5-1-1 ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསུང་འབུམ། ༼ཅ༽ 5-1-2 དཀར་ཆག ཐོག་མའི་གླེང་བརྗོད། .................................................................(1) ༄༅། །ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་མདོར་བསྡུས། ...............................(1) ༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བཤད་པ་ལ་འཇུག་པའི་ ཡན་ལག་རྣམ་པར་བཞག་པ་ངོ་མཚར་རྟོགས་བརྗོད་ ཅེས་བྱ་བ་བཞུགས་སོ། །...............................................................(1) ༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་དྲི་མ་ མེད་པའི་འོད་ཀྱི་མདོར་བསྡུས་དང་པོའི་བཤད་སྦྱར་ངེས་དོན་ སྣང་བ་ཞེས་བྱ་བ་བཞུགས་སོ། །................................................(61) ༄༅། །གཞི་ལམ་འབྲས་བུའི་ངོ་སྤྲོད་ཡང་དག་དོན་གསལ་ཞེས་ བྱ་བ་བཞུགས་སོ། །................................................................(141) ༄༅། །ཐུབ་པའི་བསྟན་རྩིས་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །................(120) དུས་འཁོར་འགྲེལ་ཆེན་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་མཆན་མ་ལས་ ༄༅། །བུམ་རྫས་སྐོར་ཁོལ་དུ་ཕྱུང་བ་བཞུགས། ................................(153) ༄༅། །ཆོས་རྗེའི་བསོད་ནམས་དང་གདུལ་བྱའི་བཀའ་བབས་ཕྱོགས་ལས་ རྣམ་རྒྱལ་གྱིས་མཛད་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་ མདོར་བསྡུས་པ་བཞུགས་སོ། །...................................................(333) 5-1-3 ༄༅། །སྦྱོར་བ་ཡན་ལག་དྲུག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཀྱི་ གཏེར་མཛོད་ཅེས་བྱ་བ།.........................................................(441) ༄༅། །བདེན་གཉིས་ཤན་འབྱེད་བཞུགས། .......................................(337) ༄༅། །རྡོ་རྗེ་ཤུགས་དང་རྡོ་རྗེ་འཇིགས་བྱེད་ཀྱི་ཤན་འབྱེད་ བཞུགས་སོ། །.................................................................(343) ༄༅། །དཔལ་ཤམ་བྷ་ལའི་བཀོད་པ་གསལ་བར་བྱེད་པ་ཤམ་བྷ་ལའི་ རྒྱན་ཞེས་བྱ་བ་བཞུགས་སོ། །..........................................(349) ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཆོས་རྗེ་ཕྱོགས་ལས་ རྣམ་རྒྱལ་གྱིས་མཛད་པ་བཞུགས་སོ། །.................................(359) པར་བྱང་སྨོན་ཚིག................................................................(365) 5-1-4 ༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བཤད་པ་ལ་ འཇུག་པའི་ཡན་ལག་རྣམ་པར་བཞག་པ་ ངོ་མཚར་རྟོགས་བརྗོད་ཅེས་བྱ་བ་ བཞུགས་སོ། ། ༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བཤད་པ་ལ་འཇུག་པའི་ཡན་ལག་རྣམ་ པར་བཞག་པ་ངོ་མཚར་རྟོགས་བརྗོད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ ལོ་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། ། གང་གིས་དམིགས་མེད་སྙིང་རྗེའི་ཐབས་ཀྱིས་ཉོན་མོངས་རབ་བཅོམ་ཞིང༌། ། སྟོང་ཉིད་སྙིང་རྗེ་ཤེས་རབ་ཆེན་པོའི་སྟོབས་ཀྱིས་བདུད་ལས་རྣམ་རྒྱལ་ནས། ། གཉིས་མེད་བདེ་ཆེན་དུས་ཀྱི་འཁོར་ལོའི་ཕུན་ཚོགས་སྐུ་བརྙེས་ཏེ། ། མཐའ་ཡས་སྐད་ཀྱིས་ཅིག་ཆར་ཆོས་སྟོན་ཐུབ་དབང་དེ་ལ་འདུད། ། རྡོ་རྗེ་ཟླ་འོད་གསང་བདག་རྡོ་རྗེ་འཛིན། ། ཨུད་པལ་སྡོང་བུ་པད་དཀར་མཚན་མ་ཅན། ། རྒྱུད་རྒྱལ་སྡུད་དང་རྒྱ་ཆེར་འགྲེལ་མཛད་སོགས། ། ཆོས་རྒྱལ་རིགས་ལྡན་རྣམས་ལ་གུས་ཕྱག་འཚལ། ། 5-1-5 བརྟུལ་ཞུགས་རྩ་བརྟན་མཁྱེན་བརྩེའི་ཡལ་འདབ་ཅན། ། རབ་ཟབ་མན་ངག་བདུད་རྩིའི་འབྲས་མཆོག་ལྡན། ། འགྱུར་མེད་རིག་འཛིན་དཔག་བསམ་རྐང་འཐུང་འཕྲེང༌། ། མཁས་གྲུབ་བརྒྱུད་པའི་བླ་མ་རྣམས་ཕྱག་འཚལ། ། ཉིན་བྱེད་དཔལ་འཕྲོག་གསུང་གི་འོད་ཟེར་གྱིས། ། བདག་བློའི་ཆུ་སྐྱེས་རྣམ་རྒྱས་གསལ་མཛད་པ། ། ཀུན་མཁྱེན་རྗེ་བཙུན་བླ་མའི་ཞབས་མཆོད་དེ། ། དཔལ་ལྡན་རྒྱུད་འགྲེལ་བཤད་པའི་སྒོ་འབྱེད་བརྩམ། ། འདིར་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས་བྱུང་བ་ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྒྱ་ཆེར་འགྲེལ་པ་རྗེ་བཙུན་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པ་དྲི་མ་མེད་པའི་འོད་འཆད་པར་བྱེད་པ་ལ། ཐོག་མར་རྒྱུད་འགྲེལ་བཤད་པ་ལ་འཇུག་(ཚིག་རྡོག་གཉིས་མི་གསལ)རྣམ་པར་བཞག་ པ་སྟོན་པ་ལ་དོན་རྣམ་པ་ལྔ་སྟེ། སྟོན་པ་བཅོམ་ལྡན་འདས་ཇི་ལྟར་མངོན་པར་རྫོགས་པར་ སངས་རྒྱས་པའི་ཚུལ། སངས་རྒྱས་ནས་རྒྱུད་ཀྱི་རྒྱལ་པོ་རྣམས་ལེགས་པར་གསུངས་པའི་ ཚུལ། ལེགས་པར་གསུངས་པའི་རྒྱུད་སྡེའི་རབ་ཏུ་དབྱེ་བ་རྣམ་པར་བཞག་པ། དཔལ་དུས་ ཀྱི་འཁོར་ལོའི་རྒྱུད་འགྲེལ་བླ་མ་རིམ་པར་བརྒྱུད་ཅིང་ཇི་ལྟར་བྱོན་པའི་ཚུལ། རྒྱུད་འགྲེལ་ལ་ བཤད་ཉན་ཇི་ལྟར་ཉམས་སུ་བླང་བའི་ཚུལ་བསྟན་པའོ། ། དང་པོ། སྟོན་པ་བཅོམ་ལྡན་འདས་ཇི་ལྟར་མངོན་པར་རྫོགས་པར་ སངས་རྒྱས་པའི་ཚུལ་ལ་གཉིས། 5-1-6 དང་པོ་ལ་རྒྱུད་ཀྱི་རྒྱལ་པོ་རྣམས་ཀྱི་སྟོན་པ་པོ་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཐུབ་ པའི་དབང་པོ་ཉིད་ཡིན་ཞིང༌། དེ་ལ་དོན་དམ་པའི་སྐུ་དང༌། ཀུན་རྫོབ་པའི་སྐུ་གཉིས་མངའ་ བས། དོན་དམ་པ་ངོ་བོ་ཉིད་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་དང༌། ཀུན་ རྫོབ་གཟུགས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་ལོ། ། ༡ དོན་དམ་པ་ངོ་བོ་ཉིད་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ། དང་པོ་ནི་ཐུབ་པ་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དེ་ནི་སེམས་ཅན་ཐམས་ཅད་ལ་ ཡང་ཐོག་མ་མེད་པ་ནས་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་ བའི་ངོ་བོ་ཉིད་དུ་བཞུགས་ཤིང༌། རང་བཞིན་གྱིས་ཟག་པ་མེད་པའི་ཡོན་ཏན་བསམ་གྱིས་མི་ ཁྱབ་པ་དང་ལྡན་པའི་ཚུལ་གྱིས་གདོད་མ་ཉིད་ནས་སངས་རྒྱས་པ་ཡིན་ལ། དེ་ཉིད་ལ་དང་ པོའི་སངས་རྒྱས་ཞེས་བྱ་སྟེ། རྒྱུད་འགྲེལ་འདི་ཉིད་ལས། རྩ་རྒྱུད་ཀྱི་སྟོན་པ་ངོས་འཛིན་པའི་ སྐབས་སུ་མཆོག་གི་དང་པོའི་སངས་རྒྱས་ཞེས་པ་ལ་མཆོག་གི་དང་པོའི་སངས་རྒྱས་ནི་སྐད་ ཅིག་གཅིག་དང༌། རྣམ་པ་ལྔ་དང༌། རྣམ་པ་ཉི་ཤུ་དང༌། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་ པ་བྱང་ཆུབ་པའི་མཚན་ཉིད་ཅན་འགྱུར་བ་མེད་པ་ནི་མཆོག་ཡིན་ལ། དེས་དང་པོར་སངས་ རྒྱས་པ་ནི་མཆོག་གི་དང་པོའི་སངས་རྒྱས་ཏེ། མཆོག་གི་དང་པོའི་སངས་རྒྱས་དེ་ཡིས་སོ། ། ཞེས་དང༌། དང་པོའི་སྒྲས་ནི། ཐོག་མ་དང་ཐ་མ་མེད་པའི་དོན་ཏོ་ཞེས་གསུངས་ཤིང་མཚན་ ཡང་དག་པར་བརྗོད་པ་ལས་ཀྱང༌། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་ རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་ དང༌། སེམས་ཅན་ཀུན་གྱིས་ཡིད་ཀྱི་ཡུལ། །སེམས་ཅན་ཀུན་གྱི་ཡིད་གནས་པ། །སེམ་ཅན་ ཀུན་གྱི་ཡིད་ནང་གནས། །དེ་དག་སེམས་དང་མཉམ་ཉིད་སོན། །ཞེས་གསུངས་ཏེ། དང་པོའི་ སངས་རྒྱས་ཡེ་ཤེས་ཀྱི་སྐུ་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ནང་ན་གནས་ཤིང༌། ཡིད་དང་ 5-1-7 མཉམ་པ་ཉིད་དུ་སོན་པར་གསུངས་པས་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ ཅིང༌། འོད་གསལ་བ་དེ་ཉིད་དང་པོའི་སངས་རྒྱས། ངོ་བོ་ཉིད་ཀྱི་སྐུའམ་ཡེ་ཤེས་ཀྱི་སྐུ་ཡིན་ པར་བསྟན་ཏོ། །དེ་ཉིད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ་སྟེ། རྡོ་རྗེ་རྩེ་མོའི་རྒྱུད་ ལས། དེ་བཞིན་གཤེགས་པའི་སྙིང་པོ་དག །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །ཉོན་མོངས་ འདམ་གྱིས་མ་གོས་པ། །རྡོ་རྗེ་པདྨའི་དབང་བསྐུར་ཡིན། །ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་ ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པ་དང༌། དེ་དྲི་མས་མ་གོས་ཤིང་རྡོ་རྗེ་པདྨའི་དབང་ བསྐུར་བ་སྟེ། ཐབས་བདེ་བ་ཆེན་པོ་དང༌། ཤེས་རབ་སྟོང་པ་ཉིད་ཀྱི་སྐུ་དབྱེར་མེད་པའི་ངོ་བོ་ ཉིད་ཀྱི་སྐུ་ཡིན་པར་བསྟན་ཏོ། །དེ་ལ་ཁ་ཅིག་འདི་སྙམ་དུ་སེམས་པ་འབྱུང་སྟེ། སེམས་ཀྱི་ཆོས་ ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་རིགས་ ཙམ་ཡིན་གྱི་སངས་རྒྱས་དངོས་ཡིན་པར་ཇི་ལྟར་འགྱུར་སྙམ་ན། དེ་ཉིད་སངས་རྒྱས་དངོས་ ཡིན་པར་རྣམ་པར་དག་པའི་ལུང་གིས་གྲུབ་སྟེ། །དཔལ་ལྡན་རྒྱུད་ལས། བུམ་པའི་ནང་དུ་ཆུ་ ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་ རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་པ་དང༌། དཔལ་ བརྟག་པ་གཉིས་པའི་རྒྱུད་དུ་ཡང༌། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་ དག་སྤང༌། །ཞེས་དང༌། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། ། ཞེས་གསུངས་ཤིང༌། རྐང་པ་དང་པོ་གཉིས་ཀྱི་འགྲེལ་པ་རྡོ་རྗེ་སྙིང་པོས་མཛད་པ་ལས། ཨེ་ ཝཾ་གི་ཡི་གེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནི་ལུས་གནས་ཏེ་ལྟེ་བར་གནས་པའོ། ། ཞེས་དང༌། དེ་ཉིད་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱོད་པའི་ཧེ་རུ་ཀ་ངོ་བོ་ ཉིད་ཀྱི་སྐུའོ་ཞེས་དང༌། བདེ་མཆོག་མངོན་པར་བརྗོད་པའི་རྒྱུད་བླ་མར་ཡང༌། དེ་ན་སྲོག་ ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ཅད་མཁྱེན་བྱེད་དེ། 17། ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་རུ་ཀ་དཔལ་ཡིན་པར་ བཤད། །ཅེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ་ དང༌། སྲོག་ཅེས་པ་ནི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་ བ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ལ། དེ་ཉིད་མཁའ་ཡི་རྡོ་རྗེ་ཅན་དང༌། རྡོ་རྗེ་སེམས་ དཔའ་དང༌། དཔལ་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུ་དང༌། ཐམས་ཅད་མཁྱེན་པ་དང༌། །སངས་རྒྱས་ ཀྱི་ཡེ་ཤེས་ཡིན་པར་གསུངས་པའི་ཕྱིར། སངས་རྒྱས་དངོས་ཡིན་པར་གྲུབ་ཅིང༌། དེ་ཉིད་དོན་ དམ་པའི་སྐུ་བཞིའི་ངོ་བོར་ཡང་བཞུགས་པར་ཤེས་པར་བྱའོ། །ངེས་པའི་དོན་དུ་རྒྱུད་ཀྱི་སྟོན་ པ་པོ་དེ་ཉིད་ཡིན་ཏེ། དཔལ་བརྟག་པ་གཉིས་པར། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ ང༌། །ལྷན་ཅིག་སྐྱེས་པའི་རང་བཞིན་ང༌། །ཞེས་གསུངས་ཏེ། ལྷན་ཅིག་སྐྱེས་པའི་རང་བཞིན་ ཞེས་པ་དང་དང་པོའི་སངས་རྒྱས་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །ངོ་བོ་ཉིད་ཀྱི་སྐུ་གཅིག་པོ་ལ་དོན་ དམ་པའི་སྐུ་བཞིར་དབྱེ་བའི་ཚུལ་ནི། རྒྱུད་འགྲེལ་ཆེན་པོ་ཉིད་ལས་འབྱུང་ངོ༌། །དེ་ལྟར་རྒྱུད་ སྟོན་པ་པོ་དོན་དམ་པའི་སྐུ་དེ་ཉིད། སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་གཟུགས་སྐུའི་རྣམ་པ་གདུལ་བྱ་ ལ་སྣང་ཞིང༌། ཆོས་སྟོན་པར་མཛད་པ་ཡིན་ནོ། ། ༢ ཀུན་རྫོབ་གཟུགས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ། གཉིས་པ་རང་བཞིན་ལྷུན་གྱིས་གྲུབ་པ་དང་པོའི་སངས་རྒྱས་སྐུ་བཞིའི་བདག་ཉིད་ སེམས་ཅན་ཐམས་ཅད་ལ་གདོད་མ་ནས་བཞུགས་ཀྱང༌། སེམས་ཅན་རྣམས་ཀྱི་རང་རང་གི་ གློ་བུར་གྱི་དྲི་མས་བསྒྲིབས་པའི་དབང་གིས། མངོན་དུ་མ་བྱས་པ་དེ་སྲིད་དུ་སངས་རྒྱས་ཐོབ་ པ་མ་ཡིན་ལ། གློ་བུར་དྲི་མ་དང་བྲལ་ནས་མངོན་དུ་བྱས་པ་ན། སངས་རྒྱས་ཐོབ་པ་ཞེས་བྱ་ སྟེ། དཔལ་ལྡན་རྒྱུད་ལས། སྲིད་གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་དང་ནི་ཡིད་ 5-1-8 བཞིན་ནོར་བུ་ལ་ཡང་བསམ་པ་མེད། །སེམས་ལ་གནས་པ་དེ་ནི་མི་དགེའི་འབྲས་བུའི་དབང་ གིས་སྡིག་པའི་ལས་ཅན་སེམས་ཅན་གིས་མི་མཐོང༌། །ཡིད་བཞིན་ནོར་བུའི་སྐྱོན་མིན་མི་ དགེ་བ་དང་དགེ་བའི་འབྲས་བུས་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །སེམས་ནི་དག་ན་མི་ དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་དང༌། དཔལ་ བརྟག་པ་གཉིས་པར། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་ བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་སོ། །དེས་ན་སྐུ་བཞིའི་བདག་ ཉིད་དེ་ཐོབ་པར་བྱ་བའི་ཕྱིར། གློ་བུར་གྱི་དྲི་མ་སྦྱང་བའི་དོན་དུ། ལམ་གྱི་ངོ་བོ་ཡེ་ཤེས་ཀྱི་ ཚོགས་དང་ལམ་གྱི་ཡན་ལག་བསོད་ནམས་ཀྱི་ཚོགས། སེམས་ཅན་ཡོངས་སུ་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སྨོན་ལམ་ཡོངས་སུ་རྫོགས་པར་བྱས་ནས། གདོད་ནས་ལྷུན་གྲུབ་ཀྱི་སྐུ་བཞི་མངོན་དུ་བྱས་པ་ལ་སངས་རྒྱས་ཐོབ་པ་ཞེས་བྱའོ། །སངས་ རྒྱས་དེ་ཉིད་གདུལ་བྱའི་བློ་ངོར་སྣང་ཚུལ་ལ་གཉིས་ཏེ། དག་པ་དང་མ་དག་པའི་གདུལ་བྱ་ལ་ སྣང་ཚུལ་ལོ། །དང་པོ་ནི་ཞིང་དག་པ་འོག་མིན་ལ་སོགས་པར། འཁོར་བྱང་སེམས་འཕགས་ པའམ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། དུས་ཐོག་མ་སངས་རྒྱས་པ་ནས་བཟུང་ སྟེ། སྐུ་མཚན་དཔེས་བརྒྱན་པའི་སྣང་བ་རྒྱུན་མི་འཆད་པ་དང༌། གསུང་ཐེག་པ་ཆེན་པོའི་ཆོས་ སྟོན་པའི་སྣང་བ་རྒྱུན་མི་འཆད་པས། གདུལ་བྱ་དག་པའི་དོན་མཛད་པ་སྟེ། ངེས་པ་ལྔ་ལྡན་ གྱི་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པ་ཞེས་བྱའོ། ། གཉིས་པ་ནི། དེ་ལྟར་ལོངས་སྐུར་སངས་རྒྱས་ནས། གདུལ་བྱ་མ་དག་པ་འདུལ་བའི་ དོན་དུ། འདོད་པའི་ཁམས་སུ་སྤྲུལ་བའི་སྐུར་སངས་རྒྱ་བའི་ཚུལ་སྟོན་པ་སྟེ། སྟོན་པ་འདི་ཉིད་ ཀྱི་དབང་དུ་མཛད་ན། དཔལ་ལྡན་རྒྱུད་ལས། འདི་རྣམས་སྒྲོལ་བའི་སླད་དུ་སྲས་དང་བཅས་ པ་རྒྱལ་བའི་བདག་པོར་ལས་ཀྱི་སར་ནི་རབ་ཞུགས་ཏེ། །མངལ་ནི་རབ་ཏུ་བཟུང་བ་མཛད་ 5-1-9 ཅིང་མཆོག་གི་ཐུགས་རྗེ་དག་གིས་བྱང་ཆུབ་བསྐྱེད་པ་མཛད་ནས་ནི། །ཉོན་མོངས་དང་ནི་ བདུད་རྣམས་བཅོམ་ནས་ས་ཡི་སྟེང་གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་ སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ཁོ་ནའོ། །ཞེས་དང༌། འགྲེལ་ཆེན་ལས། སངས་རྒྱས་བཅོམ་ལྡན་འདས་སྔར་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་ པ་མཁས་པ་སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་དང་ལྡན་པ་འཕགས་པའི་ཡུལ་ལུམ་བི་ནིར། ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་མའི་ལྷ་མོ་སྒྱུ་འཕྲུལ་ཆེན་པོའི་ལྷུམས་ནས་བལྟམས་ པ་ནི། གཞོན་ནུ་དོན་གྲུབ་ཡིན་ལ། ཞེས་གསུངས་པ་ལྟར་རོ། །གསང་འདུས་ཀྱི་འགྲེལ་བ་ སྒྲོན་གསལ་དུ། ཐུན་མོང་མ་ཡིན་པའི་གསང་པ་ནས་ལུང་དྲངས་པར་ཡང༌། གཞན་ཡང་ ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པར་བཤད་པར་བྱའོ། །འདི་ལྟ་སྟེ། འཇམ་ དཔལ་ནི་རྒྱལ་པོ་ཆེན་པོ་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་ཆེན་པོ་ སྒྱུ་འཕྲུལ་དུ་གྱུར་ཏོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་ཟིན་ནོ། །དཔལ་ལྡན་ལྷ་མོ་ནི་གྲགས་ འཛིན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་ཤཱ་རིའི་བུའོ། །ཀུན་ཏུ་བཟང་པོ་ནི་གནས་ བརྟན་ཀུན་དགའ་བོར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟན་ལྷས་བྱིན་ནོ། ། རྣམ་པར་སྣང་མཛད་ཆེན་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་ ཏོ། །ཞེས་གསུངས་ཤིང༌། རིང་གི་ཨ་ར་ལིའི་རྒྱུད་ལས་ཀྱང༌། །རྒྱལ་པོ་ཆེན་པོ་ཟས་གཙང་མ། ། ཨ་ར་ལི་ནི་ཡང་དག་བཤད། །དེར་ནི་རིང་གི་རྒྱུ་མ་ཆེ། །འགྲོ་བ་ཤེས་རབ་ཐབས་བདག་ ཉིད། །དོན་གྲུབ་ཡང་ནི་རྡོ་རྗེ་སེམས། །མཆོག་ཏུ་དགའ་བའི་བདེ་བ་ཆེ། །ཞེས་གསུངས་སོ། ། ཕ་རོལ་ཕྱིན་པའི་ཐེག་པ་ལྟར་ན་ཡང༌། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་ འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། ། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ 5-1-10 ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་ དང༌། །བཙུན་མོའི་འཁོར་དགེས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་ འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་ སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་ཏེ། །འོག་མིན་དུ་ལོངས་སྐུར་སངས་ རྒྱས་ནས་འདོད་ཁམས་སུ་སྤྲུལ་པའི་སྐུས་མཛད་པ་བཅུ་གཉིས་སྟོན་པར་གསུངས་པ་ནི་མ་ ཡིན་ནོ། ། གཉིས་པ། སངས་རྒྱས་ནས་རྒྱུད་ཀྱི་རྒྱལ་པོ་རྣམས་ལེགས་པར་ གསུངས་པའི་ཚུལ་ལ་གསུམ། གཉིས་པ་སངས་རྒྱས་ནས་རྒྱུད་ཀྱི་རྒྱལ་པོ་རྣམས་ལེགས་པར་གསུངས་པའི་ཚུལ་ལ་ གསུམ་སྟེ། སྟོན་པ་པོས་ཇི་ལྟར་གསུངས་ཚུལ། སྡུད་པ་པོས་ཇི་ལྟར་བསྡུས་ཚུལ། བསྟན་པའི་ ཚད་རྣམ་པར་བཞག་པའོ། ། ༡ སྟོན་པ་པོས་ཇི་ལྟར་གསུངས་ཚུལ། དང་པོ་སྟོན་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལ་སོགས་པ་ཐུན་ མོང་གི་རྣམ་པར་བཞག་པ་ནི། གཞན་དུ་བལྟ་བར་བྱ་ཞིང༌། འདི་ལྟར་ཐུན་མོང་མ་ཡིན་པ་ སྔགས་ཀྱི་ཐེག་པའི་ཚུལ་ལ། བྱ་བ་དང་སྤྱོད་པའི་རྒྱུད་གསུངས་པའི་ཚུལ་ནི། དུས་བསྐལ་ པ་བཟང་པོ་འདི་ཉིད་དུ་ཅི་རིགས་པར་སྟོན་པ་སྤྲུལ་སྐུ་མཆོག་གིས། གནས་རི་རབ་ཀྱི་རྩེ་མོ་ ལ་སོགས་པར། འཁོར་རང་རང་གི་དཀྱིལ་འཁོར་ལ་བཀོད་པའི་འཁོར་དང༌། ཉན་པ་པོའི་ འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ། ཆོས་བྱ་སྤྱོད་ཀྱི་འཁོར་ ལོ་གསུངས་པར་འཆད་ཅིང༌། རྣལ་འབྱོར་གྱི་རྒྱུད་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་འོག་ 5-1-11 མིན་དུ་སངས་རྒྱས་ཐམས་ཅད་ཀྱིས། དབང་བསྐུར་ནས་སངས་རྒྱས་ཏེ་རང་པོར་མ་ལོན་ པར། གནས་རི་རབ་ཀྱི་རྩེ་མོར་གཞལ་ཡས་ཁང་སྤྲུལ་ནས། འཁོར་དཀྱིལ་འཁོར་ལ་བཀོད་ པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཉན་པ་པོའི་འཁོར་སྐལ་བ་དང་ ལྡན་པའི་གདུལ་བྱ་དཔག་ཏུ་མེད་པ་ལ། ཆོས་དེ་ཉིད་བསྡུས་པ་ལ་སོགས་པ་རྣལ་འབྱོར་གྱི་ རྒྱུད་གསུངས་པར་འཆད་དོ། །རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་གསུངས་པའི་ཚུལ་ལ། གསང་བ་འདུས་པ་ལ་སོགས་པ་ནི། དུས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ ཚེ། གནས་དེ་ནས་དཔག་ཚད་སུམ་བརྒྱ་ན་ཨུ་རྒྱན་ཞེས་བྱ་བའི་ཡུལ་ན། རྒྱལ་པོ་ཨིནྟྲ་བྷུ་ཏི་ ཞེས་བྱ་བ་ཡོད། དེར་སྔ་གྲོའི་དུས་ཀྱི་ཚེ་དགེ་སློང་གི་གཟུགས་དུ་མ་ནམ་མཁའ་ལ་འགྲོ་བ་ མཐོང་སྟེ། དེ་དག་ཅི་ཡིན་བློན་པོ་ལ་དྲིས་ཀྱང་མ་ཤེས་པར། ཡུལ་འཁོར་གྱི་མི་རྣམས་ལ་དྲིས་ པས། དེ་དག་སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་ཟེར་བ་ཐོས་ནས་དད་དེ། དེའི་ཕྱོགས་སུ་ ཕྱག་འཚལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་འདུག་པས། མཉན་ཡོད་ན་བཅོམ་ལྡན་ འདས་འཁོར་དང་བཅས་ཏེ་བཞུགས་པ་མཐོང་ངོ༌། །དེར་དད་པ་སྐྱེས་ནས་བཅོམ་ལྡན་འདས་ ཐམས་ཅད་མཁྱེན་པ་ཐུགས་རྗེ་ཅན། རྫུ་འཕྲུལ་གྱི་ཞབས་མངའ་བས་ནང་པར་གདུགས་ཚོད་ ལ་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་འཁོར་དང་བཅས་ པ་བྱོན་པ་ལ། རྒྱལ་པོ་འཁོར་དང་བཅས་པས་མཆོད་དེ་གསོལ་བ་བཏབ་པས། བདག་ཅག་ སྲིད་པའི་སྡུག་བསྔལ་ལས་ཐར་པར་མཛད་དུ་གསོལ། ཞེས་ཞུས་པས། བཀའ་བསྩལ་པ་ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཤིག ཐབས་ཡོད་དོ་ཞེས་གསུངས་པས། བདག་ཅག་ ནི་འདོད་པའི་ཡོན་ཏན་གྱི་གདུང་བ་ཆེ་བས། འདོད་ཡོན་མ་སྤངས་པར་སངས་རྒྱ་པའི་ཐབས་ ཞུའོ། །ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཆགས་ཅན་རྗེས་སུ་བཟུང་བའི་ དོན་དུ། རྡོ་རྗེ་བཙུན་མོའི་བྷ་ག་ཆོས་འབྱུང་གི་དབུས་སུ་སྤྲུལ་པའི་དཀྱིལ་འཁོར་དུ། དཀྱིལ་ 5-1-12 འཁོར་ལ་བཀོད་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས། ཞུ་བའི་འཁོར་ རྒྱལ་པོ་ཨིནྟྲ་བྷུ་ཏི་ལ་སོགས་པ་ལ་རིགས་པའི་དབང་བསྐུར་བ་བྱིན་ནས། ཆོས་རིམ་པ་ གཉིས་ཀྱི་བདག་ཉིད་ཅན། རྣལ་འབྱོར་ཆེན་པོའི་རྒྱུད་གསུངས་ནས་རྡོ་རྗེ་ཆོས་ལ་རྒྱུད་གཏད་ དོ་ཞེས་གྲག་གོཁ་ཅིག་ན་རེ་དེ་ནི་ཆོས་བསྡུས་པའི་དུས་ཀྱི་གཏམ་ཡིན་གྱི། གསུངས་པ་ནི་ སྔོན་ཉིད་དོ་ཞེས་ཟེར་རོ། །རྣལ་འབྱོར་མ་རྒྱུད་བདེ་མཆོག་འཁོར་ལོ་ནི། སྟོན་པ་སངས་རྒྱས་ ཤཱཀྱ་ཐུབ་པ་མ་བྱོན་པའི་སྔོན་ཉིད་དུ་གསུངས་པར་འདོད་དེ། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་ པ་ལས། ཆོས་ཀྱི་རྣམས་གྲངས་འདི་ནི་ཐོག་མ་མེད་པའི་རྒྱུ་ཅན་ཡིན་ཏེ། བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་ལས་སྔ་མ་ཉིད་དུ་གནས་སོ། །དུས་ཀྱི་དབང་གིས་སྲེག་པའི་བསྐལ་པ་ལ་སོགས་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནུབ་པ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་ པས་སླར་ཡང་གསུངས་པ་ཡིན་ནོ། །དཔལ་བདེ་མཆོག་ནི་དེ་ལྟ་མ་ཡིན་ཏེ། སངས་རྒྱས་ཀྱི་ ཞིང་བརྗོད་དུ་མེད་པ་ན་དཔའ་བོ་དང་དཔའ་མོ་ལ་སོགས་པས་ཉམས་སུ་བླངས་ཏེ་གནས་ པའི་ཕྱིར་མ་ནུབ་བོ། །ཞེས་བཤད་པ་ལྟ་བུའོ། །སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པའི་ བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་འགྲེལ་པ་ལས་བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་དབང་དུ་མཛད་ནས་ དུས་ཉིས་ལྡན་གྱི་དུས་སུ་དྲག་པོ་འཇིགས་བྱེད་བཏུལ་བའི་ཚེ། གནས་འཛམ་བུའི་གླིང་གྲུ་ གསུམ་ན་བཞུགས་ཏེ། སྟོན་པ་སྤྲུལ་པའི་སྐུ་འབྲས་བུའི་ཧེ་རུ་ཀས། གདུལ་བྱའི་འཁོར་དྲག་ པོ་འཇིགས་བྱེད་དང༌། ཉན་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། སྤྲུལ་ པའི་འཁོར་རིགས་ལྔའི་དཔའ་བོ་དང་དཔའ་མོ་དང༌། སྡུད་པ་པོའི་འཁོར་ལྕང་ལོ་ཅན་གྱི་ བདག་པོ་ལ། ཆོས་དབང་བསྐུར་བའི་སྔོན་དུ་འགྲོ་བས་རྣལ་འབྱོར་གསང་མཐའི་རྒྱུད་བསྟན་ པར་བཤད་དོ། ། དེ་ལ་རྒྱུད་སྡེ་འོག་མ་རྣམས་གསུངས་པའི་ཚུལ་དེ་ལྟར་ཡིན་སྲིད་ནའང༌། སྟོན་པ་འདིས་ 5-1-13 རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་པའི་ཚུལ་ཡང་དག་པ་ཇི་ལྟ་བ་ནི། རྩ་བའི་རྒྱུད་ མཆོག་གི་དང་པོའི་སངས་རྒྱས་ལས་གསུངས་པ་ལྟར་ཡིན་ཏེ། དེ་ནས་ཤམ་བྷ་ལར་གྲགས་ ནས། ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །མི་བདག་ཟླ་བཟང་རྫུ་འཕྲུལ་གྱིས། །རང་ཉིད་དཔལ་ ལྡན་ཆོས་དབྱིངས་བྱོན། །དང་པོར་གཡས་སུ་བསྐོར་བྱས་ནས། །སྟོན་པའི་ཞབས་ཀྱི་ཆུ་སྐྱེས་ གཉིས། །རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཐལ་མོ་ སྦྱར་བ་བྱས་གྱུར་ནས། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་འདུག །ཟླ་བཟང་རྒྱུད་ཀྱི་གསོལ་ འདེབས་དང༌། །སྟོན་པར་(ཚིག་ཁ་ཤས་མི་གསལ་)པར་བྱེད་པ་པོ། །ཞེས་པ་དང༌། སྟོན་ པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་ ཕུང་དུ། དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །གང་ལ་གང་གནས་སྟོན་པ་ནི། །སུ་ ཡིས་རྒྱུད་ཀྱང་ཅི་ཞིག་བསྟན། །གནས་ནི་གང་དུ་འཇིག་རྟེན་པའི། །འཁོར་ནི་སུ་ཡིས་རྒྱུ་ཅི་ ཡིས། །བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་ པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས། །ཐབས་ གཅིག་དེ་བཞིན་གཤེགས་པ་བཞུགས། །ནམ་མཁའ་བེམ་མིན་ཤིན་ཏུ་དྭངས། །གོ་སྐབས་ མེད་པར་རབ་ཏུ་གསལ། །སྣ་ཚོགས་རྡོ་རྗེའི་ཁང་པར་གནས། །ཆོས་ཀྱི་དབྱིངས་དང་ཡིད་ འོང་པར། །རྒྱུད་བསྟན་སྐྱེས་བུ་རྣམས་ཀྱི་ནི། །བསོད་ནམས་ཡེ་ཤེས་བསྒོམ་པའོ། །ཞེས་ གསུངས་པས། སྟོན་པ་བཅོམ་ལྡན་འདས་འདི་རྒྱ་གར་འཕགས་པའི་ཡུལ་དུ་ས་ག་ཟླ་བའི་ ཉའི་སྐྱ་རེངས་འཆར་བའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས། དང་ པོར་ལོ་གཅིག་གི་བར་དུ་བྱ་རྒོད་ཕུང་པོའི་རིར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཐེག་པ་གསུམ་ བསྟན་ནོ། །དེ་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཟླ་བ་ཉ་ནས་བཟུང་སྟེ། བྱ་རྒོད་ཕུང་པོའི་ 5-1-14 རི་ལ་བཞུགས་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྟོན་པ་དང༌། རྒྱ་གར་ལྷོ་ཕྱོགས་ དཔལ་ལྡན་འབྲས་ཕུང་གི་མཆོད་རྟེན་ཆེན་པོར་བྱོན་ནས་སྔགས་ཀྱི་ཐེག་པ་སྟོན་པའི་ ཚུལ་གཉིས་སུ་མཛད། མཆོད་རྟེན་ཆེན་པོའི་ནང་སྟེང་འོག་ཏུ་དཔག་ཚད་དྲུག་དང༌། རྒྱང་ གྲགས་གཅིག་ཡོད་པར། འོག་ཏུ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་ སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོ་སྤྲོས་ཏེ། སྟོན་པ་ཤཀྱ་ཐུབ་པས། བདེ་བ་ ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་ནས། དུས་ཀྱི་ འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། དཀྱིལ་འཁོར་ལ་བཀོད་པའི་འཁོར་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་ལྷ་དང་ཀླུ་དང༌། ལྷ་མོའི་ཚོགས་ཀྱིས་ ཡོངས་སུ་བསྐོར་བ་ལས། ཞུ་བ་པོའི་འཁོར་ཕྱག་ན་རྡོ་རྗེའི་སྤྲུལ་བའི་སྐུ་ཤམ་བྷ་ལའི་ཡུལ་ གྱི་རྒྱལ་པོ་ཟླ་བ་བཟང་པོས་ཤམ་བྷ་ལ་ནས་རྫུ་འཕྲུལ་གྱིས་བྱོན་ཏེ། གསོལ་བ་བཏབ་པ་ལ་ བརྟེན་ནས། ཉན་པ་པོའི་འཁོར་བྱང་ཆུབ་སེམས་དཔའ་དུ་མ་དང༌། ཤམ་བྷ་ལའི་ཡུལ་ཆེན་པོ་ དགུ་བཅུ་རྩ་དྲུག་གི་སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་དང༌། ལྷ་དང༌། ལྷ་མ་ཡིན་ལ་སོགས་ པའི་འཁོར་དཔག་ཏུ་མེད་པ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ བ་གནང་ནས་སངས་རྒྱས་ཉིད་དུ་ལུང་བསྟན་ཏེ། ཆོས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ ཕྲག་བཅུ་གཉིས་པ་ལ་སོགས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་གསུངས་པཡིན་ ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་ཡང༌། དཔལ་ལྡན་འབྲས་ཕུང་ཆོས་ཀྱི་དབྱིངས་སུ་ སྟོབས་བཅུ་པ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་བསྟན། །ཞེས་གསུངས་ཤིང༌། མཚན་བརྗོད་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་ལས་ཀྱང༌། འདིར་ངེས་པར་ དཔལ་ལྡན་འབྲས་ཕུང་རྒྱལ་བའི་མཆོད་རྟེན་ཆེན་པོར་སངས་རྒྱས་ཤཱཀྱ་སེང་གེ་ཞེས་བྱ་བ་ ལ། རྒྱུད་སྣ་ཚོགས་པ་ཉན་པར་འདོད་པ་རྣམས་ཀྱིས་གསོལ་བ་བཏབ་པས། དཔྱིད་ཟླ་འབྲིང་ 5-1-15 པོའི་ཉ་ལ་དཔལ་ཆོས་ཀྱི་དབྱིངས་གསུང་གི་དཀྱིལ་འཁོར་དང༌། དེ་སྟེང་དུ་དཔལ་ལྡན་རྒྱུ་ སྐར་གྱི་དཀྱིལ་འཁོར་དང་པོའི་སངས་རྒྱས་རྣམ་པར་སྤྲོས་ནས། དེར་ཉི་མ་དེ་ཉིད་ལ་ས་ལྷ་ ལ་སོགས་པ་རྣམས་ལ་སངས་རྒྱས་ཀྱིས་དབང་བསྐུར་ནས་རྒྱས་པ་དང༌། བསྡུས་པའི་དབྱེ་ བས་གསང་སྔགས་ཀྱི་ཚུལ་ཐམས་ཅད་བསྟན་ཏོ། །ཞེས་བཤད་དོ། །འདི་ལ་བཀའ་འགྲེལ་ པདྨ་ཅན་ལས། བཅོམ་ལྡན་འདས་འཕགས་པའི་ཡུལ་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ ནས་ཤམ་བྷ་ལའི་ཡུལ་དུ་རྩ་བའི་རྒྱུད་གསུངས་སོ། །ཞེས་འབྱུང་པ་ནི། གོང་དུ་དྲངས་པའི་རྩ་ རྒྱུད་ཀྱི་ལུང་དང་འགལ་བར་ཤེས་པར་བྱའོ། །ཡང་ཁ་ཅིག་སྟོན་པ་མྱ་ངན་ལས་འདའ་ཁའི་ལོ་ དེ་ལ་དཔལ་ལྡན་འབྲས་ཕུང་དུ་རྒྱུད་གསུངས་པར་འདོད་པ་ཡང༌། རྒྱུད་འགྲེལ་དང་འགལ་ ཏེ། རྒྱུད་འགྲེལ་ལས། ས་ག་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། ཐེག་པ་ གསུམ་བསྟན་པ་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲི་དྷཱ་ན་ཀ་ཊ་ཀར། ཞེས་ གསུངས་པའི་ཕྱིར་ཏེ། ནག་པའི་ཟླ་བ་དང་པོ་ཡིན་པ་ལ། ས་ག་ཟླ་བ་ནས་བགྲངས་པའི་ཟླ་ བ་བཅུ་གཉིས་པར་བྱས་ནས། དེ་ལ་འབྲས་ཕུང་དུ་རྒྱུད་གསུངས་པར་བཤད་པས། སངས་ རྒྱས་ནས་ལོ་གཅིག་ན་འབྲས་ཕུང་རྒྱུད་གསུངས་པར་བཤད་པའི་ཕྱིར་རོ། །འོ་ན་ལོ་འདི་ནས་ དྲུག་བརྒྱའི་ལོས་ཞེས་པས་དང༌། མཆོག་མི་འགྱུར་ལས། འཇམ་པའི་དབྱངས་ཀྱང་ང་མྱ་ངན་ ལས་འདས་ནས། ལོ་དྲུག་བརྒྱ་ན་ཞེས་བཤད་པས་འབྲས་ཕུང་དུ་རྒྱུད་གསུངས་པའི་ལོ་དང༌། མྱ་ངན་ལས་འདའ་ཁའི་ལོ་གཅིག་པ་མ་ཡིན་སྙམ་ན། ང་མྱ་ངན་ལས་ནས་ཞེས་པའི་སྐད་དོད། རྒྱ་དཔེ་ཁ་ཅིག་ལས་བྱུང་པར་གསལ། ཡང་རྒྱ་དཔེ་རྙིང་པ་འགའ་ཞིག་ལ་མི་སྣང་ཞེས་གསུང་ ཞིང༌། དེའི་སྐད་དོད་ཡོད་ན་གཞུང་ནང་འགལ་དུ་འགྱུར་བས་རྒྱ་དཔེ་དེ་མ་དག་པ་ཡིན་ནོ། ། འདི་ལ་འགལ་སྤོངས་གཞན་མཛད་པའང་སྣང་སྟེ། དེས་ནི་འགལ་བ་མི་སྤོངས་སོ། ། 5-1-16 ༢ སྡུད་པ་པོས་ཇི་ལྟར་བསྡུས་ཚུལ། གཉིས་པ་སྡུད་པ་པོས་ཇི་ལྟར་བསྡུས་པའི་ཚུལ་ནི། ཡེ་ཤེས་ཐིག་ལེའི་རྒྱུད་ལས། མ་ འོངས་པའི་དུས་སུ་ཡང་དག་པར་གསང་བའི་རྒྱུད་འདི་སྐལ་བ་དང་ལྡན་པའི་སེམས་ཅན་ རྣམས་ལས་སུས་འཆད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཕྱག་ན་རྡོ་ རྗེ་མགོན་པོས་བཤད་པར་བྱེད་དོ་ཞེས་པ་དང༌། གསང་བ་སྒྲོན་མའི་རྒྱུད་ལས་གསང་བ་ཆེན་ པོའི་རྒྱུད་འདི་ནི། ཤེས་པ་དང་ནི་བཤད་པ་སུ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ། བྱང་ཕྱོགས་སུ་དཔལ་ལྡན་རྡོ་རྗེ་ཆེན་པོའི་གནས་ཨུ་རྒྱན་དུ་རྒྱལ་པོ་ཨིནྟྲ་བྷུ་ཏི་ཞེས་བྱ་བས་ ཤེས་པ་དང་བཤད་པ་དང༌། སེམས་ཅན་ལ་གསལ་བར་བྱེད་དོ། །ལྷ་མོས་གསོལ་པ། ཀྱེ་ བཅོམ་ལྡན་འདས། རྒྱལ་པོ་ཨིནྟྲ་བྷུ་ཏི་དེ་ས་དུའི་དབང་ཕྱུག་ལགས་བཀའ་སྩོལ་ཅིག །བཅོམ་ ལྡན་འདས་ཀྱིས་བཀའ་བསྩལ་པ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་ ངས་བསྟན་པ་ཕྱག་ན་རྡོ་རྗེའི་རྒྱལ་པོ་དེ་ཉིད་ཨིནྟྲ་བྷུ་ཏི་སྤྲུལ་པའི་སྐུ་ས་བཅུའི་དབང་ཕྱུག་ཡེ་ ཤེས་ཀྱི་སྐུ་ས་བཅུ་བཞིའི་དབང་ཕྱུག་གོ། ཞེས་བཤད་པ་དང༌། རྒྱུད་སྡེ་གཞན་འཆད་པ་རྣམས་ ཀྱི་ལུགས་ཀྱི་གནས་ཨུ་རྒྱན་དུ་སྡུད་པ་པོ་ཕྱག་ན་རྡོ་རྗེས། དུས་བཅོམ་ལྡན་འདས་བཞུགས་ པའི་དུས་ཉིད་དུ་སྔགས་ཀྱི་རྒྱུད་སྡེ་མཐའ་དག་བསྡུས་ནས། རྒྱལ་པོ་ཨིནྟྲ་བྷུ་ཏི་འཁོར་དང་ བཅས་པ་ལ་བྱིན་ཏེ། དེ་དག་གིས་ཀྱང་དངོས་གྲུབ་ཐོབ་པར་གྱུར་པས། རང་བཞིན་གྱིས་ གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ཞེས་བྱའོ། །དེ་ནས་ཨུ་རྒྱན་གྱི་ཡུལ་དེ་སྟོངས་ཏེ། མཚོ་ ཆེན་པོ་ཀླུས་གང་པ་གཅིག་ཏུ་གྱུར་ཏེ། དེ་ནས་ཡང་ཕྱག་ན་རྡོ་རྗེས་རྒྱུད་མཐའ་དག་གླེགས་ བམ་དུ་བྲིས་ཏེ་མཚོའི་ཀླུ་དེ་རྣམས་སྨིན་པར་མཛད་ནས་དེ་རྣམས་ལ་གཏད་དོ། །དེ་ནས་ཀླུ་ དེ་རྣམས་རིམ་གྱིས་མིའི་གཟུགས་སུ་བསྒྱུར་ཏེ་མཚོའི་འགྲམ་དུ་གྲོང་ཁྱེར་བྱོན་ནས་རྡོ་རྗེ་ ཐེག་པ་ཉམས་སུ་བླངས་པས་ཕལ་ཆེར་གྲུབ་པ་མཉེས་པར་གྱུར་ཏེ། སྐྱེས་པ་རྣམས་ནི་དཔའ་ 5-1-17 བོ་དང༌། བུད་མེད་རྣམས་ནི་མཁའ་འགྲོ་མར་གྱུར། གྲུབ་པ་མ་ཐོབ་པ་རྣམས་ནི་མིར་གྱུར་ ཏེ། ཡུལ་དེ་ལ་མཁའ་འགྲོ་མའི་གནས་སུ་གྲགས་ལ། དེའི་རྒྱལ་པོ་རྣམས་ནི་ཆོས་དང་མཐུན་ པ་ཤ་སྟག་སྟེ། དེ་ནས་རིམ་གྱིས་ཡུལ་དབུས་ལ་སོགས་པར་སྔགས་འཕེལ་ལོ། །ཞེས་ལྷན་ ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ལས་འབྱུང་ངོ༌། །ཞེས་གྲག་གོ། འདིར་དུས་འཁོར་རྩ་བའི་རྒྱུད་ ནི། ཕྱག་ན་རྡོ་རྗེའི་སྤྲུལ་པའི་རྒྱལ་པོ་ཟླ་བ་བཟང་པོས་བསྡུས་པ་ཡིན་ཏེ། ཟླ་བཟང་རྒྱུད་ ཀྱི་གསོལ་འདེབས་དང༌། །སྟོན་པ་སྡུད་པ་པོ་ཞེས་གསུངས་པའོ། །སྤྱིར་ཡང་གསང་སྔགས་ ཐམས་ཅད་ཀྱི་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་པར་གསུངས་པས། སྡུད་པ་པོ་ཕྱག་ན་རྡོ་རྗེ་ཉིད་ སྤྲུལ་པའི་སྐུ་ཟླ་བ་བཟང་པོ་དང༌། ཨིནྟྲ་བྷུ་ཏི་ལ་སོགས་པ་དུ་མར་བསྟན་པའམ། ཡང་བཅོམ་ ལྡན་འདས་ཀྱིས་དཔལ་ལྡན་འབྲས་ཕུང་དུ་གསང་སྔགས་ཀྱི་ཚུལ་ཐམས་ཅད་གསུངས་པ་ ཡིན་ཞིང༌། གསོལ་བ་འདེབས་པ་པོ་ཟླ་བ་བཟང་པོ་ཡིན་པར་གསུངས་པས། རྒྱུད་ཐམས་ ཅད་ཀྱི་སྡུད་པ་པོ་ཟླ་བ་བཟང་པོ་ཡིན་པ་ལ་འགལ་བ་མེད་དོ། །འོ་ན་རྣལ་འབྱོར་མ་རྒྱུད་བདེ་ མཆོག་ལ་སོགས་པ་སྡུད་པར་བྱེད་པ་རྡོ་རྗེ་ཕག་མོ་ལ་སོགས་པས་སྡུད་པར་བྱེད་པར་བཤད་ པ་མ་ཡིན་ནམ་སྙམ་ན། སྐྱོན་མེད་དེ། དྲང་བའི་དོན་དུ་སྟོན་པ་པོ་དང༌། སྡུད་པ་པོ་སྤྲུལ་པའི་ སྐུ་ཐ་དད་པར་བསྟན་པ་དང༌། ངེས་པའི་དོན་དུ་སྟོན་པ་པོ་དང༌། སྡུད་པ་པོ་ཡེ་ཤེས་ཀྱི་སྐུ་ཐ་ མི་དད་པར་གསུངས་པ་ཡིན་པས། རྡོ་རྗེ་ཕག་མོ་སྡུད་པ་པོར་གསུངས་པ་ནི། སྟོན་པ་འཁོར་ ཐ་མི་དད་པའི་དབང་དུ་མཛད་པ་སྟེ། ཡུམ་དང་ཐབས་ཤེས་གཉིས་སུ་མེད་པའི་ཕྱིར་རོ། ། བརྟག་པ་གཉིས་པར། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །ཞེས་ དང༌། གསང་བ་གྲུབ་པ་ལས་ཀྱང༌། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་གསུངས་ སོ། །དེས་ན་འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ཀྱང་ཕར་ཕྱིན་ཐེག་པར་བཀའ་སྡུད་པ་ 5-1-18 པོའི་ཚིག་རྗེས་སུ་གནང་བའི་བཀའ་ཡིན་པར་འཆད་ཀྱང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ དུ་སྟོན་པ་པོའི་གསུང་ཉིད་ཡིན་པར་གསུངས་ཏེ། དཔལ་ལྡན་རྒྱུད་ལས། རྒྱུད་རྣམས་དག་ ལས་འདི་སྐད་བདག་གིས་ཞེས་གསུངས་པ་གང་དེ་འདི་ལྟར་བདག་གིས་ཤེས་པ་སྟེ་ཞེས་ གསུངས་སོ། ། ༣ བསྟན་པའི་ཚད་རྣམ་པར་བཞག་པ། གསུམ་པ་བསྟན་པའི་གནས་ཚད་རྣམ་པར་བཞག་པ་ནི། འཇམ་དཔལ་ཞལ་ལུང་ལས། འདི་དོན་རྣམ་པར་འཕོ་བྱེད་པ། །གང་གི་དུས་སུ་གནས་པ་དེ། །སངས་རྒྱས་བསྟན་པ་རིན་ ཆེན་ཡང༌། །གནས་པར་རབ་ཏུ་བཤད་པ་ཡིན། །བརྒྱུད་པའི་རིམ་པ་འདི་ཆད་ནས། །སངས་ རྒྱས་བསྟན་པ་ནུབ་པ་རུ། །ཀུན་གྱིས་རབ་ཏུ་ཤེས་པར་གྱིས། །ཞེས་དང༌། གསང་འདུས་ཀྱི་ འགྲེལ་པ་སྒྲོན་གསལ་ལས། ཇི་སྲིད་འཇིག་རྟེན་ན་ཆོས་གནས་པ་དེ་སྲིད་ཀྱི་བར་དུ། རྡོ་རྗེ་ ཐེག་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ལུང་ལ་བརྟེན་ནས་ཞེས་གསུངས་པས། བསྟན་པ་ཇི་ སྲིད་གནས་ཀྱི་བར་དུ་རྡོ་རྗེ་ཐེག་པའང་གནས་པར་གསུངས་སོ། །ལུང་དེ་དག་གིས་ནི། སྤྱིར་ བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྡོ་རྗེ་ཐེག་པའི་བསྟན་པ་ཡང་གནས་པར་གསུངས་པ་ཡིན་ མོད་ཀྱི། བསྟན་པའི་གནས་ཚད་ཇི་ལྟར་ཡིན་སྙམ་ན། ལུགས་གཞན་ནི་ཡོངས་སུ་གྲགས་ ཤིང༌། དུས་ཀྱི་འཁོར་ལོའི་ལུགས་ལ་གཞན་དག་ན་རེ། ས་དུམ་བུ་བཅུ་གཉིས་སུ་བསྟན་པ་ ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གནས་ཤིང༌། དེ་ལ་རྫོགས་ལྡན་ལྔ་སྟོང་བཞི་བརྒྱ། དེ་བཞིན་དུ་ གསུམ་ལྡན་གཉིས་ལྡན་རྩོད་ལྡན་རྣམས་ལྔ་སྟོང་བཞི་བརྒྱ་རེ་གསུངས་ཤིང༌། གླིང་བཅུ་ གཉིས་པོ་སོ་སོར་བགོས་པས། གླིང་རེ་རེའི་ཐུན་མོང་མ་ཡིན་པའི་བགོས་སྐལ་སྟོང་བརྒྱད་ བརྒྱ་རེ་གནས་པར་འགྱུར་ཞེས་འཆད་དོ། །དེའི་ལུགས་ལྟར་ན་སའི་དུམ་བུ་འདིར་ད་ལྟའི་ 5-1-19 ཀུན་ལྡན་གྱི་ལོ་ཤར་བའི་དུས་ན་ཐུབ་པའི་བསྟན་པ་ནུབ་ནས་ལོ་བཞི་བརྒྱ་དང་སུམ་ཅུ་རྩ་ལྔ་ ཙམ་ལོན་དགོས་པར་འགྱུར་ཏེ། དུས་བཞི་འདི་ཁྱེད་ཀྱི་ལུགས་ལ་ཐུབ་པས་ཆོས་གསུངས་ པའི་དུས་ནས་འཛིན་དགོས་ཤིང༌། ཐུབ་པས་ཆོས་གསུངས་ནས། ད་ལྟའི་ཀུན་ལྡན་གྱི་ལོ་ འཆར་བའི་མཚམས་ཡན་ཆད་ལ་ལོ་ཉིས་སྟོང་ཉིས་བརྒྱ་སུམ་ཅུ་རྩ་དྲུག་འདས་ཤིང༌། བསྟན་ པའི་གནས་ཚད་ལོ་སྟོང་བརྒྱད་བརྒྱ་ཡིན་པའི་ཕྱིར་རོ། །དེས་ན་བསྟན་པའི་དུས་བཞི་རིམ་པ་ གཉིས་གསུངས་པའི་ཕྱི་མ་འཁོར་ལོ་ཅན་གྱི་དུས་བཞི་ལ་བསྟན་པའི་གནས་ཚད་དུ་འཁྲུལ་ བའི་སྐྱོན་ཡིན་ནོ། །དེས་ན་རྒྱུད་འགྲེལ་ཆེན་པོའི་དགོངས་པ་ཇི་ལྟ་བ་ནི། བསྟན་པའི་དུས་ བཞི་རིམ་པ་གཉིས་འབྱུང་ཞིང༌། དུས་བཞི་སྔ་མའི་ཚད་ནི། སྟོན་པས་རྩ་རྒྱུད་གསུངས་པའི་ དུས་ནས་ལོ་དྲུག་བརྒྱ་ནས་ཤམ་བྷ་ལའི་ཡུལ་དུ་འཇམ་དབྱངས་གྲགས་པ་བྱོན་ཞིང༌། གྲགས་ པས་ལོ་བརྒྱའི་བར་དུ་རྩ་རྒྱུད་གསུངས་ཏེ། དེས་ན་ལོ་བདུན་བརྒྱ་དང་གྲགས་པ་མྱ་ངན་ལས་ འདས་ན་ལོ་བརྒྱད་བརྒྱ་ན། འཕགས་པའི་ཡུལ་གྱི་མ་ག་ཞེས་བྱ་བའི་ཡུལ་དུ་ཀླ་ཀློའི་ཆོས་ འཇུག་ཅིང༌། དེའི་བར་ལ་གྲགས་པའི་སྲས་པདྨ་དཀར་པོ་ནས་ཤིན་ཏུ་བཟང་པོའི་བར་ རིགས་ལྡན་བརྒྱད་འདས་པར་གསུངས་པས། དེ་དག་གིས་ཀྱང་ལོ་བརྒྱ་བརྒྱར་ཆོས་བསྟན་ ཏེ། ཐུབ་པས་རྩ་རྒྱུད་གསུངས་ནས་ཀླ་ཀློ་འཇུག་པའི་བར་ལ་ལོ་སྟོང་དང་ལྔ་བརྒྱ་འདས་སོ། ། ཀླ་ཀློ་ཞུགས་ནས་ཀླ་ཀློའི་གནས་ཚད་སྟོང་དང་བརྒྱད་བརྒྱ་ཡིན་པར་གསུངས་ཤིང༌། ཤིན་ཏུ་ བཟང་པོའི་རྗེས་སུ་རྒྱ་མཚོ་རྣམ་རྒྱལ་ནས་རིགས་ལྡན་དྲག་པོའི་བར་ལ། རིགས་ལྡན་བཅུ་ དྲུག་ཡོད་ལ། རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པར་གསུངས་པས། ཀླ་ཀློའི་གནས་ཚད་ ལོ་སྟོང་བརྒྱད་བརྒྱ་དང༌། རིགས་ལྡན་བཅུ་དྲུག་པོས་ཆོས་གསུངས་པའི་ལོ་གྲངས་མཚུངས་ པར་སྦྱར་དགོས་ཤིང༌། དེ་ཡང་རྒྱ་མཚོ་རྣམ་རྒྱལ་དང༌། རྒྱལ་དཀའ་གཉིས་ལ་ལོ་བཞི་བརྒྱ་ དང༌། རིགས་ལྡན་གཞན་བཅུ་བཞི་ལ་ལོ་བརྒྱ་བརྒྱ་སྦྱར་དགོས་ཏེ་བྱེད་རྩིས་ཀྱི་ལོ་དག་སྟོན་ 5-1-20 པ་ན། མེ་མཁའ་རྒྱ་མཚོའི་ལོ་སྟེ་ལོ་བཞི་བརྒྱ་དང༌། གསུམ་བཞིར་བཞག་པ་ལ། རབ་བྱུང་ལ་ སོགས་འདས་ལོ་བསྲེས་པ་ནི། ཀླ་ཀློ་ཞུགས་ནས་ལོ་དེ་སྙེད་སོང་པ་ཡིན་ལ། ལོ་བཞི་བརྒྱ་ དང་གསུམ་གྱི་སྟེང་ནས་ལོ་བརྒྱ་དང༌། བརྒྱད་ཅུ་རྩ་གཉིས་ཕྲི་བ་ལ་རབ་བྱུང་ལ་སོགས་ བསྲེས་པ་ནི། བྱེད་རྩིས་ཀྱི་མགོ་ཚུགས་ནས་ལོ་དེ་སྙེད་སོང་བ་ཡིན་ནོ། །མེ་མཁའ་རྒྱ་མཚོ་ གཞིར་བཞག་པ་ནི། ཀླ་ཀློ་ཞུགས་ནས་རྒྱལ་དཀའ་འདས་པའི་བར་གྱི་ལོ་གྲངས་བསྡོམས་ ནས་བཞག་པ་ཡིན་ལ། དེ་ལ་ལོ་བརྒྱ་བརྒྱད་ཅུ་རྩ་གཉིས་འབྲི་བ་ནི། ཀླ་ཀློ་ཞུགས་ནས་དེ་ སྙེད་སོང་བ་ན། བྱེད་རྩིས་ཀྱི་ལོ་དག་འགོ་དག་འཛུགས་པས་སོ། །དེ་དུས་ན་རྒྱལ་དཀའ་ འབྱོན་ཏེ་ཉུང་ངུའི་བྱེད་པ་སྦྱོང་མཁན་མཛད་ཅིང༌། ལོ་བཞི་བརྒྱ་དང་གསུམ་ལ་བརྒྱ་བརྒྱད་ཅུ་ རྩ་གཉིས་ཕྲི་བའི་ལྷག་མ་ཉིས་བརྒྱ་ཉེར་གཅིག་བསྡོམས་ནས་བཞག་པ་ནི། རྒྱལ་དཀའ་ཉུང་ ངུའི་བྱེད་རྩིས་མཁན་གྱི་ཐོག་མ་ཡིན་པས། ལོ་དག་གིས་འགོ་ཚུགས་ནས་རྒྱལ་དཀའ་འདས་ པའི་བར་གྱི་ལོ་རྣམས་བསྡོམས་པ་ཡིན་ནོ། །དེ་ལྟར་ན་ཤིན་ཏུ་བཟང་པོ་དང༌། རྒྱལ་དཀའི་ བར་ན་རྒྱ་མཚོ་རྣམ་རྒྱལ་ལས་མེད་ཅིང༌། རྒྱ་མཚོ་རྣམ་རྒྱལ་འབྱོན་པ་དང༌། ཀླ་ཀློ་འཇུག་པ་ དུས་མཉམ་པས། ཀླ་ཀློ་ཞུགས་ནས་རྒྱལ་དཀའི་བར་གྱི་ལོ་བརྒྱ་བརྒྱད་ཅུ་རྩ་གཉིས་ནི། རྒྱ་ མཚོ་རྣམ་རྒྱལ་གྱིས་ཆོས་བསྟན་པའི་ལོ་གྲངས་ཡིན་ཞིང༌། ལོ་ཉིས་བརྒྱ་ཉེར་གཅིག་ནི་རྒྱལ་ དཀས་ཆོས་བསྟན་པའི་ལོ་གྲངས་ཡིན་ནོ། །འོན་ཀྱང་རྒྱ་མཚོ་རྣམ་རྒྱལ་དང༌། རྒྱལ་དཀའ་ལོ་ གསུམ་ལྷག་པར་ཡོད་པས། ཀླ་ཀློའི་གནས་ཚད་ལོ་སྟོང་བརྒྱད་བརྒྱ་ལས། རིགས་ལྡན་བཅུ་ དྲུག་གིས་ཆོས་བསྟན་པའི་ལོ་གྲངས་ལོ་གསུམ་གྱིས་མང་བར་ཡོད་དོ། །དེ་ལྟར་རྒྱ་མཚོ་རྣམ་ རྒྱལ་ནས། རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་ལོ་སྟོང་བརྒྱད་བརྒྱ་དང་གསུམ་ འབྱུང་སྟེ། དེ་སྔར་གྱི་ལོ་སྟོང་བརྒྱད་བརྒྱ་པོ་དང་བསྡོམས་པས། ལོ་སུམ་སྟོང་དང༌། སུམ་བརྒྱ་ དང༌། གསུམ་འབྱུང་ཞིང༌། ཞིབ་པར་གྱུར་ན་རྩ་རྒྱུད་མ་གསུངས་པའི་གོང་དུ་ཆོས་གསུངས་ 5-1-21 པའི་ལོ་གཅིག་ཀྱང་བསྣན་པས། ལོ་སུམ་སྟོང་དང་སུམ་བརྒྱ་དང༌། བཞིར་འགྱུར་བ་ཡིན་ནོ། ། དེ་ལ་རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་དུས་ན། བསྟན་པ་རྩོད་ལྡན་མཐར་སོན་པར་ གསུངས་པས། དེའི་གོང་དུ་རྫོགས་ལྡན་ལ་སོགས་གསུམ་ཡོད་པར་གྲུབ་ཅིང༌། རྫོགས་ལྡན་ གྱི་འགོ་ཡང་སྟོན་པས་ཐོག་མར་ཆོས་གསུངས་པ་ནས་འཛིན་དགོས་སོ། །དུས་བཞི་པོ་འདི་ ཡི་སོ་སོའི་ཚད་ནི། ལོ་སུམ་སྟོང་དང་སུམ་བརྒྱ་དང༌། བཞི་པོ་ལ་བཞིས་བགོས་པས། བརྒྱད་ བརྒྱ་དང་ཉི་ཤུ་རྩ་དྲུག་ཐོབ་པ་ཉིད་ཡིན་ནོ། །དུས་བཞི་སྔ་མ་འདིའི་ལོ་གྲངས་སུམ་སྟོང་དང་ སུམ་བརྒྱ་དང༌། བཞི་པོ་ནི་(ཚིག་རྡོག་ལྔ་མི་གསལ་དགོས་མིན་མ་ཡིག་དང་བསྡུར་དགོས། ) སྟོན་པས་ཆོས་གསུངས་ནས། རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་བར་གྱི་བསྟན་པའི་ གནས་ཚད་ཡིན། རྩོད་ལྡན་ལ་ཡང་ཆོས་ཀྱི་རྐང་པ་གཅིག་ཡོད་པས་སོ། །རྩོད་ལྡན་གྱི་མཐར་ ནི་ཤམ་བྷ་ལ་ལ་སོགས་པ་ཡོངས་སུ་དག་པའི་ལམ་ནས་འགའ་ཞིག་མ་རྟོགས་པར་འཛམ་ གླིང་ཆུང་ངུ་འདིར། ཀླ་ཀློས་བསྟན་པ་ལན་གཅིག་ནུབ་པར་བྱེད་དོ། །དེ་ལ་དུས་བཞི་འདི་ཡི་ སྟེངས་ནས་ད་ལྟར་གྱི་ཀུན་ལྡན་གྱི་ལོ་ལྕགས་ཕོ་བྱི་བ་ཤར་བའི་མཚམས་ཡན་ཆད་ལ་ལོ་ཇི་ སྙེད་འདས་ན། སྟོན་པས་ཐོག་མར་ཆོས་གསུངས་པའི་དུས་ནས། རིགས་ལྡན་ཤིན་ཏུ་བཟང་ པོ་ཡན་ཆད་ལ། ལོ་སྟོང་ལྔ་བརྒྱ་དང་གཅིག རྒྱ་མཚོ་རྣམ་རྒྱལ་དང༌། རྒྱལ་དཀའི་བར་ལ། མེ་ མཁའ་རྒྱ་མཚོ་སྟེ། ལོ་བཞི་བརྒྱ་དང༌། གསུམ་འདས་པ་དང༌། དེ་ནས་རབ་བྱུང་ལ་སོགས་ དྲུག་ཅུ་བསྐོར་ལྔ་འདས་ཏེ། དེ་བསྡོམས་པ་ལ་སུམ་བརྒྱ་དང༌། ཡང་རབ་བྱུང་ནས་བསྒྱུར་བྱེད་ ཀྱི་ལོ་ཡན་ཆད་ལ། ལོ་སྟོང་ལྔ་བརྒྱ་དང་གཅིག ལོ་སུམ་ཅུ་སོ་གསུམ་སྟེ། དེ་རྣམས་བསྡོམས་ པས། ད་ལྟར་གྱི་ཀུན་ལྡན་གྱི་ལོ་ལྕགས་ཕོ་བྱི་བ་ལོ་ཤར་བའི་དུས་ན། སྟོན་པས་ཐོག་མར་ ཆོས་བསྟན་པའི་དུས་ནས་བཟུང་སྟེ། དུས་བཞི་སྔ་མ་འདི་རྫོགས་པའི་བསྟན་པའི་གནས་ཚད་ ཀྱི་སྟེང་ནས། སྔར་ལོ་ཉིས་སྟོང་ཉིས་བརྒྱ་སུམ་ཅུ་རྩ་བདུན་འདས་ཏེ། བསྟན་པ་ཉིས་ལྡན་གྱི་ 5-1-22 དུས་ཀྱི་ལོ་ལྔ་བརྒྱ་དང༌། བརྒྱད་ཅུ་རྩ་ལྔ་འདས་ནས། ད་ལྟ་ཉིས་ལྡན་གྱི་ལྷག་མ་ཉིས་བརྒྱ་ བཞི་བཅུ་རྩ་གཅིག་དང་རྩོད་ལྡན་གྱི་བརྒྱད་བརྒྱ་དང་ཉི་ཤུ་རྩ་དྲུག་སྟེ་ལོ་སྟོང་དང་དྲུག་ཅུ་རྩ་ བདུན་ལྷག་མར་ཡོད་ཅིང༌། དེ་ནས་རིགས་ལྡན་དྲག་པོས་སྐུ་ཚེའི་མཐར་ཀླ་ཀློ་འཇོམས་པར་ ཤེས་པར་བྱའོ། །རིགས་ལྡན་གྱི་རྒྱལ་པོ་ཡང་ཟླ་བའི་འོད་ཡན་ཆད་བཅུ་བཞི་འདས་ལ། ད་ལྟ་ ཤམ་བྷ་ལའི་ཡུལ་དུ་རིགས་ལྡན་མཐའ་ཡས་ཀྱིས་ཆོས་བསྟན་ནས་ལོ་སུམ་ཅུ་རྩ་གསུམ་ འདས་སོ། །སྟོན་པ་མྱ་ངན་ལས་འདས་པའི་དུས་ནས་བཟུང་བའི་བསྟན་པའི་གནས་ཚད་ལ་ སྔར་ལོ་ཇི་སྙེད་ཅིག་འདས་ན། སྔར་གྱི་འདས་ལོ་དེ་ལ་སྟོན་པས་ཐོག་མར་ཆོས་གསུངས་ ནས་མྱ་ངན་ལས་འདས་པའི་བར་གྱི་ལོ་བཞི་བཅུ་རྩ་དྲུག་ཅུང་མེད་ཀྱང༌། བཞི་བཅུ་རྩ་དྲུག་ཏུ་ བྱས་ཏེ་དེ་ཕྲིས་པའི་ལྷག་མ་ཉིས་སྟོང་དང༌། བརྒྱ་དགུ་བཅུ་རྩ་གཅིག་ད་ལྟར་གྱི་ཀུན་ལྡན་གྱི་ ལོ་ཤར་བའི་མཚམས་ཡན་ཆད་ལ་འདས་པ་ཡིན་ནོ། །དེ་ལྟར་འདས་པའི་གནས་ཚད་ཀྱི་ འདས་ལོ་དུས་འཁོར་གྱི་ལུགས་འདི་ཉིད་ཤིན་ཏུ་རྣམ་པར་དག་པ་ཡིན་གྱི། ད་ལྟ་ཡོངས་སུ་ གྲགས་པའི་བསྟན་པ་སྔར་ཅི་ཙམ་འདས་པའི་ལོ་གྲངས་ནི་རྣམ་པར་མ་དག་པ་ཡིན་པར་ ཤེས་པར་བྱའོ། །དེ་ལྟར་ན་འཛམ་གླིང་ཆུང་ངུ་འདིར་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་པ་ནས་ བཟུང་སྟེ་ལོ་སྟོང་བརྒྱད་བརྒྱའི་བར་ཀླ་ཀློ་གནས་ནས་སངས་རྒྱས་ཀྱི་ཆོས་ཉམས་པར་བྱས་ ཏེ། རྩོད་ལྡན་གྱི་མཐར་སོང་བའི་དུས་ན་ཤམ་བྷ་ལ་ནས་འཁོར་ལོ་ཅན་རིགས་ལྡན་དྲག་པོ་ བྱོན་ཏེ། ཀླ་ཀློ་བཅོམ་ནས་སངས་རྒྱས་ཀྱི་ཆོས་རྫོགས་ལྡན་དུ་མཛད་དེ། བསྟན་པའི་དུས་ བཞི་རིམ་པ་གཅིག་སླར་ཡང་འབྱུང་བ་ལ་འཁོར་ལོ་ཅན་གྱི་དུས་བཞི་ཞེས་གསུངས་ཏེ། དེ་ནི་ འཛམ་གླིང་ཆེན་པོ་ས་དུམ་བུ་བཅུ་གཉིས་ལ་རྫོགས་ལྡན་དང༌། གསུམ་ལྡན་དང་གཉིས་ལྡན་ དང༌། རྩོད་ལྡན་རྣམས་བསྡོམས་པ་ནུས་པ་ཞེས་པ་ཞག་གཅིག་གི་ཚད་མི་ལོ་ཉི་ཁྲི་ཆིག་སྟོང་ དྲུག་བརྒྱའི་བར་དུ་གནས་ཤིང༌། དུས་བཞི་པོ་རེ་རེ་ལོ་ལྔ་སྟོང་བཞི་བརྒྱ་རེ་གནས་ལ་ས་དུམ་ 5-1-23 བུ་རེ་རེ་ལ་དུས་བཞི་བསྡོམས་པ་ལོ་སྟོང་བརྒྱད་བརྒྱ་རེ་གནས་སོ། །དེ་ཇི་ལྟར་འཁོར་བའི་ ཚུལ་ནི། འགྲེལ་ཆེན་གྱི་ཤོང་འགྱུར་དུ་འཁོར་ལོ་ཅན་གྱི་རྒྱལ་པོ་གང་དུ་ཞུགས་པའི་སའི་དུམ་ བུ་ལ་རྫོགས་ལྡན་དང༌། དེའི་མདུན་གྱི་སའི་དུམ་བུ་ལ་རྩོད་ལྡན་དང༌། རྒྱབ་ཀྱི་སའི་དུམ་བུ་ ལ་གསུམ་ལྡན་དང༌། རྩོད་ལྡན་དང་སུམ་ལྡན་གྱི་བར་དུ་གཉིས་ལྡན་ཡོད་པ་ཡུལ་ལ་སྦྱར་ ནས་རིམ་པ་ལྟར་འཁོར་བར་བཞེད་མོད། དེ་ལ་ས་དུམ་བུ་གསུམ་གསུམ་ལ་དུས་བཞིའི་དུས་ རེ་རེས་ཁྱབ་པ་དང༌། ས་དུམ་བུ་རེ་རེ་ལ་དུས་བཞིའི་དུས་རེ་རེས་ཁྱབ་པའི་རྩི་ལུགས་གཉིས་ ལས་མི་འདའ་ལ། རྩི་ལུགས་གཉིས་པོ་གང་བྱས་ཀྱང་ས་དུམ་བུ་བཅུ་གཉིས་སུ་དུས་བཞི་ ལན་གཅིག་འཁོར་བའི་བར་ལ། མི་ལོ་ཉི་ཁྲི་གཅིག་ཆིག་སྟོང་དྲུག་བརྒྱ་ཇི་ལྟ་བ་བཞིན་ རྫོགས་པ་མི་སྲིད་པ་ལེགས་པར་བརྟགས་པས་ཤེས་སོ། །དེས་ན་མདུན་ཞེས་པ་སྔོན་དང༌། རྒྱབ་ཅེས་པ་ཕྱིས་སམ། རྗེས་ཞེས་པ་བསྒྱུར་དུ་རུང་ཞིང༌། འགྱུར་གཞན་ལ་དེ་བཞིན་དུ་ཡོད་ པས་དུས་བཞི་སྔ་ཕྱི་རིམ་ཅན་དུ་འབྱུང་བའི་དུས་ལ་སྦྱར་དགོས་ཏེ། འདི་ལྟར་ས་དུམ་བུ་བཅུ་ གཉིས་པོ་དུམ་རེ་རེ་ཡང་རྒྱལ་པོ་འཁོར་ལོ་ཅན་གྱི་དུས་བཞི་གསུམ་ལྡན་ལ་སོགས་ཞུགས་ པའི་དུས་ན་རྫོགས་ལྡན་དང༌། རྒྱལ་པོའི་སྔོན་དུ་དུས་བཞི་སྔ་མའི་རྩོད་ལྡན་དང༌། རྒྱལ་པོའི་ ཕྱིས་ནས་སམ་རྗེས་སུ་འཁོར་ལོ་ཅན་གྱི་དུས་བཞིའི་གསུམ་ལྡན་ལ་སོགས་གསུམ་འབྱུང་ལ། དེ་ཡང་ཐོག་མར་འཛམ་བུའི་གླིང་ཆུང་ངུ་འདིར་ཀླ་ཀློའི་ཆོས་ལོ་སྟོང་བརྒྱད་བརྒྱ་གནས་པའི་ རྗེས་སུ། འཁོར་ལོ་ཅན་གྱི་དུས་བཞི་བསྡོམས་པ་ལོ་སྟོང་བརྒྱད་བརྒྱར་གནས་པ་རྫོགས་ནས། གཡས་བསྐོར་གྱིས་སའི་དུམ་བུ་གཞན་ཐམས་ཅད་དུའང༌། དུམ་བུ་རེ་རེ་ཀླ་ཀློའི་ཆོས་ལོ་སྟོང་ བརྒྱད་བརྒྱ་རེ་གནས་པའི་རྗེས་སུ། འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱ་རེ་རེ་ གནས་པ་རིམ་པ་ལྟར་འབྱུང་བའི་ཚུལ་གྱིས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་རྫོགས་པ་ན། ནུས་པའི་ཞག་གཅིག་གི་ཚད་མི་ལོ་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྫོགས་པ་ཡིན་ལ། ཕྱི་རོལ་ཏུ་ 5-1-24 ལོ་གཅིག་ལ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་ཉི་མ་བཅུ་གཉིས་སུ་འགྱུར་བ་ལྟར། ནུས་པའི་ ཞག་གཅིག་གི་བར་ལ་ས་དུམ་བུ་རེ་རེར་འཁོར་ལོས་བསྒྱུར་བ་ཆོས་སྟོན་པ་པོ་རེ་རེ་བྱོན་ ཞིང༌། ཆོས་སྟོན་པའི་ཉི་མ་བཅུ་གཉིས་སུ་འགྱུར་བར་གསུངས་པ་རྣམས་ཀྱང་ཇི་ལྟ་བཞིན་དུ་ འགྲིག་པ་ཡིན་ནོ། །དེ་ལྟར་ན་འཛམ་གླིང་ཆུང་ངུ་འདིར་སྟོན་པ་མྱ་ངན་ལས་འདས་ནས་ རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་ལོ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་བརྒྱད་ དང༌། དེ་ནས་འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱ་འབྱུང་པ་གཉིས་བསྡོམས་པས་ ལོ་ལྔ་སྟོང་དང༌། ལྔ་བཅུ་རྩ་བརྒྱད་ནི་སྟོན་པ་མྱ་ངན་ལས་འདས་ནས་འཛམ་གླིང་ཆུང་ངུ་ འདིར། སྤྱིར་བསྟན་པ་ཇི་ཙམ་གནས་པའི་ཚད་ཡིན་ཏེ། ཡུམ་གསུམ་གྱི་གཞུང་འགྲེལ་གནོད་ འཇོམས་ལས། བསྟན་པ་ལོ་ལྔ་སྟོང་དུ་གནས་པར་གསུངས་པ་དང་ཡང༌། ཕྱོགས་མཐུན་པ་ ཙམ་ཡིན་མོད། འོན་ཀྱང་དུས་འཁོར་གྱི་ལུགས་ལ། དུས་བཞི་སྔ་མའི་དབང་དུ་བྱས་པའི་ བསྟན་པ་རྩོད་ལྡན་དུ་འགྱུར་བ་ལ་ལོ་ཉིས་བརྒྱ་བཞི་བཅུ་རྩ་གཅིག་ལ་མེད་ཅིང༌། བསྟན་པ་ ནུབ་པར་འགྱུར་བ་ལ་ལོ་སྟོང་དང་དྲུག་ཅུ་རྩ་བདུན་ལས་མེད་དེ། འདི་ནི་ལུགས་གཞན་ལ་མ་ གྲགས་སོ། །བསྟན་རྩིས་ཀྱི་རྣམ་བཞག་རྒྱས་པར། ཁོ་བོས་བསྟན་རྩིས་རིན་ཆེན་སྒྲོན་མེ་ཞེས་ བྱ་བར་བཀོད་ཡོད་པས་དེར་བལྟ་བར་བྱའོ། ། གསུམ་པ། ལེགས་པར་གསུངས་པའི་རྒྱུད་སྡེའི་རབ་ཏུ་དབྱེ་བ་ རྣམ་པར་བཞག་པ་ལ་གསུམ། གསུམ་པ་ལེགས་པར་གསུངས་པའི་རྒྱུད་སྡེའི་རབ་ཏུ་དབྱེ་བ་རྣམ་པར་བཞག་པ་ལ་ གསུམ་ཏེ། རྒྱུད་སྡེ་སྣོད་གསུམ་གང་དུ་གཏོགས་པའི་ཚུལ་དང༌། སྔགས་མཚན་ཉིད་ཀྱི་ཁྱད་ པར་བསྟན་པ་དང༌། རྒྱུད་སྡེ་ཡི་དབྱེ་བ་ཁྱད་པར་དུ་བསྟན་པའོ། ། ༡ རྒྱུད་སྡེ་སྣོད་གསུམ་གང་དུ་གཏོགས་པའི་ཚུལ། 5-1-25 དང་པོ་ནི་སྟོན་པའི་བསྟན་པ་ཐམས་ཅད་རྗོད་བྱེད་སྡེ་སྣོད་གསུམ་དུ་འདུས་དགོས་པས། སྔགས་གྱི་རྒྱུད་སྡེ་རྣམས་སྡེ་སྣོད་གསུམ་པོ་གང་ཡིན་སྙམ་ན། སློབ་དཔོན་ཨརྱ་དེ་བ་ནི་རྒྱུད་ སྡེ་རྣམས་རིག་པ་འཛིན་པ་སྡེ་སྣོད། ཅེས་པ་སྡེ་སྣོད་བཞི་པ་ཡིན་པར་བཞེད་དེ། དཔུང་བཟང་ གིས་ཞུས་པ་ལས། ལྷ་དང་ལྷ་མི་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་ རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་ རྒྱལ་བས་གསུངས། །ཞེས་འབྱུང་བ་དང་མཐུན་ནོ། །སློབ་དཔོན་ཤན་ཏི་པ་ནི་གསང་སྔགས་ ནི་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོའོ། །ཞེས་བཞེད་ཅིང༌། དཔུང་བཟང་གིས་ཞུས་པ་ ལས་ཀྱང༌། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། ཞེས་པ་དང༌། མདོ་སྡེ་འདི་ནི་ ཉན་བྱེད་ན། །ཞེས་སོགས་རྒྱུད་མང་པོ་ལས་མདོ་ཞེས་བཤད་པ་ཡང་ཡོད་དོ། །སློབ་དཔོན་ ཨ་བྷ་ཡ་ནི། སྔགས་ཀྱིས་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀའོ་ཞེས་ཀྱང་བཞེད་ ལ། ཁ་ཅིག་གསང་སྔགས་ནང་གི་སྔོན་པ་ཡིན། ཞེས་འདོད་པ་ཡང་ཡོད་མོད། སློབ་དཔོན་ ཨརྱ་དེ་བ་བཞེད་པ་ལྟར་ཡིན་ནམ་སྙམ་མོ། ། ༢ སྔགས་མཚན་ཉིད་ཀྱི་ཁྱད་པར་བསྟན་པ། གཉིས་པ་ནི། གདུལ་བྱ་དམན་པ་ལ་མོས་པ་ལ་ཉན་ཐོས་ཀྱི་སྡེ་སྣོད་དང༌། རྒྱ་ཆེ་བ་ ལ་མོས་པ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་ཡིན་ལ། ཐེག་ཆེན་ལ་ཡང་དབང་པོ་རྟུལ་པོ་ རྒྱུ་ལ་མོས་པས་རྒྱུ་ལམ་དུ་བྱེད་ལ་རྒྱུ་མཚན་ཉིད་ཐེག་པ་དང༌། དབང་པོ་རྣོན་པོ་རྒྱུ་འབྲས་ ལྷུན་གྲུབ་ལ་མོས་པ་ལ་འབྲས་བུ་ལམ་དུ་བྱེད་པ་ལ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཡིན་ ཏེ། མདོ་སྡེ་གདམ་ངག་འབོགས་པའི་རྒྱལ་པོ་ལས། འཇམ་དཔལ་གྱིས། འདྲེན་པའི་ཐེག་ པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ ཅིང༌། །སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ 5-1-26 ཞུས་པ་དང༌། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་པར་འགྱུར། །ཞེས་པ་དང༌། གསང་བ་ལུང་བསྟན་པའི་ མདོ་ལས་ཀྱང༌། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། །ཞེས་སོགས་ སྔར་བཞིན་གསུངས་ཞེས་འཆད་ཀྱང༌། རྒྱུ་འབྲས་ཀྱི་ཐེག་པའི་དོན་ནི། རྒྱུ་རྣམ་པ་ཐམས་ཅད་ ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཙོ་ཆེར་སྟོན་པ་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ ཐེག་པ་དང༌། འབྲས་བུ་དམིགས་པ་མེད་པའི་སྙིང་རྗེ་མི་འགྱུར་བའི་བདེ་བ་ཆེན་པོ་གཙོ་བོར་ སྟོན་པ། འབྲས་བུའི་མཚན་ཉིད་སྔགས་ཀྱི་ཐེག་པ་སྟེ། ནང་གི་ལེའུར། རིག་པ་ཞེས་པ་ནང་ གི་འགྱུར་མེད་ཀྱང་སྟེ། ཞེས་པའི་འགྲེལ་པར་དེ་ལྟར་གསུངས་ཤིང༌། རྡོ་རྗེ་སྙིང་འགྲེལ་ལས། ཆོས་ཀུན་སྟོང་པ་ཉིད་དུ་ནི། །རྒྱལ་བས་གསུངས་པའི་གནས་གཞི་ལ། །དེ་བས་གཞི་དེ་རྒྱུ་ ཡིན་ཕྱིར། །དེ་ནས་སྨོན་ལམ་དབང་གིས་ནི། །དམིགས་པ་མེད་པར་འགྱུར་ཡིན་ཡང༌། །སྙིང་ རྗེའི་བདག་ཉིད་འབྲས་ཆེན་སྟེ། །ཞེས་གསུངས་པ་ལྟར། དེ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་ པའི་ཐེག་པའི་ཁྱད་པར་ནི། སློབ་དཔོན་ཏྲི་པི་ཏ་ཀ་མ་ལའི་ཚུལ་གསུམ་གྱི་སྒྲོན་མེ་ལས་ནི། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་ཕྱིར་དང༌། །དབང་པོ་རྣོན་པོའི་ དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །འདི་ལྟར་གཉིས་སུ་མེད་ པའི་རྣལ་འབྱོར་པ། །ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི། །སྔགས་དང་ཕ་རོལ་ ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པ་མིན་མོད་ཀྱི། འོན་ཀྱང་རབ་ཏུ་དབྱེ་ བ་རྣམ་པ་བཞི་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས། སྔགས་ཀྱི་ཐེག་པ་ ཆེན་པོ་ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་མ་རྨོངས་པའི་ཁྱད་ པར་བ་ནི། མགོ་བོ་ལ་སོགས་པ་སྦྱིན་པ་ཕྱིའི་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི་མཆོག་མ་ ཡིན་གྱི་ཐབས་ཤེས་རབ་དབྱེར་མེད་ཀྱི་ཏིང་ངེ་འཛིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ 5-1-27 ནི། ཕར་ཕྱིན་དྲུག་ལ་མ་རྨོངས་པའི་ཁྱད་པར་རོ། །ཐབས་མང་བ་ནི། དང་པོ་མེ་ཏོག་བབས་ པ་ལ་སོགས་པའི་སྒོ་ནས་རིགས་ངེས་པར་བྱས་ནས། ཕྲ་བ་སེམས་དང་སེམས་བྱུང་ཐམས་ ཅད། ལྷའི་རང་བཞིན་དུ་བསྒོམས་ནས་མཆོད་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དང༌། དེ་ལ་ ནུས་པ་ངག་གི་སྤྲོས་པ་ལ་མངོན་པར་ཞེན་པ་ལ་རགས་པ་སྔགས་ཀྱི་བཟླས་པ་སྟོན་པ་གསུང་ རྡོ་རྗེའི་ཏིང་ངེ་འཛིན་དང༌། རགས་པའི་ཡུལ་ལ་མངོན་པར་ཞེན་པ་ཕྲ་བ་ལ་སྦྱོར་མི་ནུས་པ་ ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྟོན་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ རང་བཞིན་གྱིས་རྣམ་པར་དག་པས་མཐའ་བྲལ་ཡང་དག་པའི་དོན་སྒོམ་པར་བྱེད་པའོ། །ཁ་ ཅིག་ཏུ་གཉིས་གཉིས་འཁྱུད་པའི་བདེ་བས་མཚོན་ནས། གདུལ་བྱའི་དབང་པོ་དང་འཚམས་ པར་བདེ་བ་ཆེན་པོའི་ཕྱོགས་ཙམ་དང༌། ཡོངས་རྫོགས་པའི་བདེ་བ་རྣམ་པར་བསྟན་པ་ ལ། བྱ་བའི་རྒྱུད་ལ་སོགས་པ་རྒྱུད་བཞི་རྣམ་པར་བཞག་པར་ཤེས་པར་བྱའོ། །ཡེ་ཤེས་ ལེའུའི་ཚིགས་བཅད་བཞི་པའི་འགྲེལ་པར། གཟུགས་ཁམས་བཅུ་དྲུག་གི་ཟད་པར་རླུང་ལ་ སོགས་པ་བཞི་བཞིའི་བདེ་བ་དང༌། ཤེས་རབ་ལ་རྒོད་པ་དང༌། ལྟ་བ་དང༌། ནུ་མ་ལ་རེག་པ་ དང༌། ལག་པ་འཛིན་པའི་བདེ་བ་དང་སྦྱར་བའི་རྒྱུད་བཞི་དང༌། འདོད་ཁམས་པའི་གཉིས་ གཉིས་སྦྱོར་བའི་བདེ་བ་དང་སྦྱར་བའི་རྒྱུད་ཀྱང་དོན་གྱིས་གསུངས་ཏེ། དེ་དག་ཀྱང་བདེ་བ་ དེ་དག་གིས་དཔེས་མཚོན་ཏེ་བདེ་བ་ཆེན་པོའི་དོན་བསྟན་པ་ཡིན་ནོ། །གཞན་ཡང་རྣམ་སྣང་ མངོན་བྱང་གི་ཚིག་འགྲེལ་ལས། བྱ་བའི་རྒྱུད་རྣམས་ཀྱང་ཕྱིའི་སྤྱོད་པ་གཙོ་བོར་གྱུར་པ་ཡིན་ མོད་ཀྱིས་ནང་གི་སྤྱོད་པའང་མེད་པ་མ་ཡིན་ནོ། །ཞེས་དང༌། རབ་ཏུ་སྒྲོན་ལས། ཁྲུས་དང་ གོས་དུས་གསུམ་དུ་རྗེ་བ་དང༌། བསྙུང་བར་གནས་པ་ལ་སོགས་པ་རྗོད་པར་བྱེད་པའི་རྒྱུད་ ནི། བྱ་བའི་རྒྱུད་དེ་སྒྲོལ་མ་འབྱུང་བ་ལ་སོགས་པའོ། །ཞེས་བཤད་པ་ལྟར། སྒྲོལ་མ་འབྱུང་ བ་དང༌། དོན་ཡོད་ཞགས་པ་ལ་སོགས་པ་བྱ་བའི་རྒྱུད་དང༌། དེ་ཉིད་ལས། བརྟུལ་ཞུགས་ 5-1-28 དང༌། དངོས་གྲུབ་དང་རྫུ་འཕྲུལ་གཙོ་བོར་གྱུར་པ་ལ་སོགས་པ་སྤྱོད་པའི་རྒྱུད་སྡེ་ཞེས་བཤད་ པ་ལྟར། ལུས་ངག་གི་བྱ་བ་དང༌། ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་སམ། ཕྱིའི་གཙང་ སྦྲ་ལ་སོགས་པ་སྨད་ནས། འཇིག་རྟེན་དང་འགལ་བར་སྤྱོད་པས་ན་སྤྱོད་པའི་རྒྱུད་དེ། རྣམ་ སྣང་མངོན་བྱང་གི་རྒྱུད་ལ་སོགས་པའོ། །འདི་ཉིད་ལ་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་ འཛིན་གཉིས་ཀ་སྟོན་པས་གཉིས་ཀའི་རྒྱུད་ཅེས་ཀྱང་ཟེར་རོ། །དེ་ཉིད་སྣང་བ་ལས། རྒྱུད་ འདི་ནི་བསྒོམ་པ་གཙོ་བོར་གྱུར་པ་ཡིན་པས། ཞེས་གསུངས་པས། ནང་ཏིང་ངེ་འཛིན་གྱི་ རྣམ་པར་གཙོ་བོར་སྟོན་པས་ན་རྣལ་འབྱོར་གྱི་རྒྱུད་དེ། དེ་ཁོ་ན་ཉིད་བསྡུས་པའི་མ་བསྒོམས་ ཀྱང་སྐྱེ་བ་བདུན་གྱི་མཐར་ཐུག་པའོ། །ཞེས་ངེས་པའོ་ཞེས་གསུངས་ཤིང༌། དཔལ་གསང་བ་ འདུས་པ་ལས། འདི་ཡི་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གཉིས་མི་ཕྱེད་ལས་བྱུང་པ། །ཡེ་ཤེས་རྒྱ་ མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། ཞེས་དང༌། གསང་པའི་མཛོད་ ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་ བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་དང༌། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་སོ། ། ༣ རྒྱུད་སྡེ་ཡི་དབྱེ་བ་ཁྱད་པར་དུ་བསྟན་པ་ལ་བཞི། གསུམ་པ་རྒྱུད་སྡེའི་དབྱེ་བ་ཁྱད་པར་དུ་བསྟན་པ་ནི་ལ་བཞི་སྟེ། རྒྱུད་སྡེའི་དབྱེ་བས་ རྣམས་གྲངས་སྤྱིར་བསྟན་པ་དང༌། རྒྱུད་སྡེ་བཞིར་དབྱེ་བ་བྱེ་བྲག་ཏུ་བཤད་པ་དང༌། རྩ་རྒྱུད་ དང་བསྡུས་རྒྱུད་ཀྱི་ཁྱད་པར་བསྟན་པ་དང༌། རྒྱུད་སྡེའི་གཞུང་གི་གྲངས་ཚད་བསྟན་པའོ། ། ⑴ རྒྱུད་སྡེའི་དབྱེ་བས་རྣམས་གྲངས་སྤྱིར་བསྟན་པ། དང་པོ་ནི། དཔལ་བརྟག་པ་གཉིས་པ་ལས། རྒོད་དང་ལྟ་བ་དག་གིས་ཀྱང༌། །འཁྱུད་ 5-1-29 དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །དགོངས་པའི་སྐད་ ནི་མ་བསྒྲགས་པ། །བཅོམ་ལྡན་ངེས་པར་གསུང་དུ་གསོལ། །ཞེས་རྒྱུད་སྡེ་བཞིར་མ་གསུངས་ པ་གཅིག་ཞུས་པས། ཤུགས་ལ་རྒྱུད་སྡེ་ལྔ་པར་གསུངས་པར་འདོད་དེ། བྱ་བ་སྤྱོད་པ། རྣལ་ འབྱོར། རྣལ་འབྱོར་བླ་མ། རྣལ་འབྱོར་བླ་མེད་དང་སྔར་འབིར་བ་པ་ལ་སོགས་པས་བཞེད་ ཅེས་གྲགས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྟོག་པ་དང༌། བྱ་བ་དང༌། གཉིས་ཀ་དང༌། སྤྱོད་པ་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་དང་སྔར་བཤད་དོ། །སློབ་དཔོན་ ཨ་པ་ཡ་ཀིརྟིས་མཛད་པའི་རབ་ཏུ་སྒྲོན་གསལ་ལས། རྡོ་རྗེ་འཆང་ཆེན་པོས་བསམ་པ་དང༌། བག་ལ་ཉལ་དང༌། ཁམས་དང་བག་ཆགས་ཀྱི་དབྱེ་བ་ལས་སྔགས་ཀྱི་བསྟན་བཅོས་རྣམ་པ་ ལྔ་རུ་གསུངས་ཏེ། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་མ་དང༌། རྣལ་ འབྱོར་མའི་དབྱེ་བའི་རྒྱུད་ཀྱིས་སོ། །ཞེས་གསུངས་ལ་ཡང་བདེ་མཆོག་ཉུང་ངུའི་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་ནི། །རྣལ་འབྱོར་གསང་མཐའི་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་པའི་རྗེས་སུ་འབྲངས་ནས། སློབ་དཔོན་ཟླ་ བ་པས། མདོ་སྡེ་རྟོགས་པའི་རྒྱུད་དང༌། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར། རྣལ་འབྱོར་ གསང་བ་སྟེ། གསང་འདུས་ལ་སོགས་པ་དང༌། རྣལ་འབྱོར་གསང་མཐའ་སྟེ། མ་རྒྱུད་བདེ་ མཆོག་ལ་སོགས་པ་དང་དྲུག་ཏུ་བཤད་དོ། །ཞེས་གྲགས་ཤིང༌། གུར་ནས། རྣལ་འབྱོར་མའི་ རྒྱུད་ནི། དྲུག་པར་གྲགས་པ་ཡིན་ཞེས། མ་རྒྱུད་སྡེ་དྲུག་པར་གསུངས་སོ། །སློབ་དཔོན་སངས་ རྒྱས་གསང་བས། རྣལ་འབྱོར་སྤྱོད་དང་བྱ་དབྱེ་བས། །རྒྱུད་སྡེ་རྣམ་པ་གསུམ་དུ་འདོད། །ཅེས་ གསུངས་པས། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད་དང་གསུམ་དུ་ཡང་བཞེད་དོ། ། 5-1-30 ⑵ རྒྱུད་སྡེ་བཞིར་དབྱེ་བ་བྱེ་བྲག་ཏུ་བཤད་པ་ལ་གསུམ། གཉིས་པ་རྒྱུད་སྡེ་བཞིར་དབྱེ་བ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། རྒྱུད་སྡེ་བཞིའི་ངོ་བོ་ ངོས་བཟུང་བ་དང༌། རྒྱུད་སྡེ་བཞིར་འབྱེད་པའི་རྒྱུ་མཚན་དང༌། རྣལ་འབྱོར་བླ་མེད་རྒྱུད་ཀྱི་ དབྱེ་བསྡུ་བསྟན་པའོ། ། ༡ རྒྱུད་སྡེ་བཞིའི་ངོ་བོ་ངོས་བཟུང་བ། དང་པོ་ནི་སཾ་པུ་ཊི་ལས། རྒོད་དང་ལྟ་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་ དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་གསུངས་ཏེ། དེ་ལ་བོད་ ཀྱི་བླ་མ་དག་གི་བཞེད་པ་ལ། སྤྱིར་གསང་སྔགས་འདོད་ཆགས་ཅན་གྱི་དོན་དུ་གསུངས་ཏེ། སྒྲོན་གསལ་ལས། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་པའོ། །འདོད་ཆགས་ལ་འདོད་ པའི་ཁམས་ན་རིགས་བཞི་སྟེ། མཛོད་ལས། གཉིས་གཉིས་འཁྱུད་དང་ལག་བཅངས་དང༌། ། རྒོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་པས་བཞིར་བཤད་པས། དེ་སྦྱོང་བྱེད་ལ་རྒྱུད་སྡེ་ བཞི་སྟེ། གཞན་འཕྲུལ་དབང་བྱེད་པ་བལྟས་པ་ཙམ་གྱིས་འདོད་པ་ཚིམ་ལ། དེ་སྦྱོང་བྱེད་དུ་ བལྟས་པ་ཙམ་གྱི་བདེ་བ་གནང་བ་ནི། བྱ་བའི་རྒྱུད་དེ། ཆོ་ག་ཞིབ་མོའི་བམ་པོ་ཉེར་བཞི་པར། གཡོན་དུ་ལྷ་མོ་སྒྲོལ་མའོ་གཡས་སུ་གོས་དཀར་མོ་སྟེ། མེ་ཏོག་སྣ་ཚོགས་ཐོགས་པ་བཅོམ་ ལྡན་འདས་ཀྱི་ཞལ་དུ་བལྟ་བ་ཞེས་སོ། །འཕྲུལ་དགའ་བ་རྒོད་པ་ཙམ་གྱིས་ཆགས་པ་ཚིམ་ པ་བཞིན་དུ། སྤྱོད་པའི་རྒྱུད་ལ། ཕན་ཚུན་རྒོད་པ་ཙམ་གྱི་བདེ་བ་གནང་སྟེ། རྣམ་སྣང་མངོན་ བྱང་ལས། དབུ་ལ་འོད་དཔག་མེད་བཞུགས་པ། །བཞིན་ནི་བག་ཙམ་འཛུམ་པ་བྲི། ཞེས་སོ། ། དགའ་ལྡན་པ་དང༌། འཕྲུལ་དགའ་བ་འཐབ་བྲལ་བ་ལག་པ་བཅངས་ཤིང་འཁྱུད་པ་ཙམ་ གྱིས་ཆགས་པ་ཚིམ་པ་བཞིན། ལག་པ་བཅང་པ་ཙམ་གྱི་བདེ་བ་གནང་པ་རྣལ་ འབྱོར་གྱི་རྒྱུད་གསུངས་ཏེ། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་རྣམས་ 5-1-31 ཀུན། །དཔུང་པ་ཡིད་ཙམ་བསྡོམས་པར་བཞག །ཅེས་དང༌། རྡོ་རྗེ་རྩེ་མོ་ལས། མངོན་འདོད་ རིགས་མ་སྡུག་གང་ཡིན། །དེ་ལ་རྣལ་འབྱོར་པས་མཆུ་སྦྱིན། །ལག་པས་ཕྱག་རྒྱ་ཆེར་གྱུར་ ནས། །དཔུང་པ་དམ་དུ་བསྡམ་པར་བྱ། །ཞེས་གསུངས་པས་སོ། །སུམ་ཅུ་རྩ་གསུམ་པ་མན་ ཆད་དབང་པོ་གཉིས་སྤྲད་པས་ཆགས་པ་ཚིམ་པ་བཞིན་དུ། དབང་པོ་གཉིས་སྦྱོར་གྱི་བདེ་བ་ གནང་པ་བླ་མེད་ཀྱི་རྒྱུད་དེ། ཀྱཻའི་རྡོ་རྗེ་ལས། བོ་ལ་ཀ་ཀོ་ལ་སྦྱོར་བ། །དེ་ཡིས་བདེ་བ་ཤེས་ པར་འགྱུར། །ཞེས་སོ། །དེ་ལྟར་ཆགས་པ་བཞིའི་གཉེན་པོར་རྒྱུད་སྡེ་བཞི་གསུངས་སོ། །ཞེས་ འཆད་ལ། མན་ངག་སྙེ་མ་ལས། རྒོད་པའི་རྒྱུད་ནི། འཕྲུལ་དགའ་བ་རྣམས་ཀྱི་བདེ་བ་ལྟ་ བུའོ། །ཞེས་པ་ལ་སོགས་པ་ཐབས་རྒྱུད་དགའ་བ་བཞི། འབྲས་བུའི་རྒྱུད་སྲིན་བུའི་དཔེས་ ཆགས་པ་དང༌། ཆགས་བྲལ་སྒྲིབ་བྲལ་དུ་ཟ་བས་བསྟན་པར་བཤད་དོ། །འོན་ཀྱང་བྱང་ཆུབ་ སེམས་དཔའི་འགྲེལ་བའི་དགོངས་པ་ལྟར་ན། སེམས་ཅན་ཐམས་ཅད་ལ་ཐོག་མ་མེད་པ་ ནས་བཞུགས་པའི་བདེ་བ་ཆེན་པོའི་སྐུ་ནི་རྒྱུད་ཀྱི་དོན་ཡིན་ལ། དེ་རྗོད་པར་བྱེད་པའི་རྒྱུད་ རྣམས་ཀྱིས་སྟོན་པ་ན་རྒྱུད་ཁ་ཅིག་ཏུ་ལྟ་བ་ཙམ་གྱི་བདེ་བ་དང་རྒྱུད་ཁ་ཅིག་ཏུ་རྒོད་པའི་བདེ་ བ་དང༌། ཁ་ཅིག་ཏུ་ལག་བཅངས་ཀྱི་བདེ་བ་དང༌། དཀའ་བ་མེད་པ་ནི། སེམས་ཅན་གང་དང་ གང་ཡུལ་དུས་གང་དུ་ཇི་ལྟར་མངོན་པར་འདོད་པར་འགྱུར་བ་དེ་དང་དེ་ཉིད་ལ་ངེས་པར་ སྦྱོར་ཞིང༌། ཐབས་བདེ་བ་ཉིད་ཀྱིས་བྱང་ཆུབ་ཐོབ་པར་མཛད་པ་སྟེ། འཆིང་བྱེད་ཉིད་ཐབས་ ཀྱིས་གྲོལ་བྱེད་དུ་འགྱུར་བ་དང༌། དབང་སོ་སོའི་དབྱེ་བ་དང༌། ཕྱག་རྒྱ་ཆེན་མོ་དང༌། ཡེ་ཤེས་ དང༌། ལས་དང༌། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ནས་དཀའ་བ་སྤྱད་པ་མེད་པར་བྱང་ཆུབ་ ཐོབ། དབང་པོ་རྣོན་པོའི་དབང་དུ་བྱས་པ་ནི་ཉན་རང་ནི་དབང་པོ་རྟུལ་པོ་ཡིན་ལ། ཕ་རོལ་ ཏུ་ཕྱིན་པའི་ཐེག་པ་ནི༌། ཐབས་ལ་འཁྲུལ་པའི་ཕྱིར་དབང་པོ་འབྲིང་པོ་ཡིན་ཞིང༌། གསང་ སྔགས་པ་ནི་གཞན་གྱིས་བྱས་ནས་དམྱལ་བར་འགྲོ་བའི་ལས་ཀྱང་ཐབས་ལ་མཁས་པས། 5-1-32 བྱང་ཆུབ་ཀྱི་རྒྱུད་སྒྲུབ་པར་བྱེད་པས་ཐབས་ལ་གང་དུའང་རྨོངས་པ་མེད་པ་ཞེས་བྱ་སྟེ། ཨརྱ་ དེ་བས། དམན་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་རྣམས་ནི་ཆགས་བྲལ་འགྱུར། ། གཟུགས་ཀྱི་རང་བཞིན་ཤེས་པ་ཡིས། །མཁས་པ་རྣམས་ནི་རྣམ་པར་གྲོལ། །ཞེས་གསུངས་ པ་ལྟར་རོ། །སློབ་དཔོན་ཛྙ་ན་ཤྲཱིའི་རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བར་ཡང༌། ཐབས་ མྱུར་བ་དང༌། སླ་བ་དང༌། མང་པ་དང༌། མཁས་པ་དང་བཞིས་སྔགས་ཀྱི་ཐེག་པ་ཁྱད་པར་དུ་ འཕགས་པར་གསུངས་ཏེ། དེ་ལ་མྱུར་བའི་ཁྱད་པར་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བརྟེན་ ནས། བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་ཚོགས་བསགས་པས་སངས་རྒྱས་ཐོབ་ པར་གསུངས་ལ། སྔགས་ཀྱི་ཐེག་པར་ནི། དཔལ་ལྡན་རྒྱུད་ལས། རྫུ་འཕྲུལ་ཀུན་མཁྱེན་ས་ དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལ་སྟེ། །གལ་ཏེ་ལམ་དུ་ རབ་ཞུགས་ཤི་བར་གྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་གསུངས་ཏེ། དེའི་ འགྲེལ་པར། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པས་སྐྱེ་བ་གཅིག་ལ་སངས་རྒྱས་ཐོབ་པ་ དང༌། བརྩོས་འགྲུས་དང་མི་ལྡན་པར་གྱུར་ཅིང༌། ཡེ་ཤེས་རྒྱུད་ལ་སོགས་པའོ། །གསང་པ་ འདུས་པ་ལས། སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། ། བྱང་ཆུབ་སེམས་ནི་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་པ་དང༌། སཾ་ པུ་ཊི་ལས། གསང་བའི་ཡེ་ཤེས་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་ གསུངས་པ་ལྟར་གསང་བའི་ཡེ་ཤེས་བླ་ན་མེད་པ་སྟོན་པས། རྒྱུད་ཐམས་ཅད་ཀྱི་གོང་མར་ གྱུར་པས་ན་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དེ]། གསང་བ་འདུས་པ་དང༌། འཁོར་ལོ་ སྡོམ་པ་དང༌། ཀྱཻའི་རྒྱུད་ལ་སོགས་པའོ། ། ༢ རྒྱུད་སྡེ་བཞིར་འབྱེད་པའི་རྒྱུ་མཚན། གཉིས་པ་ནི་གདུལ་བྱའི་དབང་པོ་ལ་ལྟོས་ནས་རྒྱུད་སྡེ་བཞིར་གསུངས་ཏེ། རྡོ་རྗེ་གུར་ 5-1-33 ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལ། །ཞེས་གསུངས་པས། གང་ཟག་དབང་ པོ་ཐ་མ་བློ་དམན་པ་རྣམས་ལ། ཕྱིའི་བྱ་བ་ཁྲུས་ལ་སོགས་པ་ལ་དགའ་བ་ཡིན་ལ། དེའི་དོན་ དུ་ཕྱིའི་བྱ་བ་སྟོན་པ་བྱ་བའི་རྒྱུད་དང༌། གང་ཟག་དེ་བས་མཆོག་ཕྱི་ལུས་ངག་གི་བྱ་བ་དང་ ནང་ཏིང་ངེ་འཛིན་གཉིས་ཀ་སྤྱོད་པའི་རྒྱུད་དང༌། དེ་བས་ཀྱང་གང་ཟག་བློ་རྣོ་བ་ནང་ཏིང་ངེ་ འཛིན་ཁོ་ན་ལ་གཙོ་བོར་སྤྱོད་པ་རྣལ་འབྱོར་གྱི་རྒྱུད་དང༌། དེ་བས་ཀྱང་གང་ཟག་མཆོག་ཏུ་ གྱུར་ཅིང༌། དབང་པོ་རྣོ་བ་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་ལ་སྤྱོད་པ་དེའི་དོན་དུ་ རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་སོ། །སངས་རྒྱས་པའི་གྲུབ་མཐའ་བཞི་ལ་ལྟོས་ནས་ ཀྱང༌། རྒྱུད་སྡེ་བཞིར་ཕྱེ་བ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བ་ཕྱི་རོལ་གྱི་དོན་བདེན་པ་དང༌། བརྗོད་ དུ་མེད་པའི་བདག་འདོད་པ་བཞིན། མདུན་དུ་རས་རིས་བཀྲམ། ཡེ་ཤེས་སེམས་དཔའ་སྤྱན་ དྲངས་དེའི་ཐུགས་ཁར་སྔགས་ཕྲེང་བཀོད་དེ། བདག་ཁྲུས་དང་གཙང་སྦྲ་ལྡན་པས། སྔགས་ བཟླས་ཤིང་ལྷ་རྗེ་བོ་ལྟ་བུ་ལ་དངོས་གྲུབ་ལེན་པ་བྱ་བའི་རྒྱུད་དང༌། ཡང་མདོ་སྡེ་བ་སྣང་བ་ ཐམས་ཅད་ཤེས་པ་ཡིན་ཡང་གཟུང་འཛིན་གཉིས་འདོད་པ་ལྟར། བདག་དམ་ཚིག་སེམས་ པར་བསྐྱེད། མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས། དེའི་ཐུགས་ཁར་ལ་སྔགས་བཀོད་ དེ། ཟླ་བོ་ལྷ་གྲོགས་པོ་ལྟ་བུ་ལ། དངོས་གྲུབ་ལེན་པ་སྤྱོད་པའི་རྒྱུད་དང༌། ཡང་སེམས་ཙམ་ པ་ཕྱི་རོལ་གྱི་དོན་བདེན་པ་མེད་ཀྱང༌། གཟུང་འཛིན་གཉིས་མེད་ཀྱི་རང་རིག་བདེན་པར་ འདོད་པ་ལྟར། བདག་དམ་ཚིག་སེམས་དཔར་བསྐྱེད། ཡེ་ཤེས་པ་བཅུག་སྔགས་བཟླས་ནས། མཇུག་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་རྣལ་འབྱོར་གྱི་རྒྱུད་དང༌། དབུ་མ་པ། ཀུན་རྫོབ་ཏུ་གཟུང་འཛིན་གཉིས་སུ་སྣང་ཡང༌། དོན་དམ་པར་གང་ཡང་བདེན་པར་མི་འདོད་ པ་ལྟར། དམ་ཚིག་སེམས་དཔའ་བསྐྱེད། ཡེ་ཤེས་པ་བཅུག་ནས། གཤེགས་སུ་གསོལ་བའི་ 5-1-34 ཆོ་ག་མི་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དེ། བསྐྱེད་ཆོག་མི་འདྲ་བ་བཞིས་རྒྱུད་སྡེ་བཞིར་ བཞག་གོ། ཞེས་བོད་ཀྱི་བླ་མ་དག་གསུང་ངོ༌། །གོང་དུ་རྒྱུད་སྡེ་ལྔ་པ་དང་དྲུག་པ་གསུངས་པ་ ནི་རྣལ་འབྱོར་བླ་མེད་དུ་འདུས་ལ། རྒྱུད་སྡེ་གསུམ་དུ་བྱས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་ ཆེན་པོ་གཉིས་ནི་རྣལ་འབྱོར་གྱི་རྒྱུད་ཅེས་གཅིག་ཏུ་བྱས་པ་ཡིན་ནོ། ། ༣ རྣལ་འབྱོར་བླ་མེད་རྒྱུད་ཀྱི་དབྱེ་བསྡུ་བསྟན་པ། གསུམ་པ་ལ་གཉིས་ཏེ། དྲང་དོན་དུ་ཕ་རྒྱུད་མ་རྒྱུད་གཉིས་སུ་དབྱེ་བ། ངེས་དོན་དུ་ ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་བསྟན་པའོ། །དང་པོ་ནི། རྒྱུད་གང་དུ་རྣལ་འབྱོར་མ་རྣམས་ ཡང་དག་པར་རྒྱུ་ཞིང༌། ཐབས་མི་གཡོ་བ་ཤེས་རབ་ཀྱི་རྒྱུད་དང༌། ཐབས་གཡོ་ཞིང་ཤེས་རབ་ མི་གཡོ་བ་ཐབས་ཀྱི་རྒྱུད་ཡིན་པར། ཡེ་ཤེས་ལེའུ་ཡི་ཚིགས་བཅད་དགུ་པའི་འགྲེལ་པར་ གསུངས་ཤིང༌། ཀྱཻ་རྡོ་རྗེའི་རྩ་རྒྱུད་འབུམ་སྔར་ཡང༌། །རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། །གང་ དེར་ཐབས་ནི་རབ་ཏུ་གནས། །བྱིས་པ་རྣམས་ལ་རྣལ་འབྱོར་མའི། །རྒྱུད་ཆེན་ང་ཡིས་མིང་དུ་ བཏགས། །གང་དུ་ཐབས་ནི་ཀུན་སྤྱོད་པ། །ཤེས་རབ་ཀྱང་ནི་གནས་གྱུར་པས། །ཐབས་ཀྱི་ རྒྱུད་ཆེན་བཤད་པ་ཡང༌། །དེ་བཞིན་ཐ་སྙད་ཇི་ལྟ་བའོ། །ཞེས་གསུངས་སོ། །ཡང་མཚན་ཉིད་ མཉམ་པ་དག་པས། ཡབ་ཡུམ་ཞལ་ཕྱག་མཉམ་པས་འཁྱུད་པ་ནི་ཐབས་རྒྱུད་དམ། སྔ་ཕྱིའི་ ཐུན་མཚམས་མི་མཉམ་པ་དག་པས། ཡབ་ཡུམ་ཞལ་ཕྱག་མི་མཉམ་པས་འཁྱུད་པ་དག་པ་ནི། ཤེས་རབ་ཀྱི་རྒྱུད། ཅེས་ཡེ་ཤེས་ལེའུའི་ཚིགས་བཅད་ཞེ་བཞི་པའི་རྒྱུད་འགྲེལ་དུ་གསུངས་ སོ། །འགྲེལ་ཆེན་དྲི་མེད་འོད་ལས། ཕུང་པོ་ལྔ་རྣམ་པར་དག་པ་ལ་ཡེ་ཤེས་ལྔར་བརྗོད་པ་ཕ་ རྒྱུད། ཁམས་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔར་བརྗོད་པ་མ་རྒྱུད་དུ་གསུངས་ཤིང༌། རྒྱུད་རྡོ་རྗེ་ ཕྲེང་བ་ལས། དེ་བཞིན་གཤེགས་པ་ལྔ་རང་བཞིན། །ཕུང་པོ་ལྔ་ཡི་རང་ངོ་བོ། །ཕུང་པོ་ལྔ་ནི་ རྣམ་དག་པ། །རླུང་ལྔ་དག་ནི་རྒྱུ་བར་བྱེད། །ཅེས་གསུངས་པ་ལྟར། རླུང་རྣམ་པར་དག་པ་ཡེ་ 5-1-35 ཤེས་ལྔར་སྟོན་པ་ཕ་རྒྱུད། འཁོར་ལོ་སྡོམ་པ་ལས། འདི་དག་གནས་སུ་མཁའ་འགྲོ་མ། །རྩ་ གཟུགས་མཛེས་པ་ཡང་དག་གནས། །ཞེས་དང༌། ཀྱཻའི་རྡོ་རྗེ་ལས། རྩ་ནི་གཉིས་གཉིས་རྣལ་ འབྱོར་མ། །རེ་རེའི་རྣམ་པ་རྣམས་སུ་བརྗོད། །ཅེས་གསུངས་པ་ལྟར། རྩ་རྣམ་པར་དག་པས་ མཁའ་འགྲོ་མར་སྟོན་པ་མ་རྒྱུད་དོ། །ཡང་བསྐྱེད་རིམ་གྱི་སྐབས་སུ་འབྱུང་བ་རིམ་བརྩེགས་ཞུ་ བ་ལས་གཞལ་ཡས་ཁང་བསྐྱེད་པ་ཐབས་ཀྱི་རྒྱུད་ཅེས་དབང་ལེའི་འགྲེལ་པར་གསུངས་པས་ སོ། །འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པ་ཤེས་ རབ་ཀྱི་རྒྱུད། འབྱུང་བ་རིམ་བརྩེགས་ཞུ་ནས་ཡང་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་ པ་བསྐྱེད་པའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པ་ནི་གཉིས་སུ་མེད་པའི་རྒྱུད་དོ། །ཞེས་དོན་ གྱིས་ཐོབ་བོ། །ཞེས་བཞེད་པའང་ཡོད་མོད། དེའི་ངེས་པ་ནི་མི་སྣང་ངོ༌། །དེ་བཞིན་དུ་ནག་ པ་པོས་མཛད་པའི་གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས། རྣལ་འབྱོར་རྒྱུད་དུ་དེ་བཞིན་ གཤེགས། །འདི་སྐད་ལ་སོགས་གང་གསུངས་པ། །དེ་ཉིད་རྣལ་འབྱོར་མ་རྒྱུད་དུ། །གསང་ པ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པས། གཙོ་ཆེར་འདི་སྐད་བདག་ཐོས་ལ་སོགས་པ་འབྱུང་བ་ནི་ཐབས་ཀྱི་རྒྱུད། གསང་བ་མཆོག་ གི་དགྱེས་པ་ལ་སོགས་པ་འབྱུང་བ་ནི་ཤེས་རབ་ཀྱི་རྒྱུད། ཐམས་ཅད་མཁྱེན་སོགས་ཀྱི་ཐོག་ དྲངས་པ་ནི་གཉིས་སུ་མེད་པའི་རྒྱུད་དོ། །ཞེས་དུས་ཀྱི་འཁོར་ལོའི་རྒྱུད་འདི་རྒྱུད་གསུམ་དུ་ཕྱེ་ བའི་ཡ་གྱལ་གཉིས་མེད་ཀྱི་རྒྱུད་ཡིན་པར་བཞེད་པ་མང་ཡང༌། རྒྱུད་འགྲེལ་འདི་ཉིད་ལས། དྲང་དོན་དུ་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་སུ་ཕྱེ་བ་གསུངས་ཀྱི་ཐབས་ཤེས་གཉིས་མེད་ ཀྱི་རྒྱུད་དང་གསུམ་དུ་དབྱེ་བ་གསུངས་པ་མེད་ཅིང༌། ནང་ལེའི་འགྲེལ་པར། དུས་ཀྱི་འཁོར་ ལོའི་རྒྱུད་རྣལ་འབྱོར་མའི་རྒྱུད་ཡིན་པར་གསུངས་པས། དྲང་བའི་དོན་དུ་དུས་ཀྱི་འཁོར་ལོ་ ཡང་མ་རྒྱུད་ཡིན་ནོ། །འོ་ན་རྩ་བའི་རྒྱུད་དང་པོའི་སངས་རྒྱས་ལས། ཐབས་དང་ཤེས་རབ་ཀྱི་ 5-1-36 རིས་མེད་པར་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ངེས་པའི་དོན་དུ་ཡིན་པས་སྐྱོན་མེད་ དེ་འགྲེལ་ཆེན་ཉིད་ལས། རིས་མེད་པའི་དོན་བཤད་པའི་རྗེས་སུ། དེས་ན་དོན་དམ་པའི་ བདེན་པས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་སྦྱོར་བའི་རྒྱུད་རིས་མེད་པ་དུས་ཀྱི་འཁོར་ ལོའོ། །ཞེས་གསུངས་པས་སོ། །དེ་ལྟར་དྲང་དོན་དུ་ཕ་རྒྱུད་དང་མ་རྒྱུད་གཉིས་སུ་གསུངས་ པའི་དགོས་པ་ནི། གདུལ་བྱ་སྐྱེས་པ་དང་བུད་མེད་གདུལ་བའི་དོན་དུ་གསུངས་པ་སྟེ། རྡོ་རྗེ་ གུར་གྱི་ལེའུ་བཅུ་གསུམ་པར། སྐྱེས་པ་རྣམས་ནི་གདུལ་བྱའི་རྒྱུར། །རྣལ་འབྱོར་རྒྱུད་ནི་ཡང་ དག་བཤད། །བུད་མེད་རྣམས་ནི་བསྡུ་ཆེད་དུ། །རྣལ་འབྱོར་མ་རྒྱུད་རབ་ཏུ་བཤད། །ཅེས་ གསུངས་སོ། ། གཉིས་པ་ནི་དེ་ལྟར་གདུལ་བྱ་དྲང་པ་དོན་དུ་ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད། ཅེས་སོ་ སོར་ཕྱེ་ནས་གསུངས་ཀྱང༌། ངེས་པའི་དོན་དུ་ན། རྒྱུད་ཐམས་ཅད་ཐབས་ཤེས་རབ་གཉིས་ སུ་མེད་པའི་རྒྱུད་ཡིན་ཏེ། རྒྱུད་ཀྱི་དོན་ནི་རྣལ་འབྱོར་ཞེས་པ་ཐབས་ཤེས་རབ་དབྱེར་མེད་དུ་ སྦྱོར་བའི་དོན་ཡིན་ལ་དེ་མེད་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་མི་འགྱུར་བའི་ཕྱིར་ ཏེ། རྩ་བའི་རྒྱུད་དང་པོའི་སངས་རྒྱས་ལས། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་ གཅིག་པུ་དག་གིས་མིན། །ཐབས་དག་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་ གཤེགས་པས་གསུངས། །ཞེས་དང༌། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་ སྙོམས་འཇུག་པ། །རྣལ་འབྱོར་ཞེས་པ་མངོན་པར་བརྗོད། །འདུས་པ་སྦྱོར་བ་རབ་གསུངས་ ཏེ། །སངས་རྒྱས་ཐམས་ཅད་མངོན་སྦྱོར་བྱེད། །ཀྱཻའི་རྡོ་རྗེ་ལས། ཧེ་ཡིག་གིས་ནི་སྙིང་རྗེ་ ཆེ། །བཛྲ་ཤེས་རབ་ཅེས་བརྗོད་དེ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་ བཤད་ཀྱིས་ཉོན། །ཞེས་གསུངས་སོ། །དེས་ན་འགྲེལ་ཆེན་ལས། རང་གི་ངོ་བོས་ནི། ཐམས་ ཅད་ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར་བའི་རྒྱུད་ཉིད་དེ། ཞེས་གསུངས་པ་ལྟར་ཡིན་ནོ། ། 5-1-37 ⑶ རྩ་རྒྱུད་དང་བསྡུས་རྒྱུད་ཀྱི་ཁྱད་པར་བསྟན་པ། གསུམ་པ་རྩ་རྒྱུད་བསྡུས་རྒྱུད་ལ་སོགས་པའི་ཁྱད་པར་བསྟན་པ་ནི། རྒྱུད་སྡེ་རྣམས་ལ་རྩ་ བའི་རྒྱུད། རྒྱུད་ཕྱི་མ་ཕྱི་མའི་ཕྱི་མ། བསྡུས་པའི་རྒྱུད། བཤད་པའི་རྒྱུད། འཕྲོས་པའི་རྒྱུད། ཆ་ མཐུན་གྱི་རྒྱུད་བདུན་ཡོད་པ་ལས། བདེ་མཆོག་རྒྱུད་ལ་མཚོན་ན། རྩ་རྒྱུད་ནི་བདེ་མཆོག་ལེའུ་ འབུམ་པ་ལྟ་བུ། ཕྱི་མ་ནི་ཤོ་ལོ་ཀ་འབུམ་པ་ལྟ་བུ། ཕྱི་མའི་ཕྱི་མ་ནི་ལེའུ་ལྔ་བཅུ་རྩ་གཅིག་པ་ ལྟ་བུ། བསྡུས་རྒྱུད་ནི། རྣལ་འབྱོར་མའི་ཀུན་སྤྱོད་ལྟ་བུ། བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལྟ་ བུ། འཕྲོས་རྒྱུད་སངས་རྒྱས་ཐོད་པ་ལྟ་བུ། ཆ་མཐུན་གྱི་རྒྱུད་སངས་རྒྱས་མཉམ་སྦྱོར་ལྟ་བུའོ། ། དེ་བསྡུ་ན་རྩ་བའི་རྒྱུད་དང༌། བསྡུས་པའི་རྒྱུད་གཉིས་སུ་འདུ་སྟེ། དང་པོ་ཉིད་དུ་གསལ་བར་ གསུངས་པ་ནི་རྩ་བའི་རྒྱུད་ཡིན་ལ། ཕྱི་དེ་ཉིད་གདུལ་བྱའི་དབང་གིས་བསྡུས་ཏེ། གསུངས་པ་ ནི་བསྡུས་རྒྱུད་འམ་ཉུང་ངུའི་རྒྱུད་དེ། དུས་ཀྱི་འཁོར་ལོའི་རྩ་རྒྱུད་མཆོག་གི་དང་པོའི་སངས་ རྒྱས་སྟོང་ཕྲག་བཅུ་གཉིས་པ་དང༌། བསྡུས་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་དང༌། གསང་ འདུས་ཀྱི་རྒྱུད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། བསྡུས་པའི་རྒྱུད་ལེའུ་བཅོ་བརྒྱད་པ་དང༌། ཀྱཻ་ རྡོ་རྗེའི་རྩ་རྒྱུད་འབུམ་ཕྲག་ལྔ་པ་དང༌། བསྡུས་རྒྱུད་བརྟག་པ་གཉིས་པ་དང༌། བདེ་མཆོག་གི་ རྩ་རྒྱུད་མངོན་པར་བརྗོད་པ་འབུམ་པ་ཆེན་པོ་དང༌། བསྡུས་པའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་ པ་ལ་སོགས་པ་ལྟ་བུའོ། །ཡང་བོད་ཀྱི་བླ་མ་དག་རྒྱུད་ཐམས་ཅད་བཤད་གཞི་རྩ་བའི་རྒྱུད་ དང༌། འཆད་བྱེད་བཤད་པའི་རྒྱུད་གཉིས་སུ་འདུས་ཏེ། རྩ་བའི་རྒྱུད་ལ་རྒྱས་འབྲིང་བསྡུས་ གསུམ་འམ། རྒྱས་བསྡུས་གཉིས་ཏེ། བདེ་མཆོག་གི་ལེའུ་འབུམ་པ་དང༌། ཤོ་ལོ་ཀ་འབུམ་པ་ དང༌། ལེའུ་ལྔ་བཅུ་རྩ་གཅིག་པ་ལྟ་བུ་དང༌། གསང་འདུས་རྒྱུད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། 5-1-38 བསྡུས་རྒྱུད་ཤོ་ལོ་ཀ་སྟོང་བརྒྱད་བརྒྱ་པ་ལྟ་བུའོ། །རྒྱུད་ཕྱི་མ་ལ་སྔར་གྱི་དོན་བསྡུས་ནས་སྟོན་ པའི་ཕྱི་མ་དང༌། ཕྱི་མའི་ཕྱི་མ་ནི་རྩ་རྒྱུད་ཀྱི་ནང་དུ་འདུས་སོ། །དངོས་གྲུབ་སྟོན་པའི་ཕྱི་མ་ནི་ དེ་ཉིད་འདུས་པའི་ཕྱི་མ་ལྟ་བུ་སྟེ། དེ་ནི་རྩ་རྒྱུད་ཀྱི་ཕྱི་མ་ཡིན་ན་རྩ་རྒྱུད་དུ་འདུས། བཤད་རྒྱུད་ ཀྱི་ཕྱི་མ་ཡིན་ན་བཤད་རྒྱུད་དུ་འདུས་སོ། །རྒྱུད་སྔ་མ་མ་ཚང་བ་ཁ་སྐོང་བའི་ཕྱི་ནི། བརྟག་ གཉིས་ཀྱི་བརྟག་པ་ཕྱི་མ་ལྟ་བུ་སྟེ། དེ་ཡང་སྔར་དང་འདྲའོ། །རྒྱུད་སྔ་མའི་འཕྲོ་འཆད་པའི་ ཕྱི་མ་ནི། ངན་སོང་སྦྱོང་རྒྱུད་ཀྱི་བརྟག་པ་ཕྱི་མ་ལྟ་བུ་སྟེ། དེ་ཡང་སྔར་དང་འདྲའོ། །རྒྱུད་སྔ་ མའི་སྙིང་པོའི་དོན་བསྡུས་ཏེ་སྟོན་པའི་ཕྱི་མ་ནི། དུས་ཀྱི་འཁོར་ལོ་རྒྱུད་ཀྱི་སྙིང་པོ་ཕྱི་མ་ལྟ་བུ་ སྟེ། དེ་ཡང་སྔར་དང་འདྲའོ། །ཐུན་མོང་མ་ཡིན་པ་ནི། རྒྱུད་སྔ་མའི་དོན་འཆད་ཅིང་གཏན་ ལ་འབེབས་པའི་ཕྱི་མ་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལྟ་བུ་སྟེ། དེ་ནི་རྒྱུད་སྔ་མའི་དོན་ གཏན་ལ་འབེབས་ཤིང་འཆད་པའི་ཕྱིར་བཤད་པའི་རྒྱུད་ཉིད་དུ་འདུས་སོ། །བཤད་པའི་རྒྱུད་ ལ་གཉིས། བཤད་རྒྱུད་ཐུན་མོང་པ་དང༌། ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་བ་ནི་རྒྱུད་སྡེ་ དུ་མའི་དོན་གསལ་བར་བྱེད་པ། སམ་བྷུ་ཊི་ལྟ་བུའོ། །ཐུན་མོང་མ་ཡིན་པ་ནི་རང་རང་གི་རྒྱུད་ ཀྱི་དོན་གསལ་བར་བྱེད་པ་སྟེ། གསང་འདུས་ཀྱི་བཤད་རྒྱུད་དགོངས་པ་ལུང་སྟོན་ལྟ་བུའོ། ། སྤྱིར་བཤད་རྒྱུད་དུ་འགྲོ་བ་མི་གསལ་བ་གསལ་བར་བྱེད་པ་དང༌། མ་ཚང་བ་ཁ་སྐོང་བ་དང༌། ཚུལ་མི་འདྲ་བ་དང་དོན་བསྡུས་པ་དང༌། ཆ་མཐུན་པ་ངེས་ཤེས་བསྐྱེད་པ་དང༌། ཚིག་དོན་རྣམ་ པར་དབྱེ་བ་བཤད་པའི་རྒྱུད་དུ་འགྱུར་བའོ་ཞེས་འཆད་དོ། ། ⑷ རྒྱུད་སྡེའི་གཞུང་གི་གྲངས་ཚད་བསྟན་པ། བཞི་པ་རྒྱུད་སྡེའི་གཞུང་གི་གྲངས་ཚད་བསྟན་པ་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་པ་ཞེས་བྱ་བ་སྟེ། རྒྱས་པར་བྱས་ན་ གྲངས་མེད་དོ། ། 5-1-39 གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ་བྱ་བའི་རྒྱུད་སྟོང་ ཕྲག་བཞིའོ་ཞེས་གསུངས་པ་ལ། དེར་རྣལ་འབྱོར་མ་རྒྱུད་ཀྱི་གྲངས་མ་གསུངས་ཤིང༌། སྡོམ་ འབྱུང་ལས། རྣལ་འབྱོར་མ་རྒྱུད་རྣམས་ཀྱི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་ འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲངས། །ཞེས་གསུངས་སོ། །རྣལ་འབྱོར་ཆེན་ པོ་ཐབས་ཀྱི་རྒྱུད་ལའང། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ལས་གཞན་ཡང་བཤད་བྱ་བ། ། འདོད་ཆགས་ཐབས་ཆེན་པོ་ཡི་རྒྱུད། །གང་གིས་ལེགས་པར་ཤེས་ནས་ནི། །ཚེ་འདིར་དངོས་ གྲུབ་སྦྱིན་པར་བཤད། །གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་ཕྲེང་བ་འབུམ་ཕྲག་གཅིག། དགོངས་པ་ལུང་སྟོན་སྟོང་ཕྲག་བརྒྱ། །ལྷ་མོ་བཞིས་ཞུས་བརྒྱ་བདུན་ཅུ། །ཨུ་རད་ཏན་ཏྲ་ གཉིས་བརྒྱ་བརྒྱད། །དེ་ཡིན་ཉེ་བར་བཤད་པ་ཡིན། །དམ་ཚིག་ཆེན་པོ་ལྔ་བཅུ་ལྔ། །རྡོ་རྗེ་ ལྔ་འདུས་སྟོང་ཕྲག་གཅིག །ཀུན་ལས་བཏུས་པ་འབུམ་ཕྲག་གཅིག །མཉམ་ཉིད་རྣམ་རྒྱལ་ ཉིས་བརྒྱ་བརྒྱད། །ཟླ་གསང་ཐིག་ལེ་སྟོང་བདུན་བརྒྱ། །རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། །ཅོད་པན་ རྡོ་རྗེ་བདུན་བརྒྱ་ལྔ། །ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། །རྡོ་རྗེ་རྣམ་རྒྱལ་བརྒྱ་དགུ་བརྒྱ། །མཉམ་ ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གསང་བརྒྱན་སྟོང་ཕྲག་ལྔ། །རྡོ་རྗེ་གསང་མཛོད་སྟོང་ཕྲག་ བདུན། །ནོར་བུ་གང་ཐིགས་འབུམ་ཕྲག་གཅིག །སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །རྡོ་ རྗེ་གསང་བརྒྱན་སྟོང་ཕྲག་གཅིག །རྡོ་རྗེ་ཐོད་པ་གཉིས་བརྒྱ་བརྒྱད། །དེ་ཉིད་བརྒྱ་སྟོང་བརྒྱ་ སྟོང་བདུན། །དམ་ཚིག་མངོན་རྒྱན་སྟོང་ཕྲག་འབུམ། །འཇམ་དཔལ་དཔའ་བོ་འབུམ་ཕྲག་ བཞི། །གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ། །རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ ལེ་བརྒྱ་བརྒྱད་ཅུ། །ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །འདི་རྣམས་དགོངས་པའི་བྱེ་བྲག་ གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་པོས་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་ བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང༌། །རྒོད་དང་ལྟ་བའི་ཤེས་པར་བྱ། །ཞེས་ 5-1-40 སོ། །དེ་རྣམས་ཀྱང་ཤོ་ལོ་ཀའི་གྲངས་ཚད་ནི་མ་ཡིན་གྱི། རྒྱུད་ཀྱི་མིང་གི་གྲངས་ཡིན་པར་ ཤེས་པར་བྱའོ། །ཞེས་སོ།། ༈ །། དེ་ལྟར་བསྟན་པའི་རྒྱུད་སྡེ་ཐམས་ཅད་ཀྱང་ཕྱི་ནང་གཉིས་སུ་འདུས་ཏེ། བྱ་སྤྱོད་རྣལ་ འབྱོར་ཕྱི། རྣལ་འབྱོར་ཆེན་པོ་ནི་ནང༌། ཕྱི་ནང་གི་ཁྱད་པར་ནི། རབ་ཏུ་སྒྲོན་གསལ་ལས། བསྐྱེད་རྫོགས་གཉིས་ཀ་སྟོན་པ་ནི་ནང༌། བསྐྱེད་རིམ་འབའ་ཞིག་སྟོན་པ་ནི་ཕྱིར་བཤད་དོ། ། སློབ་དཔོན་ཨ་བྷ་ཡས། མན་ངག་སྙེ་མར། །ཕྱི་ནང་གསང་བ་ཐེག་པ་གསུམ། །ཞེས་པའི་ འགྲེལ་བར་བྱ་སྤྱོད་ཕྱི། རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་གཉིས། གསང་བ་ཞེས་གཉིས་ སུ་བཞེད་དོ། ། བཞི་པ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བླ་མ་རིམ་པར་བརྒྱུད་ཅིང་ ཇི་ལྟར་བྱོན་པའི་ཚུལ་ལ་གསུམ། བཞི་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བླ་མ་རིམ་པར་བརྒྱུད་ཅིང་ཇི་ལྟར་བྱོན་ པའི་ཚུལ་ལ་གསུམ་སྟེ། ཤམ་བྷ་ལའི་ཡུལ་དུ་ཇི་ལྟར་བྱོན་ཚུལ། དེ་ནས་འཕགས་པའི་ཡུལ་ དུ་ཇི་ལྟར་བྱོན་ཚུལ། དེ་ནས་བོད་ཡུལ་དུ་ཇི་ལྟར་བྱོན་ཚུལ་ལོ། ། ༡ ཤམ་བྷ་ལའི་ཡུལ་དུ་ཇི་ལྟར་བྱོན་ཚུལ། དང་པོ་ནི་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་གསུངས་པའི་ལོ་གཉིས་པ་ལ་རྒྱལ་པོ་ ཟླ་བ་བཟང་པོས་རྩ་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་སྟོང་ཕྲག་དྲུག་ཅུ་པ་མཛད་ནས། ཤམ་བྷ་ལ་ ལ་སོགས་པ་ཡུལ་གྱི་མི་རྣམས་ལ་བསྟན་ཅིང༌། མ་ལ་ཡའི་ཚལ་གྱི་དབུས་སུ་དུས་ཀྱི་འཁོར་ ལོའི་དཀྱིལ་འཁོར་ཀྱི་ཁང་པ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་བཞེངས་ཏེ། རྫུ་འཕྲུལ་བསྟན་ནས་མྱ་ ངན་ལས་འདས་སོ། །དེ་ནས་ལྷ་དབང་དང༌། གཟི་བརྗིད་ཅན་དང༌། ཟླ་བས་བྱིན་དང༌། ལྷའི་ 5-1-41 དབང་ཕྱུག་དང༌། སྣ་ཚོགས་གཟུགས་དང༌། ལྷའི་དབང་ལྡན་རྣམས་ཀྱིས་ལོ་བརྒྱ་བརྒྱར་ཆོས་ བསྟན་ནོ། །དེ་ནས་འཇམ་དབྱངས་གྲགས་པས་ཀྱང་ལོ་བརྒྱར་རྩ་བའི་རྒྱུད་བསྟན་ནས། དེའི་ རྗེས་སུ་ཉི་མའི་ཤིང་རྟ་ལ་སོགས་པ་དྲང་སྲོང་རྣམས་ཀྱིས་གསོལ་བ་བཏབ་ནས། བསྡུས་པའི་ རྒྱུད་ཕྲེང་འཛིན་ཀྱི་ཚིགས་བཅད་སྟོང་སུམ་ཅུ་པ་འདི་རྩ་བའི་རྒྱུད་ལས་ཕྱུང་སྟེ་བསྡུ་བ་མཛད་ དོ། །དེ་ལ་ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་ལྔ་བཅུ་རྩ་གཉིས་པ་མན་ཆད་བཅུ་དང༌། ནང་ ལེའི་ཚིག་བཅད་བཤམ་མ་སྟེ། བཅུ་གཅིག་པ་དེ་གྲགས་པ་དང༌། ཉི་མའི་ཤིང་རྟའི་གསུང་ ཡིན་གྱི། རྩ་རྒྱུད་ལས་བསྡུས་པ་མ་ཡིན་པས། ལྷག་མ་སྟོང་སུམ་ཅུའོ། །ཞེས་ཁ་ཅིག་བཞེད་ ཀྱང༌། ཤོང་འགྱུར་ལ་ཡེ་ཤེས་ལེའུར། ཁྱིམ་བཅུ་གཉིས་ཁམས་དྲུག་དང་སྦྱར་བའི་ཚིག་གཅིག་ ཆད་ཀྱང༌། གྱི་ཇོ་དང་པད་མའི་འགྱུར་ལ་མ་ཆད་པར་ཡོད་པས། ཡེ་ལེའི་ཚིགས་བཅད་བརྒྱ་ ཞེ་དགུ་པ་དང༌། ནང་ལེའི་ཚིགས་བཅད་བཤམ་མ་སྟེ་བཅུ་གཉིས་པོ་དེ། འཇམ་དབྱངས་ གྲགས་པ་དང༌། ཉི་མའི་ཤིང་རྟའི་གསུང་ཡིན་གྱི། རྩ་རྒྱུད་ལས་བསྡུས་པ་མ་ཡིན་པས་དེ་དག་ གི་ལྷག་མ་ཚིགས་བཅད་སྟོང་དང་སུམ་ཅུ་ཡིན་པར་གསལ་ལོ། ། དེ་ནས་འཇམ་དབྱངས་གྲགས་པས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲས་པདྨ་དཀར་པོ་ ལ་བསྡུས་པའི་རྒྱུད་འདི་བསྟན་ཅིང༌། རྒྱས་འགྲེལ་རྩོམ་པར་བསྐོས་ཏེ་མྱ་ངན་ལས་འདས་ སོ། །དེ་ནས་པདྨ་དཀར་པོས་རྒྱས་འགྲེལ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་མཛད་ ཅིང་ཆོས་བསྟན་ཏོ། །དེ་ནས་བཟང་པོ་དང༌། རྣམ་རྒྱལ་དང༌། བཤེས་གཉེན་བཟང་པོ་དང༌། རིན་ཆེན་ཕྱག་དང༌། ཁྱབ་འཇུག་སྦས་པ་དང༌། ཉི་མ་གྲགས་དང་ཤིན་ཏུ་བཟང་པོ་སྟེ་བརྒྱད་ པོས་ལོ་བརྒྱ་བརྒྱར་ཆོས་བསྟན་ཅིང༌། དེ་ནས་རྒྱ་མཚོ་རྣམ་རྒྱལ་དང༌། རྒྱལ་དཀའ་གཉིས་ ཀྱིས་གོང་དུ་བསྟན་པ་ལྟར་ལོ་བཞི་བརྒྱ་དང་གསུམ་གྱི་བར་དུ་ཆོས་བསྟན་ཏོ། །དེ་ནས་ཉི་མ་ དང་སྣ་ཚོགས་གཟུགས་དང་ཟླ་བའི་འོད་དང༌། མཐའ་ཡས་དང༌། ས་སྐྱོང་དང༌། དཔལ་སྐྱོང་ 5-1-42 དང༌། སེང་གེ་རྣམས་གནོན་དང༌། སྟོབས་པོ་ཆེ་དང༌། མ་འགག་པ་དང༌། མིའི་སེང་གེ་དང༌། དབང་ཕྱུག་ཆེན་པོ་དང༌། མཐའ་ཡས་རྣམ་རྒྱལ་དང༌། འཁོར་ལོ་ཅན་རིགས་ལྡན་དྲག་པོ་སྟེ། བཅུ་བཞི་པོས་ཀྱང་ལོ་བརྒྱ་བརྒྱར་ཆོས་བསྟན་ཅིང༌། དྲག་པོས་ཀླ་ཀློ་འཇོམས་པར་མཛད་ དོ། །འདི་ལ་ཁ་ཅིག་མཐའ་ཡས་དང་རྣམ་རྒྱལ་གཉིས་སུ་བགྲངས་ནས། རིགས་ལྡན་གྲགས་ པ་མན་ཆད་རིགས་ལྡན་ཉི་ཤུ་རྩ་དྲུག་ཡིན་ནོ་ཞེས་འཆད་ཀྱང༌། གདན་ནི་ཉི་ཤུ་རྩ་ལྔ་པོ་རིམ་ པར་ཡོངས་སུ་བགྲངས་པ་དེའི་ནང་ནས་དུས་ཀྱི་མཐར། རིགས་ལྡན་རིགས་ལ་ལྷའི་དབང་ པོ་ལྷའི་མཆོག་གི་བཏུད་པ་དྲག་པོའི་རིགས་ལྡན་འབྱུང་བར་འགྱུར། ཞེས་དྲག་པོའི་རིགས་ ལྡན་ཉི་ཤུ་རྩ་ལྔའི་ནང་དུ་འདུས་པར་གསུངས་པ་དང་འགལ་ལོ། །བླ་མ་བི་བྷུ་ཏི་ཙནྟྲ་ནི། སེང་ གེ་རྣམ་གནོན་གཅིག མཐའ་ཡས་རྣམ་རྒྱལ་གཅིག་ཏུ་བྱས་ནས། མཇུག་གི་གྲགས་པ་དང༌། དྲག་པོ་ཐ་དད་དུ་བྱས་ཏེ་རིགས་ལྡན་ཉི་ཤུ་རྩ་ལྔར་བཞེད་ཞེས་ཀྱང་གསུངས་སོ། ། ༢ འཕགས་པའི་ཡུལ་དུ་ཇི་ལྟར་བྱོན་ཚུལ། གཉིས་པ་དེ་ནས་འཕགས་པའི་ཡུལ་དུ་ཇི་ལྟར་བྱོན་པའི་ཚུལ་ལ། འབྲོ་བའི་བཞེད་ ལུགས་དང་ར་བའི་བཞེད་ལུགས་གཉིས་སོ། ། དང་པོ་ནི་རིགས་ལྡན་དཔལ་སྐྱོང་ཆོས་སྟོན་པའི་དུས་སུ། རྒྱ་གར་དུ་གཤིན་རྗེ་གཤེད་ ཀྱི་རྣལ་འབྱོར་པ་ཡབ་ཡུམ་གཉིས་ཀྱིས། གཤིན་རྗེ་གཤེད་ཀྱི་རྒྱུད་ནས་འབྱུང་བ་བཞིན་དུ་ རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་བྱས་པས། ཁྱེའུ་གཅིག་འཁྲུངས་ཏེ། ཆེར་སྐྱེས་པ་དང༌། བྱང་ ཕྱོགས་ན་བྱང་ཆུབ་སེམས་དཔའ་དངོས་སུ་ཆོས་སྟོན་པར་ཡོད་པར་གྲགས་པ། ཉན་དུ་བྱོན་ 5-1-43 པ་ལ་ཁྱེའུ་ཡི་ལྷག་པའི་བསམ་པ་རྣམ་པར་དག་པ་དང༌། ཆོས་ལ་འདུན་པ་དང༌། ཤམ་བྷ་ ལར་འོངས་ན་ལམ་དུ་ཚེའི་བར་ཆད་དུ་འགྲོ་བར་མཁྱེན་ནས། དཔལ་སྐྱོང་བྱོན་ཏེ། དེར་ཁྱེད་ ཀྱིས་འགྲོ་བར་མི་ནུས། ཆུ་མེད་པའི་མྱ་ངན་གྱི་ཐང་ལ་ཟླ་བ་བཞི་འགྲོ་དགོས་པས་སྲོག་གི་ བར་ཆད་དུ་འགྲོ། ང་ཡིས་འོངས་ལ་བཤད་གསུངས་ནས་ཟླ་བ་བཞི་གསུངས་པ་དང༌། གང་ བྱོའི་ཚུལ་དུ་མཁྱེན་ནའང་བྱང་ཆུབ་སེམས་དཔའི་སྐོར་གསུམ་ལ་སོགས་པ་རྒྱུད་སྡེ་མང་པོ་ ཐུགས་ལ་བཟུང་ནས་བྱོན་པས། འཇམ་དབྱངས་སྤྲུལ་པ་ཡིན་པར་གྲགས་ཤིང༌། དེའི་མཚན་ ཡང་དུས་འཁོར་ཞབས་ཟེར་རོ། །དེ་ལྟར་སྔོན་གྱི་ལོ་རྒྱུས་ལ་དུས་འཁོར་ཞབས་ཆེན་པོའི་དུས་ ན་རིགས་ལྡན་དཔལ་སྐྱོང་ཆོས་སྟོན་པར་གྲགས་ཀྱང༌། ཁུངས་དང་རྒྱུ་མཚན་ཅི་ཡང་མི་སྣང་ ཞིང༌། རིགས་ལྡན་རྣམས་ཀྱིས་ཆོས་བསྟན་པའི་ཚད་དང༌། ཀླ་ཀློའི་གནས། མ་ཁའི་ཡུལ་དུ་ ཀླ་ཀློ་ཞུགས་ནས་ལོ་ཇི་སྙེད་འདས་པ་དང་བྱེད་རྩིས་ཀྱི་ལོ་དག་ལེགས་པར་བརྩིས་པ་རྣམས་ དང་མི་འགྲིག་ཅིང༌། ནང་འགལ་འབྱུང་བས། མ་དག་པར་ཤེས་པར་བྱའོ། །དེས་ན་རིགས་ ལྡན་རྒྱལ་དཀའ་འདས་ནས། ཉི་མ་ཆོས་སྟོན་པའི་འགོ་འཛུགས་པའི་དུས་བྱེད་རྩིས་ཀྱི་རབ་ བྱུང་ལ་སོགས་འདས་ལོ་བསྲེ་བའི་འགོ་འཛུགས་པ་ཙམ་གྱི་དུས་སུ། དུས་འཁོར་ཞབས་ཆེན་ པོ་བྱོན་པར་གསལ་ཏེ། བླ་མ་བརྒྱུད་པ་ཕྱི་མ་ཕྱི་མ་ཡིས་སྔ་མ་སྔ་མ་ཡི་ཞབས་ལ་ཟིན་པ་ཙམ་ གྱི། ལོ་གྲངས་ཀྱི་ཚད་དང་ཡང་འགྲིག་པར་སྣང་ངོ༌། །དེ་ལྟར་དུས་འཁོར་ཞབས་ཆེན་པོ་བྱོན་ པའི་དུས་སུ། རྒྱ་གར་ན་དགེ་སློང་བློ་ཤིན་ཏུ་རྟུལ་བ་གཅིག་གིས། ལྷས་བསྟན་པའི་རྨི་ལམ་ལ་ བརྟེན་ནས། བྱི་རུ་ལ་ལྷ་མོ་ཀུ་རུ་ཀུ་ལླེའི་སྐུ་བྱས་ཏེ། བུད་མེད་ཀྱི་རོའི་ཁར་བཅུག་ནས་རྒྱབ་ ཏུ་དཀྱིལ་ཀྲུང་བཅས་ཏེ། ཞག་བདུན་བསྒྲུབས་པས་ཁ་གྱེན་དུ་བལྟས་ཏེ་ཅི་འདོད་ཟེར་བ་ ལ། མཐོང་ཚད་ཟིན་པར་འདོད་བྱས་ཀྱང་འོང་བ་ཡིན་པ་ལ། །བློ་རྟུལ་བས་ཞུམ་པས། བྲིས་ ཟིན་ཚད་ཟིན་པར་འདོད་བྱས་པས། དེ་ལྟར་བྱུང་བས་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་ 5-1-44 ཞེས་བྱ་བ། ཁ་སར་པ་ཎིའི་གཙུག་ལག་ཁང་དུ་བྱོན་པ་དེས་སློབ་དཔོན་དུས་འཁོར་ཞབས་ལ་ རྒྱུད་དུ་ཤེས་དྲིས་པས། སློབ་དཔོན་གྱིས་ལན་གསུངས་པས། རྒྱུད་ཀྱི་མཚན་ཙམ་ཡང་འཛིན་ པར་མ་ནུས་སྐད། དེ་ལ་སློབ་མ་མང་པོ་བྱུང་པ་ལ། ཕལ་ཆེར་རྣལ་འབྱོར་པར་གྱུར་ནས་ བཤད་པའི་སྲོལ་འཛིན་པ། སྲས་ན་ལེན་ཏྲ་པ། དུས་འཁོར་ཞབས་ཆུང་བར་གྲགས་པ། སྔ་ མ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཡིན་སྐད། ལོ་རྒྱུས་ཁ་ཅིག་ཏུ་དུས་འཁོར་ཞབས་ཆུང་བ་དང༌། སྲས་ན་ལེན་ཏྲ་པ་ཡབ་སྲས་ཡིན་པར་ཡང་འཆད་དོ། །དེའི་དུས་སུ་ཁ་ཆེ་བྲམ་ཟེ་གཅིག་གི་བུ་ ཟླ་མགོན་ཞེས་བྱ་བ་བློ་ཤིན་ཏུ་རྣོ་བ་གཅིག་བྱུང་བས། ཡབ་མུ་སྟེགས་བྱེད་ཀྱི་ཆོས་རྣམས་ལོ་ བཅུ་གཉིས་ལ་ཤེས། ཡུམ་སངས་རྒྱས་པ་ཡིན་པས། ངའི་ཆོས་སློབ་དགོས་ཟེར་ནས། ཁ་ཆེ་ བྲམ་ཟེ་ཞབས་ཞེས་བྱ་བའི་པཎྜི་ཏ་ལ་ཉན་དུ་བཅུག་པས། ཟླ་མགོན་དེ་གཟུགས་མཛེས་པར་ ཡོད་པས། པཎྜི་ཏའི་སྲས་མོ་ན་རེ་ང་དང་ལྷན་ཅིག་འགྲོགས་ལ་ཆོས་ཤོད་ཟེར། དེ་ལྟར་ཁས་ བླངས་ནས་ནང་པའི་ཆོས་མང་པོ་གསན། དེ་ནས་དབང་མདོར་བསྟན་གྱི་དཔེ་གཟིགས་པས་ ཤིན་ཏུ་མོས་ཏེ། མ་ག་དྷར་བྱོན་པ་དང༌། དུས་འཁོར་ཞབས་ཡབ་སྲས་དང་མཇལ། བྱང་ཆུབ་ སེམས་དཔའི་ཆོས་སྐོར་རྣམས་ཞུས་སོ། །མཁས་པ་ཁ་ཆེ་རིན་ཆེན་རྡོ་རྗེ་དང་རྩོད་པ་བྱས་པས་ ཟླ་མགོན་མ་ཐུབ་རིན་ཆེན་རྡོ་རྗེ་ན་རེ་ང་ལ་སློབ་མ་མི་དད་པར་འོང་གཞན་དུ་བྱོན་གསུངས། དེ་ནས་ཆོས་འདི་བོད་དུ་སྤེལ་དགོངས་ནས་བོད་དུ་བྱོན་ནོ། ། གཉིས་པ་ར་བའི་བཞེད་ལུགས་ནི། དུས་ཀྱི་འཁོར་ལོ་ལ་སོགས་པ་བྱང་ཆུབ་སེམས་ དཔའི་ཆོས་སྐོར་དུ་གྲགས་པ་འདི་རྣམས་རྒྱ་གར་དུ་རྒྱལ་པོ་གསུམ་གྱི་རིང་ལ་བྱུང་སྟེ། དེ་ ཡང་རྡོ་རྗེ་གདན་དབུས་སུ་བཞག་པའི་ཤར་ཕྱོགས་ན། ག་ཛ་བ་ཏི་གླང་པོ་ཆེ་སྐྱོང་བའི་རྒྱལ་ པོ་དེ་ཧ་པཱ་ལ། ལྷོ་ཕྱོགས་ན་ན་ར་པ་ཏི་མི་སྐྱོང་པའི་རྒྱལ་པོ་ཛ་འུ་གང་ག་པ། ནུབ་ཕྱོགས་ན་ ཨ་ཤྭ་པ་ཏི། རྟ་སྐྱོང་བའི་རྒྱལ་པོ་ཀ་ནའུ་ཛ། དེ་ལ་རྒྱ་གར་ཤར་ཕྱོགས་ན་ཡུལ་སྡེ་ལྔ་ཡོད་པའི་ 5-1-45 ནང་ནས། ཨོར་བི་སར་སྐུ་འཁྲུངས་པའི་སློབ་དཔོན་ཆེན་པོ། སྡེ་སྣོད་ཐམས་ཅད་ལ་ཐུགས་ སྦྱངས་པའི་ཙི་ལུ་པཎྜི་ཏས། རད་ན་གི་རི་བི་ཧ་ར་དང༌། བི་ཀྲ་མ་ཤི་ལ་དང༌། ནཱ་ལེནྡྲ་རྣམས་ སུ་སྡེ་སྣོད་གྱི་པོ་ཏི་ཐམས་ཅད་གཟིགས་ཤིང༌། ཁྱད་པར་དུ་ཏུ་རུ་ཀའི་གནོད་པ་མེད་པ་རིན་ ཆེན་རི་བོར་གཟིགས་པས། སྤྱིར་སངས་རྒྱས་ཚེ་གཅིག་གིས་འགྲུབ་པ་ལ་སྔགས་ཀྱི་ཐེག་པ་ དགོས་ཤིང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་འགྲེལ་པས་གསལ་བར་བྱས་པ་དགོས་ ལ། དེ་ཤམ་བྷ་ལ་ན་ཡོད་པར་མཁྱེན་ནས། ཡི་དམ་གྱི་ལྷས་ལུང་བསྟན་པ་ལ་བརྟེན་ནས། རྒྱ་མཚོར་ནོར་བུ་ལེན་པའི་ཚོང་པ་དང་འགྲོགས་ཏེ། རྒྱ་མཚོ་ལ་རྒལ་བ་དང༌། ཚོང་པ་རྣམས་ དང་ཟླ་བ་དྲུག་གིས་འཛོམས་དུས་བྱས་ཏེ་ལམ་སོ་སོར་ཞུགས་སོ། །དེ་ནས་སློབ་དཔོན་གྱིས་ རིམ་གྱིས་བྱོན་ཏེ་རི་གཅིག་གི་སྟེང་དུ་འཛེགས་པ་དང༌། མི་ཞིག་དང་ཕྲད་པས། དེ་ན་རེ་ ཁྱོད་གར་འགྲོ་ཟེར་བ་ལ། ཤམ་བྷ་ལར་བྱང་ཆུབ་སེམས་དཔའི་ཆོས་སྐོར་ཚོལ་དུ་འགྲོ་བྱས་ པས། དེ་ཤིན་ཏུ་བསྒྲོད་དཀའ་སྟེ། ཤེས་པ་བྱུང་ན་འདིར་ཡང་ཉན་པས་ཆོག་མོད་གསུངས་ པ་དང༌། འཇམ་དཔལ་གྱི་སྤྲུལ་པར་ཤེས་ཏེ། ཕྱག་བྱས་མཎྜལ་ཕུལ་གསོལ་བ་བཏབ་པས། དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང༌། རྗེས་སུ་གནང་ནས་མེ་ཏོག་གཅིག་སྤྱི་ བོར་བཞག་སྟེ། བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པར་ཁོང་དུ་ཆུད་པར་གྱུར་ཅིག ཅེས་ བྱིན་གྱིས་བརླབས་པས། ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར། བྱང་ཆུབ་སེམས་དཔའི་ སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཏོ། །ཚུར་བྱོན་པ་དང་ཚོང་པ་རྣམས་དང་འཛོམས་ཏེ་ སླར་ཡང་རྒྱ་གར་ཤར་ཕྱོགས་སུ་བྱོན་ནོ། །ཡང་ལུགས་གཅིག་ལ་ཙི་ལུ་པཎྜི་ཏ་དེ་རྣལ་འབྱོར་ པ་གཅིག་གི་བུ་ཡིན་པས། ཕས་ཤམ་བྷ་ལར་ཁྲིད་ནས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་ སློང་ཤིན་ཏུ་གཟུགས་བཟང་པ་གཅིག་དང་མཇལ་ཏེ། དེས་བྱིན་གྱིས་བརླབས་པས་ཞག་རེ་ ལ་ཤོ་ལོ་ཀ་སྟོང་སྟོང་ཟིན་པར་གྱུར་ཏེ་རྒྱུད་འགྲེལ་ཐམས་ཅད་ཐུགས་ལ་བཟུང་ནས། རྒྱ་གར་ 5-1-46 དུ་བྱོན་ཏེ། རབ་ཏུ་བྱུང་པའི་མཚན་ཙི་ལུ་པ་ཞེས་གྲགས་སོ། །དེ་ནས་སློབ་དཔོན་དེས་ཀ་ཏའི་ ཀའི་རྒྱལ་པོའི་སར་བཞུགས་པས། སློབ་མ་གསུམ་བྱུང་སྟེ་དེ་རྣམས་ཀྱིས་རྒྱུད་འགྲེལ་རྣམས་ གླེགས་བམ་ལ་བྲི་བར་ཞུས་ནས་བྲིས་སོ། །སློབ་མ་གཅིག་ཐ་མལ་པ་གཅིག་བྱུང༌། གཅིག་ རྒྱལ་འབྱུང་གནས་སྦས་པ་ཞེས་པ་གྲུབ་པ་བརྙེས་པ་གཅིག་བྱུང༌། གཅིག་ཤར་ཕྱོགས་བྷ་ག་ ལར་སྐུ་འཁྲུངས་པའི་པི་ཏོ་ཨ་ཙ་རྱའམ། པཎྜི་ཏ་ཨ་ཙརྱ་ཞེས་པ་མཁས་པ་གཅིག་བྱུང་སྟེ། དེས་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཐུགས་སུ་ཆུད་ཅིང་ཐུགས་ཉམས་སུ་བཞེས་སོ། ། དེ་ནས་ཡུལ་དེར་རྒྱལ་པོ་གཞན་གྱི་དམག་བྱུང་སྟེ། རྒྱུད་འགྲེལ་གྱི་དཔེ་ཐམས་ཅད་དོང་དུ་ སྦས་ནས་བྲོས་སོ། །དམག་གྱེས་ནས་བལྟས་པས། བདེ་དགྱེས་གཉིས་ཀྱི་འགྲེལ་བའི་སྨད་ མི་འདུག་ནས་འབྲི་པར་ཞུས་པས་མཁའ་འགྲོ་མས་སྦས་པས་འབྲིར་མི་རུང་གསུངས་ནས་ མ་གནང༌། ཙི་ལུ་པ་སླར་རྒྱ་གར་ཤར་ཕྱོགས་སུ་གཤེགས་སོ། །དེ་ནས་པཎྜི་ཏ་ཨ་ཙརྱ་དེས། ནཱ་ལེནྡྲ་ར་སྐུ་འཁྲུངས་པའི། སློབ་དཔོན་དུས་ཞབས་པ་ཆེན་པོ་ལ་གསུངས་ཤིང༌། དེས་ཀྱང་ སྔར་བཞིན་དུ་མཁྱེན་ཅིང་ཐུགས་ཉམས་སུ་བཞེས་སོ། །ཁ་ཅིག་ན་རེ། དུས་ཞབས་པ་དེས་ སྒྲོལ་མའི་ཞལ་མཐོང་ནས་ཅི་འདོད་པ་ཞུ་རུ་ཡོད་པས། སྒྲོལ་མས་ལུང་བསྟན་ནས་ཤམ་བྷ་ ལར་བྱོན་ཏེ་སྤྱན་རས་གཟིགས་ཀྱི་ལམ་ནས་བསུས་ནས། མ་ལ་ཡའི་ཚལ་གྱི་ཁང་པར་ཁྲིད་ དེ། དབང་བསྐུར་རྒྱུད་འགྲེལ་རྣམས་བཤད་ནས། དཔེ་ཐམས་ཅད་ཀྱང་གནང་སྟེ་བྱོན་ནོ། ། དེ་ནས་རྒྱ་གར་མེ་ཏོག་ཁྱིམ་ཞེས་བྱ་བར་བཞུགས་ནས། སློབ་མའི་མཆོག་བཞི་བྱུང་སྟེ་དུས་ ཞབས་ཆུང་བ་དང༌། འདུལ་བ་འབྱུང་གནས་བློ་གྲོས་དང༌། སེང་གེ་རྒྱལ་མཚན། མཐའ་ཡས་ རྣམས་སོ། །དེ་ལ་དུས་ཞབས་པ་ཆུང་བ་ནི་མཉྫུ་ཧ་དེ་ཤ་ཤར་ཕྱོགས་སུ་སྐུ་འཁྲུངས། མཚན་བོ་ དྷི་བ་ཞེས་ཀྱང་ཟེར། ན་ལེན་ཏྲ་པ་ཞེས་ཀྱང་ཟེར་རོ། །དུས་ཞབས་སྔ་མ་ལྟ་བུའི་ཡོན་ཏན་དང་ ལྡན་པ་དེས་རྒྱུད་འགྲེལ་མན་ངག་དང་བཅས་པ་མ་ག་དྷར་དར་ནས་ཐམས་ཅད་དུ་དར་བར་ 5-1-47 འགྱུར་རོ་སྙམ་དུ་དགོངས་ནས། མ་ག་དྷའི་རྒྱལ་པོ་ཤིང་རྟ་ཅན་གྱིས་བྱེད་ཅིང་སེན་དྷ་པས་ [ཨོ་ཌྷྱནྟ་པུ་རི[ཨོ་ཏན་ཏ་པཱི་རི]འི་གཙུག་ལག་ཁང་འཛིན་པའི་དུས་སུ་ནཱ་ལེནྡྲ་ར་བྱོན་ནས། གཙུག་ལག་ཁང་གི་སྒོ་གོང་དུ། རྣམ་བཅུ་དབང་ལྡན་གྱི་སྔགས་བྲིས་དེའི་འོག་ཏུ་གང་གིས་ མཆོག་གི་དང་པོ་སངས་རྒྱས་མི་ཤེས་པ་དེས། མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། ། ཞེས་པ་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །ཞེས་པའི་བར་བྲིས་ པས། པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་པ་རྣམས་མ་རངས་པར་རྩོད་པས། ཆོས་ཀྱི་རང་བཞིན་ ཟབ་ཅིང་རྒྱ་ཆེ་བ་ཐམས་ཅད་བཏུལ་ནས། སློབ་མར་གྱུར་ཏེ། ཁྱད་པར་དུ། མཉྫུ་ཀིར་ཏི་དང༌། ཨ་བི་ཡུག་ཏ་དང༌། པཎྜི་ཏ་རི་བོ་པ་དང༌། ད་བྱང་ཆུབ་སེམས་དཔའ་དང༌། ཨ་བྷ་ཡ་དང༌། པུ་ ཎྱ་ཆེན་པོ་དང༌། ཁ་ཆེ་གམྦྷི་ར་དང༌། ཤན་ཏ་གུབ་ཏ་དང༌། གུ་ཎ་རཀྵ་དང༌། ཟླ་མགོན་དང༌། རྩ་མི་ལ་སོགས་པའི་མཁས་པ་མང་པོ་བྱུང་ཞིང༌། རྒྱལ་རིགས། རྗེ་རིགས། ཚོང་པ་ལ་སོགས་ པ་མང་པོ་རྣམས་ཀྱང་དད་ནས། དཔེ་འབྲི་ཞིང་བག་ཆགས་འཇོག་པ་མང་དུ་བྱུང་སྟེ། ཤིན་ ཏུ་དར་བར་གྱུར་ཏོ། །དེ་ནས་བལ་པོ་ཡེ་རང་དུ་སྐུ་འཁྲུངས་པའི་པནྚི་ཏ་ས་མན་ཏ་ཤྲི་བྷ་ཏྲས་ མཁས་པ་ལྔ་ལ་གསན་ཅིང༌། ཁྱད་པར་མཉྫུ་ཀིར་ཏིའི་རྗེས་སུ་འབྲངས་སོ། ། ༣ བོད་ཡུལ་དུ་ཇི་ལྟར་བྱོན་ཚུལ། དེ་ནས་ཡང་བོད་ཡུལ་དུ་ཇི་ལྟར་བྱོན་པའི་ཚུལ་ལ་ཡང༌། འབྲོ་པ་དང༌། རྩ་པའི་བཞེད་ ལུགས་གཉིས་སོ། །དང་པོ་ནི། དེ་ནས་ཁ་ཆེ་ཟླ་མགོན་བོད་དུ་བྱོན། ཁ་རག་གཉོས་ལ་ བབས། འགྲེལ་པ་དྲི་མ་མེད་པའི་འོད་བསྒྱུར། གསེར་སྲང་བརྒྱ་རྫོང་བར་ཆད། པཎྜི་ཏ་མ་ མགུ་བར་འགྲེལ་པ་ཕྱེད་ལས་མ་བསྒྱུར། འགྱུར་བྱེད་འཕྲོ་བསྣམས་ནས་འཕན་ཡུལ་གྲབ་ ཏུ་བྱོན། །ཞང་སོ་ཆུང་བས་བླ་མར་བཟུང༌། འབྲོས་ལོ་ཙྪ་བ་བྱས་ནས་ཡོངས་སུ་རྫོགས་པར་ བསྒྱུར། གཉོས་ཀྱིས་ཞང་སྟོན་ལ་ཁྱོད་ཀྱིས་ངའི་བླ་མ་འཕྲོག་པ་ཡིན་པས་ལྦ་གསེབ་ཏུ་ཡུངས་ 5-1-48 དཀར་བཙང་སེ་བ་བྱ་ཡིས་ཟེར་བ་ལ། ཁྲོ་བོ་བརྒྱས་སྡིགས་ཀྱང་མི་འཇིགས། ལྷ་མོ་བརྒྱས་ འཛུམ་བསྟན་ཀྱང་མི་ཆགས་པ་ཡིན་ཟེར་ནས། ཞབས་ཏོག་མཛད། གཉོས་སྟོན་ཡེ་ཤེས་ མཆོག་གིས་གསེར་སྲང་བཅོ་བརྒྱད་ཕུལ། གྲ་པ་མངོན་ཤེས་ཀྱི་ལོ་གསུམ་ཆོས་སྟོན་དྲངས། ནམ་མཇལ་དུས་སུ་ཕྱག་རྟེན་མ་ཆད་པར་བྱས། ཇོ་བཙུན་ཚུལ་ཁྲིམས་རིན་ཆེན་གྱིས་གསེར་ སྲང་དྲུག་ཕུལ། གཡོན་རུ་བ་འགར་སྟོན། མང་ཡུལ་བ་སྟོན་མ་སྲི་དར། སྨོན་འགྲོའི་འཇམ་ བསྒོམས་ལ་སོགས་པས། ཞབས་ཏོག་ཆེར་བྱས་ཀྱང༌། སོ་སོར་སྤོང་བ་ཙམ་མ་གཏོགས་པ་ གཞན་མ་གནང༌། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས་པའི་སྒོམ་པ་དཀོན་མཆོག་སྲུང་ཞེས་པ་ མངོན་པ་དང༌། ས་སྡེ་དང༌། སྨན་སྤྱད་ཀྱི་གཙུག་ལག་ལ་ཤིན་ཏུ་མཁས་ཤིང༌། ཡོན་ཏན་ཆེ་ བར་གྲགས་པ་དེ་ཉིད་ཀྱིས་འབྱོར་པ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་བ་དང༌། བདག་ཉིད་ཀྱི་སྐེ་ལ་དར་ཡུག་གཅིག་བཏགས་ནས་ལུས་ཕུལ་ནས་ཞབས་ཏོག་ཡུན་རིང་དུ་ མཛད་ཅིང༌། ཇི་ལྟར་གསུང་པ་བཞིན་བསྒྲུབས་པས། གཞུང་གདམ་ངག་དང་བཅས་པ་མ་ ལུས་པར་གནང་ངོ༌། །བླ་མ་འདི་ཉིད་ཀྱི་ཕྱི་རྟེན་རིང་བསྲེལ་མང་པོ་འབྱུང་བ་ཞིག་འཕན་ཡུལ་ རགས་མའི་ནང་ན། དུས་དིང་སང་ཡང་འདུག་གསུང་ངོ༌། ། བླ་མ་སྒྲོ་སྟོན་གནམ་ལ་བརྩེགས་ནི། འཕན་ཡུལ་སྒྲོ་རིས་སུ་སྐུ་འཁྲུངས་ཤིང༌། དགུང་ལོ་ ཉི་ཤུ་རྩ་དྲུག་པ་ལ། དབུས་སྡེའི་དགེ་བཤེས་ལོ་རོ་པའི་དྲུང་དུ་གཡུ་ཆེ་ཆུང་འདྲེས་པ་ཕུལ་གང་ རྒྱགས་སུ་བསྣམས་ནས་བྱོན་ཏེ། ལྔ་བཅུ་རྩ་བརྒྱད་གྱི་བར་དུ་སློབ་གཉེར་རྒྱ་ཆེར་མཛད་དོ། ། ལོ་རོ་བའི་ཞལ་ནས། འཆིམས་སྔགས་པ་ཆེན་པོ་གཅིག་ཡོད་པ་ལ་འདི་རྡོ་རྗེ་འཛིན་པ་དང་ འདྲ། ང་ཀུན་འདི་ལ་ལྟོས་ན་བ་གླང་དང་འདྲ་བར་འདུག འོན་ཀྱང་ང་ཡིས་ཀྱང་ལོ་ཙྪ་བ་ཆེན་ པོ་མིང་ཤཱཀྱ་བརྩོན་འགྲུས་ནས། འབྲོག་མི་ཤཱཀྱ་ཡེ་ཤེས། འགོས་ཁུགས་པ་ལྷས་བཙས་གསུམ་ལ་ཐུག་པས་རྡོ་རྗེ་འཛིན་ 5-1-49 པ་དང་འདྲ་བར་སོང་སྟེ། དུས་འཁོར་ཤེས་པ་གཅིག་བྱུང་ན། ད་དུང་བ་གླང་དང་མཚུངས་ པར་འདུག་གསུངས་པས། བླ་མ་དུས་འཁོར་སུ་ཡིས་ཤེས་དྲིས་པས། པཎྜི་ཏ་སོ་མ་ནཱ་ཐས་ མཁྱེན་ཟེར་ནས་དེ་མ་ཐག་དེར་བྱོན་ཏེ། པནྚི་ཏ་ལ་གསེར་སྲང་བཅུ་གཉིས་དང༌། རྟ་ནག་ པོ་གཅིག་ཕུལ་ནས་ཞབས་ཏོག་ཡུན་རིང་དུ་བྱས་ཀྱང་སོ་སོར་སྤོང་ཙམ་ལས་མ་གནང༌། བླ་ མ་དཀོན་མཆོག་སྲུང་ལ་གསེར་སྲང་ཉུང་ངུ་ཕུལ་ནས་ཞུས་ཀྱང༌། པཎྜི་ཏའི་བཀའ་རྒྱ་ཡོད་ གསུངས་ནས་མ་གནང་ངོ༌། །དེ་ནས་པཎྜི་ཏ་རྒྱ་གར་དུ་གཤེགས་པའི་ཤུལ་དུ། རྣོར་བཟངས་ སུ་ལོ་གསུམ་དང༌། ཡེར་པར་ལོ་གསུམ་བླ་མ་ལྷ་རྗེ་གོ་བཏེག་མཛད་དེ། ཞུས་པས་གཞུང་ གདམ་ངག་དང་བཅས་པ་ཀུན་རྫོགས་པར་གནང་ངོ། ། ཕྱིས་པཎྜི་ཏ་བོད་དུ་བྱོན་པའི་དུས་སུ། ལྷ་རྗེ་བསྒོམ་པས། ལྷ་རྗེ་སྒྲོ་སྟོན་ལ་གཞུང་གདམ་ ངག་མ་ལུས་པར་བྱིན་འདུག་ཅེས་པ་གསན་ནས། སྒྲོ་སྟོན་དང་མཇལ་མ་ཐག་ཆོས་གང་ འདོད་པ་སྦྱིན་ནོ། །གསུང་པ་ལ། གཞོན་པའི་དུས་སུ་ནི་རྫོགས་པར་གནང་དུ་མ་འདོད། ད་ རྒས་པས་མི་ཞུ་ལགས་བྱས་པས། ཁྱོད་དཀོན་མཆོག་སྲུང་ཀྱི་ཆོས་ཀྱིས་ངོམས་འདུག་སྟེ། ང་ ལས་མ་བྱུང་ན་སུ་ལས་བྱུང་གསུང་ཕྱག་ཕབ་པོ། །དེ་ཤིན་ཏུ་མད་ལགས། བླ་མ་ཆེན་པོའི་ བཀའ་དྲིན་ལགས། ཞེས་ཞུས་པས། ཆོས་གང་གང་བྱིན་ཞེས་གསུངས་པ་ལ། འདི་དང་འདི་ གནང་ལགས་ཞུས་པས། དེ་རྣམས་ལས་ལྷག་པ་ང་ལའང་མེད། ཐམས་ཅད་ཚང་འདུག་པས་ སུ་ལའང་མ་སྦྱིན། གཞན་ལ་སྟེར་རི་མནའ་སྐྱོལ་གསུངས་ནས། མགུལ་པ་ལ་ཕྲེང་པ་བཅུག་ པ་དང༌། བླ་མས་ནི་རྫོགས་པར་མ་གནང༌། བླ་མ་དཀོན་མཆོག་སྲུང་ལ་ཞུས་པ་ལགས་མོད། ཅེས་ཞུས་པས། ཕྲེང་བ་ཕུད་ནས། ངན་པ་འདི་གསུངས་ནས་དབུ་ལ་བྱེ་མ་སྤར་གང་བརྒྱབ་ སྟེ། ད་ཆུད་མ་གསན་གསུང་པ་ལ། དེ་སྐད་མི་གསུང་འཚལ། ཆུད་ཅི་ལ་གསོན་ཞེས་ཞུས་ཏེ། བཀུར་སྟི་དུ་མ་མཛད་ཏེ་པཎྜི་ཏ་མཉེས་པར་མཛད་དོ། །དེར་པཎྜི་ཏ་དང་བླ་མ་དཀོན་མཆོག་ 5-1-50 སྲུང་ལ། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གཞུང་གདམ་ངག་ཆ་ལག་དང་བཅས་ པ་མ་ལུས་པར་གསན་ནོ། །དེ་ཉིད་ཀྱི་ཕྱི་རྟེན་གཅིག་འཕན་ཡུལ་ཀྱི་སྒྲོ་རིས་གནས་སྒང་ཞེས་ བྱ་བ་ན་བཞུགས་པ་ཞིག་པ་འབུར་ཙམ་འདུག་པ་ལ་དིང་སང་ཡང་རིང་བསྲེལ་དུ་མ་རྙེད་ཀིན་ འདུག་ཅེས་གསུངས་སོ། ། བླ་མ་ཡུ་མོ་ནི། གདུང་རུས་རྔམ་ཞེས་པ་ཡིན་ཞིང༌། ཡབ་རྔམ་ཁྲོ་རྒྱལ་ཞེས་པ་ཡིན་ལ། གངས་ཏེ་སེའི་རྩར་སྐུ་འཁྲུངས་ཤིང༌། སྐུ་མཆེད་བཞི་ཡོད་པའི་ཆུང་བ་ཡིན་ནོ། །རིམ་གྱིས་ ལ་སྟོད་ལྷོར་བྱོན་ནས། དགུང་ལོ་བཅུ་པ་ལ་ལྷོ་མཆེར་གནས་སུ་མཁན་པོ་སྟག་ལོ་གཞོན་ བྱང་བཞུགས་པ་ལ་རབ་ཏུ་བྱུང་སྟེ། མཚན་འདོགས་པའི་དུས་ན་ཁྱེད་ཀྱི་གདུང་རུས་རྔམ་དུ་ འདུག་པས། རྔམ་བཙུན་དད་པ་རྒྱལ་པོ། ཞེས་བྱ་བར་འདོགས་སོ། །ཞེས་གསུངས་ནས། དེ་ ལྟར་མཚན་བཏགས། མཁན་པོ་ལ་ཆོས་གསན་ཅིང་ལོ་གཉིས་བཞུགས། དེ་ནས་དོན་མོར་ རིར་བྱོན་ཏེ། སེ་སྟོན་སྒྲ་གཅན་འཛིན་དང༌། དགེ་གནས་སུ་བར་སྟོན་ཐོས་པ་དགའི་དྲུང་དུ། མངོན་པ་དང་ཕ་རོལ་ཏུ་ཕྱིན་པའི་སྐོར་མང་དུ་གསན། ཁོང་རང་ཉིད་ཀྱིས་ཡུ་མོ་ཞེས་མཚན་ བླ་དྭགས་སུ་བཏགས་སོ། །དེ་ནས་དབའ་དགེ་མཐོང་དང༌། སྙེགས་ལ་དབུ་མ་དང༌། ཚད་ མ་གསན། དེ་ནས་འདུལ་བ་གསན་པར་དགོངས་ནས། དེ་དུས་སོག་འདུལ་བ་འཛིན་པ་ མཁས་པར་གྲགས་པས། དེའི་དྲུང་དུ་ཕྱིན་ཏེ། འདུལ་བའི་སྐོར་རྣམས་གསན་ཅིང༌། མདོ་ རྩ་རྫོགས་པ་ཐུགས་ལ་གསུངས། སྤྱོད་ཕྱོགས་རྣམས་ཀྱང་གསན་ནོ། །ཀྱཻའི་རྡོ་རྗེ་ལ་སོགས་ པའི་སྔགས་ཀྱི་སྐོར་ཀྱང་གསན་ཅིང་བཞུགས་སོ། །གྲོགས་གཅིག་གིས་དགུན་ཅི་བྱེད་དྲིས་ པ་ལ། མཚམས་བྱས་ནས་སྔགས་ཀྱི་དཔེ་འདྲ་འབྲི་གསུངས་པས། འོ་ན་ཁོ་རེ་བྱན་ལག་ཚང་ ན། རྡོ་རྗེ་སྙིང་པོས་མཛད་པའི་ཀྱཻ་རྡོ་རྗེའི་འགྲེལ་པའི་དཔེ་འདུག་ཟེར་བས་དེ་འབྲིའམ་ཞེས་ ཟེར་བ་ཐོས་པས། སྔོན་གྱི་བག་ཆགས་སད་དེ་དད་པས་སྤུ་ཟིང་བར་གྱུར་ཏོ། །དཔེ་དེ་གཡར་ 5-1-51 ཁུགས་སམ་ཞེས་དྲིས་པས། ཁུགས་སོ་ཞེས་ཟེར་ནས་གཡར་དེ་འབྲི་ཞིང་གཟིགས་པས་ ཤིན་ཏུ་དད་པས། འདི་འཆད་པ་ཡོད་དམ་ཞེས་དྲིས་པས། སོ་མ་ནཱ་ཐ་ཞེས་བྱ་བས་འཆད། ཅེས་གྲགས་སོ་ཞེས་ཟེར་ནའང༌། སྔོན་གྱི་མི་གཅིག་ཡིན་ནམ་སྙམ་ནས། རྩད་ལེགས་པོར་ མ་བཅད་གསུངས། དེ་ནས་ཁམ་ལྡེ་བུ་པ་ལ། སྤྱོད་ཕྱོགས་གསན་པ་ལ་དབུས་སུ་བྱོན་ནས་ ཆོས་གསན་ཅིང་བཞུགས་པའི་དུས་ན་པཎྜི་ཏ་ཟླ་བ་མགོན་པོ་སྐར་ཆུང་ན་བཞུགས་ཟེར་བ་ གསན། དེ་ལྟར་སྔར་གྱི་གཏམ་དྲན་ཏེ། དེས་རྡོ་རྗེ་སྙིང་འགྲེལ་མཁྱེན་ནམ་ཞེས་དྲིས་པས། དེར་མ་ཟད་ཀྱིས། སྤྱིར་གསང་སྔགས་ཙམ་ལ་མཁས། ཁྱད་པར་དུ། དཔལ་དུས་ཀྱི་འཁོར་ ལོའི་འགྲེལ་བ་ཆེན་པོས་ཐོག་དྲངས་པ། འགྲེལ་བ་སྐོར་གསུམ་ལ་མཁས་པར་གྲགས་སོ། ། ཞེས་གསུངས། ཞུས་ན་གནང་འམ་ཞེས་དྲིས་པས། སྤྱིར་བཀའ་དོག་སྟེ། ད་ལྟ་བལ་ཡུལ་དུ་ གཤེགས་པར་ཆས་པ་ལ། ཞབས་ཏོག་པ་མ་རྙེད་འདུག་ཟེར་བས། ཞབས་ཏོག་ལ་འགྲོ་ནུས་ ན་གནང་འོང་གསུང༌། དེར་དགྱེས་བཞིན་དུ་མཇལ་དུ་བྱོན་ནས། སུམ་པ་རྡོ་རྗེ་གཞོན་ནུ་ལ་ མཇལ་བ་དང༌། ཆོས་ཞུ་བའི་སྣ་བ་བཅོལ་ཏེ་ཕྱིན་པ་ན། པཎྜི་ཏ་དང་བླ་མ་གནམ་ལ་བརྩེགས་ ཀྱཻའི་རྡོ་རྗེའི་རྩ་སྔགས་དང༌། ཡི་གེ་བརྒྱ་པ་ལ་ཞུས་དག་མཛད་ཅིང་འདུག་པའི་ཚེ་མཇལ་ཞིང་ ཆོས་འབྲེལ་ཞུས་པས། སྔགས་གཉིས་པོ་ལ་བཤད་པ་མཛད་དེ་གསུངས། ཆང་ཀར་ཡོལ་ གང་ཡང་གནང་པས་མ་འཐུང་པ་ལ། བླ་མས་གནང་པ་མི་འཐུང་པ་ཁྱོད་སྟངས་ཞན་ཞེས་ འགའ་ཞིག་ཟེར་རོ། །པཎྜི་ཏས་གསེར་ཐིག་པོ་གཅིག་དང༌། བླ་རྩི། རྐྱལ་པ་མང་པོ་བསྟན་ པས། འདི་རྣམས་ཁྱོད་ཀྱིས་བལ་ཡུལ་དུ་འཁུར་ནུས་ཤིང་མགོ་ཐོན་ན། དེ་ནས་ངས་བོད་དུ་ སླར་འོངས་ལ། ཆོས་གང་དགོས་སྦྱིན་ནོ་གསུངས། དེ་བཞིན་དུ་བྱའོ་སྙམ་ནས་བསྒོམ་པ་ཚུལ་ གྲགས་ལ། དཔེ་རྣམས་བཅོལ་བ་ལེན་དུ་བྱོན་པས་ཁྱོད་གར་འགྲོ་ཟེར་བ་ལ། ལོ་རྒྱུས་རྣམས་ བསྙད་པས། པཎྜི་ཏ་ལ། ཆོས་མི་ཁུགས། སྔར་ཡང་མང་པོས་མ་ཁུགས་པ་ཡིན། པཎྜི་ཏའི་ 5-1-52 ཆོས་རྣམས་ཅིས་ཀྱང་དོན་དུ་གཉེར་ན། ངེད་ཀྱི་བླ་མ་རྣོར་བཟང་པས་མཁྱེན་པས་དེ་ཞུས་པ་ མི་འཐད་དམ། ཞེས་ཟེར་བས་བློ་འགྱུར་ཏེ། སྟོན་པ་རྒྱལ་འོད་དང༌། སྒོམ་པ་དབང་བསོད། སྒོམ་པ་ཚུལ་གྲགས་རྣམས་ལ་ཞུ་སྣ་བཅོལ། གསེར་ཞོ་འགའ་ཞིག་དང༌། དུང་ཆོས་ལེགས་པ་ གཅིག །ཀ་པ་ལ་གཅིག་རྣམས་ཕུལ་བས་མཉེས་ཏེ། ཁྱོད་ཀྱི་འདི་རྣམས་ཀྱང་ལ་ཉེ་བཟང༌། སོག་འདུལ་བ་འཛིན་པ་དེ་དགེ་བའི་བཤེས་གཉེན་ཚད་ལྡན་གཅིག་ཡོད་པར་འདུག་སྟེ། དེའི་ འང་ཐུགས་ཟིན་པ་གཅིག་ཡིན་ཟེར་བས་ཁྱོད་ལ་ཡོན་ཏན་གཅིག་ཡོད་པ་ཡིན་ཏེ་འོང་གསུང་ ནས། ཆོས་གནང་བར་ཞལ་གྱིས་བཞེས། བླ་མ་དགུང་ལོ་བདུན་ཅུ་རྩ་གཉིས་པ་དང་མཇལ་ ཏེ། ལོ་བཞི་བར་མེད་དུ་བསྟེན་ནས། འགྲེལ་བ་སྐོར་གསུམ་གྱི་གཞུང་མན་ངག་ཆ་ལག་ དང་བཅས་པ་དང༌། མཚན་བརྗོད་མན་ངག་གི་བཤད་པ་དང༌། གསང་འདུས་སྒྲོན་གསལ་ ལ་སོགས་པ་གསན་པའི་དུས་སུ། བླ་མ་བག་ཙམ་སྙུང་པ་བྱུང་བ་ན། རྩང་སྟོན་འདི་ལ་ཆོས་ མ་ཕོག་བར་དུ་ང་མ་གསད་ཅེས། མཁའ་འགྲོ་མ་རྣམས་ལ་གསོལ་བ་བཏབ་ནས་གདམ་པ་ ཐམས་ཅད་རྫོགས་པར་གནང་ངོ༌། །དེ་ནས་འུ་ཡུག་ཏུ་དགུང་ལོ་ལྔ་བཅུ་པ་ལ་བྱོན་ནས། ནུམ་ མའི་མདའ་རྒྱལ་ཁབ་ཞེས་པར་གཞི་ཕབ་སྟེ། གག་ཚང་གྱི་ཕུའི་བྲག་ཕུག་ཏུ་འང་ཐུགས་དམ་ ཡུན་དུ་མཛད་ནས་གྲུབ་པ་ཐོབ་སྟེ། དབང་དང༌། ཟབ་ལམ་གྱི་འཁྲིད་དང༌། འགྲེལ་བ་སྐོར་ གསུམ་ཆ་ལག་དང་བཅས་པའི་གཞུང་བཤད་མང་དུ་གསུངས། གདམས་པའི་བསྟན་བཅོས་ ཡང་མང་དུ་མཛད་ནས། དགུང་ལོ་བརྒྱད་ཅུའི་བར་དུ་བཞུགས་ཏེ། བསྟན་པ་ལ་བྱ་བ་རྒྱ་ཆེར་ མཛད་པ་ཡིན་ནོ། ། བླ་མ་དེ་ཉིད་ཀྱིས་དགུང་ལོ་ལྔ་བཅུ་རྩ་ལྔ་པ་ལ། རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་མཛད་ པ་ལས། སྲས་དྷརྨ་ཤྭ་ར་འཁྲུངས་ཏེ། སྔོན་གྱི་བག་ཆགས་ཀྱིས་ཀློག་ཡིག་ཡང་གཞོན་ནུ་མ་ལ་ མཁྱེན། དགུང་ལོ་བཅུ་གཉིས་པ་ལ་དབང་མདོར་བསྟན་གསུངས་བཅུ་དྲུག་པ་ནས་འགྲེལ་ 5-1-53 ཆེན་གྱིས་ཐོག་དྲངས་པའི་སེམས་འགྲེལ་སྐོར་གསུམ་གསུངས། གཞན་ཡང་སྤྱོད་ཕྱོགས་ དང༌། དབུ་ཚད་དང༌། ལམ་རིམ་དང༌། སྔགས་ཀྱི་རྒྱུད་སྡེ་དང༌། སྒྲུབ་ཐབས་མང་པོ་རྣམས། དགུང་ལོ་སུམ་ཅུའི་བར་སློབ་གཉེར་མཛད་ཅིང༌། མཁས་པར་སྦྱངས་ནས། གཞན་ཕན་རྒྱ་ ཆེན་པོ་ཡང་མཛད་དོ། ། བླ་མ་དེ་ཉིད་ཀྱི་སྲས་གྲུབ་ཐོབ་ནམ་མཁའ་རྒྱལ་མཚན་ཞེས་པ་རྩང་གི་འོ་ལུང་གི་སེ་མོ་ ཆེའི་དགོན་པར་བཞུགས་པ་ལ། གྲུབ་ཐོབ་སེ་མོ་ཆེ་ཞེས་ཀྱང་གྲགས་པ་དེ་ཉིད་ཀྱིས་ཡབ་ལ་ དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་དང༌། སེམས་འགྲེལ་སྐོར་གསུམ་གདམ་ངག་ དང་བཅས་པ་ཐོབ་ཅིང༌། འགྲེལ་ཆུང་པདྨ་ཅན། སྒྲུབ་ཐབས་དང༌། མན་ངག་ཕྲན་ཚེགས་ འགའ་ཟུང་ཡབ་ཀྱི་ལྕམ་མོ་སྤྲུལ་སྐུ་ཇོ་འབུམ་ལས་ཀྱང་ཐོབ་ལ། རྗེ་བཙུན་ཡུ་མོས་མཛད་ པའི་བསྟན་བཅོས་འགའ་ཞིག་དང༌། ཡབ་ཀྱིས་མཛད་པའི་རོ་བཅུད་སྟོང་ཐུན་ལ་སོགས་པ་ དང༌། འབྲོ་བའི་བླ་མ་གོང་མའི་གསུང་སྒྲོས་བསྒྲིགས་པའི་འོད་ཟེར་ཕྲེང་བ་དང༌། ཇོ་བཙུན་ ཁྱུང་གིས་མཛད་པའི་དྲི་མེད་རྒྱན་རྣམས་ནི། བླ་མ་དྷརྨ་ཤྭ་ར་ལས་སེམས་འགྲེལ་སྐོར་གསུམ་ གཞུང་གདམ་ངག་དང་བཅས་པ་གསན་ཅིང༌། འགོས་དབང་བཙན་ལ། རིགས་ཚོགས་ལ་ སོགས་པ་གསན་ཅིང༌། མཁས་པར་གྲགས་པ་མཁང་གསར་པ་ནམ་མཁའ་འོད་ལ་གསན་ པ་ཡིན་ནོ། །བླ་མ་འདི་ནི་ཏིང་ངེ་འཛིན་ལ་དབང་འབྱོར་བས། མངོན་པར་ཤེས་པ་ཆགས་ ཐོགས་མེད་པས་ལུང་བསྟན་པ་མཛད་པ་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་བྱུང་ཞིང་སྐུ་ཚེ་མང་པོ་ དྲན་ལ། རྫུ་འཕྲུལ་དུ་མ་བསྟན་པ་མཛད་ཅེས་ཐོས་སོ། །གྲུབ་ཐོབ་ཉིད་ཀྱིས་མཛད་པའི་རྣམ་ ཐར་གྱི་ཡི་གེ་ཡང་ཡོད་ཅིང༌། སྐྱེ་བ་འདི་དང་འདིར་འཁྲུངས་ཀྱི་རི་མོ་རས་རིས་སུ་བྲིས་པ་ད་ ལྟ་ཡང་འདུག་གསུངས་ཤིང༌། གྲུབ་ཐོབ་ཆེན་པོ་རྩོད་མེད་དུ་གྲགས་སོ། ། བླ་མ་དེ་ཉིད་ལ་ཕར་ཚད་མངོན་གསུམ་ལ་སོགས་པ་ལ་མངའ་བརྙེས་པའི་ཆོས་རྗེ་ 5-1-54 མངོན་གྲ་བ་རིན་ཆེན་རྩེ་མོ་ཞེས་གྲགས་པ་བོ་དོང་ཨེར་བཞུགས་པ་དེ་ཉིད་དང་སྡེ་སྣོད་རྒྱུད་ སྡེ་དུ་མ་ལ་དབང་འབྱོར་པ་ཆོས་རྗེ་འཇམ་དབྱངས་གསར་མ་ཤེས་རབ་འོད་ཟེར་ཞེས་གྲགས་ པ། འདོལ་ཆུང་དང༌། རྐྱང་ཐུར་དུ་བཞུགས་པ་དེ་དག་གིས་གཡས་རུ་སྨོན་མཁར་གྱི་གྲོང་ཆུང་ དགོན་པར་གདན་དྲངས་ནས་དབང་དང་གདམ་པ་མ་ལུས་པར་ཞུས། སེམས་འགྲེལ་སྐོར་ གསུམ་ཆ་ལག་དང་བཅས་པ་རྫོགས་པར་གསན་ནས། དབང་དང་གཞུང་བཤད་གདམས་ ངག་ཡང་མང་དུ་སྤེལ་ཞིང་འགྲོ་བའི་དོན་རྒྱ་ཆེར་མཛད་དོ། ། འདི་ཉིད་ལ་མག་དགེ་སྡིངས་དང་རྒྱང་རོ་གསེར་སྡིང་སུ་བཞུགས་པའི་སྔགས་མཚན་ ཉིད་དུ་མ་ལ་མངའ་བརྙེས་པ་དགེ་བའི་བཤེས་གཉེན་ཆེན་པོ། ཆོས་ཀྱི་འོད་ཟེར་ཞེས་ཐོག་ མར་གྲགས་ཤིང་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས། ཆོས་སྐུ་འོད་ཟེར་ཞེས་ བཏགས་པས། ཕྱིས་དེ་ལྟར་གྲགས་པ་དེ་ཉིད་ཀྱིས། སེམས་འགྲེལ་སྐོར་གསུམ་གྱི་དབང་ གདམས་ངག་གཞུང་དང་བཅས་པ་རྫོགས་པར་གསན་ལ། བླ་མ་དེ་ཉིད་ལ་ཁ་ཕྱར་སྤང་སྒང་དུ་སྐུ་འཁྲུངས་པའི་ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ ཐུགས་རྗེ་བརྩོན་འགྲུས་ཞེས་གྲགས་ལ། ཇོ་ནང་པ་ཆེན་པོ་ཞེས་གྲགས་པས། མཚན་ཉིད་ ཐེག་པ་དང་རྒྱུད་སྡེ་དུ་མ་ལ་མཁས་པར་སྦྱངས་ཤིང༌། གདམས་པ་བསམ་གྱིས་མི་ཁྱབ་པའི་ གཏེར་མཛོད་དུ་གྱུར་པ། རྡོ་རྗེའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་ཞིང་མངོན་ པར་ཤེས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བ། ཆོས་རྗེ་འཇམ་དབྱངས་ ཆེན་པོ་བཞི་ཐོག་པ་དང༌། མཁན་ཆེན་རིན་པོ་ཆེ་བསོད་ནམ་སེང་གེ་ལ་སོགས་པ་དགེ་བའི་ བཤེས་གཉེན་སྐྱེས་མཆོག་ཏུ་མའི་བླ་མར་གྱུར་ཅིང༌། སྐྱེ་བོ་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད་ པ། དེ་ཉིད་ཀྱིས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པ་ཡིན་ནོ། ། དེ་ཉིད་ལ་ཆོས་རྗེ་ཡོན་ཏན་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། བྱང་ཆུབ་ 5-1-55 སེམས་དཔའི་འགྲེལ་བ་སྐོར་གསུམ་གྱི་གཞུང་གདམས་ངག་དང་བཅས་པས་ཐོག་དྲངས་པ་ ཟབ་ཅིང་རྒྱ་ཆེ་བའི་ཆོས་དཔག་ཏུ་མེད་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པར་མཛད་ པ་ཡིན་ནོ། །ཆོས་རྗེ་དེའི་འཁྲུངས་ཡུལ་ནི། མདོག་སྟོད་ཀྱི་སྤེན་པ་ཡིན་ཞིང༌། གཞོན་ནུ་ལ་ རབ་ཏུ་བྱུང་ནས། ཐུགས་རྗེ་རྒྱལ་མཚན་ཞེས་མཚན་དུ་བཏགས་ལ་མདར་དུ་མདར་བྱང་སྐྱབ་ དང་སློབ་དཔོན་སྤྱང་སྟོན་གྱི་དྲུང་དུ་བསྙེན་ནས། དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པ་ དང༌། ཚད་མ་རྣམ་པར་ངེས་པ། རིགས་པའི་གཏེར་རྣམས་ལ་མཁས་པར་མཛད་ནས། བཤད་ པ་དང་གྲ་སྐོར་ཡང་མཛད་དེ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བྱོན་ནས། བླ་མ་ཆེན་པོ་ དུས་འཁོར་བ་ཡེ་ཤེས་རིན་ཆེན་གྱི་དྲུང་དུ་དུས་འཁོར་དང་ཀྱཻའི་རྒྱུད་དང༌། མངོན་རྟོགས་རྒྱན་ ལ་སོགས་པ་རྣམས་གསན་ཅིང༌། བླ་མ་འཇམ་དབྱངས་ཆེན་པོ་ལ། ཀྱཻ་རྡོ་རྗེའི་རྒྱུད་གསུམ་ གདམས་ངག་དང་བཅས་པ་དང༌། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། མངོན་ པར་རྟོགས་པའི་རྒྱན་སྤྱོད་འཇུག་ལ་སོགས་མང་དུ་གསན། འུ་སྟོན་ཀུན་བཟངས་དཔལ་ལ། མངོན་རྟོགས་རྒྱན། ཚད་མ་རྣམ་ངེས་འདུལ་བ་མདོ་རྩ་ལ་སོགས་པ་མང་དུ་གསན་ཅིང་མཁྱེན་ པར་མཛད་ནས། རྗེ་དུས་འཁོར་བའི་ཆགས་ཕྱི་ལ། གོང་དུ་ཡང་བྱོན་ཞིང་བསྟན་པའི་བྱ་བ་ རྒྱ་ཆེར་མཛད་ནས་ཐུགས་དམ་ལ་གཞོལ་བར་དགོངས་ཏེ། བོད་ཡུལ་དུ་གཤེགས་པར་ནན་ གྱིས་ཞུས་ནས། གདན་སར་བྱོན་ཅིང༌། དེ་མ་ཁད་ཇོ་མོ་ནང་དུ་བྱོན་ནས། ཆོས་རྗེ་ཀུན་སྤངས་ ཆེན་པོ་དང༌། དེའི་ཐུགས་ཀྱི་ཐུ་བོར་གྱུར་པ་ཆོས་རྗེ་བྱང་ཆེན་རྒྱལ་བ་ཡེ་ཤེས་སུ་གྲགས་པས། སེམས་འགྲེལ་སྐོར་གསུམ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་གཞུང་དང༌། གདམས་པ་དུ་མའི་ བང་མཛོད་དུ་གྱུར་ཅིང༌། མངོན་པར་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་ལ་མངའ་བརྙེས་པ་ ལ་བརྟེན་ཏེ། རི་ཁྲོད་ཆེན་པོ་དེ་ལས་གང་དུའང་མ་གཡོས་པར། ཆོས་རྗེ་ཡབ་སྲས་རྣམས་ ཀྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པར་མཛད་ནས། ལོ་སུམ་ཅུ་རྩ་བརྒྱད་གྱི་བར་དུ་ 5-1-56 ཐུགས་དམ་ཟབ་ལམ་གྱི་ཏིང་ངེ་འཛིན་ལ་གཡེལ་བ་མི་མངའ་བའི་ངང་ནས་གདུལ་བྱ་བསམ་ གྱིས་མི་ཁྱབ་པ་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ནོ། ། གཉིས་པ་རྩ་བའི་བླ་མ་རིམ་པར་བརྒྱུད་པའི་ཚུལ་ནི། གཉའ་ནམ་སྣང་ཡུལ་དུ་སྐུ་ འཁྲུངས་པའི་ར་ལོ་ཙྪ་བ་རྡོ་རྗེ་གྲགས་ཀྱི་དབོན་པོ་ར་ལོ་ཙྪ་བ་ཆོས་རབ་ཀྱིས་ར་ལུགས་ཀྱི་ ནག་འཇིགས་སྐོར་གསུམ། མངོན་བྱུང་རྣམ་གསུམ། ཨ་བྷི་དྷ་ན་དང༌། སཾ་པུ་ཊི་ལ་སོགས་ པའི་རྒྱུད་རྣམས་དང༌། ཆོས་ཆུང་དྲུག་ལ་སོགས་པ་ར་བའི་ཆོས་སྐོར་མ་ལུས་པ་རྣམས་ཐུགས་ སུ་ཆུད་ནས། དུས་ཀྱི་ འཁོར་ལོའི་ཆོས་དོན་དུ་གཉེར་བར་གྱུར་ཏེ། བལ་པོའི་མཐིལ་དུ་བྱོན་ནས། པཎྜི་ཏ་ས་ མན་ཏ་ཤྲི་ལ། ལོ་ལྔ་ཟླ་བ་བཅུ་ཞག་ལྔར་བར་མ་ཆད་པར་བསྟེན་ནས་བཤད་བཀའ། དབང་ བཀའ། མན་ངག་གི་བཀའ་དང་བཅས་ཞུས་པས་ལེགས་པར་གནང་སྟེ། པཎྜི་ཏ་བོད་དུ་སྤྱན་ དྲངས་ནས་རྒྱུད་འགྲེལ་ཡན་ལག་དང་བཅས་པ་བཤད་བསྒྱུར་གཏན་ལ་ཕབ་ཐམས་ཅད་ ཀྱིས་བསྙེན་བཀུར་ཆེར་བྱས་ཏེ། ཉི་མ་གཅིག་ལ་གསེར་སྲང་སུམ་བརྒྱ་ཕུལ། གཤེགས་སྐྱེལ་ ཡང་སྐྱིད་རོང་གི་བར་དུ་མཛད་པས། བླ་མ་ཡང་ཤིན་ཏུ་མཉེས་ཏེ། པཎྜི་ཏ་འབུམ་ཕྲག་གསུམ་ པའི་སྲོག་ཞུ། ཆགས་ལྷམ། རྡོ་རྗེ་དྲིལ་བུ། དུས་འཁོར་ལུགས་ཀྱི་ཆག་ཚད་མ་གནང་ངོ༌། ། དེ་ལ་ཉིད་ཀྱི་སྲས་བླ་མ་ཡེ་ཤེས་སེང་གེས་གསན་ཞིང༌། དེས་ཀྱང་བུམ་པ་གང་བྱོའི་ཚུལ་ དུ་ཐུགས་ལ་ཆུད། མཁྱེན་ཅིང་ཐུགས་ཉམས་སུ་བཞེས་སོ། ། དེ་ལ་ཉིད་ཀྱི་སྲས་ར་འབུམ་སེང་གིས་ཡོངས་སུ་རྫོགས་པར་གསན་ཅིང༌། ཐུགས་ཉམས་ སུ་བཞེས་སོ། །དེ་ལ་བླ་མ་རྒ་ལོས་ཞུས་སོ། ། བླ་མ་རྒ་ལོ་ནི། བོད་ཀྱི་རྒྱལ་པོའི་དུས་སུ་མེ་ཉག་ཧ་ཤང་ཞེས་བྱ་བ་མཆོད་གནས་སུ་སྤྱན་ དྲངས་པ་སྔགས་འཆང་ཤ་སྟག་ཏུ་གྱུར་པའི་རྒྱུད་ལས་བྱུང་བ་མཁས་ཤིང་གྲུབ་པ་བརྙེས་པ་ཡེ་ 5-1-57 ཤེས་རྡོ་རྗེ་ཞེས་བྱ་བའི་སྲས་སུ་འཁྲུངས་ཤིང༌། ཡབ་ཀྱིས་གྲུབ་ཐོབ་དབང་ཕྱུག་རྒྱལ་པོ་ཞེས་ བྱ་བའི་གདན་ས་རོང་གི་དབེན་མར་བཟུང་ངོ༌། །ཡབ་ཀྱིས་མཚན་ལྟས་ལ་བརྟེན་ནས། སྔོན་ གྱི་ཁམ་པ་རྒ་ལོ་ཙྪ་བའི་སྐྱེ་བར་དགོངས་ནས་མཚན་དུའང་དེ་ཉིད་བཏགས། ལོ་གསུམ་ཙམ་ བཞེས་པ་ན། ཁ་ཆེ་པཎ་ཆེན་ངུར་མིག་ཏུ་བྱོན་པའི་ཚེ། མ་ཅིག་ཇོ་སྲས་མ་སྐྱིད་མོས་བསྣམས་ ནས་ཆོས་དང་བྱིན་བརླབས་ཞུ་རུ་བྱོན་པ་ལ། གཞན་ལས་ཁྱད་པར་དུ་འཕགས་པར་སཾ་ཀྲ་ ཏའི་སྐད་ཀྱིས་ལུང་བསྟན་ཕྱག་གིས་བྱུགས་དབུགས་ཕྱུང་པས་སྐྱེ་བོ་ཕལ་ཆེར་གྱིས་སྐྱེས་བུ་ དམ་པར་རྟོགས་ཤིང༌། རྗེ་བཙུན་རང་གི་གསུང་གིས་ཀྱང༌། །བྱིས་པའི་དུས་ན་ཁ་ཆེ་པའི། ། བླ་མ་པཎ་ཆེན་ཉིད་དང་མཇལ། །ལེགས་སྦྱར་སྐད་ཀྱིས་དབུགས་དབྱུང་མཛད། །ཅེས་སོ། ། གཞོན་ནུར་གྱུར་པའི་ཚེ་ཡབ་ཀྱི་དྲུང་དུ་འབྲི་ཀློག་དང༌། ཡབ་ཀྱིས་མཁྱེན་པའི་ཆོས་རྣམས་ ལ་སྦྱངས་པ་མཛད་ནས་ལོ་ཙྪ་བ་དཔྱལ་ཆོས་ཀྱི་བཟང་པོའི་དྲུང་དུ་རྒྱ་ཡིག་རྒྱ་ཀློག་དང༌། སཾ་ ཀྲ་ཏའི་སྐད་ཅི་རིགས་པ་དང༌། རྒྱུད་སྡེ་དང་གདམ་ངག་མང་དུ་གསན་ཞིང༌། དབང་ཞུས་ པའི་ཚེ་དཀྱིལ་འཁོར་གྱི་དབུས་ནས་ངོ་མཚར་བའི་སྒྲ་ཐོས་ཤིང༌། བདུད་ཀྱི་བར་ཆད་ལས་ ཐར་བའི་ལོ་རྒྱུས་ཞིབ་པར་འབྱུང་ངོ༌། །གཞན་ཡང་ས་སྐྱ་པཎྜི་ཏའི་དྲུང་དུ་མཇལ་ནས། ཤིན་ ཏུ་མཁས་པར་སྦྱངས་པ་མཛད་ཅིང༌། བླ་མ་བི་བྷུ་ཏི་ཙནྚ་དང༌། ཁྲོ་ཕུ་ལོ་ཙྪ་བ་བྱམས་པའི་ དཔལ་དང༌། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དང༌། དཔྱལ་ཨ་མོ་གྷ་ལ་སོགས་པ་ དགེ་བའི་བཤེས་གཉེན་དུ་མ་ལ་ཟབ་པ་དང༌། རྒྱ་ཆེ་བའི་ཆོས་དུ་མ་ཐོབ་པར་མཛད་ནས། མཁས་པའི་མཆོག་དང༌། རྒྱུད་སྡེའི་བང་མཛོད་ཆེན་པོར་གྱུར་ཅིང༌། གྲུབ་པའི་རྟགས་མང་པོ་ ཡང་བསྟན་པར་གྲགས་སོ། །ཁྱད་པར་དུ་ཆོས་རྗེ་འཇམ་གསར་བསྟེན་ནས་དུས་འཁོར་འབྲོ་ ལུགས་ཀྱི་དབང་དང༌། བཤད་པ་དང༌། མན་ངག་གི་བཀའ་རྣམས་ལེགས་པར་མནོས་ཤིང༌། བླ་མ་ར་འབུམ་སེང་ཡུན་རིང་དུ་བསྟེན་ནས་དུས་འཁོར་གྱིས་གཙོ་བྱས་པའི་དབང་དང་མན་ 5-1-58 ངག་དང་བཤད་བཀའ་དང༌། བྱིན་བརླབས་ཐམས་ཅད་ཞུས་ཤིང༌། དུས་ཀྱི་འཁོར་ལོའི་ བཤད་པ་མཛད་པས། སློབ་མ་མཁས་པ་སྲས་རྣམས་དང༌། གྲུབ་པའི་དབང་ཕྱུག་མན་ལུང་ འགུ་རུ་དང༌། ལྷོ་པ་གྲུབ་སེང་དང་ཐང་སྟོན་ལོ་ཙྪ་བ་ལ་སོགས་པ་དུས་འཁོར་ལ་མཁས་པའི་ སློབ་མ་མང་པོ་བྱུང༌། གཞན་ཡང་འགྲོ་མགོན་ཆོས་རྒྱལ་དང༌། མཁན་ཆེན་རིན་པོ་ཆེ་ཁྲོ་ཕུ་ བ་ལ་སོགས་པ་ཡང་སློབ་མར་གྱུར་ཅིང༌། གཞན་གྱི་དོན་བསམ་གྱི་མི་ཁྱབ་པ་མཛད་པ་ཡིན་ ནོ། །དེ་ལ་སྲས་བཞི་བྱུང་བ་ལ་གཅིག་སློབ་དཔོན་རྣལ་འབྱོར་གྱིས་ཡུལ་འཁོར་རྐྱང་ཞིང༌། སློབ་དཔོན་མཁའ་དཔལ་དང་བླ་མ་ཀ་ར་སིདྷི་གཉིས་ཀྱིས། དུས་འཁོར་ལ་སོགས་པའི་ཡབ་ ཀྱི་ཡོན་ཏན་རྣམས་ཕལ་ཆེར་ཐུགས་སུ་ཆུད་ནས་གཞན་ལ་ཕན་པ་རྒྱ་ཆེར་མཛད་དོ། །སྲས་ གཅིག་བླ་མ་ཤེས་རབ་སེང་གེ་ཡིན་ལ། བླ་མ་དེ་ཉིད་ཀྱིས་གཞོན་ནུའི་དུས་ན། འབྲི་ཀློག་ལ་ སོགས་འབྱོངས་ནས་དུས་འཁོར་ལ་སློབ་གཉེར་མཛད་དེ། དགུང་ལོ་བཅུ་དྲུག་པ་ལ་གསུངས་ སོ། །དེ་ནས་ཐར་པར་བྱོན་ནས་དཔྱལ་པའི་ཆོས་རྣམས་ཞུས་ཤིང༌། སྟག་སྡེ་བ་སེང་རྒྱལ་གྱི་ དྲུང་དུ་ཕར་ཚད་ལ་མཁས་པར་སྦྱངས་ཤིང་གྲ་སྐོར་ཡང་མཛད་དོ། ། དགུང་ལོ་སུམ་ཅུ་པ་ལ་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་དང་མཁན་པོ་འཆིམས་ཆེན་ པོའི་དྲུང་དུ་རབ་ཏུ་བྱོན་ཏེ་བསྙེན་པར་རྫོགས་ནས་ཆོས་མང་དུ་ཞུས། ལོ་ཙྪ་བ་གྲགས་པ་རྒྱལ་ མཚན་གདན་དྲངས་ནས་རྡོ་རྗེ་ཕྲེང་པའི་དབང་དང་འཇམ་དཔལ་རྩ་རྒྱུད་ལ་སོགས་པའི་རྒྱུད་ དང༌། སྨན་སྤྱད་ཡན་ལག་བརྒྱད་པ་ལ་སོགས་པ་གསན། དབེན་དམར་གྱི་གདན་ས་བཟུང་ ནས་དུས་འཁོར་གྱི་བཤད་པ་ཡུན་རིང་དུ་མཛད། གཞན་ཡང་ཐར་པ་དང༌། ཁྲོ་ཕུ་ལ་སོགས་ པ་དགོན་པ་སྣ་ཚོགས་སུ་ཆོས་མང་པོ་གསུངས་ནས། སེམས་ཅན་མང་པོའི་དོན་མཛད་ཅིང༌། བླ་མ་ཏི་ཤྲི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དབུ་མཛད་པ། ས་སྐྱ་པའི་གདུང་རྒྱུད་ མང་པོ་དང༌། གཞན་ཡང་མི་ཆེ་བའི་སློབ་མ་བསམ་གྱི་མི་ཁྱབ་པ་དང༌། ལོ་ཙྪ་བ་ཡར་ཐར་ 5-1-59 སྤང་གསུམ་གྱིས་དབུ་མཛད། མཁས་པ་དང༌། བཟང་བ་དང༌། བཙུན་པའི་སློབ་མ་བསམ་ གྱིས་མི་ཁྱབ་པ་བྱུང་ཞིང་ཁྱད་པར་དུ་དུས་འཁོར་ལ་མཁས་པའི་སློབ་མ་མང་པོ་བྱུང་ངོ༌། ། བླ་མ་དེ་ཉིད་ལ་ཕར་ཚད་མངོན་གསུམ་ལ་སོགས་པ་མཚན་ཉིད་ཀྱི་ཕྱོགས་ལ་ཤིན་ཏུ་ མཁས་པར་གྲགས་ཤིང་གསང་སྔགས་རྡོ་རྗེ་ཐེག་པའང་རྒྱ་ཆེར་མཁྱེན་པའི་སྐྱི་སྟོན་འཇམ་ པའི་དབྱངས་གྲགས་པ་རྒྱལ་མཚན་གྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ་ གསན་ཅིང་མཁས་པར་མཛད་པ་ཡིན་ནོ། ། བླ་མ་དེའི་སློབ་མའི་མཆོག་ཏུ་གྱུར་པ་ནི། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། དེ་ཉིད་དོལ་པོའི་ཡུལ་གྱི་བན་ཚང་ཞེས་བྱ་བར་སྐུ་འཁྲུངས་ནས། གཞོན་ནུ་ལ་རབ་ཏུ་བྱོན་ ཏེ། ཀློག་ཡིག་དང༌། གཞུང་ལུགས་དང༌། གདམས་ངག་ཅི་རིགས་པ་ལ་སྦྱངས་པ་ཐོག་མར་ མཛད་ཅིང༌། དེ་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བྱོན་ཏེ། སྡེ་སྣོད་འཛིན་པ་ཆེན་པོ་ སྐྱི་སྟོན་ཤཱཀྱ་འབུམ་དང༌། སྐྱི་སྟོན་འཇམ་པའི་དབྱངས་ཁུ་དབོན་གཉིས་ལ། ལུང་དང་རིགས་ པའི་གཞུང་ལུགས་མང་པོ་གསན་ནས་སྦྱངས་པ་མཛད་ཅིང༌། རྣམ་དཔྱོད་ཀྱི་བློ་གྲོས་མཚུངས་ པ་མེད་པ་དང༌། བརྩོན་པ་ཆེན་པོའི་སྟོབས་ཀྱིས་ལོ་གསུམ་གྱི་ཁོངས་སུ་མངོན་པ་ཀུན་ལས་ བཏུས་པ་དང༌། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དང༌། ཚད་མ་རྣམ་པར་ ངེས་པ་དང༌། བཅོམ་ལྡན་རལ་གྲིས་མཛད་པའི་ཚད་མ་བསྡུས་པ་རྣམས་ཤིན་ཏུ་མཁས་པར་ མཁྱེན་ནས། ཆོས་ཁྲི་ཐང་གི་སྒོ་སྟེང་ནས་དུས་གཅིག་ལ་བཤད་པ་མཛད་དེ། སྐྱེ་བོ་དུ་མ་ངོ་ མཚར་བར་མཛད་པ་ཡིན་ནོ། །དེ་རྗེས་ཀྱང་ཚད་མ་རྣམ་འགྲེལ་དང༌། མངོན་པ་མཛོད་དང་ བྱམས་ཆོས་གཞན་རྣམས་དང༌། ས་སྡེ་ལྔ་ལ་སོགས་པ་མཚན་ཉིད་ཐེག་པའི་སྐོར་དུ་མ་དང༌། བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་དང༌། རྡོ་རྗེ་ཕྲེང་བ་སྐོར་གསུམ་ལ་སོགས་པ་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་སྐོར་གྱི་དབང་བཀའ། བཤད་བཀའ། སྒྲུབ་བཀའ་དུ་ 5-1-60 མ་རྣམས། སྐྱི་སྟོན་ཁུ་དབོན་གཉིས་དང༌། ཁྱད་པར་དུ་སྔགས་ཀྱི་ཕྱོགས་རྣམས་བླ་མ་སྐྱི་སྟོན་ འཇམ་པའི་དབྱངས་གྲགས་པ་རྒྱལ་མཚན་པ་ལ་ཞུས་ཤིང༌། གཞན་ཡང་ཆོས་རྗེ་འཛིམ་པ་ ཆེན་པོ་ལ་སོགས་པ་བླ་མ་དམ་པ་དུ་མ་བརྟེན་ནས། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་པ་ ཡིན་ནོ། །དེ་ནས་ཇོ་ནང་དཔལ་གྱི་རི་ཁྲོད་ཆེན་པོར་བྱོན་ནས། བླ་མ་དམ་པ་ཆོས་རྗེ་ཡོན་ཏན་ རྒྱ་མཚོའི་ཞལ་སྔ་ནས་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་ཡན་ལག་དང་བཅས་ པའི་བཤད་བཀའ་དང༌། དཔལ་དུས་ཀྱི་འཁོར་ལོའི་དབང་བཅུ་གཉིས་དང༌། ཟབ་ལམ་རྡོ་ རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་མན་ངག་རྣམས་ཡོངས་སུ་རྫོགས་པ་ལ་སོགས་པ། ཆོས་ རྗེ་ཉིད་ལ་མངའ་བའི་ཟབ་ཆོས་ཀྱི་སྐོར་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པར་མཛད་ ནས། ཆོས་རྗེ་ཐམས་ཅད་མཁྱེན་པ་ཆེན་པོར་གྱུར་ཏེ། དབེན་གནས་ཆེན་པོ་ཇོ་མོ་ནང་གི་ གདན་ས་ཡང་ཡུན་རིང་དུ་མཛད་ཅིང༌། བླ་མ་ཆེན་པོ་ཏི་ཤྲི་ཀུན་དགའ་རྒྱལ་མཚན་ཁུ་དབོན་ ཞང་དབོན་ལ་སོགས་པ་ཆེན་པོ་དུ་མ་དང་སྡོམ་བརྩོན་དུ་མའི་གཙུག་གི་ནོར་བུ་ལྟར་གྱུར་ ཅིང༌། ཆོས་རྗེ་ཉིད་ཀྱིའང་བསྙེན་པར་རྫོགས་པའི་མཁན་པོ་ཡིན་པ། མཁན་ཆེན་རིན་པོ་ཆེ་ བསོད་ནམས་གྲགས་པ་དང༌། དཔལ་རྣར་ཐང་གི་གནས་བརྟན་ཆེན་པོ་འཆིམས་བློ་བཟང་ གྲགས་པ་ལ་སོགས་པ་དང༌། མཁས་པའི་དབང་པོ་དུ་མ་རྣམས་དང་ཉམས་རྟོགས་ཕུལ་དུ་ བྱུང་བ་དང་ལྡན་པའི་སྒྲུབ་པ་ཕོ་མོ་དུ་མ་དང༌། གཞན་ཡང་སྐྱེ་བོ་རབ་ཏུ་མང་པོ་སྨིན་པ་དང་ གྲོལ་བར་མཛད་ལ། ཟབ་པ་ལས་ཀྱང་ཆེས་ཟབ་པའི་འགྲེལ་བ་སྐོར་གསུམ་ཡན་ལག་དང་ བཅས་པ་ལ་སོགས་པ་བསྟན་པའི་སྙིང་པོ་དར་ཞིང་རྒྱས་པར་མཛད་དོ། །གཞན་ཡང་སྐྱེ་བོ་ ཕལ་པོ་ཆེའི་བློ་ལས་འདས་ཤིང༌། གྲུབ་པའི་རྟགས་ངོ་མཚར་བར་ཡང་གྱུར་པ། མཆོད་རྟེན་ ཆེན་པོ་འཛམ་གླིང་རྒྱན། དཔལ་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་ཆེན་པོ་དང་བཅས་པ་ བཞེངས་ཤིང༌། འདི་ཉིད་བཞེངས་པའི་དུས་དང༌། རབ་གནས་མཛད་པའི་དུས་སུ། ཤིན་ཏུ་ངོ་ 5-1-61 མཚར་པའི་ལྟས་དུ་མ་ཡང་བྱུང་སྟེ། རྣམ་པར་ཐར་པ་རྒྱ་ཆེར་ལོགས་སུ་ཤེས་པར་བྱའོ། ། ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་རིགས་ལྡན་སྤྲུལ་པའི་སྐུ་ཉིད་ཀྱི་ཞབས་ཀྱི་ པད་མོ་ལ་ཁོ་བོས་གུས་པས་གཏུགས་ཤིང༌། ལོ་མང་པོའི་བར་དུ་བསྟེན་ཏེ། དུས་ཀྱི་འཁོར་ ལོའི་རྒྱུད་འགྲེལ་ཆེན་པོའི་བཤད་པ་ཞིབ་མོ་ཚར་མང་དུ་ཉན་ཅིང༌། བྱང་ཆུབ་སེམས་འགྲེལ་ གྱི་སྐོར་གཞན་ཕན་ཡན་ལག་དང་བཅས་པ་རྣམས་ཀྱི་བཤད་བཀའ་དང༌། དཔལ་དུས་ཀྱི་ འཁོར་ལོའི་དབང་ཡོངས་སུ་རྫོགས་པ་ལན་བཞི་ཙམ་དུ་ཞུས་ཤིང་། རྡོ་རྗེ་ཕྲེང་དབང་བཞིའི་ དབང་ལ་སོགས་པ་དབང་བཀའ་གཞན་ཡང་ཅི་རིགས་པ་དང༌། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ ཡན་ལག་དྲུག་གིས་ཁྲིད་ཡོངས་སུ་རྫོགས་པར་ཐོབ་ཅིང༌། གདམ་པ་ཟབ་མོ་གཞན་ཡང་ཅི་ རིགས་པར་མནོས་ལ། དབང་དང་གདམ་པ་རྣམས་ཀྱི་ཕྱག་ལེན་ཞལ་ཤེས་དང་བཅས་པ་ ཡང་ལེགས་པར་ཞུས་སོ། །གཞན་ཡང་ཡུམ་རྒྱས་པ་དང༌། བྱམས་ཆོས་ཕྱི་མ་བཞི་ལ་སོགས་ པ་བཀའ་བསྟན་བཅོས་མང་དག་གིས་ལུང་དང༌། བཤད་བཀའ་ཞུས་ཤིང༌། ཕྱི་མཚན་ཉིད་ ཐེག་པའི་ངེས་དོན་མཐར་ཐུག་ལ་བློའི་སྣང་བ་ཅུང་ཟད་སྐྱེས་པ་དང༌། བླ་ན་མེད་པའི་རྒྱུད་སྡེ་ རྣམས་ཀྱི་རྡོ་རྗེའི་ཚིག་གི་མདུད་པ་ཅུང་ཟད་ཁྲོལ་བ་ནི། ཆོས་རྗེ་དཔལ་ལྡན་བླ་མ་འདི་ཉིད་ཁོ་ ནའི་བཀའ་དྲིན་ཡིན་ཏེ། བཤད་སྒྲུབ་ལ་ལྷད་མ་ཞུགས་པར། ལུང་དང་མན་ངག་དང༌། དམ་ ཚིག་རྣམ་པར་དག་པའི་རིམ་པས་ལེགས་པར་བརྒྱུད་པ་ཡིན་ནོ། ། དུས་ཀྱི་འཁོར་ལོའི་བརྒྱུད་ལུགས་གཞན་ནི། དུས་འཁོར་ཞབས་པའི་སློབ་མ་ཤྲི་བྷ་ཏྲ་ བོ་དྷིས་གྱི་ཇོ་ཟླ་བའི་འོད་ཟེར་ལ་གནང་ཞིང༌། དེ་ཉིད་ཀྱིས་གཞི་འགྱུར་ཡང་མཛད་ནས། ལོ་ ཆུང་རྣམས་ཀྱིས་ཐོག་དྲངས་པ་ལ་བཤད་པ་ཡང་ཡུན་རིང་དུ་མཛད་ཅིང༌། ལོ་ཆུང་རྣམས་ཀྱི་ ཀྱང་བགོས་ནས། འགྱུར་ཡོངས་སུ་གྲགས་པ་ཡང་བསྒྱུར་མོད་ཀྱི། བཤད་བཀའ་ཟིན་པ་མ་ བྱུང་གསུང་ངོ༌། རྩ་མི་སངས་རྒྱས་གྲགས་པ་ནི། ད་ན་ཤྲིའི་སློབ་མ་རྨ་དགེ་བའི་བློ་གྲོས་གྱིས་ 5-1-62 ཀྱང༌། གྱི་ཇོ་འགྱུར་གྱི་སྟེང་ནས་འགྱུར་བཅོས་མཛད་ཅིང༌། མང་འོར་བྱང་ཆུབ་ཤེས་རབ་ དང༌། བློ་གྲོས་སྙིང་པོ་དང༌། བསོད་ནམས་ཡེ་ཤེས་དང༌། འ་ཞ་རྒྱ་གར་རྩེགས་རྣམས་ཀྱིས་ ཀྱང་བསྒྱུར་ཅིང་བཤད་ཀྱང་བཤད་བཀའ་ཟིན་པ་མ་བྱུང་གསུང༌། རྩ་མི་སངས་རྒྱས་གྲགས་པ་ནི། མི་ཉག་འགའི་ཡུལ་དུ་སྐུ་འཁྲུངས་ཤིང༌། གཞོན་ནུ་ལ་ རྒྱ་གར་དུ་བྱོན་ནས། པཎྜི་ཏ་དུ་མ་བསྟེན་ཅིང༌། མཁས་པར་གྱུར་ནས། རྡོ་རྗེ་གདན་གྱི་ཡང་རི་ ལུགས་པ་མཛད། དུས་འཁོར་འགྲེལ་ཆེན་བོད་སྐད་དུ་བྲིས་ཤིང་རྒྱུད། དིང་རི་ཆོས་ཀྱི་གྲགས་ པས་བསྒྱུར་ནས། རྒ་ལོ་དང༌། འགའ་རོང་ལོ་ཙྪ་བ་ཚུལ་ཁྲིམས་འབྱུང་གནས། རོང་རླིང་ལོ་ཙྪ་ བ། ར་བྱིར་ལོཙྪ་བ། སེ་ལོ་ཙྪ་བ། ལ་སོགས་པ་མང་པོ་གསུངས་མོད་ཀྱི། སྔ་མ་བཞི་པོ་ནས་ རྒྱུད་པ་ནི་ཆད་ལ། སེ་ལོ་ཙྪ་བས་གཉོས་འོད་མ་ལ་གསུངས་ཤིང༌། དེ་ཉིད་ཀྱིས་གྲུབ་ཐོབ་ཏུ་ གྲགས་པ་ཨུ་རྒྱན་རིན་ཆེན་དཔལ་ལ་གསུངས་ནས། དབང་ཁྲིད་བཤད་བཀའ་རྣམས་ཀྱང་ ཡུན་རིང་དུ་བསྐྱངས་ཤིང༌། སྒྲུབ་ཐབས་དང༌། དབང་ཆོག་དང༌། བཅུད་ལེན་དང༌། རླུང་སྦྱོར་ ལ་སོགས་པའི་ཡིག་ཆ་བསྟན་བཅོས་ཀྱང་མང་དུ་མཛད་དོ། ། ཤོང་འགྱུར་ནི་ལ་སྟོད་ལྷོའི་སྤྱད་ལུངས་ཤར་ཀའི་བོང་ང་ཞེས་པར་སྐུ་འཁྲུངས་པ། ཤོང་ ལོ་ཙྪ་བ་རྡོ་རྗེ་རྒྱལ་མཚན་ཞེས་གྲགས་པ་དེ་ཉིད་གཞོན་ནུ་ལ་རབ་བྱུང་མཛད་ནས། བླ་མ་གོ་ ལུང་པ་ཆེན་པོ་མདོ་སྡེ་དཔལ་རྒྱལ་མཚན་གྱི་དྲུང་དུ་བསྙེན་ནས། རྒྱུད་སྡེ་དུ་མ་དང༌། རྡོ་རྗེ་ ཕྲེང་བ་སྐོར་ གསུམ་ལ་སོགས་པ་མང་དུ་ཞུས་ཤིང༌། གར་ཐིག་དང༌། ལྔ་བསྡུས་དང༌། གཟའ་ལྔ་དང༌། གཡུལ་རྒྱལ་ལ་སོགས་པ་རྩིས་ཀྱི་གཙུག་ལག་ཏུ་མའང་བསླབས་ཤིང༌། བྱང་བར་མཛད་དེ། གཟའ་རྣམས་གསལ་བར་བྱེད་པའི་སྒྲོན་མ་ལ་སོགས་པ། སྨད་དུ་བྱུང་བའི་རྩིས་ཀྱི་བསྟན་ བཅོས་དུ་མའང་མཛད་ནས་སྟག་སྡེ་བ་སེང་གེ་རྒྱལ་མཚན་ཞེས་པ། ཡ་རི་ལུང་དུ་སྐུ་འཁྲུངས་ 5-1-63 ཤིང༌། ཆོས་རྗེ་མངོན་གྲ་བ་ལ་ཕར་ཚད་མངོན་གསུམ་དང༌། དུས་འཁོར་འབྲོ་འགྱུར་གསན་ ཅིང༌། མཁས་པར་གྲགས་པ་དེ་ཉིད་ཀྱི་དྲུང་དུ། ཚས་སྣར་བྱོན་ཏེ། ཕར་ཚད་མངོན་གསུམ་ དང༌། སྤྱོད་བསྡུས་ལ་སོགས་པ་རྣམས་མཁས་པར་མཛད་དེ། དཔལ་དུས་ཀྱི་འཁོར་ལོའི་ དབང་ཞུ་བའི་ཡོན་ལ། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་འབྲོ་འགྱུར་གྱི་གླེགས་བམ་གཅིག་ དང༌། སྤྱན་རས་གཟིགས་ཀྱི་མཛད་པར་གྲགས་པའི་མཚན་བརྗོད་འགྲེལ་བ་དང༌། འབྲོ་བའི་ གསུང་སྒྲོས་རྒྱས་པའི་འོད་ཟེར་ཕྲེང་བ་དང༌། དྲི་མེད་རྒྱན་ལ་སོགས་པ་ཤོག་དེབ་བཞི་བཅུ་ ཙམ། ཕུད་པུ་ལུང་དང༌། བྲག་ཆུང་གི་བྲག་ཕུག་ཏུ་ཕྱག་བྲིས་སུ་མཛད་དེ་ཕུལ་ཅིང༌། དབང་ བཅུ་གཉིས་ཡོངས་སུ་རྫོགས་པ་དང༌། གདམས་ངག་ཀྱང་ཞུས་ཏེ། དུས་འཁོར་རྒྱུད་ འགྲེལ་འབྲོ་འགྱུར་ཡོངས་སུ་རྫོགས་པར་གསན་ནོ། །དེ་ནས་འགྲོ་བའི་མགོན་པོ་ འཕགས་པ་གདན་སར་སྔ་མ་རེས་ཕེབས་པའི་དྲུང་དུ་བྱོན་ཏེ། བསྟོད་པའི་ཚིགས་སུ་བཅད་ པ་སྤེལ་ལེགས་པ་ཕུལ་ནས། ལོ་ཙྪ་སློབ་ཏུ་འགྲོ་བ་རྫོང་བར་ཞུ་ཞེས་ཞུས་པས། བླ་མ་དམ་ པའི་ཞལ་ནས། དེ་ལྟ་བུའི་བློ་སྐྱེ་བ་བཟང་གཞུང་ལུགས་གསར་པ་འགྱུར་བའི་ནུས་པ་འོང་བ་ དཀའ་སྟེ་པཎྜི་ཏ་ལ་སློབ་གཉེར་དང༌། དྲི་གཏུག་ལེགས་པར་གྱིས་ཤིག ཁོ་བོས་ཀྱང་ཆོས་ ཀྱི་རྗེ་བསྟེན་ཡུན་ཐུང་པས་དེ་ཉིད་ཀྱིས་མཛད་པའི་སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང༌། ཚིག་ གི་གཏེར་ལ་སོགས་པ་ཚུལ་བཞིན་དུ་མི་ཤེས་པར་སྣང་བས་འདི་དག་ཤེས་པ་གཅིག་ཅི་ནས་ ཀྱང་གྱིས་ལ་ཤོག་ཅིག ཅེས་གསུངས་ནས། བརྫངས་སོ། །དེ་དག་གི་དཔེ་དང༌། གསེར་སྲང་ ལྔ། དར་ཡུག་བཅུ་གནང་སྟེ། རྟེན་འབྲེལ་ཡོད་པས། དོ་ནུབ་རྗེ་བཙུན་གོང་མའི་གཟིམ་ཁང་ དཔེ་ཁང་དུ་ཉོལ་ལས་སོང་ཤིག །ཅེས་གསུངས་ནས་བརྫངས་སོ། ། ཤོང་གི་ཐུགས་དགོངས་ལ། སྐྱེ་བས་ཐོབ་པའི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱོར་བས་ བྱུང་བའི་ནན་ཏན་ནི་མཆོག་ཏུ་གྱུར་ན། ལེགས་བཤད་གསར་པ་མང་དུ་ཅི་སྟེ་བསྒྱུར་བར་མི་ 5-1-64 ནུས་སྙམ་དུ་དགོངས་ཏེ། བླ་མ་དམ་པའི་གཟིམ་གཡོག་པ། མདོ་སྨད་པ་བློ་གྲོས་རྒྱལ་པོ་དང་ འགྲོགས་ཏེ། བལ་ཡུལ་དུ་བྱོན་ནས་པཎྜི་ཏ་ཆེན་པོ་མ་ཧེནྟྲ་བྷ་ཏྲའི་དྲུང་དུ་རིག་པའི་གནས་ ཆུང་བ་ལྔ་བསླབས་ཤིང༌། ཁྱད་པར་སྒྲ་རིག་པ་ཤིན་ཏུ་བྱང་བར་མཛད་ནས། གདན་ས་ཆེན་ པོར་བྱོན་ཏེ། བླ་མ་དམ་པའི་བཀའ་བཞིན་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བ་དང་ བཅས་པ་ཤིན་ཏུ་རྣམ་པར་དག་པའི་འགྱུར་མཛད་ནས། སླར་ཡང་རྡོ་རྗེ་གདན་དུ་མཧཱ་བོ་དྷི་ མཆོད་པ་དང༌། བསྐོར་བ་ལ་བྱོན་ཏེ། པཎྜི་ཏ་ཆེན་པོ་ལཀྵྨ་ཀ་ར་སྤྱན་དྲངས་ནས། བྱང་ཆུབ་ སེམས་དཔའི་རྟོགས་པ་བརྗོད་པ། དཔག་བསམ་འཁྲི་ཤིང་དང༌། ཀླུ་རྣམས་དགའ་བར་བྱེད་ པའི་ཟློས་གར་དང༌། སྙན་ངག་མེ་ལོང༌། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་རྒྱས་པ་དང༌། འཕགས་པ་འཇམ་དཔལ་གྱིས་བསྟོད་པ། བྲིཏྟ་མ་ལའི་བསྟོད་པ། ཙན་ཏྲ་པའི་མདོ་ལ་སོགས་ པ། སྔོན་གངས་ཅན་དུ་མ་བསྒྱུར་བ་རྣམས་གསར་དུ་བསྒྱུར་ཞིང༌། ཨ་མ་ར་ཀོ་ཥ་ལ་སོགས་ པ་ཡང་མཆན་བུས་གསལ་བར་མཛད་ནས། རིག་པའི་གནས་འདི་དག་ཤིན་ཏུ་གསལ་བར་ མཛད་དོ། །འཕགས་པ་རིན་པོ་ཆེས་ཀྱང༌། སྣ་སྡེ་སྣོད་འཛིན་པ་ཤོང་ལོཙྪ་བའི་སྙན་དུ་གསོལ་ པ། ཞེས་པའི་ཕྲིན་ཡིག་མཛད་པ་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བ་དང་བཅས་ པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་དཀའ་ལ་ཚིག་བརླིང་ཞིང༌། སྡེབ་སྦྱོར་བྱིངས་ཆེ་བས་ཆེན་ པོ་རྣམས་ཀྱིས་ཀྱང༌། ཉམས་སུ་བདེ་བར་ལོན་པར་དཀའ་བས་སྔོན་བྱོན་པའི་ལོ་ཙྪ་བ་དག་ གིས་ཀྱང་མ་འགྱུར་བ་དང༌། ལོག་པ་དང༌། རྣམ་གྲངས་གཞན་དང༌། ཕྱོགས་རེ་བ་དང༌། ཐལ་ བར་བསྒྱུར་བ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་མཐའ་གཅིག་ཏུ་ ངེས་ཏེ། ཞུ་ཆེན་མཛད་པའི་གླེགས་བམ་དང༌། ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་ཟློས་ གར་མཐོང་བས། དགའ་བ་དང་རྗེས་སུ་ཡིད་རང་པ་ཁྱད་པར་ཅན་སྐྱེས་ཞེས་པ་ལ་སོགས་པ་ རབ་ཏུ་བསྔགས་ཤིང༌། སྒྲ་བསྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་ཡིན་ནོ། ། 5-1-65 དེ་ཉིད་ལ་དེ་ཉིད་ཀྱི་གཅུང་པོ་ཤོང་སྟོན་ལོཙྪ་བ་བློ་གྲོས་བརྟན་པ་ཞེས་བྱ་བར་གྲགས་ པས། ཀྱཻ་རྡོ་རྗེའི་འགྲེལ་པ་ཊཾ་ཀ་ད་ཤ་དང༌། སྡོམ་བྱུང་གི་འགྲེལ་པ་པད་མོ་ཅན་དང༌། །གཤིན་ རྗེ་གཤེད་དམར་པོའི་རྒྱུད་ལ་སོགས་པ་གཞི་འགྱུར་དུའང་མང་དུ་བསྒྱུར་ཞིང༌། ཞུ་ཆེན་ཡང་ དུ་མ་མཛད་ལ། འཕགས་པ་རིན་པོ་ཆེའི་བླ་མའི་ཐུ་བོར་གྱུར་ཅིང༌། སེ་ཆེན་རྒྱལ་པོས་ཀྱང་བླ་ མར་བཀུར་བ། གཅེན་པོའི་ཡོན་ཏན་ལ་བསྐྲུན་དུ་རུང་བར་ཡོད་པ་དེ་ཉིད་ཀྱིས་ཞུས་ལ། དེ་ དག་གཉིས་ཀ་ལ་ཡང་མང་འགར་ཁྲ་ཚང་དུ་སྐུ་འཁྲུངས་ཤིང༌། འགྲོ་བའི་མགོན་པོ་འཕགས་ པ་ལ་རབ་བྱུང་ཞུས་ལ། མཚན་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག་ ཅེས་བྱ་བར། རང་ཉིད་ཀྱིས་འདོགས་པར་ཞུས་ཤིང་བཏགས་ལ། ཕྱིས་ལོཙྪ་བ་མཆོག་ལྡན་ ཞེས་གྲགས་པ། གཤིན་རྗེ་གཤེད་དམར་པོའི་རྒྱུད་དང༌། རལ་གཅིག་མ་དམར་མོའི་སྒྲུབ་ ཐབས་ལ་གཞི་འགྱུར་མཛད་ཅིང༌། བོད་ཀྱི་ཡུལ་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ དང༌། དབང་དང་གདམས་ངག་ཕལ་པོ་ཆེའི་ལུང་དང༌། བཀའ་མངའ་བ་དགེ་བའི་བཤེས་ གཉེན་མང་པོའི་བླ་མར་གྱུར་པ་དེ་ཉིད་ཀྱིས་གསན་པ་ཡིན་ནོ། ། དེ་ཉིད་ལ་སྐྱི་སྟོན་འཇམ་པའི་དབྱངས་ཀྱིས་གསན་ལ་དེ་ཉིད་ལ་ཆོས་ཀྱི་རྗེ་ཐམས་ཅད་ མཁྱེན་པས་གསན་པ་ཡིན་ནོ། །དེ་ལྟར་ན་དུས་ཀྱི་འཁོར་ལོ་ལ་བརྒྱུད་པ་མི་འདྲ་བ་འགྱུར་མི་ འདྲ་བ་མང་དུ་བྱུང་ཡང༌། ད་ལྟའི་བཤད་པའི་བཀའ་དང༌། མན་ངག་རྣམས་འབྲོ་བ་དང་ར་བ་ དང༌། རྩ་མིའི་ལུགས་གསུམ་ལས་རྒྱུད་པ་ཕལ་ཆེ་ཞིང་འགྱུར་རྣམས་ཀྱི་ནང་ནས་ཤོང་འགྱུར་ ཁོ་ན་ལེགས་པར་དུས་ཀྱི་འཁོར་ལོ་བ་ཆེན་པོ་རྣམས་ཀྱིས་མཛད་དོ། །ཤོང་འགྱུར་ཀྱི་གཏིང་ ནས་ཀྱང་སྐད་གཉིས་སྨྲ་བ་ཆེན་པོ་མཁས་པ་རྣམས་ཀྱིས་ཞུ་དག་རིམ་པ་ལྟར་མཛད་པ་ཡིན་ ནོ།། ༈ །། ལྔ་པ། རྒྱུད་འགྲེལ་ལ་བཤད་ཉན་ཇི་ལྟར་ཉམས་སུ་བླང་བའི་ 5-1-66 ཚུལ་བསྟན་པ་ལ་གཉིས། ལྔ་པ་རྒྱུད་འགྲེལ་ལ་བཤད་ཉན་ཇི་ལྟར་ཉམས་སུ་བླང་བའི་ཚུལ་བསྟན་པ་ལ་གཉིས་ཏེ། རྡོ་རྗེ་སློབ་དཔོན་གྱིས་ཇི་ལྟར་བཤད་པའི་ཚུལ་དང༌། རྡོ་རྗེ་སློབ་མས་ཇི་ལྟར་ཉན་པའི་ཚུལ་ ལོ། ། ༡ རྡོ་རྗེ་སློབ་དཔོན་གྱིས་ཇི་ལྟར་བཤད་པའི་ཚུལ། དང་པོ་ལ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ནི་རྩ་བའི་རྒྱུད་ལས། བརྟན་ཞིང་དུལ་ལ་བློ་ གྲོས་ལྡན༌། །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེར་ ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་སྟེ། །དང་བའི་བདག་ཉིད་དབང་ པོ་ཐུལ། །ཞེས་གསུངས་ཏེ་དེ་ཉིད་བཅུ་ལ་ཕྱི་དང་ནང་གི་གཉིས་ལས། དང་པོ་ནི་རྡོ་རྗེ་སྙིང་ པོ་རྒྱན་གྱི་རྒྱུད་ལས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟངས་སྟབས་འདུག་སྟངས་ བཟླས་བརྗོད་དང༌། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང༌། །སླར་བསྡུད་པ་ཡི་རྣམ་པ་ནི། །ཕྱི་ ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་པ་དང༌། གཉིས་པ་ཡང༌། དེ་ཉིད་ལས། ཕྱིར་བཟློག་གཉིས་ཀྱི་ ཆོ་ག་དང༌། །གསང་དང་ཤེས་རབ་ཡེ་ཤེས་དང༌། །ཁ་སྦྱོར་འབྱེད་པའི་ཆོ་ག་དང༌། །གཏོར་མ་ རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང༌། །རབ་ཏུ་གནས་པའི་དཀྱིལ་འཁོར་ བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །མན་ངག་སྙེ་མར། བསྲུང་བ་དབང་བསྐུར་གཏོར་ མ་བཟླས་པ་དབྱེ། །ཕྱིར་བཟློག་དག་དང་དཀྱིལ་འཁོར་སྒྲུབ་ཐབས་དང༌། །བཙན་ཐབས་ སྦྱོར་བ་གཤེགས་སུ་གསོལ་བའོ། །ཞེས་པ་དེ་ཉིད་བཅུ་རྣམས་སུ་ནི་བཤད། །ཅེས་དང༌། ལུང་ གཞན་ལས་ཀྱང་མི་འདྲ་བ་ཅི་རིགས་པ་འབྱུང་སྟེ། དེ་ལྟར་དེ་ཉིད་བཅུ་ཤེས་པ་ལ་སོགས་པའི་ ཡོན་ཏན་དང་ལྡན་པ་ནི། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དེ། དེ་ལ་ཡང་རབ་ནི་དགེ་སློང་ 5-1-67 དང༌། འབྲིང་ནི་དགེ་ཚུལ་དང༌། ཐ་མ་ནི་དགེ་བསྙེན་རྡོ་རྗེ་འཛིན་པའོ། །རྒྱ་ཆེར་དབང་གི་ལེའུ་ ཉིད་དུ་འཆད་པར་འགྱུར་རོ། །དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་གྱིས་རྒྱུད་འགྲེལ་ཇི་ལྟར་བཤད་ པའི་ཚུལ་ནི། དཔལ་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་གཞན་གྱི་བཤད་ཐབས་ཀྱི་ཡན་ ལག་ལ། རྒྱན་བདུན་གྱི་སྒོ་ནས་འཆད་པ་ནི། གླེང་བསླང་བ་རྣམ་པ་ལྔ་དང༌། རིག་པ་བསྐྱེད་ རིམ་རྫོགས་རིམ་དབང་སྤྱོད་པ་བཞི་དང༌། རྗོད་བྱེད་མཐའ་དྲུག་དང༌། ཚུལ་བཞི་སྟེ་གཉིས་ དང༌། རྒྱུད་ལ་འཇུག་པའི་གང་ཟག་ལྔ་དང༌། སློབ་མཆོག་ལ་བཤད་པ་ནི། སློབ་མ་ལ་བཤད་ པ། དམན་པ་ལ་བཤད་པ་ནི། ཚོགས་བཤད་དེ་བཤད་པ་གཉིས་དང༌། དགོས་པ་ནི་བདེན་པ་ གཉིས་རྣམ་པར་ངེས་པ་སྟེ་བདུན་ནོ། །མཐའ་དྲུག་ནི། དྲང་དོན། ངེས་དོན། དགོངས་པ་དང༌། དགོངས་མིན། སྒྲ་ཇི་བཞིན་པ་དང༌། ཇི་བཞིན་མ་ཡིན་པས་བཤད་པ་སྟེ་དྲུག་ཡིན་ལ། ཚུལ་ བཞི་ནི། ཡི་གེ་ཇི་ལྟ་བ་བཞིན་འབྲུ་བསྣན་པ་ཡི་གེའི་དོན་དང༌། བསྐྱེད་རིམ་དང་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་ལ་སོགས་པ་ལ་སྦྱར་ནས་འཆད་པ་སྤྱིའི་དོན་དང༌། དགའ་བ་དང་པོ་གསུམ་ ལ་སྦྱར་ནས་འཆད་པ་སེམས་གསུམ་གྱི་སྦས་པ་དང༌། འདོད་ཆགས་ཆོས་ཀྱིས་སྦས་པ་དང༌། ཀུན་རྫོབ་བདེན་པའི་སྦས་པ་སྟེ་གསུམ་ནི་སྦས་པའི་དོན་དང༌། མཐར་ཐུག་གི་དོན་དེ་བཞིའོ། ། གཞན་ཡང་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡི་གེ་དང་ནི་ཡན་ལག་དང༌། །བསྡུས་ པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པ། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། ། ཞེས་པའི། གདམ་ངག་དྲུག་གིས་འཆད་པ་དང༌། ཡང་དེ་ཉིད་ལས། སྔགས་དང་དབྱིབས་ དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་མི་གོས་ཤིང༌། ། རྒྱུད་ཀྱི་དོན་ལ་འཇུག་པར་བྱ། །ཞེས་བདག་ཉིད་རྣམ་པ་གསུམ་གྱིས་འཆད་པ་སྟེ། འདིར་ ཡན་ལག་གི་དོན་གོང་གི་ཡི་གེའི་དོན་དང་འདྲ་ལ། ཡི་གེའི་དོན་ལ་ཡང་ཡི་གེ་ཕྲལ་བ་དང༌། བསྣན་པ་དང་བསྒྱུར་བས་བཤད་པ་རྣམས་ཡིན་ཞིང༌། བསྡུས་པའི་དོན་ནི་སྒྲ་ཇི་བཞིན་པ་མ་ 5-1-68 ཡིན་པ་དང་འདྲ་ཞེས་གསུང་ངོ༌། །སྦྱོར་བ་རྣམ་པ་གསུམ་ནི་སྐུ་རྡོ་རྗེ་དབྱིངས་དང་གསུང་རྡོ་ རྗེ་སྔགས་དང་ཐུགས་རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་རོ། །ཡང་སློབ་དཔོན་ཁ་ཅིག་གིས། རྒྱུད་དོན་ ཡན་ལག་ལྔའི་བཤད་པ་ཞེས་པ་སྔོན་དུ་འགྲོ་བ་དབང་གི་ཡན་ལག་དང༌། ལམ་མངོན་པར་ རྟོགས་པའི་ཡན་ལག་རིམ་པ་གཉིས། གྲོགས་དམ་ཚིག་སྡོམ་པ་བརྟན་བྱེད་ཀྱི་ཡན་ལག་སྤྱོད་ པ། འབྲས་བུའི་ཡན་ལག་དངོས་གྲུབ་རབ་འབྲིང་ཐ་གསུམ་དུ་བསྡུས་ཏེ་འཆད་པའང་མཛད་ དོ། །འདིར་བཤད་ཐབས་ཀྱི་ཡན་ལག་དེ་རྣམས་ཀྱི་སྒོ་ནས་ཀྱང་བཤད་པར་བྱར་རུང་ཞིང༌། ། གཙོ་ཆེ་བར་རྩ་བའི་རྒྱུད་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། དམ་པའི་དོན་གྱི་བདེན་པའོ། ། ཞེས་དང༌། རྡོ་རྗེ་ཅན་བདག་བསྟན་པ་ནི། །རིམ་པ་གཉིས་ལ་ཡང་དག་བརྟེན། །གཅིག་ནི་ བསྐྱེད་པའི་རིམ་པ་སྟེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་གསུངས་པ་ལྟར་བདེན་པ་ གཉིས་དང༌། རིམ་པ་གཉིས་ཡན་ལག་དང་བཅས་པའི་སྒོ་ནས་དང༌། །ཇི་ལྟར་ཕྱི་རོལ་དེ་ བཞིན་ནང༌། །ནང་དེ་བཞིན་དུ་དེ་བཞིན་གཞན། །ཞེས་པ་ལྟར། ཕྱི་ནང་གཞན་གསུམ་གྱི་ སྒོ་ནས་བཤད་པར་བྱའོ། །དེ་ལ་ཁ་ཅིག་ཕྱི་དང་ནང་གི་སྐྱེ་བའི་ཆ་ནི་བསྐྱེད་རིམ་གྱི་སྦྱང་གཞི་ དང༌། བསྡུད་པའི་ཆ་ནི་རྫོགས་རིམ་གྱི་སྦྱང་གཞི་ཡིན་པས་དེ་དག་ཏུ་འདུའོ། །ཞེས་འཆད་ ཀྱང་རྒྱུད་ཀྱི་དགོངས་པ་ནི། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ ཡང་དག་པར་བརྗོད་པ་མི་ཤེས། ཞེས་གསུངས་པ་ལྟར་རྒྱུད་ཀྱི་བརྗོད་བྱའི་གཙོ་བོ་ནི་རྡོ་རྗེ་ འཛིན་པའི་ཡེ་ཤེས་ཀྱི་སྐུ་དང་པོའི་སངས་རྒྱས་ དུས་ཀྱི་འཁོར་ལོ། སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོའི་ཚུལ་ དུ་བཞུགས་པ་དེ་ཡིན་ལ། དེ་ཉིད་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་རྣམ་པ་ ཐམས་ཅད་པའི་སྐུར་བཞུགས་པ་ཡིན་པས། དེ་ཤེས་པར་བྱ་བའི་ཕྱིར་དུ། ཕྱི་རོལ་ཇི་ལྟ་བ་ 5-1-69 དེ་བཞིན་དུ་ནང་དང༌། ནང་ཇི་ལྟ་བ་དེ་བཞིན་དུ་གཞན་ཡེ་ཤེས་ཀྱི་སྐུ་ཡིན་ནོ། །ཞེས་ཕྱི་ནང་ གཞན་གསུམ་འདྲ་བའི་རྒྱུ་མཚན་གྱིས་གཞན་རྟོགས་པའི་ཡན་ལག་ཏུ། ཕྱི་ནང་གཉིས་ཀྱང་ བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་རྒྱུ་རྒྱུད་དང༌། ཐབས་རྒྱུད་དང༌། འབྲས་ བུའི་རྒྱུད་གསུམ་མམ་བླ་མ་དམ་པའི་མན་ངག་ལྟར། གཞི་ལམ་འབྲས་བུའི་རྒྱུད་གསུམ་གྱི་ སྒོ་ནས་བཤད་པར་བྱ་ཞིང༌། རྒྱུད་ཀྱི་བརྗོད་པར་བྱ་བ་ནི། གཙོ་བོར་ངེས་པའི་དོན་ཡིན་པས་ ན། དོན་ལ་རྟོན་པར་བྱ་ཡིས། ཚིག་ལ་རྟོན་པར་མི་བྱ་བ་དང༌། ཡེ་ཤེས་ལ་རྟོན་པར་བྱ་ཡིས། རྣམ་ཤེས་ལ་རྟོན་པར་མི་བྱ་བ་དང༌། ངེས་པའི་དོན་ལ་རྟོན་པར་བྱ་ཡི། །དྲང་བའི་དོན་ལ་རྟོན་ པར་མི་བྱ་བ་དང༌། ཆོས་ལ་རྟོན་པར་བྱ་ཡི། གང་ཟག་ལ་རྟོན་པར་མི་བྱ་བ་སྟེ། རྟོན་པ་བཞི་ དང་ལྡན་པའི་སྒོ་ནས། རྒྱུད་ཀྱི་རྒྱལ་པོ་བླ་ན་མེད་པ་འདི་ལེགས་པར་བཤད་པར་བྱ་སྟེ། རྗེ་ བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་གྱི་གདམས་པ་ལས། གང་གི་ཕྱིར་ཆོས་སྟོན་པ་ པོ་དོན་ལ་རྟོན་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར། ཞེས་པ་དང༌། དེ་བཞིན་དུ་རྒྱུད་དང༌། རྒྱུད་གཞན་ རྣམས་སུ་བསྟན་བཅོས་ཀྱི་མིང་དང༌། ཡུལ་གྱི་མིང་དང༌། སྔགས་ཀྱི་ཡི་གེའི་མིང་དང༌། ཡི་གེ་ རེ་རེའི་མིང་རྣམས་ཀྱིས། དངོས་པོ་གང་དག་དེ་བཞིན་གཤེགས་པས་ངེས་པར་བསྟན་ཅིང༌། སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་བྲིས་པ་དེ་ཐམས་ཅད་རྣལ་འབྱོར་པ་རྣམས་ཀྱིས་དྲང་ བའི་དོན་དང༌། ངེས་པའི་དོན་གྱིས་རྟོགས་པར་བྱའོ། །འདིར་གཅིག་ལ་ཡང་དངོས་པོ་དང༌། ། དངོས་པོ་མེད་པའི་མིང་སྣ་ཚོགས་ཏེ། དེའི་ཕྱིར་དངོས་པོ་གཅིག་ལ་ཡང་མིང་སྣ་ཚོགས་ ཀྱིས་བསྟན་པ་ལ། རྣལ་འབྱོར་པ་རྣམས་ཀྱིས་མིང་གི་རྣམ་པར་རྟོག་པར་མི་བྱ་སྟེ། བླ་མ་ དམ་པའི་མན་ངག་གིས་གསེར་བཞིན་དུ་ལེགས་པར་ཡོངས་སུ་བརྟགས་ཏེ། དོན་ལ་རྟོན་པ་ ལ་བརྟེན་པ་ཉིད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཐེག་པ་གསུམ་ཅར་གྱི་ དོན་ལ་མཁས་པར་བྱས་ནས་ཐེག་པའི་མཐར་ཐུག་བླ་ན་མེད་པའི་རྒྱུད་འདི་བསྟན་པར་བྱ་སྟེ། 5-1-70 འགྲེལ་ཆེན་ལས། སྔགས་ཀྱི་ཚུལ་འདི་ལ་བསྔགས་པ་ནི། ཐེག་པ་གསུམ་གྱི་ངེས་འབྱུང་ལ། ། ཐེག་པ་གཅིག་གི་འབྲས་བུར་གནས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་ཐེག་པ་ གསུམ་གྱི་དགོངས་པ་མི་ཤེས་པ་དེ་ནི། དུས་ལས་ཐམས་ཅད་མཁྱེན་པའི་ལམ་ལས་ཉམས་ པར་འགྱུར་རོ། །ཞེས་དང༌། འདིར་དུས་ཀྱི་འཁོར་ལོ་ལ་རྣལ་འབྱོར་པས་ཆོས་ཡང་དག་པར་ བསྡུད་པ་ཤེས་ནས། དེ་ནས་རྒྱུད་བསྟན་པར་བྱའོ། །གཞན་དུ་ན་ཆོས་ཡང་དག་པར་བསྡུད་ པ་མེད་ན་ལམ་ངན་པ་སྟོན་པར་འགྱུར་རོ། །ཞེས་གསུངས་པས་སོ། ། ༢ རྡོ་རྗེ་སློབ་མས་ཇི་ལྟར་ཉན་པའི་ཚུལ། གཉིས་པ་རྡོ་རྗེ་སློབ་མས་ཇི་ལྟར་ཉན་པའི་ཚུལ་ལ་རྡོ་རྗེ་ཐེག་པའི་ཚུལ་སློབ་མའི་མཚན་ ཉིད་ནི། དབང་གི་ལེའུ་ལས། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་པའི་ ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་ སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་ བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་ གཞན་ཞེས་བྱ་བ་འབྲིང་པོ་བསོད་ནམས་དག་གི་རྒྱུར། །ཞེས་གསུངས་པའི་ཡོན་ཏན་དང་ ལྡན་པའི་སློབ་མ་ནི། སློབ་མ་མཆོག་ཡིན་ཏེ། དབང་གོང་མ་རྣམས་ཀྱིས་བསྡུ་བྱ་ཡིན་ལ། དེ་ ལྟ་བུའི་ཡོན་ཏན་འབྲིང་དང་ལྡན་པ་ནི། དབང་འོག་མ་བདུན་གྱིས་བསྡུ་བྱ་ཡིན་ཞིང༌། སློབ་ མ་ཐ་མ་ནི། དབང་གི་བསྡུ་བྱ་མ་ཡིན་གྱི། བསླབ་པའི་གཞི་ལྔ་ཙམ་གྱིས་བསྡུ་བར་གསུངས་ སོ། །དེ་ལྟ་བུའི་སློབ་མས་རྒྱུད་འགྲེལ་ཇི་ལྟར་ཉན་པའི་ཚུལ་ནི། འགྲེལ་ཆེན་ལས། རྒྱས་ པས་གསུངས་པའི་ཆོ་གས་དབང་ཆོག་བླངས་ནས་རྒྱུད་འདི་འམ་ནི་བསྡུས་པ་ཡི། །རྒྱུད་རྒྱལ་ མ་ལུས་ཐོས་སླད་ཡང་དག་ཡེ་ཤེས་ལམ་ལ་གནས་པའི་རྣལ་འབྱོར་པ། །ཁེངས་དང་ལོངས་ སྤྱོད་འབྱོར་པ་དུ་མ་བཏང་ནས་སེམས་ནི་བླ་མར་གཏད་བྱས་ཏེ། །སངས་རྒྱས་ཉིད་ཀྱི་སླད་ 5-1-71 དུ་གཙོ་བོའི་རྒྱས་འགྲེལ་གཞན་ཕན་སྤྱོད་པས་མཉན་པར་བྱ། །ཞེས་གསུངས་ཏེ། སྤྱིར་རྒྱུད་ ཉན་པ་ལ། དབང་རྣམ་པར་དག་པ་ཐོབ་དགོས་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། དབང་ མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་ གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ ཐོབ་ཀྱང་དམྱལ་བར་སྐྱེས། །ཞེས་གསུངས་པས་སོ། །ཁྱད་པར་དུས་ཀྱི་འཁོར་ལོའི་རྒྱུད་འདི་ ཉན་པ་ལ། འདི་ཉིད་དབང་གི་ལེའུ་ལ་གསུངས་པའི་ཆོ་གས་དབང་རྣམ་པར་དག་པ་ཐོབ་ པར་བྱས་ཏེ། སོ་སོར་སྡུད་པ་ལ་སོགས་པ་ཡང་དག་པའི་ཡེ་ཤེས་ཀྱི་ལམ་བསྒོམས་ཤིང༌། ང་ རྒྱལ་དང༌། ལོངས་སྤྱོད་འབྱོར་པ་སྙིང་པོ་མེད་པ་རྣམས་སྤངས་ནས། དབང་ལེའི་འགྲེལ་པར། དུས་ཀྱི་འཁོར་ལོའི་གསུང་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་འཇམ་དཔལ་ ཇི་ལྟ་བ་དང༌། །དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་ཐར་པ་དོན་དུ་ གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་གསུངས་པ་ལྟར། བླ་མ་ལ་གུས་པས་གཞན་དོན་ དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་མཉན་པར་བྱའོ། །གཞན་ཡང་རྒྱུད་འགྲེལ་འཆད་པ་ དང༌། ཉན་པའི་སྔོན་དུ་འགྲོ་བའི་བྱ་བ་ནི། དབང་གི་ལེའུ་ལས། ནག་པའི་མཐར་ནི་དཀར་ པོའི་ཚིགས་ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས། །སྡིག་ པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་དག་ལ་སྦྱིན་པར་ བྱ། །ཡང་ན་མཐའ་དག་ཡོན་ཏན་གཏེར་ནི་བསྟན་པའི་སླད་དུ་རྣལ་འབྱོར་མ་རྣམས་དག་ལ་ མཆོད་པ་བྱ། །མཆོད་པ་མེད་ན་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ནི་བླ་མས་བསྟན་པར་ མི་བྱའོ། །ཞེས་གསུངས་པས། དཔྱིད་ཟླ་འབྲིང་པོ་ནག་པའི་ཟླ་བའི་ཉ་ལ། དཀྱིལ་འཁོར་ བཞེངས་ནས་རྣལ་འབྱོར་མ་རྣམས་ལ་མཆོད་པ་ཕུལ་ཏེ་རྒྱུད་བསྟན་པར་བྱ་ཞིང༌། དེ་ལ་མ་ གྲུབ་ན་ཉ་སོ་སོ་འམ་ཚེས་བཅུ་བཞི་ལ་རྣལ་འབྱོར་མ་རྣམས་མཆོད་པར་བྱའོ། །དེ་བཞིན་དུ་ 5-1-72 ཆོས་ཐུན་རེ་རེའི་ཐོག་མར་ཡང༌། མཆོད་པ་དང་གཏོར་མ་ཡང་དབུལ་བར་བྱ་སྟེ། འགྲེལ་ཆེན་ ལས། ཉིན་ཞག་སོ་སོར་གཏོར་མ་སྦྱིན་པར་བྱ་བ་དང༌། སངས་རྒྱས་མཆོད་པ་དང༌། དཀྱིལ་ འཁོར་ལ་སོགས་པ་བྱ་ཞིང༌། ཞེས་གསུངས་པའོ།། ༈ །། མཇུག་ཏུ་བསྔོ་བ་དང༌། སྨོན་ལམ་བྱ་ཞིང༌། ཡི་གེ་བརྒྱ་པ་བཟླས་ལ་བཟོད་པར་གསོལ་ བ་ལ་སོགས་པ་ལ་བྱའོ། །དེ་ཡང་སྤྱོད་ལམ་ཐམས་ཅད་དུ་ཐ་མལ་གྱི་འདུ་ཤེས་ཐམས་ཅད་ སྤངས་ནས། བསྐྱེད་རྫོགས་ཀྱི་རྣལ་འབྱོར་དང་མ་བྲལ་བའི་ངང་ནས་འཆད་ཉན་ལ་འཇུག་ པར་བྱ་ཞིང༌། འགྲེལ་ཆེན་ལས། དེ་ལྟར་དང་པོར་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ ཤེས་ནས། དེ་ནས་རང་གི་ལུས་ལ་ཁྱབ་བདག་མཆོག་གི་གོ་འཕང་མ་ནིང་ནི། སྔགས་པས་ བསྒོམ་པར་བྱ་སྟེ། སློབ་དཔོན་དང་བཅས་པ་ཡིན་ནོ། །ཞེས་པའི་དོན་ཏོ། ཞེས་གསུངས་ལྟར་ ཉམས་སུ་བླང་པར་བྱའོ། ། རྒྱུད་རྒྱལ་རིན་ཆེན་དཀོན་མཆོག་དབང་གི་རྒྱལ། ། དཔལ་ལྡན་དུས་འཁོར་རྒྱས་འགྲེལ་དྲི་མེད་པའི། ། འོད་ཟེར་སྟོང་ཕྲག་བཅུ་གཉིས་རབ་གསལ་བས། ། སྒྲིབ་གཉིས་མུན་འཇོམས་མཆོག་བདེའི་དཔལ་སྟེར་འདི། ། འགྲོ་བའི་དེད་དཔོན་རྒྱལ་དང་རྒྱལ་བའི་སྲས། ། མཁས་གྲུབ་བླ་མ་རིམ་པར་ལེགས་བརྒྱུད་ནས། ། ད་ལྟ་བདག་བློའི་རྒྱལ་མཚན་མཛེས་གྱུར་ཏེ། ། ལེགས་བཤད་དགའ་སྟོན་འགྱེད་ལ་སྤྲོ་བ་སྐྱེས། ། སྒྲོ་སྐུར་གཉིས་བྲལ་ངོ་མཚར་རྟོགས་བརྗོད་པའི། ། བསོད་ནམས་འདི་ཡིས་སྐྱེ་བ་ཀུན་ཏུ་བདག ། 5-1-73 རིགས་ལྡན་བཀའ་རྒྱུད་རྣམ་དག་སྲོལ་འཛིན་ཅིང༌། ། ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་གྱུར་ཅིག ། མཁས་པའི་གཞུང་དག་གཞིར་བཞག་སྟེ། ། འཐད་པའི་ལེགས་བཤད་གསར་པས་བརྒྱན། ། འདི་ཡང་དུས་ཀྱི་འཁོར་ལོའི་ཚུལ། ། དོན་གཉེར་རྣམས་ཀྱི་རྒྱན་གྱུར་ཅིག ། དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་ བཤད་པ་ལ་འཇུག་པའི་ཡན་ལག་རྣམ་པར་བཞག་པ། ངོ་མཚར་རྟོགས་བརྗོད་ཅེས་བྱ་བ། ཆོས་ཀྱི་རྗེ་རིན་པོ་ཆེ་རིགས་ལྡན་ཐམས་ཅད་མཁྱེན་པའི་ཞབས་ཀྱི་བཀའ་དྲིན་དྲི་མ་མེད་པའི་ མཐུ་ལས། ངེས་པའི་དོན་དུས་ཀྱི་འཁོར་ལོའི་ཚུལ་ལ་བློའི་སྣང་བ་ཅུང་ཟད་ཐོབ་པ་དགེ་སློང་ དུས་ཀྱི་འཁོར་ལོ་པ། ཆོས་ཀྱི་རྒྱལ་པོ། མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས། གྲུབ་པའི་ གནས་སེ་མཁར་ཆུང་ཞེས་གྲགས་པའི་དབེན་གནས་བསམ་གཏན་མཁར་དུ་སྦྱར་བའོ། །ཡི་ གེ་པ་ནི་ཡེ་ཤེས་རིན་ཆེན་ཞེས་བྱ་བའོ། །འདིས་འགྲོ་བ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག། འདིའི་མ་དཔེ་འབྲས་སྤུངས་ཡིག་རྙིང༌། ཕྱི་ཀ༡༤༨། 5-1-74 ༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ དྲི་མ་མེད་པའི་འོད་ཀྱི་མདོར་བསྡུས་དང་པོའི་བཤད་སྦྱར་ ངེས་དོན་སྣང་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་ འོད་ཀྱི་མདོར་བསྡུས་དང་པོའི་བཤད་སྦྱར་ངེས་དོན་སྣང་བ་ཞེས་བྱ་བ། དཔལ་དུས་ཀྱི་ འཁོར་ལོ་ལ་ཕྱག་འཚལ་ལོ། ། གང་སྐུ་མཆོག་ཏུ་མི་འགྱུར་བདེ་ཆེན་སྲིད་དངོས་མཐའ་ལ་མི་གནས་ཤིང༌། ། སྣ་ཚོགས་རྣམ་པ་ཀུན་ཀྱི་མཆོག་ལྡན་དངོས་མེད་ཆད་པའི་མཐའ་ལས་གྲོལ། ། སངས་རྒྱས་ཀུན་ཀྱི་མི་གནས་མྱང་འདས་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ། རྡོ་རྗེའི་རྣལ་འབྱོར་དཔལ་ལྡན་དུས་འཁོར་དང་པོའི་སངས་རྒྱས་དེ་ལ་འདུད། ། ཆོས་དབྱིངས་བདེ་བ་ཆེན་པོའི་གནས་སུ་དང་པོར་མངོན་རྫོགས་བྱང་ཆུབ་ནས། ། རྟག་བརྟན་ཞི་བ་ཆོས་ཀྱི་སྐུ་ལས་མཁའ་བཞིན་རྣམ་པར་མ་གཡོས་པར། ། མཁའ་དབྱིངས་ཀུན་ཁྱབ་སྒྱུ་མའི་རོལ་པ་འཁོར་བ་ཇི་སྲིད་སྟོན་མཛད་པ། ། སྐུ་བཞིའི་བདག་ཉིད་སྟོན་པ་གཅིག་པུ་ཤཱཀྱ་ཐུབ་དབང་ལ་ཕྱག་འཚལ། ། གང་ཞིག་སངས་རྒྱས་ཀུན་ཀྱི་བདག་དེའང་ཐུབ་དབང་རྣམས་ཀྱི་གསང་མཛོད་འཛིན། ། 5-1-75 སྐྱོབ་པ་ཀུན་ཀྱི་ཡབ་གྱུར་གང་དེའང་རྒྱལ་སྲས་ཐུ་བོ་གཞོན་ནུའི་ཚུལ། ། མཐའ་དག་འཇིག་རྟེན་གཉེན་གཅིག་གང་དེའང་བདུད་དགྲ་མཛད་སྤྱོད་བརྟག་མིན་པ། ། དཔལ་ལྡན་ཟླ་བཟང་ཉིན་བྱེད་གྲགས་པ་པད་དཀར་འཛིན་པས་བདག་ལ་སྐྱོངས། ། རྨད་བྱུང་བརྩོན་པས་མཁྱེན་པའི་གྲུ་ཆེན་གསུང་རབ་རྒྱ་མཚོར་ལེགས་དྲངས་ཏེ། ། ཐུབ་དབང་དགོངས་པ་ངེས་དོན་རིན་ཆེན་བདེ་བླག་ཉེར་བླངས་ཐུགས་རྗེ་ཡི། ། རྒྱལ་མཚན་རྩེར་མཆོད་མཐའ་ཡས་འགྲོ་ལ་དམ་ཆོས་འདོད་དགུའི་ཆར་འབེབས་པ། ། རྒྱལ་བའི་མཛད་སྒྲུབ་འགྲོ་བའི་དེད་དཔོན་ཀུན་མཁྱེན་བླ་མའི་ཞབས་མཆོད་དེ། ། སྤྱན་རས་གཟིགས་དབང་གསུང་རབ་དྲི་མེད་ཀྱིས། ། དཔལ་ལྡན་རྒྱུད་དོན་རྒྱ་ཆེར་འགྲེལ་བའི་སྒོ། ། མཆོག་གི་འདོད་ལྷ་དམ་པའི་ལམ་ངེས་པའི། ། མདོར་བསྡུས་ཆེན་པོའི་བཤད་སྦྱར་བརྩམ་པར་བྱ། ། ཤིན་ཏུ་ཟབ་རྒྱས་རྒྱུད་ཆེན་གསང་བའི་དོན། ། བདག་འདྲ་བྱིས་པའི་བློ་ཡི་ཡུལ་མིན་ཡང༌། ། བླ་མའི་བཀའ་དྲིན་དྲི་མེད་འོད་མཐུ་ལས། ། ཆ་ཙམ་རྟོགས་ཕྱིར་རྩོམ་པའི་སྤྲོ་བ་སྐྱེས། ། འདིར་དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་ བཅུ་གཉིས་པ་ལས་བྱུང་བ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པའི་རྒྱ་ཆེར་འགྲེལ་པ་ཆེན་ པོ་དྲི་མ་མེད་པའི་འོད་ཀྱིས་འཆད་པར་བྱེད་པ་ལ། ཐོག་མར་རྒྱུད་དང་འགྲེལ་བའི་མཚན་ 5-1-76 བརྗོད་ཅིང་ཡི་གེ་པའི་ཕྱག་འཚལ་བ་ནི། རྒྱ་གར་སྐད་དུ་ཞེས་པ་ལ་སོགས་པ་སྟེ། འདི་ལ་ མཚན་བསྒྱུར་བ་དང༌། བཤད་པ་དང༌། བཏགས་པའི་དགོས་པའོ། ། ༡ མཚན་བསྒྱུར་བ། དང་པོ་ནི། རྒྱ་གར་སྐད་དུ་ཞེས་པ། རྒྱ་གར་འཕགས་པའི་ཡུལ་གྱི་མི་རྣམས་ལ་སྐད་ རིགས་བཞི་ཡོད་པ་ལས། སཾསྐྲ་ཏ་ལྷའི་སྐད་ལ་ཞེས་པ་སྟེ། པ་ར་མ་ནི། བོད་སྐད་དུ་མཆོག་ གི། ཨཱ་འདི་ནི་དང་པོའི། བུད་དྷ་ནི་སངས་རྒྱས། ཨུད་དྷྲི་ཏ་ནི་ལས་བྱུང་བ། ཤྲཱི་ཀཱ་ལ་ཙཀྲ་ནི་ དཔལ་དུས་ཀྱི་འཁོར་ལོ། ནཱ་མ་ནི་ཞེས་བྱ་བ། ཏན་ཏྲ་ནི་རྒྱུད་ཀྱི། རཱ་ཛཱ་ནི་རྒྱལ་པོའོ། །འགྲེལ་ པར་ཡང་བི་མ་ལ་པྲ་བྷཱ་ནི་དྲི་མ་མེད་པའི་འོད། ནཱ་མ་ནི་ཞེས་བྱ་བ། མཱུ་ལ་ནི་རྩ་བའི། ཏན་ཏྲ་ ནི་རྒྱུད། ཨ་ནུ་སཱ་རཱ་ནི་རྗེས་སུ་འཇུག་པ། དྭ་ད་ཤ་སཱ་ཧ་སྲི་ཀཱ་ནི་སྟོང་ཕྲག་བཅུ་གཉིས་པ། ལ་ གྷུ་ནི་བསྡུས་པའི། ཀཱ་ལ་ཙཀྲ་ནི་དུས་ཀྱི་འཁོར་ལོའི། ཊཱི་ཀཱ་ནི་རྒྱས་འགྲེལ། རཱ་ཛཱ་ནི་རྒྱལ་ པོའོ། །གི་དང་འི་ལ་སོགས་པའི་ཚིག་ཕྲད་རྣམས་ལ་སྐད་དོད་མེད་ཀྱང་བོད་སྐད་ལ་གོ་བདེ་ བའི་དབང་དུ་བྱས་ནས་བཅུག་པའོ། ། ༢ བཤད་པ། གཉིས་པ་ལ་རྒྱུད་དང་འགྲེལ་པའི་མཚན་བཤད་པ་གཉིས་ལས། དང་པོ་ནི། མངོན་པར་ བྱང་ཆུབ་པ་བཞིའི་བདག་ཉིད་འགྱུར་མེད་ཀྱི་བདེ་བ་ནི་མཆོག་ཡིན་ལ། དེའི་བདག་ཉིད་དུ་ གདོད་མ་ཉིད་ནས་སངས་རྒྱས་པ་ནི། མཆོག་གི་དང་པོའི་སངས་རྒྱས་ཏེ། བརྗོད་བྱ་དེ་རྗོད་ པར་བྱེད་པའི་ཕྱིར། བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་ནས། མིང་ཚིག་ཡི་གེའི་ཚོགས་ ཀྱི་བདག་ཉིད་ཀྱི་རྗོད་བྱེད་ཀྱི་རྒྱུད་ལ་ཡང་མཆོག་གི་དང་པོའི་སངས་རྒྱས་ཞེས་བརྗོད་དེ་རྩ་ བའི་རྒྱུད་དོ། །དེ་ལས་བྱུང་བ་ནི་ཚིག་དང་དོན་ཉུང་ངུར་བསྡུས་པ་སྟེ། ཚིག་དོན་གྱི་སྡེ་ཚན་ གཅིག་ཁོལ་བུར་ཕྱུང་བ་ནི་མ་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་ཡང་བརྗོད་བྱ་ 5-1-77 དེ་རྗོད་པར་བྱེད་པའི་ཕྱིར། བརྗོད་བྱའི་མིང་གིས་ཉེ་བར་བཏགས་ནས་རྗོད་བྱེད་ཀྱི་རྒྱུད་ལ་ ཡང་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱའོ། །ཞེས་བྱ་བ་ཞེས་པ་ནི། ནཱ་མ་ཞེས་པ་འཆི་བ་དང་མི་ བཟོད་པ་ལ་སོགས་པའི་དོན་བཅུ་ལ་འཇུག་ཀྱང༌། འདིར་མིང་ལ་འཇུག་པ་སྟེ། མིང་དེ་སྐད་ ཅེས་བྱ་ཞེས་པའི་དོན་ནོ། །རྒྱུད་ནི་བརྗོད་བྱ་དོན་གྱི་རྒྱུད་དང༌། རྗོད་བྱེད་ཚིག་གི་རྒྱུད་གཉིས་ ལས། དང་པོ་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་བརྗོད། །རྒྱུན་ དེ་རྣམས་པ་གསུམ་དུ་འགྱུར། །བཞི་དང་རང་གཞིན་ཉིད་དང་ནི། །མི་འཕྲོག་པ་ཡི་རབ་དབྱེ་ ལས། རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོག་འབྲས་བུའོ། །གཞི་ནི་ཐབས་ཞེས་ བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་དང་གསུམ་དུ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ འོད་གསལ་བ་དང་བོའི་སངས་རྒྱས་ཐོག་མ་མེད་པའི་དུས་ནས་རང་བཞིན་འགྱུར་མེད་ཀྱི་ ཚུལ་དུ་རྒྱུན་ཆགས་པ་ནི་རྒྱུའི་རྒྱུད་དེ། རྡོ་རྗེ་རྩེ་མོའི་རྒྱུད་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་ སྟེ། །འཁོར་བ་རྒྱུད་དུ་བརྗོད་པར་བྱ། །ཞེས་གསུངས་ཏེ། འཁོར་བ་ཞེས་པ་ནི། འཁོར་བའི་ དེ་བཞིན་ཉིད་ལ་དགོངས་པའོ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ཀྱང༌། རྒྱུད་ནི་རྒྱུན་ཞེས་བྱ་བ་ སྟེ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་དོན་ནོ། ། འབྲས་བུའི་རྒྱུད་ནི། རྒྱུའི་རྒྱུད་དེ་ཉིད་སེམས་ཅན་གྱི་གནས་སྐབས་ན་གློ་བུར་གྱི་དྲི་མ་ དང་བཅས་པའི་ཚུལ་དུ་གནས་པ་ལས་ལམ་གྱིས་གློ་བུར་གྱི་དྲི་མ་སྦྱངས་ཏེ། དྲི་མ་དང་བྲལ་ བར་གནས་གྱུར་པ་ཉིད་ཡིན་ཏེ། དེ་ཡང༌། ཐོག་མ་མེད་པའི་དུས་ནས་ཟག་མེད་ཀྱི་ཡོན་ཏན་ བསམ་གྱིས་མི་ཁྱབ་པ་རང་བཞིན་ཉིད་ཀྱིས་ལྡན་པར་རྒྱུན་ཆགས་ཤིང༌། མཐར་ནམ་ཡང་མི་ བཟད་པར་[རྟག་པར་{བརྟག་པ་}འགྱུར་མེད་དུ་རྒྱུན་ཆགས་པས་ན་རྒྱུད་ཅེས་བྱ་སྟེ། རྒྱུད་བླ་ 5-1-78 མ་ལས། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་ བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་རོ། ། ཐབས་ཀྱི་རྒྱུད་ནི། རྒྱུའི་རྒྱུད་དང་པོའི་སངས་རྒྱས་གློ་བུར་གྱི་དྲི་མ་དང་བཅས་པ་དེ་དྲི་མ་ དང་བྲལ་བར་བྱེད་ཅིང་དྲི་མ་དང་བྲལ་བར་གནས་གྱུར་པ་དེ་ཐོབ་པའི་ཐབས་ཡིན་པས་ལམ་ ལ་འབྲས་བུའི་རྒྱུད་ཀྱི་མིང་གིས་བཏགས་ནས་རྒྱུད་ཅེས་བྱ་སྟེ། འབྲས་བུའི་རྒྱུད་ཐོབ་པའི་ དངོས་ཀྱི་ཐབས་རྫོགས་པའི་རིམ་པ་དང༌། དེའི་རྟེན། བསྐྱེད་པའི་རིམ་པ་དང༌། དེ་གཉིས་ ཀའི་ཡན་ལག་རྣམས་སོ། ། ཁ་ཅིག་ནི། ལམ་རིམ་པ་གཉིས་པོ་ཉིད་རྒྱུན་ཆགས་པས་ན་རྒྱུད་ཅེས་འཆད་དོ། །རྗོད་ བྱེད་ཚིག་གི་རྒྱུད་ནི། བརྗོད་བྱ་རྒྱུན་ཆགས་པའི་རྒྱུད་དེ་དག་རྗོད་པར་བྱེད་པས་ན་རྒྱུད་ཅེས་ བྱའོ། །རྒྱལ་པོ་ཞེས་པ་ནི། གཞན་ལས་མཆོག་ཏུ་གྱུར་པ་དང༌། གསལ་བ་དང༌། གཞན་ གྱིས་མི་རྫི་བ་དང༌། མི་མཐུན་ཕྱོགས་འཇོམས་པའི་སྟོབས་དང་ལྡན་པ་དང༌། རྒྱལ་སྲིད་ ལ་དབང་བསྒྱུར་བར་བྱེད་པ་དང༌། འཁོར་མང་བོའི་ཕྱིར་རྒྱལ་པོ་ཞེས་བརྗོད་དེ། རྒྱུ་དང་ འབྲས་བུའི་རྒྱུད་ནི། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་རང་བཞིན་གྱི་ཡོན་ ཏན་གྱིས་ཆེ་བས་ན་མཆོག རང་བཞིན་གྱིས་འོད་གསལ་ཞིང་གློ་བུར་གྱི་དྲི་མ་དང་ཡང་བྲལ་ བས་ན་གསལ་བ། བདུད་བཞི་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱི་རང་བཞིན་གྱིས་མི་ རྫི་ཞིང་ལམ་གྱིས་སྤངས་པས་དེ་དག་གིས་མི་རྫི་བ། དེ་དག་གདོད་མ་ནས་བཅོམ་ཞིང་ལམ་ གྱིས་ཀྱང་བཅོམ་པས་ན་མི་མཐུན་ཕྱོགས་འཇོམས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ དབང་བྱེད་པས་ན་རྒྱལ་སྲིད་ལ་དབང་བྱེད་པ། རྒྱུད་ཀྱི་བརྗོད་བྱའི་ཡན་ལག་དུ་མའི་འཁོར་ དང་བཅས་པས་ན་འཁོར་མང་བ་སྟེ། དེའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་ཞེས་བྱའོ། ཐབས་ཀྱི་རྒྱུད་ ནི། སངས་རྒྱས་ཐོབ་པའི་ཐབས་གཞན་ལས་མཆོག་ཏུ་གྱུར་པ་ལ་སོགས་པའི་ཕྱིར་ན་རྒྱལ་ 5-1-79 པོའོ། །རྗོད་བྱེད་སྒྲའི་རྒྱུད་ནི། རྒྱུད་འདིས་སྤྱིར་རྒྱུད་གཞན་རྣམས་སུ་མ་གསུངས་པའི་ཕྱི་ནང་ གཞན་གསུམ་གྱི་དོན་སྟོན་ཞིང༌། བྱེ་བྲག་ཏུ་རྒྱུད་གཞན་རྣམས་སུ་དབང་བཞི་པ་ཕྱག་རྒྱ་ཆེན་ པོའི་དོན་རྡོ་རྗེའི་ཚིག་ཏུ་སྦས་ཏེ་གསུངས་པ་རྣམས་འདིས་ཡིད་ཆེས་པའི་མཚན་མ་གསུམ་ དང་ལྡན་པར་ཤིན་ཏུ་གསལ་བར་སྟོན་པར་བྱེད་ཅིང་དབང་དང་དཀྱིལ་འཁོར་དང་ལྷའི་རྣམ་ དག་ལ་སོགས་པ་རིགས་པ་དང་མཐུན་པར་སྟོན་པ་ལ་སོགས་པའི་སྒོ་ནས་རྒྱུད་ཀྱི་རྒྱལ་པོའོ། ། གཉིས་པ་འགྲེལ་པའི་མཚན་གྱི་བཤད་པ་ནི། མདོར་བསྡུས་ཀྱི་མཚན་བསྟན་པའི་ སྐབས་སུ་བཤད་པར་བྱའོ། ། ༣ བཏགས་པའི་དགོས་པ། གསུམ་པ་མཚན་བཏགས་པའི་དགོས་པ་ནི། སྤྱིར་རྒྱུད་དང་འགྲེལ་པའི་མིང་དོན་གྱི་ འབྲེལ་པ་ཤེས་པར་འགྱུར་བ་དང༌། བྱེ་བྲག་ཏུ་དབང་པོ་རྣོན་པོས་རྒྱུད་དང་འགྲེལ་པའི་ བརྗོད་བྱ་རགས་པའི་རྣམ་པ་གོ་བའི་དོན་དུ་མཚན་བཏགས་པ་ཡིན་ལ། མཚན་ཐོག་མར་ སྨོས་པ་ནི། རྒྱུད་དང་འགྲེལ་པ་གང་ཡིན་པ་བཙལ་སླ་བའི་དོན་དུ་ཡིན་ཏེ། རྒྱ་སྐད་དང་བོད་ སྐད་ཀྱི་མཚན་གཉིས་སྨོས་པ་ནི། ཆོས་འདི་རྒྱ་གར་གྱི་སྐད་ལས་བསྒྱུར་བར་ཤེས་པའི་དོན་ དུ་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ཡི་གེ་པའམ། སྒྱུར་བྱེད་ ལོ་ཙྪ་བའི་ཕྱག་འཚལ་བ་སྟེ། དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པ་དང༌། གནས་སྐབས་ སྒྲ་བསྒྱུར་བའི་བར་ཆད་ཞི་བ་དང༌། མཐར་ཐུག་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པའི་དོན་ དུའོ། ། ད་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་བའི་སྐུ་རིགས་ལྡན་གྱི་རྒྱལ་པོ་ པད་མ་དཀར་པོའི་ཞལ་སྔ་ནས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བ་ཆེན་པོ་ 5-1-80 དྲི་མ་མེད་པའི་འོད་རྩོམ་པར་མཛད་པའི་ཐོག་མར་བར་དུ་གཅོད་པའི་བདུད་དང་བགེགས་ ཐམས་ཅད་ཉམས་པར་བྱ་བ་དང༌། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་གསང་ཆེན་ལས་ཀྱང་ ཤིན་ཏུ་གསང་ཆེན་དུ་གྱུར་པ་རྡོ་རྗེའི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོ་དང་ པོའི་སངས་རྒྱས་ཀྱི་དོན་རྟོགས་པར་བྱ་བའི་དོན་དུ་མཆོག་གི་འདོད་པའི་ལྷ་ལ་ཕྱག་འཚལ་ བ་དང༌། དམ་པའི་ལམ་གཏན་ལ་དབབ་པའི་དོན་དུ་བརྩམ་པར་དམ་བཅའ་བ་མཛད་པའི་ མདོར་བསྡུས་ཆེན་པོ་དང་པོའི་དོན་བཤད་པར་བྱའོ། ། འདི་ལ་གསུམ་སྟེ། མཆོད་པར་བརྗོད་པ་དང༌། བརྩམ་པར་དམ་བཅའ་བ་དང༌། མདོར་ བསྡུས་ཀྱི་མཚན་བསྟན་པའོ། ། དང་པོ། མཆོད་པར་བརྗོད་པ་ལ་གཉིས། དང་པོ་ལ་གཉིས། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་དང༌། དེ་ཉིད་ཀྱི་རྣམ་གྲངས་ གཞན་ལ་ཕྱག་འཚལ་བའོ། ། (༡) དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ལ་ཕྱག་འཚལ་བ་ལ་བཞི། དང་པོ་ལ་བཞི་སྟེ། དུས་ཀྱི་འཁོར་ལོའི་མཚན་དོན་གྱི་སྒོ་ནས་དང༌། དང་པོའི་སངས་ རྒྱས་ཀྱི་མཚན་དོན་གྱི་སྒོ་ནས་དང༌། དེ་ཉིད་བཅུ་དྲུག་དང་བདེན་དོན་བཅུ་གཉིས་ཀྱི་སྒོ་ནས་ དང༌། སྐུ་བཞི་དང་རྡོ་རྗེ་བཞིའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བའོ། ། ༡ དུས་ཀྱི་འཁོར་ལོའི་མཚན་དོན་གྱི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ། དང་པོ་ནི། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། ། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་བྱ་བ་ གསུངས་ཏེ། དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཀྱེའི་རྡོ་རྗེ་ལས། ཤྲཱི་ནི་གཉིས་མེད་ཡེ་ ཤེས་ཏེ། །ཞེས་སོ། །ལྡན་ཞེས་པ་ནི་དེའི་བདག་ཉིད་ལ་དེ་དང་ལྡན་པའི་སྒྲ་སྦྱར་བའོ། །དུས་ 5-1-81 ནི་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཡིན་ལ་དེ་ཉིད་ཀྱི་ཕུང་པོ་དང་ ཁམས་ལ་སོགས་པ་གཞན་གདོད་མ་ནས་སྒྲིབ་པ་དང་བྲལ་བ་ནི་འཁོར་ལོ་སྟེ། དེ་དག་དབྱེར་ མེད་པའི་བདག་ཉིད་ལ་ཕྱག་འཚལ་ཞེས་པའོ། །དུས་ཀྱི་འཁོར་ལོ་དེ་ཡང་ཇི་ལྟ་བུ་ཞིག་ཡིན་ ན། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་ཡིན་ཏེ། འདིར། སྟོང་པ་ཉིད་ཀྱི་དོན་ནི་ཕུང་པོ་ལ་ སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་རིགས་པས་བརྟགས་ཤིང་དཔྱད་ན་ གང་དུ་ཡང་མ་གྲུབ་པའི་སྟོང་པ་ཉིད་ནི་མ་ཡིན་གྱི། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། སོ་སོར་ སྡུད་པས་རྣལ་འབྱོར་པ་ནི་ནམ་མཁའི་མཐིལ་དུ་སོན་པ་དུས་གསུམ་གཟུགས་རྣམས་མཐོང་ བར་འགྱུར། །ཞེས་གསུངས་པ་དུས་གསུམ་གྱི་ཤེས་བྱའི་རྣམ་པ་སེམས་ཀྱི་རང་བཞིན་འོད་ གསལ་པྲ་ཕབ་པའི་སྣང་བ་ལྟ་བུ་དེ་སྟོང་ཉིད་ཀྱི་དོན་ཡིན་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པའི་སྟོང་པ་ཉིད་ཅེས་བྱའོ། །དེ་ནི་སྐྱེ་བ་དང་འགག་པ་ལྟར་སྣང་ཡང་སྐྱེ་འགག་ མེད་ལ་རྣལ་འབྱོར་པའི་སོ་སོར་རང་རིག་པའི་ཡེ་ཤེས་ལ་གསལ་བར་སྣང་བས་ན་སྟོང་པའི་ དངོས་པོ་ཞེས་ཀྱང་བྱ་སྟེ། འཁོར་ལོའི་དོན་ནོ། །འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་ འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་སྙིང་པོ་ མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་ པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོའི་སྟོང་པ་ཉིད། ། ཕུང་པོ་རྣམས་རྣམ་དཔྱད་པ་མིན། །ཞེས་སོ། །སྟོང་པ་ཉིད་དེ་དང་ལྷན་ཅིག་སྐྱེས་པ་མཆོག་ ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནི་སྙིང་རྗེ་སྟེ་དུས་ཀྱི་དོན་ནོ། །ཨ་ཙ་ལ་གརྦྷའི་བཤད་སྦྱར་ དུ་དྲངས་པ། ཡེ་ཤེས་འགྱུར་བ་མེད་པའི་ཐབས། །མངོན་པར་ཤེས་པ་དྲུག་ཅན་ནོ། །ཞེས་ སོ། །བདེ་བ་ཆེན་པོ་ནི་ཆགས་པ་ཆེན་པོ་ཡིན་པས་སྙིང་རྗེ་ཞེས་བྱ་སྟེ། དེ་དག་གདོད་མ་ནས་ དབྱེར་མེད་པ་ནི་སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་ནོ། །དེ་ཉིད་ཁོ་ན་སྲིད་གསུམ་སྐྱེ་འཇིག་ 5-1-82 མེད་པའི་དངོས་པོ་ཡང་ཡིན་ནོ་ཞེས་པ་ལ། ཨ་ཙ་ལ་གརྦྷས། སྲིད་པ་གསུམ་ནི་ལུས་ངག་ཡིད་ གསུམ་ལ་སྦྱར་ནས་དེ་དག་གི་སྐྱེ་བ་ནི་སྲིད་པ་དང་འཇིག་པ་ནི་མྱ་ངན་ལས་འདས་པ་སྟེ་དེ་ དག་ཡེ་ཤེས་ལ་མེད་ཅེས་འཆད་ཀྱང༌། དགོངས་པ་ནི། དཔལ་ལྡན་རྒྱུད་ལས། སྐད་ཅིག་རྣམ་ བྲལ་རང་བཞིན་མེད་པ་དག་གི་སྲིད་པ་ཡོད། །ཅེས་{པ་}དང༌། འཁོར་ལོ་སྲིད་གསུམ་ཀུན་ ནས་དྭངས་བའོ། །ཞེས་དང༌། རྩ་བའི་རྒྱུད་ལས། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་ རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ ཉིད་སྲིད་པ་གསུམ་གྱི་རྣམ་པ་ཅན་ནི་སྲིད་པ་གསུམ་སྟེ་འཁོར་ལོའི་དོན་ཡིན་ལ། སྐྱེ་བ་ནི་ བྱང་སེམས་ཐིག་ལེ་གཙུག་ཏོར་རམ་དཔྲལ་བ་ནས་རྡོ་རྗེ་ནོར་བུར་བྱོན་པ་ཆགས་པ་དཀར་ པོའི་ཕྱོགས་དང༌། འཇིག་པ་ནི་རྡོ་རྗེ་ནོར་བུ་ལས་ཕྱིར་འདས་པ་ཆགས་བྲལ་ནག་པོའི་ཕྱོགས་ དང༌། དེ་དག་མེད་པའི་དངོས་པོ་ནི་ཆགས་པ་དང་ཆགས་བྲལ་གྱི་མཐའ་གཉིས་ཀྱི་དབུས་ ཆ་བཅུ་དྲུག་པ་ལྟ་བུ་ལྷན་ཅིག་སྐྱེས་པའི་བདེ་བ་སྟེ་དུས་ཀྱི་དོན་ནོ། །དབང་མདོར་བསྟན་ པར། སྐྱེ་བ་དང་ནི་འཇིག་པའི་ཕྱོགས། །ཡར་ངོ་མར་ངོ་རབ་ཏུ་གནས། །དེ་གཉིས་དབུས་ སུ་རྫོགས་པ་གང༌། །རྫོགས་པ་དེ་ནི་རབ་མི་གནས། །ཞེས་དང༌། ཡང་ཡང་གཙུག་ཏོར་དུ་ འཆར་བ། །སླར་ཡང་རྡོ་རྗེ་ནོར་བུར་རྫོགས། །དེ་ཆགས་བྲལ་ལས་ཆ་ཉམས་པ། །ལུས་ཅན་ ཡེ་ཤེས་ཉམས་པ་མིན། །ཞེས་སོ། །དེ་ཉིད་ཤེས་པ་དང་ཤེས་བྱ་གཅིག་པའི་སྐུ་སྟེ། ཤེས་པ་ནི་ འཛིན་པར་བྱེད་པའི་སེམས་གཞན་བདེ་བ་ཆེན་པོ་སྟེ་དུས་ཀྱི་དོན་ཡིན་ལ། ཤེས་བྱ་ནི་གཟུང་ བར་བྱ་བའི་སེམས་གཞན་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དེ། འཁོར་ལོའི་དོན་ནོ། ། དེ་དག་གཉིས་སུ་མེད་པས་གཅིག་པ་ནི་དུས་ཀྱི་འཁོར་ལོའི་སྐུ་སྟེ་དེ་ལ་ཕྱག་འཚལ་ཞེས་ པའོ། །འདིར་སློབ་དཔོན་ཨ་ཙ་ལ་གརྦྷས། དུས་འཁོར་དང་སྟོང་ཉིད་སྙིང་རྗེའི་བདག་ཉིད་ ལ་སོགས་པ་གསུམ་ལ་ཟློས་པ་སྤོངས་བའི་ཚུལ་སྤྲོས་ཏེ་འཆད་པ་ནི་མ་བྲིས་སོ། །འོན་ཀྱང་ 5-1-83 བཤད་སྦྱར་སྙིང་པོ་སྣང་བ་ལས། ཉན་ཐོས་མདོ་སྡེ་པ་དང་སེམས་ཙམ་པ་ཤེས་བྱ་རྡུལ་ཕྲན་ དང་རྣམ་པར་ཤེས་པ་ཐ་དད་པར་འདོད་པ་བསལ་བའི་ཕྱིར་ཤེས་དང་ཤེས་བྱ་གཅིག་པའི་ སྐུ་ཞེས་ཟློས་པ་གསུངས་པར་འཆད་པ་ནི་མ་འབྲེལ་ཏེ། རྡུལ་ཕྲན་དང་རྣམ་ཤེས་ཀྱི་ཤེས་བྱ་ དང་ཤེས་པ་གཅིག་པར་སྟོན་པ་ནི་མ་ཡིན་ཏེ། ཀུན་རྫོབ་ཏུ་ནི་ཤེས་པ་དང་ཤེས་བྱ་དེ་གཉིས་ཐ་ དད་པ་ཡིན་ལ་དོན་དམ་པར་ནི་ཤེས་པ་དང་ཤེས་བྱ་དེ་དག་གང་དུ་ཡང་མ་གྲུབ་པས་དེ་དག་ གཅིག་པའི་སྐུ་མི་འཐད་དོ། །དེས་ན་འདིར་གསུངས་པའི་ཤེས་པ་དང་ཤེས་བྱ་ནི་དོན་དམ་ པའི་བདེན་པ་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ནི་ཤེས་བྱ་དང་དེ་དང་གདོད་མ་ཉིད་ ནས་དབྱེར་མེད་ཅིང་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ནི་ཤེས་པ་ཡིན་ཏེ་ཤེས་པ་དང་ཤེས་ བྱ་གཞན་ཞེས་གསུངས་ཤིང་གཟུང་བ་དང་འཛིན་པ་གཞན་ཞེས་པ་དང༌། དབང་བཞི་པའི་ ཤེས་རབ་དང་ཡེ་ཤེས་ཞེས་ཀྱང་འགྲེལ་ཆེན་འདི་ཉིད་ལས་གསལ་བར་གསུངས་སོ། །ཕྱག་ འཚལ་བའི་དོན་ནི་གང་གིས་ཕྱག་འཚལ་ན་སྤྱན་རས་གཟིགས་དབང་ཕྱུག་པད་མ་དཀར་ པོས་སོ། ། ཚུལ་ཇི་ལྟར་ན། དྲང་དོན་དུ་ལུས་ཀྱི་ལག་པ་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ཅིང་པུས་ མོའི་ལྷ་ང་ས་ལ་གཏུགས་པ་དང༌། ངག་གིས་བསྟོད་པའི་ཚིག་བརྗོད་པ་དང༌། །ཡིད་ཀྱིས་ཡོན་ ཏན་རྗེས་སུ་དྲན་པའི་ཚུལ་གྱིས་སོ། །ངེས་དོན་དུ་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་པོ་རྩ་ དབུ་མར་གཅིག་ཏུ་སྦྱོར་བ་ནི་ཐལ་མོ་སྦྱར་བ་ཡིན་ལ། ཡེ་ཤེས་ཀྱི་རླུང་སྤྱི་བོའི་བར་དུ་སོང་ ནས་ཕྱིར་མི་འགྲོ་བ་ནི་ཐལ་མོ་སྦྱར་བ་སྤྱི་བོར་བཞག་པ་ཡིན་ཏེ། དབང་མདོར་བསྟན་པར། སོར་མོ་རྣམས་ནི་ཕན་ཚུན་དུ། །དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །ཕྱི་བོར་ལག་པའི་ མཐིལ་སྦྱར་དག །རྩེ་གཅིག་དེ་ནི་གྲི་གུག་གོ། ཞེས་གསུངས་སོ། །རླུང་གཡོ་བ་མེད་པ་ལས་ ངག་བརྗོད་པ་དང་བྲལ་བ་ནི་བསྟོད་པ་ཡིན་ཞིང༌། ཅིར་ཡང་རྣམ་པར་མི་རྟོག་པའི་ཏིང་ངེ་ 5-1-84 འཛིན་ནི་ཡིད་ཀྱིས་ཡོན་ཏན་རྗེས་སུ་དྲན་པ་ཡིན་ནོ། །ཨ་ཙ་ལ་གརྦྷས་ནི། ཚིགས་སུ་བཅད་ པ་དང་པོ་འདི་ནས་བཟུང་སྟེ་ཕྱག་འཚལ་བའི་སྡེ་ཚན་ལྔའི་བར་རྣམས་ཀྱིས་རིམ་པ་ལྟར་སྟོང་ པ་ཆེན་པོ་ཡི་གེ་ལྔ་ལ་ཕྱག་འཚལ་བར་བཤད་པར་མཛད་དོ། ། ༢ དང་པོའི་སངས་རྒྱས་ཀྱི་མཚན་དོན་གྱི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ། གཉིས་པ་ནི། རྣམ་པར་བཅས་ཀྱང་ཞེས་པ་ལ་སོགས་པ་སྟེ། མཆོག་གི་དང་པོའི་སངས་ རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ་ཞེས་པ་ལ། དང་པོའི་སངས་རྒྱས་དེའི་ རང་བཞིན་ནི་བདེ་བ་ཆེན་པོའི་སྐུ་ཡིན་ལ། དེའི་ཡུམ་ནི་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་ མཆོག་དང་ལྡན་པ་སྟེ། སྲིད་པ་གསུམ་དང་དུས་གསུམ་གྱི་རྣམ་པར་བཅས་པ་ཡིན་ཀྱང་རྡུལ་ ཕྲ་རབ་ཀྱི་ཆོས་ལས་འདས་པས་སྲིད་པ་གསུམ་དང་དུས་གསུམ་གྱི་རྣམ་པ་དེ་དང་དེའི་དངོས་ པོར་མེད་པའོ། །འདིའི་དོན་ནི་ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་བཅུ་དགུ་པ་ལས། ས་ཡི་ རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །ཞེས་སོགས་ཀྱིས་ བསྟན་པ་ལྟར་ཤེས་པར་བྱའོ། །དཔལ་ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་ལས། རྣམ་ པ་ཀུན་ལྡན་རྣམ་པ་མེད་ཅེས་པ་ལ་སོགས་པ་རྡོ་རྗེའི་ཚིག་གི་ངེས་པའི་དོན་ནི། འདིར་རྣམ་ པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་སྟེ་སོ་སོར་སྡུད་པས་གང་ཞིག་མཐོང་བ་དངོས་པོ་བུམ་པ་དང་ སྣམ་བུ་ལ་སོགས་པ་པྲ་ཕབ་པ་དང་མཚུངས་པར་སྣང་པའོ། ། རྣམ་པ་ཀུན་ལྡན་ཞེས་པ་རྟོག་པ་དང་བྲལ་བ་མ་འཁྲུལ་བའི་མངོན་སུམ་གྱིས་མཐོང་བ་ ལས་ཞེས་པའོ། །རྣམ་པ་མེད་ཅེས་པ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྟོག་པ་དང་ བྲལ་བ་ཉིད་ལས་སོ། །གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གིས་རྟོགས་པ་དེའི་ ཕྱིར་གཟུགས་མ་ཡིན་ཞིང༌། གཟུགས་ལས་གཞན་ཡང་མ་ཡིན་ལ། མིག་གིས་རྟོགས་པ་མ་ ཡིན་ཞིང༌། མིག་མེད་པར་ཡང་རྟོགས་པ་མ་ཡིན་ནོ། །དེ་ལྟར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་ 5-1-85 རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ ལྡན་པའོ། །ཡང་ན་སངས་རྒྱས་ཀྱི་གཟུགས་བརྙན་ཁམས་གསུམ་པ་མ་ལུས་པ་ཞེས་པ་རྒྱུའོ། ། དེ་ལས་སྐྱེས་པའི་འབྲས་བུ་མཆོག་ཏུ་མི་འགྱུར་བའི་བདེ་བ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ འཆང་བ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཆེན་པོ་ཞེས་བརྗོད་དོ། །ཞེས་ པ་ལྟར་རོ། །རྒྱུ་འབྲས་དེ་དག་ངོ་བོ་ཐ་དད་མ་ཡིན་གྱི་མེའི་འོད་དང་སྲེག་པར་བྱེད་པ་ལྟར་ དབྱེར་མེད་པར་གསུངས་སོ། །དེ་ཉིད་བཅོམ་ལྡན་འདས་མ་སྟེ། རྩ་བའི་རྒྱུད་དུ། དབང་ཕྱུག་ དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་ སུམ་ཚོགས་པ་སྟེ། །དྲུག་རྣམས་བྷ་ག་ཞེས་པར་བཤད། །སུམ་ཅུ་རྩ་དྲུག་ཁམས་དག་པ། །ས་ སོགས་རྡོ་རྗེ་བཙུན་མོ་རྣམས། །དེ་ཡི་ཡོན་ཏན་དབང་ཕྱུག་སོགས། །དྲུག་པོ་དེ་རྣམས་བྷ་གར་ བསྒྲགས། །ཞེས་གསུངས་པ་ལྟར། རྣམ་པར་དག་པའི་ཁམས་སུམ་ཅུ་རྩ་དྲུག་ནི་སྤྱན་མ་ལ་ སོགས་པ་རྡོ་རྗེ་བཙུན་མོ་ཡིན་ལ། དེའི་ཡོན་ཏན་དབང་ཕྱུག་ལ་སོགས་པ་དྲུག་པོ་བྷ་ག་ཞེས་ པ་བཅོམ་པའི་དོན་ཡིན་ཞིང་དེ་ཉིད་ལ་སྐལ་བ་ཞེས་ཀྱང་བྱ་སྟེ། དེ་དང་ལྡན་པས་ན་བཅོམ་ ལྡན་ཏེ་དེའི་ངོ་བོ་ཉིད་ཡིན་པ་ལ་དེ་དང་ལྡན་པའི་སྒྲ་སྦྱར་བའོ། །དེ་བཞིན་དུ་བདུད་དང་ཉོན་ མོངས་པ་བཅོམ་པའི་ཕྱིར་ན་ཡང་བཅོམ་ལྡན་ཞེས་བྱ་སྟེ། དཔལ་ཀྱེའི་རྡོ་རྗེར། འཇོམས་བྱེད་ བྷ་ག་ཞེས་བྱ་སྟེ། །བདུད་དང་ཉོན་མོངས་དགྲ་འཇོམས་ཕྱིར། །ཤེས་རབ་ཀྱིས་གཞོམ་ཉོན་ མོངས་དེ། །དེ་ཕྱིར་ཤེས་རབ་བྷ་གར་བརྗོད། །ཅེས་སོ། །མ་ཞེས་པ་ཡུམ་གྱི་དོན་ནོ། །དེ་ཉིད་ དང་པོའི་སངས་རྒྱས་བདེ་བ་ཆེན་པོའི་ཤེས་རབ་མའམ་ཕྱག་རྒྱ་ཆེན་མོ་སྟེ་དེ་ཡིས་རྟག་པར་ དབྱེར་མེད་དུ་འཁྱུད་པའོ། །ཤེས་རབ་མ་དེའི་ཐབས་དང་པོའི་སངས་རྒྱས་དེ་བདེ་བ་ཇི་ལྟ་ བུའི་བདག་ཉིད་ཡིན་ན། སྐྱེ་འཇིག་སྤངས་པའི་འགྱུར་མེད་བདེ་བ་དང་ལྡན་ཞེས་པ་སྐྱེ་བ་ནི་ ཆགས་པ་དཀར་བོའི་ཕྱོགས་དང་འཇིག་པ་ནི་ཆགས་བྲལ་ནག་པོའི་ཕྱོགས་ཏེ། དེ་དག་སྤངས་ 5-1-86 པའི་འཕོ་འགྱུར་མེད་པའི་བདེ་བ་དང་ལྡན་པ་སྟེ་བདེ་བའི་བདག་ཉིད་ཡིན་ལ། དེ་ནི་རྒོད་པ་ ལ་སོགས་བདེ་བ་སྤངས་ཞེས་པ་སྟེ་གཟུགས་ཀྱི་སྲིད་པ་བཅུ་དྲུག་ལས་རླུང་གི་ཟད་པར་བཞི་ ནི་ཤེས་རབ་ལ་རྒོད་པའི་བདེ་བ་དང༌། མེའི་ཟད་པར་བཞི་ནི་བལྟས་པའི་བདེ་བ་དང༌། ཆུའི་ ཟད་པར་བཞི་ནི་ནུ་མ་ལ་རེག་པའི་བདེ་བ་དང༌། སའི་ཟད་པར་བཞི་ནི་ལག་བཅངས་ཀྱི་བདེ་ བར་འགྱུར་ལ། འདོད་ཁམས་པ་རྣམས་ཀྱི་ནི་གཉིས་གཉིས་སྦྱོར་བའི་བདེ་བ་སྟེ། དེ་ལྟ་བུའི་ འཛག་པའི་བདེ་བ་སྤངས་པའི་བདེ་བ་ཆེན་པོའོ། །རྩ་བའི་རྒྱུད་ལས། དབང་པོ་གཉིས་སྐྱེས་ བདེ་བ་ལྷ། །ཆགས་ཅན་རྣམས་ཀྱི་དེ་ཉིད་བཤད། །འཇིག་རྟེན་གསུམ་སྤྱོད་ལས་གྲོལ་བ། ། འགྱུར་མེད་བདེ་བ་སངས་རྒྱས་ཀྱིའོ། །རྒོད་དང་བལྟ་ལས་སོགས་ལས་གྲོལ། །གཉིས་སྦྱོར་ ཐམས་ཅད་རྣམ་པར་སྤངས། །རྒྱུ་དང་འབྲས་ལས་ངེས་གྲོལ་བས། །འཇིག་རྟེན་གསུམ་སྣང་ གཉིས་སུ་མེད། །ཅེས་སོ། །དེ་ནི་སྒྲིབ་པ་མེད་པའི་ཕུང་པོ་ལྔའི་བདག་ཉིད་མི་བསྐྱོད་པ་ལ་ སོགས་པ་སངས་རྒྱས་ལྔ་པོ་རྣམས་ཀྱི་བསྐྱེད་པར་མཛད་པ་པོ་རྡོ་རྗེ་སེམས་དཔའ་ངོ་བོ་ཉིད་ ཀྱི་སྐུ་ཡིན་ལ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་པོ་རྣམས་དང་ ལྡན་ཞིང་ཞེས་པ་སྐུ་བཞིའི་བདག་ཉིད་དོ། །དེ་ནི་དུས་གསུམ་ཡང་དག་པར་རིག་པས་ཀུན་ མཁྱེན་ཡིན་ཏེ། དེ་ཡང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་པྲ་ཕབ་པའི་སྣང་བ་ ལྟ་བུའི་དུས་གསུམ་གྱི་རྣམ་པ་ནམ་མཁའ་ལྟར་ཀུན་ཏུ་ཁྱབ་པ་དེ་སོ་སོ་རང་རིག་པའི་ཚུལ་ གྱིས་ཡང་དག་པར་རིག་ཅིང་མཁྱེན་པས་ཀུན་རྫོབ་ཆོས་ཅན་གྱིས་བསྡུས་པའི་དུས་གསུམ་པོ་ ཐམས་ཅད་མཁྱེན་པ་ཡིན་པར། ཡེ་ཤེས་ཀྱི་ལེའུའི་སྐུ་བཞིའི་མདོར་བསྡུས་ཀྱི་འགྲེལ་པར་ གསལ་བར་གསུངས་སོ། །མཆོག་གི་དང་པོའི་སངས་རྒྱས་ནི་སྐད་ཅིག་གཅིག་དང་རྣམ་པ་ ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ ཅན་འགྱུར་བ་མེད་པའི་བདེ་བ་ནི་མཆོག་ཡིན་ལ། དེ་དང་པོར་སངས་རྒྱས་པ་ནི་མཆོག་གི་ 5-1-87 དང་པོའི་སངས་རྒྱས་ཏེ། མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ཐོག་མ་ཐ་མ་ མེད། །དང་པོའི་སངས་རྒྱས་རིགས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ ཅན་དེ་བཞིན་གཤེགས། །ཞེས་སོ། །དང་པོ་ཞེས་པའི་དོན་ཡང་ཐོག་མ་དང་ཐ་མ་མེད་པ་ལ་ གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་ བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དེ་ཉིད་གདོད་མ་ནས་དོན་དམ་པའི་སྐུ་བཞིའི་ བདག་ཉིད་དུ་ལྷུན་གྱིས་གྲུབ་ཅིང༌། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་སྐུའི་ཡོན་ ཏན་ཐམས་ཅད་རང་བཞིན་གྱིས་དབྱེར་མེད་པར་ལྡན་པའི་དེ་བཞིན་གཤེགས་པའི་སྙིང་པོ་ ཉིད་དང་པོའི་སངས་རྒྱས་ཀྱི་དོན་ཡིན་ནོ། །འདིའི་དོན་དང་སྔར་གསུངས་པའི་སྟོང་པ་ཉིད་ཀྱི་ དོན་རྒྱས་པར་ནི། དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ མཛད་པའི་ངེས་དོན་རྒྱ་མཚོ་དང༌། ཁོ་བོས་བརྩམས་པའི་རྡོ་རྗེའི་རྣལ་འབྱོར་གྱི་ངོ་སྤྲོད་ཡང་ དག་དོན་གསལ་དང༌། གསང་དོན་རབ་གསལ་ལ་སོགས་པ་ལས་ཤེས་པར་བྱའོ། །བཅོམ་ ལྡན་གྱི་དོན་ནི་བཤད་ཟིན་ལ། གཉིས་མེད་ནི་ཐབས་དང་ཤེས་རབ་ལ་སོགས་པ་གཉིས་ཀྱི་ ཆོས་ཐམས་ཅད་དང་བྲལ་བའོ། ། ༣ དེ་ཉིད་བཅུ་དྲུག་དང་བདེན་དོན་བཅུ་གཉིས་ཀྱི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ། གསུམ་པ་ནི། སངས་རྒྱས་སེང་གེའི་ཁྲིར་བཞུགས་ཞེས་པ་ལ་སོགས་པ་སྟེ། སླར་ཡང་ དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་པ་ལ། དུས་ཀྱི་འཁོར་ལོའི་ཡོན་ཏན་ནི་སངས་རྒྱས་ ཞེས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་བཞིའི་བདག་ཉིད་དུ་དང་པོར་སངས་རྒྱས་པ་ དང༌། རྣལ་འབྱོར་པས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པར་བྱས་ཤིང་མི་འགྱུར་ བའི་བདེ་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་ནས་མངོན་པར་བྱང་ཆུབ་པ་བཞི་ མངོན་དུ་བྱས་པས་སངས་རྒྱས་པའོ། །སངས་རྒྱས་དེ་གདན་གང་ལ་བཞུགས་ན་སེང་གེའི་ 5-1-88 ཁྲིར་བཞུགས་ཞེས་པ་ལ། སེང་གེ་ནི་སྒྲིབ་བཅས་ཀྱི་ཕུང་པོ་ལ་སོགས་པའི་རི་དྭགས་གསོད་ པར་བྱེད་པ་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ནམ་མཁའི་ཁམས་གཞན་ཡིན་ལ། དེ་ ཉིད་རྣམ་པ་ཐམས་ཅད་པའི་གཟུགས་ཀྱིས་བརྒྱན་པས་ཁྲི་ཞེས་བྱ་སྟེ། དེ་ལ་ངོ་བོ་དབྱེར་མེད་ པའི་ཚུལ་གྱིས་བཞུགས་པའོ། །དེ་ཉིད་ཐབས་ཤེས་གཅིག་ཏུ་སྦྱོར་བས་རྡོ་རྗེའི་རྣལ་འབྱོར་ ཞེས་ཀྱང་བྱ། རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མས་ཀྱང་རྣམ་པར་དག་པའི་ དག་པ་གཉིས་ལྡན་ཞེས་ཀྱང་བྱ་སྟེ། སྲིད་པ་གསུམ་ལས་འདས་པས་སྲིད་པ་གསུམ་གྱིས་ མཆོད་པའི་འོས་སུ་གྱུར་པའོ། །སངས་རྒྱས་རྡོ་རྗེའི་རྣལ་འབྱོར་དེ་ཉིད་གཅིག་པུ་ཡིན་པས་ ངོ་བོའི་དབྱེ་བ་བྱར་མེད་ཀྱང་གདུལ་བྱའི་མོས་པའི་བསམ་པའི་དབང་གིས་རྣམ་པའི་དབྱེ་བ་ བྱས་ན། སྐུ་གསུང་ཐུགས་ཡེ་ཤེས་བཞི་སྐུ་བཞི་ཡི་རབ་ཏུ་དབྱེ་བས་ཕྱེ་བ་རྣམ་པ་བཅུ་དྲུག་སྟེ། མཚན་ཡང་དག་པར་བརྗོད་པར། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་སོ། །དོན་དམ་པའི་ སངས་རྒྱས་དེ་གང་ལ་གནས་ན། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པས་སྲིད་པ་གསུམ་ གྱི་དངོས་པོར་མེད་ཀྱང་སྲིད་པ་གསུམ་གྱི་རྣམ་པར་སོ་སོ་རང་རིག་ཡེ་ཤེས་ལ་སྣང་བའི་ཡང་ དག་པའི་མཐའ་ལ་གནས་སོ། །འདིར་གཞན་དག་ནི། སྲིད་མེད་དེ་མྱང་འདས་ནག་ཕྱོགས་ཀྱི་ ཆ་དང་སྲིད་པ་སྟེ་འཁོར་བ་དཀར་ཕྱོགས་ཀྱི་ཆ་ཡིན་ལ། གནས་པ་ལ་སཾསྐྲ་ཏ་ལས་ག་ཏ་ཞེས་ འབྱུང་ཞིང་དེ་སོང་བ་ལ་འཇུག་པས་སོང་བ་ནི་དེ་དག་དང་བྲལ་བ་མི་གནས་པའི་མྱ་ངན་ལས་ འདས་པའོ། །ཞེས་འཆད་པ་ནི་དགོངས་པ་མ་ཡིན་ཏེ། ཤོང་འགྱུར་ཉིད་ལ་སྲིད་པར་ཞེས་ ཡོད་པ་ནི་སྲིད་པ་ལ་ཞེས་པའི་དོན་ཡིན་པས་སྲིད་མེད་སྲིད་པ་ལ་གནས་པ་ཞེས་པར་རིགས་ ཀྱི། སྲིད་མེད་སྲིད་པ་སོང་བ་ཞེས་སྦྱོར་བ་མི་རིགས་སོ། །སངས་རྒྱས་དེ་ཉིད་སྔར་བཤད་པ་ ལྟར་ཤེས་པ་དང་ཤེས་བྱ་གཅིག་ཏུ་གྱུར་པ་ཡིན་ལ། རྒྱལ་བ་མཆོག་གི་དམ་ཚིག་ཅེས་པ་བདེ་ བ་ཆེན་པོ་དེ་ཉིད་རྡོ་རྗེ་སེམས་དཔའི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཡང་དེའི་ངོ་བོ་ 5-1-89 ཉིད་ལས་འདའ་བར་བྱ་བ་མ་ཡིན་པས་ན་རྒྱལ་བ་མཆོག་གི་དམ་ཚིག་གོ། ཡང་ན་ས་མ་ ཡ་ནི་འདུས་པ་སྟེ། རྒྱལ་བ་མཆོག་གི་སྒྲིབ་པ་མེད་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ ཚོགས་པ་ཡིན། ཞེས་བྱའོ། །དེ་ཉིད་རྟེན་འབྲེལ་ཡན་ལག་རྣམ་པ་བཅུ་གཉིས་ཀྱི་བདེན་དོན་ ཞེས་པ་ཡན་ལག་བཅུ་གཉིས་ཀྱི་དེ་བཞིན་ཉིད་དོན་དམ་པའི་བདེན་པ་ཏེ། དུས་སྦྱོར་བཅུ་ གཉིས་ཀྱི་རླུང་འགགས་པས་ཐོབ་པར་བྱ་བ་དོན་དམ་པའི་ས་བཅུ་གཉིས་སམ་གནས་དང་ཉེ་ བའི་གནས་ལ་སོགས་པ་བཅུ་གཉིས་ཏེ། མཚན་ཡང་དག་པར་བརྗོད་པར། བདེན་དོན་རྣམ་ པ་བཅུ་གཉིས་ལྡན། །ཞེས་སོ། །བྱང་ཆུབ་སེམས་ནི་ཞེས་པ་བདེན་དོན་རྣམ་པ་བཅུ་གཉིས་ནི་ སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱང་ཡིན་ཏེ། གསང་བ་འདུས་ པར། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་དང་སྙིང་རྗེ་ དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་སོ། །རྒྱལ་བའི་རྡོ་རྗེའི་གནས་ གྱུར་ཞེས་པ་བདེན་དོན་རྣམ་པ་བཅུ་གཉིས་དེ་ཉིད་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ ཤེས་གཞོམ་དུ་མེད་ཅིང་མི་ཕྱེད་པ་རྡོ་རྗེ་བཞིའི་བདག་ཉིད་དེ་ཉིད་རྣམ་པ་བཅུ་དྲུག་གི་གནས་ སམ་གཞིར་གྱུར་པ་ཡིན་ཞེས་པའོ། །དེ་ལྟར་བདེན་དོན་བཅུ་གཉིས་དང་ལྡན་ཞིང་དེ་ཁོ་ན་ ཉིད་རྣམ་པ་བཅུ་དྲུག་རིག་པའི་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཞེས་པའོ། ། ༤ སྐུ་བཞི་དང་རྡོ་རྗེ་བཞིའི་སྒོ་ནས་བསྟོད་ཅིང་ཕྱག་འཚལ་བ། བཞི་པ་ནི། ཀུན་མཁྱེན་ཡེ་ཤེས་སྐུ་ནི་ཞེས་པ་ལ་སོགས་པ་སྟེ། དང་པོའི་སངས་རྒྱས་ དེ་ལ་འདུད་ཅེས་པའོ། །དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། དེའི་སྐུ་བཞིའི་ཡོན་ཏན་རྒྱུད་ཀྱི་གླེང་ གཞིའི་སྐབས་དང་སྦྱར་ནས་སྟོན་པ་རྒྱུད་ཀྱི་གླེང་གཞིར་ཀུན་མཁྱེན་ཏེ་ཐམས་ཅད་མཁྱེན་ པ་ཞེས་པ་ནི་རྒྱལ་བའི་བདག་པོའི་ལྷན་ཅིག་སྐྱེས་པའི་སྐུ་དང་དེ་བཞིན་དུ་ཡེ་ཤེས་སྐུ་ཞེས་ པ་ཆོས་ཀྱི་སྐུ་སྟེ་དེ་དང་དེ་དོན་གཅིག་ཅེས་པའོ། །དེ་བཞིན་དུ་ཉིན་མོར་ཕྱེད་པའི་སྐུ་ཞེས་ 5-1-90 པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། པད་མའི་འདབ་མ་རྒྱས་པའི་སྤྱན་ཞེས་པ་སྤྲུལ་བའི་ སྐུ་སྟེ་སྐུ་བཞིའི་བདག་ཉིད་དོ། །ཡང་ཞེས་པ་ནི་སྔ་མ་གཉིས་ཀྱི་སྦྱོར་ཚུལ་ལྟར་ཕྱི་མ་གཉིས་ ཀྱང་སྦྱར་རོ་ཞེས་པའི་དོན་ནོ། །གླེང་གཞིའི་ཚིག་གི་དོན་ནི་འོག་ཏུ་རྒྱས་པར་འཆད་དོ། །སྐུ་ བཞིའི་དོན་མདོར་བསྡུས་པ་ནི། འཕགས་པ་འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་ མདོར་བསྟན་པར་གསུངས་པ། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་ མཆོག་གོ། སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུར་རབ་བསྒྲགས། །ཡེ་ཤེས་ཕུང་པོ་མཐའ་ཡས་ པ། །བདག་གི་ཡེ་ཤེས་སྐུར་རབ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་ བདེ་སྐུ་འགྱུར་མེད་མཆོག །གོང་བུའི་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་ སུ་བསྒྲགས། །བསྒྲུབ་བྱ་ལུས་ནི་རྒྱལ་མིན་འགྱུར། །སེམས་ཅན་མགུ་བའི་གནས་དང་ནི། ། སྟོང་ཉིད་ཡེ་ཤེས་དམ་པའི་བདེས། །གང་ཕྱིར་སྐུ་རྣམས་བསྒྲུབ་པ་འོ། །ཞེས་གསུངས་ཏེ། རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་སྟོང་པ་ཉིད་ཀྱི་གཟུགས་ནམ་མཁའ་ལྟར་མཐའ་ཡས་པ་ ནི་དོན་དམ་པའི་སྤྲུལ་བའི་སྐུ་དང༌། གཞོམ་མེད་ཀྱི་སྒྲའི་ཕུང་པོ་ནམ་མཁའ་ལྟར་མཐའ་ཡས་ པ་ནི་དོན་དམ་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་ པ་ཟག་མེད་ཀྱི་ཆོས་ཀྱི་ཕུང་པོ་ནམ་མཁའ་ལྟར་མཐའ་ཡས་པ་ནི་དོན་དམ་པའི་ཆོས་ཀྱི་སྐུ་ དང༌། ཡེ་ཤེས་ལྔ་ལ་སོགས་པ་ཡེ་ཤེས་ཀྱི་ཕུང་པོ་མཐའ་ཡས་པ་ནི་དོན་དམ་པའི་ཡེ་ཤེས་ཀྱི་ སྐུ་དང༌། སྟོང་གཟུགས་ཀྱི་རྣམ་པ་ཇི་སྙེད་པ་དེ་སྙེད་ཀྱི་བདེ་བའི་ཕུང་པོ་མཐའ་ཡས་པ་ནི་དོན་ དམ་པའི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་སྐུ་ལྔའོ། །སྐུ་བཞི་བོ་དེ་ཉིད་རྡོ་རྗེའི་རྣལ་འབྱོར་རྣམ་པར་ དག་པ་བཞི་ཡང་ཡིན་ལ། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་བཞི་དང་འབྲས་བུས་ བསྡུས་པ་བཞི་ཡང་ཡིན་ཞིང༌། ཀུན་རྫོབ་ཀྱི་སྲིད་པ་དང་བྲལ་བའི་དོན་དམ་ཆོས་ཉིད་འོད་ 5-1-91 གསལ་གྱི་སྲིད་པ་ལ་གནས་པའོ། །སྐུ་བཞི་ལས་སྤྲུལ་པ་ནི་སྐུ་རྡོ་རྗེ་དང༌། ལོངས་སྤྱོད་རྫོགས་ པ་ནི་གསུང་རྡོ་རྗེ་དང༌། ཆོས་ནི་ཐུགས་རྡོ་རྗེ་དང༌། ལྷན་ཅིག་སྐྱེས་པ་ནི་ཆགས་པ་ཆེན་པོ་ཡེ་ ཤེས་རྡོ་རྗེ་སྟེ། ཤེས་རབ་དང་ཐབས་ནི་གཉིས་སུ་མེད་པར་འདྲེས་པ་མ་ནིང་གི་གོ་འཕང་གང་ ཞིག་ལྷ་དང་མི་དང་ལྷ་མིན་གྱིས་བསྟོད་ཅིང་ཕྱག་བྱས་པའོ། ། (༢) དེ་ཉིད་ཀྱི་རྣམ་གྲངས་གཞན་ལ་ཕྱག་འཚལ་བ་ལ་བདུན། གཉིས་པ་དེ་ཉིད་ཀྱི་རྣམ་གྲངས་གཞན་ལ་ཕྱག་འཚལ་བ་ལ་བདུན་ཏེ། དོན་དམ་བྱང་ ཆུབ་ཀྱི་སེམས་དང༌། ཨེ་ཝཾ་གི་ཡི་གེ་དང༌། ཤེས་རབ་དང་ཐབས་ཀྱི་ཚུལ་དང༌། རྒྱུད་སྟོན་པ་ པོ་ཕུན་སུམ་ཚོགས་པ་ཤཱཀྱ་སེང་གེ་དང་ཆོས་ཕུན་སུམ་ཚོགས་པ་རྡོ་རྗེའི་རྣལ་འབྱོར་དང༌། ཉི་ ཟླ་རྣམ་པར་དག་པ་དང༌། རྣམ་བཅུ་དབང་ལྡན་ལ་ཕྱག་འཚལ་བའོ། ། ༡ དོན་དམ་བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་བ། དང་པོ་ནི་ཡེ་ཤེས་སྟོང་ཉིད་ཡེ་ཤེས་ཀྱིས་ཞེས་པ་ལ་སོགས་པ་སྟེ། ཕྱག་འཚལ་ཞེས་པ་ ལ། གང་ལ་ཕྱག་འཚལ་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ལའོ། །བྱང་ཆུབ་ཀྱི་སེམས་ དེའི་རང་བཞིན་ནི་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཀྱི་རྡོ་རྗེ་བཞི་ལས། ཡེ་ཤེས་རྡོ་རྗེ་ ནི། རྣམ་པར་ཐར་པ་བཞི་ལས་དངོས་པོའི་རང་བཞིན་མེད་པའི་དོན་མཐོང་བའི་སྟོང་པ་ཉིད་ ཀྱི་རྣམ་པར་ཐར་བའི་ཡེ་ཤེས་ཀྱིས་བཞི་པའི་གནས་སྐབས་གདོད་མ་ཉིད་ནས་ལེགས་པར་ དག་པ་སྟེ། དེ་ནི་རྡོ་རྗེའི་རྣལ་འབྱོར་བཞི་ལས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་ དག་པའི་རྣལ་འབྱོར་འགྱུར་བ་མེད་པའི་བདེ་བའོ། །སེམས་ཏེ་ཐུགས་རྡོ་རྗེ་ནི་སངས་རྒྱས་སོ་ བྱང་ཆུབ་པོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པའི་སེམས་རྒྱུའི་མཚན་མ་མེད་པར་མཐོང་ བའི་རྣམ་པར་ཐར་བའི་ཡེ་ཤེས་ཀྱིས་གཉིད་མཐུག་པོའི་གནས་སྐབས་གདོད་མ་ཉིད་ནས་ ལེགས་པར་དག་པ་སྟེ། དེ་ནི་གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་སུ་མེད་པ་ཤེས་ 5-1-92 རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །ངག་སྟེ་གསུང་རྡོ་རྗེ་ ནི་སངས་རྒྱས་དང་བྱང་ཆུབ་སོགས་སུ་འགྱུར་བར་བྱའོ་ཞེས་འབྲས་བུ་ལ་སྨོན་པ་མེད་པའི་ རྣམ་པར་ཐར་བའི་ཡེ་ཤེས་ཀྱི་རྨི་ལམ་གྱི་གནས་སྐབས་གདོད་མ་ཉིད་ནས་དག་པ་སྟེ། དེ་ ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡིད་སྐྱོབ་པར་བྱེད་པའི་ཕྱིར་གསང་སྔགས་ཀྱི་རྣལ་ འབྱོར་མི་ཟད་ཅིང་གཞོམ་དུ་མེད་པའི་སྒྲའི་བདག་ཉིད་དོ། །དེ་བཞིན་དུ་ལུས་སྟེ་སྐུ་རྡོ་རྗེ་ནི་ ཁུ་ཁྲག་དང་སྲོག་དང་ཀུན་གཞིའི་རྣམ་ཤེས་ལ་སོགས་པའི་རྒྱུ་རྐྱེན་གྱིས་མངོན་པར་འདུས་ མ་བྱས་པའི་རྣམ་པར་ཐར་པའི་ཡེ་ཤེས་ཀྱིས་སད་པའི་གནས་སྐབས་གདོད་མ་ཉིད་ནས་ རྣམ་པར་དག་ཅིང་དྲི་མ་མེད་པ་དེ་ནི༌། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་ འབྱོར་ཏེ་མཐའ་ཡས་པའི་སྐུའི་བཀོད་པའི་རྫུ་འཕྲུལ་ནམ་མཁའི་མཐའ་ཀླས་པར་བགྲོད་པ་ ཅན་སྟོང་པ་ཉིད་ཀྱི་གཟུགས་སོ། །དེ་ཐམས་ཅད་ཀྱང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ གཅིག་ཏུ་སྦྱོར་བ་མ་ནིང་གི་གོ་འཕང་ངོ༌། །ཨ་ཙ་ལའི་བཤད་སྦྱར་དུ། སྙིང་རྗེ་དང་བྱམས་ པ་དང་དགའ་བ་དང་བཏང་སྙོམས་ཏེ་ཚད་མེད་པ་བཞི་དང་ཡང་རིམ་པ་ལྟར་སྦྱར་སྣང་ངོ༌། ། [སེམས་{རྡོ་རྗེའི་རྣལ་འབྱོར་རྣམ་}པ་བཞི་པོ་དེ་རྣམས་ལ་དེ་བཞིན་གཤེགས་པས་ཞེས་པ་ རྩ་བའི་རྒྱུད་ལས། འགྱུར་བའི་ཚུལ་གྱིས་གཙུག་ཏོར་ནས། །གསང་བའི་པད་མར་ཇི་ལྟར་ འོངས། །གསང་ལས་འགྱུར་མེད་བདེ་བས་ཀྱང༌། །གཙུག་ཏོར་པད་མར་དེ་བཞིན་གཤེགས། ། ཞེས་གསུངས་པ་ལྟར། བྱང་སེམས་ཐིག་ལེ་གཙུག་ཏོར་ནས་གསང་བའི་བར་དུ་ཇི་ལྟར་བྱོན་ པ་དེ་ལྟར་སྟེང་དུ་གཤེགས་པ་སྟེ་སངས་རྒྱས་ཀྱི་རིམ་པ་ལྟར་སྐུ་གསུང་ཐུགས་དབྱེར་མི་ཕྱེད་ པའི་བདག་ཉིད་ཤེས་པ་ནི་རྡོ་རྗེ་དང༌། དོན་དམ་པའི་སྲིད་པ་གསུམ་གཅིག་པ་ཉིད་ཀྱི་ཤེས་ བྱ་ནི་སེམས་དཔའ་སྟེ། དེ་དག་དབྱེར་མེད་པ་ནི་རྡོ་རྗེ་སེམས་དཔའ་དང་སྟོང་པ་ཉིད་དང་སྙིང་ རྗེ་དབྱེར་མེད་པའི་བྱང་ཆུབ་ལ་གནས་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་དང་ས་ 5-1-93 རྣམས་ཀྱིས་ཡོངས་སུ་རྫོགས་པར་མངོན་དུ་བྱས་པའི་མཆོག་ཏུ་མི་འགྱུར་བའི་འདོད་ཆགས་ ཆེན་པོ་ནི་སེམས་དཔའ་ཆེན་པོ་དང་དམ་ཚིག་བྱང་སེམས་ཐིག་ལེ་སེམས་དཔའ་འཕོ་བ་ མེད་པ་སྟེ། དེ་ལྟར་གསུངས་པ་གང་ཡིན་པ་སྟེ། དཔལ་ཀྱེའི་རྡོ་རྗེར། མི་ཕྱེད་རྡོ་རྗེ་ཞེས་པར་ བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་ཉིད། །ཤེས་རབ་རིགས་པ་འདི་ཡིས་ནི། །རྡོ་ རྗེ་སེམས་དཔའ་ཞེས་པར་བཤད། །བྱང་ཆུབ་ལ་གནས་སེམས་དཔའ་དེ། །བྱང་ཆུབ་སེམས་ དཔར་བརྗོད་པར་བྱ། །ཡེ་ཤེས་ཆེན་པོའི་རོས་གང་བ། །སེམས་དཔའ་ཆེན་པོར་བརྗོད་པར་ བྱ། །རྟག་ཏུ་དམ་ཚིག་ལ་གནས་པས། །དམ་ཚིག་སེམས་དཔར་མངོན་པར་བརྗོད། །ཅེས་ གསུངས་སོ། །དེ་ལྟ་བུའི་སེམས་དཔའ་བཞི་པོ་དེ་ནི་དངོས་པོ་རྟག་པ་དང་དངོས་པོ་མེད་པ་ ཆད་པ་སྟེ། དེ་དག་གདོད་མ་ནས་ཟད་པའི་བདག་ཉིད་བརྟན་གཡོ་ཐམས་ཅད་ལ་ཁྱབ་པས་ གཙོ་བོ་སྟེ་ཁྱབ་བདག་དང༌། དང་པོར་སངས་རྒྱས་པས་ཐོག་མ་མེད་ལ་ནམ་ཡང་མི་ཟད་པས་ མཐའ་མེད་ཅིང་རྣམ་རྟོག་ཐམས་ཅད་རང་བཞིན་གྱིས་ཞི་བར་གྱུར་པ་ཡི་དོན་དམ་བྱང་ཆུབ་ ཀྱི་སེམས་སོ། །དཔལ་གསང་བ་འདུས་པར་ཡང༌། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་ པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པར་ མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་ གསུངས་སོ། །དེ་ལྟར་དོན་དམ་བྱང་ཆུབ་ཀྱི་སེམས་ནི་དང་པོར་སངས་རྒྱས་པ་ཡིན་པའི་ཕྱིར་ རྣམ་པར་དག་པ་ཡང་རང་བཞིན་གྱིས་སམ་གདོད་མ་ཉིད་ནས་རྣམ་པར་དག་པ་ཡིན་ལ། དག་བྱེད་རྣམ་པར་ཐར་བ་བཞི་པོ་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་དང་པོའི་སངས་རྒྱས་ལ་ གདོད་མ་ཉིད་ནས་དབྱེར་མེད་པར་གནས་པ་ཡིན་ཏེ། རྩ་བའི་རྒྱུད་ལས། ཆགས་སོགས་དྲི་ མ་ལྡན་པའི་སེམས། །འགྱུར་བ་འཁོར་བའི་རྒྱུ་ཡིན་ཏེ། དེ་དང་བྲལ་བས་རྣམ་པར་དག །རང་ བཞིན་དྲི་མེད་དག་པའོ། །ཞེས་དང༌། གསང་བ་འདུས་པར། སེམས་ཅན་ཀུན་གྱི་སེམས་ 5-1-94 ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་ འཁོར་དམ་པ་བཤད་དུ་གསོལ། །ཞེས་གསུངས་སོ། །རྣལ་འབྱོར་པས་དོན་དམ་བྱང་ཆུབ་ ཀྱི་སེམས་དེ་ཐོབ་པར་བྱེད་པ་ལ་ནི་ལམ་གྱི་རྣམ་ཐར་སྒོ་བཞིས་གནས་སྐབས་བཞིའི་སྒྲིབ་པ་ གསར་དུ་དག་པར་བྱ་དགོས་པ་ཉིད་དོ། ། ༢ ཨེ་ཝཾ་གི་ཡི་གེ་ལ་ཕྱག་འཚལ་བ། གཉིས་པ་ནི། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས་ཞེས་པ་ལ་སོགས་པ་སྟེ། འདུད་ཅེས་པ་ ལ། གང་ལ་འདུད་ན་ཨེ་ཝཾ་ཡི་གེ་ཐིག་ལེ་སྟོང་པ་ཡི་གེ་དྲུག་དང་སྟོང་པ་ཆེན་པོ་ཡི་གེ་ལྔ་ དབྱེར་མེད་པ་དེ་ལའོ། །ཨེ་ཝཾ་གི་དོན་ཇི་ལྟ་བུ་ཞེ་ན། ཝཾ་ཡིག་གི་དོན་ནི་རྣམ་པ་དང་བཅས་ པ་ཡིན་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་བསྒོམ་པ་ལས་ འདས་པ་ནམ་མཁའ་ལས་བྱུང་རང་བྱུང་བ་ཕྱག་རྒྱ་ཆེན་པོ་ཐབས་ཀྱི་ཆ་ཐིག་ལེ་མི་འགྱུར་ བའི་བདེ་བ་ཆེན་པོ་སྟེ། དེ་གཅིག་པུ་ཉིད་ལ་སྐུ་གསུང་ཐུགས་ཡེ་ཤེས་ཏེ་བཞི་སྐུ་བཞིས་ཕྱེ་ བ་བཅུ་དྲུག་གོ། དེ་ཡང་སྒྲིབ་བཅས་ཀྱི་དགའ་བ་བཅུ་དྲུག་འགགས་པ་དང་སྦྱར་བར་བྱ་སྟེ། ལུས་ཀྱི་དགའ་བ་འགགས་པ་སྤྲུལ་པ་ཡི་ནི་སྐུ་དང༌། ངག་གི་དགའ་བ་འགགས་པ་སྤྲུལ་བའི་ གསུང་དང༌། སེམས་ཀྱི་དགའ་བ་འགགས་པ་སྤྲུལ་བའི་ཐུགས་དང༌། ཡེ་ཤེས་ཀྱི་དགའ་བ་ འགགས་པ་སྤྲུལ་པའི་ཡེ་ཤེས་རྣམས་བདེ་སྟོང་གི་བདག་ཉིད་གཅིག་ཏུ་སྦྱོར་བ་ནི་སྤྲུལ་བའི་ སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་སྡོམ་པ་སྟེ་མི་འཕོ་བ་དང༌། དེ་བཞིན་དུ་གཞན་རྣམས་ ལ་ཡང་སྒྲིབ་བཅས་ཀྱི་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་མཆོག་དགའ་བཞི་དང་ཁྱད་ པར་གྱི་དགའ་བ་བཞི་དང་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་འགགས་པ་རྣམས་རིམ་པ་ལྟར། ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །དཔལ་ལྡན་ ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ 5-1-95 ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །ཞེས་པའི་བར་དུའོ། །དེ་ལྟ་བུའི་སྐུ་བཞིའི་སྡོམ་ པ་ནི་སད་པ་ལ་སོགས་པའི་གནས་སྐབས་བཞི་དང་འདྲ་བའི་ཕྱིར་གནས་སྐབས་བཞི་པོ་དེ་ ཉིད་ཡིན་ནམ་སྙམ་པའི་དོགས་པ་དགག་པ་ནི། སྡོམ་པ་བཞི་པོ་དེ་དག་རིམ་པ་ལྟར་སད་པ་ དང་རྨི་ལམ་དང་གཉིད་སྟུག་དང་བཞི་པ་ཡི་གནས་སྐབས་དབང་པོ་གཉིས་ལས་སྐྱེས་པའི་ བདེ་བ་རྣམས་མིན་ཞིང༌། ཡེ་ཤེས་ཀྱི་ཐིག་ལེའི་གནས་ལྟེ་བའི་འཁོར་ལོ་དང༌། སེམས་ཀྱི་ ཐིག་ལེའི་གནས་སྙིང་ཁའི་འཁོར་ལོ་དང༌། ངག་གི་ཐིག་ལེའི་གནས་མགྲིན་པའི་འཁོར་ལོ་ དང༌། ལུས་ཀྱི་ཐིག་ལེའི་གནས་དཔྲལ་བའི་འཁོར་ལོ་སྟེ་གནས་བཞིར་ཁྱབ་པར་གནས་ཀྱང་ རྟེན་དང་བརྟེན་པའི་འབྲེལ་བའི་ཚུལ་གྱིས་ཡང་དག་པར་མི་གནས་ཏེ། ཐིག་ལེ་བཞི་པོ་དེ་ དག་འགགས་པ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་སྐུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ ལྷན་ཅིག་སྐྱེས་པའི་བདེ་བ་དེ་ནི་བདེ་བ་ཡིན་ཀྱང་ལས་ཀྱི་ཕྱག་རྒྱ་ཡོངས་སུ་དོར་བ་སྟེ། ལས་ ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པ་མ་ཡིན་ཞིང༌། ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས་པ་སྟེ། དེ་ལ་ བརྟེན་ནས་སྐྱེས་པ་ཡང་མ་ཡིན་གྱི། ཕྱག་རྒྱ་ཆེན་མོ་དམིགས་བཅས་སྟོང་པ་ཉིད་ལས་ཡང་ དག་པར་སྐྱེས་པའོ། །དེའི་ཕྱིར་བདེ་བ་ཆེན་མོ་དེ་ནི་ཕྱག་རྒྱ་ཆེན་མོ་སྟོང་གཟུགས་དང་ལྷན་ ཅིག་སྐྱེས་པའི་བདེ་བ་ཡིན་གྱི་གཞན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་འགྲོགས་པ་ལས་སྐྱེས་ པའི་བདེ་བ་མིན་ནོ། ཨེ་ཡིག་གི་དོན་ནི་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་རང་བཞིན་འོད་གསལ་ མངོན་སུམ་དུ་ནམ་མཁའ་ལ་སྣང་བ་སྟོང་པ་ཉིད་ཀྱི་གཟུགས་ཏེ། དེ་ནི་རྡུལ་ཕྲ་རབ་ཀྱི་ཆོས་ ཉིད་ལས་འདས་པའི་ཕྱིར་གཟུང་བ་ཕྱི་རོལ་གྱི་དོན་རྣམ་པར་སྤངས་ཤིང༌། ཕྱི་རོལ་གྱི་དོན་ མེད་པའི་ཕྱིར་དེ་འཛིན་པའི་ཤེས་པ་ཡང་རྣམ་པར་སྤངས་ལ། ལྷའི་ཁ་དོག་དང་དབྱིབས་ དང་ཕྱག་མཚན་ལ་སོགས་པ་དག་དང་སྔགས་ཀྱི་ཡི་གེའི་རྣམ་པར་རྟོག་པ་དང་དེས་ཀུན་ 5-1-96 ནས་བསླང་པའི་སྔགས་ཀྱི་སྒྲ་བརྗོད་པ་ལ་སོགས་པ་སྤྲོས་པ་ཐམས་ཅད་རྣམ་པར་སྤངས་ པའོ། །རྣལ་འབྱོར་པའི་མངོན་སུམ་དུ་ནམ་མཁའ་ལ་སྣང་བའི་ཚུལ་ནི་དྲི་ཟའི་གྲོང་ཁྱེར་ཞེས་ པ་འཕྲོག་བྱེད་ཟླ་བའི་གྲོང་དུ་གྲགས་པ་རྡུལ་དང་ཁུག་རྣ་དང་དུ་བ་འཁྲིགས་པའི་རི་རྩེ་ལ་ སོགས་པར་སྣང་བ་སྟེ། དེའི་རྣམ་པ་སྟེ་འདྲ་བ་དང༌། གཞོན་ནུ་མ་ལ་པྲ་ཕབ་པས་མེ་ལོང་ལ་ སོགས་པ་ལ་ཁམས་གསུམ་པའི་དོན་མཐོང་བའི་རང་བཞིན་ཅན་ཏེ་དེ་དང་འདྲ་བར་ནམ་ མཁའ་ལ་རྣལ་འབྱོར་པས་སྐྱེ་བ་མེད་པའི་དོན་མངོན་སུམ་དུ་མཐོང་བ་སྟེ། དབང་མདོར་ བསྟན་པ་ལས། ཇི་ལྟར་པྲ་ཕབ་མེ་ལོང་ལ། །གཞོན་ནུ་མས་མཐོང་གཞི་མེད་སྐྱེས། །དེ་བཞིན་ འདས་དང་མ་འོངས་ཆོས། །མཁའ་ལ་དེ་ཉིད་རྣལ་འབྱོར་པས། །གལ་ཏེ་ཡོད་པའི་གཟུགས་ མཐོང་ན། །རང་གི་གདོང་པ་ཅིས་མི་མཐོང༌། །གལ་ཏེ་མེད་པའི་གཟུགས་མཐོང་ན། །རི་ བོང་རྭ་ནི་ཇི་ལྟར་མིན། །གཞན་གྱི་མིག་གིས་མི་མཐོང་ཞིང༌། །རང་གི་མིག་གིས་མཐོང་མིན་ པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་གསུངས་སོ། །དེ་ལྟར་ ཤེས་རབ་སྟོང་པ་ཉིད་དམིགས་པ་དང་བཅས་པ་དང་ཐབས་ཐིག་ལེ་མི་འགྱུར་བའི་བདེ་བའི་ བདག་ཉིད་གཅིག་ཏུ་སྦྱོར་བ་ནི་ཨེ་ཝཾ་གི་དོན་ཏེ། ཀྱེའི་རྡོ་རྗེར། སངས་རྒྱས་ཀུན་ཀྱི་སྡོམ་པ་ ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་ པར་འགྱུར། །ཞེས་སོ། ། ༣ ཤེས་རབ་དང་ཐབས་ཀྱི་ཚུལ་ལ་ཕྱག་འཚལ་བ། གསུམ་པ་ལ་གསུམ་སྟེ། ཕྱག་རྒྱ་ཆེན་མོ་ལ་འདུད་པ། སྣ་ཚོགས་ཡུམ་ལ་འདུད་པ། དུས་ ཀྱི་འཁོར་ལོ་ལ་འདུད་པའོ། །དང་པོ་ནི་འདུད་ཅེས་པ་སྟེ། གང་ལ་འདུད་ན་རྡོ་རྗེ་འཛིན་པའི་ ཕྱག་རྒྱ་ཆེན་མོ་དེ་ལ་འདུད་དོ། །ཆེན་མོ་ཞེས་པ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་མཆོག་ ཏུ་གྱུར་པས་སོ། །དེ་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་པའི་མངོན་སུམ་ལ་ས་ལ་སོགས་པའི་རྣམ་ 5-1-97 པར་སྣང་ཡང་ས་ལ་སོགས་པའི་ཕྲ་རབ་རྡུལ་གྱི་ཆོས་ཉིད་ལས་འདས་ཤིང༌། སྟོང་པ་ཉིད་ ཡིན་ཡང་པྲ་ཕབ་པ་ཡི་རང་བཞིན་ཅན་དུ་སྣང་བ། ཁམས་གསུམ་དང་དུས་གསུམ་གྱི་རྣམ་པ་ ཀུན་ཀྱི་མཆོག་དང་ལྡན་པའོ། །མཆོག་ཅེས་པ་ནི་ཁམས་གསུམ་གྱི་རྣམ་པར་སྣང་ཡང་འཇིག་ རྟེན་ལས་འདས་པ་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཡིན་པས་ན་མཆོག་གོ། གཉིས་པ་ནི། ཕྱག་འཚལ་ཞེས་པ་གང་ལ་ཕྱག་འཚལ་ན། དུས་ཀྱི་འཁོར་ལོའི་རྡོ་རྗེ་ བཙུན་མོ་སྣ་ཚོགས་ཡུམ་དེ་ལའོ། །དེ་ཇི་ལྟ་བུ་ཞེ་ན་དེ་ནི་ཕྱག་རྒྱ་ཆེན་མོ་ཉིད་ཡིན་ཏེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་དུས་གསུམ་གྱི་ སངས་རྒྱས་ཀུན་གྱི་བསྐྱེད་པར་མཛད་མ་ཡིན་ལ། འདུས་མ་བྱས་པའི་དབྱིངས་ཡིན་པས་ ན་སྐྱེ་བ་དང་ནི་འཇིག་པ་སྤངས་པའོ། །ཨ་ཙ་ལའི་བཤད་སྦྱར་ལས། རྡུལ་ཕྲ་རབ་ཚོགས་པ་ མེད་པའི་ཕྱིར་དང་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཡང་སྐྱེ་བ་དང་ནི་འཇིག་པ་སྤངས། ཞེས་ འབྱུང་ངོ༌། །དེ་ཉིད་ཐོག་མ་དང་བར་དང་ཐ་མའི་དུས་ཀུན་ཏུ་འཇིག་རྟེན་གསུམ་གྱི་སྤྱོད་པ་ ལས་འདས་ཤིང་དགེ་བས་ན་བཟང་པོའི་སྤྱོད་པ་ཅན་ནོ། ། གསུམ་པ་ནི། འདུད་ཅེས་པ་གང་ལ་འདུད་ན། དུས་ཀྱི་འཁོར་ལོ་དེ་ལའོ། །དེ་ཇི་ལྟ་བུ་ ཞེ་ན། ཨཱ་ལི་དབྱངས་ཀྱི་ཚོགས་འདུས་པ་ཧའམ་ཨ་ཡིག་ཡོངས་སུ་གྱུར་པའི་ཟླ་བ་དང༌། ཀཱ་ ལི་གསལ་བྱེད་ཀྱི་ཚོགས་འདུས་པ་ཀྵའམ་པ་ཡིག་ཡོངས་སུ་གྱུར་པའི་པད་མ་སྟེ། དེ་དག་ སྙོམས་པར་འཇུག་པ་སྟེ་སྦྱར་བའི་གདན་རྟེན་དང༌། ཧཱུྃ་ཕཊ་ཅེས་པ་ཧཱུྃ་གི་ཡི་གེ་དང་སོགས་ ཀྱི་སྒྲས་བསྡུས་པ་རྡོ་རྗེའི་མཚན་མ་ཡོངས་སུ་གྱུར་པའི་ལྷའི་སྐུ་ཁ་དོག་དང་ཕྱག་དང་དབྱིབས་ བརྟགས་པའི་ཆོས་ཅན་བརྟེན་པ་སྟེ་དེ་དག་སྤངས་པ་སྟེ། དེ་དག་ལས་མ་འཁྲུངས་ཀྱང༌། གདོད་མ་ནས་སྒྲིབ་པ་མེད་པའི་ཕུང་པོ་དྲུག་ལ་སོགས་པ་ཐིག་ལེ་སྟོང་པ་འགྱུར་བ་མེད་པ་ དྲུག་ལས་འཁྲུངས་པ་སྟོང་པ་ཆེན་པོ་འགྱུར་མེད་ལྔའི་བདག་ཉིད་དུ་གྱུར་པའི་སྐུའོ། །འཁྲུངས་ 5-1-98 པ་ཞེས་པ་རྒྱུ་དང་འབྲས་བུ་དབྱེར་མེད་པའི་བདག་ཉིད་དོ། ། ༤ རྒྱུད་སྟོན་པ་པོ་ཕུན་སུམ་ཚོགས་པ་ཤཱཀྱ་སེང་གེ་ལ་ཕྱག་འཚལ་བ། བཞི་པ་རྒྱུད་སྟོན་པ་པོ་ཕུན་སུམ་ཚོགས་པ་ཤཱཀྱ་སེང་གེ་ལ་ཕྱག་འཚལ་བ་ནི། འདུད་ཅེས་ པ་གང་ལ་འདུད་ན། སྐུ་བཞིའི་བདག་ཉིད་སངས་རྒྱས་ནི་ཞེས་པ་དཔལ་ལྡན་འབྲས་སྤུངས་ ཀྱི་མཆོད་རྟེན་ཆེན་པོར་རྩ་བའི་རྒྱུད་ཀྱི་སྟོན་པ་པོ་ཕུན་སུམ་ཚོགས་པ་སངས་རྒྱས་བཅོམ་ལྡན་ འདས་ཤཱཀྱ་ཐུབ་པ་དེ་ལའོ། །སྐུ་བཞི་ནི་ཀུན་མཁྱེན་ངོ་བོ་ཉིད་ཀྱི་སྐུ་དང༌། ཡེ་ཤེས་སྐུ་ཞེས་ པ་ཆོས་ཀྱི་སྐུ་དང༌། ཁྱབ་བདག་ཉི་མ་ལྟ་བུའི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། པད་མའི་ འདབ་མ་རྒྱས་པའི་སྤྱན་སྤྲུལ་པའི་སྐུའོ། །དེ་ཡང་ཀུན་རྫོབ་ཀྱི་དགའ་བ་བཅུ་དྲུག་འགགས་ པ་སྐུ་གསུང་ཐུགས་ཡེ་ཤེས་རེ་རེ་ལ་ཡང་དགའ་བ་བཞི་བཞིར་ཕྱེ་བའི་དེ་ཁོ་ན་ཉིད་བཅུ་དྲུག་ གི་དབྱེ་བ་ལས་སྐུ་བཞིར་ཕྱེ་བའོ། །སྟོན་པ་དེ་གདན་གང་ལ་བཞུགས་ཞེ་ན། རྡོ་རྗེ་སེང་གེའི་ གདན་གཞོམ་དུ་མེད་ཅིང་གཅད་དུ་མེད་པ་ཆོས་དབྱིངས་འོད་གསལ་གྱི་ཟླ་བ་དང་ཉི་མ་དང་ སྒྲ་གཅན་གྱི་དཀྱིལ་འཁོར་ལ་བཞུགས་པ་སྟེ་གནས་ཕུན་སུམ་ཚོགས་པའོ། །འཁོར་གང་ལ་ གསུངས་ན་ལྷ་དང་ལྷ་མིན་གྱིས་བསྟོད་ཅེས་པ་བྱང་ཆུབ་སེམས་དཔའ་དང་ལྷ་དང་ལྷ་མ་ཡིན་ ལ་སོགས་པ་ལ་གསུངས་པ་སྟེ་འཁོར་ཕུན་སུམ་ཚོགས་པའོ། །ཞུ་བ་པོ་ནི་སྔོན་ཟླ་བཟང་གིས་ གསོལ་ཞེས་པ་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཤམ་བྷ་ལའི་ཡུལ་གྱི་རྒྱལ་པོ་ཟླ་བ་བཟང་པོ་སྟེ་ཞུ་ བ་པོ་ཕུན་སུམ་ཚོགས་པའོ། །རྩ་བའི་རྒྱུད་ལས། སྟོན་པ་གཽ་ཏམ་སྟོན་པ་པོ། །གནས་ནི་དཔལ་ ལྡན་ཆོས་ཀྱི་དབྱིངས། །འཁོར་ནི་བྱང་ཆུབ་སེམས་དཔའ་སོགས། །མི་བདག་ཟླ་བཟང་ཞུ་བ་ པོ། །རྒྱུད་བསྟན་པ་ནི་མི་རྣམས་ཀྱི། །བསོད་ནམས་ཡེ་ཤེས་དགོས་པ་ཅན། །ཞེས་སོ། ། 5-1-99 ༥ ཆོས་ཕུན་སུམ་ཚོགས་པ་རྡོ་རྗེའི་རྣལ་འབྱོར་ལ་ཕྱག་འཚལ་བ། ལྔ་པ་ཆོས་ཕུན་སུམ་ཚོགས་པ་རྡོ་རྗེའི་རྣལ་འབྱོར་ལ་ཕྱག་འཚལ་བ་ནི། འདུད་ཅེས་པ་ གང་ལ་འདུད་ན། ཆོས་ཕུན་སུམ་ཚོགས་པ་རྡོ་རྗེའི་རྣལ་འབྱོར་ཐབས་ཧཾ་ཡིག་གམ་ཐིག་ལེ་ བདེ་བ་དང་ཤེས་རབ་ཀྵ་ཡིག་གམ་ཆོས་འབྱུང་སྟོང་པ་དབྱེར་མེད་པའི་བདག་ཉིད་ལྷ་མི་ལྷ་ མིན་གྱིས་བསྟོད་དེ་ལའོ། །རྡོ་རྗེའི་རྣལ་འབྱོར་གྱི་དོན་ནི་དག་ཅེས་པ་འཕོ་བའི་ཆགས་པ་དང་ བྲལ་བ་ངོ་བོ་ཉིད་ཀྱི་སྐུ་དང༌། ཡེ་ཤེས་རྡོ་རྗེ་གཅིག་ཏུ་སྦྱོར་བ་དག་པའི་རྣལ་འབྱོར་སྐད་ཅིག་ གཅིག་གིས་མངོན་པར་བྱང་ཆུབ་པ་དང༌། རྒྱལ་བ་མཆོག་གི་འདུས་པ་ཐུགས་རྡོ་རྗེ་དང༌། ཡེ་ ཤེས་ལྔའི་བདག་ཉིད་ཅན་ཆོས་ཀྱི་སྐུ་ནི་དབྱེར་མེད་གཅིག་ཏུ་སྦྱོར་བ་ཆོས་ཀྱི་རྣལ་འབྱོར་རྣམ་ པ་ལྔས་མངོན་པར་བྱང་ཆུབ་པ་དང༌། གསུང་རྡོ་རྗེ་དང་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ ཆོས་སྟོན་པ་པོ་ལོངས་སྤྱོད་རྫོགས་པའི་སྐུ་དབྱེར་མེད་གཅིག་ཏུ་སྦྱོར་བ་སྔགས་ཀྱི་རྣལ་འབྱོར་ རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ་དང༌། སྲིད་གསུམ་གྱིས་མཆོད་སྐུ་རྡོ་རྗེ་དང་རྣམ་པ་ ཐམས་ཅད་པའི་གཟུགས་མཐའ་ཡས་པའི་སྤྲོས་པ་ཅན་སྤྲུལ་བའི་སྐུ་དབྱེར་མེད་གཅིག་ཏུ་ སྦྱོར་བ་དབྱིབས་ཀྱི་རྣལ་འབྱོར་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་སྟེ་རྡོ་རྗེའི་རྣལ་ འབྱོར་རྣམ་པ་བཞིའོ། །དེ་ཉིད་ཤེས་པ་དང་ཤེས་བྱ་གཉིས་སུ་མེད་ཅིང་ཀུན་རྫོབ་ཀྱི་སྲིད་པ་ དང་བྲལ་བ་དོན་དམ་པའི་སྲིད་གསུམ་པྲ་ཕབ་པ་ལྟ་བུ་ལ་གནས་པ་རྡོ་རྗེའི་རྣལ་འབྱོར་བཞི་ པོ་འདི་ནི་རིམ་པ་ལྟར་རྡོ་རྗེ་སེམས་དཔའ་དང་བྱང་ཆུབ་སེམས་དཔའ་དང་སེམས་དཔའ་ཆེན་ པོ་དང་དམ་ཚིག་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའ་གཅིག་པུ་ཉིད་ལ་རྣམ་པ་བཞིར་ཕྱེ་ བའོ། །ཀྱེའི་རྡོ་རྗེར། འདི་དག་ལ་ཕྱག་གཉིས་པའི་ཧེ་རུ་ཀ་དང་ཕྱག་བཞི་པའི་ཧེ་རུ་ཀ་དང་ ཕྱག་དྲུག་པའི་ཧེ་རུ་ཀ་དང་ཕྱག་བཅུ་དྲུག་པའི་ཧེ་རུ་ཀ་བཞིར་གསུངས་སོ། ། ༦ ཉི་ཟླ་རྣམ་པར་དག་པ་ལ་ཕྱག་འཚལ་བ། 5-1-100 དྲུག་པ་ཉི་ཟླ་རྣམ་པར་དག་པ་ལ་ཕྱག་འཚལ་བ་ནི། སྤྱི་བོས་འདུད་ཅེས་པ་གང་ལ་འདུད་ ན། འཁོར་བར་སྐྱེ་བའི་རྒྱུའི་རྩ་བ་འཕོ་བའི་ཆགས་པ་སྤངས་པས་འཇིག་རྟེན་ལས་འདས་ པའི་ཕྱིར་འཇིག་རྟེན་གསུམ་གྱིས་མཆོད་པའི་གནས་སུ་གྱུར་པ་འཇིག་རྟེན་གསུམ་གྱི་གཙོ་བོ་ དཔལ་དུས་ཀྱི་འཁོར་ལོ་ལའོ། །དེའི་ངོ་བོ་ཇི་ལྟ་བུ་ཞེ་ན་སེམས་ཅན་པ་རྣམས་བྱང་ཆུབ་ཀྱི་ སེམས་ཀྱི་ཟླ་བ་གཙུག་ཏོར་ནས་འཕེལ་ནས་རྡོ་རྗེ་ནོར་བུའི་རྩེ་མོར་ཉ་བར་འགྱུར་ཞིང༌། དེ་ ནས་ཆགས་བྲལ་ནག་ཕྱོགས་ལ་འཇུག་པར་གྱུར་ལ། ཉི་མ་རྡུལ་རྡོ་རྗེ་ནོར་བུ་ནས་རིམ་གྱིས་ འོངས་ཏེ་སྤྱི་གཙུག་ཏུ་གནམ་སྟོང་དུ་འགྱུར་བ་ཡིན་པ་ལ། སངས་རྒྱས་ཀྱི་ནི་དེ་ལས་བཟློག་ པས་དུས་ཀྱི་འཁོར་ལོའི་ཞབས་གཅིག་གཡས་པ་དམར་པོ་ནི་ཉི་མ་རྡུལ་རྡོ་རྗེ་ནོར་བུ་ནས་སྤྱི་ གཙུག་གི་བར་དུ་བྱོན་པ་དེ་སླར་ཡང་སྤྱི་གཙུག་ནས་རིམ་པ་བཞིན་བརྟན་པར་མཛད་ནས་རྡོ་ རྗེ་ནོར་བུར་གནམ་སྟོང་གི་ཚུལ་དུ་བརྟན་པར་མཛད་པས་རྡུལ་དང་ཉི་མ་ལ་བཀོད་པར་གྱུར་ པ་སྟེ་གནས་པར་མཛད་དོ། །ཇི་ལྟར་བཀོད་ཅིང་གནས་པར་མཛད་ན་དུས་རྟག་ཏུ་འགྱུར་བའི་ མ་རིག་པའི་མཚོན་གྱིས་མི་ཆོད་ཅིང་གཟུང་འཛིན་གྱི་རྣམ་པར་རྟོག་པའི་མཚོན་གྱིས་དབྱེར་ མེད་ལ་རྣལ་འབྱོར་པ་རྣམས་ཀྱི་མཆོག་ཏུ་འདོད་པ་སྟེ་ཀུན་རྫོབ་ཀྱི་རྡུལ་དང་ཉི་མ་འགགས་ ནས་དོན་དམ་པ་རྡོ་རྗེ་ཉི་མ་མངོན་དུ་མཛད་པའི་ཚུལ་གྱིས་སོ། །ཞབས་གཉིས་པ་གཡོན་ དཀར་པོ་ནི་ཁུ་བ་རི་བོང་ཅན་སྤྱི་གཙུག་ནས་རྡོ་རྗེ་ནོར་བུའི་བར་དུ་བྱོན་པ་དེ་སླར་ཡང་རྡོ་རྗེ་ ནོར་བུ་ནས་འཁོར་ལོ་རྣམས་སུ་རིམ་པ་བཞིན་བརྟན་པར་མཛད་ནས་གཙུག་ཏོར་དུ་ཉ་གང་ བའི་ཚུལ་དུ་བརྟན་པར་མཛད་པས་ཁུ་བ་རི་བོང་ཅན་ལ་བཀོད་པར་གྱུར་པ་སྟེ་གནས་པར་ མཛད་དོ། །བཀོད་པའམ་གནས་པའི་ཚུལ་ནི། སྔ་མ་བཞིན་ཏེ་ཀུན་རྫོབ་ཀྱི་ཁུ་བ་རི་བོང་ཅན་ འགགས་ནས་དོན་དམ་པ་རྡོ་རྗེ་ཟླ་བ་མངོན་དུ་མཛད་པའི་ཚུལ་གྱིས་སོ། །དེ་ལྟར་དུས་ཀྱི་ འཁོར་ལོའི་ཞབས་གཡས་པ་དམར་པོ་ནི་ཉི་མ་དང་རྡུལ་རྣམ་པར་དག་པ་དང༌། གཡོན་པ་ 5-1-101 དཀར་པོ་ནི་ཟླ་བ་དང་ཁུ་བ་རྣམ་པར་དག་པ་སྟེ། མཚན་ཡང་དག་པར་བརྗོད་པ་ལས། ས་ཡི་ དཀྱིལ་འཁོར་གཞིར་གནས་པས། །རྐང་པ་ཡ་གཅིག་མཐིལ་གྱིས་མནན། །རྐང་འཐེབ་སེན་ མོ་ལ་གནས་པ། །ཚངས་པའི་སྒོ་ངའི་རྩེ་མོ་མནན། །ཞེས་དང༌། དབང་མདོར་བསྟན་པ་ལས། སངས་རྒྱས་ཀུན་ཀྱི་མཛོད་སྤུ་ཡི། །པད་མར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གནམ་སྟོང་གསང་ བ་སྟེ། །གཙུག་ཏོར་ནོར་བུ་དེ་དག་ཆ། །ཞེས་པ་སྟོན་པ་རྡོ་རྗེའི་གནས། །ལུས་ཅན་ཀུན་ཀྱི་ ཕྱིན་ཅི་ལོག །ཅེས་གསུངས་སོ། ། ༧ རྣམ་བཅུ་དབང་ལྡན་ལ་ཕྱག་འཚལ་བ། བདུན་པ་རྣམ་བཅུ་དབང་ལྡན་ལ་ཕྱག་འཚལ་བ་ནི། རླུང་མེ་ཆུ་དང་ཞེས་སོགས་ནས་ ཕྱག་འཚལ་ཞེས་པ་ལ། གང་ལ་ཕྱག་འཚལ་ན་འཆི་བ་མེད་པའི་བདུད་རྩི་བརྙེས་པས་སམ། དཀྱིལ་འཁོར་པ་ལྷ་ཡི་དབང་པོ་རྣམས་ཀྱིས་སྤྱི་བོས་བཏུད་པའི་གཙོ་བོ་དུས་ཀྱི་འཁོར་ལོ་ དང་པོའི་སངས་རྒྱས་ལའོ། །དེ་ཇི་ལྟ་བུ་ཞེ་ན། རང་བཞིན་གྱིས་རྣམ་པར་དག་ཅིང་སྒྲིབ་པ་ དང་བྲལ་བའི་ནམ་མཁའི་ཁམས་དང་རླུང་དང་མེ་དང་ཆུ་དང་ས་ཡི་དཀྱིལ་འཁོར་དང་རི་ རབ་ལྷུན་པོ་དང༌། གདོད་ནས་སྒྲིབ་པ་མེད་པའི་ཁམས་དྲུག་གི་བདག་ཉིད་ཅན་ཀྱི་གང་ཟག་ གི་ཁམས་རྣམ་པར་དག་པ་སྣ་ཚོགས་པད་མ་དང་གདོད་མ་ནས་སྒྲིབ་པ་མེད་པའི་ཟླ་བ་དང་ ཉི་མ་དང་དུས་མེ་སྒྲ་གཅན་ཏེ། ཆོས་ཉིད་འོད་གསལ་གྱི་སྲིད་པ་རྣམ་པ་བཅུའི་སྟེང་དུ་འདོད་ ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་ཏེ་ཉོན་མོངས་པའི་ངོ་བོ་དབང་ཕྱུག་དང་ནི་ ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་དེ་བདུད་བཞིའི་ངོ་བོ་འདོད་ ལྷའི་བདུད་ཀྱི་མགོ་བོར་གཡོན་དང་གཡས་ཀྱི་ཞབས་གཉིས་ནི་སྒྲིབ་པ་མེད་ཅིང་ཀུན་ནས་ དྭངས་བའི་སྲིད་པའི་ངོ་བོ་སྣ་ཚོགས་ཡུམ་གྱི་ཞབས་དང་ལྷན་ཅིག་ཏུ་བཀོད་པར་གྱུར་པ་སྟེ། ཉོན་མོངས་པ་དང་བདུད་ཀྱི་ངོ་བོ་གཡོན་དང་གཡས་ཀྱི་རླུང་གི་རྒྱུ་བ་འགགས་པ་དེ་ལ་ཕྱག་ 5-1-102 འཚལ་ལོ། །ཞེས་པའོ། །ཏེ་ཞེས་པ་ནི། བརྩམ་པར་དམ་བཅའ་བ་ལ་འབྲེལ་བའི་ཚིག་སྟེ། ཕྱག་འཚལ་ཏེ་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བྲི་བར་བྱ་ཞེས་པའོ། ། གཉིས་པ། བརྩམ་པར་དམ་བཅའ་བ་ལ་བཞི། གཉིས་པ་བརྩམ་པར་དམ་བཅའ་བ་ལ་བཞི་སྟེ། རྒྱུད་འགྲེལ་བྲི་བར་དམ་བཅའ་བ་ དངོས་དང༌། བྲིས་པའི་རྒྱུད་འགྲེལ་ཇི་ལྟར་མཉན་པའི་ཚུལ་དང༌། རྒྱུད་འགྲེལ་བྲི་པའི་རྒྱུ་ མཚན་བསྟན་པ་དང༌། དེས་ན་རྒྱུད་འགྲེལ་བྲི་ཞིང་མྱུར་དུ་བྲི་བར་བསྟན་པའོ། ། (༡) རྒྱུད་འགྲེལ་བྲི་བར་དམ་བཅའ་བ་དངོས་ལ་གསུམ། དང་པོ་ལ་གསུམ་སྟེ། ཁེངས་སྐྱུངས་ཏེ་འགྲེལ་པ་བརྗོད་པར་འདོད་པ། འགྲེལ་པ་མཐར་ ཕྱིན་པ་སངས་རྒྱས་ཀྱི་མཐུར་བསྟན་པ། རྒྱུད་དང་འགྲེལ་པའི་བྱུང་རབས་བསྟན་པའོ། ། ༡ ཁེངས་སྐྱུངས་ཏེ་འགྲེལ་པ་བརྗོད་པར་འདོད་པ། དང་པོ་ནི། དེ་ལྟར་རྡོ་རྗེའི་རྣལ་འབྱོར་ཞེས་པ་ལ་སོགས་པ་གསུངས་ཏེ། བརྗོད་པར་ འདོད་ཅེས་པ་ལ། གང་བརྗོད་པར་འདོད་ན་སྔར་བཤད་པ་དེ་ལྟར་རྡོ་རྗེའི་རྣལ་འབྱོར་སྟོང་ ཉིད་སྙིང་རྗེ་དབྱེར་མེད་པའི་སྐུ་གང་ཞིག་འདས་པ་དང་ད་ལྟར་གྱི་བདེ་བར་གཤེགས་པ་ ཞེས་པ་ལ་བདེ་བ་ནི་ལེགས་པ་སྟེ་ཐིག་ལེ་འགྱུར་བ་མེད་པའི་ཚུལ་གྱིས་དྲི་མ་མེད་པ་ཉིད་དུ་ གཤེགས་པའི་ཕྱིར་མཛེས་པར་གཤེགས་པས་བདེ་བར་གཤེགས་པ་སྟེ། གཟུགས་ལེགས་པ་ ལ་གཟུགས་མཛེས་པ་ཞེས་པ་བཞིན་ནོ། །རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པར་གང་ བའི་ཕྱིར་བདེ་བར་གཤེགས་པ་སྟེ་བུམ་པ་ལེགས་པར་གང་བ་བཞིན་ནོ། །འགྱུར་བའི་མ་ རིག་པའི་སྒྲིབ་པ་ལེགས་པར་སྤངས་པའི་ཕྱིར་བདེ་བར་གཤེགས་པ་སྟེ་རིམས་ནད་ལེགས་ པར་བྱང་བ་བཞིན་ནོ། །དེ་ལྟ་བུ་དཔག་ཏུ་མེད་པ་རྣམས་ཀྱིས་རང་གིས་རྣམ་པ་ཐམས་ཅད་ 5-1-103 རྟོགས་པའི་ཕྱིར་བསྟེན་ཅིང་དེ་ལ་མོས་པའི་ལྷ་དང་མི་རྣམས་ལ་གསལ་བར་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་སྟོང་པ་ཆེན་པོ་འགྱུར་མེད་ལྔའི་རྡོ་རྗེ་མཆོག་འཛིན་པ། གསང་སྔགས་ རིག་པ་ཞེས་པ་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ནི་ཡིད་སྐྱོབ་པར་གྱུར་པའི་ཕྱིར་གསང་ སྔགས་ཏེ། རྩ་བའི་རྒྱུད་ལས། ལུས་ངག་སེམས་ཀྱི་ཁམས་རྣམས་ནི། །གང་ཕྱིར་སྐྱོབ་པར་ གྱུར་དེའི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡིས་ནི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བསོད་ ནམས་ཡེ་ཤེས་རང་བཞིན་སྔགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་གསུངས་སོ། ། དེ་ལྟ་བུ་ཀུན་ཀྱིས་ཀྱང་རང་གིས་བསྟེན་ཅིང་གཞན་ལ་ཡང་དག་པར་བརྗོད་པ་སྟེ་བསྟན་ པའམ་བསྡུས་པར་གྱུར་པའི་འགྱུར་མེད་མཆོག་གི་བདེ་བ་དམིགས་བཅས་སྟོང་པ་ཉིད་དང་ ཟུང་དུ་འཇུག་པའི་རྡོ་རྗེའི་རྣལ་འབྱོར་དེ་ནིའོ། །རྒྱུད་གང་དུ་བརྗོད་པར་འདོད་ན་དུས་ཀྱི་ འཁོར་ལོའི་རྒྱུད་འདིར་རྒྱ་ཆེར་འགྲེལ་པར་རོ། །སུ་ཞིག་བརྗོད་པར་འདོད་ན་དབུགས་སུམ་ སྟོང་དྲུག་བརྒྱ་མ་འགགས་ཤིང་སྒྲིབ་པ་ཅུང་ཟད་མ་སྤངས་པའི་ཚུལ་དུ་གནས་པས་བླུན་པོ་ སྟེ་སངས་རྒྱས་ལ་ལྟོས་ནས་རྟོགས་པ་ཞན་པ་པད་མ་དཀར་པོ་འཛིན་པ་བདག་བརྗོད་པར་ འདོད་དོ། །ཅི་ཟབ་ཅིང་རྒྱ་ཆེ་བ་རྡོ་རྗེའི་རྣལ་འབྱོར་ནི་སྟོན་པ་པོ་སངས་རྒྱས་དང་སྡུད་ཅིང་ འགྲེལ་བ་པོ་གསང་སྔགས་རིག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མ་ཡིན་ནམ། བླུན་པོས་བརྗོད་པར་མི་རིགས་སོ། །ཞེ་ན། ནམ་མཁའ་ལ་མྱུར་དུ་འགྲོ་བའི་མཁའ་འགྲོ་སྟེ་ འདབ་ཆགས་ཀྱི་བདག་པོ་ནམ་མཁའ་ལྡིང་འགྲོ་ཡི། འདབ་ཆགས་གཞན་པ་བྱ་ཆུང་ངུ་དག་ ཀྱང་འགྲོ་བ་མིན་ནམ་ཅི་སྟེ་ཡིན་པ་ལྟར། ནམ་མཁའ་དང་འདྲ་བར་མཐའ་ཡས་པའི་རྡོ་རྗེའི་ རྣལ་འབྱོར་འདི་ལ་ཡང་སངས་རྒྱས་དང་བྱང་སེམས་ཆེན་པོ་རྣམས་ཀྱིས་བརྗོད་པ་བཞིན་དུ་ པད་མ་དཀར་པོ་བདག་གིས་ཀྱང་བརྗོད་པར་བྱ་བ་ཡིན་ནོ་ཞེས་པའོ། །འདིར་བླུན་པོ་ཞེས་ སོགས་ཁེངས་སྐྱུངས་བ་མཛད་པ་ནི་གཞན་དག་ལ་གདམ་ངག་རྗེས་སུ་བསྟན་པ་ཡིན་ནོ། ། 5-1-104 ༢ འགྲེལ་པ་མཐར་ཕྱིན་པ་སངས་རྒྱས་ཀྱི་མཐར་ཐུག་བསྟན་པ། གཉིས་པ་ནི། གང་དུ་ཞེས་སོགས་ཏེ་གསུངས་ཞེས་པ་ལ་རྒྱུད་ཀྱི་རྒྱལ་པོ་གང་དུ་ཁམས་ དྲུག་ལྡན་པའི་མི་རྣམས་ཀྱི་རང་གི་ལུས་ལ་སྲིད་པའི་རྩེ་མོ་ནས་དམྱལ་བའི་མཐར་ཐུག་པའི་ སྲིད་པ་གསུམ་པོ་མཐའ་དག་ཚང་བ་དང༌། དེ་བཞིན་ཉིད་ཀྱི་བརྡ་ཅན་དང༌། ཐ་སྙད་པའི་ བརྡ་ཅན་གྱི་སྔགས་རྣམ་པ་གཉིས་དང་བཅས་པ་སྟེ་དོན་དམ་པ་ཡེ་ཤེས་ཀྱི་སྐུ་རྒྱུད་མཐའ་ དག་ཡང་ཚང་ཞིང་བཞུགས་པར་རོ། །ཇི་ལྟར་གསུངས་ན་གསལ་བར་སྟེ་ངེས་པར་རོ། །སུས་ གསུངས་ན་ཨ་ལི་ཞེས་པ་ཐུང་ངུ་ནི་རིང་པོ་ལ་ཐུང་ངུའི་སྒྲ་བྱས་པ་ཡིན་ཏེ། ཨཱ་ལི་བྱང་ཆུབ་ ཀྱི་སེམས་ཀྱི་ཐིག་ལེ་བཞི་མི་འཕོ་བར་འཛིན་པ་རྒྱལ་བའི་དབང་པོ་ཤཱཀྱ་ཐུབ་པས་སོ། །དེ་ ལྟར་གསུངས་པའི་རྒྱུད་སྡེ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བས་ཆུ་གཏེར་ཏེ་རྒྱ་མཚོ་ཆེན་པོ་ལྟ་བུ་དེར་ ནི་རྐྱལ་བ་སྟེ་རྒལ་བའི་སླད་དུ་རབ་ཏུ་ཞུགས་པ་སྟེ་རྒྱས་འགྲེལ་རྩོམ་པ་ལ་ཞུགས་པ་དེ་ལ་ གལ་ཏེ་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་པད་མ་དཀར་པོ་བདག་ཕྱིན་པ་སྟེ་རྒྱ་ཆེར་འགྲེལ་རྩོམ་པ་ མཐར་ཕྱིན་པར་གྱུར་ན། དེ་བདག་རང་གི་མཐུ་མ་ཡིན་གྱི་རྒྱལ་བ་སངས་རྒྱས་ཀྱི་མཐུའམ་ བྱིན་གྱིས་བརླབས་ནས་རྒྱུད་འགྲེལ་རྩོམ་པ་མཐར་ཕྱིན་པ་ཡིན་ནོ། ། ༣ རྒྱུད་དང་འགྲེལ་པའི་བྱུང་རབས་བསྟན་པ། གསུམ་པ་ནི། གང་ཞིག་ཞེས་པ་ལ་སོགས་པ་སྟེ། རྒྱུད་ཀྱི་བྱུང་རབས་ནི་རྩ་བའི་རྒྱུད་གང་ ཞིག་དཔལ་ལྡན་འབྲས་ཕུང་གི་མཆོད་རྟེན་ཆེན་པོར་གསང་བདག་ཕྱག་ན་རྡོ་རྗེ་ཟླ་བ་བཟང་ པོ་ལ་སངས་རྒྱས་ཀྱིས་གསུངས་པའི་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ཞེས་པ་རྩ་ བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བྱུང་ཚུལ་ལོ། །བསྡུས་པའི་རྒྱུད་ཀྱི་བྱུང་ཚུལ་ནི། བསྟན་ ཞེས་པ་ལ་གང་བསྟན་ན་རྩ་བའི་རྒྱུད་དེ་ལས་སྟོབས་བཅུ་བ་ཐུབ་པའི་དབང་པོ་ཡིས་བསྡུས་ པའི་རྒྱུད་ནི་འབྱུང་བར། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། ལྷག་པའི་ཕྱོགས་བརྒྱ་ལེའུ་ 5-1-105 ལྔས། །དཔལ་ལྡན་རྒྱུད་རྣམས་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །སྡུད་པར་ བྱེད་པ་པོ་ཡང་འདི། །ཞེས་སྤྱན་རས་གཟིགས་པད་མ་དཀར་པོས་རྒྱས་འགྲེལ་འདི་མཛད་ པའི་དུས་ལས་ལོ་བདུན་བརྒྱ་ཙམ་གྱི་སྔོན་དུ་ལུང་བསྟན་པ་དེ་ནི་དུས་ཀྱི་འཁོར་ལོ་བསྡུས་ པའི་རྒྱུད་འདི་ཡིན་པས་བསྡུས་པའི་རྒྱུད་འདི་བསྟན་ནོ། །ཡུལ་གང་དུ་བསྟན་ན་ཤམ་བྷ་ལའི་ ཡུལ་གྱི་གཙོ་བོ་གྲོང་ཁྱེར་ཀ་ལཱ་པར་ཏེ་དེའི་ལྷོ་ཕྱོགས་ན་མ་ལ་ཡའི་ཚལ་གྱི་དབུས་ན་དུས་ ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པ་ཡོད་པའི་ཤར་གྱི་སྒོ་ཁྱམས་སུའོ། །སྟོན་པ་པོ་སུས་ བསྟན་ན་འཇམ་དཔལ་གྱིས་ནིའོ། །གདུལ་བྱ་གང་ལ་བསྟན་ན་ཐུབ་པ་སྟེ་ཉི་མའི་ཤིང་རྟ་གཙོ་ བོར་གྱུར་པའི་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་ཤམ་བྷ་ལའི་ཡུལ་ ཆེན་པོ་དགུ་བཅུ་རྩ་དྲུག་ན་གནས་པའི་གདུལ་བྱ་རྣམས་ལའོ། །ཇི་ལྟར་བསྟན་ན་གཞུང་ཉུང་ ངུས་རྩ་བའི་རྒྱུད་ཀྱི་དོན་གྱི་གཙོ་བོ་མཐའ་དག་ངེས་པར་བསྟན་ནོ། །རྒྱུད་དེ་དག་གི་འགྲེལ་ པའི་བྱུང་རབས་ནི། རྩ་རྒྱུད་ཀྱི་རྒྱས་འགྲེལ་ནི་གཞུང་གི་ཚད་རྗེས་སུ་བསྔགས་པའི་སྡེབ་སྦྱོར་ དང་བསྟུན་པའི་ཤོ་ལོ་ཀ་སྟོང་ཕྲག་དྲུག་ཅུ་པ་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོས་བྲིས་པ་གང་ཡིན་ པ་ཐེག་པ་ཀུན་ཀྱི་དོན་གསལ་བར་བྱེད་ཅིང་མདོར་བསྟན་པ་རབ་ཏུ་རྒྱས་བཤད་ཆེན་པོའི་ མཚན་ཉིད་ཅན་དེ་ཡིན་ནོ། །སྤྱན་རས་གཟིགས་དབང་ཕྱུག་པད་མ་དཀར་པོ་བདག་གིས་ ནི། དུས་ཀྱི་འཁོར་ལོ་གཞུང་ཉུང་ངུར་བསྡུས་པའི་རྒྱུད་འདི་ལ་རྒྱ་ཆེར་འགྲེལ་པ་བྲི་བར་བྱའོ། ། རྒྱས་འགྲེལ་ཇི་ལྟ་བུ་ཞེ་ན་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟེ། བརྗོད་པར་བྱ་བའི་དོན་རྩ་ རྒྱུད་ལས་ཇི་ལྟར་གསུངས་པ་དང་མཐུན་པར་སྟོན་པའི་རྒྱས་འགྲེལ་ལོ། །དེའི་གཞུང་ཚད་ནི་ ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཀྱིས་སོ། །དེའི་བྱེད་ལས་ནི་བསྡུས་པའི་རྒྱུད་འདིའི་ཚིག་དང་ དོན་རྣམ་པར་འབྱེད་པར་བྱེད་པ་ཡིན་ལ་དེ་ཡང་འདི་ཁོ་ན་རྣམ་པར་འབྱེད་པ་མ་ཡིན་གྱི་རྒྱུད་ གཞན་རྣམས་སུ་དབང་བཞི་པའི་དོན་ལ་སོགས་པ་རྡོ་རྗེའི་ཚིག་ཏུ་སྦས་པ་རྣམས་དང་བཅས་ 5-1-106 པ་འབྱེད་པའི་རྒྱས་འགྲེལ་ནི་བྲི་བར་བྱ་ཞེས་པའོ། ། (༢) བྲིས་པའི་རྒྱུད་འགྲེལ་ཇི་ལྟར་མཉན་པའི་ཚུལ། གཉིས་པ་བྲིས་པའི་རྒྱུད་འགྲེལ་ཇི་ལྟར་མཉན་པའི་ཚུལ་ནི། རྒྱལ་བས་ཞེས་པ་ལ་ སོགས་པ་སྟེ། མཉན་པར་བྱ་ཞེས་པ་ལ་གང་མཉན་པར་བྱ་ན་གཙོ་བོའི་རྒྱས་འགྲེལ་གཞན་ ཕན་སྤྱོད་པ་ཞེས་པ་སྟེ། གཙོ་བོ་ནི་བསྡུས་པའི་རྒྱུད་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དུས་ ཀྱི་འཁོར་ལོའི་རྒྱུད་དེ། དེའི་རྒྱས་འགྲེལ་ཐེག་པ་ཀུན་ཀྱི་དོན་གསལ་བར་བྱེད་པ་ས་བཅུའི་ དབང་ཕྱུག་པད་མ་དཀར་པོ་བདག་གིས་བྱས་པ་སྟེ། གཞན་ཕན་སྤྱོད་པ་ནི་རྒྱུད་ཐམས་ཅད་ ཀྱི་རྡོ་རྗེའི་ཚིག་གསལ་བར་བྱས་པས་གདུལ་བྱ་མཐའ་ཡས་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་ཀྱི་ལམ་ཐོབ་པར་བྱེད་པའོ། །གང་གིས་མཉན་པར་བྱ་བ་ཡིན་ན་རྣལ་འབྱོར་པས་ སོ། །དེ་ཇི་ལྟ་བུ་ཞེ་ན་རྒྱལ་བ་རྡོ་རྗེ་འཆང་གིས་རྒྱུད་འདི་ཉིད་ཀྱི་དབང་གི་ལེའུ་ལས་གསུངས་ པའི་ཆོ་གས་དབང་གི་མཆོག་བཅུ་གཅིག་པོ་རྣམས་བླངས་ནས་ཡང་དག་ཡེ་ཤེས་ལམ་ལ་ གནས་པ་སྟེ་སོ་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་ངེས་པར་བསྒོམས་པ་ལ་སོགས་ པའོ། །དགོས་པ་ཅིའི་དོན་དུ་ན། གནས་སྐབས་སུ་དུས་ཀྱི་འཁོར་ལོའི་རྒྱུད་འདིའམ་ནི་ཀྱེའི་ རྡོ་རྗེ་དང་གསང་བ་འདུས་པ་དང་འཁོར་ལོ་སྡོམ་པ་ལ་སོགས་པ་བསྡུས་པ་ཡི་རྒྱུད་རྒྱལ་མ་ ལུས་ཐོས་པ་སྟེ། དེ་དག་གི་རྡོ་རྗེའི་ཚིག་གི་དོན་ཤེས་པར་བྱ་བའི་སླད་དུ་དང༌། མཐར་ཐུག་གི་ འབྲས་བུ་གཞན་དོན་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་ བྱ་བའི་སླད་དུའོ། །ཚུལ་ཇི་ལྟར་ན་ཁེངས་པ་སྟེ་མཁས་པ་དང་རིགས་བཟང་བ་དང་རྫས་ཕྱུག་ པ་ལ་སོགས་པའི་ང་རྒྱལ་དང༌། འདོད་ཡོན་ལྔ་ལ་སོགས་པའི་ལོངས་སྤྱོད་དང་རིན་པོ་ཆེ་ལ་ སོགས་པའི་འབྱོར་པ་དུ་མ་བཏང་བ་སྟེ་སྤངས་ནས་སེམས་ནི་བླ་མར་གཏད་བྱས་ཞེས་པ་རྒྱུད་ སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། འཇམ་དཔལ་ལམ་དུས་འཁོར་དང་པོའི་སངས་རྒྱས་ཇི་ལྟ་བ་ 5-1-107 བཞིན་དུ་ལྟ་བར་གསུངས་པ་ལྟར་མོས་པ་བྱས་ཏེ་མཉན་པར་བྱ་ཞེས་པའོ། ། (༣) རྒྱུད་འགྲེལ་བྲི་པའི་རྒྱུ་མཚན་བསྟན་པ་ལ་གཉིས། གསུམ་པ་རྒྱུད་འགྲེལ་བྲི་བའི་རྒྱུ་མཚན་བསྟན་པ་ལ་གཉིས་ཏེ། རྒྱུད་དོན་ལོག་པར་ འགྲེལ་བ་གཞོམ་པའི་དོན་དུ་རྒྱུད་འགྲེལ་རྩོམ་པ་དང༌། ཐར་ལམ་རྣམ་དག་བསྟན་པའི་དོན་ དུ་རྒྱུད་འགྲེལ་རྩོམ་པར་བསྟན་པའོ། ། ༡ རྒྱུད་དོན་ལོག་པར་འགྲེལ་བ་གཞོམ་པའི་དོན་དུ་རྒྱུད་འགྲེལ་རྩོམ་པར་བསྟན་པ། དང་པོ་ལ་གསུམ་སྟེ། མངོན་ཤེས་མེད་པས་བྱས་པའི་རྒྱུད་འགྲེལ་གྱི་སྐྱོན་དང༌། རྒྱུད་ འགྲེལ་རྩོམ་པ་པོར་འོས་པ་དང་མི་འོས་པའི་གང་ཟག་གི་ཁྱད་པར་དང༌། རྒྱུད་དོན་ལོག་པར་ འགྲེལ་བ་འཇོམས་པའི་རྒྱས་འགྲེལ་བྲི་བར་དམ་བཅའ་བའོ། ། དང་པོ་ལ་གཉིས་ཏེ། མངོན་ཤེས་མེད་པས་བྱས་པའི་རྒྱུད་འགྲེལ་བདུད་ཕྱོགས་སུ་ བསྟན་པ། དེའི་རྒྱུ་མཚན་རྒྱས་པར་བཤད་པའོ། །དང་པོ་ནི། འདུས་པ་དང་སྡོམ་པ་ལ་སོགས་ པའི་རྒྱུད་ཀྱི་རྒྱལ་པོ་དུ་མ་ལ། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་རྣམས་ཀྱིས་བྱས་ པའི་རྒྱ་ཆེར་འགྲེལ་དུ་མ་ཡོད་པས་ན། ཁྱེད་བྱང་ཆུབ་སེམས་དཔའ་དུས་ཀྱི་འཁོར་ལོའི་རྒྱུད། རྒྱུད་གཞན་རྣམས་ཀྱི་རྡོ་རྗེའི་ཚིག་དང་བཅས་པ་རྣམ་པར་འབྱེད་པའི་རྒྱས་འགྲེལ་རྩོམ་ཅི་ དགོས་སྙམ་པ་ལ། རྒྱས་འགྲེལ་རྩོམ་པའི་རྒྱུ་མཚན་སྟོན་པ། མངོན་ཤེས་མེད་གང་ཞེས་པ་ ལ་སོགས་པ་སྟེ། སྐྱེས་བུ་གང་ཞིག་མངོན་པར་ཤེས་པ་ལྔ་མེད་པར་དཔལ་ལྡན་རྡོ་རྗེ་ཐེག་པ་ སྟེ་བྱིས་པ་སོ་སོའི་སྐྱེ་བོ་དང་ཉན་རང་རྣམས་ཀྱི་ཤེས་རབ་ཀྱིས་ཕིགས་པར་དཀའ་བས་ན་རྡོ་ རྗེ། འདིས་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བས་ན་ཐེག་པ་སྟེ་འབྲས་བུའི་མཚན་ཉིད་ཀྱི་ ཐེག་པ་ལ་གནས་པར་རློམ་ཞིང་སྒྲ་དང་རྟོག་གེ་ལ་སོགས་པའི་བསྟན་བཅོས་དུ་མ་བསླབས་ པ་ཡི་རྣམ་རྟོག་ཅེས་པ་རྣམ་པར་བརྟགས་པའི་དོན་འཛིན་པའི་ཤེས་པ་ཡིན་ལ། ཤེས་པ་དེ་ 5-1-108 ཉིད་མི་བདེན་པའི་ཆོས་ཀྱི་སྙིང་སྟེ་དོན་ལ་མངོན་པར་ཞེན་པའི་སེམས་ ཡིན་ཏེ་དེ་དང་ལྡན་པ་དང༌། དེ་ཉིད་ཀྱི་ཕྱིར་མཁས་པ་ཉིད་ཀྱི་དྲེགས་པ་སྟེ་ང་རྒྱལ་དང་ ལྡན་ཞིང་དེའི་རྒྱུ་མཚན་གྱིས་རྒྱུད་ཀྱི་རྒྱས་འགྲེལ་ཆེན་པོ་དག་བྱེད་པ་དེ་ནི། དཔེར་ན་གླང་ ཆེན་ལོང་བ་ཆང་གིས་མྱོས་པས་རང་གི་རྒྱུད་དཔུང་གི་ཚོགས་ཡན་ལག་བཞི་པ་ཉམས་པར་ བྱེད་ཅིང་དགྲའི་རྒྱུད་ཡན་ལག་བཞིའི་དཔུང་རྒྱལ་བའི་ཆེད་དུ་གནས་པ་བཞིན་དུ། སངས་ རྒྱས་ཀྱི་བསྟན་པའི་དགྲའི་རྒྱུད་བདུད་ཀྱི་ཕྱོགས་ནི་རྒྱལ་བའི་སླད་དུ་གང་གནས་པ་དེ་ཡིས་ སངས་རྒྱས་པ་རང་གི་རྒྱུད་དེ་སངས་རྒྱས་ཀྱི་བསྟན་པའི་ཕྱོགས་ཉམས་པར་བྱེད་པས་འདི་ནི་ རྟག་ཏུ་སྟེ་དུས་ཐམས་ཅད་དུ་བདུད་ཀྱི་གཉེན་དང་ཕྱོགས་སུ་གྱུར་པ་ཡིན་ནོ། ། གཉིས་པ་ནི། འོ་ན་མངོན་ཤེས་མེད་པའི་པཎྜི་ཏ་རྣམས་ཀྱིས་བྱས་པའི་རྒྱུད་ཀྱི་རྒྱ་ཆེར་ འགྲེལ་པ་དེ་དག་གིས་བདུད་ཀྱི་ཕྱོགས་རྒྱལ་བ་དང༌། སངས་རྒྱས་ཀྱི་ཕྱོགས་ཉམས་པར་བྱེད་ པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མཁས་པའི་མངོན་པའི་ང་རྒྱལ་ཞེས་པ་ལ་སོགས་པ་སྟེ། གླང་ པོ་ཆེ་མྱོས་པ་དང་འདྲ་བར་སྒྲ་དང་རྟོག་གེའི་བསྟན་བཅོས་ལ་སོགས་པ་ལ་མཁས་པའི་མངོན་ པའི་ང་རྒྱལ་དང་ལྡན་ཞིང༌། རྒྱལ་བའི་བདག་པོའི་གསུང་ཤ་ཟ་བ་དང་ཆང་འཐུང་བ་དང་ཕྱག་ རྒྱ་བསྟེན་པ་ལ་སོགས་པ་གསུངས་པའི་དགོངས་པ་ཟབ་མོ་ནི་མི་ཤེས་པའི་ངང་ཚུལ་ཅན་ རྟག་ཏུ་ལོང་བ་ལྟ་བུར་གྱུར་པའི་པཎྜི་ཏ་རྣམས་ཀྱིས་ཐེག་མཆོག་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་རྒྱས་ འགྲེལ་སྒྲ་ཇི་བཞིན་པ་ཁོ་ནར་བྱས་ཏེ་སློབ་མ་ལ་བསྟན་པས་ལོང་བ་ལྟ་བུར་གྱུར་པའི་སློབ་མ་ གཞན་དག་ངན་སོང་གསུམ་དུ་ལྷུང་དུ་བཅུག་ནས་སློབ་དཔོན་རང་ཉིད་ཀྱང་དམྱལ་བར་རབ་ ཏུ་འཇུག་པའི་ཕྱིར་ན་བདུད་ཀྱི་ཕྱོགས་རྒྱལ་བ་དང་སངས་རྒྱས་ཀྱི་ཕྱོགས་ཉམས་པར་བྱས་པ་ ཡིན་ནོ། །མངོན་ཤེས་མེད་པའི་པཎྜི་ཏས་རྒྱུད་ཀྱི་རྒྱས་འགྲེལ་བྱས་པ་དེས་རང་གཞན་ངན་ སོང་གསུམ་དུ་ལྷུང་དུ་བཅུག་པའི་ཚུལ་ནི། རྒྱུད་ཀྱི་དགོངས་པ་མི་ཤེས་པའི་རྒྱུད་ལས་འགྱོད་ 5-1-109 པ་ལ་སོགས་པའི་སྒྲིབ་པ་ལྔ་དང་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལམ་ལ་ འགྲེལ་པ་བྱེད་པ་པོ་རང་དང་སློབ་མའི་སེམས་དྲངས་ཤིང་མི་དགེ་བ་བཅུ་སྤྱད་པས་ངན་སོང་ དུ་འགྲོ་བའོ། །སེམས་གང་གིས་དྲངས་ན་བུད་མེད་བདེ་བས་ཏེ། རྒྱུད་ལས་བུད་མེད་བསྟེན་ པར་གསུངས་པའི་དགོངས་པ་འཛིན་པའི་ཡན་ལག་ཐོབ་ནས་རྗེས་དྲན་གྱི་སྐབས་སུ་བསྟེན་ པ་ཡིན་པ་ལ་དེ་ལྟར་མ་ཤེས་པས་ལས་དང་པོ་པའི་དུས་ཉིད་དུ་བུད་མེད་བསྟེན་པའི་རྒྱུ་ལས་ མི་དགེ་བའི་ལམ་ལ་སེམས་དྲངས་པ་ཡིན་ནོ། །དེ་ལྟར་དབང་པོ་གཉིས་ཀྱི་བདེ་བ་ལ་ཆགས་ པའི་དབང་གིས་དཔལ་ལྡན་ཤེས་རབ་སྟེ་ཕྱག་རྒྱ་ཆེན་མོ་བསྟེན་པ་ལས་བྱུང་བའི་འཛག་མེད་ ཀྱི་བདེ་བ་ལས་ཉམས་ཤིང༌། བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པ་ལ་སོགས་པའི་རྡོ་རྗེའི་ཚིག་ བཅོམ་པ་སྟེ་དེའི་དོན་ཕྱིན་ཅི་ལོག་ཏུ་བཤད་ནས་དབང་པོ་གཉིས་ཀྱི་བདེ་བ་ལ་ངོ་སྤྲོད་ཅིང༌། ཕྱིའི་ལོངས་སྤྱོད་ཁ་ན་མ་ཐོ་བ་དང་བཅས་པའི་འདོད་ཡོན་ལ་ཆགས་པ་རྣམས་ཀྱི་སེམས་རྒྱུད་ ཟིལ་གྱིས་མནན་པའོ། །མདོར་ན་པཎྜི་ཏ་འགའ་ཞིག་མངོན་ཤེས་མེད་པར་མཁས་པའི་ང་ རྒྱལ་བསྐྱེད་ནས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞེས་པ་དང༌། ཕ་རོལ་བུད་མེད་ བསྟེན་པར་བྱ། །ཞེས་པ་ལ་སོགས་པའི་རྡོ་རྗེའི་ཚིག་རྣམས་ཀྱི་དགོངས་པ་མི་ཤེས་པར་སྒྲ་ཇི་ བཞིན་པར་སྟོན་ཅིང༌། དབང་པོ་གཉིས་ལས་སྐྱེས་པའི་བདེ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ ནོ་ཞེས་སྟོན་པའི་རྒྱ་ཆེར་འགྲེལ་བྱས་ནས་རང་ཡང་འཛིན་ཅིང་གཞན་ལ་ཡང་སྒྲོགས་པར་ བྱེད་པས་ཡང་དག་པའི་ལམ་ལས་ཉམས་ནས་དམྱལ་བར་ལྟུང་བར་འགྱུར་ཞིང༌། གཞན་ གྱིས་ཀྱང་དེ་ལྟ་བུའི་རྒྱས་འགྲེལ་བཟུང་སྟེ་བདག་གིས་རྡོ་རྗེའི་ཚིག་ཤེས་སོ་སྙམ་ནས་དེ་ བཞིན་དུ་སྤྱད་པས་དམྱལ་བར་ལྟུང་བར་འགྱུར་རོ། །རྡོ་རྗེའི་ཚིག་གི་དགོངས་པ་ནི་འོག་ནས་ རྒྱ་ཆེར་སྟོན་པར་འགྱུར་རོ། ། གཉིས་པ་རྒྱུད་འགྲེལ་རྩོམ་པ་པོར་འོས་པ་དང་མི་འོས་པའི་གང་ཟག་གི་ཁྱད་པར་ནི། 5-1-110 གང་ཞིག་ཅེས་པ་ལ་སོགས་པ་སྟེ་སྨྲ་ལ་ཞེས་པ་ལ་སུ་སྨྲ་ན་བྱང་ཆུབ་སེམས་དཔའ་གང་ཞིག་ སྟོན་པ་སངས་རྒྱས་ཉིད་ཀྱིས་རྒྱུད་བསྡུ་བ་དང་འགྲེལ་བར་ལུང་བསྟན་ཅིང༌། དེའི་རྒྱུ་མཚན་ གྱིས་རྒྱལ་བདག་རྡོ་རྗེ་སེམས་དཔའི་བདེ་བ་སྟེར་བ་རྡོ་རྗེ་ཐེག་པའི་རྒྱུད་མཐའ་དག་གི་རྒྱས་ འགྲེལ་དག་དང་བསྡུ་བ་མཛད་པ་པོ་འགྱུར་མེད་བདེ་བའི་རྡོ་རྗེ་མཆོག་འཛིན་པ་འཇིག་རྟེན་ དབང་ཕྱུག་བདག་དང་བདག་འདྲ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སྟེ་དེ་རྣམས་ སྨྲའོ། །གང་དུ་སྨྲ་ན་འདིར་ནི་ཞེས་པ་སྲིད་པ་གསུམ་གྱི་གནས་སུའོ། །དགོས་པ་ཅིའི་དོན་དུ་ ན་ལྷ་དང་ལག་འགྲོ་ཀླུ་དང་མི་རྣམས་སྨིན་པའི་དོན་དུ་རྒྱུད་ཀྱི་རྒྱལ་པོ་རྣམས་ཀྱི་རྒྱས་འགྲེལ་ དང་བསྡུ་བ་མཛད་པའི་ནུས་པ་སྐྱེས་པ་དེ་སངས་རྒྱས་ཀྱི་མཐུ་ཡིན་པར་སྨྲ་ཡི་རང་ཉིད་ཀྱི་ བློའི་ནུས་པ་ཡིན་པར་མི་སྨྲ་སྟེ། དེ་ལྟར་སྨྲས་པ་ལས་འགྲོ་བ་རྣམས་སངས་རྒྱས་ལ་དད་པ་ སྐྱེས་ནས་རྒྱུད་སྨིན་པར་འགྱུར་བས་སོ། །མངོན་ཤེས་མེད་པ་མངོན་པའི་ང་རྒྱལ་དང་ལྡན་ པའི་ཚུལ་ནི། གདུག་པའི་སློབ་དཔོན་གང་དག་མངོན་ཤེས་ལྔ་མེད་པ་དེ་དག དབང་མཆོག་ ཐོབ་གང་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་ བཞུགས་རྣམས། །དུས་གསུམ་བྱོན་ནས་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པའི་ལུང་སྒྲ་ ཇི་བཞིན་པར་བཟུངས་ནས་བདག་ཅག་རྒྱལ་དབང་རྡོ་རྗེ་སེམས་དཔའ་ཡིན་ཞེས་བདེན་ པ་མིན་པ་རྫུན་གྱི་ཚིག་སྨྲ་བར་བྱེད་ཅིང་མངོན་པའི་ང་རྒྱལ་གྱི་རློམ་པ་དེས་རྒྱུད་ཀྱི་རྒྱལ་པོ་ རྣམས་ཀྱི་རྒྱ་ཆེར་འགྲེལ་པ་ཡང་རྩོམ་པར་བྱེད་དོ། །འོ་ན། སློབ་དཔོན་གསང་བ་ཤེས་རབ་ དང༌། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བུམ་པའི་དབང་ཐོབ་པས་སློབ་མ་རྡོ་རྗེ་སློབ་དཔོན་ དུ་འགྱུར་བར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་དྲང་བའི་དོན་དུ་དབང་བཞིའི་རིམ་པ་ རྣམ་པར་གཞག་པའི་ཕྱིར་རྡོ་རྗེ་སློབ་དཔོན་དུ་བརྟགས་ནས་བསྟན་གྱི། ངེས་པའི་དོན་ནི་མ་ ཡིན་ཏེ། ཀྱེའི་རྡོ་རྗེའི་འགྲེལ་པ་རྡོ་རྗེ་སྙིང་པོས་མཛད་པ་ལས། ཇི་ལྟར་བརྡ་ཡིས་བཤང་བ་ 5-1-111 ལ། །རྣམ་སྣང་གཅི་བ་ཁུ་བ་དང༌། །མི་བསྐྱོད་པ་དང་འོད་དཔག་མེད། །དེ་ལྟར་སློབ་དཔོན་ རྡོ་རྗེ་འཆང༌། །བཤང་གཅི་ཁུ་བ་ཕྱག་རྒྱ་རྣམས། །ཇི་ལྟར་སློབ་དཔོན་སྟེར་བྱེད་བཞིན། །སྐུ་ གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །དེ་ལྟར་རྡོ་རྗེ་འཛིན་པས་སྩོལ། །ཀུན་རྫོབ་དང་ནི་དོན་ དམ་པས། །སློབ་མ་རྣལ་འབྱོར་པ་རྣམས་ལ། །དཀྱིལ་འཁོར་བྱང་ཆུབ་ཤིང་དྲུང་དུ། །དབང་ བསྐུར་སྔར་དང་ཕྱིས་དེ་མིན། །ཞེས་དང༌། དགོངས་པས་བཤད་པ་མི་ཤེས་ཤིང༌། །མིང་ཙམ་ གྱིས་ནི་རྨོངས་པ་རྣམས། །རྒྱལ་བའི་དབང་པོ་རྣམས་སྨད་ནས། །ངུ་འབོད་དུ་ནི་འགྲོ་བར་ འགྱུར། །ཞེས་གསུངས་པ་ལྟར་རོ། ། གསུམ་པ་རྒྱུད་དོན་ལོག་པར་འགྲེལ་བ་འཇོམས་པའི་རྒྱས་འགྲེལ་བྲི་བར་དམ་བཅའ་བ་ ནི་མ་འོངས་དུས་ན་ཞེས་པ་ལ་སོགས་པ་སྟེ། སྤྱན་རས་གཟིགས་དབང་ཕྱུག་གིས་རྒྱས་འགྲེལ་ འདི་མཛད་པའི་སྔོན་དུ་ཡང་རྒྱུད་ཀྱི་རྒྱལ་པོ་རྣམས་ལ་ཕྱིན་ཅི་ལོག་གི་འགྲེལ་པ་བྱེད་པ་བྱུང་ ཞིང༌། རྒྱས་འགྲེལ་འདི་མཛད་པའི་དུས་ལས་མ་འོངས་པའི་དུས་ན་ཡང་རྒྱུད་ཀྱི་འགྲེལ་པ་ ཕྱིན་ཅི་ལོག་པ་རྩོམ་པ་འབྱུང་བར་འགྱུར་སྟེ་རྐྱེན་གང་གིས་འབྱུང་བར་འགྱུར་ཏེ་དུས་རྟག་ ཏུ་རྟོག་གེ་ཚད་མ་དང་ལ་སོགས་ཀྱི་སྒྲས་བསྡུས་པ་སྒྲ་དང་སྙན་ངག་དང་སྡེབ་སྦྱོར་དང་ཆོས་ མངོན་པ་ལ་སོགས་པ་བསྟན་བཅོས་དུ་མ་རྣམས་ལ་བློ་གཏད་པས་གྲུབ་མཐའ་སྣ་ཚོགས་ རིག་པའི་བློ་དང་ལྡན་པས་ནང་པ་སངས་རྒྱས་པ་ཡིན་ཡང་གཞན་མུ་སྟེགས་ཅན་གྱི་རྟོག་གེའི་ བསྟན་བཅོས་ངན་པ་དང་ཕྲད་པའི་རྐྱེན་གྱི་དབང་གིས་སོ། །དེ་ལྟར་རྟོག་གེ་ལ་སོགས་པ་ཐ་ སྙད་ཀྱི་བསྟན་བཅོས་དུ་མ་ལ་བློ་གཏད་པ་སྟེ་ཡིད་རྟོན་པའི་གང་ཟག་དེ་ཡིས་ཐར་པ་ཆེན་ པོ་དོན་དུ་གཉེར་བའི་རྣལ་འབྱོར་པ་རྣམས་ཀྱི་ཐོབ་བྱར་མངོན་པར་འདོད་པའི་ཡུལ་རྡོ་རྗེ་ ཐེག་པའི་ཚུལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་དེ་ཐོབ་པར་བྱེད་པའི་ལམ་ནི་མི་ཤེས་བཞིན་ དུ་ཤེས་པར་རློམ་ནས་སྟོན་པར་བྱེད་པ་གང་ཡིན་པ་དེ་རྣམས་ཉིད་ཀྱི་བློ་གྲོས་ངན་པའི་སྐྱོན་ 5-1-112 དབང་གསུམ་པའི་ཤེས་རབ་ཡེ་ཤེས་བཞི་པའི་ཤེས་རབ་ཡེ་ཤེས་སུ་སྨྲ་བ་ལ་སོགས་པ་རྒྱུད་ ཀྱི་དོན་ཕྱིན་ཅི་ལོག་ཏུ་འགྲེལ་བ་སྟེ་དེ་རྣམས་འཇོམས་པར་བྱེད་པའི་རྒྱས་འགྲེལ་པད་མ་ དཀར་པོ་བདག་གིས་བྲི་བར་བྱའོ་ཞེས་པ་རྒྱུ་མཚན་སྨོས་པའི་སྒོ་ནས་བརྩམ་པར་དམ་བཅའ་ བར་མཛད་པའོ། །རྡོ་རྗེ་སྙིང་འགྲེལ་དུའང༌། གང་ཞིག་འགྲེལ་པ་མེད་པར་ཉུང་རྒྱུད་ངེས་པར་ བཏུས་ལ་གསང་ཚིག་སྟོན་བྱེད་པ། །དེ་ནི་ལོང་བ་ཆུ་ལ་སྦྲུལ་ཞུགས་ཡུན་རིང་ལོན་པའི་རྗེས་ ལ་ལྟ་བ་བཞིན། །ཞེས་པ་དང༌། བཅོམ་ལྡན་འདས་ཀྱིས་མཐའ་དྲུག་གིས་བསྐོར་འདུས་པ་ ལ་སོགས་རྒྱུད་རྣམས་གང་གསུངས་པ། །བསྟན་བཅོས་མཁས་པའི་ང་རྒྱལ་གཅོག་བྱེད་དེ་ ནི་རྟོག་གེས་རྟོགས་བྱ་ག་ལ་ཡིན། །ཞེས་སོགས་རྒྱས་པར་གསུངས་སོ། །དེའི་ཕྱིར་རྟོག་གེ་ ལས་མ་འདས་པའི་ཆོས་ཐུན་མོང་བ་རྣམས་ལ་མཁས་ཀྱང་མངོན་ཤེས་ལྔ་དང་རྩ་རྒྱུད་སེམས་ འགྲེལ་གྱི་མན་ངག་མེད་ན་རྒྱུད་མཆོག་འགྲེལ་བར་མི་དབང་སྟེ། དེ་ནི་མངོན་ཤེས་ཐོབ་ རྣམས་ཀྱིས། །བྱ་ཡི་མཁས་རྣམས་ཀྱིས་མིན་ཉིད། །ཅེས་སོ། ། ༢ ཐར་ལམ་རྣམ་དག་བསྟན་པའི་དོན་དུ་རྒྱུད་འགྲེལ་རྩོམ་པར་བསྟན་པ། གཉིས་པ་ཐར་ལམ་རྣམ་དག་བསྟན་པའི་དོན་དུ་རྒྱུད་འགྲེལ་རྩོམ་པར་བསྟན་པ་ལ་ལྔ་ སྟེ། བྱང་ཆུབ་སེམས་དཔའི་རྒྱས་འགྲེལ་གྱིས་ཐབས་ལམ་རྣམ་དག་སྟོན་པའི་ཚུལ་དང༌། ཐར་ ལམ་རྣམ་དག་ཡིན་མིན་གྱི་རྣམ་པར་དབྱེ་བ་གཏན་ལ་དབབ་པ་དང༌། ལམ་བཟང་རིན་པོ་ཆེ་ སྣོད་མིན་ལ་མི་སྦྱིན་ཞིང་སྦ་བར་གདམས་པ་དང༌། ཐར་ལམ་རྣམ་དག་གི་བྱེད་ལས་བསྟན་པ་ དང༌། ཐར་ལམ་རྣམ་དག་གི་འབྲས་བུ་བསྟན་པའོ། ། དང་པོ་ནི། ཆགས་བྲལ་མེད་པའི་ཞེས་པ་ལ་སོགས་པ་སྟེ་དཔལ་ལྡན་རྡོ་རྗེ་ཐེག་པའི་ རྒྱུད་ཀྱི་རྒྱས་འགྲེལ་བྱང་ཆུབ་སེམས་དཔས་མཛད་པ་འདིའམ་འདི་འདྲ་བ་དག་ནི་སྲིད་པའི་ ཆུ་གཏེར་ལ་ནི་རྟག་ཏུ་མཉན་པ་བཟང་པོ་ལྟ་བུ་ཡིན་ཏེ། སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་ 5-1-113 པའི་ཐབས་ཟབ་མོ་སྟོན་པའི་ཕྱིར་རོ། །སྲིད་པའི་རྒྱ་མཚོ་ཇི་ལྟ་བུ་ཞེ་ན། སྲིད་པ་འདི་རྒྱ་མཚོ་ དང་ཆོས་མཐུན་པའི་སྒོ་ནས་རྒྱ་མཚོའི་གཟུགས་སུ་བཀོད་པ་ཁམས་གསུམ་ལ་ཆགས་པ་དང་ བྲལ་བ་མེད་པའི་ཐིག་ལེ་འཕོ་བའི་བདག་ཉིད་ཀྱི་འདོད་ཆགས་མཐའ་ཡས་པའི་ཆུ་ལ་ཞེས་ པ་འཕོ་བའི་འདོད་ཆགས་ཆུ་དང་འདྲ་བས་ན་ཆུའི་ངོ་བོ་ལྟ་བུར་བསྟན་ནོ། །ཆགས་བྲལ་མེད་ པའི་ཞེས་པ་ལ། བི་བེ་ཀ་ར་ཧི་ཏ་ཞེས་པ་སྐད་དོད་ལ་ཡོད་པས། བེ་ཀ་ནི་འབྱེད་པ་ལ་འཇུག་ པས་རྣམ་འབྱེད་དང་བྲལ་ཞེས་པར་འགྱུར་ཏེ། རྣམ་འབྱེད་ནི་གནས་དང་གནས་མ་ཡིན་པ་ ཤེས་པ་ཡིན་ལ་དེ་དང་བྲལ་བ་ཞེས། ཨ་ཙ་ལ་གརྦྷས་འཆད་དོ། །ཞེ་སྡང་ནི་བདེ་བ་ཉམས་ པས་ཆགས་པ་དང་བྲལ་བ་སྟེ་དེ་ལྟ་བུའི་སྦྲུལ་དང་ཆུ་སྲིན་གྱིས་དཀྲིགས་པ་སྟེ་ཁྱབ་པར་གྱུར་ ཅིང༌། ཐིག་ལེ་མི་འཕོ་བའི་བདེ་བ་ཉམས་པ་ལས་སེམས་རྨོངས་པའི་བདག་ཉིད་ཀྱི་གཏི་ མུག་གི་ཀློང་ནི་རབ་ཏུ་མང་པོ་དང་འགྲོ་འོང་ནི་ནང་དུ་བྱང་སེམས་ཐིག་ལེའི་འགྲོ་འོང་དང་ ཕྱིར་གོས་དང་རྒྱན་ལ་སོགས་པའི་འགྲོ་འོང་གི་ནོར་དང་དཔལ་དང་ཕུན་སུམ་ཚོགས་པ་ལ་ བརྐམ་པ་སྟེ་འཕོ་བའི་བདེ་བ་ལ་ཆགས་པའམ་ནོར་རྫས་ལ་ཆགས་པའི་རླབས་ཏེ་ཆུའི་རྣམ་ འགྱུར་གཡོ་བའི་ངོགས་ཅན་ཏེ་འགྲམ་དང་ལྡན་པ་དང་འགྱོད་པ་དང་སོགས་ཀྱི་སྒྲས་བསྡུས་ པ་ཐེ་ཚོམ་ལ་སོགས་པའི་སྒྲིབ་པ་ལྔ་དང་གསོད་པ་དང་ལ་སོགས་ཀྱི་སྒྲས་བསྡུས་པ་མ་བྱིན་ པར་ལེན་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་བཅུའི་རྟ་གདོང་སྟེ་རྒོད་མ་ཁའི་མེ་དང་ འཁོར་མོ་སྟེ་ཆུ་འཁོར་བའི་སྒྲ་དྲག་པོ་འཇིགས་སུ་རུང་བ་དང་ལྡན་པའོ། །དེ་བཞིན་དུ་བྱང་ ཆུབ་སེམས་དཔའི་རྒྱས་འགྲེལ་དེ་ནི་སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བའི་ལམ་གྱི་འདྲེན་ པ་དེད་དཔོན་ལྟ་བུ་ཡིན་ཏེ། རྡོ་རྗེ་འཛིན་པའི་ཤེས་རབ་འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་ མངོན་སུམ་དུ་མཐོང་བའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་རླུང་གི་དར་གྱིས་རྡོ་རྗེ་ཐེག་ པའི་ལམ་གྱི་གྲུ་གཟིངས་བསྐྱོད་ནས་སྲིད་པའི་རྒྱ་མཚོ་ལས་མྱུར་དུ་བརྒལ་ནས་འགྲོ་ཞིང་ 5-1-114 མི་གནས་པའི་མྱང་འདས་སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དོན་དུ་གཉེར་བའི་ཁམས་ དྲུག་ལྡན་པའི་སྐྱེས་བུ་ཆེན་པོའི་གང་ཟག་རྣམས་འདོད་པ་ལྔ་ལ་ལོངས་སྤྱོད་པའི་སྒོ་ནས་བྱང་ སེམས་ཐིག་ལེ་མི་འཛག་ཅིང་འཕེལ་བའི་དམ་པའི་བདེ་བ་ཆེན་པོའི་ལམ་གྱིས་སྲིད་པའི་ རྒྱ་མཚོ་ལས་མྱུར་དུ་རྒལ་བར་བྱེད་སླད་དེ་བྱེད་པའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་སེམས་ དཔའི་འགྲེལ་པ་འདི་རྒྱ་མཚོ་ཆེན་པོའི་གླིང་དུ་ཡིད་བཞིན་གྱི་ནོར་བུ་སྟོན་པའི་དེད་དཔོན་ ཆེན་པོ་ལྟ་བུ་ཡིན་ཏེ། འཇིག་རྟེན་གསུམ་གྱི་བདག་པོ་རྡོ་རྗེ་འཆང་གི་ཕུན་སུམ་ཚོགས་པ་ཉིད་ སྟེར་བར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་འདི་ནི་ཀུན་ཏུ་སྟེ་རྣམ་པ་ཐམས་ཅད་ཡང་དག་པར་ སྟོན་པར་བྱེད་པ་འོ་སྟེ་བྱེད་པའི་ཕྱིར་རོ། །ཡིད་བཞིན་གྱི་ནོར་བུ་ཇི་ལྟ་བུ་ཞེ་ན་ཆགས་སྡང་ ལ་སོགས་པའི་ཉོན་མོངས་པ་དང་བདུད་བཞིའི་ཚོགས་འཇོམས་པ་ལ་མཁས་པའི་ཡང་དག་ པའི་ཡེ་ཤེས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡིད་བཞིན་གྱི་ནོར་བུ་སྟེ་དེ་སྟོན་པར་ བྱེད་པའོ། ། གཉིས་པ་ཐར་ལམ་རྣམ་དག་ཡིན་མིན་གྱི་རྣམ་པར་དབྱེ་བ་གཏན་ལ་དབབ་པ་ལ་བདུན་ ཏེ། རྣམ་དག་ལམ་གྱི་བསྒོམ་བྱ་ཕྱག་རྒྱ་ཆེན་མོ་ངོས་བཟུང་བ། ཕྱག་རྒྱ་དམན་པ་བསྟེན་པའི་ ལམ་འཁོར་བའི་རྒྱུར་བསྟན་པ། ཐར་ལམ་དོན་དུ་གཉེར་བས་དོན་ལ་རྟོན་ཞིང་ཚིག་འབྲུ་ལ་ མི་རྟོན་པར་གདམས་པ། སྟོང་གཟུགས་ཕྱག་རྒྱ་ཆེན་མོར་རྒྱུད་གཞན་རྣམས་སུ་གསུངས་པའི་ ཚུལ། ཕྱག་རྒྱ་དམན་པ་བསྟེན་པའི་ལམ་ལས་ཐར་པའི་བདེ་བ་མི་འབྱུང་བར་བསྟན་པ། ཕྱག་ རྒྱ་བསྟེན་པར་གསུངས་པའི་དགོངས་པ་བསྟན་པ། རྣམ་དག་ལེགས་པའི་ལམ་གྱི་ངོ་བོ་ངོས་ བཟུང་བའོ། ། དང་པོ་ནི། གང་ཞིག་ཅེས་པ་ལ་སོགས་པ་སྟེ་བྱང་ཆུབ་སེམས་དཔའི་འགྲེལ་པས་ཐར་ པའི་ལམ་རྣམ་པར་དག་པ་སྟོན་པར་བྱེད་པ་ཡིན་ན་ལམ་དེའི་བསྒོམ་པར་བྱ་བ་གང་ཡིན་ 5-1-115 ཞེ་ན། བསྒོམ་པར་བྱ་བ་ནི་ཕྱག་རྒྱ་ཆེན་མོ་སྟེ་དེའི་ངོ་བོ་ནི་ཕྱག་རྒྱ་གང་ཞིག་ཕུང་པོ་དང་ལ་ སོགས་ཀྱི་སྒྲས་བསྡུས་པ་ཁམས་དང་དབང་པོ་དང་ཡུལ་དང་ལས་ཀྱི་དབང་པོ་དང་ལས་ཀྱི་ དབང་པོའི་བྱ་བ་དྲུག་སྟེ་དྲུག་དྲུག་སུམ་ཅུ་རྩ་དྲུག་སྒྲིབ་པ་ཐམས་ཅད་གདོད་མ་ནས་རབ་ཏུ་ བཅོམ་པ་སྟེ་སྒྲིབ་བཅས་ཀྱི་ཕུང་པོ་སོགས་ལས་གཞན་སྒྲིབ་པ་མེད་པའི་ཕུང་པོ་ལ་སོགས་ པ་མཆོག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཡིན་ལ་དེ་ནི་པྲ་ཕབ་བརྒྱད་ལྟ་བུ་ཞེས་པ་ པྲ་ཕབ་པའི་སྣང་བ་དང་མཚུངས་པའི་སྟོང་པ་ཉིད་ཀྱི་གཟུགས་སོ་སོར་སྡུད་པའི་རྣལ་འབྱོར་ པས་ནམ་མཁའ་ལ་མངོན་སུམ་དུ་མཐོང་བའོ། །བརྒྱད་ཅེས་པ་ནི་པྲ་འབེབས་པ་ལ་འཇུག་ པའི་རྒྱུད་ལས། མེ་ལོང་མཐེ་བོ་སྒྲོན་མེ་ཟླ། །ཉི་མ་ཆུ་དང་རལ་གྲི་མིག །པྲ་འབེབས་འཇུག་ པ་བརྒྱད་རྣམས་ནི། །རྒྱལ་བ་རྣམས་ཀྱི་པྲ་འབེབས་གསུངས། །ཞེས་པའོ། ། དེ་ལྟ་བུའི་སྟོང་པ་ཉིད་ཀྱི་གཟུགས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་ ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་བདག་ཉིད་ཡིན་པས། དེ་མངོན་སུམ་དུ་བསྒོམ་པའི་ རྣལ་འབྱོར་པ་ལ་ཀུན་མཁྱེན་གྱི་བདེ་བ་ཆེན་པོ་སྟེར་ཞིང༌། དེ་ཉིད་གཅིག་པུ་སྟེ་དེ་ཁོ་ན་རྡོ་རྗེ་ འཛིན་པའི་རིག་མ་ཕྱག་རྒྱ་ཆེན་མོ་སྟེ། དེ་ཉིད་རྣམ་པར་དག་པའི་ལམ་གྱི་བསྒོམ་པར་བྱ་བ་ ཡིན་ནོ། ། གཉིས་པ་ནི། དེ་བོར་ཞེས་པ་ལ་སོགས་པ་སྟེ་འོ་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་ པའི་ལམ་གྱིས་ཀྱང་སངས་རྒྱས་ཐོབ་པ་མ་ཡིན་ནམ་ཞེ་ན། གང་ཟག་གང་གིས་སངས་ རྒྱས་ཀྱི་བདེ་བ་སྟེར་བའི་ཕྱག་རྒྱ་ཆེན་མོ་དེ་བོར་ནས་སངས་རྒྱས་ཉིད་ཀྱི་སླད་དུ་ནོར་ལ་ ཆགས་ཤིང་འཁྱོག་པོའི་སྙིང་ལྡན་ཏེ་གཡོ་སྒྱུའི་བསམ་པ་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་དང༌། བརྟགས་མ་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་དག་བསྟེན་པར་བྱེད་པ་རྣམ་པར་བརྟགས་པའི་བློ་ཅན་དེ་ ཡིས་བདེ་བའི་རྟེན་བྱང་སེམས་ཐིག་ལེ་དེ་ཡང་འཕོ་བ་སྟེ་འཛག་པའི་བདེ་བ་ཐོབ་པར་བྱེད་ 5-1-116 པ་ཡིན་གྱི་མི་འགྱུར་བའི་བདེ་བ་ཐོབ་པར་བྱེད་པ་མ་ཡིན་ནོ། །བྱང་སེམས་ཐིག་ལེ་འཕོས་པ་ ལ་ཉེས་དམིགས་ཅི་ཡོད་ཅེ་ན། འདོད་ཆགས་ཏེ་བདེ་བའི་རྟེན་ཐིག་ལེ་ཉམས་པ་ལས་སྡིག་ པ་འཕེལ་བར་འགྱུར་བ་སྟེ། གང་གི་ཕྱིར་ན་ཤིན་ཏུ་སྡུག་མ་སྟེ་འདོད་ལྡན་མ་དང་འགྲོགས་པ་ ལས་ནི་ཆགས་པ་དང་བྲལ་བའི་ཞེ་སྡང་སྐྱེ་ལ། ཞེ་སྡང་ལས་བརྒྱལ་བར་གྱུར་བའི་གཏི་མུག་ སྐྱེ་སྟེ་དེ་ལྟར་ན་ལས་ཀྱི་ཕྱག་རྒྱ་འདི་ལས་རང་གི་རྡོ་རྗེ་སྟེ་བདེ་བའི་རྟེན་ཐིག་ལེ་ལྷུང་བ་ལས་ ལུས་རྒུད་པའི་སྟོབས་ཀྱིས་སེམས་ནི་རྟག་ཏུ་རྨོངས་པར་འགྱུར་ཏེ། ཟག་པ་མེད་པའི་བདེ་ བའི་རོ་མ་མྱོང་བས་ལུས་རྒུད་པ་གསོ་བའི་དོན་དུ་མཆོག་མིན་ཏེ་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ པའི་མ་ལུས་བཟའ་བ་ཤ་ལ་སོགས་པ་དུ་མ་དང༌། བཏུང་བ་ཆང་ལ་སོགས་པ་དང་སོགས་ ཀྱི་སྒྲས་བསྡུས་པ་གླུ་དང་གར་ལ་སོགས་པའི་ཡུལ་གཞན་དག་ལ་རབ་ཏུ་འཇུག་ཅིང༌། དེ་ལྟ་ བུའི་ཡུལ་ལ་འཇུག་པ་དེ་ཡིས་སེམས་ལ་ཅོ་དྲིས་པ་སྟེ་ཡང་དང་ཡང་དུ་སེམས་ཆགས་པ་ལ་ འཇུག་པ་ན་རྨོངས་པའི་བར་དུ་བྱས་པས་ཐར་པའི་བདེ་བ་ལས་ཉམས་ཤིང་སྐྱེ་བ་སྟེ་འགྲོ་བ་ དྲུག་ཏུ་ཡང་ནས་ཡང་དུ་འཁོར་བ་སྟེ་འཁྱམ་པར་འགྱུར་རོ། །འདི་ལ་ཨ་ཙ་ལ་གརྦྷས་ནི། སྡིག་ པ་སྙིང་རྗེ་ཟད་པ་དང་ཞེ་སྡང་བྱམས་པ་ཟད་པ་དང་གཏི་མུག་དགའ་བ་ཟད་པ་དང་རྨོངས་པ་ བཏང་སྙོམས་ཟད་པ་ལ་སྦྱོར་རོ། ། གསུམ་པ་ནི། ཀུན་མཁྱེན་ཞེས་པ་ལ་སོགས་པ་སྟེ། མུ་སྟེགས་བྱེད་རྣམས་ཁོ་བོ་ཅག་གི་ འདོད་པའི་ལྷ་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་རྣམས་སྒྲ་བཟང་པོ་ལེགས་པར་སྦྱར་ བའི་སྐད་ཁོ་ནས་ཆོས་སྟོན་ནོ་ཞེས་ཟེར་བ་ལྟར། གཞན་གྱི་རྟོག་གེ་དང་ཕྲད་པའི་སངས་རྒྱས་ པའི་པཎྜི་ཏ་འགའ་ཞིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་ལེགས་ པར་སྦྱར་བའི་སྐད་ཁོ་ནས་ཆོས་སྟོན་ཅིང་ལེགས་པར་སྦྱར་བའི་སྐད་ནི་སྒྲ་མཆོག་ཏུ་གྱུར་པ་ ཡིན་པས་འདི་ལ་ཤིན་ཏུ་མཁས་པར་བྱའོ་ཞེས་མངོན་པར་ཞེན་པ་དགག་པའི་ཕྱིར་གསུངས་ 5-1-117 པ། རྣལ་འབྱོར་པ་ཀུན་མཁྱེན་གྱི་ལམ་དོན་དུ་གཉེར་བ་རྣམས་ལ་དོན་ལ་རྟོན་པ་དགོས་ཀྱི་ སྒྲ་བཟང་པོ་དང་སྒྲ་བཟང་པོ་མིན་པའི་རྣམ་དཔྱད་བྱས་ཀྱང་དོན་ཆེན་པོ་མེད་དེ། བོད་དང་ལི་ དང་རྒྱ་ནག་ལ་སོགས་པ་སྣ་ཚོགས་པའི་ཡུལ་གྱི་སྐད་ངན་པ་ཡིས་ཀྱང་སྐྱེས་བུ་ཆེན་པོ་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཟབ་མོ་ལ་རྟག་ཏུ་འཇུག་པར་ནུས་པའི་ཕྱིར་ རོ། །གཞན་ཡང་སངས་རྒྱས་རྣམས་སཾསྐྲ་ཏའི་སྐད་ཁོ་ནས་ཆོས་སྟོན་པར་མཛད་པ་མ་ཡིན་ གྱི་གདུལ་བྱ་སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་ ཀྱི་སྐད་ཀྱིས་ཆོས་སྟོན་པར་མཛད་པས་ན་ཐམས་ཅད་མཁྱེན་པའི་གསུང་ནི་སྐད་ཐམས་ཅད་ ཀྱི་རྣམ་པ་ཅན་གཞོམ་དུ་མེད་པའི་སྒྲ་ཡིན་པས་ན་མཆོག་ཏུ་གྱུར་པ་ཡིན་པ་སྟེ། གང་གིས་སྒྲ་ རྣམས་དོན་ལ་བརྡ་སྤྲད་པར་བྱ་ཞིང་གཏན་ལ་དབབ་པར་བྱ་བ་དེ་ནི་བརྡ་སྤྲོད་པ་སྟེ་དེ་དག་ ལ་ལྷ་ཀླུས་བཀོད་པའི་སྒྲ་ཞེས་པ་ལྷས་བཀོད་པ་ཨིན་ཏྲ་བྱཱ་ཀ་ར་ཎ་ལྟ་བུའམ་ཀླུས་བཀོད་པ་ མ་ཧཱ་བྷཱ་ཥ་ལྟ་བུའི་སྒྲ་དང༌། སོགས་ཀྱི་སྒྲས་བསྡུས་པ་དོན་དང་འབྲེལ་པ་དང་ངག་དང་རྣམ་ པར་དབྱེ་བ་དང་ཚིག་དང་ཡི་གེ་ལ་སོགས་པ་ནི་རྩོད་པ་དོན་དུ་གཉེར་བ་རྣམས་ཀྱི་བསླབ་ པར་བྱ་བ་སྟེ། སངས་རྒྱས་ཀྱི་གསུང་ལས་གཞན་ལྷའི་སྐྱེ་བ་དང་འབྲེལ་བའི་སྐད་ཉི་ཚེ་བ་ ཡིན་ནོ། །འོ་ན་སྒྲ་བཟང་པོ་ལས་དོན་བཟང་པོ་རྟོགས་ལ་སྒྲ་ཉམས་པ་ལས་དོན་བཟང་པོ་མི་ རྟོགས་པ་མ་ཡིན་ནམ་ཞེ་ན། ཡུལ་གྱི་སྐད་ཐ་མལ་པའི་སྐད་དང༌། ཟུར་ཆགས་སྒྲ་ཉམས་ལས་ ཀྱང་ཕྱག་རྒྱ་ཆེན་པོའི་ལམ་དོན་དུ་གཉེར་བའི་རྣལ་འབྱོར་ལྡན་པས་བརྗོད་བྱའི་དོན་བཟང་ པོ་ནི་འཛིན་པར་བྱེད་དེ། དཔེར་ན། ཆུ་ལ་འོ་མ་ངེས་པར་ཞུགས་པ་སྟེ་འདྲེས་པ་དེ་ངང་པས་ རབ་ཏུ་ཕྱུང་ནས་འཐུང་བར་བྱེད་དེ། ངང་པའི་མཆུ་ལ་སྐྱུར་རྩི་ཡོད་པས་ཆུ་དང་འོ་མ་འདྲེས་ པ་ཁར་བཟུང་བས་འོ་མ་ཞོར་ཆགས་ཤིང་ཆུ་གུད་དུ་སོང་ནས་ཞོ་འཐུང་བ་བཞིན་ནོ། །དེས་ ན་སྒྲ་བཟང་ངན་གྱིས་དོན་བཟང་པོ་རྟོགས་པ་དང་མི་རྟོགས་པའི་ཁྱད་པར་མེད་དེ། ཇི་སྐད་ 5-1-118 དུ། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཀར་ཎཱ་ཊ་པའི་ཀར་ ཎཱའི་སྒྲས། །རྡོ་དང་རྐང་པ་བརྗོད་པར་བྱས། །ལ་ལར་འོན་པ་རབ་བརྗོད་དེ། །དེ་བཞིན་ རྒྱུད་རྣམས་སུ་བསྟན་པའོ། །ཙོ་རའི་སྒྲ་ནི་འཇིག་རྟེན་འགར། །ཟན་གྱི་དོན་རབ་རྟོགས་པར་ བྱེད། །ལ་ལར་ཆོམ་རྐུན་པ་ཉིད་བརྗོད། །དེ་བཞིན་རྒྱུད་དུ་བསྟན་པ་རྣམས། །ཞེས་ཨ་ཙ་ལ་ གརྦྷའི་བཤད་སྦྱར་དུ་དྲངས་ཤིང༌། ཕྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་རྫོགས་པར་ བསྒྱུར་བ་ལ། ཚིགས་སུ་བཅད་པ་ལྔ་ཕྱི་གོ་ཟློག་པར་སྣང་ངོ༌། །དེའི་ཕྱིར་དོན་དམ་པ་དེ་ཁོ་ན་ ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བའི་ཡུལ་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པར་བྱེད་ པ་ལ་དུས་རྟག་ཏུ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བའི་སྐྱེས་བུ་ཆེན་པོ་རྣམས་ནི་ དོན་ལ་རྟོན་པར་བྱེད་ཀྱི་སྒྲ་བཟང་པོ་ལ་སོགས་པའི་བདག་ཉིད་ཅན་གྱི་ཚིག་འབྲུ་ལ་རྟོན་པ་ སྟེ་སྙིང་པོའམ་གཅེས་པར་བཟུང་བར་བྱ་བ་མིན་ཏེ། ཡུལ་གྱི་མི་རྣམས་ཀྱིས་ནི་དོན་ཤེས་པས་ ན། བསྟན་བཅོས་སྒྲ་སྟེ་ལེགས་པར་སྦྱར་བའི་སྐད་རྣམས་ཀྱིས་ནི་ཅི་ཞིག་བྱ་སྟེ་དོན་མེད་པའི་ ཕྱིར་རོ། །སྒྲ་དང་དོན་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་དུ་འབྲེལ་བའི་ཕྱིར་ལེགས་པར་སྦྱར་ བའི་སྒྲས་བརྗོད་པའི་དོན་ནི་དོན་བཟང་པོ་ཡིན་ཞིང༌། སྒྲ་ཉམས་པས་བརྗོད་པའི་དོན་ནི་དོན་ ངན་པ་ཡིན་ནོ་སྙམ་ན། བརྗོད་བྱའི་དོན་གང་ཞིག་ལེགས་སྦྱར་གྱི་ཟུར་ཆག་[ཆགས]པའི་སྒྲ་ དང་ལེགས་སྦྱར་གྱི་སྒྲར་གྱུར་པས་མངོན་པར་བརྗོད་པའི་དོན་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་ ཞེས་པ། ཡེ་ཤེས་ནི་སྒྲ་བཟང་པོ་དང་ངན་པ་གང་གི་ཡང་བརྗོད་བྱ་མ་ཡིན་པའི་ཕྱིར་ཡེ་ཤེས་ དོན་དུ་གཉེར་བའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་སྒྲ་བཟང་པོ་ལ་མངོན་པར་ཞེན་པར་བྱ་བ་མ་ ཡིན་ལ། ལེགས་པར་སྦྱར་བའི་སྒྲ་གང་ཞིག་ལྷ་ལ་སོགས་པའི་འགྲོ་བ་དག་ལ་ཡོད་པའམ་ དེས་བཀོད་པའི་སྐད་ཉི་ཚེ་བ་སྟེ་ཕྱོགས་གཅིག་པ་དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན་ པས། སངས་རྒྱས་རྣམས་ལེགས་པར་སྦྱར་བའི་སྐད་ཁོ་ནས་ཆོས་སྟོན་པར་མཛད་པ་མ་ཡིན་ 5-1-119 ནོ། ། བཞི་པ་ནི། མཆོག་ཏུ་མི་འགྱུར་ཞེས་པ་ལ་སོགས་པ་སྟེ། འོ་ན་ལས་ཀྱི་ཕྱག་རྒྱ་དང་ཡེ་ ཤེས་ཀྱི་ཕྱག་རྒྱ་བསྟེན་པའི་ལམ་འཁོར་བའི་རྒྱུར་འགྱུར་བ་ཡིན་ན། ཤེས་རབ་ཡེ་ཤེས་ལམ་ དུ་འགྱུར་བར་གསུངས་པ་དང་འགལ་ཏེ། ཤེས་རབ་ཡེ་ཤེས་ནི་དབང་གསུམ་པའི་ཤེས་རབ་ ཡེ་ཤེས་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དབང་གསུམ་པའི་ཤེས་རབ་ཡེ་ཤེས་ནི་ཀུན་རྫོབ་ཀྱི་ ཤེས་རབ་ཡེ་ཤེས་སེམས་ཅན་ལམ་ལ་གཞུག་པའི་དོན་དུ་གསུངས་པ་ཡིན་གྱི། དོན་དམ་པའི་ ཤེས་རབ་ཡེ་ཤེས་མ་ཡིན་ཞིང་ཐར་པའི་ལམ་དུ་འགྱུར་བ་མ་ཡིན་ཏེ། ཕྱག་རྒྱ་ཆེན་མོ་ཆོས་ ཉིད་འོད་གསལ་པྲ་ཕབ་པ་ལྟ་བུ་དེ་ཉིད་རང་བཞིན་གྱིས་ཁམས་གསུམ་ལས་འདས་པས་ན་ མཆོག་གམ་གཞན་ནམ་ཕ་རོལ་ཡིན་ལ། དེ་ཉིད་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་ པས་མི་འགྱུར་བ་ཡིན་ཞིང་དབང་བཞི་པའི་དོན་ཡང་ཡིན་པ་དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་ ཤེས་རབ་ཡེ་ཤེས་ཡིན་ཏེ། འཛིན་པར་བྱེད་པའི་སེམས་གཞན་ལྷན་ཅིག་སྐྱེས་པའི་བདེ་བ་ འདུས་མ་བྱས་པ་ནི་ཤེས་རབ་ཡིན་ལ་དེའི་བཟུང་བར་བྱ་བ་གཞན་སྟོང་པ་ཉིད་ཀྱི་གཟུགས་ པྲ་ཕབ་པ་ལྟ་བུ་ནི་ཡེ་ཤེས་ཡིན་པར་གསུངས་སོ། །དེ་ལྟ་བུའི་ཤེས་རབ་ཡེ་ཤེས་གང་ཞིག་ དབང་བཞི་པའི་དོན་དེ་ནི་རྒྱལ་བ་སངས་རྒྱས་རྣམས་ཀྱིས་བསྡུས་པའི་རྒྱུད་གཞན་རྣམས་སུ་ རང་གི་ཕྱག་རྒྱ་ཆེན་མོ་ཡིན་པར་གསུངས་སོ། །ཇི་ལྟར་གསུངས་ན། གདུག་པའི་སློབ་དཔོན་ རྣམས་རྒྱུད་ལ་རང་དགར་འཇུག་པ་དགག་པའི་ཕྱིར། བཞི་པ་སླར་ཡང་དེ་བཞིན་ནོ། །ཞེས་ པའི་རྡོ་རྗེའི་ཚིག་འདིས་སྦས་ནས་གསུངས་ལ། དུས་ཀྱི་འཁོར་ལོར་ནི་གསལ་བར་གསུངས་ སོ། ། དེས་ན་དབང་གསུམ་པའི་ཤེས་རབ་ཡེ་ཤེས་ནི་ཐར་པའི་ལམ་དུ་མི་འགྱུར་རོ། ། ལྔ་པ་ལ་བཞི་སྟེ། བདེ་བའི་རྟེན་ཉམས་པས་ཐར་པའི་བདེ་བ་མི་འབྱུང་བ། བྱིས་པ་ 5-1-120 རྣམས་འགྱུར་བའི་བདེ་བ་ཚོལ་བའི་རྒྱུ། འཁོར་བའི་བདེ་བ་ལ་རྨོངས་པ་དང་མཁས་པས་ བླང་དོར་བྱེད་པའི་ཚུལ། འཛག་པ་མ་སྤངས་པས་ཐར་པའི་བདེ་བ་མི་ཐོབ་པ་ལ་རྩོད་པ་ སྤངས་བའོ། །དང་པོ་ནི། དབང་གསུམ་པའི་ཤེས་རབ་ཡེ་ཤེས་ཐར་བའི་ལམ་དུ་མི་འགྱུར་ བའི་རྒྱུ་མཚན་ཅི་ཡིན་ཞེ་ན་ཤེས་རབ་སྟེ་ལས་ཀྱི་ཕྱག་རྒྱ་དང་འགྲོགས་པ་ལས་གང་ཟག་གང་ གི་དཀར་པོ་བྱང་སེམས་ཐིག་ལེ་ཟག་པར་གྱུར་པ་དེའི་ཐར་བའི་རྒྱུ་མི་འགྱུར་བའི་བདེ་བ་རྒྱུ་ ཅི་ཡིས་འཕེལ་བར་འགྱུར་ནས་མི་འགྱུར་ཏེ་བདེ་བའི་ས་བོན་ཉམས་པའི་ཕྱིར་རོ། །དཔེར་ ན་ཤིང་ཙུ་ཏའི་སྡོང་པོ་དཔྱིད་ཀའི་དུས་དང་འགྲོགས་པ་ལས། མེ་ཏོག་མ་རྒྱས་པ་སྟེ་ཁ་མ་བྱེ་ པ་ལྷུང་བར་གྱུར་ན་ཙུ་ཏའི་འབྲས་བུ་རྒྱུ་གང་གིས་འབྱུང་བར་འགྱུར་ཏེ་མི་འབྱུང་བ་བཞིན་ནོ། ། དེ་སྐད་དུ་ཡང༌། གསང་བ་གྲུབ་པ་ལས། གྲུབ་པ་ཀུན་ཀྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ ནི་ལྷུང་གྱུར་ལ། །ཕུང་པོ་རྣམ་ཤེས་བརྒྱལ་བ་ན། །གྲུབ་པ་སྨད་མེད་ག་ལ་ཡིན། །ཞེས་སོ། ། གཉིས་པ་ནི། དེ་ལྟར་བྱང་སེམས་ཐིག་ལེ་ཉམས་པ་ལ་མི་འགྱུར་བའི་བདེ་བ་མི་འབྱུང་ ཡང་བྱིས་པའི་སྐྱེ་བོ་ཐམས་ཅད་འགྱུར་བའི་བདེ་བ་ཚོལ་བའི་རྒྱུ་ནི། སྐྱེ་བོ་གང་གིས་ཐིག་ ལེ་འགྱུར་བ་མེད་པའི་བདེ་བ་མ་ཐོབ་པ་ཆགས་བྲལ་སྐྱེས་པའི་སྡུག་བསྔལ་ཅན་དེ་རྣམས་ ནི་འཁོར་བའི་བདེ་བའི་བག་ཆགས་ཀྱིས་བསྐྱེད་པ་འགྱུར་བ་དང་བཅས་པའི་བདེ་བ་ཚོལ་ བར་བྱེད་དེ། བདེ་བ་དོན་དུ་གཉེར་བ་གང་ཞིག་འགྱུར་མེད་ཀྱི་བདེ་བ་མ་ཐོབ་པའི་ཕྱིར་རོ། ། དཔེར་ན་བྱ་ཐམས་ཅད་སྐོམ་པར་གྱུར་པ་ན་ས་ལ་གནས་པའི་བ་ཚྭ་ཅན་གྱི་ཆུ་ནི་ཚོལ་བར་ བྱེད་ལ། དེས་ཆེས་སྐོམ་པ་བཞིན་ནོ། །འོན་ཀྱང་བྱའི་རིགས་ཁུག་རྟའམ་ཙ་ཀོ་ར་ནི་སྐོམ་པར་ གྱུར་ཀྱང་ས་ལ་གནས་པའི་ཆུ་འཐུང་བར་མི་བྱེད་ཀྱི། ཁུག་རྟས་ཆར་པའི་ཆུ་འཐུང་བར་བྱེད་ ཅིང་ཙ་ཀོ་རས་ཟླ་བའི་འོད་ཟེར་འཐུང་ནས་སྐོམ་པ་སེལ་བར་བྱེད་པ་བཞིན་ནོ། ། གསུམ་པ་ནི། གཞན་ཡང་འཁོར་བ་ཡི་ནི་བདེ་བ་ཕྲེང་བ་དང་ཙན་དན་དང་བུད་མེད་ 5-1-121 ལ་སོགས་པ་ལ་ལོངས་སྤྱོད་པའི་མཚན་ཉིད་ཅན་འཇིག་པའི་ངང་ཚུལ་ཅན་གྱི་མི་རྟག་པ་ དེ་རྣམས་བཙལ་བ་བཞིན་དུ་ཐོབ་པ་མིན་ཡང་བྱིས་པ་སྡུག་བསྔལ་ལ་བདེ་བར་འདུ་ཤེས་ པའི་རྨོངས་པ་ཆེན་པོ་རྣམས་འབད་དེ་ཚོལ་བར་བྱེད་ལ། བདེ་བ་དང་སྡུག་བསྔལ་གྱི་གནས་ ལུགས་ལེགས་པར་ཤེས་པའི་མཁས་པས་ཏེ་མཁས་པ་རྣམས་འཇིག་རྟེན་པ་ལ་ལྟོས་ནས་ ཡང་དག་པའི་རྒྱལ་སྲིད་དེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ཐོབ་པ་ཡང་རང་དང་ གཞན་འཁོར་བའི་སྡུག་བསྔལ་ལས་ཐར་པའི་དོན་དུ་མཆིལ་མའི་ཐལ་པ་བཞིན་དུ་འདོར་ བར་བྱེད་དོ། །ཨ་ཙ་ལ་གརྦྷས་ངེས་པའི་དོན་དུ་ན་འཁོར་བ་ནི་ཕུང་པོ་དང་ཁམས་ལ་སོགས་ པ་ཡིན་ལ། དེའི་བདེ་བ་དབང་པོ་གཉིས་ལས་སྐྱེས་པ་མི་རྟག་པ་སྐད་ཅིག་ཙམ་དེ། ཤེས་ རབ་མ་ལས་ཐོབ་པ་མིན་ཡང་རྣལ་འབྱོར་གྱི་ཤེས་རབ་དང་བྲལ་བའི་རྨོངས་པ་ཆེན་པོ་རྣམས་ ཚོལ་ཞིང་རེ་བར་བྱེད་ལ། བདེན་པ་མཐོང་བའི་བྱང་སེམས་མཁས་པ་ནི་ཡང་དག་པའི་རྒྱལ་ སྲིད་ཀྱི་བདེ་བ་ཡོན་ཏན་མཐའ་ཡས་པ་སྟེར་བ་དེ་ཕྱག་རྒྱ་ཆེན་མོ་དང་འགྲོགས་པ་ལས་ཐོབ་ པ་ཡང་ཐར་པའི་ཆེད་དུ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་ཆེད་དུ་འདོར་བར་བྱེད་ དེ། དོན་དམ་པའི་བསྙེན་པ་ལས། གང་རྣམས་སེམས་ཅན་དོན་གྱི་རྒྱུ་རུ་རྣམ་སངས་རྒྱས་ཉིད་ ཀྱི། །བདེ་བ་མཐའ་ཡས་རབ་ཏུ་ཐོབ་པའང་གཏོང་མཛད་ཅིང༌། །འཁོར་བའི་དབུས་སུ་རབ་ ཏུ་འཇུག་པར་མཛད་པ་རྣམས། །དེ་རྣམས་ཞབས་ཀྱི་ཆུ་སྐྱེས་དག་ལ་སྤྱི་བོས་ཕྱག་འཚལ་ལོ། ། ཞེས་གསུངས་པས་སོ་ཞེས་འཆད་དོ། ། བཞི་པ་ནི། འོ་ན་ཐིག་ལེ་འཕོ་བ་དང་བཅས་པས་ཐར་པའི་བདེ་བ་མི་འཐོབ་ན་དཀའ་ ཐུབ་ཀྱི་ཚངས་པར་སྤྱོད་ལ་གནས་པའི་དགེ་སློང་འགའ་ཞིག་གིས་ཀྱང་ཐར་པའི་བདེ་བ་ འཐོབ་པར་མི་འགྱུར་ཏེ། གཉིད་ལོག་པའི་རྨི་ལམ་དུ་ཐིག་ལེ་འཕོ་བ་ཡོད་པའི་ཕྱིར་རོ་ཞེ་ན། དཀའ་ཐུབ་ཀྱི་ཚངས་སྤྱོད་ལ་གནས་པའི་དགེ་སློང་རྣམས་ཀྱིས་ཀྱང་ཇི་སྲིད་རྨི་ལམ་གྱི་གནས་ 5-1-122 སྐབས་སུ་ཐིག་ལེ་འཛག་པ་དང་བཅས་པ་དེ་སྲིད་དུ་མི་འགྱུར་བའི་བདེ་བ་མེད་དེ། དཔེ་ཇི་ ལྟར་རི་དྭགས་ཟས་ཅན་སེང་གེ་རྣམས་ལོ་ཡི་མཚམས་སུ་སྟེ་ལོ་གཅིག་གམ་གཉིས་ཀྱི་མཐའ་ རུ་བརྒྱ་ལམ་ན་སྟེ་རེས་འགའ་ན་འཁྲིག་པའི་བདེ་བ་ཚོལ་བར་བྱེད་ལ། ཟས་དམན་པ་རྡོ་ཡི་ ཕྱེ་མ་དག་གི་ཁ་ཟས་ཅན་གྱི་ཕུག་རོན་རྣམས་ནི་རྟག་ཏུ་སྟེ་ཉིན་རེ་བཞིན་དུ་འཁྲིག་པ་བྱེད་ པ་སྟེ། སྲོག་ཆགས་དེ་གཉི་ག་ལ་ཡང་མཆོག་གི་བདེ་བ་མི་འགྱུར་བའི་བདེ་བ་ཆེན་པོ་མེད་ དེ། སེང་གེ་ལ་ལན་གཅིག་སྟེ་འགའ་ཞིག་གི་ཚེ་ཁུ་བ་ལྷུང་ལ། ཕུག་རོན་ལ་རྟག་ཏུ་སྟེ་ཉིན་རེ་ བཞིན་ཁུ་བ་ལྷུང་པས་གཉི་ག་ཁུ་བ་འཛག་པར་ཁྱད་པར་མེད་པའི་ཕྱིར་རོ། །དཔེ་དེ་བཞིན་དུ་ དཀའ་ཐུབ་ཅན་ཚངས་པར་སྤྱོད་པའི་དགེ་སློང་འགའ་ཞིག་དང༌། འདོད་ལྡན་ཁྱིམ་པ་རྟག་ཏུ་ འཁྲིག་པ་བྱེད་པ་དག་ལ་མི་འགྱུར་བའི་བདེ་བ་ཆེན་པོ་མེད་པར་མཚུངས་ཏེ། དཀའ་ཐུབ་པ་ ལ་རྨི་ལམ་དུ་ཁུ་བ་འཛག་ལ་འདོད་ལྡན་ཁྱིམ་པ་དག་ལ་སད་པའི་དུས་དག་ལ་ཁུ་བ་འཛག་ པའི་ཕྱིར་རོ། །དཀའ་ཐུབ་པ་ལ་རྨི་ལམ་གྱི་དུས་སུ་ཁུ་བ་འཛག་ཅིང་འདོད་ལྡན་ལ་སད་པའི་ དུས་སུ་ཁུ་བ་འཛག་པ་གཉིས་ཁུ་བ་འཛག་པར་ཁྱད་པར་མེད་ཀྱང་མཆོག་གི་བདེ་བ་མེད་ པར་མི་མཚུངས་ཏེ། དཀའ་ཐུབ་པས་རྨི་ལམ་དུ་བུད་མེད་ཀྱི་སྐྱེ་གནས་ལ་རེག་པ་མེད་ལ་ འདོད་ལྡན་གྱིས་བུད་མེད་ཀྱི་སྐྱེ་གནས་ལ་རེག་པས་ཁུ་བ་འཛག་པའི་ཕྱིར་རོ་ཞེ་ན། ཁུ་བ་ འཛག་པ་དེ་གཉི་ག་ལ་མཆོག་གི་བདེ་བ་མེད་པར་མཚུངས་ཏེ། ཇི་ལྟར་ཏེ་དཔེར་ན་སྐྱེས་བུ་ གཉིད་ལོག་པ་ལ་ཡང་དུག་སྦྲུལ་གྱི་ནི་སོས་བཏབ་ན་མི་འཚོ་བ་དེ་བཞིན་དུ་དཀའ་ཐུབ་པ་ རྨི་ལམ་གྱི་གནས་སྐབས་སུ་ཁུ་བ་འཛག་པ་དང་བཅས་པ་དེ་ལ་ཡང་ཁུ་བ་སྡུད་པ་སྟེ་འཛག་ མེད་དུ་འཆིང་བ་མེད་པའི་ཕྱིར་སྟོབས་མེད་མ་སྟེ་མི་མོའི་སྐྱེ་གནས་དེ་ཡིས་ཁུ་བ་ཉམས་པར་ བྱས་པའོ་སྟེ་ཉམས་པར་བྱས་པ་དང་མཚུངས་སོ། །དེའི་ཕྱིར་འཛག་པའི་བདེ་བ་ནི་ཐར་པའི་ བདེ་བ་ལས་ཉམས་པར་བྱེད་ཅིང་འཁོར་བར་འཁྱམ་པའི་རྒྱུའི་རྩ་བར་གྱུར་པ་ཡིན་པས་ 5-1-123 རྣམ་པ་ཐམས་ཅད་དུ་འབད་པས་སྤངས་བར་བྱ་བ་ཡིན་ནོ་ཞེས་གདམས་པར་མཛད་པ་ཡིན་ ཏེ། དབང་མདོར་བསྟན་པ་ལས། འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལ་ ཡང་སྡུག་བསྔལ་འབྱུང༌། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཟད་པ་ལས་ནི་འཆི་ བར་བརྗོད། །ཤི་ལས་སླར་ཡང་དེ་རྣམས་ཀྱི། །སྲིད་པའོ་སྲིད་ལས་སླར་འཆི་འཕོ། །དེ་ལྟར་ སེམས་ཅན་གྱི་སྲིད་པ། །ཆགས་བྲལ་ལས་བྱུང་གཞན་དུ་མིན། །དེ་ཕྱིར་འབད་པ་ཐམས་ཅད་ ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤངས། །ཞེས་གསུངས་སོ། ། དྲུག་པ་ཕྱག་རྒྱ་བསྟེན་པར་གསུངས་པའི་དགོངས་པ་ནི། འོ་ན་བླ་ན་མེད་པའི་རྒྱུད་ཀྱི་ རྒྱལ་པོ་རྣམས་ལས་རྣལ་འབྱོར་པ་རྣམས་ཀྱིས་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ་བའི་ལུང་དུ་ མ་གསུངས་པ་དང་འགལ་ལོ་ཞེ་ན། རྣལ་འབྱོར་པ་རྣམས་ཀྱིས་ལས་ཀྱི་ཕྱག་རྒྱ་བསྟེན་པར་ གསུངས་པ་ནི་རྣལ་འབྱོར་པ་འཛིན་པའི་ཡན་ལག་ཐོབ་པར་གྱུར་པས་རྗེས་དྲན་གྱི་སྐབས་ སུ་མི་འགྱུར་བའི་བདེ་བ་ཆེན་པོ་འཕེལ་བར་བྱ་བའི་དོན་དུ་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ་ བ་ལ་དགོངས་པ་ཡིན་ཏེ། དཔེ་ཇི་ལྟར་རྡོ་དྲེག་གི་སྐུད་པ་ལས་བྱས་པའི་གོས་དྲི་མ་ཅན་དག་ ནི་མར་གྱིས་བྱུགས་ཏེ་མེ་ཆེན་པོ་ཡིས་བསྲེགས་པ་ཉིད་ཀྱིས་གོས་མི་འཚིག་པར་དྲི་མ་དག་ པར་འགྱུར་བ་དེ་བཞིན་དུ་འཛིན་པའི་ཡན་ལག་ལེགས་པར་ཐོབ་པའི་སྐྱེས་བུ་རྣལ་འབྱོར་པ་ རྣམས་ཀྱི་ཐིག་ལེ་འགྱུར་བ་མེད་པ་བདེ་བ་དམ་པ་ཡི་སེམས་ནི་ལས་ཀྱི་ཕྱག་རྒྱ་དང་འགྲོགས་ པའི་ཤེས་རབ་ཡེ་ཤེས་ཏེ་འདོད་ཆགས་ཀྱི་མེ་དག་གིས་སོ་སྟེ་བསྲེགས་པ་ལས་འཕོ་བའི་བག་ ཆགས་ཀྱི་དྲི་མ་མེད་པར་འགྱུར་རོ། །དོན་དམ་བསྙེན་པ་ལས། ཇི་ལྟར་རྡོ་དྲེག་གོས་ནི་མེ་ ཡིས་བསྲེགས་པ་ན། །འཇུ་པར་མི་འགྱུར་ཐལ་བ་ཉིད་དུའང་མིན། །དེ་བཞིན་ཆུ་སྐྱེས་ཆགས་ པའི་བྱང་སེམས་མཆོག །རང་བཞིན་དག་འདི་སྡོམ་བརྩོན་རྣམས་ཀྱིའོ། །ཞེས་གསུངས་སོ། ། འཛིན་པའི་ཡན་ལག་མ་ཐོབ་པའི་ལས་དང་པོ་པས་ལས་ཀྱི་ཕྱག་རྒྱ་བསྟེན་པར་གསུངས་པ་ 5-1-124 ནི་མ་ཡིན་ཏེ་ཇི་ལྟར་ཏེ་དཔེར་ན་དངུལ་ཆུ་ནི་མེ་ཡིས་རེག་པ་ལས་ཐབས་དང་བྲལ་ན་འབྲོས་ པར་བྱེད་ཀྱི་གཡོ་བ་མེད་པར་མི་འགྱུར་བ་དེ་བཞིན་དུ་རླུང་སེམས་འཆིང་བའི་ཐབས་ཟབ་མོ་ དང་བྲལ་བའི་ལས་དང་པོ་པའི་ཁུ་བ་ནི་རྟག་ཏུ་བུད་མེད་ཀྱི་སྐྱེ་གནས་ལ་རེག་པ་དག་ལས། འཛག་ཅིང་དེས་འཁོར་པ་དང་ངན་འགྲོའི་རྒྱུར་འགྱུར་བས་སོ། །ཡང་དཔེ་ཇི་ལྟར། མེ་དང་ ཕྲད་ན་གཡོ་བའི་དངུལ་ཆུ་དེ་ཡང་འོག་ནས་འཆད་པར་འགྱུར་བའི་སྨན་སོགས་ཀྱི་སྟོབས་ ཀྱིས། དངུལ་ཆུའི་གནས་སྐབས་རྣམ་པ་ལྔ། དུ་བ་དང༌། ཙེག་ཙེག་དང༌། སྦལ་པ་མཆོང་བ་ དང༌། གཡོ་བ་དང་མི་གཡོ་བ་ལྔ་ལས་མེ་དང་ཕྲད་པས་དུ་བ་ལ་སོགས་པའི་གཡོ་བའི་སྐྱོན་ བཞི་སྤངས་ནས་མི་གཡོ་བའི་ཚུལ་གྱིས་ཡང་དག་པར་འཆིང་ལ། བཅིངས་པའི་དངུལ་ཆུས་ ཟངས་ལ་སོགས་པ་གསེར་དུ་སྒྱུར་བར་བྱེད་དོ། །དེ་བཞིན་དུ་སྐྱེ་གནས་ལ་རེག་པས་འཕོ་ བར་འགྱུར་བའི་ཁུ་བ་ཡང་འཆིང་བའི་ཐབས་ཟབ་མོ་སོ་སོར་སྡུད་པ་པོ་ལ་སོགས་པ་ཤིན་ཏུ་ རྣལ་འབྱོར་གྱི་སྟོབས་ཀྱིས་ཤེས་རབ་མ་ལས་ཀྱི་ཕྱག་རྒྱ་དག་དང་ཡང་དག་པར་ཕྲད་པ་ཉིད་ ཀྱིས་སོ་སྟེ་བྱང་སེམས་ཐིག་ལེ་འཛག་མེད་དུ་འཆིངས་ཤིང་བདེ་བ་ཆེན་པོ་གོང་ནས་གོང་དུ་ འཕེལ་བར་འགྱུར་ཏེ། དེ་ལྟ་བུ་ལ་དགོངས་ནས་ལས་ཀྱི་ཕྱག་རྒྱ་བསྟེན་པར་གསུངས་པ་ཡིན་ ནོ། །དོན་དམ་བསྙེན་པར་ཡང༌། བུད་མེད་འགྲོགས་པས་དམན་ལ་ཐར་པའི་བདེ་བ་མེད། ། བུད་མེད་འགྲོགས་པས་དམན་ལ་སྲིད་མེའི་སྡུག་བསྔལ་མེད། །དེ་ཕྱིར་རང་གི་བློ་ཡིས་ ལེགས་པར་རྣམ་དཔྱད་ནས། །སློབ་མ་རྣམས་ནི་ཟུངས་ཤིག་རབ་ཏུ་རྟོགས་པར་གྱིས། །ཞེས་ སོ། ། བདུན་པ་རྣམ་དག་ལེགས་པའི་ལམ་གྱི་ངོ་བོ་ངོས་བཟུང་བ་ལ་ལྔ་སྟེ། རྣམ་རྟོག་གི་སྒོམ་ པ་ཐར་པའི་ལམ་མ་ཡིན་པར་བསྟན་པ། རྣམ་པར་མི་རྟོག་པའི་རྫོགས་རིམ་ཐར་པའི་ལམ་ དུ་བསྟན་པ། རྫོགས་རིམ་གྱི་མཐར་ཐུག་ཡན་ལག་དྲུག་གི་རྣལ་འབྱོར་ཡིན་པར་བསྟན་པ། 5-1-125 བསྐྱེད་རིམ་འཇིག་རྟེན་པའི་དངོས་གྲུབ་ཀྱི་ལམ་དུ་བསྟན་པ། ལམ་རྣམ་དག་བླ་མ་དམ་པའི་ དྲིན་ལས་འབྱུང་བར་བསྟན་པའོ། ། དང་པོ་ནི། འོ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པའི་སངས་རྒྱས་ཀྱི་ལམ་གྱི་ངོ་བོ་ ཉིད་གང་ཡིན་ཞེ་ན། བསྐྱེད་རིམ་སོགས་རྣམ་པར་རྟོག་པའི་སྒོམ་པ་ལམ་མ་ཡིན་པར་སྟོན་པ་ ནི། ཇི་ལྟར་མེ་ནི་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཏེ་དཔེར་ན་མེ་ནི་ཤིང་ལ་རྟག་ཏུ་གནས་ ཀྱང་སྟ་རེ་ལ་སོགས་པས་གཅད་པ་དང༌། སྟེའུ་དང་ཤིང་གྲི་ལ་སོགས་པས་དབྱེ་བ་སྟེ་གཤོག་ པའི་ཐབས་རྣམས་ཀྱིས་མི་མཐོང་སྟེ། འོ་ན་ཐབས་གང་གིས་མཐོང་ན་གཙུབ་ཤིང་གི་དབྱུག་པ་ གཙུབ་སྟན་གྱི་སྟེང་དུ་ལག་པས་བསྲུབས་པའི་ཐབས་ལས་གཙུབ་སྟན་གྱི་ཤིང་དེ་ལ་གནས་ པའི་མེ་དེ་ཡང་ནི་མངོན་སུམ་དུ་མཐོང་བར་འགྱུར་བ་དེ་བཞིན་དུ་སེམས་ཀྱི་རང་བཞིན་འོད་ གསལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་པོའི་སངས་རྒྱས་དེ་སེམས་ཅན་ཐམས་ཅད་ ལ་གདོད་མ་ནས་རྟག་ཏུ་གནས་ཀྱང༌། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་ རྟོག་པ་ཡི་བསྒོམ་པའི་ཐབས་རྣམས་དག་གིས་མངོན་སུམ་དུ་མི་མཐོང་སྟེ། དེ་ཐབས་གང་ གིས་མཐོང་ན་དེ་ཁོ་ན་ཉིད་དུ་གནས་པའི་སེམས་ཀྱི་རང་བཞིན་འོད་གསལ་འདི་གཡོན་གྱི་ རྩ་རྐྱང་མ་དག་དང་ནི་གཡས་ཀྱི་རྩ་རོ་མ་ནས་རྒྱུ་བའི་རླུང་དཀྱིལ་འཁོར་བཅུ་པོ་དག་དབུ་མ་ ཨ་ཝ་དྷཱུ་ཏིའི་ནང་དུ་གཅིག་ཏུ་སྦྱོར་བ་ལ་བརྟེན་པའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ལྟར་ན་སྣ་ཚོགས་རྣམས་རྟོག་སྟེ་ལྷའི་གདན་དང་ས་ བོན་དང་མཚན་མ་ཡོངས་སུ་གྱུར་པ་ཞལ་དང་ཕྱག་དང་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཅན་ གྱིས་བསྐྱེད་པའི་རིམ་པ་དང༌། ལ་སོགས་ཀྱི་སྒྲས་བསྡུས་པ་མཚན་བཅས་ཀྱི་གཏུམ་མོ་དང་ ཐིག་ལེ་ལ་སོགས་པ་བསྒོམ་པ་དང༌། ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པའི་ཆད་པའི་སྟོང་ པ་ཉིད་བསྒོམ་པ་ལ་སོགས་པ་རྟོག་བསྒོམ་གྱི་ལམ་གྱིས་ནི། དེ་བཞིན་གཤེགས་པས་རྒྱུད་ཀྱི་ 5-1-126 རྒྱལ་པོ་རྣམས་སུ་གང་གསུངས་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྐུ་དེ་ཁོ་ན་ཉིད་རྣམ་ པ་བཅུ་དྲུག་དང་དགའ་བ་བཞི་ཡི་རབ་ཏུ་དབྱེ་བ་ཅན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་རྣལ་ འབྱོར་པས་འཐོབ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་འཐོབ་པའི་ལམ་སྟེ་ཐབས་སེམས་ཀྱི་ རང་བཞིན་འོད་གསལ་མངོན་སུམ་དུ་མཐོང་བ་དང༌། བྲལ་བས་ཏེ་དེའི་ཕྱིར་རོ། །འཕགས་ པ་རྡོ་རྗེ་སྙིང་པོའི་འགྲེལ་པར་ཡང༌། ཇི་ལྟར་ཇི་བཞིན་རྒྱུ་ཡིན་པས། །དེ་དང་དེ་བཞིན་འབྲས་ བུར་འགྱུར། །ཁྲེ་ཚེ་རྣམས་ལས་ས་ལུ་ནི། །ནམ་ཡང་སྐྱེ་བར་མི་འགྱུར་རོ། །ཞེས་དང༌། ཨིན་ ཏྲ་བྷཱུ་ཏིས་ཀྱང༌། ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །བཟླས་དང་བསྒོམ་པའི་རྩོལ་བས་ དེ། །བསྐལ་བ་བྱེ་བ་གྲངས་མེད་ཀྱིས། །མཆོག་གི་སྒྲུབ་པ་ཉིད་མི་འགྱུར། །ཞེས་གསུངས་སོ། ། གཉིས་པ་ནི། འོ་ན་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སྒྲུབ་ཐབས་གང་ཡིན་ ཞེ་ན། བསྐྱེད་པའི་རིམ་པར་གསུངས་པའི་པཾ་ལས་པད་མ་དང༌། ཨ་ལས་ཟླ་བའི་གདན་ལ་ སོགས་པ་དང༌། ཧཱུྃ་དང་ནི་ཕཊ་ཡིག་ཅེས་པ་ས་བོན་དང༌། ལ་སོགས་ཀྱི་སྒྲས་བསྡུས་པ་ས་ བོན་ལས་མཚན་མ་དང་མཚན་མ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་ཁ་དོག་དང་དབྱིབས་ཀྱི་ རྣམ་པ་ཅན་ལ་སོགས་པ་བསྒོམ་པའི་རྟོག་པ་དང་བྲལ་བ་སྟེ་བསྐྱེད་རིམ་གྱི་རྟོག་པ་དང་ཡང་ བྲལ་ན་རྟོག་པ་གཞན་དང་བྲལ་བ་ལྟ་ཅི་སྨོས་ཏེ། རྟོག་པ་ཐམས་ཅད་དང་བྲལ་བའི་རྫོགས་ པའི་རིམ་པའི་རྣལ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་མངོན་སུམ་དུ་མཐོང་བའི་སྒོམ་ པ་དེ་ཉིད་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སྒྲུབ་ཐབས་ཡིན་ཏེ། དངོས་གྲུབ་དེ་ ཉིད་ཀྱི་ནི་སྒྲུབ་ཐབས་རྫོགས་པའི་རིམ་པ་དེ་ལས་གཞན་ཡོད་པ་མིན་ནོ། །འཕགས་པ་རྡོ་རྗེ་ སྙིང་པོས་ཀྱང༌། དང་པོ་རྟོག་མེད་རྒྱུ་ལས་ནི། །རྟོག་མེད་འབྲས་བུར་འགྱུར་བ་སྟེ། །སྟོང་ཉིད་ འབྲས་བུར་བཏགས་པ་ཡིས། །ཐ་མར་སངས་རྒྱས་པ་རྣམས་ལའོ། །ཞེས་གསུངས་སོ། ། 5-1-127 གསུམ་པ་ནི། འོ་ན་རྟོག་པ་ཐམས་ཅད་དང་བྲལ་བའི་རྫོགས་པའི་རིམ་པ་དེ་ཉིད་གང་ ཡིན་ཞེ་ན། དུ་བ་ལ་སོགས་ཞེས་པ་ལ་སོགས་པ་སྟེ། དུ་བ་ལྟ་བུ་དང་ལ་སོགས་ཀྱི་སྒྲས་ བསྡུས་པ་སྨིག་རྒྱུ་ལྟ་བུ་ལ་སོགས་པ་མཚན་མ་འམ་རྟགས་བཅུ་རྣམས་དང་ནི་དེའི་མཐར་སྣ་ ཚོགས་གཟུགས་བརྙན་འོད་གསལ་བ་མཐོང་བ་སོ་སོར་སྡུད་པའི་ཡན་ལག་སྟེ། དབང་མདོར་ བསྟན་པ་ལས། དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །སྒྲོན་མ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་དང་ ཐིག་ལེ་ཆ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་གསུངས་པའོ། །དེའི་ཤུགས་ ལ་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་བརྟན་པར་མཐོང་བའི་བསམ་གཏན་གྱི་ཡན་ལག་ བསྟན་ཏེ། དེ་ལྟར་ཡན་ལག་དང་པོ་གཉིས་དང༌། གཡོན་དང་གཡས་ཀྱི་རྩ་ལ་རྒྱུ་བའི་སྲོག་ དབུ་མའི་ནང་དུ་རྩོལ་བ་སྟེ་འབབ་པར་བྱེད་པའི་སྦྱོར་བ་དག་གིས་ནི་དབུགས་ཐམས་ཅད་རྩ་ དབུ་མར་འབབ་པའི་སྲོག་རྩོལ་གྱི་ཡན་ལག་དང༌། དེའི་ཤུགས་ལ་རླུང་དབུ་མ་ནས་ཀྱང་འགྲོ་ འོང་མེད་པར་འཛིན་པ་འཛིན་པའི་ཡན་ལག་སྟེ་ཡན་ལག་བར་པ་གཉིས་དང༌། ཡན་ལག་ ཐ་མ་གཉིས་ནི་རིག་མ་སྟེ་དབང་བསྐུར་ཞིང་བསླབ་པ་དང་གཟུགས་དང་ལང་ཚོ་ལ་སོགས་ པའི་ཡོན་ཏན་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་བའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི་སྟེ་ བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུ་ལས་ཕྱི་རོལ་ཏུ་ལྷུང་བ་མིན་པའི་རྗེས་དྲན་གྱི་ཡན་ལག་དང༌། རྗེས་དྲན་གྱི་སྐབས་སུ་ལྟེ་བའི་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཡིག་ཞུ་བའི་བྱང་ཆུབ་ཀྱི་སེམས་ སྤྱི་བོ་ནས་རྡོ་རྗེ་ནོར་བུའི་བར་དུ་བྱོན་པ་དེ་བཞིན་དུ་སླར་སྟེང་དུ་ཁུ་བ་གཙུག་ཏོར་གྱི་བར་དུ་ བགྲོད་པའམ་གཤེགས་པར་བྱེད་པ་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། དེ་ལྟར་སྦྱོར་བ་ཡན་ལག་ དྲུག་གི་ལམ་འདི་རྣམས་ཀྱིས་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ རོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་ཇི་ལྟ་བུ་ཞེ་ན། སངས་རྒྱས་རྣམས་ཀྱི་ནི་བདེ་བ་དབང་པོ་ མེད་ཅིང་ཐིག་ལེ་བཞི་མཆོག་ཏུ་འགྱུར་བ་མེད་པ་ཞེས་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་མངོན་པར་ 5-1-128 བརྗོད་པའམ་མིང་གཞན་དོན་དམ་པའི་ཕོ་ཉ་མོའམ་མཁའ་འགྲོ་མ་ཀུན་ཀྱི་ཞེས་པ་ཕྱག་རྒྱ་ ཆེན་མོ་ཆོས་ཉིད་འོད་གསལ་སྟོང་གཟུགས་ཀྱི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའོ། །ལྷན་ ཅིག་སྐྱེས་པའི་བདེ་བ་ཞེས་པ་ནི་ཕྱག་རྒྱ་ཆེན་མོ་འོད་གསལ་སྟོང་གཟུགས་དང་ལྷན་ཅིག་ སྐྱེས་པ་སྟེ་འོད་གསལ་སྟོང་གཟུགས་ཉིད་བདེ་བ་ཆེན་པོའི་ངོ་བོ་ཡིན་ནོ། །དུས་ཀྱི་འཁོར་ ལོའི་རྒྱུད་ཕྱི་མ་ལས་ཀྱང༌། སོ་སོར་སྡུད་སོགས་དྲུག་པོ་རྣམས་ཀྱིས་སྟོབས་བཅུའི་སྟོབས་དང་ ལྡན་པས་སྟོང་པ་ཉིད་ནི་བསྒོམ་པ་གསུངས། །མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ ཉིན་མོ་མཁའ་ལ་འབར་བ་ལ་སོགས་རྣམས་ཀྱང་ངོ༌། །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ ནམ་མཁའི་མཐིལ་དུ་སོན་པ་དུས་གསུམ་གཟུགས་རྣམས་མཐོང་བར་འགྱུར༌། ། དེ་ལ་བསམ་གཏན་གྱིས་སེམས་བརྟན་པར་ཡང་ནི་བྱེད་དེ་ཕྱི་རོལ་དངོས་པོ་རྣམས་ནི་ རྣམ་པར་སྤོང༌། །སྲོག་གི་རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་མིན་པར་སྲོག་གི་རླུང་ནི་ འབབ་པར་བྱ། །འབྱུང་བ་དང་ནི་འཇུག་པས་དམན་པར་སླར་ཡང་བྱེད་དེ་འཛིན་པའི་ཡན་ ལག་གིས་ནི་ཐིག་ལེར་རོ། །རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་རང་གི་གཟུགས་ ལས་འོད་ཟེར་ཆེན་པོ་ངེས་པར་རྒྱུ། །ཏིང་ངེ་འཛིན་གྱིས་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་ བྱེད་དྲི་མེད་བདེ་བ་རབ་ཏུ་རྫོགས། །ཞེས་དང༌། དཔལ་གསང་བ་འདུས་པར་ཡང༌། ཡན་ ལག་དྲུག་གི་རྣལ་འབྱོར་གྱིས། །བསྙེན་པ་བྱས་ན་མཆོག་སྒྲུབ་སྟེ། །གཞན་དུ་བསྒྲུབ་བྱ་དངོས་ གྲུབ་མཆོག །འབྱུང་བར་འགྱུར་བ་མེད་པ་ཉིད། །ཅེས་གསུངས་སོ། ། བཞི་པ་ནི། འོ་ན་བསྐྱེད་པའི་རིམ་པ་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ པའི་ཐབས་མ་ཡིན་ན། རྒྱུད་ཀྱི་རྒྱལ་པོ་རྣམས་སུ་བསྐྱེད་པའི་རིམ་པ་གསུངས་པ་དོན་མེད་ པར་འགྱུར་རོ་སྙམ་ན། དོན་མེད་པར་མི་འགྱུར་ཏེ། ལྷའི་གཟུགས་དང་ལ་སོགས་པ་ཡི་ སྒྲས་རྟེན་གཞལ་མེད་ཁང་དང་གདན་དང་ས་བོན་དང་ཕྱག་མཚན་ལ་སོགས་པར་རྟོག་པ་ 5-1-129 དཀྱིལ་འཁོར་གྱི་འཁོར་ལོ་དང༌། ཨ་ཙ་ལ་གརྦྷའི་བཤད་སྦྱར་ན་སོགས་ཀྱི་སྒྲ་ཡོད་པས་ སྔགས་དང་ཕྱག་རྒྱ་དང་གདན་དང་སྦྱིན་སྲེག་ལ་སོགས་པ་བསྒོམ་པ་ཡང་ཡང་གོམས་པར་ གྱུར་པས་ནི་འབྲས་བུ་གང་འགྲུབ་ན། གྲུབ་པ་སྟེ་དངོས་གྲུབ་འཇིག་རྟེན་པ་རིལ་བུ་དང་ མིག་སྨན་ལ་སོགས་པའི་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་དང༌། འོག་མིན་གྱི་མཐར་ཐུག་ པ་རྣམས་འགྲུབ་པར་འགྱུར་གྱི་ཞེས་པ་བསྐྱེད་པའི་རིམ་པ་ནི་འཇིག་རྟེན་པའི་དངོས་གྲུབ་ བསྒྲུབ་པའི་དོན་དུ་གསུངས་པ་སྟེ། སྐྱེས་བུ་ཆེན་པོ་རྣམས་ཀྱི་མཆོག་ཏུ་མངོན་པར་འདོད་ པའི་འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེན་པོ་ནི་བསྐྱེད་པའི་རིམ་པས་ ག་ལ་ཞིག་འགྲུབ་སྟེ་མི་འགྲུབ་པོ། །བདེ་མཆོག་གི་རྩ་རྒྱུད་མངོན་པར་བརྗོད་པ་འབུམ་པའི་ ལུང་བདེ་མཆོག་སྟོད་འགྲེལ་དུ་དྲངས་པར་ཡང༌། སྟོང་ཉིད་སྙིང་རྗེ་གཅིག་གྱུར་པ། །རྒྱུད་ གང་དུ་ནི་རབ་བསྟན་ཅིང༌། །འཇིག་རྟེན་མགོན་པོ་སྒྲུབ་བྱེད་པ། །རྒྱུད་དེ་སངས་རྒྱས་ཀྱིས་ བསྟན་པའོ། །འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ ཕྱིར། །སྔགས་བཟླས་དེ་བཞིན་ཆོ་ག་དང༌། རྣམ་རྟོག་སྒོམ་པ་རབ་ཏུ་གསུངས། །དོན་དམ་ བདེན་པས་གསུངས་པ་ནི། །ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །རྣམ་རྟོག་ཐམས་ཅད་སྤངས་པ་ ཡི། །བསྒོམ་པ་དེ་བཞིན་གཤེགས་པས་གསུངས། །ཞེས་དང༌། ཀྱེའི་རྡོ་རྗེ་རྩ་བའི་རྒྱུད་ལས་ ཀྱང༌། དཀྱིལ་འཁོར་འཁོར་ལོའི་ཁང་པ་དང༌། །ལྷ་རྣམས་ཇི་ལྟར་བསྐྱེད་པ་དང༌། །ཡེ་ཤེས་ དགུག་དང་དབང་བསྐུར་དང༌། །དེ་བཞིན་འཁོར་ལོ་རྩ་དང་ནི། །ཁུ་བ་རླུང་རྣམས་གང་བསྟན་ ཏེ། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །ངེས་དོན་ མ་ཡིན་གཞན་དུ་དཔྱད། །དཀྱིལ་འཁོར་ཚུལ་དང་ལྷ་དག་དང༌། །ཡེ་ཤེས་དགུག་དང་དབང་ བསྐུར་དང༌། །ཁུ་བ་རླུང་དུ་སུ་ལྟ་བ། །ཀྱཻ་ཡི་རྡོ་རྗེ་དེས་མི་ཤེས། །ཞེས་དང༌། དེ་ཉིད་ལས། ཡེ་ཤེས་གཅིག་པུས་ལས་རྣམས་ཀུན། །ཡེ་ཤེས་སྨྲ་བ་རྣམས་ཀྱིས་བྱེད། 140། བཟླས་པ་མ་ཡིན་བགྲང་ཕྲེང་མིན། །སྦྱིན་སྲེག་སྔགས་དང་མཆོད་པས་མིན། །ལས་རྣམས་ ཐམས་ཅད་རྣལ་འབྱོར་པས། །བསམ་གཏན་ཙམ་གྱིས་འགྲུབ་པར་བྱེད། །ཅེས་དང༌། ཀྱཻའི་རྡོ་ རྗེའི་འགྲེལ་པ་རྡོ་རྗེ་སྙིང་པོས་མཛད་པ་ལས་ཀྱང༌། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་ བ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང༌། །ཡིད་འོང་བདག་ གིས་བསྟན་པ་ཡིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །སངས་རྒྱས་རྡོ་རྗེ་སེམས་ དཔའ་ཉིད། །སྟོན་པར་བྱེད་པ་མ་འོངས་པའི། །སློབ་དཔོན་རྣམས་ནི་བདུད་ཀྱི་རིས། །ཞེས་ དང༌། དཔལ་གསང་བ་འདུས་པར། མི་སྣང་ལ་སོགས་དངོས་གྲུབ་རྣམས། །ཐུན་མོང་བ་ཞེས་ གྲགས་པ་སྟེ། །སངས་རྒྱས་ཉིད་བསྒྲུབ་སངས་རྒྱས་ཀྱི། །དངོས་གྲུབ་མཆོག་ཅེས་གསུངས་པ་ ཡིན། །ཞེས་གསུངས་སོ། ། ལྔ་པ་ནི། འོ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པའི་སངས་རྒྱས་ཉིད་ཀྱི་སྒྲུབ་ཐབས་ ཐུན་མོང་མ་ཡིན་པ་སྦྱོར་བ་ཡན་ལག་དྲུག་གི་ལམ་དེ་སློབ་མ་གང་ལ། བླ་མ་གང་གི་དྲིན་ ལས་འབྱུང་བ་ཡིན་ཞེ་ན། གང་ཟག་གང་ཞིག་སེམས་ཅན་རྣམས་ལ་མཉམ་སྙོམས་པའི་བརྩེ་ བ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིས་གཞན་ཁོ་ནའི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ ཚོགས་གཉིས་ཀྱི་དགེ་བ་སྒྲུབ་པ་ལ་རྟག་ཏུ་བརྩོན་པ་ཡི་སློབ་མ་བཟང་པོ་ང་རྒྱལ་ལ་སོགས་ པའི་སྐྱོན་གྱིས་དག་པ་མཆོག་བསྒྲུབ་པའི་སྐལ་བ་དང་ལྡན་པ་རྣམས་ལ་རྣམ་དག་ལེགས་ པའི་ལམ་ཡན་ལག་དྲུག་གི་རྣལ་འབྱོར་དག་ནི་འབྱུང་བ་ཡིན་ནོ། །གང་གི་དྲིན་ལས་འབྱུང་ན། དཔལ་ལྡན་བླ་མ་དམ་པའི་དཀའ་དྲིན་ལས་སོ། །དཔལ་ཀྱཻའི་རྡོ་རྗེ་ལས། གཞན་གྱིས་བརྗོད་ མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་པ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་ གི་བསོད་ནམས་ལས་ཞེས་བྱ། །ཞེས་གསུངས་པ་ལྟར་རོ། །བླ་མ་དམ་པའི་མཚན་ཉིད་ནི། རྒྱུད་དང་རྒྱས་འགྲེལ་ལས་སྟོན་པར་འགྱུར་ཞིང༌། དཔལ་དོན་དམ་པའི་བསྙེན་པར་ཡང༌། 5-1-130 སྒོམ་ལྡན་སྲིད་པའི་བསམ་གཏན་ལ་ནི་ཆགས་ཉམས་པ། །འདོད་ལྡན་འདོད་པ་ཆེན་པོ་ལ་ ནི་ཐུགས་བཅིངས་པ། །བརྟུལ་ཞུགས་ཆེན་པོ་དབང་པོ་གཉིས་བདེའི་སྦྱོར་བ་ལ། །ཕྱག་རྒྱར་ རབ་ཏུ་འགྲོགས་པའང་འདོད་ཆགས་མ་ཉམས་ཤིང༌། །ཟླ་ཉིའི་ལམ་ནི་སོ་སོར་ཉམས་པའི་ རྣལ་འབྱོར་ཅན། །ཤེས་རབ་མེ་ལ་རྣལ་འབྱོར་སྟོབས་ལས་རབ་ཞུགས་པ། །ཀུན་དགའི་བདེ་ བ་བདུད་རྩིར་ཆགས་པ་དེ་ཁོ་ན། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་སྡིག་བཅོམ་པའོ། །ཞེས་ སོགས་རྒྱ་ཆེར་གསུངས་སོ། ། གསུམ་པ་ལམ་བཟང་རིན་པོ་ཆེ་སྣོད་མིན་ལ་མི་སྦྱིན་ཞིང་སྦ་བར་གདམས་པ་ལ་གཉིས་ ཏེ། སྣོད་མིན་ལ་ལམ་བཟང་བྱིན་པའི་ཉེས་པ་དང༌། དེས་ན་མི་མཐུན་ཕྱོགས་སྤངས་ཏེ་སྦ་ བར་གདམས་པའོ། ། དང་པོ་ལ་གསུམ་སྟེ། ལམ་བཟང་ཆོམ་རྐུན་གྱིས་འཕྲོག་པར་བྱེད་པ། ལམ་བཟང་མི་ ཤེས་པས་འདོར་བར་བྱེད་པ། ལམ་བཟང་ལ་བདུད་ཀྱིས་གེགས་བྱེད་པའོ། །དང་པོ་ལ་ལྔ་ སྟེ། ཡུལ་ལྔའི་ཆོམ་རྐུན། སྒྲིབ་པ་ལྔའི་ཆོམ་རྐུན། མི་དགེ་བ་བཅུའི་ཆོམ་རྐུན། བརྟུལ་ཞུགས་ ཉམས་པའི་ཆོམ་རྐུན། ལོངས་སྤྱོད་དུ་མའི་ཆོམ་རྐུན་གྱིས་འཕྲོག་པར་བྱེད་པའོ། ། དང་པོ་ནི། རྣམ་དག་ལེགས་པའི་ལམ་ཡན་ལག་དྲུག་གི་རྣལ་འབྱོར་འདི་ནི་དབང་གི་ ལེའུ་ལས་གསུངས་པའི་མཚན་ཉིད་དང་ལྡན་པའི་སློབ་མ་ལ་སྦྱིན་པར་བྱ་བ་ཡིན་གྱི་སྣོད་ མིན་ལ་སྦྱིན་པར་བྱ་བ་མ་ཡིན་ཏེ། སྣོད་མིན་ལ་བྱིན་ན་བར་དུ་གཅོད་པའི་དབང་གིས་ལམ་ ལས་ཉམས་པར་འགྱུར་བའི་ཕྱིར་རོ་ཞེས་སྟོན་པ། ཡན་ལག་དྲུག་གི་རྣལ་འབྱོར་གྱི་ལམ་ བཟང་པོ་འདི་ནི་རྙེད་པར་དཀའ་བའི་ཕྱིར་དང༌། འདོད་པའི་དོན་གྱི་འབྲས་བུ་སྦྱིན་པར་བྱེད་ པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་ན་རིན་ཆེན་ཏེ། དེ་ལྟ་བུའི་ལམ་འདི་ ནི་རང་ལ་ཕན་པ་དང་བདེ་བ་མི་སྒྲུབ་པས་བག་མེད་པར་སྤྱོད་པའི་སེམས་ཅན་སྙིང་བརྩེ་བ་ 5-1-131 དང་གཞན་ལ་ཕན་པ་དང་བདེ་བ་ལ་བརྩོན་པ་ལ་སོགས་པའི་ཡོན་ཏན་དང་བྲལ་བ་གཞན་ པ་རྣམས་ལ་བྱིན་པ་ན་རང་གི་ཁྱིམ་དགེ་བ་ལས་ཉམས་པའི་འཇིགས་པ་ཆེན་པོ་འབྱུང་བའི་ གནས་འབྲོག་དགོན་པ་དང་འདྲ་བ་དག་ཏུ་རབ་ཏུ་ཞུགས་ཏེ་འདུ་འཛིའི་ཁྲོད་ན་གནས་པ་ རྣམས་ལ་གཟུགས་དང་སྒྲ་ལ་སོགས་པ་ཕྱི་རོལ་གྱི་ཡུལ་ཉེས་དམིགས་མང་ལ་མནོག་ཆུང་ བས་ན་ངན་པ་སྟེ་ཡུལ་ལྔ་ལ་ལྷག་པར་ཆགས་པའི་ཆོམ་རྐུན་རྣམས་ཀྱིས་གང་ཟག་སྣོད་མིན་ ལ་བྱིན་པའི་ལམ་བཟང་རིན་པོ་ཆེ་དེ་འཕྲོག་པར་བྱེད་པ་གང་ཟག་དེ་ལ་ལམ་བཟང་རིན་པོ་ ཆེས་ཕན་མི་ཐོགས་པར་འགྱུར་རོ། ། གཉིས་པ་ནི། འཕྲོག་པར་བྱེད་དོ་ཞེས་པ་ལ། གང་གིས་ན་ཡུལ་ངན་པ་རྣམས་འབའ་ ཞིག་གིས་འཕྲོག་པར་མ་ཟད་ཀྱི། འདི་ལམ་རྣམ་དག་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་ དང༌། བདག་གིས་ལས་ངན་པ་བྱས་པས་ལམ་མངོན་དུ་བྱ་མི་ནུས་སོ་སྙམ་པའི་འགྱོད་པ་དག་ དང༌། ལུས་དང་ཡིད་ལས་སུ་མི་རུང་བར་འགྱུར་བའི་གཉིད་དང་ནི་ཏིང་ངེ་འཛིན་སྒོམ་པ་ལ་ མི་སྤྲོ་བའི་ལེ་ལོ་དང༌། གྲོང་ཁྱེར་ལ་སོགས་པར་འཁྱམ་ཞིང་སེམས་རྣམ་པར་གཡེང་བའི་ རྒོད་པ་སྟེ་སྒྲིབ་པ་ལྔའི་ཆོམ་རྐུན་རྣམས་ཀྱིས་ཀྱང་ངོ༌། །གང་ན། ཡིད་ཆེས་པ་རྣམ་པ་གསུམ་ གྱིས་ངེས་པའི་ལམ་བཟང་རིན་པོ་ཆེ་ནིའོ། །གང་ཟག་གང་གི་ལམ་བཟང་འཕྲོག་པར་བྱེད་ན། དབེན་པ་མི་བསྟེན་པར་ཕ་དང་མ་དང་བུ་དང་ཆུང་མ་ལ་སོགས་པའི་གཉེན་འདུན་གྱི་ཚོགས་ ནགས་ཐིབས་པོ་དང་འདྲ་བའི་ནང་དུ་ཞུགས་པའི་གང་ཟག་དེའི་འོ། གསུམ་པ་ནི། མི་དགེ་བ་བཅུའི་ཆོམ་རྐུན་གྱིས་ཀྱང་སྣོད་མིན་ལ་བྱིན་པའི་ལམ་བཟང་ རིན་པོ་ཆེ་འཕྲོག་པར་བྱེད་ཅེས་དྲང་ངོ༌། །མི་དགེ་བ་བཅུ་ནི། མཛོད་ལས། སྲོག་གཅོད་པ་ ནི་བསམ་བཞིན་དུ། །མ་ནོར་བར་ནི་གཞན་གསད་པའོ། །ཞེས་འབྱུང་བ་ལྟར། སྲོག་གཅོད་ པ་དང༌། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །ཅེས་པ་ 5-1-132 མ་བྱིན་པར་ལེན་པ་དང༌། བགྲོད་མིན་འགྲོ་བ་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་ བཞི། །ཞེས་པ་གཞན་གྱི་བུད་མེད་བསྟེན་པ་སྟེ་འདོད་པས་ལོག་པར་གཡེམ་པ་དང༌། རྫུན་ ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཞེས་པ་རྫུན་སྨྲ་བ་དང༌། ཚིག་རྩུབ་པོ་ནི་མི་སྙན་པ། །ཞེས་པ་ཚིག་རྩུབ་སྨྲ་བ་རྣམས་དང༌། ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། ། ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཅེས་པ་ཕྲ་མ་སྨྲ་བ་དང༌། །ཉོན་མོངས་ཅན་ཀུན་ཀྱལ་ པ་ཉིད། །གཞན་ནི་དེ་ལས་གཞན་ཉོན་མོངས། །ཁ་གསག་གླུ་དང་ཟློས་གར་དང༌། །བསྟན་ བཅོས་ངན་བཞིན། ཞེས་པ་འཁྱལ་བར་གྱུར་བའི་ཚིག་དང༌། བརྣབ་སེམས་ནི། ལོག་པས་ གཞན་གྱི་ནོར་ལ་ཆགས། །ཞེས་པ་བརྣབ་སེམས་དང༌། གནོད་སེམས་སེམས་ཅན་ལ་སྡང་ བ། །ཞེས་པ་གནོད་སེམས་དང༌། དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། ། གསུམ་མམ་བདུན་ནི་ལས་ཀྱང་ཡིན། །ཞེས་འབྱུང་བ་ལྟ་བ་ངན་པ་སྟེ་མི་དགེ་བ་བཅུའོ། ། དེ་ལྟ་བུའི་ཆོམ་རྐུན་གྱིས་འཕྲོག་པར་བྱེད་དོ། །དང་ཞེས་པ་ནི་འོག་གི་འཕྲོག་པར་བྱེད་ ཅེས་པ་དང་འབྲེལ་བའི་ཚིག་གོ། བཞི་པ་ནི། གཞན་ཡང་སྣོད་མིན་ལ་བྱིན་པའི་ལམ་བཟང་རིན་པོ་ཆེ་ནི་རྟག་ཏུ་འཕྲོག་ པར་བྱེད་དོ། །ཞེས་པ་ལ། གང་གིས་འཕྲོག་པར་བྱེད་ན། ཡོད་པའི་སྡིག་པ་ནི་འཚེ་བ་དང༌། རྫུན་དང༌། འདོད་ལོག་དང༌། མ་བྱིན་ལེན་དང༌། ཆང་འཐུང་བ་དང༌། ཉེ་བའི་སྡིག་པ་ནི། ཆོ་ ལོའི་རྒྱན་པོ་འགྱེད་པ་དང༌། ཁ་ན་མ་ཐོ་བ་དང་བཅས་པའི་ཤ་ཟ་བ་དང༌། སྐྱེས་པ་དང་བུད་ མེད་དང་རྒྱལ་པོ་དང་རྐུན་པོ་དང་དམག་ལ་སོགས་པའི་གཏམ་བརྗོད་པ་ཚིག་ངན་ཀློག་པ་ དང༌། ཕ་མེས་ཀྱི་ཆེད་དང་མཆོད་སྦྱིན་གྱི་ཆེད་དུ་མཚུན་མཐོར་བ་ལ་སོགས་བྱེད་པས་གྲོལ་ བར་ལྟ་བ་རིག་བྱེད་ལས་བཤད་པ་འབྱུང་པོའམ་ཡི་དྭགས་ཀྱི་ཆོས་དང༌། ཀླ་ཀློ་སོག་པོའི་ ཆོས་ལུགས་ལྷ་མིན་དབང་པོའི་ཆོས་དང༌། གསོད་པ་ནི་བ་གླང་དང་བྱིས་པ་དང༌། བུད་མེད་ 5-1-133 དང༌། སྐྱེས་པ་གསོད་པ་སྟེ་བཞི་དང༌། སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་འཇིག་པར་ བྱེད་པ་ལྷ་དང་མིའི་བླ་མ་གསོད་པ་དང༌། འཁུ་བ་ནི། གྲོགས་པོ་དང༌། རྗེ་བོ་དང༌། སངས་ རྒྱས་དང༌། དགེ་འདུན་དང༌། དབུགས་འབྱིན་པའམ་ཡིད་བརྟན་པ་ལ་འཁུ་བའོ། །དབང་པོ་ མངོན་པར་ཞེན་པ་དང་ནི། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལ་ལྷག་པར་ མངོན་པར་ཞེན་པ་སྟེ། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ཉམས་པའི་ཆོམ་རྐུན་ལྔ་པ་ལྔ་པོ་སྟེ་ཉི་ཤུ་རྩ་ ལྔ་པོ་འདི་རྣམས་ཀྱིས་སོ། ། ལྔ་པ་ནི། ལམ་བཟང་རིན་པོ་ཆེ་འཕྲོག་པར་བྱེད་དོ། །གང་གིས་འཕྲོག་པར་བྱེད་ན། ཤིན་ཏུ་བཟའ་བ་ཤ་བཟང་པོ་ལ་སོགས་པ་དང༌། བཏུང་བ་ཆང་ལ་སོགས་པ་སྣ་ཚོགས་པ་ དང༌། ཕྲེང་བ་དང་ཙན་དན་དང་བུད་མེད་དང་གོས་དང་ལམ་སྟན་ལ་སོགས་པ་ལོངས་སྤྱོད་དུ་ མ་ལ་ཆགས་པའི་ཆོམ་རྐུན་དེ་རྣམས་ཀྱིས་སོ། །གང་ཟག་གང་ལ་འཕྲོག་པར་བྱེད་ན། བཟའ་ བ་དང་བཏུང་བ་བཟང་པོ་སྣ་ཚོགས་ལ་ལོངས་སྤྱོད་པ་དང༌། མི་དགེ་བའི་གྲོགས་པོ་དང་ འགྲོགས་པས་བག་མེད་ཅིང༌། བརྒྱལ་བ་སྟེ་དྲན་པ་དང་ཤེས་བཞིན་གྱི་སེམས་མེད་པར་གྱུར་ པ་ཉིད་ལའོ། །ལམ་བསྒོམ་པའི་བརྩོན་འགྲུས་དང་ལྡན་དུ་ཟིན་ཀྱང་འཕྲོག་པར་བྱེད་ན། མི་ ལྡན་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། ། གཉིས་པ་ལམ་བཟང་མི་ཤེས་པས་འདོར་བར་བྱེད་པ་ལ་གཉིས་ཏེ། འདོར་བའི་ཚུལ་ དང༌། མི་འདོར་བར་གདམས་པའོ། །དང་པོ་ནི། དཔེར་ན་རིན་པོ་ཆེའི་རིགས་མི་ཤེས་པའི་ བླུན་པོས་རིན་པོ་ཆེ་བཟང་པོ་ཞིག་རྙེད་པ་ལས་རང་ཉིད་ཀྱིས་རིན་པོ་ཆེ་བཟང་པོ་ཡིན་པར་ མ་ཤེས་པའི་ཕྱིར། གཡོན་ཅན་ཞིག་ལ་བསྟན་པ་ན། འདི་རིན་པོ་ཆེ་བཟང་པོ་མ་ཡིན་ནོ། ། ཞེས་པའི་ཚིག་གིས་རིན་པོ་ཆེ་དེ་འདོར་བར་བྱེད་པ་བཞིན་དུ། འདོར་བར་བྱེད་ཅེས་པ་ལ། གང་འདོར་བར་བྱེད་ན། བློ་དང་ཐོས་པ་དམན་པ་སྣོད་མིན་གྱི་གང་ཟག་ལ་བྱིན་པའི་ལམ་ 5-1-134 བཟང་རིན་ཆེན་དེའོ། །འདོར་བའི་རྒྱུ་ནི། གང་ཟག་དེ་རང་ཉིད་ལམ་བཟང་རིན་པོ་ཆེའི་རང་ བཞིན་ཡོངས་སུ་རྟོག་ཅིང་དཔྱོད་པ་པོ་མང་དུ་ཐོས་ཞིང་བློ་དང་ལྡན་པ་མིན་པའི་ཕྱིར་རྣམ་ པར་དག་པའི་ལམ་འདི་རིན་ཐང་ཆེན་པོར་ཏེ་རྙེད་པར་དཀའ་བ་དང༌། འདོད་པའི་དོན་ཆེན་ པོའི་འབྲས་བུ་སྦྱིན་པར་འགྱུར་རམ་མི་འགྱུར་ཞེས་ཤེས་པར་བྱ་བའི་ཆེད་དུ། དཔལ་ལྡན་བླ་ མའི་མཚན་ཉིད་དང་ལྡན་པ་ལས་གཞན་བླ་མ་དམ་པ་མ་ཡིན་ཡང་ཡིན་པ་ལྟར་བཅོས་པའི་ གཡོན་ཅན་ཞིག་ལ་རྣམ་པར་དག་པའི་ལམ་འདིའི་བསྒོམ་པའི་ཚུལ་དང༌། ཉམས་སུ་མྱོང་ བའི་ཚུལ་རྣམས་སྟོན་ཅིང་ལམ་བཟང་རིན་པོ་ཆེར་འགྱུར་རམ་མི་འགྱུར་ཞེས་འདྲི་བར་བྱེད་ དེ། དེ་ལྟར་དྲིས་པ་ན་བླ་མ་དམ་པ་མ་ཡིན་པ་དེས་མི་ཤེས་པའི་དབང་གིས་དེའི་ཚིག་ལམ་དེ་ ནི་ལམ་བཟང་རིན་པོ་ཆེར་མི་འགྱུར་ཞེས་བརྗོད་པ་དག་གིས་ཏེ་དེའི་རྒྱུ་ལས་འདོར་བར་བྱེད་ དོ། ། གཉིས་པ་ནི། དཔེར་ན། རིན་པོ་ཆེའི་རིགས་མི་ཤེས་པ་ཞིག་གིས་རིན་པོ་ཆེ་བཟང་པོ་ རྙེད་པ་དེ་དེད་དཔོན་ལ་སོགས་པ་རིན་པོ་ཆེ་བརྟག་པ་ལ་མཁས་པ་ཞིག་ལ་དྲིས་ནས་རིན་པོ་ ཆེ་བཟང་པོར་ཤེས་པར་བྱ་དགོས་པ་བཞིན་དུ། རྣམ་པར་དག་པའི་ལམ་འདི་རྙེད་པའི་གང་ ཟག་གིས་ཀྱང་རང་གི་ལམ་འདི་ལམ་བཟང་རིན་ཆེན་ཏེ་རྫོགས་པའི་སངས་རྒྱས་ཀྱི་ལམ་ རྣམ་དག་ཡིན་པར་རྣམ་པར་ཤེས་པར་བྱའོ། །རྒྱུ་གང་ལས་ཤེས་པར་བྱ་ན། དགེ་བའི་བཤེས་ གཉེན་གང་དག་རིན་པོ་ཆེ་ཆེན་པོ་དང་འདྲ་བའི་ལམ་བཟང་པོ་རིག་པའི་མཁས་པ་རྣམས་ ལམ་འདི་ལམ་བཟང་རིན་ཆེན་ཆེན་པོ་སྟེ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་རྣམ་པར་དག་པ་ཡིན་ནམ་མ་ཡིན་ཞེས་ ཡོངས་སུ་རྟག་ཏུ་གཞུག་ཅིང་དགེ་བའི་བཤེས་གཉེན་རྫོགས་པའི་སངས་རྒྱས་ཀྱི་ལམ་ལ་ མཁས་པ་དེ་དག་རྣམས་ཀྱི་རྣམ་དག་ཚིག་གིས་ཏེ་མི་སླུ་བའི་ཚིག་ལས་ནི་ཤེས་པར་བྱའོ། ། 5-1-135 གསུམ་པ་ལམ་བཟང་ལ་བདུད་ཀྱིས་གེགས་བྱེད་པ་ནི། ལམ་བཟང་རིན་པོ་ཆེ་འདི་ བསྒོམ་པ་ལ་བདུད་ཀྱི་བར་དུ་གཅོད་པ་འབྱུང་བས་དེ་ཤེས་པར་བྱའོ་ཞེས་གདམས་པ། རྣམ་ པར་དག་པའི་ལམ་འདི་བསྒོམ་པ་ལ་བདུད་རྣམས་གེགས་ཏེ་བར་ཆད་བྱེད་དོ། །རྣམ་པ་ཇི་ ལྟ་བུས་གེགས་བྱེད་ན་བདུད་སྡིག་ཏོ་ཅན་ནི་རྫོགས་པའི་སངས་རྒྱས་ཀྱི་གཟུགས་དང་བྱང་ ཆུབ་སེམས་དཔའ་དང༌། ཕ་དང་མ་དང་བུ་མོ་དང་སྲིང་མོ་དང༌། བུ་དང་སྤུན་ཟླ་དང་འདོད་པ་ སྟེ་ཡིད་དུ་འོང་བའི་ཆུང་མ་ལ་སོགས་པ་མི་སླུ་ཞིང་ཕན་འདོགས་པ་ལྟ་བུའི་གཟུགས་རྣམས་ ཀྱིས་ཏེ་དེ་རྣམས་སུ་སྤྲུལ་ནས་ནི་བར་དུ་གཅོད་པར་བྱེད་དེ། རྒྱས་པར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་བདུད་ཀྱི་ལས་ཀྱི་ལེའུ་ལས་ཤེས་པར་བྱའོ། ། གཉིས་པ་དེས་ན་མི་མཐུན་ཕྱོགས་སྤངས་ཏེ་སྦ་བར་གདམས་པ་ནི། ལམ་བཟང་རིན་པོ་ ཆེ་ཉམས་སུ་ལེན་པ་ལ་བར་དུ་གཅོད་པའི་རྣམ་པ་མང་པོ་འབྱུང་བ་དེའི་ཕྱིར། དཔལ་ལྡན་ རྒྱུད་ལས། སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ ལྡན་བླ་མའོ། །ཞེས་གསུངས་པ་ལྟར། བླ་མ་དམ་པས་གནང་བ་ཡི། ལམ་བཟང་རིན་པོ་ཆེ་ ནི་སྦ་བ་སྟེ་གསང་ཞིང་མ་ཤོར་བར་བྱའོ། །གང་གིས་བྱ་ན་ཐར་པ་འདོད་པའི་སློབ་མ་ཡིས་སོ། ། ཇི་ལྟར་ན་གོང་དུ་བཤད་པའི་ཆོམ་རྐུན་དང་དེའི་རྩ་ལག་སྟེ་ཕྱོགས་སུ་གྱུར་པ་རྣམས་དང་ བདུད་ཀྱི་ལས་ཐམས་ཅད་ཡོངས་སུ་སྤང་བར་བྱས་ཏེ། འབད་པས་ཏེ་གུས་པ་ཆེན་པོས་ཤིན་ ཏུ་སྟེ་ཐབས་ལ་མཁས་པས་ལེགས་པར་ཏེ་ཕྱིན་ཅི་མ་ལོག་པར་སྦ་བར་བྱའོ། ། བཞི་པ་ཐར་ལམ་རྣམ་དག་གི་བྱེད་ལས་བསྟན་པ་ལ་གཉིས་ཏེ། ཐར་ལམ་རྣམ་དག་གི་ ངོ་བོ་དང༌། དེའི་བྱེད་ལས་སོ། །དང་པོ་ལ་གསུམ་སྟེ། རིམ་པ་གསུམ་གྱི་ཁྱད་པར་དང༌། ཤིན་ ཏུ་རྣམ་དག་གི་རིམ་པའི་དོན་དང༌། རིམ་པ་སྔ་མ་གཉིས་ཀྱི་ངེས་པའི་དོན་ནོ། །དང་པོ་ནི་ཡན་ ལག་དྲུག་གི་ལམ་ཁོ་ན་ལམ་བཟང་རིན་པོ་ཆེ་ཡིན་པར་མི་རིགས་ཏེ། དཔའ་བོའི་རིམ་པ་ལ་ 5-1-136 སོགས་པ་ཡང་ཐར་པ་ཐོབ་པའི་ལམ་ཡིན་པས་སོ་སྙམ་ན། ཕྱི་རོལ་གྱི་དྲག་པོའི་ལྷ་སྒྲུབ་པ་ དཔའ་བོའི་རིམ་པ་དང༌། ལྷ་ཞི་བ་བསྒྲུབ་པ་བདག་བྱིན་གྱིས་བརླབ་པ་ཡི་རིམ་པ་དག་ཀྱང་ ཐར་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའི་ལམ་མ་ཡིན་ཏེ། རྣམ་པར་རྟོག་ པའི་སྒོམ་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དག་པའི་རིམ་པའི་དབང་སྔོན་དུ་སོང་བ་ཅན་སོ་ སོར་སྡུད་ལ་སོགས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཤིན་ཏུ་རྣམ་དག་གི་རིམ་པ་རྒྱུད་ ཐམས་ཅད་ཀྱི་རྫོགས་རིམ་གཉིས་པ་མེད་པས་དེ་གཅིག་པུ་སྟེ་ཁོ་ན་ནི། ཐར་པ་མྱུར་དུ་ཐོབ་ པའི་སླད་དུ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པའི་རྒྱུད་རྣམས་སུ་བསྟན་པ་ཡིན་ ནོ། ། གཉིས་པ་ནི་ཤིན་ཏུ་རྣམ་དག་གི་རིམ་པ་གཅིག་པུ་ཐར་པའི་ལམ་ཡིན་པའི་ཚུལ་ནི་ཡང་ དག་པར་གཟུང་བ་སྟེ་དབུགས་ཕྱུང་བར་གྱུར་ཞེས་པ་ལ། གང་གཟུང་ན་ཕ་གསོད་པ་དང༌། མ་གསོད་པ་དང་དགྲ་བཅོམ་པ་གསོད་པ་དང་དགེ་འདུན་གྱི་དབྱེན་བྱེད་པ་དང་དེ་བཞིན་ གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་ལྔ་པོ་གང་ཡང་རུང་བས་སྐྱེ་བ་གཞན་གྱི་ བར་མཚམས་མེད་པར་མནར་མེད་པའི་དམྱལ་བར་བསྐལ་པར་གནས་པར་འགྱུར་བས་ན་ མཚམས་མེད་པ་སྟེ། དེ་ལྟ་བུའི་མཚམས་མེད་པ་ལྔ་པོ་རྣམས་ནི་ཚེ་སྟོད་ལ་བྱས་པ་རྣམས་ཀྱང་ ངོ༌། །ཐབས་གང་གིས་གཟུང་ན་དབང་བཞི་པའི་དོན་མི་འགྱུར་བའི་བདེ་བ་ཉིད་ནི་སྒོམ་པའི་ ལམ་ཤིན་ཏུ་རྣམ་དག་གི་རིམ་པ་གང་ཞིག་གིས་སོ། །རྒྱུད་གང་དུ་གཟུང་ན། ཐབས་དང་ཤེས་ རབ་ཀྱི་བདག་ཉིད་གཉིས་སུ་མེད་པའི་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་སུའོ། །སྟོན་པ་གང་ གིས་གཟུང་ན་རྒྱལ་བའི་དབང་པོ་རྡོ་རྗེ་སེམས་དཔས་སོ། །ཇི་ལྟར་གཟུང་ན་དམྱལ་བར་ལྷུང་ བ་ལས་གཟུང་ནས་ཐར་པའི་ལམ་ལ་འགོད་པའི་ཚུལ་གྱིས་སོ། །ཇི་སྐད་དུ། གདོལ་པ་སྨྱིག་ མ་མཁན་སོགས་དང༌། །ཞེས་པ་ལ་སོགས་པ་འཆད་པར་འགྱུར་རོ། །དེ་ལྟར་ན་ཤིན་ཏུ་རྣམ་ 5-1-137 དག་གི་རིམ་པ་ཁོ་ན་ཐར་པའི་ལམ་ཡིན་ནོ། ། གསུམ་པ་ནི། རིམ་པ་སྔ་མ་གཉིས་པོ་ཡང་དྲང་བའི་དོན་དུ་རྣམ་པར་རྟོག་པའི་སྒོམ་པ་ལ་ གསུངས་ཀྱི། ངེས་པའི་དོན་དུ་ནི་དཔའ་བོའི་རིམ་པ་ཕྱི་རོལ་ཏུ་ལྷ་དྲག་པོ་མཆོད་པ་ལ་སོགས་ པ་ལ་གསུངས་པ་མིན་ཏེ། རྣལ་འབྱོར་པ་རང་གི་ལུས་ལ་སྲོག་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ ཟད་པར་བྱེད་པ་ཉིད་ལ་དཔའ་བོའི་རིམ་པའི་དོན་འདི་ཡིན་པར་གསུངས་སོ། །ཇི་སྐད་དུ། དཔའ་བོ་གང་ཡིན་གང་ཞིག་མཉམ་དང་མི་མཉམ་ལམ་ལ་སྲོག་དང་ཐུར་སེལ་རླུང་ནི་གསོད་ བྱེད་པའོ། །ཞེས་སོ། །དེ་བཞིན་དུ་བདག་བྱིན་གྱིས་བརླབས་པའི་རིམ་པ་དག་ནི། ཕྱི་རོལ་ཀྱི་ ལྷ་ཞི་བ་བསྒོམ་པ་ལ་གསུངས་པ་མ་ཡིན་གྱི། རང་གི་སེམས་བྱིན་གྱིས་བརླབས་པའི་སོ་སོར་ སྣང་བ་སྟེ་དེ་ཡང་ནམ་མཁའ་སྟོང་པ་ལ་བེམ་པོའི་ཁམས་གསུམ་པ་མེད་པར་བེམ་པོ་མ་ཡིན་ པའི་ཁམས་གསུམ་པོ་པྲ་ཕབ་པ་ལྟ་བུའི་འོད་གསལ་ཆོས་ཀྱི་སྐུ་ནི་ཤའི་སྤྱན་ལ་སོགས་པས་ མཐོང་བའི་མིང་ཡིན་ནོ། །ཞེས་པ་ངེས་པའི་དོན་དུ་དེ་ལ་བདག་བྱིན་གྱིས་བརླབས་པ་ཞེས་ བཏགས་པའོ། ། གཉིས་པ་དེའི་བྱེད་ལས་ནི། འོ་ན་ཐར་པའི་ལམ་ཤིན་ཏུ་རྣམ་དག་གི་རིམ་པ་དེས་ཐར་ པའི་མཆོག་སངས་རྒྱས་ཚུལ་ཇི་ལྟར་ཐོབ་པར་བྱེད་པ་ཡིན་ཞེ་ན་ཤིན་ཏུ་རྣམ་དག་གི་རིམ་ པའི་ལམ་གྱིས་རྣལ་འབྱོར་པའི་མ་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་ པའི་འཁོར་བ་སྙིང་པོ་མེད་པ་རྫུན་པ་བསླུ་བའི་ཆོས་ཅན་དེ་ཟད་པར་གྱུར་པ་སྟེ་བྱས་པ་དེ་ ལས་ལམ་སྒོམ་པ་པོ་སྐྱེས་བུ་དེའི་ཐོབ་པར་མངོན་པར་འདོད་པའི་དོན་སྐུ་བཞིའི་བདག་ཉིད་ ཀྱི་སངས་རྒྱས་ཉིད་ཀྱི་འབྲས་བུ་རྣལ་འབྱོར་པ་རང་ཉིད་ལ་གདོད་མ་ནས་སྙིང་པོའི་ཚུལ་དུ་ བཞུགས་པ་དེ་གློ་བུར་གྱི་དྲི་མ་དང་བྲལ་བས་ཐོབ་པར་འགྱུར་ཏེ། དཔེར་ན་ཆུ་ཤིང་གི་ནི་སྙིང་ པོ་འབྲས་བུ་དངར་པོ་སྨིན་པ་རྣམས་སྙིང་པོ་མེད་པའི་ཆུ་ཤིང་ཉམས་པ་སྟེ་ཟད་པ་ལས་ཡང་ 5-1-138 དག་པར་འབྱུང་བ་བཞིན་ནོ། །གཞན་ཡང་དཔེར་ན། སྡིག་པ་སྟེ་ཤཱུ་ཀའི་སྲིན་བུ་དང་ནི་ཤིང་ གི་སྲིན་བུ་སྟེ་ཀུ་ལཱི་ར་ནི་ཀར་ཀ་ཊའི་སེམས་ཅན་རྣམས། རང་རང་གང་ལས་བྱུང་བའི་མ་དེ་ དང་དེ་ཉམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱི་ལམ་གྱི་སེམས་ཤིན་ ཏུ་རྣམ་པར་དག་པའི་རིམ་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང༌། ཐིག་ལེ་མི་འཕོ་བའི་ བདེ་བ་ཆེན་པོའི་སྐད་ཅིག་མ་དེ་ནི་རྣལ་འབྱོར་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་སྒྱུ་མ་ལྟ་བུ་ ལས་བྱུང་ཞིང་སྒྱུ་མ་དེ་ཉིད་རྣམ་པར་ཉམས་པར་བྱེད་པ་ཡིན་ལ། དེ་ཉམས་པས་རང་ཉིད་ལ་ གདོད་མ་ནས་བཞུགས་པའི་འོད་གསལ་ཆོས་སྐུ་མངོན་དུ་བྱེད་པ་ཡིན་ནོ། །འཕགས་པ་ཀླུ་ སྒྲུབ་ཀྱིས་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས་ཀྱང༌། ཇི་ལྟར་སྦུན་པ་ལས་གྲོལ་ན། །འབྲས་ ཉིད་སྣང་བར་གྱུར་པ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ནི་རབ་ཏུ་ གསལ། །ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང༌། །དེ་ཡི་འབྲས་བུ་ སྙིང་པོ་ཉིད། །དངར་པོ་ཟ་བར་བྱེད་པ་ལྟར། །སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་ གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་ཀྱི་བདུད་རྩིར་ འགྱུར། །ཞེས་གསུངས་པ་དང་དགོངས་པ་གཅིག་པར་ཤེས་པར་བྱའོ། ། ལྔ་པ་ཐར་ལམ་རྣམ་དག་གི་འབྲས་བུ་བསྟན་པ་ལ་ལྔ་སྟེ། མཐར་ཐུག་གི་འབྲས་བུ་དུས་ ཀྱི་འཁོར་ལོའི་ངོ་བོ་ངོས་གཟུང་བ། གནས་སྐབས་ཀྱི་འབྲས་བུ་འཇིགས་པ་བཅུ་དྲུག་ཉམས་ པའི་ཚུལ། འཇིགས་པ་བཅུ་དྲུག་ཉམས་པའི་ལམ་གྱི་བསྒོམ་བྱ་རྣལ་འབྱོར་མའི་ཞབས་ངོས་ གཟུང་བ། རྣལ་འབྱོར་མའི་ཞབས་དྲན་པ་ལ་བསྟོད་པས་གཞན་གྱིས་ལམ་ཐོབ་པར་སྨོན་པ། ལམ་དེ་བསྒོམས་པས་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པའི་ཚུལ་ལོ། ། དང་པོ་ལ་གཉིས་ཏེ། དུས་ཀྱི་འཁོར་ལོའི་རྣམ་གྲངས་དང༌། དུས་ཀྱི་འཁོར་ལོའི་མཚན་ དོན་ནོ། ། 5-1-139 དང་པོ་ནི། གཉིས་མེད་ཅེས་པ་ལ་སོགས་པ་སྟེ། ཤིན་ཏུ་རྣམ་དག་གི་རིམ་པ་ཡན་ལག་ དྲུག་གི་རྣལ་འབྱོར་གྱིས་ཐོབ་པར་བྱ་བའི་འབྲས་བུ་ནི་དཔལ་དུས་ཀྱི་འཁོར་ལོའི་གོ་འཕང་ ཡིན་ལ། དེའི་རྣམ་གྲངས་ནི་གཟུང་བ་དང་འཛིན་པ་དང་ཤེས་པ་དང་ཤེས་བྱ་གཉིས་སུ་མེད་ པས་ན་གཉིས་སུ་མེད་པ་དང༌། རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་ན་སེམས་གཡོ་བ་ མེད་པ་དང༌། ཐབས་དང་ཤེས་རབ་ཐ་དད་པའི་རྗེས་སུ་འགྲོ་བ་མེད་པས་ན་རིས་སམ་རིགས་ མེད་པ་དང༌། བླ་ན་མེད་པའི་བདེ་བ་སྦྱིན་པར་བྱེད་པས་ན་འདོད་པར་བྱ་བ་དང༌། ཞེས་པ་ སྟེ་རྣལ་འབྱོར་བཞི་པོའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རང་བཞིན་གྱིས་འགགས་པས་ན་ མཆོག་ཏུ་མི་འགྱུར་བ་དང༌། ཆགས་པ་དཀར་པོའི་ཕྱོགས་དང་ཆགས་བྲལ་ནག་པོའི་ཕྱོགས་ ཀྱི་མཐའ་གཉིས་དང་བྲལ་བའི་ཆ་བཅུ་དྲུག་པ་ལྟ་བུའི་བདེ་བ་ཡིན་པས་འདོད་ཆགས་ཆེན་ པོ་དང༌། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་ཤིང་གཟུགས་སོགས་ཀྱི་རྣམ་པ་དང་བཅས་ པས་ན་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་མེད་པ་དང༌། རྣམ་པར་ཤེས་པའི་ཆོས་ཉིད་ ལས་འདས་ཤིང་རྣམ་པ་ཐམས་ཅད་གཟིགས་པའི་ཕྱིར་ཡེ་ཤེས་དང་ནི་ཞེས་པ་སྟེ་རྣལ་འབྱོར་ གསུམ་པའོ། །འཁོར་བའི་སེམས་དང་བྲལ་བ་མྱ་ངན་ལས་འདས་པའི་སེམས་ཆེན་པོ་སྲིད་ པ་གསུམ་གཅིག་པའི་ངོ་བོ་ཡིན་པས་ན་སེམས་དཔའ་དང༌། ཐོག་མཐའ་བར་གསུམ་དུ་ དགེ་བས་ན་ཀུན་ཏུ་བཟང་པོ་དང༌། གང་དུ་གཏི་མུག་མཐའ་དག་ཉམས་པར་གྱུར་པ་ཅན་མ་ ཡིན་ཏེ་ཞེས་སོགས་གསུངས་པ་ལྟར་འཁོར་བའི་ཉོན་མོངས་པ་གདོད་མ་ནས་མེད་པ་དང༌། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་གསུངས་པ་ལྟར་འདོད་ཆགས་རྡོ་རྗེ་ལ་སོགས་པ་ ཉོན་མོངས་པ་ཆེན་པོ་ཡིན་པ་དང་ཞེས་པ་སྟེ་རྣལ་འབྱོར་གཉིས་པའོ། །ཆོས་ཀྱི་དབྱིངས་སྟོང་ པ་ཉིད་རྣམ་པ་ཐམས་ཅད་པ་དང་དབྱེར་མེད་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་པས་ན་ལྷན་ ཅིག་སྐྱེས་པའི་བདེ་བ་དང༌། སད་པ་དང་རྨི་ལམ་དང་གཉིད་འཐུག་པོ་དང་བཞི་པའི་གནས་ 5-1-140 སྐབས་རྣམས་གདོད་མ་ནས་ཟད་པས་ན་དཔལ་ལྡན་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཞི་འཛིན་ པ་དང༌། དམིགས་བཅས་སྟོང་པ་ཉིད་དང༌། དམིགས་མེད་སྙིང་རྗེ་དབྱེར་མེད་པའི་བདག་ ཉིད་ཡིན་པས་ན། དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་ཡི་སྐུ་དང༌། ཐབས་བདེ་བ་ཆེན་པོ་དང་ ཤེས་རབ་དབྱེར་མེད་པའི་བདག་ཉིད་ཡིན་པས་ན་རྡོ་རྗེའི་རྣལ་འབྱོར་རོ། །ཞེས་བྱ་སྟེ་རྣལ་ འབྱོར་དང་པོའོ། །དེ་ལྟར་རྣལ་འབྱོར་བཞིར་བཤད་པ་ནི། ཨ་ཙ་ལ་གརྦྷའི་བཤད་པ་ཡིན་ ནོ། །གཉིས་པ་ནི། དུས་ཀྱི་འཁོར་ལོའི་དོན་ནི་དམིགས་པ་མེད་པའི་སྙིང་རྗེ་མི་འགྱུར་བའི་ བདེ་བ་ཆེན་པོ་དང་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཟུང་དུ་འཇུག་པའི་སྐུ་ནི་དུས་ ཀྱི་འཁོར་ལོ་སྟེ། དེ་ཡང་དུས་ནི་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་པའི་གཟུགས་ཅན། མཆོག་ ཏུ་མི་འགྱུར་བའི་བདེ་བ་ཐབས་དང༌། འཁོར་ལོ་ནི་བདེ་བ་ཆེན་པོ་དེའི་གཟུགས་སྟོང་པ་ཉིད་ རྣམ་པ་ཐམས་ཅད་པ་ཤེས་རབ་ཉིད་ཅེས་བརྗོད་དེ། དེ་ལྟར་ན་དུས་ཀྱི་འཁོར་ལོ་ནི་ཐབས་ དང་ཤེས་རབ་གཉིས་སུ་མེད་པ་ཡིན་པར་འདོད་དོ། ། གཉིས་པ་གནས་སྐབས་ཀྱི་འབྲས་བུ་འཇིགས་པ་བཅུ་དྲུག་ཉམས་པའི་ཚུལ་ལ་གསུམ་ སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། རབ་ཏུ་རྒྱས་པར་བཤད་པའོ། །དང་པོ་ནི། དུས་ ཀྱི་འཁོར་ལོ་འདི་ཡི་དཔལ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་ རྣམ་པ་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྟོབས་བཅུ་དང་མི་འཇིགས་ པ་བཞི་ལ་སོགས་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་མྱུར་དུ་སྟེ་སྐྱེ་བ་འདི་ཉིད་ ལ་ཐོབ་པར་བྱ་བའི་སླད་དུ་རྟག་ཏུ་སྟེ་ཉིན་མཚན་ཐམས་ཅད་དུ་རྣལ་འབྱོར་མ་རྡོ་རྗེ་དབྱིངས་ ཀྱི་དབང་ཕྱུག་མ་ལ་སོགས་པ་དང་ཨ་བ་དྷཱུ་ཏཱི་དང་དོན་དམ་པའི་རྣལ་འབྱོར་མ་རང་བཞིན་ འོད་གསལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རྣམས་ཀྱི་ཞབས་ཡོན་ཏན་དཔག་ཏུ་མེད་ པའི་གནས་སུ་གྱུར་པ་དེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འདོད་པའི་རྣལ་འབྱོར་པ་ 5-1-141 གང་ཞིག་མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཚུལ་གྱིས་བསྒོམ་པ་དེའི་བགེགས་ཏེ་ཕྱི་ རོལ་ཏུ་དགྲ་དང་སེང་གེ་ལ་སོགས་པའི་འཇིགས་པ་དང༌། ནང་དུ་དགའ་བ་བཅུ་དྲུག་གི་ཐིག་ ལེ་ཉམས་པའི་འཇིགས་པ་ནི་དུས་རྟག་ཏུ་ཉམས་པ་སྟེ་ཉེ་བར་ཞི་བར་འགྱུར་རོ། ། གཉིས་པ་ནི། རབ་ཏུ་ཉམས་པར་འགྱུར། ཞེས་པ་ལ། གང་ཉམས་པར་འགྱུར་ན་དགྲའི་ འཇིགས་པ་དང༌། དེ་བཞིན་དུ་སེང་གེ་དང༌། གླང་ཆེན་དབང་པོ་དང༌། མེ་དང༌། ལྟོས་འགྲོ་ ཡི་བདག་པོ་སྟེ་སྦྲུལ་གདུག་པ་ཆེན་པོ་དང༌། ཆོམ་རྐུན་དང༌། ཞགས་པས་འཆིང་བ་དང༌། ཆུ་ གཏེར་ཏེ་རྒྱ་མཚོ་འཁྲུག་པ་དང༌། ཤ་ཟ་སྟེ་རོ་ལངས་འཆི་བའི་འཇིགས་པ་བྱེད་པ་དང༌། ནད་ མཛེ་ལ་སོགས་པ་དང༌། བདུད་ཀྱི་དབང་པོའི་ཕོ་ཉའི་ཉེ་བར་འཚེ་བ་དང༌། དབུལ་བ་དང༌། ལུས་ལ་སྐྱོན་ཆགས་པས་བུད་མེད་དང་བྲལ་བ་དང༌། མི་བདག་སྟེ་རྒྱལ་པོ་སེམས་འཁྲུགས་ པའི་འཇིགས་པ་དང༌། རྡོ་རྗེ་ལྟུང་བ་སྟེ་ཐོག་དང་བྱང་སེམས་ཐིག་ལེ་ལྷུང་བ་དང༌། འཕྲལ་ དང་ཡུན་གྱི་ཕན་པའི་དོན་ཉམས་པའི་འཇིགས་པ་དང༌། ནང་དུ་དགའ་བ་བཅུ་དྲུག་གི་ཐིག་ ལེ་ཉམས་པའི་འཇིགས་པ་རྣམས་སོ། །གང་ལ་ཉམས་ན་རྣལ་འབྱོར་པ་གང་ཞིག་ཉིན་མཚན་ རྟག་ཏུ་རྣལ་འབྱོར་མ་རྣམས་ཀྱི་ཞབས་ནི་མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཚུལ་ གྱིས་གསལ་བར་དྲན་པར་བྱེད་པ་སྟེ་བསྒོམ་པ་དེ་ལའོ། ། གསུམ་པ་ལ་བཅུ་དྲུག་སྟེ། དགྲའི། སེང་གེའི། གླང་པོ་ཆེའི། མེའི། སྦྲུལ་གདུག་གིཆོམ་ རྐུན་གྱི། ཞགས་པས་འཆིང་བའི། རྒྱ་མཚོ་འཁྲུགས་པའི། ཤ་ཟ་མ་རུངས་པའི། ནད་དྲག་ པོའི། དབང་པོའི་འཚེ་བའི། ཤིན་ཏུ་དབུལ་བའི། བུད་མེད་དང་བྲལ་བའི། རྒྱལ་པོའི་ཆད་ པའི། རྡོ་རྗེ་ལྟུང་བའི། དོན་ཉམས་པའི་འཇིགས་པ་ཉམས་པའི་ཚུལ་ལོ། ། དང་པོ་ནི། ཀུན་ནས་འཐོབ་ཅེས་པ་ལ། གང་ལ་འཐོབ་ན་གཡུལ་དུ་དགྲ་ལས་རྒྱལ་ བའི་གྲགས་པ་སྟེ་དགྲ་བོ་ཇི་ལྟ་བུ་ཞེ་ན། གླང་ཆེན་གྱི་ཚོགས་དང་ཤིང་རྟའི་ཚོགས་དང༌། རྟའི་ 5-1-142 ཚོགས་དང༌། རབ་ཏུ་མང་བའི་མི་མཆོག་སྟེ་རྐང་ཐང་དཔུང་བུ་ཆུང་གི་ཚོགས་ཏེ་གླང་པོ་ཆེ་ལ་ སོགས་པའི་བཞོན་པ་དང་མི་ཐམས་ཅད་ལུས་ལ་གོ་ཆ་སྲ་བ་བགོས་ཤིང་ཕལ་ཆེར་གླང་པོ་ཆེ་ ལ་ཞོན་པ་རྣམས་ཀྱི་ལག་ན་མདུང་དང༌། ཤིང་རྟ་ལ་ཞོན་པ་རྣམས་ཀྱི་ལག་ན་མདའི་འཁོར་ ལོ་དང༌། རྟ་ལ་ཞོན་པ་རྣམས་ཀྱི་ལག་ན་རལ་གྲི་དང༌། དཔུང་བུ་ཆུང་རྣམས་ཀྱིས་མདའ་གཞུ་ ལ་སོགས་པ་མཚོན་ཆ་དུ་མ་ཐོགས་པས་དགྲ་རྣམས་ཀྱིས་ནི་རྣལ་འབྱོར་པ་མ་ཡིན་པའི་མི་ རྣམས་གཡུལ་དུ་འཇོམས་པར་བྱེད་པའི་ནུས་པ་ཅན། གཤིན་རྗེ་ལྟ་བུར་འཆི་བ་སྟེར་བ་འབྱུང་ པོའི་བདག་པོ་ལྟ་བུར་དྲག་པོ་སྟེ་མ་རུངས་པའི་གཟུགས་ཅན། ཕྱོགས་དང་ཕྱོགས་མཚམས་ ཀུན་ཏུ་སོན་པ་སྟེ་ཕྱོགས་ཐམས་ཅད་ནས་བསྐོར་བས་ཐུབ་པར་དཀའ་བའི་དགྲ་བོ་ཤིན་ཏུ་ འཇིགས་པ་དེ་ཐམས་ཅད་རང་གི་མཚོན་གྱིས་ནི། བཅོམ་སྟེ་རང་ཉིད་རྒྱལ་བའི་གྲགས་པའོ། ། གང་གིས་འཐོབ་ན་རྣལ་འབྱོར་པ་གང་ཞིག་རྣལ་འབྱོར་མ་རྣམས་ཀྱི་ཞབས་དྲན་པར་བྱེད་པ་ སྟེ་མོས་པ་ཡིད་ལ་བྱེད་པ་དང་ཤིན་ཏུ་རྣལ་འབྱོར་བསྒོམས་པ་དེས་སོ། །ནང་དུ་ནི་ཡེ་ཤེས་ཀྱི་ ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། གཉིས་པ་ནི། རིང་དུ་འགྲོ་བར་འགྱུར་ཞེས་པ་ལ། གང་རིང་དུ་འགྲོ་ན། སེང་གེའི་ འཇིགས་པ་སྟེ། དེ་ཇི་ལྟ་བུ་ཞེ་ན། སེང་གེ་ཀུན་ནས་ཏེ་ཡུན་རིང་པོར་བར་མ་ཆད་པར་ འཇིགས་པའི་ངར་སྒྲ་དྲག་པོ་སྒྲོགས་ཤིང་ཤིན་ཏུ་ཁྲོས་པའི་རྣམ་པར་འགྱུར་བའི་གདོང་དང་ ལྡན་པ། མཆེ་བ་རྣོན་པོ་གཙིགས་པ་དྲེགས་པའི་དབང་གིས་སྔ་མ་གཡོ་ཞིང་རྐང་ལག་གི་སྡེར་ མོ་རྣོ་ཞིང་གུག་ལ་རྡོ་རྗེ་ལྟ་བུར་སྲ་ཞིང་བརྟན་པས་གླང་ཆེན་སྟོབས་ལྡན་ཆང་གིས་མྱོས་པས་ གང་ལ་ཡང་འཇིགས་པ་མེད་པའི་ཀླད་པ་སྟེ་མགོ་བོ་རབ་ཏུ་འགེམས་པ་སྟེ་ཚལ་པ་དུ་མར་ འགས་པར་བྱེད་པ། རབ་ཏུ་ཁྲོས་པས་ཉི་མ་འཆར་ཀའི་འོད་དང་དབྱིབས་ལྟར་དམར་ལ་ ཟླུམ་ཞིང་བལྟ་མི་བཟོད་པའི་མིག་ཅན་རོ་འཛིན་ཏེ་ལྕེ་སྲབ་ལ་རིང་བ་རལ་གྲི་ལྟ་བུ་གཡོ་ཞིང་ 5-1-143 གང་དང་ཕྲད་པ་དེ་གསོད་པར་འདོད་པ་རལ་པ་དམར་སེར་གྱི་ཁུར་འཛིན་པ་ཅན་དང་ཕྲད་ པའི་འཇིགས་པའོ། །གང་ལ་རིང་དུ་འགྲོ་ན། རྣལ་འབྱོར་པ་གང་གིས་རྣལ་འབྱོར་མ་རྣམས་ ཀྱི་ཞབས་དག་སྲིད་པའི་འཇིགས་པ་འཕྲོག་པར་བྱེད་པ་དྲན་པ་དེ་ལའོ། །ནང་དུ་ནི་སེམས་ཀྱི་ ལྷན་ཅིག་སྐྱེས་དགའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། གསུམ་པ་ནི། གཏོང་པར་བྱེད་ཅེས་པ་ལ། གང་གིས་གཏོང་བར་བྱེད་ན། རབ་མཆོག་ གླང་པོའི་བདག་པོ་ནི་སྟེ་དེས་སོ། །དེ་ཇི་ལྟ་བུ་ཞེ་ན། ལུས་ཀྱི་མདོག་སྔོ་ལ་མིག་ནི་དམར་ སེར་གྱི་མདོག་ཅན་དང༌། གཡས་དང་གཡོན་གྱི་འགྲམ་པ་[གཉིས་པོའི་ནང་མྱོས་པའི་ཆུ་བོ་ སྟེ་གླང་པོ་ཆེའི་ཆང་ཞེས་ཟེར་བ{གཉིས་པོ་ཆང་གིས་མྱོས་པའི་རྔུལ་གྱིས་ཆུ་བོ་}རབ་ཏུ་མང་ བས་གང་ཞིང་རྣམ་པ་མང་པོའི་ཤིང་ལྗོན་པ་མཆོག་སྟེ་ཆེན་པོ་རྣམས་ཀྱང་སྣའི་ཤུགས་ཀྱིས་ རྩད་ནས་འབྱིན་ཅིང་རྒྱུགས་པའི་སྟོབས་ཀྱིས་རབ་ཏུ་གྲུགས་པར་བྱེད་ལ་འབྲུག་གི་སྒྲ་བཞིན་ དུ་འཇིགས་པའི་སྒྲ་སྒྲོགས་པ་དང༌། མི་ལ་སོགས་པ་སྲོག་ཆགས་རྣམས་སྣ་ཡིས་བཅིང་བ་ བྱས་ནས་ཁའི་དྲུང་དུ་བསྐྱལ་ཏེ་སོ་ཡི་རྩེ་མོས་ཤ་དང་རུས་པ་ལ་སོགས་པ་འབྱེད་པར་བྱེད་ པའོ། །གང་གཏོང་བར་བྱེད་ན་རྣལ་འབྱོར་པ་གང་གིས་རྣལ་འབྱོར་མ་རྣམས་ཀྱི་ཞབས་དག་ སྲིད་པའི་འཇིགས་པ་འཕྲོག་པ་དྲན་པ་དེའི་ལུས་ནིའོ། །ནང་དུ་ནི་ངག་གི་ལྷན་ཅིག་སྐྱེས་ དགའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། བཞི་པ་ནི། བསིལ་བ་ཉིད་དུ་འགྱུར་ཞེས་པ་ལ། གང་བསིལ་བར་འགྱུར་ན། ཤིན་ཏུ་ འཇིགས་པའི་མེ་སྟེ་དེ་ཇི་ལྟ་བུ་ཞེ་ན། ཤིན་ཏུ་སྟུག་པའི་ནགས་ཚལ་ཆེན་པོ་ལ་མེ་ལྕེ་ཀུན་ནས་ རབ་ཏུ་འབར་ཞིང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དུ་བ་ཆེན་པོ་འཕྱུར་ཞིང་འཁྲིགས་པ་ ཀུན་གྱིས་ཉི་མའི་འོད་བསྒྲིབས་པས་མུན་པ་ཆེན་པོ་གཏིབས་པ་དང༌། མེ་ལྕེ་ཤིན་ཏུ་ཆེན་པོར་ འབར་བའི་སྟོབས་ཀྱིས་གྲོང་དང་དེ་ལས་རྒྱང་གྲགས་གཅིག་ཕན་ཆད་ཀྱིས་རིང་བར་གནས་ 5-1-144 པའི་དགོན་པ་ཡང་དུས་གཅིག་ལ་སྲེག་ཅིང་སྐར་མདའི་ཚོགས་དུ་མ་ས་ལ་ལྷུང་བ་བཞིན་དུ་ མེ་སྟག་འཕྲོ་བར་བྱེད་པ། རྣལ་འབྱོར་དང་མི་ལྡན་པའི་སེམས་ཅན་ནགས་ཚལ་གྱི་ནང་དང་ ཕྱི་རོལ་ན་ཉེ་བར་གནས་པ་རྣམས་ལ་དུས་ཀུན་ཏུ་ནི་འཆི་བའི་འཇིགས་པ་ཕྱེད་པ་ནགས་ ཚལ་གྱི་ནང་ན་གནས་པའི་མི་ལ་སོགས་པ་རྣམས་ཀྱི་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་པའི་མེའོ། ། གང་ལ་བསིལ་བར་འགྱུར་ན། རྣལ་འབྱོར་པ་གང་གིས་རྣལ་འབྱོར་མ་རྣམས་ཀྱི་ཞབས་དག་ འཇིགས་འཕྲོག་དྲན་པ་དེ་ལའོ། །{ནང་དུ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེ་ཉམས་ པའི་འཇིགས་པ་ཉམས་པའོ། །} ལྔ་པ་ནི། རབ་ཏུ་ཉམས་པར་འགྱུར་ཞེས་པ་ལ། གང་ཉམས་པར་འགྱུར་ན། གདེངས་ ཅན་དབང་པོའི་འཇིགས་པ་སྟེ་དེ་ཇི་ལྟ་བུ་ཞེ་ན། ཞེ་སྡང་དྲག་པོའི་སྟོབས་ཀྱིས་སེམས་ཅན་ གང་དང་ཕྲད་པ་དེ་ལ་ཤིན་ཏུ་ཁྲོས་ཤིང་མིག་སྨན་སྔོན་པོའི་མདོག་ཅན་ཏེ་ལུས་ཀྱི་ཁ་དོག་ ཤིན་ཏུ་ནག་པོ་དང༌། རྐང་པ་མེད་པས་དྲང་པོར་འགྲོ་མི་ཤེས་པ་འཁྱོག་པོར་བགྲོད་པའི་ལུས་ ཅན་ཤིན་ཏུ་དྲག་པོའི་ཕུད་ཅེས་པའི་སྒྲ་སྒྲོགས་ཤིང༌། མཆེ་བ་འཁྱོག་པོ་བཞི་གཙིགས་པ་ལྕེ་ གཉིས་དང་ལྡན་ལ་མི་ལ་སོགས་པ་རྣམས་ལ་འཆི་བའི་འཇིགས་པ་བྱེད་ཅིང་ཤུགས་ཤིན་ཏུ་ དྲག་པོས་མགྱོགས་པར་འགྲོ་བས་ན་རླུང་གི་ཤུགས་ཅན་རབ་ཏུ་གཏུམ་པའི་མིག་ཅན། དྲག་ པོའི་མིག་སྟེ་ཟླུམ་ཞིང་གནག་པ་དང༌། སྦྲུལ་མགོའི་གདེངས་ཀ་གྱེན་དུ་ལངས་པས་གསལ་ བར་བྱས་པ་གང་དང་ཡང་དག་པར་ཕྲད་པའི་སྲོག་ཆགས་དེ་ཟ་བར་བྱེད་པའི་གདེངས་ཅན་ ཏེ་སྦྲུལ་གདུག་པའི་དབང་པོ་དང་ཕྲད་པའི་འཇིགས་པའོ། །གང་ལ་ཉམས་ན། རྣལ་འབྱོར་པ་ གང་གིས་རྣལ་འབྱོར་མ་རྣམས་ཀྱི་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལའོ། །ནང་དུ་ནི་ཡེ་ ཤེས་ཀྱི་ཁྱད་པར་གྱི་དགའ་བའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། དྲུག་པ་ནི། རིང་བ་ཉིད་དུ་འགྱུར་ཞེས་པ་ལ། གང་རིང་བར་འགྱུར་ན་ཆོམ་རྐུན་གྱི་ 5-1-145 འཇིགས་པ་སྟེ། དེ་ཇི་ལྟ་བུ་ཞེ་ན། ལམ་མགྲོན་པ་རྣམས་ལ་སྡང་བའི་སེམས་དང་ལྡན་པས་ ལག་པའི་མཐིལ་གྱི་གཞུ་དང་རྣ་བའི་བར་དུ་མདའ་བཀང་ཞིང༌། མདུང་དང་ནི་མཚོན་ཆའི་ འཁོར་ལོ་དང་རལ་གྲི་ལ་སོགས་པ་མཚོན་ཆ་དུ་མ་ལག་ཏུ་ཐོགས་ནས་ལམ་མགྲོན་པའི་ ཕྱོགས་དང་ཕྱོགས་མཚམས་རྣམས་སུ་བསྐོར་ནས་གནས་པས་དམ་པའི་ལམ་གྱི་ས་སྟེ་མགྲོན་ པོ་འགྲོ་བར་འདོད་པའི་ཕྱོགས་ཀྱི་ལམ་བཀག་ནས་གྲོང་ལས་ཐག་རིང་པོར་གྱུར་པའི་འབྲོག་ དགོན་པར་ལམ་དུ་ཞུགས་པའི་མགྲོན་པོའི་སྐྱེ་བོ་རྒྱུ་བ་དང་ཕྲད་པ་ཐམས་ཅད་འཇོམས་པར་ བྱེད་པའི་མིག་ཟླུམ་པོར་བགྲད་ཅིང་གདོང་ཚུགས་སུ་ལྟ་བ་དྲག་པོའི་མིག་ཅན་ཆོམ་རྐུན་པ་ དང་ཕྲད་པའི་འཇིགས་པའོ། །གང་ལ་རིང་བར་འགྱུར་ན། རྣལ་འབྱོར་པ་གང་གིས་རྣལ་ འབྱོར་མ་རྣམས་ཀྱི་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ལའོ། །ནང་དུ་ནི། སེམས་ཀྱི་ཁྱད་ པར་གྱི་དགའ་བའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། བདུན་པ་ནི། གྲོལ་བར་འགྱུར་ཞེས་པ་ལ། གང་ལས་གྲོལ་བར་འགྱུར་ན་ཞགས་པས་ འཆིང་བའི་འཇིགས་པ་དེ་ལས་ཏེ། དེ་ཇི་ལྟ་བུ་ཞེ་ན། རྗེ་བོའི་བཀའ་དང་འགལ་བ་བྱས་པའི་ འབངས་ལ་ལ་ཞིག་གི་ལག་པ་དག་ནི་ཞགས་པས་དམ་པོར་བཅིངས་ཤིང་རྐང་པའི་པད་མ་ ཟུང་སྟེ་གཉིས་པོ་དག་ནི་ལྕགས་སྒྲོག་དག་གིས་གཏམས་པ་སྟེ་བསྡམས་པ་དང༌། དགེ་བ་སྟེ་ བསིལ་ཞིང་དྭངས་བའི་ཆུ་དང་བྲལ་བ་སྟེ་བཏུང་བ་མ་མྱོང་བས་ལྕེ་དང་མགྲིན་པ་དང་མཆུ་ སྐམས་ལ་ལུས་པོའི་ཤ་སྐེམ་ཞིང་ཁ་ཟས་མ་མྱོང་བས་བཀྲེས་པས་གཟིར་བ་སྟེ་ཉེན་པ་དང༌། ཉིན་མཚན་དུས་སུ་རྗེ་བོ་ཁྲོས་པའི་བཀའ་ཡིས་བསྐུལ་ནས་ཀུན་ཏུ་སྲུང་མ་འཇིགས་ཤིང་ སྟོབས་དང་ལྡན་པ་རྣམས་ཀྱིས་སྲུང་བར་བྱེད་པའི་འཇིགས་པ་ལས་སོ། །གང་གྲོལ་བར་གྱུར་ ན་རྣལ་འབྱོར་པ་གང་གིས་རྣལ་འབྱོར་མ་རྣམས་ཀྱི་ཞབས་དག་འཇིགས་འཕྲོག་དྲན་པ་དེ་ ཡང་ངོ༌། །ནང་དུ་ནི་ངག་གི་ཁྱད་པར་གྱི་དགའ་བའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་ 5-1-146 པའོ། ། བརྒྱད་པ་ནི། ཕ་རོལ་འགྲོ་ཞེས་པ་ལ། གང་ལས་ཕ་རོལ་ཏུ་འགྲོ་ན་རྒྱ་མཚོ་ཆེན་པོ་ འཁྲིགས་པ་ལས་ཏེ་དེ་ཡང་ཇི་ལྟ་བུ་ཞེ་ན། རྒྱ་མཚོའི་གླིང་ནས་ནོར་བུ་འདོན་པའི་ཕྱིར་ཚོང་ པ་དག་གྲུ་ཆེན་པོའི་ནང་དུ་ཞུགས་ཏེ་རྒྱ་མཚོ་ཆེན་པོ་ལ་འགྲོ་བ་ན་མི་མཐུན་པའི་རླུང་གིས་ མི་འདོད་པའི་ཕྱོགས་སུ་ཁྱེར་བའི་ཚེ། ཆུ་གཏེར་ཏེ་རྒྱ་མཚོ་ཆེན་པོའི་བཞོན་པ་ལ་ཞོན་པའི་ མཐའ་ཡས་པ་སྟེ་རྒྱ་ཆེན་པོར་ཁྱབ་ཅིང་ཤུགས་ཤིན་ཏུ་དྲག་པོའི་རླུང་གིས་ཆུ་ཡི་གཏེར་རྒྱ་ མཚོ་ཆེན་པོའི་རླབས་ནི་བླ་འོག་བཟློག་པ་ལྟ་བུར་འཁྲིགས་པར་བྱེད་ཅིང༌། རྟ་གདོང་གི་ འཁོར་མོ་གཅོང་རོང་ཆེན་མོར་འབབ་པ་ལྟར་ཀུན་ཏུ་འཁོར་བར་བྱེད་ལ་ཆུ་གཏེར་གྱི་ཆོམ་ རྐུན་པ་ཆུ་སྲིན་ཉ་ཡི་རིགས་ཆེན་པོ་དུ་མ་རྣམས་ཀྱིས་འདོད་པའི་ཕྱོགས་སུ་འགྲོ་བའི་ལམ་ བཀག་པར་གྱུར་ཏེ། སྟེང་ནས་མེ་རབ་ཏུ་འབར་བ་ཡི་ཏིལ་མར་འབྱུང་པོ་གདུག་པ་ཅན་གྱིས་ འཕངས་པའི་མེ་ཡི་ཆར་བ་ཆེན་པོ་ཀུན་ནས་རྒྱུན་དུ་འབབ་པ་ལ་སྟེ། དེ་ལྟ་བུའི་རྒྱ་མཚོ་ཆེན་ པོ་དེ་ལས་སོ། །གང་ཕ་རོལ་ཏུ་འགྲོ་ན་རྣལ་འབྱོར་པ་གང་གིས་རྣལ་འབྱོར་མ་རྣམས་ཀྱི་ ཞབས་དག་འཇིགས་འཕྲོག་དྲན་པ་དེ་ཡང་ངོ༌། །ནང་དུ་ནི། ལུས་ཀྱི་ཁྱད་པར་གྱི་དགའ་བའི་ ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། དགུ་པ་ནི། སྲུང་བ་བྱེད་པར་འགྱུར་ཞེས་པ་ལ། གང་གིས་སྲུང་བ་བྱེད་ན་མིའི་རོ་ལ་ཤ་ ཟ་གདུག་པ་ཅན་ཞུགས་པའི་རོ་ལངས་ཀྱིས་ཏེ་དེ་ཡང་ཇི་ལྟ་བུ་ཞེ་ན། ཕེཊ་ཅེས་པ་འཇིགས་ སུ་རུང་བའི་སྒྲ་སྒྲོགས་པ་དང་ཁའི་ནང་ནས་མེ་འབར་ཞིང་ལག་པ་གཉིས་ན་གྲི་གུག་དང་ནི་ ཐོད་པ་ཐོགས་པ་ཡིས་མི་རྣམས་འཇིགས་པར་བྱེད་ཅིང་རོ་ལངས་གདུག་པའི་སེམས་དང་ ལྡན་པ་བཞི་ཕྱོགས་བཅུའི་དཀྱིལ་འཁོར་ཏེ་ཁོར་ཡུག་ལྟ་བུའི་ཕྱོགས་ཆ་རྣམས་ལ་ཀུན་ཏུ་རྒྱུ་ བའི་ཚུལ་གྱིས་ཡང་དག་པར་གནས་པ། བཀྲེས་པས་གཟིར་ཏེ་མིའི་ཤ་རྗེན་པ་དག་ཟ་ཞིང་ 5-1-147 མིའི་ཁྲག་དྲོན་མོ་ལ་དགའ་བ་ལུས་སྐམས་ཤིང་གོས་དང་བྲལ་བ་གཅེར་བུ་འཇིགས་སུ་རུང་ བ་རྣམས་ཀྱིས་སོ། །གང་ལ་བསྲུང་ན་རྣལ་འབྱོར་པ་གང་གིས་རྣལ་འབྱོར་མ་རྣམས་ཀྱི་ཞབས་ དག་འཇིགས་འཕྲོག་དྲན་པ་དེ་ལའོ། །ནང་དུ་ནི་ཡེ་ཤེས་ཀྱི་མཆོག་དགའི་ཐིག་ལེ་ཉམས་ པའི་འཇིགས་པ་ཉམས་པའོ། ། བཅུ་པ་ནི། ནད་ཀྱིས་བཏང་ཞིང་འདོད་པ་དང་ལྡན་པར་འགྱུར་ཞེས་པ་ལ། ནད་ཀྱི་རྣམ་ པ་ཇི་ལྟ་བུ་ཞེ་ན། ཉིན་བཞིན་ཏེ་དུས་རྟག་ཏུ་ནད་ཀྱི་ཟུག་ངུ་མ་བཟོད་པའི་དབང་གིས་འཁུན་ པའི་སྒྲ་འབྱིན་ཅིང་ལུས་ཀྱི་ཤ་བྲི་བས་སོར་མོའི་རྩེ་མོ་ཟླུམ་པོ་ཉམས་ཏེ་ལེབ་པོར་གྱུར་ལ། དེ་ བཞིན་དུ་སྣ་དང་མཆུ་དང་རྣ་བ་རྣམས་ཀྱང་ཉམས་པ་སྟེ་ཞོམ་ཞིང༌། གདོང་དང་མགྲིན་པ་དང་ རྐང་པ་དང༌། ལག་པ་སྟེ་ཡན་ལག་རྣམས་ཀྱི་རྨ་རུལ་པ་རྣམས་ལས་ནི་རྣག་རྣམས་མང་པོ་ རབ་ཏུ་འབབ་ཅིང་ལུས་ཀྱི་རྨ་རུལ་པའི་དྲི་ང་བའི་མཐུ་ལས་སེམས་བརྩེ་བའི་མཉེན་བཤེས་ ཀྱི་ཚོགས་ཀྱིས་ཀྱང་ཉེ་བར་འོང་མི་ནུས་པར་ཤི་བའི་ལུས་བཞིན་དུ་ཡོངས་སུ་སྤངས་བར་ གྱུར་པའོ། །གང་ནད་ཀྱིས་བཏང་ན་རྣལ་འབྱོར་པ་གང་ཞིག་རྣལ་འབྱོར་མ་རྣམས་ཀྱི་ཞབས་ བཟང་པོ་དྲན་པར་ཕྱེད་པ་དེའོ། །ནང་དུ་ནི་སེམས་ཀྱི་མཆོག་དགའི་ཐིག་ལེ་ཉམས་པའི་ འཇིགས་པ་ཉམས་པའོ། ། བཅུ་གཅིག་པ་ནི། ཉམས་པར་འགྱུར་ཞེས་པ་ལ། གང་ཉམས་པར་འགྱུར་ན་བདུད་ཀྱི་ དབང་པོའི་ཕོ་ཉའི་འཇིགས་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། མེ་ལྕེ་འབར་བ་དང་བཅས་པའི་ མཆེ་བ་རྣོན་པོ་གཙིགས་ཤིང་གདེངས་ཅན་དང་སེང་གེ་དང་ཤ་ར་བྷ་དང་སྟག་དང་གླང་ཆེན་ ལ་སོགས་པའི་གདོང་བརྙན་འཇིགས་པ་དང་ལྡན་ཞིང༌། ལག་པ་རྣམས་ན་འཁོར་ལོ་དང་ རལ་གྲི་དང་མདའ་དང་རྩེ་གསུམ་དང་ལྕགས་ཀྱུ་དང་རྡོ་རྗེ་ལ་སོགས་པ་མཚོན་ཆ་སྣ་ཚོགས་ ཐོགས་པས་ཕྱོགས་ཀུན་ཏུ་ཁྱབ་པར་བྱས་ནས། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་བསམ་ 5-1-148 གཏན་ལ་རྩེ་གཅིག་ཏུ་གཞོལ་ཞིང་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་གནས་པའི་སྒྲུབ་པ་པོ་ ལ་སྡིགས་པར་བྱེད་པ་བདུད་ཀྱི་དབང་པོའི་ཕོ་ཉའི་དམག་ཚོགས་གང་ཡིན་པ། དེ་རྣམས་ཀྱི་ འཇིགས་པའོ། །གང་ལ་ཉམས་ན་རྣལ་འབྱོར་དབང་ཕྱུག་མའི་ཞབས་རྣལ་འབྱོར་པ་གང་གི་ རང་གི་ཡིད་ལ་བྱེད་པ་དེ་ལའོ། །ནང་དུ་ནི་ངག་གི་མཆོག་དགའི་ཐིག་ལེ་ཉམས་པའི་འཇིགས་ པ་ཉམས་པའོ། ། བཅུ་གཉིས་པ་ནི། འདོད་དང་ལྡན་པར་འགྱུར་ཞེས་པ་ལ། འདོད་པ་གང་དང་ལྡན་པར་ འགྱུར་ན་དབུལ་བའི་སྡུག་བསྔལ་དེ་དག་གིས་བཏང་ནས་འབྱོར་པ་ཕུན་སུམ་ཚོགས་པ་དང་ ལྡན་པའི་འདོད་པའོ། །དབུལ་བའི་སྡུག་བསྔལ་ཇི་ལྟ་བུ་ཞེ་ན། འབྱོར་བ་མེད་པས་ཡུལ་ གཞན་དུ་ནོར་ཚོལ་བའི་ཕྱིར་འགྲོ་བ་ན་དབྱར་གྱི་དུས་སུ་ནི་གྲོང་ལས་རྒྱང་རིང་བོར་སོང་བའི་ ནགས་སྟུག་པོའི་ནང་ནས་གྲོང་གི་བར་དུ་འདམ་རྫབ་ཀྱིས་གང་བའི་ལམ་དག་ལ་ཡང་ཁུར་ ཆེན་པོ་ཁྱེར་ནས་འགྲོ་ཞིང༌། དགུན་གྱི་དུས་སུ་ནི་གོས་དང་བྲལ་བས་གཞན་གྱི་ཁུར་ཆེན་པོ་ ཁྱེར་ནས་ཁ་བ་ཆེན་པོ་བབས་པའི་ལམ་དུ་བགྲོད་ཅིང་རང་གི་ཡུལ་ལས་ཡུལ་གཞན་དག་ཏུ་ འགྲོ་བར་བྱེད་དགོས་ལ། སོ་ཀའི་དུས་སུ་ནི་བཏུང་བའི་ཆུ་མེད་ཅིང་ཆོམ་རྐུན་གྱི་འཇིགས་ པ་དང་བཅས་པའི་མྱ་ངམ་གྱི་ལམ་དུ་འགྲོ་དགོས་ཤིང་ཉི་མའི་འོད་ཟེར་གྱིས་ལུས་གདུངས་ པའི་དབུལ་པོ་གང་ཡིན་པའི་སྡུག་བསྔལ་ལོ། །གང་འདོད་པ་དང་ལྡན་པར་འགྱུར་ན། རྣལ་ འབྱོར་མ་རྣམས་ཀྱི་ཞབས་བཟང་པོ་སྒོམ་པར་བྱེད་པའི་རྣལ་འབྱོར་པ་དེའོ། །ནང་དུ་ནི་ལུས་ ཀྱི་མཆོག་དགའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། བཅུ་གསུམ་པ་ནི། དགའ་བདེའི་སྐལ་བ་བཟང་པོ་དང་ཁ་དོག་བཟང་པོ་དང་ལྡན་པའི་ གཟུགས་ཅན་ཏེ་ལུས་དང་ལྡན་པར་འགྱུར་རོ་ཞེས་པ་ལ། གང་དེ་ལྟ་བུར་འགྱུར་ན་སྐྱེས་བུ་ ལ་ལ་ཞིག་ལ་ལུས་ཀྱི་མཆན་ཁུང་དང་མིག་དང་རྣ་བ་དང་སྣ་དང་ཁ་དང་ལུས་རིལ་པོ་དང་ 5-1-149 ངག་བརྗོད་པ་དག་ལས་མི་བཟད་པ་སྟེ་ཤིན་ཏུ་མི་ཞིམ་པའི་དྲི་ཆེན་པོ་འབྱུང་ཞིང༌། རྩེ་དགའི་ གྲོགས་ཀྱི་བུད་མེད་ཀུན་དང་བྲལ་བས་དུས་ཀུན་ཏུ་ནི་བཟང་མོ་དང་འགྲོགས་པའི་དགའ་ བའི་བདེ་བ་དང་བྲལ་བའི་སྐལ་བ་ངན་པ་ཅན་ཏེ། སྔོན་གྱི་མི་དགེ་བའི་འབྲས་བུའི་དབང་ གིས་རྟག་ཏུ་གཟུགས་ངན་ཞིང་དྲི་ང་བའི་སྐྱེས་པ་གང་ལ་བུད་མེད་རྣམས་སྡང་བར་གྱུར་པ་སྟེ་ དེ་རྣམས་ཀུན་ཀྱང་ངོ༌། །ཐབས་གང་ལས་འགྱུར་ན་རྣལ་འབྱོར་མ་རྣམས་ཀྱི་ཞབས་ནི་བདེ་ བ་མཆོག་ཐར་པའི་བདེ་བ་སྦྱིན་པར་མཛད་པ་དེ་བསྒོམས་པས་སོ། །ནང་དུ་ནི་ཡེ་ཤེས་ཀྱི་ དགའ་བའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། བཅུ་བཞི་པ་ནི། མིའི་བདག་པོ་རྒྱལ་པོ་འཁྲུགས་པའི་འཇིགས་པ་དེ་ཡང་རབ་ཏུ་ཞི་ཞིང་ མི་བདག་དེས་འཇིག་རྟེན་འདིའི་འདོད་པ་ལོངས་སྤྱོད་དང་གོ་འཕང་ལ་སོགས་པ་ཐམས་ཅད་ སྦྱིན་པའི་སྒོ་ནས་མཆོག་སྦྱིན་པར་འགྱུར་རོ། །མི་བདག་འཁྲུགས་པའི་འཇིགས་པ་ཇི་ལྟ་བུ་ཞེ་ ན་རྒྱལ་པོ་ལ་འཁུས་པ་སྟེ་ངོ་ལོག་པའི་ཕྱིར་ཉེས་པ་ཕོག་པའི་གཡོག་འཁོར་གང་ཡིན་པ་དེ་ལ་ མི་དབང་རྒྱལ་པོ་སེམས་རབ་ཏུ་འཁྲུགས་ཏེ་འཇིག་པ་སྟེ་འཆི་བའི་དུས་ཀྱི་འཆི་བདག་གཤིན་ རྗེ་ལྟ་བུར་གྱུར་པ་མཐའ་གཅིག་ཏུ་སྟེ་ངེས་པར་གཡོག་འཁོར་དེ་གསོད་པ་ལ་ཞེན་པའི་ བསམ་པས་འཆི་བའི་འཇིགས་པ་བྱེད་པ་གཤེད་མའི་སྡེ་རྣམས་ལ་འདི་མྱུར་དུ་སོད་ཅིག་ཅེས་ མྱུར་དུ་ཡང་དག་སྟེ་ཞེ་ཐག་པས་བསྐུལ་བར་བྱེད་པའི་འཇིགས་པའོ། །གང་གིས་འཇིགས་པ་ ཞེ་ན་རྣལ་འབྱོར་མ་རྣམས་ཀྱི་ཞབས་ནི་འཇིག་རྟེན་གསུམ་པོ་ཀུན་ཀྱི་མགོན་དུ་གྱུར་པ་དག་ རང་གི་ཡིད་ལ་བསྒོམས་པས་སྒོམ་པ་པོ་དེ་རྣམས་ཀྱི་ནི་འཇིགས་པ་དེའོ། །ནང་དུ་ནི་སེམས་ ཀྱི་དགའ་བའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། བཅོ་ལྔ་པ་ནི། ཕྱི་དང་ནང་གི་རྡོ་རྗེ་ལྟུང་བའི་འཇིགས་པ་དེ་ཡང་རབ་ཏུ་ཞི་ཞིང་སླར་ཡང་ སྲིད་པ་གཞན་དང་གཞན་དུ་འཆི་བ་དང་ནི་སྐྱེ་བ་ལྡན་པ་མིན་ནོ། །རྡོ་རྗེ་ལྟུང་བའི་འཇིགས་ 5-1-150 པ་ཇི་ལྟ་བུ་ཞེ་ན། ཕྱི་རོལ་ཀྱི་རྡོ་རྗེ་ལྟུང་བའི་འཇིགས་པ་ནི། གང་ཟག་གང་དག་ལ་ཡུལ་དུས་ འགའ་ཞིག་ཏུ་ནི་ཆར་སྤྲིན་ནག་པོ་འཁྲིགས་པའི་ནམ་མཁའ་ལས་རྡོ་རྗེ་སྟེ་གནམ་ལྕགས་ འབར་བ་རབ་ཏུ་ལྟུང་བའི་འཇིགས་པ་དང༌། ནང་གི་རྡོ་རྗེ་ལྟུང་བའི་འཇིགས་པ་ནི་བུད་མེད་ དང་འགྲོགས་པ་ལས་བྱང་སེམས་ཐིག་ལེའི་རྡོ་རྗེ་རྟག་པར་ཡང་དང་ཡང་དུ་ལྷུང་བའི་བག་ ཆགས་ཀྱི་དབང་གིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་རྣམས་ལ་འཆི་བ་དང་བརྒྱལ་བ་ དང་ཐིག་ལེ་ཉམས་པའི་ཆགས་བྲལ་སླར་ཡང་སྟེ་ཡང་དང་ཡང་དུ་བྱེད་པས་འཁོར་བར་སྡུག་ བསྔལ་བའི་འཇིགས་པའོ། །ཐབས་གང་གིས་ཞེ་ན་དཔལ་ལྡན་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་མཆོག་གི་ཆུ་སྐྱེས་ཏེ་པད་མ་ལ་གནས་པ་རྣལ་འབྱོར་{མའི}རྡོ་ རྗེ་མི་ཕྱེད་པའི་ཞབས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་བསྒོམས་པ་ཡིས་སོ། ། གང་ཟག་གང་གི་འཇིགས་པ་ཞེ་ན་སྒོམ་པ་པོ་དེ་རྣམས་ཀྱི་ནིའོ། །ནང་དུ་ནི་ངག་གི་དགའ་ བའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། ། བཅུ་དྲུག་པ་ནི། དོན་ཀུན་ཉམས་པར་མི་འགྱུར་རོ་ཞེས་པ་ལ། དོན་ནི་གནས་སྐབས་དང་ མཐར་ཐུག་གི་འདོད་པའི་དོན་ཏེ། དེ་ཉམས་པའི་ཚུལ་ནི་སྐྱེས་བུ་གང་དག་ཉིན་དང་མཚན་ མོར་བུད་མེད་དང་འགྲོགས་པ་ལ་རྣམ་པར་ཆགས་པས་གནས་སྐབས་སུ་འདི་དང་ཕ་རོལ་ ཀྱི་དགོས་པའི་དོན་ཀུན་ཉམས་པར་འགྱུར་ཞིང་འཛག་བདེའི་འདོད་ཆགས་ཀྱི་བག་ཆགས་ མཐུག་པོ་བསྒོས་པའི་སེམས་ཀྱི་རྒྱུན་ལས། སྐྱེ་བ་གཞན་དང་གཞན་དུ་ཆགས་རྟོག་དེ་ནི་སླར་ ཡང་མང་པོ་རབ་ཏུ་འབྱུང་བའི་སྟོབས་ཀྱིས་རྟག་ཏུ་འཁོར་བར་འཁོར་བའི་ཕྱིར་མཐར་ཐུག་ གི་ཐར་པའི་དོན་ལས་ཉམས་པའོ། །ཐབས་གང་གིས་དོན་ཉམས་པར་མི་འགྱུར་ན་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྣལ་འབྱོར་མ་རྣམས་དག་གི་མི་མཉམ་པ་ཐབས་ དང་མཉམ་པ་ཤེས་རབ་ཏེ་དེ་དག་དབྱེར་མེད་པའི་ཞབས་ནི་སྟོང་པ་ཉིད་སྣ་ཚོགས་ཏེ་རྣམ་ 5-1-151 པ་ཐམས་ཅད་པའི་གཟུགས་ཅན་གང་ཡིན་པ་རྒྱལ་བ་མཆོག་གིས་མཆོད་ཅིང་བསྟོད་པའི་ གནས་དེ་བསྒོམས་པས་སོ། །གང་གི་དོན་མི་ཉམས་ན་སྒོམ་པ་པོ་དེ་ནི་སྟེ་དེའི་འོ། །ནང་དུ་ནི་ ལུས་ཀྱི་དགའ་བའི་ཐིག་ལེ་ཉམས་པའི་འཇིགས་པ་ཉམས་པའོ། །དེ་ལྟར་འཇིགས་པ་བཅུ་ དྲུག་ནང་ལ་སྦྱར་བ་དང༌། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེ་ཉམས་པའི་ འཇིགས་པ་ལ་སོགས་པའི་རིམ་པས་བསྟན་པ་ནི། སློབ་དཔོན་ཨ་ཙ་ལ་གརྦྷའི་བཞེད་པ་ཡིན་ ཏེ། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེ་འགོག་པ་ངོ་བོ་ཉིད་ཀྱི་སྐུ་ལས་སྐུ་གཞན་གསུམ་ སྤྲོ་བར་བྱེད་པའི་ཕྱིར་དེའི་རིམ་པས་བསྟན་པར་འཆད་དོ། །སློབ་དཔོན་ཨ་ཙ་ལ་གརྦྷས་ དགའ་བ་བཅུ་དྲུག་གི་ཐིག་ལེ་ཉམས་པའི་ཚུལ་ལ་ཞིབ་མོར་སྦྱར་ཏེ་བཤད་པ་ནི་རྗེ་བཙུན་གྱི་ དགོངས་པར་མི་གསལ་ལོ། ། གསུམ་པ་འཇིགས་པ་བཅུ་དྲུག་ཉམས་པའི་ལམ་གྱི་བསྒོམ་བྱ་རྣལ་འབྱོར་མའི་ཞབས་ ངོས་བཟུང་བ་ནི། འོ་ན་རྣལ་འབྱོར་པས་དྲན་པར་བྱ་བའི་རྣལ་འབྱོར་མའི་ཞབས་ཀྱི་དོན་ཇི་ ལྟ་བུ་ཡིན་ཞེ་ན། དམར་སེར་ཞེས་པ་ལ་སོགས་པ་སྟེ་དམར་སེར་ཏེ་རོ་མ་དང༌། ལུག་སྟེ་རྐྱང་ མ་དང༌། ཀུན་དོར་མ་ཨ་ཝཱ་དྷཱུ་ཏི་སྟེ་རིམ་པ་ལྟར་ཉི་མ་དང་ཟླ་བ་དང་སྒྲ་གཅན་གྱི་རྩའི་ལམ་ གསུམ་ལ་བགྲོད་པའི་རླུང་རྣམས་ནི་རྣལ་འབྱོར་མ་ཡིན་ལ། དངོས་པོ་སྟེ་གཡོན་གྱི་དཀྱིལ་ འཁོར་ལྔ་བསྐྱེད་པའི་རིམ་པས་འབབ་པ་དང༌། དངོས་མེད་དེ་གཡས་ཀྱི་དཀྱིལ་འཁོར་ལྔ་ སྡུད་པའི་རིམ་པས་འབབ་པ་དེ་དག་རབ་ཏུ་ཉམས་པ་སྟེ་འགགས་པར་བྱས་ནས་དབུ་མའི་ ནང་དུ་མཉམ་པར་བགྲོད་པ་ནི་ཞབས་ཡིན་ཞིང་ཞབས་དེ་དག་ནི་རྣལ་འབྱོར་མ་དེ་དག་ རྣམས་ཀྱི་ཡེ་ཤེས་ཀྱི་སྐུའོ། ། རྩ་གསུམ་ལ་རྒྱུ་བའི་རླུང་རྣལ་འབྱོར་མ་དང་རོ་རྐྱང་གཉིས་ལ་རྒྱུ་བའི་རླུང་དབུ་མའི་ ནང་དུ་ཞུགས་པ་རྣལ་འབྱོར་མའི་ཞབས་དང༌། དེ་རྣལ་འབྱོར་མའི་ཡེ་ཤེས་ཀྱི་སྐུ་ཡིན་པར་ 5-1-152 བསྟན་པ་ནི་རེ་ཞིག་ནང་དང་ལམ་ལ་སྦྱར་བའི་དབང་དུ་མཛད་པ་སྟེ། གཞན་ངེས་པའི་དོན་ དུ་ནི་རྩ་གསུམ་ལ་བགྲོད་པའི་རླུང་རྣམས་ཀྱི་ཆོས་ཉིད་འོད་གསལ་རྣམ་པ་ཐམས་ཅད་པའི་ སྟོང་པ་ཉིད་ནི་རྣལ་འབྱོར་མ་དང༌། རོ་རྐྱང་གི་རླུང་དབུ་མར་མཉམ་བགྲོད་དུ་གྱུར་པ་ལས་ རྣལ་འབྱོར་པ་ལ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་མངོན་སུམ་དུ་སྣང་བ་ནི་རྣལ་འབྱོར་མའི་ ཞབས་ཡིན་ལ་དེ་དག་གི་ཡེ་ཤེས་སྐུ་ཡང་དེ་ཉིད་ཡིན་ཏེ། རྣལ་འབྱོར་མའི་ཞབས་ནི་འཇིག་ རྟེན་གསུམ་གྱི་མགོན་ཡིན་པ་དང་ཤེས་རབ་སྣ་ཚོགས་གཟུགས་ཅན་ཡིན་པར་གསུངས་པའི་ ཕྱིར་རོ། །ཕྱི་རོལ་ཏུ་དྲང་བའི་དོན་དུ་ནི་བསྐྱེད་རིམ་གྱི་བསྒོམ་བྱ་ཞལ་དང་ཕྱག་དང་ཁ་དོག་ དང་དབྱིབས་ཀྱིས་རྣམ་པ་ཅན་གྱིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཞབས་ ཀྱང་རྣལ་འབྱོར་མའི་ཞབས་ཡིན་པར་གསུངས་སོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་དེ་ཡིས་ལྷན་ གཅིག་སྐྱེས་པའི་བདེ་བའི་གནས། སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་དང༌། དེ་ལ་གནས་ པའི་འགྱུར་མེད་ལྷན་ཅིག་སྐྱེས་པའི་བདེ་བ་ཟླ་མེད་པས་གཅིག་པུར་གྱུར་པ་སྟོང་ཉིད་སྙིང་རྗེ་ དབྱེར་མེད་པའི་རྣལ་འབྱོར་མའི་ཞབས་འདི་དེ་དག་ཇི་ལྟ་བ་དེ་བཞིན་དུ་རྣལ་འབྱོར་པ་གང་ གིས་རྗེས་ཐོབ་ཏུ་བསྐྱེད་པའི་རིམ་པ་མོས་པ་ཡིད་ལ་བྱེད་པ་དང༌། མཉམ་བཞག་ཏུ་རྫོགས་ པའི་རིམ་པ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དྲན་པ་དང་ཡིད་ལ་བྱ་བ་གང་ཡང་མེད་པའི་ཚུལ་ གྱིས་དུས་རྟག་ཏུ་དྲན་པར་བྱེད་ན། རྣལ་འབྱོར་པ་དེ་ཡི་མིའི་སྐྱེ་བ་འདི་ལ་སྔར་བཤད་པའི་ འཇིགས་པ་བཅུ་དྲུག་ལ་སོགས་པ་མ་ལུས་པའི་འཇིགས་པ་འཕྲོག་ཅིང་རྒྱུད་འདིར་བརྗོད་ པའི་འབྲས་བུ་ཆེན་པོ་རྣམས་མྱུར་དུ་འབྱུང་བ་སྟེ་ཐོབ་པར་འགྱུར་རོ། ། བཞི་པ་རྣལ་འབྱོར་མའི་ཞབས་དྲན་པ་ལ་བསྟོད་པས་གཞན་གྱིས་ལམ་ཐོབ་པར་སྨོན་ པ་ནི། འདིར་བརྗོད་དོ་ཞེས་པ་ལ་གང་བརྗོད་ན་དཔལ་ལྡན་རྣལ་འབྱོར་མ་རྣམས་ཞེས་པ་ ངེས་པའི་དོན་དུ་ཆོས་ཉིད་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཡིན་ལ་དེ་དག་གི་ལྷན་ཅིག་ 5-1-153 སྐྱེས་པའི་བདེ་བའི་གནས་ནི་སངས་རྒྱས་ཐམས་ཅད་ཀྱིས་རྡོ་རྗེ་ནོར་བུ་བདེ་བ་ཆེན་པོའི་ཁྱིམ་ སྟེ། དེ་ལ་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཅེས་ཀྱང་གསུངས་སོ། །བདེ་བ་ཆེན་པོའི་གནས་ སམ་ཁྱིམ་དུ་གྱུར་པ་ཕྱག་རྒྱ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱིས་སྟོང་པ་ཉིད་ཐར་པ་ཆེན་པོའི་ གྲོང་མཆོག་དེར་རྣལ་འབྱོར་པ་རྣམས་འཇུག་པའི་ལམ། གཡོན་གྱི་རླུང་མི་མཉམ་པའི་བགྲོད་ པ་ཉམས་པས་ཉོན་མོངས་པ་བཞི་མེད་ཅིང༌། གཡས་ཀྱི་རླུང་ཉམས་པའི་བགྲོད་པ་ཉམས་ པས་བདུད་བཞི་ཉམས་པ། སྔོན་དུ་རྒྱལ་བ་ཉིད་ཀྱིས་དབང་ལེའི་མཐར་ལམ་དེ་བསྒོམས་ ན་འཇིགས་པ་བཅུ་དྲུག་ཉམས་པར་གསུངས་པ་དེའོ། །ཇི་ལྟར་ན་འཇིགས་པ་བཅུ་དྲུག་ལ་ སོགས་པ་ཉམས་ཤིང་འབྲས་བུ་ཕུན་ཚོགས་མྱུར་དུ་ཐོབ་པའི་ཡོན་ཏན་གྱིས་བསྟོད་པའི་སྒོ་ ནས་པད་མ་དཀར་པོ་བདག་གིས་བརྗོད་དོ། །དེའི་མཐུ་ལས་སེམས་ཅན་རྣམས་ཀྱིས་ལམ་ ཐོབ་པར་སྨོན་པ་ནི་འོང་གྱུར་ཅིག་ཅེས་པ་ལ་གང་འོང་བར་གྱུར་ན་སྐྱེས་བུ་གང་དག་གཉེན་ བཤེས་དང་མི་དགེ་བའི་བཤེས་གཉེན་ལ་སོགས་པ་བདུད་ཀྱི་གྲོགས་ཀྱིས་བསླུས་པས་དུས་ རྟག་ཏུ་མི་བདེན་པའི་མུན་པར་སོང་ཞིང་རྣམ་པར་དག་པའི་ལམ་ལས་ཉམས་པ་དེ་རྣམས་སོ། ། རྒྱུ་གང་གིས་ན་བདག་གིས་བརྗོད་པའི་ལམ་འདི་ཐོབ་ནས་ཏེ་ཐོབ་པའི་རྒྱུད་ལས་སོ། །ཇི་ ལྟར་ན་རྡོ་རྗེ་ནོར་བུའི་ཁྱིམ་དང་རིང་པ་མིན་པར་ཏེ་ཉེ་བར་རོ། ། ལྔ་པ་ལ་ལམ་དེ་བསྒོམས་པས་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པའི་ཚུལ་ནི། དུས་ཀྱི་ འཁོར་ལོ་འགྱུར་ཞེས་པ་ལ་ལམ་གང་གིས་འགྱུར་ན་དུ་བ་ལྟ་བུ་ལ་སོགས་པ་རྟགས་བཅུ་དང་ རྣམ་པ་ཐམས་ཅད་པའི་གཟུགས་མངོན་སུམ་དུ་མཐོང་བ་སོ་སོར་སྡུད་པ་ལ་སོགས་པ་ཡན་ ལག་དྲུག་གིས་ལམ་གྱིས་ལྷན་ཅིག་སྐྱེས་པའི་བདེ་བའི་གོ་འཕང་བསྒོམས་ན་སྟེ་ལམ་དེས་ སོ། །གང་ཟག་གང་འགྱུར་ན་ལམ་དེ་བསྒོམས་པས་གང་ཟག་དེ་ནིའོ། །འབྲས་བུ་དུས་ཀྱི་ འཁོར་ལོ་དེ་ཇི་ལྟ་བུ་ཞེ་ན། འདིར། དུས་ཀྱི་འཁོར་ལོ་ནི་འགྲོ་བ་མ་ལུས་པའི་བླ་མ་སྟེ། དེ་ 5-1-154 ཡེ་ཤེས་ཀྱི་སྐུ་ཡིན་པས་དོན་དམ་པའི་སུམ་ཅུ་རྩ་གཉིས་ཀྱི་མཚན་དང་ལྡན་པའི་སྐུའོ། །དོན་ དམ་པའི་མཚན་སུམ་ཅུ་རྩ་གཉིས་ནི་གདོད་མ་ནས་སྒྲིབ་པ་མེད་པའི་ཕུང་པོ་ལྔ་དང༌། ཁམས་ ལྔ་དང༌། དབང་པོ་དྲུག་དང༌། ཡུལ་དྲུག་དང༌། ལས་ཀྱིས་དབང་པོ་ལྔ་དང༌། ལས་ཀྱི་དབང་ པོའི་ཡུལ་ལྔ་སྟེ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་སངས་རྒྱས་ལྔ་ལ་སོགས་པའི་བདག་ ཉིད་དོ། །ཡེ་ཤེས་ཀྱི་སྐུ་འདི་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་དོན་དམ་ པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཚོགས་པའི་དོན་གྱིས་ཆོས་ཀྱི་འཁོར་ལོ་ཡང་དག་ པར་གནས་པ་ཞེས་བྱའོ། །སྐུ་དེ་ཉིད་གདུལ་བྱ་རྒྱུད་དག་པ་ལ་གཟུགས་ཀྱི་སྐུར་སྣང་བ་ལ་ནི་ ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་པས་མཚན་པ་ལ་སོགས་པ་མཚན་སུམ་ཅུ་ རྩ་གཉིས་དང་ལྡན་པ་ཡིན་ལ། ཆོས་ཀྱི་འཁོར་ལོ་ཡང་ཕྱི་རོལ་ཏུ་གསུང་རབ་ཡན་ལག་བཅུ་ གཉིས་ཏེ། ཇི་སྐད་དུ། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་ གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུར་བྱུང་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་ བྱུང་གཏན་ལ་དབབ་པ་དག །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་འབྱུང་བའོ། ། གདུལ་བྱ་ནི་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་འཇིག་རྟེན་ན་ཆེ་བར་གྲགས་པའི་ལྷའི་ མཆོག་རྣམས་ཀྱིས་ཡང་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་གྱི་ཚོགས་ཀྱིས་ཞབས་ཀྱི་པད་ མོ་ལ་གཏུགས་ཤིང་ཞེས་པ་ཉེ་བར་མཚོན་པ་སྟེ་ཁམས་གསུམ་པས་ཞབས་ཀྱི་པད་མ་ལ་ ཕྱག་བྱས་པའོ། །སློབ་དཔོན་ཨ་ཙ་ལ་གརྦྷས་ནང་ལ་སྦྱར་བ་ནི་ལྷ་རྣམས་ནི་ལག་པ་དང་རྐང་ པའི་ཚིགས་བཅུ་གཉིས་དང་དེ་རྣམས་ཀྱི་མགོ་བོའི་གཙུག་གི་ནོར་བུ་ནི་རླུང་བསྡམས་པ་དང་ དེའི་འོད་ཟེར་གྱིས་ཚོགས་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རླུང་རྣམས་ཀྱིས་ཡོངས་སུ་གང་ བ་དང༌། ཞབས་ནི་ཟླ་བ་དང་ཉི་མའི་མཚན་ཉིད་ཅན་གྱི་གཙུག་ཏོར་དང་ནོར་བུའི་པད་མ་ དང༌། དེ་ལ་གཏུགས་པ་ནི་རླུང་རྣམས་གཅིག་ཏུ་འདུས་པར་གྱུར་པས་སྦྱར་བའོ་ཞེས་འཆད་ 5-1-155 དོ། །ཕྲིན་ལས་ཅི་མཛད་ཅེ་ན་སྔར་བཤད་པའི་དམ་པའི་ལམ་ནི་སྟོན་པར་མཛད་པའི་སྒོ་ ནས་ཉིན་མོར་བྱེད་པ་བཞིན་དུ་འགྱུར་བའི་མ་རིག་པ་ལ་སོགས་པ་རྣམ་པར་རྟོག་པའི་མུན་ པ་ཀུན་འཇོམས་པར་བྱེད་པ་སྟེ། དེ་ལྟ་བུའི་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པར་འགྱུར་རོ། ། འདིར་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་སུམ་གྱིས་བསྒོམ་པའི་ལམ་རྡོ་རྗེ་ཐེག་པའི་གསང་ ཆེན་ཟབ་མོ་ལ་སྐུར་བ་འདེབས་པ་ཁ་ཅིག་དག རྟགས་བཅུ་ལ་སོགས་པ་སྟོང་པ་ཉིད་ཀྱི་ གཟུགས་འདི་དག་ཆོས་ཀྱི་སྐུའི་ངོ་བོ་ཡིན་ཞིང༌། དེ་མངོན་སུམ་དུ་བསྒོམ་པའི་ལམ་དེ་ཤིན་ ཏུ་རྣམ་པར་དག་པའི་ལམ་ཡིན་ན། ལང་ཀར་གཤེགས་པའི་མདོ་ལས། དོན་རབ་འབྱེད་པའི་ བསམ་གཏན་དང༌། །བྱིས་པ་ཉེར་སྤྱོད་བསམ་གཏན་དང༌། །དེ་བཞིན་ཉིད་དམིགས་བསམ་ གཏན་དང༌། །དེ་བཞིན་གཤེགས་པའི་དགེ་བསམ་གཏན། །རྣལ་འབྱོར་ཅན་གྱིས་བརྩོན་ བྱས་ན། །ཉི་མ་ཟླ་པའི་དབྱིབས་འདྲ་དང༌། །འོད་དང་པད་མོ་ལྟ་བུ་དང༌། །རི་མོ་ནམ་མཁའི་ མེ་འདྲ་མཐོང༌། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། །ཉན་ ཐོས་དག་དང་རང་རྒྱལ་གྱིས། །སྤྱོད་ཡུལ་དུ་ཡང་ལྷུང་བར་བྱེད། །འདི་དག་ཐམས་ཅད་རྣམ་ སྤངས་ཤིང༌། །སྣང་བ་མེད་པར་ནམ་གྱུར་པ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །སངས་རྒྱས་ ཞིང་ནས་བྱུང་བ་ཡིས། །མགོ་ལ་ཕྱག་གིས་མྱུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། ། ཞེས་དང༌། རྒྱན་སྟུག་པོའི་མདོ་ལས། ཉི་མ་དང་ནི་ཟླ་བའི་དབྱིབས། །པད་མོ་དང་ནི་འོད་ འདྲ་ཞིང༌། །ནམ་མཁའི་རི་མོ་མེ་འདྲ་བར། །རྣལ་འབྱོར་ཞུགས་པས་རབ་ཏུ་མཐོང༌། །འདི་ དག་ཐམས་ཅད་སྤངས་ནས་སུ། །སྣང་བ་མེད་པར་རབ་ཏུ་གནས། །གང་ཚེ་མཚན་མེད་རྣལ་ འབྱོར་ཅན། །རྣམ་པར་མི་རྟོག་ཆགས་མེད་ན། །སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང༌། །ཞིང་ དང་ཞིང་ན་མཉམ་བཞག་པ། །དེ་དག་ཕྱག་གིས་དབང་བསྐུར་བས། །དེ་ཡིས་སྤྱི་བོར་དབང་ བསྐུར་ཏེ། །སངས་རྒྱས་ས་ལ་ཞུགས་པ་དང༌། །སྣ་ཚོགས་གཟུགས་ནི་རབ་ཏུ་འབྱུང༌། །སྣ་ 5-1-156 ཚོགས་གཟུགས་ཀྱིས་དངོས་ཐོབ་ནས། །ཀུན་མཁྱེན་ཐམས་ཅད་རིག་པར་འགྱུར། །ཞེས་ གསུངས་པའི་དགོངས་པ་ཇི་ལྟར་དྲངས་ཞེ་ན། ལུང་དེ་དག་ནི་སོར་མོའི་ཕྲེང་བ་ལ་ཕན་པའི་ མདོ་ལས། སངས་རྒྱས་བཅོམ་ལྡན་འདས་ནི་མདོ་སྡེ་མཐའ་ཡས་པ་ལྡེམ་པོ་ངག་ཏུ་སྟོན་པའོ། ། ཞེས་གསུངས་པ་ལྟར། ལྡེམ་པོར་དགོངས་པའི་ངག་ཏུ་གསུངས་པ་ཡིན་ཏེ། དེ་ཡང་བྱིས་པ་ རྣམས་ཀྱི་ཕྱིན་ཅི་ལོག་བཞིའི་གཉེན་པོར་ཕུང་པོ་ལྔ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་ པ་དང་མི་གཙང་བར་བསྒོམ་པ་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་དང༌། མོས་སྤྱོད་ཀྱི་སར་ གཟུགས་དབུ་བ་ལྟ་བུ་དང༌། ཚོར་བ་ཆུ་བུར་ལྟ་བུ་དང༌། འདུ་ཤེས་སྨིག་རྒྱུ་ལྟ་བུ་དང༌། འདུ་ བྱེད་ཆུ་ཤིང་ལྟ་བུ་དང༌། རྣམ་ཤེས་སྒྱུ་མ་ལྟ་བུར་རྣམ་པར་དཔྱོད་ཅིང་བསྒོམ་པ་ནི་དོན་རབ་ འབྱེད་པའི་བསམ་གཏན་དང༌། བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་སུ་ཆོས་ཀྱི་དབྱིངས་ ཀུན་ཏུ་འགྲོ་བའི་དོན་ལ་སོགས་པར་རྟོག་པའི་ཁྱད་པར་གྱིས་རིམ་པ་ལྟར་བསྒོམ་པ་ནི་དེ་ བཞིན་ཉིད་དམིགས་བསམ་བཏན་དང༌། སངས་རྒྱས་ཀྱི་ས་ལ་སྒྲིབ་པ་མ་ལུས་པ་སྤངས་ཤིང༌། ཅི་ལ་ཡང་རྣམ་པར་མི་རྟོག་པར་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ནི། དེ་བཞིན་གཤེགས་ པའི་དགེ་བསམ་གཏན་ཞེས་བྱ་སྟེ། དེ་ལྟ་བུའི་བསམ་གཏན་བཞི་བསྒོམས་པས་ཉི་མ་ལྟ་བུ་ དང་ཟླ་བ་ལྟ་བུ་ལ་སོགས་པའི་མཚན་མ་རྣམས་རྣལ་འབྱོར་པས་མཐོང་བ་ན། མདོ་སྡེ་དེ་དག་ དུ་གདུལ་བྱའི་དབང་གིས་མཚན་མ་སྣ་ཚོགས་ཀྱི་དོན་གསལ་པོར་མ་གསུངས་ལ། གདུལ་ བྱ་འགའ་ཞིག་གིས་གང་ཟག་དང་ཆོས་ཀྱི་བདག་གི་མཚན་མར་བཟུང་ནས་ལྟ་བ་ལོག་པར་ འགྱུར་བ་སྲིད་པས་དེ་དག་གི་འཛིན་པ་དགག་པའི་དོན་དུ་གང་ཟག་གི་བདག་གི་མཚན་ མར་བཟུང་ནས་མུ་སྟེགས་ཅན་གྱི་ལམ་དུ་ཁྲིད་པར་བྱེད་ཅིང༌། གཟུང་འཛིན་གྱི་དངོས་པོར་ བདེན་པ་ཆོས་ཀྱི་བདག་གི་མཚན་མར་བཟུང་ན་ཉན་རང་གི་སྤྱོད་ཡུལ་དུ་ལྟུང་བར་བྱེད་ཅེས་ དགོངས་པ་ཡིན་ལ་འདི་དག་ཐམས་ཅད་རྣམ་སྤངས་ཤིང་ཞེས་པ་ཡང་མཚན་མ་སྣ་ཚོགས་དེ་ 5-1-157 དག་སྤངས་པ་ལ་དགོངས་པ་མ་ཡིན་གྱི། མཚན་མ་སྣ་ཚོགས་ལ་བདག་གཉིས་ཀྱི་མཚན་མར་ འཛིན་པ་སྤངས་པ་དང༌། སྣང་བ་མེད་པར་ནམ་གྱུར་པ་ཞེས་པ་ཡང་མཚན་མ་དེ་རྣམས་སྣང་ བ་མེད་པར་གྱུར་པ་ལ་དགོངས་པ་མ་ཡིན་གྱི། ཕྱི་རོལ་གྱི་གཟུགས་སོགས་ཉི་ཚེ་བའི་དབང་ པོའི་ཡུལ་གྱི་སྣང་བ་མེད་པར་གྱུར་པ་ལ་དགོངས་པ་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་ རྣམས་གཟུགས་སོགས་ཕྱི་རོལ་ཀྱི་ཡུལ་རྣམས་ལ་འཇུག་པ་བསྡུས་ནས་ཤའི་མིག་ལ་སོགས་ པ་ནང་དུ་སྟོང་པ་ཉིད་ཀྱི་གཟུགས་ལ་སོགས་པ་ལ་དམིགས་པའི་སོ་སོར་སྡུད་དང་བསམ་ གཏན་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པ་ན། སྟོང་པ་ཉིད་ཀྱི་གཟུགས་པྲ་ཕབ་པའི་ སྣང་བ་ལྟ་བུ་སྣང་བ་དེ་ཉིད་ཕྱི་རོལ་གཟུགས་སོགས་ཀྱི་སྣང་བ་མེད་པས་ན། སྣང་བ་མེད་པ་ ཞེས་བྱ་བ་ཡིན་ཏེ། སྡོམ་པ་འབྱུང་བའི་རྒྱུད་ལས། ཐོག་མ་ཐ་མ་མེད་པའི་གཟུགས། །སྤྲོས་ བྲལ་དབང་པོའི་སྤྱོད་ཡུལ་མིན། །འགྱུར་བ་མེད་ཅིང་སྣང་བ་མེད། །འགྲོ་བའི་སྒྲོན་མ་སྲིད་པ་ ཡི། །འཆིང་བ་འཇོམས་ཤིང་ཚིག་བརྗོད་བྲལ། །ཡིད་ཀྱིའང་སྤྱོད་ཡུལ་མ་ཡིན་ཏེ། །གཉིས་ ལས་རྣམ་གྲོལ་ཉོན་མོངས་མེད། །དོན་དམ་གྲོལ་བར་རབ་རྩོལ་བའི། །འཕོ་མེད་དེ་ཉིད་ལ་ ཕྱག་འཚལ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་བསྒོམས་པས་སྔགས་རྣམས་ཀུན་ཀྱི་བྱིན་ གྱིས་རློབ་པ་ལ་སོགས་པ་རྒྱུད་དང་རྒྱས་འགྲེལ་ལས་གསུངས་པའི་ཡོན་ཏན་རྣམས་ཐོབ་པར་ འགྱུར་བ་ལ་དགོངས་ནས། དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །སངས་རྒྱས་ཞིང་ནས་བྱུང་བ་ཡིས། ། མགོ་ལ་ཕྱག་གིས་མྱུག་མཛད་དེ། །ཞེས་པ་དང༌། གང་ཚེ་མཚན་མེད་རྣལ་འབྱོར་ཅན། །རྣམ་ པར་མི་རྟོག་ཆགས་མེད་ན། །སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང༌། །ཞིང་དང་ཞིང་ན་མཉམ་ བཞག་པ། །དེ་དག་ཕྱག་གིས་དབང་བསྐུར་བས། །དེ་ཡི་སྤྱི་བོར་དབང་བསྐུར་ཏེ། །ཞེས་ སོགས་གསུངས་སོ། །སྣ་ཚོགས་སྟོང་གཟུགས་ཀྱི་གནས་ལུགས་ཕྱིན་ཅི་ལོག་ཏུ་ངོ་སྤྲོད་པ་ནི། སྙིང་གི་དབུས་ན་སེམས་དྲི་མ་མེད་པའི་སྐྱེས་བུ་ཞེས་བྱ་བ་ཕུག་རོན་གྱི་མགྲིན་པ་ལྟར་ཁ་དོག་ 5-1-158 སྣ་ཚོགས་སུ་སྣང་ཞིང་གཅིག་ཏུ་མ་ངེས་པ་རྟག་པ་ཐམས་ཅད་ཀྱི་བྱེད་པ་པོར་གྱུར་པ་གཅིག་ ཡོད་དེའི་འོད་ཟེར་ལས་རྟགས་སྣ་ཚོགས་སུ་སྣང་བ་དེ་དག་བྱུང་བ་ཡིན་ཞིང༌། དེའི་ངང་དུ་ ཐམས་ཅད་ཐིམ་པ་ན་གྲོལ་བར་འགྱུར་ཞེས་སྟོན་པའི་མན་ངག་བོད་ན་སྣང་བ་འདི་ལྟ་བུའོ། ། ཞེས་དུས་ཀྱི་འཁོར་ལོ་པ་ཆེན་པོ་དག་གསུངས་སོ། །དེ་ལྟ་མ་ཡིན་ན་བསམ་བཏན་བཞི་པོ་ དེ་དག་བསྒོམ་པ་ལམ་ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་ཏེ། དེ་དག་བསྒོམས་ན་མཚན་མ་སྣ་ ཚོགས་འབྱུང་ལ་མཚན་མ་སྣ་ཚོགས་ཀྱིས་མུ་སྟེགས་བྱེད་དང་ཉན་རང་གི་ལམ་དུ་འཁྲིད་པར་ བྱེད་པའི་ཕྱིར་རོ། །གཞན་ཡང༌། ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་པ་དང༌། སྣ་ཚོགས་ གཟུགས་ནི་རབ་ཏུ་འབྱུང༌། །སྣ་ཚོགས་གཟུགས་ཀྱིས་དངོས་ཐོབ་ནས། །ཀུན་མཁྱེན་ཐམས་ ཅད་རིགས་པར་འགྱུར། །ཞེས་གསུངས་པ་ཡང་སྟོང་གཟུགས་ཉིད་ལ་དགོངས་པ་ཡིན་པས་ སྟོང་གཟུགས་ཀྱི་མཚན་མ་རྣམས་ཀྱིས་མུ་སྟེགས་བྱེད་ཀྱི་ལམ་དུ་ཁྲིད་པ་དང་ཉན་རང་དུ་ལྟུང་ བར་བྱེད་པ་ནི་མདོའི་དགོངས་པ་མ་ཡིན་ནོ། །རྟགས་བཅུ་ལ་སོགས་པའི་སྟོང་པ་ཉིད་ཀྱིས་ གཟུགས་ཉིད་སེམས་ཀྱི་རང་བཞིན་འོད་གསལ་ཕྱག་རྒྱ་ཆེན་པོ་དང་ངོ་བོ་ཉིད་ཀྱི་སྐུ་ཡིན་པའི་ ཚུལ་སེམས་འགྲེལ་སྐོར་གསུམ་ལས་གསུངས་པ་ལྟར། ཁོ་བོས་རྡོ་རྗེ་རྣལ་འབྱོར་གྱི་ངོ་སྤྲོད་ ཡང་དག་དོན་གསལ་དང༌། གསང་དོན་རབ་གསལ་དུ་གཏན་ལ་ཕབ་པ་ལས་ཀྱང་ཤེས་པར་ བྱའོ། ། (༤) དེས་ན་རྒྱུད་འགྲེལ་བྲི་ཞིང་མྱུར་དུ་བྲི་བར་བསྟན་པ་ལ་བཞི། བཞི་པ་དེས་ན་རྒྱུད་འགྲེལ་བྲི་ཞིང་མྱུར་དུ་བྲི་བར་བསྟན་པ་ལ་བཞི་སྟེ། རྒྱུད་འགྲེལ་ སྐུལ་བ་པོ་དང༌། བྲི་བ་པོ་སངས་རྒྱས་ཉིད་ཀྱིས་མཁྱེན་བརྩེར་བསྟན་པ། རྒྱུད་འགྲེལ་དུས་ཀྱི་ 5-1-159 འཁོར་ལོ་རྡོ་རྗེ་རྣལ་འབྱོར་གྱིས་རྗོད་བྱེད་དུ་བསྟན་པ། རྒྱུད་འགྲེལ་བྲི་བའི་རྒྱུ་དང་ཆེད་དུ་བྱ་ བ་བསྟན་པ། རྒྱུ་མཚན་གྱིས་སྒོ་ནས་རྒྱུད་འགྲེལ་མྱུར་དུ་བྲི་བར་བསྟན་པའོ། ། ༡ རྒྱུད་འགྲེལ་སྐུལ་བ་པོ་དང་འབྲི་བ་པོ་སངས་རྒྱས་ཉིད་ཀྱིས་མཁྱེན་བརྩེར་བསྟན་པ། དང་པོ་ནི། ལྷ་ཀླུ་ཞེས་པ་ལ་སོགས་པ་སྟེ་བྲི་ཞེས་པ་ལ་གང་བྲི་ན་དུས་ཀྱི་འཁོར་ལོ་ བསྡུས་པའི་རྒྱུད་ཀྱིས་རྒྱས་འགྲེལ་ལོ། །བྲི་བར་སྐུལ་བ་པོ་གང་གིས་བསྐུལ་ན། དཔལ་ལྡན་ ཤཱཀྱ་སེང་གེ་སྟེ་གཉིས་མེད་ཡེ་ཤེས་ཀྱི་དཔལ་དང་ལྡན་ཞིང་སྤྲུལ་པའི་སྐུ་ཤཱཀྱའི་རིགས་ལས་ འཁྲུངས་པས་ན་ཤཱཀྱ་སྟེ་བདུད་དང་ཉོན་མོངས་པའི་རི་དྭགས་རྣམས་གཏུམ་པ་སྟེ་ཁྲོ་བ་ཆེན་ པོས་གསོད་པར་བྱེད་པ་གཞོམ་དུ་མེད་པའི་ནུས་པ་དང་མི་འཇིགས་པ་བཞི་རྒྱས་པས་ན་སེང་ གེའོ། །དེ་ལ་ཇི་ལྟ་བུ་ཞེ་ན། ལྷ་དང་ཀླུ་དང་མི་དང་ལྷ་མིན་རྣམས་ཀྱིས་དབང་པོའི་ཅོད་པན་ རྣམས་ཀྱི་ཞབས་ཀྱི་པད་མོ་ལ་གཏུགས་པ་གང་ཡིན་པ་འགྲོ་བ་སྟེ་སྲིད་པ་གསུམ་གྱིས་མུན་ པ་འཇོམས་པའི་ཉིན་མོར་བྱེད་པ་ཡང་དག་པའི་ཡེ་ཤེས་ཀྱི་དཔལ་དང་ལྡན་པ། སྔར་བཤད་ པ་ལྟར་སྐུ་ཆོས་ཀྱི་འཁོར་ལོར་གནས་པ་སྟེ་དེའི་ཤེས་རབ་ཀྱི་ཆ་འཇམ་པའི་དབྱངས་ཀྱིས་ བསྐུལ་བའོ། །གང་གིས་བྲི་ན་སངས་རྒྱས་དེ་ཡིས་རྟག་ཏུ་འགྲོ་བ་ལ་བརྩེ་བ་ཆེན་པོ་སྤྱན་རས་ གཟིགས་ཀྱི་སྤྲུལ་བའི་སྐུ་པད་མ་དཀར་པོ་བདག་གིས་སོ། །ཤོང་འགྱུར་ལྟར་ན། རྟག་ཏུ་འགྲོ་ ལ་བརྩེ་དང་དེ་ཡིས་ཤེས་རབ་ཀྱིས་བསྐུལ་འགྲེལ་བཤད་བདག་གིས་བྲི་ཞེས་པས་སངས་ རྒྱས་ཀྱི་བརྩེ་བ་དང་ཤེས་རབ་གཉིས་ཀྱི་མཐུ་ལས་རྒྱུད་འགྲེལ་བྲི་ཞེས་པའོ། ། ༢ རྒྱུད་འགྲེལ་དུས་ཀྱི་འཁོར་ལོ་རྡོ་རྗེ་རྣལ་འབྱོར་གྱིས་རྗོད་བྱེད་དུ་བསྟན་པ། གཉིས་པ་ལ་གཉིས་ཏེ། བརྗོད་བྱ་དུས་ཀྱི་འཁོར་ལོའི་དོན་དང༌། དེའི་རྗོད་བྱེད་དུ་ འགྱུར་ཚུལ་ལོ། །དང་པོ་ལ་གཉིས་ལས། དང་པོ་ཡི་གེ་བཞིའི་དོན་ངོས་བཟུང་བ་ནི་ཀཱ་ལ་ 5-1-160 ཙཀྲ་ཞེས་པ་ཡི་གེ་བཞིའི་དོན་ནི་དོན་དམ་པའི་སྐུ་བཞི་ཡིན་ཏེ། དེ་ཡང་ཀཱ་ཡིག་ལས་ནི་རྒྱུ་ཞི་ བ་ཞེས་པ་ནི། ཀཱ་ཀཱ་ར་ཎ་ཤཱནྟི་ཞེས་པ་ཀཱ་ར་ཎ་རྒྱུ་ཡིན་ལ། ཤཱནྟི་ཞི་བ་སྟེ་རྒྱུ་ནི་སེམས་ཅན་གྱི་ སད་པའི་གནས་སྐབས་སྐྱེད་པར་བྱེད་པ་དཔྲལ་བར་གནས་པའི་ལུས་ཀྱི་ཐིག་ལེ་ཡིན་ལ། ཞི་ བ་ནི་ལུས་ཀྱི་ཐིག་ལེ་འགགས་པས་སད་པའི་གནས་སྐབས་ཟད་པ་སྤྲུལ་བའི་སྐུའོ། །ལ་ཡིག་ འདི་ལ་ཐིམ་པ་ཉིད་ཅེས་པ་ནི། ལ་ལ་ཡོ་ཏྲ་བཻ་ཞེས་པ་ནི་ལ་ཡིག་འདི་ལ་ཐིམ་པ་སྟེ་རྨི་ལམ་གྱི་ གནས་སྐབས་སྐྱེད་པར་བྱེད་པ་མགྲིན་པར་གནས་པའི་ངག་གི་ཐིག་ལེ་དང་སྲོག་ཉི་ཁྲི་ཆིག་ སྟོང་དྲུག་བརྒྱ་རྣམས་གཞོམ་མེད་ཀྱི་སྒྲ་འདི་ལ་ཐིམ་པ་སྟེ་འགགས་པས་རྨི་ལམ་གྱི་གནས་ སྐབས་ཟད་པའི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཙ་ཡིག་གིས་ནི་གཡོ་བའི་སེམས་ཞེས་པ། ཙ་ཙ་ལ་ཙིཏྟ་ནི་གཡོ་བའི་སེམས་ཏེ། འོག་གི་བཅིངས་ཞེས་པ་འདིར་ཡང་དྲངས་ནས་གཡོ་ བའི་སེམས་བཅིངས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་འགགས་པའི་རྣམ་པར་མི་རྟོག་པའི་ ཡེ་ཤེས་ཡིན་ཏེ། དེ་ཡང་གཉིད་འཐུག་པོའི་གནས་སྐབས་སྐྱེད་པར་བྱེད་པ་སྙིང་ཁར་གནས་ པའི་སེམས་ཀྱི་ཐིག་ལེ་འགགས་པས་གཉིད་འཐུག་པོའི་གནས་སྐབས་ཟད་པ་ཆོས་ཀྱི་སྐུའོ། ། ཀྲ་ཡིག་རིམ་པ་བཅིངས་ལས་སོ། །ཞེས་པ་ནི། ཀྲ་ཀྲ་མ་བན་དྷ་ནཱཏ་ཅེས་པ་རིམ་པ་བཅིངས་ ལས་ཞེས་པ་ཡིན་ལ། རིམ་པ་ནི། ལུས་ལ་སོགས་པའི་ཐིག་ལེ་འཕོ་བ་དང་བཅིངས་པ་ནི་ ཐིག་ལེ་བཞི་གདོད་མ་ནས་འཕོ་བ་མེད་པ་ལྷན་གཅིག་སྐྱེས་པའི་བདེ་བ་སྟེ། བཞི་པའི་གནས་ སྐབས་སྐྱེད་པར་བྱེད་པ་ལྟེ་བར་གནས་པའི་ཡེ་ཤེས་ཀྱི་ཐིག་ལེ་འགགས་པས་བཞི་པའི་ གནས་སྐབས་ཟད་པ་ལྷན་གཅིག་སྐྱེས་པའི་སྐུའོ། ། གཉིས་པ་མིང་གཉིས་ཀྱི་དོན་ངོས་གཟུང་བ་ནི། ཀཱ་ལ་ཙཀྲ་ཞེས་པའི་ཀཱ་ལ་དུས་ཡིན་ལ། དུས་ཀྱི་དོན་ནི་འགྱུར་བ་མེད་པའི་བདེ་བ་ཤེས་པ་གཞན་དང༌། དོན་དམ་པའི་ཐབས་དང༌། དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་དེ། ཙཀྲ་ནི་འཁོར་ལོ་སྟེ་འཁོར་ལོའི་དོན་ནི་ཤེས་ 5-1-161 བྱ་ཁམས་གསུམ་པ་མཐའ་ཡས་པའི་རྣམ་པ་པྲ་ཕབ་པའི་སྣང་བ་ལྟ་བུ་འགྲོ་བའི་དཔལ་དུ་ གྱུར་པ་དང༌། དོན་དམ་པའི་ཤེས་རབ་དང༌། དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཀྱིས་ བདག་ཉིད་དོ། །ཨ་ཙ་ལ་གརྦྷས་ཤེས་བྱའི་རྣམ་པ་འགྲོ་བ་འཁོར་ལོ་ཤེས་བྱ་ཁམས་གསུམ་པ་ མཐའ་ཡས་པའི་དངོས་པོའི་མཚན་ཉིད་ཅན་ནི་འཁོར་ལོ་སྟེ་ཞེས་འཆད་དོ། ། གཉིས་པ་དེའི་རྗོད་བྱེད་དུ་འགྱུར་བའི་ཚུལ་ནི། དེ་ལྟར་ཤེས་པ་དང་ཤེས་བྱ་ཐབས་དང་ ཤེས་རབ་སྙིང་རྗེ་དང་སྟོང་ཉིད་དབྱེར་མེད་ཟུང་འཇུག་འདི་ནི་དཔལ་ལྡན་དུས་ཀྱི་འཁོར་ ལོ་ཞེས་བྱ་སྟེ། དེ་ཉིད་རྡོ་རྗེའི་རྣལ་འབྱོར་སྟེ་དུས་དང་རྣམ་པ་ཐམས་ཅད་ནས། བདེན་པ་ གཉིས་སུ་གནས་པ། ཞེས་པ་ལ། ཀུན་རྫོབ་ཏུ་ནི་ཉི་མ་དང་ཟླ་བ་དང་ཉིན་མོ་དང་མཚན་མོའི་ དབྱེ་བས་ཉིན་མཚན་ནི་དུས་ཡིན་ལ་དེའི་འཁོར་ལོ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ བདག་ཉིད་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཁྱིམ་གྱི་འཁོར་ལོ་སྟེ། དུས་ ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཉིད་སེམས་ཅན་མ་དག་པ་རྣམས་ལ་ཀུན་རྫོབ་ཀྱི་དུས་ཀྱི་ འཁོར་ལོའི་རྣམ་པར་སྣང་བས་ན་དུས་ཀྱི་འཁོར་ལོ་ཀུན་རྫོབ་བདེན་པའི་ཚུལ་དུ་གནས་པ་ ཡིན་ཏེ། མྱང་འདས་ཆེན་པོའི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་ནི་མར་གྱི་ཉིང་ཁུ་ལྟ་ བུའི་རང་བཞིན་ཅན་ཡིན་མོད་ཀྱི། ཉོན་མོངས་པའི་རྣམ་པའི་ཉེས་པས་གཞན་དུ་སྣང་བར་ གྱུར་ཏོ། །ཞེས་གསུངས་པ་ལྟར་རོ། །དུས་ཀྱི་འཁོར་ལོ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་དོན་ དམ་པའི་སྐུ་ཡིན་པས་དོན་དམ་པའི་བདེན་པར་གནས་པ་སྟེ། མཚན་ཡང་དག་པར་བརྗོད་ པར་ཡང༌། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་གསུངས་སོ། །ཤོང་འགྱུར་ལ་བདེན་ པ་གཉིས་ལ་གནས་པ། ཞེས་འབྱུང་བ་ལྟར་ན་བཤད་མ་ཐག་པའི་ཚུལ་གྱིས་ཀུན་རྫོབ་ཀྱི་ བདེན་པ་ལ་ཁྱབ་བྱེད་དུ་གནས་ཤིང་དོན་དམ་བདེན་པའི་བདག་ཉིད་དུ་གནས་པས་བདེན་ པ་གཉིས་ལ་གནས་པ་སྟེ། དཔལ་ཀྱེའི་རྡོ་རྗེར། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ 5-1-162 ལས་སྲིད་པ་གསུམ་ཡང་འབྱུང༌། །ང་ཡིས་འདི་དག་ཐམས་ཅད་ཁྱབ། །འགྲོ་བའི་རང་བཞིན་ གཞན་མ་མཐོང༌། །ཞེས་པ་དང༌། བདེ་མཆོག་ཉུང་ངུའི་རྒྱུད་ལས་ཀྱང༌། ཀུན་ནས་ཕྱག་དང་ ཞབས་ཀྱིས་མཐའ། །ཀུན་ནས་མིག་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། ། ཐམས་ཅད་ཁྱབ་པར་བྱས་ཏེ་གནས། །ཞེས་སོ། །དེ་ལྟ་བུ་འདི་བརྗོད་པར་བྱ་བ་ཡིན་ལ། རྒྱ་ ཆེར་འགྲེལ་པ་འདི་ནི་བརྗོད་བྱ་དེ་མངོན་པར་བརྗོད་པའི་རྗོད་བྱེད་དུ་འགྱུར་རོ། ། ༣ རྒྱུད་འགྲེལ་བྲི་བའི་རྒྱུ་དང་ཆེད་དུ་བྱ་བ་བསྟན་པ། གསུམ་པ་ནི། བྲི་བར་བྱ་ཞེས་པ་གང་ན་བསྡུས་པའི་རྒྱུད་དེ་གཞུང་གི་ཚོགས་དུས་ཀྱི་ འཁོར་ལོ་རྗོད་བྱེད་ཀྱི་རྒྱུད་འདིའི་རྒྱས་འགྲེལ་ལོ། །འགྲེལ་པ་མཛད་པའི་རྒྱུའི་ཁྱད་པར་ནི་ སྔོན་བདེ་བར་གཤེགས་པས་རྩ་བའི་རྒྱུད་དུ་རྒྱས་འགྲེལ་བྱེད་པ་པད་འཛིན་རང༌། ཞེས་ལུང་ བསྟན་ཅིང༌། འཇམ་དཔལ་གྱིས་ནི། དང་པོར་ཁྱོད་ཀྱིས་རྒྱུད་ཀྱི་རྒྱལ་པོ་མཐའ་དག་མ་ཚང་ མེད་པ་གླེགས་བམ་དག་ལ་གནས་པ་དང༌། དེ་ནས་རང་གི་འདོད་པས་རྒྱས་འགྲེལ་བྱས་ ནས་གཞན་གྱི་གནས་སུ་བགྲོད་པར་བྱའོ་འཇིག་རྟེན་གཉེན། ཞེས་བསྐུལ་བར་གྱུར་པས་སོ། ། གང་གིས་ན་འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་བདག་གིས་ནིའོ། །རྒྱས་ འགྲེལ་དེ་ཆེད་དུ་བྱ་བ་གང་གིས་དོན་དུ་བྲི་ན་ཇི་ལྟར་འཇིག་རྟེན་ན་མ་ཡིས་སྡུག་པའི་བུ་ལ་ བརྩེ་བས་ཕན་པ་འབའ་ཞིག་བྱེད་པ་བཞིན་དུ་ལས་ཅན་ཐམས་ཅད་ཀྱིས་གནས་སྐབས་དང་ མཐར་ཐུག་གི་བདེ་བ་ཐོབ་པའི་དོན་དུའོ། །རྒྱས་འགྲེལ་འདི་བྲིས་པ་ལས་ལུས་ཅན་ཐམས་ ཅད་ཀྱིས་བདེ་བ་ཐོབ་པའི་རྒྱུ་མཚན་ནི་བདེན་པ་མ་མཐོང་བའི་བྱིས་པ་སོ་སོའི་སྐྱེ་བོ་སྒྲ་དང་ ཚད་མ་སོགས་ཕྱི་རོལ་ཀྱི་བསྟན་བཅོས་ཙམ་ཤེས་པའི་མཁས་པ་རྣམས་དང༌། བསྟན་བཅོས་ མི་ཤེས་པའི་རྨོངས་པ་རྣམས་སམ་ཡང་ན་བྱིས་པའི་མཁས་པ་རྒྱུད་ཀྱིས་གསང་བའི་དོན་ཟབ་ མོ་ལ་རྨོངས་པ་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་རྣམས་ཀྱིས་གསང་བ་སྟེ་རྡོ་རྗེ་ཚིག་གིས་དོན་དབང་ 5-1-163 བཞི་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དང་དེ་ཐོབ་པར་བྱེད་པའི་ལམ་སྦྱོར་བ་ཡན་ལག་དྲུག་ཡན་ ལག་དང་བཅས་པ་གསལ་བར་བྱེད་དེ་ཞེས་པ་གསལ་བར་བྱེད་པའི་ཕྱིར་རོ། ། ༤ རྒྱུ་མཚན་གྱིས་སྒོ་ནས་རྒྱུད་འགྲེལ་མྱུར་དུ་བྲི་བར་བསྟན་པ། བཞི་པ་ནི། བྲི་ཞེས་པ་ལ་གང་བྲི་ན། རྒྱས་འགྲེལ་དྲི་མ་མེད་པའི་འོད་འདི་ནིའོ། །རྒྱས་ འགྲེལ་འདིའི་མཚན་དྲི་མ་མེད་པའི་འོད་ཅེས་བྱ་བར་འདོགས་པའི་རྒྱུ་མཚན་ནི། རྩ་བའི་རྒྱུད་ ལས། ཟླ་བ་བཟང་པོས་རྒྱ་ཆེར་འགྲེལ་པ་སྟོང་ཕྲག་དྲུག་ཅུ་པ་དྲི་མ་མེད་པའི་འོད་ཅེས་བྱ་ བ་མཛད་པ་དང་མཚན་མཐུན་པར་བཏགས་པ་སྟེ། རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་དང་ཆོས་ མཐུན་པར་ལོག་པའི་ཤེས་པ་ལ་སོགས་པ་བློ་ངན་པའི་སྐྱོན་གྱིས་མུན་པའི་ཚོགས་འཇོམས་ ཤིང་སེལ་བར་བྱེད་པས་ན་དྲི་མ་མེད་པའི་འོད་ཅེས་བྱའོ། །འཇུག་པ་ཇི་ལྟ་བུས་བྲི་ན་མྱུར་དུ་ བྲི་བར་བྱའོ། །མྱུར་དུ་བྲི་དགོས་པའི་རྒྱུན་མཚན་རྡོ་རྗེ་སེམས་དཔའ་སྟེ་དུས་ཀྱི་འཁོར་ལོའི་ ལམ་མཆོག་དབང་བཞི་པའི་དོན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་དང༌། དེ་ སྐྱེ་བ་འདི་ཉིད་ལ་ཐོབ་པར་བྱེད་པའི་ལམ་ཟབ་པ་ལས་ཀྱང་ཆེས་ཟབ་པ་ནི། རྒྱས་འགྲེལ་ གང་གིས་རྣལ་འབྱོར་པ་རྣམས་ཀྱིས་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་རིག་ཅིང་བསྒོམ་ པ་ལས་བྱུང་བའི་ཤེས་རབ་ཀྱིས་ཐོབ་པར་བྱེད་པ་དེའི་ཕྱིར་ཏེ་བྲིས་པའི་དགོས་པ་ཆེན་པོ་དང་ ལྡན་པས་སོ། ། གསུམ་པ། མདོར་བསྡུས་ཀྱི་མཚན་བསྟན་པ། གསུམ་པ་མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་ འཁོར་ལོའི་རྒྱས་འགྲེལ་ཞེས་པ་འདིས་འགྲེལ་པ་བཤད་པའི་ངེས་པ་གསུངས་སོ། །རྩ་བའི་ རྒྱུད་ཀྱི་རྗེས་སུ་འཇུག་པ་ཞེས་པ་འདིས་སྙིང་པོའི་དོན་ལ་མི་འཁྲུལ་བའི་ངེས་པ་གསུངས་སོ། ། སྟོང་ཕྲག་བཅུ་གཉིས་པ་ཞེས་པ་འདིས་གཞུང་ཚད་ཀྱི་ངེས་པ་གསུངས་སོ། །དྲི་མ་མེད་པའི་ 5-1-164 འོད་ཅེས་བྱ་བ་ལས་ཞེས་པས་མཚན་གྱི་ངེས་པ་གསུངས་སོ། །མདོར་བསྡུས་ཆེན་པོ་ཞེས་ པ་འདིས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་དུ་མིང་ངེས་པ་གསུངས་སོ། །ཞེས་ སློབ་དཔོན་ཨ་ཙ་ལ་གརྦྷས་བཤད་དོ། །འོན་ཀྱང་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་ཞེས་པ་ ནི། འཕགས་པའི་ཡུལ་དུ་མཁས་པ་རྣམས་ཀྱིས་བྱས་པའི་རྒྱུད་ཀྱི་འགྲེལ་པ་བསྡུས་པའི་རྒྱུད་ རྣམས་ཁོ་ནའི་རྗེས་སུ་འབྲང་བ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ ནོ། །བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་ཞེས་པས་མཆོད་པར་བརྗོད་པའི་ དགོས་པ་རྒྱས་འགྲེལ་རྩོམ་པའི་བར་ཆད་ཞི་བ་བསྟན་ཅིང༌། མཆོག་གི་འདོད་པའི་ལྷ་དང་ དམ་པའི་ལམ་ངེས་པ་ཞེས་པས་ནི། མཆོད་བརྗོད་དང་བརྩམ་པར་དམ་བཅའ་བ་གཉིས་ ཀྱིས་བྱེད་ལས་རིམ་པ་ལྟར་བསྟན་ཏེ། དེ་ལྟ་བུའི་མདོར་བསྡུས་ཆེན་པོ་སྟེ་དང་པོའོ། །དང་ པོ་ཞེས་པ་ནི་མཚན་སུམ་ཅུ་རྩ་གཉིས་རྣམ་པར་དག་པའི་མདོར་བསྡུས་སུམ་ཅུ་རྩ་གཉིས་ཀྱི་ ཐོག་མའོ་ཞེས་པའི་དོན་ཏོ། ། རྒྱལ་བའི་སྙིང་པོ་མཆོག་ཏུ་མི་འགྱུར་བདེ་བ་ཆེ། ། རྣམ་ཀུན་མཆོག་ལྡན་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ། བཞི་པའི་དབང་དོན་རྡོ་རྗེ་འཛིན་པའི་ཡེ་ཤེས་སྐུ། ། གདུལ་བྱའི་དབང་ལས་བསྡུས་པའི་རྒྱུད་རྣམས་ཀུན་ཏུ་སྦས། ། མཐའ་དྲུག་གིས་བསྐོར་མཆོག་ཏུ་གསང་ཆེན་རྡོ་རྗེའི་ཚིག ། མི་ཤེས་མུན་འཇོམས་དཔལ་ལྡན་དྲི་མ་མེད་པའི་འོད། ། ཐུགས་རྗེའི་སྐུར་གྱུར་བདུད་རྩིའི་འོད་གཏེར་ལས་སྤྲོས་པས། ། རྡོ་རྗེ་འཛིན་པའི་རྣམ་དག་ལམ་མཆོག་གསལ་བར་མཛད། ། འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་སྟེར་བ། ། 5-1-165 སེམས་དཔའི་རྒྱུད་འགྲེལ་རིན་ཆེན་སྣ་ཚོགས་གཏེར། ། ཐུགས་རྗེས་ས་ལ་རབ་ཏུ་གསལ་མཛད་ཀྱང༌། ། སྐལ་དམན་སྐྱེ་བོས་མཐོང་བའི་ཡུལ་མ་གྱུར། ། རྒྱུད་འགྲེལ་རིན་ཆེན་གཏེར་མཆོག་དང་ཕྲད་ཀྱང༌། ། སྐྱེ་བོ་ཕལ་ཆེར་བློ་མིག་རབ་དམན་ཞིང༌། ། ཤེས་ལྡན་དག་ཀྱང་དམ་པའི་མན་ངག་དང༌། ། བྲལ་ཕྱིར་ངེས་དོན་སྙིང་པོའི་དོན་མ་རྙེད། ། འཇིག་རྟེན་དབང་ཕྱུག་དཔལ་ལྡན་བླ་མ་ཡིས། ། ལེགས་གསུང་རབ་ཟབ་མན་ངག་སྣང་བའི་མཐུས། ། སེམས་འགྲེལ་འདོད་དགུའི་རིན་ཆེན་འབྱུང་གནས་ལས། ། ངེས་དོན་དབང་གི་རྒྱལ་པོ་བདག་གིས་བླངས། ། རྒྱས་འགྲེལ་དཔལ་ལྡན་དྲི་མ་མེད་འོད་ཀྱི། ། རྒྱུད་ལ་འཇུག་པའི་བཤད་སྦྱར་ངེས་པའི་དོན། ། སྣང་བྱེད་གང་འདི་ཟླ་བའི་འོད་ཟེར་གྱིས། ། ཟླ་བ་གསལ་བྱེད་ཉིད་བཞིན་བདག་གིས་སྦྱར། ། འདིར་འབད་དགེ་བ་ཉིན་བྱེད་སྣང་བའི་མཐུས། ། འགྲོ་རྣམས་ལེགས་པའི་ལམ་ལ་རབ་ཞུགས་ཏེ། ། དཔལ་ལྡན་དུས་འཁོར་བདེ་ཆེན་རོལ་པའི་གནས། ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་ཐོབ་ཤོག ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་དཔལ་ལྡན་འཇིག་རྟེན་ 5-1-166 དབང་ཕྱུག་གི་ཞལ་སྔ་ནས་མཛད་པ་དྲི་མ་མེད་པའི་འོད་ཀྱི་མདོར་བསྡུས་དང་པོའི་བཤད་ སྦྱར་ངེས་དོན་སྣང་བ་ཞེས་བྱ་བ། དུས་ཀྱི་འཁོར་ལོའི་ཚུལ་ལ་མོས་པ་དང་མཁྱེན་པའི་སྣང་ བ་རབ་ཏུ་རྒྱས་པ་རྒྱལ་སྲས་རིན་པོ་ནམ་མཁའ་བརྟན་པའི་རྒྱལ་མཚན་དཔལ་བཟང་པོ་པའི་ ཞལ་སྔ་ནས་དང༌། ལུང་དང་རིགས་པའི་བློ་མིག་རྣམ་པར་དག་པ་དང་ལྡན་པའི་དགེ་བའི་ བཤེས་གཉེན་མང་པོས་བསྐུལ་བའི་ངོར༌། རྗེ་བཙུན་སྤྱན་རས་གཟིགས་དབང་པོའི་རྣམ་པར་ འཕྲུལ་པ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པའི་ཞབས་ཀྱི་བཀའ་དྲིན་ ལས། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ལ་སོགས་པ་ཐེག་པ་མཆོག་གི་གཞུང་ ལུགས་དྲི་མ་མེད་པ་རྣམས་ཀྱི་དྲང་བ་དང་ངེས་པའི་དོན་གྱི་རྣམ་པར་དབྱེ་བ་ལ་བློའི་སྣང་བ་ ཅུང་ཟད་ཐོབ་པ། ཤཱཀྱའི་དགེ་སློང་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ་ཆོས་ཀྱི་རྒྱལ་པོ་མིང་ གཞན་ཕྱོགས་ལས་རྣམ་རྒྱལ་གྱིས་རྣམ་པར་སྦྱར་བའོ། ། མང་ཐོས་དྲི་མེད་དོན་ལ་རྟོན་པ་དང༌། །ཡིད་ཆེས་གསུམ་ལྡན་མན་ངག་བསྒོམ་པ་དང༌། ། སྔར་གོམས་གྲུབ་མཐའི་བག་ཆགས་ངན་སྤོང་བ། །དུས་འཁོར་ཤེས་འདོད་རྣམས་ཀྱིས་ མཁྱེན་པར་མཛོད། །འདིས་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་དང༌། སྐལ་བ་དང་ལྡན་པའི་ སྐྱེས་བུ་རྣམས་ལ་ཕན་ཐོགས་པར་གྱུར་ཅིག ༀ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿསྭཱཧཱ། ཤུབྷཾ། མ་ཡིག་ནི་འབྲས་སྤུངས་དཔེ་རྙིང་མི་འདྲ་བ་གསུམ་ཕྱི་ཀ་༢༣༧ ཕྱི་ཀ་༢༣ ཕྱི་ཀ་༡༣༨ཡིན། ཕྱི་ཀ་༢༣༧ལ་རྟགས་འདི་[] ཕྱི་ཀ་༢༣་ལ་རྟགས་འདི་{} རྟགས་འདིར་[{}མ་ཕྱི་ཕན་ཚུན་མི་འདྲ་བ་གཉིས་པོ་བཀོད་ཡོད། 5-1-167 ༄༅། །གཞི་ལམ་འབྲས་བུའི་ངོ་སྤྲོད་ཡང་དག་ དོན་གསལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ༀ་ན་མོ་བཛྲ་སཏྭ་ཡཿ ན་མོ་བུངྔྷ་བོ་དྷི་སཏྭེ་བྷྱཿ ན་མོ་བཛྲ་ཀྲོ་དྷ་ཨིནྡྲ་རཱ་ཛེ་བྷྱཿ ན་མོ་བུངྔྷ་བོ་དྷི་སཏྭ་དེ་ཝི་བྷྱཿ ན་མོ་བཛྲ་ཌཱ་ཀི་ནི་བྷྱཿ ན་མོ་བྷ་ག་ཝ་ཏེ་ཀཱ་ལ་ཙཀྲཱ་ཡཿ ༀ་ གུ་རུ་སརྦ་དྷརྨ་དེ་ཤ་ཀེ་བྷྱོ་ན་མོ་ན་མཿ རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོ་གཞི་ལམ་འབྲས་ གསུམ་གྱི་ངོ་སྤྲོད་ཡང་ དག་དོན་གསལ་ཞེས་བྱ་བ། དཔལ་ལྡན་ཨེ་ཡིག་ཟབ་ཅིང་རྒྱ་ཆེའི་སྐུ། ། འོད་གསལ་རྣམ་པ་ཀུན་གྱི་མཆོག་ལྡན་དབྱིངས། ། རྒྱལ་བདག་བདེ་སྟེར་རྒྱལ་བའི་ཡུམ་གཅིག་མ། ། རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེ་ལ་འདུད། ། འགྱུར་མེད་ལས་འཁྲུངས་ཝྃ་ཡིག་བདེ་བ་ཆེ། ། སྐུ་དང་མཁྱེན་པ་རྡོ་རྗེ་རྣམ་བཞིའི་བདག ། ལྷ་མཆོག་གིས་བཏུད་དཔལ་ལྡན་དང་པོ་ཡི། ། སངས་རྒྱས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། ། 5-1-168 གང་གིས་བཀའ་དྲིན་ཉི་འོད་དྲི་མེད་ཀྱིས། ། ལྟ་ངན་མུན་སྟུག་དྲ་བ་རྣམས་བསལ་ནས། ། རྣམ་དག་ལེགས་པའི་ལམ་མཆོག་སྟོན་མཛད་པ། ། རྗེ་བཙུན་བླ་མའི་ཞབས་ལ་གུས་མཆོད་དེ། ། དཔལ་ལྡན་རྒྱུད་ཆེན་ཀུན་གྱི་སྙིང་པོ་མཆོག ། རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་དོན། ། བླ་མའི་དྲིན་ལས་ཆ་ཙམ་རྟོགས་པ་གང༌། ། ཡིད་ཆེས་ལུང་བཞིན་མདོར་བསྡུས་བྲི་བར་བྱ། ། འདིར་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་བླ་ན་མེད་པའི་ཚུལ། བསྟན་པ་རབ་འབྱམས་ རྒྱ་མཚོ་ལྟ་བུའི་སྙིང་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ མཆོག རྣལ་འབྱོར་པ་བསྐལ་བ་བཟང་པོ་ཅན་རྣམས་ཀྱིས་སྐྱེ་བ་འདི་ལ་རྫོགས་པའི་སངས་ རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པའི་ཉེ་ལམ་ཡིད་ཆེས་པ་གསུམ་ལྡན་གྱི་ཕྱག་རྒྱ་ཆེན་པོ་ཟབ་ལམ་ རྡོ་རྗེའི་རྣལ་འབྱོར། རྒྱུད་སྡེ་ཐམས་ཅད་ཀྱི་རྫོགས་པའི་རིམ་པ། རྣམ་པར་མི་རྟོག་པའི་ཏིང་ ངེ་འཛིན་གྱི་རྒྱལ་པོས། ཉམས་སུ་མྱོང་བའི་དོན་ངོ་སྤྲོད་པ་ལ། ཐོག་མར་སྟོན་པ་བཅོམ་ལྡན་ འདས་ཀྱིས་རྡོ་རྗེའི་རྣལ་འབྱོར་ཇི་ལྟར་གསུངས་པའི་ཚུལ་ཅུང་ཟད་བཤད་པར་བྱ་སྟེ། སྟོན་པ་ བཅོམ་ལྡན་འདས་འདིས་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ། ཟབ་ལམ་རྡོ་རྗེའི་ རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ཉིད་ཀྱི་ལམ་ལ་བརྟེན་ནས་དུས་སྦྱོར་བཅུ་གཉིས་ཀྱི་རླུང་ འགགས་པར་མཛད་ཅིང་གནས་འོག་མིན་ནམ་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོའི་གནས་སུ། ས་བཅུ་གཉིས་ཀྱི་དབང་ཕྱུག་སྐུ་བཞིའི་བདག་ཉིད་སངས་རྒྱས་བརྙེས་པར་མཛད་ནས། ལས་ ཀྱི་ས་འཛམ་བུའི་གླིང་ཆེན་པོ་འདིར་སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་པ་ཡིན་ཏེ། དཔལ་ 5-1-169 དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོར། འདི་རྣམས་དགྲོལ་བའི་སླད་དུ་སྲས་དང་བཅས་པ་ རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ། །མངལ་ནི་རབ་ཏུ་བཟུང་བར་མཛད་ ཅིང་མཆོག་གི་ཐུགས་རྗེ་དག་གིས་བྱང་ཆུབ་བསྐྱེད་པར་མཛད་ནས་ནི། །ཉོན་མོངས་དང་ནི་ བདུད་རྣམས་བཅོམ་ནས་ས་ཡི་སྟེང་གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། ། སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་ཁོ་ནའོ། །ཞེས་ གསུངས་ཤིང༌། འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། སངས་རྒྱས་བཅོམ་ལྡན་འདས་སྔར་ས་ བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ་སྒྱུ་འཕྲུལ་ཆེན་པོའི་ མིག་འཕྲུལ་དང་ལྡན་པ་འཕགས་པའི་ཡུལ་ལུམ་བི་ནིར། ཤཱཀྱའི་རིགས་མི་ཡི་དབང་པོ་ཟས་ གཙང་མའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ནས་བལྟམས་པ་ནི་གཞོན་ནུ་དོན་གྲུབ་ཡིན་ལ། ཞེས་གསུངས་པ་ལྟར་རོ། ། དེ་ཡང་བཅོམ་ལྡན་འདས་ས་གའི་ཟླ་བའི་ཉའི་སྐྱ་རེངས་འཆར་བའི་ཚེ་མངོན་པར་ རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ཞིང༌། དེ་ནས་ལོ་གཅིག་གི་བར་དུ་བྱ་རྒོད་ཕུང་པོར་ ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་ནས། ཟླ་བ་བཅུ་གཉིས་པ་ནག་པའི་ཟླ་ བའི་ཉ་ནས་བཟུང་སྟེ། བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྟོན་ པ་དང༌། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་ཕུང་གི་མཆོད་རྟེན་ཆེན་པོར་བྱོན་ནས་སྔགས་ ཀྱི་ཐེག་པ་སྟོན་པའི་ཚུལ་གཉིས་སུ་མཛད་དེ། དེ་ཡང་མཆོད་རྟེན་ཆེན་པོའི་ནང་སྟེང་འོག་ ཏུ་དཔག་ཚད་དྲུག་དང་རྒྱང་གྲགས་གཅིག་ཡོད་པར། འོག་ཏུ་ཆོས་ཀྱི་དབྱིངས་གསུང་གི་ དབང་ཕྱུག་གི་དཀྱིལ་འཁོར་དང༌། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོ་སྤྲོས་ ཏེ། སྟོན་པ་ཤཱཀྱ་ཐུབ་པ། བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་ནས་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ 5-1-170 པས། དཀྱིལ་འཁོར་ལ་བཀོད་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་ བོ་དང་ལྷ་དང་ཀླུ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལ། ཞུ་བ་པོའི་འཁོར་ཕྱག་ན་ རྡོ་རྗེའི་སྤྲུལ་པའི་སྐུ་ཤམ་བྷ་ལའི་ཡུལ་གྱི་རྒྱལ་པོ་ཟླ་བ་བཟང་པོས་ཤམ་བྷ་ལ་ནས་རྫུ་འཕྲུལ་ གྱིས་བྱོན་ཏེ་གསོལ་བ་བཏབ་པ་ལ་བརྟེན་ནས་ཉན་པ་པོའི་འཁོར་ཤམ་བྷ་ལའི་ཡུལ་ཆེན་པོ་ དགུ་བཅུ་རྩ་དྲུག་གི་སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་དང༌། ལྷ་དང་ལྷ་མ་ཡིན་ལ་སོགས་ པའི་ཚོགས་དཔག་ཏུ་མེད་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ བ་གནང་ནས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་ གཉིས་པ་ལ་སོགས་པ་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ཏེ། རྩ་བའི་རྒྱུད་མཆོག་གི་དང་ པོའི་སངས་རྒྱས་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། ། ཆོས་བསྟན་དཔལ་ལྡན་འབྲས་ཕུང་དུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་ དང༌། {དཔལ}དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་དཔལ་ལྡན་འབྲས་ཕུང་ཆོས་ཀྱི་དབྱིངས་ སུ་སྟོབས་བཅུ་པ་ཡིས་སངས་རྒྱས་པའི་རྒྱུད་རྣམས་མཐའ་དག་བསྟན། །ཞེས་གསུངས་སོ། ། དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོ་ལ་སོགས་པར་ཆོས་ཀྱི་འཁོར་ལོ་རིམ་པ་ གསུམ་བསྐོར་ཞིང༌། དཔལ་ལྡན་འབྲས་ཕུང་དུ་སྔགས་ཀྱི་ཐེག་པ་གསུངས་ཏེ། གདུལ་བྱ་སྣ་ ཚོགས་པའི་བསམ་པ་དང་སྐལ་བ་དང་འཚམ་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་ པ་ཐམས་ཅད་བརྗོད་བྱ་བདེན་གཉིས་ལས་བརྩམས་ཏེ་གསུངས་པ་ཁོ་ན་ཡིན་ལ། དེ་ཡང་ སྐབས་ཇི་ལྟ་བར། བདེན་པ་བཞི་དང་ཆོས་ཀྱི་སྡོམ་བཞི་དང༌། ཀུན་བརྟགས་གཞན་དབང་ ཡོངས་གྲུབ་སྟེ་ངོ་བོ་ཉིད་རྣམ་པ་གསུམ་དང༌། བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་སོགས་ པའི་ཚུལ་སྣ་ཚོགས་ཀྱིས་བསྟན་པར་མཛད་པ་ལས། ཐེག་པ་ཆེན་པོ་བླ་ན་མེད་པའི་ཚུལ་ལ་ ནི། གཙོ་ཆེར་གཞི་དང་ལམ་དང་འབྲས་བུའི་ཚུལ་གསུམ་གྱི་སྒོ་ནས་བསྟན་ཞིང༌། ཁྱད་པར་ 5-1-171 དུ་བདག་ཅག་གི་ཆོས་རྗེ་དཔལ་ལྡན་བླ་མ་ཐམས་ཅད་མཁྱེན་པ་རིགས་ལྡན་འཇིག་རྟེན་ དབང་ཕྱུག་གི་སྤྲུལ་པའི་སྐུ་ཆེན་པོའི་ཞལ་སྔ་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་ པོ་མཐར་ཐུག་དབུ་མའི་དོན་ངོ་སྤྲོད་པའི་ཚུལ་གཙོ་ཆེར་གཞི་ལམ་འབྲས་བུའི་ཚུལ་གསུམ་ གྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པས་དེའི་རྗེས་སུ་འབྲངས་ནས། གཞི་ལམ་ འབྲས་གསུམ་གྱི་སྒོ་ནས་ངོ་སྤྲོད་པར་བྱའོ།། ༈ །།འདི་ལ་བསྡུས་པའི་དོན་རྣམ་པ་གསུམ་སྟེ། གཞི་ལམ་འབྲས་བུའི་ངོ་བོ་མདོར་བསྟན་པ། དེ་དག་སོ་སོར་རྒྱས་པར་བཤད་པ། གསང་ བའི་བཀའ་རྒྱས་གདབ་ཅིང་བླ་མ་རིམ་པ་བརྒྱུད་པའི་ཚུལ་བསྟན་པའོ། ། དང་པོ། གཞི་ལམ་འབྲས་བུའི་ངོ་བོ་མདོར་བསྟན་པ། དང་པོ་ནི། རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་པའི་གང་ཟག་སྐལ་བ་དང་ལྡན་ཞིང་བློ་དང་ ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བ་རྣམས་ཀྱིས། ཐོབ་པར་བྱ་བ་ཕྱག་རྒྱ་ ཆེན་པོ་མཆོག་གི་དངོས་གྲུབ། རྫོགས་པའི་སངས་རྒྱས་ཀྱི་གནས་ལུགས་ཤེས་པར་བྱ་དགོས་ ལ་སངས་རྒྱས་ཀྱང་དོན་དམ་པའི་བདེན་པ་ཆོས་ཀྱི་སྐུ་དང༌། ཀུན་རྫོབ་ཀྱི་བདེན་པའི་དབང་ དུ་བྱས་པ་གཟུགས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ནི་གཞན་དུ་བཙལ་བས་མི་རྙེད་ཀྱི། རང་ལ་ཡེ་ནས་ བཞུགས་པ་ཡིན་ཏེ། དཔལ་སམ་བུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་ དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་ སངས་རྒྱས་འདོད། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། ། དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་ལ་གནས་ཀྱང་ལུས་མི་སྐྱེ། །ཞེས་གསུངས་ཏེ། དེའི་དོན་ ནི། རང་གི་ལུས་ཁོ་ན་ལ་སངས་རྒྱས་བཞུགས་ཀྱི། གཞན་གང་ནའང་མེད་ཅེས་པ་ནི་མ་ཡིན་ གྱིས། ལུས་ལ་བཞུགས་པ་དེ་མ་ཡིན་པའི་སངས་རྒྱས་ཞིག་གཞན་ན་མེད་ཅེས་པ་སྟེ། སངས་ རྒྱས་ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་འདུས་མ་བྱས་པའོ། །འདི་ལ་མདོ་སྡེ་ 5-1-172 རིན་པོ་ཆེ་ཟབ་མོ་རྣམས་སུ་སེམས་ཅན་ཐམས་ཅད་ལ་ཡོད་པའི་དེ་བཞིན་གཤེགས་པའི་སྙིང་ པོ་ཞེས་གསུངས་སོ། །དེ་ནི་གཞི་ལ་གདོད་ནས་གནས་པའི་དོན་ནམ། འཁོར་འདས་ཀྱི་ཆོས་ ཀུན་ཀྱི་གཞི་ཡིན་པས་སམ་གློ་བུར་གྱི་དྲི་མ་སྦྱང་བར་བྱ་བའི་གཞི་ཡིན་པས་ན་གཞི་ཞེས་བྱ་ སྟེ། དེ་ནི་གཞིའི་དོན་ནོ། །དེ་ལྟར་སངས་རྒྱས་དེ་གཞི་ལ་ཡེ་ནས་བཞུགས་ཀྱང༌། སེམས་ཅན་ རྣམས་འཁོར་བར་སྡུག་བསྔལ་བ་ནི། སངས་རྒྱས་དེ་ཉིད་{ཉོན་མོངས་པ་}གློ་བུར་གྱི་དྲི་མས་ བསྒྲིབས་པའི་སྐྱོན་ལས་གྱུར་པ་ཡིན་པས་གློ་བུར་གྱི་དྲི་མ་དང་བྲལ་བར་བྱ་དགོས་ཤིང༌། གློ་ བུར་གྱི་དྲི་མ་ནི་རྣམ་པར་རྟོག་པའི་ངོ་བོ་ཡིན་པས། དེའི་གཉེན་པོར་ལམ་རྣམ་པར་མི་རྟོག་ པའི་ཏིང་ངེ་འཛིན་འཁོར་དང་བཅས་པ་བསྒོམ་པར་བྱ་སྟེ། དཔལ་སམ་བུ་ཊི་ལས། རྣམ་རྟོག་ མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། ། མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་ཏེ། དེ་ནི་ལམ་གྱི་དོན་ནོ། །དེ་ལྟར་གཞི་ ལ་ཡེ་ནས་བཞུགས་པའི་སངས་རྒྱས་དེ་རང་ཉིད་ལ་ཡོད་ཀྱང་ཐོབ་པ་མ་ཡིན་པས། དེ་ཐོབ་ པའི་དོན་དུ་རྣལ་འབྱོར་པས་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡན་ལག་དང་བཅས་ པ་བསྒོམས་པ་ལས། གཞིའི་སངས་རྒྱས་དེ་གློ་བུར་གྱི་དྲི་མ་དང་བྲལ་བར་གནས་གྱུར་པ་ལ་ འབྲས་བུ་སངས་རྒྱས་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཞེས་བྱ་སྟེ། འཕགས་པ་ ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་ འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། ། གང་ཞིག་འཁོར་བའི་རྒྱུར་གནས་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་ འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་སོ། །རྣལ་འབྱོར་པས་ལམ་གྱི་གནས་ སྐབས་སུ་སེམས་ཅན་ཡོངས་སུ་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་དང༌། སྨོན་ལམ་ཡོངས་སུ་རྫོགས་པར་བྱས་པའི་རྒྱུ་དང༌། ཆོས་སྐུ་ཐོབ་པའི་བྱིན་རླབས་ལས་གདུལ་ 5-1-173 བྱ་རྒྱུད་དག་པ་རྣམས་ལ་མཚན་དང་དཔེ་བྱད་ཀྱི་བདག་ཉིད་ཀྱི་སྐུའི་སྣང་བ་ཤར་བས་དོན་ མཛད་པ་ནི་གཟུགས་ཀྱི་སྐུ་ཡིན་ཏེ། དེ་དག་ནི་འབྲས་བུའི་དོན་ནོ། །༈ །། གཉིས་པ། དེ་དག་སོ་སོར་རྒྱས་པར་བཤད་པ་ལ་གསུམ། གཉིས་པ་དེ་དག་སོ་སོར་རྒྱས་པར་བཤད་པ་ལ་གསུམ་སྟེ། གཞི་རང་བཞིན་གྱིས་རྣམ་ པར་དག་པ་དང་པོའི་སངས་རྒྱས་ཀྱི་གནས་ལུགས། ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དང་ བཅས་པའི་རང་བཞིན། འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྐུ་བཞིའི་ཐོབ་ཚུལ་ངོ་སྤྲད་ པའོ། ། ༡༽ གཞི་རང་བཞིན་གྱིས་རྣམ་པར་དག་པ་དང་པོའི་སངས་རྒྱས་ཀྱི་ གནས་ལུགས་བཤད་པ་ལ་གསུམ། དང་པོ་ལ་གསུམ་སྟེ། སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་སྐུ་གདོད་མ་ནས་བཞུགས་ པའི་ཚུལ། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པར་བསྟན། ཆོས་སྐུ་བདེར་གཤེགས་སྙིང་བོ་ཉིད་གཞིའི་གནས་ལུགས་ཡིན་པར་སྒྲུབ་པའོ། ། (༡) སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་སྐུ་གདོད་མ་ནས་བཞུགས་པའི་ཚུལ་ལ་བཞི། དང་པོ་ལ་བཞི་སྟེ། ལུས་ལ་རང་བྱུང་གི་ཡེ་ཤེས་གནས་པར་གསུངས་པའི་ལུང་གིས་ བསྒྲུབ། སེམས་ཅན་ལ་བདེར་གཤེགས་སྙིང་པོ་བཞུགས་པར་གསུངས་པའི་ལུང་གིས་ བསྒྲུབ། འཁོར་འདས་ཀྱི་ཆོས་ཉིད་ཐ་མི་དད་པར་གསུངས་པའི་ལུང་གིས་བསྒྲུབ། དེ་དག་ལ་ ནི་མི་འཐད་པར་སེམས་པའི་ལོག་པར་རྟོག་པ་བསལ་བའོ། ། ༡༽ ལུས་ལ་རང་བྱུང་གི་ཡེ་ཤེས་གནས་པར་གསུངས་པའི་ལུང་གིས་བསྒྲུབ་པ། 5-1-174 དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་ པ་རོ་མཉམ་འགྱུར་མེད་རྟག་པར་ཡང་ནི་འགྱུར་བ་སྟེ། །དེ་ལྟར་འབྱུང་བ་ལ་གནས་ཞི་བ་ རྣམ་གསུམ་སྲིད་པར་གནས་པ་རང་གི་ལུས་ལ་རིག་པར་བྱ། །ཞེས་གསུངས་ཏེ། དེའི་དོན་ འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། རྒྱ་ཆེར་འགྲེལ་པ་ཆེན་པོ་དྲི་མ་མེད་པའི་ འོད་དུ་རྣམ་པར་བཀྲལ་བ། སྟོང་པ་ལས་ནི་ཡེ་ཤེས་རྣམ་པར་བསྲེས་པ་ཞེས་པ་ནི་འདིར་ལུས་ ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་འབྲེལ་བ་ཀུན་རྫོབ་ཀྱི་ངེས་པར་གནས་པ་སེམས་ ཅན་ཐམས་ཅད་ཀྱི་རང་གི་ལུས་ལ་གནས་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ནི་སྟོང་པ་སྟེ། སྟོང་ པ་ཉིད་ཀྱི་གཟུགས་ལ་བསྒོམས་པའི་སྟོབས་ཀྱིས་འཛིན་པར་བྱེད་པའི་སེམས་གཟུང་བར་བྱ་ བའི་སེམས་ཀྱི་སྣང་བ་ལ་རྣམ་པར་བསྲེས་པ་ནི་རོ་མཉམ་འགྱུར་མེད་རྟག་པར་ཡང་འགྱུར་ ཏེ་འདིར་རྟག་པ་ནི་སྒྲིབ་པ་མེད་པར་བརྗོད་དོ། །དེ་ལྟར་འབྱུང་བ་ལ་གནས་ཞི་བ་སྟེ་བདེ་བ་ ཆེན་པོ་རྣམ་གསུམ་སྲིད་པར་གནས་པ་རང་གི་ལུས་ལ་རྣལ་འབྱོར་བ་རྣམས་ཀྱིས་རིག་པར་ བྱའོ། །ཞེས་གསུངས་ཏེ། དེའི་དོན་ནི། ཁྱབ་བྱ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་རང་བྱུང་ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁྱབ་བྱེད་དུ་གནས་པ་ཡིན་ལ། ཡེ་ཤེས་དེའི་ངོ་བོ་ནི་རྣལ་འབྱོར་ པས་ཉམས་སུ་མྱོང་བའི་སྟོང་པ་ཉིད་ཀྱི་གཟུགས་དུ་བ་ལྟ་བུ་དང་སྨིག་རྒྱུ་ལྟ་བུ་ལ་སོགས་ པ་སེམས་ཀྱི་རང་བཞིན་འོད་གསལ་བའི་སྣང་བ་འདི་ཉིད་དོ། །འདི་ཉིད་རྟག་ཏུ་བསྒོམས་ པ་ལ་བརྟེན་ནས་རྣལ་འབྱོར་པའི་སེམས་འོད་གསལ་གྱི་དབྱིངས་སུ་འདྲེས་པར་གྱུར་པ་ན་ སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཐོབ་པ་ཡིན་པས་ན། རང་གི་ལུས་ལ་གནས་པའི་ བདེ་བ་ཆེན་པོ་རང་བྱུང་གི་ཡེ་ཤེས་དེ་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱ་ཞིང་བསྒོམས་ པས་ཉམས་སུ་མྱོང་བར་བྱའོ་ཞེས་པའོ། །དཔལ་བརྟག་པ་གཉིས་པའི་རྒྱུད་དུ་ཡང༌། ལུས་ ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་ 5-1-175 པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་གསུངས་ཤིང༌། དེའི་འགྲེལ་པ་རྗེ་བཙུན་ འཕགས་པ་རྡོ་རྗེ་སྙིང་པོས་མཛད་པར། ཨེ་ཝཾ་ཡི་གེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ ཅན་ནི་ལུས་གནས་ཏེ་ལྟེ་བར་གནས་པའོ། །དེ་ལྟར་ན་ལུས་གནས་ཡེ་ཤེས་ཆེན་པོ་ནི། ཀུན་ ཏུ་རྟོག་པ་ཐམས་ཅད་སྤངས་པར་གྲུབ་སྟེ་དཀྱིལ་འཁོར་གྱི་འཁོར་ལོ་དང་ལས་དང་ཡེ་ཤེས་ ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྟོག་པའི་དྲ་བ་ དང་བྲལ་བ་ཞེས་པ་ངེས་པའོ། །དེ་ཉིད་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱོད་ པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ། །དངོས་པོ་ཀུན་ལ་ཁྱབ་པ་པོ་ཞེས་པ་ཕུང་པོ་དྲུག་རྣམས་དང་ ཁམས་དྲུག་རྣམས་དང་དབང་པོ་དྲུག་རྣམས་དང་ཡུལ་དྲུག་རྣམས་དང་ལས་ཀྱི་དབང་པོ་དྲུག་ རྣམས་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་ཏེ་དངོས་པོ་འདི་རྣམས་ལ་ཁྱབ་པ་པོ་ཡེ་ཤེས་ ཀྱི་སྐུའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན་ཞེས་པ་སྐྱེ་བ་དང་འཇིག་པའི་དངོས་པོ་མེད་ པའི་ཕྱིར་རོ། །ཞེས་གསུངས་ཏེ། དེའི་དོན་མདོར་བསྡུས་ན། སེམས་ཅན་ཐམས་ཅད་ཀྱི་ལུས་ ལ་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཆེན་པོ་བཞུགས་ལ། དེ་ཡང་ཕུང་པོ་དྲུག་ ལ་སོགས་པ་དངོས་པོ་ཀུན་ལ་ཁྱབ་པར་གནས་པ་ཡི་ཆོས་ཀྱི་དབྱིངས་ཡིན་ཞིང༌། དེ་ནི་ལུས་ ལ་གནས་ཀྱང་ལུས་ལས་སྐྱེས་པའི་འབྲས་བུ་མ་ཡིན་གྱིས་རང་བྱུང་གི་ཡེ་ཤེས་ཡིན་ནོ་ཞེས་ པའི་[དོན་དེ་]དོན་གྱིས་ན་བརྟན་གཡོ་ཀུན་ལ་ཁྱབ་པར་ཤེས་པར་བྱའོ། །ཡང་དེ་ཉིད་ལས། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་ སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་ གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །ཅེས་གསུངས་ཏེ། སྒྱུ་མའི་གཟུགས་ཞེས་ པ་ནི་དུ་བ་ལྟ་བུ་ལ་སོགས་པ་སྟོང་པ་ཉིད་ཀྱི་གཟུགས་འདི་ཉིད་ལུས་ལ་གནས་པའི་ཡེ་ཤེས་ ཆེན་པོ་ཐབས་དང་ཤེས་རབ་གཉིས་སུ་མེད་ཅིང་དངོས་པོ་དངོས་མེད་ཀྱི་མཐའ་ལས་གྲོལ་བ་ 5-1-176 གཙོ་བོ་སྟེ་དཔལ་ཀྱེའི་རྡོ་རྗེ་བརྟན་གཡོ་ཀུན་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་ཡིན་ནོ་ཞེས་པའོ། ། བརྟག་པ་གཉིས་པའི་འགྲེལ་པ་རྡོ་རྗེ་སྙིང་པོས་མཛད་པར་ཡང༌། ཇི་ལྟར་བུམ་པ་ཞིག་གྱུར་ ཀྱང༌། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་ལུས་ནི་ཞིག་གྱུར་ཀྱང༌། །ཡེ་ཤེས་ལ་ནི་ འཇིག་པ་མེད། །ཅེས་པ་དང༌། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ཀྱི་དབང་མདོར་ བསྟན་པ་ལས་ཀྱང༌། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། ། གྲིབ་མ་ཉམས་པར་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པས་ རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། །ཞེས་པ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་གྱི་ ཚེས་གཅིག་ལ་སོགས་པའི་ཆ་རྣམས་རིམ་གྱིས་རྫོགས་པར་སྣང་བ་དེ་གྲིབ་མ་སྟེ་མུན་པ་རིམ་ གྱིས་བསལ་བ་ལས་དེ་ལྟར་སྣང་བ་ཡིན་གྱི་སྔར་ནག་ཕྱོགས་ལ་ཟླ་བ་མེད་པར་གྱུར་པ་དང་ ཕྱིས་དཀར་ཕྱོགས་ལ་ཟླ་བའི་ཆ་རྣམས་གསར་དུ་འཕེལ་བ་མ་ཡིན་པ་དེ་བཞིན་དུ། རང་བྱུང་ ལྷན་སྐྱེས་ཀྱི་ཡེ་ཤེས་རང་ཉིད་ལ་ཡེ་ནས་བཞུགས་པ་དེའང་གློ་བུར་གྱི་དྲི་མས་བསྒྲིབས་པ་ན་ མེད་པ་ལྟ་བུ་དང་གཉེན་པོས་གློ་བུར་གྱི་དྲི་མ་རིམ་གྱིས་ཟད་པར་བྱས་པ་ལས་རབ་ཏུ་དགའ་ བ་ལ་སོགས་པའི་ས་རྣམས་སུ་ཡེ་ཤེས་དེ་རིམ་གྱིས་ཤར་བས་རྫོགས་པའམ་སྐྱེས་པ་ལྟ་བུར་ སྣང་བ་ཡིན་གྱི། ཡེ་ཤེས་དེ་སེམས་ཅན་ལ་ཆད་པ་སྟེ་མེད་པ་དང་ས་རྣམས་ཀྱིས་རྫོགས་པ་སྟེ་ གསར་དུ་བསྐྱེད་པ་མ་ཡིན་ནོ། །ཞེས་པ་ནི་དགོངས་པའོ། །མངོན་པར་བརྗོད་པའི་རྒྱུད་བླ་ མར་ཡང༌། དེ་ནི་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ཡིན། །དེ་ཉིད་ཐམས་ ཅད་མཁྱེན་བྱེད་དེ། །ལུས་ཀུན་ལ་ནི་རྣམ་པར་གནས། །དེ་ཉིད་སངས་རྒྱས་ཡེ་ཤེས་ཏེ། །ཧེ་ རུ་ཀ་དཔལ་ཡིན་པར་བཤད། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། ས་ཡི་དཀྱིལ་ན་ ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་ 5-1-177 དྲི་མ་མེད་པར་གནས། །ཞེས་སེམས་ཅན་ཐམས་ཅད་ལ་དྲི་མ་མེད་པའི་ཡེ་ཤེས་གདོད་མ་ ནས་གནས་པར་གསུངས་སོ། །མཚན་ཡང་དག་པར་བརྗོད་པར་ཡང༌། ཨ་ནི་ཡིག་འབྲུ་ཀུན་ ཀྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་ སྤངས་པ་སྟེ། །བརྗོད་པ་ཀུན་ཀྱི་རྒྱུ་ཡི་མཆོག །ཅེས་དང༌། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། ། དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་ རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། ། ཞེས་དང༌། སེམས་ཅན་ཀུན་ཀྱི་ཡིད་ཀྱི་ཡུལ། །[སེམས་ཅན་ཀུན་ཀྱི་ཡིད་གནས་པ། །] སེམས་ཅན་ཀུན་ཀྱི་ཡིད་ནང་གནས། །དེ་དག་སེམས་དང་མཉམ་ཉིད་སོན། །ཞེས་སེམས་ ཅན་ཐམས་ཅད་ལ་གདོད་ནས་གནས་པའི་རང་བྱུང་གི་ཡེ་ཤེས་དང་པོའི་སངས་རྒྱས་དེ་ཉིད་ བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ཡིན་པར་གསུངས་པའི་ཕྱིར། སེམས་ཅན་ ཐམས་ཅད་ལ་སངས་རྒྱས་ཆོས་ཀྱི་སྐུ་ཡེ་ནས་བཞུགས་པར་རིག་པར་བྱའོ། ། ༢༽ སེམས་ཅན་ལ་བདེ་བར་གཤེགས་པའི་སྙིང་པོ་བཞུགས་པར་གསུངས་པའི་ ལུང་གིས་བསྒྲུབ་པ་ལ་གཉིས། གཉིས་པ་སེམས་ཅན་ལ་བདེ་གཤེགས་སྙིང་པོ་བཞུགས་པར་གསུངས་པའི་ལུང་གིས་ བསྒྲུབ་པ་ལ་གཉིས་ཏེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་ གསུངས་པའི་ལུང་དགོད། བདེ་གཤེགས་སྙིང་པོ་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་ བསྟན་པའོ། ། ① སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་ 5-1-178 གསུངས་པའི་ལུང་དགོད་པ། དང་པོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་གསུངས་པའི་དོན། རྗེ་བཙུན་ བྱམས་པས་ཐེག་པ་ཆེན་པོ་རྒྱུད་བླ་མར་གསུངས་པ། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་ དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུ་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །དྲི་མ་ངན་པ་སྲོག་ཆགས་སྦུན་པ་མི་གཙང་ས་ འབྲས་གོས་ཧྲུལ་དང༌། །སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་ས་ཡི་ ཁམས་དང་མཚུངས། །སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་གྲོ་རིན་ཆེན་ སྐུ། །གླིང་བདག་མཆོག་དང་རིན་ཆེན་གཟུགས་དང་དྲི་མེད་ཁམས་མཆོག་མཚུངས་པ་ཉིད། ། ཅེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་གསུངས་པའི་དུས་ སུ་པད་མ་ངན་པ་ཁ་མ་བྱེ་བའི་ནང་ན་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་དང་ ལྡན་[པ་{པའི་སྐུ}བཞུགས་པ་དཔག་ཏུ་མེད་པ་སྤྲུལ་དེ་དཔེར་མཛད་ནས། སེམས་ཅན་གྱི་ གློ་བུར་གྱི་དྲི་མའི་སྦུབས་ན་སངས་རྒྱས་ཆོས་ཀྱི་སྐུ་ཉིད་བཞུགས་པ་དང༌། སྦྲང་མའི་ཚོགས་ ཀྱིས་སྐོར་བའི་ནང་ན་སྦྲང་རྩི་བཟང་པོ་ཡོད་པ་ནས་གསེར་གྱི་གཟུགས་ལུགས་སུ་བླུགས་པ་ ན་གསེར་གྱི་གཟུགས་ཕྱི་རོལ་ཀྱི་ས་ཡི་སྦུབས་ཀྱིས་གཡོགས་པའི་དཔེ་དགུའི་སྒོ་ནས་སེམས་ ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོ་བཞུགས་པར་གསུངས་སོ། །དེ་ལ་དཔེ་དགུ་པོ་ནི་ གློ་བུར་དྲི་མ་རྣམ་པ་དགུ་ལ་རིམ་པ་ལྟར་སྦྱར་བར་བྱ་སྟེ། [ཆགས་སྡང་རྨོངས་དེའི་ཀུན་ལྡང་ དྲག་དང་བག་ཆགས་དང༌། །མཐོང་སྒོམ་ལམ་སྤང་མ་དག་དག་པ་ལ་བརྟེན་པའི། །དྲི་མ་རྣམ་ དགུ་པད་མའི་སྦུབས་སོགས་དཔེས་བསྟན་ཏེ། །ཉེ་བའི་ཉོན་མོངས་སྦུབས་དབྱེས་དབྱེ་བ་ 5-1-179 མཐའ་ལས་འདས། །{ཆགས་དང་སྡང་དང་རྨོངས་དེའི་ཀུན་ལྡང་དྲག་དང་བག་ཆགས་དང༌། ། མཐོང་སྒོམ་ལམ་སྤང་མ་དག་པ་དང་དག་པའི་ས་ལ་བརྟེན་པ་ཡི། །དྲི་མ་རྣམ་དགུ་པད་མ་ཡི་ སྦུབས་སོགས་དཔེས་ནི་རབ་བསྟན་སྟེ། །ཉེ་བའི་ཉོན་མོངས་སྦུབས་ནི་སོགས་པ་དབྱེ་བས་ བྱེ་བ་མཐའ་ལས་འདས། །}ཞེས་གསུངས་ཏེ། དུག་གསུམ་གྱི་བག་ལ་ཉལ་གསུམ་དང་དེ་ དག་གི་ཀུན་ནས་ལྡང་བ་སྟེ་མངོན་གྱུར་དང༌། ཐེག་དམན་དགྲ་བཅོམ་གྱི་རྒྱུད་ལ་ཡང་ཡོད་ པའི་མ་རིག་པའི་བག་ཆགས་ཀྱི་སས་བསྡུས་པ་དང༌། མཐོང་སྤངས་དང༌། སྒོམ་སྤངས་དང༌། མ་དག་པའི་ས་བདུན་ལ་བརྟེན་པའི་དྲི་མ་དང༌། དག་པ་ས་གསུམ་ལ་བརྟེན་པའི་དྲི་མའོ། ། གཞན་ཡང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་འདི་ནི་ཆོས་ རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སེམས་ ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང༌། རྒྱུད་བླར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །དེའི་དོན་ནི། སེམས་ཅན་ ཐམས་ཅད་ལ་སངས་རྒྱས་ཆོས་ཀྱི་སྐུ་འཕྲོ་བ་སྟེ་ཁྱད་པར་ཡོད་པའི་ཕྱིར་དང༌། སངས་རྒྱས་ དང་སེམས་ཅན་གྱི་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་དང༌། སངས་རྒྱས་ཀྱི་སྟོབས་བཅུ་ ལ་སོགས་པའི་རང་བཞིན་གྱི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་སེམས་ཅན་ ཐམས་ཅད་རྟག་ཏུ་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནོ། །ཞེས་པའོ། །དེ་བཞིན་དུ། ཡུམ་ཚུལ་བརྒྱ་ལྔ་བཅུ་པར་ཡང༌། ཐམས་ཅད་ཀྱི་རང་བཞིན་ནི་ཡིན་པས་སེམས་ཅན་ཐམས་ ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཐམས་ཅད་རྡོ་རྗེ་སྙིང་པོས་དབང་བསྐུར་ བ་ཉིད་ཡིན་པས་སེམས་ཅན་ཐམས་ཅད་རྡོ་རྗེའི་སྙིང་པོ་ཅན་ཡིན་ནོ། །ངག་ཐམས་ཅད་རང་ བྱུང་བས་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ཡིན་ནོ། །ཞེས་སོ། །འདིར་ངག་ཅེས་ 5-1-180 པ་ནི་ཆོས་ཉིད་གཞོམ་དུ་མེད་པའི་སྒྲ་སྟེ་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཞེས་ སྦྱར་རོ། །སངས་རྒྱས་ཕལ་པོ་ཆེའི་མདོར་ཡང༌། བྱིས་པས་བྱང་ཆུབ་མི་ཤེས་ཀྱང༌། །དེ་དག་ དེ་ལ་རབ་ཏུ་གནས། །ཞེས་དང༌། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ མདོར་ཡང༌། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ ཅད་དུ་བཞུགས་པའོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ ཅན་དུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའི་ ནང་དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་སོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་ གཤེགས་པའི་སྐུའི་ནང་དུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་འདུས་སོ། །ཞེས་དང༌། ཡུམ་མཆོག་དང་པོར་ཡང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང༌། རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང༌། དེ་བཞིན་ གཤེགས་པའི་སྙིང་པོ་དག །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །ཉོན་མོངས་འདམ་གྱིས་མ་ གོས་པ། །རྡོ་རྗེ་པད་མའི་དབང་བསྐུར་ཡིན། །ཞེས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་དེ་ བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ལ། སྙིང་པོ་དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པའི་ ཕྱིར་སེམས་ཅན་ཐམས་ཅད་ལ་གདོད་མ་ཉིད་ནས་སངས་རྒྱས་བཞུགས་པར་རིག་པར་བྱའོ། ། ② བདེ་གཤེགས་སྙིང་པོ་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་བསྟན་པ། གཉིས་པ་བདེ་གཤེགས་སྙིང་པོ་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་བསྟན་པ་ནི། བདེ་གཤེགས་སྙིང་པོ་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པར་གང་ལས་ཤེས་ཞེ་ན། དེ་ཉིད་ ལ། སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན་མ་ལུས་པར་དབྱེར་མེད་དུ་བསྟན་པའི་ཕྱིར་ན་སངས་ རྒྱས་ཆོས་ཀྱི་སྐུ་ཉིད་ཡིན་ཏེ། ཇི་སྐད་དུ་སངས་རྒྱས་ཕལ་པོ་ཆེའི་མདོར། སྟོང་གསུམ་དར་ 5-1-181 ཡུག་ཆེན་པོའི་དཔེས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཚང་བ་ མེད་པར་བཞུགས་པའི་ཚུལ་རྒྱ་ཆེར་བསྟན་པའི་རྗེས་སུ། སྟོང་གསུམ་ཚད་ཀྱི་རི་མོའི་གཞི་ གཅིག་ཡོད་གྱུར་ལ། །རྡུལ་ཕྲན་མ་ལུས་ཀུན་ཀྱི་སྤུབས་ནའང་དེ་འདྲ་སྟེ། །སྐྱེས་བུ་མཁས་པ་ མིག་ལྡན་ལ་ལས་རྣམ་ཕྱེ་ནས། །རི་མོའི་གཞི་དེས་འགྲོ་ཀུན་ཉེ་བར་འཚོ་བྱས་ན། །བཅོམ་ ལྡན་དེ་ཡང་དེ་བཞིན་སེམས་ཅན་ཀུན་ཀྱི་སེམས། །རིལ་གྱིས་བདེ་གཤེགས་མཁྱེན་ཡིན་འདུ་ ཤེས་བསྒྲིབས་གྱུར་ཞེས། །རྒྱལ་བའི་ཐུགས་རྗེ་བསྐྱེད་ཅིང་འདུ་ཤེས་སྤོང་བར་སྟོན། །འདུ་ ཤེས་ཡོངས་སུ་ཤེས་ནས་རྒྱལ་སྲས་ཉེ་བར་འཚོ། །ཞེས་དང༌། རྒྱུད་བླ་མར། ཉེས་པ་གློ་བུར་ དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། ། འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་བདེ་གཤེགས་སྙིང་པོ་སྔར་གློ་བུར་དྲི་མ་དང་བཅས་ པའི་དུས་དང་ཕྱིས་དྲི་མ་དང་བྲལ་བར་གནས་གྱུར་པའི་དུས་ཀྱི་ཡོན་ཏན་ལ་ཁྱད་པར་ཅུང་ ཟད་ཀྱང་མེད་པར་གསུངས་སོ། །འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་ མདོ་ལས་ཀྱང༌། ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་ དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་ པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་དང༌། ཤཱ་རིའི་བུ་དེའི་ཕྱིར་ན་སེམས་ཅན་གྱི་ཁམས་གཞན་ ལ་ཆོས་ཀྱི་སྐུ་ཡང་གཞན་པ་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ། ཆོས་ཀྱི་སྐུ་ ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིས་སུ་མེད་དེ་ཡི་གེ་ཙམ་ཐ་དད་པ་ཡིན་ ནོ། །ཞེས་དང༌། འཕགས་པ་དཔལ་ཕྲེང་གི་མདོར་ཡང༌། རྣམ་པར་དབྱེར་མེད་པ་བསམ་གྱིས་ མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུར་བསྟན་པ་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་ 5-1-182 སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ བགྱིའོ། །ཞེས་གསུངས་སོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང༌། བདག་དང་གཞན་དུ་འཛིན་ སྤངས་ཤིང༌། །རང་གིས་རིག་པའི་ཡེ་ཤེས་ཏེ། །དངོས་དང་དངོས་མེད་བདག་ཉིད་མཆོག། མཁའ་མཉམ་སྟོང་པ་རྡུལ་དང་བྲལ། །འདོད་ཆགས་ཆགས་བྲལ་འདྲེས་པ་སྟེ། །ཐབས་ དང་ཤེས་རབ་ཤིན་ཏུ་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མི་འགྱུར་དམ་པ་ སྟེ། །དེ་ཉིད་ཀྱིས་ནི་ཐམས་ཅད་ཁྱབ། །དེ་འདིར་སངས་རྒྱས་ཡེ་ཤེས་ཏེ། །དཔལ་ལྡན་ཧེ་རུ་ ཀ་ཞེས་བྱ། །ཞེས་ཏེ། སྲོག་ཆགས་རྣམས་ཀྱི་སྲོག་ཅེས་པ་དང༌། ཐམས་ཅད་ཁྱབ་ཅེས་པ་ནི། བདེ་གཤེགས་སྙིང་པོའི་དོན་ཡིན་ལ། དེ་ཉིད་སངས་རྒྱས་ཀུན་ཀྱི་ཡེ་ཤེས་དང་དཔལ་ཧེ་རུ་ ཀར་གསུངས་པའི་ཕྱིར། བདེ་གཤེགས་སྙིང་པོ་ཉིད་སངས་རྒྱས་དངོས་ཡིན་པར་ཤེས་པར་ བྱའོ། ། ༣༽ འཁོར་འདས་ཀྱི་ཆོས་ཉིད་ཐ་མི་དད་པར་གསུངས་པའི་ལུང་གིས་བསྒྲུབ་པ། གསུམ་པ་འཁོར་འདས་ཀྱི་ཆོས་ཉིད་ཐ་མི་དད་པར་གསུངས་པའི་ལུང་གིས་བསྒྲུབ་པ་ ནི། སངས་རྒྱས་ཀྱི་ཆོས་ཉིད་དང་སེམས་ཅན་གྱི་ཆོས་ཉིད་ཐ་དད་ཅུང་ཟད་ཀྱང་མེད་པའི་ ཕྱིར། སེམས་ཅན་ཐམས་ཅད་ལ་སངས་རྒྱས་གདོད་མ་ནས་བཞུགས་པར་ཤེས་པར་བྱའོ། ། འོ་ན་སངས་རྒྱས་དང་སེམས་ཅན་གྱི་ཆོས་ཉིད་ཐ་མི་དད་པ་ཉིད་དུ་གང་ལས་ཤེས་སྙམ་ ན། དཔལ་དགོངས་པས་ལུང་སྟོན་པའི་རྒྱུད་དུ། སྙིང་པོ་ཞེས་ནི་སངས་རྒྱས་ཀྱི། །ཆོས་ཉིད་ དག་པ་འདི་ཡིན་ཞིང༌། །སྔགས་ཀྱི་སྤྱོད་དོན་སྤྱོད་རྣམས་ཀྱིས། །བྱང་ཆུབ་སྤྱོད་པའི་མཆོག་ འདི་ཡིན། །ཞེས་སེམས་ཅན་[ཐམས་ཅད་]ལ་ཡོད་པའི་སྙིང་པོ་ཆོས་ཀྱི་དབྱིངས་དང་སངས་ རྒྱས་ཀྱི་ཆོས་ཉིད་ཐ་མི་དད་པར་གསུངས་སོ། །རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང༌། །དག་པ་དེ་བཞིན་ གཤེགས་སྙིང་པོ། །སེམས་དཔའ་སྙིང་པོ་ཞེས་པར་བཤད། །ང་ནི་དེ་བཞིན་གཤེགས་སྙིང་པོ། 194། སེམས་ཅན་ཐམས་ཅད་བདག་དང་མཚུངས། །ཞེས་པ་སྟེ། ང་ཞེས་པ་ནི་བཅོམ་ལྡན་འདས་ རྡོ་རྗེ་སེམས་དཔའ་འོ། །སེམས་ཅན་ཐམས་ཅད་བདག་དང་མཚུངས་ཞེས་པ་ནི་སེམས་ཅན་ གྱི་དབྱིངས་ཉིད་རྡོ་རྗེ་སེམས་དཔར་བསྟན་པ་ཡིན་ནོ། །དཔལ་བརྟག་པ་གཉིས་པར་ཡང༌། འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་ རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོངས་ ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ ནོ། །ཞེས་པ་སྟེ། དེའི་དོན་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་མ་དག་པས་བསྡུས་པ་རྣམས་ནི་ འཁོར་བ་དང་དེ་དག་གི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ནི་མྱ་ངན་ལས་འདས་ པ་ཡིན་ལ། འཁོར་བ་པ་རྣམས་ཀྱི་འཁོར་བའི་ཆོས་ཉིད་དེ་ཇི་ལྟ་བ་བཞིན་མ་རིག་པས་ན་ འཁོར་བ་ཉིད་དུ་སྣང་ཞིང༌། མ་རིག་པ་དང་བྲལ་ཏེ་འཁོར་བའི་སྣང་བ་མེད་པར་གྱུར་པ་ན་ མྱ་ངན་ལས་འདས་པ་ཞེས་བྱ་སྟེ་དེ་ལྟར་ན་འཁོར་བའི་ཆོས་ཉིད་དེ་ཉིད་མྱ་ངན་ལས་འདས་ པ་ཡིན་པས་འཁོར་བ་ཉིད་མྱ་ངན་ལས་འདས་པ་ལྟ་བུར་བསྟན་ཞིང་ཡང་དེ་ཉིད་པྲ་ཕབ་པའི་ སྣང་བ་ལྟར་རྣལ་འབྱོར་པ་སོ་སོ་རང་རིག་པའི་ཡེ་ཤེས་ལ་འཁོར་བའི་རྣམ་པར་ཡང་སྣང་ཞིང་ ངོ་བོ་དོན་དམ་བྱང་ཆུབ་ཀྱི་སེམས་མྱ་ངན་ལས་འདས་པ་ཡིན་པས་ཀུན་རྫོབ་དོན་དམ་པའི་ ཚུལ་ཅན་ཞེས་བྱའོ། །དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང༌། ང་ནི་ཁོ་ན་ཆོས་ཆེན་པོ། །ང་ནི་ཆོས་ ཀྱི་སྙིང་པོར་བཤད། །དེ་བས་ང་ནི་རྒྱལ་པོ་ཆེ། །ང་ནི་སྲིད་པ་གསུམ་དུ་བསྒྲགས། །འཇིག་ རྟེན་གསུམ་ནི་ཅི་ཡིན་བརྗོད། །འདོད་པའི་འཇིག་རྟེན་དེ་བཞིན་གཟུགས། །གཟུགས་མེད་ པ་ཡི་སྐྱེ་དགུ་རྣམས། །འཇིག་རྟེན་གསུམ་པོ་ཞེས་པ་སྟེ། །རང་བྱུང་ང་ཉིད་ཁོ་ན་ཉིད། །ཅེས་ འཁོར་བའི་དེ་བཞིན་ཉིད་དེ་ཁོ་ན་རྡོ་རྗེ་སེམས་དཔར་གསུངས་སོ། །འཕགས་པ་བརྒྱད་སྟོང་ 5-1-183 པར་ཡང༌། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་ བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་དོ། །ཞེས་དང༌། འཕགས་པ་ཡོན་ཏན་རིན་ཆེན་སྡུད་པར་ཡང༌། འདས་པའི་ དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ ཐམས་ཅད་བྱེ་བྲག་མེད། །ཅེས་དང༌། རྒྱུད་བླ་མར་ཡང༌། ཤེས་བྱའི་མཐར་ཐུག་རྟོགས་པའི་ བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། མཐོང་ ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་པ་དང༌། སོ་སོའི་སྐྱེ་འཕགས་རྫོགས་སངས་ཀྱིས། །དེ་བཞིན་ ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་གཟིགས་པའི་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་འདི་ བསྟན་ཏོ། །ཞེས་དང༌། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་ གསུངས་སོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་ཉིད་དང༌། སེམས་ཅན་གྱི་ཆོས་ཉིད་ལ་ཁྱད་པར་ ཤིན་ཏུ་ཕྲ་བ་ཡང་མེད་ལ་སངས་རྒྱས་ཀྱི་ཆོས་ཉིད་ཁོ་ན་དོན་དམ་པའི་སངས་རྒྱས་ཡིན་པའི་ ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཆོས་ཀྱི་སྐུ་ཡོན་ཏན་ཐམས་ཅད་དང་ལྡན་པ་རྟག་ ཏུ་བཞུགས་པས་ན། རྣལ་འབྱོར་པས་བདག་ཉིད་ཀྱི་ལུས་ལའང་དེ་ལྟར་ཤེས་པར་བྱའོ། ། ༤༽ དེ་དག་ལ་ནི་མི་འཐད་པར་སེམས་པའི་ལོག་པར་རྟོག་པ་བསལ་བ། བཞི་པ་དེ་དག་ལ་མི་འཐད་པར་སེམས་པའི་ལོག་པར་རྟོག་པ་བསལ་བ་ནི། འོ་ན་ སེམས་ཅན་ཐམས་ཅད་དང་པོ་ནས་སངས་རྒྱས་ཉིད་ཡིན་པར་འགྱུར་ཞིང་ལམ་ལ་འབད་ པ་བྱ་མི་དགོས་པར་འགྱུར་རོ་སྙམ་ན། སེམས་ཅན་ལ་སངས་རྒྱས་ཡེ་ནས་བཞུགས་པ་ཡིན་ ཡང༌། སེམས་ཅན་ཉིད་སངས་རྒྱས་ཡིན་པར་མི་འགྱུར་ཏེ། སེམས་ཅན་གྱིས་གློ་བུར་གྱི་ 5-1-184 དྲི་མ་མ་བསལ་བའི་ཕྱིར་རོ། །དཔལ་བརྟག་པ་གཉིས་པར། སེམས་ཅན་རྣམས་ནི་སངས་ རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་ དང༌། དཔལ་དུས་ཀྱི་འཁོར་ལོར་ཡང༌། སེམས་འདི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་ པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་དང༌། རྒྱུད་བླ་མར། མ་དག་མ་དག་ དག་པ་དང༌། ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། ། དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གློ་བུར་གྱི་དྲི་མ་རྣམ་པར་མ་དག་པའི་གནས་ སྐབས་ན་སེམས་ཅན་དང༌། གློ་བུར་གྱི་དྲི་མ་ཐམས་ཅད་མ་དག་ཅིང་ཅི་རིགས་པ་དག་པའི་ གནས་སྐབས་ནི་བྱང་སེམས་དང༌། གློ་བུར་གྱི་དྲི་མ་མ་ལུས་པར་ཤིན་ཏུ་རྣམ་པར་དག་པའི་ གནས་སྐབས་ནི་སངས་རྒྱས་ཞེས་བྱའོ། །འོ་ན་བདེ་བར་གཤེགས་པའི་སྙིང་པོའང་སངས་ རྒྱས་ཡིན་པར་མི་འགྱུར་ཏེ་གློ་བུར་གྱི་དྲི་མ་དང་བཅས་པའི་ཕྱིར་རོ་སྙམ་ན། མི་མཚུངས་ཏེ། བདེ་གཤེགས་སྙིང་པོ་དྲི་མ་དང་བཅས་ཞེས་པ་སེམས་ཅན་ལ་ལྟོས་ནས་བཞག་པ་ཡིན་གྱི་ བདེ་གཤེགས་སྙིང་པོའི་ངོ་བོ་ལ་ནི་དྲི་མས་ནམ་ཡང་གོས་པ་མེད་དེ། རྒྱུད་བླ་མར། སེམས་ ཅན་རྣམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནའོ། །སེམས་ཀྱི་རང་བཞིན་དྲི་ མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཅེས་དང༌། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ ཕྱིར་ཇི་ལྟར་ཉིད་དེ་ཡང༌། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ ཟད་ཕྱིར་རོ། །ཞེས་དང༌། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས་ ཀྱང༌། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། ། ཞེས་པ་དང༌། ཆོས་ཀྱི་དབྱིངས་ཀྱི་བསྟོད་པར་ཡང༌། །ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་ དྲི་མ་བྲལ། །ཞེས་གསུངས་སོ། །དེ་ལྟ་ན་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་སངས་ 5-1-185 རྒྱས་ཆོས་ཀྱི་སྐུ་ཡིན་པར་མི་རིགས་ཏེ། མ་དག་མ་དག་དག་པ་དང༌། །ཞེས་སོགས་ཀྱི་འགྲེལ་ པར། འདི་ལྟ་སྟེ། མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་གྱི་ཁམས་ཞེས་བྱ་བ་དང༌། མ་དག་པ་དང་དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། ཤིན་ ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ཞེས་གསུངས་ པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། སེམས་ཅན་ཡིན་པ་དང་སངས་རྒྱས་ཡིན་པ་འགལ་བར་མི་ འགྱུར་གྱི། སེམས་ཅན་གྱི་ཁམས་ཡིན་པ་དང་སངས་རྒྱས་ཡིན་པ་ནི་ཅུང་ཟད་ཀྱང་མི་འགལ་ ཏེ། རྒྱུད་བླ་མའི་འགྲེལ་པར། འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པའི་མདོའི་ ལུང་གོང་དུ་དྲངས་པ་ཉིད་ལས་ཤེས་པར་བྱའོ། །དེ་བཞིན་དུ་སེམས་ཅན་གྱི་ཆོས་ཉིད་ནི་དྲི་ མ་དང་བཅས་པ་དང༌། སངས་རྒྱས་ཀྱི་ཆོས་ཉིད་ནི་དྲི་མ་དང་བྲལ་བར་གནས་གྱུར་པ་ཡིན་ པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཉིད་དང་སེམས་ཅན་གྱི་ཆོས་ཉིད་ལ་ཁྱད་པར་ཡོད་དམ་སྙམ་ དུ་ཡང་བསམ་པར་མི་བྱ་སྟེ། སེམས་ཅན་གྱི་ཆོས་ཉིད་ཀྱང་གདོད་མ་ནས་དྲི་མས་མ་གོས་པ་ ཡིན་ཞིང་ཆོས་ཉིད་དེ་དྲི་བྲལ་དུ་གནས་གྱུར་པ་ནི་སེམས་ཅན་གྱི་སངས་རྒྱས་ཐོབ་པའི་དབང་ དུ་བྱས་པ་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་བསམ་གྱིས་མི་ཁྱབ་ སྟེ། རྒྱུད་བླ་མར། དག་དང་ཉོན་མོངས་དག་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། ། རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་པ་སྟེ། དེའི་དོན་ ནི། འཕགས་པ་ཐོགས་མེད་ཀྱིས་བཤད་པ། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཅིག་ ཅར་དུས་གཅིག་ཏུ་རྣམ་པར་དག་པ་ཡང་ཡིན་ལ་ཀུན་ནས་ཉོན་མོངས་པ་ཡང་ཡིན་པའི་ཕྱིར་ གནས་འདི་བསམ་གྱིས་མི་ཁྱབ་སྟེ་ཞེས་དང༌། དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྔར་དྲི་ མས་ཀུན་ནས་ཉོན་མོངས་པར་མ་གྱུར་པར་ཕྱིས་རྣམ་པར་དག་པའི་ཕྱིར་གནས་འདི་བསམ་ གྱིས་མི་ཁྱབ་པོ། །ཞེས་དང༌། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ 5-1-186 ནས་ཉོན་མོངས་པ་སོ་སོ་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་ པར་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། ཞེས་དང༌། དེ་ལྟར་རྒྱལ་ བའི་མཛད་པ་ནི་ཅིག་ཅར་སེམས་ཅན་ཐམས་ཅད་ལ་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་ རྣམ་པར་མི་རྟོག་པར་བསམ་པ་ཇི་ལྟ་བ་དང་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ ལ་མ་ཚང་བ་མེད་ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་ སྟེ། ཞེས་དང༌། འཕགས་པ་དཔལ་ཕྲེང་དང་སངས་རྒྱས་ཕལ་པོ་ཆེ་དང་དེ་བཞིན་གཤེགས་ པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོའི་ལུང་དང་སྦྱར་ཏེ་རྒྱ་ཆེར་གསུངས་སོ། །དེས་ན་དྲི་ མ་དང་བཅས་པའི་སེམས་ཅན་གྱི་ཆོས་ཉིད་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་བྲལ་བའི་ཡོན་ ཏན་རྣམས་མ་ལུས་པ་རྣམ་པར་དབྱེར་མེད་པར་ཚང་བའི་ཕྱིར། སེམས་ཅན་གྱི་ཆོས་ཉིད་དང་ སངས་རྒྱས་ཀྱི་ཆོས་ཉིད་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་རིག་པར་བྱའོ། །ཡང་ཁ་ཅིག་ འཁོར་བ་ཡང་རང་བཞིན་གྱིས་སྟོང་པ་མྱ་ངན་ལས་འདས་པ་ཡང་རང་བཞིན་གྱིས་སྟོང་པ་ ཡིན་པའི་ཕྱིར། ཡང་དག་པར་ན་འཁོར་བ་ཉིད་མྱ་ངན་ལས་འདས་པ་ཡིན་ཏེ། འཕགས་པ་ཀླུ་ སྒྲུབ་ཀྱིས། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་ པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། འཁོར་བའི་ རང་གི་ངོ་བོ་ངོ་མ་ཤེས་པ་ན་འཁོར་བ་ཡིན་ལ། ངོ་ཤེས་པ་ན་འཁོར་བ་ཉིད་སངས་རྒྱས་སུ་ བཞུགས་པ་ཡིན་ནོ། །ཞེས་སྨྲ་བ་ཡང་ཆེས་ཆེར་འཁྲུལ་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་ ནི་འཁོར་བའི་དེ་བཞིན་ཉིད་དང་མྱང་འདས་ཀྱི་དེ་བཞིན་ཉིད་ཁྱད་པར་མེད་པ་ལ་དགོངས་ པ་ཡིན་ཏེ་ཚིགས་སུ་བཅད་པ་དེ་ཉིད་ཀྱི་རྗེས་སུ། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་ འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། ། ཞེས་གསུངས་ཏེ། མཐའ་ཞེས་པ་ནི་འཁོར་འདས་ཀྱི་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་ 5-1-187 ཉིད་དོ། །དེས་ན་འཁོར་བ་དང་འཁོར་བའི་ཆོས་ཉིད་ནི་ཁྱད་པར་ཤིན་ཏུ་ཆེ་བས་ན། འཁོར་ འདས་མཉམ་པ་ཉིད་ཀྱི་མིང་ཙམ་ལ་མངོན་པར་མ་ཞེན་པར་དོན་གྱི་རྣམ་པར་དབྱེ་བ་ལ་ཤིན་ ཏུ་མཁས་པར་བྱའོ། །ཡང་ཁ་ཅིག ལང་ཀར་གཤེགས་པའི་མདོར། བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ནི་མུ་སྟེགས་བྱེད་བདག་དུ་སྨྲ་བ་ ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་ བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཞེས་གསུངས་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་ གཤེགས་པའི་སྙིང་པོ་བསྟན་པ་ནི་དྲང་བའི་དོན་ཡིན་གྱིས་ངེས་པའི་དོན་མ་ཡིན་ནོ་ཞེས་སྨྲ་བ་ རྣམས་ཀྱང༌། བཅོམ་ལྡན་འདས་ཀྱིས་བསྟན་པའི་དེ་ཁོ་ན་ཉིད་ལས་ཕྱི་རོལ་ཏུ་གྱུར་པ་{མ} ཡིན་ཏེ། དྲང་བའི་ཕྱིར་ཞེས་པ་ནི་བདེ་གཤེགས་སྙིང་པོ་སྟོན་པའི་དགོས་པ་བསྟན་པ་ཡིན་ གྱིས་དྲང་དོན་དུ་སྟོན་པ་ནི་མ་ཡིན་ནོ། །གཞན་ཡང༌། མདོ་དེ་ཉིད་དུ། བདེ་གཤེགས་སྙིང་བོ་ ངེས་པའི་དོན་ཉིད་དུ་བསྟན་ཏེ། ཇི་སྐད་དུ། བློ་གྲོས་ཆེན་པོ་དེ་ལྟ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་ བ་རྣམ་པར་བཟློག་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་ པར་བྱའོ། །འདི་ལྟ་སྟེ་ཆོས་སྟོང་པ་ཉིད་དང་སྐྱེ་བ་མེད་པ་དང་གཉིས་མ་ཡིན་པ་དང་རང་ བཞིན་མེད་པར་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲུབ་པའི་མཐའ་བླ་ན་ མེད་པའོ། །ཞེས་གསུངས་པས་སོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་དང་སྐྱེ་ བ་མེད་པ་ལ་སོགས་པའི་དོན་བསྟན་པ་ལ་དྲང་དོན་དང་ངེས་དོན་གྱི་ཁྱད་པར་ཅི་ཡང་མེད་དོ། ། རྒྱུད་བླ་མར་ཡང༌། དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ ཏེ། །དོན་གནས་རྣམ་བདུན་ཚུལ་བཞིན་བཤད་ལས་བདག་གིས་དགེ་བ་གང་ཐོབ་པ། །དེས་ ནི་འགྲོ་འདི་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང༌། །མཐོང་ནས་ཀྱང་ནི་ ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་{ས}ོ། །དཀོན་མཆོག་གསུམ་དང་ 5-1-188 རྣམ་པར་བྱང་བའི་ཁམས་བདེ་གཤེགས་སྙིང་པོ་དང་བྱང་ཆུབ་ཡོན་ཏན་ཕྲིན་ལས་གསུམ་སྟེ་ དོན་ལ་གནས་པ་རྣམ་པ་བདུན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཤད་ཅེས་གསུངས་པའི་ཕྱིར་ བདེ་གཤེགས་སྙིང་པོ་བསྟན་པ་ནི་ངེས་པའི་དོན་མཐར་ཐུག་པའོ། ། (༢) སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་སངས་རྒྱས་ཆོས་ཀྱི་ སྐུ་ཡིན་པར་བསྟན་པ་ལ་གསུམ། གཉིས་པ་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཡིན་པར་ བསྟན་པ་ལ་གསུམ་སྟེ། རང་བཞིན་དང་གློ་བུར་གྱི་སེམས་གཉིས་སུ་ཕྱེ་བའི་སྒོ་ནས་སེམས་ ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་ཡིན་པར་བསྒྲུབ། སྙིང་པོ་འོད་གསལ་གྱི་སེམས་ལ་ བཅིང་གྲོལ་མེད་ཅིང་གནས་ལུགས་མཐའ་བྲལ་གྱི་དོན་དུ་བསྟན་པ། སེམས་ཀྱི་རང་བཞིན་ འོད་གསལ་བ་ཡིན་ཡང་སེམས་ཅན་གྱིས་མི་མཐོང་བའི་རྒྱུ་མཚན་ནོ། ། ⑴ རང་བཞིན་དང་གློ་བུར་གྱི་སེམས་གཉིས་སུ་ཕྱེ་བའི་སྒོ་ནས་སེམས་ཀྱི་རང་ བཞིན་འོད་གསལ་ཆོས་ཀྱི་སྐུ་ཡིན་པར་བསྒྲུབ་པ། དང་པོ་ནི། འོ་ན་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་བཞུགས་པའི་སངས་རྒྱས་ ཆོས་ཀྱི་སྐུའི་ངོ་བོ་གང་ཡིན་ཞེ་ན། དེའི་ངོ་བོ་ནི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་ དག་ཅིང་འོད་གསལ་བ་འདི་ཡིན་ལ། དེ་ཉིད་ཆོས་ཅན་ཐམས་ཅད་ལ་ཀུན་ཏུ་འགྲོ་བའི་ཆོས་ ཀྱི་དབྱིངས་ཀྱང་ཡིན་ཏེ། རྒྱུད་བླ་མར། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། ། དེ་སྤྱིའི་མཚན་ཉིད་[ཉེས{ངེས་}པ་དང༌། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་ རྣམ་པ་དམན་པ་དང༌། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་སོ། །དེའི་དོན་ནི། 5-1-189 སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནམ་མཁའ་ལྟར་ བརྟན་པ་དང་གཡོ་བའི་དངོས་པོ་ཀུན་ལ་ཁྱབ་ཅིང༌། ས་དང་ཟངས་དང་གསེར་གྱི་སྣོད་རྣམས་ ལ་ནམ་མཁའ་བཟང་ངན་མེད་པར་ཡོད་པ་བཞིན་དུ། བདེ་གཤེགས་སྙིང་པོ་ཡང་སོ་སྐྱེས་ དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ལ་བཟང་ངན་གྱི་ཁྱད་པར་མེད་པར་ བཞུགས་ཞེས་པའོ། །འདིས་ནི་ཁ་ཅིག་བདེ་གཤེགས་སྙིང་པོ་སེམས་ཅན་ཁོ་ན་ལ་ཡོད་ཀྱིས་ བརྟན་པའི་དངོས་པོ་རྣམས་ལ་མེད་པར་འདོད་པ་བསལ་བ་ཡིན་ནོ། །དེ་ལ་འདིར་སེམས་ནི་ དབྱེ་གཞི་ལྟ་བུ་ཡིན་ལ་དེ་ལ་དབྱེ་བ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། གློ་བུར་གྱི་དྲི་མས་ བསྡུས་པའི་སེམས་དང་སེམས་ཀྱི་རང་བཞིན་འོད་གསལ་བའམ་རང་བཞིན་གྱིས་འོད་ གསལ་བའི་སེམས་སོ། །དེ་ལ་ཡང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། དཔལ་དུས་ཀྱི་འཁོར་ལོའི་རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད་དུ། དེ་ལྟར་འཁོར་བའི་ སེམས་ཀྱི་རང་བཞིན་གྱིས་སད་པ་ལ་སོགས་པའི་དབྱེ་བས་རྣམ་པ་བཞིར་ངེས་པའོ། །ཞེས་ སེམས་ཅན་རྣམས་ཀྱི་སད་པ་དང་རྨི་ལམ་དང་གཉིད་སྟུག་པོའི་སེམས་དང༌། བཞི་པའི་ གནས་སྐབས་འཛག་བདེའི་སེམས་དེ་བཞི་པོ་འཁོར་བའི་སེམས་སུ་གསུངས་ཤིང༌། དེ་དག་ གི་དབུས་སུ་རྡོ་རྗེ་ཅན་ནི། རང་བཞིན་མིན་ཞིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་མེད། ། ཅེས་པའི་འགྲེལ་བར། ས་ལ་སོགས་པ་འདི་དག་གི་དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ ཞིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་མེད་པའོ། །གང་གི་ཕྱིར་འཁོར་བའི་བག་ཆགས་ ལས་གྲོལ་བའི་སེམས་ཀྱི་ཆོས་ཡིན་པ་དེའི་ཕྱིར་གང་སེམས་ཡོད་པའི་སེམས་དེ་ནི་སེམས་མ་ ཡིན་ནོ། །ཞེས་འཁོར་བའི་སེམས་དང་བྲལ་བ་མྱ་ངན་ལས་འདས་པའི་སེམས་གཞན་ཡོད་པ་ ནི་རྡོ་རྗེ་ཅན་གྱི་མིང་གི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཞེས་འབྱུང་ངོ༌། །དེའི་དོན་ནི། ཁམས་ལྔ་ལ་སོགས་པ་རང་བཞིན་དང་རྣམ་འགྱུར་ཉི་ཤུ་རྩ་བཞི་ནི་ཁྱབ་བྱ་གློ་བུར་གྱི་དྲི་མ་ 5-1-190 ཡིན་ལ་དེའི་དབུས་ན་ཁྱབ་བྱེད་རྡོ་རྗེ་ཅན་དང་པོའི་སངས་རྒྱས་བཞུགས་པ་དེ་ནི་འཁོར་བའི་ བག་ཆགས་ལས་གདོད་མ་ནས་གྲོལ་བ་རང་བཞིན་འོད་གསལ་གྱི་སེམས་ཡིན་པས་གློ་བུར་ གྱི་དྲི་མའི་སེམས་མ་ཡིན་གྱི་རང་བཞིན་གྱིས་མྱ་ངན་ལས་འདས་པའི་སེམས་འཁོར་བའི་ སེམས་ལས་གཞན་བདེན་པར་ཡོད་པའི་སེམས་ཏེ། དེ་ལ་ནི་རྒྱུད་ཐམས་ཅད་དུ་བཅོམ་ལྡན་ འདས་རྡོ་རྗེ་འཛིན་པ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་པའོ། །འདིས་ནི་འཁོར་བ་ པའི་སེམས་འདི་ལ་རང་བཞིན་འོད་གསལ་མྱང་འདས་ཀྱི་སེམས་སྙིང་པོའི་ཚུལ་དུ་གནས་པ་ དང༌། སེམས་དེ་གཉིས་ཕན་ཚུན་གཅིག་གི་ངོ་བོར་གཅིག་ཡོད་པ་མ་ཡིན་པར་བསྟན་པའི་ ཕྱིར་གདོད་མ་ཉིད་ནས་རང་བཞིན་དང་གློ་བུར་གྱི་སེམས་ཆ་གཉིས་སུ་གནས་པར་ཤེས་པར་ བྱའོ། །དེ་ལྟར་རང་བཞིན་འོད་གསལ་གྱི་སེམས་དང་གློ་བུར་དྲི་མའི་སེམས་གཉིས་ངོ་བོ་ གཅིག་མ་ཡིན་ཞིང༌། ངོ་བོ་ཐ་དད་པ་ཡང་མ་ཡིན་ཏེ། ཆོས་ཅན་དང་ཆོས་ཉིད་ཡིན་པའི་ཕྱིར་ རོ། །འོ་ན་གཅིག་པ་དང་ཐ་དད་པའི་ཚུལ་ཇི་ལྟར་ཡིན་སྙམ་ན། མདོ་དགོངས་པ་ངེས་འགྲེལ་ ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དག །གཅིག་དང་ཐ་དད་བྲལ་བའི་མཚན་ ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། ། ཞེས་གསུངས་པ་ལྟར། ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ལ། སྤྱིར་ནི་གཅིག་ པ་བཀག་ཙམ་གྱི་ཐ་དད་ཡིན་ནོ། །བདེན་གཉིས་ཀྱི་གཅིག་དང་ཐ་དད་ཀྱི་ཚུལ་ཡང་འདི་ཉིད་ དོ། །ཚུལ་འདི་ནི་རྒྱལ་བའི་ཡུམ་གྱི་མདོར་ཡང་གསལ་བར་འབྱུང་སྟེ། འཕགས་པ་འཇིག་ རྟེན་དབང་ཕྱུག་གིས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། འདིར་དེ་བཞིན་གཤེགས་ པའི་ཡེ་ཤེས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་རྟོགས་པར་བྱེད་པ་ཞེས་བྱ་བ་སྟེ། དངོས་པོ་ཐམས་ཅད་མེད་པའི་མཚན་ཉིད་ཤིན་ཏུ་གཉིད་ལོག་པའི་སེམས་ནི་མ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་ཡང༌། སེམས་གང་ཞིག་ཡོད་པའི་སེམས་དེ་ 5-1-191 ནི་སེམས་མ་ཡིན་ནོ་ཞེས་པ་སྟེ་སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཞེས་ གསུངས་སོ། །དེའི་དོན་ནི། སངས་རྒྱས་ཀྱི་ཡེ་ཤེས་ནི་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟ་བ་ བཞིན་མཁྱེན་པ་ཡིན་གྱི་ཤིན་ཏུ་གཉིད་ལོག་པའི་སེམས་ལྟ་བུ་ཅི་ཡང་མ་མཁྱེན་ཞིང་སྣང་བ་ མེད་པ་མ་ཡིན་ལ་ཡེ་ཤེས་དེའི་ངོ་བོ་ཡང་སེམས་ཀྱི་རང་བཞིན་འོད་གསལ་ཉིད་ཡིན་ཞེས་ པའོ། །སེམས་ཀྱི་རང་བཞིན་འོད་གསལ་བ་འདི་ནི་སེམས་ཆེན་པོ་ཞེས་ཀྱང་བྱ་ཀུན་ཏུ་བཟང་ པོའི་ཐུགས་ཞེས་ཀྱང་བྱ་དཀྱིལ་འཁོར་དམ་པ་ཞེས་ཀྱང་བྱ། རྒྱལ་བ་རིགས་རྣམ་པ་ལྔ་ལ་ སོགས་པའི་ངོ་བོ་ཡང་ཡིན་ཏེ། དཔལ་གསང་བ་འདུས་པར། སེམས་ཅན་ཀུན་ཀྱི་སེམས་ཆེན་ པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་ འཁོར་དམ་པ་བཤད་དུ་གསོལ། །ཞེས་དང༌། དཔལ་བརྟག་པ་གཉིས་པར་ཡང༌། སེམས་ནི་ ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། ། སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་ པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡིས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཞེས་ ཏེ། དེའི་དོན་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་སེམས་ཆེན་པོ་གཅིག་ཉིད་རིགས་ལྔ་ ལ་སོགས་པ་ལྷའི་དབྱེ་བ་དུ་མར་འགྱུར་ལ། ལྷ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཡིན་ པས་ན་རང་བཞིན་གཅིག་པ་དང༌། བདེ་ཆེན་མཆོག་ཏུ་ཕན་པའི་སྐུ་དང་འདོད་ཆགས་ཆེན་པོ་ ལ་སོགས་པ་ཉོན་མོངས་པ་གཞན་ལྔའི་དབྱེ་བས་རིགས་ལྔའི་ངོ་བོར་བཞུགས་ཞེས་པའོ། ། ལང་ཀར་གཤེགས་པའི་མདོར་ཡང༌། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་ གཤེགས་པའི་སྙིང་པོ་དགེ།ཞེས་གསུངས་སོ། །འོ་ན། སེམས་ཀྱི་རང་བཞིན་འོད་གསལ་བ་ དེའི་རང་གི་ངོ་བོ་ཉིད་གང་ཡིན་ཞེ་ན། འདི་ཡི་ངོ་བོ་ནི། འཕགས་པ་འཇིག་རྟེན་དབང་ཕྱུག་ གིས་དྲི་མ་མེད་པའི་འོད་དུ་གསལ་བར་གསུངས་པ་ལྟར། ཁོང་དུ་ཆུད་པར་བྱ་སྟེ། ཇི་སྐད་དུ། 5-1-192 གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ ཀྱི་མཆོག་དང་ལྡན་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ ཕབ་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་རང་རིག་སེམས་ཀྱི་འོད་གསལ་མངོན་སུམ་དུ་ ནམ་མཁའ་ལ་སྣང་བ་འདོད་པའི་དོན་གྱིས་འབྲས་བུ་སྟེར་བ་སྟེ་འབྲས་བུ་ནི་འགྱུར་བ་མེད་ པའི་བདེ་བའི་ཡེ་ཤེས་ཀྱི་སེམས་སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་{དོན}ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་ སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ ཐམས་ཅད་དུ་རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་ པའི་ཚུལ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ་དེ་སྐད་དུ་ ཡང་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་མཛད་པ་དང་བཞིར་ངེས་པར་ བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ ནི། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །བཅོམ་ ལྡན་འདས་དེ་ཉིད་འབྲས་བུའི་མཚན་ཉིད་སྔགས་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་ དང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་སྤངས་པ་རྣམ་པར་ཤེས་ པའི་ཆོས་ཉིད་ལས་འདས་པ་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་སངས་ རྒྱས་རྣམས་ཀྱིས་འདུས་པ་དང་ལྷ་མོ་རྣམས་ཀྱི་སྡོམ་པ་ཡང་{ཡིན་}ཏེ་འདི་ནི་ཡེ་ཤེས་ཀྱི་སྐུ་ དང་ལྷན་ཅིག་རོ་མཉམ་པ་ཉིད་དོ་ཞེས་པ་ངེས་པའི་དོན་ཏོ། །ཞེས་གསུངས་སོ། །དེ་ལ་རང་ གི་སེམས་ཀྱི་འོད་གསལ་མངོན་དུ་ནམ་མཁའ་ལ་སྣང་བ་ཞེས་པ་ནི། རྩ་བའི་རྒྱུད་ཀྱི་དབང་ མདོར་བསྟན་པར། དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །སྒྲོན་མ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་ 5-1-193 དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་གསུངས་པ་སྟེ། རྣལ་ འབྱོར་པས་ཅིར་ཡང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནི་སོ་སོར་སྡུད་པའི་རྣལ་འབྱོར་ལ་ མཉམ་པར་གཞག་ན་མུན་ནག་གི་ནམ་མཁའ་དང་སྤྲིན་མེད་པའི་ནམ་མཁའ་ལ་ཁ་དོག་ དཀར་པོ་དུ་བ་དང་སྤྲིན་ལ་སོགས་པའི་རྣམ་པར་སྣང་བ་དང༌། སྨིག་རྒྱུ་དང་ཆུ་ལ་སོགས་པའི་ རྣམ་པར་སྣང་བ་དང༌། མཁའ་སྣང་ཞེས་པ་སྲིན་བུ་མེ་ཁྱེར་གྱི་རྣམ་པ་དང༌། སྒྲོན་མ་སྟེ་མར་མེ་ འབར་བའི་རྣམ་པ་དང༌། འབར་བ་ཞེས་པ་ཁ་དོག་དམར་པོའམ་སེར་པོ་མེ་འབར་བའི་རྣམ་ པ་དང༌། ཟླ་བའི་རྣམ་པ་དང༌། ཉི་མའི་རྣམ་པ་དང༌། མུན་ཅན་ཞེས་པ་སྒྲ་གཅན་ཏེ་རིན་པོ་ཆེ་ ནག་པོ་ལྟར་སྣང་བ་དང༌། ཆ་ཞེས་པ་གློག་ལྟ་བུ་དང༌། ཐིག་ལེ་ཆེ་ཞེས་པ་ཁ་དོག་སྔོན་པོ་ཟླ་ བའི་དཀྱིལ་འཁོར་གྱི་རྣམ་པ་དང༌། སྣ་ཚོགས་གཟུགས་བརྙན་ནི་ཤིན་ཏུ་དྭངས་ཤིང་གསལ་ བའི་བུམ་པ་དང༌། སྣམ་བུ་དང་བྲག་རི་དང་ལྗོན་ཤིང་ལ་སོགས་པའི་སྣང་བ་དང་མི་དང་དུད་ འགྲོ་ལ་སོགས་པའི་སྣང་བ་སྟེ། མདོར་ན་ཏིང་ངེ་འཛིན་ཁྱད་པར་ཅན་འདི་ཡི་ཉམས་ཀྱི་སྣང་ བ་བརྗོད་ཀྱིས་མི་ལང་བ་རྣམས་ནི་རང་གི་སེམས་ཀྱི་རང་བཞིན་འོད་གསལ་བའི་སྣང་བ་ ཡིན་ལ། དེ་ཡང་རང་གི་སེམས་ཀྱིས་བརྟགས་པ་དང་འཁྲུལ་པ་ལ་སོགས་པ་ནི་མ་ཡིན་གྱི་ རྣལ་འབྱོར་པའི་མངོན་སུམ་ཉིད་ལ་སྣང་བའོ། །དེ་ལྟ་བུའི་སྣང་བ་འདི་ཆོས་ཉིད་བསམ་གྱིས་ མི་ཁྱབ་པའི་སྣང་བ་ཡིན་པས་གཞོན་ནུ་མའི་མེ་ལོང་ལ་པྲ་ཕབ་པའི་སྣང་བའི་དཔེས་མཚོན་ ནས་གསུངས་པའོ། །དེ་ལྟ་བུའི་ཆོས་དབྱིངས་འོད་གསལ་བ་འདི་རྣལ་འབྱོར་པའི་ཐོབ་བྱའི་ འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དང་རོ་གཅིག་པ་ ཉིད་ནི་སྟོང་བ་ཆེན་པོའི་སེམས་དང་བདེ་བ་ཆེན་པོའི་སེམས་གཅིག་པ་ཞེས་བྱ་ཞིང༌། རྒྱུད་སྡེ་ རྣམས་སུ་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་པ་ལ་སོགས་པར་གསུངས་པའི་ དོན་ཡང་འདི་ཉིད་ཡིན་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ངོ་བོ་ཉིད་ཀྱི་སྐུའམ་ཆོས་ཀྱི་སྐུ་ཞེས་ 5-1-194 གསུངས་པའི་དོན་ཡང་འདི་ཉིད་ཡིན་ཏེ། མདོར་ན་འདི་ནི་ངེས་པའི་དོན་མཐར་ཐུག་པ་ཡིན་ པར་ཤེས་པར་བྱའོ། །འོ་ན་དཔལ་བརྟག་པ་གཉིས་པར། རང་དང་རང་གི་རྟོགས་པ་ལས། ། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དམྱལ་བ་ཡི་དྭགས་ བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ ལྷ་མ་ཡིན་གྱི་འང༌། །བདེ་བ་གང་ཕྱིར་མི་ཤེས་པས། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་ རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་ སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་སེམས་ཅན་ཉིད་སངས་རྒྱས་ ཡིན་པ་དང་སེམས་ཅན་ཀྱི་རང་བཞིན་བདེ་བ་ཆེན་པོ་ཡིན་པ་དང་སེམས་ཉིད་རྫོགས་པའི་ སངས་རྒྱས་ཡིན་གྱི། དེ་དག་ལས་གཞན་པའི་སངས་རྒྱས་མི་རྙེད་ཅིང་བསྟན་དུ་མེད་པར་ གསུངས་པའི་ཕྱིར། །ད་ལྟར་གྱི་སེམས་ཉིད་འདི་མ་ཡིན་པའི་སེམས་ཀྱི་རང་བཞིན་འོད་ གསལ་པྲ་ཕབ་པའི་སྣང་བ་དང་མཚུངས་པ་ཞིག་[སངས་རྒྱས]ཆོས་ཀྱི་སྐུ་དང་ལྷན་ཅིག་སྐྱེས་ པའི་སྐུ་ལ་སོགས་པ་ཡིན་པར་མ་རིགས་སོ་ཞེ་ན། ལུང་དེའི་དགོངས་པ་སྒྲ་ཇི་བཞིན་པ་དེ་ནི་ མ་ཡིན་གྱི། དེའི་དོན་ནི། སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་པའི་སེམས་ཅན་འགའ་ཡང་ མེད་པ་དང་འགྲོ་བ་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཉིད་བདེ་བ་ཆེན་པོའི་ངོ་བོ་ ཡིན་པ་དང༌། སེམས་{ཅན་}ཀྱི་རང་བཞིན་འོད་གསལ་བ་ཉིད་རྫོགས་པའི་སངས་རྒྱས་ཀྱི་ ཆོས་ཀྱི་སྐུ་ཡིན་པ་ལ་དགོངས་པར་ཤེས་པར་བྱའོ། །ད་ལྟ་ནི་ཕྱག་རྒྱ་ཆེན་པོར་སྨྲ་བར་འདོད་ པ་མང་པོ་དག་ན་རེ། །སེམས་ཀྱིས་སེམས་ཉིད་རང་གི་ངོ་བོ་ལ་བལྟས་པ་ན་ཉམས་སུ་མྱོང་ བའི་སེམས་ཉིད་མ་བཅོས་པ་རིག་ཙམ་ས་ལེ་བ་འདི་ཉིད། རང་བཞིན་འོད་གསལ་བ་ཕྱག་རྒྱ་ ཆེན་པོའི་ཡེ་ཤེས་ཆོས་ཀྱི་སྐུ་ཡིན་གྱི། འདི་ལས་གཞན་པའི་འོད་གསལ་ཆོས་ཀྱི་སྐུ་ནམ་ཡང་ མི་རྙེད་དོ་ཞེས་ཟེར་མོད། འདི་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ 5-1-195 གསུངས་པའི་སེམས་ཀྱི་རང་བཞིན་འོད་གསལ་བའི་མཚན་ཉིད་རྣམ་པ་ཀུན་ཀྱི་མཆོག་དང་ ལྡན་པ་དང༌། གཞོན་ནུ་མའི་མེ་ལོང་ལ་པྲ་ཕབ་པའི་སྣང་བ་དང་མཚུངས་པ་ལ་སོགས་པ་མ་ ཚང་བའི་ཕྱིར་སེམས་ཀྱི་རང་བཞིན་འོད་གསལ་བ་མ་ཡིན་གྱི། འདི་ནི་རྣམ་པར་ཤེས་པའི་ ཆོས་ལས་མ་འདས་པ་འཁོར་བའི་སེམས་ཀྱི་གནས་ལུགས་སེམས་རང་གི་ངོ་བོས་སྟོང་བ་ ཡིན་ཞེས་བྱ་བ་ཡིན་ཏེ། འདི་ཡི་གནས་ལུགས་ནི། བཅོམ་ལྡན་འདས་ཀྱིས་དཀོན་མཆོག་ བརྩེགས་པའི་མདོར། འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་ནི་ མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན་ ད་ལྟར་བྱུང་པ་ཡང་མ་ཡིན་ནོ། །གང་འདས་པ་མ་ཡིན་མ་འོངས་པ་མ་ཡིན་ད་ལྟར་བྱུང་པ་ ཡང་མ་ཡིན་པ་དེ་ལ་ངོ་བོ་ཉིད་མེད་དོ། །གང་ངོ་བོ་ཉིད་མེད་པ་དེ་ལ་འབྱུང་བ་མེད་དོ། །གང་ འབྱུང་བ་མེད་པ་དེ་ལ་འགག་པ་མེད་དོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཞན་ཡང་ སེམས་ཀྱི་རང་བཞིན་འོད་གསལ་བ་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བར་ བྱ་བ་ཡིན་པར་གསུངས་ལ། སེམས་རྣམ་པར་ཤེས་པ་འདི་ནི་རང་གིས་རང་རིག་ཅིང་མྱོང་བ་ ཡང་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོར། གཟུང་དང་འཛིན་པའི་དངོས་པོར་ནི། ། གལ་ཏེ་སེམས་ནི་འཇུག་འགྱུར་ན། །དེ་ནི་འཇིག་རྟེན་པ་ཡི་སེམས། །སེམས་ཙམ་དུ་ཡང་མི་ རུང་ངོ༌། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །གལ་ཏེ་རྨི་ལམ་འདྲར་སྐྱེས་ན། །སེམས་ནི་ རྣམ་པ་གཉིས་སུ་འགྱུར། །སེམས་ལ་གཉིས་ཀྱི་མཚན་ཉིད་མེད། །ཇི་ལྟར་རལ་གྲི་རང་སོ་ དང༌། །ཇི་ལྟར་མཛུབ་མོ་རང་རྩེ་ལ། །མི་གཅོད་རེག་པར་མི་འགྱུར་བ། །དེ་བཞིན་སེམས་ ཀྱིས་སེམས་མི་མཐོང༌། །ཞེས་གསུངས་ཤིང༌། གཙུག་ན་རིན་པོ་ཆེ་དང་དཀོན་མཆོག་སྤྲིན་གྱི་ མདོ་ལས་ཀྱང༌། སེམས་ཀྱིས་སེམས་མི་མཐོང་ངོ༌། །ཞེས་གསུངས་སོ། གཞན་ཡང་སེམས་ གསལ་ཞིང་རིག་ཙམ་འདི། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པར་སྨྲ་བ་ནི་སེམས་ 5-1-196 ཙམ་པའི་གྲུབ་མཐའ་དང་རྗེས་སུ་མཐུན་པ་ཡིན་ལ། སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པ་ སེམས་ཀྱི་རང་བཞིན་ཡིན་པར་སྨྲ་བ་ནི་ཤིན་ཏུ་འགལ་བ་སྟེ། ཅིར་ཡང་མ་གྲུབ་པ་རང་བཞིན་ དང་འོད་གསལ་བ་གཉི་ག་མི་འཐད་པའི་ཕྱིར་རོ། ། ⑵ སྙིང་པོ་འོད་གསལ་གྱི་སེམས་ལ་བཅིང་གྲོལ་མེད་ཅིང་གནས་ལུགས་ མཐའ་བྲལ་གྱི་དོན་དུ་བསྟན་པ། གཉིས་པ་སྙིང་པོ་འོད་གསལ་གྱི་སེམས་ལ་བཅིང་གྲོལ་མེད་ཅིང་གནས་ལུགས་མཐའ་ བྲལ་གྱི་དོན་དུ་བསྟན་པ་ནི། འདིར་འགའ་ཞིག་འཁོར་བའི་གནས་སྐབས་ཀྱི་སེམས་འདི་ ཉིད་འཁོར་བའི་བག་ཆགས་ལས་གྲོལ་བས་ན་རང་བཞིན་གྱིས་འོད་གསལ་བ་མྱ་ངན་ལས་ འདས་པའི་སེམས་སུ་འགྱུར་བ་མ་ཡིན་ནམ། འཁོར་བའི་སེམས་ཀྱིས་བསྡུས་པ་གློ་བུར་གྱི་ དྲི་མའི་དབུས་ན་རང་བཞིན་གྱིས་འོད་གསལ་མྱང་འདས་ཀྱི་སེམས་ཡོད་པར་མི་རིགས་སོ། ། གལ་ཏེ་ཡོད་ན་གློ་བུར་གྱི་དྲི་མས་བསྒྲིབས་པའི་ཕྱིར་འོད་གསལ་བ་ཉིད་དུ་མི་འཐད་དོ་སྙམ་ ན་སྐྱོན་འདི་ནི་མེད་དེ། གློ་བུར་གྱི་དྲི་མའི་དབུས་ན་རང་བཞིན་གྱིས་འོད་གསལ་བའི་སེམས་ གནས་པར་གོང་དུ་དྲངས་པའི་ལུང་འགའ་ཞིག་གིས་གསལ་བར་བསྟན་ཞིང༌། ལང་ཀར་ གཤེགས་པའི་མདོར་ཡང༌། སེམས་ནི་རང་བཞིན་འོད་གསལ་བ། །ཡིད་ལ་སོགས་པའི་ཉོན་ མོངས་དང༌། །བདག་དང་ལྷན་ཅིག་ལྡན་པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །ཞེས་ འོད་གསལ་གྱི་སེམས་དེ་ཉོན་མོངས་པ་ཅན་གྱི་ཡིད་ལ་སོགས་པ་ཉོན་མོངས་པ་དང་བདག་ འཛིན་ལ་སོགས་པའི་གློ་བུར་གྱི་དྲི་མ་དང་ལྷན་ཅིག་ཏུ་གནས་པར་གསུངས་སོ། །དེ་ལྟར་ སེམས་ཀྱི་རང་བཞིན་འོད་གསལ་དེ་ཐོག་མ་མེད་པའི་དུས་ནས་གློ་བུར་གྱི་དྲི་མ་དང་ལྷན་ ཅིག་གནས་ཀྱང་གློ་བུར་གྱི་དྲི་མས་བཅིངས་པའམ་ཉོན་མོངས་པར་བྱས་པ་ཡང་མ་ཡིན་ལ། 5-1-197 ཕྱིས་སངས་རྒྱས་པ་ན་གློ་བུར་གྱི་དྲི་མ་ལས་གྲོལ་ཞེས་ཀྱང་མི་བྱ་སྟེ། ཇི་སྐད་དུ། དཔལ་དུས་ ཀྱི་འཁོར་ལོར། བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་ དེ་བཞིན་ནོ། །ཞེས་སོ། །དེའི་དོན་ནི། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས་འགྲེལ་ པར་གསུངས་པ། མྱ་ངན་ལས་འདས་པའི་སེམས་འཁོར་བ་ལས་འདས་པ་ཐམས་ཅད་ཀྱི་ ལུས་ལ་གནས་པ་ནི་གང་གིས་ཀྱང་མ་བཅིངས་ཤིང་མ་བཀྲོལ་བའོ། །བུམ་པའི་ནང་དུ་ཆུ་ནི་ ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ ཅན་ཞེས་པ་སྟེ་སྟོང་པ་ལ་སོགས་པའི་རྣམ་པར་ཐར་བས་རྣམ་པར་དག་པའི་སེམས་ནི་མཁའི་ རྡོ་རྗེ་ཅན་ནོ། །ཡུལ་དང་རྣམ་པར་བྲལ་བ་ཞེས་པ་ཡོན་ཏན་མེད་པ་སྟེ་དེ་ཙམ་ལ་སོགས་པ་ དང་སྙིང་སྟོབས་དང་རྡུལ་དང་མུན་པ་དང་བྲལ་བ་ཞེས་པ་ནི་སད་པ་དང་རྨི་ལམ་དང་ཤིན་ཏུ་ གཉིད་ལོག་པ་དང་བཞི་པ་དང་བྲལ་བ་ཞེས་པའི་དོན་དེ་རང་བཞིན་མེད་པ་ལུས་ཀྱི་དབུས་ སུ་དེ་བཞིན་ནོ། །རྟག་པ་{དང་}དངོས་པོ་དང་ཆད་པ་དངོས་པོ་མེད་པ་སྟེ་དེ་དག་གང་ལ་མེད་ པ་[དེ་]ནི་རྡོ་རྗེ་ཅན་ཏེ་རྣམ་པར་དག་པའི་སེམས་སོ་ཞེས་པའི་དོན་ཏོ། །འཁོར་བ་དང་མྱ་ངན་ ལས་འདས་པའི་སེམས་ངེས་པའོ། །ཞེས་སོ། །དེ་ཡང་སྟོང་པ་ལ་སོགས་པའི་རྣམ་པར་ཐར་ བས་རྣམ་པར་དག་པ་ཞེས་པ་ནི་ལམ་གྱི་རྣམ་པར་ཐར་བ་རྣམས་ཀྱིས་སྔར་མ་དག་པ་གསར་ དུ་དག་པར་བྱས་པ་ནི་མ་ཡིན་གྱིས། སེམས་ཀྱི་རང་བཞིན་འོད་གསལ་ལ་ཡེ་ནས་གནས་ པའི་རྣམ་པར་ཐར་བ་རྣམས་ཀྱིས་འོད་གསལ་གྱི་སེམས་ཉིད་གདོད་ནས་རྣམ་པར་དག་པར་ གྱུར་པའོ། །དེ་ཙམ་ལ་སོགས་པ་དང་སྙིང་སྟོབས་དང་རྡུལ་དང་མུན་པ་དང་བྲལ་བ་ཞེས་པ་ ནི་ཟླ་བའི་ཡོན་ཏན་སྒྲ་དེ་ཙམ་ལ་སོགས་ཡུལ་ལྔ་དང༌། ཉི་མའི་ཡོན་ཏན་སྙིང་སྟོབས་ཏེ་སད་ པའི་གནས་སྐབས་དང༌། རྡུལ་ཏེ་རྨི་ལམ་གྱི་གནས་སྐབས་དང༌། མུན་པ་སྟེ་ཤིན་ཏུ་གཉིད་ 5-1-198 ལོག་པའི་གནས་སྐབས་གསུམ་དང་བྲལ་ཞིང༌། བཞི་པའི་གནས་སྐབས་དང་ཡང་བྲལ་བས་ སོ། །རྒྱུད་བླ་མར་ཡང༌། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་ བཞིན་དུ་འགྱུར་མེད་དེ། །ཡང་དག་མི་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་ དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་སོ། །འོ་ན་སེམས་གྱི་རང་བཞིན་འོད་གསལ་དེའི་ གནས་ལུགས་ཡང་དག་པའི་དོན་མ་ཡིན་པར་འགྱུར་ཏེ་རྟག་པ་འགྱུར་མེད་ཡིན་པས་ན་རྟག་ པའམ་ཡོད་པའི་མཐར་ལྷུང་བའི་ཕྱིར་རོ་སྙམ་ན། འདི་ཉིད་ཁོ་ན་གནས་ལུགས་མཐའ་དང་ བྲལ་བའི་དོན་ཡིན་ཏེ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས་དྲི་མ་མེད་པའི་འོད་དུ། དེའི་ཕྱིར་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་ཅན་དང་སྟོང་པ་ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་ ཏེ་འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར་སེམས་གང་ཡོད་པའི་སེམས་དེ་ནི་སེམས་ མེད་པ་རྟག་པ་དང་ཆད་པའི་ཆོས་ཀྱི་མཚན་ཉིད་དང་བྲལ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་ མེད་པའོ། །ཞེས་གསུངས་ལ། རྟག་ཆད་ཀྱི་མཐའ་ཡོད་མེད་ཀྱི་མཐའ་དང་བྲལ་བའི་དོན་ ཡང་བཤད་མ་ཐག་པའི་གཞུང་དེའི་གོང་ཉིད་དུ། འདིར་ཡང་སྟོང་པ་ཉིད་སྙིང་རྗེའི་བདག་ ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་གཞོན་ནུ་མ་ལ་པྲ་ཕབ་པ་ལྟ་བུ་ནི་གཟུགས་ཀྱི་ མཚན་ཉིད་མ་ཡིན་ཏེ་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མ་ཡིན་ ཏེ་སྟོང་པ་ལ་ཡོད་པའི་ཕྱིར་རོ་ཞེས་གསུངས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བདེ་ སྟོང་གཉིས་མེད་སྣ་ཚོགས་སྟོང་པ་ཉིད་ཀྱི་གཟུགས་འདི་ནི་དུ་བ་ལ་སོགས་པའི་གཟུགས་ ཀྱི་རྣམ་པར་སྣང་ཡང་གཟུགས་ཀྱི་རྡུལ་ཕྲ་རབ་མེད་པས་གཟུགས་མ་ཡིན་པ་ནི་རྟག་པའམ་ ཡོད་པའི་མཐའ་ལས་འདས་པ་ཡིན་ལ། རྣལ་འབྱོར་པའི་མངོན་སུམ་གྱི་ནམ་མཁའ་སྟོང་པ་ ལ་གསལ་བར་སྣང་བའི་དོན་དུ་ཡོད་པ་ནི་མེད་པའམ་ཆད་པའི་མཐའ་ལས་འདས་པ་ཡིན་ ནོ། །དེ་བཞིན་དུ་གཞོམ་མེད་ཀྱི་སྒྲ་དང་དྲི་དང་རོ་དང་རེག་བྱ་སྒྲ་སོགས་ཀྱི་རྣམ་པར་སྣང་བ་ 5-1-199 རྣམས་ལའང་མཐའ་དང་བྲལ་བའི་ཚུལ་ཤེས་པར་བྱའོ། །གནས་ལུགས་མཐའ་བྲལ་གྱི་དོན་ འདི། རྗེ་བཙུན་བྱམས་པས་ཀྱང་རྒྱུད་བླ་མར་གསུངས་ཤིང་འཕགས་པ་ཐོགས་མེད་ཀྱིས་རྣམ་ པར་བཤད་པ་ནི། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ ཞེ་ན། འདི་ལ་བསལ་བྱ་ཅི་ཡང་མེད། །[བཞག་{བསྣན}པར་བྱ་བ་ཅུང་ཟད་མེད། །ཡང་དག་ ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ ཆོས་ཀྱི་སྟོང་མ་ཡིན། །འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་ཡོངས་སུ་དག་པ་དེ་ བཞིན་གཤེགས་པའི་ཁམས་འདི་ལ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ ནི་འགའ་ཡང་མེད་དེ། གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་ རོ། །འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་གཞག་པར་བྱ་བ་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ ཏེ་རྣམ་པར་དབྱེ་བ་མེད་པའི་ཆོས་དག་པའི་ཆོས་ཉིད་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་ རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་བྲལ་བ་ཤེས་པ་ཉོན་ མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་བ་མི་ཤེས་ པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་ སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ༌། །ཞེས་ཡང་ དག་པར་རྗེས་སུ་མཐོང་ལ། གང་ཞིག་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་སྒྲོ་འདོགས་ པ་དང་སྐུར་བ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་ མཚན་ཉིད་བསྟན་ཏོ། །འདིའི་དོན་ནི། སེམས་ཀྱི་རང་བཞིན་འོད་གསལ་དེ་བཞིན་གཤེགས་ པའི་སྙིང་པོ་འདི་གློ་བུར་གྱི་དྲི་མ་མཐའ་དག་གིས་གདོད་མ་ནས་སྟོངས་ཤིང༌། ཡང་དག་ 5-1-200 མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཞེས། ཀུན་རྫོབ་འདུས་བྱས་ཀྱི་ ཆོས་རྣམས་ཀྱིས་གདོད་མ་ནས་སྟོང་པས་ན་སྒྲོ་འདོགས་པའི་མཐའ་དང་བྲལ་ཞིང༌། རྣམ་པར་ དབྱེ་བ་མེད་ཆོས་ཕྱིར། །ཞེས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ནམ་ ཡང་མི་སྟོང་བས་ན་སྐུར་བ་འདེབས་པའི་མཐའ་དང་ཡང་བྲལ་བ་ཡིན་ལ། གང་ཞིག་གང་ན་ མེད་པ་དེ་ནི་དེས་སྟོང་པ་དང་གང་ཞིག་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་ཅེས་བྱ་བ་ འདིས་སེམས་ཅན་གྱི་ཆོས་ཉིད་འོད་གསལ་བ་འདི་རང་གི་ངོ་བོས་མི་སྟོང་ཞིང་གཞན་འདུས་ བྱས་གློ་བུར་པ་རྣམས་ཀྱིས་སྟོང་པས་ན་སྟོང་པ་ཉིད་ཆེན་པོ་གཞན་སྟོང་ཞེས་བྱ་བ་ཡིན་པར་ བཞེད་དོ། ། དེ་ལྟ་བུ་འདི་ནི་ཡོད་མེད་རྟག་ཆད་ཀྱི་མཐའ་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་ དང་བྲལ་བའི་དོན་མཐར་ཐུག་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་དཔལ་ ཕྲེང་སེང་གེ་སྒྲའི་མདོ་དང་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལ་སོགས་པ་འཁོར་ལོ་ཐ་མའི་ ངེས་པའི་དོན་གྱི་མདོ་སྡེ་མང་པོ་རྣམས་སུ་གསལ་བར་སྟོན་ཅིང༌། རྒྱལ་བའི་ཡུམ་གྱི་མདོ་ རྣམས་སུ་ཡང་སྐབས་ཁ་ཅིག་ཏུ་རྟག་ཆད་ཀྱི་ལྟ་བ་དང་དབང་པོ་རྣོན་པོའི་འཛིན་པ་བཟློག་ པའི་དོན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་དུ་བསྟན་ ན་ཡང༌། ཡུམ་བར་མའི་བྱམས་པས་ཞུས་པའི་ལེའུ་ལ་སོགས་པའི་སྐབས་ལ་ལར་གཞན་སྟོང་ གི་དོན་འདི་ཉིད་གསལ་བར་སྟོན་ལ། ཁྱད་པར་དུ་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་སྟོང་པ་ཉིད་ ཀྱི་ཚུལ་འདི་ཉིད་གསལ་བར་གསུངས་སོ། །འོན་ཀྱང་རྣམ་པ་ཐམས་ཅད་དུ་གཞན་སྟོང་ཞེས་ པའི་མིང་དུ་བཏགས་པ་མེད་པ་ཙམ་གྱིས་རྣམ་པར་བཞག་པ་འདི་འཁྲུལ་ལོ་སྙམ་དུ་བསམ་ པར་མི་བྱ་སྟེ། མཁས་པ་རྣམས་ཀྱིས་དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ་ཞེས་ ཐུབ་པའི་དབང་པོ་སྲས་དང་བཅས་པ་རྣམས་ཀྱི་གཞུང་ལས་འབྱུང་བའི་ཕྱིར་རོ། །སྟོང་པ་ཉིད་ 5-1-201 ཉི་ཤུ་ལ་སོགས་པའི་རྣམ་གྲངས་སྟོན་པའི་སྐབས་སུ་རང་གི་ངོ་བོ་སྟོང་པ་ཉིད་ཅེས་འབྱུང་བ་ ལྟར་གཞན་གྱི་ངོ་བོ་སྟོང་པ་ཉིད་ཅེས་པ་ཡང་འབྱུང་ལ། མ་ནོར་བ་དེ་བཞིན་ཉིད་དང་གཞན་ མ་ཡིན་པ་དེ་བཞིན་ཉིད་དང་ཅེས་འབྱུང་བའི་ཕྱིར་སྟོང་པ་ཉིད་ཀྱི་ཁྱད་པར་འགའ་ཞིག་ལ་ གཞན་སྟོང་ཞེས་པའི་མིང་དུ་བཏགས་པ་མེད་པ་ཡང་མ་ཡིན་ནོ། །སྟོང་པ་ཉིད་སྨྲ་བའི་མཆོག་ འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཡང་འདི་དང་མཐུན་མོད། དགག་སྒྲུབ་ཀྱི་རྣམ་པར་བཞག་ པ་མང་པོ་སྤྲོས་ན་ཡི་གེ་ལ་འཇིགས་ཤིང་ལམ་གྱི་སྐབས་སུ་འང་སྟོན་པའི་ཕྱིར་འདིར་མ་བྲིས་ སོ། ། ⑶ སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ཡང་སེམས་ཅན་གྱིས་ མི་མཐོང་བའི་རྒྱུ་མཚན། གསུམ་པ་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ཡང་སེམས་ཅན་གྱིས་མ་མཐོང་བའི་ རྒྱུ་མཚན་ནི། འོ་ན་སེམས་ཀྱི་རང་བཞིན་འོད་གསལ་བ་རྣམ་པ་ཐམས་ཅད་པའི་སྟོང་ཉིད་ ཀྱི་གཟུགས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཆོས་ཀྱི་སྐུ་དེ་སེམས་ཅན་ཐམས་ཅད་ ཀྱི་རང་རང་གི་སེམས་ལ་རྟག་ཏུ་བཞུགས་པ་ཡིན་ན། དེ་སེམས་ཅན་རང་རང་གིས་མཐོང་ བར་རིགས་པ་ལ་མི་མཐོང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེའི་རྒྱུ་མཚན་ནི། སེམས་ཅན་ རྣམས་ཀྱི་རང་རང་གི་འཁོར་བའི་སེམས་གློ་བུར་གྱི་དྲི་མ་ཤིན་ཏུ་མཐུག་པོས་བསྒྲིབས་པའི་ རྒྱུ་མཚན་གྱིས། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་རྟོག་པའི་དྲ་བ་མ་བསལ་གྱི་བར་ དུ་ཅུང་ཟད་ཀྱང་མི་སྣང་ཞིང་མི་ཤེས་ཏེ། དཔལ་དུས་ཀྱི་འཁོར་ལོར། རྣམ་པ་ཀུན་ལྡན་ཡིན་ ཡང་མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཞེས་དང༌། མདོ་ སྡེ་རྒྱན་ལས་ཀྱང༌། འགྲོ་བ་དག་ན་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ ལུས་པ་ཡང་དེ་ལས་ཀུན་ཏུ་རྨོངས་པའི་བློ། །ཡོད་པ་ཀུན་ནས་སྤངས་ཏེ་མེད་པ་མངོན་ཞེན་ 5-1-202 གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཇི་ལྟ་བུ། །ཞེས་ཏེ། འོད་ གསལ་ཆོས་ཀྱི་དབྱིངས་ལས་གཞན་འདུས་བྱས་རྟེན་འབྲེལ་གྱི་ཆོས་འགའ་ཡང་ཡོད་པ་མ་ ཡིན་གྱི། དབྱིངས་དེ་ཁོ་ན་གཤིས་གྱི་གནས་ལུགས་ལ་ཡོད་པ་ཡིན་ནའང༌། འགྲོ་བ་མ་ལུས་ པ་དེ་ལ་རྨོངས་པའི་དབང་གིས་གནས་ལུགས་ཡང་དག་པའི་དོན་མི་རིག་པར་གཟུང་འཛིན་ ལ་སོགས་པ་སྒྲོ་བཏགས་པའི་དོན་ལ་མངོན་པར་ཞེན་པ་ནི་རྨོངས་པའི་ཚབས་ཤིན་ཏུ་ཆེའོ། ། ཞེས་པའོ། །གཞན་ཡང་དེ་ཉིད་ལས། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་ མིན་ལ་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔས་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་ སྣང༌། །ཞེས་གསུངས་ཤིང༌། ཆོས་ཀྱི་དབྱིངས་ཀྱི་བསྟོད་པར་ཡང༌། །ཇི་ལྟར་མར་མེ་བུམ་ནང་ གནས། །ཅུང་ཞིག་སྣང་བར་མ་གྱུར་པ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་ དབྱིངས་ཀྱང་མི་མཐོང་ངོ༌། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པ་བུ་ག་བཏོད་གྱུར་པ། ། དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་ རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་ན། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་ སྣང་བར་བྱེད། །ཅེས་གསུངས་ཏེ། འདི་ནི་སེམས་ཀྱི་རང་བཞིན་འོད་གསལ་བས་བརྟན་ གཡོ་ཐམས་ཅད་ལ་ཁྱབ་པར་ཡང་བསྟན་པ་ཡིན་ནོ། །རྒྱུད་བླ་མར་ཡང༌། ཐོག་མེད་གྱུར་ཀྱང་ ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་ཕྱི་ བསྒྲིབས་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་སེམས་ ཀྱི་རང་བཞིན་རྣམ་དག་འགྱུར་མེད་འདི་ཐོག་མ་མེད་པ་ནས་ཀྱི་གློ་བུར་གྱི་དྲི་མས་བསྒྲིབས་ པའི་ཕྱིར་ཡོད་ཀྱང་མ་མཐོང་སྟེ། གསེར་མགར་མཁན་གྱིས་ལུགས་སུ་བླུགས་པའི་གསེར་གྱི་ གཟུགས་འདམ་གྱིས་བསྒྲིབས་པས་མི་མཐོང་བ་བཞིན་ནོ། །ཐོག་མེད་གྱུར་ཀྱང་ཐ་མ་དང་ ལྡན་ཞེས་པ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ལ་ཐོག་མ་མེད་ཀྱང་ཐ་མ་དང་ལྡན་ 5-1-203 ཞེས་པ་ནི་མ་ཡིན་གྱི། གློ་བུར་གྱི་དྲི་མ་དང་བཅས་པའི་ཐོག་མ་མེད་ཀྱང་གློ་བུར་གྱི་དྲི་མ་ཟད་ པར་འགྱུར་བས་དྲི་བཅས་ཀྱི་མཐའ་དང་ལྡན་ཞེས་པའོ། །ལང་ཀར་གཤེགས་པར་ཡང༌། ཇི་ ལྟར་རྡོ་ཡི་ཕྱེ་མ་ལས། །ས་ལེ་སྦྲམ་ནི་མི་མཐོང་ཞིང༌། །ཡོངས་སུ་སྦྱངས་པས་དེ་མཐོང་བཞིན། ། འཇིག་རྟེན་ལ་ནི་དེ་བཞིན་གཤེགས། །ཞེས་དང༌། འཕགས་པ་ལྷའི་སྤྱོད་པ་བསྡུས་པའི་སྒྲོན་ མར། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་ཏུ་ནི་སྣང་མི་འགྱུར། བུམ་པ་དེ་ཉིད་བཅག་ གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །དེ་ཉིད་ མར་མེ་ལྟ་བུ་ཉིད། །བླ་མའི་ཁ་ཡིས་ལེགས་བཅགས་ན། །སངས་རྒྱས་ཡེ་ཤེས་གསལ་བར་ འགྱུར། །ཞེས་སེམས་ཀྱི་རང་བཞིན་འོད་གསལ་རང་ལ་རྟག་ཏུ་བཞུགས་ཀྱང་གློ་བུར་གྱི་དྲི་ མའི་སྦུབས་མ་བསལ་ན་མི་མཐོང་ལ། བླ་མ་དམ་པའི་ཞལ་གྱི་གདམས་པ་ཐུན་མོང་མ་ཡིན་ པའི་མན་ངག་གིས། འདི་ལྟ་བུའི་གློ་བུར་གྱི་དྲི་མ་རྣམ་པར་རྟོག་པའི་སྦུབས་བསལ་བ་ལས། རང་ལ་བཞུགས་པའི་སེམས་ཀྱི་རང་བཞིན་འོད་གསལ་སངས་རྒྱས་ཀྱི་ཡེ་ཤེས་དེ་མཐོང་བར་ འགྱུར་རོ་ཞེས་པའོ། ། (༣) ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་ཉིད་གཞིའི་གནས་ལུགས་ཡིན་པར་སྒྲུབ་ པ། གསུམ་པ་ཆོས་ཀྱི་སྐུ་བདེར་གཤེགས་སྙིང་པོ་ཉིད་གཞིའི་གནས་ལུགས་ཡིན་པར་བསྒྲུབ་ པ་ནི། དེ་ལྟར་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་བཞུགས་པའི་སངས་རྒྱས་ཆོས་ཀྱི་ སྐུ་དེ་གཞིའི་གནས་ལུགས་ཡིན་པའི་ཚུལ་ནི། དཔེར་ན་ནམ་མཁའ་འདི་འཇིག་རྟེན་ཐམས་ ཅད་ཀྱི་གཞི་ཡིན་པ་ལྟར་དབྱིངས་རང་བཞིན་རྣམ་དག་འདིས་འཁོར་འདས་ཀྱི་ཆོས་ཐམས་ ཅད་ཀྱི་གཞི་བྱེད་པས་ན་གཞི་ཞེས་བྱ་སྟེ། འཕགས་པ་ཐོགས་མེད་ཀྱིས་རྒྱུད་བླ་མའི་འགྲེལ་ པར་ཆོས་མངོན་པའི་མདོའི་ལུང་དྲངས་ཏེ་བཤད་པ། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་ 5-1-204 རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། མྱ་ངན་འདས་པའང་འཐོབ་ པ་ཡིན། །ཞེས་གསུངས་སོ། །དེ་ལ་ཇི་ལྟར་ཐོག་མ་མེད་པའི་དུས་ཅན་ཡིན་ཞེ་ན། དེ་བཞིན་ གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས་སྔོན་གྱི་མཐའ་མི་དམིགས་སོ་ཞེས་རབ་ ཏུ་བཞག་པ་གང་ཡིན་པའོ། །ཁམས་ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པའི་སྙིང་པོ་གང་ལགས་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་ བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ། །ཞེས་གསུངས་སོ། །ཆོས་རྣམས་ཀུན་ཀྱི་ གནས་ཡིན་ཏེ། །ཞེས་པ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་ པའི་སྙིང་པོ་ནི་འབྲེལ་པ་རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་འདུས་མ་བྱས་པའི་ཆོས་ རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ སྙིང་པོ་ནི་མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་བྲལ་བ་ཤེས་པ་འདུས་བྱས་ཀྱི་ ཆོས་རྣམས་ཀྱིའང་གཞི་དང་གནས་དང་རྟེན་ལགས་སོ། །ཞེས་གསུངས་སོ། །དེ་ཡོད་ན་ནི་ འགྲོ་ཀུན་དང་ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མ་ མཆིས་ན་དེ་ལ་འཁོར་བ་ཞེས་ཚིག་གིས་བཏགས་པ་ལགས་སོ། །ཞེས་གསུངས་སོ། །མྱ་ངན་ ལས་འདས་པའང་ཐོབ་པར་འགྱུར་ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་ བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡང་ཡིད་འབྱུང་བར་མི་འགྱུར་ཞིང་ མྱ་ངན་ལས་འདས་པ་ལ་ཡང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར་ རོ། །ཞེས་རྒྱས་པར་གསུངས་སོ། །ཞེས་འབྱུང་བ་ལྟར་ཤེས་པར་བྱ་སྟེ། བཤད་པའི་མདོ་འདི་ དག་ནི་འཕགས་པ་དཔལ་ཕྲེང་གི་མདོ་ནས་དྲངས་པའོ། །རྒྱན་སྟུག་པོ་བཀོད་པའི་མདོར་ ཡང༌། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེར་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་ དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་ 5-1-205 བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་གསུངས་ཏེ། བདེ་གཤེགས་སྙིང་ པོ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བཏགས་པ་ཡང་ཀུན་གཞིའི་རྣམ་ཤེས་ཀྱི་ཆོས་ཉིད་ ཡིན་པ་དང་འཁོར་འདས་ཀུན་ཀྱི་གཞི་ཡིན་པ་ལ་དགོངས་པ་ཡིན་ནོ། །རྒྱུད་བླར་ཡང༌། ཇི་ ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་ དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང༌། །ན་དང་རྒ་བའི་མེས་མི་འཚིག། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང༌། ། ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་ མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་ གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་ རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་གསུངས་ཏེ། སེམས་ ཀྱི་དག་པ་དང་སེམས་རང་བཞིན་གྱིས་འོད་གསལ་བའི་སེམས་དེ་བཞིན་གཤེགས་པའི་སྙིང་ པོའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ བདག་དང་བདག་གིར་འཛིན་པ་ལ་སོགས་པའོ། །དཔལ་བརྟག་པ་གཉིས་པར་ཡང༌། ང་ ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འདི་ཀུན་ ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་ཏེ། ང་ཞེས་པ་ནི་སེམས་ཅན་ལ་ གདོད་མ་ནས་བཞུགས་པའི་ཆོས་ཀྱི་སྐུ་ཀྱེའི་རྡོ་རྗེ་ཡིན་ལ་དེ་ལས་འགྲོ་བ་ཐམས་ཅད་བྱུང་ ཞེས་པས་འགྲོ་བ་ཐམས་ཅད་ཀྱི་གནས་སམ་གཞིར་བསྟན་པ་ཡིན་ནོ། །དཔལ་ས་ར་ཧ་པས་ ཀྱང༌། སེམས་ཉིད་གཅིག་པུ་ཀུན་ཀྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བའི། ། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་སྟེ། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ 5-1-206 ལོ། །ཞེས་གསུངས་ཏེ། སེམས་ཉིད་གཅིག་པུ་ཞེས་པ་ནི་རང་བཞིན་འོད་གསལ་གྱི་སེམས་ ཡིན་ལ། དེ་ནི་འཁོར་འདས་ཀྱི་ཆོས་ཀུན་གྱི་ས་བོན་ནམ་གཞི་ཡིན་ནོ། །ཞེས་པའོ། །དེ་ལྟར་ ན་བདེར་གཤེགས་སྙིང་པོ་འདི་ཀུན་གཞིའི་རྣམ་པར་ཤེས་པ་དང་དོན་གཅིག་གམ་སྙམ་ན་མི་ གཅིག་སྟེ། ཆོས་མངོན་པའི་མདོ་ལས། ལེན་པའི་རྣམ་པར་ཤེས་པར་ཟབ་ཅིང་ཕྲ། །ས་བོན་ ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །ཅེས་གསུངས་ཤིང༌། ཆོས་མངོན་པ་ཀུན་ལས་བཏུས་ པའི་རྩ་འགྲེལ་ལས་ཀྱང༌། ཕུང་པོ་ལ་སོགས་པ་ཀུན་ཏུ་འབྱུང་བ་ལ་དེའི་ས་བོན་ཡོངས་སུ་ རྒྱས་པ་ནི་བག་ཆགས་ཞེས་བྱའོ། །ས་བོན་ཐམས་ཅད་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་ པ་དེ་དག་ཉིད་བྱུང་བའི་ས་བོན་དང་ལྡན་པའི་ཕྱིར་རོ། །དེར་ཆོས་རྣམས་ས་བོན་དུ་འདུས་ པས་སམ་བདག་ཏུ་འཛིན་པས་སེམས་ཅན་དུ་འདུ་བའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པའོ། ། སྔོན་གྱི་ལས་ངེས་པར་འབྱུང་བའི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པའོ། །ཡང་དང་ ཡང་དུ་ཉིང་མཚམས་སྦྱོར་བར་བྱེད་པས་ལེན་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པའོ། །དེ་ནི་ སེམས་ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་བག་ཆགས་བསགས་པའི་ཕྱིར་རོ། །ཞེས་གསུངས་ པས། ཀུན་གཞིའི་རྣམ་པར་ཤེས་པ་ནི་འཁོར་བའི་ཆོས་ཀུན་ཀྱི་གཞིའམ་རྩ་བ་ཡིན་པ་དང༌། སུམ་ཅུ་པ་ལས། དེ་ནི་མ་བསྒྲིབས་ལུང་མ་བསྟན་ཞེས། དགེ་མི་དགེ་གང་ཡང་མ་ཡིན་པའི་ངོ་ བོ་ལུང་མ་བསྟན་དང༌། དགྲ་བཅོམ་ཉིད་ནས་དེ་ལྡོག་གོ་ཞེས་འགག་པར་གསུངས་ལ། བདེར་ གཤེགས་སྙིང་པོ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བར་གྱུར་པ་འདུས་མ་ བྱས་པའི་དགེ་བ་ཡིན་པས་འདི་ནི་ཀུན་གཞི་རྣམ་ཤེས་མ་ཡིན་གྱི་ཀུན་གཞི་ཡེ་ཤེས་ཡིན་ནོ། ། ཞེས་གསུངས་ཏེ། ཀུན་གཞི་ཡེ་ཤེས་དང་ཀུན་གཞི་རྣམ་པར་ཤེས་པ་ལ་ནི་ཁྱད་པར་ཡོད་ པར་ཤེས་པར་བྱའོ། །གཞན་ཡང་ཐོག་མ་མེད་པའི་དུས་ནས་རྟག་ཏུ་གཉུག་མར་གནས་པའི་ དོན་ཡིན་པས་ནའང་གཞི་ཞེས་བྱ་སྟེ། རྒྱལ་བའི་ཡུམ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ 5-1-207 ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་ དབྱིངས་དང་ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་ནི་དེ་བཞིན་དུ་གནས་པ་ཡིན་ ཏེ། དེ་ཉིད་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ་མངོན་པར་ཐུགས་ སུ་ཆུད་དོ། །ཞེས་དང༌། འཕགས་པ་སྡུད་པར་ཡང༌། ཤེས་རབ་ཕ་རོལ་ཕྱིན་པ་དེ་བཞིན་ གཤེགས་པས་མཁྱེན། །མཁས་པས་འཇིག་རྟེན་གནས་སམ་མྱ་ངན་འདས་ཀྱང་རུང༌། །ཆོས་ ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདི་གནས་ཏེ། །བྱང་ཆུབ་སེམས་དཔས་དེ་བཞིན་ཉིད་འདི་ རྗེས་སུ་རྟོགས། །ཞེས་གསུངས་སོ། །འདིས་ནི་ཆོས་ཉིད་དེ་བཞིན་ཉིད་འདི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དངོས་ཡིན་པར་ཡང་བསྟན་པས་ན། སྔར་གྱི་རྣམ་པར་བཞག་པ་དེ་དག་རྒྱལ་ བའི་ཡུམ་གྱི་དགོངས་པ་ཡིན་པར་གྲུབ་པོ། །ལང་ཀར་གཤེགས་པར་ཡང༌། བློ་གྲོས་ཆེན་པོ་ གང་ང་དང་དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་སུ་ཆུད་པའི་ཆོས་ཀྱི་གནས་ཉིད་དང་ ཆོས་མི་འགྱུར་བ་ཉིད་དང་དེ་བཞིན་ཉིད་དང་ཡང་དག་པ་ཉིད་དང་བདེན་པ་ཉིད་དེ་ནི་འདུག་ པ་སྟེ། ཞེས་གསུངས་སོ། །འཕགས་པ་ལྷས་ཀྱང༌། དེ་བཞིན་རིན་ཆེན་སེམས་འདི་ཡང༌། ། རྟོག་པའི་ཚོན་གྱིས་བསྒྱུར་བ་ཉིད། །ཐ་མལ་རྟོག་པའི་ཚོན་གྱིས་ནི། །རིན་ཆེན་སེམས་འདི་ དབེན་གྱུར་ན། །ཐོག་མ་ནས་དག་མ་སྐྱེས་པ། །གཉུག་མའི་རང་བཞིན་དྲི་མ་མེད། །ཅེས་ གསུངས་ཏེ། གཞི་ལ་གཉུག་མར་གནས་པ་ཡང་གཞི་ཡི་དོན་དུ་ཤེས་པར་བྱའོ། །ཡང་རང་ བཞིན་འོད་གསལ་བདེར་གཤེགས་སྙིང་པོ་འདི་རིགས་ཡིན་པ་ན་གཞི་ཞེས་བྱ་སྟེ། བྱང་ཆུབ་ སེམས་དཔའི་ས་ལས། རིགས་དེ་ནི་གཞི་ཞེས་ཀྱང་བྱ། སྟོན་པ་དང་རྒྱུ་དང་རྟེན་ དང་ཉེར་གནས་དང་སྔོན་དུ་འགྲོ་བ་དང་གནས་ཞེས་ཀྱང་བྱའོ། །ཞེས་གསུངས་སོ། ། རིགས་ལ་ཡང་རང་བཞིན་དུ་གནས་པའི་རིགས་དང་རྒྱས་པའི་རིགས་གཉིས་སུ་ཤེས་པར་ བྱ་སྟེ། རྒྱུད་བླ་མར། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་ 5-1-208 སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་གསུངས་ པ་ལྟར་རོ། །དེ་ལ་འདི་ནི་ས་འོག་གི་གཏེར་ཆེན་པོ་ལྟར་ཐོག་མ་མེད་པ་ནས་རང་བཞིན་གྱི་ ཡོན་ཏན་དང་ལྡན་པ་རང་བཞིན་དུ་གནས་པའི་རིགས་ཡིན་ཏེ་ཆོས་ཀྱི་དབྱིངས་རང་བཞིན་ གྱིས་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རྒྱལ་བ་སྲས་དག་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་རིགས་དེ་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་ གྱིས་འོད་གསལ་བའོ། །ཞེས་སོ། །རྒྱལ་བའི་རིགས་ནི་འབྲས་བུའི་ཤིང་ལྗོན་པ་ཆེན་པོ་ བཞིན་དུ་སྔོན་དགེ་བའི་རྩ་བ་བསྒྲུབས་ཤིང་ཡང་དག་པར་བླང་བ་ལས་ཐོབ་པའི་དགེ་བ་ འདུས་བྱས་སངས་རྒྱས་ཀྱི་གཟུགས་སྐུ་བསྐྱེད་པའི་རྒྱུར་གྱུར་པའོ། །རང་བཞིན་དུ་གནས་ པའི་རིགས་ནི་འདུས་མ་བྱས་པའི་དགེ་བ་ཡིན་ཏེ། རྒྱུད་བླ་མར། སེམས་ཅན་རྣམས་ཀྱི་མ་ རིགས་སོགས་འབྲས་ཀྱིས། །པགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང༌། །ཞེས་སོ། ། འདི་དང་རྒྱུད་སྡེ་རྣམས་སུ་རིགས་ཀྱི་རྣམ་པར་བཞག་པ་གསུངས་པ་ཡང་དོན་གཅིག་ཏུ་ཤེས་ པར་བྱ་སྟེ། དཔལ་བརྟག་པ་གཉིས་པར། གང་གཱའི་ཀླུང་ནི་བཅུ་ཡི་བྱེ་སྙེད་ ཉིད། །རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་ རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་ལ་ཡང་འབུམ་ ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་རིགས་ལ་ གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་ དང༌། གསང་བ་འདུས་པར། རིགས་ནི་ལྔ་དང་གསུམ་དག་དང༌། །ངོ་བོ་ཉིད་ཀྱི་རིགས་བརྒྱའོ། ། ཞེས་དང༌། མཆོག་གི་དང་པོའི་སངས་རྒྱས་སུ་ཡང༌། རིགས་གསུམ་དང་ནི་རིགས་ལྔ་ཉིད། ། རང་བཞིན་གཅིག་ཏུ་རིགས་བརྒྱའོ། །ཞེས་པ་ལ་སོགས་པ་རྒྱུད་སྡེ་རྣམས་སུ་རིགས་ཀྱི་དབྱེ་ 5-1-209 བསྡུ་ཇི་སྙེད་གསུངས་པ་ཐམས་ཅད་རང་བཞིན་གྱི་རིགས་ཀྱི་ཡིན་གྱི་རྒྱས་པའི་རིགས་ཀྱི་ནི་ མ་ཡིན་ནོ། །དེ་བཞིན་དུ་རྒྱུད་ཀྱི་ངེས་པའི་དོན་ཡང་འདི་ཉིད་ཡིན་ཏེ། གསང་བ་འདུས་པར། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །མི་འཇིག་སྐྱེ་བ་མེད་ གང་ཡིན། །མགོན་པོ་དེ་ནི་ཡིན་པར་བཤད། །ཅེས་དང༌། རྒྱུད་ནི་རྒྱུན་ཆགས་[སུ་{ཞེས} བརྗོད་དོ། །ཞེས་གསུངས་སོ། །དེ་བཞིན་དུ་སེམས་ཀྱི་རང་བཞིན་འོད་གསལ་བ་བདེ་བར་ གཤེགས་པའི་སྙིང་པོ་འདི་གློ་བུར་གྱི་དྲི་མ་སྦྱང་བར་བྱ་བའི་གཞི་ཡིན་པས་ན་ཡང་གཞི་ཞེས་ བྱ་སྟེ། དང་པོའི་སངས་རྒྱས་ལས། ཆགས་སོགས་དྲི་མ་ལྡན་པའི་སེམས། །འགྱུར་བ་འཁོར་ བའི་རྒྱུ་ཡིན་ཏེ། །དེ་དང་བྲལ་བས་རྣམ་པར་དག །རང་བཞིན་དྲི་མེད་དག་པའོ། །ཞེས་ གསུངས་ཏེ། སེམས་ཀྱི་རང་བཞིན་གདོད་མ་ནས་དྲི་མ་མེད་པ་འདི་ཆགས་སོགས་གློ་བུར་གྱི་ དྲི་མ་འགྱུར་བའི་མ་རིག་པ་དང་བྲལ་བས་རྣམ་པར་དག་པར་འགྱུར། ཞེས་པ་སྟེ། འདིས་ནི་ སེམས་ཀྱི་རང་བཞིན་འོད་གསལ་བ་བདེར་གཤེགས་སྙིང་པོ་ཉིད་སྦྱང་གཞི་ཡིན་པར་བསྟན་ ཏོ། །དཔལ་དུས་ཀྱི་འཁོར་ལོར་ཡང༌། སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་ འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་རང་བཞིན་གྱིས་འོད་གསལ་བའི་སེམས་ དེ་དྲི་མ་དག་པར་བྱ་བའི་གཞིར་བསྟན་པས་སྦྱང་གཞི་ཡིན་པར་ཤེས་པར་བྱའོ། །དེ་བཞིན་ གཤེགས་པའི་སྙིང་པོའི་མདོར་ཡང༌། ནས་དང་འབྲས་ལ་སོགས་པའི་ཕུབ་མ་མ་བསལ་གྱི་ བར་དུ་འབྲས་བུའི་བྱ་བ་མི་བྱེད་ལ་བསལ་བ་ན་འབྲས་བུའི་བྱ་བ་བྱེད་པ་དཔེར་མཛད་ནས། དེ་བཞིན་སེམས་ཅན་ཀུན་ཀྱི་སངས་རྒྱས་པ། །ཉོན་མོངས་རྣམས་ཀྱིས་ཁེབས་པར་ངས་ མཐོང་ནས། །ངས་ནི་དེ་དག་རྣམ་པར་སྦྱང་བ་དང༌། །སངས་རྒྱས་མྱུར་ཐོབ་བྱ་ཕྱིར་ཆོས་སྟོན་ ཏོ། །སེམས་ཅན་ཀུན་ལ་ང་འདྲའི་ཆོས་ཉིད་ནི། །ཉོན་མོངས་རྒྱ་ཡིས་དཀྲིས་ནས་གང་ཡོད་པ། ། དེ་ནི་རྣམ་སྦྱངས་ཐམས་ཅད་ཇི་ལྟ་བུར། །རྒྱལ་བར་མྱུར་འགྱུར་བྱ་ཕྱིར་ཆོས་སྟོན་ཏོ། །ཞེས་ 5-1-210 དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་ བྱས་པ་ལས། །ཞེས་དང༌། ཡང༌། ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་མཐོང་ བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཇི་ལྟར་འོ་ མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། ། ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་དང༌། འཕགས་པ་ལྷས་ཀྱང༌། དེ་བཞིན་རིན་ ཆེན་སེམས་འདི་ཡང༌། །ཞེས་སོགས་གསུངས་ཏེ། ལུང་དེ་རྣམས་ཀྱིས་ཆོས་ཉིད་རང་བཞིན་ གྱིས་འོད་གསལ་བ་འདི་ཉིད་སྦྱང་གཞི་ཡིན་པར་བསྟན་ཏོ། །མདོ་སྡེའི་རྒྱན་ལས་ཀྱང༌། རྟག་ ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་པ་མ་ ཡིན་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཤེས་བྱ་སྤང་བྱ་རང་བཞིན་དྲི་མེད་འདོད་གང་ རྣམ་པར་སྦྱང་བྱ་སྟེ། །དེ་ནི་ནམ་མཁའ་གསེར་དང་ཆུ་ལྟར་ཉོན་མོངས་པ་ལས་རྣམ་དག་ འདོད། །ཅེས་གསུངས་ཏེ། ཀུན་བརྟགས་གཟུང་འཛིན་གཉིས་ནི་ཤེས་པར་བྱ་བ་དང་གཞན་ དབང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་སྤང་བར་བྱ་བ་དང༌། རང་བཞིན་རྣམ་དག་ འགྱུར་བ་མེད་པའི་ཡོངས་གྲུབ་ནི་གློ་བུར་གྱི་དྲི་མ་སྦྱང་བར་བྱ་བ་ཡིན་ལ་སྦྱང་བར་བྱ་ཞེས་ པ་སྦྱང་བྱའི་དྲི་མ་མ་ཡིན་པས་སྦྱང་བའི་གཞི་ཡིན་པར་གྲུབ་ཅིང༌། །དཔེར་ན་ནམ་མཁའ་ སྤྲིན་གྱིས་དག་པ་དང་གསེར་དྲི་མས་དག་པ་དང་ཆུ་རྙོག་མ་དང་བྲལ་བ་ན་ནམ་མཁའ་དང་ གསེར་དང་ཆུ་རྣམས་སྤྲིན་ལ་སོགས་པས་དག་པའི་གཞི་ཡིན་པ་བཞིན་ནོ། །འདིར་འགའ་ ཞིག་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས། ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱངས་བྱ། །ཞེས་ ཕུང་པོ་ཁམས་སོགས་ཉིད་སྦྱང་གཞིར་གསུངས་པ་མ་ཡིན་ནམ་སྙམ་དུ་སེམས་ན། དེའི་དོན་ ནི་མ་དག་པའི་ཕུང་པོ་ཁམས་སོགས་སྦྱང་གཞིར་བསྟན་པ་ནི་མ་ཡིན་གྱི་མ་དག་པའི་ཕུང་ 5-1-211 པོ་ཁམས་སོགས་ལས་གཞན་རང་བཞིན་གྱིས་དག་པའི་ཕུང་པོ་ཁམས་སོགས་སྦྱང་གཞིར་ བསྟན་པ་ཡིན་ལ། དེ་དང་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་ གཤེགས་པའི་སྙིང་པོ་དོན་གཅིག་གོ། ཕུང་པོ་ཁམས་སོགས་གཞན་ཞེས་པ་དེ་ཉིད་ཡོད་པར་ གང་ལས་ཤེས་སྙམ་ན། དཔལ་ཀྱེའི་རྡོ་རྗེ་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པར། རྒྱུ་དང་འབྲས་བུ་ འགགས་པ་ཡིས། །རྒྱལ་བའི་དབང་པོའི་སྐུ་གཞན་ཡིན། །སྐུ་དང་ཐུགས་དང་བདེ་བ་གཞན། ། ཕུང་པོའི་ཚོགས་ནི་གཞན་ཡིན་ཏེ། །ས་ཡི་ཁམས་ལ་སོགས་པ་གཞན། །ཡུལ་དང་དབང་པོ་ རྣམས་དང་ནི། །དེ་བཞིན་ལས་ཀྱི་དབང་པོ་དང༌། །ལས་ཀྱི་དབང་པོའི་བྱ་བ་གཞན། །ཀུན་ ནས་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་ འཇིག་རྟེན་དུ། །ཐམས་ཅད་དུ་ནི་ཁྱབ་པར་བཞུགས། །ཞེས་གསུངས་ཏེ། རྟེན་འབྲེལ་ཡན་ ལག་བཅུ་གཉིས་གདོད་མ་ནས་འགགས་པས་རྒྱལ་བའི་དབང་པོའི་སངས་རྒྱས་དབྱིངས་དང་ ཡེ་ཤེས་དབྱེར་མེད་པའི་སྐུའི་ཕུང་པོ་ཁམས་སོགས་གཞན་ཡིན་ལ། དེའི་ངོ་བོ་ཡང་མ་དག་ པའི་ཕུང་པོ་ཁམས་སོགས་འདིའི་ཆོས་ཉིད་ དེ་བཞིན་ཉིད་རྣལ་འབྱོར་པའི་སོ་སོ་རང་རིག་པའི་མངོན་སུམ་ལ་གསལ་བར་སྣང་བའི་ ཕུང་པོ་ཁམས་སོགས་ཀྱི་རྣམ་པ་པྲ་ཕབ་པའི་སྣང་བ་དང་མཚུངས་པ་འདི་ཉིད་ཡིན་ཏེ། དྲི་མ་ མེད་པའི་འོད་དུ། གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་རབ་བཅོམ་ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ། ། ཞེས་གསུངས་ཏེ། ཕྱི་ནང་གཞན་གསུམ་གྱི་རྣམ་པར་དབྱེ་བ་རྒྱ་ཆེར་བྱང་ཆུབ་སེམས་དཔའི་ འགྲེལ་བ་སྐོར་གསུམ་ཉིད་ལས་ཤེས་པར་བྱའོ། །དེ་ལྟར་ན་གློ་བུར་གྱི་དྲི་མ་སྦྱང་བར་བྱ་བའི་ གཞི་དང་སྦྱངས་པས་དག་པའི་འབྲས་བུས་ངོ་བོ་གཅིག་པ་ཉིད་ཡིན་ལ། འོན་ཀྱང་དེ་སེམས་ ཅན་ལ་བཞུགས་པའི་གནས་སྐབས་ན་ནི་དྲི་མ་དང་བཅས་ཤིང་སྦྱང་གཞི་ཡིན་ལ། སངས་ རྒྱས་ཐོབ་པའི་གནས་སྐབས་ན་ནི་དྲི་མ་མ་ལུས་པས་དག་ཅིང་སྦྱངས་འབྲས་ཡིན་པར་ཤེས་ 5-1-212 པར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མངོན་པར་འདོད་ པའི་རྣལ་འབྱོར་པ་རྣམས་ཀྱིས་དང་པོའི་སངས་རྒྱས་དེ་བཞིན་གཤེགས་པའི་སྙིང་པོ་རང་བྱུང་ ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་སེམས་ཅན་ ཐམས་ཅད་ལ་གདོད་མ་ནས་བཞུགས་པའི་གཞིའི་གནས་ལུགས་འདི་ངེས་པར་ཤེས་པར་ བྱ་དགོས་ཏེ། གཞིའི་གནས་ལུགས་ལེགས་པར་ངོ་མ་ཤེས་ན་རྣམ་དག་ལེགས་པའི་ལམ་གྱི་ གནས་ལུགས་ངོ་མི་ཤེས་ཤིང༌། ལམ་གྱི་གནས་ལུགས་ལེགས་པར་ངོ་མ་ཤེས་ན་འབྲས་བུ་ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་ཤེས་ཤིང་མི་འཐོབ་པས་ལམ་ལ་འབད་པ་ལྟར་བྱས་ཀྱང་ དོན་མེད་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། འཕགས་པ་འཇིག་རྟེན་དབང་ ཕྱུག་གིས་དྲི་མ་མེད་པའི་འོད་དུ། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་ མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གི་མཚན་ཡང་དག་པར་བརྗོད་པ་མི་ཤེས་ པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་ སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་ བས་ན་མཆོག་གི་དང་བོའི་སངས་རྒྱས་ནི། བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་ཐར་ བ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ། །ཞེས་གསུངས་སོ། ། ཆགས་སོགས་ཉོན་མོངས་བྱེ་བའི་སྦུབས་ན་ཤིན་ཏུ་དྲི་མེད་འོད་གསལ་ཞིང༌། ། ཀུན་རྟོག་དྲ་བས་རྣམ་པར་དཀྲིས་ཀྱང་གདོད་ནས་གྲོལ་བའི་དེ་བཞིན་གཤེགས། ། བླ་མེད་ཡོན་ཏན་བགྲང་ཡས་ཚོགས་རྣམས་དབྱེར་མེད་ལྷུན་གྱིས་གྲུབ་པ་ཅན། ། ཟབ་ཡངས་སྐུ་ནི་མཁའ་ལྟར་ཀུན་འགྲོ་དང་པོའི་སངས་རྒྱས་ལ་ཕྱག་འཚལ། ། གཞིའི་གནས་ལུགས་ངོ་སྤྲོད་པའི་སྐབས་ཏེ་དང་པོའོ།། ༈ །། 5-1-213 ༢༽ ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དང་བཅས་པའི་རང་བཞིན་ ངོ་སྤྲད་པ་ལ་གསུམ། གཉིས་པ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་དང་བཅས་པའི་རང་བཞིན་ངོ་སྤྲད་པ་ ལ་གསུམ་སྟེ། ཐེག་པ་གསུམ་གྱི་ལམ་རྣམ་པར་དབྱེ་བ་མདོར་བསྟན་པ་དང༌། སྔགས་དང་ ཕ་རོལ་ཏུ་ཕྱིན་པའི་ལམ་གཉིས་ཀྱི་ཁྱད་པར་བཤད་པ་དང༌། རྡོ་རྗེ་ཐེག་པའི་ལམ་གྱི་གནས་ ལུགས་རྒྱས་པར་ངོ་སྤྲད་པའོ། ། ༡ ཐེག་པ་གསུམ་གྱི་ལམ་རྣམ་པར་དབྱེ་བ་མདོར་བསྟན་པ། དང་པོ་ནི། འདིར་ལམ་ཐམས་ཅད་ཀྱི་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཤིན་ཏུ་རྣམ་པར་དག་ པའི་ལམ་གྱི་རིམ་པ་བསྒོམ་པ་ནི། ཐེག་པ་གསུམ་ཅར་གྱི་ལམ་ལ་མཁས་པ་དང༌། ཐེག་པ་ འོག་མ་རྣམས་ཀྱི་ལམ་ཅི་རིགས་པ་སྒོམ་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། མཚན་ཡང་དག་ པར་བརྗོད་པར། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། ། ཞེས་གསུངས་ཤིང༌། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས་དྲི་མ་མེད་པའི་ འོད་དུ། སྔགས་ཀྱི་ཚུལ་འདི་ལ་བསྔགས་པ་ནི། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་ པ་གཅིག་གི་འབྲས་བུར་གནས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་ཐེག་པ་ གསུམ་གྱི་དགོངས་པ་མི་ཤེས་པ་དེ་ནི་དུས་ལས་ཐམས་ཅད་མཁྱེན་པའི་ལམ་ལས་ཉམས་ པར་འགྱུར་རོ། །སྔགས་ཀྱི་ཐེག་པ་ལ་ལྡེམ་པོར་དགོངས་པ་སྐད་གཞན་མི་ཤེས་པས་སྲོག་ གཅོད་པ་ལ་སོགས་པ་དང་ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ལ་ཉེ་བར་ལོངས་སྤྱོད་ པ་བྱས་པ་དང༌། རྟག་པ་དང་ཆད་པའི་ཕྱོགས་བཟུང་བས་ཕྱི་རོལ་ཀྱི་ཡུལ་ཉེ་བར་ལོངས་ སྤྱོད་པ་ལ་ཆགས་པར་གྱུར་པ་ན་སློབ་དཔོན་གྱི་ཆ་ལུགས་ཀྱིས་དཀོན་མཆོག་གསུམ་ལ་ཅོ་ 5-1-214 འདྲི་ནས་དམྱལ་བར་འགྲོ་བར་འགྱུར་རོ། །ཞེས་གསུངས་ཤིང༌། རྒྱུད་ཀྱི་རྒྱལ་པོར། ཡེ་ཤེས་ ནམ་མཁའ་གཉིས་དང་སླར་ཡང་གཞན་པ་འདི་ནི་ཐེག་པ་དག་དང་དཀོན་མཆོག་གསུམ་པོ་ ཡང༌། །ཉོན་མོངས་བདུད་དང་གནས་རྣམས་དང་ནི་སླར་ཡང་ངེས་པར་རྫུ་འཕྲུལ་རྐང་པ་ ཟག་པ་རྣམས་དང་ནི། །མི་འཇིགས་པ་དང་བདེན་པ་རྣམས་དང་སླར་ཡང་དེ་བཞིན་དྲན་པ་ ཉེ་བར་བཞག་པ་ཡང་དག་པར། །བསྡུ་བ་བཞི་ཡི་མཐའ་རྣམས་རྒྱལ་བའི་བདག་པོའི་རྡོ་རྗེ་ རྣམས་ཀྱིས་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །མངོན་ཤེས་ལྔ་དང་སྟོབས་དང་ལྟ་བ་རྣམས་ དང་རབ་མཆོག་རྒྱལ་བའི་བདག་པོ་དག་གིས་སྤྱན་ལྔ་དང༌། །དེ་བཞིན་ཕུང་པོ་དབང་པོ་ དྲན་པ་ཞེས་པ་དྲུག་དང་བྱང་ཆུབ་ཡན་ལག་བདུན་དང་མཆོད་པ་ནི། །བདུན་ཏེ་ལམ་གྱི་ཡན་ ལག་[རྒྱས་པ་{རྒྱལ་བ}རྣམས་ཀྱིས་སོ་སོར་ལེགས་འཇུག་གཟུགས་ཅན་རྣམ་པར་ཐར་པ་ བརྒྱད་རྣམས་དང༌། །བུག་པ་ཞེས་བྱ་ཡན་ལག་དགུ་ནི་གསུང་རབ་མཆོག་སྟེ་ས་རྣམས་དག་ ནི་ཕྱོགས་ཀྱི་ཚད་ཡིན་ནོ། །སངས་རྒྱས་རྣམས་ཀྱི་ཕྱོགས་ཀྱི་སྟོབས་དང་གསལ་བར་དབང་ བཅུ་དང་ནི་ཡན་ལག་བཅུ་གཉིས་རྟེན་འབྲེལ་དག །སྐྱེ་བ་དང་ནི་འགོག་པ་དག་གོ་དེ་བཞིན་ ཉིས་འགྱུར་དགུ་ནི་མ་འདྲེས་སངས་རྒྱས་ཆོས། །རབ་མཆོག་རྒྱལ་བའི་བདག་པོའི་མཚན་ ཉིད་སུམ་ཅུ་རྩ་གཉིས་དག་དང་དཔེ་བྱད་རྣམས་ཀྱང་བརྒྱད་ཅུ་སྟེ། །ཁྱབ་བདག་མཆོག་གི་གོ་ འཕང་འདི་དག་མཐའ་དག་སྔགས་པ་ཡིས་ནི་ལུས་ལ་བསྒོམ་པར་བྱ་བ་ཡིན། ། ཞེས་གསུངས་ཏེ། འདིའི་འགྲེལ་པར། འདིར་དུས་ཀྱི་འཁོར་ལོ་ལ་རྣལ་འབྱོར་པས་ ཆོས་ཡང་དག་པར་བསྡུད་པ་ཤེས་ནས་དེ་ནས་རྒྱུད་བསྟན་པར་བྱའོ། །གཞན་དུ་ན་ཆོས་ཡང་ དག་པར་བསྡུད་པ་མེད་ན་ལམ་ངན་པ་སྟོན་པར་འགྱུར་རོ། །ཞེས་དང༌། དེ་ལྟར་དང་པོ་ཆོས་ ཐམས་ཅད་ཡང་དག་པར་བསྡུ་བ་ཤེས་ནས་དེ་ནས་རང་གི་ལུས་ལ་ཁྱབ་བདག་མཆོག་གི་ གོ་འཕང་མ་ནིང་ནི་སྔགས་པས་བསྒོམ་པར་བྱ་སྟེ་སློབ་དཔོན་དང་བཅས་པ་ཡིས་སོ། །ཞེས་ 5-1-215 པའི་དོན་ཏོ། །ཞེས་གསུངས་སོ། །དེ་ལ་འདིར་ཐེག་པའི་དོན་ནི་རྒྱུའི་ཐེག་པ་ནི་འདིས་འགྲོ་ བའི་དོན་གྱིས་ན་ཐེག་པ་ཞེས་བྱ་འབྲས་བུའི་ཐེག་པ་ནི་འདིར་འགྲོ་བའི་དོན་གྱིས་ན་ཐེག་པ་ ཞེས་བྱའོ། །ཡང་ན་འདིས་བགྲོད་པའི་རྒྱུའི་ཐེག་པ་དང་འདིར་བགྲོད་པའི་འབྲས་བུའི་ཐེག་ པ་ཞེས་བྱའོ། །ཐེག་པའི་དབྱེ་བ་ནི། ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་ པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང༌། །རང་སངས་རྒྱས་དང་བྱང་ཆུབ་སེམས། །སེམས་ ནི་ཡོངས་སུ་མ་འགྱུར་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ ན། །ཐེག་པ་མེད་ཅིང་གྲོལ་བ་མེད། །ཐེག་པའི་ནང་དུ་ང་སྨྲའོ། །ཞེས་གསུངས་ཤིང༌། སངས་ རྒྱས་ཀྱིས་བསྟན་པའི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པ། རང་རྒྱལ་གྱི་ཐེག་པ་དང་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་སྟེ་གསུམ་མོ། །དེ་ཡང་ཐེག་པ་གསུམ་དུ་རྣམ་པར་བཞག་ པ་ནི་གནས་སྐབས་དྲང་བའི་དོན་གྱིས་ཡིན་གྱིས་མཐར་ཐུག་ངེས་པའི་དོན་དུ་ནི་ཐེག་པ་ཆེན་ པོ་གཅིག་ཉིད་དུ་ངེས་པ་ཡིན་ཏེ། ལང་ཀར་གཤེགས་པར། སེམས་ནི་ཡོངས་སུ་གྱུར་པ་ན། ། ཐེག་པ་གསུམ་དུ་ངས་བསྟན་ཏེ། །ཐེག་པ་གཞན་རྣམས་ཡོད་མ་ཡིན། །སེམས་ཅན་རྣམས་ ནི་ཡོངས་དྲང་ཕྱིར། །ཐེག་པ་ཐ་དད་ངས་བསྟན་ཏོ། །ཞེས་དང༌། དམ་ཆོས་པད་མ་དཀར་ པོར། དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱིས་ཐབས་ལ་མཁས་ པ་སྟེ། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །དྲང་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། ། ཞེས་དང༌། ཐེག་པ་ནི་གཅིག་སྟེ་གཉིས་པ་མེད་དོ། །ཞེས་གསུངས་སོ། །དེ་ལ་ཉན་ཐོས་ཀྱི་ ཐེག་པའི་ལམ་ནི། རྒྱུད་བླར། མི་རྟག་སྡུག་བསྔལ་བདག་མེད་དང༌། །ཞི་བའི་སྒྲ་ཡི་ཐབས་ མཁྱེན་པས། །སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། ། ཅེས་གསུངས་ཏེ། གཟུགས་སོགས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་རྟག་ཅིང་རང་དབང་ཅན་ གྱི་གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོར། །སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ 5-1-216 བསྡུས་པའི་འཁོར་བ་སྡུག་བསྔལ་གྱི་བདེན་པ་འདི་མི་རྟག་ལ་སྡུག་བསྔལ་བ་སྟོང་པ་བདག་ མེད་པའི་རྣམ་པ་ཅན་དང༌། སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་ཀུན་འབྱུང་གི་བདེན་ པ་ནི་རྒྱུ་ཀུན་འབྱུང་རབ་ཏུ་སྐྱེ་བ་རྐྱེན་གྱི་རྣམ་པ་ཅན་དང༌། རྒྱུ་དང་བཅས་པའི་སྡུག་བསྔལ་མ་ ལུས་པ་ཉེ་བར་ཞི་བ་འགོག་པ་ཞི་བ་གྱ་ནོམ་པ་ངེས་པར་འབྱུང་བའི་རྣམ་པ་ཅན་དང༌། འགོག་ བདེན་དེ་མངོན་དུ་བྱེད་པའི་ཐབས་ལམ་གྱི་བདེན་པ་ནི་ལམ་རིག་པ་སྒྲུབ་པ་ངེས་པར་འབྱིན་ པའི་རྣམ་པ་ཅན་ཏེ། དེ་ལྟར་བདེན་པ་བཞིའི་དོན་བསམ་གཏན་ས་དྲུག་གང་ཡང་རུང་བའི་ ཏིང་ངེ་འཛིན་ལ་བརྟེན་ནས་སྒོམ་པར་བྱེད་པའི་ལམ་ཉོན་སྒྲིབ་ཙམ་གྱི་གཉེན་པོར་གྱུར་པ་ ཚོགས་ཀྱི་ལམ་ལ་སོགས་པ་ལྔའོ། །རང་སངས་རྒྱས་ཀྱི་ལམ་ནི། མངོན་པར་རྟོགས་པའི་རྒྱན་ དུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་ བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་ཏེ། བདེན་བཞིའི་དོན་བསྒོམ་ པ་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་གི་དོན། འཕགས་པ་ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་ འབྱུང་སྲིད་པའི་འཁོར་ལོ་སྟེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པ་ལྟར་རམ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ། །ཞེས་པའི་བར་དང༌། ལུགས་ཟློག་གི་དོན་སྐྱེ་བ་འགགས་པས་རྒ་ཤི་འགག་གོ། ཞེས་པ་ནས་མ་རིག་པ་འགགས་པས་འདུ་བྱེད་འགག་གོ་ཞེས་པའི་བར་དུ་བསམ་གཏན་ གྱི་སེམས་ལ་བརྟེན་ནས་བསྒོམས་པས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་སྒྲིབ་ཀྱི་ཕྱོགས་ གཅིག་གཟུང་བ་ཕྱི་རོལ་ཀྱི་དོན་དུ་རྟོག་པའི་རྣམ་པར་རྟོག་པ་སྤོང་ཞིང་འཛིན་པའི་རྣམ་པར་ རྟོག་པ་མི་སྤོང་བའི་ལམ་ཚོགས་སྦྱོར་ལ་སོགས་པ་ལྔའོ། །རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ ནི་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་དང༌། འབྲས་བུའི་མཚན་ཉིད་སྔགས་ 5-1-217 ཀྱི་ཐེག་པའི་ཚུལ་གཉིས་སོ། །དེ་བཞིན་དུ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། སངས་ རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་ པའི་ལམ། །བཤད་པ་དེ་ཉིད་བསྒྲུབ་པའོ། །ཞེས་གསུངས་པ་ལྟར། སངས་རྒྱས་པའི་གྲུབ་ པའི་མཐའ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་གཉིས། ཐེག་པ་ཆེན་པོ་ སེམས་ཙམ་པ་དང་དབུ་མ་པའི་གྲུབ་མཐའ་གཉིས་ཏེ་གྲུབ་མཐའ་རྣམ་པ་བཞི་ཅར་གྱི་ལྟ་ བསྒོམ་གྱི་ལམ་ཡང་ཤེས་པར་བྱ་ཞིང་ཅི་རིགས་པ་བསྒོམ་པར་ཡང་བྱ་སྟེ། དཔལ་བརྟག་པ་ གཉིས་པར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་ ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། ། ཞེས་གསུངས་སོ། །བསྒོམ་པར་བྱ་བའི་ལམ་གྱི་ངོ་བོ་ནི། འཕགས་པ་འཇིག་རྟེན་དབང་ཕྱུག་ གིས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། རྒྱུ་འདིས་སངས་རྒྱས་པ་བཞི་པོ་རྣམས་ཀྱི་ བག་ཆགས་ཀྱི་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱིས་གང་ཟག་ཏུ་སྨྲ་བ་རྣམས་ལ་གང་ཟག་མི་ རྟག་པར་བསྒོམ་པ་གསུངས་སོ། །དོན་དུ་སྨྲ་བ་རྣམས་ལ་ས་ལ་སོགས་པའི་ཟད་པར་བསྒོམ་ པ་དང༌། རྣམ་པར་ཤེས་པར་སྨྲ་བ་རྣམས་ལ་རྣམ་པར་རིག་པ་ཙམ་གྱི་ཏིང་ངེ་འཛིན་དང་དབུ་ མ་པ་རྣམས་ལ་རྨི་ལམ་ལྟ་བུ་འགྱུར་བ་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་སྟེ། དེ་ ལྟར་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའོ། །ཞེས་གསུངས་སོ། །ཐེག་པ་ གསུམ་གྱི་ལམ་གྱི་རྣམ་པར་དབྱེ་བ་འདི་དག་ནི་འཆད་པ་པོའི་ངག་གིས་ཀྱང་ཅུང་ཟད་སྤྲོས་ཏེ་ བཤད་པར་བྱའོ། ། ༢ སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གཉིས་ཀྱི་ཁྱད་པར་བཤད་པ། གཉིས་པ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གཉིས་ཀྱི་ཁྱད་པར་བཤད་པ་ནི། ཐེག་ 5-1-218 པ་ཆེན་པོ་ལ་ཡང་གདུལ་བྱའི་དབང་གིས་རིང་བའི་ལམ་དང་ཉེ་བའི་ལམ་གཉིས་སུ་འབྱུང་ སྟེ། གདུལ་བྱ་དབང་པོ་རྟུལ་པོ་རྒྱུ་ལ་མོས་པ་རྣམས་ལ་རྒྱུ་ལམ་དུ་བྱེད་པ་རྒྱུ་མཚན་ཉིད་ཕ་ རོལ་ཏུ་ཕྱིན་པའི་ཐེག་པ་དང༌། དབང་པོ་རྣོན་པོ་རྒྱུ་འབྲས་ལྷུན་གྲུབ་ལ་མོས་པ་ལ་འབྲས་བུ་ ལམ་དུ་བྱེད་པ་འབྲས་བུས་སྔགས་ཀྱི་ཐེག་པ་གཉིས་ཡིན་ཏེ། མདོ་སྡེ་གདམ་ངག་འབོགས་ པའི་རྒྱལ་པོར། འཇམ་དཔལ་གྱིས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་ པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་གཞན་ནས་མི་ ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པ་དང༌། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། ། འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུ་ན་འབྱུང་བར་ འགྱུར། །ཞེས་གསུངས་སོ། །ཡང་ན་རྒྱུ་འབྲས་བུའི་ཐེག་པའི་དོན་ནི། རྒྱུ་རྣམ་པ་ཐམས་ཅད་ ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཙོ་ཆེར་སྟོན་པའི་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ ཐེག་པ་དང༌། འབྲས་བུ་དམིགས་པ་མེད་པའི་སྙིང་རྗེ་མི་འགྱུར་བའི་བདེ་བ་ཆེན་པོ་གཙོ་ཆེར་ སྟོན་པ་འབྲས་བུའི་མཚན་ཉིད་སྔགས་ཀྱི་ཐེག་པ་སྟེ། རྩ་བའི་རྒྱུད་{དམ་}བྱང་ཆུབ་སེམས་ འགྲེལ་གྱི་དགོངས་པའོ། །རྒྱུ་དང་འབྲས་བུ་འདི་གཉིས་དབྱེར་མེད་རོ་མཉམ་པ་སྟེ་དེ་ཉིད་ ལ་སྤྱོད་པ་ནི་རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པ་ཞེས་བྱའོ། །གསང་བ་ལུང་བསྟན་པའི་མདོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། །ཞེས་སོགས་སྔར་བཞིན་དུ་ གསུངས་ཏེ། རྣམ་བཞག་སྔ་ཕྱི་གཉིས་ནི་འདྲ་བ་ཉིད་དོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་ པར་གསུངས་པའི་ལམ་ནི། བདེ་བར་གཤེགས་པའི་རིང་ལུགས་ཞེས་བྱ་སྟེ་བསྐལ་པ་གྲངས་ མེད་པ་དུ་མ་རྣམས་སུ་ཚོགས་བསགས་པ་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ འགྱུར་བའོ། །བསྐལ་པ་གྲངས་མེད་ཅི་ཙམ་གྱིས་ཚོགས་རྫོགས་ན་རྒྱ་ཆེ་རོལ་པའི་མདོར་ ནི་བསྐལ་པ་གྲངས་མེད་བདུན་ཡིན་པར་གསུངས་ལ། མདོ་གཞན་མང་པོ་ནས་བསྐལ་པ་ 5-1-219 གྲངས་མེད་གསུམ་ཡིན་པར་གསུངས་ཤིང༌། བྱམས་པ་དང་ཀླུ་སྒྲུབ་ཀྱང་བསྐལ་པ་གྲངས་ མེད་པ་གསུམ་ཡིན་པར་བཞེད་དོ། །སློབ་དཔོན་དབྱིག་གཉེན་དང་སེང་གེ་བཟང་པོ་ལ་ སོགས་པས་ནི་གྲངས་མེད་གསུམ་དུ་གསུངས་པས་དགོངས་པ་ཅན་དུ་འཆད་ཅིང་གྲངས་མེད་ སུམ་ཅུ་རྩ་གསུམ་ཉིད་དུ་བཞེད་དོ། །དེ་ཡང་དང་པོའི་སེམས་བསྐྱེད་མ་ཐག་ནས་གྲངས་མེད་ ཀྱི་མགོ་རྩོམ་པ་མ་ཡིན་གྱི་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང༌། །སེམས་ བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་ མཛད་པ་ཡིན། །ཞེས་གསུངས་ཏེ། དགེ་བ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ བཟང་པོའི་སྟོབས་ཅན་དང༌། རྟག་ཏུ་དགེ་བའི་བཤེས་གཉེན་དང་འཕྲད་པ་སྨོན་པའི་སྟོབས་ ཅན་དང༌། གཞན་གྱིས་བཟློག་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་བྱང་ཆུབ་ཀྱི་ སེམས་བརྟན་པ་དང༌། འདི་དང་ཕྱི་མ་ལ་དགེ་བའི་ཆོས་མི་ཉམས་ཤིང་འཕེལ་བ་ཁྱད་པར་དུ་ འགྲོ་བ་སྟེ། ཡོན་ཏན་དེ་ལྟ་བུ་ཐོབ་པའི་ཚོགས་ལམ་ནས་མགོ་རྩོམ་མོ། །སྔགས་ཀྱི་ཐེག་པར་ གསུངས་པའི་ལམ་ནི་ཤིན་ཏུ་མྱུར་བའི་ལམ་ཡིན་ཏེ་སྐྱེ་བ་བཅུ་དྲུག་དང་སྐྱེ་བ་བདུན་དང་སྐྱེ་ བ་གཅིག་ལ་སངས་རྒྱས་ཐོབ་པར་གསུངས་པའི་ཕྱིར་རོ། །དེ་ཡང་གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་ བདུན་ན་ནི། །མ་བསྒོམས་པ་ཡང་དངོས་གྲུབ་འཐོབ། །ཅེས་སྐྱེ་བ་བདུན་ན་མཆོག་གི་དངོས་ གྲུབ་ཐོབ་པར་གསུངས་ཤིང༌། དམ་ཚིག་ལྔ་པ་ལས། སྐྱེ་བ་བཅུ་དྲུག་ན་མཆོག་འགྲུབ་པར་ གསུངས་ཏེ། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་སོ། སྐྱེ་བ་ གཅིག་ལ་སངས་རྒྱས་ཐོབ་པ་ནི། དཔལ་གསང་བ་འདུས་པ་ལས། འདི་ཡིས་ཆོས་ཀྱི་བདག་ ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ ལ་འགྲུབ་པར་འགྱུར། །ཞེས་གསུངས་ཤིང༌། དྲི་མ་མེད་པའི་འོད་དུ་ཡང༌། སྐྱེ་བ་འདི་སྟེ་མིའི་ 5-1-220 སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་ འགྲོ་བ་ལྔ་ཡི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ལས་ཀྱི་ས་མ་ཡིན་པར་སྐྱེས་པའི་ཕྱིར་ རོ། །ཞེས་དང༌། དེ་ཉིད་དུ་རྒྱུད་གཞན་གྱི་ལུང་དྲངས་པ། གདོལ་པ་སྨྱུག་མ་མཁན་སོགས་ དང༌། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་ སངས་རྒྱས་འགྱུར། །ཞེས་སོ། །དེ་ལྟ་བུ་དེ་དག་གང་ཟག་མཆོག་ལ་དགོངས་པ་མ་ཡིན་ནམ་ སོ་སོ་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་འགྲུབ་སྙམ་ན་འགྲུབ་སྟེ། རྡོ་རྗེ་རྩེ་མོ་ལས། བསྐལ་པ་གྲངས་ མེད་པ་རུ་བྱུང༌། །ས་ཡི་ཕ་རོལ་ཕྱིན་པ་མཆོག །གང་ཕྱིར་གསང་བ་མཐོ་བ་ཐོབ། །རབ་ཏུ་ དགའ་བ་བསྒྲུབ་པར་འགྱུར། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་ འདས། །རབ་ཏུ་དགའ་བའི་ས་ཐོབ་ཅིང༌། །ཡང་ན་རྡོ་རྗེ་ཉིད་ཀྱང་ངོ༌། །ས་ལ་ཉི་ཟླ་ལྟུང་བྱེད་ ཅིང༌། །དེ་ནི་ནམ་མཁའི་རང་བཞིན་འགྱུར། །སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་ འགྱུར་ཏེ་གཞན་དུ་མིན། །ཞེས་གསུངས་པས་སོ། །དེ་ཡང་མིའི་སྐྱེ་བ་གང་རུང་རུང་ལ་ཐོབ་ པ་ནི་མ་ཡིན་ཏེ། དྲི་མེད་འོད་དུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ལས་ཁམས་དྲུག་ གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་ལའོ། །ཞེས་པ་སྟེ། རྣམ་པ་གཞན་དུ་ལས་ངན་ པ་དང་ལྡན་པའི་མིའི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་མ་ཡིན་ནོ་ ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་དང༌། རྡོ་རྗེ་སྙིང་འགྲེལ་དུ་ཡང༌། སྐྱེ་བ་འདི་ ཉིད་ལ་སངས་རྒྱས་ཉིད་སྟེར་ཞེས་བྱ་བ་ནི་ཡང་དང་ཡང་དུ་མིའི་སྐྱེ་བ་བླངས་ནས་འགྲུབ་པ་ ལ་བྱའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །སློབ་དཔོན་དཔལ་ དབྱངས་ལ་སོགས་པའི་བཞེད་པས། གསང་སྔགས་སྤྱོད་པའི་ཆོ་ག་ཡིས། །ཚེ་ལ་དབང་བའི་ རིག་འཛིན་ཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སངས་རྒྱས་གྲུབ་པར་བཤད་པ་ཡིན། ། ཞེས་གསུངས་པས། དང་པོར་བཅུད་ལེན་ལ་སོགས་པས་ཚེ་དཔག་ཏུ་མེད་པ་བསྒྲུབས་ནས། 5-1-221 དེ་ནས་ལམ་བསྒོམས་ཏེ་སངས་རྒྱས་པ་ནི་སྐྱེ་བ་གཅིག་གིས་སངས་རྒྱས་ཐོབ་པའི་དགོངས་ པ་ཡིན་པར་འཆད་པ་ནི། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང་མི་མཐུན་པར་ ཤེས་པར་བྱའོ། །དེ་བཞིན་དུ་ཁ་ཅིག་སྐྱེ་བ་གཅིག་ལ་སངས་རྒྱས་འཐོབ་པར་བཤད་པ་འདི་ སངས་རྒྱས་དངོས་ཐོབ་པ་མ་ཡིན་གྱི། ཐེག་ཆེན་གྱི་མཐོང་ལམ་འཐོབ་པ་ཙམ་ཡིན་ལ། དེ་ ནས་སངས་རྒྱས་ཚེག་མེད་དུ་ཐོབ་པ་ལ་དགོངས་པ་ཡིན་ནོ་ཞེས་ཟེར་བ་ཡང་དགོངས་པ་མ་ ཡིན་ཏེ། དྲི་མ་མེད་པའི་ འོད་ལས། མིའི་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བསྟན་པ་དང་འབྲེལ་པར། དེ་ ལྟར་གསུངས་པའི་རིམ་པས་ངེས་པ་དང་བྲལ་བ་རྣམས་ལ་སངས་རྒྱས་ཉིད་ཀྱིས་འབྲས་བུ་ རབ་ཏུ་སྟེར་བ་ནི་རྒྱུད་ཀྱི་རྒྱལ་པོའོ། །སངས་རྒྱས་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དེ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམ་པར་འབྱོར་བའོ། །དེ་སྟེར་བ་ ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་རྒྱུད་ ཀྱི་རྒྱལ་པོ་ཞེས་པ་ནི་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ཡིན་ལ། མཁྱེན་པ་བཞི་ ནི་རིམ་པ་ལྟར་ངོ་བོ་ཉིད་ཀྱི་སྐུ་དང་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་ཆོས་ ཀྱི་སྐུའོ། །ངེས་པ་དང་བྲལ་བའི་དོན་ནི་གོང་དུ་བཤད་པའི་གང་ཟག་དེ་ལྟ་བུ་འདོད་ཡོན་ལྔ་ སྤོང་བའི་ཉན་ཐོས་ཀྱི་སོ་སོ་ཐར་བའི་སྡོམ་པ་ཁོ་ན་ལ་མཐའ་གཅིག་ཏུ་གནས་པ་མ་ཡིན་པ་ ལ་གསུངས་སོ། །དེ་ལྟར་སྐྱེ་བ་བཅུ་དྲུག་དང་བདུན་དང་གཅིག་གིས་རྫོགས་པའི་སངས་རྒྱས་ འགྲུབ་པར་བཤད་པ་ནི་སྔགས་ཀྱི་ཐེག་པའི་གདུལ་བྱ་གཞིར་བྱས་པ་ལ་དབང་པོ་ཐ་མ་དང་ འབྲིང་དང་མཆོག་གི་དབང་དུ་བྱས་པ་ཡིན་པར་འདོད་པ་ཡང་ཡོད་མོད་ཀྱི། དུས་ཀྱི་འཁོར་ ལོའི་རྒྱུད་དང༌། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་དགོངས་པ་ནི་གདུལ་བྱ་སློབ་ 5-1-222 མ་ཐ་མ་ནི་དབང་གིས་བསྡུ་བར་བྱ་བ་མ་ཡིན་པ་དང་འབྲིང་པོ་ནི་དབང་འོག་མ་བདུན་གྱིས་ བསྡུས་ནས་བསྐྱེད་པའི་རིམ་པ་བསྒོམས་ཏེ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སྐལ་བ་ ཅན་དུ་གསུངས་ཤིང༌། ཕྱག་རྒྱ་ཆེན་པོ་ཤིན་ཏུ་རྣམ་པར་དག་པའི་རིམ་པ་སྒོམ་པའི་སྐལ་བ་ དང་ལྡན་པའི་གང་ཟག་ནི་སློབ་མ་མཆོག་ཡིན་པར་གསུངས་ལ། དེས་ནི་མིའི་སྐྱེ་བ་གཅིག་ གམ་བདུན་ནམ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ས་བཅུ་གཉིས་ཀྱི་དབང་ཕྱུག་རྫོགས་པའི་ སངས་རྒྱས་ཉིད་ཐོབ་པར་གསུངས་པ་ཡིན་ནོ། །དེ་ལྟར་མིའི་སྐྱེ་བ་གཅིག་ལ་སོགས་པར་ སངས་རྒྱས་ཐོབ་པར་གསུངས་པ་ནི་སྔགས་ཀྱི་ཐེག་པར་ཞུགས་པ་ཙམ་མམ། བསྐྱེད་རིམ་ ལ་སོགས་པ་དྲང་དོན་རྟོག་བཅས་ཀྱི་སྒོམ་རྣམས་ལ་བརྩོན་པར་བྱས་པས་ནི་མ་ཡིན་གྱི་རྒྱུད་ ལས་གསུངས་པའི་ཆོ་གས་རྣམ་པར་དག་པའི་དབང་བསྐུར་བ་ལ་སོགས་པའི་སྒོ་ནས་སྔགས་ ཀྱི་ཐེག་པའི་ཚུལ་ལ་ལེགས་པར་ཞུགས་ཏེ། མི་དགེ་བ་རྣམ་པ་བཅུ་པོ་མཐའ་དག་སྤང་བའི་ སྒོ་ནས་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་ཞིང་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་སོགས་པའི་དམ་ ཚིག་དང་སྡོམ་པ་ལ་གནས་པས་སྦྱོར་བ་ཡན་ལག་དྲུག་གི་ཏིང་ངེ་འཛིན་རྩེ་གཅིག་ཏུ་བསྒོམ་ པའི་ཡེ་ཤེས་ཀྱི་ཚོགས་དང༌། ཚོགས་ཀྱི་འཁོར་ལོའི་ཆོ་ག་རྒྱུད་ལས་ཇི་ལྟར་གསུངས་པ་ བཞིན་དང་སྦྱིན་པ་རྣམ་པ་བཅུ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་མྱུར་དུ་རྫོགས་པར་བྱས་ པ་ལས། རྣལ་འབྱོར་པ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་ནི་སྐྱེ་བ་གཅིག་ལ་སངས་རྒྱས་ ཐོབ་པ་དང༌། བརྩོན་འགྲུས་ཅུང་ཟད་དམན་པས་ནི་སྐྱེ་བ་བདུན་གྱིས་སངས་རྒྱས་ཉིད་ཐོབ་ པ་ཡིན་པར་ཤེས་པར་བྱའོ། །ཡང་རྣལ་འབྱོར་པ་རབ་ཚེ་གཅིག་ལུས་གཅིག་དང་འབྲིང་འཕོ་ བ་དང་བར་དོའི་མན་ངག་ལ་བརྟེན་ནས་འཆི་ཁ་བར་དོར་སངས་རྒྱའོ། །ཞེས་ཀྱང་གསུངས་ སོ། །སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཁྱད་པར། སློབ་དཔོན་ཏྲི་པི་ཏ་ཀ་མ་ལའི་ཚུལ་ གསུམ་གྱི་སྒྲོན་མ་ལས་ནི། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་ 5-1-223 ཕྱིར་དང༌། །དབང་པོ་རྣོན་པོས་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། ། འདི་ལྟར་གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་ དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལས་ཁྱད་པར་མེད་པ་ཡིན་མོད་ཀྱི། འོན་ཀྱང་ རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས་སྔགས་ ཀྱི་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་མ་རྨོངས་ པའི་ཁྱད་པར་ནི་མགོ་བོ་ལ་སོགས་པ་བྱིན་པའི་ཕྱིའི་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི་ མཆོག་མ་ཡིན་གྱི། ཐབས་ཤེས་རབ་དབྱེར་མེད་ཀྱི་ཏིང་ངེ་འཛིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ བསྒྲུབ་པ་ནི་ཕར་ཕྱིན་དྲུག་ལ་མ་རྨོངས་པའི་ཁྱད་པར་རོ། །ཐབས་མང་བ་ནི་དང་པོར་མེ་ཏོག་ བབས་པ་ལ་སོགས་པའི་སྒོ་ནས་རིགས་ངེས་པར་བྱས་ནས་ཕྲ་བ་སེམས་དང་སེམས་བྱུང་ ཐམས་ཅད་ལྷའི་རང་བཞིན་དུ་བསྒོམས་ནས་མཆོད་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དང༌། དེ་ མི་ནུས་པ་ངག་གི་སྤྲོས་པ་ལ་མངོན་པར་ཞེན་པ་རགས་པ་སྔགས་ཀྱི་བཟླས་པ་སྟོན་པ་གསུང་ རྡོ་རྗེའི་ཏིང་ངེ་འཛིན་དང༌། རགས་པའི་ཡུལ་ལ་མངོན་པར་ཞེན་པ་ཕྲ་བ་ལ་སྦྱོར་མི་ནུས་པ་ ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྟོན་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ ཅད་རང་བཞིན་གྱིས་རྣམ་པར་དག་པས་མཐའ་བྲལ་ཡང་དག་པའི་དོན་སྒོམ་པར་བྱེད་པའོ། ། དཀའ་བ་མེད་པ་ནི་སེམས་ཅན་གང་དང་གང་ཡུལ་དུས་གང་དུ་ཇི་ལྟར་མངོན་པར་འདོད་ པར་འགྱུར་བ་དེ་དང་དེ་ཉིད་ངེས་པར་སྦྱོར་ཞིང་ཐབས་བདེ་བ་ཉིད་ཀྱི་བྱང་ཆུབ་ཐོབ་པར་ མཛད་པ་སྟེ། འཆིང་བྱེད་ཉིད་ཐབས་ཀྱིས་གྲོལ་བྱེད་དུ་འགྱུར་བ་དང༌། དབང་པོ་སོ་སོའི་ དབྱེ་བས་ཕྱག་རྒྱ་ཆེན་མོ་དང་ཡེ་ཤེས་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་བརྟེན་ནས་དཀའ་ བ་སྤྱད་པ་མེད་པར་བྱང་ཆུབ་འཐོབ་པའོ། །དབང་པོ་རྣོན་པོའི་དབང་དུ་བྱས་པ་ནི་ཉན་རང་ ནི་དཔང་པོ་རྟུལ་པོ་ཡིན་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་[པ་ནི་{ཡང་}ཐབས་ལ་འཁྲུལ་པའི་ 5-1-224 ཕྱིར་དབང་པོ་འབྲིང་པོ་ཡིན་ཞིང་གསང་སྔགས་པས་ནི་གཞན་གྱིས་བྱས་ན་དམྱལ་བར་འགྲོ་ བའི་ལས་ཀྱང་ཐབས་མཁས་པས་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བར་བྱེད་པས་ཐབས་གང་དུའང་ རྨོངས་པ་མེད་པ་ཞེས་བྱ་སྟེ། ཨཱརྱ་དེ་བས། དམན་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་ རྣམས་ནི་ཆགས་བྲལ་འགྱུར། །གཟུགས་ཀྱི་རང་བཞིན་ཤེས་པ་ཡིས། །མཁས་པ་རྣམས་ནི་ རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་རོ། །སློབ་དཔོན་ཛྙཱ་ན་ཤྲཱིས་མཛད་པའི་རྡོ་རྗེ་ཐེག་པའི་ མཐའ་གཉིས་སེལ་བར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་བཅུ་ གཅིག་གིས་འཕགས་པར་བཤད་དེ། དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང༌། བསྒྲུབ་པ་བླ་ན་མེད་པ་དང༌། ཡེ་ཤེས་བླ་ན་མེད་པ་དང༌། བརྩོན་འགྲུས་བླ་ན་མེད་པ་དང༌། གདུལ་བྱ་མ་ལུས་པ་འཛིན་པར་ནུས་པ་དང༌། ཉོན་མོངས་པ་བྱིན་གྱིས་རློབ་པ་དང༌། བྱིན་ གྱིས་རློབ་པར་འགྱུར་བ་དང༌། མྱུར་དུ་འབྱུང་བ་དང༌། ཉོན་མོངས་པ་སྤོང་བ་དང༌། བསམ་པ་ བླ་ན་མེད་པ་དང༌། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་ཉིད་ བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ། །ཞེས་སོ། །ཡང་དེ་ཉིད་དུ། ཐབས་མྱུར་བ་དང༌། སླ་བ་དང༌། མང་བ་དང༌། མཁས་པ་དང༌། བཞི་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པར་ གསུངས་ཏེ་སྔར་བཤད་པ་དེ་ཉིད་ཀྱིས་ཤེས་སོ། ། ༣ རྡོ་རྗེ་ཐེག་པའི་ལམ་གྱི་གནས་ལུགས་རྒྱས་པར་ངོ་སྤྲད་པ་ལ་གཉིས། གསུམ་པ་རྡོ་རྗེ་ཐེག་པའི་ལམ་གྱི་གནས་ལུགས་རྒྱས་པར་ངོ་སྤྲད་པ་ལ་གཉིས་ཏེ། ལམ་ རིམ་པ་གཉིས་ཀྱི་ཁྱད་པར་དང༌། རྫོགས་རིམ་ཕྱག་རྒྱ་ཆེན་པོའི་ལམ་གྱི་རང་བཞིན་ནོ། ། ⒈ ལམ་རིམ་པ་གཉིས་ཀྱི་ཁྱད་པར་ལ་གསུམ། དང་པོ་ལ་གསུམ་སྟེ། སྤྱིར་སྔགས་ཀྱི་ཐེག་པར་ལམ་རིམ་པ་གཉིས་གསུངས་པའི་ཚུལ། བསྐྱེད་རིམ་གྱིས་བསྒོམ་པ་མཆོག་གི་ལམ་མ་ཡིན་པར་བསྟན་པ། རྫོགས་རིམ་རྡོ་རྗེའི་རྣལ་ 5-1-225 འབྱོར་ཉིད་མཆོག་གི་ལམ་དུ་བསྟན་པའོ། ། ༡ སྤྱིར་སྔགས་ཀྱི་ཐེག་པར་ལམ་རིམ་པ་གཉིས་གསུངས་པའི་ཚུལ། དང་པོ་ནི། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་དྲི་མ་མེད་པའི་འོད་དུ་ལུང་དྲངས་པ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་ གསུང་རབ་ཐམས་ཅད་བརྗོད་བྱ་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་ ལ་བརྟེན་ཏེ། བདེན་པ་གཉིས་མ་ཡིན་པའི་བརྗོད་བྱ་མི་སྲིད་ལ། དེ་ཡང་ཀུན་རྫོབ་ཀྱི་བདེན་ པ་སྟོན་པ་རྣམས་ནི་དྲང་བའི་དོན་དང༌། དོན་དམ་པའི་བདེན་པ་སྟོན་པ་རྣམས་ནི་ངེས་པའི་ དོན་དུ་ཤེས་པར་བྱའོ། །དེའི་ཕྱིར་སྔགས་ཀྱི་ཐེག་པའི་ཚུལ་ལ་ཡང༌། ཀུན་རྫོབ་ཀྱི་བདེན་པ་ ལ་བརྟེན་ནས་བསྐྱེད་པའི་རིམ་པ་དང༌། དོན་དམ་པའི་བདེན་པ་ལ་བརྟེན་ནས་རྫོགས་པའི་ རིམ་པ་སྟེ་ལམ་གཉིས་བསྟན་པ་ཡིན་ཏེ། དེ་ཉིད་དུ་ལུང་དྲངས་པ། རྡོ་རྗེ་ཅན་བདག་བསྟན་པ་ ནི། །རིམ་པ་གཉིས་ལ་ཡང་དག་བརྟེན། །གཅིག་ནི་བསྐྱེད་པའི་རིམ་པ་སྟེ། །གཞན་ནི་རྫོགས་ པའི་རིམ་པའོ། །ཞེས་གསུངས་ཤིང༌། ཡང་དེ་ཉིད་དུ། སྔགས་ཀྱི་ཚུལ་འདིར་འཇིག་རྟེན་ དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་ཡང་དག་པར་བརྟེན་ནས་སངས་རྒྱས་བཅོམ་ ལྡན་འདས་ཀྱིས་རྒྱུད་དང་རྒྱུད་གཞན་དག་ཏུ་{ཀུན་རྫོབ་}དང་དོན་དམ་པ་གཉིས་ངེས་པར་ བསྟན་ཏེ། གཅིག་ནི་འཇིག་རྟེན་ཀུན་རྫོབ་ཀྱི་ཡིན་ལ། གཉིས་པ་ནི་དོན་དམ་པའོ། །དེ་ལ་ གང་འཇིག་རྟེན་ཀུན་རྫོབ་ཀྱིས་བསྟན་པ་དེ་ནི་དྲང་བའི་དོན་ཡིན་ལ། གང་དོན་དམ་པས་ བསྟན་པ་དེ་ནི་ངེས་པའི་དོན་ཏོ། །དོན་རྣམ་པ་གཉིས་པོ་འདི་སློབ་མ་རྣམས་ཀྱིས་བླ་མའི་མན་ ངག་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རྒྱུད་དང་རྒྱུད་གཞན་ཐམས་ཅད་ལས་བརྗོད་པར་ བྱ་བ་རྣམ་པ་གཉིས་ཏེ་གཅིག་ནི་འཇིག་རྟེན་ཀུན་རྫོབ་ཀྱི་ཡིན་ལ་གཉིས་པ་ནི་དོན་དམ་པའོ། 238། གང་འཇིག་རྟེན་ཀུན་རྫོབ་ཀྱི་ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་ཀྱི་ མཚན་ཉིད་ཅན་ནོ། །གང་དོན་དམ་པའི་བདེན་པས་ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་ མ་དང་དབྱིབས་དང་བྲལ་བའོ། །འདི་དག་ལས་གང་འཇིག་རྟེན་ཀུན་རྫོབ་ཀྱིས་བསྟན་པ་དེ་ ནི་ཕྱི་དང་ནང་ལ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་ སུ་བརྟགས་པའི་ཆོས་དེ་འཇིག་རྟེན་པའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །གང་ དོན་དམ་པའི་བདེན་པས་དེ་ནི་འཇིག་རྟེན་ལས་འདས་པ་ཞེས་པ་ནས་འགྱུར་བ་མེད་པའི་ བདེ་བའི་ཡེ་ཤེས་ཀྱི་སེམས་སོ། །ཞེས་པའི་བར་ཏེ། སྔར་དྲངས་པ་ཉིད་དོ། ། ༢ བསྐྱེད་རིམ་གྱི་བསྒོམ་པ་མཆོག་གི་ལམ་མ་ཡིན་པར་བསྟན་པ། གཉིས་པ་བསྐྱེད་རིམ་གྱི་བསྒོམ་པ་མཆོག་གི་ལམ་མ་ཡིན་པར་བསྟན་པ་ནི། དེ་ལྟར་ ལམ་རིམ་པ་གཉིས་གསུངས་པ་ལས་བསྐྱེད་པའི་རིམ་པ་ནི་རྫོགས་རིམ་གྱི་ལམ་གྱི་བརྟེན་ དང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དང་ཐུན་མོང་བ་འཇིག་རྟེན་པའི་དངོས་གྲུབ་ཐོབ་པར་ བྱེད་པའི་ཐབས་ཡིན་གྱི། རྫོགས་པའི་བྱང་ཆུབ་ཀྱི་ལམ་དངོས་ཕྱག་རྒྱ་ཆེན་པོ་མཆོག་གི་ དངོས་གྲུབ་ཐོབ་པར་བྱེད་པའི་ཐབས་ཡེ་ཤེས་ཀྱི་ཚོགས་ནི་མ་ཡིན་ཏེ། ཇི་སྐད་དུ། དྲི་མ་མེད་ པའི་འོད་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །གཅད་དང་དབྱེ་བའི་ཐབས་ཀྱིས་ མི་མཐོང་སྟེ། །གཙུབ་ཤིང་གཙུབ་སྟན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་ མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་ དག་གིས་མི་མཐོང་སྟེ། །དེ་ཉིད་དུ་འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་ བར་འགྱུར། །ཞེས་སོ། །དེའི་དོན་ནི་གཙུབ་སྟན་ལ་མེ་ཡོད་པ་དེ་ཐབས་ཁྱད་པར་ཅན་གྱིས་ མཐོང་བཞིན་དུ་རྣལ་འབྱོར་པ་རང་ལ་གདོད་མ་ནས་བཞུགས་པའི་སེམས་ཀྱི་རང་བཞིན་ འོད་གསལ་ཆོས་སྐུ་དེ་ཡང་བསྐྱེད་རིམ་ལ་སོགས་པ་རྣམ་རྟོག་གིས་སྒོམ་པས་མི་མཐོང་གིདེ་ 5-1-226 ཉིད་དུ་སྟེ་ངེས་པའི་དོན་དུ་འོད་གསལ་ཆོས་ཀྱི་སྐུ་འདི། གཡོན་རྐྱང་མའི་རྩ་དང༌། གཡས་རོ་ མའི་རྩ་གཉིས་ལ་རྒྱུ་བའི་ལས་ཀྱི་རླུང་དབུས་སུ་ཨ་ཝ་དྷཱུ་ཏཱིའི་རྩའི་ནང་དུ་གཅིག་ཏུ་སྦྱོར་བ་ ཡན་ལག་དྲུག་བསྒོམས་པའི་ཐབས་ཀྱིས་མཐོང་བར་འགྱུར། ཞེས་པ་སྟེ། བསྐྱེད་རིམ་གྱིས་ བསྒོམ་པ་འདིས་མཆོག་གི་དངོས་གྲུབ་ཐོབ་པའི་ཐབས་མ་ཡིན་ཞེས་པའོ། །ཡང་དེ་ཉིད་དུ། སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་ནི། །དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་ པ། །བཅུ་དྲུག་བཞི་ཡི་[རབ་ཏུ{བར་དུ་}དབྱེ་བ་ཅན། །ལམ་དང་བྲལ་བས་ཐོབ་པ་མ་ཡིན་ ནོ། །ཞེས་གསུངས་ཏེ། དེ་ཁོ་ན་ཉིད་བཅུ་དྲུག་དང་དགའ་བ་བཞིའི་བདག་ཉིད་ཀྱི་རྣམ་པར་ མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་འབྲས་བུའི་མཆོག་དེ་བསྐྱེད་རིམ་རྣམ་རྟོག་གི་ལམ་གྱིས་མི་ཐོབ་ སྟེ། འདི་གཉིས་རྒྱུ་དང་འབྲས་བུ་མི་འདྲ་བར་གྱུར་པས་སོ། །ཞེས་པའི་དོན་ཏོ། །འོ་ན་བསྐྱེད་ རིམ་གྱི་བསྒོམ་པ་ལ་དོན་ཅི་ཡང་མེད་དམ་སྙམ་ན་དོན་མེད་པ་ཡང་མ་ཡིན་ཏེ། ཐུན་མོང་ འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཐབས་ཡིན་པའི་ཕྱིར་རོ། །འཇིག་རྟེན་པའི་དངོས་ གྲུབ་ནི། མཆོག་གི་དང་པོའི་སངས་རྒྱས་ལས། འདོད་ན་སྤྱོད་པའི་དངོས་གྲུབ་ནི། །ལས་ཀྱི་ ཕྱག་རྒྱས་བསྒྲུབ་པར་བྱ། །འོག་མིན་སྲིད་པའི་མཐར་ཐུག་པའི། །གཟུགས་ཁམས་ཡེ་ཤེས་ ཕྱག་རྒྱས་ཏེ། །ཞེས་གསུངས་པ་ལྟར་དང༌། དཔལ་དུས་ཀྱི་འཁོར་ལོར། རལ་གྲི་རེག་པ་ བཅུད་ཀྱི་དབང་པོ་བདུད་རྩིའི་འབྲས་བུ་རི་ལུ་རོ་ཙ་ན་དང་མིག་སྨན་དང༌། །རྐང་པ་བྱུག་དང་ ཤིང་ལྷམ་དག་དང་འཇིག་རྟེན་པ་ཡི་དངོས་གྲུབ་བརྒྱད་པོ་ཁྱོད་ཀྱིས་བདག་ལ་སྩོལ། །ཞེས་ གསུངས་པ་རལ་གྲི་བཟུང་བས་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་བརྒྱད་དོ། །ཇི་སྐད་དུ། དེ་ཉིད་ལས། གཟུགས་ལ་སོགས་པར་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམས་པས་ གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་རྣམས་འགྲུབ་འགྱུར་གྱིས། །འདོད་པའི་ དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་དང༌། བདེ་མཆོག་གི་རྩ་རྒྱུད་མངོན་པར་བརྗོད་པ་འབུམ་ 5-1-227 པའི་ལུང་བདེ་མཆོག་སྟོད་འགྲེལ་དུ་དྲངས་པར་ཡང༌། སྟོང་ཉིད་སྙིང་རྗེ་གཅིག་གྱུར་པ། །རྒྱུད་ གང་དུ་ནི་རབ་བསྟན་ཅིང༌། །འཇིག་རྟེན་མགོན་པོ་སྒྲུབ་བྱེད་པ། །རྒྱུད་དེ་སངས་རྒྱས་ཀྱིས་ བསྟན་པའོ། །འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ ཕྱིར། །སྔགས་བཟླས་དེ་བཞིན་ཆོ་ག་དང༌། །རྣམ་རྟོག་བསྒོམ་པ་རབ་ཏུ་གསུངས། །དོན་དམ་ བདེན་པས་གསུངས་པ་ནི། །ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ ཡི། །བསྒོམ་པ་དེ་བཞིན་གཤེགས་པས་གསུངས། །ཞེས་གསུངས་སོ། ། ༣ རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་ཉིད་མཆོག་གི་ལམ་དུ་བསྟན་པ། གསུམ་པ་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་ཉིད་མཆོག་གི་ལམ་དུ་བསྟན་པ་ནི། འོ་ན་ མཆོག་གི་དངོས་གྲུབ་དེ་ཁོ་ན་ཉིད་བཅུ་དྲུག་དང་དགའ་བ་བཞི་དང་སྐུ་བཞིའི་བདག་ཉིད་ཀྱི་ སངས་རྒྱས་ཐོབ་པར་བྱེད་པའི་ལམ་མཆོག་དེ་གང་ཡིན་ཞེ་ན། དེ་ནི་འཕགས་པ་འཇིག་རྟེན་ དབང་ཕྱུག་གིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྫོགས་པའི་རིམ་པ་ཐུན་མོང་མ་ཡིན་པའི་ ལམ། དྲི་མ་མེད་པའི་འོད་དུ་གསུངས་པ་དེ་ཉིད་ཡིན་ཏེ། ཇི་སྐད་དུ། བསྐྱེད་པའི་རིམ་པར་ གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་ རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་མིན། །ཞེས་གསུངས་པའོ། ། རྫོགས་རིམ་གྱི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དེ་ཉིད་གང་ཡིན་ཞེ་ན། ཡང་དེ་ཉིད་ལས། དུ་བ་ལ་སོགས་མཚན་མ་རྣམས་དང་ནི། །སྲོག་རྩོལ་གྱིས་ནི་དབུ་མར་འབབ་པ་དང༌། །རིག་ མའི་བརྟུལ་ཞུགས་དག་གི་རྡོ་རྗེ་ནི། །ལྟུང་མིན་དེ་བཞིན་སྟེང་དུ་ཁུ་བ་སྟེ། །ལམ་འདི་རྣམས་ ཀྱི་སངས་རྒྱས་རྣམས་ཀྱིས་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་ པའམ་ཕོ་ཉ་མོ་ཀུན་ཀྱིས། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཐོབ་འགྱུར། །ཞེས་གསུངས་ ཏེ། རྣལ་འབྱོར་པ་རྣམས་ཀྱིས་ཐོབ་པར་བྱ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། སངས་རྒྱས་ 5-1-228 ཐམས་ཅད་ཀྱི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའམ། ཕོ་ཉ་མོ་ཀུན་ཏེ་སངས་རྒྱས་ ཐམས་ཅད་ཀྱི་ཡུམ་ཕྱག་རྒྱ་ཆེན་མོ་འོད་གསལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ལྷན་ ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ་དེ་ཐོབ་པར་བྱེད་པའི་ལམ་ཐུན་མོང་མ་ཡིན་པའི་དུ་བ་ལྟ་བུ་ ལ་སོགས་པ་མཚན་མ་བཅུའི་མཐར་སྣ་ཚོགས་གཟུགས་མཐོང་བ་སོ་སོར་སྡུད་ཀྱི་ཡན་ལག་ དང༌། སྟོང་པ་ཉིད་ཀྱི་གཟུགས་ལས་སེམས་མི་གཡོ་བར་གནས་པ་བསམ་གཏན་གྱི་ཡན་ ལག་དང༌། རླུང་བཅུ་པོ་མ་ལུས་པ་དབུ་མར་འབབ་པར་བྱེད་པ་སྲོག་རྩོལ་གྱི་ཡན་ལག་དང༌། རླུང་དབུ་མའི་ནང་དུ་འགྲོ་འོང་མེད་པར་འཛིན་པ་འཛིན་པའི་ཡན་ལག་དང༌། རིག་མ་ལ་ སྙོམས་པར་ཞུགས་ཀྱང་རྡོ་རྗེ་སྟེ་བྱང་སེམས་ཐིག་ལེ་[མི་ལྟུང་བ་རྗེས་དྲན་གྱི་ཡན་ལག་དང༌། བྱང་སེམས་ཐིག་ལེ་]དཔྲལ་བ་ནས་གསང་གནས་ཀྱི་བར་དུ་ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་ དུ་གཤེགས་པར་བྱེད་པ་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། ལམ་སྦྱོར་བ་ཡན་ལག་དྲུག་པོ་འདི་ རྣམས་ཉིད་ཀྱིས་མཆོག་གི་འབྲས་བུ་དེ་རྣལ་འབྱོར་པས་ཐོབ་པར་འགྱུར་ཞེས་པའི་དོན་ཏོ། ། དེ་བཞིན་དུ་ལམ་རིམ་པ་གསུམ་གསུངས་པ་ལས། ཕྱི་རོལ་གྱི་དྲག་པོའི་ལྷ་བསྒྲུབ་པ་དཔའ་ བོའི་རིམ་པ་དང༌། སེམས་ཀྱིས་ཞི་བའི་རྣལ་འབྱོར་གྱི་[སྒོ{བསྒོམ་}ལ་དམིགས་པ་བདག་ བྱིན་གྱིས་བརླབས་པའི་རིམ་པ་གཉིས་ནི་ཐར་པའི་ལམ་མ་ཡིན་གྱི། ཤིན་ཏུ་རྣམ་དག་གི་རིམ་ པ་ཕྱག་རྒྱ་ཆེན་པོའི་མན་ངག་ཡན་ལག་དྲུག་ཁོ་ན་སངས་རྒྱས་ཀྱི་སྒྲུབ་ཐབས་ཡིན་ཏེ། དྲི་མ་ མེད་པའི་འོད་ལས། དཔའ་བོའི་རིམ་པ་བདག་བྱིན་བརླབ་པ་ཡི། །རིམ་པ་དག་ཀྱང་ཐར་ པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་ རྣམས་ཀྱིས་བསྟན། །ཞེས་གསུངས་ཤིང༌། རིམ་པ་སྔ་མ་གཉིས་ཀྱི་ངེས་པའི་དོན་ནི། དེ་ཉིད་ ལས། དཔའ་བོའི་རིམ་པ་ཕྱི་རོལ་ལ་མིན་ཏེ། ལུས་ལ་སྲོག་ཟད་ཉིད་ལ་འདི་གསུངས་སོ། ། བདག་བྱིན་བརླབས་པ་དག་ནི་སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་བའི་མིང་ཡིན་ནོ། 242། ཞེས་གསུངས་ཏེ། ལུས་ལ་དབུགས་འགགས་པར་བྱེད་པ་དང་འོད་གསལ་སྟོང་གཟུགས་ མཐོང་བའི་ལམ་ཡན་ལག་དྲུག་པོ་དེ་ཉིད་ཡིན་ནོ། །ཞེས་པའི་དོན་ཏོ། །གཞན་ཡང་རྣལ་ འབྱོར་པ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་པར་ཐོབ་ པར་འདོད་པ་རྣམས་ཀྱིས། མཆོག་གི་དངོས་གྲུབ་གྱི་རྒྱུར་རྣམ་པར་རྟོག་པའི་སྒོམ་པ་ཐམས་ ཅད་ཤིན་ཏུ་སྤང་བར་བྱ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ གྲུབ་པར། བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་པ་ལས་གསུངས་པ་ཡང༌། ཡེ་ཤེས་ ཀུན་ནས་གཅད་དུ་མེད། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །སྲིད་གསུམ་གཅིག་ཉིད་སེམས་ དཔའ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་པར་བཤད། །ཅེས་སོ། །དེའི་ཕྱིར་འགྱུར་བ་མེད་པ་ལས་ སྐྱེས་པ་རྣམ་པ་ཐམས་ཅད་པའི་ཐིག་ལེ་ལྷན་ཅིག་སྐྱེས་པའི་སྐུ་མཐའ་དག་རྒྱལ་བའི་བདག་ པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རྟེན་དང་བརྟེན་ པའི་འབྲེལ་པ་མི་འདོད་དེ། ཇི་ལྟར་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ། །རྟེན་ དང་བརྟེན་པའི་འབྲེལ་པ་འདོད་པ་དེ་བཞིན་དུ་རྣལ་འབྱོར་པས་མཆོག་ཏུ་མི་འགྱུར་བའི་བདེ་ བ་བསྒྲུབ་པ་ལ་མངོན་པར་དགའ་བ་བླ་མ་དམ་པའི་མན་ངག་ཐོབ་པ། གདུག་པའི་གྲོགས་ ཡོངས་སུ་སྤངས་པ་དུ་བ་ལ་སོགས་པའི་མཚན་མ་བསྒོམ་པ། ལས་དང་པོ་པ་དབུ་མ་རྣམ་པར་ སྦྱངས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་མཆོག་ཏུ་བརྩེ་བའི་སེམས་རྗེས་སུ་ བཅིངས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པའི་བུ་དང་ཆུང་ མ་ལ་སོགས་པ་དང་རང་གི་ལུས་ལ་ལྟོས་པ་མེད་པ། ཚོགས་ཁང་དང་གཙུག་ལག་ཁང་དང་ བླ་མའི་རྫས་ཉེ་བར་ལོངས་སྤྱོད་པ་ལས་ཕྱི་རོལ་ཏུ་གྱུར་པ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའི་ལམ་ལ་བརྟེན་པ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ། [ཚངས་ {ཚད་མེད}པའི་གནས་བཞི་{ལ་}རྣམ་པར་གནས་པ། ཞི་བའི་ལས་ལ་སོགས་པ་འཇིག་རྟེན་ 5-1-229 པའི་དངོས་གྲུབ་བསྒྲུབ་པ་ལ་མངོན་པར་དགའ་བ་སྤངས་པ། ཐམས་ཅད་མཁྱེན་པའི་རྐང་ སྟེགས་ལ་འཛེག་པར་འདོད་པ། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་ སྒོམ་པ་ཡོངས་སུ་སྤངས་པ། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་མེ་ ལོང་གི་པྲ་ཕབ་པ་བཞིན་དུ་སྐྱེ་བ་མེད་པའི་ཆོས་ངེས་པར་མཐོང་བ་རང་གི་སེམས་ཀྱིས་སྤྲོས་ པའི་རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པ། རྡུལ་ཕྲ་རབ་འཚོགས་པའི་ བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ཉིད་ལས་རིང་དུ་བྱས་པ། ནང་གི་བདེ་བ་རང་རིག་པར་བྱ་བའི་ཆོས་ལ་རྗེས་སུ་ཆགས་པ། ཕྱི་རོལ་ཀྱི་དབང་པོས་རང་ རིག་པར་བྱ་བའི་བདེ་བའི་ཆོས་ཡོངས་ སུ་སྤངས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། བྱང་ཆུབ་ཀྱི་སེམས་བརྟན་ པར་བྱེད་པ་ལ་གཅིག་ཏུ་མཁས་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཤེས་རབ་ཡེ་ ཤེས་ཀྱི་ལམ་གྱི་མན་ངག་ཐོབ་པས་རྟེན་དང་བརྟེན་པ་མཚན་མ་དང་ཁ་དོག་དང་ཕྱག་དང་ དབྱིབས་དང་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་བརྟགས་པའི་ཆོས་མི་འདོད་དོ། །ཞེས་གསུངས་ སོ། །རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སུ་ཡང༌། ཨ་སོགས་ཀ་སོགས་མཉམ་སྦྱོར་ བ། །རྡོ་རྗེ་སེམས་དཔའི་གདན་དུ་དང༌། །འགྱུར་མེད་ལས་བྱུང་སྐུ་ལ་ནི། །ཧཱུཾ་ཡིག་ལ་སོགས་ མི་འདོད་དོ། །ཞེས་གསུངས་སོ། །དེ་ལ་གདོད་མ་ནས་ལྷུན་གྱིས་གྲུབ་པ་དབྱིངས་དང་དབྱེར་ མེད་པའི་འགྱུར་མེད་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ནི། །འདུས་མ་བྱས་པའི་དབྱིངས་ཡིན་ པས་ཀུན་ནས་གཅད་དུ་མེད་ཅིང་གཞོམ་དུ་མེད་པས་རྡོ་རྗེ་ཡིན་ལ། པྲ་ཕབ་པའི་སྣང་བ་དང་ མཚུངས་པའི་སྲིད་པ་གསུམ་ཀུན་ནས་དྭངས་བའི་རྣམ་པ་རྣལ་འབྱོར་པའི་མངོན་གསུམ་ལ་ གསལ་བར་སྣང་བའི་སྟོང་གཟུགས་ནི། རྣམ་པ་དུ་མ་ཡིན་ཡང་ཆོས་ཀྱི་དབྱིངས་སུ་རོ་གཅིག་ པའི་ཕྱིར་སྲིད་པ་གསུམ་གཅིག་པ་སྟེ་དེ་ལ་སེམས་དཔའ་ཞེས་བྱ་ཞིང༌། དེ་དག་དབྱེར་མེད་ 5-1-230 པ་ནི་རྡོ་རྗེ་སེམས་དཔའི་དོན་ཏོ། །རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོ་དེ་རྣམ་པ་ཐམས་ཅད་ པའི་སྟོང་པ་ཉིད་འགྱུར་བ་མེད་པ་ལས་འཁྲུངས་པའི་སྐུ་ཡིན་པའི་ཕྱིར་བསྐྱེད་རིམ་གྱི་བསྒོམ་ པ་ལས་གསུངས་པའི་ཨ་སོགས་ཡོངས་སུ་གྱུར་པ་ཟླ་བའི་གདན་དང༌། ཀ་སོགས་ཡོངས་སུ་ གྱུར་པ་ཉི་མའི་གདན་མཉམ་པར་སྦྱོར་བ་རྟོག་པས་བརྟགས་པ་དེ་ལ་མི་རྟེན་པས་རྟེན་དང་ བརྟེན་པའི་འབྲེལ་པ་བཀག་པ་ཡིན་ཞིང༌། བསྐྱེད་རིམ་རྣམ་པར་རྟོག་པའི་བསྒོམ་པ་ནི་དུས་ ཀྱི་འཁོར་ལོའི་བདེ་བ་ཆེན་པོའི་སྐུའི་སྒྲུབ་ཐབས་མ་ཡིན་ནོ། །ཞེས་པ་དགོངས་པ་ཡིན་པར་ ཤེས་པར་བྱའོ། ། ⒉ རྫོགས་རིམ་ཕྱག་རྒྱ་ཆེན་པོའི་ལམ་གྱི་རང་བཞིན་ལ་བཞི། གཉིས་པ་རྫོགས་རིམ་ཕྱག་རྒྱ་ཆེན་པོའི་ལམ་གྱི་རང་བཞིན་ལ་བཞི་སྟེ། སྒོམ་པ་ཐུན་ མོང་མ་ཡིན་པ་དབང་བཞི་པའི་མན་ངག་སྦྱོར་བ་ཡན་ལག་དྲུག་བསྟན་པ། ལྟ་བ་ཐུན་མོང་ མ་ཡིན་པ་ཕྱག་རྒྱ་ཆེན་པོ་མཐའ་བྲལ་དབུ་མའི་དོན་བསྟན་པ། སྤྱོད་པ་ཐུན་མོངས་མ་ཡིན་ པ་རྣལ་འབྱོར་གྱི་སྤྱོད་པའི་རང་བཞིན་བསྟན་པ། ལམ་གྱི་རིམ་པ་མི་ཉམས་ཤིང་ཁྱད་པར་དུ་ འགྱུར་བའི་ཡན་ལག་བསྟན་པའོ། ། ⑴ སྒོམ་པ་ཐུན་མོང་མ་ཡིན་པ་དབང་བཞི་པའི་མན་ངག་སྦྱོར་བ་ཡན་ལག་ དྲུག་བསྟན་པ་ལ་གསུམ། དང་པོ་ལ་གསུམ་སྟེ། སྦྱོར་བ་ཡན་ལག་དྲུག་གི་དོན་རྣམ་པར་བཤད་པ་དངོས། ཡན་ ལག་དྲུག་བསྙེན་སྒྲུབ་བཞི་དང་རྡོ་རྗེའི་རྣལ་འབྱོར་བཞིར་བསྡུ་བ། དེའི་སྤང་བྱ་སྒྲིབ་པའི་རང་ བཞིན་དང་ལམ་གྱི་བྱེད་པ་བསྟན་པའོ། ། (༡) སྦྱོར་བ་ཡན་ལག་དྲུག་གི་དོན་རྣམ་པར་བཤད་པ་དངོས་ལ་གཉིས། དང་པོ་ནི། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་ 5-1-231 དང༌། །དེ་བཞིན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ ལག་དྲུག་ཏུ་འདོད། །ཅེས་དང༌། དཔལ་འཁོར་ལོ་སྡོམ་པའི་རྒྱུད་དུ་ཡང༌། སྔགས་བཟླས་ པ་དང་བསམ་གཏན་དང༌། །བདེ་བ་ཡིས་ཀྱང་འགྲུབ་པར་འགྱུར། །ཞེས་པ་འདིས་སྦྱོར་བ་ ཡན་ལག་དྲུག་བསྟན་ཏེ། དེའི་འགྲེལ་པ་དཔལ་ཕྱག་ན་རྡོ་རྗེས་མཛད་པར། ཐབས་འདི་ རྣལ་འབྱོར་པ་རྣམས་གསུངས་པའི་རྣལ་འབྱོར་པ་ཉིད་དུ་འགྲུབ་སྟེ་འགྲུབ་པར་འགྱུར་ཞེས་ པ་ལུང་བསྟན་པའོ། །འདིའི་ཐབས་ནི་ཡན་ལག་དྲུག་གི་རྣལ་འབྱོར་ཏེ། འདིར་བར་དུ་ཡན་ ལག་རེ་རེ་དོར་བའི་བར་པ་ནི་རིམ་པ་མེན་པས་གསུངས་སོ། །ཞེས་དང༌། དེའི་ཕྱིར་བསམ་ གཏན་གྱི་སྔོན་དུ་སོ་སོར་སྡུད་པ་རིག་པར་བྱའོ། །སྔགས་བཟླས་པའི་སྔོན་དུ་སྲོག་རྩོལ་རིག་ པར་བྱའོ། །འདིར་སྔགས་བཟླས་པའི་སྒྲས་མ་ནིང་གི་བཟླས་པའམ་རྡོ་རྗེའི་བཟླས་པ་སྟེ་ སྲོག་འཛིན་པར་བརྗོད་དོ། །བདེ་བའི་སྔོན་དུ་རྗེས་སུ་དྲན་པ་རིག་པར་བྱ་སྟེ། འདིར་བདེ་ བའི་སྒྲས་ཏིང་ངེ་འཛིན་བརྗོད་དོ། །དེ་ལྟར་ཡན་ལག་དྲུག་པོ་འདི་རྣམས་ཀྱིས་རྣལ་འབྱོར་ པ་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །ཞེས་དང༌། དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང༌། འདིས་ནི་འཁོར་ལོ་རྣམས་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དང་པོ་ནག་ པོ་རབ་ཏུ་བསྒོམ། །གཉིས་པ་ལ་ནི་དམར་པོ་བསྒོམ། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་ པར་ལྗང་ཁུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང༌། །དྲུག་པར་དཀར་པོའི་ལུས་ཅན་ ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་ གསུངས་པའི་དོན་བསྐྱེད་རིམ་གྱི་ཡན་ལག་དྲུག་དང༌། རྫོགས་རིམ་གྱི་ཡན་ལག་དྲུག་གཉིས་ སུ་གནས་པ་ལས། རྫོགས་རིམ་གྱི་ཡན་ལག་དྲུག་ནི་སྦྱོར་བ་ཡན་ལག་དྲུག་ཉིད་ཡིན་པར་ འཕགས་པ་རྡོ་རྗེ་སྙིང་པོས་གསུངས་ཤིང་ཁ་དོག་དྲུག་ནི་འོད་གསལ་གྱི་ཁ་དོག་རིགས་དྲུག་ གོ། རྒྱུད་ཀྱི་རྒྱལ་པོ་གཞན་མང་པོར་གསུངས་པའི་རྫོགས་པའི་རིམ་ཕྱག་རྒྱ་ཆེན་པོ་བསྒོམ་ 5-1-232 པའི་རིམ་པ་ཡང་སྦྱོར་བ་ཡན་ལག་དྲུག་ཉིད་ཡིན་པར་གསུངས་ལ། ཁྱད་པར་དུ་དཔལ་ དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་དུ་ཕྱག་རྒྱ་ཆེན་པོ་སྦྱོར་བ་ཡན་ལག་གི་ རིམ་པ་འདི་ཉིད་ཤིན་ཏུ་གསལ་བར་གསུངས་པས། འདི་དག་གི་དོན་གཏན་ལ་དབབ་པ་ལ་ གཉིས་ཏེ། སོ་སོར་རྒྱས་པར་བཤད་པ་དང༌། བསྡུས་ཏེ་བསྟན་པའོ། ། (༡) སོ་སོར་རྒྱས་པར་བཤད་པ་ལ་བཞི། དང་པོ་ལ་བཞི་སྟེ། སོ་སོར་སྡུད་དང་བསམ་གཏན་གྱི་ཡན་ལག སྲོག་རྩོལ་དང་འཛིན་ པའི་ཡན་ལག རྗེས་དྲན་དང་ཏིང་འཛིན་གྱི་ཡན་ལག དེ་དག་དབང་བཞི་པའི་མན་ངག་ཐུན་ མོང་མ་ཡིན་པར་བསྟན་པའོ། ། ❶ སོ་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་ལ་གཉིས། དང་པོ་ལ་སོ་སོར་སྡུད་དང༌། བསམ་གཏན་གྱི་ཡན་ལག་གཉིས་སོ། ། ༡ སོ་སོར་སྡུད་ཀྱི་ཡན་ལག་ལ་བཞི། དང་པོ་ལ་བཞི་སྟེ། སོ་སོར་སྡུད་ཀྱི་སྒྲ་དོན། སོ་སོར་སྡུད་ཀྱི་རྣལ་འབྱོར་བསྒོམ་པའི་ ཚུལ། དེ་ཉིད་ཡིད་ཆེས་པ་གསུམ་ལྡན་གྱིས་ལམ་མཆོག་ཏུ་བསྟན་པ། དེ་ཉིད་རྒྱལ་བའི་ཡུམ་ ལ་སོགས་པར་ཡང་གསུངས་པའི་ཚུལ་ལོ། ། ༡༽ སོ་སོར་སྡུད་ཀྱི་སྒྲ་དོན། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོར། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་ པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་གསུངས་ཏེ། དེའི་དོན་ནི། དྲི་མ་མེད་པའི་ འོད་ལས། འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་ འབྲེལ་པ་རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་སྟེ། སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ ལ་མིག་གཞན་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། །ཞེས་གསུངས་ཏེ། 5-1-233 དབང་པོའི་རྣམ་པར་ཤེས་པ་ལྔ་གཟུགས་ལ་སོགས་ཡུལ་ལྔ་ལ་འཇུག་པ་སོ་སོར་བསྡུས་ནས། མིག་གཞན་ལ་སོགས་པ་དབང་པོ་གཞན་རྣམས་སྟོང་པ་ཉིད་ཀྱི་གཟུགས་ལ་སོགས་པ་ཡུལ་ གཞན་ལྔ་ལ་འཇུག་པར་བྱེད་པས་ན་སོ་སོར་སྡུད་པ་ཞེས་བྱ་སྟེ། དེ་བཞིན་དུ་སོ་སོར་སྤོང་བ་ ཞེས་ཀྱང་བྱའོ། །དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མར། དབང་པོ་བཅུ་པོ་རྣམས་ཀྱི་ནི། ། རང་ལ་འཇུག་གནས་ཐམས་ཅད་ལ། །འདོད་པ་ཕྱིར་ཕྱིར་སྡུད་པ་ནི། །སོ་སོར་སྡུད་པ་ཞེས་ བརྗོད་དོ། །ཞེས་གསུངས་ཏེ། །དབང་པོ་བཅུ་ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་ལྔ་ དང༌། གཟུགས་སོགས་པ་ཡུལ་ལྔ་ལ་ཡང་དབང་པོ་ཞེས་བཤད་དེ་དེ་ལྟར་ན་དབང་པོ་བཅུའོ། ། རང་ལ་འཇུག་གནས་ཐམས་ཅད་ལ། འདོད་པ་ཞེས་པ་ནི་དབང་པོ་ལྔ་དང༌། ཡུལ་ལྔའི་ འབྲེལ་པ་ཡིན་ལ། ཕྱི་ཕྱིར་སྡུད་པ་ཞེས་པ་ནི་མི་འཇུག་པར་བྱེད་པ་སྟེ། དབང་པོ་ལྔ་ཡུལ་ལྔ་ ལ་མི་འཇུག་པར་ནང་དུ་བསྡུས་ནས་ཤའི་མིག་ལ་སོགས་པའི་དབང་པོ་གཞན་རྣམས། སྟོང་ གཟུགས་ལ་སོགས་པ་ཡུལ་གཞན་རྣམས་ལ་འཇུག་པར་བྱེད་པས་ན་སོ་སོར་སྡུད་པ་ཞེས་ བྱའོ། །རྗེ་བཙུན་ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་དུ་ཡང༌། འདིར་སོ་སོར་སྡུད་པ་ ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ། །མིག་ལ་སོགས་པའི་དབང་ བོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་མི་འཇུག་པར། ནང་གི་ཡུལ་ རྣམས་ལ་ལྷའི་མིག་གི་དབང་པོ་ལ་སོགས་པ་རྣམས་ཀྱིས་ལྷ་ཡི་མིག་གི་རྣམ་པར་ཤེས་པ་ལ་ སོགས་པ་རྣམས་འཇུག་པ་སྟེ་ནང་དུ་སྟོང་པ་ཉིད་ལ་དམིགས་པས། སྟོང་པ་ལ་མ་བརྟགས་ པའི་དངོས་པོ་ཐམས་ཅད་མཐོང་བ་ནི་པྲ་ཕབ་པའི་མེ་ལོང་ལ་གཞོན་ནུ་མས་མཐོང་བ་ལྟར། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་ལས་སོ་སོར་སྡུད་པའི་ཡན་ལག་ ཏུ་བརྗོད་དོ། །དེ་བཞིན་དུ། དཔལ་དུས་འཁོར་ཞབས་ཀྱི་སྙན་བརྒྱུད་དུ་ཡང༌། བསྒོམ་པ་ སྟོང་ཉིད་བསྒོམས་པ་ཡིས། །འགག་པ་རླུང་ནི་འགག་པར་བྱེད། །སྐྱེ་བ་ཤུགས་ལ་བདེ་བ་སྐྱེ། 248། འབྱུང་བ་ལམ་རྟགས་མ་ནོར་འབྱུང༌། །ངོ་བོ་སྟོང་པ་ཉིད་ཡིན་ཏེ། །སོ་སོར་རྟོག་པ་ཐམས་ ཅད་སྡུད། །ཅེས་རྣམ་པར་རྟོག་པའི་འཇུག་པ་ཐམས་ཅད་སོ་སོར་བསྡུས་ནས་སྟོང་པ་དང་མི་ སྟོང་བའི་ཡིད་ལ་བྱེད་པ་ཀུན་དང་བྲལ་བར་བསྒོམ་པ་ཉིད་སྟོང་པ་ཉིད་བསྒོམ་པའི་དོན་དུ་ གསུངས་སོ། ། ༢༽ སོ་སོར་སྡུད་ཀྱི་རྣལ་འབྱོར་བསྒོམ་ཚུལ་ལ་བཞི། གཉིས་པ་ལ་བཞི་སྟེ། ཉིན་མཚན་གྱི་རྣལ་འབྱོར་བསྒོམ་ཚུལ་སོ་སོར་བཤད་པ། སྟོང་ གཟུགས་མངོན་དུ་བྱེད་པའི་ལྟ་སྟངས་ཀྱི་ཁྱད་པར་བསྟན་པ། མཚན་རྟགས་ཀྱི་རིམ་པ་གཞན་ ཡང་བསྟན་པ། སེམས་ཀྱི་བཞག་ཐབས་ཀྱི་ཚུལ་ཁྱད་པར་དུ་བཤད་པའོ། ། ⑴ ཉིན་མཚན་གྱི་རྣལ་འབྱོར་བསྒོམ་ཚུལ་སོ་སོར་བཤད་པ། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། ནམ་མཁར་ཀུན་ནས་ཞེན་བའི་ སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལ་ནི་དུ་བ་ སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །འབར་བ་དང་ནི་ ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་ སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་ མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་ སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །དེ་ ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་གཞན་གྱི་སེམས་ནི་མིན་པ་ཉིད། ། ཅེས་གསུངས་སོ། །དེ་ལ་འདིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་རྣལ་འབྱོར་བསྒོམ་པའི་ཚུལ་དང༌། སྔགས་ཀྱི་ཐེག་པར་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ 5-1-234 བསྒོམ་པའི་ཚུལ་མཐུན་པར་གསུངས་ཏེ། དེ་ཡང་མཚན་མོའི་རྣལ་འབྱོར་དང་ཉིན་མོའི་རྣལ་ འབྱོར་རྣམ་པ་གཉིས་སོ། །འདི་དག་རྒྱལ་བའི་ཡུམ་གྱི་མདོར་ནི། དེ་ནས་ལྷ་རྣམས་ཀྱི་དབང་ པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་ འབྱོར་འདིར་གང་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ་ཀཽ་ཤི་ཀ་གང་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །ཀཽ་ཤི་ཀ་གང་བླ་གབ་མེད་པ་ལ་རྣམ་འབྱོར་དུ་བྱེད་ པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བར་སེམས་པའོ། །ཞེས་གསུངས་ཏེ། ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་ནི་མཚན་མོའི་རྣལ་འབྱོར་ཡིན་ལ། བླ་གབ་མེད་པ་ལ་ རྣལ་འབྱོར་དུ་བྱེད་པ་ནི་ཉིན་མོའི་རྣལ་འབྱོར་ཡིན་པར། འཕགས་པ་འཇིག་རྟེན་དབང་ཕྱུག་ དང་དཔལ་ཕྱག་ན་རྡོ་རྗེ་དང་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་དཔལ་ནཱ་རོ་པའི་ཞབས་ ཀྱིས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོར་གསུངས་པའི་ཚིགས་སུ་བཅད་པ་གཉིས་པོ་དེའི་དོན་ ནི། བསམ་གཏན་གྱི་ཁང་བུ་ཡིད་དང་མཐུན་ཞིང་སྒོ་འཁྱོག་རིམ་པ་གསུམ་ལ་སོགས་པར་ བྱས་པ་སྣང་བ་ཅུང་ཟད་ཀྱང་མི་འབྱུང་བའི་ནང་དུ་བདེ་བའི་སྟན་ལ་འདུག་སྟེ། དཔལ་ལྡན་ བླ་མ་དམ་པའི་ཞལ་གྱི་གདམས་པ་ཐུན་མོང་མ་ཡིན་པ་ལྟར་མི་གཡོ་བ་གསུམ་དང་ལྡན་པར་ བྱ་སྟེ། ལུས་གནད་ལེགས་པར་བཅས་ནས་མིག་མི་འཛུམ་པར་གཙུག་ཏོར་གྱི་ཁྲོ་བོའི་ལྟ་ སྟངས་ཀྱིས་མུན་པའི་ནམ་མཁའ་ལ་བལྟ་བར་བྱའོ། །ནམ་མཁར་ཀུན་ནས་ཞེན་པའི་སེམས་ ཞེས་པ་ནི་རིག་པ་ལྟ་སྟངས་ཀྱི་ལམ་ནས་ཐོན་པར་བྱས་ཏེ། རྣམ་པར་རྟོག་པ་ཐམས་ཅད་དང་ བྲལ་བའི་ཚུལ་གྱིས་ནམ་མཁའི་དབྱིངས་སུ་མ་ཡེངས་པར་མཉམ་པར་འཇོག་པའོ། །རྡོ་རྗེའི་ ལམ་དུ་རབ་ཏུ་ཞུགས་པ་ཞེས་པ་ནི། རྡོ་རྗེའི་ལམ་ནི་དབུ་མ་ཨ་ཝ་དྷཱུ་ཏཱིའི་རྩ་སྟེ་གོང་གི་བྱེད་པ་ བཅིང་བའི་ཐབས་དེ་དག་ལ་བརྟེན་ནས་གཡོན་རྐྱང་མའི་རྩ་དང་གཡས་རོ་མའི་རྩ་གཉིས་ལ་ 5-1-235 རྒྱུ་བའི་སྲོག་གི་རླུང་དབུ་མའི་ནང་དུ་འཇུག་ཅིང་སེམས་ཀྱང་ཅུང་ཟད་གཡོ་བ་མེད་པར་གྱུར་ པ་ལས་ནམ་མཁའ་སྟོང་པ་ཁོ་ན་ལས་འོད་གསལ་ཕྱག་རྒྱ་ཆེན་པོའི་སྣང་བ་དུ་བ་ལྟ་བུ་ལ་ སོགས་པའི་མཚན་མ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། མཚན་མ་དང་པོ་དུ་བའི་རྣམ་པ་ དང་གཉིས་པ་སྨིག་རྒྱུའི་རྣམ་པ་དང་གསུམ་པ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་སྟེ་སྲིན་ བུ་མེ་ཁྱེར་གྱི་རྣམ་པ་དང་མར་མེའི་རྣམ་པ་སྟེ་བཞིའོ། །འདི་ནི་མཚན་མོའི་རྣལ་འབྱོར་བསྒོམ་ པའི་ཚུལ་ལོ། །མཚན་མོའི་རྣལ་འབྱོར་གྱི་རྟགས་རྣམས་ཡོངས་སུ་རྫོགས་པའི་རྗེས་སུ་ཉིན་ མོའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། ནམ་མཁའ་རྒྱ་ཆེན་པོ་མཐོང་བའི་གནས་སུ་ལུས་གནད་ ལེགས་པར་བཅས་ཏེ་སྔར་གྱི་ལྟ་སྟངས་ཉིད་ཀྱིས་སྤྲིན་མེད་པའི་ནམ་མཁའ་འམ་སྤྲིན་དང་ བཅས་ན་བར་སྣང་དུ་བལྟ་ཞེས་ཀྱང་གསུངས་ཏེ། དེ་སྔ་དྲོ་དང་ཕྱི་དྲོའི་དུས་སུ་ཉི་མ་ལ་རྒྱབ་ བསྟན་ནས་བལྟ་བར་བྱའོ། །དེ་ནི་མིག་ལ་ཉི་མའི་འོད་ཟེར་གྱི་གནོད་པ་སྤངས་པའི་ཕྱིར་ཏེ་ རྗེ་བཙུན་ཉིད་ཀྱི་གསུང་ལས་འབྱུང་ངོ༌། །དེ་ནས་སྔར་གྱི་ཇི་ལྟ་བ་བཞིན་དུ་སེམས་མཉམ་ པར་བཞག་པས་འབར་བ་ལ་སོགས་པའི་མཚན་མ་རྣམས་མངོན་སུམ་དུ་མཐོང་བར་འགྱུར་ རོ། །དེ་ཡང་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པའི་དོན། འཕགས་པ་འཇིག་རྟེན་ དབང་ཕྱུག་ཉིད་ཀྱིས་རྣམ་པར་བཤད་པས་གསལ་བར་མཛད་དོ། །ནམ་མཁའ་ལས་བྱུང་རང་ བྱུང་པ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པའི་དོན་ནི་ནམ་མཁའ་ལ་འབར་བའི་རྣམ་པར་ སྣང་བ་སྟེ། དཔལ་ནཱ་རོ་པས། མེའི་རྣམ་པ་སྟོང་པའི་སྣང་བ་ནི་འབར་བའོ། །ཞེས་གསུངས་ སོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པའི་དོན་ནི་ཟླ་ བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བའོ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་པའི་དོན་ ནི། འགྲོ་བའི་མར་མེ་ནི་ཉི་མའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བ་དང༌། ཡེ་ཤེས་སྒྲོན་ནི་རྡོ་ རྗེ་སྟེ་སྒྲ་གཅན་གྱི་རྣམ་པར་སྣང་བའོ། །བཞི་པོ་འདི་ནི་དུས་ཀྱི་འཁོར་ལོའི་ཡུམ་ནུས་མ་བཅུ་ 5-1-236 ཡི་ནང་ནས་སེར་མོ་འབར་མ་དང་དཀར་མོ་འབར་མ་དང་དམར་མོ་འབར་མ་དང་ནག་མོ་ འབར་མ་སྟེ་རྣམ་པ་བཞི་ཡིན་པར་གསུངས་ལ། མཚན་མ་སྔ་མ་བཞི་ནི་དུ་བ་མ་དང་སྨིག་རྒྱུ་ མ་དང་མེ་ཁྱེར་མ་དང་མར་མེ་མ་སྟེ་བཞི་ཡིན་པར་གསུངས་སོ། ། དེ་ལྟར་ཉིན་མཚན་གྱི་རྣལ་འབྱོར་གཉིས་ཀྱི་རྟགས་བརྒྱད་ནི་ཁྱབ་བྱ་ཡིན་ཞིང༌། དེ་ནས་ གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པའི་དོན་ནི་མཆོག་གི་ཆ་སྟེ། གློག་འགྱུ་བ་ལྟ་བུའི་ སྣང་བ་དང༌། སྔགས་མཆོག་མངའ་བདག་རིགས་སྔགས་རྒྱལ། །ཞེས་པའི་དོན་ནི། ཐིག་ལེའི་ རྣམ་པར་སྣང་བ་སྟེ། །དཔལ་ནཱ་རོ་པས། རྒྱུ་བ་དང་བཅས་པའི་མི་རྒྱུ་བ་གསལ་བར་བྱེད་པ་ཁ་ དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བའོ། །ཞེས་གསུངས་སོ། །དེ་ལྟར་རྟགས་ ཕྱི་མ་གཉིས་ནི་ཉིན་མཚན་གྱི་རྟགས་བརྒྱད་པོའི་ཁྱབ་བྱེད་ཡིན་ཞེས་གསུངས་ལ། དཔལ་ནཱ་ རོ་པའི་ཞབས་ཀྱིས་ནི་ཕྱི་མ་གཉིས་པོ་ཉིན་མོའི་རྣལ་འབྱོར་གྱི་རྟགས་ཡིན་པར་བཞེད་ཅིང་ འགྲེལ་ཆེན་དུའང་དེ་ཉིད་གསལ་བར་མངོན་ནོ། །དེ་ནས། གསང་སྔགས་རྒྱལ་པོ་དོན་ཆེན་ བྱེད། །ཅེས་པའི་དོན་ནི་འོད་གསལ་གྱི་སྣང་བ་རབ་འབྱམས་རྣམ་པ་ཐམས་ཅད་པའི་སྟོང་ གཟུགས་མཐོང་བ་སྟེ། རྩ་བའི་རྒྱུད་ལས། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་ གཟུགས་ནི་བསྒོམ་པར་བྱ། །ཞེས་དང༌། དཔལ་བརྟག་པ་གཉིས་པར་ཡང༌། བརྟན་དང་གཡོ་ བའི་དངོས་པོ་ཀུན། །རྩྭ་ལྕུག་འཁྲིལ་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་དང༌། བདེ་མཆོག་ཉུང་ངུའི་རྒྱུད་དུ་ཡང༌། བྱེད་ པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་པ་དང༌། རི་གི་ཨ་ར་ལིའི་ རྒྱུད་ལས་ཀྱང༌། དགོན་པ་དབེན་པའི་གནས་སུ་ནི། །སེམས་པ་ཐམས་ཅད་ཡོངས་སྤངས་ ནས། །དབང་པོ་ཐམས་ཅད་བཟློག་པར་བྱ། །གཉིས་གཉིས་ཐམས་ཅད་རྣམ་པར་སྤངས། ། མིག་དག་གྱེན་དུ་བཟློག་བྱས་ནས། །སྨིན་མའི་དབུས་སུ་སེམས་བྱས་ན། །མི་བཟད་མུན་ 5-1-237 པར་གཟུགས་རྣམས་ནི། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །ཞེས་དང༌། རྣལ་འབྱོར་གྱི་ དབང་ཕྱུག་དུས་འཁོར་ཞབས་ཆེན་པོས་ཀྱང༌། འབོལ་བའི་སྟན་ལ་བྱེད་པ་ནི། །ལུས་བསྲང་ རྡོ་རྗེ་སྐྱིལ་དཀྲུང་བྱ། །ལྕེ་ཟློག་གསུས་སྦྱར་མིག་གྱེན་བཟློག །གཙུག་ཏོར་བསྒྱུར་བའི་ལྟ་ སྟངས་སོ། །ལག་གཉིས་རྡོ་རྗེ་བསྡམས་པར་བྱ། །དེས་ནི་རླུང་རྣམས་འཆིང་བྱེད་པས། །དཔྲལ་ བའི་ཐིག་ལེར་སྲོག་བཅུག་ལ། །གཡས་པ་ས་ཡི་རླུང་དུས་བསྒོམ། །ཞེས་གསུངས་པའི་ཡང་ དགོངས་པ་ཡིན་ཏེ། དཔལ་ལྡན་བླ་མའི་ཞལ་གྱི་གདམས་པ་དྲི་མ་མེད་པ་ལས་འབྱུང་བ་ལྟར་ ཅུང་ཟད་སྤྲོ་སྟེ་བཤད་པར་བྱའོ། །དེ་ནས་སྔར་བཤད་པའི་ཐིག་ལེ་དེའི་དབུས་སུ་སངས་རྒྱས་ ཀྱི་གཟུགས་རྡུལ་ཕྲ་རབ་ཀྱི་རྫས་མེད་པས་ཡུལ་དང་བྲལ་ཞིང་བློས་བརྟགས་པ་མེད་པས་ རྣམ་པ་དང་བྲལ་བ་དུ་མ་སྟེ་སྣ་ཚོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བར་འགྱུར་རོ། ། དེ་ཡང་སངས་རྒྱས་ཀྱི་གཟུགས་དང་ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་གཟུགས་ཀྱི་ སྐུའི་སྤྲུལ་པའི་སྐུ་དང་སྐུའི་རྣམ་པ་ཁོ་ན་ནི་མ་ཡིན་གྱི། གཟུགས་སྐུའི་རྣམ་པ་དུ་མ་ཡང་སྣང་ བར་འགྱུར་མོད་འདིར་དགོངས་པའི་དོན་ནི་དུ་བ་ལྟ་བུ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་ སྟོང་པ་ཉིད་ཀྱི་གཟུགས་ཙམ་ལ་སངས་རྒྱས་ཀྱི་གཟུགས་དང་ལོངས་སྤྱོད་རྫོགས་པའི་སྐུ་ ཞེས་གསུངས་པ་ཡིན་ཏེ། དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུའི་ངོ་བོ་ཡང་ཡིན་གཟུགས་ཀྱི་རྣམ་ པར་ཡང་སྣང་བས་ན་སངས་རྒྱས་ཀྱི་གཟུགས་ཞེས་བྱ་ཞིང༌། བདེ་བ་ཆེན་པོའི་སྐུ་ཡིན་པའི་ སྒོ་ནས་བདེ་བ་ཆེན་པོ་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་ བྱའོ། །དེ་ལྟར་སྟོང་གཟུགས་ཀྱི་རྣལ་འབྱོར་གོམས་པར་བྱས་པ་ལས་གཞོམ་དུ་མེད་པའི་སྒྲ་ རྣམ་པ་ཐམས་ཅད་པ་ཐོས་པར་འགྱུར་ཏེ། དེ་ཡང་སྟོང་གཟུགས་ནི་སྤྲུལ་པའི་སྐུ་དང་གཞོམ་ མེད་ཀྱི་སྒྲ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་གསུངས་ཏེ། འདི་ནི་སྔགས་ཀྱི་ཐེག་པའི་ ཐུན་མོང་མ་ཡིན་པའི་རྣམ་པར་བཞག་པ་ཡིན་གྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གསུངས་པའི་ 5-1-238 ལོངས་སྤྱོད་སྐུ་སྤྲུལ་སྐུ་གཉིས་དང་ནི་དོན་མི་གཅིག་གོ། ནམ་མཁའ་ཆུ་འཛིན་བྲལ་བ་དག་ ནི་རྣལ་འབྱོར་པ་ཡིས་བགྲད་པ་ཡི་མིག་གིས་བལྟ་བར་བྱ་བ་སྟེ། །ཞེས་པ་ནི་ཉིན་མོའི་རྣལ་ འབྱོར་བསྒོམ་པའི་ཚུལ་ཏེ་དུས་ཅི་སྲིད་དུ་བལྟ་བར་བྱ་ན་རེ་ཁཱ་སྟེ་རི་མོ་ནག་པོ་སྦོམ་ཕྲ་སྐྲའི་ ཚད་ཙམ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་ཞིག་དུས་ཀྱི་རྩ་སྟེ་ཨ་ཝ་དྷཱུ་ཏཱི་ལ་མཐོང་བར་གྱུར་གྱི་ བར་ཏུ་བལྟ་བར་བྱའོ། །རེ་ཁཱ་ནག་པོ་དེའི་ནང་དུ་ཡང་ཀུན་མཁྱེན་གཟུགས་ཞེས་པ་ཁམས་ གསུམ་པོ་མ་ལུས་པའི་རྣམ་པ་ཅན་གྱི་སྟོང་པ་ཉིད་ཀྱི་གཟུགས་ཆུ་ནང་དུ་ཉི་མའི་གཟུགས་ བརྙན་ཤར་བ་ལྟ་བུ་དྲི་མས་གོས་པ་མེད་པ་ཤིན་ཏུ་འོད་གསལ་བའི་ཁ་དོག་སྣ་ཚོགས་པ་ཅན་ མངོན་སུམ་དུ་མཐོང་བར་འགྱུར་ལ། རྣམ་པ་ཐམས་ཅད་པའི་སྟོང་གཟུགས་དེ་ནི་རང་གི་ སེམས་རང་བཞིན་གྱིས་འོད་གསལ་བ་ཡུལ་དང་རྣམ་པར་བྲལ་བའི་ངོ་བོ་ཡིན་གྱི་གང་ཟག་ གཞན་གྱི་སེམས་ནི་མ་ཡིན་ཏེ། དེ་མངོན་སུམ་དུ་མཐོང་བའི་རྣལ་འབྱོར་པ་དེ་ལས་དང་པོ་པ་ ཡིན་པས་ན་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་མེད་པའི་ཕྱིར་རོ། །དུས་འཁོར་ ཞབས་ཀྱི་སྙན་བརྒྱུད་དུ་ཡང༌། དེ་ལྟར་བསྒོམས་པས་ཡུལ་སོགས་འགག །ནང་དུ་ཤ་ཡི་མིག་ སོགས་ཀྱིས། །སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང༌། །ཆོས་ལ་ཕར་ཕྱིན་བཅུ་གནས་ པ། །ལྷ་ལ་ལྷ་མོ་བཅུར་ཤེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་སྨིག་རྒྱུ་མཁའ་ སྣང་དང༌། མར་མེ་འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །རྟགས་ཅན་ ཤེས་རབ་ཕ་རོལ་ཕྱིན། །འབར་བ་ཟླ་ཉི་གློག་སྒྲ་གཅན། །ཐིག་ལེ་དྲུག་སྟེ་ཐ་མ་ནི། །ཐམས་ ཅད་སྒྱུར་མཐོང་རྟགས་ཅན་ཏེ། །འབྱུང་ལྔ་ཡེ་ཤེས་ཕུང་པོ་དྲུག །གསང་འདུས་མཚན་བརྗོད་ ནས་ཕྱེད་ཕྱེད། །ཅེས་གསུངས་ཤིང༌། རྣལ་འབྱོར་གྱི་དབང་ཕྱུག་ཤྭ་བ་རི་པའི་ཞལ་སྔ་ནས་ ཀྱང༌། རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང༌། །དེ་ནང་འགྲོ་ དྲུག་ལ་སོགས་དང༌། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང༌། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ 5-1-239 ཚོགས་གཟུགས་བརྙན་འོད་གསལ་ཡིན། །ཞེས་གསུངས་སོ། ། ⑵ སྟོང་གཟུགས་མངོན་དུ་བྱེད་པའི་ལྟ་སྟངས་ཀྱི་ཁྱད་པར་བསྟན་པ། གཉིས་པ་སྟོང་གཟུགས་མངོན་དུ་བྱེད་པའི་ལྟ་སྟངས་ཀྱི་ཁྱད་པར་བསྟན་པ་ནི། དཔལ་ དུས་ཀྱི་འཁོར་ལོར། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་ གྱི་ཁྲོ་བོའི་ལྟ་བས་སོ། །ཞེས་གསུངས་ཏེ། བསྙེན་པ་ནི་སོ་སོར་སྡུད་ཀྱི་ཡན་ལག་སྟེ་དང་པོའི་ རྣལ་འབྱོར་ནི་རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱིས་དུ་བ་ལ་སོགས་པའི་མཚན་མ་ སྒོམ་པ་ཡིན་ལ། དེ་ཡང་དུ་བ་ལ་སོགས་པ་རྟགས་བཅུའི་སྒོ་ནས་རྣལ་འབྱོར་རྣམ་པ་བཅུར་ འགྱུར་རོ། །དེའི་དུས་སུ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བ་སྟེ་མིག་མི་འཛུམ་པར་སྟེང་དུ་ལྟ་བར་ བྱ་ཞིང་བསམ་གཏན་གྱི་ཡན་ལག་ལའང་ལྟ་སྟངས་དེ་ཉིད་དོ། །དཔལ་གསང་བ་འདུས་པར་ ཡང༌། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམས་ བྱ། །ཞེས་གསུངས་ཏེ། དེའི་དོན་ནི་སྔ་མ་བཞིན་ནམ། ཡང་ན་དགོངས་པའི་སྐད་གཞན་ གྱིས་གསུངས་པའི་དོན་ནི་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ཞེས་པ་ཁམས་གསུམ་པའི་ སངས་རྒྱས་ཀྱི་གཟུགས་འོད་གསལ་སྟོང་གཟུགས་ལ་སེམས་མཉམ་པར་འཇོག་པ་ཉིད་ ཡིན་པར་གསུངས་ཏེ་དོན་སྔ་མ་དང་གནད་གཅིག་ཏུ་འབྱུང་ངོ༌། །དེ་བཞིན་དུ། བགེགས་ མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་ལ་ཡན་ལག་དྲུག་ ཅེས་དང༌། དཔལ་གསང་བ་འདུས་པར། ཉེ་བར་སྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་པའི་ གཟུགས་བརྙན་ནོ། །ཞེས་གསུངས་ཏེ། ཡན་ལག་དྲུག་ལས་སྲོག་རྩོལ་དང་འཛིན་པའི་དུས་ སུ་ནི་བགེགས་མཐར་བྱེད་ཅེས་པ་ཁྲོ་བོ་བདུད་རྩི་འཁྱིལ་པའི་ལྟ་སྟངས་སྨིན་མཚམས་ཀྱི་ཐད་ སོའི་ནམ་མཁའ་ལ་ཅུང་ཟད་སྟེང་དུ་ཕྱོགས་པས་བལྟ་བ་ཡིན་ལ། ཡང་ན་དགོངས་པའི་སྐད་ ཀྱིས་རླུང་དབུ་མའི་ནང་དུ་ཞུགས་ནས་དཔྲལ་བའི་གནས་སུ་སོང་བ་ཡང་ཡིན་པར་ཤེས་པར་ 5-1-240 བྱའོ། ། ⑶ མཚན་རྟགས་ཀྱི་རིམ་པ་གཞན་ཡང་བསྟན་པ། གསུམ་པ་མཚན་རྟགས་ཀྱི་རིམ་པ་གཞན་ཡང་བསྟན་པ་ནི། གཞན་ཡང་མཚན་མོའི་ རྣལ་འབྱོར་བསྒོམ་པའི་ཚུལ། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མར་ཡང་གསུངས་པ་ལྟར། ཁོང་དུ་ཆུད་པར་བྱ་སྟེ། ཇི་སྐད་དུ། འགོག་པ་རྡོ་རྗེ་བགྲོད་སེམས་ལ། །མཚན་མ་ཉེར་འཛིན་ འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་བཤད་པ་ཡིན། །དང་པོ་ སྨིག་རྒྱུའི་རྣམ་པ་སྟེ། གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་ པ་སྒྲོན་མེ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་ གསུངས་ཏེ། འགོག་པ་རྡོ་རྗེ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་རྩ་སྟེ། འདིར་རླུང་ཞུགས་པས་གཡོན་ དང་གཡས་ཀྱི་རླུང་འགོག་པས་ན་འགོག་པའོ། །དེར་བགྲོད་པའི་སེམས་ནི་རླུང་སེམས་དབུ་ མའི་ནང་དུ་ཞུགས་པ་སྟེ། དེ་ལ་མཚན་མ་ཉེར་འཛིན་ཞེས་པ་དུ་བ་ལ་སོགས་པའི་མཚན་ མ་མངོན་སུམ་ལ་རབ་ཏུ་གསལ་བ་འབྱུང་བར་འགྱུར་ཏེ། །འདིར་ནི་མཚན་མ་ཡང་རྣམ་པ་ ལྔར་བཅོམ་ལྡན་འདས་ཀྱིས་གསུངས་ལ། །འདིར་དུ་བ་ལྟ་བུ་མཚན་མ་གཉིས་པ་དང་སྨིག་ རྒྱུ་ལྟ་བུ་མཚན་མ་དང་པོར་གསུངས་པ་ནི་བླ་མའི་ཞལ་ལ་རག་ལས་པར་བྱ་བའི་ཕྱིར་དུ་ དཀྲུགས་ཏེ་གསུངས་པ་ཡིན་པར་ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་དང༌། དཔལ་ནཱ་ རོ་པས་བཤད་པ་ལྟར་ཤེས་པར་བྱ་ཞིང་ནམ་མཁའ་སྤྲིན་མེད་པའི་རྣམ་པ་ནི་མཚན་མ་ལྔ་པ་ ཡིན་པར་གསུངས་སོ། །དེ་བཞིན་དུ། མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང༌། ཡན་ལག་དྲུག་ བསྒོམས་དེ་ལས་ནི། །སླར་ཡང་རང་བྱིན་བརླབས་པ་སྟེ། །རྗེས་མཐུན་ཆོ་གའི་རིམ་པ་ཡིས། ། ཕྱི་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་དང་འདྲ་བ་སྟེ། །གཉིས་པ་དུ་བ་ལྟ་བུའོ། ། གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་འབར་བ་སྟེ། ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་ 5-1-241 མེད་ནམ་མཁའ་ལྟ་བུའོ། །ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་ལས། །དེ་ནི་ ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པའོ། །ཞེས་གསུངས་ཏེ། འདིར་རང་ བྱིན་གྱིས་བརླབས་པ་ནི་སོ་སོར་སྡུད་ཀྱི་ཏིང་ངེ་འཛིན་ནི་བསྒོམ་པ་ཡིན་པར་དཔལ་ནཱ་རོ་པའི་ ཞབས་ཀྱིས་གསུངས་སོ། །དེ་ལྟར་ན་དཔལ་གསང་བ་འདུས་པ་ལ་སོགས་པར་མཚན་མོའི་ རྣལ་འབྱོར་དང༌། མཚན་ཡང་དག་པར་བརྗོད་པ་ལ་སོགས་པར་ཉིན་མོའི་རྣལ་འབྱོར་གྱིས་ ཕྱག་རྒྱ་ཆེན་པོ་ཐུན་མོང་མ་ཡིན་པ་བསྒོམ་པའི་རིམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པར་ ཤེས་པར་བྱའོ། ། ⑷ སེམས་ཀྱི་བཞག་ཐབས་ཀྱི་ཚུལ་ཁྱད་པར་དུ་བཤད་པ། བཞི་པ་སེམས་ཀྱི་བཞག་ཐབས་ཀྱི་ཚུལ་ཁྱད་པར་དུ་བཤད་པ་ནི། དེ་ལྟར་ཕྱག་རྒྱ་ཆེན་ པོའི་རྣལ་འབྱོར་བླ་ན་མེད་པ་སོ་སོར་སྡུད་པའི་ཏིང་ངེ་འཛིན་བསྒོམ་པའི་སེམས་མཉམ་པར་ འཇོག་ཚུལ་གྱི་རིམ་པ་ནི། སྤྱིར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ངང་དུ་མཉམ་ པར་འཇོག་པ་ཡིན་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། བསྐྱེད་པའི་རིམ་ པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །ཞེས་སོགས་དང༌། སེམས་རྣམ་པར་རྟོག་པ་དང་བྲལ་བར་བྱས་ནས། ཉི་མ་གཅིག་མཚན་མ་ཡོངས་སུ་བརྟག་ པར་བྱའོ། །ཞེས་དང༌། དཔལ་ཀྱེའི་རྡོ་རྗེའི་རྩ་རྒྱུད་དུ་ཡང༌། ཀུན་མཁྱེན་གོ་འཕང་འདོད་པ་ ཡིས། །རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་གྱུར་པ། །དེ་ལ་རྟག་ཏུ་བརྩོན་པར་ བྱ། །ཞེས་གསུངས་ཤིང༌། དེའི་འགྲེལ་པར་འཕགས་པ་རྡོ་རྗེ་སྙིང་པོས། དེ་བས་ན་བདག་ མེད་མའི་རྣལ་འབྱོར་འདི་ལྟ་བུ་ལ་དུས་རྟག་པར་གནས་པར་ནུས་མ་རྣམས་ཀྱིས་དུས་རྟག་ པར་ཀྱེའི་རྡོ་རྗེའི་མཐོང་བ་ཡིན་ནོ། །ཞེས་གསུངས་སོ། །མན་ངག་འགའ་ཞིག་ལས་ཀྱང༌། སྔ་རྗེས་མི་བཅད་སྔུན་མི་བསུ། །ལྟར་འཛིན་མེད་པས་ནམ་མཁར་གཞག །དུས་གསུམ་རྟོག་ 5-1-242 པའི་རྒྱུ་འགྲུལ་གཅད། །དེ་ལྟར་རྟོག་མེད་ཏིང་འཛིན་གནས། །ཞེས་གསུངས་སོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པར་ཡང༌། །ཕུང་འདི་སྟོང་ཞེས་རྟོགས་ ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་ དང༌། སྐྱེ་བ་མེད་དང་སྐྱེ་བ་གཉི་གར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་ པ་ཡིན། །ཞེས་གསུངས་སོ། །བྱེ་བྲག་ཏུ་ཆོས་གང་ཡང་ཡིད་ལ་མི་བྱེད་ཅིང་ཅི་ཡང་མི་བསམ་ པའི་ངང་དུ་མཉམ་པར་གཞག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་མདོ་ལས། ཡིད་ལ་བྱེད་ པས་ནི་ཁམས་གསུམ་དུ་འདྲེ་བར་བྱེད་པ་ཡིན་ནོ། །ཡིད་ལ་མི་བྱེད་པས་ནི་ཁམས་གསུམ་དུ་ འདྲེ་བར་བྱེད་པ་མ་ཡིན་ནོ། །ཞེས་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོར་ཡང་ཡིད་ལ་མི་བྱེད་ པ་ནི་དགེ་བའི་ཆོས་སོ། །ཡིད་ལ་བྱེད་པ་ནི་མི་དགེ་བའི་ཆོས་སོ། །ཞེས་དང༌། བདེ་མཆོག་ སྟོད་འགྲེལ་དང༌། དབང་མདོར་བསྟན་གྱི་འགྲེལ་པར་ཡང་ལུང་དྲངས་པ། བསམ་པ་ཐམས་ ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་དང༌། དེ་བཞིན་དུ། རྩེ་གཅིག་རྣལ་འབྱོར་སྒོམ་པར་བྱེད། ། ཡིད་ལ་ཅི་ཡང་མི་བསམ་མོ། །མ་བསམས་པ་ཡི་སྣང་བ་ནི། །དུ་བ་ལ་སོགས་སྣ་ཚོགས་ འབྱུང༌། །ཞེས་གསུངས་ཤིང༌། རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པས་ཀྱང༌། ལུས་ཀྱི་བྱ་བ་སྤོང་ ཐོང་རྣལ་མར་ཞོག །ངག་གིས་སྨྲ་བརྗོད་མ་མང་བྲག་ཆ་འདྲ། །ཡིད་ལ་མི་བསམ་[ལ་{ལས} ཟླའི་ཆོས་ལ་ལྟོས། །ཞེས་གསུངས་སོ། །དེ་བཞིན་དུ་རེ་དོགས་དགག་སྒྲུབ་དང་སྤང་བླང་ཅི་ ཡང་མེད་པའི་ངང་དུ་མཉམ་པར་གཞག་པར་བྱ་སྟེ། ཏེ་ལོ་པས། བློ་འདས་བྱར་མེད་དོན་འདི་ ཐོབ་འདོད་ན། །རང་སེམས་རྩ་ཆོད་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ ཆུག །སྣང་བ་དགག་སྒྲུབ་མི་བྱར་རང་སོར་ཞོག །སྤང་ལེན་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། ། ཞེས་དང༌། དཔལ་ཤཱ་ཝ་རི་དབང་ཕྱུག་གིས་ཀྱང༌། གང་ལའང་སྐྱོན་དུ་མི་ལྟ་ཞིང༌། །ཅི་ཡང་ 5-1-243 མ་ཡིན་ཉམས་སུ་བླངས། །དྲོད་རྟགས་ལ་སོགས་འདོད་མི་བྱ། །སྒོམ་དུ་མེད་པར་བསྟན་ མོད་ཀྱང༌། །ལེ་ལོ་བཏང་སྙོམས་དབང་མི་བཏང༌། །རྒྱུན་དུ་དྲན་པས་བསྒྲུབ་པར་བྱ། །ཞེས་ གསུངས་སོ། །དེ་ལྟར་ན་ཅི་ཡང་མི་བསམ་ཞིང་ཡིད་ལ་མི་བྱེད་པ་ཙམ་ཞིག་ཕྱག་རྒྱ་ཆེན་པོའི་ དོན་བསྒོམས་པ་ནི་མ་ཡིན་གྱི། ནམ་མཁའི་རྣལ་འབྱོར་རིག་པ་མཁའ་ལྡིང་གི་ཚུལ་དུ་མཉམ་ པར་གཞག་པའི་གནད་ལ་ཤིན་ཏུ་མཁས་པར་བྱ་སྟེ། ནམ་མཁར་ཀུན་ནས་ཞེན་པའི་སེམས་ དང་ཞེས་སོགས་གོང་དུ་དྲངས་པའི་ལུང་རྣམས་ཀྱིས་གསལ་བར་བྱས་པ་བཞིན་དང༌། རྣལ་ འབྱོར་གྱི་དབང་ཕྱུག་ཁ་ཅིག་གིས་གསུང་དབང་མདོར་བསྟན་གྱི་འགྲེལ་པར་བཀོད་པ། བར་ སྣང་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་གལ་ཏེ་ལེགས་སྦྱར་ན། །རིན་ཆེན་རྒྱལ་ བའི་ཡོན་ཏན་ངེས་པར་སྐྱེ། །འདི་རྣམས་མཐའ་དག་དེ་བཞིན་གཤེགས་པའི་གསུངས། །སྣ་ ཚོགས་རྣམ་རྟོག་བྲལ་ཞིང་མི་སེམས་པར། །གལ་ཏེ་བར་སྣང་ལ་ནི་མིག་གཏད་ན། །ཕྱོགས་ བཅུའི་འཇིག་རྟེན་དག་ནི་ཡིན་ནམ་སྙམ། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ ཐོབ། །ཅེས་དང༌། རང་ཡིད་མཚན་ཉིད་མཐའ་དག་བྲལ་བ་ཡིས། །མིག་ཕྱེད་གྱེན་དུ་ལྟ་བ་ དང་བཅས་པས། །གང་ཚེ་དབུ་མར་རླུང་ནི་བུས་གྱུར་པ། །དེ་ཚེ་རྡོ་རྗེའི་མེ་དང་དུ་བ་འབྱུང༌། ། ཞེས་གསུངས་ཏེ། སེམས་ཀྱི་མཉམ་པར་འཇོག་ཚུལ་ཐུན་མོང་མ་ཡིན་པ་འདི་ལྟ་བུའི་ཚུལ་ གྱིས་མཉམ་པར་བཞག་པ་ན། རྡོ་རྗེའི་མེ་དང་དུ་བ་སྟེ་ཆོས་ཉིད་འོད་གསལ་བ་ལྷན་ཅིག་སྐྱེས་ པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་མེ་དང་དུ་བ་ལ་སོགས་པ་གསལ་བར་སྣང་ཞིང༌། མཐར་ནི་ དེ་ལྟ་བུའི་རང་བཞིན་གྱི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་རྣམ་པ་གསལ་ བར་སྣང་བར་འགྱུར་རོ། །ཞེས་དགོངས་པའོ། །དེ་ལྟ་བུའི་ངང་ཉིད་ནས་ལུས་སེམས་ཁོང་ ལྷོད་གློད་ལ་བསྒོམ་པར་བྱ་སྟེ། དཔལ་ས་ར་ཧ་པས། འཇུར་བུར་བཅིངས་པའི་སེམས་ཉིད་ ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། བྱིང་ཞིང་ལྕི་བ་ 5-1-244 གཟིངས་བསྟོད་ཅིང༌། །འཐོར་ཞིང་འབྱམས་པ་རང་སོར་བཞག །ཅུང་ཟད་གོམས་པར་བྱས་ པ་ཡིས། །གོང་ནས་གོང་དུ་ཁྱད་པར་འགྲོ། །མཐར་ནི་མི་རྟོག་ཏིང་འཛིན་དག །ལྷུན་གྱིས་ གྲུབ་པ་ཐོབ་པར་འགྱུར། །ཞེས་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པས་ཀྱང༌། །སེམས་ ནི་ནམ་མཁའི་དཀྱིལ་ལྟར་བསམ་ཡུལ་འདས། །དེ་ངང་བཏང་བཞག་མེད་པར་གློད་ལ་ ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་ཆེན་ཡིན། །དེ་ལ་གོམས་པས་བླ་མེད་བྱང་ཆུབ་ཐོབ། ། ཅེས་གསུངས་པ་ལྟར་རོ། །དེ་ལྟར་གློད་ནས་[བསྒོམས་{གོམས}པས་སེམས་མ་འཆུན་ཏེ་ བྱིང་རྒོད་དུ་སོང་ན་ལུས་གནད་དང་ལྟ་སྟངས་གཅུན་ཏེ་མ་ཡེངས་པར་རྩེ་གཅིག་གིས་ངང་དུ་ མཉམ་པར་གཞག་པར་བྱ་སྟེ། དཔལ་ས་ར་ཧ་པས། བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་ སུ་སྐད་ཅིག་མི་འདོད་པ། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡིན། ཞེས་དང༌། སློབ་དཔོན་པད་ མ་བཛྲ་ཡིས་ཀྱང༌། ཁྱོད་ནི་ཉིན་དང་མཚན་དག་ཏུ། །སྐད་ཅིག་གཅིག་ཀྱང་མ་ཡེངས་པར། ། བསྒོམས་ན་སྐད་ཅིག་ཉིད་ཀྱིས་ནི། །བླ་ན་མེད་པའི་གནས་ཐོབ་བྱེད། །ཅེས་གསུངས་པ་ ལྟར་རོ། །དེ་ལྟ་བུའི་ཏིང་ངེ་འཛིན་ནི་ཅུང་ཟད་བརྟན་པར་གྱུར་ནས་ནི་ཐུན་གྱི་ངེས་པ་ཡང་ མེད་པར་བསྒོམ་པར་བྱ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། སེམས་ཀྱི་འཇུར་པ་གློད་ལ་བཞག། བླ་མ་ཉིད་ཀྱང་མཉམ་གཞག་ལ། །སློབ་མ་བྱིན་གྱིས་བརླབས་པར་བྱ། །ཐུན་གྱི་ངེས་པ་ཡོད་ མ་ཡིན། །ཅི་ཙམ་གནས་པའི་བར་ལ་བཞག །འདོད་པའི་ཡོན་ཏན་ཀུན་བརྟེན་ཞིང༌། །ལུས་ ཀྱི་འབྱུང་བཞི་རོ་ཡང་[མཉམ{སྙོམས}། །ཞེས་དང༌། རྒྱལ་སྲས་བློ་གྲོས་རིན་ཆེན་གྱིས། །ཕྱི་ ནང་ཐམས་ཅད་ལྷན་ཅིག་སྐྱེས། །རྟག་ཏུ་གནས་པའི་དོན་དེ་ལ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ། ། རང་ལས་གཞན་དུ་བཙལ་དུ་མེད། །ཅེས་གསུངས་སོ། །གཞན་ཡང་རྗེ་བཙུན་བྱམས་མགོན་ གྱིས་དབུས་དང་མཐའ་རྣམ་པར་འབྱེད་པ་གསུངས་པ་ལྟར། ཏིང་ངེ་འཛིན་གྱི་ཉེས་པའམ་ སྐྱོན་ལྔ་སྤངས་བའི་ཕྱིར་དུ་སྤོང་བའི་འདུ་བྱེད་རྣམ་པ་བརྒྱད་བསྟེན་པའི་ཚུལ་གྱིས་བསྒོམ་ 5-1-245 པར་བྱ་སྟེ། དེ་ལ་ཉེས་པ་ལྔ་ནི། ཇི་སྐད་དུ། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་ བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔར་འདོད་དོ། །ཞེས་ གསུངས་ཏེ། ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་བ་ལེ་ལོ་བའི་ཉེས་པ་དང༌། སྒོམ་གྱི་གདམས་ངག་ རྣམས་བརྗེད་པའི་ཉེས་པ་དང༌། སེམས་མི་གསལ་ཞིང་རྨུགས་པ་ནི་བྱིང་བ་དང༌། འཕྲོ་ཞིང་ གཡེང་པ་ནི་རྒོད་པ་སྟེ་དེ་གཉིས་ཉེས་པ་གཅིག་ཏུ་བསྡུའོ། །བྱང་རྒོད་བྱུང་བ་ན་དེའི་གཉེན་པོ་ མངོན་པར་འདུ་མི་བྱེད་པའི་ཉེས་པ་དང༌། བྱིང་རྒོད་ཞི་བའི་ཚེ་ན་ཡང་གཉེན་པོ་མངོན་པར་ འདུ་བྱེད་པའི་ཉེས་པ་སྟེ་ལྔའོ། ། དེ་དག་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་ནི། །གནས་དང་དེ་ལ་གནས་པ་དང༌། །རྒྱུ་ དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་ན། །བྱིང་དང་རྒོད་པ་རྟོགས་པ་ དང༌། །དེ་སྤོངས་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་ཏེ། རྩོལ་བའི་ གནས་འདུན་པ་དང༌། དེ་ལ་གནས་པ་རྩོལ་བ་སྟེ་གཉིས། འདུན་པའི་རྒྱུ་ནི་དད་པ་དང༌། རྩོལ་ པའི་འབྲས་བུ་ནི་ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་སྟེ་གཉིས། གདམས་ངག་ གི་དམིགས་པ་མ་བརྗེད་པའི་དྲན་པ་དང༌། བྱིང་རྒོད་གྱི་ཉེས་པ་ཤེས་པའི་ཤེས་བཞིན་དང༌། ཉེས་པ་ཤེས་ནས་ཉེས་པ་དེ་ཞི་བར་བྱ་བའི་ཕྱིར་དུ་གཉེན་པོ་མངོན་པ་འདུ་བྱེད་པའི་སེམས་ པ་དང༌། བྱིང་རྒོད་ཞི་བར་གྱུར་པ་ན་རྣལ་མར་འདུག་པའི་བཏངས་སྙོམས་ཏེ། དེ་ལྟར་གཉེན་ པོ་འདུ་བྱེད་བརྒྱད་ཀྱིས་ཉེས་པ་ལྔ་པོ་དེ་དག་སྤངས་ཤིང་བསྒོམ་པར་བྱའོ། །དེ་བཞིན་དུ་མདོ་ སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་ གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལས་སླར་ཡང་གླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ ལ་སེམས་འདུལ་ལོ། །ཞེས་གསུངས་པ་ལྟར་བསླབ་པར་བྱའོ། །གལ་ཏེ་སོ་སོར་སྡུད་པའི་ 5-1-246 རྣལ་འབྱོར་བསྒོམ་པ་འདི་ཅིར་ཡང་མི་རྟོག་ཅིང་མི་དམིགས་པ་ཡིན་ན་བསྒོམ་པའི་དོན་ཉིད་ དུ་ཇི་ལྟར་འགྱུར་སྙམ་ན། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་སྒོམ་པ་ཉིད་སྒོམ་པའི་ མཆོག་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པར་གསུངས་པ། དངོས་ པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མིན་པས། ། སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་སྟེ། དེའི་དོན་ནི། དངོས་པོ་མེད་པ་སྤྲིན་མེད་པའི་ ནམ་མཁའ་ལ་ལྟ་བའི་ཚུལ་གྱིས་སྒོམ་པ་ནི་སོ་སོར་སྡུད་པ་སྟེ་དེ་ནི་དངོས་པོའི་སྒོམ་པ་མེད་ པ་ཡིན་ཞིང༌། དེ་ལྟར་སོ་སོར་སྡུད་པའི་ཏིང་ངེ་འཛིན་བསྒོམ་པ་ནི་རྣམ་པར་རྟོག་པའི་སྒོམ་ པ་དང་བྲལ་བས་ན་སྒོམ་པ་ཉིད་མ་ཡིན་པ་ཞེས་བྱ་ལ། སོ་སོར་སྡུད་པའི་ཏིང་ངེ་འཛིན་གྱིས་ མཐོང་བའི་དངོས་པོ་སྟེ་སྟོང་གཟུགས་ནི་དུས་གསུམ་གྱིས་བསྡུས་པའི་དངོས་པོ་གང་ཡང་མ་ ཡིན་པའི་ཕྱིར་འདུས་བྱས་ཀྱི་དངོས་པོ་མ་ཡིན་པས་ན། སོ་སོར་སྡུད་པའི་ཏིང་ངེ་འཛིན་སྒོམ་ པ་དེ་ལ་རྣམ་པར་རྟོག་པའི་སྒོམ་པ་དམིགས་སུ་མེད་པ་ཞེས་བྱའོ་ཞེས་པ་ཡིན་ནོ། །དཔལ་ ཀྱེའི་རྡོ་རྗེའི་རྒྱུད་ལས། གང་དུ་ཡིད་ཀྱིས་མ་བསྒོམས་ན། །འགྲོ་བ་ཐམས་ཅད་བསྒོམ་ འགྱུར་ཏེ། སྒོམ་པ་མེད་པའི་སྒོམ་ཉིད་ཀྱིས། །ཆོས་རྣམས་ཐམས་ཅད་ཡོངས་ཤེས་བྱ། །ཞེས་ གསུངས་ཏེ། འདིའི་དོན་ཡང་གོང་དུ་བཤད་པ་དང་མཐུན་པར་སོ་སོར་སྡུད་ཀྱི་སྒོམ་པ་ཡིན་ པར་རྡོ་རྗེ་སྙིང་པོའི་འགྲེལ་པར་གསུངས་སོ། །ཡང་དེ་ཉིད་དུ། སྒོམ་པ་པོ་མེད་བསྒོམ་པའང་ མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །སྔགས་དང་ལྷ་ ནི་ཡང་དག་གནས། །ཞེས་གསུངས་ཏེ། སྒོམ་པ་པོ་དང་བསྒོམ་བྱ་ལྷ་དང་སྔགས་ལ་སོགས་ པའི་རྣམ་པར་རྟོག་པའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་རང་བཞིན་སོ་སོར་སྡུད་ཀྱི་ཏིང་ངེ་ འཛིན་ལ་མཉམ་པར་བཞག་པ་ལས། དེ་ཁོ་ན་ཉིད་ཀྱི་སྔགས་དང་ལྷའི་ངོ་བོ་འོད་གསལ་རྣམ་ པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་ཡང་དག་པར་གནས་པ་སྟེ། མངོན་དུ་འགྱུར་རོ་ 5-1-247 ཞེས་དགོངས་པའོ། ། ༣༽ དེ་ཉིད་ཡིད་ཆེས་པ་གསུམ་ལྡན་གྱིས་ལམ་མཆོག་ཏུ་བསྟན་པ་ལ་གསུམ། གསུམ་པ་དེ་ཉིད་ཡིད་ཆེས་པ་གསུམ་ལྡན་གྱིས་ལམ་མཆོག་ཏུ་བསྟན་པ་ལ་གསུམ་སྟེ། ། ཡིད་ཆེས་གསུམ་ལྡན་གྱི་ལམ་དུ་སྒྲུབ་པའི་ཤེས་བྱེད་དགོད་པ་དང༌། སོ་སོར་སྡུད་ཀྱི་ཆོས་ ཉིད་མངོན་སུམ་དུ་རྟོགས་པར་མི་འཐད་པའི་ལོག་རྟོག་བསལ་བ་དང༌། སྟོང་གཟུགས་མཐོང་ བའི་རྒྱུ་དང་སྟོང་གཟུགས་ཀྱི་མཚན་ཉིད་བསྟན་པའོ། ། ① ཡིད་ཆེས་གསུམ་ལྡན་གྱི་ལམ་དུ་སྒྲུབ་པའི་ཤེས་བྱེད་དགོད་པ། དང་པོ་ནི་རྡོ་རྗེ་ཐེག་པའི་ཉེ་ལམ་མཐར་ཐུག་ཕྱག་རྒྱ་ཆེན་པོའི་ལམ་ཤིན་ཏུ་རྣམ་པར་ དག་པ་ཡིན་པ་ལ་ནི་ཡིད་ཆེས་པ་རྣམ་པ་གསུམ་ཚང་དགོས་པར་གསུངས་པ་ཡིན་ལ། ལམ་ འདི་ལ་དེ་ཚང་བ་ཡིན་པར་ཤེས་པར་བྱ་སྟེ། དྲི་མ་མེད་པའི་འོད་ལས། སྔགས་ཀྱི་ཐེག་པ་འདི་ ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལས་ཡིད་ཆེས་པ་དང་དེ་ནས་བླ་མ་ལ་ཡིད་ཆེས་པ་དང༌། དེ་ ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ་ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ། །རྣམ་པ་གཞན་དུ་ན་ཡིད་ཆེས་པ་གསུམ་ མེད་པར་ལམ་གང་བླ་མས་སློབ་མ་ལ་བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ ཉིད་ཀྱིས་འབྲས་བུ་སྟེར་བ་པོར་མི་འགྱུར་ཏེ་སློབ་མ་བླུན་པའི་དད་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་འགྱུར་རོ། །འདིར་རྒྱུད་དང་རྒྱུད་གཞན་དུ་བཅོམ་ ལྡན་འདས་ཀྱིས་དམ་བཅས་པ་མཛད་དེ་སེམས་རྣམ་པར་རྟོག་པ་དང་བྲལ་བར་བྱས་ནས་ཉི་ མ་གཅིག་མཚན་མ་ཡོངས་སུ་བརྟག་པར་བྱའོ། །གལ་ཏེ་རྒྱུད་ལས་གསུངས་པའི་ཆོ་ག་དང་ བླ་མའི་མན་ངག་གིས་སློབ་མ་ཡིད་ཆེས་པར་མ་གྱུར་བ་དེ་ལྟ་ན། བཅོམ་ལྡན་འདས་བརྫུན་ 5-1-248 གསུང་བར་འགྱུར་རོ། །ཅི་སྟེ་བླ་མས་རྒྱུད་ནས་གསུངས་པའི་ཆོ་གས་སློབ་མ་ལ་ལམ་སྟེར་བ་ པོར་མ་གྱུར་པ་དེ་ལྟ་ན་བཅོམ་འདས་ཀྱིས་དམ་བཅས་པ་བརྫུན་དུ་མི་འགྱུར་ཏེ་བླ་མས་ལམ་ ཡོངས་སུ་མི་ཤེས་པའི་ཕྱིར་དང་ཕྱིན་ཅི་ལོག་དང་རྣམ་པར་མ་དག་པའི་ལམ་སྒོམ་པ་སྟོན་ པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་དུ་བ་ལ་སོགས་པའི་མཚན་མ་བོར་ནས་གཞན་དཀྱིལ་ འཁོར་གྱི་འཁོར་ལོ་བསྒྲུབ་པ་ནི་ཉི་མ་གཅིག་གིས་མཚན་མ་ཡོངས་སུ་བརྟག་པར་བྱ་བ་མ་ ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་གསུངས་ཏེ། དེའི་དོན་མདོར་བསྡུས་ན་ མཆོག་དོན་དུ་གཉེར་བའི་རྣལ་འབྱོར་པས་བསྒོམ་པར་བྱ་བའི་ལམ་མཐར་ཐུག་པ་ཡིན་པ་དེ་ ལ་དང་བོར་ལམ་གྱི་རིམ་པ་དེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་ སུ་གསུངས་པ་ཞིག་དགོས་ཏེ། དེ་ནི་རྒྱུད་ལས་ཡིད་ཆེས་པའོ། ། དེ་ནས་བླ་མས་ཀྱང་རྒྱུད་ལས་གསུངས་པའི་ངེས་པའི་དོན་གྱི་ཚུལ་ཇི་ལྟ་བ་བཞིན་ ཐུགས་སུ་ཆུད་ཅིང་རང་གིས་ཐུགས་སུ་ཆུད་པ་ལྟར་སློབ་མ་ལ་ལེགས་པར་སྟོན་པར་མཛད་ པ་གཅིག་དགོས་ཏེ་དེ་ནི་བླ་མ་ལས་ཡིད་ཆེས་པའོ། ། དེ་ནས་སློབ་མ་རང་ཉིད་ཀྱིས་བླ་མ་དམ་པའི་ཞལ་གྱི་གདམས་པ་ཇི་ལྟ་བ་བཞིན་དུ་ ཉམས་སུ་བླང་དགོས་ཤིང༌། ཉམས་སུ་བླངས་པས་མདོ་རྒྱུད་ཟབ་མོ་རྣམས་སུ་ཇི་ལྟར་ གསུངས་པ་བཞིན་གྱི་ཉམས་སུ་མྱོང་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་ཏེ་དེ་ནི་བདག་ ཉིད་ལ་ཡིད་ཆེས་པ་སྟེ། དེ་ནི་སངས་རྒྱས་ཀྱི་ལམ་མཐར་ཐུག་པའོ། ། དེ་ལྟ་བུའི་ཡིད་ཆེས་པ་རྣམ་པ་གསུམ་མ་ཚང་བའི་བསྐྱེད་རིམ་གྱི་སྒོམ་པ་ལ་སོགས་པ་ རྣམ་པར་རྟོག་པ་དང་བཅས་པའི་ལམ་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་དད་པ་དང་མི་ལྡན་ པའི་སློབ་མ་ལ་བསྟན་པར་བྱ་བ་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཐབས་སུ་ཤེས་པར་ བྱའོ། །ཡིད་ཆེས་པ་རྣམ་པ་གསུམ་ཚང་བའི་སངས་རྒྱས་ཉིད་ཀྱི་ལམ་ཡང་དུ་བ་ལ་སོགས་ 5-1-249 པ་སེམས་ཀྱི་རང་བཞིན་འོད་གསལ་ཉི་མ་གཅིག་ཉིད་ལ་མངོན་སུམ་དུ་བྱེད་པར་ནུས་པའི་ ལམ་འདི་ཁོ་ན་ཡིན་པར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ཀྱིས་མཐའ་གཅིག་ཏུ་དམ་ བཅའ་བ་མཛད་དོ་ཞེས་པའོ། །རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས་ཀྱང༌། སྟོང་ པར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་དང༌། བདེ་མཆོག་སྟོད་ འགྲེལ་དུ་ཡང༌། འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ ཡི་བརྫུན་ཚིག་ཡིན། །ཞེས་པའོ། །འདིར་རྟགས་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ། གཞན་ སྔགས་ལ་སོགས་པ་ནི་མ་ཡིན་ནོ། །གང་གིས་ཉི་མ་གཅིག་ཏུ་བསྒྲུབས་ན་སྔགས་པ་རྣམས་ ལ་རྟགས་འབྱུང་བར་འགྱུར་བ་དེའི་ཕྱིར་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་ཏེ། ཞེན་ པ་མེད་པར་བྱས་ནས་ཟབ་མོའི་སྟོང་པ་དམིགས་པ་མེད་པ་བསྒོམ་པར་བྱ་སྟེ་རྣལ་འབྱོར་པས་ དུ་བ་ལ་སོགས་པའི་རྟགས་འབྱུང་བ་མཐོང་བར་འགྱུར་རོ། །ཞེས་པ་དེ་བཞིན་གཤེགས་པའི་ ངེས་པའོ། །དེ་བཞིན་དུ། བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་ བྱ། །ཞེས་པ་བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་ས་གསུམ་སངས་རྒྱས་ཀྱི་གཟུགས་བརྙན་ བསྒྲུབ་པར་བྱ་སྟེ། དེའི་མན་ངག་ནི་བླ་མའི་ཞལ་ལས་རྟོགས་པར་བྱའོ། །འདིར་བླ་མའི་མན་ ངག་གིས་ནམ་མཁའ་ལ་རྣལ་འབྱོར་པས་དང་པོ་དུ་བ་མཐོང་སྟེ། སྨིག་རྒྱུ་ནི་མ་ཡིན་ནོ། །ཞེས་ རང་གིས་ཉམས་སུ་མྱོང་བས་ཤེས་པར་བྱའོ། །དེའི་ཕྱི་ནས་སྨིག་རྒྱུ་སྟེ། དུ་བ་ལ་སོགས་པ་ དེ་ཉིད་རྟོག་པ་དང་བྲལ་བ་པྲ་ཕབ་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་ལྟར་སོ་སོར་སྡུད་ཀྱི་ ཏིང་ངེ་འཛིན་བསྒོམ་པའི་རྣལ་འབྱོར་པས་གསལ་བར་མཐོང་བའི་དུ་བ་ལྟ་བུ་ལ་སོགས་པ་ རྣམ་པ་བཅུ་དང་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་འདི་རྟགས་དང་མཚན་མ་ཞེས་བྱ་བར་ གསུངས་མོད། གང་གི་རྟགས་དང་མཚན་མ་ཡིན་སྙམ་ན། ཁ་ཅིག་དུ་བ་ལྟ་བུ་ལ་སོགས་པ་ནི་ 5-1-250 ལམ་དུ་ཆུད་པའི་རྟགས་ཙམ་ཞིག་ཡིན་གྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཆོས་ཀྱི་སྐུ་ཉིད་ནི་མ་ཡིན་ ནོ། །ཞེས་སྨྲ་བ་དག་ནི་རྡོ་རྗེ་འཆང་གི་བཀའ་ལ་རྣམ་པར་མཐོ་འཚམ་པ་སྟེ། རྟགས་བཅུ་ལ་ སོགས་པ་སྟོང་པ་ཉིད་ཀྱི་གཟུགས་འདི་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སངས་རྒྱས་ཆོས་ཀྱི་ སྐུ་ཉིད་ཡིན་པར་ནི་གོང་དུ་དྲངས་ཏེ་བཤད་པའི་ལུང་རྣམས་ཀྱིས་ལེགས་པར་གྲུབ་ཅིང་འོག་ ནས་ཀྱང་རིམ་པ་ལྟར་འཆད་པར་འགྱུར་རོ། །དེས་ན་འདིར་རྟགས་དང་མཚན་མའི་དོན་ནི་ དུ་བ་ལྟ་བུ་ལ་སོགས་པ་འདི་དག ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སངས་རྒྱས་ ཆོས་ཀྱི་སྐུ་དང་པོའི་སངས་རྒྱས་དེ་རང་ཉིད་ལ་གདོད་མ་ཉིད་ནས་རང་ཆས་ལྷུན་གྱིས་གྲུབ་ པར་བཞུགས་པ་ལ་ཡིད་ཆེས་པར་བྱེད་པའི་རྟགས་དང་མཚན་མ་ཡིན་ལ། དེ་ཡང་ཆོས་ཀྱི་ སྐུ་ལྐོག་ཏུ་གྱུར་པའི་དོན་རྗེས་སུ་དཔོག་པར་བྱེད་པའི་རྟགས་ནི་མ་ཡིན་གྱི། ཆོས་སྐུ་རང་བྱུང་ ཡེ་ཤེས་ཀྱི་ངོ་བོ་ཉིད་ཅུང་ཟད་མངོན་སུམ་དུ་མཐོང་བའི་སྒོ་ནས་དེ་ལ་ཡིད་ཆེས་པའི་རྟགས་ དང་མཚན་མར་འགྱུར་པ་ཡིན་ནོ། །མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང༌། དེ་ནི་ཐམས་ཅད་ མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པའོ། །ཞེས་གསུངས་སོ། །རྒྱ་གར་གྱི་སློབ་དཔོན་ ཁ་ཅིག་དུ་བ་ལ་སོགས་པའི་མཚན་མ་འདི་རྣམས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ དུས་ཉིད་ན་འབྱུང་བའི་རྟགས་ཡིན་ནོ། །ཞེས་འདོད་པ་ཡང་བྱུང་སྟེ། དེ་ནི་རྒྱུད་ཀྱི་དགོངས་ པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་པར། དཔལ་ནཱ་རོ་པས་དབང་མདོར་བསྟན་པའི་འགྲེལ་ པར་བཤད་དེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལུང༌། ཕྱི་ནས་སྒྱུ་མའི་རྣམ་པ་སྟེ་ཞེས་སོགས་ དྲངས་ནས། བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་དུ་བ་ལ་སོགས་པའི་མཚན་མ་ནི་དང་ པོར་བསྒོམ་པའི་རྟགས་སུ་འགྱུར་རོ། །ཁ་ཅིག་གྲུབ་པའི་དུས་སུ་ཞེས་སྨྲ་བར་འགྱུར་པ་དེ་ ཐམས་ཅད་བཅོམ་ལྡན་འདས་ཀྱི་དམ་བཅའ་བ་འཇོམས་པར་བྱེད་པ་སྟེ། བསམ་པ་ཐམས་ ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པའི་བཅོམ་ལྡན་འདས་ 5-1-251 ཀྱི་བཀའ་ལ་རྣམ་པར་མཐོ་འཚམ་པའོ། །གྲུབ་པའི་དུས་སུ་འཇིག་རྟེན་པའི་དུ་བ་ལ་སོགས་ པ་གང་ཞིག་སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། འདིར་དུ་བ་དང་འབར་ བ་ལ་སོགས་པས་དངོས་སུ་བསྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གུར་གུམ་དང་ རིན་པོ་ཆེ་དང་མེ་ཏོག་དང་གསེར་ལ་སོགས་པའི་ཆར་ཡང་ངོ༌། །དེའི་ཕྱིར་ཡན་ལག་དྲུག་ གི་རྣལ་འབྱོར་ལས་དུ་བ་ལ་སོགས་པའི་མཚན་མར་འགྱུར་རོ། །ཞེས་གསུངས་ཏེ། འདིར་ བཤད་པའི་དུ་སོགས་ཀྱི་རྟགས་ནི་ཆོས་ཉིད་འོད་གསལ་བའི་ངོ་བོ་དུ་བ་ལ་སོགས་པའི་རྣམ་ པར་སྣང་བ་ཙམ་ཡིན་ལ་གྲུབ་པ་ཐོབ་པའི་དུས་སུ་འབྱུང་བའི་དུ་བ་དང་མེ་འབར་བ་དང་གུར་ ཀུམ་དང་རིན་པོ་ཆེ་དང་མེ་ཏོག་དང་གསེར་ལ་སོགས་པའི་ཆར་འབབ་པ་ནི་དེ་དང་དེའི་དོན་ བྱེད་ནུས་པའི་དངོས་པོ་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །ཕྱག་རྒྱ་ཆེན་པོ་ཤིན་ཏུ་རྣམ་པར་དག་ པའི་ལམ་ཡིད་ཆེས་པའི་མཚན་རྟགས་དང་བཅས་པ་འདི་ཉིད། རྩ་བའི་རྒྱུད་ཀྱི་དབང་མདོར་ བསྟན་པར་ཡང་གསུངས་པ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། ཇི་སྐད་དུ། རྡོ་རྗེའི་རྣལ་འབྱོར་རྣམ་ པ་བཞི། །དུས་ཀྱི་འཁོར་ལོ་འདིར་བཤད་པ། །རྣལ་འབྱོར་པ་ཡི་ཐར་སྟེར་བྱེད། །འདི་ཉིད་ ཀྱི་ནི་བསྒྲུབ་པར་བྱ། །རབ་གསལ་བསམ་གྱིས་མི་ཁྱབ་པའི། །དུ་སོགས་མཚན་མ་དེ་རྣམས་ ཀྱིས། །ཤེས་རབ་གཟུགས་བརྙན་ནམ་མཁའ་མཉམ། །ཡོད་དང་མེད་ལས་རྣམ་པར་འདས། ། རང་གི་སེམས་ཀྱི་རྐྱེན་གྱི་དོན། །རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། །ཀུན་ནས་ཡོངས་ སུ་དོར་བ་ཡིས། །དུ་བ་སྨིག་རྒྱུ་མཁའ་སྣང་དང༌། སྒྲོན་མ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་ དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་གསུངས་སོ། །དེའི་དོན་ ནི། དཔལ་ནཱ་རོ་པའི་འགྲེལ་པར་རྣམ་པར་བཤད་པ། ད་ནི་འདི་ཉིད་ཀྱི་ནི་སྒྲུབ་པ་ཞེས་པ་ ལ་སོགས་པའི་རང་བཞིན་རྣམ་པར་བཤད་པ་བརྩམ་པར་བྱའོ། །ཉོན་མོངས་པ་དང་ཤེས་ བྱའི་སྒྲིབ་པའི་བུད་ཤིང་མ་ལུས་པ་སྲེག་པར་བྱེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་ 5-1-252 འདི་ཉིད་ཀྱི་ནི་བསྒྲུབ་པ་སྟེ་གསལ་བའི་དངོས་པོ་རྣལ་འབྱོར་པས་དུ་བ་ལ་སོགས་པ་རྣམས་ ཀྱིས་བྱའོ། །ཇི་ལྟར་གྱུར་པ་རྣམས་ཀྱིས་ཞེ་ན། དེ་རྣམས་ཀྱིས་རྩ་བའི་རྒྱུད་དང་བསྡུས་པའི་ རྒྱུད་དང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་པའི་དོན་གྱི་མདོ་སྡེ་ ཐམས་ཅད་དུ་རབ་ཏུ་གྲགས་པ་རྣམས་ཀྱིས་ཏེ། སྟོང་པ་ལ་གློ་བུར་དུ་རབ་ཏུ་གསལ་བའི་ཕྱིར་ རབ་གསལ་རྣམས་ཀྱིས་སོ། །རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་བསམ་གྱིས་ མི་ཁྱབ་པ་རྣམས་ཀྱིས་སོ། །དེ་ཁོ་ནའི་འབྲས་བུའི་སྔ་ལྟས་སུ་གྱུར་པའི་ཕྱིར་མཚན་མ་རྣམས་ ཀྱིས་སོ། །གཟུང་བ་དང་འཛིན་པ་དང་བྲལ་བ་རང་བཞིན་སྟོང་པ་ཉིད་ཀྱི་བློ་ནི་ཤེས་རབ་ སྟེ། དེའི་གཟུགས་བརྙན་ནི་རྣལ་འབྱོར་པ་ལ་མངོན་སུམ་དུ་སྣང་བ་རྣམས་ཀྱིས་སོ། །ཕྱི་ནང་ གི་དྲི་མ་རྗེས་སུ་ཆགས་པ་མེད་པའི་ཕྱིར་ནམ་མཁའ་མཉམ་པ་རྣམས་ཀྱིས་སོ། །ཡོད་པ་དང་ མེད་པ་ལ་སོགས་པའི་རྣམ་པར་རྟོག་པའི་མཚན་མས་མཚོན་དུ་མེད་པའི་ཕྱིར་ཡོད་དང་མེད་ པ་ལས་རྣམ་པར་འདས་པ་རྣམས་ཀྱིས་སོ། །རྣལ་འབྱོར་པས་རང་རིག་པ་ཉིད་ཀྱི་ཕྱིར་རང་གི་ སེམས་ཀྱི་རྐྱེན་གྱི་དོན་རྣམས་ཀྱིས་སོ། །རྣམ་པ་ཐམས་ཅད་དུ་མ་བྱས་པ་རྨད་དུ་བྱུང་བ་རང་ བཞིན་མེད་པའི་དངོས་པོའི་གཟུགས་ཉིད་ཀྱི་ཕྱིར། རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། ། ཀུན་ནས་ཡོངས་སུ་དོར་བ་ཡིས། །ཞེས་པའོ། །ཕྱི་ནང་མཐའ་དག་ཁྱབ་པ་དཀར་པོ་དུ་བའི་ རྣམ་པ་སྟོང་པའི་[རྣམ་པ་{སྣང་བ}སྟེ་འདི་ཡང་སྤྲིན་ལྟར་སྣང་བའི་དུ་བ་དག་འབྱུང་བར་ འགྱུར་ཞེས་པ་ནས། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་མཐོང་ བ་དང་ལྷན་ཅིག་སྐད་ཅིག་གཅིག་ལ་ལེགས་པར་གནས་པའི་ཆུ་ལྟར་ཤིན་ཏུ་དྭངས་པ་རྣམ་པ་ ཐམས་ཅད་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་ནི་སྣ་ཚོགས་གཟུགས་བརྙན་འོད་ གསལ་བའོ། །ཞེས་གསུངས་སོ། །དེ་བཞིན་དུ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང་གསལ་བར་ གསུངས་ཤིང་འཕགས་པ་རྡོ་རྗེ་སྙིང་པོའི་འགྲེལ་པར་ཡང་རྣམ་པར་བཤད་པ་མཛད་དེ། ཇི་ 5-1-253 སྐད་དུ། བསམ་གཏན་ཉོན་མོངས་འཇིགས་བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །བརྩེ་ བས་དངོས་གྲུབ་དོན་དུ་ཡང༌། །ཟླ་བ་ཕྱེད་དུ་ཡོངས་སུ་རྟོགས། །བསམ་པ་ཐམས་ཅད་ཡོངས་ སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །ཉི་མ་གཅིག་ཏུ་མ་ཆད་པར། །བསྒོམ་པས་ ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་བསྒྲུབས་ཕྱིར། །འཁོར་བར་ཐབས་ གཞན་ཡོད་མ་ཡིན། །ཞེས་འབྲོག་མིའི་འགྱུར་ལས་བྱུང་ཞིང༌། །དེའི་དོན་འགྲེལ་པས་རྣམ་ པར་བཤད་པ་ནི། དེ་ལ་སྐལ་བ་དང་ལྡན་པ་གང་ལ་བསྐྱེད་པའི་རྣལ་འབྱོར་རྫོགས་ཏེ་ཡང་ དག་པའི་ཤེས་རབ་ཀྱི་མེས་ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པས་བསྡུས་ཏེ་གོམས་པར་ བྱེད་པས་ན་མཚན་མ་འདི་དག་འབྱུང་བར་འགྱུར་ལ། གལ་ཏེ་ཡང་དག་པའི་ལམ་མི་འདོད་ དེ། འོན་ཀྱང་ལྟད་མོའི་ཕྱིར་ཡང་ཟླ་བ་ཕྱེད་དམ་ཡང་ན་ཉིན་གཅིག་ཏུ་དམིགས་པ་རྩེ་གཅིག་ ཏུ་ཞོག་ལ་ལྟོས་ཞེས་གསུངས་སོ། །འདི་ལྟར་བསམ་གཏན་ཉོན་མོངས་འཇིགས་བྱེད་པ། ། རྡོ་རྗེ་སྙིང་པོ་ང་ཡིས་བཤད། །བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཟླ་བ་ཕྱེད་དུ་ཡོངས་སུ་ རྟོགས། །ཞེས་བྱ་བ་ལ་བག་ལ་ཉལ་བའི་མདའ་དུག་མདའ་མཐའ་དག་འཇིག་པའི་བདག་ མེད་པའི་བསམ་གཏན་འདི་ངས་བསྟན་ཏེ། ཀྱེ་བརྩེ་བའི་བདག་ཉིད་ཅན་གྱི་རྡོ་རྗེ་སྙིང་པོ་ ལྟད་མོའི་ཕྱིར་ཡང་ཟླ་བ་ཕྱེད་དུ་རྟོགས་ཞེས་བྱ་བའི་དོན་ཏོ། །དེ་སྟེ་ཟླ་བ་ཕྱེད་དུ་འབད་པ་ མེད་པ་དེ་ལྟ་ན་ཡང༌། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ལྷ་ཡི་གཟུགས་སུ་སེམས་པ་ ཡིས། །རྒྱུན་མི་འཆད་པར་ཉིན་མཚན་གཅིག །བསྒོམ་པས་ཡོངས་སུ་བརྟག་པར་གྱིས། །ཞེས་ བྱ་བ་གསུངས་ཏེ། བདག་མེད་མའི་རྣལ་འབྱོར་འདི་ལ་ཟླ་བ་ཕྱེད་དུ་འབད་པའི་སྐལ་བ་མེད་ པ་རྣམས་ཉིན་མཚན་གཅིག་ཙམ་དུ་ཡང་དམིགས་པ་གཞན་ལ་རྩོལ་བ་ཡོངས་སུ་བཏངས་ཏེ། སྟོང་བ་ཉིད་གང་ལ་སེམས་རྩེ་གཅིག་པར་བཞག་ན་ཡིད་ཆེས་པའི་ལམ་གྱི་རྟགས་འབྱུང་བར་ འགྱུར་ཏེ། སོ་སོར་སྡུད་པས་བསྡུས་པ་རྣམས་ལ་ཡིན་གྱི་གཞན་དུ་ན་དེ་བཞིན་གཤེགས་པའི་ 5-1-254 བཀའ་ལ་བྱིས་པ་ཤེས་རབ་འཆལ་པ་དག་བརྙས་པར་འགྱུར་རོ། །དེ་བས་ན་སོ་སོར་སྡུད་ པའི་ཏིང་ངེ་འཛིན་ལས་གཞན་པ་བསམ་པ་ཐམས་ཅད་སྤངས་པས་ཉིན་མཚན་གཅིག་བསྒོམ་ པས་ཡིད་ཆེས་པ་འབྱུང་བ་མེད་དོ། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །འཁོར་བར་ཐབས་ གཞན་ཡོད་མ་ཡིན། །ཞེས་བྱ་བ་ནི་ངེས་པས་དོན་དུ་ཏིང་ངེ་འཛིན་འདི་ལས་གཞན་པས་ བདག་དང་གཞན་གྱི་དོན་མི་འགྲུབ་ཅེས་བྱ་བའི་དོན་ཏོ། །ཞེས་སོ། ། ② སོ་སོར་སྡུད་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་མི་འཐད་ པའི་ལོག་རྟོག་བསལ་བ་ལ་གཉིས། གཉིས་པ་སོ་སོར་སྡུད་གྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་མི་འཐད་པའི་ལོག་རྟོག་ བསལ་བ་ལ་གཉིས་ཏེ། ལོག་རྟོག་བསལ་བ་དངོས་དང༌། ཆོས་ཉིད་མངོན་སུམ་དུ་རྟོགས་ པའི་ཤེས་བྱེད་དགོད་པའོ། ། ༡ ལོག་རྟོག་བསལ་བ་དངོས། དང་པོ་ནི། འོ་ན་རྡོ་རྗེའི་རྣལ་འབྱོར་སོ་སོར་སྡུད་པའི་ཏིང་ངེ་འཛིན་བསྒོམས་པ་ན། དུ་ བ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་གསལ་བར་མཐོང་བ་འདི་ རྣལ་འབྱོར་པའི་མངོན་སུམ་ཉིད་ཀྱིས་མཐོང་བ་ཡིན་ན། སོ་སོར་སྡུད་ཀྱི་ཏིང་ངེ་འཛིན་སྒོམ་ པའི་རྣལ་འབྱོར་པ་འདི་འཕགས་པ་ཉིད་ཡིན་པར་འགྱུར་ཏེ་རྣམ་པ་ཐམས་ཅད་པའི་སྟོང་པ་ ཉིད་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་པའི་ཕྱིར་རོ། །དེ་ཡང་ མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་ ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་ པ་བརྗོད་པའི་རྒྱུ་ཅན་རྟོགས། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིགས་ནས། །དེར་སྣང་སེམས་ 5-1-255 ཙམ་ལ་ནི་ཡང་དག་གནས། །དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་ མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །ཞེས་གསུངས་ཤིང༌། དེའི་འགྲེལ་པར་སེམས་ཙམ་ ལ་གནས་པ་ནི་སྦྱོར་ལམ་གྱི་སྐབས་ཡིན་པར་བཤད་ནས་རྐང་པ་ཕྱི་མ་གཉིས་ཀྱི་དོན་འཆད་ པ་ན་དེ་ཕན་ཆད་ནི་ཆོས་ཀྱི་དབྱིངས་གཉིས་ཀྱི་མཚན་ཉིད་གཟུང་བ་དང་འཛིན་པའི་མཚན་ ཉིད་དང་བྲལ་བ་མངོན་སུམ་ཉིད་དུ་རྟོགས་ཏེ་འདི་ནི་མཐོང་བའི་ལམ་གྱི་གནས་སྐབས་ཡིན་ ནོ། །ཞེས་གསུངས་པའི་ཕྱིར་རོ་སྙམ་ན། སྐྱོན་མེད་དེ། དེ་ལྟར་གསུངས་པ་དེ་ནི་སྔར་བཤད་ པ་ལྟར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རིང་ལུགས་ཀྱི་དབང་དུ་བྱས་པ་ཡིན་ལ། འདིར་སོ་སོར་ སྡུད་ཀྱི་རྣལ་འབྱོར་པས་ཀྱང་ཆོས་ཀྱི་དབྱིངས་འོད་གསལ་བ་མངོན་སུམ་དུ་མཐོང་བ་ནི་རྡོ་ རྗེའི་ཐེག་པ་ཤིན་ཏུ་ཐབས་ལ་མཁས་པ་དང་ལྡན་པའི་ཉེ་ལམ་གྱི་དབང་དུ་བྱས་པ་སྟེ་བྱེད་པ་ བཅིང་བའི་ཐབས་ཁྱད་པར་ཅན་གྱིས་རླུང་སེམས་དབུ་མ་ཨ་ཝ་དྷཱུ་ཏཱིའི་ནང་དུ་མྱུར་དུ་འཇུག་ པར་བྱེད་པའི་མཐུ་ལས་ཡིན་ནོ། །འོན་ཀྱང་འདི་ལས་དང་པོ་པ་ཡིན་གྱི་མཐོང་ལམ་པ་མ་ ཡིན་ཏེ་མཐོང་ལམ་གྱི་ཡོན་ཏན་མེད་པའི་ཕྱིར་རོ། །ལམ་འདི་གཉིས་ལ་བསྐལ་པ་གྲངས་ མེད་པ་དུ་མ་རྣམས་སུ་ཐོགས་པ་དང་སྐྱེ་བ་གཅིག་ནས་བདུན་གྱི་བར་ལས་མི་ཐོགས་པའི་ ཁྱད་པར་བཅོམ་ལྡན་འདས་ཉིད་ཀྱིས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར། །ཕ་རོལ་ཏུ་ ཕྱིན་པའི་ཚུལ་ལ་མཐོང་ལམ་མ་ཐོབ་པར་དུ་ཆོས་ཀྱི་དབྱིངས་མངོན་སུམ་དུ་མི་རྟོགས་པར་ གསུངས་པའི་རྒྱུ་མཚན་གྱིས། །འདིར་ལས་དང་པོ་པ་སོ་སོར་སྡུད་ཀྱི་རྣལ་འབྱོར་པས་འོད་ གསལ་ཆོས་ཀྱི་དབྱིངས་མངོན་སུམ་དུ་མཐོང་བ་འདི་ཇི་ལྟར་མི་[རིག་{རིགས}པར་སྨྲ་སྟེ་སྨྲ་ བར་མི་རིགས་སོ། ། ༢ ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་བྱེད་དགོད་པ། གཉིས་པ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་བྱེད་དགོད་པ་ནི། རྡོ་རྗེ་ཐེག་པའི་ 5-1-256 ལམ་མཆོག་མཐར་ཐུག་པ་སྦྱོར་བ་ཡན་ལག་དྲུག་གི་ལམ་ཚུལ་འདི་ལ་ལས་དང་པོ་པས་སོ་ སོར་སྡུད་ཀྱི་རྣལ་འབྱོར་བསྒོམ་པའི་དུས་ཉིད་ན་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པའི་ ཚུལ་གསལ་བར་གསུངས་པ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོར། ལྷ་ཡི་དམིགས་པ་གང་ ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་གཉིས་སུ་འགྱུར་པ་སྟེ། །མངོན་སུམ་དག་ནི་དེ་ཉིད་ སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་ རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ནི་རི་མོ་ སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱིས་སྒོམ་པའི་དོན། །ཞེས་ གསུངས་ཏེ། དེའི་དོན་ནི། དྲི་མ་མེད་པའི་འོད་དུ་བཤད་པ་དང་མཐུན་པར། དཔལ་ནཱ་རོ་ པས་དབང་མདོར་བསྟན་པའི་འགྲེལ་པར་རྣམ་པར་བཤད་པ། འདིར་སེམས་ཅན་རྣམས་ཀྱི་ བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱི་ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ ལས་མངོན་སུམ་རྟོགས་པའི་མཚན་མ་མཐའ་དག་དང་བྲལ་བ་བླ་མ་དམ་པས་ལམ་ཉེ་བར་ བསྟན་པ་ལས་སྐྱེས་པ་གང་ཡིན་པ་དེ་ནི་དེ་ཉིད་ཉེ་བར་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་ འགྱུར་སྟེ། སྐར་མའི་ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཤ་ལ་སོགས་པའི་མིག་ གིས་བཟུང་བར་བྱ་བ་སྲིད་པ་གསུམ་དང་དུས་གསུམ་སྒྱུ་མ་དང་རྨི་ལམ་དང་མཚུངས་པའོ། ། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པ་མངོན་པར་ཤེས་པ་མེད་པས་ཤའི་མིག་གིས་ སྣ་ཚོགས་མཐོང་ངོ༌། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་ སོ། །དེ་ནས་འདོད་ཆགས་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་ སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་སོ། ། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་དབང་གིས་ཡེ་ཤེས་ཀྱི་ 5-1-257 སྤྱན་གྱིས་ཏེ། ལྷག་མ་ཀུན་ལས་རྣམ་གྲོལ་བ་ཞེས་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་ཤ་ ལ་སོགས་པའི་སྤྱན་ལྔ་པོ་རྣམས་སྟོང་པ་ཉིད་ཙམ་གཟིགས་པ་ལ་གསུངས་ཏེ། སེམས་ཅན་ གཞན་རྣམས་ནི་སྟོང་པ་ཉིད་བལྟ་བའི་ཡུལ་ལ་དམུས་ལོང་ངོ་ཞེས་པ་དེ་ཁོ་ན་བསྒོམ་པའི་ ངེས་པའོ། །དེ་ཁོ་ན་མ་ཡིན་པའི་བསྒྲུབ་པ་ལ་སླར་ཡང་མངོན་སུམ་མིན་ན་རྗེས་སུ་དཔག་པ་ ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། དེ་ནི་རི་མོ་སོགས་ལ་བལྟ་བྱ་ ཞེས་པ་དེ་ཁོ་ན་མཐོང་བ་མེད་པའི་དབང་གིས་ཐམས་ཅད་དུ་ཤི་བའི་ལུས་བཞིན་དུ་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རི་མོ་དང་སྐུ་གཟུགས་བྱས་པ་དང་ལུགས་མའམ་ དཀྱིལ་འཁོར་གྱི་འཁོར་ལོ་བྲིས་ནས་ངེས་པའི་རྣམ་པར་བལྟ་བར་བྱ་སྟེ། བྱིས་པའི་རྣལ་ འབྱོར་པ་དམན་པ་རྣམས་ཀྱི་བསྒོམ་པའི་དོན་དུའོ། །ཞེས་པ་རྣམ་པར་རྟོག་པ་བསྒོམ་པའི་ ངེས་པའོ་ཞེས་པའོ། །ཞེས་གསུངས་ཏེ། དེའི་དོན་མདོར་བསྡུས་ན། རྒྱུད་སྡེ་ཐམས་ཅད་དུ་ རྣལ་འབྱོར་པས་ཡི་དམ་གྱི་ལྷ་བསྒོམ་པར་གསུངས་པའི་དོན་རྣམ་པ་གཉིས་སུ་གནས་པ་ཡིན་ པ་ལས། མངོན་སུམ་སྟེ་ཡི་དམ་གྱི་ལྷ་མངོན་དུ་གྱུར་པའི་ཚུལ་གྱིས་བསྒོམ་པ་ནི་མུན་པའམ་ སྤྲིན་མེད་པའི་ནམ་མཁའ་ལ་སྲིད་པ་གསུམ་དང་དུས་གསུམ་གྱི་དངོས་པོའི་རྣམ་པ་ཀུན་ནས་ དྭངས་ཤིང་འོད་གསལ་བའི་ཆོས་ཀྱི་དབྱིངས་དེ་ཉིད་བདེ་བ་ཆེན་པོའི་སྐུ་ཡིན་པས་ལོངས་ སྤྱོད་རྫོགས་པའི་སྐུ་ཞེས་གསུངས་པ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དོན་དམ་པའི་ ལྷ་དེ་ཉིད་སོ་སོར་སྡུད་ལ་སོགས་པ་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་གསལ་བར་མངོན་ དུ་བྱས་ནས། སྒོམ་པ་དེ་ཁོ་ན་ཉིད་ཀྱི་བསྒོམ་པ་འདི་ཉིད་ཡིན་ཏེ། དེ་ཡང་ལས་དང་པོ་པའི་ རྣལ་འབྱོར་པ་ལ་སོགས་པས་རིམ་པ་ལྟར་ཤའི་སྤྱན་ལ་སོགས་པའི་སྒོ་ནས་ཆོས་ཀྱི་དབྱིངས་ མངོན་སུམ་དུ་མཐོང་བ་ཡིན་ལ། རྗེས་སུ་དཔག་པ་སྟེ་ཡི་དམ་གྱི་ལྷ་ལྐོག་ཏུ་གྱུར་པའི་ཚུལ་ གྱིས་བསྒོམ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དོན་དམ་པའི་ལྷ་ལ་མོས་པ་ཡིད་ 5-1-258 ལ་བྱེད་པའི་ཚུལ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་བསྒོམ་པ་སྟེ། འདི་ནི་རྣལ་འབྱོར་པ་དམན་པ་ རྣམས་ཀྱིས་བསྒོམ་པར་བྱ་བ་ཡིན་ནོ། །འདིར་ལས་དང་པོ་པ་ནས་རྫོགས་པའི་སངས་རྒྱས་ ཀྱི་བར་གྱིས་རིམ་པ་ལྟར་སྤྱན་ལྔའི་སྒོ་ནས་འོད་གསལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ ཀྱི་གཟུགས་གཟིགས་པར་གསུངས་པ་འདིས་ནི་རྣལ་འབྱོར་པར་ཁས་འཆེ་བ་ཁ་ཅིག་སྟོང་ གཟུགས་འདི་རྣམས་རྣལ་འབྱོར་པའི་ཉམས་ཀྱི་སྣང་བ་ཙམ་ཡིན་པས་རིམ་གྱིས་ཡལ་ནས་ ཅི་ཡང་མི་སྣང་བར་འགྱུར་རོ། །ཞེས་འདོད་པའང་བཀག་པ་ཡིན་ནོ། །སོ་སོར་སྡུད་ཀྱི་ཏིང་ ངེ་འཛིན་སྒོམ་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་མངོན་སུམ་དུ་མཐོང་ བའི་ཚུལ་འདི་ནི། འཕགས་པ་རྡོ་རྗེ་སྙིང་པོས་ཀྱང་དཔལ་བརྟག་པ་གཉིས་པའི་འགྲེལ་པར་ གསལ་བར་གསུངས་ཏེ། ཇི་སྐད་དུ། དཔལ་ཀྱེའི་རྡོ་རྗེར། དངོས་པོ་སྒོམ་གྱུར་ཤེས་རབ་ཅན། ། དངོས་པོ་མེད་པ་ཡོངས་ཤེས་པས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ལུས་ལ་ཡེ་ཤེས་ཆེན་པོ་ གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ ལུས་ལ་མ་སྐྱེས་པའོ། །ཞེས་པའི་འགྲེལ་པར། ད་ནི་སྔར་བཤད་པའི་ཤེས་རབ་དང༌། ཐབས་ དག་གི་དོན་དམ་པའི་བསྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱ་ཞེས་པ་ལ་སོགས་ པས་སོ། །འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུའི་སྟེ་རྡུལ་ཕྲ་རབ་ཀྱི་ཆོས་ ཉིད་ལས་འདས་པའོ། །དེ་སྤོང་ཞེས་པ་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་ པ་དང་བྲལ་བའི་སེམས་ཀྱིས་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ ནི་མངོན་སུམ་ཞེས་བརྗོད་པར་བྱའོ། །དེ་ཉིད་རྣམ་པ་བཞི་སྟེ། དབང་པོའི་མངོན་སུམ་དང་ ཡིད་ཀྱི་མངོན་སུམ་དང་རྣལ་འབྱོར་གྱི་མངོན་སུམ་དང་རང་རིག་པའི་མངོན་སུམ་ཞེས་པ་སྟེ། ཤེས་པ་དེ་ཉིད་ནི་ཉེ་བར་སྟོན་པར་བྱེད་པ་དང༌། འཇུག་པར་བྱེད་པ་དང་ཐོབ་པར་བྱེད་པ་ དང་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ་ཞེས་པའོ། །སྣང་བརྙན་དེ་ཉིད་དཔེ་དགུ་རྣམས་ 5-1-259 ཀྱིས་བསྒྲུབས་ཏེ། འདི་ལྟ་སྟེ། མིག་ཡོར་དང༌། སྤྲུལ་པའི་གྲོང་ཁྱེར་དང༌། སྒྲ་བརྙན་དང༌། རྨི་ ལམ་དང༌། སྒྱུ་མའི་འཁྲུལ་འཁོར་དང༌། སྨིག་རྒྱུ་དང༌། མེ་ལོང་གི་གཟུགས་བརྙན་དང༌། ཆུ་ཟླ་ དང༌། ནམ་མཁའ་ཞེས་པའོ། །ཤེས་རབ་ཨེ་ཡིག་ཏུ་འགྱུར་རོ། །དེ་བཞིན་དུ་ཧེ་རུ་ཀ་ཞེས་པ་ དངོས་པོ་མེད་པ་བསྒོམ་བྱ་སྟེ། ཤེས་རབ་ཀྱི་ཡེ་ཤེས་སོ། །ཧེ་རུ་ཀ་ནི་བདེ་བ་ཆེན་པོ་སྟེ། ཤེས་ རབ་ཇི་ལྟ་བར་ཐབས་ཀྱང་དེ་བཞིན་ནོ། །དེ་ཡོངས་སུ་ཤེས་པས་དངོས་མེད་པ་བསྒོམ་པར་ བྱ་བ་སྟེ་ཐབས་སུ་འགྱུར་རོ། ། དེ་བཞིན་གྱི་སྒྲ་ལས་རྒྱུ་ཇི་ལྟ་བ་དེ་ལྟར་འབྲས་བུའོ་ཞེས་པའོ། །ཞེས་གསུངས་ཏེ། དེའི་ དོན་མདོར་བསྡུས་ན་ནམ་མཁའ་ལ་དངོས་པོ་བསྒོམ་པར་བྱ་ཞེས་པའི་དོན་ནི་རྨི་ལམ་ལ་ སོགས་པའི་དཔེ་དགུས་མཚོན་པ་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པའི་འོད་གསལ་སྟོང་པ་ ཉིད་ཀྱི་གཟུགས་ཡིན་ཞིང༌། དེ་ལ་སྣང་བརྙན་ནམ་གཟུགས་བརྙན་ཞེས་ཀྱང་བྱ་སྟེ་དེ་ཉིད་ རྣལ་འབྱོར་པའི་མངོན་སུམ་གྱིས་གསལ་བར་མཐོང་ཞིང་ཉམས་སུ་མྱོང་བས་ན་དངོས་པོ་ ཞེས་གསུངས་པ་སྟེ། དེ་བསྒོམ་པ་ནི་ དངོས་པོ་བསྒོམ་པའོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་གཟུགས་བརྙན་དེ་ཉིད་ཇི་ལྟར་སྣང་ བ་བཞིན་གྱི་དངོས་པོར་མེད་པས་ན་དངོས་པོ་མེད་པ་ཞེས་ཀྱང་བྱ་སྟེ་དེ་བསྒོམ་པ་ནི་དངོས་ པོ་མེད་པ་བསྒོམ་པའོ། །དེ་ཡང་རྣལ་འབྱོར་པའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཤེས་ པས་མངོན་སུམ་དུ་མཐོང་བའི་ཚུལ་གྱིས་སྒོམ་པས་ན་མངོན་སུམ་གྱི་བསྒོམ་པ་ཡིན་ལ། སྟོང་ གཟུགས་མཐོང་བའི་ཤེས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དེ་ཉིད་སྟོང་གཟུགས་ཉེ་བར་ སྟོན་པར་བྱེད་པའི་ཤེས་པ་ཡིན་པས་ན་སྟོང་གཟུགས་ལ་དབངཔོའི་མངོན་སུམ་དང༌། སྟོང་ གཟུགས་ལ་འཇུག་པར་བྱེད་པས་ན་ཡིད་ཀྱི་མངོན་སུམ་དང༌། སྟོང་གཟུགས་ཐོབ་པར་བྱེད་ པས་ན་རྣལ་འབྱོར་མངོན་སུམ་དང༌། སྟོང་གཟུགས་ཉམས་སུ་མྱོང་བས་ན་རང་རིག་མངོན་ 5-1-260 སུམ་དུ་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འོད་གསལ་སྟོང་གཟུགས་དེ་ཤེས་རབ་ཨེ་ཡིག་གི་ དོན་རྒྱུ་ཡིན་ལ། དེའི་ངོ་བོ་ཉིད་ཀྱི་བདེ་བ་ཆེན་པོ་ཝྃ་ཡིག་གི་དོན་ནི་ཤེས་རབ་ཀྱི་ཡེ་ཤེས་ ཐབས་བཅོམ་ལྡན་འདས་ཧེ་རུ་ཀ་འབྲས་བུ་ཡིན་ཏེ། འདིར་རྒྱུ་དང་འབྲས་བུ་དབྱེ་བ་མེད་ པར་ཤེས་པར་བྱའོ། །ཚིགས་སུ་བཅད་པ་ཕྱི་མའི་དོན་ནི་གོང་དུ་བཤད་ཟིན་ཏོ། །འདིར་རྒྱུད་ ཚིག་དྲངས་པ་ནི་འབྲོག་མིའི་འགྱུར་ཡིན་ལ། འགྲེལ་པ་ནི་འགྱུར་རྙིང་ལས་དཔང་ལོ་ཙྪ་བ་བློ་ གྲོས་བརྟན་པས་བཅོས་པའོ། །དེ་བཞིན་དུ། དཔལ་ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་ དུ་ཡང༌། རྣམ་པ་ཀུན་ལྡན་རྣམ་པ་མེད་ཅེས་པ་ལ་སོགས་པ་རྡོ་རྗེའི་ཚིག་གིས་ངེས་པའི་དོན་ ནི་འདིར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་སྟེ་སོ་སོར་སྡུད་པས་གང་ཞིག་མཐོང་བ་དངོས་ པོ་བུམ་པ་དང་སྣམ་བུ་ལ་སོགས་པ་པྲ་ཕབ་པ་དང་མཚུངས་པར་སྣང་བའོ། །རྣམ་པ་ཀུན་ ལྡན་ཞེས་པ་རྟོག་པ་དང་བྲལ་བ་མ་འཁྲུལ་བའི་མངོན་སུམ་གྱིས་མཐོང་བའི་ལས་ཞེས་པའོ། ། རྣམ་པ་མེད་ཅེས་པ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྟོག་པ་དང་བྲལ་བ་ཉིད་ལས་ སོ། །གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གིས་རྟོགས་པ་དེའི་ཕྱིར་གཟུགས་མ་ ཡིན་ཞིང་གཟུགས་ལས་གཞན་པ་ཡང་མ་ཡིན་ལ། མིག་གིས་རྟོགས་པ་མ་ཡིན་ཞིང་མིག་མེད་ པར་རྟོགས་པ་ཡང་མ་ཡིན་ནོ། །ཞེས་གསུངས་སོ། ། ③ སྟོང་གཟུགས་མཐོང་བའི་རྒྱུ་དང་སྟོང་གཟུགས་ཀྱི་མཚན་ཉིད་ བསྟན་པ་ལ་གཉིས། གསུམ་པ་སྟོང་གཟུགས་མཐོང་བའི་རྒྱུ་དང་སྟོང་གཟུགས་ཀྱི་མཚན་ཉིད་བསྟན་པ་ལ། རྒྱུ་མཚན་ཉིད་དང༌། མཚན་ཉིད་གཉིས་ལས། ༡ རྒྱུ་མཚན་ཉིད་བསྟན་པ། དང་པོ་ནི། སོ་སོར་སྡུད་པའི་རྣལ་འབྱོར་པས་རང་གི་སེམས་ཀྱི་འོད་གསལ་དུ་བ་ལ་ 5-1-261 སོགས་པ་སྟོང་པ་ཉིད་ཀྱི་གཟུགས་མངོན་སུམ་དུ་མཐོང་བ་འདི་རྒྱུ་གང་ལས་ཇི་ལྟར་མཐོང་བ་ ཡིན་ཞེ་ན། དེའི་རྒྱུ་ནི་བྱེད་པ་བཅིང་བའི་ཐབས་ཁྱད་པར་ཅན་གྱིས་རླུང་དབུ་མར་ཆུད་པ་སྟེ། དེ་ཡང་གཡོན་རྐྱང་མའི་རྩ་དང་སྣ་བུག་གཡོན་ནས་ནམ་མཁའ་རླུང་མེ་ཆུ་སའི་རླུང་ལྔ་རྣམས་ བསྐྱེད་རིམ་གྱིས་རྒྱུ་ཞིང༌། གཡས་རོ་མའི་རྩ་དང་སྣ་བུག་གཡས་ནས་ས་ཆུ་མེ་རླུང་ནམ་ མཁའི་རླུང་ལྔ་རྣམས་སྡུད་རིམ་གྱིས་རྒྱུ་བ་ཡིན་ལ་རླུང་བཅུ་པོ་དེ་དག་བྱེད་པ་བཅང་བའི་ ཐབས་ཀྱིས་ལྟེ་བའི་འཁོར་ལོ་ནས་དབུ་མའི་ནང་དུ་རྒྱུ་བར་བྱེད་དེ། དེ་ཡང་ཐོག་མར་གཡས་ ཀྱི་སའི་རླུང་ལ་སོགས་པ་རྣམས་དབུ་མར་འཇུག་ཅིང་དེ་ནས་གཡོན་གྱི་རླུང་དབུ་མར་ཞུགས་ པ་ལས་དུ་བ་ལ་སོགས་པ་རྣམས་མཐོང་བར་འགྱུར་ཏེ། དཔལ་དུས་ཀྱི་འཁོར་ལོ་ལས། ས་ནི་ ཆུ་ལ་རབ་ཏུ་[འགོད{འཇུག་}ཅིང་ཆུ་ཡང་འབར་བྱེད་ལ་{སྟེ་}གཙང་བར་བྱེད་པ་རླུང་ལའོ། ། རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་ པ་ཐམས་ཅད་པ་རུ་འགྱུར་ཏེ་མི་བཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། །ཡེ་ ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། ། ཞེས་གསུངས་ཏེ། དེའི་དགོས་པ་ནི་ས་ལ་སོགས་པའི་རླུང་རྣམས་དབུ་མར་ཆུད་པ་ལ་བརྟེན་ ནས་རིམ་པ་ལྟར་དུ་བ་དང་སྨིག་རྒྱུ་དང་མེ་ཁྱེར་དང་མར་མེ་དང་སྤྲིན་མེད་པའི་ནམ་མཁའ་ལྟ་ བུ་མཐོང་བར་འགྱུར་ཏེ། ཆོས་རྗེ་བླ་མ་གོང་མ་རྣམས་འདི་དག་ལ་ངེས་པའི་མཐོང་ཉམས་ ཞེས་བྱ་བར་བཞེད་ཅིང༌། མ་ངེས་པའི་ཉམས་ལ་ས་རླུང་དབུ་མར་ཆུད་པའི་མཐོང་ཉམས་ནི་ རི་{དང་}ཁང་ཁྱིམ་ལ་སོགས་པ་ས་ཡི་རྣམ་པར་སྣང་བ་དང༌། ལུས་ཉམས་ནི་ལུས་ལྕི་བ་ལ་ སོགས་པར་འགྱུར་བ་དང༌། སེམས་ཉམས་སམ་ཏིང་ངེ་འཛིན་གྱི་ཉམས་ནི་སེམས་གསལ་ཆ་ དང་འཕྲོ་ཤས་ཆུང་ཞིང་གནས་ཆ་ཆེ་བ་དང༌། རྨི་ཉམས་ནི་ཐག་རིང་པོ་ལ་འགྲོ་མི་ནུས་ཤིང་ འགྲོ་བ་ལ་སོགས་པ་རྨི་འོ། །ཆུ་རླུང་དབུ་མར་ཆུད་པའི་མཐོང་ཉམས་ནི་མཚོ་དང་འབབ་ཆུ་ལ་ 5-1-262 སོགས་པ་ཆུ་སྣ་ཚོགས་སུ་སྣང་བ་དང༌། ལུས་ཉམས་ནི་ལུས་གྲང་ཞིང་འཇམ་པ་དང་ཤེད་ཆུང་ བ་ལ་སོགས་པ་དང༌། སེམས་ཉམས་ནི་སེམས་རིག་པ་ངར་ཆུང་ཞིང་རྟོག་མེད་དུ་གནས་པ་ དང༌། རྨི་ཉམས་ནི་ཆུ་སྣ་ཚོགས་ལ་བརྒལ་བ་དང་གྲུར་ཞུགས་པ་དང་ཆུས་ཁྱེར་བ་ལ་སོགས་ པ་རྨི་བའོ། །མེ་རླུང་དབུ་མར་ཞུགས་པའི་མཐོང་ཉམས་ནི་མེ་འབར་བ་ལ་སོགས་པར་སྣང་བ་ དང༌། སེམས་ཉམས་ནི་སེམས་ཅུང་ཟད་སྤུན་ཞིང་ཚིག་པ་ཟ་བ་ལ་སོགས་པ་དང༌། ལུས་ ཉམས་ནི་དྲོད་ཆེ་ཞིང་རྔུལ་བ་དང༌། རྨི་ཉམས་ནི་མེ་འབར་བ་དང་ཁང་བ་མེས་ཚིག་པ་རྨི་བ་ ལ་སོགས་པའོ། །རླུང་གི་རླུང་དབུ་མར་ཆུད་པའི་མཐོང་ཉམས་ནི་རླུང་ཚུབ་ལངས་པ་ལ་ སོགས་པའི་སྣང་བ་དང༌། ལུས་ཉམས་ནི་ལུས་ཡང་ཞིང་མགྱོགས་པར་འགྲོ་བ་ལ་སོགས་པ་ དང༌། སེམས་ཉམས་ནི་སེམས་གསལ་ཞིང་འཕྲོ་རྒོད་དུ་འཆོར་བ་དང༌། རྨི་ཉམས་ནི་རྟ་ཞོན་ ནས་རྒྱུག་པ་དང་འཕུར་བ་ལ་སོགས་པ་རྨིའོ། །ནམ་མཁའི་རླུང་དབུ་མར་ཆུད་པའི་མཐོང་ ཉམས་ནི་ནམ་མཁའི་བྱེ་བྲག་ཅི་རིགས་པ་དང་རས་ཡུག་སྔོན་པོ་རྐྱང་བ་ལྟ་བུ་ལ་སོགས་པ་ མཐོང་བ་དང༌། ལུས་ཉམས་ནི་ལུས་ཡོད་པ་མི་ཚོར་ཞིང་མེད་པ་སྙམ་བྱེད་པ་དང༌། སེམས་ ཉམས་ནི་སེམས་གསལ་ལ་མི་རྟོག་པར་གནས་པ་དང༌། རྨི་ཉམས་ནི་མཐོང་ཉམས་དང་ མཐུན་པར་རྨི་བའོ། །སྤྱིར་རྨི་ཉམས་ལ་མཐོང་ཉམས་དང་འབྲེལ་བའི་རྨི་ཉམས་དང་སེམས་ ཀྱི་བག་ཆགས་དང་འབྲེལ་བའི་རྨི་ཉམས་དང་ལུས་ཉམས་དང་འབྲེལ་པའི་རྨི་ཉམས་ཏེ་ གསུམ་ཡོད་པ་ཡིན་གསུང་ངོ༌། །དེ་རྣམས་ནི་མཚན་མོའི་རྣལ་འབྱོར་གྱི་ཉམས་ཡིན་ནོ། །ཉིན་ མོའི་རྣལ་འབྱོར་གྱི་མཐོང་ཉམས་ནི་སྔར་བཤད་པ་བཞིན་དང༌། ཆོས་རྗེ་གོང་མ་རྣམས་ཀྱི་ གསུང་སྒྲོས་ལས་འབྱུང་བ། འབར་བ་ནི་སྦྲང་གཤོག་ལ་ཉི་ཟེར་འཕོག་པ་ལྟ་བུ་སྐྱ་[ཁྱེམས་ ཁྱེམས་{ཁེམས་ཁེམས}པར་སྣང་བ་དང༌། ཟླ་བ་ནི་ཟླ་གམ་ལྕགས་སྒྲོག་ལྟ་བུའམ་ཟླ་བའི་ འོད་ལྟ་བུ་དང༌། ཉི་མ་ནི་གསོར་མིག་ལྟ་བུ་སྔོན་པོ་ཁོང་སྟོང་འཁོར་བ་ལྟ་བུའམ་ཉི་མའི་འོད་ 5-1-263 ལྟ་བུ་དང༌། སྒྲ་གཅན་ནི་ཤིང་སྡོང་གི་གྲིབ་མ་ལྟ་བུ་དང༌། རི་མོ་ཕྲ་ནག་གི་རྣམ་པ་ཐུང་རིང་དུ་ སྣང་བ་དང༌། ཁ་དོག་ནག་པོ་ཁྲོ་བོའི་གསུས་པ་དང་[གླང{སླང་}ངའི་རྒྱབ་ལྟ་བུའམ་ར་ཧུ་ ལའི་དཀྱིལ་འཁོར་ལྟ་བུ་དང༌། གློག་ནི་སྐྱ་[ཁྱེམས་ཁྱེམས་{ཁེམས་ཁེམས}པ་འབྱུང་ཞིང་ མེད་པར་འགྲོ་བ་དང༌། སོག་མདའ་འཕངས་པ་ལྟ་བུ་ལས་དང་པོ་པ་ལ་སྙིང་དངང་པ་ལྟ་བུ་ འབྱུང་ངོ༌། །ཐིག་ལེ་ནི་དང་པོ་ཁ་རླངས་ལྟ་བུའམ་བྱ་རྒོད་གཟན་ལ་འབབ་པ་ལྟ་བུའམ་མིག་ ལ་སྐོར་བ་བྱེད་པ་ལྟ་བུ་ཁ་དོག་ལྗང་ཁུ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་དཀར་པོ་ དང་སྔོན་པོ་རིམ་གྱིས་མཐོང་བའམ་ཅིག་ཅར་དུ་མཐོང་བ་སྟེ། དེ་ཡང་དང་པོ་མི་གསལ་ཞིང་ རགས་པའི་རྣམ་པ་ལྟ་བུ་མཐོང་ཞིང་ཕྱི་ནས་གསལ་བའི་རྣམ་པ་མཐོང་ལ། རགས་པའི་སྣང་ བ་དུ་བ་ལ་སོགས་པ་ཡང་དང་ཡང་དུ་བསྒོམས་པས་ཕྲ་སིལ་འགྲོ་སྟེ་དེའི་དུས་སུ་རགས་པའི་ སྣང་བ་ཡལ་ཕྲ་བའི་སྣང་བ་ངོས་མ་ཟིན་པའི་དུས་ན་སྒོམ་འཆོར་བ་སྲིད་པས་ངོ་སྤྲོད་པ་གལ་ ཆེ་གསུངས་ཤིང༌། དེ་ནས་ཐིག་ལེ་འོད་ཟེར་འཕྲོ་བ་དང་ཆ་ཕྲ་བ་དང་འཚེར་བ་དང་འདར་བ་ དང་གཞིག་པར་དཀའ་བ་སྟེ་ཆོས་ལྔ་ལྡན་མཐོང་བ་ན་བསམ་གཏན་མི་འགྲིབ་པའི་ཚད་དུ་ ཕྱིན་པ་ཡིན་ཞེས་གསུངས་སོ། །ཏིང་ངེ་འཛིན་སྐྱེ་བའི་ཚུལ་ནི། སྙན་བརྒྱུད་ལས། གཡོ་ཐོབ་ གོམས་བརྟན་མཐར་ཕྱིན་འཛིན། །ཏིང་འཛིན་ལམ་གྱི་སྐྱེ་ཚུལ་ཡིན། །ཞེས་འབྱུང་སྟེ། དང་པོ་ བསྒོམ་པའི་དུས་ན་སེམས་ཅུང་ཟད་ཀྱང་མི་གནས་པར་འཕྲོ་བ་རི་གཟར་ལ་ཆུ་འབབ་པ་ལྟ་ བུའམ་བྱ་ཙི་ཙི་མོ་ལྟ་བུའམ་དུ་བ་ལྟར་འགྱུ་བ་འབྱུང་སྟེ་དེའི་དུས་སུ་བདག་ལ་ནི་ཏིང་ངེ་འཛིན་ མི་སྐྱེ་བར་འདུག་སྙམ་ནས་ཚིག་པ་ཟ་བའམ་ཡི་ཆད་པའི་རྣམ་པ་འབྱུང་སྟེ། དེ་ནི་སེམས་ལ་བྱ་ ར་ཚུད་པའམ་རྣམ་རྟོག་ངོས་ཟིན་པའི་དུས་གཡོ་བའི་ཏིང་ངེ་འཛིན་སྐྱེ་བའི་དུས་ཡིན། དེ་ནས་ སེམས་ཅུང་ཟད་རེ་གནས་ཀྱང་དེ་མ་ཐག་ཏུ་རྟོག་པ་འཕྲོ་བ་ལྕགས་སྦུབས་སུ་ཆུ་ཚུད་པ་ལྟ་ བུའམ་སེམས་ཆགས་སྡང་མི་སྐྱེ་བའི་དུས་ཏེ་ཐོབ་པའི་ཏིང་ངེ་འཛིན་སྐྱེ་བའི་དུས་ཡིན། དེ་ 5-1-264 ནས་སེམས་ཅུང་ཟད་འཕྲོ་ཡང་དེ་མ་ཐག་ཏུ་རྟོག་མེད་ལ་ལྷན་གྱིས་འཇོག་ནུས་པ་སྦུན་མའི་ མེ་སྟག་གནམ་དུ་ཡར་བའམ་སྦལ་བ་མཆོང་བ་ལྟ་བུ་འབྱུང་སྟེ་དེ་ནི་ཐོལ་སྐྱེས་རྦད་གཅོད་ཀྱི་ དུས་ཏེ་གོམས་པའི་ཏིང་ངེ་འཛིན་སྐྱེ་བའི་དུས་ཡིན། དེ་ནས་སེམས་འཕྲོ་བའམ་འགྱུ་བ་འདྲ་ ཡང་རྟོག་མེད་དུ་ལྷན་གནས་པས་རུས་སྦལ་མཁར་གཞོང་དུ་བཞག་པའམ་རྒན་པོ་ལྟ་བུ་ འབྱུང་སྟེ་དེ་ནི་བརྟན་པའི་ཏིང་ངེ་འཛིན་སྐྱེ་བའི་དུས་ཡིན། དེ་ནས་སེམས་བཞག་ན་སྡོད་ཅིང་ བཏང་ན་འགྲོ་བ་འབྱུང་སྟེ་ཏིང་ངེ་འཛིན་ལས་སུ་རུང་ཞིང་དགོས་དུས་སུ་སླེབ་པ་མཐར་ཕྱིན་ པའི་ཏིང་ངེ་འཛིན་སྐྱེ་པའི་དུས་ཡིན་ཞེས་གསུངས་ཏེ། དེ་ཕྱིན་ཆད་གཡང་ལ་ལྷུང་བ་ལ་ སོགས་པའི་རྐྱེན་བྱུང་སྲིད་ན་ཡང་ཏིང་ངེ་འཛིན་དང་འདུ་འབྲལ་མི་འབྱུང་སྟེ་འབྲས་བུ་འོད་ གསལ་ལ་འབྱོར་པ་ཡིན་གསུང་ངོ༌། །ཉམས་གཞན་བཞི་པོ་ནི་གོང་དང་འདྲའོ། །མཚན་མ་ནི་ རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་ཞེས་པའི་དོན་ནི། དེ་ལྟར་རྟགས་བཅུ་རྫོགས་པའི་རྗེས་སུ་ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་སྲིད་པ་གསུམ་ཀུན་ནས་ དྭངས་བའི་རྣམ་པ་ཅན་མཐོང་བར་འགྱུར་ཞིང༌། དེ་ནས་ཐིག་ལེ་ངུར་དམར་རམ་ངུར་སེར་གྱི་ རྣམ་པ་མཐོང་ནས་དེ་བཞིན་གཤེགས་པའི་སྐུ་ཡང་རིམ་གྱིས་མཐོང་སྟེ། དེ་ཡང་དང་པོ་གཙུག་ ཏོར་དང་ཞལ་ལ་སོགས་པ་ནས་རིམ་གྱིས་ཕྱག་མཚན་དང་རྒྱན་ལ་སོགས་པ་ཡོངས་སུ་ རྫོགས་པར་མཐོང་ངོ༌། །དེ་ནས་ངེས་པ་གསུམ་ལྡན་གྱི་སྐུ་མཐོང་སྟེ་ཡུལ་ངེས་པ་ཐིག་ལེའི་ དབུས་དང༌། དུས་ངེས་པ་མཉམ་རྗེས་ཀུན་ཏུ་དང༌། རང་བཞིན་ངེས་པ་མཚན་དཔེ་ལ་སོགས་ པ་ཡོངས་སུ་རྫོགས་པ་མཐོང་བར་འགྱུར་རོ། །དེ་ནས་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་གྱི་དབུས་ སུ་ཁམས་གསུམ་མ་ལུས་པའི་གཟུགས་བརྙན་ཤིན་ཏུ་གསལ་བ་གོང་དུ་བཤད་པ་ལྟར་མཐོང་ བར་འགྱུར་རོ་ཞེས་གསུང་ངོ༌། །དེ་ལ་འགྲོ་བ་རིགས་དྲུག་བརྟན་གཡོའི་རྣམ་པ་སྣ་ཚོགས་ པར་སྣང་བ་ནི་རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་དང༌། སངས་རྒྱས་ཀྱི་སྤྲུལ་སྐུ་དང་ལོངས་ 5-1-265 སྐུའི་རྣམ་པར་སྣང་བ་ནི་རྣམ་པ་མཆོག་ལྡན་གྱི་སྟོང་གཟུགས་ཞེས་བྱ་བ་ཡིན་ནོ་ཞེས་བླ་མ་ གོང་མ་དག་བཞེད་མོད་ཀྱི། འདི་གཉིས་ཀ་ཡང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་ གསལ་བ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཡིན་པའི་ཕྱིར་ནམ་མཁའ་ལྟར་རོ་མཉམ་ཞིང་བཟང་ངན་གྱི་ ཁྱད་པར་ཅུང་ཟད་ཀྱང་མེད་པར་རིག་པར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་དང་བྱང་ཆུབ་སེམས་དཔའི་ འགྲེལ་པ་སྐོར་གསུམ་ཅར་དུ། ཁམས་གསུམ་པའི་རྣམ་པ་ཅན་ལ་སོགས་པའི་སྟོང་གཟུགས་ ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་པ་དང་ཁམས་ གསུམ་པའི་སངས་རྒྱས་ཀྱི་གཟུགས་ཞེས་གསུངས་ཤིང༌། རྩ་བའི་རྒྱུད་ལས། ཁམས་གསུམ་ པ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་གསུངས་པས་རྣམ་པ་ ཀུན་ལྡན་དང་རྣམ་པ་[མཆོག་ལྡན་གྱི་{ཐམས་ཅད་ཀྱི་མཆོག་དང་ལྡན་པའི་}སྟོང་པ་ཉིད་ གཉིས་ཀྱི་ཁྱད་པར་མ་གསུངས་པའི་ཕྱིར་རོ། །འོན་ཀྱང་རྣལ་འབྱོར་པས་ཉམས་སུ་མྱོང་བའི་ རིམ་པ་ལ་ནི་དང་པོར་རྣམ་པ་སྣ་ཚོགས་པའི་སྣང་བ་ཉིད་མཐོང་ནས་དེའི་རྗེས་སུ་སངས་རྒྱས་ ཀྱི་སྐུའི་རྣམ་པ་མཐོང་བ་འབྱུང་མོད་ཀྱི། དེས་ན་སྟོང་གཟུགས་ལ་བཟང་ངན་གྱི་ཁྱད་[པར] ཡོད་པར་མི་འགྱུར་རོ། །ཡང་འགའ་ཞིག་ནི་ལུས་ལ་འགྲོ་བ་རིགས་དྲུག་གི་རྩ་ཡོད་ཅིང་རྩ་དེ་ དག་གི་ནང་དུ་རླུང་སེམས་འདུས་པ་ལས་རྣལ་འབྱོར་པ་ལ་རིགས་དྲུག་གི་ཉམས་ཀྱི་སྣང་བ་ འབྱུང་བ་ཡིན་ཞེས་འདོད་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ དོན་ཁོང་དུ་མ་ཆུད་པར་ཟད་ཅིང༌། དེ་བཞིན་དུ་སའི་རླུང་ལ་སོགས་པ་རྣམས་སྟོབས་སུ་གྱུར་ པ་ལས་དུ་བ་ལ་སོགས་པའི་རྟགས་རྣམས་འབྱུང་བར་འདོད་པ་ཡང་མི་རིགས་ཏེ། སའི་རླུང་ ལ་སོགས་པ་རྣམས་དབུ་མ་ཨ་ཝ་དྷཱུ་ཏཱིར་ཞུགས་པ་ལས་དུ་བ་ལྟ་བུ་ལ་སོགས་པའི་རྟགས་ཀྱི་ སྣང་བ་འཆར་བར་གསུངས་པའི་ཕྱིར་རོ། །དེ་ཡང་དཔལ་དུས་ཀྱི་འཁོར་ལོ་ཡེ་ཤེས་ལེའུའི་ ཚིགས་སུ་བཅད་པ་བརྒྱ་ཉི་ཤུ་པའི་རྐང་པ་ཐ་མར། དུ་བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་ 5-1-266 པ་དག་ཀྱང་གང་ཞིག་འདི་རྣམས་ཐམས་ཅད་གསང་བར་བྱ། །ཞེས་པའི་འགྲེལ་པར། དུ་བ་ ལ་སོགས་པ་རྣམས་ཀྱི་མཚན་མ་འཛིན་པ་ནི། ཨ་བ་དྷུ་ཏཱིའི་སྒོ་ནས་ཏེ། ཀྱང་གི་སྒྲས་ལྟེ་བ་དེ་ ཉིད་ལའོ། །འདི་རྣམས་ཐམས་ཅད་གསང་བར་བྱ་སྟེ་བྱིས་པའི་སྐྱེ་བོ་རྣམས་ལ་སྦ་བར་བྱའོ། ། ཞེས་པ་ངེས་པའོ། །ཞེས་དང༌། ཚིགས་བཅད་བརྒྱ་ཉེར་གཅིག་པའི་རྐང་པ་དང་པོར། དབུ་ མར་སྲོག་ནི་རབ་གཞུག་ཉི་མ་དང་བཅས་རི་བོང་ཅན་གྱིས་བགྲོད་པ་དང་[བཅས]གཡས་ དང་གཡོན་ལ་བཅིང་ཞེས་པའི་འགྲེལ་པར་འདིར་དང་པོར་རྣལ་འབྱོར་པས་དབུ་མར་སྲོག་ ནི་རབ་ཏུ་གཞུག་པར་བྱ་སྟེ་གང་གིས་མཚན་མ་མཐོང་བར་འགྱུར་པ་ཨ་ཝ་དྷཱུ་ཏཱིར་རོ། །ཞེས་ གསུངས་ཤིང༌། དཔལ་གསང་བ་འདུས་པར་ཡང༌། འགོག་པ་རྡོ་རྗེར་བགྲོད་སེམས་ལ། ། མཚན་མ་ཉེར་[འཛིན་འབྱུང་{འཛིན་འཛིན་}འགྱུར་ཏེ། །ཞེས་དང༌། རྣལ་འབྱོར་གྱི་དབང་ ཕྱུག་ཤཱ་ཝ་རི་པས་ཀྱང༌། མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏཱིར་རླུང་བཅུ་ཆུད་གྱུར་པས། ། ཕྱི་ནང་རྟོག་འགགས་རྟགས་འབྱུང་བ། །སོ་སོར་གཅོད་པའི་ཡན་ལག་ཡིན། །ཞེས་གསུངས་ སོ། །རྟགས་བཅུ་ལ་སོགས་པའི་སྟོང་གཟུགས་རྣམས་དབུ་མར་ཞུགས་པ་ལས་མཐོང་བ་ཡིན་ པའི་ལུང་གཞན་ཡང་ཡོད་དེ་སྔར་ཡང་དྲངས་ཤིང་འོག་ནས་ཀྱང་གསལ་བར་འགྱུར་རོ། །མི་ ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ་ཞེས་སོགས་ཀྱི་དོན་ནི་གོང་དུ་བཤད་པའི་ རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་དེ་ཉིད་བསྒོམས་པ་ལས་སྟོང་གཟུགས་དེ་ ཉིད་ཀྱི་ངོ་བོ་འགྱུར་བ་མེད་པའི་བདེ་བ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཞེས་ ཀྱང་གསུངས་པ་རང་ལ་གདོད་མ་ནས་བཞུགས་པའི་ཆོས་ཀྱི་སྐུ་དེ་ཐོབ་པར་འགྱུར་ལ། དེ་ ཐོབ་པ་ལས་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་དང་ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་རྫོགས་པའི་སངས་རྒྱས་ཉིད་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལ་ ཐོབ་ཅེས་པའོ། །གཞན་ཡང་རླུང་སེམས་དབུ་མར་ཞུགས་པའི་མཐུ་ལས། རྣལ་འབྱོར་པ་ལ་ 5-1-267 ལུས་དང་ངག་གི་ཉམས་ངོ་མཚར་ཞིང་རྨད་དུ་བྱུང་བ་ཕལ་པ་རྣམས་ཀྱི་བློའི་ཡུལ་དུ་མི་འཚམ་ ཞིང་བསམ་གྱིས་མི་ཁྱབ་པ་འབྱུང་བར་འགྱུར་ཏེ། ཅུང་ཟད་རྒྱས་པར་འོག་ཏུ་བཤད་པར་བྱའོ། ། ༢ མཚན་ཉིད་བསྟན་པ། གཉིས་པ་མཚན་ཉིད་ནི། དེ་ལྟར་རྣལ་འབྱོར་པའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ གྱིས་མངོན་སུམ་དུ་མཐོང་བའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ གཟུགས་ཆོས་ཉིད་འོད་གསལ་བ་འདིའི་རང་བཞིན་ནམ་མཚན་ཉིད་ཇི་ལྟ་བུ་ཞིག་ཡིན་ཞེ་ ན། དེའི་རང་བཞིན་ནམ་མཚན་ཉིད་ནི། དཔལ་དུས་ཀྱི་འཁོར་ལོར། ས་ཡི་རྣམ་པ་སྲ་བ་ མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་ རླུང་གི་ལུས་ནི་གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་བའི་རྣམ་པ་ཡིན་ཡང་བལྟ་ བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཀུན་ལྡན་ཡིན་ཡང་ མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཞེས་གསུངས་ཏེ། དེའི་ དོན་ནི་སྟོང་པ་ཉིད་ཀྱི་གཟུགས་འདི་རྣལ་འབྱོར་པའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ ཤེས་པས་ས་དང་ཆུ་དང་མེ་དང་རླུང་གི་རྣམ་པར་མཐོང་ཡང་སྲ་བ་ལ་སོགས་པའི་མཚན་ཉིད་ དང་རྡུལ་ཕྲ་རབ་ཀྱི་རྫས་སུ་མ་གྲུབ་པའི་ཕྱིར་ས་ལ་སོགས་པའི་དངོས་པོ་མ་ཡིན་ལ་རྫས་སུ་ གྲུབ་པ་མེད་པས་སྟོང་པའི་རྣམ་པ་ཡིན་ཡང་རྣལ་འབྱོར་བའི་མངོན་སུམ་གྱིས་བལྟ་བར་བྱ་བ་ སྟེ་མཐོང་བ་ཡང་ཡིན་ཞིང༌། དེ་བཞིན་དུ་དཀར་པོ་ལ་སོགས་པའི་ཁ་དོག་སྣ་ཚོགས་པའི་རྣམ་ པར་སྣང་ཡང་དངོས་པོའི་རྫས་སུ་མ་གྲུབ་པའི་ཕྱིར་ཁ་དོག་གི་དངོས་པོ་ཉིད་མ་ཡིན་ནོ། །རྣམ་ པ་ཐམས་ཅད་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་གདོད་ནས་རྟག་ཏུ་གནས་པ་ཡིན་ ཡང་སྤྱན་ལྔ་དང་མི་ལྡན་པའི་བྱིས་པ་རྣམས་ཀྱིས་མི་མཐོང་སྟེ་རང་གི་སེམས་ཀྱི་གློ་བུར་གྱི་དྲི་ 5-1-268 མ་ཉོན་མོངས་པ་སྟེ་རྩ་གཡོན་ནས་རྒྱུ་བའི་རླུང་དང་བདུད་ཅེས་པ་རྩ་གཡས་ནས་རྒྱུ་བའི་རླུང་ མ་འགགས་པའི་ཕྱིར་རོ། །དེས་ན་གཡོན་དང་གཡས་ཀྱི་རླུང་དབུ་མའི་ནང་དུ་ཞུགས་པ་ལས་ འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཞེས་དགོངས་པ་ ཡིན་པར་ཤེས་པར་བྱའོ། ། དེ་ལྟར་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་གཟུགས་འདི་ནི་བསམ་གྱིས་མི་ཁྱབ་ པའི་དབྱིངས་ཡིན་པར་ཤེས་པར་བྱ་ཞིང༌། དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བའི་སྟོང་པ་ཉིད་ ཟབ་ཅིང་རྒྱ་ཆེ་བའི་གཟུགས་ཞེས་ཀྱང་བྱ་གཟུགས་མེད་པའི་གཟུགས་བཟང་པོ་ཞེས་ཀྱང་ བྱ། དམ་པའི་དོན་གྱི་གཟུགས་ཞེས་ཀྱང་བྱ་སྟེ། དྲི་མ་མེད་པའི་འོད་དུ་མཚན་ཡང་དག་པར་ བརྗོད་པའི་ལུང་དྲངས་ཏེ་རྣམ་པར་བཤད་པ་མཛད་པ། སྟོང་པའི་དངོས་པོ་ནི་སྟོང་པ་ཉིད་དེ་ འདིར་འདས་པ་དང་མ་འོངས་པའི་ཤེས་བྱ་ནི་སྟོང་པའོ། །དེ་མཐོང་བར་ནི་དངོས་པོ་སྟོང་པ་ ཉིད་ཟབ་པ་དང་རྒྱ་ཆེ་བ་སྟེ་འདས་པ་དང་མ་འོངས་པའི་དངོས་པོ་མེད་པའི་ཕྱིར་ཟབ་པའོ། ། འདས་པ་དང་མ་འོངས་པ་མཐོང་བའི་ཕྱིར་རྒྱ་ཆེ་བའོ། །དེ་སྐད་དུ་གསུངས་པ། སྟོང་ཉིད་སྨྲ་ བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་ གཎ་ཌི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །གཟུགས་ མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་ནི་མཚན་ཡང་ དག་པར་བརྗོད་པ་ལས་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཞེས་གསུངས་ཏེ། སྟོང་པའི་དངོས་ པོ་དང་དངོས་པོ་སྟོང་པ་ཉིད་ཅེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམ་པར་དཔྱད་ ན་ཅིར་ཡང་མ་གྲུབ་ཙམ་གྱི་སྟོང་པ་ཉིད་རང་སྟོང་ངམ་ཆད་པའི་སྟོང་པ་ཉིད་ནི་མ་ཡིན་གྱི། སོ་ སོ་རང་རིག་པའི་ཡེ་ཤེས་ཀྱིས་གསལ་བར་ཉམས་སུ་མྱོང་ཞིང་རིག་པར་བྱ་བའི་སྟོང་པ་ཉིད་ 5-1-269 ཀྱི་དོན་བསྟན་པ་ཡིན་ལ། འདས་པ་དང་མ་འོངས་པ་མཐོང་བ་ཞེས་པ་ནི་ཁམས་གསུམ་མ་ ལུས་པའི་རྣམ་པ་ཅན་གྱི་ཆོས་ཉིད་འོད་གསལ་བ་བསྟན་པའོ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་ པ་ནས་ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ་ཞེས་པའི་བར་གྱིས་ནི་སྟོང་པ་ཉིད་ཀྱི་གཟུགས་དང་རོ་ གཅིག་པའི་ཐམས་ཅད་མཁྱེན་པའི་གསུང་ཆོས་ཉིད་གཞོམ་དུ་མེད་པའི་སྒྲ་ནཱ་ད་ཞེས་པའི་ དོན་བསྟན་པ་ཡིན་ནོ། །དུ་བ་ལྟ་བུ་ལ་སོགས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་འདིའི་ རང་བཞིན་ནི་གོང་དུ་བཤད་པ་དེ་ལྟ་བུ་ཡིན་པ་དེའི་ཕྱིར་ཡང་དིང་སང་དམ་པ་མ་ཡིན་པའི་བླ་ མས་ཤིན་ཏུ་བསླུས་པར་གྱུར་པའི་སྐྱེ་བོ་ཁ་ཅིག་དག་དུ་བ་ལྟ་བུ་ལ་སོགས་པ་སྟོང་གཟུགས་ སྣ་ཚོགས་པ་འདི་ནི་རེ་ཞིག་པའི་ཉམས་ཀྱི་སྣང་བ་བན་བུན་ཙམ་ཡིན་གྱི་མཐར་ནི་འདིའི་སྣང་ བ་ཡལ་ནས་སྣང་བ་ཅི་ཡང་མེད་པར་འགྲོ་ཞིང་རྫུན་པ་བསླུ་བའི་ཆོས་ཅན་ཡིན་པས་འདི་ལ་ མཆོག་ཏུ་འཛིན་པ་རྣམས་འཆིང་བར་འགྱུར་རོ། །ཞེས་པ་ལ་སོགས་པ་སྐུར་འདེབས་ཀྱི་རྣམ་ པ་མང་པོ་རབ་ཏུ་སྨྲ་བ་ནི་བདུད་ཀྱིས་རྣམ་པར་ཕྱེ་བའི་ཁ་ལས་བྱུང་བའི་སྨྲ་བ་ཡིན་པར་ཐེག་ པ་མཆོག་གི་རྣལ་འབྱོར་པ་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་རྣམ་པར་དཔྱོད་པའི་བློ་དང་ ལྡན་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ། ། ༤༽ དེ་ཉིད་རྒྱལ་བའི་ཡུམ་ལ་སོགས་པར་ཡང་གསུངས་པའི་ཚུལ་ལ་གཉིས། གསུམ་པ་?དེ་ཉིད་རྒྱལ་བའི་ཡུམ་ལ་སོགས་པར་ཡང་གསུངས་པའི་ཚུལ་ལ་གཉིས་ ཏེ། ཡུམ་བར་པར་གསུངས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་བསྟན་པ་དང༌། རྣལ་འབྱོར་གྱི་ དབང་ཕྱུག་རྣམས་ཀྱིས་གསུངས་པའི་ཚུལ་ལོ། ། ① ཡུམ་བར་པར་གསུངས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་བསྟན་པ། དང་པོ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་གཟུགས་མངོན་སུམ་དུ་གསལ་བར་ སྣང་བའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འདི་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་ 5-1-270 གསུངས་པ་འབའ་ཞིག་ཏུ་མ་ཟད་ཀྱི་བཅོམ་ལྡན་འདས་ཀྱིས་རྒྱལ་བའི་ཡུམ་གྱི་མདོ་རྣམས་སུ་ ཡང་གསལ་བར་གསུངས་ཏེ། ཇི་སྐད་དུ། རྒྱལ་བའི་ཡུམ་བར་མར། རིན་ཆེན་སྣང་བ་ཞེས་བྱ་ བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་སྣང་བ་ཞེས་ བྱ་བའི་ཏིང་ངེ་འཛིན་དང༌། སྤྱི་གཙུག་རྣམ་པར་ལྟ་བའི། འོད་ཟེར་རབ་ཏུ་འགྱེད་པ། ལྟ་བས་ ཆོག་མི་ཤེས་པ། ཕྱོགས་རྣམ་པར་ལྟ་བ། ནམ་མཁའ་རྒྱས་པར་འགེངས་པ། རྒྱལ་མཚན་རྩེ་ མོའི་དཔུང་རྒྱན། དྲི་མ་མེད་པའི་སྒྲོན་མ། འོད་མཐའ་ཡས་པ། འོད་བྱེད་པ། འོད་དྲི་མ་མེད་ པ། ཉི་མའི་སྒྲོན་མ། ཟླ་བ་དྲི་མ་མེད་པ། སྣང་བ་གསལ་བ། སྣང་བ་བྱེད་པ། དགེ་བའི་མེ་ ཏོག་རྒྱས་ཤིང་གསལ་བ། བརྡ་དང་སྒྲ་ལ་འཇུག་པ། སྒྲ་དབྱངས་དང་ལྡན་པ། སྒྲོན་མ་འབར་ བ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། ནམ་མཁའ་འདྲ་བ། གློག་གི་སྒྲོན་མ་ཞེས་པ་ ལ་སོགས་པ་སྟེ་དེ་རྣམས་ཀྱི་མཐར་ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་ དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། །ཏིང་ངེ་འཛིན་གྱི་རྣམ་གྲངས་འདི་དག་ནི་མདོ་ ལས་འཐོར་བུར་བཏུས་པ་སྟེ། སྟོང་གཟུགས་གཞོམ་དུ་མེད་པའི་སྒྲ་དང་བཅས་པ་ལ་སྦྱར་བ་ ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཏིང་ངེ་འཛིན་འདི་རྣམས་སོར་སྡུད་བསམ་གཏན་གྱི་ ཏིང་ངེ་འཛིན་དང་དོན་གཅིག་པར་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གསལ་བར་ གསུངས་ཤིང༌། དཔལ་ནཱ་རོ་པའི་ཞབས་ཀྱིས་ཀྱང་གསལ་བར་གསུངས་པ་ཡིན་ནོ། ། ② རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་གསུངས་བའི་ཚུལ། གཉིས་པ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་གསུངས་པའི་ཚུལ་ནི། དཔལ་ནཱ་རོའི་ ཞབས་ཀྱིས་དབང་མདོར་བསྟན་པའི་འགྲེལ་པར་ལུང་དྲངས་པ། འཕགས་པ་ཀླུ་སྒྲུབ་ཞབས་ ཀྱིས་ཀྱང༌། གང་རྣམས་ཀྱི་བློ་རྟེན་དང་བྲལ། །ཡོད་དང་མེད་ལས་རྣམ་པར་འདས། །ཟབ་ 5-1-271 མོ་དམིགས་མེད་དེ་རྣམས་ཀྱིས། །མཚན་མའི་དོན་ནི་རྣམ་པར་བསྒོམ། །ཞེས་དང༌། ལ་བའི་ གོས་ཅན་གྱི་ཞབས་ཀྱིས་ཀྱང༌། སྣང་བ་ཐོབ་པའི་རྣལ་འབྱོར་པས། །གཞན་དུ་རྟགས་ནི་ཤེས་ བྱ་སྟེ། །གྲུབ་པའི་འཁྲུལ་བ་མེད་པ་རྣམས། །ལམ་ནག་གི་ནི་དུ་བ་བཞིན། །མིག་དག་རིངས་ པར་བྱེད་པ་དང༌། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་ནུབ་པ་དང༌། །སྟོང་ ཉིད་མཐོང་བའི་སྟོང་པ་ཉིད། །ཅེས་པ་ལ་སོགས་པའོ། །གཞན་གྱིས་ཀྱང༌། གང་དུ་དྲི་མ་མེད་ པའི་མཁའ་ལ་མིག་ཕྱེ་སྤྲུལ་པ་ན། །འཕྲོ་བ་ཆེན་པོའི་ཐུགས་རྗེས་བརླན་པ་བསམ་པའི་རྟེན་ ཟ་ལས། །ཡོད་དང་མེད་དང་གཉིས་ཀ་དངོས་པོ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་ རྗེས་འགྲོ་དུ་སོགས་མཐའ་དག་གློ་བུར་འཆར། །ཞེས་དང༌། དེ་བཞིན་དུ། དང་པོ་ཐོག་མཐའ་ ལས་གྲོལ་བའི། །དབུ་མ་ཙམ་ལ་ཡང་དག་གནས། །གང་ཞིག་དེར་གནས་འདོར་བ་སྟེ། །འདི་ ཡི་སྣང་བ་བཅུ་བདག་ཉིད། །ཅེས་པའོ། །འདིར་བསོད་ནམས་དང་ལྡན་པ་རྣམས་ཀྱིས་བླ་མ་ ཆེན་པོའི་བཀའ་དྲིན་ལས་བར་སྣང་ལ་ཁོང་དུ་ཆུད་པ་དཔེར་བརྗོད་པ་འདི་ནི་རྣལ་འབྱོར་གྱི་ དབང་ཕྱུག་རྣམས་ཀྱི་རྡོ་རྗེའི་གླུ་ཀུན་རྫོབ་དང་དོན་དམ་པའི་ཚིག་གིས་རབ་ཏུ་གསུངས་ཏེ། དཔལ་ལྡན་དཔའ་བོ་ས་ར་ཧ་ཡིས་གསུངས་པ། རྨོངས་པ་ནམ་མཁའི་ཚད་མ་ནི། །གལ་ཏེ་ ཤེས་ན་རྨོངས་ཚོགས་གཅོད། །དང་པོར་རྣམ་དག་ནམ་མཁའ་ལ། །བལྟ་ཞིང་ལྟ་བས་མཐོང་ བ་འགག །དེ་བཞིན་དུ། མང་པོ་སྨྲ་བས་ཅི་ཞིག་བྱ། །ཆོས་ཀྱི་ཚད་ནི་འདི་ཡིས་ཆོག །མིག་ ཕྱེད་གྱེན་དུ་བལྟ་བ་ན། །མཐོང་བ་བརྟན་པ་ཉིད་ཀྱིས་ཤེས། །རྨད་བྱུང་ནམ་མཁའི་དཀྱིལ་ ཤར་བྷུ་སུ་ཀུ།སྟོང་པའི་གཟུགས་མཛེས་ལྟོས་ཤིག་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང༌། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ ཏོག་འདི་ནི་སྟོང་ཉིད་དགོན་པར་རྒྱས། །དེ་བཞིན་དུ། ལཱ་མཱ་ནམ་མཁའི་མེ་ཏོག་ཤར། །རབ་ ཏུ་མི་གནས་ལྕི་བའོ། །བལྟ་ཞིང་བལྟ་བའི་ནམ་ལངས་ཀྱང༌། །ཤཱན་ཏི་སྒྲོན་མས་ལམ་ཚོལ་ལོ། 287། དེ་བཞིན་དུ། སྐྱ་རེངས་ཤར་རོ་བྷུ་སུ་ཀུ། །ཤཱན་ཏཱིས་སྨྲས་པ་ནམ་ལངས་ཐུན། །གང་ཚེ་ཟླ་བ་ ཉ་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་རབ་ཏུ་ཉལ། །དགའ་དང་སྙིང་རྗེའི་ཌ་མ་རུ་ཡི་ སྒྲ། །འཕགས་པ་ལྷ་ཡི་དམིགས་པ་མེད་པ་གསལ། །གཡོན་དང་གཡས་སུ་ཁྲ་ལ་ལ། །ཀཱརྣས་ སྨྲས་པ་བར་ལམ་མོ། །སེམས་རྟོགས་རིན་ཆེན་རབ་དགས་གྲོལ། །གྲོང་ཁྱེར་མི་སྨྲ་རྨོངས་པ་ རྣམས། །མེ་ཏོག་ལྔ་བྱུང་དེ་རུ་ཐིམ། །དགའ་བའི་སེམས་ཉིད་ནམ་མཁའ་བྱིན། །དེ་བཞིན་དུ། རྨད་དུ་བྱུང་བ་གང་ཞིག་མཐུན་ལས་བྱུང༌། །གང་ཞིག་ཉི་ཟླ་བཅིངས་ཤིང་སྒྲོན་མེ་སྦར། །ཤཱན་ ཏི་རང་ཉིད་དཔང་བཞག་རང་ཉིད་རྒོད། །ནམ་མཁའི་སྦྲུམ་མ་ལས་ནི་སྐྱེ་བ་མཐོང༌། །སླར་ ཡང༌། ཟབ་མོའི་ཆོས་ཐོས་ནས་ནི་ལམ་ངན་པ། །མུན་པའི་ལམ་ལ་ཅི་ཡང་མཐོང་བ་མེད། ། གལ་ཏེ་ནམ་མཁའི་རྩེ་མོར་མེ་ཏོག་རྒྱས། །ཤཱན་ཏིས་སྨྲས་པ་དེ་ཚེ་འཁྲུལ་པ་ཆད། །ཅེས་པ་ དང༌། སྔར་ལུང་དུ་དྲངས་པ། བར་སྣང་ལ་ནི་ཡིད་དང་རླུང་དང་མིག །ཅེས་སོགས་དྲངས་ པའི་རྗེས་སུ། དེའི་ཕྱིར་སངས་རྒྱས་ཉིད་དོན་དུ་གཉེར་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་ པའི་ལམ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་གསུང་ འདི་དག་ནི། དཔལ་ནཱ་རོའི་ཞབས་ཀྱིས་དབང་མདོར་བསྟན་པའི་འགྲེལ་པར་བསམ་གཏན་ གྱི་ཡན་ལག་གི་སྐབས་སུ་དྲངས་ཏེ་གསུངས་པ་ཡིན་ན་ཡང་སོ་སོར་སྡུད་དང་བསམ་གཏན་ གཉིས་རིམ་པ་གཅིག་ཏུ་གསུངས་ཤིང༌། ལུང་འདི་དག་ཕལ་ཆེར་སོ་སོར་སྡུད་གྱི་བསྒོམ་པའི་ རིམ་པ་དང་མཐུན་པའི་ཕྱིར་དང་དགོས་པ་འགའ་ཞིག་གི་དབང་དུ་བྱས་ནས་སོ་སོར་སྡུད་ཀྱི་ སྐབས་འདིར་དྲངས་པ་ཡིན་ལ་འདི་དག་གི་དོན་ཞིབ་པར་ནི་རྡོ་རྗེ་སློབ་དཔོན་གྱི་གསུང་གིས་ རྣམ་པར་བཤད་པར་བྱའོ། ། (༢) བསམ་གཏན་གྱི་ཡན་ལག་ལ་གཉིས། གཉིས་པ་བསམ་གཏན་གྱི་ཡན་ལག་ལ་གཉིས་ཏེ། བསམ་གཏན་གྱི་སྒྲ་དོན་དང༌། 5-1-272 བསམ་གཏན་གྱི་ཡན་ལག་བསྒོམ་པའི་ཚུལ་ལོ། ། ༡༽ བསམ་གཏན་གྱི་སྒྲ་དོན། དང་པོ་ནི། དྲི་མ་མེད་པའི་འོད་ལས། ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་ སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་གསུངས་པས། ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་ ཀྱི་གཟུགས་ལ་སེམས་རྩེ་གཅིག་ཏུ་གནས་པས་ན་བསམ་གཏན་ཞེས་བྱའོ། ། ༢༽ བསམ་གཏན་གྱི་ཡན་ལག་བསྒོམ་པའི་ཚུལ། གཉིས་པ་ནི། དཔལ་ནཱ་རོའི་ཞབས་ཀྱིས་དབང་མདོར་བསྟན་པའི་འགྲེལ་པར། བསྙེན་ པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཞེས་པའི་དོན་ འཆད་པ་ན་འདིར་དགོངས་པའི་སྐད་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ནི་ སངས་རྒྱས་ཀྱི་གཟུགས་བརྙན་ཏེ་ཁམས་གསུམ་མ་ལུས་པ་ནམ་མཁའ་ཆོས་འབྱུང་ལ་ཐུགས་ རྡོ་རྗེ་རབ་ཏུ་བཞག་ནས་བསྙེན་པའི་དུས་སུ་སྟེ་དུས་དང་པོར་སོ་སོར་སྡུད་པ་ཡིས་བསྒོམ་ པར་བྱ་ཞིང་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །ཞེས་གསུངས་པས། སོ་སོར་ སྡུད་ཀྱི་རྣལ་འབྱོར་གྱིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་ གསལ་བར་མཐོང་བ་དེ་ཉིད་ཤིན་ཏུ་བརྟན་པར་བྱ་བའི་ཕྱིར་བསམ་གཏན་གྱི་ཡན་ལག་ བསྒོམ་པ་ཡིན་ཏེ། དེ་ཡང་དཔལ་དུས་ཀྱི་འཁོར་ལོར། བསམ་གཏན་དག་ཀྱང་ཤེས་རབ་ རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །ཞེས་གསུངས་ཤིང༌། དེའི་འགྲེལ་པར། དེ་བཞིན་དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་ནི་ལྟ་བའོ་རྟོག་པ་ཞེས་ པ་ནི་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་པ་ནི་དེའི་དོན་ངེས་པར་བྱེད་པའོ་དགའ་བ་ཞེས་ པ་ནི་གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ཞེས་པ་ནི་གཟུགས་དང་ལྷན་ཅིག་སེམས་ གཅིག་ཏུ་བྱེད་པའོ་དེ་ལྟར་གཟུང་བ་དང་འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ། 289། ཞེས་གསུངས་ཏེ། དེའི་དོན་ནི་སྟོང་གཟུགས་ལ་རྩེ་གཅིག་ཏུ་གནས་པའི་བསམ་གཏན་དེ་ ནི་སྟོང་གཟུགས་དེ་ཉིད་ལ་ལྟ་བ་སྟེ་མངོན་སུམ་དུ་མཐོང་བ་ནི་ཆོས་ཉིད་ཇི་ལྟ་བ་མངོན་སུམ་ དུ་མཐོང་བ་ཡིན་པས་ན་ཤེས་རབ་དང་སྟོང་གཟུགས་ཀྱི་དངོས་པོ་རགས་པའི་རྣམ་པ་ཙམ་ གསལ་བར་འཛིན་པས་ན་རྟོག་པ་སྟོང་གཟུགས་ཀྱི་དོན་བརྟན་གཡོའི་རྣམ་པའི་ཁྱད་པར་ རྣམས་ཞིབ་ཏུ་ངེས་པར་བྱེད་པས་ན་དཔྱོད་པ། སྟོང་གཟུགས་ལ་སེམས་ཆགས་ཤིང་གནས་ པ་ལ་ཡིད་བདེ་བ་ནི་དགའ་བ། སེམས་སྟོང་གཟུགས་དང་གཅིག་ཏུ་བྱེད་པ་སྟེ་འདྲེས་པ་ལྟ་ བུར་གྱུར་པས་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་པ་ནི་བདེ་བ་སྟེ། དེ་ལྟར་བསམ་གཏན་ གྱི་ཡན་ལག་ལྔ་དང་ལྡན་པ་ཡིན་ལ། ཡན་ལག་ལྔ་པོ་དེ་དག་རང་རང་གི་ཡུལ་ལྔ་དང་བཅས་ པས་བསམ་གཏན་གྱི་དབྱེ་བ་བཅུར་ཤེས་པར་བྱའོ། །དེ་བཞིན་དུ་རྩ་བའི་རྒྱུད་ཀྱི་དབང་ མདོར་བསྟན་པར་ཡང༌། བཀབ་དང་མ་བཀབ་མིག་དག་གིས། །རྨི་ལམ་བཞིན་དུ་གཟུགས་ མཐོང་འགྱུར། །རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །ཞེས་གསུངས་ཤིང༌། དེའི་དོན་ནི་དཔལ་ ནཱ་རོའི་ཞབས་ཀྱི་འགྲེལ་པར། བཀབ་དང་མ་བཀབ་མིག་དག་གིས། ཞེས་པ་བར་སྣང་ལ་ དམིགས་པ་ཉིད་ཀྱིས་མིག་ཕྱེད་བཙུམས་པ་དག་གིས་སྟོང་པར་ཏེ་ནམ་མཁའ་ལ་གཟུང་བ་ དང་འཛིན་པ་དང་བྲལ་བ་འདི་ནི་རྗེས་བརྟགས་མིན་པར་རྨི་ལམ་བཞིན་དུ་གཟུགས་རྣལ་ འབྱོར་པས་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཟུགས་ནི་སྣ་ཚོགས་གཟུགས་ཏེ་བསྒོམ་ པར་བྱ་བ་ནི་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །ཞེས་གསུངས་ཏེ། སོ་སོར་ སྡུད་ཀྱི་རྣལ་འབྱོར་པས་ལྟ་སྟངས་ཁྱད་པར་ཅན་གྱི་སྒོ་ནས་འོད་གསལ་སྟོང་གཟུགས་མངོན་ སུམ་དུ་མཐོང་བ་དེ་བརྟན་པར་བྱེད་པའི་ཚུལ་གྱིས་བསྒོམ་པ་ནི་བསམ་གཏན་གྱི་ཡན་ལག་ ཡིན་ཞེས་པའི་དོན་ཏོ། །ཡང་དེ་ཉིད་དུ། དངོས་མེད་གཟུགས་ལ་བསྒོམ་པ་དེ། །རྣལ་འབྱོར་ པ་ཡི་བསྒོམ་པ་མིན། །ཞེས་པའི་དོན། འགྲེལ་པ་དེ་ཉིད་ལས། དངོས་མེད་སྤྲིན་མེད་པའི་ 5-1-273 ནམ་མཁར་གཟུགས་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟར་སོ་སོར་སྡུད་པས་མཐོང་བ་ལ་ བསྒོམ་པ་བསམ་གཏན་གྱི་ཡན་ལག་སོ་སོར་བཅིངས་པས་དུས་གསུམ་དང་ཁམས་གསུམ་པ་ རབ་ཏུ་གསལ་བའི་བདག་ཉིད་རྣལ་འབྱོར་པའི་རང་གི་སེམས་སོ་སོ་རང་གིས་རིག་པར་བྱ་ བ་རབ་ཏུ་འཇུག་པ་གང་ཡིན་པ་དེ་ནི་རྣལ་འབྱོར་པའི་རྟོག་པའི་བསྒོམ་པ་མ་ཡིན་ཏེ། ཡུལ་ དང་རྣམ་པར་ཤེས་པ་ལ་སོགས་པ་ཡོད་པ་དང་མེད་པ་དང༌། དངོས་པོ་དང་དངོས་པོ་མེད་ པ་ལ་སོགས་པ་རྣམ་པར་རྟོག་པའི་དྲ་བ་མཐའ་དག་དང་སྲོག་གི་རླུང་རྣམས་ཀྱི་རྩོལ་བ་ཉེ་ བར་ཞི་བ་ཉིད་ལས་དུས་གསུམ་དང་ཁམས་གསུམ་པ་གསལ་བ་རབ་ཏུ་སྣང་བ་འབྱུང་བའི་ ཕྱིར་རོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། བཅོམ་ལྡན་འདས་སྲོག་གི་ལྷག་ པའི་བདག་པོ་རྗེ་བོ་བདག་ཉིད་ལ་ནི་ཐིམ་གྱུར་ཞིང༌། །འཚོ་བའི་རླུང་གི་རྒྱུ་བ་འབྱུང་དང་ འཇུག་པའི་ཚོགས་རབ་ཞི་བར་གྱུར་པ་ན། །གང་ཞིག་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་འོད་ གསལ་སྐར་མའི་སྣང་བ་རབ་འབྱམས་འདི། །རང་ལུས་ཉིད་ལས་ངེས་འཐོན་མུན་པ་བཅོམ་ ནས་འཇིག་རྟེན་གསུམ་པོ་གནོན་པར་བྱེད། །ཅེས་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང༌། རྟོག་ པ་ཉམས་པས་བློ་ཉམས་ཏེ། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །འདི་ཉིད་ལས་ནི་བློ་བཟང་ ལ། །ནམ་མཁའ་ལས་ལྷག་ཅི་ཡང་བྱུང༌། །སྔོན་མེད་དཔྱིད་བྱུང་ནམ་མཁའི་མེ་ཏོག་འབྲས། ། ལག་པས་ཐོག་རེག་བྱར་མེད་ས་བ་རི། །མིག་མི་འཛུམ་པར་ལྟ་དང་མི་བསམ་དང༌། །རླུང་ འགོག་པ་ནི་བླ་མ་དམ་པའི་གསུང༌། །ཞེས་པའོ། །ཞེས་གསུངས་སོ། །དེ་བཞིན་དུ། དངོས་ པོ་དངོས་མེད་སེམས་ཀྱི་མིན། །སྟོང་པར་མ་བརྟགས་མཐོང་ཕྱིར་རོ། །ཇི་ལྟར་པྲ་ཕབ་གཞོན་ ནུ་མས། །མེ་ལོང་ལ་མཐོང་དངོས་མེད་སྐྱེས། །དེ་བཞིན་འདས་དང་མ་འོངས་ཆོས། །མཁའ་ ལ་དེ་ཉིད་རྣལ་འབྱོར་པས། །འདི་ལས་དངོས་པོ་དངོས་མེད་འགྱུར། །དངོས་པོ་སྟོང་པའི་དོན་ མཐོང་ཕྱིར། །དངོས་པོ་དངོས་མེད་དོན་ཡོད་པ། །སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན། །མེད་ 5-1-274 པའི་ཆོས་ཅན་དག་ལ་ཆོས། །སྐྱེ་བ་འདི་ནི་རབ་ཏུ་མཐོང༌། །ཡིད་བཞིན་ནོར་ལྟར་མཐའ་ ཡས་པའི། །སེམས་ཅན་བསམ་པ་ཡོངས་རྫོགས་བྱེད། །པྲ་ཕབ་པ་ཡི་གཞོན་ནུ་མས། །མ་ མཐོང་བ་ཡི་རྐུན་པོ་མཐོང༌། །ཉི་ཚེ་བ་ཡི་མིག་དག་གིས། །སོང་ནས་སྒྲུབ་པ་པོ་ཡིས་མཐོང༌། ། གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་པ་ཅིས་མི་མཐོང༌། །གལ་ཏེ་མེད་པའི་ གཟུགས་མཐོང་ན། རི་བོང་རྭ་ནི་ཇི་ལྟར་མིན། །གཞན་གྱི་མིག་གིས་མི་མཐོང་ཞིང༌། །རང་ གི་མིག་གིས་མཐོང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། ། ཞེས་གསུངས་ཏེ། རྐང་པ་དང་པོ་གཉིས་ཀྱི་དོན་ནི། །སེམས་ཀྱི་འོད་གསལ་སྣ་ཚོགས་སྟོང་ གཟུགས་འདི་དུས་གསུམ་གྱི་དངོས་པོར་མེད་ཅིང་རྡུལ་ཕྲ་རབ་ལས་འདས་པས་ན་དངོས་པོ་ མ་ཡིན་ལ། སྟོང་པ་ལ་སྣ་ཚོགས་གཟུགས་ཀྱི་རྣམ་པ་མངོན་སུམ་དུ་ཡང་དག་པར་རིག་ཅིང་ བསྙོན་མི་ནུས་པར་ཉམས་སུ་མྱོང་བའི་ཕྱིར་དངོས་པོ་མེད་པ་ཉིད་ཀྱང་མ་ཡིན་ཏེ་ཡོད་མེད་ཀྱི་ མཐའ་དང་བྲལ་བ་དབུ་མའི་དོན་ཡིན་ཞེས་པའོ། །དངོས་མེད་སྐྱེས་ཞེས་པ་ནི་པྲ་ཕབ་པའི་ མེ་ལོང་ལ་ཆོམ་རྐུན་ལ་སོགས་པ་བེམ་པོའི་ཆོས་མ་ཡིན་པ་མཐོང་བའོ། །འདི་ལས་དངོས་ པོ་དངོས་མེད་འགྱུར་ཞེས་སོགས་རྐང་པ་གསུམ་གྱི་དོན་ཡང་སྟོང་གཟུགས་འདི་པྲ་ཕབ་པ་ ལྟར་རབ་ཏུ་གསལ་བས་དངོས་པོར་བརྗོད་ལ་དུས་གསུམ་དང་རྡུལ་ཕྲ་རབ་ལས་འདས་པའི་ དངོས་པོ་མེད་པར་ཡང་བརྗོད་པའོ། །ཡིད་བཞིན་ནོར་ལྟར་ཞེས་སོགས་ནི་དེ་ཉིད་གཉིས་ སུ་མེད་པའི་ཡེ་ཤེས་འགྲོ་བའི་དོན་མཛད་པ་པོ་ཡིན་ཞེས་པའོ། །འོད་གསལ་གྱི་སྣང་བ་འདི་ བེམ་པོའི་སྣང་བ་མ་ཡིན་ཞིང་བློས་བརྟགས་པའམ་འཁྲུལ་པའི་སྣང་བ་ཡང་མ་ཡིན་པའི་དཔེ་ ནི་པྲ་ཕབ་པའི་མེ་ལོང་ལ་གཞོན་ནུ་མས་རྐུན་པོ་ལ་སོགས་པ་མཐོང་བ་བཞིན་ཏེ། ཇི་སྐད་དུ་ པྲ་འབེབས་པ་ལ་འཇུག་པའི་རྒྱུད་ལས། མེ་ལོང་མཐེ་བོ་སྒྲོན་མེ་ཟླ། །ཉི་མ་ཆུ་དང་རལ་གྲི་ མིག །པྲ་འབེབས་འཇུག་པ་བརྒྱད་རྣམས་ནི། །རྒྱལ་བ་རྣམས་ཀྱིས་པྲ་འབེབས་གསུངས། 292། ཞེས་གསུངས་པའོ། །ཉི་ཚེ་བ་ཡི་མིག་དག་གིས། །སོང་ནས་སྒྲུབ་པ་པོ་ཡིས་མཐོང༌། །ཞེས་ པ་ནི་པྲ་འབེབས་པའི་སྒྲུབ་པ་པོའི་སྐྱེས་བུས་གཞོན་ནུ་མས་སྨྲས་པའི་གནས་དེར་སོང་ནས་ གཞོན་ནུ་མས་སྨྲས་པའི་དངོས་པོ་དེ་མིག་ཕལ་པས་མཐོང་བ་བཞིན་དུ་རྣལ་འབྱོར་པའི་ཤིའི་ མིག་ལ་སོགས་པས་ནམ་མཁའ་ལ་སྟོང་པ་ཉིད་ཀྱི་གཟུགས་མཐོང་ཞེས་པའོ། །གལ་ཏེ་ཡོད་ པ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི་འོད་གསལ་སྟོང་གཟུགས་འདི་ཡོད་པ་དང་ མེད་པ་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་བསྟན་པ་ཡིན་ལ། དེ་བཞིན་དུ་གཞན་ གྱི་མིག་རང་གི་དཔྲལ་བ་ལ་སོགས་པར་བསྒོམས་པས་སྟོང་གཟུགས་མི་མཐོང་ཞིང༌། རང་གི་ མིག་ཕལ་པ་དག་གིས་སྟོང་གཟུགས་མཐོང་བ་ཡང་མ་ཡིན་ཏེ། སྟོང་གཟུགས་འདི་ཉི་ཚེ་བའི་ དབང་པོའི་སྤྱོད་ཡུལ་མ་ཡིན་པར་གསུངས་པའི་ཕྱིར་རོ། །འཕགས་པ་འཇིག་རྟེན་དབང་ཕྱུག་ གིས། སངས་རྒྱས་ཀྱི་ཡུམ་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ་ཞེས་གསུངས་སོ། །དེ་རྣམས་ནི་ནཱ་རོ་པའི་འགྲེལ་པ་ དང་མཐུན་པར་བཤད་པ་ཡིན་ནོ། །རྐང་པ་ཐ་མ་གཉིས་ཀྱི་དོན་ཡང༌། དཔལ་ནཱ་རོའི་ཞབས་ ཀྱིས། པྲ་ཕབ་པའི་དཔེ་དེ་ཡིས་རྣལ་འབྱོར་པའི་མངོན་སུམ་རྣམ་པ་ཐམས་ཅད་དུ་རང་གི་ དངོས་པོ་དང་དངོས་པོ་མེད་པ་ལས་མ་སྐྱེས་པའི་རྨི་ལམ་དུ་གཞོན་ནུ་མའི་བུ་རྨིས་པ་བཞིན་ དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་པོ། །དེ་ལྟར་ན་པྲ་ཕབ་པའི་སྣང་བ་དང་མཚུངས་པའི་ འོད་གསལ་འདི་ནི་སངས་རྒྱས་ཀྱི་རང་བྱུང་གི་ཡེ་ཤེས་ཡིན་པར་ཤེས་པར་བྱ་ཞིང༌། རྒྱལ་ བའི་ཡུམ་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་གསུངས་པ་ ཡང་མཐར་ཐུག་མྱ་ངན་ལས་འདས་པ་རང་བཞིན་གྱིས་འོད་གསལ་བ་འདི་སྣ་ཚོགས་ཀྱི་རྣམ་ པར་སྣང་ཡང་སྣང་བ་〈ད་〉ལྟར་གྱི་དངོས་པོ་མ་ཡིན་པའི་ཚུལ་ལ་དགོངས་པ་ཡིན་གྱི་མྱ་ངན་ ལས་འདས་པ་གནས་ལུགས་ཀྱི་དོན་ལ་མི་བདེན་ཞིང༌། བརྫུན་པས་རྨི་ལམ་སྒྱུ་མ་ལྟ་བུར་ 5-1-275 བསྟན་པ་ནི་མ་ཡིན་ནོ། །དེ་བཞིན་དུ། དཔལ་གསང་བ་འདུས་པར་ཡང༌། འདོད་པ་ལྔ་རྣམས་ བསྡུས་པ་ཡིས། །སངས་རྒྱས་ལྔ་དང་རབ་སྦྱོར་བས། །རྟོག་པ་བསམ་གཏན་ཞེས་བརྗོད་དེ། ། བསམ་གཏན་རྣམ་པ་ལྔ་རུ་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང༌། །དགའ་དང་དེ་བཞིན་ བདེ་བ་ཉིད། །སེམས་རྩེ་གཅིག་པ་ཉིད་དང་ལྔ། །དེ་རྣམས་བསམ་གཏན་བསྡུས་པའོ། །ཞེས་ གསུངས་ཏེ། རྐང་པ་དང་པོའི་དོན་ནི་སོ་སོར་སྡུད་པ་ཉིད་ཡིན་ལ། གཉིས་པའི་དོན་ནི་སངས་ རྒྱས་ལྔའི་བདག་ཉིད་སྟོང་གཟུགས་ལ་སེམས་རབ་ཏུ་སྦྱོར་བ་བསམ་གཏན་ཉིད་དེ་དེའང་ སྔར་བཞིན་དུ་དབྱེ་བ་རྣམ་པ་ལྔར་འགྱུར་ཞེས་པའོ། །འོན་ཀྱང་དུས་ཀྱི་འཁོར་ལོར། ཤེས་ རབ་ཅེས་གསུངས་པ་དང་འདིར་སེམས་རྩེ་གཅིག་པ་ཞེས་གསུངས་པ་ནི་ཅུང་ཟད་མི་མཐུན་ པར་མངོན་ནོ། །རྐང་པ་དང་པོ་གཉིས་ཀྱི་དོན་ཡང་ནཱ་རོ་པས་འདིར་བཤད་པ་དང་ཅུང་ཟད་ མི་འདྲ་བར་གསུངས་ན་ཡང་རྒྱུད་ཀྱི་དགོངས་པ་འདི་ཉིད་ཡིན་པར་རིགས་སོ། །དེ་ལྟར་ན་སོ་ སོར་སྡུད་དང་བསམ་གཏན་གྱི་ཏིང་ངེ་འཛིན་འདི་དག་ནི་དམིགས་པ་ལ་རྩེ་གཅིག་ཏུ་གནས་ པའི་ཆ་ནི་ཞི་གནས་དང་འོད་གསལ་ཆོས་ཀྱི་དབྱིངས་མངོན་སུམ་དུ་མཐོང་བའི་ཆ་ནི་ལྷག་ མཐོང་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྣལ་འབྱོར་གྱི་མཐར་ཐུག་པ་ཡང་ ཡིན་པར་ཤེས་པར་བྱའོ། ། ❷ སྲོག་རྩོལ་དང་འཛིན་པའི་ཡན་ལག་ལ་གཉིས། གཉིས་པ་སྲོག་རྩོལ་དང་འཛིན་པའི་ཡན་ལག་ལ། སྲོག་རྩོལ་དང་འཛིན་པའི་ཡན་ལག་ གཉིས་སོ། ། (༡) སྲོག་རྩོལ་གྱི་ཡན་ལག་ལ་གསུམ། དང་པོ་ལ་གསུམ་སྟེ། སྲོག་རྩོལ་བསྒོམ་པའི་དུས་མཚམས་བསྟན་པ། སྲོག་རྩོལ་གྱི་ངོ་བོ་ ངོས་བཟུང་བ། ཇི་སྲིད་བསྒོམ་པའི་ངེས་པ་བསྟན་པའོ། ། 5-1-276 ༡༽ སྲོག་རྩོལ་བསྒོམ་པའི་དུས་མཚམས་བསྟན་པ། དང་པོ་ནི། དབང་མདོར་བསྟན་པར། གཟུགས་བརྙན་མཐོང་ན་དེ་ནས་ནི། །བར་མ་ཆད་ པར་སྲོག་རྩོལ་བྱ། །ཞེས་གསུངས་པས་རྣམ་པ་ཐམས་ཅད་པའི་[སྟོང]གཟུགས་ལ་སེམས་ བརྟན་པའི་བསམ་གཏན་གྱི་ཡན་ལག་གི་ཉམས་སུ་མྱོང་བ་ལེགས་པོ་རྒྱུད་ལ་སྐྱེས་ཤིང༌། རྩ་ དབུ་མའི་ལམ་རྣམ་པར་སྦྱངས་པ་ནི་སྲོག་རྩོལ་བསྒོམ་པའི་དུས་མཚམས་ཡིན་ནོ། །ཁ་ཅིག་ ཐོག་མ་ཉིད་ནས་རླུང་སྦྱོར་བསྒོམ་པ་དང༌། ཁ་ཅིག་སྟོང་གཟུགས་ཙམ་ཞིག་མཐོང་མ་ཐག་ ནས་སྲོག་རྩོལ་བསྒོམ་པར་འདོད་པ་ནི་མི་རིགས་ཏེ། དཔལ་ནཱ་རོ་པའི་འགྲེལ་པར། རྐང་ པ་གཉིས་པོ་དེའི་དོན་འཆད་པ་ན། རྨི་ལམ་དང་སྒྱུ་མ་ཅི་འདྲ་བ་དེ་འདྲ་བའི་གཟུགས་བརྙན་ རྣམ་པ་ཐམས་ཅད་པའི་གཟུགས་མཐོང་བར་འགྱུར་ན་དེ་ནས་ནི་དེའི་བར་མ་ཆད་པར་སྲོག་ རྩོལ་དང་སྲོག་དང་ཐུར་སེལ་གྱི་རླུང་དག་དགང་བ་དང་བུམ་པ་ཅན་དང་དབྱུང་བའི་སྦྱོར་བས་ འགོག་པ་བར་མ་ཆད་པར་ཏེ་རྒྱུན་མི་འཆད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། ། ༢༽ སྲོག་རྩོལ་གྱི་ངོ་བོ་ངོས་བཟུང་བ། གཉིས་པ་ནི། དཔལ་དུས་ཀྱི་འཁོར་ལོར། སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་དག་ ནི་སྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཞེས་གསུངས་ཏེ། གཡོན་གྱི་རྩ་ལ་ ལ་ནཱ་དང་གཡས་ཀྱི་རྩ་ར་ས་ནཱ་གཉིས་ལས་ཀྱི་རླུང་རྒྱུ་བའི་ལམ་ཡིན་ལ་དེ་དག་སྒྱེལ་བ་སྟེ་ དེ་དག་ཏུ་སྲོག་གི་རླུང་རྒྱུ་བ་བཀག་ནས་དབུ་མ་ཨ་ཝ་དྷུ་ཏཱིའི་ལམ་དུ་སྲོག་གི་རླུང་རྩོལ་བ་ སྟེ་འབབ་པར་བྱེད་ཅིང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་བསྒོམ་པ་ནི་སྲོག་རྩོལ་གྱི་རྣལ་ འབྱོར་ཡིན་ནོ། །དབང་མདོར་བསྟན་པར་ཡང༌། དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །སོར་ མོ་རྣམས་ནི་ཕན་ཚུན་དུ། །མགོ་བོར་ལག་མཐིལ་སྦྱར་བ་ལ། །གྲི་གུག་དང་བཅས་རྩེ་གཅིག་ གོ། ཞེས་གསུངས་ཏེ། སོར་མོ་བཅུའི་ཐལ་མོ་སྦྱར་བ་སྤྱི་བོར་བཀོད་པ་བཞིན་དུ་སྲོག་རྩོལ་ 5-1-277 གྱི་རྣལ་འབྱོར་གྱིས་གཡོན་དང་གཡས་ཀྱི་རླུང་དཀྱིལ་འཁོར་བཅུའི་བདག་ཉིད་མ་ལུས་པར་ དབུ་མའི་ནང་དུ་ཞུགས་པར་བྱས་ཏེ་སྤྱི་བོའི་བར་དུ་གཅིག་ཏུ་སྦྱར་བ་འདི་ནི་རྡོ་རྗེ་སེམས་ དཔའི་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ཡིན་ལ། དེ་ཉིད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གྲི་གུག་ གི་ཕྱག་རྒྱ་ཡང་ཡིན་ཏེ། དེས་ན་འདི་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་དོན་ཡིན་ནོ། ། དེ་བཞིན་དུ་དཔལ་གསང་བ་འདུས་པར་ཡང༌། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་ བ་ལྔ་ཡི་རང་བཞིན་ཅན། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་བའི་རྩེ་མོར་བརྟག་པར་ བྱ། །རིན་ཆེན་ཆེན་པོ་ཁ་དོག་ལྔ། །སྲོག་གི་རྩོལ་བ་ཞེས་པ་དྲན། །ཞེས་གསུངས་ཏེ། དགོངས་ པའི་སྐད་ཀྱིས་གཡོན་གྱི་ཕུང་པོ་ལྔའི་རླུང་ལ་ཡེ་ཤེས་ལྔ་སྟེ་སངས་རྒྱས་ལྔ། ཞེས་གསུངས་ པ་དང༌། གཡས་ཀྱི་ཁམས་ལྔའི་རླུང་ལ་གཞན་དུ་ཡུམ་ལྔ་ཞེས་གསུངས་པ་རྣམས་དབུ་མ་ཨ་ ཝ་དྷཱུ་ཏཱིར་གཅིག་པ་ཉིད་དུ་གྱུར་པ་ནི་གོང་བུའི་གཟུགས་ཏེ་སྣའི་རྩེ་མོར་ཞེས་པ་ལྟེ་བ་ནས་ གཙུག་ཏོར་གྱི་བར་གྱི་རྩ་འདབ་རྣམས་ཀྱི་ལྟེ་བ་ཨ་ཝ་དྷཱུ་ཏཱི་སྟེ། སྣའི་རྩེ་མོ་དེར་སྲོག་གི་རླུང་ དེ་ཕྱུང་ནས་བརྟག་པ་སྟེ་བསྒོམ་པར་བྱ་ཞིང་དབུ་མའི་རླུང་དེ་ཉིད་ལ་རིན་ཆེན་ཆེན་པོ་ཁ་དོག་ ལྔ་ཞེས་པ་དང༌། སྲོག་གི་རྩོལ་བ་ཞེས་པ་དང་རྡོ་རྗེའི་བཟླས་པ་ཞེས་བརྗོད་དེ། གཡོན་དང་ གཡས་ཀྱི་རྩ་ལ་རླུང་རྒྱུ་བ་མེད་པར་བྱས་ནས་དབུ་མ་དབྱེར་མེད་པའི་ཡན་ལག་གིས་བཟླས་ པར་བྱའོ་ཞེས་པའི་དོན་ཏོ། ། ༣༽ ཇི་སྲིད་བསྒོམ་པའི་ངེས་པ་བསྟན་པ། གསུམ་པ་ནི། དཔལ་དུས་ཀྱི་འཁོར་ལོར། སྲོག་རྩོལ་དག་ནི་ཀུན་ནས་བདེ་མཉམ་ འབྲས་བུ་སྟེར་བ་ཅི་སྲིད་མགོ་ཡི་བར་དུ་འདོད་པ་སྟེ། །དེ་ལས་སྟེང་དུ་འདོད་པ་མིན་པ་འཆི་ བའི་འཇིགས་པ་བྱེད་དེ་ཕུང་པོ་ངེས་པར་འཇིག་པའི་རྒྱུ། །གཙུག་ཏོར་སྒོ་ནི་ཕུག་ནས་འགྲོ་ན་ མཆོག་གི་བདེ་བའི་གོ་འཕང་དག་ལ་ངེས་པར་སྦྱར་བར་བྱ། །ཕུང་པོ་མེད་ཀྱང་རྣལ་འབྱོར་པ་ 5-1-278 ནི་བདེ་མཉམ་འཇུག་སྟེ་འོན་ཀྱང་འཇིག་རྟེན་དུ་ནི་གྲགས་པ་མིན། །ཞེས་གསུངས་ཏེ། སྲོག་ རྩོལ་གྱི་རྣལ་འབྱོར་འདི་ནི་མགོ་བོ་ན་བ་དང་སྙིང་ཁ་ཚ་བ་ལ་སོགས་པར་མ་གྱུར་གྱི་བར་དུ་ བསྒོམས་ན་བདེ་མཉམ་འབྲས་བུ་སྟེར་བར་འགྱུར་ཏེ་དེ་ལས་ཀྱང་ཐལ་གྱི་བར་དུ་ངལ་མི་ གསོ་བར་བསྒོམས་ན་རྣལ་འབྱོར་བའི་ཕུང་པོ་འཇིག་པའི་རྒྱུར་འགྱུར་ལ་རྣལ་འབྱོར་པས་ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཐོབ་པར་འགྱུར་ཏེ་འོན་ཀྱང་འཇིག་རྟེན་དུ་གྲགས་པ་ངན་ པ་འབྱུང་བའི་ཕྱིར། སྲ་རྩི་[འཚེད{མཚེད་}པའི་ཚུལ་ལྟར་ངལ་གསོ་ཞིང་བསྒོམ་པར་བྱའོ། ། ཞེས་པའི་དོན་ཏོ། ། (༢) འཛིན་པའི་ཡན་ལག གཉིས་པ་འཛིན་པའི་ཡན་ལག་ནི། དཔལ་དུས་ཀྱི་འཁོར་ལོར། ཐིག་ལེར་སྲོག་ནི་རབ་ ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམས་ཏེ་རྩེ་གཅིག་སེམས་ལ་འཛིན་པའོ། །ཞེས་ གསུངས་ཏེ། དེ་ལྟར་སྲོག་རྩོལ་གྱི་རྣལ་འབྱོར་གྱིས་རླུང་ཐམས་ཅད་དབུ་མ་ཨ་ཝ་དྷཱུ་ཏཱིའི་ནང་ དུ་ཞུགས་པར་བྱས་ནས། ལྟེ་བ་ནས་དཔྲལ་བའི་བར་དུ་དབུ་མར་ཞུགས་པའི་རླུང་དེ་ཉིད་ གཉི་གའི་བགྲོད་པ་བཅོམས་པ་སྟེ། ཕྱི་ནང་དུ་འགྲོ་འོང་མེད་པར་འཛིན་པའི་ཚུལ་གྱིས་ཕྱག་ རྒྱ་ཆེན་པོ་སྟོང་པ་ཉིད་ཀྱི་གཟུགས་རྩེ་གཅིག་ཏུ་བསྒོམ་པ་ནི་འཛིན་པའི་ཡན་ལག་ཡིན་ནོ། ། དབང་མདོར་བསྟན་པར་ཡང༌། སྲོག་ནི་ཐིག་ལེར་བཞུགས་པར་བྱ། །ཞེས་དང༌། དཔལ་ གསང་བ་འདུས་པར་ཡང༌། རང་སྔགས་སྙིང་ཁར་བསམས་ནས་ནི། །སྲོག་ནི་ཐིག་ལེར་སོན་ པ་དགོད། །འགགས་པ་རིན་ཆེན་དབང་པོར་བཅས། །གཟུང་བར་བྱའོ་འཛིན་པར་བརྗོད། ། ཅེས་གསུངས་ཏེ། དབུ་མ་ཨ་ཝ་དྷུ་ཏཱིའི་ནང་དུ་སྲོག་སྟེ་རླུང་ཞུགས་པ་ནི་རྡོ་རྗེའི་བཟླས་པ་ ཡིན་ཞིང༌། ཡིད་སྐྱོབ་པ་ཡང་ཡིན་པས་ན་རང་སྔགས་ཞེས་བརྗོད་དེ་དེ་ཉིད་ལྟེ་བ་ནས་དཔྲལ་ བའི་བར་དུ་འགྲོ་འོང་མེད་པར་འཛིན་པ་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དོ་ཞེས་པའོ། ། 5-1-279 ❸ རྗེས་དྲན་དང་ཏིང་འཛིན་གྱི་ཡན་ལག་ལ་གཉིས། གསུམ་པ་རྗེས་དྲན་དང་ཏིང་ངེ་འཛིན་གྱི་ཡན་ལག་ལ། རྗེས་དྲན་དང༌། ཏིང་ངེ་འཛིན་གྱི་ ཡན་ལག་གཉིས་སོ། ། (༡) རྗེས་དྲན་གྱི་ཡན་ལག དང་པོ་ནི། དཔལ་དུས་ཀྱི་འཁོར་ལོར། གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཞེས་གསུངས་ཏེ། རྣལ་འབྱོར་པའི་ སེམས་རྣམ་རྟོག་ཐམས་ཅད་དང་བྲལ་བ་སྟོང་གཟུགས་ལ་དབྱེར་མེད་པ་ལྟ་བུར་འཁྱུད་པར་ གྱུར་པ་ལས། གཏུམ་མོའི་སྣང་བ་སྟེ་རང་གི་ལུས་ཀྱང་སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་གྱི་ རྣམ་པར་སྣང་ཞིང་བ་སྤུའི་ཁུང་བུ་རྣམས་ནས་འོད་ཟེར་ལྔ་སྲིད་གསུམ་ཀུན་ནས་དྭངས་བའི་ རྣམ་པ་ཅན་གྱི་ནམ་མཁའ་ལ་འཕྲོ་བར་སྣང་བ་དང༌། ལྟེ་བའི་གཏུམ་མོ་ཨ་ཝ་དྷཱུ་ཏཱིའི་ཡེ་ཤེས་ ཀྱི་རླུང་གི་མེས་སྤྱི་བོའི་ཧཾ་ཡིག་ཟླ་བ་ཐིག་ལེ་ཞུ་བ་ལས་ཐིག་ལེའི་རྒྱུན་འབབ་པར་འགྱུར་ ཏེ། དེ་ཡང་དཔྲལ་བ་ནས་མགྲིན་པའི་པར་དུ་དགའ་བ་དང་དེ་ནས་སྙིང་ཁའི་བར་དུ་མཆོག་ དགའ་དང་དེ་ནས་ལྟེ་བའི་བར་དུ་ཁྱད་པར་གྱི་དགའ་བ་དང་དེ་ནས་གསང་གནས་ཀྱི་བར་ དང་རྡོ་རྗེ་ནོར་བུའི་བར་དུ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་སམ། ཡང་ན་རྣམ་ པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་མཚན་ཉིད་དང་བྲལ་བ་སྟེ་ སྐད་ཅིག་མ་བཞིའི་རང་བཞིན་གྱིས་འབབས་ཏེ་དེ་ལྟར་ཆ་བཅུ་དྲུག་རྫོགས་ནས་རྡོ་རྗེ་ནོར་བུ་ ལས་ཕྱིར་མི་འཛག་པར་གྱུར་པ་ནི་རྗེས་སུ་དྲན་པའི་ཡན་ལག་ཡིན་ནོ། །དབང་མདོར་བསྟན་ པར་ཡང༌། ཨ་ཝ་དྷཱུ་ཏཱིའི་ཞབས་བསྟེན་ནས། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །ཞེས་ དང༌། འཆི་ལྟས་བསླུ་བ་རྣལ་འབྱོར་པའི། །འདི་ནི་དགའ་བ་རྣམས་ཀྱི་འགྱུར། །མགོ་བོའི་ པད་མ་གཙུག་ཏོར་ལས། །ཁུ་བ་འོངས་པ་དགའ་བ་སྟེ། །མགྲིན་པ་སྙིང་ཁར་མཆོག་དགའ་ 5-1-280 འོ། །དགའ་བྲལ་དགའ་བ་དེ་ནས་འགྱུར། །སྣ་ཚོགས་དགའ་བ་ལྟེ་བ་དང༌། གསང་བའི་པད་ མར་གང་འོངས་པའོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་ཅིག་སྐྱེས་དགའ་མི་འཕོ་བ། ། ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་གཙུག་ཏོར་ནས་དཔྲལ་བའི་བར་དུ་བྱོན་པ་ནི་དགའ་ བ། མགྲིན་པ་ནས་སྙིང་ཁའི་བར་དུ་བྱོན་པ་ནི་མཆོག་དགའ། ལྟེ་བ་ནས་གསང་གནས་ཀྱི་ བར་དུ་བྱོན་པ་ནི་དགའ་བྲལ་གྱི་དགའ་བའམ་སྣ་ཚོགས་དགའ་བ། གསང་གནས་ནས་རྡོ་ རྗེ་ནོར་བུའི་བར་དུ་བྱོན་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ནས་འཛིན་པའི་སྟོབས་ ཀྱིས་ཕྱིར་མི་འཕོ་བ་ཡིན་ནོ། །དེ་ལྟར་དགའ་བ་བཞིའི་རྣམ་བཞག་ཅུང་ཟད་མི་འདྲ་བ་གཉིས་ འབྱུང་ངོ༌། །དཔལ་གསང་བ་འདུས་པར་ཡང༌། གང་ཞིག་བསྒོམ་བྱ་རྗེས་དྲན་པས། །དེ་ཡི་ རྣམ་པར་ཡང་དག་སྤྲོ། །རྗེས་སུ་དྲན་པ་ཞེས་ཤེས་བྱ། །རབ་གསལ་དེ་ལ་སྐྱེ་བར་འགྱུར། ། ཞེས་གསུངས་ཏེ་སོར་སྡུད་བསམ་གཏན་གྱི་ཡན་ལག་གིས་བསྒོམ་ཞིང་བརྟན་པར་བྱས་པའི་ སྟོང་གཟུགས་ཁམས་གསུམ་པ་ཀུན་རྫོབ་ཀྱི་རྣམ་པ་ཅན་དེ་ཉིད་རྗེས་དྲན་གྱི་ཡན་ལག་གིས་ ཀུན་རྫོབ་དེ་ཉིད་ཀྱི་རྣམ་པར་ཡང་དག་པར་སྤྲོ་བ་སྟེ་ནམ་མཁའི་མཐིལ་མཐའ་དག་ཁྱབ་པར་ ལྟ་ཞིང་དུས་གསུམ་པའི་སྲིད་པ་གསུམ་པོ་མཐའ་དག་གི་རྣམ་པར་མཐོང་བ་ནི་རྗེས་སུ་དྲན་ པའི་ཡན་ལག་ཏུ་ཤེས་པར་བྱའོ། །དེས་ན་སྟོང་གཟུགས་ཁམས་གསུམ་པའི་རྣམ་པ་རབ་ཏུ་ གསལ་བ་ནི་རྗེས་དྲན་དེ་ལ་སྐྱེ་བ་སྟེ་གསལ་བར་འགྱུར་ཞེས་པའི་དོན་ཏེ་ནཱ་རོ་པའི་འགྲེལ་པ་ དང་ཡང་མཐུན་པར་བཤད་པའོ། །རྗེས་དྲན་གྱི་རྣལ་འབྱོར་འདི་ལ་གཏུམ་མོའི་རྣལ་འབྱོར་ རམ་ཐིག་ལེའི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་མ་མིག་ ལ་སོགས་པ་ཡང༌། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །བདུད་རྩིའི་ཁུ་བའི་ཆོས་ཅན་ནི། ། ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་པར་གྲགས། །ཞེས་ 5-1-281 གསུངས་སོ། །སྲོག་རྩོལ་དང་འཛིན་པའི་མཐར་ལྟེ་བའི་འཁོར་ལོ་ནས་སྲོག་དང་ཐུར་སེལ་ གྱི་རླུང་ཨ་ཝ་དྷུ་ཏཱིའི་ནང་དུ་ཞུགས་པ་ནི་ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བ་ཡིན་ལ། གཏུམ་མོའི་མེ་རབ་ཏུ་འབར་བ་དེས་དེ་བཞིན་གཤེགས་པ་ལྔ་ཞེས་པ་གཡོན་གྱི་རླུང་དཀྱིལ་ འཁོར་ལྔ་དང༌། སྤྱན་མ་ལ་སོགས་པ་ཞེས་པ་གཡས་ཀྱི་རླུང་དཀྱིལ་འཁོར་ལྔ་རྣམས་བསྲེག་ པ་སྟེ་རྒྱུ་བ་གཅད་ཅིང༌། མིག་ལ་སོགས་པའི་དབང་པོ་རྣམས་དང་གཟུགས་ལ་སོགས་པའི་ ཡུལ་གཟུང་འཛིན་རྣམས་ཀྱང་བསྲེག་པ་སྟེ་འགག་པར་བྱེད་དེ་རྣལ་འབྱོར་པའི་ཡིད་ནི་ཆོས་ ཀྱི་དབྱིངས་འོད་གསལ་བ་ཁོ་ན་འཛིན་པར་གྱུར་པའི་ཕྱིར་རོ། །དེ་ལྟར་རླུང་དང་གཟུང་འཛིན་ ཐམས་ཅད་བསྲེགས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་སྤྱི་བོའི་ཧྃ་ཡིག་ལས་བྱང་ཆུབ་ཀྱི་ སེམས་བདུད་རྩི་ཁུ་བ་ཐིག་ལེའི་གཟུགས་ཀྱིས་གོང་དུ་བཤད་པ་ལྟར་འཛག་པར་བྱེད་པ་ ལ་ཐིག་ལེའི་རྣལ་འབྱོར་ཞེས་གྲགས་སོ། །ཞེས་པའི་དོན་ཏོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ ཡང༌། གཏུམ་མོ་ལྟེ་བར་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་ ལ་སོགས་པ་རྣམས་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧྃ་འཛག །ཅེས་གསུངས་པའི་ དོན་ཡང་འདི་ཉིད་ཡིན་ལ། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་དང་དཔལ་འཁོར་ལོ་ སྡོམ་པའི་རྒྱུད་དུ། དབུ་མ་མཆོག་གི་དབུགས་དང་ནི། །དྲི་དང་ཆུ་དང་ལྡན་པས་ཀྱང༌། །རྟག་ ཏུ་རིགས་ལྡན་མ་མཆོད་བྱ། །ཁྱད་པར་དུས་ལ་ཕོ་ཉ་མོ། །ཞེས་གསུངས་པའི་དོན་ཡང་འདི་ ཉིད་ཡིན་ཏེ། དཔལ་ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་དུ། འདིར་རིགས་ལྡན་མ་ནི་དབུ་ མ་ཨ་ཝ་དྷཱུ་ཏཱི་རྡོ་རྗེ་ཕག་མོ་སྒྲིབ་པ་མེད་པ་གཟུང་བ་དང་འཛིན་པ་སྤངས་པ་རྣལ་འབྱོར་པ་ རྣམས་ཀྱི་བདུད་ཀྱི་ཚོགས་ཟད་པར་བྱེད་པ་མོ་ཞེས་དང༌། རིགས་ལྡན་མ་དེ་ལ་མཆོག་ཏུ་མི་ འགྱུར་བའི་བདེ་བ། འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཟླ་བ་ཞུ་བའི་ཆགས་ པ་ཆེན་པོ་དབུ་མ་མཆོག་གི་དབུགས་དྲི་དང་ཆུ་དང་བཅས་པ་རིགས་ལྡན་མར་ཡང་དག་པར་ 5-1-282 གྱུར་པའི་ཐབས་དེས་རང་གི་ཤེས་རབ་དེ་ཉིད་མཆོད་པར་བྱའོ་ཞེས་པ་སྟེ། གཟུང་བ་དང་ འཛིན་པའི་སེམས་དང་ཤེས་པ་དང་ཤེས་བྱ་དང་སྟོང་པ་ཉིད་དང་སྙིང་རྗེ་{དག་}གཅིག་པ་ ཉིད་དུ་རྣལ་འབྱོར་པས་བྱའོ་ཞེས་པ་ངེས་པའི་དོན་ནོ། །ཞེས་གསུངས་སོ། །ཁྱད་པར་དུས་ལ་ ཕོ་ཉ་མོ་ཞེས་པ་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་གོ་ཀུ་ལ་སོགས་པས་ཕྱི་དང་ནང་དུ་ རྡོ་རྗེ་རྣལ་འབྱོར་མ་རྣམས་མཆོད་པའི་ཆོ་ག་གསུངས་པའོ། ། (༢) ཏིང་ངེ་འཛིན་གྱི་ཡན་ལག གཉིས་པ་ཏིང་ངེ་འཛིན་གྱི་ཡན་ལག་ནི། དཔལ་དུས་ཀྱི་འཁོར་ལོར། ཤེས་རབ་ཐབས་ ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། ། ཞེས་གསུངས་ཏེ། རྗེས་དྲན་གྱི་ཡན་ལག་གིས་ཟླ་བ་བྱང་ཆུབ་ཀྱི་སེམས་ཐིག་ལེ་དཔྲལ་ བ་ནས་རྡོ་རྗེ་ནོར་བུའི་བར་དུ་བྱོན་ཞིང་ཕྱི་རོལ་ཏུ་མི་འཕོ་བར་གྱུར་པ་དེ་ཇི་ལྟར་བྱོན་པ་དེ་ བཞིན་དུ་སླར་སྟེང་དུ་གཤེགས་པར་བྱེད་པ་ཡིན་ཏེ་དེ་ལས་ཤེས་རབ་ཤེས་བྱའི་རྣམ་པ་སྟོང་ གཟུགས་དང་ཐབས་ཤེས་པའི་རྣམ་པ་རྣལ་འབྱོར་པའི་བདེ་བའི་སེམས་གཅིག་ཏུ་འདྲེས་པར་ གྱུར་པའི་འགྱུར་མེད་ཀྱི་བདེ་བ་ཐོབ་པའི་དབང་གིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ ཀྱི་གཟུགས་ལ་སེམས་རྩེ་གཅིག་ཏུ་གནས་པ་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཡིན་ནོ། །དབང་ མདོར་བསྟན་པར་ཡང༌། ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ། ། སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་དངོས་པོའི་མཚན་ཉིད་ལ། །དེ་ཕྱིར་ཟླ་བ་བདུད་རྩི་ ནི། །སྟེང་དུ་བགྲོད་བྱ་མི་ཡི་བདག །འོག་ཏུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་འགྱུར་མེད་བདེ་ བ་ལ། །སངས་རྒྱས་ཀུན་ཀྱི་མཛོད་སྤུ་ཡི། །པད་མར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གནམ་སྟོང་ གསང་བར་ཏེ། །གཙུག་ཏོར་ནོར་བུ་དེ་དག་གོ། ཞེས་པ་སྟོན་པ་རྡོ་རྗེའི་ཚིག །ལུས་ཅན་ཀུན་ 5-1-283 ཀྱི་ཕྱིན་ཅི་ལོག །ཅེས་གསུངས་ཏེ། ལྷ་མི་ལ་སོགས་པ་ལུས་ཅན་ཐམས་ཅད་ འཆི་བའི་དུས་སུ་ཐིག་ལེ་འཕོ་བའི་བག་ཆགས་གོམས་པའི་དབང་གིས་ཟླ་བ་བདུད་རྩི་ འོག་ཏུ་ཁུ་བའི་ལམ་ནས་འགྲོ་ཞིང༌། ཉི་མ་རྡུལ་ནི་སྟེང་དུ་སྣ་བུག་གི་ལམ་ནས་འགྲོ་ལ། །སྒྲ་ གཅན་མ་རིག་པའི་བག་ཆགས་བསྒོས་པའི་ཀུན་གཞིའི་རྣམ་ཤེས་སྲོག་དང་བཅས་པ་ནི་ དངོས་པོའི་མཚན་ཉིད་དེ་དགེ་མི་དགེའི་ལས་ཀྱིས་སྤྲུལ་པའི་སྐྱེ་བ་གཞན་དུ་འགྲོ་བར་འགྱུར་ རོ། །དེའི་ཕྱིར་ཡན་ལག་དྲུག་གི་ལམ་ཟབ་མོ་བསྒོམས་ནས་ཟླ་བ་བདུད་རྩི་ཁུ་བ་ནི་སྟེང་དུ་ སྟེ་གྱེན་དུ་བགྲོད་པ་དང༌། ཉི་མ་རྡུལ་འོག་ཏུ་རྡོ་རྗེ་ནོར་བུའི་བར་ཏུ་བགྲོད་པ་དང༌། སྒྲ་གཅན་ རྣམ་ཤེས་འགྱུར་མེད་བདེ་བའི་དབྱིངས་སུ་བགྲོད་པར་བྱའོ། །སངས་རྒྱས་རྣམས་ཀྱིས་ཀྱང་ སྔོན་འདི་ཉིད་མཛད་དེ། མཛོད་སྤུའི་པད་མ་སྟེ་དཔྲལ་བར་ཟླ་བ་བདུད་རྩི་ཉ་བ་སྟེ་ཆ་བཅོ་ ལྔ་རྫོགས་པར་མཛད་ལ། གསང་བ་སྟེ་རྡོ་རྗེ་ནོར་བུར་ཉི་མ་རྡུལ་གནམ་སྟོང་རྫོགས་པར་ མཛད་དོ། །དེ་ལྟ་བུ་འདི་ནི་རྣལ་འབྱོར་པས་བགྲོད་པར་བྱ་བ་དང་རྟོགས་པར་བྱ་བ་ཡིན་པའི་ ཕྱིར་སྟོན་པ་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་ཚིག་གི་དོན་ཡིན་ནོ། །ལུས་ཅན་ཏེ་འཁོར་བ་པ་ ཐམས་ཅད་ཀྱི་ནི་དེ་ལས་ཕྱིན་ཅི་ལོག་ཡིན་ནོ་ཞེས་པའི་དོན་ཏོ། །མཚན་ཡང་དག་པར་བརྗོད་ པར་ཡང༌། རྐང་པ་གཅིག་གི་མཐིལ་གནོན་པ། །ས་ཡི་སྙིང་པོའི་མཐིལ་ལ་གནས། །ཚངས་ པའི་སྒོ་ངའི་རྩེ་མོ་གནོན། །རྐང་འཐེབ་སེན་མོ་ལ་གནས་པ། །ཞེས་གསུངས་པའི་དོན་ཡང་ འདི་དང་རྗེས་སུ་མཐུན་པའི་དོན་ཡིན་ནོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང༌། དཔལ་ལྡན་ དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་དུ་ཡང་འབྱོན་པ་ཉིད། །ཤེས་རབ་ལྡན་པ་འདི་ཡིས་ ནི། །དེ་བཞིན་གཤེགས་པ་མངོན་བརྗོད་བྱ། །ཞེས་གསུངས་ཏེ། འདིའི་དོན་ཡང་རྗེ་བཙུན་ འཕགས་པ་རྡོ་རྗེ་སྙིང་པོས་སྔར་བཤད་པ་དང་མཐུན་པར་གསུངས་སོ། །དེ་ལ་བྱང་ཆུབ་ཀྱི་ སེམས་རྡོ་རྗེ་ནོར་བུ་ནས་གཙུག་ཏོར་གྱི་བར་དུ་གཤེགས་པའི་ཚུལ་ནི། ལྟེ་བར་རྒྱུ་མཐུན་རབ་ 5-1-284 ཏུ་བརྗོད། །ཆོས་ཀྱི་འཁོར་ལོར་རྣམ་སྨིན་ཏེ། །སྐྱེས་བུ་བྱེད་པ་ལོངས་སྤྱོད་དུ། །བདེ་བ་ཆེན་ པོར་དྲི་མ་མེད། །ཅེས་གསུངས་པ་ལྟར་འཁོར་ལོ་རྣམས་སུ་རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་བྱེད་ པ་དྲི་མ་དང་བྲལ་བའི་འབྲས་བུ་རྣམས་སུ་འགྱུར་རོ། །འདི་དག་ནི་ལམ་དུས་ཀྱི་དགའ་བ་ བཞི་དང་འབྲས་བུ་བཞི་ལ་སོགས་པའི་དབང་དུ་བྱས་པ་སྟེ་རང་བཞིན་ལྷུན་གྱིས་གྲུབ་པའི་ བདེ་བ་ཆེན་པོའི་སྐུ་ནི་འདི་དང་རྗེས་སུ་མཐུན་པ་ཙམ་ཡིན་གྱི་འདི་དག་དངོས་ནི་མ་ཡིན་ པར་ཤེས་པར་བྱའོ། །དཔལ་གསང་བ་འདུས་པར་ཡང༌། ཤེས་རབ་ཐབས་ནི་སྙོམས་འཇུག་ པས། །དངོས་པོ་ཐམས་ཅད་མདོར་བསྡུས་པས། །བྱས་ཏེ་གོང་བུའི་སྦྱོར་བ་ཡིས། །དབུས་སུ་ གཟུགས་བརྙན་རྣམ་བསྒོམ་བྱ། །སྐད་ཅིག་ཡེ་ཤེས་རྫོགས་པ་ནི། །ཏིང་འཛིན་ཞེས་པའི་མིང་ ཅན་ནོ། །ཞེས་གསུངས་ཏེ། འདིའི་དོན་ཡང་སྔར་བཤད་པ་ཉིད་ཀྱིས་ཁོང་དུ་ཆུད་པར་བྱའོ། ། ཏིང་ངེ་འཛིན་གྱི་ཡན་ལག་འདི་ནི་ཕྲ་མོའི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། རྩ་བའི་རྒྱུད་མཆོག་ གི་དང་པོའི་སངས་རྒྱས་སུ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ལས་འདས་པ་སྟེ། ། བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཕྲ་མོའི་རྣལ་འབྱོར་ཞེས་པར་གྲགས། །རྒྱུ་མཐུན་ལ་ སོགས་སྟེང་དུ་འགྲོ། །ཞེས་གསུངས་ཏེ། ཐིག་ལེ་བཞི་འཛིན་ཅིང་དཀར་པོའི་ཆ་མེད་ལ་ནག་ པོའི་ཆ་ལས་འདས་པའི་ཆ་བཅུ་དྲུག་པ་བསམ་གཏན་ཏེ་དགའ་བ་བཞིའི་རྩེ་མོ་འཆང་བ་ནི་ ཕྲ་མོའི་རྣལ་འབྱོར་ཡིན་ལ། དེ་ཡང་རྒྱུ་མཐུན་ལ་སོགས་པའི་ཚུལ་གྱིས་སྟེང་དུ་དཔྲལ་བའམ་ གཙུག་ཏོར་གྱི་བར་དུ་འགྲོ་བ་ཡིན་ནོ་ཞེས་པའོ། །དེ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་ མདོར་བསྡུས་ན། དཔལ་དུས་ཀྱི་འཁོར་ལོར། སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་ པའི་དབང་གིས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །དེ་ནས་རྩའི་འཁོར་ལོ་རྣམས་ སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་ པ་གཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །དེ་ནས་གང་ཞིག་ཅུང་ 5-1-285 ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། རྐང་པ་དང་པོས་ནི་སོ་སོར་སྡུད་དང་བསམ་གཏན། རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ མཐོང་ཞིང་བརྟན་པའི་བར་དུ་བསྒོམ་པར་བསྟན་ཏེ། འགྲེལ་པར། གཟུགས་བརྙན་ནི་རྣམ་ པ་ཐམས་ཅད་པའི་གཟུགས་བརྙན་ཏེ་དེའི་མཐར་ཐུག་པར་བསམ་མོ། །ཞེས་གསུངས་སོ། ། རྐང་པ་གཉིས་པས་ནི་སྲོག་རྩོལ་དང་འཛིན་པ་བསྟན་ལ། འདིས་ནི་ཁ་ཅིག་སྟོང་གཟུགས་ མཐོང་མ་ཐག་སྲོག་རྩོལ་བསྒོམ་པར་འདོད་པ་ཡང་བསལ་བ་ཡིན་ནོ། །རྐང་པ་གསུམ་པས་ ནི་རྗེས་དྲན་དང་ཏིང་ངེ་འཛིན་བསྟན་ཏེ། ཏིང་ངེ་འཛིན་ཐོབ་པ་དེ་ནས་འདོད་པའི་དོན་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ཉིད་ ལ་ཐོབ་པར་འགྱུར་ཞེས་པའི་དོན་ཏོ། ། ❹ དེ་དག་དབང་བཞི་པའི་མན་ངག་ཐུན་མོང་མ་ཡིན་པར་བསྟན་པ་ལ་གཉིས། བཞི་པ་དེ་དག་དབང་བཞི་པའི་མན་ངག་ཐུན་མོང་མ་ཡིན་པར་བསྟན་པ་ལ་གཉིས་ ཏེ་ཡན་ལག་དྲུག་གིས་དབང་བཞི་པའི་དོན་བསྒོམ་པའི་ཚུལ་བསྟན་པ་དང༌། དེ་ལས་རྣལ་ འབྱོར་པ་ལ་ཡེ་ཤེས་ཕེབས་པའི་ཚུལ་བསྟན་པའོ། ། (༡) ཡན་ལག་དྲུག་གིས་དབང་བཞི་པའི་དོན་བསྒོམ་པའི་ཚུལ་བསྟན་པ། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོར། གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་ བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་པ། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་ དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང༌། །འདི་དག་ཐམས་ཅད་ངེས་པར་འཇིག་ རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་ གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བ་འོ། །ཞེས་གསུངས་ཏེ། སྤྱིར་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཀྱི་རྒྱལ་པོ་རྣམས་དང་བྱེ་བྲག་ཏུ་མཆོག་གི་དང་པོའི་ 5-1-286 སངས་རྒྱས་སུ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་དབང་རྣམ་པ་བཅུ་གཅིག་གསུངས་པ་ལས། བཅུ་ནི་འཇིག་རྟེན་པ་དང་བཅུ་གཅིག་པ་ནི་འཇིག་རྟེན་ལས་འདས་པའི་དབང་ངོ༌། །འཇིག་ རྟེན་ཀུན་རྫོབ་ཀྱི་དབང་ལ་ཡང་ཆུ་དང་ཅོད་པན་དང་དར་དཔྱངས་དང་རྡོ་རྗེ་དྲིལ་བུ་དང་མིང་ དང་རྗེས་སུ་གནང་བ་སྟེ་དབང་བདུན་ནི་སློབ་མ་འབྲིང་པོ་རྣམས་བསྐྱེད་པའི་རིམ་པ་བསྒོམ་ པ་ལ་དབང་བའི་དོན་དུ་བསྐུར་བར་བྱ་བ་དབང་འོག་མ་བྱིས་པ་འཇུག་པའི་དབང་བདུན་ ཞེས་བྱ་བ་ཡིན་ལ། དེ་ནས་འདིར་ཤེས་རབ་ཀྱི་ནུ་མ་ལ་རེག་ཅེས་པ་ནས་བཞི་པའི་སྐད་ ཅིག་བདུད་རྩི་རྟོགས་པ་ཞེས་པའི་བར་གྱིས་བསྟན་པ་བུམ་པ་དང་གསང་བ་དང་ཤེས་རབ་ ཡེ་ཤེས་ཀྱི་དབང་སྟེ་དེ་ལྟར་གསུམ་ནི་དབང་གོང་མ་བཞི་ལས་འཇིག་རྟེན་པའི་དབང་རྣམ་ པ་གསུམ་ཞེས་བྱ་སྟེ་ཕྱག་རྒྱ་ཆེན་པོའི་ལམ་གྱི་རྒྱུ་སྟེ་ལམ་ལ་གཞུག་པའི་དོན་ཙམ་དུ་བསྟན་ པ་ཡིན་ནོ། །དེ་ནས་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ནི་རྒྱལ་བའི་བདག་པོ་རྡོ་རྗེ་ འཆང་གི་ཕྱག་རྒྱ་ཆེན་མོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་རྗེས་སུ་སྦྱོར་བ་སྦྱོར་བ་ཡན་ ལག་དྲུག་གི་ལམ་ཡིན་པར་ཤེས་པར་བྱའོ། །སྦྱོར་བ་ཡན་ལག་དྲུག་པོ་འདི་ཉིད་དབང་བཞི་ པའི་དོན་ནམ་བསྒོམ་པའི་རིམ་པ་ཡིན་པའི་ཚུལ་ཡང༌། དཔལ་དུས་ཀྱི་འཁོར་ལོར། ཤེས་ རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་ བསྐུར་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་ པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་ པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ ལྡན་བླ་མ་འོ། །ཞེས་གསུངས་ཏེ། དེ་ལ་སྦྱོར་བ་ཡན་ལག་དྲུག་ལས་སོ་སོར་སྡུད་དང་བསམ་ གཏན་དང་སྲོག་རྩོལ་དང་འཛིན་པ་སྟེ་བཞི་ནི་དབང་བཞི་པ་ལ་ཞུགས་པར་གསུངས་པ་ ཡིན་ལ་དབང་བཞི་པའི་དོན་ནི་ཤེས་རབ་ཡེ་ཤེས་ཏེ་དེ་ལ་ཤེས་རབ་ནི་འཛིན་པར་བྱེད་པའི་ 5-1-287 སེམས་གཞན་བདེ་བ་ཆེན་པོ་དང་ཡེ་ཤེས་ནི་དེའི་སྣང་བ་སྟེ་གཟུང་བར་བྱ་བ་གཞན་དུ་བ་ལ་ སོགས་པ་རྣམ་པ་བཅུ་པོས་ཉེ་བར་མཚོན་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་ མེ་ལོང་ལ་པྲ་ཕབ་པའི་གཟུགས་བརྙན་གྱི་སྣང་བ་ལྟ་བུ་སྟེ། དེ་ཉིད་དབང་བསྐུར་དྲི་མེད་རི་ བོང་ཅན་དང་མཚུངས་པའི་དོན་ཡིན་ལ། དེ་ལ་རབ་ཏུ་ཞུགས་པའི་དོན་ནི་རྣལ་འབྱོར་པའི་ རྣམ་པར་ཤེས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་འཇུག་པ་བསྡུས་ནས་ནང་དུ་ཤའི་སྤྱན་ལ་སོགས་ པ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་གཟུགས་ལ་རྩེ་གཅིག་ཏུ་ལྟ་བར་བྱེད་པའོ། །དེ་ལྟར་ཞུགས་པ་ ལས་མྱ་ངན་ལས་འདས་པའི་བདེ་བ་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་ཅིང་ལྷན་ཅིག་སྐྱེས་པ་ འགྱུར་མེད་ཉིད་ཐོབ་པ་ནི་དབང་བཞི་པ་ཐོབ་པ་ཞེས་བྱ་བར་གསུངས་ཏེ། དེ་ཡང་རྗེས་སུ་ དྲན་དང་ཏིང་ངེ་འཛིན་གྱི་ཡན་ལག་གཉིས་བསྒོམ་པའི་དུས་སུ་ནི་དབང་བཞི་པ་ཐོག་མར་ ཐོབ་པ་ཙམ་ཡིན་ལ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པ་ནི་ས་བཅུ་གཉིས་ཀྱི་དབང་ ཕྱུག་རྡོ་རྗེ་འཆང་ཐོབ་པ་ཉིད་ཡིན་པར་གསུངས་ལ། དབང་བཞི་པའི་ལམ་འདིས་ནི་ཚེ་སྟོད་ ལ་སྡིག་པའི་ལས་ཤིན་ཏུ་མི་བཟད་པ་བྱས་པ་རྣམས་ཀྱང་རྗེས་སུ་འཛིན་པར་ནུས་ཏེ། འགྲེལ་ ཆེན་ལས། མཚམས་མེད་ལྔ་པོ་རྣམས་ནི་བྱིས་པ་རྣམས། །དབང་དོན་བདེ་བ་ཉིད་ནི་གང་ ཞིག་གིས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་རྣམས་སུ། །རྒྱལ་བའི་དབང་པོས་ཡང་ དག་བཟུང་བར་གྱུར། །ཞེས་གསུངས་སོ། །དེ་བཞིན་དུ་དཀྱིལ་འཁོར་ཡང་རྣམ་པ་གཉིས་སུ་ ཤེས་པར་བྱ་སྟེ། ཇི་སྐད་དུ་དྲི་མ་མེད་པའི་འོད་ལས། འདིར་འཇིག་རྟེན་གྱི་བདེན་པས་ཚོན་ དང་ཐིག་གདབ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། དོན་དམ་པའི་བདེན་པས་ནམ་མཁའི་ ཁམས་ལ་ཐིག་གདབ་དང་བྲལ་ཞིང་ཚོན་དགྱེ་བ་དང་བྲལ་བ་ཁ་དོག་དང་ཕྱག་དང་དབྱིབས་ ཀྱི་གཟུགས་ཀྱི་ལྷ་རྣམ་པར་རྟོག་པས། སྒོམ་པའི་སེམས་དང་བྲལ་བ་རྣམ་པ་ཐམས་ཅད་པ་མེ་ ལོང་ལ་པྲ་ཕབ་པ་ལྟ་བུ་བཤད་དུ་གསོལ་ཞེས་པའོ། །ཞེས་གསུངས་ཏེ། ཕྱག་རྒྱ་ཆེན་མོ་དུ་བ་ 5-1-288 ལ་སོགས་པ་འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་འདི་ཉིད་ཡང་དག་པའི་དཀྱིལ་འཁོར་ཡིན་ པར་ཤེས་པར་བྱའོ། །དེ་ལྟ་བུའི་དབང་བཞི་པ་ཤིན་ཏུ་རྣམ་པར་དག་པའི་ལམ་གྱི་རིམ་པ་ འདི་ནི་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་གསུངས་ན་ཡང༌། མཆོག་གི་དང་ པོའི་སངས་རྒྱས་ལ་སོགས་པ་རྩ་རྒྱུད་འགའ་ཞིག་དང་དུས་ཀྱི་འཁོར་ལོའི་རྒྱུད་དུ། གསལ་ བར་གསུངས་པ་ཡིན་གྱི། རྩ་བའི་རྒྱུད་ཁ་ཅིག་དང་བསྡུས་པའི་རྒྱུད་གཞན་ཐམས་ཅད་དུ་ནི་ གདུལ་བྱའི་བསམ་པའི་དབང་གིས་རྡོ་རྗེའི་ཚིག་ཤིན་ཏུ་སྦས་ནས་གསུངས་པ་ཡིན་ཏེ། དཔལ་ དུས་ཀྱི་འཁོར་ལོར། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ནི་ངེས་པར་རྡོ་རྗེའི་ཚིག་འདི་རྣལ་འབྱོར་ པ་རྣམ་དག་ལ་གསུངས། །བྱིས་པ་རྣམས་ནི་སྨིན་པར་བྱེད་པའི་དོན་དུ་མཆོག་གི་ཐུགས་རྗེ་ དག་གིས་སྣ་ཚོགས་གཙོ་བོས་སྦས། དེ་ཕྱིར་དེ་ནི་དབྱེ་བ་བྱས་ནས་ཉིན་ཞག་སོ་སོའི་དུས་སུ་ རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཕྱག་རྒྱའི་དངོས་གྲུབ་དོན་སླད་རྒྱལ་བ་མཆོག་གི་བསྐྱེད་ མཛད་གཞོམ་དུ་མེད་པ་དུས་ཀྱི་འཁོར་ལོའོ། །ཞེས་དང༌། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ ངེས་པར་རྡོ་རྗེའི་ཚིག་ནི་རྡོ་རྗེ་ཅན་གྱིས་སྦས་པ་སྟེ། །དང་པོའི་སངས་རྒྱས་སུ་ནི་སྲོག་ཆགས་ རྣམས་ཀྱི་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་གསུངས། །དེ་ཕྱིར་འཇིག་རྟེན་འཇིག་ རྟེན་འདས་པ་དག་ལས་མཐའ་དག་མ་ཚང་མེད་པའི་རྒྱུ་ནི་བླ་མ་སྟེ། །དཔལ་ལྡན་རྒྱུད་ནི་དང་ པོའི་སངས་རྒྱས་མཐའ་དག་རྒྱལ་བའི་བདག་པོའི་མངོན་པར་བརྗོད་པའོ་ཟླ་བ་བཟང་ཞེས་ གསུངས་ཤིང༌། དེའི་འགྲེལ་པར། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱལ་པོ་ཐམས་ ཅད་དག་ཏུ་ངེས་པར་རྡོ་རྗེའི་ཚིག་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་རྡོ་རྗེ་ཅན་ཤཱཀྱ་ཐུབ་པས་ སྦས་པ་སྟེ། རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་ཡེ་ཤེས་བསམ་དུ་མེད་པའི་ཐུགས་རྡོ་རྗེའོ། །དེ་གང་ ལ་ཡོད་པ་དེ་ནི་རྡོ་རྗེ་ཅན་ཏེ་རྡོ་རྗེ་ཅན་དེས་སོ། །དེ་ཅིའི་ཕྱིར་ཞེ་ན་འཕགས་པའི་ཡུལ་དུ་ སངས་རྒྱས་པ་རྣམས་ཀྱི་མཁས་པའི་མངོན་པའི་ང་རྒྱལ་གྱི་ཕྱིར་ཏེ་གང་གིས་སངས་རྒྱས་པའི་ 5-1-289 མཁས་པ་རྣམས་བླ་མའི་སྲིད་ཞུ་བྱས་པ་མེད་པར་གླེགས་བམ་མཐོང་ནས་བདག་ཅག་རྣམས་ ཀྱིས་རྡོ་རྗེའི་ཚིག་ཤེས་སོ་ཞེས་བརྗོད་པར་འགྱུར་བའི་ང་རྒྱལ་དེས་དམྱལ་བར་འགྲོ་སྟེ་དབང་ ཡང་དག་པར་སྦྱིན་པ་མེད་པའི་ཕྱིར་རོ། །དེ་བས་ན་སྦས་སོ། །དེས་ན་དང་པོའི་སངས་རྒྱས་སུ་ ནི་ཤམ་བྷ་ལའི་ཡུལ་དུ་སྐྱེས་པ་ང་རྒྱལ་མེད་པའི་སེམས་དང་ལྡན་པའི་སྲོག་ཆགས་རྣམས་ཀྱི་ ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་དུ་གསུངས་སོ། །དེའི་ཕྱིར་མཐའ་དག་མ་ཚང་བ་ མེད་པ་རྒྱུད་ཀྱི་རྒྱལ་པོ་ནི་འཇིག་རྟེན་ལས་འདས་པ་སྟེ་འཇིག་རྟེན་གྱི་རྒྱུད་བྱ་བའི་རྒྱུད་དང༌། འཇིག་རྟེན་ལས་འདས་པ་རྣལ་འབྱོར་གྱི་རྒྱུད་དེ་དེ་དག་ལས་འདས་པ་ནི་འཇིག་རྟེན་ལས་ འདས་པའོ། །དཔལ་ལྡན་རྒྱུད་ནི་དང་པོའི་སངས་རྒྱས་ཏེ་མཆོག་གི་རྒྱལ་བའི་བདག་པོ་ཡེ་ ཤེས་ཀྱི་སྐུ་ལྷན་ཅིག་སྐྱེས་པའི་མངོན་པར་བརྗོད་པའི་རྗོད་བྱེད་དོ། །ཞེས་གསུངས་སོ། །རྒྱུད་ གཞན་རྣམས་སུ་རྡོ་རྗེའི་ཚིག་ཏུ་ཇི་ལྟར་སྦས་ན། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མར། དབང་བསྐུར་རྣམ་གསུམ་ཐ་དད་པ། །རྒྱུད་འདི་རུ་ནི་རབ་ཏུ་བསྟན། །དང་པོ་བུམ་པའི་དབང་ ཡིན་ཏེ། །གཉིས་པ་གསང་བའི་དབང་དུ་འདོད། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །བཞི་པ་ དེ་ཡང་དེ་བཞིན་ནོ། །ཞེས་དང༌། དཔལ་ཀྱེའི་རྡོ་རྗེར། སློབ་དཔོན་གསང་བ་ཤེས་རབ་དང༌། ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང༌། རྒྱུད་གཞན་རྣམས་སུ་ཡང༌། དབང་བཞི་པའི་དོན་ སྟོན་པ་ན། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་ཚིག་གིས་བསྟན་པས་རྡོ་རྗེའི་ཚིག་ཏུ་སྦས་ པ་ཡིན་ཏེ། དྲི་མ་མེད་པའི་འོད་ལས་རྡོ་རྗེ་ཐེག་པ་འདིར་སེམས་ཅན་གྱི་བསམ་པའི་དབང་ གིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་རྡོ་རྗེའི་ཚིག་ཏུ་སྦས་ཏེ། བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་ དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །བཞི་པ་ནི་གསུམ་པ་མ་ཡིན་ཏེ་བཞི་པ་ཞེས་ གསུངས་པའི་ཕྱིར་རོ། །དེ་ཡང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར་བཞི་པ་དེ་ཉིད་ཤེས་རབ་ ཡེ་ཤེས་སོ། །བཅོམ་ལྡན་འདས་ཀྱི་གསུང་[པ་]འདིའི་ཕྱིར་རྡོ་རྗེའི་ཚིག་ཏུ་སྦས་པ་ཡིན་ནོ། 308། ཞེས་གསུངས་སོ། །འོ་ན་མཆོག་གི་དང་པོའི་སངས་རྒྱས་སུ་དབང་བཞི་པ་ཇི་ལྟར་གསལ་ བར་མཛད་སྙམ་ན་དེར་ནི་སྦྱོར་བ་ཡན་ལག་དྲུག་གསལ་བར་གསུངས་པའི་ཕྱིར་དབང་བཞི་ པ་[རབ་ཏུ]གསལ་བར་མཛད་པ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། འདི་ཉིད་བསྒྲུབ་པ་ལ་ ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པ་མཚན་མའི་ལམ་རབ་ཏུ་གསལ་བར་མཛད་དེ། སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པས་སོ། །བཅོམ་ ལྡན་འདས་ཀྱི་གསུང་འདིའི་ཕྱིར་མཆོག་གི་དང་པོའི་སངས་རྒྱས་སུ་རྡོ་རྗེའི་ཚིག་ཕྱག་རྒྱ་ ཆེན་པོ་བསྒོམ་པའི་ལམ་དུ་བ་ལ་སོགས་པ་རབ་ཏུ་གསལ་བ་ཡིན་གྱི་བླ་མ་བརྒྱུད་བའི་རིམ་ པས་འོངས་པ་མ་ཡིན་ལ་བླ་མའི་བཀས་བྱིན་གྱིས་བརླབས་པ་ཡང་མ་ཡིན་ནོ། །ལམ་འདི་ ལ་ནི་ཡིད་ཆེས་པ་ཡོད་དེ། ཉི་མ་གཅིག་ནི་ཡོངས་སུ་བརྟག་ཅེས་པ་བཅོམ་ལྡན་འདས་ཀྱིས་ གསུངས་པའི་ཕྱིར། ཞེས་གསུངས་པས་སོ། །དེ་ལྟར་ན་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ལམ་རྣམ་ པར་དག་པ་ནི་སྦྱོར་བ་ཡན་ལག་དྲུག་གི་ལམ་འདི་ཁོ་ན་ཡིན་པར་རྗེ་བཙུན་བླ་མ་དམ་པའི་ བཀའ་དྲིན་ལས་ཁོང་དུ་ཆུད་པ་ཡིན་ནོ། ། (༢) དེ་ལས་རྣལ་འབྱོར་པ་ལ་ཡེ་ཤེས་ཕེབས་པའི་ཚུལ་བསྟན་པ། གཉིས་པ་དེ་ལས་རྣལ་འབྱོར་པ་ལ་ཡེ་ཤེས་འབེབས་པའི་ཚུལ་ནི། དེ་ལྟར་དབང་བཞི་ པའི་དོན་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམས་པ་ལས་རྣལ་འབྱོར་པ་ལ་ཉམས་མྱོང་གི་རྣམ་ པ་དུ་མ་ཤར་བ་རྣམས་དང་ཡོན་ཏན་གྱི་ཁྱད་པར་སྐྱེས་པ་གང་ཡིན་པ་ཐམས་ཅད་ཡེ་ཤེས་ ཕེབས་པའམ་རྡོ་རྗེ་ཕེབས་པ་ཉིད་ཡིན་པར་ཤེས་པར་བྱ་སྟེ། རྩ་བའི་རྒྱུད་ལས། ཕྱག་རྒྱ་ཆེན་ པོའི་སྦྱོར་བ་ཡིས། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། །ཞེས་དང༌། མཚན་ཡང་དག་ པར་བརྗོད་པར། རྡོ་རྗེ་འབེབས་པ་འབེབས་པ་ཆེ། །ཞེས་གསུངས་པ་བཞིན་ནོ། །དེ་ལ་ཡེ་ ཤེས་འབེབས་པའི་ཚུལ་ནི། དཔལ་དུས་ཀྱི་འཁོར་ལོར། ཁྲོ་བོའི་རྒྱལ་པོ་ཕེབས་ན་མཚོན་ 5-1-290 ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་བསྡིགས་བྱེད་ཅིང༌། །གཡོན་བརྐྱང་ ལ་སོགས་སྟབས་རྣམས་དང་ནི་རྣམ་མང་བྱེད་པ་རྣམས་ཀྱིས་རྡོ་རྗེའི་གར་གྱིས་གར་བྱེད་དེ། ། བཞད་དང་ཧཱུཾ་གི་ཡི་གེ་འདྲེས་པས་དགྲ་ལ་འཇིགས་པ་སྟེར་བ་དང་ནི་རྡོ་རྗེའི་གླུ་ཡང་ཕྱེད། ། ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ལྷ་གཞན་རྣམས་ཀྱང་ཞི་བ་ འོ། །སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གིས་སྐུ་ཡི་བྱ་བ་བྱེད་ པ་སྟེ། །གསུང་ཕེབས་པས་ནི་ལྷ་དང་འབྱུང་པོ་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བ་ པོ་རུ་འགྱུར། །ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་དག་དང་བྱུང་དང་འབྱུང་ བ་ཐམས་ཅད་ཤེས་པར་འགྱུར། །ཡེ་ཤེས་ཕེབས་པས་སངས་རྒྱས་བླ་མ་ཡི་ཡང་བླ་མ་རྫུ་ འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར། །ས་ཕེབས་པས་ནི་རྣལ་འབྱོར་པ་དག་རི་དང་ མཚུངས་པར་འགྱུར་ཏེ་ཆུས་ཀྱང་བསིལ་བར་རབ་ཏུ་འགྱུར། །མེ་ཕེབས་པས་ནི་བསྲེག་པར་ འགྱུར་ཏེ་རླུང་གིས་ཀྱང་ནི་དེ་བཞིན་སྐམ་པ་དག་ཏུ་རབ་ཏུ་འགྱུར། །སྟོང་པ་ཕེབས་པས་མི་ སྣང་བར་འགྱུར་ས་སྟེང་དུ་ནི་མཁའ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར། །དེ་བཞིན་གཟུགས་ལ་ སོགས་པ་ཐམས་ཅད་རང་བཞིན་ཡོན་ཏན་དབང་གིས་རིམ་པ་ཡིས་ནི་རིག་པར་བྱ། །ཞེས་ གསུངས་ཏེ། འདིར་དབང་བསྐུར་བའི་དུས་སུ་ཡེ་ཤེས་ཀྱི་ལྷ་འདི་དག་ཕེབས་པར་གསུངས་ པ་ནི་རྡོ་རྗེ་སློབ་དཔོན་མཚན་ཉིད་ཐམས་ཅད་དང་ལྡན་པ་འགའ་ཞིག་གིས་སློབ་མ་མཆོག་ལ་ དབང་བསྐུར་བའི་དབང་དུ་བྱས་པ་ཡིན་ལ། དབང་གི་དོན་མཐར་ཐུག་པ་སྦྱོར་བ་ཡན་ལག་ དྲུག་གི་ལམ་ཕྱིན་ཅི་མ་ལོག་པའི་བསྒོམ་པའི་རྣལ་འབྱོར་པ་ནི་ཐམས་ཅད་ལ་ཡང་ཡེ་ཤེས་ ཀྱི་ལྷ་འདི་དག་ཕེབས་པར་འགྱུར་བ་ཡིན་ནོ། །དེ་ཡང་འདིར་གསུངས་པ་འདི་དག་ཇི་ལྟ་བ་ བཞིན་ནི་ཡེ་ཤེས་ཕེབས་པ་ཆེན་པོའི་དབང་དུ་བྱས་པ་ཡིན་ལ། རྣལ་འབྱོར་པ་ལས་དང་པོ་ པ་ལ་ཡང་འདི་དག་དང་ཆ་མཐུན་ཙམ་གྱི་ཡེ་ཤེས་ཕེབས་པ་ནི་ཅི་རིགས་པར་འབྱུང་སྟེ། དེ་ 5-1-291 ཡང་རྣལ་འབྱོར་པ་ལ་ཡེ་ཤེས་ཀྱི་སྐུ་ཅུང་ཟད་ཕེབས་པ་ལས་ལུས་རང་བཞིན་གྱིས་གཡོ་ཞིང་ འདར་བ་དང་འཕར་བ་དང་རྒྱུག་པ་དང་གར་གྱི་རྣམ་པ་ཅི་རིགས་པར་བྱེད་པ་ལ་སོགས་པ་ དང་གཞན་ཡང་རྩ་ཟུག་དང་སྤྱི་གཙུག་ཅུང་ཟད་འཕར་ཞིང་མགོ་བོ་ལ་སོགས་པར་ཟ་འཕྲུག་ བྱེད་པ་ལ་སོགས་པ་དུ་མ་{དག་}འབྱུང་ངོ༌། །ཡེ་ཤེས་ཀྱི་གསུང་ཅུང་ཟད་ཕེབས་པ་ལས་རང་ བཞིན་གྱིས་ངག་སྨྲ་བ་དང་རྒོད་པ་དང་གླུ་[ལ་སོགས་པ་]དང་སྔགས་ཀྱི་ཚིག་ལྟ་བུ་འདོན་པ་ ལ་སོགས་པ་དུ་མ་འབྱུང་ངོ༌། །ཡེ་ཤེས་ཀྱི་ཐུགས་ཅུང་ཟད་ཕེབས་པ་ལས་ཏིང་ངེ་འཛིན་ལ་རྩེ་ གཅིག་ཏུ་གནས་པ་དང་གཞན་གྱི་སེམས་ཤེས་པ་དང་ཆ་མཐུན་པའི་གསལ་སྣང་ཅི་རིགས་ པར་འཆར་བ་ལ་སོགས་པ་འབྱུང་ངོ༌། །ཁྱད་པར་དུ་ལུས་ཉམས་དང་ངག་ཉམས་ཀྱི་རྣམ་པ་ དྲག་པོ་བྱུང་བ་ལ་ནི་སྐྱེ་བོ་ཕལ་ཆེར་འཁྲུལ་ཞིང་ལོག་པར་རྟོགས་པར་གྱུར་པས་ན། བླ་མ་ དམ་པའི་ཞལ་གྱི་གདམས་པ་ལ་བརྟེན་ནས་འདིའི་གནད་ལེགས་པར་ཁོང་དུ་ཆུད་པར་བྱ་ སྟེ། ཉམས་བྱུང་རྒྱལ་དུ་བསྐྱང་བར་བྱ་ཞིང་རླུང་སེམས་དབུ་མར་ཆུད་པ་ལས་བྱུང་བའི་ཡོན་ ཏན་ཁྱད་པར་ཅན་ཡིན་པར་ཤེས་པར་བྱའོ། །དེ་ལས་གཞན་དུ་ན་ཡོན་ཏན་ཡང་གེགས་ཀྱི་ སྐྱོན་དུ་འགྱུར་བ་སྲིད་ལ། བྱེད་པ་བཅིངས་བའི་གནད་རྣམས་གློད་ན་འདི་དག་མི་འབྱུང་ མོད་ཀྱི་ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་གེགས་ཉིད་དུ་འགྱུར་རོ། །སྐྱེ་བོ་ལ་ལ་དག་ལ་གདོན་ གྱིས་བརླམ་པར་བྱས་པ་ལས་འདི་དང་ཕྱོགས་ཙམ་འདྲ་བའི་ལུས་ངག་གི་རྣམ་པར་འགྱུར་ བ་འབྱུང་བར་ཡང་སྲིད་དེ་དེ་དང་འདི་ཉིད་གཅིག་ཏུ་འཁྲུལ་བར་མི་བྱ་ཞིང༌། ཉམས་སུ་མྱོང་ བ་དང་ལྡན་པས་བརྟགས་ན་ཆེས་མི་འདྲ་བའི་ཁྱད་པར་ཡོད་དོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ས་ དང་ཆུ་དང་མེ་དང་རླུང་དང་སྟོང་པ་ཕེབས་པ་ལས་ཀྱང་ལུས་ལྕི་བའི་རྣམ་པ་ལ་སོགས་པ་སྔར་ བཤད་པ་རྣམས་དང་གཞན་ཡང་འབྱུང་ཞིང་ལྷའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ ཡིད་ཕེབས་པ་ལས་ཀྱང་མཆོག་གི་སྟོང་གཟུགས་དང་ལྐོག་ཏུ་གྱུར་པའི་གཟུགས་རྣམས་ཀྱང་ 5-1-292 མཐོང་བ་དང༌། གཞོམ་མེད་ཀྱི་སྒྲ་དང་ལྐོག་ཏུ་གྱུར་པའི་སྒྲ་ཡང་ཐོས་པ་དང་མཆོག་གི་དྲི་དང་ རོ་དང་རེག་བྱ་འཛིན་པ་དང༌། མཆོག་གི་ཆོས་དང་གཞན་གྱི་སེམས་ཀྱང་ཤེས་པར་འགྱུར་རོ། ། མདོར་ན་འདོད་མ་སུམ་ཅུ་རྩ་དྲུག་ལ་སོགས་པའི་བར་གྱི་ལྷའི་རྣམ་པ་ཇི་སྙེད་པ་དེ་སྙེད་ཀྱི་ ཉམས་རྣམས་རྣལ་འབྱོར་པའི་ལུས་དང་ངག་དང་ཡིད་ལ་འཆར་བར་འགྱུར་བ་ཡིན་ཏེ། ཆོས་ རྗེ་དཔལ་ལྡན་བླ་མ་དམ་པའི་ཞལ་གྱི་གདམས་པ་དྲི་མ་མེད་པ་ལས་ཁོང་དུ་ཆུད་པའོ། ། (༢) བསྡུས་ཏེ་བསྟན་པ་ལ་གཉིས། གཉིས་པ་ཡན་ལག་དྲུག་གི་རྣལ་འབྱོར་བསྡུས་ཏེ་བསྟན་པ་ལ་གཉིས་ཏེ། ཡན་ལག་དྲུག་ གི་རང་བཞིན་དང༌། ཡན་ལག་དྲུག་གི་འབྲས་བུའོ། ། ༡ ཡན་ལག་དྲུག་གི་རང་བཞིན། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོར། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ ཞིང་རྣམ་པ་བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་ སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པད་ མ་འཛིན་པར་འགྱུར་ཏེ་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ ཏེ་སླར་ཡང་གང་ལས་ཨ་སོགས་ཀ་སོགས་རྣམས་ཀྱིས་ཕྱེ་བའོ། །ཞེས་གསུངས་ཏེ། སོ་སོར་ སྡུད་པ་ནི་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་ཀྱི་ཕུང་པོ་སྣ་ཚོགས་སྟོང་གཟུགས་སྒོམ་པས་ན་ རྒྱལ་བའི་དབང་པོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔར་འགྱུར་ཏེ། དེ་ཡང་དུ་བ་ལ་ སོགས་པ་རྟགས་བཅུ་མཐོང་པའི་སྒོ་ནས་དབྱེ་བ་རྣམ་པ་བཅུ་ཡིན་ནོ། །བསམ་གཏན་ནི་ཤའི་ མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་ཤེས་ལྔ་སྣ་ཚོགས་གཟུགས་ལ་སོགས་པ་མཆོག་ གི་ཡུལ་ལྔ་ལ་རྩེ་གཅིག་ཏུ་བསམ་གཏན་པས་ན་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ཡིན་ ཏེ། དེ་ཡང་ཡུལ་དང་ཡུལ་ཅན་ལྔ་ལྔའི་སྒོ་ནས་དབྱེ་བ་རྣམ་པ་བཅུ་ཡིན་ནོ། །སྲོག་རྩོལ་ནི་ 5-1-293 གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་པོ་དབུ་མར་གཅིག་ཏུ་འདྲེས་པར་གྱུར་པས་ན་རལ་ གྲི་ཅན་ཞེས་པ་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་ཡིན་ཏེ། དེ་ཡང་རླུང་གི་དཀྱིལ་འཁོར་ བཅུའི་སྒོ་ནས་དབྱེ་བ་རྣམ་པ་བཅུ་ཡིན་ནོ། །འཛིན་པ་ནི་ལྟེ་བ་ནས་གཙུག་ཏོར་གྱི་བར་དུ་ རླུང་མི་གཡོ་བར་འཛིན་པས་ན་ཕྱག་ན་རིན་ཆེན་ཞེས་པ་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ ལྡན་[ཡིན]ཏེ། དེ་ཡང་ལྟེ་བ་ལ་སོགས་པ་འཁོར་ལོ་ལྔ་ལ་རླུང་འགྲོ་བ་དང་འོང་བའི་སྒོ་ ནས་དབྱེ་བ་རྣམ་པ་བཅུ་ཡིན་ནོ། །རྗེས་སུ་དྲན་པ་ནི་གཡུང་མོ་སྟེ་དབུ་མའི་རྩར་གཏུམ་མོའི་ མེ་རབ་ཏུ་འབར་ཞིང་འདོད་པའི་གནས་སྐབས་རྗེས་སུ་དྲན་པས་ན་པད་མ་འཛིན་པ་ཞེས་ པ་འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཏེ། དེ་ཡང་འདོད་པའི་གནས་སྐབས་བཅུའི་སྒོ་ ནས་དབྱེ་བ་རྣམ་པ་བཅུ་ཡིན་ནོ། །འདོད་པའི་གནས་སྐབས་བཅུ་ནི། བསམ་དང་འདོད་དང་ ལུས་ལ་རིམས་དང་ཁ་མཆོག་པད་མ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང༌། །འདར་དང་ སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག །རྡོ་ རྗེ་ཅན་གྱིས་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། ། རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་བསྲུབས་གནས་སྐབས་སུ་ཞིག་རྒྱལ་བར་འདོད་ པ་དེ་ནི་སུ། །ཞེས་གསུངས་པའོ། །ཏིང་ངེ་འཛིན་ནི་སྲོག་དང་ཐུར་སེལ་ལ་སོགས་པའི་རླུང་ རྣམས་འགོག་ཅིང་བཟུང་འཛིན་དང་བྲལ་བས་ན་འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་ དེ། དེ་ཡང་སྲོག་ཐུར་སེལ་མཉམ་གནས་གྱེན་རྒྱུ་ཁྱབ་བྱེད་ཀླུ་རུས་སྦལ་རྩངས་པ་ལྷས་སྦྱིན་ ནོར་ལས་རྒྱལ་བ་སྟེ་རླུང་བཅུ་འགོག་པའི་སྒོ་ནས་དབྱེ་བ་རྣམ་པ་བཅུ་ཡིན་ནོ། །དེ་ལྟར་ཡན་ ལག་དྲུག་རྒྱལ་བ་རིགས་དྲུག་ཏུ་གསུངས་པ་ནི་བྱེད་ལས་ཀྱི་སྒོ་ནས་དང་ཐོབ་པར་བྱ་བའི་ འབྲས་བུ་རྒྱལ་བ་རིགས་དྲུག་ཡིན་པའི་སྒོ་ནས་རྒྱལ་བ་རིགས་དྲུག་ཏུ་ཉེ་བར་བཏགས་པ་ ཡིན་པར་ཤེས་པར་བྱའོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་རྒྱལ་བའི་ཡུམ་ལ་སོགས་པ་ 5-1-294 མདོ་སྡེ་རིན་པོ་ཆེ་རྣམས་དང་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་ པར་གསུངས་པ་ལས། སྟོང་པ་ཉིད་བསྒོམ་པའི་མཆོག་ནི་ཡན་ལག་དྲུག་གི་རྣལ་འབྱོར་འདི་ ཉིད་ཡིན་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། སོ་སོར་ སྡུད་སོགས་དྲུག་པོ་རྣམས་ཀྱིས་སྟོབས་བཅུའི་སྟོབས་དང་ལྡན་པས་སྟོང་པ་ཉིད་ནི་བསྒོམ་ པར་གསུངས། མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་མཁའ་ལ་འབར་བ་ ལ་སོགས་རྣམས་ཀྱང་ངོ༌། །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ནམ་མཁའི་མཐིལ་དུ་སོན་པ་ དུས་གསུམ་གཟུགས་རྣམས་མཐོང་བར་འགྱུར། །དེ་ལ་བསམ་གཏན་གྱི་སེམས་བརྟན་པར་ ཡང་ནི་བྱེད་དེ་ཕྱི་རོལ་དངོས་པོ་རྣམས་ནི་རྣམ་པར་སྤོང༌། །སྲོག་གི་རྩོལ་བས་རི་བོང་ཅན་དང་ ཉི་མ་དང་བྲལ་མུན་པར་སྲོག་གི་རླུང་ནི་འབབ་པར་བྱ། །འབྱུང་བ་དང་ནི་འཇུག་པས་དམན་ པ་སླར་ཡང་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་ཐིག་ལེར་རོ། །རྗེས་སུ་དྲན་པས་མཁའ་ལ་ རི་བོང་ཅན་བཞིན་རང་གི་གཟུགས་ལས་འོད་ཟེར་ཆེན་པོ་ངེས་པར་རྒྱུ། །ཏིང་ངེ་འཛིན་གྱིས་ ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་དྲི་མེད་བདེ་བ་རབ་ཏུ་རྫོགས། ཞེས་གསུངས་པ་ ལྟར་ཁོང་དུ་ཆུད་པར་བྱའོ། ། ༢ ཡན་ལག་དྲུག་གི་འབྲས་བུ། གཉིས་པ་ཡན་ལག་དྲུག་གི་འབྲས་བུ་ནི། དཔལ་དུས་ཀྱི་འཁོར་ལོར། སོ་སོར་སྡུད་ པས་རྣལ་འབྱོར་[པས་{པ}ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་ཀྱིས་བྱིན་གྱིས་ རློབ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་ དག་པའོ། །སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་ རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་ པར་གྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ 5-1-295 ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། སོ་ སོར་སྡུད་ཀྱི་ཡན་ལག་གིས་སྟོང་གཟུགས་བརྟན་པར་གྱུར་ཞིང་སེམས་རྣམ་པར་དག་པར་ གྱུར་པའི་རྣལ་འབྱོར་པ་ལ་སྔགས་རྣམས་ཀུན་ཀྱིས་བྱིན་གྱིས་རློབ་པ་སྟེ། ཚིག་གིས་མཆོག་ སྦྱིན་པར་ནུས་པ་ལ་སོགས་པ་འཐོབ་པོ། །བསམ་གཏན་གྱི་སྦྱོར་བས་དག་པར་གྱུར་པ་ན་ མིག་མི་འཛུམ་པར་འགྱུར་ཞིང་དེའི་ཚེ་ལྷའི་མིག་གི་མངོན་པར་ཤེས་པ་དང་ལྷའི་རྣ་བའི་ མངོན་པར་ཤེས་པ་དང་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་གཞན་གྱི་སེམས་ཤེས་པའི་ མངོན་པར་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་སྟེ་མངོན་པར་ ཤེས་པ་ལྔ་འཐོབ་པོ། །སྲོག་རྩོལ་གྱིས་དག་པར་གྱུར་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ ཀྱིས་མཆོད་ཅིང་བསྔགས་པ་འཐོབ་པོ། །འཛིན་པའི་ཡན་ལག་གིས་དག་པ་ལས་སྟོབས་ བཅུའི་རང་བཞིན་སྟོང་པ་ཉིད་ཀྱི་གཟུགས་ལ་སེམས་འཇུག་པར་འགྱུར་རོ། །རྗེས་དྲན་གྱི་ ཡན་ལག་དག་པ་ལས་རང་གི་ལུས་ཡེ་ཤེས་ཀྱི་སྐུ་འོད་ཟེར་གྱི་དཀྱིལ་འཁོར་དུ་སྣང་ཞིང་བ་ སྤུའི་ཁུང་བུ་ནས་ཡེ་ཤེས་ལྔའི་འོད་ཟེར་ནམ་མཁའི་ཁམས་ཁྱབ་པར་འཕྲོ་བར་འགྱུར་རོ། ། ཏིང་ངེ་འཛིན་གྱི་ཡན་ལག་གིས་དག་པ་ལས་བདེ་སྟོང་གཉིས་སུ་མེད་པའི་ཏིང་ངེ་འཛིན་ ཐོབ་ཅིང་ལོ་གསུམ་དང་ཕྱོགས་གསུམ་གྱིས་ཡེ་ཤེས་སྐུ་ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་ པའི་བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་རོ། ། (༢) ཡན་ལག་དྲུག་བསྙེན་སྒྲུབ་བཞི་དང་རྡོ་རྗེའི་རྣལ་འབྱོར་བཞིར་བསྡུ་བ། གཉིས་པ་ཡན་ལག་དྲུག་བསྙེན་སྒྲུབ་བཞི་དང་རྡོ་རྗེའི་རྣལ་འབྱོར་བཞིར་བསྡུ་བ་ནི། ། དཔལ་དུས་ཀྱི་འཁོར་ལོར། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ 5-1-296 ཡིས་ཀྱང་ཉེ་བའི་སྒྲུབ་ལ་ཡན་ལག་དྲུག །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་ གནས་པའི་འགྱུར་མེད་གསུམ་ནི་བསྒྲུབ་པ་ལ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ ཡེ་ཤེས་རྣལ་འབྱོར་འདིར་ནི་བསྒྲུབ་པ་ཆེན་པོ་ལ། །ཞེས་གསུངས་ཏེ། སོ་སོར་སྡུད་དང་ བསམ་གཏན་གྱི་ཡན་ལག་གཉིས་ནི་བསྙེན་པའི་ཡན་ལག་དང༌། སྲོག་རྩོལ་དང་འཛིན་པའི་ ཡན་ལག་གཉིས་ནི་ཉེ་བར་བསྒྲུབ་པའི་ཡན་ལག་དང༌། རྗེས་དྲན་གྱི་ཡན་ལག་ནི་བསྒྲུབ་པའི་ ཡན་ལག་དང༌། ཏིང་ངེ་འཛིན་གྱི་ཡན་ལག་ནི་བསྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དེ་ལྟར་ཕྱག་ རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྒྲུབ་ཐབས་ལ་བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིར་ཤེས་པར་བྱའོ། ། ཚིགས་སུ་བཅད་པ་དེའི་ཚིག་གི་དོན་ནི་གོང་དུ་བཤད་ཟིན་ཏོ། །དེ་བཞིན་དུ་དཔལ་གསང་ བ་འདུས་པར་ཡང༌། །མི་སྣང་ལ་སོགས་དངོས་གྲུབ་རྣམས། ཐུན་མོང་པ་ཞེས་གྲགས་པ་སྟེ། ། སངས་རྒྱས་ཉིད་བསྒྲུབ་སངས་རྒྱས་ཀྱི། །དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། །ཐབས་ ནི་རྣམ་པ་བཞི་པོ་དག །བྱང་ཆུབ་རྡོ་རྗེས་གསུངས་པ་སྟེ། །རྣལ་འབྱོར་རྒྱུད་རྣམས་ཐམས་ཅད་ དུ། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྔགས། །བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་བསྒྲུབ་པ་ གཉིས་པ་ཡིན། །བསྒྲུབ་པ་ངེས་པ་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པ་འོ། །ཞེས་གསུངས་ ཏེ། དངོས་སུ་ན་སོ་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་གཉིས་ལ་བསྙེན་པའི་ཡན་ལག་ ཅེས་གསུངས་མོད་ཀྱང༌། དགོངས་པ་ནི་ཡན་ལག་དྲུག་པོ་ཐམས་ཅད་ཀྱང་བསྙེན་པ་ཡིན་ ཏེ། དེ་ཉིད་དུ། ཡན་ལག་དྲུག་གི་རྣལ་འབྱོར་གྱིས། །བསྙེན་པ་བྱས་ན་མཆོག་བསྒྲུབས་ཏེ། ། གཞན་དུ་བསྒྲུབ་བྱ་དངོས་གྲུབ་མཆོག །འབྱུང་བར་འགྱུར་བ་མེད་པ་ཉིད། །ཅེས་གསུངས་ པའི་ཕྱིར་རོ། །བསྙེན་པའི་དོན་ཡང༌། དཔལ་ནཱ་རོ་པས། བསྟེན་པར་བྱ་བ་དང་ཐར་པ་འདོད་ པ་རྣམས་ཀྱིས་གོམས་པར་བྱ་བའི་ཕྱིར་བསྙེན་པའོ། །ཞེས་གསུངས་སོ། །ཚུལ་དེའི་ཕྱིར་རྣམ་ པར་དག་པའི་ལམ་འདི་ལ་མ་བསྟེན་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་ 5-1-297 འགྱུར་བ་ནི་གནས་མེད་ཅིང་གོ་སྐབས་མེད་པ་ཉིད་དུ་ཤེས་པར་བྱའོ། །དེ་བཞིན་དུ་རྡོ་རྗེའི་ རྣལ་འབྱོར་རྣམ་པ་བཞི་དང་རྣམ་པར་ཐར་བའི་སྒོ་བཞིར་གསུངས་པ་ལས་སོ་སོར་སྡུད་དང་ བསམ་གཏན་གྱི་ཡན་ལག་ནི་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པ་སྐུའི་རྡོ་རྗེའི་ རྣལ་འབྱོར་དང་དབྱིབས་ཀྱི་རྣལ་འབྱོར་རོ། །སྲོག་རྩོལ་དང་འཛིན་པའི་ཡན་ལག་ནི་སྨོན་པ་ མེད་པའི་རྣམ་པར་ཐར་པ་གསུང་རྡོ་རྗེའི་རྣལ་འབྱོར་དང་སྔགས་ཀྱི་རྣལ་འབྱོར་རོ། །རྗེས་ དྲན་གྱི་ཡན་ལག་ནི་མཚན་མ་མེད་པའི་རྣམ་པར་ཐར་པ་ཐུགས་རྡོ་རྗེའི་རྣལ་འབྱོར་དང་ཆོས་ ཀྱི་རྣལ་འབྱོར། ཏིང་ངེ་འཛིན་གྱི་ཡན་ལག་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་ཡེ་ཤེས་རྡོ་རྗེའི་ རྣལ་འབྱོར་དང་རྣམ་པར་དག་པའི་རྣལ་འབྱོར་ཞེས་བྱ་བར་གསུངས་སོ། ། (༣) དེའི་སྤང་བྱ་སྒྲིབ་པའི་རང་བཞིན་དང་ལམ་གྱི་བྱེད་པ་བསྟན་པ་ལ་གཉིས། གསུམ་པ་དེའི་སྤང་བྱ་སྒྲིབ་པའི་རང་བཞིན་དང་ལམ་གྱི་བྱེད་པ་བསྟན་པ་ལ་གཉིས་ཏེ། སྤང་བྱ་སྒྲིབ་པའི་རང་བཞིན་ངོས་བཟུང་བ་དང༌། ལམ་གྱི་བྱེད་པ་བསྟན་པའོ། ། ༡ སྤང་བྱ་སྒྲིབ་པའི་ངོ་བོ་ངོས་བཟུང་བ་ལ་གཉིས། དང་པོ་ལ་གཉིས་ལས། ༡ སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐུན་མོང་གི་སྒྲིབ་པའི་རྣམ་པར་བཞག་པ། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐུན་མོང་གི་སྒྲིབ་པའི་རྣམ་པར་བཞག་པ་ནི། སྒྲིབ་པ་ ཞེས་བྱ་བ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སྒྲིབ་པས་སམ། སེམས་ཅན་ཐམས་ཅད་ལ་ གནས་ལུགས་ཡང་དག་པའི་དོན་གདོད་མ་ནས་བཞུགས་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ལ་ བསྒྲིབས་པས་ན་སྒྲིབ་པ་ཞེས་བྱའོ། །དེ་ལ་སྤྱིར་ཐར་པ་ལ་སྒྲིབ་པ་ཉོན་མོངས་པའི་སྒྲིབ་པ་ 5-1-298 དང༌། ཐམས་ཅད་མཁྱེན་པ་ལ་སྒྲིབ་པ་ཤེས་བྱའི་སྒྲིབ་པ་སྟེ་འདི་གཉིས་སུ་སྒྲིབ་པ་ཐམས་ ཅད་འདུ་བ་ཡིན་ཏེ། རྗེ་བཙུན་བྱམས་པ་མགོན་པོས་དབུས་དང་མཐའ་རྣམ་པར་འབྱེད་པར། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་སོ། །ཡང་ཉོན་སྒྲིབ་དང་ཤེས་སྒྲིབ་ དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དུའང་གསུངས་ཏེ། རྒྱུད་བླ་མར། ཉོན་མོངས་ཤེས་བྱ་ སྙོམས་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་སོ། །དེ་ལ་ཉོན་སྒྲིབ་དང་ཤེས་ སྒྲིབ་ནི། རྒྱུད་བླ་མར། འཁོར་གསུམ་རྣམ་པར་རྟོག་པ་གང༌། དེ་ནི་ཤེས་བྱའི་སྒྲིབ་པར་འདོད། ། སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་གསུངས་ཏེ། ལས་དང་བྱ་བ་དང་བྱེད་པ་པོ་སྟེ་འཁོར་གསུམ་དུ་རྣམ་པར་རྟོག་པ་ནི་ཤེས་སྒྲིབ་དང༌། ཕར་ ཕྱིན་དང་པོ་ལྔའི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་རྣམ་རྟོག་ནི་ཉོན་སྒྲིབ་དང་སྙོམས་ འཇུག་གི་སྒྲིབ་པ་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམས་ཏེ་འདི་ཤེས་བྱའི་ སྒྲིབ་པའི་བྱེ་བྲག་ཡིན་ནོ། །ཡང་ཉོན་མོངས་པའི་སྒྲིབ་པ་ལ་མཐོང་སྤང་གི་ཉོན་མོངས་པ་བརྒྱ་ རྩ་བཅུ་གཉིས་དང༌། སྒོམ་སྤང་གི་ཉོན་མོངས་པ་བཞི་བརྒྱ་དང་བཅུ་བཞི་ཡོད་པར་བཤད་ དོ། །ཤེས་སྒྲིབ་ལ་མཐོང་སྒོམ་གྱི་ལམ་གྱི་སྤང་བྱ་གཟུང་འཛིན་གྱི་རྟོག་པ་བཞི་བཞི་ཡོད་དེ། མངོན་པར་རྟོག་པའི་རྒྱན་ལས། མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་ པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་ དང༌། རྣམ་རྟོག་བཞི་པོ་རེ་རེ་ལ་ཡང་དགུ་དགུ་སྟེ་སུམ་ཅུ་རྩ་དྲུག་ཡོད་པར་བཤད་དོ། །ཡང་ ན་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྒྲིབ་པའི་སྒྲིབ་པ་རྣམ་པ་དགུ་གསུངས་ཏེ་ཅུང་ཟད་སྔར་ བཤད་ཟིན་པ་ཉིད་དོ། ། ༢ ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པར་གསུངས་པའི་སྒྲིབ་པའི་ 5-1-299 རྣམ་པར་བཞག་པ་ལ་གཉིས། གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པར་གསུངས་པའི་སྒྲིབ་པའི་རྣམ་པར་ བཞག་པ་ལ། སྒྲིབ་པའི་ངོ་བོ་དང༌། སྒྲིབ་པའི་རྩ་བ་དང་གཉིས་ལས། ❶ སྒྲིབ་པའི་ངོ་བོ། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོར། སད་པ་དང་ནི་རྨི་ལམ་རང་བཞིན་སླར་ཡང་ གཞན་པ་འདི་ནི་གཉིད་དང་བཞི་པའི་རང་བཞིན་རྣམས། །ལུས་ལ་གནས་དང་དབུགས་ལ་ ཞེན་པ་ཡུལ་རྣམས་རྣམ་པར་སྤྱོད་ཅིང་གཡོ་མེད་སེམས་ལ་ཞེན་པ་སྟེ། །ཡེ་ཤེས་ལ་གནས་ བུད་མེད་རབ་ཏུ་འགྲོགས་ལས་བྱང་ཆུབ་སེམས་ནི་ཞུ་བ་ལ་ཡང་སྐད་ཅིག་འགྱུར། །སྤྲུལ་པ་ ལ་སོགས་དག་གི་སེམས་ཀྱི་རྡོ་རྗེ་རྣམ་པ་བཞིར་ནི་རིམ་པ་ངེས་པར་རབ་ཏུ་འགྱུར། །ཞེས་ གསུངས་ཏེ། སེམས་ཅན་ཐམས་ཅད་ལ་གདོད་མ་ནས་བཞུགས་པའི་དང་པོའི་སངས་རྒྱས་ སྐུ་བཞིའི་བདག་ཉིད་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་འཁོར་བའི་གནས་སྐབས་རྣམ་པ་བཞིའི་ སེམས་ཡིན་ཏེ། དེ་ཡང་འཁོར་བ་པ་རྣམས་ཀྱི་ལུས་ལ་གནས་པ་སྟེ་དཔྲལ་བར་གནས་པའི་ ལུས་ཀྱི་ཐིག་ལེས་བསྐྱེད་པ་རྣམ་རྟོག་སྣ་ཚོགས་པའི་འདུ་ཤེས་སད་པའི་གནས་སྐབས་ཀྱི་ སེམས་ནི་སྤྲུལ་པའི་སྐུའི་སྒྲིབ་པ་དང༌། དབུགས་ལ་ཞེན་པ་སྟེ་མགྲིན་པར་གནས་པའི་ངག་ གི་ཐིག་ལེ་དང་སྲོག་གིས་བསྐྱེད་པ་བག་ཆགས་སྣ་ཚོགས་ཀྱི་སྣང་བ་རྨི་ལམ་གྱི་གནས་སྐབས་ ཀྱི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་སྒྲིབ་པ་སྟེ། གནས་སྐབས་གཉིས་པོ་དེ་ནི་ཡུལ་གྱི་ སྣང་བ་སྣ་ཚོགས་ལ་རྣམ་པར་སྤྱོད་དོ། །གཡོ་མེད་སེམས་ལ་ཞེན་པ་སྟེ་སྙིང་ཁར་གནས་པའི་ ཡིད་ཀྱི་ཐིག་ལེས་བསྐྱེད་པ་མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་གནས་ སྐབས་ཀྱི་སེམས་ནི་ཆོས་ཀྱི་སྐུའི་སྒྲིབ་པ་དང༌། ཡེ་ཤེས་ལ་གནས་ཞེས་པ་ལྟེ་བར་གནས་ 5-1-300 པའི་ཡེ་ཤེས་ཀྱི་ཐིག་ལེས་བསྐྱེད་པ་བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མ་བུད་མེད་ དང་འགྲོགས་པ་ལས་བྱང་སེམས་ཐིག་ལེ་འཕོ་བ་བཞི་པའི་གནས་སྐབས་ཀྱི་སེམས་ནི་ངོ་ བོ་ཉིད་སྐུའམ་ལྷན་ཅིག་སྐྱེས་པའི་སྐུའི་སྒྲིབ་པ་ཡིན་ཏེ། འདི་དག་ནི་རིམ་པ་ལྟར་ལུས་དང་ ངག་སེམས་དང་ཡེ་ཤེས་ཀྱི་སྒྲིབ་པ་ཞེས་ཀྱང་བྱ་སྟེ། འཁོར་བ་པའི་སེམས་རྣམ་པ་བཞི་པོ་དེ་ འགགས་པ་ལས་སངས་རྒྱས་རྣམས་ཀྱི་སྐུ་བཞི་གདོད་མ་ནས་རང་ལ་བཞུགས་པ་དེ་མངོན་ དུ་བྱེད་ཅིང་ཐོབ་པར་འགྱུར་ཞེས་པའོ། །དེ་བཞིན་དུ་ལུས་ཀྱི་སྒྲིབ་པ་ནི་ཕུང་པོའི་བདུད་དང་ ངག་གི་སྒྲིབ་པ་ནི་ཉོན་མོངས་པའི་བདུད་དང་སེམས་ཀྱི་སྒྲིབ་པ་ནི་འཆི་བདག་གི་བདུད་དང་ ཡེ་ཤེས་ཀྱི་སྒྲིབ་པ་འཕོ་བའི་ཆགས་པ་ནི་ལྷའི་བུའི་བདུད་ཡིན་པར་གསུངས་སོ། །སྤྱིར་ནི་ སྒྲིབ་པའི་ངོ་བོ་འཁོར་བ་པའི་རྣམ་པར་རྟོག་པ་མཐའ་དག་ཡིན་ཏེ། རྣམ་རྟོག་མ་རིག་ཆེན་ པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས་ འཇམ་པའི་དབྱངས་ལ་བསྟོད་པར། རྣམ་པར་རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་ ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་གསུངས་ པ་བཞིན་ནོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལ་གདོད་ནས་ཚང་བའི་དོན་དམ་པའི་ས་ བཅུ་གཉིས་བདེན་དོན་རྣམ་པ་བཅུ་གཉིས་ཞེས་གསུངས་པ་དེ་ལ་སྒྲིབ་པར་བྱེད་པའི་འཁོར་ བའི་བདག་ཉིད་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་འཕོ་བ་བཅུ་གཉིས་ཀྱི་སྲོག་གི་རླུང་ དང༌། དང་པོའི་སངས་རྒྱས་ལ་གདོད་ནས་ཚང་བའི་དགའ་བ་བཞིའི་རབ་ཏུ་དབྱེ་བ་དེ་ཁོ་ན་ ཉིད་བཅུ་དྲུག་ཅེས་གསུངས་པ་དེ་ལ་སྒྲིབ་པར་བྱེད་པའི་ཀུན་རྫོབ་འཁོར་བའི་དགའ་བ་བཅུ་ དྲུག་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་རྣམ་པར་དག་པའི་ཕུང་པོ་དྲུག་ཁམས་དྲུག་དབང་ པོ་དྲུག་ཡུལ་དྲུག་ལས་ཀྱི་དབང་པོ་དྲུག་ལས་ཀྱི་དབང་པོའི་བྱ་བ་དྲུག་རིམ་པ་ལྟར། རྒྱལ་བ་ རིགས་དྲུག་དེ་བཞིན་གཤེགས་མ་དྲུག་བྱང་ཆུབ་སེམས་དཔའ་དྲུག་བྱང་ཆུབ་སེམས་མ་དྲུག་ 5-1-301 ཁྲོ་བོ་དྲུག་ཁྲོ་མོ་དྲུག་སྟེ། དྲུག་དྲུག་སུམ་ཅུ་རྩ་དྲུག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ ངོ་བོར་བཞུགས་པ་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་ནི་འཁོར་བ་པའི་མ་དག་པའི་ཕུང་པོ་དང༌། ཁམས་དང་དབང་པོ་དང་ཡུལ་དང་ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་{སྟེ་}དྲུག་ དྲུག་སུམ་ཅུ་རྩ་དྲུག་གོ། མདོར་ན་མ་དག་པ་འཁོར་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་ སོགས་པ་གློ་བུར་པ་ཐམས་ཅད་སྒྲིབ་པའི་ངོ་བོ་སྟེ་སྦྱང་བར་བྱ་བའི་དྲི་མའོ། ། ❷ སྒྲིབ་པའི་རྩ་བ། གཉིས་པ་སྒྲིབ་པའི་རྩ་བ་ནི། དཔལ་དུས་ཀྱི་འཁོར་ལོར། དེ་ལྟར་སེམས་ནི་རྣམ་བཞི་ སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ། རྣལ་འབྱོར་ དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་དག་ནི་ཐར་པའི་སླད་དུ་བསྲུང་བར་ བྱ། །ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱིས་མཆོག་གི་བདེ་བ་སྐྱེ་བའི་ས་བོན་སོང་ལ་ཐར་ པ་གང༌། །དེ་ཕྱིར་འཁོར་བའི་བདེ་བའི་སྐད་ཅིག་འདི་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་ དུས་སུ་སྤང་བར་བྱ། །ཞེས་གསུངས་ཏེ། དེ་ལྟར་འཁོར་བ་པ་རྣམས་ཀྱི་སད་པ་ལ་སོགས་ པའི་སེམས་རྣམ་པ་བཞི་ནི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ་བྱང་ཆུབ་ཀྱི་སེམས་ ཀྱི་ཐིག་ལེ་ལ་བརྟེན་པས་ན་ལུས་ལ་ཁྱབ་པར་བྱེད་པའི་ཐིག་ལེ་དེ་ནི་སངས་རྒྱས་ཉིད་ཐོབ་ པར་བྱ་བའི་དོན་དུ་བསྲུང་བར་བྱའོ། །ཐིག་ལེ་འཕོས་ན་རྣལ་འབྱོར་པའི་ལམ་གྱི་བདེ་བ་ཆེན་ པོའི་རྟེན་ས་བོན་ཉམས་པས་ཐར་པ་བདེ་བ་ཆེན་པོའི་ཡེ་ཤེས་ཐོབ་མི་སྲིད་པའི་ཕྱིར་འཁོར་ བ་པའི་ཐིག་ལེ་འཛག་པའི་བདེ་བའི་སྐད་ཅིག་མ་འདི་རྣལ་འབྱོར་པ་སྡོམ་བརྩོན་རྣམས་ཀྱིས་ དུས་ཐམས་ཅད་དུ་སྤང་བར་བྱའོ་ཞེས་གདམས་པ་སྟེ། འདིས་ནི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ འཛག་བདེ་འཕོ་བའི་ཆགས་པ་ཡིན་པར་བསྟན་ཏོ། །རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པར་ ཡང༌། གྲུབ་པ་ཀུན་ཀྱི་གཏེར་གྱུར་པ། །གལ་ཏེ་བྱང་ཆུབ་སེམས་ལྟུང་འགྱུར། །ཕུང་པོ་རྣམ་ 5-1-302 ཤེས་བརྒྱལ་བ་ན། །མ་སྨད་དངོས་གྲུབ་ག་ལ་ཡིན། །ཞེས་དང༌། འཕོས་པ་ལས་ནི་ཆགས་ བྲལ་འགྱུར། །ཆགས་བྲལ་ལ་ཡང་སྡུག་བསྔལ་འབྱུང༌། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་ བྱེད། །ཟད་པ་ལས་ནི་འཆི་བ་བརྗོད། ཤི་ལས་སླར་ཡང་དེ་རྣམས་ཀྱི། །སྲིད་པའོ་སྲིད་ལས་ སླར་འཆི་འཕོ། །དེ་ལྟར་སེམས་ཅན་གྱི་སྲིད་པ། ཆགས་བྲལ་ལས་འབྱུང་གཞན་དུ་མིན། །དེ་ ཕྱིར་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་ཆགས་པ་རྣམ་པར་སྤངས། །ཞེས་འཁོར་བ་པ་ རྣམས་ཀྱི་ཐིག་ལེ་འཕོ་བའི་ཆགས་པ་ནི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པར་གསུངས་སོ། ། འོ་ན་འཁོར་བའི་འཁོར་ལོ་ནི་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་བདག་ཉིད་ཀྱི་ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡིན་པར་གསུངས་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ ཀྱིའང་རྩ་བ་མ་རིག་པ་ཡིན་པར་གསུངས་པའི་ཕྱིར་འཁོར་བ་དང་སྒྲིབ་པའི་རྩ་བ་ནི་མ་རིག་ པ་ཡིན་གྱི་འཕོ་བའི་ཆགས་པ་ཡིན་པར་མི་རིགས་སོ། །ཞེ་ན། དེ་ལ་མ་རིག་པའི་དོན་ནི་སྤྱིར་ ཁམས་གསུམ་པའི་མི་ཤེས་པ་ལས་འབྲས་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་ཕྱིན་ཅི་ལོག་གི་བློ་ ཡིན་པར་བཤད་ཀྱང༌། འདིར་ནི་དྲི་མ་མེད་པའི་འོད་ལས། མ་རིག་པ་ནི་འདིར་སེམས་ཅན་ ཐམས་ཅད་ཀྱི་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །དེས་འདོད་ཆགས་ལ་རབ་ ཏུ་འཇུག་སྟེ་འདོད་ཆགས་ཀྱང་འགྱུར་བའོ། །འགྱུར་བ་ལས་ཆགས་པ་དང་བྲལ་བ་སྟེ་ཆགས་ པ་དང་བྲལ་བ་ཞེས་བྱ་བ་ནི་ཞེ་སྡང་ངོ༌། །ཞེ་སྡང་གི་བདག་ཉིད་ནི་བརྒྱལ་བ་སྟེ་བརྒྱལ་བ་ ཞེས་བྱ་ནི་གཏི་མུག་གོ། །དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ནི་ མ་རིག་པ་སྟེ་ནམ་མཁའི་མེ་ཏོག་གི་ཕྲེང་བ་ནི་མ་ཡིན་ནོ། །ཞེས་དང༌། འཕོ་བའི་བག་ཆགས་ འདི་ནི་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་གློ་བུར་གྱི་དྲི་མའི་རང་བཞིན་ཏེ་དེས་ འཁོར་བའོ། །ཞེས་གསུངས་པའི་ཕྱིར་ཐིག་ལེ་འཕོ་བའི་བག་ཆགས་འགྱུར་བའི་མ་རིག་པ་ འདི་ཉིད་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པར་ཤེས་པར་བྱ་ཞིང༌། དེའི་རྩ་བ་ཡང་སེམས་ 5-1-303 ཅན་རྣམས་ཀྱི་རང་རང་གི་ལུས་ལ་སྲོག་དང་ཐུར་སེལ་གྱི་རླུང་ཞག་རེ་ལ་དབུགས་འབྱུང་བ་ དང་འཇུག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཉིད་ཡིན་པར་གསུངས་ཏེ། རྩ་བའི་རྒྱུད་ལས། ཡེ་ཤེས་རྣམ་ཤེས་སྦྱོར་བ་ལས། །ལྟེ་བའི་དབུས་ན་གནས་པའི་སེམས། །སྲོག་གི་ཡོན་ཏན་ བརྒྱད་ཀྱིས་བཅིངས། །བདག་སྐྱེས་རྣམས་ཀྱི་དར་སྲིན་བཞིན། །ཞེས་སོ། །དེ་ལ་ཡེ་ཤེས་རྣམ་ ཤེས་སྦྱོར་བ་ནི་བདེ་སྟོང་དབྱེར་མེད་པ་སྟེ་ལྟེ་བའི་དབུས་ན་གནས་པའི་སེམས་ཞེས་པ་ནི་ སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པའི་སེམས་ཀྱི་རང་བཞིན་འོད་གསལ་ལྷན་ཅིག་ སྐྱེས་པའི་ཡེ་ཤེས་སོ། །སྲོག་ནི་དབུགས་ཡིན་ལ་དེའི་ཡོན་ཏན་ནི་དེས་བསྐྱེད་པ་ཟླ་བའི་ཡོན་ ཏན་ཡུལ་ལྔ་དང་ཉི་མའི་ཡོན་ཏན་རྡུལ་མུན་པ་སྙིང་སྟོབས་གསུམ་སྟེ་དེ་ལྟར་བརྒྱད་ཀྱིས་ལྷན་ ཅིག་སྐྱེས་པའི་སྐུ་དེ་བཅིངས་པ་སྟེ་བསྒྲིབས་ཞེས་པའོ། །བདག་སྐྱེས་ནི་སེམས་ཅན་ཏེ་རང་ ཉིད་ལས་བྱུང་བའི་སྒྲིབ་པ་རྣམ་{པར་}རྟོག་{པ་}རྣམས་ཀྱིས་རང་ཉིད་བཅིངས་པ་ནི་དཔེར་ ན་དར་གྱི་སྲིན་བུ་རང་ཉིད་ལས་བྱུང་བའི་སྐུད་པས་རང་ཉིད་བཅིངས་པ་བཞིན་ནོ། །ཞེས་ པའི་དོན་ཏེ་སྒྲིབ་པའི་ངོ་བོ་ནི་གནས་སྐབས་བཞིའི་སེམས་དང་གནད་གཅིག་པའི་ཟླ་ཉིའི་ ཡོན་ཏན་བརྒྱད་ཡིན་པ་དང་དེའི་ཡང་རྩ་བ་སྲོག་རླུང་ཡིན་པར་བསྟན་པས་དབུགས་འབྱུང་ བ་དང་འཇུག་པ་ཉིད་བཞི་པའི་གནས་སྐབས་ཀྱིའང་རྩ་བ་ཡིན་པར་ཤེས་པར་བྱ་སྟེ། དེ་ཉིད་ ཀྱི་རྗེས་སུ། སད་དང་རྨི་ལམ་གཉིད་ལོག་སྐབས། །རྣམ་གསུམ་ཡེ་ཤེས་དབྱེ་བ་ལས། །སྲོག་ ཆགས་རྣམ་ཀྱི་ཞལ་གསུམ་སེམས། ། བཞི་བའི་དུས་ལས་ཞལ་བཞི་བའོ། །ཞེས་གསུངས་ཏེ། གློ་བུར་གྱི་དྲི་མའི་སེམས་རྣམ་པ་ བཞིའི་དབྱེ་བས་སྲོག་ཆགས་རྣམས་ལ་བཞུགས་པའི་ལྷན་ཅིག་སྐྱེས་པའི་སྐུའང་རྣམ་པ་བཞི་ ཡིན་པར་བསྟན་ཞིང༌། ཟླ་ཉིའི་ཡོན་ཏན་བརྒྱད་དང་སད་པ་ལ་སོགས་པའི་གནས་སྐབས་ བཞིའང་གནད་གཅིག་ཏུ་བསྟན་པ་ཡིན་ནོ། ། 5-1-304 (༢) ལམ་གྱི་བྱེད་པ་བསྟན་པ་ལ་གསུམ། གཉིས་པ་ལམ་གྱི་བྱེད་ལས་བསྟན་པ་ལ་གསུམ་སྟེ། འཁོར་བ་གློ་བུར་གྱི་དྲི་མ་ཟད་པར་ བྱེད་པའི་ཚུལ། བྱེད་པ་བཅིང་བའི་དོན་དུ་རྩ་རླུང་གི་གནས་ལུགས་བསྟན་པ། རླུང་འགགས་ པས་ས་བཅུ་གཉིས་ཐོབ་པའི་ཚུལ་ལོ། ། ༡༽ འཁོར་བ་གློ་བུར་གྱི་དྲི་མ་ཟད་པར་བྱེད་པའི་ཚུལ། དང་པོ་ནི། འཕགས་པ་འཇིག་རྟེན་དབང་ཕྱུག་གིས། འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་ པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་རྣམས། ། ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་བཞིན། །ཞེས་གསུངས་ཤིང༌། འཕགས་པ་ཀླུ་སྒྲུབ་ ཀྱིས་ཀྱང༌། ཇི་ལྟར་སྦུན་པ་ལས་གྲོལ་ན། །འབྲས་ཉིད་སྣང་བར་གྱུར་བ་ལྟར། །དེ་བཞིན་ཉོན་ མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ནི་རབ་ཏུ་གསལ། །ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་ རྟེན་ན་ནི་དཔེར་བྱེད་ཀྱང༌། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །དངར་པོ་ཟ་བར་བྱེད་པ་ལྟར། ། སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་བའི་འབྲས་བུ་ སངས་རྒྱས་ཉིད། །ལུས་ཅན་ཀུན་ཀྱི་བདུད་རྩིར་འགྱུར། །ཞེས་གསུངས་པ་ལྟར་རྣལ་འབྱོར་ པ་བདག་ཉིད་ཀྱི་མ་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་ཡན་ལག་ བཅུ་གཉིས་ཀྱིས་བསྡུས་པའི་འཁོར་བ་སྒྱུ་མ་ལྟ་བུ་འདི་མ་ལུས་པར་ཟད་པར་བྱས་པ་ལས། རང་ལ་གདོད་མ་ནས་བཞུགས་པའི་སངས་རྒྱས་ཆོས་ཀྱི་སྐུ་དེ་ཐོབ་པར་འགྱུར་བ་ཡིན་པས་ ན། ལམ་གྱིས་གློ་བུར་གྱི་དྲི་མ་འཁོར་བ་སྒྱུ་མ་ལྟ་བུ་འདི་ཟད་པར་བྱེད་དགོས་པ་ཡིན་ཏེ། དྲི་ མ་མེད་པའི་འོད་ལས། སྡིག་པ་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་ དང་དེ་ཉམས་བྱེད། །དེ་བཞིན་རྣལ་འབྱོར་རྣམས་ཀྱི་སེམས་དེ་ནི། །སྒྱུ་མ་རྣམ་པར་ཉམས་ པར་བྱེད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་རྣལ་འབྱོར་པའི་ལམ་གྱི་སེམས་ཀྱི་གློ་བུར་གྱི་ 5-1-305 དྲི་མ་མ་ལུས་པ་ཟད་པར་བྱེད་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་ནི་ནམ་ཡང་ཟད་ཅིང་ ཉམས་པར་མི་འགྱུར་ཏེ། རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པར། ཇི་ལྟར་ཟངས་ཀྱི་དྲི་མ་ ནི། །རོ་ཡི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་ཉིད་ཀྱིས་ ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམས་ཉམས་འགྱུར། ། དེ་ཡི་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །ཞེས་དང༌། ཆོས་ཀྱི་ དབྱིངས་ཀྱི་བསྟོད་པར་ཡང༌། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། ། ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་འོད་ གསལ་མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་ དག་ཀུན་ཀྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་སོ། །དེ་ ལྟར་ལམ་གྱིས་འཁོར་བ་གློར་བུར་གྱི་དྲི་མ་མཐའ་དག་ཟད་པར་བྱེད་དགོས་ལ་དེ་ལ་ཡང་གློ་ བུར་གྱི་དྲི་མའི་རྩ་བ་འཕོ་བའི་བག་ཆགས་འགྱུར་བའི་མ་རིག་པ་དང་དེའི་ཡང་རྩ་བར་གྱུར་ པ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འགྱུ་བ་མ་ལུས་པ་འགགས་དགོས་ཤིང༌། ཡན་ལག་ དྲུག་གི་རྣལ་འབྱོར་འདི་ཡི་བྱེད་པ་བཅིངས་བའི་ཐབས་ཁྱད་པར་ཅན་གྱིས་ཐོག་མར་རླུང་ ཐམས་ཅད་ཨ་ཝ་དྷཱུ་ཏཱིའི་ནང་དུ་མྱུར་དུ་ཆུད་པར་བྱས་ནས་གཡོ་བ་མེད་པར་བྱེད་ཅིང་བྱང་ སེམས་ཐིག་ལེ་བརྟན་པར་བྱེད་ལ། དེ་ནས་རིམ་གྱིས་འཕོ་བ་བཅུ་གཉིས་ཀྱི་རླུང་རྣམས་མྱུར་ དུ་འགགས་པར་བྱས་ནས་ཞུ་བདེ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ སྡུག་བསྔལ་དང་རྣམ་པར་རྟོག་པ་ཐམས་ཅད་མྱུར་དུ་ཟད་པར་བྱེད་པས་ན་ལམ་ཐམས་ཅད་ ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོར། །དབུགས་ནི་བཅད་པའི་མཐའ་རུ་ རྣམ་གསུམ་བགྲོད་པ་འདི་དང་རྣམ་པ་དྲུག་ཀྱང་ཡོད་པ་མ་ཡིན་ཏེ། ཐིག་ལེ་བཀག་པར་གྱུར་ 5-1-306 ན་ཀུན་ནས་མཆོག་གི་ཁྱབ་བདག་བདེ་བ་མཐའ་ཡས་དུས་སུ་འཇུག་པར་འགྱུར། །འཁོར་ བ་དག་གི་བདེ་བ་སྤངས་ནས་མཆོག་གི་བླ་མའི་ཞལ་ནི་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། ། སྤྱོད་པ་སྒེག་པའི་གཟུགས་དང་མཆོག་ཏུ་འཇིགས་པ་བྱེད་ལ་རྣལ་འབྱོར་མ་རྣམས་དགྱེས་པ་ མ་ཡིན་ནོ། །ཞེས་གསུངས་ཏེ། རྣམ་གསུམ་བགྲོད་པ་ཞེས་པ་ནི་གཡས་གཡོན་དབུས་ཀྱི་རྩ་ གསུམ་ལ་རླུང་རྒྱུ་བ་སྟེ་དེ་མེད་པར་གྱུར་པ་ན་འགྲོ་བ་རྣམ་པ་དྲུག་ཀྱང་ཡོད་པ་མ་ཡིན་ཞེས་ པའི་དོན་ཏོ། །དཔལ་གསང་བ་འདུས་པར་ཡང༌། རླུང་ནི་ཐམས་ཅད་འགོག་པར་ཡང༌། །ཡང་ དག་རིག་པ་བདག་གིས་བཤད། །ཅེས་དང༌། རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ནས་ རྣམ་པར་བཅད་ནས་འགྲོ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །སྐུ་གསུང་རྡོ་རྗེས་བཅད་ནས་ ནི། །རྣམ་རྟོག་མེད་པའི་བདེ་བ་སྟེ། །སྔགས་ཀྱི་དེ་ཉིད་ཀྱིས་ནི་ཐོབ། །ཅེས་གསུངས་སོ། ། ༢༽ བྱེད་པ་བཅིང་བའི་དོན་དུ་རྩ་རླུང་གི་གནས་ལུགས་བསྟན་པ་ལ་གཉིས། གཉིས་པ་ལ་གཉིས་ཏེ། རྩའི་གནས་ལུགས་དང༌། རླུང་གི་རྒྱུ་ཚུལ་ལོ། ། ༡ རྩའི་གནས་ལུགས། དང་པོ་ནི། འདིར་རྣལ་འབྱོར་པས་བྱེད་པ་བཅིང་བའི་གནད་ཤེས་པར་བྱ་བའི་དོན་དུ་རྡོ་ རྗེའི་ལུས་ལ་རྩ་དང་རླུང་ཇི་ལྟར་གནས་པའི་ཚུལ་ཅུང་ཟད་བཤད་པར་བྱ་སྟེ། དེའང་རྩ་བའི་ རྒྱུད་ཀྱི་དབང་མདོར་བསྟན་པར། གང་ཞིག་ཟླ་ཉི་མུན་ཅན་དང༌། །བཤང་གཅི་ཁུ་བ་འབབ་དེ་ རྣམས། །སྲོག་དང་ཐུར་སེལ་རིམ་པ་ཡིས། །ལུས་ངག་སེམས་ཀྱི་རྩ་རྣམས་སོ། །ཟླ་བ་ཐབས་ ཀྱི་སྐུ་ཡིན་ཏེ། །ཉིན་མོར་བྱེད་པ་ཤེས་རབ་གསུང༌། །ཤེས་རབ་སྐུ་ནི་བཤང་པའི་རྩ། །གཅི་བ་ འབབ་མ་གཙོ་བོའི་གསུང༌། །སྟེང་འོག་ཐུགས་ཀྱི་རྩ་གཉིས་དག །མུན་ཅན་ཁུ་བ་འབབ་མའོ། ། ཐབས་ཀྱི་ཐུགས་ནི་མུན་པ་ཅན། །ཁུ་བ་འབབ་མ་ཤེས་རབ་ཀྱི། །སྟེང་འོག་རིགས་དྲུག་འདི་ རྣམས་ནི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས། །ཤེས་རབ་ཐབས་དངོས་ཡན་ལག་གིས། ། 5-1-307 ལུས་ཅན་ཀུན་ལ་ཡང་དག་གནས། །ཞེས་གསུངས་ཏེ། ལུས་ལ་ལྟེ་བའི་སྟེང་དུ་གཡོན་ན་ཟླ་ བའི་རྩ་རྐྱང་མའམ་ལ་ལ་ནཱ་ནི་ལུས་ཀྱི་རྩ་དང༌། གཡས་ན་ཉི་མའི་རྩ་རོ་མའམ་ར་ས་ནཱ་ངག་ གི་རྩ་དང༌། དབུས་ན་མུན་ཅན་ཏེ་སྒྲ་གཅན་གྱི་རྩ་དབུ་མ་ཨ་ཝ་དྷཱུ་ཏཱི་སེམས་ཀྱི་རྩ་སྟེ་དེ་ལྟར་ གསུམ་གནས་ལ། ལྟེ་བའི་འོག་ཏུ་གསང་གནས་ཀྱི་བར་དུ་གཡོན་ན་གཤང་[བཤང]བའི་ རྩ་དང༌། གཡས་ན་གཅི་བའི་རྩ་དང༌། དབུས་སུ་དུང་ཅན་མ་གསུམ་གནས་ཏེ། སྟེང་གི་རྩ་ གསུམ་གྱི་རྒྱུད་ཡིན་ལ། དེ་དག་ཀྱང་ལུས་ངག་སེམས་ཀྱི་རྩ་གསུམ་མོ། །སྟེང་འོག་གི་རྩ་དྲུག་ པོ་འདི་རྣམས་ལ་རིགས་དྲུག་གི་རྩ་ཞེས་བྱ་སྟེ་ཟླ་བའི་རྩ་ནི་ཐབས་ཀྱི་སྐུ་དང་བཤང་བའི་རྩ་ ནི་ཤེས་རབ་ཀྱི་སྐུ་དང་ཉི་མའི་རྩ་ནི་ཤེས་རབ་ཀྱི་གསུང་དང་གཅི་བའི་རྩ་ནི་ཐབས་ཀྱི་གསུང་ དང་སྒྲ་གཅན་གྱི་རྩ་ནི་ཐབས་ཀྱི་ཐུགས་དང་དུང་ཅན་མ་ཁུ་བའི་རྩ་ནི་ཤེས་རབ་ཀྱི་ཐུགས་ཏེ་ དེ་ལྟར་ཐབས་དང་ཤེས་རབ་ཀྱི་རིགས་དྲུག་གོ། དེ་བཞིན་དུ་སྟེང་གི་གཡོན་དང་གཡས་དང་ དབུས་ཀྱི་རྩ་གསུམ་ནི་ཆུ་དང་མེ་དང་སྟོང་པའི་ཁམས་འབབ་པ་དང༌། འོག་གི་གཡོན་དང་ གཡས་དང་དབུས་ཀྱི་རྩ་གསུམ་ནི་ས་དང་རླུང་དང་ཡེ་ཤེས་ཀྱི་ཁམས་འབབ་པ་སྟེ། ཆུ་རླུང་ ནམ་མཁའ་ཐབས་ཀྱི་ཡན་ལག་དང༌། ས་མེ་ཡེ་ཤེས་ཤེས་རབ་ཀྱི་ཡན་ལག་ཡིན་པའི་ཚུལ་ གྱིས་ལུས་ཅན་ཐམས་ཅད་ལ་ཡང་དག་པར་གནས་ཏེ། རྩ་དྲུག་པོ་འདི་ནི་ལུས་ལ་རྩ་སྟོང་ ཕྲག་བདུན་ཅུ་རྩ་གཉིས་གནས་པར་གསུངས་པ་ཐམས་ཅད་ཀྱི་རྩ་བའོ། །རྩ་དེ་རྣམས་སྟེང་ དང་འོག་ཏུ་ཇི་ལྟར་གནས་པའི་ཚུལ་ནི། དཔལ་དུས་ཀྱི་འཁོར་ལོར། ནཱ་ད་ཐིག་ལེ་ཆ་དང་ཡེ་ ཤེས་བདུད་རྩིའི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་བཅིངས་པའི་རྩ། །སྲོག་དང་ཐུར་སེལ་ལམ་ གསུམ་རྣམས་དེ་རྡོ་རྗེ་དང་བཅས་པད་མ་རྡོ་རྗེ་ཆུ་སྐྱེས་ལྡན་པ་ཉིད། །ཅེས་གསུངས་ཏེ། ལུས་ ལ་འཁོར་ལོ་དྲུག་ཡོད་པ་ལས་ནཱ་ད་ཞེས་པ་སྙིང་ཁའི་འཁོར་ལོ་དང༌། ཐིག་ལེ་ཞེས་པ་དཔྲལ་ བའི་འཁོར་ལོ་དང༌། ཆ་ཞེས་པ་མགྲིན་པའི་འཁོར་ལོ་དང༌། ཡེ་ཤེས་ཞེས་པ་ལྟེ་བའི་འཁོར་ 5-1-308 ལོ་དང༌། བདུད་རྩིའི་གནས་སུ་སོན་པའི་དོན་ནི་སྟེང་གི་རྩ་གསུམ་ལྟེ་བ་ནས་དཔྲལ་བའི་བར་ དུ་སོང་བ་ཡིན་ལ་དཔྲལ་བ་ནས་གཙུག་ཏོར་གྱི་བར་དུ་སོང་བ་ཡང་འགྲེལ་བར་གསུངས་ ཡོད་པས་འདི་ལྟར་སྦྱར་ཏེ། ལྟེ་བ་ནས་སྙིང་ཁའི་བར་དུ་ལམ་གསུམ་གྱི་རྣམ་པ་དང༌། སྙིང་ཁ་ ནས་མགྲིན་པའི་བར་དུ་ཡང་ལམ་གསུམ་གྱི་རྣམ་པ་དང༌། མགྲིན་པ་ནས་དཔྲལ་བའི་བར་དུ་ ཡང་ལམ་གསུམ་གྱི་རྣམ་པ་དང༌། དཔྲལ་བ་ནས་གཙུག་ཏོར་གྱི་བར་དུ་ཡང་ལམ་གསུམ་གྱི་ རྣམ་པར་བྱས་ནས་འགྲོ་ཞིང༌། འདིར་དངོས་སུ་མ་གསུངས་ཀྱང་སྐབས་གཞན་དུ་གསུངས་ པས་གཙུག་ཏོར་ནས་སྣའི་བར་དུ་ཡང་ལམ་གསུམ་གྱི་རྣམ་པར་བྱས་ནས་འགྲོའོ། །ལུ་གུ་ རྒྱུད་དུ་བཅིངས་པ་ནི་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་འཁོར་ལོ་ རྣམས་ཀྱི་གནས་སུ་གཡོན་གྱི་རྩ་དབུ་མ་ལ་གཡས་ནས་སྐོར་ཞིང་སླར་གཡོན་ནས་འགྲོ་ལ། གཡས་ཀྱི་རྩ་དབུ་མ་ལ་གཡོན་ནས་སྐོར་ཏེ་སླར་གཡས་ནས་འགྲོ་བ་ལུ་གུ་རྒྱུད་ཀྱི་རྣམ་པས་ དབུ་མ་བཅིངས་པའི་ཚུལ་དུ་གནས་སོ། །ལྟེ་བའི་འཁོར་ལོའི་གནས་སུ་ནི་རྩ་གསུམ་ཁོག་ འབྲེལ་བའི་རྣམ་པར་གནས་ཤིང༌། རྒྱུ་མཚན་དེ་ཉིད་ཀྱིས་གཡོན་དང་གཡས་ཀྱི་རྩ་ལ་རྒྱུ་ བའི་སྲོག་རླུང་དང༌། ཐུར་སེལ་གྱི་རླུང་དབུ་མར་འཇུག་པ་ནི་ལྟེ་བའི་འཁོར་ལོའི་དབུས་ནས་ འཇུག་གོ། དེ་བཞིན་དུ་ལྟེ་བ་ནས་གསང་གནས་ཀྱི་བར་དུ་ཡང་རྩ་གསུམ་པོ་ལམ་གསུམ་གྱི་ རྣམ་པར་བྱས་ནས་འགྲོ་ཞིང༌། གསང་གནས་ཀྱི་འཁོར་ལོའི་འོག་ཏུ་སུམ་རྗེས་སུ་བྱས་ནས་ བཤང་བའི་རྩ་དབུས་ནས་འགྲོ་ཞིང་གཅི་བའི་རྩ་གཡོན་ནས་འགྲོ་ལ་ཁུ་བའི་རྩ་གཡས་ནས་ འགྲོའོ། །འཁོར་ལོ་དྲུག་གི་རྩ་འདབ་རྣམས་ནི་འཁོར་ལོ་དྲུག་གི་གནས་ཉིད་དུ་གཡོན་དང་ གཡས་ཀྱི་རྩ་གཉིས་ལས་ཡལ་གའི་ཚུལ་དུ་གྱེས་པ་ལ་རྩ་འདབ་ཅེས་བརྗོད་དེ། དེ་ཡང་ལྟེ་ བའི་འཁོར་ལོ་ལ་སྙིང་པོར་འདབ་མ་བཞི་དང་དེའི་ཕྱི་རོལ་ཏུ་འདབ་མ་བརྒྱད་དང་དེའི་ཕྱི་ རོལ་ཏུ་འཕོ་བ་བཅུ་གཉིས་འབབ་པའི་ཁྱིམ་[གྱི་རྩ་འདབ]བཅུ་གཉིས་དང༌། དེའི་ཕྱི་རོལ་ཏུ་ 5-1-309 རྩ་འདབ་དྲུག་ཅུ་རྩ་བཞིའོ། །སྙིང་ཁའི་འཁོར་ལོའི་ནང་སྐོར་ལ་རྩ་འདབ་བཞི་དང༌། ཕྱི་སྐོར་ ལ་རྩ་འདབ་བརྒྱད། མགྲིན་པའི་འཁོར་ལོ་ལ་ནང་སྐོར་ལ་རྩ་འདབ་བཞི་དང་དེ་ནས་བརྒྱད་ དང་དེ་ནས་[རྩ་འདབ་]བཅུ་དྲུག་དང་དེ་ནས་རྩ་འདབ་སུམ་ཅུ་རྩ་གཉིས་སོ། །དཔྲལ་བའི་ འཁོར་ལོའི་ནང་སྐོར་ལ་བཞི་དང་[དེ་ནས་བརྒྱད་དང་]དེ་ནས་རྩ་འདབ་བཅུ་དྲུག་གོ། དེ་ལྟ་ ན་ཡང་འཁོར་ལོ་བཞིའི་རྩ་འདབ་ཀྱི་གྲངས་ནི་ཕྱི་སྐོར་གྱི་རྩ་འདབ་ཉིད་ལ་བརྩིའོ། །གཙུག་ ཏོར་གྱི་འཁོར་ལོ་ལ་རྩ་འདབ་བཞི་དང༌། གསང་གནས་ཀྱི་འཁོར་ལོ་ལ་ནང་སྐོར་ལ་དྲུག་དང་ དེ་ནས་བཅུ་དང་དེ་ནས་བཅུ་དྲུག་སྟེ་གསུམ་སྡོམ་པ་ལ་གསང་གནས་ཀྱི་འཁོར་ལོའི་རྩ་འདབ་ སུམ་ཅུ་རྩ་གཉིས་ཞེས་གསུངས་ལ། འཁོར་ལོ་དྲུག་གི་རྩ་འདབ་ཀྱི་གྲངས་བསྡོམས་ན་རྩ་ འདབ་བརྒྱ་དང་ལྔ་བཅུ་རྩ་དྲུག་ཡོད་དེ་དུས་ཀྱི་འཁོར་ལོར་བསྡུས་པའི་ལྷ་གྲངས་དང་མཐུན་ པས་དུས་ཀྱི་འཁོར་ལོའི་རྩ་ཞེས་གསུངས་ལ། འདི་རྣམས་ལས་ཀྱང་རྩ་འདབ་ཕྲ་མོ་དུ་མར་ གྱེས་པ་ལས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དབུ་མ་ཨ་ཝ་དྷཱུ་ཏཱིའི་ནི་འཁོར་ལོ་ རྣམས་ཀྱི་དབུས་ན་ལྟེ་བའི་ཚུལ་དུ་རྩ་འདབ། མ་སྐྱེས་པར་གནས་ཤིང་འོན་ཀྱང་གཙུག་ཏོར་ ནས་གདུགས་ཀྱི་རྣམ་པ་བཞིན་རྩ་འདབ་དུ་མར་གྱེས་ནས་ལུས་མཐའ་དག་ལ་ཁྱབ་པ་ཡིན་ པར་བཞེད་དོ། རྩ་བའི་ཀུན་སྤྱོད་རྒྱས་པར་ནི་རྒྱུད་འགྲེལ་ཆེན་པོ་ཉིད་ལས་ཤེས་པར་བྱའོ། ། ༢ རླུང་གི་རྒྱུ་ཚུལ། གཉིས་པ་དེ་དག་ལ་རླུང་ཅི་ལྟར་རྒྱུ་བའི་ཚུལ་ནི། གོང་དུ་བཤད་པའི་སྲོག་ཐུར་སེལ་ ལ་སོགས་པའི་རླུང་བཅུ་ལས་སྲོག་ཐུར་སེལ་གཉིས་ནི་ལྟེ་བ་ནས་སྟེང་དང་འོག་ཏུ་རྒྱུ་བ་ ཡིན་ལ། མཉམ་གནས་དང་གྱེན་རྒྱུ་ལ་སོགས་པ་བརྒྱད་ནི་སྙིང་ཁའི་རྩ་འདབ་བརྒྱད་ལ་རྒྱུ་ བར་གསུངས་སོ། སྲོག་གི་རླུང་ནི། དབང་མདོར་བསྟན་པར། རིམ་པས་ཆུ་ཚོད་འབབ་པ་ ནི། །དྲུག་ཅུ་དང་བཅས་སུམ་བརྒྱའི་དབུགས། །བརྒྱ་ཕྲག་བཅོ་བརྒྱད་དབུགས་དེ་རྣམས། 329། ཆུ་ཚོད་ལྔར་ནི་འབབ་པའོ། །ཆུ་ཚོད་དྲུག་ཅུ་ཉིན་མཚན་དུ། །ལུས་ལ་དཀྱིལ་འཁོར་རྣམས་ ཞེས་པའོ། །ཞེས་གསུངས་པ་ལྟར་ཞག་གཅིག་གི་ཆུ་ཚོད་དྲུག་ཅུའི་དུས་ལ་དབུགས་འབྱུང་ བ་དང་འཇུག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ལས་ལྟེ་བའི་ཁྱིམ་གྱིས་རྩ་འདབ་བཅུ་གཉིས་ ཀྱི་འདབ་མ་རེ་རེ་ལ་འཕོ་ཆེན་ནམ་དུས་སྦྱོར་གཅིག་གི་དབུགས་སྟོང་བརྒྱད་བརྒྱ་དང་ཆུ་ཚོད་ ལྔ་ལྔ་རྒྱུ་བས་འཕོ་བ་བཅུ་གཉིས་སུ་འགྱུར་ཞིང༌། དེ་ཡང་གཡོན་གྱི་རྩ་འདབ་དྲུག་ལ་རྒྱུ་བ་ ན་རླུང་སྣ་བུག་གཡོན་ནས་རྒྱུ་ཞིང་གཡས་ཀྱི་རྩ་འདབ་དྲུག་ལ་རྒྱུ་བ་ན་རླུང་སྣ་བུག་གཡས་ ནས་རྒྱུ་སྟེ་དུས་སྦྱོར་རེ་རེ་གཡོན་དང་གཡས་སུ་འཕོ་བའི་ཚུལ་གྱིས་སོ། །དེ་ལྟར་གཡོན་ནས་ གཡས་དང་གཡས་ནས་གཡོན་དུ་འཕོ་བའི་མཚམས་སུ་དབུགས་འབྱུང་བ་དང་འཇུག་པ་ལྔ་ བཅུ་རྩ་དྲུག་དང་བཞི་ཆ་རེ་རྩ་དབུ་མའི་ནང་དུ་རྒྱུ་ཞིང་དེའི་ཚེ་རླུང་སྣ་བུག་གཉིས་ལ་མཉམ་ པར་རྒྱུ་ལ་ཞག་གཅིག་གི་དབུ་མའི་དབུགས་ནི་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔར་འགྱུར་ཏེ། དབང་མདོར་བསྟན་པར། དུས་སྦྱོར་འཆར་བའི་མངོན་མཚམས་སུ། །དབུ་མ་ནས་ནི་མཉམ་ པ་འབབ། །རྐང་པ་དང་བཅས་ལྔ་བཅུ་དྲུག །འབྱུང་དང་འཇུག་པའོ་མི་ཡིས་བདག །བདུན་ ཅུ་རྩ་ལྔས་ལྷག་པ་ཡི། །དྲུག་བརྒྱ་ཉིན་དང་མཚན་ལའོ། །ཞེས་གསུངས་པ་ཡིན་ནོ། གཞན་ ཡང་རྩ་གཡོན་དང་སྣ་བུག་གཡོན་ལ་ནམ་མཁའ་རླུང་མེ་ཆུ་ས་རྣམ་ཤེས་ལ་སོགས་པ་ཕུང་ པོ་ལྔའི་རླུང་རྣམས་བསྐྱེད་རིམ་གྱིས་རྒྱུ་ཞིང༌། རྩ་གཡས་དང་སྣ་བུག་གཡས་ལ་ནི་སྡུད་རིམ་ གྱིས་ས་ཆུ་མེ་རླུང་ནམ་མཁའི་རླུང་རྣམས་རྒྱུ་སྟེ་རླུང་གི་མདོག་ཀྱང་ནམ་མཁའི་ལྗང་ཁུ་དང་ རླུང་གི་ནག་པོ་དང་མེའི་དམར་པོ་དང་ཆུའི་དཀར་པོ་དང་སའི་སེར་པོ་ཡིན་པར་གསུངས་ ལ། ལྟེ་བའི་རྩ་འདབ་བཅུ་གཉིས་ཀྱི་རྩ་འདབ་རེ་རེའི་ནང་དུ་ཡང་ནམ་མཁའ་རླུང་མེ་ཆུ་སའི་ རླུང་རྣམས་དབུས་དང་ཤར་དང་ལྷོ་དང་བྱང་དང་ནུབ་ནས་རིམ་པར་ལྟར་རྒྱུ་ཞིང་སྣ་བུག་ལ་ ཡང་དབུས་དང་སྟེང་དང་ཕྱི་ལོག་ལ་ཉེ་བའི་ཆ་དང་དབུས་ཀྱི་ཀ་བ་ལ་ཉེ་བའི་ཆ་དང་འོག་གི་ 5-1-310 ཆ་ནས་རིམ་པ་ལྟར་འབབ་པ་ཡིན་ཏེ། དབང་མདོར་བསྟན་པར། འདབ་མའི་དབུས་དང་དེ་ ནས་ཤར། །གཡས་གཡོན་གཞན་དུ་རིམ་པ་ཡིས། །གཡོན་པར་རྟག་ཏུ་ནམ་མཁའ་སོགས། ། གཡས་པར་ས་སོགས་གཞན་ལས་སོ། །གཡོན་པར་རྣམ་ཤེས་སོགས་འབྱུང་བ། །གཡས་ པར་ས་སོགས་སྡུད་པའོ། །ཞེས་དང༌། གཡོན་དང་གཡས་པའི་དུས་སྦྱོར་ནི། ལུག་སོགས་གླང་ ལ་སོགས་པ་ལ། །རྩ་བ་གཡོན་དང་དེ་ནས་གཡས༌། །སྟེང་དང་དབུས་སུ་རིམ་པས་རླུང༌། །ས་ སོགས་དཀྱིལ་འཁོར་རེ་རེ་ཞིང༌། །དབྱུ་གུའི་སྣ་བུག་དག་ལའོ། །ཞེས་གསུངས་སོ། དེ་བཞིན་ དུ་སའི་རླུང་ནི་སྣ་བུག་ནས་ཕྱི་རོལ་ཏུ་སོར་བཅུ་གཉིས་ཀྱི་བར་དུ་འགྲོ་ཞིང་དེ་ནས་ལྡོག་གོ། ཆུའི་རླུང་ནི་སོར་བཅུ་གསུམ་དང་མེའི་རླུང་ནི་སོར་བཅུ་བཞི་དང་རླུང་གི་རླུང་ནི་སོར་བཅོ་ལྔ་ དང་ནམ་མཁའི་རླུང་ནི་སོར་བཅུ་དྲུག་ཏུ་འགྲོ་ཞིང་དེ་ནས་ལྡོག་གོ། དབུ་མའི་ཡེ་ཤེས་ཀྱི་རླུང་ ནི་གཡོན་ནས་གཡས་སུ་འཕོ་བའི་མཚམས་སུ་ནི་སོར་བཅུ་གཉིས་ཀྱི་བར་དུ་འགྲོ་སྟེ་ས་ནས་ སར་འཕོ་བའི་མཚམས་ཡིན་པའི་ཕྱིར་རོ། །གཡས་ནས་གཡོན་དུ་འཕོ་བའི་མཚམས་སུ་ནི་ སོར་བཅུ་དྲུག་གི་བར་དུ་འགྲོ་སྟེ་ནམ་མཁའ་ནས་ནམ་མཁར་འཕོ་བའི་མཚམས་ཡིན་པའི་ ཕྱིར་རོ། །རླུང་སྣ་བུག་ལས་ཕྱི་རོལ་ཏུ་སོར་བཅུ་དྲུག་གི་བར་དུ་རིང་དུ་འགྲོ་བའི་ཚེ་ན་ནང་དུ་ ལྟེ་བའི་བར་དུ་འོང་ཞིང་ཕྱི་རོལ་ཏུ་སོར་བཅུ་གཉིས་ཀྱི་བར་དུ་འགྲོ་བའི་ཚེ་ན་ནང་དུ་ལྟེ་བའི་ འོག་གི་སོར་བཞིའི་བར་དུ་འོང་སྟེ་གཞན་གསུམ་ལ་ཡང་རིམ་པ་ལྟར་སོར་རེ་རེས་རིང་ཐུང་དུ་ འགྱུར་བར་གསུངས་སོ། །ཞག་རེ་ལ་གཡོན་དང་གཡས་ཀྱི་འཕོ་བ་བཅུ་གཉིས་ཆ་མཉམ་པར་ རྒྱུ་བ་འདི་ནི་སྐྱེས་བུ་ཁམས་སྙོམས་ཤིང་འཆི་ལྟས་མེད་པའི་དབང་དུ་བྱས་པ་ཡིན་ཏེ། འཆི་ལྟས་བྱུང་བ་ལ་ནི་འཕོ་བ་མེད་པར་གཡོན་ནམ་གཡས་འབའ་ཞིག་ལས་ཡོན་པོར་ རྒྱུ་བ་འབྱུང་ངོ༌། །དེ་ཡང་ཐོག་མར་སྣ་བུག་གཡོན་འབའ་ཞིག་ནས་ཞག་གཅིག་གི་བར་དུ་རྒྱུ་ བ་ནི་ལོ་གསུམ་ནས་འཆི་བར་འགྱུར་བའི་ལྟས་ཡིན་ཏེ་ཟླ་བའི་འཆི་ལྟས་ཞེས་པར་གསུངས་ 5-1-311 སོ། །དེ་བཞིན་དུ་ཐོག་མར་གཡས་འབའ་ཞིག་ནས་ཞག་ལྔའི་བར་དུ་རྒྱུ་བ་ཡང་ལོ་གསུམ་ ན་འཆི་བར་འགྱུར་བའི་ལྟས་ཡིན་ཏེ་ཉི་མའི་འཆི་ལྟས་ཞེས་པར་གསུངས་སོ། །འདི་དག་གི་ ཚུལ་ཞིབ་པར་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་རྒྱས་འགྲེལ་ལ་སོགས་པར་ཤེས་པར་ བྱའོ། །དེ་ལྟར་འཁོར་ལོ་དྲུག་གི་རྩ་རྣམས་ལ་སྲོག་དང་ཐུར་སེལ་གྱི་རླུང་ཅི་སྲིད་རྒྱུ་བ་དེ་སྲིད་ དུ་འཆི་བའི་སྡུག་བསྔལ་དང་བཅས་པ་ཡིན་པས་ན་རྣལ་འབྱོར་པས་ཡན་ལག་དྲུག་གི་རྣལ་ འབྱོར་གྱིས་དབུགས་ཀྱི་རྒྱུ་བ་དེ་དག་བཅད་ནས་རླུང་ཐམས་ཅད་དབུ་མའི་ནང་དུ་ཞུགས་ ཤིང་གཡོ་བ་མེད་པར་བྱས་ཏེ་འཆི་བའི་འཇིགས་པ་ལས་བསྲུང་བར་བྱ་སྟེ། དཔལ་དུས་ཀྱི་ འཁོར་ལོར། དྲུག་གི་རྩ་ནི་འཁོར་ལོ་འགོག་པ་ཟླ་བ་ཉི་མའི་དབྱེ་བས་རྣམ་གསུམ་ལམ་ལ་ གནས་པ་གང༌། །སྲོག་ཆགས་རྣམས་ལ་འཆི་བ་སྟེར་བ་དེ་ནི་བླ་མའི་ངེས་པའི་དབང་གིས་ ལུས་ལ་བསྲུང་བར་བྱ། །དྲུག་པོ་རྣམས་ལ་གལ་ཏེ་སྲོག་གི་རབ་ཞུགས་གྱུར་ན་དེ་ཚེ་མི་རྣམས་ འཆི་བས་འཇོམས་པར་ངེས། །ཕྲ་མོ་ལ་ནི་མ་ཞུགས་པ་ན་རྣལ་འབྱོར་རྣམས་ཀྱིས་འཆི་བའི་ ཡུལ་ནི་གང་དུ་གཅོད་པར་བྱེད། །ཅེས་གསུངས་སོ། ། ༣༽ རླུང་འགགས་པས་ས་བཅུ་གཉིས་ཐོབ་པའི་ཚུལ། གསུམ་པ་ནི། དེ་ལྟར་ཡན་ལག་དྲུག་གི་ལམ་གྱིས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ རིམ་གྱིས་ཟད་པར་བྱས་ནས་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་འཕོ་བའི་བག་ཆགས་ཟད་པར་ བྱེད་ཅིང་ལམ་གྱིས་བསྡུས་པའི་འགྱུར་མེད་ཀྱི་བདེ་བ་ཆེན་པོའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་ བརྒྱ་རིམ་གྱིས་རྫོགས་པར་བྱེད་དོ། །དེ་ཡང་རླུང་དུས་སྦྱོར་རེ་རེ་འགགས་པས་རྟེན་འབྲེལ་ ཡན་ལག་བཅུ་གཉིས་པོ་རེ་རེ་འགག་ཅིང་བདེ་བ་ཆེན་པོའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་[བ] རེ་རེ་རྫོགས་པས་ས་བཅུ་གཉིས་ཀྱི་ས་རེ་རེ་འཐོབ་པའོ། །བདེ་བ་ཆེན་པོའི་སྐད་ཅིག་ནི་ཏིང་ ངེ་འཛིན་གྱི་ཐོག་མ་ནས་མགོ་རྩོམ་སྟེ། རླུང་དུས་སྦྱོར་གཅིག་འགགས་པས་གསང་གནས་ 5-1-312 ཀྱི་འཁོར་ལོའི་ཕྱེད་དུ་བདེ་བ་ཆེན་པོའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་རྫོགས་ནས་ས་དང་པོ་ འཐོབ་པར་འགྱུར་ལ། རླུང་དུས་སྦྱོར་གཉིས་འགགས་ཤིང་གསང་གནས་ཀྱི་འཁོར་ལོར་ བདེ་བའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་བ་གཉིས་རྫོགས་པས་ས་གཉིས་པ་འཐོབ་ཅིང༌། དེ་ལྟ་ བུའི་ཚུལ་གྱིས་ལྟེ་བར་ས་བཞི་པ་དང༌། སྙིང་ཁར་དྲུག་པ་དང༌། མགྲིན་པར་བརྒྱད་པ་དང༌། དཔྲལ་བར་བཅུ་པ་དང༌། གཙུག་ཏོར་དུ་དབུགས་ཐམས་ཅད་འགགས་ཤིང་བདེ་བའི་སྐད་ ཅིག་ཐམས་ཅད་རྫོགས་ནས་ས་བཅུ་གཉིས་པ་ཐོབ་པར་གསུངས་སོ། །དེའང་ཕྱག་རྒྱ་ཆེན་ པོ་ཤིན་ཏུ་རྣམ་པར་དག་པའི་ལམ་འདི་ལ་ཡིད་ཆེས་པའི་མཚན་མ་རྣམ་པ་གསུམ་གསུངས་ པ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། མཚན་མ་ཡང་རྣམ་པ་གསུམ་སྟེ་དང་པོའི་མཚན་མ་ དང་བར་མའི་མཚན་མ་དང་ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ ལམ་སྦྱོར་བ་ཡན་ལག་དྲུག་གིས་གཟུགས་རྫོགས་ནས་འགྱུར་བ་མེད་པའི་སྐད་ཅིག་ཐོབ་ པའོ། །བར་མའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ ས་དང་པོ་ཐོབ་པ་དང་མངོན་པར་ཤེས་པ་ལྔ་དང་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་ དང་འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །ཐ་མའི་མཚན་མ་ནི་སངས་རྒྱས་ཉིད་དང་རྡོ་རྗེ་ འཆང་ཉིད་དེ་མཆོག་ཏུ་མི་འགྱུར་པའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ་ཞེས་གསུངས་ཤིང༌། རྩ་བའི་རྒྱུད་ཀྱི་ཡེ་ཤེས་ཀྱི་ལེའུ་ལས། དུ་བ་ལ་སོགས་བསྒོམ་བྱས་ཤིང༌། །སེམས་ནི་གཡོ་ བ་མེད་བྱས་ཏེ། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །པད་ མར་རྡོ་རྗེ་རབ་བཀོད་ནས། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །འཁོར་ལོ་ཐིག་ལེ་ཐིག་ལེ་ ཡི། །གཡོ་བ་རྡོ་རྗེར་དགག་པར་བྱ། །རྟག་ཏུ་རྟགས་རིངས་རྣལ་འབྱོར་པས། །རྟག་ཏུ་སྟེང་ དུ་ཁུ་བར་འགྱུར། །ཕྱག་རྒྱ་ཆེན་པོ་སྦྱོར་བ་ཡིས། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། 333། མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་རྫོགས་པས་ རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཞེས་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་སྒོམ་ པའི་གང་ཟག་གིས་ལས་དང་པོ་པའི་གནས་སྐབས་ནས་ཏིང་ངེ་འཛིན་ཐོབ་པའི་བར་ལ་སྦྱོར་ བ་ཡན་ལག་དྲུག་གི་ལམ་གྱི་རིམ་པ་ཐ་དད་པ་ལྟ་བུར་ཡོད་ཀྱི་ཏིང་ངེ་འཛིན་ཐོབ་ཡན་ཆད་ཀྱི་ ལམ་གྱི་གནས་སྐབས་སུ་ནི་ཡན་ལག་དྲུག་གི་རིམ་པ་ཐ་དད་པ་མེད་པར་ཕྱག་རྒྱ་ཆེན་པོ་འོད་ གསལ་རྣམ་པ་ཀུན་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་དང་འགྱུར་མེད་ཀྱི་བདེ་ བ་ཆེན་པོ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཁོ་ན་སྒོམ་པ་ཡིན་པར་ཤེས་པར་བྱའོ། །དཔལ་ ཀྱེའི་རྡོ་རྗེའི་རྩ་རྒྱུད་འབུམ་ཕྲག་ལྔ་པར་ཡང༌། འགྱུར་བའི་མ་རིག་འགོག་པ་ཡིས། །འདུད་ བྱེད་ངེས་པར་འགོག་པའོ། །ཞེས་པ་ནས། སྐྱེ་བ་འགོག་པ་ཡིས་ཀྱང་ནི། །རྒ་ཤི་ངེས་པར་ འགོག་པའོ། །ཕུང་པོ་ཁམས་རྣམས་ངེས་འགོག་ལས། །དེ་ཉིད་ཉེ་བར་ཞི་བར་བཤད། །དེ་ ལྟར་ལུས་ནི་འགོག་པ་ཡིས། །སྲོག་རླུང་ཡང་ནི་འགོག་པའོ། །སྲོག་རླུང་ངེས་པར་འགོག་པ་ ཡིས། །བྱང་ཆུབ་སེམས་ནི་འགོག་པའོ། །བྱང་ཆུབ་སེམས་ནི་འགོག་པ་ཡིས། །འཛག་པ་ ངེས་པར་འགོག་པའོ། །འཛག་པའི་སྐད་ཅིག་འགོག་པ་ཡིས། །རྣལ་འབྱོར་པ་ཀུན་སངས་ རྒྱས་ཉིད། །ཅེས་དང༌། མཆོག་གི་དང་པོའི་སངས་རྒྱས་སུ་ཡང༌། ཡན་ལག་བཅུ་གཉིས་ འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་གྲགས་ པ། །གནས་ལ་སོགས་པ་དོན་དམ་མོ། །ཞེས་གསུངས་སོ། །དེ་བཞིན་དུ་དྲི་མ་མེད་པའི་འོད་ དུ་ཡང༌། འདིར་གང་གི་ཚེ་འགྱུར་བའི་འདོད་ཆགས་ཉམས་པ་དེའི་ཚེ་མཆོག་ཏུ་མི་འགྱུར་ བར་འགྱུར་ཏེ་མཆོག་ཏུ་མི་འགྱུར་བ་ནི་འདོད་ཆགས་ཆེན་པོའོ། །འདོད་ཆགས་ཆེན་པོ་ལས་ ཆགས་བྲལ་ཉམས་པ་སྟེ་ཆགས་བྲལ་ཞེས་བྱ་བ་ནི་ཞེ་སྡང་ངོ༌། །ཞེ་སྡང་ཟད་པ་ལས་ཞེ་སྡང་ ཆེན་པོར་འགྱུར་རོ། །ཞེ་སྡང་ཆེན་པོ་ལས་རྒྱལ་བ་ཞེས་བྱ་བ་གཏི་མུག་ཉམས་པའོ། །གཏི་ 5-1-313 མུག་ཉམས་པ་ལས་གཏི་མུག་ཆེན་པོར་འགྱུར་རོ། །འདོད་ཆགས་ཆེན་པོ་དང་ཞེ་སྡང་ཆེན་ པོ་དང་གཏི་མུག་ཆེན་པོ་ལས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་མ་རིག་ པ་ཉམས་པའོ། །མ་རིག་པ་ཟད་པ་ལས་མ་རིག་པ་ཆེན་པོར་འགྱུར་རོ། །དེ་ལྟར་མ་རིག་པ་ འགགས་པས་འདུ་བྱེད་འགག་གོ། ཞེས་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགགས་ཏེ་དེ་ ལྟར་ཡན་ལག་བཅུ་གཉིས་འགགས་པ་ལས་ཆོས་མི་མཐུན་པས་བཅོམ་ལྡན་འདས་ཀྱི་ཡན་ ལག་རྣམས་ནི་སྒྲིབ་བ་མེད་པར་རིག་པར་བྱའོ། །ཞེས་གསུངས་སོ། །འདིར་བཅོམ་ལྡན་ འདས་ཀྱིས་ཡན་ལག་བཅུ་གཉིས་ནི་བདེན་དོན་རྣམ་པ་བཅུ་གཉིས་ཡིན་ལ། དེ་ཡང་གནས་ དང་ཉེ་བའི་གནས་ཞིང་དང་ཉེ་བའི་ཞིང་ཚན་དོ་ཧ་དང་ཉེ་བའི་ཚན་དོ་ཧ་འདུས་པ་དང་ཉེ་ བའི་འདུས་པ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དེ་ གདོད་ནས་ལྷུན་གྱིས་གྲུབ་པའི་དོན་དམ་པའི་ས་བཅུ་གཉིས་གཞི་འབྲས་ཀྱིས་བསྡུས་པའོ། ། དེ་དང་རྗེས་སུ་མཐུན་པ་རྣལ་འབྱོར་པའི་ལམ་གྱིས་བསྡུས་པའི་ས་བཅུ་གཅིག་དང་འབྲས་ བུས་བསྡུས་པའི་ས་གཅིག་སྟེ་ས་བཅུ་གཉིས་སུ་ཡང་འགྱུར་ཏེ། འདིར་ས་བཅུ་གཉིས་ཀྱི་མིང་ ནི། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་ཡང༌། ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་ པོ་མཛེས་པའི་ས་དང་བདུད་རྩིའི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་དང་ནམ་མཁའི་འོད་ ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་དང་རྡོ་རྗེའི་འོད་ཡིད་དགའ་བའི་ས་དང་རིན་ཆེན་འོད་ མངོན་པར་དབང་བསྐུར་བ་ལ་གནས་པའི་ས་དང་པད་མའི་འོད་རང་བཞིན་གྱིས་དག་པའི་ ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་དང་སངས་རྒྱས་ཀྱི་ལས་བྱེད་པའི་ས་དང་དཔེ་མེད་ པའི་ས་དང་དཔེ་ཐམས་ཅད་ཀྱི་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང་ཤེས་རབ་ཀྱི་འོད་བླ་ ན་མེད་པའི་ས་དང་ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་དང་སོ་སོའི་བདག་ ཉིད་རིག་པ་རྣལ་འབྱོར་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་སའོ། །ཞེས་གསུངས་ 5-1-314 སོ། །ས་དེ་རྣམས་ལས་ས་བཅུ་གཅིག་གི་བར་དུ་ཡོན་ཏན་གྱི་ཁྱད་པར་ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་གཅིག་དང་གཉིས་ལ་སོགས་པ་ཉིས་འགྱུར་དུ་བསྒྲེས་ཏེ་ཉི་ཤུ་རྩ་བཞི་ལྷག་ པའི་སྟོང་ཕྲག་གཅིག་གི་མཐར་ཐུག་པར་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་ དུ་མཐོང་བར་གསུངས་ཏེ། དེ་ལ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ལྟ་བུ་དབུས་ན་གནས་ པའི་ཕྱོགས་བཅུ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་རེ་རེ་བགྲངས་པ་ནི་ཕྱོགས་ བཅུའི་འཇིག་རྟེན་གཅིག་དང་སྟོང་ཕྲག་གཉིས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གཉིས་ ལ་སོགས་པར་གསུངས་སོ། །ས་བཅུ་གཉིས་པ་ལ་ནི་ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་ པ་ཐམས་ཅད་མཁྱེན་ཏེ་མ་གཟིགས་པ་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་ལམ་གྱི་གནས་ སྐབས་རྣམས་སུ་ཡང་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ ཁྱབ་པ་ཐོབ་པར་གསུངས་ཏེ། དཔལ་དུས་ཀྱི་འཁོར་ལོར། གཙོ་བོའི་སྐུ་ཡི་མཐུ་ལས་རྣལ་ འབྱོར་པ་རྣམས་དག་གི་མཆོག་གི་ལུས་ལ་ལྷ་ཡི་སྤྱན་དུ་འགྱུར། །དེ་ཡི་གསུང་གི་མཐུ་ལས་ རྣ་བ་དེ་ཡི་ཐུགས་ལས་གཞན་གྱི་སྙིང་ལ་གནས་པ་ཤེས་པར་འགྱུར། །ཤེས་རབ་སྐུ་ཡི་མཐུ་ ལས་རྣམ་གསུམ་སྲིད་པ་ལ་གནས་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཀྱི་ནི་ གསུང་གི་མཐུ་ལས་མཁའ་མཉམ་ཐམས་ཅད་དུས་སུ་ཀུན་འགྲོའི་རྫུ་འཕྲུལ་དུ་རབ་འགྱུར། ། ཤེས་རབ་ཐུགས་ཀྱི་རང་བཞིན་ལས་ནི་གང་ཞིག་བདེ་མཉམ་ཐམས་ཅད་དུས་སུ་གཞོམ་དུ་ མེད་པར་འགྱུར། །ལྷ་ཡི་སྤྱན་གྱི་མཐུ་ལས་མིག་གིས་མ་མཐོང་བ་དང་སྲིད་པ་རྣམ་པ་གསུམ་ ཡང་མཐོང་བར་འགྱུར། །ལྷ་ཡི་རྣ་བའི་མཐུ་ལས་སྲོག་ཆགས་རྣམས་ཀྱི་ཁ་ཡིས་བརྗོད་དང་ སྙིང་གི་སྒྲ་ནི་ཐོས་པར་འགྱུར། །དེ་བཞིན་སྐུ་གསུང་ཐུགས་ཀྱི་སྦྱོར་བ་དག་ལས་མི་ཡི་བདག་ པོ་རེག་བྱ་ལ་སོགས་ཐམས་ཅད་འགྱུར། །ཞེས་གསུངས་ཏེ། རྣལ་འབྱོར་པའི་ལམ་གྱི་གནས་ སྐབས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་དང་པོའི་སངས་རྒྱས་རྣམས་ཀུན་ 5-1-315 མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་སྐུ་རིམ་གྱིས་མངོན་དུ་བྱས་པའི་བྱིན་བརླབས་ལས་ཐོབ་པ་ ཡིན་པར་ཤེས་པར་བྱའོ། །ཐེག་པ་ཐུན་མོང་བ་ལ་གྲགས་པའི་ལམ་གྱི་སྤང་བྱ་སྤོང་བའི་ཚུལ་ དང་ཡོན་ཏན་ཐོབ་པའི་ཚུལ་ལ་སོགས་པ་ནི་འདིར་ཡི་གེ་མངས་སུ་དོགས་པས་མ་བྲིས་སོ། ། ⑵ ལྟ་བ་ཐུན་མོང་མ་ཡིན་པ་ཕྱག་རྒྱ་ཆེན་པོ་མཐའ་བྲལ་དབུ་མའི་ དོན་བསྟན་པ་ལ་གསུམ། གཉིས་པ་ལྟ་བ་ཐུན་མོང་མ་ཡིན་པ་ཕྱག་རྒྱ་ཆེན་པོ་མཐའ་བྲལ་དབུ་མའི་དོན་བསྟན་ པ་ལ་གསུམ་སྟེ། ཕྱག་རྒྱ་ཆེན་པོའི་རང་བཞིན། མཐའ་བྲལ་དབུ་མའི་དོན། ལྟ་བའི་རང་ [གི{བཞིན་གྱི་}ངོ་བོ་གཏན་ལ་དབབ་པའོ། ། (༡) ཕྱག་རྒྱ་ཆེན་པོའི་རང་བཞིན་ལ་གསུམ། དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་བསྟེན་ཅིང་ བསྟན་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་དེ་ ཁོ་ན་ཉིད་རིག་པ་ཐམས་ཅད་ཀྱིས་ཀྱང་བགྲོད་ཅིང་བསྔགས་པའི་ལམ། རྣལ་འབྱོར་གྱི་དབང་ ཕྱུག་ཆེན་པོ་རྣམས་ཀྱིས་ཉམས་སུ་མྱོང་ཞིང་ཆེད་དུ་བརྗོད་པའི་ཡུལ་མཆོག་ཏུ་གྱུར་པ་རྒྱུད་ ཀྱི་རྒྱལ་པོ་ཐམས་ཅད་དུ་གསུངས་པའི་ཕྱག་རྒྱ་ཆེན་པོ་དེའི་རང་བཞིན་ནི་གོང་ཉིད་དུའང་ ཅུང་ཟད་གསལ་བར་བྱས་ཟིན་མོད། །དིང་སང་གི་སྐྱེ་བོ་མང་པོ་དག་ཕྱག་རྒྱ་ཆེན་པོ་ལྟར་ བཅོས་པའི་ངོ་བོ་ཉིད་ལ་མཆོག་ཏུ་འཛིན་ཅིང༌། ཁ་ཅིག་ནི་ཡང་དག་པའི་དོན་གྱི་ཕྱག་རྒྱ་ཆེན་ པོ་འདིའི་ཕྱོགས་ཙམ་ཡང་ཁོང་དུ་མ་ཆུད་པར་རྣམ་གྲངས་དུ་མས་སྨོད་ཅིང་སྤོང་བ་དང་མཐོ་ འཚམས་པ་ཡོད་པ་ལ། ལམ་འདི་ལྟ་བུ་ལ་ཞུགས་པ་ཁ་ཅིག་ཀྱང་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ ཀྱི་དོན་འདི་ལ་ཇི་ལྟ་བ་བཞིན་མ་ཡིན་པར་སྨྲ་བ་དང་ཐེ་ཚོམ་དུ་གྱུར་ནས་འདོར་བ་དག་ནི་ མཐོང་ཞིང༌། འདིར་བདག་ལྟ་བུའི་རྣམ་པར་བཤད་པས་ནི་དེ་དག་འགའ་ཡང་བཟློག་པར་མི་ 5-1-316 ནུས་མོད་ཀྱི་བདག་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ་མོས་པ་འཕེལ་ཞིང་བརྟན་པར་ བྱ་བའི་ཕྱིར། ཤིན་ཏུ་རྣམ་པར་དག་པའི་ལུང་ལས་བྱུང་བ་བཞིན་མདོ་ཙམ་ཞིག་བཤད་པར་ བྱ་སྟེ། ཇི་སྐད་དུ་དཔལ་དུས་ཀྱི་འཁོར་ལོར། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་ མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་ མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་ དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། །སེམས་ལ་སེམས་དག་གིས་ནི་ བདག་གི་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཅན་དེ་ནི་གཅིག་པུའོ། །ཞེས་གསུངས་ཏེ། འདི་ ལ་ཕྱག་རྒྱ་ཆེན་པོའི་སྒྲ་དོན། ཕྱག་རྒྱ་ཆེན་པོའི་མཚན་ཉིད། ཕྱག་རྒྱ་ཆེན་པོའི་རྣམ་གྲངས་སོ། ། ༡ ཕྱག་རྒྱ་ཆེན་པོའི་སྒྲ་དོན། དང་པོ་ཕྱག་རྒྱ་ཆེན་པོའི་སྒྲ་དོན་ནི། ལེགས་པར་སྦྱར་བའི་སྐད་ལ་མ་ཧཱ་མུ་ཏྲ་ཞེས་པ་ཡོད་ དེ། མ་ཧཱ་ནི་ཆེན་པོ་མུ་ཏྲ་ནི་རྒྱ་ཞེས་པ་སྟེ། ཕྱག་ཅེས་པ་ནི་སྔོན་གྱི་ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས་ བསྣན་པའོ། །དེ་ཡང་རྒྱས་བཏབ་པའི་དོན་གྱིས་ན་ཕྱག་རྒྱ་སྟེ། དབང་མདོར་བསྟན་པར། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། རྒྱུ་ནི་འབྲས་བུའི་ རྒྱས་བཏབ་པ། །འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པའོ། །སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ། ། སྙིང་རྗེ་འགྱུར་མེད་འཛིན་པ་འབྲས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ དེ་མི་འཕོ་བའོ། །ཞེས་གསུངས་ཏེ། སྟོང་པ་ལས་བྱུང་ནི་ནམ་མཁའ་ལས་བྱུང་རང་བྱུང་བ། ཡིན་ལ་དེའང་གང་ཡིན་ན་གཟུགས་བརྙན་ཏེ་དུ་བ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་སྟོང་ གཟུགས་སོ། །དེ་ཉིད་ལྷན་སྐྱེས་འདུས་མ་བྱས་པའི་བདེ་བ་ཆེན་པོའི་རྒྱུ་ཡིན་ལ། མི་འགྱུར་བ་ སྟེ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དེ་ལས་སྐྱེས་པའི་ལྷན་སྐྱེས་འདུས་མ་བྱས་གྱི་བདེ་བ་ 5-1-317 ནི་འབྲས་བུའོ། །དེ་ལྟ་བུའི་རྒྱུ་ནི་འབྲས་བུས་རྒྱས་བཏབ་པ་ཡིན་ཞིང་འབྲས་བུ་ཡང་རྒྱུ་ཡིས་ རྒྱས་བཏབ་པ་སྟེ། རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ཉིད་བདེ་བ་ཆེན་པོའི་ངོ་བོ་ཉིད་དང་ བདེ་བ་ཆེན་པོ་ཡང་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཚུལ་གྱིས་ རྒྱུ་དང་འབྲས་བུ་དབྱེར་མེད་པ་མེའི་འོད་དང་སྲེག་པར་བྱེད་པ་ལྟར་གཅིག་ཏུ་གྱུར་པ་ནི་རྒྱས་ བཏབ་པའི་དོན་ནོ། །དེ་བཞིན་དུ་དམིགས་པ་དང་བཅས་པའི་སྟོང་པ་ཉིད་གཟུགས་བརྙན་ འཛིན་པ་སྟེ་རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་ངོ་བོ་ཉིད་ནི་རྒྱུ་དང་དམིགས་པ་མེད་པའི་ སྙིང་རྗེ་འགྱུར་མེད་འཛིན་པ་སྟེ་མི་འགྱུར་བའི་བདེ་བའི་ངོ་བོ་ཉིད་ནི་འབྲས་བུ་སྟེ། རྒྱུ་འབྲས་ དེ་དག་དབྱེར་མེད་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་དོན་དམ་པ་བྱང་ཆུབ་ཀྱི་ སེམས་ཐིག་ལེ་བཞི་མི་འཕོ་བའི་བདེ་བའོ། །ཞེས་པའི་དོན་དེ། དམིགས་བཅས་སྟོང་པ་ཉིད་ དང་དམིགས་མེད་སྙིང་རྗེ་ཆེན་པོ་ཕན་ཚུན་ངོ་བོ་{གཅིག་}ཉིད་དུ་གྱུར་པ་ནི་རྒྱས་བཏབ་པའི་ དོན་ཏོ། །དཔལ་བརྟག་པ་གཉིས་པའི་བརྟག་པ་ཕྱི་མར་ཡང༌། བདེ་བ་ནག་ཅིང་བདེ་བ་སེར། ། བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་ཁུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་དང༌། ། བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་ཏུ་རུ་སྐྱེས་བདེ། །བདེ་བ་དངོས་དང་དངོས་ མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །ཅེས་འོད་གསལ་རྣམ་པ་ཐམས་ཅད་པའི་ སྟོང་གཟུགས་ཉིད་བདེ་བ་ཆེན་པོ་དང་དེ་ཉིད་རྡོ་རྗེ་སེམས་དཔའ་ཐབས་ཤེས་དབྱེར་མེད་ པའི་བདག་ཉིད་དུ་གསུངས་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་དོན་ནོ། །དེ་ལྟ་བས་ན་ཁ་ཅིག་རང་ བཞིན་སྟོང་པ་ཉིད་དུ་རྟོགས་པས་ཕྱག །དེ་ལས་འདའ་ཉམས་མེད་པ་རྒྱ་ཞེས་དང༌། །ཕྱག་ནི་ སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཞེས་སྨྲ་བ་ནི་འདོད་རྒྱལ་བའི་སྨྲ་བ་ ཁོ་ནར་ཤེས་པར་བྱའོ། །ཆེན་པོའམ་ཆེན་མོ་ཞེས་པའི་དོན་ནི་དམན་པ་ལས་ཀྱི་ཕྱག་རྒྱ་དང་ ཡེ་ཤེས་ཀྱི་ཕྱག་རྒྱ་ལས་མཆོག་ཏུ་གྱུར་པས་ན་ཆེན་མོ་ཞེས་བྱ་སྟེ། རྩ་བའི་རྒྱུད་ལས། ལས་ 5-1-318 ཀྱི་ཕྱག་རྒྱ་བརྟག་པ་ཡིས། །ཡེ་ཤེས་ཕྱག་རྒྱ་ཡོངས་སྤངས་ནས། །མཆོག་ཏུ་མི་འགྱུར་སྦྱོར་བ་ ཡིས། །ཕྱག་རྒྱ་ཆེན་པོ་རྣམ་པར་བསྒོམ། །ཞེས་དང༌། དཔལ་དུས་ཀྱི་འཁོར་ལོར། སེམས་ནི་ རྙོག་པ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤང་བྱ་སྟེ། །ཡང་ དག་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱལ་བ་མཆོག་གི་བསྐྱེད་མ་མཆོག་གི་ཕྱག་རྒྱ་གོས་པ་ མེད། །རྣམ་པར་འགྱུར་བ་མེད་ཅིང་མཁའ་མཉམ་མུན་བཅོམ་ཁྱབ་བྱེད་རྣལ་འབྱོར་དག་གིས་ བགྲོད་བྱ་ཐེར་ཟུག་གནས། །ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཕྲོག་ཅིང་དུས་ཀྱི་འཁོར་ ལོས་རྗེས་སུ་རིག་པ་བསྒོམ་པར་བྱ། །ཞེས་གསུངས་ཏེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་ རྒྱ་ནི། འཛིན་པ་ལེགས་པར་ཐོབ་ནས་རྗེས་དྲན་གྱི་སྐབས་སུ་བདེ་བ་ཆེན་པོ་འཕེལ་བའི་དོན་ དང༌། བྱང་ཆུབ་ཀྱི་སེམས་ལ་དབང་ཐོབ་པ་རྣམས་ཀྱིས་དགོས་པ་ཁྱད་པར་ཅན་འགའ་ཞིག་ བསྒྲུབ་པའི་སྐབས་མ་གཏོགས་པ་རྣམ་པ་ཐམས་ཅད་དུ་སྤང་བར་བྱ་ཞིང་ཁྱད་པར་དུ་འཛིན་ པའི་ཡན་ལག་མ་ཐོབ་པར་བསྟེན་པ་ནི་འཁོར་བའི་རྒྱུ་ཉིད་དུ་འགྱུར་ཏེ། དྲི་མ་མེད་པའི་འོད་ དུ། དེ་བོར་སངས་རྒྱས་ཉིད་སླད་ནོར་ལ་ཆགས་ཤིང་འཁྱོག་པོའི་སྙིང་ལྡན་བརྟགས་མ་དག། གང་གིས་སྟེན་བྱེད་རྣམས་བརྟགས་བློ་ཅན་དེ་ཡིས་དེ་ཡང་འཕོ་བ་ཐོབ་པར་བྱེད། །འདོད་ ཆགས་ཉམས་ལས་བསྡིགས་ཏེ་གང་ཕྱིར་ཤིན་ཏུ་སྡུག་མ་ལས་ནི་ཞེ་སྡང་སྐྱེ། །སྡང་ལས་གཏི་ མུག་འདི་ལས་རང་གི་རྡོ་རྗེ་ལྷུང་ལས་སེམས་ནི་རྟག་རྨོངས་ཏེ། །མཆོག་མིན་མ་ལུས་བཟའ་ དང་བཏུང་བ་ལ་སོགས་ཡུལ་གཞན་དག་ལ་རབ་ཏུ་འཇུག །དེ་ཡི་སེམས་ལ་ཅོ་དྲིས་བདེ་བ་ ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། །ཞེས་གསུངས་པའོ། །དེས་ན་རྫོགས་པའི་བྱང་ ཆུབ་ཐོབ་པའི་ཆེད་དུ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཕྱག་རྒྱ་རྣམས་ཀྱི་ནང་ནས་ མཆོག་ཏུ་གྱུར་པ་རང་བཞིན་གྱིས་རྣམ་པར་དག་པས་ན་གློ་བུར་གྱི་དྲི་མས་གོས་པ་མེད་པ་ འདུས་མ་བྱས་པའི་དབྱིངས་ཡིན་པའི་རྣམ་པར་འགྱུར་བ་མེད་ཅིང་ཐེར་ཟུག་རྟག་པར་གནས་ 5-1-319 པ་ནམ་མཁའ་ལྟར་ཡངས་ཤིང་བརྟན་གཡོ་ཀུན་ལ་ཁྱབ་པར་བྱེད་པ་རང་བཞིན་གྱིས་འོད་ གསལ་བས་ན་མུན་པ་དང་བྲལ་ཞིང་རང་བྱུང་གི་ཡེ་ཤེས་ལྔའི་འོད་ཟེར་གྱི་གཟི་བརྗིད་དང་ ལྡན་པ་མཆོག་གི་རྣལ་འབྱོར་པ་དག་གིས་བགྲོད་པར་བྱ་བའམ་ཐོབ་པར་བྱ་བའི་གོ་འཕང་ མཐར་ཐུག་པ་རྣལ་འབྱོར་པའི་སྲིད་པའི་དྲི་མའི་རྩ་བ་འཕོ་བའི་བག་ཆགས་འཕྲོག་ཅིང་ཟད་ པར་བྱེད་པ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རང་རིག་ པའི་ཚུལ་གྱིས་རྗེས་སུ་རིག་ཅིང་རྟག་ཏུ་འཁྱུད་པར་གྱུར་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ པ་ཉིད་ཀྱི་གཟུགས་འདི་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱའོ་ཞེས་པ་ནི་ཕྱག་རྒྱ་ ཆེན་མོའི་མཚན་ཉིད་བསྟན་པའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས་ཀྱང༌། ལྟེ་བ་སྤྲུལ་ པའི་པད་མ་ལ། །ལྷ་མོ་གང་ཚེ་ཁྱོད་ཀྱི་གནས། །དེ་ཕྱིར་ཁྱོད་ནི་ཤེས་རབ་གྲགས། །ལེགས་ དགྱེས་རབ་མཆོག་རྨད་དུ་བྱུང༌། །བདག་དང་ལྷན་ཅིག་གཉིས་མེད་སྦྱོར། །ལེགས་དགྱེས་ དབང་པོ་ཁྱོད་ནི་བཞུགས། །ཚངས་པའི་ཡུལ་ས་བྱེ་བྲག་མཐར། །ལེགས་དགྱེས་ཁྱེད་ལ་རྒྱ་ ཡིས་བཏབ། །གྲངས་མེད་པ་ལ་རྒྱས་བཏབས་ཏེ། །དེ་ཕྱིར་ཕྱག་རྒྱ་ཆེ་ཁྱོད་གྲགས། །ཞེས་ གསུངས་ཏེ། འདི་ཡི་དོན་ཡང་སྟོང་པ་ཉིད་ཀྱི་གཟུགས་ལ་བདེ་བ་དང་བདེ་བ་ཆེན་པོ་ལ་སྟོང་ པ་ཉིད་ཀྱི་གཟུགས་ཀྱིས་རྒྱས་བཏབ་པ་གོང་དུ་བཤད་པ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ། པཉྩི་ཀ་པད་མོ་ཅན་ལས་ཀྱང༌། ཕྱག་རྒྱ་ཆེ་ཞེས་པ་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་ བའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡིན་ལ། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའམ་མི་འཕོ་བའི་བདེ་བ་ལ་རྒྱས་བཏབ་ པས་ན་ཕྱག་རྒྱ་སྟེ། ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལས་ཁྱད་པར་དུ་གྱུར་པ་དང་ འཁོར་བའི་བག་ཆགས་དང་བྲལ་བར་གྱུར་པས་ན་ཆེན་མོ་ཞེས་བྱའོ། །ཞེས་གསུངས་སོ། ། ༢ ཕྱག་རྒྱ་ཆེན་པོའི་མཚན་ཉིད་ལ་གཉིས། 5-1-320 གཉིས་པ་ལ། སྒྱུ་མ་དང་རྗེས་སུ་མཐུན་པའི་ཚུལ་མཐུན་པའི་ཚུལ་བསྟན་པ་དང༌། གནས་ལུགས་བསྟན་ཞིང་བཅོས་མའི་སྨྲ་བ་བསལ་བའོ། ། ⑴ སྒྱུ་མ་དང་རྗེས་སུ་མཐུན་པའི་ཚུལ་མཐུན་པའི་ཚུལ་བསྟན་པ། དང་པོ་ནི། སྒྱུ་མའི་རྗེས་སུ་མཐུན་པ་ཞེས་པའི་དོན་ནི་སྔར་བཤད་པ་ལྟར་དུ་བ་ལ་ སོགས་སྣ་ཚོགས་པའི་གཟུགས་སུ་སྣང་ཡང་དུ་བ་ལ་སོགས་པའི་དངོས་པོར་མ་གྲུབ་སྟེ། རྫུན་ པའམ་འཁྲུལ་པའི་སྣང་བར་སྟོན་པ་ནི་མ་ཡིན་ནོ། །སྒྱུ་མ་ནི་ཉེ་བར་མཚོན་པའི་དཔེ་ཕྱོགས་ གཅིག་སྟེ། རྡོ་རྗེ་སྙིང་འགྲེལ་ལས། གོང་དུ་དྲངས་པ་ལྟར་མིག་ཡོར་ལ་སོགས་པའི་དཔེ་དགུ་ གསུངས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་དུ་ཡང༌། དེ་ནས་དེ་བཞིན་གཤེགས་ པ་གང་གཱའི་ཀླུང་གི་བྱེ་མ་རྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་སྒྱུ་མ་ལྟ་བུ་དང་ཆུ་ཟླ་དང་མིག་ ཡོར་དང་སྨིག་རྒྱུ་དང་རྨི་ལམ་དང་སྒྲ་བརྙན་དང་དྲི་ཟའི་གྲོང་ཁྱེར་དང་མིག་འཕྲུལ་དང་དབང་ པོའི་གཞུ་དང་གློག་དང་ཆུ་བུར་དང་མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་ གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ནི་ཉེ་བར་མཚོན་པའི་ཚུལ་ལོ། །ཞེས་གསུངས་ཏེ། འདི་ཐམས་ཅད་ནི་ཆོས་སྐུའི་ཞིང་ཆོས་འབྱུང་སྟོང་གཟུགས་སྨིག་རྒྱུ་ལྟ་བུ་དང་འཇའ་ཚོན་དང་ གློག་ལྟ་བུ་ལ་སོགས་པ་དང་གཞོམ་མེད་ཀྱི་སྒྲ་ལ་སོགས་པ་ཉིད་ཡིན་པར་ཤེས་པར་བྱའོ། ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་རིམ་པ་ལྔ་པར། རྡོ་རྗེ་ཐེག་པ་འདི་ཉིད་དུ། །འདི་ནི་མང་དུ་ བཤད་མི་དགོས། །རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །མེ་ ལོང་ནང་གི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་མཚུངས་པར་ གང་གིས་མཐོང༌། །དེ་ནི་གཙོ་བོ་ཡིན་པར་བཤད། །མཐོང་བ་དང་ནི་རེག་པ་ཉིད། །འགྲོ་ བ་སྒྱུ་མ་ཇི་བཞིན་ཏེ། །དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། 342། ཅེས་དང༌། སློབ་དཔོན་འཕགས་པ་ལྷས་ཀྱང་སྤྱོད་པ་བསྡུས་པའི་སྒྲོན་མར། གང་གིས་སྒྱུ་ མའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་སངས་རྒྱས་ཀྱིས་དབང་བསྐུར་བ་ཐོབ་ པོ། །ཞེས་གསུངས་སོ། །འདིར་ཁ་ཅིག་དག་ཕྱག་རྒྱ་ཆེན་པོ་སྒྱུ་མ་དང་རྗེས་སུ་མཐུན་པའི་ དོན་ནི་གཟུགས་ལ་སོགས་པ་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་སྣ་ཚོགས་པ་འདི་རྣལ་འབྱོར་ པའི་མཉམ་པར་བཞག་པའམ་རྗེས་ཐོབ་ཀྱི་བློས་སྣང་ཡང་བདེན་པའི་ངོ་བོས་སྟོང་པ་སྒྱུ་མ་ ལྟ་བུ་ལ་སོགས་པར་དམིགས་པའི་དོན་མ་ཡིན་ནམ། རྣལ་འབྱོར་པའི་ཉམས་སུ་མྱོང་བ་ལ་ ཤར་བའི་དུ་བ་ལ་སོགས་པའི་སྟོང་གཟུགས་ཉིད་ཇི་ལྟར་ཡིན་{ནམ་}སྙམ་ན། ཕྱག་རྒྱ་ཆེན་ པོ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་ལ་ལེགས་པར་མཉམ་པར་གཞག་པའི་རྣལ་འབྱོར་པའི་ བློ་ལ་ནི་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྣང་བ་འགའ་ཡང་མེད་པར་ཤིན་ཏུ་རྣམ་པར་དག་པའི་ལུང་ གིས་འགྲུབ་སྟེ། མདོ་ལས། འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་ དང༌། མདོ་ལང་ཀར་གཤེགས་པར་ཡང༌། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་ མི་བརྟག་གོ། སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། ། ཞེས་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པར། སོ་སོར་སྡུད་པའི་དོན་རྣམ་པར་ ཤེས་པ་རྣམས་རང་རང་གི་ཡུལ་གཟུགས་ལ་སོགས་པ་ལ་མི་འཇུག་པ་ཡིན་པར་གསུངས་ པས་ན། །རྣལ་འབྱོར་པའི་མཉམ་པར་གཞག་པའི་བློ་ལ་གཟུགས་སོགས་ཀྱི་སྣང་བ་མེད་པར་ གྲུབ་པོ། །ལུང་གཞན་ནི་མང་དུ་དོགས་པས་མ་བྲིས་སོ། །རྣལ་འབྱོར་པའི་རྗེས་ཐོབ་ཀྱི་བློ་ ལ་གཟུགས་སོགས་སྒྱུ་མ་ལྟ་བུར་སྣང་བ་ནི་འདིར་བཤད་པའི་སྒྱུ་མ་ལྟ་བུའི་དོན་མ་ཡིན་ཏེ། འདིར་བཤད་པའི་ཕྱག་རྒྱ་ཆེན་པོ་སྒྱུ་མ་དང་རྗེས་སུ་མཐུན་པ་ནི་མཉམ་པར་གཞག་པའི་རྣལ་ འབྱོར་པ་ཁོ་ན་ལ་སྣང་བར་གསུངས་པའི་ཕྱིར་རོ། །འོ་ན་འཕགས་པ་ཀླུ་སྒྲུབ་ཀྱིས། དམིགས་ མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །ཅེས་མཉམ་པར་གཞག་པའི་རྣལ་ 5-1-321 འབྱོར་པ་ལ་སྣང་བ་དེ་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྣང་བར་བཤད་པ་མ་ཡིན་ནམ་སྙམ་ན། དེ་ནི་ འོད་གསལ་སྟོང་གཟུགས་ཉིད་ཀུན་རྫོབ་ཀྱི་རྣམ་པ་ལྟ་བུར་གནས་པ་ཙམ་ལ་དགོངས་པ་ཡིན་ གྱི། དེ་ཀུན་རྫོབ་ཀྱི་བདེན་པ་ཉིད་ནི་མ་ཡིན་ཏེ་ཆོས་ཉིད་དོན་དམ་པའི་བདེན་པ་ཡིན་པའི་ ཕྱིར་རོ། །འཕགས་པ་ལྷ་ཡིས་ཀྱང༌། མུན་{པ}བྲལ་བའི་སྐད་ཅིག་ལ། །འོད་གསལ་བློ་གྲོས་ ཤིན་ཏུ་དང༌། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། ཞེས་གསུངས་སོ། ། ⑵ གནས་ལུགས་བསྟན་ཞིང་བཅོས་མའི་སྨྲ་བ་བསལ་བ། གཉིས་པ་ནི། ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །ཞེས་ པའི་དོན་ནི། པྲ་ཕབ་པའི་མེ་ལོང་ལ་གཞོན་ནུ་མས་རྐུན་པོ་ལ་སོགས་པའི་གཟུགས་བརྙན་ མཐོང་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་འོད་གསལ་བའི་གཟུགས་བརྙན་རྣལ་འབྱོར་པས་གསལ་ བར་མཐོང་བ་ཡིན་ཏེ། གང་ལ་མཐོང་ན་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པས་ཡིད་ ལ་དང་ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན་ཡིན་པས་ན་ནམ་མཁའ་ལ་མཐོང་ངོ༌། །དེ་ ཡང༌། དྲི་མ་མེད་པའི་འོད་ལས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ ཅན། །རྣམ་པ་ཀུན་ཀྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་དང༌། གང་ཞིག་ ཕུང་པོ་ལ་སོགས་སྒྲིབ་པ་རབ་བཅོམ་ཡུལ་ནི་པྲ་ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་དེ་ ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་སྟེ། །ཞེས་གསུངས་སོ། །འཇིག་རྟེན་གསུམ་ པོ་སྣང་བར་བྱེད། །ཅེས་པ་ནི་ཆོས་ཉིད་འོད་གསལ་བའི་སྲིད་པ་གསུམ་པོ་ཉིད་ཕྱག་རྒྱ་ཆེན་ པོའི་ངོ་བོ་ཡིན་ལ་དེ་ཉིད་ཀྱིས་དེ་ཉིད་གསལ་བར་བྱེད་དོ། །ཞེས་པའི་དོན་ཏོ། །དྲི་མེད་གློག་ དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཅེས་པ་ནི། སྟོང་གཟུགས་ཀྱི་འོད་ཟེར་ཁ་ དོག་སྣ་ཚོགས་པ་ཤིན་ཏུ་དྲི་མ་མེད་ཅིང་འོད་གསལ་བ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་ 5-1-322 པ་འགྲོ་བ་སྟེ། དཔལ་དུས་ཀྱི་འཁོར་ལོར། སྤྲོ་བྱེད་ནུས་པའི་གཟུགས་ཅན་གློག་གི་མེ་དང་ མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་ གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཉིད་དོ། །ཕྱི་ དང་ལུས་ལ་དབྱེར་མེད་ཅེས་པ་ནི། མཚན་ཡང་དག་པར་བརྗོད་པར། ཆ་མེད་ཀུན་འགྲོ་ཁྱབ་ པ་པོ། །ཞེས་གསུངས་པས། ཕྱག་རྒྱ་ཆེན་པོ་དེ་ཉིད་བརྟན་གཡོ་ཐམས་ཅད་ལ་ནམ་མཁའ་ ལྟར་ཁྱབ་པས་ན་དེ་དག་ལས་ལོགས་སུ་རྣམ་པར་དབྱེར་མེད་ཅེས་པའོ། །ཡུལ་དང་རྣམ་པར་ བྲལ་བ་ཞེས་པ་ནི་རྡུལ་ཕྲ་རབ་ཀྱི་རྫས་སུ་མ་གྲུབ་པས་ཕྱི་རོལ་གཟུགས་སོགས་ཀྱི་ཡུལ་དུ་ མ་གྲུབ་ཅིང་རྣམ་པར་རྟོག་པས་བརྟགས་པའི་རྣམ་པ་དང་བྲལ་བའོ། །སེམས་ཀྱི་སྣང་བ་ཙམ་ ཞེས་པ་ནི་ཁམས་གསུམ་པས་བསྡུས་པའི་མ་དག་པའི་སེམས་ཀྱི་སྣང་བ་ནི་མ་ཡིན་གྱི་གདོད་ ནས་རྣམ་པར་དག་པ་རང་བཞིན་འོད་གསལ་བའི་སེམས་ཀྱི་སྣང་བ་ཙམ་དུ་ཤེས་པར་བྱ་སྟེ། དཔལ་དུས་ཀྱི་འཁོར་ལོར། སེམས་ཀྱི་སྣང་བ་ཙམ་ སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་ དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་ སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་དཔུང་ཡུལ་དང་བཅས་པ་མཐའ་དག་སྲེག་ བྱེད་ཅིང༌། །ལུས་ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡིས་སྦྱོར་བས་ བདེ་མཉམ་སྟེར་བར་བྱེད། །ཅེས་གསུངས་སོ། །འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། ཚིགས་སུ་བཅད་པ་དེ་ཉིད་{ཀྱི་}ལུང་དུ་ དྲངས་པའི་རྗེས་སུ། བཅོམ་ལྡན་འདས་ཀྱི་ངེས་པ་འདིའི་ཕྱིར་དབང་པོ་གཉིས་ཀྱིས་སྙོམས་ པར་འཇུག་པས་ཀྱང་ཕྱི་རོལ་གྱི་དབང་པོ་ལས་སྐྱེས་པ་འགྱུར་བའི་བདེ་བ་རྣམ་པར་སྤངས་ ནས་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་ཕྱག་རྒྱ་ཆེན་པོ་རང་གི་སེམས་ཀྱི་སྣང་བ་ཙམ་འདི་ 5-1-323 རྣལ་འབྱོར་པས་བསྒོམ་པར་བྱའོ། །ཞེས་གསུངས་སོ། །མཁའ་ལ་གནས་པ་ཡི་སེམས་ལ་ སེམས་{དག་}གིས་ནི་བདག་གིས་འཁྱུད་དེ་ཞེས་པ་ནི་རྣལ་འབྱོར་པའི་སེམས་ཀྱི་རང་བཞིན་ འོད་གསལ་བ་བདེ་བ་ཆེན་པོའི་སེམས་དང་སྟོང་པ་ཉིད་ཀྱི་སེམས་ཕན་ཚུན་དབྱེར་མེད་པར་ འཁྱུད་པ་རྒྱས་བཏབ་པའི་དོན་ཏོ། །འགྲོ་བ་དུ་མའི་གཟུགས་ཅན་ཞེས་པ་ནི་ཁམས་གསུམ་ པའི་རྣམ་པ་ཅན་གྱི་སངས་རྒྱས་ཀྱི་གཟུགས་ཡིན་ལ། དེ་ཉིད་གཅིག་པུའོ་ཞེས་པ་ནི་རྣམ་པ་སྣ་ ཚོགས་པར་སྣང་ཡང་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་ནམ་མཁའ་ལྟར་རོ་མཉམ་མོ་ཞེས་པའི་ དོན་ཏོ། །འདིར་ཁ་ཅིག་དག་ཕྱག་རྒྱ་ཆེན་པོའི་ངོ་བོར་གྱུར་པའི་སེམས་ནི་རྣལ་འབྱོར་པའི་ སེམས་ཀྱིས་སེམས་ཉིད་ལ་བལྟས་པའི་ཚེ་གཟུང་འཛིན་གྱི་དྲི་མས་མ་བསླད་པ་གསལ་ཙམ་ རིག་ཙམ་དུ་གནས་པ་འདི་ཉིད་མ་ཡིན་ནམ་འདི་ལས་ལོགས་ན་ཕྱག་རྒྱ་ཆེན་པོ་ཅུང་ཟད་ཀྱང་ མེད་དོ་སྙམ་ན་སེམས་གསལ་ཞིང་རིག་ཙམ་དུ་གནས་པ་འདི་ནི་ཁམས་གསུམ་པའི་སེམས་ དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ། འཁོར་བ་པའི་སེམས་ནི་ཉི་ ཚེ་བའི་ཤེས་པ་ཡིན་པ་དང༌། ཕྱག་རྒྱ་ཆེན་པོའི་སེམས་ནི་འཁོར་བ་ལས་འདས་ཤིང་ཉི་ཚེ་བ་ མ་ཡིན་པར་གསུངས་ཏེ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། སེམས་ཀྱི་རང་བཞིན་ འོད་གསལ་བའི་སྣང་བ་ལ་ཀླན་ཀ་སྤོང་བའི་སྐབས་སུ་འཁོར་བའི་སེམས་འདིའི་གནས་ ལུགས་བསྟན་ནས། ཉི་ཚེ་བའི་ཤེས་པ་འདི་ཉིད་ཀྱང་མཁས་པ་རྣམས་ཀྱིས་རྣམ་པར་དཔྱད་ པར་མི་ནུས་ན་འཁོར་བའི་བག་ཆགས་ལས་འདས་ཤིང་མྱ་ངན་ལས་འདས་པའི་བག་ཆགས་ ལས་བྱུང་བ་རྣལ་འབྱོར་པའི་རང་རིག་པ་ཀུན་ཏུ་བཟང་པོ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ ཤེས་རྨོངས་པ་རྣམས་ཀྱིས་རྣམ་པར་བརྟག་པར་ནུས་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །འདིའི་ དོན་ནི་སྔར་ཡང་བསྟན་ཟིན་པ་ཉིད་དོ། །དེ་བཞིན་དུ་ཁ་ཅིག་ཉོན་མོངས་པ་དང་རྣམ་རྟོག་ ཉིད་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཡིན་ནོ་ཟེར་བ་དང༌། གཞན་དག་ཉོན་མོངས་རྣམ་རྟོག་ 5-1-324 དང་ཡེ་ཤེས་སམ་ཕྱག་རྒྱ་ཆེན་པོ་ཆོས་སྐུའི་བར་ན་ངོ་ཤེས་མ་ཤེས་སམ་རྟོགས་མ་རྟོགས་སམ་ རིག་མ་རིག་གམ་ཁ་ཕྱི་ལྟ་ནང་ལྟའི་ཁྱད་པར་ཙམ་ལས་མེད་པས་ཉོན་མོངས་རྣམ་རྟོག་གི་ངོ་ བོ་ཉིད་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཡིན་ནོ་ཞེས་འདོད་པ་དང༌། ཡང་གཞན་དགསེམས་ ཡོད་གྱུར་ན་ཆོས་སྐུ་ཡོད་རིགས་ཏེ། །སེམས་མེད་པ་ལ་ཆོས་ཞིག་སུ་ཡིས་རྟོགས། །སེམས་ དང་ཆོས་སུ་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་ཚོལ་མཁན་གོང་ན་མེད། །མེད་པ་དུས་ གསུམ་མ་སྐྱེས་མི་འགགས་པས། །དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་ བ་ཆེན་པོའི་གནས་ལུགས་ཡིན། །དེ་ཕྱིར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །འགྲོ་བ་སེམས་ ཅན་རྣམས་ནི་སངས་རྒྱས་ཉིད། །འདུ་བྱེད་ལས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས། །ཞེས་དང༌། མཐོང་བྱ་མཐོང་བྱེད་མེད་པས་ཐ་དད་རང་སར་གྲོལ། །ཉམས་སུ་མྱོང་མཁན་སྟོར་བས་རྩོལ་ སྒྲུབ་ཀུན་དང་བྲལ། །ཐོབ་བྱའི་འབྲས་བུ་སྟོར་བས་རེ་དོགས་ཀུན་ལས་གྲོལ། །ང་བདག་ རྩད་ནས་ཐོན་པས་བདུད་ཀྱི་གཡུལ་ལས་རྒྱལ། །དངོས་འཛིན་རང་སར་ཞིག་པས་འཁོར་ འདས་ཀུན་ལས་གྲོལ། །རིག་པ་གཞི་ལ་དག་པས་རྫོགས་སངས་རྒྱས་ཞེས་བརྗོད། ། ཆོས་བློ་ཟད་སར་ཟད་ལ་མྱ་ངན་འདས་ཞེས་བརྗོད། །མ་བཅོས་མ་བསྒྱུར་སྤངས་ཐོབ་ ཀུན་ལས་གྲོལ། །ཞེས་དང༌། སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་སྤྲུལ་པ་ལ། །སྤྲུལ་ པའི་ངོ་བོ་ཡེ་ནས་སྐྱེ་མེད་ཆོས་ཀྱི་དབྱིངས། །བདེ་སྡུག་ལ་སོགས་གཉིས་སྣང་མཚན་མ་ ཐམས་ཅད་ཀྱང༌། །ཆོས་ཉིད་གཉུག་མ་ཕྱག་རྒྱ་ཆེན་པོའི་རོལ་པའོ། །ཞེས་པ་ལ་སོགས་པ་ ཕྱག་རྒྱ་ཆེན་པོ་ལྟར་བཅོས་པའི་ངོ་བོར་སྨྲ་བ་རྣམས་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ ཕྱག་རྒྱ་ཆེན་པོའི་གནས་ལུགས་ཟབ་ཅིང་རྒྱ་ཆེ་བ་གཏན་ལ་ཕབ་པ་འདི་ཉིད་ཀྱིས་སུན་ཕྱུང་ བར་ཤེས་པར་བྱའོ། །ཚིགས་སུ་བཅད་པ་དེ་དག་རྣམས་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ ཀྱིས་མཛད་དོ། །ཞེས་འགའ་ཞིག་གིས་བྲིས་པ་ནི་རྫུན་བྱས་པར་ཟད་དེ། བོད་བགྲེས་པོ་ཁ་ 5-1-325 ཅིག་གི་ངག་ཡིན་པར་ཤེས་པར་བྱའོ། ། ༣ ཕྱག་རྒྱ་ཆེན་པོའི་རྣམ་གྲངས། གསུམ་པ་ཕྱག་རྒྱ་ཆེན་པོའི་རྣམས་གྲངས་ནི་ཕྱག་རྒྱ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ པ་ཉིད་འདི་ཉིད་ནང་གི་རིག་པ་འགྱུར་བ་མེད་པ་ཞེས་ཀྱང་བྱ་སྟེ། དཔལ་དུས་ཀྱི་འཁོར་ལོར། རིག་པ་ཞེས་པ་ནང་རིག་འགྱུར་མེད་ཀྱང་སྟེ། འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་རབ་ གསུངས་ཉིད། །ཅེས་གསུངས་པའི་འགྲེལ་པར། འོ་ན་རིག་པ་གང་ཡིན་ཞེ་ན་སྨྲས་པ། རིག་ པ་ཞེས་པ་རྣམ་པར་མི་རྟོག་པ་ནང་གི་རིག་པ་སྟེ་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ དོ། །གཞན་ཡང་འགྱུར་མེད་ཀྱང་རིག་པ་སྟེ་དམིགས་པ་མེད་པ་ཟག་པ་མེད་པའི་བདེ་བའི་ བདག་ཉིད་ཅན་ནོ། །རིག་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་རྒྱུ་དང་འབྲས་བུ་གཅིག་ ཏུ་འདྲེས་པར་གྱུར་བ་སྟེ་མེའི་འོད་དང་སྲེག་པར་བྱེད་པ་གཅིག་ཏུ་འདྲེས་པར་གྱུར་པ་བཞིན་ ནོ། །འཇིག་རྟེན་འདིར་ནི་འདས་པ་དང་ད་ལྟར་བྱུང་བའི་ཐུབ་པ་ཆོས་ཀྱི་འཁོར་ལོ་ལ་གནས་ པ་རྣམས་ཀྱིས་རབ་ཏུ་གསུངས་པ་ཉིད་དོ། །ཞེས་གསུངས་སོ། །འདི་ཉིད་རྒྱལ་བའི་ཡུམ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་ཀྱང་བྱ་སྟེ། མཆོག་ཏུ་མི་འགྱུར་བའི་ཡེ་ ཤེས་གྲུབ་པར། དེ་བཞིན་དུ་གཞན་ནང་གི་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རང་བཞིན་ གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་མོ་ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མ་ཆོས་ཀྱི་ དབྱིངས་ཀྱི་རྒྱུ་མཐུན་པར་རྫོགས་པའི་གནས་སྐབས་ཏེ་རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ ཀྱི་ཡུམ་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་མཆོག་གི་ དང་པོའི་སྤྱོད་ཡུལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ལས་ འདས་པ་མེ་ལོང་གི་པྲ་ཕབ་པ་དང་རྨི་ལམ་དང་མཚུངས་པ་དེ་ནི་རྒྱལ་བ་རྣམས་ཀྱིས་ལྷན་ ཅིག་སྐྱེས་པའི་སྐུར་གསུངས་ཏེ། མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་རོ། །ཞེས་ 5-1-326 གསུངས་སོ། །དེ་ལྟར་གསུངས་པའི་རིམ་པ་འདིས། འབྲོ་བའི་བླ་མ་གོང་མ་དག་འོད་གསལ་ ཕྱག་རྒྱ་ཆེན་པོ་འདི་འཁོར་བའི་གནས་སྐབས་ན་མ་རིག་པ་གཞོམ་མེད། མྱ་ངན་ལས་འདས་ པ་ན་རྒྱལ་བའི་ཡུམ་ཡིན་ཞེས་པ་དང༌། མ་རིག་པ་གཞོམ་མེད་དག་པར་གྱུར་པ་ལས་འོད་ གསལ་སྟོང་གཟུགས་སུ་འཆར་བར་བཞེད་པ་ཡང་མི་འཐད་དེ་གདོད་མ་ཉིད་ནས་འགྱུར་ མེད་ཀྱི་རིག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འདི་ཉིད་ལ་ཆོས་འབྱུང་དང་བྷ་ག་ཞེས་བྱ་བ་ ལ་སོགས་པར་ཡང་གསུངས་ཏེ། མཆོག་གི་དང་པོའི་སངས་རྒྱས་ལས། ཨེ་གསང་མཁའ་ ཁམས་བྷ་ག་འམ། །ཆོས་འབྱུང་ཆུ་སྐྱེས་སེང་གེའི་ཁྲིར། །བཞུགས་པའི་རྡོ་རྗེ་ཅན་ཝཾ་དང༌། ། རྡོ་རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་ དང༌། །དང་པོའི་སངས་རྒྱས་ལ་སོགས་མཚན། །སྣ་ཚོགས་ཡུལ་གྱི་མིང་རྣམས་ཀྱིས། །རྒྱུད་ གཞན་དག་ཏུ་བདག་གིས་བརྗོད། །ཅེས་གསུངས་ཏེ། སངས་རྒྱས་བདེ་བ་ཆེན་པོའི་རྟེན་དང་ ཆོས་ཀྱི་སྐུའི་ཞིང་ཡང་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དུ་ཡང༌། ཇི་ ལྟར་ཏིལ་སོན་ཏིལ་མར་དང༌། །ཇི་ལྟར་ཤིང་ལ་སོན་པའི་མེ། །དེ་བཞིན་ཆོས་རྣམས་ཐམས་ ཅད་ལ། །ཡང་དག་གནས་ཀྱང་མི་མཐོང་བ། །ཆོས་ཀྱི་དབྱིངས་ནི་བྷ་གར་བཤད། །བྷ་ག་ རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པ་དེ་ཕྱིར་བྷ་གར་བཤད། ། ཅེས་གསུངས་སོ། །ཆོས་འབྱུང་གི་དོན་ནི། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། ཕྱག་ རྒྱ་ཆེན་མོ་ནི་རང་བཞིན་མེད་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་ མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་བསྐྱེད་པར་མཛད་མའོ། །ཆོས་ འབྱུང་གི་སྒྲས་ཀྱང་དེ་བརྗོད་དེ་ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་ཐམས་ཅད་ འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་གྱུར་པ་ནི་ 5-1-327 ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ༌། །ཞེས་དང༌། དེའི་ཕྱིར་ཆོས་འབྱུང་ནི་ཆོས་ཀྱི་དབྱིངས་ ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །ཞེས་གསུངས་ཏེ་ཆོས་འབྱུང་གི་སྒྲ་དོན་ནི་ སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཆོས་ཐམས་ཅད་ ཀྱི་འབྱུང་གནས་ཡིན་པས་ན་ཆོས་འབྱུང་ཞེས་བྱ་སྟེ། དེ་ཡང་སྟོབས་དང་མི་འཇིགས་པ་ལ་ སོགས་པའི་ཡོན་ཏན་སྔར་མེད་གསར་དུ་འབྱུང་བའི་འབྱུང་གནས་ནི་མ་ཡིན་གྱི། གདོད་མ་ ཉིད་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ལྷུན་གྱིས་གྲུབ་པར་གནས་པ་ན་ ཆོས་ཀྱི་འབྱུང་གནས་ཞེས་བྱ་སྟེ། རིན་པོ་ཆེའི་འབྱུང་གནས་ན་རིན་པོ་ཆེ་གདོད་ནས་ཡོད་པ་ བཞིན་ནོ། ། (༢) མཐའ་བྲལ་དབུ་མའི་དོན་གཏན་ལ་དབབ་པ། གཉིས་པ་མཐའ་བྲལ་དབུ་མའི་དོན་གཏན་ལ་དབབ་པ་ནི། དཔལ་དུས་ཀྱི་འཁོར་ལོར། སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ་དེ་བཞིན་རྣམ་པར་ཤེས་པ་ ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་ རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་མེད་དང་བྲལ་མི་རྣམས་གྱིས་ནི་སྟོང་པ་ ཉིད་དེ་བཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ན་གཙོ་བོ་གང་ཞིག་འཕོ་མེད་ལྷན་སྐྱེས་སྐུ་ཡི་ བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་གསུངས་ཏེ་འདིར་རྣམ་རིག་སེམས་ཙམ་ པ་དག་ནི་ཕྱི་རོལ་གྱི་དོན་དུ་སྣང་བའི་སྲིད་པ་གསུམ་པོ་འདི་ཉན་ཐོས་སྡེ་པ་འདོད་པ་ལྟར་ བཟུང་བ་རྡུལ་ཕྲ་རབ་ཆ་ཤས་མེད་ཅིང༌། དོན་དམ་པར་བདེན་པ་དེ་ལྟ་བུ་དུ་མ་བསགས་པ་ ལས་གྲུབ་པའི་གཟུགས་སོགས་སུ་བདེན་པ་མ་ཡིན་གྱི། མདོ་ལས། ཁམས་གསུམ་པོ་འདི་ དག་ནི་རྣམ་པར་ཤེས་པ་ཙམ་མོ་ཞེས་གསུངས་པ་ལྟར། ཁམས་གསུམ་པོ་མཐའ་དག་དོན་ 5-1-328 དམ་པར་རྣམ་པར་ཤེས་པ་ཙམ་དུ་བདེན་པ་ཡིན་ནོ་ཞེས་འདོད་དེ། དྲི་མ་མེད་པའི་འོད་ལས། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་པ་མིན། །རྨི་ལམ་ཉམས་སུ་མྱོང་ བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང༌། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་ པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་ རྣམས་སྒྲོགས། །ཞེས་གསུངས་པ་ལྟར་རོ། །མཚན་ཉིད་ཀྱི་ཐེག་པ་ཙམ་ལ་བརྟེན་པའི་དབུ་མ་ པ་དག་ནི་གཟུང་བ་ཕྱི་རོལ་གྱི་དོན་བདེན་པར་མ་གྲུབ་པ་དེ་བཞིན་དུ་ཁམས་གསུམ་པོ་འདི་ དག་རྣམ་པར་ཤེས་པ་ཙམ་ཉིད་དུ་ཡང་བདེན་པར་མེད་དོ། །ཞེས་འདོད་དེ། དྲི་མ་མེད་པའི་ འོད་ལས། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་ དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པད་མ་བཞིན། །ཞེས་གསུངས་པ་ལྟར་ རོ། །དེའི་ཕྱིར་ཆོས་གཞན་ལྟ་ཅི་སྨོས་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་སྟེ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱང་དོན་དམ་པར་གང་དུའང་གནས་པ་མ་ཡིན་ཞིང་ཅིའི་ངོ་ བོར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་གཅིག་ཡིན་ནོ་ཞེས་པའི་ཚིག་ནི་དབུ་མའི་མཐར་ཐུག་ སྔགས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པའི་སངས་རྒྱས་པ་སྟེ་དབུ་མ་པར་ཁས་འཆེ་བ་རྣམས་སྟོན་ པར་འགྱུར་རོ། །དེ་ལྟ་བུའི་ཚིག་གང་གིས་ཡིད་དྲངས་པར་གྱུར་པའི་མི་རྣམས་ཀྱིས་ནི་དེ་ཁོ་ ན་ཉིད་ནང་གི་རིག་པ་འགྱུར་བ་མེད་པ་དང་བྲལ་བའི་སྟོང་པ་ཉིད། ཆོས་ཐམས་ཅད་རང་ རང་གི་ངོ་བོས་སྟོང་ཞིང་ཅིར་ཡང་མ་གྲུབ་ལ་གང་དུ་ཡང་མ་རྙེད་ཙམ་སྟེ་མཐའ་བྲལ་དབུ་མའི་ དོན་དུ་བཟུང་ནས་ཆོས་ཐམས་ཅད་རྣམ་པར་ཆད་པའི་སྟོང་པ་ཉིད་དུ་ལྟ་བར་བྱེད་པ་དེས་ན་ སྟེ་དེ་ཡི་ཕྱིར། གཙོ་བོ་བཅོ་ལྡན་འདས་ཤཱཀྱ་ཐུབ་པ་རྡོ་རྗེ་འཆང་ཆེན་པོས་མཐའ་ཐམས་ཅད་ དང་བྲལ་བའི་དབུ་མ་ནང་རིག་འགྱུར་བ་མེད་པའི་ཡེ་ཤེས་གང་ཞིག་ཐེག་པ་ཐམས་ཅད་ཀྱི་ མཐར་ཐུག་བླ་ན་མེད་པ་སྔགས་ཀྱི་ཐེག་པར་བསྟན་ནོ། །འགྱུར་མེད་ཀྱི་ཡེ་ཤེས་ཇི་ལྟ་བུ་ཞེ་ 5-1-329 ན། འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་ཞེས་པ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བ་ དང་པོའི་སངས་རྒྱས་ལྷན་ཅིག་སྐྱེས་པའི་སྐུའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུའོ། །འདིར་ ལུས་ཞེས་པ་རྣལ་འབྱོར་པའི་ལུས་ཀྱི་བདེ་བ་ནི་མ་ཡིན་ཏེ། འབྲོ་བའི་འགྱུར་ལས། ལྷན་ ཅིག་སྐྱེས་པའི་བདེ་སྐུ་ཞེས་འབྱུང་བ་ལེགས་སོ། །ལྷན་སྐྱེས་བདེ་བ་ཆེན་པོའི་སྐུ་དེ་ཡི་ངོ་བོ་ ནི་དམིགས་བཅས་སྟོང་པ་ཉིད་དང་དམིགས་མེད་སྙིང་རྗེ་དབྱེར་མེད་པ་སྔར་བཤད་པའི་ ཕྱག་རྒྱ་ཆེན་པོའི་དོན་ཉིད་ཡིན་ལ་དེ་མཐའ་བྲལ་དབུ་མའི་གནས་ལུགས་ཡིན་པའི་ཚུལ་ སྔར་ཡང་ཅུང་ཟད་བཤད་ཅིང༌། གཞན་ཡང་དྲི་མ་མེད་པའི་འོད་དུ། རྒྱུད་ཀྱི་རྒྱལ་པོའི་གང་ ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་པོ་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། ། ཞེས་པའི་དོན་འགྲེལ་པ་ན། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་ པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག་ཅེས་སོ། །གང་ ཞིག་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །དེ་གང་ཞེ་ན། གང་ཞིག་སྙིང་རྗེ་སྟོང་ཉིད་ གཉིས་སུ་མེད་པར་སྨྲ་པོ་སྟེ་འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་ བྲལ་བ་དང་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་ པའི་སླད་དུ་དུས་གསུམ་དུ་འཇུག་པའོ་ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། ། ཞེས་དང༌། འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པར་བྱ་ བའི་སླད་དུ། རྡོ་རྗེའི་རྣལ་འབྱོར་རིས་མེད་པ་རྟག་པ་དང་ཆད་པ་སྤངས་པ་འཇིག་རྟེན་པའི་ དཔེ་ལས་འདས་པ་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་པ་གཞོན་ནུ་མའི་མེ་ལོང་ལ་པྲ་ ཕབ་པ་བཞིན་རང་གི་སེམས་ཀྱིས་མ་བརྟགས་པ་མངོན་སུམ་དུ་མཐོང་བ་ཡིད་ཆེས་པའི་དོན་ ཅན་རྣམ་པ་ཐམས་ཅད་པ་ནམ་མཁའ་ལས་བྱུང་བ་ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་ པ་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ལྷན་ཅིག་སྐྱེས་པའི་དགའ་བ་གཏན་ 5-1-330 ཚིགས་དང་དཔེ་སྤངས་པ་འདིའི་དཔེར་དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ཉིད་འགྱུར་ ཏེ་ཆོས་མི་མཐུན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ་ཡོད་མིན་ མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་ གྲོལ་པའི། །བདེན་ཆེན་སྐུ་ལ་ཕྱག་འཚལ་ནས། །ཞེས་གསུངས་ཏེ། ལྷན་ཅིག་སྐྱེས་པའི་བདེ་ བའི་སྐུ་འདི་ནི་ཀུན་རྫོབ་འདུས་བྱས་ཀྱི་དངོས་པོ་མ་ཡིན་པས་ཡོད་པའི་མཐའ་ལས་འདས་ པ་དང༌། ནམ་མཁའ་ལྟར་ཅི་ཡང་མེད་པའི་དངོས་པོ་མ་ཡིན་པས་མེད་པའི་མཐའ་ལས་ འདས་པ་དང༌། དངོས་པོ་དངོས་མེད་གཉི་ག་ཡིན་པ་དང་གཉི་ག་མ་ཡིན་པའི་ཕུང་པོ་གསུམ་ པ་མི་སྲིད་པས་ཡོད་མེད་གཉི་ག་དང་གཉི་ག་མ་ཡིན་པའི་མཐའ་གཉིས་ལས་འདས་པ་སྟེ། སྤྲོས་པའི་མཐའ་བཞི་དང་བྲལ་བའམ། ཡང་ན་ཆགས་པ་དཀར་ཕྱོགས་དང༌། ཆགས་བྲལ་ ནག་ཕྱོགས་ཀྱི་མཐའ་གཉིས་དང་དེ་དག་གཉི་ག་དང་གཉི་ག་མ་ཡིན་པའི་མཐའ་གཉིས་ཏེ་ མཐའ་བཞི་དང་བྲལ་བ་ཆ་བཅུ་དྲུག་པ་སྟེ། མཚན་ཡང་དག་པར་བརྗོད་པར་ཡང༌། ཆ་མེད་ཆ་ ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །ཞེས་དང༌། རྩ་བའི་རྒྱུད་དང་པོའི་ སངས་རྒྱས་ལས། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱིས་ ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། རྡོ་ རྗེའི་རྣལ་འབྱོར་རིས་མེད་པ། །ཞེས་གསུངས་པའོ། །དོན་འདི་ཉིད། རྗེ་བཙུན་བྱམས་པས་ མདོ་སྡེའི་རྒྱན་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་ འགྲིབ་པར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་ འགྱུར་དེ་ནི་དོན་དམ་མཚན། །ཞེས་གསུངས་ཏེ། དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་འདི་ ཀུན་བརྟགས་གཞན་དབང་གཉིས་ཀྱི་ངོ་བོར་ནི་ཡོད་པ་མ་ཡིན་ཞིང༌། ཆོས་ཉིད་འགྱུར་བ་ 5-1-331 མེད་པའི་ཡོངས་གྲུབ་ཀྱི་ངོ་བོར་མེད་པ་མ་ཡིན་ལ། དེ་དག་གཉི་ག་དང་གཉི་ག་མ་ཡིན་པའི་ ངོ་བོར་ཡང་མ་གྲུབ་པ་ཉིད་མཐའ་དང་བྲལ་བའི་དོན་དུ་གསུངས་སོ། །མཐའ་ཐམས་ཅད་དང་ བྲལ་བའི་ལྷན་ཅིག་སྐྱེས་པའི་སྐུ་ནང་རིག་འགྱུར་བ་མེད་པ་དབུ་མའི་དོན་གཤིས་ཀྱི་གནས་ ལུགས་ལ་གྲུབ་པ་ཡིན་ན། །དཀོན་མཆོག་བརྩེགས་པའི་མདོར། །འོད་སྲུང་ཡོད་ཅེས་བྱ་བ་ནི་ མཐའ་གཅིག་གོ། མེད་ཅེས་བྱ་བ་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་ དཔྱད་དུ་མེད་པ་བསྟན་དུ་མེད་པ་རྟེན་མེད་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པ་གནས་ པ་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་ དང༌། ཡོད་དང་མེད་ཅེས་བྱ་བ་གཉི་ག་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ ཏེ། །དེ་ཕྱིར་གཉི་གའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པ་སྤོང་ མི་བྱེད། །ཅེས་དང༌། དབུ་མ་རྩ་བ་ཤེས་རབ་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པ་གནས་པར་མི་བྱའོ། །ཞེས་ མཐའ་དང་བྲལ་བའི་དབུ་མ་གཤིས་ཀྱི་གནས་ལུགས་ལ་མ་གྲུབ་ཅིང༌། ཡོད་པར་ཁས་ལེན་ པ་ཐམས་ཅད་ཡོད་པའི་མཐར་ལྷུང་བར་བཤད་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་ཡོད་ པ་དང་མེད་པར་ཁས་བླངས་པ་ཐམས་ཅད་མཐར་ལྷུང་བ་ནི་མ་ཡིན་གྱི། གནས་ལུགས་ཀྱི་ དོན་ལ་མེད་པ་ཞིག་ཡོད་པར་ཁས་བླངས་ན་ཡོད་པའི་མཐར་ལྷུང་བར་འགྱུར་ཞིང༌། གནས་ ལུགས་ཀྱི་དོན་ལ་ཡོད་པ་ཞིག་མེད་པར་ཁས་བླངས་ན་མེད་པའི་མཐར་ལྷུང་བར་འགྱུར་བ་ ཡིན་ནོ། །དེས་ན་མཐར་གྱུར་པའི་ཡོད་མེད་དང་ཕྱིར་ཡོད་མེད་ཙམ་ནི་ཁྱད་པར་ཤིན་ཏུ་ཆེའོ། ། རྟག་ཆད་ཀྱི་ལྟ་བར་འགྱུར་མི་འགྱུར་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། ལྷ་མོ་དཔལ་ཕྲེང་གི་ མདོར། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་མི་རྟག་པར་ལྟ་ན་དེ་ནི་དེའི་ཆད་པར་ལྟ་ བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་མྱ་ 5-1-332 ངན་ལས་འདས་པ་ལ་རྟག་པར་ལྟ་ན་དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་ དག་པའི་ལྟ་བ་ལགས་སོ། །ཞེས་མཐའ་གཉིས་ཀྱི་དབུས་ཏེ་དཔྱད་དུ་མེད་པ་ལ་སོགས་པ་ནི་ དབུ་མའི་གནས་ལུགས་རྟོག་གེའི་ཡུལ་ལས་འདས་པར་སྟོན་པ་ཡིན་གྱི། ཅིར་ཡང་མ་གྲུབ་ པར་སྟོན་པ་ནི་མ་ཡིན་ནོ། །ཚིགས་སུ་བཅད་པ་གཉིས་པོ་དེའི་དོན་ནི་རྣལ་འབྱོར་པ་དབུ་མའི་ གནས་ལུགས་བསྒོམ་པའི་དུས་ན་ཡོད་པ་དང་མེད་པ་ལ་སོགས་པར་ལྟ་བ་ནི་མཐར་ལྷུང་ བར་འགྱུར་བས། དེའི་ཚེ་ཆོས་གང་ལ་ཡང་མི་ལྟ་ཞིང་རྣམ་པར་མི་རྟོག་པ་ཡིན་ཏེ། དབུ་མ་རྩ་ བར། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེས་ནི་བལྟ་ བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང༌། །ཞེས་གསུངས་སོ། ། (༣) ལྟ་བའི་རང་གི་ངོ་བོ་གཏན་ལ་དབབ་པ་ལ་གཉིས། གསུམ་པ་ལྟ་བའི་རང་[གི་{བཞིན་གྱི་}ངོ་བོ་གཏན་ལ་དབབ་པ་ལ། མཉམ་གཞག་གི་ ལྟ་བ་དང༌། རྗེས་ཐོབ་ཀྱི་ལྟ་བ་གཉིས་ལས། (༡) མཉམ་གཞག་གི་ལྟ་བ། དང་པོ་ནི། སྔར་ཡང་ཡང་བཤད་པ་ལྟར་རྣལ་འབྱོར་པས་མཉམ་པར་བཞག་པའི་ཚེ་ ཆོས་གང་ལ་ཡང་ལྟ་བ་མེད་པའི་ཚུལ་གྱིས་མཐའ་བྲལ་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ་ལྟ་ བ་ཉིད་ཡིན་ཏེ། རྗེ་བཙུན་བྱམས་པས་མངོན་པར་རྟོགས་པའི་རྒྱན་དུ་ཡང༌། འདི་ལ་བསལ་ བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་ མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་ཏེ། རྐང་པ་དང་པོ་གཉིས་ཀྱིས་གཞིའི་ གནས་ལུགས་མཐའ་དང་བྲལ་བའི་དོན་བསྟན་ཏེ་སྔར་བཤད་ཟིན་པ་ཉིད་དོ། །རྐང་པ་ཕྱི་མ་ 5-1-333 གཉིས་ཀྱི་དོན་ཡང་དེ་མ་ཐག་བཤད་ཟིན་པ་ཉིད་དོ། ། (༢) རྗེས་ཐོབ་ཀྱི་ལྟ་བ། རྗེས་ཐོབ་ཀྱི་ལྟ་བ་ནི། ཡང་དག་པར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདེན་པ་གཉིས་ ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱོད་པ་ཡིན་ཏེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ ནི་ཡང་དག་པར་ན་སྐྱེ་འགག་ལ་སོགས་པའི་མཐའ་གང་དུ་ཡང་མ་གྲུབ་པར་བལྟ་བར་བྱ་སྟེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་དབུ་མ་རྩ་བའི་མཆོད་བརྗོད་དུ། གང་གི་རྟེན་ཅིང་འབྲེལ་ པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་ འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་ པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །ཐ་ སྙད་ཙམ་དུ་ནི་སྣང་བ་ཡང་བདེན་པའི་ངོ་བོ་ཉིད་ཀྱིས་སྟོང་པ་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་ ལ་སོགས་པར་བལྟ་བར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་ རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ན། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། ། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང༌། དབུ་མ་རྩ་བར། རྨི་ལམ་ཇི་ བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཅི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་ བཞིན་དུ་ནི་འཇིག་པར་གསུངས། །ཞེས་གསུངས་པ་ལྟར་རོ། །དོན་དམ་པའི་བདེན་པ་ཆོས་ ཀྱི་དབྱིངས་ནི་རིགས་པས་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་ཙམ་གྱི་ཆད་པའི་སྟོང་པ་ཉིད་ ལས་རིང་དུ་གྱུར་པ་གོང་དུ་བཤད་པ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ ཉིད་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བལྟ་བར་བྱ་སྟེ། འཕགས་པ་འཇམ་ དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། ཕུང་བོ་རྣམ་དཔྱད་སྟོང་པ་རྣམས། ། ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་ 5-1-334 འགྱུར་མ་ཡིན། །སྐྱེ་བ་མེད་པ་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་ པའི་དངོས་པོའི་སྟོང་པ་ཉིད། །ཕུང་པོ་རྣམས་རྣམ་དཔྱད་པ་མིན། །ཞེས་གསུངས་ཏེ། འདིའི་ དོན་ནི་སྔར་ཡང་དང་ཡང་དུ་གཏན་ལ་ཕབ་ཟིན་པ་ཉིད་དོ། །བདེ་མཆོག་སྟོད་འགྲེལ་དུ་ཡང༌། དེ་ལྟར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་ པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཡང་ན་སངས་རྒྱས་ཀྱི་གཟུགས་བརྙན་ ཁམས་གསུམ་པ་མ་ལུས་པ་ཞེས་པ་རྒྱུའོ། །དེ་ལས་སྐྱེས་པའི་འབྲས་བུ་མི་འགྱུར་བའི་བདེ་ བ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་རབ་ཡེ་ ཤེས་ཆེན་པོ་ཞེས་བརྗོད་དོ། །ཞེས་གསུངས་ཏེ། དེ་ལྟ་བུའི་རྒྱུ་འབྲས་དབྱེར་མེད་པ་ནི་ཕྱག་རྒྱ་ ཆེན་པོ་ཞེས་བྱའོ། །མདོ་སྡེའི་རྒྱན་ལས་ཀྱང༌། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བརྗོད་དོ། ། ཞེས་གསུངས་པ་ལྟར་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་གྱི་སྟོང་པ་ཉིད་ཀྱི་ཚུལ་ ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྟ་བ་རྣམ་པར་དག་པ་བསྐྱེད་པར་བྱའོ། །གཞན་ཡང་ཀུན་ རྫོབ་རྣམ་པར་དཔྱད་ན་མ་གྲུབ་ཙམ་གྱིས་སྟོང་པ་ཉིད་འདི་ལ་ནི། དཔལ་དུས་ཀྱི་འཁོར་ལོ་ ལ་སོགས་པར། བེམ་པོའི་སྟོང་པ་ཉིད་ཅེས་ཀྱང་གསུངས་ཤིང་དམིགས་བཅས་སྟོང་པ་ཉིད་ འདི་ལ་ནི་རྒྱུད་སྡེ་མང་པོར། བེམ་པོ་མིན་ཕྱིར་བདག་ཉིད་རིག །ཅེས་དང༌། བེམ་པོ་མིན་ཕྱིར་ རང་རིག་ཉིད་ཅེས་དང༌། སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང༌། ཐིག་ལེ་སྟོང་པ་འགྱུར་མེད་དྲུག། ཅེས་གསུངས་ལ། སྦྱོར་བ་བཞིའི་ལྷ་ལ་བསྟོད་པ་ཞེས་བྱ་བར་ཡང༌། སྨྲ་བསམ་བརྗོད་མེད་ ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་ སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། ། ⑶ སྤྱོད་པ་ཐུན་མོངས་མ་ཡིན་པ་རྣལ་འབྱོར་གྱི་སྤྱོད་པའི་རང་བཞིན་བསྟན་པ། 5-1-335 གསུམ་པ་སྤྱོད་པ་ཐུན་མོང་མ་ཡིན་པ་རྣལ་འབྱོར་གྱི་སྤྱོད་པའི་རང་བཞིན་བསྟན་པ་ ལ། ཐེག་པ་ཆེན་པོ་ཐུན་མོང་གི་སྤྱོད་པ་ནི། ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་གཞི་སྨོན་ པ་དང་འཇུག་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལེགས་པར་ བསྐྱེད་ནས་དེ་དག་གི་བསླབ་བྱ་ཚད་མེད་པ་རྣམས་ལ་རིམ་པ་ལྟར་སློབ་པར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར། བྱང་ཆུབ་སེམས་དཔའི་སྤྱོད་པ་དག །ཚད་ མེད་པར་ནི་གསུངས་པ་ལས། །སེམས་སྦྱངས་པ་ཡི་སྤྱོད་པ་ནི། །ངེས་པར་དེ་སྲིད་སྤྱད་ པར་བྱ། །ཞེས་དང༌། དངོས་སམ་ཡང་ན་རྒྱུད་ཀྱང་རུང༌། །སེམས་ཅན་དོན་ལས་གཞན་མི་ སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་མདོར་ བསྡུས་ནས་གསུངས་པ་ལྟར་ཏེ། རྒྱ་ཆེར་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ཉིད་ལས་ ཁོང་དུ་ཆུད་པར་བྱ་དགོས་པས་འདིར་མི་འབྲིའོ། །ཐུན་མོང་མ་ཡིན་པའི་རྣལ་འབྱོར་གྱི་སྤྱོད་ པ་ལ་ནི། རྣལ་འབྱོར་གྱི་སྤྱོད་པ་མདོར་བསྡུ་ན་རྣམ་པ་གསུམ་སྟེ། རིགས་དྲུག་གི་དམ་ཚིག་ གི་སྤྱོད་པ། དམ་ཚིག་བཞིའི་སྤྱོད་པ། ཕར་ཕྱིན་བཅུའི་སྤྱོད་པའོ། །དང་པོ་ནི། དཔལ་དུས་ ཀྱི་འཁོར་ལོར། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་ པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པད་མའི་རིགས་ཉིད་ལ་ ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་ རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་ རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པད་མར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་ དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་ རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་ གསུངས་ཏེ། འདིའི་དྲང་བའི་དོན་ནི་འགྲེལ་ཆེན་ཉིད་ལས་ཤེས་པར་བྱ་ཞིང༌། ངེས་པའི་དོན་ 5-1-336 མདོར་བསྡུས་པ་ནི་རྡོ་རྗེའི་རིགས་ཏེ་མི་བསྐྱོད་པའི་རིགས་ཀྱི་དམ་ཚིག་སྲོག་གཅོད་པ་ནི་ རྣལ་འབྱོར་པའི་རང་གི་ལུས་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་འགོག་པ་དང་རལ་ གྲི་སྟེ་དོན་ཡོད་གྲུབ་པའི་རིགས་ཀྱི་དམ་ཚིག་རྫུན་དུ་སྨྲ་བ་ནི་མཐའ་གཅིག་ཏུ་མི་གནས་པ་ སེམས་ཅན་དུ་མའི་སྐད་ཀྱིས་དྲང་བ་དང་ངེས་པའི་དོན་གྱིས་ཆོས་སྣ་ཚོགས་སྟོན་པ་དང༌། དེ་ བཞིན་དུ་སྦྱར་ཏེ། གཞན་གྱི་ནོར་དབྲོག་པ་ནི་གཞན་ནི་རྡོ་རྗེ་སེམས་དཔའ་ཡིན་ལ་དེའི་ནོར་ འགྱུར་མེད་བདེ་བའི་རིན་པོ་ཆེ་རང་གིས་ཐོབ་པར་བྱེད་པ་དང་གཞན་གྱི་བུད་མེད་ནི་ཕྱག་རྒྱ་ ཆེན་མོ་སྟེ་དེ་འཕྲོག་པ་དང༌། ཆང་ནི་བྱང་སེམས་ཐིག་ལེ་སྒྲོན་མ་ཤ་ལྔ་ནི་དབང་པོ་ལྔ་སངས་ རྒྱས་ལྔ་ནི་བདུད་རྩི་ལྔ་སྟེ། དེ་དག་བསྟེན་པ་ནི་དབང་པོ་ལྔ་ཡུལ་ལ་མི་འཇུག་ཅིང་བདུད་རྩི་ རྣམས་ཕྱི་རོལ་ཏུ་མི་འཛག་པར་བྱེད་པ་དང༌། མཁའ་ཡི་པད་མར་མི་སྨད་པ་ནི་ལས་[ཕྱག{རྒྱ་} དང་འགྲོགས་ཀྱང་བྱང་སེམས་མི་འཕོ་བའི་ཚངས་པར་སྤྱོད་པ་ལ་གནས་པ་སྟེ། དེ་དག་ནི་ ཚུལ་ཁྲིམས་ཀྱི་ཚོགས་ཡིན་ལ། ལུས་དང་བདག་པོ་ཐམས་ཅད་ཡོངས་སུ་གཏོང་བ་ནི་བསོད་ ནམས་ཀྱི་ཚོགས་ཏེ། དེ་དག་ལས་ཡེ་ཤེས་ཀྱི་ཚོགས་འགྲུབ་པས་ན་དེ་ལྟར་ཚོགས་གསུམ་ གྱིས་སངས་རྒྱས་ཐོབ་ཀྱི་དེ་ལས་གཞན་གྱིས་སངས་རྒྱས་མི་ཐོབ་པས་ན་ཚོགས་གསུམ་པོ་དེ་ དག་ལ་སྤྱད་པར་བྱའོ་ཞེས་པའི་དོན་ཏོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཡང༌། །ཁྱོད་ཀྱིས་སྲོག་ ཆགས་བསད་པ་དང༌། །རྫུན་གྱི་ཚིག་ཀྱང་སྨྲ་བ་དང༌། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང༌། །ཕ་ རོལ་བུད་མེད་བསྟེན་པར་གྱིས། །ཞེས་གསུངས་པའི་དོན་ཡང་འདི་ཉིད་ཡིན་ནོ། ། གཉིས་པ་ནི། དཔལ་དུས་ཀྱི་འཁོར་ལོར། ཉིན་དང་མཚན་མོར་ཐིག་ལེ་དག་ལས་དཀར་ པོའི་རྒྱུན་འབབ་གང་ཞིག་མཱ་མ་ཀི་དེ་ཆང་མ་ཡིན། །གོ་ཀུ་ལ་སོགས་མིག་ལ་སོགས་པ་ཉིན་ ཞག་སོ་སོར་སྤྲོ་སྟེ་ཤ་གཞན་རེས་འགའ་དག་ཀྱང་ཡིན། །རང་རིགས་[ས་{པ}ལ་གནས་པས་ ལྷ་རྣམས་དག་གིས་དག་པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ། །སྟོང་པར་སེམས་ནི་ 5-1-337 རབ་ཏུ་ཞུགས་པས་རོ་མཉམ་བྱེད་པ་འཁྲིག་པ་དེ་ནི་སྐྱེ་གནས་ལ་མ་ཡིན། །ཞེས་གསུངས་པ་ ལྟར་[དཔྱད{སྤྱད་}པར་བྱའོ། ། གསུམ་པ་ནི། དཔལ་དུས་ཀྱི་འཁོར་ལོར། ནོར་རྣམས་སྤངས་པ་སྦྱིན་པ་ཡིད་དང་བུད་ མེད་འགྲོགས་པ་ལས་ཀྱང་འཕོ་བ་མེད་པ་ཚུལ་ཁྲིམས་ཏེ། །བཟོད་པ་དགྲ་ལ་སོགས་ལ་མི་ འཇུག་པ་སྟེ་རླུང་གི་གཉི་གའི་བགྲོད་པ་འཇིག་པ་བརྩོན་འགྲུས་ཉིད། །བསམ་གཏན་ཤེས་ རབ་དག་ཀྱང་ལྷན་སྐྱེས་བདེ་བ་ལ་གནས་པ་ཡི་སེམས་དང་ཀུན་ཏུ་བགྲོད་པ་ཀུན་ཀྱི་སྐད། ། དེ་ལ་སེམས་ཅན་དོན་དང་རྫུ་འཕྲུལ་སྲིད་པ་མཐར་བྱེད་མི་སྐྱེ་འཐོབ་ཏེ་གཞན་པ་བཞི་ རྣམས་སོ། །ཞེས་པ་རྐང་པ་དང་པོ་གསུམ་གྱིས་ནི་ངེས་དོན་ཕར་ཕྱིན་དྲུག་བསྟན་ཏེ། ཀུན་ཏུ་ འགྲོ་བ་ཀུན་གྱི་སྐད་ཅེས་པ་ནི། ཀུན་ཏུ་འགྲོ་བ་ཆོས་ཀྱི་དབྱིངས་རྟོགས་ཤིང་ཀུན་གྱི་སྐད་དུ་ ཆོས་སྟོན་པ་ནི་ཤེས་རབ་ཀྱི་དོན་ནོ། །ཤེས་རབ་དེ་ལས་སེམས་ཅན་གྱི་དོན་བྱེད་པའི་ཐབས་ དང་རྫུ་འཕྲུལ་གྱིས་སེམས་ཅན་འདུལ་བའི་སྨོན་ལམ་དང༌། སྲིད་པ་མཐར་བྱེད་པའི་སྟོབས་ དང་མི་སྐྱེ་བའི་ཡེ་ཤེས་རྣམས་འཐོབ་སྟེ། དེ་ལྟར་ཕར་ཕྱིན་གཞན་པ་བཞི་རྣམས་སོ། །ཞེས་པ་ ཕར་ཕྱིན་བཅུ་ལ་སྤྱད་པར་བྱའོ། ། ⑷ ལམ་གྱི་རིམ་པ་མི་ཉམས་ཤིང་ཁྱད་པར་དུ་འགྱུར་བའི་ཡན་ལག་བསྟན་པ་ལ་གསུམ། བཞི་པ་ལམ་གྱི་རིམ་པ་མི་ཉམས་ཤིང་ཁྱད་པར་དུ་འགྱུར་བའི་ཡན་ལག་བསྟན་པ་ལ་ གསུམ་སྟེ། རྩ་ལྟུང་བཅུ་བཞི་སྤང་བར་གདམས་པ། ལྟོས་མེད་རྣམ་བཞི་བསྟེན་པར་གདམས་ པ། ལམ་གྱི་བར་ཆད་སྤང་བར་གདམས་པའོ། ། ༡ རྩ་ལྟུང་བཅུ་བཞི་སྤང་བར་གདམས་པ། 5-1-338 དང་པོ་ནི། ཕྱིར་རྡོ་རྗེ་ཐེག་པའི་ལམ་ལ་གནས་པ་རྣམས་ཀྱིས་རིག་པ་འཛིན་པའི་སྡོམ་ པ་བསྐྱང་བའི་ཕྱིར་དུ་རྩ་བའི་ལྟུང་བ་བཅུ་བཞི་སྤང་དགོས་ཤིང་ཁྱད་པར་དུ་དབང་བཞི་པའི་ ལམ་ལ་ཞུགས་པའི་རྣལ་འབྱོར་པས་རྩ་བའི་ལྟུང་བ་བཅུ་བཞི་སྤང་དགོས་ཏེ། མ་སྤངས་ན་ སེམས་ཅན་དམྱལ་བ་ཆེན་པོར་ངེས་པར་ལྟུང་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། དཔལ་ དུས་ཀྱི་འཁོར་ལོར། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་ སྟེ་འདི་དག་སྡུག་བསྔལ་ལོ། །ཞེས་གསུངས་པས་སོ། །རྩ་བའི་ལྟུང་བ་དེ་དག་ཀྱང་གང་ཡིན་ ཞེ་ན། དེ་ཉིད་ལས། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱིས་ནི་རྩ་བའི་ ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལས་འགོངས་པས་གཞན་དུ་འགྱུར་ཏེ་ངེས་ པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་ བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ ལ་སྨོད་པའོ་རི་བོང་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །སྒྱུ་ཡི་བྱམས་པ་དང་ ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་ དག་ལ་སྐྱོན་བརྗོད་པ་ལས་ཉི་མའོ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་ གསུངས་ཏེ། དཔལ་ལྡན་བླ་མའི་མངོན་དུ་མི་དགེ་བ་བཅུ་སྤྱད་པས་ཐུགས་དཀྲུགས་པ་ནི་ དང་པོའོ། །ལྐོག་ཏུ་མི་དགེ་བ་བཅུ་སྤྱད་པས་བཀའ་ལས་འགོངས་པ་ནི་གཉིས་པ། རྡོ་རྗེ་སྤུན་ བསླབ་པ་དང་ལྡན་པ་ལ་རབ་ཏུ་ཁྲོས་པ་ནི་གསུམ་པ། སེམས་ཅན་ལ་བྱམས་པ་གཏང་བ་ནི་ བཞི་པ། དབང་པོ་གཉིས་ཀྱི་བདེ་བ་ལམ་དུ་འདོད་པས་བྱང་སེམས་ཐིག་ལེ་ཉམས་པ་ནི་ལྔ་ བ། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་ཀྱི་གྲུབ་མཐའ་ཐ་དད་དུ་བཟུང་ནས་སྨོད་པ་ 5-1-339 ནི་དྲུག་པ། ཉོན་མོངས་ཀྱི་རིགས་ཅན་སོགས་སྣོད་མིན་ལ་གསང་བའི་དོན་ཟབ་མོ་བྱིན་པ་ ནི་བདུན་པ། བསྙུང་བར་གནས་པ་དང་ལུས་གཅོད་པ་ལ་སོགས་པས་བདེ་བ་ཆེན་པོ་སྐྱེ་བའི་ གེགས་ཕུང་པོ་ཉོན་མོངས་པར་བྱས་པ་ནི་བརྒྱད་པ། སྟོང་པ་ཉིད་ཀྱི་ཆོས་ཟབ་མོ་དག་པའི་ ཆོས་ལ་མ་དད་པ་ནི་དགུ་པ། གཡོ་སྒྱུའི་དབང་གིས་སེམས་ཅན་ལ་བྱམས་པ་ལྟར་འཆོས་པ་ ནི་བཅུ་པ། དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ལ་ཐེ་ཚོམ་གྱིས་རྟོག་པ་ནི་བཅུ་གཅིག་པ། རྣལ་འབྱོར་པ་སྐྱོན་མེད་པ་ལ་སྐྱོན་བརྗོད་པ་ནི་བཅུ་གཉིས་པ། རྣལ་འབྱོར་ཕོ་མོའི་སྤྱོད་ཡུལ་ ཚོགས་ཀྱི་འཁོར་ལོར་འདུས་པ་ན་དམ་ཚིག་གི་རྫས་ལ་ཁུ་འཕྲིག་ཟོས་ནས་མི་ལེན་པ་ནི་བཅུ་ གསུམ་པ། རྗེས་དྲན་གྱི་སྐབས་སུ་བདེ་བ་ཆེན་པོ་འཕེལ་བའི་རྐྱེན་བུད་མེད་དམན་པ་ལ་སྨོད་ པའམ་བུད་མེད་རྣམས་ལ་ཆོས་ཀྱི་བསྐལ་བ་མེད་དོ་ཞེས་སྨོད་པ་ནི་བཅུ་བཞི་པ་སྟེ། རྡོ་རྗེ་ ཐེག་པར་དབང་བསྐུར་བ་ཐོབ་པ་རྣམས་ལའོ་ཞེས་པ་རྡོ་རྗེ་འཛིན་པའི་ངེས་པའོ། ། ༢ ལྟོས་མེད་རྣམ་བཞི་བསྟེན་པར་གདམས་པ། གཉིས་པ་ནི། དཔལ་དུས་ཀྱི་འཁོར་ལོར། བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་ རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱི་བསྙེན་པ་སྟེ། །ཞེས་གསུངས་པའི་འགྲེལ་པར། ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་སྟེ་སོགས་པའི་སྒྲས་དབང་པོ་ལྔ་པོ་སྒྲོན་མ་ལྔའོ། །དེ་རྣམས་ ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ་ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །བསྙེན་པ་ དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་བཤང་བ་ལ་སོགས་པ་ཟོས་པས་ནི་མ་ཡིན་ནོ། །ཆུ་ གཏེར་རྡོ་རྗེ་རྣམས་དང་ཞེས་པ་ནི་ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་ངག་གི་ལོངས་ སྤྱོད་ལ་ལྟོས་པ་མེད་པ་དང་སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། འཕོ་བའི་བདེ་བ་ ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ་ལུས་དང་ངག་དང་ཚངས་པར་སྤྱོད་པའི་སྡོམ་པའོ་ཞེས་པའི་ དོན་ཏོ། །འདིས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ 5-1-340 ཡིན་ནོ། །སྔགས་ཀྱི་བཟླས་པ་སོགས་ཀྱིས་ཞེས་པ་ལ་འདིར་སྔགས་ཀྱི་བཟླས་པ་ཞེས་པ་ནི་ སྲོག་སྡོམ་པ་སྟེ་སོགས་པའི་སྒྲས་དབྱུང་བ་དང་དགང་བ་དང་བུམ་པ་ཅན་གྱི་སྦྱོར་བ་ནི་རྟག་ཏུ་ བསྙེན་པའོ། །དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་སྲོག་མ་བསྡོམས་པར་ངག་ཏུ་བརྗོད་ པས་ནི་མ་ཡིན་ནོ། །ཞེས་པ་ངེས་པའི་དོན་ཏོ། །ཞེས་གསུངས་པས། ཕྱག་རྒྱ་ཆེན་པོའི་ལམ་ བླ་ན་མེད་པ་འདི་ལྟ་བུ་རྙེད་པའི་རྣལ་འབྱོར་པས་འཁོར་བའི་ཕུན་སུམ་ཚོགས་པ་ཅི་ལ་ཡང་ མ་ཆགས་ཤིང་འཇིག་རྟེན་པའི་དངོས་གྲུབ་རྣམས་ལ་ཡང་རེ་བ་མེད་པར་འདུ་འཛི་དང་རྣམ་ པར་གཡེང་བ་ཐམས་ཅད་སྤངས་པའི་ལྟོས་མེད་རྣམ་པ་བཞི་རྟག་ཏུ་ལྷུར་ལེན་པའི་སྒོ་ནས་ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབའ་ཞིག་དོན་དུ་གཉེར་བར་བྱ་སྟེ། འཕགས་པ་འཇིག་རྟེན་ དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པས་རྗེས་སུ་བསྟན་པ་ལྟར་ངེས་པར་བསྒྲུབ་པར་བྱའོ། ། ༣ ལམ་གྱི་བར་ཆད་སྤང་བར་གདམས་པ། གསུམ་པ་ནི། ཕྱག་རྒྱ་ཆེན་པོ་ཤིན་ཏུ་རྣམ་པར་དག་པའི་ལམ་རིན་པོ་ཆེ་འདི་ནི་རྣལ་ འབྱོར་པ་བདག་ཉིད་ཀྱི་བསོད་ནམས་ཆེན་པོ་དང༌། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ངོ་ བོ་ཉིད་དུ་བཞུགས་པའི་དཔལ་ལྡན་བླ་མ་དམ་པའི་བཀའ་དྲིན་ལས་ལེགས་པར་རྙེད་པ་ཡིན་ པར་ཤེས་པར་བྱ་སྟེ། དཔལ་ཀྱེའི་རྡོ་རྗེ་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། ། གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ ལས་ཤེས་བྱ། །ཞེས་གསུངས་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། གང་ ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཡིས། །སློབ་ མ་དག་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་པ་ཡིན། །ཞེས་གསུངས་ སོ། །དེ་ལྟར་ཤིན་ཏུ་རྙེད་པར་དཀའ་བའི་ལམ་བཟང་རིན་པོ་ཆེ་འདི་ནི་བསྐལ་བ་དང་མི་ལྡན་ 5-1-341 པའི་སེམས་ཅན་རྣམས་ལ་སྦྱིན་པར་ཡང་མི་བྱ་སྟེ། དེ་དག་ལ་བྱིན་ན་བར་དུ་གཅོད་པ་མང་ པོ་འབྱུང་བས་མཐར་མི་ཕྱིན་ལ་ཆོས་ཆུད་གསན་པར་འགྱུར་བའི་ཕྱིར་རོ། །སྤྱིར་ཡང་རིན་པོ་ ཆེ་འཛིན་པ་ལ་དགྲ་མང་བ་ལྟར་ལམ་བཟང་རིན་པོ་ཆེ་འཛིན་པ་ལ་བར་ཆད་མང་པོ་འབྱུང་ བས་དེ་དག་ངོ་ཤེས་པར་བྱས་ཏེ་སྤང་བར་བྱའོ། །ལམ་བཟང་ལ་བར་དུ་གཅོད་པའི་རྣམ་པ་ ཇི་ལྟ་བུ་འབྱུང་ཞེ་ན། དེ་ཡང་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གསུངས་པ། ལམ་ བཟང་རིན་ཆེན་འདི་ནི་བག་མེད་པའི། །སེམས་ཅན་གཞན་པ་རྣམས་ལ་བྱིན་པ་ན། །རང་ ཁྱིམ་དགོན་པ་དག་ཏུ་རབ་ཞུགས་པ། །ཡུལ་ངན་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད། ། ཅེས་པ་སྟེ། ལམ་བཟང་རིན་པོ་ཆེ་འདི་ལྟ་བུ་རྙེད་པ་ན་ཁྱིམ་གྱི་འཆིང་བ་མཐའ་དག་སྤངས་ ཏེ་བསྒྲུབ་པ་བྱ་དགོས་པ་ཡིན་ལ་བག་མེད་པའི་སྐྱེ་བོ་དག་ནི་རང་ཁྱིམ་འབྲོག་དགོན་པ་དང་ འདྲ་བའི་འཇིགས་གནས་སུ་ཞུགས་པ་ལ། ཡུལ་ངན་ཏེ་འདོད་ཡོན་ལྔ་ལ་ཆགས་པའི་ཆོམ་ རྐུན་གྱིས་ལམ་བཟང་རིན་པོ་ཆེ་འཕྲོག་པར་བྱེད་པས་མཐར་མི་ཕྱིན་ནོ། །དེ་བཞིན་དུ་སྒྲིབ་ པ་ལྔའི་ཆོམ་རྐུན་གྱིས་ཀྱང་འཕྲོག་པར་བྱེད་དེ། ཐེ་ཚོམ་འགྱོད་པ་དག་དང་གཉིད་དང་ནི། ། ལེ་ལོ་རྒོད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང༌། །གཉེན་འདུན་འཐིབས་པོའི་ནང་དུ་ཞུགས་པ་ ཡི། །ལམ་བཟང་རིན་པོ་ཆེ་ནི་འཕྲོག་པར་བྱེད། །ཅེས་པ་སྟེ། འདི་ལམ་རྣམ་དག་ཡིན་ནམ་ མིན་སྙམ་པའི་ཐེ་ཚོམ་དང༌། བདག་གིས་ལས་ངན་པ་བྱས་པས་ལམ་མངོན་དུ་བྱ་མི་ནུས་སོ་ སྙམ་པའི་འགྱོད་པ་དང༌། ལུས་དང་ཡིད་ལས་སུ་མི་རུང་བར་འགྱུར་བའི་གཉིད་དང༌། ཏིང་ ངེ་འཛིན་བསྒོམ་པ་ལ་མི་སྤྲོ་བའི་ལེ་ལོ་དང༌། གྲོང་ལ་སོགས་པར་འཁྱམས་ཞིང་སེམས་རྣམ་ པར་གཡེང་བ་རྒོད་པ་སྟེ་སྒྲིབ་པ་ལྔའོ། །མི་དགེ་བ་བཅུའི་ཆོམ་རྐུན་གྱིས་ཀྱང་འཕྲོག་པར་ བྱེད་དེ། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང༌། །རྫུན་དང་ཚིག་རྩུབ་རྣམས་དང་ཕྲ་མ་ དང༌། །འཁྱལ་བར་གྱུར་པའི་ཚིག་དང་བརྣབ་སེམས་དག །གནོད་སེམས་ལྟ་བ་ངན་པའི་ཆོམ་ 5-1-342 རྐུན་དང༌། །ཞེས་པའོ། །བརྟུལ་ཞུགས་ཉམས་པའི་ཆོམ་རྐུན་གྱིས་ཀྱང་འཕྲོག་པར་བྱེད་དེ། ཡོད་པའི་སྡིག་དང་ཉེ་བའི་སྡིག་པ་དང༌། །གསོད་ཁུ་དབང་པོ་མངོན་པར་ཞེན་པ་སྟེ། །ཆོམ་ རྐུན་ལྔ་པ་ལྔ་པོ་འདི་རྣམས་ཀྱིས། །རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད། །ཅེས་པའོ། །དེ་ དག་སྤང་བར་གདམས་པ་ནི། རྒྱུད་ཀྱི་རྒྱལ་པོར། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་ བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་ རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །ཞེས་པ་དགེ་བསྙེན་གྱི་བསླབ་པ་ གཞི་ལྔ་བརྟེན་པའི་སྒོ་ནས་ཡོད་པའི་སྡིག་པ་ལྔ་སྤང་བར་བྱའོ། །དེ་བཞིན་དུ་ཆོ་ལོ་ཁ་ན་མ་ ཐོ་བཅས་པའི་ཟས་དང་ཚིག་ངན་གློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་གླང་བྱིས་ པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་ དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང༌། །དབང་པོ་རྣམས་ ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་ གསུངས་ཏེ། ཉེ་བའི་སྡིག་པ་ལྔ་ནི་ཆོ་ལོ་རྒྱན་པོ་འགྱེད་པ་དང༌། ཁ་ན་མ་ཐོ་བ་དང་བཅས་ པའི་ཟས་བསད་པའི་ཤ་ཟ་བ་དང༌། ཚིག་ངན་ཀློག་པ་ནི་སྐྱེས་པ་བུད་མེད་རྒྱལ་པོ་རྐུན་པོ་ དམག་ལ་སོགས་པའི་གཏམ་བརྗོད་པ་དང༌། འབྱུང་པོའི་ཆོས་ནི་ཡི་དྭགས་ཀྱི་ཆོས་ཏེ་ཕ་མེས་ ཀྱི་ཆེད་དང་མཆོད་སྦྱིན་གྱི་ཆེད་དུ་མཚུན་འཐོར་པ་ལ་སོགས་བྱེད་པ་རིགས་བྱེད་ནས་བཤད་ པ་དང༌། ལྷ་མིན་དབང་པོའི་ཆོས་ནི་ཀླ་ཀློའི་ཆོས་ཏེ་སྲོག་ལས་གྱུར་པའི་མཆོད་སྦྱིན་བྱེད་པ་ ལ་སོགས་པའོ། །གསོད་པ་ལྔ་ནི་བ་གླང་གསོད་པ་ལ་སོགས་པ་ལྔ་སྟེ། ལྷ་མིའི་བླ་མ་གསོད་ པ་ནི་སྐུ་གཟུགས་མཆོད་རྟེན་ལ་སོགས་པ་འཇིག་པར་བྱེད་པའོ། །འཁུ་བ་ལྔ་ནི་གྲོགས་པོ་ལ་ སོགས་པ་ལ་འཁུ་བ་སྟེ་ལྷ་མིའི་བླ་མ་ནི་སངས་རྒྱས་སོ། །དབང་པོ་མངོན་པར་ཞེན་པ་ལྔ་ནི། གཟུགས་སོགས་ཡུལ་ལྔ་ལ་ཆགས་ཤིང་ཞེན་པ་སྟེ། དེ་ལྟར་སྲིད་པའི་བདག་པོ་རྡོ་རྗེ་འཆང་ 5-1-343 གིས་གསུངས་པའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བསྐྱང་བར་བྱའོ། །ལོངས་སྤྱོད་སྣ་ཚོགས་ལ་ ཆགས་པའི་ཆོམ་རྐུན་གྱིས་ཀྱང་འཕྲོག་པར་བྱེད་དེ། ཤིན་ཏུ་བཟའ་དང་བཏུང་བ་སྣ་ཚོགས་ དང༌། །ལོངས་སྤྱོད་དུ་མའི་ཆོམ་རྐུན་དེ་རྣམས་ཀྱིས། །བརྩོན་འགྲུས་ལྡན་དུ་ཟིན་ཀྱང་བག་ མེད་ཅིང༌། །རྒྱལ་བར་གྱུར་པ་ཉིད་ལ་འཕྲོག་པར་བྱེད། །ཅེས་པ་སྟེ། བག་མེད་པ་ནི་སྤང་ བྱ་ལ་འཛེམ་པ་ལྷུར་མི་ལེན་པ། བརྒྱལ་བ་ནི་དྲན་ཤེས་བཞིན་ཉམས་པའོ། །མི་དགེ་བའི་ གཤེས་གཉེན་གྱིས་ཀྱང་ལམ་བཟང་རིན་པོ་ཆེ་འཕྲོག་པར་བྱེད་དེ། རང་ཉིད་ཡོངས་སུ་རྟོག་ པ་པོ་མིན་ཕྱིར། །རིན་ཐང་ཆེན་པོར་འགྱུར་རམ་ཤེས་ཆེད་དུ། །གཡོན་ཅན་གཞན་ལ་སྟོན་ཏེ་ མི་འགྱུར་ཞེས། །དེ་ཡི་ཚིག་གི་རིན་ཆེན་འདོར་བར་བྱེད། །ཅེས་པའོ། །དེས་ན་མི་དགེ་བའི་ བཤེས་གཉེན་སྤངས་ནས་དགེ་བའི་བཤེས་གཉེན་བསྟེན་པར་གདམས་པ་ནི། །གང་དག་ རིན་ཆེན་བཟང་པོ་རིག་པ་རྣམས། །རིན་ཆེན་ཆེན་པོ་ཡོངས་སུ་རྟོག་ཏུ་གཞུག། དེ་དག་རྣམས་ ཀྱིས་རྣམ་དག་ཚིག་གིས་ནི། །རང་གི་རིན་ཆེན་རྣམ་པར་ཤེས་པར་བྱ། །ཞེས་པའོ། །བདུད་ ཀྱི་རྣམ་འཕྲུལ་སྣ་ཚོགས་ཀྱིས་ལམ་བཟང་འཕྲོག་པར་བྱེད་པ་ནི། རྫོགས་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་དང༌། །ཕ་དང་མ་དང་བུ་མོ་སྲིང་མོ་དང༌། །བུ་དང་སྤུན་ཟླ་འདོད་པའི་ ཆུང་མ་ཡི། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་གེགས་བྱེད་དོ། །ཞེས་པ་སྟེ། རྒྱས་པར་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདུད་ཀྱི་ལེའུ་ལས་ཤེས་པར་བྱའོ། །མཇུག་ཉེ་བར་བསྡུས་ པའི་ཚུལ་གྱིས་ལམ་བཟང་རིན་པོ་ཆེ་སྲུང་བར་གདམས་པ་ནི། དེ་ཕྱིར་བླ་མ་དམ་པས་གནང་ བ་ཡི། །ལམ་བཟང་རིན་པོ་ཆེ་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་སྤངས་བྱས་ཏེ། ། འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་གསུངས་པའོ། །དེ་ལྟ་བས་ན་ལམ་བཟང་ རིན་པོ་ཆེ་འདི་ཐོབ་པའི་སྐྱེས་བུ་སྐལ་ལྡན་དག་གིས་འདི་ལྟར་ཤེས་པར་བྱ་སྟེ། དཔལ་དུས་ ཀྱི་འཁོར་ལོར། མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་ 5-1-344 དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུའི་ལང་ཚོ་དག་ལ་བུད་མེད་དང་བྲལ་ནོར་དང་ འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོ་གང༌། །རྒན་པོ་ཉིད་ལ་འཆི་བའི་སྡུག་བསྔལ་ སླར་ཡང་འགྲོ་བ་དྲུག་ཏུ་འཇིགས་སྟེར་ངུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་པའི་ མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། །ཅེས་དང༌། གསུང་རབ་གཞན་ལས་ཀྱང་རྒྱ་ཆེར་གསུངས་པ་ལྟར། འཁོར་བའི་ཉེས་དམིགས་དྲན་པར་བྱ་ ཞིང༌། འཁོར་བ་ལ་ཡིད་ངེས་པར་སྐྱོ་བ་ཞེས་བྱ་བའི་གླུ་ལས། འཇིག་རྟེན་སྤྱོད་པ་དག་ལ་ཕར་ བལྟས་པས། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་ མི་འགྱུར་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་དང༌། །ཇོ་བོ་ཆེན་པོ་དཔལ་ མར་མེ་མཛད་ཡེ་ཤེས་ཀྱིས་ཀྱང༌། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚོད་ཀྱང་ཅི་ ཙམ་མི་ཤེས་པས། །ངང་པས་མཚོ་ལ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་ རིགས། །ཞེས་པ་དང༌། །ཡེ་ཤེས་ཕྱག་རྒྱ་ལས། ཚོགས་ལས་བསྲིང་ཞིང་རབ་ཏུ་ཞི་ལ་མོས། ། རི་དྭགས་ལྟ་བུར་འཇིགས་ཤིང་གནས་མེད་རྒྱུ། །མཁའ་ལ་རླུང་བཞིན་རྙེད་ལ་མི་ཆགས་ པ། །དེ་འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་བྱ་བ་ སྣ་ཚོགས་ལ་སྐྱོ་བའི་བློ་ངེས་པར་བསྐྱེད་ཅིང༌། དཔལ་དུས་ཀྱི་འཁོར་ལོར། འཁོར་བར་མི་ ཉིད་དུ་ནི་འགྱུར་བ་དག་ཀྱང་བརྒྱ་ལམ་ན་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་ལས་དགེ་བའི་ དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ལ་ དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་འཇུག །དེ་ལས་ སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། ། ཞེས་གསུངས་པ་ལྟར། དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ལ་སོགས་པ་དང༌། ཁྱད་ པར་དུ་རྣམ་དག་ལེགས་པའི་ལམ་བཟང་རིན་པོ་ཆེ་ཤིན་ཏུ་རྙེད་པར་དཀའ་བ་བསམ་ནས་རྡོ་ 5-1-345 རྗེའི་རྣལ་འབྱོར་གྱི་བསྒྲུབ་པ་སྙིང་པོ་ཉམས་སུ་བླང་བ་ལ་རྩེ་གཅིག་ཏུ་འབད་པར་བྱའོ། ། འགྲོ་བའི་ཉོན་མོངས་རིམས་ནད་མི་བཟད་འཇོམས་པའི་མཐུ་ཆེན་དང་ལྡན་ཞིང༌། ། ཀུན་རྟོག་མ་རིག་མུན་པ་དྲུངས་འབྱིན་ཡེ་ཤེས་འོད་བརྒྱའི་སྣང་བ་ཅན། ། འཕྲལ་དང་ཡུན་དུ་འགྱུར་མེད་བདེ་བའི་ཕན་པ་དཔག་མེད་སྩོལ་མཛད་པ། ། རྣམ་པར་མི་རྟོག་ལམ་བཟང་རིན་ཆེན་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག ། རྣམ་དག་ལེགས་པའི་ལམ་གྱི་གནས་ལུགས་ངོ་སྤྲོད་པའི་སྐབས་ཏེ་གཉིས་པའོ།། ༈ །། ༣༽ འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྐུ་བཞིའི་ཐོབ་ཚུལ་ ངོ་སྤྲད་པ་ལ་གསུམ། གསུམ་པ་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྐུ་བཞིའི་ཐོབ་ཚུལ་ངོ་སྤྲད་པ་ལ་ གསུམ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཇི་ལྟར་འཐོབ་པའི་ཚུལ། འཐོབ་བྱ་ཕྱག་རྒྱ་ཆེན་ པོའི་དངོས་གྲུབ་ཀྱི་རང་བཞིན། འཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འབྱུང་ བའི་ཚུལ་ལོ། ། (༡) ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཇི་ལྟར་འཐོབ་པའི་ཚུལ། དང་པོ་ནི། དེ་ལྟར་རྣམ་དག་ལེགས་པའི་ལམ་ཡང་དག་པའི་ལྟ་སྒོམ་སྤྱོད་པ་ཡན་ལག་ དང་བཅས་པ་ཉམས་སུ་བླངས་པས་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་སྒྲིབ་གཉིས་ཟད་པ་ ལས་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ འགྱུར་ཏེ། མདོ་སྡེའི་རྒྱན་ལས། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་ རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཅིང༌། །གནས་ 5-1-346 གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་མི་རྟོག་རབ་ དག་ཤིན་ཏུ་ཡུལ་ཅན་ཡེ་ཤེས་ལམ་གྱིས་འཐོབ། །ཞེས་དང༌། རྒྱུད་བླ་མར་ཡང༌། རང་ བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ ཤེས་དག་ལ་བརྟེན་ནས་འཐོབ། །ཅེས་གསུངས་ཤིང༌། །དཔལ་དུས་ཀྱི་འཁོར་ལོར། སྲིད་ གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་དང་ནི་ཡིད་བཞིན་ནོར་བུ་ལ་ཡང་བསམ་པ་ མེད། །སེམས་ལ་གནས་པ་དེ་ནི་མི་དགེ་བ་ཡི་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་ སེམས་ཅན་གྱིས་མི་མཐོང༌། །ཡིད་བཞིན་ནོར་བུའི་སྐྱོན་མིན་མི་དགེ་བ་དང་དགེ་བའི་འབྲས་ བུ་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་ འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་གསུངས་ཏེ། རྣལ་འབྱོར་པ་རང་གི་སེམས་ ཀྱི་རང་བཞིན་འོད་གསལ་ཆོས་སྐུའི་ཡོན་ཏན་ཐམས་ཅད་རང་བཞིན་ཉིད་ཀྱིས་ལྡན་པ་གློ་ བུར་གྱི་དྲི་མའི་སྦུབས་ན་གདོད་མ་ཉིད་ནས་བཞུགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ ལམ་གྱིས་གློ་བུར་གྱི་དྲི་མ་དང་བྲལ་བར་བྱས་པ་ཙམ་ཉིད་ལ་སངས་རྒྱས་ཐོབ་པ་ཞེས་བརྗོད་ དོ། །ཐོབ་པའི་ཚུལ་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བརྟེན་པས་ནི་དཀའ་བ་ཆེན་པོས་དུས་ ཡུན་རིང་པོར་འབད་པ་ལ་བརྟེན་ནས་འཐོབ་པར་གསུངས་ཏེ། མདོ་སྡེའི་རྒྱན་ལས། དཀའ་ སྤྱོད་དཔག་མེད་བརྒྱ་ཕྲག་དང༌། །དཔག་མེད་དགེ་བ་བསགས་པ་དང༌། །དཔག་ཏུ་མེད་པའི་ དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྒྲིབ་པ་ཀུན་ཀྱིས་དྲི་མེད་པ། །རྣམ་པ་ ཐམས་ཅད་མཁྱེན་ཉིད་ཐོབ། །ཅེས་གསུངས་ལ། འདིར་རྡོ་རྗེ་ཐེག་པའི་ལམ་གྱི་འབྲས་བུ་ འཐོབ་པ་ནི་དེ་ལས་བཟློག་པ་ཉིད་དུ་ཤེས་པར་བྱ་སྟེ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ 5-1-347 ཞལ་སྔ་ནས། དམར་སེར་ལུག་དང་ཀུན་དོར་མ་སྟེ་ཉི་ཟླ་སྒྲ་གཅན་ལམ་གསུམ་བགྲོད་རྣམས་ རྣལ་འབྱོར་མ། །དངོས་དང་དངོས་མེད་རབ་ཉམས་མཉམ་བགྲོད་ཞབས་དེ་དག་ནི་དེ་དག་ རྣམས་ཀྱི་ཡེ་ཤེས་སྐུ། །དེ་ཡི་ལྷན་སྐྱེས་བདེ་བའི་གནས་དང་འགྱུར་མེད་གཅིག་འདི་དེ་དག་ དེ་བཞིན་གང་གིས་དྲན། །དེ་ཡི་སྐྱེ་བ་འདི་ལ་མ་ལུས་འཇིགས་འཕྲོག་འདིར་བརྗོད་འབྲས་བུ་ མྱུར་དུ་འབྱུང་བར་འགྱུར། །ཞེས་གསུངས་ཏེ། སྦྱོར་བ་ཡན་ལག་དྲུག་གི་ལམ་གྱིས་ཡེ་ཤེས་ ཀྱི་སྐུ་ལྷན་ཅིག་སྐྱེས་པའི་བདེ་བའི་གནས་ཕྱག་རྒྱ་ཆེན་པོ་སྣ་ཚོགས་སྟོང་པ་ཉིད་ཀྱི་གཟུགས་ རྣལ་འབྱོར་མའི་ཞབས་དྲན་པ་དང་ཡིད་ལ་བྱེད་པ་མེད་པའི་ཚུལ་གྱིས་རྟག་ཏུ་དྲན་པར་བྱེད་ པའི་རྣལ་འབྱོར་པ་དེའི་སྐྱེ་བ་འདི་ཉིད་ལ་འཇིགས་པ་ཆེན་པོ་བཅུ་དྲུག་ལ་སོགས་པ་ཉེ་བར་ ཞི་ཞིང་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་འཐོབ་ཅེས་པའོ། །དེ་ཇི་ལྟ་བུའི་ཚུལ་ གྱིས་ཐོབ་ན། དཔལ་དུས་ཀྱི་འཁོར་ལོར། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉི་ག་ཡི་ ཡང་སྲོག་གི་རླུང་ནི་ཆེན་པོ་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་ གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་ པར་གནས་པའི་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་ དེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་འགྲོ། །ཞེས་གསུངས་ཏེ་ཡན་ལག་ དྲུག་གི་རྣལ་འབྱོར་གྱིས་སྒྲིབ་པའི་རྩ་བ་གཡོན་དང་གཡས་ཀྱི་རླུང་མ་ལུས་པ་འགགས་ཤིང་ ཐིག་ལེ་མི་འཕོ་བར་གྱུར་པ་ལས། ལས་གྱི་ཕྱག་རྒྱ་ལ་བརྟེན་པའི་ལྟེ་བའི་གཏུམ་མོའི་མེས་ དཔྲལ་བའི་བྱང་སེམས་ཐིག་ལེ་ཞུ་བ་སླར་གྱེན་དུ་བསྐྱོད་ཅིང་བརྟན་པར་བྱས་པའི་བདེ་སྟོང་ གི་ཏིང་ངེ་འཛིན་ལ་བརྟེན་ནས་རྣལ་འབྱོར་པའི་སེམས་ཆོས་ཉིད་འོད་གསལ་བའི་དབྱིངས་ སུ་ཞུགས་པ་དང༌། །དངོས་པོ་དངོས་མེད་ཀྱི་མཐའ་དང་བྲལ་བའི་སྲིད་གསུམ་གཞན་ལ་ གནས་པའི་ལྷན་སྐྱེས་བདེ་བ་ཆེན་པོ་མངོན་དུ་བྱས་པའི་ཚེ་རང་ལ་གདོད་མ་ནས་བཞུགས་ 5-1-348 པའི་གཉིས་མེད་ཀྱི་ཡེ་ཤེས་མཆོག་གི་གོ་འཕང་དང་པོའི་སངས་རྒྱས་དེ་རྣལ་འབྱོར་པས་ཐོབ་ ཅེས་པའི་དོན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་ཚེ་ཅི་ལྟ་བུར་འགྱུར་བའི་ ཚུལ་ནི། རྒྱུད་ཀྱི་རྒྱལ་པོར། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་ དང་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་ སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེ་འམ་མེ་ཏོག་འཆར་ནི་མཆོག་གྱུར་དུས་ ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་ནམ་ མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་ རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། ། ཞེས་གསུངས་པ་སྟེ། རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་དུས་ནི་སྔོན་ བཅོམ་ལྡན་འདས་ས་གའི་ཟླ་བའི་ཉའི་སྐྱ་རེངས་འཆར་ཁའི་ཚེ་མངོན་པར་རྫོགས་པར་ སངས་རྒྱས་པ་བཞིན་དུ། རི་བོང་ཅན་ཉ་གང་བའི་ཞག་གི་ཐོ་རངས་ཀྱི་ཆའམ་མཚན་ཕྱེད་ཀྱི་ དུས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་ལ། ཐོབ་པའི་རྟགས་ནི་རྟག་ཏུ་ནམ་མཁའ་གང་ བར་བཞུགས་པའི་སངས་རྒྱས་སྲས་དང་བཙུན་མོར་བཅས་པའི་ཚོགས་ཐམས་ཅད་མངོན་ སུམ་དུ་མཐོང་ཞིང་རིན་པོ་ཆེ་དང་གུར་ཀུམ་དང་མེ་ཏོག་གི་ཆར་ལ་སོགས་པ་སའི་སྟེང་དུ་ འབབ་པར་འགྱུར་རོ། །མཆོག་གི་དངོས་གྲུབ་ཐོབ་ཅིང་སངས་རྒྱས་ཀྱི་སྐུ་ནི་དོན་དམ་པའི་ མཚན་དང་དཔེ་བྱེད་མཐའ་ཡས་པས་བརྒྱན་པ་རྡུལ་མེད་རྡུལ་བྲལ་དྲི་མ་མེད་པ་ནམ་མཁའ་ ལྟར་ཀུན་ཏུ་ཁྱབ་པ་སྒྲིབ་པ་དང་བྲལ་ཞིང་རྨི་ལམ་གྱི་སྣང་བ་དང་མཚུངས་པ་སྲིད་གསུམ་ཀུན་ 5-1-349 ནས་དྭངས་བའི་རྣམ་པར་འགྱུར་ལ། གསུང་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རྣམ་པ་ཅན་ གཞོམ་མེད་ཀྱི་སྒྲ་རྒྱུན་མི་འཆད་པ་སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་རྟག་ཏུ་བཞུགས་པའི་ ངོ་བོ་ཉིད་དུ་འགྱུར་ཞིང༌། ཐུགས་ནི་དུས་ཐམས་ཅད་དུ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་ དབྱེར་མེད་པར་འཁྱུད་ཅིང་གཡོ་བ་མེད་པ་སྐད་ཅིག་ལས་འདས་པའི་ངོ་བོ་ཉིད་དུ་འགྱུར་ཏེ། དེ་ལྟ་བུའི་ངོ་བོ་རྣལ་འབྱོར་པ་བདག་ཉིད་ལ་གདོད་མ་ནས་དེ་བཞིན་གཤེགས་པའི་སྙིང་པོའི་ ཚུལ་དུ་བཞུགས་པ་དེ་མངོན་དུ་གྱུར་པ་ཡིན་པར་ཤེས་པར་བྱའོ། ། (༢) ཐོབ་བྱ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རང་བཞིན་ལ་གསུམ། གཉིས་པ་ཐོབ་བྱ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རང་བཞིན་བསྟན་པ་ལ། ལམ་བསྒོམ་ པའི་ཐོབ་བྱ་མཐར་ཐུག་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་བཅོམ་ལྡན་འདས་དཔལ་དུས་ ཀྱི་འཁོར་ལོའི་གོ་འཕང་ཡིན་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་གིས། དུ་བ་ལ་སོགས་ ལམ་གྱིས་ལྷན་ཅིག་སྐྱེས་པའི་བདེ་བའི་གོ་འཕང་བསྒོམས་ན་དེ་ནི་འདིར། །འགྲོ་བའི་བླ་མ་ སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་འདི་ཆོས་ཀྱི་འཁོར་ལོ་ཡང་དག་གནས། །ལྷ་རྣམས་མགོ་ཡི་ གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱི་ཞབས་ཀྱི་པད་མོ་ལ་གཏུགས་ཤིང༌། །དམ་པའི་ལམ་ ནི་སྟོན་མཛད་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོར་[འདུད{འགྱུར}། ། ཞེས་གསུངས་པས། འདིའི་དོན་ཅུང་ཟད་གཏན་ལ་དབབ་པ་ལ་གསུམ་སྟེ། དུས་ཀྱི་འཁོར་ ལོའི་མཚན་དོན་དང་རྣམ་གྲངས། རྡོ་རྗེའི་རྣལ་འབྱོར་དང་མངོན་བྱང་བཞིའི་ཚུལ། སྐུ་དང་ཡེ་ ཤེས་ཀྱི་རབ་ཏུ་དབྱེ་བ་བསྟན་པའོ། ། ༡ དུས་ཀྱི་འཁོར་ལོའི་མཚན་དོན་དང་རྣམ་གྲངས། དང་པོ་ནི། དྲི་མེད་འོད་ལས། སྙིང་རྗེ་དང་ནི་སྟོང་ཉིད་སྐུ། །དུས་ནི་ཀུན་རྫོབ་གཟུགས་ ཅན་དང༌། །འཁོར་ལོ་སྟོང་ཉིད་ཅེས་བརྗོད་དེ། །དུས་ཀྱི་འཁོར་ལོ་གཉིས་མེད་འདོད། །ཅེས་ 5-1-350 གསུངས་ཏེ། ལེགས་པར་སྦྱར་བའི་སྐད་ལ་ཀཱ་ལ་ཙཀྲ་ཞེས་པ་ཀཱ་ལ་ནི་དུས་དང་ཙཀྲ་ནི་ འཁོར་ལོ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང༌། དམིགས་བཅས་སྟོང་པ་ཉིད་དབྱེར་ མི་ཕྱེད་པའི་སྐུའོ། །དེ་བཞིན་དུ་དུས་ནི་ཕྱག་རྒྱ་ཆེན་པོ་ཀུན་རྫོབ་ཀྱི་གཟུགས་ཅན་མཆོག་ ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང༌། འཁོར་ལོ་ནི་སྒྲིབ་པ་མེད་པའི་ཕུང་པོ་ཁམས་དང་སྐྱེ་ མཆེད་པྲ་ཕབ་པ་ལྟ་བུའི་འོད་གསལ་སྟོང་པ་ཉིད་དེ། །དེ་དག་གཉིས་སུ་མེད་ཅིང་དབྱེར་མེད་ པའི་ཡེ་ཤེས་ནི་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་དུ་འདོད་ཅེས་པའོ། །གཞན་ཡང༌། དུས་ ནི་འགྱུར་མེད་བདེ་ཤེས་པ། །ཐབས་དང་སྙིང་རྗེའི་བདག་ཉིད་དེ། །འཁོར་ལོ་ཤེས་བྱའི་རྣམ་ འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །ཞེས་གསུངས་ཏེ། འགྱུར་མེད་ཀྱི་བདེ་བ་ དང་ཤེས་པ་གཞན་དང་ཐབས་དང་དམིགས་མེད་སྙིང་རྗེའི་བདག་ཉིད་ནི་དུས་ཡིན་ལ། ཤེས་ བྱའི་རྣམ་པ་དང་ཤེས་རབ་དང་དམིགས་བཅས་སྟོང་པ་ཉིད་ཀྱི་བདག་ཉིད་ནི་འཁོར་ལོ་ཡིན་ ཞིང༌། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་གསུངས་པ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ པས་ན་འགྲོ་བའི་དཔལ་ཞེས་བྱ་སྟེ། འདི་ནི་དཔལ་ལྡན་དུས་ཀྱི་འཁོར་ལོ་ཞེས་པའོ། །དེ་ བཞིན་དུ། ཀཱ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་ བའི་སེམས། །ཀྲ་ཡིག་རིམ་པར་བཅིང་ལས་སོ། །ཞེས་གསུངས་ཏེ། ཀཱ་ཡིག་གི་དོན་ནི་རྒྱུ་ བྱང་ཆུབ་ཀྱི་སེམས་ལུས་ཀྱི་ཐིག་ལེ་སད་པའི་གནས་སྐབས་གདོད་མ་ནས་ཞི་བ་སྟེ་འགགས་ པ་སྤྲུལ་པའི་སྐུ། ལ་ཡིག་གི་དོན་ནི་ངག་གི་ཐིག་ལེ་རྨི་ལམ་གྱི་གནས་སྐབས་བསྐྱེད་པའི་སྲོག་ ལྷན་ཅིག་སྐྱེས་པའི་སྐུ་འདི་ལ་གདོད་མ་ནས་ཐིམ་པ་སྟེ་འགགས་པ་ལོངས་སྤྱོད་རྫོགས་པའི་ སྐུ། ཙ་ཡིག་གི་དོན་ནི་སེམས་ཀྱི་ཐིག་ལེ་གཉིད་སྟུག་པོའི་གནས་སྐབས་གདོད་མ་ནས་ཟད་ པ་གཡོ་བའི་སེམས་བཅིང་པ་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ། ཀྲ་ཡིག་གི་དོན་ ནི་ཡེ་ཤེས་ཀྱི་ཐིག་ལེ་བཞི་པའི་གནས་སྐབས་གདོད་མ་ནས་ཟད་པའི་ཐིག་ལེ་བཞི་རིམ་པ་ 5-1-351 སྟེ་འཕོ་བ་བཅིངས་པའི་ལྷན་ཅིག་སྐྱེས་པའི་བདེ་བའི་སྐུ་ཡིན་པར་ཤེས་པར་བྱའོ། །དུས་ཀྱི་ འཁོར་ལོའི་མཚན་གྱི་རྣམ་གྲངས་ནི། དེ་ཉིད་ལས། གཉིས་མེད་གཡོ་བ་མེད་དང་རིས་མེད་ དང༌། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་དང་དངོས་པོ་མེད་པ་མེད་ པ་དང༌། །ཡེ་ཤེས་དང་ནི་སེམས་དཔའ་ཀུན་ཏུ་བཟང༌། །ཉོན་མོངས་མེད་དང་ཉོན་མོངས་ ཆེན་པོ་དང༌། །ལྷན་སྐྱེས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ ལོ་རྡོ་རྗེ་དང༌། །ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །ཞེས་གསུངས་ཏེ། འཁོར་ འདས་ཀྱི་སེམས་གཉིས་སུ་མེད་པའི་ཡེ་ཤེས། ཐིག་ལེ་གཡོ་བ་མེད་པའི་བདེ་བ། ཐབས་ཤེས་ རབ་ཀྱི་རིས་ཐ་དད་དུ་མེད་པ། མངོན་པར་འདོད་པར་བྱ་བ་སྟེ་རྡོ་རྗེའི་རྣལ་འབྱོར་བཞི་པའོ། ། དབུགས་ཀྱི་འགྱུ་བ་གདོད་མ་ནས་འགགས་པས་མཆོག་ཏུ་མི་འགྱུར་བ། ཆགས་པ་དཀར་ ཕྱོགས་དང་ཆགས་བྲལ་ནག་ཕྱོགས་ལ་མི་གནས་པས་འདོད་ཆགས་ཆེན་པོ། རྣམ་པ་ཀུན་ ལྡན་རྣམ་པ་མེད་པས་དངོས་པོ་དང་དངོས་པོ་མེད་པ་མེད་པ། ཤེས་བྱ་མ་ལུས་པ་མཁྱེན་པས་ ན་ཡེ་ཤེས་ཏེ་རྣལ་འབྱོར་གསུམ་པའོ། །སྲིད་པ་གསུམ་གཅིག་ཏུ་གྱུར་པས་ན་སེམས་དཔའ། ཐོག་མཐའ་བར་དུ་དགེ་བས་ན་ཀུན་ཏུ་བཟང་པོ། ཆགས་སོགས་གློ་བུར་པ་མེད་པས་ན་ཉོན་ མོངས་པ་མེད་པ། ཞེ་སྡང་ཆེན་པོ་སོགས་ཀྱི་ངོ་བོར་བཞུགས་པ་ན་ཉོན་མོངས་ཆེན་པོ་སྟེ་རྣལ་ འབྱོར་གཉིས་པའོ། །གདོད་ནས་ལྷུན་གྱིས་གྲུབ་པས་ལྷན་ཅིག་སྐྱེས་པ། གནས་སྐབས་བཞི་ གདོད་ནས་ཟད་པས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན་པ། སྟོང་ཉིད་སྙིང་རྗེ་དབྱེར་མེད་ པས་དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ། ཐབས་དང་ཤེས་རབ་དབྱེར་མེད་པའི་བདག་ཉིད་ རྡོ་རྗེའི་རྣལ་འབྱོར་ཞེས་པ་རྣལ་འབྱོར་དང་པོའོ། །གཞན་ཡང༌། རྩ་བའི་རྒྱུད་ལས་གསུངས་ པ། རྡོ་རྗེ་ཅན་ཝྃ་དང་ཞེས་སོགས་སྔར་དྲངས་པ་རྣམས་ཀྱང་རྣམ་གྲངས་ཡིན་ལ་གཞན་ཡང་ ཀྱེའི་རྡོ་རྗེ་འཁོར་ལོ་སྡོམ་པ་གསང་བ་འདུས་པ་སྒྱུ་འཕྲུལ་དྲ་བ་ཞེས་སོགས་རྣམ་གྲངས་དུ་མ་ 5-1-352 རྣམས་སོ། ། ༢ རྡོ་རྗེའི་རྣལ་འབྱོར་དང་མངོན་བྱང་བཞིའི་ཚུལ། གཉིས་པ་རྡོ་རྗེའི་རྣལ་འབྱོར་དང་མངོན་བྱང་བཞིའི་ཚུལ་ནི། དབང་མདོར་བསྟན་པར། རྡོ་རྗེའི་རྣལ་འབྱོར་རྣམ་བཞི་དང༌། །རྫོགས་པའི་བྱང་ཆུབ་བཞི་རྣམས་ཀྱིས། །ཕུང་ཁམས་སྐྱེ་ མཆེད་རིགས་དྲུག་རྣམས། །དག་པ་འཇིག་རྟེན་ཁམས་ལ་སོགས། །ལེའུ་ལྔ་ཡི་གཞུང་རྣམས་ ཀྱིས། །བདེན་གཉིས་དང་པོའི་སངས་རྒྱས་འགྱུར། །དུས་ཀྱི་འཁོར་ལོ་མངོན་བརྗོད་བྱེད། ། ཅེས་དང༌། རྒྱུད་ཀྱི་རྒྱལ་པོར། དེ་གཅིག་པུ་ལས་མཐའ་དག་རྒྱལ་བ་མཆོག་འདི་རྣམས་ཀྱི་ རྣམ་པ་ལྔ་ཡིས་མངོན་རྫོགས་བྱང་ཆུབ་དང༌། །རྣམ་པ་ཉི་ཤུའི་རང་བཞིན་དང་ནི་སླར་ཡང་དེ་ ནས་སྒྱུ་འཕྲུལ་དུ་མའི་རང་གི་ངོ་བོའོ། །དེ་ཡི་སྐད་ཅིག་གཅིག་ནི་བདེ་མཉམ་འབྲས་བུ་སྟེར་ བར་འགྱུར་ཏེ་ལས་གཞན་གྱི་ནི་རང་བཞིན་མིན། །འདིར་ནི་འཕོ་མེད་ཐབས་གང་ཡིན་པའི་ སྐད་ཅིག་མ་འདི་ལྷན་སྐྱེས་ཆོས་ཀྱི་དབྱིངས་སུ་རབ་ཞུགས་པའོ། །ཞེས་གསུངས་ཏེ། དེ་ལ་ དུས་ཀྱི་འཁོར་ལོ་རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞིར་བཞུགས་པའི་ཚུལ་ནི། དྲི་མེད་འོད་ལས། དག་དང་ཡེ་ཤེས་གཅིག་སྦྱོར་རྒྱལ་བ་མཆོག་གི་འདུས་པ་ཐུགས་དང་ཆོས་ནི་གཅིག་ཏུ་སྦྱོར། ། གསུང་དང་ལོངས་སྤྱོད་རྫོགས་པ་གཅིག་སྦྱོར་སྲིད་གསུམ་གྱིས་མཆོད་སྐུ་དང་སྤྲུལ་པ་སྦྱོར་ བ་སྟེ། །ཤེས་དང་ཤེས་བྱ་གཉིས་མེད་སྲིད་བྲལ་སྲིད་གནས་འདི་ནི་རྡོ་རྗེ་སེམས་དཔའ་རྣམ་ པ་བཞི། །རྡོ་རྗེའི་རྣལ་འབྱོར་ཐབས་དང་ཤེས་རབ་བདག་ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་དེ་ ལ་འདུད། །ཅེས་གསུངས་ཏེ། སྟོང་པ་ཉིད་ཀྱི་རྣམ་ཐར་གྱིས་གདོད་ནས་རྣམ་པར་དག་པའི་ ངོ་བོ་ཉིད་ཀྱི་སྐུ་དང་ཡེ་ཤེས་རྡོ་རྗེ་དབྱེར་མེད་གཅིག་ཏུ་སྦྱོར་བ་འགྱུར་མེད་ཀྱི་བདེ་བ་ནི་རྣམ་ པར་དག་པའི་རྣལ་འབྱོར་མཚན་མ་མེད་པའི་རྣམ་པར་ཐར་པས་གདོད་ནས་རྣམ་པར་དག་པ་ ཆོས་ཀྱི་སྐུ་དང་ཐུགས་རྡོ་རྗེ་གཅིག་ཏུ་སྦྱོར་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཆོས་ཀྱི་བདག་ 5-1-353 ཉིད་ཀྱི་རྣལ་འབྱོར་སྨོན་པ་མེད་པའི་རྣམ་པར་ཐར་པས་གདོད་ནས་རྣམ་པར་དག་པ་ལོངས་ སྤྱོད་རྫོགས་པའི་སྐུ་དང་གསུང་རྡོ་རྗེ་གཅིག་ཏུ་སྦྱོར་བ་གཞོམ་དུ་མེད་པའི་སྒྲ་བརྙན་ནི་སྔགས་ ཀྱི་རྣལ་འབྱོར་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་གདོད་ནས་རྣམ་པར་དག་ པ་སྤྲུལ་པའི་སྐུ་དང་རྡོ་རྗེ་གཅིག་ཏུ་སྦྱོར་བ་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ནི་དབྱིབས་ ཀྱི་རྣལ་འབྱོར་ཞེས་བྱ་སྟེ། དེ་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་རྡོ་རྗེ་སེམས་དཔའ་དང་བྱང་ ཆུབ་སེམས་དཔའ་དང་སེམས་དཔའ་ཆེན་པོ་དང་དམ་ཚིག་སེམས་དཔའ་སྟེ་སེམས་དཔའ་ རྣམ་པ་བཞིར་ཡང་གསུངས་སོ། །དུས་ཀྱི་འཁོར་ལོའི་སྐུར་གྱུར་པའི་རྡོ་རྗེའི་རྣལ་འབྱོར་འདི་ ནི་གཞི་འབྲས་སུ་གྱུར་པའི་རྡོ་རྗེའི་རྣལ་འབྱོར་ཡིན་ལ་སྦྱོར་བ་ཡན་ལག་དྲུག་ནི་ལམ་རྡོ་རྗེའི་ རྣལ་འབྱོར་ཡིན་པས་མི་འདྲ་བར་ཤེས་པར་བྱའོ། །དུས་ཀྱི་འཁོར་ལོ་མངོན་པར་བྱང་ཆུབ་ པ་བཞིར་བཞུགས་པའི་ཚུལ་ལ། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་ པ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་ཤིང་མི་འགྱུར་བའི་བདེ་བའི་སྐད་ཅིག་ཉི་ ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པའི་སྐད་ཅིག་གིས་ཐོག་མར་སངས་རྒྱས་ནས་དེའི་ རྗེས་ལ་སངས་རྒྱས་རྣམས་ཀྱི་བདེ་བ་ཆེན་པོའི་སྐད་ཅིག་ལས་འདས་པ་ཐོབ་པ་ནི་སྐད་ཅིག་ མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་པར་གསུངས་ཏེ། འདི་ནི་རྣལ་འབྱོར་ པས་སངས་རྒྱས་ཐོབ་པའི་དབང་དུ་བྱས་པའོ། །ལྷན་སྐྱེས་བདེ་བའི་སྐུ་ཉིད་ནི་དུས་ཀྱིས་ བསྡུས་པའི་སྐད་ཅིག་གཅིག་དང་དུ་མར་མ་གྲུབ་པས་སྐད་ཅིག་མ་གཅིག་གིས་བྱང་ཆུབ་པ་ ནི་དགོངས་པའོ། །དེས་ན་སངས་རྒྱས་ཀྱི་བདེ་བ་ཆེན་པོ་ནི་སྐད་ཅིག་ལས་འདས་པ་འདུས་ མ་བྱས་པའི་བདེ་བ་སྟེ་ལུས་ཀྱི་ཐིག་ལེ་བརྟན་པའི་བདེ་བ་ཙམ་ནི་མ་ཡིན་ནོ། །འགྲེལ་ཆེན་ ལས། འདིར་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་པ་ནི། མཆོག་ ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་སྟེ་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་ 5-1-354 སངས་རྒྱས་པ་འདི་ནི་དབུགས་ཀྱི་གྲངས་ཀྱི་མཐའ་ཇི་སྲིད་པར། སྐད་ཅིག་ཐམས་ཅད་ རྣམ་པར་བསྒོམ་པ་པོ་ཡིན་ནོ། །དེ་ནས་རྫོགས་པའི་སྐད་ཅིག་དེ་ལ་མངོན་པར་རྫོགས་པར་ སངས་རྒྱས་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་དང༌། དེའི་རྗེས་ལ་སངས་ རྒྱས་རྣམས་ཀྱི་རྣལ་འབྱོར་སྐད་ཅིག་ཐམས་ཅད་མེད་པ་གཅིག་དང་དུ་མ་དང་བྲལ་བ་མཆོག་ གི་གཉིས་སུ་མེད་པ་སྟེ་དོན་དམ་པར་ཡོད་པ་དང་མེད་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཞེས་ དང༌། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ ཅེས་གསུངས་སོ། །ཞེས་འབྱུང་བའི་དགོངས་པའོ། །འདིས་ནི་ཁ་ཅིག་ལམ་དུས་ཀྱི་བྱང་ སེམས་ཀྱི་ཐིག་ལེ་བརྟན་པའི་བདེ་བ་ཉིད་མཐར་ཐུག་གི་བདེ་བ་ཆེན་པོར་འདོད་པ་བསལ་ བ་ཡིན་ནོ། །ལམ་དུས་ཀྱི་བདེ་བ་ནི་ཞུ་བདེ་ལྷན་སྐྱེས་དང༌། གཞི་འབྲས་མཐར་ཐུག་གི་བདེ་ བ་ནི་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཞེས་ཀྱང་བྱའོ། །ས་ལ་སོགས་པའི་དཀྱིལ་འཁོར་ལྔ་ འགགས་པས་ཕུང་པོ་གཞན་ལྔ་དང་ཁམས་གཞན་ལྔའི་བདག་ཉིད་མེ་ལོང་ལྟ་བུ་ལ་སོགས་ པའི་ཡེ་ཤེས་ལྔའི་བདག་ཉིད་བྱང་ཆུབ་པ་ནི་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་ པའོ། །འཕོ་བ་བཅུ་གཉིས་ཀྱི་རླུང་འགགས་པས་སྒྲིབ་པ་མེད་པའི་དབང་པོ་ལྔ་དང་ཡུལ་དང་ ལས་དབང་དང་ལས་ཀྱི་དབང་པོའི་བྱ་བ་ལྔ་སྟེ་སེམས་དཔའ་ཡབ་ཡུམ་ལ་སོགས་པ་རྣམས་ རྣམ་པ་ཉི་ཤུར་བྱང་ཆུབ་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ལུས་ཀྱི་དགའ་བ་དང་ མཆོག་དགའ་ལ་སོགས་ཀུན་རྫོབ་ཀྱི་ཐིག་ལེ་བཅུ་དྲུག་འགགས་པས་མཐའ་ཡས་པའི་སྒྱུ་ འཕྲུལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་མངོན་པར་བྱང་ཆུབ་པ་ནི་སྒྱུ་འཕྲུལ་ དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དང་པོའི་སངས་རྒྱས་ཀྱི་ངོ་བོ་ནི་གདོད་མ་ ཉིད་དུ་མངོན་པར་བྱང་ཆུབ་པ་བཞིས་བྱང་ཆུབ་པ་སྟེ། འགྲེལ་ཆེན་ལས། མཆོག་གི་དང་པོའི་ སངས་རྒྱས་ནི་སྐད་ཅིག་གཅིག་དང་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་ 5-1-355 པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཅན་འགྱུར་བ་མེད་པའི་བདེ་བ་ནི་མཆོག་ཡིན་ལ་ དེས་དང་པོར་སངས་རྒྱས་པ་ནི་མཆོག་གི་དང་པོའི་སངས་རྒྱས་ཏེ། ཞེས་དང༌། དང་པོའི་སྒྲ་ནི་ ཐོག་མ་དང་ཐ་མ་མེད་པའི་དོན་ཏོ། །ཞེས་གསུངས་སོ། ། ༣ སྐུ་དང་ཡེ་ཤེས་ཀྱི་རབ་ཏུ་དབྱེ་བ་བསྟན་པ་ལ་གཉིས། གསུམ་པ་སྐུ་དང་ཡེ་ཤེས་ཀྱི་རབ་ཏུ་དབྱེ་བ་བསྟན་པ་ལ། སྐུ་དང༌། ཡེ་ཤེས་ཀྱི་དབྱེ་བ་ གཉིས་སོ། ། ༡ སྐུའི་དབྱེ་བ། དང་པོ་ནི། སྤྱིར་སངས་རྒྱས་ཀྱི་ཡང་དག་པའི་སྐུ་ནི་ཕ་རོལ་ཏུ་ཕྱིན་པ་བཞི་ཡི་བདག་ཉིད་ ཡིན་ཏེ། རྒྱུད་བླར། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། ། ཞེས་གསུངས་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པས་གཙང་བའི་ཕ་རོལ་ཏུ་ ཕྱིན་པ་སྟེ། མཚན་བརྗོད་ལས། བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་གསུངས་པས་ སོ། །གང་ཟག་དང་ཆོས་ཀྱི་བདག་གིས་དབེན་པ་{སྟེ}དེ་བཞིན་[ཉིད་]རྣམ་པར་དག་པའི་ བདག་ཉིད་དུ་གྲུབ་པས་བདག་གི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ལས། དེ་བཞིན་ཉིད་བདག་ དག་པའི་བདག། ཅེས་དང༌། མདོ་སྡེ་རྒྱན་ལས། སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་ མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་ བདག་ཏུ་འགྱུར། །ཞེས་གསུངས་པ་ལྟར་རོ། །ཟག་པ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ ཡིན་པས་བདེ་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། བདེ་མཆོག་ཉུང་ངུའི་རྒྱུད་དུ། ལྷ་དང་མི་ཡི་བདེ་བ་ ནི། །འདུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་ རོ། །འདུས་མ་བྱས་ནམ་མཁའ་ལྟར་ནི་རང་བཞིན་གྱིས་རྟག་པས་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ 5-1-356 སྟེ། མདོ་སྡེའི་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་བརྟག་པ་ཉིད། ། ཅེས་ཆོས་སྐུ་[རང་བཞིན]ནི་རྟག་པར་གསུངས་སོ། །དེ་བཞིན་དུ། ཆོས་ཉིད་ཀྱི་སྐུ་ཁོ་ནར་ ཤེས་པར་བྱ་སྟེ། ཡུམ་རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་ སྒྲར་རྟོགས་པ། །ལོག་པར་བཅོམ་པར་སྐྱེས་པ་ཡི། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །འདྲེན་པ་ རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་སངས་རྒྱས་བལྟ་བར་བྱ། །ཞེས་གསུངས་སོ། །དེ་ལྟ་བུའི་ སྐུའི་རབ་ཏུ་དབྱེ་བ་ལ་སྔགས་ཀྱི་ཐེག་པ་ཐུན་མོང་མ་ཡིན་པའི་རྣམ་བཞག་ནི། འགྲེལ་ཆེན་ ལས། རྣམ་པ་ཀུན་ཀྱི་མཆོག་ལྡན་པའི། །སྐུ་ནི་མོས་པ་སྣ་ཚོགས་ལས། །རང་རང་བསམ་ པའི་སེམས་ཅན་གྱིས། །མཐོང་བ་སྤྲུལ་པའི་མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་ཀྱི་ སྒྲས། །རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་འདི། ། ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །མི་རྟག་པ་མིན་རྟག་པའང་མིན། །གཅིག་མིན་དུ་ མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པའང་མིན། །འདི་ནི་རྟེན་འབྲེལ་ཆོས་སྐུའོ། ། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང༌། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཤེས་རབ་མ་ ཡིན་ཐབས་ཀྱང་མིན། །འདི་ནི་ངོ་བོ་ཉིད་སྐུ་གཞན། །དུས་ཀྱི་འཁོར་ལོ་ཞེས་གྲགས་པ། །སྐུ་ བཞིའི་བདག་ཉིད་ཞི་བ་ལ། །དངོས་པོ་ཀུན་ཀྱིས་ཕྱག་འཚལ་ཏེ། །ཞེས་གསུངས་ཏེ། འདི་ནི་ ལྷན་ཅིག་སྐྱེས་པའི་སྐུའམ་ཆོས་ཀྱི་སྐུ་ཉིད་ལ་བཞིར་ཕྱེ་བ་སྟེ་ཆོས་ཀྱི་སྐུ་ཉིད་རྣམ་པ་ཐམས་ ཅད་པའི་གཟུགས་སུ་གནས་པ་ནི་དོན་དམ་པའི་སྤྲུལ་པའི་སྐུ་ཡིན་ལ། དེ་ཡི་མཐུ་ལས་མོས་ པ་སྣ་ཚོགས་པའི་སེམས་ཅན་ལ་རང་རང་གི་བསམ་པ་དང་མཐུན་པར་སྐུའི་སྣང་བ་སྣ་ཚོགས་ ཤར་བའི་ཀུན་རྫོབ་སྤྲུལ་པའི་སྐུ། ཡང་དེ་ཉིད་གཞོམ་དུ་མེད་པའི་རྣམ་པ་ཐམས་ཅད་པའི་ སྒྲའི་ངོ་བོར་གནས་པ་ནི་དོན་དམ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེའི་མཐུ་ལས་ སེམས་ཅན་མཐའ་ཡས་པ་ལ་རང་རང་གི་སྐད་ཀྱིས་ཆོས་སྟོན་པའི་སྣང་བ་འཆར་ཞིང་ཀུན་ 5-1-357 རྫོབ་ཀྱི་ལོངས་སྐུ་ནི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་ཉིད་དོ། །ཡོད་མེད་རྟག་ཆད་ལ་སོགས་ ཀྱི་མཐའ་ལས་འདས་པའི་འདུས་མ་བྱས་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུའོ། །ཐབས་ཤེས་རབ་ དབྱེར་མེད་པ་མི་འགྱུར་བའི་བདེ་བ་འདུས་མ་བྱས་པ་ནི་ངོ་བོ་ཉིད་ཀྱི་སྐུའམ་ལྷན་ཅིག་སྐྱེས་ པའི་སྐུའོ། །དེ་ལ་ལྷན་ཅིག་སྐྱེས་པའི་སྐུ་ནི་རང་དོན་ཕུན་སུམ་ཚོགས་པ་དང༌། ཆོས་ཀྱི་སྐུ་ནི་ གཞན་དོན་ཕུན་ཚོགས་སུ་གསུངས་ཤིང༌། ལོངས་སྤྱོད་རྫོགས་སྐུ་གཞོམ་མེད་ཀྱི་སྒྲ་ཡིན་པར་ ཡང༌། འགྲེལ་ཆེན་གྱི་སྐུ་བཞི་ཡི་མདོར་བསྡུས་ལས། འདིར་ལྷ་ཡི་མིག་གིས་འདས་པ་དང་མ་ འོངས་པའི་གཟུགས་གང་ཞིག་མཐོང་བ་ནི་གཟུགས་བརྙན་གྱི་རྣམ་པ་དང་བ་སྟེ། དེ་ལ་སྒྲ་ གང་ཞིག་སྣང་བ་དེ་ནི་སྒྲ་བརྙན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཤེས་རབ་དང་ཐབས་ཀྱི་ རང་བཞིན་ལྷ་ཡི་རྣ་བའི་རྣམ་པར་ཤེས་པ་ནི་འཛིན་པར་བྱེད་པ་སྟེ་སྒྲ་བརྙན་ནི་གཟུང་བར་བྱ་ བའོ། །དེས་ན་འདས་པ་དང་མ་འོངས་པའི་དུས་ཀྱི་{རྣམ}གྲངས་{རྣམས་}ཤེས་ཏེ། ཞེས་ གསུངས་ལ། ལྷན་ཅིག་སྐྱེས་སྐུ་ལས་ཆོས་སྐུ་དང་ཆོས་སྐུ་ལས་ལོངས་སྐུ་དང་ལོངས་སྐུ་ལས་ སྤྲུལ་སྐུ་འབྱུང་བར་གསུངས་ཏེ། ངོ་བོ་དབྱེར་མེད་པའི་རྒྱུ་འབྲས་སུ་ཤེས་པར་བྱའོ། །འདི་ དག་ནི་སྔགས་ཀྱི་ཐེག་པའི་ཐུན་མོང་མ་ཡིན་པའི་རྣམ་པར་བཞག་པའོ། །དེ་བཞིན་དུ། འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། སངས་རྒྱས་ཤཱཀྱ་ སེང་གེ་ཡིས། །སེམས་ཅན་བསམ་པའི་དབང་དག་གིས། །སྐུ་ནི་གཅིག་གཉིས་གསུམ་དང་ནི། ། བཞི་དང་ལྔ་རུ་གསུངས་པ་སྟེ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་ མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །ཇི་ལྟར་ གཟུགས་ཀྱི་སྐུ་དང་ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ། །སེམས་ཅན་བསམ་པའི་དབང་གི་ ཕྱིར། །བསྟན་བཅོས་སྐྱབས་གནས་གསུམ་པོས་གསུངས། །ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། ། སྐུ་གསུམ་དུ་ནི་རབ་ཏུ་བསྒྲགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་རྣམས། །སྔགས་ཀྱི་ཚུལ་ལ་ 5-1-358 མི་ཡིས་བསྒྲུབས། །ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་དང༌། ། ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བཤད། །སངས་རྒྱས་སྐུ་ལྔའི་ བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། ། སྤྱན་ལྔ་ཆགས་པ་མེད་པ་འཆིང༌། །གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་ སྐུ་མཆོག་གོ། སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུ་རབ་བསྒྲགས། །ཡེ་ཤེས་ཕུང་པོ་མཐའ་ཡས་ པ། །བདག་གི་ཡེ་ཤེས་སྐུ་རབ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་ སྐུ་འགྱུར་མེད་མཆོག །བསྡུས་པ་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་ བསྒྲགས། །ཞེས་གསུངས་ཏེ། འདིར་སྐུ་གཉིས་དང་བཞིར་ཕྱེ་བ་འདི་མཚན་ཉིད་{ཀྱི}ཐེག་ པར་གསུངས་པའི་སྐུའི་དབྱེ་བ་དང་མིང་མཐུན་པར་འབྱུང་ཡང་དོན་མི་འདྲ་སྟེ། འདིར་བཤད་ པའི་སྐུའི་དབྱེ་བ་ཐམས་ཅད་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་དབྱེ་བར་གསུངས་ པའི་ཕྱིར་རོ། །སྔགས་མཚན་ཉིད་ཐུན་མོང་བའི་[སྐུའི]རྣམ་པར་བཞག་པ་ལ། སྐུ་གཉིས་སུ་ དབྱེ་བ་དང༌། གསུམ་དུ་དབྱེ་བ་དང་གཉིས་སོ། །དང་པོ་ནི། རྒྱུད་བླ་མར། བདག་ཉིད་ཀྱིས་ནི་ འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ ཕུན་སུམ་ཚོགས་པའི་གནས། །ཞེས་དང༌། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་ བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་[ཡི{ནི}། །ཡོན་ ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་གསུངས་ཏེ། རང་དོན་ཕུན་ཚོགས་དོན་དམ་ཆོས་ཀྱི་ སྐུ་དང༌། གཞན་དོན་ཕུན་ཚོགས་ཀུན་རྫོབ་གཟུགས་སམ་བརྡ་ཡི་སྐུ་སྟེ་གཉིས་ཡིན་ལ། ཆོས་ ཀྱི་སྐུ་ནི་སྟོབས་བཅུ་མི་འཇིགས་པ་བཞི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ་བྲལ་ བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པ་དང༌། གཟུགས་ཀྱི་སྐུ་ནི་རྣམ་སྨིན་གྱི་ཡོན་ཏན་ 5-1-359 མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡིན་ལ། ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་ཚོགས་དང༌། གཟུགས་ ཀྱི་སྐུ་ནི་བསོད་ནམས་ཀྱི་ཚོགས་ལས་འཁྲུངས་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་སོ། །སྐུ་ གསུམ་དུ་དབྱེ་བ་ནི། མདོ་སྡེའི་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་བའི་སྐུ་ཡིན་ཏེ། །དང་པོ་གཉིས་[པོ{པའི་} བརྟེན་ཡིན་ནོ། །ཞེས་གསུངས་ཏེ། ཆོས་ཀྱི་སྐུ་ནི་རྟེན་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང་ སྤྲུལ་བའི་སྐུ་གཉིས་ནི་དེ་ལ་བརྟེན་པ་ཡིན་ནོ། །ཆོས་ཀྱི་སྐུའི་དོན་ནི། རྒྱུད་བླར། ཐོག་མ་ དབུས་མཐའ་མེད་ཅིང་རྣམ་དབྱེ་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་ དབྱིངས་རང་བཞིན་གང་ཡིན་རྟག་གནས་པ། །མཉམ་པར་གཞག་པའི་རྣལ་འབྱོར་པ་ཡིས་ མཐོང༌། །གཞལ་མེད་གང་གཱའི་བྱེ་མ་ལས་འདས་པའི། །བསམ་མེད་མཉམ་མེད་ཡོན་ཏན་ རྣམས་དང་ལྡན། །དེ་བཞིན་གཤེགས་པ་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ ཉེས་པ་རྣམས་སྤངས་པའོ། །ཞེས་གསུངས་ཏེ། རིམ་པ་ལྟར་འདུས་མ་བྱས་པ་དང་ཡོན་ཏན་ བསམ་གྱིས་མི་ཁྱབ་པ་རང་བཞིན་གྱིས་ལྡན་པ་དང་སྒྲོ་སྐུར་གྱི་མཐའ་གཉིས་དང་བྲལ་བ་ དང་ཉོན་མོངས་སྙོམས་འཇུག་ཤེས་བྱའི་སྒྲིབ་པ་གསུམ་དང་བྲལ་བ་དང་གདོད་ནས་དྲི་མ་ དང་རྣམ་རྟོག་མེད་པ་དང་མཉམ་པར་གཞག་པའི་རྣལ་འབྱོར་པ་ཁོ་ནས་མཐོང་བའི་ཆོས་ཉིད་ འོད་གསལ་བ་ཡིན་པ་སྟེ་མཚན་ཉིད་ལྔ་དང་ལྡན་ཞིང་རྒྱ་ཆེ་བ་དང་གྲངས་མེད་པ་དང་རྟོག་ གེའི་ཡུལ་མིན་པ་དང་འགྲན་ཟླ་མེད་པས་གཅིག་པུ་དང་ཉེས་པ་བག་ཆགས་དང་བཅས་པ་ སྤངས་པའི་གཞལ་མེད་ལ་སོགས་ཡོན་ཏན་ལྔ་དང་ལྡན་པའི་དབྱིངས་ཡེ་ཤེས་དང་དབྱེར་ མེད་[པ་ནི{པའི}་ཆོས་ཀྱི་སྐུའོ། །ལོངས་སྐུའི་དོན་ནི། རྒྱུད་བླར། སྣ་ཚོགས་འོད་ཟེར་དམ་ 5-1-360 ཆོས་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །ཞེས་གསུངས་ཏེ། གསུང་ཐེག་ཆེན་གྱི་ཆོས་སྟོན་པ་རྒྱུན་མི་ཆད་པ་དང༌། སྐུ་མཚན་དཔེས་བརྒྱན་པའི་སྣང་བ་ རྒྱུན་མི་ཆད་པ་དང༌། མཛད་པ་བསྒྲུབ་པ་རྒྱུན་མི་འཆད་པ་སྟེ་གསུམ་དང༌། དེ་རྣམས་ལྷུན་ གྱིས་གྲུབ་པར་འཇུག་པ་དང༌། སྐུ་གསུང་ཐུགས་དང་མཛད་པ་དུ་མར་སྣང་ཡང་དུ་མ་མ་ཡིན་ པ་དང་གཉིས་ཏེ་ཁྱད་པར་ལྔ་དང་ལྡན་པའོ། །འདི་ནི་ངེས་པ་ལྔ་དང་ལྡན་པ་ཡང་ཡིན་ཏེ་ གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ་ངོ་བོ་ངེས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་ནས་བསྐོར་བ། དུས་ངེས་པ་རྟག་ཏུ་རྒྱུན་ མི་ཆད་པ། ལོངས་སྤྱོད་ངེས་པ་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའོ། །སྤྲུལ་ སྐུའི་དོན་ཡང༌། རྒྱུད་བླར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། རབ་ཏུ་སྨིན་དང་ལུང་ སྟོན་[རྒྱུ་ཡི{སྒྱུ་མའི་}གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ ཁམས་སུ་གཟུགས་ཀྱི་རྣམ་པ་བཞིན། །ཞེས་གསུངས་ཏེ། འགྲོ་བ་རྣམས་སྲིད་པ་ལས་སྐྱོ་བ་ བསྐྱེད་ནས་མྱ་ངན་ལས་འདས་པ་ལ་འདུན་པར་མཛད་པ་དང༌། ཉན་རང་གི་ལམ་ལས་ ཞུགས་པ་ལ་བཟློགས་ནས་ཐེག་ཆེན་གྱིས་སྨིན་པར་མཛད་པ་དང་སྨིན་པ་རྣམས་བྱང་ཆུབ་ མཆོག་ཏུ་ལུང་སྟོན་པར་མཛད་པ་སྟེ། །འབྲས་བུ་གསུམ་པོ་དེའི་རྒྱུའི་ངོ་བོ་ནམ་མཁའ་ལ་ གཟུགས་གནས་པ་ལྟར་ཆོས་སྐུ་ལ་རྟག་ཏུ་གནས་པའོ། །འདི་ལ་ཕྱེ་ན་དྲི་ཟའི་རྒྱལ་པོ་རབ་ དགའ་གཉིས་པར་སྟོན་པ་ལ་སོགས་པ་བཟོའི་སྤྲུལ་པ་དང༌། འགྲོ་བའི་རིགས་གང་ལ་གང་ འདུལ་གྱི་སྐྱེ་བ་སྣ་ཚོགས་སྟོན་པ་སྐྱེ་བའི་སྤྲུལ་པ་དང༌། འོག་མིན་དུ་སངས་རྒྱས་ནས་ཞིང་ འདིར་མཛད་པ་བཅུ་གཉིས་སྟོན་པ་བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ་འདི་འང་མཚན་དང་དཔེ་ བྱད་ཀྱི་བདག་ཉིད་ཡིན་ནོ། །སྐུ་ཕྱི་མ་གཉིས་ནི་ཀུན་རྫོབ་གཟུགས་ཀྱི་སྐུའོ། ། 5-1-361 ༢ ཡེ་ཤེས་ཀྱི་དབྱེ་བ། གཉིས་པ་ཡེ་ཤེས་ཀྱི་དབྱེ་བ་ལ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པའི་ལུགས་ནི། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་མཆོག་གི་དང་པོའི་སངས་རྒྱས་ཀྱི་ལུང་དྲངས་ཏེ་ གསུངས་པ། སྟོང་པ་ལ་ནི་དངོས་པོའི་ཚོགས། །བརྟགས་པའི་གཟུགས་སྤངས་བེམ་པོ་མིན། ། འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡི་བཞིན། །ཞེས་པ་ནི་འཇིག་རྟེན་ལས་ འདས་པའི་བདེན་པ་ལ་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་གསུངས་ཏེ། ཕྱག་རྒྱ་ཆེན་པོ་འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་འདི་ཉིད་དོན་དམ་བདེན་པའི་གཟུགས་ ཀྱི་ཕུང་པོ་རྣམ་པར་སྣང་མཛད་དེ་ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་ཀུན་ མཉམ་པ་ཉིད་གྱུར་ནས། །དངོས་པོ་གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་ བ། །ཆད་པ་མ་ཡིན་རྟག་པའང་མིན། །ཞེས་པ་ནི་ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ སོ། །ཞེས་གསུངས་ཏེ། འོད་གསལ་ཆེན་པོའི་དབྱིངས་ཁམས་གསུམ་པའི་རྣམ་པ་ཅན་ཉིད་ མྱང་འདས་ཀྱི་དབྱིངས་[མིན་{ཡིན}པའི་ཚུལ་གྱིས་འཁོར་འདས་ཀྱི་དངོས་པོ་ཀུན་མཉམ་པ་ ཉིད་དུ་གྱུར་ཅིང་བདེ་བ་ཆེན་པོའི་དངོས་པོ་གཅིག་ཏུ་མི་འགྱུར་བར་གནས་པ་ལ་སོགས་ནི་ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་ཏེ་ཡེ་ཤེས་ལྔ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མིང་ གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལས་ཡང་དག་བྱུང༌། །མི་འགྱུར་ཆེན་པོའི་གནས་ ཐོབ་པ། །མིང་མེད་མིང་ཅན་དག་ཀྱང་མེད། །ཅེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཀུན་ཏུ་ རྟོག་པའི་ཡེ་ཤེས་སོ། །ཞེས་པ་སྟེ། ཨ་ཡིག་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་རིགས་ ལས་བྱུང་བའི་མིང་གཞོམ་མེད་ཀྱི་སྒྲའི་ངོ་བོ་བརྗོད་དུ་མེད་པའི་དབྱངས་དང་གསལ་བྱེད་ འགྱུར་མེད་བདེ་བ་ཆེན་པོའི་བདག་ཉིད་ཀུན་རྫོབ་ཀྱི་མིང་དོན་ཐམས་ཅད་ལས་འདས་པ་ནི་ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཏེ། ཡེ་ཤེས་ལྔ་ལས་སོ་སོར་རྟོགས་པའི་ཡེ་ཤེས་སོ། ། 5-1-362 སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་རྣམས་ལ་ཡང༌། །སངས་རྒྱས་ཉིད་མེད་བྱང་ ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་བྱ་བ་ནན་ ཏན་གྱི་ཡེ་ཤེས་སོ། །ཞེས་པ་སྟེ། སྐྱེ་བ་མེད་པའི་ཆོས་འདུས་མ་བྱས་པའི་དབྱིངས་འདུས་བྱས་ གྱི་སངས་རྒྱས་དང་བྱང་ཆུབ་དང་སེམས་ཅན་ལ་སོགས་འཁོར་འདས་གཉིས་ཀྱིས་སྟོང་བ་ནི་ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་སྟེ། ཡེ་ཤེས་ལྔ་ལས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །རྣམ་ པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པས་གོས་པ་མེད། །རང་བཞིན་འོད་གསལ་ ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱི་བགྲོད་པར་གནས། །ཞེས་པ་ནི་{སེམས}རྣམ་པར་ཤེས་ པའི་ཕུང་པོ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །ཞེས་པ་སྟེ། རྣམ་ཤེས་ ལས་འདས་པའི་རང་བྱུང་ཡེ་ཤེས་གློ་བུར་གྱི་དྲི་མས་གདོད་ནས་མ་གོས་པ་ཆོས་དབྱིངས་རང་ བཞིན་གྱིས་འོད་གསལ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་སྟེ་ཡེ་ཤེས་ལྔ་ལས་ཆོས་ ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་བཞིན་དུ། དཔལ་དུས་ཀྱི་འཁོར་ལོར། འཁོར་ལོ་སྲིད་གསུམ་ ཀུན་ནས་དྭངས་བ་ཞེས་པའོ་བདེ་བ་རིན་ཆེན་འདི་ཡི་ཆགས་པ་ཉིད་དག་ནི། །པད་མའོ་ཉོན་ མོངས་ཟད་པ་རལ་གྲི་རྡོ་རྗེ་དག་ཀྱང་ཡེ་ཤེས་སྐུ་ཆེན་རྣམ་པར་མི་[ཕྱེད{འཕྱེད་}པའོ། །མི་ ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ཏེ་འདི་དག་རྣམས་ཀྱིས་བསྐྱེད་མ་གང་ ཡིན་པ། །ཕུང་པོ་ཁམས་དང་དབང་པོ་ལ་སོགས་མཁའ་བཞིན་རོལ་ཉམ་དེ་དག་རྣམས་ཀྱང་ དེ་བཞིན་རིག་པར་བྱ། །གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་དུ་གྱུར་པ་དེ་ ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་ དེ་ནི་ཚོར་བ་ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ་ དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བ་འཕེལ་བ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ རྡོ་རྗེའི་འདུ་བྱེད་ཆེན་པོའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་དུ་ 5-1-363 གྱུར་པ་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་ཤེས་པ་མིན་པའི་དངོས་པོ་ཉམས་པ་ ཉིད་དུ་གྱུར་པ་དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་དམ་ པའི་རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་རྣམས། །གཞན་ནི་ཁམས་དྲུག་དབྱེ་བ་ རྣམས་ཏེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞི་བ་རྣམས། །ཞེས་གསུངས་ཏེ། དང་ པོའི་སངས་རྒྱས་ལྷན་ཅིག་སྐྱེས་པའི་སྐུའི་སྟོང་གཟུགས་བདེ་བ་དང་ཆགས་པ་ཆེན་པོ་དང་གློ་ བུར་གྱི་ཉོན་མོངས་ཟད་པ་དང་མི་ཕྱེད་པ་དང་འགྱུར་པའི་མ་རིག་པ་གཅོད་པ་རྣམས་ནི་ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངོ་བོར་གྱུར་པའི་འཁོར་ལོ་ལ་སོགས་པའི་མཚན་མ་ དྲུག་ཡིན་ལ། མཚན་མ་དྲུག་པོས་བསྐྱེད་པའི་སྒྲིབ་པ་མེད་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ སོགས་རོ་གཅིག་པ་སངས་རྒྱས་ཡབ་ཡུམ་ལ་སོགས་པ་དྲུག་དྲུག་སུམ་ཅུ་རྩ་དྲུག་པོ་རྣམས་ཡེ་ ཤེས་ལྔའི་དབྱེ་བར་ཤེས་པར་བྱ་ཞིང་གཟུགས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་ པ་རྣམས་ནི་མ་དག་པའི་གཟུགས་སོགས་གདོད་མ་ནས་ཉམས་པའི་རྣམ་པར་དག་པའི་ གཟུགས་སོགས་གཞན་ཉིད་ཡིན་པར་གསུངས་སོ། །རྒྱལ་བའི་ཡུམ་ལས་ཀྱང༌། གཟུགས་ རྣམ་པར་དག་པ་གང་ཡིན་པ་དེ་ཉིད་{ནི}རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་ པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་བྱ་བའི་ དགོངས་པའང་འདི་ཉིད་ཡིན་ཏེ། རྣམ་དག་ཐམས་ཅད་དེ་ལྟར་ཤེས་པར་བྱའོ། །ནཱ་རོ་པས་ ཀྱང་དེ་ལྟར་མཛད་དོ། །འདིས་ནི་མ་དག་པའི་གཟུགས་སོགས་ཉིད་སངས་རྒྱས་རིགས་དྲུག་ ཡིན་པ་དང༌། མ་དག་པའི་གཟུགས་སོགས་སངས་རྒྱས་རིགས་དྲུག་གི་སྦྱངས་གཞི་ཡིན་པར་ འདོད་པ་ཡང་བཀག་པ་ཡིན་ནོ། །ཡང་དེ་ཉིད་ལས། གང་དུ་གཏི་མུག་མཐའ་དག་ཉམས་པ་ ཉིད་དུ་གྱུར་པ་སྤྱན་མ་ཡིན་ཏེ་དེ་ནི་འཛིན་མའོ། །གང་དུ་ང་རྒྱལ་མཐའ་དག་ཉམས་པ་ཉིད་དུ་ 5-1-364 གྱུར་པ་དེ་ནི་མཱ་མ་ཀཱི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་ཆགས་པ་མཐའ་དག་ཉམས་པ་ཉིད་དུ་གྱུར་ པ་གོས་དཀར་མོ་སྟེ་དེ་ནི་མེ་ཡིན་ནོ། །གང་དུ་ཕྲག་དོག་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་ སྒྲོལ་མ་ཡིན་ཏེ་དེ་ནི་རླུང་ཡང་ངོ༌། །གང་དུ་ཞེ་སྡང་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་སྣ་ ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ། །མཐོང་དང་མ་མཐོང་གཟུགས་ནི་ཡིད་དང་ནམ་མཁའ་ ལ་ཡང་ལྟ་བར་བྱེད་པ་གང་ཡིན་དེ་ནི་མིག །རིང་ནས་རབ་ཏུ་གསལ་བ་བཞིན་དུ་སྒྲ་ནི་ཐོས་ པ་འདི་ནི་རྒྱལ་བའི་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་བྱེད་པའི་དྲི་རྣམས་ཐམས་ཅད་འཛིན་ པ་དེ་ནི་ཁྱབ་བདག་གི་ཡང་སྣ་བཟང་པོ། །རང་གི་ཟླ་བ་བདུད་རྩི་བདེ་སྟེར་དག་ཀྱང་རྟག་ཏུ་ མྱང་བར་བྱེད་པ་གང་ཡིན་དེ་ནི་ལྕེ། །རྡོ་རྗེའི་རེག་བྱ་ཀུན་ནས་འཕྲོག་པ་གང་ཡིན་དེ་ནི་རྟག་ ཏུ་རྡོ་རྗེའི་ལུས་ཀྱི་དབང་པོ་སྟེ། །ཐབས་དང་ཤེས་རབ་རབ་ཏུ་འདུས་པ་འདི་ཡི་ཆོས་[ཏེ{ཡིན་}བདེ་མཉམ་ལ་འཇུག་གང་ཡིན་དེ་ནི་ཡིད། །དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་ འདི་དག་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་པ་རྣམས། །སྣ་ཚོགས་གཟུགས་ལ་ སོགས་པ་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་པ་དྲུག་སྟེ་ཀུན་ནས་ནི། །དང་ཞིང་ མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་གོས་པ་མེད་ཅིང་ཡེ་ཤེས་ཀྱིས་ནི་རྟོགས་བྱ་ཞིང༌། ། ཁམས་གསུམ་དག་ཏུ་གཞན་གྱི་གཟུང་བྱ་དང་ནི་མཐའ་དག་འགྲོ་བའི་དབང་པོའི་སྒོ་ཡིས་ རྟོགས་བྱ་མིན། །ཞེས་གསུངས་ཏེ། ཡེ་ཤེས་ལྔའི་ངོ་བོ་ས་གཞན་སྤྱན་མ་ལ་སོགས་པ་རྣམས་ འཁོར་བའི་ཉོན་མོངས་པ་མཐའ་དག་ཉམས་པར་གསུངས་པ་འདིས་ནི་ཉོན་མོངས་པ་རྣམས་ ཡེ་ཤེས་སུ་གནས་འགྱུར་བར་འདོད་པ་ཡང་བཀག་པ་ཡིན་ནོ། །སྔགས་མཚན་ཉིད་ཐུན་མོང་ བའི་ཡེ་ཤེས་ཀྱི་རྣམ་པར་བཞག་པ་ནི། མདོ་སྡེའི་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། ། ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་ 5-1-365 མིན། །ཞེས་གསུངས་པ། རྟག་ཏུ་ང་ཡི་བ་མེད་པ་ཡུལ་ཡོངས་སུ་མ་ཆད་པ་ཤེས་བྱ་ཐམས་ ཅད་ལ་འཇུག་པ་དུས་རྟག་ཏུ་ལྡན་པ། སྒྲིབ་པ་གཉིས་དང་བྲལ་བས་ཤེས་བྱ་ཀུན་ལ་མ་རྨོངས་ པ་ཡུལ་གྱི་རྣམ་པ་གཏད་པ་ལ་མི་ལྟོས་པར་མཁྱེན་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། བསྒོམ་པ་ དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། ། མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་ པོ་དག་དང་ལྡན། །ཞེས་པ། བྱང་ཆུབ་སེམས་དཔའི་དུས་སུ་སེམས་ཅན་ལ་མཉམ་པ་ཉིད་ཀྱི་ སེམས་ཐོབ་པ་ལས་མི་གནས་པའི་མྱང་འདས་ལ་ཞུགས་པ། རྟག་ཏུ་བྱམས་སྙིང་རྗེ་དང་ མཚུངས་པར་ལྡན་པ་མཉམ་ཉིད་ཡེ་ཤེས་དང༌། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུང་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། ། ཞེས་པ་སོ་སོར་རྟོགས་པའི་ཡེ་ཤེས་དང༌། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་ཀྱི་དོན་སྒྲུབ་ པའོ། །ཞེས་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་དག་ཀྱང་རྣམ་ཤེས་ཚོགས་བརྒྱད་གནས་གྱུར་ པ་ལས་ཐོབ་པར་བཤད་དེ། སློབ་དཔོན་ཙནྟྲ་གོ་མིས། ཀུན་གཞིའི་རྣམ་ཤེས་གང་ཡིན་ པའང༌། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེར་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་ འགའ་ཞིག་འདོད། །ཅེས་དང༌། ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་ བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེའོ། །ཞེས་དང༌། དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ནི་དོན་ཀུན་ཡོངས་འཛིན་ཕྱིར། །སེམས་ཅན་ཀུན་ཀྱི་དོན་ དུ་ནི། །བྱ་བ་བསྒྲུབ་པ་ཙམ་ཉིད་ཐོབ། །ཅེས་པ་སྟེ། གནས་གྱུར་གྱི་དོན་ནི་རྣམ་ཤེས་གློ་བུར་ གྱི་དྲི་མ་ཡིན་པས་དེ་དང་བྲལ་བ་ལས་ཡེ་ཤེས་ཐོབ་པ་ཡིན་གྱི། རྣམ་ཤེས་ཚོགས་བརྒྱད་ཀྱི་ངོ་ བོ་ཉིད་ཡེ་ཤེས་སུ་གྱུར་པ་ནི་མ་ཡིན་པར་རིག་པར་བྱ་སྟེ། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་རྙོག་ 5-1-366 པ་ལས་དྭངས་བ་ན། །དྭངས་བ་ཉིད་དེ་དེ་ལས་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་ འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང༌། དེའི་འགྲེལ་པར་ཡང༌། ཇི་ ལྟར་ཆུ་རང་བཞིན་གྱིས་དྭངས་བ་ལས་གློ་བུར་གྱི་རྙོག་པས་བརྙོགས་པ་ཡིན་པ་དེ་བཞིན་དུ་ སེམས་རང་བཞིན་གྱིས་འོད་གསལ་བར་འདོད་པ་ལས་གློ་བུར་གྱི་ཉེས་པས་མ་རུང་བར་ བྱས་སོ། །ཆོས་ཉིད་ཀྱི་སེམས་ལས་མ་གཏོགས་པ་སེམས་གཞན་ཏེ་གཞན་གྱི་དབང་གིས་ མཚན་ཉིད་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་བརྗོད་དོ། །དེ་ལྟ་བས་ན་སེམས་ནི་ འདིར་ཆོས་ཉིད་ཀྱི་སེམས་ཁོ་ན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་ཏེ། སེམས་ཀྱི་རང་ བཞིན་སྔར་འོད་གསལ་སྔར་གློ་བུར་གྱི་དྲི་མ་དང་བཅས་པ་དེ་གློ་བུར་གྱི་དྲི་མ་དང་བཅས་པ་ སྟེ་གློ་བུར་གྱི་དྲི་མ་དང་བྲལ་བར་གྱུར་པ་ཙམ་ལ་གནས་གྱུར་པ་ཞེས་བྱ་ཡི། དྲི་མ་དང་བྲལ་ བའི་དོན་དམ་པའི་ཡེ་ཤེས་གཅིག་ཕྱིས་གསར་དུ་སྐྱེས་པ་ནི་མ་ཡིན་ལ། རང་བཞིན་གྱིས་འོད་ གསལ་བའི་སེམས་ཀྱང་ཆོས་ཉིད་ཀྱི་སེམས་ཡིན་གྱི། གཞན་དབང་ཁམས་གསུམ་པའི་ སེམས་ནི་མ་ཡིན་པར་གསུངས་པའི་ཕྱིར་སྔར་བཤད་པ་ལྟར་སེམས་ཀྱི་ཚུལ་གཉིས་སུ་ གནས་པར་གྲུབ་བོ། །དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དུ་ཡང༌། ཆུ་ཁམས་གསེར་དང་ ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །གློ་བུར་གྱི་དྲི་མ་དང་བྲལ་བ་ལ་བྱའི་ དེའི་ངོ་བོ་ཉིད་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཡང༌། ཆོས་དབྱིངས་ཡེ་ཤེས་ནི་འདུས་མ་བྱས་ཁོ་ན་ཡིན་ཞིང༌། མེ་ལོང་ཡེ་ཤེས་སོགས་བཞི་ལ་ནི་ འདུས་མ་བྱས་རང་བྱུང་གི་ཡེ་ཤེས་དང་འདུས་བྱས་གཞན་བྱུང་གི་ཡེ་ཤེས་ཏེ་ཆ་གཉིས་སུ་ ཡོད་པར་ཆོས་རྗེ་དཔལ་ལྡན་བླ་མ་བཞེད་ཅིང༌། གསུང་རབ་ཀྱི་དགོངས་པ་ཡང་ཡིན་ཏེ་ལུང་ 5-1-367 ནི་མངས་སུ་དོགས་པས་མ་བྲིས་སོ། །ཡང་ཁ་ཅིག་སངས་རྒྱས་ཀྱི་ཡེ་ཤེས་པ་ཅི་ཡང་མི་སྣང་ བར་འདོད་པ་དང༌། ཁ་ཅིག་ཁམས་གསུམ་པ་འདི་ཡང་སྣང་བར་འདོད་པ་འདི་གཉི་ག་ཡང་ མཐར་ལྷུང་བ་སྟེ། མདོ་སྡེ་རྒྱན་རྩ་འགྲེལ་དུ། །དོན་མེད་པ་དང་དོན་ཡོད་དག །མི་སྣང་བ་ དང་སྣང་བ་ཉིད་དེ་ནི། །གནས་གཞན་གྱུར་བ་ཡིན་ཞེས་བྱ། །འདོད་དགུར་སྤྱོད་ཕྱིར་ཐར་བ་ ཡིན། །དོན་མེད་པ་མཚན་མ་མི་སྣང་བ་ཉིད་དང་དོན་ཡོད་པ་དེ་བཞིན་སྣང་བ་ཉིད་ནི་གནས་ གཞན་དུ་གྱུར་བ་ཡིན་པར་རིག་པར་བྱ་སྟེ་དེས་དེ་དག་མི་སྣང་བ་དང་སྣང་བ་ཡིན་ནོ་དེ་ཉིད་ ཐར་པར་རིག་པར་བྱའོ། །ཞེས་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་དག་པ་མི་སྣང་ཞིང་དེ་བཞིན་ ཉིད་ནི་སྣང་བར་གསུངས་པའི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། རབ་རིབ་ བྲལ་བར་གྱུར་བའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་ཉིད་དང༌། །རྨ་བྱའི་ མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ ཅིང༌། །ཡང་དག་མཁྱེན་སྤྱན་དྲི་མེད་ལའང༌། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་ གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་མེད་ཁང༌། །གནས་ལ་སོགས་པ་ མཐོང་གྱུར་པ། །སད་ནས་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་ མིག་ནི་བྱེ་གྱུར་ཅིང༌། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། ། དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མིན་[མི]མཐོང་བ། །ཉི་མ་ཤར་ཞིང་ མིག་བྱེའི་ཚེ། །སྣང་བར་གྱུར་པ་མ་ཡིན་ལྟར། །དེ་བཞིན་མཁས་པས་ཡང་དག་གི། ཤེས་པའི་ ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་ གཟིགས། །ཞེས་སངས་རྒྱས་ཡེ་ཤེས་ལ་ཀུན་རྫོབ་མ་དག་པ་འགའ་ཡང་མི་སྣང་བར་ གསུངས་ལ། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སྣང་བའི་ཚུལ་ཡང་ཡང་བཤད་ཟིན་ཏོ། ། (༣) འཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འབྱུང་བའི་ཚུལ། 5-1-368 གསུམ་པ་འཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པར་འབྱུང་བའི་ཚུལ་ནི། དཔལ་ དུས་ཀྱི་འཁོར་ལོར། དཔལ་ལྡན་ཟླ་བ་དང་ནི་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ ལས་ནི་ཆུ་འབྱུང་བ། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་བརྟེན་ ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་ འགྱུར་བ་ཇི་བཞིན་ཉིད་དུ་ཆོས་དག་ནི། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱི་རྣམ་པ་ མང་པོར་འགྱུར་ཏེ་སྔོན་གྱི་ལས་ཀྱི་མཐུ་ལས་སོ། །ཞེས་གསུངས་ཏེ། རང་དོན་ཕུན་ཚོགས་ ཆོས་ཀྱི་སྐུ་དང་གཞན་དོན་ཕུན་ཚོགས་གཟུགས་ཀྱི་སྐུ་གཉིས་ཐོབ་པ་ན། །ཀུན་སློང་གི་རྟོག་ པ་གང་ཡང་མི་མངའ་བཞིན་དུ་ཆོས་སྟོན་པར་མཛད་དེ། ཆོས་ཀྱང་གདུལ་བྱ་སྣ་ཚོགས་ཀྱི་ མོས་པའི་དབང་གིས་ཐེག་པའི་རྣམ་པ་མང་པོར་འགྱུར་ཏེ་དཔེར་ན་ཆུ་གཅིག་ཉིད་ཀྱང་ས་ བོན་སྣ་ཚོགས་དང་འཕྲད་ཅིང་འདྲེས་པ་ལས་མྱུ་གུ་སྣ་ཚོགས་པ་འབྱུང་བ་བཞིན་ནོ། །སེམས་ ཅན་གྱི་མོས་པ་སྣ་ཚོགས་ཀྱང་རང་རང་གི་སྔོན་གྱི་ལས་ཀྱི་བག་ཆགས་སྣ་ཚོགས་ཀྱི་མཐུ་ ལས་གྱུར་པ་ཡིན་ནོ། །དེ་བཞིན་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་སེམས་ ཅན་སྣ་ཚོགས་པའི་དོན་མཛད་པ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོར། དེ་དག་རྣམས་ཀྱི་དུས་ ཀྱི་འཁོར་ལོ་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ། །རྡོ་རྗེ་འབར་བ་འཕྲོ་ བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པ་ལྷ་མིན་དང་ནི་མི་རྣམས་དང༌། །ལོངས་སྤྱོད་ རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ ལ་ཆོས་སྐུ་ཡིས། །སྟོང་པའི་ཆ་ཡིས་སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་རླུང་རྣམས་ ཀྱིས་ནི་རླུང་གི་ཟད་པར་ཏེ། །མེ་ཡི་ཆ་ཤས་རྣམས་ཀྱིས་མེ་ཡི་ཟད་པར་ཆུ་ཡང་འགྲོ་ལ་སྤྲོས་ པའི་ཆུ་ཡི་ཆ་རྣམས་ཀྱིས། །འཛིན་མའི་ཆ་ཤས་རྣམས་ཀྱིས་ས་ཡི་ཟད་པར་ཚོགས་པའི་ཡུལ་ རྣམས་ཀྱིས་ནི་དངོས་པོའི་རང་བཞིན་ཀུན། །ཀུན་ནས་ནམ་མཁའ་དག་དང་མཚུངས་པ་ 5-1-369 གཅིག་གི་བདག་ཉིད་འདི་ནི་དག་པའི་ས་ལ་སྟོན་པར་མཛད། །དེ་ལྟར་སངས་རྒྱས་སྐུར་གྱུར་ བདེ་བ་གཅིག་པུའི་རང་བཞིན་ཕྱིར་ན་འཆི་བར་ཡང་ན་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ རོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང༌། །འཁྲུལ་འཁོར་ལས་བྱུང་སིལ་སྙན་ནི། ། རླུང་གིས་བསྐྱོད་ན་སྒྲ་འབྱུང་བ། །དེ་ལ་འཁྲོལ་བྱེད་མེད་མོད་ཀྱི། །འོན་ཀྱང་སྒྲ་དག་འབྱུང་ འགྱུར་བ། །དེ་བཞིན་ལེགས་པར་སྔར་སྦྱངས་ཕྱིར། །སེམས་ཅན་བསམ་པས་བསྐུལ་བས་ནི། ། འོན་ཀྱང་སྒྲ་དག་འབྱུང་མོད་ཀྱི། །འདི་ལ་རྟོག་པ་ཡོང་མི་མངའ། །ཞེས་དང༌། རྒྱུད་བླར་ཡང༌། དེ་བཞིན་ཁྱབ་བདག་འབད་སོགས་དང༌། །བྲལ་བ་འགྲོ་ཡངས་མ་ལུས་པ། །སངས་རྒྱས་ གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་སོ། །གཞན་ ཡང་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཀྱི་ཚུལ་བརྗོད་ན་དཔག་ཏུ་མེད་མོད་ཀྱི་བསྡུ་ན་ལྷུན་ གྱིས་གྲུབ་པ་དང་རྒྱུན་མི་ཆད་པ་གཉིས་སུ་འགྱུར་ཏེ། རྒྱུད་བླར། གདུལ་བྱའི་ཁམས་དང་ འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་འདུལ་བའི་བྱ་བ་དང༌། དེ་ཡི་ཡུལ་དང་ དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང༌། གཞན་ གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། མཛད་ པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་ཆད། །ཅེས་གསུངས་སོ། །དེ་ལྟ་ བུའི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདི་ནི། རྣལ་འབྱོར་པ་བརྩོན་པ་ཆེན་པོ་དང་ ལྡན་པས་ནི་སྔར་བཤད་པ་ལྟར་མི་ཡི་སྐྱེ་བ་གཅིག་ཉིད་ལ་འཐོབ་ཅིང་བརྩོན་པ་དང་མི་ལྡན་ དུ་ཟིན་ཡང་ལམ་རྣམ་དག་འདི་ཡི་ཉམས་སུ་མྱོང་བ་རྒྱུད་ལ་སྐྱེས་ཤིང་ལེགས་པར་ངོ་འཕྲོད་ ནས། །མི་དགེ་བ་བཅུ་དང་བྲལ་བ་ནི་མི་ཡི་སྐྱེ་བ་བདུན་ལས་མི་འདའ་བར་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་ངེས་པར་ཐོབ་པར་ཡིད་ཆེས་པར་བྱ་སྟེ། ཇི་སྐད་དུ། དཔལ་དུས་ཀྱི་འཁོར་ལོར། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་པ་ 5-1-370 ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པ་ སྐྱེ་བར་འགྱུར། །སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ནི་ ཀུན་ཏུ་འཛིན་པར་འགྱུར། །ཡེ་ཤེས་ཐོབ་ནས་མི་ཟད་མཆོག་གི་གནས་སུ་རབ་འགྲོ་སླར་ ཡང་གང་དུའང་སྐྱེ་བ་ལྡན་པ་མིན། །ཞེས་དང༌། རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་ མ་ཉིད་ནི་རྣལ་འབྱོར་རྣམས་ཀྱིས་སྐྱེ་བ་འདི་ལ་སྟེ། །གལ་ཏེ་ལམ་དུ་རབ་ཞུགས་ཤི་བར་གྱུར་ ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་གསུངས་ཤིང༌། །དེའི་འགྲེལ་པར། རྫུ་ འཕྲུལ་དང་ཀུན་མཁྱེན་གྱི་ས་བཅུ་གཉིས་འཆད་པར་འགྱུར་བ་རྣམས་དང༌། སྲིད་གསུམ་བླ་ མ་ཉིད་ཅེས་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་མཁྱེན་པ་ཉིད་ལ་སོགས་པའི་འབྱོར་པ་ནི་རྣལ་འབྱོར་པ་ བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་སྐྱེ་བ་འདི་ལ་སྟེར་བར་བྱེད་དོ། །ཅི་སྟེ་གང་གི་ཚེ་ལམ་ དུ་རབ་ཏུ་ཞུགས་པར་གྱུར་པ་རྣལ་འབྱོར་མ་ཐོབ་པར་ཤི་བར་གྱུར་ན་དེའི་ཚེ་དེ་ཡི་འཛིན་པ་ སྟེ་བག་ཆགས་ཀྱི་སྟོབས་ཀྱིས་སླར་ཡང་མི་ཡི་སྐྱེ་བ་གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ་ བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་ཀྱང་སྐྱེ་བ་བདུན་གྱིས་མཐར་ ཐུག་པས་སོ་ཞེས་པ་ངེས་པའོ། །ཞེས་གསུངས་སོ། །གྲུབ་ཆེན་དུས་ཞབས་པ་ཆེན་པོའི་སྙན་ བརྒྱུད་ལས་ཀྱང༌། སོ་སོར་སྡུད་པའི་རྟགས་མཐོང་ཞིང༌། །གལ་ཏེ་ཤི་བར་གྱུར་པ་ན། །དེ་ནི་ དམ་པའི་ལམ་དང་འཕྲད། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། ། གཞི་ལ་གདོད་ནས་ལྷུན་གྱིས་ལེགས་གྲུབ་འོད་གསལ་ལྷན་ཅིག་སྐྱེས་པའི་སྐུ། ། རྣམ་དག་ལམ་གྱི་དྲི་མ་ལེགས་སྦྱངས་ཤིན་ཏུ་གནས་གྱུར་ཡེ་ཤེས་ནི། ། སྤྲིན་བྲལ་མཁའ་ལ་ཉི་ལྟར་རྣམ་མཛེས་བྲལ་དང་རྣམ་པར་སྨིན་པའི་འབྲས། ། གཙང་བདག་བདེ་དང་རྟག་པའི་ཡོན་ཏན་ཕ་རོལ་ཕྱིན་ལ་སྐྱབས་སུ་མཆི། ། 5-1-371 འབྲས་བུ་ཕྱག་རྒྱ་ཆེན་པོ་སྐུ་བཞིའི་གནས་ལུགས་ངོ་སྤྲོད་པའི་སྐབས་ཏེ་གསུམ་པའོ། །༈། ། གསུམ་པ། གསང་བའི་བཀའ་རྒྱས་གདབ་ཅིང་བླ་མ་རིམ་པ་ བརྒྱུད་པའི་ཚུལ་བསྟན་པ་ལ་གཉིས། གསུམ་པ་གསང་བའི་བཀའ་རྒྱས་བཏབ་ཅིང༌། བླ་མ་རིམ་པར་བརྒྱུད་པའི་ཚུལ་བསྟན་ པ་ལ། ༡ གསང་བའི་བཀའ་རྒྱས་གདབ་པ། གསང་བའི་བཀའ་རྒྱས་གདབ་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གྱི་རྒྱལ་པོར། དུ་ བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་པ་དག་ཀྱང་གང་ཞིག་འདི་རྣམས་ཐམས་ཅད་གསང་ བར་བྱ། །ཞེས་གསུངས་པའི་འགྲེལ་པར་དུ་བ་ལ་སོགས་རྣམས་ཀྱི་མཚན་མ་ཞེས་སོགས་ ནས། འདི་རྣམས་ཐམས་ཅད་གསང་བར་བྱ་སྟེ་བྱིས་པའི་སྐྱེ་བོ་རྣམས་ལ་སྦ་བར་བྱའོ། །ཞེས་ པ་ངེས་པའོ། །ཞེས་གསུངས་ཤིང༌། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ ཀྱང༌། དེ་ཕྱིར་བླ་མ་དམ་པས་གནང་བ་ཡི། །ལམ་བཟང་རིན་པོ་ཆེ་འདི་སློབ་མ་ཡིས། །ཆོམ་ རྐུན་རྩ་ལག་ཡོངས་སུ་སྤང་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་ གསུངས་པ་དང༌། རྒྱུད་ཀྱི་རྒྱལ་པོ་གཞན་ལས་ཀྱང༌། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ། །ཞེས་དང༌། དེང་ཁྱོད་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་ 5-1-372 འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་ ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་སོགས་མང་དུ་གསུངས་ཏེ། ཤིན་ཏུ་རྣམ་པར་དག་པའི་ལམ་གྱི་རིམ་པ་ཉམས་སུ་མྱོང་ བའི་དོན་ནི་སྔར་བཤད་པ་ལྟར་ཡང་དག་པའི་དཀྱིལ་འཁོར་ཡང་ཡིན་ལ། རྡོ་རྗེའི་ཡེ་ཤེས་ བླ་ན་མེད་པ་ཡང་ཡིན་པའི་ཕྱིར། ཟབ་ལམ་གྱི་ཁྲིད་མ་ཐོབ་ཅིང་ཉམས་སུ་མྱོང་བ་འདི་རྒྱུད་ ལ་སྐྱེས་ངེས་མ་ཡིན་པའི་སྐྱེ་བོ་རྣམས་ལ་སྨྲས་ན་གསང་ཆེན་ཟབ་པ་ལས་ཀྱང་ཆེས་ཟབ་པའི་ ཆོས་སྣོད་མིན་ལ་བསྒྲགས་པས་ན་དམ་ཚིག་ཉམས་པ་ཆེན་པོར་འགྱུར་རོ། །དེའི་ཕྱིར་འབད་ པ་ཆེན་པོ་ཡི་སྒོ་ནས་སྦ་བ་དང་ལེགས་པར་སྦ་བ་དང་ཤིན་ཏུ་སྦ་བར་བྱའོ་ཞེས་གདམས་པའོ། ། ཆོས་རྗེ་ཨ་ཝ་དྷཱུ་ཏཱི་པ་ཆེན་པོའི་ཞལ་སྔ་ནས་ཀྱང༌། ཐོག་མར་དགེ་བའི་ཁྲིད་རིམ་གྱི་མཇུག་ ཏུ་སྐབས་འདིར་བཀའ་རྒྱ་བཞི་ཡིས་གདབ་པར་བྱའོ། །ཞེས་གསུངས་པས། ཐུན་མོང་མ་ ཡིན་པའི་སྔོན་འགྲོ་དབེན་པ་གསུམ་བསྟེན་པ་དང་ལུས་གནད་ལྟ་སྟངས་སེམས་ཀྱི་འཇོག་ ཚུལ་དང༌། ཉམས་སུ་མྱོང་བའི་འོད་གསལ་གྱི་སྣང་བ་འཆར་ཚུལ་དང་ངོ་སྤྲོད་ཟབ་མོ་ཡི་ཚུལ་ ཐུན་མོང་མ་ཡིན་པ་ཐམས་ཅད་གསང་བ་ལས་ཀྱང་ཆེས་གསང་བར་བྱའོ། །དགོས་པ་ཆེན་པོ་ དང་མ་འབྲེལ་ན་གྲོགས་མཆེད་ཉམས་སུ་མྱོང་བ་ཅན་རྣམས་ལའང་མ་སྨྲས་ན་ཤིན་ཏུ་ལེགས་ པས་ན་སྦ་བར་བྱའོ། །འདིར་འཆི་ཁར་འཕོ་བའི་མན་ངག་དང་བར་དོའི་ལམ་ཁྱེར་གྱི་མན་ ངག་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། ། ༢ རྗེ་བཙུན་བླ་མ་རིམ་པར་བརྒྱུད་པའི་ཚུལ། གཉིས་པ་རྗེ་བཙུན་བླ་མ་རིམ་པར་བརྒྱུད་པའི་ཚུལ་ནི། །སྟོན་པ་བཅོམ་ལྡན་འདས་ ཀྱིས་དཔལ་ལྡན་འབྲས་ཕུང་དུ་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པ་ སྔགས་ཀྱི་ཐེག་པ་བསྟན་པའི་ལོ་གཉིས་པ་ལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་མི་ཡི་བདག་པོ་ཟླ་བ་ 5-1-373 བཟང་པོས་རྩ་བའི་རྒྱུད་{མཆོག་གི་}དང་པོའི་སངས་རྒྱས་ཀྱི་འགྲེལ་ཆེན་ཤོ་ལོ་ཀ་སྟོང་ཕྲག་ དྲུག་ཅུ་པ་མཛད་ཅིང་གླེགས་བམ་ལ་བྲིས་ནས་ཤམ་བྷ་ལའི་ཡུལ་ལ་སོགས་གྲོང་ཁྱེར་བྱེ་བ་ ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་མི་རྣམས་ལ་བསྟན་མ་ལ་ཡའི་ཚུལ་གྱི་དབུས་སུ། དུས་ ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་བཞེངས་ཏེ་རྫུ་འཕྲུལ་ བསྟན་ནས་སྤྲུལ་པའི་སྐུ་བསྡུ་བ་མཛད་དོ། །དེ་ནས་རིམ་པས། སྲས་ལྷ་དབང་དང་གཟི་ བརྗིད་ཅན་དང༌། ཟླ་བས་བྱིན་དང་ལྷ་ཡི་དབང་ཕྱུག་དང༌། སྣ་ཚོགས་གཟུགས་དང༌། ལྷ་ཡི་ དབང་ལྡན་ཏེ། ས་ཡི་སྙིང་པོ་ལ་སོགས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་ལོ་བརྒྱ་བརྒྱར་རྩ་བའི་ རྒྱུད་བསྟན། ལྷའི་དབང་ལྡན་གྱི་སྲས་འཇམ་དབྱངས་གྲགས་པས་ལོ་བརྒྱར་རྩ་བའི་རྒྱུད་ བསྟན་ནོ། །དེ་ནས་ཉི་མའི་ཤིང་རྟ་ལ་སོགས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞིས་འཇམ་ དབྱངས་གྲགས་པ་ལ་དབང་བསྐུར་བར་གསོལ་བ་བཏབ་ཅིང་{རྩ་བའི་}རྒྱུད་སྡུད་པར་ཞུས་ པ་ལྟར་དབང་བསྐུར་ཞིང་རྒྱུད་བསྡུ་བ་མཛད་དེ། སྲས་འཇིག་རྟེན་དབང་ཕྱུག་པད་མ་དཀར་ པོ་ལ་བསྡུས་པའི་རྒྱུད་སྟོན་པ་དང་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཤོ་ལོ་ཀ་སྟོང་ཕྲག་བཅུ་ གཉིས་པ་རྩོམ་པར་བསྐོས་ཏེ་མྱ་ངན་འདས་སོ། །དེ་ལྟར་འཇམ་དབྱངས་གྲགས་པས་བྲམ་ ཟེའི་རིགས་ལ་སོགས་པ་རིགས་བཞི་རྡོ་རྗེའི་ཐེག་པའི་རིགས་སུ་གཅིག་པར་མཛད་པས་ རིགས་ལྡན་ཞེས་བྱའོ། །དེ་ནས་རིགས་ལྡན་གྱི་རིགས་ལས་འཁྲུངས་པ། པད་མ་དཀར་ འཛིན་དང་བཟང་པོ་དང༌། རྣམ་རྒྱལ་དང༌། བཤེས་གཉེན་བཟང་པོ་དང༌། རིན་ཆེན་ཕྱག་རྒྱ་ དང༌། ཁྱབ་འཇུག་སྦས་པ་དང༌། ཉི་མ་གྲགས་དང༌། ཤིན་ཏུ་བཟངཔོ་རྣམས་ཀྱིས་ཀྱང་ལོ་བརྒྱ་ བརྒྱར་ཆོས་བསྟན་ནོ། །དེ་ནས་རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་དང༌། རྒྱལ་དཀས་ལོ་ཉིས་བརྒྱ་ཉེར་གཅིག་ཏུ་ཆོས་བསྟན་པར་བྱེད་རྩིས་ཀྱི་མེ་མཁའ་རྒྱ་མཚོའི་རྒྱུ་ མཚན་ལས་གསལ་ཏེ་ལོགས་སུ་ཤེས་པར་བྱའོ། །དེ་ནས་ཉི་མ་དང་སྣ་ཚོགས་གཟུགས་དང༌། 5-1-374 ཟླ་བའི་འོད་དང༌། མཐའ་ཡས་དང༌། ས་སྐྱོང་དང༌། དཔལ་སྐྱོང་དང༌། སེང་གེ་དང༌། རྣམ་ གནོན་དང༌། སྟོབས་པོ་ཆེ་དང༌། མ་འགགས་པ་དང༌། མི་ཡི་སེང་གེ་དང༌། དབང་ཕྱུག་ཆེན་ པོ་དང༌། མཐའ་ཡས་རྣམ་རྒྱལ་དང༌། རིགས་ལྡན་དྲག་པོ་སྟེ། དེ་རྣམས་ཀྱིས་ཀྱང་ལོ་བརྒྱ་ བརྒྱར་ཆོས་སྟོན་ནོ། །དེ་ལྟར་རིགས་ལྡན་གྱི་རྒྱལ་པོ་ཉི་ཤུ་རྩ་ལྔའོ། །རིགས་ལྡན་དྲག་པོས་ཀླ་ ཀློའི་ཆོས་འཇོམས་པར་མཛད་དེ། དེ་ཐམས་ཅད་ཀྱང་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་ དཔའ་དང༌། ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་སྤྲུལ་པའི་སྐུའོ། །རིགས་ལྡན་རྣམས་ཀྱི་སྐུ་ཚེའི་ཚད་ ལོ་བརྒྱ་བརྒྱར་མཚུངས་པར་ཁ་ཅིག་བཞེད་པ་ནི་མེ་མཁའ་རྒྱ་མཚོའི་རྒྱུ་མཚན་མ་རྟོགས་པ་ ཡིན་ནོ། །སེམས་འགྲེལ་སྐོར་གསུམ་གདམས་ངག་དང་བཅས་པ་རྒྱ་གར་དུ་བྱོན་པའི་ཚུལ་ ནི། རིགས་ལྡན་དཔལ་སྐྱོང་ཆོས་སྟོན་པའི་དུས་སུ་གྲུབ་ཆེན་དུས་ཞབས་ཆེན་པོ་ཤམ་བྷ་ལའི་ ཡུལ་དུ་བྱོན་པར་བཞེད་པ་ལ། རིགས་ལྡན་དཔལ་སྐྱོང་ཚུར་བྱོན་ཏེ། དུས་འཁོར་ཞབས་ ཆེན་པོ་ལ་དབང་བསྐུར་ཞིང་ཆོས་བསྟན་བུམ་པ་གང་བྱོའི་ཚུལ་དུ་སེམས་འགྲེལ་ཡན་ལག་ དང་བཅས་པ་ཐམས་ཅད་དང་རྒྱུད་སྡེ་དུ་མ་ཐུགས་སུ་ཆུད་པར་མཛད་ཅིང་འཇམ་དབྱངས་ཀྱི་ སྤྲུལ་པར་གྲགས་སོ། །ཡང་ལུགས་གཅིག་ལ་དུས་ཞབས་པ་ཆེན་པོ་ལ་སྒྲོལ་མས་ལུང་བསྟན་ ནས་ཤམ་བྷ་ལར་བྱོན་འཁྲིད། དབང་བསྐུར་རྒྱུད་འགྲེལ་རྣམས་གསུངས་དཔེ་ཐམས་ཅད་ བསྣམས་ནས་བྱོན་པར་བཞེད་དོ། ། རྭ་པའི་བླ་མ་གོང་མ་རྣམས་ནི། སློབ་དཔོན་ཆེན་པོ་ཙི་ལུ་པནྚི་ཏས་ཤམ་བྷ་ལར་ གཤེགས་པའི་ལམ་དུ་འཇམ་དབྱངས་དང་མཇལ་ཏེ་ཆོས་གསན་པར་བཞེད་ལ། ཁ་ཅིག་ཙི་ ལུ་པས་ཤམ་བྷ་ལར་བྱོན་པའི་སར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཤིན་ཏུ་གཟུགས་ བཟང་བ་གཅིག་དང་མཇལ་ཏེ་ཆོས་བསྟན་བྱིན་གྱིས་བརླབས་པར་བཞེད་དོ། །དེ་ལ་སློབ་མ་ གསུམ་བྱུང་བ་ལས་གཙོ་བོ་ནི་པི་ཏོ་ཨཱ་ཙརྻཱ་འམ། པནྚི་ཏ་ཨཱ་ཙརྻཱའོ། །དེའི་སློབ་མ་དུས་ཞབས་ 5-1-375 པ་ཆེན་པོར་བཞེད་དོ། །འབྲོ་པའི་བླ་མ་གོང་མ་དག་ནི་ཙི་ལུ་པ་དང་དུས་ཞབས་པ་ཆེན་པོ་ གཅིག་ཏུ་བཞེད་ཅིང༌། པི་ཏོ་པ་དང་དུས་ཞབས་པ་གཉིས་པ་གཅིག་པར་བཞེད་དོ། །རྗེ་དུས་ ཞབས་པ་ཆེན་པོ་ལ་སློབ་མ་མང་པོ་བྱུང་ཡང་ཕལ་ཆེ་བ་རྣལ་འབྱོར་པར་གྱུར་པས་བཤད་ པའི་སྲོལ་འཛིན་པ་རྒྱལ་སྲས་ནཱ་ལེནྡྲ་པ་དུས་ཞབས་ཆུང་བར་གྲགས་པ་དུས་ཞབས་ཆེན་པོ་ ལྟ་བུའི་ཡོན་ཏན་དང་ལྡན་པ་བྱོན། དུས་ཞབས་པ་གཉིས་པ་དེས་ནཱ་ལེནྡྲ་བྱོན་ནས་གཙུག་ ལག་ཁང་གི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་གྱི་སྔགས་བྲིས། །དེའི་འོག་ཏུ་གང་གིས་དང་པོའི་ སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །ཞེས་སོགས་བྲིས་ པས། དེ་ན་པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་པ་རྣམས་མ་རངས་པར་བརྩད་པས། ཆོས་ཀྱི་རང་ བཞིན་ཟབ་ཅིང་[རྒྱ་ཆེ་བས]གཏིང་དཔག་དཀའ་བས་ཐམས་ཅད་བཏུལ་ནས་སློབ་མར་གྱུར་ ཏོ། །དེའི་དུས་སུ་ཁ་ཆེ་ཟླ་བ་མགོན་པོ་རིགས་པའི་གནས་ལྔ་ལ་མཁས་པ་དེས་མ་ག་དྷར་ བྱོན་ནས་དུས་འཁོར་ཞབས་པ་ཡབ་སྲས་དང་མཇལ་བྱང་ཆུབ་སེམས་དཔའི་{འགྲེལ་པ་དང་}ཆོས་སྐོར་མ་ལུས་པ་ཞུས་ནས་བོད་དུ་བྱོན་ནོ། ། བོད་དུ་ཐོག་མར་ཁ་རག་གཉོས་ལ་བབ་པས། ཅུང་ཟད་མ་མཉེས་པས་འགྲེལ་ཆེན་ བསྒྱུར་འཕྲོ་བསྣམས་ནས་འཕན་ཡུལ་གྲབ་ཏུ་བྱོན། དགེ་བའི་བཤེས་གཉེན་ཞང་ཕུ་ཆུང་ བ་{ཞེས་}བྱ་བས་བླ་མར་བཟུང༌། འབྲོ་སྟོན་ལོ་ཙྪ་བ་ཤེས་རབ་གྲགས་ལོ་ཙྪ་མཛད་ནས། འགྲེལ་ཆེན་ཡོངས་སུ་རྫོགས་པར་བསྒྱུར་རོ། །དེ་ནས་པཎྜི་ཏ་ཟླ་བ་མགོན་པོ་ལ་སློབ་མ་མང་ དུ་བྱུང་བ་ལས། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས་པ་བླ་མ་ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུང་ ཞེས་བྱ་བ་དེས་འབྱོར་པ་ཐམས་ཅད་ཕུལ་མགུལ་པ་ལ་དར་ཡུག་བཏགས་ཏེ་ལུས་ཕུལ་ནས་ ཞབས་ཏོག་མཛད། སྡེ་སྣོད་མང་པོ་དང་སྨན་དཔྱད་ལ་སོགས་ཡོན་ཏན་ཤིན་ཏུ་ཆེ་ཞིང༌། བླ་ མས་ཇི་ལྟར་གསུངས་པ་བཞིན་བསྒྲུབས་པས་བྱང་ཆུབ་སེམས་འགྲེལ་གྱི་གཞུང་མ་ལུས་ 5-1-376 པ་གནང་ཞིང་མངོན་པར་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བརྙེས་སོ། །དེ་ནས་ འཕན་ཡུལ་སྣོར་བཟང་གི་བླ་མ་སྒྲོ་སྟོན་གནམ་ལ་བརྩེགས་སྡེ་སྣོད་དང་རྒྱུད་སྡེའི་ཡོན་ཏན་ ཆེན་པོ་དང་ལྡན་པ་དེས་པཎྜི་ཏ་ལ་ཡང་གཞུང་དང་གདམས་པ་ཅི་རིགས་པ་ཐོབ་ཅིང༌། ཁྱད་ པར་དུ་བླ་མ་སྒོམ་པ་དཀོན་མཆོག་སྲུང་ལ་གདམས་པ་མ་ལུས་པ་ཐོབ་པར་མཛད་དོ། །དེ་ ནས་གངས་ཏི་སེ་ཡི་རྩ་བར་སྐུ་འཁྲུངས་པ་ཡབ་རྔམ་ཁྲོ་བོ་ཞེས་བྱ་བའི་སྲས་ལ་མཁན་པོ་ སྟག་ལོ་གཞོན་བྱང་ཞེས་བྱ་བས་དད་པ་རྒྱལ་པོ་ཞེས་མཚན་དུ་བཏགས་ཤིང་ཕྱིས་ཁོང་རང་ ཉིད་ཀྱིས་ཡུ་མོ་ཞེས་མཚན་བཏགས་པ་བླ་མ་གྲུབ་ཆེན་ཡུ་མོས་སྔགས་མཚན་ཉིད་གཉིས་ ལ་ཐུགས་སྦྱོངས་ཡུན་རིང་དུ་མཛད་མཁས་པའི་མཆོག་ཏུ་གྱུར་པ་དང༌། ཕྱིས་བླ་མ་སྒྲོ་སྟོན་ གནམ་ལ་བརྩེགས་ལ་མཇལ་ཏེ་བྱང་ཆུབ་སེམས་དཔའི་ཆོས་སྐོར་མ་ལུས་པ་{དང་}གསང་ འདུས་ཀྱི་འགྲེལ་པ་སྒྲོན་གསལ་དང་བཅས་པ་ཞུས་ཤིང་གྲུབ་ཐོབ་པར་གྲགས་སོ། །དེས་ རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་མཛད་པ་ལས་འཁྲུངས་པའི་སྲས། དྷརྨེ་ཤྭ་རས་དགུང་ལོ་ བཅུ་གཉིས་པ་ལ་དབང་མདོར་བསྟན་གསུངས། བཅུ་དྲུག་པ་ལ་དུས་འཁོར་འགྲེལ་ཆེན་ གསུངས། གཞན་སྤྱོད་ཕྱོགས་དང་ལམ་རིམ་དང་སྔགས་ཀྱི་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་ པ་རྣམས་ལ་སྦྱངས་པ་ཆེར་མཛད་ཅིང་སྒྲུབ་པ་སྙིང་པོར་མཛད་པས་ཡོན་ཏན་བསམ་གྱིས་ མི་ཁྱབ་པ་ལ་མངའ་བརྙེས་ཏེ་གཞན་ལ་ཕན་པ་རྒྱ་ཆེན་པོ་བྱུང་ངོ༌། །དེའི་སློབ་མ་མཁས་པ་ ནམ་མཁའ་འོད་{ཟེར་}གྱིས་དབུ་མ་རིགས་ཚོགས་ལ་སོགས་པ་སྡེ་སྣོད་དང་རྒྱུད་སྡེ་མང་དུ་ མཁྱེན་ཅིང་སྲས་དྷརྨེ་ཤྭ་ར་ལ་དུས་འཁོར་འགྲེལ་ཆེན་ལ་སོགས་པ་གཞུང་དང་གདམས་པ་མ་ ལུས་པ་གསན་ནོ། །དྷརྨེ་ཤྭ་རའི་སྲས་བླ་མ་ནམ་མཁའ་རྒྱལ་མཚན་གྱིས་ཀྱེའི་རྡོ་རྗེ་དང་དུས་ ཀྱི་འཁོར་ལོ་ལ་སོགས་པའི་གཞུང་གདམས་པ་མ་ལུས་པ་དྷརྨེ་ཤྭ་རའི་སྲས་མོ་ཇོ་འབུམ་ཡེ་ ཤེས་ཀྱི་མཁའ་འགྲོ་མའི་སྤྲུལ་པར་གྲགས་པ་དེ་ཉིད་དང་བླ་མ་ནམ་མཁའ་འོད་གཉི་ག་ལ་ 5-1-377 ཞུས་ཤིང་གྲུབ་པ་ཐོབ་པར་མཛད་དོ། །དེ་ལ་ཕར་ཚད་མངོན་པ་ལ་སོགས་པ་སྡེ་སྣོད་དུ་མ་ ལ་མངའ་བརྙེས་པ་བླ་མ་ཆོས་རྗེ་འཇམ་གསར་གཡས་རུ་སྨོན་མཁར་གྱི་གྲོང་ཆུང་དགོན་པར་ དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་འགྲེལ་ཆ་ལག་གདམས་ངག་དང་བཅས་པ་ཞུས་ཤིང་ ཐུགས་དམ་དུ་མཛད་པས་མངོན་པར་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་བརྙེས་པར་མཛད་ དོ། །དེ་ལ་བླ་མ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་སྔགས་མཚན་ཉིད་མཐའ་དག་ལ་མཁས་པར་ གྱུར་པ་དེས་དུས་ཀྱི་འཁོར་ལོ་ཡི་དབང་གདམས་ངག་རྒྱུད་འགྲེལ་ཆ་ལག་དང་བཅས་པ་ཞུས་ ཤིང་ཐམས་ཅད་ལེགས་པར་ཐོབ་པར་མཛད་དོ། །དེ་ལ་ཆོས་རྗེ་ཀུན་སྤངས་ཆེན་པོས་མདོ་ རྒྱུད་སྡེ་སྣོད་མཐའ་དག་ལ་མངའ་བརྙེས་པ་རིགས་ལྡན་སྤྲུལ་པའི་སྐུ་དེ་ཉིད་ཀྱིས། དཔལ་ དུས་ཀྱི་འཁོར་ལོ་ཡི་དབང་རྒྱུད་འགྲེལ་སྦྱོར་བ་ཡན་ལག་དྲུག་གི་གདམས་པ་མ་ལུས་པ་ཆ་ ལག་དང་བཅས་པ་ཞུས་སོ། ། བརྒྱུད་པའི་རིམ་པ་གཞན་ནི། སྦྱོར་བ་ཡན་ལག་དྲུག་གི་གདམས་པ་འདི་རྣལ་འབྱོར་གྱི་ དབང་ཕྱུག་དཔལ་ཤྭ་ཝ་རི་དབང་ཕྱུག་གིས། རིགས་པའི་གནས་ལྔ་ལ་མཁས་ཤིང་ཡི་དམ་ གྱི་ལྷ་དུ་མའི་ཞལ་མངོན་སུམ་དུ་གཟིགས་པ་གྲུབ་ཐོབ་མང་པོ་ལ་གདམས་པ་རྗེས་སུ་བསྟན་ པ་ཐོབ་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པའི་པཎྜི་ཏ་ཆེན་ པོ་བི་བྷུ་ཏ་ཙནྟྲ་ལ། བལ་ཡུལ་ཐང་བྷེ་ཧ་རི་ཡི་གཙུག་ལག་ཁང་དུ་གནང༌། བླ་མ་བི་བྷཱུ་ཏ་ཙནྟྲ་ བོད་དུ་བྱོན་པ་ལ། བླ་མ་དཔྱལ་པ་ཨ་མོ་གྷ་ཤྲཱི་ཡིས་ཞུ་བ་པོ་མཛད་ནས་ལྷོ་པ་ཚུལ་གཞོན་ དང་བླ་མ་མར་སྟོན་གཡང་འབར་ལ་སོགས་པ་བདུན་ལ་གནང༌། བླ་མ་དཔྱལ་པ་ལ། བླ་མ་ ཆོས་སྐུ་འོད་ཟེར་དང་དེ་ལ་ཆོས་ཀྱི་རྗེ་ཀུན་སྤངས་ཆེན་པོས་ཞུས་སོ། །ཡང་བླ་མ་མར་སྟོན་ གཡང་འབར་ལ་བླ་མ་སེང་གེ་འབུམ་གྱིས་ཞུས་ཤིང༌། བླ་མ་དེ་གཉི་ག་ལ་ཆོས་རྗེ་ཀུན་སྤངས་ ཆེན་པོས་ཞུས་སོ། །གཞན་ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱིས་བླ་མ་དགེ་བའི་བཤེས་གཉེན་དམ་པ་ 5-1-378 དུ་མ་རྣམས་ལ་གདམས་པ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ཞུས་ཤིང་ཐུགས་ཉམས་སུ་བཞེས་ ནས་མངོན་པར་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པར་མཛད། ཁྱད་པར་བོད་དུ་སྦྱོར་བ་ཡན་ལག་དྲུག་གི་སྲོལ་བྱུང་ངོ་ཅོག་ཇི་སྙེད་ཡོད་པ་ཐམས་ཅད་ཞུས་ ཤིང་ཐུགས་དམ་གྱི་གཙོ་བོར་མཛད་ནས། བླ་མ་དང་ཡི་དམ་གྱི་ལྷ་ཚོགས་དཀོན་མཆོག་ བཀའ་སྲུང་དང་བཅས་པའི་ཚོགས་ལ་མཆོད་པ་ཕུལ་ཏེ། སྙན་བརྒྱུད་ཟབ་མོ་རྣམས་ཡི་གེར་ འབྲི་བར་གསོལ་བ་དྲག་ཏུ་བཏབ་ཅིང༌། ཐོག་མཐའ་བར་དུ་དགེ་བའི་ལྟས་དང་གནང་བ་ ཐོབ་ནས། སོ་སོར་སྤོང་དང་བསམ་གཏན་བསྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་ཐོག་ མར་དགེ་བའི་ཁྲིད་དང༌། སྲོག་རྩོལ་དང་འཛིན་པ་ཉེ་བར་སྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་ རྣལ་འབྱོར་བར་དུ་དགེ་བའི་ཁྲིད་དང༌། རྗེས་དྲན་དང་ཏིང་ངེ་འཛིན་སྒྲུབ་པ་དང་བསྒྲུབ་པ་ ཆེན་པོའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་ཐ་མར་དགེ་བའི་ཁྲིད་རིམ་རྣམ་པ་གསུམ་གྱི་ ཡི་གེ་ཞིབ་མོར་ཕྱེ་བ་དང༌། དེའི་དོན་རྒྱ་ཆེར་ངོ་སྤྲོད་པ་རྒྱུད་འགྲེལ་ཆེན་པོ་ལ་ངེས་པའི་དོན་ ཕྱོགས་གཅིག་ཏུ་ཕྱུང་བ་རྒྱུད་ཀྱི་སྙིང་པོ་མཛད་ཅིང་འགྲོ་བ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་ བར་མཛད་དོ། །དེ་ཉིད་ཀྱི་ཐུགས་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་ནི་ཆོས་ཀྱི་རྗེ་བྱང་སེམས་ཆེན་ པོ་རྒྱལ་བའི་ཡེ་ཤེས་དང༌། ཆོས་ཀྱི་རྗེ་ཡོན་ཏན་རྒྱ་མཚོ་གཉིས་ཡིན་ཏེ་ལུང་དང་མངོན་པར་ རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ལ་མངའ་བརྙེས་ཏེ་ཟབ་ལམ་གྱི་བསྟན་པ་ཤིན་ཏུ་དར་ བར་མཛད་ལ། ཆོས་རྗེ་བྱང་སེམས་ཆེན་པོས་ལུང་སྦྱོར་སྐོར་གསུམ་རྡོ་རྗེ་ཐེག་པའི་བཅུད་ ལེན་ལ་སོགས་པ་མཛད་དོ། །ཆོས་རྗེ་ཡོན་ཏན་རྒྱ་མཚོ་ཡི་ཐུགས་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་ ནི། །བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཞེས་མཚན་ ཡོངས་སུ་གྲགས་པ་སྡེ་སྣོད་དང་རྒྱུད་སྡེ་ཐམས་ཅད་ལ་མངའ་བརྙེས་ཤིང་ཆོས་ཀྱི་སྤྱན་དྲི་མ་ མེད་པ་མངའ་བར་གྱུར་པ་རིགས་ལྡན་འཇིག་རྟེན་དབང་ཕྱུག་གི་ངོ་བོར་གྱུར་པ་ཉིད་ཡིན་ 5-1-379 ལ། དེ་ཉིད་ཀྱི་ཞལ་སྔ་ནས་མདོ་རྒྱུད་བསྟན་བཅོས་མཐའ་དག་གི་སྙིང་པོའི་དོན་གྱི་གཞི་ལམ་ འབྲས་བུ་[ཚུལ་{དོན་}ཕྱིན་ཅི་མ་ལོག་པར་གསལ་བར་སྟོན་ཅིང་ཡིད་བརྟན་པའི་གནས་སུ་ གྱུར་པ་ངེས་དོན་རྒྱ་མཚོ་ཞེས་བྱ་བ་དང༌། གཞན་ཡང་ཟབ་དོན་ཁྱད་པར་ཅན་སྟོན་པའི་གཞུང་ འཐོར་བུ་བ་མང་དུ་མཛད་ཅིང༌། གདུལ་བྱའི་སྐལ་བ་དང་འཚམས་པར་སྤྱིར་ཆོས་ཀྱི་སྒོ་སྣ་ ཚོགས་དང་ཁྱད་པར་མཐར་ཐུག་ངེས་པའི་དོན་གྱི་བསྟན་པ་ཤིན་ཏུ་དར་བར་མཛད་དོ། །རྗེ་ བཙུན་བླ་མ་{རིམ་པར་}བརྒྱུད་པའི་ཡོན་ཏན་གྱི་ཁྱད་པར་ཤིན་ཏུ་ངོ་མཚར་ཞིང་བསམ་གྱིས་ མི་ཁྱབ་པ་རྣམས་ནི་སོ་སོའི་རྣམ་ཐར་གྱི་ཡི་གེ་རྒྱས་པ་རྣམས་ལས་ཤེས་པར་བྱའོ། །ཆོས་ཀྱི་ རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་ཐུགས་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་ནི་མཁན་རིན་པོ་ཆེ་ཆོས་ ཀྱི་རྒྱལ་པོ་ཡིན་ཏེ་ཆོས་ཀྱི་རྗེ་དེ་ཉིད་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་ དང་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཐོག་མ་བར་དང་ཐ་མར་དགེ་བའི་ཁྲིད་རིམ་རྣམ་གསུམ་ ལེགས་པར་ཞུས་ཤིང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ་ལ་སོགས་པ་སེམས་ འགྲེལ་སྐོར་གསུམ་ཆ་ལག་དང་བཅས་དང་གཞན་ཡང་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ ཀྱི་བཀའ་དྲིན་ཅི་ནུས་ཀྱིས་མནོས་པ་ཡིན་ཏེ། དེ་ལྟར་བླ་མ་མཁས་གྲུབ་སྤྲུལ་པའི་སྐུ་རིམ་ པར་བྱོན་པ་ནས་ད་ལྟའི་བར་དུ་དམ་ཚིག་གི་རིམ་པ་རྣམ་པར་དག་ཅིང༌། བཤད་སྒྲུབ་ལ་ ལྷད་མ་ཞུགས་པར་ལུང་དང་མན་ངག་རྣམ་པར་དག་པ་དང་ལྡན་པའི་རིམ་པས་ལེགས་པར་ བརྒྱུད་པ་ཡིན་ནོ།། ༈ །། རྒྱལ་བའི་ཡེ་ཤེས་དབྱིངས་དང་དབྱེར་མེད་པ། ། དབུལ་པོའི་ཁང་ནང་ས་འོག་གཏེར་སོགས་བཞིན། ། འགྲོ་བའི་ཡིད་ནང་གདོད་ནས་བཞུགས་པ་ནི། ། མཐར་ཐུག་ཐེག་པའི་སྐབས་འདིར་གཞི་ཡི་དོན། ། 5-1-380 འགྱུར་བའི་མ་རིག་ཀུན་རྟོག་འཁོར་བ་ཡི། ། རྩ་བ་གཞོམ་ཕྱིར་ནང་རིག་འགྱུར་བ་མེད། ། འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ། ། བསྒོམ་པ་རྡོ་རྗེའི་རྣལ་འབྱོར་ལམ་གྱི་མཆོག ། རྒྱལ་བའི་སྙིང་པོ་རང་ལ་བཞུགས་པ་ཉིད། ། མ་རིག་སྒོ་ངའི་སྦུབས་ལས་ངེས་གྲོལ་ཏེ། ། ཡིད་བཞིན་ནོར་ལྟར་འགྲོ་བའི་དོན་མཛད་པ། ། དེ་འདྲ་གང་ཡིན་འབྲས་མཆོག་ཐོབ་ཅེས་བྱ། ། འདི་ནི་འཁོར་ལོ་རིམ་གསུམ་སྙིང་པོའི་དོན། ། བླ་མེད་རྒྱུད་རྒྱལ་རྣམས་ཀྱི་དགོངས་པ་སྟེ། ། རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་ཐུགས་ལ་གནས། ། ཆོས་རྗེ་བླ་མའི་གསུང་གི་བདུད་རྩི་མཆོག ། གང་གསུང་དྲི་མེད་འོད་བརྒྱའི་སྣང་བས་བདག་བློའི་པད་མོ་རབ་ཕྱེ་སྟེ། ། ནང་རིག་འགྱུར་མེད་རྒྱལ་བའི་སྙིང་པོའི་གེ་སར་ཕྲེང་མཛེས་གསལ་མཛད་པ། ། བཀའ་དྲིན་མཉམ་མེད་ཆོས་རྗེ་ཉི་མ་འཇམ་མགོན་བླ་མའི་ཞབས་རྡུལ་ནི། ། རྟག་ཏུ་གུས་པས་སྤྱི་བོས་བསྟེན་ཞིང་སྐྱབས་སུ་ཉེ་བར་མཆི་བར་བགྱི། ། ཚུལ་འདི་སྟོན་ཀའི་ནམ་མཁའ་ལྟ་བུར་དྲི་མེད་ཡངས་པའི་བློ༷་གྲོ༷ས་ཅན། ། དུས་ཀྱི་འཁོར་ལོར་ལྷག་པར་མོས་པ་བསྟན་པའི་རྒྱ༷ལ་མཚ༷ན་ལེགས་པར་འཛིན། ། ཆབ་སྲིད་ཆོས་ཀྱི་དཔ༷ལ་གྱིས་རབ་སྐྱོང་བཟ༷ང་པོའི་གྲགས་པ་རབ་གསལ་བ། ། མི་དབང་དེ་ཡི་གསུང་གིས་ཉེར་བསྐུལ་དད་ལྡན་འགའ་ཡིས་གསོལ་བཏབ་ཕྱིར། ། 5-1-381 མང་དུ་ཐོས་ལྡན་སྙིང་པོའི་དོན་ལའང་ཅུང་ཟད་ལྟ་བའི་བློ་མིག་ཅན། ། དགེ་སློང་རྡོ་རྗེ་འཛིན་པའི་ཚུལ་འཆང་ཆོས་ཀྱི་རྒྱལ་པོས་རྣམ་པར་སྦྱར། ། འོན་ཀྱང་བདག་བློ་འཁྲུལ་པའི་ཉེས་ཀུན་ལྷག་པའི་ལྷ་དང་དབྱེར་མེད་པའི། ། བླ་མ་རྣམས་དང་རྡོ་རྗེ་མཁའ་འགྲོ་སྲུང་མའི་ཚོགས་ལ་བཟོད་པར་གསོལ། ། འདིར་འབད་དགེ་བ་སྟོན་ཟླའི་འོད་དཀར་གྱིས། ། འགྲོ་རྣམས་ལེགས་པའི་ལམ་འདིར་མྱུར་ཞུགས་ནས། ། ཚོགས་གཉིས་ཀུན་དའི་ཕུན་ཚོགས་རབ་རྒྱས་ཏེ། ། དང་པོའི་སངས་རྒྱས་མངོན་དུ་བྱེད་གྱུར་ཅིག ། རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོ་གཞི་ལམ་འབྲས་གསུམ་གྱི་ངོ་སྤྲོད་ཡང་དག་དོན་ གསལ་ཞེས་བྱ་བ། དགེ་སློང་རྡོ་རྗེ་འཛིན་པ་མངའ་རིས་པ་ཕྱོགས་ལས་རྣམ་རྒྱལ་གྱིས། དཔལ་ངམ་རིངས་ཀྱི་གཙུག་ལག་ཁང་ཆེན་པོར་སྦྱར་བའོ། །ཡི་གེ་པ་ནི་ལུང་རིགས་ཀྱི། །སྡེ་ སྣོད་རིན་ཆེན་བསླབ་གསུམ་འཛིན། །དུས་ཀྱི་འཁོར་ལོའི་ཚུལ་རིག་པ། །བཤེས་གཉེན་སྨོན་ ལམ་མཆོག་ཡིན་ནོ། །མཾ་ག་ལཾ། བྷ་ཝ་ཏུཿ ཤུབྷྃ། མ་ཡིག་ཕྱི་ཀ༢༨༨དང༌། ཕྱི་ཆ་༢༧༠ཅན་གཉིས་ཡིན། ཕྱི་ཀ༢༨༨་ལ་རྟགས་འདི་[ ] ཕྱི་ཆ་༢༧༠་ལ་རྟགས་འདི་{ } རྟགས་འདིར་[ { }མ་ཕྱི་ཕན་ཚུན་མི་འདྲ་བ་གཉིས་པོ་བཀོད་ཡོད། 5-1-382 ༄༅། །ཐུབ་པའི་བསྟན་རྩིས་རིན་ཆེན་སྒྲོན་མེ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ཐུབ་པའི་བསྟན་རྩིས་རིན་ཆེན་སྒྲོན་མེ་ཞེས་བྱ་བ། སྟོན་པ་བཅོམ་ལྡན་འདས་ དཔལ་དུས་ཀྱི་འཁོར་ལོ་ཤཱཀྱའི་རྒྱལ་པོ་དང་དབྱེར་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ ཞབས་ལ་གུས་པས་ཕྱག་འཚལ་ལོ། ། གང་གི་བསྟན་པ་རིན་ཆེན་ཕན་བདེའི་གཏེར། ། ཁམས་གསུམ་དབང་ཕྱུག་གཙུག་གིས་གུས་བརྟེན་པ། ། ཚངས་སོགས་སྟོན་པའི་སྟོན་པ་ཟླ་མེད་པ། ། རྒྱལ་དབང་སྨྲ་བའི་ཉི་མ་དེ་ལ་འདུད། ། དཔལ་ལྡན་འཇམ་དབྱངས་མི་དབང་སྤྲུལ་པའི་སྐུ། ། ས་ལ་དུས་ཀྱི་འཁོར་ལོ་གསལ་མཛད་ཅིང༌། ། དྲག་པོའི་ཚུལ་གྱིས་ཀླ་ཀློའི་དཔུང་འཇོམས་པ། ། རིགས་ལྡན་འཁོར་ལོ་ཅན་གྱིས་བདག་ལ་སྐྱོངས། ། སྟོང་ཉིད་སྙིང་རྗེའི་ལྟེ་བ་རབ་ཏུ་བརྟན། ། གསུང་རབ་ཡན་ལག་རིན་ཆེན་རྩིབས་སྟོང་ལྡན། ། ཆོས་ཀྱི་སྡོམ་བཞིའི་མུ་ཁྱུད་རྣམ་མཛེས་པ། ། བསྟན་པའི་འཁོར་ལོ་ཡུན་རིང་གནས་གྱུར་ཅིག ། 5-1-383 ཐོག་མཐའ་བར་དུ་དགེ་བའི་གཟི་འོད་ཅན། ། འཇིག་རྟེན་ཀུན་ཏུ་སྣང་བའི་རྒྱན་གྱུར་པ། ། ཐུབ་བསྟན་ཉི་མ་ཇི་སྲིད་གནས་པའི་ཚུལ། ། དུས་ཀྱི་འཁོར་ལོའི་དོན་བཞིན་འདིར་གསལ་བྱ། ། འདིར་འགྲོ་བ་ཐམས་ཅད་ཀྱི་འཕྲལ་དང་ཡུན་དུ་ཕན་པ་དང་བདེ་བའི་གནས་སུ་གྱུར་པ་ནི་ ཐུབ་པའི་བསྟན་པ་རིན་ཆེན་ཉིད་ཡིན་པའི་ཕྱིར་བདག་དང་གཞན་ལ་ལེགས་པར་འདོད་པའི་ ཤེས་ལྡན་ཆེན་པོ་དག་གིས་ཤིན་ཏུ་གཅེས་པར་གཟུང་བ་ལ་ནན་ཏན་བྱ་བ་རིགས་ཤིང༌། དེ་ ལ་ཡང་དེ་ཉིད་འཇིག་རྟེན་འདིར་ཇི་སྲིད་གནས་པའི་ཚད་དང༌། སྔར་ཇི་ཙམ་འདས་པ་དང༌། ད་ཇི་ཙམ་གནས་པའི་ཚུལ་རྣམས་ལེགས་པར་ཤེས་དགོས་པས་དེའི་ཕྱིར་དེ་ལྟ་བུའི་ཚུལ་ བརྗོད་པར་བྱའོ། ། འདི་ལ་ཐེག་པ་ཐུན་མོང་པ་ལ་གྲགས་པའི་བསྟན་རྩིས་ཀྱི་རྣམ་བཞག་དང༌། ཐེག་པའི་ མཐར་ཐུག་དཔལ་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་བསྟན་རྩིས་ཀྱི་རྣམ་བཞག་གཉིས་སུ་ ཡོད་པ་ལས། དང་པོ་ནི། མདོ་སྡེ་བསྐལ་བ་བཟང་པོ་ལས་དམ་ཆོས་ལོ་ལྔ་བརྒྱ་དང༌། དམ་ པའི་ཆོས་གཟུགས་བརྙན་ལོ་ལྔ་བརྒྱ་སྟེ་ལོ་སྟོང་དུ་གནས་པར་གསུངས། སྙིང་རྗེ་པདྨ་དཀར་ པོའི་མདོར་ཕྱེད་དང་ཉིས་སྟོང་དང༌། །ཟླ་བའི་སྙིང་པོའི་མདོར་ཉིས་ སྟོང་དང༌། བློ་གྲོས་མི་ཟད་པའི་བསྟན་པའི་མདོའི་འགྲེལ་པ་སྟོང་དང༌། རྡོ་རྗེ་གཅོད་པའི་ འགྲེལ་པར་ཕྱེད་དང་སུམ་སྟོང་དུ་བསྟན་པ་གནས་པར་གསུངས་ཤིང༌། འབུམ་ཊིཀ་ཅེས་ ཡོངས་སུ་གྲགས་པ་ཡུམ་འབུམ་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ཀ་ྱིགཞུང་འགལྲེ་གནདོ་ འཇོམས་སུ་བསྟན་པ་ལྔ་སྟོང་དུ་གནས་པར་གསུངས་པ་ལས། སྔ་མ་རྣམས་ནི་དྲང་དོན་ངེས་ 5-1-384 པ་ཅན་ཡིན་ལ། འགྲེལ་པ་གནོད་འཇོམས་ལས་གསུངས་པ་ཉིད་སྒྲ་ཇི་བཞིན་པ་ཡིན་པར་ མཁས་པ་རྣམས་བཞེད་དོ། ། དེའི་ལུགས་ལྟར་ན་སྟོང་ཕྲག་རེ་རེ་ལ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུ་ལ་ལེའུ་ བཅུར་འགྱུར་ཏེ། དེ་ལ་ལྔ་བརྒྱ་དང་པོ་གཉིས་པ་དང་གསུམ་པ་རྣམས་རིམ་པ་ལྟར་དགྲ་བཅོམ་ པ་དང༌། ཕྱིར་མི་འོང་དང༌། རྒྱུན་དུ་ཞུགས་པ་མང་དུ་འབྱུང་བས། དགྲ་བཅོམ་པའི་ལེའུ་ དང༌། ཕྱིར་མི་འོང་བའི་ལེའུ་དང༌། རྒྱུན་དུ་ཞུགས་པའི་ལེའུ་ཞེས་བྱ་སྟེ། ཁོང་དུ་ཆུད་པའི་ལེའུ་ གསུམ་དང༌། དེ་ནས་ལྔ་བརྒྱ་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་གོ་རིམ་བཞིན་དུ་ལྷག་ མཐོང་དང་ཏིང་ངེ་འཛིན་དང༌། ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས་ལྷག་མཐོང་གི་ ལེའུ་དང༌། ཏིང་ངེ་འཛིན་གྱི་ལེའུ་དང༌། ཚུལ་ཁྲིམས་ཀྱི་ལེའུ་ཞེས་བྱ་སྟེ། སྒྱུ་མའི་ལེའུ་གསུམ་ དང༌། དེ་ནས་ལྔ་བརྒྱ་བདུན་པ་དང་བརྒྱད་པ་དང་དགུ་པ་རིམ་པ་ལྟར། ཆོས་མངོན་པ་དང༌། མདོ་སྡེ་དང༌། འདུལ་བ་སྟོན་པ་མང་དུ་འབྱུང་བས་མངོན་པའི་ལེའུ་དང༌། མདོ་སྡེའི་ལེའུ་དང༌། འདུལ་བའི་ལེའུ་སྟེ་ལུང་ལེའུ་གསུམ་དང༌། ལྔ་བརྒྱ་པ་བཅུ་པ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་ ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས་རྟགས་ཙམ་འཛིན་པའི་ལེའུ་སྟེ་འདི་ཉིད་ལ་ལྔ་བརྒྱ་ཐ་ མ་ཞེས་བྱའོ། །ཞེས་བཤད་དོ། ། དེ་ལ་སློབ་དཔོན་འཇམ་དཔལ་གྲགས་པས། ལྔ་བརྒྱ་པ་ཕྲག་བཅུ་པོ་ལ་མངོན་པར་ རྟོགས་པའི་དུས་གསུམ་དང༌། སྒྲུབ་པའི་དུས་གསུམ་དང༌། ལུང་གི་དུས་གསུམ་དང༌། རྟགས་ ཙམ་འཛིན་པའི་དུས་ཞེས་བཤད་ལ། དང་པོ་ལ་འབྲས་བུའི་དུས་ཞེས་ཀྱང་བྱའོ། ། ཐུབ་པའི་བསྟན་པ་ཚུལ་དེ་ལྟར་གནས་པ་ཡང༌། འཛམ་བུའི་གླིང་འདི་ཉིད་ཀྱི་དབང་ དུ་བྱས་པ་ཡིན་ཞིང༌། སྔར་འདས་པའི་ལོ་གྲངས་ལ་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་ འདས་ནས་ལོ་སུམ་བརྒྱ་སུམ་བཅུ་རྩ་བདུན་ན་རྒྱལ་པོ་དགའ་བྱེད་བྱུང༌། དེ་ནས་ལོ་བརྒྱད་ 5-1-385 བརྒྱ་ན་རྒྱལ་པོ་ཟླ་སྲུང་བྱུང༌། དེ་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་བརྒྱད་ན། རྒྱལ་པོ་མཛོད་མངས་ བྱུང༌། དེ་ནས་ལོ་བདུན་བརྒྱ་ཉི་ཤུ་རྩ་བཞི་ན་བལ་ཡུལ་དུ་རྒྱལ་པོ་ཆོས་ཀྱི་གོ་ཆ་འབྱུང་བ་ནས་ ཕོ་བྲང་གཟུང་ནས་ལོ་བརྒྱད་བརྒྱ་བཅུ་བཞི་ན་བལ་པོར་རྒྱལ་པོ་འོད་ཟེར་གོ་ཆ་བྱུང༌། དེ་ནས་ ལོ་ཉིས་བརྒྱ་བཞི་བཅུ་རྩ་གཉིས་ན་བོད་ཀྱི་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་འབྱུང་སྟེ་ དེ་ཡན་ཆད་ཉིས་སྟོང་དགུ་བརྒྱ་ལྔ་བཅུ་རྩ་ལྔ་སོང་ཞེས་རྒྱ་གར་དང་བལ་བོ་ལོ་བཅོས་པ་དང༌། བོད་ཀྱི་རྒྱལ་པོ་རྣམས་ཀྱི་(མེ་ཕོ་སྟག་གི་ལོ་ལ་ལྷ་དབང་ཡབ་སྲས་གསུམ་གྱིས་རྩིས་དུས་ལོ་སུམ་སྟོང་དང་ལྔ་བཅུ་རྩ་ གཉིས་འདས་སོ། །དེ་ནས་ལྕགས་མོ་ཡོས་བུའི་ལོ་ལ་ཇོ་བོ་ཆེན་པོ་རྗེས་ རྩིས་དུས་ལོ་སུམ་སྟོང་དང་བརྒྱ་བརྒྱད་ཅུ་རྩ་བདུན་འདས། དེ་ནས་ས་མོ་གླང་གི་ལོ་ལ། ལོ་ཙྪ་བ་བློ་ལྡན་ཤེས་རབ་འདས་པའི་ཕྱི་ ལོ་དེ་འདུ་བ་ཆེན་པོ་བྱས་དུས་རྩིས་པ་ན། ལོ་སུམ་སྟོང་དང་ཉིས་བརྒྱ་བཞི་བཅུ་རྩ་དྲུག་འདས། དེ་ནས་ལྕགས་འབྲུག་གི་ལོ་ལ། ཕྱ་པ་ཆོས་ཀྱི་སེང་གེས་ཆོས་གྲྭར་རྩིས་དུས་ལོ་སུམ་སྟོང་དང༌། ཉི་བརྒྱ་དགུ་བཅུ་ རྩ་དྲུག་འདས་ཏེ། དེ་དག་གིས་བར་བར་གཞན་གྱིས་ཀྱང་བསྟན་རྩིས་མང་དུ་མཛད་པ་ཡང་ཡོད་)ལེགས་པར་རྩིས་པ་ ལས་འབྱུང་ཞིང༌། ཇོ་བོ་རྗེ་ནི་སྟོན་པ་ཤིང་ཕོ་བྱི་བ་ལ་ལྷུམས་སུ་ཞུགས། ཤིང་མོ་གླང་ལ་བལྟམས། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུའི་སྟོན་ཐ་ཆུང་གི་ཡར་ངོའི་ ཚེས་བརྒྱད་ལ་མྱ་ངན་འདས་པ་བཞེད་པས། དེའི་རྗེས་སུ་འབྲངས་ཏེ་འཆིམས་ནམ་མཁའ་ གྲགས་ཀྱིས་མེ་མོ་སྦྲུལ་ལ་རྩིས་པ་ལ། ལོ་སུམ་སྟོང་སུམ་བརྒྱ་དགུ་བཅུ་རྩ་གསུམ་འདས་ པར་བཞེད་པས་ཆུ་ཕོ་ཁྱི་ཡན་ཆད་ལ་སུམ་སྟོང་བཞི་བརྒྱ་དང་ལྔ་བཅུ་རྩ་བརྒྱད་འདས་པར་ བཞེད་དོ། །ཆོས་རྗེ་ས་སྐྱ་པཎྜི་ཏས། སྟོན་པ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ ལ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་གིས་དཔྱིད་ཐའི་ཉའམ་སྟོན་ཐའི་ཚེས་ བརྒྱད་ལ་འདས་པར་བཞེད་ཅིང༌། རྗེ་བཙུན་གྲགས་པ་རྒྱལ་མཚན་ཞི་བར་གཤེགས་པའི་ ཆོས་འཁོར་མེ་ཕོ་བྱི་བའི་ལོ་ལ་མཛད་པའི་དུས་སུ་རྩིས་པས། སུམ་སྟོང་སུམ་བརྒྱ་བཞི་ 5-1-386 བཅུ་རྩ་དགུ་ལོན་པར་བཞེད་ལ། མེ་མོ་གླང་གི་ལོ་ལ་ཆུ་མིག་ཆོས་འཁོར་གྱི་དུས་སུ་བླ་མ་ དམ་པ་ཆོས་རྒྱལ་འཕགས་པས་རྩིས་པ་ན། སུམ་སྟོང་བཞི་བརྒྱ་དང་བཅུ་འདས་པར་བཞེད་ དོ། ། དེ་ནས་བླ་མ་ཏི་ཤི་ཀུནདགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བོད་ཡུལ་དུ་བསྙེན་ རྫོགས་ལ་བྱོན་པའི་དུས། ཆུ་ཕོ་ཁྱིའི་ལོ་ཡན་ཆད་ལ་ལོ་སུམ་སྟོང་དང་བཞི་བརྒྱ་ལྔ་བཅུ་རྩ་ ལྔ་འདས་པར་བཞེད་ཅིང༌། དེ་ནས་ལོ་སྐོར་དྲུག་ཅུ་ལས་རྣམ་འཕྱང་གི་ལོ་དང༌། ལོ་སྐོར་ བཅུ་གཉིས་ལས་ས་ཕོ་ཁྱིའི་ལོ་ཡན་ཆད་ཀྱི་ལོ་སུམ་སྟོང་བཞི་བརྒྱ་དགུ་བཅུ་རྩ་གཅིག་འདས་ ལ། ད་ལྟ་དགུ་བཅུ་རྩ་གཉིས་པ་སྒྱུར་བྱེད་ཀྱི་ལོ་ས་མོ་ཕག་གི་སྟེང་ན་ཡོད་པས་འབྲས་བུ་དང་། སྒྲུབ་པའི་དུས་གཉིས་ཀྱི་ལྷག་ལྔ་བརྒྱ་ཕྲག་གསུམ་གསུམ་{སྟོང་[སྟེ་]ལྔ་བརྒྱ་ཕྲག་[སྟེ་]དྲུག་ དང་། ལུང་མངོན་པའི་དུས་ཀྱི་བཞི་བརྒྱ་དགུ་བཅུ་རྩ་གཅིག་ནི་འདས་ལ། ལྷག་མ་ལུང་མངོན་པའི་ ལོ་དགུ་དང༌། མདོ་སྡེ་དང་འདུལ་བ་དང་རྟགས་ཙམ་འཛིན་པ་རྣམས་ཀྱི་ལྔ་བརྒྱ་པ་ཕྲག་ གསུམ་སྟེ་ལོ་སྟོང་དང་ལྔ་བརྒྱ་དང་དགུ་{བཅུ་}ལྷག་མར་ཡོད་ཅིང༌། འཆིམས་པའི་རྗེས་སུ་ འབྲངས་པའི་ལུགས་ལ་འདས་ལོ་གསུམ་གྱིས་མང་བར་ཡོད་དོ། །ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ བྷ་དྲས་ཤིང་ཕོ་བྱི་བའི་ལོ་ལ་ཁྲོ་ཕུར་རྩིས་པ་དང༌། མེ་མོ་ཡོས་ལ་སོལ་ནག་ཐང་ཆེན་དུ་རྩིས་ པར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། ། ཚེས་བརྒྱད་ནམ་གུང་མཉམ་པ་ལ། ། ཟླ་བ་རི་བོ་ལ་ནུབ་ཚེ། ། ཐུབ་དབང་ཡོངས་སུ་མྱ་ངན་འདས། ། 5-1-387 དེ་རྗེས་ལོ་ནི་སྟོང་ཕྲག་གཅིག ། བདུན་བརྒྱ་དང་ནི་ལྔ་བཅུ་དང༌། ། ཟླ་བ་གཉིས་དང་ཟླ་བ་ཕྱེད། ། དེ་བཞིན་ཉི་མ་སྔ་རབས་འདས། ། ལོ་ནི་སྟོང་ཕྲག་གསུམ་དང་ནི། ། ཉིས་བརྒྱ་དང་ནི་བཞི་བཅུ་དགུ། ། ཟླ་བ་དགུ་དང་ཉི་མ་བཅུ། ། མ་འོངས་བསྟན་པའི་ལྷག་མར་གནས། ། ཞེས་མེ་མོ་ཡོས་ཀྱི་དཔྱིད་འབྲིང་གི་ཚེས་ལྔ་ལ་རྩིས་པ་དང༌། ལྕགས་ཕོ་ལ་ས་སྐྱར་རྩིས་ པའི་ལུགས་ཀྱི་ལོ་སྟོང་བརྒྱད་བརྒྱ་དྲུག་ཅུ་རྩ་ལྔ་ཆུ་ཕོ་ཁྱིའི་ལོ་ཡན་ཆད་ལ་འདས་པར་བཞེད་ པ་ལ། ཆོས་རྗེ་ས་སྐྱ་པའི་ཞལ་ནས། ལུགས་དེ་ནི་རྒྱ་གར་ན་ཉན་ཐོས་སེན་དྷ་བ་རྣམས་དུས་ བརྗོད་པའི་ཚེ་སྟོན་པ་འདས་ནས་ལོ་འདི་སོང་ཞེས་ནུབ་རེ་བཞིན་རྩི་བ་ཞིག་ཡོད་པ་ལ། དེའི་ ལུགས་མ་གྷ་དྷའི་བྱང་ཆུབ་ཆེན་པོའི་སྐུ་གཟུགས་དེ་སློབ་དཔོན་ཐོ་བཙུན་གྲུབ་རྗེ་དང༌། བདེ་ བྱེད་བདག་པོས་ མཛད་པར་བཞེད་ནས་ཙ་དན་གྱི་འདི་གུ་སྤུངས་པ་ན། རང་བྱུང་དུ་འབྱུང་བའི་དུས་དེ་ནས་ བཟུང་བས་དུས་རྩིས་འཁྲུལ་ཏེ། སྟོན་པ་འདས་ནས་ལོ་འདི་སོང་ཞེས་ རྩིས་པས་དེའི་རྗེས་སུ་འབྲངས་ནས་རྒྱ་བལ་ཁ་ཆེའི་པནྜི་ཏ་ཕལ་ཆེར་བཞེད་ཀྱང་ཡིད་བརྟན་ པར་མི་བྱ་སྟེ། ལྷ་མོ་དྲི་མ་མེད་པའི་མདོ་ལུང་བསྟན་པར། ང་ཡོངས་སུ་མྱ་ངན་ལས་འདས་ ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། ། ཞེས་གསུངས་པའི་གདོང་དམར་ཡུལ་དུ་ཞེས་པ་བོད་ཡིན་པས་དང༌། ཀླུ་སྒྲུབ་ལ་སོགས་པ་ 5-1-388 ལུང་བསྟན་པའི་ལོ་གྲངས་དང༌། རྒྱལ་པོ་ལ་སོགས་པའི་རབས་རྩིས་པ་ན་མི་འཐད་པའི་ཕྱིར་ ཞེས་གསུངས་སོ། །ཁ་ཆེ་པཎ་ཆེན་གྱི་བཞེད་པའི་ལུགས་དེ་ལ་རྣམ་འཕྱང་གི་ལོ་ས་ཕོ་ཁྱི་ཡན་ ཆད་ལ་ལོ་སྟོང་དང་དགུ་བརྒྱ་ཙམ་འདས་པར་གསལ་ལོ། ། གཉིས་པ་དཔལ་དུས་ཀྱི་འཁོར་ལོ་ལས་བྱུང་བའི་བསྟན་རྩིས་ཀྱི་རྣམ་པར་བཞག་པ་ལ། སྔར་བོད་དུ་བྱུང་བའི་དུས་ཀྱི་འཁོར་ལོ་པ་ཕལ་ཆེ་བའི་བཞེད་པ་ནི། དཔལ་ལྡན་རྒྱུད་ལས། ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་ མིན་རྣམས་ཀྱི་རྒྱལ་བར་དཀའ་བ་འཁོར། །ཞེས་སོགས་འཇིག་རྟེན་ཁམས་ལེའི་ ཚིགས་བཅད་ཉེར་{བདུན་[གཉིས]པ་ལ་སོགས་པ་གསུམ་གྱིས་རྒྱུད་དང༌། འགྲེལ་ བ་དང༌། དེ་ཉིད་ཀྱི་ཚིགས་བཅད་བརྒྱ་དྲུག་བཅུ་{རྩ་དགུ་}པའི་རྐང་པ་ཐ་མར། རྫོགས་ལྡན་ གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ནི་ནུས་པའི་ཚད་ཀྱི་ས་གཞི་དག་ལ་ངེས་པར་རྒྱུད། ། ཞེས་གསུངས་པའི་དོན། འཛམ་བུའི་གླིང་ཆེན་པོའི་གླིང་བཞི་དང༌། ཉེ་བས་གླིང་བརྒྱད་དེ་ ས་དུམ་བུ་བཅུ་གཉིས་ལ་སངས་རྒྱས་ཀྱི་ཆོས་ཀྱི་ དབང་དུ་བྱས་པའི་དུས་བཞི་དང༌། ནུས་པ་དེ་འོག་མིན་པའི་ཉིན་ཞག་གཅིག་དང་མིའི་[ཉིན་ ཞག་]ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཚད་དུ་འཇུག་པ་ཡིན་ལ། དེ་ཉིད་ས་དུམ་བུ་བཅུ་གཉིས་ པོ་ལ་བསྟན་པ་སྤྱིར་གནས་པའི་གནས་ཚད་ཡིན་ཞིང༌། དེ་ལ་རྫོགས་ལྡན་ལྔ་སྟོང་བཞི་བརྒྱ། དེ་བཞིན་དུ་གསུམ་ལྡན་གཉིས་ལྡན་རྩོད་ལྡན་ རྣམས་ལྔ་སྟོང་བཞི་བརྒྱ་རེ་དང༌། གླིང་བཅུ་གཉིས་པོ་རེ་རེའི་བགོས་སྐལ་ལ་བསྟན་ པ་ལོ་སྟོང་བརྒྱད་བརྒྱ་རེ་གནས་པ་དང༌། དུས་བཞི་དེའི་མགོ་ཡང་དེ་བཞིན་གཤེགས་པས་ ཆོས་བསྟན་པའི་དུས་ཉིད་ནས་འཛིན་པར་བྱེད་དོ། །འདི་ནི་དཔལ་ལྡན་རྒྱུད་དང་རྒྱས་འགྲེལ་ གྱི་དགོངས་པ་[མ་]ཡིན་ཏེ། ཚིགས་བཅད་སྔ་མ་དག་གིས་འགྲེལ་པར། ད་ནི་ས་དུམ་བུ་བཅུ་ 5-1-389 གཉིས་ལ་འཁོར་ལོས་བསྒྱུར་བ་ཆེན་པོ་འཁོར་བ་གསུངས་པ། ལྷུན་པོའི་རྒྱབ་ཀྱི་ཕྱོགས་ ཞེས་པ་ལ་སོགས་པ་སྟེ། ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་ཀླ་ ཀློ་རྣམས་ཀྱི་རྒྱལ་བར་དཀའ་བ་འཁོར། །སའི་དུམ་བུ་གང་དུ་དེ་བཞིན་གཤེགས་པའི་ཆོས་ ནི་རྣམ་པར་ཉམས་ཤིང་དེ་རྣམས་ལས་བཟློག་པའི་ཆོས་འཇུག་པའི་ས་གཞི་དེར་[འཁོར་ལོ་ ཅན་]འཁོར་ཏེ་རྩོད་དུས་ལ་ཆོས་མིན་རབ་ཏུ་འཇུག་པ་དེ་ཉིད་རྩོད་དུས་འཇུག་པ་ཞེས་པའི་ དོན་ཏོ། །ཆོས་མ་ཡིན་པའི་བདག་ཉིད་དེ་ཉིད་རྩོད་པའི་དུས་སོ། །དུམ་བུ་གང་དང་གང་དུ་ ཀླ་ཀློའི་ཆོས་ཞུགས་པའི་དུམ་བུ་དེ་དང་དེར་ནི་རབ་ཏུ་གྱུར་པས་བགྲོད་པར་བྱེད་པ་ནི་རབ་ ཏུ་བགྲོད་པར་བྱེད་པའོ། །ཀླ་ཀློ་རྣམས་དང་ཀྱང་ཡིག་གི་སྒྲས་ལྷ་མིན་[ལ་སོགས་པ་]རྣམས་ ཀྱང་གཡུལ་དུ་བཅོམ་སྟེ་རང་གི་ཆོས་ལ་ཀླ་ཀློ་ལ་སོགས་པ་དེ་རྣམས་འགོད་པར་བྱས་ནས་ མདུན་དུ་རྣམ་པར་རྒྱུའོ། །ཞེས་དང་། ས་གཞི་དག་ལ་འཁོར་ལོ་ཅན་གྱི་དུས་བཞི་ནུས་པའི་ ཚད་དུ་འཇུག་ཅེས་སོ། །ཞེས་གསུངས་པས། འདིར་དངོས་སུ་གསུངས་པའི་འཁོར་ལོ་ཅན་གྱི་ དུས་བཞི་ནི་[འཁོར་ལོ་ཅན་ཞེས་པ་]རིགས་ལྡན་གྱི་རྒྱལ་པོ་ས་དུམ་བུ་བཅུ་གཉིས་སུ་འཁོར་ བའི་ཚུལ་གྱིས་ཆོས་བསྟན་པའི་དུས་བཞི་ཡིན་ལ། དེ་ཐུབ་པའི་[ཆོས་]བསྟན་པའི་དུས་ནས་ མགོ་རྩོམ་པ་མི་འཐད་དེ། སའི་དུམ་བུ་འདིར་དེ་བཞིན་གཤེགས་པའི་ཆོས་ཉམས་ཤིང༌། ཀླ་ ཀློའི་ཆོས་ཞུགས་ནས་རྩོད་ལྡན་གྱི་དུས་སུ་སོང་བ་ན། འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་ནས་ རང་གི་ཆོས་ལ་དགོད་པར་གསུངས་པས་འཁརོ་ལོ་ཅན་གྱིས་དུས་བཞིའི་མགོ་དུས་དེ་ནས་རྩོམ་ པ་ཡིན་ལ། ཐུབ་པས་ཆོས་གསུངས་པའི་དུས་སུ་དེ་བཞིན་གཤེགས་པའི་ཆོས་ཉམས་པ་དང་ཀླ་ཀློའི་ཆོས་ ཞུགས་པ་དེ་མེད་པའི་ཕྱིར་རོ། །ས་དུམ་བུ་བཅུ་གཉིས་ལ་དུས་བཞི་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་ བརྒྱར་གནས་པ་དང༌། དེ་ལ་ས་དུམ་བུ་བཅུ་གཉིས་ཀྱི་ 5-1-390 བགོས་པས་དུམ་བུ་རེར་དུས་བཞི་{ལོ་[ལ་]སྟོང་བརྒྱད་བརྒྱ་རེ་གནས་པ་དེ་ཐུབ་པའི་བསྟན་ པའི་གནས་ཚད་ཡིན་པ་ཡང་མི་རིགས་ཏེ། དུས་ཀྱི་འཁོར་ལོའི་ལུགས་ ལྟར་ནའང༌། སའི་དུམ་བུ་འདིར་ཐུབ་པས་ཆོས་གསུངས་ནས། ད་ལྟའི་རྣམ་འཕྱང་གི་ལོ་ས་ཕོ་ ཁྱི་ཡན་ཆད་ལ་ལོ་ཉིས་སྟོང་ཉིས་བརྒྱ་སུམ་ཅུ་རྩ་ལྔ་འདས་པས་ཐུབ་པའི་བསྟན་པ་ནུབ་ནས་ ལོ་བཞི་བརྒྱ་དང༌སུམ་ཅུ་རྩ་ལྔ་ལོན་དགོས་པ་ལས། ཐུབ་པའི་བསྟན་པ་ད་དུང་ཡང་ལོ་མང་ པོར་གནས་པའི་ཕྱིར་ཏེ། དེའི་རྒྱུ་མཚན་འོག་ནས་བཤད་པར་བྱའོ། །ཡང་ས་དུམ་བུ་བཅུ་ གཉིས་སུ་དུས་བཞི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་གནས་པ་ལ། དུམ་བུ་རེ་རེར་རྫོགས་ལྡན་ སྟོང་བརྒྱད་བརྒྱ་དང་གསུམ་ལྡན་གཉིས་ལྡན་རྩོད་ལྡན་རྣམས་ཀྱང་སྟོང་བརྒྱད་བརྒྱ་རེ་གནས་ པར་བྱས་ནས། རྩོད་ལྡན་ལ་བསྟན་པ་ཡེ་མེད་པ་དང༌། རྫོགས་ལྡན་ལ་སོགས་པ་གསུམ་གྱི་ ལོ་གྲངས་བསྡོམས་པས་ལོ་ལྔ་སྟོང་བཞི་བརྒྱ་དུམ་བུ་རེའི་བསྟན་པའི་གནས་ཚད་ཡིན་པར་ བཞེད་པ་ཡང་མི་འཐད་དེ། ས་དུམ་བུ་བཅུ་གཉིས་པོའི་དུས་བཞི་བསྡོམས་པའི་ལོ་གྲངས་ ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། བཅུ་གཉིས་ཀྱིས་བགོས་པས། དུས་བཞི་སྡོམ་པའི་ལོ་སྟོང་ བརྒྱད་བརྒྱ་རེ་ཐོབ་ཀྱི། དུས་བཞི་སོ་སོ་ལ་ལོ་སྟོང་བརྒྱད་བརྒྱ་རེ་ཐོབ་པ་མི་སྲིད་པའི་ཕྱིར་རོ། ། རྩོད་ལྡན་ལ་བསྟན་པ་ཡེ་མེད་པ་ཡང་མི་འཐད་དེ། རྩོད་ལྡན་འདི་ནི་བསྟན་པའི་རྩོད་ལྡན་ ཡིན་པའི་ཕྱིར་དང༌། རྒྱུད་འགྲེལ་ཉིད་ལས། རྩོད་པའི་མཐར་ཆོས་ཀྱི་རྐང་པ་བཞི་མེད་པའོ། ། ཞེས་གསུངས་པས་རྩོད་པའི་བར་ལ་ཆོས་ཀྱི་རྐང་པ་གཅིག་ཡོད་པར་གསལ་བའི་ཕྱིར་རོ། ། གཞན་ཡང་དེ་བཞིན་གཤེགས་པས་ཆོས་བསྟན་པའི་དུས་ན་ཀླ་ཀློ་གཞོམ་པའི་དོན་དུ་ འཁོར་ལོ་ཅན་ས་དུམ་བུ་བཅུ་གཉིས་ལ་འཁོར་བའི་མགོ་རྩོམ་པ་ཡང་མེད་པས་ནས། འཁོར་ ལོ་ཅན་གྱི་དུས་བཞི་དེ་བཞིན་གཤེགས་པས་ཆོས་བསྟན་པའི་དུས་ནས་རྩི་བ་ནི་ཆེས་རྣམ་ པར་མ་བརྟགས་པ་ཁོ་ནའོ། །དེས་ན་འདིར་རྒྱུད་དང་འགྲེལ་པའི་དགོངས་པ་ནི། འཁོར་ལོ་ 5-1-391 ཅན་གྱི་དུས་བཞི་ནུས་པའི་ཞག་གཅིག་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཚད་དུ་འཇུག་པ་ནི་ མ་འོངས་པ་ན་རིགས་ལྡན་དྲག་པོས་ཀླ་ཀློ་བཅོམ་པའི་དུས་ནས་མགོ་རྩོམ་པ་ཡིན་ཏེ། སའི་ དུམ་བུ་འདིར་རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པར་གསུངས་ཤིང༌། དེའི་སྔར་རིགས་ ལྡན་གང་གིས་ཀྱང་[གཡུལ་དུ་]ཀླ་ཀློ་བཅོམ་པར་མ་གསུང་ལ། དྲག་པོས་ཀླ་ཀློ་བཅོམ་ནས་ སངས་རྒྱས་ཀྱི་ཆོས་སླར་ཡང་རྫོགས་ལྡན་དུ་འགྱུར་བར་གསུངས་པའི་ཕྱིར་རོ། །དེ་ཡང་ དཔལ་ལྡན་རྒྱུད་ལས། དེ་ཡི་དུས་སུ་འཛིན་མ་དག་ལ་མཐའ་དག་སྐྱེ་བོའི་རིགས་ནི་ཆོས་ དང་འདོད་པ་ནོར་རྣམས་རྫོགས། །ཞེས་པ་དང༌། རྫོགས་ལྡན་མཚམས་སུ་ཀླ་ཀློའི་ཆོས་ རྣམས་མཐའ་དག་སྲིད་པ་གསུམ་གྱི་བླ་མ་དག་གིས་བཅད་བྱ་སྟེ། །ཞེས་གསུངས་པའི་སྲིད་ པ་གསུམ་གྱི་བླ་མ་ནི་རིགས་ལྡན་དྲག་པོ་ཡིན་པའི་ཕྱིར་རོ། །ས་དུམ་བུ་བཅུ་གཉིས་སུ་འཁོར་ བའི་འཁོར་ལོས་བསྒྱུར་བ་དང༌། འཁོར་ལོ་ཅན་ཞེས་པ་ཡང༌། རིགས་ལྡན་དྲག་པོ་འཇམ་ དབྱངས་ཉིད་ཡིན་པར་ཤེས་པར་བྱ་སྟེ། འཇིག་རྟེན་ཁམས་ལེའི་གནས་པ་བཅུ་{གཅིག་ [གཉིས་]པ་ལ་འཁོར་ལོ་བསྒྱུར་བ་ཆེན་པོ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་ཞེས་པ་དང༌། ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱི་རྒྱལ་བར་དཀའ་ བར་འཁོར། །ཞེས་དང་། གནས་པ་ཉི་ཤུ་པ་ལ་འཁོར་ལོ་བསྒྱུར་བ་ས་དུམ་བུ་བཅུ་གཉིས་སུ་ འཁོར་བའི་ངོ་བོ་ཉིད་ཀྱི་གནས་པ་ཞེས་དང༌། སུམ་བཅུ་[རྩ་] གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོ་འགྱུར། ། ཅེས་གསུངས་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་ཡང༌། མཁའ་མཁའ་དུས་དང་ཟླ་ བ་མིག་རྣམས་དུས་བཞིའི་དུས་སུ་གྱུར་པ་སྐྱེ་བོ་རྣམས་ཀྱི་ལོ་ཡི་ཚད། ། སླར་ཡང་ཀླ་ཀློ་རབ་ཏུ་འཇུག་པར་འགྱུར་ཏེ་བཅོ་བརྒྱད་ལོ་ཡི་བསྒྱུར་བ་དེ་ནི་ཇི་སྲིད་ལ། ། སླར་ཡང་ཡང་དང་ཡང་དུ་བདག་གིས་[དེ་རྣམས་]རྩོད་ལྡན་དུས་སུ་འབྱིན་ཅིང་འཇོམས་པ་ 5-1-392 {ངེས་}སྟེ། །ཞེས་གསུངས་པས་སོ། །དེ་ལ་བདག་གིས་ཞེས་པ་ནི་འཇམ་དབྱངས་གྲགས་པ་ ཉིད་ཡིན་ལ་རིགས་ལྡན་དྲག་པོ་འཇམ་དབྱངས་གྲགས་པ་ཡིན་པར་གསུངས་པས། ས་དུམ་ བུ་བཅུ་གཉིས་པོ་ཐམས་ཅད་ དུ་ཀླ་ཀློ་འཇོམས་པ་ལ་འཁོར་ལོ་ཅན་རིགས་ལྡན་དྲག་པོ་ཉིད་ཡང་དང་ཡང་དུ་འབྱོན་པ་ཡིན་ ནོ། །འདི་ནི་འཇིག་རྟེན་ཁམས་ལེའི་གོ་སླའི་ཚིགས་སུ་བཅད་པའི་ སྐབས་སུ་གསུངས་པའི་འཁོར་ལོ་ཅན་དང༌། ཕྱེད་ཅན་དུམ་བུ་ཅན་ཞེས་པའི་འཁོར་ལོ་ཅན་ ནི། ཆོས་རྒྱལ་སུམ་བཅུ་རྩ་གཉིས་པོ་ཐམས་ཅད་ལ་མ་སྦྱར་བ་རིགས་ལྡན་དྲག་པོ་འབའ་ཞིག་ ལ་སྦྱར་ན་བཤད་པ་འབྲེལ་ཆགས་པར་འགྱུར་རོ། ། འོ་ན་རིགས་ལྡན་དྲག་པོས་སའི་དུམ་བུ་འདིར་ཀླ་ཀློ་འཇོམས་པའི་སྔོན་དུ་རྩོད་དུས་འཇུག་ པར་གསུངས་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། འདིར་དཔལ་ལྡན་རྒྱུད་དང་འགྲེལ་པ་ ལས། ཐུབ་པའི་བསྟན་པའི་དབང་དུ་བྱས་པའི་དུས་བཞིའི་རིམ་པ་{བཅུ་}གཉིས་གསུངས་ པར་གསལ་བའི་ཕྱིར་རོ། །དེ་ཡང་སངས་རྒྱས་ཀྱི་ཆོས་སྟོན་པའི་དུས་ནས་རིགས་ལྡན་དྲག་ པོས་ཀླ་ཀློ་འཇོམ་པའི་བར་ལ་དུས་བཞི་རིམ་པ་གཅིག་དང༌། དེའི་རྗེས་ནས་འཁོར་ལོ་ ཅན་གྱི་དུས་བཞི་འབྱུང་བའོ། །དེ་ལ་དུས་བཞི་སྔ་མའི་རྫོགས་ལྡན་ལ་སོགས་དངོས་སུ་མ་ གསུངས་ཀྱང་རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་དུས་ན་རྩོད་དུས་ཡོད་པར་དངོས་སུ་ གསུངས་པས། དེའི་གོང་དུ་རྫོགས་ལྡན་ལ་སོགས་གསུམ་ཡོད་པར་ཤུགས་ལ་གྲུབ་བོ། ། དེ་ལྟར་མ་ཡིན་པར་འཁོར་ལོ་ཅན་གྱིས་དུས་བཞི་ལས། གཞན་པའི་བསྟན་པའི་དུས་ བཞི་མེད་ན། རྩོད་པའི་དུས་ཀྱང་རྒྱལ་པོའི་མདུན་དག་ཏུ་ནི་ཞེས་དང༌། དུམ་བུ་གང་དུ་སྟོབས་ ལྡན་འཁོར་ལོ་ཅན་[དེ་]རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུས་བགྲོད་དེ། །ཞེས་གསུངས་ པས་འཁོར་ལོ་ཅན་གྱི་དུས་བཞི་ཉིད་ཀྱི་ཡ་ 5-1-393 གྱལ་གྱི་རྩོད་དུས་རྫོགས་ལྡན་གྱི་སྔར་འབྱུང་དགོས་པར་འགྱུར་ལ། དེ་ལྟ་ན་འཁོར་ལོ་ཅན་ག་ྱི དུས་བཞིའི་མཐར་རྩོད་ལྡན་མེད་པར་འགྱུར་བས། རྩོད་དུས་དང་གསུམ་ལྡན་གཉིས་ཀྱི་བར་དུ་ ཆོས་ཀྱི་རྐང་པ་གསུམ་མེད་པར་ནི་གཉིས་ལྡན་ནོ། །ཞེས་གསུངས་པ་དང་འགལ་ལོ། ། དེས་ན་སྤྱིར་བསྟན་པའི་གནས་ཚད་དང་དུས་བཞི་རིམ་པ་གཉིས་ཀྱི་ལོ་གྲངས་ཀྱི་ངེས་པ་ ནི། བཅོན་ལྡན་འདས་ཀྱི་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། ལོ་འདི་ནས་ནི་ དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །འཇམ་དབྱངས་མི་བདག་གྲགས་པ་ནི། ། ཤམྦྷ་ལ་ཞེས་བྱ་བར་འབྱུང༌། །ཞེས་པ་དང་། རྒྱུད་འདི་དྲང་སྲོང་རིགས་སོགས་ལ། །སངས་ རྒྱས་ལམ་ནི་གསལ་བྱེད་པ། ། ཟླ་བ་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷ་དབང་ཕྱུག །སྣ་ཚོགས་གཟུགས་དང་ ལྷ་དབང་ལྡན། །གྲགས་པ་པད་དཀར་རིམ་པས་སོ། །འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་ ནི་བགེགས་དགྲའི་སྤྲུལ་པ་སྟེ། །ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ས་སྙིང་གཤིན་རྗེ་མཐར་བྱེད་ དང༌། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང༌། ། རྨུག་བྱེད་ཁེང་བྱེད་རིམ་པས་ཏེ། །ནམ་མཁའི་སྙིང་པོ་འཇམ་དབྱངས་དང༌། །འཇིག་རྟེན་ མགོན་པོ་གོ་རིམ་བཞིན། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་ལྟར་བྱང་ཆུབ་སེམས་ དཔའ་གཞན། །བཅུ་གསུམ་དེ་རྣམས་རིམ་པ་ཡིས། །རིགས་ལྡན་རིགས་ལས་འབྱུང་བར་ འགྱུར། །གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་ པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །གཤིན་རྗེ་བཟང་པོ་རིན་ཆེན་ ཕྱག །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང༌། །རྒྱ་མཚོ་རྣམ་རྒྱལ་ རྒྱལ་དཀའ་དང༌། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། ། མཐའ་ཡས་དང་ནི་ས་སྐྱོང་དང༌། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་ 5-1-394 འགགས་པ། །མིའི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང། །གྲགས་ པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། ། ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ས་གའི་ཟླ་བའི་ ཉའམ་སྐྱ་རེངས་འཆར་ཀའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ལོ་གཅིག་གི་བར་དུ་བྱ་ རྒོད་ཕུང་པོའི་རིར་ཐེག་པ་གསུམ་བསྟན་པར་གསུངས་ཤིང༌། དེ་ནས་ཟླ་བ་བཅུ་གཉིས་པ་ ནག་པའི་ཉ་ལ་ལྷོ་ཕྱོགས་དཔལ་ལྡན་འབྲས་ཕུང་གི་མཆོད་རྟེན་ཆེན་པོར་བཅོམ་ལྡན་འདས་ བྱོན་པ་ལ། རྒྱལ་པོ་ཟླ་བ་བཟང་པོས་གསོལ་བ་བཏབ་སྟེ། རྩ་བའི་རྒྱུད་གསུངས་པའི་དུས་ན། ལོ་དྲུག་བརྒྱ་ན་ཤམ་བྷ་ལའི་ཡུལ་དུ་འཇམ་དབྱངས་གྲགས་པ་བྱོན་ཞིང༌། འཇམ་དབྱངས་ གྲགས་པས་ལོ་ བརྒྱའི་བར་དུ་རྩ་རྒྱུད་གསུངས་ཏེ། དེ་ལྟར་ན་ལོ་བདུན་བརྒྱ་དང༌། གྲགས་པ་མྱ་ ངན་ལས་འདས་ནས་ལོ་བརྒྱད་བརྒྱ་ན་མ་ཁའི་ཡུལ་ཏུ་ཀླ་ཀློའི་ཆོས་འཇུག་སྟེ། ལོ་འདི་ནས་ ནི་དྲུག་བརྒྱའི་ལོའི་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་འབྱུང༌། དེ་ནས་ ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་ཏུ་ཀླ་ཀློའི་ ཆོས་དག་རབ་ཏུ་འཇུག །ཞེས་གསུངས་སོ། །དེ་བཞིན་དུ་རིགས་ལྡན་གྱི་ནང་ནས་ ལག་པའི་བསྒྱུར་བའི་དུས་ཀྱི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། དེའི་དུས་སུ་ངེས་པར་མ་ ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། །ཞེས་གསུངས་པས། གྲགས་པ་ མྱ་ངན་ལས་འདས་ནས་ཀླ་ཀློ་འཇུག་པའི་དུས་ལོ་བརྒྱད་ བརྒྱའི་བར་ལ། གྲགས་པས་སྲས་པདྨ་དཀར་པོ་དང༌། ཚ་བོ་བཟང་པོ་ནས་ཤིན་ཏུ་ བཟང་པོ་ལ་ཐུག་པ་རིགས་ལྡན་བརྒྱད་འདས་པའི་རིགས་ལྡན་བརྒྱད་པོ་དེ་དག་གིས་ཀྱང་ལོ་ 5-1-395 བརྒྱད་བརྒྱར་ཆོས་བསྟན་པར་གསལ་ཞིང༌། ལྷ་དབང་ནས་ལྷའི་དབང་ལྡན་གྱིས་བར་ཆོས་ རྒྱལ་དྲུག་དང༌། གྲགས་པ་ནས་ཤིན་ཏུ་བཟང་པོའི་བར་ རིགས་ལྡན་གྱི་རྒྱལ་པོ་དགུས་ལོ་བརྒྱད་བརྒྱར་ཆོས་བསྟན་པས། དེ་རྣམས་ཀྱི་སྐུ་ ཚེའི་ཚད་ཀྱང་ཤུགས་ལས་ཤེས་ལ། སངས་རྒྱས་ཀྱི་ཆོས་གསུངས་ནས་མ་ཁའི་ཡུལ་ཏུ་ཀླ་ཀློ་ འཇུག་པའི་བར་ལ། ལོ་སྟོང་དང་ལྔ་བརྒྱ་འདས་སོ། །དེ་ལ་ཟླ་བ་བཟང་པོས་རྩ་བའི་རྒྱུད་ཞུས་ ནས་ལོ་གཉིས་པ་ལ་རྩ་རྒྱུད་གྱི་འགྲེལ་བ་དང༌། ཤམ་ བྷ་ལར་མ་ལ་ཡའི་ཚལ་གྱིས་དབུས་སུ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པ་བཞེངས་ ནས་མྱ་ངན་ལས་འདས་པར་གསུངས་པའི་ཕྱིར། སངས་རྒྱས་ཀྱི་རྩ་རྒྱུད་གསུངས་པའི་ལོ་ དང་ཟླ་བཟང་གི་འགྲེལ་བ་མཛད་པ་དང༌། དཀྱིལ་འཁོར་གྱི་ཁང་པ་བཞེངས་པའི་ལོ་སྟེ་ལོ་ གཉིས་པོ་དེ་ལྷག་པོར་བགྲང་མི་དགོས་སམ་སྙམ་ན་མི་དགོས་ཏེ། དེ་བཞིན་གཤེགས་པས་ རྩ་རྒྱུད་གསུངས་པའི་ལོ་ཉིད་ནས་བརྩམས་པའི་ལོ་དྲུག་བརྒྱ་ན། འཇམ་དབྱངས་གྲགས་པ་ འབྱོན་པར་གསུངས་པའི་ཕྱིར། ལོ་གཉིས་པོ་དེ་ལོ་དྲུག་བརྒྱའི་ཁོངས་སུ་གཏོགས་དགོས་སོ། ། དེ་ནས་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ནས་རིགས་ལྡན་དྲག་པོའི་བར་ལ་རིགས་ལྡན་ བཅུ་དྲུག་ཡོད་ལ། དེ་དག་གི་སྐུ་ཚེའི་ཚད་ནི་གསལ་བར་མ་གསུངས་སོ་ཞེས་ཁ་ཅིག་བཞེད་ ཅིང༌། ཁ་ཅིག་ཐམས་ཅད་ལོ་བརྒྱ་བརྒྱར་མཉམ་པར་ཡང་འདོད་དོ། །རིགས་ལྡན་གྱི་གྲངས་ ཀྱང་མཐའ་ཡས་རྣམ་རྒྱལ་སོ་སོར་བགྲངས་ནས་གྲགས་པ་ནས་དྲག་པོའི་བར་ལ་ཉི་ཤུ་རྩ་ དྲུག་ཏུ་འདོད་པ་ཡང་ཡོད་མོད། འཇིག་རྟེན་ཁམས་ལེའི་གོ་སླའི་སྐབས་སུ། གདན་ནི་ཉི་ ཤུ་རྩ་ལྔ་པོ་རྣམས་རིམ་པར་ཡོངས་སུ་བགྲངས་པ་དེ་ཡི་ནང་ནས་དུས་ཀྱི་མཐར། རིགས་ ལྡན་རིགས་ལ་ལྷ་མིན་དབང་པོ་ལྷའི་མཆོག་གིས་བཏུད་པ་དྲག་པོའི་རིགས་ལྡན་འབྱུང་བར་ 5-1-396 འགྱུར། །ཞེས་གསུངས་པའི་ཕྱིར་གྲགས་པ་ནས་དྲག་པོའི་བར་ལ་རིགས་ལྡན་ཉི་ཤུ་རྩ་ལྔར་ ངེས་པས་མཐའ་ཡས་རྣམ་རྒྱལ་གཅིག་ཏུ་བགྲངས་དགོས་སོ། །བླ་མ་བི་བྷུ་ཏི་ཙནྡྲ་ནི་སེང་གེ་ རྣམ་གནོན་ཡང་གཅིག་ཏུ་བྱ་སྟེ། མཇུག་གི་གྲགས་པ་དང་། དྲག་པོ་ཐ་དད་བྱས་ནས་ཉི་ཤུ་རྩ་ལྔར་བཞེད་ཅེས་གསུངས་སོ། ། དེ་ལ་སྤྱིར་རྒྱ་མཚོ་རྣམ་རྒྱལ་ནས་རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་ལོ་ སྟོང་བརྒྱད་བརྒྱ་ཡོད་དགོས་ཏེ། ཀླ་ཀློའི་གནས་ཚད་ལོ་སྟོང་བརྒྱད་བརྒྱར་གསུངས་ཤིང༌། དེ་ ཡང་ཀླ་ཀློ་ཞུགས་པའི་དུས་ནས་ཀླ་ཀློ་ཆོམས་པའི་བར་ལ་རྩི་དགོས་ལ། ཀླ་ཀློ་འཇུག་པ་དང་ རྒྱ་མཚོ་རྣམ་རྒྱལ་བྱོན་པ་དུས་མཉམ་ཞིང༌། རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་ཕྱིར་རོ། ། སའི་དུམ་བུ་འདིར་ཀླ་ཀློ་ལོ་སྟོང་བརྒྱད་བརྒྱར་གནས་པ་ཡིན་པར་ཡང་། འཇིག་རྟེན་ཁམས་ ལེའི་གོ་སླར། དེ་ལྟར་དུམ་བུ་ཐམས་ཅད་དུ་ཡང་དུས་བཞིའི་དུས་སུ་ཀླ་ཀློའི་ཆོས་ནི་རབ་ཏུ་ འཇུག་པ་སྟེ། ལོ་ནི་བརྒྱད་དང་གཅིག་གི་བརྒྱར་ནི་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ ནི་ཉམས་པའོ། །ཞེས་གསུངས་ལ། བརྒྱད་དང་གཅིག་གི་བརྒྱར་ཞེས་པ་ནི་གྲངས་ཀྱི་གནས་ གཞན་གྱི་རིམ་པ་བཞིན་བརྒྱད་དང་གཅིག་བཀོད་ནས་བརྒྱས་བསྒྱུར་བས་སྟོང་བརྒྱད་བརྒྱར་ འགྱུར་བ་ཡིན་ནོ། །འདི་ལ་འགྱུར་ལ་ལར། བརྒྱད་དང་བརྒྱ་ཕྲག་གཅིག་ཅེས་པ་དང༌། བརྒྱད་ བརྒྱ་ཞེས་པ་ཡོད་མོད། དོན་ལ་སྟོང་བརྒྱད་བརྒྱ་ཡིན་པར་རིགས་ཏེ། དུས་ཀྱི་འཁོར་ལོའི་ རྒྱུད་ཕྱི་མར་ཡང་། དེ་ལ་བཅོ་བརྒྱད་ལོ་ཡིས་བརྒྱ་ཕྲག་བསྒྱུར་ཏེ་བརྒྱ་ཡིས་འཕགས་པའི་ ཡུལ་གྱི་མ་ཁ་ལ་སོགས་པར། །ཀླ་ཀློ་རྣམས་ཀྱི་གྲགས་པ་གང་དང་གང་ཞིག་མུན་ཅན་གྱུར་ པ་དེ་རྣམས་བདག་གིས་དྲུང་ཕྱུང་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཡང་བཅོ་བརྒྱད་ལོ་ ཡིས་བརྒྱ་ཕྲག་བསྒྱུར་ཏེ་བརྒྱ་ཡི་ཞེས་འབྱུང་བ་ནི། བཅོ་བརྒྱད་ཀྱིས་བརྒྱ་ཕྲག་བསྒྱུར་བའམ། བརྒྱ་ཡིས་བཅོ་བརྒྱད་བསྒྱུར་བར་བསྟན་པ་སྟེ་ལོ་སྟོང་བརྒྱད་བརྒྱ་ཉིད་ཡིན་ནོ། །ལུང་འདིའི་ 5-1-397 མ་ཁའི་ཡུལ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་བྱེ་བྲག་ཡིན་པར་བསྟན་ནོ། ། དེས་ན་ལོ་སྟོང་བརྒྱད་བརྒྱ་པོ་དེ་རྒྱ་མཚོ་རྣམ་རྒྱལ་ནས་དྲག་པོའི་བར་གྱི་སྐུ་ཚེའི་ཚད་ དམ་ཆོས་བསྟན་པའི་ལོ་གྲངས་ཚད་དུ་འགྱུར་ལ། ལོ་བརྒྱ་ཕྲག་བཅོ་བརྒྱད་ལ་རྒྱལ་པོ་བཅུ་ དྲུག་གིས་བགོས་པ་ཐོབ་པ་ནི་སྤྱིར་ཆོས་བསྟན་པའི་ལོའི་ཚད་ཡིན་ཞིང༌། ལྷག་མ་ཉིས་བརྒྱ་ པོ་ནི་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་ལ་ཁྱད་པར་དུ་བསྣན་བྱ་ཡིན་ནོ། ། དེ་ཡང་གང་ལས་ཤེས་ན། འཇིག་རྟེན་ཁམས་ལེའི་ཚིགས་བཅད་བརྒྱ་ཉེར་བདུན་པའི་ འགྲེལ་པར། འདིར་བྱེད་པ་ལ་ཡང་ངེས་པ་ནི། དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་ བརྒྱ་ནི་འཇམ་དཔལ་གྱི་དུས་སོ། །དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ ནས་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་རྒྱལ་དཀའ་གང་གིས་ཉུང་ངུས་བྱེད་པ་ རྣམ་པར་སྦྱོང་བ་རིགས་ལྡན་རྒྱལ་དཀའི་དུས་སོ། །དུས་དེ་ཉིད་ནི་བྱེད་པ་ལ་ངེས་པར་འགྱུར་ ཏེ། ཀླ་ཀློའི་ལོ་ལས་སོ། ། རབ་བྱུང་ལ་སོགས་འདས་པ་ཞེས་པ་ནི་ལོ་དྲུག་ཅུ་པོ་གང་གི་དང་པོར་རབ་བྱུང་ཡིན་པ་ དེ་ནི་རབ་བྱུང་ལ་སོགས་པ་སྟེ་དེ་དག་ལ་སོ་སོར་ད་ལྟར་བའི་ལོའི་སྔ་མའི་ལོ་ནི་རབ་བྱུང་ལ་ སོགས་འདས་པའོ། །དེ་གསུམ་ལྷག་པའི་བཞི་བརྒྱའི་ཕུང་པོ་ལ་བསྲེས་པ་ནི་ཀླ་ཀློའི་ལོ་རབ་ ཏུ་འགྲུབ་པར་འགྱུར་རོ། །ཞེས་དང༌། ཀླ་ཀློའི་དབང་པོའི་ལོ་ནི་ལག་པ་གདེང་ཅན་ཟླ་བས་ དམན་པ་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་ལག་པ་གདེང་ཅན་ཟླ་བས་དམན་ པ་སྟེ་ཤམ་བྷ་ལའི་ཡུལ་དུ་རིགས་ལྡན་རྒྱལ་དཀའི་དུས་ཀྱི་ལོའོ། །ཞེས་གསུངས་པས་ཀླ་ཀློ་ ཞུགས་པའི་དུས་ནས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ན་རིགས་ལྡན་རྒྱལ་དཀའ་བྱོན་ཞིང་ གོང་གི་ལོ་བརྒྱད་བརྒྱ་འདས་པ་དང་རིགས་ལྡན་ཤིན་ཏུ་བཟང་པོ་འདས་པ་དུས་མཉམ་ལ། ཤིན་ཏུ་བཟང་པོ་དང་རྒྱལ་དཀའི་བར་ན་རྒྱ་མཚོ་རྣམ་རྒྱལ་ཡོད་པས་མེ་མཁའ་རྒྱ་མཚོའི་ལོའི་ 5-1-398 སྟེང་ནས་ལོ་{བརྒྱད་}བརྒྱ་དང་བརྒྱད་ཅུ་རྩ་གཉིས་རྒྱ་མཚོ་རྣམ་རྒྱལ་གྱིས་ཆོས་སྟོན་པའི་ལོ་ གྲངས་ཡིན་ལ། ལྷག་མ་ཉིས་བརྒྱ་ཉེར་གཅིག་ནི་རྒྱལ་དཀས་ཆོས་བསྟན་པའི་ལོ་གྲངས་ཡིན་ ནོ། །ཡང་མེ་མཁའ་རྒྱ་མཚོའི་སྟེང་ནས་ལོ་ལ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་དམན་པའི་ལྷག་ མ་ལོ་ཉིས་བརྒྱ་ཉི་ཤུ་རྩ་གཅིག་གཞིར་བཞག་པ་ལ་རབ་བྱུང་ལ་སོགས་འདས་པ་བསྲེས་པའི་ རྒྱུ་མཚན་ནི་རིགས་ལྡན་རྒྱལ་དཀའ་དང་བྱེད་རྩིས་ཀྱི་ལོ་དག་གི་མགོ་འཇུག་པ་དུས་མཉམ་ ཞིང༌། རྒྱལ་དཀའ་ཉུང་ངུའི་བྱེད་པ་སྦྱོང་མཁན་གྱི་ཐོག་མ་ཡིན་པས་རྒྱལ་དཀས་ཆོས་བསྟན་ པའི་བར་ལ་ལོ་ཉིས་བརྒྱ་ཉི་ཤུ་རྩ་གཅིག་འདས་པ་རྣམས་བསྡོམས་པ་ལ་རབ་བྱུང་ལ་སོགས་ འདས་ལོ་བསྲེས་པ་ཡིན་ནོ། །དེས་ན་རྒྱ་མཚོ་རྣམ་རྒྱལ་ལ་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས། རྒྱལ་དཀའ་ལ་ལོ་ཉིས་བརྒྱ་ཉི་ཤུ་རྩ་གཅིག་སྦྱར་བས་གཉིས་ཀའི་ལོ་བསྡོམས་པ་ལ་མེ་ མཁའ་རྒྱ་མཚོའི་ལོ་བྱུང་སྟེ། མེ་མཁའ་རྒྱ་མཚོའི་ལོ་བྱེད་རྩིས་ཀྱི་གཞིར་འཇོག་པའི་རྒྱུ་མཚན་ ཀླ་ཀློ་ཞུགས་ནས་རྒྱལ་དཀའ་འདས་པའི་བར་གྱི་ལོ་གྲངས་དང་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་ དཀའ་གཉིས་ཀྱིས་ཆོས་བསྟན་པའི་ལོའི་ཁྱད་པར་ཤེས་པར་བྱ་བའི་དོན་དུ་ཡིན་པར་བློ་དང་ ལྡན་པས་རྒྱུད་འགྲེལ་ལ་ཞིབ་ཏུ་དཔྱད་པས་གསལ་ལོ། ། རིགས་ལྡན་ཉི་མ་ནས་དྲག་པོའི་བར་བཅུ་བཞི་པོའི་ལོའི་ཚད་བརྒྱ་བརྒྱ་ཡིན་ པར་ནི་རིགས་ལྡན་དྲག་པོ་ཚེ་ལོ་བརྒྱ་པ་ཡིན་པར་གསུངས་པས་ཀྱང་ཤེས་སོ། །དེ་ལྟར་ན་རྒྱ་ མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་ཀྱི་ལོ་བཞི་བརྒྱ་དང་གསུམ་པོ་ལ་ཉི་མ་ནས་དྲག་པོའི་ བར་གྱི་ལོ་སྟོང་དང་བཞི་བརྒྱ་པོ་བསྣན་པས་ཀླ་ཀློའི་གནས་ཚད་དང་མཚུངས་པས་ལོ་སྟོང་ བརྒྱད་བརྒྱ་འབྱུང་སྟེ་ལོ་གསུམ་གྱིས་ལྷག་གོ། །ལོ་སྟོང་བརྒྱད་བརྒྱ་པོ་དེ་སྔར་གྱི་ལོ་[སྟོང་]ལྔ་ བརྒྱ་པོ་དང་བསྡོམས་པས། ལོ་སུམ་སྟོང་དང་སུམ་བརྒྱ་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་ པས་རྩ་རྒྱུད་གསུངས་ནས་རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་བར་གྱི་བསྟན་པའི་ 5-1-399 གནས་ཚད་ཀྱི་ལོ་གྲངས་ཡིན་ལ། ཞིབ་པར་ན་རྩ་རྒྱུད་མ་གསུངས་པའི་གོང་དུ་ཆོས་གསུངས་ པའི་ལོ་གཅིག་དང༌། མེ་མཁའ་རྒྱ་མཚོའི་ལྷག་མ་ལོ་གསུམ་དང་བཅས་པའི་ལོ་སུམ་སྟོང་དང་ སུམ་བརྒྱ་དང་བཞིར་འགྱུར་བ་ཡིན་ནོ། །རིགས་ལྡན་དྲག་པོས་ཀྱང་ལོ་བརྒྱའི་མཐར་ཀླ་ཀློ་ འཇོམས་པར་ཤེས་པར་བྱའོ། ། དེ་ལ་སྔར་ལོ་ཇི་སྙེད་འདས་ན། རིགས་ལྡན་ཤིན་ཏུ་བཟང་པོ་ཡན་ཆད་ལ་ལོ་སྟོང་ལྔ་ བརྒྱ་དང་གཅིག རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའི་བར་ལ་མེ་མཁའ་རྒྱ་མཚོ་སྟེ་ལོ་བཞི་ བརྒྱ་དང་གསུམ་འདས་པ་དང༌། དེ་ནས་རབ་བྱུང་ལ་སོགས་དྲུག་ཅུ་བསྐོར་ལྔ་འདས་ཏེ་དེ་ བསྡོམས་པ་ལ་སུམ་བརྒྱ་དང༌། ཡང་རབ་བྱུང་ནས་རྣམ་འཕྱང་ཡན་ཆད་ལ་ལོ་སུམ་བཅུ་[སོ་] གཉིས་ཏེ་ཐམས་ཅད་བསྡོམས་པས་ད་ལྟར་སྒྱུར་བྱེད་ཀྱི་ལོ་ས་མོ་ཕག་ལོ་ཤར་བའི་དུས་ན་དེ་ བཞིན་གཤེགས་པ་ཐོག་མར་ཆོས་བསྟན་པའི་ལོ་ནས་བཟུང་བའི་བསྟན་པ་ལོ་ཉིས་སྟོང་ཉིས་ བརྒྱ་སུམ་བཅུ་རྩ་དྲུག་འདས་ཤིང༌། རིགས་ལྡན་གྱི་རྒྱལ་པོ་ཟླ་བའི་འོད་ཡན་ཆད་བཅུ་བཞི་ འདས་ལ། ད་ལྟ་ཤམ་བྷ་ལའི་ཡུལ་དུ་རིགས་ལྡན་མཐའ་ཡས་ཀྱི་ཆོས་བསྟན་ནས་ལོ་སུམ་ བཅུ་རྩ་གཉིས་འདས་སོ། །ད་རིགས་ལྡན་དྲག་པོ་འབྱོན་པའི་བར་ལ་ལོ་དགུ་བརྒྱ་དང་དྲུག་ཅུ་ རྩ་བརྒྱད་ཡོད་ཅིང༌། དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་ལོ་སྟོང་དང་དྲུག་ཅུ་རྩ་བརྒྱད་ཡོད་ པར་ཤེས་པར་བྱའོ། ། དེ་ལྟར་ན་ལྷོ་འཛམ་བུའི་གླིང་ཆུང་ངུ་འདིར་བཅོམ་ལྡན་འདས་ཐུབ་པའི་དབང་པོས་ཆོས་ གསུངས་ནས་རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་བསྟན་པའི་དུས་བཞི་རིམ་པ་ གཅིག་རྫོགས་ལ། དུས་བཞི་པོ་འདིའི་ལོ་སོ་སོའི་ཚད་དངོས་སུ་མ་གསུངས་ཀྱང་འཁོར་ལོ་ ཅན་གྱི་དུས་བཞི་སོ་སོ་ཚད་མཉམ་པར་གསུངས་པས། དུས་བཞི་སྔ་མ་འདིའི་དུས་བཞི་པོ་ཡང་ ཚད་མཉམ་པར་བྱ་དགོས་ཏེ། 5-1-400 བཅོམ་ལྡན་འདས་ཀྱིས་ཆོས་གསུངས་ནས་དྲག་པོས་ཀླ་ཀློ་འཇོམས་པའི་བར་གྱི་ལོ་སུམ་ སྟོང་དང་སུམ་བརྒྱ་དང་བཞི་པོ་ལ་བཞིས་བགོས་པས། བརྒྱད་བརྒྱ་ཉི་ཤུ་རྩ་དྲུག་ཐོབ་པ་ནི་ རྫོགས་ལྡན་ལ་སོགས་པ་དུས་བཞི་སོ་སོའི་ཚད་དུ་འགྱུར་ཞིང༌། ད་ལྟར་བསྒྱུར་བྱེད་ཀྱི་ལོ་སྔ་ མ་རྣམ་འཕྱང་གི་ལོ་ཡན་ཆད་ལ་བསྟན་པ་གཉིས་ལྡན་གྱི་དུས་ཀྱི་ལོ་ལྔ་བརྒྱ་དང་བརྒྱད་བཅུ་ རྩ་བཞི་འདས་ནས། ད་ལྟ་གཉིས་ལྡན་གྱི་ལྷག་མ་ཉིས་བརྒྱ་བཞི་བཅུ་རྩ་གཉིས་དང༌། རྩོད་ ལྡན་གྱི་བརྒྱད་བརྒྱ་དང་ཉི་ཤུ་རྩ་དྲུག་ལྷག་མར་ཡོད་པར་ཤེས་པར་བྱའོ། ། དེ་ལ་དུས་ཀྱི་འཁོར་ལོ་པའི་ལུགས་ཀྱི་བསྟན་པའི་འདས་ལོའི་གྲངས་དང་། བསྟན་རྩིས་གཞན་གྱི་ལུགས་ཀྱི་འདས་ལོའི་གྲངས་ལ། ལོ་སྟོང་དང་སུམ་བརྒྱ་ཙམ་ ཞིག་གི་བསྟན་རྩིས་གཞན་གྱི་ལུགས་མང་བར་བྱུང་བ་ལ། མཁས་པའི་དབང་པོ་ཁ་ཅིག་གི་ གསུངས་ལས། འདི་ལ་བློ་དང་ལྡན་པ་རྣམས་ཀྱི་བརྟག་དགོས་ཏེ། གཞན་གྱི་དེ་དགོངས་པ་ཅན་ནམ། ཡང་ན་དུས་འཁོར་བའི་ལུགས་འདིའི་མེ་མཁའ་རྒྱ་མཚོའི་ གོང་དུ་ཆོས་{མ་}བསྟན་པའི་ལོ་རྣམས་དོར་བ་ཡིན་དཔྱད་པར་བྱའོ། །མེ་མཁའ་རྒྱ་མཚོ་ ཚུན་ཆད་ལ་ཆད་ལྷག་མེད་པར་ཤེས་པར་བྱའོ། །ཞེས་འབྱུང་མོད་ཀྱི། བསྟན་རྩིས་གཞན་གྱི་ ལུགས་ཀྱི་འདས་ལོའི་གྲངས་དེ་རྒྱ་བལ་གྱི་ལོ་བཅོས་པ་དང༌། བོད་ཀྱི་རྒྱལ་པོ་དང་དགེ་བའི་ བཤེས་གཉེན་རྣམས་ཀྱི་རྩིས་པ་ ལ་འདི་ལྟར་འབྱུང་ཞེས་བྱ་བ་མ་གཏོགས། ཡིད་ཆེས་པའི་ཤེས་བྱེད་གཞན་ཅི་ཡང་མི་སྣང་ལ། དུས་ཀྱི་འཁོར་ལོ་པའི་ལུགས་འདི་ནི་མེ་མཁའ་རྒྱ་མཚོའི་གོང་ཡན་ཆད་ཀྱི་ལོ་གྲངས་བཅོམ་ ལྡན་འདས་ཉིད་ཀྱི་རྩ་བའི་རྒྱུད་ལས། ཆོས་རྒྱལ་རིགས་ལྡན་རྣམས་འབྱུང་བ་ལུང་བསྟན་ པའི་ལོ་གྲངས་དང། མཐུན་པར་ངེས་པའི་ཚུལ་གྱི་གསུངས་ཤིང༌། མེ་མཁའ་རྒྱ་མཚོ་ལོ་མན་ ཆད་ལ་ལྷག་ཆད་མེད་པར་བྱེད་རྩིས་རྣམ་པར་དག་པའི་འདས་པའི་ལོ་གྲངས་ལ་བརྟེན་ནས་ 5-1-401 གྲུབ་པས་ན། བསྟན་རྩིས་གཞན་གྱི་ལུགས་ཀྱི་འདས་པའི་ལོ་གྲངས་དེ་མ་དག་པར་བྱ་དགོས་ ཤིང༌། དུས་ཀྱི་འཁོར་ལོའི་འདི་ཉིད་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། ། བསྟན་རྩིས་གཞན་གྱི་ལུགས་ལ་ཡང་། ཁ་ཆེ་པཎ་ཆེན་གྱི་ལུགས་དེ་དུས་འཁོར་ལུགས་ ལས་ལོ་སུམ་བརྒྱ་སུམ་བཅུ་རྩ་དྲུག་ཙམ་གྱིས་ཉུང་བར་བྱུང་ལ། དེ་མ་གྷ་དྷའི་བྱང་ཆུབ་ཆེན་ པོའི་སྐུ་གཟུགས་ཙན་དན་གྱི་འདེ་གུ་སྤུངས་པ་ལས་རང་བྱུང་དུ་བྱུང་བའི་དུས་ནས་བཟུང་ བའི་འདས་ལོའི་རྩི་ལུགས་སུ་སོང་བ་ཡིན་གསུངས་པས། སངས་རྒྱས་མྱ་ངན་ལས་འདས་ རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་སྐུ་གཟུགས་བྱོན་པའི་བར་ལ་ལོ་སུམ་བརྒྱ་སུམ་བཅུ་རྩ་ དྲུག་ཙམ་ལས་མ་སོང་བ་ཡིན་སྲིད་ཅིང༌། ལོ་སུམ་བརྒྱ་སུམ་བཅུ་རྩ་དྲུག་པོ་དེ་མ་ཆུད་པ་མ་ གཏོགས་རྩི་ལུགས་དེའི་ལུགས་ངོས་དུས་འཁོར་གྱི་ལུགས་དང་འགྲིགས་པར་སྣང་ཞིང་། ཅུང་ཟད་རྣམ་པར་དག་པ་ཡིན་ནོ། །འདི་ལ་ཤེས་བྱེད་ཀྱང་སྣང་སྟེ། དེ་ཡང་འཕགས་པ་ཀླུ་ སྒྲུབ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་འབྱོན་པར་འཇམ་དཔལ་རྩ་རྒྱུད་ ལས་དེ་བཞིན་གཤེགས་པས། ང་ནི་མྱ་ངན་ལས་འདས་ནས། །ལོ་ ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་བོད་ལ་འབྱུང༌། །བསྟན་པ་ལ་ནི་དད་ཅིང་ཕན། ། རབ་ཏུ་དགའ་བས་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། ། ཞེས་ལུང་བསྟན་ཅིང༌། འཕགས་པ་ཀླུ་སྒྲུབ་ཀྱི་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་ཞབས་ ཐོག་ཆེན་པོ་མཛད་པར་ཡོངས་སུ་གྲགས་པས། མཧཱ་བོ་དྷིའི་སྐུ་གཟུགས་དེ་སངས་ རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་སུམ་བཅུ་རྩ་དྲུག་ཙམ་ན་བྱོན་པ་དང༌། དེ་ནས་ དྲུག་བཅུ་རྩ་བཞི་ཙམ་ན་ཀླུ་སྒྲུབ་བྱོན་ནས་མཧཱ་བོ་དྷི་ལ་ཞབས་ཐོག་ མཛད་དམ་སེམས་སོ། །ལྷ་མོ་དྲི་མ་མེད་པས་བོད་ལ་ལུང་བསྟན་པ་ལས་གསུངས་ པའི་ལུང་གོང་དུ་གྲངས་པ་དེ་དང་མི་འགལ་ལམ་སྙམ་ན། ལུང་དེ་ལས་གསུངས་པའི་གདོང་ 5-1-402 དམར་ཅན་ཞེས་པ་བོད་ཡིན་མིན་བརྟགས་དགོས་ཏེ། གལ་ཏེ་གདོང་དམར་བོད་ཡིན་ན་ མཁན་རྒྱུད་བགྲངས་པ་དང་མི་འགྲིགས་པའི་སྐྱོན་ཡང་ཡོད་དེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་ཀླུ་སྒྲུབ་བྱོན་ཞིང་ཀླུ་སྒྲུབ་ཀྱི་ལོ་དྲུག་བརྒྱ་ བཞུགས་པར་གསུངས་པས་སྟོན་པ་འདས་ནས་ཀླུ་སྒྲུབ་འདས་པའི་བར་ལ་ལོ་སྟོང་འདས་ ཤིང༌། མཁན་བརྒྱུད་བགྲངས་པ་ལ་འཕགས་པ་ཀླུ་སྒྲུབ་ནས། ལེགས་ལྡན་བྱེད། དཔལ་ སྦས། ཡེ་ཤེས་སྙིང་པོ། མཁན་པོ་ཞི་བ་འཚོ་རྣམས་རིམ་པར་བྱོན་པར་བཞེད་ལ། བོད་དུ་དམ་ པའི་ཆོས་འབྱུང་བའི་དུས་ནི། ཁ་ཅིག་རྒྱལ་པོ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་དུས་ཡིན་པར་བཞེད། ཁ་ཅིག་ལྷ་སའི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སྒམ་པོའི་དུས་ཡིན་པར་བཞེད། སྲོང་བཙན་སྒམ་པོ་ ནས་བསམ་ཡས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བར་ལ་རྒྱལ་རབས་བཞི་འབྱུང་བར་འཆད་ ཅིང༌། མཁན་པོ་ཞི་བ་འཚོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་བྱོན་པ་ཡིན་ལ། སྲོང་བཙན་ སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་གྱི་རྒྱལ་རབས་དྲུག་གི་ངོ་ལ། མཁན་རབས་ཡེ་ཤེས་དཔལ་ སྦས་དང༌། ཡེ་ཤེས་སྙིང་པོ་གཉིས་འདས་པ་ཙམ་ཡིན་དགོས་པས། ལེགས་ལྡན་བྱེད་ཀྱི་ངོ་ ལ་ལོ་སྟོང་དང་ལྔ་བརྒྱ་འགྲོ་དགོས་པར་འགྱུར་ཏེ། སྟོན་པ་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་འབྱུང་བར་གསུངས་ལ། ལོ་སྟོང་ཀླུ་སྒྲུབ་ཡན་ ཆད་ལ་འདས་ཤིང་གདོང་དམར་བོད་ཡིན་ལ། བོད་དུ་དམ་པའི་ཆོས་རྒྱལ་པོ་སྲོང་བཙན་ སྒམ་པོའི་དུས་སུ་བྱོན་པ་ཡིན་པའི་ཕྱིར་རོ། ། གཞན་ཡང་མཁན་བརྒྱུད་པཎ་ཆེན་ཤཱཀྱ་ཤྲི་ནས་འདོད་པའི་ལུགས་ལ། ཀླུ་སྒྲུབ་ནས་གུ་ ན་མ་ཏི། རཏྣ་མི་ཏྲ། དྷརྨ་པ་ལ། གུ་ན་པ་ཏི། ཆོས་ཀྱི་འཕྲེང་བ། ཞི་བའི་འབྱུང་གནས་སྦས་པ། དེས་པཎ་ཆེན་ཤཱཀྱ་ཤྲཱི། དེ་ནས་ད་ལྟའི་བར་ལ་མཁན་རྒྱུད་གསུམ་ཙམ་ལས་མ་འདས་ཏེ། དེ་ ལྟར་མཁན་རབས་བཅུའི་བར་ལ་བསྟན་རྩིས་གཞན་གྱི་ལུགས་ཀྱི་འདས་ལོའི་དབང་དུ་བྱས་ 5-1-403 ན། ལོ་ཉིས་སྟོང་བཞི་བརྒྱ་དགུ་བཅུ་རྩ་གཅིག་འདས་དགོས་པར་འགྱུར་བས། མཁན་རབས་ སྔ་ཕྱི་གཉིས་ཀའི་མཁན་རབས་དེ་ཙམ་གྱི་བར་ལ་ལོ་དེ་ཙམ་འདས་པ་མི་སྲིད་སྙམ་མོ། ། དེ་ནས་ཡོངས་གྲགས་ཀྱི་བསྟན་རྩིས་ལུགས་གཉིས་པོ་ཡང་། པཎ་ཆེན་ཤཱཀྱ་ཤྲཱིའི་རྩིས་ ལུགས་དེ་ཉིད་ཅུང་ཟད་རྣམ་པར་དག་པར་ཁོ་བོས་མཐོང་ངོ༌། །དེ་ལྟར་དེ་བཞིན་གཤེགས་ པས་ཆོས་བསྟན་པའི་དུས་ནས་འཁོར་ལོ་ཅན་རིགས་ལྡན་དྲག་པོས་ཀླ་ཀློ་འཇོམས་པའི་བར་ གྱི་བསྟན་པའི་གནས་ཚད་དང་། དུས་བཞིའི་རིམ་པ་བསྟན་ནས་དེའི་རྗེས་སུ་འཁོར་ལོ་ཅན་ གྱིས་དུས་བཞི་འཛམ་གླིང་ཆེན་པོ་ས་དུམ་བུའི་བཅུ་གཉིས་སུ་འཁོར་བའི་ཚུལ་བརྗོད་པར་བྱ་ སྟེ། དེ་ལ་ས་དུམ་བུ་བཅུ་གཉིས་སུ་དུས་བཞི་སྡོམ་པ་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་ གནས་ཤིང་། ས་དུམ་བུ་རེ་རེའི་ཐོབ་སྐལ་ལ་དུས་བཞི་སྡོམ་པ་ལོ་སྟོང་བརྒྱད་བརྒྱ་རེ་གནས་ སོ། །ཡང་ས་དུམ་བུ་བཅུ་གཉིས་ལ་དུས་བཞི་སོ་སོ་ལོ་སྟོང་བཞི་བརྒྱ་རེ་གནས་ཤིང་། ས་དུམ་བུ་ རེའི་ཐོབ་སྐལ་ལ་དུས་བཞི་སོ་སོ་ལོ་ཕྱེད་དང་ལྔ་བརྒྱ་ རེ་གནས་སོ། །དེ་ལ་ཇི་ལྟར་འཁོར་བའི་ཚུལ་ནི་འགྲེལ་ཆེན་གྱི་ཤོང་འགྱུར་དུ། འཁོར་ ལོ་ཅན་གྱི་རྒྱལ་པོ་སའི་དུམ་བུ་གང་དུ་ཞུགས་པ་དེར་རྫོགས་ལྡན་དང་། དེའི་མདུན་དུ་རྩོད་ ལྡན་དང་། རྒྱལ་པོའི་རྒྱབ་ཏུ་གསུམ་ལྡན་བགྲོད་ཅེས་བྱ་བ་འབྱུང་བ་ལ། དུས་འཁོར་བ་ཕལ་ ཆེར་དག་གིས་རྒྱལ་པོ་གང་དུ་བཞུགས་པའི་ས་དུམ་བུ་ལ་རྫོགས་ལྡན་དང་། དེའི་མདུན་གྱི་ སའི་དུམ་བུ་ལ་རྩོད་ལྡན་དང་། རྒྱབ་ཀྱི་སའི་དུམ་བུ་ལ་གསུམ་ལྡན་དང་། རྩོད་ལྡན་དང་ གསུམ་ལྡན་གྱི་བར་དུ་གཉིས་ལྡན་ཡོད་པ་ཡུལ་སྦྱར་ནས་རིམ་པ་ལྟར་འཁོར་བར་བཞེད་ མོད། དེ་ལ་ནི་ས་དུམ་བུ་གསུམ་གསུམ་དུས་བཞིའི་དུས་རེ་རེས་ཁྱབ་པ་དང༌། ས་དུམ་བུ་རེ་ རེ་ལ་དུས་བཞིའི་དུས་རེ་རེས་ཁྱབ་པའི་རྩིས་ལུགས་གཉིས་ལས་མི་འདའ་ལ། རྩིས་གཉིས་ པོ་གང་བྱས་ཀྱང་ས་དུམ་བུ་བཅུ་གཉིས་དུས་བཞི་ལན་ཅིག་འཁོར་བའི་བར་ལ་མི་ལོ་ཉི་ཁྲི་ 5-1-404 ཆིག་སྟོང་དྲུག་བརྒྱ་ཇི་ལྟ་བ་བཞིན་རྫོགས་པ་མི་སྲིད་པར་ལེགས་པར་བརྟགས་པས་ཤེས་སོ། ། དེས་ན་མདུན་ཞེས་པ་སྔོན་དང་རྒྱབ་ཅེས་པ་ཕྱིས་སམ། རྗེས་ཞེས་པ་སྒྱུར་དུ་རུང་ཞིང་ འགྱུར་ལ་དེ་བཞིན་དུ་ཡོད་པས་དུས་བཞི་ནི་སྔ་ཕྱི་རིམ་ཅན་དུ་འབྱུང་བའི་དུས་ལ་སྦྱར་དགོས་ ཏེ། འདི་ལྟར་ས་དུམ་བུ་རེ་རེ་ཡང་རྒྱལ་པོ་འཁོར་ལོ་ཅན་ ཞུགས་པའི་དུས་ན་རྫོགས་ལྡན་དང་། སྔོན་དུས་བཞི་སྔ་མའི་རྩོད་ལྡན་དང་། རྒྱལ་ པོའི་ཕྱི་ནས་སམ་རྗེས་སུ་འཁོར་ལོ་ཅན་གྱི་དུས་བཞིའི་གསུམ་ལྡན་ལ་སོགས་པ་གསུམ་ འབྱུང་ལ། དེ་ཡང་ཐོག་མར་འཛམ་གླིང་ཆུང་ངུ་འདིར་འཁོར་ལོ་ཅན་གྱིས་དུས་བཞི་པོ་ བསྡོམས་པ་ལོ་སྟོང་བརྒྱད་བརྒྱ་གནས་ཤིང༌། དེ་རྫོགས་ནས་གཡས་སྐོར་གྱིས་སའི་དུམ་བུ་ ཐམས་ཅད་དུའང་། དུམ་བུ་རེ་རེར་དུས་བཞི་ལོ་སྟོང་བརྒྱད་བརྒྱ་རེ་གནས་པ་རྫོགས་ནས་ དུམ་བུ་གཞན་ལ་འཇུག་པའི་ཚུལ་གྱིས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་རྫོགས་པ་ན་ནུས་ པའི་ཞག་གཅིག་གིས་ཚད་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པ་ཡིན་ལ། ཕྱི་རོལ་ཏུ་ལོ་ གཅིག་ལ་ཁྱིམ་བཅུ་ གཉིས་ཀྱི་དབྱེ་བས་ཉི་མ་བཅུ་གཉིས་སུ་འགྱུར་བ་ལྟར། ནུས་པའི་ཞག་གཅིག་ གིས་བར་ལ་སའི་དུམ་བུ་རེ་རེར་འཁོར་ལོས་བསྒྱུར་བ་ཆོས་སྟོན་པ་པོ་རེ་རེ་འབྱོན་ཞིང་། ཆོས་ སྟོན་པའི་ཉི་མ་བཅུ་གཉིས་སུ་འགྱུར་བར་གསུངས་པ་རྣམས་ཀྱང༌། ཇི་ལྟ་བ་བཞིན་འགྲིགས་ པ་ཡིན་ནོ། ། དེ་ལྟར་འཛམ་བུའི་གླིང་ཆུང་ངུ་འདིར་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་པ་ནས་བཟུང་སྟེ་ལོ་ སྟོང་བརྒྱད་བརྒྱའི་བར་དུ་ཀླ་ཀློ་གནས་ནས། སངས་རྒྱས་ཀྱི་ཆོས་ཉམས་པར་བྱས་པ་ལས། རིགས་ལྡན་དྲག་པོ་འཁོར་ལོ་ཅན་བྱོན་ཏེ་ཀླ་ཀློ་བཅོམ་ནས་སངས་རྒྱས་ཀྱི་ཆོས་རྫོགས་ལྡན་ 5-1-405 དུ་མཛད་དེ་བསྟན་པའི་དུས་བཞི་གཅིག་སླར་ཡང་འབྱུང་བ་ཇི་ལྟ་བ་བཞིན་གླིང་གཞན་བཅུ་ གཅིག་པོ་རྣམས་སུ་ཡང་སངས་རྒྱས་ཀྱི་བསྟན་པ་རིམ་གྱིས་འབྱུང་ཞིང༌། ཀླ་ཀློ་ཞུགས་ནས་ སངས་རྒྱས་ཀྱི་ཉམས་པར་བྱས་པ་ལས། འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་ནས་དུས་བཞི་ འཇུག་པ་ལྟར་ཏེ། དེ་ཡང་གླིང་འདིར་ཐུབ་པས་ཆོས་གསུངས་ནས་ལོ་སྟོང་དང་བརྒྱད་བརྒྱ་ འདས་ཤིང༌། ཀླ་ཀློ་ཞུགས་ནས་ལོ་སུམ་བརྒྱ་ལོན་པ་ན། འདིའི་གླིང་གཡོག་ནུབ་མར་བསྟན་ པ་འབྱུང་ལ། དེ་ནས་ལོ་སྟོང་ལྔ་བརྒྱ་ན་འདིའི་ཀླ་ཀློ་གནས་ཚད་རྫོགས་ནས་གླིང་གཡོག་ ནུབ་མར་ཀླ་ཀློ་འཇུག་ཅིང་འདིར་འཁོར་ལོ་ཅན་གྱིས་དུས་བཞི་འཇུག་ལ། འདིར་འཁོར་ལོ་ ཅན་གྱི་དུས་བཞིའི་ཚད་རྫོགས་ན། གླིང་གཡོག་ནུབ་མའི་ཀླ་ཀློའི་གནས་ཚད་རྫོགས་ནས་ འཁོར་ལོ་ཅན་གྱི་དུས་བཞི་འཇུག་སྟེ། དེ་ལྟར་ན་གླིང་འདིར་ཐུབ་པས་ཆོས་གསུངས་ནས་ལོ་ སྟོང་དང་ལྔ་བརྒྱ་ན་ཀླ་ཀློ་འབྱུང་བ་བཞིན། གླིང་གཡོག་ནུབ་མར་ཡང་བསྟན་པ་བྱུང་ནས་ལོ་ སྟོང་དང་ལྔ་བརྒྱ་ན་ཀླ་ཀློ་འཇུག་པ་ལ་སོགས་པ་གླིང་འདིའི་བསྟན་པའི་གནས་ཚད་ཇི་ལྟ་བ་ བཞིན་གླིང་གཡོག་ནུབ་མར་འབྱུང་ལ། དེ་བཞིན་དུ་གླིང་གཞན་རྣམས་སུ་ཡང་དེ་ཁོ་ན་བཞིན་ འབྱུང་བར་ཤེས་པར་བྱའོ། ། དེ་ལྟར་བསྟན་པའི་དུས་བཞི་རིམ་གཉིས་འབྱུང་བར་འཇིག་རྟེན་ཁམས་ལེའི་ཚིགས་ བཅད་བརྒྱ་ལྔ་བཅུ་རྩ་གཉིས་པ་ལས། གཅིག་གཉིས་གསུམ་དང་ཆུ་གཏེར་དབྱེ་བ་མདའ་རོ་ ཐུབ་པ་ལྔ་དང་འཇིག་རྟེན་ལ་སོགས་དབྱེ་བ་ཡིས། །ཕྱེ་བ་མི་དབང་འཁོར་ལོ་ཅན་ནི་ས་ཡི་ གཞི་ལ་འཁོར་ཏེ་རྣམ་ཤེས་ལྡན་པས་བཙལ་བར་བྱ། །འཁོར་ལོ་ཅན་དང་ཕྱེད་ཅན་དུམ་བུ་ ཅན་ནི་ཡུལ་གྱི་མི་བདག་ཕྱག་རྒྱའི་ལག་དང་དེ་ནས་གཞན། །ཕྱི་རོལ་ཏུ་ནི་དུས་ཀྱི་དབྱེ་བ་ ངེས་པར་འགྱུར་ཏེ་ཇི་ལྟར་འཇིག་རྟེན་མགོན་གྱི་དེ་བཞིན་ནོ། །ཞེས་གསུངས་པ་ལས་ཀྱང་ ཤེས་ཏེ། གཅིག་ཅེས་པ་ནི་འཁོར་ལོ་ཅན་རིགས་ལྡན་དྲག་པོ་ཡིན་ཞིང་དེ་ནས་འཁོར་ལོ་ 5-1-406 ཕྱེད་ཅན་དང་། དུམ་བུ་ཅན་རྣམས་ཀྱི་བར་ལ་འཁོར་ལོ་ཅན་གྱི་དུས་བཞི་དབྱེ་བ་འབྱུང་བར་ འགྱུར་ཏེ། ཇི་ལྟར་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་ཀྱི་ཆོས་བསྟན་ནས་རིགས་ལྡན་དྲག་ པོས་ཀླ་ཀློ་འཇོམས་པའི་བར་ལ་དུས་བཞི་འབྱུང་བ་ཡིན་ནོ། ། ཞེས་ཤེས་པར་བྱའོ། །དེ་ལ་འཛམ་བུ་གླིང་ཆུང་ངུ་འདིར་ཐུབ་པའི་བསྟན་པ་སྤྱིར་ཇི་ཙམ་ གནས་ན། དེ་བཞིན་གཤེགས་པས་ཆོས་བསྟན་ནས་རིགས་ལྡན་དྲག་པོས་ ཀླ་ཀློ་འཇོམས་པའི་བར་ལ་ལོ་སྟོང་དང་སུམ་བརྒྱ་འབྱུང་ཞིང་། དེ་ནས་འཁོར་ལོ་ ཅན་གྱི་དུས་བཞིའི་ཚད་ལ། ལོ་སྟོང་དང་བརྒྱད་བརྒྱ་འབྱུང་བས། དེ་གཉིས་བསྡོམས་ པའི་ལོ་སྟོང་དང་བཞི་ལྷག་པའི་ཆིག་བརྒྱ་ནི་འཛམ་བུའི་གླིང་ཆུང་ངུ་འདིར་ཐུབ་པའི་བསྟན་ པ་སྤྱིར་གནས་པའི་ཚད་ཡིན་ལ། སྟོན་པ་མྱ་ངན་ལས་འདས་པའི་རྗེས་ སུ་བསྟན་པ་ལོ་ཇི་ཙམ་གནས་པའི་ཚད་ནི་བཤད་མ་ཐག་པའི་ལོ་གྲངས་དེའི་སྟེང་ན། སྟོན་པས་ཆོས་གསུངས་པའི་བར་གྱི་བཞི་བཅུ་རྩ་དྲུག་ཏུ་གསལ་བ་ཕྲི་བའི་ལྷག་མ་ལོ་ལྔ་སྟོང་ དང་ལྔ་བཅུ་རྩ་བརྒྱད་འབྱུང་བ་ཉིད་ཡིན་ནོ། །དེ་ལ་སྔར་ལོ་ཉིས་སྟོང་དང་དགུ་བཅུ་ལྷག་པའི་ བརྒྱ་འདས་ནས་ད་སྒྱུར་བྱེད་ཀྱི་ལོ་ས་མོ་ཕག་ལོ་འདི་ནས་བཟུང་བའི་ལོ་ཉིས་སྟོང་དང་དྲུག་ ཅུ་བརྒྱ་ལྷག་པའི་བརྒྱད་བརྒྱའི་བར་དུ་གནས་སོ། །དེ་ལྟར་ཡིན་ན་ཡང་། སྔར་རྒྱ་གར་ལ་ སོགས་པར་ཀླ་ཀློས་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱས་ཤིང༌། ད་དུང་ཡང་རིགས་ལྡན་ དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་བོད་ཡུལ་ལ་སོགས་པར་ཡང་ཀླ་ཀློས་བསྟན་པ་རིམ་ གྱིས་ཉམས་པར་བྱས་ནས་བསྟན་པ་ནུབ་པ་ལྟ་བུར་སོང་བ་གཅིག་འབྱུང་སྟེ། དེའི་བར་ལ་ནི་ ལོ་སྟོང་དྲུག་ཅུ་རྩ་བརྒྱད་ལས་མེད་དོ། །དེ་ལྟར་ན་དུས་ཀྱི་འཁོར་ལོ་ལས་འབྱུང་བའི་བསྟན་ རྩིས་རྣམ་པར་དག་པ་འདི་ནི། སངས་རྒྱས་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་ ཞབས་ཀྱིས་མཛད་པའི་རྒྱལ་བའི་ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ལས་བསྟན་ 5-1-407 པ་ལོ་ལྔ་སྟོང་དུ་གནས་པར་གསུངས་པ་དང་ཡང་མཐུན་པ་ཡིན་ཏེ། འདི་ལས་བསྟན་པ་ལྔ་ སྟོང་དུ་གནས་པར་གསུངས་པ་ནི། སྟོན་པ་མྱ་ངན་ལས་འདས་པའི་རྗེས་ནས་རྩི་བར་གསལ་ ལ། འདི་ཡང་སྟོན་པ་མྱ་ངན་ལས་འདས་པའི་རྗེས་མན་ཆད་རྩིས་པ་ལ་བསྟན་པའི་གནས་ ཚད་ལོ་ལྔ་སྟོང་དང་ལྔ་བཅུ་རྩ་བརྒྱད་འབྱུང་བའི་ཕྱིར་རོ། །ལྔ་བཅུ་རྩ་བརྒྱད་ཀྱི་ཁྱད་ལས་མེད་ དོ། ། ཐུབ་དབང་བསྟན་པ་ནམ་མཁའི་ནོར་བུ་མཆོག ། ཆོས་ཉིད་མཁའ་ལ་མི་ནུབ་རྟག་འཆར་ཡང༌། ། འགྲོ་སྐལ་དབང་གིས་འཇིག་རྟེན་ཁམས་རྣམས་སུ། ། ཉི་བཞིན་འཆར་ནུབ་ཚུལ་དུ་སྣང་བ་ལས། ། བཅོམ་པ་དང་ལྡན་ཞེས་གྲགས་གླིང་བཞི་པ། ། ཉེ་བས་གླིང་བཅས་དུམ་བུ་བཅུ་གཉིས་ཅན། ། འཛམ་གླིང་ཆེན་པོ་ལས་ཀྱི་ས་འཛིན་འདིར། ། ཐུབ་བསྟན་དུས་བཞིའི་འཁོར་ལོ་འཁོར་བའི་ཚུལ། ། སྔོན་ཆད་གངས་ཅན་མཁས་པས་མ་རྙེད་པ། ། གང་འདིར་རིགས་ལྡན་བླ་མའི་བྱིན་རླབས་མཐུས། ། དཔལ་ལྡན་དུས་ཀྱི་འཁོར་ལོའི་དགོངས་ཆེན་ལྟར། ། ཚུལ་བཞིན་སྟོན་ལྡན་བདག་གི་སྐལ་བས་རྙེད། ། འདི་ལས་རྣམ་བཞག་རྣམ་པར་དཔྱོད་རྣམས་ཀྱིས། ། དུས་བཞི་བསྟན་པའི་གནས་ཚད་འདས་ལོ་དང༌། ། བྱེད་རྩིས་ལོ་དག་རིགས་ལྡན་ལོ་ཚད་སོགས། ། 5-1-408 འགལ་བའི་ཁུར་ཆེན་ཀུན་ཏུ་ངལ་བས་འཛིན། ། དེ་སླད་བསྟན་རྩིས་དུས་བཞིའི་རྣམ་བཞག་དང༌། ། ཤམ་བྷ་ལར་ནི་རིགས་ལྡན་ཆོས་རྒྱལ་རྣམས། ། བྱོན་དང་འབྱོན་ཚུལ་འགལ་མེད་རབ་གསལ་བའི། ། བསྟན་རྩིས་རིན་ཆེན་སྒྲོན་མེ་བདག་གིས་སྦྱར། ། འདི་སྦྱར་དགེ་བའི་སྐྱེ་བ་ཀུན་ཏུ་བདག ། ལྷག་བསམ་རྣམ་དཔྱོད་རྣམ་པར་དག་སྟོབས་ཀྱིས། ། བསྟན་མཆོག་རིན་ཆེན་སྒྲོན་མེའི་ཁུར་འཛིན་ཅིང༌། ། འགྲོ་ལ་དམ་ཆོས་འོད་བརྒྱ་འགྱེད་གྱུར་ཅིག ། ཐུབ་པའི་བསྟན་རྩིས་རིན་ཆེན་སྒྲོན་མེ་ཞེས་བྱ་བ། ཟབ་ཅིང་རྒྱ་ཆེ་བའི་བསྟན་པ་ལ་བློའི་ སྣང་བ་ཅུང་ཟད་སྐྱེས་པའི་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ་ཤཱཀྱའི་དགེ་སློང་ཆོས་ཀྱི་རྒྱལ་ པོ། མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ དང་བརྒྱ་དགུ་བཅུ་འདས་པའི་དུས། སྒྱུར་བྱེད་ཀྱི་ལོ་སྣྲོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་ པ་གཉིས་པ་ལ། གྲུབ་པའི་སྐྱེས་བུ་ཆེན་པོ་སེ་སྟོན་ཀུན་རིགས་ཀྱི་བྱིན་གྱི་རླབས་པའི་དབེན་ གནས་བསམ་གཏན་ཁང་བུར་རྫོགས་པར་སྦྱར་བའོ། །མངྒ་ལཾ། བཀྲ་ཤིས། ཞུས་དག་གོ། མ་ཡིག། པོ་ཏ་ལ་ནས་གསར་རྙེད་བྱུང་བའི་དཔེ་རྙིང་བྲིས་མ། ཚེ༡༦༣ འབྲས་དཔེ་རྙིང་ཁ་མི་ཚང་བ་གཉིས་ལ་བསྡུར་ཡོད། པོ་ཏ་ལ་དང་འབྲས་དཔེ་རྙིང་གཉིས་རིམ་བཞིན་འདེམས་དགོས། { [ ] འདི་འབྲས་དཔེ་རྙིང་ཁོ་ན་ལ་ཡོད། [ ] 5-1-409 ༄༅། །དུས་འཁོར་འགྲེལ་ཆེན་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་ མཆན་མ་ལས་བུམ་རྫས་སྐོར་ཁོལ་དུ་ ཕྱུང་བ་བཞུགས། ༄༅། །ད་ནི་ཀླུ། ཞེས་པ་ལ་སོགས་པས་དབང་བདུན་གྱི་ཆོ་ག་གསུངས་ཏེ་འདིར་ཀླུ་ ཞེས་པ་བརྒྱད་དང་བཞིའི་རྒྱལ་དང་རྣམ་རྒྱལ་བུམ་པ་དག་གིས་ཞེས་པ་ནི་(ཁྱབ་བྱ་)བུམ་པ་ བརྒྱད་ཀྱི་ཕྱོགས་ལ་(སྟེང་དང་ཕྱོགས་བཞི་)རྒྱལ་བའི་བུམ་པ་ལྔ་དང་(འོག་དང་མཚམས་བཞི་)རྣམ་པར་ རྒྱལ་བའི་བུམ་པ་ལྔ(སྟེ་བཅུ་ནི་ཁྱབ་བྱེད་གཉིས་དང་བཅས་པ)ས་སོ། །(ཁྱབ་བྱ་)བུམ་པ་བཞིའི་ཕྱོགས་ལ་ རྒྱལ་བའི་བུམ་པ་(ཤར་དང་བྱང་གི་བུམ་པ་དང་ལྷན་ཅིག་)གསུམ་དང་རྣམ་པར་རྒྱལ་བ་བུམ་པ་(དུང་ཆོས་ ལྷོ་དང་ནུབ་ཀྱི་བུམ་པ་དང་བཅས་པ་)གསུམ་གྱིས་ཏེ་(དྲུག་ནི་ཁྱབ་བྱེད་གཉིས་དང་བཅས་པས་སོ་གང་ལྟར་ཡང་)ནོར་ བུ་གསེར་གྱི་རང་བཞིན་ནམ་དེ་མེད་ན་ས་ཡི་རང་བཞིན་(ཏེ་རྫས་བུམ་པ་བཅུའམ་ལྔས་དབང་བསྐུར་ ཏེ་)རིན་ཆེན་དང་བཅས་པ་སྨན་དང་དྲི་དང་ལྡན་པ་ཞེས་པའོ། །དེ་ལ་སྨན་ནི་(ནང་ལེར་)སྔར་ གསུངས་པའི་དྲིའི་ལེ་ཚེ་སྦྱར་བ་ལས་མིག་ཅེས་པ་ལ་སོགས་པའི་ཆས་ཤས་ཀྱིས་བཟུང་བར་ བྱ་སྟེ་སློབ་དཔོན་གྱིས་རྩ་བའི་རྒྱུད་ལས་གསུངས་པའི་ཆོ་གས་ཉི་ཤུ་རྩ་ལྔ་པོ་རྣམས་ཀྱིས་ནང་ ནས་ཇི་ལྟར་རྙེད་པ་ལྔ་བཟུང་བར་བྱའོ། །དེ་ལ་(རྩ་རྒྱུད་དུ་)བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། དྲི་ཡི་ལེ་ཚེ་སྦྱར་བ་ལ། །རྒྱལ་པོ་ཚངས་མ་ལ་སོགས་སྨན། །མིག་ཟླ་མེ་སོགས་ཆ་ཤས་ དང༌། །ལྔ་ལྔ་ཡིས་ནི་རིམ་པས་དགོད། །ཚངས་མ་སྲེད་མེད་དྲག་མོ་དང༌། །དབང་ཕྱུག་མཆོག་ གི་དབང་ཕྱུག་མ། ། 5-1-410 དབང་མོ་དཔལ་མོ་ཕག་མོ་དང༌། །གཞོན་ནུ་ཙར་ཙི་ཀཱ་དེ་བཞིན། །ས་མོ་ཆུ་མོ་མེ་མོ་དང༌། ། རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་བུ་མོ་དང༌། །ཚ་ མོ་རང་སྐྱེས་མ་དེ་བཞིན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་མོ། །དམངས་མོ་གཡུང་མོ་དེ་ བཞིན་བཤད། །ཅེས་པའི་སྨན་ནི་དངོས་གྲུབ་ཆེ། །ཟོས་པས་རྟག་ཏུ་རྫུ་འཕྲུལ་སྟེར། །ཞེས་ པའོ། །ད་ནི་འདི་རྣམས་ཀྱི་རབ་ཏུ་གསལ་བའི་མིང་བརྗོད་པར་བྱ་སྟེ་འདིར་ཚངས་མ་ཞེས་པ་ ནི་བྲཧྨ་དཎྜི་(མེ་ཏོག་གསུམ་པ་)སྟེ་ཆ་གཉིས་དང་སྲེད་མེད་མ་ནི་བིཥྞུ་ཀྲཱནྟཱ་ཏེ་(མེ་ཏོག་སྔོན་ཆུང་འཁོར་ལོའི་ རྩིབས་ཅན་གཅིག་ཡོད་པ་)ཆ་གཅིག་དང་དྲག་མོ་ཞེས་པ་རུ་ཏྲ་ཛ་ཊཱ་(ཡང་ཡོད་)སྟེ་ཆ་གསུམ་དང་དབང་ ཕྱུག་མ་ནི་རབ་ཏུ་(དབང་ལག་ཅེས་)གྲགས་པ་སྟེ་ཆ་བཞི་དང་མཆོག་གི་དབང་ཕྱུག་མ་ནི་དེ་བ་དཱ་ ལི་(སླེ་དྲེས་འདྲ་)སྟེ་ཆ་ལྔའོ་ཞེས་པ་དང་པོའི་དགོད་པའོ། ། དེ་ནས་གཉིས་པ་བརྗོད་པར་བྱ་སྟེ་དབང་མོ་ཞེས་པ་ནི་ཨིནྟྲ་བཱ་རུ་ཎི་(ཏིག་ཏ་) སྟེ་ཆ་གསུམ་དང་དཔལ་མོ་ནི་ལཀྵ་ཎ་སྟེ་ཆ་བཞི་དང་ཕག་མོ་ཞེས་པ་ནི་བཱ་ར་ཧ་ཀཪྞྞ་བ་ སྟེ་ཆ་ལྔ་དང་གཞོན་ནུ་མ་ཞེས་པ་ནི་ཀར་ཎི་ཀ་(མདོག་སྔོན་པོ་ནང་འཕྲེགས་པ་མེས་ཚིག་པ་ལ་ཕན་པ་གཅིག་ ཡོད་བལ་པོར་སྐྱེ་)སྟེ་ཆ་གཉིས་དང་ཙར་ཙི་ཀཱ་ཞེས་པ་ནི་ཨ་དྷོ་པུཥྤི་ཀ་(ཀོ་མ་དམར་རྩི་)སྟེ་ཆ་གཅིག་གོ་ ཞེས་པ་ནི་གཉིས་པ་ལྔ་དགོད་པའོ། ། དེ་ནས་གསུམ་པ་བརྗོད་པར་བྱ་སྟེ་ས་མོ་ཞེས་པ་ནི་མུ་ཥ་ལཱི་(ཞེས་པ་ཤོང་གིས་གཏུན་ཤིང་དུ་བསྒྱུར་ བ་)སྟེ་ཆ་ལྔ་དང་ཆུ་མོ་ཞེས་པ་ནི་རུ་དནྟི་(ངུ་བྱེད་མར་བསྒྱུར་བ་རྟག་ཏུ་ངུ་)སྟེ་ཆ་གཉིས་དང་མེ་མོ་ཞེས་པ་ ནི་ཛྱེ་ཏིཥྨ་ཏཱི་(མེ་ལྡན་མར་བསྒྱུར་བ་ཤིང་མཚན་མོ་མེ་འོད་འཕྲོ་བ་)ཏེ་ཆ་གཅིག་དང་རླུང་མོ་ནི་ལཛྫཱ་ལུ་པཱ་(ངོ་ཚ་ ཅན་མར་བསྒྱུར་བ་ཡང་རྒྱན་འདྲ་བ་གཅིག་ཡོད་པ་)སྟེ་ཆ་གསུམ་དང་མཁའ་སྤྱོད་མ་ནི་ཨར་ཀ་སྟེ་ཆ་བཞིའོ་ ཞེས་པ་ནི་གསུམ་པ་ལྔའོ། ། དེ་ནས་བཞི་པ་དགོད་པ་བརྗོད་པར་བྱ་སྟེ་མ་ཞེས་པ་ནི་པུ་ཏྲཾ་ཛཱ་རི་སྟེ་ཆ་གཅིག་དང་སྲིང་ 5-1-411 མོ་ཞེས་པ་ནི་ས་ཧ་དེ་བ་(ལྷ་དང་བཅས་པར་བསྒྱུར་བ་ལྕོ་ག་)སྟེ་ཆ་གསུམ་དང་བུ་མོ་ནི་ཀྲི་ཏཱཉྫཱ་ལི་(བྱང་ ཆུབ་ཐལ་སྦྱོར་)སྟེ་ཆ་བཞི་དང་ཚ་མོ་ནི་ཨ་ཛ་ཀཪྞྞ་(རའི་རྣ་བ་འདྲ་བ་སེང་གེ་ནགས་སུ་སྐྱེ་)སྟེ་ཆ་ལྔ་དང་ རང་སྐྱེས་མ་ནི་མོ་ཧ་ནཱི་བ་ཊཱ་པ་ཏྲི་ཀ་(རྨོངས་མ་འདས་ཆེན་མར་བསྒྱུར་བ་)སྟེ་ཆ་གཉིས་སོ་ཞེས་པ་ནི་ བཞི་པ་ལྔའོ། ། དེ་ནས་ལྔ་པ་དགོད་པ་བརྗོད་པར་བྱ་སྟེ་བྲམ་ཟེ་མོ་ཞེས་པ་ནི་བྲི་ཧ་ཏྲི་(སྟག་ཚེར་)སྟེ་ཆ་བཞི་ དང་རྒྱལ་རིགས་མོ་ཞེས་པ་ནི་བྷྲིང་ག་རཱ་ཛཱ་(བུང་བའི་རྒྱལ་པོ་སྟེ་བོད་ན་ཕྱོགས་མཐུན་ར་མོ་ཤག)སྟེ་ཆ་ལྔ་ དང་རྗེ་རིགས་མོ་ནི་ཤིང་མངར་སྟེ་ཆ་གཉིས་དང་དམངས་རིགས་མོ་ནི་ཀཎ་ཌ་ཀ་རི་སྟེ་ཆ་ གཅིག་དང་གཡུང་མོ་ནི་མ་ཡུ་རི་ཤི་ཁཱ་སྟེ་ཆ་གསུམ་མོ་ཞེས་པ་ལྔ་པ་དགོད་པའོ། ། དེ་བཞིན་དུ་གྲངས་ཇི་ལྟ་བས་སོ་བ་ལ་སོགས་པ་འབྲས་བུའི་ཚོགས་རྣམས་ཏེ་(འབྲས་)སོ་ བ་དང་(འབྲས་)སོ་བ་ཆེན་པོ་དང་མོན་སྲན་(གྲེའུ་)ཙ་(སྲན་མ་)ན་ཀ་དཀར་པོ་(དབྱིབས་ནར་མོ་)དང་ ཏིལ་ནག་པོ་ནི་དང་པོ་ལྔའོ། ། གཉིས་པ་ནི་ཀོ་ཊ་བཱ་(ཁྲེ་ཙེ་)དང་མུད་ག་(མོན་སྲན་རྔེའུ་)དང་(བོད་ཀྱི་)སྲན་མ་(ནག་པོ་) དང་ཏིལ་དཀར་པོ་དང་འགྲེའོ། ། གསུམ་པ་ནི་ཨཽཥྛ་(སྲན་ཆེན་ལེབ་མོ་)དང་ཊི་པུ་ཊ་(སྲན་ཆུང་ཁྲ་བོ་)དང་ཡུངས་ནག་དང་ནས་དང་ མོན་སྲན་(མ་ཤ་ཀ་དཀར་པོ་ཡིན་)ནོ། །བཞི་པ་ནི་སྲན་ཆུང་(སྨུག་ལེབ་གཅིག་ཡོད་པ་)དང་ཡུངས་དཀར་ དང་ཀཾ་གུ་(ཁྲེ་རྒོད་) དང་ཏུ་བ་རི་ཀ་(སོག་མའི་ཚིག་འདྲ་བའི་འབྲུ་) དང་བར་བ་ཊི་ཀའོ(པྲེ་ཏ)། །ལྔ་པ་ནི་ཟར་མ་དང་བ་ར་ཊི་(ཡུངས་དཀར་དམར་པོ་)དང་བརྞྞ་(སྲན་མ་ཆེན་ པོ་དཀར་པོ་གཅིག་ཡོད་པ་)དང་ཀུ་ལན་ཐ་(རྒྱ་སྲན་ནག་པོ་ལེབ་ཆུང་བ་དང་)དང་ཙ་ན་ཀ་ནག་པོ་སྟེ་ལེ་ཚེ་སྦྱར་ བའི་ཆས་འབྲུ་ལྔ་ཇི་ལྟར་རྙེད་པ་བཟུང་བར་བྱའོ། །འདིར་ཆ་རྣམས་ནི་རི་ལུའི་གྲངས་སོ། ། དེ་ནས་རིན་པོ་ཆེ་རྣམས་ནི་བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་ 5-1-412 དང་མཐར་སྐྱེས་ཀྱི་རིགས་ལས་སྐྱེས་པའི་རྡོ་རྗེ་རྣམས་དང་། དེ་བཞིན་དུ་ཨིན་ཏྲ་ནཱི་ལ་དང་ པདྨ་རཱ་ག་དང་ཟླ་བ་ཆུ་ཤེལ་དང་ཀར་ཀེ་ཏ་ཀ་དང་མ་ཌ་ཀ་ཏ་ནི་གཙོ་བོའོ། །དེ་བཞིན་དུ་ ལྕགས་རྣམས་ནི་(ལྕགས་སེར་པོ་)གསེར་དང་(ལྕགས་དཀར་པོ་)དངུལ་དང་(ལྕགས་དམར་པོ་)ཟངས་དང་ ལྕགས་(ནག་པོ་)རྣོན་པོ་དང་(ལྗང་ཁུ་)ཁབ་ལེན་གྱི་ལྕགས་སོ། །དེ་བཞིན་དུ་རིན་པོ་ཆེ་འབྲིང་པོ་ ནི་མུ་ཏིག་དང་བྱི་རུ་དང་མུ་མེན་དང་བཱུ་ལ་མ་(གཟེར་གྱི་ནོར་བུ་སྟེ་གཟེར་ནད་སེལ་བའི་ནོར་བུ་སྦུར་ལོན་ཡིན་ ཟེར་བ་)ཎི་དང་ཐིག་ལེ་དྲུག་པ(སྐར་ཕྲ་མིན་)འོ། །དེ་བཞིན་དུ་ཐ་མ་རྣམས་ནི་ཤེལ་དང་ཛཱི་བ་ཛཱ་ཏི་ (འཆོང་རྨ་ར་ཟེར་བ་)དང་ཌཽ་ཧ་རི་(ནོར་བུ་ཁྲ་ཆུང་གཅིག་ཡོད་པ་)དང་འཆིང་བུ་དང་ནོར་བུ་ལྗང་ཁུ་རྣམས་ སོ། །འདི་རྣམས་ལས་ཇི་ལྟར་འབྱོར་པ་བཟུང་བར་བྱའོ། །ཅི་སྟེ་བཀའི་འཁོར་ལོ་བསྒྱུར་ བ་རིན་པོ་ཆེ་ཆེན་པོའི་དབང་བསྐུར་བ་ལ་ནི་ལྷ་དང་ཀླུ་རྣམས་ཀྱིས་རིན་པོ་ཆེ་ཁ་དོག་ལྔར་ འགྱུར་རོ། །དེ་མེད་ན་ཁ་དོག་ལྔའི་མེ་ཏོག་དྲི་བཟང་པོ་རྣམས་སོ་ཞེས་པ་ངེས་པ་སྟེ་དབུལ་པོ་ རྣམས་ཀྱིའོ། །དེ་བཞིན་དུ་སའི་རང་བཞིན་(གྱི་བུམ་པ་)རིན་ཆེན་བཅས་ཞེས་སོ། །འདིར་རིན་པོ་ ཆེ་ལྗང་ཁུ་ནི་རྣམ་པར་རྒྱལ་བའི་དུང་(ངམ་རྣམ་རྒྱལ་ཆེན་པོའི་དུང་)ལའོ། །རིན་པོ་ཆེ་སྔོན་པོ་ནི་(ཤར་ ནུབ་ཀྱི་བུམ་པ་ལས་)ཤར་དང་ནུབ་ཀྱི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །ནག་པོ་ནི་ ཤར་དང་མེའི་བུམ་པ་ལའོ། །དམར་པོ་ནི་ལྷོ་དང་བདེན་བྲལ་གྱི་བུམ་པ་ལའོ། ། དཀར་པོ་ནི་བྱང་དང་དབང་ལྡན་གྱི་བུམ་པ་ལའོ། །སེར་པོ་ནི་ནུབ་དང་རླུང་གི་བུམ་པ་ལའོ། ། དེ་བཞིན་དུ་(རྒྱལ་རྣམ་རྒྱལ་ལ་)ཁབ་ལེན་གྱི་ལྕགས་དང་(ཤར་དང་མེར་)ལྕགས་རྣོན་པོ་(ལྷོ་དང་བདེན་ བྲལ་དུ་)དང་ཟངས་དང་(བྱང་དང་དབང་ལྡན་དུ་)དངུལ་དང་(ནུབ་དང་རླུང་དུ་)གསེར་རོ། །དེ་བཞིན་དུ་ སྨན་རྣམས་ཏེ་ཆ་གཅིག་པ་ནི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །ཆ་གཉིས་པ་ནི་ ཤར་དང་མེར་རོ། །ཆ་གསུམ་པ་ནི་གཤིན་རྗེ་དང་ལྷ་མིན་དུའོ། །ཆ་བཞི་པ་ནི་བྱང་དང་འཕྲོག་ བྱེད་དུའོ། ། 5-1-413 ཆ་ལྔ་པ་ནི་ནུབ་དང་རླུང་དུའོ། །དེ་བཞིན་དུ་རི་ལུའི་དབྱེ་བས་འབྲུ་(གཅིག་ནས་ལྔའི་བར་) རྣམས་(རིགས་ཀྱི་དབང་གིས་)དང་དེ་བཞིན་དུ་སྔར་(ནང་ལེར་)གསུངས་པའི་སྨན་གྱི་ལེ་ཚེ་སྦྱར་བའི་ དྲི་ལྔ་སྟེ་དེ་ལྟར་ལྕགས་དང་རིན་པོ་ཆེ་དང་ནགས་ཀྱི་སྨན་དང་འབྲུ་དང་དྲིའི་རྫས་རྣམས་བུམ་ པ་རྣམས་སུ་(ཡོན་ཏན་གྱི་དབྱེ་བས་)བླུགས་ནས་སླར་ཡང་ཉི་ཤུ་རྩ་ལྔ་པོ་དེ་དག་ཐུམ་པོར་བཅིངས་ ཏེ་རྣམ་པར་རྒྱལ་བའི་དུང་ཆུས་གང་བར་གཞུག་པར་བྱའོ། །དེས་སྐྱེ་བའི་གནས་ལྔར་དབང་ བསྐུར་བར་བྱ་སྟེ་གཙུག་ཏོར་དང་ཕྲག་པ་དང་དཔུང་པའི་ཚིགས་གཡས་དང་གཡོན་པ་དང་དེ་ བཞིན་དུ་དཔྱི་དང་བརླའི་འཚམས་དག་ལའོ། །(འདིར་དུང་ཆོས་ཀྱིས་སྐྱེ་བའི་གནས་ལྔར་དབང་བསྐུར་བར་བྱ་ སྟེ་ཞེས་གསུངས་པས་དབང་བདུན་པོ་ཐམས་ཅད་ལ་སྐྱེ་བའི་གནས་ལྔར་དབང་བསྐུར་བ་ནི་དུང་ཆོས་ཀྱི་ཆུ་ཉིད་ཀྱིས་བྱ་དགོས་ཏེ་ བུམ་རྫས་ཐམས་ཅད་འདུས་པ་ཡང་ཡིན་པའི་ཕྱིར་རོ། །) རྒྱལ་སྲས་འཇིགས་མེད་ཀྱི་དཔེའོ། །གཅིག་ཞུས། ཚེ་དབང་ཕུན་ཚོགས་ ཀྱིས། མ་ཡིག་ནི། པོ་ཏ་ལས་ནས་གསར་དུ་རྙེད་པའི་དཔེ་རྙིང་བྲིས་མ་ཞིག་ཡིན། 5-1-414 ༄༅། །ཆོས་རྗེའི་བསོད་ནམས་དང་གདུལ་བྱའི་བཀའ་བབས་ ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་ལྟ་སྒོམ་ སྤྱོད་འབྲས་ཀྱི་དོན་མདོར་བསྡུས་པ་ བཞུགས་སོ། ། ༄༅། །ན་མོ་གུ་རུ་ཝེ། ལྟ་སྒོམ་སྤྱོད་པ་རྣམ་དག་ལེགས་བསྟན་ནས། །སྐལ་ལྡན་འབྲས་ མཆོག་ཐོབ་པའི་དོན་མཛད་དང༌། །ཆོས་རྗེ་བླ་མའི་ཞབས་པད་གུས་མཆོད་ནས། །ལྟ་སྒོམ་ སྤྱོད་འབྲས་མདོར་བསྡུས་གསལ་བར་བྱ། །འདིར་རྣལ་འབྱོར་པ་སྒྲུབ་པའི་སྙིང་པོ་ཉམས་སུ་ ལེན་ཅིང༌། ཐ་སྙད་ཀྱི་སྤྲོས་པ་ཉུང་ངུ་ལ་མངོན་པར་དད་པ་འགའ་ཞིག་གི་ངོར། ལྟ་སྒོམ་སྤྱོད་ འབྲས་ཀྱི་དོན་ངོས་བཟུང་བ་ལ། དང་པོར་ལྟ་བའི་དོན་ངོས་བཟུང་བ་ནི། སངས་རྒྱས་ཀྱི་ བསྟན་པ་བརྗོད་བྱ་བདེན་པ་གཉིས་ལ་བརྟེན་པ་ལས། རེ་ཞིག་ཀུན་རྫོབ་བདེན་པའི་གནས་ ལུགས་ནི། །སྣང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི། །ལེགས་པར་འདི་རྣམ་པར་དཔྱད་ ན་ཅིར་ཡང་མ་གྲུབ་ཅིང༌། རང་རང་གི་ངོ་བོས་སྟོང་པ་ཉིད་ཡིན་ལ། མ་བརྟགས་མ་དཔྱད་ པའི་ངོར་སྣ་ཚོགས་སུ་སྣང་ཡང༌། སྣང་བ་ལྟར་གྱི་དངོས་པོར་མི་བདེན་པར་རྨི་ལམ་དང་སྒྱུ་ མའི་སྣང་བ་དང་མཚུངས་པ་ནི་ཀུན་རྫོབ་བདེན་པའི་གནས་ལུགས་སུ་ཤེས་པར་བྱའོ། །དོན་ དམ་བདེན་པའི་གནས་ལུགས་ནི། མཚན་ཉིད་ཐེག་པའི་དབུ་མ་པའི་གཞུང་ལུགས་སྨྲ་བ་ རྣམས་ནི། འདི་ལྟར་སྣང་བའི་དངོས་པོ་ལ། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་ 5-1-415 རྙེད་པ་ནི་དོན་དམ་སྟེ། །ཡེ་ནས་གནས་པའི་མཚན་ཉིད་དོ། །ཞེས་འབྱུང་བ་ལྟར་ཀུན་རྫོབ་ ཀྱི་བདེན་པ་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡང་དག་པར་ན། གང་དུ་མ་གྲུབ་ པ་ཉིད། དོན་དམ་བདེན་པའི་གནས་ལུགས་སུ་འདོད་པ་མང་ན་ཡང༌། དེ་ནི་རེ་ཞིག་མཚན་ ཉིད་ཐེག་པའི་དབུ་མ་པའི་གཞུང་དུ་བསྟན་པའི། དོན་དམ་བདེན་པའི་མཚན་ཉིད་ཙམ་ཞིག་ ཡིན་ལ། མཐར་ཐུག་སྔགས་ཀྱི་ཐེག་པའི་བདེན་པར་གསུངས་པའི་དོན་དམ་བདེན་པ་ནི། འཕགས་པ་ལྷའི་ཞལ་ནས། མུན་དང་བྲལ་བའི་སྐད་ཅིག་མ། །འོད་གསལ་བློ་གྲོས་ཤིན་ཏུ་ དྭངས། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་ རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་བ། རྣམ་ཀུན་མཆོག་ ལྡན་གྱི་སྟོང་པ་ཉིད། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཀུན་རྫོབ་ཀྱིས་སྟོང་ པས་ན། སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བ། དེ་བཞིན་གཤེགས་པའི་སྙིང་པོ་དང༌། དང་ པོའི་སངས་རྒྱས་ཞེས་གསུངས་པ་ཉིད་མཐར་ཐུག་གི་མཉམ་བཞག་གི་ཐེག་པའི་སྐབས་སུ་ དོན་དམ་པའི་བདེན་པར་ཤེས་པར་བྱའོ། །དེ་ལྟར་ན་བདེན་པ་གཉིས་ཀྱི་གནས་ལུགས་ཡང་ དག་པར་ཤེས་པ་ནི་ལྟ་བ་རྣམ་པར་དག་པ་ཡིན་ནོ། །སྒོམ་པའི་དོན་ནི་མཐར་ཐུག་གི་མཉམ་ བཞག་གིས་སེམས་ཀྱི་ཆོས་ཉིད་རང་བཞིན་གྱི་འོད་གསལ་བ་ནི། བྱེད་པ་བཅིང་བའི་ཐབས་ ཁྱད་པར་ཅན་གྱི་སྒོ་ནས་ཐུན་མོང་དུ་གསལ་བ་ལ། ཡེངས་པ་སྐད་ཅིག་ཀྱང་མེད་པར་རྩེ་ གཅིག་ཏུ་འཇོག་པ་ནི་མཐར་ཐུག་གི་སྒོམ་པ་ཡིན་ལ། གནས་སྐབས་སུ་ཕྱི་ནང་རྟེན་འབྲེལ་གྱི་ ཆོས་ཐམས་ཅད་སྣང་ཡང་བདེན་པའི་ངོ་བོས་སྟོང་པ། རྨི་ལམ་སྒྱུ་མ་ལྟ་བུ་ཤེས་པ་རྟོགས་པའི་ གོམས་པར་བྱེད་པས་ན། རྗེས་ཐོབ་ཀྱི་བསྒོམ་པ་འམ་གནས་སྐབས་ཀྱི་བསྒོམ་པའོ། ། སྤྱོད་པ་ཐེག་ཆེན་གྱི་ཐུན་མོང་གི་སྤྱོད་པ་ནི། སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། 5-1-416 བདག་དང་སེམས་ཅན་དུ་མངོན་པར་མ་ཞེན་པའི་ཚུལ་གྱིས་དངོས་དང་བརྒྱུད་པའི་སྒོ་ནས་ སེམས་ཅན་ལ་ཕན་པ་བྱེད་ཅིང༌། ཉེས་སྤྱོད་བྲལ་པའི་བྱ་བའི་གང་བྱེད་ཐམས་ཅད་ཐེག་པ་ ཆེན་པོའི་སེམས་བསྐྱེད་དང༌། དྲན་ཤེས་བཞིན་གྱིས་ཟིན་པར་བྱེད་པ་ཡིན་ལ། མཐར་ཐུག་ སྔགས་ཀྱི་ཐེག་པའི་སྤྱོད་པ་ཐུན་མོང་མ་ཡིན་པ་ནི། བྱ་བ་གང་བྱེད་ཐམས་ཅད་ཡི་དམ་ལྷའི་ང་ རྒྱལ་དང་མ་བྲལ་བར་བྱེད་ཅིང༌། ངེས་དོན་གྱི་ཕར་ཕྱིན་དྲུག་གི་སྤྱོད་པ་དང༌། རིགས་དྲུག་གི་ དམ་ཚིག་གི་སྤྱོད་པ་སྐྱོང་བར་བྱེད་པ་ལ་སོགས་པའོ། ། འབྲས་བུའི་དོན་ནི་ལྟ་སྒོམ་སྤྱོད་པ་རྣམ་དག་ཉམས་སུ་བླངས་པས། མཉམ་བཞག་ཡེ་ ཤེས་ཀྱི་ཚོགས་དང༌། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་བསགས་པ་ལས། རྣལ་འབྱོར་ པའི་རིགས་[རིག]པ་ཆོས་ཉིད་འོད་གསལ་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་ཐིམ་ པས། རྣལ་འབྱོར་རང་ཉིད་ལ་གདོད་མ་ནས་བཞུགས་པའི་ཆོས་ཀྱི་སྐུ་གློ་བུར་གྱི་དྲི་མ་དང་ བྲལ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ནི། རང་དོན་སུམ་[ཕུན]ཚོགས་རབ་ཀྱིས་ མཐར་ཕྱིན་པ་ཡིན་ལ། དེའི་མཐུ་ལས་གདུལ་བྱ་གང་ལ་གང་འདུལ་གྱི་གཟུགས་སྐུའི་སྣང་ བ་བསྟན་ནས། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་ པ་མཛད་པ་ནི། གཞན་དོན་ཕུན་ཚོགས་རབ་ཀྱིས་མཐར་ཕྱིན་པ་སྟེ། དེ་ལྟར་དོན་གཉིས་ཕུན་ ཚོགས་མཐར་ཕྱིན་པ་ནི་འབྲས་བུའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་བཀོད་པའི་དགེ་བ་ཡིས། ། འགྲོ་རྣམས་ལྟ་སྒོམ་སྤྱོད་པའི་ཚུལ། །རྣམ་དག་ལམ་ལ་རབ་ཞུགས་ཏེ། །ཐར་པའི་གྲོང་ཁྱེར་ མཆོག་ཐོབ་ཤོག །ལྟ་སྒོམ་སྤྱོད་པའི་དོན་མདོར་བསྡུས་པ་འདི་ནི། ཀུ་སུ་ལུ་པ་འགའ་ཞིག་གི་ དོན་དུ། དགེ་སློང་རྡོ་རྗེ་འཛིན་པ་ཆོས་ཀྱི་རྒྱལ་པོ། མིང་གཞན་ཕྱོགས་ལས་རྣམ་རྒྱལ་གྱིས་ཉེ་ བར་སྦྱར་བའོ།། །། མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ། 5-1-417 ༄༅། །བདེན་གཉིས་ཤན་འབྱེད་བཞུགས། ༄༅། །ༀ་ཨཱཿཧཱུཾ་ཧོ། དྲི་མ་སྦྱོང་བའི་གཞི་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ལོ། །དྲི་ མ་སྦྱོང་བྱེད་ཀྱི་ལམ་རྡོ་རྗེའི་རྣལ་འབྱོར་ལ་ཕྱག་འཚལ་ལོ། །དྲི་མ་སྦྱངས་པའི་འབྲས་བུ་འོད་ གསལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །བདེན་གཉིས་རྣམ་དབྱེ་ཤེས་པ་རྣམས། །ཐུབ་པའི་ བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་ བ་ཉིད། །ཅེས་(དབུ་མ་བདེན་གཉིས་ལས་)གསུངས་ཤིང༌། ཆོས་རྗེ་རིན་པོ་ཆེའི་ཞལ་སྔ་ནས་ཀྱང༌། མཉམ་བཞག་ཏུ་ལ་ཟློ། རྗེས་ཐོབ་ཏུ་ཤན་འབྱེད་ཅེས་གསུངས་པས། བདེན་གཉིས་ཀྱི་རྣམ་ པར་དབྱེ་བ་ལ་མཁས་པར་བྱ་བའི་ཕྱིར་ཅུང་ཟད་ཅིག་བརྗོད་པར་བྱའོ། །དྲིན་ཅན་(ཀུན་མཁྱེན་)གྱི་བླ་མ་ཆོས་རྗེ་ཡི། །གདམས་ངག་གི་མཐར་ཐུག་འདི་ཡིན་ཏེ། །མཉམ་བཞག་ཏུ་མི་ཟློ་མི་ བསམ་ཞིང༌། །རྗེས་ཐོབ་ཏུ་བདེན་གཉིས་ཤན་འབྱེད་པའོ། །བདེན་གཉིས་སུ་ཆོས་རྣམས་ ཀུན་འདུས་ཤིང༌། །དེ་གཉིས་ཀྱང་ཚུལ་ལུགས་ཐ་དད་དེ། །ཀུན་རྫོབ་ནི་སྣང་ཡང་བདེན་མེད་ པས། །སྒྱུ་མ་ལྟར་རང་སྟོང་ཞེས་གསུངས་ཤིང༌། །དོན་དམ་ནི་རང་ཉིད་སྟོང་མིན་གྱི། །ཀུན་ རྫོབ་ཀྱིས་སྟོང་བས་གཞན་སྟོང་གསུངས། །ཀུན་རྫོབ་ནི་འཁྲུལ་པའི་སྣང་བ་སྟེ། །དོན་དམ་ནི་ མ་འཁྲུལ་སྣང་བ་ཡིན། །ཀུན་རྫོབ་ནི་འཁྲུལ་སྣང་ཙམ་དུ་བདེན། །དོན་དམ་ནི་དོན་ལ་གྲུབ་ པས་བདེན། །ཀུན་རྫོབ་ནི་འདུས་བྱས་སླུ་བའི་ཆོས། །དོན་དམ་ནི་མི་སླུ་འདུས་མ་བྱས། །ཀུན་ རྫོབ་ནི་མི་རྟག་ཆོས་ཅན་ཏེ། །དོན་དམ་ནི་རྟག་པའི་ཆོས་ཉིད་ཡིན། །ཀུན་རྫོབ་ནི་འཁོར་བ་ སྡུག་བསྔལ་ཏེ། །དོན་དམ་ནི་མྱང་འདས་བདེ་བ་ཡིན། །ཀུན་རྫོབ་ནི་མ་རིག་རྣམ་ཤེས་ཏེ། ། 5-1-418 དོན་དམ་ནི་རང་རིག་ཡེ་ཤེས་ཡིན། །ཀུན་རྫོབ་ནི་རྟེན་ཅིང་འབྲེལ་འབྱུང་སྟེ། །དོན་དམ་ནི་ རང་བྱུང་ཡེ་ཤེས་ཡིན། །ཀུན་རྫོབ་ནི་ཀུན་གཞི་རྣམ་ཤེས་ཏེ། །དོན་དམ་ནི་ཀུན་གཞི་ཡེ་ཤེས་ ཡིན། །ཀུན་རྫོབ་ནི་སྤང་བར་བྱ་བ་སྟེ། །དོན་དམ་ནི་ཐོབ་པར་བྱ་བ་ཡིན། །ཀུན་རྫོབ་ནི་གློ་ བུར་དྲི་མ་སྟེ། །དོན་དམ་ནི་བདེ་གཤེགས་སྙིང་པོ་ཡིན། །ཀུན་རྫོབ་ནི་ཆོས་སྐུའི་སྒྲིབ་བྱེད་དེ། ། དོན་དམ་ནི་མཐར་ཐུག་ཆོས་སྐུ་ཡིན། །ཀུན་རྫོབ་ནི་ཀུན་བརྟགས་གཞན་དབང་སྟེ། །དོན་ དམ་ནི་འགྱུར་མེད་ཡོངས་གྲུབ་ཡིན། །ཀུན་རྫོབ་ནི་སྲིད་གསུམ་མུན་ནག་སྟེ། །དོན་དམ་ནི་ སྲིད་གསུམ་འོད་གསལ་ཡིན། །ཀུན་རྫོབ་ལ་འདུས་བྱས་འདུས་མ་བྱས། །འདུས་མ་བྱས་ནམ་ མཁའ་ལྟ་བུའོ། །ཀུན་རྫོབ་ལ་དག་དང་མ་དག་གཉིས། །དག་པ(འི་ཀུན་རྫོབ་)ནི་ལམ་བདེན་ (མཐར་ཕྱིན་པའི་སངས་རྒྱས་ཀྱི་)གཟུགས་སྐུ་(ལོངས་སྤྲུལ་)གཉིས། །གཟུགས་ནས་ནི་རྣམ་མཁྱེན་ བར་ལ་ཡང༌། །ཀུན་བཏགས་(ཀྱི་གཟུགས་སོགས་)དང་གཞན་དབང་(གི་གཟུགས་སོགས་)ཡོངས་ གྲུབ་ཀྱི། །གཟུགས་སོགས་(ནས་རྣམ་མཁྱེན་གྱི་བར་)ཀྱི་སྡེ་ཚན་གསུམ་(ཉི་ཁྲི་ལས)གསུངས་ པས། །གཟུགས་ཉིད་ནི་གཟུགས་ཀྱིས་སྟོང་པ་དང༌། །རྣམ་མཁྱེན་ཡང་རྣམ་མཁྱེན་གྱིས་སྟོང་ པ་རུང༌། །གསུངས་པ་(ཡུམ་ནས་)ཡི་དགོངས་པ་ནི་འདི་ཡིན་ཏེ། །ཀུན་བརྟགས་དང་གཞན་ དབང་(གི་གཟུགས་)ནི་རང་ཉིད་(ཀྱིས་)སྟོང་(བ་དང་)། །ཡོངས་གྲུབ་(ཀྱི་གཟུགས་སོགས་)ནི་གཉིས་ པོ་(ཀུན་བརྟག་དང་གཞན་དབང་)ཡིས་(གཟུགས་སོགས་ཀྱིས་)སྟོང་པའོ། །ཀུན་བརྟགས་(དང་)རང་ གཞན་དབང་ནི་སྤང་བྱ་སྟེ། །ཡོངས་གྲུབ་ཀྱི་གཟུགས་སོགས་ནི་ཐོབ་བྱ་ཡིན། །ཀུན་རྫོབ་ཀྱི་ གཟུགས་སོགས་ལྔ་སྒྲིབ་པ་སྟེ། །དོན་དམ་གྱི་གཟུགས་སོགས་ནི་རྒྱལ་བ་ལྔ། །ཀུན་རྫོབ་ཀྱི་ ཉོན་མོངས་ལྔ་སྒྲིབ་པ་སྟེ། །དོན་དམ་གྱི་ཉོན་མོངས་ལྔ་ཡེ་ཤེས་ལྔ། །ཀུན་རྫོབ་ཀྱི་སེམས་ཉིད་ ནི་བཅོས་མ་སྟེ། །དོན་དམ་གྱི་སེམས་ཉིད་ནི་རང་བཞིན་ཡིན། །ཀུན་རྫོབ་ཀྱི་སེམས་ཉིད་ནི་ གློ་བུར་བ། །དོན་དམ་གྱི་སེམས་ཉིད་ནི་གཉུག་མ་ཡིན། །ཀུན་རྫོབ་འདི་རྟག་(པར་)འཛིན་ན་ 5-1-419 རྟག་ལྟར་ལྷུང༌། །དོན་དམ་ཉིད་མེད་(པར་)འཛིན་ན་ཆད་ལྟར་ལྷུང༌། །ཀུན་རྫོབ་འདི་(དོན་དམ་ ལ་)མེད་ལྟ་ན་སྐྱོན་མེད་དེ། །དོན་དམ་ཉིད་ཡོད་(པར་)ལྟ་ན་སྐྱོན་མེད་ཡིན། །མཉམ་བཞག་ ཏུ་སྨྲ་བསམ་དང་བརྗོད་འདས་ཀྱང༌། །རྗེས་ཐོབ་ཏུ་ཐ་སྙད་ཀྱིས་གཏན་ལ་འབེབས། །མཉམ་ བཞག་ཏུ་བསྒོམ་བྱ་[དང་]སྒོམ་བྱེད་མེད། །རྗེས་ཐོབ་ཏུ་སྣང་བ་འདི་སྒྱུ་མར་བསྒོམ། །མཉམ་ བཞག་ཏུ་སྒོ་གསུམ་གྱི་སྤྲོས་བྲལ་ཡང༌། །རྗེས་ཐོབ་ཏུ་སྒོ་གསུམ་གྱི་དགེ་ལ་འབད། །མཉམ་ བཞག་གི་རྣལ་འབྱོར་བརྟན་གྱུར་ན། །ལུས་ངག་གི་དགེ་བ་རྩོལ་མི་བྱ། །འཚུབ་དུས་སུ་རློད་ [ལྷོད]ཅིང་དྲན་པས་བཟུང༌། །ལྟེངས་དུས་སུ་ལུས་གནད་ལྟ་སྟངས་གཅུན། །མཉམ་བཞག་ དང་རྗེས་ཐོབ་ཐམས་ཅད་དུ། །དྲན་འཛིན་དང་མ་བྲལ་བ་ཤིན་ཏུ་གཅེས། །(ཐོག་མར་)གཞན་ དོན་གྱི་སེམས་བསྐྱེད་དྲན་པ་ཡིས། །(བར་ཏུ་)མཉམ་རྗེས་ཀྱི་དགེ་བ་ཇི་སྙེད་རྣམས། (མཇུག་ ཏུ་)བསྔོ་བ་དང་སྨོན་ལམ་གྱིས་རྒྱས་བཏབ་སྟེ། །ཉམས་ལེན་གྱི་མན་ངག་དེ་ལས་མེད། །ཕ་ བླ་མའི་བྱིན་རླབས་ཞུགས་པ་ཡིས། །བུ་བདག་གིས་སེམས་ལ་ཤར་བ་རྣམས། །དོན་ཅུང་ཟད་ ཙམ་རེ་བརྗོད་པ་ལགས། །ཕ་བགྲེས་པའི་ཉམས་ལེན་མཛད་པར་ཞུ། །འདི་ནི་ཇོ་ནང་རི་ཁྲོད་ ཀྱི་དབེན་གནས་དམ་པ་བསམ་གཏན་རྫོང་དུ་དགེ་སློང་ཕྱོགས་ཀྱི་མིང་ཅན་བདག་གིས་བྲིས་ པའོ། །འགྲོ་བ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ། ཞུས་དག་ཉིས་ཞུས་ གྲུབ། ༄༅། །སྦྱོར་བ་ཡན་ལག་དྲུག་གི་བརྒྱུད་པའི་གསོལ་འདེབས་ བྱིན་རླབས་ཀྱི་གཏེར་མཛོད་ ཅེས་བྱ་བ། རྗེ་བཙུན་བླ་མ་དམ་པ་རྣམས་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞིང་སྐྱབས་ 5-1-420 སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཀུན་ཁྱབ་བདེ་ཆེན་དང་པོའི་རྫོགས་སངས་རྒྱས། ། འོག་མིན་གནས་སུ་སངས་རྒྱས་རྡོ་རྗེ་འཆང༌། །ལོངས་སྐུ་དུས་འཁོར་སྤྲུལ་སྐུ་ཤཱཀྱའི་ཏོག། གཞི་འབྲས་སྐུ་བཞིའི་ཚོགས་ལ་གསོལ་བ་འདེབས། །རྒྱལ་བའི་རྣམ་འཕྲུལ་ཆོས་རྒྱལ་ཉི་ ཤུ་བཞི། །དེ་ལ་ཆོས་རྒྱལ་ཉི་ཤུ་བཞིའི་མཚན་དང་དེ་རྣམས་བྱང་ཆུབ་སེམས་དཔའ་དང༌། ཁྲོ་ བོའི་རྒྱལ་པོ་ཇི་ལྟ་བུའི་འདི་རྣམ་འཕྲུལ་ཡིན་ཞེས་དགོངས་པ་ལེན་པར་འདོད་ན། ཕྱག་རྡོར་ རྣམ་འཕྲུལ་ཆོས་རྒྱལ་ཟླ་བ་བཟང༌། །ས་སྙིང་རྣམ་འཕྲུལ་ཆོས་རྒྱལ་ལྷ་ཡི་དབང༌། །གཤིན་རྗེ་ མཐར་བྱེད་མི་བདག་གཟི་བརྗིད་ཅན། །སྒྲིབ་ཀུན་རྣམ་སེལ་སྤྲུལ་མཆོག་ཟླ་བས་བྱིན། །ཤེས་ རབ་མཐར་བྱེད་ཤཱག་རིགས་ལྷའི་དབང་ཕྱུག །པདྨ་མཐར་བྱེད་ཆོས་སྟོན་སྣ་ཚོགས་གཟུགས། ། ནམ་མཁའི་སྙིང་པོ་ལྷ་ཡི་དབང་ལྡན་ཞལ། །འཇམ་དབྱངས་གྲགས་པ་རྡོ་རྗེའི་རིགས་དང་ ལྡན། །རིགས་ལྡན་གཉིས་པ་པད་དཀར་བརྩེ་བ་ཅན། །ས་སྙིང་སྤྲུལ་སྐུ་སླར་ཡང་བཟང་པོའི་ མཚན། །སྒྲིབ་སེལ་བུ་རམ་ཤིང་རིགས་རྣམ་པར་རྒྱལ། །ཀུན་བཟང་རྣམ་འཕྲུལ་རིགས་ལྡན་ བཤེས་གཉེན་བཟང༌། །རྡོ་རྗེས་ཕྱག་མཚན་རྒྱུད་སྟོན་ཕྱག་དམར་ཞབས། །མཁའ་སྙིང་རྣམ་ འཕྲུལ་མི་བདག་ཁྱབ་འཇུག་སྦས། །སླར་ཡང་ས་སྙིང་མི་དབང་ཉི་མ་གྲགས། །སྒྲིབ་ཀུན་རྣམ་ སེལ་རིགས་ལྡན་ཤིན་ཏུ་བཟང༌། །སྤྱན་རས་གཟིགས་དབང་རྒྱ་མཚོ་རྣམ་པར་རྒྱལ། །ཀུན་ བཟང་གཞན་གྱི་དོན་མཛོད་རྒྱལ་བའི་མཚན། །རྡོ་རྗེ་མཆོག་འཛིན་ཆོས་སྟོན་ཉི་མའི་ཞབས། ། མཁའ་སྙིང་སྤྲུལ་སྐུ་སླར་ཡང་སྣ་ཚོགས་གཟུགས། །གཤིན་རྗེ་མཐར་བྱེད་ཆོས་རྒྱལ་ཟླ་བའི་ འོད། །ཤེས་རབ་མཐར་བྱེད་སྤྲུལ་སྐུ་མཐའ་ཡས་མཚན། །པདྨ་མཐར་བྱེད་སླར་ཡང་ས་སྐྱོང་ དང༌། །བགེགས་ཀུན་མཐར་མཛད་རྣམ་འཕྲུལ་དཔལ་སྐྱོང་ཞབས། །ཞེས་པའོ། །མཁས་གྲུབ་ དམ་པ་དུས་ཞབས་ཆེ་ཆུང་གཉིས། །མངའ་རིག་པཎ་ཆེན་ཟླ་བ་མགོན་པོའི་ཞབས། །ཆོས་ རྒྱལ་ལོ་པཎ་རྣམས་ལ་གསོལ་འདེབས། །འགྲོ་བའི་ནད་གསོ་བསྒོམ་པ་དཀོན་མཆོག་སྲུང༌། 443། ཟབ་ལམ་མཐར་ཕྱིན་སྒྲོ་སྟོན་རྣམ་ལ་བརྩེགས། །གྲུབ་ཐོབ་ཡུ་མོ་ཆོས་ཀྱི་ར་ཅན་ཞབས། ། དངོས་གྲུབ་མཆོག་བརྙེས་གསུམ་ལ༴ སྤྲུལ་སྐུ་དྷརྨེ་ཤྭ་ར་སྲས་ཀྱི་མཆོག །ཐོས་དོན་མཐར་ ཕྱིན་མཁས་པ་ནམ་མཁའ་འོད། །མངོན་ཤེས་རྫུ་འཕྲུལ་ལྡན་པའི་སེ་མོ་ཆེ། །ངོ་མཚར་སྐྱབས་ མགོན་གསུམ་ལ༴ འགྲོ་བའི་མུན་སེལ་འཇམ་སར་ཤེས་རབ་འོད། །ཤེས་བྱ་ཀུན་མཁྱེན་ཆོས་ སྐུའི་འོད་ཟེར་འཕྲོ། །འགྱུར་མེད་བདེ་ཆེན་མཐར་ཕྱིན་ཀུན་སྤངས་ཆེ། །འདྲེན་མཆོག་མཐར་ ཐུག་གསུམ་ལ༴ རྒྱལ་བའི་ཡེ་ཤེས་གཅིག་བསྡུས་བྱང་སེམས་ཆེ། །མཁས་བཙུན་བཟང་པོ་ ཡོན་ཏན་རྒྱ་མཚོ་འཁྱིལ། །ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ། །མཚུངས་མེད་བླ་ མ་གསུམ༴ ཆོས་ཀྱི་རྒྱལ་པོ་མི་མཐུན་ཕྱོགས་ལས་རྒྱལ། །ཀུན་ལ་དགའ་བདེའི་དཔལ་སྟེར་ ཉ་དབོན་མཚན། །མཁྱེན་བརྩེའི་དབང་ཕྱུག་ཀུན་དགའ་བློ་གྲོས་ཞབས། །བཀའ་དྲིན་མཉམ་ མེད་གསུམ་ལ་གསོལ་བ་འདེབས། །གང་གི་བཀའ་དྲིན་ཆེན་པོས་ཟབ་མོའི་ལམ། །ཉན་ སེམས་སྒོམ་པའི་སྐལ་བར་ལྡན་མཛད་པའི། །མཁྱེན་བརྩེའི་འཕྲིན་ལས་ལྷག་པར་བཟང་ པོ་ཅན། །དཔལ་ལྡན་ལེགས་པའི་ཞབས་ལ་གསོལ་འདེབས། །རབ་ཏུ་དཀོན་ཞིང་རྙེད་པར་ དཀའ་བའི་མཆོག །རྒྱལ་བའི་ལམ་བཟང་རྒྱལ་བའི་དགོངས་པ་བཞིན། །ཐུགས་དང་ཞལ་ ལ་གནས་ཏེ་སྟོན་པ་ལ། །འགྲན་མེད་རྩ་པའི་བླ་མར་གསོལ་བ་འདེབས། །དིང་སང་སྙིགས་ མའི་དུས་སུ་རྒྱལ་བས་གསུངས། །དེ་ཕྱིར་ལྟ་སྒོམ་སྤྱོད་པའི་སྙིགས་མ་དར། །བཟང་པོ་ཇེ་ ནུབ་འགྲོ་ཀུན་ཇེ་སྡུག་ཚེ། །བླ་མའི་ཐུགས་རྗེ་ལྷག་པར་མི་གཟིགས་སམ། །འགྲོ་ཀུན་ཕན་ ཚུན་རབ་འཚེ་སྡིག་ལ་འཆོལ། །ཆོས་པ་རྣམས་ཀྱང་ཕྱོགས་ལྷུང་རྣམ་གཡེང་ཆེ། །ཕན་བདེའི་ ལོ་ཐོག་སྡུག་བསྔལ་སད་ཀྱིས་འཇོམས། །འདི་འདྲའི་ཚེ་ན་ཐུགས་རྗེ་གང་དུ་ཐལ། །ནད་ ཀྱིས་གདུངས་པའི་བུ་ལ་མ་བཞིན་དུ། །ལྷག་པར་ཉེས་དམིགས་འཕེལ་བའི་དུས་འདི་རུ། ། ཐུགས་རྗེ་ཡང་ཡང་གཟིགས་འཚལ་བླ་མ་མཁྱེན། །འཕྲིན་ལས་རྒྱུན་ཆད་མེད་པར་གསོལ་ 5-1-421 བ་འདེབས། །དེ་ལྟར་གསོལ་བ་འདེབས་ཞིང་མཆོད་པར་འབུལ། །སྡིག་པ་ཀུན་བཤགས་ དགེ་ལ་རྗེས་ཡིད་རང༌། །ཆོས་འཁོར་བསྐོར་ཞིང་རིང་དུ་བཞུགས་པར་གསོལ། །དགེ་བས་ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །སྐྱེ་དང་སྐྱེ་བར་མི་ཁོམ་གནས་སྤངས་ཏེ། །ཁམས་དྲུག་ ལྡན་པའི་དལ་འབྱོར་ཐོབ་གྱུར་ནས། །སྡིག་པའི་གྲོགས་སྤངས་བཤེས་གཉེན་དམ་པ་དང༌། འབྲལ་མེད་ཆོས་ཀྱི་འཚོ་བས་འཚོ་བར་ཤོག །ལམ་མིན་ལམ་ལོག་ལམ་ལྟར་བཅོས་པ་དང༌། ཡང་དག་ལམ་གྱི་ཟབ་ཁྱད་རྟོགས་གྱུར་ནས། །ཟབ་ལམ་སྟོན་པའི་བླ་མས་འདོམས་པ་ལྟར། ། ཡིད་ཆེས་གསུམ་གྱིས་ཉམས་སུ་ལེན་པར་ཤོག །ཐོག་མ་མེད་ནས་འཁོར་བར་འཁོར་གྱུར་ པའི། །རིགས་དྲུག་ཕ་མར་རྟོགས་པའི་སྙིང་རྗེ་དང༌། བརྩོན་པ་ཆེན་པོས་འགྲོ་ཀུན་མོས་པ་ བཞིན། །ཟབ་ལམ་རྣལ་འབྱོར་དྲུག་ལ་འགོད་པར་ཤོག །མདོར་ན་བདག་གིས་བྱ་བ་གང་ བྱས་པ། །ཐམས་ཅད་འགྲོ་བའི་དོན་དུ་གྱུར་ནས་ནི། །སེམས་ཅན་ཀུན་གྱི་ཉེས་ཀུན་རབ་ སྤངས་ཏེ། །ཡོན་ཏན་རྫོགས་པའི་སངས་རྒྱས་ཉིད་གྱུར་ཅིག །དེ་ནས་བླ་མ་རང་ལ་བསྟིམ་ པར་བྱའོ། །ལུགས་གཅིག་ལ། ཀུན་མཁྱེན་དོལ་པོ་ཡན་གོང་དང་འདྲ་བ་ལ། པཎ་ཆེན་དམ་ པ་བློ་གྲོས་རྒྱལ་མཚན་ཞབས། །མཁས་གྲུབ་ལྷ་ཡི་དབང་པོའི་བློ་གྲོས་ཞབས། །ཕུན་ཚོགས་ འདུས་བཟང་ལེགས་པའི་མཚན་ཅན་ཏེ། །རྩ་རྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། ། ཡང་བརྒྱུད་པའི་གསོལ་འདེབས་གཅིག་ནི། དམ་པ་དང་པོའི་སངས་རྒྱས་ལ་གསོལ་བ་ འདེབས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་འདེབས། །ལོངས་སྐུ་དུས་ཀྱི་འཁོར་ལོ་ལ་ གསོལ་བ་འདེབས། །སྤྲུལ་སྐུ་ཤཱཀྱའི་རྒྱལ་པོ་ལ༴ ཆོས་རྒྱལ་ཉི་ཤུ་རྩ་བཞི་ལ༴ དམ་པ་དུས་ ཞབས་པ་ཆེ་ཆུང་ལ༴ པཎ་ཆེན་ཟླ་བ་མགོན་པོ་ལ༴ མཁས་པ་འགྲོ་སྟོན་ལོ་ཙྪ་ལ༴ མཉམ་མེད་ ལྷ་རྗེ་སྒོམ་པ་ལ༴ འགྲོ་སྟོན་གནམ་ལ་བརྩེགས་པ་ལ༴ ཡུ་མོ་མི་བསྐྱོད་རྡོ་རྗེ་ལ༴ སྲས་མཆོག་ དྷརྨ་ཤྭ་ར་ལ༴ མཁས་པ་ནམ་མཁའ་འོད་ཟེར་ལ༴ སེ་མོ་ཆེ་ནམ་མཁའ་རྒྱལ་མཚན་ལ༴ 5-1-422 འཇམ་སར་ཤེས་རབ་འོད་ཟེར་ལ༴ ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ༴ ཀུན་སྤངས་ཐུགས་རྗེ་ བརྩོན་འགྲུས་ལ༴ བྱང་སེམས་རྒྱལ་པ་ཡེ་ཤེས་ལ༴ མཁས་བཙུན་ཡོན་ཏན་རྒྱ་མཚོ་ལ༴ ཀུན་ མཁྱེན་དུས་གསུམ་རྒྱས་ལ༴ མཁས་གྲུབ་ཕྱོགས་ལས་རྣམ་རྒྱལ་ལ༴ མཚུངས་མེད་ཉ་དབོན་ ཀུན་དགའ་ལ༴ གྲུབ་ཆེན་ཀུན་དགའ་བློ་གྲོས་ལ༴ འཇམ་དབྱངས་དཀོན་མཆོག་བཟང་པོ་ལ་ གསོལ་བ་འདེབས། །ཞེས་པ་འདི་སྣང་ངོ༌། ། ཡང་ཇོ་ནང་མཁན་བརྒྱུད་ནས་དེད་ན། ཀུན་མཁྱེན་ཆེན་པོ་ཡང་གོང་དང་འདྲ་བ་ལ། ཀུན་མཁྱེན་ཆེན་པོས་ཇོ་བོ་བྱང་ཆུབ་ཐུགས་བཟང་རྒྱལ་བ་དཔལ་ལ་གནང༌། དེས་རྒྱལ་སྲས་ ཆོས་དཔལ་མགོན་པོ་ལ། དེས་འདྲེན་མཆོག་ཤེས་རབ་བཟང་པོ་ལ་གནང༌། དེས་བདག་གི་ རྩ་བའི་བླ་མ་དཀོན་མཆོག་བཟང་པོ་ལ་གནང་ནས། གསོལ་འདེབས་གཉིས་པོ་འདི་མཛད་ པའང་ཡིན་ཅིང༌། ལུང་ཡང་ཐོབ་པོ། 5-1-423 ༄༅། །རྡོ་རྗེ་ཤུགས་དང་རྡོ་རྗེ་འཇིགས་བྱེད་ཀྱི་ཤན་འབྱེད་ བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །དཔལ་ དུས་ཀྱི་འཁོར་ལོའི་སྲུང་འཁོར་གྱིས་སྐབས་སུ་ཡེ་ཤེས་པ་དགུག་གཞུག་དང༌། དབང་བསྐུར་ མཛད་པའི་ལུགས་མང་པོ་ཡོད་པ་ནི་རྒྱུད་འགྲེལ་གྱི་དགོངས་པ་མ་ཡིན་ཏེ། སྲུང་འཁོར་གྱི་ སྐབས་སུ་དེ་དག་བྱ་བར་མ་གསུངས་པའི་ཕྱིར་རོ། །རྒྱུ་མཚན་གཞན་ཡང༌། དབང་ལེའི་ འགྲེལ་པར། སྔགས་དགོད་པའི་སྐབས་སུ། དེ་ནས་དེའི་སྟེང་དུ་རྒྱུད་ལ་ལྷག་པར་མོས་པས་ བདག་ཉིད་ཁྲོ་བོའི་དབང་པོར་བསྒོམ་པར་བྱ་སྟེ་ཞེས་གསུངས་པས། རང་ལ་དོན་དམ་ཆོས་ ཉིད་ཀྱི་ཁྲོ་བོ་རྡོ་རྗེ་ཤུགས་ཡེ་ནས་བཞུགས་པ་དེ་ལ་མོས་པ་བྱས་པས་ཆོག་གི་ཡེ་ཤེས་པ་ལ་ སོགས་ནས་སྤྱན་དྲངས་མི་དགོས་པར་གསལ་བ་ཡིན་ནོ། །སྒྲུབ་ལེར་ལས་སྣ་ཚོགས་སྒྲུབ་ པའི་སྐབས་སུ་རྡོ་རྗེ་ཤུགས་བསྒོམ་པ་ན་ཡེ་ཤེས་དགུག་གཞུག་བྱ་བར་གསུངས་པ་ནི་རྡོ་རྗེ་ ཤུགས་ལ་སྒྲུབ་ཐབས་བསྒོམ་པའི་དངོས་གཞི་བྱེད་པའི་སྐབས་ཡིན་པས་ཡེ་ཤེས་དགུག་ གཞུག་དགོས་པ་ཡིན་ཞིང༌། སྲུང་འཁོར་ནི་སྔོན་འགྲོའི་བསྒོམ་པ་གནས་བསྲུང་ཞིང་བགེགས་ ལ་ཕུར་བུ་གདབ་པའི་དོན་ཙམ་ཡིན་པས། ཡེ་ཤེས་པ་དགུག་གཞུག་སོགས་བྱ་མི་དགོས་ སོ། །རྡོར་སྙིང་འགྲེལ་པར་ཡང༌། སྲུང་འཁོར་ལ་ཡེ་ཤེས་པ་དགུག་གཞུག་སོགས་བྱ་བར་མ་ གསུངས་ཏེ། རྩ་རྒྱུད་ཀྱི་ལུང་དྲངས་པ་ཉིད་ལ་གསལ་བར་ཡོད་དོ། །དེས་ན་གང་དུ་ཡེ་ཤེས་ པ་དགུག་གཞུག་སོགས་བྱ་དགོས་པ་དེར་བྱ་བར་གསུངས་ལ་བྱ་བར་མ་གསུངས་པ་དེར་བྱ་ 5-1-424 མི་དགོས་ཏེ་ལུང་ཉིད་ཚད་མ་ཡིན་པའི་ཕྱིར་རོ། །འོ་ན་དབང་ལེའི་མལ་སྟན་ལྷག་གནས་ཀྱི་ མཚན་མ་ངན་ན་བསལ་བའི་སྐབས་སུ། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་དམིགས་པའི་ སྐབས་སུ་ཡེ་ཤེས་པ་དགུག་གཞུག་དང༌། དབང་བསྐུར་བར་ཡང་གསུངས་པ་དང་མི་འགལ་ ལམ་སྙམ་ན། སྐབས་དེ་ནི་སྲུང་འཁོར་བསྒོམ་པའི་སྐབས་མ་ཡིན་གྱི། སྲུང་འཁོར་གྱི་བྱ་བ་ རྣམས་གོང་དུ་རྫོགས་པར་གསུངས་ནས། འདི་ནི་མལ་སྟན་ལྷག་གནས་ཀྱི་སྐབས་སུ་མཚན་ མ་ངན་པ་བསལ་བའི་ཕྱིར། སྔར་བསྟན་པའི་སྲུང་འཁོར་ཙམ་གྱིས་བགེགས་བསལ་བ་མ་ ནུས་པ་ན། ཡང་སྲུང་འཁོར་བསྒོམ་པ་སྔོན་དུ་བཏང་ནས་དངོས་གཞི་ལ་དུས་འཁོར་རབ་ཏུ་ཁྲོས་པ་ རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་བསྒོམས་ཏེ་དེ་ལ་ཡེ་ཤེས་པ་དགུག་གཞུག་དང་དབང་བསྐུར་ བ་ཡང་བྱ་བར་གསུངས་ལ་དབང་ཡང་བདག་འཇུག་ལྟ་བུ་ཅིག་བྱ་བར་བཤད་དོ། །རྡོ་རྗེ་ འཇིགས་བྱེད་ཀྱི་རྣལ་འབྱོར་ལ་དམིགས་པ་འདི་ནི། སྲུང་འཁོར་བསྒོམ་པ་ཙམ་མ་ཡིན་པར། སྐབས་དེ་ཉིད་དུ་གསལ་བར་འབྱུང་སྟེ་སྲུང་འཁོར་བསྒོམས་ནས་རྡོ་རྗེ་མཁའ་འགྲོ་རྣམས་ ལ་གཏོར་མ་སྦྱིན་པར་གསུངས་པའི་རྗེས་སུ། དེ་ནས་བདུད་དང་བགེགས་ཀྱིས་ཉེ་བར་ འཚེ་བ་ཞི་བར་བྱ་བའི་སླད་དུ་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་རྡོ་རྗེ་འཇིགས་བྱེད་ཀྱི་ རྣལ་འབྱོར་ལ་དམིགས་པར་བྱ་སྟེ་ཞེས་གསུངས་པས་ཤེས་སོ། །དེ་ལྟ་མ་ཡིན་ན་སྲུང་འཁོར་ བསྒོམ་པ་སྔོན་དུ་བཏང་ནས་ཡང་སྲུང་འཁོར་བསྒོམ་ཞེས་པར་འགྱུར་བས་ཟློས་པའི་སྐྱོན་དུ་ འགྱུར་རོ། །དེས་ན་སྲུང་འཁོར་གྱི་སྐབས་སུ་ནི་ཡེ་ཤེས་པ་དགུག་གཞུག་བྱ་མི་དགོས་པ་དང༌། སྐབས་ལ་ལར་ཡེ་ཤེས་པ་དགུག་གཞུག་བྱས་ནས། དབང་བསྐུརུ་བྱ་མི་དགོས་པ་དང༌། སྒྲུབ་ ཐབས་དངོས་གཞི་ལ་དབང་བསྐུར་གྱི་བར་དུ་བྱ་བ་སོགས་མི་འདྲ་བ་ཡོད་མོད། འདིར་སྲུང་ འཁོར་ལ་ཡང་ཡེ་ཤེས་པ་དགུག་གཞུག་སོགས་བྱེད་པ་རྣམས་ནི། བསྡུས་རྒྱུད་པའི་ལད་མོ་ 5-1-425 ལ་དགྱེས་པ་ཙམ་དུ་ཟད་དོ། ། གཞན་ཡང༌། སྲུང་འཁོར་གྱི་སྐབས་སུ་རྐང་བ་བཅུ་དྲུག་པ་དང༌། བདུན་ཅུ་རྩ་གཉིས་ པའི་བཟླས་པ་ཡང་བྱ་མི་དགོས་ཏེ། ཀྱཻའི་རྡོ་རྗེའི་ཨཥ་ྟདང་མཚུངས་པར་སྒྲུབ་ཐབས་དངོས་ གཞིའི་བཟླས་པར་བྱ་དགོས་སོ། །སྲུང་འཁོར་ལ་ནི་བགེགས་ལ་ཕུར་བུས་གདབ་པ་དང་ཐོ་ བས་ཕུར་བུ་བརྡུང་བ་ཙམ་གྱིས་ཆོག་སྟེ། བདུད་དང་བགེགས་དང་ལོག་འདྲེན་རྣམས་ཕུར་ བུས་གདབ་པའི་དོན་དང༌། གནས་སྲུང་བའི་དོན་དུ་སྔགས་པས་སྲུང་བའི་འཁོར་ལོ་བསྒོམ་ པར་བྱའོ། །ཞེས་གསུངས་པ་ལ། རྡོར་སྙིང་འགྲེལ་པར་ཡང༌། སྲུང་འཁོར་གྱི་སྐབས་སུ་ཕུར་ བུས་གདབ་པ་དང༌། བརྡུང་བ་ཙམ་ལས་མ་གསུངས་པས། དེ་དང་མཚུངས་སོ། །དེ་བཞིན་དུ་ ཕྱག་རྒྱ་དང་མཚོན་ཆ་རྣམས་དགོད་པའི་སྔགས་ཀྱང་མཚན་མ་ངན་པ་བསལ་བའི་སྐབས་སུ་ བྱ་བ་ཡིན་གྱི་སྲུང་འཁོར་གྱིས་སྐབས་སུ་མི་དགོས་པར་ཤེས་པར་བྱའོ། ། དེ་ནས་འཁོར་ལོ་སྡོམ་ཆེན་གྱི་སྐབས་སུ་འབྱུང་བ་ལྟར་དངོས་གཞིའི་བསྒོམ་པ་ལ་དུས་ ཀྱི་འཁོར་ལོ་ཁྲོས་པ་ཁམས་སུམ་རྣལ་རྒྱལ་རྡོ་རྗེ་འཇིགས་བྱེད་དུ་བསྒོམ་པ་ན་རྐང་པ་བཅུ་ དྲུག་པ་དང་བདུན་བཅུ་རྩ་གཉིས་པ་ཟློས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན། འདི་དག་ལ་བཟླས་ པ་བྱེ་བ་དང༌། སྦྱིན་བསྲེག་དེའི་བཅུ་ཆ་བྱ་བར་གསུངས་པ་ཐམས་ཅད་སྲུང་འཁོར་ཁོ་ནའི་ཆོ་ གར་འགྱུར་བ་ལས། སྲུང་འཁོར་ལ་དངོས་གཞིའི་བསྙེན་པ་བྱ་བར་གང་དུ་ཡང་མ་གསུངས་ སོ། ། གཞན་ཡང་རྡོ་རྗེ་ཤུགས་དང་དུས་ཀྱི་འཁོར་ལོ་ཁྲོས་པ་རྡོ་རྗེ་འཇིགས་བྱེད་ཅེས་གསུངས་ པ་གཅིག་ཉིད་དུ་སྔར་བྱོན་པའི་དུས་འཁོར་བ་རྣམས་བཞེད་ནའང༌། ཁོ་བོ་ནི་རྡོ་རྗེ་ཤུགས་ དང་དུས་ཀྱི་འཁོར་ལོ་ཁྲོས་པ་མི་གཅིག་པར་ཁྱད་པར་ཆེན་པོ་ཡོད་ཅིང་རྐང་པ་བཅུ་དྲུག་པ་ ཡང་རྡོ་རྗེ་ཤུགས་ཀྱི་མངོན་རྟོགས་ཇི་ལྟ་བ་མ་ཡིན་པར་འདོད་དེ། དུས་འཁོར་ཁྲོས་པ་ལ་ 5-1-426 རྡོ་རྗེ་འཇིགས་བྱེད་ཅེས་གསུངས་ཀྱིས་རྡོ་རྗེ་ཤུགས་ཅེས་མ་གསུངས་ཤིང༌། རྡོ་རྗེ་ཤུགས་ ལ་སྒྲིབ་པ་ཆ་ཙམ་ལུས་པར་བཤད་ལ་དུས་འཁོར་ལ་དེ་མེད། རྡོ་རྗེ་ཤུགས་ནི་ཡེ་ཤེས་པ་ དགུག་པའི་སྐབས་སུ་ཕྱག་རྒྱ་ལྔ་དང་ལྡན་པ་ཞེས་དང་སྒྲུབ་ལེར་རུས་པའི་ཕྱག་རྒྱ་དང་ཞེས་ ཕྱག་རྒྱ་ལྔ་དང་ལྡན་པ་ལས་མ་བཤད་ལ། རྐང་པ་བཅུ་དྲུག་པར་ཕྱག་རྒྱ་བཅུ་དྲུག་པ་ཐལ་བ་ ཡང་བཤད། རྡོ་རྗེ་ཤུགས་ལ་འབྱུང་པོའི་དབང་པོ་འམ་ཡི་དྭགས་ཀྱི་གདན་ལས་མ་བཤད་ ལ། རྐང་བ་བཅུ་དྲུག་པར་བདུད་དང་དྲག་པོའི་གདན་བཤད། རྐང་པ་བཅུ་དྲུག་པ་ཟློས་པའི་ སྐབས་སུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྔགས་རྐང་པ་བཅུ་དྲུག་པ་ཞེས་བཤད་ཅིང་ དུས་ཀྱི་འཁོར་ལོ་ནི་ས་བཅུ་གཉིས་པ་ཡིན་ལ། རྡོ་རྗེ་ཤུགས་ལ་ཁྲོ་བོའི་དབང་པོ་ཞེས་པ་ལས་ བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞེས་མ་གསུངས་ཤིང༌། སྒྲུབ་ལེར། རང་བཞིན་དུ་བྱང་ ཆུབ་སེམས་དཔའ་རྣམས་ལ་སྒྲིབ་པ་ཅུང་ཟད་ཙམ་གྱི་ཕྱིར་རོ། །དེ་བཞིན་དུ་ཁྲོ་བོའི་དབང་ པོ་རྣམས་ཀྱང་ས་བཅུའི་དབང་ཕྱུག་ཉིད་དུ་གྲུབ་པོ་ཞེས་གསུངས་པས་རྡོ་རྗེ་ཤུགས་ས་བཅུ་པ་ ཡིན་པའི་ཕྱིར་རོ། །འོ་ན་འཁོར་ལོ་སྡོམ་པ་ཆེན་པོའི་སྐབས། གཉིས་ལྷག་རྒྱལ་པའི་ཕྱག་སྟེ་ སྔར་གསུངས་པའི་རྡོ་རྗེ་ཤུགས་སོ་ཞེས་དང༌། སྒྲུབ་ལེར་རྡོ་རྗེ་ཤུགས་ཀྱིས་ཡུམ་ཕྱག་གཉིས་ མར་གསུངས་པ་དང་འགལ་ལོ་ཞེ་ན། སྔ་མ་ནི་རྡོ་རྗེ་ཤུགས་དང་འདྲ་བ་ལ་རྡོ་རྗེ་ཤུགས་སོ་ ཞེས་གསུངས་པ་ཡིན་ལ། གཉིས་པ་ཡང་སྣ་ཚོགས་ཡུམ་དང་འདྲ་བ་ཙམ་ལ་སྣ་ཚོགས་ཡུམ་ ཞེས་གསུངས་པ་སྟེ། དེ་དག་དངོས་ཡིན་ན། འཁོར་ལོ་སྡོམ་ཆེན་ནི་དཔལ་དུས་ཀྱི་འཁོར་ལོ་ ཧེ་རུ་ཀ་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གསུངས་ལ། རྡོ་རྗེ་ཤུགས་ནི་ཁྲོ་བོའི་དབང་པོ་ས་བཅུ་ པ་སྒྲིབ་པ་ཆ་ཙམ་ལུས་པ་ཡིན་པར་གསུངས་པས་གནོད་ཅིང༌། སྒྲུབ་ལེར། སངས་རྒྱས་ཡབ་ ཡུམ་རྣམས་དང་སེམས་དཔའ་ཡབ་ཡུམ་དང་ཁྲོ་བོ་ཡབ་ཡུམ་རྣམས་རིགས་དང་རིགས་ཅན་ ཡབ་སྲས་དང་ཡུམ་སྲས་སུ་སྦྱོར་བའི་སྐབས་སུ། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དང་རྒྱལ་བའི་ 5-1-427 བདག་པོར་འགྱུར་ཏེ་ཀུན་ཏུ་བཟང་པོ་དེ་ཉིད་དོ། །ཞེས་རྡོ་རྗེ་ཤུགས་སེམས་དཔའི་ཟླ་ལ་སྦྱར་ ཏེ་རྡོ་རྗེ་ཤུགས་དང་ཀུན་ཏུ་བཟང་པོ་གཉིས་རྡོ་རྗེ་སེམས་དཔའི་རིགས་ཅན་རྡོར་སེམས་ཀྱི་ སྲས་པོར་བཤད་པ་དང༌། ཡུམ་དང་ཁྲོ་མོའི་དབང་པོའི་ཕྱག་རྒྱར་འགྱུར་ཏེ་རིགས་ཀྱི་དབང་ གིས་སྒྲ་ཡི་རྡོ་རྗེ་དེ་བཞིན་ཉིད། ཅེས་སྣ་ཚོགས་ཞེས་ཡུམ་ཡིན་ལ། རྡོ་རྗེ་ཤུགས་ཀྱི་ཡུམ་ནི་ དེའི་རིགས་ཅན་སྲས་མོར་སྒྲ་རྡོ་རྗེ་མ་དང་འདྲ་བར་གསུངས་པས་གནོད་དོ། །འོ་ན་རྡོ་རྗེ་སྙིང་ འགྲེལ་པར། མཆོད་བརྗོད་ཀྱི་སྐབས་སུ། ཉོན་མོངས་ཤེས་བྱ་བསྡུས་དང་སྦྱོར་བ་བྲང་འགྲོ་ ཕྱག་རྒྱ་སྟག་གིས་ལྤགས་པ་ཡིས། །གང་ལ་བདུད་སོགས་སྒྲིབ་རྣམས་ཆ་ཙམ་ལྟ་བུར་སེམས་ ཅན་དོན་དུ་རྒྱན་དེ་ལ། །ཞེས་ཀྱཻའི་རྡོ་རྗེའི་གླུ་ཡི་རྒྱན་དང་སྟག་ལྤགས་ཀྱང་སྒྲིབ་པ་ཆ་ཙམ་ ལུས་པ་ལ་སྦྱར་བ་བཞིན། འདིར་ཡང་དུས་ཀྱི་འཁོར་ལོ་ཁྲོས་པ་ལ་ཡང་སྒྲིབ་པ་ཆ་ཙམ་ཡོད་ པར་སྟོན་པ་ཡིན་ལ། ཡང་རྡོར་སྙིང་འགྲེལ་པར། སྲུང་འཁོར་གྱི་གཙོ་བོ་ལ། འཁོར་ལོའི་གཙོ་ བོ་ནི་རྡོ་རྗེ་ཧཱུཾ་མཛད་དེ་དེ་ཡང་ཀྱཻའི་རྡོ་རྗེ་ཕྱག་དྲུག་པའོ། །ཞེས་སྲུང་འཁོར་གྱི་གཙོ་བོ་ཀྱཻའི་རྡོ་ རྗེ་ཉིད་ཡིན་པར་གསུངས་པ་ལྟར། འདིར་ཡང་སྲུང་འཁོར་གྱི་གཙོ་བོ་ལ། རྡོ་རྗེ་ཤུགས་དེ་དུས་ ཀྱི་འཁོར་ལོ་ཉིད་མ་ཡིན་ནམ་སྙམ་ན། རྡོར་སྙིང་འགྲེལ་པར་ནི། ཀྱཻའི་རྡོ་རྗེ་ས་བཅུ་གཉིས་ཀྱི་ དབང་ཕྱུག་ཉིད་ལ་གཞན་དོན་དུ་སྒྲིབ་པ་ཆ་ཙམ་ཡོད་པ་ལྟ་བུར་སྦྱར་གྱི་སྒྲིབ་པ་ཆ་ཙམ་ཡོད་ པ་ཉིད་དུ་མ་བཤད་ལ། འདིར་ནི་རྡོ་རྗེ་ཤུགས་ཁྲོ་བོའི་དབང་པོ་ཡིན་ཞིང་ཁྲོ་བོའི་དབང་པོ་ རྣམས་ས་བཅུ་པ་སྒྲིབ་པ་ཆ་ཙམ་དང་བཅས་པ་ཉིད་དུ་བསྟན་པ་ཡིན་པས་མི་མཚུངས་ཤིང༌། ཡང་ཀྱཻའི་རྡོ་རྗེའི་རྒྱུད་དུ་ཁམས་སུམ་རྣམ་རྒྱལ་མིང་གཞན་རྡོ་རྗེ་ཧཱུཾ་མཛད་ཅེས་པ་ལས་གཞན་ པའི་ཁྲོ་བོ་བཅུ་གཅིག་པ་མ་གསུངས་པས། རྡོ་རྗེ་ཧཱུཾ་མཛད་ཀྱཻའི་རྡོ་རྗེ་དང་ཐ་མི་དད་པ་དེ་ཉིད་ སྲུང་འཁོར་གྱི་གཙོ་བོར་བཀོད་པ་ཡིན་ལ། འདིར་ནི་དུས་ཀྱི་འཁོར་ལོ་ཁམས་གསུམ་རྣམ་ རྒྱལ་ལས་གཞན་པའི་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་གསུངས་པས། རྡོ་རྗེ་ཤུགས་སྲུང་འཁོར་ 5-1-428 གྱི་གཙོ་བོར་བསྟན་ཞིང་དུས་འཁོར་ཁམས་གསུམ་རྣམ་རྒྱལ་ཉིད་སྲུང་འཁོར་གྱི་གཙོ་བོར་ མ་བསྟན་པས་དེ་དག་ནི་མི་མཚུངས་པར་ཤེས་པར་བྱའོ། །འདི་དག་གི་ཁྱད་པར་ནི། དབང་ ལེར། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ ཀྱི་འཁོར་ལོ་ཐོད་པ་ཅན། །ཁམས་གསུམ་རྣམ་རྒྱལ་ལ་བཏུད་དེ། །ཞེས་པ་དང༌། སྒྲུབ་ལེར། རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམ་ཀྱིས་གཙོ། །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ ནས། །སྒྲུབ་ཐབས་སྣ་ཚོགས་བཤད་པར་བྱ། །ཞེས་གསུངས་པས་ཀྱང་ཤེས་ལ། དབང་ལེར། ཕྱག་རྒྱ་རྣམས་བཅིང་བ་སྟོན་པའི་སྐབས་སུ་ཡང༌། ལག་པ་དག་གིས་རྡོ་རྗེ་བཅིང་པ་ཡིས་ནི་ ངེས་པར་ཁྲོ་བོའི་མགོན་པོ་ཆེན་པོའི་ཕྱག་རྒྱར་འགྱུར། །མཛུབ་མོ་ཐོག་མཐའ་བཅིང་ཤིང་ ཁུ་ཚུར་བཅིངས་པས་གཙོ་བོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་ཉིད། །ཅེས་པའི་འགྲེལ་ པར། ཁྲོ་བོའི་མགོན་པོ་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་དང༌། གཙོ་བོ་ཁམས་སུམ་རྣམ་རྒྱལ་གྱི་ཕྱག་ རྒྱ་གཉིས་མི་འདྲ་བར་གསུངས་པས། ཁམས་གསུམ་རྣམ་རྒྱལ་རྡོ་རྗེ་འཇིགས་བྱེད་ནི་དུས་ཀྱི་ འཁོར་ལོ་ས་བཅུ་གཉིས་པ་ཉིད་ཡིན་པ་དང༌། རྡོ་རྗེ་ཤུགས་ཀྱི་ཁྲོ་བོའི་དབང་པོ་ས་བཅུ་པའི་ རྣམ་པ་ཡིན་པར་ཤེས་པར་བྱའོ། །འོན་ཀྱང་འདི་དག་ཕལ་ཆེར་འདྲ་བས་རྡོ་རྗེ་འཇིགས་བྱེད་ དང་སྡོམ་ཆེན་གཉི་གའི་མངོན་རྟོགས། སྒྲུབ་ལེར་རྡོ་རྗེ་ཤུགས་ཀྱིས་མངོན་རྟོགས་བསྟན་པ་ ལ་ཁ་འཕངས་མཛད་དོ། །དེས་ན་ཡང་དག་པར་ནི་འདི་དག་ཐམས་ཅད་དབྱིངས་དང་ཡེ་ ཤེས་དབྱེར་མེད་པའི་སྐུར་རོ་གཅིག་ཀྱང༌། བསྐྱེད་རིམ་བརྟག་བསྒོམ་གྱིས་སྐབས་སུ་རྣམ་ པ་ཅུང་ཟད་མི་འདྲ་བ་འདི་ལྟ་བུའི་རྣམ་པར་དབྱེ་བ་ཡོད་པར་རྒྱུད་འགྲེལ་ཆེན་པོའི་དགོངས་ པར་ཁོ་བོས་རྙེད་དོ། །ཞེས་པ་འདི་ནི་དགེ་སློང་རྡོ་རྗེ་འཛིན་པ་ཆོས་ཀྱི་རྒྱལ་པོ་མིང་གཞན་ ཕྱོགས་ལས་རྣམ་རྒྱལ་གྱིས་རྣམ་པར་ཕྱེ་བའོ།། །། མཾ་གྷ་ལཾ་བྷ་ཝ་ཏུ། 5-1-429 ༄༅། །ཤམ་བྷ་ལའི་བཀོད་པ་གསལ་བར་བྱེད་པ་ ཤམ་བྷ་ལའི་རྒྱན་ཞེས་བྱ་བ་ བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་དམ་པ་དང་དཔལ་དུས་ཀྱི་ལོ་ལ་གུས་པས་ཕྱག་འཚལ་ལོ། ། ལྷ་ཡི་བཀོད་པའི་གྲོང་མཆོག་ཤམ་བྷ་ལར། ། ལྷ་མཆོག་རྣམས་ཀྱིས་གཙུག་གིས་གུས་བསྟེན་ཅིང༌། ། ལྷ་མའི་ཀླ་ཀློའི་ཆོས་ལུགས་མཐར་མཛད་པ། ། ལྷ་ཡི་ལྷར་གྱུར་རྒྱལ་རྣམས་མཉེས་གྱུར་ཅིག ། རིགས་ལྡན་རིགས་གསུམ་མགོན་གྱི་སྤྲུལ་བའི་སྐུ། ། བླ་མེད་བླ་མའི་ཞབས་ལ་གུས་བཏུད་དེ། ། ཐེག་མཆོག་སྔགས་ཀྱི་གནས་མཆོག་ཤམ་བྷ་ལའི། ། གནས་ཚུལ་རྒྱུད་འགྲེལ་དོན་བཞིན་བསྟན་པར་བྱ། ། འདིར་རྡོ་རྗེ་ཐེག་པའི་བསྟན་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཚུལ། སྟོན་པ་པོ་ས་ བཅུའི་དབང་ཕྱུག་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་སེམས་རྣམ་པར་དག་པའི་སྐལ་བ་དང་ ལྡན་པའི་གདུལ་བྱ་དཔག་ཏུ་མེད་པ་ལ་རབ་ཏུ་གསལ་བར་སྟོན་པའི་གནས་ཡོངས་སུ་དག་ པའི་ཞིང་ཤམ་བྷ་ལའི་བཀོད་པ་ལ། བླ་མ་རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་ཅི་རིགས་སྣང་ ན་ཡང༌། བདག་གི་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཉིད་ 5-1-430 ཀྱི་བཞེད་ལུགས་འདི་ཉིད་ཁྱད་པར་དུ་འཕགས་པར་སྣང་ཞིང༌། འདི་ཉིད་གཞིར་བཞག་པའི་ སྟེང་དུ་རྒྱའི་ཚད་ལ་སོགས་པ་མི་འདྲ་བ་ཅུང་ཟད་ཙམ་བདག་གིས་རྒྱུད་འགྲེལ་ཆེན་པོའི་སྟེང་ ནས་གོ་བའི་ཚུལ་བརྗོད་པར་བྱའོ། ། དེ་ལ་ཆོས་ཀྱི་རྗེ་བོའི་བཞེད་པ་ནི། འཇིག་རྟེན་ཁམས་ལེའི་ཚིགས་བཅད་བརྒྱ་ལྔ་བཅུ་པ་ དང༌། བརྒྱ་ལྔ་བཅུ་རྩ་གཅིག་པར་འགྱུར་གསར་པ་ལ། ཆང་དང་ལན་ཚྭའི་ཆུ་གཏེར་དབུས་སུ་ ཐུབ་པ་ས་ཡི་དཀྱིལ་འཁོར་ལ་ནི་ལས་ས་ཡང་དག་གནས། །དཔག་ཚད་འབུམ་ཕྲག་གསུམ་ ལ་ཉི་མའི་དུམ་བུ་རྣམས་སུ་མི་ཡི་བདག་པོ་རིམ་པས་འཁོར་བར་འགྱུར། །དུམ་བུ་གཅིག་ལ་ དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་གཡས་ཀྱི་ཕྱེད་ལ་ཤམ་བྷ་ལར་གྲགས་པ། །ཐུབ་མཆོག་གི་ གནས་གྲོང་ནི་བྱེ་བ་ལྷག་པར་གནས་དེ་ནོར་གྱི་འདབ་མ་རྣམས་དང་བཅས་པ་ཡི། །ཕྱོགས་ རྣམས་ཀུན་ཏུ་མཆོག་གི་གངས་རི་ཡིས་ནི་རྣམས་པར་བསྐོར་ཏེ་དེ་ཡི་དབུས་ན་ཀཻ་ལ་ཤ །ས་ ལ་ཀཻ་ལ་ཤ་ཡི་དུམ་བུ་དེ་ནི་གངས་ཀྱི་རི་དང་བཅས་པས་ཀུན་ནས་སུམ་ཆ་སྟེ། །ཕྱི་རོལ་ཏུ་ནི་ འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་བརྒྱན། །བྱེ་བའི་ གྲོང་གིས་ངེས་པར་བཅིངས་པ་ཡུལ་དུ་འགྱུར་ཏེ་འབུམ་ཕྲག་གྲོང་རྣམས་ཀྱིས་ནི་ཡུལ་འཁོར་ རོ། །ཞེས་པ་དང༌། ཚིགས་བཅད་བརྒྱ་ལྔ་བཅུ་རྩ་བདུན་པར། དཔག་ཚད་བརྒྱ་ལ་མདའ་ཡིས་ བསྒྱུར་བའི་ཚད་དང་ལྡན་པའི་རི་ཡི་ཕྱོགས་བཞི་རྣམས་ནི་བསྐོར་བ་འམ། །ཤམ་བྷ་ལ་ཞེས་ རབ་ཏུ་གྲགས་པའི་ཀ་ལཱ་པར་ནི་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་གིས། །ལྷ་ཡི་དབང་ པོ་རབ་མཆོག་མི་ཡི་དབང་པོར་བཞག་ནས་ཁྱོད་ནི་རང་གི་གནས་སུ་འགྲོ་བར་གྱིས། །ཞེས་ འབྱུང་བའི་ཚིགས་བཅད་དང་པོ་གཉིས་ཀྱིས་ཤམ་བྷ་ལའི་ཆགས་ཚུལ་དང༌། ཕྱི་མའི་རྐང་ པ་གསུམ་པོས་ཤམ་བྷ་ལའི་ཡུལ་སྤྱིའི་མཐའ་སྐོར་གྱི་གངས་རིའི་སྦོམ་གྱི་ཚད་བསྟན་པར་ བཞེད་དོ། ། 5-1-431 དེ་ལ་ཤམ་བྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་དང་བཅས་པ་སྤྱིའི་ཐད་ཀའི་རྒྱ་ལ་འཛམ་གླིང་ ཆུང་ངུའི་ཕྱེད་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ཡོད་ལ། དེ་ཡང་ས་པད་མ་འདབ་ བརྒྱད་ཀྱི་རྣམ་པར་གནས་པའི་དབུས་ཀཻ་ལ་ཤའི་རི་བོ་ཟླུམ་ཞིང་མཐོ་བ་དཔག་ཚད་སྟོང་ཕྲག་ ཕྱེད་དང་བཅུ་གསུམ་སུམ་ཆའི་ཚད་དང་ལྡན་པ་དང༌། པད་འདབ་རྣམས་ཀྱི་ཕྱི་རོལ་ནས་ དཔག་ཚད་ལྔ་བརྒྱའི་ཞིང་དང་ལྡན་པའི་གངས་རིས་ཡོངས་སུ་བསྐོར་བ་དང༌། ཀཻ་ལ་ཤའི་ རི་བོའི་སྟེང་ན་ཤམ་བྷ་ལའི་ཡུལ་གྲོང་བྱེ་བ་ཕྲག་གཅིག་ཡོད་པའི་གཙོ་བོ་རྒྱལ་པོའི་ཕོ་བྲང་ ཀ་ལཱ་པ་དཔག་ཚད་བཅུ་གཉིས་པ་དང༌། དེའི་ལྷོ་ན་མ་ལ་ཡའི་ཚལ་ཤར་ནུབ་ཀྱི་མཚོ་གཉིས་ དང་བཅས་པ་དང༌། པད་འདབ་བཅུ་གཉིས་ལ་གྲོང་བྱེ་བ་ཕྲག་བཅུ་གཉིས་ཡོད་པར་བཞེད་ དོ། ། དེ་ལ་བཀོད་པའི་རྣམ་པ་དེ་ལྟ་བུ་ནི་རྒྱུད་འགྲེལ་གྱི་དགོངས་པར་གསལ་ཞིང་ཤིན་ཏུ་ ལེགས་ནའང༌། རྒྱའི་ཚད་ཧ་ཅང་ཡང་[ཡངས]ཆེས་པར་མངོན་དེ་རྒྱ་ཚད་ཙམ་གྱི་ཡུལ་ནི་ མདོ་སྡེ་ལ་སོགས་པར་ཡང་ཅུང་ཟད་གྲགས་པར་རིགས་པ་ལས་མ་གྲགས་ཤིང༌། ཤམ་བྷ་ ལའི་ཡུལ་སྤྱི་ལ་ཐད་ཀའི་རྒྱར་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ཡོད་ན་དེའི་སུམ་ ཆ་ཀཻ་ལ་ཤའི་རི་བོའི་སྟེང་ལ་ཐད་ཀར་དཔག་ཚད་བཞི་སྟོང་གཅིག་བརྒྱ་དྲུག་ཅུ་རྩ་དྲུག་ཡོད་ དགོས་ལ། མངོན་པ་བའི་དཔག་ཚད་ལས་དུས་འཁོར་གྱི་དཔག་ཚད་ཉིས་འགྱུར་གྱི་ཆེ་ བ་དང༌། མངོན་པ་པའི་དཔག་ཚད་སྟོང་ཕྲག་བརྒྱ་དང་སུམ་བརྒྱ་སོ་གཉིས་ལྷག་པ་གཅིག་ འབྱུང་སྟེ། དེ་ལ་ཉིན་ལམ་བརྩིས་ན་དཔག་ཚད་རེ་ལ་དྲོ་ལམ་དང་དྲོ་ལམ་བཞི་ལ་ཉིན་ལམ་ རེར་བརྩིས་པའི་ཉིན་ལམ་ཉིས་སྟོང་དང་བརྒྱད་ཅུ་རྩ་གསུམ་ཙམ་འབྱུང་ལ། ཀཻ་ལ་ཤའི་རི་ བོའི་སྟེང་གི་ཐད་ཀའི་ཕྱེད་ལ་ཉིན་ལམ་སྟོང་དང་བཞི་བཅུ་རྩ་གཅིག་ཡོད་དགོས་པར་འགྱུར་ ཞིང༌། དེ་ཙམ་ཡོད་ན་ཀཻ་ལ་ཤའི་རི་བོའི་སྟེང་གི་དབུས་ཀ་ལཱ་པའི་གྲོང་ནས་དྲང་སྲོང་རྣམས་ 5-1-432 ཉི་མ་བཅུ་ལ་ནགས་ཚལ་གྱི་ནང་དུ་ཞུགས་པར་གསུངས་པ་དང་མི་འགྲིག་སྟེ། ནགས་ཚལ་ འདི་ཀཻ་ལ་ཤའི་རི་བོའི་སྟེང་གི་མཐའ་ན་ནགས་ཚལ་ཡོད་པ་ལ་བྱེད་ན་མ་ལ་ཡའི་ཚལ་ལ་ འདི་ལུགས་ཀྱི་དཔག་ཚད་བཅུ་གཉིས་དང་མངོན་པ་པའི་དཔག་ཚད་ཉེར་བཞི་སྟེ། དེ་ལ་ཉིན་ ལམ་དྲུག་དང་དེའི་ཕྱི་རོལ་ཉིན་ལམ་བཞིའི་ས་དང་བཅས་པ་ལ་ཉིན་ལམ་བཅུ་འཁོར་ཞིང༌། དེ་ཕན་ཆད་ཉིན་ལམ་སྟོང་དང་སུམ་ཅུ་སོ་གཅིག་གི་ནགས་ཚལ་དུ་ཡོད་དགོས་པར་འགྱུར་བ་ ལས་དེ་ཙམ་ཡོད་པར་མི་རིགས་སོ། ། དེའི་ཡང་ཕྱི་རོལ་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གནས་པའི་པད་འདབ་ཀྱི་ཕྱི་རོལ་གྱི་ ནགས་ཚལ་ལ་བྱེད་ན་ནི་ལྷག་པར་ཡང་མི་འགྲིག་སྟེ། པད་འདབ་ཀྱི་ཐད་ཀའི་རྒྱ་ཀཻ་ལ་ཤའི་ རྒྱ་དང་མཉམ་པས་དེ་ལ་ཉིན་ལམ་ཉིས་སྟོང་དང་བརྒྱད་ཅུ་རྩ་གསུམ་དང་ཀཻ་ལ་ཤའི་སྟེང་གི་ ཕྱེད་ལ་ཉིན་ལམ་སྟོང་དང་བཞི་ཅུ་རྩ་གཅིག་སྟེ་དེ་གཉིས་སྡོམ་པས་ཀཻ་ལ་ཤའི་དབུས་ནས་ པད་འདབ་ཀྱི་མཐའི་བར་གྱི་ས་ལ་ཉིན་ལམ་སུམ་སྟོང་དང་བརྒྱ་ཉེར་བཞི་ཡོད་དགོས་པས་དེ་ ཙམ་ཞིག་ཉི་མ་བཅུ་གཉིས་བགྲོད་པ་མི་འཐད་ཅིང་རྫུ་འཕྲུལ་དང་ལྡན་ན་ནི་ཉི་མ་བཅུ་ཡང་ མི་འགོར་བའི་ཕྱིར་རོ། ། གཞན་ཡང་པད་འདབ་ཀྱི་གྲོང་རྣམས་ན་ཀཻ་ལ་ཤའི་རི་བོའི་སྟེང་དུ་རིགས་ལྡན་གྱི་དྲུང་ དུ་ཆོས་ཉན་དུ་འགྲོ་བ་ལ་ཐག་ཧ་ཅང་རིང་པའི་སྐྱོན་ཡང་ཡོད་དོ། །དེ་བཞིན་དུ་པད་འདབ་ བརྒྱད་ཀྱི་མཐའ་སྐོར་གྱི་གངས་རིའི་སྦོམ་ལ་དཔག་ཚད་ལྔ་བརྒྱ་ཡོད་པ་ནི་ཧ་ཅིང་ཡང་སྦོམ་ ཞིང༌། ཀ་ལཱ་པའི་གྲོང་དཔག་ཚད་བཅུ་གཉིས་པ་རྒྱལ་པོའི་ཕོ་བྲང་ཉིད་ཡིན་པར་བཞེད་པ་ ཡང་ཡུལ་དང་དུས་ཀྱི་དབང་གིས་ཆེས་པར་མངོན་ལ། དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོ་ ཡང་ཀ་ལཱ་པའི་གྲོང་ཁྱེར་ན་གནས་པར་གསུངས་པས་རྒྱུད་འགྲེལ་གྱི་དགོངས་པར་མི་གསལ་ ལོ། ། 5-1-433 དེས་ན་འདི་ལྟར་ཤེས་པར་བྱ་སྟེ། ཤོང་གི་འགྱུར་ལ། ཆང་དང་ལན་ཚཱའི་ཆུ་གཏེར་ དབུས་སུ་ཐུབ་པ་ས་ཡི་དཀྱིལ་འཁོར་ལ་ནི་ལས་ས་ཡང་དག་གནས། །དཔག་ཚད་འབུམ་ ཕྲག་གསུམ་ལ་ཉི་མའི་དུམ་བུ་རྣམས་སུ་མི་ཡི་བདག་པོ་རིམ་པར་འཁོད་པར་འགྱུར། །དུམ་ བུ་གཅིག་ལ་དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་ནོར་གྱི་འདབ་མ་དག་དང་བཅས་པའོ། །དེ་ ཡི་དབུས་ན་ཀཻ་ལ་ཤ་སྟེ་མཆོག་གི་གངས་རི་ཡིས་ནི་ཕྱོགས་རྣམས་ཀུན་ཏུ་བསྐོར་བའོ། །ས་ ལ་ཀཻ་ལ་ཤ་ཡི་དུམ་བུ་གངས་ཀྱི་རི་དང་བཅས་པ་དེ་ནི་ཀུན་ནས་སུམ་ཆ་སྟེ། །ཕྱི་རོལ་ཏུ་ནི་ འདབ་མ་རེ་རེ་དག་ཀྱང་ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་བརྒྱན། །གཡས་ཀྱི་ ཕྱེད་ན་ཤམ་བྷ་ལར་གྲགས་ཐུབ་མཆོག་གི་གནས་གྲོང་ནི་བྱེ་བ་ལྷག་པར་གནས་པ་སྟེ། །བྱེ་ བའི་གྲོང་གིས་ངེས་པར་བཅིངས་པ་ཡུལ་དུ་འགྱུར་དེ་རྒྱལ་ཁམས་གྲོང་ནི་འབུམ་ཕྲག་རྣམས་ ཀྱིས་སོ། །ཞེས་པས་ཡུལ་གྱི་ཆགས་ཚུལ་བསྟན་ལ། དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་ དག་གིས་ཤམ་བྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པ། །ཕྱོགས་བཞི་དག་ནི་རི་ཡིས་བསྐོར་ ཞིང་མདའ་ཡིས་བསྒྱུར་བ་བརྒྱ་ཡི་དཔག་ཚད་རྣམས་ཀྱི་ཚད་དུ་ནི། །ཞེས་གསུངས་པས་ཚད་ བསྟན་པ་ཡིན་ཞིང༌། སྐབས་འདིར་འགྱུར་འདི་ཉིད་ལེགས་པས་འདིའི་ལུགས་ལྟར་རྣམ་ པར་བཤད་པ་ནི། གླིང་བདུན་པ་འཛམ་གླིང་ཆེན་པོ་ས་དུམ་བུ་བཅུ་གཉིས་པོ་རྣམས་ལ་མི་ བདག་སྟེ་རིགས་ལྡན་འཁོར་ལོ་ཅན་དྲག་པོས་འཛམ་གླིང་ཆུང་ངུ་འདིར་ཀླ་ཀློ་བཅོམ་ནས་ མགོ་[འགོ་]བརྩམས་ཏེ་རིམ་པ་ལྟར་ཀླ་ཀློ་འཇོམས་པའི་དོན་དུ་རིགས་ལྡན་འཁོར་ལོ་ཅན་ དེ་ཉིད་ཡང་དང་ཡང་དུ་སྐྱེ་བ་བསྟན་པའི་ཚུལ་གྱིས་མིའི་ལོ་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་བར་ དུ་འཁོར་བར་འགྱུར་རོ། ། དུམ་བུ་གཅིག་ལྷོ་འཛམ་བུའི་གླིང་ཆུང་ངུ་ལ་ཞིང་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཡོད་ ཅིང་འདི་ལ་ནོར་གྱི་འདབ་མ་དག་དང་བཅས་པ་ཞེས་པ་ནི་འཛམ་གླིང་ཆུང་ངུ་འདི་ལ་པད་མ་ 5-1-434 འདབ་བརྒྱད་ལྟ་བུས་བསྐོར་ཡོད་ཅེས་པ་མ་ཡིན་གྱི། ནོར་གྱི་འདབ་མ་དག་ཅེས་པ་འདིས་ ཤམ་བྷ་ལའི་ཡུལ་བསྟན་པ་ཡིན་པས་ཤམ་བྷ་ལའི་ཡུལ་དང་བཅས་པའོ། །ཞེས་སྦྱར་རོ། ། ཡུལ་དེ་ཆུ་བོ་ཤི་ཏའི་བྱང་ན་ཡོད་པར་བཤད་ཅིང་ཆུ་བོ་དེ་ཡང་བོད་ཁ་བ་ཅན་གྱི་བྱང་ན་ ཡོད་པར་བཤད་པས། ཡུལ་དེ་འཛམ་གླིང་ཆུང་ངུ་འདིའི་བྱང་ན་ཡོད་པར་བསྟན་ཏོ། །དེ་ཡང་ ཉིན་མཚན་འཕེལ་འགྲིབ་ཀྱི་ཁྱད་པར་བུ་སྟོན་པའི་སྐབས་སུ་འཛམ་གླིང་ཆུང་ངུའི་ལྷོ་ཕྱོགས་ ནས་བཟུང་སྟེ་ལྷུན་པོ་ལ་བསྐོར་བའི་རི་དྲུག་པ་བྱང་གངས་ལྡན་ཆེན་པོའི་བར་དུ་ས་དུམ་བུ་ དྲུག་ཏུ་བྱས་པའི་དུམ་བུ་རེ་ལ་འཕགས་པའི་ཡུལ་དང༌། བོད་ཡུལ་དང༌། ལི་ཡུལ་དང༌། རྒྱ་ ནག་དང༌། ཀཻ་ལ་ཤའི་བྱང་རྣམས་རིམ་པ་བཞིན་དུ་ཡོད་པ་ལ། ཉིན་ཞག་གཅིག་གི་བཅུ་ཆ་ ནས་ལྔ་ཆའི་བར་ཉིན་མཚན་འཕེལ་འགྲིབ་བྱེད་པར་གསུངས་ལ། ལི་དང་རྒྱ་ནག་གཉིས་ བོད་ཀྱི་བྱང་དྲང་ཐད་ན་གནས་ཀྱང༌། ལི་ཡུལ་ནི་བོད་ཡུལ་གྱི་བྱང་དྲང་ཐད་ཀྱི་སའི་དུམ་བུའི་ ནུབ་ཕྱོགས་ན་ཡོད་པར་ལི་ལུང་བསྟན་གྱི་མདོ་ཉིད་ན་གསལ་ཞིང༌། བོད་ཡུལ་ཆོས་རྒྱལ་སྲོང་ བཙན་སྒམ་པོ་ལ་སོགས་པའི་དུས་སུ་ལྷ་གཡངས་?ཚུལ་གྱི་ལོ་རྒྱུས་ལས་ཀྱང་གསལ་ལོ། ། རྒྱ་ནག་ནི། དེའི་བྱང་གི་སའི་དུམ་བུའི་ཤར་ན་ཡོད་པར་གསལ་ལ། དེའི་ཡང་བྱང་གི་ སའི་དུམ་བུ་ལ་ཀཻ་ལ་ཤ་ཡོད་པས། ཀཻ་ལ་ཤའི་དུམ་བ་བུ་ཞེས་གསུངས་ཏེ། དུམ་བུ་དེ་ལ་ ཤམ་བྷ་ལའི་ཡུལ་ཡོད་དོ། །དེ་ཡང་ཡུལ་དེ་རྣམས་ཀྱི་རྒྱ་ལ་སའི་དྲུག་ཆ་རེ་རྫོགས་པར་ཡོད་ པ་མ་ཡིན་གྱི་སའི་དྲུག་ཆ་རེ་ངོས་འཛིན་པའི་དོན་དུ་ཡུལ་དེ་རྣམས་ཀྱིས་པདྨོས་པ?་ཡིན་ ནོ། །ཤམ་བྷ་ལའི་ཡུལ་དེ་ནི་ས་པད་མ་འདབ་བརྒྱད་ཀྱི་རྣམ་པར་ཡོད་ལ་འདབ་མ་བརྒྱད་ཀྱི་ དབུས་ན་ཀཻ་ལ་ཤའི་རི་བོ་འདབ་མ་མཐའ་མ་གངས་རིས་བསྐོར་བ་པད་མ་འདབ་བརྒྱད་ལྟ་ བུ་དེའི་སུམ་ཆའི་ཚད་དང་ལྡན་ཞིང་པད་མའི་ལྟེ་བའི་རྣམ་པར་གནས་པ་ཡིན་ནོ། །ཀཻ་ལ་ཤའི་ ཕྱི་རོལ་ན་ས་པད་མ་འདབ་བརྒྱད་འདབ་མ་ལྟ་བུ་རེ་ལ་ཡུལ་ཆེན་པོ་བཅུ་གཉིས་བཅུ་གཉིས་ 5-1-435 ཡོད་ལ། ཡུལ་ཆེན་པོ་རེ་རེ་ལ་གྲོང་བྱེ་བ་ཕྲག་རེ་རེ་སྟེ་སྤྱིར་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ དང༌། གྲོང་འབུམ་ཕྲག་རེ་ལ་རྒྱལ་ཁམས་[ ]གྲོང་ཞེས་བཤད་དོ། །གཡས་ཀྱི་ཕྱེད་ན་ཞེས་ པ་ནི་ཀཻ་ལ་ཤའི་རི་བོའི་སྟེང་ཕྱེད་མར་བྱས་པའི་ཕྱེད་གཡས་ཕྱོགས་བྱང་སྟེ་གཡས་ཞེས་པ་ གཡས་སྐོར་བྱེད་པའི་ལུགས་ཀྱིས་གཡས་བྱང་ཕྱོགས་ཡིན་ལ། དེ་ན་ཤམ་བྷ་ལ་ཞེས་གྲགས་ པ་ཐུབ་པ་མཆོག་ས་བཅུའི་དབང་ཕྱུག་ཆེན་པོ་ཆོས་རྒྱལ་རིགས་ལྡན་རྣམས་ཀྱིས་བཞུགས་ གནས་གྲོང་བྱེ་བ་ཕྲག་གཅིག་ཡོད་པ་གནས་སོ། ། ལྷག་པར་ཞེས་སྨོས་པ་ནི་ཤམ་བྷ་ལ་གྲོང་བྱེ་བ་ཕྲག་གཅིག་པོ་དེ་གྲོང་བྱེ་བ་དགུ་བཅུ་རྩ་ དྲུག་ལས་ལྷག་པོར་ཡོད་པ་བསྟན་པ་སྟེ། སྤྱིར་ནི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་བདུན་ཡོད་པ་ ཡིན་ནོ། །དེ་ལ་ལྟེ་བ་ཀཻ་ལ་ཤའི་རི་བོ་ས་པདྨ་འདབ་བརྒྱད་ཀྱི་རྣམ་པས་བསྐོར་བ་དང་བཅས་ པ་སྤྱིའི་ཚད་ནི། ཤམ་བྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པ་ཕྱོགས་བཞི་དག་ནི་རི་ཡིས་ བསྐོར་ཞིང་མདའི་བསྒྱུར་བ་བརྒྱའི་དཔག་ཚད་དུ་ནི་ཞེས་པ་འདིས་བསྟན་པ་ཡིན་ཏེ། ཤམ་ བྷ་ལ་ཞེས་པ་ཀཻ་ལ་ཤའི་རི་བོའི་སྟེང་གི་ཡུལ་ཡིན་ཡང༌། གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ པོ་ཐམས་ཅད་ལ་ཤམ་བྷ་ལ་ཞེས་བརྗོད་པ་ནི་གཙོ་བོའི་མིང་གིས་སྨོས་པ་ཡིན་ལ། ཤམ་བྷ་ ལའི་ཡུལ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་བཅས་པ་གནས་པའི་ས་པདྨ་འདབ་བརྒྱད་ལྟ་བུའི་ ཕྱི་རོལ་ཡང་གངས་རི་ལ་སོགས་རི་ཡིས་བསྐོར་ཡོད་ཅིང༌། དེའི་ཐད་ཀའི་རྒྱ་ལ་དཔག་ཚད་ ལྔ་བརྒྱ་སྟེ་མངོན་པ་པའི་དཔག་ཚད་སྟོང་དང་མཐའ་སྐོར་གྱི་རྒྱ་ལ་དཔག་ཚད་ཕྱེད་དང་ཉིས་ སྟོང་སྟེ་མངོན་པ་པའི་དཔག་ཚད་སུམ་སྟོང་ཡོད་དོ། །ཐད་ཀའི་དཔག་ཚད་ལྔ་བརྒྱ་ལ་གསུམ་ གྱི་བགོས་པས་དཔག་ཚད་བརྒྱ་དང་དྲུག་ཅུ་རྩ་དྲུག་ཐོབ་པ་ནི། དབུས་ཀྱི་ལྟེ་བ་ལ་ཀཻ་ལ་ཤ་ དང༌། པད་འདབ་སོ་སོའི་ཚད་ཡིན་ལ་ལྷག་མ་དཔག་ཚད་གཉིས་པོ་ནི་མཐར་སྐོར་གྱི་རིའི་ ཕྱོགས་རེའི་ཚད་ཡིན་ནོ། །ཀཻ་ལ་ཤའི་རི་བོའི་སྟེང་གི་མཐའ་སྐོར་གྱི་གངས་རིའི་སྦོམ་ལ་ཡང་ 5-1-436 དཔག་ཚད་གཅིག་ཙམ་ཡོད་ཅིང༌། ཕྱོགས་བཞི་དག་ནི་རི་ཡིས་བསྐོར་ཞིང་ཞེས་གསུངས་ པས་པདྨ་འདབ་བརྒྱད་ལྟ་བུའི་ཕྱི་རོལ་གངས་རི་དང་བྲག་རི་ལ་སོགས་པས་གྲུ་བཞིའི་རྣམ་ པར་བསྐོར་བ་ཡིན་ནམ་ཡང་སེམས་སོ། ། ཀཻ་ལ་ཤའི་རི་བོའི་སྟེང་གངས་རིས་བསྐོར་བའི་དབུས་ན། ཤམ་བྷ་ལ་ཡོད་པར། ལྷ་ ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལ་ཤའི་རྒྱབ་ཏུའོ་ཞེས་འབྱུང་བས་ཤེས་ཤིང་ཉིན་མཚན་ གྱི་འཕེལ་འགྲིབ་སྟོན་པའི་སྐབས་སུ་ཀཻ་ལ་ཤའི་ཡུལ་དུ་ངེས་པའོ། །ཞེས་གསུངས་པ་ནི་ཡུལ་ ཆེན་པོ་དགུ་བཅུ་རྩ་དྲུག་པོ་རྣམས་ལ་ཡང་ཀཻ་ལ་ཤའི་ཡུལ་ཞེས་བརྗོད་པར་ཤེས་པར་བྱའོ། ། ཤམ་བྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ལཱ་པ་ཞེས་འབྱུང་བའི་དོན་ནི་ཤམ་བྷ་ལའི་གྲོང་བྱེ་བ་ ཕྲག་གཅིག་གིའང་གཙོ་བོ་ནི་ཀ་ལཱ་པའི་གྲོང་ཞེས་བྱ་བ་ཡིན་ཏེ། ཀ་ལཱ་པའི་གྲོང་གི་རྒྱར་ནི་ ཐད་ཀའི་དཔག་ཚད་བཅུ་གཉིས་ཡོད་དོ། །དེའི་ལྷོ་ན་མ་ལ་ཡའི་ཚལ་དང་མ་ལ་ཡའི་ཚལ་གྱི་ ཤར་ཕྱོགས་ན་ཉེ་བ་ཡིད་ཀྱི་མཚོ་དང་ནུབ་ན་པདྨ་དཀར་པོའི་མཚོ་ཡོད་དེ་གསུམ་ཀ་ཡང་ཚད་ དཔག་ཚད་བཅུ་གཉིས་པར་མཚུངས་སོ། །མ་ལ་ཡའི་ཚལ་གྱི་དབུས་ན་དུས་ཀྱི་འཁོར་ལོའི་ དཀྱིལ་འཁོར་གྱི་ཁང་པ་ཁྲུ་བཞི་བརྒྱ་པ་དང་རྡོ་རྗེ་ཕྲེང་བའི་ཐད་ཀའི་རྒྱར་ཁྲུ་སྟོང་དང་ཉིས་ བརྒྱ་ཡོད་དོ། །ཀ་ལཱ་པའི་གྲོང་གི་དབུས་ན་རྒྱལ་པོའི་ཕོ་བྲང་ཡོད་པའི་རྒྱ་ཡང་དུས་ཀྱི་འཁོར་ ལོ་ཡི་དཀྱིལ་འཁོར་གྱི་རྡོ་རྗེ་ཕྲེང་བའི་རྒྱ་དང་མཉམ་པར་རིགས་སོ། ། འོ་ན་ཚད་འདི་ལ་ཀཻ་ལ་ཤའི་རི་བོའི་སྟེང་དུ་གྲོང་བྱེ་བ་ཕྲག་གཅིག་མ་ལ་ཡའི་ཚལ་མཚོ་ གཉིས་དང་བཅས་པ་ཡངས་པར་ཤོང་ཡང༌། པད་འདབ་ཐད་ཀའི་རྒྱར་དཔག་ཚད་བརྒྱ་དང་ དྲུག་ཅུ་རྩ་དྲུག་ཡོད་པའི་པད་འདབ་རེ་རེ་ལ་གྲོང་བྱེ་བ་ཕྲག་བཅུ་གཉིས་ཉེ་འཁོར་དང་བཅས་ པ་ཇི་ལྟར་ཤོང་སྙམ་ན་པད་འདབ་རེ་རེའི་རྒྱ་དཔག་ཚད་བརྒྱ་དྲུག་ཅུ་རྩ་དྲུག་ནི། མངོན་པའི་ ལུགས་ཀྱི་དཔག་ཚད་སུམ་བརྒྱ་དང་སུམ་ཅུ་རྩ་གཉིས་སུ་འགྱུར་ལ། དེ་ཉིན་ལམ་བརྒྱད་ཅུ་ 5-1-437 རྩ་གསུམ་པར་འགྱུར་ཞིང༌། པད་འདབ་རེ་རེ་ལ་སྲིད་དུ་ཉིན་ལམ་དེ་སྙེད་ཀྱི་ས་རྒྱ་ཡོད་ལ། ཞིང་དུ་ཆ་བསྙམས་པ་ལ་དེའི་སུམ་གཉིས་ལྷག་ཙམ་ཡོད་ངེས་ཤིང་ཉིན་ལམ་བརྒྱད་ཅུ་རྩ་ གསུམ་གྱི་སུམ་གཉིས་ལ་ཉིན་ལམ་ལྔ་བཅུ་རྩ་བཞི་ལྷག་ཙམ་ཡོད་པས། ལྔ་བཅུ་རྩ་བཞིས་ བརྒྱད་ཅུ་རྩ་གསུམ་བསྒྱུར་བ་ལ་ལམ་གྲུ་བཞི་པའི་རེའུ་མིག་བཞི་སྟོང་དང་བཞི་བརྒྱ་བརྒྱད་ ཅུ་རྩ་གཉིས་འབྱུང་ངོ༌། །དེ་ལ་བཅུ་གཉིས་ཀྱིས་བགོས་པས་ཉིན་ལམ་གྲུ་བཞི་པའི་རེ་མིག་ སུམ་བརྒྱ་དང་བདུན་ཅུ་དོན་གསུམ་ཐོབ་ལ་རེའུ་མིག་དེ་རྣམས་གྲུ་བཞིའི་རྣམ་པར་བཀོད་ པ་ལ་ངོས་གཉིས་ལ་ཉིན་ལམ་ཉེར་གཅིག་དང་ངོས་གཉིས་ལ་ཉིན་ལམ་བཅོ་བརྒྱད་ཙམ་ ཡོད་པའི་ས་རྒྱ་ནི་གྲོང་བྱེ་བ་ཕྲག་རེའི་ས་ཆར་འགྱུར་ཞིང༌། ཉིན་ལམ་གྲུ་བཞི་པའི་རེའུ་མིག་ གཅིག་ལ་དཔག་ཚད་ཀྱི་རེའུ་མིག་བཅུ་དྲུག་དང༌། དེའི་རེའུ་མིག་གཅིག་ལ་རྒྱང་གྲགས་ཀྱི་ རེའི་མིག་དྲུག་ཅུ་རྩ་བཞི། དེའི་ཡང་རེའུ་མིག་གཅིག་ལ་གཞུ་འདོམ་གྱི་རེའུ་མིག་འབུམ་ཕྲག་ གཉིས་དང་ལྔ་ཁྲི་འབྱུང་ངོ༌། །གཞུ་འདོམ་གྱི་རེའུ་མིག་གྲངས་དེ་རྣམས་རྒྱང་གྲགས་ཀྱི་རེའུ་ མིག་གི་གྲངས་དྲུག་ཅུ་རྩ་བཞིས་བསྒྱུར་ཞིང༌། དེ་རྣས་ཀྱང་དཔག་ཚད་ཀྱི་རེའུ་མིག་གི་གྲངས་ བཅུ་དྲུག་གིས་བསྒྱུར་དེ་རྣམས་ཀྱང་ཉིན་ལམ་གྱི་རེའུ་མིག་གི་གྲངས་སུམ་བརྒྱ་བདུན་ཅུ་དོན་ གསུམ་གྱིས་བསྒྱུར་བའི་གཞི་འདོམ་གྲངས་ལ། བྱེ་བ་ཕྲག་གཅིག་གིས་བགོས་པས་དགུ་ སྟོང་དང་ལྔ་བརྒྱ་བཞི་བཅུ་རྩ་བརྒྱད་ལྷག་ཙམ་ཐོབ་ལ་གཞུ་འདོམ་གྱི་རེའུ་མིག་གི་གྲངས་དེ་ རྣམས་གྲུ་བཞིའི་རྣམ་པར་བཀོད་པ་ལ་ངོས་རེ་ལ་གཞུ་འདོམ་དགུ་བཅུ་རྩ་བརྒྱད་ལྷག་ཙམ་ ཡོད་པའི་ས་གྲུ་བཞི་པ་ནི་གྲོང་རེ་རེའི་ཉེ་འཁོར་དང་བཅས་པའི་ས་ཁྱོན་ཡིན་ནོ། །དེས་ན་ པད་འདབ་རེ་རེའི་རྒྱ་དེ་ཙམ་ལ་གྲོང་ཁྱེར་བྱེ་བ་ཕྲག་བཅུ་གཉིས་ཉེ་འཁོར་དང་བཅས་པ་ཡང་ [ཡངས]པར་ཡང་ཤོང་སྟེ། ཡུལ་དེ་ནི་ཆོས་རྒྱལ་རིགས་ལྡན་ས་བཅུའི་དབང་ཕྱུག་ཆེན་པོ་ རྣམས་ཀྱི་དགེ་བའི་རྩ་བའི་མཐུ་ལས་བྱུང་བ་རྣམ་པར་དག་པའི་ཞིང་རྨད་དུ་བྱུང་བ་ཡིན་པས་ 5-1-438 གྲོང་གི་གོ་མཚམས་འཐུག་པོར་ཡོད་ཅིང་པད་འདབ་རྣམས་ལག་མཐིལ་ལྟར་ས་གཞི་མཉམ་ པར་ཡོད་པའི་ཕྱིར་རོ། ། གཞན་ཡང་ཆགས་བྲལ་ལམ་བྱང་ཆུབ་སེམས་དཔའ་བཞུགས་པའི་ཕུག་ཁྲུ་ལྔ་པར་ འཁོར་ལོ་བསྒྱུར་བ་སྟེ་དང་བཅས་པ་བཞུགས་ཀྱང་བྱང་ཆུབ་སེམས་དཔའི་བྱིན་རླབས་ཀྱི་ མཐུས་དོག་པ་མེད་པར་གསུངས་པ་བཞིན། ཡུལ་གྱི་ཁྱོན་དེ་ཙམ་ལ་ཆོས་རྒྱལ་ས་བཅུའི་ དབང་ཕྱུག་རྣམས་ཀྱིས་བྱིན་རླབས་ཀྱིས་གྲོང་ཁྱེར་དེ་རྣམས་ལ་ཤིན་ཏུ་ཡངས་པར་སྣང་བ་ ཡོད་པར་ཤེས་པར་བྱའོ། །ཡུལ་ཕལ་པ་ལ་ཡང་ཡུལ་ས་བཟང་པ་རྣམས་ན་གྲོང་ཁྱེར་གྱི་གོ་ མཚམས་འཐུག་པོ་ཡོད་དེ། རྒྱ་གར་རྒྱ་ནག་གི་ཡུལ་དབུས་རྣམས་ཀྱི་གྲོང་ཁྱེར་བཞིན་ནོ། ། གཞན་ཡང་ཀཻ་ལ་ཤའི་རི་བོའི་སྟེང་གི་ཐད་ཀ་ལ་མངོན་པ་པའི་ལུགས་ཀྱི་དཔག་ཚད་ སུམ་བརྒྱ་དང་སུམ་ཅུ་རྩ་གཉིས་པ་ལ་ཉིན་ལམ་བརྒྱད་ཅུ་རྩ་གསུམ་ཡོད་ཅིང་དེའི་ཕྱེད་ལ་ ཉིན་ལམ་བཞི་བཅུ་རྩ་ཕྱེད་དང་གཉིས་ཡོད་ལ། མ་ལ་ཡིས་[ཡི]ཚལ་ལ་མངོན་པའི་ལུགས་ ཀྱི་དཔག་ཚད་ཉི་ཤུ་རྩ་བཞི་ཡོད་ཅིང་དེ་ལ་ཉིན་ལམ་དྲུག་ཅུ་ཡོད་པས། དེ་རྣམས་ཉིན་ལམ་ བཞིའི་ས་ཕན་ཆད་མཐའི་གངས་རིའི་བར་ལ་ཉིན་ལམ་སུམ་ཅུ་རྩ་ཕྱེད་དང་གཉིས་འབྱུང་ ཞིང༌། དེའི་བར་གྱི་ས་ནགས་ཚལ་དུ་ཡོད་པར་གསལ་དེ། འཇམས་དབྱངས་གྲགས་པའི་ བཤད་ལུང་གིས་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི། ཀ་ལཱ་པའི་གྲོང་ནས་ཐོན་དེ། རྒྱ་གར་ནས་ ལི་ཡུལ་དུ་འགྲོ་བར་འདོད་པས་ཉི་མ་བཅུ་པ་ལ་ནགས་ཚལ་གྱི་ནང་དུ་ཞུགས་པས་གསུངས་ པའོ། །གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོའི་བར་བར་ནས་ཆུ་བོ་སྔོན་པོ་ཞེས་སོ་ཆུ་བོའི་རྒྱུན་ འབྱུང་བ་རྣམས་ཀྱང་དབུས་ཀྱི་ཀཻ་ལ་ཤའི་གངས་ཀྱི་རི་ལས་སོ་སོ་ནས་འབབ་པ་ཡིན་ཞིང༌། གྲོང་སོ་སོ་ནས་ཀཻ་ལ་ཤའི་རི་བོའི་སྟེང་དུ་འགྲོ་བའི་ལམ་ནི་ཀཻ་ལ་ཤའི་གངས་རི་བར་བར་གྱི་ ལུང་སུལ་རྣམས་ནས་བྱེད་པ་ཡིན་ནོ། ། 5-1-439 གཞུང་ཁ་ཅིག་ལས་ཀཻ་ལ་ཤའི་ཞེས་པའི་གངས་རི་ཆེན་པོ་ཞིག་ཡོད་པ་ཙམ་ཀྱང་དེའི་ ཀཻ་ལ་ཤའི་གངས་རིའི་དབུས་ན་(འདི་ནས་ཆད་ཡོད་པ་འདྲ)ཁྲག་གཅིག་ལ་སོགས་པ་ཁྱད་ པར་འཕགས་དུ་ཡོད་པ་ནི་ཐུན་མོང་མ་ཡིན་པ་སྔགས་ཀྱི་ཞིང་ཡིན་པས་མ་གྲགས་པར་ཤེས་ པར་བྱའོ། །འདི་ལ་དུས་ཀྱི་འཁོར་ལོ་ས་གཞན་དགཤོང་འགྱུར་ལས། དུམ་བུར་གཅིག་ལ་ དཔག་ཚད་སྟོང་ཕྲག་ཉི་ཤུ་ལྔ་སྟེ་ནོར་གྱི་འདབ་མ་དག་དང་བཅས་པའོ། །ཞེས་འབྱུང་བའི་ དགོངས་པའོ། །འཛམ་བུ་གླིང་ཆུང་ངུ་ཉིད་ལ་ས་པད་མ་འདབ་བརྒྱད་ཀྱི་[ཀྱིས]བསྐོར་བའི་ དབུས་ན་ཀཻ་ལ་ཤའི་རི་བོ་དང་ཤམ་བྷ་ལ་ཡོད་པར་འཆད་པ་ནི་ཤིན་ཏུ་མི་འཐད་དེ། ཉིན་ མཚན་གྱི་འཕེལ་འགྲིབ་སྟོན་པའི་སྐབས་སུ་ཀཻ་ལ་ཤ་རྒྱ་ནག་གི་ཡང་བྱང་ན་ཡོད་པར་བཤད་ ཅིང༌། འཛམ་གླིང་ཆུང་ངུའི་ལྷོ་མཐའ་དང༌། རི་དྲུག་པ་གངས་ལྡན་ཆེན་པོའི་བར་ལ་ཉིན་ མཚན་འཕེལ་འགྲིབ་ཀྱི་ཆ་དྲུག་གི་ནང་ནས་ཀཻ་ལ་ཤའི་བྱང་གངས་ལྡན་ཆེན་པོའི་བར་ལ་བྱང་ མཐའ་ཡི་ཕྱོགས་ཀྱི་ཆ་རེ་རེ་བཤད་པའི་ཕྱིར། ཀཻ་ལ་ཤ་ལྷུན་པོ་ལ་ཉེ་བར་ཡོད་ཀྱི་འཛམ་གླིང་ ཆུང་ངུའི་དབུས་ན་མེད་པར་གྲུབ་ཅིང༌། ཤམ་བྷ་ལ་ཀཻ་ལ་ཤའི་རྒྱབ་ན་ཡོད་པར་བཤད་པ་དང་ ཤམ་བྷ་ལ་ཆུ་བོ་ཤི་ཏའི་བྱང་ན་ཡོད་པར་བཤད་པ་རྣམས་དང་འགལ་བའི་ཕྱིར་རོ། ། དཔལ་ལྡན་དང་པོའི་སངས་རྒྱས་རྒྱུད་ཆེན་ལས། ། ལུང་བསྟན་མཆོག་ཏུ་རབ་བསྔགས་ཤམ་བྷ་ལའི། ། ཚད་དང་གནས་ཚུལ་གསལ་བར་བཀོད་པ་ཡི། ། དགེ་བ་ཟླ་འོད་ལྟ་བུར་དཀར་བའི་མཐུས། ། བདག་ནི་རིང་བོར་མི་ཐོགས་ཞིང་མཆོག་དེར། ། རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། ། རྡོ་རྗེ་ཐེག་མཆོག་བདུད་རྩིའི་བཅུད་འཐུངས་ཏེ། ། 5-1-440 འཆི་མེད་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག ། དཔལ་ཤམ་བྷ་ལའི་བཀོད་པ་གསལ་བར་བྱེད་པ་ཤམ་བྷ་ལའི་རྒྱན་ཞེས་བྱ་བ། དུས་ཀྱི་ འཁོར་ལོའི་རྣལ་འབྱོར་པ་ཕྱོགས་ལས་རྣམ་རྒྱལ་གྱིས་རྣམ་པར་སྦྱར་བའོ། །མཾ་ག་ལཾ། བྷ་ཝ་ ཏུ། 5-1-441 ༄༅། །ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཆོས་རྗེ་ ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པ་ བཞུགས་སོ། ། ༄༅། །ན་མོ་གུ་རུ་ཝེ། ན་མ་ཤྲཱི་ཀཱ་ལ་ཙཀྲ་ཡ། དཔལ་ལྡན་བླ་མ་དམ་པ་རིགས་ལྡན་ རྒྱལ་བ་རྣམས་ཀྱི་སྤྲུལ་པའི་སྐུ་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་མཁས་པའི་འཇུག་ ངོགས་ཞེས་བྱ་བ། རྣམ་པ་ཀུན་བྲལ་ཀུན་འགྲོའི་ཡེ་ཤེས་ཟླ་བའི་འོད་ཅན་དགའ་བའི་ གཟུགས་ཀྱི་རྣམ་གྲོལ་བ། །རྣམ་པ་ཀུན་གཟིགས་གདོད་ནས་རྣམ་དག་བཅོམ་ལྡན་སྐྱེ་དགུའི་ སྒྲོན་གཅིག་མཐའ་ཡས་འགྲོ་བའི་མིག །རྣམ་པ་ཀུན་ཏུ་མི་བསླུའི་སྐྱབས་གཅིག་དུས་གསུམ་ དུས་མེད་དུས་ཀྱི་འཁོར་ལོས་བདག་ལ་སྐྱོངས། །ཐུགས་མཆོག་རིགས་ལྡན་གཙུག་གི་རྒྱན་ གྱུར་ཀུན་ནས་དགའ་བའི་གཙུག་གི་ནོར་བུས་མཆོད་འོས་པ། །དཔལ་ལྡན་བླ་མ་མཛད་པ་ རྨད་བྱུང་རྒྱལ་བ་ཀུན་གྱི་མཛད་པ་བསྒྲུབ་མཛད་དེ་ལ་འདུད། ། གང་ཞིག་རྒྱལ་བའི་སྲས་ཀྱི་ཐུ་བོ་སྐྱོབ་པ་རྣམས་ཀྱི་ལྷག་པའི་ལྷ། ། ལྷ་ཆེན་གཙུག་རྒྱན་ཟླ་བའི་དཔལ་འཛིན་མདའ་ལྔ་ལྡན་པའི་ཡིད་རབ་གདུངས། ། གདུང་བ་ཀུན་འཇོམས་གསུང་གི་བདུད་རྩི་རྣ་བའི་དབང་པོའི་དཔལ་གཏེར་བ། ། དཔལ་ལྡན་སྨྲ་མཁས་ཚིག་གི་རྗེ་ཡིས་བདག་ལ་ཡུན་དུ་གསལ་བར་མཛད། ། 5-1-442 དམིགས་མེད་སྙིང་རྗེ་མི་འགྱུར་བདེ་བའི་རིན་ཆེན་མཆོག་གིས་རབ་གང་བ། ། ཀུན་ནས་རབ་དང་སྲིད་པའི་མཚོ་གཞན་གཏིང་མཐའ་དབེན་ཞིང་ཞི་བའི་དབུས། ། གང་གིས་རབ་བརྙེས་རྣམ་ལྔའི་ཡེ་ཤེས་གདེངས་ཀའི་དཔལ་རབ་མངོན་གསལ་བ། ། སྐྱེས་མཆོག་ཀླུ་དབང་བླ་མ་མཆོག་དེའི་བསྔགས་པ་ཆ་ཙམ་འདིར་བརྗོད་ཀྱི། ། དཔལ་ལྡན་འཆི་མེད་བདུད་རྩིའི་སྣོད་ཡངས་ཡོན་ཏན་དུ་མའི་གཏེར་གྱུར་བ། ། འཇིག་རྟེན་མཚམས་ལས་ཤིན་ཏུ་འདས་ཀྱང་ཀུན་གྱི་བལྟར་འོས་ཁྱོད་ཀྱི་སྐུ། ། རྒྱུ་དང་རྐྱེན་བྲལ་ནམ་མཁའ་ལས་བྱུང་ནམ་མཁའི་རང་བཞིན་མི་འདོར་ལ། ། ཚོགས་གཉིས་རྒྱུན་ཅན་བརྡ་ཡི་སྐུར་ཡང་འགྲོ་ལ་སྟོན་མཛད་ངོ་མཚར་ཆེ། ། དཔེ་བྱད་མཛེས་པའི་མེ་ཏོག་མདངས་བཀྲ་མཚན་བཟང་ཡལ་གའི་ཁྱོན་ཡངས་ཤིང༌། ། རྣམ་དག་ཚུལ་ཁྲིམས་ཕུང་པོ་དྲི་ལྡན་ཡོངས་འདུའི་དཔལ་ཡང་རྣམ་གནོན་པ། ། གང་སྐུ་ལུས་ཅན་ཀུན་གྱི་ཡིད་འཕྲོག་ཕན་དང་བདེ་བའི་འབྲས་སྟེར་ཏེ། ། ལམ་རིང་ཀྱིས་དུབ་འགྲོ་བའི་དཔལ་དུ་ཡུན་རིང་བསྐལ་བར་བརྟན་གྱུར་ཅིག ། ཟབ་ཡངས་མཁྱེན་བརྩེའི་ཆུ་གཏེར་ལས་འོངས་ཆོས་སྤྲིན་རྒྱ་མཚོའི་སྒྲ་དབྱངས་ཀྱིས། ། འགྲོ་རྣམས་མ་རིག་གཉིད་ལས་སློངས་མཛད་འགྲོ་བའི་ཡབ་གཅིག་ཉིད་ཀྱིས་གསུངས། ། མིང་ཚིག་རྣམ་བྲལ་གཞོམ་དུ་མེད་པ་ནཱ་དའི་རང་བཞིན་མི་འདོར་ལ། ། སྣ་ཚོགས་ཁམས་ཅན་མོས་པའི་སྣོད་བཞིན་གཞན་ལ་རྣམ་པར་རིག་བྱེད་ལགས། ། གང་གིས་དབྱངས་སྙན་རྣ་བའི་བདུད་རྩི་དྲི་ཟའི་དབང་པོའི་གླུ་དབྱངས་དང༌། ། བློ་ལྡན་རྣམས་ཀྱི་ཡིད་གཉིས་མུན་སེལ་རྟ་བདུན་དབང་པོའི་འོད་ཟེར་གྱིས། ། སྐྱེ་དགུའི་ཡིད་རབ་ཚིམ་པར་མཛད་ཕྱིར་རྒྱུ་སྐར་དབང་པོ་རྗེས་འགྲོ་དེས། ། 5-1-443 འཇིག་རྟེན་མུན་པའི་ལམ་དུ་ཞུགས་རྣམས་ངན་འགྲོའི་གཡང་ལས་བསྲུང་བར་མཛོད། ། ཚུལ་ཁྲིམས་ཏིང་འཛིན་རྣམ་གྲོལ་ཤེས་རབ་འཕགས་པའི་འབྱོར་པ་ཕུན་ཚོགས་ཀུན། ། ཟབ་ཡངས་ཡོན་ཏན་དུ་མའི་གཏེར་མཛོད་ཁྱོད་ཀྱི་ཐུགས་ལས་བསྡུས་པ་ཡིས། ། སྐྱེ་དགུ་འདི་རྣམས་དབུལ་བར་དགོངས་ནས་ཉིད་ཀྱི་ལེགས་བྱས་ཕུང་པོ་ཡང༌། ། འགྲོ་ལ་སྩོལ་ཞིང་བུ་ལྟར་བརྩེ་བའི་ཐུགས་རྗེ་མངའ་བ་ཅི་སླད་མེད། ། འོན་ཏེ་རྗེར་གྱུར་ཡབ་གཅིག་ཉིད་ཀྱི་དགེ་ཚོགས་འབྱོར་པ་དཔག་ཡས་རྣམས། ། སྔོན་དུས་ཉིད་དུ་ལྷུག་པར་བསྩལ་ཡང་ད་དུང་ཕོངས་ལས་ཐར་མེད་པ། ། ཀྱེ་མ་མི་བཟད་ལས་ལ་སྤྱོད་གྱུར་ཤིན་ཏུ་སྐལ་དམན་འཇིག་རྟེན་འདི། ། སྣ་ཚོགས་ཐབས་ཚུལ་འདོད་དགུའི་དཔལ་གྱིས་རྒུད་པ་ཀུན་ལས་རབ་བསྲུངས་ཤིང༌། ། ཁྱོད་ཞབས་ཆུ་སྐྱེས་སྡོང་བུ་ལ་བརྟེན་ཡོན་ཏན་བསྔགས་པའི་འདབ་འཕྲེང་ཡང༌། ། དཔེ་རྣམས་ཀུན་གྱིས་མཚོན་བྱ་མིན་ན་མ་ལུས་ཡོན་ཏན་ཇི་འདྲར་འགྱུར། ། དེ་ལྟ་བུ་ཉིད་སེམས་དཔའི་དབང་གིས་བདག་གི་བློ་གྲོས་ལ་གྱུར་ན། ། དཔག་ཡས་ཡོན་ཏན་བསྟན་པའི་འཕྲེང་བ་མངོན་པར་བརྗོད་ལའང་བརྩོན་པ་ཅི། ། སླར་ཡང་འདི་ལྟར་ནམ་མཁའི་དབྱིངས་ལྟར་ཆོས་ཀྱི་རང་བཞིན་མཐའ་ཡས་ཤིང༌། ། ཐུབ་པ་རྣམས་ཀྱི་མ་འདྲེས་ཡོན་ཏན་ཆོས་ཀྱི་དབྱིངས་ལྟར་མཐའ་ཡས་པ། ། རྒྱལ་བའི་ཡོན་ཏན་བགྲང་ཡས་ཉིད་བཞིན་རྒྱལ་སྲས་མཆོག་གི་འང་ཡོན་ཏན་རྣམས། ། གཞན་དུ་མེད་ཅེས་གང་གི་ཡོན་ཏན་ཆ་ཙམ་བརྗོད་པའང་མངོན་ཕྱོགས་འགྱུར། ། རང་བཞིན་འོད་གསལ་རྒྱལ་བའི་སྙིང་པོ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། ། དཔལ་གྱི་འབྱུང་གནས་གྲགས་པའི་དཔལ་དེ་འཛིན་མའི་གཞི་དེར་དཔེར་བྱའི་སླད། ། རྣམ་དག་འཕྲིན་ལས་འོད་ཟེར་སྟོང་གི་ཆོས་ཀྱི་ཉིན་མོར་བྱེད་པའི་མགོན། ། 5-1-444 འཇིག་རྟེན་པད་མོའི་གཉེན་གཅིག་ཁྱོད་ནི་ཐུབ་མཆོག་རྣམས་ཀྱིས་བསྟན་པར་ངེས། ། དེ་ཚེ་ལུས་ཅན་སྙིང་གི་ཕུག་ཞུགས་མི་ཤེས་མུན་པའི་དྲྭ་བ་རྣམས། ། འཆར་ནུས་རྣམ་བྲལ་སྔོན་མེད་ནམ་མཁའི་ནོར་བུ་འདི་ཡིས་གསལ་ལོ་ཞེས། ། རྣམ་པར་དགོངས་ཏེ་གསུང་གི་དབང་ཕྱུག་ཡེ་ཤེས་སྒྲོན་མེ་གསལ་བའི་སྐུ། ། ཞི་བའི་དབྱིངས་སུ་མཆོག་བདེའི་དཔལ་ལ་སྙོམས་པར་ཞུགས་པས་གཡོ་མེད་བཞིན། ། སྡུག་བསྔལ་རླབས་འཁྲུགས་སྲིད་པའི་ཆུ་གཏེར་འཇིགས་རུང་འདི་ལས་འགྲོ་བ་རྣམས། ། འཕྲིན་ལས་གྲུ་འཛིན་ཐུགས་རྗེའི་སྐུ་ཅན་དེད་དཔོན་ཁྱོད་ཀྱིས་གྲོལ་གྱུར་པས། ། ཐུགས་རྗེས་རློན་པའི་པད་དཀར་ཅན་ཡང་དཔལ་ལྡན་གྲུ་འཛིན་ཉམས་དགའི་རྩེར། ། མཛད་པའི་ཁུར་ཆེན་བཏང་སྙོམས་མཛད་ནས་ཐུགས་ལ་ཆུང་ངུར་གཞོལ་བ་སྙམ། ། ཐུན་མོང་པ་དང་ཕུལ་དུ་བྱུང་བའི་དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། ། སྐྱོབ་པ་ཀུན་གྱིས་གསང་བའི་མཚོ་ཆེན་ཉིད་ཀྱི་ཐུགས་ལས་བསྡུས་པ་ཡིས། ། མཐུ་སྟོབས་དབང་ཕྱུག་གསང་བའི་བདག་པོ་དཔལ་ལྡན་རྡོ་རྗེ་འཛིན་པ་ནི། ། མཛད་པ་མཐའ་ཡས་མཉམ་དུ་བསྒྲུབ་ཕྱིར་ཁྱེད་ལ་ནན་གྱིས་ཞུགས་པ་འདྲ། ། གང་ཞིག་མཐའ་ཡས་སྲིད་པ་རྒྱ་མཚོའི་ཕྱི་མཐར་ཐུག་གི་བར་དུ་ཡང༌། ། སེམས་ཅན་དོན་ཕྱིར་སྤྱད་པ་སྤྱོད་ཅིང་སངས་རྒྱས་བདེ་ལའང་ཆགས་མི་མཛད། ། དེ་ལྟའི་དགོངས་སྤྱོད་ཤིན་ཏུ་དཔེ་མེད་ཕུལ་བྱུང་བློ་ལས་འདས་པའི་དོན། ། བཀའ་དྲིན་འོད་ཀྱིས་འགྲོ་ལ་གསལ་མཛད་ཁྱོད་ནི་སྙིགས་དུས་མཚན་མོའི་མགོན། ། དེང་འདིར་ཁྱེད་ཀྱིས་ཆོས་ཀྱི་འཁོར་ལོ་རྣམ་པ་སྟོང་དུ་བསྐོར་བ་ཡིས། ། འཁོར་ལོ་ཅན་བཞིན་བདུད་སྡེའི་དཔུང་དང་ལྷན་ཅིག་ཀླ་ཀློའི་ཆོས་མཐར་མཛད། ། 5-1-445 ཐུགས་རྗེའི་སྤྲིན་ལས་བདུད་རྩིའི་ཆབ་ཆུན་རྣམ་པ་སྟོང་དུ་ཕབ་པ་ཡིས། ། ཞིང་འདི་ཡང་ནི་རྫོགས་ལྡན་དུས་བཞིན་ཕན་བདེའི་ལོ་འབྲས་ལྡན་པར་མཛད། ། དེ་ཚེ་ལྷ་མིན་དོགས་པ་མེད་ཅེས་ལྷ་རྣམས་དགའ་བའི་ཚུལ་ཞུགས་ནས། ། སིལ་སྙན་མང་ལྡན་འཆི་མེད་བུ་མོ་སྙན་པའི་གླུ་དབྱངས་ལེན་བྱེད་ཅིང༌། ། ཐུགས་རྗེ་ལྡན་འདིས་འབད་པ་མེད་པར་བདག་ཅག་འཆི་ལས་དཀྲོལ་འགྱུར་ཞེས། ། སྐྱེ་དགུ་འདི་རྣམས་སྲིད་པའི་བཙོན་རར་འཇིགས་མེད་དགའ་མགུར་སྤྱོད་པ་རྣམས། ། མདོར་ན་དཔལ་ལྡན་ཁྱོད་ཀྱི་མཁྱེན་རབ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཏེ། ། སྐྱོབ་པ་རྣམས་ཀྱིས་ཚད་མེད་ཐུགས་རྗེའང་མགོན་པོ་ཁྱོད་ཀྱིས་བརྩེ་བ་ཉིད། ། དེ་སླད་ཁྱོད་དང་རྒྱལ་བ་རྒྱ་མཚོའི་འཕྲིན་ལས་གཉིས་སུ་མ་མཆིས་པས། ། གཅིག་ཉིད་ཡིན་ཡང་དུ་མའི་སྐུ་ཅན་དཔེ་མེད་ཁྱོད་ལ་སྐྱབས་སུ་མཆིའོ། ། རྒྱུ་དང་རྐྱེན་བྲལ་གང་གི་མཆོག་བདེ་ལྷན་ཅིག་སྐྱེས་སྐུ་རྡོ་རྗེ་འཛིན། ། གདོད་ནས་ཡོངས་དག་གང་གིས་ཡེ་ཤེས་མ་ལུས་ཆོས་ཀྱི་སྐུ་ཅན་ཉིད། ། སྐྱེ་མཆེད་ཀུན་བྲལ་གང་གི་དབང་པོ་བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། ། གཏན་གྱི་སྐྱབས་གསུམ་དམ་པའི་སྐྱབས་གཅིག་དཔལ་ལྡན་བླ་མ་ལ་ཕྱག་འཚལ། ། རབ་འབྱམས་ཞིང་ན་ཡིད་འོང་མཆོད་སྤྲིན་བདག་གིར་མ་བཟུང་གང་མཆིས་དང༌། ། མོས་པས་བཀོད་པའི་ཞིང་ཁམས་རྒྱ་མཚོའི་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་ཤིང༌། ། བསླབ་གསུམ་དྲི་མེད་པད་མོའི་འཕྲེང་བ་སྒྲུབ་པའི་མཆོད་པ་བླ་མེད་ཀྱིས། ། མི་རྟོག་དབྱིངས་ལས་གཡོ་བ་མེད་བཞིན་ཡོན་གནས་མཆོག་ཁྱོད་མཆོད་པར་བགྱི། ། ལས་དང་ཉོན་མོངས་བདུད་ཀྱི་དབང་སོང་བདག་གིས་ཉེས་པ་ཅི་བགྱིས་ཀུན། ། བསམ་པ་ཐག་པས་བླ་མ་དང་ནི་འཕགས་པའི་ཚོགས་ཀྱི་སྤྱན་སྔར་བཤགས། ། 5-1-446 མགོན་པོ་ཁྱོད་ཀྱིས་རྣམ་མང་དགེ་ཚོགས་སྟོན་ཟླའི་འོད་ལྟར་དཀར་བ་དང༌། ། དཔག་མེད་སྐྱོབ་པ་སྲས་བཅས་རྣམས་ཀྱིས་བསྐྲུན་པའི་དགེ་ལ་རྗེས་ཡི་རང༌། ། ཐུབ་པའི་བསྟན་པ་རང་བཞིན་འོད་གསལ་འཇིག་རྟེན་གསུམ་གྱི་རིན་ཆེན་སྒྲོན། ། སྡིག་པའི་བློ་ཅན་ཆོམ་རྐུན་རྣམས་ཀྱིས་རྣམ་པ་སྟོང་དུ་སྒྲིབ་ལ་བརྩོན། ། ལྟ་ངན་མུན་པའི་ཁོང་དུ་རབ་ཞུགས་སྐྱེ་བོ་འདི་རྣམས་རང་དགར་སྤྱོད། ། ཨེ་མ་ཧོ་ཀུན་གཟིགས་ཐུགས་རྗེ་ལྡན་པའི་ཆོས་ཀྱི་སྒྲོན་ཆེན་སྦར་དུ་གསོལ། ། བློ་མིག་ཟིམ་གྱུར་དམུས་ལོང་ལྟ་བུའི་འཇིག་རྟེན་མ་ལུས་དྲང་བའི་སླད། ། མགོན་པོ་གྲངས་མེད་བསྐལ་བའི་བར་དུ་མྱ་ངན་མི་འདའ་བཞུགས་གསོལ་ཞིང༌། ། ཀུན་ད་ལྟ་བུར་རྣམ་པར་དཀར་བའི་རང་བཞིན་དགེ་བ་ཇི་སྙེད་རྣམས། ། ལུས་ཅན་ཀུན་གྱི་མཆོག་བདེའི་གོ་འཕང་མཁའ་འདྲའི་ཡེ་ཤེས་ཐོབ་ཕྱིར་བསྔོ། ། ཟབ་ཡངས་ཡོན་ཏན་ཆུ་བོའི་གཏེར་ཆེན་དཔལ་ལྡན་བླ་མ་ཡིད་བཞིན་འཚོ། ། བདག་ཀྱང་བསྟོད་པའི་ཀླུ་[གླུ]རྒྱུན་སྙན་ཚིག་ལྷུང་ལྷུང་སྒྲ་འདིས་བསྟོད་པ་ཡིས། ། ཉོན་མོངས་བརྒྱ་ཕྲག་ཚ་གྲང་སྟོང་གིས་ཀུན་ནས་གདུངས་པའི་འགྲོ་བ་རྣམས། ། བདེ་གཤེགས་སྙིང་པོ་སྲིད་མཚོ་དཔག་ཡས་དྲི་བྲལ་དབྱིངས་སུ་འཇུག་པར་ཤོག ། བདག་ཀྱང་དེང་ནས་སྐྱེ་བ་ཀུན་ཏུ་འཕགས་པ་དགྱེས་པའི་ཚུལ་ལྡན་ཏིང་འཛིན་མཆོག་ གིས་ཉེར་འཚོ་ཞིང༌། །བློ་གྲོས་ལྗོན་ཤིང་མང་དུ་ཐོས་པའི་འབྲས་ལྡན་ཕན་བདེའི་གྲིབ་ བསིལ་བརྟན་གྱུར་ ཀུན་གྱི་བསྟི་གནས་དང༌། །དཔལ་ལྡན་བླ་མ་མཐའ་ཡས་མཆོད་སྤྲིན་བསྟོད་པའི་ཆུ་རྒྱུན་ རྒྱུན་མང་རླབས་ལྡན་སྟོང་གིས་མཉེས་བྱེད་ཅིང༌། །འཇམ་པའི་རྡོ་རྗེ་ཉིད་བཞིན་རྒྱལ་བའི་ ཞིང་སྤྱོད་ཐུབ་པ་རྣམས་ཀྱི་བསྟན་པ་རིན་ཆེན་འཛིན་གྱུར་ཅིག ། 5-1-447 ཅེས་པ་འདི་ནི་མང་དུ་ཐོས་པའི་བློའི་ནོར་ཅན་བཤེས་གཉེན་དམ་པ་རྣམས་ཀྱིས་ཉེ་བར་ བཟུང་ཞིང༌། ཁྱད་པར་ཡང་མཁྱེན་རབ་དང་ཐུགས་རྗེའི་ཡོན་ཏན་དཔག་ཏུ་མེད་པས། ཉེ་ བར་སྤྲས་པ། དཔལ་ལྡན་བླ་མ་ཀུན་མཁྱེན་ཆོས་ཀྱི་རྗེའི་གསུང་གི་ཉིན་མོར་བྱེད་པས། བློ་ གྲོས་ཀྱི་པད་མོ་ཅུང་ཟད་ཁ་ཕྱེ་བས་འཆད་པ་དང༌། །རྩོད་པ་དང༌། རྩོམ་པ་དང༌། སྒོམ་པའི་ ཚུལ་ལ་སྤོབས་པ་མི་དམན་པ། ཤཱཀྱའི་དགེ་སློང་མངའ་རིས་པ་ཕྱོགས་ལས་རྣམ་རྒྱལ་གྱིས་ཉེ་ བར་སྦྱར་བའོ།། །། མངྒ་ལཾ། བྷ་ཝན་ཏུ། ཤུ་བྷཾ།