས་པ་ལྟ་བུ་དང་། ཁྱད་པར་ དུ་རྣམ་པར་རྟོག་པ་ནི་སྐྱེ་བ་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་བདེན་པར་འཛིན་པ་སྟེ། དེའི་གཉེན་པོར་ངོ་བོ་ཉིད་ཀྱིས་མི་སྐྱེ་མི་འགག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་ བ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་གསུངས་པ་ལྟ་བུ་དང་། མིང་ཇི་ལྟ་བ་བཞིན་དོན་དུ་ རྣམ་པར་རྟོག་པ་ནི་མིང་གིས་གང་བསྟན་པ་དེ་དོན་ལ་གནས་པར་འཛིན་པ་སྟེ། དེའི་གཉེན་ པོར་མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས་གློ་བུར་དུ་མིང་གི་རྗེས་སུ་ཐ་སྙད་ འདོགས་སོ་ཞེས་གསུངས་པ་ལྟ་བུ་དང་། དོན་ཇི་ལྟ་བ་བཞིན་མིང་དུ་རྣམ་པར་རྟོག་པ་ནི་དོན་ ལ་གང་གནས་པ་ལྟར་མིང་གིས་ཀྱང་ངེས་པར་སྟོན་ཏོ་སྙམ་དུ་འཛིན་པ་སྟེ། དེའི་གཉེན་པོར་ བྱང་ཆུབ་སེམས་དཔའི་མིང་དེ་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་མཐོང་ བས་མངོན་པར་ཞེན་པ་མེད་དོ་ཞེས་སོགས་གསུངས་པ་ལྟ་བུའོ། །རྒྱས་པར་རིགས་པ་དང་ བཅས་པ་བརྒྱད་སྟོང་དོན་བསྡུར་བཤད་པ་ལྟར་ཤེས་པར་བྱ་སྟེ། རྒྱན་ལས་ཀྱང་། རྒྱལ་བའི་ 1-1-817 སྲས་རྣམས་ཀྱིས་ནི་མེད་དང་ཡོད་ཉིད་དང་། །སྒྲོ་འདོགས་སྐུར་བའི་རྟོག་དང་གཅིག་དང་ཐ་ དད་དང་། །རང་དང་ཁྱད་པར་རྟོག་དང་མིང་དོན་ཇི་བཞིན་དུ། །མངོན་པར་ཞེན་པའི་རྣམ་ རྟོག་ཡང་དག་སྤང་བར་བྱ། །ཞེས་གསུངས་པ་ཉིད་དོ། ། བཞི་པ་ལ་དེ་ལྟར་སྤང་བྱ་ངོས་ཟིན་ནས་གཉེན་པོ་རྣམ་པར་མི་རྟོག་པ་ཉིད་གང་ཞེ་ན། (གཉིས་ལས་དང་པོ།)མི་རྟོག་པ་གསུམ་དུ་དབྱེ་བ་ནི། མི་རྟག་པའམ་སྡུག་བསྔལ་པ་ལ་སོགས་པའི་ རྣམ་པ་འགའ་ཞིག་ལ་ངེས་པ་ཐོབ་པ་ན་དེ་ཙམ་གྱིས་སེམས་ཚིམ་ནས་སྟོང་པའམ་བདག་མེད་ པའམ་ལ་སོགས་པའི་རྣམ་པ་གཞན་མི་ཚོལ་བ་ནི་ཆོག་པར་འཛིན་པའི་རྣམ་པར་མི་རྟོག་པ་ ཉིད་དང་། འདུས་བྱས་རྟག་པར་འཛིན་པ་ལ་སོགས་པ་ཕྱིན་ཅི་ལོག་གི་གཉེན་པོར་གཟུགས་ སོགས་ཆོས་ཙམ་དུ་བརྟགས་ནས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་གང་ཟག་གི་ བདག་མེད་རྟོགས་ཏེ་བདག་སོགས་སུ་མི་རྟོག་པ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པར་མི་རྟོག་པ་ ཉིད་དང་། གཟུགས་སོགས་ཆོས་ཙམ་དེའང་སྤྲོས་པར་རིག་ནས་ཆོས་ཐམས་ཅད་ཀྱི་མཚན་ མ་བཤིགས་ཏེ། ཟག་མེད་ཡེ་ཤེས་མཆོག་ཏུ་ཞི་བས་དེ་བཞིན་ཉིད་ཀུན་ཏུ་འགྲོ་བ་རྟོགས་པ་ ནི་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཉིད་དེ། ཆོག་པར་འཛིན་པ་ནི་སོ་སོའི་སྐྱེ་བོ་རྣམས་ དང་། ཕྱིན་ཅི་མ་ལོག་པ་ནི་ཉན་ཐོས་རྣམས་དང་། སྤྲོས་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་མི་རྟོག་པ་དང་གོ་རིམ་བཞིན་དུ་སྦྱར་བ་རྣམས་ཡིན་ནོ། ། (གཉིས་པ།) སྤྲོས་མེད་ཀྱི་མི་རྟོག་པ་དཔྱད་པ་ལ། སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ ཉིད་ནི་སྒྲུབ་ཕྱོགས་ནས་འདིའོ་ཞེས་བརྗོད་པར་དཀའ་བས་མཐའ་གཞན་རིམ་གྱིས་བཀག་ ནས་འཆད་པ་ཡིན་ཞིང་། དེའང་གཟུགས་སོགས་ཆོས་ཀྱི་མཚན་མ་ཡིད་ལ་བྱེད་པ་མེད་ པ་རྐྱང་བས་ཀྱང་དེར་འཇོག་པ་མ་ཡིན་ཏེ། གཉིད་ལོག་པ་དང་ར་རོ་བ་ལ་སོགས་པའང་ སྤྲོས་མེད་དུ་ཐལ་བར་འགྱུར་བས་སོ། །རྟོག་དཔྱོད་ལས་ཡང་དག་པར་འདས་པ་རྐྱང་བས་ 1-1-818 ཀྱང་དེར་འཇོག་པ་མ་ཡིན་ཏེ་བསམ་གཏན་གཉིས་པ་ཡན་ཆད་ཀྱང་སྤྲོས་མེད་དུ་ཐལ་བར་ འགྱུར་བས་སོ། །འདུ་ཤེས་དང་ཚོར་བ་རྣམ་པར་ཞི་བ་རྐྱང་བས་ཀྱང་དེར་འཇོག་པ་མ་ཡིན་ ཏེ། འགོག་པའི་སྙོམས་པར་འཇུག་པའང་སྤྲོས་མེད་དུ་ཐལ་བར་འགྱུར་བས་སོ། །རྟོག་པ་ མེད་པའི་ངོ་བོ་ཉིད་ཙམ་གྱིས་ཀྱང་དེར་འཇོག་པ་མ་ཡིན་ཏེ་གཟུགས་སོགས་བེམ་པོ་རྣམས་ ཀྱང་སྤྲོས་མེད་དུ་ཐལ་བར་འགྱུར་བས་སོ། །འདི་ནི་མི་རྟོག་པའོ་སྙམ་དུ་དམིགས་པ་ལ་ མངོན་པར་འདུ་བྱེད་པས་ཀྱང་དེར་འཇོག་པ་མ་ཡིན་པར་བལྟ་སྟེ། དེ་ནི་མཚན་མ་ལ་རྟོག་ པ་ཡིན་པས་རྟོག་པའང་སྤྲོས་མེད་དུ་ཐལ་བར་འགྱུར་བས་སོ། །འོན་ཀྱང་བྱང་ཆུབ་སེམས་ དཔའ་དེ་དང་རྗེས་སུ་མཐུན་པའི་གདམས་ངག་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་མཚན་མ་ རང་བཞིན་གྱིས་མ་གྲུབ་པ་རྟོགས་ཏེ་དེ་ལ་གོམས་པའི་སྟོབས་བསྐྱེད་པས་སོ་སོ་རང་གིས་ དམིགས་པ་ལ་བཀྲ་བར་འཛིན་པ་དང་མངོན་པར་འདུ་བྱེད་པ་མེད་པར་མཐའ་ཐམས་ཅད་ དང་བྲལ་བའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་སེམས་མཉམ་པར་འཇོག་པ་ནི་སྤྲོས་མེད་ཀྱི་ མི་རྟོག་པ་ཉིད་དུ་བལྟའོ། །ཐེག་བསྡུས་ལས་ཀྱང་། རྣམ་རྟོག་མེད་པའི་ངོ་བོ་ཉིད། །རྣམ་པ་ལྔ་ ནི་རྣམ་སྤངས་ཤིང་། །ཡང་དག་དོན་ལ་བཀྲར་འཛིན་མེད། །ཅེས་པ་ལྟར་རོ། ། (གཉིས་པ།) དབང་པོ་སྦྱོང་ཚུལ་བཤད་པ་ལ། བྱང་ཆུབ་སེམས་དཔའ་ནི་སྔར་རང་བཞིན་ གྱིས་དབང་པོ་རྣོན་པོར་བཤད་པ་ཡིན་ན་ཇི་ལྟར་དུས་དུས་སུ་དབང་པོ་རྣམས་སྦྱོང་དགོས་སོ་ ཞེ་ན། གཞན་རིགས་ལ་ལྟོས་ནས་རྣོན་པོ་ཡིན་ཡང་རང་རིགས་ལ་ལྟོས་ནས། དབང་པོ་རྟུལ་ དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །ཞེས་པ་ལྟར་ཆུང་ངུ་འབྲིང་ཆེན་ པོ་གསུམ་དུ་དབྱེར་ཡོད་པས་དད་པ་ལ་སོགས་པ་དབང་པོ་ལྔ་རྣོན་པོའི་ལུགས་ཀྱི་ཆུང་ངུའམ་ རྟུལ་པོ་ལ་བརྟེན་ཏེ་རྣོན་པོའི་འབྲིང་བོར་སྦྱོང་ཞིང་མངོན་པར་སྒྲུབ་པོ། །དབང་པོ་རྣོན་པོའི་ འབྲིང་བོར་འཕེལ་བ་ལ་བརྟེན་ཏེ་རྣོན་པོའི་ཆེན་པོར་སྦྱོང་ཞིང་གོང་ནས་གོང་དུ་ཁྱད་པར་དུ་ 1-1-819 འཕགས་པར་མངོན་པར་སྒྲུབ་པོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཐོབ་པ་རྣམ་པར་ ངེས་པར་ཞེས་བྱ་བ་སྟེ་ཀུན་ལས་བཏུས་པ་བཞི་པའི་རྣམ་པར་བཤད་པའོ།། །། འབེལ་གཏམ་རྣམ་ངེས་ལ། དེ་ལྟར་ཤེས་བྱ་རྒྱ་ཆེན་པོ་ལ་མཁས་པ་རྣམས་ཡང་དག་པའི་ དོན་གཏན་ལ་འབེབས་པའི་ཚུལ་འབེལ་བའི་གཏམ་གྱིས་རྣམ་པར་ངེས་པ་གང་ཞེ་ན། (གཉིས་ ལས་དང་པོ།)དབྱེ་བ་མདོར་བསྟན་ནི། འཆད་པར་འགྱུར་བ་མཐའ་དག་བསྡུ་ན་རྣམ་པ་བདུན་ཏེ། བཤད་བྱའི་དོན་གང་ལས་བརྩམས་ཏེ་གཏན་ལ་འབེབས་ཤིང་རྣམ་པར་ངེས་པ་དང་། འཆད་ བྱེད་ཀྱི་ཚུལ་རྣམ་པར་བཤད་པ་རྣམ་པར་ངེས་པ་དང་། མུ་གཉིས་པ་ལ་སོགས་པར་རབ་ཏུ་ ཕྱེ་ནས་ཀུན་ཏུ་བསྟན་པ་རྣམ་པར་ངེས་པ་དང་། ཁྱད་པར་དུ་ཡང་དག་པར་དྲི་བ་སྔོན་དུ་འགྲོ་ བ་ཅན་གྱི་རྣམ་པར་ངེས་པ་དང་། གཏན་ལ་ཕབ་པའི་དགོས་པ་རྣམས་བསྡུ་བ་རྣམ་པར་ངེས་ པ་དང་། སྐབས་དོན་གྱི་གཙོ་བོ་སྨྲ་བའི་ཆོ་ག་རྣམ་པར་ངེས་པ་དང་། ཟབ་མོའི་དོན་འཆད་ ཐབས་ལྡེམ་པོར་དགོངས་པ་རྣམ་པར་ངེས་པའོ། ། (གཉིས་པ།) ངོ་བོ་རྒྱས་བཤད་ལ། དོན་དང་རྣམ་བཤད་རབ་དབྱེ་ཡང་དག་དྲི། །བསྡུ་བ་སྨྲ་ བ་ལྡེམ་དགོངས་རྣམ་ངེས་སོ། །དང་པོ་ལ། དོན་རྣམ་པར་ངེས་པ་གང་ཞེ་ན། (གསུམ་ལས་དང་པོ།) ངོ་བོ་ནི། དོན་དྲུག་ལས་བརྩམས་ནས་བཤད་བྱ་གང་ཡིན་པ་དེ་གཏན་ལ་འབེབས་ཤིང་རྣམ་ པར་ངེས་པར་བྱེད་པ་སྟེ། རྒྱུད་བླར། དག་(པ་ངོ་བོ་དང་)ཐོབ་(བྱེད་རྒྱུ་དང་)བྲལ་བ་(འབྲས་བུ་དང་)རང་ བཞིན་དོན(ལས་དང་)། །དེ་རྟེན་(ལྡན་པ་དང་)ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོ་(འཇུག་པའི་ དོན་)ཞེས་པས་བྱང་ཆུབ་གཏན་ལ་ཕབ་པ་ལྟ་བུའོ། ། (གཉིས་པ།) དབྱེ་བ་ལ། དོན་དྲུག་གང་ཞེ་ན། དེ་ཉིད་དུ། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་ པ་དང་། །ཞེས་པས་ཆོས་དབྱིངས་གཏན་ལ་ཕབ་པ་ལྟར་ངོ་བོ་ཉིད་ཀྱི་དོན་དང་། རྒྱུའི་དོན་ དང་། འབྲས་བུའི་དོན་དང་། ལས་ཀྱི་དོན་དང་། ལྡན་པའི་དོན་དང་། འཇུག་པའི་དོན་གྱིས་ 1-1-820 གང་བཤད་པར་བྱ་བ་དེ་གཏན་ལ་འབེབས་པ་ཉིད་དོ། ། (གསུམ་པ།) ངོས་བཟུང་ལ། ངོ་བོ་ཉིད་ཀྱི་དོན་ནི་ངོ་བོ་ཉིད་གསུམ་མོ་ཞེས་པ་སྟེ། ཀུན་ བརྟགས་གཞན་དབང་ཡོངས་གྲུབ་གསུམ་བཤད་ཟིན་པ་ལྟ་བུའོ། །རྒྱུའི་དོན་ནི་རྐྱེན་བཞི་ ལས་འདུས་བྱས་ཐམས་ཅད་འགྲུབ་པ་སྐྱེ་བའི་རྒྱུ་དང་། མ་རིག་པ་ལས་འདུ་བྱེད་ཀུན་འབྱུང་ བ་ལ་སོགས་པ་དང་མ་རིག་པ་འགགས་ནས་འདུ་བྱེད་འགགས་པ་ལ་སོགས་པ་འབྱུང་བའམ་ འཇུག་པའི་རྒྱུ་དང་། སྒྲུབ་བྱེད་ཡང་དག་ལས་བསྒྲུབ་བྱ་འགྲུབ་པ་ལ་སོགས་པ་འགྲུབ་པའི་ རྒྱུའོ། །འབྲས་བུའི་དོན་ནི་ཀུན་གཞིའི་རྣམ་ཤེས་རྣམ་སྨིན་གྱི་ཆ་ལྟ་བུ་རྣམ་པར་སྨིན་པའི་ འབྲས་བུ་དང་། (རྒྱུ་མཐུན་རྒྱུ་དང་འདྲ་བའམ། །ཞེས་པ་ལྟར།)དགེ་བ་ལས་དགེ་བ་སྐྱེ་བ་ལ་སོགས་པ་ རིགས་འདྲ་ཕྱི་མ་འབྱུང་བ་རྒྱུ་མཐུན་པའི་འབྲས་བུ་དང་། སེམས་ཅན་ཐུན་མོང་གི་ལས་ཀྱི་ དབང་གིས་སྣོད་ཀྱི་འཇིག་རྟེན་འགྲུབ་པ་ལྟ་བུ་བདག་པོའི་འབྲས་བུ་དང་། (གང་གི་སྟོབས་ཀྱིས་གང་ སྐྱེ་དང་། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །ཞེས་པ་ལྟར།)སོ་ནམ་གྱི་འབད་རྩོལ་ལས་ལོ་ཐོག་དང་ས་འོག་ མའི་སྦྱོར་བ་ལས་གོང་མའི་ཏིང་ངེ་འཛིན་སྐྱེ་བ་ལྟ་བུ་སྐྱེས་བུ་བྱེད་པའི་འབྲས་བུ་དང་། (བྲལ་བ་ བློ་ཡིས་ཟད་པའོ། །ཞེས་པ་ལྟར།)ལམ་གྱིས་སྤང་བྱ་སྤངས་པ་ལས་འགོག་བདེན་མངོན་དུ་གྱུར་པ་ལྟ་ བུ་བྲལ་བའི་འབྲས་བུའོ། །ལས་ཀྱི་དོན་ནི་ཚོགས་དྲུག་ཡུལ་ལ་འཇུག་པ་ལྟ་བུ་དམིགས་པའི་ ལས་དང་། སས་རྟེན་བྱེད་པ་ལ་སོགས་པ་བྱེད་པའི་ལས་དང་། ཀུན་སློང་དང་བཅས་པའི་ ལུས་ངག་གི་བྱ་བ་འབད་པའི་ལས་དང་། བསྔོ་བས་དགེ་བ་བསྒྱུར་བ་ལྟ་བུ་བསྒྱུར་བའི་ལས་ དང་། ལམ་བསྒོམས་པས་བྱང་ཆུབ་ཐོབ་པ་ལྟ་བུ་ཐོབ་པའི་ལས་ཏེ་ལས་ཀྱི་ཀུན་འབྱུང་དུ་ བཤད་ཟིན་པ་རྣམས་སོ། །ལྡན་པའི་དོན་ནི་ཤིང་དང་ཕ་གུ་དང་འཇིམ་པ་ལ་སོགས་པ་འདུས་ པ་ལས་ཁང་བ་གྲུབ་པ་ལྟ་བུ་མང་པོ་ལས་གྱུར་པའི་ལྡན་པ་དང་། ཉོན་མོངས་པ་མངོན་གྱུར་ མེད་ཀྱང་ས་བོན་ཡོད་ན་དེས་ཀྱང་འཆིང་ནུས་པ་རྗེས་སུ་འཆིང་བ་ལས་གྱུར་པའི་ལྡན་པ་དང་། 1-1-821 རིག་པ་ལ་བརྟེན་ནས་སློབ་དཔོན་ཏུ་གྱུར་པའམ་སྐྱེ་གནས་ལ་བརྟེན་ནས་ཉེ་དུར་གྱུར་པ་ ལྟ་བུ་འབྲེལ་བ་ལས་གྱུར་པའི་ལྡན་པ་དང་། ཕན་པ་དང་གནོད་པའི་དབང་གིས་བདེ་བ་དང་ སྡུག་བསྔལ་དུ་གྱུར་པ་ལྟ་བུ་གནས་སྐབས་ལས་གྱུར་པའི་ལྡན་པ་དང་། གློ་བུར་དུ་ཆགས་ སོགས་མངོན་གྱུར་རམ་དད་སོགས་མངོན་གྱུར་འབྱུང་བ་ལྟ་བུ་འགྱུར་བ་ལས་གྱུར་པའི་ལྡན་ པའོ། །འཇུག་པའི་དོན་ནི་སྐྱེ་གནས་འཇིག་གསུམ་དུ་སྣང་བས་འདུས་བྱས་སུ་མཚོན་པ་ལྟ་བུ་ མཚན་ཉིད་ཀྱི་འཇུག་པ་དང་། ས་གཞི་ལ་སེམས་ཅན་གནས་པ་ལྟ་བུ་རྟེན་གྱི་འཇུག་པ་དང་། ཉོན་མོངས་པ་ལས་ཉོན་མོངས་འབྱུང་བ་ཕྱིན་ཅི་ལོག་གི་འཇུག་པ་དང་། འཕགས་པའི་ལམ་ རིམ་གྱིས་འབྱུང་བ་ཕྱིན་ཅི་མ་ལོག་པའི་འཇུག་པ་དང་། འདུས་བྱས་རྣམས་དུས་གསུམ་དང་ ཕྱི་ནང་ལ་སོགས་པར་འབྱེད་པ་ལྟ་བུར་རབ་ཏུ་དབྱེ་བའི་འཇུག་པའོ། ། གཉིས་པ་རྣམ་པར་བཤད་པ་རྣམ་པར་ངེས་པ་གང་ཞེ་ན། (གཉིས་ལས་དང་པོ།)མདོར་བསྟན་ ནི། བཤད་ཐབས་ཀྱི་ཡན་ལག་གང་གིས་མདོ་སྡེ་ལ་སོགས་པའི་གསུང་རབ་རྣམས་གསལ་ བར་གཏན་ལ་འབེབས་ཤིང་རྣམ་པར་བཤད་པར་བྱེད་པ་སྟེ། (གཉིས་པ།) རྒྱས་བཤད་ལ། དེ་ཡང་གང་ཞེ་ན། (གཉིས་ལས་དང་པོ།)རྣམ་པར་བཤད་པའི་ སྒོ་དྲུག་ཏུ་དབྱེ་བ་ནི། གང་ཞིག་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཕུང་པོ་ལ་སོགས་པ་ གཏན་ལ་དབབ་པར་བྱ་བ་དང་། ཇི་ལྟར་ཡོངས་སུ་ཤེས་པར་བྱ་བའི་དོན་དམ་ནི་མི་རྟག་པ་ ཉིད་ལ་སོགས་པ་གཏན་ལ་འབེབས་པའི་ཚུལ་དང་། གང་ལས་ཡོངས་སུ་ཤེས་པར་བྱ་བའི་ རྒྱུ་ནི་ཚུལ་ཁྲིམས་སྲུང་བ་དང་དབང་པོའི་སྒོ་བསྡམ་པ་ལ་སོགས་པ་དང་། གང་གིས་ཡོངས་སུ་ ཤེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་པ་དང་། དེ་ལྟར་ཡོངས་སུ་ཤེས་པའི་ འབྲས་བུ་ནི་སེམས་སྒྲིབ་པ་ལས་རྣམ་པར་གྲོལ་བ་དང་། མཐར་ཐུག་དེ་རབ་ཏུ་ཤེས་པ་ནི་ རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཐོབ་པ་སྟེ། གཞུང་སོ་སོར་དེ་རྣམས་ཁ་ཡར་བའམ་ 1-1-822 ཚང་བ་ཅི་རིགས་སུ་སྟོན་པའོ། ། (གཉིས་པ།) རྣམ་པར་བཤད་པའི་སྒོ་བཅུ་བཞིར་དབྱེ་བ་ནི། ཡང་རྒྱས་པར་ཕྱེ་ན་རྣམ་པར་ བཤད་པའི་སྒོ་བཅུ་བཞིར་ཡང་འགྱུར་བ་སྟེ། དེ་ལ་སྒོ་བཅུ་བཞི་ནི་ངག་གང་དུ་མདོ་སྡེ་ལ་ སོགས་པའི་དགོངས་པ་དང་ཚིག་དོན་དང་མཚམས་སྦྱོར་དང་དགོས་པ་དང་བརྒལ་ལན་ཏེ་ ལྔས་བསྡུས་ནས་སྟོན་པ་ལྟ་བུ་རྣམ་པར་བཤད་པ་བསྡུ་བའི་སྒོ་དང་། གང་དུ། སྡིག་པ་ཐམས་ ཅད་མི་བྱའོ། །ཞེས་པས་ཚུལ་ཁྲིམས་ཀྱི་བསླབ་པ་དང་། དགེ་བ་ཕུན་སུམ་ཚོགས་པར་བྱ། ། ཞེས་པས་སེམས་ཀྱི་བསླབ་པ་དང་། རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་པས་ཤེས་ རབ་ཀྱི་བསླབ་པ་བསྡུས་ཏེ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བསྟན་པའི་བརྗོད་བྱ་ བསྡུས་ནས་སྟོན་པ་ལྟ་བུའམ། གཞན་ཡང་བདེན་པ་བཞིས་བསྡུས་ནས་སྟོན་པ་ལ་སོགས་པ་ དངོས་པོ་བསྡུ་བའི་སྒོ་དང་། གང་དུ་དལ་འབྱོར་གྱི་དོན་འཆད་པ་ན་བདག་གི་འབྱོར་བ་དང་། གཞན་གྱི་འབྱོར་བ་ཞེས་གཉིས་བསྟན་པའི་བདག་འབྱོར་ལྔ་ནི། (སྤྱོད་འཇུག་འགྲེལ་ཆེན་དུ།)མིར་ གྱུར་ཡུལ་དབུས་སྐྱེས་པ་དང་། །དབང་པོ་ཚང་ཞིང་(དམ་པའི་ཆོས་)གནས་ལ་དད། །དེ་བཞིན་ (མཚམས་མེད་ལ་སོགས་མ་བྱས་པ་)ལས་མཐའ་མ་ལོག་པའོ། །ཞེས་པ་དང་། གཞན་འབྱོར་ལྔ་ནི་ སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། གསུངས་པའི་བསྟན་པ་ ལ་གནས་པ་དང་། བསྟན་པ་ལ་འཇུག་(ཅིང་གདམས་ངག་སྟོན་)པ་གཞན་ཡང་ཡོད་པ་དང་། སྦྱིན་ བདག་རྣམས་ཀྱང་དད་པས་བསོད་སྙོམས་འབུལ་བའོ། །ཞེས་པ་ལྟ་བུ་ཡན་ལག་གིས་མདོར་ བསྟན་པ་དང་ཉེ་བའི་ཡན་ལག་གིས་རྒྱས་པར་བཤད་པའི་སྒོ་དང་། གང་དུ་དབང་པོ་ལྔའི་ དད་ན་བརྩོན་འགྲུས་རྩོམ་ཞིང་། བརྩོན་པ་ལས་དྲན་པ་ཉེ་བར་གནས་ལ། གནས་པ་ལས་ སེམས་མཉམ་པར་འཇོག་ཅིང་བཞག་པ་ལས་ཡང་དག་པ་ཇི་ལྟ་བར་རབ་ཏུ་ཤེས་སོ་ཞེས་པ་ ལྟ་བུ་སྔ་མ་ལས་ཕྱི་མ་གོང་ནས་གོང་དུ་མངོན་པར་སྒྲུབ་པའི་སྒོ་དང་། གང་དུ་ཆོས་འགའ་ 1-1-823 ཞིག་ལས་བརྩམས་ནས་གང་ཟག་འགའ་ཞིག་སྤོང་བ་དཔེར་ན་སྟེ་ཡུ་ལྟ་བུའི་མདོར། དགེ་ སློང་དག་ང་ནི་ཤེས་བཞིན་དུ་མཐོང་ངོ་། །མཐོང་བཞིན་དུ་ཟག་པ་ཟད་པར་སྨྲའོ་ཞེས་པ་དང་། (ཡུན་བསྲིངས་ན་)སྟེ་ཡུ(ལྟར་འགྱུར་བ)འི་དཔེ་དང་། གྲུའི་(ཟག་ལྷན་ལ་འབད་དགོས་པའི་)དཔེས་ཟག་པ་ ཟད་པའི་ཆོས་ལས་བརྩམས་ཏེ་རིམ་པ་བཞིན་ཕྱི་རོལ་པ་དང་། (ཤེས་བཞིན་དུ་ཟག་པ་ཟད་དོ། །ཞེས་ པས།)ཆོས་འདི་པ་ཐོས་བསམ་ཙམ་གྱིས་ཆོག་ཤེས་པ་དང་། (སྟེ་ཡུའི་དཔེས།)སྒོམ་པས་ཡི་ཆད་པ་ དང་། (གྲུ་ཡི་དཔེས།)ཚོགས་མ་རྫོགས་པའི་གང་ཟག་རྣམས་སྤངས་པ་ལྟ་བུའམ། ཡུམ་ལས་རྣམ་ དག་གི་སྣོད་དུ་ཐེག་ཆེན་ལ་སྨོད་པ་སྤངས་པ་ལྟ་བུ་སྤོང་བའི་སྒོ་དང་། གང་དུ་དོན་གཞན་ལ་ རབ་ཏུ་གྲགས་པའི་ཡི་གེ་རྣམས་དོན་གཞན་དུ་ཡོངས་སུ་བསྒྱུར་ནས་འཆད་པར་འགྱུར་བ་ལྟ་ བུ་ཡི་གེ་ཡོངས་སུ་བསྒྱུར་པའི་སྒོ་དང་། གང་དུ་ཆུད་ཟ་བ་དང་མི་ཟ་བ་དང་དེ་དག་གི་ཐབས་ དབྱེ་བ་དང་བཅས་པ་སྟོན་པ་དཔེར་ན་ལེགས་པར་སྐྱེས་ཀྱི་མདོར། རིགས་ཀྱི་བུ་ལེགས་པར་ སྐྱེས་འདི་ནི་གཉིས་ཀྱིས་མཛེས་པར་སྟོན་པ་སྟེ་གང་སྐྲ་དང་ཁ་སྤུ་བྲེགས་ནས་རབ་ཏུ་བྱུང་ བའི་བར་དང་། གང་ཟག་པ་ཟད་པ་ནས་རབ་ཏུ་ཤེས་པའི་བར་གྱིས་སོ་ཞེས་པ་དང་། (དེ་ཉིད་ དབྱངས་ཀྱིས་བསྙད་དེ་)དགེ་སློང་འདི་ནི་གཉིས་ཀྱིས་མཛེས། །ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་ པ་ལ་སོགས་པས་ཁྱིམ་དང་ཆུང་མ་ལ་སོགས་པ་ཕྱིའི་རྫས་དང་ཉེ་བར་ལེན་པའི་ཕུང་པོ་ནང་ གི་རྫས་ལ་ཆགས་པ་ནི་ཆུད་ཟ་བ་དང་། དེ་དག་ལ་ཆགས་པ་དང་བྲལ་བ་ནི་ཆུད་མི་ཟ་བ་དང་། རབ་ཏུ་མི་འབྱུང་ཞིང་བྱུང་ནས་ཀྱང་ཟག་པ་ཟད་པར་མི་བྱེད་པ་ནི་ཆུད་ཟ་བའི་ཐབས་དང་། དེ་དག་ལས་བཟློག་པ་ནི་ཆུད་མི་ཟ་བའི་ཐབས་དང་། ཆགས་བྲལ་གྱི་དབྱེ་བ་ལ་སོགས་པ་ འཆད་པ་ལྟ་བུ་ཆུད་ཟ་བ་དང་ཆུད་མི་ཟ་བའི་སྒོ་དང་། གང་དུ་གང་ཟག་འདི་སྙེད་ཀྱི་དབང་དུ་ བྱས་ནས་འདི་གསུངས་སོ་ཞེས་སྟོན་པ་དཔེར་ན་ཆུ་ལས་གྱུར་པ་ལྟ་བུའི་མདོར། བྱིས་པ་དང་ འཕགས་པ་གཉིས་དང་། བྱིས་པ་ལའང་དཀར་པོ་མིན་པ་དང་ཅུང་ཟད་དཀར་བ་དང་ཆེས་ 1-1-824 དཀར་བ་གསུམ་དང་། འཕགས་པ་ལའང་འབྲས་གནས་བཞིར་གསུངས་པ་ལྟ་བུ་གང་ཟག་ རྣམ་པར་བཞག་པའི་སྒོ་དང་། གང་དུ་མུ་བཞི་ལ་སོགས་པར་ཕྱེ་ནས་གཏན་ལ་འབེབས་པ་ དཔེར་ན་མི་རྟག་པའི་མདོར། གང་གིས་འདི་ཐམས་ཅད་(ཀྱི་གནས་ལུགས་ལེགས་པར་)མཐོང་བ་ དེས་གཟུགས་མཐོང་ངམ་གཟུགས་མཐོང་བ་དེས་འདི་ཐམས་ཅད་མཐོང་ངམ་ཞེས་པ་ལ། འདི་ཐམས་ཅད་མཐོང་ལ་གཟུགས་མ་མཐོང་བ་ནི་མིང་བཞི་ལ་རྟག་(བདེ་བདག་གཙང་)སོགས་ སུ་སྒྲོ་མ་བཏགས་པར་(མི་རྟག་སྡུག་བསྔལ་བདག་མེད་མི་གཙང་བར་)ཤེས་བྱ་དང་སྤང་བྱར་ལྟ་བུ་དང་། གཟུགས་མཐོང་བ་ལ་འདི་ཐམས་ཅད་མ་མཐོང་བ་ནི་གཟུགས་ལ་རྟག་སོགས་སུ་སྒྲོ་བཏགས་ ནས་ཤེས་བྱ་དང་སྤང་བྱ་མིན་པར་ལྟ་བ་དང་། འདི་ཐམས་ཅད་མཐོང་ལ་གཟུགས་ཀྱང་ མཐོང་བ་ནི་གཟུགས་ལ་རྟག་སོགས་སུ་སྒྲོ་མ་བཏགས་པར་ཤེས་བྱ་དང་སྤང་བྱར་ལྟ་བ་དང་། འདི་ཐམས་ཅད་ཀྱང་མ་མཐོང་གཟུགས་ཀྱང་མ་མཐོང་བ་ནི་མིང་བཞི་ལ་རྟག་སོགས་སུ་སྒྲོ་ བཏགས་ནས་ཤེས་བྱ་དང་སྤང་བྱ་མིན་པར་ལྟ་བ་སྟེ་བཞིར་འབྱེད་པ་དང་། གཟུགས་ལ་ཇི་ལྟ་ བར་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་ཏེ་སྟོན་པ་ལྟ་བུར་རབ་ཏུ་དབྱེ་བ་རྣམ་པར་གཞག་པའི་ སྒོ་དང་། གང་དུ་དེ་ཁོ་ནའི་ཚུལ་དང་ཐོབ་པའི་ཚུལ་དང་བཤད་པའི་ཚུལ་རྣམས་རིམ་པ་ལྟར་ མཐའ་གཉིས་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་ གྱིས་སྟོན་པ་དཔེར་ན་རོ་མྱང་བའི་མདོར། དགེ་སློང་དག་གཟུགས་ལ་རོ་མྱོང་བ་དང་དམིགས་ པ་དང་ངེས་པར་འབྱུང་བ་ཡོད་དོ་ཞེས་རོ་མྱང་སོགས་ཡོད་པར་བསྟན་པས་སྐུར་བ་འདེབས་ པའི་མཐའ་དང་། གཟུགས་སོགས་ཕུང་པོ་ཙམ་བསྟན་པས་བདག་ཏུ་སྒྲོ་འདོགས་པའི་མཐའ་ སྤངས་ཏེ་དེ་ཁོ་ནའི་ཚུལ་མཐའ་གཉིས་སྤངས་པའི་ཚུལ་གྱིས་འཆད་པ་དང་། དགེ་སློང་དག་ཇི་ ཙམ་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་ པར་སངས་རྒྱས་སོ་ཞེས་བྱ་བར་ནང་དུ་ཤེས་སོ་ཞེས་པས་སོ་སོ་རང་གིས་རིག་པའི་སྒོ་ནས་ 1-1-825 ཐོབ་པའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་འཆད་པ་དང་། བཤད་བྱ་མདོ་སྡེ་རྣམས་ཀྱི་ ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་གཟུགས་ལ་སོགས་པ་དང་། ཤེས་པར་བྱ་བའི་དོན་རོ་ མྱང་བ་ལ་སོགས་པ་དང་། ཡོངས་སུ་ཤེས་པ་ཕུང་པོ་ལྔ་པོ་ལྔ་དེ་ལྟར་(རོ་མྱང་བ་སོགས་)གསུམ་དུ་ བསྒྱུར་བས་ཇི་ལྟ་བར་རྟོགས་པ་དང་། ཤེས་པའི་འབྲས་བུ་འཇིག་རྟེན་ལས་རྣམ་པར་གྲོལ་བ་ དང་། དེ་རབ་ཏུ་ཤེས་པ་མངོན་པར་སངས་རྒྱས་པར་ནང་དུ་ཤེས་པའོ་ཞེས་མདོ་སྡེ་ཐམས་ ཅད་ཀྱི་བཤད་པའི་ཚུལ་དགོངས་པའི་ཚུལ་ལྔས་འཆད་པ་ལྟ་བུ་ཚུལ་གྱི་སྒོ་དང་། གང་དུ་དེ་ཁོ་ ནའི་མཚན་ཉིད་ལས་བརྩམས་ནས་(དེ་ཤེས་སྤོང་མངོན་སྒོམ་རྣམ་གནས། །བར་རྗེས་ཉེས་དམིགས་ཕན་ཡོན་ནོ། ། ཞེས།)དོན་བཅུ་གཅིག་གིས་སྟོན་པ་དཔེར་ན་རོ་མྱང་བའི་མདོ་དེ་ཉིད་དུ། དེ་ཁོ་ནའི་མཚན་ ཉིད་སྡུག་བསྔལ་གྱི་བདེན་པ(འམ་དེ་ཉིད་)ནི་ཉེར་ལེན། ཕུང་པོ་ལྔས་བསྡུས་པ་(ཞེས་པ་ལྟ་བུ་)དང་། ཡོངས་སུ་ཤེས་པའི་མཚན་ཉིད་རོ་མྱང་བ་ལ་སོགས་པས་(སྡུག་བསྔལ་)དེ་ཉིད་ཡང་དག་པ་ཇི་ལྟ་ བར་ཤེས་པ་དང་། སྤོང་བའི་མཚན་ཉིད་སྒྲིབ་པ་སྤོང་བ་དང་། མངོན་དུ་བྱེད་པའི་མཚན་ཉིད་ གནས་གྱུར་བ་མངོན་སུམ་དུ་བྱེད་པ་དང་། སྒོམ་པའི་མཚན་ཉིད་སྔར་གྱི་ཕྱིན་ཅི་ལོག་མེད་ པའི་སེམས་ཀྱིས་ལན་མང་དུ་གནས་པ་དང་། རྣམ་པར་དབྱེ་བའི་མཚན་ཉིད་དེ་ཁོ་ན་ལའང་ ཕུང་པོ་ལྔར་འབྱེད་པ་(དང་སྤོང་ཤེས་ལའང་རོ་མྱང་ཤེས་སོགས་གསུམ་དུ་འབྱེད་པ་དང་། སྤོང་བ་ལ་ཡང་ཉོན་མོངས་ དང་སྡུག་བསྔལ་སྤོང་བ་གཉིས་དང་། མངོན་དུ་བྱེད་པ་ལའང་དེ་གཉིས་ལས་གྲོལ་བ་གཉིས་དང་། སྒོམ་པ་ལ་ཡང་མཐོང་ལམ་ སྒོམ་ལམ་གཉིས་སུ་འབྱེད་པ་)ལ་སོགས་པ་དང་། གནས་དང་གནས་པར་འབྲེལ་བའི་མཚན་ཉིད་ (སྔར་གྱི་)སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མའི་གནས་ཡིན་པ་དང་། (ཡོངས་ཤེས་སོགས་ལ་)བར་དུ་གཅོད་ པའི་མཚན་ཉིད་རོ་མྱང་བ་ལ་སོགས་པ་གསུམ་དུ་བསྒྱུར་མི་ཤེས་པ་དང་། རྗེས་སུ་མཐུན་པའི་ མཚན་ཉིད་ཕུང་པོ་ལྔ་ལ་ཇི་ལྟར་གནས་པ་བཞིན་ཉེས་དམིགས་ལ་སོགས་པའི་རྣམ་པར་ དཔྱོད་པ་དང་། (མ་ཤེས་པ་ལ་སོགས་པའི་)ཉེས་དམིགས་ཀྱི་མཚན་ཉིད་མི་གྲོལ་བ་ནས་འཚང་མི་ 1-1-826 རྒྱ་བའི་དོན་དང་། (ཤེས་པ་སོགས་པའི་)ཕན་ཡོན་གྱི་མཚན་ཉིད་རྣམ་པར་གྲོལ་བ་ནས་མངོན་པར་ རྫོགས་པར་འཚང་རྒྱ་བའི་བར་རོ་ཞེས་འཆད་པ་ལྟ་བུ་ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ་ དང་། གང་དུ་ཚིག་སོ་སོ་བ་ཐམས་ཅད་ཚང་ན་དོན་གོ་བར་ནུས་ལ་གང་རུང་གཅིག་མ་ཚང་ན་ གོ་བར་མི་ནུས་པ་དཔེར་ན་རྟེན་འབྲེལ་གྱི་མདོར། འདི་ཡོད་པས་འདི་འབྱུང་ཞིང་འདི་སྐྱེས་ པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་པ་ལ་སོགས་ པ་བཅུ་གཉིས་རིམ་པར་སྟོན་པ་ལྟ་བུ་སྟོབས་དང་སྟོབས་མ་ཡིན་པའི་སྒོ་དང་། གང་དུ་མདོར་ བསྟན་པའི་ཚིག་རེ་རེ་ནས་བཟུང་ནས་རྒྱས་པར་འཆད་པ་དཔེར་ན། ཆོས་དྲུག་དང་ལྡན་པའི་ དགེ་སློང་ནི་ཁའི་དབུགས་ཀྱིས་རིའི་རྒྱལ་བོ་གངས་རིའང་མཐོར་ན། རོ་ལྟ་བུའི་མ་རིག་པ་ལྟ་ སྨོས་ཀྱང་ཅི་དགོས། དྲུག་པ་གང་ཞེ་ན། སེམས་བསྐྱེད་པ་དང་། གནས་པ་དང་། ལྡང་བ་དང་། འཕེལ་བ་དང་། འབྲི་བ་དང་། ཐབས་ལ་མཁས་པ་སྟེ། དེའང་བསྐྱེད་པ་ནི་བསམ་གཏན་ བཞི་ཐོབ་པ་དང་། གནས་པ་ནི་ཉམས་པ་ཆ་མཐུན་པ་ལས་གནས་པ་ཆ་མཐུན་དུ་བྱེད་པ་དང་། ལྡང་བ་ནི་གནས་པ་ཆ་མཐུན་ལས་ཁྱད་པར་ཆ་མཐུན་དུ་བྱེད་པ་དང་། འཕེལ་བ་ནི་དགེ་བ་ མ་སྐྱེས་པ་སྐྱེད་ཅིང་སྐྱེས་པ་རྣམས་སྤེལ་བ་དང་། འབྲི་བ་ནི་སྡིག་པ་སྐྱེས་པ་རྣམས་སྤོང་ཞིང་ མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། ཐབས་ལ་མཁས་པ་ནི་རྫུ་འཕྲུལ་གྱི་རྐང་བ་བཞི་ཐོབ་པའོ་ ཞེས་པ་ལྟ་བུ་བཟླས་ཏེ་བརྗོད་པའི་སྒོ་དང་། གང་དུ་ཚིག་རེ་རེའང་བཞི་ལ་སོགས་པས་སྟོན་ དེ་རེ་རེའང་བཞི་བཞི་ལ་སོགས་པས་ཐུག་པ་མེད་པར་སྒྲུབ་པ་དཔེར་ན། སངས་རྒྱས་རྩོམ་ པའི་མདོར། བཞི་བོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་ སྦྱོང་བར་བྱེད་པའི་ཆོས་རྣམས་ཏེ། སྟོང་པ་ཉིད་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་ཞེ་ འགྲས་པ་མེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་ཕན་པ་སྒྲུབ་པ་དང་། ཟང་ ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་གཏོང་བའོ། །དེ་ལ་ཆོས་བཞི་དང་ལྡན་ན་སྟོང་པ་ 1-1-827 ཉིད་སྒོམ་པ་སྟེ། ནང་དུ་སེམས་རྣམ་པར་མི་རྟོག་པ་ལ་གནས་པ་དང་། མོས་སྤྱོད་དུ་ཐོས་ བསམ་གྱི་ཤེས་རབ་སྐྱེད་པ་དང་། སློབ་ལམ་དུ་ཆོས་ཐམས་ཅད་ཇི་ལྟ་བར་རྟོགས་པར་བྱེད་ པ་དང་། མི་སློབ་ལམ་དུ་སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་བར་བྱེད་པའོ། །ཆོས་བཞི་ དང་ལྡན་ན་སེམས་ཅན་ལ་ཞེ་འགྲས་པ་མེད་པ་སྟེ། ཚེ་རབས་སྔ་མའི་བྱམས་པ་སྒོམ་པ་དང་། ལོག་པར་སྒྲུབ་པ་ལ་སེམས་མི་འཁྲུགས་པ་དང་། གནོད་པ་བྱེད་པའི་མཚན་མ་ལ་མི་རྟོག་པ་ དང་། གཞན་ལ་ཕན་པའི་འབད་པ་ལ་མི་སྐྱོ་བའོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་ དཔའ་ལ་ཕན་པ་སྒྲུབ་པ་སྟེ། བདག་ཉིད་ལ་ཡོངས་སུ་འཇལ་ཞིང་ང་རྒྱལ་མེད་པ་དང་། དམའ་བ་ལ་ཡང་དག་པའི་གདམས་ངག་སྟོན་པ་དང་། མཚུངས་པ་ལ་དེས་ཤིང་འགྲོགས་ན་ བདེ་བ་དང་། ལྷག་པ་ལ་མཆོད་ཅིང་བསྙེན་བཀུར་བྱེད་པའོ། །ཆོས་བཞི་དང་ལྡན་ན་ཟང་ ཟིང་མེད་པར་ཆོས་སྟོན་པ་སྟེ། རྙེད་པ་དང་བཀུར་སྟི་ལ་བར་ཆོད་དུ་ཤེས་པ་དང་། རྨོངས་པ་ དང་བྱིང་བ་སེལ་བ་ལ་མཁས་པ་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཡིད་བདེ་བ་སྒྲུབ་ པ་དང་། རང་བཞིན་གྱིས་མགོན་བྱེད་པའི་ཆོས་ལ་དགའ་བའོ་ཞེས་པ་རྣམས་ཀྱི་སྟོང་ཉིད་ སྒོམ་པས་རང་དོན་དང་ཡེ་ཤེས་ཀྱི་ཚོགས་བསྟན་ཞིང་། ཕྱི་མ་གསུམ་གསུམ་གྱིས་གཞན་དོན་ དང་བསོད་ནམས་ཀྱི་ཚོགས་བསྟན་ལ། གཞན་རྣམས་ཀྱིའང་དང་པོ་རེ་རེས་གང་ལ་བརྟེན་ ནས་སྒྲུབ་པ་དང་། ཕྱི་མ་གསུམ་གསུམ་གྱིས་ཇི་ལྟར་སྒྲུབ་པ་སྟོན་པ་ལྟ་བུ་མངོན་པར་བསྒྲུབ་ པའི་སྒོའོ། ། གསུམ་པ་རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ་རྣམ་པར་ངེས་པ་གང་ཞེ་ན། ཇི་སྐད་དུ་བསྟན་ པའི་ཆོས་ཕུང་པོ་ལ་སོགས་པ་རྣམས་ལ་ཅི་རིགས་སུ་སྦྱར་ནས་གཏན་ལ་འབེབས་པ་སྟེ། དེ་ ཡང་གཅིག་ནས་རྟོག་པ་ནི་ཆོས་དུ་མ་སྡེ་ཚན་གཅིག་ཏུ་བྱས་པའི་(སྐྱེ་མཆེད་བཅུ་གཉིས་ཞེས་སོགས་ ཀྱི་)ཆོས་དང་པོ་གཞན་ལྷག་མ་དུ་ཡོད་པ་དང་སྦྱར་ནས་འདྲི་ཞིང་། དེ་བཞིན་དུ་གཉིས་པ་ལ་ 1-1-828 སོགས་པའང་གཞན་ཐམས་ཅད་དང་སྦྱར་ནས་དྲིས་ཏེ་ངེས་པར་བྱེད་པ་དཔེར་ན། གང་མིག་ གི་སྐྱེ་མཆེད་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་ནམ་གཟུགས་ཀྱི་སྐྱེ་མཆེད་དང་ ལྡན་པ་དེ་མིག་གི་སྐྱེ་མཆེད་དང་ལྡན་ནམ་ཞེས་པ་ལ་དང་པོའོ་ཞེས་པ་དང་། གང་མིག་གི་སྐྱེ་ མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ཡང་ལྡན་ནམ་ཞེས་པ་ནས་ཆོས་ཀྱི་སྐྱེ་མཆེད་དང་ ཡང་ལྡན་ནམ་ཞེས་པ་ལ་སོགས་པས་རེ་རེ་ནས་རྣམ་པར་དཔྱོད་པ་ལྟ་བུ་དང་། ཚིག་གོང་མ་ དང་སྦྱོར་བ་ནི་ཤེས་པ་གང་ཡིན་པ་ཤེས་བྱའང་དེ་ཡིན་ནམ་ཤེས་བྱ་གང་ཡིན་པ་ཤེས་པའང་ དེ་ཡིན་ནམ་ཞེས་ཟུང་དུ་དྲིས་པ་ལས། ཤེས་པ་ནི་ཤེས་པ་གཞན་ནམ་རང་རིག་གི་ཤེས་བྱ་ ཡིན་པས་སྔ་མའོ་ཞེས་གོང་མ་ལ་བརྟེན་ནས་ལུང་སྟོན་པ་དང་། ཚིག་འོག་མ་དང་སྦྱོར་བ་ ནི་གཟུང་བ་གང་ཡིན་པ་འཛིན་པའང་དེ་ཡིན་ནམ་འཛིན་པ་གང་ཡིན་པ་གཟུང་བའང་དེ་ ཡིན་ནམ་ཞེས་པ་ལ། མིག་ལ་སོགས་པའང་ཡིད་ཤེས་ཀྱི་གཟུང་བྱ་ཡིན་པས་ཕྱི་མའོ་ཞེས་ འོག་མ་ལ་བརྟེན་ནས་ལུང་སྟོན་པ་དང་། མུ་གཉིས་པ་ནི་ཕུང་པོའི་གྲངས་གཅིག་གང་ཡིན་ པ་ཁམས་ཀྱི་གྲངས་གཅིག་ཀྱང་དེ་ཡིན་ནམ་ཁམས་ཀྱི་གྲངས་གཅིག་གང་ཡིན་པ་ཕུང་པོའི་ གྲངས་གཅིག་ཀྱང་དེ་ཡིན་ནམ་ཞེས་པ་ལ། ཕུང་པོའི་གྲངས་གཅིག་ཡིན་ལ་ཁམས་ཀྱི་གྲངས་ གཅིག་མ་ཡིན་པ་གཟུགས་དང་རྣམ་ཤེས་ཀྱི་ཕུང་པོ་དང་། ཁམས་ཀྱི་གྲངས་གཅིག་ཡིན་ལ་ ཕུང་པོའི་གྲངས་གཅིག་མ་ཡིན་པ་ཆོས་ཀྱི་ཁམས་ཏེ་དེ་དག་ལས་གཞན་མེད་ཅེས་པ་ལྟ་བུ་ མཐའ་གཉིས་སུ་ངེས་པར་སྟོན་པ་དང་། མུ་གསུམ་པ་ནི་ཕུང་པོའི་དང་སྐྱེ་མཆེད་ཀྱི་གྲངས་ལ་ འདྲི་ན། ཕུང་པོའི་གྲངས་གཅིག་ཡིན་ལ་སྐྱེ་མཆེད་ཀྱི་མ་ཡིན་པ་གཟུགས་ཀྱི་ཕུང་པོ་དང་། སྐྱེ་ མཆེད་ཀྱི་གྲངས་གཅིག་ཡིན་ལ་ཕུང་པོའི་གྲངས་མ་ཡིན་པ་ཆོས་ཀྱི་སྐྱེ་མཆེད་དང་། གཉིས་ ཀའི་གྲངས་རེ་རེ་ཡིན་པ་རྣམ་ཤེས་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དེ་དེ་རྣམས་ལས་གཞན་མེད་ ཅེས་པ་ལྟ་བུ་མཐའ་གསུམ་དུ་ངེས་པར་སྟོན་པ་དང་། མུ་བཞི་པ་ནི་གང་མིག་དང་ལྡན་པ་དེ་ 1-1-829 རྣ་བ་དང་ཡང་ལྡན་ནམ་ཞེས་སོགས་འདྲི་ན། མིག་དང་ལྡན་པ་རྣ་བ་དང་མི་ལྡན་པ་མིག་སྐྱེས་ ཤིང་མ་ཉམས་ལ་རྣ་བ་འོན་པ་དང་། རྣ་བ་དང་ལྡན་ལ་མིག་དང་མི་ལྡན་པ་རྣ་བ་སྐྱེས་ཤིང་མ་ ཉམས་ལ་མིག་ལོང་བ་དང་། གཉི་ག་དང་ལྡན་པ་གཉི་ག་སྐྱེས་ཤིང་མ་ཉམས་པ་དང་། གཉིས་ ཀ་དང་མི་ལྡན་པ་དེ་རྣམས་མ་གཏོགས་པ་བུམ་པ་ལ་སོགས་པའོ་ཞེས་པ་ལྟ་བུ་མཐའ་བཞི་ ཡོད་པ་ལུང་སྟོན་པ་དང་། དེ་བཞིན་ནོ་ཞེས་བྱ་བ་ནི་འདུས་བྱས་གང་ཡིན་པ་མི་རྟག་པའང་ དེ་ཡིན་ནམ་མི་རྟག་པ་གང་ཡིན་པ་འདུས་བྱས་ཀྱང་དེ་ཡིན་ནམ་ཞེས་པ་ལ། དེ་དག་ནི་དེ་ཁོ་ ནའོ་ཞེས་པ་ལྟ་བུ་མཐུན་པར་བརྗོད་པས་ལུང་སྟོན་པ་དང་། སྤོང་བ་ན་ཕུང་པོར་མ་གཏོགས་ པའི་འདུ་བྱེད་རྣམས་བདེན་པ་གང་གིས་བསྡུས་ཞེས་པ་ལ་དེ་ལྟ་བུ་མེད་དོ་ཞེས་པ་ལྟ་བུ་དྲི་བ་ ཉིད་སྤོང་བའོ། ། བཞི་པ་ཡང་དག་པར་དྲི་བ་རྣམ་པར་ངེས་པ་གང་ཞེ་ན། (གཉིས་ལས་དང་པོ།)སྒྲའི་རྣམ་དབྱེ་ དང་སྦྱར་ཏེ་དབྱེ་བ་ནི་རྣམ་དབྱེ་བདུན་དབྱེ་བ་དང་བཅས་པ་བརྒྱད་ལས་བརྩམས་ནས་གཏན་ ལ་འབེབས་པ་སྟེ། ཡུམ་དུ་ཆོས་ཐམས་ཅད་མི་དམིགས་པར་གསུངས་པ་སྦྱར་ན། དང་པོ་ གང་ཡང་རུང་བ་བྱེད་པ་པོ་ཅི་ཞིག་མི་དམིགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་ བྱང་ཆུབ་སེམས་དཔའོ། །གཉིས་པ་ལས་སུ་བྱ་བ་ཅི་མི་དམིགས་ན་གཟུང་བ་དང་འཛིན་པའི་ མཚན་ཉིད་དོ། །གསུམ་པ་བྱེད་པ་ཅིས་མི་དམིགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། ། བཞི་པ་དགོས་ཆེད་ཅིའི་ཕྱིར་དུ་མི་དམིགས་ན་སེམས་ཅན་ཐམས་ཅད་སྐྱོབ་པ་དང་བྱང་ཆུབ་ ཆེན་པོ་ཐོབ་པའི་ཆེད་དུའོ། །ལྔ་པ་འབྱུང་ཁུངས་ཅི་ལས་མི་དམིགས་ན་སངས་རྒྱས་འབྱུང་ བ་མཉེས་པར་བྱེད་པ་དང་དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་དང་། རྗེས་ སུ་མཐུན་པའི་ཆོས་སྒྲུབ་པ་ལས་སོ། །དྲུག་པ་འབྲེལ་བ་ཅན་ཅིའི་ཕྱིར་མི་དམིགས་ན་ཆོས་ ཐམས་ཅད་ཀྱིའོ། །བདུན་པ་གནས་སམ་གཞི་ཅི་ཞིག་ཏུ་མི་དམིགས་ན་མོས་པ་སྤྱོད་པའི་ས་ 1-1-830 ནས་ས་བཅུ་པའི་བར་དུའོ། །བརྒྱད་པ་དབྱེ་བ་ཇི་ཙམ་ཞིག་མི་དམིགས་ན་དུས་གསུམ་དང་ ཕྱི་ནང་དང་ཕྲ་རགས་བཟང་ངན་དང་ཉེ་རིང་ལ་སོགས་པའོ་ཞེས་པ་ལྟ་བུ་ཅི་ཞེས་པ་བསྟན་ པ་ཡང་དག་པར་དྲིས་པའི་དོན་གཏན་ལ་འབེབས་ཤིང་རྣམ་པར་ངེས་པར་བྱེད་པ་དང་། ཅི་ ཞེས་བསྟན་པ་ལ་ཇི་ལྟ་བར་གང་ཞེས་བསྟན་པ་ལ་ཡང་དོན་གང་ཞིག་དང་། ལས་སུ་བྱ་བ་ གང་དང་། བྱེད་པ་གང་གིས་དང་། དགོས་ཆེད་གང་གི་ཕྱིར་དང་། བྱུང་ཁུངས་གང་ལས་དང་། འབྲེལ་བ་ཅན་གང་གི་དང་། གནས་གཞི་གང་དུ་དང་། དབྱེ་བ་གང་ཙམ་ཞིག་མི་དམིགས་ ཞེས་དྲིས་པའི་ལན་སྔ་མ་ལྟར་སྦྱར་བ་དེ་བཞིན་ནོ། ། (གཉིས་པ།) རྣམ་པར་ངེས་པའི་ལམ་བཞིར་དབྱེ་བ་ནི། ཡང་རྣམ་པར་དཔྱོད་ཅིང་ངེས་པར་ བྱེད་པའི་ལམ་བཞི་སྟེ། གཞན་གྱི་ཉེས་པའི་ཕྱོགས་ལུང་རིགས་ཀྱིས་འགོག་ཅིང་སུན་འབྱིན་ པ་བྱེད་པ་དང་། རང་གི་ལེགས་པའི་ཕྱོགས་རྒྱུ་མཚན་གྱིས་འཇོག་ཅིང་སྒྲུབ་པར་བྱེད་པ་དང་། གཞན་ལ་ངེས་པ་སྦྱིན་ཞིང་ཐེ་ཚོམ་མཐའ་དག་གཅོད་པར་བྱེད་པ་དང་། དོན་གང་ལ་རྨོངས་ པ་རྣམས་ལ་དེ་ལེགས་པར་བསྟན་ནས་ཁོང་དུ་ཆུད་པར་བྱེད་པའོ། ། ལྔ་པ་བསྡུ་བ་རྣམ་པར་ངེས་པ་གང་ཞེ་ན། གནས་བཅུས་རྣམ་པར་ངེས་པ་ཐམས་ཅད་ བསྡུས་པར་འགྱུར་བ་སྟེ། གནས་བཅུ་གང་ཞེ་ན། འཇིག་རྟེན་པ་རྣམས་ཕན་ཚུན་འཚོ་ཐབས་ ལ་སོགས་པའི་དགོས་པ་ལ་དཔྱོད་པ་བྱ་བ་སྒྲུབ་པ་རྣམ་པར་ངེས་པ་དང་། འཇིག་རྟེན་ལས་ འདས་པ་ཐོབ་པར་འདོད་པ་རྣམས་ཐེག་པ་གསུམ་ལས་གང་ལ་འཇུག་ཅིང་གཞུག་པར་བྱ་ ཞེས་དཔྱོད་པ་འཇུག་པ་རྣམ་པར་ངེས་པ་དང་། དེ་ཡང་ཐོས་བྱུང་ཤེས་རབ་ཀྱིས་ཇི་ལྟར་ཐོས་ པ་བཞིན་ཡིད་ཆེས་པ་མོས་པ་རྣམ་པར་ངེས་པ་དང་། བསམ་བྱུང་ཤེས་རབ་ཀྱིས་སྔ་ཕྱིའི་ དགོངས་པ་འཇལ་བར་རིགས་པས་རྣམ་པར་ངེས་པ་དང་། ཐོས་ཤིང་བསམ་པའི་དོན་ཕན་ ཚུན་གླེང་བས་ཆོས་ལ་ལོངས་སྤྱོད་པ་འབེལ་བའི་གཏམ་གྱིས་རྣམ་པར་ངེས་པ་དང་། མཐོང་ 1-1-831 ལམ་དུ་བདེན་པ་བཞིའི་ཆོས་ཉིད་རབ་ཏུ་རྟོགས་པས་རྣམ་པར་ངེས་པ་དང་། སྒོམ་ལམ་དུ་ ཉོན་མོངས་པ་མ་ལུས་པ་རྣམ་པར་དག་པ་རྣམ་པར་ངེས་པ་དང་། ཁྱད་པར་གྱི་ལམ་གྱིས་ ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པས་རྣམ་པར་ངེས་པ་དང་། མུ་གཉིས་ལ་སོགས་ པས་ཆོས་མཐའ་ཡས་པས་སྟོན་པའི་ཚིག་རབ་ཏུ་དབྱེ་བས་རྣམ་པར་ངེས་པ་དང་། དེ་བཞིན་ གཤེགས་པའི་ཡེ་ཤེས་ཐོབ་པ་ན་ལུས་ལ་ཆགས་པ་དང་ཐོགས་པ་མེད་པར་འཇུག་པས། འབད་མི་དགོས་ཤིང་བཞེད་པ་ཙམ་གྱིས་བྱ་བ་མཐའ་དག་འགྲུབ་པ་ནི་ལྷུན་གྱིས་གྲུབ་པ་དང་ རྩོལ་བ་ཙམ་གྱིས་དོན་ཐམས་ཅད་གྲུབ་པ་རྣམ་པར་ངེས་པའོ། ། དྲུག་པ་སྨྲ་བ་རྣམ་པར་ངེས་པ་གང་ཞེ་ན། (གཉིས་ལས་དང་པོ།)མདོར་བསྟན་ནི། ངོ་བོ་སྨྲ་བ་ དང་། དབང་པོ་སྨྲ་བའི་ཞལ་ཆེ་བ་དང་། བརྗོད་བྱ་སྨྲ་བའི་གཞི་དང་། ཡོན་ཏན་སྨྲ་བའི་རྒྱན་ དང་། སྐྱོན་སྨྲ་བ་ཆད་པས་གཅད་པ་དང་། བྱ་མི་བྱ་བརྟག་པ་སྨྲ་བ་ལས་འབྱུང་བ་དང་། ངེས་ པར་དགོངས་པ་སྨྲ་བ་ལ་གཅེས་སྤྲས་སུ་བྱེད་པའི་ཆོས་རྣམས་ལ་མཁས་པ་སྟེ། ཐོས་པའི་ སར་ཡང་། སྨྲ་དང་དེ་ཡི་ཞལ་ཆེ་བ། །དེ་ཡི་གཞི་དང་རྒྱན་རྣམས་དང་། །དེ་ཡི་ཆད་པས་གཅད་ པ་དང་། །འབྱུང་དང་གཅེས་སྤྲས་བྱ་བའོ། །ཞེས་གསུངས་པ་རྣམས་སོ། ། (གཉིས་པ།) རྒྱས་བཤད་ལ། དེ་ལྟར་བདུན་གྱི་དང་པོ་སྨྲ་བ་གང་ཞེ་ན། (དེ་ལའང་གཉིས་ལས་ དང་པོ།)དབྱེ་བ་ནི། སྨྲ་བ་དང་རྨ་ཁྱེར་བ་ནི་སྤྱི་དང་ཁྱད་པར་དུ་སྨྲ་བ་དང་། རྩོད་པ་སྨྲ་བ་དང་ ཚིག་ངན་པ་སྨྲ་བ་ནི་སྤང་བར་བྱ་བ་དང་། མཐུན་པར་སྨྲ་བ་དང་བའོ། །གདམས་པ་སྨྲ་བ་ནི་ བླང་བར་བྱ་བའོ། ། (གཉིས་པ།) ངོ་བོ་ལ། སྨྲ་བ་ནི་ཐུན་མོང་བ་སྟེ་ཚིག་གམ་ངག་ཏུ་བརྗོད་པ་ཐམས་ཅད་དོ། །རྨ་ ཁྱེར་བར་སྨྲ་བ་ནི་འཇིག་རྟེན་ན་ཐམས་ཅད་ཀྱིས་ངོ་མཚར་དུ་བྱེད་པའི་གྲགས་པ་ཁྱད་པར་ དུ་སྨྲ་བའོ། །རྩོད་པ་སྨྲ་བ་ནི་ཕན་ཚུན་(ཁྱིམ་པ་)འདོད་ཡོན་དང་(རབ་བྱུང་)ལྟ་སྤྱོད་ལ་མི་མཐུན་ 1-1-832 པར་གནས་པས་རྩོད་པའོ། །ཚིག་ངན་པ་སྨྲ་བ་ནི་ཕན་ཚུན་ཚིག་བརླང་བོས་ཉེ་བར་གནས་ པ་སྟེ་ཚིག་རྩུབ་དང་ངག་ཀྱལ་དང་ཚོགས་སུ་དབྱུང་བར་མི་འོས་པ་དང་ཆོས་ལོག་འཆད་པ་ ལ་སོགས་པའོ། །མཐུན་པར་སྨྲ་བ་ནི་མཐོང་ལམ་ལ་སོགས་པ་ཡེ་ཤེས་མཐོང་བ་རྣམ་པར་ དག་པ་དང་རྗེས་སུ་མཐུན་པའི་འབེལ་བའི་གཏམ་གྱིས་དམ་པའི་ཆོས་ཟབ་མོ་གཏན་ལ་ འབེབས་ཤིང་རྣམ་པར་ངེས་པར་བྱེད་པའོ། །གདམས་པ་སྨྲ་བ་ནི་གདུལ་བྱ་སེམས་མཉམ་ པར་མ་བཞག་པ་རྣམས་ལ་མཉམ་པར་གཞག་པར་བྱ་བའི་ཕྱིར་ཞི་གནས་སྐྱེ་བའི་ཐབས་དང་། སེམས་མཉམ་པར་བཞག་པ་རྣམས་ལ་རྣམ་པར་ཐར་བར་བྱ་བའི་ཕྱིར་ལྷག་མཐོང་འཕེལ་ བའི་ཐབས་སྟོན་པའོ། ། གཉིས་པ་སྨྲ་བའི་ཞལ་ཆེ་བ་ནི། གང་གི་མདུན་དུ་སྨྲ་བར་བྱ་བའི་དཔང་བོ་སྟེ། (བཀའ་ བཙན་གྲགས་ལྡན་ཤེས་རབ་ཅན།)རྒྱལ་བོ་རང་ཉིད་མངོན་སུམ་དུ་བཞུགས་པ་དང་། དེས་(དཔང་བོར་) བསྐོས་པའི་བློན་པོ་ལ་སོགས་པ་འདུས་པའི་ས་དང་། ཚོང་བ་ལ་སོགས་པ་སྐྱེ་བོ་མང་པོ་ འདུས་(ན་མཁས་པ་ཡང་ཡོད་སྲིད་)པ་དང་། གང་གི་ཚིག་ལ་རྒོལ་ཕྱི་རྒོལ་གཉིས་ཀ་ཡིད་ཆེས་པ་ ཚད་མར་རུང་བའི་ཟླ་གྲོགས་རྣམས་དང་། ནང་བའི་དགེ་སྦྱོང་དང་ཐུན་མོང་བའི་བྲམ་ཟེ་རྗོད་ བྱེད་ཀྱི་ཆོས་དང་བརྗོད་བྱའི་དོན་ལ་མཁས་ཤིང་བློ་བྱང་བ་རྣམས་སོ། ། གསུམ་པ་སྨྲ་བའི་གཞི་ལ། (གཉིས་ལས་དང་པོ།)མདོར་བསྟན་ནི། གང་ལ་བརྟེན་ནས་སྨྲ་ བར་བྱ་བ་སྟེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའོ། །བསྒྲུབ་པར་བྱ་བ་ནི་ངོ་བོ་ཉིད་ བསྒྲུབ་པར་བྱ་བ་དང་ཁྱད་པར་བསྒྲུབ་པར་བྱ་བ་གཉིས་སུ་འགྱུར་རོ། །སྒྲུབ་པར་བྱེད་པ་ནི་ དམ་བཅའ་བ་དང་གཏན་ཚིག་དང་དཔེ་དང་ཉེ་བར་སྦྱོར་བ་དང་མཇུག་སྡུད་པ་སྟེ་རྗེས་དཔག་ སྐྱེ་བར་བྱེད་པའི་ཆོས་ལྔ་དང་། མངོན་གྱུར་ལ་འཇུག་པ་ན་མངོན་སུམ་ཚད་མ་དང་། ལྐོག་ གྱུར་ལ་འཇུག་པ་ན་རྗེས་སུ་དཔག་པ་ཉིད་དང་། ཤིན་ཏུ་ལྐོག་གྱུར་ལ་འཇུག་པ་ན་ཡིད་ཆེས་ 1-1-833 པའི་ལུང་ངོ་། ། (གཉིས་པ།) རྒྱས་བཤད་(ལ་གཉིས་)ཀྱི། (དང་པོ།)བསྒྲུབ་བྱ་གཉིས་རྒྱས་པར་བཤད་པ་ལ། ངོ་བོ་ཉིད་བསྒྲུབ་པར་བྱ་བ་ནི་གང་ཟག་ལ་སོགས་པའི་བདག་གི་ངོ་བོ་ཉིད་དང་། ཕུང་པོ་ལ་ སོགས་པ་ཆོས་ཀྱི་ངོ་བོ་ཉིད་ཡོད་དོའམ་མེད་དོ་ཞེས་པའོ། །ཁྱད་པར་བསྒྲུབ་པར་བྱ་བ་ནི་ བཞི་བརྒྱ་བར། (ཕྱི་རོལ་པ་)ལ་ལས་(བདག་)ཀུན་ཏུ་སོང་བར་མཐོང་། །ལ་ལས་སྐྱེས་བུའི་ལུས་ ཙམ་ཞིག །ལ་ལས་རྡུལ་ཙམ་ཞིག་མཐོང་སྟེ། །(ནང་པ་)ཤེས་རབ་ཅན་གྱིས་(བདག་)མེད་པར་ མཐོང་། །ཞེས་པ་ལྟ་བུ་བདག་གི་ཁྱད་པར་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ ལ་སོགས་པ་ཆོས་ཀྱི་ཁྱད་པར་རོ། ། (གཉིས་པ།) སྒྲུབ་བྱེད་བརྒྱད་རྒྱས་པར་བཤད་པ་ལ། དམ་བཅའ་བ་ནི་བདག་ཉིད་ཞེ་ནས་ འདོད་པས་གཞན་འདོད་པ་(དམ་བཅའ་ཡིན་པ་)སེལ་ཞིང་བསྒྲུབ་པར་བྱ་བའི་དོན་གྱིས་གྲུབ་ཟིན་ པ་སེལ་ལ་གཞན་ལ་(ངག་གིས་)གོ་བར་སྟོན་པས་རང་གཅིག་པུ་སྨྲ་བ་དང་། ལུས་ཀྱི་བརྡ་བྱེད་ པ་དང་ཉན་པ་པོས་དོན་དེ་མ་ཤེས་པའང་དམ་བཅའ་ཡིན་པ་བསལ་ནས་(ཐམས་ཅད་)ཚོགས་ པས་དམ་བཅར་མཚོན་ཏེ། རྒོལ་བས་ཕྱིར་རྒོལ་ལ། ལ་ལ་མེ་ཡོད་ཅེས་སྟོན་པ་ལྟ་བུའོ། ། གཏན་ཚིགས་ནི་བསྒྲུབ་པར་བྱ་བ་དེ་ཉིད་སྒྲུབ་པ་ལ། སྔར་མ་གྲགས་ཤིང་མ་གྲུབ་པའི་དོན་ ལ་ཕྱིས་ཡིད་ཆེས་པ་སྐྱེད་པར་བྱེད་པའི་རྒྱུ་མཚན་དུ་བ་ལྟ་བུ་(རྟགས་འཛིན་ལ་)མངོན་སུམ་དུ་ དམིགས་པ་དང་། གཅིག་དང་དུ་བྲལ་ལྟ་བུ་མ་དམིགས་པ་(རིམ་གྱིས་) བསྙད་པའོ། །དཔེ་ནི་ དུ་བ་ལ་མེས་ཁྱད་པའི་མཐའ་མཐོང་ཞིང་གྲགས་པའི་ཆ་ཚང་མང་དང་། སྔར་དེ་ལྟར་མཐའ་ མ་མཐོང་ཞིང་མ་གྲགས་པའི་ཆ་རྩོད་གཞི་ཆོས་ཅན་ལ། གཉིས་པོ་རྟགས་དང་ཆོས་ཡོད་དུ་ མཚུངས་པར་སྦྱར་ཞིང་བསྙད་པ་ལྟ་བུ་རྟགས་ལ་ཆོས་ཀྱིས་ཁྱབ་པ་གསལ་བར་སྟོན་པའི་ གཞིའོ། །ཉེ་བར་སྦྱར་བ་ནི་དེ་ལྟར་བསྒྲུབས་ཟིན་པའི་བསྒྲུབ་བྱ་དེའི་རིགས་ཀྱི་ཆོས་ལྷག་མ་ 1-1-834 སྔར་མ་གྲུབ་ཀྱང་གྲུབ་པ་དེ་དང་རིགས་འདྲ་བ་ལ་གྲུབ་ཟིན་པ་དེའི་སྒྲུབ་བྱེད་ཀྱི་ཆོས་སྦྱར་ བའི་ཚུལ་གྱིས་རིགས་པ་མཚུངས་པའི་སྒོ་ནས་མཐུན་པར་བསྙད་པ་སྟེ། ལ་ལ་དུ་བ་ཡོད་པའི་ ཕྱིར་མེ་ཡོད་པ་ལྟར་བུད་ཤིང་གི་རྣམ་པར་འགྱུར་བ་ཡང་ཡོད་དོ་ཞེས་པ་ལྟ་བུའོ། །མཇུག་སྡུད་ པ་ནི་དེ་ལྟར་རིགས་པས་ལེགས་པར་འཐད་པ་དེའི་ཕྱིར་འདི་ནི་དེ་བཞིན་ཁོ་ནའོ་ཞེས་མཐར་ ཕྱིན་པར་བསྙད་པའོ། །དེ་དག་ཀྱང་དཔེར་བརྗོད་ན། (དམ་བཅའ་)ལ་ལ་མེ་ཡོད་དེ་(གཏན་ཚིགས་) དུ་བ་ཡོད་པའི་ཕྱིར། (དཔེ་)ཚང་མང་བཞིན། (ཉེ་བར་སྦྱར་བ་)རིགས་པ་འདིས་བུད་ཤིང་གི་རྣམ་ པར་འགྱུར་བ་ཡོད་ལ། (མཇུག་སྡུད་པ།)དེའི་ཕྱིར་ལ་ལ་མེ་དང་བུད་ཤིང་གི་རྣམ་འགྱུར་ཡོད་པར་ གྲུབ་པོ་ཞེས་པ་ལྟ་བུའམ། ཕུང་པོ་ལ་བདག་མེད་དེ་(གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་ཞིང་འཇིག་པ་ཅན་ དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པ་ལྟར་རོ། །)དེ་ཉིད་གཞན་ ལ་སོགས་པར་བརྟགས་ན་མི་འཐད་པའི་ཕྱིར། ད་ལྟར་བ་ལ་འདས་པ་གདགས་སུ་མེད་པ་ བཞིན། རིགས་པ་འདིས་རྟག་པ་ལ་སོགས་པ་ཡང་མེད་ལ། དེའི་ཕྱིར་ཕུང་པོ་ལྔ་མི་རྟག་པ་ ནས་བདག་མེད་པ་གྲུབ་པོ་ཞེས་པ་ལྟ་བུའོ། །མངོན་སུམ་ནི་མིག་གི་གཟུགས་ལྟ་བུ་རང་རང་ གི་གཟུང་བར་བྱ་བའི་དོན། བཞི་བརྒྱ་བར། གཟུགས་(ཀྱི་ཆ་)མཐོང་(བའི་)ཚེ་ན་བུམ་པ་ནི། །(དྲི་ སོགས་)ཐམས་ཅད་ཁོ་ན་མཐོང་མི་འགྱུར། །བུམ་པ་མངོན་སུམ་ཞེས་བྱ་བའང་། །(བཏགས་པ་ཙམ་ ཡིན་གྱི་དོན་ལ་ཡོད་པར་)དེ་ཉིད་རིག་པ་སུ་ཞིག་སྨྲ། །ཞེས་པ་ལྟར་རྫས་དུ་མ་ཚོགས་པ་ལ་བཏགས་ པ་མ་ཡིན་པར་རང་མཚན་སོ་སོ་བར་ཡོད་ཅིང་སྒྲིབ་པ་ལ་སོགས་པས་མི་སྣང་བ་མ་ཡིན་པར་ སྣང་ལ། མགལ་མེ་བསྐོར་བ་དང་། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པའི་ནོར་བ་མ་ཡིན་པར་མ་ ནོར་བར་འཛིན་པའི་ཤེས་པ་སྟེ། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་པ་ལྟ་བུའོ། །རྗེས་ སུ་དཔག་པ་ནི། གཞལ་བྱ་མངོན་སུམ་དུ་གྱུར་པ་ཉིད་ཀྱི་ལྷག་མ་ལྐོག་གྱུར་ལ། དེ་དང་འབྲེལ་ པ་ངེས་པའི་རྟགས་ཡང་དག་ལས་ཡིད་ཆེས་ཤིང་སྒྲོ་འདོགས་ཆོད་པའི་ཤེས་པ་སྟེ། ཚུལ་ 1-1-835 གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་པ་ལྟར་དུ་བ་མཐོང་བ་ལས་མེ་ཡོད་པར་རྟོགས་ པ་ལྟ་བུའོ། །ཡིད་ཆེས་པའི་ལུང་ནི། (རྣམ་འགྲེལ་དུ།)གནས་གསུམ་པར་ནི་འཕོ་བ་ན། །བསྟན་ བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་པ་ལྟར་ཏེ། མཐོང་དང་མ་མཐོང་བ་དག་ལ། །རིགས་ པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་ཏེ། །གཟུང་བར་བྱ་ཕྱིར་ སྤྱོད་འཇུག་འགྱུར། །ཞེས་པ་ལྟར་མངོན་གྱུར་གྱི་ཆ་སྟོན་པ་ན་མངོན་སུམ་དང་མི་འགལ་ཞིང་ ལྐོག་གྱུར་གྱི་ཆ་སྟོན་པ་ན་རྗེས་དཔག་དང་མི་འགལ་བས་ཚད་མ་དེ་གཉིས་ཀ་དང་མི་འགལ་ ལ། རང་ཚིག་དང་ཡང་མི་འགལ་བས། དོན་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་ གཞུང་ལུགས་རྣམ་པར་དག་པའོ། ། བཞི་པ་སྨྲ་བའི་རྒྱན་ནི། གང་དང་ལྡན་ན་སྨྲ་བ་མཛེས་པར་བྱེད་པ་སྟེ། བདག་དང་གཞན་ གྱི་གྲུབ་མཐའ་སྟོན་པའི་གཞུང་ལུགས་རྣམས་ཚིག་དོན་སྔ་ཕྱི་རྒྱུན་ཆགས་པར་ཤེས་ཤིང་སྟོན་ པར་ནུས་པ་དང་། འཆད་པར་འགྱུར་བའི་གཏམ་གྱི་ཉེས་པ་ཅལ་ཅོལ་ལ་སོགས་པ་མེད་ པས་ཚིག་ཟུར་ཕྱིན་ཞིང་རྗོད་པ་དག་པ་ཕུན་སུམ་ཚོགས་པ་དང་། མཁས་པ་དུ་མ་འདུས་པའི་ དབུས་སུ་ཡང་བག་ཚ་བ་མེད་ཅིང་མི་འཇིགས་པར་སྨྲ་བ་དང་། ཕ་རོལ་བའི་ངག་རྫོགས་པའི་ རྗེས་སུ་ཡིད་དལ་དུ་སྨྲ་བས་བརྟན་པ་དང་། རང་བཞིན་བཟང་བས་གཟུ་བོར་གནས་པ་དང་ ཕྱིར་རྒོལ་གྱི་སེམས་དང་མཐུན་པར་བྱེད་པའོ། ། ལྔ་པ་སྨྲ་བ་ཆད་པས་བཅད་པ་ནི། གང་དང་ལྡན་ན་སྨྲ་བ་ཚར་གཅད་པར་འགྱུར་བ་སྟེ། གཏམ་རྗེས་གཅོད་པ་དང་གཏམ་འཕྲོ་ལུས་པ་དང་གཏམ་གྱི་ཉེས་པའོ། །དེ་ལ་གཏམ་རྗེས་ གཅད་པ་ནི་བདག་ནི་མ་ལེགས་སོ་(མ་བརྟགས་པའོ་མི་རིགས་པའོ་མ་འབྲེལ་བའོ། །)ཞེས་པ་ལ་སོགས་པས་རང་ གི་སྨྲ་བའི་སྐྱོན་ཁས་བླངས་པ་དང་། ཁྱོད་ཀྱི་ནི་ལེགས་སོ་(བརྟགས་པའོ་རིགས་པའོ་འབྲེལ་བའོ། །)ཞེས་པ་ལ་སོགས་ པས་གཞན་གྱི་སྨྲ་བའི་ཡོན་ཏན་ཁས་བླངས་པ་སྟེ་དེ་ཕྱིན་ཆད་སྨྲར་མེད་པའོ། །གཏམ་གྱི་འཕྲོ་ 1-1-836 ལུས་པ་ནི་འདི་ལྟར་ཕ་རོལ་བོས་ཟིལ་གྱིས་མནན་པས་དམ་བཅའ་སྔ་མ་བཏང་ནས་གཞན་ འཛིན་པ་ལ་སོགས་པ་གཏམ་གཞན་ནས་གཞན་བརྒྱུད་པའམ། སྐབས་སུ་བབ་པ་བོར་ནས་ ཟས་སྐོམ་དང་རྒྱལ་བོའི་གཏམ་ལ་སོགས་པ་གཏམ་གཞན་སྨྲ་བ་སྟེ། ཁྲོ་བ་སྟོན་པ་དང་(ཞེ་སྡང་ དང་)ང་རྒྱལ་སྟོན་པ་དང་འཆབ་པ་སྟོན་པ་དང་(མནར་སེམས་དང་)མི་བཟོད་པ་(དང་རྐྱེན་ངན་)སྟོན་པ་ དང་། (ཅང་མི་སྨྲ་)ཡུལ་ཡུལ་བོར་གྱུར་(ཕྲག་པ་བཅུམ། གདོང་སྨད། སེམས་ཁོང་དུ་ཆུད། སྤོབས་པ་མེད་)པ་ལ་ སོགས་པ་མདོ་སྡེ་ལས་ཇི་སྐད་འབྱུང་བ་(བཅུ་གསུམ་ཐོས་པའི་སར་གསུངས་པ་)ལྟ་བུའོ། །གཏམ་གྱི་ ཉེས་པ་ནི་སྐབས་སུ་མ་བབ་པའི་གཏམ་སྣ་ཚོགས་སྨྲ་བ་ཅལ་ཅོལ་དང་། ཁྲོས་པའམ་དགའ་ བས་གཡེངས་ཏེ་འཁྲུགས་པ་དང་། ཚིག་དང་དོན་འཁོར་དང་ཕྱིར་རྒོལ་གྱིས་མི་གོ་བ་བརྡ་ སྤྲད་དུ་མི་རུང་བ་དང་། ལྷག་པའམ་ཟློས་པའམ་ཉུང་བས་རན་པ་མ་ཡིན་པ་དང་། དགོས་ པའི་དོན་མེད་པ་དང་། བརྗོད་བྱའི་དོན་དང་བྲལ་བ་དང་། མ་ངེས་ཤིང་རིགས་པ་དང་བྲལ་བ་ དང་། སྒྲུབ་བྱེད་ཀྱང་བསྒྲུབ་བྱ་འདྲ་བར་སྒྲུབ་དགོས་པ་དང་། ཚུལ་བཞིན་མ་ཡིན་ཞིང་ཚོགས་ སུ་དབྱུང་བར་མི་འོས་པའི་ལྷག་ཆད་ཅན་རྣམས་ནི་དོན་དང་ལྡན་པ་མ་ཡིན་པ་དང་། སྔར་སྨྲ་ བར་བྱ་བའི་ཕྱིས་སྨྲ་ཞིང་ཕྱིས་སྨྲས་པས་ཆོག་པ་སྔར་སྨྲ་བ་དུས་ཚིགས་མ་ཡིན་པར་སྨྲ་བ་དང་། དམ་བཅས་ནས་སྨོད་ཅིང་སྨད་ནས་(ཡང་དེ་ཉིད་)དམ་འཆའ་བ་དང་(ཧ་ཅང་)མྱུར་ཆེས་པས་ རྟབ་རྟབ་པོར་གྱུར་པ་མི་བརྟན་པ་དང་། སྒྲའི་མཚན་ཉིད་དང་འགལ་བ་དང་། རྗེས་བརྗོད་མ་ བྱས་པར་ལན་སྨྲ་བ་དང་། ལེགས་སྦྱར་གྱིས་མགོ་བརྩམས་ནས་ཕལ་སྐད་ཀྱིས་མཐར་ཕྱིན་ པ་དང་། ཕལ་སྐད་ཀྱིས་མགོ་བརྩམས་ནས་ལེགས་སྦྱར་གྱིས་མཐར་འབྱིན་པ་ལ་སོགས་པ་ མི་གསལ་བ་དང་། བར་སྐབས་སུ་ཚིག་དང་སྤོབས་པ་ཐོགས་རྡུག་དང་བཅས་པས་ཚིག་རྒྱུན་ ཆགས་པ་མ་ཡིན་པའོ། ། དྲུག་པ་སྨྲ་བ་ལས་ངེས་པར་འབྱུང་བ་ནི། སྐྱོན་ཡོན་བརྟགས་ནས་སྨྲ་མི་སྨྲའི་ཚོད་ཤེས་ 1-1-837 པ་སྟེ། དེའང་ཕྱིར་རྒོལ་བ་མི་དགེ་བ་ལས་བསླངས་ནས་དགེ་བ་ལ་གཞག་པར་མི་ནུས་པས་ སྣོད་མ་ཡིན་པ་དང་། འཁོར་འདུས་པ་རྣམས་ཀྱང་ཉེས་ལེགས་མི་གོ་ཞིང་གཟུ་བོར་མི་གནས་ པས་ཡོན་ཏན་མེད་པ་དང་། བདག་ཀྱང་སྨྲ་བའི་རྒྱན་ལ་སོགས་པ་དང་མི་ལྡན་ཞིང་མི་མཁས་ པར་རིག་སྨྲ་བར་མི་བྱ་བ་དང་། དེ་དག་ལས་བཟློག་སྟེ་ཕྱིར་རྒོལ་བ་ལྟ་བ་ངན་པ་སྤངས་ནས་ ཡང་དག་པའི་ལྟ་བ་ལ་སྦྱར་དུ་རུང་བ་སྣོད་དུ་གྱུར་པ་ཞིག་གམ། འཁོར་འདུས་པ་རྣམས་ཀྱང་ ཉེས་བཤད་ལེགས་བཤད་ཀྱི་ཆ་རྣམ་པར་འབྱེད་ཤེས་ཤིང་གཟུ་བོར་གནས་པ་ལ་སོགས་ པའི་ཡོན་ཏན་དང་ལྡན་ནམ། བདག་ཀྱང་རང་གི་ལེགས་པའི་ཡོན་ཏན་སྐྱོང་བ་དང་། གཞན་ གྱི་ཉེས་པའི་སྐྱོན་ཚར་གཅོད་པ་ལ་སོགས་པ་ལ་མཁས་པ་རིག་ནས་སྨྲ་བར་བྱའོ། ། བདུན་པ་སྨྲ་བ་ལ་གཅེས་སྤྲས་སུ་བྱེད་པའི་ཆོས་རྣམས་ལ། (གསུམ་ལས་དང་པོ།)ངེས་པར་ དགོས་པའི་ཆོས་གསུམ་བསྟན་པ་ནི། སྨྲ་བ་རྣམ་པར་དག་པ་ལ་གདོན་མི་ཟ་བར་དགོས་པ་ འདི་རྣམས་ཡིན་ལ། དེའང་བདག་དང་གཞན་གྱི་གྲུབ་མཐའ་གསལ་བར་སྟོན་པའི་གཞུང་ ལུགས་རྣམས་ལ་མཁས་ཤིང་བྱང་བ་སྟེ། དེས་གཏམ་གྱི་གཞི་ཐམས་ཅད་སྨྲ་བར་བྱེད་དོ། །དེ་ ལྟར་བྱང་བས་མི་འཇིགས་པ་ནི་གང་གིས་བཙུན་ཞིང་མཁས་པའི་མངོན་ཞེན་ཅན་ལ་སོགས་ པའི་འཁོར་འདུས་པ་ཐམས་ཅད་དུ་སྨྲ་བར་བྱེད་པའོ། །རིགས་པ་དང་གྲོལ་བར་སྨྲ་བའི་ སྤོབས་པ་ནི་གང་གིས་སྨྲ་བའི་སྐབས་ཐམས་ཅད་དུ་ལན་གདབ་པ་ཤེས་པའོ། ། (གཉིས་པ།) ལེགས་པར་འདོད་པས་རྩོད་པ་སྤང་ཚུལ་ནི། དེ་རྣམས་ལ་མཁས་པས་ཐམས་ ཅད་དུ་བརྩད་པར་བྱའོ་སྙམ་ན། ཡང་བདག་ཉིད་མཐོ་རིས་དང་ཐར་བ་དོན་དུ་གཉེར་ཞིང་ ལེགས་སུ་འདོད་པས་སྨྲ་བའི་སྐྱོན་དང་ཡོན་ཏན་ལ་སོགས་པའི་ཚུལ་ཤེས་པར་བྱའི། གཞན་ དག་དང་བརྩད་ཅིང་སྨྲ་བར་ནི་མི་བྱའོ། ། (གསུམ་པ།) དེ་ཉིད་མངོན་པའི་མདོ་དང་སྦྱར་བ་ལ། (གཉིས་ལས་དང་པོ།)དོན་དངོས་བསྟན་པ་ 1-1-838 ནི། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལས་ཇི་སྐད་གསུངས་པ་དེ་ལྟ་བུ་སྟེ། རྩོད་ ཅིང་སྨྲ་བ་ལ་སྐྱོན་གྱི་གནས་བཅུ་གཉིས་མཐོང་བའི་བྱང་ཆུབ་སེམས་དཔའ་ཐོས་བསམ་ལ་ སོགས་པའི་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་རྙེད་བཀུར་ལ་མི་ལྟ་བར་སྒྲུབ་པ་ནན་ ཏན་གྱི་སྙིང་པོར་བྱེད་པ། རང་དོན་ལ་མ་ཆགས་པར་སེམས་ཅན་དཔག་ཏུ་མེད་པ་ཉེ་བར་ སྡུད་ཅིང་གཞན་དོན་ལྷུན་ལེན་པ། དུས་མྱུར་དུ་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ པས་གཞན་དག་དང་རྩོད་པས་སྨྲ་བར་མི་བྱའོ། ། (གཉིས་པ།) ཁྱད་པར་བཤད་པ་ལ་གནས་བཅུ་གཉིས་གང་ཞེ་ན། ཐེག་པ་ཆེན་པོ་དམ་ པའི་ཆོས་དགོས་པ་དང་བརྗོད་བྱའི་དོན་གྱི་མཆོག་དང་ལྡན་པ་ནི་རང་བཞིན་གྱིས་ཟབ་པའི་ ཕྱིར་མི་བརྩད་པར་བཤད་པས་ཀྱང་ཀུན་ཤེས་པ་དཀོན་ན་རྩོད་པས་ལྟ་སྨོས་ཀྱང་ཅི་དགོས་ ཏེ་ཀུན་ཤེས་པ་དཀོན་པ་དང་། གང་དང་ལྷན་ཅིག་རྩོད་པ་སྨྲ་བ་དེའང་སྐྱོན་གདགས་པའི་ བསམ་པའི་སྨྲའི། ཕ་རོལ་བོས་མ་ཤེས་པ་ཀུན་ཤེས་པར་བྱ་བའི་བསམ་པ་རྣམ་པར་དག་ པས་སྨྲ་བ་དཀོན་པ་དང་། དཔང་བོ་གཟུ་བོ་གང་དག་གི་མདུན་དུ་སྨྲ་བར་བྱ་བའི་ཚོགས་པ་ དེ་དག་ཀྱང་ཆོས་དང་དོན་ལ་མཁས་ཤིང་བྱང་བ་དང་། ལེགས་ཉེས་རྣམ་པར་འབྱེད་པའི་ རྟོག་པ་དང་ལྡན་པ་དཀོན་པ་དང་། ཕྱོགས་སམ་གྲུབ་མཐའ་ངན་པ་དང་པོར་བྱུང་རྒྱལ་དུ་ ཡོངས་སུ་འཛིན་ཞིང་རྒྱུན་གྱིས་མངོན་པར་ཞེན་པའི་ཉེས་པ་དང་། ཚིག་དོར་དང་ལྟག་ཆོད་ དང་གནས་མ་ཡིན་པ་ཚར་གཅོད་པ་ལ་སོགས་པ་ངན་གཡོ་སྨྲ་བའི་ཉེས་པ་དང་། གཞན་གྱི་ ངག་མ་རྫོགས་པར་ལན་སྨྲ་བ་ལ་སོགས་པ་དུས་མ་ཡིན་པར་གཏམ་ལ་སྦྱོར་བའི་ཉེས་པ་ དང་། གཞན་གྱིས་ལེགས་པར་སྨྲས་ཀྱང་མ་ལེགས་ཞེས་སྨོད་པ་གཏམ་ཁྱད་དུ་གསོད་པའི་ ཉེས་པ་དང་། ཚིག་རྩུབ་ལ་སོགས་པས་གཞན་གྱི་སེམས་འཁྲུག་པར་བྱེད་པ་ཚིག་བརླང་ 1-1-839 བོའི་ཉེས་པ་དང་། གཞན་གྱིས་མི་སྙན་པ་བརྗོད་པ་ན་རང་ཡང་ཡིད་འཁྲུག་པའི་ཉེས་པ་སྟེ་ གང་ཉེས་པ་དྲུག་སྤངས་ནས་སྨྲ་བ་དཀོན་པ་ནི་གནས་གཅིག་དང་། ཁྲོ་བ་དང་དགའ་བས་ མ་གཡེངས་པར་ཉེ་བར་ཞི་ཞིང་འཁྲུག་པ་མེད་པར་སྨྲ་བ་དཀོན་པ་དང་། མ་ཞི་བ་ལ་དད་ པ་དཀའ་བས་གཞན་གྱི་སེམས་མ་དད་པ་སྲུང་ཞིང་སྨྲ་བ་དཀོན་པ་དང་། འཁྲུག་པར་གྱུར་ ན་རྣམ་གྲོལ་གྱི་གནས་ལ་མཉམ་པར་འཇོག་མི་ནུས་པས་རང་གི་ཏིང་ངེ་འཛིན་རྗེས་སུ་སྲུང་ ཞིང་སྨྲ་བ་དཀོན་པ་དང་། རྩོད་པ་ཕལ་ཆེར་རང་རྒྱལ་ཞིང་གཞན་ཕམ་པའི་ཆེད་དུ་སྨྲ་བས་ རྒྱལ་བའམ་ཕམ་པའི་སེམས་མེད་པར་སྨྲ་བ་དཀོན་པ་དང་། རྒྱལ་བའམ་ཕམ་ཡང་རྗེས་སུ་ ཆགས་པ་དང་ཡོངས་སུ་གདུང་བས་ཀུན་ནས་ཉོན་མོངས་པ་མེད་པ་དཀོན་པ་དང་། ཀུན་ ནས་ཉོན་མོངས་པར་གྱུར་པ་ནི་ལུས་དང་སེམས་བདེ་བ་ལ་རེག་པར་གནས་པ་དཀོན་པ་དང་། བདེ་བ་ལ་རེག་པར་མི་གནས་པ་ནི་གཉེན་པོ་དགེ་བའི་ཆོས་རྣམས་ལ་སེམས་ཤིང་རྒྱུན་དུ་ སྒོམ་པ་དཀོན་པ་དང་། དགེ་བའི་ཆོས་རྒྱུན་དུ་མི་སྒོམ་པ་ནི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་ པའི་ཡོངས་སུ་ཉམས་པར་འགྱུར་བས་སེམས་ཏིང་ངེ་འཛིན་ལ་མཉམ་པར་མ་བཞག་པ་ལས་ མཉམ་པར་བཞག་པ་དང་། མཉམ་པར་བཞག་པ་ལའང་ཉོན་མོངས་པའི་འཆིང་བ་ལས་རྣམ་ པར་གྲོལ་བ་དཀོན་པ་སྟེ། མདོར་ན་རྩོད་པ་དམ་པའི་ཆོས་སུ་འགྱུར་བ་ནི་ཤིན་ཏུ་དཀའོ་ཞེས་ པའོ། ། བདུན་པ་ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་གང་ཞེ་ན། (གཉིས་ལས་དང་པོ།)མཚན་ཉིད་ ནི། རྗོད་བྱེད་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ཀྱིས་བརྗོད་བྱའི་ དངོས་ཀྱི་དོན་གཞན་དུ་བརྗོད་ལ་དགོངས་པའི་དོན་གཞན་དུ་ཡོངས་སུ་བསྒྱུར་ནས་བཤད་ དགོས་པ་སྟེ། (གཉིས་པ།) དཔེར་ན་བརྗོད་པ་ལ་བཞི་ལས། (དང་པོ།)སྡིག་ཏོ་དག་པར་བསྒྱུར་པའི་ལྡེམ་ 1-1-840 དགོངས་ནི་ཇི་སྐད་དུ། དངོས་ཀྱི་དོན་འཇིག་རྟེན་ན་ཁ་ན་མ་ཐོ་བ་ཆེན་པོར་གྲགས་པ་སོ་སོར་ ངེས་པའི་སྐྱེ་བོ་བླ་མ་ཕ་དང་མ་ནི་བསད་བྱས་ཤིང་། ཐུན་མོང་བའི་བླ་མ་སྐྱོང་བར་བྱེད་པ་ རྒྱལ་པོ་དང་། སྦྱིན་གནས་དམ་པ་དགེ་སྦྱོང་དང་བྲམ་ཟེ་སྟེ་གཙང་སྦྲ་ཅན་གཉིས་དང་། སྐྱེ་བོ་ ཆེན་པོའམ་མང་པོ་ནི་ཡུལ་འཁོར་གྱི་མི་རྣམས་དང་། དེ་དག་གི་འཁོར་བ་ལང་དང་རྟ་དང་མ་ ཧེ་ལ་སོགས་པ་དང་བཅས་པ་རྣམས་བཅོམ་ན། མི་དེ་དག་པར་འགྱུར་ཞེས་བྱ་ཞེས་གསུངས་ ཀྱང་། དགོངས་པའི་དོན་ནི། ཕ་(དང་འདྲ་བ་)འཕེན་པའི་རྒྱུ་ལས་དང་། མ་(དང་འདྲ་བ་)འགྲུབ་ པའི་སྲེད་པ་བསད་དེ་སྤང་བར་བྱས་ཤིང་། རྒྱལ་པོ་(དང་འདྲ་བ་)ཉེར་ལེན་དང་བཅས་པའི་ཀུན་ གཞི་དང་། གཙང་སྦྲ་ཅན་(དང་འདྲ་བ་)མཆོག་འཛིན་གཉིས་ཡུལ་ཁོར་དང་བཅས་པ་(དང་འདྲ་བ་) སྐྱེ་མཆེད་སྤྱོད་ཡུལ་དང་བཅས་པ་སྟེ་དེ་རྣམས་བཅོམ་ཞིང་སྤངས་པ་ན་མི་དེ་དག་པར་འགྱུར་ ཞེས་བྱ། ཞེས་བསྒྱུར་ནས་བཤད་དགོས་པ་ལྟ་བུའོ། ། (གཉིས་པ།) དམན་པ་མཆོག་ཏུ་བསྒྱུར་བའི་ལྡེམ་དགོངས་ནི་ཡང་ཇི་སྐད་དུ། དངོས་ཀྱི་ དོན་ཡིད་ཀྱི་ལས་ངན་པ་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པས་སྦྱིན་པ་ལ་སོགས་པའི་དགེ་བ་ ལ་མི་འཇུག་པ་དང་། བྱས་པ་མི་ཤེས་པས་ཕན་བཏགས་པའི་ལན་དུ་གནོད་པ་བྱེད་པ་ལ་ སོགས་པའི་མི་དགེ་བ་ལ་འཇུག་པ་དང་། ལུས་ཀྱི་ལས་ངན་པ་མི་གང་ཞིག་གཞན་གྱི་ཁྱིམ་ འབིགས་ཤིང་རྐུ་བས་འཚོ་བ་ཤིན་ཏུ་སྨད་པའི་ལས་བྱེད་པ་དང་། ངག་གི་ལས་ངན་པ་རྫུན་ དུ་སྨྲ་བ་ལ་སོགས་པ་ལྷུར་ལེན་པས་ཚོགས་ཀྱི་ནང་དུ་འཇུག་པའི་གོ་སྐབས་བཅོམ་པ་དང་། ལོངས་སྤྱོད་ངན་པ་ཁྱི་དང་བྱ་རོག་དང་ཡི་དྭགས་ལ་སོགས་པ་བཞིན་དུ་སྐྱུགས་པ་ཟ་བ་དེ་ནི་ སྐྱེས་བུ་མཆོག་ཡིན་ནོ་ཞེས་གསུངས་ཀྱང་། དགོངས་པའི་དོན་ནི། དགྲ་བཅོམ་པ་རྣམས་རྣམ་ གྲོལ་ཡེ་ཤེས་མཐོང་བ་ན། རང་གིས་རིག་པའི་ཚུལ་གྱིས་ཡིད་ཆེས་ཀྱི་གཞན་གྱིས་བསྟན་པ་ ཙམ་ནི་ཡིད་མི་ཆེས་པ་དང་། བྱས་པ་མི་ཤེས་པ་(ཨ་ཀྲི་ཏ་ཛྙཱ།)ནི་མ་བྱས་པ་ཤེས་པ་སྟེ་མྱ་ངན་ 1-1-841 ལས་འདས་པ་རྒྱུ་རྐྱེན་ཀྱིས་མངོན་པར་འདུས་མ་བྱས་པ་མངོན་སུམ་དུ་ཤེས་པ་དང་། ཁྱིམ་ འབིགས་བྱེད་པ་ནི་ཡང་སྲིད་ལེན་པའི་རྒྱུ་ཉོན་མོངས་པ་མ་ལུས་པ་སྤངས་པ་དང་། དེའི་ཕྱིར་ ཕྱི་མ་ལ་འཁོར་བར་སྡུག་བསྔལ་འགྲུབ་པའི་གོ་སྐབས་བཅོམ་པ་དང་། མཐོང་བའི་ཆོས་ལ་ ཡོ་བྱད་ཀྱི་སྟོབས་ཀྱིས་ལུས་འཛིན་ཡང་ལོངས་སྤྱོད་དང་སྲོག་ལ་རེ་བ་མེད་ཅིང་། སྐྱུགས་པ་ ཟ་བ་དང་འདྲ་བར་ཤེས་པ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །ཞེས་བསྒྱུར་ནས་བཤད་དགོས་པ་ ལྟ་བུའོ། ། (གསུམ་པ།) སྲིད་རྒྱུ་ཐར་བར་བསྒྱུར་བའི་ལྡེམ་དགོངས་ནི། དངོས་ཀྱི་དོན་འཁོར་བ་སྙིང་ པོ་མེད་པ་ལ་སྙིང་པོར་ཤེས་ཤིང་། འདུས་བྱས་རྟག་པར་འཛིན་པ་ལ་སོགས་པའི་ཕྱིན་ཅི་ ལོག་ལ་ཤིན་ཏུ་གནས་ལ། ཉོན་མོངས་པ་རྣམས་ཀྱིས་སེམས་ཀུན་ནས་རབ་ཏུ་ཉོན་མོངས་ པར་གྱུར་པ་དེ་བྱང་ཆུབ་དམ་པ་ཐོབ་པར་འགྱུར་ཞེས་གསུངས་ཀྱང་། དགོངས་པའི་དོན་ ནི། སཱ་ར་སྙིང་པོ། བི་སཱ་ར་རྣམ་གཡེང་ཡིན་པས་རྣམ་གཡེང་མེད་པ་ལ་སྙིང་པོའམ། མཆོག་ ཏུ་ཤེས་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ཤིང་། འདུས་བྱས་རྟག་པ་ལ་སོགས་པ་ ལས་ཕྱིན་ཅི་ལོག མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ ལ་གནས་པས་མཐོང་ལམ་ཐོབ་ནས། ཐུགས་རྗེ་ཉིད་ལས་འཁོར་བར་ཁྱོད། །ཡུན་རིང་ཉོན་ མོངས་འབའ་ཞིག་གོ། ཞེས་(སྡོམ་གཉིས་ཀྱི་འགྲེལ་བར་དྲངས་)པ་ལྟར་གཞན་དོན་དུ་ཡུན་རིང་བོ་ དཀའ་བ་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིས་རབ་ཏུ་ཉོན་མོངས་པར་བྱས་ཏེ། སྒོམ་ལམ་ ཡོངས་སུ་རྫོགས་པ་ལས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་བསྒྱུར་ནས་བཤད་ དགོས་པ་ལྟ་བུའོ། ། (བཞི་པ།) སྤང་བྱ་གཉེན་པོར་བསྒྱུར་བའི་ལྡེམ་དགོངས་ལ། (གཉིས་ལས་དང་པོ།)སྦྱིན་པའི་ དབང་དུ་བྱས་པ་ནི། ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་སྦྱིན་པའི་ 1-1-842 ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། ལྔ་གང་ཞེ་ན། དངོས་ཀྱི་དོན། སྦྱིན་པའི་ མི་མཐུན་ཕྱོགས་སེར་སྣའི་ཆོས་ཉིད་འཕེལ་བར་བྱེད་པ་དང་། སྦྱིན་པས་ཡོངས་སུ་སྐྱོ་བ་དང་། སློང་བ་ལ་ཚིག་པ་ཟ་བ་དང་། རེས་འགའ་ཅུང་ཟད་སྦྱིན་པར་མི་བྱེད་པ་དང་། སྦྱིན་པ་ལས་ རིང་དུ་གྱུར་པའོ་ཞེས་གསུངས་ཀྱང་། དགོངས་པའི་དོན་ནི། སེར་སྣ་བག་ཆགས་དང་བཅས་ པ་སྤངས་ནས། དེའི་ཆོས་ཉིད་དེ་བཞིན་ཉིད་གནས་གྱུར་པ་མངོན་སུམ་དུ་འཕེལ་བར་བྱེད་ པ་དང་། ཡུན་རིང་བོར་སྦྱིན་པའི་ཆེད་དུ་ལུས་དང་རྒྱལ་སྲིད་ལ་སོགས་པ་གཏོང་བའི་དཀའ་ སྤྱད་རྒྱ་ཆེན་པོས་ཡོངས་སུ་ངལ་ཞིང་སྐྱོ་སྐྱོ་ལྟར་བྱེད་པ་དང་། བདོག་པ་ཐམས་ཅད་གཞན་ ལ་བཏང་ཟིན་པས་བསླང་ཅི་དགོས་ཁྱེར་བས་ཆོག་མོད་སྙམ་དུ་སློང་བ་ལ་ཚིག་པ་ཟ་བ་དང་། དུས་རེས་འགར་དངོས་པོ་ཅུང་ཟད་ཙམ་སྦྱིན་པར་མི་བྱེད་ཀྱི། དུས་རྟག་ཏུ་དངོས་པོ་ཐམས་ ཅད་སྦྱིན་པར་བྱེད་པ་དང་། ཉེ་བ་ལ་སྦྱིན་པ་དང་། ཁེ་དང་གྲགས་པའི་ཆེད་དུ་སྦྱིན་པ་ལ་ སོགས་པ་མ་དག་པའི་སྦྱིན་པ་རྣམས་ལས་རིང་དུ་གྱུར་པའོ་ཞེས་བསྒྱུར་ནས་བཤད་དགོས་པ་ ལྟ་བུའོ། ། (གཉིས་པ།) ཚངས་སྤྱོད་ཀྱི་དབང་དུ་བྱས་པ་ནི། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཆོས་ ལྔ་དང་ལྡན་ན་ཚངས་པར་སྤྱོད་པའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞིང་། ཚངས་པར་སྤྱོད་པའི་ མཆོག་འཇིག་རྟེན་ལས་འདས་པའི་ལམ་དང་ལྡན་པ་ཡིན་ཏེ། ལྔ་གང་ཞེ་ན། དངོས་ཀྱི་དོན། འཁྲིག་པ་ལས་གཞན་དུ་འཁྲིག་པ་ལས་ངེས་པར་འབྱུང་བ་མི་ཚོལ་ཞིང་འཁྲིག་པ་སྤྱོད་པ་དང་། འཁྲིག་པ་སྤོང་བ་ལ་གཡེང་ཞིང་བཏང་སྙོམས་སུ་བྱེད་པ་དང་། འཁྲིག་པའི་འདོད་ཆགས་ སྐྱེད་པ་དང་དུ་ལེན་ཞིང་བསྟེན་པ་དང་། འཁྲིག་པའི་གཉེན་པོའི་ཆོས་མི་སྡུག་པ་སྒོམ་པ་ལ་ སོགས་པ་རྣམས་ཀྱི་སྐྲག་པ་དང་། རྒྱུན་མི་འཆད་པར་ཕོ་མོ་གཉིས་ཀྱིས་དབང་པོ་གཉིས་ སྦྱོར་བའོ་ཞེས་གསུངས་ཀྱང་། དགོངས་པའི་དོན་ནི། རྒྱན་ལས། ཆོས་ཀྱི་དབྱིངས་ལས་མ་ 1-1-843 གཏོགས་པ། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །སངས་རྒྱས་རྣམས་ཀྱིས་དེ་རྣམས་ལས། །ངེས་ འབྱུང་ཆགས་སོགས་ཡིན་པར་དགོངས། །ཞེས་པ་ལྟར་འཁྲིག་པའི་ཆོས་ཉིད་ལས་གཞན་ དུ་འཁྲིག་པ་ལས་ངེས་པར་འབྱུང་བ་མི་ཚོལ་ཞིང་། དེའི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་ བཞིན་དུ་ཤེས་པས་སྤོང་བ་དང་། གཡེལ་བ་ནི་ཨུ་པེ་ཀྵ་ཞེས་པ་སྟེ་དེ་ངེས་ཚིག་གིས་བཤད་ན། ཨུ་པ་ཡ་ཐབས་དང་། ཨཱི་ཀྵ་ཎཾ་རྟོག་པ་ཡིན་པས། འཁྲིག་པ་སྤོང་བའི་ཐབས་ལ་ལེགས་པར་ རྟོག་པ་དང་། དང་དུ་ལེན་པ་ནི་ཨཱ་དྷི་ཝཱ་ས་ན་ཞེས་པ་སྟེ་དེ་ཡང་ཨཱདྷྱཱད་ཨད་མ་ནང་དང་པྲ་ཝཱ་ ས་ནཾ་ཕྱི་རོལ་ཡིན་པས། འཁྲིག་པའི་འདོད་ཆགས་ནང་དུ་སྐྱེས་པ་ཕྱི་རོལ་ཏུ་སྤོང་བར་བྱེད་པ་ དང་། སྐྲག་པ་ནི་ཨུ་ཏྲ་སྱ་ཞེས་པ་སྟེ་དེ་ཡང་ཨུཏ་ཏཱ་ར་ཎཱ་ཡ་བསྒྲལ་པའི་ཆེད་དང་། བྱཱ་བ་སྱ་ཏི་ རྩོལ་བ་ཡིན་པས། འཁྲིག་པ་སྤོང་བྱེད་གཉེན་པོའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་ བའི་ཆེད་དུ་བརྩོན་པར་བྱེད་པ་དང་། རྒྱུན་མི་འཆད་པར་ཞི་གནས་དང་ལྷག་མཐོང་གཉིས་ ཀྱིས་ཉོན་མོངས་རྣམ་བྱང་རྒྱུ་འབྲས་ཀྱིས་ཕྱེ་བའི་བདེན་པ་བཞི་རྟོགས་པའི་དོན་དུ་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ལ་སྦྱོར་ཞིང་། སྙོམས་པར་འཇུག་པའོ་ ཞེས་བསྒྱུར་ནས་བཤད་དགོས་པ་ལྟ་བུའོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ལས། འབེལ་ གཏམ་རྣམ་པར་ངེས་པ་ཞེས་བྱ་བ་སྟེ་ཀུན་ལས་བཏུས་པ་ལྔ་པའི་རྣམ་པར་བཤད་པའོ།། །། མཚན་གྱི་ངེས་ཚིག་གིས་བསྡུས་པ་ལ། (གཉིས་ལས་དང་པོ།)དྲི་བ་ནི། དེ་ལྟར་ལེགས་པར་ བཤད་ཟིན་པའི་བསྟན་བཅོས་འདི་རྒྱུ་མཚན་ཅིའི་ཕྱིར་ཆོས་མངོན་པ་ཀུན་ལས་བཏུས་པ་ ཞེས་བྱ་ཞེ་ན། (གཉིས་པ།)ལན་ནི་ས་མུཙྪ་ཡ་ཞེས་པ་ངེས་ཚིག་གིས་བཤད་ན། (རྩོམ་པ་པོ་ཕལ་ བས་བཏུས་པ་མ་ཡིན་གྱི་)ས་མེ་ཏྱ་རྟོགས་ནས། ཨུ་ཙྪ་ཡ་བཏུས་པ་སྟེ། འཕགས་པས་དོན་དམ་པའི་ ཆོས་མངོན་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ཤིང་ཁོང་དུ་ཆུད་ནས་ལེགས་པར་བཏུས་ པའི་ཕྱིར་རོ། །(དེ་ཡང་ཕྱོགས་རེ་ཙམ་སྟོན་པ་མ་ཡིན་གྱི་)ས་མན་ཏདྲ་ཀུན་ནས་ཏེ། ཆོས་མངོན་པའི་ 1-1-844 མདོ་ལ་སོགས་པ་གཞུང་མངོན་པའི་སྡེ་སྣོད་མཐའ་ཡས་པ་ཀུན་ནས་བསམ་པར་ནུས་ཤིང་། བསམ་པ་ལས་ཕན་ཡོན་ཡོད་པ་བསམ་བྱའི་གནས་ཐམས་ཅད་བཏུས་ནས་བསྟན་པའི་ ཕྱིར་རོ། །(བརྩམས་པ་ལས་ཕན་ཡོན་མེད་པ་མ་ཡིན་གྱི་)སམྱཀ་ཡང་དག་པར་ཨུཙྪཏྭ་མཐོང་བ་ཉིད་ཀྱི་ ཨ་ཡ་ཏ་ནཾ་གནས་ཏེ་འདི་ལས་འབྱུང་བ་ལྟར་ཤེས་རབ་གསུམ་གོམས་པར་བྱས་ནས་བླང་ དོར་ཉམས་སུ་བླངས་ན། ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་འབྲས་བུ་མངོན་པར་སངས་རྒྱས་ ཉིད་ཀྱི་བར་ཐོབ་པར་བྱེད་པའི་གཞིའམ། གནས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ བས་ན། འཁོར་བའི་སྡུག་བསྔལ་མཐའ་དག་སྤངས་ཏེ་ཐམས་ཅད་མཁྱེན་པའི་བདེ་བ་ཆེན་ པོ་ཐོབ་པར་འདོད་པའི་བློ་དང་ལྡན་པ་རྣམས་ཀྱིས། དེའི་ལམ་ཟབ་མོ་བསྒོམ་པ་ལ་འཁྲུལ་བ་ སྤང་བའི་ཆེད་དུ། རྣམ་པར་དག་པའི་གཞུང་ལུགས་འདི་ལྟ་བུ་ལ་ཐོས་པ་དང་། བསམ་པས་ ཚུལ་བཞིན་དུ་འཇུག་པར་བྱ་བ་ཉིད་དོ། །དམ་པའི་ཆོས་མངོན་པར་ཀུན་ལས་བཏུས་པ་སློབ་ དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ་ཞེས་ཀྱང་བྱ་སྟེ། ཚིག་དོན་ མཐའ་དག་གསལ་བར་བཤད་ཟིན་ཏོ།། །། དོན་དེ་ལེགས་པར་བསྒྱུར་བའི་ཚུལ་ནི། བསྟན་བཅོས་འདི་ཉིད་སློབ་དཔོན་གྱིས་ ལེགས་པར་སྦྱར་བའི་སྐད་དུ་བརྩམས་ཤིང་རྒྱ་གར་འཕགས་པའི་ཡུལ་ན་གནས་པ་ལས། སྔོན་སྐྱེས་བུ་དམ་པ་རྣམས་ཀྱིས་བོད་ཀྱི་ཡུལ་དུའང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ པར་མཛད་པའི་དུས་སུ། རྒྱ་གར་གྱི་མཁན་པོ་ཆེན་པོ་(ཁ་ཆེའི་པཎྜི་ཏ།)ཛི་ན་མི་ཏྲ་སྟེ་རྒྱལ་བའི་ བཤེས་གཉེན་དང་། ཤཱི་ལེན་དྲ་བོ་དྷི་སྟེ་ཚུལ་ཁྲིམས་དབང་པོའི་བྱང་ཆུབ་དང་། ཞུ་ཆེན་གྱི་ ལོ་ཙཱ་བ་བན་དྷེ་(ཞང་སྣ་ནམ།)ཡེ་ཤེས་སྡེས་རྒྱ་གར་གྱི་དཔེ་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་ཞུས་ དག་ཀྱང་མཛད་དེ། འཆད་ཉན་གྱིས་གཏན་ལ་ཕབ་ནས་སྐལ་བ་དང་ལྡན་པ་རྣམས་ལ་ཕན་ པ་རྒྱ་ཆེན་པོ་མཛད་པའོ།། །། 1-1-845 རབ་འབྱམས་གསུང་རབ་རྒྱ་མཚོའི་རྒྱན་གྱུར་རྣམ་དག་གཞུང་གི་རྣམ་བཤད་འདི། ། རྒྱལ་དང་རྒྱལ་སྲས་གསུང་རབ་དགོངས་འགྲེལ་རྣམ་དག་ལུང་དང་རིགས་པ་དང་། ། བློ་གྲོས་གསལ་ལྡན་བརྟན་པའི་ཐུགས་མངའ་འདྲེན་པ་མཆོག་གི་ལེགས་བཤད་སོགས། ། དམ་པ་རྣམས་ཀྱི་གསུང་ལ་བརྟེན་ནས་དོན་གཉེར་རྣམས་ལ་ཕན་ཕྱིར་བཀོད། །༡ ཇི་ལྟར་དཀར་གསལ་གངས་ཀྱི་རི་བོ་ཡང་། ། ཟླ་བའི་འོད་ཀྱིས་ཆེས་གསལ་འགྱུར་བ་བཞིན། ། རྣམ་དག་གཞུང་འདི་མཆོག་ཏུ་གསལ་མོད་ཀྱང་། ། རྣམ་བཤད་འདིས་ཀྱང་ཤིན་ཏུ་གསལ་བར་བགྱིས། །༢ གཞུང་འདི་སྔོན་གྱི་དམ་པ་མང་པོའི་རྣམ་འགྲེལ་དག་གིས་རིམ་པར་བཤད་མོད་དེ་ལྟ་ ནའང་། ། གཞུང་རྣམས་མ་ལུས་ཡོངས་སུ་རྫོགས་ཤིང་གསལ་བའི་ཚིག་གིས་བདེ་བླག་ཉིད་དུ་ རྟོགས་བྱའི་ཕྱིར། ། བསོད་ནམས་ཆེན་པོའི་དཔལ་འབྱོར་དང་ལྡན་གདན་སར་གནས་སོགས་བཤེས་གཉེན་ མང་པོས་བསྐུལ་བའི་ངོར། ། ལེགས་པར་བསམས་ཏེ་འབད་པས་བསྡེབས་མོད་ཉེས་པ་མཆིས་ན་དམ་པ་རྣམས་ལ་ བཟོད་པ་གསོལ། །༣ ཇི་ལྟར་མཁའ་ལ་མཁའ་ལྡིང་བགྲོད་པ་ལྟར། ། འདབ་ཆགས་གཞན་ཡང་བགྲོད་པ་ཇི་བཞིན་དུ། ། མཁས་མཆོག་རྣམས་ཀྱིས་ལེགས་བཤད་སྤེལ་བ་ལྟར། ། 1-1-846 བདག་ཀྱང་ལེགས་བཤད་འཆད་ལ་སྤྲོ་བར་གྱུར། །༤ རྙེད་ལ་རྐམ་ཞིང་སྡིག་གྲོགས་དང་ལྡན་ལོག་པའི་ང་རྒྱལ་ལ་བརྟེན་པའི། ། དམན་པ་མཆོག་འཛིན་གཟུ་ལུམ་ཅན་དག་རྣམ་བཤད་འདི་ཡིས་མགུ་དཀའ་མོད། ། གནས་ལུགས་རྟོགས་ནས་ཕྱོགས་འཛིན་སྤངས་ཏེ་རྣམ་དག་གཞུང་འདི་འཆད་འདོད་ པའི། ། སྐལ་བཟང་དང་ལྡན་དམ་པའི་ཚོགས་ཀུན་ལེགས་བཤད་འདིས་ཀྱང་དགྱེས་པར་ མཛོད། །༥ ཇི་ལྟར་ནོར་བུ་རིན་ཆེན་མཆོག་ལ་ཡང་། ། ལྟ་མི་ཤེས་པའི་མི་རྣམས་མི་མགུ་ཞིང་། ། རྟོག་མཁས་དེད་དཔོན་མཆོག་རྣམས་མགུ་བ་ལྟར། ། ཆོས་ཚུལ་འདི་ལའང་དེ་བཞིན་འགྱུར་བ་ཉིད། །༦ བློ་གྲོས་ཡངས་པའི་མཁའ་ལས་ལེགས་འོངས་རྣམ་བཤད་ཉིན་བྱེད་འོད་ཟེར་གྱིས། ། དམ་ཆོས་མངོན་པའི་པད་ཚལ་ཡིད་འོང་རྣམ་པར་ཕྱེ་བ་ལས་བྱུང་བའི། ། ཟབ་ཅིང་རྒྱ་ཆེའི་རོ་མཆོག་དང་ལྡན་ལེགས་བཤད་སྦྲང་རྩིའི་དགའ་སྟོན་འདིས། ། བློ་ལྡན་དོན་གཉེར་རྐང་དྲུག་ལྡན་རྣམས་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །༧ ཚུལ་འདི་བླ་མ་དམ་པའི་བཀའ་དྲིན་ལས། ། མང་དུ་ཐོས་ཤིང་རྣམ་དཔྱོད་གསལ་ལྡན་པའི། ། བློ་གྲོས་རྒྱལ་མཚན་དཔལ་གྱིས་རྣམ་པར་སྦྱར། ། དགེ་བས་འགྲོ་ཀུན་ཀུན་མཁྱེན་མྱུར་ཐོབ་ཤོག །༨ དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ཤེས་བྱ་རབ་གསལ་ 1-1-847 སྣང་བ་ཞེས་བྱ་བ། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་རིག་པའི་ གནས་ལྔ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཐོབ་པ། བོད་ཀྱི་པཎྜི་ཏ་འཇམ་དབྱངས་བློ་གྲོས་ ཀྱིས་ཉེ་བར་སྦྱར་བ་དགེ་ལྡན་ས་བཟངས་སུ་ལེགས་པར་གྲུབ་པའོ། །བསྟན་པ་རིན་པོ་ཆེ་ དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །། མངྒ་ལམ་བྷ་ཝ་ཏུ། མངོན་པའི་མདོ་ནི་རྒྱལ་བའི་རྒྱལ་ཚབ་ལ། །གསུངས་ཤིང་དེ་ཡིས་རྒྱལ་སྲས་ཐོགས་ མེད་ལའོ། །བསྟན་བཅོས་འདི་ནི་ཐོགས་མེད་དབྱིག་གཉེན་དང་། །བློ་བརྟན་གང་བ་སྤེལ་ ལས་རིམ་བརྒྱུད་དེ། །ཛི་ན་མི་ཏྲས་ཀ་ཅོག་ཞང་གསུམ་ལའོ། །དེ་རྣམས་ཀྱིས་ནི་(ནམ་ནང་)ཟླ་ བའི་རྡོ་རྗེ་དང་། །(ལྷ་ལུང་)དཔལ་གྱི་རྡོ་རྗེ་(དཔའ་)རྒྱལ་བའི་ཡེ་ཤེས་(གསུམ་ཀ)ལའོ། །དེ་ནས་ རྒྱལ་(བའི་ཡེ་ཤེས་)དང་(བུ་)མཆོག་གི་ཡེ་ཤེས་ལའོ། །དེ་ནས་རིམ་བཞིན་(སེ་བཙུན་)གཞོན་ནུ་ དབང་ཕྱུག་དང་། །(འགར་མི་)ཡོན་ཏན་(ཁུ་སྟོན་)གཡུང་དྲུང་བརྩོན་འགྲུས་གཡུང་དྲུང་དང་། །(ཁྲི་ བཟང་འབར་)ར་རྒྱལ་(ཚུལ་སེང་)ལི་(ཆོས་གྲགས་)གསུམ་དར་མ་སྙིང་པོ་དང་། །ཡེ་འབྱུང་འབན་(དཀོན་ མཆོག་རྡོ་རྗེ་)དང་ཐོ་(སྟོན་)དང་སྟོན་སྐྱབས་དང་། །འཇད་པ་གཞོན་བྱང་འབྲི་མཚམས་ཞང་དང་ ནི། །བོ་དོང་རིན་རྩེ་སྟག་སྡེ་སེང་རྒྱལ་དང་། །མཁན་ཆེན་བློ་གྲོས་བརྟན་པ་ལས་བརྒྱུད་དེ། ། ས་བཟང་པཎྜི་ཏ་(བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བདག་)ལ་གནང་བའོ། །དེ་ནས་འཇམ་དབྱངས་ ཆོས་ཀྱི་མགོན་པོ་དང་། །ཤཱཀྱའི་དགེ་སློང་རིན་ཆེན་བསོད་ནམས་ལའོ།། །། དགེའོ། ། ༀ་སྭ་སྟི། ཆོས་སྐུ་ཀུན་ཁྱབ་བདེ་སྟོང་ཟུང་འཇུག་དབྱིངས། །བརྟན་གཡོ་ཀུན་གྱི་སྲོག་ཏུ་ རྟག་བཞུགས་ཀྱང༌། །མ་རྟོགས་འགྲོ་ཀུན་སྒྲིབ་གཉིས་ལེགས་བསལ་ཕྱིར། །མདོ་དོན་མཐར་ ཐུག་ཟབ་ཆོས་ཐང་མར་བརྡལ། །རྒྱུད་རྒྱལ་ཆུ་གཏེར་དངོས་གྲུབ་རླབས་ཕྲེང་འཁྲིགས། ། ཟབ་དོན་ནོར་བུའི་ཕུང་པོ་འབུམ་བརྡལ་ལས། །རྨད་བྱུང་ལེགས་བཤད་སྦྱོར་བ་འདིར་ འོངས་པ། །དུས་གསུམ་སངས་རྒྱས་སྲས་བཅས་བསྐྱེད་པའི་ཡུམ། །སྒྲུབ་པའི་ཐབས་མཆོག་ 1-1-848 རྣམ་པར་དག་པ་འདི། །སྐལ་ལྡན་འགྲོ་ལ་དར་ཞིང་རྒྱས་པའི་ཕྱིར། །གྲངས་མེད་གླེགས་བམ་ སྣང་བརྙན་འབད་མེད་དུ། །སྤེལ་ཕྱིར་སྤར་འཕྲུལ་གསར་བསྐྲུན་མཛད་པ་འདི། །དངོས་དང་ བརྒྱུད་ནས་གང་འབྲེལ་ཐམས་ཅད་ཀྱིས། །མཐུན་རྐྱེན་ཡོན་སྦྱར་ལྷག་བསམ་རྣམ་པར་དག ། བསྟན་དང་འགྲོ་ལ་ཕན་ཕྱིར་འབད་པས་བསྒྲུབས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་ སུ་ཞི། །འདི་ལས་རྒྱ་ཆེར་བསོད་ནམས་གང་འགྲུབ་པ། །སྲིད་ཞིའི་ལེགས་བྱས་ཀུན་དང་ལྷན་ ཅིག་ཏུ། །ཡོངས་སུ་ཞུགས་པས་མཐའ་ཡས་འགྲོ་བ་ཀུན། །བླ་མེད་རྒྱལ་བའི་ས་ལ་འཁོད་ པར་ཤོག །ལས་འདིར་འབད་རྩོལ་འབྲེལ་བ་གང་ཡོད་དང༌། །ཕ་མའི་གཙོར་གྱུར་འབྲེལ་ ཐོག་འདས་ལྡན་དང༌། །སྐྱེ་བོ་སྲིད་པའི་ལམ་ལ་གནས་པ་ཀུན། །སྐུ་བཞི་མཆོག་གི་རྒྱལ་ སར་བགྲོད་པར་ཤོག །ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་ཡང༌། །ཚེ་རིང་ནད་མེད་ལོངས་ སྤྱོད་རྒྱས་པ་དང༌། །བདུད་ཀྱི་ལས་དང་མི་མཐུན་ཕྱོགས་ཀུན་ཞི། །བསམ་པའི་དོན་ཀུན་ཡིད་ བཞིན་འགྲུབ་པར་ཤོག །སྤར་འདི་བཞུགས་པའི་ཡུལ་ཕྱོགས་ཐམས་ཅད་དུ། །དུས་བཞི་ སྙོམས་ཤིང་ལོ་ཕྱུག་རྟག་ཏུ་ལེགས། །འཐབ་རྩོད་འཁྲུག་པའི་མིང་ཙམ་མེད་པ་དང༌། །བཀྲ་ ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་པ་འདི་ཡང་གང་ལའང་སྦྱར་ཆོག་པའི་སྤར་ བྱང་སྨོན་ཚིག་ཏུ་ངག་དབང་ཡོན་ཏན་བཟང་པོས་སྨོན་པའོ། །