1-1-1 ཆོས་གྲགས་དཔལ་གྱི་གསུང་འབུམ། 1-1-2 དཀར་ཆག ཐོག་མའི་གླེང་བརྗོད། .........................................................................................(1) ཀུན་སྤངས་ཆོས་གྲགས་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས། ....................................(1) ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་པར་དུ་འཕགས་པ། ...............................(1) དང་པོ། དྲང་སྲོང་པད་མའི་ཕྲེང་བར་སྐྱེས་པའི་རབས། ...................................................(10) གཉིས་པ། དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བར་སྐྱེས་པའི་རབས། ...................................(14) གསུམ་པ། རྒྱལ་བུ་རིན་ཆེན་འབྱུང་གནས་སུ་སྐྱེས་པའི་རབས། ..........................................(15) བཞི་པ། འོད་ཟེར་ཀུན་ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོར་སྐྱེས་པའི་རབས། .............(21) ལྔ་པ། སྤྱན་རས་གཟིགས་སུ་སྐྱེས་པའི་རབས། ............................................................(23) དྲུག་པ། ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུར་སྐྱེས་པའི་རབས། ...................................(34) བདུན་པ། གླིང་བཞིའི་རྒྱལ་པོར་སྐྱེས་པའི་རབས། ........................................................(44) བརྒྱད་པ། ལི་ཙ་བཱིར་སྐྱེས་པའི་རབས། ....................................................................(46) དགུ་པ། དགེ་སློང་བློ་འཆང་དུ་སྐྱེས་པའི་རབས། ..........................................................(57) བཅུ་པ། རྟའི་རྒྱལ་པོ་བྷ་ལ་ཧར་སྐྱེས་པའི་རབས། .........................................................(62) བཅུ་གཅིག་པ། རུ་རུར་སྐྱེས་པའི་རབས། ..................................................................(66) བཅུ་གཉིས་པ། པར་ཙི་ཀར་སྐྱེས་པའི་རབས། .............................................................(68) 1-1-3 བཅུ་གསུམ་པ། རྒྱལ་བུ་འཇིག་རྟེན་དབང་ཕྱུག་ཏུ་སྐྱེས་པའི་རབས། .....................................(71) བཅུ་བཞི་པ། རྒྱལ་བུ་བསོད་ནམས་ལྡན་པར་སྐྱེས་པའི་རབས། .........................................(78) བཅོ་ལྔ་པ། རྒྱལ་པོ་འོད་བཟང་དུ་སྐྱེས་པའི་རབས། ......................................................(82) བཅུ་དྲུག་པ། རྨ་བྱ་ཆེན་པོར་སྐྱེས་པའི་རབས། ............................................................(84) བཅུ་བདུན་པ། བྱང་ཆུབ་སེམས་དཔའ་མཛེས་པའི་བློ་གྲོས་སྐྱེས་པའི་རབས། ..........................(88) བཅོ་བརྒྱད་པ། རྒྱལ་བུ་མཛེས་ལྡན་དུ་སྐྱེས་པའི་རབས། .................................................(91) བཅུ་དགུ་པ། གླང་ཆེན་དུ་སྐྱེས་པའི་རབས། ...............................................................(93) ཉི་ཤུ་ཐམ་པ། ངང་པར་སྐྱེས་པའི་རབས། ..................................................................(94) ཉེར་གཅིག་པ། འཕགས་པ་སྤོས་ཀྱི་གླང་པོར་སྐྱེས་པའི་རབས། ........................................(96) ཉེར་གཉིས་པ། མཛེས་བཟང་དུ་སྐྱེས་པའི་རབས། ........................................................(97) ཉེར་གསུམ་པ། ཟླ་བའི་བློ་གྲོས་སུ་སྐྱེས་པའི་རབས། .....................................................(98) ཉེར་བཞི་པ། བྱང་ཆུབ་སེམས་དཔའ་མྱ་ངན་མེད་པར་སྐྱེས་པའི་རབས། ..............................(104) ཉེར་ལྔ་པ། དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་དུ་སྐྱེས་པའི་རབས། ...........................(112) ཉེར་དྲུག་པ། རྒྱལ་པོ་ནོར་བུའི་ཕྲེང་བར་སྐྱེས་པའི་རབས། .............................................(115) ཉེར་བདུན་པ། རིགས་ལྡན་འཇིག་རྟེན་དབང་ཕྱུག་ཏུ་སྐྱེས་པའི་རབས། ...............................(120) ཉེར་བརྒྱད་པ། འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས། ................................................(127) ཉེར་དགུ་པ། མཐའ་འཁོབ་རྒྱལ་པོར་སྐྱེས་པའི་རབས། ................................................(148) སུམ་ཅུ་པ། འབྲི་གུང་དུ་དཔལ་ལྡན་འཇིག་རྟེན་མགོན་པོར་སྐྱེས་པའི་རབས། ........................(170) མཆན་སྐོར་གྱི་སྐྱེས་རབས་ལྔ། ............................................................................(177) སོ་གཅིག་པ། ཀུན་མཁྱེན་ཆོས་ཀྱི་རྗེར་སྐྱེས་པའི་རབས། ...............................................(188) 1-1-4 སོ་གཉིས་པ། མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་བའི་རབས། ...............................(319) འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ ཡོངས་སུ་བརྟག་པ་ཞེས་བྱ་བ་བཞུགས་སོ། །.......................................................(345) བླ་མའི་བརྒྱུད་རིམ་གསལ་བ་བཞུགས་སོ། །.............................................................(403) ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་གྱ་བརྒྱད་པར་སྔོན་མེད་པ་མཆན་ བུ་དང་བཅས་པ་བཞུགས། ............................................................................(435) འཆི་ཁའི་བར་དོའི་ངོ་སྤྲོད་ཁྱད་འཕགས་ཞེས་བྱ་བ་བཞུགས་སོ། །...................................(437) རྣལ་འབྱོར་པ་འཆི་ཁའི་འོད་གསལ་འཆར་བའི་ངོ་སྤྲོད་ཟབ་མོ་ ཞེས་བྱ་བ་བཞུགས་སོ། །............................................................................... (445) བསང་མཆོད་བདེ་སྟོང་རོལ་བ་ཞེས་བྱ་བ་བཞུགས་སོ། །...............................................(457) ཆར་སློང་བྱིན་རླབས་ཆར་འབེབས་ཀྱི་འཁོར་ལོའི་དཔེ་དང་བཅས་ པ་ཞེས་བྱ་བ་བཞུགས་སོ། །............................................................................(465) པར་བྱང་སྨོན་ཚིག........................................................................................(483) 1-1-5 1-1-6 ༄༅། །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། སརྦ་དྷརྨ་ཨཱ་བྷི་ཛྙཱ་ཛྭ་ཐ་ཀཱ་མ་ལཱ་བྷི་ཤྭ་ཊ་ཡཱ་ན་མཿ བོད་སྐད་དུ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་(སོ་གཉིས་)ཁྱད་པར་དུ་འཕགས་པ་ཞེས་བྱ་བ། བླ་མ་དང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། གདོད་ནས་རྣམ་གྲོལ་འོད་གསལ་(རང་དོན་དམ་པ་)ཆོས་ཀྱི་སྐུ། །འགྲོ་ལ་ཕན་པའི་(གཞན་ དོན་དམ་པ་)གཟུགས་སྐུ་མཐའ་ཡས་སྟོན། །འཁོར་བ་(མ་སྟོང་དེ་)སྲིད་དུ་འཕྲིན་ལས་རྒྱུན་མི་ འཆད། །(དབང་རྒྱུད་མན་ངག་)དཔལ་ལྡན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཀུན་མཁྱེན་ ཆོས་དབྱིངས་དག་པའི་(ཆོས་སྐུའི་)ནམ་མཁའ་ལ། །གཟུགས་སྐུ་(རྣམ་གཉིས་)རྟ་བདུན་རྒྱལ་པོ་ ཉི་མ་ཤར། །གླིང་བཞིར་ཆོས་ཀྱི་འོད་ཟེར་ཁྱབ་མཛད་པ། །(སངས་རྒྱས་ཀྱི་)བསྟན་པའི་སྒྲོན་ མེའི་ཞབས་ལ་ཕྱག་འཚལ་ལོ། །གཞན་སྟོང་རིག་པའི་སེང་ཆེན་རོལ་པ་ཡིས། །རང་སྟོང་(གློ་ བུར་གྱི་སྤངས་བྱ་)མ་རིག་གླང་པོ་ཚར་བཅད་ནས། །སྟོང་གཞི་(ཐོབ་བྱ་མཐར་ཐུག་)བདེ་གཤེགས་ སྙིང་པོ་གསལ་མཛད་པ། །ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་འདུད། །(ལུང་རིགས་རྒྱ་མཚོ་) མ་ནོར་ཇི་བཞིན་འཆད་པའི་དུང་ཆེན་འབུད། །ལྟ་ངན་ཚར་བཅད་རྩོད་པའི་བ་དན་འཕྱར། ། 1-1-7 (བརྗོད་བྱ་མཁའ་འགྲོས་རྒྱ་མཚོ་)སྡེབ་ལེགས་རྣར་སྙན་རྩོམ་པའི་རྔ་ཆེན་བརྡུངས། །ཆོས་ཀྱི་རྒྱལ་ མཚན་བླ་མའི་ཞབས་ལ་འདུད། །(ཆོས་རྗེ་རིན་པོ་ཆེ་)དེ་ཡི་རྣམ་ཐར་(མདོ་རྒྱུད་རྒྱ་མཚོ་ལས་)ཡོན་ཏན་ བསམ་མི་ཁྱབ། །(འཕགས་པ་བསམ་གྱི་མི་ཁྱབ་པའི་མདོ་ལས། །ནམ་མཁའ་ས་གཞི་གང་ཡིན་པ། །སྐྲ་རྩེའི་གཞལ་བར་ ནུས་སྲིད་ཀྱི། །རྒྱལ་བ་ཡོན་ཏན་རྒྱ་མཚོ་ཡི། །དཔག་ཅིང་བརྗོད་པར་ག་ལ་ནུས། །དེ་ཕྱིར་བསམ་གྱིས་མི་ཁྱབ་པོ། །ཅེས་གསུངས་ སོ། །)ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཐམས་ཅད་ཀྱིས། །བསྐལ་པའི་མཐར་ཐུག་བར་ དུ་གསུང་མི་ལངས། །མཁས་མིན་བདག་གིས་བརྗོད་པར་ག་ལ་ནུས། །(ཕལ་བོ་ཆེར། དག་པའི་ས་ གསུམ་ཡོན་ཏན་ཀྱང༌། །དཔག་ཅི་གཞལ་བར་མི་ནུས་ན། །ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །བརྗོད་ཅིང་དཔག་པར་ག་ལ་ ནུས། །ཅེས་གསུངས་སོ། །)འོན་ཏེ་ལྷག་བསམ་ལྡན་པའི་(ཤེས་རབ་བཟང་ལ་སོགས་)སློབ་མས་བསྐུལ། ། (ཆོས་གྲགས་དཔལ་)རང་ཉིད་ཤིན་ཏུ་དད་པའི་གཏེར་ཕྱེ་ནས། །སྐྱེས་རབས་ཁྱད་འཕགས་ གསུང་རབ་རྒྱ་མཚོ་ལས། །ཆ་ཙམ་འདིར་བརྗོད་འགྲོ་ལ་ཕན་གྱུར་ཅིག ། དེ་ཡང་འདིར་གང་ལ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བདག་གི་དཔལ་ལྡན་བླ་མ་ཆོས་ ཀྱི་རྗེ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཅུང་ཟད་བཤད་པར་བྱའོ། །དེ་ཡང༌། དུས་ཀྱི་འཁོར་ ལོའི་རྩ་རྒྱུད་ལས། །(དམ་ཚིག་སྡོམ་པ་གསུམ་གྱི་ཐུགས་རྒྱུད)བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །(རྙེད་ བཀུར་ལ་རེ་བ་མེད་པ་)བཟོད་ལྡན་(སེམས་ཤིན་ཏུ་)དྲང་ལ་གཡོ་སྒྱུ་མེད(པའི་སེམས་ལྡན་། །དྲང་དོན་དང་ངེས་ དོན་)སྔགས་དང་རྒྱུད་ཀྱི་(རིམ་གཉིས་ཀྱི་)སྦྱོར་བ་ཤེས། །སྙིང་(སེམས་ཅན་ཐམས་ཅད་ལ་)བརྩེར་ལྡན་ ཞིང་བསྟན་བཅོས་མཁས། །(བསྲུང་འཁོར་དབང་བསྐུར་ལ་སོགས་)དེ་ཉིད་བཅུ་ནི་ཡོངས་སུ་ཤེས། ། (རྡུལ་ཚོན་ལ་སོགས་)དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །(སྔགས་རྡོ་རྗེ་)གསང་སྔགས་འཆད་ བྱེད་(རྡོ་རྗེ་)སློབ་དཔོན་ཏེ། །(སེམས་རྒྱུད་ཀྱི་དྲི་མ་སྲབ་པ་)དང་བའི་བདག་ཉིད་(རྣལ་འབྱོར་བ་ལ་སོགས་) དབང་པོ་དུལ། །ཞེས་གསུངས་པ་ལྟར་ཡོན་ཏན་ཚད་མེད་པ་ཐམས་ཅད་དང་ལྡན་ཞིང་སྐྱོན་ ཐམས་ཅད་དང་བྲལ་ཏེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། དམ་ཆོས་ཐམས་ཅད་ཀྱི་ 1-1-8 འབྱུང་གནས། འཕགས་པའི་དགེ་འདུན་རྒྱ་མཚོའི་གཙུག་གི་རྒྱན་ནི་བླ་མ་དམ་པ་(སངས་རྒྱས་ དང་ཆོས་དང་དགེ་འདུན་གྱི་ངོ་བོ་)ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། (བླ་མ་རྡོ་རྗེ་)སློབ་ དཔོན་དེ་ནི་(རྫོགས་པའི་)སངས་རྒྱས་ཉིད་དེ་རབ་མཆོག་ས་གཞིའི་སྟེང་ན་ཆོས་ནི་(ཆོས་ཐེག་པ་ གསུམ་)དེ་ཡིས་སྟོན་པའོ། །(འཕགས་པའི་དགེ་འདུན་)དགེ་འདུན་གང་ཞིག་དེར་གནས་(འགྱུར་མེད་ བདེ་བ་)རབ་ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །ཞེས་གསུངས་ སོ། ། ཡེ་ཤེས་གྲུབ་པའི་རྒྱུད་ལས། བླ་མ་སངས་རྒྱས་ཆོས་འགྱུར་ཞིང༌། །དགེ་འདུན་ཡང་ནི་དེ་ ཉིད་དེ། །དེ་འདྲ་ཉིད་ཀྱི་ཤེས་གྱུར་པས། །དེ་བས་དཀོན་མཆོག་གསུམ་ཡིན་ནོ། །ཞེས་དང༌། སྡོམ་པ་འབྱུང་བའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དེ་བཞིན་དགེ་འདུན་ ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་སོ། །བདེ་ མཆོག་རྩ་རྒྱུད་ལས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། ། དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་གསུངས། མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། གང་ གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། ། ཞེས་དང༌། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་སོ། །དུས་འཁོར་བསྡུས་པའི་རྒྱུད་ལས། མི་ཡི་འཇིག་རྟེན་རྣམས་སུ་ཉོན་མོངས་རྣམ་བྲལ་བླ་མ་གང་དག་རྡོ་རྗེ་འཛིན་བདག་ཉིད། ། སེམས་ཅན་རྣམས་ལ་དེ་ཡིས་བདེ་མཉམ་འབྲས་བུ་ཐར་པ་སྟེར་བས་ཕྱག་བྱ་མཆོད་བྱ་སྲས་ རྣམས་ཀྱིས། །ཞེས་གསུངས་སོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། བླ་མ་དང་ནི་རྡོ་རྗེ་འཆང༌། ། ཐ་དད་པར་ནི་མི་བརྟག་གོ །ཞེས་གསུངས། རྡོ་རྗེའི་གུར་ལས། ཇི་ལྟར་ནམ་མཁའ་མཛོད་ ཆེན་དུ། །ཐུབ་པ་རྡོ་རྗེ་ཆོས་འཛིན་བཞིན། །མགོན་པོ་རྟ་བདུན་རྒྱལ་པོ་ལྟར། །དེ་བཞིན་སློབ་ 1-1-9 དཔོན་རབ་ཏུ་གྲགས། །ཞེས་སོ། །བྲམ་ཟེ་བསོད་སྙོམས་པའི་རྒྱུད་ལས། དབང་བསྐུར་བླ་མ་ མིག་དང་འདྲ། །མན་ངག་སྟོན་པ་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །དེ་ལ་དམ་ ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། ། ཉམས་ཀྱང་རྡོ་རྗེ་འཛིན་པ་ཐོབ། །ཅེས་གསུངས། ཡེ་ཤེས་ཐིག་ལེའི་རྒྱུད་དུ། བླ་མ་མཐོ་རིས་ ཐར་པའི་བླ། །བླ་མ་ཡེ་ཤེས་བླ་ན་མེད། །བླ་མ་ཡོན་ཏན་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ ཉིད། །ཅེས་གསུངས། ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། ། སངས་རྒྱས་བྱ་བའི་མིང་ཡང་མེད། །འདས་དང་མ་འོངས་སངས་རྒྱས་རྣམས། །བླ་མ་དག་ལ་ བརྟེན་ནས་འབྱུང༌། །ཞེས་སོ། །རྩ་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་དང༌། །དེ་ཡི་མན་ངག་ མ་ཐོབ་པར། །འཁོར་བ་རྒྱ་ཆེ་རྒྱ་མཚོ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་རོ། །ཞེས་གསུངས་ པ་ལྟར། དཔལ་ལྡན་བླ་མའི་ཡོན་ཏན་དཔག་ཏུ་མེད་པ་རྒྱུད་སྡེ་དུ་མར་འབྱུང་ངོ༌། །སྐུའི་ཆ་ལ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་ཡང་གསུངས་ཏེ། དཔལ་ གསང་བ་འདུས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་ གནས། །དེ་ཡི་གཟུགས་ཀྱི་ཕུང་པོ་ནི། །སངས་རྒྱས་རྣམ་པར་སྣང་མཛད་ཡིན། །ཚོར་བ་རྡོ་རྗེ་ ཉི་མ་སྟེ། །འདུ་ཤེས་པད་མ་གར་དབང་ཕྱུག །འདུ་བྱེད་རྡོ་རྗེ་རྒྱལ་པོ་སྟེ། །རྣམ་པར་ཤེས་པ་ མི་བསྐྱོད་པ། །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་སྒྲོལ་མ་ཞེས་ བྱ་སྟེ། །མེ་དང་རླུང་དུ་རབ་ཏུ་གྲགས། །ནམ་མཁའ་རྡོ་རྗེ་དབྱིངས་ཕྱུག་མ། །རྡོ་རྗེའི་སྐྱེ་མཆེད་ འདི་དག་ཀྱང༌། །བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་མཆོག །ཡན་ལག་ཁྲོ་བོ་རྒྱལ་པོ་ རྣམས། །ཞེས་གསུངས། བླ་མ་ལྔ་བཅུ་པར། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་ དུ་ནི་མངོན་ཕྱག་འཚལ། །ཞེས་གསུངས་པ་ལྟར་བླ་མ་སངས་རྒྱས་ཉིད་ཡིན་ལ། ཕྱོགས་ 1-1-10 བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཐམས་ཅད་འདུས་ཏེ། ཉིན་ལན་གསུམ་མཚན་ལན་ གསུམ་དུ་ཕྱག་འཚལ་བར་གསུངས་སོ། ། འཕགས་པའི་དགེ་བདུན་རྒྱ་མཚོའི་མངའ་བདག་ནི་རྡོ་རྗེ་སློབ་དཔོན་ཡིན་ལ་ཐམས་ ཅད་ཀྱིས་སྔོན་དུ་དད་པ་བྱ་དགོས་སོ། །ཏ་ལ་ལའི་མདོར། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་ པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །མི་དགེ་སེལ་ཞིང་ཆུ་བོ་རྣམས་ ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པས་རྟོག་པ་སེལ་ཞིང་སེམས་ དད་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་ མཆོག །ལག་པ་བཞིན་དུ་དགེ་བའི་སྡུད་རྩ་ཡིན། །དད་པས་ཡོངས་སུ་གཏོང་ལ་དགའ་བར་ བྱེད། །དད་པས་རྒྱལ་བའི་ཆོས་ལ་རབ་དགའ་བསྐྱེད། །དད་པས་ཡོན་ཏན་ཡེ་ཤེས་ཁྱད་པར་ འཕགས། །སངས་རྒྱས་གོ་འཕང་ཐོབ་ཅིང་ཐོབ་པར་བྱེད། །ཅེས་གསུངས། (རྒྱ་ཆེར་རོལ་བ་ལས། དད་པའི་དབང་པོ་ནི་ཆོས་སྣང་བའི་སྒོ་སྟེ། །བདུད་ཀྱི་སྟོབས་ལ་ཡང་དག་པར་འདའ་བར་བྱེད་དོ། །སངས་རྒྱས་ཕལ་བོ་ཆེར། དད་པའི་བདུད་ཀྱི་ལམ་ལས་བཟློག་པ་སྟེ། །ཐར་ལམ་དམ་པ་ཡོངས་སུ་སྟོན་པ་ཡིན། །ཡོན་ཏན་རྒྱུ་ནི་ས་བོན་མ་རུལ་བཞིན། ། དད་པས་བྱང་ཆུབ་ཤིང་རབ་རྣམ་པར་བསྐྱེད། །ཅེས་དང༌། )ཆོས་བཅུའི་མདོ་ལས། དད་པ་ཐེག་པའི་མཆོག་ ཡིན་ཏེ། །དེས་ནི་འདྲེན་པ་ངེས་པར་འབྱུང༌། །དེ་ཕྱིར་བློ་དང་ལྡན་པའི་མི། །དད་པའི་རྗེས་སུ་ འབྲང་ལ་བརྟེན། །དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་ མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་སོ། །མདོ་སྡེ་རྒྱ་ཆེར་རོལ་པར། ཀུན་ དགའ་བོ་དད་པ་ལ་བརྩོན་པར་གྱིས་ཤིག །ཅེས་དང༌། སེང་གེས་ཞུས་པའི་མདོར། དད་པས་ མི་ཁོམ་སྤོང་བར་འགྱུར། །ཞེས་གསུངས། འོད་དཔག་མེད་ཞིང་གི་བཀོད་པའི་མདོ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་དང་སློབ་དཔོན་དང་མཁན་པོ་དང༌། དགེ་བའི་བཤེས་ གཉེན་ལ་གུས་པ་དང་བཅས་པ་ནི་སྔོན་དུ་འགྲོའོ། །ཞེས་སོ། །འཕགས་པ་སྡོང་པོ་བཀོད་པའི་ 1-1-11 མདོར། དད་པ་ཡིད་བཞིན་ནོར་བུ་བུམ་པ་བཟང༌། །འདོད་དགུ་འཇོ་བའི་བཞོན་མཚུངས་ པ། །བླ་མ་དང་ནི་སངས་རྒྱས་ལ། །དེ་ལྟ་བས་ན་མགུ་བར་བྱ། །སངས་རྒྱས་དད་པའི་བསོད་ ནམས་གང༌། །སངས་རྒྱས་ཞིང་དུ་སྐྱེ་བར་འགྱུར། །ཞེས་གསུངས། འཕགས་པ་ཡན་ལག་མེ་ ཏོག་མཆོག་གི་མདོར། སངས་རྒྱས་ཕྲད་ན་ཤིན་ཏུ་དད། །དད་ནས་ཤིན་ཏུ་གུས་པར་འགྱུར། ། གུས་པས་ནན་ཏན་བྱེད་པས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་མང་དུ་ གསུངས་སོ། ། སོ་སོར་ཐར་པའི་མདོར། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ནི་མཁན་པོ་དང་ སློབ་དཔོན་ལ་གུས་པས། གང་ཡོངས་སུ་མི་གཏོང་བ་ནི་རིན་པོ་ཆེ་ལྟར་འཇིག་རྟེན་ན་མེད་ དོ། །ཞེས་གསུངས། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཚིག་བཞི་པའི་ ཚིགས་སུ་བཅད་པ་སུ་ལ་མཉན་ནམ། ལུང་ནོད་དམ། བླངས་པའི་སློབ་དཔོན་དེ་ལ་ཆོས་ཀྱི་ གུས་པར་བྱའོ། །ཞེས་སོགས་མང་དུ་བསྡུའོ། །དེ་ནས་དད་པའི་ཞིང་ནི་སློབ་དཔོན་ཡིན་པས་ བླ་མའི་རྣམ་ཐར་བཤད་པར་བྱ། ཞེས་མདོ་རྒྱུད་དུ་མར་གསུངས་ཏེ། (སངས་རྒྱས་ཕལ་བོ་ཆེ་ལས། ། གང་གི་རྣམ་ཐར་འདི་དག་ཐོབ་གྱུར་ན། །ཡིད་ཆེས་འཛིན་ཅིང་འཇིག་རྟེན་སྒྲོགས་པ་ནི། །ངོ་མཚར་རྨད་ཀྱི་ཆོས་དང་ལྡན་གྱུར་ཏེ། ། མི་ཡུལ་ཀུན་ལ་དེ་འདྲ་དཀའ་བ་ཡིན། །ཞེས་སོ། །)དྲི་མེད་གྲགས་པས་ཞུས་པའི་མདོ་ལས། རབ་འབྱོར། གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། རིན་པོ་ཆེ་ སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སྦྱིན་པ་བྱིན་ན་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་ལ་ལ་ཞིག་གིས་བླ་ མའི་རྣམ་ཐར་གྱི་ཚིག་བཞི་པའི་ཕྱེད་ཙམ་སྟོན་ན། དེ་བས་བསོད་ནམས་མང་དུ་བསྐྱེད་པར་ འགྱུར་རོ། །ཞེས་གསུངས། གཞོན་ནུ་ལུང་བསྟན་པའི་མདོ་ལས། གཞོན་ནུ་སློབ་དཔོན་ 1-1-12 གྱི་མཚན་ཉིད་བཤད་པར་བྱའོ། །མཁན་པོའི་ཡོན་ཏན་གྱི་བཤད་པ་ལ་བརྩོན་ཅིག །ཅེས་ དང༌། འཕགས་པ་གཎྜི་རྒྱས་པའི་མདོར། སློབ་དཔོན་མཚན་ཉིད་སུས་བཤད་པ། །བསོད་ ནམས་མཐའ་ཡས་དཔག་མེད་ཐོབ། །ལྷ་ཡིས་བསྲུང་ལ་བར་ཆད་མེད། །དེ་ཕྱིར་བླ་མ་ལ་ གུས་ཤིག །ཅེས་སོ། །ཚུལ་ཁྲིམས་དྲི་མེད་གསལ་བའི་མདོར། ཀུན་དགའ་བོ། ཚུལ་ཁྲིམས་ དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་མའི་མཚན་ཉིད་ལ་རྟོགས་པར་བྱའོ། །མོས་པར་ བྱའོ། །སྙོག་པར་བྱའོ། །ཞེས་གསུངས་སོ། །བྱང་ཆུབ་ཤིང་དྲུང་དུ་འཇུག་པའི་མདོར། འོད་ སྲུང་བླ་མའི་རྣམ་ཐར་ལ་རྟོགས་ཤིང་བཤད་པར་གྱིས་ཤིག །མཁན་པོའི་མཚན་ཉིད་ལ་ནན་ ཏན་གྱིས་ཤིག །ཅེས་གསུངས་སོ། །བླ་མའི་རྣམ་ཐར་བཤད་པ་ལ་ཕན་ཡོན་མདོ་སྡེ་དུ་མར་ གསུངས་སོ། ། རྒྱུད་ལས་བཤད་པ་ནི་མང་དུ་གསུངས་སོ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རེ་ཞིག་དང་ པོར་དངོས་གྲུབ་ནི། །སློབ་དཔོན་རྗེས་སུ་འབྲང་ཡིན་པས། །སློབ་དཔོན་མེད་པར་གྱུར་ནས་ ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་ དང༌། ཡེ་ཤེས་གསལ་བའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་ བསྒོམས་པ་བས། །བླ་མ་དྲན་པའི་བསོད་ནམས་ཆེ། །ཞེས་དང༌། དམ་ཚིག་བཀོད་པའི་རྒྱུད་ ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ནས་བསྒོམས་ པ་བས། །བླ་མ་སེམས་ཀྱི་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ ཕོད་དོ། །ཞེས་གསུངས། འཇམ་དཔལ་རྩ་རྒྱུད་དུ། སློབ་དཔོན་བླ་མ་མཚན་ཉིད་ལྡན། །སློབ་ མས་སློབ་དཔོན་མཐོང་བར་སྤྲོ། །དེ་ལྟ་བུ་ཡིས་རྟག་ཏུ་ནི། །དངོས་གྲུབ་ཡང་དག་འབྱོར་བ་ ཉིད། །ཅེས་སོགས་ཕན་ཡོན་དཔག་ཏུ་མེད་པ་མདོ་རྒྱུད་ཀུན་ལས་གསུངས་པས་འདི་རྩོམ་པ་ ལ་སེམས་སྤྲོ་བས་ཅུང་ཟད་བྲི་བར་འཚལ་ལོ། ། 1-1-13 དེ་ཡང་འདིར་སངས་རྒྱས་ཉིད་རྩོད་དུས་སུ་ཕལ་པའི་འགྲོ་བ་འདུལ་བའི་ཕྱིར། སློབ་ དཔོན་གྱི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། ཆུ་ཀླུང་བ་ཚྭ་ཅན་གྱི་ མདོར། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་སློབ་དཔོན་གཟུགས་སུ་གནས། །ང་ཡིན་སྙམ་དུ་ ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་སོ། །གུར་ལས། ང་ཉིད་རྡོ་རྗེ་སེམས་དཔའ་ ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་བཏགས་དམིགས་ནས་ ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་གསུངས། དེ་ཡང་མི་ཚད་སངས་རྒྱས་ཀྱི་རྣམ་ འཕྲུལ་དུ་མས་དུད་འགྲོའི་གཟུགས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་མཛད་པར་གསུངས་ཏེ། རྡོ་རྗེའི་གུར་དུ། སངས་རྒྱས་སེམས་ཅན་སྐྱབས་དགོངས་ནས། །སངས་རྒྱས་གར་མཁན་གར་ མཛད་དེ། །རི་བོ་གངས་དང་སེང་གེ་དང༌། །གླང་པོ་རིགས་ཅན་རྣམས་སུ་ཡང༌། །སྙིང་རྗེའི་ ཐུགས་ཀྱི་སྟོན་པར་མཛད། །ཅེས་སོགས་སངས་རྒྱས་ཀྱིས་གདུལ་བྱའི་དོན་དུ་སྤྲུལ་པ་མཐའ་ ཡས་སྟོན་པར་མཛད་དོ། །མདོ་ལས། རྒྱལ་པོ་འདུལ་བ་ལ་རྒྱལ་པོ། དགེ་སྦྱོང་འདུལ་བ་ལ་ དགེ་སྦྱོང༌། བྲམ་ཟེ་འདུལ་བ་ལ་བྲམ་ཟེ། དྲི་ཟ་འདུལ་བ་ལ་དྲི་ཟའི་གཟུགས་སུ་སྤྲུལ་ལོ། ། ཞེས་དང༌། མི་གཡོ་བ་གཏུམ་པོའི་རྒྱུད་ལས། གང་དང་གང་གིས་གཟུགས་ཀྱིས་ནི། །སེམས་ ཅན་གདུལ་བར་དེ་ཉིད་འཇུག །དེང་སང་དེ་ཉིད་ཚུལ་གྱིས་ནི། །འཇིག་རྟེན་དོན་མཛད་ང་ གནས་སོ། །འགའ་ཞིག་སངས་རྒྱས་གྲུབ་ཐོབ་སྤྲུལ། །ལ་ལར་ཆོས་དང་དགེ་འདུན་ཏེ། །ལ་ ལར་ཡི་དྭགས་ལ་ལར་ཕྱུགས། །ལ་ལར་དམྱལ་བའི་གཟུགས་ཅན་ནོ། །ལ་ལར་ལྷ་དང་ལྷ་ མ་ཡིན། །ལ་ལར་མི་ཡི་གཟུགས་ཅན་ནོ། །ལ་ལར་བརྟན་པའི་གཟུགས་ཅན་ནོ། །སྣ་ཚོགས་ གཟུགས་ཅན་ཐེ་ཚོམ་མེད། །ང་ནི་སྐྱེས་པ་བུད་མེད་དང༌། །མ་ནིང་གཟུགས་སུ་ལ་ལར་རོ། ། ལ་ལར་ཆགས་ཅན་ལ་ལར་སྡང༌། །ལ་ལར་རྨོངས་ཤིང་ལ་ལར་གཙང༌། །ལ་ལར་མི་གཙང་ གཟུགས་སུ་ང༌། །སེམས་ཅན་གཟུགས་ཀྱི་བདག་གནས་སོ། །ཞེས་སོགས་མང་དུ་གསུངས་ 1-1-14 སོ། །སངས་རྒྱས་གསུང་གི་འཕྲིན་ལས་ཀྱང་གསུང་ཅིག་ཉིད་དུ་གསུངས་ཏེ། སེམས་ཅན་ རང་རང་གི་སྐད་དུ་གོ་བར་སྟོན་ཏེ། ཡེ་ཤེས་ལེའུར། (དེ་བཞིན་གཤེགས་པའི་གསུང་གི་)དུད་འགྲོ་ ཡི་དྭགས་ལྷ་(མིན་རྣམས་དང་ལྟོ་འཕྱེ་ཀླུ་རྣམས་དང་)ལྷ་དང་མི་ནི་(རྒྱ་གར་)འཕགས་པ་བོད་(གངས་ཅན་རྒྱ་ ནག་)ལ་སོགས་པ་རྣམས་དང་ནི(འདས་པ་དང་)། །བྱུང་དང་(མ་འོངས་)འབྱུང་འགྱུར་ད་ལྟར་བྱུང་ བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་(མི་མཆོག་ཏུ་མི་འགྱུར་བའི་)ཆོས་ནི་གསུངས་བྱེད་ཅིང༌། ། (སེམས་ཅན་)རང་རང་སྐད་གཞན་དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པའི་ལམ་ལ་ཡང་ དག་འགོད་བྱེད་པ། །(གདུལ་བྱའི་སེམས་ཅན་)འདི་ནི་བདེ་མཉམ་(གྱི་)འབྲས་བུ་(མྱུར་དུ་)སྟེར་བ་ (ཤེས་བྱ་)ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་(ལེགས་སྦྱར་སངས་སྐྲི་ཏའི་)སྐད་(གཅིག་པུ་ཉིད་)ཀྱང་ མ་ཡིན་ནོ། །ཞེས་གསུངས། དེ་ཡན་ཆད་ཐུན་མོང་གི་སེམས་ཅན་འདུལ་བའི་ཆོས་སོ། ། ཐུན་མོང་མ་ཡིན་པར་སེམས་ཅན་གྱི་དོན་མཛད་པ་ནི། དཔལ་དུས་ཀྱི་འཁོར་ལོ་ལས། ཤེས་རབ་མ་ཡིན་(ཕྱི་ནང་ཟླ་བའི་ཆ་བཅོ་ལྔ་)ཐབས་ཀྱང་མིན་པ་འདི་ནི་(དོན་དམ་གྱི་)ལྷན་ཅིག་སྐྱེས་ པའི་སྐུ་སྟེ་(སེམས་ཅན་དག་གི་སྒྲིབ་པ་ཟད་པས་)ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་ བཞིན་ངེས་པར་(སྒྲིབ་པ་)མུན་པ་དང་བྲལ་(མྱང་འདས་)ཡེ་ཤེས་དང་ནི་རྣམ་ཤེས་(འཁོར་བ་པ་) དབྱེ་བ་ལས། །(གཞན་དོན་ཕུན་སུམ་ཚོགས་པ་)འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། (གཞོམ་མེད་ཀྱི་) སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པའོ། །སེམས་ཅན་རྣམས་ནི་སྨིན་པའི་དོན་ དུ་སླར་ཡང་(ལོངས་སྤྱོད་རྫོགས་པའི་སྐུ)། འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུར་འགྱུར་རོ། ། ཞེས་སངས་རྒྱས་སྐུ་བཞིའི་སྒོ་ནས་གཞན་དོན་མཛད་པར་གསུངས། ཁམས་གསུམ་ལས་ རྒྱལ་བའི་སྐུ་གསུམ་གྱིས་འགྲོ་དོན་མཛད་ཚུལ་ནི། བསྡུས་པའི་རྒྱུད་ལས། དེ་དག་རྣམས་ ཀྱིས་དུས་ཀྱི་འཁོར་ལོའི་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ་ཆེན་པོ། །རྡོ་ རྗེ་འབར་བ་འཕྲོ་བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པའི་ལྷ་མིན་དང་ནི་མི་རྣམས་ 1-1-15 དང༌། །ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་ དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །ཞེས་སོགས་ཐུན་མོང་མ་ཡིན་པར་གཞན་དོན་མཛད་ ཚུལ་དཔག་ཏུ་མེད་པར་གསུངས་སོ། །ཁྱད་པར་དུ་བདག་གི་དཔལ་ལྡན་བླ་མས་འགྲོ་དོན་ མཛད་ཚུལ་ལ་སྤྱི་དོན་ལ་གསུམ་སྟེ། སྐུ་ཚེ་སྔོན་ནས་འདས་པ་རྣམས་དང༌། ད་ལྟར་བྱུང་བ་ དང༌། མ་བྱོན་པའོ། ། དང་པོ་ལ་གསུམ་སྟེ། མདོ་རིགས་ལས་བཤད་པ་དང༌། རྒྱུད་རིགས་ལས་བཤད་པ་དང༌། བསྟན་བཅོས་ལས་བཤད་པའོ། ། ༈ དང་པོ་ནི། ཆོས་རྗེ་རིན་པོ་ཆེ་འདི་ཉིད་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ཏེ། (འཕགས་ པ་བྷུདྡྷ་རི་ཀའི་མདོ་ལས། །འཇིག་རྟེན་གྱི་ཁམས་སུ་རེ་རེ་ནས་འཕགས་པ་སྤྱན་རས་གཟིགས་སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་ ནས་སེམས་ཅན་གྱི་དོན་མཛད་པར། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་མ་ཎི་བཀའ་འབུམ་ལས་གསུངས་སོ། །)སྤྱན་རས་ གཟིགས་ཀྱིས་ཐབས་ཇི་ལྟར་དུ་འགྲོ་དོན་མཛད་པ་ནི་བརྗོད་དུ་མི་ལང་ངོ༌། །མདོར་བསྡུས་ ཙམ་ནི། དམ་ཆོས་པད་མ་དཀར་པོའི་མདོ་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས་(སྟན་ལས་ལངས་ཏེ་ཐལ་མོ་སྦྱར་བ་བཏུད་ནས་)འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་ རས་གཟིགས་དབང་ཕྱུག་(ཆོས་ཐམས་ཅད་ཀྱིས་ཡོན་ཏན་བཀོད་པའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ ཕྱུག་ཞེས་ཅིའི་སླད་དུ་དེ་སྐད་བགྱི་བ་ལགས། །བཀའ་སྩལ་པ་ལགས་ན་རྡོ་རྗེས་གང་གི་ཕྱིར་འདི་ལྟར་འཇིག་རྟེན་ཐམས་ཅད་ལ་ བལྟ་བར་བྱེད་འཚམ་པར་བྱེད་ཡོངས་སུ་སྐྱོབས་པར་བྱེད་ཡང་དག་པར་དབུགས་འབྱིན་པར་བྱེད་ཅིང་སྙིང་རྗེའི་སེམས་དང་བདེ་ བའི་སེམས་དང་བྱམས་པའི་སེམས་དང་སྙིང་བརྩེ་བའི་སེམས་དང་ལྡན་པ་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དེའི་ཕྱིར་ན་སྤྱན་རས་གཟིགས་དབང་ཕྱུག་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །)གིས་འཇིག་རྟེན་གྱི་ཁམས་མི་ 1-1-16 མཇེད་འདི་ན་རྒྱུ་ཇི་ལྟར་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐབས་ ལ་མཁས་པའི་ཡུལ་ནི་ཅི་འདྲ་བ་ཞིག་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །རིགས་ཀྱི་བུ། གང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་ རས་གཟིགས་དབང་ཕྱུག་སངས་རྒྱས་(སྐུ་གསུམ་)ཀྱི་གཟུགས་ཀྱིས་ཆོས་སྟོན་པའི་འཇིག་རྟེན་ གྱི་ཁམས་དག་ཡོད་དོ། །གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་ གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་སྟོན་པའི་འཇིག་རྟེན་ གྱི་ཁམས་དག་ཀྱང་ཡོད་དོ། །(པོ་ཏ་ལར་ནི་)སེམས་ཅན་ཁ་ཅིག་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་རང་གི་གཟུགས་ཀྱིས་ཆོས་སྟོན་ ཏོ། །(འཛམ་བུའི་གླིང་དུ་)སེམས་ཅན་ཁ་ཅིག་ལ་ནི་ཉན་ཐོས་ཀྱི་གཟུགས་ཀྱིས་སོ། །(ཡུལ་)ཁ་ ཅིག་ལ་ནི་ཚངས་པའི་གཟུགས་སོ། །(སུམ་ཅུ་རྩ་གསུམ་དུ་)ཁ་ཅིག་ལ་ནི་བརྒྱ་བྱིན་གྱི་གཟུགས་ སོ། །སེམས་ཅན་ཁ་ཅིག་ལ་ནི་ཤ་ཟའི་གཟུགས་སོ། །(ཤར་ལུས་འཕགས་པོ་)སེམས་ཅན་ཁ་ ཅིག་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དྲི་ ཟའི་གཟུགས་ཀྱིས་ཆོས་སྟོན་ཏོ། །(བྱང་སྒྲ་མི་སྙན་)གནོད་སྦྱིན་རྣམས་ལ་དབང་ཕྱུག་ཆེན་པོའི་ གཟུགས་སོ། །(རྒྱ་གར་འཕགས་ཡུལ་དུ་)རྒྱལ་པོ་འདུལ་བ་ལ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་ ཆོས་སྟོན་ཏོ། །ཞེས་སོགས་མང་དུ་གསུངས་སོ། །ཡང་ཟ་མ་ཏོག་བཀོད་པར། བཅོམ་ལྡན་ འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་གང་གིས་དུས་ན་ཡི་དམ་བརྟན་པོ་དེ་ཡོངས་སུ་རྫོགས་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐབས་ཇི་ 1-1-17 ལྟར་ཆོས་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། (ཕྱི་རོལ་པ་ཚངས་པ་ལ་སོགས་) དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་ནི་དེ་བཞིན་གཤེགས་པའི་(ཐུབ་པའི་) གཟུགས་ཀྱིས་ཆོས་སྟོན་ཏོ། །(འགོག་སྙོམས་)རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་ རྣམས་ལ་ནི་རང་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་སྟོན་ཏོ། །(འདུ་ཤེས་ཅན་)དགྲ་བཅོམ་པས་ འདུལ་བའི་སེམས་ཅན་རྣམས་ལ་ནི་དགྲ་བཅོམ་པའི་གཟུགས་སོ། །བྱང་ཆུབ་སེམས་དཔས་ འདུལ་བའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་སྟོན་ཏོ། །(མུ་ སྟེགས་པ་)དབང་ཕྱུག་གིས་འདུལ་བའི་སེམས་ཅན་རྣམས་ལ་དབང་ཕྱུག་ཆེན་པོའི་གཟུགས་ ཀྱིས་ཆོས་འཆད་དོ། །མཐུ་བོ་ཆེས་འདུལ་བའི་སེམས་ཅན་རྣམས་ལ་ནི་མཐུ་བོ་ཆེའི་གཟུགས་ ཀྱིས་ཆོས་འཆད་དོ། །(ཕྱི་རོལ་བ་)གོང་བཞིན་དུ་ཚངས་པ་ལ་ཚངས་པའི་གཟུགས་སོ། །(དུ་ རུ་ཀའི་ཡུལ་དུ་)དབང་པོ་ལ་དབང་པོའི་གཟུགས་སོ། །(ཤམ་བྷ་ལར་)ཉི་མ་ལ་ཉི་མའི་གཟུགས་ སོགས་ཀྱིས་ཆོས་འཆད་པ་མང་དུ་གསུངས་མདོ་དེ་ཉིད་ལ་བལྟ་བར་བྱའོ། །གདོད་མ་ཉིད་ ནས་མངོན་པར་སངས་རྒྱས་ཀྱང་འཁོར་བ་སྲིད་དུ་སེམས་ཅན་གྱི་དོན་དུ་ཐབས་ཚུལ་དཔག་ ཏུ་མེད་པ་མཛད་དོ། །(འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་)སྤྱན་རས་གཟིགས་མགྲིན་སྔོན་ཅན་གྱི་ སྒྲུབ་ཐབས་ལས། སྤྱན་རས་གཟིགས་དབང་རྒྱལ་སྲས་ཐུགས་རྗེ་ཅན། །འདས་པའི་དུས་ན་ མངོན་པར་སངས་རྒྱས་ཀྱང༌། །ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་སྟོན་པ། །ཐབས་ཚུལ་ དཔག་མེད་རིགས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། དེ་ཡང་ཇི་ལྟར་དུ་མངོན་པར་སངས་རྒྱས་ན། འཕགས་པ་ཕྱག་སྟོང་སྤྱན་སྟོང་གི་མདོ་ ལས། སྔོན་བསྐལ་པ་གྲངས་མེད་པའི་སྔ་རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་(པད་མ་ར་གའི་མདོག་ཅན་)པད་མ་བརྒྱའི་སྤྱན་ཅན་དུག་ འཇོམས་འོད་ཟེར་རྒྱལ་པོ་ཞེས་བྱ་བ་(ཡུལ་མ་ཀ་ཏ་རར་)བྱུང་སྟེ། དེའི་ཚེ་ན་སྤྱན་རས་གཟིགས་ 1-1-18 དབང་ཕྱུག་འདི་(ཁྱིམ་བདག་ཟླ་བའི་བློ་གྲོས་ཀྱི་སྲས་སུ་)དྲང་སྲོང་པད་མའི་ཕྲེང་བ་(ཁ་ཆེ་གུར་གུམ་ལྟ་བུ་) ཞེས་བྱ་བར་གྱུར་ཏོ། །དེ་བཞིན་གཤེགས་པའི་དྲུང་དུ་སྨོན་ལམ་དཔག་ཏུ་མེད་པ་བཏབ་ནས་ (སྨོན་ལམ་བཏབ་པ་ནི། བསྐལ་སྟོང་མུན་པའི་ཁང་བུ་རུ། །མར་མེ་གཅིག་གིས་བཅོམ་པ་ལྟར། །འཇིག་རྟེན་འཁོར་བའི་མུན་ ཁང་ལ། །མར་མེ་སྙིང་པོ་བདག་འགྱུར་ཤོག །ཤ་ཀ་ར་ཡི་མེ་ཏོག་ལ། །སྨན་རིགས་སྣ་ཚོགས་འབྱུང་བ་ལྟར། །སེམས་ཅན་ཀུན་གྱི་ འདོད་པའི་སྨན། །སྣ་ཚོགས་བདག་ལ་འབྱུང་བར་ཤོག །ཙན་དན་སྦྲུལ་གྱི་སྙིང་པོ་ལ། །དྲི་བཟང་སྣ་ཚོགས་འབྱུང་བ་ལྟར། །ཡོན་ ཏན་སྣ་ཚོགས་འབྱུང་བའི་གཞི། །ཚུལ་ཁྲིམས་དྲི་ལྡན་བདག་འབྱུང་ཤོག །སེང་གེ་འོ་མ་ཐིགས་གཅིག་གིས། །ཕལ་བའི་འོ་མ་ བཅོམས་པ་ལྟར། །སེམས་ཅན་ཉོན་མོངས་ནད་ཀྱིས་གདུང༌། །བདག་གིས་ཡང་ཡང་བཅོམས་པར་ཤོག །ཨ་ཀར་སྙིང་པོ་བདུག་ པ་ལ། །འཁོར་ལོས་བསྒྱུར་བ་ནམ་མཁར་འཕགས། །དེ་བཞིན་བདག་གིས་སེམས་ཅན་ཀུན། །ཆོས་ཉིད་ནམ་མཁར་འདྲེན་པར་ ཤོག །ཇི་ལྟར་ཀ་ལ་པིང་ཀ་རྣམས། །སྒོ་ངའི་ནང་དུ་སྐད་འབྱིན་ལྟར། །བདག་ཀྱང་མ་ཡི་ལྟོ་ནང་དུ། །ཆོས་ཀྱི་སྒྲ་དབྱངས་སྒྲོགས་ པར་ཤོག །དངུལ་ཆུས་གསེར་སྣང་བྱེད་པ་ཡིས། །ལྕགས་ལ་རེག་ན་གསེར་འབྱུང་ལྟར། །བདག་ཉིད་མཐོང་ཐོས་དྲན་རེག་ཀུན། ། བྱང་ཆུབ་སེམས་དཔར་འགྱུར་བར་ཤོག །ཇི་ལྟར་རྡོ་བ་ཁབ་ལེན་གྱིས། །ལྕགས་སྒྲོག་སྲ་བ་བཅད་པ་ལྟར། །ཉོན་མོངས་འཁོར་ བའི་ལྕགས་སྒྲོག་ཀུན། །གཅོད་བྱེད་རལ་གྲིར་བདག་འགྱུར་ཤོག །པད་མོ་ཞེས་པའི་རྩི་ཟོས་ནས། །ཚེ་ཚད་བསྐལ་བར་འགྱུར་ བ་ལྟར། །སེམས་ཅན་ཚེ་རིང་བྱེད་པའི་རྫས། །ཆོས་ཀྱིས་བདུད་རྩིར་བདག་འགྱུར་ཤོག །མཆིན་རྩྭིའི་དྲི་མ་ཚོར་ཚད་ཀྱི། །དུག་ སྦྲུལ་ཐམས་ཅད་སྐྲག་པ་ལྟར། །བདག་གི་དྲི་མ་ཚོར་ཚད་ཀྱི། །ཆོས་མིན་ཐམས་ཅད་སྐྲག་པར་ཤོག །ཇི་ལྟར་ལྷ་ཡི་རྔ་སྒྲ་བཞིན། ། དགའ་བྱེད་སྒྲ་སྙན་འབྱུང་བ་ལྟར། །ཆོས་ཀྱི་སྒྲ་སྐད་སྣ་ཚོགས་དང༌། །བདག་ལ་ནམ་ཡང་འབྱུང་བར་ཤོག །ཇི་ལྟར་ཡིད་བཞིན་ ནོར་བུ་ལ། །དགོས་འདོད་སྣ་ཚོགས་འབྱུང་བ་ལྟར། །བདག་ལ་བསྟེན་ནས་སེམས་ཅན་གྱི། །འདོད་པ་སྣ་ཚོགས་འབྱུང་བར་ཤོག ། ཇི་ལྟར་རྡོ་རྗེ་ཕ་ལམ་གྱིས། །བྲག་རྫོང་ཐམས་ཅད་བཤིག་པ་ལྟར། །བདག་གིས་ཡང་དག་ལྟ་བ་ཡིས། །ལྟ་ངན་ཡུལ་རྫོང་བཤིག་ པར་ཤོག །ཅེས་སོ། །ལོ་བརྒྱད་ལོན་ནས་)རབ་ཏུ་བྱུང་སྟེ། (སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་དེ། ཡོན་ཏན་ཡར་ ཚེས་བཞིན་དུ་འཕེལ་ཏེ། འཕགས་པ་ཀ་ཡ་བྷོ་ཊིའི་མདོ་ལས། དཔེར་ན་ལྷའི་བུ་དག་གཞན་ཡང་ཟླ་བ་ཚེས་པའི་དཀྱིལ་འཁོར་ མངོན་པར་གྲུབ་པ་ལྟར། སེམས་དང་པོ་བསྐྱེད་པར་བལྟའོ། །དཔེར་ན་ཚེས་ལྔ་དང་ཚེས་དྲུག་དང་བདུན་གྱི་ནུབ་མོ་ཟླ་ཕྱེད་ལྟ་ 1-1-19 བུ་ནི། །སེམས་དང་པོ་བསྐྱེད་པ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་འོ། །དཔེར་ན་ཚེས་བཅོ་ལྔའི་ནུབ་མོར་ ཟླ་བའི་དཀྱིལ་འཁོར་ཟླུམ་པོ་ཤར་བ་ལྟ་བུ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལྟ་བུར་བལྟའོ། །ཞེས་གསུངས་པ་ལྟར་སེམས་ བསྐྱེད་དོ། །)བཅོམ་ལྡན་འདས་ཀྱིས་ཉེ་བར་བཟུང་ནས་ལུང་བསྟན་པ་འདི་མཛད་དེ། རིགས་ ཀྱི་བུ། ཁྱོད་ཀྱིས་སྨོན་ལམ་བཏབ་པའི་སྟོབས་ཀྱིས་ང་འདས་པའི་འོག་ཏུ་ལོ་ཉི་ཤུ་རྩ་ལྔ་ལོན་ ནས་ཁྱོད་མངོན་པར་སངས་རྒྱས་པར་འགྱུར་རོ། །སེམས་ཅན་དཔག་ཏུ་མེད་པ་ཞིག་སྒྲོལ་ བར་བྱེད་དོ། །དེ་ཡི་མིང་ནི་ཆོས་ཀྱི་སྣང་བ་ཞེས། །སྐུ་ཚེའི་ཚད་ལོ་འབུམ་ཕྲག་བརྒྱད་ཁྲི་ཡིན། ། འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང༌། །དམ་པའི་ཆོས་ནི་ཉིས་འགྱུར་དག་ཀྱང་ གནས། །ཞེས་སོགས་དུ་མར་ལུང་བསྟན་ནས། དེ་ནས་དྲང་སྲོང་པད་མའི་ཕྲེང་བས། (རང་ གི་ལུང་བསྟན་ཐོབ་ནས་)བཅོམ་ལྡན་འདས་ལ་ཕྱག་དང་བསྐོར་བ་མང་པོ་བྱས་ནས། བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་མཁའ་འདྲ་བདག་ལགས་ན། །བདག་ནི་ སངས་རྒྱས་ཐོབ་པའི་རྗེས། །མྱ་ངན་འདས་ན་སླར་ཡང་ནི། །ས་བཅུའི་ཚུལ་གྱིས་འགྲོ་རྣམས་ ལ། །རྟག་ཏུ་ཕན་པ་བགྱིད་པར་ཤོག །ཅེས་སོགས་སྨོན་ལམ་བཏབ་པས། (སེམས་བསྐྱེད་ངོ་ མཚར་རྨད་དུ་བྱུང་བ་སྟེ་དང་པོའོ། །)བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་ལེགས་སོ་ལེགས་སོ། ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བར་ འགྱུར་ནས་འགྲོ་བ་ཀུན་གྱི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་དྲང་སྲོང་ མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། དེ་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ ཅད་མངོན་དུ་གྱུར་ནས་སྙིང་རྗེ་དགའ་བའི་ཏིང་ངེ་འཛིན་བརྟན་པ་ཐོབ་བོ། །དྲང་སྲོང་པད་ མའི་ཕྲེང་བར་སྐྱེས་པའི་རབས་མདོར་བསྡུས་ཏེ་དང་པོའོ།། །། ༈ འཕགས་པ་སྤྱན་སྟོང་གི་མདོ་ལས། སྔོན་བྱུང་བ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ བཅུ་འདས་པའི་སྔ་རོལ་ཏུ་གྲོང་ཁྱེར་ཝཱ་རཱ་ན་སཱིར་རྒྱལ་པོ་མན་དྷཱ་ར་བ་ཞེས་བྱ་བའི་བཙུན་མོ་ 1-1-20 ལ་ལྷུམས་སུ་ཆོས་ཀྱི་སྒྲ་སྣང་བ་དང༌། དེ་ནས་ཕྱི་དུས་སུ་ལྷུམས་ཀྱི་ཐད་ཀར་བུ་(དུང་གི་མདོག་ ཅན་)གཅིག་བཙས་ཏེ་སྲོལ་མེད་པར་ཕྱིར་ཐོན་ནས། ཆོས་ཀྱི་(སྡོམ་བཞིའི་)སྒྲ་ཆེན་པོ་སྣང་བས། (མཚན་མཁན་རྣམས་ཀྱིས་)དེའི་མིང་ཡང་ཆོས་ཀྱི་སྒྲ་སྣང་བ་ཞེས་བཏགས་སོ། །བྱང་ཆུབ་སེམས་ དཔའ་(དང་པོར་)དེ་བཞིན་དུ་ལྷུམས་སུ་ཞུགས་པ་དང༌། བལྟམས་པ་དང༌། བཙུན་མོའི་འཁོར་ ལ་རོལ་པ་དང༌། མངོན་པར་བྱུང་བ་ན། དམ་པའི་ཆོས་ཀྱི་སྒྲ་(དྲག་ཏུ་)བྱུང་ངོ༌། །བྱང་ཆུབ་ཀྱི་ ཤིང་དྲུང་དུ་གཤེགས་པ་དང༌། བདུད་བཏུལ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་ དེ་བཞིན་ནོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བའི་སྐུ་ཚེའི་ཚད་ལ་ཡང་ལོ་འབུམ་ཕྲག་ བརྒྱད་ཁྲིའོ། །འོད་ནི་དཔག་ཚད་དྲུག་བརྒྱའོ། །འཁོར་གྱི་ཉན་ཐོས་ཀྱང་བྱེ་བ་དུང་ཕྱུར་རོ། ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་འབུམ་ཕྲག་བཅུ་དྲུག་གོ ། རིང་བསྲེལ་ཡུངས་འབྲུ་ཙམ་དམ་པའི་ཆོས་ཀྱི་སྒྲ་སྣང་ངོ༌། །ཞེས་དེ་བཞིན་གཤེགས་པ་ཆོས་ ཀྱི་སྣང་བར་སྐྱེས་པའི་རབས་ཏེ་གཉིས་པའོ།། །། ༈ ད་ནི་རྒྱལ་བུ་རིན་ཆེན་འབྱུང་གནས་སུ་སྐྱེ་བར་བཤད་པར་བྱའོ། །དེ་ཇི་ལྟ་བུ་ཞིག་ ཞེ་ན། འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པའི་མདོར། སྔོན་བྱུང་བ་འདས་པའི་དུས་ ན་བསྐལ་པ་གྲངས་མེད་པ་ཡང་ཆེས་གྲངས་མེད་ཅིང༌། ཚད་མེད་པར་གྱུར་པ་དེའི་ཚེ་དེའི་ དུས་ན་འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་ཞེས་བྱ་བ་འབྱོར་བ་རྒྱས་པ། བདེ་བ་ ལོ་ལེགས་པ། ཉམས་དགའ་བ། སྐྱེ་བོ་མང་པོ་དང༌། མི་རྣམས་ཀྱིས་གང་བ། ས་གཞི་ལག་ མཐིལ་ལྟར་མཉམ་པ་ཞིག་བྱུང་ངོ༌། །རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་ གནས་སུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མེ་ཏོག་ལས་བྱུང་བ་(དམར་པོའི་མདོག་ཅན་)ཞེས་བྱ་བ། ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་ གཞེས་པ་ལ། འཁོར་བཞི་དང༌། (སྐྱེ་དགུ་ན་འདི་ལྟ་སྟེ། )ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ 1-1-21 ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་ དང་མི་མ་ཡིན་པ་རྣམས་ལ་ཆོས་ཀྱང་སྟོན་ཏོ། །རིགས་ཀྱི་བུ། འཇིག་རྟེན་གྱི་ཁམས་མེ་ཏོག་ གི་འབྱུང་གནས་དེ་ན། མིའི་དབང་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་ལ་དབང་བྱེད་པའི་རྒྱལ་པོ་རྒྱལ་བ་ཐོབ་པ་ཞེས་བྱ་བ་ཞིག་བྱུང་ངོ༌། ། རིགས་ཀྱི་བུ། རྒྱལ་པོ་རྒྱལ་བ་ཐོབ་པ་དེའི་ཚེ་རབས་ལ་སེམས་ཅན་ཐམས་ཅད་དགའ་ཞིང་ ཡིད་བདེ་བ་སྐྱེས་སོ། །དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ནོ། །སེམས་ཅན་དེ་དག་ཐེག་ པ་གཅིག་ལ་ཡང་དག་པར་ཞུགས་པ་ཤ་སྟག་གོ །འདི་ལྟ་སྟེ། (ཆོས་ཉིད་ཀྱི་)ཐེག་པ་ལ་ཡང་ དག་པར་ཞུགས་པ། (ཆོས་ཉིད་ཀྱི་རྟོག་པའི་)ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པ། (གཞན་ སྟོང་གི་)ཐེག་པ་གཙོ་བོ་ལ་ཡང་དག་པར་ཞུགས་པ། ཐེག་པ་དམ་པ་ལ་ཡང་དག་པར་ཞུགས་ པ། (དེ་བཞིན་གཤེགས་པ་ཞི་བའི་)ཐེག་པ་ཁྱད་པར་དུ་འཕགས་པ་ལ་ཡང་དག་པར་ཞུགས་པ་དང༌། རབ་དང༌། ཕུལ་དང༌། བླ་མའི་བླ་མ་དང༌། བླ་ན་མེད་པར་ཞུགས་པ། (དེ་བཞིན་གཤེགས་པ་བརྟན་ པའི་)ཐེག་པ་མི་མཉམ་པ་དང་མཉམ་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་བསམ་གྱིས་ མི་ཁྱབ་པ་གཞལ་དུ་མེད་པ་ཤ་སྟག་གོ །རིགས་ཀྱི་བུ། རྒྱལ་པོ་རྒྱལ་བ་ཐོབ་པའི་ཚེ་རབས་ ལ་ཐེག་པ་ཆེན་པོ་མ་གཏོགས་པ། (གསུམ་ལྡན་མན་ཆད་གྱི་)ཐེག་པ་གཞན་གྱི་མིང་ཡང་མི་གྲག་ གོ །རིགས་ཀྱི་བུ། རྒྱལ་པོ་རྒྱལ་བ་ཐོབ་པའི་བཙུན་མོའི་འཁོར་ནི་དགུ་ཁྲི་དགུ་སྟོང་ཡོད་ དོ། །དེ་དག་ཐམས་ཅད་ཀྱང་ཐེག་པ་གཞན་མ་ཡིན་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་ ཆེན་པོའི་ཁོངས་སུ་འདུས་པ་ཉིན་མཚན་དུ་ཆོས་འདོད་ཅིང༌། ཆོས་ལ་དགའ་བ་ཤ་སྟག་གོ ། རིགས་ཀྱི་བུ། དེ་ནས་རྒྱལ་པོའི་བཙུན་མོ་དམ་པ་རིན་པོ་ཆེའི་དཔལ་ཞེས་བྱ་བས་བྱང་ཆུབ་ ཀྱི་སེམས་བསྡུས་པ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཡང་དག་པར་ཞུགས་པ། ཐེག་ པ་ཆེན་པོའི་ཁོངས་སུ་འདུས་པ་ཉིན་མཚན་དུ་ཆོས་འདོད་པའོ། །ཆོས་ཀྱི་ཀུན་དགའ་ར་བ་ 1-1-22 ལ་དགའ་བ་ཞིག་ཡོད་དོ། །རིགས་ཀྱི་བུ། རིན་ཆེན་དཔལ་དེ་ཆེན་པོ་ལ་འོས་པའི་སེང་གེའི་ ཁྲི་ལ་འདུག་པ་དང༌། དེའི་པང་ནས་རྒྱལ་བུ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ལྷའི་རྒྱན་གྱིས་ བརྒྱན་པ། ལྷའི་གོས་བགོས་པ་ལུས་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་ ཞིག་སྐྱིལ་མོ་ཀྲུང་བཅས་ཏེ་བྱུང་ནས། གཞོན་ནུ་དེས་མ་ལ་དེ་མ་ཐག་ཏུ་(ཐལ་མོ་སྦྱར་ནས་སྙན་པའི་ དབྱངས་ཀྱིས་)འདི་སྐད་ཅེས་སྨྲས་སོ། །ཡུམ་དེ་བཞིན་གཤེགས་པ་མེ་ཏོག་ལས་བྱུང་བ་(འཇིག་རྟེན་ གྱི་ཁམས་འདིར་)དེ་འཚོའམ། དེ་ནས་རྒྱལ་མོ་རིན་ཆེན་དཔལ་དེས། གཞོན་ནུ་ལ་འདི་སྐད་ཅེས་ སྨྲས་སོ། །(ཤིན་ཏུ་གཅེས་སྤྲས་ཀྱིས་)བུ་གཅིག་(ཤེས་བྱ་)ཀུན་མཁྱེན་(སྟོང་གསུམ་གྱི་སྟོང་ཆེན་པོ་)འཇིག་ རྟེན་(གསུམ་གྱི་)མགོན(པོ། །སེམས་ཅན་ཐམས་ཅད་)བླ་ན་མེད་པའི་དགའ་མཛད་པ། །(འཁོར་) ལྷ་མི་བཅས་པའི་སངས་རྒྱས་(འཇིག་རྟེན་འདིར་)འཚོ། །དེ་ནས་རྒྱལ་བུ་རིན་ཆེན་འབྱུང་གནས་ ཀྱིས་ཕ་མ་ལ་(ཀ་ལ་པང་ཀའི་སྒྲས་)འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་གཉིས་ཚུར་གཤེགས། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ལས་བྱུང་བ་ ལ་(བདག་ཅག་འཁོར་དང་བཅས་པ་ལ་)བལྟ་བ་དང༌། ཕྱག་བགྱི་བ་དང༌། མཆོད་པའི་བསྙེན་བཀུར་ བགྱི་བ་དང༌། ཆོས་མཉན་པའི་སླད་དུ་གཤེགས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། ཡབ་ཡུམ་ དེ་བཞིན་གཤེགས་པ་དེ་ནི་ལྷ་དང་མིར་བཅས་པའི་འཇིག་རྟེན་དག་ན་དགའ་བ་མཛད་པ་སྟེ། (སྐྱེ་བ་སྔ་མར་)མ་གྲོལ་བ་རྣམས་(ད་ལྟར་)གྲོལ་མཛད་མགོན། །(སེམས་ཅན་)ལྡོངས་པ་རྣམས་ལ་ མིག་སྨན་མཛད། །ཆོས་ལ་དབང་བ་(དཔེར་ན་རི་རྒྱལ་)ལྷུན་པོ་ལྟར། །(ལྷག་བསམ་གྱི་བསྐུལ་བའི་ངོ་ མཚར་རྨད་དུ་བྱུང་སྟེ་གསུམ་པའོ། །)དེ་སྐད་ཅེས་སྨྲས་དང༌། དེ་ནས་རྒྱལ་པོ་དང༌། རྒྱལ་མོས་བུ་པང་ དུ་བླངས་ཏེ། བཙུན་མོའི་འཁོར་(སྟོང་ཕྲག་དུ་མ་)དང་གཡོག་ཏུ་(བྱེ་བ་འབུམ་ཕྲག་)བཅས་པ་རྣམས་ བཅོམ་ལྡན་འདས་དེའི་ཞབས་དྲུང་དུ་(བདེ་བར་)ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་ དུ་བསྐོར་བ་བྱས་ནས། (མེ་ཏོག་པུནྚ་རི་ཀ་ལ་སོགས་)བརྒྱ་སྟོང་གི་རི་བའི་མུ་ཏིག་གི་སེ་མོ་དོ་ཕུལ་ 1-1-23 ལོ། །ཕུལ་ནས་ཀྱང་འཁོར་དེ་ཉིད་ལ་འཁོད་པར་གྱུར་ཏོ། །རིགས་ཀྱི་བུ། དེ་ནས་རྒྱལ་བུ་ དེ་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པའི་ཏིང་ངེ་འཛིན་ལ་བཞུགས་ནས། ཤིང་ཏ་ལ་བདུན་སྲིད་ ཙམ་གྱི་བར་སྣང་གི་ནམ་མཁའ་ལ་འཕགས་ཏེ། བཅོམ་ལྡན་འདས་ལ་རིན་པོ་ཆེའི་ཆར་དང་ མེ་ཏོག་གི་ཆར་དང་སྤོས་ཀྱི་ཆར་རྣམ་པར་གཏོར། མངོན་པར་གཏོར་ཏེ། གཏོར་ནས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྙོན་པ་(འཁོར་བའི་འདམ་ནག་)བརྒལ་ནས་སེམས་ ཅན་རྣམས། །(སྲིད་པའི་)སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །(རྒྱལ་བུ་)བདག་ནི་ཐམས་ཅད་ མཁྱེན་པ་ཁྱོད། །བལྟ་བའི་སླད་དུ་འདིར་མཆིས་སོ། །འཇིག་རྟེན་མགོན་པོ་བླ་ན་མེད། །ལྷ་ དང་མི་ཡི་འཇིག་རྟེན་ན། །ཁྱོད་ཀྱི་ཡོན་ཏན་(ཆ་ཙམ་)གང་བསྟན་པ། །ཁྱོད་འདྲ་བ་ནི་(སྟོན་པ་) ཡོངས་མ་མཆིས། །སེམས་ཅན་ཤུལ་ངན་ལྷུང་འགྱུར་ཞིང༌། །འདོད་ཆགས་ཞེ་སྡང་དབང་ མཆིས་རྣམས། །ཐེག་པ་དམན་ལ་བཞག་མཛད་ན། །ཐེག་པ་(བླ་ན་མེད་པ་)ཆེན་པོ་སྟོན་པར་ མཛད། །ཐབས་ལ་མཁས་ཤིང་དཔའ་བ་སྟེ། །ཐུགས་རྗེ་ཆེན་པོ་དབང་དུ་འགྱུར། །ཆོས་ཀྱི་ དོན་དེ་ཆོས་ཀྱང་མོས། །ཆོས་རྩོམ་ཡོན་ཏན་འབྱུང་གནས་སོ། །གང་དག་སྐྱེ་བ་མ་མཆིས་ པ། །(ཀུན་རྫོབ་)ཆོས་དེ་སྙིང་པོ་མེད་མཁྱེན་ནས། །(དོན་དམ་)ཆོས་ཉིད་སྙིང་པོ་ཡོད་མཁྱེན་ ཏེ། །(བདེ་གཤེགས་སྙིང་པོ་)ཆོས་ཉིད་ཀྱང་ནི་ཁྱོད་ཀྱིས་མཁྱེན། །དེ་ན་ཁྱོད་ནི་དགའ་བ་མཛད། ། གཞོན་ནུས་ཚིག་ནི་འདི་དག་གིས། །བཅོམ་ལྡན་འདས་ལ་བསྟོད་ནས་སླར་བསྐོར་བ་བྱས་ ཏེ། བཅོམ་ལྡན་འདས་ཀྱི་དྲུང་དུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་(ཕལ་བ་ལས་འདས་ པའི་)པད་མའི་འདབ་མ་ཡངས་པའི་སྤྱན་དག་གིས་ཕྱོགས་ཐམས་ཅད་དུ་གཟིགས་ཏེ། (དགེ་ སློང་ཕ་མ་དགེ་ཚུལ་ཕ་མ་)འཁོར་བཞི་པོ་དག་གིས་སེམས་དང་སེམས་ལས་བྱུང་བ་མཁྱེན་ནས་ རྒྱལ་པོ་རྒྱལ་བ་ཐོབ་པ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཕུང་པོ་ལྔ་འདི་དག་ནི་ཆོས་ཉིད་ཀྱི་ སྙིང་པོ་མེད་པ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྙིང་པོ་ཡོད་པའི་(ཕྱིན་ཅི་ལོག་)འདུ་ 1-1-24 ཤེས་སོ། །རྒྱལ་པོ་ཆེན་པོ་ཕུང་པོ་རྣམས་ནི་ཁ་དོག་ངན་པ། དྲི་ང་བ། ཁྲག་དང༌། རྣག་འབྱུང་ བ། ཤིང་དང༌། བོང་བ་དང༌། ལམ་དང༌། མཚུངས་པ་དང༌། སྙིང་པོ་མེད་པ། རབ་ཏུ་གཡོ་ བ། དགེ་བ་མི་འཕེལ་བ། སྲིད་པའི་ལུ་གུ་རྒྱུད་ཀྱི་འཕེལ་བ། ཉོན་མོངས་པ་སྙིང་པོ་མེད་པ་ལ་ སྙིང་པོར་འདུ་ཤེས་སོ། །མི་སྡུག་པ་ལ་སྡུག་པའི་(ཕྱིན་ཅི་ལོག་སྟེ་)འདུ་ཤེས་སོ། །མི་བཙུན་པ་ལ་ བཙུན་པའི་འདུ་ཤེས་སོ། །མི་བདེན་པ་ལ་བདེན་པའི་འདུ་ཤེས་སོ། །རྒྱལ་པོ་ཆེན་པོ་ཕུང་པོ་ ལྔ་ནི་རང་གི་ལས་ཀྱིས་རྣམ་པར་བྲིས་ཏེ། རྒྱལ་པོ་ཆེན་པོ་དཔེར་ན་རྨ་བྱའི་སྒྲོ་ལ་ཚོན་སྣ་ལྔ་ པ་ནི་རི་མོ་མཁན་གྱིས་བྲིས་པ་ཡང་མེད། ཚོན་ནི་ཅི་ཡང་མེད། དེ་ནི་རང་གི་ལས་ཀྱིས་རྣམ་ པར་བྲིས་པ་ཉིད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རང་གི་ ལས་ཀྱིས་རྣམ་པར་བྲིས་པ་ཕན་ཚུན་རྐྱེན་ལས་བྱུང་བ་དག་གོ །དེ་ནས་འཁོར་དེ་དག་ནི་ནང་ ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་(མཐུ་ཆེན་ཐོབ་པ་)མི་ཕམ་དབང་ཕྱུག་(གསེར་ གྱི་མདོག་ཅན་)ཅེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་མེ་ཏོག་ལས་བྱུང་བ་ལ་བསྐོར་ བ་བྱས་ནས། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ ཏེ། ལུས་བཏུད་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །(འཕགས་ པ་ཀ་ཡ་གྷོ་རིའི་མདོ་ལས། ལུས་འདི་བེམས་པོ་གཡོ་བ་མེད་པ་རྩྭ་དང་ཤིང་དང་རྩིགས་པ་དང་བོང་བ་དང་མིག་ཡོར་ལྟ་བུ་སྟེ། སེམས་ཅན་མེད་པ་འབྱུང་བ་ཆེན་པོ་བཞི་ལས་གྲུབ་པ་ཕ་མའི་མི་གཙང་བ་ལས་བྱུང་བ་མི་རྟག་པ་རྟག་ཏུ་བསྐུ་བ་དང་བཀྲུ་བ་དང་ ཉེ་གོངས་པ་སྟེ། འཇིགས་པ་དང་རྣམ་པར་འགྱུར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ནོ། །ཞེས་གསུངས་པ་ལྟར་)བཅོམ་ ལྡན་འདས་ཕུང་པོ་ལྔ་འདི་དག་ནི་ཁ་དོག་ངན་པ། དྲི་ང་བ། རྣག་ཁྲག་དང༌། ཤིང་དང༌། བོང་ བ་དང༌། རྩིག་པ་དང༌། ལམ་དང་འདྲ། སྙིང་པོ་མ་མཆིས་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ ཀྱིས་སྙིང་པོར་འདུ་ཤེས་སོ། །ཡང་དག་པ་མ་ལགས་པ། མུན་པ་དང༌། རབ་རིབ་དང༌། ལིང་ ཏོག་གིས་ཀུན་ནས་ཁེབས་པ། ལྟ་བ་ངན་པའི་ཚང་ཚིང་འཐིབས་པོ་ལགས་སོ། །བཅོམ་ལྡན་ 1-1-25 འདས་ཆོས་ཀྱི་ཕུང་པོ་བཞི་པོ་ནི་ཟབ་པ་སྟེ། ནམ་མཁའ་དང་མཚུངས་ཤིང་འདྲ་བ་ལགས་སོ། ། བཅོམ་ལྡན་འདས་གང་དག་འདི་ལྟ་བུ་མདོ་སྡེའི་ཚིག་བཤད་པ་འདི་ལ་ཡང་དག་པར་འདུ་ ཤེས་བསྐྱེད་པའི་སེམས་ཅན་དེ་དག་འབྱུང་བར་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་ པ་དང༌། བཅོམ་ལྡན་འདས་མེ་ཏོག་ལས་བྱུང་བ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་(བྱང་ཆུབ་སེམས་དཔའ་འམ་མཐུ་ཆེན་ཐོབ་པ་ཡིན་) མི་ཕམ་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འབྱུང་བ་དེའི་ཚེ། སེམས་ཅན་རྣམས་སྦྱོང་བའི་ཕྱིར་འབྱུང་བ་སྟེ། འབྱུང་ བར་འགྱུར་བ་ལགས་སམ། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ ཏོ། །སྲིད་པས་ཉམས་པ་རྣམས་ཀྱིས་སྲིད་པ་གཅོད་དོ། །སྡུག་བསྔལ་ཉམ་ཐག་པ་རྣམས་ཀྱིས་ མྱ་ངན་སེལ་ལོ། །ཆོས་ཐམས་ཅད་སྙིང་པོ་མེད་པར་ཤེས་སོ། །ནམ་མཁའ་དང་མཚུངས་ཤིང་ འདྲ་བར་ཤེས་སོ། །སེམས་ཅན་རྣམས་ཆོས་ཉིད་ལ་རབ་ཏུ་འགོད་དོ། །བཅོམ་ལྡན་འདས་མེ་ ཏོག་ལས་བྱུང་བ་དེས་ཆོས་དེ་དག་གསུངས་ནས་རྒྱལ་པོ་འཁོར་དང་བཅས་པ་(སངས་རྒྱས་དེའི་ དྲུང་དུ་)སྐྲ་དང་ཁ་སྤུ་བྲེག་སྟེ། བཅོམ་ལྡན་འདས་ལས་རབ་ཏུ་བྱུང་ནས། དེའི་ཚེ་བཅོམ་ལྡན་ འདས་ཀྱིས་འཁོར་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱལ་བུ་གཞོན་ནུ་(བྱང་ཆུབ་སེམས་ དཔའ་སྤྱན་རས་གཟིགས་ཉིད་ཡིན་ནོ། །)འདི་ལ་ལྟོས་ཤིག །གཞོན་ནུ་དམ་པ་འདིས་(སྔོན་འདས་པའི་དུས་ སུ་)སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་ལ་དགེ་བའི་རྩ་བ་བསྐྱེད་དེ། ཐམས་ ཅད་དུ་ཆོས་སྨྲ་བར་གྱུར་ཏོ། །རྒྱལ་པོ་(རྒྱལ་བ་)ཐོབ་པ་འདི་ཡང་རྟག་ཏུ་གཞོན་ནུ་འདིའི་ཕར་ གྱུར་ཏེ། རྟག་ཏུ་སྐྱེས་བུ་འདིས་(སེམས་ཅན་མང་པོ་)བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལ་ཡོངས་སུ་སྨིན་པར་བྱས་སོ། །རིགས་ཀྱི་བུ་དག་རྒྱལ་བུ་གཞོན་ནུ་རིན་ཆེན་འབྱུང་ གནས་འདིས་ནི། ང་ཡོངས་སུ་མྱ་ངན་ལས་འདས་མ་ཐག་ཏུ་སངས་རྒྱས་སུ་འགྱུར་ཏེ། རིན་ 1-1-26 པོ་ཆེ་རྟག་པ་དུ་མ་བཀོད་པའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་བྱང་ཆུབ་ཐོབ་པའི་ཚེ། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་ སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་ བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་ཀུན་ ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །རིགས་ཀྱི་བུ། དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུང་བསྟན་པ་བརྗོད་པ་གསུངས་ནས། སྲོག་ ཆགས་བརྒྱད་ཁྲི་བཞི་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །རིགས་ཀྱི་བུ་དག་དེའི་དུས་ ན་དེ་བཞིན་གཤེགས་པ་མེ་ཏོག་ལས་བྱུང་བ་ནི། གཞན་ཞིག་སྙམ་ན་དེ་ལྟར་མི་བལྟའོ། །དེ་ ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་དཔག་ཏུ་མེད་པ་འདི་ཉིད་ཡིན་ནོ། །འཇིག་རྟེན་གྱི་ཁམས་དེར་ཆོས་ སྟོན་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་གཞོན་ནུ་རིན་ཆེན་འབྱུང་གནས་ཞེས་བྱ་བ་དེ་ གཞན་ཞིག་ཡིན་སྙམ་དུ་ཐེ་ཚོམ་ཟ་ན། དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་འདི་དེའི་ཚེ་དེའི་ དུས་ན་རྒྱལ་བུ་རིན་ཆེན་འབྱུང་གནས་སུ་གྱུར་ཏོ། །(ཆོས་ཀྱི་)ཚུལ་འདི་(གང་གི་རྣ་བའི་བུ་གར་)ཐོས་ ནས་འཆི་བའི་དུས་ཀྱི་ཚེ་དེས་དེ་བཞིན་གཤེགས་པ་འོད་དཔག་མེད་(བྱང་ཆུབ་སེམས་དཔའ་དགེ་ འདུན་དང་བཅས་པ་)མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་ རས་གཟིགས་དང་(དུས་རྟག་ཏུ་)འགྲོགས་པར་འགྱུར་རོ། །ཞེས་རྒྱལ་བུ་རིན་ཆེན་འབྱུང་གནས་ སུ་སྐྱེས་པའི་རབས་ཏེ་གསུམ་པའོ།། །། ༈ ཡང་རེ་ཞིག་ན་བྱང་ཆུབ་སེམས་དཔའ་ཆེན་པོ་འདིས་དེ་བཞིན་གཤེགས་པའི་ གཟུགས་ཀྱིས་འགྲོ་བ་འདུལ་བའི་ཕྱིར། སེམས་ཅན་གྱི་དོན་མཛད་དེ། (དྲན་པ་ཉེ་བར་བཞག་པའི་ 1-1-27 མདོ་ལས། ཐམས་ཅད་རིན་ཆེན་ས་གཞི་ལས། །ཁང་བཟང་མཛེས་པའི་སྐྱེད་མོས་ཚལ། །རྫིང་ བུ་རིན་ཆེན་ཐེམ་སྐེས་ཅན། །མེ་ཏོག་སྣ་ཚོགས་རབ་བཀྲ་བ། །སྣ་ཚོགས་སྤོས་ཀྱི་ངད་ལྡན་ ཞིང༌། །སྣ་ཚོགས་བྱ་རྣམས་ཆ་སྒྲ་སྒྲོགས། །སིལ་སྙན་རྒྱན་གྱི་སྒྲ་ལྡན་ཞིང༌། །སྐྱེ་བོ་དགའ་ བྱས་རྒྱུ་ལས་སྐྱེས། །ཅེས་གསུངས་པ་སྔོན་བསྐལ་པ་མང་པོར་རྟག་ཏུ་དགའ་བར་མཛད་པ་ དེ་ལྟར་ཞིང་འདི་ལྟ་བུའི་གནས་སུ་མངོན་པར་སངས་རྒྱས་པར་གསུངས་)དེ་ཡང་ཇི་ལྟར་ཞེ་ ནའང༌། སྤྱན་རས་གཟིགས་སེང་གེ་རོལ་པའི་མདོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། ཤཱ་རིའི་བུ། སྔོན་བསྐལ་པ་བརྗོད་དུ་མེད་པའི་སྔ་རོལ་ཏུ། འཇིག་རྟེན་གྱི་ཁམས་སུ་ཀུན་ ནས་རིན་པོ་ཆེ་བཀོད་པ་ཞེས་བྱ་བ་ཞིག་བྱུང་སྟེ། ཞིང་དེ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་བུར་ བདལ་བ། ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང༌། རྫིང་བུ་དང༌། ལྟེང་ཀས་བརྒྱན་པ། ལྷ་ ཤིང་སྣ་ཚོགས་དང༌། ཨུཏྤལ་དང༌། ཨུ་དུམ་ཝཱ་ར་དང༌། མ་ལི་ཀ་དང༌། གུར་གུམ་དང༌། ཨ་ ས་ན་དང༌། ཀ་རི་ཀའི་མེ་ཏོག་ལ་སོགས་པ་མེ་ཏོག་སྣ་ཚོགས་ཀྱིས་ཁ་འབུས་པ། བྱ་ངང་པ་ དང༌། ངུར་བ་དང༌། ཀ་རན་ད་ཀ་དང༌། རྨ་བྱ་དང༌། ནེ་ཙོ་ལ་སོགས་པ་བྱ་སྣ་ཚོགས་པས་ ཆོས་ཀྱི་སྡོམ་བཞིའི་སྒྲ་སྒྲོགས་པར་གྱུར་ཏོ། །འོད་དཔག་མེད་ཀྱི་གནས་དང་ཁྱད་པར་མེད་ དོ། །ཞིང་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་ཟེར་ཀུན་ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་ འཚོ་ཞིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་མའི་ལྷུམས་ན་ཞུགས་པ་དང༌། (སྐུ་མངོན་དུ་) བལྟམས་པ་དང༌། (རྒྱལ་པོའི་)ཁབ་ན་བཞུགས་པ་དང༌། བཙུན་མོའི་(བརྒྱ་ཕྲག་གི་)འཁོར་ལ་ རོལ་པ་དང༌། (མཆོད་རྟེན་གྱི་དྲུང་དུ་)མངོན་པར་བྱུང་བ་དང༌། ཡུལ་མ་ག་དྷར། རིན་པོ་ཆེ་དུ་མས་ བཀོད་པའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་དང༌། བདུད་སྡེ་བཏུལ་བ་དང༌། འགོག་པར་ ཕྱིན་པའི་ཆོས་ཀྱི་འཁོར་ལོ་(རིམ་པ་གསུམ་དུ་)བསྐོར་བ་དང༌། (མཐར་ཡང་)ཡོངས་སུ་མྱ་ངན་ལས་ 1-1-28 འདས་པ་དང༌། འདས་ནས་(སྐུ་གདུང་ཆབརྒྱད་)རིང་བསྲེལ་ཡུངས་འབྲུ་དེ་དག་ལས་འོད་ཟེར་ (ཁ་དོག་)སྣ་ཚོགས་པ་བྱུང་ངོ༌། །འོད་ཟེར་དེ་དག་གིས་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་ དང༌། མཚམས་དང༌། འོག་ཀུན་ནས། འོད་ཟེར་རྟག་ཏུ་ཁྱབ་པར་མཛད་དོ། །དེ་ནས་འོད་ ཟེར་མངོན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས་(ལྷ་དང་མིའི་)བཏགས་སོ། །འོད་ཟེར་དེ་ དག་གིས་སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་སྒྲོག་གོ །ཤཱ་རིའི་བུ། དེ་ བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་དྲུག་ཐུབ་པར་ གྱུར་ཏོ། །དེའི་དམ་པའི་ཆོས་ཀྱི་གཟུགས་བརྙན་ནི་ལོ་འབུམ་ཕྲག་བདུན་ཅུ་རྩ་ལྔར་གནས་ པར་གྱུར་ཏོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་དཔག་ཏུ་མེད་དོ། །ཤཱ་རིའི་ བུ། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོ་དེ་ གཞན་ཞིག་ཡིན་སྙམ་ན། དེ་ལྟར་མི་བལྟའོ། །ད་ལྟར་ངའི་ཉན་ཐོས་ཀྱི་མཆོག་ཚེ་དང་ལྡན་པ་ གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ནོ། །ཤཱ་རིའི་ བུ། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ནི། བསམ་གྱིས་མི་ཁྱབ་བོ། །ཤཱ་རིའི་བུ་དག་གཞོན་ ནུ་ལི་ཙ་བཱི་འདི་ནི་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པའོ། །སྙིང་རྗེ་ཆེན་པོའི་ཆུས་མངོན་ པར་གང་བ་དང༌། བསམ་གཏན་གྱི་ཟེའུ་འབྲུའི་རྡུལ་དང་མཉམ་པའོ། །ཞི་གནས་དང་ལྷག་ མཐོང་གི་མིག་ཡངས་པ། སྟོབས་བཅུ་དང་མི་འཇིགས་པའི་ཡོན་ཏན་དང་ལྡན་པ། སེམས་ ཅན་ཚད་མེད་གྲངས་མེད་པ་དག་ཐར་པའི་ལམ་དུ་འཛུད་པར་བྱེད་པ་བས། ཤཱ་རིའི་བུ་དག་ འདི་ལ་བཀུར་སྟི་གྱིས་ཤིག །ཆེར་གྱིས་ཤིག །ཅེས་གསུངས། དེ་བཞིན་གཤེགས་པ་འོད་ ཟེར་ཀུན་ནས་མངོན་འཕགས་དཔལ་བརྩེགས་རྒྱལ་པོར་སྐྱེས་པའི་རབས་ཏེ་བཞི་པའོ།། །། ༈ ཡང་རེ་ཞིག་བྱང་ཆུབ་སེམས་དཔའི་ཚུལ་དུ་འཇུག་ནས་སེམས་ཅན་གྱི་དོན་མཛད་དེ། དེ་ཡང་ཚུལ་ཇི་ལྟར་ཞེ་ན། འཕགས་པ་པུཎྜ་རི་ཀའི་མདོ་(ལེའུ་བཅོ་ལྔ་པ་)ལས། བྱང་ཆུབ་སེམས་ 1-1-29 དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་(བཅོམ་ལྡན་འདས་ལ་) གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་ གཟིགས་དབང་ཕྱུག་གི་རྒྱུ་ནི་གང་ནས་བྱུང༌། རྐྱེན་ནི་གང་ནས་བྱུང༌། བཅོམ་ལྡན་འདས་ སེམས་ཅན་ལ་ཕན་པའི་དོན་དུ་འཆད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲིབ་པ་རྣམ་པར་སེལ་བ་ལེགས་སོ་ལེགས་སོ། སེམས་ཅན་གྱི་དོན་དུ་ཞུས་པ་ལེགས་སོ། སྤྱན་རས་གཟིགས་ཇི་ལྟར་བྱུང་བ་ངས་ཁྱོད་ལ་ཅུང་ཟད་བཤད་དོ། །རྒྱས་པར་(བཤད་པ་)ནི་མ་ ཡིན་ནོ། །(མདོར་བསྡུས་ཙམ་ནི་)སྒྲིབ་པ་རྣམ་པར་སེལ་བ་ངའི་ཞིང་མི་མཇེད་འཇིག་རྟེན་གྱི་ ཁམས་འདིའི་ནུབ་ཕྱོགས་(དཔག་ཚད་)གང་གཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་བརྒྱ་ཕྲག་འདས་ པའི་ཕ་རོལ་སྟེང་གི་ཆ་ལ། བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་ལྷ་མིའི་ སྟོན་པ་དེ་བཞིན་གཤེགས་པ་འོད་དཔག་མེད་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་ཆོས་སྟོན་ཏོ། ། དེའི་(ཆོས་རྒྱ་སྲོང་བཙན་སྒམ་པོ་སྤྱན་གཡས་གཡོན་ནས་བྱུང་གསུངས་)ཕྱག་གཡས་པའི་མཐིལ་དུ་འོད་ཟེར་ པད་མ་དཀར་པོ་འདབ་མ་བརྒྱད་པ་གཅིག་ཆད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བར་གྱུར་ཏོ། །གཡོན་པའི་མཐིལ་དུ་རིན་པོ་ ཆེའི་མེ་ཏོག་སེར་པོ་(འདབ་མ་བརྒྱད་པ་)གཅིག་ཆད་པས་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ པ་ཞེས་བྱ་བར་གྲག་གོ །སྒྲིབ་པ་རྣམ་སེལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ མཐུ་ཆེན་ཐོབ་ཀྱི་དྲི་མ་མེད་པའི་བསྟན་པ་ཡོངས་སུ་རྒྱས་པའི་འཕྲིན་ལས་རྟག་པར་བྱེད་དོ། ། སྒྲིབ་པ་རྣམ་སེལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ ཕྱུག་གིས་ཀྱང་བྱམས་དང་སྙིང་རྗེའི་བདག་པོར་གྱུར་ནས། འགྲོ་བ་ཀུན་ལ་རྟག་པར་ གཟིགས་སོ། །ཞེས་སྒྲིབ་པ་རྣམ་སེལ། སྤྱན་རས་གཟིགས་ཀྱི་རྒྱུ་རྐྱེན་ནི་མདོར་བསྡུས་པ་(ཙམ་ བསྟན་པ་)ཡིན་ནོ། །རྒྱས་པར་(བཤད་པ་)ནི་བསྐལ་པ་འབུམ་དུ་མཐའ་མི་རྟོག་གོ །ཞེས་གསུངས་ 1-1-30 སོ། །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་དུ་དེ་དགོངས་པ་ ཡོངས་སུ་རྫོགས་པའི་དུས་སུ་(རྒྱལ་བུ་)རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་ཚེ་ན། བཅོམ་ལྡན་ འདས་ཀྱིས་ཞལ་གྱི་སྒོར་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་ཏེ་སླར་མ་ལོག་གོ །དེ་ནས་ ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ད་སྔ་འོད་ཟེར་འཕྲོ་བའི་དེ་བཞིན་གཤེགས་ པ་ལ་སླར་ལོག་སྟེ། དེ་རིང་འོད་ཟེར་བཏང་ནས་སླར་མ་ལོག་པ་ནི་རྒྱུ་རྐྱེན་ཅི་ལགས། སེམས་ ཅན་ལ་སྨན་པའི་སླད་དུ་འཆད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ དགའ་བོ། བྱམས་པ་ལ་(ཡོན་ཏན་ཡང་དག་པར་)ཞུས་ཤིག་གསུངས་ནས། ཀུན་དགའ་བོས། བྱམས་པ་ལ་དྲིས་ནས། བྱམས་པས་ཀུན་དགའ་བོ་ལ་གསོལ་པ། ཀུན་དགའ་བོ། རིང་པོར་ མི་ཐོགས་པར་བཅོམ་ལྡན་འདས་ནི་མྱ་ངན་ལས་འདའ་བའི་སྔ་ལྟས་ཡིན་ཏེ། ཕྱིར་འགྱོད་པ་ མི་བསྐྱེད་པའི་ཕྱིར་དྲི་བར་འོས་པ་རྣམས་ཞུ་བའི་སྐབས་སུ་དབབ་བོ། །ཞེས་གསུངས་ནས། འཁོར་རྣམ་བཞི་དང༌། ལྷ་ཀླུ་དྲི་ཟ་རྣམས་ཤིན་ཏུ་མྱ་ངན་གྱིས་ཟུག་ནས་ཆོ་ངེ་འདེབས་པའི་ཚེ་ ན། བདེ་བ་ཅན་དུ་འོད་དཔག་མེད་འཁོར་བཅས་ཀྱིས་གསན་པ་དང༌། འོད་དཔག་མེད་ཀྱིས་ སྤྱན་རས་གཟིགས་ལ་གསོལ་པ། རིགས་ཀྱི་བུ། འདི་ནས་ཤར་ཕྱོགས་སུ་སྟོང་གསུམ་མི་ མཇེད་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་འཚོ་ཞིང་བཞེས་ཏེ་མྱ་ངན་ལས་ འདའ་བར་དགོངས་ནས། བཅོམ་ལྡན་འདས་(མྱ་ངན་ལས་)མི་འདའ་བར་བཞུགས་པར་ གསོལ་བ་ཐོབ་ལ་སོངས་ཤིག །ཅེས་པ་དང༌། དེ་མ་ཐག་ཏུ་སྤྱན་རས་གཟིགས་(བྱ་ངང་བའི་རྒྱལ་ པོ་ལྟར་)རྒྱལ་བྱེད་ཀྱི་ཚལ་དུ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ ཏེ། ཕྱག་འཚལ་ནས་གསོལ་པ། བཅོམ་ལྡན་འདས་ད་ལྟར་དགོངས་པ་མ་རྫོགས་དེ་བཞིན་ གཤེགས་པའི་ཞལ་མ་མཐོང་གསུངས་མ་ཐོས་ཞབས་ཀྱིས་མ་བཅགས་པ་ཁ་བ་ཅན་གྱི་ སེམས་ཅན་ལས་ནག་པ་རྣམས་སྣང་ངོ༌། །དེ་བཞིན་གཤེགས་པ་ནི་སེམས་ཅན་གཅིག་གམ་ 1-1-31 རྒྱལ་སྲིད་གཅིག་གི་དོན་དུ་(འཇིག་རྟེན་དུ་)འབྱུང་བ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ དོན་དུ་འབྱུང་བ་ལགས་ན་དེ་རྣམས་བསྒྲལ་དུ་གསོལ། ཞེས་དང༌། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རིགས་ཀྱི་བུ། ཁ་བ་ཅན་ནི་དེ་བཞིན་གཤེགས་པས་འདུལ་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའི་གདུལ་བྱ་ཡིན་ཏེ། མ་འོངས་པ་ན་རིགས་ཀྱི་བུ་ཁྱོད་ཀྱིས་ཐབས་སྣ་ ཚོགས་ཀྱི་སྒོ་ནས་སྨིན་པར་གྱུར་ཅིག །ཞེས་གསུངས་པ་དང༌། སྤྱན་རས་གཟིགས་དེ་མ་ཐག་ ཏུ་བདེ་བ་ཅན་དུ་ཕྱིན་ནས་འཁོར་གྱི་གཙོ་བོ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་ བསིལ་ཡབ་འོད་དཔག་མེད་ལ་གཡབ་བོ། །འོད་དཔག་མེད་ཞིང་གི་བཀོད་པའི་མདོར། ཀུན་ དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ གཉིས་ཀྱི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ གཉིས་ལ་གཅིག་གི་མིང་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་ཅེས་བྱའོ། །གཅིག་གི་མིང་ནི་མཐུ་ཆེན་ཐོབ་པ་ཞེས་བྱ་སྟེ། ཀུན་ དགའ་བོ། དེ་གཉིས་ནི་སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་ དེར་སྐྱེས་སོ། །ཞེས་གསུངས། དེ་ནས་འོད་དཔག་མེད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁ་བ་ཅན་གྱི་སེམས་ཅན་ཐམས་ཅད་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཐུལ་ལ་མཐར་ངའི་དྲུང་དུ་ ཁྲིད་ལ་ཤོག་ཅིག །ཅེས་གསུངས་པས། དེ་མ་ཐག་ཏུ་སྤྱན་རས་གཟིགས་(རི་བོ་སྤོས་ལྡན་གྱི་དྲུང་དུ་) མཚོ་པད་མ་ཅན་(དཔག་ཚད་ལྔ་)གྱི་དྲུང་དུ་མེ་ཏོག་ཁ་མ་གྱེས་པ་(ཟླུམ་བུ་སིལ་བུ་ཁ་སྦྱོར་ཙམ་)སྡོང་བུ་ (འདོམ་བཅོ་བརྒྱད་པ་ཕྲ་སྦོམ་ནི་)དར་ཤིང་ཙམ། ཡལ་ག་(སྟོང་ཕྲག་དྲུག་སྟེ་ལོ་མའི་ཆེ་ཆུང་)རྒོད་གཤོག་ཙམ་ གྱི་དབུས་སུ་བྱོན་ནས། དུས་རྟག་ཏུ་འཇའ་འོད་ཀྱི་གུར་དང༌། ལྷ་བྲན་མང་པོས་(བར་སྣང་ལ་) ཕྱག་དང་བསྐོར་བ་བྱེད་དོ། །དེ་ནས་རྒྱལ་པོ་ཨིནྡྲ་བྷོ་དྷིས་(སྡོང་བུ་མཆོག་)དེ་ལ་སྤྲུལ་པའི་སྐུ་ ཅིག་བཞུགས་ངེས་པ་ཡིན་སྙམ་ནས། རྒྱལ་པོ་འཁོར་དང་བཅས་པ་(ཆུ་སྟོད་ཀྱི་ཚེས་བཅོ་ལྔ་ལ་) 1-1-32 མཚོའི་འགྲམ་ལ་ཕྱིན་ནས། གསོལ་བ་རྟག་ཏུ་བཏབ་པས་མེ་ཏོག་གི་(རང་བཞིན་དུ་)ཁ་ཕྱེ་ནས། ཁྱེའུ་དུང་དཀར་ཕྱིས་པ་ལྟ་བུ་(གཡས་སུ་)ཕྲེང་བ་དང་(གཡོན་དུ་)པད་མ་དཀར་པོ་འཛིན་པ། དབུ་སྐྲ་སོག་འདབ་ཏུ་སླེབ་པ། དར་དཀར་པོའི་སྨད་དཀྲིས་ཅན། (ལང་ཚོའི་)གཟུགས་ཤིན་ཏུ་ བཟང་བ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་སྣང་ནས། (ཞལ་ནས་)སེམས་ཅན་ཐམས་ ཅད་སྙིང་རྗེའི་སྒྲ་སྒྲོགས་ནས། སྤྱན་ཆབ་ཤོར་བས། སྤྱན་ཆབ་གཉིས་ཀྱི་དཀྱིལ་དུ་རྗེ་བཙུན་ སྒྲོལ་མ་དང་ལྷ་མོ་ཁྲོ་གཉེར་གཉིས་བྱོན་ནས། དེ་གཉིས་ཀྱིས་འདི་སྐད་གསུངས་སོ། །རིགས་ ཀྱི་བུ། ཡིད་སུན་པར་མ་བྱེད། སེམས་ཅན་གྱི་དོན་མཛད་པའི་ཚེ་ནའང་ཁོ་མོ་གཉིས་དུས་ རྟག་ཏུ་གྲོགས་བགྱིའོ། །དེ་ནས་སྤྱན་རས་གཟིགས་རི་བོ་པོ་ཏ་ལའི་རྩེ་མོར་(འཛེ་ཏའི་གཙུག་ ལགས་ཁང་དུ་)བྱོན་ནས། (མི་ལས་འདས་པས་)པད་མ་འདབ་མ་རྒྱས་པའི་སྤྱན་ཕྱེ་ནས་ཕྱོགས་ བཅུར་ཡོངས་སུ་གཟིགས་ཏེ། སྤྱིར་(འདོད་ཁམས་གཟུགས་ཁམས་གཟུགས་མེད་)ཁམས་གསུམ་སེམས་ ཅན་སྒོས་(དམྱལ་བ་ཡི་དྭགས་བྱོལ་སོང་སྟེ་)ངན་སོང་གསུམ་གྱི་སེམས་ཅན་ཐམས་ཅད་མཐོང་ངོ༌། ། མཐོང་ནས་ཀྱང་(ཚད་མེད་པའི་སྙིང་རྗེ་ཆེན་པོ་སྐྱེས་ནས་)དམ་བཅའ་འདི་ལྟར་མཛད་དེ། ངས་སངས་ རྒྱས་འོད་དཔག་མེད་ལ་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་འདྲེན་པར་ཁས་བླངས་བྱས་ པས། འདི་འདྲའི་སེམས་ཅན་སྡུག་བསྔལ་ཅན་རྣམས་གཅིག་ཙམ་མ་ལུས་པར་ཐར་པའི་ གནས་སུ་འདྲེན་པར་བགྱིའོ། །གལ་ཏེ་འདྲེན་མ་ནུས་ན། ངའི་མགོ་བོ་དུམ་བུ་བཅུར་ལག་པ་ གཡས་གཡོན་ཀྱང་དུམ་བུ་ཚལ་པ་སྟོང༌། མིག་གཉིས་ནི་དེ་བཞིན་དུ་གྱུར་ཅིག །ཅེས་སྨོན་ ལམ་བཏབ་ནས། (དེ་ནས་སྤྱན་རས་གཟིགས་)མནར་མེད་པའི་དམྱལ་བར་བྱོན་ནས། (ངན་སོང་ གསུམ་ནི་)འོད་དཔག་མེད་ཀྱི་ཞིང་ཁམས་ལྟ་བུར་གྱུར་ཏོ། །འགྲེལ་ཆེན་དྲི་མེད་འོད་དུ། འདིར་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་ འཇུག་པ་ནི་འཁོར་བ་པ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །འཇིག་རྟེན་དབང་ཕྱུག་ 1-1-33 བདག་སེམས་ཅན་གྱི་དོན་དུ་དམྱལ་བར་ཞུགས་པའི་དུས་སུ་གཤིན་རྗེའི་རྒྱལ་པོ་རྣམས་ཀྱིས་ བརྗོད་པ། གང་ཞིག་སྲིད་པའི་བཅིངས་པ་རྣམས་ལས་གྲོལ་ཡང་སེམས་ཅན་དོན་དུ་སྲིད་པ་ འཛིན། །དེ་ནི་སྟོང་པའི་དོན་དག་སྟོན་མཛད་དུས་ལ་ལས་ཀྱི་འབྲས་བུས་གཏོང་མ་ལགས། ། སེམས་ཀྱི་དྲི་མ་ཡང་དག་ཡེ་ཤེས་མེས་བསྲེགས་རྟག་ཏུ་ཡང་དག་བརྩེ་བ་ཅན། །མཛད་སྤྱོད་ རྟག་མིན་སེམས་ཅན་དོན་ལ་དགྱེས་པའི་སངས་རྒྱས་ཁྱོད་ལ་བདག་ཅག་འདུད། །ཅེས་ བསྟོད་ནས་སེམས་ཅན་ཐམས་ཅད་བསྒྲལ་ཟིན་སྙམ་ནས་སླར་པོ་ཏ་ལར་བྱོན་ནས། གཟིགས་པས་སྔར་བས་མང་ལ་སྔར་བཞིན་དུ་སྡུག་བསྔལ་གྱིས་གདུང་ངོ༌། །དེ་ནས་སླར་ ཕྱིན་ནས་དེ་དག་ཐམས་ཅད་དྲངས་ནས་པོ་ཏ་ལར་གཟིགས་ནས་ཡང་སྔར་བཞིན་ནོ། །དེ་ བཞིན་དུ་ལན་དུ་མར་དེ་ལྟར་མཛད་ཀྱང་(འགྲོ་བ་སེམས་ཅན་)ཚུར་ཚུར་མང་ནས། འདི་སྐད་ཅེས་ ཆོ་ངེ་འདེབས་སོ། །ཀྱེ་མ་ཀྱི་ཧུད་རྒྱལ་བ་འོད་དཔག་མེད། །མཐའ་མེད་འཁོར་བའི་རྒྱ་མཚོ་ ཡ་རེ་ང༌། །བདག་གིས་འདྲེན་པའི་ཐབས་ནི་རིགས་མ་མཆིས། །བདག་མིག་མགོ་ལག་ད་ལྟ་ ཉིད་དུ་ཁོས། །ཞེས་གསུངས་མ་ཐག་ཏུ་(བདེན་ཚིག་གྲུབ་པའི་དབང་གིས་)དབུ་ཚལ་བ་བཅུར་སོང༌། ཕྱག་གཉིས་ལྔ་བརྒྱ་རེ་སྤྱན་ཡང་དེ་ལྟར་(སྐུ་ལུས་)དུམ་བུ་ཚལ་པ་སྟོང་དུ་སོང་ནས། བདེ་བ་ ཅན་དུ་འོད་དཔག་མེད་ཀྱི་ཐུགས་ལ་ཤར་ནས་པོ་ཏ་ལར་བྱོན་ནས། རིགས་ཀྱི་བུ། ཁྱོད་དེ་ ལྟར་མ་མཛད་ཅིག །ངས་ཀྱང་ཁྱོད་ཀྱི་གྲོགས་བྱེད་དོ་ཇི་སྲིད་དེ་འཁོར་བ་མ་སྟོང་བར་དུ་འགྲོ་ དོན་གྱིས་ཤིག །གསུངས་ནས་དབུའི་ཚལ་པ་བསྡུས་ཏེ་ཞལ་ཕར་ཕྱིར་བཅུར་བྱིན་གྱིས་ བརླབས་སོ། །འོད་དཔག་མེད་ཉིད་ཀྱང་སྤྱི་བོའི་གཙུག་གི་རྒྱན་དུ་བཞུགས་སོ། །ཕྱག་གི་དུམ་ བུ་རྣམས་བསྡུས་ཏེ་(སངས་རྒྱས་སྟོང་གི་ཡབ་)འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དུ་བྱིན་གྱིས་ བརླབས་སོ། །སྤྱན་རྣམས་ཕྱག་མཐིལ་དུ་བཞག་ནས་(བསྐལ་བ་བཟང་པོའི་)སངས་རྒྱས་སྟོང་དུ་ མངའ་གསོལ་ལོ། །རྒྱུན་ཆད་མེད་པར་འགྲོ་དོན་མཛད་པར་དབང་བསྐུར་རོ། །སངས་རྒྱས་ 1-1-34 རྣམས་ཀྱིས་སྤྱན་རས་གཟིགས་ཀྱི་བསོད་ནམས་བགྲང་བར་མི་ནུས་པར་གྱུར་ཏོ། །ཟ་མ་ཏོག་ བཀོད་པར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་པད་མོ། དཔེར་ན་གླིང་ཆེན་པོ་ བཞིར་ཟླ་བ་བཅུ་གཉིས་ཀྱི་ལོར་ཉིན་མཚན་དུ་ཆར་བ་འབབ་ཀྱང༌། ཐིགས་པ་རེ་རེ་ནས་ བགྲང་བར་ནུས་ཀྱིས། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་ གཟིགས་དབང་ཕྱུག་གི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་བར་མི་ནུས་སོ། །(རྒྱ་མཚོ་ཆེན་པོ་ དང་དུད་འགྲོ་སྲིད་ཙམ་གྱི་སྤུ་དང་རྩི་ཤིང་གི་ལོ་མ་རེ་རེ་ནས་བགྲང་བ་)ཞེས་སོགས་དཔག་ཏུ་མེད་པ་མདོ་ལས་ གསུངས་སོ། །མཚན་ཐོས་པ་ལ་ཕན་ཡོན་བསམ་ལས་འདས་ཏེ། དམ་ཆོས་པད་མ་དཀར་པོ་ ལས། བཅོམ་ལྡན་འདས་ཀྱིས་བློ་གྲོས་མི་ཟད་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ། ངས་ སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་ མིང་འཛིན་པ་དེ་དག་གལ་ཏེ་མེའི་ཕུང་པོར་ལྷུང་ན། དེ་དག་ཐམས་ཅད་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་གཟི་འོད་ཀྱིས་མེའི་ཕུང་པོ་དེ་ལས་རབ་ཏུ་ ཐར་པར་འགྱུར་རོ། །རིགས་ཀྱི་བུ། གལ་ཏེ་ཆུ་ཀླུང་གིས་ཁྱེར་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ལ་བོས་ནས་ཆུ་ཀླུང་དེ་ལས་རབ་ཏུ་ཐར་པར་འགྱུར་ རོ། །(གནོད་སྦྱིན་དང་སྲིན་པོ་དང་ལྕགས་སྒྲོགས་དང་ཤིང་སྒྲོགས་ཏུ་བཅུག་ཀྱང་སྤྱན་རས་གཟིགས་ལ་བོས་ནས་དེ་དག་གི་བུ་ ཀ་ཕྱེ་བ་)ཞེས་སོགས་མང་སྟེ་མདོ་དེ་ཉིད་ལ་བལྟ་བར་བྱའོ། །(གཞུང་འདིར་)ཡི་གེ་མང་དུ་ འཇིགས་པས་མ་བྲིས་སོ། །ཟ་མ་ཏོག་བཀོད་པར། སྤྱན་རས་གཟིགས་ཀྱི་མཚན་རྗེས་སུ་དྲན་ པ་དེ་དག་ནི་བདེ་བ་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒས་པ་དང༌། ན་བ་དང༌། འཆི་བ་དང༌། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་པ་(སྡུག་བསྔལ་)ཡིན་ནོ། །དེ་དག་ནི་ འཁོར་བའི་ཐ་མ་ཡིན་ནོ། །དེ་དག་(གོས་དཀར་པོ་བཞིན་དུ་)ནི་བྱ་ངང་པའི་རྒྱལ་པོ་ལྟར་མགྱོགས་ པ་དང་རླུང་གི་ཤུགས་འོང་བ་དེ་བཞིན་དུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་ 1-1-35 གཤེགས་པ་སྣང་བ་མཐའ་ཡས་ལ་ཆོས་མངོན་སུམ་དུ་མཉན་པའི་ཕྱིར་འགྲོའོ། །(འདོད་ཆགས་ ཞེ་སྡང་གཏི་མུག་མི་འབྱུང་སྐྱེ་སྒས་ན་འཆིར་མི་འགྱུར་མངལ་དུ་མི་སྐྱེ་བར་མ་སྐྱེ་)ཞེས་སོགས་མང་ངོ༌། །འགྲོ་བ་ སེམས་ཅན་ཐམས་ཅད་འདྲེན་པའི་ཚུལ་ནི་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རིགས་ཀྱི་བུ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷའི་ནོར་བུ་རིན་པོ་ཆེ་ལས་ བྱས་པའི་སྐྱེད་མོས་ཚལ་དུ་འཇུག་པ། དེ་བཞིན་དུ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡང་མནར་མེད་པའི་སེམས་ཅན་དམྱལ་ བར་འཇུག་མོད་ཀྱང་དེའི་ལུས་གཞན་དུ་འགྱུར་བ་མེད་དོ། །(དཔག་ཚད་སྟོང་ཕྲག་ཉི་ཤུའི་འོག་ཏུ་) མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ལ་ཉེ་བར་འགྲོ་བ་དེའི་ཚེ། མནར་མེད་པའི་ སེམས་ཅན་དམྱལ་བ་ཆེན་པོ་དེ་བསིལ་བར་གྱུར་ཏོ། །མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་བྱུང་ ཞིང༌། མེའི་འོབས་ཏེ་རྫིང་བུར་གྱུར་ཏོ། །རལ་གྲི་དང༌། གཏུན་ཤིང་དང༌། པ་ཏི་ས་ལ་དང༌། ཏོ་མ་ར་དང༌། དགྲ་སྟ། ཐོ་བ་དང༌། འཁོར་ལོ་དང༌། རྩེ་གསུམ་ལ་སོགས་པ་རྣམས་ཀྱང་མེ་ ཏོག་གི་ཆར་དུ་གྱུར་ཏོ། །དེ་ནས་གཤིན་རྗེ་རྣམས་ངོ་མཚར་དུ་གྱུར་ནས་ལྷ་གང་གིས་མཐུ་ ཡིན་སྙམ་ནས། (གཤིན་རྗེའི་)ལྷའི་མིག་གིས་རྣམ་པར་བལྟས་ཏེ་གཟིགས་ནས། མནར་མེད་ པའི་སེམས་ཅན་དམྱལ་བ་ཆེན་པོར། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་ བཞུགས་པར་མཐོང་ངོ༌། །མཐོང་ནས་གཤིན་རྗེའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སྤྱན་རས་ གཟིགས་ཀྱི་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའི་ཞབས་ལ་སྤྱི་བོས་ཕྱག་ འཚལ་ནས་བསྟོད་པའི་ཁྱད་པར་དུ་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡི་དྭགས་ཀྱི་གྲོང་ ཁྱེར་དུ་(དཔག་ཚད་ལྔ་བརྒྱ་འདས་པའི་འོག་ཏུ་)བྱོན་ནས། མགལ་ཤིང་ལྟ་བུ་དང༌། ཀེང་རུས་ལྟ་བུ་ དང༌། ལྟོ་བ་རི་རབ་(ཀྱི་གདོས་པ་)ཙམ། ཁ་ཁབ་མིག་ལྟ་བུ། སྐེ་པ་རྟ་རྔའི་ཉག་མ་ཙམ་གྱི་ཡི་ དྭགས་བརྒྱ་སྟོང་བྱང་ཆུབ་སེམས་དཔའི་མདུན་དུ་རྒྱུག་གོ །དེ་དག་གི་ནང་ནས། མིག་(གཉིས་ 1-1-36 ནི་མཚལ་ལྟ་བུ་)དམར་བ། སྐྲ་(བལ་ལྟར་)དཀར་བ། ལུས་(ཀེང་རུས་ལྟར་)ཤིན་ཏུ་རིད་པ། ལག་ན་ (སྙིགས་མའི་)འཁར་བ་ཐོགས་པ། སྐད་(བྱའི་ཕྲུ་གུ་ལྟར་)འདར་བ་གཅིག་གིས། བྱང་ཆུབ་སེམས་ དཔའ་ལ་ཕྱག་ཕུལ་(འདི་སྐད་ཅེས་སྨྲས་)ཏེ། བསྐལ་པ་དུ་མར་ཆུའི་སྒྲ་ཙམ་མ་ཐོས་སོ། །དངོས་སུ་ འཐུང་བ་ནི་ག་ལ་སྲིད། ཡུལ་འདིར་སེམས་ཅན་ཐམས་ཅད་སྐོམ་དུ་ཤི་ལ་ཁད། ལྷ་ཁྱོད་ཀྱིས་ ཆུ་ཞིག་སྩོལ་ཅིག་ཐུགས་རྗེ་མ་ཆུང་མཛོད། ཅེས་དང༌། དེ་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱག་སོར་བཅུ་བརྐྱངས་ནས་ཆུ་བོ་ཆེན་པོ་ བཅུ་བྱུང་ངོ༌། །ཞབས་སོར་བཅུ་ལས་ཆུ་བོ་ཆེན་པོ་བཅུ་བྱུང་སྟེ། བ་སྤུའི་བུ་ག་ཐམས་ཅད་དུ་ ཡང་(ཡན་ལག་བརྒྱད་ལྡན་གྱི་)ཆུ་བོ་རེ་རེ་བྱུང་ནས། ཆུ་བོ་དེ་དག་གིས་ཡི་དྭགས་རྣམས་ཀྱི་སྐེ་པ་ ཡངས་པར་གྱུར་ཏོ། །ལུས་ཡོངས་སུ་རྫོགས་པར་གྱུར་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ སངས་རྒྱས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་ གཟིགས་དབང་ཕྱུག་གིས་མེ་ཏོག་འདབ་མ་སྟོང་དཀར་པོ་སྡོང་བུ་གསེར་དུ་སྣང་བ་གཅིག་ ཐོགས་ནས། བཅོམ་ལྡན་འདས་ཀྱི་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་འཚལ་ནས། མེ་ཏོག་འདི་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱིས་ བསྐུར་རོ་གསུངས་ནས་བཅོམ་ལྡན་འདས་ལ་ཕུལ་ལོ། །ཤཱཀྱ་ཐུབ་པས་བཀའ་སྩལ་པ། རིགས་ཀྱི་བུ། སྙུང་བ་མ་མཆིས་སམ། འོ་མ་བརྒྱལ་ལམ། ཞེས་གསུངས་ནས། མེ་ཏོག་བླངས་ ནས་གཡོན་ཕྱོགས་སུ་བཞག་ནས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་ རས་གཟིགས་དབང་ཕྱུག་མེའི་ཕུང་པོ་འབར་བ་ལྟ་བུར་ཕྱོགས་གཅིག་ཏུ་ནམ་མཁའ་ལ་མི་ སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡུལ་འཁོར་མོ་འཇུག་གི་གྲོང་ཁྱེར་དུ་ བཤང་བ་དང༌། གཅི་བའི་གནས་དེར་སྲིན་བུའི་རིགས་ཀྱི་བྱོལ་སོང་རྣམས་ཀྱི་གསེབ་ཏུ་སྤྱན་ རས་གཟིགས་བུང་བའི་གཟུགས་སུ་སྤྲུལ་ནས་སྒྲ་བུང་བུང་ཕྱུང་སྟེ་སངས་རྒྱས་ལ་ཕྱག་འཚལ་ 1-1-37 ལོ། །ཞེས་བྱ་བ་རྗེས་སུ་སློབ་ནས། འཇིགས་ཚོགས་ལ་ལྟ་བའི་རི་ཉི་ཤུ་རྣམས་ཡེ་ཤེས་རྡོ་རྗེས་ བཅོམ་ནས། དེ་དག་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་དྲི་ཞེས་བྱ་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡུལ་མ་ག་དྷར་ མངོན་དུ་ཕྱོགས་དེ་སོང་ནས། ལོ་ཉི་ཤུ་དགོན་པར་གནས་པའི་སེམས་ཅན་གཅིག་གིས་ གཅིག་ཟ་བ་རྣམས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ དབང་ཕྱུག་གིས་ཐོག་མར་ཆུའི་ཆར་ཕབ་ནས། དེ་དག་ཆུས་ངོམས་པར་བྱས་སོ། །དེ་ནས་ ལྷའི་ཟས་ཀྱི་ཆར་ཕབ་ནས་ཚིམས་པར་བྱས་སོ། །དེ་ནས་འབྲས་དང༌། ཏིལ་དང༌། འབྲས་ དཀར་དང༌། འབྲས་བུ་ཀུ་ལ་ཏ་དང༌། འབྲས་སོ་བའི་ཆར་ཕབ་ནས་ཚིམས་པར་མཛད་དོ། ། སེམས་ཅན་དེ་དག་གཅིག་ཏུ་ངལ་བསོས་ནས་ངོ་མཚར་དུ་སྐྱེས་ནས། གཅིག་ལ་གཅིག་གིས་ འདི་ལྷ་གང་གིས་མཐུ་ཡིན་ཞེས་སྨྲས་སོ། །དེ་དག་གི་ནང་ནས། གླང་ཆེན་གྱི་སྣ་ལྟར་སྒུར་བ། རྒས་ལ་འཁྱོག་པ། ལོ་བརྒྱ་ལོན་པ་ཞིག་གིས་སྨྲས་པ། བྱང་ཆུབ་སེམས་དཔའ་སྤྱན་རས་ གཟིགས་མ་གཏོགས་པ་ལྷ་གཞན་གང་གི་མཐུས་མ་ཡིན་ནོ། །ཞེས་པ་དང༌། འཁོར་དེ་དང་དེ་ དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་པོའི་མཚན་ ཇི་ལྟ་བུ་ཞེས་དྲིས་སོ། །དེ་ནས་སྐྱེས་བུ་དེས་སྨྲས་པ། བཞིན་བཟང་དག །སྤྱན་རས་གཟིགས་ ནི་མུན་པར་གྱུར་པ་རྣམས་ཀྱི་སྒྲོན་མེའོ། །ཉི་མས་གདུངས་པ་རྣམས་ཀྱི་གདུགས་སུ་གྱུར་ པའོ། །སྐོམ་གྱིས་གདུངས་པ་རྣམས་ལ་ཆུ་བོའོ། །འཇིགས་སྐྲག་ཏུ་གྱུར་པ་རྣམས་ཀྱི་སྐྱབས་ སོ་ཞེས་སོགས་རྒྱས་པར་བརྗོད་དོ། །དེའི་ཚེ་ན་སེམས་ཅན་དེ་དག་ཐམས་ཅད་བྱང་ཆུབ་ སེམས་དཔར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་མངལ་ཞེས་བྱ་བར་བྱོན་ནས། ལྷ་མིན་རྒྱལ་པོར་གཏོར་མས་སྤྱན་རས་གཟིགས་རྒྱང་རིང་པོ་ནས་བྱོན་པ་མཐོང་ནས། ལྷ་མ་ ཡིན་སྒུར་པོ་དང༌། ཐུང་ངུ་ལ་སོགས་པ་ལ་སྨྲས་པ། གྲོགས་པོ་དག་དེ་རིང་དུ་བདག་གི་ཚེའི་ 1-1-38 འབྲས་བུ་ཐོབ་བོ། །ཞེས་སྨྲས་ནས་རིན་པོ་ཆེའི་ཁྲི་ཕུལ་ཏེ་ཕྱག་འཚལ་ནས། འཕགས་པ་ བདག་ཅག་སྡིག་ལ་དགའ་བ། ཆུང་མ་ལ་ཆགས་པ། སྲོག་གཅོད་པ་ལ་བརྩོན་པ། འཕྲོག་ བཅོམ་ལ་དགའ་བ་རྣམས་ལ་ཐུགས་རྗེས་གཟིགས་ཤིང༌། འཁོར་བའི་འཇིགས་པ་རྣམས་ལ་ སྐྱབས་མཛོད་ཅིག །དགེ་བའི་ནང་ན་བསོད་ནམས་ཀྱི་སྟོབས་ཆེ་བའི་ཆོས་ཞིག་འཆད་དུ་ གསོལ། བྱང་ཆུབ་སེམས་དཔས་གསོལ་པ། རིགས་ཀྱི་བུ། བསོད་སྙོམས་ཕུལ་བའི་བསོད་ ནམས་ལས་ཆེ་བ་མེད་དོ། །དཔེར་ན། རྡུལ་ཕྲ་རབ་ནི་ངས་བགྲང་བར་ནུས་ཀྱི། དགེ་འདུན་ ལ་ཕུལ་བ་ནི་ངས་བགྲང་བར་མི་ནུས་སོ། །ཞེས་སོགས་ཕན་ཡོན་མང་དུ་གསུངས་ནས། ལྷ་ མིན་རྒྱལ་པོ་སྙུག་མའི་འཁར་བ་ལ་བརྟེན་ནས་ཕྱག་འཚལ་ནས་སྨྲས་པ། ཕྱག་ན་པད་མ་ བཟང་པོ་ཐོགས། །པད་མའི་དཔལ་གྱིས་བརྒྱན་པ་པོ། །ཐམས་ཅད་མཁྱེན་པ་དབུ་ལ་ བཞུགས། །དྲི་མེད་གཟུགས་བཟང་བདག་ལ་སྐྱོབ། །ཅེས་སོགས་བསྟོད་ནས། བྱང་ཆུབ་ སེམས་དཔས་གསོལ་པ། རྒྱལ་པོ་ཁྱོད་ནི་ཕྱི་མའི་དུས་ན་སངས་རྒྱས་ཡིད་དཔལ་ཞེས་བྱ་བར་ འགྱུར་རོ། །ཞེས་ལུང་བསྟན་ནས། ལྷ་མིན་རྒྱལ་པོས། མུ་ཏིག་གི་སེ་མོ་དོ་འདོམ་སྟོང་རིན་པོ་ ཆེ་སྣ་ཚོགས་པའི་ཅོད་པན་ཕུལ་ལོ། །དེ་ནས་རྒྱལ་པོ་ཆེན་པོ་ཉོན་ཅིག །བྲན་ཕོ་བྲན་མོ་ལུས་ ལོངས་སྤྱོད་ནོར་བུ་བང་མཛོད་དེ་དག་ལ་རྨི་ལམ་ལྟ་བུར་སྣང་སྟེ། འཆི་བའི་ཚེ་ན་སྐྱབས་སུ་ མི་འགྱུར། དེ་དག་ལ་ཆགས་ན་སེམས་ཅན་དམྱལ་བའི་སྡུག་བསྔལ་ཆེན་པོ་མྱོང་སྟེ། ཞེས་ སོགས་རྒྱས་པར་གསུངས་ནས་ལྷ་མིན་ཐམས་ཅད་ཆོས་ཀྱི་ལམ་དུ་བསྒྱུར་རོ། །དེ་ནས་བྱང་ ཆུབ་སེམས་དཔའ་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་གནས་གཙང་མའི་རིས་ཀྱི་ལྷའི་གནས་སུ་ ཕྱིན་ནས། ལྷའི་བུ་རྣ་བའི་མཆོག་ཅེས་བྱ་བ་དབུལ་བར་འདུག་གོ །སྤྱན་རས་གཟིགས་དེའི་ དྲུང་དུ་བྱོན་ནས་བདག་ནི་བཀྲེས་སོ། །སྐོམ་མོ། །ཞེས་གསུངས་ནས། ལྷའི་བུས་སྨྲས་པ། བྲམ་ཟེས་བདག་ལ་ཅང་མ་མཆིས་སོ། །འོན་ཏེ་རྩམ་པ་ཁམ་ཅིག་སྩོལ། ཞེས་དང༌། རང་གི་ 1-1-39 ཁྱིམ་དུ་སོང་ནས་ལྷའི་ནོར་བུ་རིན་པོ་ཆེ་མང་པོ་རིན་ཐང་མེད་པའི་ལོངས་སྤྱོད་ཀྱིས་ཡོངས་སུ་ ཁེངས་སོ། །ཞལ་ཟས་དང་གོས་སྣ་ཚོགས་རྒྱན་དུ་མ་དང་ནོར་སྣ་ཚོགས་ཀྱིས་ཁྱིམ་གང་ངོ༌། ། ཤིན་ཏུ་ངོ་མཚར་དུ་གྱུར་ནས་བྲམ་ཟེ་བོས་ནས་ཟས་ཀྱིས་ཚིམ་པར་བྱས་སོ། །བྲམ་ཟེས་བཀྲ་ ཤིས་པར་བྱའོ། །ལྷའི་བུས་སྨྲས་པ། བྲམ་ཟེ་ཁྱོད་གང་ནས་འོངས། ཞེས་དང༌། བདག་ནི་འཛེ་ ཏའི་ཚལ་ནས་མཆིས་སོ། །ལྷའི་བུས་ཇི་ལྟ་བུ་ཞིག་ལགས། བྲམ་ཟེས་སྨྲས་པ། ས་གཞི་རིན་ པོ་ཆེ་སྣ་ཚོགས་ལས་གྲུབ་པ། ལྗོན་ཤིང་སྣ་ཚོགས་དང༌། མེ་ཏོག་སྣ་ཚོགས་དང༌། བྱ་སྣ་ཚོགས་ ཀྱིས་བརྒྱན་པ། བདུད་རྩིའི་རྫིང་བུ་དུ་མས་བརྒྱན་པ། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །ཞེས་དང༌། ལྷའི་བུས། བྲམ་ཟེ་བདེན་པར་སྨྲོས་ཤིག ། ཁྱོད་ནི་ལྷའམ། ཀླུའམ། ལྷ་མིན་ཞིག་གམ། བྲམ་ཟེ་ན་རེ། ང་ནི་ལྷ་ཀླུ་ལྷ་མིན་གང་མ་ཡིན། ། སེམས་ཅན་ཀུན་ལ་ཐུགས་བརྩེ་ལྷག་བསམ་ཅན། །འགྲོ་ལ་བྱང་ཆུབ་ལམ་སྟོན་སྤྱན་རས་ གཟིགས། །ཡོན་ཏན་མཉམ་ཉིད་ཕོངས་པ་སེལ་བྱེད་ཡིན། །ཞེས་དང༌། དེ་ནས་ལྷའི་བུས། ཅོད་པན་དང༌། རྣ་ཆ་དུ་མ་ཕུལ་ནས་སྨྲས་པ། ཀྱེ་མ་ཡོན་ཏན་དག་གི་ཞིང༌། །ཉེས་པ་ཐམས་ ཅད་རྣམ་པར་སྤངས། །དེ་རིང་ཉིད་དུ་ས་བོན་བཏབ། །དེ་རིང་ཉིད་དུ་འབྲས་བུ་གྲུབ། །ཅེས་ དང༌། དེ་ནས་བྱང་ཆུབ་སེམས་དཔའ་སིང་གཱ་ལའི་གླིང་དུ་ཕྱིན་ནས། བྱང་ཆུབ་སེམས་དཔས་ འདོད་པའི་གཟུགས་སུ་སྤྲུལ་ནས། སྲིན་མོ་རྣམས་ཀྱིས་མཐོང་ནས་འདོད་པའི་སེམས་སྐྱེས་ ནས། བྱང་ཆུབ་སེམས་དཔའི་དྲུང་དུ་འདུག་གོ །འདུག་ནས་འདི་སྐད་དུ། བདག་ཅག་ནི་ བུད་མེད་གཞོན་ནུའོ། །ལ་ལས་ངའི་ཁྱིམ་ཐབ་མ་མཆིས་ཟེར། ལ་ལས་ངའི་སྐྱེས་པ་མེད་ཟེར། ལ་ལས་འདི་ནི་ཁྱོད་ཀྱི་ཟས་སོ། །སྐྱེད་མོས་ཚལ་ལོ། །ཞེས་ཟེར། དེ་དག་ཐམས་ཅད་བྱང་ ཆུབ་སེམས་དཔའ་ཁོ་ན་ལ་བལྟས་སོ། །བྱང་ཆུབ་སེམས་དཔས་གསོལ་པ། སྲིན་མོ་ཁྱོད་ རྣམས་ངས་བསྒོ་བ་བཞིན་དུ་བྱེད་ནའང༌། ཁྱོད་རྣམས་ཀྱི་བདག་པོ་བགྱིའོ། །ཞེས་གསུངས་པ་ 1-1-40 དང༌། དེ་དག་གིས་ཁས་བླངས་ནས། འཕགས་ལམ་བརྒྱད་ལ་སློབ་ཅིང་སྐྱབས་འགྲོ་ལ་སྦྱར་ ནས་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ཅིང༌། ལ་ལས་ཕྱིར་མི་འོང་ བའི་འབྲས་བུ་ཡང་ཐོབ་ནས་སེམས་རྩེ་གཅིག་ཏུ་ཆོས་ལ་འགོད་དོ། །སྤྱན་རས་གཟིགས་སུ་ སྐྱེས་པའི་རབས་ཏེ་ལྔ་པའོ།། །། ༈ ཡང་རྒྱལ་པོའི་གཟུགས་ཀྱིས་སེམས་ཅན་གྱི་དོན་མཛད་དེ། འཕགས་པ་སྤྲིན་ཆེན་ པོའི་མདོ་ལས། བྲམ་ཟེ་ཀོའུ་དི་ནྱ་ཞེས་བྱ་བ། འཁོར་བྲམ་ཟེ་སྟོང་ཕྲག་དུ་མ་དང་བཅས་པས། བཅོམ་ལྡན་འདས་ལ་མཆོད་པ་ཆེར་མཆོད་ནས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ ལས་འདས་པ་ཆེན་པོའི་སྒྲ་ཐོས་ནས། འཕྲལ་དུ་ངུས་ཏཻ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ ལ་གཏུགས་ནས། བཅོམ་ལྡན་འདས་ལ་གསོལ་པ། གལ་ཏེ་བཅོམ་ལྡན་འདས་སེམས་ཅན་ ཐམས་ཅད་ལ་ཕན་པར་བཞེད་པ། ཐུགས་རྗེས་བརྩེ་བ་ཆེན་པོ་དང་ལྡན་པ་སེམས་ཅན་ ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཟླ་བ་ལྟར་གསལ་བ་ཤེས་རབ་དང༌། ཡེ་ཤེས་ཆེན་པོ་ཞེས་བྱ་བ་ གལ་ཏེ་ཁྱོད་ཟླ་བ་སྒྲ་གཅན་ཟིན་བཞིན་དུ་མཛད་ནའང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ དམ་པ་ཞིག་བསྩལ་དུ་སྩོལ། ཞེས་དང༌། བཅོམ་ལྡན་འདས་ཀྱིས་ཅང་མི་གསུངས་ནས། བཅོམ་ལྡན་འདས་ཀྱི་མཐུས། འཁོར་དེར་ཚེ་དང་ལྡན་པ་ལི་ཙ་བཱི་གཞོན་ནུ་མཐོང་ན་དགའ་ བ་ཞེས་བྱ་བས། བྲམ་ཟེ་ཀོའུ་དི་ནྱ་ལ་ཚིགས་སུ་བཅད་པ་གསོལ་ཏོ། །ནམ་ཞིག་གང་གཱའི་ཆུ་ རྒྱུན་ལ། །མེ་ཏོག་རྣམས་ནི་སྐྱེ་བ་དང༌། །བྱ་རོག་དམར་པོར་འགྱུར་བ་དང༌། །ཁུ་བྱུག་དུང་ མདོག་འདྲར་འགྱུར་དང༌། །འཛམ་བུར་ཏ་ལའི་འབྲུ་ཆགས་པ། །བྲ་གོར་ཨ་མྲའི་ཏོག་པ་ ཆགས། །དེ་ཡི་ཚེ་ན་ཡུངས་འབྲུ་ཙམ། །རིང་བསྲེལ་དུ་ནི་ཡོད་པར་འགྱུར། །ནམ་ཞིག་རུ་སྦལ་ སྤུ་རྣམས་ལ། །གོས་སུ་ལེགས་པར་འཐག་འགྱུར་ཏེ། །དགུན་གྱི་གྲང་བ་སེལ་བྱེད་པ། །དེ་ཚེ་ རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་སྦྲང་བུའི་རྐང་ལག་ལས། །ཡང་ཐོག་ལེགས་པར་ 1-1-41 བྱས་གྱུར་ཏེ། །བརྟན་ཞིང་རབ་ཏུ་མི་གཡོ་བར། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ ཞིག་སྲིན་བུ་པད་མ་ཀུན། །སོ་ནི་དཀར་པོར་སྐྱེས་འགྱུར་ཏེ། །རྣོ་ཞིང་ཆེན་པོར་གྱུར་པ་ན། ། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་རི་བོང་རྭ་ཡིས་ནི། །མཐོ་རིས་སུ་ནི་འཛེག་ པའི་ཕྱིར། །སྐས་ནི་ལེགས་པར་བྱས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ ཞིག་སྐས་ནི་དེར་འཛེགས་ནས། །གནས་ནས་ཟླ་བ་ཟ་བ་དང༌། །སྒྲ་གཅན་ལ་ཡང་གནོད་ བྱེད་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །གྲོང་ན་རྒྱུག་ཅིང་སྦྲང་བུ་ཡིས། །ནམ་ཞིག་རྫ་ མའི་ཆང་འཐུང་སྟེ། །ཁྱིམ་ན་གནས་པར་བྱེད་འགྱུར་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། ། ནམ་ཞིག་བུང་བ་བདེ་བར་འགྱུར། །མཆུ་དམར་བིམ་པ་འདྲར་འགྱུར་ཞིང༌། །གླུ་གར་རྣམས་ ལ་མཁས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་འུག་པ་བྱ་རོག་རྣམས། ། དབེན་པར་དོང་ནས་བརྩེ་བ་དང༌། །ཕན་ཚུན་མཐུན་པར་གྱུར་པ་ན། །དེ་ཚེ་རིང་བསྲེལ་ཡོད་ པར་འགྱུར། །སཱ་ལའི་ཤིང་ནི་ལོ་མ་རྣམས། །རིན་ཆེན་སྣ་གསུམ་གདུགས་གྱུར་ཏེ། །ཆར་ ཕབ་སྐྱབས་སུ་ནམ་འགྱུར་ཏེ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་རྒྱ་མཚོར་གྲུ་ བོ་ཆེ། །འཁྲུལ་འཁོར་དང་ནི་གཡོར་མོས་བཅས། །ཐང་ལ་བྱུང་སྟེ་འགྲོ་བ་ན། །དེ་ཚེ་རིང་ བསྲེལ་ཡོད་པར་འགྱུར། །ནམ་ཞིག་བྱ་ནི་འུག་པ་ཡིས། །རི་བོ་སྤོས་ཀྱི་ངད་ལྡན་ལ། །མཆུ་ལ་ ཐོགས་ཏེ་འཁོར་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ཞེས་དང༌། ཀོའུ་དི་ནྱ་སྨྲས་པ། གཞོན་ནུ་ལེགས་སོ་ལེགས་སོ། དེ་བཞིན་གཤེགས་པའི་སྲས་པོ་ཆེ། །དགའ་ཞིང་ཐབས་ལ་ མཁས་ལྡན་པ། །ཆེ་བ་ཉིད་ལྡན་ལུང་བསྟན་ཐོབ། །དེ་བཞིན་གཤེགས་པའི་ཆེ་བ་ཉིད། ། གཞོན་ནུ་ཆེན་པོས་རིམ་བཞིན་བསྟན། །སངས་རྒྱས་ཡུལ་ནི་བསམ་མི་ཁྱབ། །བསམ་ཡས་ ཡེ་ཤེས་མི་མཉམ་མཉམ། །དེ་བཞིན་གཤེགས་རྣམས་མཚུངས་པ་མེད། །སངས་རྒྱས་ཐམས་ ཅད་རྟག་ཏུ་ཞི། །སངས་རྒྱས་ཐམས་ཅད་ཡང་དག་འབྱུང༌། །སངས་རྒྱས་ཐམས་ཅད་ཁ་དོག་ 1-1-42 མཚུངས། །འདི་ནི་སངས་རྒྱས་ཆོས་ཉིད་ཡིན། །སངས་རྒྱས་བཅོམ་ལྡན་བཅོས་མ་ཡིན། །དེ་ བཞིན་གཤེགས་རྣམས་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་མཁྲེགས་པའི་སྐུ། །སྤྲུལ་པའི་སྐུ་ཡང་སྟོན་ པར་མཛད། །ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ཡང༌། །འབྱུང་བར་འགྱུར་བ་ཡང་མེད་དེ། ། རུས་པ་ཁྲག་དང་ཤ་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་ལ་ཡང་ཕན་ པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པར་མཛད། །སངས་རྒྱས་བཅོམ་ལྡན་ཆོས་ཀྱི་སྐུ། ། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ལྡན་སྐུ་ནི་དེ་འདྲ་ལ། །ཆོས་བསྟན་པ་ཡང་ དེ་འདྲ་སྟེ། །དེ་ལྟར་བདག་གིས་ཐོས་རིག་ན། །ཆོས་གསུང་ལ་ནི་དམ་པ་གསོལ། །ཁྱོད་ནི་སྨྲ་ བ་གཞུག་པའི་ཕྱིར། །གཏམ་གླེང་པ་དག་བདག་གིས་བསླངས། །ཞེས་དང༌། དེ་ནས་ལྷ་མོ་དྲི་ མ་མེད་པའི་འོད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་ཐབས་ཀྱི་སྐྱེས་བུ་འདི་གཉིས་ནི་མཁས་ཤིང་ཞི་བ་ལ་ ཤེས་པ་ཟབ་མོ་དང་ལྡན་པ། དེ་བཞིན་གཤེགས་པའི་ཡོན་ཏན་ཆེ་བའི་དོན་ཤིན་ཏུ་འཚལ་ བས་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་གཉིས་སུ་ཞིག་ལགས། ཕྱོགས་གང་ན་ མཆིས། སེམས་ཅན་ལ་སྨན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་འཆད་དུ་གསོལ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ། །ལེགས་སོ། །ལྷ་མོ་ཁྱོད་ཀྱིས་སེམས་ཅན་ ཐམས་ཅད་ལ་ཕན་པའི་ཕྱིར། དེ་བཞིན་གཤེགས་པ་ལ་ཞུས་པ་ལེགས་སོ། །ལྷ་མོ་ཉོན་ཅིག ། ཉན་ཐོས་ཀྱི་གཙོ་བོ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པའི་སྲས་ཡིན་ཏེ། ལྷ་མོ་གཙོ་བོ་འདི་ གཉིས་ནི། སྐྱེས་བུ་དམ་པ་རྣམས་ཀྱི་བདག་པོ། ཆོས་ལ་དགའ་བའི་སྨོན་ལམ་བཏབ་པའི་ སྐྱེས་བུ་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ། ངའི་བུ་སྡུག་དེ་བཞིན་གཤེགས་པའི་རིགས་ འཛིན་པ། ངའི་བསྟན་པ་ཁུར་ཁྱེར་བ། ངའི་བསྟན་པའི་སྒྲོན་མེ་རབ་ཏུ་འབར་བར་བྱེད་པ་ ཡིན་གྱི། ལྷ་མོ་ཁྱོད་ཀྱིས་རྗེས་སུ་ཡི་རང་བར་གྱིས་ཤིག །ལྷ་མོ་སྔོན་བྱུང་བ་འདས་པའི་དུས་ 1-1-43 ན་བསྐལ་པ་གྲངས་མེད་པ་ཡང་ཆེས་གྲངས་མེད་པ་བསྐལ་པ་མང་བ་ཡང་ཆེས་མང་བ་འདས་ པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་ འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་གླུ་རིག་ པའི་སྒྲོན་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ༌། །ལྷ་མོ་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་འདི་ འབྱོར་པ་རྒྱས་པ་དང༌། ལོ་ལེགས་པ་དང༌། ཉམས་དགའ་བར་གྱུར་ཏེ། སྐྱེ་བོ་དང༌། མི་མང་ པོས་གང་ཞིང་བདེ་བ་དང༌། ལོངས་སྤྱོད་བདེ་བ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་ གླིང་དུའང་ཡངས་ཤིང་རྒྱ་ཆེ་བ་ཆུ་ཞེང་ཐ་གྲུ་ཆེ་བར་གྱུར་ཏེ། ངོས་གཅིག་ལ་དཔག་ཚད་ འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་འདི་ན་གྲོང་ཁྱེར་ དཔག་ཚད་བཅུ་གཉིས་པ་མི་བྱེ་བ་དགུ་བཅུ་རྩ་དགུ་གནས་པ། གླང་པོ་ཆེ་བདུན་ཁྲི་བརྒྱད་ སྟོང་ཡོད་དེ། གྲོང་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་གོ །ལྷ་མོ་དེའི་ ཚེ་དེའི་དུས་ན་རྒྱལ་པོའི་ཁབ་འདིར་གྲོང་ཁྱེར་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཞིག་བྱུང་ངོ༌། ། གྲོང་ཁྱེར་ཆེན་པོ་གང་དུ་བྱོན་པར་མི་བྱེ་བ་ཕྲག་སྟོང་བརྒྱད་ཅུ་གནས་པར་གྱུར་ཏོ། །གྲོང་ ཁྱེར་ཆེན་པོ་རིན་ཆེན་འབྱུང་གནས་ཀྱི་ནང་ན་སེམས་ཅན་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ མངོན་པར་བརྩེ་བའི་བྱང་ཆུབ་སེམས་དཔའ་མི་མཆོག་ཤ་སྟག་གོ །ལྷ་མོ་དེའི་ཚེ་དེའི་དུས་ན་ གྲོང་ཁྱེར་ཆེན་པོ་རིན་ཆེན་འབྱུང་གནས་ཀྱི་ནང་ན་དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་ མས། བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ལ། སྤྲིན་ཆེན་པོའི་མདོ་འདི་སེང་གེའི་སྒྲ་ཆེན་ པོ་མངོན་པར་བསྒྲག་གོ །ལྷ་མོ་དེའི་ཚེ་གྲོང་ཁྱེར་རིན་ཆེན་འབྱུང་གནས་ཀྱི་བདག་པོ། ཆོས་ ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་ཞེས་བྱ་བ་ཞིག་ཡོད་དེ། ལྷ་མོ་ཆོས་ཀྱི་རྒྱལ་པོ་བརྩོན་ འགྲུས་ཆེན་པོ་ཀླུའི་བཙུན་མོ་སྟོང་ཡོད་དོ། །དེ་རྣམས་ཀྱི་ནང་ནས་ཐེག་པ་ཆེན་པོ་ལ་དགའ་བ་ 1-1-44 བཙུན་མོ་པད་མའི་སྤྱན་ལྡན་བྱང་ཆུབ་སེམས་དཔའ་བསྟན་པ་འཛིན་པ་ཞེས་ཀྱང་བྱུང་ངོ༌། ། ཆོས་ཀྱི་རྒྱལ་པོ་དེའི་བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཅེས་བྱ་བ་ ཞིག་ཀྱང་བྱུང་ངོ༌། །ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་བློན་པོ་ ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ། བཙུན་མོ་དམ་པ་རྣམས་ཀྱང་མདུན་རྒྱབ་ཏུ་བདར་ ཅིང་བསྐོར་ནས། དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མ་དེ་ལ་མཆོད་པ་ཆེན་པོ་བྱས་ཏེ། དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མ་ག་ལ་བ་དེར་ལོགས་སུ་ཐར་མོ་སྦྱར་བ་བཏུད་ནས། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མ་དེས། ཆོས་ཀྱི་ རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། མི་འཇིགས་པ་ འཇིགས་པ་མེད་པ་ཞེས་བྱ་བའི་འོད་ཟེར་བཏང་ནས། དེ་བཞིན་གཤེགས་པའི་མཐུས། སློབ་ དཔོན་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཀྱིས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་ གླེང་བསླངས་ཏེ་ཞུ་བ་ཞུས་ནས། དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུངས་པར་གྱུར་ཏོ། ། དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུས། རང་གི་སློབ་དཔོན་ཆེན་པོ་དམ་པའི་ཆོས་ཀྱི་ དཀྱིལ་འཁོར་གྱི་མཛོད་ལ་ཕྱིར་དྲིས་པར་སེམས་སོ། །དེ་ལྟར་སྐྱེས་བུ་དེ་གཉིས་སེམས་ཅན་ ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར། རིང་བསྲེལ་གྱི་གཏམ་སྣ་ཚོགས་པའི་ཐབས་འདི་ གཅིག་ཏུ་འདྲི་བ་ལ་བརྩོན་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མའི་ཉན་ ཐོས་མིང་ཆེན་ཞེས་བྱ་བས། རིང་བསྲེལ་གྱི་གཏམ་ཐབས་དེ་ཐོས་ནས་འདི་སྙམ་དུ་སེམས་ བསྐྱེད་དོ། །ཀྱེ་མ་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུ་འདི་ནི་ཆོས་ཅན་ཆོས་ཀྱི་རྒྱལ་པོ་མཁས་པ་ ཡིན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཤིན་ཏུ་གསལ་བར་ཤེས་སོ་སྙམ་ ནས། རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་ཆེ་བ་ཉིད་དེ་བཞིན་གཤེགས་པ་ལ་ཞུས་སོ། །དེ་ ནས་བཅོམ་ལྡན་འདས་ཀླུ་རིག་པའི་སྒྲོན་མས་འཁོར་ཐམས་ཅད་ལ་ཕན་པའི་ཕྱིར། སྤྲིན་ཆེན་ 1-1-45 པོའི་མདོ་དང་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་ཆེ་བ་ཉིད་རྒྱས་པར་བསྟན་ཏོ། །དེ་ནས་ འཁོར་ཐམས་ཅད་ཀྱིས་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་ཆེ་བ་འདི་ཉིད་བཤད་པ་ཐོས་ ནས། ངོ་མཚར་རྨད་དུ་བྱུང་བ་འཛིན་པར་འགྱུར་རོ། །ལྷ་མོ་དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ ཆེན་པོ་ཀླུའི་བདག་ཉིད་ཀྱི་ཡོན་ཏན་ཆེ་བའི་བཤད་པ་ཐོས་ནས། བློན་པོ་ཆེན་པོ་རྣམས་དང་ བཙུན་མོ་ཡང་འཁོར་དང་བཅས་པས། དེ་བཞིན་གཤེགས་པའི་ཞབས་ལ་ལན་བརྒྱར་བསྟོད། མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ཀླུ་རིག་པའི་སྒྲོན་མ་ལ། རིན་པོ་ཆེ་སྤར་གང་ གཏོར་ནས་རྒྱལ་པོས་འདི་སྙམ་དུ་སེམས་བསྐྱེད་དོ། །(འཕགས་པ་ཀ་ཡ་གྷོ་རིའི་མདོ་ལས། ལྷའི་བུ་དག་ གཞན་ཡང་སེམས་དང་པོ་བསྐྱེད་པ་ནི་ཉན་ཐོས་ཀྱི་ས་ལ་ཡང་དག་པར་འདས་སོ། །སེམས་གཉིས་པ་བསྐྱེད་པ་ནི་རང་སངས་ རྒྱས་ཀྱིས་ས་ལ་ཡང་དག་པར་འདས་སོ། །སེམས་གསུམ་པ་བསྐྱེད་པ་ནི་མ་ངེས་པའི་ས་ལ་ཡང་དག་པར་འདས་སོ། །སེམས་བཞི་ པ་བསྐྱེད་པ་ནི་ངེས་པའི་ཕུང་པོར་གནས་སོ། །ཞེས་གསུངས། )བདག་ནི་ཕྱི་མའི་དུས་ན་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པའི་བསྟན་པ་ཐ་མ་ནུབ་པའི་ཚེ་བདག་རབ་ཏུ་བྱུང་སྟེ་ཆོས་ཀྱི་མཇུག་མའི་ཚེ་ཐེག་ པ་ཆེན་པོའི་སྒྲ་ལན་གསུམ་དུ་བསྒྲགས་ལ། ཆོས་གོས་ཙམ་འཆང་བ། ཆོས་ཀྱི་མུ་གེའི་ལྟ་བའི་ ཡུལ་ནས་བསྐྲད་ལ། ཆོས་ཀྱི་ཕྱིར་བདག་གི་སྲོག་འདོར་བར་གྱུར་ཅིག །ཐེག་པ་ཆེན་པོའི་ ཆོས་ཀྱི་རྒྱལ་མཚན་འཕྱར་བར་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ་བོ། །དེའི་བློན་པོ་ དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱིས་འདི་སྙམ་དུ་སེམས་བསྐྱེད་དོ། །(འཕགས་པ་ཀ་ཡ་གྷོ་རིའི་མདོ་ ལས། ལྷའི་དག་གཞན་ཡང་སེམས་དང་པོ་བསྐྱེད་པ་ནི་སྨན་བསྡུ་ཚུལ་དུ་བལྟའོ། །སེམས་གཉིས་པ་བསྐྱེད་པ་ནི་སྨན་རབ་ཏུ་དབྱེ་ བ་ལ་མཁས་པའི་ཚུལ་དུ་བལྟའོ། །སེམས་གསུམ་པ་བསྐྱེད་པ་ནི་སྨན་སྦྱོར་བ་ལ་མཁས་པའི་ཚུལ་དུ་བལྟའོ། །སེམས་བཞི་པ་ བསྐྱེད་པ་ནི་ནད་གསོ་བ་ལ་མཁས་པའི་ཚུལ་དུ་བལྟའོ། །)བཅོམ་ལྡན་འདས་བདག་ཀྱང་མ་འོངས་པའི་དུས་ སུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཁུར་ཁྱེར་ཞིང༌། བཅོམ་ལྡན་འདས་ཐབས་ ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་ན། བདག་གི་རྒྱལ་པོ་ 1-1-46 མིའི་བདག་པོ་འདི་ཁྱད་པར་དུ་འཕགས་པའི་ཕུན་སུམ་ཚོགས་པ་རྒྱལ་སྲིད་ཡོངས་སུ་སྤངས་ ཏེ། རབ་ཏུ་བྱུང་ནས་དམ་པའི་ཆོས་ཀྱི་དུང་ཆེན་པོ་མངོན་པར་སྒྲོགས་པར་གྱུར་ཅིག །ཅེས་ བྱའོ། །དེ་ནས་དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་བཙུན་མོ་པད་མའི་སྤྱན་ལྡན་གྱིས་ འདི་སྙམ་དུ་སེམས་བསྐྱེད་དོ། །(ཀ་ཡ་གྷོ་རིའི་མདོ་ལས། སེམས་དང་པོ་བསྐྱེད་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་རྒྱུད་ དུ་འབྱུང་བའི་ཚུལ་དུ་བལྟའོ། །སེམས་གཉིས་པ་བསྐྱེད་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་རྒྱུད་དུ་བསླབ་པ་ལ་ཡང་དག་པར་འཛིན་ པའི་ཚུལ་དུ་བལྟའོ། །སེམས་གསུམ་པ་བསྐྱེད་པ་ནི་ཆོས་ཀྱི་རྒྱལ་པོའི་རྒྱུད་དུ་ཡང་དག་པར་བསླབ་པའི་ཚུལ་དུ་བལྟའོ། །སེམས་ བཞི་པ་བསྐྱེད་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་རྒྱུད་དུ་བསླབ་པ་ལ་དབང་བསྐུར་བའི་ཚུལ་དུ་བལྟའོ། །)བཅོམ་ལྡན་འདས་ བདག་ཀྱང་ཤཱཀྱ་ཐུབ་པའི་བསྟན་པ་གནས་པའི་ཚེ། མུ་སྟེགས་ཅན་ངན་པའི་ཚོགས་ཐམས་ ཅད་བུད་མེད་ཀྱི་གཟུགས་ཀྱིས་བཏུལ་ནས། རྒྱལ་པོའི་ཆོས་ལུགས་སུ་སྦྱར་ཏེ་རྒྱལ་སྲིད་ སྤངས་ལ། བདག་གི་རྒྱལ་པོ་འདི་ཆོས་ཀྱི་རྔ་བོ་ཆེའི་སྒྲ་ཆེན་པོ་མངོན་པར་སྒྲོགས་པར་གྱུར་ ཅིག །ཅེས་བྱའོ། །དེའི་ཚེ་མིང་ཆེན་གྱིས་འདི་སྙམ་དུ་སེམས་བསྐྱེད་དེ། (ཀ་ཡ་གྷོ་རིའི་མདོ་ལས། ལྷའི་དག་གཞན་ཡང་སེམས་དང་པོ་བསྐྱེད་པ་ནིབསོད་ནམས་ཀྱི་ཚོགས་སུ་འབྲེལ་བའོ། །སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་ ཀྱི་ཚོགས་སུ་འབྲེལ་བའོ། །སེམས་གསུམ་པ་བསྐྱེད་པ་ནི་སྤོང་པ་དང་འབྲེལ་བའོ། །སེམས་བཞི་པ་བསྐྱེད་པ་ནི་འབྲས་བུ་བསྡུས་ པའོ། །)བཅོམ་ལྡན་འདས་མ་འོངས་པའི་དུས་སུ། བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ བསྟན་པ་ལ་ཉན་ཐོས་ཀྱི་མཆོག་ཏུ་གྱུར་ཅིག །དེ་བཞིན་གཤེགས་པའི་མཐུས། དེ་བཞིན་ གཤེགས་པ་བསམ་གྱིས་མི་ཁྱབ་པའི་ཡུལ་ལས་རྣམ་པར་འཕྲུལ་པ་སེང་གེའི་སྒྲ་ཆེན་པོ་ མཆོག་གི་འབྲས་བུ་ཡོད་པར་ཆོས་སྟོན་པར་གྱུར་ཅིག །རྒྱལ་པོ་འདིས་ཀྱང་དེ་ལྟ་བུའི་བསམ་ གྱིས་མི་ཁྱབ་པའི་གཙོ་བོར་གྱུར་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག །ཆོས་ཀྱི་སེང་གེའི་སྒྲ་ མངོན་པར་སྒྲོགས་ལ། དེ་བཞིན་གཤེགས་པའི་བསྟན་པ་ཁུར་ལྕི་བ་ཁུར་ནས་ཡུན་རིང་པོར་ གནས་པར་གྱུར་ཅིག །ཅེས་བྱའོ། །ལྷ་མོ་དགེ་བའི་རྩ་བ་དེས། ལྷ་མོ་ཁྱོད་གཏོགས་པ་བཞིས་ 1-1-47 ངའི་བསྟན་པ་ལ་དཀའ་བ་མང་པོ་བྱེད་ཅིང༌། སྐྱེ་བོ་ཕལ་བ་དང་མཐུན་པར་བྱེད་པ་མ་ཡིན་ཏེ། ལྷ་མོ་ཁྱོད་གཏོགས་པ་བཞི་དེ་ལྟར་འབའ་ཞིག་ཀྱང་མ་ཟད་ཀྱི། འདས་པའི་དུས་ན་ཡང་ང་ལ་ རྣམ་པ་མང་པོར་བྱ་བ་བྱས་པར་ཤེས་པར་གྱིས་ཤིག །དེ་ནས་ལྷ་མོ་དྲི་མེད་འོད་ཀྱིས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བསམ་པ་ཐ་དད་ པར་འགྱུར་བ་དང༌། སེམས་ཅན་ཐམས་ཅད་སྐྱེ་བོ་མང་པོ་ལ་སྨན་པར་འགྱུར་བའི་སླད་དུ། བདག་ཅག་བཞི་ནི་གང་གང་ལགས་པ་དེ། བཅོམ་ལྡན་འདས་ཀྱིས་འཆད་དུ་གསོལ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ། ལྷ་མོ་ཁྱོད་གཏོགས་པ་བཞི་ ལུང་བསྟན་པའི་ཆོ་ག་རིམ་པ་ལྟར་ལྷ་མོ་ཁྱོད་ཀྱིས་ཉོན་ཅིག །ལྷ་མོ་ཁྱོད་གཏོགས་པ་བཞིའི་ ཡོན་ཏན་ཆེ་བ་ལ་ལྟོས་ཤིག །ལྷ་མོ་བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ ནི། སློབ་དཔོན་ལུང་བསྟན་པས་བྲམ་ཟེ་ཀོའུ་དི་ནྱ་འདི་ཉིད་ཡིན་པར་རིག་པར་བྱའོ། །ལྷ་མོ་ སློབ་དཔོན་ལུང་སྟོན་པས་བྲམ་ཟེ་ཀོའུ་དི་ནྱ་ཡང་ང་འདས་པའི་ལོ་བརྒྱ་ཉི་ཤུ་ལོན་པ་ན། མེའུ་ རྒྱའི་རིགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར་ཏེ། མེའུ་རྒྱའི་རྒྱལ་ པོའི་མཆོག་ཏུ་སྐྱེ་བར་འགྱུར་རོ། །ཆོས་ཀྱི་ལུགས་ཇི་ལྟ་བ་བཞིན་དུ་རྒྱལ་པོ་བྱེད་པར་འགྱུར་ རོ། །དེ་ནས་ལྷ་མོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མིང་ཆེན་པོ་ཇི་སྐད་ཅེས་ བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་དེའི་མིང་ནི་དགེ་བསྙེན་མྱ་ ངན་མེད་པ་ཞེས་བྱ་བར་འགྱུར་རོ། །ལྷ་མོ་ཁྱེད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱ་ངན་ མེད་ཅེས་བྱ་སྟེ། ཆོས་ཀྱི་སྟོབས་སེང་གེའི་སྒྲ་ཐོག་མར་མངོན་པར་སྒྲོགས་པར་བྱེད་ཅིང་ མཆོད་པར་བྱེད་དོ། །དེ་ནས་ལྷ་མོ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ ཅན་ཐམས་ཅད་ལ་སྨན་པའི་སླད་དུ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་ལུང་བསྟན་པ་མཛོད་ ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ། ཁྱོད་ཀྱི་རྗེ་དེ་ཐོག་ 1-1-48 མར་ལུང་བསྟན་པར་བྱའོ། །ལྷ་མོ་ཉོན་ཅིག །དེ་ནས་ལྷ་མོའི་ངོ་ཚ་ནས། མགོ་སྨད། དེ་ནས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ། ངོ་ཚ་བ་ནི་ཆོས་ཐམས་ ཅད་ཀྱི་མཆོག་ཡིན་ནོ། །ལྷ་མོ་ལེགས་སོ། ལྷ་མོ་ཁྱོད་ཉིད་ཀྱང་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ ཀླུའི་བཙུན་མོ་པད་མའི་སྤྱན་ལྡན་དམ་པར་གྱུར་ཏོ། །ལྷ་མོ་ཁྱོད་མྱ་ངན་ལས་འདས་པའི་འོག་ ཏུ་དགེ་བའི་རྩ་བ་དང་ལྡན་པ་སྨོན་ལམ་གྱིས་ཁྱད་པར་ངེས་པ་ཞེས་བྱ་བའི་གྲོང་ན་གནས་ པའི་རྗེའི་རིགས་སུ་སྐྱེ་བར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོའི་གཟུགས་ སུ་ཐོབ་ནས། དེས་པ་དང༌། ཉེ་བར་གནས་པ་དང༌། བསླབ་པའི་གཞི་དང་བཅས་པ་བླངས་ ནས། གྲོང་ཁྱེར་དང༌། གྲོང་བརྡལ་དང་བཅས་པར་འབྱོར་ཞིང་རྒྱས་ལ། བུད་མེད་ཀྱི་གཟུགས་ ཀྱིས་རྒྱལ་སྲིད་མངོན་པར་བྱེད་དོ། །མུ་སྟེགས་ཅན་ངན་པའི་ཚོགས་རྣམས་མངོན་པར་བཏུལ་ ཞིང༌། དམ་པའི་ཆོས་ཀྱི་སྒྲོན་མེ་རབ་ཏུ་འབར་བར་བྱེད་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ ལ་མཆོད་པ་བྱེད་དེ། ཆོས་ཀྱི་སྒྲ་ཆེན་པོ་བསྒྲགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པས་རང་ གི་རྒྱལ་སྲིད་ཡང་དག་པར་བསྲུང་ཞིང་སྐྱོང་བར་བྱེད་ལ། འཇིག་རྟེན་དང་མཐུན་པར་བྱ་བ་ སྤྱོད་པར་འགྱུར་རོ། །ལྷ་མོ་བརྩོན་འགྲུས་ཆེན་པོ་ཀླུའི་གཟི་བརྗིད་ཀྱི་མཐུས། ཁྱོད་བསམ་ གྱིས་མི་ཁྱབ་པ་ལ་མངོན་པར་བརྩེ་བར་འགྱུར་བ་ཡིན་གྱིས། ལྷ་མོ་ཆོས་ཀྱི་རྒྱལ་པོ་བརྩོན་ འགྲུས་ཆེན་པོ་ཀླུ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །ལྷ་མོ་ཆེན་མོ་ཉོན་ཅིག །ཆོས་ཀྱི་རྒྱལ་པོ་ བརྩོན་འགྲུས་ཆེན་པོ་ཀླུ་དེ་ནི་ད་ལྟ་ངའི་ཉན་ཐོས་རྣམས་ཀྱི་མཆོག །ལི་ཙ་བཱི་གཞོན་ནུ་འཇིག་ རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ནོ། །དུས་ཕྱི་མའི་ཚེ་ན་ཀ་ཡོ་རིའི་གྲོང་ དུ་སྐྱེས་ནས། དེ་བཞིན་གཤེགས་པའི་མིང་དང་མཐུན་པའི་དགེ་སློང་ཞིག་ཏུ་འགྱུར་རོ། །དེའི་ ཚེ་དེའི་དུས་ན། ཆོས་ཀྱི་དུང་འབུད། ཆོས་ཀྱི་དར་འཕྱར། ཆོས་ཀྱི་རྔ་བོ་ཆེ་བརྡུང་བར་འགྱུར་ རོ། །དེའི་ཕྱིར་ལྷ་མོ་འདི་ལ་དུས་རྟག་ཏུ་བསྙེན་བཀུར་ཆེར་གྱིས་ཤིག །དེ་ནས་ལྷ་མོ་གསོལ་ 1-1-49 པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། སྐྱེས་བུ་མིང་ཆེན་ལུང་ བསྟན་པ། བཅོམ་ལྡན་འདས་ཀྱིས་འཆད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་མིང་ཆེན་ལུང་བསྟན་པ་ཉོན་ཅིག །ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་ཤིག །ཁྱོད་ ཀྱིས་མིང་ཆེན་གྱི་ཆོ་འཕྲུལ་དང་ཡོན་ཏན་ཆེན་པོ་མངོན་དུ་ཐོབ་པར་འགྱུར་རོ། །ལྷ་མོ་མིང་ ཆེན་ནི་སངས་རྒྱས་དང་འདྲའོ། །ལྷ་མོ་མིང་ཆེན་ནི་སངས་རྒྱས་ཀྱི་སྐུ་ཕྱེད་དང་འདྲའོ། །ལྷ་ མོས་གསོལ་པ། བཅོམ་ལྡན་འདས་མིང་ཆེན་འདི་ལྟ་བུ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་ བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་མིང་ཆེན་ནི་དེ་བཞིན་གཤེགས་ པ་ཀླུ་རིག་པའི་སྒྲོན་མ་ཞེས་བྱ་བའི་ཉན་ཐོས་ཡིན་ཏེ། ད་ལྟ་ཡང་ངའི་ཉན་ཐོས་ངའི་སྐུ་ཕྱེད་ དང་འདྲའོ། །ང་ལ་བྱས་པ་བཟོ་སྟེ། ད་ལྟ་འོད་སྲུང་འདི་ཉིད་ཡིན་ནོ། །ལྷ་མོ་ཁྱོད་བཞི་དེ་ལྟར་ ཡིན་གྱིས་ཡིད་ཆེས་པར་གྱིས་ཤིག །ཅེས་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུར་སྐྱེས་ པའི་རབས་ཏེ་དྲུག་པའོ།། །། ༈ ཡང་ཆོས་ཀྱི་རྒྱལ་པོའི་ཚུལ་གྱིས་འགྲོ་དོན་མཛད་དེ། འཕགས་པ་རྔ་བོ་ཆེའི་མདོ་ ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་འདས་པའི་དུས་བསྐལ་པ་གྲངས་ མེད་པ་ཡང་ཆེས་གྲངས་མེད་པ་ཡངས་ཤིང་ཆེས་ཡངས་པ་ཞིག་ཏུ་དེའི་ཚེ་དེའི་དུས་ན་འཇིག་ རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་གཅན་དཔལ་(སྐུ་མདོག་སྔོན་པོ་)ཞེས་བྱ་བ་ ཞིག་བྱུང་སྟེ། དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་སེར་སྐྱར་ཆོས་བཤད་པ་དེའི་ཚེ་ ན། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ཆོས་ཀྱི་ རྒྱལ་པོ་ཆོས་དང་ལྡན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་(སྐུ་མདོག་དཀར་པོ་)གྱུར་ཏོ། །དེ་ནས་ རྒྱལ་པོ་དེ་བཞིན་གཤེགས་པའི་དྲུང་དུ་ཕྱིན་ནས། དེ་ནི་འབྱོར་བ་ཆེན་པོ་དང༌། གླུ་གར་གྱིས་ (སྟོང་གི་)བསྐོར་བ་བྱས་ནས། བཙུན་མོ་(བརྒྱ་ཕྲག་)རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ 1-1-50 ལ་མཆོད་དེ་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནམ་ཞིག་ན་བྱང་ཆུབ་ སེམས་དཔར་འགྱུར་ལགས་སམ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་ པོ་ཆེན་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ ལས་གཞན་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དབང་པོ་དང་ཚངས་པ་ནི་འཁོར་ལོས་སྒྱུར་ བའི་རྒྱལ་པོ་ཉིད་ཡོད་པ་མ་ཡིན་པས་དེ་ལས་(ཐ་མ་སོགས་)གཞན་དུ་མི་འགྱུར་རོ། །རྒྱལ་པོ་ ཆེན་པོ་དགེ་བསྙེན་དུ་གྱུར་པ་གང་དང་གང་ཡིན་པ་དེ་དང་དེ་དག་ནི་དབང་པོ་དང་ཚངས་ པར་འགྱུར་རོ། །དབང་པོ་དང་ཚངས་པ་ཉིད་ཀྱང་(སྟོང་དུ་མའི་)རྒྱལ་པོ་མང་དུ་བྱས་ནས་དེའི་ འོག་ཏུ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །རྒྱལ་ པོ་ཆེན་པོ་ཁྱོད་ཀྱང་(སྐྱེ་བ་སྔོན་དུ་ཡང་)དབང་པོ་ཉིད་དང་ཚངས་པ་ཉིད་བསྐལ་པ་གང་གཱའི་ཀླུང་ གི་བྱེ་མ་སྙེད་དང་མཉམ་པར་བྱས་ནས། དེའི་འོག་ཏུ་ཁྱོད་ཀྱིས་(ད་ལྟར་འདིར་)འཁོར་ལོས་ སྒྱུར་བའི་རྒྱལ་པོ་འདི་ཉིད་ཐོབ་པ་ཡིན་ནོ། །དེ་ནས་ཡང་རྒྱལ་པོ་དེས་བཅོམ་ལྡན་འདས་ལ་ ཞུས་པ། བཅོམ་ལྡན་འདས་དབང་པོ་ཉིད་དང་ཚངས་པ་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཉོན་ཅིག །དབང་པོ་དང་ཚངས་པ་ལ་སོགས་ པ་ཇི་སྙེད་ཡོད་པ་ཁྱོད་དང་འདྲ་བར་ཅོད་པན་ཐོགས་པ་དེ་དག་ཐམས་ཅད་ཀྱང་ཁྱོད་ཀྱི་དྲུང་ དུ་ཅིས་ཀྱང་མཛེས་པ་མ་ཡིན་ཏེ། རྒྱལ་པོ་ཆེན་པོ་དཔེར་ན་སངས་རྒྱས་ཀྱི་སྐུའི་མདུན་དུ་ནི་ ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷམ་མེར་མ་ཡིན་ ཏེ། ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ། རྒྱལ་པོ་ཆེན་པོ་ཁྱོད་དང་ སངས་རྒྱས་ཀྱི་སྐུའི་ཁ་དོག་དང་འདྲ་བར་ཁུང་དུ་ཆུད་པར་གྱིས་ཤིག །དེ་ནས་གླིང་བཞིའི་ དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས། ཡང་བཅོམ་ལྡན་འདས་དེ་ལ་ཞུས་པ། བཅོམ་ ལྡན་འདས་ཅི་ལགས། བདག་འཇིག་རྟེན་དུ་སངས་རྒྱས་སུ་འགྱུར་བ་ལགས་སམ། དེའི་ཚེ་ 1-1-51 སངས་རྒྱས་བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་དུས་རིང་མོ་ཞིག་ ནས་སངས་རྒྱས་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་གལ་ཏེ་ཁྱོད་རང་གི་ བསོད་ནམས་སྤངས་ཤིང་གཅིག་ཏུ་བོར་ནས་བརྩམས་ཏེ། ཕལ་པའི་འདུ་ཤེས་སུ་བྱས་ནས་ དེའི་ཚེ་སྐྲའི་རྩེ་མོས་རྒྱ་མཚོ་ཆེན་པོ་འདི་བཅུས་ཏེ། བ་ལང་གི་རྨིག་རྗེས་ཙམ་དུ་བྱེད་ན་དེའི་ ཚེ་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཅེས་བྱ་བ་འབྱུང་བར་ འགྱུར་ཏེ། དེར་རྒྱལ་པོ་སའི་དབང་ཕྱུག་ཅེས་བྱ་བ་ཞིག་འབྱུང་བར་འགྱུར་རོ། །དེའི་ཚེ་བཅོམ་ ལྡན་འདས་མར་མེ་མཛད་དེས་རྒྱལ་པོ་ཆེན་པོ་ཁྱོད་མ་འོངས་པའི་དུས་ན་ཤཱཀྱའི་སྐྱེས་མཆོག་ ཀོའུ་ཏ་མ་ཞེས་བྱ་བར་འགྱུར་རོ། །དེའི་ཚེ་སྲིད་པའི་བསྐལ་པ་འབྱུང་བར་འགྱུར་རོ། །ཁྱོད་ ཀྱིས་དེ་ནས་བཟུང་སྟེ། ལོ་བརྒྱ་ཕྲག་མང་པོ་དང༌། བར་གྱི་བསྐལ་པ་སྟོང་ཕྲག་མང་པོ་འདས་ ནས། སངས་རྒྱས་རྣམས་འབྱུང་བར་འགྱུར་ཏེ། སངས་རྒྱས་དེ་དག་མཉེས་པར་མཆོད་པར་ བྱེད་དེ། སངས་རྒྱས་དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བརྒྱ་ལམ་རེས་འགའ་ ནས། མཁན་པོ་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །སངས་རྒྱས་དེའི་སྲས་ཀྱི་ཐུ་ བོར་གྱུར་པ་གཞོན་ནུ་ལི་ཙ་བཱི་མཐོང་ན་དགའ་བ་ཞེས་ཞེས་བྱ་བར་འགྱུར་ཏེ། དེ་ནས་འཇིག་ རྟེན་ཁམས་དེར་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ནུབ་པའི་དུས་ཀྱི་ཚེ། ལོ་ བརྒྱད་ཅུ་ལོན་པ་ན། དགེ་སློང་བློ་འཆང་ཞེས་བྱ་བར་འགྱུར་ནས། རང་གི་སྲོག་ལའང་མི་ལྟ་ བར་གྱུར་ཏེ། (རྔ་བོ་ཆེའི་)མདོ་འདི་བྱིན་པར་འགྱུར་རོ། །དེ་ནས་ལོ་བརྒྱ་ལོན་པའི་འོག་ཏུ་ཤི་ ནས། འཇིག་རྟེན་གྱི་ཁམས་(བཏང་སྟེ་རེ་ཞིག་)བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེའི་ཚེ་རྒྱལ་པོ་ ཁྱོད་ཀྱིས་རྫུ་འཕྲུལ་ཆེན་པོ་དུ་མ་འབྱིན་པར་འགྱུར་ཞིང་ས་བརྒྱད་པ་(ཐེག་པ་ཆེན་པོ་)ལ་གནས་ ཏེ། ལུས་གཅིག་ནི་བདེ་བ་ཅན་དུ་འདུག་གོ །ལུས་གཅིག་ནི་སྤྲུལ་ཏེ་དགའ་ལྡན་དུ་བཞག་ ནས་མགོན་པོ་མི་ཕམ་པ་ལ་མདོ་འདི་འདྲི་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་སའི་ 1-1-52 དབང་ཕྱུག་དེ་རང་གི་བུ་ལུང་བསྟན་ཐོབ་ནས། རང་གི་བུ་སངས་རྒྱས་སུ་ལུང་བསྟན་ཏོ་སྙམ་ ནས་དབང་པོ་ཐམས་ཅད་ཚིམས་པར་མཛད་དེ། དེ་ནས་རྒྱལ་པོ་ཡང་ལྷག་པར་ཆོས་འབའ་ ཞིག་བྱེད་དོ། །འཆི་འཕོས་ནས་ཀྱང་ངོ་མཚར་བའི་ལྟས་དང་བཅས་ལྷག་མེད་དུ་གཤེགས་སོ། ། གླིང་བཞིའི་རྒྱལ་པོར་སྐྱེས་པའི་རབས་ཏེ་བདུན་པའོ།། །། ༈ ཡང་རེ་ཞིག་ལི་ཙ་བཱིར་སྐྱེས་ནས་སེམས་ཅན་ལ་ཕན་པར་མཛད་དེ། དེ་ཡང་ཇི་ལྟ་བུ་ ཞེ་ན། རྒྱ་གར་གྱི་རྒྱལ་པོའི་དང་པོ་ནི་མང་པོས་བཀུར་བ་ཞེས་བྱ་བ་ཞིག་བྱུང་ངོ༌། །དེས་མི་ ཐམས་ཅད་ལ་ཟས་གོས་སྣ་ཚོགས་མཐོང་ཚད་རྣམས་ལ་བྱིན་ནས། མི་ཐམས་ཅད་དེ་ལ་གུས་ ནས་བཀུར་སྟི་བྱེད་པས། མང་པོས་བཀུར་བའི་རྒྱལ་པོ་ཞེས་བཏགས་སོ། །རྒྱལ་པོ་ཟེར་བ་ནི་ དེར་སྲིད་དོ། །དེའི་གདུང་རྒྱུད་(འོད་མཛེས་དང་དགེ་བ་དང་དགེ་མཆོག་དང་གསོ་སྦྱོང་འཕགས་ཏེ་)མིའི་རྒྱལ་ པོ་ལྔ་སྟེ། དེའི་གདུང་རྒྱུད་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་(ལམ་པ་དང་མཛེས་པ་དང་ཉེར་མཛེས་དང་ མཛེས་ཅན་དང་མཛེས་ལྡན་ཏེ་)ལྔ། དེའི་གདུང་རྒྱུད་ནི་(མིང་བཏང་བཟང་ལ་སོགས་)ལྷའི་རྒྱལ་པོ་བརྒྱད་ཁྲི་ བཞི་སྟོང་བྱུང་ངོ༌། །དེའི་གདུང་རྒྱུད་(འཇིགས་བྱེད་ཤིང་རྟ་ཅན་ལ་ཐོག་)གང་གཱའི་རྒྱལ་པོ་སྟོང་འདས། དེའི་གདུང་རྒྱུད་དུ་(ལྷུན་པོ་འཕགས་ལ་སོགས་)ཨརྨ་ཀའི་རྒྱལ་པོ་བདུན་སྟོང་འདས། དེའི་རིགས་ རྒྱུད་(དངུལ་བཟང་ལ་སོགས་)སྒྲ་སྙན་རྒྱལ་པོ་བརྒྱད་སྟོང་འདས། དེའི་རིགས་ལ་(ལེགས་མཐོང་ལ་ཐོག་) ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་འདས། དེ་ནས་(གསེར་མདོག་ཅན་ལ་སོགས་)ཀླུ་དབྱངས་ཀྱི་རྒྱལ་ པོ་ཁྲི་ཕྲག་བྱུང༌། (རྒྱལ་བྱེད་ལ་སོགས་)མ་ག་དྷཱའི་རྒྱལ་པོ་དྲུག་ཁྲི་འདས། (རབ་སྒྲ་ལ་སོགས་)ཏ་མ་ལི་ བ་ཏའི་རྒྱལ་པོ་ཁྲི་ལྔ་སྟོང་འདས་པའི་གདུང་རྒྱུད་དུ། (ཀེའུ་མའི་བུ་)ཆོས་ཀྱི་རྒྱལ་པོ་བུ་རམ་ཤིང་ པ་སྟོང་དང་བརྒྱ་ཕྲག་བྱུང༌། དེ་ནས་རྒྱལ་པོ་(བུ་རམ་ཤིང་བ་)འཕགས་སྐྱེས་པོ། དེའི་གདུང་རྒྱུད་ དུ་བུ་གསུམ་སྟེ། ཆེ་བ་ཤཱཀྱ་ཆེན་པོ། འབྲིང་པོ་ཤཱཀྱ་ལི་ཙ་བཱི། ཆུང་དུ་ཤཱཀྱ་རི་བྲག་པའོ། །ཤཱཀྱ་ ཆེ་བ་ལ་གནས་འཇོག་གོ །དེའི་བུ་གཞུ་བརྟན། དེའི་བུ་བ་ལང་གནས། དེའི་བུ་སེང་གེ་སྒྲ། 1-1-53 དེའི་བུ་སེང་གེ་འགྲམ། དེའི་བུ་ནི་བཞི་སྟེ། ཟས་གཙང༌། ཟས་དཀར། བྲེ་བོ་ཟས། བདུད་རྩི་ ཟས་སོ། །ཟས་གཙང་གི་སྲས་གཉིས་སོ། །བཅོམ་ལྡན་འདས་དང༌། མཛེས་དགའོ། །ཟས་ དཀར་ལ་སྲས་གཉིས་ཏེ། རྒྱལ་བ་དང་བཟང་ལྡན། བྲེ་བོ་ཟས་ལ་སྲས་གཉིས་ཏེ། མིང་ཆེན་ དང་མ་འགགས་པའོ། །བདུད་རྩི་ཟས་ཀྱི་སྲས་གཉིས་ཏེ། ཀུན་དགའ་བོ་དང་ལྷས་སྦྱིན་ནོ། ། སངས་རྒྱས་ལ་སྲས། སྒྲ་གཅན་འཛིན་ནོ། །དེ་རྣམས་ཀྱི་ཕ་ཁྱིམ་ལྔ་ཁྲི་ལྔ་སྟོང་གྲོང་ཁྱེར་སེར་ སྐྱར་བྱུང་ངོ༌། །ལི་ཙ་བཱིའི་རྒྱུད་ནི། རྒྱལ་པོའི་ཁབ་དང༌། ཡངས་པ་ཅན་ནོ། །རི་བྲག་པའི་བུ། འཕགས་རྒྱལ། དེའི་བུ་རྒྱུད་མཐའ་ཡས། དེའི་བུ་གཏུམ་པོ་རབ་སྣང༌། དེའི་བུ་སྐྱ་བསེང་དང་ དམག་རྒྱལ་གཉིས་སོ། །སྐྱ་བསེང་ལ་བུ་ལྔ་སྟེ། ལི་ཙ་བཱིའི་བུ། རྡོ་རྗེ་རོལ་པ། དེའི་བུ་མེ་ཏོག་ དཔལ། དེའི་བུ་དཔའ་བོ་རྡོ་རྗེ། དེའི་བུ་འོད་ཟེར་མཐའ་ཡས། དེའི་བུ་རྒྱལ་བུའི་ཟླ་བ། དེའི་ བུ་འཇམ་དཔལ་སྙིང་པོ། དེའི་སྲས་ནི། ལི་ཙ་བཱི་གཞོན་ནུ་མཐོང་ན་དགའ་བ་དང༌། དཔའ་བོ་ རོལ་པ་དང༌། མཛེས་པའི་མཐའ་ཡས་སོ། །(དེ་དག་ཐམས་ཅད་ནི་ཤཱཀྱའི་རིགས་རྒྱུད་དོ། །)དེ་ལ་ཡངས་ པ་ཅན་དུ་རྒྱལ་པོ་འཇམ་དཔལ་སྙིང་པོའི་ཕོ་བྲང་མེ་ཏོག་མཛེས་ལྡན་ཞེས་བྱ་བ་རིན་པོ་ཆེ་ ཨན་ད་རྙིལ་དང༌། ཀེ་ཀེ་རུ་དང༌། མུ་ཏིག་དམར་པོ་ལས་བྱས་པའི་ཁྱམས་རིམ་པ་དགུ་ཡང་ ཐོག་དྲུག་དང་ལྡན་པ། མན་ཤེལ་དང༌། བྱུ་རུའི་ཀ་བ་བརྒྱད་བརྒྱད་དོ། །སྤྲིན་ཁང་ནི་གསེར། ཡང་ཐོག་ནི་དངུལ་ལོ། །ཟངས་དང་གཡུའི་བྱ་འདབ་རྒྱས་པ། ཤིང་ཏ་ལའི་ལྗོན་པའི་ཕྲེང་བ་ བདུན་བདུན་གྱིས་བསྐོར་བ། གླང་པོ་ཆེ་བདུན་ཁྲི་ཉིས་སྟོང་ལོངས་སྤྱོད་ཐམས་ཅད་དང་ལྡན་ པ། རྒྱལ་པོའི་བཙུན་མོ་སོ་གཉིས། བློན་པོ་ཁྲི་ཕྲག་གཅིག་དང༌། བདེ་བ་ལ་གནས་པའི་རྒྱལ་ པོ་འཇམ་དཔལ་སྙིང་པོ་དང༌། (རྒྱལ་པོ་དུང་འོད་ཅན་གྱི་བུ་མོ་)བཙུན་མོ་ཐམས་ཅད་ཀྱི་མཆོག་ཏུ་ གྱུར་པ་ལྷ་མོ་པད་མའི་བློ་གྲོས་ཞེས་བྱ་བའི་སྲས་སུ་(ས་ཕོ་འབྲུག་ལོར་ངོ་མཚར་བའི་ལྟས་དང་བཅས་པར་) སྐུ་འཁྲུངས་ཤིང༌། ཁྱེའུ་དཀར་ལ་ཤིན་ཏུ་མཛེས་པ་བལྟ་ན་སྟུག་པ། ལག་མཐིལ་གཉིས་སུ་ 1-1-54 པད་མ་དཀར་པོ་འདབ་མ་བརྒྱད་པས་མཚན་པ། དར་དཀར་པོའི་ཨ་གྷ་ར་ཅན་དྲི་བཟང་སྣ་ ཚོགས་ཀྱིས་བསུང་དང་བཅས་པར་བལྟམས་སོ། །བལྟམས་མ་ཐག་ཏུ་ཐལ་མོ་སྦྱར་ནས། (ཡབ་ཡུམ་ལ་)འདི་སྐད་ཅེས་གསོལ་ཏོ། །པད་མའི་བློ་གྲོས་ཁྱོད་ངལ་ལམ། ཆད་དམ། འོ་ བརྒྱལ་ལམ། དེ་དག་བཟོད་པར་གསོལ་ལོ། །འཇིག་རྟེན་གྱི་ཁམས་འདི་ན། སངས་རྒྱས་ ཤཱཀྱ་ཐུབ་པ་དེ་ད་དུང་བཞུགས་སམ། ཡོངས་སུ་མྱ་ངན་ལས་འདས་སམ། སེམས་ཅན་ཐམས་ ཅད་ལ་ཕན་པའི་ཕྱིར་མས་འཆད་དུ་གསོལ། མ་ན་རེ། བུ་ལེགས་སོ། བདག་ལ་ངལ་དུབ་ ཅུང་ཟད་ཀྱང་མ་མཆིས་ཏེ། ལུས་སེམས་ཤིན་ཏུ་བདེའོ། །འཇིག་རྟེན་འདིར་ལྷ་མིའི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ནི་ད་དུང་དགུང་ལོ་ལྔ་བཅུ་ལས་མ་རྫོགས་ཏེ། ཆོས་ཀྱི་འཁོར་ ལོ་བསྐོར་བ་ལགས། བུ་ན་རེ། བདག་ནི་ཟླ་བ་གསུམ་རྫོགས་པའི་རྗེས་སུ་སངས་རྒྱས་ལ་ མཇལ་བར་བྱའོ། །སངས་རྒྱས་ཀྱི་རྩར་རབ་ཏུ་བྱུང་བར་བགྱིའོ། །(སངས་རྒྱས་ཕལ་བོ་ཆེ་ལས། དེ་ དག་ཁྱིམ་གྱི་བཅུ་ན་ར་སྲིད་གནས་པ། །འགྲོ་བ་ཐམས་ཅད་ཡོངས་སུ་གྲོལ་བའི་རྒྱུར། །འདོད་པ་དགའ་བ་ཀུན་ལ་མི་གནས་པར། ། མངོན་པར་བྱུང་བ་ཐར་བ་རབ་ཏུ་བརྗོད། )ཚེའི་འབྲས་བུ་ཡོངས་སུ་སྨིན་པར་བྱའོ། །འཇིག་རྟེན་འདིའི་ ལས་ཐམས་ཅད་ནི་བཏང་བར་བགྱིའོ། །ཞེས་དམ་བཅའ་བརྟན་པོར་མཛད་དོ། །དེ་ནས་ རྒྱལ་པོའི་ཁང་པ་འོད་ཀྱིས་ཁྱབ་ཅིང༌། མེ་ཏོག་གི་ཆར་དང་རོལ་མོ་སྣ་ཚོགས་གྲགས་སོ། ། རྒྱལ་འབངས་ཐམས་ཅད་ཀྱིས་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། །ཁྱིམ་མཚེས་ཐམས་ཅད་ཀྱང་ རྒྱལ་བུ་ནམ་མཐོང་སྙམ་པའི་ཡིད་ལ་ཤར་རོ། །རྒྱལ་བུ་མཐོང་མི་ཐམས་ཅད་ཀྱང་ཡིད་ཤིན་ ཏུ་དགའ་ནས། གཞོན་ནུ་མཐོང་བ་དགའ་བ་ཞེས་བཏགས་སོ། །ཟླ་བ་གསུམ་ལོན་པའི་ཚེ་ན་ གཞོན་ནུ་ལོ་བརྒྱད་ལོན་པ་ཙམ་རེད་དོ། །དེ་ནས་སྤྲིན་ཆེན་མདོར། དེ་བཞིན་གཤེགས་པ་ཀླུ་ རིག་པའི་སྒྲོན་མའི་མདུན་དུ། བདག་མ་འོངས་པའི་དུས་ན་ཤཱཀྱ་ཐུབ་པ་ལ་རྒྱལ་སྲིད་སྤངས་ ནས་རབ་ཏུ་བྱུང་བར་གྱུར་ཅིག །ཅེས་སྨོན་ལམ་གྱི་སྟོབས་ལས། ཡབ་ཡུམ་གཉིས་ཀྱི་དྲུང་དུ་ 1-1-55 ཐལ་མོ་སྦྱར་ནས་གསོལ་པ། ཀྱེ་མ་ཐབས་དང་མཐུ་རྩལ་ལྡན་གྱུར་ཀྱང༌། །སྐྱེ་རྒ་འཆི་ལས་སུ་ ཡང་ཐར་མེད་པས། །དེ་བས་སངས་རྒྱས་དྲུང་ན་བདག་ནི་ཉེ་བར་འགྲོ། །རབ་བྱུང་ལམ་ ཞུགས་གནང་བ་བསྩལ་དུ་གསོལ། །དེ་ནས་རྒྱལ་པོ་དེ་གླང་པོ་ཆེ་མདའ་དུག་ཅན་ཕོག་པ་ ལྟར་ཡིད་མི་བདེ་ནས་ཡབ་ན་རེ། བུ་སྡུག་ཅི་ཕྱིར་འདི་ལྟར་གློ་བུར་དུ། །བདག་ཅག་འདོར་ བའི་བློ་ནི་སྐྱེ་བར་འགྱུར། །བདག་ཉིད་ཕུངས་བྱེད་སུ་ཞིག་དམ་པ་ཡིས། །ཁྱོད་ལ་དེ་འདྲའི་ བློ་ནི་ཕྱུང་བ་ལགས། །དེ་ནས་གཞོན་ནུས་སྤྱན་ཆབ་བབ་ནས་གསོལ་པ། རྒྱལ་པོ་ཡབ་ཡུམ་ (བསམ་པ་རྩེ་གཅིག་ཏུ་)བདག་ལ་དགོངས་སུ་གསོལ། །མི་རྟ་གླང་ཆེན་མང་པོའི་(གཡུལ་ཆེན་པོ་བཞིའི་) དམག་ཚོགས་རྣམས། །(ཕ་རོལ་གྱི་)དགྲ་དཔུང་(བྱེ་བ་ས་ཡ་)ཐམས་ཅད་ཐག་ཐོགས་མེད་པར་ ཐུལ། །(བར་ནུས་ཀྱང་)འཆི་བདག་(བདུད་དེ་བདག་)གཅིག་པུར་འདུག་ན་(ཡ་བ་བྱེད་པས་)ཡོངས་མི་ ཐུབ། །(དཔེར་ན་)གླང་ཆེན་(འབྲས་ཆང་གིས་)སྨྱོན་པའི་མཆུ་སྡེར་རྣོན་པོ་ཡིས། །(ཕ་རོལ་གྱི་)མཁར་ གྱི་རྟ་བབ་(རྣམས་དང་)དམག་མི་ཐམས་ཅད་ཀུན། །(ལན་གཅིག་ཏུ་)བཏབ་པ་ཙམ་གྱིས་དགྲ་ དཔུང་མ་ལུས་བཅོམ(པར་ནུས་སོ། །)། །གཤིན་རྗེ་གཅིག་པུ་འོང་ན་(གླང་ཆེན་དེ་ཉིད་ས་ལ་)རྣམ་པར་ འགྱེལ། །(དཔེར་ན་)སེང་གེའི་སེན་མོ་ལྕགས་ཀྱུ་(ལྟ་བུ་ཤིན་ཏུ་)འབར་བ་ཡིས། །གླང་ཆེན་སྤྱི་ བོར་(ཐང་ཅིག་)བརྡབས་པས་(རུས་པ་ཀླད་པ་དང་བཅས་པ་)འདྲལ་བར་བྱེད། །སྒྲ་སྐད་(ངག་ཏུ་) གྲགས་པས་(རི་དྭགས་)གཞན་སེམས་སྐྲག་བྱེད་ཀྱང༌། །གཤིན་རྗེ་(གཅིག་པུ་)འོངས་ན་(སེང་གེའི་) མཐུ་རྩལ་ཉམས་ནས་ཉལ། །(དཔེར་ན་)སྦྲུལ་ཆེན་ཁྲོས་པས་མཆེ་བའི་དུག་གིས་ནི། །(ཕལ་ བའི་)སྲོག་ཆགས་(དུ་མ་)གསོད་ཅིང་མི་རྣམས་(ཀྱི་ལུས་)མངོན་དུ་འབིགས། །ཞེ་སྡང་ལས་ལ་ མཁས་ཀྱང་འཆི་བདག་(གཅིག་པུ་)རྣམས། །འོངས་ནས་(དུག་)ལྕེ་འཁུམ་(ཞིང་ཁ་)སོ་གཙིག་ (ནས་ལུས་ཀྱང་)འགུལ་མི་ཤེས། །(དཔེར་ན་)འདབ་བཟང་ཁྱུང་གཤོག་(རྒྱས་པ་ནམ་མཁར་)བརྐྱངས་ ནས་རྒྱ་མཚོ(འི་གཏིང་ལས་ལ་)ལ། །ཀླུ་ཕྲུག་(དུ་མ་དང་)ཉ་(བོ་ཆེ་)མང་(བོ་ཐལ་བརྡུང་དུ་)གཏོར་ནས་ 1-1-56 གདེངས་ཀ་འཛིན། །(སྒྲ་སྐད་ཀྱི་)མཐུ་རྩལ་དྲག་པོས་(སྒྲ་སྐད་ཆེ་བའི་)འབྲུག་ཀྱང་ལྷག་པར་ གཞོམ། །(པར་ནུས་ཀྱི་)འཆི་བདག་(བདུད་སྡེ་)གཏུམ་པོ་འོངས་ན་གཞོམ་མི་ནུས། །(ཡང་དཔེར་ན་) སྟག་མོས་ནགས་ཚལ་(གྱི་གསེབ་ཏུ་)རི་དྭགས་འབྲོས་པ་རྣམས། །(རྗེས་སུ་)བསྙེགས་ནས་སྡེར་ མོ་རྡོ་རྗེ་འབར་བ་ཡིས། །(ལུས་ལ་)ཐང་ཅིག་བཏབ་པ་ཙམ་གྱིས་(དེའི་)ཤ་ཁྲག་གཏོར། །འཆི་ བདག་(ནག་པོ་)འོངས་ན་རྡུལ་མེད་མགོ་བོ་ཕབ། །(ནས་ཉལ་བར་བྱེད་འདུ་ཚོགས་)མང་པོའི་གསེབ་ ནས་སྒྱུ་མ་མཁན་པོ་ཡང་(རྫས་སྔགས་ཀྱི་མཐུས)། །མི་རྣམས་ཀྱིས་ནི་མིག་ཀྱང་བསླུ་བར་ནུས། ། གཤིན་རྗེ་རྣམས་ལ་སྒྱུ་མའི་རྫས་སྔགས་ཀྱིས། །(ཡང་ཡང་འབད་ཀྱང་འཆི་བདག་)དེ་དག་ཐམས་ ཅད་མིག་བསླུ་ག་ལ་ནུས། །དེ་ཕྱིར་ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །ཤིན་ཏུ་(སྐལ་པ་ཕྱི་མར་) རྙེད་དཀའ་(འཆི་བདག་བདུད་ལས་སྐྱོབ་ཕྱིར་)སྐྱབས་མཆོག་སངས་རྒྱས་ལ། །བདག་ནི་(སྐྱེ་བོ་)ཚེ་ཡི་ འབྲས་བུ་ཐོབ་ཕྱིར་འགྲོའ་ོརྗེ། །བྱང་ཆུབ་ཐོབ་པའི་གེགས་མེད་(རབ་བྱུང་)བདག་ལ་སྩོལ། ། ཞེས་དང༌། རྒྱལ་འབངས་ཐམས་ཅད་བཅོམ་ལྡན་འདས་ཀྱི་ག་ལ་བ་དེར་ཕྱིན་ནས། མཆོད་ པས་མཆོད་དེ། གཞོན་ནུ་མཐོང་ན་དགའ་བ་རབ་ཏུ་བྱུང་ངོ༌། །དེ་ཡང་འཕགས་པ་མྱང་འདས་ ཆེན་པོའི་མདོར། སེམས་ཅན་ཐམས་ཅད་ཀྱི་དགྲ་བཅོམ་པ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཉེ་བའི་རྒྱུར་གྱུར་པ་ནི། དགེ་བའི་བཤེས་གཉེན་ལས་འདའ་བ་ མེད་དོ། །ཞེས་སོགས་ཕན་ཡོན་མང་པོ་གསུངས་སོ། །བཅོམ་ལྡན་འདས་ཀྱི་ནང་འཁོར་ཉན་ ཐོས་ཀྱི་ཚོགས་ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་ གྱུར་ཏོ། །སངས་རྒྱས་དང་རྟག་ཏུ་འགྲོགས་པ་ནི་ལོ་སུམ་ཅུའོ། །དེ་ནས་དེ་བཞིན་གཤེགས་པ་ ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡུལ་ཝཱ་རཱ་ན་སཱིའི་མཐའ་ལོགས་བྲག་ཕུག་བུདྷ་ཧ་ རིའི་གནས་སུ་རྩེ་གཅིག་ཏུ་བསམ་གཏན་སྒྲུབ་པའི་ཕྱིར་བྱོན་ནས། འཕགས་པ་མ་འགགས་ པ་དང་ཕྲད་ནས་ན་རེ། མཐོང་ན་དགའ་བ་གར་བྱོན་བྱས་པས། གཞོན་ནུས་སྨྲས་པ། བསྟན་ 1-1-57 པའི་ཉི་མ་ནུབ་རིའི་རྩེ་ལ་ཉེ། །གྲིབ་མ་ལྟ་བུའི་ཆོས་མིན་མང་དུ་དར། །ཚེ་འདི་མི་རྟག་ཅིས་ ཀྱང་འཇིག་པར་ངེས། །དེ་ཕྱིར་ཁོ་བོ་དབེན་པར་སྒོམ་དུ་འགྲོ། །ཞེས་དང༌། མ་འགགས་པ་ན་ རེ། མཐོང་ན་དགའ་བའི་གཞོན་ནུ་ལི་ཙ་བཱི། །རྒྱལ་བའི་བཀའ་དྲིན་རྗེས་སུ་ལོན་པའི་ཕྱིར། ། ལུང་གི་ཆོས་འཁོར་རྟག་ཏུ་མི་སྤྱོད་དམ། །བསྟན་ལ་ཕན་ཕྱིར་ཁྱོད་ནི་ཆོས་བསྟན་ཞུ། །ཞེས་ དང༌། གཞོན་ནུ་ན་རེ། རྟོགས་ཆེན་རྒྱས་པའི་མདོ་ལས་ཀྱང༌། །ང་ནི་འདས་ནས་གཤེགས་ཕྱི་ ནས། །མི་ཡི་ནང་ན་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོ་བ་ཡིན། །དེ་ཕྱིར་ བདག་ནི་དབེན་པར་འགྲོ། །ཞེས་གསུངས་ནས། བུདྷ་ཧ་རིའི་གནས་སུ་ཕྱིན་ནས། ལོ་བདུན་ དུ་བསམ་གཏན་ལ་འཇོག་ཅིང་བསྒྲུབ་པ་རྩེ་གཅིག་ཏུ་བྱས་ནས། དགྲ་བཅོམ་པའི་གོ་འཕང་ ལ་འགོད་དེ་ཏིང་ངེ་འཛིན་ལས་བཞེངས་ནས། ཡེ་ཤེས་ཀྱི་སྤྱན་ཕྱེ་ནས་ཕྱོགས་ཀུན་ཏུ་ཉེ་བར་ གཟིགས་ནས། ཡུལ་མ་ག་དྷའི་གྲོང་ཁྱེར་དུ་རྒྱལ་པོ་ཤ་ད་ཀ་རའི་བུ་མོ་པད་མའི་ཟླ་མཛེས་ ཞེས་བྱ་བ་ཞིག་ཡོད་དེ། ཆགས་པས་གཟིར་ནས་(བྱ་བ་གཞན་)ཐམས་ཅད་ཡིན་ལ་མི་སེམས་ སོ། །དེ་ཚོགས་རྫོགས་པའི་ཕྱིར་དུ་(ཡུལ་མ་ག་དྷར་)གཤེགས་ནས། བུ་མོ་གཟུགས་ཤིན་ཏུ་ མཛེས་པ་རྒྱན་ཆ་ལུགས་དང་ལྡན་པ་ཆུ་ལེན་པའི་ལམ་ཀར་ཕྲད་ནས། བུ་མོས་གཞོན་ནུ་ མཐོང་མ་ཐག་ཏུ་ཆགས་ནས་རྩེ་གཅིག་ཏུ་བལྟ་བར་བྱེད་དོ། །མི་བཟོད་པའི་ཆགས་པ་སྐྱེས་ ནས་(རང་གི་ལག་པའི་)གདུ་བུ་སིལ་ལི་ལི་བྱས་སོ། །དེ་ནས་(སྙན་པའི་དབྱངས་ཀྱི་)གཞོན་ནུ་ན་རེ། རབ་མཛེས་ཡིད་འོང་པད་མའི་ཟླ་མཛེས་མ། །གསོང་པོར་སྨྲ་བའི་མཁས་པ་རྒྱན་བཟང་ལྡན། ། ཁ་སྐོམ་གདུང་བའི་སྡུག་བསྔལ་སེལ་བའི་ཕྱིར། །དྲི་མེད་ཆུ་དེ་ཕོར་གང་བདག་ལ་སྩོལ། ། ཞེས་དང༌། བུ་མོ་ན་རེ། དལ་འབྱོར་ལུས་ལ་ངུར་སྨྲིག་རྒྱན་གྱིས་སྤྲས། །ཞི་དུལ་ལྡན་པའི་ གཞོན་ནུ་ཁྱོད་ཉིད་ལགས། །བདག་གི་ཁང་བཟང་ནང་དུ་བྱོན་པར་ཞུ། །ཞབས་ཏོག་ཅི་ 1-1-58 དགོས་བསོད་ནམས་ཐོབ་ཕྱིར་འབུལ། །ཞེས་དང༌། གདན་དྲངས་ནས་བསྙེན་བཀུར་ཕུན་ སུམ་ཚོགས་པ་བྱས་ནས། གཞོན་ནུ་ན་རེ། ཟས་གཙང་འདྲ་བའི་ཡབ་རྒན་གང་ན་བཞུགས། ། རྣམ་སྲས་འདྲ་བའི་མིང་པོ་གང་དུ་ཐལ། །སྒྱུ་འཕྲུལ་འདྲ་བའི་མ་ནི་གང་དུ་སོང༌། །ཉེ་བཞི་རྩ་ ལག་ནོར་སོགས་ཇི་ཞིག་མཆིས། །ཞེས་དང༌། བུ་མོ་ན་རེ། བདག་གི་ཡབ་རྒན་ག་ཤེད་གཙོས་ ལ་བྱོན། །མིང་པོ་དེ་ཡང་གཞན་ཞིག་མགྲོན་དུ་བོས། །མ་རྒན་འཁོར་བཅས་དེས་ཀྱང་འབྲོག་ ཁར་ཐལ། །དོ་ཞག་ང་རང་གཅིག་པུ་སྐྱིད་པར་གདའ། །དེ་རིང་དུས་འདིར་གཞོན་ནུ་ཁྱེད་ དང་མཇལ། །ད་ལྟའི་དུས་འདིར་མཐོང་ན་ཡིད་རེ་དགའ། །ཁྱེད་ཀྱི་ཐུགས་ལ་བྲེལ་བ་མ་ མཆིས་སམ། །ཞག་འགའ་འདི་རུ་བཞུགས་པའི་ཞུ་བ་གསོལ། །ཞེས་དང༌། གཞོན་ནུ་ན་རེ། ནུ་འབུར་རྐེད་ཕྲ་རིན་ཆེན་སིལ་ཁྲོལ་བརྒྱན། །རབ་མཛེས་ཡིད་འོང་པད་མའི་བཞིན་རས་ རྒྱས། །དགའ་མས་བསྙེན་བཀུར་བདག་ལ་ཡང་དག་བྱས། །དགེ་སྦྱོང་གྲོང་ལ་འཁྱམས་ན་ ཆོས་དང་འགལ། །ཞེས་དང༌། བུ་མོ་ན་རེ། རང་རེ་གཅིག་པུ་ཁོ་ན་མ་ལགས་ཏེ། །ཁྱིམ་ཐབ་ བྱ་བ་མི་སྡེ་ཀུན་གྱིས་བྱེད། །ཁྱིམ་མཚེས་རྣམས་ལ་ཤིན་ཏུ་གསང་བར་བྱ། །གཞོན་ནུ་རབ་ མཛེས་ཁོ་མོ་གཟུང་དུ་གསོལ། །ཞེས་དང༌། གཞོན་ནུ་ན་རེ། གྲོང་མི་དག་ལ་རང་གཉིས་ གསང་བྱས་ཀྱང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམ་པ་ཀུན། །མཁའ་ལ་ཐོགས་མེད་ ཉི་ཤར་གཟིགས་པར་ལྡན། །དེ་དག་སྤྱན་སྔར་ཚུལ་འཆལ་ག་ལ་རུང༌། །ཞེས་དང༌། བུ་མོ་ན་ རེ། མཐོང་བ་དགའ་བའི་གཞོན་ནུ་ལི་ཙ་བཱི། །ཁོ་མོས་བལྟས་ཀྱང་སུ་ཡང་མི་འདུག་ན། ། བདག་ནི་ཉོན་མོངས་ནད་ཀྱིས་རབ་ཏུ་གཟིར། །འཕགས་པ་ཁྱོད་ཀྱིས་བདག་ཅག་བསྐྱབ་ཏུ་ གསོལ། །ཞེས་དང༌། གཞོན་ནུ་ན་རེ། མཁན་སློབ་དེད་དཔོན་དམ་པ་ལ་བརྟེན་ནས། །སྡོམ་ གསུམ་ཡིད་བཞིན་ནོར་བུ་བདག་གིས་བླངས། །བྱང་ཆུབ་བར་དུ་བསྲུང་བར་ཁས་བླངས་ བྱས། །ད་ལྟ་འདི་རུ་ཉམས་པ་ག་ལ་དབང༌། །ཞེས་དང༌། བུ་མོ་ན་རེ། ཟག་མེད་ཆགས་བྲལ་ 1-1-59 གཞོན་ནུ་མཛེས་པ་ཁྱོད། །ཁང་བཟང་ཞིག་ནས་ཕྱི་རུ་གསོ་བ་ལྟར། །བསླབ་གསུམ་འཆལ་ ཀྱང་མཐའ་ནས་གསོ་བར་ཞུ། །དགོས་པའི་ཡོ་བྱད་བུ་མོ་ང་ཡིས་ཕུལ། །ཞེས་དང༌། གཞོན་ནུ་ ན་རེ། ཚུལ་བཟང་རབ་མཛེས་བུ་མོ་ཚུར་ཉོན་ཅིག །དྲན་པ་ཉེ་བར་བཞག་པའི་མདོ་ལས་ ཀྱང༌། །རྣམ་པ་ཀུན་ཏུ་ནོར་རྣམས་འཇིག་བྱེད་པས། །ངན་སོང་རྩ་བ་བུད་མེད་ཡིན་པར་ གསུངས། །ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས་ཀྱང༌། །ཐོས་པས་བརྒྱགས་ཀྱང་ཚུལ་ཁྲིམས་ མི་བསྲུངས་ན། །ཚུལ་ཁྲིམས་འཆལ་ན་ངན་སོང་སྐྱེ་བར་གསུངས། །དེ་ཕྱིར་རང་ཉིད་དམྱལ་ བར་སྐྱེས་ན་ཡང༌། །བུད་མེད་དག་ལ་སུ་ཞིག་ཆགས་པ་སྤྱོད། །ཅེས་གསུངས་ནས། བྱ་ངང་ པའི་རྒྱལ་པོ་ལྟར་ཤིང་ཏཱ་ལ་བདུན་སྲིད་ཙམ་དུ་བར་སྣང་ལ་འཕགས་ནས་བཞུགས་སོ། །དེ་ ནས་བུ་མོས་འགྱོད་པ་སྐྱེས་ནས་སྨྲས་པ། ཐུབ་པའི་བསྟན་འཛིན་འཕགས་པ་ལི་ཙ་བཱི། ། མགོན་པོ་སྤྱན་རས་གཟིགས་ཀྱི་མདོ་ལས་ཀྱང༌། །སུ་ཞིག་འཕགས་པ་རྣམས་ལ་སྐུར་བཏབ་ པ། །འཇིག་རྟེན་མི་ཡི་ནང་ནས་ཤི་འཕོས་ནས། །ངན་སོང་དག་ལ་མྱུར་དུ་འགྲོ་ཞེས་གསུངས། ། ཕུང་མ་བདག་གིས་དེ་རིང་དེ་འདྲར་བྱས། །ཐུགས་དང་འགལ་བ་བྱས་པ་མཐོལ་ལོ་ བཤགས། །ཕྱི་མར་རྣམ་སྨིན་ཁུར་བར་མ་གྱུར་ཅིག །ཅེས་དང༌། གཞོན་ནུ་ན་རེ། ཉོན་ཅིག་ གཟུགས་བཟང་བུ་མོ་དགེ་ལྡན་མ། །འཇམ་དཔལ་རྣམ་པར་རོལ་བའི་མདོ་ལས་ཀྱང༌། ། གཟུགས་ནི་དབུ་བ་སྦོས་པ་དེ་དང་འདྲ། །ཚོར་བའི་ཕུང་པོ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་ ཕུང་པོ་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཕུང་པོ་ཆུ་ཤིང་བཞིན་དུ་སྟོང༌། །རྣམ་པར་ཤེས་པ་སྒྱུ་མ་ལྟ་ བུར་གསུངས། །དེ་བཞིན་ཕྱི་རོལ་པགས་པས་གཡོགས་མོད་ཀྱང༌། །ནང་རོལ་ཁུ་ཁྲག་ལ་ སོགས་མི་གཙང་ཡིན། །དེ་ལྟར་སེམས་ལ་ཆགས་པ་གཏན་སྤོངས་ཀྱིས། །ཞེས་དང༌། བུ་མོའི་ རྒྱུད་ལ་མི་རྟག་པ་སྐྱེས་ནས། རང་གི་མགུལ་དུ་མུ་ཏིག་གི་ཕྲེང་བ་འདོམ་ཅིག་ཕུལ་ནས་སྨྲས་ པ། འགྲོ་བའི་འདྲེན་མཆོག་འཕགས་པ་ལི་ཙ་བཱི། །རིན་ཆེན་མུ་ཏིག་གཟི་ཕྲེང་འདི་བཞེས་ལ། ། 1-1-60 སྐྱེ་བ་ཀུན་ཏུ་ཉོན་མོངས་ནད་མེད་ཅིང༌། །བསོད་ནམས་དཔག་མེད་ལྡན་པར་སྐྱེ་བར་ཤོག ། ཅེས་དང༌། གཞོན་ནུ་ན་རེ། དད་ལྡན་རིགས་གཟུགས་མཛེས་པའི་བུ་མོ་ཁྱོད། །འཕགས་པ་ ཁང་བུ་བརྩེགས་པའི་མདོ་ལས་ཀྱང༌། །ཟས་ནི་ནལ་ཟེ་གང་བ་ཙམ་ཞིག་དེ། །དགེ་འདུན་ དག་ལ་ཕུལ་བ་བྱས་གྱུར་ནས། །མུ་གེའི་བསྐལ་པ་དག་ལས་ཐར་པར་གསུངས། །གསལ་ རྒྱལ་ཆེན་པོས་ཞུས་པའི་མདོ་ལས་ཀྱང༌། །སུ་ཞིག་རབ་བྱུང་རྣམས་ལ་དད་པའི་ཚེ། །ཁ་ཟས་ བཟང་པོ་དགེ་འདུན་རྣམས་ལ་བྱིན། །དེ་དག་འཁོར་བའི་དགོན་པར་གནས་པའི་ཚེ། །ཁ་ ཟས་རོ་མཆོག་ཕུན་ཚོགས་ཐོབ་པར་གསུངས། །དཀོན་མཆོག་སྤྲིན་ཆེན་རྒྱལ་པོའི་མདོ་ལས་ ཀྱང༌། །ཆོས་གོས་བསོད་སྙོམས་ལྷུང་བཟེད་མལ་ཆ་དང༌། །ཐ་ན་ཆུ་ནི་གྲང་མོ་ཕོ་གང་ཙམ། ། དགེ་འདུན་རྣམས་ལ་ཕུལ་བ་བྱས་གྱུར་ན། །དེ་ལ་བསོད་ནམས་ཚོགས་ཆེན་ཐོབ་པར་ གསུངས། །སྙིང་རྗེ་པད་མ་དཀར་པོའི་མདོ་ལས་ཀྱང༌། །བཅོམ་ལྡན་དེ་བཞིན་གཤེགས་དང་ འཕགས་པ་རྣམས། །སྦྱིན་གནས་ཀུན་གྱི་རྒྱལ་པོ་ཉིད་དུ་གསུངས། །དེ་ཕྱིར་བུ་མོ་ཁྱོད་ཀྱང་ ཚོགས་ཆེན་བསགས་པར་འགྱུར། །ཞེས་དང༌། བུ་མོ་ན་རེ། ཆགས་པས་མ་གོས་གཞོན་ནུ་ མཐོང་ན་དགའ། །ཕྱི་མར་བདག་ཀྱང་ཁྱེད་བཞིན་འཕགས་པའི་རིགས། །ཁྱིམ་པས་མ་གོས་ གཞོན་ནུ་རབ་བྱུང་སྟེ། །བཤེས་གཉེན་གཅིག་ཏུ་སྐྱེ་བའི་ཐབས་ཅིག་ཞུ། །ཞེས་དང༌། གཞོན་ ནུ་ན་རེ། དད་ལྡན་བུ་མོ་ཡིད་འོང་མ། །དལ་འབྱོར་རིན་ཆེན་ཐོབ་པར་དཀའ། །དེ་བས་ སངས་རྒྱས་ཆོས་དང་ནི། །དགེ་འདུན་ནམ་ཡང་མཇལ་བར་དཀའ། །མྱང་འདས་ཆེན་པོའི་ མདོ་ལས་ཀྱང༌། །སངས་རྒྱས་ཨུ་དུམ་ཝཱ་ར་ལྟར། །འཕྲད་པའི་དུས་ཀྱང་ཤིན་ཏུ་དཀའ། །དེ་ ལྟར་གསུངས་པའི་ཐོབ་དཀའ་རྙེད། །ཐོབ་པའི་དུས་འདིར་ཆུད་མ་གཟན། །ནམ་འཆི་ཆ་མེད་ མི་རྟག་གོ །བྱང་ཆུབ་སེམས་དཔའི་རྣམ་འགྲེལ་ལས། །འདུས་བྱས་ཐམས་ཅད་སྐད་ཅིག་མ། ། རིང་གནས་བྱ་བ་ག་ལ་ཡོད། །ཞེས་སོགས་གསུངས་པས་སྒོ་གསུམ་རྣམས། །མི་རྟག་སོམས་ 1-1-61 ནས་ཆོས་ལ་དྲིལ། །ཞེས་དང༌། བུ་མོ་ན་རེ། ལྷ་མིའི་ཡིད་འཕྲོག་གཟུགས་བཟང་ལི་ཙ་བཱི། ། ཁྱོད་འདྲའི་གཟུགས་མཛེས་འཇིག་རྟེན་དག་ན་དཀོན། །བདག་གིས་ཆོས་དེ་བྱེད་ན་ཇི་ལྟར་ བྱེད། །མཐར་ཐུག་བསྒོམ་ན་ཇི་ལྟར་བྱང་ཆུབ་ཐོབ། །ཅེས་སོ། །གཞོན་ནུ་ན་རེ། རིག་པ་ཤིན་ ཏུ་གསལ་བའི་གཟུགས་མཛེས་མ། །སྲོག་གཅོད་ལ་སོགས་མི་དགེ་བཅུ་སྤང་འཚལ། །སྦྱིན་ པ་ལ་སོགས་ཕར་ཕྱིར་བཅུ་ལ་སྤྱོད། །དགེ་བ་ཀུན་གྱི་མཐར་ཐུག་གནས་པའི་གཞི། །ཀུན་ ཁྱབ་ཆོས་ཉིད་རྣམ་དག་རང་གནས་ལ། །གཞན་དུ་མ་ཚོལ་ཡིད་ཆེས་དགའ་སྤྲོ་མཛོད། ། འཕགས་པ་རྒྱན་སྟུག་བཀོད་པའི་མདོ་ལས་ཀྱང༌། །བདེར་གཤེགས་སྙིང་པོ་དྲི་མེད་དགེ་བ་ དེ། །སྙིང་པོ་དེ་ལ་ཡང་དག་ཀུན་གཞིར་བསྒྲགས། །དེ་བཞིན་གཤེགས་པས་ཡང་དག་སྟོན་ པར་གསུངས། །དེ་ཕྱིར་ཆོས་དབྱིངས་མཐོང་ན་བྱང་ཆུབ་ཐོབ་པར་ངེས། །ཞེས་སོ། །བུ་མོ་ན་ རེ། མཐོང་ན་དགའ་བའི་ཡིད་འོང་ཁྱེའུའི་སྐུ། །བདག་གི་ཇི་ལྟར་བྱས་ནས་ཉེས་པ་དག །ཇི་ ལྟར་བགྱིས་ནས་ཆོས་ཉིད་མཐོང་བར་འགྱུར། །འཕགས་མཆོག་ཁྱོད་ཀྱིས་བདག་ལ་འཆད་ དུ་གསོལ། །ཞེས་སོ། །གཞོན་ནུ་ན་རེ། རྣམ་དག་ཆགས་བྲལ་ལྷ་མོ་ཟླ་མཛེས་མ། །ཆོས་ དབྱིངས་རང་ལ་གདོད་ནས་བཞུགས་གྱུར་ཀྱང༌། །རྣམ་རྟོག་དྲི་མས་བསྒྲིབས་པས་མཐོང་མི་ འགྱུར། །མྱང་འདས་ཆེན་པོའི་མདོ་ལས་ཀྱང༌། །སེམས་ཅན་ཀུན་ལ་སངས་རྒྱས་བཞུགས་ན་ ཡང༌། །ཉོན་མོངས་ཡོངས་སུ་ཁེབས་ཕྱིར་མཐོང་མི་ནུས། །(ཕལ་བོ་ཆེ་ལས། ཕུང་བོ་རྣམ་ཤེས་མ་བསྒོམ་ པས། །དེ་བཞིན་གཤེགས་པ་མི་མཐོང་སྟེ། །ཇི་ལྟར་སྣང་བ་མེད་པ་ཡི། །མུན་པའི་ནང་ན་གཟུགས་མི་སྣང༌། །)ཞེས་སོགས་ མདོ་སྡེ་དུ་མར་རྒྱ་ཆེ་གསུངས། །དེ་ཉིད་མཐོང་བར་འདོད་ན་འདི་ལྟར་གྱིས། །ཟླ་བ་སྒྲོན་མེས་ ཞུས་པའི་མདོ་ལས་ཀྱང༌། །གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོང་གྱིས། །རྟག་ཏུ་དབེན་པར་ ནགས་ཁྲོད་བསྟེན་པར་བརྩོན། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །དེ་སོགས་མདོ་མཆོག་མང་པོར་གསལ་བར་ 1-1-62 གསུངས། །ཞེས་གསུངས་ནས་བུ་མོ་པད་མ་ཟླ་མཛེས་ཀྱིས་ཆོས་ཉིད་ལ་ཡིད་ཆེས་ཏེ། འཁོར་ བའི་ཆོས་ལ་ཡིད་སྐྱོ་ནས་སྨྲས་པ། ལེགས་སོ་ལེགས་སོ་ཤིན་ཏུ་དཀོན་པའི་མཆོག །དེ་རིང་ བདག་ནི་ཐར་པའི་སྐལ་པ་རྙེད། །རྣམ་རྟོག་ལས་ཀྱིས་འགྲོ་དྲུག་འཁོར་བར་འཁྱམས། །དེ་ བས་བདག་ནི་ཏིང་འཛིན་བསྒོམ་དུ་འགྲོ། །ཞེས་སྨྲས་མ་ཐག་ཏུ་ནམ་མཁའ་ལ་སངས་རྒྱས་ སྣང་བ་མཐའ་ཡས་ལ་དགེ་སློང་སྟོང་ཕྲག་མང་པོས་བསྐོར་ནས་མདུན་དུ་ལྷགས་ནས། གཞོན་ནུ་ལི་ཙ་བཱི་བདེ་བ་ཅན་དུ་སྤྱན་དྲངས་སོ། །བུ་མོ་སྒྲིབ་པ་མེད་ཅིང་དེ་རྣམས་ཀྱི་ཕྱི་ བཞིན་དུ་འབྲངས་ནས། བདེ་བ་ཅན་དུ་བཞུད་དོ། །དེ་ནས་ནམ་མཁའ་ལ་སྒྲ་འདི་ལྟར་གྲག་ གོ །ལེགས་པར་མཐོང་བའི་གཞོན་ནུ་ལི་ཙ་བཱི། །མ་རིག་རྐྱེན་གྱིས་མཚན་མ་ཀུན་བསྐྱེད་དེ། ། འགོག་པ་ཡེ་ཤེས་གསལ་བ་མངོན་དུ་བྱས། །ཤེས་རབ་ཟག་མེད་ལྷ་མོ་ཡིད་འོང་མ། །ལྷན་ ཅིག་ཆོས་ཀྱི་དབྱིངས་སུ་རོལ་པར་གཤེགས། །ཚེ་ལ་ངེས་མེད་འདུས་བྱས་མི་རྟག་པ། །ཟག་ པ་ཐམས་ཅད་སྡུག་བསྔལ་ཕུང་པོ་སྟེ། །ཆོས་དང་གང་ཟག་སྟོང་ཞིང་བདག་པོ་མེད། །མྱང་ འདས་ཞི་ཞིང་བདེ་བའི་མཆོག་གི་གནས། །མི་གཙང་གཙང་བར་འདུ་ཤེས་ཕྱིན་ཅི་ལོག །མི་ རྟག་རྟག་པའི་འདུ་ཤེས་རབ་ཏུ་སྤོངས། །ཞེས་གྲག་གོ །དེ་ནས་ས་ཡང་དར་བོ་ཆེ་རླུང་གིས་ བསྐྱོད་པ་བཞིན་དུ་གཡོས་སོ། །སྒྲ་དང་འཇའ་འོད་ཚོགས་ཀྱིས་ཡོངས་སུ་ཁྱབ་བོ། །ལི་ཙ་ བཱིར་སྐྱེས་པའི་རབས་ཏེ་བརྒྱད་པའོ།། །། ༈ ཡང་རེ་ཞིག་ཉན་ཐོས་ཀྱི་ཚུལ་དུ་སེམས་ཅན་གྱི་དོན་མཛད་ཅེས་གྲག་གོ །དེ་ཡང་ ཇི་ལྟར་མཛད་ཅེ་ན། འཕགས་པ་བདེ་སྟོང་རོལ་པའི་མདོ་ལས། བཅོམ་ལྡན་འདས་ལ་རབ་ འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཚེ་དང་ལྡན་པ་ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ནི། སྐྱེ་དགུ་སུ་ཡང་རུང་སྟེ། མཐོང་ནས་སེམས་ ཤིན་ཏུ་དགའ་མགུ་རངས་ནས། (རྫོགས་བྱེད་ལ་སོགས་)མུ་སྟེགས་ཕལ་པའི་སྟོན་པ་དྲུག་ 1-1-63 གིས་མཐོང་ནས་ཀྱང༌། ཕྲག་དོག་བྱེད་དོ། །གཤེ་བ་བྱེད་དོ། །དེའི་རྒྱུ་ནི་ཅི་ལགས། རྐྱེན་ནི་ ཅི་ལགས། སེམས་ཅན་ཐམས་ཅད་ལ་ཕན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་འཆད་དུ་ གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྱིས་ཞུས་པ་ལེགས་སོ་ ལེགས་སོ། དེའི་རྒྱུ་རྐྱེན་ནི་བདག་གིས་བྱེ་བྲག་བཤད་པར་བྱས་ཏེ་ལེགས་པར་ཉོན་ཅིག ། (ད་ལྟར་འདི་ཡང་མ་ཟད་དེ་)སྔོན་བྱུང་བ་འདས་པའི་སྔ་རོལ་ཏུ་འཇིག་རྟེན་ན་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་འཚོ་ཞིང་བཞུགས་ཏེ་ཆོས་སྟོན་པའི་ཉེ་འཁོར་དུ་གྱུར་པ། ཚེ་དང་ ལྡན་པ་(གཞོན་ནུ་)བློ་འཆང་ཞེས་བྱ་བ་ཞིག་ཀྱང་ཡོད་དོ། །(རིང་བོར་མ་ལོན་པར་)དགྲ་བཅོམ་པ་ ཁུར་བོར་བ། ཟག་པ་ཟད་པ། རང་གི་དོན་རྗེས་སུ་ཐོབ་པ། ཉོན་མོངས་པ་མེད་པ་སྟེ། དེ་ བཞིན་གཤེགས་པའི་ཉེ་བར་གནས་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས། སྔ་དྲོ་ཞིག་ ཏུ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་བསོད་སྙོམས་ལ་ཕྱིན་ཏེ། ཡུལ་མ་ག་དྷར་མངོན་དུ་ ཕྱོགས་ནས། ཡུལ་གྲུ་འཛིན་གྱི་ཤོད་དུ་བབ་སྟེ། དེ་ནས་མུ་སྟེགས་རྒྱལ་པོ་དུག་མདའ་ཅན་ ཞེས་བྱ་བ་ཞིག་གིས། ལམ་སྣ་ཐམས་ཅད་གཅིག་ཏུ་འདུས་པའི་སུམ་མདོར་ཡུལ་གྲུ་འཛིན་ གྱི་ཤོད་དུ་རྒྱ་སྒོ་མང་པོ་ལམ་སྣ་རེ་རེ་ལ་བཙུགས་ཤིང༌། མི་དྲུག་ལ་མཚོན་ཆ་མང་པོ་གཏད་ དེ། ཚིག་འདི་སྐད་ཅེས་བསྒོའོ། །གཤེད་མ་དྲུག་པོ་ཁྱོད་ཉིད་མ་གཏོགས་པའི་རིགས་ཕ་ཡང་ རུང༌། མ་ཡང་རུང༌། ངལ་མ་བསོ་བར་སོད་ཅིག་ཅེས་བསྒོས་ནས་མི་དྲུག་གིས་མི་རིགས་མང་ པོ་དང༌། རྟ་གླང་བྱ་རིགས་དེར་གང་ཐོན་པ་ཐམས་ཅད་བསད་ནས། ས་ཕྱོགས་ཐམས་ཅད་ཤ་ ཁྲག་རས་རིས་དང༌། རྒྱུ་མ་ཕྲང་ཕྲིང་དང༌། རུས་པ་ཁྲལ་ཁྲོལ་གྱིས་གང་བར་བྱས་སོ། །དེའི་ཚེ་ དགེ་སློང་བློ་འཆང་དེར་ཕྱིན་ནས། གཤེད་མ་དྲུག་ཀྱང་བྱང་ཆུབ་སེམས་དཔའི་དྲུང་དུ་རྒྱུག་གོ ། རྒྱུག་ནས་མཚོན་ཆ་འཕྱར་ཏེ་ཧ་ཧའི་སྒྲ་སྒྲོགས་ཏེ། བྱང་ཆུབ་སེམས་དཔའ་ནམ་མཁར་འཕུར་ ནས་བཞུགས་པར་གྱུར་ཏོ། །དེ་ནས་གཤེད་མ་དྲུག་གིས་ཀྱང་ནམ་མཁའ་གཤེགས་པའི་བྱང་ 1-1-64 ཆུབ་སེམས་དཔའ་ལ་གཅིག་ཏུ་བལྟ་བར་བྱེད་དོ། །ཅ་ཅོ་དུ་མ་འདོན་ནས་གནོད་པའི་ལས་ཀྱི་ གོར་མ་ཆག་གོ །དེ་ནས་དེ་དག་གི་ནང་ནས་ཆེ་ཤོས་ཅིག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་ ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་མཁའ་ལ་ཐོགས་མེད་བྱ་ལྟར་གཤེགས། །ལྷ་འམ་ཀླུ་འམ་ འོན་ཏེ་ཚངས་པ་བདུད། །སུ་ཡང་རུང་སྟེ་བོབས་ཤིག་འདིར་འབབ་ལ། །རྒྱལ་ཁྲིམས་གཉན་ པོ་མ་བཤིག་ཤོ་གམ་སྩོལ། །(མི་འཁྲུགས་པའི་མདོ་ལས། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་དགེ་སློང་རྫུ་འཕྲུལ་གྱི་ རྐང་བ་དང་ལྡན་པ་ནི་ཁང་པ་བརྩེགས་པའམ་གཞལ་མེད་ཁང་དུ་བཞུགས་པར་གྱུར་ན་ཡང་ནམ་མཁའ་ལ་གནས་པ་བཞིན་དུ་ སྤྱོད་ལམ་རྣམ་བཞི་ལ་གནས་ཤིང་ཐོགས་པར་གྱུར་བ་ཅི་ཡང་མེད་དོ། །)ཆོས་གོས་ངུར་སྨྲིག་སྐུ་ལ་མཛེས་པར་ བརྒྱན། །དབུ་ཟླུམ་ཞབས་རྗེན་པད་མའི་སྤྱན་འབྲས་ཅན། །སྟོང་གསུམ་ཀུན་ཏུ་ཚུལ་ཁྲིམས་ དྲི་མཆོག་རྒྱས། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་སྩོལ། །ལྷུང་བཟེད་འཁར་གསིལ་ པོ་ཏི་ཕྱག་ན་ཐོགས། །ཞི་ཞིང་འཛུམ་ཞལ་གཉའ་ཤིང་གང་ཙམ་གཟིགས། །སྨིན་མཚམས་ སྤུ་དཀར་དུང་ལྟར་གཡས་སུ་འཁྱིལ། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་སྩོལ། །བཙོ་ མ་གསེར་བཟང་བྱི་དོར་འདྲ་བའི་མདོག། དཀར་ལ་ཐགས་བཟང་བཞི་བཅུ་ཚང་བའི་ཚེམས། ། ཕྱག་མཐིལ་གཉིས་སུ་ཆུ་སྐྱེས་འདབ་སྟོང་ཅན། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ཤོ་གམ་ སྩོལ། །ཞབས་ལ་འཁོར་ལོ་མུ་ཁྱུད་རྩིབས་སྟོང་ལྡན། །སོར་མོ་ཀུན་ལ་རྡོ་རྗེ་དྲ་བས་མཛེས། ། ལྗགས་སྲབ་ཡངས་པ་ཚངས་དབྱངས་གསུངས་པ་ཁྱོད། །རྒྱལ་ཁྲིམས་གཉན་པོ་མ་བཤིག་ ཤོ་གམ་སྩོལ། །སྙན་ཤལ་དབུ་རྒྱན་ལོང་བུར་གཞོལ་བ་སྟེ། །འགྲམ་བཟང་བྱིན་པ་རི་དྭགས་ ཨེ་ནྱའི་ཚུལ། །གཞན་དང་མཚུངས་མེད་ཁྱོད་ནི་ཅི་ཞིག་ཡིན། །རྒྱལ་ཁྲིམས་གཉན་པོ་མ་ བཤིག་ཤོ་གམ་སྩོལ། །གལ་ཏེ་ཁྲིམས་འདི་དམ་པོར་མ་བསྡམས་ན། །ས་བདག་རྒྱལ་པོ་དུག་ མདའ་ཆེན་པོ་ཡིས། །བདག་ཅག་ཀུན་ཀྱང་ཆད་པས་གཅོད་པ་ལགས། །རྒྱལ་ཁྲིམས་གཉན་ པོ་མ་བཤིག་ཤོ་གམ་སྩོལ། །དེ་ནས་བྱང་ཆུབ་སེམས་དཔའི་རྒྱུད་ལ་སྙིང་རྗེ་ཆེན་པོའི་ཤུགས་ 1-1-65 ཀྱིས་དེ་དག་ལ་ཚིག་འདི་སྐད་ཅེས་སྨྲས་སོ། །ང་ནི་ལྷ་ཀླུ་ཚངས་པ་གང་མ་ལགས། །ང་ནི་ཡང་ དག་འཕགས་པ་བློ་འཆང་སྟེ། །སྦྱིན་པའི་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་སེར་ སྣ་མེད་པའི་ཤོ་གམ་སྦྱིན། །ཉེས་པ་ཀུན་འཇོམས་ཡོན་ཏན་བསྐྱེད་པའི་གཞི། །ཤིན་ཏུ་རྙེད་ དཀའ་དྲི་མེད་རྣམ་དག་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་ང་རྒྱལ་ མེད་པའི་ཤོ་གམ་སྦྱིན། །སྦྲུལ་གྱི་དུག་ཆེན་ཞེ་སྡང་མུན་སེལ་བ། །བདག་ལ་གནོད་བྱེད་རིན་ ཆེན་གསེར་དང་མཚུངས། །བཟོད་པའི་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་ཁོང་ཁྲོ་ མེད་པའི་ཤོ་གམ་སྦྱིན། །ཐར་པའི་ཆོམ་རྐུན་ལེ་ལོ་བཅོམ་པའི་གཞི། །ཆོས་ལ་འཇུག་པ་མྱུར་ དུ་བརྩོན་གྱུར་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་ལེ་ལོ་མེད་པའི་ ཤོ་གམ་སྦྱིན། །མ་རིག་མུན་པའི་དྲི་མ་བཅོམ་པའི་གཞི། །ཞི་གནས་ལྷག་མཐོང་དྲི་མེད་འོད་ འཆར་བ། །བསམ་གཏན་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་གཏི་མུག་མེད་པའི་ཤོ་ གམ་སྦྱིན། །འཁོར་གསུམ་མི་རྟོག་ལམ་ངན་སེལ་བའི་གཞི། །རྒྱས་སྲས་ཀུན་བསྐྱེད་ཡོན་ཏན་ འབྱུང་བའི་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ཆོས་ཆར་གྱིས། །ཁྱོད་ལ་ཕྲག་དོག་མེད་པའི་ ཤོ་གམ་སྦྱིན། །ཞེས་དང༌། བྱང་ཆུབ་སེམས་དཔའ་ཡང༌། དཔེར་ན། བྱ་རྒོད་ཟན་ལ་འབབ་པ་ ལྟར་དེ་དག་གི་རྩར་ཕྱིན་ནས། གཤེད་མ་དྲུག་གིས། གཤག་པའི་རལ་གྲི་དང༌། རྒྱོབ་པའི་སྟ་ བོ་ཆེ་དང༌། གཅོད་པའི་སྤུ་གྲི་དང༌། དྲས་པའི་སོག་ལེ་དང༌། ཕུགས་པའི་མདའ་དང༌། བསྣུན་ པའི་མདུང་དག་གིས་བརྡེགས་བརྡུངས་བྱས་སོ། །བརྡུངས་ནས་ཀྱང་མཚོན་རྣམས་དུམ་བུ་ དུམ་བུར་ཆག་གོ །ཇི་ལྟར་བྱས་ཀྱང་བསད་པའི་ཐབས་མེད་དོ། །བྱང་ཆུབ་སེམས་དཔའི་ གཟི་བརྗིད་ལྷག་པར་ཡང་འབར་རོ། །དེ་ནས་གཤེད་མ་རྣམས་ཀྱིས་མཚོན་གྱི་དུམ་བུ་རྣམས་ རྒྱལ་པོ་ལ་ཁྱེར་ནས་ཚུལ་ཇི་ལྟར་བྱས་པ་རྣམས་ཞུས་སོ། །དེ་ནས་རྒྱལ་པོ་ཐེ་ཚོམ་སྐྱེས་ཏེ་ བལྟར་ཕྱིན་ཏོ། །ཕྱིན་ནས་ཙན་དན་གྱི་ཤིང་དུ་མ་བརྩེགས་པའི་དཀྱིལ་དུ་བྱང་ཆུབ་སེམས་ 1-1-66 དཔའ་བཅུག་གོ །མེ་བཏང་ནས་མེའི་འུར་སྒྲ་སྒྲོགས་པ་ནི། སུམ་ཅུ་རྩ་གསུམ་གྱི་ལྷ་ཡང་སྐྲག་ པར་བྱེད་དོ། །དུ་བ་ནི་སྟོན་གྱི་ན་བུན་ལྟར་འཚུབ་བོ། །དེའི་མེ་ལྕེ་མཆེད་པས། ཡུལ་གྲུ་འཛིན་ དུ་ཟིན་ནས། ཚངས་པའི་རྟེན་དང༌། རིག་བྱེད་རྣམ་བཞིའི་གླེགས་བམ་དང༌། མུ་སྟེགས་པའི་ གཙུག་ལག་ཁང་ཐམས་ཅད་བསྲེགས་པར་གྱུར་ཏོ། །མེ་ལྕེ་བྱང་ཆུབ་སེམས་དཔའ་ལ་ཉིན་ ཞག་ཕྲུགས་གཅིག་ཏུ་འབར་ནས། རབ་འབྱོར་བྱང་ཆུབ་སེམས་དཔའི་སྐུ་ལ་མེ་ཞི་སྟེ། རྒྱལ་ པོ་དང་གཤེད་མ་རྣམས་བྱང་ཆུབ་སེམས་དཔའི་རུས་བུ་འཚོལ་དུ་སོང་ནས་ཀྱང༌། མེ་ཁྲོལ་གྱི་ དཀྱིལ་དུ་བྱང་ཆུབ་སེམས་དཔའི་སྐུ་སྨད་ནུབ་སྟེ། སྐུ་སྟོད་གསལ་ཞིང་ཟིལ་པ་ཕྲམ་ཕྲོམ་གྱིས་ སྐུ་ལུས་དང་ན་བཟའ་གཡོག་གོ །གནོད་པའི་རིགས་ནི་གོར་མ་ཆག་གོ །དེ་ནས་བྱང་ཆུབ་ སེམས་དཔའི་མཐུས། གཤེད་མ་རྣམས་ཀྱིས་རྒྱལ་པོ་ཉིད་བཟུང་ནས། བསད་པར་རྩོམ་པས། རྒྱལ་པོ་ན་རེ། ཁྱོད་རྣམས་ཅི་བྱེད་ཟེར་ཏེ། གཤེད་མ་དྲུག་ན་རེ། ཁྱོད་རང་དྲུག་མ་གཏོགས་ པ་དེར་གང་འོང་སོད་ཅེས་ཟེར་ནས། ཁྱེད་རང་ཡང་བསད་དགོས་ཞེས་ཟེར་ནས། རྒྱལ་པོ་ ཡང་ཤིན་ཏུ་སྐྲག་ནས་སྐད་ངན་ཆེ་ངེ་འདེབས་སོ། །སྐད་འདར་ནས་བྱང་ཆུབ་སེམས་དཔའ་ ལ་ལྟ་ཞིང་ལྟ་བར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་རྩར་བྱོན་ནས། རྒྱལ་ པོ་ལ་གསོལ་པ། ཀྱེ་མ་རྒྱལ་པོ་ཆེན་པོ་ཚུར་ཉོན་ཅིག། བློ་ངན་སྲོག་གི་སྤུ་གྲི་རང་གིས་བདར། ། ཉེས་མེད་སེམས་ཅན་མང་པོ་གནས་འདིར་བསད། །ཤ་ཁྲག་རུས་པ་དུར་ཁྲཽད་འཇིགས་ སུ་རུང༌། །མཐོང་བ་ཙམ་གྱིས་ལྷ་གཞན་སྐྲག་པར་བྱེད། །དེ་ནས་ད་ལྟར་ཁྱོད་རང་ཉིད་ལ་ བབ། །ཤིན་ཏུ་མི་བཟད་སྲོག་གི་སྡུག་བསྔལ་གདུངས། །ཕྱི་མ་མནར་མེད་སྡུག་བསྔལ་ཡ་རེ་ ང༌། །ད་ནི་འདི་འདྲའི་དུས་ལ་བབ་པ་ཡིན། །ད་སུ་གཞན་ལ་གནོད་འཚེ་སྤངས་གྱུར་ན། །ད་ ལྟ་འཇིགས་སྐྲག་དེ་ནི་ངས་བསྐྱབ་ཀྱིས། །ཁས་བླང་དམ་བཅའ་བྱེད་དམ་རྒྱལ་པོ་ཁྱོད། །དེ་ ནས་འཕགས་པའི་ན་བཟའ་ལ་འཇུས་ཏེ་སྐད་འདར་ནས་སྨྲས་པ། ཀྱེ་མ་འཕགས་པ་ཆེན་པོ་ 1-1-67 བྱང་ཆུབ་སེམས། །གཏི་མུག་དབང་གིས་མི་དགེའི་གཏེར་སྒོ་ཕྱེ། །སྲོག་གི་ལན་ཆགས་རང་ ལ་འདི་ལྟར་བབ། །སྐྱབས་མེད་མྱ་ངན་མུན་པའི་མཁར་དུ་ཆུད། །ཀྱེ་ཧུད་འཕགས་པ་ཆེན་པོ་ ཁྱེད་གསུངས་རྣམས། །དམ་བཅའ་བླངས་སོ་འཕགས་པ་ཆོས་ཀྱི་རྒྱལ། །ཞེས་སྨྲས་ནས་ཕན་ ཚུན་བཏང་སྟེ་དགའ་མགུའོ། །རབ་འབྱོར། དེ་བཞིན་དུ་ངའི་ཉན་ཐོས་ལ་(རྫོགས་བྱེད། བདུད་རྩི་ ཅན། སྐྲ་རི་རི། ཀུན་ནས་རྒྱལ་བ། རྐང་བཀྲ། སྐྲའི་ལྭ་བ་ཅན་ཏེ། )སྟོན་པ་དྲུག་གིས་སྔོན་གྱི་(ངན་པར་རིགས་ཡང་) ལས་མི་འདོར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། སེམས་ཅན་སྟོང་ ཕྲག་མང་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་བློ་འཆང་དུ་སྐྱེས་པའི་རབས་ཏེ་ དགུ་པའོ།། །། ༈ ཡང་རེ་ཞིག་རྟའི་རྒྱལ་པོ་བྷ་ལ་ཧར་སྤྲུལ་ནས་འགྲོ་དོན་མཛད་དེ། མཁའ་འགྲོ་མ་ རྡོ་རྗེའི་གུར་ལས། སངས་རྒྱས་སེམས་ཅན་བསྐྱབ་དགོངས་ནས། །སངས་རྒྱས་གར་མཁན་ གར་མཛད་དེ། །རི་བོ་གངས་དང་སེང་གེ་དང༌། །རྟ་གླང་རིགས་ཅན་རྣམས་སུ་ཡང༌། །སྙིང་ རྗེའི་ཐུགས་ཀྱིས་སྟོན་པར་མཛད། །ཅེས་སོ། །སའི་དབང་ཕྱུག་གིས་ཞུས་པའི་མདོར། (བཅོམ་ ལྡན་འདས་བྱ་ཀ་ལན་ཏ་ཀའི་གནས་སུ་བཞུགས་པའི་ཚེ་)བྱིའུ་ཆུང་ཞིག་ཁྲས་དེད་ནས་(འཁོར་དེ་དག་གི་ནང་ནས་) བྱང་ཆུབ་སེམས་དཔའ་ལི་ཙ་བཱིས་མི་འཇིགས་པའི་ཕྱག་རྒྱ་བསྟན་ནས་(ཕན་ཚུན་འཇིགས་པའི་སྡུག་ བསྔལ་ལས་)ཐར་པར་མཛད་དེ། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་ པས་གསོལ་པ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ལི་ཙ་བཱི་འདིས་(དེ་རང་)བྱིའུ་ཆུང་སྐྱོབ་ པ་ངོ་མཚར་ཆེ་ཞེས་ཆེད་དུ་བརྗོད་དེ། བཅོམ་ལྡན་འདས་ཀྱིས་(ཞལ་འཛུམ་པ་མཛད་ནས་)བཀའ་ སྩལ་པ། འཇམ་དཔལ། ལི་ཙ་བཱི་མཐོང་ན་དགའ་བ་འདིས་(ད་ལྟ་འདི་ཉིད་མ་ཟད་དེ་)སྔོན་རྟའི་ རྒྱལ་པོ་བྷ་ལ་ཧར་གྱུར་པའི་དུས་སུ་ང་ཡང་སིང་གྷ་ལའི་གླིང་ནས་(སྲིན་མོ་སྟོང་ཕྲག་གིས་འཇིགས་པ་ ལས་)ཐར་པར་བྱས་སོ། །ཞེས་གསུངས་སོ། །(དེའི་དོན་རྒྱས་པ་ནི་)འཕགས་པ་ཟ་མ་ཏོག་བཀོད་ 1-1-68 པའི་མདོ་ལས། རིགས་ཀྱི་བུ། སྔོན་བྱུང་བ་ནས། ང་བྱང་ཆུབ་སེམས་དཔར་(དེད་དཔོན་ཞེས་) གྱུར་པའི་ཚེ། ཚོང་པ་ལྔ་བརྒྱ་དང་འགྲོགས་ནས། (ཞོན་པའི་)ཤིང་རྟ་དང༌། (རང་རང་གི་ཟུང་)ཁུར་ བུ་དང༌། (བཟའ་བའི་)བམ་པོ་དང༌། (དར་ལ་སོགས་)བསྐོན་པ་དང༌། (དང་བའི་)རྔ་མོ་དང༌། བ་ ལང་དང༌། བོང་བུ་ལ་སོགས་པ་རྒྱ་མཚོ་(སྟེང་གི་གྲུ་)ལ་ཞུགས་ཏེ། (ཟླ་བ་དྲུག་ཏུ་སོང་སྟེ་རྒྱ་མཚོའི་གྱར་ དུ་ཕྱིན་པའི་ཚེ་)རིན་པོ་ཆེའི་གླིང་དུ་རླུང་ལངས་སམ། ཡང་ན་སྤྲེའི་གླིང་དུ་རླུང་ལངས་སམ། འོན་ ཏེ་སྲིན་པོའི་གླིང་དུ་རླུང་ལངས་སོ། །(དངོས་པོ་)གདོས་འཛིན་པའི་ཚོང་པ་(དེ་དག་)དང་གྲུ་བོ་ཆེ་ (རྣམས་)དུམ་བུར་(རེས་གྷ་ནམ་མཁར་)ལྷགས་ནས། ཚོང་པ་དེ་དག་(གཟོད་)ཆུ་ཞིག་གིས་འགྲམ་ དུ་ཉེ་བར་ཕྱིན་ཏོ། །དེ་ནས་སྲིན་མོ་ལྔ་བརྒྱ་གཞོན་ནུ་མའི་གཟུགས་སུ་བསྒྱུར་ཏེ། (སྙན་པའི་) སྒྲ་ཅ་ཅོ་(དུ་མ་)ཟེར་ཞིང་བྱུང་ནས། ཆུ་འགྲམ་དུ་ཉེ་བར་ཕྱིན་ཏེ། བླ་གོས་ཀྱི་རས་(རེ་རེ་)བྱིན་ ནས་བསླང་བ་དང༌། (སྲིན་མོ་)དེ་དག་གིས་བདག་གི་གོས་(ཆུའི་དྲི་མ་)བཙིར་རོ། །(ཚོང་པ་རྣམས་) ཤིང་ཙམ་པ་ཀའི་དྲུང་དུ་ངལ་བསོས་ཏེ། (ཕན་ཚུན་)བདག་གིས་ཐབས་ཅི་ཡོད་པ་ཞེས་(སྣ་ཚོགས་ པའི་)གཏམ་བྱས་པ་དང༌། དེ་དག་གིས་(ཕ་རོལ་ཏུ་འགྲོ་བའི་)ཐབས་མེད་བྱས་པས་(ཕན་ཚུན་)ཁ་ རོག་ལ་འཁོད་དོ། །དེ་ནས་སྲིན་མོ་དག་གིས་ཀྱང་བདག་གི་ཁྱོ་མ་མཆིས་པ་ལ་ཁྱོ་མཛོད་ཅིག ། གནས་མ་མཆིས་པ་ལ་གནས་མཛོད་ཅིག །རྟེན་མ་མཆིས་པ་ལ་རྟེན་མཛོད་ཅིག །དེ་དག་ ནི་(སྲིན་མོའི་གླིང་འདི་)ཁྱོད་ཀྱི་ཟས་ཀྱི་ཁྱིམ་མོ། །སྐོམ་གྱི་ཁྱིམ་མོ། །སྐྱེད་མོས་ཚལ་ལོ། །ཞེས་ སོ། །སྲིན་མོ་དེ་དག་གིས་(ཚོང་པ་)སྐྱེས་པ་རེ་རེ་ཁྱིམ་དུ་ཁྲིད་དོ། །(དེད་དཔོན་)བདག་(སྲིན་མོ་) ཤིན་ཏུ་རྒན་པོ་(སྐད་འདར་བ་)ཞིག་གིས་ཁྱིམ་དུ་ཁྲིད་ནས། ལྷའི་རོ་མཆོག་དང་ལྡན་པས་ཚིམ་ པར་བྱས་སོ། །དེ་ལ་བརྩེ་བར་རྩོམ་སྟེ། དེ་བཞིན་དུ་ཉི་མ་གཉིས་གསུམ་ནས་བདུན་འདས་ སོ། །(དུས་)རེ་ཞིག་(རྒྱལ་གྱི་)ནུབ་མོར་ཉལ་ཏེ་གཉིད་ཀྱིས་ལོག་པའི་ཚེ། (མཚན་ཕྱེད་ཙན་ན་)གད་ མོ་བྱས་ཏེ། ངོ་མཚར་བསམས་ནས། (དེད་དཔོན་)ངས་དེ་ལ་ཅིའི་ཕྱིར་དགོད་བྱས་པ་དང༌། མོ་ 1-1-69 ན་རེ། འདི་སིང་གྷ་ལ་ན་གནས་པའི་སྲིན་མོ་ལགས་ཏེ། ཁྱོད་ཀྱི་སྲོག་བཅད་ཅེས་ཟེར་ནས། ངས་དེ་ལ་འདི་དག་སྲིན་མོ་ཡིན་པར་ཇི་ལྟར་ཤེས་ཞེས་དང༌། མོ་ན་རེ། འདིའི་ཕྱོགས་སུ་ལམ་ སྲང་ལ་སོང་དང༌། ལྕགས་ཀྱི་ཁང་པ་སྐར་ཁུང་དང་རྟ་བབས་མེད་པ་ཞིག་ཡོད་དེ། དེ་ན་ཚོང་ པ་བརྒྱ་ཕྲག་བོར་ཏེ། ལ་ལ་གསོན་ཞིང་ལ་ལ་འགུམ་སྟེ། ཁྱོད་དེར་བཞུད་ཅིག་དང༌། ཡིད་ ཆེས་པར་འགྱུར་རོ། །ཞེས་ཟེར་ནས། དེའི་ཚེ་གླེན་པ་(བྱང་ཆུབ་སེམས་དཔའི་མཐུ་)གཉིད་ཀྱིས་ནོན་ པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནུབ་མོར་སོང་ནས། རལ་གྲི་ཟླ་བ་ལྟར་སྣང་ བ་བདག་འཚོ་བར་བྱེད་པ་(འཛམ་བུ་གསེར་གྱི་ཤུ་བ་ཅན་)དག་ཐོགས་ནས། ལྕགས་ཀྱི་གྲོང་ཁྱེར་དུ་ ཕྱིན་ནས་ཁོ་ར་ཁོར་ཡུག་ཏུ་བསྐོར་ཀྱང་སྒོ་མ་རྙེད་དོ། །དེ་ནས་(ཁང་བ་དེའི་རྩ་བར་)ཤིང་ཙམ་པ་ ཀ་ཞིག་(སྐྱེ་བར་)འདུག་པ་དེ་ལ་འཛེག་སྟེ། (ཐང་ཅིག་)ངས་ལུད་པའི་སྒྲ་བྱས་པ་དང༌། ཚོང་པ་ དེ་དག་གིས་ཚོར་ནས་ན་རེ། ཚོང་དཔོན་ཆེན་པོ་མཁྱེན་པར་མཛོད། ཞེས་སྔོན་(སྲིན་མོས་ཟེར་བ་) བཞིན་དུ་སྨྲས་སོ། །(ངས་དེའི་ཚེ་ཤིང་ཙམ་པ་ཀ་)ལས་(མར་)བབས་ནས་མྱུར་དུ་སོང་སྟེ་སླར་(སྲིན་ མོའི་རྩར་)ཕྱིན་ནས་མཉན་པ་ན་རེ། དེད་དཔོན་ཆེན་པོ་གཟིགས་སམ། ཞེས་ཟེར་ནས། ངས་ མཐོང་བྱས་སོ། །དེ་ནས་འདི་ལ་(འཛམ་བུའི་གླིང་དུ་འགྲོ་བའི་)ཐབས་ཅི་ཡོད་ཅེས་དྲིས་ནས། (སྲིན་ མོ་)དེ་ན་རེ། ལྷ་ཐབས་གང་གིས་བདེ་བ་དང༌། ཉོན་མོངས་པ་མེད་ཅིང་སིང་གྷ་ལའི་གླིང་ ནས་བྱུང་སྟེ། སླར་འཛམ་བུའི་གླིང་མཐོང་བར་གྱུར་པའི་ཐབས་མཆིས་སོ། །(ཞེས་ཟེར་ནས་) དེ་ལ་ངས་ལམ་ད་སྟོན་ཅིག་བྱས་པ་དང༌། (སྲིན་མོ་)སྙན་པར་བྱེད་པ་ན་རེ། རྟའི་རྒྱལ་པོ་བྷ་ ལ་ཧ་ཞེས་བྱ་བ། སེམས་ཅན་དམན་པ་དང༌། ཕོངས་པར་གྱུར་པ་ལ་ཐུགས་བརྩེ་བ་དང་ལྡན་ པ་ཞིག་ནི་མཆིས་ཏེ། གསེར་གྱི་བྱེ་མའི་ཐང་བུ་ལ། ཕར་འགྲེ་ཚུར་འགྲེ་བྱེད་དོ། །ལུས་སྤྲུག་ ནས་ཕ་རོལ་ཏུ་སུ་འགྲོ་ཞེས་གསུངས་ནས། ཁྱོད་ཀྱིས་ལྷ་བདག་ཕ་རོལ་ཏུ་མཆིའོ་ཞེས་བསྒོས་ ནས། སྲིན་མོའི་(དེ་ཉིད་ཀྱི་)རྩར་ཉལ་ལོ། །ཉི་མ་ཤར་ནས་ལངས་ཏེ། ཚོང་པ་རྣམས་ལ་ཁྱེད་ 1-1-70 རྣམས་ཚུར་ཤོག །གྲོང་ཁྱེར་གྱི་ཕྱི་རོལ་ཏུ་འགྲོ་ཞིག་བདེའོ། །ཞེས་དང༌། དེ་དག་ཐམས་ཅད་ དེར་འདུས་ནས་ངལ་བསོ་སྟེ། ངས་དེ་དག་ལ་ཁྱོད་རྣམས་ཇི་ལྟར་བྱས་ཞེས་དྲིས་ནས། (ཚོང་ བ་)ཁ་ཅིག་གིས་ལུས་ཤིན་ཏུ་མཛའ་བར་བྱེད་དོ་ཟེར། ཁ་ཅིག་གིས་ལྷའི་རོ་མཆོག་དང་ལྡན་ པར་བྱས་ཟེར། ལ་ལས་ཅོད་པན་དང་རྣ་ཆ་འཛིན་ཟེར་རོ། །རེ་རེས་ལུས་མ་འབྲེལ་ཟེར་ རོ། །དེའི་ཚེ་ངས་དེ་དག་ལ་གོང་གི་གཏམ་རྒྱས་པར་སྨྲས་ནས་དེ་དག་(སྐྲག་ནས་དེད་དཔོན་ལ་)ན་ རེ། བདག་ཅག་ལ་ཐབས་ཅི་ཡོད། སྐྱབས་ཅི་ཡོད། རྟེན་ཅི་ཡོད། ཅེས་དང༌། ངས་དེ་དག་ ལ་རྟའི་རྒྱལ་པོ་བྷ་ལ་ཧ་ཞེས་བྱ་བ་དམན་པ་དང་ཕོངས་པ་ལ་སྙིང་བརྩེ་བ་དང༌། སྨན་སྤང་ ཐམས་ཅད་ཟོས་པ་ཞིག་ཉི་མ་གསུམ་ན་ངེས་པར་འོང་གིས་འཚག་ཤུམ་གྱིས་ཤིག་ཅེས་བྱས་ སོ། །དེ་ནས་རང་རང་གི་ཁྱིམ་དུ་སོང་སྟེ། ང་ཁྱིམ་དུ་ཕྱིན་ནས་སྲིན་མོ་ན་རེ། ཁྱོད་ངལ་ལམ། སྐྱེད་མོས་ཚལ་མཐོང་ངམ། ཞེས་ཟེར་ནས། ངས་ཅུང་ཟད་མཐོང་བྱས་སོ། །དེ་ནས་བདག་ གིས་རྒྱུས་ཤེས་ན་སྲོག་གཅོད་སྙམ་ནས་(ངོ་འཛུམ་ནག་ལ་)ཁ་རོག་ལ་འདུག་གོ །ཟས་བཟང་པོ་ བྱིན་ནས་(ཅུང་ཟད་)ཟོས་ཏེ། ཤུགས་ཕྱུངས་ནས། (སྲིན་)མོ་ན་རེ། (དེད་དཔོན་)ཁྱོད་ཅི་ལ་ཤུགས་ ཕྱུངས། ཞེས་དང༌། (དེད་དཔོན་)ངས་འཛམ་བུའི་གླིང་གི་མི་ནི་རང་གི་ཡུལ་(དུ་ཕྱིན་)ན་དགའོ། ། ཞེས་དང༌། མོ་ན་རེ། སིང་གྷ་ལའི་གླིང་འདི་ཁྱོད་ཀྱི་ཁྱིམ་མོ། །སྐོམ་གྱི་ཁང་བའོ། །ཞེས་ཟེར་ ནས་(ཕན་ཚུན་)ཁ་རོག་གོ །དེའི་ཉིན་མོ་འདས་ནས་(ཅི་ཙམ་འོས་པའི་)ཟས་རྒྱགས་པ་སྟ་གོན་བྱས་ ནས། ཉི་མ་གསུམ་ན་ང་དེ་དག་དང་གྲོང་ཁྱེར་གྱི་ཕ་རོལ་ཏུ་འདུས་ནས། ངས་དེ་དག་ལ་སུས་ ཀྱང་སིང་གྷ་ལའི་གླིང་དུ་(ཕྱི་མིག་ཏུ་)མི་ལྟ་བར་བྱའོ། །ཞེས་དམ་བཅས་ནས། རྟའི་རྒྱལ་པོ་ བྷ་ལ་ཧ་(གངས་རིའི་སྤུ་ལྡན་)དེར་ཕྱིན་ནས། གསེར་གྱི་བྱེ་མའི་ཐང་ལ་ཕར་འགྲེ་ཚུར་འགྲེ་བྱས་ སོ། །བྱས་ནས་(ལན་གསུམ་པ་)ལུས་སྤྲུག་གོ །སྤྲུག་ནས། དེའི་ཚེ་སིང་གྷ་ལའི་གླིང་(ལ་སོགས་པ་) ཡང་(རྣམ་པ་དྲུག་ཏུ་)འགུལ་ལོ། །དེ་(ནས་རྟ་རྒྱལ་འདི་སྐད་གསུངས་པ་དེ་)ཕ་རོལ་ཏུ་སུ་འགྲོ་ཕ་རོལ་ཏུ་ 1-1-71 སུ་འགྲོ་ཞེས་ལན་གསུམ་(དུ་ཀ་ལ་པང་ཀའི་སྐད་ལྟར་)སྨྲས་པ་དང༌། དེ་ནས་ཚོང་པ་(ལྔ་བརྒྱ་)དེ་དག་ རྟའི་རྒྱལ་པོ་བྷ་ལ་ཧ་ག་ལ་བ་དེར་ཕྱིན་ནས་(ཕྱག་དང་བསྐོར་བ་བྱས་ནས། )བདག་ཅག་ཕ་རོལ་ཏུ་ མཆིའོ། །ཞེས་སྨྲས་ནས། (རྒྱ་ཆེར་རོལ་བ་ལས། ཁྱོད་ནི་གནའ་སྔོན་ཁབའི་ཁ་དོག་འདྲ་བའི་རྟ་མཆོག་གྱུར་བའི་ཚེ། སྙིང་རྗེ་བསྐྱེད་ནས་ནམ་མཁའ་ལ་ནི་སྲིན་མོའི་གླིང་ལ་མྱུར་དུ་བྱོན། དེ་ཚེ་འཕོས་ཤིང་འདུག་པའི་མི་དེ་བླངས་ནས་བདེ་བའི་ཐང་ ལ་བཞག ཁྱོད་ཀྱིས་རྫུ་འཕྲུལ་ལ་སོགས་བརྩོན་འགྲུས་རྣམ་འཕྲུལ་མང་པོ་དཔང་མེད་བྱས། ཞེས་གསུངས། )རྟའི་རྒྱལ་པོ་ བྷ་ལ་ཧས། སུས་ཀྱང་སིང་གྷ་ལའི་གླིང་དུ་མི་བལྟ་བར་བྱའོ། །ཞེས་དམ་བཅས་ཏེ། ཐོག་མར་ (དེད་དཔོན་)ངས་ཞོན་ནོ། །དེ་ནས་ཚོང་པ་ལྔ་བརྒྱས་(རིམ་དུ་ཡང་)ཞོན་ཏེ། (ནམ་མཁར་གཤེགས་ནས་) དེའི་ཚེ་སྲིན་མོ་དེ་དག་གིས་(ཚོར་ནས་ངུ་འབོད་ཀྱིས་)སྒྲ་ཅ་ཅོ་ཟེར་ཞིང་ཕྱི་བཞིན་དུ་བསྙེག་གོ །ངུ་ ཞིང་རྒྱུགས་ནས། དེའི་ཚེ་(ཕལ་བའི་ཚོང་བ་)དེ་དག་གིས་ཕྱི་མིག་ཏུ་བལྟས་ཏེ། དེ་དག་ཁ་སྦུབ་ཏུ་ ལྷུང་ངོ༌། །དེ་དག་ཆུའི་ནང་དུ་འགྱེལ་ནས་སྲིན་མོ་དག་གིས་དྲང་ཞིང་ཟོས་སོ། །(དེད་དཔོན་)ང་ གཅིག་པུ་འཛམ་བུའི་གླིང་དུ་(ཝ་ར་ཎ་སི་)ཕྱིན་ནས་མཚོ་འགྲམ་དུ་བཞག་གོ །དེ་ནས་(དེད་དཔོན་) ངས་རྟའི་རྒྱལ་པོ་བྷ་ལ་ཧ་ལན་གསུམ་དུ་བསྐོར་ཏེ། ཕྱག་བྱས་ནས་དེ་ཉིད་དུ་སོང་ངོ༌། །ང་ ཡང་སོང་ནས་རིམ་གྱིས་(མ་ག་དྷར་རང་གི་)ཁྱིམ་དུ་ཕྱིན་ཏེ། དེའི་ཚེ་ཕ་མས་ངའི་མགུལ་དུ་འཇུས་ ནས་ངུས་པ་དང༌། དེ་ནས་ཕ་མ་དང་ལྷན་ཅིག་ཏུ་ངལ་བསོའོ། །ངས་སྔོན་(སིང་གྷ་ལའི་གླིང་དུ་ འཁྱམས་པའི་སྡུག་བསྔལ་)ཇི་ལྟར་བྱུང་བ་ཐམས་ཅད་བཟླས་པས། ཕ་མ་གཉིས་ན་རེ། (ཀྱཻ་ཧུད་)བུ་ ཁྱོད་གསོན་བཞིན་དུ་རྙེད་ནས་ནོར་བུ་མི་དགོས་(ཕ་མ་བདག་)རྒས་པའི་ཚེ་དབྱུག་པར་འགྱུར་ བ། བཀྲེས་པའི་ཚེ་ཟས་སྦྱིན་པར་བྱེད་པ། ཤི་བའི་ཚེ་མགོན་དུ་གྱུར་པ་ཞེས་སྨྲས་སོ། །འདི་ ལྟ་སྟེ། སྒྲིབ་པ་རྣམ་པར་སེལ་བ། (དེད་དཔོན་གྱི་སྒྲ་དོན་ནི། རྒྱ་ཆེར་རོལ་པ་ལས། བསྡུ་བའི་དངོས་པོ་རྣམ་པ་བཞི། ། སྐྱེ་བོ་དག་ནི་ངས་བསྡུས་ནས། །འཁོར་བའི་མཚོ་ལས་བརྒལ་བས་ན། །དེས་ན་ང་ནི་དེད་དཔོན་ཡིན། །ཞེས་གསུངས། )དེད་ དཔོན་དུ་གྱུར་པ་དེའི་ཚེ་དེ་ལྟ་བུའི་སྡུག་བསྔལ་མྱོང་ངོ༌། །འདི་ལྟ་སྟེ། སྒྲིབ་པ་རྣམ་པར་སེལ་ 1-1-72 བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དེའི་ཚེ་དེའི་ དུས་སུ་རྟའི་རྒྱལ་པོ་བྷ་ལ་ཧར་གྱུར་ནས། ང་འཆི་བའི་སྡུག་བསྔལ་ལས་ཐར་བར་བྱས་སོ། ། ཞེས་གསུངས། རྟའི་རྒྱལ་པོ་བྷ་ལ་ཧར་གྱུར་པའི་རབས་ཏེ་བཅུ་པའོ།། །། ༈ ཡང་རེ་ཞིག་རི་དྭགས་རུ་རུ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །འཕགས་པ་ཡོངས་གྲུབ་ གསལ་བའི་མདོ་ལས། འོད་སྲུང་སྔོན་བསྐལ་པ་འབུམ་ཕྲག་བཅུ་དྲུག་གི་གོང་རོལ་ཏུ། འཇིག་རྟེན་དུ་བཅོམ་ལྡན་འདས་མ་ཆགས་པད་མའི་སྤྱན་ཞེས་བྱ་བ་བྱོན་པའི་དུས་སུ། (གྲོང་ ཁྱེར་ཆེན་པོ་)ཡངས་པ་ཅན་གྱི་མཐའ་ལོགས་སུ་ཤིང་ཨ་མྲའི་ནགས་ཚལ་དུ་རིག་བྱེད་ཀྱི་སྟོན་ པ་བྷ་ར་ཧཱ་ཞེས་བྱ་བ་ཞིག་དབང་ཕྱུག་ཆེན་པོའི་མཆོད་སྟོན་བཙུགས་ནས། རྒྱལ་པོ་ཤིང་ཀ་ རས་དེ་ལ་མངའ་ཞབས་ཐམས་ཅད་ཕྱུགས་(ཤ་ཁྲག་)ཀྱི་མཆོད་སྦྱིན་གྱིས་བཀུར་བར་གྱུར་ཏོ། ། ཤིང་དང་ནགས་ཚལ་ལ་དུས་རྒྱུན་དུ་མཆོད་དོ། །དུས་རེ་ཞིག་ན་ཤིང་གསེབ་ཏུ་རིག་བྱེད་ཀྱི་ སྟོན་པ་འདུག་པའི་ཚེ། སྔོན་དུ་(དྲི་བསྲུང་སྤོང་)ཤིང་ཨ་ཀ་ར(གྱི་སྡོང་བོ་ཆེན་པོའི་)ཡལ་ག་ཞིག་གི་ སྟེང་དུ་རི་དྭགས་རུ་རུ་ཞིག་(ནམ་མཁར་)ཕྱིན་ནས། དེའི་ཚེ་མུ་སྟེགས་སྟོན་པ་ལ་(ཤིན་ཏུ་སྙན་པའི་) ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བརྒྱ་ལམ་མི་ལུས་(ཤིན་ཏུ་)ཐོབ་དཀའ་འདིར། །(ད་རེས་ མི་ལུས་)ཐོབ་དུས་(ཆོས་མིན་གྱིས་)ལམ་ངན་སུ་ཞིག་སྤྱོད་པར་བྱེད། །(ཤིན་ཏུ་ཐོབ་དཀའ་ཐོབ་ཀྱང་)ཚེ་ འདི་རྩ་རྩེའི་ཟིལ་བ་ཆུ་ཡི་ཆུ་བུར་བཞིན། །(ཤིན་ཏུ་མི་རྟག་)ཐར་པ་དོན་གཉེར་(གྱི་བསམ་པ་)ཡིན་ ཡང་ངན་སོང་(འཁོར་བའི་)རྒྱུ། །ཞེས་སྨྲས་ནས། རིག་བྱེད་ན་རེ། (སྲིད་སྒྲུབ་ལ་སོགས་)དབང་ཕྱུག་ རིག་བྱེད་རྣམ་བཞིའི་བྱིན་བརླབས་ཀྱིས། །(དུད་འགྲོ་)རི་དྭགས་རུ་རུ་མི་སྐད་འདོན་པ་འདི། ། (འཆི་བའི་)ལྟས་ངན་ཡིན་པས་མ་གཡེལ་མྱུར་དུ་རུ། །བཟློག་པའི་འཕྲིན་ལས་དམ་པ་མཛད་ དུ་གསོལ། །རི་དྭགས་ན་རེ། དཔེར་ན་སེམས་ཅན་ལུས་སྲོག་འཚོ་བ་ཡི། །(ཕྱིར་དུ་)ཟས་ ཀྱིས་(ཁ་བཀང་)བརྣངས་ནས་འཆི་བའི་སྒོར་ཁྲིད་ལྟར། །(མཐོ་རས་)ཐར་པའི་བདེ་འདོད་དབང་ 1-1-73 ཕྱུག་ཤིང་ཚལ་ལ། །(ངན་འགྲོར་འཕེན་པའི་)ཤ་ཁྲག་མཆོད་བྱེད་དེ་ཉིད་ལྟས་ངན་ཡིན། །(དཔེར་ན་) སྲིན་བུ་ཀ་རའི་བུ་ཆུང་སྟོང་ཕྲག་(བཙས་ན་དེ་དག་)གིས། །(སྔར་རང་གི་)མ་ཡི་ཁོག་པར་འདུས་ན་ བཤིག་པ་ལྟར། །ཐར་པ་ཐོབ་འདོད་དབང་ཕྱུག་ཤ་ཁྲག་གིས། །མཆོད་ཀྱང་ངན་འགྲོར་ལྟུང་ བའི་ལྟས་ངན་ཡིན། །(དྲན་པ་ཉེ་བར་བཞག་པའི་མདོ་ལས། ལོག་པའི་མཆོད་སྦྱིན་ལས་ཀྱི་མཐུས། །ཕྱི་ས་གསུམ་ བའི་ཡི་དྭགས་འགྱུར། །བཀྲེས་ཤིང་སྡུག་བསྔལ་རྣམས་ཀྱིས་གནོན། །ཞེས་གསུངས། )ཕྱེ་མ་ལེབ་ནི་བདེ་འགྲོ་འདོད་ པའི་ཚེ། །མར་མེའི་འོད་ལ་རྒྱུགས་ནས་འཆི་བ་ལྟར། །ཐར་པ་ཐོབ་འདོད་འཚེ་བ་ཚད་མ་ སྟེ། །སྡིག་པ་ཚད་མ་ངན་འགྲོའི་ལྟས་ངན་ཡིན། །ཞེས་དང༌། རིག་བྱེད་ན་རེ། སྲོག་གི་མཆོད་ སྦྱིན་དབང་ཕྱུག་མཉེས་གྱུར་ནས། །ཐར་པ་ཐོབ་ཅེས་རིག་བྱེད་ཉིད་ལས་གསུངས། །རུ་རུའི་ རྫུན་ཚིག་དགེ་བའི་བར་ཆད་ཡིན། །དབང་ཕྱུག་མཆོད་པ་བདག་གིས་བརྩོན་པ་ཡིན། །ཞེས་ དང༌། རུ་རུས་སྨྲས་པ། རུ་རུ་ང་ནི་རྫུན་དུ་སྨྲས་གྱུར་ན། །ལྕེ་དང་མགོ་ལག་ཚལ་བ་བརྒྱ་རུ་ ཁོས། །གལ་ཏེ་བདེན་པའི་ཚིག་མཆོག་ཡིན་གྱུར་ན། །དབང་ཕྱུག་ལྷ་རྟེན་མྱུར་དུ་འགྱེལ་པར་ ཤོག །ཅེས་སྨྲས་མ་ཐག་ཏུ། དབང་ཕྱུག་གི་སྐུ་དུམ་བུ་ཚལ་པར་འགྱེལ་ནས། རིག་བྱེད་ཀྱིས་ ཡིད་ཆེས་ནས་སྨྲས་པ། མ་ར་ག་ཏའི་མདོག་ཅན་གསེར་གྱི་རྭ། །དུང་གི་ཞལ་ལ་བྱུ་རུའི་རྨིག་ པ་ཅན། །དབང་ཕྱུག་ཆོས་ལ་བདག་གི་ཨ་ཐང་ཆད། །ཆོས་ལ་འཇུག་པའི་ཐབས་ཤིག་གནང་ བར་ཞུ། །ཞེས་དང༌། རུ་རུས་སྨྲས་པ། འཇིག་རྟེན་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས། ། མ་ཆགས་པད་མའི་སྤྱན་ཅན་བཞུགས་པ་ལ། །ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །ཐར་ པ་དོན་གཉེར་ཡིན་ན་དེ་རུ་སོང༌། །ཞེས་མུ་སྟེགས་ཆོས་ལ་རྒོལ་བ་སྟོང་ཕྲག་དུ་མས་རིག་ བྱེད་དོར་ནས། མ་ཆགས་པད་མའི་སྤྱན་གྱིས་བསྟན་པ་ལ་འཇུག་པར་གྱུར་ཏོ། །འཇུག་ནས་ འཕགས་པའི་བདེན་པ་བཞི་ཐོབ་པར་གྱུར་ཏོ། །འོད་སྲུང་དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་ཅན་གྱི་དོན་ལ་རུ་རུའི་ཚུལ་སྟོན་ཏོ། །རུ་རུ་ནི་གཞན་ཞིག་སྙམ་ན། དེ་ལྟར་མི་བལྟའོ། ། 1-1-74 གཞོན་ནུ་ལི་ཙ་བཱི་འདི་ཉིད་ཡིན་པར་གྱིས་ཤིག །དེ་ལྟར་རྟོགས་ཤིག །(སངས་རྒྱས་ཕལ་བོ་ཆེར། མི་ཟད་ཆོས་ཀྱི་དབྱིངས་ནི་མཐའ་ཡས་ཏེ། །རྒྱལ་བ་བསྐལ་པ་རྒྱ་མཚོ་མཐའ་དག་ཏུ། །འགྲོ་བ་ཀུན་དོན་སྤུ་སྡུག་རུ་རུ་ཅན། །སྣ་ ཚོགས་རྣམ་པར་འདྲིལ་བས་སེམས་ཅན་འདུལ། །ཞེས་གསུངས་པ་ལྟར། །བྱང་ཆུབ་སེམས་དཔའ། )རུ་རུར་སྐྱེས་པའི་ རབས་ཏེ་བཅུ་གཅིག་པའོ།། །། ༈ ཡང་བྱང་ཆུབ་སེམས་དཔའ་པར་ཙི་ཀ་ཞེས་བྱ་བ་གྱུར་ཏོ་ཞེས་གྲག་གོ །འཕགས་ པ་ཆོ་འཕྲུལ་ཆེན་པོའི་བསྟན་པའི་མདོ་ལས། ནམ་མཁའི་སྙིང་པོ་དག །འཕགས་པ་ལི་ཙ་ བཱི་འདི་ཉིད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐོས་པའི་བློ་དང་ལྡན་པ། གྱ་གྱུ་མེད་པའི་ བདེན་ཚིག་ཏུ་གནས་པ། ཆོས་ཀྱི་གྲུ་ཆེན་པོ་ཆུ་བོ་བཞིའི་ཕ་རོལ་ཏུ་ཕྱིན་པ། འཕགས་པའི་ བདེན་པ་བཞིའི་ཁ་གདངས་པ། ཚངས་པའི་གནས་བཞིའི་མཆེ་བ་གཙིགས་པ། བསྡུ་བའི་ དངོས་པོ་བཞིའི་སྡེར་མོ་བགྲད་པ། བདུད་ཀྱི་ཡུལ་རབ་ཏུ་སྟོང་པ་ཕྱིར་རྒོལ་བ་ཐམས་ཅད་ ཕམ་པར་བྱེད་པའི་སྐྱེས་བུ་དག་གོ །ནམ་མཁའི་སྙིང་པོ་དག་སྔོན་བྱུང་པ་བསྐལ་པ་བརྒྱ་ཕྲག་ འདས་པའི་གོང་རོལ་ཏུ། བཅོམ་ལྡན་འདས་གདུགས་དམ་པའི་དཔལ་(གསེར་མདོག་ཆོས་འཆད་ སྤྲུལ་སྐུ་)ཞེས་བྱ་བ་དེའི་བསྟན་པ་ལ། རྒྱལ་པོ་ཨ་འཛིན་ཞེས་བྱ་བ་ཡོད་དེ། ནམ་མཁའི་སྙིང་ པོ་རྒྱལ་པོ་དེའི་གྲོང་ཁྱེར་མ་ག་དྷཱར་འབྱོར་པ་རྒྱས་པ་དབང་སྟོབས་ཆེ་བ་ཡིན་ནོ། །རིག་པ་ དྭངས་པས་ཆོས་ལ་དགའ་བ་དཀོན་མཆོག་གསུམ་ལ་བཀུར་སྟི་ཕུ་དུད་དུ་བྱེད་དེ། དེའི་རྒྱལ་ བུ་པར་ཙི་ཀ་ཞེས་བྱ་བ་ཁ་བ་ལྟ་བུ་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ་མིའི་མཚན་དང་ལྡན་པ་ ཞིག་ཡོད་དེ། ནམ་མཁའི་སྙིང་པོ་རྒྱལ་བུ་དེ་སངས་རྒྱས་ལ་རབ་ཏུ་བྱུང་ནས་རིང་པོར་མ་ལོན་ པར་དགྲ་བཅོམ་པ་ཐོབ་ནས། རྫུ་འཕྲུལ་དང་སྟོབས་དང་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་ གནས་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུ་སྟོབས་ཉིད་ལས་སྔ་དྲོ་ལ་ཤམ་ཐབས་དང་ ཆོས་གོས་ཕྲག་ལ་གཟར་ཏེ། ལྷུང་བཟེད་དང་འཁར་གསིལ་ཐོགས་ཏེ། ནམ་མཁར་གཤེགས་ 1-1-75 ནས་ཡུལ་ཤིང་ཐགས་མཁན་དུ་བབ་པས། རྒྱལ་པོ་ལྷའི་བློ་གྲོས་ཀྱིས་མུ་སྟེགས་སྟོང་ཕྲག་ དུ་མ་ལ་བསྙེན་བཀུར་བྱེད་པ་དང༌། བྱང་ཆུབ་སེམས་དཔའ་དེ་དག་གི་གསེབ་ཏུ་འདུག་གོ ། འདུག་ནས་དེ་དག་གིས་ཕྲག་དོག་སྐྱེས་ཏེ། དེ་དག་གི་ཡོན་ཏན་དང་རྗེ་བོར་གྱུར་པ་ཉི་མ་ བཟང་པོ་ཞེས་བྱ་བ་ཞིག་ཡོད་དེ། ནམ་མཁའི་སྙིང་པོ་དེས་བྱང་ཆུབ་སེམས་དཔའ་ལ་ན་རེ། ཁྱོད་རིག་བྱེད་ལ་འཇུག་གམ་བྱས་པ་དང༌། (མུ་སྟེགས་པའི་གསེབ་ཏུ་ནང་བ་མེད་ན་འཇུག་དགོས་ཏེ། དཔེར་ན་ འོ་མ་ལ་ཆུ་ནག་ཞུགས་ནས་དཀར་པོར་འགྱུར། སྨན་ལ་སྨན་ཆུ། དྲི་ལ་དྲི་ཆུ་བཞིན། དེ་བས་ན་)བྱང་ཆུབ་སེམས་དཔས་ དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་ལྷུང་བཟེད་འདི་ཉིད་བསྒུལ་གྱུར་ན། །ང་ནི་ནང་ པའི་ཆོས་ལུགས་དེ་རིང་དོར། །གལ་ཏེ་བསྒུལ་ཕབ་བྱེད་པ་མ་ཐུབ་ན། །ཁྱོད་རང་སངས་ རྒྱས་ཆོས་ལ་ཡང་དག་སྤྱོད། །ཞེས་ལྷུང་བཟེད་སྟན་ལ་བཞག་ནས། དེ་དག་གིས་ཡང་ཡང་ དུ་བཀྱགས་ཀྱང་ལྷུན་པོ་ལྟར་གཡོ་འགུལ་དུ་གོར་མ་ཆག་གོ །དེ་ནས་མུ་སྟེགས་ཉི་མས་ཀྱང་ ན་རེ། དགེ་སློང་ཁྱོད་ཀྱི་རྫུ་འཕྲུལ་སྟོན་མོད་ཀྱང༌། །ངས་ཀྱང་རྫུ་འཕྲུལ་སྟོན་པའི་རེས་མོ་ ཡིན། །རྫུ་འཕྲུལ་བཤིག་ན་བདག་ཅག་ནང་པར་འཇུག །མ་ཐུབ་ཉིད་ན་ཁྱོད་ཀྱང་དེ་བཞིན་ ནོ། །ཞེས་དང༌། ནམ་མཁའ་ལ་སོང་ནས་ཚངས་པ་གདོང་བཞི་ཅན་དུ་གྱུར་ཏོ། །གདོང་རེ་རེ་ ལ་རིག་བྱེད་སྣ་ཚོགས་པ་སྟོན་ཏེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། སྟོབས་དང་ཤེ་མོ་ཡོད་ ན་ང་ཉིད་ནི། །ས་ལ་འགྱེལ་བའི་དུས་ལ་བབ་པོ་ཀྱེ། །དགེ་སློང་ཚུལ་འཛིན་མ་གཡེལ་མྱུར་དུ་ (ངའི་སྤྲུལ་པ་བཤིག་པར་)གྱིས། །ང་ཡི་སྤྲུལ་པ་སྒྱུ་མ་(ཙམ་དུ་)སྟོན་པ་ལགས། (ཏེ་བཤིག་ཏུ་མི་ནུས་པའི་ སྤྲུལ་བ་ཡིན་ཟེར། )ཞེས་དང༌། བྱང་ཆུབ་སེམས་དཔས་ཀྱང་(དེ་མ་ཐག་ཏུ་ངང་བའི་རྒྱལ་པོ་ལྟར་)དེའི་སྟེང་ དུ་གཤེགས་ཏེ་ལྷུང་བཟེད་དང་འཁར་གསིལ་(ཕྱག་གཉིས་ཀྱིས་)ཐོགས་ནས། (མུ་སྟེགས་སྟོན་པ་) སའི་བར་དུ་མར་མནན་ནས་ཁོང་ཁྲག་(དྲོན་མོ་)སྐྱུག་ཅིང་རབ་ཏུ་གཟིར་ཏེ། བྱང་ཆུབ་སེམས་ དཔས་སྨྲས་པ། ང་རྒྱལ་འདུལ་དཀའ་འདུལ་མཛད་བཅོམ་ལྡན་འདས། །དཔེ་ཟླ་མེད་པའི་ 1-1-76 འཕགས་པ་པར་ཙི་ཀ ། ནང་གི་དགྲ་བོ་ཉོན་བདུད་དཔུང་ཚོགས་བཅོམ། །ཕྱི་རོལ་ལྟ་ངན་ཉི་ མ་ཟིལ་གྱིས་གནོན། །ཞེས་དང༌། ཉི་མས་སྨྲས་པ། འཇིག་རྟེན་མཁྱེན་པ་འཕགས་པ་པར་ཙི་ ཀ ། བདག་གིས་འགྲན་སེམས་བསྐྱེད་པ་རབ་ཏུ་གནོང༌། །འཁོར་འབངས་ཐམས་ཅད་ཁྱོད་ ལ་གཏད་པར་བགྱི། །ཐུགས་རྗེ་ཅན་དེ་བདག་ནི་བཀྱག་ཏུ་གསོལ། །བྱང་ཆུབ་སེམས་དཔས། ལྟ་ངན་ཅན་དེ་ཆོས་ལ་སྒྲིབ་པར་བྱེད། །དཔེར་ན་མཁའ་ལ་ཆུ་འཛིན་ནག་པོ་མཚུངས། །དེ་ བཞིན་ཁྱོད་ནི་དེ་རིང་གཏོང་དུས་མེད། །འོན་ཏེ་བསྟན་ལ་འཇུག་ན་བཏང་ངོ་ཀྱེ། །དེ་ནས་ཉི་ མ་ན་རེ། ཟག་མེད་ཆགས་བྲལ་འཕགས་པ་པར་ཙི་ཀ ། བཀའ་བཞིན་བགྱི་འོ་དགེ་སློང་ཆོས་ ཀྱི་རྒྱལ། །ལྷུན་པོའི་ཞབས་ལ་བདག་ནི་གྲོག་མ་ལྟར། །མི་བཟད་མནན་པའི་སྡུག་བསྔལ་ ཞི་བར་མཛོད། །ཅེས་དང༌། བྱང་ཆུབ་སེམས་དཔའ་ན་རེ། ཉོན་ཅིག་ལྟ་ངན་སྟོན་པ་ཉི་མ་ཀྱེ། ། བདག་ལས་ཁ་སྤུ་བྲེག་གམ་ཉི་མ་ཀྱེ། །འཁོར་འབངས་ཆོས་ལ་འཇུག་གམ་ཉི་མ་ཀྱེ། །རིག་ བྱེད་ཆོས་ངན་དོར་རམ་ཉི་མ་ཀྱེ། །ཞེས་དང༌། (སངས་རྒྱས་ཕལ་བོ་ཆེ་ལས། སངས་རྒྱས་བྱང་སེམས་མཐོང་བ་ ཙམ་གྱིས་ཀྱང༌། །ལས་ཀྱི་སྒྲིབ་པ་ཐམས་ཅད་བཟློག་པར་འགྱུར། །བདུད་ཀྱི་ལས་རྣམས་ཀྱང་ནི་དེ་བཞིན་ནོ། །ཞེས་གསུངས། ) ཉི་མ་ན་རེ། སངས་རྒྱས་བསྟན་འཛིན་དགེ་སློང་པར་ཙི་ཀ ། ཁྱོད་ལས་ཁ་སྤུ་བྲེག་གོ་པར་ཙི་ཀ ། འཁོར་འབངས་ཆོས་ལ་འཇུག་གོ་པར་ཙི་ཀ ། རིག་བྱེད་རྫུན་ལུགས་དོར་རོ་པར་ཙི་ཀ ། ཞེས་ དང༌། མུ་སྟེགས་དེ་གླིང་དང་བཅས་པ་ཐར་པ་ལ་རབ་ཏུ་འགོད་དོ། །ནམ་མཁའི་སྙིང་པོ་དེ་ ལྟར་བྱང་ཆུབ་སེམས་དཔའ་ལི་ཙ་བཱི་འདི་སྔོན་ཡང་ངའི་བསྟན་པ་ལྕི་བ་ཁུར་དུ་ཁྱེར་རོ། །ཕྱི་ མའི་དུས་ན་ཡང་མདོ་འདིའི་དུང་འབུད་དར་འཕྱར་རྔ་བརྡུང་བར་འགྱུར་རོ། །ཞེས་གསུངས་ སོ། །པར་ཙི་ཀར་སྐྱེས་པའི་རབས་ཏེ་བཅུ་གཉིས་པའོ།། །། ༈ ཡང་ཆོས་ཀྱི་རྒྱལ་པོ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །དེ་ཡང་ཚུལ་ཁྲིམས་དག་པའི་མདོ་ ལས། སྔོན་བསྐལ་པ་དགུ་བཅུ་རྩ་དྲུག་འདས་པའི་སྔ་རོལ་ཏུ། སངས་རྒྱས་ཡེ་ཤེས་ཏོག་ 1-1-77 འཇིག་རྟེན་དུ་བྱོན་པའི་ཚེ་ན། གྲོང་ཁྱེར་ཆེན་པོ་སྒྲ་གཅན་འཛིན་ཞེས་པ་ན་རྒྱལ་པོ་རྔ་སྒྲ་ཅན་ ཞེས་བྱ་བ་ཞིག་ཡོད་དེ། དཔལ་དང་སྙན་གྲགས་འཛམ་གླིང་དུ་ཁྱབ་པར་གྱུར་ཏོ། །བཙུན་མོ་ དྲི་མ་མེད་པ་ལ་སྲས་ཤིན་ཏུ་གཟུགས་བཟང་བ་བལྟ་ན་སྡུག་པ་ཞིག་ཡོད་དོ། །བཅུ་དྲུག་ལོན་ པའི་ཚེ་ན་སངས་རྒྱས་ཡེ་ཤེས་ཏོག་ལ་འབྱོར་བའི་མཆོད་པ་ཁྱེར་བའི་ལམ་སྣ་ན། བུ་མོ་ མཛེས་པ་རྒྱན་ཆ་ལུགས་དང་ལྡན་པ་གཉིས་དང་ཕྲད་ནས་རྒྱལ་བུ་ལ་རབ་ཏུ་ལྟ་བར་བྱེད་ ནས་(བུ་མོ་གཉིས་ཚིག་མཐུན་པར་འདི་སྐད་ཅེས་)སྨྲས་པ། ཁོ་མོ་གཉིས་ཀྱིས་སྐྱེ་བ་ཀུན་ཏུ་ཡང༌། །རྒྱལ་ བུ་ཁྱོད་ཀྱི་བཙུན་མོ་དམ་པའི་ཚུལ། །ལུས་དང་གྲིབ་མ་བཞིན་དུ་ལྷན་ཅིག་ལ། །རྟག་ཏུ་སྐྱེ་བ་ ཡང་ཡང་མཉམ་པར་ཤོག །རྒྱལ་བུ་ན་རེ། རབ་མཛེས་བུ་མོ་རྒྱན་བཟང་གཉིས་པོ་དག །ཕ་ མ་ཡུལ་འཁོར་ཉེ་འབྲེལ་ཅི་འདྲ་ཡོད། །ཁྱོད་གཉིས་མིང་ཡང་ཇི་སྐད་བགྱི་བ་ལགས། །ཚུལ་ བཞིན་མྱུར་དུ་བདག་ལ་རབ་ཏུ་སྨྲོས། །དེ་ནས་བུ་མོ་གཅིག་གིས་རྒྱལ་བུ་ལ་མེ་ཏོག་ཨུ་དུམ་ ཝཱ་ར་བདུན་གཏོར་ནས་སྨྲས་པ། རྒྱལ་བུ་རིན་ཆེན་བདག་ལ་དགོངས་སུ་གསོལ། །ཁོ་མོའི་ ཡབ་ནི་གྲགས་པ་འབྱུང་བ་ཡིན། །ཡུལ་ནི་བདེ་ལྡན་གྲགས་པའི་གྲོང་ཁྱེར་ཏེ། །ང་ཡང་ཉི་ མའི་སྒྲོན་མ་བྱ་བ་ལགས། །ཞེས་སོ། །ཡང་བུ་མོ་གཅིག་གིས་མེ་ཏོག་ལྔ་གཏོར་ནས་སྨྲས་པ། བདག་གི་ཡུལ་ནི་པད་མོ་སྤུངས་པ་ཡིན། །ཡབ་ནི་རྒྱལ་པོ་དྲི་མ་མེད་པ་སྟེ། །ང་ཡང་ནམ་ མཁའི་སྒྲོན་མ་ཞེས་པར་གྲགས། །བྱང་ཆུབ་བར་དུ་བཙུན་མོ་བྱེད་པར་ཤོག །ཅེས་དང༌། རྒྱལ་བུ་བཙུན་མོ་གཉིས་དང་ལྷན་ཅིག་ཏུ་སངས་རྒྱས་ག་ལ་བ་དེར་ཕྱིན་ནས། གསེར་གྱི་དོང་ ཚེ་དང༌། ཨུ་དུམ་ཝཱ་ར་དང༌། པད་མ་དཀར་པོ་ལ་སོགས་པ་ཕུལ་ནས། བྱང་ཆུབ་མཆོག་ཏུ་ སེམས་བསྐྱེད་དེ། རྒྱལ་བུས་སྨྲས་པ། འཇིག་རྟེན་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས། ། ཁོ་བོ་ཕྱི་མའི་དུས་ན་ཅི་འདྲར་འགྱུར། །མཆོག་ཏུ་ཐུགས་བརྩེས་བདག་ལ་ལུང་བསྟན་ གསོལ། །བློ་གྲོས་པད་ཚལ་རབ་ཏུ་རྒྱས་པར་མཛོད། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་ 1-1-78 སྩལ་པ། ཡིད་འཕྲོག་ཡོན་ཏན་བྱེ་བས་ལེགས་བརྒྱན་པ། །བསྐལ་པ་བཟང་པོ་དུས་ཀྱི་ཐ་མ་ ལ། །ལི་ཙ་བཱི་ཞེས་འཇིག་རྟེན་མུན་པ་འཇོམས། །མཐར་ཡང་ཡེ་ཤེས་འབྱུང་གནས་ཤ་སྟག་ འབྱུང༌། །ཞེས་དང༌། རང་རང་གི་ཡུལ་དུ་ཕྱིན་ནས། ཉི་མའི་སྒྲོན་མ་འགུགས་པའི་ཕོ་ཉ་རྟ་པ་ སྟོང་བཏང་སྟེ། གསེར་གྱི་དོང་ཙེ་སྟོང་བསྐུར་ནས་སྨྲས་པ། མི་དབང་རིན་ཆེན་གྲགས་པ་ འབྱུང་གནས་གསན། །རྔ་སྒྲའི་རྒྱལ་པོ་སྲས་མཆོག་རིན་ཆེན་གྱི། །ཉི་མའི་སྒྲོན་མ་བཙུན་མོར་ ཞུ་བ་ལགས། །ད་ལྟ་ཉིད་དུ་ཐོངས་ཤིག་རྒྱལ་ཆེན་ཁྱོད། །དེ་ནས་རྒྱལ་པོས་བུ་མོ་ལ་ན་རེ། སྤངས་དཀའི་སྐྱོན་སྤངས་ལྷ་མོ་ཉི་མ་སྒྲོན། །རྔ་སྒྲ་རྒྱལ་པོའི་མནའ་མར་འགྲོ་འམ་ཅི། །བསམ་ བླཽ་ཐོངས་ཤིག་ཟང་ཟིང་སྦྱིན་པ་ཅན། །ལེགས་པར་དཔྱོད་ཅིག་ཆོས་ལ་དད་པ་མ། །བུ་མོ་ན་ རེ། ཡབ་མཆོག་གྲགས་པ་རྡོ་རྗེ་ལྟ་བུའི་སྐུ། །རྔ་སྒྲའི་རྒྱལ་པོ་གྲོང་ཁྱེར་སྟོང་ལ་དབང༌། །བཙུན་ མོ་ལྔ་བརྒྱ་བློན་པོ་བཞི་སྟོང་ཡོད། །ནོར་བུ་རིན་ཆེན་བང་མཛོད་ཅན་ལ་འགྲོ། །དེ་ནས་གླང་ པོ་ཆེ་སྟོང་ཕྲག་དང༌། རྟ་མཆོག་བརྒྱ་ཕྲག་དང༌། གསེར་དང༌། དངུལ་དང༌། མུ་ཏིག་དང༌། བྱུ་ རུ་དང༌། དར་ཟབ་མང་པོ་ཁབ་དུ་བཀལ་ནས་བུ་མོ་བརྫངས་ཏེ་འགྲོ་བའི་ཚེ་ན། ཡབ་ཀྱིས་བུ་ མོའི་ལག་པར་འཇུས་ཏེ་སྨྲས་པ། བཀྲ་ཤིས་ལྷ་མོ་དཔལ་འབར་འཛམ་གླིང་རྒྱན། །ཡིད་ འཕྲོག་སྐད་སྙན་བྱམས་པའི་ཐུགས་ལྡན་མ། །ཨུཏྤལ་མཐིང་གའི་མདོག་ཅན་བུ་མོ་ཁྱོད། ། ལེགས་པར་ཉོན་ཅིག་ཞི་ཞིང་དུལ་བ་ཅན། །ཐག་རིང་མི་ཡུལ་སྒྲ་གཅན་གྲོང་ཁྱེར་དུ། །འགྲོ་ ཚེ་ཕ་ཡི་བསླབ་བྱ་འདི་ལ་ཉོན། །རྒྱལ་པོའི་ཁབ་ཏུ་གནས་སར་ཐོན་པ་ལ། །བྱ་བ་ཐམས་ཅད་ ཆོས་ལ་སྙིང་པོ་ཚོལ། །སྙིང་པོ་ཆོས་ཉིད་འཇིག་རྟེན་གཞན་ལ་མེད། །རང་ལ་གདོད་ནས་ལྷུན་ གྲུབ་ཆོས་ཀྱི་སྐུ། །བདེ་གཤེགས་སྙིང་པོ་འོད་གསལ་བཞུགས་པ་ལགས། །བུམ་ནང་མར་མེ་ སྤྲིན་ལ་ཉི་ཟླ་དང༌། །མི་གཙང་ནང་དུ་ནོར་བུ་དབུལ་པོའི་གཏེར། །འདམ་རྫབ་ཁྲོད་དུ་གསེར་ བཞིན་དྲི་མ་མེད། །སྤྲང་མ་སྦྲང་རྩི་ཤུན་ནང་འབྲས་བུ་ལྟར། །མ་དག་སེམས་ཅན་སངས་རྒྱས་ 1-1-79 སྙིང་པོ་ཅན། །རང་ལ་མ་གཏོགས་སངས་རྒྱས་གཞན་མ་མཆིས། །དེ་ཉིད་མཐོང་ན་རྫོགས་ པའི་བྱང་ཆུབ་ཡིན། །སངས་རྒྱས་འཕྲིན་ལས་དཔག་མེད་སྟོན་པ་སྟེ། །ལྷ་མོ་ཁྱོད་ནི་དེ་ཉིད་ ཐོབ་པའི་ཐབས། །ཤིན་ཏུ་ཡང་ཡང་བརྩོན་འགྲུས་ནན་ཏན་མཛོད། །སྙིང་པོ་མ་ཐོབ་སེམས་ ཅན་སྡུག་བསྔལ་ཅན། །དེ་དག་ཐོག་མེད་དུས་ནས་ཕ་མ་ཡིན། །སྦྱིན་པ་རྣམ་བཞིས་དེ་དག་ སྐྱོབ་པར་འཚལ། །སྡིག་ལྡན་སྐྱེ་བོ་ལེ་ལོ་ངན་སེམས་རྣམས། །རིམ་བཞིན་ཆོས་ལ་སྦྱར་ནས་ རེ་ལྟོས་མཛོད། །ཚེ་འདི་མི་རྟག་འདུས་བྱས་ནང་ན་ཡང༌། །ཤིན་ཏུ་མི་རྟག་ཚེ་འདི་ནམ་མཁའི་ གློག །རྩྭ་རྩེ་ཟིལ་བ་ཆུ་ཡི་ཆུ་བུར་བཞིན། །དགེ་བ་འབད་པའི་དོན་མཆོག་གྲུབ་པར་མཛོད། ། གནས་སྐབས་ཀུན་ཏུ་མི་དང་མཐུན་པ་ཡི། །བྱ་བ་ཐམས་ཅད་བསམ་བློ་བཏང་ནས་ཀྱིས། ། ལྐོག་ཟས་ཤོ་གླུ་ཆང་བརྫི་ངན་སྤྱོད་དང༌། །མཚང་འབྲུ་དམོད་པ་ཀུ་ཅོ་འཐབ་མོ་རྣམས། ། དུག་བཞིན་སྤོངས་ཤིག་ལྷ་མོ་ཉི་མ་སྒྲོན། །གཡོག་འཁོར་བློན་འབངས་གོས་ཟས་ལྷུག་པར་ གཏོང༌། །ཁྱིམ་མཚེས་དག་ལ་གཡར་བོ་ཅི་དགར་སྩོལ། །གནོད་བྱེད་ཐམས་ཅད་ཡིད་བཞིན་ ནོར་བུ་ལྟར། །སྙིང་རྗེས་སྐྱོ་ངལ་མེད་པར་ཡང་ཡང་ལྟོས། །རྙེད་དང་བཀུར་སྟི་རོ་ལ་ཆགས་ པ་སྤོངས། །གཡོ་སྒྱུ་ཁྲེལ་མེད་དམུ་རྒོད་སྐྱེས་བུ་ཅན། །གྲོགས་ངན་གསར་དད་ཅན་དང་ མཛའ་མི་བྱ། །མི་ཆེན་སྔོན་དུ་བྲན་གཡོག་བུ་ཕྲུག་རྣམས། །རྔ་ལྟར་མི་བརྡུང་དུང་བཞིན་ འབུད་མི་བྱ། །ཐབ་ཀར་ཐལ་བས་མི་གཙང་ག་དར་གྱིས། །བཤེས་གཉེན་དྲུང་དུ་སྒ་བྲང་རྒྱུག་ འགྲོས་དང༌། །ངོ་ཚ་ཚུལ་འཆོས་འཁྲིག་པའི་ཚིག་རྣམས་དང༌། །རྐང་བརྐྱངས་ནུ་མ་མི་བསྟན་ ཚུལ་བཞིན་གྱིས། །དད་པས་སྐྱོ་ངལ་མེད་པར་བློ་ཕུག་གཏོད། །ཁ་ཏོན་བཟླས་བརྗོད་འདུ་ བྲལ་མེད་པར་མཛོད། །སྒྲིབ་གཉིས་དྲི་མའི་སྦུབས་ལས་ངེས་གྲོལ་ནས། །བདེ་གཤེགས་སྙིང་ པོ་ཆོས་སྐུ་ཐོབ་པར་གསུངས། །ཆུ་ཁམས་གསེར་དང་ནམ་མཁའ་དག་པ་ལྟར། །དབྱིངས་ རིག་དབྱེར་མེད་དང་པོའི་སངས་རྒྱས་ནི། །གདོད་ནས་རྟག་ཏུ་བཞུགས་པ་ཐོབ་གྱུར་ནས། ། 1-1-80 རྒྱ་ཆེན་གཟུགས་སྐུ་དཔག་བསམ་ཤིང་ཆེན་དང༌། །ནོར་བུ་ལྷ་རྔ་བཞིན་དུ་འགྲོ་ཀུན་གྱི། །རེ་ འདོད་འབད་མེད་ལྷུན་གྱིས་གྲུབ་པ་ལགས། །ཕ་མ་ཉེ་འབྲེལ་ཆོས་ལ་རོལ་པ་ཡིས། །བཀྲ་ ཤིས་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །དེ་ནས་བུ་མོས་ཡབ་ཡུམ་གཉིས་ལ་ཕྱག་བྱས་ནས། ཀྱེ་མ་ཡབ་མཆོག་གྲགས་པ་འབྱུང་གནས་དཔལ། །བདག་ལ་གསུངས་པའི་བསླབ་བྱ་རིན་པོ་ ཆེ། །ཞྭ་བཞིན་སྤྱི་བོར་བཀུར་རོ་ཆོས་ཀྱི་རྒྱལ། །གཟི་ཕྲེང་བཞིན་དུ་མགུལ་ལ་བཏགས་པར་ བགྱི། །གདུ་བུ་བཞིན་དུ་ལག་ལ་འཆང་ངོ་ཡབ། །བཤན་གྲི་བཞིན་དུ་རྐེད་ལ་བཏགས་པར་ འཚལ། །ཆོས་ལ་དོན་གཉེར་བགྱི་འོ་གྲགས་པ་འབྱུང༌། །འགྲོ་ལ་སྙིང་རྗེ་བསྐྱེད་དོ་མི་དབང་ ཁྱོད། །མགྲོན་དང་ཞབས་ཏོག་འབད་དོ་རྒྱལ་ཆེན་པོ། །ངོ་ཚ་ཁྲེལ་ལ་འཇུག་གོ་དུང་སྒྲ་ སྒྲོགས། །ཀུན་དང་མཐུན་པར་བགྱི་འོ་ནོར་བུའི་སྐུ། །ཆོས་སྟོན་སྙིང་པོ་བསྒོམ་མོ་ནོར་གྱི་ བདག །འཁོར་བའི་ཆོས་ལ་ཡིད་འབྱུང་སྐྱོ་བར་བགྱི། །བྲན་གཡོག་ཐམས་ཅད་གོས་ཟས་ སྐྱོང་བར་འཚལ། །བྱམས་པའི་ཚིག་ནི་འགྲོ་ལ་སྨྲ་བར་བགྱི། །ཤར་ཕྱོགས་བྲག་དཀར་གླང་ པོ་འདྲ་བ་ལ། །ཁ་ནས་འབབ་པའི་ཆུ་བོ་གང་གཱ་ལྟར། །ཡབ་མཆོག་རྒྱལ་པོའི་སྐུ་ཚེ་རིང་བར་ ཤོག །ལྷོ་ནས་བྲག་ནག་ཁྱུ་མཆོག་འདྲ་བའི་ཁར། །འབབ་པའི་ཆུ་བོ་སི་ཏའི་རྒྱུན་བཞིན་དུ། ། ཡུམ་ཆེན་དྲི་མེད་སྐུ་ཁམས་དྭངས་པར་ཤོག །ནུབ་ཏུ་བྲག་དམར་རྟ་མཆོག་འདྲ་བའི་ཁར། ། འབབ་པའི་ཆུ་བོ་པཀྵུའི་རྒྱུན་བཞིན་དུ། །མིང་པོ་རྣམས་ཀྱི་དཔལ་འབྱོར་རྒྱས་པར་ཤོག ། བྱང་ན་བྲག་སྔོན་སེང་གེ་འདྲ་བའི་ཁར། །འབབ་པའི་ཆུ་བོ་ནཻ་རཉྫ་ན་ལྟར། །བློན་འབངས་ རྣམས་ཀྱི་བློ་སྣ་རྒྱས་པར་ཤོག །ཅེས་དང༌། པད་མའི་གྲོང་ནས་ཡུལ་སྒྲ་གཅན་དུ་ལྷ་མོ་ཉི་ མའི་སྒྲོན་མ་གླང་ཁལ་བར་མ་ཆད་པར་བརྫངས་ནས། ནམ་མཁའ་ལ་འཇའ་འོད་དང༌། མེ་ ཏོག་སྣ་ཚོགས་འཐོར་རོ། །ཡང་རྟ་པ་བརྒྱས་བཻཌཱུརྱ་དང༌། པད་མ་རཱ་ག་དང༌། ཨ་སྨ་ཀ་ར་བ་ དང༌། དངུལ་གྱི་དོང་ཙེ་བརྒྱ་ཁྱེར་ཏེ། རྒྱལ་པོ་དྲི་མེད་འོད་ཟེར་ལ་སྨྲས་པ། མི་དབང་རིན་ཆེན་ 1-1-81 དྲི་མེད་འོད་ཟེར་ཅན། །རྔ་སྒྲ་རྒྱལ་པོའི་སྲས་མཆོག་འཇིག་རྟེན་དབང༌། །དཔག་མེད་བསོད་ ནམས་བརྒྱ་ཕྲག་དཔལ་གྱིས་བརྗིད། །དེ་ཡི་བཙུན་མོར་ནམ་མཁའི་སྒྲོན་མེ་ཞུ། །རྒྱལ་པོས་ བུ་མོ་ལ་ན་རེ། ཤེས་རབ་གཟུགས་མཛེས་བུ་མོ་ཚུལ་བཟང་མ། །ལེ་ལོ་ཀུན་སྤངས་དགེ་ལས་ རྩོལ་བ་ཁྱོད། །རྔ་སྒྲ་རྒྱལ་པོའི་མནའ་མར་འགྲོ་འམ་ཅི། །ལེགས་པར་སྨྲོས་ཤིག་མཛེས་ལྡན་ ཡིད་འཕྲོག་མ། །བུ་མོས་སྨྲས་པ། ཀུན་གྱི་རྗེ་བོ་ཡབ་མཆོག་དྲི་མ་མེད། །རྔ་སྒྲ་རྒྱལ་པོའི་ དཔལ་འབྱོར་རྒྱས་པ་ནི། །འཇིག་རྟེན་དག་ན་དཔེ་ནི་ཡོད་མ་ཡིན། །རྒྱལ་བུ་དེ་ཡང་ཤཱཀྱའི་ གདུང་ལས་ཆད། །ཅེས་དང༌། གསེར་དངུལ་དར་ཟབ་སྣ་ཚོགས་པ་གླང་ཁལ་དུ་མ་དང་སྐྱེལ་ ཐུང་མཛད་པའི་ཚེ་ན། རྒྱལ་པོས་བུ་མོ་ལ་སྨྲས་པ། བུ་མོ་ལྟ་སྡུག་ཞི་ཞིང་དུལ་བའི་མཆོག ། མདོག་དཀར་དྲི་བཟང་ལྡན་པའི་འོད་ཟེར་འཕྲོ། །ནོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ པའི་དཔལ། །དབང་པོ་ཚང་ཞིང་ཡན་ལག་གཞོན་ཤ་རྒྱས། །གཅེས་པའི་བུ་མོ་ཕ་ཡི་བསླབ་ བྱ་ཉོན། །སྔོན་བསགས་སྟོབས་ཀྱིས་ཁོ་བོའི་བུ་མོར་འཁྲུངས། །ད་ནི་ཐག་རིང་མི་ཡུལ་བགྲོད་ པའི་དུས། །ལྷ་རིགས་ཡིན་པས་ཉམས་གྲིབ་དག་ལ་གཟོབ། །འཇིག་རྟེན་སྐྱེས་བུ་ངན་སེམས་ ཕྲག་དོག་ཆེ། །འཁོན་འགྲས་འཐབ་མོའི་རིགས་ལ་གཟབ་པར་འཚལ། །བློ་གཏད་དཀོན་ མཆོག་གསུམ་ལ་གྱིས་ཤིག་སྲས། །མ་དད་ལོག་ལྟ་ཐག་རིང་རྒྱང་ལ་བོར། །ཚུལ་ཁྲིམས་ བསྲུངས་ན་མཐོ་རིས་གནས་སུ་འཕེན། །ཉེས་པ་ཀུན་བསྐྱེད་ཁྲིམས་ཉམས་ང་རྒྱལ་བོར། །བླ་ མ་བསྟེན་ནས་ཡོན་ཏན་དངོས་གྲུབ་འབྱུང༌། །ཐེ་ཚོམ་སོམ་ཉི་ངན་སེམས་རྒྱང་ལ་བོར། །ལོག་ འཚོ་མ་བྱིན་ལེན་དང་སྡིག་པའི་ལས། །ཆེ་ཆུང་བདུད་ལས་ཡིན་པས་རྒྱང་ལ་བོར། །མཆེད་ གྲོགས་དག་སྣང་ཆོས་ལ་མོས་གུས་ཀྱིས། །བླ་མའི་བྱིན་རླབས་ཆར་བཞིན་འབེབས་པ་ཡིན། ། ལྷ་ཁང་མཆོད་རྟེན་བཞེངས་དང་ཞིག་གསོ་དང༌། །གསུང་རབ་བྲིས་འདོན་འཆད་ཉན་ཁ་ ཏོན་དང༌། །མཆོད་འབུལ་ཕྱག་བསྐོར་ཡོན་འབུལ་གང་ཡིན་པ། །བར་ཆད་སེལ་ཞིང་བདེ་ 1-1-82 འགྲོ་ཐོབ་པ་ཡིན། །ད་ལྟ་ལྷ་ལུས་རིན་ཆེན་ཐོབ་དུས་འདིར། །ཕྱི་ཆེས་དག་ལ་ཡང་ཡང་འབད་ པར་འཚལ། །དཔེར་ན་རྣམ་པར་རྒྱལ་བའི་ཁང་བཟང་ལྟར། །རྟ་བབས་ལྗོན་ཤིང་སྐྱེད་མོས་ ཚལ་རྣམས་དང༌། །ཁང་བཟང་ཀ་རྒྱན་ནང་དུ་ལོངས་སྤྱོད་དང༌། །བུ་ཕོ་བུ་མོ་ཉེ་འབྲེལ་རྗེ་ བློན་དང༌། །བྲན་གཡོག་དགའ་བའི་རིགས་ཀྱིས་འཁོར་དུ་བསྐོར། །ལོངས་སྤྱོད་མི་ཟད་ གཏེར་ལ་སྤྱད་གྱུར་ཀྱང༌། །འཆི་བའི་དུས་སུ་ཅིས་ཀྱང་དགོས་པ་མེད། །དེ་རྣམས་ཆོས་དང་ མཐུན་པའི་བསླབ་བྱ་ཡིན། །འདི་ནས་མི་ཡུལ་གནས་སར་སླེབས་པའི་ཚེ། །བྱ་བ་ཡུལ་ཆོས་ ཉིད་དང་མཐུན་པར་གྱིས། །ཁྱེད་རང་བྱ་བཞག་བློ་སྣ་མཁས་གྱུར་ཀྱང༌། །གཞན་ལ་ཁྱད་ གསོད་བརྙས་པ་མ་བྱེད་ཅིག །ཁྱེད་རང་གོང་ནས་མཛེས་གཞན་མེད་ན་ཡང༌། །འོག་མ་ རྣམས་ལ་སྙན་པའི་ཚིག་གིས་བསྟོད། །ངོ་འཛུམ་མདངས་ལྡན་དཀར་པོ་ཀུན་ལ་གྱིས། ། མཛངས་གཏམ་བུ་དང་གཉེན་བཤེས་དག་ལ་གསུངས། །བྱ་བྱེད་ཐམས་ཅད་བསམ་བླཽ་ ཐོངས་ལ་གྱིས། །ཉེ་རིང་ཕྱོགས་རིས་མ་བྱེད་མཉམ་པོར་སྐྱོངས། །སྐྱེ་བ་གཞན་གྱིས་བར་ཆད་ མ་བྱུང་བར། །ཡབ་སྲས་མཇལ་ནས་གསུང་གླེང་བྱ་བར་སྨོན། །དེ་ནས་བུ་མོས་ཡབ་ཀྱི་ཕྱག་ ནས་འཇུས་ཏེ་སྨྲས་པ། དྲི་མེད་རྒྱལ་པོ་མང་པོའི་མགོན་གཅིག་པུ། །རྣམ་ཐོས་བུ་ལྟར་འཁོར་ དང་ལོངས་སྤྱོད་རྒྱས། །ཕྱག་རྡོར་ལྟ་བུས་ཕ་རོལ་དཔུང་རྣམས་གནོན། །ལུས་སྲོག་བསྐྱེད་ པའི་ཡབ་ཁྱེད་ང་ལ་གསོན། །མངལ་ནས་སྐྱེས་ཚེ་ལུས་ནི་མ་རྫོགས་པར། །རྒྱན་དང་ཆ་ ལུགས་རོ་མཆོག་ཟས་ཀྱིས་བསྐྱངས། །སྤྱན་འབྲས་ལྟ་བུར་བདག་ལ་གཅེས་སྤྲས་བྱས། །ཕ་ མ་ཉེ་འབྲེལ་འཁོར་འབངས་བཞག་གྱུར་ནས། །ཆ་མེད་ཡུལ་དུ་བུ་མོ་འགྲོ་དགོས་ཤིང༌། །དོན་ མེད་མི་ལ་ངོ་ཤེས་བྱེད་དགོས་པས། །བསམ་བློ་བཏང་ནས་སྙིང་གི་ཟེའུ་འབྲུ་སྐྱོ། །བུ་མོ་ཟེར་ བའི་སྐྱེ་དམན་ལས་ངན་ཡིན། །ཕ་མ་ཉེ་འབྲེལ་བོར་ནས་མི་ཡུལ་འགྲོ། །བསམ་ལོ་བཏང་ན་ དགྲ་ཡང་མཆི་མ་ཤོར། །ཡོན་ཏན་བརྒྱ་ཕྲག་རྫོངས་བ་བྱས་གྱུར་ཀྱང༌། །དོན་མེད་མི་ཡི་ནོར་ 1-1-83 བུ་བྱས་པར་གདའ། །འོན་ཏེ་ཡབ་ཀྱི་བཀའ་ལས་མི་འགལ་ཕྱིར། །བུ་མོ་བཏང་སར་འགྲོ་ལ་ བཞག་སར་འདུག །ཡབ་ཁྱོད་འབྱུང་བཞིས་བསྡུས་པའི་སྐུ་ལུས་ལ། །མི་མཐུན་གནོད་པའི་ རྐྱེན་གྱིས་མ་གོས་པར། །རྡོ་རྗེ་ལྟ་བུར་སྐུ་ཚེ་བརྟན་གྱུར་ཅིག །དྲིན་ཅན་ཡབ་ཀྱིས་ཕན་པར་ སྨྲས་པའི་གསུངས། །བུ་མོའི་ཡིད་ལ་འཆང་ངོ་དྲི་མ་མེད། །སྙིང་གཏམ་ཐུགས་ལ་བཏག་གོ་ དྲིན་ཅན་ཡབ། །ཐུགས་རྗེས་རྒྱུན་དུ་གཟིགས་ཤིག་ཆོས་ཀྱི་རྒྱལ། །མྱུར་དུ་ཡབ་སྲས་ཡང་ ཡང་མཇལ་ནས་ཀྱང༌། །ཆོས་དང་མཐུན་པའི་གསུང་གླེང་བགྱིད་པར་ཤོག །དེ་ནས་བུ་མོ་ གཉིས་གྲོང་ཁྱེར་སྒྲ་གཅན་དུ་བསྡུས་ཏེ། རྒྱལ་བུ་རྒྱལ་སར་བཏོན་ནས། དབུལ་བ་དང༌། འོན་ ལྐུགས་དང༌། ཞ་ལོང་དང༌། ནད་པ་རྣམས་བསྡུས་ནས། ལོ་དྲུག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ རྫོགས་པར་བྱས་སོ། །རྒྱལ་བུའི་གྲགས་པས་གཟུགས་ཁམས་མན་ཆད་ཁྱབ་པར་གྱུར་ཏོ། ། རྒྱལ་བུ་འཇིག་རྟེན་དབང་ཕྱུག་ཏུ་སྐྱེས་པའི་རབས་ཏེ་བཅུ་གསུམ་པའོ།། །། ༈ ཡང་ཆོས་ཀྱི་རྒྱལ་པོ་ཞིག་ཏུ་བལྟམས་པར་གྱུར་ཏོ། །མེ་ཏོག་ས་ལུ་རོལ་པའི་མདོ་ ལས། ཤཱ་རིའི་བུ། སྔོན་བསྐལ་པ་དྲུག་ཅུ་རྩ་དགུ་འདས་པ་ན། བཅོམ་ལྡན་འདས་སྨན་པའི་ རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སྙེད་དོ། །ཉན་ཐོས་ཀྱི་འཁོར་ནི་ འདུས་པ་དང་པོར་ཁྲི་ཕྲག་ཉི་ཤུ་དགྲ་བཅོམ་པར་གྱུར་ཏོ། །གཉིས་པ་ལ་ནི་ཁྲི་ཕྲག་བཞི་བཅུ་ དང༌། གསུམ་པ་ལ་ནི་ཁྲི་ཕྲག་དྲུག་ཅུ་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་ ཆེ་ཞིང་ཡངས་པ་དཔག་ཚད་དགུ་ཁྲི་སྙེད་དོ། །གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་ཡོད་དེ། གྲོང་ ཁྱེར་དེ་དག་གི་བར་དུ་ཡོན་ཏན་བརྒྱད་དང་ལྡན་པའི་མཚོ་དང༌། རྫིང་བུ་དུ་མ་དང༌། སྐྱེད་ མོས་ཚལ་ལ་ཤིང་ཙན་དན་དང༌། ཨ་ཀ་རུ་དང༌། ཀ་ར་ན་དང༌། ཀླག་ཤ་དང༌། སྤོས་ཤིང་ དང༌། སྨན་ཤིང་སྣ་ཚོགས་ནི་ཕལ་ཆེར་རྩ་བ་ནི་གསེར་རོ། །སྡོང་བུ་ནི་བཻ་ཌཱུརྱའོ། །ཡལ་ག་ ནི་དངུལ་ལོ། །མེ་ཏོག་ནི་ཨ་སྨྲ་ཀ་ར་དང༌། འབྲས་བུ་ནི་ཤེལ་ལོ། །ཕལ་ཆེར་ཀྱང་དེ་ལས་ 1-1-84 འགྱུར་བའོ། །མེ་ཏོག་ཨུཏྤལ་དང༌། ཀུ་མུ་ཏ་དང༌། ཙམ་པ་ཀ་དང༌། པུནྚ་རི་ཀ་དང༌། པར་ཤ་ ཀ་དང༌། མན་དྷ་ར་བ་དང༌། ཏ་ལ་ར་དང༌། ཧ་རི་ཀ་ལ་སོགས་མེ་ཏོག་སྣ་ཚོགས་པས་ཡོངས་ སུ་གང་ངོ༌། །ཕྱོགས་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱིས་གྲམ་བུར་བརྡལ་བའོ། །བྱ་ངང་ པ་དང༌། ངུར་བ་དང༌། ཀུན་ན་ལ་དང༌། ནེ་ཙོ་དང༌། རི་སྐེགས་དང༌། རྨ་བྱ་དང༌། ཤང་ཤང་ལ་ སོགས་པ་བྱ་སྣ་ཚོགས་པས་སྙན་པའི་སྒྲ་སྒྲོག་གོ །ཕོ་བྲང་ཁོ་ར་ཁོར་ཡུག་ནི་དཔག་ཚད་བཅུ་ སྟེ། དེའི་རྒྱལ་པོ་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་ཡོད་དེ། ཤཱ་རིའི་བུ། རྒྱལ་པོ་ཡོན་ཏན་རྒྱ་མཚོའི་ བཙུན་མོ་ཆེན་མོ་མཛེས་ལྡན་མ་ལ་བུ་གཅིག་བཙས་ཏེ། རྒྱལ་བུ་དེ་སྔོན་སངས་རྒྱས་མང་པོ་ ལ་བསྙེན་བཀུར་བྱས་པས། གཟུགས་རབ་ཏུ་མཛེས་པ་གཟི་བརྗིད་ཆེན་པོའི་མཚན་དང་ལྡན་ པ། བསོད་ནམས་དང་ཡོན་ཏན་དཔག་ཏུ་མེད་པ་བལྟ་ན་སྡུག་པ། འགྲོ་བ་ཀུན་གྱི་ཡིད་དུ་ འོང་བ་ཞིག་བཙས་པའི་ཚེ་ན། གྲོང་ཁྱེར་དེ་ནས་རིན་པོ་ཆེ་མང་པོའི་གཏེར་ཡང་རྡོལ་ལོ། །ལྷ་ རྣམས་དགའ་བས་རོལ་མོའི་སྒྲ་སྣ་ཚོགས་དཀྲོལ་ལོ། །མེ་ཏོག་སྣ་ཚོགས་པའི་ཆར་ཆེན་རབ་ ཏུ་འབབ་བོ། །ཀུན་གྱིས་འདི་སྐད་ཅེས་སྨྲས་སོ། །རྒྱལ་བུ་བསོད་ནམས་ལྡན་པ་འཇིག་རྟེན་དུ་ བྱུང་ངོ༌། །ཞེས་མཚན་ནི་བསོད་ནམས་ལྡན་པ་ཞེས་བཏགས་སོ། །རྒྱལ་བུ་ཆེར་སྐྱེས་ནས་བྱིས་ པ་མང་པོ་དང་བཅས་ཏེ་སྐྱེད་མོས་ཚལ་དུ་འཆག་ཅིང༌། ཙན་དན་གོ་ཤིརྵའི་ནགས་ཚལ་དུ་རྩེ་ བའི་ཚེ་ན། ནམ་མཁའ་ལ་འཇའ་འོད་འཁྱིལ་བའི་གུར་དུ་སངས་རྒྱས་སྨན་པའི་རྒྱལ་པོ་རབ་ ཏུ་མཛེས་པ། ཨུཏྤལ་ལྟ་བུ་ཉི་ཟླའི་འོད་ལས་ལྷག་པ། གསེར་གྱི་རི་བོའི་འོད་དཔལ་དང་ལྡན་ པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འཁོར་དུ་མ་ལ་ཆོས་སྟོན་པར་མཐོང་ངོ༌། །མཐོང་ ནས་ཀྱང་རྒྱལ་བུས་འདི་སྙམ་སྟེ། ཨེ་མ་བདག་གིས་ཀྱང་མཚན་དཔེས་བརྒྱན་པའི་ལུས་ཅིའི་ ཕྱིར་མ་ཐོབ་ཅེས་སེམས་བསྐྱེད་མ་ཐག་ཏུ་སངས་རྒྱས་ཀྱི་སྐུ་མི་སྣང་བར་གྱུར་ཏོ། །དེ་ནས་ རྒྱལ་བུ་མྱ་ངན་གྱིས་སེམས་ནོན་ཏེ། བྱིས་པ་དང་མི་རྩེ་ཞིང༌། བུ་མོ་རྣམས་ཀྱང་མི་འདོད་ 1-1-85 དོ། །ཙན་དན་གྱི་ཚལ་དུ་བྱུང་ནས་རང་གི་ཁང་བཟང་ལ་བཞུགས་སོ། །སྒོ་བཅད་ནས་འདི་ སྙམ་སྟེ། སེམས་ཅན་རྣམས་ནི་འདོད་ཆགས་ཀྱིས་གདུངས་ཏེ་སྐྱོན་རབ་ཏུ་མང་ངོ༌། །བདག་ ནི་ཡེ་ཤེས་དམ་པའི་མཆོག་གི་ལུས་འདོད་པ་ཡིན་ན། གལ་ཏེ་བདག་ཀྱང་འདོད་ཆགས་ཀྱི་ ནད་ཀྱིས་གཟིར་བའི་ལས་སྤྱོད་ན། ཕལ་པའི་སེམས་ཅན་དང་ཁྱད་པར་ཅི་ཡོད། དེ་བཞིན་ དུ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་ལ་སོགས་པ་སྤངས་ཏེ། བདག་གིས་ བདག་བཏུལ་ནས་ཡང་དག་པའི་ལམ་བཙལ་ལོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྙམ་ ནས། དེའི་ཚེ་ཡབ་ཡུམ་གཉིས་འདི་སྙམ་སྟེ། རྒྱལ་བུ་འདི་ལྟར་མི་རྩེ་འདོད་པའི་ཡོན་ཏན་ལྔ་ ཡང་སྤངས། གང་ཟག་སུ་ཞིག་གིས་གནོད་པ་བྱས་སྙམ་ནས། རྒྱལ་བུའི་རྩར་ཕྱིན་ཏེ་ཚིགས་ སུ་བཅད་པ་སྨྲས་པ། ཆོས་ཀྱི་ཁང་བཟང་བཀྲ་ཤིས་འོད་འབར་བ། །སྣ་ཚོགས་ཤིང་གིས་ མཛེས་པས་རྣམ་པར་བརྒྱན། །མེ་ཏོག་ཁ་འབུས་སྙན་པའི་བྱ་ཚོགས་འཕུར། །གླིང་བཞི་ཀུན་ ལས་ཁྱད་འཕགས་ཉམས་རེ་དགའ། །འཁོར་དུ་གྱུར་པ་བུད་མེད་མཛེས་པས་བསྐོར། །ཁྱོད་ ཀྱི་ཕ་དང་མ་ནི་བདག་ཅག་ལགས། །ལོངས་སྤྱོད་སྣ་ཚོགས་མི་ཟད་གཏེར་དང་ལྡན། །ཚོང་པ་ རིན་ཆེན་ནོར་ཟས་སྟོར་བ་ལྟར། །ཅི་ཡི་ཕྱིར་ན་འདི་ལྟར་ཁྱོད་མི་དགའ། །གཅིག་པུར་འདུག་ ནས་ཁྱོད་ཉིད་མྱ་ངན་བྱེད། །སུ་ཞིག་ཁྱོད་ཀྱིས་སེམས་ནི་འཁྲུག་པར་བྱེད། །ལེགས་པར་སྨྲོས་ ཤིག་ཉེས་བྱེད་ཆད་པ་གཅོད། །དེ་ཡི་ཚེ་ན་རྒྱལ་བུས་ལན་བཏབ་པ། །སུས་ཀྱང་བདག་ལ་ གནོད་པ་མ་བགྱིས་ཏེ། །རྫུན་གྱི་ཚིག་གིས་རྒྱལ་པོར་ཇི་སྐད་སྨྲ། །བདག་ནི་ཙན་དན་ཚལ་ དུ་རྩེ་བའི་ཚེ། །སངས་རྒྱས་མཚན་བཟང་ལྡན་པའི་སྐུ་མཐོང་སྟེ། །ཨུཏྤལ་མཐིང་གའི་མདོག་ ལྡན་བཅོམ་ལྡན་འདས། །འཛམ་གླིང་གསེར་གྱི་ཕུང་པོ་བཞིན་དུ་སྣང༌། །འོད་ཟེར་སྣ་ཚོགས་ ཕྱོགས་བཅུར་རྣམ་པར་འགྱེད། །ནོར་བུ་ཉི་ཟླ་མེ་འོད་སྐར་མའི་འོད། །སངས་རྒྱས་སྐུ་ཡི་ འོད་ཀྱིས་ཟིལ་གྱིས་གནོན། །དེ་འདྲ་མཐོང་ནས་བདག་སེམས་རབ་ཏུ་འཁྲུག །འགྲོ་ཀུན་སྐྱེ་ 1-1-86 རྒ་ན་འཆིས་གཟིར་བ་ལ། །བདག་གིས་སེམས་ཅན་སྡུག་བསྔལ་བསྒྲལ་བའི་ཕྱིར། །མཚན་ དང་དཔེ་བྱད་ཡེ་ཤེས་སྐུ་བསྒྲུབས་ཏེ། །བསམ་གྱིས་མི་ཁྱབ་མཐུ་རྩལ་སྟོབས་གྱུར་ནས། །རྒྱ་ ཆེར་སེམས་ཅན་ཀུན་གྱི་དོན་བགྱིས་ཤིང༌། །འདོད་པའི་བུད་མེད་མཛེས་མ་བདག་མི་འཚལ། ། རབ་ཏུ་བྱུང་སྟེ་རྣལ་འབྱོར་བསྒོམ་པར་བགྱི། །ཐར་པའི་ཆོས་གོས་ངུར་སྨྲིག་གྱོན་པར་འཚལ། ། ཡབ་ཡུམ་ཁྱེད་ཀྱང་རབ་ཏུ་བྱུང་བར་ཞུ། །ལྷན་ཅིག་ཉིད་དུ་བྱང་ཆུབ་བསྒོམ་པར་བྱ། །གང་ གིས་འདོད་པས་བཅིངས་པའི་མི་རྣམས་ལ། །དགེ་བའི་ཆོས་ཀུན་མ་ལུས་གསོད་པར་བྱེད། ། ངན་འགྲོ་འཁོར་བའི་སྡུག་བསྔལ་གནས་སུ་འཕེན། །དེ་ཕྱིར་སངས་རྒྱས་བསྟན་ལ་རབ་ བྱུང་ཚེ། །དེ་ཡི་བར་ཆད་གེགས་བྱེད་གང་ཡིན་པ། །མཚམས་མེད་ལྔ་དང་མཚུངས་པའི་སྡིག་ ཆེན་ཐོབ། །རབ་ཏུ་བྱུང་བའི་མི་མཆོག་འགའ་ཞིག་ལ། །དཀར་པོ་དགེ་བའི་ཆོས་ཀུན་རབ་ ཏུ་སྐྱེ། །སྐྱེ་ཤི་འཁོར་བའི་གནས་སུ་ཕ་རོལ་ཕྱིན། །བདག་ཅག་གེགས་མེད་ལོངས་སྤྱོད་ཕུན་ སུམ་ཚོགས། །དལ་འབྱོར་རྙེད་དཀའ་མི་ལུས་ཐོབ་པ་ཡིས། །དགེ་བའི་ཆོས་ལ་སྔོན་སྦྱངས་ ལས་སད་དེ། །སངས་རྒྱས་སྨན་པའི་རྒྱལ་པོ་ལྷང་ངེར་མཐོང༌། །དགེ་བའི་ཆོས་ལ་ཡང་དག་ འགོད་པར་བྱེད། །སངས་རྒྱས་དེ་ལ་བདག་ཅག་རབ་བྱུང་གསོལ། །དེ་ནས་རྒྱལ་པོ་འཁོར་ དང་བཅས་པ་སངས་རྒྱས་སྨན་པའི་རྒྱལ་པོ་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ཚིགས་སུ་བཅད་པས་སྨྲས་པ། བཅོམ་ལྡན་བདག་ནི་ བདུད་ཀྱི་དྲ་བས་བཅིངས། །སྤྱོད་པ་ངན་པ་འདོད་པ་ལྔ་ལ་སྤྱོད། །བག་མེད་སྡུག་བསྔལ་ ཀུན་གྱི་རྩ་བ་སྟེ། །བཅོམ་ལྡན་བདག་ཅག་རབ་བྱུང་གནང་བར་སྨོན། །ཉོན་མོངས་དྲ་བས་ བཅིངས་པ་བཀྲོལ་དུ་གསོལ། །ཤཱ་རིའི་བུ། བཅོམ་ལྡན་འདས་སྨན་པའི་རྒྱལ་པོས་རྒྱལ་པོ་ ཡོན་ཏན་རྒྱ་མཚོ་དེ། འཁོར་བཅས་རབ་ཏུ་བྱུང་བར་གནང་སྟེ་བསྙེན་རྫོགས་འབོག་གོ །རྒྱལ་ བུ་དང་འཁོར་བརྒྱད་ཁྲི་བཞི་སྟོང་དང༌། དེ་མ་ཡིན་པའི་བུད་མེད་སྟོང་ཕྲག་མང་པོ་རབ་ཏུ་བྱུང་ 1-1-87 ངོ༌། །ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་གཤེགས་སོ། །ཤཱ་རིའི་བུ། རྒྱལ་པོ་ཡོན་ཏན་རྒྱ་མཚོ་ དེ་ད་ལྟ་ང་ཉིད་ཡིན་ནོ། །རྒྱལ་བུ་དེ་ཚེ་དང་ལྡན་པ་ལི་ཙ་བཱི་འདི་ཉིད་ཡིན་ནོ། །རྒྱལ་བུ་བསོད་ ནམས་ལྡན་པར་སྐྱེས་པའི་རབས་ཏེ་བཅུ་བཞི་པའོ།། །། ༈ ཡང་རེ་ཞིག་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཏོ། །འཕགས་པ་ཨུཏྤལ་བཀོད་ པའི་མདོར། མོའུ་འགལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། འཇིག་རྟེན་ན་དེ་བཞིན་ གཤེགས་པ་ཡེ་ཤེས་ཕུང་པོ་ཞེས་བྱ་བ་ཞིག་གི་བསྟན་པ་ལ། རྒྱལ་པོ་འོད་ཟེར་བཟང་པོ་ཞེས་ བྱ་བ་གཟུགས་མཛེས་པ་བལྟ་ན་སྡུག་པ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་དེ། དེའི་གྲོང་ ཁྱེར་གསེར་ཅན་རྒྱར་དཔག་ཚད་ཤར་ནས་ནུབ་ཏུ་བཅུ་གཉིས་སོ། །ལྷོ་ནས་བྱང་དུ་དཔག་ ཚད་བདུན་བདུན་ནོ། །ལོངས་སྤྱོད་རྒྱས་པ་དང༌། བདེ་བ་དང༌། ལོ་ལེགས་པ་དང༌། ཉམས་ དགའ་ཞིང་སྐྱེ་བོ་མང་པོས་གང་བའོ། །དེའི་ཉེ་འདབས་ལ་གྲོང་ཁྱེར་བརྒྱད་ཁྲི་ཉིས་སྟོང་མང་ པོས་བསྐོར་བ་ཡོད་དོ། །ཕལ་བའི་གྲོང་ནི་ས་ཡ་ཕྲག་ལྔ་བདུན་འབུམ་ཡོད་དོ། །རི་བོ་དང་ པོ་དྲུག་ཁྲིའོ། །བློན་པོ་ནི་སུམ་ཁྲི་བརྒྱད་སྟོང་ཡོད་དོ། །བཙུན་མོ་ནི་དྲུག་སྟོང་སྟེ། སྲས་ནི་ཉི་ ཁྲི་ཡོད་པར་གྱུར་ཏོ། །དེ་དག་གིས་རང་རང་གི་ཤ་མན་ཆད་སྦྱིན་པ་ལ་ཡོངས་སུ་མི་གཏོང་བ་ མེད་པ་ཡོད་དོ། །དེའི་དུས་ན་ཡང་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་ གྱུར་ཏོ། །དུས་རེ་ཞིག་ན་རྒྱལ་པོ་འོད་ཟེར་བཟང་པོ་དབེན་པར་ཡང་དག་འཇོག་ལ་བཞུགས་ ནས། དེའི་དུས་ཞིག་ན་རྒྱུ་སྐར་ངན་པ་ཞིག་བྱུང་སྟེ། གཟའ་རྒོད་དུ་བ་མཇུག་རིང་ནི་ལྷོ་ནས་ བྱང་དུ་འཆར་རོ། །ལོ་བཅུ་གཉིས་སུ་ཆར་པ་མེད་པར་གྱུར་ཏོ། །བློན་པོ་དེ་དག་གིས་རྒྱལ་པོ་ འོད་ཟེར་བཟང་པོ་ག་ལ་བ་དེར་ཕྱིན་ནས་སྨྲས་པ། འོད་བཟང་ལྷ་མཆོག་མཁྱེན་མཛོད་ཅིག ། རྒྱུ་སྐར་ངན་པ་རབ་འཁྲུགས་ཤིང༌། །དགུང་ལོ་བཅུ་གཉིས་བར་དུ་ཡང༌། །ཆར་མེད་ལོ་སྐམ་ འཛམ་གླིང་གི ། མི་ཀུན་འགྱེལ་ནས་རྣམ་པར་ཉམས། །དེ་ནས་རྒྱལ་པོས་དེ་སྐད་ཐོས་ནས། 1-1-88 ཏིང་ངེ་འཛིན་ལས་ལངས་ཏེ། རབ་ཏུ་ངུ་སྟེ་མཆི་མ་བྱུང་ནས་འདི་སྐད་ཅེས་སྨྲས་སོ། །ཨེ་མ་ འཛམ་གླིང་མི་ཀུན་ཀྱང༌། །རིང་པོར་མི་ཐོགས་སྟོང་པ་སྟེ། །སངས་རྒྱས་སེམས་ཅན་བསྐྱབ་ དགོངས་ནས། །དུས་ལ་བབ་ཀྱིས་གནས་འདིར་བྱོན། །དེ་ནས་རྒྱལ་པོ་ཡུད་ཙམ་ཞིག་མྱ་ངན་ ལས་ལངས་ཏེ། དེ་ནས་སངས་རྒྱས་ཡེ་ཤེས་ཕུང་པོ་དེ་མི་ལས་ཤིན་ཏུ་འདས་པའི་སྤྱན་གྱིས་ འཛམ་བུའི་གླིང་ཀུན་ཏུ་གཟིགས་ནས། གྲོང་ཁྱེར་གསེར་ཅན་གྱི་ནམ་མཁའ་ལ་གཤེགས་སོ། ། སྣང་ལྡན་ལ་སོགས་པའི་བློན་པོ་ལྔ་སྟོང་ཙམ་ཕོ་བྲང་ཁང་བཟང་གི་སྟེང་དུ་འཁོད་པ་རྣམས་ ཀྱིས། དེ་བཞིན་གཤེགས་པ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ༌། །མཐོང་ནས་ཕན་ཚུན་རྒྱལ་ པོ་ལ་སྨྲས་པ། ལྷ་མཆོག་འོད་བཟང་གཙོ་བོ་ཁྱོད། །བཅུ་ཕྲག་ཆར་མེད་མི་ཀུན་ཤི། །དེ་རིང་ རྒྱང་ལ་བྱ་དམར་འཕུར། །སྲིན་པོ་མདངས་འཕྲོག་ཟ་བར་འོངས། །ཞེས་དང༌། རྒྱལ་པོས་ལག་ པ་གཉིས་ཀས་ངོ་འཛུམ་ལེགས་པར་ཕྱིས་ནས་སྨྲས་པ། སྣང་ལྡན་ལ་སོགས་བློན་པོ་རྣམས། ། བྱ་དམར་འཕུར་ཞིང་སྲིན་པོ་མིན། །འཇིག་རྟེན་མཁྱེན་པ་བཅོམ་ལྡན་འདས། །སེམས་ཅན་ ཀུན་ལ་སྙིང་བརྩེའི་ཕྱིར། །ཁང་བཟང་འདི་ལ་བྱོན་པ་ཡིན། །དེ་མ་ཐག་ཏུ་དེ་བཞིན་གཤེགས་ པ་རྒྱལ་པོའི་ཁང་སྟེང་དུ་བབ་ནས། རྒྱལ་པོ་ལངས་ཏེ་སངས་རྒྱས་དེ་བསུས་ནས་ཞབས་ལ་ ཕྱག་འཚལ་ཏེ། སེང་གེའི་ཁྲི་ལ་བཞུགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་འོད་བཟང་གིས་སྨྲས་ པ། ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །འཛམ་གླིང་ཡུལ་འདིར་སེམས་ཅན་ཀུན། །འབྱོར་ བ་དམན་པའི་སྡིག་ཅན་རྣམས། །ཐུགས་བརྩེ་ཆེན་པོས་གཟུང་དུ་གསོལ། །དེ་ནས་དེ་བཞིན་ གཤེགས་པས་རྒྱལ་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྐྱེ་ བ་དང༌། འཇིག་པའི་རང་བཞིན་དུ་ལྟོས་ཤིག་འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་འདི་ནི་གཟུགས་སོ། ། གཟུགས་འདི་སྐྱེ་བའོ། །གཟུགས་འདི་འཆི་བའོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། ། འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པ་སྟེ། (ཀ་ཡ་གྷོ་རིའི་མདོ་ལས། སེམས་ནི་སྒྱུ་མ་ 1-1-89 དང་མཚུངས་པ། །རྟེན་ཅིང་འབྲེལ་བར་འབྱུང་བའོ། །གནས་མེད་པའོ། །དངོས་མེད་བླ་གབ་ མེད་པའོ། །ཅེས་གསུངས་པ་ལྟར། )རྣམ་པ་ཤེས་པ་འདི་ནི་སྐྱེ་བའོ། །རྣམ་པར་ཤེས་པ་འདི་ ནི་འཆི་བའོ། །རྒྱལ་པོ་ཆེན་པོ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་སྐྱེ་བ་དང་འཇིག་པར་རྗེས་སུ་ ལྟ་ཞིང་གནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་ཏོ། །ཡང་ དག་བསྟེན་ནས་ཆགས་གྱུར་པ། །ཆགས་ལས་སྡུག་བསྔལ་འདི་བྱུང་སྟེ། །དེ་ཕྱིར་མཁས་པས་ ཆགས་པ་སྤངས། །བསེ་རུ་ལྟ་བུར་གཅིག་ཏུ་སྤྱོད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ གསུངས་མ་ཐག་ཏུ། སྐད་ཅིག་དེ་ཉིད་ལས་ཕྱོགས་བཞི་ཀུན་ཏུ་སྤྲིན་ན་བུན་སྟུག་པོ་རྣམས་ ལངས་ཏེ། དུས་ཀྱི་ཆར་བ་མུ་ཏིག་མཐིང་ག་གཏོར་བ་ལྟར་འབབ་བོ། །དུས་ཀྱི་བྱེ་བྲག་ལ་ འབྲས་ཀྱི་ཆར་བ་དང༌། ནས་དང༌། ཏིལ་དང༌། སྲན་མ་དང༌། ལོ་མ་དང༌། མེ་ཏོག་དང༌། ཏིལ་ མར་དང༌། བུ་རམ་དང༌། ག་ར་དང༌། གཞན་ཡང་ཟ་བར་འོས་པ་སྣ་ཚོགས་ཀྱི་ཆར་འབབ་བོ། ། མོའུ་འགལ་གྱི་བུ་དག་འདི་ལྟ་སྟེ། ཞག་དང་པོ་ལ་འབྲུའི་ཆར་འབབ་བོ། །གཉིས་པ་ལ་ནོར་ གྱི་ཆར་དང༌། གསུམ་པ་ལ་རིན་པོ་ཆེའི་ཆར་འབབ་བོ། །རྒྱལ་པོ་འོད་ཟེར་བཟང་པོའི་མཐུས་ མི་ཐམས་ཅད་དཔལ་འབྱོར་རྒྱས་པར་གྱུར་ཏོ། །མོའུ་འགལ་གྱི་བུ་དག་རྒྱལ་པོ་འོད་ཟེར་ བཟང་པོ་དེ་གཞོན་ནུ་ལི་ཙ་བཱི་མཐོང་བ་དགའ་བ་འདི་ཉིད་ཡིན་ནོ། །དེ་བཞིན་གཤེགས་པ་དེ་ འོད་དཔག་མེད་ཡིན་ནོ། །རྒྱལ་པོ་འོད་བཟང་དུ་སྐྱེས་པའི་རབས་ཏེ་བཅོ་ལྔ་པའོ།། །། ༈ ཡང་རེ་ཞིག་དུག་འཇོམས་རྨ་བྱ་མཛེས་ལྡན་དུ་གྱུར་ཏོ་ཞེས་གྲག་གོ །འཕགས་པ་པད་ མ་སྤུངས་པའི་མདོ་ལས། བཅོམ་ལྡན་འདས་ལ་བྱམས་པས་གསོལ་པ། བཅོམ་ལྡན་འདས་ གཞོན་ནུ་ལི་ཙ་བཱི་མཐོང་ན་དགའ་བ་འདི་ནི། སེམས་ཅན་ཐམས་ཅད་ལ་ལྷག་པའི་སྙིང་རྗེ་ དང་བཟོད་པ་ཆེན་པོ་དང་ལྡན་པ་ནི་ངོ་མཚར་ཆེའོ། །ཞེས་དང༌། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། མི་ཕམ་པ་ཉོན་ཅིག །ཚེ་དང་ལྡན་པ་གཞོན་ནུ་ལི་ཙ་བཱི་བཟོད་པ་དང་ལྡན་པ་ 1-1-90 འདི་ད་ལྟ་འདིར་མ་ཟད་ཀྱི། སྔོན་བྱུང་བ་བསྐལ་པ་གོ་དྲུག་འདས་པའི་སྔ་རོལ་ཏུ། དེ་བཞིན་ གཤེགས་པ་སེང་གེའི་ང་རོ་ཞེས་བྱ་བའི་བསྟན་པ་ལ། ཡུལ་ཝཱ་རཱ་ཎ་སཱིའི་མཐའ་ལོགས་སུ་ ཐག་ཧ་ཅང་མི་རིང་བ་ཞིག་ཏུ། དགའ་བ་རོལ་པའི་མཚོ་ཞེས་བྱ་བ། ཞིང་དང་ཁྱོན་ནི་དཔག་ ཚད་དྲུག་གོ །ཁ་དོག་ནི་རིན་པོ་ཆེ་ཨ་ད་རྙིལ་ལྟ་བུ་ཁོ་ར་ཁོར་ཡུག་ཏུ་ཡང༌། མེ་ཏོག་མནྡཱ་ར་ བ་དང༌། པ་ར་ཤ་ཀ་དང༌། ཨུ་དུམ་ཝཱ་ར་དང༌། པད་མ་དཀར་པོས་ཁེབས་ཤིང་རབ་ཏུ་དབེན་ པ། ཨརྫུ་ན་དང༌། དྷ་བ་དང༌། བེ་དུལ་དང༌། ཀུ་ཊ་ཛ་ན་ལ་སོགས་ཤིང་སྣ་ཚོགས་དང༌། དེ་ ལ་རྒྱུ་བའི་རི་དྭགས་རུ་རུ་དང༌། ཤ་ར་བྷ་དང༌། ཀྲི་ཥ་ཎ་སཱ་ར་དང༌། ཨ་ཛི་ན་དང༌། གླང་པོ་ཆེ་ དང༌། སེང་གེ་དང༌། བ་མིན་དང༌། སྟག་དང༌། གཟིག་དང༌། བྱ་རྒོད་དང༌། ཀ་རན་ཏ་ཀ་དང༌། ཀི་ལི་ཀ་དང༌། ཤང་ཤང་དང༌། ངང་པ་ལ་སོགས་པ་བྱ་མང་པོ་སྤྲིན་བཞིན་དུ་འཁྲིགས་སོ། ། ཀེ་ཊ་ཀའི་དྲི་སྤོས་བསྐོར་བའི་དབུས་སུ་བསེར་བུ་བསིལ་བ། བུང་བ་མང་པོས་གླུ་སྒྲ་སྒྲོག་ གོ །དེ་ལྟ་བུའི་དབུས་སུ་བྱང་ཆུབ་སེམས་དཔའ་རྨ་བྱ་འཛེས་ལྡན་རོལ་པ་ཞེས་བྱ་བ་རིན་པོ་ ཆེ་མ་ར་ཀ་ཏ་ལྗང་ཁུ་ལྟར་ཤིན་ཏུ་མཛེས་པ། འདབ་མ་གཉིས་ཀྱང་ཨིནྡྲ་ནཱི་ལ་ལྟར་ཤིན་ཏུ་སྔོ་ བ། རྐང་པ་གཉིས་ནི་པད་མ་རཱ་གའི་མདོག་ཅན། མཇུག་སྒྲོ་ནི་མུ་ཏིག་གོ །མཆུ་ནི་གསེར་རོ། ། སྤྱན་དཀྱུས་ནི་ཟླུམ་པོར་འཁྱིལ་བ་ཞི་ཞིང་དུལ་བ། འཁོར་རྨ་བྱ་འབུམ་ཕྲག་དང་ལྷན་ཅིག་ཏུ་ སངས་རྒྱས་སེང་གེའི་ང་རོ་ལ་ཆོས་ཉན་ནོ། །དེའི་ཚེ་སྡིག་ལ་གོམས་པ་ཞིག་གིས་མཐོང་ངོ༌། ། མཐོང་ནས་འདི་སྙམ་སྟེ་གཞན་ལས་ལྷག་པའི་རྨ་བྱ་འདི་བསད་ནས། སྤུ་སྡུག་འདི་རྒྱལ་པོ་ ཛ་ཀ་ཏ་ལའི་རྩར་ཁྱེར་ན་བྱ་དགའ་སྟེར་རོ་སྙམ་ནས། ཐབས་ཇི་ལྟར་དུ་བསད་ཅེ་ན། རྨ་བྱ་ འདི་ངུར་སྨྲིག་གྱོན་པ་ལ་དགའ་བས། བདག་ནི་ངུར་སྨྲིག་གྱོན་ནས་མདས་བསད་སྙམ་ནས་ རྨ་བྱའི་ཐད་ཀར་སོང་སྟེ་དཔེར་ན། ནེའུ་གསིང་མེ་ཏོག་ས་གཞི་ཉམས་དགའ་བར། །སྡིང་ཁང་ སྐྱེད་མོས་ཚལ་དག་རབ་ཏུ་མཛེས། །ལྗོན་ཤིང་མེ་ཏོག་སྣ་ཚོགས་བཟང་ལྡན་ཞིང༌། །རིགས་ 1-1-91 ནི་ན་ཆུ་ལྦུ་བའི་ཕྲེང་བ་ནི། །གླང་ཆེན་རྒྱལ་པོའི་སྣ་ནས་འབུད་པ་ལྟར། །བྱ་ཚོགས་རྣམ་མང་ ཡིད་འོང་གླུ་ལེན་ཞིང༌། །མཚོ་ཡི་འགྲམ་ལ་ཡིད་འོང་རྣམ་པར་བརྒྱན། །བྱམས་པ་རྔོན་པས་ ངུར་སྨྲིག་གྱོན་ནས་ནི། །རྨ་བྱ་མཛེས་ལྡན་རོལ་པའི་རྩར་སོང་ངོ༌། །སོང་ནས་རྒྱང་རིང་འོང་བ་ མཐོང་ནས་ནི། །དགའ་དགའ་འདུག་སྟེ་མདའ་ལ་དུག་གིས་བྱུག །དེ་ཉིད་འཕང་ནས་རྨ་བྱ་ལ་ ཕོག་གོ །དེ་ནས་འཁོར་རྨ་བྱ་འབུམ་ཕྲག་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འཕུར་ཏེ་ཕར་རྒྱང་ ལ་བབ་ནས། འཁོར་རྨ་བྱ་འོད་མཛེས་ཞེས་བྱ་བ་ཞིག་ངུ་ནས་སྨྲས་པ། ཀྱེ་མ་སྙིགས་མ་ལྔ་ཡི་ དུས་འདི་ལ། །སེར་གྱོན་ཆོས་ཚུལ་བྱེད་པ་ཤིན་ཏུ་ཉུང༌། །ཉེས་མེད་བདག་ཅག་ཆོས་ལ་སྤྱོད་ ན་ཡང༌། །བྱ་རྒྱལ་ཁྱོད་ནི་མི་བཟད་འཆི་ཁར་འཕང༌། །ཞེས་དང༌། རྨ་བྱ་རྒྱལ་པོས་འཁོར་ལ་ སྨྲས་པ། འབྱུང་བ་བཞི་ལས་ལུས་ཀྱི་ཕུང་པོ་འདི། །ཅིས་ཀྱང་མི་ཕན་ཚེ་འདི་འཆི་བར་ངེས། ། ལུས་འདི་ཡོད་ན་སྡུག་བསྔལ་བསྐྱེད་པའི་གཞི། །དེ་ཕྱིར་ལུས་ལ་ཞེན་ཆགས་མེད་པར་གྱིས། ། ཞེས་དང༌། འོད་མཛེས་ན་རེ། མཁས་པ་སྨོད་ཅིང་ཟོབ་རྒན་བསྟོད་པའི་ཡུལ། །བན་དྷེའི་ གཟུགས་ཅན་བཀོར་ལ་ཤིན་ཏུ་རྔམ། །སྙིགས་དུས་སྤྱོད་པ་བསམས་ནས་མཆི་མ་འཁྲིགས། ། དུས་ངན་འདི་ལ་སུ་ཡང་བདེན་པ་མེད། །ཅེས་དང༌། མཛེས་ལྡན་རོལ་པ་ན་རེ། བདག་གི་ སྲོག་ནི་འདི་ནས་ཡར་བླ་ཡི། །མི་དགེ་སྡིག་སེམས་སྐད་ཅིག་མི་བསྐྱེད་དོ། །བདག་གི་ལུས་ འདི་ཡུལ་འདིར་བོར་ཡང་རུང༌། །ངུར་སྨྲིག་གྱོན་ལ་གནོད་འཚེ་ཤིན་ཏུ་སྤངས། །རབ་ཏུ་བྱུང་ བའི་མི་དག་ཀུན་ལ་ཡང༌། །དུས་ལ་ནམ་ཡང་ངན་སེམས་བསྐྱེད་མི་ནུས། །ཞེས་དང༌། འོད་ མཛེས་ན་རེ། འཇའ་འོད་སྣ་ལྔ་འཁྱིལ་པའི་ཐོར་ཚུགས་ཅན། །མར་གད་མདངས་ལྡན་རོལ་ པའི་གཞུང་རྒྱུད་མཛེས། །ཐབས་ཤེས་མཛེས་པའི་གཤོག་གཉིས་མཁའ་ལྟར་སྔོ། །རྫུ་འཕྲུལ་ རྐང་པ་བྱུ་རུའི་འོད་ཆགས་པ། །དབང་པོ་གཞུ་ཡི་འཁོར་ལོ་མཇུག་སྒྲོ་རྒྱས། །གསེར་མཆུ་དབུ་ ཟླུམ་སྤྱན་ཡངས་རབ་ཏུ་མཛེས། །སྨྲ་མཁས་ཀ་ལ་པིང་ཀའི་སྒྲ་དབྱངས་ཅན། །བྱམས་པའི་ 1-1-92 ཐུགས་ཅན་དཔལ་ལྡན་བྱ་ཡི་གཙོ། །ཁྱེད་དང་བྲལ་ན་བདག་ཅག་རྨ་བྱའི་ཚོགས། །བྱ་ཡི་ནང་ ནས་བྱ་བ་ཇི་ལྟར་བགྱི། །ཤེས་ལྡན་དོན་གཟིགས་བདག་ལ་འཆད་དུ་གསོལ། །ཞེས་སོ། །བྱ་ རྒྱལ་གྱིས་སྨྲས་པ། ཉོན་ཅིག་འོད་མཛེས་དགའ་བའི་ལྷག་བསམ་ཅན། །འཇིག་རྟེན་མཐུན་ ཆོས་བྱ་བ་འདི་ལྟར་ལགས། །གཞན་དང་མཐུན་པ་མི་ཆོས་རྩ་བ་ཡིན། །ཉེས་པའི་གཏམ་ ངན་དུང་ལྟར་གྲགས་ན་ཡང༌། །ལྐུགས་པའི་ཚུལ་གྱིས་ཁ་རོག་དབེན་པར་སྡོད། །དུས་ངན་ མི་རིགས་སྤྲིན་ལྟར་གཡོ་བ་ལ། །མི་མཛའ་མི་འཁོར་མཁའ་ལྟར་བརྟན་པར་གྱིས། །ཕུར་ ཚུགས་ལྟ་བུའི་བློ་གཏད་མི་རྣམས་ལ། །རྟ་རྒྱུག་ལྟ་བུའི་ཁྲེལ་གཞུང་ཆེ་བར་མཛོད། །དཀར་ པོ་དགེ་ཕྱོགས་ཐར་པའི་ཐེམ་སྐས་ལ། །ཕྱི་བཤོལ་མེད་པར་བྱ་ལྟར་འཕུར་བར་གྱིས། །མུན་ པ་ལྟ་བུའི་རྣམ་རྟོག་མ་རིག་ལ། །ཉི་འོད་ལྟ་བུའི་མི་རྟོག་རྣམ་དག་གིས། །རྩྭ་རྩའི་ཟིལ་བ་རླུང་ གསེབ་མར་མེ་ལྟར། །མི་རྟག་འཆི་བ་ནམ་འོང་མི་ཤེས་པས། །ཕྱི་བཤོལ་ལེ་ལོ་སྤངས་ལ་ བརྩོན་འགྲུས་བསྐྱེད། །འཁོར་བར་འཁྱམས་ན་གཏན་གྱི་སྡུག་བསྔལ་གདུངས། །དམ་པའི་ ཆོས་དང་མཇལ་བ་རབ་དཀའ་བས། །ད་ལྟ་རྟེན་འབྲེལ་འཛོམ་པའི་དུས་འདི་ལ། །གཏན་ གྱི་མདུན་མ་བསྒྲུབ་པར་མཛོད་ཅིག་བུ། །ངན་འགྲོའི་གཡང་ས་བདེ་འགྲོའི་ཕན་ཡོན་དང༌། ། འདུ་འཛིའི་ཉེས་དམིགས་དབེན་པའི་ཕན་ཡོན་རྣམས། །ཡང་ཡང་བསམས་ནས་ལྕག་གིས་ བསྐུལ་མ་འཚལ། །ཚུལ་ཁྲིམས་རྣམ་དག་དམ་ཚིག་མ་ཉམས་པས། །ཆོས་མཆོག་བདུད་ རྩི་ཐེག་པ་ཆེན་པོ་ལ། །ཐོས་བསམ་སྒོམ་བསྒྲུབ་སྤེལ་མར་ཉམས་བླངས་ནས། །རིང་པོར་ མི་ཐོགས་ཆོས་ཀྱི་རྒྱལ་པོར་འགྱུར། །མཉམ་བཞག་དུས་སུ་ཡེ་ཤེས་ཚོགས་བསགས་ཤིང༌། ། རྗེས་ཐོབ་དུས་སུ་བསོད་ནམས་ཚོགས་བསགས་ནས། །ཆོས་སྐུ་ཐོབ་ནས་རང་དོན་མཐར་ ཕྱིན་ཅིང༌། །གཟུགས་སྐུ་ཐོབ་ནས་གཞན་དྲོན་བྱེད་པར་འགྱུར། །ཡེ་ཤེས་ཚོགས་ཀྱིས་ཆོས་ སྐུའི་དྲི་མ་འཁྲུད། །བསོད་ནམས་ཚོགས་ཀྱིས་གཟུགས་སྐུའི་ཕུན་ཚོགས་བསྐྱེད། །སྨོན་ལམ་ 1-1-93 སྟོབས་ཀྱིས་གཞན་དོན་འཕྲིན་ལས་ནི། །རབ་འབྱམས་འབད་མེད་ལྷུན་གྲུབ་འབྱུང་བ་ཡིན། ། ཞེས་སྨྲས་ནས་ཚེའི་དུས་བྱས་ནས་ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །ནམ་མཁའ་ལས་མེ་ ཏོག་གི་ཆར་ཆེན་པོ་བབ་བོ། །དེ་ནས་རྔོན་པས་རྨ་བྱའི་རོ་ཁུར་ནས་རྒྱལ་པོའི་ཕོ་བྲང་དུ་ཁྱེར་ ཏེ། རྒྱལ་པོ་ལ་ལོ་རྒྱུས་ཞིབ་ཏུ་སྨྲས་ནས། རྒྱལ་པོ་ན་རེ། ཉེས་མེད་སེམས་ཅན་ནགས་སུ་རྒྱུ་ བ་ལ། །སྡིག་ལས་གོམས་པའི་ནག་པོ་ཁྱོད་ཀྱིས་ཀྱང༌། །དུག་མདས་བསད་ནས་བདག་གི་རྩ་ རུ་འགྲིམ། །རྨ་བྱ་ཕལ་བ་མ་ཡིན་བྱང་ཆུབ་ཡིན། །གང་ཞིག་འདི་ཡི་སྤུར་ལ་མཆོད་པ་དང༌། ། ཕྱག་འཚལ་མཆོད་པ་སུ་ཞིག་གང་བརྩོན་པ། །བླ་མེད་བྱང་ཆུབ་རྣམ་དག་ཐོབ་པར་འགྱུར། ། ཞེས་སྨྲས་ནས། རྒྱལ་པོས་རྨ་བྱའི་རོ་ལ་མཆོད་བའི་ཚོགས་ཀྱིས་མཆོད་དེ། རིན་པོ་ཆེའི་ མཆོད་རྟེན་ལ་གཞུག་ཅིང༌། ཕྱག་དང་བསྐོར་བ་རྒྱུན་དུ་མཆོད་པས་གནས་སྐབས་སུ་བཀྲ་ ཤིས་ནས། ནམ་ཞིག་འཆི་བའི་ཚེ་ན་ངོ་མཚར་བའི་ལྟས་དུ་མ་དང་བཅས་པར་བདེ་བ་ཅན་དུ་ སྐྱེ་བར་གྱུར་ཏོ། །བྱམས་པ་རྨ་བྱའི་རྒྱལ་པོ་དེ་ནི་གཞན་ཞིག་སྙམ་ན་དེ་ལྟར་མི་བལྟའོ། །ངའི་ ཉན་ཐོས་ཀྱི་མཆོག་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ ཉིད་ཡིན་ནོ། །རྒྱལ་པོ་ཛ་ཀ་ཏ་ལ་ནི་གསལ་རྒྱལ་ཡིན་ནོ། །རྔོན་པ་ནི་མུ་སྟེགས་རྒྱལ་བྱེད་ ཡིན་ནོ། །རྨ་བྱའི་བློན་པོ་ནི་ད་ལྟར་བྱང་ཆུབ་སེམས་དཔའ་ལག་ན་པད་མོ་འདི་ཉིད་ཡིན་ནོ། ། བྱམས་པ་དེ་ལྟར་རྟོགས་ཤིག །རྨ་བྱ་ཆེན་པོར་སྐྱེས་པའི་རབས་ཏེ་བཅུ་དྲུག་པའོ།། །། ༈ ཡང་རེ་ཞིག་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །ཚུལ་ཁྲིམས་དྲི་མེད་ རྒྱས་པའི་མདོར། དཔེར་ན་རྒྱ་མཚོ་ལ་གསེར་དང༌། དངུལ་དང༌། བཻ་ཌཱུརྱ་ལ་སོགས་པ་རིན་ པོ་ཆེ་མང་པོའི་གནས་ཡིན་པ་ལྟར། ཚུལ་ཁྲིམས་ཡང་བྱང་ཆུབ་ཀྱི་ཆོས་ཐམས་ཅད་ཀྱི་གནས་ ཡིན་ནོ། །དེ་བས་ན་ལུས་དང་སྲོག་ནི་སྟོར་ཀྱང་བླའི་ནམ་དུ་ཡང་ཚུལ་ཁྲིམས་འཆལ་བར་མི་ བྱེད་དོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་དུ་དེ་བཞིན་གཤེགས་ 1-1-94 པ་རྒྱལ་བའི་དབང་པོ་ཞེས་བྱ་བ་ཞིག་བྱུང་ངོ༌། །དེའི་ཉེ་འཁོར་དུ་འཕགས་པ་མཛེས་པའི་བློ་ གྲོས་ཞེས་བྱ་བ་ཞིག་ཉོན་མོངས་པ་མེད་པ། ཁུར་བོར་བ། ཟག་པ་ཟད་པ། དགྲ་བཅོམ་པ་ དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་མཐུས། སྔ་དྲོ་ལ་གྲོང་ཁྱེར་པཱེ་ཏ་ལ་ཞེས་བྱ་བར་བསོད་ སྙོམས་ལ་གཤེགས་ནས། དབང་པོ་དུལ་བ་གཟུགས་བཟང་བའི་བུ་མོ། རྒྱན་དང་གོས་དར་ དང་ལྡན་པ་ཅིག་དང་ཕྲད་དེ་འདོད་པས་གཟིར་ནས་བསླུ་བའི་ཚིག་གིས་སྨྲས་པ། དལ་འབྱོར་ ལུས་ལྡན་གཟུགས་བཟང་རབ་ཏུ་མཛེས། །ལྷུང་བཟེད་འཁར་གསིལ་འཛིན་པ་རྒྱལ་བའི་ སྲས། །ཤིན་ཏུ་ཕྲད་དཀའ་དེ་རིང་བདག་གིས་རྙེད། །བདག་གི་འདོད་པ་མྱུར་དུ་སྤྱོད་པར་ མཛོད། །དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་སྟེ། ག་རེ་བུ་མོ་འདི་རླུང་ནད་ལངས་སམ། བད་ཀན་ནམ། མཁྲིས་པའམ། འདུས་པའི་ནད་དམ། འོན་ཏེ་འདོད་ཆགས་ཀྱིས་གདུངས་ ཀྱང་དགེ་སློང་གིས་སྤྱོད་ལམ་ཤིན་ཏུ་བསྡམས་ནས་སྨྲས་པ། འདོད་ཆགས་མེ་ལྕེ་དམར་ པོ་འབར་བ་ཡིས། །ཚུལ་ཁྲིམས་གོ་ཤིརྵ་ནི་ཚིག་པར་བྱེད། །ཕན་པར་སྨྲ་བའི་མཁན་སློབ་ རྒྱབ་ཏུ་སྤངས། །ཕུང་བྱེད་བདུད་ཀྱི་བུ་མོ་པང་དུ་བླངས། །དེ་འདྲའི་བྱ་བ་སྨྱོན་པ་ཡིན་ནམ་ ཅི། །ཞེས་དང༌། བུ་མོས་ཡན་ལག་ལྔ་ས་ལ་གཏུགས་ནས་ཕྱག་འཚལ་ནས་སྨྲས་པ། བདག་ གིས་ཉིན་མཚན་ཀུན་ཏུ་ཁྱོད་དྲན་ནས། །དེ་རིང་མིན་པའི་སྐབས་ནི་རྙེད་གླགས་མེད། །ཁྱིམ་ འདིར་རིན་ཆེན་བང་མཛོད་ལོངས་སྤྱོད་གཏེར། །ཁྱོད་ཀྱིས་དེ་རིང་བདག་པོ་ལེགས་པར་ མཛོད། །ཅེས་དང༌། དགེ་སློང་ན་རེ། ཚུལ་ཁྲིམས་འཆལ་ན་མནར་མེད་ལྷུང་བའི་ཚེ། །ཡིད་ ལ་ཆགས་པའི་གྲོགས་མོས་མདུན་ནས་བོས། །སྤུ་གྲིས་གཏམས་པའི་ལམ་ལ་གཤེགས་ པའི་ཚེ། །རྐང་མཐིལ་ལ་སོགས་ལུས་འདི་ལྡུམ་ཚོད་བཞིན། །དུམ་བུར་གཏུབས་ནས་ས་ལ་ འགྱེལ་བར་འགྱུར། །ཚེ་འདིར་སྐྱེ་བོ་ཀུན་གྱིས་སྨད་པའི་གནས། །ཉེ་དུ་འབྲེལ་བ་རྣམས་ ཀྱིས་བྲན་བཞིན་བཀོལ། །དེ་ཕྱིར་ལུས་སྲོག་འདི་ནས་དོར་ཡང་བླ། །དུས་གསུམ་སངས་རྒྱས་ 1-1-95 ཀུན་གྱིས་བསྔགས་པ་ཡི། །ཚུལ་ཁྲིམས་འཆལ་བའི་སྤྱོད་པ་གཏན་མི་བྱ། །དེ་ནས་དགེ་སློང་ འདི་སྙམ་སྟེ། བདག་འདིར་བྲོས་ནས་གསང་གཏམ་བསྒྲག་སྙམ་ནས། བུ་མོ་འདི་ངོ་ཚ་བས་ རང་སྲོག་གཅོད་དོ། །དེ་བས་ང་ཉིད་ཁང་པ་འདིར་ཚེ་འཕོ་བར་བྱའོ་སྙམ་ནས། བུ་མོ་ལ་སྨྲས་ པ། སྒོ་རྣམས་དམ་དུ་ཆོད་ལ་སོང༌། །བདག་གིས་བྱ་བ་ཐམས་ཅད་རྫོགས་པ་ན། །སླར་ཡང་ ཁྱོད་རང་འདིར་ཤོག་དང༌། །ཆགས་པའི་བྱ་བ་སྤྱོད་པར་བྱ། །ཞེས་བསྒོས་ནས། བུ་མོས་ཕྱི་སྒོ་ བཅད་དུ་སོང་བའི་རྒྱབ་ཏུ། དགེ་སློང་གི་སྤུ་གྲི་ཞིག་རྙེད་ནས་རབ་ཏུ་དགའ་སྟེ། ལུས་ལ་གྱོན་ པའི་གོས་རྣམས་ཕུད་དེ་ཕུར་རྟིང་ལ་གཟར་ཏེ། ཐལ་མོ་སྦྱར་ནས་ཀུ་ཤའི་སྟན་ལ་འདུག་ནས་ སྨྲས་པ། བདག་ནི་སངས་རྒྱས་ཆོས་དང་དགེ་འདུན་རྣམས། །མཁན་པོ་དང་ནི་སློབ་དཔོན་ སྤངས་མ་ལགས། །ཚུལ་ཁྲིམས་བསྲུངས་སྙམ་མི་གཙང་ལུས་འདི་སྤངས། །བདག་ནི་གར་ སྐྱེས་སངས་རྒྱས་བྱང་ཆུབ་དང༌། །མྱུར་དུ་རྟག་པར་མཇལ་ནས་ཚངས་སྤྱོད་ལྡན། །ཟག་པ་ ཟད་ནས་རྣམ་མཁྱེན་མྱུར་ཐོབ་ཤོག །ཅེས་དང༌། རང་གི་མགུལ་པ་བཅད་དེ་ཚེ་འཕོས་ནས། ས་ཡང་མི་བཟོད་བཞིན་དུ་གཡོས་སོ། །དེ་ནས་བུ་མོ་སླར་འོངས་ནས་དགེ་སློང་གི་སྤུར་ལ་ ཁྲག་ཙན་དན་དམར་པོ་ལྟ་བུས་གཡོགས་པ་མཐོང་ནས་སྐྲག་སྟེ། སྐྲ་འབལ་ཏེ་འགྲེང་ཞིང་ ངུའོ། །དེ་ནས་ཕ་མ་རྣམས་འོངས་ནས་སྒོ་བརྡུངས་ཏེ་བོས་ན་ཅང་མི་སྨྲ་ནས། མི་ཞིག་ནང་དུ་ བཏང་ནས་སྒོ་ཕྱེས་ནས་དགེ་སློང་གི་སྤུར་མཐོང་ནས། བུ་མོ་ལ་དྲིས་པས་འདི་སྙམ་དུ་སེམས་ ཏེ། བདག་དྲང་བོར་སྨྲས་ནས་ངོ་ཚ། དགེ་སློང་གི་བདག་ལ་ཀྱལ་ཀ་ཞེས་རྫུན་ཚིག་སྨྲས་ན། འཕགས་པ་ལ་སྐུར་བ་བཏབ་ན་སེམས་ཅན་དམྱལ་བར་འགྲོ། སྡུག་བསྔལ་རྣམ་པ་སྣ་ཚོགས་ མང་པོ་མྱོང་བར་འགྱུར་གྱིས། ཚུལ་བཞིན་དུ་སྨྲས་ནས། རྒྱལ་པོས་གསེར་གྱི་རྔ་བརྡུངས་ཏེ་ འཁོར་འབངས་ཐམས་ཅད་འདུས་ཤིང་བྱང་ཆུབ་སེམས་དཔའི་སྤུར་གོ་ཤིརྵ་ལ་སོགས་སྤོས་ ཤིང་གིས་བསྲེགས་ནས་རིང་བསྲེལ་དང་ཆོས་གོས་རྣམ་གསུམ་སངས་རྒྱས་དག་ལ་ཕུལ་ལོ། ། 1-1-96 དགེ་སློང་དེ་ད་ལྟར་ལི་ཙ་བཱི་འདི་ཉིད་ཡིན་ནོ། །བྱང་ཆུབ་སེམས་དཔའ་མཛེས་པའི་བློ་གྲོས་ སྐྱེས་པའི་རབས་ཏེ་བཅུ་བདུན་པའོ།། །། ༈ ཡང་རེ་ཞིག་སྦྱིན་རྒྱལ་ཏུ་གྱུར་ཏོ་ཞེས་གྲག་གོ །དོན་ཡོད་སྤོང་བའི་མདོར། སྔོན་ དེ་བཞིན་གཤེགས་པ་མི་འཁྲུགས་པའི་བསྟན་པ་ལ། ཡུལ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་གསེར་སྒྲ་ རོལ་པ་ཞེས་བྱ་བ་སྟོབས་ནི་གླིང་བཞི་ལ་དབང་བ་རྒྱལ་ཕྲན་ནི་སྟོང་ཕྲག་བཅུ་གཉིས་ཡོད་དོ། ། བཙུན་མོ་ནི་བཞི་བརྒྱ་ཡོད་དོ། །བུ་ཚ་ནི་བཅོ་བརྒྱད་ཡོད་དོ། །བུ་མོ་ནི་ཉི་ཤུ་ཡོད་དོ། །རྒྱལ་ བུ་དེ་དག་གི་མཆོག་མཛེས་ལྡན་ཞེས་བྱ་བ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གཟུགས་ བཟང་པ། ཡིད་གཞུང་ལ་མཁས་པ་ཤེས་རབ་ཆེ་བ། སངས་རྒྱས་ཀྱི་མཐུས་རེ་ཞིག་ན་ཕོ་ བྲང་གི་སྒོ་བཞིར་རྒྱལ་མཚན་དང༌། བ་དན་ནི་བསྒྲེངས། མེ་ཏོག་དང་བདུག་སྤོས་ནི་བདུག་ གོ །རྒྱལ་བུ་གླང་པོ་ཆེ་ལ་བསྐྱོན་ཏེ། དྲིལ་བུ་བསིལ་རྔ་དང་འཁར་རྔ་ནི་བརྡུངས། སྐྱ་པ་བརྒྱ་ སྟོང་ཕྲག་གིས་བསྐོར་ནས། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཕྱིན་པས། ཡུལ་མི་ཐམས་ཅད་གཡས་ གཡོན་དུ་ལྟ་ཞིང་རྒྱུག་གོ །རྒྱལ་བུའི་གཟི་བརྗིད་ཀྱིས་དགའ་ལྡན་མན་ཆད་སྣང་བར་བྱས་སོ། ། ཤར་སྒོར་ཕྱིན་ནས། རྒྱལ་བུའི་མཐུས། ཞ་བོ་ལོང་བ་མང་པོས་གོས་ཧྲུལ་གྱོན་པ་སློང་བ་ལ་ འབོད་པ་མང་པོ་མཐོང་ངོ༌། །མཐོང་ནས་མཁྱེན་བཞིན་དུ་ཁ་ལོ་བསྒྱུར་བ་ལ་ན་རེ། འདི་དག་ ནི་ཅི་ཡིན་གསུངས་པ་དང༌། དེ་དག་ན་རེ། འདི་རྣམས་ནི་ཉམ་ཐག་པ་ཕོངས་པ་རྣམས་ཡིན་ ནོ་ཟེར་ཏེ། བྱང་ཆུབ་སེམས་དཔའི་སྤྱན་ཆབ་ཤོར་ནས་སྙིང་རྗེ་བསྐྱེད་དོ། །དེ་ནས་ལྷོ་སྒོར་ ཕྱིན་ནས། བཤན་པ་མང་པོས་སེམས་ཅན་གྱི་པགས་པ་བཤུས་ནས་ཤ་ཚིལ་དྲོན་ཟོས་བྱེད་པ་ མཐོང་ནས། བྱང་ཆུབ་སེམས་དཔའ་ན་རེ། ཨེ་མ་འདི་དག་ཅི་བྱེད་གསུངས་ནས། དེ་དག་ན་ རེ། བདག་གི་ཕ་མྱེས་ཐམས་ཅད་ཀྱིས་འདི་འདྲ་བའི་ལས་བྱས་སོ། །དེ་ནས་བྱང་ཆུབ་སེམས་ དཔའི་སྤྱན་ཆབ་ཤོར་རོ། །ནུབ་སྒོར་ཕྱིན་ནས། རྔོན་པ་མང་པོས་བྱ་དང་རི་དྭགས་ཀྱི་རྙི་མང་ 1-1-97 པོ་བཙུགས་ནས། བྱང་ཆུབ་སེམས་དཔའ་ན་རེ། འདི་དག་ཅི་བྱེད་གསུངས་ནས། ཁོ་ན་རེ། བདག་གིས་འདིའི་ཤ་ཁྲག་ལས་སྲོག་འཚོའོ་ཟེར། དེ་ནས་བྱང་སྒོར་ཐོན་ནས། ཉ་པ་མང་ པོས་ཉ་རྒྱ་བཏིང་ནས། ཉ་མང་པོ་ཟིན་ནས་ཐང་ལ་བསྐྱུར་ནས་འགུལ་ཤེས་ཙམ་མཐོང་ནས། འདི་དག་ཅི་བྱེད་གསུངས་ནས། དེ་དག་ནི་རེ་རེ་དག་གིས་ཉ་བཤོར་བས་ནི་སྲོག་འཚོ་ཟེར་ རོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་སྟེ། སེམས་ཅན་དབུལ་བའི་དབང་གིས་བསོད་ པའི་ལས་བྱེད་དོ། །འདི་དག་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་འགྲོ་ནས་ཐར་པའི་དུས་ མེད་སྙམ་ནས་རབ་ཏུ་ངུ་སྟེ། ཡབ་ཀྱི་དྲུང་དུ་ཕྱིན་ནས་རྒྱལ་པོ་ལགས། སེམས་ཅན་གཅིག་ལ་ གཅིག་གསོད་པ་དང༌། ཁ་ཟས་ཀྱི་ཕྱིར་ཉོན་མོངས་པ་ཉ་རྒྱ་བྱ་རྙི་བཙུགས་ནས། སྲོག་འཚོ་ བར་བྱེད་དོ། །དེ་དག་ནི་ཤི་མ་ཐག་ཏུ་ངན་སོང་དུ་འགྲོ་ནས། ཐར་པའི་དུས་མེད། དེ་དག་གི་ སྡིག་པ་འདོར་བའི་ཆེད་དུ། ཡབ་ཀྱི་དཀོར་མཛོད་བདག་ལ་གནང་དུ་གསོལ། ཡབ་ན་རེ། བུ་ ཁྱོད་ཅི་འདོད་པར་སྤྱོད་ཅིག་ཅེས་དང༌། དེ་ནས་རྒྱལ་བུས་སྦྱིན་པའི་ཆར་ཆེན་པོ་ཕབ་སྟེ་ཟླ་ བ་གསུམ་གྱི་ཉིན་ཞག་ཏུ་སྦྱིན་པ་ལ་སྤྱོད་དོ། །དེ་ནས་ཡབ་ཀྱི་དཀོར་མཛོད་ཐམས་ཅད་ཟད་ ནས། ཕོ་བྲང་གི་ལྷ་ཞིག་གིས་སྨྲས་པ། འཇིག་རྟེན་འདི་ན་ནོར་བུ་རིན་པོ་ཆེ་རྙེད་ན་སྦྱིན་པ་ བྱིན་ཀྱང་ཟད་པར་མི་འགྱུར་ཞེས་ཐོས་ནས། རྒྱལ་བུ་ན་རེ། ནོར་བུ་རིན་པོ་ཆེ་དེ་སུ་ལ་ཡོད། ལྷ་ན་རེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་ཡོད་དོ། །ཞེས་དང༌། རྒྱལ་བུ་བསོད་ནམས་ ཀྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ག་ལ་བ་དེར་ཕྱིན་ནས། ཕྱག་དང་བསྐོར་བ་བྱས་ནས་ སྨྲས་པ། ཨུཏྤལ་མཐིང་གའི་འོད་ལྡན་བཅོམ་ལྡན་འདས། །འཇིག་རྟེན་དག་ན་དབུལ་བའི་ སེམས་ཅན་གང༌། །འཚོ་ཕྱིར་གཅིག་ལ་གཅིག་གིས་ཤ་ཁྲག་འཇོམས། །དེ་དག་སྐྱོབ་ཕྱིར་ ནོར་བུ་བདག་ལ་ཞུ། །སངས་རྒྱས་ཀྱིས་ལྷའི་ནོར་བུ་བླངས་ནས་བྱང་ཆུབ་སེམས་དཔའི་ལག་ ཏུ་གཏད་ནས་ཕོ་བྲང་དུ་དྲངས་ནས་ནོར་བུ་ལ་གསོལ་བ་བཏབ་པས་ཟད་པ་མེད་པའི་གཏེར་ 1-1-98 གྱི་ཆར་བས་སེམས་ཅན་ཐམས་ཅད་ཚིམས་པར་བྱེད་དོ། །རྒྱལ་བུ་མཛེས་ལྡན་ནི་ལི་ཙ་བཱི་ གཞོན་ནུ་འདི་ཡང་དེ་ལྟར་གྱུར་ཏོ། །སྦྱིན་པའི་སྟོབས་ནི་བསམ་གྱིས་མི་ཁྱབ་བོ། །རྒྱལ་བུ་ མཛེས་ལྡན་དུ་སྐྱེས་པའི་རབས་ཏེ་བཅོ་བརྒྱད་པའོ།། །། ༈ ཡང་རེ་ཞིག་གྲོང་ཁྱེར་མ་ག་དྷར་གླང་ཆེན་ཞིག་ཏུ་གྱུར་ཏོ། །འཕགས་པ་འཁོར་ལོ་ རོལ་པའི་མདོར། སྔོན་བྱུང་བ་འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཟླ་བའི་དབང་པོའི་ བསྟན་པ་ལ། ཡུལ་མ་ག་དྷཱའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་དགེ་སློང་ཞིག་བསྒོམ་དུ་སོང་བ་ལ་ ཉལ་གྱི་བྱ་བས་དུས་འདའ་བའི་ཚེ་ན་སངས་རྒྱས་ཀྱི་མཐུས་གླང་པོ་ཆེའི་ཕྲུ་གུ་ཞིག་དགེ་སློང་ གི་རྩར་ཕྱིན་ནས་སྨྲས་པ། འཆད་རྩོད་རྩོམ་པའི་ཉི་འོད་ཆེན་པོ་ཡིས། །རྒྱལ་བའི་བསྟན་པ་ སྤེལ་འདོད་བཤེས་གཉེན་ཁྱོད། །ཉོན་མོངས་གཉིད་དུ་ལོག་པ་འཕྲོ་ཆོད་ལ། །དལ་འབྱོར་ མི་ལུས་ཐོབ་པ་དོན་ཡོད་མཛོད། །དགེ་སློང་གིས་འདི་བདུད་ཀྱི་བར་ཆད་ཅིག་ཡིན་སྙམ་ ནས། བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །བདག་གི་ཚུལ་ཁྲིམས་རྣམ་དག་ བདེན་སྟོབས་ཀྱིས། །གླང་ཆེན་མི་སྐད་འདོན་པའི་ལྟས་ངན་འདི། །བདུད་ཀྱི་ཆོ་འཕྲུལ་ཡིན་ པས་བཟློག་ཏུ་གསོལ། །གླང་ཆེན་གྱིས་སྨྲས་པ། སྐྱེ་བོའི་ཁྱིམ་སྤང་དབེན་པའི་གནས་ས་ རུ། །ཉིན་མཚན་ཆོས་ཀྱིས་འདའ་བར་འདོད་ན་ཡང༌། །སྒོ་གསུམ་དགེ་ལ་བརྩོན་པ་ཅུང་ཟད་ མེད། །གཏི་མུག་རོ་ཉལ་བྱེད་པའི་ལྟས་ངན་ཡིན། །དགེ་སློང་འདི་སྙམ་སྟེ། ག་རེ་གླང་ཆེན་ འདི་ཤེས་རབ་ཆེ་བ་ཞིག་སྙམ་ནས་སྨྲས་པ། གསེར་བཟང་མདོག་ལྡན་བྱུ་རུའི་ལན་ཚར་ཅན། ། འཇའ་འོད་སྣ་ལྔའི་དྲ་བས་རྒྱན་སྤྲས་པ། །བདག་ནི་སྐྱེས་ནས་ད་ལྟ་འདི་ཡི་བར། །སྒོ་གསུམ་ དགེ་ལ་བརྩོན་པས་བྱང་ཆུབ་ཐོབ། །ཅེས་དང༌། གླང་ཆེན་གྱིས་སྨྲས་པ། ཁྱོད་ནི་སྐྱེས་ནས་ད་ ལྟ་འདི་ཡི་བར། །བྱིས་པའི་དུས་སུ་མི་དགེའི་རིགས་ངན་ཡིན། །རབ་ཏུ་བྱུང་ན་ལྟུང་བའི་ཕུང་ པོ་བསོགས། །དེ་ཕྱིར་བྱང་ཆུབ་ཐོབ་པ་ཡིན་ནམ་ཅི། །དགེ་སློང་ན་རེ། གླང་ཆེན་གསུངས་ལ་ 1-1-99 ལེགས་བཤད་ཉི་འོད་འབྱུང༌། །བདག་བློ་གཏི་མུག་མུན་པ་སྣང་མཛད་པ། །བྱང་ཆུབ་ཐོབ་ པའི་དགེ་སྦྱོར་བྱེད་པ་ནི། །ཇི་ལྟར་རིམ་པ་བདག་ལ་འཆད་དུ་གསོལ། །ཞེས་དང༌། གླང་ཆེན་ ན་རེ། བཤད་པ་ཕལ་ཆེར་རང་ཉིད་བསླུ་བ་མང༌། །དེ་བས་རང་ཉིད་གཅིག་པུ་དབེན་གནས་ སུ། །རྩེ་གཅིག་བསྒོམས་པས་བྱང་ཆུབ་སྙིང་པོ་ནི། །ཚེ་འདིར་ཐོབ་པས་གཞན་ཕན་འབྱུང་ བར་འགྱུར། །ཞེས་དང༌། དགེ་སློང་ན་རེ། བདག་ཀྱང་དེང་ནས་ཁྱོད་དྲུང་འབྲལ་མེད་དུ། ། ཡང་ཡང་སྐྱེས་ནས་ཆོས་ཀྱི་གསུང་གླེང་བགྱིད། །དེ་བཞིན་གཤེགས་པ་ཟླ་བའི་དབང་པོའི་ དྲུང༌། །ཞལ་གྱི་བདུད་རྩི་རྒྱུན་དུ་འཐུང་བར་ཤོག །དེ་ནས་དགེ་སློང་ཕལ་པའི་བསམ་པ་དང༌། ཐེག་པ་ཆུང་ངུ་དང༌། འཇིག་རྟེན་པའི་སྤྱོད་པ་རྣམས་བཞག་གོ །ནམ་མཁའི་སྙིང་པོ། གླང་པོ་ ཆེའི་སྟོབས་ཀྱི་རྒྱན་དམ་པའི་མཐུས། བག་མེད་པའི་དགེ་སློང་དེ་དེ་བཞིན་གཤེགས་པ་ཟླ་ བའི་དབང་པོ་ག་ལ་བ་དེར་ཕྱིན་ནས། བསམ་གཏན་གྱི་ནམ་མཁར་བཞུགས་སོ། །བཞུགས་ ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་སོ། །གླང་ཆེན་སྟོབས་ཀྱི་རྒྱན་དམ་པའི་མཐུ་དང་ལྡན་ པར་གྱུར་པ་ནི་གཞན་ཞིག་སྙམ་ན་དེ་ལྟར་མི་བལྟ་སྟེ། ནམ་མཁའི་སྙིང་པོ་གླང་ཆེན་དུ་གྱུར་ པ་ནི་གཞོན་ནུ་ལི་ཙ་བཱི་ཡིན་ནོ། །དགེ་སློང་ནི་བྱང་ཆུབ་སེམས་དཔའ་ལག་ན་པད་མོ་ཡིན་ནོ། ། གླང་ཆེན་དུ་སྐྱེས་པའི་རབས་ཏེ་བཅུ་དགུ་པའོ།། །། ༈ ཡང་རེ་ཞིག་ངང་པ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །ཁྱིམ་བདག་ཟླ་འོད་ཀྱིས་ཞུས་པའི་ མདོར། རབ་འབྱོར། སྔོན་དེ་བཞིན་གཤེགས་པ་གསེར་ཐུབ་བཞུགས་པའི་དུས་སུ། ཆུ་བོ་གང་ གཱའི་འགྲམ་ལ་ཕ་ལྷ་བསྒྲུབ་པའི་གནས་སུ་དྲང་སྲོང་ཞིག་སྒོམ་དུ་སོང་བ་ལ། བུད་མེད་དང་ ཉལ་པོར་བྱེད་ནས་འདུག་པའི་ཚེ་ར་བའི་ཁར་ངང་པ་ཞིག་བབ་ནས་སྨྲས་པ། བརྒྱ་ལམ་ལན་ ཅིག་དལ་འབྱོར་མི་ལུས་འདི། །རྙེད་པར་དཀའ་ལ་ཤིན་ཏུ་འཇིག་པར་སླ། །ཚེ་འདི་མི་རྟག་ ནམ་མཁའི་འཇའ་དང་འདྲ། །ཚུལ་ཁྲིམས་འཆལ་པ་དམྱལ་བའི་བུད་ཤིང་ཡིན། །ཞེས་དང༌། 1-1-100 དྲང་སྲོང་ན་རེ། མཁའ་ལྡིང་འདབ་ཆགས་ཀུ་ཅོ་སྣ་ཚོགས་ཅན། །ལྷ་ཅིག་ཡིན་ནམ་ཕལ་ཆེར་ བདུད་ཅིག་ཡིན། །ཚུར་ལ་མ་ཉེ་ཕར་ཕར་དེངས་ལ་སོང༌། །དྲང་སྲོང་རང་གི་བུད་མེད་སྤྱོད་དུ་ ཆུག །ཅེས་དང༌། ངང་པ་ན་རེ། ཆེ་བཞག་ཆུང་བཞག་རབ་ཏུ་བྱུང་བའི་ཚེ། །མཁན་སློབ་ཡིད་ བཞིན་ནོར་བུ་དཔང་དུ་བཙུགས། །སངས་རྒྱས་གསེར་ཐུབ་རྗེས་འབྲང་ཁས་བླངས་ནས། ། བག་མེད་རྒྱུན་སྤྱོད་མ་རིག་བདུད་ཅིག་ཡིན། །ཀྱེ་མ་བྱ་འདི་དེ་བཞིན་གཤེགས་པའི་རྣམ་ འཕྲུལ་ཅིག་ཡིན་སྙམ་ནས་སྨྲས་པ། གསེར་མདོག་སྤྱན་བཟང་དུང་གི་མགོ་བོ་ཅན། །ཐབས་ ཤེས་གཉིས་ཀྱི་གཤོག་པ་མཁའ་ལ་བརྐྱངས། །འདབ་ཆགས་གཟུགས་ལ་བྱང་ཆུབ་བསམ་ པ་ཅན། །བག་མེད་སྤངས་ན་ཇི་ལྟར་སྤང་བ་ལགས། །ཞེས་དང༌། ངང་པ་ན་རེ། ངན་སྐྱུགས་ བུམ་པ་བྱི་དོར་བྱས་པ་ལྟར། །བཤང་གཅི་ལ་སོགས་མི་གཙང་ཕུང་པོ་ལ། །མ་བརྟགས་ མཛེས་པར་སྣང་བ་པགས་པས་གཡོགས། །ཞིབ་ཏུ་ཡང་ཡང་དཔྱོད་ན་སྤོང་བ་ལགས། །ཞེས་ དང༌། དྲང་སྲོང་ན་རེ། ངང་པའི་ལུས་ཅན་བྱ་རྒྱལ་ཆོས་ཀྱི་རྗེ། །ཐོག་མེད་དུས་ནས་ད་ལྟ་འདི་ ཡི་བར། །ཇི་ལྟར་བྱས་ཀྱང་བྱང་ཆུབ་རྙེད་པ་མེད། །ཚེ་འདིར་བྱང་ཆུབ་ཐོབ་པའི་ཆོས་ཞིག་ ཞུ། །ཞེས་དང༌། ངང་པ་ན་རེ། དྲི་བཅས་སངས་རྒྱས་རྣམ་དག་འགྱུར་མེད་ལ། །སྐྱོ་བ་མེད་ པའི་མེ་ཏོག་མཆོད་བྱས་ནས། །ལུས་ཅན་སྒྲིབ་བཅས་བདུད་བཞིའི་ལས་ལས་འདས། །ཚེ་ འདིར་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །ཞེས་དྲང་སྲོང་རྩེ་གཅིག་ཏུ་བསྒྲུབས་པས་སྙིང་པོ་ བྱང་ཆུབ་ཐོབ་བོ། །རབ་འབྱོར། ཚེ་དང་ལྡན་པ་གཞོན་ནུ་ལི་ཙ་བཱི། འདིས་སེམས་ཅན་མང་པོ་ བག་མེད་པའི་གནས་ལས་བསྒྲལ་བར་བྱེད་དོ། །ངང་པར་གྱུར་པ་ནི་ངའི་ཉན་ཐོས་འདི་ཉིད་ ཡིན་ནོ། །དྲང་སྲོང་དུ་གྱུར་པ་ནི་ད་ལྟ་དགེ་སློང་ཟླ་བའི་རྒྱལ་མཚན་འདི་ཉིད་ཡིན་ནོ། །བུད་ མེད་ནི་ཨུད་ཏ་ར་ཡིན་ནོ། །ངའི་ཉན་ཐོས་འདི་ངང་པ་ཚུལ་ཁྲིམས་ཀྱི་ཕུང་པོར་སྐྱེས་ན་ཡང༌། སེམས་ཅན་ཚ་བ་ཅན་གྱི་གདུགས་སུ་གྱུར་པའོ། །དབུལ་བ་ཅན་ལ་ནོར་བུའོ། །ནད་ཀྱིས་ 1-1-101 གདུངས་པ་ལ་སྨན་པའོ། །ཟུག་རྔུ་འབྱིན་པའི་ཡེ་ཤེས་སོ། །མུན་པར་གྱུར་པའི་སྒྲོན་མེའོ། ། རྒྱ་མཚོ་ལས་སྒྲོལ་བའི་དེད་དཔོན་ཡིན་པར་རིག་པར་བྱའོ། །ཞེས་ངང་པར་སྐྱེས་པའི་རབས་ ཏེ་ཉི་ཤུ་ཐམ་པའོ།། །། ༈ ཡང་རེ་ཤིག་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །འཕགས་པ་འཇམ་ དཔལ་རོལ་པའི་མདོར། འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་སུ། དེ་བཞིན་གཤེགས་ པ་རྣམ་པར་གཟིགས་ཀྱི་བསྟན་པ་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་མེ་ཏོག་འཕགས་པ་ ཞེས་བྱ་བ་ཡང་ཡོད་དེ། བློན་པོ་དང་རྒྱལ་ཕྲན་ལྔ་སྟོང་ཡོད་དོ། །བཙུན་མོ་ལྔ་བརྒྱ་ཡོད་ཀྱང་ སྲས་མེད་པས། དུས་རེ་ཞིག་ཏུ་སངས་རྒྱས་རྣམ་པར་གཟིགས་ལ་བསྙེན་བཀུར་རྒྱ་ཆེན་པོར་ བྱས་པའི་ཚེ་ན། རྒྱལ་བུ་ཉེར་གཉིས་ཁབ་ཏུ་འབྱུང་ངོ༌། །ཞེས་ནམ་མཁར་སྒྲ་གྲག་གོ །དེ་ནས་ ཟླ་བ་དགུ་ནས་བཙུན་མོ་ལ་བུ་རེ་རེ་བཙས་སོ། །བཙུན་མོ་མེ་ཏོག་མཛེས་ལ་པད་མོ་ཞིག་ བཙས་ནས། རྒྱལ་པོས་གདུང་ཚབ་ཏུ་རེ་བ་ལ། མཚན་ངན་པད་མོ་འདི་འབྱུང་ངོ༌། །ད་ལྟ་ཉིད་ དུ་ཕྱུང་ལ་བོར་དུ་ཆུག །ཡན་ལག་སྤོས་ཆུས་བཀྲུ་ལ་ཤོག །ཅེས་བསྒོ་ནས། པད་མོ་བོར་ནས། ཞག་གསུམ་ན། རྒྱལ་བློན་རྣམས་སྐྱེད་མོས་ཚལ་དུ་སོང་ནས། པད་མོའི་རྫིང་ལ་མེ་ཏོག་ལེ་ བརྒན་དུ་འདུག་པ་འོད་འཚེར་བ། ཁ་ཕྱེ་བའི་དཀྱིལ་དུ་ཁྱེའུ་དཀར་པོ་བྱད་གཟུགས་མཛེས་ པ་ཞིག་སྣང་ངོ༌། །མེ་ཏོག་མཛེས་ལ་བཙས་པར་ཤེས་ནས། རྒྱལ་མཚན་བ་དན་འཕྱར་བའི་ འཇའ་འོད་འཁྱིལ། །དུང་སྒྲ་རྔ་སྒྲ་འབྲུག་སྟོང་རབ་ཏུ་ལྡིར། །མེ་ཏོག་སྤོས་མཆོག་ས་གཞི་རྣམ་ པར་ཁེངས། །ཕོ་བྲང་གནས་སུ་རྒྱལ་བུ་ཚུལ་བཞིན་དྲངས། །རྒྱལ་བུའི་མཚན་ནི་སྤོས་ཀྱི་གླང་ པོ་ཞེས་བཏགས་སོ། །དེ་ནས་མཚན་མཁན་ལ་བསྟན་ནས། རྒྱལ་བུ་བསོད་ནམས་ལྡན་པས་ མཚན་དཔེས་བརྒྱན། །ཁྱིམ་ལ་གནས་ནས་མཐའ་བཞི་དག་ལ་དབང༌། །རབ་བྱུང་བྱས་ན་སྐྱེ་ ཤི་རྩ་བ་གཅོད། །མངོན་པར་བྱང་ཆུབ་མཆོག་ཏུ་སངས་རྒྱས་འགྱུར། །དེ་ནས་རྒྱལ་བུ་དེ་དག་ 1-1-102 ཆེར་སྐྱེས་ནས། པད་མའི་རྫིང་བུར་དེ་དག་ཕྱིན་ནས། སོ་སོའི་གཟུགས་ཆུ་ལ་འཆར་ནས། (འཕགས་པ་ས་ལུ་ལྗང་བའི་མདོ་ལས་ཀྱང༌། འདི་ལྟ་སྟེ་དཔེར་ན་རབ་ཏུ་མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་སྣང་བ་ཡང་ གཟུགས་མེ་ལོང་གི་དཀྱིལ་འཁོར་ལ་མ་འཕྲོས་མོད་ཀྱི་རྒྱུ་དང་རྐྱེན་མ་ཚང་བའི་ཕྱིར་གཟུགས་མེ་ལོང་གི་དཀྱིལ་འཁོར་དུ་ཡོད་ དེ་བཞིན་དུ་འདི་ན་སུས་ཀྱང་དོན་ལ་ཤི་ཕྲོ་བ་མེད་ལ་རྣམ་ཤེས་བཞིན་དུ་མི་སྐྱེ་སྟེ། རྒྱུ་དང་རྐྱེན་ལ་མ་ཚང་བ་མེད་པའི་ཕྱིར་རོ། །) རྒྱལ་བུ་སྤོས་ཀྱི་གླང་པོས་སྨྲས་པ། ཆོས་རྣམས་སྒྱུ་མ་རྨི་ལམ་ཆུ་ཟླ་འདྲ། །བདག་ཅག་རྣམས་ ཀྱང་དེ་བཞིན་མི་རྟག་གོ །ལང་ཚོ་གཟུགས་བཟང་ཡིད་བརྟན་བྱེད་མི་རུང༌། །ལོ་བརྒྱ་ཐོབ་ ཀྱང་ཐ་མར་འཆི་བ་ལགས། །ཞེས་དང༌། རྒྱལ་བུ་དེ་དག་མྱ་ངན་སྐྱེས་ནས། ཕོ་བྲང་དུ་ཕྱིན་ ནས་ཡབ་ཡུམ་ལ་སྨྲས་པ། འཇིག་རྟེན་དག་ནི་སྡུག་བསྔལ་གཞི་མ་སྟེ། །ཁྱིམ་ན་གནས་པ་ སྐྱེ་ཤིའི་ཁ་རྒྱུད་ཡིན། །དལ་འབྱོར་ཐོབ་ཅིང་བསྟན་ལ་མཇལ་བའི་ཚེ། །བདག་ཅག་རབ་ཏུ་ བྱུང་བར་གནང་དུ་གསོལ། །(མདོ་འཛང་བླུན་ལས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བསོད་ནམས་ནི་བསམ་ གྱིས་མི་ཁྱབ་སྟེ་མྱ་ངན་ལས་འདས་པའི་བར་དུ་བསོད་ནམས་ཟད་མི་ཤེས་སོ། །)དེ་ནས་རྒྱལ་བུ་སྤོས་ཀྱི་གླང་པོའི་ གསུངས་མ་ཆོག་པར། རྒྱལ་བུ་དེ་དག་རབ་ཏུ་བྱུང་བར་གནང་ནས། དེ་བཞིན་གཤེགས་པ་ རྣམ་པར་གཟིགས་ལ་རབ་ཏུ་བྱུང་ངོ༌། །དེ་དག་ཐམས་ཅད་མྱུར་དུ་སངས་རྒྱས་ཀྱི་བྱང་ཆུབ་ ཐོབ་པར་གྱུར་ཏོ། །འཇམ་དཔལ་རྒྱལ་བུ་སྤོས་ཀྱི་གླང་པོ་ནི་ལི་ཙ་བཱི་དེ་ཡིན་ནོ། །འཕགས་པ་ སྤོས་ཀྱི་གླང་པོར་སྐྱེས་པའི་རབས་ཏེ་ཉེར་གཅིག་པའོ།། །། ༈ ཡང་རེ་ཞིག་ཉན་ཐོས་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །ར་ཀ་ཏ་ཀུན་ཏུ་རྒྱས་པའི་མདོ་ ལས། སྔོན་དེ་བཞིན་གཤེགས་པ་སེང་གེ་རྣམ་པར་རོལ་པའི་བསྟན་པ་ལས། སངས་རྒྱས་ དེའི་ཉེ་འཁོར་དུ་རྫུ་འཕྲུལ་ཆེ་བའི་མཆོག་ཚེ་དང་ལྡན་པ་མཛེས་བཟང་ཞེས་བྱ་བ་ཞིག་ཀྱང་ ཡོད་དོ། །དུས་རེ་ཞིག་ན་དེ་བཞིན་གཤེགས་པའི་མཐུས་མཛེས་བཟང་ལ་སོགས་ཉན་ཐོས་ ལྔ་སྔ་དྲོ་ལ་ཆོས་གོས་ཤམ་ཐབས་ལྷུང་བཟེད་འཁར་བསིལ་ཐོགས་ནས་བསོད་སྙོམས་ལ་ 1-1-103 གཤེགས་སོ། །ཡུལ་གྲུ་འཛིན་ཏུ་ཕྱིན་ནས། མུ་སྟེགས་སྟོན་པ་ཞིག་གིས་ཕྲག་དོག་སྐྱེས་པས། གླང་པོ་ཆེ་བཅོ་ལྔ་ཆང་གིས་མྱོས་པར་བྱས་ནས་ཉན་ཐོས་རྣམས་ལ་བཏང་ངོ༌། །མཛེས་བཟང་ ན་བཟའི་མཐའ་ནས་འཁར་བསིལ་བཏེགས་ནས། སེང་གེ་ཁ་གདངས་པ་མི་འཇིགས་པ་ བཞིའི་སྒྲ་སྒྲོགས་པས། གླང་ཆེན་ཐམས་ཅད་ཀྱི་ལུས་འདར་ནས་རབ་ཏུ་སྐྲག་ནས། སླར་ ལོགས་ཏེ་མུ་སྟེགས་སྟོན་པ་མང་པོ་བསད་དོ། །དེ་ནས་མུ་སྟེགས་རྒྱལ་པོས་ཉན་ཐོས་རྣམས་ བསུས་ནས་སྟན་བཏིང་བསྙེན་བཀུར་རྒྱ་ཆེན་པོར་བྱས་སོ། །འགྱོད་ཚངས་བྱས་ཏེ་སྨྲས་ པ། མི་འཇིགས་བཞི་ཡི་སེང་གེ་ཁ་གདངས་ཕྱེ། །མུ་སྟེགས་ངན་པའི་གླང་པོ་ས་ལ་འགྱེལ། ། ཉེས་པ་གང་མཆིས་ཁྱེད་ཀྱི་དྲུང་དུ་བཤགས། །བསླབ་པའི་ཆོས་ཅིག་བདག་ལ་འཆད་དུ་ གསོལ། །མཛེས་བཟང་ན་རེ། དལ་འབྱོར་འདི་ཡང་ཡིད་བཞིན་ནོར་བུས་ལྷག །དེ་བས་ སངས་རྒྱས་ཕྲད་དཀའ་ཆོས་བྱེད་དཀའ། །ཚུལ་བཞིན་བསམས་ནས་ལོག་པའི་ཆོས་ལུགས་ སྤངས། །བསླུ་བ་མེད་པའི་སངས་རྒྱས་ཆོས་ལ་སྤྱོད། །ཅེས་མུ་སྟེགས་སྡེ་གླིང་ནང་པའི་བསྟན་ པ་ལ་བཙུད་དོ། །མཛེས་བཟང་ནི་གཞོན་ནུ་ལི་ཙ་བཱི་འདི་ཡིན་ནོ། །མཛེས་བཟང་དུ་སྐྱེས་པའི་ རབས་ཏེ་ཉེར་གཉིས་པའོ།། །། ༈ ཡང་དུས་ལན་ཅིག་ཏུ་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །སངས་ རྒྱས་ཡོན་ཏན་བཀོད་པའི་མདོ་ལས། ཤཱ་རིའི་བུ། སྔོན་བྱུང་བ་བསྐལ་པ་དྲུག་ཅུ་འདས་པའི་ཕ་ རོལ་ན། འཇིག་རྟེན་དུ་དེ་བཞིན་གཤེགས་པ་སེང་གེའི་རྒྱལ་མཚན་ཞེས་བྱ་བ་ཞིག་བྱུང་ནས་ སྐུ་ཚེའི་ཚད་ནི་བར་བསྐལ་ཉི་ཤུའོ། །དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཆེན་པོ་རྫུ་འཕྲུལ་ ཅན་གྱི་མཆོག །ཚེ་དང་ལྡན་པ་ཟླ་བའི་བློ་གྲོས་ཞེས་བྱ་བ་ཞིག་ཡོད་དེ་བསླབ་པ་གསུམ་དང་ མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་དང་ལྡན་པ་དེ་སངས་རྒྱས་ཀྱི་མཐུས་ སྔ་དྲོའི་དུས་ཀྱི་ཚེ། གྲོང་ཁྱེར་ཡངས་པ་ཅན་དུ་བསོད་སྙོམས་ལ་ཕྱིར་གཤེགས་ནས། ཡངས་ 1-1-104 པ་ཅན་དུ་ས་ཡང་ཆེར་གཡོས་ཏེ། སྤྲིན་ནག་པོ་དང་དུས་མ་ཡིན་པའི་རླུང་དང༌། འབྲུག་སྒྲ་ ཡང་དི་རི་རི་ཟེར་རོ། །གློག་མོ་དག་ཀྱང་འཁྱུག་གོ །དེ་ནས་ཡངས་པ་ཅན་གྱི་མི་ཁ་ཅིག་གྲོང་ ཁྱེར་གཞན་དུ་འབྲོས་ཐབས་བྱེད་དོ། །གྲོང་ཁྱེར་ཐམས་ཅད་གདོན་འབྱུང་པོས་བཏབ་པར་ གྱུར་ཏོ། །རླུང་དང༌། བད་ཀན་དང༌། མཁྲིས་པ་དང༌། མེ་དབལ་དང༌། འབྲུམ་བུ་ལ་སོགས་པ་ ནད་སྣ་ཚོགས་པ་འབྱུང་ངོ༌། །དེ་ནས་ཡངས་པ་ཅན་གྱི་ལྗོན་ཤིང་ཀུན་གྱི་དགེ་སློང་དང༌། དགེ་ སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་རྣམས་སྐྲག་སྟེ་སྐྱི་བུང་བྱེད་དོ། །སངས་རྒྱས་ དང༌། ཆོས་དང༌། དགེ་འདུན་ལ་ཕྱག་འཚལ་ལོ། །བྲམ་ཟེ་ཁ་ཅིག་གནམ་དུ་བལྟས་ཏེ་ངུ་ འབོད་དོ། །ཁྱིམ་བདག་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པའི་རིགས་ རྣམས་ནི་ལྷ་ཚངས་པ་ལ་ཕྱག་འཚལ། ཁ་ཅིག་བརྒྱ་བྱིན་ལ། དེ་མ་ཡིན་པ་རྣམས་དབང་ཕྱུག་ དང༌། ནོར་བུ་བཟང་པོ་དང༌། རྫོགས་བཟང་དང༌། ཉི་ཟླ་དང༌། རི་བོ་དང༌། ནགས་ཚལ་དང༌། སྨན་དང༌། ལྗོན་ཤིང་དང༌། གེལ་བ་དང༌། ཆུ་བོ་དང༌། མཚོ་དང༌། རྫིང་བུ་དང༌། ལྡེང་ཀའི་ གནས་ལ་ཕྱག་འཚལ་ཞིང༌། བདག་ཅག་འདི་འདྲ་བའི་གདོན་འཇིགས་པའི་གནས་ལས་ཇི་ ལྟར་ཐར་པར་འགྱུར་རོ། །སྙམ་ནས་འཁོད་པ་དང༌། བྱང་ཆུབ་སེམས་དཔའ་མི་ལས་ཁྱད་ པར་དུ་འཕགས་པའི་སྤྱན་རྣམ་པར་དག་པས་གཟིགས་སོ། །གཟིགས་ནས་རིངས་པ་རིངས་ པར་ཡངས་པ་ཅན་དུ་སེམས་ཅན་སྡུག་བསྔལ་གྱིས་གདུང་བའི་རྩར་ཕྱིན་ནས། ངུར་སྨྲིག་ ཆོས་གོས་ཡར་ཕྲག་པར་བསགས་ནས་བྱང་ཆུབ་སེམས་དཔའི་སྐུ་ཤིན་ཏུ་མཛེས་པ། དང་ པར་འོས་པ། དབང་པོ་དུལ་བ། ཐུགས་ཞི་བ། ཞི་གནས་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པ། གླང་ པོ་ཆེན་པོ་ལྟར་དུལ་བ། མཚོ་ལྟར་རྙོག་པ་མེད་པ། མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་ བཟང་པོ་བརྒྱད་ཅུས་སྤྲས་པ། ཤིང་སཱ་ལའི་རྒྱལ་པོ་ལྟར་རྒྱས་པ་ཉི་མ་ལྟར་འོད་ཟེར་གྱི་དྲ་བ་ འགྱེད་པ་མཚན་མོ་ལ་མེའི་ཕུང་པོ་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེར་སེམས་ཅན་གྱིས་མཐོང་ངོ༌། ། 1-1-105 མཐོང་ནས་ཡངས་པ་ཅན་དུ་ལ་ལ་མེ་ཏོག་འཐོར། དར་གྱི་ལྡ་ལྡི་ནི་འཕྱར། རྒྱལ་མཚན་ནི་ བསྒྲེངས། གདུགས་ཆེན་ནི་བསྐོར། རོལ་མོ་སྣ་ཚོགས་ནི་དཀྲོལ། སྤོས་བཟང་པོ་ནི་བདུག་ ནས་བྱང་ཆུབ་སེམས་དཔའ་ག་ལ་བ་དེར་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་ མཐིལ་འཁོར་ལོ་མུ་ཁྱུད་རྩིབས་སྟོང་དང་ལྡན་པ་མེ་ཏོག་པད་མའི་སྙིང་པོ་ལྟར་འཇམ་པ། གཞོན་ཤ་ཆགས་པ། འོད་ཟེར་བརྒྱ་སྟོང་དུ་མར་འཕྲོ་བའི་ཕྱག་གཡས་པ་བརྐྱངས་ནས་ལི་ཙ་ བཱི་དེ་དག་གི་མགོ་ལ་བྱུགས་ཏེ་ཡེ་ཤེས་གྱི་སྤྱན་ཡངས་པར་ཕྱེ་ནས་ཕྱོགས་ཀུན་ཏུ་གཟིགས་ ནས་འདི་སྐད་ཅེས་གསོལ་ཏོ། །སྐུ་ཡི་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་གི་བཀྲ་ ཤིས་དུང་དཀར་གཡས་སུ་འཁྱིལ། །ཐུགས་ཀྱི་བཀྲ་ཤིས་དཔལ་བེའུ་འོད་དུ་འབར། །འདོད་ ཆགས་རླུང་ནད་དྲི་མ་སེལ་བར་ཤོག །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་ བཀྲ་ཤིས་པད་མ་དཀར་པོ་རྒྱས། །མགུར་ལ་བཀྲ་ཤིས་བུམ་བཟང་ཁ་རྒྱན་མཛེས། །ཞེ་སྡང་ མཁྲིས་ནད་བག་ཆགས་ཐམས་ཅད་སོལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུས་མཚན། ། ཞབས་ཀྱི་བཀྲ་ཤིས་དབང་བསྒྱུར་འཁོར་ལོ་འབར། །རྣམ་ཐར་བརྒྱད་ལྡན་རོལ་པའི་བཀྲ་ ཤིས་བརྒྱད། །གཏི་མུག་བད་ཀན་འདུས་པའི་ནད་ཀུན་སོལ། །སེར་སྣ་མདུད་གཅོད་ཡེ་ཤེས་ རལ་གྲི་མཆོག །དམིགས་མེད་སྦྱིན་པ་རྣམ་བཞི་ཆུ་བོའི་རྒྱུན། །ཉམ་ཐག་འགྲོ་ཀུན་བདེ་བར་ སྐྱོང་མཛད་པ། །སྦྱིན་པའི་ཕ་རོལ་ཕྱིན་པའི་བཀྲ་ཤིས་ཤོག །བག་མེད་ཚུལ་འཆོས་བཅོམ་ པའི་བདུད་རྩི་སྟེ། །སྟོང་གསུམ་ཡིད་བཞིན་ནོར་བུ་དགོས་འདོད་འབྱུང༌། །ཚངས་སྤྱོད་རྣམ་ དག་མགོན་མེད་སྐྱོང་མཛད་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་བཀྲ་ཤིས་ཤོག །ཞེ་སྡང་ལྟོ་ འགྲོའི་དགྲ་ལ་ནམ་མཁའ་ལྡིང༌། །བྱང་ཆུབ་སེམས་གཉིས་རོལ་པའི་གཤོག་བརྐྱང་ཅན། ། གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་མཚུངས་པ། །བཟོད་པའི་ཕ་རོལ་ཕྱིན་པའི་བཀྲ་ ཤིས་ཤོག །ལེ་ལོ་མུན་པའི་རྒྱ་མཚོ་སྐེམ་བྱེད་པ། །འོད་ཟེར་དཀྱིལ་འཁོར་རྒྱས་པའི་ཉི་མ་སྟེ། ། 1-1-106 མྱང་འདས་ཐར་པའི་ཁང་བཟང་བགྲོད་མཛད་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་བཀྲ་ ཤིས་ཤོག །མ་རིག་རྣམ་རྟོག་འཇོམས་པའི་ཏིང་འཛིན་མཆོག །སྤྲོས་བྲལ་མཁའ་ལྟར་ཡངས་ པའི་མཉམ་བཞག་སྟེ། །འབྲས་མཆོག་ཆོས་ཉིད་མངོན་དུ་གྱུར་པ་ཉིད། །བསམ་གཏན་ཕ་ རོལ་ཕྱིན་པའི་བཀྲ་ཤིས་ཤོག །ཀུན་རྫོབ་འཁྲུལ་བའི་འཁྲུལ་འཁོར་མ་རིག་ཀུན། །དོན་དམ་ འཁྲུལ་མེད་བདེན་པ་འདུས་མ་བྱས། །བདེན་གཉིས་ཚུལ་བཞིན་རྟོགས་པའི་ཤེས་རབ་སྟེ། ། ཤེས་རབ་ཕ་རོལ་ཕྱིན་པའི་བཀྲ་ཤིས་ཤོག །སེམས་ཅན་དབུལ་ཕོངས་ནད་ཀྱིས་མནར་བ་ ཀུན། །སྲོག་ཆགས་བརྒྱ་ཕྲག་སྡུག་བསྔལ་གཟིར་བ་རྣམས། །སྐྱེ་བོ་མྱ་ངན་འཇིགས་པས་ གདུང་མཐོང་ནས། །དེ་དག་དོན་དུ་སྙིང་རྗེ་སེམས་ཀྱིས་སྤྱོད། །འགྲོ་དྲུག་རྒྱུད་ལྔ་འཁོར་བའི་ དཀྱིལ་འཁོར་དུ། །སྐྱེ་རྒ་ན་འཆིའི་འཁྲུལ་འཁོར་རབ་ཏུ་གདུང༌། །སྡུག་བསྔལ་མ་རིག་འཁོར་ ལོ་བཤིག་མཛད་པ། །ཡེ་ཤེས་རྡོ་རྗེ་སྲ་བ་འདི་ཚོལ་ལོ། །འདོད་ཆགས་ཞེ་སྡང་དུག་གི་ཚེར་མ་ ཅན། །ལྟ་ངན་ནགས་ཚལ་ཡོངས་སུ་འཛིངས་པ་ཡིས། །སེམས་ཅན་ཞིང་ལ་མ་རིག་སྤྱོད་པའི་ ཕྱིར། །ཡེ་ཤེས་མེ་ལྕེ་འབར་བ་འདི་ཚོལ་ལོ། །ཡེ་ཤེས་འོད་ཟེར་སྨོན་ལམ་དཀྱིལ་འཁོར་ཅན། ། འགྲོ་ཀུན་ཐར་པའི་གླིང་མཆོག་སྐྱེལ་མཛད་པ། །ཆོས་དབྱིངས་མཁའ་ལ་མངོན་པར་ འཕགས་པ་ཡིས། །སངས་རྒྱས་ཟླ་བའི་དཀྱིལ་འཁོར་འཆར་བར་འགྱུར། །ཤཱ་རིའི་བུ། དེ་ ནས་ཡངས་པ་ཅན་དུ་ནད་ཀྱི་སྤྲིན་ཐམས་ཅད་སངས་ཏེ། སེམས་ཅན་དེ་དག་ས་དང་པོའི་ བདེན་པ་ལ་བཞག་གོ །ཁ་ཅིག་ཕྱིར་མི་འོང་བའི་དགྲ་བཅོམ་པར་གྱུར་ཏོ། །ཕྱིར་འོང་བ་དང་ རྒྱུན་དུ་ཞུགས་པར་གྱུར་ཏོ། །དེ་དག་གིས་བྱང་ཆུབ་སེམས་དཔའ་ཟླ་བའི་བློ་གྲོས་ལ་ཕྱག་ འཚལ་ཏེ་སྨྲས་པ། རྒྱལ་བ་དྲི་མེད་ཟླ་བའི་ཞལ་བཟང་བ། །སྙན་མཆོག་སྙན་ཤལ་རོལ་པ་ མཁའ་ལྟར་རྒྱས། །རྡུལ་བྲལ་རྣམ་དག་ཁྱོད་འདྲ་ཀུན་ལ་མེད། །མཉམ་མེད་མཁྱེན་ཆེན་ཁྱོད་ ལ་ཕྱག་འཚལ་ལོ། །རྒྱལ་བའི་དབུ་སྐྲ་འཇམ་མཛེས་སྣུམ་ཞིང་བཟང༌། །གཙུག་ཏོར་མཆོག་ 1-1-107 ཀྱང་རི་རྒྱལ་མཁའ་ལ་འཕགས། །མཛོད་སྤུ་རྣམ་དཀར་རོལ་པའི་གཡས་སུ་འཁྱིལ། །སྨིན་ མཚམས་གཞུ་མཆོག་འདྲ་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྤྱན་བཟང་ཨུཏྤལ་སྔོན་པོ་འདྲ། ། ཐུགས་རྗེ་གང་གིས་འགྲོ་བ་འདི་གཟིགས་པ། །སྲིད་པའི་སྡུག་བསྔལ་རྒྱ་མཚོ་སྒྲོལ་མཛད་པ། ། རྒྱལ་བ་དྲི་མེད་སྤྱན་ལ་ཕྱག་འཚལ་ལོ། །ལྗགས་ཡངས་སྲབ་ལ་ལེབ་བརྒན་མདངས་དང་ ལྡན། །དེ་ཡིས་རང་གི་ཞལ་བཟང་གདོང་ཡང་ཁེབས། །ཆོས་གསུངས་པས་ནི་འགྲོ་ཀུན་བདེ་ ལ་སྐྱོང༌། །འཇམ་སྣུམ་གསུང་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཚེམས་དཀར་བཞི་ བཅུ་ཐགས་བཟང་བ། །ཕྱག་མཐིལ་གཉིས་སུ་པད་མ་དཀར་པོ་རྒྱས། །རུ་སྦལ་ཞབས་ལ་ འཁོར་ལོའི་མཚན་དང་ལྡན། །ཕྱག་སོར་དྲ་བས་འབྲེལ་ལ་ཕྱག་འཚལ་ལོ། །རྒྱལ་བའི་འོད་ ནི་ཞིང་བརྒྱ་སྣང་བྱེད་ཅིང༌། །ཨེ་ནྱའི་བྱིན་པ་མཉམ་མེད་བཅོམ་ལྡན་འདས། །གླང་ཆེན་ངང་ པ་རྨ་བྱ་སེང་གེའི་སྟབས། །སྤུ་མཆོག་གཡས་སུ་འཁྱིལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ གཉའ་ཤིང་གང་དུ་གཟིགས་ཏེ་གཤེགས། །ས་དང་རི་རབ་ཐམས་ཅད་དྲུག་ཏུ་གཡོས། ། གསུང་ནི་ཚངས་དབྱངས་ཀ་ལ་པིང་ཀའི་སྐད། །འཁོར་བའི་ཕ་རོལ་གཤེགས་ལ་ཕྱག་འཚལ་ ལོ། །རྒྱལ་སྲས་ཁྱོད་ནི་སེང་གེའི་སྒྲ་དང་ལྡན། །རྒོལ་ངན་ཝ་སྐྱེས་ཚོགས་ཀུན་སྐྲག་པར་ མཛད། །ཐུགས་རྗེ་ཐབས་ཚུལ་ཆོས་ལ་འཛུད་མཛད་པ། །འགྲོ་བའི་དེད་དཔོན་ཁྱོད་ལ་ཕྱག་ འཚལ་ལོ། །རྒྱལ་བ་ཁྱེད་ནི་སྨན་པའི་རྒྱལ་པོ་སྟེ། །མ་རིག་དུག་གསུམ་རྒྱ་མཚོ་སྐེམ་མཛད་ པ། །འགྲོ་བ་ནད་མེད་བདེ་ལ་སྦྱོར་བྱེད་ཅིང༌། །མཆོག་ཏུ་དགའ་མཛད་ཁྱོད་ལ་ཕྱག་འཚལ་ ལོ། །ནད་རིགས་སུམ་བརྒྱ་དྲུག་ཅུས་བཏབ་པ་ཡིས། །སེམས་ཅན་སྟོང་ཕྲག་སྨྲེ་སྔགས་ངུ་ འབོད་ཚེ། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་རབ་ཏུ་གཟིགས། །བླ་མེད་སྨན་པའི་རྒྱལ་ལ་ཕྱག་ འཚལ་ལོ། །མཚུངས་མེད་ཁྱེད་ལ་དད་པའི་ཆ་ཙམ་གྱིས། །གླིང་བཞིའི་བདག་པོ་འཁོར་ལོས་ སྒྱུར་བའི་མཆོག །ཚངས་པ་བརྒྱ་བྱིན་མི་བདག་རྒྱལ་པོ་དང༌། །དགའ་ལྡན་གཞན་འཕྲུལ་ 1-1-108 དབང་བྱེད་བདག་པོར་འགྱུར། །རྒྱལ་སྲས་ཁྱོད་ལ་མཆོད་པའི་ཆ་ཙམ་གྱིས། །ནོར་མང་རིན་ ཆེན་བང་མཛོད་ནོར་བུ་དང༌། །ལོངས་སྤྱོད་ཟད་མེད་དཔལ་འབྱོར་མངའ་ཐང་རྒྱས། །བསོད་ ནམས་རྒྱ་མཚོ་ཚེ་རིང་བྱང་ཆུབ་ཐོབ། །མཐོང་ན་དགའ་བ་ཐུགས་རྗེ་མཆོག་ལྡན་པ། །ཁྱེད་ཀྱི་ ཡོན་ཏན་བསྔགས་པའི་ཕྲེང་བ་ནི། །ཕྱོགས་བཅུའི་ཞིང་ཁམས་བརྒྱར་ཡང་གྲགས་པ་སྟེ། ། བདེ་གཤེགས་སྲས་བཅས་གསུང་གླེང་རྟག་ཏུ་སྒྲོགས། །བདག་ཅག་རྒྱལ་བའི་གསུང་ཐོས་ བསོད་ནམས་ཀྱིས། །མངོན་ཤེས་ལྔ་ལྡན་རྫུ་འཕྲུལ་མཁའ་ལ་གནས། །དཔའ་བོ་བདེ་ གཤེགས་མཚུངས་པར་བདག་གྱུར་ཏེ། །དྲི་མེད་ཆོས་ནི་འགྲོ་ལ་རྣམ་པར་ཕྱེ། །ལྷ་ཀླུ་མི་དང་ གནོད་སྦྱིན་ལྷོ་འཕྱེ་གྲུལ། །འགྲོ་བ་ཀུན་ལ་ཆོས་ཀྱི་ཆར་ཕབ་པས། །ཡོན་ཏན་ཀུན་རྫོགས་ ཚོགས་གཉིས་མཐར་ཕྱིན་ནས། །རྣམ་དཀར་དགེ་བ་རྒྱ་ཆེར་གང་བསྒྲུབས་པས། །འགྲོ་ཀུན་ སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་ཟླ་བའི་བློ་གྲོས་ཏེ་ཡུལ་ ཤིང་ཐགས་མཁན་དུ་གཤེགས་ནས། ཞབས་རྗེས་ཀུན་ལ་མེ་ཏོག་པ་ར་ཤ་ཀ་རེ་རེ་སྐྱེས་སོ། ། དེ་བཞིན་གཤེགས་པ་སེང་གེའི་རྒྱལ་མཚན་ག་ལ་བ་དེར་ཕྱིན་པར་གྱུར་ཏོ། །དེ་བཞིན་ གཤེགས་པས་བཀའ་སྩལ་པ། རིགས་ཀྱི་བུ་ངལ་ལམ། ཆད་དམ། འོ་བརྒྱལ་ལམ། བདེ་བར་ སྡོད་ཅིག །ཅེས་དང༌། བྱང་ཆུབ་སེམས་དཔས་སངས་རྒྱས་ལ་ཕྱག་དང་བསྐོར་བ་མང་པོ་བྱས་ ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ནོར་བུའི་སྙིང་པོས་གསོལ་ པ། བཅོམ་ལྡན་འདས་ཟླ་བའི་བློ་གྲོས་འདིས་སེམས་ཅན་མང་པོ་ནད་ལས་ཐར་པ་ནི་ངོ་ མཚར་ཆེའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཟླ་བའི་བློ་གྲོས་འདི་ཕྱི་མའི་དུས་སུ་ ཇི་ལྟར་མངོན་པར་སངས་རྒྱས་ལགས། དེ་བཞིན་གཤེགས་པས་བཀའ་སྩལ་པ། ནོར་བུའི་ སྙིང་པོ་ཚེ་དང་ལྡན་པ་ཟླ་བའི་བློ་གྲོས་འདི་མ་འོངས་པའི་དུས་ཀྱི་ཐ་མ་ལ། གཤང་གཤོང་ ཚེར་མ་ཅན་གྱི་ཡུལ་ཚེ་ལོ་བརྒྱ་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ། ལི་ཙ་བཱི་ 1-1-109 གཞོན་ནུ་མཐོང་ན་དགའ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་གྱུར་ཏོ། །རྒྱལ་བ་ལ་ མཉེས་པ་ཆེན་པོ་མཛད་པའི་མཐར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་མངོན་པར་རྫོགས་པར་སངས་ རྒྱས་སོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཟླ་བའི་བློ་གྲོས་ཀྱི་ཆེ་བའི་ཡོན་ཏན་རྒྱས་པར་ བསྟན་ཏོ། །བསྟན་ནས་སེམས་ཅན་སྟོང་ཕྲག་མང་པོ་ཕྱིར་མི་ལྡོག་པར་གྱུར་ཏོ། །ལ་ལ་མི་སྐྱེ་ བའི་ཆོས་ལ་བཟོད་པ་ཐོབ་བོ། །ཤཱ་རིའི་བུ། ངའི་ཉན་ཐོས་ཀྱི་མཆོག་གཞོན་ནུ་ལི་ཙ་བཱི་འཇིག་ རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ནི་བསོད་ནམས་དེ་ལྟར་ཤེས་པར་གྱིས་ཤིག ། དད་པ་དང་བཀུར་སྟི་ནན་ཏན་དུ་གྱིས་ཤིག །འདི་ནི་ངའི་ཕྱེད་དང་འདྲའོ། །དུས་ཕྱི་མའི་ཚེ་ ནའང༌། ཀ་ཡོ་རི་ལ་ངའི་མཚན་འཛིན་པར་འགྱུར་རོ། །ཐེག་པ་ཆེན་པོས་འགྲོ་བ་མང་པོ་ འདྲེན་པར་འགྱུར་རོ། །ཞེས་སོ། །ཟླ་བའི་བློ་གྲོས་སུ་སྐྱེས་པའི་རབས་ཏེ་ཉེར་གསུམ་པའོ།། །། ༈ ཡང་རེ་ཞིག་དཔལ་ལྡན་བླ་མ་འདིས་སྔོན་ཉན་ཐོས་ཀྱི་ཚུལ་དུ་སེམས་ཅན་གྱི་དོན་ མཛད་དེ། ཇི་ལྟར་ཞེ་ན། འཕགས་པ་མེ་ཏོག་རྒྱས་པའི་མདོར། དེ་ནས་བཅོམ་ལྡན་འདས་ ཀྱིས་བྱམས་པ་ལ་བཀའ་སྩལ་པ། མི་ཕམ་པ་འདི་ལྟ་སྟེ། སྔོན་བསྐལ་པ་ཚད་མེད་གྲངས་མེད་ དཔག་ཏུ་མེད་པ་འདས་པའི་སྔ་རོལ་ཏུ། དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་ཞེས་བྱ་བ་ འཇིག་རྟེན་དུ་བྱུང་ངོ༌། །དེའི་སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ༌། །ལན་གསུམ་དུ་འདུས་ པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདུས་པ་དང་པོ་ལ་ནི་ཁྲི་ཕྲག་བདུན་ཅུ་དགྲ་བཅོམ་ པ་ཐོབ་བོ། །འདུས་པ་བར་མ་ལ་ནི་ཁྲི་ཕྲག་ལྔ་དགྲ་བཅོམ་པ་ཐོབ་བོ། །འདུས་པ་ཐ་མ་ལ་ནི་ ཁྲི་ཕྲག་བཅུ་དགྲ་བཅོམ་པ་ཐོབ་སྟེ། དེ་དག་ཐམས་ཅད་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་ བ་བྱས་པ། ཁུར་བོར་བ། རང་གི་དོན་རབ་ཏུ་རྙེད་པ། ཉོན་མོངས་པ་ཟད་པ། ཤེས་རབ་རྣམ་ 1-1-110 པར་གྲོལ་བ་ཤ་སྟག་གོ །དེའི་སྤྱི་བོ་ནས་དབང་བསྐུར་བའི་ཆོས་ཀྱི་རྒྱལ་པོ་ཡོན་ཏན་སེང་གེ་ ཞེས་བྱ་བ་ཡོད་དོ། །ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཡང་ཐོག་རིམ་པ་དགུའོ། ། ཁྱམས་ཆེན་པོ་རིམ་པ་ལྔ་ལྔ་ལས། གླང་པོ་ཆེ་དང་རྟ་དྲེལ་མ་ཧེ་རྔ་མོང་ལ་སོགས་པས་གང་ བ། ཁོར་ཡུག་ཏུ་མི་ཁྱིམ་འབུམ་ཕྲག་བརྒྱད་ཀྱིས་བསྐོར་བ་ཡོད་དོ། །བློན་པོ་དང་དམག་མི་ནི་ དཔག་ཏུ་མེད་དོ། །རྒྱལ་པོའི་བཙུན་མོ་ཟླ་བའི་སྒྲོན་མ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ པའི་སྲས་གཉིས་ཡོད་དོ། །ཆེ་བ་མྱ་ངན་མེད་པ་དང༌། ཆུང་ངུ་མྱ་ངན་བྲལ་བ་ཞེས་བྱའོ། །རྒྱལ་ བུ་དེ་གཉིས་ཡང་ཐོག་གི་སྟེང་ནས་རྣམ་པར་བརྩེ་བ་ལས། བཅོམ་ལྡན་འདས་བདེ་བའི་རྒྱལ་ པོ་དེ་ལ་འཁོར་དགྲ་བཅོམ་པ་མང་པོས་བསྐོར་ནས་གྲོང་ཁྱེར་ཆེན་པོ་མཐོང་ནས་དགར་ གཤེགས་པར་མཐོང་ནས། རྒྱལ་བུ་མྱ་ངན་མེད་པས་ཆུང་ངུ་ལ་སྨྲས་པ། མྱ་ངན་བྲལ་བ་ སངས་རྒྱས་འཁོར་བཅས་གཤེགས་པ་མཐོང་ངམ། མྱ་ངན་བྲལ་བས་སྨྲས་པ་མཐོང་ངོ༌། ། ལེགས་པར་མཐོང་ངོ༌། །དེ་ནས་མྱ་ངན་མེད་པས་ཚིགས་སུ་བཅད་དེ་སྨྲས་པ། མྱ་ངན་བྲལ་ ཁྱོད་རྗེས་ལྟོས་ཤིག །སངས་རྒྱས་བདེ་བའི་རྒྱལ་པོ་ལ། །འཁོར་མང་གུས་པར་རབ་བསྟོད་ ཅིང༌། །ཤིན་ཏུ་མཛེས་པར་གཤེགས་པ་ལ། །བདག་ཀྱང་དེ་འདྲའི་སེམས་བསྐྱེད་དེ། །བླ་ན་ མེད་པའི་ལམ་བཙལ་བ། །སྐྱེ་རྒ་ན་འཆི་འཁོར་བ་ཡི། །སྡུག་བསྔལ་སེམས་ཅན་ཀུན་སྒྲོལ་བ། ། འདོད་ཆགས་ཞེ་སྡང་གཏི་མུག་དབང༌། །མི་དགེ་བ་ཡི་ལས་ཀུན་བྱེད། །དེ་ཡི་དབང་གིས་ སེམས་ཅན་མ་ལུས་ཀུན། །ངན་སོང་གསུམ་དུ་འཁོར་བར་འགྱུར། །བདག་ནི་སངས་རྒྱས་ ལམ་བརྩོན་ཏེ། །སེམས་ཅན་འདི་དག་བསྐུལ་བར་བྱ། །མྱ་ངན་བྲལ་ཁྱོད་དེ་བཞིན་དུ། །བླ་ ན་མེད་པའི་སེམས་བསྐྱེད་ཅིག །སངས་རྒྱས་ཕྲད་པ་ཤིན་ཏུ་དཀའ། །ཨུ་དུམ་ཝཱ་རའི་མེ་ཏོག་ བཞིན། །དེ་ནས་མྱ་ངན་བྲལ་བས་ཆེ་བ་ལ་སྨྲས་པ། ཚིག་ཙམ་སྨྲས་པས་འགྲུབ་མི་འགྱུར། ། འཇིག་རྟེན་མི་སྤྱོད་ཚིག་ཙམ་བརྗོད། །བདག་ནི་ཚིག་གིས་མི་བརྗོད་དེ། །སེམས་ཀྱིས་བྱང་ 1-1-111 ཆུབ་རབ་བརྗོད་དེ། །སངས་རྒྱས་བསྒྲུབ་ཅེས་ཚིག་བརྗོད་དམ། །སྨྲས་པ་བཞིན་དུ་བརྗོད་མི་ ནུས། །དེ་དག་ཚིག་ཀུན་བརྗོད་རྫུན་ཏེ། །འབྲས་བུ་སྨིན་པར་བདེན་པ་མེད། །གལ་ཏེ་ཚིག་ ཙམ་བརྗོད་པ་དག །གལ་ཏེ་མངོན་པར་འཚང་རྒྱ་ན། །ཚིག་ཏུ་སྨྲས་པ་ཐམས་ཅད་ཀྱིས། ། ཀུན་ཀྱང་སངས་རྒྱས་ཐོབ་པར་རིགས། །དེ་ནས་མྱ་ངན་མེད་པས་སྨྲས་པ། གལ་ཏེ་ཁྱོད་ལྟར་ སེམས་བསྐྱེད་ན། །དེ་ནི་འདོད་པས་འཆིངས་པ་ཡིན། །སློབ་མ་རྣམས་ཀྱིས་འཇིགས་པའི་ ཕྱིར། །སེམས་བསྐྱེད་པ་ལ་སྨྲ་བའི་ཚེ། །སྐྱེས་བུ་ཆེན་པོའི་སེམས་ཅན་ལ། །ཆོས་དང་ཟང་ ཟིང་སྙོམས་པར་སྦྱིན། །ཐམས་ཅད་ལ་ཡང་སེར་སྣ་མེད། །བྱང་ཆུབ་བསྒྲུབ་པར་མོས་པའོ། ། གལ་ཏེ་དེ་ལྟར་སེམས་བསྐྱེད་ན། །དེ་ནི་ལེ་ལོ་ཅན་ཞེས་མིན། །སྨྲས་པ་བཞིན་དུ་མི་བྱེད་ན། ། དགོངས་པ་དེ་ནི་སྨད་པར་འགྱུར། །ཁྱོད་ནི་བླ་ན་མེད་པའི་ལམ། །ཚད་མེད་བཞིན་དུ་བསྒྲུབ་ དཀའ་ཞེས། །འོ་ན་ཚོགས་འདྲའི་སེམས་བསྐྱེད་ན། །དེ་བས་སྨྲ་བ་མ་ཕོད་དོ། །དེ་ནས་མྱ་ངན་ བྲལ་གྱིས་སྨྲས་པ། དེའི་ཁྱད་པར་བདག་གི་སངས་རྒྱས་བདེ་བའི་རྒྱལ་པོ་ལ་དྲི་བར་བཏང་ ངོ༌། །ཞེས་སྨྲས་ནས། མུ་ཏིག་གི་སྐས་ལ་འབབ་པའི་ཤུལ་དུ། རྒྱལ་བུ་མྱ་ངན་མེད་པ་ལྷག་ པར་དད་པས། ཡང་ཐོག་ལས་མཆོངས་ཏེ་ལུས་མ་བསྣད་པར། བཅོམ་ལྡན་འདས་ཀྱི་ག་ལ་ བ་དེར་ཕྱིན་ནས། རིན་པོ་ཆེའི་གོས་ཕུད་དེ་གཙུག་གི་ཏོ་གེར་བཀྲོལ་ནས་ནོར་བུ་དང་བཅས་ པ་བཅོམ་ལྡན་འདས་བདེ་བའི་རྒྱལ་པོ་ལ་ཕུལ་མ་ཐག་ཏུ་རྒྱལ་བུ་མྱ་ངན་བྲལ་བ་ཐོན་ནས། རང་གི་སྤུན་ཡང་མཐོང་ངོ༌། །མཐོང་ནས་ཡིད་ལ་ཤིན་ཏུ་ངོ་མཚར་སྐྱེས་ནས་སྨྲས་པ། རྡོ་རྗེ་ལྟ་ བུ་མྱ་ངན་མེད་པ་ཁྱོད། །ད་ལྟར་ཡང་ཐོག་སྟེང་ནས་ལྷན་ཅིག་ཏུ། །དྲི་མེད་འོད་ནི་དྲི་བ་བཅོམ་ ལྡན་ལ། །ཐོག་མར་ཕྱིན་པ་ལམ་ནི་གང་ནས་འོངས། །ཞེས་སྨྲས་སོ། །དེ་ནས་མྱ་ངན་མེད་ པས་སྨྲས་པ། བདག་ནི་ལྷག་བསམ་ཡང་ཐོག་སྟེང་ནས་མཆོངས། །བཅོམ་ལྡན་འདས་ཀྱི་ ཐུགས་རྗེ་ལྕགས་ཀྱུ་ཡིས། །ལེགས་པར་བཟུང་ནས་ལུས་ལ་བསྣད་པ་མེད། །བཅོམ་ལྡན་ 1-1-112 འདས་ཀྱི་སྤྱན་སྔར་འདིར་ཕྱིན་ཏོ། །ཞེས་དང༌། དེ་ནས་མྱ་ངན་མེད་པས་སྨྲས་པ། ཕན་ཚུལ་ དགའ་བའི་གཏམ་བྱས་སོ། །དེ་ནས་མྱ་ངན་དང་བྲལ་བས་རིན་པོ་ཆེའི་གོས་དང་མུ་ཏིག་གི་ ལྷམ་བཅོམ་ལྡན་འདས་ལ་ཕུལ་ཏེ། ཚིགས་སུ་བཅད་པ་སྨྲས་པ། བདག་ཅག་བཅོམ་ལྡན་ གཤེགས་མཐོང་སྟེ། །སྔོན་ཆད་ལམ་མིན་བདག་སྤྱོད་དོ། །ད་ལྟ་སངས་རྒྱས་རབ་བསྔགས་ པ། །ཡང་དག་ལམ་ནི་བདག་གིས་སྤྱོད། །དེ་ནས་མྱ་ངན་མེད་པས་ཚིགས་སུ་བཅད་པ་སྨྲས་ པ། གང་ཞིག་ལུས་སྲོག་ཕངས་པ་ནི། ཁྱོད་ཀྱིས་ལམ་ལ་ཆས་པ་བཞིན། །དེ་ནི་བདག་ལ་ཕན་ པ་ཡིན། །སེམས་ཅན་ཕ་རོལ་དོན་མི་ཤེས། །བདག་ནི་ལུས་སྲོག་མི་ཕངས་པས། །སྡུག་ བསྔལ་མང་པོ་མྱོང་ཡང་བླ། །སེམས་ཅན་ཕན་དང་བདེ་བའི་ཕྱིར། །སྡུག་བསྔལ་གདུངས་པ་ ཀུན་སྒྲོལ་ལོ། །སངས་རྒྱས་མཐོང་བྱེད་ལམ་ཡིན་པས། །དེ་ལས་གཞན་པ་ཚོལ་མི་དགོས། ། གླེན་པས་ཡང་དག་ལམ་སྤྱོད་ཀྱང༌། །ལོག་པའི་ལམ་དུ་ལྟུང་བར་འགྱུར། །སེམས་ཅན་ལོག་ པའི་ལམ་གནས་པས། །ཡང་དག་ལམ་ནི་ལོག་པར་མཐོང༌། །བདུད་ཀྱིས་བཅིངས་ལ་དེ་ ཆགས་པ། །ཡང་དག་ལམ་དང་བྲལ་བར་འགྱུར། །བདག་ནི་རྟག་ཏུ་བཅོམ་ལྡན་མཐོང༌། ། མཐོང་ནས་རབ་ཏུ་བྱུང་བར་ཤོག །རྟག་ཏུ་ཚངས་པ་ཡོངས་སུ་དག་བྱེད་ཅིང༌། །སྐྱེ་བ་ཀུན་ཏུ་ སེམས་ཅན་སྒྲོལ་བར་ཤོག །རྟག་ཏུ་དགེ་བའི་ཆོས་ལ་རབ་གནས་ཏེ། །སངས་རྒྱས་བསྟན་ པའི་སྡེ་སྣོད་རབ་འཛིན་ཅིང༌། །ནམ་ཞིག་རྩོད་དུས་ཆོས་ཀྱི་དུང་འབུད་ཅིང༌། །ཆོས་ཀྱི་དར་ འཕྱར་ཆོས་ཀྱི་རྔ་བརྡུངས་ནས། །སེམས་ཅན་ཕན་པའི་དོན་ཆེན་ཐོབ་པར་ཤོག །རྟག་ཏུ་ འབད་པའི་བརྩོན་འགྲུས་རབ་བསྐྱེད་དེ། །མཐོང་མ་ཐག་ཏུ་ཆོས་ཀྱི་དོན་ཤེས་ཤིང༌། །རྟག་ཏུ་ ཏིང་ངེ་འཛིན་ལ་གནས་པས་ན། །ཡོན་ཏན་གོ་འཕང་ཐོབ་ཅིང་བཙུན་པར་ཤོག །བྱམས་པ་ དེའི་ཚེ་རྒྱལ་བུ་མྱ་ངན་མེད་པས་དེ་སྐད་ཅེས་སྨྲས་ནས། རྒྱལ་བུ་དེ་གཉིས་ཁྱིམ་ནས་ཁྱིམ་མེད་ པར་རབ་ཏུ་བྱུང་བས། ཡངས་པ་ཅན་གྱི་ཤིང་ཨ་མྲའི་ཚལ་དུ་རྣལ་འབྱོར་དུ་སྤྱོད་ནས་གཅིག་ 1-1-113 ལ་གཅིག་བརྩེ་བར་བསྒོམ་མོ། །དེ་ནས་མྱ་ངན་མེད་པས་སྨྲས་པ། མྱ་ངན་བྲལ་བ་ཁྱོད་སྤྱོད་ པ་གང་སྤྱོད་པས་སྔར་འཚང་རྒྱ་བར་འདོད་དམ། མྱ་ངན་བྲལ་བས་སྨྲས་པ། བདག་གིས་ སེམས་བསྐྱེད་པ་ནི་སེམས་ཅན་རེ་རེའི་ཕྱིར་བསྐལ་པ་ཁྲི་ཕྲག་ཏུ་དམྱལ་བའི་སྡུག་བསྔལ་ མྱོང་ཡང་འགྱོད་སེམས་མེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ བདག་གིས་དེ་འདྲ་བསྒོམ་མོ། །གཞན་ཡང་བཟོད་པ་ལ་ཤིན་ཏུ་གནས་ཏེ། དཔེར་ན་ཤར་ ཕྱོགས་ནས་མི་ཞིག་གིས་མི་གཙང་བ་ངན་སྐྱུག་གི་བུམ་པ་ཐོགས་ཏེ། བདག་གི་མགོ་ལ་ བཞག་ཅིང་ཁྲུས་བྱས་ཀྱང༌། བདག་གིས་དེ་ལ་ཞེ་སྡང་མི་བསྐྱེད། སྡང་བའི་མིག་གིས་མི་བལྟ། བདག་གིས་བཟོད་པ་བསྒོམས་ཏེ་སངས་རྒྱས་བཙལ་ཞིང༌། སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་དོ། ། སྙམ་ནས་སྙིང་རྗེ་བསྒོམ་མོ། །དེ་ནས་མྱ་ངན་མེད་པས་སྨྲས་པ། མྱ་ངན་བྲལ་བ་ཁྱོད་སུ་ མཐོང་བ་ལ་དེ་འདྲའི་སེམས་བསྐྱེད་ཀྱིས་བརྒྱན་པ་ཡིན་ནམ། མྱ་ངན་བྲལ་བས་སྨྲས་པ། གལ་ཏེ་དེ་འདྲའི་སེམས་མེད་ན་རྒྱན་མེད་དེ། རྒྱན་མེད་ན་བྱང་ཆུབ་སེམས་དཔའ་བསྒོམ་པའི་ ལམ་ག་ལ་ཡོད། དེ་བས་ན་དེ་ལྟར་རིག་པར་བྱའོ། །དེ་ལྟ་བུའི་སེམས་ཡོད་པས་བྱང་ཆུབ་ སེམས་དཔའ་ལམ་བསྒོམ་པ་འཇིག་རྟེན་དུ་བྱུང་ངོ༌། །དེ་ནས་དགེ་སློང་མྱ་ངན་མེད་པས་སྨྲས་ པ། སེམས་དེ་ཡོད་པས་བརྒྱན་པ་ཡོད་དེ་ཞེས་མ་གསུངས་ཤིག །དེ་ཅིའི་ཕྱིར་ཞེ་ན། སེམས་ ནི་སྟོང་པ་ཉིད་དེ། སྒྱུ་མ་དང་འདྲ་བས། སྐད་ཅིག་སྐད་ཅིག་གཅིག་ལ་སྐྱེ་ཞིང་འགག་གོ །དེ་ ལྟར་ན་སྟོང་པ་ཉིད་སྒྱུ་མ་དང་འདྲ་བས། སྐད་ཅིག་སྐད་ཅིག་ཏུ་སྐྱེ་ཞིང་འཇིག་པའི་ཆོས་ཅན་ ནི་མཚན་ཉིད་མེད་དེ། མྱ་ངན་བྲལ་བ། ཅི་ཙམ་དུ་ཡོད་པ་དང་མེད་པ་ནི་ཀུན་ཀྱང་ལྟ་ངན་ཏེ་ ལོག་པར་ལྟ་བའི་ལམ་ཡིན་ཏེ་བྱང་ཆུབ་ཅེས་མི་བྱའོ། །དེ་ནི་བྱང་ཆུབ་ཀྱི་ལམ་མ་ལགས་ཏེ། རེ་བ་མེད་པའོ། །(ཕགས་པ་ཀ་ཡ་གྷོ་རིའི་མདོ་ལས། བྱང་ཆུབ་སེམས་དཔའ་ནི་མིང་ཙམ་ཐ་སྙད་ཙམ་སྟེ་རེ་བ་མེད་པའོ། ། ཅེ་གསུངས། )དེ་བས་ན་འདི་ལྟར་རིག་པར་བྱའོ། །གང་ཡོད་པ་དང་མེད་པ་ནི་ཆོས་ངན་རྣམ་ 1-1-114 པར་སྤྲོས་པའོ། །སྤྲོས་པའི་ཆོས་ནི་བྱང་ཆུབ་སེམས་དཔས་བསྟེན་པ་མ་ཡིན་ནོ། །བསྟེན་པར་ མི་བྱའོ། །བྱང་ཆུབ་སེམས་དཔའི་ཆོས་ཇི་ལྟར་བསྟེན་པར་བྱ་ཞེ་ན། ཡོད་མེད་གཉིས་ཀ་དང་ བྲལ་བའི་ལམ་སྤྲོས་བྲལ་དུ་བསྟེན་པར་བྱའོ། །དགེ་སློང་ཁྱོད་དེ་ལྟར་གོམས་པར་བྱའོ། །དེ་ ལྟར་རྟོགས་པར་བྱའོ། །དེ་ནས་དགེ་སློང་མྱ་ངན་བྲལ་བས་སྨྲས་པ། དགེ་སློང་ཁྱོད་ཇི་ལྟར་ན་ བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོད་ན་ཡང་ཡོད་ཅེས། མེད་ན་ཡང་མེད་ཅེས་མི་བྱ་བར་ ཅིའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཅི་ཡང་བརྗོད་མེད་སྤྲོས་བྲལ་ དུ་བྱེད། དགེ་སློང་མྱ་ངན་མེད་པས་སྨྲས་པ། ཀྱེ་མ་དགེ་བའི་བཤེས་གཉེན་བྱང་ཆུབ་ནི་ཡོད་ ཅེས་བྱ་བའི་སྤྲོས་པ་མི་བྱ། མེད་ཅེས་བྱ་བའི་སྤྲོས་པ་མི་བྱའོ། །ཅི་ཙམ་དུ་སྤྲོས་པ་ཡོད་ན་བྱང་ ཆུབ་མ་ཡིན་ཏེ། སྤྲོས་པ་གང་ལ་མེད་པའི་ཚེ། བྱང་ཆུབ་ཡིན་པའི་ཕྱིར་རོ། །དེ་ནས་མྱ་ངན་ བྲལ་གྱིས་སྨྲས་པ། ཀྱེ་མ་རྒྱལ་བའི་སྲས་པོ་ཁྱོད་ཀྱིས་བཤད་པའི་ཚུལ་དང་བདག་གིས་འདོད་ པའི་ཚུལ་ནི་དོན་མི་གཅིག་གོ །ཅི་སྤྲོས་པ་བྱང་ཆུབ་སེམས་དཔའ་མ་ཡིན་ལ། སྤྲོས་པ་མེད་ པའི་ཆོས་བྱང་ཆུབ་ཡིན་ནམ། དགེ་སློང་མྱ་ངན་མེད་པས་སྨྲས་པ། ཀྱེ་དགེ་བའི་བཤེས་གཉེན་ བདག་ཅག་གཉིས་ནི་བཅོམ་ལྡན་འདས་ག་ལ་བ་དེར་དོངས་ལ་ཐེ་ཚོམ་ཞུའོ། །ཞེས་སྨྲས་ ནས། དེའི་ཚེ་དགེ་སློང་དེ་གཉིས་ལྷན་ཅིག་ཏུ་ངང་པའི་རྒྱལ་པོ་ལྟར་ནམ་མཁར་འཕགས་ ནས། བཅོམ་ལྡན་འདས་བདེ་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ ཀྱིས་ཞབས་ལ་མགོ་བོས་གཏུགས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དགེ་སློང་མྱ་ ངན་དང་བྲལ་བས་སྔར་གྱི་ཅི་སྨྲ་བ་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་དེ་ལ་ གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་བདེ་བའི་རྒྱལ་པོ་དེས། དགེ་སློང་མྱ་ངན་མེད་པ་ ལ་ལེགས་སོ་ལེགས་སོ། །ཞེས་ལེགས་པར་བྱིན་ནས། བཅོམ་ལྡན་འདས་ཀྱིས་མྱ་ངན་བྲལ་ བ་ལ་བཀའ་སྩལ་པ། མྱ་ངན་བྲལ་བ་ཉོན་ཅིག །ཚེ་དང་ལྡན་པ་མྱ་ངན་མེད་པས་སྨྲས་པ་ 1-1-115 བཞིན་ཏེ། ཅི་ཙམ་སྤྲོས་པ་ཡོད་ན་བྱང་ཆུབ་མ་ཡིན། (འཕགས་པ་ཀ་ཡ་གྷོ་རིའི་མདོ་ལས། འཇམ་དཔལ་ བྱང་ཆུབ་སེམས་དཔའ་ནི་ཁམས་གསུམ་ལས་ཡང་དག་པར་འདས་པའོ། །ཐ་སྙད་ལས་ཡང་དག་པར་འདས་པའོ། །ཡི་གེའི་ཐ་ སྙད་ལས་ཡང་དག་པར་འདས་པའོ། །ཞེས་གསུངས་པ་ལྟར། )སྤྲོས་པ་མེད་ན་བྱང་ཆུབ་ཀྱི་ལམ་ཡིན་ནོ། །དེ་ ཅིའི་ཕྱིར་ཞེ་ན། རྣམ་པར་སྤྲཽས་པ་དང་བྲལ་བ་ནི་བྱང་ཆུབ་ཞེས་བྱའོ། །དེ་ཇི་ལྟར་ན་རྣམ་པར་ སྤྲོས་པ་དང་བྲལ་བ་གང་ཞེ་ན། ཐམས་ཅད་ལ་རྣམ་པར་དབེན་པས་ན་སེམས་སྤྲོས་བྲལ་ཞེས་ བྱའོ། །མྱ་ངན་བྲལ་བ་གཟུགས་ཀྱི་ཕུང་པོ་ནི་སྤྲོས་པའོ། །དེ་བཞིན་དུ། ཚོར་བ་དང༌། འདུ་ ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་ཡང་སྤྲོས་པའོ། །ཚུལ་ཁྲིམས་ཀྱི་ཕུང་ པོ་དང༌། དེ་བཞིན་དུ་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་ བའི་ཡེ་ཤེས་ནི་སྤྲོས་བྲལ་ལོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་དང༌། དཀའ་ཐུབ་དང༌། ཆོག་ཤེས་དང༌། མཐར་གནས་ཡང་སྤྲོས་པའོ། །སྤྲོས་པ་དེ་དག་གང་ལས་བྱུང་ཞེ་ན། རྟོག་པ་ དང་རྣམ་པར་རྟོག་པའི་སེམས་ལས་བྱུང་ངོ༌། །རྣམ་པར་རྟོག་པ་གང་ཞེ་ན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། འདོད་པ་ཉུང་བ་དང༌། ཆོག་ཤེས་པ་དང༌། སྦྱང་ གཞིའི་ཡོན་ཏན་དེ་དག་མེད་དོ། །རྣམ་པར་རྟོག་པ་ལ་སངས་རྒྱས་མེད་དོ། །དེ་ལྟར་ཤེས་ན་ ཤེས་པའི་ཤེས་རབ་དེ་ཉིད་སྟོང་པ་སྟེ། སྟོང་པ་དེ་ལ་གཅིག་པའམ་ཐ་དད་པའི་འདུ་ཤེས་གང་ ཡིན་པ་མེད་པ་ནི་བྱང་ཆུབ་ཅེས་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་ འདི་དག་བཀའ་སྩལ་ཏོ། །སངས་རྒྱས་སྒྲོན་མ་འཇིག་རྟེན་འབྱུང་བ་དང༌། །བསྐལ་པ་ཁྲི་ཕྲག་ སྙེད་དུ་ཕྲད་པར་དཀའ། །ཨུ་དུམ་ཝཱ་རའི་མེ་ཏོག་དཔེ་དེ་བཞིན། །བརྒྱ་ལམ་བརྒྱ་ལམ་དུས་ སུ་ལན་འགའ་འབྱུང༌། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་ནས་ཀྱང༌། །སངས་རྒྱས་ལམ་ ལ་ཡང་དག་རྣལ་འབྱོར་པ། །དེ་འདྲའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང༌། །འཇིག་རྟེན་ 1-1-116 འབྱུང་ཞིང་ཕྲད་པར་ཤིན་ཏུ་དཀའ། །གང་ཞིག་གཟུགས་དང་ཚོར་བ་འདུ་བྱེད་དང༌། །རྣམ་ ཤེས་གནས་ཤིང་ཆོས་གཉིས་འཛིན། །སྒྱུ་མ་རབ་ཏུ་བཅིངས་པར་འགྱུར། །ཡོད་མིན་མེད་ མིན་གཉིས་ཀ་མིན། །མཁས་པས་ཡོངས་སུ་ཤེས་པས་ན། །རྒྱལ་བའི་ཡེ་ཤེས་བསྐྱེད་པར་ རྟོགས། །བྱང་ཆུབ་སྙིང་པོ་མཆོག་ལ་རེག །དེས་དགེ་སློང་མྱ་ངན་བྲལ་གྱིས་ཆོས་དེ་དག་ཐོས་ ནས་བྱང་ཆུབ་ཀྱི་སྙིང་པོ་རྟོགས་སོ། །དེའི་ཚེ་དགེ་སློང་དེ་གཉིས་ལོ་བརྒྱད་ཁྲིའི་བར་དུ་རྣལ་ འབྱོར་བསྒོམས་ནས། ལོ་བརྒྱད་ཁྲིའི་བར་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ སེམས་མ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་དེ་གཉིས་དེར་ཚེ་འཕོས་ནས། འོག་མིན་འཇིག་ རྟེན་གྱི་ཁམས་སུ་སྐྱེས་སོ། །སངས་རྒྱས་ཁྲི་ཕྲག་བརྒྱ་སྟོང་དྲུག་བརྒྱ་དང་ཕྲད་ནས། སངས་ རྒྱས་དེ་དག་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། སྔོན་བཞིན་དུ་རྣལ་འབྱོར་ལ་བརྩོན་ནས་ འཕགས་པ་མྱ་ངན་མེད་པ་ཐོག་མར་སངས་རྒྱས་སོ། །མཚན་ནི་དེ་བཞིན་གཤེགས་པ་ཟླ་བའི་ རྒྱལ་མཚན་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་མྱ་ངན་བྲལ་བ་ཅུང་ཟད་འཕྱི་སྟེ། སངས་རྒྱས་ ཀྱི་ཞིང་མུ་ཏིག་གི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་བླ་མའི་འཁོར་ལོ་ཞེས་བྱ་བར་གྱུར་ ཏོ། །འཕགས་པ་མྱ་ངན་མེད་པ་གཞན་ཞིག་སྙམ་ན་དེ་ལྟར་མི་བལྟའོ། །དེའི་ཚེ་དེའི་དུས་ན་ ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ཉིད་ཡིན་ནོ། །མྱ་ངན་ བྲལ་བ་དེ་གཞན་ཞིག་སྙམ་ན་དེ་ལྟ་མི་བལྟའོ། །དེ་ནི་བྱང་ཆུབ་སེམས་དཔའ་ལག་ན་པད་མོ་ འདི་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། བྱང་ཆུབ་སེམས་ དཔའ་མྱ་ངན་མེད་པར་སྐྱེས་པའི་རབས་ཏེ་ཉེར་བཞི་པའོ།། །། ༈ ཡང་དཔལ་ལྡན་བླ་མ་འདིས་སྔོན་དེ་བཞིན་གཤེགས་པའི་གཟུགས་ཀྱིས་འགྲོ་བ་ སེམས་ཅན་གྱི་དོན་མཛད་པར་གསུངས་ཏེ། ཇི་ལྟར་མཛད་ཅེ་ན། འཕགས་པ་གསེར་གྱི་བྱེ་ མ་བདལ་བའི་མདོར། ཀོའུ་ཤི་ཀ ། སྔོན་བསྐལ་པ་གཅིག་གི་གོང་རོལ་ཏུ། མི་མཇེད་ཀྱི་ཞིང་ 1-1-117 འདིའི་ལྷོ་ཕྱོགས་ཀྱི་སྟེང་གི་ཆ་ན། སངས་རྒྱས་ཀྱི་ཞིང་པད་མ་དཀར་པོ་ཞེས་བྱ་བ་ཡོད་དེ། འོག་གཞི་གསེར་གྱི་བྱེ་མ་གྲམ་བུར་བདལ་པ། བཻ་ཌཱུརྱའི་མིག་མངས་རིས་སུ་བྲིས་པ་ཡོད་དོ། ། ཀོའུ་ཤི་ཀ ། ཞིང་ཁམས་དེ་ན་རི་ནག་པོ་མེད་ཅིང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་བོ་ ཤ་སྟག་གོ །སངས་རྒྱས་ཀྱི་ཞིང་དེ་ནི་འབར་འབུར་མེད་དེ་ལག་མཐིལ་ལྟར་མཉམ་པ་ཡོད་ དོ། །(སངས་རྒྱས་ཕལ་བོ་ཆེ་ལས། ས་རྣམས་གང་ལ་རྒྱལ་བའི་གདན་ཡོད་པ། །ཁ་དོག་མཐའ་ཡས་རྒྱ་ཆེར་སྣ་ཚོགས་ཏེ། །མེ་ ཏོག་མངོན་གཏོར་རིན་ཆེན་རྣམ་པར་བཀྲམ། །གསེར་ཚོན་མཛེས་པ་དེ་ནི་རབ་ཏུ་བརྒྱན། ཅེས་གསུངས་པ་ལྟར། སངས་རྒྱས་ ཀྱི་ཞིང་བདེ་བ་ཕུན་སུམ་ཚོགས་པ་རང་བཞིན་དུ་འགྲུབ་པ་ཡིན་ནོ། །)རིན་པོ་ཆེ་དུ་མའི་སྐུད་པའི་དྲ་བས་སྤྲས་ པའོ། །སངས་རྒྱས་ཀྱི་ཞིང་ཆུ་ཀླུང་ཡན་ལག་བརྒྱད་པ་ཕལ་ཆེར་གྱི་ཁ་ཚོན་དཔག་ཚད་བཅུ་ དང༌། ཉི་ཤུ་དང་ལྔ་བཅུ་ཙམ་དག་ཀྱང་ཡོད་དོ། །ཟབས་སུ་དཔག་ཚད་དྲུག་དང་བཅུ་གཉིས་ ལ་སོགས་པའོ། །ཆུ་ཀླུང་དེ་དག་ལ་སྤོས་དང་མེ་ཏོག་སིལ་མ་སྣ་ཚོགས་པ་དང༌། རོལ་མོའི་ སྒྲ་སྙན་པ་སྣ་ཚོགས་པ་འབྱུང་ངོ༌། །སངས་རྒྱས་ཀྱི་ཞིང་དེ་ན་དཔག་བསམ་གྱི་ཤིང་སྣ་ཚོགས་ ཡོད་དོ། །ཕལ་ཆེར་ནི་རྩ་བ་ཡང་གསེར་སྡོང་པོ་ནི་དངུལ་ལོ། །ཡལ་ག་ནི་བཻ་ཌཱུརྱའོ། །ལོ་མ་ ནི་ཤེལ་ལོ། །འདབ་མ་ནི་པད་མ་རཱ་ག །མེ་ཏོག་ནི་མུ་ཏིག་དམར་པོ། འབྲས་བུ་ནི་རྡོ་རྗེའི་ སྙིང་པོ་དག་ཡོད་དོ། །ཀོའུ་ཤི་ཀ ། ཤིང་ལ་ལ་ནི་རྩ་བ་དངུལ་ལོ། །སྡོང་པོ་རྣམས་ནི་བཻ་ཌཱུརྱ། ཡལ་ག་རྣམས་ནི་གསེར་རོ། །ལོ་མ་རྣམས་ནི་གཡུའོ། །འདབ་མ་རྣམས་ནི་མུ་ཏིག་དམར་པོ། མེ་ཏོག་རྣམས་ནི་མར་གད་དོ། །འབྲས་བུ་རྣམས་ནི་ཨན་ད་རྙིལ་ལོ། །སངས་རྒྱས་ཀྱི་ཞིང་ དུ་ཤིང་ལྗོན་པ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཤ་སྟག་གོ །མཐའ་སྐོར་ ཐམས་ཅད་དུ་རིན་པོ་ཆེའི་ཤིང་ཏ་ལ་དང༌། གང་གཱ་ལའི་ཕྲེང་བས་བསྐོར་བ་ཡོད་དོ། །ཤིང་དེ་ དག་བདེ་བའི་རླུང་གིས་བསྐྱོད་ནས། ཡིད་དུ་འོང་བའི་སྒྲ་སྒྲོགས། ཤིང་དེ་དག་གི་རྩེ་མོ་དང༌། ཕྱོགས་ཁལ་ཁོལ་དུ། བྱ་ངང་པ་དང༌། ངུར་བ་དང༌། རྨ་བྱ་དང༌། ནེ་ཙོ་དང༌། ཁྲུང་ཁྲུང་དང༌། 1-1-118 ཀ་ཀོ་ལི་དང༌། བཞད་དང༌། ཀ་རན་ཏ་ཀ་དང༌། རི་སྐེགས་དང༌། ཁུ་བྱུག་དང༌། ཀ་ལ་པིང་ཀ་ ལ་སོགས་པ་སྤྲུལ་པའི་བྱ་སྣ་ཚོགས་པས་གར་བསྒྱུར་བ་ཡོད་དེ། བྱ་དེ་དག་གིས་སངས་རྒྱས་ ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་དང༌། དགེ་འདུན་གྱི་སྒྲ་དང༌། ཕ་རོལ་ཏུ་ཕྱིན་པའི་སྒྲ་སྣ་ཚོགས་སྒྲོག་ གོ །མཚོ་རྫིང་གི་འགྲམ་ལོགས་ཐམས་ཅད་དུ། མེ་ཏོག་ཨུཏྤལ་དང༌། ཙམ་པ་ཀ་དང༌། ཨུ་ དུམ་ཝཱ་ར་དང༌། ཀུ་མུ་ཏ་དང༌། པད་མ་དཀར་པོ་དང༌། མ་ལི་ཀ་དང༌། གུར་གུམ་ལ་སོགས་ པ་མེ་ཏོག་སྣ་ཚོགས་པས་ཁེབས་པ་དག་ཡོད་དོ། །ཞིང་ཁམས་སུ་སྐྱེ་རྒ་ན་འཆིའི་སྒྲ་ཡང་མི་ གྲག་གོ །ཉིན་མཚན་གྱི་དུས་ཚོད་དང་བྲལ་བའོ། །གཞན་ཡང་འདི་ལྟ་སྟེ། དབུ་རྒྱན་དང༌། མགུལ་རྒྱན་དང༌། རྣ་རྒྱན་གདུ་བུ་དང༌། དཔུང་རྒྱན་དོ་ཤལ་དང༌། སེ་མོ་དོ་དང༌། སོར་གདུབ་ དང༌། ཕག་སྐར་དང༌། གསེར་གྱི་ཙོང་ཙོང་དང༌། མུ་ཏིག་གི་ཕྲེང་བ་དང༌། དྲིལ་བུ་གཡེར་ཁའི་ དྲ་བ་རྣམས་ལྗོན་ཤིང་དེ་དག་གི་ཡལ་ག་ལས་ལྷག་པར་འཕྱང་བར་གྱུར་ཏོ། །ཞིང་དེ་དག་གི་ དབུས་སུ་ཐར་པའི་གྲོང་མཆོག་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཡོད་དོ། །རྒྱར་དཔག་ཚད་བཅུ་ གཉིས་དང་ལྡན་པའོ། །དཔངས་སུ་ཡང་དཔག་ཚད་དྲུག་དང་ཕྱེད་དོ། །རིན་པོ་ཆེ་ཨན་ད་ རྙིལ་དང༌། ཨ་སྨ་གར་བ་དང༌། བཻ་ཌཱུརྱ་དང༌། མུ་ཏིག་དང༌། ཀེ་ཀེ་རུ་དང༌། ཀར་ཀེ་ཊ་དང༌། པད་མ་རཱ་ག་དང༌། གསེར་དང༌། དངུལ་ལ་སོགས་སྣ་ཚོགས་ལས་གྲུས་པའི་ཁང་པའི་ཏོག་ དང༌། དབྱིབས་དང༌། ཆུ་ཞེང་ཐ་གྲུ་ཆེ་བ་ཡོད་དོ། །བ་གམ་སྣ་ཚོགས་དང༌། གདུགས་དང་ རྒྱལ་མཚན་བ་དན་ལྡ་ལྡི་སྣ་ཚོགས་དང༌། མུ་ཏིག་དམར་པོའི་ཕྲེང་བ་ལས་རྒྱུས་པའི་དྲིལ་བུའི་ གཡེར་ཁ་འཁྲོལ་བའོ། །ཤེལ་དང༌། གཡུ་དང༌། རྡོའི་སྙིང་པོ་ལས་གྲུབ་པའི་ཐེམ་སྐས་དུ་མས་ བརྒྱན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་དགེ་སློང་འབུམ་ཕྲག་གིས་མཆོད་པའི་སྤྲིན་གྱིས་ དུས་འདའ་བར་བྱེད་དོ། །ཀོའུ་ཤི་ཀ ། དེ་དག་གི་སྟོན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་རྒྱལ་མཚན་ཞེས་བྱ་བ་འཚོ་ཞིང་བཞུགས་ 1-1-119 ཏེ་ཆོས་སྟོན་ཏོ། །སྐུའི་འོད་ནི་མཐའ་ཡས་མུ་མེད་པར་ཁྱབ་པར་གྱུར་ཏོ། །སངས་རྒྱས་དེའི་ གཟི་བརྗིད་ཀྱིས་ཕྱོགས་བཅུའི་ཞིང་དཔག་ཏུ་མེད་པ་དག་ནས་སངས་རྒྱས་རྣམས་ཀྱིས། དེ་ བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་གྱི་ཡོན་ཏན་གྱི་བསྔགས་པ་བརྗོད་དེ། སངས་རྒྱས་ དེ་དག་གིས་འཁོར་རྣམས་ཀྱང་དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་ལ་ཕྱག་དང་བསྙེན་ བཀུར་བྱ་བའི་ཕྱིར་དུས་དྲུག་ཏུ་ལྷག་གོ །དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་ འདི་དག་གསོལ་ཏོ། །(རྒྱ་ཆེར་རོལ་བ་ལས། སྐྱེ་བོ་དཔག་ཏུ་མེད་པ་བཏུལ། །འདུལ་བ་ཕ་རོལ་ཕྱིན་པ་པོ། །དེས་ན་ འདྲེན་མཆོག་ཞེས་བརྗོད་དོ། །)འདྲེན་མཆོག་སངས་རྒྱས་ཟླ་བའི་རྒྱལ་མཚན་ལ། །མཆོད་པའི་ཕྱིར་ནི་ ཤར་སོགས་སངས་རྒྱས་ཀུན། །མཐའ་ཡས་ཞིང་ན་བྱང་ཆུབ་སེམས་དཔའ་རྣམས། །ཉིན་རེ་ བཞིན་དུ་དུས་དྲུག་རབ་ཏུ་ལྷགས། །མེ་ཏོག་སྣ་ཚོགས་སྤོས་དང་མར་མེ་ཐོགས། །ཕྱག་འཚལ་ བསྐོར་བ་བྱས་ནས་འདི་སྐད་དུ། །རྒྱལ་བའི་ཞིང་མཆོག་ངོ་མཚར་ཤིན་ཏུ་མཛེས། །ལྷག་ པར་དགའ་བྱེད་ཐར་པའི་གཞལ་ཡས་ན། །འཇིག་རྟེན་མཁྱེན་པ་ཟླ་བའི་རྒྱལ་མཚན་ཁྱོད། ། མཚན་མཆོག་ཐོས་པས་སེམས་ཅན་རྙེད་པ་ཐོས། །སངས་རྒྱས་ཞིང་འདིར་བདག་ཅག་ལྷག་ པས་ན། །བདག་ཅག་གིས་ནི་རྙེད་པའི་མཆོག་ཆེན་རྙེད། །དེ་ནས་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་རང་རང་གི་ཞིང་དུ་འདོང་ངོ༌། །དེ་བཞིན་གཤེགས་པ་དེའི་གཡས་སུ་ཟླ་པའི་ བློ་གྲོས་ཞེས་བྱ་བ་དང༌། གཡོན་དུ་ཉི་མའི་བློ་གྲོས་ཞེས་བྱ་བ་གཉིས་ཡོད་དོ། །འཁོར་གྱི་བྱང་ ཆུབ་སེམས་དཔའ་མཆོག་ཅེས་བྱའོ། །སངས་རྒྱས་ལ་ཆོས་བསྟན་པའི་བསྐུལ་མ་འདེབས་ སོ། །སངས་རྒྱས་དེའི་སྐུ་ཚེའི་ཚད་བར་སྐལ་ཕྱེད་དོ། །དམ་པའི་ཆོས་ནི་དེའི་གཉིས་འགྱུར་གྱི་ ཚུལ་དུ་གནས་སོ། །ཀོའུ་ཤི་ཀ ། ངའི་ཉན་ཐོས་གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཀུན་གྱིས་མཐོང་ ན་དགའ་བ་འདི་ཉིད་ཀྱང་དེའི་ཚེ་ན་དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་དུ་གྱུར་ཏོ། ། (ཕལ་བོ་ཆེར། རྒྱལ་བའི་སྤྱན་ནི་རྒྱ་ཆེར་ཡངས་པ་ཡིན། །སེམས་ཅན་རྒྱ་མཚོ་ཡོངས་སུ་ཀུན་གཟིགས་ཏེ། །རྒྱལ་བའི་བསོད་ 1-1-120 ནམས་མི་ཟད་ནམ་མཁའ་བཞིན། །མཐའ་ནི་ནམ་ཡང་རྙེད་པར་སུ་མ་ཡིན། །ཅེས་གསུངས་པ་ལྟར། )སྔོན་གྱི་དུས་ན་དེའི་ བསོད་ནམས་ལ་ལྟོས་ཤིག །ཀོའུ་ཤི་ཀ ། འདི་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་ ཤིག །སྔོན་ཚེ་ཟླ་བའི་རྒྱལ་མཚན་འཇིག་རྟེན་དུ་བྱུང་བའི་ཚེ་ན། ཀོའུ་ཤི་ཀ ། ཁྱོད་དེ་བཞིན་ གཤེགས་པ་དེ་ལ་སྦྲང་རྩི་སྙིམ་པ་གང་ཙམ་ཅིག་ཕུལ་ནས། ད་ལྟ་བརྒྱ་བྱིན་དུ་སྐྱེས་པས་ད་ལྟ་ ཉན་ཐོས་འདི་ལ་དད་པ་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། མི་འབུམ་ཕྲག་ཅིག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་ མཚན་དུ་སྐྱེས་པའི་རབས་ཏེ་ཉེར་ལྔ་པའོ།། །། ༈ ཡང་རེ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ཏུ་གྱུར་ནས་སེམས་ཅན་གྱི་དོན་ མཛད་དེ། བསྐལ་པ་བཟང་པོ་པའི་མདོར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཀྱིས། ། ཚན་པོ་ཆེར་གྱུར་གཡུལ་ངོར་ཆས་པའི་ཚེ། །བདེ་གཤེགས་ལེགས་མཐོང་དེ་ལ་རྒྱལ་མཚན་ གཅིག །ཕུལ་ནས་དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་པའི་དོན་ནི་གང་དུ་མངོན་ ཞེ་ན། འཕགས་པ་ལྷ་མོ་དྲི་མེད་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ལ་བུད་མེད་དྲི་མེད་ མས་ཞུས་པ། བཅོམ་ལྡན་འདས་དགེ་སློང་ལི་ཙ་བཱི་མཐོང་ན་དགའ་བ་འདིས། མུ་སྟེགས་ངན་ པའི་རྒོལ་བ་ཚར་བཅད་པ་དེ་ཤིན་ཏུ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། བུ་མོ་གཞོན་ནུ་འདིས་ད་ལྟ་འདིར་མ་ཟད་ཀྱི་སྔོན་འདས་པའི་དུས་ན་ཡང་རྒོལ་བ་ངན་པ་ མང་པོ་ཚར་གཅོད་པར་བྱེད་དོ། །བུ་མོས་ཞུས་པས། བཅོམ་ལྡན་འདས་དགེ་སློང་འདིས་སྔོན་ ཇི་ལྟར་ན་མུ་སྟེགས་རྒོལ་བ་ཚར་གཅོད་པ་ལགས། སེམས་ཅན་གྱི་རྒྱུད་ལ་ཕན་པའི་དོན་དུ་ འཆད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ལྷ་མོ་ལགས་སོ་ལེགས་སོ། སེམས་ཅན་ལ་ཕན་པའི་དོན་དུ་ཞུས་པ་ལེགས་སོ། ལྷ་ མོ་དག་བྱང་ཆུབ་སེམས་དཔའ་གཞོན་ནུ་ལི་ཙ་བཱི་འདིས་ཀྱང༌། ཐོས་པ་ལ་མི་ངོམས་པ་ཡིན། 1-1-121 ཡོན་ཏན་གྱི་རྒྱ་མཚོ་ཟབ་ཅིང་གཏིང་དཔག་དཀའ་བ་ཡིན། ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་ པ་ཡིན། ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན། མུ་སྟེགས་སྲིན་བུའི་འོད་འཇོམས་ཉི་མ་ ཡིན། ཕྱིར་རྒོལ་བའི་རི་དྭགས་གཏོར་བའི་སེང་གེའི་རྒྱལ་པོ་ཡིན་པས། ལྷ་མོ་ཉོན་ཅིག་སྔོན་ བྱུང་བ་འདས་པའི་ཕ་རོལ་ན། དེ་བཞིན་གཤེགས་པ་ལེགས་མཐོང་ཞེས་བྱ་བ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་ འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ ཀྱི་སྟོན་པ། བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ༌། །དེའི་རིགས་ལ་གླིང་བཞི་ལ་དབང་ བསྒྱུར་བའི་རྒྱལ་པོ་ནོར་བུའི་ཕྲེང་བ་ཞེས་བྱ་བ་ཞིག་ཡོད་དོ། །གྲོང་ཁྱེར་ཆེན་པོ་ཝཱ་རཱ་ཎ་སཱི་ན་ འབྱོར་པ་རྒྱས་པ། ལོ་ལེགས་པ། སྐྱེ་བོའི་ཚོགས་དང༌། རྟའི་ཚོགས་དང༌། གླང་པོ་ཆེའི་ཚོགས་ དང༌། དམག་གི་ཚོགས་དང༌། ཤིང་རྟའི་ཚོགས་དང་བཅས་པས་གང་ངོ༌། །བཙུན་མོ་ནི་དྲུག་ བརྒྱ་ཡོད་དོ། །རྡོ་རྗེ་རོལ་པ་དང༌། དཔའ་བོ་རོལ་པ་དང༌། པད་མའི་དབང་པོ་ལ་སོགས་སྲས་ ནི་དགུ་བརྒྱ་ཡོད་དོ། །གཏུམ་པོ་རྡོ་རྗེ་ལ་སོགས་བློན་པོ་ནི་ཁྲིག་ཕྲག་གཅིག་ཡོད་དོ། །དེ་དག་ ཐམས་ཅད་དཀོན་མཆོག་ལ་རྟག་ཏུ་བཀུར་སྟི་མཛད་དེ། མི་ཉོག་རིགས་ལ་སྦྱིན་པ་དུས་རྟག་ ཏུ་སྦྱིན་ནས་སྙམ་པའི་གྲགས་པ་འཛམ་གླིང་དུ་ཁྱབ་ནས་བདེ་བར་གནས་སོ། །དེ་ནས་དེའི་ ཕ་ད་ཅིག་ན་དུ་རུ་ཀའི་རྒྱལ་པོ་མུ་སྟེགས་ཤང་ཀ་ར་ཞེས་བྱ་བས་ཕྲག་དོག་སྐྱེས་ཏེ། ལན་དུ་ མར་ཝཱ་རཱ་ཎ་སཱིར་གཡུལ་བཤམས་པས་ཀྱང༌། རྒྱལ་པོ་ནོར་བུ་ཕྲེང་བས་ཞེ་སྡང་མ་སྐྱེས་སོ། ། དུས་ལན་ཅིག་ན་དུ་རུ་ཀས་དམག་བཤམས་ནས་ནང་པའི་གཙུག་ལག་ཁང་མང་དུ་བཤིག་ སྟེ། པཎྜི་ཏ་མང་དུ་ཁྱེར་ནས། བློན་ཆེན་དཔའ་བོ་རྡོ་རྗེ་ཞེས་བྱ་བ་ཞིག་གིས་སྨྲས་པ། རྒྱལ་པོ་ ནོར་བུ་ཕྲེང་བ་དཔའ་བོ་ཆེ། །རྒོལ་ངན་རྒྱལ་པོ་མུ་སྟེགས་ཤང་ཀ་རས། །སངས་རྒྱས་བསྟན་ པ་ཆམ་ལ་ཕབ་ཏུ་ཁད། །གཡུལ་ལས་རྣམ་རྒྱལ་ད་ནི་བཞེངས་སུ་གསོལ། །ལྷ་མོ་དེ་ནས་ 1-1-122 (རྒྱ་ཆེར་རོལ་པ་ལས། ཆོས་རྣམས་ཀུན་ལ་དབང་བསྒྱུར་ཏེ། །དེས་ན་རྒྱལ་བ་ཆོས་མི་མངའ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ བས། །ཆོས་ཀྱི་རྒྱལ་པོ་བརྗོད་པ་ཡིན། །ཅེས་གསུངས། )ཆོས་ཀྱི་རྒྱལ་པོས་སྨྲས་པ། དཔའ་བོ་རྡོ་རྗེ་ལེགས་ སོ་བློན་པོ་ལེགས། །སངས་རྒྱས་བསྟན་པ་འཇིག་ན་སེམས་ཅན་ཀུན། །སྐྱབས་མེད་མགོན་ མེད་འཁོར་བར་རྟག་ཏུ་འཁྱམས། །ད་ནི་རྒོལ་ངན་ཁོ་བོས་ཕམ་པར་བགྱི། །དེ་ནས་གྲོང་ཁྱེར་ དེའི་ཤར་སྒོ་ནས་རྔ་བརྡུངས་དུང་བུས་དར་འཕྱར་ནས། ཆོས་ཀྱི་རྒྱལ་པོ་ཡང་རྟ་མཆོག་ཕོ་ རོག་ལྡིང་འགྲོས་ཞེས་བྱ་བ་ཞོན་ཏེ། འབངས་ཐམས་ཅད་དུ་དཔུང་ཚོགས་ཡན་ལག་བཞིའི་ དམག་ལ་ཆས་སོ། །ཆས་ནས་ཀྱང་ལྷ་ཀླུ་དྲི་ཟ་མིའམ་ཅིའི་ཚོགས་ཀྱང་ཆས་སོ། །ལྷ་མོ་དེ་ བཞིན་དུ་དཔའ་བོ་རྡོ་རྗེས་དམག་གི་སྣ་འདྲེན་ནས་དུ་རུ་ཀའི་གྲོང་དུ་ཕྱིན་ནས། ནམ་མཁའ་ ལ་མེ་ཏོག་མན་དྷཱ་ར་བའི་ཆར་བབ་བོ། །ས་ཡང་དྲུག་ཏུ་གཡོས་སོ། །གཡོས་ནས་དུ་རུ་ཀའི་ གྲོང་ཐམས་ཅད་ཤིང་རྩ་བ་ནས་ཐོན་པ་ལྟར་བྱས་སོ། །ལྷ་མོ་དེའི་ཚེ་ཆོས་ཀྱི་རྒྱལ་པོའི་སྐུ་ ལུས་ལ་སྤྲུལ་པའི་དམག་འདི་ལྟར་བྱས་སོ། །དཔྲལ་བ་ནས་གླང་པོ་ཆེ་ལ་ཞོན་པའི་དམག་ སྟོང་ངོ༌། །དེ་བཞིན་དུ་མགྲིན་པ་ནས་རྟ་པ་ཁྲི་ཕྲག་གོ །སྙིང་ག་ནས་ཤིང་རྟ་མཁན་སྟོང་ཕྲག་ གཅིག་གོ །ལྟེ་བ་ནས་མེ་སྒྱོགས་ཐོགས་པ་བྱེ་བ་ཕྱེད་དོ། །གསང་བར་ཆུ་སྒྱོགས་འཕེན་པ་ས་ ཡ་གཉིས་སོ། །སྤྱན་གཉིས་ལ་མདའི་འཁྲུལ་འཁོར་མཁན་སྟོང་གསུམ་མོ། །རྣ་བ་ལ་རལ་ གྲིའི་འཁྲུལ་འཁོར་མཁན་ནི་འབུམ་ཕྲག་གོ །ལག་པ་གཉིས་ལ་རྡོ་སྒྱོགས་འཕེན་པ་ཁྲི་ཕྲག་ གོ །རྐང་པ་གཉིས་ལའང་ཞགས་པ་འཕེན་པ་དུང་ཕྱུར་རོ། །(ཕལ་བོ་ཆེ་ལས་གསུངས་པ། རྒྱལ་བའི་སྐུ་ འདི་སེམས་ཅན་གྲངས་བཞིན་དུ། །སྤྲུལ་པ་འཇིག་རྟེན་ཁྱབ་མཛད་དེ། །ཅེས་གསུངས་པ་མཐུན་པར་སྤྲུལ་པ་དཔག་མེད་མཛད་ དེ། )དེ་ནས་དུ་རུ་ཀའི་ཡུལ་དང་དེའི་ཉེ་འཁོར་ཐམས་ཅད་བཤིག་ཅིང་བརླག་གོ །ཤང་ཀ་རའི་ རྒྱལ་པོ་ལ་སོགས་ཐམས་ཅད་ལག་ཏུ་བཟུང་ནས་བཅིངས་སོ། །(འཕགས་པ་རྒྱ་ཆེར་རོལ་པ་ལས། ཟབ་ཅིང་ལྟ་དཀར་ཕྲ་བ་ཡི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །དེ་ལས་ཕརོལ་མུ་སྟེགས་ཅན། །ཀུན་ཀྱང་བདུད་ཀྱིས་མི་ཆོད་ 1-1-123 དོ། །ཅེས་གསུངས)དེ་ནས་དུ་རུ་ཀའི་རྒྱལ་པོས་ཕྱག་དང་བཅས་པས་སྨྲས་པ། ཆོས་ཀྱི་རྒྱལ་པོ་ དཔལ་ལྡན་ནོར་བུའི་ཕྲེང༌། །འཇིག་རྟེན་གསུམ་ན་གྲགས་པ་ལྷམ་མེ་བ། །སྤྲུལ་པའི་དམག་ ཚོགས་ད་ནི་བཤིག་པར་མཛོད། །བདག་ཅག་རྒྱལ་འབངས་ཁྱོད་ལ་སྐྱབས་སུ་མཆི། །ཆོས་ ཀྱི་རྒྱལ་པོས་སྨྲས་པ། དུ་རུ་ཀ་ཡི་རྒྱལ་པོ་རྒོལ་ངན་ཁྱོད། །ཆོས་ལོག་སྤྱོད་པས་དཀོན་མཆོག་ གསུམ་ལ་སྡང༌། །ཆོས་ཉིད་མ་ཟད་བར་དུ་ང་ཡི་སྤྲུལ་པ་ཡང༌། །ཟད་པའི་དུས་ནི་ནམ་ཡང་ འབྱུང་དུས་མེད། །ལྷ་མོ་དེ་ནས་ཤང་ཀ་རས་སྨྲས་པ། ཆོས་ཀྱི་རྒྱལ་པོ་གཡུལ་ལས་རྣམ་པར་ རྒྱལ། །ད་ནི་བདག་གི་འཁོར་འབངས་ཁྱེད་ལ་འབུལ། །མུ་སྟེགས་རིགས་ལ་བདག་གི་ཨ་ ཐང་ཆད། །དཀོན་མཆོག་བསྟན་ལ་འཇུག་པར་བགྱིའོ་ལྷ་ཡི་བུ། །ཆོས་ཀྱི་རྒྱལ་པོས་སྨྲས་པ། རིགས་གསལ་རྒྱལ་པོ་ཆེན་པོ་ཤང་ཀ་ར། །སངས་རྒྱས་ཞེས་པའི་སྒྲ་ནི་ཤིན་ཏུ་དཀོན། །དེ་ ལའང་འཇུག་པའི་གང་ཟག་དེ་ལས་དཀོན། །ལེགས་སོ་རྒྱལ་པོ་སྤྲུལ་པའི་དམག་ཀྱང་བསྡུ། ། ཞེས་སྤྲུལ་པའི་དམག་རྣམས་མེད་པར་མཛད་དོ། །རྒྱལ་པོ་མངའ་ཞབས་སུ་དབང་བསྐུར་ ནས། སླར་ལོག་སྟེ། ཡངས་པ་ཅན་དུ་ཤིང་ཨ་མྲའི་ནགས་ཚལ་དུ་ཕྱིན་ནས། སངས་རྒྱས་ ལེགས་མཐོང་ག་ལ་བ་དེར་ཕྱིན་ནས། དེ་བཞིན་གཤེགས་པས་འཁོར་རྣམས་ལ་ཆོས་སྟོན་ཏོ། ། སངས་རྒྱས་ཀྱི་ཞལ་འཛུམ་པ་མཛད་ནས་གསུངས་པ། ཆོས་ཀྱི་རྒྱལ་པོ་འཁོར་བཅས་བྱོན་ ལགས་སམ། །བསྟན་བསྲུང་རྒྱལ་འབངས་འདིར་བྱོན་རབ་ཏུ་ལེགས། །ཕ་རོལ་ཉོན་མོངས་ དགྲ་ཚོགས་བཅོམ་ལགས་སམ། །ང་ཡི་གདུང་རྒྱུད་ལེགས་པར་སྤེལ་ལགས་སམ། །དེ་ནས་ ཆོས་ཀྱི་རྒྱལ་པོ་འཁོར་བཅས་ཀྱིས། བཅོམ་ལྡན་འདས་དེ་ལ་ཕྱག་དང་བསྐོར་བ་མང་དུ་ བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །འཁོད་ནས་ཆོས་ཀྱི་རྒྱལ་པོ་སྟན་ལས་ལངས་ཏེ། དེ་ བཞིན་གཤེགས་པ་ལ་ལྷའི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་རྒྱལ་མཚན་མུ་ཏིག་གི་ཕྲེང་ བ་དུ་མས་སྤྲས་པ་གཅིག་ཕྱག་ཏུ་ཕུལ་ནས་སྨྲས་པ། འདྲེན་པ་མི་མཆོག་ཤིན་ཏུ་དཀོན་པའི་ 1-1-124 མཆོག །ཡོན་ཏན་མཚུངས་མེད་འཁོར་བའི་མུན་སེལ་བ། །བདག་གིས་ཕ་རོལ་འཇོམས་ཀྱང་ ཁྱེད་ལ་བརྟེན། །མགོན་པོ་ཁྱེད་ཀྱི་འཕྲིན་ལས་དཔལ་འབྱོར་གྱིས། །མུ་སྟེགས་རིགས་ངན་ བདག་གིས་སྒྲོལ་བྱས་ཏེ། །དེ་ཡི་བསོད་ནམས་ཐོབ་ནས་གཟིགས་པ་ཉིད། །ཁམས་གསུམ་ ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ལས། །འགྲོ་བ་མ་ ལུས་བདག་གིས་སྒྲོལ་བར་ཤོག །ཅེས་སྨྲས་པས་སེམས་བསྐྱེད་ནས་རྒྱལ་པོ་འཁོར་བཅས་ དུས་གཅིག་ཏུ་བཅོམ་ལྡན་འདས་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ༌། །དེ་མ་ཐག་ཏུ་ མངོན་ཤེས་ལྔ་དང་ལྡན་དེ། ཕྱིར་མི་ལྡོག་པའི་དགྲ་བཅོམ་པར་གྱུར་ཏོ། །ལྷ་མོ་སྔོན་ཇི་བཞིན་ དུ་ད་ལྟར་ཡང་དེ་བཞིན་དུ་རྒོལ་བ་ཚར་བཅད་དོ། །ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བཞི་ བརྒྱ་ན། དགེ་སློང་ཀླུའི་མིང་འཛིན་པར་གྱུར་ནས་མུ་སྟེགས་ངན་རིགས་རྣམས་ཚར་བཅད་ དེ་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ནས། མཐར་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་དེ་ བཞིན་གཤེགས་པར་གྱུར་ནས། སེམས་ཅན་མང་པོ་འདྲེན་པར་འགྱུར་རོ། །ལྷ་མོ་དགེ་སློང་ འདི་ལ་མཆོད་པ་དང་རིམ་གྲོ་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ ནས། ལྷ་མོས་སྨྲས་པ། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དང༌། དགེ་སློང་ གཉིས་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱི། དད་པར་བགྱིའོ། །བཅོམ་ལྡན་འདས་ ཀྱིས་ལྷ་མོ་དེ་ལྟར་གྱིས་ཤིག །ཁྱོད་བསམ་པ་བཞིན་དུ་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་ གསུངས་སོ། །རྒྱལ་པོ་ནོར་བུའི་ཕྲེང་བར་སྐྱེས་པའི་རབས་ཏེ་ཉེར་དྲུག་པའོ།། །། ༈ ཡང་རེ་ཞིག་དཔལ་ལྡན་བླ་མ་འདི་སྔོན་རིགས་ལྡན་གྱི་རྒྱལ་པོར་གྱུར་ནས་སེམས་ ཅན་གྱི་དོན་མཛད་དེ། ཚུལ་ཇི་ལྟར་མཛད་གསུངས་ཏེ། སྨོན་ལམ་སྟོབས་ལས་གྲུབ་པའི་ཞིང་ མཆོག་ཤམ་བྷ་ལ་ཞེས་བྱ་བ་ཡོངས་སུ་གྲགས་སོ། །ས་གཞི་དྲི་མེད་རྣམ་པར་དག་པའི་རང་ བཞིན་ལས་སྤྲུལ་པའི་གནས་ཀྱི་དབྱིབས་ནི་ཟླུམ་པོ་སྟེ། དགེ་མི་དགེ་སྟོབས་ལྡན་གྱིས་འཛམ་ 1-1-125 གླིང་ལས་ཀྱིས། སྤྱིའི་ཐད་ཀ་འཛམ་གླིང་ཆུང་ངུའི་ཕྱེད་ཕྱི་རོལ་གངས་རིའི་ཕྲེང་བས་བསྐོར་ ནས་ལྟེ་བའི་བར་ཕྱེད་བཅས་དཔག་ཚད་བྱེ་བ་བཅུ་གཉིས་སོ། །དེའི་ནང་དུ་ཆུ་སྐྱེས་འདབ་མ་ བརྒྱད་པའི་དབུས་ཀྱི་སུམ་ཆ་གེ་སར་སྡོང་པོ་ལྟ་བུ་ཀེ་ལ་ཤའི་རི་བོ་དཔངས་ལ་དཔག་ཚད་ སྟོང་ཕྲག་ཕྱེད་དང་བཅུ་གསུམ་མོ། །དེའི་ཁ་ཞེང་དུ་གངས་རི་དང༌། ཙན་དན་གོ་ཤིརྵ་དང༌། སྦྲུལ་སྙིང་དང༌། ཨ་ཀ་རུ་དང༌། ཏུ་རུ་ཀ་དང༌། མ་ལཱ་ཡ་དང༌། གང་གཱ་ལ་སོགས་ལྗོན་ཤིང་སྣ་ ཚོགས་པས་བརྒྱན་པའོ། །མེ་ཏོག་ཧ་ལོ་དང༌། ཨུཏྤལ་དང༌། ཙམ་པ་ཀ་དང༌། ཨུ་དུམ་ཝཱ་ར་ དང༌། ཀུ་མུ་ཏ་ལ་སོགས་པའི་པད་མ་སྣ་ཚོགས་ཀྱི་དྲ་བས་ཁེབས་པའོ། །སྨན་ཤིང་སྣ་ཚོགས་ དང༌། ཡན་ལག་བརྒྱད་དང་ལྡན་པའི་མཚོ་རྫིང་དུ་མས་བརྒྱན་པ་དང༌། རབ་ཏུ་མཛེས་པ་ཟླུམ་ ཞིང་དཔངས་མཐོ་བའི་དབུས་སུ་གྲོང་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དཔལ་ལྡན་ཀ་ལ་པ་ ཞེས་བྱ་བ། ཆུ་ཞེང་ཐ་གྲུ་ནི་དཔག་ཚད་བཅུ་གཉིས་སོ། །ཐར་པའི་ཕོ་བྲང་གི་རྒྱུ་ནི་རིན་པོ་ཆེ་ ཨན་ད་རྙིལ་དང༌། མུ་ཏིག་དམར་པོ་དང༌། མ་ར་ཏ་ཀ་དང༌། རྡོའི་སྙིང་པོ་དང༌། པད་མ་རཱ་ག་ དང༌། ཨིནྡྲ་ནཱི་ལ་དང༌། གསེར་དང༌། དངུལ་ལས་གྲུབ་པའོ། །ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་ བདེའི་སྒྲ་རང་བཞིན་དུ་གྲགས་པའོ། །དེའི་ལྷོ་ཕྱོགས་ན་མ་ལཱ་ཡའི་ཚལ་དཔག་ཚད་བཅུ་ གཉིས་སོ། །དེའི་དབུས་སུ་ཆོས་རྒྱལ་ཟླ་བ་བཟང་པོས་མཛད་པའི་བཅོམ་ལྡན་འདས་དཔལ་ དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྒྱར་ཁྲུ་བརྒྱ་ཕྲག་ བཞི་པ། ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བའི་རྒྱར་ཁྲུ་དོ་བརྒྱ་ཕྲག་བཅུ་གཉིས་དང་ལྡན་པའོ། །དྲི་མ་མེད་ པའི་འོད་ཟེར་ཁ་དོག་ལྔ་རྣམས་རྟག་ཏུ་འཕྲོ་བའོ། །དེའི་ཤར་དུ་ཉེ་བའི་ཡིད་ཀྱི་མཚོ། ནུབ་ཏུ་ པད་མ་དཀར་པོའི་མཚོ་སྟེ་དཔག་ཚད་བཅུ་གཉིས་པ་རེ་རེའོ། །དྲི་ཞིམ་བསིལ་ཆུ་སྣ་ཚོགས་ པས་གང་ཞིང་དེ་གཉིས་ཀྱི་འགྲམ་གཉིས་སུ་དྲི་བཟང་སྣ་ཚོགས་དང་ལྡན་པའི་མེ་ཏོག་དུ་མས་ དཀྲིགས་པ་དང༌། མཛེས་པའི་བྱ་ཀུན་ལ་ད་དང༌། ངང་པ་དང༌། ངུར་བ་དང༌། རྨ་བྱ་ལ་སོགས་ 1-1-126 པ་སྤྲུལ་བའི་བྱ་སྣ་ཚོགས་མང་པོས། ཆོས་ཉིད་འགྱུར་བ་མེད་པ། རྟག་པ། བརྟན་པ། ཐེར་ ཟུག་པ། རྡོ་རྗེའོ། །གཡུང་དྲུང་ཞེས་པའི་སྐད་ཤིན་ཏུ་སྙན་པ་སྒྲོགས་པ། ཨ་ཀ་རུ་དང༌། སི་ལ་ ཙན་དན་ལ་སོགས་པ་སྤོས་མཆོག་ཀྱི་དྲི་བསུང་དང་ལྡན་པ། དཔལ་ལྡན་དྲི་མེད་འོད་ལས། ཀ་ལ་པའི་ལྷོ་ཕྱོགས་ན་མ་ལཱ་ཡའི་སྐྱེད་མོས་ཚལ་རྒྱར་དཔག་ཚད་བཅུ་གཉིས་ཀ་ལ་པའི་གྲོང་ དང་མཉམ་པའོ། །དེའི་དབུས་སུ་དུས་ཀྱི་འཁོར་ལོའི་ཁང་པ་ཁྲུ་བརྒྱད་བརྒྱའོ། །དེའི་ཤར་དུ་ ཉེ་བ་ཡིད་ཀྱི་མཚོ་ནི་རྒྱར་དཔག་ཚད་བཅུ་གཉིས་པ་དང༌། ནུབ་ཏུ་པད་མ་དཀར་པོའི་མཚོ་ནི་ རྒྱར་དཔག་ཚད་བཅུ་གཉིས་སོ། །ཞེས་གསུངས་སོ། །ཕྱི་རོལ་པད་མ་འདབ་བརྒྱད་ཀྱི་ཕྱི་རོལ་ ཏུ་དཔག་ཚད་ལྔ་བརྒྱའི་ཞེང་དང་ལྡན་པའི་མཐའ་བསྐོར་དུ་གངས་རིའི་ཕྲེང་བ། དེའི་ནང་དུ་ པད་འདབ་བརྒྱད་ལ་གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་དྲུག་སོ་སོར་ཀུན་ནས་མཉམ་པར་ཡོད་དོ། ། འགྲེལ་ཆེན་དྲི་མེད་འོད་ལས། དཔག་ཚད་བརྒྱ་ལ་མདའི་བསྒྱུར་བའི་ཚད་དང་ལྡན་པའི་རི་ ཡིས་ཕྱོགས་བཞི་རྣམས་ནི་བསྐོར་བའི་དཔལ་ལྡན་ཤམ་བྷ་ལ། དེ་དག་ཀུན་གྱི་རྒྱལ་པོ་ནི་ བགེགས་མཐར་བྱེད་(རྩ་རྒྱུད་ལས། འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་བཞིན་གཤེགས་པའི་སྤྲུལ་བ་སྟེ། །)ཀྱི་ སྤྲུལ་པ་ཉི་མའི་འོད་ཟེར་ཞེས་བྱའོ། །(རྩ་རྒྱུད་ལས། ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །)དེའི་སྲས་ནི་ཕྱག་ན་ རྡོ་རྗེའི་སྤྲུལ་པ་དཔལ་ལྡན་ཟླ་བ་བཟང་པོ་སྐྱེས་སོ། །དེ་ཡང་རྒྱ་གར་གྱི་ལྷོ་ཕྱོགས་སུ་དཔལ་ ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་སྟེང་འོག་ཏུ་དཔག་ཚད་དྲུག་དང་རྒྱང་གྲགས་གཅིག་ ཡོད་པར་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་སྟེང་དུ་དཔལ་ལྡན་ རྒྱུ་སྐར་ཆེན་པོ་སྤྲོས་ཏེ། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་བདེ་བ་ཆེན་པོའི་གནས་སུ། རྡོ་རྗེ་ དབྱིངས་ཀྱི་དཀྱིལ་འཁོར་རྡོ་རྗེ་སེང་གེའི་ཁྲི་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཏིང་ངེ་ འཛིན་ལ་སྙོམས་པར་བཞུགས་པའི་ཚེ་ན། དཀྱིལ་འཁོར་ལ་བཀོད་པའི་འཁོར་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་དང་ལྷ་ཀླུ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། ། 1-1-127 ཞུ་བ་པོ་རྒྱལ་པོ་ཟླ་བ་བཟང་པོ་ཤམ་བྷ་ལ་ནས་རྫུ་འཕྲུལ་གྱི་ཤུགས་ལས་བྱོན་ཏེ་གསོལ་བ་ བཏབ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་གནང་ནས། རྩ་རྒྱུད་ མཆོག་གི་དང་པོའི་སངས་རྒྱས་རྗེས་སུ་བསྔགས་པའི་སྡེབ་སྦྱོར་ཤོ་ལོ་ཀ་སྟོང་ཕྲག་བཅུ་ གཉིས་ལ་སོགས་སྔགས་ཀྱི་ཐེག་པ་མཐའ་དག་སྟོན་ཏོ། །རྩ་རྒྱུད་ལས། སྟོན་པ་བྱ་རྒོད་ སྤུངས་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་གསུངས། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་ སུ། །དེ་བཞིན་སྔགས་ཀྱི་ཚུལ་རབ་གསུངས། །ཞེས་སོ། །རྒྱུད་ཕྱི་མར། དཔལ་ལྡན་འབྲས་ སྤུངས་ཆོས་ཀྱི་དབྱིངས་སུ་སྟོབས་བཅུ་པ་ཡིས་སངས་རྒྱས་པའི་རྒྱུད་རྣམས་མཐའ་དག་ བསྟན། །ཞེས་གསུངས། རྩ་བའི་རྒྱུད་ལས། སྟོན་པ་གོ་ཏམ་སྟོན་པ་པོ། །གནས་ནི་དཔལ་ ལྡན་ཆོས་ཀྱི་དབྱིངས། །འཁོར་ནི་བྱང་ཆུབ་སེམས་དཔའ་སོགས། །རྒྱུད་བསྟན་པ་ནི་མི་ རྣམས་ཀྱིས། །བསོད་ནམས་ཡེ་ཤེས་དགོངས་པ་ཅན། །ཞེས་གསུངས་སོ། །དེ་ཡེ་ཤེས་ལྔའི་ ངོ་བོར་ལེའུ་ལྔ་སྟེ། དེའི་ནང་དུ་མཚན་བཟང་པོ་རྣམ་པར་དག་པ། མདོར་བསྡུས་སོ་གཉིས་ སོ། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་གྱི་གནས་པ་གྱ་གཅིག་གོ །དེ་ནས་སྔགས་ཀྱི་ཐེག་ པ་གསུངས་པའི་ལོ་གཉིས་ན། རྩ་རྒྱུད་ཀྱི་འགྲེལ་ཆེན་ཤོ་ལོ་ཀ་སྟོང་ཕྲག་དྲུག་ཅུ་པ་མཛད་དེ་ གླེགས་བམ་ལ་བྲིས་ནས་ཤམ་བྷ་ལར་བསྟན་ཏེ། མ་ལཱ་ཡའི་དབུས་སུ་དུས་ཀྱི་འཁོར་ལོའི་ ཁང་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བཞེངས་ཏེ་རྫུ་འཕྲུལ་བསྟན་ནས་གཤེགས་སོ། །དེ་ ནས་སྲས་སའི་སྙིང་པོའི་སྤྲུལ་པ་ལྷ་དབང་དང༌། (རྩ་རྒྱུད་ལས། སངས་རྒྱས་ལམ་གྱི་གསལ་བྱེད་པའི། །ཟླ་ བཟང་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །གྲགས་པ་པད་ དཀར་རིམ་པས་སོ། །)དེའི་སྲས་གཤིན་རྗེ་མཐར་བྱེད་གཟི་བརྗིད་ཅན། སྒྲིབ་པ་རྣམ་སེལ་མི་དབང་ ཟླ་བས་བྱིན་པ་དང༌། ཤེས་རབ་མཐར་བྱེད་ལྷའི་དབང་ཕྱུག་དང༌། པད་མ་མཐར་བྱེད་སྣ་ ཚོགས་གཟུགས་ནམ་མཁའི་སྙིང་པོ་ལྷའི་དབང་ལྡན་ཏེ་ཡབ་སྲས་ཆེན་པོ་ཆོས་རྒྱལ་དྲུག་གིས་ 1-1-128 ལོ་བརྒྱ་བརྒྱར་མཆོག་གི་རྩ་རྒྱུད་བསྟན་ཏོ། །དེ་ནས་རྩ་རྒྱུད་ལས། (བཅོམ་ལྡན་འདས་སངས་རྒྱས་ ནས་ལོ་གཉིས་པ་ན་རྩ་རྒྱུད་གསུངས་པའི། )ལོ་ནི་འདི་ནས་དྲུག་བརྒྱའི་ལོར(འབྱུང་སྟེ)། །(ཤམ་བྷ་ལར་)དྲང་ སྲོང་རྣམས་ནི་སྨིན་པའི་ཕྱིར། །(རིགས་ལྡན་ཆེན་པོ་མི་བདག)འཇམ་དབྱངས་མི་བདག་གྲགས་པ་ ནི། །ཤམ་བྷ་ལ་ཞེས་བྱ་བར་འབྱུང༌། །ཞེས་ལུང་བསྟན་མཛད་པ་ལྟར། སངས་རྒྱས་ཀྱི་རྩ་ རྒྱུད་གསུངས་པ་ནས་ལོ་བདུན་བརྒྱ་ན་རིགས་ལྡན་འཇམ་དཔལ་གྲགས་པ་བྱོན་ནས། ཉི་ མའི་ཤིང་རྟ་ལ་སོགས་པ་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་བཏུལ་ནས། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་དབང་བསྐུར་བ་མཛད་དེ། (བསྡུས་རྒྱུད་འདི་འབྱུང་བར་ལུང་བསྟན་པ་ནི་) དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་ (ཏེ་བཅུ་ཕྲག་)བརྒྱ་(སྟེ་སྟོང་ཡོད་པའི་)ལེའུ་ལྔས། །དཔལ་ལྡན་(བསྡུས་པའི་)རྒྱུད་དག་རྫོགས་པ་ནི། ། སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །ཞེས་གསུངས་པ་ལྟར། དྲང་སྲོང་རྣམས། སྨིན་པའི་དོན་དུ་ རྩ་རྒྱུད་བསྡུས་རྒྱུད་དུ་མཛད་ནས་ལོ་བརྒྱར་གསུངས་སོ། །(དེའི་སྲས་པད་མ་དཀར་པོའི་ལུང་བསྟན་)དེ་ ནས་རྩ་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། (གྲགས་པ་)དེ་ཡི་(བཙུན་མོ་)ལྷ་མོ་སྒྲོལ་ མ་ཆེ། །སྲས་ནི་པད་(དཀར་)འཛིན་འཇིག་རྟེན་དབང་(ཕྱུག་བྱུང་ངོ༌། །)། །བདག་གི་(སྟེ་བཅོམ་ ལྡན་འདས་)ཤཱཀྱའི་རིགས་རྒྱུད་ལས། །(ཡང་དག་པར་)བྱུང་ཡང་ཟླ་བཟང་ཁྱོད་ཀྱི་རིགས། །(ཤམ་ བྷ་ལའི་རྒྱུད་དུ་ཤཱཀྱའི་རིགས་ཡིན་པར་ལུང་བསྟན་ནོ། །)ཞེས་ལུང་བསྟན་ཏོ། །དེའི་དོན་ནི་ཅུང་ཟད་བཀྲོལ་ བར་བྱའོ། །དེའི་ལྷ་མོ་ཞེས་གསུངས་པ་ནི། རྒྱལ་པོ་གྲགས་པའི་བཙུན་མོ། སྒྲོལ་མ་མངའ་ ཐང་རབ་ཏུ་ཆེ་བའོ། །དེ་གཉིས་ཀྱི་སྲས་བུ་རབ་ཏུ་དམ་པ་ནི། རིགས་ལྡན་པད་མ་དཀར་ པོའམ་སེམས་དཔའ་མེ་ཏོག་ཕྲེང་འཛིན་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་བདག་ཅེས་པ་ བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རིགས་རྒྱུད་ལས་བྱུང་ན་ཡང༌། ཤམ་བྷ་ལར་མིའི་རྒྱལ་པོར་ ཟླ་བ་བཟང་པོ་ཁྱཽད་ཀྱི་རིགས་ལ་སེམས་ཅན་སྨིན་པར་མཛད་ཅེས་གསུངས། རྡོ་རྗེ་སྙིང་པོའི་ 1-1-129 རྒྱུད་ལས། ཉན་ཐོས་ཆེན་པོ་ལི་ཙ་བཱི། །སངས་རྒྱས་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ ལོན་པའི་དུས། །གྲགས་པའི་ལྷ་མོ་སྒྲོལ་མ་ཆེ། །པད་མ་དཀར་པོ་ཞེས་བྱ་བ། །ཤམ་བྷ་ལ་ཡི་ ཡུལ་དུ་འབྱུང༌། །བླ་མེད་ཐེག་ཆེན་ཆོས་ཀྱི་ཆར། །མཐའ་དབུས་མེད་པར་ཀུན་ཏུ་སྟོན། །ཞེས་ གསུངས་སོ། །དེ་ནས་ཀ་ལ་པ་ཆོས་ཀྱི་ཕོ་བྲང་དུ་སྐུ་བལྟམས་པའི་ཚེ་ནའང༌། རིན་པོ་ཆེ་སྣ་ ཚོགས་པའི་ཆར་ཞག་བདུན་བདུན་དུ་བབ་བོ། །རོལ་མོ་རྣམས་རང་གྲག་ཏུ་གྲགས་སོ། །ས་ ཆེན་པོ་གཡོ་བ་དང༌། འཇའ་འོད་དང༌། མེ་ཏོག་གི་ཆར་ཞག་དུ་མར་བབ་སྟེ། རྒྱལ་བུ་ཤིན་ཏུ་ དཀར་བ་ཕྱག་མཐིལ་གཉིས་སུ་པད་མ་དཀར་པོ་འདབ་མ་བརྒྱད་པའི་རི་མོ་ཡོད་པ། ཞབས་ མཐིལ་དག་ལ་འཁོར་ལོས་མཚན་པ། རལ་པའི་ཐོར་ཚུགས་ཀྱི་ནང་དུ་ལྷའི་ནོར་བུའི་ཅོད་ པན་ཅན། སེམས་ཅན་ཐམས་ཅད་སྙིང་རྗེའི་སྒྲ་དང་ལྡན་པར་བལྟམས་སོ། །ཤམ་བྷ་ལའི་ གླིང་ཐམས་ཅད་དུ་ཡི་གེ་དྲུག་མའི་སྒྲ་དབྱངས་ནི་ཀུན་གྱིས་དུས་གཅིག་ཏུ་ཐོས་སོ། །འོད་ ཀྱིས་ཁྱབ་ནས་ཚིག་འདི་སྐད་དུ། སྟོབས་བཅུ་སངས་རྒྱས་ཡོན་ཏན་རིན་པོ་ཆེ། །འཁོར་བའི་ མུན་སེལ་ཐར་པའི་སྒྲོན་མ་འཛིན། །ཤིན་ཏུ་ཕྲད་དཀའི་འདུ་ཤེས་ཡིད་ལ་སོམས། །མི་ལུས་ དོན་ཅན་མཛོད་ཅིག་སྐལ་ལྡན་ཀུན། །ཞེས་སོགས་དུ་མས་གླུ་བསྐུལ་ཀུན་ཏུ་ཐོས། དེ་ནས་ ཡབ་རྒས་ཤིང་དགོངས་པ་ཡོངས་སུ་རྫོགས་པའི་དུས་སུ། རྒྱལ་བུའི་རྨི་ལམ་དུ། སེམས་ཅན་ ཐམས་ཅད་ལ་དགོས་འདོད་འབྱུང་བའི་སྨན་ཤིང་ཆེན་པོ་གཅིག་འདི་ལྟ་སྟེ། རྩ་བ་ནི་གསེར་ གྱི་རང་བཞིན་ནོ། །སྡོང་པོ་ནི་དངུལ་གྱི་རང་བཞིན་ནོ། །ཡལ་ག་ནི་ཨ་རུ་རའི་རང་བཞིན་ནོ། ། མེ་ཏོག་ནི་ཛ་ཏིའི་རང་བཞིན་ནོ། །འབྲས་བུ་ནི་ཀ་ཀོ་ལའི་རང་བཞིན་ནོ། །འདབ་མ་ནི་ལི་ ཤིའི་རང་བཞིན་ཅན་ཞིག་སྐྱེས་ཏེ། སེམས་ཅན་མང་པོས་སྨན་སྣ་ཐམས་ཅད་དེ་ལས་སྤུངས་ ནས། རང་བཞིན་གྱིས་རླུང་གིས་བསྒྱེལ་ནས་སེམས་ཅན་ཐམས་ཅད་སྐྲག་ཅིང་མྱ་ངན་བྱས་པ་ རྨིས་ནས་སད་པ་དང༌། རྒྱལ་བུ་ཡིད་མྱ་ངན་གྱིས་གདུངས་ནས་ཡབ་འདི་རིང་པོར་མི་ཐོགས་ 1-1-130 པར་མྱ་ངན་ལས་འདས་པའི་རྟགས་ཡིན་སྙམ་ནས། ཀྱེ་མ་ཡབ་མཆོག་འཇམ་པའི་དབྱངས་ ཀྱི་རྒྱལ། །ལྗོན་ཤིང་སྐྱེས་རྒྱལ་ནམ་མཁར་འཕགས་པ་གཅིག །སེམས་ཅན་མང་ལ་དགོས་ འདོད་བྱུང་ན་ཡང༌། །གློ་བུར་རླུང་གིས་རྩ་ནས་ཐོན་པར་རྨིས། །ཀྱེ་མ་གྲགས་པ་རྒྱལ་པོ་ འཇམ་པའི་དབྱངས། །དེ་བཞིན་ཁྱོད་ནི་འགྲོ་བ་ཀུན་ལ་ཡང༌། །དམ་ཆོས་དགོས་འདོད་མ་ ལུས་འབྱུང་བའི་གཞི། །གློ་བུར་དུ་ནི་མྱ་ངན་འདས་མི་འཚལ། །ཞེས་དང༌། ཡབ་ན་རེ། འཇིག་ རྟེན་དབང་ཕྱུག་རྒྱལ་པོ་སྤྱན་རས་གཟིགས། །སྐྱེ་རྒ་ན་འཆིའི་འདམ་མ་མི་གནས་སམ། །རྒྱལ་ བུ་དེ་སྐད་མ་གསུངས་ཡིད་ལ་ཞོག །ཐེག་པ་ཀུན་དོན་གསལ་བྱེད་རྩ་བའི་རྒྱུད། །དྲང་སྲོང་ སྨིན་ཕྱིར་བདག་གིས་བསྡུས་རྒྱུད་བྱས། །བུ་ཁྱོད་མ་ཡིས་བུ་ལ་ཕན་དོན་དུ། །རྒྱས་འགྲེལ་ མཛོད་ཅིག་འཇིག་རྟེན་དབང་ཕྱུག་རྒྱལ། །ལོ་བརྒྱར་རྒྱལ་ས་ལོངས་དང་བཤད་སྒྲུབ་མཛོད། ། ཅེས་གསུངས་ནས། ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས་སོ། །དེ་ནས་སྲས་པད་མ་ དཀར་པོས་བསྡུས་རྒྱུད་ཀྱི་འགྲེལ་པ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་ཡབ་ཀྱི་དགོངས་པ་ རྫོགས་པའི་དོན་དུ་མཛད་དོ། །དཔལ་ལྡན་དྲི་མེད་འོད་དུ། གང་གིས་གསང་བདག་ལ་ གསུངས་མཆོག་གི་དང་པོའི་སངས་རྒྱས་ལས། །སྟོབས་བཅུ་པ་ཡིས་བསྡུས་པའི་རྒྱུད་ནི་སྔོན་ དུ་ལུང་བསྟན་པས། །དེ་ནི་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་འདི་ཀ་ལ་པར། །འཇམ་དཔལ་ གྱིས་ནི་ཐུབ་པ་རྣམས་ལ་མཐའ་དག་ངེས་པར་བསྟན། །རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ། ། ཟླ་བ་བཟང་པོས་བྲིས་པ་གང༌། །(བསྡུས་པའི་རྒྱུད་ལས། དཔལ་ལྡན་ཆོས་ཀྱི་འཁོར་ལོ་གདན་ནི་ཁ་དོག་སྣ་ ཚོགས་དེ་ལ་ལྷ་མིའི་སྟོན་པ་ནི། །སངས་རྒྱས་ཉེ་བར་བཞུགས་ནས་ལྷའི་མཆོག་རྣམས་ཀྱིས་བཏུད་ཅིང་ཟླ་བའི་ཞུ་བ་རྟོགས་པ་ན། ། རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་སེམས་ཅན་དོན་གྱི་ཆེད་དུ་མི་བདག་ལ་ནི་གསུངས་པ་གང༌། །དེ་ཡང་དེ་ལྟར་བདག་གིས་ ཨ་ལི་ཀ་ལིའི་རྒྱུད་དུ་དེ་རྣམས་འགོད་དོ་ཀྱཻ། །སངས་རྒྱས་ཀྱིས་ནི་གསུངས་པ་དག་ལ་དུས་ཀྱི་འཁོར་ལོ་བདག་གིས་འཕྲེང་འཛིན་ སྡེབ་སྦྱོར་བཅིངས་བ་བརྗོད། །འདི་ནས་པད་མ་དཀར་པོ་རྡོ་རྗེ་འཛིན་པ་ཁྱོད་ཀྱིས་བསྔགས་པ་རྣམས་ནི་བསྟན་པ་ཉིད་དུ་མཛོད། །) 1-1-131 (རྡོ་རྗེ་)ཐེག་པ་ཀུན་དོན་གསལ་བྱེད་དེ། །(རིགས་ལྡན་)པད་མ་དཀར་པོ་བདག་གིས་ནི། །རྩ་ བའི་རྒྱུད་ཀྱིས་(དང་པོའི་སངས་རྒྱས་)རྗེས་བཇུག་པ། །གཞུང་ནི་སྟོང་ཕྲག་བཅུ་གཉིས་ཀྱི། །རྡོ་ རྗེའི་ཚིག་བཅས་འབྱེད་པ་ནི། །བསྡུས་པའི་རྒྱུད་ལ་བྲི་བར་བྱ། །ཞེས་གསུངས་སོ། །བདེ་བར་ གཤེགས་པས་ལུང་བསྟན་ཅིང༌། །འཇམ་དཔལ་གྱིས་ནི་བསྐུལ་གྱུར་པས། །འཇིག་རྟེན་ མགོན་པོ་བདག་གིས་ནི། །རྒྱུད་འདིའི་རྒྱས་འགྲེལ་བྲི་བར་བྱ། །བྱིས་པ་མཁས་པ་རྨོངས་ རྣམས་ལ། །རྒྱུད་ཀྱི་གསང་བ་གསལ་བྱེད་དེ། །མ་ཡིས་བུ་ལ་ཕན་པ་བཞིན། །ལུས་ཅན་ ཐམས་ཅད་བདེ་དོན་དུ། །རྡོ་རྗེ་སེམས་དཔའི་ལམ་མཆོག་འདི། །(གང་གིས་རྣལ་འབྱོར་)པས་ རིག་བྱེད། །དེ་ཕྱིར་དྲི་མ་མེད་པའི་འོད། །(རྩ་རྒྱུད་ལས། རྒྱས་འགྲེལ་བྱེད་པ་པད་དཀར་འཛིན། །)རྒྱས་ འགྲེལ་འདི་ནི་མྱུར་དུ་བྲི། །ཞེས་གསུངས་སོ། །དེ་ནས་རྒྱས་འགྲེལ་དྲི་མེད་འོད་དང༌། དོན་ དམ་བསྙེན་པ་སོགས་མང་དུ་མཛད་དེ། ལོ་བརྒྱར་ཆོས་བསྟན་ཏོ། །དེ་ནས་(རྩ་རྒྱུད་ལས། གཤིན་ རྗེ་གཤེད་སོགས་ཁྲོ་བོ་བཅུ། །ད་བར་བྱང་ཆུབ་སེམས་དཔའ་གཞན། །བཅུ་གསུམ་དེ་རྣམས་རིམ་པ་ཡིས། །རིགས་ལྡན་རིགས་ ལས་བྱུང་བར་གྱུར། །ཅེས་གསུངས། )གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། སའི་སྙིང་པོ་ལ་སོགས་བཅུ་ གསུམ་གྱི་སྤྲུལ་པ། བཟང་པོ་དང་(གཤིན་རྗེ་མཐར་བྱེད་)རྣམ་རྒྱལ་བཤེས་གཉེན་(འཇིག་རྟེན་དབང་ ཕྱུག་)བཟང་པོ་དང༌། རིན་ཆེན་ཕྱག་དང་(ཕྱག་རྡོར་)ཁྱབ་མཇུག་སྦས་པ་དང༌། (ས་སྙིང་)ཉི་མ་ གྲགས་(གཤིན་རྗེ་མཐར་བྱེད་)དང་ཤིན་ཏུ་བཟང་པོ་(སྒྲིབ་པ་རྣམ་སེལ་)རྣམས་ལོ་བརྒྱ་བརྒྱར་ གསུངས་སོ། །དེ་ནས་(རྨུགས་བྱེད་)རྒྱ་མཚོ་རྣམ་རྒྱལ་གྱིས་བརྒྱ་དང་གྱ་གཉིས་ལ་གསུངས། དེ་ ནས་(ཁེངས་བྱེད་)རྒྱལ་དཀས་ལོ་ཉིས་བརྒྱ་ཉེར་གཅིག་ཏུ་ཆོས་གསུངས་སོ། །དེ་ནས་(ནམ་མཁའི་ སྙིང་པོ་)ཉི་མ་དང༌། (འཇམ་དབྱངས་སྤྲུལ་པ་)སྣ་ཚོགས་གཟུགས་དང༌། (འཇིག་རྟེན་མགོན་པོ་)ཟླ་འོད་ དང༌། (གཤིན་རྗེ་མཐར་བྱེད་)མཐའ་ཡས་དང༌། (ས་སྙིང་)ས་སྐྱོང་དང༌། (བགེགས་དགྲ་)དཔལ་སྐྱོང་ དང༌། (ཕྱག་རྡོར་)སེང་གེ་དང༌། (ས་སྙིང་)རྣམ་གནོན་དང༌། (གཤིན་རྗེ་མཐར་བྱེད་)སྟོབས་པོ་ཆེ་དང༌། 1-1-132 (སྒྲིབས་པ་རྣམ་སེལ་)མ་འགགས་པ་དང༌། (རྨུགས་བྱེད་)མིའི་སེང་གེ་དང༌། (ཁེངས་བྱེད་)དབང་ཕྱུག་ ཆེན་པོ་དང༌། མཐའ་ཡས་རྣམ་རྒྱལ་དང༌། དྲག་པོ་སྟེ་བཅོ་ལྔས་ལོ་བརྒྱ་བརྒྱར་གསུངས་སོ། ། འཁོར་ལོ་ཅན་འཁོར་ལོ་ཕྱེད་ཅན་དུམ་བུ་ཅན་རྣམས་ཀྱང་གསུངས་པར་གསུངས་སོ། །དེ་ དག་ལོ་བརྒྱ་བརྒྱར་ཆོས་སྟོན་པ་དང༌། སྐུ་ཚེའི་ཚད་ནི་ལོ་བརྒྱ་བརྒྱར་མཚུངས་པར་འདོད་པ་ ནི་མི་རིགས་སོ། །བྱེད་རྩིས་མེ་མཁའ་རྒྱ་མཚོའི་རྒྱུ་མཚན་མ་རྟོགས་པའི་ཕྱིར་རོ། །དེ་ནས་ ཞིང་མཆོག་ཤམ་བྷ་ལར་ད་ལྟའི་བར་ཏུ་དར་རོ། །མ་འོངས་པ་ན་ཡང་དར་བར་གསུངས་སོ། ། དེ་ནས་ཤམ་བྷ་ལའི་ཁྱད་ཆོས་རྣམས་སླར་རྒྱ་གར་དུ་བྱོན་ནས་བོད་དུ་བསྒྱུར་ཚུལ་ནི་ལོགས་ སུ་ཤེས་པར་བྱའོ། །འདིར་ནི་ཡི་གེ་མང་དུ་འཇིགས་པས་མ་བྲིས་སོ། །རིགས་ལྡན་འཇིག་ རྟེན་དབང་ཕྱུག་ཏུ་སྐྱེས་པའི་རབས་ཏེ་ཉེར་བདུན་པའོ།། །། ༈ ཡང་སྔོན་དཔལ་ལྡན་བླ་མ་འདི་ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བར་སྐྱེས་ནས། སེམས་ཅན་ གྱི་དོན་མཛད་དེ། (༈ བཅོམ་ལྡན་འདས་ཀྱི་ཡུལ་ལང་ཀར་སྲིན་པོའི་ཚོགས་ལ། ཆོས་ཀྱི་དུང་འབུད་དར་ཕྱར་བར་མཛོད། ཀ་ཡ་གྷོ་རིའི་མདོ་ལས། བདག་གིས་ཆོས་ཀྱི་རྔ་ནི་བརྡུང༌། བདག་གིས་ཆོས་ཀྱི་དུང་ནི་འབུད། བདག་གིས་ཆོས་ཀྱི་རྒྱལ་མཚན་ བསྒྲེངས། ཞེས་གསུངས། )མ་གོལ་ལུང་བསྟན་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་ཡུལ་ ལང་ཀ་པུ་རིར་འཁོར་རྣམ་བཞི་ལ་ཆོས་གསུངས་པའི་དུས་སུ་ནམ་མཁའ་ལ་བྱ་རོག་གཅིག་ འཕུར་ཏེ་བྱ་ཐལ་ཅིག་བོར་ནས། དེ་བཞིན་གཤེགས་པའི་ན་བཟའ་ལ་ཕོག་པ་དང༌། དེའི་ཚེ་ དེ་བཞིན་གཤེགས་པའི་ཞལ་འཛུམ་པ་དང་བཅས་པར་བཞད་པར་གྱུར་ཏེ། དེའི་ཚེ་འཁོར་ འདུས་པའི་ནང་ནས་ཀུན་དགའ་བོས་ཞུས་པ། དེ་བཞིན་གཤེགས་པ་ནི་རྒྱུ་རྐྱེན་མ་མཆིས་ པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ བོ་ཉོན་ཅིག །ངས་འཛུམ་པ་མཛད་པའི་རྒྱུ་རྐྱེན་གྱི་བྱེ་བྲག་བཤད་དོ། །བདུད་ཀྱི་རྒྱལ་པོ་ 1-1-133 དགའ་རབ་དབང་ཕྱུག་ནག་པོའི་བསམ་པ་ཅན་དེས། སྔོན་གྱི་དུས་ན་ཡང་ང་ལ་འགྲན་མང་ དུ་བཙུགས་ནས་བར་དུ་གཅོད་པ་རྩོམ། ད་ལྟ་ཆོས་བཤད་པ་ལ་ཕྲག་དོག་སྐྱེས་ཏེ། བྱ་ཐལ་ བཏང་ངོ༌། །ང་མྱ་ངན་ལས་འདས་པའི་འོག་ཏུ་ངའི་བསྟན་པ་ཐེངས་ཅིག་འཇིག་པར་བྱེད་དོ། ། ད་ལྟའི་བྱ་རོག་འདི་མུ་སྟེགས་མ་གོལ་ཞེས་བྱ་བར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་ཐེངས་ ཅིག་དམའ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། འཁོར་དེའི་ ནང་ནས་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ ཅད་ཀྱིས་མཐོང་ན་དགའ་བ་དྲི་མ་མེད་པར་གྲགས་པ་ཆེ་བ་དང༌། ཆུང་བ་བྱང་ཆུབ་སེམས་ དཔའ་ལག་ལ་པད་མོ་གཉིས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པར་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་གསོལ་པ། ཀྱེ་མ་དེ་བཞིན་གཤེགས་པ་བཅོམ་ ལྡན་འདས། །བདེན་པའི་གསུང་ནི་ཤིན་ཏུ་བྱིན་རླབས་ཅན། །དེ་ཐོས་སེམས་ཅན་གང་ཡིན་ མ་ལུས་པ། །བསྐལ་སྟོང་མཐའ་ཡས་བསགས་པའི་སྡིག་པ་ཀུན། །ཟད་པར་མཛད་པའི་ཆོས་ ལ་རོལ་པར་སྦྱོར། །སངས་རྒྱས་བསྟན་པ་བདག་གིས་སྲོག་འདོར་བླ། །མ་འོངས་དུས་སུ་ བསྟན་པ་འཇིག་པའི་ཚེ། །མ་གོལ་ཞེས་པའི་རྒོལ་བ་བཙུགས་པའི་ཚེ། །བདག་གིས་འདུལ་ བའི་ལུང་བསྟན་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མ་ ལེགས་སོ་ལེགས་སོ། རིགས་ཀྱི་བུ་ལེགས་སོ། ང་ཕྱི་མའི་དུས་སུ་རྩྭ་མཆོག་གྲོང་དུ་མྱ་ངན་ ལས་འདས་པའི་འོག་ཏུ་ལོ་བཞི་བརྒྱ་ལོན་པའི་ཚེ་ན། བྱ་རོག་འདི་དགའ་རབ་དབང་ཕྱུག་ ནག་པོའི་བསམ་པ་ཅན་དེར་འགྱུར་རོ། །དེའི་མིང་ནི་མ་གོལ་ཞེས་བྱའོ། །མུ་སྟེགས་ཀྱི་སྟོན་ པ་ཞེས་ཀྱང་བྱ། རིག་བྱེད་ཀྱི་བདག་པོ་ཞེས་ཀྱང་བྱའོ། །དེས་ཀྱང་ནག་པོའི་རྩ་བ་བཟུང་ནས། ངའི་གཙུག་ལག་ཁང་དང་རིག་པ་འཛིན་པའི་དགེ་སློང་རྣམས་བཤིག་ཅིང་བསྐྲད་དོ། །དེའི་ཚེ་ ངའི་ཕྱོགས་སུ་གྱུར་པ་རྣམས་ཉམ་ཆུང་སྟེ་སྡུག་པའི་དུས་སུ་དགེ་སློང་ཁྱོད་འབྱུང་བར་འགྱུར་ 1-1-134 རོ། །དེའི་མིང་ནི་ཀླུ་ཞེས་བྱ་བ་གྲགས་པ་ཆེ་བ། རིགས་གཟུགས་དང་འབྱོར་བ་རྒྱས་པ། ཐོས་ པ་ལ་མི་ངོམས་པ། ཡོད་པ་དང་མེད་པའི་རིགས་དང༌། ལྟ་བ་ངན་པའི་སྡེ་དཔུང་དང་བཅས་ པ་རྣམས་ཚར་བཅད་ནས། ཡང་དག་པའི་ལམ་ལ་སྦྱོར་རོ། །དཔེར་ན་རྟ་བདུན་གྱི་དབང་པོ་ འཆར་མ་ཐག་ཏུ་འཛམ་བུའི་གླིང་དུ་རི་ནག་པོའི་ཕྱོགས་རིགས་དང༌། མུན་པ་དང༌། མུན་ནག་ དང༌། མུན་ནག་ཆེན་པོ་རྣམས་མེད་དེ། མཛེས་ན་ཤིན་ཏུ་གསལ་བར་བྱེད་དོ། །དེ་བཞིན་དུ། དགེ་སློང་ཀླུ་ཞེས་བྱ་བ་བྱུང་ནས། འཛམ་བུའི་གླིང་དུ་ལྟ་བ་ཡོད་པ་དང༌། མེད་པ་དང༌། མུ་ སྟེགས་རྩ་ལག་དང་བཅས་པ་རྣམས་ནི། བ་མོ་ལ་འོད་ཟེར་ཕོག་པ་བཞིན་དུ་བྱེད་དོ། །ངའི་ བསྟན་པ་རབ་ཏུ་རྒྱས་པས་བྱེད་དོ། །ཞེས་སོགས་གསུངས་སོ། །འཕགས་པ་སྤྲིན་ཆེན་པོའི་ མདོར། ཀུན་དགའ་བོ། ལི་ཙ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ ནས་ལོ་བཞི་བརྒྱ་ནས་ཀླུ་ཞེས་བྱ་བའི་དགེ་སློང་ཞིག་ཏུ་གྱུར་ནས་ངའི་བསྟན་པ་རབ་ཏུ་ རྒྱས་པར་བྱེད་དོ། །མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །ཞེས་ གསུངས་སོ། །ལང་ཀར་གཤེགས་པའི་མདོ་ལས། (དེ་བཞིན་གཤེགས་པ་ལ། བྱང་ཆུབ་སེམས་དཔའ་འཇམ་ དཔལ་གྱིས་འདི་སྐད་ཅེས་ཞུས་པ། རྟོག་གེ་རྣམས་ཀྱི་ཡུལ་མིན་པའི། །སོ་སོ་རང་རིག་ཡེ་ཤེས་ནི། །ཕྱི་མའི་དུས་སུ་གྱུར་པ་ནི། ། མགོན་པོ་སུ་ཞིག་འཛིན་པར་འགྱུར། །ཅེས་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། )བདེ་གཤེགས་མྱ་ངན་ འདས་འོག་ནས། །བསྟན་པ་འཛིན་པར་འགྱུར་བ་ནི། །དུས་དག་འདས་ཏེ་འབྱུང་གྱུར་པ། ། བློན་པོ་ཆེན་པོ་ཁྱོད་ཅེས་བྱ། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་ གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ང་ཡི་བསྟན་པ་འཇིག་རྟེན་ན། །ཡོད་དང་མེད་པའི་ ཕྱོགས་འཇིག་བྱེད། །བླ་མེད་ཐེག་པ་གཙོར་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། ། 1-1-135 བདེ་བ་ཅན་དུ་དེ་འགྲོའོ། །ཞེས་པ་དང༌། འཇམ་དཔལ་རྩ་རྒྱུད་ལས། འདི་ན་ང་ནི་འདས་ གྱུར་འོག །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། །བསྟན་པ་ལ་ནི་ ཕན་དགའ་བ། །རབ་ཏུ་དགའ་བའི་ས་ཐོབ་སྟེ། །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །རིག་པ་རྨ་ བྱ་ཆེན་པོ་ཡི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་ཆོས་སྣ་ཆོགས་དོན་དང་ནི། ། དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་འགྲོ་བར་འགྱུར། ། དེ་མཐར་གྱིས་ནི་སངས་རྒྱས་ཉིད། །ངེས་པར་ཁོ་ན་ཡང་དག་ཐོབ། །ཅེས་སོགས་མདོ་རྒྱུད་ དུ་མར་ལུང་བསྟན་ཐོབ་པའི་ཀླུ་སྒྲུབ་ཡིན་ཏེ། རིགས་ཇི་ལྟར་དུ་བྱུང་ཞེ་ན། དབུས་རྡོ་རྗེ་གདན་ གྱི་ལྷོ་ཕྱོགས་ཀྱི་རྒྱུད་དུ། གྲོང་ཁྱེར་ཆེན་པོ་བེ་ཏ་ལ་ཞེས་བྱ་བ། མི་ཁྱིམ་འབུམ་ཕྲག་དྲུག་གིས་ ཡོངས་སུ་བསྐོར་བའི་དབུས་སུ་རྒྱལ་པོའི་ཕོ་བྲང་རྡོ་རྗེ་ཁང་བཟང་ཞེས་བྱ་བ་རྒྱུ་རིན་པོ་ཆེ་སྣ་ ཚོགས་ལས་གྲུབ་པའི་ཁྱིམ་རིམ་པ་ལྔའམ་ཕྱི་ནང་ལྔ་ཡང་ཐོག་ལྔ་སྟེ་ཤིན་ཏུ་མཛེས་པ། བྲེ་ ཕུལ་མུ་ཏིག་དམར་པོ་སྟེ། གསེར་གྱི་ཀ་བ་སྟོང་སྟོང་གིས་བཏེག་པའི་དངུལ་གྱི་བྱ་འདབ་ཀྱིས་ ཡོངས་སུ་བསྐོར་བ་བཀྲ་ཤིས་ཉམས་དགའ་བ་རིན་པོ་ཆེའི་འོད་འཆར་བ། འབྱོར་བ་རྒྱས་པ། ལོ་ལེགས་པ། གླང་པོ་ཆེའི་ཚོགས་དང༌། རྟའི་དཔུང་དང༌། བ་ལང་དང༌། རིན་པོ་ཆེའི་གཏེར་ དང༌། དམག་མི་རྣམས་དང༌། ཤིང་རྟའི་ཚོགས་དང༌། འབྲས་བུ་སྣ་ཚོགས་པའི་གཏེར་དང་ ལྡན་པ། དེའི་རྒྱལ་པོ་བྲམ་ཟེ་རྣམ་པར་རྒྱལ་བ་ཞེས་བྱ་བ་བཙུན་མོ་ཉི་ཤུ་རྩ་དྲུག་ནི། རྒྱལ་པོ་ བསོད་ནམས་དཔལ་གྱི་བུ་མོ་དང༌། རྒྱལ་པོ་ཤིང་རྟ་ཅན་གྱི་བུ་མོ་དང༌། རྒྱལ་པོ་དུང་སྒྲ་ཅན་ གྱི་བུ་མོ་དང༌། རྒྱལ་པོ་རྔ་སྒྲ་ཅན་གྱི་བུ་མོ་དང༌། རྒྱལ་པོ་གླང་རྩལ་ཅན་གྱི་བུ་མོ་དང༌། རྒྱལ་པོ་ འོད་ཟེར་ཅན་གྱི་བུ་མོ་དང༌། རྒྱལ་པོ་སེང་གེ་སྟོབས་ཀྱི་བུ་མོ་ལ་སོགས་པ་ཕ་བཟང་བུ་མོ་ཉི་ ཤུ་རྩ་དྲུག་ལ། རྒྱལ་བུ་བཅུ་བཞི་ཡོད་དོ། །སྲས་མོ་ཞེ་བརྒྱད་ཡོད་དོ། །བློན་པོ་ཆེན་པོ་སོ་ བདུན་དང༌། བར་བློན་ལྔ་བཅུ། ཕྱི་བློན་ནི་སུམ་བརྒྱ་ཡོད་དོ། །བཙུན་མོ་དེ་དག་གི་མཆོག ། 1-1-136 རྒྱལ་པོ་འཁོར་ལོ་ཅན་གྱི་བུ་མོ་པད་མའི་འོད་ཟེར་ཞེས་བྱ་བ། གཟུགས་བཟང་བ་མཛེས་པ་ བལྟ་ན་སྡུག་པ། སེམས་ཆོས་ལ་དད་པ། དཀོན་མཆོག་གསུམ་ལ་བཀུར་སྟི་བྱེད་པ་ཞིག་ལ་ ལྷུམས་སུ་ཞུགས་པའི་ཚེ་ན། རྒྱལ་པོའི་དཀོར་མཛོད་ལ་མེ་ཏོག་རེ་རེ་སྐྱེས་སོ། །བེ་ཏ་ལའི་ གྲོང་ཁྱེར་དུ་འཇའ་འོད་དང༌། རོལ་མོ་སྣ་ཚོགས་པ་བསྒྲགས་སོ། །བལྟམས་པའི་ཚེ་ན་ཡང་ འཇིག་རྟེན་གྱི་ཁམས་སུ་འོད་ཀྱིས་ཁྱབ་པ་དང༌། རྒྱལ་པོའི་ཁྱིམ་དང་གྲོང་ཁྱེར་དེ་ལ་མི་ཁྱིམ་ རེ་རེ་ལ་རིན་པོ་ཆེ་སྣ་བདུན་གྱི་གཏེར་དུ་མ་རྡོལ་བ་དང༌། རོལ་མོ་རྣམས་ཀྱང་མ་དཀྲོལ་བར་ སྒྲ་གྲགས་པ་སོགས་ངོ་མཚར་བའི་ལྟས་མང་པོ་དང་བཅས་པར་བལྟམས་སོ། །རྒྱལ་བུ་གཞན་ དང་མི་འདྲ་བར་སྐུ་མདོག་ཁ་ཆེའི་གུར་གུམ་དང་མཚུངས་པ། མཚན་བཟང་པོ་དུ་མས་སྤྲས་ པ། (དམ་པའི་ཆོས་ལ་བཀུར་སྟི་རིམ་འགྲོ་བརྩོན་པའི་སྟོབས་ཀྱིས་ལྷུམས་སུ་བཞུགས་པའི་ཚེ་ན་དྲན་པ་མ་ཉམས་ཤིང་རྟོགས་ པ་འཕེལ་ཏེ་བལྟམས་ནས་བྱད་གཟུགས་བཟང་བ་ཡིན་ཏེ་ལག་ན་མེ་ཏོག་ཚོགས་ཀྱི་མདོ་ལས། ཆོས་ལ་བཀུར་སྟི་བྱས་པས་ན། ། རྟག་ཏུ་དྲན་མ་ཉམས་ཤིང༌། །གང་ནས་གང་དུ་སྐྱེ་བ་དེར། །ཡང་དག་དྲན་པ་རྟག་ཏུ་འཕེལ། །ཆོས་ལ་བཀུར་སྟི་བྱས་པ་ན། །བྱད་ གཟུགས་བཟངས་པོས་རྣམ་པར་བརྒྱན། །སྐྱེ་བ་ཀུན་ཏུ་རྟག་ཏུ་མཛེས། །ལུས་ཀྱི་ཡན་ལག་ཕུན་སུམ་ཚོགས། །རྟག་ཏུ་ཆོས་དང་ ཕྲད་པར་སྐྱེ། །ཅེས་གསུངས། )གཟུགས་ཤིན་ཏུ་བཟང་བ། མཛེས་ཤིང་བལྟ་ན་རབ་ཏུ་སྡུག་པའོ། ། མཚན་ནི་བསོད་ནམས་ཟླ་བ་ཞེས་བཏགས་སོ། །རྩ་མཁན་བྲམ་ཟེ་ཨ་ཙ་ར་ཞེས་བྱ་བ་བོས་ ནས། རྒྱལ་པོ་ན་རེ། རྩ་མཁན་ཆེན་པོ་རྩ་ལོག་མ་བྱེད་པར། །བདག་གི་རྒྱལ་བུ་བསོད་ནམས་ ཟླ་བ་འདི། །སྤུན་ཟླ་རྣམས་དང་མི་འདྲ་ངོ་མཚར་ཅན། །བཟང་ངན་ཅི་འདྲ་ལེགས་པར་འཆད་ དུ་གསོལ། །ཞེས་དང༌། རྩ་མཁན་ན་རེ། གླིང་བཞིར་དབང་བའི་རྒྱལ་ཆེན་རྣམ་པར་རྒྱལ། ། བསོད་ནམས་བརྒྱ་ལས་བྱུང་བའི་ཁྱེད་ཀྱི་སྲས། །བསོད་ནམས་ཟླ་བ་གཞན་ལས་ཁྱད་པར་ འཕགས། །མཚན་བཟང་མཆོག་མངའ་བཀྲ་ཤིས་རྣམ་པར་རྒྱས། །འོན་ཏེ་ཞག་བདུན་ལོན་ ནས་ཞི་བར་གཤེགས། །མ་གཤེགས་ན་ཡང་སྡེ་སྣོད་འཛིན་པའི་མཆོག །དགྲ་བཅོམ་འཕགས་ 1-1-137 པའི་བྱང་ཆུབ་དམ་པར་འགྱུར། །ཞེས་སོ། །རྒྱལ་པོ་ན་རེ། བྲམ་ཟེ་ཆེན་པོ་རྩ་མཁན་ཆོས་ཀྱི་ རྗེ། །བུ་ཡི་སྙིང་པོ་དམ་པ་བསོད་ནམས་ཟླ། །ཞག་བདུན་ལོན་ན་འཆི་ཉེན་ཡོད་ཅེས་པ། ། གསོ་བའི་ཐབས་ནི་ཁྱོད་ལ་ཡོད་དམ་མེད། །ཅེས་དང༌། བྲམ་ཟེ་ན་རེ། ཆོས་ཀྱི་རྒྱལ་པོ་བྲམ་ ཟེ་རྣམ་པར་རྒྱལ། །སྲས་རྣམས་སྙིང་པོ་བསོད་ནམས་ཟླ་བ་ལ། །གསོ་བའི་ཐབས་ནི་མུ་ སྟེགས་ཀུན་ཏུ་རྒྱུ། །ལྔ་བརྒྱ་དག་ལ་སྦྱིན་པ་བགྱིས་ནས་ཀྱང༌། །ཟླ་བ་དྲུག་པོ་རང་སར་ཐུབ་ པར་འགྱུར། །ཞེས་དང༌། རྒྱལ་པོ་དགའ་ནས་སྨྲས་པ། ལེགས་སོ་ལེགས་སོ་རྩ་མཁན་ཨ་ཙ་ ར། །བདག་གི་བུ་ནི་བརྒྱ་ཡོད་སྟོང་ཡོད་ཀྱང༌། །བསོད་ནམས་ཟླ་བ་འདི་ནི་གཅིག་ཏུ་ཟད། ། ཟླ་དྲུག་གསོ་བའི་ཐབས་བསྟན་བཀའ་དྲིན་ཆེ། །ཞེས་དང༌། ཟང་ཟིང་གི་སྦྱིན་པའི་འབྱོར་ པས་རྩ་མཁན་ཚིམས་པར་བྱས་སོ། །དེ་ནས་རྒྱལ་བྱེད་ལ་སོགས་པ་ཀུན་ཏུ་རྒྱུ་ལྔ་བརྒྱ་ལ་ སྦྱིན་པས་ཚིམས་པར་བྱས་ནས། ཟླ་བ་དྲུག་འདས་ནས། ཡང་རྩ་མཁན་བོས་ཏེ། རྩ་མཁན་ ན་རེ། ནང་པའི་དགེ་སློང་ལྔ་བརྒྱ་ལ་ཚོགས་བསགས་ཀྱིས་དང༌། ལོ་དྲུག་ཐུབ་ཟེར་ནས། པཎྜི་ཏ་ཆོས་ཀྱི་བློ་གྲོས་ལ་སོགས་ལྔ་བརྒྱ་ལ། རིན་པོ་ཆེའི་ལྷུང་བཟེད་རེ་རེ་ལ་ག་བུར་གྱིས་ བཀང་བ་རེ་རེ། ཁ་ཆེའི་གུར་གུམ་ལྟ་བུའི་ཆོས་གོས་རེ་རེ། བསིལ་ཡབ་རེ་རེ་ཕུལ་ནས། རྒྱལ་ པོ་འཁོར་བཅས་ཀྱིས་ཕྱག་དང་བསྐོར་བ་དགྲ་བཅོམ་ལྔ་བརྒྱ་ལ་བྱས་ནས། རྒྱལ་པོ་ན་རེ། བསོད་ནམས་ཞིང་མཆོག་དགྲ་བཅོམ་ལྔ་བརྒྱ་ལ། །དེ་རིང་བདག་གིས་གོས་བཟང་ཕུལ་བ་ ལས། །རྒྱལ་བུ་བསོད་ནམས་ཟླ་བའི་སྐུ་ཚེ་ཡང༌། །ཉི་ཟླ་བཞིན་དུ་རྟག་ཏུ་རིང་བར་ཤོག ། ཅེས་དང༌། དགྲ་བཅོམ་པ་ལྔ་བརྒྱས་ཀྱང་སྨོན་ལམ་བཏབ་བོ། །རྒྱལ་བུ་བསོད་ནམས་ཟླ་བ་ ལྷ་ཡི་བུ། །ཚེ་རིང་ནད་མེད་ཆོས་ལ་ལོངས་སྤྱོད་ཅིང༌། །འཕགས་པའི་དགེ་འདུན་རྒྱ་མཚོ་ལྟ་ བུ་ཡི། །དབུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཅེས་དང༌། ལོ་དྲུག་ནས་རྩ་མཁན་ལ་ བསྟན་ནས། ད་འཚོ་བའི་ཐབས་མེད་དོ། །ཞེས་དང༌། རྒྱལ་འབངས་ཐམས་ཅད་ཤིན་ཏུ་མྱ་ 1-1-138 ངན་གྱིས་ནོན་ནས། རྒྱལ་པོས་སྨྲས་པ། ཀྱི་ཧུད་བྲན་ཕོ་ལེགས་བྱེད་དྷ་ར་ལ། །བསོད་ནམས་ ཟླ་བ་གསོ་ཐབས་མེད་པ་ན། །ད་ནི་ང་ཡི་སྔོན་དུ་འཆི་འགྱུར་ན། །མྱ་ངན་དག་ལ་བདག་ནི་ སངས་དུས་མེད། །དབེན་ས་ཆེན་པོ་འདི་ཡི་ཕར་རྒྱབ་ན། །ཀ་ཏ་ཨ་མྲའི་ཚལ་དུ་དེ་སྐྱོལ་ཅིག ། མ་འཆིའི་བར་དུ་འགྲོ་རོག་འདུག་རོགས་ཀྱིས། །འཆི་བའི་རྟིང་ན་ཁྱོད་ནི་གནས་འདིར་ཤོག ། ཅེས་དང༌། དྷ་རས་སྨྲས་པ། ལེགས་སོ་ལེགས་སོ་མི་བདག་ལྷ་ཡི་རྒྱལ། །ནོར་བུ་ལྟ་བུ་བསོད་ ནམས་ཟླ་བ་འདི། །མ་འཆིའི་བར་དུ་འཆི་རོགས་བདག་གིས་བགྱི། །གཤེགས་ནས་སྤུར་འདི་ བཞུ་བར་བགྱིད་དོ་ལགས། །ཞེས་དང༌། རྒྱལ་བུ་ཤིང་རྟ་ལ་བསྐྱོན་ཏེ་ཅི་ཙམ་འོས་པའི་ཡོ་ བྱད་དང་བཅས་པར་ཆས་ནས་མའི་རིགས་མི་གཅིག་པའི་སྤུན་ཟླ་བཅུ་གསུམ་པོ་ཡང་འདི་ལྟ་ སྟེ། རྡོ་རྗེའི་བློ་གྲོས་ཞེས་བྱ་བ་དང༌། སེང་གེའི་བློ་གྲོས་ཞེས་བྱ་བ་དང༌། དཔའ་བོ་རྡོ་རྗེ་དང༌། གཏུམ་པོ་འཁོར་ལོ་དང༌། ནོར་བུ་འོད་ཟེར་དང༌། ཞི་བ་མཛེས་པ་དང༌། དགའ་བའི་རྒྱལ་ མཚན་དང༌། མཛེས་པའི་མཐའ་ཡས་དང༌། གྲགས་པའི་པད་མ་དང༌། ཤེས་རབ་འོད་འཕགས་ དང༌། ཡོན་ཏན་འོད་ཟེར་དང༌། འཇམ་པའི་འཁོར་ལོ་དང༌། བྱང་ཆུབ་བློ་གྲོས་ཏེ་བཅུ་གསུམ་ (འདི་དག་རང་འདྲ་སློབ་མ་བཅུ་གསུམ་ཡིན་ཏེ་)རྣམས་ཕན་ཚུན་དུ་འདི་སྐད་དུ། བསོད་ནམས་ཟླ་བ་ བཟང་པོ་དཔལ་དང་ལྡན། །བདེ་བའི་ཚེ་ན་རྟག་ཏུ་ཁྱེད་བཀུར་ཏེ། །སྡུག་པའི་ཚེ་ན་འདོར་དུ་ ག་ལ་རུང༌། །བདག་ཅག་རྣམས་ཀྱང་སྐྱེལ་ཐོང་བྱེད་དུ་འགྲོ། །ཞེས་དང༌། སྲིང་མོ་གསུམ་ན་ རེ། བསོད་ནམས་ཟླ་བ་མིང་བོ་ཀུན་གྱི་མཆོག །ཉེ་མེད་ཐུང་མེད་གནས་སུ་འགྲོ་གྱུར་ན། ། བདག་ཅག་གསུམ་ནི་སྐྱེལ་མ་ལྷག་པར་བྱེད། །གསོན་རུང་འཆི་རུང་འདོར་བ་ག་ལ་ཕོད། ། ཅེས་དང༌། བློན་འབངས་རྣམས་ཀྱང་སྨྲས་པ། །སྐྱིད་རུང་སྡུག་རུང་བསོད་ནམས་ཟླ་བ་ལ། ། སྐྱེལ་ཐུང་ལས་ལ་ཤིན་ཏུ་ལྷག་པར་མཆི། །ཇི་ལྟར་བསམས་ཀྱང་བསོད་ནམས་ཟླ་བ་དྲན། ། ཞེས་དང༌། རྔ་བརྡུངས་དར་འཕྱར་ནས། འགྲོ་ལ་ཆས་པའི་ཚེ་ན། བསོད་ནམས་ཟླ་བས་སྨྲས་ 1-1-139 པ། བདག་ནི་ཡུལ་འདིར་གསོན་པའི་ཐབས་མེད་དེ། །ད་ནི་འཇིགས་པའི་དུར་ཁྲོད་གནས་ སུ་འགྲོ། །ཁྱེད་རྣམས་རྒྱབ་ཏུ་མཆིས་སམ་མ་མཆིས་འདྲ། །དེ་བས་རྒྱལ་ས་སྐྱོང་ན་ལྷག་པར་ དགའ། །ཞེས་སོགས་ལན་གསུམ་ལན་བཞིར་སྨྲས་ཀྱང་མ་ཉན་པར་རང་རང་གིས་མི་རྟ་ འཚག་ཤུམ་བྱེད་དོ། །དེ་ནས་རྒྱལ་བུས་སྨོན་ལམ་འདི་ལྟར་བཏབ་སྟེ། ལྷག་བསམ་བྱང་ཆུབ་ བསྒྲུབས་པའི་དགེ་བ་ཡིས། །བདག་གི་ཕ་མ་ལ་སོགས་རྒྱལ་འབངས་ཀུན། །བདེ་བར་ཉལ་ ཞིང་བདེ་བར་སད་པ་དང༌། །ཡབ་སྲས་ད་ལྟ་འདི་བཞིན་འཕྲད་པར་ཤོག །ཅེས་སྨྲས་ནས་ས་ ཡང་འགུལ་ལོ། །རབ་ཏུ་འགུལ་ནས་སྙན་ངག་གིས་བསྟོད་ཅིང་བཞུད་ནས། དཔལ་ལྡན་ འབྲས་སྤུངས་ཀྱི་མཆོད་རྟེན་ལ་ཐོན་ནས། ཐམས་ཅད་བཞོན་པ་རྣམས་ལས་བབ་ནས། ཕྱག་ དང་བསྐོར་བ་མང་དུ་མཛད་དོ། །ཁྱད་པར་དུ་བུམ་པའི་ནང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་ འཁོར་ལ། བསོད་ནམས་ཟླ་བས་མེ་ཏོག་གི་ཕྲེང་བ་དང༌། མུ་ཏིག་དམར་པོའི་སེ་མོ་དོ་དང༌། དངུལ་དཀར་གྱི་མཎྜལ་སྟེ་གསུམ་ཕུལ་ནས་སྨྲས་པ། བདག་མ་འོངས་པའི་དུས་སུ་ཆོས་ མཆོག་འདི་དང་འདི་ལྟ་བུ་དང་རྟག་ཏུ་མཇལ་བར་གྱུར་ཅིག །རྩོད་དུས་སྙིགས་མའི་སེམས་ ཅན་ལ་ཆོས་འདིའི་སྒོ་ནས་བདག་གིས་(ད་ལྟ་ཀུན་མཁྱེན་ཆེན་པོར་གྱུར་ནས)ཆོས་ཀྱི་དུང་འབུད། དར་ འཕྱར། རྔ་བརྡུངས་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ་སྟེ། དེ་ནས་སྤུན་ཟླ་བཅུ་ གསུམ་གྱིས་འདི་སྐད་དུ། དེའི་ཚེ་ན་བདག་ཅག་རྣམས་ཁྱོད་ཀྱི་འཁོར་གྱི་དང་པོར་གྱུར་ནས། ཡོན་ཏན་ཁྱེད་དང་མཉམ་པར་གྱུར་ཅིག (རང་འདྲའི་བུ་ཆེན་རྣམས་ཡིན་ནོ། །)ཅེས་པ་དང༌། བསོད་ ནམས་ཟླ་བས། དེ་བཞིན་དུ་གྱུར་ཅིག །ཅེས་གསུངས་སོ། །སྲིང་མོ་རྣམས་ཀྱང་འདི་སྐད་དུ། དེའི་ཚེ་ན་བདག་ཅག་ཀྱང་ཁྱེད་ཀྱི་འཁོར་དུ་གྱུར་པ་དགེ་སློང་མ་ཏིང་ངེ་འཛིན་གྱི་མཆོག་ལ་ སྤྱོད་པར་གྱུར་ཅིག །(བསོད་ནམས་ལྕམ་ལ་སོགས་ད་ལྟའི་སྲང་མོ་རྣམས་སོ། །)ཅེས་གསུངས་ནས། བསོད་ ནམས་ཟླ་བས། དེ་བཞིན་དུ་གྱུར་ཅིག །ཅེས་གསུངས་སོ། །བློན་འབངས་རྣམས་ཀྱིས། དེའི་ 1-1-140 ཚེ་ན་བདག་ཅག་ཁྱེད་ལ་བརྟེན་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་དོན་ཡོངས་སུ་རྟོགས་པར་ གྱུར་ཅིག །ཅེས་དང༌། རྒྱལ་བུས། དེ་བཞིན་དུ་གྱུར་ཅིག །ཅེས་གསུངས་སོ། །དེ་ནས་འོད་ སྲུང་གིས་བཞེངས་པའི་མཆོད་རྟེན་དཔལ་ཡོན་ཅན་ལ་ཕྱིན་ནས། མཆོད་པ་དང་ཕྱག་བསྐོར་ ཕུལ་ནས། བསོད་ནམས་ཟླ་བས་སྨྲས་པ། བདག་གིས་མ་འོངས་པའི་དུས་ན་མཐའ་འཁོབ་ ཀྱི་གནས་སུ་(ད་ལྟ་ཇོ་ནང་དཔལ་དུ་)བསྟན་པའི་སྒྲོན་མེ་རྟེན་མཆོག་འདི་ལྟ་བུའམ་འདི་བས་ ཁྱད་པར་ཅན་ཞིག་བཞེངས་པར་གྱུར་ཅིག །ཅེས་དང༌། དེ་ནས་འགྲོགས་པ་ཐམས་ཅད་ཀྱིས། དེའི་ཚེ་ན་བདག་གིས་གྲོགས་བྱེད་པར་གྱུར་ཅིག །ཅེས་སོ། །བསོད་ནམས་ཟླ་བས། དེ་ བཞིན་དུ་གྱུར་ཅིག །ཅེས་གསུངས་ནས་ཀྱང་འཁོར་ཐམས་ཅད་ནན་གྱིས་ཞལ་ཏ་མཛད་ནས་ སླར་ལོག་གོ །དེ་ནས་ཡུལ་དུ་རྒྱལ་པོས་མཐོང་ནས་ད་ནི་རྒྱལ་བུ་ཤི་བ་རེད་སྙམ་ནས་སྨྲས་པ། ཀྱི་ཧུད་བསོད་ནམས་ཟླ་བ་ཨ་མྲའི་ཤིང༌། །ས་ཕྱོགས་གང་དུ་ཚེ་ཡི་དུས་བྱས་ལགས། །ཁྱེད་ རྣམས་སྤུར་ནི་བཞག་གམ་མེ་ལ་བསྲེགས། །ད་ལྟ་ཉིད་དུ་གསལ་བར་འཆད་དུ་གསོལ། ། ཞེས་དང༌། རྒྱལ་བུ་རྡོ་རྗེ་བློ་གྲོས་ཀྱིས་སྨྲས་པ། བདག་ཅག་འབྲས་སྤུངས་གནས་དང་དཔལ་ ཡོན་ཅན། །ཕྱག་དང་བསྐོར་བ་བྱས་ནས་བདག་ཅག་ལ། །ཕྱི་རྗེས་སོང་ཞེས་བཀའ་ནན་ཡང་ ཡང་བགྱིས། །མ་ཉན་བཞིན་དུ་སླར་ཡང་ཡུལ་འདིར་ལོག །ཅེས་སོགས་ཕན་ཚུན་དགའ་བའི་ གཏམ་མང་དུ་བྱས་སོ། །དེ་ནས་བསོད་ནམས་ཟླ་བ་དང་བྲན་ཕོ་གཉིས་ཕྱོགས་ཕྱོགས་སུ་ འཁྱམས་ནས། བྲམ་ཟེ་ས་ར་ཧཱ་པ་ཕུག་གཅིག་ཏུ་བཞུགས་པས་གསན་ནས། ཉེ་གནས་ལ་ སྨྲས་པ། རྒྱལ་བུ་བསོད་ནམས་ཟླ་བ་དེ་འཁྱམས་ཟེར་བ་བདེན་ནམ་གསུངས་པས། བདེན་ ལགས་ཞུས་པས། བྲམ་ཟེ་ཆེན་པོས་སྨྲས་པ། དེ་འཚོལ་ལ་འདིར་བོས་ཤིག་གསུངས་སོ། །དེ་ ནས་རྒྱལ་བུ་བོས་ནས། བྲམ་ཟེས་སྨྲས་པ། རྒྱལ་བུ་ནོར་བུ་རིན་ཆེན་ལྟ་བུ་ཁྱོད། །ཉེས་པ་ཅི་ ཞིག་བྱས་ན་ཕ་མས་སྤྱུགས། །བཀའ་ཁྲིམས་བཤིག་གམ་ཡང་ན་ཇི་ལྟར་བྱས། །འཁྱམས་ན་ 1-1-141 ངལ་ལམ་ཆད་དམ་བདག་ལ་ཤོད། །ཅེས་གསུངས་ནས། བསོད་ནམས་ཟླ་བས་སྨྲས་པ། གྲུབ་ཆེན་ཞག་བདུན་ཟླ་བ་དྲུག །ཞག་དྲུག་ལོ་དྲུག་ཚེ་ཡང་བསྲིངས། །ད་ནི་ཐབས་མེད་མ་ དགའ་ནས། །ཕྱོགས་རྣམས་ཀུན་ཏུ་འཁྱམས་པ་ལགས། །ཞེས་དང༌། གྲུབ་ཐོབ་ན་རེ། འོ་ན། རྒྱལ་པོ་རྣམ་པར་རྒྱལ་བའི་སྲས། །རིགས་གཟུགས་འབྱོར་ལྡན་གཞོན་ནུ་ཁྱོད། །ཉོན་མོངས་ གཉིད་ཀྱིས་མ་ལོག་པར། །ཞག་བདུན་གསོལ་བ་བཏབ་ནུས་སམ། །ཞེས་དང༌། རྒྱལ་བུ་ན་ རེ། ལས་ངན་བསགས་པའི་རྒྱལ་བུ་ང༌། །རྒྱལ་སྲས་སྐྱེས་ཀྱང་སྤྲང་པོར་འཁྱམས། །དེ་རིང་ ཁྱེད་ཀྱིས་ཐུགས་རྗེ་བཟུང༌། །ཞག་བདུན་གཉིད་སྤངས་གསོལ་བཏབ་བྱ། །ཞེས་བྱས་སོ། །དེ་ ཡང་ལྷག་བསམ་བསྐུལ་བའི་མདོར། གང་གི་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་ ཤེས་རབ་ཤིན་ཏུ་ཉམ་ཆུང་འགྱུར། །དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ ལས་ནི་རྟག་ཏུ་ཉམས་པར་འགྱུར། །གང་གི་རྨུགས་དང་གཉིད་ལ་དགའ་འགྱུར་བ། །མི་ཤེས་ ལེ་ལོ་སྙོམ་ལས་ཤེས་རབ་འཆལ། །མི་མ་ཡིན་དག་གིས་ཀྱང་གླགས་རྙེད་དེ། །ནགས་ན་ གནས་པའི་ཚེ་ན་འཚེ་བར་འགྱུར། །ཞེས་སོགས་མང་དུ་གསུངས་སོ། །དེ་ནས་ཞག་བདུན་དུ་ གཉིད་སྤངས་ཏེ། གསོལ་བ་བཏབ་པས། (ལག་ན་མེ་ཏོག་གི་མདོ་ལས། སྡུག་བསྔལ་ཤིན་ཏུ་གདུངས་པའི་སྐྱེ་བོ་ ལ། །བྱམས་དང་སྙིང་རྗེ་ཆེན་པོར་རབ་བསྐྱེད་དོ། །སེམས་ཅན་ཀུན་གྱི་བདེ་བ་དོན་གྱི་ཕྱིར། །རྩེ་གཅིག་སེམས་ཀྱི་ཆོས་མཆོག་ བཤད་པར་བྱ། །ཞེས་གསུངས་པ་ལྟར། །)ཚེ་དཔག་མེད་ཀྱི་དབང་བསྐུར་ནས་བསྒྲུབ་པ་མཛད། རྟགས་ ཁྱད་པར་ཅན་བྱུང་ནས། བྲམ་ཟེའི་ཞལ་ནས། བསོད་ནམས་ཟླ་བ་གཟའ་ལས་ཐར་པ་ལྟར། ། འཆི་བདག་བདུད་ལས་ཁྱོད་ནི་རྣམ་པར་རྒྱལ། །ཚེ་ལོ་དྲུག་བརྒྱ་ལྷག་པའི་ལོ་བཅུ་ཐོབ། །ད་ ནི་རབ་བྱུང་གྱིས་ལ་ཚེ་ཡི་དོན་ཆེན་མཛོད། །ཅེས་གསུངས་ནས། རྒྱལ་བུ་ན་རེ། ལེགས་སོ་ བྲམ་ཟེ་ཆེན་པོ་སྐུ་དྲིན་ཅན། །ད་ལྟ་ཉིད་དུ་བདག་ལ་སྡོམ་པ་སྩོལ། །ལུས་སེམས་སྙིང་པོ་མེད་ ལ་སྙིང་པོ་ཡིས། །འབྲས་བུ་མྱུར་དུ་ཐོབ་པའི་ཆོས་རྣམས་སྩོལ། །ཞེས་དང༌། བྲམ་ཟེས་ 1-1-142 གསུངས་པ། ཕ་མས་གནང་བ་སྩོལ་ལམ་མི་སྩོལ་བའི། །དྲིས་ནས་སྩོལ་བ་གནང་སྟེ་བཏང་ གྱུར་ན། །ནཱ་ལེནྡྲ་རུ་སྒྲ་གཅན་བཟང་པོ་ཞེས། །དེ་ལ་རབ་བྱུང་གྱིས་དང་དོན་མཆོག་འགྲུབ། ། ཅེས་གསུངས་ནས། རྒྱལ་བུས་བྲམ་ཟེ་ལ་ཕྱག་དང་བསྐོར་བ་བྱས་ནས། ཕྱི་མིག་ཡང་ཡང་ བྱས་ནས་བེ་ཏ་ལའི་གྲོང་དུ་བཞུད་དོ། །ཕ་མ་ལ་སོགས་འཁོར་འབངས་རྣམས་ཀྱིས་རྒྱལ་བུ་ བྱ་རྒོད་འཕུར་བ་བཞིན་དུ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ༌། །མཐོང་ནས་རབ་ཏུ་དགའ་སྟེ་ མགུལ་དུ་འཁྱུད་དོ། །ལ་ལས་གོས་བསྐོན། ལ་ལས་སྟན་བཏིང༌། ལ་ལས་གསོལ་བ་འདྲེན། ལ་ལས་རོལ་མོ་བརྡུང་ངོ༌། །རྒྱལ་པོ་ན་རེ། ཀྱེ་མ་བསོད་ནམས་ཟླ་བ་དཔལ་ལྡན་པ། །ད་ལྟ་ གསོན་ནས་ཕྲད་པ་སྲིད་དམ་ཅི། །སུ་ཡིས་ཁྱེད་ལ་གསོ་བའི་ཐབས་སུ་བསྟན། །ལེགས་པར་ སྨྲོས་ཤིག་བུ་མཆོག་ཆོས་ཀྱི་རྗེ། །ཞེས་དང༌། བསོད་ནམས་ཟླ་བས། ཕ་མ་གཉིས་ལ་ཕྱག་ དང་བསྐོར་བ་བྱས་ནས་སྨྲས་པ། རྒྱལ་པོ་ཆེན་པོ་བྲམ་ཟེ་རྣམ་པར་རྒྱལ། །གཙུག་ལག་ཁང་ ཆེན་དེ་ཝི་ཞེས་བྱ་བར། །བྲམ་ཟེ་ཆེན་པོ་དཔལ་ལྡན་ས་ར་ཧཱས། །ཁོ་བོ་ཐུགས་རྗེའི་ལྕགས་ ཀྱུས་ལེགས་བཟུང་ནས། །མི་ལོ་དྲུག་བརྒྱ་ཐོབ་པའི་ལུང་བསྟན་མཛད། །(ཕལ་བོ་ཆེར། བྱང་ཆུབ་ དོན་དུ་རབ་བྱུང་འགྱུར་ཞེས་བྱ། །ཐོག་མར་བྱང་ཆུབ་སེམས་བསྐྱེད་གྱུར་པ་ཡི། །ཡོན་ཏན་མཐའ་ཡས་བརྗོད་པར་དཔག་ཏུ་མེད། ། དཔེ་ཟླ་མེད་པ་བརྗོད་ཀྱང་ཟད་མི་འགྱུར། །ཞེས་གསུངས་པ་ལྟར། )བདག་ལ་རབ་བྱུང་ཞེས་པའི་བཀའ་སྩལ་ གནང༌། །ཁྱིམ་གྱི་བྱ་བས་ཐར་པའི་ལམ་ནི་རིང༌། །རབ་བྱུང་བྱང་ཆུབ་སྙིང་པོ་ཐོབ་པར་བྱེད། ། ཐར་པའི་གྲོགས་ཆེན་མཛོད་ཅིག་རྣམ་པར་རྒྱལ། །བྱང་ཆུབ་གྲོགས་མཛད་པད་མའི་འོད་ ཟེར་ཅན། །ཞེས་དང༌། རྒྱལ་པོ་ན་རེ། བསོད་ནམས་ཟླ་བ་ཡིད་འོང་རྣམ་དག་པ། །དལ་ འབྱོར་ཐོབ་པའི་དོན་མཆོག་རབ་བྱུང་ཡིན། །དགེ་བ་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཏེ། ། དཔལ་ལྡན་ས་ར་ཧཱ་ཡི་བཀའ་བཞིན་གྱིས། །ཞེས་དང༌། པད་མའི་འོད་ཟེར་ན་རེ། བུ་ལེགས་ མི་ལུས་ཐོབ་པ་རེས་འགའ་ཙམ། །དེ་བས་སངས་རྒྱས་ཆོས་དང་ཕྲད་པར་དཀའ། །བཤེས་ 1-1-143 གཉེན་ཐོབ་པའང་ཤིན་ཏུ་དཀའ་བ་ལགས། །དེ་ཕྱིར་ཕ་མས་གནང་སྟེ་རབ་བྱུང་གྱིས། །ཞེས་ དང༌། བསོད་ནམས་ཟླ་བས་ཕ་མ་གཉིས་ལ་ཕྱག་དང་བསྐོར་བ་བྱས་ནས་སྨྲས་པ། ལེགས་སོ་ བྲམ་ཟེ་རྒྱལ་པོ་རྣམ་པར་རྒྱལ། །ཐུགས་ལ་བཏགས་སོ་པད་མའི་འོད་ཟེར་ཅན། །རབ་བྱུང་ གྲོགས་བྱེད་མདོ་སྡེ་དུ་མ་ལས། །བསོད་ནམས་མཐའ་ཡས་ཐོབ་པར་གསུངས་ལ་རྟོགས། ། ཞེས་གསུངས་སོ། །དེ་ནས་དཔལ་ལྡན་ནཱ་ལེནྡྲར་བྱོན་ནས། པཎྜི་ཏ་ཆེན་པོ་སྒྲ་གཅན་འཛིན་ བཟང་པོ་ལ། དུང་དཀར་གཅིག །གསེར་ཀྱི་མཎྜལ་གཅིག །མུ་ཏིག་དམར་པོའི་ཕྲེང་བ་འདོམ་ གང་ཕུལ་ནས་སྨྲས་པ། སློབ་དཔོན་ཆེན་པོ་འཕགས་པ་ཀུན་གྱི་ཡབ། །དངོས་གྲུབ་རྒྱ་མཚོ་ ཡོན་ཏན་རིན་ཆེན་གཏེར། །བདག་ནི་མི་ལུས་ཐོབ་པའི་དོན་ཡོད་ཕྱིར། །སྡོམ་གསུམ་ཡིད་ བཞིན་ནོར་བུ་བསྩལ་དུ་གསོལ། །ཞེས་དང༌། སློབ་དཔོན་ནམ་མཁན་པོ་ན་རེ། ལེགས་སོ་ ལེགས་སོ་བསོད་ནམས་ཟླ་བའི་དཔལ། །མདང་གི་རྨི་ལམ་མཁའ་ལ་ཉི་མ་གཅིག །ཤར་ ནས་འཛམ་གླིང་འོད་ཀྱིས་ཁྱབ་པར་མཐོང༌། །བུ་ཁྱོད་བསྟན་དང་འགྲོ་ལ་ཕན་པར་འོང༌། ། ཞེས་གསུངས་ནས། སློབ་དཔོན་སྒྲ་གཅན་འཛིན་བཟང་པོས་མཁན་པོ་མཛད་དེ། པཎྜི་ཏ་ཞི་ བ་བློ་གྲོས་ལས་ཀྱི་སློབ་དཔོན་མཛད་ནས་རབ་ཏུ་བྱུང་ངོ༌། །དེ་ཡང༌། འཇམ་དཔལ་ཡོན་ཏན་ བཀོད་པའི་མདོར། ཤཱ་རིའི་བུ། འདི་ལྟ་སྟེ། ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ནི། བྱང་ ཆུབ་སེམས་དཔའ་རྣམས་ཀྱིས་རྙེད་པའི་མཆོག་གོ །ཞེས་གསུངས། འཕགས་པ་སྡོང་པོ་ བཀོད་པའི་མདོར། དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། བག་ མེད་པའི་གནས་ལས་ཡང་དག་པར་བཟློགས་པའོ། །འཁོར་བའི་གྲོང་ཁྱེར་ལས་འདས་པའོ། ། རིགས་ཀྱི་བུ། དེ་ལྟ་བས་ན་ཡིད་བྱ་བ་རྒྱུན་མི་འཆད་པར། དགེ་བའི་བཤེས་གཉེན་རྣམས་ཀྱི་ དྲུང་དུ་འགྲོ་བར་འགྲོ་སྟེ་བྱའོ། །ཞེས་གསུངས། དེ་ནས་རིག་པའི་གནས་ལྔ་ལ་སྦྱངས་པ་ མཛད་པས་འཛམ་གླིང་དུ་མཁས་པར་གྲག་གོ །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་ 1-1-144 བཞིན་གཤེགས་པའི་ཆོས་འཛིན་པ། །ཚུལ་ཁྲིམས་ཐོས་དང་འཕགས་པའི་ཆོས་ལ་སྤྱོད། ། མཁས་དང་མངོན་ཤེས་ལྔ་ལ་མྱུར་དུ་རེག །མ་སྨད་བསམ་གཏན་རྣམ་པར་ཐར་པ་ཐོབ། ། ཅེས་སོ། །དེ་ནས་ནཱ་ལེནྡྲར་དགེ་འདུན་པ་རྣམས་ཀྱི་ཞལ་ཏ་ལོ་བདུན་དུ་མཛད་དེ། སོ་སོར་ ཐར་པའི་མདོར། ཆོས་དང་མཐུན་པ་དང༌། ཆོས་ཉན་པ་དང༌། དེ་བཞིན་གཤེགས་པའི་མཆོད་ པའི་ཞལ་ཏ་ལ་བརྩོན་པར་བྱའོ། །ཞེས་སོ། །དེ་ནས་དཔལ་ལྡན་ནཱ་ལེནྡྲ་ལ་ཞལ་ཏ་མཛད་ པའི་དུས་སུ་མུ་གེ་བྱུང་ནས་གསེར་འགྱུར་མཛད་ནས། དགེ་འདུན་པ་རྣམས་ལ་འཚོ་བ་སྦྱོར་ རོ། །རིན་པོ་ཆེ་ཕུང་པོའི་མདོར། འོད་སྲུང་དེ་ལ་དགེ་སློང་གང་ལ་རྣལ་འབྱོར་སྤྱོད་པ་གང་ ཡིན་པ་དེ་དག་ལ་དགེ་སློང་ཞལ་ཏ་བྱེད་པས། མཐུན་པའི་འཚོ་ཆས་དང༌། ན་བའི་གསོ་སྨན་ དང༌། ཡོ་བྱད་རྣམས་སྦྱིན་པར་བྱའོ། །ཞེས་གསུངས། དེ་ནས་བཟོའི་གནས་དང༌། སྒྱུ་རྩལ་གྱི་ ང་རྒྱལ་ཅུང་ཟད་སྐྱེས་ནས། དེ་འདུལ་བའི་ཕྱིར་དུ་ཡང༌། གནས་ཁང་དུ་ས་ར་ཧཱ་ནམ་མཁའ་ ལ་བཞུགས་སོ། །བཞུགས་ནས། བུ་ཁྱོད་དགེ་འདུན་དག་ལ་ལོག་འཚོ་སྦྱར། །གསེར་འགྱུར་ བཟོ་གནས་མུ་སྟེགས་དག་གིས་ཤེས། །ང་རྒྱལ་འཁོར་བའི་སྒྱོགས་ཀྱིས་ངན་འགྲོར་འཕེན། ། དེ་བས་ཞི་དུལ་རིན་ཆེན་སྤྱོད་པར་གྱིས། །ཞེས་གསུངས་ནས། གྱང་ངོས་ལ་མ་ཧེ་ཅིག་འཛུབ་ རིས་སུ་བྲིས་ནས། དངོས་སུ་བཞོས་ནས་དགེ་འདུན་པ་ལ་དྲངས་ནས་ཚིམས་པར་མཛད་དེ། དེ་ནས་བཟོའི་གནས་ཀྱི་ང་རྒྱལ་ཞིའོ། །ང་རྒྱལ་གྱི་བཤགས་པར་གསེར་འགྱུར་གྱི་ལྷག་མ་ རྣམས་གསེར་གྱི་མཆོད་རྟེན་བྱེ་བ་དང་གཙུག་ལག་ཁང་མང་དུ་བཞེངས་སོ། །དེ་ནས་ཨོ་ཏན་ ཏ་པཱུ་རིའི་དགོན་པར་བྱོན་ནས། དགེ་འདུན་པ་སྟོང་ཕྲག་བཅུ་གཉིས་ལ་ཆོས་ཀྱི་འཁོར་ལོ་ བསྐོར་བའི་(འཕགས་པ་རྒྱ་ཆེར་རོལ་པ་ལས། ཡོན་ཏན་ཐམས་ཅད་འཇིགས་བྱེད་པ། །ཆད་མིན་རྟག་པ་མ་ཡིན་པ། །ལྟ་བ་ ཐམས་ཅད་མཆོད་པ་ནི། །ཆོས་ཀྱི་འཁོར་ལོ་ཡིན་ཞེས་བརྗོད། །རྟག་ཏུ་ནམ་མཁའ་མཚུངས་འདྲ་ཞིང༌། །རྣམ་པར་མི་རྟོག་འོད་ གསལ་བ། །མཐའ་དང་དབུས་མེད་བསྟན་པ་ནི། །ཆོས་ཀྱི་འཁོར་ལོ་འདི་ལ་བརྗོད། །ཅེས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲ་དོན་ 1-1-145 ནོ། །)དུས་སུ། ཁྱེའུ་དཀར་པོ་གཟུགས་བཟང་བ་གཉིས་ཀྱིས་ཉིན་རེ་བཞིན་དུ་ཆོས་ཉན་ནས། འགྲོ་བའི་དུས་སུ་རྒྱང་གྲགས་གཅིག་ཙམ་དུ་ན་ས་འོག་ཏུ་འགྲོ་བར་གཟིགས་སོ། །དེ་ནས་ ཉིན་ཅིག་ཏུ་འཕགས་པས། ཁྱོད་གཉིས་སུ་ཡིན་དྲིས་པས། ངེད་གཉིས་ཀླུའི་རྒྱལ་པོ་ནོར་རྒྱས་ ཞེས་བྱ་བའི་བུ་ལགས་སོ། །ཞེས་ཟེར་རོ། །དེ་ནས་འཕགས་པས། ཁྱེད་ཀྱི་ཡུལ་ན་གནོད་ སྦྱིན་གྱི་འདམ་ཡོད་དམ། དྲིས་པས། ཡོད་བྱས་ཏེ། འཕགས་པས། དེ་ཁྱེར་ལ་ཤོག་གསུངས་ ནས། དེ་གཉིས་ཀྱིས་ཕ་ལ་དྲིས་པས། ཀླུའི་རྒྱལ་པོ་ན་རེ། དེ་སྤྱན་དྲངས་ལ་འབུལ་ཟེར་ནས། ཁྱེའུ་གཉིས་ཀླུའི་པད་མ་གསེར་གྱི་རྡོ་རྗེ་གཅིག་བཟུང་ནས་འཕགས་པའི་མདུན་དུ་ལྷགས་ ནས་ཕུལ་ཏེ་སྨྲས་པ། དུས་གསུམ་གཟིགས་མཛད་འཕགས་པའི་མཆོག་རྒྱལ་པོ། །བདག་ ཅག་ཡུལ་དུ་ཆོས་ཀྱི་མུ་གེ་དང༌། །རིན་ཆེན་ཆོས་ཀྱི་དབུལ་བ་བསལ་བའི་ཕྱིར། །ཕ་རྒན་དེ་ ཡིས་འབོད་པ་བདག་ནི་བཏང༌། །ཞེས་ཞུ་བ་ཕུལ་ནས། དེ་ནས་འཕགས་པ་ཀླུ་ཡུལ་དུ་བྱོན་ དུས་སུ་བདག་བས་ཚེ་རིང་བ་འཛམ་བུའི་གླིང་དུ་མ་མཆིས་སོ་སྙམ་ནས་ལམ་གར། དགེ་སློང་ ཤིན་ཏུ་རྒས་ལ་འཁོགས་པ་འདར་ཕྲི་ལི་ལི་བྱེད་པ། འཁར་བ་ལ་བརྟེན་པ་ཞིག་གིས་ཕྱག་ ཕུལ་ལོ། །ཕུལ་ནས། འཕགས་པ་ན་རེ། ཁྱོད་ལོ་ཅི་ཙམ་ལོན། ཞེས་གསུངས་ནས། རྒན་པོས་ ཆ་མེད་དེ་སངས་རྒྱས་འོད་སྲུང་གི་སྐུ་རིང་ན་ཡོད་ཅེས་ཟེར་ནས། སྐུ་ཚེ་རིང་བའི་ང་རྒྱལ་ཞིའོ། ། དེ་ནས་སོང་སོང་བ་ལ། རྫུ་འཕྲུལ་ལ་ང་ལྟ་བུ་མེད་སྙམ་ནས། ལམ་དུ་ཞ་ཉེའི་འདམ་ལས་མ་ ཐར་ཏེ་ཁྱེའུ་གཉིས་ཐག་ཐོགས་མེད་པར་འགྲོ་ནའང༌། སྒྲོལ་མ་ནམ་མཁའ་ལ་བྱོན་ནས་ བཞད་དེ་འདི་སྐད་དུ། ཀྱེ་མ་རྒྱལ་བུ་འཕགས་པ་པཎྜི་ཏ། །ཞ་ཉེའི་འདམ་ལས་རྐང་པ་མ་ཐར་ ཀྱང༌། །འཁོར་བའི་འདམ་ལས་བརྒལ་ལམ་མ་བརྒལ་ལམ། །ལེགས་པར་དཔྱོད་ཅིག་སྐལ་ ལྡན་འཇིག་རྟེན་མགོན། །ཞེས་གསུངས་པས་རྫུ་འཕྲུལ་གྱི་ང་རྒྱལ་ཞིའོ། །དེ་ནས་ཀླུ་ཡུལ་དུ་ ཆོས་ཀྱི་འཁོར་ལོ་ལོ་གསུམ་དུ་བསྐོར་ཅིང༌། ཀླུ་རིགས་མང་པོ་ཆོས་ལ་བཀོད་དོ། །དེ་ནས་ 1-1-146 འཕགས་པས་བདག་པས་ཐོས་པ་རྒྱ་ཆེ་བ་གཟིགས་རྒྱ་ཡངས་པ་མེད་དོ་སྙམ་ནས། ཉིན་ཅིག་ ཏུ་འཕགས་པའི་སྐུ་རིམ་ལ་གླེགས་བམ་དཔག་ཏུ་མེད་པ་གདན་དྲངས་ནས། གཟིགས་པས་ སྔར་མིང་ཙམ་མ་ཐོས་པའི་གསུང་རབ་མང་དུ་སྣང་ནས་ཐོས་པའི་ང་རྒྱལ་ཞིའོ། །དེ་ནས་ཡུམ་ སྟོང་ཕྲག་བརྒྱ་པ་གཟིགས་རྟོགས་མཛད་པས་གླེགས་བམ་བཅུ་གཉིས་ཐུགས་སུ་ཆུད་དེ། སླར་རྡོ་རྗེའི་གདན་དུ་བྱོན་ནས། ཨ་སུ་རའི་གནས་ལ་ཡི་གེར་བཏབ་བོ། །དེ་ནས་ནཱ་ལེནྡྲ་རུ་ བྱོན་ནས། སྒྲོལ་མ་ལ་སོགས་གཙུག་ལག་ཁང་མང་དུ་བཞེངས་སོ། །སློབ་དཔོན་ཀླུ་སྒྲུབ་སྙིང་ པོ་ཞེས་ཡོངས་སུ་གྲག་གོ །དེ་ནས་ཨོ་རྒྱན་ཡུལ་དུ་བྱོན་ནས་ས་གཞི་དམར་པོ་པད་མ་རཱ་ག་ལྟ་ བུ་ས་རྡོ་ཐམས་ཅད་རྡོ་རྗེ་བསྣོལ་མ་ལྟ་བུ། མཚོ་རྫིང་ཐམས་ཅད་དར་དཀར་འཕྱར་བ་ལྟ་བུ། ཤིང་ཐམས་ཅད་ལྷའི་འོད་འཆར་བ། དཔའ་བོ་དཔའ་མོ་ཐམས་ཅད་འདུས་པའི་གླིང་གི་ཤར་ དུ་ཕྱིན་ནས། བྲག་དཀར་པོ་ཅོག་པུ་བཙུག་པ་ལྟ་བུ་ལ་བུད་མེད་དཀར་མོ་གཅིག་ཕྱིན་ནས་ ཕྱག་ཕུལ་ནས་སྨྲས་པ། བདག་གི་མིང་པོ་བྱོན་ལགས་སམ། །ངལ་ལམ་ཆད་དམ་འཕགས་ པའི་མཆོག །འབའ་ཞིག་འདིར་བཞུགས་ཨ་ལ་ལ། །ཡེ་ཤེས་རྒྱ་མཚོའི་ཆོས་སྒོ་ཕྱེ། །ཞེས་ དང༌། ཀླུ་སྒྲུབ་ཀྱིས་གསོལ་པ། བདག་གིས་སེམས་ཅན་རྒྱ་མཚོ་སྨིན་པའི་ཕྱིར། །མཁའ་ འགྲོའི་གླིང་དུ་རྒྱུད་སྡེ་དུ་མ་བཞུགས། །སྲིང་མོ་རྡོ་རྗེ་ཕག་མོ་ཁྱོད་ཉིད་ཀྱིས། །ལམ་སྣ་དྲོངས་ ལ་གྲོང་ཁྱེར་པད་མོའི་གླིང༌། །མཁའ་འགྲོའི་ཚོགས་ལ་བརྡ་སྤྲོད་ཡང་དག་མཛོད། །ཅེས་དང༌། ཕག་མོ་ན་རེ། ལེགས་སོ་ལེགས་སོ་དཔའ་བོ་ཧེ་རུ་ཀ ། མཁའ་འགྲོའི་གླིང་དུ་བདག་གིས་ དྲངས་པར་བགྱི། །གསུང་རབ་རྒྱ་མཚོའི་ཀློང་དུ་ཁོ་མོས་ཁྲིད། །ཡེ་ཤེས་རྒྱ་མཚོའི་ཆོས་ལ་ ཡང་དག་བགྱི། །ཞེས་དང༌། པད་མའི་གྲོང་ཁྱེར་དུ་ཕྱིན་ནས། གུར། སམ་བྷུ་ཊི། རྡོ་རྗེ་སྙིང་ འགྲེལ། མཁའ་འགྲོ་ཀུན་སྤྱོད་ལ་སོགས་མང་པོ་གདན་ཡང་དྲངས་ནས་ནཱ་ལེནྡྲར་སྤེལ་ལོ། ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པས་ཨོ་རྒྱན་གླིང་པར་ཡོངས་སུ་གྲག་གོ །གཏམ་ 1-1-147 ཚོགས་རིགས་ཚོགས་བསྟོད་ཚོགས་ལ་སོགས་ཆོས་མང་དུ་གསུངས་སོ། །དེ་ནས་ཆུ་བོ་གང་ གཱའི་འགྲམ་དུ་བྱོན་ནས། རྡོ་སྐུ་བྱིན་རླབས་ཅན་གཅིག་གཟིགས་ནས། གཏོར་མ་ཕུལ་ནས་ ཁྱོད་མུ་སྟེགས་པ་ལ་མངོན་པར་ཕྱོགས་པ་ཞིག་ན་རང་སར་སྡོད། འོ་ན་སངས་རྒྱས་པའི་ བསྟན་སྐྱོང་ཡིན་ན། ང་ནཱ་ལེནྡྲ་པའི་ཆོས་སྐྱོང་དུ་བྱོན་པར་ཞུ་གསུངས་ནས། སང་ནངས་པར་ ནཱ་ལེནྡྲའི་ལྕགས་རིའི་ནང་དུ་བྱོན་ནས། འཕགས་པ་དུས་གསུམ་སངས་རྒྱས་པའི་བཀའ་ བསྲུང་ཞིག་ཡིན་པར་དགོངས་ནས། གཉེར་པ་དགེ་འདུན་པ་རྣམས་གྱིས་གཏོར་མ་རྒྱུན་མ་ ཆད་པར་ཕུལ་ཅིག་གསོལ་བ་ཐོབ་དང་བཀའ་དྲིན་ཆེ་བར་འགྱུར་རོ་གསུངས་ནས། དེ་ནས་ དུར་ཁྲོད་བསིལ་བའི་ཚལ་དུ་ཆོས་སྐྱོང་བྱ་རོག་གདོང་ཅན་གྱི་ཞལ་གཟིགས་ནས། དཔལ་ ལྡན་ནཱ་ལེནྡྲ་པའི་ཆོས་སྐྱོང་དུ་བསྐོས་སོ། །དེ་ནས་ནཱ་ལེནྡྲར་ཙན་དན་དང་རིན་པོ་ཆེ་སྣ་ཚོགས་ པས་བྱ་རོག་གདོང་ཅན་གྱི་སྐུ་གཟུགས་བཞེངས་ནས། འཕགས་པ་དཔལ་གྱི་རི་ལ་བྱོན་ནས་ སྒྲུབ་པ་མཛད་པས། བསིལ་བའི་ཆབ་འདོར་སར་པད་མ་ཅིག་སྐྱེས་ནས་ཁྱེའུ་ཞིག་སྐྱེས་པས། ཨཱརྻ་དེ་བ་ཞེས་བཏགས། གཉིས་ཀ་ཏིང་ངེ་འཛིན་བསྒྲུབས་པས་ཉམས་མྱོང་སྣ་ཚོགས་རྡོལ་ བའི་རིང་ལ། ནཱ་ལེནྡྲ་རུ་མུ་སྟེགས་དུ་རུ་ཀའི་དམག་གིས་ཁ་ཟུག་གོ །མུ་སྟེགས་ཀྱི་སྟོན་པ་མ་ གོལ་ཞེས་བྱ་བ་དེ་ནཱ་ལེནྡྲའི་པཎྜི་ཏ་རྣམས་ནི་རྩོད་པ་ལ་མ་ཐུབ་པས་ནཱ་ལེནྡྲའི་ཕྱེད་མུ་སྟེགས་ པས་ཐོབ་ཅིང་མ་གོལ་དེར་སྟོན་པའི་ཚུལ་དུ་འདུག་གོ །སའི་སྙིང་པོ་ལ་སོགས་ནང་པའི་པཎྜི་ ཏ་རྣམས་སེམས་སྡུག་ནས། ཆོས་སྐྱོང་ཁྱོད་ཀླུ་སྒྲུབ་ཀྱི་བཀའ་མ་དྲན་ནམ་བསྟན་པ་འདི་ འདྲར་ཐུག་ཅེས་སྐུ་གཟུགས་ལ་སྨྲས་ནས། ནངས་པར་ངའི་སྤྲུལ་པ་ཅིག་འོང་ནས་དཔལ་གྱི་ རི་ལ་སློབ་དཔོན་གྱི་དྲུང་དུ་ཁྱེར་རོ་ཞེས་སྨྲས་སོ། །སང་ནངས་པར་སྐུ་གཟུགས་ལ་གཏོར་མ་ ཕུལ་ཏེ་གསོལ་བ་བཏབ་པས། བྱ་རོག་ཅིག་བྱུང་ནས་གོག་གོག་གི་སྒྲ་འོང་ནས། ཤོག་གུ་ལ། ཤིན་ཏུ་ཁུར་དཀའ་ཁུར་བའི་བསྟན་པ་ལ། །མ་གོས་རྨ་ཅན་རོལ་པས་བཤིག་ལ་ཁད། །ནུས་ 1-1-148 ལྡན་ཁྱེད་ལས་རེ་བ་གཞན་མ་མཆིས། །འཁོར་ལོའི་འོད་ཅན་ཤིང་རྟ་མྱུར་ཏུ་དྲོངས། །ཞེས་བྱ་ རོག་གི་མགུལ་དུ་བཏགས་ནས་བཏང་ངོ༌། །ཀླུ་སྒྲུབ་ཀྱི་སྒོ་དྲུང་དུ་གཏོར་སྟེགས་ཀྱི་ཁར་བྱ་ རོག་ཅིག་བབ་ནས་སྐད་དྲག་ཏུ་འབྱིན་ནས། ཉེ་གནས་གྷཎྜི་སྣ་གསང་གཟིགས་པས། སློབ་ དཔོན་ལ་ཞུས་པས། སློབ་དཔོན་གྱིས་བྱ་རོག་བཟུང་ནས། བྱང་བུ་བཀྲོལ་ཏེ་གཟིགས་ནས། དཔལ་གྱི་རི་ལ་གནས་པའི་པཎྜི་ཏ་སྟོང་ཕྲག་དྲུག་ལ་བཀའ་བསྒྲགས་པས། ནཱ་ལེནྡྲ་ལ་ སོགས་པ་མུ་སྟེགས་པས་བཟུང་བ་ལ། སང་ནངས་པར་འགྲོ་དགོས་ཞེས་དང༌། དེའི་ནུབ་མོར་ མུ་སྟེགས་པ་ཕལ་ཆེར་གྱི་རྨི་ལམ་དུ་དཀོན་མཆོག་གི་རྟེན་ལ་ཕྱག་བྱེད་པ་དང༌། ལ་ལས་ཉི་མ་ ནུབ་པ་དང༌། ལ་ལས་ཀླུ་སྒྲུབ་ལ་སྐྲ་དང་ཁ་སྤུ་བྲེག་པ་དང༌། མ་གོལ་གྱི་རིག་བྱེད་ཀྱི་གླེགས་ བམ་ཐམས་ཅད་བསྲེགས་པར་རྨིས་སོ། །སང་ནངས་པར་བཟློག་པ་བྱེད་དོ། །དེ་ནས་པཎྜི་ཏ་ ཨཱརྻ་དེ་བ། ཟླ་བ་གྲགས་པ། པཎྜི་ཏ་འབུམ་ཕྲག་གསུམ་པ། ཞི་བའི་རྒྱལ་མཚན། གྷུ་ཎ་མ་ཏི་ ལ་སོགས་པ་པཎྜི་ཏ་འབུམ་ཕྲག་སེར་ཕྲེང་མཛད་དེ། རྒྱང་གྲགས་གསུམ་དུ་ཁྱབ་པས། ཁ་ཆེ་ གུར་གུམ་ལྟ་བུའི་ཆོས་གོས་གྱོན་པ། ལྷུང་བཟེད་དང་བསིལ་ཡབ་རེ་རེ་ཐོགས་པ། ང་རྒྱལ་ མེད་པའི་པཎྜི་ཏའི་ཞྭ་རེ་རེ་གསོལ་བ། གཉའ་ཤིང་གང་ཙམ་དུ་ལྟ་བ་ཞི་ཞིང་དུལ་བའི་ངང་ ཚུལ་དང་ལྡན་པ་ཀླུ་སྒྲུབ་ཆེན་པོ་ཤིང་རྟ་ལ་གདན་དྲངས་ནས་ནཱ་ལེནྡྲ་ལ་ཚུར་ཚུར་ཉེ་ནས། (མདོ་སྡེ་རྒྱ་ཆེར་རོལ་བ་ལས། སེང་གེའི་ང་རོ་ཐུབ་གྱུར་གང་ཡིན་པ། །ཝ་རྣམས་འཇིགས་ པའི་སྒྲ་སྒྲོགས་ཕྱོགས་སུ་འབྲོས། །སངས་རྒྱས་སེང་གེའི་སྒྲ་ནི་རབ་སྒྲོགས་ཏེ། །མུ་སྟེགས་ ཅན་གཞན་ཝ་རྣམས་སྐྲག་པར་མཛོད། །ཅེས་གསུངས་པ་ལྟར། )མུ་སྟེགས་པས་ཚོར་ནས་ ཕལ་ཆེར་རང་བྲོས་སུ་སོང༌། ཕལ་ཆེར་འབྲོས་ལ་དགའ་བར་བྱེད་དོ། །དེ་མ་ཡིན་པ་ཐམས་ ཅད་སེམས་ཟི་ཟི་བར་འདུག་གོ །(གདུལ་བྱ་ཐར་བ་འདོད་པས་དང་པོར་ལྡང་ན་སྤང་བར་གསུངས་ཏེ། ལག་ན་མེ་ ཏོག་གི་མདོ་ལས། ཤཱ་རིའི་བུ་གང་ཞིག་བྱང་ཆུབ་འདོད་པ་རྣམས་ཀྱི་མུ་སྟེགས་ཀྱི་གཙུག་ལག་དང༌། གཅེར་བུའི་གཙུག་ལག་དང༌། 1-1-149 འཇིག་རྟེན་རྒྱང་ཕན་པའི་གཙུག་ལག་དང༌། གནས་ལྷག་འོད་ཅན་གྱི་གཙུག་ལག་དང༌། སངས་རྒྱས་ཀྱི་བསྟན་པ་མ་ཡིན་པ་ཐམས་ ཅད་སྤངས་ཏེ་བསྟེན་པ་དང་ཉན་པ་དང་འཛིན་པ་དང་ཀློག་པ་དང་འདོད་པ་ཡོངས་སུ་སྤངས་བའི་ཆོས་གསུམ་མོ་ཞེས་གསུངས་པ་ ལྟར། ལྟ་ངན་ཚར་གཅོད་པའི་ཕྱིར། )དེ་ནས་ནཱ་ལེནྡྲར་བྱོན་ནས། འཇའ་འོད་དང༌། མེ་ཏོག་གི་ཆར་ འབབ་པས། མུ་སྟེགས་པ་ཕལ་ཆེར་རང་བཞིན་གྱིས་དད་པ་ཐོབ། སང་ནངས་པར་རྩོད་པའི་ སྒྲ་སྒྲོགས་པས། ཕྱི་ནང་གི་པཎྜི་ཏ་ཐམས་ཅད་འཚོགས་པས། སློབ་དཔོན་དང་མ་གོལ་གཉིས་ རྩོད་པ་ལ་རྩོམ་པས། མུ་སྟེགས་སྟོན་པའི་ཁ་འཐམས་ནས་འདུག་གོ །ནེ་ཙོ་ཅིག་གིས་སངས་ རྒྱས་མི་བདེན་ཆོས་མི་བདེན་དགེ་འདུན་མི་བདེན་ཟེར་ནས། སློབ་དཔོན་གྱིས་ཐལ་སྐད་ ཅིག་དང༌། ཐལ་མོ་བརྡབས་པའི་བར་ན་བྱ་རོག་ཅིག་བྱུང་ནས་ནེ་ཙོ་བསད་དོ། །དེ་ནས་མ་ གོས་གྱིས་རྡོ་ལེབ་བསྐུར་བའི་སྲོལ་དུ། སངས་རྒྱས་མི་བདེན་སོགས་གོང་བཞིན་དུ་བྱུང་ནས། རྡོ་བསྒུལ་དུ་གཤོམ་པས། འཕགས་པའི་བྱིན་རླབས་ཀྱིས་རྡོ་འགུལ་མི་ཤེས་སོ། །ཇི་ལྟར་ བྱས་ཀྱང་ཀླུ་སྒྲུབ་རྒྱལ་ནས། ད་ནི་རྫུ་འཕྲུལ་ལ་འགྲན་བྱས་པས། རྫུ་འཕྲུལ་བྱ་བར་རྩོམ་ པའི་ཚེ་རྫུ་འཕྲུལ་གྱི་སྟོབས་དང་བྲལ་ལོ། །རྩོད་པའི་ཚེ་ན་མུ་སྟེགས་པ་རྣམས་ཀྱི་ཁ་འཐམས་ ནས་སྨྲ་བ་མ་ནུས་སོ། །རྩོད་པའི་ཆ་དུ་མ་ལས་ཕམ་ནས། ཀླུ་སྒྲུབ་ཀྱིས་གསུངས་པ། རྒོལ་ ངན་ཁྱོད་རྣམས་ངའི་བསྟན་པ་ལ་འཇུག་གམ་མི་འཇུག་ན་ཆོས་སྐྱོང་ལ་གཏད་གསུངས་ནས། མ་གོལ་མིན་པ་ནང་པར་འཇུག །མ་གོལ་ནམ་མཁར་འཕུར་དུ་འགྲོ་སྙམ་ནས། བྱ་གཤོག་པ་ དང་བྲལ་བ་བཞིན་དུ་མྱ་ངན་གྱིས་ནོན་ཏེ། གཙུག་ལག་ཁང་དུ་ཕྱིན་ནས། ད་ནི་འགག་ཏུ་ཤི་ བར་བྱ་སྙམ་ནས་གླེགས་ཐག་བཀྲོལ་པའི་ཞོར་ལ་ཡི་གེ་ལྡེབ་ཅིག་ཐོན་ནས། རང་སྲོག་རང་ གིས་བཅད་ན་ངན་སོང་གསུམ་ལས་མི་ཐར་པར་གྱུར་ཏ་རེ་ཞེས་བྱུང་ནས། འཕགས་པའི་སྐུ་ མདུན་ལ་སྐྲ་དང་ཁ་སྤུ་བྲེག་སྟེ། རབ་ཏུ་བྱུང་ནས་པཎྜི་ཏ་དཔའ་བོ་ཞེས་གྲག་གོ །སངས་རྒྱས་ བསྟན་པ་ཤིན་ཏུ་དར་བར་མཛད་དོ། །དེ་ནས་རྒྱལ་པོ་བདེ་སྤྱོད་བཟང་པོས་སྤྱན་དྲངས་ཏེ་ 1-1-150 བཞུགས་པའི་དུས་སུ་འཕགས་པའི་གཟུགས་བཟང་བས་བུད་མེད་ཐམས་ཅད་དང་ཁྱད་པར་ དུ་རྒྱལ་པོའི་བཙུན་མོ་དེར་ཆགས་སོ། །དུས་རེ་ཞིག་ན་རྒྱལ་པོ་འཁོར་བཅས་ཤ་ཏ་ཀ་རའི་ ཡུལ་དུ་སོང་བའི་ཤུལ་དུ། བཙུན་མོས་སློབ་དཔོན་ལ་སྨྲས་པ། གཟུགས་བཟང་མཆོག་མངའ་ འཇིག་རྟེན་གསུམ་ན་དཀོན། །སྙིང་རྗེའི་ཐུགས་ལྡན་སེམས་ཅན་ཡོངས་ལ་དགོངས། །བདག་ ནི་ཆགས་པའི་སྡུག་བསྔལ་མང་དུ་གཟིར། །ད་ལྟ་མི་བཟད་སྡུག་བསྔལ་དག་ལས་སྐྱོབས། ། ཞེས་དང༌། འཕགས་པས་སྨྲས་པ། ས་བདག་རྒྱལ་པོ་བཙུན་མོ་རིན་ཆེན་ཁྱོད། །སངས་རྒྱས་ གཉིས་པ་ལྟ་བུའི་བླ་མ་ལ། །སྡོམ་གསུམ་བདུད་རྩི་རྒྱ་མཚོ་བདག་གིས་བླང༌། །བག་མེད་ཚུལ་ འཆལ་བྱེད་པ་ག་ལ་རུང༌། །(ལག་ན་མེ་ཏོག་ལས། དེ་བས་བྱང་ཆུབ་འདོད་པ་ནི། །བུད་མེད་རྣམས་ནི་བརྟེན་མི་བྱ། ། སྐྱོ་ཞིང་སྤོང་བའི་སེམས་བསྐྱེད་ལ། །ཕག་དང་འདྲ་བར་ཤིན་ཏུ་རྟོགས། །)ཞེས་གསུངས་ནས། སྒོ་གོང་དུ་ཡི་གེ་ འདི་རྣམས་བྲིས་སོ། །ཚོང་པ་འཕྲོག་པ་མེད་བཞིན་དུ། །ཆོམ་རྐུན་ལོག་ནས་ཚོལ་མི་དགོས། ། བུད་མེད་དུག་མདའ་མེད་བཞིན་དུ། །བག་མེད་རྩ་བ་ཚོལ་མི་དགོས། །ཡོང་མི་མཛའ་ཞིང་ གཟུགས་པ་དང༌། །མགྲིན་དང་ཅན་ནི་འཕུར་ན་ལེགས། །ཞེས་གསུངས་པ་དང༌། དཔལ་གྱི་ རི་ལ་གཤེགས་པའི་ལམ་དུ་མགར་བ་ཞིག་གདུགས་ཚོད་བསླངས་པའི་ཚེ་ན། ཁོའི་གསེར་ སྟོར་ནས་འཕགས་པ་ལ་བཙུགས་པ་དང༌། འཕགས་པའི་ཞལ་ནས། མགར་བའི་གསེར་ནི་ མ་བརྐུས་ཤིང༌། །རྒྱལ་པོའི་བཙུན་མོ་གནད་ཆེན་ལ། །ཆགས་པའི་སེམས་ནི་མ་བསྐྱེད་ན། ། འོག་རྡོ་འདི་ནི་གསེར་ཏུ་འགྱུར། །ཞེས་གསུངས་ནས། འཁར་བསིལ་གྱི་རྟིང་བས་རྡོ་ལ་ བསྣུན་ནས། འོག་རྡོ་ཡང་གསེར་དུ་འགྱུར་ཏེ། མགར་བའི་ཡིད་དགའ་ནས་རྡོ་བསྒྱུར་བས་ སྟོར་བ་དེའི་ཞབས་སུ་སྣང་ནས། མགར་བས་སློབ་དཔོན་ལ་སྟོར་བའི་གསེར་ཕུལ་ནས་ཕྱག་ དང་བསྐོར་བ་བྱས་ནས་སྨྲས་པ། མ་རིག་གཏི་མུག་གཡོགས་པའི་མགར་བ་ང༌། །དཀོན་ མཆོག་འཕགས་པ་ཁྱོད་ལ་སྐུར་བ་བཏབ། །སྟོར་བའི་གསེར་འདི་བཞེས་ལ་ཉེས་པ་ 1-1-151 བཤགས། །མ་འོངས་བསོད་ནམས་དཔག་མེད་ཐོབ་པར་ཤོག །ཅེས་དང༌། འཕགས་པས། ཁྱོད་ལ་ཉེས་པ་མེད་དེ་གསེར་མི་འདོད། །དེ་བས་ང་ལ་བདའ་མི་བྱུང་ན་ཡང༌། །ཧོར་ཁྲ་ གཟན་ལ་ལེགས་པར་བཞུད་པ་བཞིན། །དཔལ་གྱི་རི་ལ་སོང་ཞེས་ཞིབ་ཏུ་སྨྲོས། །ཞེས་ གསུངས་ནས་བཞུད་དོ། །དེའི་རྗེས་སུ་བཙུན་མོས་རང་གི་སྐྲ་འབལ་ནས་སོར་མོས་གདོང་པ་ ཡང་བྲད་དོ། །མགུལ་རྒྱན་ཡང་དུམ་བུར་གཏུབས་སོ། །སྡུག་སྡུག་ཏུ་འདུག་ནས། རྒྱལ་པོས་ མཐོང་ངོ༌། །མཐོང་ནས་སྨྲས་པ། ནུ་མ་འབུར་ཞིང་རྐེད་ཕྲ་པད་མའི་གདོང༌། །གཞོན་ཤ་རྒྱས་ པའི་ཨུཏྤལ་མིག་ལྡན་མ། །དགྲ་ཡིས་བཅོམ་མམ་རང་ཉིད་ལྷུང་བའམ། །བཙུན་མོས་བདག་ ལ་ད་ནི་མྱུར་དུ་ཤོད། །ཅེས་དང༌། བཙུན་མོ་ན་རེ། རྒྱལ་ཆེན་བདག་ནི་དགྲ་ཡིས་བཅོམ་མ་ ལགས། །འཕགས་པས་བདག་ལ་ཆགས་པ་སྤྱོད་ཅེས་ནས། །ཁོ་མོ་མ་ཉན་དེ་ནས་སྐྲ་ཡང་ འབལ། །བྲང་ཡང་བརྡུངས་ནས་ངོ་ཚ་བུད་ནས་ཐལ། །ཞེས་ཟེར་ནས། རྒྱལ་པོ་ན་རེ། སློབ་ དཔོན་དེ་ཁྱེད་རྣམས་དེད་ལ་སོད་ཅིག་ཟེར་ནས། རྟ་པ་ལྔ་བཅུས་བདའ་བས། ད་ཅི་མགར་ བའི་རྩར་ཕྱིན་ནས། མགར་བས་ལོ་རྒྱུས་ཞིག་ཏུ་སྨྲས་ནས། ཕོ་ཉ་རྣམས་ཤིན་ཏུ་དད་པ་སྐྱེས་ ནས་སླར་ལོག་སྟེ། རྒྱལ་པོ་ལ་གསོལ་པས། རྒྱལ་པོས་བཙུན་མོ་ལ་སྨྲས་པས། བཙུན་མོས་ གདོང་ཕབ་ནས་སྨྲ་མ་ནུས་སོ། །རྒྱལ་པོས་བཙུན་མོ་ཕྱུང་ནས་ཁྱིམ་དམན་ལ་སྤྱུག་གོ ། འཕགས་པ་སྤྱན་འདྲེན་དུ་བཏང་ནས་བྱོན་དུ་མ་གནང་ངོ༌། །དེ་ནས་བཙུན་མོ་འདི་སྙམ་སྟེ། བདག་གིས་རྒྱལ་པོ་དང་བླ་མཆོད་འདི་གཉིས་མེད་པར་བྱ་བའི་ཐབས་ཅིག་ཨེ་རྙེད་སྙམ་ ནས། བུ་ལ་གསེར་གྱི་གོས་ཅིག་བྱིན་ནས། བུས་སྨྲས་པ། མ་གོས་འདི་རེ་ཞིག་ཟུངས་ལ་རྒྱལ་ ས་འཛིན་པའི་ཚེ་ན་དགོས་ཞེས་ཟེར་ནས། མ་ན་རེ། ཁྱོད་རྒྱལ་སྲིད་འཛིན་པ་མི་འོང༌། རྒྱལ་ པོ་ཀླུ་སྒྲུབ་ལ་དབང་བསྐུར་ཐོབ་པས་རྒས་དུས་མེད། སྔར་ནས་བཙུན་མོ་དང་བུ་མང་པོ་རྒས་ ནས་ཤི། འོ་ཅག་ཀྱང་སྔོན་དུ་འཆི་ཞེས་ཟེར་ནས། བུ་ན་རེ། འོ་ན་ཅི་ཕན་ཟེར་བ་དང༌། མ་ན་ 1-1-152 རེ། དཔལ་གྱི་རི་ལ་ཀླུ་སྒྲུབ་ཀྱིས་རྒྱལ་པོའི་ཚེ་བསྲིང་བས། དེ་འགུམ་ན་རྒྱལ་པོ་འཆི་ཟེར་ ནས། དམུ་ཤའི་རལ་གྲི་བཟུང་ནས་འཕགས་པའི་སྐུ་མདུན་དུ་ཕྱིན་ནས། (ལན་བརྒྱ་སྟོང་)ཇི་ ལྟར་བརྒྱབ་ཀྱང་(གར་ཡོལ་)ཕ་འོང་ལ་ཕོག་པ་ལྟར་རལ་གྲི་དུམ་བུ་དུམ་བུར་ཆག་གོ །དེ་ནས་ མཆི་མ་བབ་ནས་ཆོ་ངེ་འདེབས་ཤིང་གནས་ངན་ལེན་ནོ། །དེ་ནས་འཕགས་པས་མཁྱེན་ནས། སྔོན་རྒྱལ་པོའི་(བདེ་སྤྱོད་བཟང་པོའི་)ཁབ་ཏུ་ལངས་པའི་ཚེ་ཆབ་མ་རྙེད་ནས། རྩྭ་(སྔོན་ཟིལ་བའི་ཕྲེང་ བ་ཅན། )ཆོད་པའི་གསེབ་ཏུ་སྲིད་བུ་(མེ་ཁྱེར་)ཞིག་བསད་པ་དེ་ཡིན་པར་དགོངས་ནས། རིགས་ ཀྱི་བུ། མ་ངུ་ཤིག་བདག་ལ་འཇག་མས་བརྒྱབ་པ་དང་དོན་འགྲུབ་བོ་གསུངས་ནས། འཇག་ མས་བརྒྱབ་ནས་སྐུའི་ཆ་ལ་འོ་མ་བབ་པས། སྤུར་ནི་གསེར་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ ནམ་མཁའ་(བར་སྣང་)ལ་འཕགས་པ། (བུམ་པ་དང་བང་རིམ་ཐམས་ཅད་ལ་)དྲིལ་བུ་བརྒྱ་སྟོང་གིས་ ཆོས་ཀྱི་སྒྲ་སྒྲོགས་པ་ཞིག་ཏུ་གྱུར་ནས་དངོས་མེད་དུ་ཡལ་ལོ། །དེ་ནས་རྒྱལ་བུ་(རང་གི་ཡུལ་དུ་) ལོག་ནས་ཡབ་(རྒྱལ་པོ་)ཀྱང་ཤིའོ། །དེ་ནས་རྒྱལ་པོ་ཨུ་དུ་ཀ་ལས་དམག་བཤམས་ནས། རྒྱལ་ བུའི་ཡུལ་བཅོམ་ནས་མཐའ་འཁོབ་ཏུ་བསྐྲད་དོ། །འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ཏེ་ ཉེར་བརྒྱད་པའོ།། །། ༈ ཡང་དཔལ་ལྡན་བླ་མ་འདི་མཐའ་འཁོབ་ཏུ་རྒྱལ་པོ་ཞིག་ཏུ་སྐྱེས་ནས་སེམས་ཅན་གྱི་ དོན་མཛད་དེ། ཚུལ་ཇི་ལྟར་ཞེ་ན། འཕགས་པ་མཛངས་བླུན་ཆེན་པོའི་མདོ་ལས། (རྒྱལ་པོ་ཨ་ཤྭ་ ཀ་སྐྱེ་བའི་དུས་སུ་ལུང་བསྟན་པ་ནི་)བཅོམ་ལྡན་འདས་དང་ཀུན་དགའ་བོ་གཉིས་བསོད་སྙོམས་ལ་ གཤེགས་པའི་ལམ་ན། བྱིས་པ་མང་པོ་(ཞིང་ནང་དུ་)རྩེ་ནས་ཁྱེའུ་གཅིག་གིས་སངས་རྒྱས་རྒྱང་ མ་(དཔག་ཚད་གཅིག་)ནས་གཤེགས་པར་མཐོང་ནས་རབ་ཏུ་དགའ་སྟེ། བང་ས་ཞེས་ཁྱིམ་དུ་ བསྔོས་པའི་ས་ལ་སྙིམ་པ་གང་དུ་བླང་སྟེ། སངས་རྒྱས་ལ་ཕུལ་བར་སྙམ་ནས། ཁྱེའུ་ཉམ་ཆུང་ ཚེ་ཆུང་བས་མ་སླེབས་ནས་གྲོགས་ཁྱེའུ་ཆུང་གཅིག་ལ་ཁྱེད་ཀྱིས་བདག་ཁུར་དུ་ཁྱེར་ལ་ 1-1-153 བླུགས་སོ། །ཞེས་སྨྲས་སོ། །གྲོགས་པོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་ཏེ། ཁྱེའུ་ཁུར་ ནས་ས་རྡུལ་སྙིམ་པ་གང་སངས་རྒྱས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཁྱེའུ་འདི་དག་ གིས་དགེ་སེམས་ཀྱིས་ང་ལ་ཕུལ་ཏེ། བསོད་ནམས་འདིས་སོ་སོར་ང་མྱ་ངན་ལས་འདས་པའི་ འོག་ཏུ་བརྒྱ་ལམ་ཞིག་ན་མཐའ་འཁོབ་ཀྱི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །ཁྱེའུ་ཅིག་ཤོས་ འདི་དེའི་ཚེ་བློན་པོར་འགྱུར་རོ། །(བོད་ཁམས་)མཐའ་འཁོབ་ཀྱི་གླིང་དུ་དབང་བྱེད་ཅིང་དཀོན་ མཆོག་གསུམ་གྱི་ཡོན་ཏན་ཡང་ཡུལ་(བོད་ཁམས་)ཐམས་ཅད་དུ་བསྒྲགས་ནས་སྲས་(སྤྱན་རིས་ གཟིགས་)ལ་མཆོད་པ་རྒྱས་པར་བྱེད་དེ། མཐའ་འཁོབ་ཏུ་གཙུག་ལག་ཁང་བརྒྱད་ཁྲི་བཞི་སྟོང་ བྱེད་པར་འགྱུར་རོ། །ཞེས་(ལུང་བསྟན་)གསུངས་ནས། ཀུན་དགའ་བོ། མགུ་རངས་ནས་བཅོམ་ ལྡན་འདས་ལ་བསྟོད་དོ། །ཞེས་ལུང་བསྟན་ཏོ། །བུ་མོ་དྲི་མེད་བྱིན་ལུང་བསྟན་པའི་མདོར། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ཉིས་སྟོང་ལྔ་བརྒྱ་ནས། གདོང་དམར་གྱི་ཡུལ་ དུ་ངའི་བསྟན་པ་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །སངས་རྒྱས་མྱ་ངན་ལས་འདས་ ནས་མི་ལོ་ཉིས་སྟོང་ལྔ་བརྒྱ་ལོ་གསུམ་ལྷག་པའི་དུས་སུ་བོད་དུ་གཉའ་ཁྲི་བཙན་པོ་བྱུང་ངོ༌། ། (རྒྱལ་པོ་བུ་རམ་ཤིང་བའི་སྲས་གསུམ་ཡོད་དེ་ཆུང་ངུ་ཤཱཀྱ་རི་བྲག་པ། དེའི་སྲས་མུ་འཁྱུད་མཐའ་ཡས། དེ་སྲས་སྐྱབ་སིང༌། དེ་ སྲས་གཉའ་ཁྲི་བཙད་པོ་ཡིན་ནོ། །རྒྱལ་བོ་འདི་བཙས་པའི་མཚན་ལུས་ལ་བརྒྱན་པ་དེ་ཡབ་རྒྱལ་པོས་ལྟས་ངན་མཐོང་ནས་སྤྱུག་ པས། བོད་དུ་འོང་ནས་རྒྱལ་རྒྱུད་སྤེལ་ལོ། །དེ་ནས་)དེའི་རྒྱལ་རབས་ཉི་ཤུ་རྩ་དྲུག་པའི་འོག་རོལ་ཏུ། (ཉི་ཤུ་ རྩ་དྲུག་དེ་དཧ་གང་ཞེ་ན། གཉའ་ཁྲི་བཙད་པོ། དེ་སྲས་མི་ཁྲི་བཙད་པོ། དེ་སྲས་ལི་ཁྲི་བཙད་པོ། དེ་སྲས་ཁྲི་གཏུམ་བཙད་པོ། དེ་ སྲས་བྱ་ཁྲི་བཙད་པོ། སྤྱི་ཁྲི། ཉ་ཁྲི། འབྲོང་རྗེ་ལེགས། ཐི་ཤོ་ལེགས། ཨ་ཤོ་ལེགས། ཀ་ཏོ་ན་ཡ། ཀེ་ཏུ་ལེགས། དེ་སྲས་ལྡེ་འཕྲུལ། དེ་སྲས་ལྡེ་འོ་ནི། དེ་བཞིན་དུ་ཅེས་རྣོལ། བས་རྣོལ་པོ། སྤྲིན་བཙན། རྒྱལ་བཙན། རི་ཁྲོད་བཙན། ཁྲི་བཙན། ཁྲི་སྒྲ་བཙན། དབུ་ བཙན། དེ་སྲས་རྒྱལ་པོ་རྗེ་ཐོ་བཙན། དེ་སྲས་ཁྲི་རྗེ་བཙན། དེའི་སྲས་ཆོས་ཀྱི། )རྒྱལ་པོ་ཐོ་ཐོ་རི་སྙན་ཤལ་བྱུང་སྟེ། (ཡར་ལུང་སོ་ཀའི་ཤར་ཕྱོགས་ཐག་དམར་ཨེ་ནྱ་ལྟ་བུའི་སྟེང་དུ་)ཕོ་བྲང་ཡུམ་བུ་བླ་སྒང་ན་བཞུགས་དུས་སུ་ 1-1-154 དཀོན་མཆོག་ཟ་མ་ཏོག་གི་མདོ་དང༌། བྱང་ཆུབ་ཤེལ་གྱི་མཆོད་རྟེན་དང༌། ཕྱག་རྒྱའི་དམ་ཁ་ དང་གསུམ་(ཉི་མའི་འོད་ཟེར་དང་འགྲོགས་ནས་)ནམ་མཁར་རང་བྱོན་དུ་བབ་པ་ནས་ངོ་མ་ཤེས་པས། ལ་ལས་འདྲེ་ཡིན་ཟེར་རོ། །ལ་ལས་ངོ་མཚར་བྱེད་དོ། །ཕྱི་དུས་ཁ་ཆེའི་པཎྜི་ཏ་ལེགས་སྦྱིན་ བྱོན་ནས། རྒྱལ་པོས་ཞུས་པའི་ཚེ་ན་ཡང་པཎྜི་ཏས་བོད་སྐད་མ་ཤེས་སོ། །རྒྱལ་པོས་རྒྱ་སྐད་ མ་གོ་བས་(ཕན་ཚུན་)བརྡ་མ་འཕྲོད་པས་(དེ་གསུམ་ཡང་)བསྒྱུར་མ་ནུས་སོ། །(པཎྜི་ཏིས་)ཐུགས་ ཁར་ཐལ་མོ་སྦྱར་ནས་བརྡ་བྱས་སོ། །དེ་ནས་(བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ སྤྲུལ་བ་)རྒྱལ་པོས་གསེར་ཁྲི་དང་གཡུའི་ཕག་སྐར་ལ་(རྟེན་ཏེ་)བཞུགས་སུ་གསོལ། མཆོད་པ་ རྒྱུན་དུ་བྱས་པས་(རྒྱལ་པོའི་སྐྲ་དཀར་པོ་སེལ་ཅིང་ལོ་བཅུ་དྲུག་ལོན་པ་ལྟ་བུར་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་ ནས། ཚེམ་དུང་སོ་འཁོར་བར་གྱུར་ཏོ། །ཡུལ་ཁམས་སུ་མེ་ཏོག་གི་ཆར་དང༌། འཇའ་འོད་ལ་སོགས་པས་)བཀྲ་ཤིས་སོ། ། དེ་ནས་(འཕགས་པ་ཀུན་ཏུ་བཟང་བོས་སྤྲུལ་བ་ཐོ་ཐོ་རི་སྙན་ཤལ་གྱི་སྲས་ནི། རྒྱལ་པོ་ཁྲི་སྙན་ཟུང་བཙན། དེ་སྲས་རྟག་གུང་ སྙན་གཟིགས། དེ་སྲས་འབྲོང་གཉན་ལྡེ་རུ་ཡིན་ནོ། །དེ་སྲས་གནམ་རུ་སྲོང་བཙན། དེ་སྲས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན་ ནོ། །)རྒྱལ་རབས་ལྔ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་ནོ། །(སྐྱི་ཤོད་དུ་)དེ་ཡང་ཕོ་བྲང་ བྱམས་པའི་སྟེང་དུ་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་ཡུམ་ཆེན་ཡོང་ཟ་འབྲི་མོ་ཐོད་གར་ གཉིས་ཀྱི་སྲས་སུ་བལྟམས་སོ། །བལྟམས་ནས་སྒྲ་དང༌། འོད་དང༌། འཇའ་འོད་དང༌། མེ་ཏོག་ གི་ཆར་ཕབས་ཏེ། ཁྱེའུ་དཀར་པོ་གཅིག་རལ་པའི་ཐོར་ཅོག་དང་ལྡན་པར་བལྟམས་སོ། །དེ་ མ་ཐག་ཏུ་སྨྲས་པ། ཀྱེ་མ་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །ཆོས་མེད་མུན་པའི་སེམས་ཅན་ སྙིང་རེ་རྗེ། །ཆོས་ཀྱི་ཉི་མའི་འོད་ཟེར་འཆར་བྱས་པའི། །བདག་གི་འཕྲིན་ལས་རྒྱ་མཚོས་ འདྲེན་པར་བྱ། །ཞེས་གསུངས་ནས། རྒྱལ་འབངས་རེ་རེ་ཐེ་ཚོམ་ཟ། རེ་རེ་ངོ་མཚར་སྐྱེས་སོ། ། བློན་པོ་ཨ་ནུ་ར་མི་ཆུང་དང༌། ཡབ་ཡུམ་གཉིས་སོགས་རྒྱལ་བུའི་མགོ་ཐོག་ལ་(རེ་རེ་དབུ་བཅུ་ གཅིག་ཡོད་པར་མཐོང་ངོ་)ལྷ་ཞལ་དམར་པོ་ཞིག་ལན་རེ་མཐོང་ངོ༌། །དེ་ནས་རྒྱལ་བུས་མཚམས་ 1-1-155 བཅད་ནས་བསམ་གཏན་ལ་གནས་པའི་ཚེ། (གཞོན་ནུ་འདི་ཉིད་ལ་རབ་ཏུ་བྱུང་བྱས་ལ་ཏིང་ངེ་འཛིན་གཅིག་ཏུ་ བསྒོམ་སྙམ་ནས་)གཡས་སུ་འཇམ་དཔལ། གཡོན་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ བུམ་ཁྲུས་གསོལ་ལོ། །སྟེང་དུ་སྣང་བ་མཐའ་ཡས་ཀྱིས་ཕྱག་བརྐྱངས་ནས་བྱིན་རླབས་མཛད་ དེ། (ཁྱིམ་པའི་ཚུལ་དུ་འགྲོ་དོན་མཛད་པར་ལུང་བསྟན་ཏོ། །)དེ་ནས་རྒྱལ་སར་བཏོན་ནས་མཐའི་རྒྱལ་པོ་ མང་པོས་ཀྱང་བཀུར་སྟི་བྱས་སོ། །དེ་ནས་འདི་སྙམ་སྟེ་(ལག་ན་མེ་ཏོག་གི་མདོར། བརྟུལ་ཞུགས་ཚུལ་ ཁྲིམས་བ་བླངས་ཀྱང༌། །སེམས་ཀྱི་སྡིག་པ་ཀུན་སྤོངས་ཏེ། །ཏིང་འཛིན་ཤེས་རབ་འབྱེད་སྤྱོད་ནི། །རབ་ཏུ་བྱུང་བ་ཡང་དག་གོ ། ཅེས་གསུངས་པ་ལྟར། )ཁ་བ་ཅན་དུ་ཆོས་ཇི་ལྟར་སྤེལ་དགོས་སྙམ་པས། དེ་ནས་བློན་འབངས་རེ་ རེ་ལ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་བཀོད་པས། ཡི་གེའི་གྲལ་ལ་འཇུག་པས་ཀློག་ འདོན་པར་ཤེས་སོ། །དེ་ནས་བློན་པོ་སམ་བྷོ་ཊ་རྒྱ་གར་དུ་བཏང་ནས། དམ་ཆོས་པད་མ་ དཀར་པོ། སྙིང་རྗེ་པད་མ་དཀར་པོ། ཟ་མ་ཏོག་བཀོད་པ་སྟེ་གསུམ་བསྒྱུར་རོ། །དེ་ནས་བོད་ ཁམས་སུ་ཆོས་ཀྱི་སྲོལ་བཏོད་པ་ནི། ལྷ་སྒོམ་པའི་དུས་སུ་ལྷ་ངོ་མི་ཤེས་པས། ད་ནི་ཡི་དམ་གྱི་ སྐུ་གཟུགས་བྱ་དགོངས་ཏེ། ག་རེ། ས་རྡོས་བྱས་ན་བསོད་ནམས་ཆུང༌། རིན་པོ་ཆེས་བྱས་ན་ མཐར་བླུན་པོ་ངན་པ་རེ་རེས་བཤིག་དོགས་སྙམ་ནས། (སྤྲེལ་ལོའི་)ས་གའི་ཚེས་བརྒྱད་དུ་ སངས་རྒྱས་སྨན་པའི་རྒྱལ་པོ་(རྒྱན་ནམ་མཁའི་མདོག་ཅན་)ལ་ལྷའི་བུ་མང་པོས་བསྐོར་ནས་བྱོན་ པས། འདི་སྐད་ཅེས་གསོལ་ཏོ། །ཆོས་སྐྱོང་རྒྱལ་པོ་འཕགས་པ་སྤྱན་རས་གཟིགས། །ཡིད་ འོང་རྒྱ་གར་རྡོ་རྗེའི་ཤར་ཕྱོགས་སུ། །སིང་གྷ་ལ་ཡི་མཚོ་འགྲམ་བྱེ་མའི་གླིང༌། །དེ་རུ་སོང་དང་ དོན་མཆོག་འགྲུབ་པར་འགྱུར། །ཞེས་གསུངས་ནས། མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་ པོས་སྤྲུལ་པའི་དགེ་སློང་གཅིག་སྤྲོས་ནས། སིང་གྷ་ལར་བྱོན་ནས་ས་བསྐོས་པས་ཙན་དན་གྱི་ སྡོང་པོ་འདོམ་པ་གཅིག་ཕྱུང་ངོ༌། །སྟས་གཤགས་པའི་ཚེ་ན་སྐུ་རང་བྱུང་ཞལ་བཅུ་གཅིག་པ་ དཀར་པོ་དེའི་དྲི་བསུང་དཔག་ཚད་བཅུ་གསུམ་དུ་ཁྱབ་པ་ཞིག་བྱོན་ནས། བཟུང་སྟེ་མཆོད་ 1-1-156 རྟེན་པད་མའི་འཁོར་ལོ་ཅན་ལ་ཕྱིན་ནས། སངས་རྒྱས་འཁོར་བ་འཇིག་དང༌། གསེར་ཐུབ་ དང༌། འོད་སྲུང་དང༌། ཤཱཀྱ་ཐུབ་པ་རྣམས་ཀྱི་རིང་བསྲེལ་རྣམས་བླངས་ཤིང༌། ཆུ་བོ་ནཱ་ར་ཛ་ ནས་བྱེ་མ། རྒྱ་མཆོའི་གླིང་གི་འཇག་མ། མ་ག་དྷཱའི་བྱང་ཆུབ་ཀྱི་ཤིང༌། ཀླུ་སྒྲུབ་ཀྱི་ཕྱག་མཁར། རིན་པོ་ཆེའི་སྤྱན་འབྲས། རྟ་ངང་པའི་མཆེ་བ་རྣམས་བླངས་ནས་སྤྱན་དྲངས་ཏེ། རྒྱལ་པོ་ལ་ ཕུལ་ཏེ། དགེ་སློང་ཡང་རྒྱལ་པོའི་ཐུགས་ཀར་ཐིམ་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དང་སྣ་ཆེན་ གཉིས་སྐྱི་ཤོད་ལ་འགྲོ་བའི་དུས་སུ་ཀྱི་རེ་ཡང་ཕྲེང་དུ་མ་ཎི་རང་བྱོན་གཟིགས་སོ། །(དེའི་དུས་སུ་ རྒྱལ་པོ་ཞལ་ཆུ་ལ་གཟིགས་ནས་འཛུམ་པ་མཛད་དེ། ཕྱག་འཛུབ་བརྐྱང་ནས་འདི་སྐད་ཅེས་གསུངས་པ། ཨཱོཾ་མ་ཎི་པདྨེ་ཧཱུཾ། འཁོར་ བ་སྐྱོན་གྱིས་མ་གོས་པ། །གསུང་མཆོག་ཡི་གེ་དུང་ལས་གྲུབ། །ཉོན་མོངས་འདམ་གྱི་མི་རྫི་བ། །གླེགས་ཤིང་སྐྱེ་བོ་བྲག་ལས་གྲུབ། ། ལས་སྒྲིབ་དྲི་མ་དག་པའི་ཕྱིར། །ཞལ་ཁེབ་སྔོན་པོ་ཆུ་ལས་གྲུབ། །ཆོས་དབྱིངས་རང་བཞིན་གནས་པ་འདིས། །སེམས་ཅན་བདེ་ ལ་འཕེན་པར་འགྱུར། །ཞེས་སོགས་དུ་མ་གསུང་ནས་ལུང་བསྟན་ནོ། །)དེ་ནས་ཙན་དན་གྱི་སྐུ་ལ་གསོལ་བ་ བཏབ་པས། ལྷ་དེའི་སྨིན་མཚམས་སུ་འོད་ཟེར་པད་མ་དཀར་པོའི་ཕྲེང་བ་ལྟ་བུ་གཅིག་ནུབ་ ཏུ་སོང་ངོ༌། །ཨུཏྤལ་མཐིང་ག་ལྟ་བུ་གཅིག་ཤར་དུ་སོང་ངོ༌། །རྒྱལ་པོས་གཟིགས་པས། བལ་ ཡུལ་དུ་ཡམ་བྷུའི་གྲོང་ཁྱེར་དུ་རྒྱལ་པོ་འོད་ཟེར་གོ་ཆའི་བུ་མོ། ཁྲི་བཙུན་སྐུ་མདོག་དཀར་མོ་ ཁ་ནས་ཨུཏྤ་ལའི་དྲི་བྲོ་བ་བཅུ་དྲུག་ལོན་པ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ། རང་ གི་ཁབ་ཏུ་འོང་བར་གཟིགས་སོ། །(སྙིང་རྗེ་པདྨ་རོལ་བའི་མདོ་ལས། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་ སྙེད་ཕྲག་དགུའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པ་འཇིག་རྟེན་དུ་རྒྱལ་པོ་སྲོང་བཙན་སྒམ་པོ་རེ་རེ་བལ་ཟ་རེ་རེ་ རྒྱ་ཟ་རེ་རེ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་མ་ཎི་བཀའ་འབུམ་ལས་གསལ་བར་གསུངས་སོ། །)ཡང་ཤར་གྱི་འོད་ ཟེར་ལ་བརྟགས་ནས། རྒྱ་ནག་གི་ཡུལ་གིང་ཤའི་གྲོང་ཁྱེར་དུ་རྒྱལ་པོ་ཀོང་ཙེའི་སྲས་མོ་ཨོ་ ཅུང་སྐུ་མདོག་སྔོ་ལ་བཅུ་དྲུག་ལོན་པ། རིག་པའི་ཆོས་ལ་མངའ་བརྙེས་པ་ལྷ་རྟེན་དང་བཅས་ པ་ཁབ་ཏུ་འོང་བར་གཟིགས་སོ། །དེ་ནས་མགར་དང་སམ་བྷོ་ཊ་གཉིས་ལ་གསུངས་ནས། 1-1-157 ཐབས་ཇི་ལྟར་དུ་བླངས་ཞུས་པས། རྒྱལ་པོས་ང་ནུབ་ཕྱོགས་སུ་འགྲོ་དགོས་གསུངས་ནས། (སྐར་མ་རྒྱལ་གྱི་ཉིན་པར་)གསེར་གྱི་དུང་ཙེ་བརྒྱ་དང༌། གསེར་ཁྲབ་(ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་བཏབ་ པ་)གཅིག་དང༌། (སྟོན་ཟླར་ར་བའི་ཚེའི་བརྒྱད་དུ་)རྟ་པ་བརྒྱ་བལ་པོར་ཕྱིན་ནས། (གསེར་ཕྱེ་བྲེ་གང་ཞུ་རྟེན་ དུ་ཕུལ་ནས་)ཞུ་བ་ཞུས་ལན་མང་དུ་མཛད་ནས། (བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་བ)ལོ་ཙཱ་བ་ སམ་བྷོ་ཊས་(རྒྱལ་བ་རིན་པོ་ཆེའི་དྲྭ་བ་སྐུ་ལ་གསོལ་ཏེ་)གོ་བརྡ་སྤྲད་པས། ཇོ་མོ་ཁྲོ་གཉེར་འོད་ཟེར་ ཅན་གྱི་སྤྲུལ་པ་ཁྲི་བཙུན་བོད་དུ་བྱོན་པའི་ཚེ་ཡབ་ལ་ཞུས་པས། ཀྱེ་མ་ཡབ་མཆོག་རྒྱལ་པོ་ འོད་ཟེར་ཅན། །བོད་ཡུལ་མཐའ་འཁོབ་གནས་སུ་བདག་འགྲོ་ན། །མཆོད་གནས་མི་བསྐྱོད་ རྡོ་རྗེ་བྱམས་པ་དང༌། །སྒྲོལ་མ་ལ་སོགས་བང་མཛོད་གནང་བར་ཞུ། །ཞེས་དང༌། ཡབ་ན་རེ། ལྷ་མོ་མཛེས་ལྡན་བཀྲ་ཤིས་ཡིད་འོང་མ། །ཤིན་ཏུ་གཅེས་པའི་ཁྱོད་ནི་ཕངས་ན་ཡང༌། །མི་ བསྐྱོད་རྡོ་རྗེ་བྱམས་པ་སྒྲོལ་མ་ཀུན། །བརྩེ་བས་བུ་མོ་ཁྱོད་ལ་རྫོངས་པར་བྱེད། །ཅེས་ གསུངས་ནས། ལྷ་མོ་གླང་པོ་རྟ་ལྡན་ལ་བསྐྱོན། རྟེན་རྣམས་ཁལ་དུ་བཀལ། རིན་པོ་ཆེ་གླང་ ཁལ་བདུན་དང་བཅས་པ་བོད་ཀྱི་ས་མཚམས་སུ་བསྐྱལ་ལོ། །དེ་ནས་ཤར་དུ་མགར་གྱིས་ དབུ་མཛད་པའི་རྟ་པ་བརྒྱ། གསེར་གྱི་དུང་ཙེ་བརྒྱ་དང་ཕྱེད། བང་མིག་བདུན། བཻ་ཌཱུརྱའི་རྨོག་ མོ་རྣམས་བཟུང་ནས་རྒྱ་ནག་ཏུ་ཕྱིན་ནས་ཡང་ཞུ་བ་ཞུས་ལན་བྱས་ཏེ། མཐར་ཇོ་མོ་སྒྲོལ་མའི་ སྤྲུལ་པ་བོད་དུ་བྱོན་པའི་ཆས་སུ་ཡབ་རྒྱལ་པོ་ལ་ཞུས་པ། ཀྱེ་མ་ཡབ་ཅིག་འཇམ་པའི་ དབྱངས་ཀྱི་རྒྱལ། །བོད་ཡུལ་ཆོས་མེད་གླིང་དུ་བདག་འགྲོ་ན། །ཤཱཀྱ་མུ་ནེ་རྒྱ་ཆོས་གོས་ཟབ་ དང༌། །གཡོག་མོ་ལྔ་བརྒྱ་རྟ་གླང་བདག་གིས་ཞུ། །ཞེས་དང༌། ཡབ་ན་རེ། སྙིང་དང་འདྲ་བ་ ཁྱོད་ནི་བཏང་ན་ཡང༌། །ཤཱཀྱ་མུ་ནེ་རྒྱ་ཆོས་གཙུག་ལག་རྣམས། །གོས་དར་རིན་ཆེན་གླང་ ཁལ་གཡོག་མོར་བཅས། །བརྩེ་བས་བུ་མོ་ཁྱོད་ལ་བདག་གིས་བསྐུར། །ཞེས་གསུངས་ནས། ཤཱཀྱ་མུ་ནེ་ཤིང་རྟ་ལས་དྲངས་པས་ཀྱང་ལྷ་དགའོ། །ཨོ་ཅུང་གི་ཤིང་རྟ་ཀླུ་དགས་དྲངས་སོ། ། 1-1-158 གཡོག་མོ་དམ་པ་བཞི་བུ་མོ་ཉེར་གཅིག་ལོན་པ་ལྔ་བརྒྱ་དང་བཅུ་དྲུག་ལོན་པ་ལྔ་བཅུ་རྣམས་ དང་ཁལ་རྟ་རྣམས་རིམ་གྱིས་བྱོན་ནས། ཕོ་བྲང་དུ་ཕྱིན་ནས། རྒྱལ་པོའི་སྤྲུལ་པ་ནི་རྔ་བརྡུངས་ པ་སྟོང༌། བ་དན་ཐོགས་པ་སྟོང༌། དུང་འབུད་པ་སྟོང༌། སྤོས་ཐོགས་པ་སྟོང༌། འཁར་རྔ་བརྡུངས་ པ་སྟོང་དང་ལྔ་སྟོང་གིས་གསུས་སོ། །དེ་ནས་ཕོ་བྲང་བྱམས་པའི་སྒོ་བཞིར་དུས་ཅིག་ཏུ་ཨོ་ ཅུང་འཁོར་བཅས་བྱོན་པར་མཐོང་ངོ༌། །དེ་ནས་ཁྲི་བཙུན་གྱིས་གཙུག་ལག་ཁང་བཞེངས་ པར་རྩོམ་པའི་ཕྱིར། ཨོ་ཅུང་ལ་གསེར་ཕྱེ་བྲེ་གང་དུ་ཕུལ་ནས་ཁྲི་བཙུན་གྱིས་སྨྲས་པ། བཀྲ་ ཤིས་ལྷ་མོ་དཔལ་འབར་མ། །འགྲོ་ཀུན་བསོད་ནམས་སྤེལ་སླད་དུ། །གཙུག་ལག་ཁང་ཅིག་ བཞེངས་སྙམ་ནས། །ས་དཔྱད་ལེགས་པར་མཛད་དུ་གསོལ། །ཞེས་དང༌། ཨོ་ཅུང་གིས་ ཕྱག་གཡོན་ཁྲི་བཙུན་གྱི་ལག་ཏུ་འཇུས་ཏེ། གཡས་པས་དངུལ་གྱི་རྟ་ལྕག་ཚིག་གསུམ་པ་ འོ་ཐག་གི་མཚོ་ལ་གཏད་དེ། འདི་སྐད་གསུངས། ལྷ་ས་རི་བཞི་ཕྱོགས་རྒྱབ་ན། །ལྷོ་ཕྱོགས་ གསེར་གྱི་མཆོད་རྟེན་འདྲ། །ནུབ་ཕྱོགས་མན་འཇིལ་དུང་ཕོར་མཚུངས། །བྱང་ཕྱོགས་པདྨ་ཁ་ ཕྱེ་རིགས། །ཤར་ཕྱོགས་ལྷུང་བཟེད་འཕྲུལ་དུ་མཛེས། །(རི་བཞི་གོང་ནས་བཀྲ་ཤིས་འདི་ལྟར་སྣང༌། ། བཙུན་རི་དག་ལ་གསུང་མཆོག་དུང་དཀར་འཁྱིལ། །གྲིབ་མདའི་ངོས་སུ་ཐུགས་མཆོག་ནོར་བུ་འབར། །བྲག་ཕུག་དཀྱིལ་དུ་སྐུ་ རྟེན་རྒྱལ་མཚན་ཡོད། །ཙ་ལའི་ངོས་སུ་དབུ་རྒྱན་གདུགས་ཆེན་འདྲ། །ར་ཀའི་བྲག་ལ་སྤྱན་མཆོག་ཉ་བོ་ཆེ། །སྟེང་ན་པདྨ་འདབ་ བརྒྱད་རྒྱས་པ་འདྲ། །སྟེང་དུ་འཁོར་ལོ་རྩིབ་བརྒྱད་བསྐོར་བའི་ཚུལ། །ཡོན་ཏན་ཐམས་ཅད་འབྱུང་བའི་རྟགས་སུ་སྣང༌། །སྟོན་ པའི་བསྟན་པ་འདི་ལ་དར་བར་འགྱུར། །ལྷ་ས་རི་རྒྱབ་ནང་དུ་བཀྲ་ཤིས་རྫས། །བརྒྱང་པོ་འདི་ལ་ཚང་བ་གཞན་དུ་མེད། །སྟོན་ པའི་རིང་བསྲེལ་མཆོད་པར་འགྱུར་བའོ། །)འོ་ཐང་མཚོ་ལ་གཞི་བརྟེན་གྱིས། །མ་འོངས་དགེ་འདུན་རྒྱ་ མཚོ་འདུ་བའི་རྟགས། །སྟེང་ན་འཁོར་ལོ་རྩིབ་སྟོང་ལྟར། །འོག་ཏུ་པད་མ་འདབ་བརྒྱད་རྒྱས། ། ཕྱི་རབ་ཡོན་ཏན་ཐམས་ཅད་འབྱུང་བའི་རྟགས། །ས་སློང་རྡོ་སློང་མང་དུ་སྣང༌། །(ས་སློང་རི་སློང་ ནི། ནུབ་གླ་བའི་ཚུལ་དུ་འདྲེའི་གདུག་པ་སྣང༌། །རྡོ་རྗེ་ཐོ་བས་ཁ་རྒྱུན་གདན་ནས་བཤིགས། །ནུབ་བྱང་མཚམས་ན་མ་མོ་ཉལ་ས་ 1-1-159 ཡོད། །གཏན་དུ་དེ་ཡང་རྨིང་བཤིགས་དགོས་པ་ལགས། །ཤར་ལྷོ་མཚམས་ན་བཙན་གྱི་རྒྱུག་ལམ་སྣང༌། །ལམ་སྣ་བསྒྱུར་ཅིག་ མཁའ་འགྲོ་བས་ཟ་མོ། །ནུབ་ཕྱོགས་ཤིན་ཏུ་བྲག་གོང་ནག་པོ་རུ། །བདུད་ཕོ་བྱ་ར་བྱེད་པ་འདྲ་བ་སྣང༌། །དེ་ལ་མཆོད་རྟེན་སེར་པོ་ རྩིགས་པར་གྱིས། །བྱང་ན་བྲག་ཏོ་རྐ་ཀའི་བར་དག་ལ། །ཀླུ་བདུད་དགེ་སློང་ཤུལ་ཞུགས་ཡོད། །དེ་ལ་བྱ་ཁྱོང་དཀར་པོ་བྲིས་ལ་ སྟོན། །སྐྱིད་ཆུའི་ཀླུང་དུ་དྲི་ཞོན་ཡོད་དེ་ལ། །དུང་དཀར་གཡས་འཁྱིལ་སྟོན་ཀླུའི་ཕོ་བྲང་འཇིགས། )དེ་དག་ང་ཡི་ཤཱཀྱ་ནུ་ ནེ་ཡིས། །འཇོམས་ནས་ཉམ་ང་མེད་པ་ལགས། །ཞེས་གསུངས་ནས། ཁྲི་བཙུན་གྱིས་རྒྱལ་པོ་ ལ་སྨྲས་པ། རྒྱལ་པོས་ཐུགས་རྗེ་ཆེན་པོ་ཙན་དན་ལ་གསོལ་བ་བཏབ་པས། ལྷའི་ཐུགས་ཀར་ འོད་ཟེར་གསེར་གྱི་རྡོ་རྗེ་ལྟ་བུ་འཕྲོས་པས། འོ་ཐང་གི་མཚོའི་སྟེང་དུ་དྲ་བ་དྲ་ཕྱེད་དུ་ཁྱབ་ པས། འོད་ཟེར་རེ་རེའི་སྟེང་དུ་ཤིང་ལེབ་རེ་རེ་བརྐྱངས་པ་སྟེ་གདུང་སྣ་གཏད་དོ། །དོ་ནས་ཁྲོ་ ཆུའི་གཡའ་བ་བཀྲམ་ནས་སོ་ཕག་དང་སྤང་ལེབ་དང་རྡོ་གཅལ་བཀྲམ། དེ་ནས་ས་བཟང་ར་ ལ་བཀལ་ནས་རིམ་པར་བརྫངས། དེའི་སྟེང་དུ་ལྷ་ཁང་རྒྱལ་གར་ལོག་གི་ཚད་བཏིང༌། (རྒྱལ་ བོ་དགུང་ལོ་སུམ་ཅུ་སོ་བཞིའི་དུས་སུ། )དེ་ནས་རྒྱལ་པོའི་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས། སྟོང་ གིས་རྡོ་བཅོག །སྟོང་གིས་ཤིང་གཏུབ། ལ་ལས་ཆུ་ལེན། ལ་ལས་རྡོ་བླངས། རེ་རེས་འདམ་ བསྒྱུར་ནས་ར་སའི་གཙུག་ལག་ཁང་བརྩིགས་སོ། །དེ་ནས་སྤྲུལ་པའི་བཟོ་བོ་བརྒྱར་བཀོད་ ནས་ཉི་མ་གཅིག་ཏུ་ཚར་བའི་སྔ་དྲོ། གཡོག་མོ་འཇང་བཟའ་ལ་གསོལ་བ་བསྐུར་ནས་སླར་ ལོགས་གཅིག་གཅིག་འདྲ་བ་མང་པོ་འདུག་གོ །ངས་མི་ཤེས་ཟེར་ནས། དབུས་སུ་དར་ དམར་པོས་སྐྲ་བཅིངས་པ་དེ་ཡིན་འདྲེན་མ་ནུས་ན་བཞག་ཀྱང་ཆོག་གསུངས་ནས། གཡོག་ མོས་དེ་བཞིན་དུ་བྱས་ནས་རྒྱལ་པོས་མི་རིགས་པར་མཁྱེན་ནས། སྤྱན་ཟུར་གྱིས་གཟིགས་པ་ སྟེལ་གྱིས་ཁ་འཕྱར་བས་སེང་གེའི་སྣ་བཞོག་སྟེ། གཞན་ཐམས་ཅད་ཀྱང་སྣ་ལྷན་ཅིག་ཏུ་ བཅད་དོ། །དེ་ནས་ངས་སྤྲུལ་པ་མཛད་པ་དེ་ནག་ཆག་གཅིག་གིས་ཤེས་ན་ཅི་ཕན་སྙམ་ནས། སྤྲུལ་པ་ཐམས་ཅད་བསྡུས་ནས་གནས་སྟོང་ནས། འཇང་བཟའ་སྐྲག་པས་ཁྲི་བཙུན་ལ་བསྙད་ 1-1-160 དོ། །བལ་བཟའ་སྐྲག་ནས་འདོང་ནས་སྐྱིད་ཆུའི་འགྲམ་དུ་མཇལ་ནས་ཕྱག་ཕུལ་ཏེ་སྨྲས་པ། སྤྲུལ་པའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །གཉིས་སུ་མེད་པའི་ཆོས་རྒྱལ་དགོངས་སུ་ གསོལ། །གཏི་མུག་དབང་གིས་ཉེས་པ་གང་བགྱིས་བཤགས། །ད་ནི་ལས་ཀ་བཙུགས་པའི་ ཐུགས་རྗེས་གཟུང༌། །ཞེས་དང༌། རྒྱལ་པོ་ན་རེ། ལྷ་མོ་རྣམ་དག་དཀར་གསལ་བློ་གྲོས་མ། ། མ་རིག་ཕལ་ཆེར་དག་དང་ང་མི་མཐུན། །དེ་ཕྱིར་བདག་གིས་ཡིད་ནི་ཞུམ་པ་སྐྱེས། །བདེན་ ནམ་ལེགས་སམ་ཁྲི་བཙུན་མཛེས་མ་ཁྱོད། །དེ་ནས་ར་སའི་གཙུག་ལག་ཁང་རྫོགས་པར་ མཛད་དོ། །(བཙུན་མོ་ལ་གདམས་པ་ནི། ༀ་མ་ཎི་པད་མེ་ཧཱུཾཿ ལྷ་མོ་བལ་ཟ་ང་ལ་ཉོན། །བྱས་པའི་ཆོས་ནི་འདུས་བྱས་ཡིན། ། དེ་ལ་བློ་གཏད་བྱེད་པ་ཡིན། །ཆོས་ཉིད་རྣམ་དག་འདས་མ་བྱས། །གདོད་ནས་རང་བཞིན་ལྷུན་གྱིས་གྲུབ། །རང་བྱུང་སངས་རྒྱས་ རང་ལ་བཞུགས། །འོན་ཀྱང་དྲི་མ་ངན་པའི་སྒྲིབ། །དེ་དག་སྒྲིབ་གཡོག་བསལ་བའི་ཕྱིར། །ལྟ་བ་མཐའ་བྲལ་ཉིད་ལ་མཛོད། ། བསྒོམས་པ་བསམ་མེད་སྤྲོས་བྲལ་གྱིས། །སྤྲོས་པ་བྱར་མེད་རྩོད་བྲལ་ཡིན། །འབྲས་བུ་དྲི་བྲལ་སངས་རྒྱས་ཉིད། །ཇོ་མོ་བལ་ཟ་ ཐུགས་ལ་ཞོག །ཨཱོཾ་མ་ཎི་པད་མེ་ཧཱུཾཿ ལྷ་མོ་རྒྱ་ཟ་ང་ལ་ཉོན། །ཡི་དམ་ཐུགས་རྗེ་ཆེན་པོ་དང༌། །གྲིབ་མ་བཞིན་དུ་མ་འགྲོགས་ན། ། བྲན་གཡོག་མང་སྡེ་སོ་སོར་འགྲོ། །མཚན་དཔེ་ལུས་ཅིག་མ་ཐུབ་ན། །སྐྱེ་གཟུགས་བཟང་ཡང་ཤ་རུས་འཐོར། །ཚུལ་ཁྲིམས་གོས་ ཅིག་མ་གྱོན་ན། །དར་ཟབ་གྱོན་ཡང་རོ་གོས་ཡིན། །ཕྱི་ཆོས་ཆོས་ལ་མ་དྲིལ་ན། །ཟས་ནོར་ལོངས་སྤྱོད་ཤུལ་དུ་ལུས། །ཕ་མ་བུ་ ཁྱོད་མ་སྟོང་བར། །འཆི་ན་རང་ཉིད་གཅིག་པུར་འཆི། །ཤི་ན་གར་སྐྱེ་ཆ་མེད་དེ། །དགེ་སྡིག་གང་བྱས་ཉིད་དང་འགྲོགས། །འཆི་ གར་གཞན་གྱི་མི་སྟོང་བར། །ཡི་དམ་ཐུགས་རྗེ་ཆེན་པོ་ཡོད། །ཐུགས་རྗེ་ཆེན་པོ་བསྒོམ་པའི་ཐབས། །ལྟ་བ་ཨུ་པ་ཡ་བརྟེན་ནས། ། བསྒོམ་པ་ཡོ་ག་ལྟ་བུར་བྱ། །སྤྱོད་པ་གྲི་ཡ་བཞིན་དུ་བྱ། །རིགས་དྲུག་སྐྱེ་ས་གཅོད་པར་བྱ། །བྱང་ཆུབ་ཐོབ་པར་གདོན་མི་ཟ། །ཨཱོཾ་ མ་ཎི་པད་མེ་ཧཱུཾཿ ཇོ་མོ་དད་ལྡན་ཞང་ཞོང་ཟ། །ཇི་ལྟར་ལྕགས་སྒྲོགས་དགུ་སྒྲིལ་གྱིས། །ལུས་འདི་བཏགས་ཀྱང་འཆི་བ་ཡིན། །དེ་ ལ་ཕན་པའི་གདམས་ངག་ནི། །ཏིང་འཛིན་ཡེ་ཤེས་ཐོབ་པ་ན། །སྒྲིབ་པའི་བུམ་པ་བརྒྱུར་བྱས་ནི། །རང་ལ་ཡོད་པའི་མར་མེ་ མཐོང༌། །དེ་ཚེ་བྱང་ཆུབ་ཐོབ་ཅེས་བྱ། །ༀ་མ་ཎི་པད་མེ་ཧཱུཾཿ བཙུན་མོ་དད་ལྡན་རུ་ཡོང་ཟ། །སྐྱེ་མེད་ཆོས་སྐུ་མ་ཐོབ་ན། །གཟུགས་ བྱད་ལེགས་ཀྱང་རྒས་ནས་འགྲོ། །མཚན་དཔེའི་རྒྱན་གཅིག་མ་ཐོབ་ན། །གསེར་གཡུས་བརྒྱན་ཀྱང་བྲལ་ནས་བོར། །ལུས་ངན་ 1-1-161 བསགས་པའི་བུད་མེད་རྣམས། །དོན་མེད་འཁོར་བའི་བུ་རྒྱུད་སྤེལ། །ལུས་དོན་མེད་མ་བྱེད་ཐུགས་རྗེ་ཆེན་པོ་སྒོམ། །ངག་དོན་ མེད་མ་བྱེད་མ་ཎི་ཐོན། །ཡིད་དོན་མེད་མ་བྱེད་ཏིང་འཛིན་བསྒོམ། །དེ་ལྟར་གྱིས་དང་བྱང་ཆུབ་ཐོབ། །ཨཱོཾ་མ་ཎི་པད་མེ་ཧཱུཾཿ ཇོ་མོ་ ཁྲི་ལྕམ་ང་ལ་ཉོན། །བདག་འཛིན་ཆེ་བ་བུད་མེད་ཡིན། །ཁྱོད་རང་འཛིན་པའི་མདུད་པ་ཆོད། །འདོད་ཆགས་བུད་མེད་དག་གིས་ ཆེ། །ཁྱོད་རང་ཆགས་པའི་འཁྲི་བ་ཆོད། །བུད་མེད་རྣམས་ནི་བློ་སྣ་མང༌། །ཁྱོད་རང་བློ་སྣ་ཆོས་ལ་བསྒྱུར། །བུད་མེད་རྣམས་ནི་སྨྲ་ བ་མང༌། །ཁྱོད་རང་ཡི་གེ་དྲུག་མ་ཐོན། །བུད་མེད་རྣམས་ནི་ཁྱོ་དད་ཆེ། །ཁྱིམ་ཐབས་བདུད་ཀྱི་བཙོན་ར་ཡིན། །གཟུང་འཛིན་ཆེ་ བའི་བུད་མེད་ཡིན། །ཡི་དྭགས་གནས་སུ་སྐྱེ་བ་ཡིན། །བུད་མེད་རྣམས་ནི་སྦུམ་དད་ཆེ། །གོས་བཟང་ནམ་མཁའ་འཇའ་ལྟར་ ཡལ། །བུད་མེད་རྣམས་ནི་བུ་གདུང་ཆེ། །བུ་རྒྱུད་རང་གི་གཤེད་མ་ཡིན། །བུད་མེད་ཆོས་ལ་གོ་བ་ཆུང༌། །ནག་མོ་ཞེས་སུ་མིང་དུ་ བཏགས། །འཕྲལ་དབང་བུད་མེད་ཆེ་བ་ཡིན། །གང་བཟང་ངན་དུ་བསྒྱུར་བར་བྱེད། །ཆོས་མེད་ནག་མོ་བུ་མང་ཡང༌། །རབ་ཆད་ རྒན་མོ་ངན་སོང་འགྲོ། །དད་མེད་བུ་མོ་གཟུགས་བཟང་ཡང༌། །དུད་འགྲོ་མིའི་གཟུགས་ཅན་ཡིན། །ཕ་ཡུལ་གཞན་ན་རང་ནོར་ ཁྱེར། །དོན་མེད་མི་ལ་སྟེར་བ་ནི། །གཡོག་མོ་བླ་ན་མེད་པའི་ཡིན། །དེ་བས་ཡིད་དམ་ཐུགས་རྗེ་ཆེན་པོ་གྱིས། །བསྒྲུབ་རྟེན་འདི་ ལ་བཟུང་བ་མཛོད། །སྙིང་པོ་ཡི་གེ་དྲུག་མ་ཐོན། །ཇོ་མོ་ཁྲི་ལྕམ་ཡིད་ལ་ཞོག །ཅེས་གསུངས། )དེ་ནས་བལ་པོ་ལྷ་བཟོ་ གཅིག་བོས་ནས། རྒྱལ་པོ་ན་རེ། ཁྱེད་ཀྱིས་སྐུ་གཟུགས་བྱེད་ནུས་སམ། གསུངས་ནས། ནུས་ བྱས་སོ། །དེ་ནས་གོང་གི་རྟེན་རྣམས་དང༌། གླང་པོ་ཆེའི་འོ་མ་དང༌། སྤཽས་ཀྱི་ལྡེ་གུ་བྱས་ཏེ་སྟ་ གོན་དུ་བཞུགས་པའི་ནམ་གྱི་ཐོ་རངས་སུ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ལྡེ་གུ་ལ་ཐིམ་ པར་གཟིགས་སོ། །ད་ནི་སྐུ་བྱིན་རླབས་ཅན་གཅིག་འོང་སྙམ་ནས་ནམ་ལངས་ཏེ་རྒྱལ་པོ་བྱོན་ ནས། ཞལ་བཅུ་གཅིག་པ་ཕྱག་བརྒྱད་པ་རྩ་ཞལ་དཀར་པོ་(འཁོར་ཞལ་ཡིན་ནོ། །)གསུམ་བརྩེགས་ ཞི་བ། དེའི་ཐོག་ཏུ་རྒྱས་པའི་ཞལ་སེར་པོ་གསུམ། དེའི་སྟེང་དུ་དབང་ཞལ་དམར་པོ་གཉིས། དེའི་སྟེང་དུ་ཁྲོ་ཞལ་ནག་པོ་གཉིས། དེའི་སྟེང་དུ་འོད་དཔག་མེད་དང་བཅུ་གཅིག་གོ །པུནྚ་རི་ ཀའི་མེ་ཏོག་ལྟར་དཀར་བ་ཞིག་མཐོང་ངོ༌། །ལྷ་བཟོ་ལ་རྒྱལ་པོས་གསོལ་པ། ཀྱེ་སྤྲུལ་པའི་ལྷ་ བཟོ་བློ་གྲོས་དཔལ། །སྐུ་གཟུགས་ལེགས་པར་རྣམ་དག་ཐོན་ལགས་ཀྱང༌། །ཙན་དན་སྐུ་ 1-1-162 དང་རིང་བསྲེལ་རྟེན་མཆོག་རྣམས། །སྙིང་པོར་མ་བཅུག་ད་ནི་འགྱོད་མི་ཕན། །ཞེས་གསུངས་ ནས། ལྷ་བཟོ་ན་རེ། ཀྱེ་སྤྲུལ་པའི་རྒྱལ་པོ་རྒྱལ་བའི་སྲས། །ད་ལྟ་རྒྱལ་པོ་ཁྱེད་ལ་ཞུ་སྙམ་ ནས། །ལྷ་འདི་རང་ཆས་འདི་ལྟར་སྣང་བ་ལགས། །རང་བྱུང་དྲི་མེད་འགྲོ་བའི་མགོན་དུ་གྱུར། ། ཅེས་གསུངས། དེ་མ་ཐག་ཏུ་ཙན་དན་གྱི་སྐུ་དང་རྟེན་ཐམས་ཅད་ལྷའི་ཐུགས་ཀར་ཐིམ་པར་ གྱུར་ཏོ། །དེ་ནས་རྒྱལ་པོའི་ཐུགས་རབ་ཏུ་དགྱེས་སོ། །དེའི་ནངས་པར་གཙུག་ལག་ཁང་ དབུས་མར་སངས་རྒྱས་མི་འཁྲུགས་པ་གཟིགས་ནས་ཆོས་ཀྱི་གསུངས་མང་དུ་ཞུས་སོ། ། གཡས་སུ་སྣང་བ་མཐའ་ཡས་གཟིགས་སོ། །གཡོན་དུ་བྱམས་པ་གཟིགས་སོ། །ལྷོར་མི་ བསྐྱོད་པ་གནོད་སྦྱིན་ཕོ་མོ་དང་བཅས་པར་གཟིགས་སོ། །སང་ནངས་པར་སྐུ་དེ་འདིར་ གདན་དྲངས་སྙམ་ནས་སྒོར་བྱོན་ནས། ཀླུའི་རྒྱལ་པོ་ཨུཏྤལ་དང་ཕྲད་ནས་སྨྲས་པ། ཁྱོད་ཀྱི་ གནས་འདི་ལོ་སྟོང་དུ་ངས་སྐྱོབ་ཟེར་རོ། །དེ་ནས་གནོད་སྦྱིན་ནཱ་ག་ཀུ་བེ་རས་མེའི་འཇིགས་ པ་ལ་ངས་སྐྱོབ་ཟེར་རོ། །ལྷོ་ངོས་སུ་མགོན་པོ་ལྕམ་དྲལ་གཉིས་ཀྱིས་ཆུའི་འཇིགས་པ་ལ་ངས་ སྐྱོབ་ཅེས་གསུངས་སོ། །དེ་ནས་རྒྱལ་པོས། གཟིགས་པའི་ལྷ་དེ་དག་གི་སྐུ་བྲིས་སོ། །དེ་ནས་ ར་སའི་གཙུག་ལག་ཁང་དུ་ཐུགས་རྗེ་ཆེན་པོ་བཞུགས་སུ་གསོལ། མ་འོངས་པའི་དུས་སུ་ངའི་ ར་ས་འདིར་དགེ་འདུན་པ་དང་སྐྱེ་བོ་མང་པོ་རྟག་ཏུ་འཚོགས་པའི་བརྡ་ཡིན་གསུངས་སོ། །དེ་ ནས་རྒྱལ་པོ་རྒྱ་ནག་ག་སོ་ཀ་འདུལ་བར་བྱོན་པའི་ཤུལ་དུ་ཁྲི་བཙུན་གྱིས་ཕ་མྱེས་རྣམས་བོས་ ཏེ། འོག་ཁང་ལ་དཔེ་བླངས་ཏེ་སྟེང་ཁང་བཟོ་བརྩེགས་ལོ་བཅུ་གསུམ་དུ་མཛད་དོ། །དེ་ནས་ རྒྱལ་པོ་བྱོན་ནས། སྟེང་ཁང་དུ་གཟིགས་པས་འཕྲུལ་དུ་སྣང་གསུངས་ཏེ་འཕྲུལ་སྣང་དུ་ བཏགས་སོ། །ལི་ཡུལ་དུ་དགེ་སློང་གཉིས་འཇམ་དཔལ་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་མ་ འགྲུབ་པར་ཡི་ཆད་པས། ནུབ་གཅིག་ཏུ་རྨི་ལམ་དུ་ང་དང་ལས་འབྲེལ་མེད་དེ་བོད་དུ་སོང་ངོ༌། ། རྒྱལ་པོ་སྲོང་བཙན་སྒམ་པོ་དེ་སྤྱན་རས་གཟིགས་ཡིན་པས་སོང་ཅིག་ཞེས་རྨིས་སོ། །སོང་ 1-1-163 ནས་བོད་དུ་ཕྱིན་ནས་ཕྱིའི་ལྕགས་རིའི་གད་ཁ་ལ་སེམས་ཅན་མང་པོའི་ཆད་པ་གཅོད་པའི་ རྣམ་པར་མཐོང་ནས། དེ་གཉིས་དད་པ་ལོག་ནས་སླར་ལོག་གོ །ཆོས་ལ་སེམས་ཅན་བཙུད་ ནས་ཁོང་གཉིས་ལས་མ་དག་གོ །དེ་གཉིས་དད་ལོག་ཁུར་བར་མཁྱེན་ནས་བློན་པོ་བསེ་རུ་ གོང་སྟོན་ལ་རྟ་འདི་ཞོན་ལ་སྟོད་ལུང་དུ་དགེ་སློང་གཉིས་ང་ལ་དད་ལོག་བྱས་ནས་འབྲོས་ཏེ་ ངལ་མ་སོས་པར་ངའི་དྲུང་དུ་ཁྲིད་ལ་ཤོག་གསུངས་ནས། དེར་བདའ་སྟེ་བཟུང་ནས་ཁོང་ གཉིས་ཤིན་ཏུ་སྐྲག་ནས་རྒྱལ་པོ་ལ་གཏད་དེ། རྒྱལ་པོས་དེ་གཉིས་ལ་ལིའི་སྐད་དུ། དགེ་སློང་ རྣམ་དག་ལེགས་པའི་བསོད་ནམས་དཔལ། །མ་སྐྲག་མ་སྔངས་ང་ནི་སྤྱན་རས་གཟིགས། ། དངོས་གྲུབ་ཟག་མེད་ཡིད་ལ་ཅི་འདོད་ཀུན། །སྨྲོས་ནས་མྱུར་དུ་མྱུར་དུ་གནང་བར་འགྲུབ། ། ཅེས་དང༌། དགེ་སློང་ཆེ་བ་དེ་སྐད་འདར་ནས་སྨྲས་པ། ལེགས་པའི་རྒྱལ་པོ་མི་དབང་ཁ་ལོ་ བསྒྱུར། །བདག་ཅག་རྣམ་གཉིས་མགོན་མེད་གླིང་དུ་འཁྱམས། །དངོས་གྲུབ་གཞན་ནི་གང་ ཡང་མི་སེམས་ལགས། །རང་ཡུལ་སླེབས་ན་བསམ་པའི་དོན་མཆོག་འགྲུབ། །ཅེས་ཟེར་ནས། རྒྱལ་པོས། དགེ་སློང་གཉིས་འཕྲུལ་སྣང་གི་བྱང་ཕྱོགས་ཕག་གཅིག་ཏུ་ཁྲིད་ནས། དབུའི་དར་ ཐོད་བཀྲོལ་ནས་འོད་དཔག་མེད་བསྟན་ཀྱང་མ་རང་ངོ༌། །དེ་ནས་ནུབ་སྒོར་ནེའུ་ཀར་ཁྲིད་ ནས། ངའི་རྐང་པ་ལ་འཇུས་ཏེ་རང་ཡུལ་ཡིད་ལ་གྱིས་གསུངས་ནས་དེ་གཉིས་རྣལ་དུ་སོང་སྟེ་ སད་ཙམ་ན་རང་གི་སྒོ་གར་ཐོན་ནས་འགྱོད་པ་སྐྱེས་སོ། །ཡང་ཁྲ་འབྲུག་ཏུ་མཆོད་རྟེན་དབུ་ལྔ་ པ་དེ་ལ་དགེ་སློང་ཞིག་གིས་ནམ་མཁའ་ལ་བསྐོར་བ་ཀར་ར་མཛད་པར་གཟིགས་སོ། །རྒྱལ་ པོས་དེ་ལ་ཕྱག་འཚལ་ནས། དགེ་སློང་དེས་མཆོད་རྟེན་བླངས་ནས་རྒྱལ་པོའི་བྱིན་རླབས་ མཛད་དོ། །རྒྱལ་པོས་ཀྱང་དབུའི་དར་བཀྲོལ་ནས་འོད་དཔག་མེད་བསྟན་ཏོ། །དགེ་སློང་ དེས་བྲང་ཁ་ཕྱེ་ནས་གསང་བ་འདུས་པའི་ལྷ་ཚོགས་བཞི་བཅུ་ཞེ་གཉིས་བསྟན་ཏོ། །དེ་ནས་ རྒྱལ་པོས་ཀྱང་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ཕྱག་སྟོང་སྤྱན་སྟོང་སྐུ་ལ་འོད་ཟེར་དུ་ 1-1-164 མ་འཕྲོ་བར་མཛད་དོ། །དེ་ནས་བཞེད་པ་མཐའ་དག་རྫོགས་པའི་ཚེ་ན། དཔྱིད་ཟླ་ར་བའི་ ཚེས་བཅུ་ལ་ར་སའི་གློ་འབུར་བྱང་གི་འཕགས་པའི་དྲུང་དུ་རྒྱལ་པོ་ཡབ་ཡུམ་གསུམ་བྱོན་ ནས། དེ་རིང་ནི་ལྷ་རྟེན་ལ་རབ་གནས་བྱེད་དགོས། བློན་པོ་ཐམས་ཅད་ཀྱིས་ཡོ་བྱད་ཚོལ་ དང་སྣ་ཆེན་པོ་ཁྱོད་ཀྱིས་ངའི་སྐུ་བསྲུངས་ཀྱིས་གསུངས་ནས། ཁྲི་བཙུན་གཡས་སུ་བཞེངས། ཨོ་ཅུང་གཡོན་དུ་བཞེངས། ཁྲི་ལྕམ་ཐེམ་པའི་ཁར་བཞེངས། སྣ་ཆེན་པོ་ཐེམ་པའི་ཕྱིར་རྐང་པ་ གཉིས་བསྒྲད། ལག་པ་གཉིས་སྒོ་སྐྱེས་ལ་འཇུས་སོ། །མགོ་ཡ་ཐེམ་ལ་གཏད་དེ་འགྲེང་ངོ༌། ། དེ་ནས་སྣ་ཆེན་པོ་ན་རེ། རྒྱལ་པོ་ངའི་ཉེ་བ་རྣམས་མཇལ་ཟེར་ནས། རྒྱལ་པོ་ཞལ་ཕྱིར་ལོག་ ནས། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་བྱིན་རླབས་ཐོབ་ཅིག་ཨང་ཞེས་གསུངས། བལ་པོ་རྣམས་ ཁྲི་བཙུན་དང་མཇལ་འདོད་ཟེར་ནས། ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་ཨང་ གསུངས། ཁྲི་ལྕམ་ན་རེ། ངའི་གློ་ནས་ཉེ་བ་རྣམས་ཨོ་ཅུང་དང་མཇལ་འདོད་ཟེར་ནས། ངའི་ ལྷ་ཐུགས་རྗེ་ཆེན་པོ་ལ་མཆོད་པ་ཕུལ་ཅིག་ཨང་གསུངས། དེ་ནས་རྒྱལ་པོའི་ཞལ་ནས། ཁ་བ་ ཅན་གྱི་རྒྱལ་ཁམས་འདིར། །ང་ནས་གདུང་རབས་ལྔ་ཉིད་ནས། །(ལྷ་བཙུན་བྱང་ཆུབ་འོད་)ལྷ་ཞེས་ བྱ་བའི་རྒྱལ་པོ་འབྱུང༌། །(བོད་ཁམས་སུ་)དམ་ཆོས་མ་ལུས་རྒྱས་པར་བྱེད། །དེ་ནས་(རྒྱལ་པོ་) གདུང་རབས་གཉིས་ནས་ཀྱང༌། །རྒྱལ་པོ་དུད་འགྲོའི་མིང་ཅན་(དྷརྨ་སྤྲེལ་འགོ་)འབྱུང༌། །དམ་ ཆོས་མ་ལུས་བསྣུབ་པར་བྱེད། །(བདུད་ཀྱི་རྒྱལ་པོ་)ཐ་མ་དེ་ནི་གྲི་རུ་འཆི། །དེ་ལ་གང་ཕྱོགས་ དམྱལ་བར་འགྲོ། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །(བསྟན་པ་ཕྱི་དར་དུས་སུ་)དམ་ཆོས་མེ་སྟག་ ཙམ་ཞིག་(བོད་ཁམས་སུ་)འབྱུང༌། །(སངས་བསྟན་པའི་མཇུག་ཏུ་)མར་མེ་འཆི་ཁར་གསལ་བ་བཞིན། ། (དེང་སད་ཁམས་བདེ་བར་གཤེགས་པའི་སྙིང་པོ་)རྟག་པར་འཛིན་པའི་དུས་སུ་ཡང༌། །(ཆོས་རྗེ་ཀུན་མཁྱེན་ ཆེན་པོའི་སྐུ་རིང་ལ་)བསྟན་པ་ཤིན་ཏུ་གསལ་བར་འབྱུང༌། །(ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བསྟན་པའི་དུས་སུ་) དད་ཅན་མ་ལུས་འབྱུང་བ་སྟེ། །(ཇོ་ནང་མཆོད་རྟེན་ཆེན་པོ་ནི་)སྟོན་པའི་རིང་བསྲེལ་(ལྟ་བུ་)མཆོད་ 1-1-165 པར་འགྱུར། །(དེ་བསྟན་བཞུགས་ཐམས་ཅད་)དེ་ཡང་མ་འོངས་(པ་ན་)སངས་རྒྱས་(པར་) འགྱུར(ཏོ། །)། །ང་ཡི་དམ་ཆོས་ཟླ་བ་སྒྲོན་མེ་(ཅེས་ཞུས་པའི་མདོ་ལས་)དང༌། །དཀོན་མཆོག་སྤྲིན་ (མདོ་)དང་(དམ་ཆོས་)པད་མ་དཀར(པོ་དང་། །སངས་རྒྱས་)མྱང་འདས་ཆེན་པོའི་མདོ་མཆོག་དང༌། ། ལས་རྣམས་འབྱེད་དང་ལྔ་པོ་རྣམས། །ཁྱོད་ལ་གཏད་ཀྱིས་སྣ་ཆེན་པོ། །ཕྱི་མར་ཆོས་ཀྱི་རྒྱལ་ པོ་(ཁྲི་སྲོང་ལྡེའུ་བཙན་)དེ་ལ་གཏད། །ཞེས་གསུངས་ནས། ཡབ་ཡུམ་གསུམ་ཞལ་(དུས་གཅིག་ཏུ་སྤྱན་ རས་གཟིགས་ལ་མངོན་དུ་ཕྱོགས་ཏེ་)ལོག་གིས་བྱས་(སྣ་ཆེན་པོ་ལ་སྐུ་རྒྱབ་བསྟན་)ནས། ཕྱག་གཡས་གཡོན་ (སྒོད་གཤོག་ལྟར་)བརྐྱངས་ནས་བཙུན་མོ་གཉིས་ཀྱི་དབུ་ལ་རེག་པས། ཁྲི་བཙུན་པད་མ་(རྔ་བོ་ཆེ་ ཙམ་)དཀར་པོ་གཅིག་ཏུ་གྱུར་ཏོ། །ཨོ་ཅུང་ཨུཏྤལ་མཐིང་ག་(འདབ་མ་བཅུ་དྲུག་པ་)གཅིག་ཏུ་གྱུར་ ནས། རྒྱལ་པོའི་དགུང་ལོ་བརྒྱད་ཅུ་རྩ་བཞི་ལ་ཤིང་ཕོ་སྟག་གི་ལོ། རྟ་ཟླ་ཚེས་བཅུའི་སྔ་དྲོ་ལ་ སྤྱན་རས་གཟིགས་ཀྱི་ཐུགས་ཀར་(ཡབ་ཡུམ་གསུམ་དུས་གཅིག་ཏུ་)ཐིམ་པར་གྱུར་ཏོ། །དེ་ནས་སྣ་ ཆེན་པོའི་འགྲེ་ལོག་བྱས་པས། ཀྱེ་མ་རྒྱལ་པོ་ཆེན་པོ་མཉམ་མེད་རིན་པོ་ཆེ། །ཐུགས་རྗེའི་ མངའ་བདག་འཛམ་གླིང་རྒྱན་གཅིག་པོ། །སངས་རྒྱས་བསྟན་འཛིན་སྐྱོང་བར་མི་མཛད་པར། ། ཐུབ་པའི་རྒྱལ་ཚབ་སྲོང་བཙན་གང་དུ་གཤེགས། །ཞེས་སོགས་དང༌། ཐུགས་རྗེ་ཆེན་པོའི་ ཐུགས་ཀར་ཞལ་བསྟན་ནས་འདི་སྐད་དུ། ཨ་ཙ་མ་མི་ཤི་བྱ་བ་ག་ལ་ཡོད། །འདུས་བྱས་སྐད་ ཅིག་མི་སྡོད་མྱུར་དུ་འཇིག །ལུས་ལ་སྙིང་པོ་མེད་པས་ནམ་འཆི་ཆ་མེད་ཡིན། །ད་ལྟ་གཟུགས་ ཕུང་གཟུགས་བརྙན་ལྟ་བུར་རྟོགས། །ཞེས་དང༌། ནུ་མ་གཡས་སུ་ཁྲི་བཙུན་གྱི་ཞལ་བསྟན་ ནས། ནམ་འཆི་ཆ་མེད་ཚེ་ལ་ངེས་པ་མེད། །འཆི་བའི་རྐྱེན་ནི་ཤིན་ཏུ་མང་གྱུར་ན། །རིང་ གནས་བྱ་བ་དེ་ནི་ག་ལ་རུང༌། །ད་ལྟ་གཟུགས་ཕུང་སྒྲ་བརྙན་ལྟ་བུར་གྱིས། །ཞེས་གསུངས། ནུ་མ་གཡོན་དུ་ཨོ་ཅུང་གི་ཞལ་བསྟན་ནས། འཆི་བ་བསོགས་པའི་ནོར་གྱིས་མི་སྟོང་ལ། །ཚེ་ འདི་གཉེན་དང་འབྲེལ་བས་མི་སྟོང་སྟེ། །རང་གི་སྟོབས་ཀྱིས་མི་སྟོང་འཆི་འགྱུར་ན། །ལུས་ 1-1-166 འདི་སྒྱུ་མ་ལྟ་བུར་ཤེས་པར་གྱིས། །ཞེས་གསུངས་ནས། མི་སྣང་བར་གྱུར་ཏོ། །དེ་ནས་སྤྱན་ རས་གཟིགས་ཀྱི་དྲུང་དུ། ལོ་ཙཱ་བ་སཾ་བྷོ་ཊས་སྨྲེ་སྔགས་བྱས་པ་ནི། སྤྲུལ་པའི་རྒྱལ་པོ་ དགོངས་སུ་གསོལ། །སངས་རྒྱས་བཅོམ་ལྡན་ཤཱཀ་ཐུབ་ཀྱིས། །ཞིང་ཁམས་མི་མཇེད་འཇིག་ རྟེན་འདིར། །ཁྱད་པར་ཁ་བ་ཅན་གྱི་ལྗོངས། །(ཐམས་ཅད་ཀྱི་ལྟེ་བའི་དབུས་སམ་)བཀྲ་ཤིས་ཉམས་ དགའ་(ཆོས་འཁོར་གླིང་)ལྷ་ས་རུ(དེང་སང་དུས་སུ་)། །སངས་རྒྱས་གཉིས་པ་ལྟར་གྲགས་པ། ། སྲོང་བཙན་སྒམ་པོ་(འཕགས་པ་སྤྱན་རས་གཟིགས་ཀྱི་)སྤྲུལ་པའི་སྐུ། །(སྤྲུལ་བའི་ལྷ་ཁང་)ར་ས་འཕྲུལ་ སྣང་ཕོ་བྲང་དུ། །(བོད་ཀྱི་)འགྲོ་བའི་དོན་ལ་མི་བཞུགས་པར། །ཕ་རིན་པོ་ཆེ་དེ་གང་དུ་ གཤེགས། །(ད་ལྟའི་དུས་སུ་)རྗེ་བཙུན་མྱ་ངན་འདས་པ་ལ། །བློན་འབངས་(སཾ་བྷོ་དྲ་ངའི་)འཁང་ར་ ཅུང་ཟད་མཆིས། །(དང་བོ་)བལ་པོར་ཁྲི་བཙུན་(ཁབ་ཏུ་)བླངས་པའི་དུས། །(དུང་དཀར་ལ་དར་ལུག་ ཆུང་བ་སོགས་)ཁོ་བོས་སྡུག་བསྔལ་ཅི་ཙམ་ཁུར། །ཕ་རིན་པོ་ཆེ་དེས་(དེ་འདྲའི་སྡུག་བསྔལ་)མི་ དགོངས་སམ། །(ཧོར་)ཁྲོ་གཏུམ་རྒྱལ་པོ་ཞེ་སྡང་ཅན། །ཁྱེད་ཞལ་མཐོང་ཙམ་བྱམས་སེམས་ ལྡན། །(བལ་བོ་)རོལ་པའི་རྒྱལ་པོ་འོད་ཟེར་ཅན། །ཁྱེད་ལ་མི་ཕྱེད་དད་པ་བརྙེས། །(རི་རབ་) ལྷུན་པོ་ཙམ་གྱིས་སྒྲོན་མེ་ཐོགས། །ཞིང་ཁམས་(མུ་མེད་)དཔག་མེད་བཙལ་གྱུར་ཀྱང༌། །ཁྱེད་ འདྲའི་རྒྱལ་པོ་(གཞན་ནི་)རྙེད་མི་འགྱུར། །དེ་རིང་(ཚེས་བཅུའི་)གདུགས་ཀྱི་སྔ་དྲོ་ལ། །(ནམ་མཁའ་ ལ་)སྒྲ་དང་རོལ་མོ་འཇའ་དང་གུར། །(ངོ་མཚར་མཐོང་སྟེ་)བློན་པོ་ཕྲད་ནས་འོང་ཙམ་ན། །རྒྱལ་པོ་ ཡབ་ཡུམ་(དུས་གཅིག་ཏུ་)གཤེགས་པར་ཐལ། །ཀྱི་ཧུད་(ཡབ་ཡུམ་མཉམ་མེད་)དྲིན་ཅན་ཆོས་ཀྱི་རྗེ། ། ཀྱི་ཧུད་བློན་འབངས་(ཐམས་ཅད་གླིང་འདིར་)སྟོང་བར་བཞག །ད་ནི་(ཡབ་ཡུམ་གསུམ་པོ་ཁྱེད་རྣམས་) མྱ་ངན་འདས་འོག་ཏུ། །མ་འོངས་དུས་སུ་(སྤྱིར་བོད་ཁམས་དང་ཁྱད་པར་དུ་)ལྷ་ས་འདིར། །རྒྱལ་ པོ(འི་རིགས་རྒྱུད)་བཟང་ངན་ཅི་འདྲ་འབྱུང༌། །བསྟན་པ་འཛིན་པའི་སྐྱེས་བུ་(བླ་མ་དང་དགེ་སློང་གི་ རིགས་དང་། །རྒྱལ་བའི་)རྟེན་དང་གཙུག་ལག་ཁང་རྣམས་དང༌། །(དུས་ཅི་ཙམ་ན་)དམ་ཆོས་དར་ནུབ་ 1-1-167 ཇི་ལྟར་འབྱུང༌། །གབ་སྒྲིབ་མེད་པར་(གསལ་བོར་)ལུང་བསྟན་མཛོད། །ཀྱེ་མ་རྒྱལ་པོ་ཆེན་པོ་ རིན་པོ་ཆེ། །ང་ཡི་སྨྲེ་སྔགས་(སྙན་ལ་)གསན་ལགས་སམ། །ལུས་རྡེབ་པའི་འགྲེ་ལོག་(སྤྱན་གྱིས་) གཟིགས་ལགས་སམ། །(བདག་གི་)ཚེ་འདི་དང་ཕྱི་མ་བར་དོ་རུ། །ཕ་ཁྱེད་དང་རྟག་ཏུ་འབྲལ་ མེད་(འགྲོགས་པར་)ཤོག །ཅེས་དང༌། རྒྱལ་པོའི་སྐུ་མི་སྣང་ཡང་འཕགས་པའི་(སྤྱན་རས་གཟིགས་ཀྱི་) སྐུ་སྟོད་ནས་གསུངས་ཕྱུང་སྟེ། (འོད་གསལ་རྣམ་དག་)ཆོས་སྐུ་(ནམ་མཁའ་ལྟ་བུ་)མི་ཟད་རྒྱན་གྱི་ འཁོར་ལོ་ལ། །ལོངས་སྐུ་(འཇའ་ཚོན་ལྟ་བུ་)འབད་མེད་གསུང་སྒྲ་ཅི་ཡང་འཆར། །འདས་འགྲོ་ གཤེགས་པ་(ཡིན་ལུགས་སུ་)བདག་ལ་མེད་པ་ན། །(ད་ལྟ་བོད་འབངས་)ང་ཡི་ཞལ་མཐོང་གསུང་ ཐོས་(བྱང་ཆུབ་ཐོབ་པར་)སྨོས་ཅི་དགོས། །ཀུན་གྱིས་(ང་ལ་ཡང་དང་ཡང་དུ་)གསོལ་བ་ ཐོབ་ཅིག་བོད་འབངས་རྣམས། །བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་(སུ་སེམས་ཅན་ཐམས་ཅད་) འདིར། །འཕགས་པ་སྤྱན་རས་གཟིགས་ཀྱིས་(ཉིན་མཚན་མེད་པར་)རབ་ཏུ་བསྔགས། །(གནས་ མཆོག་)ཁྱད་པར་ཅན་གྱི་ར་ས་འཕྲུལ་སྣང་འདིར། །(མ་འོངས་དུས་སུ་)བྱང་ཆུབ་སེམས་དཔའ་ མང་པོ་འབྱུང་བར་འགྱུར། །(ཁྱད་པར་དུ་)ད་ནས་གདུང་རབ་ལྔ་ནས་རྒྱལ་པོ་ནི། །སོ་སོའི་སྐྱེ་ བོ(འི་གཟུགས་ཅན་)་བྱང་ཆུབ་སེམས་དཔའ་འབྱུང༌། །ཁྲི་སྲོང་(ལྡེ་བཙན་)མཚན་ཅན་བོད་ཁམས་ སྐྱོང་བར་བྱེད། །(ཆོས་མེད་ཀྱི་)མཐའ་འཁོབ་རྒྱལ་ཁམས་མང་པོ་དབང་དུ་བསྡུས། །(བྱང་ཆུབ་ སེམས་དཔའ་འཇམ་དཔལ་གྱི་)སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས། །ཆོས་གཞི་གཙུག་ ལག་ཁང་ནི་མང་དུ་བརྩིགས། །(ཡུམ་སྐོར་མདོ་སྡེ་ལ་སོགས་)རྒྱ་གར་གསང་མཛོད་དམ་ཆོས་མང་ པོ་བསྒྱུར། །(པཎྜི་ཏ་ཞི་བ་རྒྱ་མཚོ་ལ་སོགས་པ་)ལོ་པཎ་སྤྱན་དྲངས་བསྟན་པའི་མཐའ་རྒྱ་སྤེལ། །(ཡོན་ ཏན་ཆེན་པོ་ཡོངས་སུ་)སྦྱངས་པ་ཅན་གྱི་སྐྱེ་བོ་མང་པོ་འབྱུང༌། །བརྩོན་འགྲུས་ཅན་གྱི་སྔགས་པ་ མང་པོ་བྱོན། །དེ་ལྟར་ཆོས་སྐྱོང་རྒྱལ་པོ་ཆེན་པོ་དེས། །བོད་འབངས་བདེ་སྐྱིད་དགའ་བའི་ དཔལ་ལ་སྤྱོད། །རྒྱལ་བའི་ཆོས་ལུགས་ཕུན་སུམ་ཚོགས་པར་བྱེད། །དེ་ཡི་སྲས་ནི་བྱང་ཆུབ་ 1-1-168 སེམས་དཔའ་འབྱུང༌། །(རྒྱལ་པོ་དེའི་)མཚན་ཀྱང་མུ་ནི་བཙད་པོ་ཞེས་པར་གྲགས། །དེས་ཀྱང་ ཆོས་ཁྲིམས་རྒྱལ་ཁྲིམས་ཡང་དག་མཛད། །དེ་ནས་བདུད་རིགས་རྒྱལ་པོ་དག་ཏུ་འགྱུར། ། (དྷརྨ་སྤྲེལ་འགོ་)སྤྲེའུའི་མིང་ཅན་བོད་ཁམས་ཕུང་བ་འབྱུང༌། །གནམ་ཐེལ་དཀར་པོའི་སྤྲུལ་པ་ བློན་པོར་སྐྱེས། །ནག་པོའི་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱང༌། །བདུད་རིགས་རྒྱལ་པོ་དེ་ཡི་ དབང་བྱས་ནས། །གཙུག་ལག་ཁང་རྣམས་འཇིག་ཅིང་གསུང་རབ་གཏོར། །དགེ་སློང་རྣམས་ ལ་ཉེས་མེད་ཆད་པ་གཅོད། །སྡིག་པ་སྤྱོད་ལ་ལེགས་པའི་བྱ་དགའ་སྟེར། །དགོན་པའི་གནས་ སུ་རི་དྭགས་རྔོན་པ་གཞུག །གཙུག་ལག་ཁང་དུ་ར་ལུག་ཕྱུགས་རྣམས་བཙུད། །ང་ཡི་ཡི་དམ་ སྐུ་གཟུགས་གཏེར་དུ་སྦེད། །ཀྱི་ཧུད་སངས་རྒྱས་བསྟན་པ་ནུབ་པར་བྱེད། །ནག་པོའི་ཕྱོགས་ ནི་ཤིན་ཏུ་དར་བར་འགྱུར། །དེ་ཚེ་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀ་ཉམས། །བོད་ཁམས་ ཐམས་ཅད་མཐའ་ནས་མི་བདེ་ཞིང༌། །མི་དགེའི་སྤྱོད་པ་སྣ་ཚོགས་འབྱུང་བའི་ཚེ། །བྱང་ཆུབ་ སེམས་དཔའ་(དཔལ་གྱི་རྡོ་རྗེ་)རྡོ་རྗེའི་མཚན་ཅན་འབྱུང༌། །བདུད་ཀྱི་རྒྱལ་པོ་གྲི་རུ་འགུམ་པར་ བྱེད། །བདེ་གཤེགས་སྐུ་གཟུགས་(ཇོ་བོ་སྤྱན་རས་གཟིགས་)དེ་ཡང་གཏེར་ནས་བཏོན། །(སོ་ཐར་ སྡོམ་ཆུང་)ཆོས་ཀྱི་མེ་རོ་མདོ་ཁམས་སྨད་ནས་སློང༌། །དགེ་འདུན་སྡེ་བ་མང་དུ་སྤེལ་བར་འགྱུར། ། ང་ཡི་ར་ས་སྐུ་གཟུགས་འདི་དག་ལ། །མཆོད་པ་ཞབས་དོག་ཕུན་སུམ་ཚོགས་པར་བྱེད། ། ཕྱོགས་རྣམས་ཀུན་ཏུ་གཙུག་ལག་ཁང་སྐྱོང་ཞིང༌། །དམ་པའི་སྤྱོད་དང་ཚུལ་བཞིན་བྱེད་པར་ འགྱུར། །དེ་ནས་རྒྱལ་པོ་རལ་པའི་མིང་ཅན་འབྱུང༌། །དེ་ཡིས་དམ་ཆོས་མ་ལུས་རྒྱས་པར་ བྱེད། །གཙུག་ལག་ཁང་དང་གསུང་རབ་རྒྱ་མཚོ་སྤེལ། །དེ་ནས་བདུད་རིགས་སྤྲུལ་པ་མང་པོ་ ཡིས། །སྡེ་རྩོད་བྱས་ནས་རྒྱལ་ཁྲིམས་ཉམས་སྨད་འགྱུར། །གནས་དགོན་འཐབ་ར་བསྐོར་ ཞིང་མདུང་ཁ་འགྱེད། །གཙུག་ལག་ཁང་ལ་འཕྲོག་བཅོམ་བྱེད་པར་འགྱུར། །ཀྱི་ཧུད་སངས་ རྒྱས་བསྟན་པ་ཉམས་པར་འགྱུར། །དབང་ཕྱུག་མིང་ཅན་ལོག་ལྟའི་སྟོན་པ་འབྱུང༌། །སྔགས་ 1-1-169 ལོག་སུན་འབྱིན་ཞེས་པའི་སྲོལ་བཏོད་ནས། །བོད་ཁམས་མང་པོ་ཆོས་མིན་ལམ་ལ་བསྒྱུར། ། ནག་པོའི་ཕྱོགས་རྣམས་རིམ་བཞིན་དར་བར་འགྱུར། །འཚོ་བ་ལྷ་འདྲེ་རྣམས་དང་ཐུན་མོང་ བྱེད། །གནོད་སྦྱིན་མི་རྒོད་སྣ་ཚོགས་འོང༌། །ར་ས་འདི་ལ་འཚེ་བ་སྣ་ཚོགས་གཏོང༌། །དེ་ཚེ་ ནུབ་ཕྱོགས་དག་ཏུ་སྐུ་འཁྲུངས་པ། །དགེ་སློང་བྱ་གདོང་མཆོག་ཏུ་གཟུགས་བཟང་བ། །བྱང་ ཆུབ་སེམས་དཔའ་བློ་གྲོས་བསྒྲུབ་པར་ལྡན། །རཏྣ་བྷ་དྲ་ཞེས་སུ་མཚན་གྲགས་པ། །དེ་ཡིས་ འདི་ལ་བསྙེན་བཀུར་བྱེད་པར་འགྱུར། །དེ་ཚེ་རྒྱལ་པོ་འོད་ཀྱི་མིང་ཅན་ཅིག །བྱང་ཆུབ་ སེམས་དཔའ་བློ་གྲོས་མིག་ལྡན་འབྱུང༌། །དེ་ཡིས་བྱང་ཆུབ་སེམས་དཔའ་པཎྜི་ཏ། །རྣམ་དག་ ཚུལ་ཁྲིམས་གསུམ་དང་རབ་ལྡན་ཞིང༌། །རིགས་གསུམ་ཡོན་ཏན་ལྡན་པ་སྤྱན་དྲངས་ནས། ། ང་ཡི་སྐུ་གཟུགས་འདི་དག་ཐམས་ཅད་ལ། །བསྙེན་བཀུར་བསྔགས་པ་ཕུན་སུམ་ཚོགས་ པར་བྱེད། །རྒྱལ་པོ་དེས་ཀྱང་སངས་རྒྱས་བསྟན་པ་ནི། །ཤིན་ཏུ་གསལ་ཞིང་རྒྱས་པའི་གོ་ ཁུར་མཛད། །བསྟན་པའི་མངའ་བདག་དགེ་སློང་དམ་པ་ཞིག །བྱང་ཆུབ་སེམས་དཔའ་ འཛམ་གླིང་མཚན་གྲགས་པ། །འཁོར་ནི་སྟོང་ཕྲག་ཕྱེད་དང་གསུམ། །བྱོན་ནས་འདི་ལ་ བཀུར་སྟི་བྱེད་པར་འགྱུར། །ལུང་རིགས་སྨྲ་བའི་སྤངས་རྟོགས་མཐར་ཕྱིན་པ། །སྟོན་པ་ རྣམས་ནི་ནམ་ལངས་སྐར་མ་བཞིན། །དཀར་ཕྱོགས་རྣམས་ཀྱང་མཐུ་སྟོབས་ཆུང་བ་དང༌། ། ནག་པོའི་ཕྱོགས་རྣམས་རྒྱས་པར་གྱུར་པ་ལ། །སངས་རྒྱས་བསྟན་པ་འདྲེ་ཆོས་མང་པོས་ དཀྲུགས། །མེད་པར་ལྟ་བའི་ཕྱོགས་ཀྱི་ཆ་བཟུང་ནས། །ཆོས་ཉིད་བདེན་པ་ཁྱད་དུ་གསོད་ པར་བྱེད། །དུས་ངན་ཐ་མའི་མགོ་བོ་ཟུག་པའི་ཚེ། །དགེ་སློང་གཟུགས་ཅན་བདུད་ཀྱི་སྤྲུལ་པ་ ཞིག །ཙོང་གི་མིང་ཅན་ཤར་གྱི་ཕྱོགས་སུ་འོང༌། །ང་ཡི་རྟེན་ལ་ལོག་པའི་རྒྱན་ཆ་འདོགས། ། དམ་སྲི་ཟིལ་གནོན་གནས་སུ་བཏོན་ནས་ཀྱང༌། །བོད་ཁམས་ལོ་ཏོག་སྐྱེ་འཁྲུངས་ཞན་པར་ འགྱུར། །ཆར་ཆུ་མི་སྙོམས་རྩི་ཤིང་ཕྱུག་རྣམས་སྐམ། །ས་རྡོ་རི་རྙིལ་ངམ་གྲོག་ཚེར་མ་རྩུབ། ། 1-1-170 བཀྲ་མི་ཤིས་པའི་ལྟས་རྣམས་འབྱུང་བར་བྱེད། །ལུང་མ་བསྟན་གྱི་ལྟ་བ་མང་དུ་འབྱུང༌། ། ཕྱོགས་མེད་རིས་མེད་ཟེར་བ་སེར་གྱོན་པ། །རྩིང་ཞྭ་རེ་བ་གྱོན་པ་བེ་རྒ་ཐོགས། །བསོད་ སྙོམས་པ་ཞེས་གྲུབ་ཐོབ་ཆ་འཛིན་འབྱུང༌། །དེ་ཚེ་ང་ཡི་ར་ས་རྟེན་དང་བརྟེན་པ་ལ། །བྱང་ཆུབ་ སེམས་ལྡན་སྐྱེས་བུ་དུ་མ་ཡིས། །ལོ་ནི་གཉིས་བརྒྱར་བསྟི་སྟང་བྱེད་པར་འགྱུར། །ཁྱད་པར་ ལྷ་ས་འདི་ལ་བསྙེན་བཀུར་བྱེད་པར་འགྱུར། །བྱང་ཆུབ་སེམས་དཔའ་ཤར་ཕྱོགས་སྐུར་ བལྟམས་པ། །གསང་སྔགས་འཛིན་པ་གྲགས་པའི་མཚན་འཆང་བ། །སྙིང་པོའི་མཐའ་སྟོན་ སྐྱེས་བུ་དམ་པ་ཞིག །ཞལ་ཡང་བསྒྱུར་ཅིང་བསྙེན་བཀུར་མཛད་པར་འགྱུར། །བསྟན་པ་ འཛིན་པ་མང་དུ་འབྱུང་བ་ལགས། །ཞེས་གསུངས་པ་དང༌། མགར་རྒྱ་ནག་ཏུ་ཡོད་པའི་སྙིང་ གིས་ཚོར་ནས་དེ་མ་ཐག་འོང་ནས་སྨྲེ་སྔགས་བྱས་པ་ནི། རྗེ་རྒྱལ་སྲོང་བཙན་སྒམ་པོ་ཁྱོད། ། མི་མངོན་དབྱིངས་ནས་སྙན་གསན་འཚལ། །ཕྱི་སྐོར་ལྷོ་རྒྱལ་འཛམ་བུ་གླིང༌། །ནང་སྐོར་སྐུ་ རྒྱལ་བོད་ཀྱི་དབུས། །དགའ་ལྡན་བཀྲ་ཤིས་ལྷ་ས་རུ། །རྗེ་རྒྱལ་དངོས་ཅིག་བཞུགས་པ་ནི། ། མཚན་ཡང་སྲོང་བཙན་སྒམ་པོ་ཞེས། །སྙན་པ་རྒྱ་གར་ཡུལ་དུ་གྲགས། །བྷ་རའི་རྒྱལ་པོ་ཤིང་ རྟ་ཅན། །ཐལ་མོ་སྦྱར་ཏེ་བཛྲ་སཏྭ་བརྗོད། །ཁྱོད་ཀྱི་ཆེ་བའི་ཡོན་ཏན་རྣམས། །རྒྱ་ནག་མཐའ་ དབུས་མེད་པར་གྲགས། །ཁྲིམས་སྒོ་རྒྱལ་པོ་དེ་དག་གིས། །ཕྱོགས་སུ་ཞལ་གཟིགས་འདུད་ པར་བྱེད། །མུ་ཉག་ཙ་མིའི་རྒྱལ་པོས་ཀྱང༌། །ཁྱེད་ཀྱི་མཚན་ཐོས་རྒྱང་ནས་གསན། །མཚན་ བརྗོད་མཁན་ལ་བྱ་དགའ་སྟེར། །གེ་སར་དམག་གི་རྒྱལ་པོས་ཀྱང༌། །ཞབས་དྲུང་སྐྱེ་བར་ སྨོན་ལམ་འདེབས། །ཁོང་དེ་ལྟ་བུ་ཡི་རྒྱལ་པོ་དེ། །སྐུ་འཁྲུངས་པ་དབུས་ཀྱི་ལུང་པར་འཁྲུངས། ། དགུང་ལོ་གྱ་བཞིར་འགྲོ་དོན་མཛད། །དེང་སང་མྱ་ངན་འདས་པ་ལ། །བློན་པོ་འཁང་ར་ཅུང་ ཟད་མཆིས། །རྒྱ་ནག་ཡུལ་དུ་ཨོ་ཅུང་འདི། །བླངས་ཚེ་ཁོ་བོའི་སྡུག་བསྔལ་རྣམས། །བཤད་ ན་དགྲ་ཡི་མཆི་མ་ཤོར། །ད་ལྟར་ཞི་བར་གཤེགས་པ་ལ། །བློན་པོ་མ་བསྒུག་ཇི་ལྟར་ཡིན། ། 1-1-171 གྱི་ལིང་ཐེར་གྱི་ན་བཟའ་དེ། །ཟུང་ཅུ་རྒྱ་ཡི་ཚོང་འདུས་སུ། །ཁོ་བོས་དཀའ་བ་སྣ་ཚོགས་ བྱས། །རྒྱ་དར་གཞན་བས་རིན་ཐང་ཆེ། །ཐག་རིང་འགྲོ་ཚེ་མི་གསོལ་བར། །བུང་དེར་འཇོག་ པ་ཇི་ལྟར་ལགས། །བཅིབས་རྟ་ནག་པོ་ཁྱུང་ཆེན་འདི། །བྱང་ཕྱོགས་ཙ་མིའི་ཡུལ་ནས་བཏོན། ། བྱོལ་སོང་ལུས་ལ་མི་སེམས་ཅན། །གྱི་ལིང་ཡིག་ཚང་ཁོང་ལ་རྫོགས། །ཤུལ་རིང་ལམ་དུ་ གཤེགས་པའི་ཚེ། །མི་བཅིབས་འཇོག་པ་ཇི་ལྟར་ཡིན། །རྒྱ་ནག་ཡུལ་དུ་རྨི་ལམ་ངན། །རྒྱལ་ པོ་ཆེན་པོ་སེམས་ལ་དྲན། །མཐོང་བར་འདོད་ནས་ཡར་ཡར་འོང༌། །དགྲ་ཡུལ་ས་མཚམས་གེ་ ཤང་གེ་ཤོད་ནས། །ཤ་སྤུ་དྭངས་མ་ཁོང་ཁྲག་སྐམ། །ལམ་དུ་ཞུགས་ཚེ་འོང་ཙམ་ན། །ཆོས་ སྐྱོང་རྒྱལ་པོ་དགུང་དུ་གཤེགས། །སྐུ་མྱ་ངན་ལས་ནི་འདས་སོ་སྐད། །སུ་ལ་དྲིས་ཀྱང་བདེན་ ནོ་ཟེར། །ཐོས་པ་ཙམ་གྱིས་གློ་སྙིང་འདར། །ཁ་རྩང་རྒྱལ་པོའི་ཁབ་ཏུ་སླེབས། །གནས་མཆོག་ ལྷ་ས་ཡེར་གྱིས་མཐོང༌། །རྒྱལ་པོ་སེམས་ལ་དྲན་པའི་ཚེ། །སྐམ་ལ་བསྒྱུར་བའི་ཉ་བཞིན་དུ། ། བློན་པོ་བདག་ནི་རབ་ཏུ་བརྒྱལ། །རང་དབང་མེད་པར་མཆི་མ་ཤོར། །ལུས་ཀྱང་བྱ་ཕྲུག་ བཞིན་དུ་འདར། །ཀྱི་ཧུད་རྒྱལ་པོ་རིན་པོ་ཆེ། །མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་སུ། །གནམ་ ས་གཉིས་ཀྱི་ཀ་གདུང་འགྱེལ། །མུན་པའི་གླིང་དུ་མར་མེ་རྒས། །འཇིགས་པའི་འཕྲང་ལ་ སྐྱེལ་མི་བོར། །ཤཱཀྱ་ཐུབ་པའི་གདུང་རྒྱུད་ཆད། །མགོན་པོ་བྱམས་པའི་གདན་ས་སྟོང༌། །ཇི་ ལྟར་བསམས་ཀྱང་ཆོས་རྒྱལ་དྲན། །འཆི་བ་མི་སྔར་ཤི་ན་དགའ། །གདོང་ལ་མཆི་མ་རྒྱུན་ ཆད་མེད། །སྨྲེ་སྔགས་བརྗོད་པས་གྲེ་བ་འཛེར། །ཀྱི་ཧུད་དྲིན་ཅན་ཆོས་ཀྱི་རྗེ། །ཕྱི་སྐོར་འཛམ་ གླིང་སྨག་རུམ་ཁེངས། །དབུས་རུ་ལྷ་ས་མགོན་དང་བྲལ། །ད་སྔ་བདག་ལ་གདུང་བའི་སེམས། ། ཅི་ཙམ་ཆེ་བ་མཛད་པ་ལ། །དེ་རིང་དུས་ན་མི་གཟིགས་སམ། །སྐུ་ཞལ་དངོས་སུ་ལན་ཅིག་ སྟོན། །གསུང་མཆོག་ཚིག་ཅིག་བྱོན་པར་ཞུ། །མྱ་ངན་འདས་པའི་འོག་རོལ་ཏུ། །ཁ་བ་ཅན་གྱི་ རྒྱལ་ཁམས་འདིར། །ཆོས་རྒྱལ་ཡབ་ཡུམ་སྐུ་བཞེངས་སམ། །མཚན་དང་ས་ཕྱོགས་གང་དུ་ 1-1-172 འབྱུང༌། །བདག་ཅག་ནང་བློན་བཅུ་གསུམ་ཀྱང༌། །གོ་རིམ་བཞིན་དུ་ལུང་བསྟན་གསོལ། ། ཆོས་རྒྱལ་བཞུགས་པའི་ཞབས་དྲུང་དུ། །མཛེས་པའི་སྤྱོད་ལམ་སྣ་ཚོགས་ཀྱིས། །རྟག་ཏུ་ ཞབས་ཏོག་བྱེད་པར་ཤོག །ཅེས་དང༌། འཕགས་པའི་ཐུགས་ཀར་རྒྱལ་པོས་ཞལ་བསྟན་ནས་ མགར་ལ་འདི་སྐད་དོ། །ང་ནི་ཀུན་ནས་གཤེགས་པ་མ་ཡིན་ཏེ། །འཕགས་པའི་སྙིང་པོར་འདི་ རུ་འདུག་ཡིན་པས། །མྱ་ངན་མ་བྱེད་གསོལ་བ་དྲག་པོ་ཐོབ། །བདག་ཅག་མ་འོངས་པ་ནས་ ལྷན་ཅིག་ཏུ། །སྐྱེ་བ་མཉམ་པོར་གདུལ་བྱའི་དོན་བྱེད་ཅིང༌། །(ཤར་ཕྱོགས་སུ་)དང་པོར་པད་ མའི་གླིང་དང་(རྒྱ་གར་)རྡོ་རྗེ་གདན། །(ཤར་དུ་)ཟ་ཧོར་(དང་ནུབ་ཕྱོགས་སུ་)ཁ་ཆེ་(ལྷོ་ནུབ་ཏུ་)རྔ་ ཡབ་གླིང་ལ་སོགས། །སྐྱེ་བ་མང་པོ་འགྲོ་བ་འདྲེན་ནས་སུ། །(སླར་ཡང་)བོད་ཁམས་རྩོད་དུས་ སྲིད་པའི་ཐ་མ་ལ། །(ཤར་ཕྱོགས་སུ་)མ་བང་རྒྱ་མཚོས་བསྐོར་བའི་(སྟོད་ལུང་)མངའ་རིས་སུ། ། (ནུབ་ཏུ་རི་བོ་)ཏེ་ཙེ་གངས་གར་(ཤེལ་གྱི་)དྲིལ་བུ་བཀོད་པ་འདྲ། །(བྱང་དུ་)རི་བོ་གཎྜི་སྤོས་གླིང་ འགྱིང་བ་བཞིན། །(ལྷོ་ཕྱོགས་)ཀོ་ཀིང་གཡའ་མ་མེ་ཏོག་(སྣ་ཚོགས་)བཀྲམ་པ་འདྲ། །(དེ་དག་ཐམས་ ཅད་)དབུས་སུ་(ས་གཞི་)པད་དཀར་རྒྱས་པའི་ལྟེ་བ་རུ། །དུང་དཀར་གཡས་སུ་འཁྱིལ་བའི་ཀ་ ཡོ་རི། །ཤིང་སྣ་རི་དྭགས་བྱ་ཚོགས་འདུ་བའི་གནས། །གྲོང་བཞིའི་དབུས་སུ་གྲོང་ཁྱེར་ངོ་ མཚར་ཅན། །པན་ཚང་གྲོང་ཁྱེར་དམག་གིས་མི་ཚུགས་པར། །མི་བདག་ཛྙཱ་ན་ཤྭ་རའི་(ཡེ་ཤེས་ དབང་ཕྱུག་)རྒྱལ་བུ་རུ། །(མིང་ནི་)ནོར་བུ་སྙིང་པོ་(ཞེས་བྱ་བ་)ཆུ་ཕོ་འབྲུག་(གི་ལོ་)ལས་འབྱུང༌། ། སྐྱེས་མཆོག་ཁྱད་འཕགས་(ཡབ་ཀྱི་)ཁབ་ནས་མངོན་འབྱུང་སྟེ། །བསྟན་པའི་སྲོག་ཤིང་ཀུན་ མཁྱེན་མཚན་དུ་གྲགས། །ད་ལྟ་བཙུན་མོ་(བལ་ཟ་རྒྱ་ཟ་རུ་ཡོང་ཟ་ཞང་ཞོང་ཟ་ཁྲི་ལྕམ་སྟེ་)རྣམ་ལྔ་འདི་ དག་ཀྱང༌། །(སྐྱེ་བ་དེའི་དུས་སུ་)དེ་ཚེ་སྲིང་མོའི་ཚུལ་དུ་འཁྲུངས་པར་འགྱུར། །(སྲེང་མོ་)དེ་ཀུན་ ཁྲིམས་ལྡན་དགེ་སློང་མ་ལ་འགོད། །(ཆོས་རྒྱལ་)འཇིག་རྟེན་མགོན་པོ་བདག་གིས་དེ་ཡི་ཚེ། ། (བོད་ཀྱི་སེམས་ཅན་ཐམས་ཅད་)སྐྱེ་དགུའི་བསོད་ནམས་རྒྱ་མཚོ་སྤེལ་བའི་ཕྱིར། །ངོ་མཚར་ཁྱད་ 1-1-173 འཕགས་བཀྲ་ཤིས་(དཔལ་ཡོན་ཅན་)སྒོ་མང་སོགས། །རྒྱལ་བའི་སྐུ་རྟེན་གསུང་རབ་རྒྱ་ མཚོ་རྣམས། །(ཇོ་ནང་དཔལ་དུ་)རྡོ་རྗེ་གྲག་མོ་རྒྱལ་གྱི་གནས་སུ་བཞེངས། །ཐེག་ཆེན་ཆོས་ཀྱི་ དུང་འབུད་དར་ཆེན་འཕྱར། །འཆད་རྩོད་རྩོམ་པའི་རྔ་བརྡུངས་དཔལ་ལ་སྤྱོད། །མཐོང་ཐོས་ དྲན་པའི་འགྲོ་བ་དེ་དག་ཀྱང༌། །བྱང་ཆུབ་ལ་ནི་མྱུར་དུ་རེག་པར་འགྱུར། །དེ་ཚེ་ནང་བློན་ཆེན་ པོ་བཅུ་གསུམ་ཀྱང༌། །ཡོན་ཏན་ང་དང་མཉམ་པའི་སྐྱེས་བུ་འབྱུང༌། །བོད་ཁམས་མུན་སེལ་ སྟོན་པའི་བྱ་བ་བྱེད། །འདི་ལ་ཐེ་ཚོམ་མ་ཟ་དྲང་པོར་ལོངས། །དེ་ཚེ་དལ་འབྱོར་ཐོབ་པའི་ བློན་པོ་མགར། །སེམས་སྟོབས་བསྐྱེད་ལ་རྩོལ་བ་མ་ཞན་ཅིག །དངོས་པོས་ཅིས་ཀྱང་མི་སྟོང་ སྙིང་ལ་ཞོག །ནམ་འཆི་ངེས་པ་མེད་དེ་བརྩོན་འགྲུས་རྩོམ། །སྡུག་བསྔལ་སྡིག་ལས་འབྱུང་ བས་མི་དགེ་སྤོང༌། །འཁོར་རྒྱུ་ཉོན་མོངས་ཡིན་པས་བག་མེད་འདོར། །ད་བོད་ཁ་བ་ཅན་གྱི་ ཡུལ་དབུས་སུ། །སྐྱེས་པའི་དལ་འབྱོར་མི་ལུས་ཐོབ་པ་ཀུན། །ཡོན་ཏན་སློབ་ལ་རྩོལ་བ་མ་ ཆུང་ཅིག །དད་གུས་མོས་པ་བྱ་བ་གཞན་མི་དགོས། །ར་ས་འདི་ལ་ཕྱག་དང་བསྐོར་བ་གྱིས། ། (སངས་རྒྱས་ཀྱི་དགོངས་པ་ཐུབ་པ་ཞི་བར་གཤེགས་པའི་ལོ་)བཅུ་གཉིས་སྐུ་ཚད་རྒྱལ་བས་ལུང་བསྟན་ནས། ། ལྷ་ཡི་ནོར་བུ་ཐུགས་ཀར་རབ་གཞུག་ནས། །བྱམས་པས་རྒྱུ་སྦྱོར་ཀརྨ་བི་ཤོས་བཞེངས། །ལྷ་ ཡི་དོན་དུ་ཀར་མའི་གནས་སུ་དྲངས། །དེ་ནས་ལྷ་ཡུལ་སྲིན་པོ་ཨོ་རྒྱན་དུ། །མི་ལོ་ལྔ་བརྒྱ་ལྔ་ བརྒྱར་འགྲོ་དོན་མཛད། །གསལ་རྒྱལ་ཁབ་ནས་རྒྱ་ནག་ཡུལ་དུ་དྲངས། །བསོད་ནམས་ སྟོབས་ཀྱིས་བོད་ཡུལ་དབུས་སུ་ཕེབས། །(སངས་རྒྱས་དགུང་ལོ་)སོ་ལྔའི་སྐུ་ཚད་མཁའ་འགྲོས་ ལུང་བསྟན་ནས། །(བྲམ་ཟེ་)ཙཀྲ་ས་མེས་ཀླུ་ཡི་ནོར་བུས་(ཐུགས་ཀར་གཅིག་)བཞེངས། །(ཆོས་ཀྱི་) རྒྱལ་པོ་རྣམ་པར་རྒྱལ་བའི་ཁབ་ཏུ་དྲངས། །དེ་ནས་ཟ་ཧོར་ཡུལ་དུ་ལྔ་བརྒྱར་བཞུགས། །(རྒྱལ་ ཆེན་འོད་ཟེར་གོ་ཅའི་ཁབ་ཏུ་)དེ་ནས་བལ་པོར་སྤྱན་དྲངས་མཆོད་གནས་མཛད། །དེས་ཀྱང་བདག་ ལ་དགྱེས་བཞིན་གནང་བ་ཡིན། །ཇོ་བོ་མི་བསྐྱོད་རྡོ་རྗེ་ཞེས་པར་གྲགས། །འདི་གཉིས་སངས་ 1-1-174 རྒྱས་ཉིད་དང་ཐ་དད་མེད། །ང་སོ་བཞི་ཡི་སྐུ་ཚད་འཕགས་པའི་སྐུ། །མི་ཡི་ནོར་བུ་ཐུགས་ ཀར་རབ་བཞུགས་པས། །རྟེན་མཆོག་ཁྱད་འཕགས་ཇོ་བོ་རང་བྱུང་འདི། །སྤྱན་རས་གཟིགས་ དབང་ཉིད་དང་ཁྱད་པར་མེད། །རྟེན་འདི་ཁྱེད་ལ་གཏད་དོ་བློན་པོ་མགར། །མ་འོངས་ལྷ་ས་ ཆུ་ཡིས་འཇིགས་པའི་ཚེ། །ཀླུ་ཡི་དོན་དུ་རྒྱ་མཚོར་བྱོན་གྱི་བར། །དེ་སྲིད་བར་དུ་བསྟི་སྟང་ ལེགས་པར་གྱིས། །བདག་གིས་ཁྱོད་ལ་དེ་སྐད་འདོམས་པར་བྱེད། །རྙེད་ཕྱིར་མ་ཡིན་གྲགས་ པའི་ཕྱིར་མ་ཡིན། །གུས་པའི་ཡིད་ཀྱིས་སྤྱི་བོར་ལོངས་པར་མཇོད། །ཅེས་གསུངས་མ་ཐག་ཏུ་ སྤྱན་རས་གཟིགས་ཀྱི་ཐུགས་ཀར་འོད་ཟེར་ཟླ་བ་ལྟ་བུ་དང༌། བར་ཁང་དུ་རྟ་མགྲིན་གྱི་ཐུགས་ ཀར་འོད་ཟེར་དུང་གི་ཕྲེང་བ་ལྟ་བུ་དང༌། བྱང་ངོས་སུ་སྒྲོལ་མའི་ཐུགས་ཀར་འོད་ཟེར་ལྗང་ཁུ་ ལྕགས་སྒྲོག་ལྟ་བུ་དང༌། འོག་ཏུ་བྱམས་པའི་ཐུགས་ཀར་འོད་ཟེར་གུར་གུམ་ལྟ་བུ་དང༌། རྡོ་རྗེ་ སེམས་དཔའི་ཐུགས་ཀར་འོད་ཟེར་རྡོ་རྗེ་ལྟ་བུ་དང༌། ཁྲོ་བོ་སྨེ་བརྩེགས་ཀྱི་ཐུགས་ཀར་འོད་ ཟེར་རལ་གྲི་ལྟ་བུ་དང༌། སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་འོད་ཟེར་འཇའ་ཚོན་ལྟ་བུ་དང༌། མི་འཁྲུགས་པའི་ཐུགས་ཀར་འོད་ཟེར་གསེར་ལྟ་བུ་དང༌། སྨན་བླའི་ཐུགས་ཀར་འོད་ཟེར་ བཻཌཱུརྱ་ལྟ་བུ་བྱུང་ནས། འོད་ཟེར་དེ་དག་གིས་ར་སའི་གཙུག་ལག་ཁང་ཐམས་ཅད་ཕྱི་ནང་ མེད་པར་བྱས་སོ། །འོད་ཟེར་སྣ་ཚོགས་པའི་དྲ་བ་དྲ་ཕྱེད་ཀྱིས་ནམ་མཁར་ཁེངས་སོ། །དྲ་ མིག་རེ་རེ་ལ་མཁའ་འགྲོ་མ་རེ་རེས་གར་དང་རོལ་མོ་བསྒྲགས་སོ། །འཇའ་འོད་དང་མེ་ཏོག་ གི་ཆར་བབ་པ་དང༌། ས་གཡོས་དང་བཅས་པར་སྐུ་ཞི་བར་གཤེགས་སོ། །མཐའ་འཁོབ་རྒྱལ་ པོར་(སྲོང་བཙན་སྒམ་པོའི་སྲས་ནི། །མང་སྲོང་མང་བཙན་དེ་སྲས་གང་སྲོང་བཙན། །དེ་སྲས་དྲུག་ནམ་འཕྲུལ་རྒྱལ། དེ་སྲས་ཨ་ ཅོ་ཁྲི་བཙན། དེ་སྲས་ཁྲི་སྲོང་ལྡེ་བཙན། དེ་སྲས་མུ་ནི་བཙད་པོ། དེ་སྲས་གླང་དྷརྨ་དང༌། ཁྲི་རལ་པ་ཅན་ལ་སོགས་པ་སྤུན་ལྔའོ། །) སྐྱེས་པའི་རབས་ཏེ་ཉེར་དགུ་པའོ།། །། ༈ ཡང་ཕལ་པའི་གཟུགས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་མཛད་དེ། ཇི་ལྟ་བུ་ཞེ་ 1-1-175 ན། འཕགས་པ་གཞོན་ནུ(ལི་ཙཱ་བི་ཉིད་)ལུང་བསྟན་པའི་མདོར། འོད་སྲུང་གཞོན་ནུ་ལི་ཙ་ བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདིའི་ཡུལ་ནི་བསམ་གྱིས་མི་ཁྱབ་པའོ། ། སྔོན་གྱི་དེ་བཞིན་གཤེགས་པ་མང་པོས་ཀྱང་སྔོན་ཆད་དུ་ལུང་བསྟན་པ་མཆིས་པ་འདི་ལྟ་ སྟེ། བཅོམ་ལྡན་འདས་པད་མའི་བླ་མ་དང༌། ཆོས་ཀྱི་ཏོག་དང༌། ཡོན་ཏན་འབྱུང་གནས་ དང༌། འོད་ཟེར་ཆེན་པོ་དང༌། བྱུ་རུའི་རྒྱལ་མཚན་དང༌། གཟུགས་བཟང་པོ་དང༌། མེ་ཏོག་ རྒྱས་པ་དང༌། རིན་ཆེན་གྲགས་པ་དང༌། སྒྲ་སྙན་རྒྱལ་པོ་དང༌། དགེ་ཚུལ་བཟང་པོ་དང༌། ཡོན་ ཏན་ཕུང་པོ་དང༌། དགྲ་ལས་རྒྱལ་བ་དང༌། ཡང་དག་མཆོག་དང༌། རྣམ་པར་གཟིགས་དང༌། གཙུག་ཏོར་ཅན་དང༌། ཐམས་ཅད་སྐྱོབ་དང༌། འཁོར་བ་འཇིག་དང༌། གསེར་ཐུབ་དང༌། དེ་ བཞིན་གཤེགས་པ་འོད་སྲུང་གིས་ཀྱང་བྱང་ཆུབ་ཏུ་ལུང་བསྟན་ཏོ། །སྐྱེ་བོ་མང་པོ་ལ་ཕན་པ་ དང༌། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར། འཇིག་རྟེན་ལ་ཐུགས་བརྩེ་བས། སྐྱེ་བོ་ཕལ་པོ་ཆེ་དང༌། ལྷ་དང་མི་རྣམས་ཀྱི་དོན་དུ་ད་ལྟར་ངས་ཀྱང་ལུང་བསྟན་ཏོ། །དུས་ནམ་ཞིག་ཏུ་མཐའ་འཁོབ་ ཀྱི་གླིང་དུ་ངའི་བསྟན་པ་ཁུར་དུ་ཁྱེར་རོ། །འཇིག་རྟེན་མགོན་པོ་ཞེས་པའི་དགེ་སློང་དུ་འགྱུར་ ཏེ། སེམས་ཅན་ཡོངས་སུ་དག་པར་འགྱུར་རོ། །ཞེས་སོགས་ལུང་བསྟན་པ་ལྟར། ཡུལ་འབྲུག་ སྒྲ་ཞེས་བྱ་བ་ན་ཡབ་འཇམ་པའི་རྡོ་རྗེ་དང༌། ཡུམ་ལྷ་བཟའ་བཞིན་བཟང་ཞེས་བྱ་བའི་སྲས་སུ་ འཁྲུངས་ཏེ། ལྷུམས་སུ་ཞུགས་པའི་ཚེ་ན་སེང་གེའི་ཕྲུ་གུ་ཞིག་རུམ་དུ་ཞུགས་པ་རྨིས་སོ། །མའི་ ལུས་བདེ་ཞིང་འཇམ་ནས་སྐྱིད་པར་བྱུང་ངོ༌། །བལྟམས་པའི་དུས་སུ་རིན་པོ་ཆེའི་གཏེར་ཆེན་ པོ་རྡོལ་བ་ཡབ་ཀྱིས་རྨིས་སོ། །ཡུམ་གྱིས་མར་མེ་གཅིག་སྦར་ནས་འཛམ་གླིང་ཐམས་ཅད་ གསལ་བར་རྨིས་སོ། །བལྟམས་པའི་ཚེ་ན་ཁྱེའུ་ཀ་ཤི་ཀའི་མེ་ཏོག་ལྟ་བུ་ཤིན་ཏུ་མཛེས་པ་སྡུག་ པ་ཞིག་བཙས་སོ། །ཡབ་ཡུམ་གཉིས་ཀྱིས་ངོ་མཚར་སྐྱེས་སོ། །ནམ་མཁའ་ལ་འཇའ་འོད་དང་ མེ་ཏོག་ཞག་དུ་མར་བབ་བོ། །ཁྱིམ་དུ་དྲི་བཟང་པོ་དང༌། སྙན་པའི་སྒྲ་སྐད་དེར་གྲག་གོ །ཡུལ་ 1-1-176 མི་ཐམས་ཅད་ཀྱིས་བྱིས་པ་ནམ་མཐོང་སྙམ་མོ། །ཆེར་སྐྱེས་ནས། ལོ་བཞི་ལོན་པའི་ཚེ་ན་ གཅོད་པ་དང་བཟང་སྤྱོད་གཉིས་ཁོང་དུ་ཆུད་དོ། །ལྔ་དྲུག་ལོན་ནས་ཀློག་མཁས་པར་གྱུར་ཏོ། ། འཕགས་པ་འཇམ་དཔལ་དམར་པོ་ཡང་གཟིགས་སོ། །རྨི་ལམ་དུ་མི་གཡོ་བ་དང༌། སྒྲོལ་མ་ གཉིས་ཡང་ཡང་དུ་རྨིས་སོ། །མིང་ཡང་ཉི་མའི་བློ་བཟང་ཞེས་བཏགས་སོ། །ལོ་བརྒྱད་ལོན་ པའི་དུས་སུ་ཁྱུང་པོ་དཔལ་ལས་རབ་ཏུ་བྱུང་ངོ༌། །(སྐྱེ་མེད་འོད་གསལ་ཆོས་དབྱིངས་ལ། །དམིགས་མེད་ ཐུགས་རྗེ་སྤྲིན་བསྡུས་ཏེ། །དམ་ཆོས་སྣ་ཚོགས་ཆུ་རྒྱུན་གྱིས། །བྱང་ཆུབ་མྱུ་གུ་བསྐྱེད་མཛད་པ། །བླ་མ་ཁྱེད་ལ་གསོལ་བ་འདེབས། ། དྲིན་ཅན་རྗེ་དང་དཀོན་མཆོག་གསུམ། །དབྱེར་མེད་རང་སེམས་ཆོས་སྐུ་ལ། །འབྲལ་མེད་དྲན་པས་གསོལ་བ་འདེབས། །མི་དགེ་ བཅུ་ལས་ལྷར་ལྡོག་ནས། །དཀར་པོ་དགེ་བཅུ་དང་དུ་ལེན། །སྒོ་གསུམ་གུས་པས་ལྡན་པ་ཡི། །བླ་མ་ཁྱེད་ལ་གསོལ་བ་འདེབས། ། རིགས་དྲུག་སེམས་ཅན་ཐམས་ཅད་ལ། །རྟག་ཏུ་སྟོང་ཉིད་སྙིང་རྗེ་བསྒོམ། །བརྩེ་བའི་སེམས་དང་བྱམས་པ་ཅན། །བླ་མ་ཁྱེད་ལ་ གསོལ་བ་འདེབས། །ངོ་བསྲུང་ལན་ལ་རེ་བ་མེད། །ཆོས་དང་མི་འཇིགས་ཟང་ཟང་སྦྱིན། །དབུལ་བ་སེལ་བའི་གཏེར་ཆེན་པོ། ། བླ་མ་ཁྱེད་ལ་གསོལ་བ་འདེབས། །སྒོ་གསུམ་ཉེས་པ་ཀུན་སྤངས་ཤིང༌། །བསླབ་གསུམ་རིན་ཆེན་འདོ་ཀྱིས་མཛེས། །རྣམ་དག་ ཚུལ་ཁྲིམས་ཕྲེང་བ་ཅན། །བླ་མ་ཁྱེད་ལ་གསོལ་བ་འདེབས། །འཁོར་བའི་རྒྱ་མཚོ་བསྒྲལ་ནས་ཀྱང༌། །མྱང་འདས་ཐར་བའི་ཁང་ བཟང་དུ། །འགོ་བར་བྱེད་པའི་བརྩོན་འགྲུས་ཅན། །བླ་མ་ཁྱེད་ལ་གསོལ་བ་འདེབས། །མཉམ་མེད་ཟུང་འཇུག་མཉམ་བཞག་ ཅན། །སྐལ་ལྡན་ཏིང་ངེ་འགོད་པ་དང༌། །སྤྲོས་བྲལ་ཡེ་ཤེས་བསམ་གཏན་ཅན། །བླ་མ་ཁྱེད་ལ་གསོལ་བ་འདེབས། །དག་པ་ གཉིས་ལྡན་སངས་རྒྱས་ཉིད། །ཕར་ཕྱིན་དྲུག་གི་ཐོབ་བྱེད་ནས། །ཤེས་རབ་ཕ་ཕྱིན་རང་བཞིན་ཏེ། །བླ་མ་ཁྱེད་ལ་གསོལ་བ་ འདེབས། །ད་ལྟར་བླ་མའི་གསུངས་རབ་ལ། །ཚུལ་བཞིན་སྟོན་པ་རིན་པོ་ཆེ། །བླ་མ་ཁྱུང་པོ་མཆོག་ལ་གསོལ་བ་འདེབས། ཞེས་ ཡང་དགོན་ཙན་དྷན་གླིང་དུ་བླ་མ་ལ་ཕུལ་བའོ། །) ཀ་རི་ཀཱ་དང༌། འདུལ་བ་ཕྲན་ཚེགས་དང༌། སྤྱོད་འཇུག་ལ་སོགས་ཆོས་མང་དུ་གསན་ ཏོ། །དེ་ནས་ཕག་མོ་གྲུབ་པའི་དྲུང་དུ་ཕྱིན་ནས། རྟ་གྲོ་མར་དང་གཅིག །དངུལ་གྱི་བུམ་པ་ དང་གཉིས། རལ་གྲི་དང་གསུམ་ཕུལ་ནས། བླ་མ་ན་རེ། བུ་རྟེན་འབྲེལ་བཟང་ཐུགས་ལ་ 1-1-177 བཏགས། རྟ་འདི་རྫུ་འཕྲུལ་གྱི་རྐང་པ་ཐོབ་པའི་རྟགས་སོ། །བུམ་པ་འདི་དམ་ཆོས་ཀྱི་རྒྱ་མཚོ་ འཁྱིལ་བའི་རྟགས་ཡིན་ནོ། །རལ་གྲི་འདི་ཉོན་མོངས་པའི་གཟུང་འཛིན་གཅོད་པའི་རྟགས་ ཡིན་ནོ། །དེ་ནས་ཕག་མོ་གྲུབ་པས་མཁན་པོ་མཛད་དེ། སྤྱང་ར་བས་ལས་ཀྱི་སློབ་དཔོན་ མཛད་ནས། དགེ་སློང་ཆེན་པོའི་སྡོམ་པ་བླང་སྟེ་མཚན་ནི་འཇིག་རྟེན་མགོན་པོ་ཞེས་བཏགས་ སོ། །(དེ་ཡང་མཚན་དོན་ནི། སངས་རྒྱས་ཕལ་བོ་ཆེར། །སངས་རྒྱས་ཡེ་ཤེས་ཤིན་ཏུ་ཟབ། །དུས་རྣམས་ཀུན་ཏུ་ངེས་འབྱུང་ བ། །ཆོས་དབྱིངས་ཐུགས་སུ་ཆུད་པས་ན། །འཇིག་རྟེན་མགོན་པོ་ཞེས་བརྗོད་དོ། །ཞེས་གསུངས་སོ། །)སློབ་དཔོན་ལ་ ཅི་མངའ་བའི་ཆོས་ཐམས་ཅད་ཞུས་ཤིང་ཐུགས་སུ་ཆུད་དོ། །(དཔལ་ཕག་མོ་གྲུབ་པ་ལ་ཕྱག་འཚལ་ལོ། ། དཔལ་ཕག་མོ་གྲུབ་པའི་བཀའ་དྲིན་གྱིས། །བྱང་ཆུབ་སེམས་ལ་བརྟན་པ་ཐོབ། །ལྟ་བ་སྤྱོད་པ་སྒོམ་པ་གསུམ། །གཅིག་ཏུ་རྟོགས་ པའི་སྦྱོར་བ་ལ། །ཐུན་མཚམ་གྱི་དགེ་སྦྱོར་བྱ་རྒྱུ་མེད། །བདག་བྱ་རྒྱུ་མེད་པའི་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་ དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །བླ་མ་དང་རང་སེམས་ཆོས་སྐུ་གསུམ། །གཅིག་ཏུ་རྟོགས་པའི་སྦྱོར་བ་ལས། ། བཅོས་མའི་མོས་གུས་བྱ་རྒྱུ་མེད། །བདག་བྱ་རྒྱུ་མེད་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་ བླ་མའི་བཀའ་དྲིན་ཡིན། །བཀའ་དང་རྒྱུད་སྡེ་བསྟན་བཅོས་གསུམ། །གཅིག་ཏུ་རྟོགས་པའི་རྣལ་འབྱོར་ལས། །ཡི་གེ་དཔེ་ཆ་བྱ་ རྒྱུ་མེད། །བདག་བྱ་རྒྱུ་མེད་པའི་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ ཡིན། །ཕ་མ་ཡི་དམ་འགྲོ་དྲུག་གསུམ། །གཅིག་ཏུ་རྟོགས་པའི་སྦྱོར་བ་ལས། །གཞན་ཕན་གྲོང་ཆོག་བྱ་རྒྱུ་མེད། །བདག་བྱ་རྒྱུ་ མེད་པའི་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །ཚེ་འདི་དང་ཕྱི་མ་ བར་དོ་གསུམ། །གཅིག་ཏུ་རྟོགས་པའི་སྦྱོར་བ་ལས། །འཆི་ཁའི་མཚམས་སྦྱོར་བྱ་རྒྱུ་མེད། །བདག་བྱ་རྒྱུ་མེད་པའི་བློ་རེ་བདེ། །བློ་ བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །ཉིན་མཚན་དུས་དྲུག་ཐམས་ཅད་དུ། །མོས་ གུས་གདུང་ཤུགས་དྲག་པོའི་བརྟེན། །མཚན་ལྡན་བླ་མ་རྗེ་དང་བྲལ་མ་མྱོང༌། །འབྲལ་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་ བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །བདེ་མོ་དྲུག་གི་དབྱངས་ཆུང་འདི། །དཔལ་ལྡན་ ལུང་ཐང་བའི་སྙན་དུ་འཕྲུལ། །བླ་མའི་བྱིན་རླབས་འཇུག་པར་ཤོག །ཅེས་གསུངས། )གསང་ཕུག་དང༌། གདན་ས་ 1-1-178 མཐིལ་དང༌། རྩེ་ཆེན་སོགས་ལ་གྲྭ་སྐོར་མང་དུ་མཛད། དེ་ནས་ཀློ་བུ་རྒྱལ་པོས་གདན་ དྲངས་ནས། འབུལ་བ་ཞབས་ཏོག་ཕུན་སུམ་ཚོགས་པ་ཕུལ་ནས། རྒྱལ་པོས་ཐུགས་ ཀར་ཐལ་མོ་སྦྱར་ནས་ཞུས་པ། འཇིག་རྟེན་མགོན་པོ་མཁས་པ་ཀུན་གྱི་རྒྱལ། །བདག་གི་ སྒོ་གར་ཆུ་འཁྱོག་རྦ་རླབས་འདི། །དབྱར་དགུན་གཉིས་སུ་ལམ་བཅད་འཇིགས་པ་ཆེ། །དེ་ རིང་འདི་ནི་བཟློག་པའི་ཐུགས་རྗེ་ཟུངས། །ཞེས་དང༌། བློ་གྲོས་རྡོ་རྗེ་ལ་སོགས་སློབ་མ་དགེ་ སློང་སུམ་ཅུ་རྩ་དྲུག་ཀྱང་སྐྲག་རྔུལ་བྱུང་ནས། དེ་ནས་ཆོས་རྗེ་བས་བཅོམ་ལྡན་འདས་འདབ་ ཆགས་མགོན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས། ཆུ་ལ་གཟིགས་ཤིང་ཆུ་འཁྱོག་ལ་བྱ་ཁྱུང་ གི་ཕྱག་རྒྱ་བསྟན་མ་ཐག་ཏུ་ཆུ་བོའི་འཁྱོག་པ་ཕར་འཕངས་ཏེ། དེའི་སྲོལ་དུ་ཆུ་ལ་གནས་པའི་ སྲོག་ཆགས་ཕྲ་མོ་རྣམས་ཀྱང་ལྷ་བྲན་དུ་བསྒྱུར་ནས་བརྒྱ་བྱིན་གྱི་གནས་སུ་འཕངས་སོ། །དེ་ དག་གིས་མེ་ཏོག་གི་ཆར་ཕབ་ནས་དེ་དག་གིས་ངོ་མཚར་བྱས་སོ། །དེ་ནས་འབྲི་གུང་དུ་བྱོན་ ནས། བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཆེན་པོ་བཞེངས་པའི་དུས་དང༌། རབ་གནས་མཛད་ པའི་ཚེ་ན་ཡང་ས་གཡོས་པ་དང༌། འཇའ་འོད་སྣ་ཚོགས་དང༌། མེ་ཏོག་གི་ཆར་དང༌། སྤོས་ སྣ་ཚོགས་དང༌། རོལ་མོ་ལ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་ངོ༌། །དུས་རེ་ཞིག་ན་སྟག་ ལུང་རྒྱལ་པོས་འགྱེད་ཆེན་བྱས་པའི་ཉིན་པར། ཆར་འབབ་པ་དང་དགེ་འདུན་པ་རྣམས་བླ་ བྱེར་མ་ཤོང་ནས། ཆོས་རྗེས་སྒོ་བཅད་དུ་ཡོད་པ་ལ་འཚོགས་པའི་གསེབ་ཏུ་བྱོན་ནས། དགེ་ འདུན་པ་རྣམས་དང་རྒྱལ་པོ་ཡང་ཤིན་ཏུ་དགའ་ནས་ཕྱག་དང་བྱིན་རླབས་ཞུ་བར་འུར་ནས། ནམ་མཁའ་ལ་འཕགས་ཏེ་བླ་བྱེའི་རྩིག་པ་རྣམས་ཕྱིར་འཐེན་ནས་ཤིན་ཏུ་ཡངས་པར་མཛད་ དོ། །(འཚོགས་པ་རྣམས་ལ་མགུར་མ་འདི་སྐད་གསུངས་སོ། །དཔལ་མོ་གྲུབ་པ་ལ་ཕྱག་ འཚལ་ལོ། །བུ་ཅེས་ཀྱང་མ་ཕན་འཆི་བར་ངེས། །འཇིག་རྟེན་གྱི་བྱ་བ་རྫུན་པོར་སྣང༌། །ཆོས་ བརྒྱད་འཇའ་ཚོན་རི་མོ་ལ། །བློ་སྣ་གཏད་ས་ཡོད་དམ་མེད། །འདུས་ན་བྲལ་བ་མཐོང་ཙམ་ 1-1-179 ན། །ཉེ་གདུང་སེམས་ལ་རྫུན་པོར་སྣང༌། །སྙིང་གཏམ་བྲག་ཅ་ལྟ་བུ་ལ། །བཀའ་བློ་གཏད་ས་ ཡོད་དམ་མེད། །ལུས་འབྱུང་བཞི་དར་རྒུད་ཕུང་པོ་ལ། །ཤེད་དང་དཔའ་རྩལ་རྫུན་པོར་སོང༌། ། ཚེ་རྩི་ཏོག་སྟོན་ཀའི་མེ་ཏོག་ལ། །བློ་སྣ་གཏད་ས་ཡོད་དམ་མེད། །ནོར་རྫས་བསོགས་ནས་ ཟད་པ་ལ། །སེར་སྣ་སྡིག་བསོགས་རྫུམ་པོར་སོང༌། །ཟས་ནོར་རྩྭ་ཁའི་ཟིལ་བ་ལ། །བཀའ་ བློ་གཏད་ས་ཡོད་དམ་མེད། །སྐྱེ་འཆི་སྡུག་བསྔལ་མྱོང་ཙམ་ན། །ལྷ་མིའི་བདེ་སྐྱིད་རྫུན་པོར་ སོང༌། །བཀའ་བློ་གཏད་ས་ཡོད་དམ་མེད། །ཕ་བྱང་ཆུབ་སེམས་ཀྱི་སྡོང་བོ་ལ། །ཕྱོགས་རས་ ཟེར་བ་རྫུན་པོར་སྣང༌། །ཕ་ཡུལ་སྡིག་པའི་གྲོགས་པོ་ལ། །བློ་སྣ་གཏད་ས་ཡོད་དམ་མེད། ། སེམས་ཅན་ཕ་མར་ཤེས་ཙམ་ན། །གཅེས་བརྩེ་ཞེ་འདོད་རྫུན་པོར་སྣང༌། །གོམ་པ་ཉན་ ཐོས་ཐེག་པ་ལ། །བློ་སྣ་གཏད་ས་ཡོད་དམ་མེད། །རྒྱུ་འབྲས་ཆོས་ལ་ངེས་ཤེས་སྐྱེས་ཙམ་ན། ། གནད་མེད་ཁ་ར་རྫུན་པོར་སྣང༌། །ཆར་མེད་ཀྱི་ནམ་མཁའ་སྟོང་པ་ལ། །ཉམས་བྱིན་རླབས་ མེད་པའི་མན་ངག་ལ། །བདུད་ཀྱི་བར་ཆད་རྫུན་པོར་སྣང༌། །ཚིག་ཅུང་ཟད་ནི་ཚོ་འདོན་པ་ ལ། །རང་སེམས་མངོན་དུ་གྱུར་ཙམ་ན། །དྲང་དོན་གསུམ་ཡང་རྫུན་པོར་སྣང༌། །རང་དོན་ ཐེག་པ་མགོ་སྐོར་ལ། །བཀའ་བློ་གཏད་ས་ཡོད་དམ་མེད། །རྔ་འཇག་ལྟ་བུའི་རི་ཁྲོད་ན། ། གཅིག་པོར་འདུག་པ་མི་སྐྱོ་འམ། །ཐམས་ཅད་མི་རྟག་འཆི་བ་ལ། །ཆགས་ཞེན་མ་བྱེད་འབྲི་ གུང་བ། །འཆི་བ་དྲན་ཤིག་འཇིག་རྟེན་མགོན། །ཅེས་གསུངས་སོ། །)ཐམས་ཅད་མི་ཕྱེད་པའི་ དད་པ་ཕུལ་ལོ། །དེ་ནས་བླ་བྱེའི་སྒོ་འགྲམ་དུ་ཕ་འོང་ཤིན་ཏུ་སྲ་བའི་སྟེང་ངོས་སྔོན་པོ་ཞིག་ལ་ ཞབས་ཡ་ཅིག་བཞག་ནས་གསུངས་པ། རྡོ་ལ་ཞབས་སྲོལ་བཏོད་མི་མང་ལགས་ཏེ། །རྡོ་སྔོན་ འབར་བའི་སྟེང་ན་ཞབས་རྗེས་ནི། །ཤིན་ཏུ་དཀར་ལ་དྭངས་གསལ་རི་མོ་བཅས། །དངོས་སུ་ ཕྱུང་བ་ཨ་མི་ཁོ་བོ་ཙམ། །ཞེས་གསུངས་པས་རྡོ་སྔོན་པོ་ལ་ཞབས་རྗེས་དཀར་པོ་ལྟེ་བར་པད་ མའི་རི་མོ་དང་བཅས་པར་ཕྱུང་ངོ༌། །དེ་ནས་ལྷ་སར་བྱོན་ནས་བར་སྐོར་ལ་བྱོན་ནས་ཕྱག་ 1-1-180 འཁར་གྱིས་རྡོ་གཅལ་དུ་གང་ལ་བཙུགས་པའི་སར་སྲོལ་རེ་རེ་ཕྱུང་བར་མཛད་དོ། །དེ་ཡང་ ཟླ་བ་གསུམ་དུ་ལྷ་སར་དྲན་པ་ཉེ་བར་བཞག་པའི་མདོ་དང་རྒྱུད་འབུམ་གསུངས་པའི་དུས་སུ། ནམ་མཁའ་ལ་སྒྲ་འོད་གསལ། མེ་ཏོག་གི་ཆར་བབ་བོ། །དེ་ནས་འབྲི་གུང་དུ་བྱོན་ནས་མདོ་ མང་གི་ལུང་ཚར་ཅིག་གསུངས་པའི་དུས་སུ་འཇའ་འོད་དང་སྒྲ་སོགས་གོང་ལྟར་རོ། །དེ་ནས་ སློབ་མ་གཅིག་ཕ་ཡུལ་དུ་འགྲོ་འདིར་ལོ་ཉི་ཤུར་མཚམ་གཡོག་བྱས་ཀྱང༌། ཆོས་མི་འོང་སྙམ་ སྟེ་སོང་ནས་གདན་ས་མཐིལ་གྱི་གོང་དུ་ཕྱིན་ཙམ་ན་ཆོས་རྗེ་སྒོ་བཅད་དུ་ཡོད་ཀྱང་པད་མའི་ སྡོང་པོ་གཅིག་གི་ལྟེ་བར་བཞུགས་ནས་འདི་སྐད་གསུངས་སོ། །ལར་སྟོང་རྒྱུ་མེད་པའི་འཁོར་ བ་དེ་དང་གཅིག །ཟད་རྒྱུད་མེད་པའི་ལས་སྐལ་དེ་དང་གཉིས། །ཟིན་ནི་རྒྱུ་མེད་པའི་ལོང་ གཏམ་དེ་དང་གསུམ། །དེ་གསུམ་དམ་པའི་ཆོས་དང་འགལ། །ཁོ་བོས་དེ་གསུམ་སྤངས་བས་ འཚེངས། །བུ་ཁྱོད་རང་དེ་གསུམ་སྤངས་ན་ལེགས། །ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཉེ་དུ་ འཁོར་བའི་བཤལ་ཐག་ཡིན། །སྡིག་བསོགས་སེར་སྣའི་མདུད་པ་ཡིན། །དེ་གསུམ་དམ་པའི་ ཆོས་དང་འགལ། །ཁོ་བོས་དེ་གསུམ་སྤངས་བས་འཚེངས། །བུ་ཁྱོད་རང་དེ་གསུམ་སྤངས་ན་ ལེགས། །ཡོན་ཏན་མེད་པའི་བླ་མ་དང༌། །མོས་གུས་མེད་པའི་སློབ་མ་དང༌། །གཤེ་ཞིང་འཕྱ་ བའི་གྲོགས་པོ་སྟེ། །དེ་གསུམ་དམ་པའི་ཆོས་དང་འགལ། །ཁོ་བོས་དེ་གསུམ་སྤངས་བས་ འཚེངས། །བུ་ཁྱོད་རང་དེ་གསུམ་སྤངས་ན་ལེགས། །བདག་འཛིན་གྱི་དགོན་པ་བཟུང་བ་ དང༌། །ཟས་ཁས་ལེན་དགོས་པའི་ཚོགས་བསོགས་དང༌། །ངོ་བསྲུང་མེད་པའི་ཡོན་བདག་ སྟེ། །དེ་གསུམ་དམ་པའི་ཆོས་དང་འགལ། །ཁོ་བོས་དེ་གསུམ་སྤངས་བས་འཚེངས། །བུ་ཁྱོད་ རང་དེ་གསུམ་སྤངས་ན་ལེགས། །ས་སྟོད་ཀྱང་ར་ས་སྐོར་བ་དང༌། །ཕྱི་ཐག་མེད་པའི་མཛའ་ བོ་དང༌། །དགྲ་བོ་ཕུགས་སུ་ཞུགས་པའི་བུ་ཆུང་སྟེ། །དེ་གསུམ་དམ་པའི་ཆོས་དང་འགལ། ། ཁོ་བོས་དེ་གསུམ་སྤངས་བས་འཚེངས། །བུ་ཁྱོད་རང་དེ་གསུམ་སྤངས་ན་ལེགས། །ཞེས་ 1-1-181 གསུངས་ནས་སློབ་མས་ཆགས་ཞེན་ལྡོག་སྟེ་སླར་ལོག་ནས་བླ་མའི་སྒོ་འགྱུར་མེད་དུ་སྒོམ་ ཁང་ལ་བཞུགས་པར་མཇལ་ལོ། །(ན་མོ་གུ་རུ། ཆོས་ལ་ལྟ་བ་མེད་པ་དེ། །འཁོར་ལོ་ཆག་པའི་ཤིང་རྟ་བཞིན། །བདེ་ ཆེན་ཐང་ལ་ཕྱིན་དུས་མེད། །དེས་ན་ཡང་དག་སྟག་ཚོ་ལ། །ཆོས་པ་བསྒོམ་པ་མེད་པ་དེ། །ཉི་ཟླ་སྒྲ་གཅན་ཟིན་པ་འདྲ། །ཆོས་ཉིད་ འོད་གསལ་རྟག་ཏུ་མེད། །དེས་ན་མན་ངག་ཟབ་མོ་ཚོལ། །ཆོས་པ་སྤྱོད་པ་མེད་པ་དེ། །གཟེང་གི་ཁ་ནས་ཕུག་རོན་འདྲ། །གདུལ་ བྱའི་རེ་བ་བསྐང་དུས་མེད། །དེ་ན་གཞན་ལ་ཕན་པ་ཚོལ། །ཆོས་པ་འབྲས་བུ་མེད་པ་དེ། །སྡོང་རྒན་རྩ་བ་རུལ་བ་བཞིན། །ཆོས་ སྐུ་ཐོབ་པའི་གནས་སྐབས་མེད། །དེས་ན་འབྲས་བུ་ཆོས་ཉིད་ཚོལ། །བླ་མའི་ཅི་གསུང་མི་ཉན་པ། །རྒྱུད་ལ་ཡོན་ཏན་སྐྱེ་དུས་མེད། ། དེས་ན་ནམ་ཡང་སྐྱེ་མེད་དེ། །དེས་ན་ནམ་ཡང་སྐྱེ་མེད་དེ། །བླ་མའི་མན་ངག་བཙལ་བ་གཅེས། །ངའི་ལྟ་བསྒོམ་སྤྱོད་འབྲས་ཏེ། ། གླིང་རྗེ་རས་པ་ཁྱོད་ལ་ཞོག །རྒྱལ་ཁམས་མི་འགྲིམས་རྩེ་གཅིག་ཏུ། །ཏིང་འཛིན་ཉིད་དུ་བསྒོམ་པ་གྱིས། །ཅེས་གླིང་རྗེ་རས་པ་ རྩེ་གཅིག་ཏུ་བསྒོམ་པས་ཕྱག་རྒྱ་མཆོག་གི་དངོས་གྲུབ་ཐོབ་སྐད། །ཞེས་པ་མཁའ་སྤྱོད་ཚོགས་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི་མགུར་དུ་ ་གསུངས་སོ། །)དེའི་རིང་ལ་ཅོག་རུང་བ་ཀླུའི་རྒྱལ་མཚན་རྒྱ་གར་དུ་ཕྱིན་ནས། སྒྲ་སློབ་པ་ལ་ལོ་ གསུམ་དུ་པཎྜི་ཏ་ཞི་བ་བཟང་པོ་བསྟེན་ཏོ། །དེ་ནས་སློབ་དཔོན་བི་མ་ལ་མི་ཊ་ལ་མདོ་མང་དུ་ ཞུས་ཏེ་སླར་བོད་དུ་འོང་བའི་དུས་སུ་སློབ་དཔོན་ལ་བཀའ་དྲིན་ཆེ་དྲིན་བཟོ་དུས་མེད་བྱས་པ་ དང༌། པཎྜི་ཏ་ན་རེ། མེ་ཏོག་ཟླུམ་པོ་དཀར་པོ་གཅིག་བྱིན་ནས། བོད་དུ་སྤྱན་རས་གཟིགས་ བཞུགས་པས་དེ་ལ་ཕུལ་ནས་དྲིན་གཟོ་བ་ཡིན་ནོ། །གསུངས་པས། ལོ་ཙཱ་བ་ན་རེ། སློབ་ དཔོན་ཆེན་པོ་པཎྜི་ཏ། །བདག་ནི་གཏི་མུག་གུར་དུ་ཆུད། །སྤྱན་རས་གཟིགས་དབང་གར་ བཞུགས་པ། །ས་ཕྱོགས་ཙམ་དུ་ཤེས་མ་ལགས། །ཞེས་དང༌། པཎྜི་ཏས། ཤེས་རབ་དོན་ གསལ་རིགས་ཀྱི་བུ། །མ་སྐྲག་མ་འཇིགས་རིགས་ཀྱི་བུ། །གང་དུ་ཐོན་པར་མེ་ཏོག་རྒྱས། །དེ་ ཚེ་དེ་ལ་ཕུལ་བ་གྱིས། །ཞེས་གསུངས་ནས། བོད་དུ་ཕྱིན་ནས་ས་ཆ་དགོན་པ་མང་དུ་གཅོད་ ཀྱང་མ་གྱེས་སོ། །དེ་ནས་གདན་ས་མཐིལ་དུ་ཕྱིན་ནས། མེ་ཏོག་གི་ཁ་རྒྱས་ཏེ། ཆུའི་སྒྲས་ ཀྱང་ནཱ་ག་རྫུ་ནའི་སྒྲ་ཧྲིག་ཧྲིག་བྱེད་དོ། །དེ་ནས་འདི་སྙམ་སྟེ་འཕགས་པ་ཀླུ་སྒྲུབ་ནི་སྤྱན་རས་ 1-1-182 གཟིགས་དངོས་སུ་པཎྜི་ཏ་མང་པོ་ལ་ཐོས་སྙམ་ནས་རྫི་བུ་འགའ་རེ་སྣང་ནས་དྲིས་པས། རྫི་ བུ་ན་རེ། འདིའི་ཡར་སྟོད་ན་འབྲི་གུང་ཡོད་དོ། །དེ་ལ་ཆོས་རྗེ་འཇིག་རྟེན་མགོན་པོ་བཞུགས་ ཟེར་རོ། །ལོ་ཙཱ་བ་བུ་ཆུང་ཕ་མ་མཐོང་བ་ཙམ་དུ་དགའ་ནས་ཕྱིན་ནས་ཆོས་རྗེ་དང་མཇལ་ ནས། ལོ་ཙཱ་བས། ཆོས་རྗེ་སྤྱན་རས་གཟིགས་དངོས་སུ་མཐོང༌། ཕན་ཚུན་དགའ་བའི་དྲི་རྨེད་ མང་དུ་བྱས་སོ། །(ལོ་ཙཱ་བ་ལ་འདི་སྐད་དོ། །དཔལ་ཕག་གྲུབ་པ་ལ་ཕྱག་འཚལ་ལོ། །དཔལ་ཕག་མོ་གྲུབ་པའི་བཀའ་ དྲིན་གྱིས། །ང་མི་ལ་བདེ་བའི་ཉམས་ཅིག་ཤར། །བྱང་ཆུབ་ཀྱི་སེམས་ལ་བརྟན་པ་ཐོབ། །བྱམས་དང་སྙིང་རྗེ་རྟ་པོ་ལ། །གཞན་ དོན་གྱི་གུས་ཐག་མ་བཅད་ན། །རང་དོན་གྱི་གུས་ཐག་མ་བཅད་ན། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །རང་ལུས་ལྷ་ སྐུ་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་བརྟན་པ་མ་ཟིན་ན། །མ་མཁའ་འགྲོ་བཀའ་སྐྱོང་མི་འཁོར་བས། །ཡི་དམ་བསྒོམ་པ་འདི་ལ་ ནན་ཏན་མཛོད། །བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་ མོས་གུས་འདི་ལ་ནན་ཏན་མཛོད། །ཚོགས་གཉིས་ནམ་མཁའ་ཡངས་པ་ལ༌། །རྣམ་རྟོག་གི་སྤྲིན་དཔུང་མ་དེངས་ན། །ཆོས་ཉིད་ ཀྱི་གཟའ་སྐར་མི་བཀྲ་བས། །སེམས་རྟོག་མེད་འདི་ལ་ནན་ཏན་མཛོད། །ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱི་ ཕྱི་བརྡའ་མ་བྱས་ནས། །དགོས་འདོད་ཀྱི་ནོར་མཆོག་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །རྒྱ་བལ་འགྲིམས་ པ་ལོ་ཙཱ་བ། །ཁྱོད་ལ་སྙིང་གཏམ་སྙན་དུ་འབུལ། །ཐུགས་ལ་འབབ་བམ་ཀླུ་ཡི་རྒྱལ། །ཆོས་ཉིད་རོ་གཅིག་བདེ་བར་རོལ། །ཅེས་ གསུངས། )དེ་ནས་གསུང་གི་བཀའ་འབུམ་རང་བཤད་གཞན་བཤད་ཀྱི་ཕྱེ་བ་བདེན་གཉིས་རྣམ་ དབྱེ་གསུང་ཆོས་མང་པོ་མཛད་དོ། །བསྟན་པ་དང་སེམས་ཅན་ལ་ཕན་པའི་མཛད་སྤྱོད་ཡོངས་ སུ་རྫོགས་ནས། འཆི་འཕོ་མེད་ཀྱང་བྱིས་པའི་ངོར་རེ་ཞིག་ངོ་མཚར་བའི་ལྟས་དང་བཅས་ཏེ་ ཞི་བར་གཤེགས་སོ། །དཔལ་ཀྱེ་རྡོ་རྗེའི་རྩ་རྒྱུད་ལས། ང་ནི་མྱ་ངན་འདའ་བ་མེད། །ང་ནི་རྡོ་ རྗེ་ལྟ་བུའི་སྐུ། །དུས་རྣམས་ཀུན་ཏུ་ང་འདུག་སྟེ། །བྱིས་པ་རྣམས་ལ་འཕོ་བར་བསྟན། །ཞེས་ གསུངས་པ་ལྟར་རོ། །འབྲི་གུང་དུ་དཔལ་ལྡན་འཇིག་རྟེན་མགོན་པོར་སྐྱེས་པའི་རབས་ཏེ་ སུམ་ཅུ་པའོ།། །། 1-1-183 ༈ སངས་རྒྱས་ཡོན་ཏན་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་ སེམས་དཔའ་ཀུན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས་དགེ་སློང་ལི་ཙཱ་བི་མཐོང་ན་ དགའ་བ་འདི་སྔོན་བསོད་ནམས་ཅི་བགྱིས་ནས། དེ་བཞིན་གཤེགས་པའི་སྲས་ཀྱི་ཐུ་བོར་ གྱུར་པ་ལྷ་དང་མི་དང་སྐྱེ་བོ་ཕལ་བོ་ཆེ་ལ་ཕན་པ་དང་བདེ་བའི་སླད་དུ་བཅོམ་ལྡན་འདས་ ཀྱིས་བཤད་དུ་གསོལ། དེ་བཞིན་གཤེགས་པས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀུན་ཏུ་བཟང་པོ་སྔོན་འདས་པའི་དུས་བསྐལ་བ་གྲངས་མེད་ཚད་མེད་འདས་ པའི་སྔ་རོལ་ན། དེ་བཞིན་གཤེགས་གཤེགས་པ་ཀླུ་དབང་གི་རྒྱལ་པོའི་བསྟན་པ་ལ། ཝ་ར་ན་ སེའི་རྒྱལ་པོ་མ་ཧཱ་དེ་བ་ཞེས་བྱ་བ་ཞིག་བྱུང་ངོ༌། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་ བསྒྱུར་ནས་གནས་སོ། །དེའི་རྒྱལ་བུ་སྦྱིན་པ་ཆེན་པོ་ཞེས་བྱ་བ་ཞིག་ཡོད་དོ། །གསེར་གྱི་ མདོག་ཅན་སྐྲ་མཐོན་མཐིང་དུ་འདུག་པ་གཟུགས་བཟང་བ་མཚན་དང་དཔེ་བྱད་དང་ལྡན་པ། སྒྱུ་འཕྲུལ་དང་དད་པ་ཆེ་བ། དེ་ལྟད་མོར་འགྲོ་བའི་ཚེ། །རྒྱལ་པོས་བུ་འཆག་ཏུ་འགྲོ་ཞེས་ བསྒྲགས་ནས་ལམ་སྲང་ཐམས་ཅད་ཕྱག་དར་བྱེད་དུ་བཅུག་སྟེ། གདུགས་དང་རྒྱལ་མཚན་བ་ དན་ཕྱར་ཏེ་མེ་ཏོག་སྣ་ཚོགས་བཀྲམ་ནས་ཙན་དན་བདུག་ཅིང་རོལ་མོ་དཀྲོལ་ཞིང༌། རྒྱལ་བུ་ གླང་པོ་རིན་པོ་ཆེ་སྣ་བདུན་གྱི་སྒ་ལ་བསྐྱོན་ཏེ། རྟ་བ་སྟོང་ཕྲག་གིས་བསྐོར་ནས་གྲོང་ཁྱེར་གྱི་ ཕྱི་རོལ་ཏུ་ཕྱིན་ནས། །ཡུལ་མི་ཐམས་ཅད་མིག་མི་ལྟ་ཞིང་ལྟའི། དེ་སོང་བ་ལ་ལམ་སྣ་ཐམས་ ཅད་དུ་ལོང་བ་དང༌། སྤྲང་པོ་དང༌། བཤན་པ་དང༌། ཉ་བ་དང༌། རྔོན་པ་རྣམས་ཀྱིས་གཅིག་ གིས་ཤ་ཁྲག་གཅིག་གིས་འཇོམས་པར་མཐོང་ནས། གནང་བ་སྦྱིན་པ་ཆེན་པོ་འདི་དག་ཚེ་ འཕོས་ནས་སེམས་ཅན་དམྱལ་བར་ལྟུང་སྟེ་ཐར་བའི་དུས་མེད་དོ་སྙམ་ནས། ཕོ་བྲང་དུ་ཕྱིན་ ནས་ཡབ་ལ་གསོལ་བ། ཀྱེ་རྒྱལ་པོ་ཆེན་པོ་བདག་གྲོང་ཁྱེར་དུ་ལྟད་མོ་ལ་ཕྱིན་ནས། མི་མང་ པོས་ཁ་ཟས་ཀྱི་ཕྱིར་གཅིག་ལ་གཅིག་གསོད་པ་དག་མཐོང་ངོ༌། །དེ་དག་ཚེ་འཕོས་ནས་ 1-1-184 དམྱལ་བར་ལྟུང་ནས་ཐར་བའི་དུས་མེད་དོ། །དེ་དག་སྡིག་ལ་གཞོལ་བའི་ཕྱིར། ཡབ་ཀྱི་ དཀོར་མཛོད་ཆེན་པོ་བདག་ལ་སྩོལ་ཅིག ཡབ་ཀྱིས་ཁྱོད་ཅི་འདོད་པར་སྦྱིན་པ་གྱིས་ཞེས་ དང༌། ཡབ་ཀྱིས་དཀོར་མཛོད་ཐམས་ཅད་སྟོང་ཕྲག་གཅིག་གིས་བར་དུ་བཀྲམ་ནས་སྦྱིན་ པར་བཏང་ངོ༌། །དེ་ནས་མཛོད་ཆེན་པོ་ཐམས་ཅད་སྟོང་ནས་སྦྱིན་པ་ཆེན་པོས་འཇིག་རྟེན་དུ་ ཟད་མི་ཤེས་པའི་ནོར་ཇི་ལྟར་བྱས་ནས་རྙེད་པར་འགྱུར། ཞེས་དང༌། ཁ་ཅིག་ན་རེ། ཞིང་མང་ དུ་རྨོས་ནས་རྙེད་ཟེར། ཁ་ཅིག་འབྲོག་བསྐྱང་དུ་རྙེད་ཟེར། ཁ་ཅིག་ཁེ་སྤོགས་བྱས་ནས་རྙེད་ ཟེར། ཁ་ཅིག་རྒྱ་མཚོར་ཕྱིན་ནས་ནོར་བུ་ལེན་ནས་དེ་ཆོག་པ་ཟེར་བས། རྒྱ་མཚོར་འཇུག་པ་ ཐུགས་ལ་བབ་ནས། ཕ་མ་གཉིས་ལས་བདག་རྒྱ་མཚོའི་ནང་ནས་ནོར་བུ་ལེན་དུ་འགྲོ། སེམས་ཅན་ལ་སྦྱིན་པ་མི་ཟད་པར་བྱའོ། །བདག་རྒྱ་མཚོར་འགྲོ་བའི་ལམ་གནང་དུ་གསོལ། ཕས་དེ་སྐད་ཐོས་ནས་ས་ལ་འགྱེལ་ཏེ། གདོང་ལ་ཆུ་གྲང་མོ་གཏོར་ནས་སངས་ཏེ། རྒྱ་མཚོ་ལ་ ཆུ་སྲིན་དང༌། དུས་མིན་གྱི་རླུང་ལ་སོགས་པ་བར་ཆད་མང་བས་དེར་འགྲོ་བའི་གནང་བ་མེད་ དོ་ཟེར་བས་ན། རྒྱལ་བུ་ན་རེ། བསམ་པ་འདི་མ་འགྲུབ་པར་ཟས་སྐོམ་བཅད་དེ་ཤི་བར་བྱ་ ཞེས་ས་ལ་ཉལ་ཏེ། དེ་ནས་ཕ་མ་གཉིས་ཤིན་ཏུ་མྱ་ངན་གྱིས་གདུངས་ནས། རྐ་ལག་པང་དུ་ བླང་ཞིང་ཟས་སྐོམ་ཟ་བའི་སྤྲོ་བ་བསྐྱེད་ཀྱང་མི་ལྟ་ནས་ཞག་བདུན་གྱིས་བར་དེ་ལྟར་རོ། ། རྒྱལ་ཕྲན་རྣམས་དང་མི་སྡེ་ཐམས་ཅད་རབ་ཏུ་ངུ་འབོད་བྱེད་དོ། །དེ་ནས་མ་ན་རེ། ཀྱེ་རྒྱལ་ བོ་ཆེན་པོ་བུ་ཤི་བར་གདོད་མི་ཟ། རྒྱ་མཚོར་བཏང་ནས་སླར་ལོག་སྲིད་ཀྱིས་འགྲོ་བར་ བཏངས་ཤིག་ཅེས་ཡབ་ཡུམ་གཉིས་རྒྱལ་བུའི་དྲུང་དུ་སོང་ནས་རྐང་ལག་ནས་བཟུང་སྟེ། བུ་ ལོངས་ཤིག་ཟས་སྐོམ་གསོལ་ལ་འགྲོ་བར་གནང་ངོ་ཞེས་དང༌། རྒྱལ་བུ་ལངས་ཏེ་ཡབ་ཡུམ་ གཉིས་ལ་ཕྱག་འཚལ་ནས་བཟའ་བཏུང་ལ་རྩོམ་ནས། བློན་འབངས་ཐམས་ཅད་དགའ་ནས་ རྒྱལ་བུ་མའི་བཟའ་བཏུང་མཛད་ཟེར་རོ། །དེ་ནས་རྒྱལ་བུ་རྒྱ་མཚོར་འགྲོ་བའི་ཚེ་ཡུལ་མི་ 1-1-185 ཐམས་ཅད་ཀྱིས་ཀྱང་བསྐྱལ་ལོ། །དེ་ནས་སོང་བ་ལས་གྲོང་ཁྱེར་ཀེ་རུ་ཞེས་བྱ་བར་ཕྱིན་ནས། རྒྱལ་པོ་རཏྣ་ཙཀྲའི་བསུས་ཏེ་གསེར་སྲང་སྟོང་ཕུལ་ཅིང༌། རཏྣ་ན་རེ། རྒྱལ་བུ་ཆེན་པོ་བདག་ གི་བུ་མོ་གསེར་མདོག་ཅན་མིའི་མཚན་དང་ལྡན་པ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བ་ ཞིག་ཡོད་དེ། བཙོན་མོར་ཕུལ་གྱི་ལོངས་ཤིག་དང༌། རྒྱལ་བུ་ན་རེ་བདག་རྒྱ་མཚོའི་ནོར་བུ་ ལེན་དུ་འགྲོ་བས། བར་ཆད་མང་བས་ཤི་བ་སྲིད། གལ་ཏེ་ཚུར་ལོག་ནས་དེ་བཞིན་དུ་བྱའོ། ། ཞེས་དང༌། དེ་ནས་སོང་བ་ལ་རྒྱ་མཚོར་ཞུགས་ཏེ། དུས་ཀྱི་རླུང་དང་སྦྱར་ཏེ་རྒྱ་མཚོའི་འགྲམ་ ལས་བརྒལ་བ་དང༌། རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་ལ་ཕྱིན་ནས་རྒྱལ་བུ་ན་རེ། ཁྱེད་རྣམས་ ཕ་མ་དང་ཆུང་མ་ལ་ཆགས་པ་ཐམས་ཅད་འདིར་ལོག་ཅིག རིན་པོ་ཆེ་རན་ཙམ་ལོངས་ཤིག གལ་ཏེ་མང་ན་གྲུ་ལྗིད་པས་ཆུར་ནུབ་པས་ཧ་ཅང་ཉུང་ནས་རླུང་ལས་མི་ཐེག་གོ །སེམས་ཅན་ ཐམས་ཅད་ཀྱི་དོན་དུ་ངས་ནོར་བུ་མི་རྙེད་པར་ཚུར་མི་ལྡོག་གོ་ཅེས་དང༌། ཚོང་བ་གཞན་ ཐམས་ཅད་སླར་ལོག་ཅིག་ཅིང༌། རྒྱལ་བུ་སོང་སོང་བ་ལ་རིན་པོ་ཆེ་ཡངས་ལག་མཐིལ་ལྟར་ མཉམ་པའི་སྟེང་དུ་ཤར་གྱི་གྲོང་མཐའ་ནས་དབུས་ཀྱི་ཕོ་བྲང་གི་བར་ཟླ་ལམ་ཅིག་ཡོད་པ། ཕྱོགས་བཞི་ཐམས་ཅད་དུ་དེ་བཞིན་ཡོད་པས་བར་བར་ཐམས་ཅད་དུ་ཙན་དན་གྱི་ནགས་ ཚལ་དང༌། པད་མ་གསེར་གྱི་སྡོང་པོ་དང༌། སྨན་གྱི་སྡོང་བོ་དགའ་བྱེད། པད་མ་དཀར་པོ་ དང༌། ཨུད་པ་ལ་དང༌། ཀུ་མུད་ཏ་དང༌། ཨུད་དུམ་ཝ་ར་དང༌། བྱ་ངང་བ་དང༌། ཀ་ར་དྷ་ཀ་ དང༌། རྨ་བྱ་དང༌། ཤང་ཤང་དང༌། སེང་གེ་དང༌། བ་མིན་དང༌། ཕག་རྒོད་ལ་སོགས་དུ་མ་རྒྱུ་ བ་དང༌། གསེར་དང༌། དངུལ་དང༌། བྱི་རུ་དང༌། བཻཌཱུརྱའི་ཕྱེ་མ་བདལ་བ། ཤར་གྱི་གྲོང་ མཐའ་ནས་དབུས་ཀྱི་ཕོ་བྲང་གི་བར་ཟླ་ལམ་དུ་ཕྱིན་ནས། ཀླུའི་རྒྱལ་པོ་ཡོན་ཏན་མཐའ་ཡས་ ཀྱི་ཤའི་སྤྱན་ནམ། ཆོས་ཀྱི་སྤྱན་གྱིས་གཟིགས་ནས་བསུ་བ་བཏང་ནས། ཞག་བདུན་དུ་ཕོ་ བྲང་ལ་ཕྱིན་ཏེ། རིན་པོ་ཆེ་སྣ་ཚོགས་པའི་འོད་འཚེར་བའི་ཁང་བས་སེང་གེའི་ཁྲི་ལ་བཞུགས་ 1-1-186 ཅིང༌། ཁ་ཟས་རྣམ་པ་སྣ་ཚོགས་དྲང་སྟེ། ཀླུའི་རྒྱལ་པོ་ན་རེ། འཛམ་བུ་གླིང་གི་མི་སུས་ཀྱང་ འདིར་འོང་བར་མི་ནུས་ན། ཁྱོད་འདིར་ཅི་ལ་བྱོན། དོན་གཉེར་ཅི་ཡོད་ཅེས་དང༌། བྱང་ཆུབ་ སེམས་དཔས་སྨྲས་པ། ཆོས་ཀྱི་རྒྱལ་པོ་འཛམ་བུ་གླིང་གི་མི་རྣམས་ནི་ཤིན་ཏུ་དབུལ་བས། འཚོ་བའི་ཆེད་དུ་གཅིག་ལ་གཅིག་གསོད་པས། ཚེ་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བར་ ལྟུང་ནས་ཐར་བའི་དུས་མེད་དོ། །དེ་དག་ལ་མགོན་དང་སྐྱབས་སུ་གྱུར་པ་རྒྱལ་པོ་ཁྱོད་ལ་ ལྷའི་ནོར་བུ་ཡོད་པ་རེ་ཤིག་གཡར་དུ་འོང་བ་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་དེ་དག་ གིས་སྡིག་པའི་དུཿཁ་བཅད་དུ་གསོལ། དེ་ནས་ཀླུའི་རྒྱལ་པོ་གངས་རིར་ཉི་མ་ཤར་བ་ལྟ་བུ་ མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྙན་པས་སྨྲས་སོ། །ནོར་བུའི་རིགས་མང་ཡང་བསམ་ འཕེལ་ཤིན་ཏུ་རྙེད་པར་དཀའ་འོ། །འདིར་ཆོས་བསྟན་ན་ནོར་བུ་ཕུལ་བར་བགྱི་ཞེས་དང༌། བྱང་ཆུབ་སེམས་དཔས་ལེགས་སོ་དེ་བཞིན་དུ་བྱའོ། །དེ་ནས་མཆོད་པའི་ཚོགས་ཕུལ་ནས། བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་ཆོས་རྟོགས་པའི་ཚིགས་སུ་བཅད་པ་འདི་དག་གསོལ་ ཏོ། །ཀླུའི་རྒྱལ་པོ་ལེགས་པར་ཉོན། ཀུན་རྫོབ་ཆོས་ནི་མ་རྟོགས་ན། །དོན་དམ་ཆོས་ནི་རྟོགས་ མི་འགྱུར། །དོན་དམ་ཆོས་ནི་མ་རྟོགས་ན། །བྱང་ཆུབ་ཆོས་ནི་ཐོབ་མི་འགྱུར། །ཆོས་ཅན་ཆོས་ ནི་མ་རྟོགས་ན། །ཆོས་ཉིད་དམ་པ་རྟོགས་མི་འགྱུར། །ཆོས་ཉིད་དམ་པ་མ་རྟོགས་ན། །དེ་ བཞིན་གཤེགས་པ་ཐོབ་མི་འགྱུར། །རྣམ་ཤེས་དོན་ནི་མ་རྟོགས་ན། །ཡེ་ཤེས་དོན་ནི་རྟོགས་ མི་འགྱུར། །ཡེ་ཤེས་དོན་ནི་མ་རྟོགས་ན། །འཁོར་བའི་གནས་གྲོལ་མི་འགྱུར་རོ། །ལོག་པའི་ དོན་ནི་མ་རྟོགས་ན། །ཡང་དག་དོན་དམ་མ་རྟོགས་མི་འགྱུར། །ཡང་དག་ཡང་དམ་མ་རྟོགས་ ན། །ཆོས་ཉིད་དམ་པ་ཐོབ་མི་འགྱུར། །ཐེག་དམན་དོན་ནི་མ་རྟོགས་ན། །ཐེག་ཆེན་དོན་ནི་ རྟོགས་མི་འགྱུར། །ཐེག་ཆེན་དོན་ནི་མ་རྟོགས་ན། །སངས་རྒྱས་ཡོན་ཏན་ཐོབ་མི་འགྱུར། ། ཅེས་སྨྲས་སོ། །ཀླུའི་རྒྱལ་པོ་ལ་སོགས་ཀླུ་ལ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ལ་ 1-1-187 ལ་ལན་ཅིག་ཕྱིར་འོང་དང་ཕྱིར་མི་འོང་ཐོབ་པོ། །ལ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས། ཀླུའི་རྒྱལ་པོའི་སྤྱི་གཙུག་གི་ནོར་བུ་དོ་ཀེར་བཀྲོལ་ནས། ལྷའི་ནོར་བུ་ཕྱག་ཏུ་བླངས་ཏེ་བྱང་ ཆུབ་སེམས་དཔའ་ལ་ཕུལ་ཏེ། སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །འཇིག་ རྟེན་དག་ན་དཀོན་པའི་མཆོག །ལྷ་ཡི་ནོར་བུ་བསམ་འཕེལ་འདི། །སེམས་ཅན་འདོད་པ་ བསྐང་བའི་ཕྱིར། །སྐྱེས་བུ་དམ་པ་ཁྱོད་པ་འདུད། །ཁྱོད་ནི་བསོད་ནམས་བསགས་པ་སྟེ། ། གདོན་མི་ཟ་བར་འཚང་རྒྱ་ལགས། །ནམ་ཞིག་མངོན་པར་སངས་རྒྱས་ཚེ། །བདག་ཀྱང་ཉེ་ གནས་མཆོག་གྱུར་ཤོག །བསམ་འཕེལ་ནོར་བུའི་ཡོན་ཏན་ནི། །དཔག་ཚད་བརྒྱད་ཁྲི་བཞི་ སྟོང་དུ། །རིན་ཆེན་ནོར་རྫས་ཆར་དུ་འབེབས། །འཛམ་གླིང་སེམས་ཅན་དོན་བྱེད་ཤོག །སྐྱེས་ བུ་ཁྱོད་ལ་ནོར་བུ་ཕུལ་བའི་མཐུས། །བདག་ནི་སྐྱེ་བ་ཐམས་ཅད་དུ། །མུན་པའི་གནས་སུ་ སྒྲོན་མེ་དང༌། །བསྟན་པའི་ཞབས་ཏོག་བྱེད་པར་ཤོག །ཅེས་དང༌། བྱང་ཆུབ་སེམས་དཔས་ ཀྱང་དེ་བཞིན་དུ་གྱུར་ཅིག །དེ་ནས་ཀླུའི་རྒྱལ་པོ་བློན་པོ་བཅུ་གསུམ་རྣམས་ཀྱིས་བྱང་ཆུབ་ སེམས་དཔའ་ལ་ཨུད་དུམ་ཝ་རའི་མེ་ཏོག་བདུན་བདུན་གཏོར་ནས་སྨོན་ལམ་འདི་ལྟར་ བཏབ་པོ། །སྐྱེས་བུ་ཁྱོད་ལ་བདག་གི་རྒྱལ་པོས་ནོར་བུ་ཕུལ་བས། ཁྱོད་གདོན་མི་ཟ་བ་འཚང་ རྒྱའོ། །ནམ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། །བདག་གི་རྒྱལ་པོ་འདི་ཁྱོད་ཀྱིས་ཉེ་ གནས་མཆོག་ཏུ་སྐྱེ་བར་གྱུར་ཅིག བདག་ཅག་སྐྱེ་བ་ཐམས་ཅད་དུ་རྒྱལ་པོ་འདིའི་ཞབས་དྲུང་ དུ་སྐྱེ་བར་གྱུར་ཅིག སྐྱེས་ནས་ཆོས་ཀྱི་སྤྱན་ཐོབ་པར་གྱུར་ཅིག ཅེས་དང༌། དེ་ནས་བྱང་ཆུབ་ སེམས་དཔས་ཀྱང་དེ་བཞིན་དུ་གྱུར་ཅིག ཅེས་སྨྲས་སོ། །དེ་ནས་ཀླུའི་རྒྱལ་པོ་ཕྱི་འཁོར་ ཐམས་ཅད་ཀྱང་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔས་ ཀླུའི་རྒྱལ་པོ་ལ་གསོལ་བ། ཀྱེ་རྒྱལ་པོ་ཆེན་པོ་ནོར་བུ་འདི་ལ་གསོལ་བ་ཐོབ་ཤིག ང་འཛམ་ གླིང་གི་ཡུལ་ཝ་ར་ན་སིར་ཕ་མའི་རྩར་ཕྱིན་པར་མཛད་དུ་གསོལ། དེ་ནས་ཀླུའི་རྒྱལ་པོས་ 1-1-188 ནོར་བུ་རྒྱལ་མཚན་གྱིས་རྩེ་མོར་བཏགས་ནས་བྱང་ཆུབ་སེམས་དཔའ་ལ་བྱིན་ནས། ཁྱོད་ ལྷའི་ནོར་བུ་བསམ་འཕེལ་ཡིན་ན། སྐྱེས་བུ་འདི་ཕ་མའི་རྩར་ཕྱིན་པར་གྱུར་ཅིག །བདག་གི་ ནོར་བུས་འཛམ་བུས་གླིང་གི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག ཅེས་སྨྲས་མ་ཐག་ཏུ་བྱང་ ཆུབ་སེམས་དཔའ་ཕ་མའི་རྩར་ཕྱིན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ནོར་བུ་ རྒྱལ་མཚན་ལ་བཏགས་ཏེ། ཁྱོད་ནོར་བུ་རིན་པོ་ཆེ་ཡིན་ན་འཛམ་བུའི་གླིང་གི་སེམས་ཅན་ ཐམས་ཅད་ཀྱི་ནོར་རྫས་ཆར་དུ་ཕོབས་ཤིག ཅེས་དང༌། རླུང་གཡོས་ནས་མི་གཙང་བའི་ཉལ་ ཉིལ་ཐམས་ཅད་ཕྱག་ཅིང་ཐོག་མར་བཏུང་བའི་ཆར་དང༌། དེ་ནས་བཟའ་བའི་ཆར། དེ་ནས་ གོས་ཀྱི་ཆར་དང༌། དེ་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་སོགས་ཞག་དུ་མར་འབབ་ནས་ སེམས་ཅན་ཐམས་ཅད་བདེ་བ་ལ་བཞག་གོ །ཀུན་ཏུ་བཟང་པོ་དེ་ལྟར་བྱང་ཆུབ་སེམས་ དཔའ་ལི་ཙཱ་བི་མཐོང་ན་དགའ་བ་འདི་ཉིད་ཀླུའི་རྒྱལ་པོ་ཡོན་ཏན་མཐའ་ཡས་སུ་སྐྱེས་པའི་ཚེ་ ན། ང་ལ་ལྷའི་ནོར་བུ་བསམ་འཕེལ་ཕུལ་བས། སྨོན་ལམ་འདི་ལྟར་བཏབས་སོ། །ཁྱོད་ གདོན་མི་ཟ་བར་འཚང་རྒྱ་སྟེ། ནམ་རྫོགས་པའི་སངས་རྒྱས་ནས་བདག་ཉིད་ཉེ་གནས་ མཆོག་ཏུ་གྱུར་ཅིག ཅེས་པས། ད་ལྟ་ངའི་ཉན་ཐོས་ཀྱི་མཆོག་ཏུ་གྱུར་བ་ཡིན་ནོ། །སྐྱེ་བ་ ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་ཅིང་ཉེ་གནས་མཆོག་ཏུ་གྱུར་ཅིག རྟག་ཏུ་བྱང་ ཆུབ་ཀྱི་ལུང་བསྟན་ཁྱད་པར་ཅན་དུ་བཞག་གོ །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་པས། མི་ཁྲི་ཕྲག་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པོ། ། ༼༡༽ ༈ རྒྱལ་པོས་ཐུལ་ནི། འཛང་བླུན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། སྔོན་ འདས་པས་དུས་ན་བསྐལ་པ་གྲངས་མེད་པའི་དུས་སུ་འཛམ་བུའི་གླིང་འདིར་འཁོར་ལོས་ བསྒྱུར་བའི་རྒྱལ་པོས་ཐུལ་ཞེས་བྱ་བ་ཕྱུང་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་ པ་ཞིག་བྱུང་ངོ༌། །དེའི་ཚེ་ན་སངས་རྒྱས་བུར་ཤ་ཞེས་བྱ་བ་ཞིག་ཀྱང་བྱུང་ངོ༌། །རྒྱལ་པོ་འདིའི་ 1-1-189 བློན་པོ་དང་བཅས་པས་ཡོ་བྱད་རྣམ་བཞི་སྦྱར་ནས་དེ་སངས་རྒྱས་དང་ཆོས་དང་དགེ་འདུན་ ལ་ཕུལ་ལོ། །ཕུལ་ནས་རྒྱལ་པོ་དང་ཡུལ་མི་རྣམས་ནི་རྟག་ཏུ་སངས་རྒྱས་ལ་ཕྱག་འཚལ་ཏེ། བསྙེན་བཀུར་བྱེད་ཅིང༌། རྒྱལ་བྲན་གཞན་དག་ནི་བསོད་ནམས་མི་བྱེད་པས་མཐའ་འཁོབ་ ཀྱི་རྒྱལ་ཕྲན་དང༌། ཡུལ་མི་དག་བསོད་ནམས་བྱེད་དུ་ཞུགས་པའི་ཕྱིར། སངས་རྒྱས་ཀྱི་ གཟུགས་འཛམ་བུ་ཆུ་བོའི་གསེར་གྱི་བརྒྱད་ཁྲི་བཞི་སྟོང་བྱས་ནས་རྒྱལ་ཕྲན་རེ་རེ་ལ་སྦྱིན་ནོ་ བསམ་ནས་རི་མོ་མཁན་བསགས་ཏེ། སངས་རྒྱས་ཀྱི་མཚན་ལ་བལྟས་ནས་རི་མོ་ལ་མཚན་ ཅིག་བྲིས་ནས། གཅིག་མི་འདྲ་བར་གྱུར་ཏེ། རི་མོ་བྱེད་ནུས་སོ། །སངས་རྒྱས་ཉིད་ཀྱང་ ཚོན་རྩི་སྦྱར་ཏེ་སྐུ་གཟུགས་གཅིག་བྲིས་ནས། རི་མོ་མཁན་དེར་བལྟས་ནས། སྐུ་གཟུགས་ མཚན་དང་དཔེ་བྱད་ལྡན་པ་བརྒྱད་ཁྲི་བཞི་སྟོང་བྲིས་ཏེ། རྒྱལ་བྲན་རེ་རེ་ལ་སྐུ་གཟུགས་རེ་རེ་ བསྐུར་ཏེ། སྐུ་གཟུགས་བརྒྱད་ཁྲི་བཞི་སྟོང་བཞེངས་ནས་རྒྱལ་ཕྲན་ཀུན་ལ་སྤེལ་བའི་བསོད་ ནམས་ཀྱིས་སྐྱེ་བ་བརྒྱད་ཁྲི་བཞི་སྟོང་དུ་མཐོ་རིས་སུ་བརྒྱ་བྱིན་ལྷའི་དབང་པོར་སྐྱེས་ཏེ། བྱད་ གཟུགས་བཟང་བ་དང་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་སྟེ་ མངོན་པར་སངས་རྒྱས་ནས་མྱ་ངན་ལས་འདས་ཏེ། རིང་བསྲེལ་མཆོད་རྟེན་བརྒྱད་ཁྲི་བཞི་ སྟོང་རྙཻད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཀུན་དགའ་ བོ་དང༌། འཁོར་མང་པོ་མངོན་པར་དགའ་ནས་རྗེས་སུ་ཡི་རང་ངོ༌། ། ༼༢༽ ༈ འཕགས་པ་རིན་ཆེན་དྲྭ་བ་བརྩེགས་པའི་མདོ་ལས། སའི་སྙིང་པོས་གསོལ་ བ། འཕགས་པ་ལི་ཙཱ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱི་མཐོང་ན་དགའ་བ་རིན་པོ་ཆེས་ དྲྭ་བས་གཡོག་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་ཆེན་པོ་བྱས་པ་འདིས་ཀྱང་སེམས་ ཅན་མང་པོ་ལ་ཕན་པ་དང༌། བདེ་བ་དང་མགོན་དང་སྐྱབས་སུ་གྱུར་ལགས་སོ། །བཅོམ་ ལྡན་འདས་ལི་ཙཱ་བི་འདིས་སྔོན་བསོད་ནམས་ཀྱི་ཚོགས་ཅི་བགྱིས་ན་དེ་བཞིན་གཤེགས་ 1-1-190 པའི་མཆོད་རྟེན་ཆེན་པོ་རང་བསྲེལ་གྱི་སྙིང་པོ་ཅན་བྱེད་པར་འགྱུར་རོ། །ལྷ་དང་མི་དང་སྐྱེ་ བོ་དང་ཕལ་བོ་ཆེ་ལ་ཕན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། སའི་སྙིང་པོ་སྔོན་བསྐལ་པ་ཚད་མེད་པ་འདས་པའི་ཕ་རོལ་ན། དེ་བཞིན་གཤེགས་པ་འོད་བསྲུང་འཇིག་རྟེན་དུ་བྱོན་པའི་མི་ལོ་སྟོང་ཕྲག་ཉི་ཤུར་གནས་པའི་ ཚེ། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དྷརྨ་ཨ་ཤྭ་ཀ་ཞེས་བྱ་བ་ ཞིག་བྱུང་ངོ༌། །གཟུགས་བཟང་ཤེས་རབ་ཆེ་བ། མཚན་དང་དཔེ་བྱེད་ཀྱིས་བརྒྱན་པ། ཆོས་ ལ་དགའ་བ། དེ་ལས་བཙུན་མོ་བརྒྱ་ཕྲག་ལ་རིགས་གཟུགས་བཟང་བའི་རྒྱལ་བུ་སྙིང་རྗེ་དང་ ལྡན་པ་དག་ཀྱང་བྱུང༌། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །དེ་ནས་ཆོས་ཀྱི་རྒྱལ་པོས་ སངས་རྒྱས་འོད་སྲུང་འཁོར་བཅས་སྤྱན་དྲངས་ཏེ། ཟླ་བ་གསུམ་དུ་བསྙེན་བཀུར་ཕུལ་བའི་ དུས་སུ་སངས་རྒྱས་དེས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་རིན་པོ་ཆེ་ ལོངས་སྤྱོད་ཐམས་ཅད་ནི་སྙིང་པོ་མེད་དོ། །རིང་བཞིན་དུ་ཟད། དེ་བ་ན་ལོངས་སྤྱོད་ཀྱི་སྙིང་ པོ་འབྱུང་བའི་ཕྱིར། དེ་བཞིན་གཤེགས་པའི་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་གཅིག་ བྱས་ན་མི་རུང་ངམ། རྒྱལ་པོས་དེ་སྐད་ཅེས་ཐོས་པ་དང༌། ཡིད་རབ་ཏུ་དགའ་བ་དང༌། མགུ་ བ་དང༌། བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་ཨུ་དུམ་ཝ་རའི་མེ་ཏོག་སྟོང་གཏོར་ནས་ འདི་སྐད་དོ། །བཅོམ་ལྡན་འདས་བདག་གིས་ལོངས་སྤྱོད་འདི་དག་གིས་སྙིང་པོ་མཆོག་ཏུ་ ཐོབ་པའི་ཕྱིར་དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་བར་བགྱིའོ། །འགྲོ་བ་ལྷ་དང་མི་ དང་བཅས་པའི་དོན་མཆིས་པར་བགྱིའོ། །ཞེས་དམ་བཅས་ནས། གསེར་གྱི་རྔ་བརྡུང་ནས། མངའ་འོག་ཐམས་ཅད་དུ་བཀའ་བཏང་སྟེ། རྒྱུ་རྐྱེན་བསྒྲུབ་པས་རྒྱར་དཔག་ཚད་གསུམ་ ཡོད་པའི་འགྲམ་བཏང་བ་ལ། བློན་པོ་རྣམས་ཀྱིས་བློར་མ་ཤོང་བས་ཧ་ཅང་ཆེ་ལགས། མི་ ཟིན་པར་ངེས་སོ། །ཞེས་སྨྲས་པ་དང༌། དེ་ནས་རྒྱལ་པོས་ཕྱོགས་རེ་ལ་རྒྱང་གྲགས་རེ་བསྐྱེད་ 1-1-191 དོ། །བཞེངས་ནས་སྔོན་སྨོན་ལམ་གྱིས་སྟོབས་ལས་འགྲུབ་པོ། །མཆོད་རྟེན་ཆེན་པོ་རིན་པོ་ ཆེ་སྣ་ཚོགས་ལས་གྲུབ་པ། དྲིལ་བུ་སྟོང་ཕྲག་དང་ལྡན་པ། གདུགས་དང་རྒྱལ་མཚན་བ་དན་ བསྒྲེངས་ཤིང་སྤྲོས་བ་དག་གོ །དེའི་འོད་ཟེར་ནི་སུམ་ཅུ་རྩ་གསུམ་དུ་སླེབས་སོ། །དེ་ནས་ འོད་སྲུང་གིས་རབ་ཏུ་གནས་པའི་དུས་སུ་རྒྱལ་པོས་འདི་ལྟར་དུ་སེམས་བསྐྱེད་དོ། །བདག་ གིས་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་དེ་བཞིན་ གཤེགས་པའི་མཆོད་རྟེན་ཆེན་པོ་འདི་འདྲ་བ་ཞིག་ལྷ་དང་མི་དང་སྐྱེ་བོ་ཕལ་བོ་ཆེ་རྣམས་ ཀྱིས་དོན་བྱེད་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་རྒྱལ་བུ་དེ་དག་གིས་ཚིག་མཐུན་པར་ འདི་སྐད་ཅེས། ཡབ་རྒྱལ་པོ་འདི་མ་འོངས་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ ལ་དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་དུས་སུ་ན་བདག་ཅག་སྤུན་དུ་གྱུར་ནས་ ཆོས་ཀྱི་གྲོགས་བྱེད་པར་གྱུར་ཅིག ཆོས་ཀྱི་སྤྱན་རྡུལ་མེད་པ་ཐོབ་པར་གྱུར་ཅིག བདག་གི་ ཡབ་རྒྱལ་པོ་འདི་སྐར་མའི་ནང་ན་ཉི་ཟླ་དང་མཉམ་པར་གྱུར་ཅིག་ཅེས་སྨྲས་སོ། །སའི་སྙིང་ པོ་དག་རྒྱལ་པོ་ཨ་ཤྭ་ཀ་ནི་ད་ལྟ་ལི་ཙཱ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱི་མཐོང་ན་དགའ་ བ་འདི་ཡིན་ནོ། །སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ད་ལྟར་དེ་བཞིན་གཤེགས་པའི་མཆོད་ རྟེན་དཔལ་ཡོན་ཅན་བྱས་པ་ཡིན་ནོ། །ཕྱི་མའི་ཚེ་ན་གཤང་གཤོང་ཅན་བྲག་དང་ཚེར་མ་ཅན་ དུ་ངའི་མིང་འཛིན་པར་སྐྱེས་ནས་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ཆེན་པོ་བྱེད་པར་ འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་སའི་སྙིང་པོས་གསོལ་པ། བཅོམ་ལྡན་ འདས་མ་འོངས་པའི་དུས་ན་གཤང་གཤོང་ཅན་གྱི་གནས་སུ་མཆོད་རྟེན་བྱེད་པའི་དངོས་པོ་ རྒྱས་པར་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སའི་སྙིང་པོ་དེ་བཞིན་ གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་སྟོང་ཕྲག་སྟོང་འདས་པའི་དུས་སུ་གདུང་མར་ གྱི་ཡུལ་གཤང་གཤོང་དང་ཚེར་མ་ཅན་གྱི་གནས་ཆུ་བོར་མའི་འགྲམ་དུ་དེ་བཞིན་གཤེགས་ 1-1-192 པའི་མཆོད་རྟེན་བྱས་པར་འགྱུར་རོ། །ཐེག་པ་ཆེན་པོའི་ཆོས་ཀྱི་དུང་འབུད། དར་ཕྱར། རྔ་ བརྡུང་ཞིང་ལྟ་བ་ངན་པའི་རིགས་ཡུལ་ནས་བསྐྲད་ཅིང༌། དེ་བཞིན་གཤེགས་པའི་ལྟ་བ་འབྱུང་ བར་བྱེད་དོ། །མཐའ་འཁོབ་ཀྱི་གནས་སུ་ཆོས་ཀྱི་མར་མེ་འགྱུར་རོ། །སྨན་སྡོང་བོ་དགའ་ བྱེད་ལྟ་བུར་འགྱུར་རོ། །ཞེས་དྷརྨ་ཨ་ཤྭ་ཀ་དེའི་སྐྱེ་བ་གོང་རོལ་དུ་རྒྱལ་པོ་ས་ཐུལ་དུ་གྱུར་ ནས། ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་དང་སྐུ་གཟུགས་བརྒྱད་ཁྲི་བཞི་སྟོང་བྱས་པས། སེམས་ཅན་མང་པོ་བདེ་བ་ལ་དགོད་དོ། །ཞེས་གསུངས་སོ། །ཨ་ཤྭ་ཀའི་ལེའུ་འོ། ། ༼༣༽ ༈ འཕགས་པ་ས་བཅུ་བཀོད་པའི་མདོ་ལས། མོའུ་འགལ་གྱི་བུས་གསོལ་པ། བཅོམ་ལྡན་འདས་ལི་ཙཱ་བི་གཞོན་ནུ་སྔོན་བསོད་ནམས་ཅི་བགྱིས་ན་ཐོག་མར་བཙས་ནས་ ཁྱིམ་དུ་རིན་པོ་ཆེའི་གཏེར་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། སྔོན་ བསྐལ་པ་དགུ་བཅུ་རྩ་གཉིས་འདས་པའི་ཕ་རོལ་ན། འཇིག་རྟེན་དུ་དེ་བཞིན་གཤེགས་པ་ གསེར་ཐུབ་བྱོན་པའི་དུས་སུ། ནོར་བུའི་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་ལྷའི་འོད་ཟེར་ཞེས་བྱ་བ་ ཞིག་ཆོས་ཀྱི་རྒྱལ་སྲིད་སྐྱོང་སྟེ། བློན་པོ་འབངས་ཐམས་ཅད་དེ་བཞིན་གཤེགས་པ་ལ་བཀུར་ སྟི་བྱེད་པའི་དུས་སུ་བཙུན་མ་གཅིག་ལ་རྒྱལ་བུ་ཞིག་བཙས་པས། མཚན་དང་དཔེ་བྱད་ ཀྱིས་བརྒྱན་པ། ལག་པ་གཉིས་ཁུ་ཚུར་བྱས་ནས། བུ་ལ་ཕ་མ་གཉིས་ཀྱི་ཁུ་ཚུར་བཀྲོལ་ནས་ བལྟས་པས་ལག་མཐིལ་དུ་མུ་ཏིག་གི་དུང་ཙེ་རེ་རེ་སྣང་བས། བླངས་ནས་ཡང་དེའི་ཤུལ་དུ་མུ་ ཏིག་གི་དུང་ཙེ་རེ་རེ་ཡོད་པར་གྱུར་ཏོ། །རིམ་པ་བཞིན་དུ་བླངས་ནས་བང་མཛོད་ཐམས་ཅད་ གང་ནས་བུའི་ལག་པར་མུ་ཏིག་མི་ཟད་པར་གྱུར་ཏོ། །མིང་ཡང་མུ་ཏིག་གི་སྙིང་པོ་བཏགས་ སོ། །མུ་ཏིག་དེ་དག་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་ཡང་འཕང་དུ་དཔག་ཚད་ གཅིག་དང་ཁྱོན་ལ་རྒྱང་གྲགས་གཉིས་ཡོད་པར་བཞེངས་སོ། །གསེར་གྱི་དྲིལ་བུ་བརྒྱ་སྟོང་ གིས་བརྒྱན་པ་རླུང་རས་འབུམ་ཕྲག་དང༌། པད་མ་དཀར་པོ་དང༌། གུར་གུམ་གྱིས་མཆོད་ཅིང་ 1-1-193 ཕྱག་དང་བསྐོར་བ་རྒྱུན་དུ་བྱས་པས། རྒྱལ་བོ་འབངས་ཐམས་ཅད་ལྷག་པར་བཀྲ་ཤིས་སོ། ། ཡང་རྒྱལ་བུའི་ལག་པར་མུ་ཏིག་རྒྱུན་དུ་བྱུང་པས་བང་མཛོད་གང་ནས་དེ་བཞིན་གཤེགས་པ་ འཁོར་བཅས་སྤྱན་དྲངས་ཏེ། མུ་ཏིག་དེ་དག་གིས་མཆོད་དེ་ལྷག་མ་ཐམས་ཅད་དམན་པའི་ སེམས་ཅན་ཐམས་ཅད་ལ་སྦྱིན་པས། སེམས་ཅན་དེ་དག་གིས་མུ་ཏིག་རེག་མ་ཐག་ཏུ་གསེར་ གྱི་ཁ་དོག་ཏུ་གྱུར་ཏོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པོ། །སེམས་ཅན་ཁ་ཅིག་ཕྱིར་མི་ འོང་བར་གྱུར། ཁ་ཅིག་ལན་ཅིག་ཕྱིར་འོང་བར་འགྱུར། །ལ་ལ་དགྲ་བཅོམ་པའི་འབྲས་བུ་ ཐོབ་པོ། །མོའུ་འགལ་གྱི་བུ་དགེ་སློང་གཞོན་ནུ་ལི་ཙཱ་བི་འདིར་སྔོན་གྱི་དེ་ལ་ལྟོས་ཤིག །རྒྱུ་ དེས་དེ་ལྟར་བཙས་པའི་ཁྱིམ་དུ་མུ་ཏིག་ལ་སོགས་རིན་པོ་ཆེའི་གཏེར་གྱི་ཁ་ཕྱེ་བ་ཡིན་ནོ། ། མ་འོངས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་མཚན་དུ་སངས་རྒྱས་ནས། དེ་བཞིན་གཤེགས་པའི་བྱ་ བ་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་ཁ་ལོ་བསྒྱུར་བར་འགྱུར་རོ། །ད་ལྟ་འདི་ལ་དད་པའི་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བ་དང༌། དེ་བཞིན་ གཤེགས་པ་ཡེ་ཤེས་འབྱུང་གནས་ཀྱི་འཁོར་གྱི་དང་པོར་འགྱུར་རོ། ། ༼༤༽ ༈ འཕགས་པ་མེ་ཏོག་སྤྲིན་གྱི་བཀོད་པའི་མདོ་ལས། སྔོན་བྱུང་བ་འདས་པའི་སྔ་ རོལ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་ དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སྤྲིན་གྱི་སྒྲོན་མེ་རྒྱལ་པོ་ཞེས་བྱ་བ་ བྱུང་སྟེ། དེ་ན་རིན་པོ་ཆེའི་གྲོང་ཁྱེར་ཆེན་པོ་ཞིག་ཀྱང་བྱུང༌། རིན་པོ་ཆེའི་གྲོང་ཁྱེར་དུ་འཁོར་ ལོས་སྒྱུར་བའི་རྒྱལ་པོ་སྙིང་རྗེའི་སྤྲིན་ཞེས་བྱ་བ་ཞིག་ཡོད་དེ། བཙུན་མོ་སྟོང་ཕྲག་ལ་སྲས་ བཅུ་གསུམ། དཔའ་ཤིན་ཏུ་སྡུག་པ་སྙིང་རྗེ་ལ་གནས་པའོ། །ཕོ་བྲང་དེ་ལ་མི་ཁྱིམ་འབུམ་ཕྲག་ 1-1-194 སྟོང་ཡོད་པ། དེའི་ཕྱོགས་མཚམས་སུ་ཙན་དན་སྦྲུལ་གྱི་སྙིང་པོ་དང༌། ཨ་ཀ་རུ་དང༌། ཀོར་ཤི་ ཤ་དང༌། སེང་ལྡིང་དང༌། གང་ག་ལ་དང༌། ཨ་ཤྭ་ཐ་དང༌། མེ་ཏོག་གི་ཚལ་གྱིས་བརྒྱན་པ་ཡོད་ དོ། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བསྒྱུར་རོ། །ཁྲོང་ཁྱེར་དེ་ལ་གཙུག་ལག་ཁང་ བརྒྱད་ཁྲི་བཞི་སྟོང་བརྩིགས་ནས། དེ་བཞིན་གཤེགས་པའི་སྐུ་གཟུགས་བརྒྱད་ཁྲི་བཞི་སྟོང་ བྱས་ནས་མངའ་ཞབས་ཀྱི་རིགས་ཐམས་ཅད་ལ་སྤོས་དང༌། མར་མེ་དང༌། མེ་ཏོག་དང༌། མཆོད་པ་རྒྱུན་དུ་སྟེར་བའི་བཀར་བཏགས་སོ། །སེམས་ཅན་ཐམས་ཅད་ལྷག་པའི་སྙིང་རྗེ་ དང་ལྡན་པ། འཛམ་བུའི་གླིང་གི་འགྲོ་བའི་ཕར་གྱུར་ཏོ། །མ་དང་དཔུང་གཉེན་མགོན་དུ་གྱུར་ ཏོ། །དེ་ནས་དེའི་ཕ་རོལ་ན། རྒྱལ་པོ་སྡིག་ལ་དགའ་བ་ཆོས་ལ་སྣང་བ་ལོག་པའི་ཆོས་ལ་མ་ དད་པ་ཁྲོ་གཏུམ་ཅན། སེམས་ཅན་ལ་མི་ཤེས་པ། ཕར་མི་ཤེས་པ་ཞིག་གིས་དེ་ལ་ཕྲག་ཏོག་ སྐྱེས་ནས། དམག་དཔུང་ཡན་ལག་བཞིའི་བསྐྱེད་ནས་གཡུལ་བཤམས་པ་ན། ཆོས་རྒྱལ་ མཐའ་སྲུང་དམག་གིས་ཕ་རོལ་པོ་ཐམས་ཅད་ཕམ་པར་བྱས་ནས་བཙོན་ར་དམ་པོར་གཞུག་ གོ །གཞུག་ནས་སེམས་ཅན་དེ་དག་གིས་ཤིང་སྒྲོག་དང་ལྕགས་སྒྲོགས་དང༌། ཁོ་གྲིལ་དང༌། ལྡོང་དང༌། མདོང་རྟོད་ཀྱིས་བཅིངས་ནས། མུན་པ་མུན་ནག་ཏུ་བཙུད་དུད་པའི་རབ་རིབ་ཀྱིས་ དཀྲིགས་པའི་ཉམས་ཐག་པར་གྱུར་ཏེ། བཀྲེས་བ་དང་སྐོམ་པ་དང༌། སྒྲེན་མོར་རྡུལ་གྱིས་ གཡོག་ཅིང་སྡུག་བསྔལ་གྱིས་མནར་བ་དེ་དག་གིས་སྨྲེ་སྔགས་ཆེན་པོ་བྱས་ནས། རྒྱལ་པོ་ སྙིང་རྗེ་ཆེན་པོའི་སྤྲིན་གྱིས་ཚོར་རོ། །ཚོར་ནས་འདི་སྙམ་སྟེ། གང་འདི་དག་ནི་སུ་ཡིན་ནད་ ཀྱིས་གཟིར་རམ། །རླུང་ངམ་མཁྲིས་བའམ་བད་ཀན་ནམ། ཡང་ན་གཡང་དུ་ལྷུང་ངམ་སྙམ་ ནས་དེ་མ་ཐག་ཏུ་དེ་དག་ལ་བརྟེན་ནས། དེ་རུ་ཕྱིན་པའི་བར་དུ་བཙོན་ར་ལ་འོད་ཀྱིས་ཁྱབ་ པས་མེ་ཏོག་ཆར་དང༌། རོལ་མོ་སྣ་ཚོགས་གྲག་པར་གྱུར་ཏོ། །དེ་ནས་རྒྱལ་པོ་སྙིང་རྗེ་ཆེན་ པོའི་སྤྲིན་བཙོང་ཁང་ལ་ཕྱིན་ཏོ། །འདི་སྐད་དུ་ཀྱེ་མ་སེམས་ཅན་བཙོན་ར་འཐིབས་པོ་ན་ 1-1-195 འཁོད་པའི་རིགས་ཅིའི་ཕྱིར་འདི་འདྲ་བའི་སྡུག་བསྔལ་ཆེན་པོར་གྱུར་ཡང་དག་པར་སྨྲོས་ ཤིག མྱུར་དུ་སྨྲོས་ཤིག བདག་གིས་མི་བདེ་བའི་གནས་ནས་ཐར་བར་བྱ། བཙོན་རའི་གནས་ ནས་ཐར་བར་བྱའོ་ཞེས་དབུགས་བཏོན་ནས། སེམས་ཅན་དེ་དག་གིས་རྒྱལ་པོ་སྙིང་རྗེ་ཆེན་ པོའི་སྤྲིན་མིའི་མཚན་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། དབང་པོ་ཞི་ བ། ཐུགས་དུལ་བ། ཤིན་ཏུ་འཇམ་པ། མཚོ་ལྟར་རབ་ཏུ་དྭངས་པ། སྙིང་རྗེ་ཆེན་པོའི་སྐུ་མཐོང་ སྟེ་སྙན་པའི་གསུང་ཐོས་ནས་སེམས་ཅན་དེ་དག་དགའ་བ་དང་མགུ་བ་དང༌། རིང་ནས་ཚུལ་ ཇི་ལྟ་བ་བཞིན་དུ་སྨྲས་པ་དང༌། དེ་ནས་རྒྱལ་པོ་རང་གི་ཕོ་བྲང་དུ་ཕྱིན་ཏེ། གསེར་གྱི་རྔ་ བརྡུངས་ནས་བློན་པོ་བརྒྱད་ཁྲི་བཞི་སྟོང་བསྡུས་ཏེ་འདི་སྐད་དོ། །བཙོན་ར་ན་གནས་པའི་ སེམས་ཅན་དེ་དག་ལ་ངས་མི་འཇིགས་པ་སྦྱིན་ཏེ་ད་ལྟ་ཉིད་དུ་ཐོངས་ཤིག བློན་པོ་དེ་དག་ གིས་རྒྱལ་པོ་ཆེན་པོ་ཅི་སྙམ་དུ་སེམས་སོ། །ཤེས་པ་རྨོངས་པའམ། བཙོན་འདི་རྣམས་བདག་ ཅག་ལ་རྒོལ་བ་དང་དཀོར་མཛོད་ཕྲོགས་པ་དང༌། རྒྱལ་པོའི་སྐུ་ལ་བརྡོ་བ་རྣམས་ཡིན་པའི་ ཐར་བའི་དུས་མེད་དོ། །བྱས་པས་རྒྱལ་པོས་སྨྲས་པ། གལ་ཏེ་ངས་སེམས་ཅན་འདི་ཙམ་ཞིག་ ཀྱང་བཙོན་ར་ནས་བཀྲོལ་བར་མ་ནུས་ན། ཁམས་གསུམ་པའི་བཙོན་ར་ན་འཁོད་པའི་ སེམས་ཅན་སྲིད་པའི་ཞགས་པས་བཅིངས་པ། མ་རིག་པའི་ཁང་པ་འཐིབ་པོར་ཚུད་པ་དག་ ནམ་ཞིག་འདྲེན་པར་འགྱུར། དེ་ནས་ནོར་རྫས་སྣ་ཚོགས་པས་སེམས་ཅན་དེ་དག་བླུའོ། །ཡང་ དག་པར་བླུའོ། །ངའི་བཀའ་ལ་མི་ཉན་པས་ངའི་གློ་བ་རངས་སོ། །དེ་སྐད་ཅེས་དང༌། རིན་པོ་ ཆེའི་ཀེ་ཀེ་རུ་དང་བཻ་ཌཱུརྱ་དང༌། གསེར་དང༌། དངུལ་དང༌། མུ་ཏིག་དང༌། གོས་དང༌། བཞོན་ པ་དང༌། མེ་ཏོག་དང༌། རྟ་དང༌། གླང་པོ་ཆེ་དང༌། ཡོ་བྱད་ཐམས་ཅད་ཀྱིས་མིའི་རིན་དུ་སྤོངས་ ནས། རང་གི་བློན་པོའི་ཚོགས་ལ་འཇལ་བར་བྱེད་དོ། །མཇལ་ནས་བཙོན་ར་ན་གནས་པའི་ སེམས་ཅན་དེ་དག་བཅིངས་པ་ལས་གྲོལ་ཞིང་གོས་སྣ་ཚོགས་དང༌། ཟས་དང༌། སྐོམ་དང༌། 1-1-196 ཡོ་བྱད་ཐམས་ཅད་ཀྱི་ཚིམ་པར་བྱས་ནས། རྒྱལ་པོའི་ཁབ་ཏུ་དེ་བཞིན་གཤེགས་པ་སྤྲིན་གྱི་ སྒྲོན་མེའི་རྒྱལ་པོ་འཁོར་བྱང་ཆུབ་སེམས་དཔའ་དགུ་སྟོང་དང་བཅས་པ་བྱོན་ནས་རྒྱལ་པོའི་ ཡིད་དགའ་བ་དང༌། མགུ་བ་དང༌། རངས་ནས་རིན་པོ་ཆེ་དུ་མ་བཀོད་པའི་ཁྲི་ལ་སྤོས་མཆོག་ དཔལ་གྱི་སྣང་བ་པད་མའི་སྙིང་པོ་ཅན་བཤམས་ནས་འབྱོར་བའི་ཚོགས་ཀྱིས་མཆོད་དེ་ཕྱག་ དང་བསྐོར་བ་མང་པོ་བྱས་ནས་སྙིང་རྗེ་ཆེན་པོ་སྤྲིན་གྱི་རྒྱལ་པོ་འདི་ལྟར་སེམས་བསྐྱེད་དོ། ། བཅོམ་ལྡན་འདས་བདག་གིས་བཙོན་ར་ན་གནས་པའི་སེམས་ཅན་སྡུག་བསྔལ་གྱི་གནས་ ནས་ཐར་བར་བྱས་པའི་བསོད་ནམས་ཀྱིས་བདག་གིས་སྐྱེ་བ་ཐམས་ཅད་དུ་ཁམས་གསུམ་ འཁོར་བའི་བཙོན་ཁང་དུ་ཆུད་པའི་སེམས་ཅན་ཐམས་ཅད་སྲིད་པའི་ལས་ཀྱིས་ཞགས་པས་ བཅིངས་པ། མི་དགེ་བའི་ལས་ཀྱིས་མནར་བའི་ཉོན་མོངས་པའི་སེམས་ཅན་ཐམས་ཅད་ བདག་གིས་དཀྲོལ་བར་གྱུར་ཅིག ནམ་ཞིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ། ། བདག་དགེ་སློང་གི་དངོས་པོར་གྱུར་ཅིག ཆོས་གོས་དང་ཐར་བའི་རྒྱལ་མཚན་ངུར་སྨྲིག་གྱོན་ པའི་མཆོག་ཏུ་གྱུར་ཅིག དེ་བཞིན་གཤེགས་པ་དེས་ཀྱང་བདག་ལ་བྱང་ཆུབ་སེམས་དཔའ་ འམ་སྙིང་པོའི་ལུང་བསྟན་མཛད་པར་གྱུར་ཅིག དེའི་ཚེ་ན་ཆོས་ཀྱི་སྤྱན་རྣམ་པར་དག་པ་ཐོབ་ ཅིང་མཐའ་འཁོབ་ཀྱི་གནས་སུ་ཆོས་ཀྱི་དུང་འབུད་ཅིང་ཆོས་ཀྱི་རྔ་བརྡུང་སྟེ། བསྟན་པའི་ཆོམ་ རྐུན་ཡུལ་ནས་བསྐྲད་པར་གྱུར་ཅིག ཅེས་སྨོན་ལམ་ཆེན་པོ་ལྔ་བཏབ་པ་དང༌། རྒྱལ་བུ་རྣམས་ ཀྱང་འདི་ལྟར་སེམས་བསྐྱེད་དོ། །བཅོམ་ལྡན་འདས་བདག་གིས་ཡབ་རྒྱལ་པོས་བཙོན་ རྣམས་བཏང་བའི་གྲོགས་བྱས་པའི་བསོད་ནམས་ཀྱི་བདག་གིས་ཡབ་གང་དུ་སྐྱེ་བའི་གནས་ སུ་བདག་ཅག་རྣམས་སྐྱེས་ནས་བྱང་ཆུབ་བསྒྲུབ་པའི་གྲོགས་བྱེད་པར་གྱུར་ཅིག དེ་ནས་བློན་ འབངས་རྣམས་ཀྱིས་བདག་གིས་སྐྱེ་བ་ཐམས་ཅད་དུ་ཆོས་ཀྱི་རྒྱལ་པོ་འདིའི་ཞབས་དྲུང་དུ་ སྐྱེས་ནས་རྟག་ཏུ་ཆི་གང་བྱེད་པ་གྱུར་ཅིག ཅེས་རྒྱལ་པོ་འབངས་དང་བཅས་པ་ཐམས་ཅད་ཀྱི་ 1-1-197 བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མ་ཐག་ཏུ་རབ་ཏུ་གཡོས་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ ཞིང་རབ་ཏུ་འགུལ་ཞིང་ལྡེག་ནས། དེ་ན་གནས་པའི་སངས་རྒྱས་ཐམས་ཅད་རྒྱལ་པོའི་ཁབ་ ཏུ་ལྷག་སྟེ། ཞལ་སོ་སོར་བསྟན་ནས་ལེགས་སོ་སྟེར་ཞིང་ལུང་བསྟན་མཛད་མཛད་ནས་དོང་ ངོ༌། །དེ་བཞིན་གཤེགས་པ་སྤྲིན་གྱི་སྒྲོན་མེའི་རྒྱལ་པོས། སྙིང་རྗེ་ཆེན་པོའི་རྒྱལ་པོ་ལ་གསོལ་ བ། འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་འདས་པའི་སངས་རྒྱས་ཐམས་ཅད་ལ་ ཕྱག་བྱས་པ། བྱང་ཆུབ་སེམས་གྲངས་མེད་པར་བསྐྱེད་པ་ཡིན། ད་ལྟ་ལ་སོགས་པ་སངས་ རྒྱས་འབུམ་ཕྲག་ཏུ་མ་ལས་སེམས་བསྐྱེད་པར་བྱས་པ། བཙོན་ར་ནས་ཆུད་པའི་སེམས་ཅན་ བདེ་བར་གནས་པར་བྱས་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་མི་ནུས་པས། ཁྱོད་ཀྱི་སྐྱེ་ བ་ཐམས་ཅད་དུ་སྟོང་གསུམ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུ་མར་སྐྱེས་ནས་ཁམས་ གསུམ་སེམས་ཅན་འཁོར་བའི་བཙོན་ར་ནས་བཏོན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་ དཔའི་གཟུགས་དང༌། དགེ་སློང་གི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་མཐའ་མེད་མུ་མེད་ པའི་དོན་བྱས་པར་འགྱུར་རོ། །ནམ་ཞིག་ཐ་མ་ལྔ་བརྒྱའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་ བསྟན་པ་ལ་བྱང་ཆུབ་སེམས་དཔའ་གཞོན་ནུ་ལི་ཙཱ་བི་མཐོང་ན་དགའ་བའི་མིང་དུ་གྲགས་པ་ ཅན་དུ་གྱུར་ཅིག དེ་བཞིན་གཤེགས་པ་དེའི་ཉེ་གནས་མཆོག་ཏུ་གྱུར་ཏེ། ཐེག་པ་མཆོག་གི་ ལུང་བསྟན་ཐོབ་པར་འགྱུར་རོ། །དེ་ནས་རྒྱལ་པོས་བཅོམ་ལྡན་འདས་ལ་གོས་བཟང་པོ་སྣ་ ཚོགས་དང་རིན་པོ་ཆེའི་རིགས་སྣ་ཚོགས་པས་མཆོད་དེ་རང་གི་ཡུལ་དུ་བསྐྱལ་ལོ། །སྔར་ བཙོན་རྣམས་གདུག་པའི་རྒྱལ་པོ་ལ་གཏད་པར་བྱས་ཏེ། དེ་དག་གིས་སྔར་ཅི་འདྲ་བཞིན་དུ་ སྨྲས་པ་དང༌། གདུག་པའི་རྒྱལ་པོ་འཁོར་རྣམས། སྙིང་རྗེ་ཆེན་པོའི་རྒྱལ་པོ་ལ་འདུད་ཅིང༌། ཅི་ ལྟར་བསྒོ་བའི་བཀའ་ཉན་ཅིང་ཆོས་ལ་འཇུག་པར་གྱུར་ཏོ། །མོའུ་འགལ་གྱི་བུ་དག་འཁོར་ ལོས་སྒྱུར་བའི་རྒྱལ་པོ་སྙིང་རྗེ་ཆེན་པོ་དེས་ཀྱང༌། བཙོན་ར་ན་ཆུད་པའི་སེམས་ཅན་རྣམས་ 1-1-198 བདེ་བར་བཀྲོལ་བའི་བསོད་ནམས་ཀྱིས་ཚོགས་བསགས་ཅིང༌། རྟག་ཏུ་སྟོང་གསུམ་འཁོར་ ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །དེ་ན་ད་ལྟ་གཞོན་ནུ་ལི་ཙཱ་བི་འཇིག་རྟེན་ཐམས་ཅད་ཀྱི་ མཐོང་ན་དགའ་བ་འདི་ཉིད་སྙིང་རྗེ་ཆེན་པོའི་སྤྲིན་གྱི་རྒྱལ་པོ་དེ་ཡིན་ནོ། །མ་འོངས་པའི་དུས་ ནམ་ཞིག་སྲིད་པའི་དུས་ཀྱི་ཐ་མ་ལ་གདུང་དམར་ཡུལ་དུ་ངའི་མིང་འཛིན་པའི་དགེ་སློང་ཆོས་ ཀྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སྐུ་ཚབ་ཏུ་འགྱུར་རོ། །དེའི་ཚེ་ན་ཐེག་པ་ཆེན་པོའི་ཆོས་ དུང་འབུད། དར་བྱར། ཆོས་ཀྱི་མདོ་ཆེན་པོའི་ཁ་ཕྱེ་བར་འགྱུར་རོ། །དེ་ལ་དད་པའི་རིགས་ཀྱི་ བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ངའི་མིང་འཛིན་པའི་དགེ་སློང་ལ་དད་པའི་ སེམས་སྐད་ཅིག་ཙམ་དུ་བསམ་པའི་བསོད་ནམས་ཀྱི་ནད་མེད་པ་དང་བཀྲ་ཤིས་པ་དང༌། ཕ་ མས་དུས་རྟག་ཏུ་རི་མོར་འཚོ་བ་དང༌། རྡོ་རྗེའི་ཚེ་དང་མཉམ་པར་འགྱུར་རོ། །སྐྱེ་བ་ཐམས་ ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར་རོ། །ལྟ་བ་ཡང་དག་པ་དང་ཆོས་ཟབ་མོ་ དང་མཇལ་བ་ཡིན་ནོ། །དེའི་རྗེས་སུ་འཇུག་པ་ལྟ་ཅི་སྨོས། །དེའི་འཁོར་དུ་གྱུར་བའི་རིགས་ ནི་དེ་བཞིན་གཤེགས་པའི་སྲས་ཀྱི་ཐུ་བོ་ཡིན་དུ་རིག་པར་བྱའོ། །དེའི་བསོད་ནམས་ཀྱི་ཚད་ ནི་ངས་བགྲང་བར་མི་ནུས་པར་འགྱུར་རོ། །ངའི་མིང་འཛིན་པའི་དགེ་སློང་མཐོང་བ་ནི་ལྷའི་ མིག་ཐོབ་པར་འགྱུར་རོ། །དེའི་སྐད་ཐོས་པས་ཀྱང་ལྷའི་རྣ་བའི་དབང་པོ་ཐོབ་པར་འགྱུར་རོ། ། མོའུ་འགལ་གྱི་བུ་དག་དེ་ལྟར་ངའི་མིང་འཛིན་པའི་དགེ་སློང་ཆེན་པོ་དེ་ཤིན་ཏུ་རྣམ་པར་དག་ པའི་རིགས་ཆེ་བ་ཡིན་ནོ། །དེ་བཞིན་གཤེགས་པ་དང་བསོད་ནམས་ཐ་དད་མེད་དོ། །ཞེས་ བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང༌། འཁོར་རྣམ་བཞི་ལ་རྒྱུན་དུ་ཞུགས་ པའི་འབྲས་བུ། ལ་ལ་ལན་ཅིག་ཕྱིར་འོང་དང༌། ཕྱིར་མི་འོང་དང༌། དགྲ་བཅོམ་པར་གྱུར་ཏོ། ། ༼༥༽ ཞེས་མཆན་སྐོར་གྱི་སྐྱེས་རབས་ལྔ་ཡེ་ཤེས་ལྔའི་ངོ་བོའོ། །གཞུང་སྐོར་ཀྱི་སྐྱེས་རབས་ སོ་གཉིས། མཚན་བཟང་པ་སོ་གཉིས་མཚོན་པ་སྟེ། གཞུང་མཆན་གཉིས་ཀ་བསྡོམ་པས་སོ་ 1-1-199 བདུན་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པར་དག་པ་ཉིད་དུ་བཀོད་དོ། ། (མཆན་འདི་གོང་སྐྱེས་རབས་ཉི་ཤུའི་འཕྲོར་ཡོད་ཀྱང་མ་ཏི་རིན་པོ་ཆེའི་མཛད་པའི་ཀུན་མཁྱེན་རྣམ་ཐར་ཚིག་བཅད་མ་ལྟར་ གོང་འོག་སོགས་བསྒྲིགས་ནས་འདིར་བཞགས་པ་ཡིན་ལགས། མཆན་སྐོར་གྱི་སྐྱེས་རབས་ལྔ་པོ་འདི་གོང་འོག་གར་བཞགས་ ཀྱང་ཆོག །) ༈ དེ་ནས་རང་གི་གཟུགས་ཀྱིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དེ། རྒྱལ་ བའི་ཕྱག་མཐིལ་ལས་འཁྲུངས་སྤྱན་རས་གཟིགས། །གཉིས་སུ་མེད་པའི་ཀུན་མཁྱེན་ཆོས་ ཀྱི་རྗེ། །(རྒྱ་ཆེར་རོལ་བ་ལས། །ཆོས་ཀྱི་རྗེའི་སྒྲ་དོན་ནི། །ང་བདག་ཉིད་ནི་སངས་རྒྱས་ཏེ། །དེ་ནི་རབ་བྱུང་མིག་དང་ལྡན། ། ཆོས་རྣམས་ཀུན་ལ་མངའ་བརྙེས་པ། །ཆོས་ཀྱི་རྗེ་ཞེས་བརྗོད་པ་ཡིན། །ཞེས་གསུངས། སངས་རྒྱས་ཕལ་བོ་ཆེར། ཁྱེའུ་བུ་མོ་ དེ་བཞིན་བུད་མེད་ལུས། །སྐྱེ་བ་ལྷ་དང་ལྷ་མིན་ཀླུ་རྣམས་དང༌། །གནོད་སྦྱིན་གྲུལ་བུམ་ལྟོ་འཕྱེད་ཆེན་པོའི་གཟུགས། །མོས་པའི་ ཚུལ་མཁས་ཡོངས་སུ་སྟོན། །)སྡེ་སྣོད་ཀུན་ཤེས་ཤེས་རབ་རྒྱལ་མཚན་དཔལ། །ཀུན་ཏུ་བཟང་པོས་ བདག་ཅག་བྱིན་གྱིས་རློབས། ། དེ་ཡང་སེམས་ཅན་གྱི་དོན་དུ་ཐབས་སྣ་ཚོགས་བསྟན་ནས་གཟུགས་སྐུ་མཐའ་ཡས་སུ་ སྤྲུལ་ཏེ། གསེར་འོད་དམ་པའི་མདོར། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་ གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་ སྟོན། །ཞེས་གསུངས། འཕགས་པ་ལག་ན་མེ་ཏོག་གི་མདོར། ལ་ལ་དེ་བཞིན་གཤེགས་པའི་ གཟུགས་ཀྱིས་འདུལ་ལོ། །སེམས་ཅན་ལ་ལ་ལྷའི་ལུས་སུ་མཐོང་བས་འདུལ་ལོ། །ལ་ལ་ སྐྱེས་པའི་ལུས་དང་བུད་མེད་ཀྱི་གཟུགས་ཀྱིས་འདུལ་ལོ། །ལ་ལ་ཆེན་པོ་དང་ཆུང་ངུའི་ཚུལ་ གྱིས་འདུལ་ལོ། །ཞེས་མང་དུ་གསུངས་སོ། ། ཁྱད་པར་དུ་དཔལ་ལྡན་བླ་མ་འདི་ཉིད་ཀྱིས་སེམས་ཅན་འདུལ་བར་གསུངས་པ་ནི། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། དེ་ནས་བཅོམ་ལྡན་འདས་ལྷོ་ཕྱོགས་འདབ་ 1-1-200 བཟང་ཟིལ་གྱི་རིར་བྱོན་ནས། ལྷའི་བུ་རྣམས་ཀྱིས་བར་སྣང་ཏཱ་ལ་བདུན་སྲིད་ཙམ་དུ་འཁོད་ ནས། དེ་བཞིན་གཤེགས་པ་ལ་མེ་ཏོག་སིལ་མ་གཏོར་ནས། ཚིག་འདི་སྐད་དུ། ཀྱེ་མ་བཅོམ་ ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། མདོ་འདི་ལྟ་བུ་འཆང་བའི་དགེ་སློང་ཅི་འདྲ་བ་ ཞིག་འབྱུང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ང་ཡོངས་སུ་མྱ་ངན་ལས་ འདས་པའི་འོག་ཏུ། དགེ་བའི་རྩ་བ་བྱས་པ་རྣམས་དང༌། སངས་རྒྱས་མང་པོ་ལ་བསྙེན་བཀུར་ བྱས་པ་དེ་དག་མདོ་འདི་འཆང་བར་འགྱུར་ཏེ། གཞན་དག་ལ་ཡང་རྒྱས་པར་བསྟན་པར་ འགྱུར་རོ། །སྤྲིན་ཆེན་པོའི་མདོ་འདི་ཡང་ལོ་བཞི་བཅུའི་བར་དུ་འཛམ་གླིང་དུ་སྤྱོད་པར་ འགྱུར་ཏེ། རྒྱས་པར་ཡང་འགྱུར་རོ། །དེའི་འོག་ཏུ་ཕྱི་མའི་དུས་ན་དམ་པའི་ཆོས་སྤོང་བ་དང༌། རྒྱལ་པོ་འཁྲུགས་པ་དང༌། དམ་པའི་ཆོས་ནུབ་པའི་དུས་སུ། དགེ་སློང་དང༌། དགེ་སློང་མ་ དང༌། དགེ་བསྙེན་དང༌། དགེ་བསྙེན་མས་ལུས་ཡོངས་སུ་མ་སྦྱོང་བ། ཚུལ་ཁྲིམས་ཡོངས་སུ་ ཉམས་པ། ཤེས་རབ་འཆལ་བ་དང༌། ལུག་ལྟར་ལྐུགས་པ་དག་གིས། མདོ་འདི་འཆང་བ་ མཐོང་ནས་ཡིད་མི་ཆེས། བཞད་གད་བྱེད། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི་སྙན་ངག་ མཁན་གྱིས་རང་བཟོ་ཡིན་ཞེས་ཟེར་རོ། །ཆོས་རིན་པོ་ཆེ་ལས་ཕྱི་རོལ་ཏུ་གྱུར་པས། མུ་གེའི་ མགོ་བྱི་འདུལ་དཀའ་བ། དམུ་རྒོད་དག་ཀྱང་འབྱུང་བར་འགྱུར་རོ། །བྲན་ཕོ་དང་བྲན་མོ་ འཛིན་པ་དང༌། དབྱིག་དང་གསེར་ཡོངས་སུ་འཛིན་པ་དང༌། དུང་དང་མན་ཤེལ་དང༌། འཁར་ བ་དང་བྱུ་རུ་འཛིན་པ་དང༌། བ་ལང་དང་མ་ཧེ་འཛིན་པ་དང༌། ཞིང་གི་དངོས་པོ་འཛིན་པ་དང༌། ངང་པ་དང་བྱ་གག་དང་ཕག་ལ་སོགས་རྫས་ཡོངས་སུ་འཛིན་པ་དང༌། དུག་སྦྱོར་དུ་འཇུག་པ་ དག་ཀྱང་འབྱུང་བར་འགྱུར་ཏེ། དགེ་སྦྱོར་མ་ཡིན་པ་དུ་མ་བྱེད་པ་དང༌། དེ་ལྟར་གཏི་མུག་ ཡོངས་སུ་འཕེལ་བའི་དུས་དང༌། དམ་པའི་ཆོས་ཉམས་པའི་དུས་ན། འོད་སྲུང་དང་འདྲ་བའི་ དགེ་སློང་ཞིག་འཛམ་བུའི་གླིང་དུ་སྐྱེས་པར་འགྱུར་རོ། །ངའི་ཉན་ཐོས་ཀྱི་ནང་དུ་རབ་ཏུ་བྱུང་ 1-1-201 ནས་རིམ་གྱིས་མུ་གེའི་མགོ་བྱི་འདུལ་དཀའ་བ། དམུ་རྒོད་རྣམས་ཀྱི་ནང་དུ་དེ་བཞིན་ གཤེགས་པས་གསུངས་པའི་མདོ་རྣམས་ཀྱི་བསྔགས་པ་བརྗོད་ཅིང༌། སོ་སོར་ཐར་པའི་སྡཽམ་ པ་བསྡམས་ཏེ་མཇུག་ཏུ་རང་གི་སྲོག་དང་བསྡོས་ནས། བསླབ་པའི་གཞི་བཅས་པའི་བསྔགས་ པ་རྣམས་བརྗོད་པར་འགྱུར་རོ། །དེའི་འོག་ཏུ་ཤིང་དྲུང་གི་བསྔགས་པ་བརྗོད་པར་འགྱུར་རོ། ། དེ་བཞིན་དུ། ཕྱག་དང་མཆོད་པ་དང་དགོན་པ་ན་གནས་པ་དང༌། འདུལ་བའི་བསྔགས་པ་ བརྗོད་ཅིང༌། མ་དུལ་བ་རྣམས་ཚར་གཅོད་པར་འགྱུར་རོ། །ལྷའི་བུ་དག་ཁྱོད་ཀྱིས་དེའི་ཚེ། ངའི་ཉན་ཐོས་ཀྱི་དགེ་སློང་དེ་ལ་ཀུན་ཏུ་སྲུངས་ཤིག །ལྷའི་བུས་གསོལ་པ། བཅོམ་ལྡན་ འདས་བདག་ཅག་གིས་ཀྱང་དགེ་སློང་དེ་ལ་བསྙེན་བཀུར་དང་གཡོག་བགྱིས་ཏེ། ཀུན་ཏུ་ བསྲུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ལེགས་སོ་ལེགས་ སོ། ཁྱོད་ཀྱིས་རྐྱེན་དུ་བབ་པར་དམ་བཅས་ཤིང་སྨོན་ལམ་བཏབ་སྟེ། དགེ་སློང་སྐྱེས་བུ་དམ་ པ་དེ་ལ་ལྷ་རྣམས་ཀྱིས་ཀྱང་བསྲུང་ངོ༌། །དེ་ནས་ལྷའི་བུ་མང་པོ་དག་གིས་བཅོམ་ལྡན་འདས་ ཇི་སྲིད་ཅིག་ན་དེ་བཞིན་གཤེགས་པའི་སྲས། འོད་སྲུང་དང་འདྲ་བའི་དགེ་སློང་འབྱུང་བར་ འགྱུར། ཡུལ་ནི་གང་དུ་སྐྱེ་བར་འགྱུར། དེའི་མིང་ཇི་སྐད་ཅེས་བཟུང་བར་འཚལ། ལྷའི་བུ་ དག་ང་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོ་འདས་པ་ནས། ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁོར་གྱི་ མི་མང་པོའི་ནང་ནས་འབྱུང་བར་འགྱུར་རོ། །དེའི་ལོ་བརྒྱད་ཅུ་ན་དམ་པའི་ཆོས་ནུབ་པར་ འགྱུར་པའི་ལྷག་མ་ཙམ་ལུས་པའི་ཚེ་ན། ངའི་ཉན་ཐོས་འབྱུང་བར་འགྱུར་ཏེ། དམ་པའི་ཆོས་ ཀྱང་འབྱོན་པར་འགྱུར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ཐེག་པ་ཆེན་པོ་ཡང་ གཞན་དག་ལ་རྒྱས་པར་འཆད་པར་འགྱུར་རོ། །མདོ་འདི་ལྟ་བུ་དག་བཤད་པ་ཐོས་ན་ཡིད་ ཆེས་པར་འགྱུར་རོ། །དེ་ནས་ལྷའི་བུ་མཐོང་ན་དགའ་བ། དྲི་ཟའི་རྒྱལ་པོས། བཅོམ་ལྡན་ འདས་ལ་བསྐོར་བ་བྱས་ཏེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ 1-1-202 འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་སྲུང་ཆེན་པོ་དང་འདྲ་བ། དེ་བཞིན་ གཤེགས་པ་དང་མིང་མཐུན་པའི་དགེ་སློང་ཆེན་པོ། བྱམས་པ་ཆེན་པོ་ལ་གནས་པ། ཚུལ་ ཁྲིམས་ཆེན་པོ་ལ་རྟག་ཏུ་གནས་པ། ཤིན་ཏུ་མཆོག་ཏུ་མཛེས་པ། རིགས་ཆེན་པོར་སྐྱེས་པ། ཚུལ་ཁྲིམས་དང་ལྡན་པ་ཆེན་པོའི་དགེ་སློང་གིས་ཡོངས་སུ་བསྐོར་བ། དུས་དང་བཅས། གནས་དང་བཅས། གྲོང་དང་རྣམ་པ་ཅི་འདྲ་བ་ཡང༌། བཅོམ་ལྡན་འདས་ཀྱིས་རྒྱས་པར་ འཆད་དུ་གསོལ། བཅོམ་ལྡན་འདས་དགེ་སློང་དེ་བདག་གིས་ཇི་སྲིད་འཚོའི་བར་དུ་བསྲུང་ བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཟའི་རྒྱལ་པོ། དགེ་སློང་དེ་ ལུང་སྟོན་པ་ཉོན་ཅིག །དེ་ནི་ང་ལ་དབེན་པ་དང༌། ངའི་བསྟན་པ་བྱུང་བར་བྱེད་ཅིང་ཁུར་ཁྱེར་ བ་ནི། ངའི་གཞོན་ནུ་ལི་ཙ་བཱི་འདི་ཉིད་ཡིན་ནོ། །དྲི་ཟའི་རྒྱལ་པོ། ང་འདས་པའི་འོག་ཏུ་ལྷོ་ ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་དོལ་པོ་ཞེས་བྱ་བའི་ཡུལ་འཁོར་ཀ་ཡོ་རི་བསོད་ནམས་ལྡན་པའི་ གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེ་ལ་འབབ་ཆུ་མཛེས་སྦྱོར་ཞེས་བྱ་སྟེ། དེའི་ བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ། །དེའི་རིགས་ཆེན་རྣམ་པར་དག་པ་འབྲ་ཀོ་ ཅན་ཞེས་བྱ་བའི་ས་ཕྱོགས་སུ་འབྱུང་བར་འགྱུར་རོ། །ཤཱཀྱའི་རིགས་ཆེན་པོ་གཞོན་ནུ་ལི་ཙ་ བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ངའི་མིང་དེའི་མིང་དུ་འདོགས་པར་ འགྱུར་རོ། །འབྲ་ཀོ་ཅན་གྱི་རྗེ་རིགས་ཆེན་པོའི་རིགས་ཀྱང༌། དེ་བཞིན་གཤེགས་པའི་རིགས་ ཡིན་པར་བལྟ་བར་བྱའོ། །དེའི་ཚེ་དྲང་སྲོང་དོལ་པོ་ཞེས་བྱ་བའི་ཡུལ་འཁོར་ཡང་འབྱོར་ཅིང་ རྒྱས་ལ་སྐྱེ་བོ་མང་པོས་ཡོངས་སུ་གང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དང་མིང་མཐུན་ པའི་དགེ་སློང་གི་གྲོང་ཁྱེར་དེ་ཡང་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཞིང༌། སྐྱེ་བོ་ ཐམས་ཅད་ཀྱིས་བཀུར་བར་འགྱུར་རོ། །གང་གི་ཚེ་ཁྱེའུ་དེ་རབ་ཏུ་བྱུང་ནས་ཚངས་པ་མཚུངས་ པར་སྤྱོད་པའི་འཁོར་དང༌། དགེ་སློང་གི་ཚོགས་རྣམས་ཁྲིད་དེ་རང་གི་སྲོག་དང་བསྡཽས་ནས་ 1-1-203 དམ་པའི་ཆོས་སྟོན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྤྱོད་པ་འབྱུང་བར་བྱེད་དེ། མཆོག་ཏུ་དགའ་བ་སྤྱོད་པར་འགྱུར་རོ། །དགེ་སློང་དམ་པའི་ཆོས་འདོད་པ་གང་ཡིན་པ་ རྣམས་ཀྱང༌། རང་གི་སྲོག་བསམ་པ་ཡོངས་སུ་བཏང་ནས། དམ་པའི་ཆོས་བསྲུང་བར་འགྱུར་ ཏེ། དགེ་སློང་གི་མཆོག་དེ་དག་ཀྱང་མཆོག་ཏུ་དགའ་བར་བྱེད་དེ། ང་ལ་དབེན་པ་དང༌། ཚུལ་ ཁྲིམས་ཡོངས་སུ་དག་པར་འགྱུར་ཞིང༌། སོ་སོར་ཐར་པའི་སྡོམ་པ་བསྡམས་ལ་སྤྱོད་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང༌། ཁ་ན་མ་ཐོ་བ་ཕྲ་རགས་ཙམ་ཡང་འཇིགས་པར་བལྟ་བར་ འགྱུར་རོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གང་ དག་ངའི་ཉན་ཐོས་མཆོག་ཏུ་དགའ་བར་བྱེད་པའི་ཚིག་ལ་ཡིད་ཆེས་པ་དེ་དག་ཐམས་ཅད་ ཀྱང་སྤྲིན་ཆེན་པོའི་མདོའི་སྙིང་པོ་དང་འདྲ་བར་བལྟའོ། །དྲི་ཟའི་རྒྱལ་པོ། གཞན་ཡང་སྐྱེས་བུ་ དེ་དག་ནི་གང་དག་གིས། ངའི་ཉན་ཐོས་ཀྱི་ཚིག་ཐོས་ནས་དམ་པའི་ཆོས་ཀྱི་ཕྱོགས་སུ་འཇུག་ པར་བྱེད་པའི་སེམས་ཅན་དེ་དག་ཀྱང་ང་ལ་བྱས་པ་གཟོ་བ་དང༌། ང་ལ་དབེན་པ་བསྟན་པ་ ཡིན་ཏེ། དམ་པའི་ཆོས་ཀྱི་ཕྱིར་རང་གི་སྲོག་བསམ་པ་ཡང་བཏང༌། ནོར་དང་བཅས་པ་དང༌། བུ་དང་བཅས་པ་དང༌། ཆུང་མ་དང་བཅས་པ་དང༌། བུ་མོ་དང་བཅས་པ་སྟེ་ཕྱོགས་རྣམས་སུ་ སྲོག་གི་བསམ་པ་ཡང་བཏང་ནས། དམག་དཔུང་ཆེན་པོའི་གཡུལ་དུ་འཇུག་ཅིང་དཔུང་ཆེན་ པོའི་གཡུལ་ཟད་པར་བྱེད་དོ། །བདུད་ཀྱི་སྟོབས་འཇོམས་པར་བྱེད་དོ། །ཇི་ལྟར་ཐབས་ཀྱིས་ ཀྱང་དམ་པའི་ཆོས་ལ་འཇུག་པར་བྱེད་དོ། །ངའི་དམ་པའི་ཆོས་ཀྱི་མཐུ་ཡང་བསྐྱེད་པར་ འགྱུར་རོ། །སེམས་ཅན་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་པར་འགྱུར་ཏེ། དེ་དག་གིས་ ནི་བྱང་ཆུབ་སེམས་དཔའ་མི་མཆོག་ཡིན་པར་བལྟ་བར་བྱའོ། །དགེ་སློང་ངམ། དགེ་སློང་མ་ དེ་དག་ནི་བསྙེན་གནས་ཡོངས་སུ་དག་པར་འགྱུར་རོ། །དགེ་འདུན་ནི་ཡོངས་སུ་དག་པར་ འགྱུར་རོ། །དགེ་འདུན་གྱི་སྡེ་དེ་དག་ནི་འཚང་རྒྱ་བར་འགྱུར་རོ། །དམ་པའི་ཆོས་ལ་ནན་ཏན་ 1-1-204 དུ་བསྒྲུབ་པར་འགྱུར་ཏེ། དྲི་ཟའི་རྒྱལ་པོ། འོན་ཀྱང་ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པའི་ སེམས་ཅན་ནི་ཉུང་སྟེ། ཕལ་ཆེར་ནི་ཤིན་ཏུ་མོས་པར་མི་འགྱུར་རོ། །དྲི་ཟའི་རྒྱལ་པོ། རྣམ་པ་ བཞི་དང་ལྡན་ན་ངའི་ཉན་ཐོས་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་ཚིག་ ལ་ཡིད་ཆེས་པར་འགྱུར་རོ། །བཞི་གང་ཞེ་ན། སྔོན་གྱི་མཐོང་བར་ཡང་དག་པར་རྫོགས་པའི་ སངས་རྒྱས་སྔ་མ་རྣམས་ལ་ཟབ་མོ་བརྟན་པ་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་འདི་ ཐོས་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང༌། ལྷག་པའི་བསམ་པ་ལ་ ཞུགས་ཤིང་དགེ་བའི་རྩ་བ་བརྟན་པ་དང༌། རྒྱ་ཆེན་པོ་ལ་མོས་པ་ལུས་ཀྱིས་མངོན་སུམ་དུ་ བྱས་པ་སྟེ། དྲི་ཟའི་རྒྱལ་པོ། རྣམ་པ་བཞི་པོ་དེ་དག་གིས་ནི་ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ ཆེས་པར་འགྱུར་རོ། །གང་དག་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་བདུད་ཀྱིས་བྱིན་གྱིས་ བརླབས་པའི་གཏི་མུག་ཅན་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་ པ་དང་མིང་མཐུན་པའི་དགེ་སློང་དེ་ནི་སངས་རྒྱས་མང་པོས་ཡོངས་སུ་བཟུང་བ་དང༌། འཁོར་ ཤིན་ཏུ་རྣམ་པར་དག་པ་དང༌། དགེ་སློང་གི་ཚོགས་དང་དགེ་སློང་མའི་ཚོགས་དང་ལྡན་པའི་ ཕྱིར་རོ། །གང་དག་ངའི་ཉན་ཐོས་ཀྱི་ཚིག་ལ་ཡིད་ཆེས་པའི་སེམས་ཅན་དེ་དག་ནི་རྡོ་རྗེའི་རང་ བཞིན་ཡིན་པར་རིག་པར་བྱའོ། །དྲི་ཟའི་རྒྱལ་པོ། གཞན་ཡང་དེ་བཞིན་གཤེགས་པ་དང་མིང་ མཐུན་པའི་དགེ་སློང་གི་ཆེ་བ་ཉིད་ལ་ལྟོས། གང་གི་ཕྱིར་ན་དགེ་སློང་དེ་ནི་དེ་བཞིན་གཤེགས་ པ་ཀླུ་རིག་པའི་སྒྲོན་མའི་ཐད་དུ་དམ་བཅས་ཤིང་སྨོན་ལམ་བཏབ་ལ། ངའི་བསྟན་པ་ཡང་ དམ་པའི་ཆོས་བསྲུང་བའི་ཕྱིར་རང་གི་སྲོག་ཀྱང་ཡོངས་སུ་བཏང་ངོ༌། །དམ་པའི་ཆོས་ཀྱི་སྒྲ་ ལན་གསུམ་དུ་མངོན་པར་བསྒྲགས་པས་ན། འདས་པའི་དུས་ན་ཡང་ངའི་ཉན་ཐོས་དཀའ་བ་ བྱེད་པ་ཡིན། ད་ལྟ་ཡང་དཀའ་བ་བྱེད་པ་ཡིན། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་ནི་ད་ལྟ་ གཞོན་ནུ་ལི་ཙ་བཱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ནོ། །ལི་ཙ་བཱི་ 1-1-205 འདི་ཉིད་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་དུ་གྱུར་པར་རིག་པར་བྱའོ། ། དྲི་ཟའི་རྒྱལ་པོ། གཞན་ཡང་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་ཆེ་བ་ ཉིད་རྣམ་པར་དག་པ་ལ་ལྟོས། དགེ་སློང་དེ་ལ་སེམས་ཅན་གང་དག་གིས་བསྙེན་བཀུར་བྱས་ པ་དེ་དག་གིས་ནི། འདས་པ་དང༌། མ་བྱོན་པ་དང༌། དེ་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་གིས་རང་གི་སྲོག་བསམ་པ་ཡོངས་སུ་བཏང་སྟེ། །དགེ་སློང་དེའི་ཐད་ དུ་ཆེད་ཀྱིས་གནས་པར་བྱེད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་རིམ་གྲོ་ བྱས་པ་ཡིན་ནོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ དག་གིས་ངའི་དགེ་སློང་དེས་ཇི་ལྟར་བསྒོ་བ་བཞིན་དུ་བྱེད་ན་དེ་དག་གིས་ནི། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བཀའ་བསྒྲུབ་པ་ཡིན་ནོ། །དགེ་སློང་ངམ། དགེ་སློང་མའམ། དགེ་ བསྙེན་ནམ། དགེ་བསྙེན་མ་གང་དག་གིས་ནི། ངའི་དགེ་སློང་དེ་ཡིས་ཆོས་བཤད་པ་དང༌། ཉན་པ་དང༌། འབྲེལ་བའི་གཏམ་གྱིས་ཁུར་བླངས་ནས་སྟོན་པར་བྱེད་པའི་ཐབས་ཀྱིས་ བསླབ་པ་ལ་གུས་པ་ནི་སྒྲ་གཅན་འཛིན་དང་འདྲ་བར་བལྟའོ། །ངའི་དགེ་སློང་གི་ལུང་བསྟན་ པ་འདི་ཐོས་ན་སེམས་ཅན་བསོད་ནམས་ཆུང་བའི་དགེ་སློང་དང༌། དགེ་སློང་མ་དང༌། དགེ་ བསྙེན་དང༌། དགེ་བསྙེན་མ་རྣམས་ཀྱིས་འདི་སྙམ་དུ་སེམས་བསྐྱེད་པར་འགྱུར་ཏེ། ཀྱེ་མ་དགེ་ སློང་ལྟར་བཅོས་པ་དེ་བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་དང༌། སྤྲིན་ཆེན་པོའི་ མདོ་འདི་སངས་རྒྱས་ཀྱིས་མ་གསུངས་པ་དེར་བདག་ཉིད་ཀྱིས་བྱས་སོ། །བདག་ཉིད་ཀྱི་ལུང་ བསྟན་པར་ཡང་བཅུག་སྟེ། སངས་རྒྱས་ཀྱིས་མ་གསུངས་པར་ཡང་རང་བཟོ་བསླབ་གཞི་སྣང་ བ་ཐ་དད་པ་བདག་ཉིད་ཀྱིས་བསྟན་པ་འཆད་པར་བྱེད་དོ། །ཚེ་དང་ལྡན་པ་དག་དགེ་སློང་ འདི་ཅིའི་ཕྱོགས་སུ་གྱུར་ཏེ། ཚེ་དང་ལྡན་པ་སུ་ཅག་ནི། བྲན་ཕོ་དང༌། བྲན་མོ་དང༌། བ་ལང་ 1-1-206 དང༌། མ་ཧེ་ལ་སོགས་པ་ཡོངས་སུ་འཛིན་པ་ཡིན་ནོ། །དེས་ནི་ང་སྤངས་པ་ཡིན་ནོ། །དགེ་ སློང་ད་ཕྱིན་ཅི་ལོག་ཏུ་གྱུར་པ་འདིའི་ཚིག་གིས་ནི་འོ་ཅག་གི་སྲོག་དང་བསྡོས་ཏེ། འདི་ནི་ ཕྱོགས་སུ་བླངས་ནས་ཁྱེད་དང་བདག་གིས་ཀྱང་མཆོག་ཏུ་དགའ་བ་བྱེད་པར་འགྱུར་རོ། །དེ་ ལ་ཅི་བྱས་པ་དང༌། ཅི་བྱིན་པ་རྣམས་ནི་ཚེ་འདི་དང་ཕྱི་མ་ལ་བདག་གིས་ཐབས་སུ་མྱོང་བར་ འགྱུར་བ་ཙམ་ཚོད་ན་ཇི་ལྟར་བྱ་ཞེ་སྡང་ཞིང་ལྐོག་ཏུ་སོང་ནས་ཕན་ཚུན་སུན་འབྱིན་པར་ འགྱུར་ཏེ། དྲི་ཟའི་རྒྱལ་པོ། སེམས་ཅན་དེ་དག་ནི་མུན་པའི་དབང་དུ་གྱུར་ཅིང༌། བསོད་ ནམས་ཆུང་བ་ཡིན་པར་རིག་པར་བྱའོ། །དྲི་ཟའི་རྒྱལ་པོ། སེམས་ཅན་གང་དག་དགེ་བའི་རྩ་ བ་བྱས་པ་དང༌། བྱང་ཆུབ་སེམས་དཔའ་ཐབས་ལ་བརྟེན་པའི་དགེ་སློང་ངམ། དགེ་སློང་ མའམ། དགེ་བསྙེན་ནམ། དགེ་བསྙེན་མ་དེ་དག་གིས་ནི་ངའི་ཉན་ཐོས་ཀྱི་ལུང་བསྟན་པ་འདི་ ཐོས་ནས། འདི་ལྟར་སེམས་བསྐྱེད་དེ། ཀྱེ་མ་དགེ་སློང་མཁས་པ་འདི་གལ་ཏེ་བྱང་ཆུབ་ སེམས་དཔའ་མ་ཡིན་དུ་ཟིན་ནས། སྐྱེ་བོ་ཕལ་བས་རྒྱ་མཚོ་ཆེན་པོ་འདི་ལྟ་བུ་དཀྲུགས་པ་ག་ ལ་ནུས། ཚེ་དང་ལྡན་པ་དག་ཁྱེད་དང་བདག་ཅག་དེའི་གཏམ་ཟླར་གྱུར་ན་ནི། བདག་གིས་ སྐྱེས་པ་དང་ཚོང་པ་དང༌། རབ་ཏུ་བྱུང་བའི་འབྲས་བུ་རྙེད་པ་ལེགས་པར་རྙེད་དོ། །དེ་ནི་སའི་ སྟེང་ན་གྲགས་པ་དེ་བཞིན་གཤེགས་པའི་ཞབས་དྲུང་ནས་ལུང་བསྟན་པ་ཐོབ་ཅིང༌། ལྷའི་ མིག་གིས་ལེགས་པར་མཐོང་བའི་ཆོས་ཐོབ་པ་ཡིན་ནོ། །ཞེས་གྲགས་པས་བདག་གིས་སྲོག་ དང་བསམ་པ་གཏོང་ལ། འདི་ནི་བདག་ཅག་ལ་སྟོན་པའི་སློབ་དཔོན་དུ་བྱས་ཏེ། ཆོས་ཉན་ པར་རིགས་སོ། །བདག་ཅག་བཞི་ཡང་རུང༌། གསུམ་ཡང་རུང༌། སློབ་དཔོན་གྱི་གྲོགས་བྱ། ཚེ་ དང་ལྡན་པ་དག་དམ་པའི་ཆོས་འབྱུང་བའི་ཕྱིར། སྲོག་ཡོངས་སུ་བཏང་ཡང་བླའོ། །ཞེས་ཟེར་ ནས། དྲི་ཟའི་རྒྱལ་པོ། ཁྱོད་ཀྱིས་དེའི་ཚེ་དམ་པའི་ཆོས་ལ་དགའ་བའི་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་དེ་དག་ཀུན་ཏུ་བསྲུང་བར་གྱིས་ཤིག །རིགས་ཀྱི་བུ། གང་དག་ཆོས་འདོད་པ་ 1-1-207 དང༌། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་ནམ། དགེ་བསྙེན་མ་མང་པོ་ཡང་རུང༌། གཉིས་ཀྱང་རུང༌། གཅིག་ཀྱང་རུང་སྟེ། སེམས་ཅན་དེ་དག་ནི་ངའི་ཉན་ཐོས་ཀྱི་ལུང་བསྟན་པ་ ཐོས་ནས། ངའི་ཉན་ཐོས་ཀྱི་དགེ་སློང་ལ་ཆོས་སྟོན་པ་ཕྱོགས་བྱ་བའི་ཕྱིར། འཁོད་པའི་ སེམས་ཅན་དེ་དག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱོགས་དང༌། དམ་པའི་ཆོས་ལ་ འཇུག་པ་ཡིན་ནོ། །སེམས་ཅན་དེ་དག་ནི་ལྷ་མ་ཡིན་གྱི་དབང་པོ་ཡུལ་མ་ཡིན་པའི་ལུས་དང༌། བསམ་གྱིས་མི་ཁྱབ་པའི་ལུས་དང་ལྡན་ཞིང༌། གཟུགས་ཐམས་ཅད་ཡང་དག་པར་མཐོང་བ་ ཡིན་ནོ། །དྲི་ཟའི་རྒྱལ་པོ། དེའི་ཚེ་ངའི་དམ་པའི་ཆོས་ཀྱི་ཚོགས་ནུབ་པའི་དུས་སུ་དེ་ནི་ཐ་མར་ འབྱུང་བར་འགྱུར་རོ། །དེ་དང་འདྲ་བའི་ཉན་ཐོས་གཞན་མི་སྲིད་དོ། །ཞེས་གསུངས་པ་དང༌། འཕགས་པ་རྔ་བོ་ཆེའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ཁྱོད་ནི་ཞིང་སྲུང་བ་ལྟ་བུར་མི་ནུས་ཏེ། ཞིང་སྲུང་བ་ བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་མཉན་ནས་ལུས་ལ་ཐོགས་ཏེ་འཇིག་ རྟེན་དུ་མངོན་གསུམ་དུ་འབྱིན་པར་འགྱུར་རོ། །དེ་ནི་ངས་ས་བདུན་པ་ལ་བཞག་སྟེ། མི་ཕལ་ པ་ཞིག་ཏུ་བྱིན་གྱིས་བརླབ་བོ། །གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ་ དེའི་ཚེ་ན། ལྷོ་ཕྱོགས་སུ་ཡུལ་མུ་རྒྱུན་དུ་ཞེས་བྱ་བ་ནི། ཆུའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་ དམག་གིས་མི་ཚུགས་པ་ཞེས་བྱ་བ་དང༌། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བར་ཀ་ ཡོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས། ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་འགྱུར་ ཏེ། ཞིང་སྲུང་བའི་ཐབས་ལ་མཁས་པས། ངའི་དགེ་སྦྱོང་གཡེལ་བ་རྣམས་ཀྱི་ནང་དུ་རབ་ཏུ་ བྱུང་ནས། འདི་དག་བསྡུ་བའི་དངོས་པོས་བསྡུས་ནས་མདོ་འདི་རྙེད་ནས་ཡིད་ལ་བཅངས་ ཏེ། དགེ་འདུན་དག་པར་བྱས་ནས། དང་པོ་རུང་བ་མ་ཡིན་པའི་གཞི་ཆེན་པོ་ཡོངས་སུ་སྤངས་ ཏེ། ཆོས་ཆེན་པོ་ཡོངས་སུ་སྒྲོགས་པར་འགྱུར་རོ། །རྔ་པོ་ཆེ་ཆེན་པོའི་མདོ་ལས་གསུངས་པའི་ 1-1-208 (བརྗོད་དུ་མ་མཆིས་པའི་)ཆོས་ཀྱི་དུང་འབུད། ཆོས་ཀྱི་(ཡེ་ཤེས་ཀྱི་)རྒྱལ་མཚན་འཛུགས། ཆོས་ཀྱི་རྔ་ ཆེན་སྒྲོགས་པར་འགྱུར་རོ། །གཉིས་པ་ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་ འགྱུར་རོ། །གསུམ་པ་སེམས་ཅན་གྱི་ཁམས་(བདེ་གཤེགས་སྙིང་པོ་)རྟག་པའི་གཏམ་དང༌། རྔ་བོ་ ཆེ་ཆེན་པོ་མདོའི་གཏམ་སྨྲ་བར་འགྱུར་རོ། །(བརྗོད་དུ་མ་མཆིས་པའི་ཡེ་ཤེས་ཀྱི་)ཆོས་ཆེན་པོའི་རྔ་ བོ་ཆེ་བརྡུང་བར་འགྱུར་རོ། །(བརྗོད་དུ་མ་མཆིས་པའི་)ཆོས་ཆེན་པོའི་དུང་འབུད་པར་འགྱུར་རོ། ། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར་རོ། །ངའི་མངོན་སུམ་དུ་གོ་གྱོན་པར་འགྱུར་རོ། ། ཕྱིས་མདོ་འདི་ཐོས་ནས་ན་ཚོད་ཆེན་པོ་འགྱུར་ཏེ། ལོ་བརྒྱད་ཅུར་མདོ་འདི་ཡི་གཏམ་སྨྲ་ཞིང་ ཆོས་ཀྱི་ཆར་འབེབས་པར་འགྱུར་རོ། །ལོ་བརྒྱད་ཅུ་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་མི་རྣམས་ ཀྱི་ནང་དུ་རྣམས་པར་འཕྲུལ་པ་ཆེན་པོས་རྣམ་པར་འཕྲུལ་ཅིང་ཡོངས་སུ་མྱ་ངན་ལས་འདས་ པ་སྟོན་པར་འགྱུར་རོ། །ཀྱེ་མ་དགེ་སློང་ཀུན་མཐོང་དགའ། །བརྟན་པོ་དགེ་སློང་གཟུགས་ གྱུར་ནས། །རིང་ཞིག་བསྟན་པ་འབྱིན་བྱེད་ཅིང༌། །ཆོས་ཀྱི་རྔ་ཆེན་བརྡུང་བར་འགྱུར། །དེ་ ནི་མྱ་ངན་ཡོངས་འདས་ནས། །རེ་ཞིག་འཇིག་རྟེན་སྟོང་པར་འགྱུར། །ཆོས་སྨྲ་དེ་ནི་འདས་ གྱུར་ནས། །དེ་འདྲ་གཞན་ནི་འགའ་མི་འབྱུང༌། །དེ་འདྲའི་དགེ་སློང་རྙེད་དཀའ་སྟེ། །རིམ་ གྱིས་སྣང་བ་ཉམས་པར་འགྱུར། །འདི་ལྟར་དེ་ནི་ལྷོ་ཕྱོགས་སུ། །འབྱུང་བ་ཐ་མ་ཅིག་ཡིན་ནོ། ། དམ་པའི་ཆོས་ནི་ནུབ་པའི་དུས། །ཆོས་སྨྲ་དེ་ནི་འབྱུང་བར་འགྱུར། །ཞེས་གསུངས་སོ། ། འཕགས་པ་མྱང་འདས་སིལ་བུའི་མདོ་ལས། རྒྱལ་བ་འདི་ནས་མྱ་ངན་འདས་འོག་ནས། ། མི་ལོ་བདུན་བརྒྱ་ལོན་པའི་དུས་སུ་ཡང༌། །ཆུ་བོ་གཡས་སུ་འཁྱིལ་བའི་ལྷོ་ཕྱོགས་ན། །ང་ཡི་ མིང་ཅན་དགེ་སློང་དམ་པ་འབྱུང༌། །ལོ་བརྒྱར་ཆོས་ཀྱི་དུང་འབུད་དར་འཕྱར་ཞིང༌། །ཆོས་ཀྱི་ མཆོད་སྦྱིན་ང་དང་ང་འདྲ་འབྱུང༌། །ཞེས་གསུངས་པ་ལྟར། སྐུ་འཁྲུངས་ཡུལ་ནི་(རྨོག་ཅོག་པས་མཛད་པའི། ཁྱོང་བོ་རྣལ་འབྱོར་བའི་རྣམ་ཐར་ལས། །མ་འོངས་དུས་ཀྱི་ཐ་མ་ 1-1-209 ལ། །ཀ་ཡོ་རི་ལོ་བྱུང་བ་ཡིན། །བསྟན་འཛིན་ཀུན་མཁྱེན་བོད་ཁམས་སྐྱོང༌། །ཐེག་ཆེན་ཆོས་ཀྱི་སེམས་ཅན་འདྲེན། །མཁན་ཆེན་ ཕྱོགས་ལས་རྣམ་རྒྱལ་གཏད། །)མངའ་རིས་ཀྱི་ས་ཆ་དོལ་པོའི་གླིང་སྟེ། ས་གཞི་ཟླུམ་པོར་འཁྱིལ་བའི་ སྟེང་དུ་གྲོང༌། རྟ་ནག །ནང་ཁུང༌། ཕུལ་ཆུ། བེ་ཆེར་སྟེ་གྲོང་བཞིའི་དབུས་སུ། པན་ཚང་དེའི་ ནང་དུ་སུམ་མདོ་ཞེས་བྱ་བ་ཀ་ཡོ་རི་ཞེས་ཀེ་ལ་ཤ་ལྟར་དཀར་ལ་མཐོ་བའི་སྟེང་ན་ཁང་བཟང་ རྣམ་དཀར་རོལ་པ་ཞེས་བྱ་བ་ལ་འཁྲུངས། དེ་ཡང་མཐའ་སྐོར་དུ། ཆུའི་ར་བ་དང༌། ཤིང་སྣ་ ཚོགས་དུ་མས་བསྐོར་བ། མཛེས་པའི་བྱ་སྣ་ཚོགས་པར་སྒྲ་སྒྲོགས་པ། བདེ་བ་ལོ་ལེགས་པ། འབྱོར་བ་རྒྱས་པ། མི་རིགས་ཆེ་བ་ནམ་རིངས་གྲགས་པའི་རྒྱལ་པོ་ཞེས་བྱ་བ་སྔགས་འཆང༌། དེའི་སྲས་གཉིས་ཡོད་པའི་ཆེ་བ་ཨ་དཔལ་དང༌། (བདེ་མཆོག་གི་རྣམ་འཕྲུལ་)ཆུང་བ་ཡེ་ཤེས་དབང་ ཕྱུག་ཅེས་བྱ་བ། གཟུགས་བཟང་བ། ཤེས་རབ་ཆེ་བ་རིག་པ་ཆོས་ལ་བསྒྱུར་ཞིང་མིས་བཀུར་ བ་དང༌། ཡུམ་སྐྱི་སྟེངས་རྒྱལ་པོའི་སྲས་མོ་(རྡོ་རྗེ་ཕག་མོའི་སྤྲུལ་བ་)ཚུལ་ཁྲིམས་རྒྱན་ཞེས་བྱ་བ། མདོག་སྔོ་ལ་ཤིན་ཏུ་མཛེས་ཤིང་རིག་པ་གསལ་བ། དད་པ་ཆེ་བ་སེམས་ཅན་ལ་ལྷག་པའི་ སྙིང་རྗེ་དང་ལྡན་པ། དགུན་ཟླ་འབྲིང་པོའི་(རྒྱལ་ཕུར་འཛོམ་པའི་)ཉ་ལ་གསོ་སྦྱོང་མཛད་པའི་ཕྱིར། ཁང་བཟང་རྣམ་དཀར་རོལ་པའི་སྟེང་དུ་སྤོས་ཆུས་ཁྲུས་བྱས་མ་ཐག་ཏུ་ནམ་མཁར་ལ་པད་ མ་དཀར་པོའི་ལྟེ་བར་ཧྲཱིཿམཚན་པ་ཞིག་(འཇའ་གུར་གྱི་ནང་དུ་)ཐོན་ནས་སྤྱི་བོར་ཐིམ་པས། ནམ་ མཁའ་ལ་འཇའ་འོད་དང༌། མེ་ཏོག་གི་ཆར་དང༌། རོལ་མོའི་སྒྲ་དང་ས་གཡོས་སོ། །དེ་ནས་ ཡུམ་གྱི་ཉམས་མྱོང་དུ་མ་ཤར་རོ། །སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་མངལ་སྐྱེས་ མཛད་དེ། འགྲེལ་ཆེན་དྲི་མེད་འོད་ལས། གང་ཞིག་(བསོད་ནམས་སྐལ་པ་)ཆེན་པོའི་(དང་ལྡན་པ་) མི་རྣམས་(མ་སྨིན་པ་)སྨིན་པར་བྱ་བའི་དོན་དུ་མངའ་ནི་འཛིན་པ་འདི་མཛད་ཅིང༌། །(དུས་སྦྱོར་ བཅུ་གཉིས་ཀྱི་རླུང་འགགས་པ་)སྲིད་པའི་འཆིང་(བ་མ་རིག་པ་)ལས་གྲོལ་ཡང་སྲོག་ཆགས་(ལམ་དང་བྲལ་ བ་)རྣམས་ཀྱི་ལམ་ནི་སྟོན་པའི་སླད་དུ་སྲིད་པ(ར་སྐྱེ་བའི་ཚུལ)སྟེ། །(བཟོ་དང་སྒྱུ་རྩལ་)སྣ་ཚོགས་ 1-1-210 སྐྱེས་རབས་ཕྲེང་བ་(སེམས་ཅན་ལ་ཕན་པའི་)ཡོན་ཏན་དང་ལྡན་སེམས་ཅན་(ཐར་བའི་)དོན་ གཉེར་རྣམས་ཀྱིས་(སྤྲུལ་སྐུའི་)མཐོང་གྱུར་པ། །(སྐྱེས་མཆོག་)དང་པོའི་སངས་རྒྱས་(སྐུ་གསུང་ཐུགས་ ཀྱི་)རྫུ་འཕྲུལ་ཆེ་ལྡན་སྤྱོད་པ་དག་སྟེ་(ལམ་གཞན་ལ་ལྟོས་པ་)སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་ གསུངས། མངལ་སྐྱེས་མཛད་ན་སྐྱོན་ཡོད་དམ་མེད་ཅེ་ན། འོད་སྲུང་གིས་ཞུས་པའི་མདོར། པད་མ་ཆུ་ལས་སྐྱེས་གྱུར་ཀྱང༌། །ཆུ་ཡི་རྫབ་ཀྱིས་གོས་པ་མེད། །དེ་བཞིན་བྱང་ཆུབ་འཇིག་ རྟེན་སྐྱེས་གྱུར་ཀྱང༌། །འཇིག་རྟེན་ཆོས་ཀྱིས་ནམ་ཡང་ཡང་གོས་པ་མེད། །ཅེས་དང༌། ཟ་མ་ ཏོག་བཀོད་པར། འཇམ་དཔལ་ལ་འདི་ལྟ་སྟེ། དཔེར་ན། བྱ་ཀ་ལ་པིང་ཀའི་ཕྲུ་གུ་སྒོ་ངའི་ སྦུབས་ཀྱི་ནང་དུ་འདུག་པ་སྒོ་ང་མ་རྡོལ་ཞིང༌། སྦུབས་ནས་མ་བྱུང་ཡང་ཀ་ལ་པིང་ཀའི་སྒྲ་ཉིད་ དུ་འབྱིན་ཏོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་རིག་པའི་མངལ་གྱིས་ སྦུབས་ལ་འདུག་པ། བདག་ཏུ་ལྟ་བ་མ་བཏུལ་ཞིང་ཁམས་གསུམ་ལས་མ་བྱུང་ཡང༌། སངས་ རྒྱས་ཀྱི་སྒྲ་ཉིད་དུ་འདི་ལྟ་སྟེ། སྟོང་པ་ཉིད་དང༌། མཚན་མ་མེད་དང༌། སྨོན་པ་མེད་པའི་སྒྲ་ ཉིད་འབྱིན་ཏོ། །ཞེས་གསུངས་(མི་འཁྲུགས་པའི་ཞིང་གི་བཀོད་པའི་མདོར། ལུས་ཐ་མལ་བའི་བྱང་ཆུབ་སེམས་ དཔའ་ཡང་དེ་བཞིན་མིའི་མངལ་དུ་གནས་པར་གྱུར་ཀྱང༌། ནམ་མཁའ་ལ་གནས་པ་བཞིན་དུ་མིའི་མངལ་གྱི་དྲི་མ་དང་མི་གཙང་ བས་ཀྱང་གོས་པར་མི་འགྱུར་ལ། ཞེས་གསུངས། )པ་ལྟར་ལྷུམས་སུ་ཞུགས་པའི་ཚེ་ནའང༌། ཆོས་ཀྱི་སྒྲ་ བྱུང་ཡི་གེ་དྲུག་མའི་འོད་འཆར། ཡུམ་གྱི་རྨི་ལམ་དུ་རང་ལུས་གཞལ་ཡས་ཁང་ལ་སྤྱན་རས་ གཟིགས་བཞུགས་པ་དང༌། རུམ་དུ་མར་མེའི་འོད་གསལ་ལས་འོད་ཟེར་སྣ་ཚོགས་འཕྲོས་པ་ དང༌། ལྷ་མོ་ཉིད་ལ་ལྷ་མང་པོས་བསྐོར་བ་བྱེད་པ་རྨིས་སོ། །ལུས་ལ་ནད་མེད་ཅིང་བདེ་བའི་ ངང་ནས་སྨྱོ་འབོག་ལ་སོགས་ནད་པ་རྣམས་ལ། ས་ཉོག་བྱིན་ནས་ཕན་པར་གྱུར་ཏོ། །དེ་ནས་ ཟླ་བ་བརྒྱད་དུ་ཆུ་ཕོ་འབྲུག་ལ་བལྟམས་སོ། །དེའི་ནུབ་མོར་ཡབ་ཀྱི་རྨི་ལམ་དུ་བྱང་ཆུབ་ཆེན་ པོའི་མཆོད་རྟེན་ཅིག་བཞེངས་ནས། མཆོད་རྟེན་ནམ་མཁར་སླེབས་པའི་འོད་ཟེར་སྣ་ཚོགས་ 1-1-211 པ་འཕྲོས་པས་འཛམ་གླིང་ཐམས་ཅད་དུ་ཁྱབ་པས་མུན་པ་སེལ་ཞིང་དྲིལ་བུ་བརྒྱ་སྟོང་གིས་ ཆོས་ཀྱི་སྒྲ་སྒྲོགས་པ། སེམས་ཅན་ཐམས་ཅད་ལ་དགའ་བར་བྱེད་ཅིང༌། མཆོད་རྫས་ཐམས་ ཅད་ཐོགས་ནས་བསྐོར་བ་བྱེད་པ་རྨིས་སོ། །ཡུམ་གྱི་རྨི་ལམ་དུ་ཁོང་གི་ཁྱིམ་དུ་རིན་པོ་ཆེའི་ གཏེར་རྡོལ་བས་སེམས་ཅན་ཐམས་ཅད་ཚིམས་པར་རྨིས་སོ། །སྲིང་མོ་(རིན་ཆེན་དབྱངས་)རྣམས་ ཀྱི་རྨི་ལམ་ལ་མར་མེ་ཅིག་བལྟམས་ནས་བོད་ཁམས་ཐམས་ཅད་གསལ་བར་བྱས་པ་དང༌། (བསོད་ནམས་དབྱིངས་)ལ་ལས་ཉི་མ་ཤར་བ་དང༌། (བསོད་ནམས་ལྕམ་)ལ་ལས་བསྟན་པའི་བ་དན་ ཅིག་འཕྱར་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ལ་དགྱེས་པ་རྨིས་སོ། །གཅུང་ པོས་(རྡོ་རྗེ་རྒྱལ་མཚན་)དུང་ཅིག་འབུད་པའི་སྒྲས་དགའ་ལྡན་མར་བཅད་རྫོགས་ལྡན་གྱི་ཆོས་ལ་ འགོད་དོ། །ཞེས་སོགས་ངོ་མཚར་དཔག་ཏུ་མེད་དོ། །དེ་ནས་ཁྱེའུ་དཀར་ལ་དྭངས་པ་ཤིན་ ཏུ་མཛེས་པ་གཅིག་ལག་མཐིལ་གཉིས་ལ་པད་མ་དཀར་པོའི་རི་མོ་བཀྲ་བ། ཨུཏྤལའི་སྤྱན་ འབྲས་ཅན། རྣ་བ་སྲབ་ལ་འཇམ་པ་ཐུགས་ཀར་དཔལ་བེའུ་སྲོལ་དང་ལྡན་པ་ཞིག་བལྟམས་ སོ། །བལྟམས་མ་ཐག་ཏུ་(བར་སྣང་ལ་)ཡི་གེ་དྲུག་མའི་སྒྲས་འཛམ་གླིང་དུ་ཁྱབ་པར་གྲགས་སོ། ། དེ་ནས་གནས་ཉི་ཤུ་རྩ་བཞིའི་དཔའ་བོ་དང་དཔའ་མོ་རྣམས་འདུས་ནས། ཁྱེའུའི་རྐང་པར་ གཏུགས་ནས་ཕྱག་དང་བསྐོར་བ་བྱས་ནས་བཏང་ངོ༌། །དེ་ནས་ས་གཡོས་པས་འཐབ་བྲལ་ མན་ཆད་འགུལ་ལྡེག་སྟེ། འདོད་གཟུགས་གཉིས་ཀྱི་ལྷ་ཀླུ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ ཅིང༌། ནམ་མཁའ་ལ་འཇའ་འོད་སྣ་ཚོགས་དང༌། རོལ་མོའི་སྒྲ་སྣ་ཚོགས་གྲག་གོ ། (མཚན་ནོར་བུ་ཞེས་བཏགས། )དེ་ནས་དགུང་ལོ་གསུམ་ན་བླ་མ་སྐྱི་སྟེངས་པས་མཚན་ཤེས་རབ་ མགོན་པོ་ཞེས་བཏགས་སོ། །དེ་བཞིན་དུ་སྐུ་ལ་རེག་པ་ཙམ་གྱིས་ཡིད་བདེ་བ་དང་ལྡན་ཞིང༌། གང་གིས་པང་དུ་བླངས་པ་ཙམ་གྱིས་འདོད་ཆགས་ཞེ་སྡང་ལ་སོགས་ཉོན་མོངས་པ་ཞི་བར་ མཛད་དོ། །མཐོང་བ་ཙམ་གྱིས་མྱ་ངན་དང་ནད་ལ་སོགས་པ་ཞི་བར་མཛད་དོ། །ཐོས་པ་ཙམ་ 1-1-212 གྱིས་ཕོངས་པའི་ཉམ་ཐག་ལས་གྲོལ་བར་མཛད་དོ། །(འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས་ལས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་སེམས་ཅན་དམྱལ་བ་རང་གི་རྟོག་པ་ལས་བྱུང་ངམ། འོན་ཏེ་ངོ་བོ་ལས་བྱུང༌། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱིས་པ་སོ་སོའི་རང་གིས་རྟོག་པ་ལས་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་ སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་མཐོང་ངོ༌། དེ་དག་མ་མཆིས་པ་ལས་སྒྲོ་བཏགས་པ་ཙམ་མོ། །སྡིག་པའི་ལས་ཀྱི་ངན་ སོང་དུ་གནོད་པ་ཚོར་ཞིང་སྡུག་བསྔལ་མྱོང་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གཉིད་ལོག་པའི་ རྨི་ལམ་དུ་བདག་སེམས་ཅན་དམྱལ་བར་ལྟུང་བར་སྙམ་དུ་རིག་ནས། ལྕགས་ཀྱི་བུམ་པ་རབ་ཏུ་འཁོལ་བ། ཤིན་ཏུ་འབར་བ་ འདོམ་དུ་མ་མཆིས་པའི་ནང་དུ་ཕྱིན་སྙམ་ནས། སྡུག་བསྔལ་གྱི་ཚོར་བ་མྱོང་བ་རུ་འཚལ་ཏེ། ཡིད་སྔངས་ཏེ་ཡོངས་སུ་གདུངས་ བར་རིག་ནས་འཇིགས་སྐག་སྟེ། སླར་སད་པ་དང་ཀྱེ་མ་ཧོ་སྡུག་བསྔལ་ལོ། །ཞེས་ཆོ་ངེ་འདེབས་ནས། མཛའ་བཤེས་དང༌། ཉེ་དུ་ དང༌། ཕུ་ནུ་རྣམས་ཀྱིས་ཁྱོད་ཅིའི་ཕྱིར་སྡུག་བསྔལ་དྲིས་པ་དང༌། མི་དེས་བདག་ཉིད་དམྱལ་བའི་སྡུག་བསྔལ་གྱིས་ཚོར་མ་མྱོང་ངོ༌། ། ཞེས་སྨྲས་པ་དང༌། མཛའ་བཤེས་ན་རེ། ཀྱེ་མ་འཇིག་ཤིང་ཁྱོད་ཀྱི་ང་གཉིད་ཀྱིས་ལོག་སྟེ། ཁྱིམ་འདི་ནས་གར་ཡང་མ་སོང་ངོ༌། ། ཞེས་སྨྲས་པ་དང༌། མི་དེ་སླར་དྲན་པ་རྙེད་ནས་བརྫུན་དུ་ཤེས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་མཆིས་ པ་མ་ལགས་པའི་འདོད་ཆགས་ཀྱིས་ཀུན་ཏུ་དཀྲིས་པ་བདག་ནི་སྐྱེས་པ་བདག་ནི་བུད་མེད་དོ། །སྙམ་ནས་འདུ་ཤེས་ཕྱིན་ཅི་ལོག་ གིས་བསྐལ་པ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱང་ངོ༌། །མཛའ་བཤེས་ལྟ་བུ་ནི་བཅོམ་ལྡན་འདས་ཉིད་ དོ། །དེ་དག་ཕྱིན་ཅི་མ་ལོག་པའི་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར། །སྤྱིར་ཤི་ལོག་གི་ཡི་གེ་བདེན་བཟུང་མི་བྱ། འཁྲུལ་བའི་ སྣང་བ་ཡིན་པར་ཐལ། །སྡིག་པའི་སེམས་ལ་འཆར་བ་ཡིན་པའི་ཕྱིར་རོ། །)ཨ་དྲ་ཤི་ལ་(ཚུལ་ཁྲིམས་མཆོག་གི་)བཀོད་ པའི་མདོ་ལས། བཅོམ་ལྡན་འདས་ཀྱི་སྨིན་མཚམས་སུ་རྟོག་པ་ལས་བྱུང་བའི། དམྱལ་ཁམས་ ཐམས་ཅད་རབ་ཏུ་འཇོམས་པའི་འོད་ཟེར་སྣ་ཚོགས་པ་འཕྲོས་ནས། མུན་ནག་ཐམས་ཅད་ སངས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་ནས། སངས་རྒྱས་ཀྱི་སྒྲ་དང༌། ཆོས་ཀྱི་སྒྲ་ དང༌། དགེ་འདུན་གྱི་སྒྲས་ཁྱབ་པས། གཤིན་རྗེའི་རྒྱལ་པོ་ཡང་ཁྲི་ལས་བབ་ནས་ཕྱག་འཚལ། དེ་ནས་ཨ་ཀ་ཤི་ལས་བཅོམ་ལྡན་འདས་ལ་ཞུས་ནས། ཆོས་ཀྱི་རྒྱལ་པོས་(སངས་རྒྱས་བཅོམ་ 1-1-213 ལྡན་འདས་ཀྱི་)གསོལ་པ། རྟག་ཏུ་གཟིགས་པ་སྤྱན་རས་གཟིགས། །མ་འོངས་དུས་ཀྱི་ཐ་མ་ལ། ། སྙིགས་དུས་སེམས་ཅན་སྐྱོབ་པའི་ཕྱིར། །མཧཱ་སུ་རའི་བྱང་ཕྱོགས་སུ། ཁ་བ་ཅན་གྱི་ཡུལ་ དབུས་ན། །གྲོང་ཁྱེར་ཆེན་པོ་ཀ་ཡོ་རི། །རྣམ་པར་གྲགས་པའི་ས་བདག་ནི། །ཡེ་ཤེས་དབང་ ཕྱུག་ཡབ་སྨོས་པ། །དེ་ཡི་སྲས་སུ་བལྟམས་པར་མཐོང༌། །དེ་ལ་གང་འབྲེལ་སེམས་ཅན་ཀྱང༌། ། འཕགས་པའི་གང་ཟག་ཤ་སྟག་གོ །ཞེས་སོགས་མང་དུ་གསུངས། དེ་ལ་སྲིང་མོ་ནི་(ཁྲི་བཙུན་ སྤྲུལ་བ་)རིན་ཆེན་དབྱངས། (ཇོ་མོ་སྒྲོལ་མའི་རྣམ་སྤྲུལ་)བསོད་ནམས་དབྱངས། (ལྷ་མོ་ཁྲོ་གཉེར་ཅན་མའི་ རྣམ་སྤྲུལ་བ་)བསོད་ནམས་ལྕམ་མོ། ཡུམ་མི་གཅིག་པའི་གཅུང་པོ་རྡོ་རྗེ་རྒྱལ་མཚན། ཆོས་རྗེ་པ་ ཉིད་ཤིན་ཏུ་ཆུང་ངུ་ཉིད་དུ་(ཟླ་བ་གཉིས་ནས་)མ་ཎི་དང་གཟུངས་སྔགས་ཕལ་ཆེར་འདོན་པ་ ཅིག་བྱུང་ངོ༌། །ཁྱིམ་ཚེས་རྣམས་ཀྱིས་ངོ་མཚར་སྐྱེས་སོ། ། དགུང་ལོ་དྲུག་ན་བླ་མ་སྐྱི་སྟེངས་པ་ལ་འཇམ་དཔལ་དམར་པོའི་དབང་ཞུས་ནས། སྒྲུབ་ པ་མཛད་ནས། འཇའ་འོད་ཀྱི་དྲྭ་བ་འཁྱིལ་བའི་དབུས་སུ་བཅོམ་ལྡན་འདས་འཇམ་དབྱངས་ དམར་པོ་གཟིགས་ཤིང་པོ་ཏིའི་ཆར་འབབ་པའི་སྣང་བ་འཆར་རོ། །ཤེས་རབ་ཤིན་ཏུ་འབར་ ཞིང་ཆོས་ཟུར་ཙམ་ཐོས་ནས་མཁྱེན་པར་འགྱུར་ཏོ། །གུར་ལས། འཇམ་པའི་དབྱངས་ཀྱིས་ བློ་ངན་སེལ། །ཞེས་གསུངས། དགུང་ལོ་བཅུ་ཕྲག་ལོན་པའི་ཚེ་ན་བླ་མ་བྱང་ཆུབ་སེང་གེ་ཟེར་བ་ལ་ཡང་དག་ཐུགས་ བསྒྲུབ་གསན། དེ་སོགས་རྙིང་ཆོས་ཐམས་ཅད་ལ་མཁས་པར་གྲག་གོ །གཏོར་རྫས་ལ་ བསད་ཤ་བཀག་ཅིང༌། ཉེས་དམིགས་གསུང་རབ་ལས་ཚད་མ་མཛད་དོ། །(ལག་ན་མེ་ཏོག་གི་མདོ་ ལས། མིའི་བསོད་ནམས་ཟད་ནས་སུ། །ངན་སོང་གནས་སུ་ལྟུང་བྱེད་པ། །ཁ་ན་མ་ཐོ་ལས་བསྐྱེད་པས། །སངས་རྒྱས་རྣམས་ དང་ཕྲད་མི་འགྱུར། །ཞེས་གསུངས། )སྐྱེས་རབས་ལས། (གནས་སྐབས་སུ་)འཇིག་རྟེན་དག་ན་(ཚེ་དང་བསོད་ ནམས་སྤེལ་བའི་དོན་དུ་)གང་ལ་སྐྱབས་བཙལ་བ། །དེ་དག་བསད་པ་(དཀོན་མཆོག་མཉེས་པ་) 1-1-214 ཆོས་སུ་འགྱུར་བ་ནི། །(ཤིན་ཏུ་རྫུན་ཏེ་)དེ་ཡི་བསྟན་ཞུགས་སྐྱེ་བོ་(གང་ཡིན་པ་)ལམ་ངན་སོང༌། ། (ཕྱི་མར་)ངན་སོང་མི་བདེ་དོག་པའི་ནང་ན་འཁོད། །ཅེས་སོགས་རིག་པར་མཛད་དོ། །མི་ དགེ་བའི་རིགས་ཕྲ་མོ་ཙམ་ཡང་མི་མཛད། དགེ་བའི་རིགས་ཀྱི་བྱིས་པའི་ཚོགས་ལ་(སྟོན་པའི་) ཆོས་གཏམ་གྱིས་འགྱུ་བ་ཅུང་ཟད་མཛད། རབ་ཏུ་བྱུང་བ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་ དགོངས་ནས་ཕ་མ་གཉིས་ལ་ཞུས་སོ། །ཏིང་ངེ་འཛིན་དམ་པའི་མདོ་ལས། ཇི་ལྟར་བུམ་པ་ བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་ཀུན་བསྐྱེད་པའི་གཞི། །ཞེས་གསུངས་ པ་ལྟར། བླ་མ་སྐྱི་སྟོན་ཚུལ་ཁྲིམས་དཔལ་ལ་དགེ་ཚུལ་གྱི་སྡོམ་པ་བླངས་ནས། (དབུ་སྐྲ་གཏོར་ བའི་ས་ཕྱོགས་སུ་འཇའ་འོད་འཁྱིལ་)མཚན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཞེས་བཏགས་ སོ། །འདུལ་བ་ལུང་ལས། འོད་སྲུང་རབ་ཏུ་བྱུང་ལ་ཞུས་པའི་མིང་ནི་དཔལ་གྱི་མཐའ་ཅན་དུ་ གདགས་སོ། །ཞེས་གསུངས་སོ། །དེ་ནས་ཀ་རི་ཀཱ་ལ་སོགས་པ་རྒྱས་པར་གསན་ཅིང་ཐུགས་ སུ་ཆུད་དོ། ། དེ་ནས་སྐྱི་སྟོན་འཇམ་དབྱངས་དང་མཇལ་ནས། ཕར་ཚད་མངོན་གསུམ། མངོན་པ་ ཀུན་བཏུས་རྣམས་སློབ་གཉེར་དུས་གཅིག་ཏུ་མཛད། དེ་ཡང་བླ་མ་ནི་སྨན་པའི་འདུ་ཤེས་ དང༌། ཆོས་ནི་སྨན་གྱི་འདུ་ཤེས་དང༌། ཁོ་བོ་ནད་པའི་འདུ་ཤེས་སུ་བསྟེན་པ་ཆོས་གསན་ཏོ། ། སྡོང་པོ་བཀོད་པའི་མདོར། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ལ་ནི་ནད་པའི་འདུ་ཤེས་བསྐྱེད་ དོ། །དགེ་བའི་བཤེས་གཉེན་ནི་སྨན་པའི་འདུ་ཤེས་དང༌། རྗེས་སུ་བསྟན་པའི་ཆོས་ནི་སྨན་གྱི་ འདུ་ཤེས་སུ་བསྐྱེད་པར་བྱའོ། །ཞེས་གསུངས། (༈ རྒྱ་ཆེར་རོལ་བ་ལས། ཡོན་ཏན་འདི་དང་གཞན་ཡང་རྣམ་མང་དང༌། །སྲིད་པའི་བདེ་བ་དེ་བཞིན་མྱ་ངན་འདས། །ཡོན་ ཏན་ཐམས་ཅད་ཡོངས་སུ་རྫོགས་འདོད་པས། །དེ་ནི་བརྡུལ་ཞུགས་གྲུབ་མཁས་གཞན་དུ་སོང༌། །ཞེས་གསུངས་པ་ལྟར་)དེ་ ནས་དགུང་ལོ་ཉི་ཤུར་གློ་བོ་དང༌། དཔལ་ས་སྐྱར་བྱོན་ནས་མཁས་མཆོག་སྐྱི་སྟོན་གྲགས་པ་ 1-1-215 རྒྱལ་མཚན་གྱིས་དྲི་གཞུང་གང་ཟིན་ལ་ནས་ཁལ་བཅུ་གནང་བར་གསུངས་ཏེ། ཆོས་རྗེ་པས་ ཕར་ཚད་མངོན་གསུམ་དུས་གཅིག་ཏུ་མཛད་ནས། མཆེད་གྲོགས་རྣམས་ན་རེ། སློབ་གཉེར་ གྱི་སྣ་མང་བས་འགོ་མི་ཐོན། གཅིག་ལ་དྲིལ་བ་དྲག་ཟེར་ཡང་མ་གསན་པར། དེ་རྣམས་ཀྱི་ སྟེང་དུ་སྤྱོད་འཇུག་དང༌། སངས་རྒྱས་ཐོད་པའི་རྒྱུད་དང༌། རྡོ་རྗེ་ཕྲེང་བའི་རྒྱུད་རྣམས་བསྣན་ ནས་སློབ་གཉེར་དཔག་ཏུ་མེད་པར་མཛད་དོ། །དེ་ནས་ཀྱང་ནས་ཁལ་བཅོ་ལྔ་བླངས་སོ། །བླ་ མ་ཡང་ཤིན་ཏུ་དགྱེས་སོ། །སྟོན་པ་ཤཱཀ་འབུམ་དང༌། བླ་མ་བདག་ཆེན་པ་ལ་རྒྱུད་སྡེ་སྤྱིའི་རྣམ་ བཞག་དང༌། བརྟག་གཉིས་དང་ཚད་མ་རིགས་གཏེར་རྣམས་གསན་ཅིང༌། ཕར་ཚད་མངོན་ གསུམ་གྱི་གཞུང་འགྲེལ་རྣམས་ཐུགས་སུ་ཆུད་དོ། །བླ་མ་དང་མཆེད་གྲོགས་རྣམས་ཀྱིས་ ཆོས་འཆད་པའི་ཞུ་བ་ཡང་དང་ཡང་དུ་འབུལ་ཏེ་མ་གསན་ཏོ། །འཁྲུངས་ཡུལ་ནས་ཡབ་ཡུམ་ གཉིས་ཀྱིས་ཚོར་ནས་བཤད་སྟོན་གྱི་ཆས་ཀ་བསྐུར་རོ། །ཡང་ཤར་པའི་བླ་མ་སེང་གེ་དཔལ་ ལ་སོགས་པ་ས་སྐྱའི་མཚན་ཉིད་པ་རྣམས་ཀྱིས་གདན་དྲངས་ཏེ། དུང་དཀར་ཆ་ལྔ། འཁར་ རྔ་གསུམ། ཆོས་གོས་གཅིག །རྨ་བྱའི་གདུགས་གསུམ། མཎྜལ་དང་བཅས་པ་བཤད་སྟོན་གྱི་ མཆོད་པ་རྒྱ་ཆེན་པོ་བཤམས་ནས། (སེམས་ཅན་རབ་ཏུ་དགའ་བའི་གསུང་སྙན་པའི་སྒྲས་ཆོས་སྟོན་པར་མཛད། ཕལ་བོ་ཆེར། དེ་དག་ཀ་ལ་པིང་ཀའི་སྒྲ་སྙན་དང༌། །ཀོ་ཀིལ་ཀུན་ལ་ངང་བའི་སྒྲ་དཔུངས་དང༌། །རྔ་དང་ཚངས་པ་མི་འམ་ཅིའི་ སྒྲ། །མོས་པ་ཚུལ་བཞིན་ཆོས་ཀྱང་སྟོན། །ཅེས་གསུངས་པ་ལྟར། )ཕར་ཚད་མངོན་གསུམ་འདུལ་བ་ཕྲན་ཚེགས་ རྣམས་དུས་གཅིག་ཏུ་བཤད་པའི་ཚེ། ནམ་མཁའ་ལ་སྒྲ་འོད་དང༌། མེ་ཏོག་གི་ཆར་བབ་བོ། ། ལ་ལས་པོ་ཏིའི་གྲངས་མང་བ་འདི་འདྲ་སྔར་མ་བྱུང་ཟེར་ནས། སྐུར་བ་འདེབས་ལ་འགའ་རེ་ བྱུང༌། ཕལ་ཆེར་ངོ་མཚར་བའི་གནས་སུ་གྱུར་ཏོ། །དགུན་ཆོས་ཚར་མ་ཐག་ཏུ། ཚོགས་ཁང་ གི་ཤར་སྒོ་བྱང་མའི་ཆོས་ཁྲི་ལ། དབྱར་ཆོས་སུ་སྔ་དྲོ་ལ་མངོན་པ་དང་ཕར་ཕྱིན། ཇ་གྲོལ་མ་ ཐག་ཏུ་རྣམ་ངེས་དང་འདུལ་བ་གཉིས་ངེས་པར་གསུངས་སོ། །བླ་བགྲེས་མི་ཆེན་ཐམས་ཅད་ 1-1-216 ཤིན་ཏུ་མི་ཕྱེད་པའི་དད་པས་འབུལ་བ་མང་དུ་བྱུང་ངོ༌། །དེ་ནས་གྲྭ་སྐོར་ལ་བྱོན་ནས་བོ་དོང་ བྱ་རྒོད་གཤོང་བུར་ཇོ་བོ་ལ་གསོལ་བ་བཏབ་པས། བསྟན་པ་དང་སེམས་ཅན་ལ་ཕན་པའི་ ལྟས་ཁྱད་པར་ཅན་བྱུང་ངོ༌། །དེ་ནས་ཁྲོ་ཕུར་བྱོན་ནས་བྱམས་པའི་སྐུ་དང་མཆོད་རྟེན་ལ་དར་ གྱི་ཅོད་པན་དང་དུང་དཀར་སོགས་མཆོད་པ་འབུལ་ཞིང་གསོལ་བ་བཏབ་པ་ནི། བདག་ཀྱང་ མ་འོངས་པའི་དུས་སུ་མཆོད་རྟེན་ཆེན་པོ་འདི་ལྟ་བུའམ་འདི་བས་ཁྱད་པར་འཕགས་པ་ཅིག་ བཞེངས་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་མང་དུ་མཛད་དོ། །(ཕར་ཚད་མངོན་པ་གསུམ་ལ་) ཤིན་ཏུ་མཁས་པའི་གྲགས་པས་ཁྱབ་བོ། ། དེ་ནས་དགུང་ལོ་ཉེར་གཉིས་ལ་ཞ་ལུར་བྱོན་ནས། མཁན་ཆེན་བསོད་ནམས་གྲགས་ པས་དབུ་མཛད་པས། ཇོ་གདན་ཚོགས་པའི་དྲུང་དུ་བསྙེན་རྫོགས་མཛད། མཁན་ཆེན་པ་ ལ་འདུལ་བ་མདོ་རྩ་ལ་སོགས་འདུལ་བ་ཐམས་ཅད་གསན་ཏོ། །སློབ་དཔོན་སྟོན་མཆོག་ དཔལ་ལ་སྡོམ་ཚིག་བྱམས་ཆོས་ལྔ་པོ་རྣམས་གསན་ཅིང་(ཆོས་དེ་དག་དེ་)རྣམ་བཞག་མཛད་དོ། ། (མདོ་འཛང་བླུན་ཆེན་པོ་ལས། སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབ། །ཀུན་སྙིང་བརྩེ་བའི་མཆི་མ་ཟག །དགའ་བ་ཆེན་པོས་ གསོལ་བར་བྱ། །བྱང་ཆུབ་སེམས་དཔའི་སྤྱི་བོར་ལྡན། །ཞེས་གསུངས་པ་ལྟར། )སེམས་ཅན་ཐམས་ཅད་ལ་ཚད་ མེད་པའི་སྙིང་རྗེ་ཆེན་པོའི་(སྐྱེས་པའི་)མཐུས་བསད་ཤ་(སྐྱེ་བ་དེའི་)གསོལ་མ་མྱོང་སྐྱེ་བ་ཕྱི་མར་ མི་གསོལ་བའི་སྨོན་ལམ་(ཡང་ཡང་)མཛད་དོ། །དེའི་རྒྱུ་མཚན་ནི། ལང་ཀར་གཤེགས་པའི་ མདོར། (བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། )ངས་ནི་ཤ་ཡང་རྣམ་པར་སྤངས། །སངས་རྒྱས་བྱང་ ཆུབ་སེམས་དཔའ་དང༌། །ཉན་ཐོས་རྣམས་ཀྱིས་སྨད་པ་དང༌། །ངོ་མི་ཚ་བར་ཟ་བ་ནི། །རྟག་ ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཞེས་སོགས་མདོ་རིགས་དུ་མར་གསུངས། དུས་ཀྱི་འཁོར་ལོ་རྩ་ བའི་རྒྱུད་ལས། (གསོད་པ་པོ་)གདུལ་དཀའི་སྡིག་པ་བྱེད་རྣམས་ཀྱིས། །(བསད་བྱ་)གནོད་བྱེད་ མིན་པའི་(ཉེས་པ་མེད་པའི་)སེམས་ཅན་བསད། །དེ་ཡི་ཤ་ནི་(རིན་གྱིས་)ཉོ་བ་དང༌། །ཟ་འདོད་ 1-1-217 ཁ་ན་མ་ཐོ་(སྡིག་པ་དང་)བཅས། །ཞེས་གསུངས། འཇམ་དཔལ་རྩ་རྒྱུད་ལས། (བཤན་པ་སྲོག་) གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དག ། བསྐལ་པ་བྱེ་བར་འཚེད་པའོ། །ཞེས་སོགས་རྒྱུ་མཚན་གཞན་ལ་ཡང་ཡང་གསུངས་སོ། ། དེ་ནས་ས་སྐྱར་བྱོན་ནས། ཀུན་སྤངས་གྲགས་པ་རྒྱལ་མཚན་ལ། ཕར་ཚད་འདུལ་ གསུམ། དུས་འཁོར་རྒྱུད་འགྲེལ་ལ་སོགས་རྒྱུད་མང་དུ་གསན་ནས་ཐུགས་སུ་ཆུད་དོ། །སྐྱི་ སྟོན་གྱི་དྲུང་དུ་མངོན་པ་མཛོད་རྩ་འགྲེལ། འདུལ་བའི་མདོ་ཕྲན་ལ་སོགས་འདུལ་བའི་སྐོར་ དང༌། དབང་བཀའ་བསྒྲུབ་སྐོར་རྒྱུད་དང་འགྲེལ་པ་མང་པོ་གསན་ཏོ། །དེ་ནས་རྒྱ་མ། འཕན་ ཡུལ། བསམ་ཡས། གསང་ཕུ། འབྲི་གུང༌། དགའ་ལྡན། ནུབ་ཆོས་ལུང༌། བདེ་བ་ཅན་ལ་ སོགས་དབུས་གཙང་གཉིས་ཀྱི་དགོན་སྡེར་གྲྭ་སྐོར་མཛད་པས། འགྲན་ཟླ་མེད་པར། བོད་ ཁམས་སུ་མཁས་པར་གྲག་གོ །བླ་མ་རྡོ་རྗེ་རྒྱལ་མཚན་ལ། ཕྱག་རྒྱ་གའུ་མ་ལ་སོགས་ཕྱག་ ཆེན་སྐོར་ཐམས་ཅད་དང༌། ཐེག་ཆེན་བློ་སྦྱོང་གི་ཁྲིད་རིགས། ཞུ་བྱེད་སྐོར་གསུམ་གཅོད་ རིགས་ལ་སོགས་མང་དུ་གསན་ཏོ། ། དེ་ནས་ས་སྐྱར་ཕེབས་ནས་མདོ་མང་གི་ལུང་མཛད་དེ། ནམ་མཁའ་ལ་མེ་ཏོག་གི་ཆར་ བབ། སྒྲ་དང་འོད་གསལ་གྱིས་ཁྱབ་བོ། །གཞན་ཡང་དབང་སྐོར་ཁྲིད་ལ་སོགས་འཆད་པས་ ཆོས་ཀྱིས་དུས་འདའ་བར་མཛད་དོ། །བྱམས་པ་སེང་གེ་སྒྲའི་མདོར། སྟོང་གསུམ་འཇིག་རྟེན་ ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །ཚིག་བཞིའི་ཚིགས་ སུ་བཅད་པ་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས། (ལག་ན་མེ་ཏོག་ལས། སྦྱིན་པའི་ནང་ན་ཆོས་ཀྱི་སྦྱིན་པ་མཆོག་རྙེད་པའི་ནང་ན་ཆོས་ཀྱི་རྙེད་པ་མཆོག ཅེས་གསུངས་པ་ལྟར། ) མཛོད་ལས། ཆོས་སྦྱིན་ཉོན་མོངས་ཐམས་ཅད་འཕྲོག །མདོ་སོགས་ཡང་དག་ཇི་བཞིན་སྟོན། ། ཞེས་སོགས་ཕན་ཡོན་མང་དུ་གསུངས། ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། ཚོགས་འཕེལ་ 1-1-218 བ་དང་བགེགས་ཞིའི་ཕྱིར། །ཐམས་ཅད་མཁྱེན་པའི་ལམ་ཤེས་པ། །སྔོན་དུ་བསྙེན་པ་བྱ་བ་ ཡིན། །བསྙེན་པ་མེད་ན་འགྲུབ་མི་འགྱུར། །ཞེས་གསུངས་པ་ལྟར། དུས་ལུང་དགའ་ལྡན་དུ་ ཀྱེ་རྡོ་རྗེ་བསྒྲུབས་པས། ཚོམ་བུ་ཐམས་ཅད་མེ་ཏོག་ཆུ་ཤོག་ཙམ་ཆ་དགུར་འགྱུར་ཏེ་ཀྱེ་རྡོ་རྗེ་ ལྷ་དགུའི་ཞལ་གཟིགས་སོ། །བུམ་ཆུ་ཁོལ་བས་འཆི་མེད་བདུད་རྩིར་གྱུར་ཏོ། །དེ་སོགས་ངོ་ མཚར་བའི་ལྟས་ཁྱད་པར་ཅན་མང་དུ་བྱུང་ངོ༌། ། དེ་ནས་ས་སྐྱར་བླ་མ་ཤཱཀ་འབུམ་ཚང་ལ་རྫོགས་ཆེན་གཅོད་སྐོར་མང་དུ་ཞུས། དགུང་ ལོ་སུམ་ཅུའི་བར་དུ་བླ་མ་ཡོངས་འཛིན་ཁྱད་པར་ཅན་མང་པོ་ལ་བསྟེན་ནས་ཐོས་པ་མཐར་ ཕྱིན་པར་མཛད་དོ། །(སངས་རྒྱས་ཕ་བོ་ཆེར། དགེ་བའི་བཤེས་གཉེན་བརྟེན་ཅིང་རིམ་འགྲོ་བྱེད་པ་དང༌། ལྡང་བ་ དང༌། བསྙེན་བཀུར་དང༌། བླ་མར་བྱ་བ་དང༌། ཉན་པར་དགའ་བ་ནི་ཡེ་ཤེས་ཀྱི་ལས་སོ། །)བྱང་ཆུབ་སེམས་དཔའི་སྡེ་ སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། ། ཐོས་པས་དོན་མིན་ཡོངས་སུ་སྤོངས། །ཐོས་པས་རྣམ་པར་གྲོལ་བ་ཐོས། །ཞེས་གསུངས་ སོ། །སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །ཐོས་པ་རྐུན་པོས་མི་ཁྱེར་ ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་ པ་གྲོགས་ཀྱི་མཆོག །ཅེས་སོགས་གསུངས། ཕན་ཡོན་ནི། མདོ་ལས། ཆོས་ཉན་པའམ། ཆོས་བསྟན་པའི་རྒྱུར་ཐ་ན་གོམ་པ་ཅིག་འདོར་རམ་དབུགས་འབྱིན་ནམ་བརྔུབས་ཀྱང་རུང་ སྟེ། དེ་ཡང་དམ་པའི་ཆོས་འཛིན་པར་འགྱུར་རོ། །ཞེས་གསུངས། འཕགས་པ་གྷཎྜིའི་མདོ་ ལས། དམ་ཆོས་བསྟན་པའི་ས་ཕྱོགས་སུ། །རྔ་འམ་གྷཎྜི་བརྡུངས་པའི་སྒྲས། །ཐོས་པས་ བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷག་པ་སྨོས་ཅི་དགོས། །ཞེས་དང༌། དེ་བཞིན་གཤེགས་ པ་གསང་བའི་མདོར། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །མཐར་ཕྱིན་པར་ནི་འགྱུར་མ་ལགས། །ཞེས་ 1-1-219 གསུངས་པ་བཞིན་ནོ། ། (སངས་རྒྱས་དྲིན་ལན་བསལ་བའི་མདོར། དམ་པའི་ཆོས་ཐོས་པས་རིང་བོར་མི་ཐོགས་པར་བྱང་ཆུབ་ཀྱི་སྙིང་པོ་ལ་ གཤེགས་ཏེ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཐམས་ཅད་སྒྲོལ་བར་འགྱུར་རོ། །ཅེས་སོགས་མང་དུ་གསུངས། ) དེ་ནས་དགུང་ལོ་སོ་གཅིག་ལོན་པའི་དུས་སུ་ཆུ་ཕོ་ཁྱི་ལོ་ལ་ཇོ་ནང་དཔལ་དུ་བྱོན་པའི་ནུབ་ མོར། ས་སྐྱར་གྲགས་པ་རྒྱལ་མཚན་གྱི་རྨི་ལམ་དུ་སྤྱན་རས་གཟིགས་ལ་དགེ་སློང་མང་པོས་ བསྐོར་ནས་ཇོ་ནང་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་རྨིས་སོ། །ཇོ་ནང་དུ་ཡོན་ཏན་རྒྱ་ མཚོའི་རྨི་ལམ་དུ་ཡང་རིགས་ལྡན་པད་མ་དཀར་པོ་ལ་རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་ ནས་ཇོ་ནང་དུ་ཆོས་ཀྱི་རྒྱལ་མཚན་འཕྱར་བ་རྨིས་སོ། །དེ་ནས་དགེ་སློང་རིན་ཆེན་དཔལ་དང་ བློ་གྲོས་དཔལ་ལ་སོགས་དགེ་སློང་བརྒྱད་དང་བྱོན་ནས། ཡོན་ཏན་རྒྱ་མཚོའི་དྲུང་དུ། དུང་ དཀར་གསུམ། གསེར་སྲང་དགུ། བེར་ཐུལ་གཉིས། ཆོས་གོས་གཅིག །གསེར་སྐུ་རྣམས་ ཕུལ་ནས། དུས་འཁོར་དབང་མོ་ཆེ་ཞུས་པའི་ཚེ། འཇའ་གུར་མེ་ཏོག་ལ་སོགས་ངོ་མཚར་ བའི་ལྟས་སྣ་ཚོགས་བྱུང་ངོ༌། །ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དེ་ནས་འབད་པ་ཐམས་ ཅད་ཀྱིས། །བླ་མ་ལ་ནི་དབང་དོན་ཞུས། །ཞེས་གསུངས་སོ། །དེ་ནས་རྒྱུད་འགྲེལ་དང༌། ཟབ་ ཁྲིད་ཞུས། གཟིམས་ཁང་(ལག་ན་མེ་ཏོག་གི་མདོར། །ཤཱ་རིའི་བུ་བདེ་བ་ཅན་ཞེས་པ་ཆོས་བཞི་དང་ལྡན་ཏེ། བཞི་གང་ ཞེ་ན། འཇིག་རྟེན་དུ་སྐྱེས་ནས་སངས་རྒྱས་དང་འཕྲད་པ་དང༌། དམ་པ་རྙེད་པ་དང༌། སངས་རྒྱས་ཀྱི་ཆོས་ལ་དད་པ་དང༌། ཡང་ དག་པའི་ལྟ་བའོ། །ཞེས་གསུངས། )བདེ་བ་ཅན་ཕུལ་ནས། ཆོས་རྗེ་དེར་བཞུགས་ཏེ་ཐུགས་དམ་གཙོ་ བོར་མཛད་དོ། །དེ་ནས་ཡོན་ཏན་རྒྱ་མཚོའི་དྲུང་དུ་སེམས་འགྲེལ་སྐོར་གསུམ་དེའི་ཆ་ལག་ དང་བཅས་པ། ཁ་ཆེ་པཎ་ཆེན་གྱི་སྦྱོར་དྲུག །ཨ་བྷ་ཡའི་སྦྱོར་དྲུག །རྒ་ལོའི་སྦྱོར་དྲུག །ནཱ་རོ་ པའི་སྦྱོར་དྲུག །ཤ་བ་རི་པའི་སྦྱོར་དྲུག །བྲམ་ཟེ་བསོད་ནམས་པའི་སྦྱོར་དྲུག །དཔལ་གསང་ བ་འདུས་པའི་སྦྱོར་དྲུག །ཀྱེ་རྡོ་རྗེའི་སྦྱོར་དྲུག །གཉོས་ཁོང་པའི་སྦྱོར་དྲུག །ཞང་གཡུ་བྲག་ 1-1-220 པའི་སྦྱོར་དྲུག་ལ་སོགས་རྒྱ་གཞུང་གི་སྦྱོར་དྲུག་མང་པོ་ཞུས་ཤིང༌། ཉམས་རྟོགས་རང་རང་ གི་ཐད་ཀར་སྐྱེས་ཤིང་ཚིག་དོན་མ་ལུས་པར་ཐུགས་སུ་ཆུད་དོ། །གཞན་ཡང༌། ཙ་མི་ལོ་ཙཱ་ བའི་སྦྱོར་དྲུག །གྱི་ཇོ་ལོ་ཙཱ་བའི་སྦྱོར་དྲུག །འབྲོ་ལོ་ཙཱ་བའི་སྦྱོར་དྲུག །རྭ་ལོ་ཙཱ་བའི་སྦྱོར་དྲུག ། འཇམ་དབྱངས་གསར་མའི་སྦྱོར་དྲུག་ལ་སོགས་པ་བོད་གཞུང་མང་དུ་གསན་ཏོ། །ཉམས་ རྟོགས་ཐུགས་ལ་མངའ་བར་མཛད་དོ། ། དེ་ནས་འཛུམ་ཆོས་ལུང་དུ་བྱོན་ནས་འཛུམ་ཆོས་རྗེའི་དྲུང་དུ་རྫོགས་ཆེན་ནཱ་རོ་ཆོས་དྲུག་ རྣམས་ཞུས་པའི་ཚེ། བདག་ཀྱང་མཇལ་བ་ལགས་ཏེ། དེའི་དུས་སུ་ཆོས་རྗེ་ལ་འོད་ཟེར་དུ་མ་ འཕྲོས་པས་འོད་ཟེར་རེ་རེ་ལ་པད་མ་རེ་རེ། མེ་ཏོག་རེ་རེ། སྤྱན་རས་གཟིགས་རེ་རེ་སྤྲོ་བར་ མཐོང་ནས། ཇོ་ནང་དུ་བྱོན་པའི་ཞབས་ཏོག་ཁོ་བོས་བྱས་ཏེ་སྐྱིད་ཕུག་སྟབས་སུ་བཞུགས་ པའི་ཚེ། བདག་གིས་དུང་དཀར་གཅིག །འཁར་རྔ་གཅིག་དང༌། གསེར་གྱི་མཎྜལ་རྣམས་ཕུལ་ ནས། ཡང་ནས་ཡང་དུ་གསོལ་བ་བཏབ་ནས། རྒྱུད་འགྲེལ་ཚར་གཅིག་གསུངས། གཞན་ ཡང་རྡོ་རྗེ་ཕྲེང་བ་བྱམས་ཆོས་ལ་སོགས་མང་དུ་གསུངས་སོ། །ལོ་གཅིག་ཏུ་འབྲལ་མེད་དུ་ གཟིམ་གཡོག་བྱས་སོ། །དེ་ནས་དཔྱིད་ཀར་ཡོན་ཏན་པའི་དྲུང་དུ་དུས་འཁོར་གྱི་དབང་ཞུས་ པའི་ཚེ། ཆོས་རྗེ་ལ་ཡོན་ཏན་པ་ཤིན་ཏུ་མཉེས་ནས། ན་བཟའ་བེར་ཐུལ་གཅིག །ཡང་ལོང་ གི་ཞྭ་སེར་གཅིག །འཁར་རྔ་ལ་སོགས་གནང་སྦྱིན་ཆེན་པོ་མཛད་དེ། ཁྱེད་ཀྱིས་དགོན་པ་ འདིར་ཚོགས་པ་རྣམས་ལ་ཆོས་གསུངས་པར་ཞུ་གསུངས་པས། དེ་ནས་ཆོས་རྗེས་ཡོན་ཏན་ པའི་དྲུང་དུ་ཕྱག་ཕུལ་ནས་གསུངས་པ། བདག་ལ་དེ་འདྲ་འོང་བའི་ལུགས་མི་བདོག་པས། གསུངས་དེ་ལྟ་བུ་མ་བྱོན་པར་ཞུ། ཞེས་སོགས་ཞུ་བར་ནན་ཅན་ཕུལ་ཡང་མ་གསན་པའི་སྟེང་ དུ། ཁོ་བོ་(ཆོས་གྲགས་དཔལ་ཉིད་)ལ་སོགས་ཆེ་བགྲེས་རྣམས་ཀྱིས་ཕྱག་ཕུལ་ནས། ད་ནི་ཅིས་ ཀྱང་ཡོན་ཏན་པའི་བཀའ་དང་དུ་ལེན་པར་ཞུ། ཞེས་ཞུ་བ་ནན་ཅན་ཕུལ་ནས། བླ་མ་སླར་ 1-1-221 མ་མཉེས་པའི་རྒྱུར་འགྲོ་དགོངས་ནས་གང་ནུས་ཤིག་ཁས་བླང་གསུངས་ནས། ཆོས་རྗེ་ཡོན་ ཏན་པ་ལ་སོགས་ཐམས་ཅད་ཤིན་ཏུ་དགྱེས་པའི་མཉེས་ཚོར་ཆེན་པོ་དཔག་ཏུ་མེད་པ་བྱུང་ ངོ༌། །(ལག་ན་མེ་ཏོག་ལས། བྱང་ཆུབ་སེམས་དཔའ་ཆོས་བྱས་ནས། །མང་པོའི་འཁོར་ལ་རྒྱས་པར་འཆད། །ཇི་ལྟར་སངས་ རྒྱས་མཛད་བཞིན་སྤྱད་པར་བྱ། །ཞེས་གསུངས་པ་ལྟར། )དེ་ནས་ཚོགས་ཆོས་ལ། སྐྱེས་རབས། སྤྱོད་འཇུག ། བསླབ་བཏུས། དཀོན་བརྩེགས་ལ་སོགས་མང་དུ་གསུངས་པའི་ཚེ། ནམ་མཁའ་ལ་སྒྲ་འོད་ དང༌། མེ་ཏོག་ལ་སོགས་ངོ་མཚར་ཁྱད་པར་དུ་བྱུང༌། ཆོས་ཉན་པ་རྣམས་ཀྱིས་མི་ཕྱེད་པའི་ དད་པ་བརྙེས་སོ། །ཆོས་རྗེ་ཡོན་ཏན་པས་ཀྱང་ཆོས་ཀྱི་ལྷག་མ་རྣམས་གཅིག་ཀྱང་མ་ལུས་ པར་གནང་ངོ༌། ། གཞན་ཡང༌། ཡོན་ཏན་པའི་དྲུང་དུ། ལམ་འབྲས་ཆ་ལག་དང་བཅས་པ། གསང་འདུས་ རིམ་ལྔ། བདེ་མཆོག་རིམ་ལྔ་ལ་སོགས་ཟབ་ཆོས་ཁྲིད་རིགས་ཐམས་ཅད། ཞི་བྱེད། གཅོད་ སྐོར། དུས་འཁོར་སྦྱོར་དྲུག་ལ་སོགས་མང་དུ་གསན་ཏོ། ། དེ་ནས་ས་སྐྱར་གདན་དྲངས་ནས་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གྱིས་དུས་འཁོར་གྱི་ དབང་ཞུས་ནས། མེ་ཏོག་གི་ཆར་ལ་སོགས་ངོ་མཚར་མང་པོ་བྱུང་ངོ༌། །སླར་ཇོ་ནང་དུ་ཕེབས་ པ་དང༌། བླ་མ་རོག་བུ་ཚང་བས། རྡོར་ཕྲེང་ལ་སོགས་དཀྱིལ་འཁོར་ཞེ་བཞིའི་དབང་དང༌། དཔལ་ལྡན་རྒྱུ་སྐར་བཅུ་གཅིག་གི་དབང་ཞུས་པའི་ཚེ་ན། ནམ་མཁའ་ལ་སྒྲ་འོད་གསལ་མེ་ ཏོག་གི་ཆར་བབ་བོ། །(རྒྱ་ཆེར་རོལ་པ་ལས། ཏིང་ངེ་འཛིན་གྱི་སྟོབས་ཆོས་སྣང་བའི་སྒོ་སྟེ། །རྣམ་པར་རྟོག་པ་ཐམས་ ཅད་སྤང་བར་འགྱུར་རོ། །ཞེས་གསུངས་པ་ལྟར། )དེ་ནས་གཟིམས་ཁང་མཁའ་སྤྱོད་བདེ་ལྡན་དུ་བཞུགས་ ནས། ལོ་གཅིག་ཏུ་ཐུགས་དམ་རྩེ་གཅིག་ཏུ་མཛད་དེ། སོར་བསམ་གཉིས་ལ་བརྟེན་ནས་ སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་དཔག་ཏུ་མེད་པ་གཟིགས་སོ། །སྲོག་རྩོལ་དང་འཛིན་པ་ གཉིས་ལ་བརྟེན་ནས་བདེ་དྲོད་འབར་བས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་སོ། ། 1-1-222 དེ་ནས་ཆོས་རྗེ་ཡོན་ཏན་པ་ལ་སོགས་ཆེ་བགྲེས་རྣམས་ཀྱིས་རྒྱལ་ཚབ་ཏུ་བཞུགས་པའི་ ཞུ་བ་ནན་ཏན་དུ་ཕུལ་ནས། ཆོས་རྗེ་ཀུན་མཁྱེན་པས་རྟེན་འབྲེལ་ཅིག་བརྟག་དགོས་གསུངས་ ནས། དེའི་དཔྱིད་དུ་སློབ་དཔོན་ཟླ་བ་དང༌། མཁས་མཆོག་ཚུལ་ཁྲིམས་འོད་གཉིས་ཞབས་ ཏོག་ཏུ་བྱོན་ནས། ལྷ་སར་ཇོ་ཤཱཀ་གཉིས་ལ་གསོལ་བ་ཁྱད་པར་ཅན་བཏབ་ཅིང༌། ཁྱད་པར་ དུ་བཅུ་གཅིག་ཞལ་གྱི་དྲུང་དུ་མཆོད་པ་རྒྱ་ཆེན་པོ་དང༌། དར་གྱི་ཅོད་པན་མང་པོ་དང༌། དཀར་ མེ་དུ་མ་དང༌། སྤོས་ཀྱི་རེང་བུ་རྣམས་ཕུལ་ནས། ཁོ་བོས་ཇོ་ནང་གི་གདན་ས་བྱས་ན་བསྟན་པ་ ལ་ཕན་ནམ། སྒྲུབ་པ་མཛད་ན་བསྟན་པ་ལ་ཕན་པའི་བརྟག་པ་མཛད་ཅིང་གསོལ་བ་བཏབ་ པས། དེ་ནས་ལྷ་སའི་ཕྱོགས་སུ་མེ་ཏོག་གི་ཆར་བབ་ནས། སྤྱན་རས་གཟིགས་ཀྱི་ཐུགས་ཀར་ འོད་ཟེར་པད་མ་ལྟ་བུའི་ཕྲེང་བ་འཕྲོས་ནས་སྒྲ་འདི་ལྟར་གྲག་གོ །ཚོགས་གཉིས་མཐར་ཕྱིན་ དཔལ་ལྡན་ཆོས་ཀྱི་རྗེ། །མཛད་པ་མཐའ་ཡས་རྫུ་འཕྲུལ་དཔག་མེད་སྟོན། །རྒྱལ་ཚབ་འཛིན་ པས་སངས་རྒྱས་བསྟན་པ་དར། །འགྲོ་ལ་ཕན་པའི་དགེ་བ་བླ་མེད་འབྱུང༌། །ཞེས་སོགས་ངོ་ མཚར་བའི་ལྟས་མང་དུ་བྱུང་ངོ༌། །སློབ་དཔོན་ཟླ་བ་དང་ཚུལ་ཁྲིམས་གཉིས་ལྷག་པར་དགའོ། ། (ལག་ན་མེ་ཏོག་གི་མདོ་ལས། མངོན་པར་ཤེས་པ་ཐོབ་ནས་སུ། །སེམས་ཅན་ཁམས་རྣམས་ཀུན་རྒྱུ་ཞིང༌། །གྲོང་ཁྱེར་མང་པོ་ ཆོས་ལ་འཁོར། །ཞེས་གསུངས་པ་ལྟར། )དེའི་དབྱར་ལྕགས་པོ་རི་ལ་བྱོན་ནས་དྲན་པ་ཉེ་བར་བཞག་ པའི་མདོ་དང༌། ཁང་བུ་བརྩེགས་པའི་ལུང་གསུངས་སོ། །དེའི་ཚེ་ནམ་མཁའ་ལ་འཇའ་འོད་ སྣ་ཚོགས་པ་དང༌། ས་གཡོ་བ་དང༌། རོལ་མོའི་སྒྲ་ཡང་གྲགས་སོ། །དེའི་སྟོན་ཁར་ཇོ་ནང་ དཔལ་དུ་ཕེབས་ན་ཡང༌། ནམ་མཁའ་ལ་འཇའ་འོད་སྣ་ཚོགས་དང༌། རོལ་མོའི་སྒྲ་དང༌། སྤོས་ ཀྱི་དྲི་དང༌། མེ་ཏོག་སིལ་མ་བབ་ནས། ཡོན་ཏན་པའི་དྲུང་དུ་གདན་དྲངས་ནས། མཇལ་མ་ ཐག་ཏུ་སྤྱན་ཆབ་རང་དབང་མེད་པར་ཤོར་ཏེ། བླ་མའི་བྱིན་རླབས་ཆེན་པོ་ཐུགས་ལ་འཇུག་ པ་ཉིད་དོ། །ཐོས་བསམ་སྒོམ་གསུམ་གྱི་མཛད་པས་དུས་འདའ་བར་སྟོན་ཏོ། །སྔར་ཡོན་ 1-1-223 ཏན་པ་ལ་ཆོས་རྗེ་ཀུན་སྤངས་ཆེན་པོས་འདི་སྐད་གསུངས། ངའི་རི་ཁྲོད་འདིར་བུ་བས་ཚ་བོ་ བཟང༌། ཚ་བོ་བས་ཀྱང་ཡང་ཚ་བཟང་བར་འོང༌། མ་འོངས་པ་ན་བཟང་ལྡན་གོང་མར་ཆོས་ འཆད། བཟང་ལྡན་འོག་མར་མཆོད་རྟེན་ཆེན་པོ་བཞེངས་ཞེས་གསུངས་པ་དེ་ཉིད་འདི་ཡིན་ སྙམ་ནས། ཆོས་རྗེ་ཀུན་མཁྱེན་པ་བླ་བྲང་དུ་གདན་དྲངས་ནས། གནང་སྦྱིན་ཆེན་པོ་མཛད་ ནས། ད་ཁྱོད་བླ་བྲང་འདིར་རྟག་ཏུ་བཞུགས་ལ། ངའི་རྒྱལ་ཚབ་ཏུ་བཞུགས་པའི་དུས་ལ་བབ་ ཀྱི་བཞུགས་དགོས་པས་ཐུགས་ལ་འདོགས་པར་ཞུ་སྟེ། བླ་མ་སྐྱི་སྟོན་ཚུལ་ཁྲིམས་ཀྱིས་ཀྱང་ གསུང་ནན་ཏན་དུ་བྱོན་ཞིང་བདག་གིས་ཀྱང་ཕྱག་རྟེན་ཆེན་པོ་ཕུལ་ནས་ཞུ་བ་ནན་ཅན་ཞུ། དེ་ནས་གདན་སར་བཞུགས་པ་ཞལ་གྱིས་བཞེས་པའི་དུས་སུ། ཀླུ་དང་ལྷ་བྲན་རྣམས་དགའ་ ནས་མེ་ཏོག་སིལ་མ་ཕབ་བོ། །ས་གཡོས་ནས་སྒྲ་དང་འོད་གསལ་གྱིས་ས་སྟེང་ཐམས་ཅད་ ཁྱབ་བོ། ། དགུང་ལོ་སོ་ལྔ་བཞེས་པའི་མེ་ཕོ་སྟག་གི་ལོའི་སྟོན་ཁར་རྒྱལ་ཚབ་ཏུ་བཞུགས་སོ། །ཀུན་ སྤངས་པ་ནས་ཆོས་རྗེ་ཡོན་ཏན་པའི་བར་གྱི། ལྷ་རྟེན། མཆོད་ཆ། ཕྱག་དཔེ། རྡོ་རྗེ་དྲིལ་ བུ། རུས་རྒྱན། ཀ་པཱ་ལ། དར་གདུགས་ཁྱད་འཕགས་དྲུག །ན་བཟའ་ལ་སོགས་ཐམས་ཅད་ ཤིན་ཏུ་དགྱེས་བཞིན་དུ་ཕྱག་ཏུ་ཕུལ་ལོ། །སླར་ཡང་བླ་མ་གྲོགས་པོ་ཡོན་བདག་རྣམས་ཀྱིས་ འབུལ་བ་མང་དུ་ཕུལ་ལོ། །(འཕགས་པ་ལག་ན་མེ་ཏོག་ལས། དེའི་ཆོས་ཏེ་བསྒོམ་པས་ན། །ཐོགས་པ་མེད་པའི་ཡེ་ ཤེས་བརྙེས། །སངས་རྒྱས་རྣམས་ཀྱི་ཡང་དག་ལམ། །སྟོང་པ་ཉིད་ཀྱི་ཆོས་རྣམས་སོ། །ཅེས་གསུངས་པའི་དོན་ཆོས་ཉིད་མངོན་ སུམ་དུ་འགྱུར་བའི་ཕྱིར། )དེའི་དབྱར་དགུན་གཉིས་ལ་མཚམས་དམ་དུ་བཅད་ནས་མཉམ་བཞག་ ལ་རྩེ་གཅིག་ཏུ་བཞུགས་སོ། ། དེ་ནས་ཆོས་རྗེ་ཡོན་ཏན་པས་ཆོས་སྟོན་པའི་གསུངས་བྱོན་ནས། སྟོན་དཔྱིད་གཉིས་ སུ་ངེས་དོན་མདོ་བཅུ། བྱམས་ཆོས་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། འཕགས་པ་ཀླུ་སྒྲུབ་ཀྱི་ 1-1-224 རིགས་ཚོགས་བསྟོད་ཚོགས་གཏམ་ཚོགས་རྣམས་རྒྱུད་འགྲེལ་དང་མཐུན་པར་གསུངས་སོ། ། དཔྱིད་དུས་སུ་དབང་དཀའ། བསྒྲུབ་དཀའ། ཁྲིད་དཀའ། སྣ་ཚོགས་གསུངས། དེའི་ཚེ་ན་ངོ་ མཚར་བའི་ལྟས་སྣ་ཚོགས་བྱུང་ངོ༌། ། ཐུགས་དམ་གྱི་ངང་ནས་ཕྱོགས་རིས་མེད་པའི་གདུལ་བྱ་དཔག་ཏུ་མེད་པ་བསྐྱང་ཞིང༌། ཆོས་རྗེ་ཡོན་ཏན་པ་ཞི་བར་གཤེགས་པའི་ཐུགས་རྗེས་ཉེ་བར་བསྐུལ་ནས། སྦྲུལ་ལོའི་དཔྱིད་ ཁར་བཟང་ལྡན་གོང་མར་མཆོད་རྟེན་བརྩིག་ཆས་ཀྱི་སྲོག་ཤིང་ལ་གཟུངས་སྔགས་དང་ སྨན་སྣ་འབྲུ་མར་སྦྲང་རྩིས་བྱུག་པ་རྣམས་དང༌། ས་རྡོ་རྣམས་བསགས་ཏེ། དེའི་དབྱར་ཁྲིད་ བཙུགས་ནས་ཐམས་ཅད་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་སོ། །དེའི་དུས་སུ་ཨོ་རྒྱན་པད་ མ་བྱོན་ནས་ཐུགས་ཀར་འོད་ཟེར་ཟླ་བ་ལྟ་བུ་བྱུང་ནས་ཇོ་ནང་གི་གནས་ཐམས་ཅད་སྣང་བར་ བྱས་སོ། །དེ་ནས་འདི་སྐད་ཅེས་གསུངས་སོ། །སྔོན་གྱི་འཕེན་པས་ཚོགས་གཉིས་རྒྱ་མཚོ་ འཁྱིལ། །བཟང་ལྡན་འོག་མའི་ས་གཞི་པད་མ་རྒྱས། །ཕྱི་རབས་ལྷ་མིའི་ཚོགས་ཆེན་རྫོགས་ པར་འགྱུར། །རྟེན་མཆོག་ཡིད་བཞིན་ནོར་བུ་ལེགས་པར་འགྲུབ། །ཅེས་གསུངས་ནས། ཆོས་ རྗེའི་བྱིན་བརླབས་མཛད་དོ། །དེ་ནས་རྒྱལ་ཆེན་སྡེ་བཞིས་བཟང་ལྡན་གོང་མར་སྲོག་ཤིང་ བཙུགས་པ་དེ། ནམ་མཁའ་ལ་མདའ་འཕངས་པ་བཞིན་དུ་ཐོན་ནས། སྒྲ་དང་བཅས་པར་ བཟང་ལྡན་འོག་མའི་བྱེ་ཐང་དུ་བཙུགས་སོ། །དེ་ནས་མཚམས་བཀྲོལ་ནས་ཐམས་ཅད་ཀྱིས་ སྲོག་ཤིང་བཙུགས་སར་བཞེངས་དགོས་བྱས་སོ། །དེའི་སྟོན་ཁར་དབང་རིགས་མང་པོ་དང༌། ཁྲིད་དུ་མ་རྣམས་གསུངས་སོ། །དེའི་དགུན་ཐུགས་དམ་ལ་བཞུགས་སོ། ། སོས་ཀར་ཐུགས་དམ་བཀྲོལ་བའི་དུས་སུ། རྟ་ལོ་ཟླ་བ་གསུམ་པའི་ཚེས་གསུམ་ལ་ བཟང་ལྡན་འོག་མར་སྔར་སྲོག་ཤིང་བཙུགས་སར་ས་ཆོག་མཛད་པའི་ཉིན་པར། (ཙན་དན་ དཀར་པོ་ཤིང་ཤའི་ཤིང་རྟའི་སྟེང་དུ་)ཆོས་རྗེ་དུས་ཀྱི་འཁོར་ལོར་(ཞལ་གཅིག་ཕྱག་གཉིས་བདུད་མནན་པའི་ཚུལ་ 1-1-225 མཛད་པ་)གྱུར་ཏོ། །ས་ཆེན་པོ་གཡོས་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་མདོར། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་དྲུག་གི་རྣམ་གཡོས་ཤིང༌། །བདུད་ཡིད་མི་བདེར་ གྱུར་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་གསུངས་སོ། །ནམ་མཁའ་ ཡོངས་སུ་དག་པའི་དཀྱིལ་དུ་འཇའ་ཚོན་སྣ་ཚོགས་དང༌། ཁྱད་པར་དུ་འཇའ་འོད་འཁྱིལ་བའི་ དབུས་སུ་དཔལ་རྟ་མགྲིན་ཆེན་པོའི་(ཡང་གསང་ཁྲོས་པ་)ཞལ་གཟིགས། དེ་ནས་བཟང་ལྡན་འོག་མར་ས་བཀྲ་ཤིས་(དགའ་བ་)འཁྱིལ་བའི་ཚུལ་དུ་གས་པའི་ལྟེ་ བར་སའི་ལྷ་མོ་(སྐུ་ཕྱེད་ཐོན་ནས་)ཀ་ཤི་ཀའི་མེ་ཏོག་གི་མདོག་ཅན། (ངོ་སེར་པོ་)དྷ་ནུ་སྐ་རའི་ཕྲེང་ བ་དང་(གསེར་གྱི་)བུམ་པ་ཐོགས་ནས་སྨྲས་པ། པད་མ་འདབ་བརྒྱད་རྒྱས་པའི་ས་གཞི་འདི། ། འགྲོ་ཀུན་ཐར་པའི་དཔལ་ལ་བགྲོད་པའི་ཕྱིར། །རྟེན་མཆོག་ཡིད་བཞིན་ནོར་བུའི་ཆ་རྐྱེན་ ལ། །ཁོ་མོས་དད་པས་ཕུལ་ལགས་བཞེས་སུ་གསོལ། །ཞེས་དང༌། ཡང་དེ་མ་ཐག་ཏུ་ཅན་ལུང་བྲག་དཀར་ལ་གྲུབ་ཆུ་རྡོལ་བའི་དཀྱིལ་དུ། ཀླུའི་རྒྱལ་པོ་ སངས་རྒྱས་བཅོམ་ལྡན་འདས་བྱུ་རུའི་མདོག་ལྟ་བུ། པར་ཤི་ཀའི་མེ་ཏོག་དང་(གསེར་གྱི་) འཁོར་ལོ་འཛིན་པར་ཐོན་ནས་སྨྲས་པ། དྲི་མེད་བསིལ་ཆུ་ཡིད་འོང་དམ་པ་འདི། །(རླུང་མཁྲིས་ པད་ཀན་འདུས་པའི་)ནད་ཀུན་མ་ལུས་འཇོམས་བྱེད་བདུད་རྩིའི་མཆོག །རྟེན་མཆོག་འདི་ཡི་ཆ་ རྐྱེན་བདག་ཕུལ་ནས། །ནད་མེད་རྡོ་རྗེ་ལྟ་བུའི་སྐུ་ཐོབ་ཤོག །ཅེས་དང༌། ཡང་ཐུགས་དམ་བུམ་པའི་གོང་ནས་སྤྲིན་(དཀར་པདྨའི་སྡོང་བོ་ལྟ་བུ་)ལངས་ནས་ལྟེ་བར་ཞིང་ སྐྱོང་ཀྵེ་ཊ་པཱ་ལ་བྷུ་དྷ་རི་ཀའི་པདྨ་དཀར་པོ་མེ་ཏོག་ལྟ་བུ་(དཀར་པོ་སྐྲ་ནག་པོ་དཀར་ཅན་གྱི་སྟེང་དུ་)དུང་ གི་ཐོར་ཚུགས་ཅན། སུམ་པ་ཀའི་ལྷུང་བཟེད་དང་བ་དན་(ལྕེ་བརྒྱད་)ཐོགས་ནས་སྨྲས་པ། རྡོ་ བཟང་སྲ་བརྟན་འཇམ་པའི་གཏེར་ཆེན་འདི། །སྐུ་འབུམ་རིངས་པར་ལྡང་བའི་ཆ་རྐྱེན་ཕུལ། ། འགྲོ་ཀུན་ངན་འགྲོའི་སྡུག་བསྔལ་ལས་བཏོན་ནས། །མཐོ་རིས་རྣམ་དག་མཆོག་ལ་འགོད་ 1-1-226 པར་ཤོག །ཅེས་དང༌། དེ་ནས་རོ་སྐམ་མདའ་ནས་(ཤིང་གི་)ལྷ་མོ་འོད་འཆང་མ་ཞེས་བྱ་བ་མར་གད་(ལྗང་སྔོན་)ཀྱི་ མདོག་ཅན་ཤིང་བསིལ་བའི་གོས་སུ་གྱོན་པ་ཀ་ཏ་རའི་མེ་ཏོག་དང་རོལ་བ་འཛིན་པས། ཤིང་ ཤུག་པའི་ཁྱད་པར་ཅན་དྲི་བཟང་པོ་དང་ལྡན་པའི་ཙན་དན་གྱི་གཏེར་ཕུལ་ནས་སྨྲས་པ། དྲི་ བཟང་བདེ་བའི་རོ་མཆོག་ཤིང་གི་གཏེར། །མགོན་པོའི་རྟེན་ལ་དགོས་ཕྱིར་བཞེས་སུ་གསོལ། ། འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ནས། །བདེ་ཆེན་རྣམ་དག་ཡེ་ཤེས་སྐུ་ཐོབ་ཤོག ། ཅེས་དང༌། རྫ་མཆོག་གི་གོང་དུ་སྤྲིན་ཤུགས་འཇའ་འོད་འཁྱིལ་བའི་གསེབ་ཏུ་ཇོ་མོ་ནགས་རྒྱལ་ ཞེས་བྱ་བ་(ལྗང་ཁུ་)ལུག་ནག་(གདོང་དཀར་)ཞོན་པ། དར་སྣ་ཚོགས་དང་མུ་ཏིག་དམར་པོའི་ ཕྲེང་བས་བརྒྱན་པ། (གསེར་གྱི་)དྲིལ་བུ་དང་དུང་དཀར་(གཡས་སུ་འཁྱིལ་བ་)འཛིན་པས་སྨྲས་པ། བསོད་ནམས་དཔལ་འབྱོར་རྒྱ་མཚོ་འབྱུང་བའི་གནས། །དྲིལ་བུའི་ཕྲེང་བས་སྙན་པའི་ཆོས་ སྒྲ་སྒྲོགས། །རྟེན་མཆོག་དེ་ཡི་ཆ་རྐྱེན་མཆོད་པའི་རྫས། །འགྲོ་བ་ཀུན་ལ་ཕན་ཕྱིར་བཞེས་སུ་ གསོལ། །ཞེས་དང༌། ནམ་མཁའ་ལ་ལྷ་བྲན་མང་པོས་མེ་ཏོག་གི་ཆར་ཕབ། ལྷ་ཀླུས་མཐུན་རྐྱེན་སྦྱར་ནས། མཆོད་རྟེན་གྱི་ཐིག་ཚད་བརྐྱངས་བས་དྲུང་ན་ཡོད་པ་ཀུན་གྱི་བློར་མ་ཤོང་བར། གཟིམས་ ཁང་ན་ཆ་རྐྱེན་ཅང་མི་འདུག་པས། འདི་ཙམ་མི་འགྲུབ་ཞུས་པས། ཆོས་རྗེས་ཆ་རྐྱེན་མེད་ཀྱང་ བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ན་གང་འདོད་འོང་གིས། ཁྱེད་རྣམས་མ་འཇིགས་ པར་ངས་ཅི་ཟེར་ལ་ཉོན་ཅིག་གསུངས་སོ། ། དེ་ནས་ཁོ་བོ་ཡང་ས་སྐྱའི་ཤར་གླིང་ནས་ཇོ་ནང་དུ་ཕྱིན་ནས། གསེར་སྲང་དགུ། ནས་ ཁལ་བཅུ་གསུམ་ཕུལ། བུ་སློབ་མི་ཆེན་རྣམས་ཀྱིས་གྲོས་བྱས་ནས། དེ་ཙམ་ཆེ་བ་ནི་མི་འོང་གི་ 1-1-227 མཐར་གཞན་གྱིས་འཕྱ་བའི་གཞིར་འགྲོ་སྟེ། དེ་བས་མཆོད་རྟེན་རྨང་གི་ཕྱོགས་རེ་ལ་གོམ་པ་ སོ་དྲུག་རེ་ཡོད་པ་ཅིག་བྱ་དགོས་ཞེས་ནང་དུ་བཀའ་གྲོས་བྱས་པ། ཆོས་རྗེ་ལ་ཞུས་པས། (མདོ་ འཛང་བླུན་ལས། སྙིང་རྗེ་ཆེན་པོའི་སེམས་ཅན་སྐྱོབས། །ཀུན་སྙིང་བརྩེ་བའི་མཆི་མ་ཟག །དགའ་བ་ཆེན་པོའི་གོས་པར་བྱ། །བྱང་ ཆུབ་སེམས་དཔའི་སྤྱོད་པར་ལྡན། །ཅེས་གསུངས་པ་ལྟར་ཐེ་ཚོམ་ཏུ་ལྟུང་བའི་རིགས་ལ། )སྙིང་རྗེ་ཚད་མེད་པ་སྐྱེས་ ནས་སྤྱན་ཆབ་བབ་ནས། ངས་གཟོད་བསྟན་གྱིས་གསུངས་སོ། །ཕལ་ཆེར་གྱིས་དངོས་པོ་དེ་ ཙམ་དགེ་འདུན་པ་ལ་བསྙེན་བཀུར་བྱས་ན་བསོད་ནམས་ཆེ་ཟེར་ནས། ཆོས་རྗེས་གསུངས་ པ། ངས་མཆོད་རྟེན་བཞེངས་པའི་ཆ་རྐྱེན་དུ། གསེར་ཞོ་གང༌། ནས་ཁལ་གསུམ་དང་ཁལ་ ཕྱེད། དར་ཁ་བཅུ་གཅིག །གོས་ཆེན་ཁ་གསུམ་དེ་ལས་ཅང་མི་འདུག །དེ་འདྲ་ཅིག་གིས་དགེ་ འདུན་གྱི་བསྙེན་བཀུར་དང་སྐྱེ་བོའི་སྦྱིན་གཏོང་ཅི་འགྲུབ། གལ་ཏེ་འགྲུབ་ཀྱང་དེ་བས་མཆོད་ རྟེན་ལ་ཕུལ་ནས་བསོད་ནམས་བརྒྱ་འགྱུར་ཁྲི་འགྱུར་དུ་ཆེ་བར་གསུངས་སོ། །གསུང་རབ་ ལས་གསུངས། འཕགས་པ་རྨད་དུ་བྱུང་བའི་མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་སུ་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོས་གང་བ་རྣམས། འཕགས་པའི་དགེ་འདུན་ དང་ཕྱོགས་བཅུའི་དགེ་འདུན་ལ་ཕུལ་བ་བས། འཇིམ་བག་ལས་སངས་རྒྱས་ཀྱི་མཆོད་རྟེན་ སྐྱུ་རུ་ར་ཙམ། སྲོག་ཤིང་ཁབ་ཙམ། གདུགས་རྒྱ་ཤུག་གི་ལོ་མ་ཙམ་ཞིག་བཞེངས་ན་བསོད་ ནམས་ཆེ་བར་གསུངས་སོ། །འཕགས་པ་དགྲ་བཅོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོར། གླིང་བཞི་གང་བའི་འཕགས་པ་རྣམས་ཇི་སྲིད་མཚོའི་བར་དུ་དགེ་བའི་ཡོ་བྱད་ཀྱིས་མཆོད་པ་ བྱེད་པ་བས། སངས་རྒྱས་ཀྱི་རིང་བསྲེལ་ཡུངས་འབྲུ་ཙམ་བཅུག་པའི་མཆོད་རྟེན་ནས་འབྲུ་ ཙམ། བུམ་པ་སྐྱུ་རུ་ར་ཙམ། སྲོག་ཤིང་ཁབ་ཙམ། གདུགས་བ་ཀུ་ལའི་ལོ་མ་ཙམ་བཞེངས་ སམ། སྐུ་གཟུགས་ཚོན་གང་ཙམ་བཞེངས་ན་བསོད་ནམས་ཆེས་མང་དུ་གསུངས་སོ། །གཞན་ ཡང༌། དམ་ཆོས་པད་མ་དཀར་པོ། སྙིང་རྗེ་པད་མ་དཀར་པོ། ལས་རྣམ་འབྱེད་ཀྱི་མདོ། རྒྱ་ 1-1-228 ཆེར་རོལ་པ། འཕགས་པ་ཁང་བུ་བརྩེགས་པ། གསལ་རྒྱལ་གྱིས་ཞུས་པའི་མདོ། དགེ་བའི་ རྩ་བ་ཡོངས་སུ་འཛིན་པ། དཀོན་མཆོག་ཏ་ལ་ལ། རྣམ་སྣང་རྒྱལ་བའི་གཟུངས། ལས་ཀྱི་ སྒྲིབ་པ་རྒྱུན་གཅོད་པའི་གཟུངས། གཙུག་ཏོར་དྲི་མེད་དང༌། གཙུག་ཏོར་རྣམ་རྒྱལ། འཇམ་ དཔལ་རྩ་བའི་རྟོག་པ། གསང་འདུས། བདེ་མཆོག །སྡོམ་བྱུང༌། དཔལ་དུས་ཀྱི་འཁོར་ལོ་ ལ་སོགས་མདོ་རྒྱུད་དཔག་ཏུ་མེད་པར་ལུང་སྦྱོར་མཛད་ནས་སྐུ་གཟུགས་མཆོད་རྟེན་བཞེངས་ པའི་ཕན་ཡོན་ནི། ཚད་མེད་པ་གཞལ་དུ་མེད་པར་གསུངས། མདོ་རྒྱུད་ལྟར་ན། དུད་འགྲོ་ལ་ བྱིན་པ་བས་སོ་སོ་སྐྱེ་བོའི་ཕལ་པ་ལ་བྱིན་ན་བསོད་ནམས་ཆེ་གསུངས། དེ་བས་སོ་སོའི་སྐྱེས་ བུའི་དགེ་འདུན་ལ་བསོད་ནམས་ཆེ། དེ་བས་འཕགས་པའི་དགེ་འདུན་ལ་ཆེ་གསུངས། དེ་ བས་སྐུ་གཟུགས་དང་མཆོད་རྟེན་ལ་བཏགས་ན་དོན་ཤིན་ཏུ་ཆེ་བར་གསུངས་པས་དེ་སོམས་ མཛོད། (འཕགས་པ་ལག་ན་མེ་ཏོག་གི་མདོར། འཕྲང་དང་ལམ་གྱི་བཞི་མདོ་རུ། སངས་རྒྱས་མཆོད་རྟེན་རབ་བརྩིག་སྟེ། མཚན་དང་ལྡན་པས་གཟུགས་བྱས་ནས། །འགྲོ་མ་མང་པོ་སེམས་དགའ་འགྱུར། །ཅེས་སོ། །)ཅེས་གསུངས། སྔར་གྱི་ ཐིག་ཚད་ལས་ཕྱོགས་རེ་རེ་ལ་འདོམ་རེ་རེ་བསྐྱེད་ནས། ངས་དང་པོ་གྲྭ་སྐོར་གྱི་དུས་སུ། ཁྲོ་ ཕུ་ལོ་ཙཱ་བའི་མཆོད་རྟེན་མཐོང་ནས་ལྷག་པར་དད་པའི་ཤུགས་ཀྱིས་སྨོན་ལམ་མང་པོ་བཏབ། མདོ་རྒྱུད་མང་པོ་ལས། སྐུ་གཟུགས་དང་མཆོད་རྟེན་གྱི་རྒྱ་དཔངས་ཚད་ཅན་བཞེངས་ནས་ ཚོགས་རྫོགས་པའི་ལུང་མང་དུ་མཐོང༌། ཡིན་ལུགས་སུ་ཏིང་ངེ་འཛིན་བསྒྲུབས་པའི་དགེ་བའི་ རྩ་བ་ཁྱད་པར་འཕགས་ཏེ། དེ་ལྟ་བུའི་གང་ཟག་ནི་ཉུང༌། སེམས་ཅན་སྤྱིའི་གནས་ལུགས་ལ་ བསམ་ན་སྙིང་རྗེ་ཚད་མེད་པ་སྐྱེ། མཆོད་རྟེན་འདི་གང་གིས་མཐོང་ཐོས་རེག་པ་ཙམ་གྱིས་ གྲོལ་བ་དང༌། ཐར་པའི་ས་བོན་ཐེབས་པ་དང༌། གཞན་དོན་རྒྱ་ཆེན་པོ་འབྱུང་བར་གདོན་མི་ ཟ། ལོག་སྒྲུབ་ཅན་རྣམས་ཕྱིས་ནི་འགྱོད་པར་གྱུར་ཏ་རེ། ཞེས་སོགས་ཞལ་ཏ་ཁྱད་པར་ཅན་ མང་དུ་མཛད་ཅིང༌། བླ་མ་དང་དཀོན་མཆོག་ལ་གསོལ་བ་བཏབ་པས། ཕྱོགས་སོ་སོ་ནས་ 1-1-229 དགེ་བ་ལ་བག་ཆགས་སད་པའི་བུ་སློབ་ཡོན་བདག་མང་པོས། མི་ཕྱེད་པའི་དད་པ་དང༌། མི་ ཟད་པའི་འབྱོར་བ་དང༌། མི་ཆུང་བའི་བློ་སྟོབས་བསྐྱེད་དེ། གསེར་དངུལ་ཟངས་ལྕགས་དར་ ཟབ་ནས་བུ་རམ་ཇ་མར་ཐུད་ནོར་ཁྲབ་ཤིང་ལ་སོགས་འུར་ལངས་སུ་བསྡུའོ། ། བྱའི་མཐིལ་ནས་བཞུགས་པའི་སློབ་དཔོན་ཟླ་བ་ལ་སོགས་དང༌། ཞབས་རྡོའི་རི་ཁྲོད་ དུ་བཞུགས་པ་ཐམས་ཅད་བྱོན་ནས་གོ་ཆ་བསྐྱེད་དོ། །དེ་ནས་ཁྲིའི་ཕྱོགས་རེ་ལ་ཁྲུ་ཉིས་བརྒྱ་ བཅོ་ལྔའི་རྩིག་པ་བཏིང་ནས། ཐམས་ཅད་ཀྱིས་འདི་ཙམ་འགྲུབ་པ་གཤིས་ལ་མི་སྲིད་ཟེར་ རོ། །ལ་ལས་དངོས་སུ་གྲོས་འདེབས། ལ་ལས་སྐུར་བ་བྱེད། ལ་ལས་འདི་འགྲུབ་ན་སངས་ རྒྱས་ཡིན་ཟེར་ནས། ཀུན་གྱི་མཐོང་སྣང་དུ་ཆོས་རྗེའི་སྤྲུལ་པ་དུས་གཅིག་ཏུ་འབུམ་ཕྲག་དུ་ མ་བཀོད་ནས། ལས་ཀ་བཙུགས་ཏེ། ལ་ལས་རྡོ་བླངས། ལ་ལས་ཆུ་ལེན། ལ་ལས་འདམ་ བསྒྱུར་ནས། བུ་སློབ་ཡོན་བདག་གིས་ཡིད་ཆེས་ནས། རྩིག་རོགས་བྱས་ནས་འུར་ལངས་སུ་ སེང་ཁྲི་ཚར་རོ། །ཕྱོགས་སོ་སོ་ནས་མི་མང་པོ་དང༌། དཀོན་མཆོག་འབུམ་དང༌། བྲ་བརྟན་ དང༌། དཔོན་ལེགས་ལ་སོགས་ཤིང་བཟོ་མཁས་པ་བཅུ་དྲུག་རྣམས་འདུས་སོ། །ཤེས་རབ་ འོད་ཟེར་ལ་སོགས་རྩིག་མཁན་དཔག་ཏུ་མེད་པ་འདུས་སོ། །དེའི་སྟེང་དུ་ཁྲིའི་ཕྱོགས་རེ་ལ་ ཁྲུ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཏེ། དེའི་སྟེང་དུ་ཉི་གདན་ཟླུམ་པོའི་མཐའ་སྐོར་དུ་ཁྲུ་བརྒྱ་ དང་དགུ་བཅུ་རྩ་གཉིས། དེའི་སྟེང་དུ་ཟླ་གདན་གྱི་མཐའ་སྐོར་དུ་ཁྲུ་ལྔ་བརྒྱ་དང་ཉི་ཤུ་རྩ་ བརྒྱད། རྨང་ནས་གསེར་ཐོག་གི་བར་གྱི་དཔངས་ལ་ཁྲུ་ཉིས་བརྒྱ་བཅོ་ལྔ་ཡོད་པ་ཉིན་མོར་ ལྷ་མིས་བརྩིགས་སོ། །མཚན་མོར་ཀླུ་རྣམས་ཀྱིས་བཞེངས་སོ། །ལས་མི་རྣམས་ཀྱི་བསྒོམ་ ཉམས་(ཁྱད་པར་ཅན་ཞོར་ལ་)འཕེལ་བ་བྱུང་ངོ༌། །དུས་རེ་ཞིག་ནས་ནག་པོའི་ཕྱོགས་རྣམས་གྲོག་ སྦུར་དུ་སྤྲུལ་ནས་ལས་མ་སྟེར་བས། ཆོས་རྗེ་ལ་ཞུས་ནས་ལྗགས་མཆིལ་བཏབ་ཅིང་སེ་གོལ་ ཏོག་ཏོག་མཛད་པས། དེ་མ་ཐག་ཞི་བར་མཛད་ནས་ཐམས་ཅད་ཤིན་ཏུ་མོས་པར་གྱུར་ཏོ། ། 1-1-230 དེ་ནས་གླང་མཚོ་ལ་གནས་པའི་ཀླུ་རྒྱལ་ནོར་བུ་རྒྱས་པ་ཞེས་བྱ་བ་མན་དྷུ་ཛི་པ་ཀའི་མེ་ ཏོག་དང་རྒྱལ་མཚན་ཐོགས་ནས་ཆོས་རྗེའི་མདུན་དུ་ཕྱིན་ཏེ་སྨྲས་པ། བདག་གི་གནས་སུ་ གསེར་ཕྱེ་གང་བའི་གཏེར། །སྐྱོགས་གང་མཆོད་རྟེན་ཆེན་པོའི་ཆ་རྐྱེན་ལ། །ཕུལ་ལགས་ བདག་ཅག་རྟེན་འདི་བསྐལ་པའི་བར། །འབྱུང་བཞིའི་འཇིགས་ལས་ཡོངས་སུ་བསྐྱབ་པར་ བགྱི། །ཞེས་སྤྲིན་ཆེན་པོའི་མདོ་ཚར་ཅིག་ཉན་ཏོ། ། དེའི་སྔ་དྲོ་ཆོས་རྗེས་དངོས་གྲུབ་དཔལ་ལ་(དངུལ་དཀར་གྱི་)སྐྱོགས་ཉ་རྔ་མ་ཀླུ་ཁོ་རང་གིས་ ཕུལ་བ་གཏད་(དེ་སྐྱོག་གི་ཁ་ཆོད་པར་བསྒོ་)ནས་གླང་མཚོར་བཏང་སྟེ་ཕྱིན་ནས། མཚོའི་འགྲམ་དུ་ འཛམ་བུ་ཆུ་བོའི་གསེར་ཕྱེ་གྲམ་བུར་བདལ་བ་སྣང་ནས། སྐྱོགས་ཀྱི་ཁ་མ་ཆོད་པར་སྤུངས་ ནས་སྦྲུལ་དཀར་པོ་ཞིག་འོང་སྟེ་ཁ་ཆོད་པར་བྱེད་དོ། ། དེའི་དུས་སུ་ཇཽ་གདན་རྒྱལ་བ་བྱང་སེམས་ཞེས་བྱ་བ་དགྲ་བཅོམ་པ་ལྟ་བུ་ཅིག་གིས། མཆོད་རྟེན་བཞེངས་པའི་རྩིག་བཟོ་བ། ཤིང་བཟོ་བ། ལྕགས་མགར་བ། ཟངས་མགར་ བ། བླུག་མཁན་པ། ལྷ་བཟོ་ལ་སོགས་ཕྱི་རོལ་ཏུ་བཟོ་བོ་རེ་རེའི་དྲུང་དུ་ཞལ་ཏ་མཛད་པའི་ ཆོས་རྗེ་རེ་རེ་དང༌། ལ་ལར་ཚོགས་ཁང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ནང་དུ་བལྟས་ ནས་ཏིང་ངེ་འཛིན་དུ་བཞུགས་པར་དུས་གཅིག་ཏུ་མཐོང་ངོ༌། །སྐུའི་བཀོད་པ་དཔག་ཏུ་མེད་ པ་དུས་མཉམ་དུ་སྤྲུལ་ལོ། །(ཀུན་བརྩེགས་ལས། སེང་གེའི་གདན་ལ་མ་བཞེངས་པར། སྐུ་ནི་ཕྱོགས་བཅུར་ཀུན་ ཏུ་ཁྱབ། །ཅེས་གསུངས་སོ། །སངས་རྒྱས་ཕལ་བོ་ཆེ་ལས། །རྒྱལ་བའི་འོད་གསལ་ཆོས་ཀྱི་སྐུ། །ཡེ་ཤེས་ཞི་བའི་སྐུ་ནི་ཚད་མེད་ སྟོན། །ཕྱོགས་ཀུན་བཀང་ནས་ཆོས་ཆར་ཕབ། །ཅེས་གསུངས་པ་ལྟར་རོ། །)རྒྱུད་ལས། བག་ཆགས་སྟོབས་ཀྱིས་ (དོན་དམ་པའི་ཆོས་ཀྱི་སྐུ་)འཁོར་ལོར་གནས་པ་(སངས་རྒྱས་ཡེ་ཤེས་ཀྱི་སྐུ་)གཅིག་ནི་(སྤྲུལ་བའི་སྐུ་མཆོག་) དུ་མར་མཐོང་སྟེ་(སྔོན་བྱང་ཆུབ་སེམས་དཔའི་དུས་སུ་)སྨོན་ལམ་གྱི་ཡོན་ཏན་དབང་གིས་སོ། །(འབྱུང་ ངོ༌། །)ཞེས་གསུངས་པ་ལྟར་མཐོང་ནས། ལས་མི་རྣམས་དང༌། བུ་སློབ་ཐམས་ཅད་ཨེ་མ་འདི་ 1-1-231 ནི་སྤྲུལ་པའི་སྐུ་ཞེས་སོགས་ཕན་ཚུན་སྨྲས་སོ། །དེ་ནས་སྲོག་ཤིང་ནི། ཨ་ཀ་རུ་ནག་པོའི་སྲོག་ ཤིང་གཅིག །ཙན་དན་དཀར་དམར་གཉིས་གཙོར་བྱས་པའི་སྲོག་ཤིང་སུམ་ཅུ་རྩ་བདུན་གྱི་ ནང་དུ། དེ་བཞིན་གཤེགས་པ་འོད་སྲུང་དང་ཤཱཀྱ་ཐུབ་པའི་གཙོར་བྱས་པའི་རིང་བསྲེལ་ བརྒྱ་དང་དྲུག་ལྷག་པ་བཅུག་གོ །ཡང་ཕྱོགས་ཕྱོགས་ནས་རྟེན་བྱིན་རླབས་ཅན་མང་པོ་དང༌། གཏེར་ཆེན་པོ་ལ་སོགས་བཀྲ་ཤིས་ཀྱི་མཆོད་རྫས་ཁྱད་པར་ཅན་མང་པོས་ཉེ་བར་སྤྲས་སོ། ། དེ་ནས་སྲོག་ཤིང་བཙུགས་པའི་དུས་སུ། (ཆོས་རྗེ་ཉ་དབོན་ལ་སོགས་)ལ་ལའི་མཐོང་སྣང་དུ། ཨོ་ རྒྱན་པད་མས་བཙུགས་པར་གཟིགས་སོ། །(དགེ་སློང་ཟླ་བ་ལ་སོགས་)འགའ་ཞིག་གིས་རྒྱལ་ཆེན་ སྡེ་བཞིས་བཙུགས་པར་གཟིགས་སོ། །བཙུགས་མ་ཐག་ཏུ་སྲོག་ཤིང་ལས་འོད་ཟེར་སྣ་ཚོགས་ འཕྲོས་པས་འཛམ་གླིང་དུ་ཁྱབ་པར་མཛད་དོ། །ནམ་མཁའ་ལ་སྒྲ་འདི་ལྟར་གྲགས་སོ། །དགེ་ བའི་སྲོག་ཤིང་བཙུགས་སོ་ཨཱ་ལ་ལ། །བསྟན་པའི་སྲོག་ཤིང་བཙུགས་སོ་ཨཱ་ལ་ལ། །ཆོས་ཀྱི་ སྲོག་ཤིང་བཙུགས་སོ་ཨཱ་ལ་ལ། །ཐར་པའི་སྲོག་ཤིང་བཙུགས་སོ་ཨཱ་ལ་ལ། །ཞེས་སོགས་ ལྷ་རྣམས་ཀྱིས་དགའ་བའི་སྒྲ་སྒྲོགས་སོ། །དེའི་དུས་སུ་ཚོགས་ཆོས་སུ་མཆོད་རྟེན་བཞེངས་ པའི་ཕན་ཡོན་ཁང་བུ་བརྩེགས་པའི་མདོ་ཚར་གཅིག་གསུངས་ཏེ། བོ་དོང་པ་ཀུན་སྤངས་ ནམ་མཁའ་གྲགས་པ། སློབ་དཔོན་ཆོས་གྲགས་གསར་མ། ཆོས་རྗེ་ཐང་བོ་ཆེ་བ་ལ་སོགས་ འབུམ་ཕྲག་ཙམ་ལ་སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ་གསུངས་ནས། ཆོས་ རྗེའི་ཐུགས་དགྱེས་ནས། ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་གི་དབྱེ་གསལ་ཆེན་མོ་ དང༌། བདེན་གཉིས་གཤག་རལ་གྱི་མགོ་བཙུགས། དེའི་དུས་སུ་བང་རིམ་རྣམས་ཀྱི་ལྷ་ཁང་ བྱེད་པ་ལ། དད་ལྡན་མང་པོས་སུ་ཐོབ་ཐོབ་བྱས་ནས་ཞལ་ལ་བྱེད་དོ། ། དེའི་དགུན་དུ་ཐུགས་དམ་ལ་ཁྲིད་བཙུགས་ནས་ཐུགས་དམ་མཛད་དོ། །དེ་སོང་བའི་ ལུག་ལོ་ཟླ་བ་གསུམ་པར་ལས་འཕྲོ་བཙུགས་ནས། བྲེའི་རྩིག་པ་ཐོག་ཕིབས་དང༌། གདུང་ 1-1-232 འདེགས་པད་མ་དང་བཅས་པ་མཛད་དོ། །མཆོད་རྟེན་ལ་ན་བཟའ་ས་རྩི་སྣ་ཚོགས་པ་ཡང་ གསོལ་ལོ། །དེ་ནས་རྒྱུད་འགྲེལ་གསུངས་པའི་མགོ་བཙུགས་སོ། །དེའི་ཞོར་ལ་སློབ་དཔོན་ ཟླ་བ་ལ་སོགས་ཁྲིད་པ་ཉིས་བརྒྱ་ཙམ་ལ་ཁྲིད་གནང་ངོ༌། །དེ་དུས་ནུབ་ཅིག་ཏུ་གཟིམས་ཁང་ ནས་མཆོད་པ་མཛད་པའི་དུས་སུ་ཆར་ཆེན་ཅིག་བབ་ནས། མཆོད་རྟེན་ལ་ཆུས་གང་བར་ འདུག་སྟེ་འགྲོ་གསུངས་ནས། སྟོན་པ་ཚུལ་ཁྲིམས་སེང་གེས་མར་མེ་བཟུང༌། ཆོས་རྗེ་ཐང་པོ་ པས་ཞབས་ཏོག་བགྱིས་ནས་བྱོན་པས། བུམ་པའི་ནང་དུ་ཆུས་གང་ནས་ལྷ་བྲན་དུ་མས་ཆུ་ འདོར་ནས་གཟིགས་རྟོགས་མཛད་དེ་ཕྱིར་བྱོན་དུས་སུ། དྲི་བཟང་ཁྱད་འཕགས་དང་མར་མེ་ དཔག་མེད་བྱུང་ནས། ཆོས་རྗེས་ཁྱེད་རྣམ་པས་མཆོད་པ་དེ་དག་མཐོང་ངམ་གསུངས་ནས། མཐོང་ལགས་ཞུས་པས། ཆོས་རྗེས་སྐུ་འབུམ་ལ་ལྷ་རྣམས་ཀྱིས་ནུབ་རེ་བཞིན་དུ་མཆོད་པ་ འབུལ་བ་ཡིན་ནོ་གསུངས། དེ་ནས་བང་རིམ་ལ་གཟིགས་པར་བྱོན་ནས། མུན་པ་དང་ཆར་ དྲག་ཏུ་ཆེ་བས། བླ་མ་ཐང་པས། འོ་བརྒྱལ་ཏོག་ཡོད་ཞུས་པས། ཆོས་རྗེས་ཆོས་ཉིད་འོད་ གསལ་གྱི་སྣང་བ་ལ་མུན་པ་མེད། མཆོད་རྟེན་འདི་ཉིད་ཡོངས་སུ་མ་རྫོགས་པར། མགོ་བོ་ རྡོའི་བར་དུ་ཡང་ཡང་བརྡུངས་བྱས་ཀྱང༌། ཁོ་བོ་འཆི་བའི་འཇིགས་པ་འབྱུང་བར་འགྱུར་བ་ མེད། ཅེས་གསུངས་ནས། དེ་ནས་སང་གྷ་ཤྲཱི་ལ་སོགས་ལ་ཁྲིད་གནང་ཞིང་དབྱར་མཚམས་ དྲག་ཏུ་བསྡམས་སོ། །དེའི་རྒྱུ་མཚན་མྱང་འདས་ཆེན་པོའི་མདོར། དཔའ་བར་འགྲོ་བའི་ཏིང་ ངེ་འཛིན་གྱི་མཐུས། དེ་བཞིན་གཤེགས་པ་རྣམས། རྟག་པ་དང༌། བདེ་བ་དང༌། ཡོངས་སུ་ གཙང་བར་འགྱུར་རོ། །ཞེས་གསུངས། དེ་བཞིན་གཤེགས་པ་ནི། བདེ་གཤེགས་སྙིང་པོའམ། ཆོས་ཉིད་དམ། ཆོས་དབྱིངས་ཞེས་མིང་དུ་མ་ཡོད་དེ། རྒྱན་སྟུག་པོ་བཀོད་པའི་མདོར། ཆོས་ རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་ནི་དེ་བཞིན་གཤེགས་ པའོ། །ཞེས་སོ། །ཤེར་ཕྱིན་བདུན་བརྒྱ་པར། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་ནི། སངས་རྒྱས་ 1-1-233 བཅོམ་ལྡན་འདས་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཉིད་ཆོས་ཀྱི་དབྱིངས་སོ། །(ཀ་ཡ་གྷོ་རིའི་ མདོ་ལས། འཇམ་དཔལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་འཇུག་པ་ནི་བྱང་ཆུབ་ལ་འཇུག་པའོ། །འཇམ་དཔལ་ཐམས་ཅད་ མངོན་པར་ཞེན་པ་མེད་པ་ནི་བྱང་ཆུབ་ལ་འཇུག་པའོ། །འཇམ་དཔལ་ཡང་དག་པའི་མཐར་བྱར་མེད་པ་ལ་འཇུག་པ་ནི་བྱང་ཆུབ་ ལ་འཇུག་པའོ། །ཞེས་གསུངས། )ཞེས་གསུངས་པའི་ཆོས་ཉིད་རང་ལ་བཞུགས་པ་དེ་མངོན་དུ་གྱུར་ ནས། འབྲས་བུ་དེ་བཞིན་གཤེགས་པར་གྱུར་ནས། སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། ། དེ་ཡང་མངོན་བྱེད་ནི་ལམ་ཤེར་ཕྱིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ། མྱང་ འདས་ཆེན་པོར། རིགས་ཀྱི་བུ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ནི་མིང་ལྔ་ཡོད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། སེང་གེའི་སྒྲ་སྒྲོགས་པ་ཞེས་ཀྱང་བྱ། སངས་རྒྱས་ཀྱི་ རང་བཞིན་ཞེས་ཀྱང་བྱ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ་རང་བཞིན་མར་གྱི་ཉིང་ཁུ་ དང་འདྲ་བས་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །ཞེས་གསུངས་སོ། ། དེ་ནས་ཁྲིད་རྫོགས་ནས་སྐུ་མཚམས་བཀྲོལ་ནས། རྡོ་རྗེ་ཕྲེང་བ་དང༌། དུས་འཁོར་གྱི་ དབང་མཛད་དུས་སུ། མེ་ཏོག་གི་ཆར་བ་བབ་ནས། འཚོགས་པ་རྣམས་ཀྱིས་མེ་ཏོག་བཟུང་ ནས་འདབ་མ་བརྒྱད་པ། བཅུ་དྲུག་ལ་སོགས་པ་ཁ་དོག་སྣ་ཚོགས་པ་བྱུང་བས། ཐམས་ཅད་ དད་མོས་ཆེན་པོ་སྐྱེས་སོ། །སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་བོ། །དེ་ནས་སྐུ་འབུམ་གྱི་ ལས་འཕྲོ་བཙུགས་ཞོར་ལ། རྒྱུད་འགྲེལ་ཆེན་པོ་གསུངས་སོ། ། དེའི་དུས་སུ་ངམ་རིངས་དཔོན་པོའི་ལྕགས་ཟམ་གྱི་ཁྱུད་མོ་རེ་གསེར་ཞོ་ཕྱེད་རེ་རི་བ། བཞི་བརྒྱ་ལྔ་བཅུ་ཡོད་པ་ཞིག་ལྷ་འདྲེ་གཉན་པོས་བཟུང་ནས་སུས་ཀྱང་རེག་མི་ནུས་པར་དོན་ མེད་དུ་བཞག་ནས། ཆོས་རྗེ་ལ་ཕུལ་ནས་སྨྲས་པ། བདག་གི་ལྕགས་ཟམ་ཐག་བཞི་རབ་ལྡན་ པས། །ལྷ་འདྲེ་སྟོབས་ལྡན་དག་གིས་བདག་ཏུ་བཟུང༌། །བླ་མ་སུ་ལ་གཏད་ཀྱང་འདུལ་བ་ 1-1-234 མེད། །དོན་མེད་འཇོག་པ་ཁྱེད་ལ་འབུལ་ལགས་སོ། །ཞེས་དང༌། ཆོས་རྗེ་མཉེས་ཏེ། དངུལ་ བྲེ་གཅིག་དང་དངུལ་གཟན་གཅིག་གཏང་རག་ལ་གནང་ནས། ལྕགས་ཟམ་འདྲེན་པ་ལ་ སློབ་དཔོན་ཟླ་བས་དབུ་མཛད་དགེ་བཤེས་ཉི་ཤུ་ཙམ་རྟ་དྲིལ་བཟུང་ནས་ཕྱིན་ཏེ། ཆོས་རྗེའི་ བཀའ་ཤོག་བཀླག་ཡིག་རྟེན་དར་སྣ་ལྔ་དང་གསེར་ཞོ་རྣམས་བྲག་ལ་བཙུགས་ནས། དེ་ནུབ་ དེ་ཉིད་དུ་ཉལ་བས། མི་ཀུན་གྱི་རྨི་ལམ་དུ་མི་ནག་སྐྲ་སེར་ཞིག་གིས། ལྕགས་ཀྱི་ཁྱུད་མོ་བཞི་ བརྒྱ་ལྔ་བཅུ་འདི། །སྐུ་འབུམ་ཆེན་པོའི་ཆ་རྐྱེན་རྣམ་དག་ལ། །ཕུལ་བས་ཅི་དགའ་ཁྱེར་ཅིག་ བཤེས་གཉེན་ཀུན། །མ་འཕྱིས་མ་བཤོལ་མྱུར་དུ་ལོངས་སྤྱོད་ཀྱིས། །ཞེས་ཟེར་བ་རྨིས་ནས། སང་ནངས་པར་ལྕགས་ཐག་ཐབས་ཀྱིས་ཕབ་ནས། ཡོན་བདག་སྡེ་པ་མང་པོས་ཤ་ཆང་ཁྱེར་ ནས་བསྙེན་བཀུར་བྱས་པས། ཁྱེད་ཀྱི་བླ་མ་དེ་སངས་རྒྱས་དངོས་ཡིན་པར་འདུག་གོ །དེ་ མིན་ལྕགས་ཟམ་འདི་ལ་རེག་ཙམ་མི་ནུས་ཟེར་ནས་ངོ་མཚར་བྱས་ཏེ། ཤིན་ཏུ་མོས་པར་གྱུར་ ཏོ། །དེ་རྣམས་ཀྱིས་དྲེལ་རྟ་ལ་བཀལ་ནས། ཇོ་ནང་དུ་དྲངས་ཏེ་སྐུ་འབུམ་གྱི་སྒོ་ལྕགས་དང༌། ཆོས་འཁོར་གྱི་ལྕགས་འཛེར་ལ་སོགས་ཉེ་བར་མཁོ་བར་བགྱིས་སོ། །ཆོས་འཁོར་གྱི་སུམ་ཆ་ མན་ཆད་ཟིན་ནས་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་ཡང་བཞེངས་སོ། །དེའི་བཟོ་མཁན་ ནི། བལ་པོ་གྷ་ཚན་ཨ་ཙ་ར། བཟོ་ཆུར་མ་ལ་སོགས་མང་པོ་དང༌། གཞན་ཡང༌། རྐོས་མཁན། ལྡེ་གུ་མཁན། བླུག་མཁན། རྫ་སྐུ་མཁན། བལ་པོ་མཉྫུ་ཤྲཱི་ལ་སོགས་རྒྱ་ཡིག་མཁན་མང་པོ་ དང༌། མཁས་པ་ལེགས་པ་ལ་སོགས་བཟོ་རིགས་མི་འདྲ་བ་མང་པོ་སྤྱན་དྲངས་ནས། བྱ་ལོ་ ཟླ་བ་དགུ་པའི་བར་དུ་བསྒྲུབ་བོ། །དེ་ནས་ཚེས་བཅུའི་ཉིན་པར་གདུགས་ཆེན་པོ་འགེལ་བའི་ ཚེ་ན་ཡང༌། ནག་པོའི་ཕྱོགས་ཀྱི་མི་མ་ཡིན་རྣམས་མ་བཟོད་པར། (པ་ཏ་ས་ཧ་རའི་)རླུང་ཆེན་པོ་ གློ་བུར་དུ་གཡོས་ནས། ཆོས་རྗེ་པ་རྡོ་རྗེ་ཤུགས་ཀྱི་ཏིང་ངེ་འཛིན་ལ་བཞུགས་པས། སྐད་ཅིག་ དེ་ཉིད་དུ་ཞི་ནས་མྱུར་དུ་ཁེལ་ལོ། ། 1-1-235 དེ་ནས་རབ་གནས་མཛད་པའི་ཚེ་ན་སྐུ་འབུམ་གྱི་མདུན་དུ། ཆོས་རྗེ་དཔོན་སློབ་ཐམས་ ཅད་འདུས་ནས་ཆོ་གའི་གྲྭ་མང་པོ་བཙུགས་ནས་སྟ་གོན་མཛད་པའི་ནུབ་མོར། སྒྲ་ཆེན་པོ་ དང༌། ས་ཆེན་པོ་གཡོས་སོ། །མེ་ཏོག་གི་ཆར་བབ་བོ། །ནམ་ལངས་ནས་བལྟས་པས། མེ་ ཏོག་སྐྱེ་བོའི་ལག་མཐིལ་ཙམ། འདབ་མ་ཡུ་བ་དང་བཅས་པ་ལག་ཏུ་བླང་ཙམ་ན་ཡལ་ཏེ། འོད་ལྷག་པར་ཆེ་བ། བར་སྣང་གང་བར་འདུག་གོ །ཉི་མ་ཤར་མ་ཁད་མེ་ཏོག་ཆད་དེ་ནམ་ མཁའ་ཡོངས་སུ་དྭངས་པའི་དཀྱིལ་དུ་འཇའ་འོད་སྣ་ཚོགས་པས་ཁེངས་སོ། །སྤོས་དྲི་བཟང་ པོས་ས་གཞི་ཐམས་ཅད་དུ་ཁྱབ་བོ། །ཡུལ་ཤིན་ཏུ་འཇམ་ནས་ས་གཡོས་སོ། །དེའི་དུས་སུ་ བསྒྲུབ་པ་མོ་འགའ་ཞིག་གི་མཐོང་སྣང་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བྱོན་ནས། བསྐོར་བ་ལམ་གསུམ་གསུམ་དུ་མཛད་ནས་མཆོད་རྟེན་ལ་ཐིམ་པར་མཐོང་ངོ༌། །ལ་ལས་ཁྲོ་ བོ་མང་པོ་འདུས་ནས་བགེགས་བསྐྲད་པའི་ལས་མཛད་དེ། མཆོད་རྟེན་ལ་ཐིམ་པར་གཟིགས་ སོ། །ལ་ལས་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་མཆོད་རྟེན་ལ་ཐིམ་པར་མཐོང་ངོ༌། ། ལ་ལས་མཆོད་རྟེན་རིན་པོ་ཆེའི་འོད་འབར་བར་གྱུར་ནས་འོད་ཟེར་སྣ་ཚོགས་འཕྲོས་པས་ འཛམ་གླིང་ཁྱབ་པར་མཐོང་ངོ༌། །ལ་ལས་རྨི་ལམ་དུ་རྒྱ་གར་གྱི་གྲུབ་ཐོབ་མང་པོས་བོད་དུ་ཀླུ་ སྒྲུབ་ཀྱིས་མཆོད་རྟེན་ཆེན་པོའི་རབ་གནས་མཛད་གསུངས་ནས། སྐུ་འབུམ་གྱི་སྟེང་གི་ནམ་ མཁའ་ལ་བཞུགས་ནས་རབ་གནས་མཛད་པར་རྨིས་སོ། །ནམ་ལངས་ནས་མཚམས་བུག་ ནས་བལྟས་ཏེ། ཆོས་རྗེའི་གདན་སར་ཨོ་རྒྱན་པད་མ་ཨ་ཙ་རའི་ཆ་བྱད་ཅན་ཞིག་གིས་རབ་ གནས་ཀྱི་དཔོན་པོ་མཛད་པར་མཐོང་ངོ༌། །ཁ་ཅིག་གིས་ཅུང་ཟད་སོང་ནས་ཆོས་རྗེ་ཉིད་དུ་ མཐོང་ངོ༌། །ཁ་ཅིག་གིས་དགའ་ལྡན་ནས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་བྱུང་ནས་མཆོད་ རྟེན་ལ་ཐིམ་པར་མཐོང་ངོ༌། །ཤར་ཕྱོགས་སུ་དེ་བཞིན་གཤེགས་པ་བརྒྱད་འཁོར་དང་བཅས་ པ་དང༌། གཙུག་ཏོར་དྲི་མེད་དང༌། ཆོས་ཀྱི་རྔ་བོ་ཆེ། མི་འཁྲུགས་པ་འཁོར་བཅས་བྱོན་ནས་ 1-1-236 མཆོད་རྟེན་ལ་ཐིམ་པར་མཐོང་ངོ༌། །ལྷོ་ཕྱོགས་སུ་གསེར་གྱི་སངས་རྒྱས་དྲུག་སྟོང་དང༌། གསེར་གྱི་མཆོད་རྟེན་དྲུག་སྟོང༌། སངས་རྒྱས་ཀྱི་རིང་བསྲེལ་མང་པོ། གསེར་གྱི་ཟ་མ་ཏོག ། དངུལ་གྱི་གའུ། ཆོས་ཀྱི་དུང་ལ་སོགས་ངོ་མཚར་མང་པོ་བྱོན་ནས་ཐིམ་པར་གཟིགས་སོ། ། ནུབ་ཕྱོགས་སུ་བྱང་ཆུབ་ཀྱི་ལྗོན་ཤིང༌། དེ་བཞིན་གཤེགས་པའི་རིང་བསྲེལ། ཀུན་སྤངས་ ཆེན་པོ། གྲུབ་ཐོབ་རྨོག་ཅོག་པ། སྤྲུལ་སྐུ་དམར་པོ་ལ་སོགས་ཡ་མཚན་མང་པོ་བྱོན་ནས་ཐིམ་ མོ། །བྱང་ཕྱོགས་སུ་རང་བྱུང་ཤེལ་གྱི་མཆོད་རྟེན། རང་བྱུང་རྡོའི་སྙིང་པོ། རང་བྱུང་དགའ་བ་ འཁྱིལ་བ། བྱང་ཆུབ་སེམས་ཀྱི་སྐུད་པ། ཁ་ཆེ་ཟླ་མགོན་གྱི་རྒྱུད་འགྲེལ། ཕ་རོལ་ཏུ་ཕྱིན་པའི་ གླེགས་བམ། གསེར་གྱི་མཆོད་རྫས་ལ་སོགས་པ་མཐའ་ཡས་པ་བྱོན་ནས་ཐིམ་མོ། ། དེ་ནས་ཀླུ་ཁང་བཞེངས་ནས་དེའི་ནང་དུ་ཡིག་དྲུག་ཡིག་བརྒྱ་མཚན་བརྗོད་སྒྲོལ་མ་ཚེ་ དཔག་མེད་ཀྱི་གཟུངས་ལ་སོགས་པ་བྲིས་སོ། ། དེ་ནས་ཁྱི་ལོར་བདེ་བ་ཅན་དུ་བཞུགས་ནས། ལོ་ཙཱ་བ་བློ་གྲོས་རྣམ་གཉིས་ལ་དུས་ཀྱི་ འཁོར་ལོའི་འགྱུར་གྱི་དག་པའི་གཞི་གྱིས་གསུངས་ནས། ཆོས་རྗེ་(དེ་ཉིད་)དང་ཁོ་བོ་(ཆོས་ གྲགས་དཔལ་)གཉིས་དཔང་པོར་བཞག་ནས། སླར་ལེགས་པའི་ནང་ནས་ལེགས་པ་ཡང་དག་ པར་མཛད་དོ། །དེ་ནས་(ཆོས་གྲགས་དཔལ་)བདག་གིས་བསྐུལ་ནས་ས་བཅད་དང་མཆན་བུ་ མཛད་དོ། ། དེ་ནས་ཡུལ་དུ་སྲིང་མོ་གཉིས་དང་གཅུང་པོ་གསུམ་ག་འགྲོགས་ལ་འོང༌། སྲིང་མོ་གཉིས་ ནི་སྔར་སྲོང་བཙན་སྒམ་པོར་འཁྲུངས་པའི་དུས་སུ་བལ་ཟ་དང་རྒྱ་ཟ་གཉིས་ཀྱི་སྤྲུལ་པར་ བཤད་དོ། །རྒྱལ་པོ་ཡབ་ཡུམ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ་པའི་དུས་སུ་སྣ་ཆེན་ པོས་གཟོད་བོད་ཡུལ་དུ་སྐྱེ་བ་འཁྲུངས་སམ། འཁྲུངས་ན་ཅིའི་མིང་ཅན་དུ་འཁྲུངས། དེའི་ ཚེ་ཅིའི་ཆོས་དར་ཞེས་སོགས་ཞིབ་ཏུ་ཞུས་ནས། འཕགས་པའི་སྐུ་སྟོད་དུ་གསུང་བྱོན་ནས་ 1-1-237 འདི་སྐད་དུ། (དར་དཀར་གསལ་བ་ལས་)ང་ནི་མ་འོངས་དུས་ཀྱི་ཐ་མ་ལ། །ཀ་ཡོ་རི་ལ་གདུང་རྒྱུད་ བརྟེན་ནས་ཀྱང༌། །དགེ་སློང་ཀུན་མཁྱེན་ཞེས་པའི་མཚན་གྲགས་འབྱུང༌། །ད་ལྟ་ཁྲི་བཙུན་ཨོ་ ཅུང་བསོད་ནམས་ལྕམ། །རིན་ཆེན་དབྱངས་ཞེས་དེ་ཚེ་སྲིང་མོར་འགྱུར། །སྨོན་ལས་དབང་ གིས་བྱང་ཆུབ་སེམས་དཔའ་དེས། །སྒྱུ་རྩལ་རོལ་པས་ལྟ་ངན་མཐར་རྒུད་དེ། །ངོ་མཚར་ཁྱད་ འཕགས་བཀྲ་ཤིས་སྒོ་མང་དང༌། །གསུང་རབ་སྐུ་གཟུགས་ཀུན་དགའ་ར་བ་སོགས། །བཀྲ་ ཤིས་གནས་མཆོག་གཙང་ནག་ཕུག་ཏུ་བཞེངས། །དུས་ཅིག་མཉམ་པར་ལྷ་ཀླུ་མི་གསུམ་ལ། ། རྫོགས་ལྡན་ཆོས་ཀྱི་དུང་འབུད་དར་འཕྱར་ནས། །གསང་སྔགས་བླ་མེད་ཐེག་པ་གཙོ་བོར་ སྟོན། །དེ་ཡི་བསྟན་པ་ཕྱོགས་གཞན་དག་ནས་དར། །བསྟན་པ་རིན་ཆེན་གང་གཱའི་ཆུ་བས་ རིང༌། །དེ་དག་ཅི་ཕྱིར་འཕགས་པ་ཡིན་ཞེ་ན། །སངས་རྒྱས་རྣམས་ལ་མཛད་པ་ཆེན་པོ་བྱས། ། དེ་ཕྱིར་དེ་ཡང་འཕགས་པའི་གང་ཟག་གོ །དེ་ཡི་འཁོར་ནི་འཕགས་པའི་གང་ཟག་འབྱུང༌། ཞེས་གསུངས་ནས། དེ་ནས་ཞིང་ཁམས་ཤམ་བྷ་ལ་ཉེ་བར་གཟིགས་ནས་བསྟོད་པ་ནི། ན་མཿ(ཕྱག་འཚལ་) ཤྲཱི་(དཔལ་)ཀཱ་ལ་ཙཀྲ་(དུས་ཀྱི་འཁོར་ལོ་ལ་)ཡཿ (རྩ་རྒྱུད་ཀྱི་བཅོམ་ལྡན་འདས་ཉིད་ཀྱིས་ལུང་བསྟན་པའི་)ཞིང་ མཆོག་དཔལ་ལྡན་ཤམ་བྷ་ལ་ནི། །སྨོན་ལམ་རྒྱ་མཚོའི་(བཏབ་པ་)དཔལ་ལས་སྤྲུལ་པ། །(ས་ གཞི་དེ་ཡང་)རྣམ་དག་ཡེ་ཤེས་དབྱིངས་(ཀྱི་རང་བཞིན་)ལས་གྲུབ་སླད། །(ཉོན་མོངས་པ་ལ་སོགས་)དྲི་ མེད་དག་པའི་ཞིང་ལ་ཕྱག་འཚལ། །ལས་ཀྱི་ས་འདིར་འཛམ་གླིང་ཆུང་ངུའི། །ཕྱེད་བཅས་ དཔག་ཚད་བྱེ་བ་བཅུ་གཉིས། །བྱང་གི་ཆ་ལ་ལྷ་ཡི་ལེགས་བཀོད། །རབ་གསལ་གངས་རིས་ བསྐོར་ལ་ཕྱག་འཚལ། །དེ་ནང་ཆུ་སྐྱེས་འདབ་བརྒྱད་རབ་མཛེས། །དབུས་སུ་སུམ་ཆ་གེ་ སར་སྙིང་པོ། །ཀེ་ལ་ཤ་ཡི་རི་བོ་ཆེན་པོ། །དྲི་ཞིམ་མེ་ཏོག་ལྡན་ལ་ཕྱག་འཚལ། །རྣམ་མང་ ལྗོན་ཤིང་སྣ་ཚོགས་ཁེབས་ཞིང༌། །རིན་ཆེན་སྨན་མཆོག་གྲུབ་པའི་གཞི་ལ། །མཚོ་རྫིང་ཡན་ 1-1-238 ལག་བརྒྱད་ལྡན་རབ་གཡོས། །རྨད་བྱུང་ངོ་མཚར་ཞིང་ལ་ཕྱག་འཚལ། །རབ་དཀར་ཟླུམ་ ཞིང་མཐོ་བའི་སྟེང་ན། །ཐར་པའི་ཁང་བཟང་ཀ་ལ་པ་སྟེ། །ཆུ་ཞེང་ཐ་གྲུར་དཔག་ཚད་བཅུ་ དྲུག །འཕགས་པའི་ཕོ་བྲང་མཆོག་ལ་ཕྱག་འཚལ། །ལྷོ་ཕྱོགས་མ་ལཱ་ཡ་ཡི་དབུས་སུ། །རྒྱལ་ བ་བསྐྱེད་མཛད་དུས་ཀྱི་འཁོར་ལོ། །དཀྱིལ་འཁོར་རིན་ཆེན་སྣ་ལྔས་ཡོངས་རྫོགས། །ཁྲུ་ ནི་བརྒྱ་ཕྲག་བཞི་ལ་ཕྱག་འཚལ། །ཕྱི་རོལ་རྡོ་རྗེ་ཕྲེང་བའི་རྒྱར་ཡང༌། ཁྲུ་ཏོ་བརྒྱ་ཕྲག་བཅུ་ གཉིས་དང་ལྡན། །ཆོས་དབྱིངས་ཡེ་ཤེས་རོལ་པའི་ཁང་བཟང༌། །དྲི་མེད་འོད་འཕྲོ་དེ་ལ་ ཕྱག་འཚལ། །དེ་ཡི་ཤར་དུ་ཉེ་བའི་ཡིད་དང༌། །ནུབ་ཏུ་པད་མ་དཀར་པོའི་མཚོ་ཆེན། །དྲི་ ཞིམ་བསིལ་ཆུས་རབ་ཏུ་གང་བ། ཁ་ཚོན་འཇའ་འོད་འཁྱིལ་ལ་ཕྱག་འཚལ། །མཚོ་འགྲམ་ གཉིས་སུ་མེ་ཏོག་སྣ་ཚོགས། །ཨ་ཀར་ཙན་དན་སྤོས་ཤིང་རབ་མཛེས། །སྨན་ཤིང་ལྗོན་ཤིང་ སྣ་ཚོགས་དཔག་མེད། །སྤོས་སྨན་མེ་ཏོག་ལྡན་ལ་ཕྱག་འཚལ། །ཁལ་ཁོལ་དག་ན་རྨ་བྱ་ངང་ པ། །ངུར་བ་བྱ་རྒོད་ཤང་ཤང་ལ་སོགས། །མཛེས་ལྡན་བྱ་ཚོགས་སྙན་པའི་སྒྲ་སྒྲོགས། །བཀྲ་ ཤིས་ཉམས་དགའི་ཞིང་ལ་ཕྱག་འཚལ། །ཕྱི་རོལ་པད་འདབ་བརྒྱད་ལ་མཚུངས་པར། །ཕལ་ བའི་རྣམ་པ་ཅན་གྱི་གྲོང་ཁྱེར། །བྱེ་བ་བཅུ་གཉིས་མཉམ་པར་ལེགས་བཀོད། །བྱེ་བ་དགུ་ བཅུ་དྲུག་ལ་ཕྱག་འཚལ། །ཀུན་གྱི་གཙུག་རྒྱན་མི་བདག་ཆེན་པོ། །ཤཱཀྱའི་རིགས་འཁྲུངས་ འདས་པའི་ཆོས་རྒྱལ། །བགེགས་ཀུན་མཐར་བྱེད་ཆེན་པོའི་སྤྲུལ་པ། །ཉི་མའི་འོད་ཟེར་དེ་ ལ་ཕྱག་འཚལ། །དེ་སྲས་རྒྱལ་བའི་སྙན་མཆོག་གསང་བདག །རྩ་རྒྱུད་གསོལ་བ་འདེབས་ མཛད་ཆོས་རྒྱལ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ཆེན་པོ། །དཔལ་ལྡན་ཟླ་བཟང་དེ་ལ་ཕྱག་འཚལ། ། ས་ཡི་སྙིང་པོ་ཆོས་རྒྱལ་ལྷ་དབང༌། །གཤིན་རྗེ་མཐར་བྱེད་གཟི་བརྗིད་ཅན་དང༌། །སྒྲིབ་པ་ རྣམ་སེལ་མི་དབང་ཟླས་བྱིན། །ཆོས་རྒྱལ་ཆེན་པོ་གསུམ་ལ་ཕྱག་འཚལ། །ཤེས་རབ་མཐར་ བྱེད་ལྷ་ཡི་དབང་ཕྱུག །པད་མ་མཐར་བྱེད་སྣ་ཚོགས་གཟུགས་དང༌། །ནམ་མཁའི་སྙིང་པོ་ལྷ་ 1-1-239 ཡི་དབང་ལྡན། །མི་བདག་ཆེན་པོ་གསུམ་ལ་ཕྱག་འཚལ། །ཐམས་ཅད་མཚུངས་པར་ལོ་བརྒྱ་ ཀུན་ཏུ། །ནོར་བུ་རིན་ཆེན་སེང་གེའི་ཁྲི་ལ། །རྩ་རྒྱུད་སྟོན་མཛད་ཡོན་ཏན་གཏེར་མངའ། །ས་ བཅུའི་དབང་ཕྱུག་རྣམས་ལ་ཕྱག་འཚལ། །རིགས་ཀུན་ཅིག་མཛད་ཀླ་ཀློ་མཐར་བྱེད། །རྩ་ རྒྱུད་བསྡུས་མཛད་རིགས་ལྡན་ཆེན་པོ། །དཔལ་ལྡན་འཇམ་པའི་རྡོ་རྗེའི་སྤྲུལ་པ། །མི་བདག་ གྲགས་པའི་ཞབས་ལ་ཕྱག་འཚལ། །དེ་སྲས་རྒྱལ་བ་ཀུན་གྱི་ཐུགས་རྗེ། །འཇིག་རྟེན་དབང་ ཕྱུག་སྤྲུལ་པའི་རིགས་ལྡན། །རྒྱས་འགྲེལ་མཛད་པ་ལྷ་མིའི་སྐྱབས་མཆོག །དཔལ་ལྡན་པད་ མ་དཀར་ལ་ཕྱག་འཚལ། །གཤིན་རྗེ་གཤེད་པོ་རིགས་ལྡན་བཟང་པོ། །ས་སྙིང་སྤྲུལ་པ་རྣམ་ རྒྱལ་ཆེན་པོ། །བགེགས་དགྲའི་ངོ་བོ་བཤེས་གཉེན་བཟང་པོ། །ཕྱག་རྡོར་རིན་ཆེན་ཕྱག་ལ་ ཕྱག་འཚལ། །ས་སྙིང་སྤྲུལ་པ་ཁྱབ་འཇུག་སྦས་པ། །གཤིན་རྗེ་མཐར་བྱེད་ཉི་མ་གྲགས་པ། ། སྒྲིབ་པ་རྣམ་སེལ་ཤིན་ཏུ་བཟང་པོ། །རྒྱལ་བའི་རིགས་ལྡན་གསུམ་ལ་ཕྱག་འཚལ། །རྨུགས་ བྱེད་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ། །ཁེངས་བྱེད་སྤྲུལ་པ་རྒྱལ་དཀའ་ཆེན་པོ། །འཇམ་དཔལ་ སྤྲུལ་པ་སྣ་ཚོགས་གཟུགས་ཅན། །འཇིག་རྟེན་མགོན་པོ་ཟླ་འོད་ཕྱག་འཚལ། །གཤིན་རྗེ་ མཐར་བྱེད་མཐའ་ཡས་ཆེན་པོ། །ས་སྙིང་ས་སྐྱོང་བགེགས་དགྲ་དཔལ་སྐྱོང༌། །ཕྱག་རྡོར་སྤྲུལ་ པ་སེང་གེ་ཆེན་པོ། །ས་སྙིང་རྣམ་གནོན་དེ་ལ་ཕྱག་འཚལ། །གཤིན་རྗེ་མཐར་བྱེད་སྟོབས་པོ་ ཆེན་པོ། །སྒྲིབ་པ་རྣམ་སེལ་མ་འགགས་པ་དང༌། །རྨུགས་བྱེད་སྤྲུལ་པ་མི་ཡི་སེང་གེ ། ས་བཅུ་ དབང་ཕྱུག་རྣམས་ལ་ཕྱག་འཚལ། །ཁེངས་བྱེད་སྤྲུལ་པ་དབང་ཕྱུག་ཆེན་པོ། །ནམ་མཁའི་ སྙིང་པོ་མཐའ་ཡས་རྣམ་རྒྱལ། །འཇམ་དབྱངས་སྤྲུལ་པ་རིགས་ལྡན་དྲག་པོ། །ཀླ་ཀློའི་ཚོགས་ འཇོམས་དེ་ལ་ཕྱག་འཚལ། །དེ་སྲས་ཚངས་པ་དང་ནི་ལྷ་དབང༌། །མདུན་རྒྱབ་དང་པོར་ཆོས་ མཆོག་སྟོན་མཛད། །དེ་གཉིས་འཇམ་དབྱངས་འཇིག་རྟེན་མགོན་པོའི། །རྣམ་འཕྲུལ་བསམ་ མི་ཁྱབ་ལ་ཕྱག་འཚལ། །དེ་སྲས་འོད་སྲུང་སོགས་བརྒྱད་མི་དབང༌། །འཁོར་ལོ་ཅན་དང་ཕྱེད་ 1-1-240 ཅན་དུམ་བུ། །མི་བདག་འཕགས་པའི་རྒྱལ་པོ་རྣམ་ལྔ། །སྐྱབས་གནས་ཀུན་ལ་རྟག་པར་ཕྱག་ འཚལ། །བདག་ཅག་མི་ཤེས་མུན་ཞུགས་འགྲོ་ཀུན། །ལས་ཀྱི་ཞགས་པས་བཅིངས་པས་རབ་ བསྲེགས། །ཀུན་ནས་ཉོན་མོངས་བདུད་ཀྱི་དབང་སོང༌། །འཇིགས་རུང་འཁོར་བ་འདི་ལས་ སྐྱོབས་ཤིག །ནམ་ཞིག་ལུས་སེམས་འབྲལ་བའི་ཚེ་ན། །སྐྱེ་ངན་གཞན་གྱིས་བར་ཆད་མེད་ པར། །དཔལ་ལྡན་ཀ་ལ་པ་རུ་སྐྱེས་ནས། །རིགས་ལྡན་རྗེས་བཟུང་བྱིན་གྱིས་རློབས་ཤིག ། དེ་ནས་གསང་ཕུར་གདན་དྲངས་ནས། སེར་ཕྲེང་སྟོང་ཕྲག་གཉིས་ཙམ་གྱིས་རོལ་ཆ་དུ་ མ་དང༌། (རྨ་བྱའི་)གདུགས་(ཉི་ཤུ་དང་)རྒྱལ་མཚན་བ་དན་སྣ་ཚོགས་པས་བསུས་ནས་རྔོག་ལོ་ ཙཱ་བའི་གཟིམས་ཁང་དུ་བཞུགས་ནས། ཡུམ་ཉི་ཁྲི་པ་ཤེས་རབ་ཁྲི་བ་དང༌། མདོ་ཕལ་པོ་ཆེའི་ བཤད་སྟོན་མཛད་དོ། ། དེའི་ཚེ་ས་གའི་ཚེས་བཅོ་ལྔའི་སྔ་དྲོ་ལ་ཞིང་ཁམས་བདེ་བ་ཅན་ཉེ་བར་གཟིགས་ནས་ ཚུལ་ཇི་ལྟ་བ་བཞིན་དུ་བསྟོད་པ་མཛད་པ་ནི། ན་མོ་གུ་རུ་བྷྱཿ སྟོང་གསུམ་མི་མཇེད་འདི་ཡི་ ནུབ་ཏུ། །སངས་རྒྱས་ཞིང་ཁམས་བདེ་བ་ཅན་ཞེས། །གསེར་གྱི་ས་གཞི་ལག་མཐིལ་ལྟར་ མཉམ། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཡན་ལག་བརྒྱད་ལྡན་མཚོ་རྫིང་དུ་མ། །ཁ་ ཁྱེར་དཔག་ཚད་བཅུ་དང་ཉི་ཤུ། །སུམ་ཅུ་དང་ནི་བཞི་བཅུ་ལྔ་བཅུ། །བསིལ་ཆུས་ཁྱབ་པའི་ ཞིང་ལ་ཕྱག་འཚལ། །ཁ་ཅིག་དཔག་ཚད་བརྒྱ་སྟོང་ཚད་ཙམ། །ཟབས་སུ་དཔག་ཚད་བཅུ་ གཉིས་ལ་སོགས། །ཆུ་ཀླུང་དག་ལ་ལྷ་ཡི་སྒྲ་དབྱངས། །སྣ་ཚོགས་སྒྲ་དབྱངས་འབྱུང་ལ་ཕྱག་ འཚལ། །ཆུ་འགྲམ་གནས་པའི་ལྷ་བྲན་དུ་མ། །ལོང་བུ་པུས་མོ་རྐེད་པ་ཙམ་དང༌། །དེ་བཞིན་ མཆན་ཁུང་ཙམ་ཡང་ནུབ་སྟེ། །ཇི་ལྟར་འདོད་བཞིན་འགྱུར་ལ་ཕྱག་འཚལ། །གྲང་དྲོ་ལ་ སོགས་ཇི་ལྟར་བསམ་བཞིན། །རྒྱ་སྤོས་ཙན་དན་སྦྲུལ་སྙིང་ལ་སོགས། །དྲི་ཞིམ་སྤོས་ཆུས་ ཁྱབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཕྱོགས་རྣམས་ཀུན་ཏུ་ལྷ་ཡི་ 1-1-241 མེ་ཏོག །ཨུཏྤ་ལ་དང་པད་མ་དཀར་པོ། །མན་དྷ་ར་བས་ཁྱབ་པའི་ཞིང་ཁམས། །བདེ་བ་ཅན་ ལ་གུས་པར་ཕྱག་འཚལ། །པད་མོ་དག་གིས་དཔག་ཚད་གཅིག་དང༌། །གཉིས་གསུམ་བཞི་ ལྔའི་ཚད་ཙམ་ཡོད་ཅིང༌། །མེ་ཏོག་སྣ་ཚོགས་གང་བའི་ཞིང་ཁམས། །བདེ་བ་ཅན་ལ་གུས་ པར་ཕྱག་འཚལ། །མཛེས་ལྡན་པད་མོ་རེ་རེ་དག་ལས། །འོད་ཟེར་སྟོང་ཕྲག་སོ་དྲུག་འབྱུང་ བས། །ཉི་ཟླའི་འོད་ལས་ལྷག་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། ། འོད་ཟེར་རེ་རེའི་རྩེ་མོ་དག་ལས། །སངས་རྒྱས་སྐུ་ནི་གསེར་གྱི་མདོག་ཅན། །མཚན་དཔེས་ རབ་ཏུ་བརྒྱན་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །མཐའ་སྐོར་དག་ ལ་ལྗོན་ཤིང་སྣ་ཚོགས། །མ་ར་ཀ་ཏ་བྱུ་རུ་ལ་སོགས། །རིན་ཆེན་དག་ལས་གྲུབ་པའི་ཞིང་ ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། ཁ་ཅིག་རྩ་བ་གསེར་གྱི་རང་བཞིན། །སྡོང་ བུ་རྣམས་ཀྱང་དངུལ་ལས་གྲུབ་པའི། །ཡལ་ག་རྣམས་ནི་བཻ་ཌཱུར་ཞིང་ཁམས། །བདེ་བ་ཅན་ ལ་གུས་པར་ཕྱག་འཚལ། །ལོ་མ་རྣམས་ནི་ཤེལ་ལས་གྲུབ་པ། །འདབ་མ་རྣམས་ཀྱང་མུ་ ཏིག་རང་བཞིན། །མེ་ཏོག་མུ་ཏིག་དམར་པོའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་ འཚལ། །ཏ་ལའི་ཕྲེང་བས་བསྐོར་བའི་ཞིང་མཆོག །ཐམས་ཅད་དྲིལ་བུ་གཡེར་ཁས་མཛེས་ པ། །དྲ་བ་དྲ་ཕྱེད་ཁྱབ་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ལྗོན་ཤིང་ དག་ལ་སྤྲུལ་པའི་བྱ་ཚོགས། །ཁྱུང་དང་རྨ་བྱ་ཤང་ཤང་ངང་པ། །ཀ་རན་ཏ་ཀ་འཕུར་བའི་ཞིང་ ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ནེ་ཙོ་རི་སྐེགས་དང་ནི་ཁུ་བྱུག །ཀུ་ན་ལ་ དང་ཀ་ལ་པིང་ག །འདབ་སྟེགས་སྒྲ་སྙན་སྒྲོགས་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ ཕྱག་འཚལ། །འདམ་རྫབ་མེད་པའི་གསེར་དངུལ་མུ་ཏིག །བྱུ་རུ་མུ་མིན་བཻ་ཌཱུརྱ་དང༌། །པད་ མ་རཱ་གའི་བྱེ་མ་ལ་སོགས། །གྲམ་བུར་བདལ་བའི་ཞིང་ལ་ཕྱག་འཚལ། །སྤོས་དང་ཕྲེང་བ་ བྱུག་པ་ཕྱེ་མ། །གདུགས་དང་རྒྱལ་མཚན་བ་དན་བླ་རེ། །སིལ་སྙན་སྣ་ཚོགས་རྔ་དང་འཁར་ 1-1-242 རྔ། །མཆོད་སྤྲིན་ཁྱབ་པའི་ཞིང་ལ་ཕྱག་འཚལ། །དབུ་རྒྱན་རྣ་ཆ་མགུལ་རྒྱན་མཛེས་པ། །ལག་ སོར་རྐང་གདུབ་ཅོད་པན་གདུ་བུ། །དཔུང་རྒྱན་དོ་ཤལ་སེ་མོ་དོ་སོགས། །རྒྱན་ཕྲེང་ཁེབས་ པའི་ཞིང་ལ་ཕྱག་འཚལ། །གསེར་གྱི་ཙོང་ཙོང་མུ་ཏིག་དྲ་བ། །རྔ་ཡབ་ནོར་བུ་དངུལ་གྱི་ཕྲེང་ བ། །རྒྱན་ཕྲེང་དཔག་མེད་ལྡན་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། ། རིན་ཆེན་གསེར་གྱི་ས་གཞིའི་སྟེང་དུ། །རྐང་པ་འཇོག་ན་སོར་བཞི་དམའ་ཞིང༌། །བཏེགས་ ན་སོར་བཞི་ཙམ་ལ་མཐོ་སྟེ། །ཆོས་དབྱིངས་ཉམས་དགའི་ཞིང་ལ་ཕྱག་འཚལ། །སྔ་དྲོའི་དུས་ སུ་རླུང་གིས་ལྗོན་ཤིང༌། །དེ་དག་བསྒུལ་ནས་སྒྲ་སྙན་སྣ་ཚོགས། །རྒྱུན་འཆད་མེད་པར་འབྱུང་ བའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ཕྱག་འཚལ། །ཡིད་འོང་མེ་ཏོག་སྣ་ཚོགས་སིལ་ མ། །མི་འགྲེང་བདུན་སྲིད་ཙམ་དུ་འབབ་ཅིང༌། །སངས་རྒྱས་ཞིང་དུ་མཉམ་པར་བཀྲ་ཞིང༌། ། དེ་བཞིན་དུས་དྲུག་འབྱུང་ལ་ཕྱག་འཚལ། །སངས་རྒྱས་ཞིང་ནི་སྔ་དྲོ་འདས་ནས། །མེ་ཏོག་ མེད་ཅིང་དབེན་ཞིང་ཉམས་དགའ། །ཉིན་མཚན་མེད་ཅིང་འོད་གསལ་རང་བཞིན། །མུན་ ནག་མེད་པའི་ཞིང་ལ་ཕྱག་འཚལ། །སྐྱེ་རྒ་ན་འཆི་མེད་ཅིང་བདེ་བ། །ངན་སོང་གསུམ་གྱི་སྒྲ་ ཡང་མི་གྲགས། །འཇིགས་མེད་རྟག་ཏུ་གནས་པའི་ཞིང་ཁམས། །བདེ་བ་ཅན་ལ་གུས་པར་ ཕྱག་འཚལ། །དབུས་སུ་མགོན་པོའི་ཕོ་བྲང་ཆེན་པོ། །རྒྱར་ནི་དཔག་ཚད་སྟོང་ཕྲག་བཅུ་པ། ། རིན་ཆེན་སྣ་ཚོགས་ལས་གྲུབ་མཛེས་པ། །ལྷ་མོ་བདུན་སྟོང་བསྐོར་ལ་ཕྱག་འཚལ། །པད་ མོ་ཆུ་ཞེས་བྱ་བའི་ཤིང་མཆོག །རྩ་བའི་སྦོམ་ནི་དཔག་ཚད་ལྔ་བརྒྱ། །དཔངས་སུ་དཔག་ཚད་ སྟོང་དང་དྲུག་བརྒྱ། །སྨན་མཆོག་དགོས་འདོད་འབྱུང་ལ་ཕྱག་འཚལ། །འདབ་མ་དཔག་ཚད་ བརྒྱ་ཕྲག་ཁེབས་ལ། །རྟག་ཏུ་ལོ་མ་མེ་ཏོག་འབྲས་བུ། །དབྱར་དགུན་མེད་པར་སྨིན་པའི་ཞིང་ ཁམས། །བྱང་ཆུབ་ཤིང་མཆོག་དེ་ལ་ཕྱག་འཚལ། །ཟླ་བ་ནོར་བུ་དོན་ཡོད་ཞགས་པ། །ཡན་ ལག་ཀུན་ལ་གསེར་གྱི་སྐུད་པ། །དངུལ་གྱི་སེ་མོ་དོ་དང་རིན་ཆེན། །གཡེར་ཁའི་དྲ་བ་འཕྱང་ 1-1-243 ལ་ཕྱག་འཚལ། །སེང་གེའི་ཁ་ནས་འཕྱང་བའི་སྐེ་རགས། །དུང་ཕྲེང་གཡུང་དྲུང་དགའ་བ་ འཁྱིལ་པ། །དྷ་ནུ་སྐ་རའི་ཕྲེང་བ་རབ་གཡོས། །ཟ་ར་ཚགས་ཀྱིས་བརྒྱན་ལ་ཕྱག་འཚལ། །ཆུ་ སྲིན་མ་ཀ་རི་ཡི་ཁ་ནས། །མུ་ཏིག་དམར་པོའི་ཕྲེང་བ་རབ་མཛེས། །བཀྲ་ཤིས་འཁྱིལ་པས་ སྤྲས་པ་ཆེན་པོ། །ཅོད་པན་དར་དཔྱངས་བརྒྱན་ལ་ཕྱག་འཚལ། །གང་གི་རྣ་ལམ་བྱང་ཆུབ་ ཤིང་སྒྲ། །ཐོས་ནས་ལྷ་ཡི་རྣ་བའི་དཔལ་བསྐྱེད། །དབང་པོ་གཞན་རྣམས་དེ་བཞིན་ནད་མེད། ། བྱང་ཆུབ་ཐོབ་པར་མཛད་ལ་ཕྱག་འཚལ། །སངས་རྒྱས་དེ་ཡི་འོད་ནི་དཔག་མེད། །ཚད་ ཀྱིས་གཞལ་བ་མེད་པ་ཆེན་པོ། །དེ་ཕྱིར་འོད་དཔག་མེད་པ་ཞེས་གྲགས། །སྐྱབས་མཆོག་དེ་ ལ་གུས་པར་ཕྱག་འཚལ། །གཡས་ན་འཕགས་པ་སྤྱན་རས་གཟིགས་དབང༌། །གཡོན་ན་མཐུ་ ཆེན་ཐོབ་པ་ལ་སོགས། །བྱང་ཆུབ་སེམས་དཔའ་ཚད་མེད་མཐའ་ཡས། །ཉན་ཐོས་གྲངས་ མེད་བསྐོར་ལ་ཕྱག་འཚལ། །གང་གིས་བདེ་བ་ཅན་དུ་སྐྱེ་བར། །བརྗོད་པ་ཙམ་གྱིས་ཐེ་ཚོམ་ མེད་པར། །དེ་རུ་ངེས་པར་སྐྱེ་བ་ཡིན་པས། །སྨོན་ལམ་འབྲས་བུ་ལྡན་ལ་ཕྱག་འཚལ། །གང་ ཞིག་སངས་རྒྱས་དེ་ཡི་མཚན་འཛིན། །འཆི་བའི་ཚེ་ན་འོད་དཔག་མེད་པ། །དགེ་སློང་དུ་མས་ བསྐོར་ནས་དངོས་སུ། །མདུན་དུ་བདར་ནས་བསུས་ལ་ཕྱག་འཚལ། །ཚེ་འདི་སྣང་བ་འཕོས་ མ་ཐག་ཏུ། །བདེ་བ་ཅན་དུ་རྫུས་ཏེ་སྐྱེ་ཞིང༌། །རྫོགས་པའི་སངས་རྒྱས་དངོས་སུ་མཐོང་ནས། ། (བྱང་ཆུབ་ཀྱི་དོན་ནི། འཕགས་པ་ཀ་ཡ་གྷོ་རིའི་མདོ་ལས། བྱང་ཆུབ་ཕྱིན་ཅི་མ་ལོགས་པ་འགྱུར་བ་མེད་པ། མཚན་ཉིད་མེད་ པའོ། །ཞེས་གསུངས་པའོ། །)བྱང་ཆུབ་ལུང་བསྟན་ཐོབ་པར་མཛོད་ཅིག ། དེ་ནས་སླར་ཇོ་ནང་དཔལ་དུ་བྱོན་ནས། སྐྱིད་ཕུག་ཏུ་བཞུགས་ནས། དབང་ཆོག་ཡེ་ཤེས་ རྒྱ་མཚོ། དབང་གི་ལེགས་བཤད་ལུང་སྦྱོར། དབང་གི་ཆོ་ག་བསྡུས་པ་རྡོ་རྗེ་ཕྲེང་བ། གར་ གྱི་བརྗེད་བྱང༌། དབང་མདོར་གྱི་ས་བཅད། རྡོ་རྗེ་འཇིགས་བྱེད། མཁའ་འགྲོ་རྒྱ་མཚོ། བདེ་ མཆོག་ལ་སོགས་པའི་ཡི་དམ་མང་པོའི་ཞལ་གཟིགས་ནས་བསྟོད་པ་རེ་རེ་མཛད། གཞན་ 1-1-244 ཡང༌། རྩིས་ཀྱི་རྒྱུ་མཚན། གཟའ་ལྔ། གཟའ་འཛིན་ལ་སོགས་རྩིས་རིགས་མང་པོ་མཛད། ཤགས་འབྱེད་ཆེ་ཆུང༌། ཐིག་རྩ་མང་པོ་མཛད་དེ། སྦྱོང་རྒྱུད་ཀྱི་དབང༌། རྒྱ་ཆེར་རོལ་པ། མཛངས་བླུན། ས་ལུ་ལྗང་པ། གསེར་འོད་ས་བཅུ་མ་དང༌། རྔ་སྒྲ་མ། རྒྱ་ཆེར་རོལ་པ། རྒྱུད་ འབུམ་གྱི་བཤད་ལུང་མཛད་དོ། ། དེ་ནས་གཟིམས་ཁང་བདེ་བ་ཅན་དུ་བྱོན་ནས། ཐུགས་དམ་ལ་བཞུགས་ནས་ཏིང་ངེ་ འཛིན་གྱི་ངང་དུ་ཤར་ཕྱོགས་སུ་བྱོན་ནས། ས་གཞི་དཀར་ལ་ཉམས་དགའ་བ། གྲོང་ཁྱེར་ སྤོས་ལྡན་ཞེས་བྱ་བ། དབུས་སུ་ཕོ་བྲང་རིན་པོ་ཆེའི་ཁང་པ་འོད་གསལ་བ་ན། བྱང་ཆུབ་ སེམས་དཔའ་ཆོས་འཕགས་ཞེས་བྱ་བ་ལ་འཁོར་བྱང་ཆུབ་སེམས་དཔའ་མང་པོ་དང་བཅས་ པ་མཐོང་ནས་ཕྱག་དང་བསྐོར་བ་ཡང་ཡང་དུ་བྱས་ཏེ། ཆོས་འཕགས་ན་རེ། བུ་འོང་བ་ལེགས་ སོ་ལེགས་སོ། ཁྱཽད་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པས་སླར་ཡང་སྐྱོ་ངལ་མེད་པར་ གྱིས་ཤིག་གསུངས་སོ། ། ལྷོ་ཕྱོགས་སུ་བྱོན་ནས། ས་གཞི་སྔོ་ལ་དྲི་ཞིམ་པོས་ལྡན་པའི་དབུས་སུ་ལྷ་ཁང་ཆེན་པོ་ ཅིག་ལ་ཕྱོགས་ཐམས་ཅད་དུ་ཡང་གསེར་དངུལ་མུ་ཏིག་ཤེལ་གྱི་ཡར་སྐས་རེ་རེ་ལ་དགེ་སློང་ མང་པོས་གདུགས་དང་རྒྱལ་མཚན་བ་དན་སྤོས་དང་མར་མེ་མེ་ཏོག་རྔ་ཡབ་དུང་དང་གླིང་བུ་ ལ་སོགས་ཐོགས་ནས་ཡར་འགྲོ་འདུག་གོ །དགེ་སློང་སེར་པོ་ཞིག་ན་རེ། རིགས་ཀྱི་བུ། སྐས་ ལ་ཤོག་གསུངས་ནས། འགྲོ་སྙམ་ནས་སྐས་ལ་རྐང་པ་བཞག་ཏུ་མ་བཏུབ་བསམས་ནས་ཕྱག་ གཉིས་གཤོག་པའི་ཚུལ་དུ་མཛད་ནས་ཡར་འཕུར་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་ མཇལ་ནས། བུ་འོང་བ་ལེགས་སོ། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་སྐྱོ་ངལ་མེད་ པར་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་གསུངས་སོ། ། དེ་ནས་ནུབ་ཕྱོགས་སུ་བྱོན་ནས། ས་གཞི་སེར་ལ་མཉམ་པ། ལོ་འདབ་རྒྱས་པའི་ལྗོན་ 1-1-245 ཤིང་སྣ་ཚོགས་ཀྱིས་ཁེབས་པ་བྱ་རིགས་སྣ་ཚོགས། རི་དྭགས་སྣ་ཚོགས་རྒྱུ་བ། མཚོ་རྫིང་ དུ་མས་བརྒྱན་པ། མེ་ཏོག་སྣ་ཚོགས་ཀྱི་སིལ་མ་བཀོད་པ། གསེར་དངུལ་ཤེལ་གྱིས་གྲམ་ བུར་བདལ་བ་ཞིག་གི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་པ་ལ། མདའ་ཡབ་ དང་རྒྱལ་མཚན་བ་དན་དང་དར་དཔྱངས་རླུང་གིས་བསྐྱོད་པ། གསེར་གྱི་དྲིལ་བུ་གཡེར་ཁ་ འཁྲོལ་བ་ཞིག་ལ་བྱང་ཆུབ་སེམས་དཔའ་མང་པོས་བཀུར་སྟི་མཛད་དོ། །དེ་ནས་ཐུགས་རབ་ ཏུ་དགྱེས་ནས། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་ན་རེ། བུ་ཡར་ཤོག་གསུངས་ནས། ཐར་པའི་གྲོང་ཁྱེར་གྱི་ནང་དུ་ཕྱིན་ནས། དེ་བཞིན་གཤེགས་པ་ཚེ་དཔག་མེད་དང་མཇལ་ ནས། ཕྱག་དང་བསྐོར་བ་ཡང་ཡང་བྱས་ནས། དེ་བཞིན་གཤེགས་པའི་ཞལ་ནས། བུ་འོང་བ་ ལེགས་སོ། ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་སྐྱོ་ངལ་མེད་པར་ཐེག་ཆེན་གྱི་ དུང་བུས་ཤིག །རྔ་བརྡུང་ལ་ཆོས་ཀྱི་དར་འཕྱར་གྱིས་ཤིག་གསུངས་སོ། ། དེ་ནས་བྱང་ཕྱོགས་སུ་བྱོན་ནས། ཤུ་ཤའི་ཚལ་གྱི་དུར་ཁྲོད་དུ་ཀེང་རུས་གཅལ་དུ་བཀྲམ་ པ། ཤ་ཁྲག་ཕྲང་ཕྲིང་འཐོར་བའི་དབུས་སུ་ཙན་དན་དཀར་པོ་ཤི་ཤའི་སྡོང་པོ་ཞིག་གི་རྩར་ཡེ་ ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས་དང་མཇལ་ནས། མགོན་པོའི་ཞལ་ནས། བུ་འོང་ བ་ལེགས་སོ། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་སྐྱོ་ངལ་མེད་པར་ཟབ་མོའི་ཆོས་རྒྱ་ ཆེན་པོར་སྒྲོགས་ཤིག་དང་ངས་བསྟན་པ་སྐྱོང་གསུངས་སོ། ། དེ་ནས་ཆོས་གོས་འཕྱར་ཏེ་གཤོག་པའི་ཚུལ་མཛད་ནས་གཟིམས་ཁང་དུ་བྱོན་ན་སྙམ་ སྟེ། ད་ནི་ང་འདིར་ཤི་ན་ཞིང་ཁམས་དག་པར་སྐྱེ་བར་ངེས་སོ་ཐུགས་ལ་དགོངས་སོ། ། དེ་ནས་ཡང་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས་སྔར་མ་མཐོང་བའི་དོན་ཡང་དག་ པར་མཐོང་བ་ཡིན་ནོ། །ཡེ་ཤེས་ལེའུའི་རྒྱུད་ལས། (ཐབས་བདེ་བ་ཆེན་པོ་)གཙོ་བོའི་སྐུ་ཡི་(སྟོང་ གཟུགས་མངོན་དུ་བྱས་པ་)མཐུ་ལས་རྣལ་འབྱོར་རྣམ་དག་མཆོག་གི་ལུས་ལ་ལྷ་ཡི་སྤྱན་(གྱི་མངོན་ཤེས་ 1-1-246 ཉིད་)དུ་འགྱུར། །(ཐབས་)དེ་ཡི་གསུང་གི་མཐུ་ལས་ལྷ་ཡི་རྣ་བ་དེ་ཡི་ཐུགས་(མི་རྟོག་ཡེ་ཤེས་ མངོན་དུ་བྱས་པ་)ལས་(སེམས་ཅན་)གཞན་གྱི་སྙིང་ལ་གནས་པ་ཤེས་པར་འགྱུར། །ཤེས་རབ་ (མའི་)སྐུ་ཡི་(སྟོང་གཟུགས་ཀྱི་)མཐུ་ལས་རྣམ་གསུམ་སྲིད་པ་ལ་གནས་(གཞོམ་མེད་ཀྱི་སྒྲའི་)སྔོན་ གྱི་སྐྱེ་བ་(དུ་མ་)དྲན་པར་འགྱུར། །ཤེས་རབ་ཀྱིས་ནི་(གཞོམ་མེད་ཀྱི་)གསུང་གི་མཐུ་ལས་ནམ་ མཁའ་ཐམས་ཅད་དུས་སུ་ཀུན་འགྲོའི་(རྣམ་པ་ཐམས་ཅད་པ་)རྫུ་འཕྲུལ་རབ་ཏུ་(སྤྲོ་བར་)འབྱུང༌། ། ཤེས་རབ་ཐུགས་ཀྱི་རང་བཞིན་ལས་ནི་(མི་རྟོག་ཡེ་ཤེས་མངོན་སུམ་དུ་བྱས་པ་)གང་གིས་བདེ་ཉམས་ ཐམས་ཅད་དུས་སུ་གཞོམ་དུ་མེད་(ཟག་པ་མེད་པའི་མངོན་ཤེས་ཐོབ་)པར་འགྱུར། །ལྷ་ཡི་ (གནས་ལྔ་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྐུ་ནི་)སྤྱན་གྱི་མཐུ་ལས་(ཕལ་བའི་)མིག་གིས་མ་ མཐོང་བ་(ཆོས་ཉིད་ཐམས་ཅད་པའི་སྟོང་གཟུགས་ཀྱི་རྣམ་པ་)དང་(མཐོ་རིས་མ་ཡུལ་ལ་སོགས་)སྲིད་པ་རྣམ་པ་ གསུམ་ཡང་མཐོང་བར་འགྱུར། །ཞེས་གསུངས། ཡེ་ཤེས་སྤྱན་བསྒྲུབ་ལས། དབང་པོ་ཀུན་ ཚང་ཐོགས་མེད་འགྲོ། །ལུས་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་གསུངས། དེ་ནས་བླ་བྲང་ཀ་བཞི་མར་བྱོན་ནས། རྒྱུད་འགྲེལ་ཚར་གཅིག་དང༌། གསང་བ་འདུས་ པའི་རྒྱུད་དང༌། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་གསུངས་སོ། ། དེ་ནས་ཕུག་མོའི་རི་ཁྲོད་དུ་བྱོན་ནས། རྟ་མགྲིན་ཆེན་པོ་ཡང་གསང་འཁྲོས་པ་བསྒྲུབས་ པས། རྟ་སྐད་ལན་གསུམ་དུ་འཚེར་བ་ལ་དབུ་གཙང་གཉིས་ལ་མ་ཚོར་བ་མེད་ཀྱང༌། ཡུལ་ འོན་ལོང་ཟེར་བ་དང༌། རི་བོ་དགའ་ལྡན་གཉིས་ཀྱིས་མ་ཚོར་ཏེ། (དེ་དག་གདུལ་བྱར་མ་གྱུར་བར་ མངོན་ནོ། །ཕལ་བོ་ཆེར། སེམས་ཅན་སྣོད་དུ་མ་གྱུར་ལ། །སངས་རྒྱས་སྟོན་པ་མི་མཛད་དེ། །མཉམ་པ་ལོག་ལྟ་གྱུར་པ་རྣམས། ། དེ་དག་རྒྱལ་བའི་སྒྲ་མི་ཐོས། །ཞེས་གསུངས་པ་ལྟར་རོ། །)དེ་ནས་བྲག་ཀར་ཀླུ་ཕུག་ཏུ་བྱོན་ནས། བདག་ མེད་ལྷ་མོ་བཅོ་ལྔའི་ཞལ་གཟིགས་ཤིང༌། གུར་བརྟག་སཾ་གསུམ་གསན་དག་པའི་སྣང་བས་ ཞིང་ཁམས་བདེ་བ་ཅན་(དང་ཤར་ཕྱོགས་མངོན་པར་དགའ་བ་)ཡང་གཟིགས་སོ། ། 1-1-247 དེ་ནས་ཇོ་ནང་དཔལ་དུ་བྱོན་ནས། བླ་མ་ཀུན་དགའ་རྒྱལ་མཚན་གྱིས་གསེར་ཕྱེ་བྲེ་ཅིག་ ཕུལ་ནས། ཞབས་དྲུང་དུ་སྐྱེ་བའི་སྨོན་ལམ་ཡང་བཏབ། དེ་བཞིན་དུ་ཆོས་རྗེ་(ཀརྨ་པ་)རང་ བྱུང་རྡོ་རྗེས་གསེར་གྱི་མཎྜལ་དང་དུང་འཁར་རྔ་སོགས། ཏཱ་དབེན་གྷུ་ན་ཤྲཱི་དང༌། སྟོན་པ་ནམ་ མཁའ་སེང་གེ་ལ་སོགས། གོང་མ་ཡོན་མཆོད་སྡེ་པ་རྣམས་ཀྱི་ཕྱག་རྟེན་བཟང་པོ་ཕུལ་ནས་ སྨོན་ལམ་ཡང་ཡང་དུ་གདབ་བོ། ། ཡང་རྩེའི་དབོན་རྡོ་རྗེ་དཔལ་སོགས་སྐུ་མཆེད་དང༌། ཤང་རྡོའི་དབོན་ཆོས་གྲགས་གསར་ མ་ལ་སོགས་བུ་སློབ་མང་པོས་གསེར་དངུལ་གོས་དར་ཁྱད་པར་ཅན་མང་པོ་ཕུལ་ནས། (རྟག་ ཏུ་མཇལ་བའི་)སྨོན་ལམ་བཏབ་ནས། བཟོ་བོ་རྣམས་ལ་ཟང་ཟིང་དང་ཆོས་མཉེས་མཉེས་ཀྱིས་ གཏང་རག་ཡང་དག་པར་མཛད་དོ། ། དེ་ནས་གཟིམས་ཁང་བདེ་བ་ཅན་དུ་སྒོ་བཅད་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ པའི་ཚེ་ན་སྔ་དྲོ་ཐུགས་དམ་བཀྲོལ་ནས། ཁྲིད་གཉེར་བ་ལ་ད་ནངས་ནམ་ཕྱེད་དེ་ང་ཤམ་བྷ་ ལར་ཕྱིན་ནོ་གསུངས་ནས། གཟིམ་གཡོག་པའི་ཐེ་ཙོམ་སྐྱེས་ནས། ཆོས་རྗེས་རིག་པས། མ་ ལཱ་ཡའི་ལོ་མ་རློན་པ་ཞིག་བསྟན་ནས། དེར་ཤམ་བྷ་ལའི་གནས་ཚུལ་ཞུས་ནས། བླ་བྱེར་ ཞལ་བ་བྱས་ནས་ཤམ་བྷ་ལའི་བཀོད་ཚུལ་དང༌། ཕྱི་འཇིག་རྟེན་གྱི་བཀོད་ལུགས། འབྱུང་ བཞིའི་སྟེང་དུ་འཛམ་གླིང་གནས་ཚུལ། གླིང་དུམ་བུ་བཅུ་གཉིས། རིགས་དྲུག་གནས་ཚུལ། མཚོ་དྲུག །གླིང་དྲུག །དབུས་སུ་ལྷུན་པོའི་རྒྱ་དཔངས། (དཔག་ཚད་བདུན་ཅུ་རྩ་ལྔ་)ནམ་མཁའ་ལ་ ཁྱིམ་གྱི་གོ་ལ་འཁོར་ཚུལ། དེ་འཁོར་བས་ས་ལ་དུས་ཚིགས་འཁོར་ལུགས། ནང་རྡོ་རྗེ་ལུས་ ཀྱི་གནས་ཚུལ། རྩ་རླུང་ཐིག་ལེ་ཇི་ལྟར་ཆགས་ལུགས་ཇི་ལྟར་གནས་པ་དང༌། མཐར་ཇི་ལྟར་ དུ་འདོར་ཚུལ་ལ་སོགས་པ་དང༌། སྒྲ་སྒྲུབ་པ་རྩིས་རིགས། རྒྱུ་མཚན། བྲི་ཐིག་གཤེད་སྐོར་གྱི་ འཁྲུལ་འཁོར་ལ་སོགས་མཛད་ནས། བླ་མ་སྐྱིད་ཕུག་པ་ལ་སོགས་ཉིས་བརྒྱ་ཙམ་ལ་གནང་ 1-1-248 ངོ༌། ། དེ་ནས་བྱི་བ་ལོ་ཡི་སྟོན་ཀར་ས་སྐྱར་གདན་དྲངས་ནས། མཁན་ཆེན་གཏོར་རྒྱལ། གནས་ དྲུག་པ། འཇམ་སྟོན། འཇམ་སྒེག་ལ་སོགས་པ་ས་སྐྱ་པ་བརྒྱ་སྟོང་དུ་མ་ལ་ཁྲིད་བཙུགས། ཆོས་ཀྱི་བཤད་སྒྲུབ་མཛད་དེ། མཐར་གྲུབ་མཐའི་རྩོད་པ་ཆེན་པོ་མཛད་ནས། (རྒྱ་ཆེར་རོལ་ པ་ལས། དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ནམ་མཁའི་མཐའ་ཉིད་ནི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། ། མ་ནོར་བའི་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་ཞེས་བྱའོ། །ཞེས་སོགས་)མདོ་རྒྱུད་ཐམས་ཅད་དཔང་པོར་ བཞག་སྟེ། བདེན་གཉིས་དང་རང་སྟོང་དང་གཞན་སྟོང་གིས་གཤག་རལ་མཛད་དེ། ཡུམ་ཁྲི་ བརྒྱད་སྟོང་པ་ལ། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་ བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་རྣམས་དེ་ལྟར་གཞན་ གྱིས་སྟོང་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཅེས་པའོ། །རབ་འབྱོར། དེ་ནི་ བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡིན་ནོ། །ཞེས་གསུངས། (འཕགས་པ་ས་ལུ་ལྗང་བའི་མདོ་ལས། དེ་བཟིན་ཉིད་དང་མ་ནོར་བའི་དེ་བཞིན་ཉིད་དང་གཞན་མ་ཡིན་དེ་བཞིན་ཉིད་དང་ཡང་དག་པ་ཉིད་དང་བདེན་པ་ཁོ་ན་དང་མ་ ནོར་བ་ཉིད་དང་ཕྱིན་ཅི་མ་ལོག་པ་ཉིད་དང༌། ཞེས་སོགས་གསུངས་སོ། །)ལང་ཀར་གཤེགས་པར། ལྟ་བ་དང་ ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེ་ནི་དོན་དམ་འཕགས་པའི་ཡེ་ཤེས་ཀྱི་སྟོང་ པ་ཉིད་ཅེས་བྱའོ། །ཞེས་སོ། །རབ་རྩལ་གྱིས་ཞུས་པའི་མདོར། ཕུང་པོ་དང་ཁམས་དང་སྐྱེ་ མཆེད་དང་རྟེན་འབྲེལ་ལ་སོགས་པའི་ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན་ནོ། །ཆོས་རྣམས་ཀྱི་དེ་བཞིན་ཉིད་དང༌། མ་ནོར་བའི་དེ་བཞིན་ཉིད་དང༌། གཞན་མ་ཡིན་ པའི་དེ་བཞིན་ཉིད་དང༌། ཇི་ལྟ་བའི་དེ་བཞིན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་ གསུངས་སོ། །ཡུམ་བར་མར། ཀོའུ་ཤི་ཀ ། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་ 1-1-249 མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་སོགས་དང༌། ཤེར་ཕྱིར་ཉིད་ནི་གང་ཞེ་ན། རྣམ་པར་མི་ རྟོག་པའི་ཏིང་ངེ་འཛིན་ཁོ་ན་ཡིན་ཏེ། མདོ་ལས། ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི་རྣམ་རྟོག་འཇིག་རྟེན་ལས་འདས་པ་ཡེ་ཤེས་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ གྱིས་བསྒྲུབ་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་སོགས་མདོ་རྒྱུད་ཡུམ་སྐོར་ དཔང་པོ་མཛད་ནས་ཐམས་ཅད་ཤིན་ཏུ་དད་པར་གྱུར་ཏོ། ། དེ་ནས་ཇོ་ནང་དུ་གདན་དྲངས་ནས། རིན་ཆེན་དཔལ་ལ་སོགས་བརྒྱ་ཙམ་ལ་དུས་ འཁོར་དབང་མོ་ཆེ་གསུངས་པའི་དུས་སུ་བང་འཇི་བ་གྲགས་པ་ཚ་ནད་ཀྱིས་ཕོག་པས་འདི་ སྙམ་སྟེ། ཆོས་རྗེ་རིན་པོ་ཆེ་ཚང་ལ་འཆི་ཁའི་གདམས་ངག་ཅིག་ཞུ་དགོས་བསམ་མ་ཐག་བེམ་ རིག་བྲལ་ནས་རིག་པ་ཇོ་ནང་དུ་དབང་གྲལ་ལ་ཕྱིན་ནས། ཆོས་རྗེས་གཟིགས་ཏེ། བར་དོའི་ ངོ་སྤྲོད་དང་འཆི་ཁའི་གདམས་ངག་བསྟན་ནས། སླར་རིག་པ་ལུས་ལ་ཞུགས་ཏེ། གོས་ཚགས་ བསྡམས་ནས་ལངས་པས། ཁོའི་སློབ་དཔོན་བཟང་པོ་དཔལ་གྱིས། རོ་ལངས་སམ་མ་ཤི་ནས་ གསོན་ནམ། ཁྱོད་གར་འགྲོ་ཟེར་ནས། གར་མི་འགྲོ་ལགས་ཟེར་ནས་མགྱོགས་པར་བུད་དེ། ཇོ་ནང་དུ་ཉི་མ་ཤར་རྟིང་ལ་སླེབས་པས། མཆོད་གཡོག་པ་ལ་ངའི་དབང་འཕྲོ་ཞུ་བྱས་ནས། ཁྱོད་ཁར་རྩང་དབང་གྲལ་ལ་མེད་ཟེར་བ་ལ། ཁོས་དབང་ཞུས་པའི་གྲོགས་འདི་འདྲ་ཡོད། ཆོས་མཚམས་འདི་ན་ཡོད་ཅེས་བཤད་པས། དབང་གཡོག་པས་ཆོས་རྗེ་ལ་ཞུས་པས་མཁྱེན་ ནས། ཆོས་འཕྲོ་རྫོགས་པར་གནང་སྟེ། ལོ་བཅུ་གསུམ་བར་དུ་ཚེ་བསྲིང་ངོ༌། །གཞན་ཡང༌། བར་དོའི་སེམས་ཅན་རྣམས་མངོན་སུམ་དུ་གཟིགས་ནས་དེ་རྣམས་ལ་བར་དོའི་ཆོས་ཟབ་མོ་ བསྟན་ནས་གྲོལ་བར་མཛད་དོ། ། དེ་ནས་ཟླ་བ་བཞི་ལས། གསེར་གདུགས་ཆེན་པོ་གྲུབ་ནས། གསེར་སྲང་བརྒྱ་དང་ སོ་བཞི་བསྐུས་སོ། །གཉྫི་རའི་ནང་དུ་སངས་རྒྱས་ཀྱི་རིང་བསྲེལ་ལ་སོགས་རྟེན་ཁྱད་པར་ 1-1-250 འཕགས་པ་མང་པོ་བཞུགས་སུ་གསོལ། དེ་དག་གིས་གནས་སྐབས་ཐམས་ཅད་དུ་ཆོས་ཉིད་ འོད་གསལ་གྱི་སྣང་བ་ལས། སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་དཔག་ཏུ་མེད་པ་གཟིགས་ སོ། །ཁྱད་པར་དུ་སྤྱན་རས་གཟིགས་དང༌། ཉེ་བའི་སྲས་བརྒྱད། ཨོ་རྒྱན་པད་མ་རྣམས་ཡང་ ཡང་དུ་གཟིགས་སོ། །དེ་དག་གིས་ལུང་བསྟན་དང་བྱིན་རླབས་མཛད་དོ། །དེའི་ཚེ་སྤྱན་རས་ གཟིགས་ཀྱི་སྐུ་མང་པོ་དང༌། མ་ཎིའི་རླུང་འཁོར་དང་ཆུ་འཁོར་མང་པོ་བཙུགས་སོ། །ཁོ་བོ་ལ་ སོགས་བུ་ཆེན་རྣམས་ཀྱིས་ཞུ་བ་ཕུལ་ནས། ངེས་དོན་རྒྱ་མཚོ་ལ་སོགས་མདོ་རྒྱུད་ཀྱི་འགྲེལ་ པ་མང་པོ་དང༌། བདེན་གཉིས་རྣམ་དབྱེའི་བསྟན་ཆོས་ཀྱི་བཀའ་འབུམ་གསུངས་སོ། །ས་ སྐྱའི་བླ་མ་གཞི་ཐོག་པ། ཀུན་སྤངས་པ། དཔོན་ཆེན་རྒྱལ་བཟང༌། བྱང་པ་སི་ཏུ། གཡག་སྡེ་ པཎ་ཆེན་ལ་སོགས་དབུས་གཙང་གི་མཁས་མཆོག་མང་པོ་ལ་ཁྲིད་གསུངས་སོ། །མཁས་པ་ དེ་དག་གིས་ཞབས་དྲུང་དུ་སྐྱེས་པར་སྨོན་ལམ་བཏབ། ཤིན་ཏུ་ཐུགས་མཐུན་ནས་འབྲལ་མི་ ཕོད་དོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མཁས་པ་དང་ནི་མཁས་པའི་སྐྱེས་བུ་དང༌། །མཐུན་ ཞིང་འབྱོར་པ་མར་དང་ཉིང་ཁུ་བཞིན། །ཞེས་སོ། །ཀླུ་སྒྲུབ་ཀྱིས། དམ་པ་དང་ནི་དམ་པར་ མཐུན། །མཁས་པ་དང་ནི་མཁས་པར་མཐུན། །ཞེས་སོ། ། དེ་ནས་སྣར་ཐང་དུ་གདན་དྲངས་ནས། མཚན་ཉིད་པ་རྣམས་ལ་བདེན་གཉིས་རྣམ་ དབྱེའི་བཤད་པ་རྒྱས་པར་གསུངས་སོ། །ཡབ་སྲས་མཇལ་བར། འཇིག་རྟེན་མཁྱེན་པས་ གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་རྣམ་དབྱེ་མཛད། །གང་ཟག་ཀུན་ རྫོབ་གཞན་ནི་དོན་དམ་སྟེ། །བདེན་པ་གསུམ་ནི་ཡང་དག་མ་མཆིས་སོ། །ཞེས་གསུངས་པ་ ལྟར། ཀུན་རྫོབ་མེད་པ་ཡོད་པར་འཛིན། དོན་དམ་ཡོད་ལ་མེད་པར་འཛིན་པ་ལ། མཁས་ པས་སྤངས་ནས་མཐའ་བྲལ་དབུ་མར་གནས་པར་བྱ་སྟེ། དབུ་མ་རྩ་ཤེར་ལས། ཡོད་ཅེས་བྱ་ བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་བལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པ་ 1-1-251 གནས་པར་མི་བྱའོ། །ཞེས་དང༌། འཕགས་པ་ཁང་བུ་བརྩེགས་པའི་མདོར། བཙུན་པ་ཤཱ་ར་དྭ་ ཏིའི་བུ། གཞན་ཡང༌། དེ་བཞིན་གཤེགས་པའི་གསུང་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ། །ཆོས་ སྐུ་གང་ཡིན་པ་དེ་ནི་ཆོས་རྣམས་ཀྱི་དབུ་མའི་ལམ་དུ་བལྟའོ། །ཞེས་གསུངས། ཆོས་ཡང་དག་ པའི་མདོར། དེ་བཞིན་གཤེགས་ཉིད་མ་གཏོགས་པར། །ཆོས་གཞན་རྣམས་ནི་བརྫུན་པའོ། ། ཞེས་སོགས་གཤག་རལ་རྒྱས་པར་མཛད་ནས། ཆོས་ཀྱི་བཀའ་ལུང་མང་དུ་གསུངས་སོ། ། དེ་ནས་ལྷ་རྩེར་བྱོན་ནས། ཆོས་རྗེ་ཡོན་ཏན་པའི་རྣམ་ཐར་དང༌། འབུམ་དང་ཉི་ཁྲི་བའི་ མཆན་བུ་མཛད་པའི་དུས་སུ་ནམ་མཁའ་ལ་སྤྲིན་ཤིན་ཏུ་འཇིགས་སུ་རུང་བ་གློ་བུར་དུ་ལངས་ ཏེ། རྡོ་རྗེའི་མེ་དང༌། འབྲུག་སྒྲ་དང༌། གློག་འོད་རབ་ཏུ་འཁྱིལ་ནས་ཕྱོགས་ཐམས་ཅད་སེར་ བའི་སྒྲ་སྒྲོགས་པའི་དུས་སུ། ཆོས་རྗེ་པས། དཔལ་རྟ་མགྲིན་ཆེན་པོའི་ཏིང་ངེ་འཛིན་ལ་ བཞུགས་ཏེ་སྤྲུལ་པའི་འོད་ཟེར་ལྕགས་ཀྱི་རྡོ་རྗེ་ལྟ་བུ་དཔག་ཏུ་མེད་པ་སྤྲོས་ནས། དེ་མ་ཐག་ ཏུ་ཞི་བར་མཛད་ནས། སྡེ་བརྒྱད་ཐམས་ཅད་དབང་དུ་བསྡུས་སོ། ། (འཕགས་པ་ཀ་ཡ་གྷོ་རིའི་མདོ་ལས། གཞན་ཡང་ལམ་ནི་མདོར་བསྡུས་ན་གཉིས་ཏེ། གཉིས་གང་ཞེ་ན། ཤེས་པའི་ལམ་ དང་སྤོང་བའི་ལམ་མོ། །དེ་ལ་ཤེས་པའི་ལམ་ནི་ས་དང་པོ་ནས་བཟུང་སྟེ་བདུན་པའི་བར་དུའོ། །སྤོང་བའི་ལམ་ནི་ས་བརྒྱད་པ་ ནས་བཟུང་སྟེ་ས་བཅུའི་བར་དུའོ། །ཞེས་གསུངས་པ་ལྟར། )ས་ལམ་གྱི་ཡོན་ཏན་རྫོགས་ནས་ཤེས་བྱ་ཐམས་ ཅད་ལག་མཐིལ་དུ་སྐྱུ་རུ་ར་ལྟ་བུར་གཟིགས་པའི་ཚེ། ས་བཅུའི་སྨོན་ལམ་འདི་གསུངས་སོ། ། ན་མོ་གུ་རུ་མཧཱ་བྷྱཿ རབ་དགའི་ས་བརྙེས་སྟོང་གསུམ་གསེར་གྱིས་གང༌། །སྐུ་ལུས་བརྒྱ་ ཕྲག་ཅིག་ཆར་བཀོད་བྱས་ནས། །སེམས་ཅན་བརྒྱ་ཕྲག་ཡོངས་སུ་སྨིན་བྱེད་པ། །སྦྱིན་པའི་ཕ་ རོལ་ཕྱིན་པ་ཡོངས་རྫོགས་ཤོག །དྲི་མེད་ས་བརྙེས་ལག་མཐིལ་ལྟར་མཉམ་སྟེང༌། །སྤྲུལ་པ་ གསུམ་སྟོང་འགྱེད་ནས་སེམས་ཅན་འདྲེན། །ཏིང་འཛིན་གསུམ་སྟོང་བརྒྱ་ཕྲག་མྱུར་ཐོབ་ནས། ། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །འོད་བྱེད་ས་བརྙེས་རྒོལ་ངན་ཚར་གཅོད་ 1-1-252 ཅིང༌། །སྤྲུལ་པ་བརྒྱ་སྟོང་བཀོད་ནས་ཞིང་ཁམས་བརྒྱར། །སེམས་ཅན་བརྒྱ་སྟོང་འདྲེན་པའི་ དཔལ་གྱུར་པ། །བཟོད་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །འོད་འཕྲོ་ས་བརྙེས་མེ་ ཏོག་སིལ་མ་འཐོར། །ལུས་ནི་ཁྲག་ཁྲིག་སྟོན་པ་འཇིག་རྟེན་དུ། །འགྲོ་བ་ཁྲག་ཁྲིག་བདེ་བར་ བཀོད་བྱེད་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །སྦྱང་དཀའ་ས་བརྙེས་མེ་ ཏོག་ཙམ་པ་ཀ ། ཕྲེང་རྒྱན་ལུས་ནི་ཁྲག་ཁྲིག་སྟོང་བཀོད་ནས། །སེམས་ཅན་ཁྲག་ཁྲིག་སྟོང་ རྣམས་འདྲེན་བྱེད་པ། །བསམ་གཏན་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །མངོན་གྱུར་ས་ བརྙེས་མཚོ་རྫིང་མེ་ཏོག་རྒྱས། །ལུས་ནི་ཁྲག་ཁྲིག་བརྒྱ་སྟོང་བཀོད་བྱས་ནས། །སེམས་ཅན་ བྱེ་བ་ཁྲག་ཁྲིག་རྣམ་པར་འདྲེན། །ཤེས་རབ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །རིང་སོང་ ས་བརྙེས་ངན་སོང་གནས་སུ་ལྡོག །ལུས་ནི་ཁྲག་ཁྲིག་བརྒྱ་སྟོང་དཔག་མེད་འགྱེད། །སེམས་ ཅན་ཁྲག་ཁྲིག་བརྒྱ་སྟོང་འདྲེན་གྱུར་པ། །ཐབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག །མི་ གཡོ་ས་བརྙེས་སེང་ཆེན་ཕྲག་ལ་གཟར། །སྐུ་ལུས་སྟོང་ཕྲག་བཅུ་གཉིས་རྡུལ་སྙེད་བཀོད། ། སེམས་ཅན་སྟོང་ཕྲག་བཅུ་གཉིས་རྣམ་པར་འདྲེན། །སྨོན་ལམ་ཕ་རོལ་ཕྱིན་པ་ཡོངས་རྫོགས་ ཤོག །ལེགས་པའི་ས་བརྙེས་གདུགས་དཀར་གཡས་སུ་འཁྱིལ། །ལུས་ནི་གྲངས་མེད་སྟོང་ ཕྲག་བཅུ་སྙེད་འགྱེད། །སེམས་ཅན་སྟོང་ཕྲག་གྲངས་མེད་རྣམ་པར་འདྲེན། །སྟོབས་ཀྱི་ཕ་ རོལ་ཕྱིན་པ་ཡོངས་རྫོགས་ཤོག །ཆོས་སྤྲིན་ས་བརྙེས་སངས་རྒྱས་གསེར་གྱི་མདོག །འཁོར་ ནི་དཔག་མེད་སངས་རྒྱས་ཆོས་སྟོན་མཐོང༌། །རང་ལུས་མཐའ་ཡས་སྟོན་ནས་སེམས་ཅན་ འདྲེན། །ཡེ་ཤེས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ཤོག ། དེ་ནས་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ལ་སོགས་མཁས་པ་བརྒྱ་ཤར་ཙམ་ལ་སྨན་བླའི་རྗེས་ གནང་མཛད་པའི་ཚེ་ན། ནམ་མཁར་བདེ་གཤེགས་བརྒྱད་གསལ་བར་བྱོན་ནས་མེ་ཏོག་གི་ ཆར་བབ་ནས་གསུངས་པ། (འདིར་སྡོམ་ནི། བསངས་སྦྱངས་སྐྱབས་འགྲོ་རྗེས་དྲན་བྱ། སྟོང་ཉིད་དམིགས་དང་ཚད་ 1-1-253 མེད་བསྒོམ། །བྱིན་རླབས་སྐོར་བཞི་བདེན་སྟོབས་གསུམ། །སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་བྱ། །རེ་རེའི་མཚན་རྣམས་ བདུན་བདུན་བརྗོད། །མཆོད་ཅིང་སྨོན་ལམ་རྒྱས་པར་བྱ། །ཕྱོགས་སྐྱོང་གནོད་སྦྱིན་གཏོར་མ་མཆོད། །མཐར་ཡང་བསྔོ་བ་ཤེས་པ་ བརྗོད། །ཅེས་པའི་དོན་ནི། )རིན་ཆེན་ས་གཞི་མཚོ་རྫིང་ཡན་ལག་བརྒྱད། །ལྗོན་ཤིང་བྱ་ཚོགས་པད་ མ་བཅལ་བཀྲམ་དབུས། །སེང་ཁྲི་པད་ཟླ་འོད་གསལ་རྒྱས་པའི་སྟེང༌། །བདེ་གཤེགས་བརྒྱད་ པོ་འཁོར་བཅས་གཤེགས་སུ་གསོལ། །ཤར་ཕྱོགས་གཞན་གྱི་མི་ཐུབ་ཞིང་ཁམས་ནས། ། སངས་རྒྱས་མཚན་ལེགས་(སེར་བོ་གཡས་སྐྱབས་སྦྱིན་གཡོན་མཉམ་བཞག་)སྙིགས་མའི་འགྲོ་བ་ཀུན། ། སྨོན་ལམ་བརྒྱད་པོ་ཉེ་བར་བསྡུས་པ་ནི། ནད་མང་དབང་ཉམས་ལོག་པའི་ལམ་དུ་ལྟུང༌། ། དབུལ་ཕོངས་གཅན་གཟན་དགྲ་འཇིགས་འདི་ལ་སྐྱོབས། །ཤར་ཕྱོགས་རིན་ཆེན་ལྡན་པའི་ ཞིང་ཁམས་ནས། །རིན་ཆེན་ཟླ་བས་(སེར་བོ་མཆོག་སྦྱིན་ཕྱག་རྒྱ་)དུས་ངན་སེམས་ཅན་ཀུན། །(སྨོན་ ལམ་བརྒྱད་པོ་བསྡུས་པ་ནི། )གཡེང་བཅས་སྐྱེ་སྡིག་ལུས་དམན་མུན་འཐིབས་དང༌། །ཐེག་དམན་མྱ་ ངན་སྐྱབས་མེད་འདི་ལ་སྐྱོབས། །ཤར་ཕྱོགས་སྤོས་ལྡན་ཞིང་ན་དེ་བཞིན་གཤེགས། །གསེར་ བཟང་(སེར་བོ་ཆོས་འཆད་ཀྱི་ཕྱག་རྒྱ་)སྙིགས་མའི་སེམས་ཅན་ཚེ་ཐུང་ཞིང༌། །(སྨོན་ལམ་བཞི་བཏབ་པ་ ནི་)དབུལ་ཕོངས་འཐབ་རྩོད་ཉོན་མོངས་རིགས་ཅན་རྣམས། །བསམ་ངན་འཆལ་བའི་ངང་ ཚུལ་འདི་རྣམས་སྐྱོབས། །ཤར་ཕྱོགས་མྱ་ངན་མེད་པའི་ཞིང་ཁམས་ནས། །སངས་རྒྱས་མྱ་ ངན་མེད་མཆོག་དཔལ་(དམར་སྐྱ་མཉམ་བཞག་ལྷུང་བཟེད་འཛིན་པ་)གྱི་རྒྱལ། །(སྨོན་ལམ་བཞི་བཏབ་པ་ནི་) ལས་ངན་སེམས་འཁྲུགས་འདོད་བྲལ་མུན་པ་དང༌། །ཉམ་ཐག་བཀྲེས་པའི་ངང་ཚུལ་འདི་ ལ་སྐྱོབས། །ཤར་ཕྱོགས་ཆོས་ཀྱི་རྒྱལ་མཚན་ཞིང་ཁམས་ནས། །བདེ་བར་གཤེགས་པ་ཆོས་ བསྒྲགས་རྒྱ་མཚོའི་དབྱངས། །(སྐུ་མདོག་དཀར་པོ་ཆོས་འཆད་ཕྱག་རྒྱ། །སྨོན་ལམ་བཞི་བཏབ་པ་ནི་)ལོག་ ལྟ་སྡིག་ཕྱོགས་དབུལ་ཕོངས་འཐབ་རྩོད་དང༌། །གསོད་པའི་མཚོན་ཆ་འགྱེད་པ་འདི་རྣམས་ སྐྱོབས། །ཤར་ཕྱོགས་རིན་ཆེན་རྒྱ་མཚོའི་ཞིང་ཁམས་ནས། །མངོན་མཁྱེན་རྒྱལ་པོའི་(སྐུ་ 1-1-254 མདོག་དམར་པོ་གཡས་མཆོད་སྦྱིན་གཡོན་མཉམ་བཞག་ལྷུང་བཟེད་འཛིན་པ་)དུས་ངན་སེམས་ཅན་གྱི། །(སྨོན་ ལམ་བཞི་བཏབ་པ་ནི་)ཞིང་ལས་ཉོ་ཚོང་མི་དགེ་ཀུན་ལ་སྤྱོད། །བཅིངས་རྡེག་ཚེ་ཐུང་འདི་ཀུན་མྱུར་ དུ་སྐྱོབས། །ཤར་ཕྱོགས་བཻ་ཌཱུར་སྣང་བའི་ཞིང་ཁམས་ནས། །སངས་རྒྱས་སྨན་པའི་རྒྱལ་པོ་ བཅོམ་ལྡན་འདས། །(སྐུ་མདོག་མཐིང་ཁ་གཡས་མཆོད་སྦྱིན་སྨན་མཆོག་འཛིན་པ་གཡོན་ལྷུང་བཟེད། སྨོན་ལམ་བཅུ་ གཉིས་བཏབ་པ་ནི། )མུན་ནག་ལམ་ངན་ཁྲིམས་འཆལ་མདོག་ངན་དང༌། །སྐྱེ་དམན་ཚ་གྲང་སྡུག་ བསྔལ་འདི་རྣམས་སྐྱོབས། །སྤོས་ལྡན་བྱ་རྒོད་ཕུང་པོའི་ཞིང་ཁམས་སུ། །བསྟན་པའི་བདག་ པོ་སངས་རྒྱས་བཅོམ་ལྡན་འདས། །(སྐུ་མདོག་གསེར་བཙོ་མའི་མདོག་དང་ལྡན་པ། བདེ་གཤེགས་བརྒྱད་ནི་སྤྲུལ་ སྐུའི་ཆ་ལུགས་ཅན་ནོ། །)ལས་སྒྲིབ་ནད་མང་མྱ་ངན་གདུངས་པ་ཡི། །ཉམ་ཐག་འགྲོ་ཀུན་མ་ལུས་ བསྐྱབ་ཏུ་གསོལ། །དམ་ཆོས་ཚུལ་འཛིན་རིགས་གསུམ་མགོན་པོ་(ཐམས་ཅད་ལོངས་སྐུའི་ཆ་ལུགས་ ཅན་ནོ། །)དང༌། །བསྟན་སྐྱོང་ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གནོད་སྦྱིན་བཅུ་ གཉིས་བཀའ་སྡོད་བཅས། །བདག་གི་ས་ལམ་བར་ཆད་བསམ་དུ་གསོལ། །གང་ཞིག་རྒྱལ་ བ་སྲས་བཅས་འདི་དག་གི ། མཚན་ནས་བརྗོད་དེ་སྨོན་ལམ་བཏབ་པའི་མཐུས། །གནས་ སྐབས་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། །མཐར་ཐུག་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག ། ཅེས་བསྟོད་པའི་ཚེ་ན་བདེ་གཤེགས་བརྒྱད་འཁོར་བཅས་མངོན་དུ་མཐོང་ནས་བུ་སློབ་ཀུན་ གྱི་མོས་གུས་ལྷག་པར་སྐྱེས་སོ། ། (དེ་ཡང་ལམ་ཤེར་ཕྱིན་ནི་བསྒོམ་པའི་སྟོབས་ཡིན་ཏེ། ལག་ན་མེ་ཏོག་གི་མདོར། གང་ཟག་ཏིང་འཛིན་འདི་ཐོབ་ན། ། དགའ་ཞིང་མགུ་བ་སེམས་བསྐྱེད་དེ། །སྐྱེས་བུ་དེའི་སངས་རྒྱས་སྟོང༌། །མང་པོ་མཐོང་བའི་རིག་པར་བྱ། །ཞེས་གསུངས་པ་ ལྟར། )གཙང་པོའི་འགྲམ་གྱི་གོང་འོག་ཐམས་ཅད་དུ་ཞིང་ལ་ཤུ་ཙ་ཀ་ཞུགས་ནས་བརླག་ཏུ་ཡོད་ པ་ལས། ཨ་ཙ་རའི་རྫས་སྔགས་དང༌། བླ་མ་མང་པོས་མན་ངག་སྣ་ཚོགས་བྱས་ཀྱང་ཕན་དུ་ མ་བཏུབ་པས། ཆོས་རྗེ་ལ་ཞུས་པས། བཀའ་ཤོག་གནང་བས། ཞིང་ལ་འདི་ལྟར་བཀླགས་ 1-1-255 སོ། །དཔལ་དུས་ཀྱི་འཁོར་ལོའི་བཀའ་ལུང་གིས་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས། སྡེ་བརྒྱད་ཁྱེད་རྣམས་ལ་ཟློ་བ། གཙང་ཆུ་གོང་འོག་ཐམས་ཅད་ང་ལ་སྐྱབས་སུ་སོང་བ་ཡིན་ གྱི། ད་ཕྱིན་ཆད་འཚེ་བ་མ་བྱེད་ཅིག །གལ་ཏེ་བྱས་ན་འགྱོད་པར་གྱུར་ཏ་རེ། ཞེས་བཀླགས་ པ་ཙམ་གྱིས་གྲོལ་བ་དང༌། གཞན་ཡང༌། རྒྱལ་འགོང་ཁ་ཟུག་པའི་དཀོན་མཆོག་དཔལ་དང༌། ཆོས་ཀྱི་རྒྱལ་མཚན་ ལ་སོགས་ཉིན་རེ་བཞིན་དུ་མི་ཉི་ཤུ་སུམ་ཅུ་རེ་འོངས་ནས། དེ་དག་གིས་བླ་མ་གྲགས་པ་ཅན་ འདི་དང་འདི་ལྟ་བུས་མ་ཐུལ་ཟེར་ནས། བཀའ་ཤོག་བསྐུར་བ་ཙམ་གྱིས་བར་ཆད་ལས་གྲོལ་ བ་ཤ་སྟག་གོ །དེ་ནས་ཆོས་རྗེའི་བཀའ་ཤོག་ལ། འབྱུང་པོ་གདུག་པ་ཅན་རྣམས་འདའ་བར་ མི་ནུས་པའི་གྲགས་པ་ཕྱོགས་བཅུར་ཁྱབ་བོ། ། ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་དར་ཡུག་ལྔ་བཅུ་ཙམ་ཕུལ་ནས་ཞབས་དྲུང་དུ་སྐྱེ་བར་ སྨོན་ལམ་བཏབ། དམར་ཁྲིད་ཞུས་སོ། ། ཆོས་རྗེ་འདི་སྤྱན་རས་གཟིགས་དངོས་ཡིན་པའི་རྒྱུ་མཚན་ནི། བྲག་རམ་པའི་བླ་མ་ དཀོན་མཆོག་བཟང་གིས། ཆོས་རྗེ་ལ་དུས་ཀྱི་འཁོར་ལོའི་དབང་ཞུས་པའི་དུས་སུ། ཆོས་ རྗེ་སྤྱན་རས་གཟིགས་ཞལ་བཅུ་གཅིག་ཕྱག་སྟོང་དང་ལྡན་པ་སྐུ་ལ་འོད་ཟེར་དུ་མ་འཕྲོ་བར་ གཟིགས་སོ། །ཞབས་ལ་ཡང་དང་ཡང་དུ་ཕྱག་འཚལ་དག་པའི་སྣང་བ་དུ་མ་འཆར་རོ། ། ཉེ་གནས་དད་པ་སེང་གེ་དགོང་མོ་ཞུ་དོན་ལ་གཟིམས་ཁང་དུ་ཕྱིན་ཙམ་ན། ནང་དུ་ཏོག་ སྒྲ་མང་པོ་ཅིག་གྲགས་ནས་སྒོ་གསེབ་ནས་བལྟས་པས། ཆོས་རྗེ་པ་སྤྱན་རས་གཟིགས་ཞལ་ བཅུ་གཅིག་ཕྱག་སྟོང་དང་བཅས་པར་གྱུར་ནས། ལྷ་བྲན་མང་པོ་དང་ཀླུ་རྒྱལ་འཁོར་དང་ བཅས་པ་དང༌། མིའམ་ཅི་རྟའི་མགོ་ཅན་དང༌། དྲི་ཟ་ཟུར་ཕུད་ཅན། ནམ་མཁའ་ལྡིང་འདབ་ མ་ཅན་ལ་སོགས་ཆོས་ཉན་ནས་བསྐོར་བ་བྱེད་པར་མཐོང་ངོ༌། །མོས་གུས་སྐྱེས་ཏེ། དྲུང་ན་སུ་ 1-1-256 ཡང་མི་འདུག་སྟེ་ཆོས་རྗེ་རང་གཟུགས་སུ་བཞུགས་པར་གྱུར་ཏོ། ། བླ་མ་མཚོ་སྐྱེས་རྡོ་རྗེས་སྤྱི་བོ་ལྷ་སར་མཚམས་བསྡམས་ནས་ཐུགས་དམ་ལ་བཞུགས་ པའི་རྨི་ལམ་དུ། བྱ་རྒོད་གཤོང་གི་ཁང་པར་སྤྱན་རས་གཟིགས་དབང་ཕྱུག་སྐུ་ལ་འོད་ཟེར་ མཐའ་ཡས་པ་འཕྲོས་པ་ཅིག་བཞུགས་ནས། ཁྱམས་ནས་ཁྲོ་བོ་ཆེན་པོ་མི་གཡོ་བ་དང༌། འདོད་པའི་རྒྱལ་པོ། དབྱུག་སྔོན་ཅན། སྟོབས་པོ་ཆེ་སྡེ་བཞི་ལ་དམ་ཆོས་པད་མ་དཀར་པོ་ གསུངས་པ་རྨིས་སོ། །སད་ནས་མཚམས་བཀྲོལ་ཏེ་གཤེགས་པས་བྲང་ཁང་ནས། ཆོས་རྗེ་ ཀུན་མཁྱེན་པ་བཞུགས་ནས། འབྲི་གུང་ལོ་ཙཱ་བ་དང༌། གཅུང་པོ་རྡོ་རྗེ་རྒྱལ་མཚན། སློབ་ དཔོན་ཟླ་བ། འོད་ཟེར་རྒྱལ་མཚན་སྡེ་བཞི་ལ་དམ་ཆོས་པད་མ་དཀར་པོ་གསུངས་འདུག་གོ ། མི་ཕྱེད་པའི་དད་པས་ཉམས་རྟོགས་འཕེལ་ལོ། ། ཡང་ནུབ་ཅིག་ཏུ་དཀོར་གཉེར་བས་གཟིམས་ཁང་དུ་མར་མེ་ཁྱེར་ནས་ནང་དུ་འོད་ལྷག་ པར་འཚེར་བ་ཅིག་འདུག་ནས་ཅི་ཡིན་སྙམ་ནས་སྒོར་བལྟས་པས། (སངས་རྒྱས་ཕལ་བོ་ཆེར། སངས་ རྒྱས་བ་སྤུ་ཐམས་ཅད་ནས། །འོད་ཟེར་དྲ་བ་བསམ་མི་ཁྱབ། །ཉི་མའི་དཀྱིལ་འཁོར་ཅི་འདྲ་བར། །ཕྱོགས་དུས་ཀུན་ཏུ་རྣམ་པར་ མཛེས། །ཞེས་གསུངས་པ་ལྟར། )ཆོས་རྗེའི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེ་ནས་འོད་ཟེར་སྣ་ཚོགས་དུ་ མ་འཕྲོ་ཞིང༌། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཕོག་ནས་སླར་འོད་ཟེར་དེ་དག་སྤྱན་ རས་གཟིགས་སུ་གྱུར་ནས། ཆོས་རྗེའི་བ་སྤུའི་བུ་གར་ཐིམ་པར་མཐོང་ངོ༌། །དེ་ཡང་རྗེས་དྲན་ མཐར་ཕྱིར་པའི་རྟགས་ཡིན། རྒྱུད་ཀྱི་རྒྱལ་པོ་ལས། རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་ མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལའོ། །ཞེས་གསུངས། སྙན་རྒྱུད་ལས། རྗེས་དྲན་ལ་ནི་རྟགས་ཞུགས་ནས། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །གཞན་ཡང་ ཡེ་ཤེས་སྐུ་ལ་སོགས། །ཞེས་སོ། ། ཡང་ཆོས་རྗེ་ལྷ་སར་བཞུགས་དུས་སུ། (དེ་ནས་ཤཱཀྱ་མུ་ནིའི་མདུན་དུ་ཀ་པ་དགུ་བརྩེགས་ཀྱི་གདན་ལ་ 1-1-257 ཆོས་རྗེ་པ་སྤྱན་དྲངས་ལ། བདོག་པ་ཐམས་ཅད་ཕུལ་ནས། ཁྱོད་སྲོང་བཙན་སྒམ་པོ་ཡིན་ནམ། ཡིན་པའི་རྟགས་ཅི་ཡོད་ལགས། ཞེས་དང༌། ཆོས་རྗེས་ཕྱག་མཁར་ཐུབ་པའི་གདན་ཁྲིའི་རྩར་བཙུགས་ནས་གསུངས་པ། ཐུབ་པའི་སྐུ་གཉེར་མགོན་པོ་རྒྱལ་མཚན་ ཉོན། སྲོང་བཙན་ཟེར་བ་བདག་སྐྱེས་མྱོང༌། དེ་ཚེ་ཁྱོད་ཡང་བློན་པོར་སྐྱེས། །མིང་ནི་བསེ་རུ་གོང་སྟོན་ཞེས། །ད་ལྟ་འདི་རུ་ཕྲད་པ་ ཡིན། །ཁོ་བོ་ཆོས་རྒྱལ་ཡིན་རྟགས་སུ། །དབྱུག་པ་འདི་ནི་མར་ཞབས་ན། །གསེར་གྱི་ལྷུང་བཟེད་དངུལ་ཤུབ་ཅན་ཞིག་སྦས་ནས་ ཡོད། བཙུན་མོ་རྒྱ་ཟའི་ཞལ་བུ་ཡིན། །བཏོན་ཞིང་སྙིང་མས་བཀར་བྱས་ཏེ། །སངས་རྒྱས་ཕྱག་ལ་ཕུལ་བྱས་ན། །ཟུང་ཅུ་འགའ་ཅུ་ ཞེས་བྱ་རུ། །ལྷོ་བྱང་གཉིས་ནས་ཇ་ལམ་ཚོང་སྒོ་འབྱུང༌། རྒྱ་ཟ་བོད་དུ་ཕྱུང་ནས་འགྱུར། །རྐོས་དང་ཐེ་ཙོམ་བསལ་བར་ངེས། །ཞེས་ གསུངས་པ་དང༌། བརྐོས་ནས་བྱུང་ངོ༌། །དེ་ནས་ཇོ་བོའི་སྐུ་གཉེར་བས་ཇོ་བོའི་དྲུང་དུ་ཀ་པ་དགུ་བརྩེགས་ལ་སྤྱན་དྲངས་ནས། སངས་རྒྱས་ཕྱག་ལ་ཕུལ་བྱས་ནས་བདག་ལ་དེ་ལྟ་བུ་ཞིག་བལྟན་དུ་གསོལ། ཅེས་དང༌། ཆོས་རྗེས་ཇོ་བོའི་མདུན་དུ་ཕྱག་མཁར་ བཙུགས་ནས་གསུངས་པ། ཇོ་བོའི་སྐུ་གཉེར་བསོད་ནམས་ཉོན། །སྲོང་བཙན་སྒམ་པོ་བདག་སྐྱེས་ཚེ། །ཁྱོད་ཡང་ཁྱོང་པོ་དཔུང་ བརྟེན་ཞེས། །ཕྱི་བློན་ཞིག་ཏུ་སྐྱེས་པ་ལགས། །ད་ལྟ་འདི་རུ་ཕྲད་པ་ཡིན། །རྒྱལ་བོ་ཡིན་པའི་རྟགས་སུ་ནི། །དབྱུག་པ་དེ་ཡི་མར་ ཞབས་ན། །གར་ཡོལ་གསེར་གྱི་ས་འཛིན་ཡོད། །བཙུན་མོ་བལ་ཟའི་ཞལ་བུ་ཡིན། །བཏོན་ནས་ཇོ་བོའི་ཕྱག་ཏུ་ཕུལ། །རྒྱ་བལ་ ཡུལ་གྱི་སྨན་རིགས་དང༌། །ལྷ་ཆ་དཔེ་ཆ་བོད་དུ་འབྱུང༌། །རྐོས་དང་ཐེ་ཚོམ་བསལ་བར་གྱུར། །ཞེས་གསུངས་པ་དང༌། བསྐོས་ཏེ་ བཏོན་ནས་གསུང་བཞིན་བྱུང་ངོ༌། །)གནས་པོ་མགོན་པོ་རྒྱལ་མཚན་གྱི་རྨི་ལམ་དུ་སེང་ལྡེང་སྒྲོལ་མའི་ སྒོ་ཁར། ཁྲི་ཆེན་པོ་ལ་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན་ཟེར་བའི་སྐུ་ཤིན་ཏུ་སྦོམ་པ་ཐུང་ཅན་ ཞིག་གིས་ཆོས་གསུངས་པ་ལ་དགེ་བཤེས་མང་པོ་ཉན་པར་འགྲོ་བར་རྨིས་སོ། །ནངས་པར་ སེང་ལྡེང་སྒྲོལ་མར། ཆོས་ཁྲི་ལ་ཀུན་མཁྱེན་ཆེན་པོ་བཞུགས་ནས། རྨི་ལམ་དུ་ཇི་ལྟར་ཤར་བ་ བཞིན་དུ་སྣང་ནས་མོས་གུས་ཆེན་པོ་སྐྱེས་སོ། ། ཡང་མཚུར་ཕུའི་གནས་ནང་ནས། གྲགས་པ་སེང་གེ་ཞེས་བྱ་བ་མངོན་ཤེས་དང་ལྡན་ པ་ཅིག་ལ་སློབ་མ་ཆོས་རྗེ་ལ་ཤིན་ཏུ་མ་གུས་པ་ཞིག་ཡོད་པ་དེ། (ལག་ན་མེ་ཏོག་གི་མདོར། ཁྱོད་ལ་ དད་པའི་ནོར་མེད་ན། །ཁྱོད་ནི་རབ་ཏུ་དབུལ་བོ་ཡིན། །ཞེས་གསུངས་པ་ལྟར། )ཇོ་ནང་དུ་ཕྱིན་ནས་ཆོས་རྗེ་གདན་ 1-1-258 འདར་བས་དྲངས་ཏེ། སྐོར་ལམ་དུ་མཇལ་ནས་གཟི་བརྗིད་མ་བཟོད་པར་ཕྱག་ཅིག་འཚལ་ ཏེ་བྱིན་རླབས་དང་ཆོས་མ་ཞུས་པར་ལོག་ནས། རྟོགས་ལྡན་པའི་དྲུང་དུ་ཕྱིན་ནས། རྟོགས་ ལྡན་པས་མཁྱེན་ནས་ཁོ་ལ་ན་རེ། ཁྱོད་ཇོ་ནང་དུ་ཕྱིན་ནམ། ཆོས་རྗེ་ཐམས་ཅད་མཁྱེན་པའི་ སྐུ་ཁམས་བཟང་ངམ་ཞེས་སོགས་དྲིས་པ་ལས། ཁོས་ལོ་རྒྱུས་ཞིབ་ཏུ་ཞུས་པས། རྟོགས་ལྡན་ པས་དབུ་ཧྲིལ་གྱིས་ཕུར་ནས་སྤྱན་ཆབ་མང་དུ་བྱུང་ནས། ཁོ་སྐྲག་སྟེ་ཅི་ལགས་ཞུས་པས། རྟོགས་ལྡན་པས་ཁྱོད་སྙིང་རེ་རྗེ། ཆོས་རྗེ་པ་དེ་ཤམ་བྷ་ལའི་རིགས་ལྡན་ས་བཅུའི་དབང་ཕྱུག་ སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན། ཁྱོད་ལས་ངན་བསགས་པས་འགྲོ་ས་དམྱལ་བ་ལས་ མེད་གསུངས་པས། དེ་ལ་ཅི་ཕན་ཞུས་པས། ད་ལྟ་སོང་ལ་ཆོས་རྗེའི་དྲུང་དུ་བཤགས་པ་ཕུལ་ ལ་གསོལ་བ་རྩེ་གཅིག་ཏུ་ཐོབ་ཅིག་དད་པ་དྲག་པོ་གྱིས་གསུངས་ཏེ། ཁོས་ཀྱང་དེ་བཞིན་ དུ་བྱས་སོ། །ལར་བླ་མ་ལ་སྨོད་པ་ནི་ཉེས་པ་ཤིན་ཏུ་ཆེ་བར་གསུངས་ཏེ། དཔལ་སྒྱུ་འཕྲུལ་ དྲྭ་བའི་རྒྱུད་ལས། །སློབ་དཔོན་སྨོད་པར་བྱེད་པ་དག །རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་ དཔོན་སྨོད་པ་གང་ཡིན་པ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང༌། །ངན་པ་གཏུམ་ པོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །ཞེས་སོ། །ཟླ་བ་གྲགས་པས། བླ་མ་ སྨོད་བརྩོན་མ་རུངས་པ། །དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས། དུས་ཀྱི་འཁོར་ལོའི་ བསྡུས་རྒྱུད་ལས། (ཡུལ་ངན་པ་ལ་སྨད་ན་ཉེས་པ་ཆེ་བ་ནི། )རྒྱལ་བ་རབ་ཏུ་གསལ་བའི་སློབ་དཔོན་ ལ་ཡང་མཁས་པའི་ཉན་ཐོས་གང་ཡིན་གང་གིས་སྨོད་བྱེད་པ། །(གནས་སྐབས་སུ་)དེ་རྣམས་ བགེགས་ཀྱི་མགོན་པོས་བསད་དེ་མཆོག་ཏུ་འཇིགས་པ་བྱེད་པ་(ཕྱི་མར་དམྱལ་བར་)མནར་མེད་ དུ་ནི་མྱུར་དུ་འགྲོ། །ཞེས་སོགས་ཉེས་དམིགས་མང་དུ་གསུངས་པས། འཛེམ་པར་བྱའོ། ། དེ་ནས་མཁན་པོ་རིན་ཚུལ་བས་འཕྲིན་ཡིག་བསྐུར་ནས། བྱོན་པར་ཞལ་བཞེས་མཛད་ དོ། །དེའི་སྟོན་ཁར་གདན་འདྲེན་དུ་ཆོས་རྗེ་རིན་ཚུལ་བ་བྱོན་ནས། རིམ་གྱིས་ལྷ་སར་བྱོན་ 1-1-259 པའི་ཞོར་ལ། ནུབ་ཆོས་ལུང་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་གདན་དྲངས་ ནས། དགེ་བའི་བཤེས་གཉེན་ཉིས་བརྒྱ་ཙམ་ལ་ཁྲིད་གནང༌། བཀའ་བསྡུ་བཞི་པའི་གླེགས་ བམ་གཞུང་འགྲེལ་ལ་སོགས་མང་པོ་མཛད་པར་བསྐུལ་ནས་ཞུས་སོ། ། དེ་ནས་ཆོས་རྗེ་ཐང་པོ་ཆེ་བས་གདན་དྲངས་པས། དེར་དབང་མདོར་བསྟན་ཚར་གཅིག་ གསུངས་ནས། དབུས་ཕྱོགས་སུ་རིམ་གྱིས་བྱོན་ཏེ། ཆོས་རྗེ་རིན་ཚུལ་བས་ཞབས་ཏོག་རྒྱ་ ཆེན་པོ་བཀྱག་སྟེ། དབང་རིགས་ཁྲིད་ཚོགས་ཟབ་ཆོས་མང་དུ་འགྲོ་བ་མང་པོ་ལ་གསུངས་སོ། ། དེ་ནས་སྐྱོར་མོ་ལུང་གི་ཐད་ཀར་ཕེབས་ནས། ཆོས་རྗེ་དཔོན་སློབ་རྣམས་ཀྱིས། ཇོ་ཤཱཀ་ གཉིས་ལ་ཡན་ལག་བདུན་པ་ཕུལ་བའི་དུས་སུ། ལྷ་སའི་བར་ཁྱམས་དང༌། ར་སའི་གཙུག་ ལག་ཁང་དུ་མེ་ཏོག་སིལ་མའི་ཆར་བབ་ནས། མི་རྣམས་ཀྱིས་ཅི་ཡིན་ཞེས་གླེང་བ་བྱུང་ངོ༌། ། ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞལ་གཟིགས་སོ། །ཕྱག་རྒྱ་ཆེན་ པོའི་དངོས་གྲུབ་ཐོབ་པའི་རྟགས་ཡིན་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ལས། ཁྲོ་བོ་(བཅུ་)སངས་ རྒྱས་(དྲུག་)ལྷ་མོ་དང་(གཤེགས་མ་དང་)བཅས་ངེས་པར་རོ་ཡི་རྡོ་རྗེ་(མ་ལ་སོགས་དྲུག་)རྣམས་དང་ ས་ཡི་སྙིང་པོ་སོགས། །(བྱང་ཆུབ་སེམས་དཔའ་རྣམས་དང༌། ཁྲོ་བོ་ཁྲོ་མོ་)རབ་ཏུ་དགའ་བའི་(བདེ་བ་ཆེན་པོའི་) ཐུགས་(ཅན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ་)རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་ སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །(ཞིང༌། རྣལ་འབྱོར་)དེ་ཡི་འདོད་པའི་(མཆོག་གི་)དངོས་ གྲུབ་(ཐོབ་པའི་དུས་སུ་)རི་བོང་ཅན་(ཉ་གང་བ་)གྱི་ཞག་གི་(ཉིན་མོའི་དང་པོའི་)ཐོ་རངས་(སྐྱ་རེངས་འཆར་ བ་)དང་ནི་མཚན་མོའི་ཕྱེད་(ཀྱི་དུས་)ལ་(ཐོབ་པར་)འགྱུར། །(དེའི་དུས་སུ་)རིན་པོ་ཆེའམ་མེ་ཏོག་ (གུར་གུམ་)ཆར་ནི་མཆོག་གྱུར་དུས་ཀྱི་(ངོ་བོར་)སྦྱོར་བས་ས་ཡི་སྟེང་དུ་(མེ་ཏོག་སྣ་ཚོགས་པའི་ཆར་) འབབ་པར་འགྱུར། །ཞེས་གསུངས། དེ་ནས་ལྷ་སར་ཕྱགས་ཕེབས་ནས། ཇོ་ཤཱཀ་གཉིས་ལ་ 1-1-260 གསེར་ཆབ་བསྐུས། དཀར་མེ་དང་བདུག་སྤོས་བསམ་གྱིས་མི་ཁྱབ་པ་ཕུལ་ནས། ལྷ་སར་ དགེ་བཤེས་བཞི་བརྒྱ་ཙམ་ལ་དུས་ཀྱི་འཁོར་ལོའི་དབང་ཁྲིད་ཟབ་ཆོས་དུ་མ་གནང་ངོ༌། ། (འཚོ་བ་དང་གྲགས་པའི་ཆོས་གསུངས་བ་མ་ཡིན། ལག་ན་མེ་ཏོག་གི་ལས། འཚོ་བ་ལོངས་སྤྱོད་རྣམ་པ་ཚོལ་ཕྱིར་ དང༌། །བསྟོད་ཅིང་བསྔགས་པ་འདོད་ཕྱིར་མ་ཡིན་ཏེ། །སྙིང་རྗེ་བྱམས་པས་སེམས་དང་ལྡན་ནས་སུ། །བླ་ན་མེད་པའི་ཆོས་རབ་ བཤད་པར་བྱ། །ཞེས་གསུངས་པ་ལྟར། )དེ་ནས་བྲག་ལྷ་ཀླུ་ཕུག་ཏུ་བྱོན་ནས། འབུམ་དུས་འཁོར་ལྟར་ བཤད་པ་ཚར་གཅིག་གསུངས་སོ། །དགུན་སྟོད་ཁྲིད་རྫོགས་པར་གནང་ངོ༌། །ཟླ་བ་གསུམ་ ནས་བཀྱག་སྟེ། འབྲི་གུང༌། སྟག་ལུང༌། གདན་ས་མཐིལ། གསང་ཕུ་ལ་སོགས་པར་གདན་ དྲངས་ནས། དབང་བཀའ་མང་པོ་དང༌། ཕལ་པོ་ཆེའི་ལུང་ལ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ ཆེར་བསྐོར་ཏེ། བསྟན་པ་དང་སེམས་ཅན་ལ་ལྷག་པར་ཕན་པར་བྱུང་ངོ༌། ། དེའི་རིང་ལ་བུ་སྟོན་པས་རང་རེ་གངས་ཅན་བོད་ཁམས་སུ་མཁས་པ་ཡིན་པས། སངས་ རྒྱས་ཀྱི་བསྟན་པ་གད་དར་ཅིག་བྱེད་པ་ཐུགས་ལ་འདོགས་པར་ཞུ་ཞེས་པའི་ཡི་གེ་བསྐུར་ ནས། ཆོས་རྗེའི་ཐུགས་དགྱེས་ནས་ཞ་ལུར་བྱོན་ཏེ། ཞབས་ཏོག་རྒྱ་ཆེན་པོ་ཕུལ་ནས། ཆོས་ རྗེས་ཀྱང་གནང་སྦྱིན་ཆེན་པོ་མཛད་ནས། ཁ་རྩང་ཡི་གེ་བསྐུར་བ་ལེགས་པར་འཕྲོད་པས་ང་ ཡང་དགའ་ནས་འདིར་མཆིས་སོ། །བསྟན་པ་དང་སེམས་ཅན་ལ་ཕན་པའི་དོན་དུ་གསུང་གླེང་ བྱེད་པ་རན་ཞེས་གསུངས་པས། འཇམ་དབྱངས་དཀར་པོ་ལ་སོགས་ཞ་ལུ་བ་རྣམས་སྐྲག་ སྟེ། རིན་ཆེན་དོན་གྲུབ་ལ་ཞུས་པས། ཆོས་རྗེ་རིན་ཆེན་དོན་གྲུབ་ཀྱང་སྐྲག་ནས་རྟེན་འབྲེལ་ ཞིག་བརྟག་དགོས། གསུང་རབ་རྣམས་ལ་ཅི་སྣང་ལོངས་ལ་ཕྱེ་ཤིག་བྱས་པས། གཟིམ་ གཡོག་པས་དེ་བཞིན་དུ་གླེགས་བམ་ཞིག་བླངས་ནས་ཕྱེ་སྟེ། འཕགས་པ་རྔ་བོ་ཆེ་རེད། ཐོན་ གསུངས་ནས། ལོ་བརྒྱད་ཅུ་ནས་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་དེའི་ཚེ་ དེའི་དུས་སུ། གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བས་དེའི་ཚེ་ཐོག་མར་ 1-1-261 བདུད་ཀྱིས་བསྒྱུར་བའི་སེམས་ཅན་སྐྲ་དང་ཁ་སྤུ་བྲེག་པ་དག་གནས་པ་དང༌། དེའི་ཚེ་གཞོན་ ནུས་སྡིག་ཅན་འཁོར་དང་བཅས་པ་གཟུགས་དང་བཅས་པ། བཅིང་བ་ལྔས་བཅིངས་ནས། རི་ བོང་བཞིན་དུ་སྟོན་པར་འགྱུར་ཞིང༌། རྔ་བོ་ཆེའི་མདོ་ལས་གསུངས་པའི་ཆོས་ཆེན་པོ་སྒྲོགས་ པར་འགྱུར། ཆོས་ཆེན་པོའི་རྔ་བོ་ཆེ་བརྡུང་བར་འགྱུར། ཆོས་ཆེན་པོའི་དུང་འབུད་པར་འགྱུར། ཆོས་ཀྱི་མཆོད་སྦྱིན་བྱེད་པར་འགྱུར། ཆོས་ཀྱི་རྒྱལ་མཚན་འཛུགས་པར་འགྱུར་རོ། །ཞེས་བྱུང་ ནས། ཆོས་རྗེ་རིན་གྲུབ་ཀྱིས་ཆོག་གསུངས་པས། ཉེ་གནས་ན་རེ། རྟེན་འབྲེལ་འགྲིག་གམ་ ཞུས་པས། བུ་སྟོན་ན་རེ། དེ་ནི་ཁོང་གི་ལུང་བསྟན་ཡིན་ཏེ། རྟེན་འབྲེལ་མི་འཐད་གསུངས་ ནས། དགོན་སྡེ་པ་ཐམས་ཅད་སྐྲག་གོ །སྐྲག་ནས་གྲོས་བྱས་ཏེ་དུང་དཀར་གསུམ་གསེར་སྐུ་ གཉིས་ཀྱིས་སྣ་དྲངས་པའི་འབུལ་བ་མང་པོ་བཀྱགས་ནས་ཁམས་མི་བདེ་ཞེས་ཞུས་པ་དང༌། ཆོས་རྗེ་རིན་པོ་ཆེས་མཁྱེན་ནས་ཐལ་སྐད་གཅིག་འཕངས་ནས་རིན་གྲུབ་པའི་ཁང་པ་བཀས་ སོ། །རྫུ་འཕྲུལ་དུ་མ་བསྟན་ནས་ཐམས་ཅད་མི་ཕྱེད་པའི་དད་པ་བརྙེས་སོ། །དཀོན་མཆོག་ ཏ་ལ་ལའི་མདོར། དེ་དག་ཀུན་བརྗོད་རྫུ་འཕྲུལ་རྗེས་བསྟན་ནས། །གཟུགས་ཀྱི་བྱིན་རླབས་ མཐུ་སྟོབས་ཐམས་ཅད་དུ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་སྟོན་མཛད་ཅིང༌། །རྫུ་འཕྲུལ་ རྣམ་པར་འཕྲུལ་བས་སེམས་ཅན་འདུལ། །ཞེས་གསུངས། དེ་ནས་[བྱ་[བྱི་བ་]ལོའི་ཟླ་བ་ལྔ་པའི་ཚེས་བཅུ་དྲུག་ལ་ཇོ་ནང་དུ་ཕེབས་ནས། བུ་སློབ་ ཆེན་པོ་སྒྲུབ་པ་ཕོ་མོ་རྣམས་ལ་ཆོས་དང་གནང་སྦྱིན་ཆེན་པོ་མཛད་དོ། །དད་པ་ཅན་རྣམས་ ཀྱིས་ཕུལ་བའི་དངོས་པོ་ཐམས་ཅད་ཟངས་དང་གསེར་དུ་བསྒྱུར་ནས། སྐུ་འབུམ་ཆེན་པོའི་ཕྱི་ ནང་གི་སུར་ཁེབས་དང་རིན་པོ་ཆེ་དུ་མས་སྤྲས་པའི་འོད་ཟེར་འབར་བར་མཛད་དོ། །ལྷ་ཁང་ མ་ཚར་བ་རྣམས་ཡོངས་སུ་རྫོགས་པར་མཛད་དོ། ། དེ་ནས་གཟིམས་ཁང་བདེ་བ་ཅན་དུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པའི་ཚེ་ན། ཟླ་ 1-1-262 བ་གསུམ་དུ་ཆར་བ་མེད་པས་སེམས་ཅན་མང་པོ་ཉེན་ནས་བླ་མ་མང་པོ་དང༌། ཨ་ཙ་ར་མང་ པོས་སེམས་ཅན་ལ་ཁྲལ་བསྡུས་ནས། ཆར་སློང་རྫས་སྔགས་མང་པོ་ལ་བརྟེན་ནས། མཚོ་ དང་ཆུ་མིག་ལ་མ་ཐོན་ས་མེད་ཀྱང༌། ནམ་མཁའ་ལ་སྤྲིན་གཡག་རྔ་ཙམ་སྐྱེ་མ་མྱོང་ངོ༌། །མཚོ་ དང་ཆུ་བོ་རྣམས་ཉམ་ཆུང་ན་ལོ་ཏོག་རྣམས་སྨོས་ཅི་དགོས། དེ་ནས་ཕྱོགས་ཕྱོགས་སུ་བླ་མ་ མང་པོ་དང༌། རྒྱ་མཁར་རྩེ་པ་ལ་སོགས་སྡེ་པ་རྣམས་ཀྱིས། འབུལ་བ་མང་པོ་དང་བཅས་པར་ ཞུ་བ་ཕུལ་ནས། སྙིང་རྗེ་ཚད་མེད་པ་སྐྱེས་ནས་མཚམས་བཀྲོལ་ཏེ་གཟིམས་ཁང་གི་སྟེང་དུ་ བྱོན་ནས། ཀླུ་རྣམས་རབ་ཏུ་བསྐུལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་(ས་གཡོས་ཤིང་)བཀའ་ བསྒོ་མཛད་མ་ཐག་ཏུ་ཀླུའི་རྒྱལ་པོ་པད་མ་(དཀར་པོ་མགོ་ལྔ་)དང༌། སྐྱ་རེངས་(སེར་པོ་ནོར་བུ་ འཛིན་པ་)དང༌། ཡོན་ཏན་གཙུག་ཕུད་(དཀར་པོ་པད་མ་ཐོགས་པ་)དང༌། པན་ཊ་ཀ་(ལྗང་ཁུ་)དང༌། དུང་སྒྲ་(ནག་པོ་)དང༌། གསེར་འོད་(སེར་པོ་)དང༌། ཆར་འཛིན་(མཐང་ཀ་)དང༌། བཀྲ་ཤིས་(སྔོན་ པོ་)དང༌། ཨེ་ལའི་འདབ་མ་(དམར་སྨུག་)ལ་སོགས་ཀླུ་རྒྱལ་རང་རང་གི་འཁོར་དུ་མས་བསྐོར་ ནས། ཕྱོགས་མཚམས་ཐམས་ཅད་དུ་སྤྲིན་དང་ན་བུན་གྱི་གསེབ་ཏུ་གར་(ལིང་ལིང་དུ་)བསྒྱུར་ ནས། ལ་ལས་ཆུ་འཛིན་གྱི་གཟར་བུ་ཕུལ། ལ་ལས་དུང་འབུད། ལ་ལས་གླུ་ལེན། ལ་ལས་ སྤྲིན་གྱི་འཁོར་ལོ་བསྐོར། ཉི་མའི་འོད་བཅིངས། ཟླ་བའི་ལམ་བཅད། སྐར་མའི་དཔུང་བཤིག ། འབྲུག་སྒྲ་དང་གློག་འོད་འཁྱིལ་ནས། ཆར་པ་ཞག་གསུམ་དུ་བབ་ནས་ལོ་ཏོག་དང་རྩི་ཏོག་ ཐམས་ཅད་ལེགས་པར་བསྐྱེད་དོ། །དེ་ནས་བུ་སློབ་དང་ཆར་སློང་གི་ཞུ་བ་པོ་རྣམས་དང༌། ཀླུ་ རྣམས་ལ་གཏང་རག་ཏུ་རྡོ་རྗེ་ལྗགས་ཀྱི་མདོ་དང༌། རྡོ་རྗེ་རྐན་གྱི་མདོ་དང༌། རྡོ་རྗེ་མཆུའི་མདོ་ རྣམས་ཀྱི་ལུང་མཛད་དོ། ། སྐྱིད་ཕུག་ཏུ་བྱོན་ནས། ཨེ་ཝཾ་སྒྲ་སྒྲུབ་ཚར་གཅིག་གསུང་དུས་སུ། ཐ་སྐར་གྱི་ཟླ་བའི་ ཚེས་བཅོ་ལྔའི་སྔ་དྲོ་ལ། ནམ་མཁའ་དྭངས་པའི་དཀྱིལ་དུ་འཇའ་འོད་སྣ་ཚོགས་གུར་ཁྱིམ་གྱི་ 1-1-263 དབུས་སུ་རྡོ་རྗེ་འཆང་དང་གྲུབ་ཆེན་བརྒྱད་བྱོན་ནས། བྱིན་རླབས་དང་ལུང་བསྟན་མཛད་དོ། ། ཁྱད་པར་དུ་ཨིནྡྲ་བྷོ་དྷི་ལ་སེམས་འགྲེལ་སྐོར་གསུམ་གསན་ཏོ། །དེའི་ཚེ་ན་འདི་གསུངས་ སོ། ། ན་མོ་གུ་རུ་བྷྱཿ ནམ་མཁའི་མདོག་ཅན་ཆོས་སྐུ་རྡོ་རྗེ་འཆང༌། །འགྱིང་བག་རུས་རྒྱན་ རྡོ་རྗེ་དྲིལ་བུ་འཛིན། །མཁའ་སྤྱོད་དཀར་དམར་མཁའ་འགྲོ་ཡུམ་དང་བཅས། །ཕ་མཆོག་ རྡོ་རྗེ་འཆང་ལ་གསོལ་བ་འདེབས། །(ཁ་ཆེ་)གུར་གུམ་མདངས་ལྡན་ཀླུ་སྒྲུབ་འཛམ་གླིང་ རྒྱན། །ནགས་ཀྱི་ལྷ་མོས་འཆི་མེད་བདུད་རྩི་ཕུལ། །(མཆོག་གི་)དངོས་གྲུབ་བརྙེས་ནས་ གཞན་དོན་རྒྱུན་མི་འཆད། །མཁས་མཆོག་གྲུབ་ཆེན་ཞབས་ལ་གསོལ་བ་འདེབས། །ཨིནྡྲ་ བྷོ་དྷི་ལྗང་སྔོན་དུ་བའི་མདོག །རྒྱལ་རིགས་སྤྱོད་པ་ཨོ་རྒྱན་གནས་སུ་བཞུགས། །སྲས་དང་ ལྷན་ཅིག་མཁའ་སྤྱོད་ཞིང་དུ་གཤེགས། །གསང་སྔགས་བསྟན་འཛིན་ཞབས་ལ་གསོལ་བ་ འདེབས། །རྒྱལ་བའི་སྲས་མཆོག་ཌོམ་བྷི་ཧེ་རུ་ཀ ། སྨུག་ནག་གཅེར་བུས་རྫུ་འཕྲུལ་སྟག་ལ་ ཞོན། །གདིང་བ་བཏིང་ནས་ཆུ་བོ་གང་གཱ་བརྒལ། །རྫུ་འཕྲུལ་དབང་ཐོབ་ཞབས་ལ་གསོལ་ བ་འདེབས། །བྲམ་ཟེ་ཆེན་པོ་དཔལ་ལྡན་ས་ར་ཧཱ། །གསེར་མདོག་ཉོན་མོངས་འབིགས་པའི་ མདའ་སྤྱོད་ཅིང༌། །དཔལ་གྱི་རི་ཡི་གནས་སུ་ནམ་མཁར་གཤེགས། །རླུང་སེམས་དབང་ཐོབ་ ཞབས་ལ་གསོལ་བ་འདེབས། །གྲུབ་ཆེན་རས་མའི་མདོག་ཅན་དྲིལ་བུ་པ། །ཡུམ་སྲས་འཇའ་ གུར་འཁྱིལ་བའི་འོད་ལམ་དུ། །རྡོ་རྗེ་དྲིལ་བུ་བསིལ་ནས་ནམ་མཁར་གཤེགས། །མཁའ་ སྤྱོད་དབང་ཐོབ་ཞབས་ལ་གསོལ་བ་འདེབས། །ཀར་ཤམ་མདོག་ཅན་དཔལ་ལྡན་ཀུ་ཀུ་རི། ། མཉེས་བྱེད་མཁའ་འགྲོ་ཁྱི་གཟུགས་པང་ནས་རོལ། །དངོས་གྲུབ་བརྙེས་ནས་ཐོགས་མེད་ མཁའ་ལ་གཤེགས། །གྲུབ་ཆེན་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །དུད་ཁའི་མདངས་ ལྡན་རྒྱལ་སྲས་ལུ་ཧཱི་པ། །གདུག་པའི་ཉ་ལྟོ་གསོལ་ནས་དངོས་གྲུབ་བརྙེས། །དགེ་སློང་ཚུལ་ 1-1-264 འཛིན་འཁོར་བའི་རྒྱ་མཚོ་བརྒལ། །བརྟུལ་ཞུགས་མཆོག་ལྡན་ཞབས་ལ་གསོལ་བ་འདེབས། ། པད་མ་བཛྲ་མདོག་དཀར་ཁྱིམ་པའི་གཟུགས། །(ཨ་མྲའི་)ཤིང་ཏོག་གསོལ་ཞིང་ལམ་མཆོག་ (སྦྱོར་དྲུག་)བསྒོམ་པར་མཛད། །རྫུ་འཕྲུལ་སྟག་མོ་བཅིབས་ཏེ་ནམ་མཁར་གཤེགས། །གདུག་ ཅན་འདུལ་མཛད་ཞབས་ལ་གསོལ་བ་འདེབས། །གྲུབ་ཆེན་བརྒྱད་ལ་གསོལ་བ་བཏབ་པའི་ མཐུས། །བདག་ཅག་དཔོན་སློབ་འཁོར་བཅས་ཐམས་ཅད་ཀྱི། །གནས་སྐབས་ཀུན་ཏུ་མི་ མཐུན་བར་ཆད་སེལ། །མཐུན་པའི་ལམ་སྣ་ཆོས་ལ་དྲང་དུ་གསོལ། །ཞེས་ཞལ་གཟིགས་པའི་ དུས་སུ་མཛད་པའོ། ། དེ་ནས་དབུས་གཙང་གཉིས་ལ་ནད་སྣ་བདུན་དྲུག་གིས་མི་ཀུན་ཁ་བཏགས་ནས་བླ་མ་ སྔགས་པ་ནུས་པ་ཅན་ཐམས་ཅད་ཀྱིས་ཐབས་ཇི་ལྟར་བྱས་ཀྱང་ཕན་དུ་མ་བཏུབ་པས་ཆོས་རྗེ་ ལ་ཞུས་པས། ཆོས་རྗེས་བདེན་སྟོབས་བརྗོད་ཅིང་ཆོས་སྐྱོང་ལ་གཏོར་མ་བཏང་ནས། བར་ སྣང་ལ་མེ་ལྕེ་དམར་ནག་མཆེད་པ་འུར་སྒྲ་དང་བཅས་པའི་དབུས་སུ་གུར་གྱི་མགོན་པོ་ཟླུམ་ པོའི་སྟབས་ཅན་གཡས་གྲི་གུག་འཕྱར་བ། གཡོན་ན་ཀ་པཱ་ལ་འཛིན་པ་འཇིགས་སུ་རུང་བའི་ གཟི་བརྗིད་ཤིན་ཏུ་ཆེ་བ། ལྷ་མོ་རེ་མ་ཏིས་རལ་གྲི་འཕྱར་བ། གཡོན་ནས་བདུད་རྩིའི་བུམ་པ་ སྦྲེང་བ། གནོད་སྦྱིན་(ཡབ་ཡུམ་པུ་ཊ་མིང་སྲིང་)དང་བཅས་པ་བྱོན་ནས། ནད་སྣའི་ར་མདའ་བཟློག་ ཅིང༌། བཀའ་བསྲུང་གི་ཚུལ་དུ་བཞུགས་སོ། ། དེ་ནས་འཛུམ་ཆོས་ལུང་དུ་བྱོན་ནས། རྣམ་རྒྱལ་མཆོད་རྟེན་བཞེངས་པའི་དུས་སུ། གཟིམས་ཁང་དུ་དཔལ་རི་ཁྲོད་མགོན་པོ་ལ་པད་མ་ཝ་ཏི་དང་ཛྙཱ་ན་ཝ་ཏི་ལ་སོགས་མཁའ་ འགྲོ་མང་པོས་བསྐོར་ནས་ནམ་མཁར་བྱོན་ནས། ཕྱག་གཉིས་གླང་པོ་ཆེའི་སྣ་ལྟར་བརྐྱངས་ ནས། དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་དགོངས་པ་གཅིག་ཏུ་བསྡུས་པའི་བྱིན་རླབས་ ཆོས་རྗེ་ལ་སྤྲོས་ནས་སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཟབ་མོ་རྫོགས་པར་གསན་ཏོ། །ཟབ་ 1-1-265 མོ་ནི་གང་ཞེ་ན། རབ་འབྱོར། ཟབ་མོ་ཞེས་བྱ་བ་ནི། དེ་བཞིན་ཉིད་དང༌། ཡང་དག་པའི་ མཐའ་དང༌། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཡུམ་བར་མ་ལས། ཆོས་ཉིད་ཀྱི་ཡོན་ ཏན་ནི་ཚད་མ་མཆིས་སོ། །ཞེས་སོ། །ཆོས་ཉིད་ནི་སེམས་ཅན་ཐམས་ཅད་ལ་གཞི་གདོད་མ་ ནས་བཞུགས་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ཏེ། དེ་ཡང་མདོ་རྒྱུད་ཡུམ་གསུམ་ ལས་གསུངས་ཏེ། སངས་རྒྱས་ཕལ་པོ་ཆེར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་ དག་རྗེས་སུ་མ་བཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ནི་འགའ་ཙམ་ཡང་མེད་ དོ། །ཞེས་སོ། །དེ་བཞིན་གཤེགས་པའི་སྙིང་པོའི་མདོར། དེ་བཞིན་གཤེགས་པ་རྣམས་ནི་བྱུང་ ཡང་རུང༌། མ་བྱུང་ཡང་རུང༌། སེམས་ཅན་རྣམས་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ ཅན་ནོ། །ཞེས་སོ། །རྔ་བོ་ཆེའི་མདོར། དེ་ལ་སེམས་ཅན་གྱི་ཁམས་ནི་དེ་བཞིན་གཤེགས་པའི་ སྙིང་པོ་རྟག་པ་ཡོད་དོ། །ཞེས་གསུངས། སོར་ཕྲེང་ལ་ཕན་པའི་མདོར། སེམས་ཅན་ཐམས་ ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ་ཉོན་མོངས་པ་བྱེ་བས་གཡོགས་ནས་བུམ་པའི་ ནང་གི་མར་མེ་བཞིན་དུ་འདུག་གོ །ཞེས་གསུངས། མདོ་སྡེ་ཉི་མའི་སྙིང་པོར། སེམས་ཅན་ རྣམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་སོགས་དུ་མར་གསུངས་སོ། ། རྒྱུད་ལས་གསུངས་པ་ནི། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར། སེམས་ཅན་རྣམས་ནི་སངས་ རྒྱས་ཉིད་དེ་ཆེན་པོའི་སངས་རྒྱས་གཞན་ནི་འཇིག་རྟེན་ཁམས་ན་ཡོད་མ་ཡིན། ། ཞེས་གསུངས། བརྟག་གཉིས་རྒྱུད་ལས། འཇིག་རྟེན་འདི་ན་གང་དུ་ཡང༌། །སངས་ རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ ལ་བསྟན་དུ་མེད། །ཅེས་གསུངས། སམ་བུ་ཊིའི་རྒྱུད་ལས། རང་གི་ལུས་ལ་སངས་རྒྱས་ བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ ལས་གཞན་དུ་སངས་རྒྱས་འདོད། །ཅེས་སོགས་དང༌། ཡུམ་མཆོག་ལས། ཀུན་ཏུ་བཟང་པོ་ 1-1-266 སེམས་ཅན་ཐམས་ཅན་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་སོ། །ཡུམ་བར་མ་ གཅིག་པུ་ཁོ་ན་ལས། དོན་དམ་པའི་བདེན་པ་ནི་སེམས་ཅན་ཐམས་ཅད་ལ་ཡོད་དོ། །ཞེས་ སོགས་གསུང་རབ་མང་པོར་གཞིའི་མཐར་ཐུག་དྲི་བཅས་བདེ་གཤེགས་སྙིང་པོའི་ཡོན་ཏན་ ཀུན་ཚང་གི་སངས་རྒྱས་བཞུགས། ཞེས་གསལ་བར་གསུངས་ཏེ། ལྟ་ངན་འགལ་ཞིག་གིས། རང་སེམས་རྟོགས་ན་ཆོས་སྐུ་ཡིན་ལ་མ་རྟོགས་ན་འཁོར་བ་ཞེས་འདོད་དེ། དེ་ནི་གསུང་རབ་ དང་ཆེས་ཆེར་འགལ་བར་ཐལ། རྣམ་ཤེས་དང་ཡེ་ཤེས་ཀྱི་ཕྱེ་བ་མི་ཤེས་པའི་ཕྱིར་རོ། །དཔལ་ ལྡན་དྲི་མེད་འོད་ལས། རྣམ་པར་ཤེས་པ་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དོ། ། ཞེས་གསུངས། (འཕགས་པ་ལག་ན་མེ་ཏོག་ལས། རྣམ་པར་ཤེས་པའི་ཆོས་ཉིད་ནི་འཇིག་རྟེན་པའོ། །འཇིག་རྟེན་པའི་ ཆོས་ནི་འཇིག་རྟེན་ལས་འདས་པའི་ཆོས་མ་ཡིན་ནོ། །འཇིག་རྟེན་ལས་འདས་འདས་པ་མ་ཡིན་པས། །དེ་ནི་མུ་རྟེགས་ཅན་གྱི་བྱེད་ དོ། །གང་མུ་རྟེགས་ཅན་གྱིས་བྱེད་པ་ནི། །སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས་གསུངས་ པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །ཞེས་དང༌། )མཚན་ཡང་དག་པར་བརྗོད་པ་ལས། རྣམ་པར་ཤེས་ པ་ཆོས་ཉིད་འདས། །ཞེས་སོགས་དུ་མར་གསུངས་ཏེ། གཞན་དུ་ཤེས་པར་བྱའོ། །དེ་ལྟར་ སེམས་ཅན་ཐམས་ཅད་ལ་བཞུགས་པའི་སངས་རྒྱས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་ པས་མ་མཐོང་ནས་ལམ་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་དྲི་མ་སྦྱངས་པར་མདོ་རྒྱུད་ཡུམ་ གསུམ་ལ་སོགས་མང་པོར་གསུངས་སོ། །མྱང་འདས་ཆེན་པོའི་མདོར། སེམས་ཅན་ཐམས་ ཅད་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ཀྱི། མ་བསྒོམས་པས་མ་མཐོང་སྟེ། དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་གྱུར་ཏོ། །ཞེས་གསུངས་ སོ། ། དེ་ནས་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་དགོས་པ་གལ་ཆེ་བར་གསུངས་ སོ། །གསང་བ་འདུས་པའི་རྒྱུད་ལས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །ཟུང་དུ་འཇུག་པའི་ 1-1-267 ཏིང་འཛིན་གྱིས། །རྣམ་རྟོག་མེད་པར་བཞུགས་པ་ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །ཅེས་ གསུངས། སཾ་བུ་ཊི་ལས། རྟོག་པའི་གནས་སུ་སྤངས་ནས་ནི། །བློ་ལྡན་གང་ཞིག་མི་རྟོག་ གནས། །ཐུགས་ཀྱི་རྡོ་རྗེས་གསུངས་པ་བཞིན། །དེ་ལས་དངོས་གྲུབ་ཐེ་ཚོམ་མེད། །ཅེས་ སོ། །ཡུམ་ལས། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ། །རྣམ་ པར་མི་རྟོག་པ་ནི་སངས་རྒྱས་སུ་བརྗོད་པའོ། །རྣམ་པར་མི་རྟོག་པ་ནི་བྱང་ཆུབ་ཏུ་བརྗོད་དོ། ། ཞེས་གསུངས། གསེར་འོད་དམ་པའི་མདོར། རིགས་ཀྱི་བུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ ལས་གུད་ནས་ཡེ་ཤེས་འཕགས་པ་མེད་དོ། །ཞེས་དང༌། (ལག་ན་མེ་ཏོག་གི་མདོར། གང་རྣམ་པར་མི་རྟོག་ པ་དེ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཞེས་གསུངས། )ཡུམ་ཉི་ཁྲི་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ གང་གི་རྣ་ལམ་དུ་གྲགས་པ་དེ་ནི་སྔོན་གྱི་རྒྱལ་བ་རྣམས་ལ་བསྙེན་བཀུར་དང་དགེ་བའི་རྩ་བ་ བསྐྱེད་པའོ། །ཞེས་གསུངས་པའི་ལམ་གྱི་ཤེར་ཕྱིན་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་ཡིན་ ནོ། །གསང་འདུས་ལས། དེ་ནས་ཕྱག་རྒྱ་ཆེན་པོ་ཡི། །དངོས་གྲུབ་བསྒྲུབ་ཕྱིར་བསྒྲུབ་པ་ནི། ། སྦྱོར་བ་ཡན་ལག་དྲུག་པོ་ཡིས། །རྣལ་འབྱོར་པ་ཡིས་བསྒྲུབ་པར་བྱ། །དེ་ཡང་བསྙེན་བསྒྲུབ་ ཡན་ལག་བཞིར་བསྡུས་པ་ནི། རྒྱུད་དེ་ཉིད་དུ། བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་བསྒྲུབ་ པ་གཉིས་པ་ཡིན། །བསྒྲུབ་པ་ངེས་པར་གསུམ་པ་ཡིན། །བསྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་ གསུངས་པའི་རྣམ་པར་མི་རྟོག་པ་ལ་གནས་པ་ནི་མཆོད་པའི་མཆོག་ཏུ་གྱུར་པར་གསུངས་སོ། ། བདེ་མཆོག་རྩ་རྒྱུད་ལས། རང་རིག་སྟོང་པར་རྟོགས་པ་ནི། །འོད་གསལ་དེ་ཉིད་ཆོས་ཀྱི་སྐུ། ། ཞེན་པ་རྣམས་དང་བྲལ་བ་ན། །བླ་ན་མེད་པའི་མཆོད་པའོ། །ཞེས་གསུངས་པ་ལྟར། ཁམས་ ནས་བཞུགས་པའི་སངས་རྒྱས་ལ། །ཕྱི་ཡི་མཆོད་རྫས་ཐམས་ཅད་དང༌། །ཕྱག་དང་བསྐོར་བ་ སྔགས་བཟླས་སོ། །ཕུལ་ཀྱང་མཉེས་པར་མི་འགྱུར་ཏེ། །(འཕགས་པ་ལག་ན་མེ་ཏོག་གི་མདོ་ལས། གལ་ ཏེ་ཏིང་འཛིན་འདི་བསྒོམ་ནས། །སངས་རྒྱས་དག་ནི་མཆོད་མི་དགོས། །བྱེ་མ་སྤོས་དང་བྱུག་པ་དང༌། །གོས་དང་ཟས་དང་སྨན་ 1-1-268 རྣམས་ཀྱི། །སངས་རྒྱས་དག་ལ་མཆོད་པ་ནི། །ཡང་དག་མཆོད་པ་ཞེས་མི་བྱ། །བཅོམ་ལྡན་འདས་བྱང་ཆུབ་སྙིང་རྗེ་ནི། །ཤིན་ ཏུ་དམ་པའི་ཆོས་བརྙེས་པ། །བསྒོམ་ཞིང་ནན་ཏན་བྱེད་པ་དེས། །ཡང་དག་སངས་རྒྱས་མཆོད་པའོ། །)རྣམ་པར་མི་རྟོག་ པའི་ཏིང་ངེ་འཛིན་གྱིས་མཆོད་ནས་སངས་རྒྱས་སུ་འགྱུར་གསུངས་སོ། །རྒྱུད་ལས། སེམས་ ཅན་རྣམས་ནི་སངས་རྒྱས་ཉིད་དེ་འཇིག་རྟེན་ཁམས་འདིར་ཆེན་པོའི་སངས་རྒྱས་གཞན་ནི་ ཡོད་མ་ཡིན། །དེ་ལ་རྣམ་པར་མི་རྟོག་པ་ཡིས་མཉེས་པར་བྱས་ནས་དཔག་ཏུ་མེད་པའི་སྲིད་ པ་གཅོད་པར་བྱེད། །ཅེས་གསུངས་སོ། །འདི་ཐོས་པ་ཙམ་གྱིས་ཕན་ཡོན་ཆེ་བར་གསུངས་ སོ། །མདོ་ལས། ཤཱ་རིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་སམ། གནས་པ་དེ་ནི་ ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །ཞེས་པའི་ཕན་ཡོན་ཆེ་ནས་དངོས་སུ་བསྒོམ་ པ་ལ་སྨོས་ཅི་དགོས་སོ། །དེ་ཡང་ཡུམ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནམ་འཚོའི་བར་དུ། སེམས་ཅན་དེ་དག་ཐམས་ཅད་ལ་གོས་དང་ ཟས་དང་མལ་ཆ་དང་ཡོ་བྱད་དང་བདེ་བའི་འཚོགས་ཆས་ཐམས་ཅད་ཀྱིས་རིམ་གྲོར་བྱས་ན། རབ་འབྱོར། དེ་ཅི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་གཞི་ ལས་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ། ཆུང་ངུ་ནས་སེ་གོལ་གཏོགས་པའི་སྲིད་དུ་བསྒོམས་ནས། དེ་བས་ཆེས་བསོད་ནམས་ མང་དུ་བསྐྱེད་དོ། །ཏིང་ངེ་འཛིན་གང་གིས་བསྒྲུབ་པ་དེ་ནི་ཉོན་མོངས་པ་མེད་པ་ཞེས་བྱའོ། ། ཞེས་གསུངས་པ་ལྟར། མན་ངག་ཟབ་མོའི་ལམ་ཤིན་ཏུ་ཉེ་རྒྱུད་དེ། རྡོ་རྗེ་འཆང༌། ཤ་བ་རི་ པ། ཆོས་རྗེ་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཆོས་རྗེ་ཐམས་ཅད་མཁྱེན་པ་ལ། ཤ་ བ་རི་པས་ཞལ་གཟིགས་ནས་བསྟོད་པ་འདི་གསུངས་སོ། ། 1-1-269 ༀ་སྭ་སྟི། ཆུ་འཛིན་བྲལ་བའི་མཁའ་དབྱིངས་དག་པ་ལ། །སྤྲོས་མེད་འཇའ་འོད་གུར་ ཁྱིམ་གཞལ་ཡས་སུ། །རཱ་གའི་མདངས་ལྡན་དཔལ་ལྡན་ཤ་བ་རི། །སྐྱོན་བྲལ་ཡོན་ཏན་རྒྱས་ ལ་གསོལ་བ་འདེབས། །རུ་རུའི་པགས་པ་འཕྱར་ཐབས་གོས་སུ་གྱོན། །ཐུང་ཞིང་སྦོམ་ལ་ རིན་ཆེན་རུས་རྒྱན་སྤྲས། །ཕྱེད་བཅས་སྐྱིལ་ཀྲུང་གར་གྱིས་རྣམ་པར་རོལ། །ཞལ་གདངས་ ཁྲོ་འཛུམ་ཅན་ལ་གསོལ་བ་འདེབས། །ད་ནུ་སྐ་རའི་ཕྲེང་བ་སེ་རོལ་བརྒྱན། །བ་མེན་རྭ་ཆུང་ གཡས་ཀྱི་ཕྱག་ན་ཐོགས། །གཡོན་ན་མི་རྐང་གླིང་བུ་ཀྱུ་རུ་རུ། །རྣལ་འབྱོར་རི་ཁྲོད་མགོན་ལ་ གསོལ་བ་འདེབས། །གནས་གསུམ་དཔའ་བོ་བྲོ་བརྡུང་ཁྲིགས་སེ་ཁྲིགས། །དཔའ་མོ་གསུང་ དབྱངས་གླུ་ལེན་འུ་རུ་རུ། །སྣ་ཚོགས་ཆོས་ཀྱི་སྒྲ་དབྱངས་སི་ལི་ལི། །དཔལ་ལྡན་རི་ཁྲོད་ ཞབས་ལ་གསོལ་བ་འདེབས། །རི་ཁྲོད་དབང་ཕྱུག་ཁྱོད་ལ་བསྟོད་པའི་མཐུས། །ལས་ངན་ཆུ་ འཛིན་བག་ཆགས་སྒྲིབ་གཉིས་ཀུན། །མི་རྟོག་ཡེ་ཤེས་སེར་བུས་རས་བསྐྱོད་དེ། །ཆོས་ཉིད་ ནམ་མཁའ་བཞིན་དུ་མཐོང་བར་ཤོག །ཅེས་གསུངས། དེ་ནས་ཟླ་བ་དྲུག་པར་ཇོ་ནང་དཔལ་དུ་བྱོན་ནས་བཞུགས། ས་ཆོག་མཛད་ཚེ། སྐུ་ འབུམ་ཆེན་པོའི་བྲེའི་ནང་དུ་ཐ་སྐར་གྱི་ཚེས་བཅོ་ལྔར་ཨོ་རྒྱན་པད་མ་དང༌། ཨིནྡྲ་བྷོ་དྷི་དང༌། ཀུ་ཀུ་རི་པ་དང༌། ཉ་ལྟོ་པ། བིར་བཱ་པ། ལུ་ཧཱི་པ། དྲིལ་བུ་པ། ས་ར་ཧཱ་པ་སྟེ་བརྒྱད་འཇའ་ འོད་ཀྱི་གསེབ་ཏུ་བྱོན་ནས། ལ་ལས་མེ་ཏོག་འཐོར། ལ་ལས་སྤོས་འདེབས། ལ་ལས་རོལ་ མོ་དཀྲོལ། གསུང་གླེང་མང་དུ་མཛད་དེ། དུས་ཅིག་ཏུ་དེ་དག་ལ་སེམས་འགྲེལ་སྐོར་གསུམ་ གསན་ཏོ། །དེ་ནས་ཉེ་གནས་ཀྱིས་ཚོར་ནས་ནང་དུ་ཕྱིན་མ་ཐག་ཏུ་འཇའ་འོད་ལམ་ལམ་དུ་ སོང་ནས་ཡལ་བས། ཆོས་རྗེས་ཅི་དགོས་གསུངས་སོ། ། དེ་ནས་གློ་འབུར་ཆེན་པོའི་སྟེང་དུ་བྱོན་ནས། སངས་རྒྱས་སྨན་པའི་རྒྱལ་པོ་འཁོར་ བཅས་བྱོན་ནས། འོད་ཟེར་སྣ་ཚོགས་པའི་དྲ་བ་དྲ་ཕྱེད་དུ་ཁྱབ་པས། དྲ་མིག་རེ་རེ་ལ་སངས་ 1-1-270 རྒྱས་འཁོར་བཅས་རེ་རེ་བཞུགས་ནས། ཆོས་ཀྱི་གསུང་གླེང་ཡང་ཡང་མཛད་པ་དང༌། དྲན་པ་ ཉེར་བཞག་ཚར་གཅིག་གསན་ཏོ། ། དེ་ནས་ཁམས་པ་ལས་སད་པ་ཞིག་(དེ་ཡང་བྱམས་པ་ཁ་ཆེ་ཡིན་ལ། )སྐུ་འབུམ་ལ་བསྐོར་བ་ བྱས་ནས། འོད་ཟེར་ཆེན་པོའི་ནང་དུ་ཆོས་རྗེ་པ་བཞུགས་ནས། སྣ་ཚོགས་པའི་ཙན་དན་གྱི་ དྲི་བསུང་གིས་ཕྱོགས་ཀུན་རྣམ་པར་ཁེངས་ནས། མི་ཕྱེད་པའི་མོས་གུས་སྐྱེས་ཏེ། ཉེ་གནས་ (དགེ་སློང་སངས་རྒྱས་རིན་ཆེན་)ལ་ཞུ་བ་ཕུལ་ནས། དར་(ལིང་)ཡུག་གཅིག་(འཛམ་བུ་ཆུ་བོའི་)གསེར་ སྲང་གཉིས་ཆོས་གོས་གཅིག་ཕུལ་ཏེ། མཇལ་ནས་དྲི་བ་མང་དུ་བྱས་སོ། །མཐར་བྱང་ཆུབ་ སེམས་དཔའ་ལི་ཙ་བཱི་དང༌། ཀླུ་སྒྲུབ་དང༌། བར་སྐབས་སུ་ཆོས་རྗེ་འབྲི་གུང་བ། རེས་འགའ་ རྒྱལ་པོ་སྲོང་བཙན་སྒམ་པོར་གྱུར་པ། ད་ལྟ་ཀུན་མཁྱེན་ཆེན་པོ་ཉིད་ཡིན་ནམ་ཞུས་པས། ཆོས་རྗེས་ཡིན་གསུངས་ནས་ཞལ་གྱིས་བཞེས་སོ། །(ཁོ་བོ་ཆོས་རྗེ་དེ་ཉིད་ཀྱི་དྲུང་དུ་ལོ་ངོ་དྲུག་ལ་ཕྱིན་ནང་ གི་ཆོས་བསྐོར་མང་པོ་ཞུས་པའི་ཚེ། ཆོས་རྗེས་བདག་ལ་བུ་ཁྱོད་ད་ནི་ཁམས་ལ་བྱོན་ཤིག བསྟན་པ་ལ་ཕན་པར་འོང་གསུངས་ ནས། བདག་གི་ཕྱག་ཕུལ་ནས་ཁོ་བོ་ཁམས་སུ་མི་འགྲོ། ཕ་མཆོག་ཁྱོད་དང་འབྲལ་མི་ཕོད། ཞུས་པས། དུང་དཀར་གཅིག་བཀའ་ བསྡུས་བཞི་པའི་གླེགས་བམ་གཅིག་གནང་ནས་གསུངས་པ། ཁམས་ཡུལ་སྐྱེས་པའི་ལྷག་བསམ་ལས་འཕྲོ་ཅན། །སྔོན་ལས་སད་ པའི་བྱམས་པར་ཁ་ཆེ་ཁྱོད། །ཐོས་པའི་དཔལ་འབྱོར་ཡོན་ཏན་ལྗོན་ཤིང་རྒྱས། །ད་ནི་མདོ་ཁམས་གནས་སུ་འགྲོ་བ་རན། །ལམ་ འདེགས་མི་དགོས་བདེ་བར་ཕྱིན་པར་འགྱུར། །དེར་ཐོན་གླེགས་བམ་འདི་ནི་བཤད་སྟོན་གྱིས། །དེ་དུས་རྩེ་མདོར་ས་ཆར་འོང་ བ་ཡི། །ཚོང་པ་བརྒྱ་ཕྲག་ཆོས་གྲྭར་འདུས་པའི་ཚེ། །ལྷ་མོའི་སྤྲུལ་བ་བུད་མེད་སྔོ་ནག་གི། །བོང་བུ་ཀ་པ་སོགས་འདབ་གཡས་ གཡོན་ལ། །དཔལ་བེའུ་ནོར་བུ་གཉིས་ཀྱི་སྤུ་རྟགས་ཅན། །ཇ་མར་སྦྲང་རྩི་དར་འབོག་བཀལ་ནས་ཀྱང༌། །ཁྱོད་ལ་ཕུལ་ཚེ་ཐག་ ཐོག་མེད་པར་ལོངས། །ཆོས་ཀྱི་གྲོགས་བཟང་གཏེར་ཆེན་རྡོལ་བ་ལགས། །རྒྱལ་གྱི་ཉིན་ཞིག་བོང་བུ་ཀ་པ་དེ། །གླེགས་བམ་འདི་ ཉིད་བཀལ་ཏེ་རྒྱབ་ཏུ་དེད། །ཁོ་རང་གར་སོང་སོང་ལ་འགྲོ་རུ་ཆུག །བོང་བུ་གར་ཉལ་ས་ལ་དུང་འདི་བུས། །ང་ལ་གསོལ་བ་ཐོབ་ དང་དགོན་པ་གྱིས། །བསྟན་པའི་བ་དན་མཁའ་ལ་ཕྱར་བར་འགྱུར། །ངའི་ཆོས་ལུགས་བྱེད་པའི་དགེ་སློང་མང་དུ་འབྱུང༌། །སྐྱེ་ 1-1-271 བོ་དུ་མ་སྨིན་གྲོལ་ལམ་ལ་འཇུག །རྡོ་རྗེ་མཆེད་དྲུག་མིང་ཅན་གནས་བདག་གིས། །དེ་ཚེ་ཁྱོད་ཀྱི་བཀའ་བསྲུང་བྱེད་པར་འགྱུར། ། ཐོས་པ་འདི་ཙམ་ཡིན་གྱིས་བྱམས་པར་ཁྱོད། །ཁམས་སུ་སོངས་ཤིག་གཞན་ཕན་མ་མས་འབྱུང༌། །ཞེས་སོགས་སྐབས་སྐབས་ སུ་བདག་པ་ལུང་བསྟན་གནང་བ་ལགས་སོ། །དེ་ཡང་ངོ་མཚར་མེད་ཅིང་ཆོས་བཞིན་དུ་གྱུར་ཅིག)དེ་མིན་གྱི་སྐུའི་སྐྱེ་བ་ གང་དང་གང་དུ་བཞེས་པའི་ཚུལ་དཔག་ཏུ་མེད་པ་ཞིག་ངས་ཤེས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ བློར་མི་ཤོང་བས་སྐུར་བ་འདེབས་པའི་གཞིར་གྱུར་པས་མི་འབྲི་གསུངས་ནས་མ་གནང་ངོ༌། ། (དེ་ནས་འཛམ་སྟོན་གྱིས་གསུང་འཕྲིན་བསྐུར་བ་ནི། )མཉམ་མེད་སྐུ་དྲིན་ཅན་གྱི་དྲུང་དུ་ཞུ། །རྣམ་ ཤེས་ཡེ་ཤེས་ཕྱེ་བའི་ཁྱད་པར་ཅན། །དཔེ་ཉུང་དོན་གསལ་གོ་བདེ་གཅིག །བཀའ་སྩལ་པ་ནི་ བདག་ལ་གནང་བར་ཞུ། ། ན་མ་ཤྲཱི་ཀ་ལ་ཙཀྲ་ཡཿ བདེ་སྟོང་རོལ་བའི་དཔག་བསམ་ཡལ་འདབ་རྒྱས། །ཏིང་འཛིན་ མེ་ཏོག་འོད་གསལ་འདུས་མ་བྱས། །དུས་འཁོར་བདེ་གཤེགས་སྙིང་པོ་བཅོམ་ལྡན་འདས། ། སྐྱབས་མཆོག་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐར་པའི་དོན་གཉེར་སྐྱེས་བུ་དམ་པ་ཁྱོད། ། བསྟན་པའི་མཐར་ཐུག་ཐེག་པ་ཀུན་གྱི་རྩེ། །གཞན་སྟོང་ཟབ་མོའི་བ་དན་མཁའ་ལ་འཕྱར། ། ཆོས་གྱི་དུང་ཆེན་འབུད་པའི་དུས་སུ་ཉོན། །བུམ་པའི་ནང་དུ་སྦྲང་མ་འཁོར་བ་བཞིན། ། ཁམས་གསུམ་མཐའ་དག་སྡུག་བསྔལ་རང་བཞིན་སྤྱོད། །དེ་ལས་ཐར་བྱེད་དམ་ཆོས་དགོས་ འགྱུར་གསུངས། །དེ་སྣོད་དལ་འབྱོར་མིན་པ་བྱེད་པ་མེད། །དཔེ་གྲངས་རྒྱུ་གསུམ་སྒོ་ནས་ རྙེད་དཀའ་བ། །གལ་ཏེ་རྙེད་ཀྱང་ཆུ་ཡི་ཆུ་བུར་བཞིན། །རྩྭ་རྩེའི་ཟིལ་བ་རླུང་གསེབ་མར་མེ་ ལྟར། །འཆི་བ་མི་རྟག་ཡིན་པར་ཐུགས་ལ་ཞོག །འཆི་ཙམ་མི་ཕན་སྡིག་པའི་ཡོ་ལང་གིས། ། འཆི་ཁར་བར་དོའི་འཇིགས་སྐྲག་སྣ་ཚོགས་དང༌། །ངན་སོང་གསུམ་གྱི་སྡུག་བསྔལ་ཡ་ང་བ། ། ལེ་ལོ་མི་ཁོམ་ཤིན་ཏུ་འབད་པར་འཚལ། །ལར་ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །གདོད་ ནས་མ་གྲུབ་རང་རང་ངོ་བོས་སྟོང༌། །དཔེར་ན་ནམ་མཁའི་མེ་ཏོག་ལྟ་བུ་སྟེ། །འོན་ཀྱང་རྣམ་ 1-1-272 ཤེས་བག་ཆགས་དག་གིས་བསླང༌། །ལར་དེ་འདྲ་མི་ཤེས་ཕལ་བ་ཡི། །འཁྲུལ་སྣང་དངོས་ པོ་བདེན་པར་བཟུང་བ་ལ། །ལས་དང་ཉོན་མོངས་སྣ་ཚོགས་ཉིད་དུ་འཆར། །འདི་དག་འགྲོ་ བ་མང་པོ་བསླུས་པར་བྱེད། །བསླུས་ཀྱང་མི་ཕན་རླུང་སེམས་མ་འགགས་པར། །འཁྲུལ་སྣང་ སྲིད་པའི་རྦ་རླབས་སྣ་ཚོགས་འཆར། །དཔེར་ན་མཁྲིས་ནད་རྒྱས་པའི་གང་ཟག་ལ། །དུང་ དཀར་དྲི་མེད་སེར་པོར་མཐོང་བ་ལྟར། །དེ་ནས་རླུང་སེམས་འགྱུ་བ་འགགས་པའི་ཐབས། ། བྱང་ཕྱོགས་ཤམ་བྷ་ལ་ཡི་ཁྱད་ཆོས་མཆོག །དུས་འཁོར་བདེ་གཤེགས་སྙིང་པོ་མཆོག་ཏུ་ བསྔགས། །ཆོས་གཞན་ཐར་ཐོར་དག་གིས་དགག་མི་ནུས། །རྣམ་ཤེས་འགགས་ནས་ཡེ་ ཤེས་མངོན་དུ་འགྱུར། །མཁྲིས་ནད་དག་པས་དུང་དཀར་གསལ་བ་བཞིན། །དེ་ལྟར་རྟོགས་ པ་ཆོས་ཤེས་ནང་ན་དཀོན། །སྐྱེ་བོ་ཕལ་པའི་ཁྲོད་ནས་སྨོས་ཅི་འཚལ། །རང་བཞིན་འོད་ གསལ་གློ་བུར་དྲི་མའི་སེམས། །གཉིས་སུ་ཕྱེ་བ་ཅུང་ཟད་ཁྱོད་ལ་བསྟན། །རང་བཞིན་འོད་ གསལ་རྫོགས་པའི་སངས་རྒྱས་ཏེ། །གློ་བུར་དྲི་མ་ཉོན་མོངས་མ་རིག་བདུད། །རང་བཞིན་ འོད་གསལ་ཕྱག་རྒྱ་ཆེན་མོ་སྟེ། །བུམ་ནང་མར་མེ་འབར་བ་ལྟ་བུར་བཞུགས། །གློ་བུར་དྲི་ མའི་སྒྲིབ་གཡོགས་བཀབ་པ་ཡི། །བུམ་པ་ནག་པོ་བཞིན་དུ་རྟོགས་པར་འཚལ། །རང་བཞིན་ འོད་གསལ་དུས་ཀྱི་འཁོར་ལོ་ནི། །མཁའ་ལ་ཉི་ཟླའི་དཀྱིལ་འཁོར་ལྟ་བུར་བཞུགས། །གློ་ བུར་དྲི་མ་ནག་པོའི་སྒྲིབ་གཡོགས་ནི། །སྤྲིན་དང་དུ་བ་ཁུག་རྣ་ལྟ་བུར་གནས། །རང་བཞིན་ འོད་གསལ་དང་པོའི་སངས་རྒྱས་ནི། །དབུལ་པོའི་ཁང་པར་རིན་ཆེན་གཏེར་ལྟ་བུ། །གློ་ བུར་དྲི་མའི་སྒྲིབ་གཡོགས་ངན་པ་ནི། །རིན་ཆེན་བཀབ་པའི་ས་རྡོ་ཉིད་དང་མཚུངས། །རང་ བཞིན་འོད་གསལ་ཆོས་སྐུ་རྡོ་རྗེ་འཆང༌། །ས་ཡི་ནང་དུ་གསེར་གྱི་གར་བུ་བཞིན། །གློ་བུར་དྲི་ མའི་སྒྲིབ་གཡོགས་རྣམ་རྟོག་ནི། །གར་བུ་བསྒྲིབས་པའི་ས་འདམ་དཔེ་དང་མཚུངས། །རང་ བཞིན་འོད་གསལ་དགྱེས་པ་རྡོ་རྗེ་ནི། །སྙེ་མའི་ནང་དུ་འབྲས་བུ་ལྟ་བུར་བཞུགས། །གློ་བུར་ 1-1-273 དྲི་མའི་རྣམ་ཤེས་དེ་ཉིད་ནི། །སྙིང་པོ་གཡོགས་པའི་ཤུན་པ་བཞིན་དུ་གནས། །རང་བཞིན་ འོད་གསལ་བདེ་མཆོག་འཁོར་ལོ་ནི། །དཔེར་ན་སྦྲང་རྩིའི་གོང་བུ་ལྟ་བུར་བཞུགས། །གློ་བུར་ དྲི་མའི་སྒྲིབ་གཡོགས་འགྱུ་བ་ནི། །དེ་ལ་འདུས་པའི་སྦྲང་མ་བཞིན་དུ་གནས། །རང་བཞིན་ འོད་གསལ་མཧཱ་མ་ཡ་ནི། །སངས་རྒྱས་སྐུ་གཟུགས་རིན་ཆེན་ལྟ་བུར་བཞུགས། །གློ་བུར་དྲི་ མ་འཁོར་བའི་སྒྲིབ་གཡོགས་ནི། །དར་གྱི་ན་བཟའ་ལྟ་བུར་གནས་པར་འདོད། །རང་བཞིན་ འོད་གསལ་རྡོ་རྗེ་འཇིགས་བྱེད་ནི། །གཡའ་དག་མཁའ་ལ་འཇའ་ཚོན་ལྟ་བུར་བཞུགས། །གློ་ བུར་དྲི་མ་སྐྱེ་བའི་རྒྱ་མཚོ་ནི། །སྒྲིབ་བྱེད་ནག་པོའི་སྤྲིན་དཔུང་བཞིན་དུ་གནས། །རང་བཞིན་ འོད་གསལ་གསང་བ་འདུས་པ་ནི། །ས་ལ་པད་མ་འདབ་སྟོང་ལྟ་བུར་བཞུགས། །གློ་བུར་དྲི་ མ་རྒས་པའི་རྒྱ་མཚོ་ནི། །སྒྲིབ་གཡོགས་སྐྱོན་མང་ས་འདམ་བཞིན་དུ་གནས། །རང་བཞིན་ འོད་གསལ་སངས་རྒྱས་ཐོད་པ་ནི། །ཏིལ་ནང་མར་ཁུ་ལྟ་བུར་བཞུགས་པ་སྟེ། །གློ་བུར་དྲི་མ་ ན་བའི་རྒྱ་མཚོ་ནི། །དེ་ཡི་སྒྲིབ་གཡོགས་ཏིལ་ནག་བཞིན་དུ་གནས། །རང་བཞིན་འོད་གསལ་ རྟ་མགྲིན་ཡང་གསང་ཁྲོས། །བརྟན་སྐྱེས་དག་ལ་མེ་ལྟར་བཞུགས་པ་སྟེ། །གློ་བུར་དྲི་མ་འཆི་ བའི་རྒྱ་མཚོ་ནི། །སྒྲིབ་བྱེད་གེལ་བ་ཤིང་ཚོམ་ལྟ་བུར་གནས། །རང་བཞིན་འོད་གསལ་རྡོ་རྗེ་ གདན་བཞི་ནི། །དངུལ་དཀར་དྲི་མེད་དག་པའི་མེ་ལོང་བཞིན། །གློ་བུར་དྲི་མ་སྡུག་བསྔལ་ རྒྱ་མཚོ་ནི། །མེ་ལོང་གཡོགས་པའི་ས་རྡུལ་ལྟ་བུར་གནས། །རང་བཞིན་འོད་གསལ་རྡོ་རྗེ་ མཁའ་འགྲོ་ནི། །གྲུབ་པའི་རལ་གྲི་འབར་བ་ལྟ་བུར་བཞུགས། །གློ་བུར་དྲི་མ་ཉོན་མོངས་རྩ་ བ་ནི། །རལ་གྲི་གཡོགས་པའི་ཤུན་པ་ལྟ་བུར་གནས། །རང་བཞིན་འོད་གསལ་རྡོ་རྗེ་ཕག་མོ་ ནི། །འདུས་མ་བྱས་པའི་ནམ་མཁའ་ལྟ་བུར་བཞུགས། །གློ་བུར་དྲི་མ་འཁོར་བའི་ས་བོན་ནི། ། དེ་ཡི་སྒྲིབ་གཡོགས་སྤྲིན་དང་རྡུལ་བཞིན་གནས། །རང་བཞིན་འོད་གསལ་རིགས་གསུམ་ མགོན་པོ་ནི། །དྲི་མེད་ཆོས་ཀྱི་དུང་དཀར་ལྟ་བུར་བཞུགས། །གློ་བུར་དྲི་མ་ལྟ་ངན་རྒྱ་མཚོ་ 1-1-274 ནི། །དེ་ལ་གཡོགས་པའི་ཤུབས་ཀྱི་ལྟ་བུར་གནས། །རང་བཞིན་འོད་གསལ་བདེ་གཤེགས་ སྙིང་པོ་ནི། །ས་ཡི་དཀྱིལ་ན་ཆུ་གཙང་ལྟ་བུར་བཞུགས། །གློ་བུར་དྲི་མ་མུན་པའི་རྒྱ་མཚོ་ནི། ། དེ་ལ་སྒྲིབ་བྱེད་རྙོག་མ་བཞིན་དུ་གནས། །དེ་ལྟར་ཕྱེ་བའི་ཆོས་མཆོག་མ་ཤེས་ན། །དུག་ ལ་སྨན་དང་ར་གན་གསེར་བཟུང་ལྟར། །གློ་བུར་སེམས་དང་སེམས་འབྱུང་གྱ་གྱུ་འདི། །སྐུ་ དང་ཡེ་ཤེས་བཟུང་ན་རང་གཞན་ཕུང༌། །སེམས་ཉིད་ངོ་བོ་ཤེས་ན་སངས་རྒྱས་ཏེ། །མ་ཤེས་ ཙམ་ན་འཁོར་བའི་རྒྱུ་ཞེས་པ། །འདི་དག་རྒྱལ་བའི་བཀའ་དང་མི་མཐུན་པས། །བསྟན་པའི་ ཆོམ་རྐུན་ཉིད་དུ་རྟོགས་པར་འཚལ། །དེ་དག་འདོད་པའི་ལྟ་ངན་ནག་པོ་ཁྱོད། །དཔེར་ན་མེ་ ནི་ཤེས་ན་བསིལ་བ་དང༌། །མ་ཤེས་ཉིད་ན་ཚ་བ་འདོད་པ་འམ། །དེ་བཞིན་དཔེར་ན་སེམས་ ཉིད་ཆོས་སྐུ་ཞེས། །བཙན་དུག་ཤེས་ན་བདུད་རྩི་མ་ཤེས་ན། །དུག་ཞེས་གཡང་ས་ཤེས་ན་ ཐང་ཆེན་པོ། །མ་ཤེས་པ་ལ་གཡང་ས་སྤུ་གྲི་འདི། །ཤེས་ན་མི་གཅོད་མ་ཤེས་ཚེ་ན་གཅོད། །དེ་ ལྟར་འདོད་པས་དཔེར་ན་བྱིས་པ་ཡིས། །སྣག་ཚ་བརྡར་ན་དཀར་པོ་བྱ་ཞེས་འདྲ། །དེ་བཞིན་ རྣམ་ཤེས་ཆོས་དཀར་མི་འགྱུར་ཞེས། །རྒྱུས་མེད་ལྟ་ངན་མགོ་བོ་དེ་ཀས་བསྐོར། །ལྟ་ངན་མེད་ པའི་དཔལ་ལྡན་ཤམ་བྷ་ལར། །སེམས་ཉིད་མཁྱེན་པའི་སྐྱེ་བོ་མང་དུ་བཞུགས། །ཡུལ་གངས་ ཅན་ཁྲོད་ན་ཁོ་བོ་ཙམ། །བུ་ཁྱོད་ཡང་དག་ཆོས་ལ་འཇུག་པར་འཚལ། །དེ་ཡང་འཇུག་པ་ཙམ་ དུ་ཆོག་པར་མི་འགྱུར་ཏེ། །གློ་བུར་དྲི་མའི་སྦུབས་ལས་གྲོལ་དགོས་ན། །གྲོལ་བྱེད་ཟབ་ལམ་ རྡོ་རྗེ་རྣལ་འབྱོར་ནི། །སྐད་ཅིག་གཡེལ་བ་མེད་པར་བསྒོམ་པར་འཚལ། །སྐལ་ལྡན་ཁྱོད་ལ་ སྤྲིངས་པའི་ཡི་གེ་འདི། །དཔལ་ལྡན་ཤམ་བྷ་ལའི་ཁྱད་ཆོས་མན་ངག་སྟེ། །རྒྱལ་བ་རིགས་ གསུམ་མགོན་པོའི་སྙིང་གཏམ་ཡིན། །ཁྱོད་རང་མ་གཏོགས་གཞན་ལ་གནང་བ་མེད། །ཅི་ སླད་ཅེ་ན་གཞན་སྟོང་ཟབ་མོ་ཡི། །ཆོས་མཆོག་བོད་ཀྱི་ཡུལ་དུ་གྲགས་པ་ཆུང༌། །ཁྱད་པར་བློ་ དམན་ཐོས་ཆུང་ལོག་པ་ཅན། །དེ་དག་ཐོས་ནས་སྐུར་བ་འབྱུང་བ་ལགས། །དེ་ཕྱིར་གསང་བ་ 1-1-275 གལ་ཆེ་བཀའ་རྒྱ་ཡོད། །ཡི་གེའི་རྟེན་ལ་བསྲུང་དར་ཁ་གང་བདོག །ང་རང་གྱོན་པའི་ཞྭ་སེར་ ཕྱམ་ཚེ་གཉིས། །ཁྱོད་ལ་བཀྲ་ཤིས་འབྱུང་བའི་རྟེན་དུ་འབུལ། །དགེ་བ་འདི་ཡིས་གློ་བུར་དྲི་ མའི་ཚོགས། །སྲོག་དང་ཐུར་སེལ་རྩ་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ ལ་བརྟེན་ནས། །གཞན་མཆོག་བདེ་གཤེགས་སྙིང་པོ་མྱུར་ཐོབ་ཤོག །ཤུ་བྷཾ། ༀ་སྭ་སྟི་སིདྷཾཿ བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཁོར་འདས་ འཇིགས་པ་ཀུན་ལས་སྐྱོབ་པའི་སྐྱབས། །ཚུལ་ཁྲིམས་རྣམ་དག་ཤིན་ཏུ་རྒྱལ་གྱུར་ཅིག ། བདུད་ཀྱི་དབང་གྱུར་མཛེས་པའི་གཞོན་ནུ་ཁྱོད། །བདག་གིས་མ་བཟོད་སྨྲ་བའི་ངག་འདི་ ནི། །བརྩེ་བས་ཕན་པར་སྨྲ་བའི་ཚིག་འདི་གསོན། །དུག་ཅན་སྣོད་དང་འཕྲད་ན་ཞེ་སྡང་ འཕེལ། །ཤེས་ལྡན་རྣམས་ཀྱིས་ཐོས་ན་ངོ་མཚར་སྐྱེ། །དད་པ་ཅན་གྱིས་ཐོས་ན་དང་བ་འདྲེན། ། རིགས་བཟང་བློ་གྲོས་གསལ་ལྡན་གཞོན་ནུ་ཁྱོད། །མཁས་པའི་གཙུག་རྒྱན་ཐོབ་པར་བྱར་ ཡོད་ཀྱང༌། །ལུང་རིགས་འོ་མའི་རྒྱ་མཚོ་སྤངས་པའི་མཐུས། །མི་གཙང་འདམ་དུ་བྱིང་བ་མ་ ཚོར་རམ། །བདུད་ཀྱིས་ཕོ་ཉ་མངགས་པའི་མཛེས་མ་ཡིས། །བཞིན་རས་གཞུ་ལས་ཟུར་མིག་ མདའ་བཀང་སྟེ། །གཞོན་ནུ་ཁྱོད་ཀྱི་སྙིང་གི་དཀྱིལ་དེར་འཕངས། །ཐར་པའི་རྩ་བ་བཅད་ པ་མ་ཚོར་རམ། །ན་ཆུང་བཞིན་རས་པད་མོ་རྒྱས་པ་ལ། །གཞོན་ནུ་འཛུམ་པའི་ཚ་ཟེར་ཕོག་ པ་ཡིས། །དགའ་བ་སོ་ཡི་ཟེའུ་འབྲུ་བསྟན་པའི་ཚེ། །གཞོན་ནུ་ཡིད་ཀྱི་བུང་བ་མ་གཡོས་ སམ། །ན་ཅུང་ཟླ་བའི་བསིལ་ཟེར་ཕོག་པ་ཡིས། །གཞོན་ནུ་བག་ཡོད་ཆུ་སྐྱེས་ཟུམ་གྱུར་ཅིང༌། ། ཉེས་སྐྱོན་ཀུ་མུ་ཏ་ཡི་ཁ་ཕྱེས་ནས། །ལྟུང་བའི་སྦྲང་རྩིས་གང་བས་མ་བསླུས་སམ། །གཞོན་ ནུ་རི་དྭགས་ཡུལ་དུ་རྒྱུ་བའི་ཚེ། །ན་ཆུང་རྔོན་པའི་དམག་གིས་མཐའ་བསྐོར་ཏེ། །གླིང་བུའི་ སྐད་ལྟར་སྙན་པའི་གླུ་ཡིས་བསླུས། །དགེ་ལེགས་སྲོག་དང་བྲལ་བ་མ་ཤེས་སམ། །ཕ་ཡུལ་ འཕྲང་ལ་བསྒུགས་པའི་ཆོམ་པོ་ཡིས། །དབང་མེད་འདོད་ཆགས་ཞགས་པས་རབ་བཅིངས་ 1-1-276 ཏེ། །མཐོ་རིས་ཐར་པའི་དགོས་འདོད་འབྱུང་བའི་གནས། །ཚུལ་ཁྲིམས་ནོར་མཆོག་འཕྲོག་ པ་མི་ཤེས་སམ། །བླ་མ་མཁས་པ་རྣམས་ལ་བརྟེན་པའི་མཐུས། །ལེགས་ཉེས་བླང་དོར་བྱ་ བ་ཤེས་བཞིན་དུ། །རྟག་ཏུ་ཉེས་པ་འབའ་ཞིག་བསྒྲུབ་པ་ཡི། །གཞོན་ནུ་ཁྱོད་ནི་འཆི་ཁར་མི་ འགྱོད་དམ། །རྙེད་པར་དཀའ་བའི་མི་ལུས་ཐོབ་ན་ཡང༌། །སངས་རྒྱས་བསྟན་པའི་བདུད་ རྩི་མི་འཐུང་པར། །འདོད་ཆགས་ཆང་གིས་མྱོས་པའི་གཞོན་ནུ་ཁྱོད། །ཚེ་འདི་སྟོང་ཟད་བྱས་ པ་མ་ཚོར་རམ། །གསུང་རབ་རྒྱ་མཚོར་བརྩོན་པའི་གཟིངས་བཅས་ཏེ། །མཁས་པའི་ནོར་ མཆོག་བླང་དུ་ཡོད་བཞིན་དུ། །བདུད་ཀྱི་བཙོན་རར་འཐབ་རྩོད་འབྱུང་བའི་གཞི། །ཕ་ཡུལ་ སྒྲོག་གིས་བཅིངས་པ་ཁྱོད་རེ་འཁྲུལ། །ཆང་གི་བུམ་པ་ཕྱི་དོར་བྱས་པ་ལྟར། །བཤང་གཅི་ལ་ སོགས་མི་གཙང་ཕུང་པོ་ལ། །མ་བརྟགས་མཛེས་པར་སྣང་བའི་པགས་པས་གཡོགས། །མི་ གཙང་སྣོད་ལ་ཆགས་པ་ཁྱོད་རེ་འཁྲུལ། །བདེ་བའི་འབྱུང་གནས་ཐར་ལམ་རིང་དུ་སྤངས། ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་བཟོད་པ། །འཁོར་བའི་འདམ་ལས་ཐོན་པ་མ་མཆིས་ན། ། གཞོན་ནུ་ཁྱོད་ནི་བདུད་ཀྱིས་མ་བསླུས་སམ། །ལན་ཚྭའི་སྡོང་པོ་འདོད་ཆགས་སྐོམ་གྱིས་ ངོམས། །ཉེས་སྤྱོད་སྡིག་ཏོའི་སྒྲོན་མེ་ཆེར་འབར་བས། །དགེ་ལེགས་དཔག་བསམ་རྒྱ་མཚོ་ སྐམ་བྱས་ནས། །ངན་འགྲོའི་མུན་མཚམས་མེད་པར་མི་འཇིགས་སམ། །ཚུལ་ཁྲིམས་འཆལ་ པས་མནར་མེད་ལྟུང་བའི་ཚེ། །ཡིད་ལ་ཆགས་པའི་གྲོགས་མོས་མདུན་ནས་བོས། །སྤུ་གྲིས་ གཏམས་པའི་ལམ་ལ་གཤེགས་པའི་ཚེ། །སྡུག་བསྔལ་མི་བཟོད་མྱོང་བས་མི་འཇིགས་སམ། ། བུ་ཁྱོད་ཕྱི་མའི་སྡུག་བསྔལ་མི་སེམས་ཀྱང༌། །ཚེ་འདིར་སྐྱེ་བོ་ཀུན་གྱིས་སྨོད་པར་འགྱུར། ། ཉེ་དུ་འབྲེལ་པ་རྣམས་ཀྱིས་བྲན་བཞིན་བཀོལ། །ཚེ་འདིར་སྡུག་བསྔལ་འབའ་ཞིག་མི་ཤེས་ སམ། །ལན་ཆགས་འགྲོ་བ་མཛེས་པའི་བུ་འཁྲུངས་ཏེ། །གཞོན་ནུ་སྐྱེ་བོའི་སྡུག་བསྔལ་མི་ བཟད་བསྐྱེད། །ལང་ཚོ་རྒྱས་ན་ཚུར་ལ་རྒོལ་བར་བྱེད། །དེ་ལ་གཉེན་དུ་འཛིན་པ་ཁྱོད་རེ་ 1-1-277 འཁྲུལ། །སྡིག་དང་སྡུག་དང་གཏམ་ངན་མི་འཇིགས་སམ། །སེར་སྣའི་གཞི་མར་བསགས་ པའི་ནོར་ཟས་རྣམས། །དབང་མེད་ཧོར་འདྲའི་དམག་དཔུང་ཆེར་ལྷགས་ཏེ། །དབང་མེད་ འཕྲོག་པར་བྱེད་པ་མི་ཤེས་སམ། །ཕན་པར་སྨྲ་བའི་མཁན་སློབ་རྒྱབ་ཏུ་སྤངས། །ཕུང་བྱེད་ བདུད་ཀྱི་བུ་མོ་པང་དུ་བླངས། །ཆོས་ཀྱི་ལོངས་སྤྱོད་ནམ་མཁའི་སྤྲིན་ལྟར་དེངས། །སྡུག་ བསྔལ་བདེ་བར་འཛིན་པ་ཁྱོད་རེ་འཁྲུལ། །ཚུལ་ཁྲིམས་ཉམས་པའི་ཉེས་པས་མི་ཆོག་པར། ། ཚུལ་ཁྲིམས་འཆལ་པའི་ལུས་ཅན་གཞོན་ནུ་ཁྱོད། །དགེ་སློང་ཚུལ་དུ་མ་འཆོས་དཀར་པོ་ གྱོན། །ཚུལ་ཁྲིམས་འཆལ་པའི་ཉེས་པའི་མི་ཆོག་པར། །ཚུལ་འཆོས་ཉེས་པས་གོས་ན་མི་ རུང་ངོ༌། །གཞོན་ནུ་ཁྱོད་ནི་ཁྱིམ་པའི་ཚུལ་འཛིན་ན། །ཁྱིམ་པའི་བྱ་བ་བདག་གིས་བཤད་ཀྱིས་ ཉོན། །ཡོན་ཏན་རྒྱ་མཚོ་མ་ལུས་འབྱུང་པའི་གཞི། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་ སུ་སོང༌། །སྔར་བྱས་སྡིག་པའི་ལས་ལ་འགྱོད་པ་བསྐྱེད། །སེམས་ཅན་དོན་དུ་ཉེས་ལྟུང་སོ་ སོར་བཤགས། །སྦྱོར་བ་བྱང་ཆུབ་སེམས་དང་རབ་ལྡན་ཞིང༌། །དངོས་གཞི་ཆོས་རྣམས་སྒྱུ་མ་ ལྟ་བུར་བལྟ། །མཐར་ནི་མཐའ་ཡས་སེམས་ཅན་དོན་དུ་བསྔོ། །བྱང་ཆུབ་མཆོག་ཏུ་བསྔོ་བས་ རྒྱས་བཏབ་ནས། །མི་དགེ་བཅུ་སྤང་དགེ་བཅུ་དང་དུ་བླངས། །སངས་རྒྱས་ཆོས་དང་དགེ་ འདུན་རྒྱ་མཚོ་དང༌། །ཕ་མ་ལ་སོགས་མཆོད་ཡུལ་གུས་པས་མཆོད། །ཤིན་ཏུ་ཉམ་ཐག་གྱུར་ པའི་སེམས་ཅན་རྣམས། །སྙིང་རྗེའི་དབང་གིས་རྟག་ཏུ་སྐྱོང་བར་མཛོད། །ཡན་ལག་བདུན་ དང་གཏོར་མ་བྱ་བ་དང༌། །རིམ་གསུམ་ཟུང་འཇུག་ཡི་དམ་བསྒོམ་བཟླས་དང༌། །དྲི་མེད་མདོ་ ནི་ཀློག་པ་ལ་སོགས་པ། །བླ་མེད་ཆོས་ཀྱི་ཐེག་པར་གནས་པ་ན། །ཚེ་རིང་ནད་མེད་དཔལ་ འབྱོར་རྒྱས་པར་འགྱུར། །སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་དང༌། །དགའ་དང་བཏང་ སྙོམས་ཆེན་པོ་བསྒོམ་པར་བྱ། །ཡུལ་མི་སྤྱི་སེམས་ལྡན་པས་སྐྱོང་བར་མཛོད། །ལྟོས་པའི་མི་ རྣམས་བསླུ་བར་མ་བྱེད་ཅིག །མང་པོས་བཀུར་བའི་རྒྱལ་པོ་ཇི་བཞིན་དུ། །ཡུལ་མི་ཀུན་གྱིས་ 1-1-278 བཀུར་གནས་ཆེན་པོར་འགྱུར། །མདོར་ན་སྒོ་གསུམ་བྱ་བ་མ་ལུས་ཀུན། །སྔར་བཤད་བསམ་ པ་གསུམ་གྱིས་རྒྱས་བཏབ་ནས། །ཟབ་ཅིང་དགའ་བའི་རྒྱ་མཚོ་འཕེལ་བར་འགྱུར། །ཕྱི་མ་ གཞོན་ནུ་རབ་བྱུང་ཚུལ་ཁྲིམས་ལྡན། །ཤེས་བྱ་ཀུན་ལ་བློ་གྲོས་མིག་ལྡན་པ། །བསྟན་པའི་ གསལ་བྱེད་ཆེན་པོར་སྨོན་ལམ་ཐོབ། །བདག་གིས་ཕན་པར་སྨྲ་བའི་ངག་འདི་ནི། །གཞོན་ནུ་ ཁྱོད་ཀྱི་རྣ་བར་མི་སྙན་ཡང༌། །རྡུལ་བྲལ་འཕགས་པའི་ལུང་དང་མི་འགལ་བར། །ཤེས་ལྡན་ རྣམས་ཀྱིས་དང་དུ་བླང་བར་རིགས། །ཞེས་སྤྲིངས་མ་ཐག་ཏུ་ཉེས་པ་རྗེས་སུ་དྲན་ནས། ཡིག་ ལན་བསྐུར་བ་ནི། ཤཱི་ལ་པ་ར་མི་ཏ་ཡ་ན་མཿ (ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །)བདག་ལུས་རིན་ ཆེན་མེ་ཏོག་རྒྱས་པའི་སྟེང༌། །ཚོགས་གཉིས་དགེ་བ་པད་ཟླ་བརྩིགས་པའི་དབུས། །སྐྱབས་ གནས་ཁྱད་འཕགས་ཀུན་མཁྱེན་ཆོས་ཀྱི་རྗེ། །མཁྱེན་བརྩེ་ཆེན་པོས་བདག་ལ་སྙན་གསན་ འཚལ། །(ད་ལྟ་)བདག་གི་འདུ་ཤེས་ཕྱིན་ཅི་ལོག་པར་སྣང༌། །གཟུགས་མཆོག་བུད་མེད་ཡིད་ འོང་ཟུར་ཕུད་ལྡན། །སྐྲ་ནག་སྣུམ་འབག་རལ་པ་མཛེས་པ་ཅན། །སྐད་སྙན་ཞི་དུལ་དག་ལ་ ཡིད་ཆགས་པར། །ཡན་ལག་འཇམ་མཉེན་གཞོན་ཤ་པད་མོ་རྒྱས། །ཨུཏྤལ་འདབ་མའི་མིག་ གཉིས་རབ་ཏུ་མཛེས། །ནུ་འབུར་རྐེད་ཕྲ་རྡོ་རྗེ་ལྟ་བུར་སྣང༌། །དེས་ཀྱང་བདག་སེམས་ཆགས་ པས་འཕྲོག་པ་ལགས། །ཁ་རྩང་དེ་དང་ལྷན་ཅིག་ཉལ་བའི་དུས། །(ཕན་ཚུན་)ར་ཀ་(འདོད་ཆགས་) ར་ཏིའི་ལས་ལ་རྩོམ་པའི་ཚེ། །(ཆོས་རྗེ་)མཚུངས་མེད་ཁྱོད་ཉིད་སྔས་སུ་ལྷང་ངེར་(བཞུགས་པར་) སྣང༌། །ངོ་ཚ་སྐྱེས་ནས་འཁྲིག་པའི་ལས་ལས་བྱོལ། །(དེ་ཚེ་)བུད་མེད་ཁྲོས་ནས་(ཆོས་རྗེ་) ཁྱོད་ལ་ཐལ་བ་(སྤར་གང་)གཏོར། །དེ་ཚེ་བདག་གི་(ཡིད་སྐྱོ་ནས་)གདོང་ལ་མཆི་མ་འབབ། །ཕྲ་ མོ་རྡུལ་གྲངས་དེ་སྙེད་མེ་ཏོག་(ཆར་དུ་)འགྱུར(ནས་ཀྱང་། །དེའི་དུས་སུ་)བུད་མེད་བསོད་ནམས་ (ཀྱི་)ཚོགས་སུ་འགྱུར་བར་མཐོང༌། །(དཔེར་ན་)བསྐལ་སྟོང་གནས་པའི་མུན་ཁང་ནག་པོ་ 1-1-279 ལ། །སྒྲོན་མེ་བཏེགས་མ་ཐག་ཏུ་སྣང་བ་ལྟར། །བདག་ཀྱང་རྨོངས་པའི་ཁང་པར་ཆུད་པ་ལ། ། ཁྱེད་གསུང་(སྤྲིང་ཡིག་འདི་ཉིད་)ཐོས་པས་འཁོར་བའི་འདམ་ལས་བརྒལ། །དུས་འཁོར་བདེ་ གཤེགས་སྙིང་པོའི་ནམ་མཁའ་ལ། །སྤྲུལ་སྐུ་རྟ་བདུན་རྒྱལ་པོ་འོད་སྟོང་ཅན། །ནང་རིག་ འགྱུར་མེད་ཆེན་པོའི་སྐུ་དྲུང་དུ། །རྟག་པར་མཇལ་ནས་བཀའ་བཞིན་བགྱིད་པར་ཤོག ། ཅེས་སྤྲིངས་ནས་སླར་ཆོས་ལ་འཇུག་གོ ། དེ་ནས་བྲག་རམ་དུ་ཐོག་སེར་རྒྱུན་དུ་འོང་ནས། གཞན་སུས་ཀྱང་ཕན་པར་མ་བཏུབ་ པར་ཆོས་རྗེ་ལ་ཞུས་པས། གདམས་ངག་འདི་ཉིད་གནང་སྟེ། ༀ་ཤཱུ་ནྱ་ཏ་(སྟོང་པ་ཉིད་)ཛྙཱ་ན་ (ཡེ་ཤེས་)བཛྲ་(རྡོ་རྗེའི་)སྭ་བྷཱ་ཝ་(རང་བཞིན་གྱི་)ཨཱཏྨ་ཀོ྅ཧཾ། (བདག་ཉིད་ངའོ། །)སྟོང་པའི་ངང་ལས་ བྷྲུཾ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེ་ཧཱུཾ་ལས་བསྲུང་བའི་འཁོར་ལོ་ཆེན་པོ་དེའི་ཕྱི་རོལ་ གྱི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་ཨཽཾ་ལས་(རྣམ་པར་སྣང་མཛད་ཀྱི་ངོ་བོ་)འཁོར་ལོའི་ གུར་ཁཾ། དེའི་ཕྱི་རོལ་ཏུ་ཧཱུཾ་ལས་(རྡོ་རྗེ་སེམས་དཔའི་ངོ་བོ་)རྡོ་རྗེའི་གུར་ཁཾ། དེའི་ཕྱི་རོལ་ཏུ་དྲཾ་ལས་ (རིན་ཆེན་འབྱུང་ལྡན་གྱི་ངོ་བོ་)རིན་པོ་ཆེའི་གུར་ཁཾ། དེའི་ཕྱི་རོལ་ཏུ་ཧྲཱིཿལས་(སྣང་བ་མཐའ་ཡས་ ཀྱི་ངོ་བོ་)པད་མའི་གུར་ཁཾ། དེའི་ཕྱི་རོལ་ཏུ་ཨཱཿལས་(དོན་ཡོད་གྲུབ་པའི་ངོ་བོ་)རྒྱ་གྲམ་གྱི་གུར་ཁཾ། དེའི་ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་རང་ཉིད་ཧྲཱིཿལས་རྟ་མགྲིན་ཡང་ གསང་ཁྲོས་པ། ཞལ་གསུམ་ཕྱག་དྲུག་པ་ཞབས་བཞི་བསྒྲད་པ། སྐུ་མདོག་གློག་དམར་ལྟ་བུ། གཡས་ཞལ་དཀར་བ། གཡོན་ཞལ་ལྗང་གུ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མེ་ལྟར་འབར་ བ། མཆེ་བ་བཞི་བཞི་མྱུ་གུའི་རྣམ་པར་གཙིགས་པ། སྨ་ར་སྐྲ་སེར་ལྗགས་འདྲིལ་བ། རྡོ་རྗེ་ རོལ་བའི་གཤོག་པ་ནམ་མཁར་གདེངས་པ། ཡུམ་མཁའ་འགྲོ་མ་གར་གྱི་དབང་ཕྱུག་མ་སྔོན་ མོ་སྐུ་ལ་འཁྲིལ་ཞིང༌། ཡབ་ཡུམ་གཉིས་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ། དབུའི་སྐྲ་ གསེབ་ཏུ་རྟ་མགོ་ལྗང་ཞུར་གསུམ་ཕྱོགས་བཅུར་འཚེར་བ། དུར་ཁྲོད་ཆས་བརྒྱད་དང་དཔལ་ 1-1-280 ཆས་ཅན། སྡེ་བརྒྱད་ཐམས་ཅད་འདར་ཤིག་ཤིག་ཏུ་གྱུར། དེའི་ངག་ཏུ། ཧྲཱིཿཔད་མ་ཏ་ཀྲིཏ་ བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་(པད་མ་ངེས་པར་གཟིགས་པ་རྟ་མགྲིན་)ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། (འབད་པར་གྱིས་ཤིག་འབད་ པར་གྱིས་ཤིག)སརྦ་ཨཥྚ་ནན། (སྡེ་བརྒྱད་ཐམས་ཅད་)ཨཽཾ་བྷན་དྷ་བྷན་དྷ་ཆོམ། (ཆིངས་ཤིག་ཆིངས་ཤིག) ཏིག་སྣ་ཏིག་སྣ་ཤིག །(བསྡིགས་ཤིག་བསྡིགས་ཤིག་)གརྫ་གརྫ་ཧཱུཾ། (སྒྲོགས་ཤིག་སྒྲོགས་ཤིག་)ཚིན་དྷ་ ཚིན་དྷ་ཕཊ། (གཏུབས་ཤིག་གཏུབས་ཤིག་)ཧ་ལ་ཧ་ལ་བམ། (རྒྱོབ་ཤིག་རྒྱོབ་ཤིག་)མ་ར་མ་ར་ཧཱུཾ། (སོད་ ཅིག་སོད་ཅིག་)ཏ་ར་ཏ་ར་རམ། ད་ཧ་ད་ཧ་ཧཱུཾ། ཧ་ན་ཧ་ན་ཕཊ། (བསྲེགས་ཤིག་བསྲེགས་ཤིག་)བེ་ར་ཊི་ (གློག་འོད་)བི་ཙུར་ཎ་ཡཱ་(འཇོམས་ཤིག་)བི་ཙུར་ཎ་ཡཱཿ(འཇོམས་ཤིག་)ཏ་ཊི་(འབྲུག་སྐད་)ན་ཤ་ཡ་ན་ ཤ་ཡ(གཞོམས་ཤིག་གཞོམས་ཤིག་)། ཤྭ་ཏི་(སེར་བ་)གི་རྀ་གི་རྀ། (ནོན་ཅིག་ནོན་ཅིག་)ཛྙཱ་ན་ཙཀྲ་(ཡེ་ཤེས་ འཁོར་ལོ་ལ་)སེར་བ་མཱ་ར་ཡ། ཨུར་ནན་ཕཊ། ཅེས་བྱེ་བ་ཕྲག་གཅིག་གིས་དྲེགས་པ་ཐམས་ཅད་ ཟིལ་གྱིས་གནོན་པར་འགྱུར་རོ། །གདོང་བཟློག་ལ་དྲན་པས་ཆོག་གོ །བསྟོད་པ་ནི། ཧྲཱིཿ ཆོས་ ཉིད་ཁྲོ་རྒྱལ་དཔའ་བོ་རོལ་པའི་སྐུ། །སྦོམ་ཐུང་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །རྡོ་ རྗེ་རོལ་པའི་གཤོག་པ་ནམ་མཁར་གདེངས། །རྟ་མགྲིན་རོལ་པའི་སྐུ་ལ་ཕྱག་འཚལ་བསྟོད། ། ཞལ་གདངས་ཚེམས་དཀར་མཆེ་གཙིགས་ལྗགས་འདྲིལ་ཞིང༌། །སྐྲ་སེར་སྨ་ར་ཐོད་རློན་ སྦྲུལ་གྱིས་བརྒྱན། །དབུ་ལ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །མ་རུངས་སྐྲག་པར་མཛད་ལ་ ཕྱག་འཚལ་ལོ། །གང་ཞིག་མཐོང་ཐོས་དྲན་པའི་རྣལ་འབྱོར་གྱིས། །རླུང་སེམས་བདུད་དཔུང་ གཡུལ་བཅས་ཐོག་སེར་དང༌། །ནད་མུག་མཚོན་གསུམ་རྐྱེན་ངན་ཀུན་བསལ་ནས། །རྟ་ མགྲིན་རོལ་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སྐབས་དོན་འགྲུབ་བོ། ། འབྲུག་རྒོད་པའི་དུས་སུ་སྲོག་འཚོ་བ་ནི། རང་ཉིད་རྟ་མགྲིན་དུ་གསལ་བའི་སྤྱི་བོར་ ནམ་མཁའ་ཁྱབ་ཚད་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། རྩིབས་རེ་རེ་ལ་སངས་ རྒྱས་སྟོང་རྩ་གཉིས། ལྟེ་བར་ཧྲཱིཿལས་སྤྱན་རས་གཟིགས་ཉི་འོད་དམར་ཐག་གི་མདོག་ཅན། 1-1-281 དབུ་སྟོང་སྤྱན་སྟོང་ཕྱག་གཉིས་སྟོང༌། གཡས་སྟོང་ན་གསེར་གྱི་འཁོར་ལོ་རེ་རེ། གཡོན་ན་ རིན་པོ་ཆེ་ཟ་མ་ཏོག་གི་གླེགས་བམ་རེ་རེ་འཛིན་པ། དེའི་དབུ་ཐོག་ཏུ་སངས་རྒྱས་ཤཱཀྱ་ཐུབ་ པ་གསལ་བཏབ་ལ། སེར་སྤྲིན་ཐམས་ཅད་མཆོད་པའི་ལྷ་མོ། འབྲུག་སྒྲ་སྔགས་ཀྱི་རྣམ་པ། གློག་འོད་སྟོང་གཟུགས་སུ་བསམས་ཏེ། ངག་ཏུ་འདི་སྐད་བརྗོད་དོ། །བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ ཕྱག་འཚལ་ལོ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་ ལ་ཕྱག་འཚལ་ལོ། །ཀུན་དགའ་བོ། འདི་ལྟ་སྟེ། ཤར་ཕྱོགས་ན་ཡིད་འོང་ཞེས་བྱ་བའི་གློག་ ཡོད་དོ། །ལྷོ་ཕྱོགས་ན་སྐད་བརྒྱ་པ་ཞེས་བྱ་བའི་གློག་ཡོད་དོ། །ནུབ་ཕྱོགས་ན་འོད་མཉམ་པ་ ཞེས་བྱ་བའི་གློག་ཡོད་དོ། །བྱང་ཕྱོགས་ན་རྒྱུན་གྱི་བདག་པོ་ཞེས་བྱ་བའི་གློག་ཡོད་དོ། །ཀུན་ དགའ་བོ། གློག་ཆེན་པོ་བཞིའི་མིང་ཤེས་པ་དེ་ལ་ནི། གནམ་ལྕགས་ཀྱི་མེ་འབར་བ་འབྱུང་ བར་མི་འགྱུར་རོ། །ཡིད་བཞིན་གྱི་ནོར་བུའི་གཟུངས་ཆེན་པོ་འདི་ལྟ་སྟེ། ཏདྱ་ཐཱ། (འདི་ལྟ་སྟེ་) ༀ་མུ་ནི་(ཐུབ་པ་)མུ་ནི་(ཐུབ་པ་)མཧཱ་(ཆེན་པོ་)མུ་ནི་(ཐུབ་པ་)དྷ་ར་ཡེ་(འཛིན་པ་ལ། གཞི་ཚུགས་ཤིག་) སྭཱཧཱ། དྲཻལོཀྱ། (འཇིག་རྟེན་ལས་འདས་པ་)ལོ་ཀི་ནི། (འཇིག་རྟེན་པ་)ཤུ་པ་ལས་ནི་(ཕྱག་ན་རྩེ་གསུམ་པ་) རཀྵ་(བསྲུང་ཅིག བསྲུང་བར་མཛོད་)རཀྵ་ཀུ་རུ་ཡེ་སྭཱཧཱ། ཀུན་དགའ་བོ། གང་ཞིག་སྔགས་འདིའི་ སྒྲ་སྒྲོགས་པའི་ས་ཕྱོགས་སུ་ཐོག་ལྷུང་བར་མི་འགྱུར་རོ། །ཞེས་སྤྱན་རས་གཟིགས་དབང་ ཕྱུག་གི་གཟུངས་ལེའུ་བདུན་ཅུ་རྩ་གཉིས་ཀྱི་ནང་ནས་འཇིགས་པ་བརྒྱད་སྐྱོབས་ཀྱིས་ལེའུར་ བསྡུས་པ་འདི་གནང་བས། ཐོག་སེར་གྱི་འཇིགས་པ་ལས་གྲོལ། དེ་ནས་ས་སྐྱར་ཞལ་ཏ་བ་ ཞིག་འཆི་བས་སེང་ཆེན་བྲག་གི་ནང་དུ་སྐྱེ་བར་གཟིགས་ནས། དེའི་རྩར་བྱོན་ནས་བདེ་བར་ བཀོད་པའི་ཚེ། དངོས་གྲུབ་དཔལ་གྱིས་དཀོར་སྦྱོང་གི་ཆོ་ག་ཞུས་ནས་འདི་ཉིད་གནང་ངོ༌། ། 1-1-282 ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། (སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ ཉིད་ངའོ། །) སྟོང་པའི་ངང་ལས་རང་ཉིད་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་རྡོ་རྗེ་རབ་ འཇོམས་ཞལ་བཅུ་གཅིག་པ། ཕྱག་སྟོང་སྤྱན་སྟོང༌། རྩ་ཞལ་སྔོན་པོ། གཡས་དཀར་བ། གཡོན་དམར་བ། ཕྱག་དང་པོ་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་ན་རྡོ་རྗེ། བགྲང་ ཕྲེང༌། ལྕགས་ཀྱུ། གཡོན་ན་པད་མ་དམར་པོ། འཁོར་ལོ། མདའ་གཞུ། མེ་དཔུང་འཛིན་པ། མེ་དཔུང་གི་ནང་དུ་བཞུགས་པ། རྩ་ཞལ་མ་གཏོགས་པ་སྤྱི་དང་མཐུན། ཐུགས་ཀར་ཧྲཱིཿའི་ མཐའ་བསྐོར་དུ། ༀ་ཨཱཿཧཱུཾ། ༀ་མ་ཎི་པད་མེ་ཧཱུཾ། (ནོར་བུ་པད་མེ་)ན་མོ་རཏྣ་དྲ་ཡཱ་ཡ། (དཀོན་མཆོག་ གསུམ་ལ་ཕྱག་འཚལ་ལོ། །) ན་མོ་བྷ་ག་ཝ་ཏེ། (ཕྱག་འཚལ་བཅོམ་ལྡན་འདས་)མཧཱ་ཀ་རུ་ཎི་ཀཱ་ཡ། (ཐུགས་ རྗེ་ཆེན་པོ་དང་ལྡན་པ་)ཏདྱ་ཐཱ། (འདི་ལྟ་སྟེ་)ༀ་བཛྲ་སཱ་རེ་པྲ་མར་ཏ་ནི། (རྡོ་རྗེ་འབྱུང་བ་)ཏ་ཐཱ་ག་ཏཱ་ ཡ། (དེ་བཞིན་གཤེགས་པ་)ཨ་ར་ཧ་ཏེ། (དགྲ་བཅོམ་པ་)སམྱཀྶཾ་བྷུདྡྷ་ཡཱ། (ཡང་དག་པར་རྫོགས་པའི་སངས་ རྒྱས་)ཏདྱ་ཐཱ། (འདི་ལྟ་སྟེ་)ༀ་དྷ་ར་དྷ་ར། (འཛིན་པ་འཛིན་པ་)དྷི་རི་དྷི་རི། (རབ་ཏུ་འཛིན་པ་རབ་ཏུ་འཛིན་པ་) དྷུ་རུ་དྷུ་རུ། (ཡང་དག་པར་འཛིན་པ་ཡང་དག་པར་འཛིན་པ་)ཨི་ཊི་ཝི་ཊི། (མི་གཡོ་བ་མི་གཡོ་བ་) ཙ་ལེ་ཙ་ལེ། (རབ་ཏུ་གཡོ་བ་རབ་ཏུ་གཡོ་བ་)པྲ་ཙ་ལེ་པྲ་ཙ་ལེ། སརྦ་ཀ་ལེ་ཤ (ཉོན་མོངས་ཐམས་ཅད་) སརྦ་ཨ་ཝ་ར་ཎ། (ལས་ཀྱི་སྒྲིབ་པ་ཐམས་ཅད་)ཤུདྡྷེ་ཤུདྡྷེ། (སྦྱོང་ཤིག་སྦྱོང་ཤིག་)སྭ་བྷཱ་ཝ་བི་ཤུདྡྷེ། (རྣམ་ པར་སྦྱོང་ཤིག་)ག་ག་ན། (ནམ་མཁའ་བཞིན་དུ་)སྭ་བྷཱ་ཝ་བི་ཤུདྡྷེ་སྭཱཧཱ། (ཤིན་ཏུ་རྣམ་པར་སྦྱོང་བའི་གཞི་ཚུགས་ ཤིག)ཞེས་པ་དང༌། མཐར་ཡང་ཏིང་ངེ་འཛིན་དུ་བཞག་ནས། རྣམ་རྟོག་རང་གྲོལ་དུ་སོང་སྟེ། གཞི་གདོད་མ་ནས་བཞུགས་པའི་ཆོས་ཉིད་མངོན་དུ་གྱུར་པ་སོགས་ཕན་ཡོན་དཔག་ཏུ་མེད་ པ་གསུངས་སོ། ། དེ་ནས་མངའ་རིས་པ་འགའ་ཞིག་ཕ་ཡུལ་དུ་འགྲོ་བའི་ཚེ། ཆོས་རྗེ་ལ་ཞུས་པས། སྤྱིར་ ཆོས་པ་རབ་དང་ཁྱད་པར་དུ་རི་ཁྲོད་པའི་ཆ་རྐྱེན་དུ་གྱུར་པ་དང༌། བདུད་སོག་དམར་ཉམས་ 1-1-283 པའི་དོན་དུ་མོ་ཅིག་མཛད་པར་ཞུ། ཞེས་དང༌། ཆོས་རྗེས་གསུངས་པས། རི་ཁྲོད་པ་དང་ཆོས་ པ་རབ། །སེམས་ཅན་ཀུན་ལ་ལེགས་ཉེས་དང༌། །སོག་དམར་ཁ་ཆིངས་བསམ་རྩིས་བརྒྱད། ། གོ་རིམ་བཞིན་དུ་བཤད་པར་འཚལ། །བླ་མ་ཡི་དམ་དཀོན་མཆོག་དང༌། །མཁའ་འགྲོ་ཆོས་ སྐྱོང་བདེན་པ་བདར། །སརྦ་བྷུདྡྷ་ཨཱ་བྷི་ཛྙཱ་མེ་དན་དཾ་ཧཱུཾ་ཕཊ། (སངས་རྒྱས་ཐམས་ཅད་ཀྱི་མངོན་ཤེས་ བདག་ལ་སྩལ་དུ་གསོལ། )ཅེས་པས་ནས་ལ་བསྔགས་ཏེ་གཏོར། །(དང་པོ་དངུལ་དཀར་གྱི་)དྲིལ་བུ་ལ་ནི་ རེག་གྱུར་ན། །ཇི་ལྟར་ལྷུན་པོ་བརྟན་པ་ལྟར། །ས་གཞི་ཡུལ་མཁར་བསྐྱོད་པ་མེད། །གཏམ་ སྙན་ཐོས་ཏེ་ཀུན་ལ་བཟང༌། །(གཉིས་པ་བྱའི་དཀྱིལ་དུ་)རླུང་རས་དག་ལ་བབ་གྱུར་ན། །དེ་ཡི་ བྱ་བ་གང་མི་བརྟན། །དབུལ་འགོང་ཤི་ཆད་ནག་མོ་གདོན། །མགྲོན་པོ་ལ་སོགས་ཀུན་ལ་ ངན། །(གསུམ་པ་བཀྲ་ཤིས་ཀྱི་)དུང་དཀར་དག་ལ་རེག་གྱུར་ན། །ནོར་དང་གྲགས་པ་དབང་ཕྱུག་ ཐོབ། །རྟ་ལ་བཟང་སྟེ་རེ་སྨོན་འགྲུབ། །འགྲོ་འདུག་ལ་སོགས་ཀུན་ལ་བཟང༌། །(བཞི་པ་མེ་ འབར་)ཕུར་བུ་དག་ལ་བབ་གྱུར་ན། །ཡུན་རིང་ན་སྟེ་བྱད་མ་གདོན། །དགྲ་སོགས་ཕུང་ཁྲོལ་ འབྱུང་བ་སྟེ། །བཀྲ་ཤིས་བྱ་བ་སྤང་བར་བྱ། །(ལྔ་པ་དར་ཁྲིའི་སྟེང་དུ་ཆོས་ཀྱི་)པོ་ཏི་ཉིད་ལ་རེག་གྱུར་ ན། །སློབ་གཉེར་ལ་སོགས་ཀུན་ལ་བཟང༌། །(དྲུག་པ་རོ་རས་སྤྲས་པ་)ཚོང་ལ་རྒྱལ་ཏེ་མགྲོན་ལ་ བཟང༌། །མཐུ་དང་གྲོགས་ཕྱྭ་ཀུན་ལ་བཟང༌། །ཌ་མ་རུ་ལ་བབ་གྱུར་ན། །རྐུན་པོས་འཇིགས་ ཏེ་སྙིང་ནོར་སྟོར། །ཀླུ་ནད་བཏབ་སྟེ་མགྲོན་ལ་སོགས། །བྱ་བ་ཀུན་ལ་རབ་ཏུ་ངན། །(བདུན་ པ་འོ་མའི་མཚོ་འཁྱིལ་དུ་)ནོར་བུ་དག་ལ་རེག་གྱུར་ན། །ནོར་མང་རྙེད་དང་མགྲོན་ཕྱྭ་དང༌། །དཔལ་ འབྱོར་ཇག་པ་ནོར་ཐོབ་བོ། །ཡིད་ལ་བསམ་པ་འགྲུབ་པར་འགྱུར། །(བརྒྱད་པ་དྲི་ཁྲག་གིས་གང་བ་) ལྷུང་བཟེད་དག་ལ་བབ་གྱུར་ན། །ཁང་ཁྱིམ་མེས་ཚིག་འཇིགས་པ་འོང༌། །ནད་བྱ་དག་ལ་ རྫས་ནག་གདོན། །ཚེ་ཐུང་ནད་མང་ཀུན་ལ་ངན། །སོག་དམར་ཁ་ཆིངས་བསམ་རྩིས་བརྒྱད། ། འདི་དག་ཐེངས་གསུམ་བཏབ་པར་བྱ། །བཟང་ངན་འདྲེས་པར་སྟོན་ན་ཡང༌། །བབ་ལེན་ 1-1-284 ཉིད་ལ་ཤེས་པར་བྱ། །ཆོས་པ་རི་ཁྲོད་མ་གཏོགས་པར། །སྡིག་ཕྱོགས་གཞན་ལ་གནང་བ་ མེད། །སོག་དམར་ཁ་ཆིངས་ཁྱོད་ལ་སྦྱིན། །ཁྱོད་ཀྱི་དོན་མཆོག་འགྲུབ་པར་འགྱུར། །རྒྱས་ པར་འདོད་ན་ཆོས་རྗེ་མ་ཏི་པཎ་ཆེན་གྱི་དོན་འགྲེལ་རབ་གསལ་ལས་ཤེས་པར་བྱའོ། ། དེ་ནས་གཟིམས་ཁང་བདེ་བ་ཅན་དུ་བྱོན་ནས་བཞུགས་པའི་ཚེ། རྡོ་རྗེ་འཇིགས་བྱེད་ དང༌། རྟ་མགྲིན་ཡང་གསང་ཁྲོས་པ་དང༌། དབྱུ་གུ་མ་སྤུན་གསུམ་ཞལ་གཟིགས་ནས། དེ་ རྣམས་ཀྱི་གཏོར་བསྐངས་རེ་རེ་མཛད་དོ། །ཙན་དན་གྱི་ཤིང་མདུད་པ་ལ་སོགས་རྫུ་འཕྲུལ་དུ་ མ་མཛད་དོ། ། དེ་ནས་ཛྭ་ལ་ཀ་ར་ཞེས་བྱ་བ་ཞིག་རྒྱ་ནག་གི་མཁས་པ་གཅིག་དབུས་གཙང་གཉིས་ལ་ གནས་སྐོར་དུ་ཕྱིན་ནས། ལྷ་སར་ཆོས་རྗེ་ཆེ་བའི་ཡོན་ཏན་(ཁྱད་པར་ཅན་གླེང་བ་)ཐོས་པས། ཇོ་ ནང་དུ་འོང་ནས། འཁར་རྔ་(འཇམ་དཔལ་ཡེ་ཤེས་སེམས་དཔའི་)སྐུ་འབྲས་གསེར་དངུལ་མང་དུ་ཕུལ་ ལོ། །ཆོས་རྗེས་ཀྱང༌། རྒྱའི་སྐད་ཀྱིས་ཆོས་དང་(སྔར་སྲོང་བཙན་སྒམ་པོར་སྐྱེས་ནས་རྒྱ་ནག་ཏུ་བྱོན་པའི་ལོ་ རྒྱུས་ལ་སོགས་)དྲི་བ་མང་དུ་མཛད་ནས། ཁོང་གིས་ཀྱང་ཆོས་རྗེ་སྤྱན་རས་གཟིགས་དངོས་སུ་ ཡང་མཐོང་ནས་མི་ཕྱེད་པའི་དད་པ་ཐོབ་ནས། སླར་རྒྱ་ནག་ཏུ་བཞུད་དེ། (མ་ཛཱུའི་གྲོང་ཁྱེར་)ཕོ་ བྲང་ཀེ་ཤཾ་ཀ་རར་ཕྱིན་ནས། རྒྱལ་པོས་བོས་ནས། རྒྱལ་པོ་འཇམ་པའི་འཁོར་ལོ་ན་རེ། དབུས་ གཙང་གཉིས་ལ་མཁས་པར་གྲགས་པ་སུ་ཞིག་མཆིས། ཞེས་སོགས་དྲི་བ་ཞིབ་ཞིབ་བྱས་ ནས། ཛྭ་ལ་ཀ་རས་རྒྱལ་པོ་ལ་ཕྱག་ཕུལ་ནས་སྨྲས་པ། རྒྱལ་པོ་ཆེན་པོ་དབུས་གཙང་གཉིས་ ལ་ལར་མཁས་པ(ར་གྲགས་པ་ཤིན་ཏུ་)་མང་སྟེ། (དེ་དག་གི་ནང་ན་)ཆོས་རྗེ་ཐམས་ཅད་མཁྱེན་པ་ ཞེས་བྱ་བ་མཁས་པ་ཐམས་ཅད་ཀྱི་གཙུག་རྒྱན། སྔགས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཆོས་ ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ། རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་ཁྱད་པར་འཕགས་ པ། (ཚངས་པའི་དབང་བསྐུར་གནས་སུ་ཚངས་པའི་དབྱངས། འབྲུག་སྒྲ་སྒྲོགས་བྱེད་འཕྲུལ་གྱི་རྔ་ཡི་སྒྲ། རོལ་མོའི་སྒྲ་ཡང་ 1-1-285 དགའ་ལྡན་གནས་སུ་སྟོན། །སུམ་ཅུ་རྩ་གསུམ་མིའི་སྐད་དུ་སྟོན། །རྒྱལ་ཆེན་གནས་སུ་དྲི་ཟའི་སྐད་དུ་སྟེ། །མིའམ་ཅིའི་གནས་ སུ་གླིང་བུའི་སྒྲ། །ཀླུའི་གནས་སུ་ཐལ་མོ་བརྡབ་པའི་སྒྲ། །གནོད་སྦྱིན་གནས་སུ་ཀླུའི་བུ་མོའི་སྒྲ། །ལྷ་ཡི་གནས་སུ་རྔ་བོ་ཆེའི་སྐད། ། ཅེས་སེམས་ཅན་རང་རང་གི་སྐད་ཀྱི་ཆོས་སྟོན་པར་སངས་རྒྱས་ཕལ་བོ་ཆེར་གསུངས་པ་ལྟར་) སེམས་ཅན་རང་རང་ གི་སྐད་ལ་གསུང་གླེང་མཛད་པ། དབུས་གཙང་གཉིས་ལ་མཁས་པར་གྲགས་པ་ཞིག་མཆིས་ ལགས། ཞེས་ཞུས་ནས། (དེ་སྐད་ཐོས་ནས་)རྒྱལ་པོའི་སྤུ་ཟང་ཟིང་བྱས་ནས་སྨྲས་པ། (ལག་པ་སྤྱི་ བོར་ཐལ་མོ་སྦྱར་ནས། )བདག་གིས་ཆོས་རྗེ་དེ་སྤྱན་དྲངས་པ་ཨེ་ཐུབ་ལན་ཅིག་མི་མཇལ་ཁ་མེད་ བྱས་པས། ཛྭ་ལ་ཀ་རས་སྨྲས་པ། རྒྱལ་པོ་ཆོས་རྗེ་འདིར་མི་འོང༌། (མཚམས་ཤིན་ཏུ་དམ་པོས་)ཏིང་ ངེ་འཛིན་ཆེན་པོའི་ཐུགས་དམ་པ་ལ་(རྩེ་གཅིག་ཏུ་)བཞུགས་པས་དབུས་གཙང་གཉིས་སུ་ཉི་མ་ ལྟ་བུར་གྱུར་པ་བོད་འབངས་རྣམས་ཀྱིས་མི་སྟེར་ལགས་སོ་ཞེས་སྨྲས་ནས། རྒྱལ་པོ་བཤུམས་ ནས་དུས་རྟག་ཏུ་ཡིད་ལ་དྲན་པར་བྱེད་དོ། །ཞག་གཅིག་ནས་(བརྩམ་ཏེ་)ལྔའི་བར་གྲོས་བྱས་ ནས། གཞན་སུས་མ་ཚོར་བར་གདན་དྲངས་(ཅུང་ཟད་)པར་འཆམ་སྟེ། ཛྭ་ལ་ཀ་ར་དང༌། བློན་ པོ་ཙ་ཀ་ར་ལ་སོགས་དྲུག །གླང་ཆེན་པད་མ་ལ་སོགས་གྱད་བཞི། ཛ་ཀ་ཏ་ལ་སོགས་འབངས་ ལྔ་བཅུ་ལ། དུས་འཁོར་ཕྱག་མང་ལ་སོགས་གསེར་སྐུ་བཅུ་གཉིས། མཆོད་རྟེན་གསུམ། གོས་ ཆེན་སེར་པོ་ལ་མེ་ཏོག་དཀར་པོའི་རི་མོ་ཅན་དང༌། དམར་པོ་ལ་རི་མོ་ལྗང་གུ་ཅན་དང༌། ཟ་ འོག་གི་འབོལ་ཁྱད་ཅན་གསུམ། གསེར་ནག་གི་བདུན་ཚར་ཆ་གཅིག་ལ་སོགས་འབོད་སྟབ་ དུ་མ་དང་ཆས་ནས་ཇོ་ནང་དུ་ཕྱིན་ནས། གཞན་ཐམས་ཅད་སྦས་ནས་ཛྭ་ལ་ཀ་ར་ཞེས་བྱ་བས་ ཉེ་གནས་ལ་ཞུ་བ་ཕུལ་ནས་ནང་ཕྱིན་ཏེ། ཡོལ་བའི་ཕྱི་རོལ་ཏུ་ཕྱག་འཚལ་ནས། སི་ལ་ལ་ སོགས་སྤོས་སྣ་ཚོགས་བདུག་ཅིང༌། རྒྱའི་སྐད་ལ་རྒྱལ་པོས་ཇི་ལྟར་བསྒོས་པ་བཞིན་དུ་ཆོས་ རྗེ་ལ་ཡང་དག་པར་ཞུས་ནས། ཆོས་རྗེས་ཀྱང་རྒྱ་ནག་གི་སྐད་ཀྱིས་ལན་འདེབས་པར་མཛད་ པས་ཉེ་གནས་མ་གོ་བར་འདུག་ནས། དེའི་ནམ་ཕྱེད་ཙམ་ན་རྒྱ་མི་ཐམས་ཅད་ཆོས་རྗེའི་དྲུང་ 1-1-286 དུ་འདུས་ཏེ་ཕྱག་དང་བྱིན་རླབས་ཞུས་པས་མི་ཐམས་ཅད་བསམ་གཏན་དང་པོ་ཐོབ་པ་ཙམ་ དུ་དགའ་བའམ། ཡང་ན་བྱིས་པས་ཕ་མ་མཐོང་བའི་དགའ་བའམ། རྔ་མོས་ཕྲུ་གུ་སྟོར་ནས་ རྙེད་པའི་དགའ་བ་ཙམ་སྐྱེས་སོ། །མི་ཐམས་ཅད་སྨྲ་མ་ནུས་ཏེ་སྤུ་ཟང་ཟིང་དུ་གྱུར་ཏོ། །ཕྱག་ རྟེན་རྣམས་ཆོས་རྗེ་ལ་ཕུལ་ནས། ཆོས་རྗེས་རྟེན་འབྲེལ་མི་འགྲིག་པར་འདུག་གསུངས་ནས། ཛྭ་ལ་ཀ་རས་ཅི་ལགས་ཞེས་པས། ཆོས་རྗེས་རྒྱ་ནག་གི་སྐད་དུ་གསུངས་པ། རིག་པ་གསལ་ བའི་ཛྭ་ལ་ཀ་ར་ཁྱོད། །གསེར་སྐུ་མཆོད་རྟེན་རྣམས་ནི་འགྲོ་འོང་བྲལ། །གོས་འབོལ་གསུམ་ ནི་བསམ་གཏན་བསྒོམ་པའི་གདན། །དེ་ཕྱིར་བདག་ཀྱང་འགྲོ་ནི་བཤོལ་བའི་རྟགས། །ཞེས་ སོགས་གསུངས་ནས། རྒྱ་མི་ཐམས་ཅད་བཤུམས་ནས། ཆོས་རྗེས་སྙིང་རྗེ་རུ་དགོངས་ནས་ བྱོན་པ་ཞལ་གྱི་བཞེས་པས། དེ་དག་ཐམས་ཅད་དགའ་ནས་ཟླ་བ་གསུམ་ལོན་ནས། ལྷ་སར་ འདུས་པའི་ཆད་བྱས་ཏེ། རྒྱ་མི་ཐམས་ཅད་སུས་མ་ཚོར་བར་ལྷ་སར་སོང་སྟེ། དེ་ནས་ཆོས་ རྗེས་(ཆོས་གྲགས་དཔལ་ཉིད་ལ་སོགས་)བུ་ཆེན་རྣམས་བསྡུས་ནས། གསོལ་ཇ་བསྐོལ་ཏེ་རྒྱའི་གསེར་ སྐུ་དུས་འཁོར་མ་གཏོགས་པ་མཆོད་རྟེན་དང་བཅས་པ་རེ་རེ་གནང་ཞིང་སྨོན་ལམ་མང་དུ་ བཏབ་བོ། ། དེ་ནས་ཆོས་རྗེས་ང་ལྷ་སར་ཇོ་ཤཱཀ་གཉིས་ལ་ཐེབས་ཅིག་མཇལ་འགྲོ། (ཇོ་ནང་)ལོ་ཙཱ་ བ་བློ་གྲོས་དཔལ་ཁྱོད་ང་འདིར་མ་ཕེབས་བར་དུ་གདན་ས་གྱིས། ཀུན་སྤངས་ཆོས་གྲགས་ དཔལ་དང༌། ས་བཟང་པ། བྱང་རྩེ་ལོ་ཙཱ་བ་དང༌། མ་ཎི་ཀ་ཤྲཱི་ལ་སོགས་བུ་ཆེན་དྲུག །དོན་ ཡོད་བཟང་པོ་ལ་སོགས་དགེ་སློང་ཉི་ཤུ། བློ་གྲོས་རྡོ་རྗེ་ལ་སོགས་དགེ་ཚུལ་བརྒྱད། ངའི་ ཞབས་ཏོག་ལ་ཤོག་གསུངས་ནས། བུ་སློབ་ཀྱིས་གསོལ་བ་བཏབ་ཀྱང་མ་གནང་བར། སྤྲེལ་ ལོ་དབོ་ཟླར་བཅགས་ནས་ཆོས་རྗེ་ཙན་དན་གོ་ཤིརྵའི་ཤིང་རྟ་ལ་གདན་དྲངས་ནས། (ཤེར་སེང་ ལ་སོགས་)ལམ་དུ་བླ་མ་ཆེན་པོ་རྣམས་དང་(བྱ་རྒོད་གཅུང་པོ་ལ་སོགས་)ཡོན་བདག་སྡེ་པ་མང་པོས་ 1-1-287 བསུས་ཏེ་ཆོས་ཞུས་པའི་གསོལ་བ་བཏབ་ཀྱང༌། ཡར་འགྲོ་ལ་བྱེད་གསུངས་ནས་མ་གནང་ བར། ལྷ་སར་ཕྱིན་ནས་ནམ་མཁའ་ལ་སྒྲ་དང་འོད་གསལ་འཇའ་ཚོན་སྣ་ཚོགས་དང་མེ་ཏོག་ གི་ཆར་འབབ་པས། རྒྱ་མི་རྣམས་ལྷག་པར་དགའ་ཞིང་དད་དོ། །ཆོས་རྗེས་ཇོ་ཤཱཀ་གཉིས་ལ་ མཆོད་ལ་རྒྱ་ཆེན་པོ་བཤམས་ནས། རྒྱ་ནག་ཏུ་འགྲོ་ན་བསྟན་པ་དང་སེམས་ཅན་ལ་ཕན་ནམ། བོད་ཁམས་སུ་བསྡད་ན་ཕན་ཞེས་རྒྱ་མི་ཆེ་ཤོས་ལྔ་དང་ལྷན་ཅིག་ཏུ་གསོལ་བ་བཏབ་པས། ཤཱཀྱ་མུ་ནེའི་ཐུགས་ཀར་འོད་ཟེར་ནག་པོ་ལྷུང་བཟེད་ལྟ་བུ་བྱུང་ནས་སྤྱན་རས་གཟིགས་ཀྱི་ ཐུགས་ཀར་ཐིམ། སྤྱན་རས་གཟིགས་ཀྱི་ཐུགས་ཀར་འོད་ཟེར་ལྕགས་ཀྱི་རྡོ་རྗེ་ལྟ་བུ་འཕྲོས་ པས། ར་སའི་གཙུག་ལག་ཁང་དུ་ཁྱབ་པས་རྒྱའི་སྐད་ཀྱིས་སྒྲ་འདི་ཞིག་ཡང་གྲག་གོ །སྙིང་རྗེ་ ཆེན་པོ་བདག་ཉིད་སྤྱན་རས་གཟིགས། །རྒྱ་དང་སྔོན་འབྲེལ་ཞེས་ནི་མ་མཆིས་ཏེ། །ཁྱོད་ནི་ མ་བཞུད་བོད་ཁམས་རྒྱལ་པོ་འཁྲུགས། །ཆོས་ཁྲིམས་ཉམས་ནས་ནད་ཡམས་ལྕགས་འབྲུམ་ དར། །བུད་མེད་ཁྲག་སྐྱུགས་བྱིས་པ་མཐའ་ནས་ཆད། །ལོ་ཏོག་ཚིག་ཅིང་རྩི་སྨན་ནུས་པ་ ཡལ། །གཤང་གཤོང་ཚེར་རྩུབ་ལོ་ངན་མུ་གེ་དར། །ཞེས་སོགས་རྟེན་འབྲེལ་མི་འགྲིག་པའི་ ལུང་བསྟན་བྱུང་བས། རྒྱ་མི་རྣམས་ཤིན་ཏུ་སྡུག་བསྔལ་གྱིས་སེམས་གདུངས་ནས། ཆོས་རྗེའི་ སྙིང་རྗེ་མ་བཟོད་པར་བྱོན་གསུངས་ནས། མི་ཐམས་ཅད་རབ་ཏུ་དགའ་བར་གྱུར་ཏོ། ། དེ་ནས་ཆོས་རྗེས་རིན་ཚུལ་བ་ལ་སྦྲན་ཏེ། ངའི་ཞབས་ཏོག་ལ་ཤོག་གསུངས་ནས། རིན་ ཚུལ་བའི་སྙིང་སྟོར་ནས་སྤྱན་ཆབ་འབབ་པས་བཤོལ་བ་ཡང་ཡང་འདེབས་ཏེ་མ་གནང་བར། གསང་དུ་ལོ་གཅིག་ནས་ཡར་བྱོན་པའི་མནའ་ཚིག་བྱས་སོ། ། དེ་ནས་རིན་ཚུལ་བས་ཡར་བྱོན་ཁར་ཆོས་རྗེའི་སྐུ་འདྲ་ཞིག་བཞེངས་ནས་རབ་གནས་ མཛད་པའི་ཞུ་བ་ཕུལ་ནས་ཞལ་བཞེས་མཛད་དེ། དེ་ནས་བུ་སློབ་རྣམས་ལ་(རིན་ཚུལ་མ་གཏོགས་ པར་)ཀཽང་སྨད་དུ་ཨོ་རྒྱན་པད་མའི་བསྒྲུབ་གནས་སུ་མཇལ་དུ་འགྲོ་གསུངས་ནས། ཆོས་རྗེ་ 1-1-288 དང་བུ་སློབ་རྣམས་ཀོང་ཡུལ་དུ་བྱོན་པའི་འགྲོ་རོགས་ཀྱི་ཚུལ་དུ་རྒྱ་མི་རྣམས་དང་ལྷན་ཅིག་ཏུ་ བྱོན་ནས། རྭ་སྒྲེང་ལ་བོད་ཀྱི་འགྱུར་ཚད་བཞུགས་ཟེར། ཐོག་མར་དེར་འགྲོ་གསུངས་ནས། བྱང་ལམ་དུ་བྱོན་ཏེ། ལམ་དུ་བླ་མ་གྲགས་པ་ཅན་མང་པོ་དང་བྱང་བ་ཁྲི་དཔོན་ལ་སོགས་ ཀྱིས་གདན་དྲངས་ནས་ཡར་འགྲོ་དོགས་ལ་ཡིན་གསུངས་ནས་མ་གནང་ངོ༌། །ལྷོ་ལམ་ཀོང་ སྨད་ནས་ཡུལ་མཐར་ཡར་བུད་དགོས་གསུངས་པའི་ཚེ་ན་བུ་སློབ་རྣམས་ཀྱིས་རྟོགས་ནས། ལ་ལ་ངུ༌། ལ་ལ་བཤོལ་འདེབས། ལ་ལ་བརྒྱལ། ཆོས་རྗེ་ལོ་གཅིག་ནས་ཡར་བྱོན་པའི་དཔང་ པོ་དཀོན་མཆོག་བཞག་གོ །བུ་སློབ་དང་རྒྱ་མི་རྣམས་ཀྱང་ལོ་གཅིག་ནས་ཡར་བྱོན་པའི་ མནའ་ཚིག་དམ་པོར་བགོས་ནས་འདམ་གཞུང་བར་དུ་བྱོན་པས་དེར་བཞུགས་ནས། དབུས་ གཙང་གཉིས་སུ་ཆོས་རྗེ་སངས་རྒྱས་འཕྲོག་ཅེས་ཡོངས་སུ་གྲགས་ནས། སྡེ་པ་རྩེ་གཉིས་ཀྱིས་ བྱང་བའི་རྒྱལ་པོ་ལ་ཡི་གེ་བསྐུར་ཏེ། དེས་དམག་དྲངས་པས་དབུས་གཙང་གཉིས་ཀྱི་དམག་ བསྡུས་ནས་དེད་ལ་ཆས་པ་དེ་ཆོས་རྗེ་རིན་པོ་ཆེའི་ཐུགས་ལ་ཤར་བས། བུ་སློབ་རྣམས་ལ་ གསུངས་པ། ཆོས་གྲགས་དཔལ་དང་ས་བཟང་པ། །མ་ཎི་ཀ་ཤྲཱི་བུ་སློབ་ཁྱོད། །བདག་ཅག་ འགྲོ་བར་མི་བཏུབ་སྟཻ། །དམག་མི་དེད་པ་རྒྱབ་ཏུ་ཉེ། །ཞེས་སོགས་གསུངས་པས། བདག་ ཅག་དགའ་ནས། (ཆོས་རྗེ་ཟད་པར་སའི་ཏིང་ངེ་འཛིན་ལ་བཞུགས་ནས་)རྒྱ་མིས་ཤིང་རྟ་འཐེན་ནས་ཤིང་ རྟ་ཐོགས་ནས་བསྒུལ་ཙམ་མ་ནུས་སོ། །(དེ་ཡང་སངས་རྒྱས་ཕལ་བོ་ཆེར། དེ་བཞིན་གཤེགས་པ་རྡོ་རྗེ་ལྟ་བུའི་ སྐུ། །མཚམས་སུ་མི་ཕྱེད་སྲ་བ་རི་བོ་འདྲ། །འགྲོ་བ་ཀུན་གྱི་བསྐྱོད་མི་ནུས། །རྡོ་རྗེ་རྡུལ་གྱི་ལྟ་ནི་དེ་ནས་དགའ། །ཞེས་གསུངས། ) གླང་པོ་ཆེ་པད་མ་ལ་སོགས་གྱད་དང་དམག་ཀུན་གྱིས་ལྕགས་ཐག་དང་གསེར་གྱི་ལྕགས་ སྒྲོག་དང༌། ཟངས་དང་མཁར་བའི་ལྕགས་སྒྲོག་དུ་མ་དང༌། ཐག་པ་སྣ་ཚོགས་པ་ལྔ་བཅུས་ འཐེན་ཀྱང་ཐག་པ་རྣམས་དུམ་བུ་དུམ་བུར་ཆད་དོ། །དེ་ནས་ལ་ལས་ས་བརྐོས། ལ་ལས་ ཞབས་བཏེགས། ལ་ལས་སྣ་དྲངས། ལ་ལས་རྒྱབ་ནོན་ཀྱང་བསྒུལ་མ་ཉན་ནས། ཆོས་རྗེ་ཁོ་ 1-1-289 རང་ཁུར་ཁྱེར་སྙམ་སྟེ། དམག་མི་རྣམས་རེས་མོ་བྱས་པ་དང༌། ལྷན་ཅིག་ཏུ་ཁུར་ཀྱང་ཕ་བོང་ ལ་གྲོག་མའི་ཕུང་པོ་བཞིན་ནོ། ། (དྲི་མེད་འོད་ལས། ཕབས་རྣལ་འབྱོར་པ་སློབ་མའི་བྱིན་གྱིས་རླབ་པར་རི་དང་མཚུངས་པར་གྱུར་ཏེ་མི་བརྒྱ་ཕྲག་དུ་ མས་བསྐྱོད་པ་མི་ནུས་སོ། །)དེ་ནས་དེ་དག་ལ་ཆོས་རྗེས་རྒྱའི་སྐད་དུ་གསུངས་པས། ཉོན་ཅིག་དད་ ལྡན་རྒྱལ་པོའི་ཕོ་ཉ་རྣམས། །དམག་དཔུང་མཚོན་ཐོགས་རྒྱབ་ཏུ་སླེབ་ལ་ཁད། །ཁྱེད་རྣམས་ བསད་ཁྱེར་ལ་སོགས་ཆད་པ་གཅོད། །དེ་བས་རང་གི་གནས་སུ་འགྲོ་ན་ལེགས། །ཞེས་ གསུངས་ནས། མ་ར་ཙི་ཏ་ཟེར་བ་ཞིག་གིས། ཆོས་རྗེ་ལ་རལ་གྲིས་བརྒྱབ་པས་རལ་གྲི་དུམ་ བུ་དུམ་བུ་ཆག་གོ །ཡབ་སྲས་མཇལ་བའི་མདོ་ལས། བདེ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་ འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོས་པས་མཚོན་གྱི་འཇིགས་པའམ་མེའི་འཇིགས་པའམ། མེའི་འོབས་སུ་བསྐྱུར་རམ། གཡང་དུ་འཕང་ངམ། ཆུ་ལ་བསྐུར་ཀྱང་གནོད་པ་མེད་དེ་བདེ་བ་ འབའ་ཞིག་ཏུ་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། ། དེ་ནས་དེའི་(སྲོག་གི་)ཆད་པ་འབབ་པས། ཆོས་རྗེས་དེ་དག་ལ་གསུངས་པས། ཁྱེད་ རྣམས་འདི་བདེ་བར་ཐོངས་ཤིག །འདིས་སྔོན་ངའི་སྐྱེ་བ་ཞིག་ལ་གནོད་པ་ཅི་བྱས་པ་ཅུང་ ཟད་བཤད་དོ། །ཞེས་གསུངས་ནས། དེ་དག་གིས་(མ་ར་ཙི་ཏ་)མི་གཏོང་ངོ༌། །(ཆོས་རྗེས་གསུངས་ པ་)སྔོན་ང་བྲམ་ཟེ་ཆེན་པོའི་(ས་ར་ཧ་པ་)མདུན་དུ་ཡོད་པའི་དུས་སུ། རྒྱལ་པོ་བདེ་སྤྱོད་བཟང་ པོས་བླ་མཆོད་དུ་སྤྱན་དྲངས་པའི་ཚེ། ཁོ་བོའི་གཟུགས་བྱད་ལ་བུད་མེད་ཐམས་ཅད་དང་ རྒྱལ་པོའི་བཙུན་མོ་ལྷག་པར་ཆགས་སོ། །དུས་རེ་ཞིག་ནས་རྒྱལ་བློན་རྣམས་མཧཱ་བྷོ་དྷི་ལ་ མཇལ་ནས་ཐལ། ངའི་འཁོར་པཎྜི་ཏ་ཐམས་ཅད་གྲོང་དེའི་ཉེ་འདབས་སུ་བོས་པའི་ཚེ། ཕོ་ བྲང་ཁང་བརྩེགས་ཆེན་པོ་ལྔ་ཁྱམས་རིམ་པ་གསུམ་དུ་སྒོ་ལྕགས་དུ་མས་བརྒྱབ་སྟེ་རྩེ་མོར་ཁོ་ བོ་སྒོ་བཅད་དུ་(བསྒོམ་ནས་)ཡོད་པའི་ཚེ། ཕོ་བྲང་ལོགས་སུ་ཡོད་པའི་རྒྱལ་པོའི་བཙུན་མོ་ཞིག་ 1-1-290 གིས་སྒོ་ལྕགས་ཐམས་ཅད་རིམ་པར་ཕྱེ་ནས་ངའི་རྩར་ཐོན་ནས་བརྡ་བྱས་པས། དེའི་ཚེ་ཁོ་ བོས་འདི་སྐད་དུ། རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྒོམས་པ་ལ། །གང་ཞིག་དེ་ལ་བར་ཆད་བྱེད་ པ་ནི། །ཉེ་བའི་མཚམས་མེད་ཡིན་པར་མདོ་ལས་གསུངས། །ད་ནངས་བདུད་ཆེན་འོང་བ་སུ་ ཞིག་ཡིན། །ཞེས་དང༌། བུད་མེད་ན་རེ། ང་ནི་ས་བདག་རྒྱལ་པོའི་བཙུན་མོ་ལགས། །རྒྱལ་པོ་ ལ་སོགས་སྐྱེ་བོ་ཕལ་བ་ཀུན། །ཁྱོད་ཀྱི་གཟུགས་བྱད་མཐོང་ན་ཨ་ཐང་ཆད། །འཕགས་པས་ བདག་གི་འདོད་པ་སྤྱད་དུ་གསོལ། །ཁོ་བོས། འདོད་པའི་(རྒྱ་ཆེར་རོལ་པའི་མདོ་ལས་)ཡོན་ཏན་མྱ་ ངན་གནོད་པ་མང༌། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་མང༌། །རལ་གྲི་སོ་འདྲ་ དུག་སྡོང་ལོ་མ་མཚུངས། །ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོ་སྤངས། །བུད་མེད་ན་ རེ། ཁོ་མོ་འདོད་པའི་ནད་ཀྱིས་བཟོད་གླགས་མེད། །ཉིན་མཚན་ཀུན་ཏུ་གཉིད་མེད་ཁྱོད་ཉིད་ དྲན། །ཤིན་ཏུ་དཀའ་བས་(སྒོ་མང་པོ་ཕྱེ་ནས་)ད་ལྟ་འདིར་ཐོན་ཀྱང༌། །འདོད་པ་མི་སྤྱོད་(ན་གནས་ འདི་ཉིད་དུ་)རང་སྲོག་གཅོད་པ་ལགས། །དེ་ནས་ངས་འདི་སྙམ་དུ་སེམས་ཏེ། བདག་ལ་བརྟེན་ ནས་བུད་མེད་སྲོག་དང་བྲལ། (ན་ཤིན་ཏུ་མི་རུང་)དེ་ལ་རྫུ་འཕྲུལ་ཅིག་བསྟན་ནས་ག་ཤེད་དུ་ འགྲོ་སྙམ་ནས། ལངས་པའི་ཚེ་ན་ཆབ་མ་རྙེད་ནས་རྩྭ་སྔོན་ཟིལ་པའི་ཕྲེང་བ་ཅན་ཞིག་མཐོང་ ནས་(ཕྱག་བརྐྱང་སྟེ་)རྩྭ་ཆོད་པའི་ཞོར་ལ་སྲིན་བུ་(མེ་ཁྱེར་)གཅིག་བསད་པར་གྱུར་ཏོ། །ཤིན་ཏུ་ འགྱོད་ནས་ཕུས་བཏབ་ནས་(དེའི་སྟོབས་ཀྱིས་)བུད་མེད་དེའི་ལྟོ་རུ་ཞུགས་པར་མཐོང་ནས་སྲིན་ བུ་འདི་མི་ལུས་ཐོབ་(ངེས་སོ་)སྙམ་ནས། དེ་ནས་ང་གསལ་ཁུང་(གི་ནང་ནས་ཕྱིར་)དུ་ཐོན་ནས་ མཆོད་འགྲམ་དུ་གླིང་བུའི་ནང་དུ་ཞུགས་ནས་(སྐྱིལ་ཀྲུངས་བཅས་ཏེ་)འདི་སྐད་དོ། །སྒྱུ་མའི་བདུད་ མོ་འདོད་ལྡན་མ། །ཟངས་དཀར་གླིང་བུའི་ནང་དུ་ཤོག །དབེན་པ་འདི་ལ་འདོད་པ་སྤྱོད། ། (ཁྱོད་རང་གླིང་བུའི་ནང་དུ་གལ་ཏེ་)མ་འོང་ང་ལ་ཁག་ཁུར་མེད། །བུད་མེད་ན་རེ། (བལྟས་ནས་གླིང་བུ་ ཡངས་དུ་མ་སོང་འཕགས་པའི་སྐུ་ཆུང་ངུ་མ་གྱུར་པ་མཐོང་བས་)ཀྱེ་མ་བདག་ནི་ལས་ངན་མ། །གླིང་བུ་དོག་ 1-1-291 མོར་འཛུལ་ས་མེད། །ཚུར་བྱོན་འཕགས་པ་གཟུགས་བཟང་བ། །ཡངས་ས་འདི་ལ་འདོད་ པ་སྩོལ། །དེ་ནས་ཁོ་བོ་གླིང་བུའི་ཁ་ལ་ཡར་བུད་ནས་བར་སྣང་ལ་འདུག་ནས་འདི་སྐད་དོ། ། ཡར་ཤོག་བུད་མེད་འདོད་ལྡན་མ། །ཡངས་པར་འདོད་ན་ནམ་མཁའ་འདི། །ཡངས་པ་ཀུན་ གྱི་མཆོག་ཡིན་ནོ། །བག་ཡོད་བདུད་རྩི་སྦྱིན་པར་བྱ། །ཞེས་དང༌། ངའི་ཕྱི་བཞིན་དུ་པཎྜི་ཏ་ རྣམས་འབྲངས་ནས་(དཔལ་གྱི་རི་ལ་)ནམ་མཁར་གཤེགས་སོ། །དེ་ནས་(རྒྱང་ལས་རྒྱལ་པོ་འོང་བ་ མཐོང་ནས་)བུད་མེད་ཀྱང་(ཤིན་ཏུ་སྐྲག་ནས་)རང་གི་ཁང་པར་ཐལ་ནས་སྐྲ་དང་སོར་གདུབ་རྣམས་ བཅགས་ནས་(སྡུག་སྡུག་ཏུ་)འདུག་གོ །རྒྱལ་པོ་འཁོར་བཅས་འོང་ནས། ཕྱིན་ཅི་ལོག་གིས་ བཤད་པ་སྨྲས་པའི་ཚེ། རྒྱལ་པོའི་དཀོར་བདག་(ཀླུ་ཆེན་པན་ཏྲ་ཀ་)གིས་སྨྲས་པ། རྒྱལ་པོ་ཆེན་ པོ་བདེ་སྤྱོད་བཟང༌། །བཙུན་མོ་བདུད་ཀྱི་ཕོ་ཉ་འདིས། །བསམ་གཏན་ཁང་པར་ཞུགས་ནས་ ཀྱང༌། །འཕགས་པ་ཐར་པའི་གནས་སུ་གཤེགས། །ཞེས་ཞིབ་ཏུ་བཤད་ནས་བུད་མེད་(ཁྱིམ་ དུ་དམན་དུ་)སྤྱུག་གོ །བང་ཆེན་པ་བཏང་སྟེ། འཕགས་པ་གདན་དྲངས་ནས་འབྱོན་དུ་མ་གནང་ ངོ༌། །(དེ་ནས་བང་ཆེན་པ་དུ་མ་བཏང་ནས་གདན་དྲངས་ནས་མ་གནང་ངོ༌། །)སྤྲིངས་ཡིག་བསྐུར་རོ། །བུད་ མེད་ལ་(སྲིན་བུ་)བུ་གཅིག་སྐྱེས་ནས་མས་བུ་ལ་སྔོན་གྱི་རྫུན་ཚིག་སྨྲས་པ། བུས་རལ་གྲི་(དམུ་ གཤེགས་)བཟུང་ནས། ང་ལ་བརྒྱབ་ཀྱང་(རལ་གྲི་རྡུལ་གཏོར་བ་ལྟར་)བསད་པའི་ལས་མ་རྙེད་དོ། ། དེ་ནས་(གནོད་སྦྱིན་ཆེན་མོ་)ནཱ་ག་ཀུ་བེ་རས་དབྱུག་ཏོ་འཕྱར་བའི་ཚེ། ངས་(འདི་སྐད་)བཀའ་སྐྱོང་ ཆེན་པོ་ཀུ་བེ་རེ། །སྲིན་བུ་བསད་པའི་ལན་ཆགས་ཡིན། །ང་ལ་བྱང་ཆུབ་ཐོབ་པའི་གེགས། ། མ་བྱེད་ངོ་འཛུམ་དཀར་པོ་སྟོན། །ཞེས་དང༌། ཀུ་བེ་རེས་ཆོ་ངེ་འདེབས་སོ། །དེ་ནས་འཇག་ མས་སྐུ་བཤིག་གོ །བཞིན་བཟང་དག་ཁྱོད་ཀྱི་(རྒྱ་ནག་)རྒྱལ་པོ་དེ་སྔོན་བདེ་སྤྱོད་བཟང་པོ་ ཡིན། འཕགས་པ་དེ་ད་ལྟ་སྤྲང་བན་ང་ཡིན། མ་ར་ཙི་ཏ་དེ་(སྔོན་རྒྱལ་བུ་)སྲིན་བུ་དེ་ཡིན། ད་ལྟ་ ང་(རྒྱ་ནག་ཏུ་)འབོད་པ་དེ་སྔོན་བཞིན་དུ་རྟེན་འབྲེལ་མ་འགྲིག་པ་ཡིན་ནོ། །ཞེས་གསུངས་ནས། 1-1-292 ཐམས་ཅད་ཡིད་ཆེས། དེ་ནས་བློན་པོ་(ལས་བྱེད་)ཀརྨ་ཀྲི་ཏས་དུང་གི་གའུ་དང་གོས་བཟང་ཕུལ་ནས་སྨྲས་པ། སྤངས་རྟོགས་མཐར་ཕྱིར་ཆོས་ཀྱི་རྗེ། །རྒྱལ་པོའི་རྟོགས་པ་འཕེལ་བའི་ཕྱིར། །ཕྱི་ནང་གྲུབ་ མཐའི་བྱེ་བྲག་གི ། ཚིག་ཉུང་དོན་གསལ་གནང་བར་ཞུ། །ཞེས་དང༌། ཆོས་རྗེའི་ཞལ་ནས། ན་མཿཤྲཱི་ཀ་ལ་ཙཀྲ་ཡ། (རྩ་རྒྱུད་ལས་)ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉི་མའི་སྐུ་གང་ མི་བཟད་པ། །དཔལ་ལྡན་པད་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་ཁྲིར་བཞུགས་ལ་འདུད། ། (ཉན་པར་བསྒོ་བ་ནི་)རི་དྭགས་རུ་རུ་ཤ་ར་བྷ། །(སེམས་)རྩེ་གཅིག་(གླིང་བུའི་)སྒྲ་ལ་ཉན་པ་ལྟར། ། བདག་གིས་སྤྲིངས་པའི་གླུ་དབྱངས་འདི། །(དང་ཀུན་དོན་རྒྱལ་པོ་)མི་དབང་ཁྱོད་ཀྱིས་གསན་ པར་འཚལ། །དཔེར་ན་དར་གྱི་སྲིན་བུ་ལ། །ཡ་རབས་དག་གི་གོས་རྒྱན་འབྱུང༌། །དེ་བཞིན་ བདག་གི་བསྟན་ཆོས་འདི། །ཐར་པ་འདོད་པའི་ཆོས་མཆོག་འབྱུང༌། །སྟེང་དུ་འགྲོ་བའི་མི་ དག་གིས། །འོག་གི་ལམ་དུ་མི་འཇུག་ལྟར། །དེ་བཞིན་ཐར་པའི་དོན་གཉེར་བས། །ལོག་ པའི་ལམ་དུ་འཇུག་མི་འཚལ། །(ལྟ་བ་རྣམ་དག་)ཕ་རོལ་འགྲོ་བའི་མི་དག་གིས། །མིག་དང་རྐང་ པ་མེད་ཐབས་མེད། །དེ་བཞིན་འཁོར་བའི་ཕ་རོལ་ལ། །འགྲོ་འདོད་ཚུལ་ཁྲིམས་(དང་ཡང་དག་ པའི་)ལྟ་བ་གཅེས། །(ཞེས་ཨརྱ་དཱེ་བས་གསུངས་)རྣམ་ཤེས་ཡོ་ལངས་འཁོར་བ་(འི་ཆོས་ཐམས་ཅད་འབྱུང་) འབྱུང༌། །ཡེ་ཤེས་རོལ་པ་མྱ་ངན་འདས། །(ཆོས་ཐམས་ཅད་འབྱུང་ངོ༌། །)དེ་བཞིན་འཁྲུལ་དབང་མུ་ སྟེགས་འབྱུང༌། །(རྒྱ་ཆེར་རོལ་བ་ལས། དེ་དག་ཡང་དག་ལྟ་བའི་ལས་ཡང་དག་པར་ལྟ་བའི་དུས་སུ་ལུས་ཞིག་ན་བདེ་ འགྲོ་མཐོ་རས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་བ་དག་ཅེས་རབ་ཏུ་ཤེས་སོ། །ཞེས་གསུངས། )ཡང་དག་ལམ་ ནི་སངས་རྒྱས་ལགས། །མུ་སྟེགས་ལ་ཡང་རྣམ་པ་གཉིས། །སྤྲུལ་པ་དང་ནི་རང་རྒྱུད་པ། །འདི་ དག་རྟག་ཆད་གྲུབ་མཐའ་ཡིས། །ཡང་དག་ལྟ་བ་ལོག་པར་མཐོང༌། །བརྟན་གཡོ་ཐམས་ཅད་ དབང་ཕྱུག་གིས། །བྱས་པར་འདོད་པ་ཡིན་པ་ལ། །རྟེན་འབྲེལ་མ་གཏོགས་བྱེད་གཞན་མེད། ། 1-1-293 ཀུན་རྫོབ་ལས་སྣང་གྲུབ་པར་ཐལ། །ཁྱབ་འཇུག་རྟག་པ་རང་དབང་ཅན། །ཡིན་ཞེས་ཟེར་ བ་འདོད་པ་ལ། །སྐྱེ་འཆི་གཉིས་ཀྱི་སྡུག་བསྔལ་དག །མྱོང་བས་རང་དབང་ཅན་དུ་འགལ། ། ཨ་ཤྭ་མི་རྟའི་སྲོག་གཅོད་ཀྱིས། །མཆོད་སྦྱིན་བྱས་ན་མཐོ་རིས་ཟེར། །སྡིག་ལས་ཐར་པ་ཐོབ་ གྱུར་ན། །ངན་འགྲོའི་སྡུག་བསྔལ་གང་ལས་འབྱུང༌། །གེལ་བའི་ཤིང་གི་ལུས་ཚད་ནི། །སྲོག་ ཀྱང་རྟག་པ་དེ་ཙམ་འདོད། །དུམ་བུར་བྱས་ན་སྲོག་ནི་ཡང༌། །དེ་བཞིན་མང་དུ་འགྲོ་འམ་ཅི། ། སྲིད་གསུམ་རྟག་པའི་སྟེང་ནས་ཀྱང༌། །ཐར་པ་གཟུགས་ཅན་ཡོད་པར་འདོད། །གཟུགས་ ཅན་ཡིན་ན་ཕྲ་རབ་རྡུལ། །ཉིད་ལས་གྲུབ་ཕྱིར་རྟག་པར་འགལ། །གང་གཱའི་ཆུ་ནི་འཐུངས་པ་ དང༌། །མེ་ལྔ་བསྟེན་ཚད་སྡིག་སྒྲིབ་རྣམས། །དག་པར་འདོད་པའི་སེམས་ཅན་ལ། །མེ་དང་ཆུ་ ནི་མི་འཐུང་མེད། །དེ་སོགས་ལྟ་ངན་བཅུ་བཞི་དང༌། །འཇིགས་ཚོགས་ལྟ་བ་ཉི་ཤུ་དང༌། །ལྟ་ ངན་དྲུག་ཅུ་རྩ་གཉིས་ཀུན། །མི་དབང་ཁྱོད་ཀྱིས་སྤོང་འཚལ་ལོ། །ནང་པ་ལ་ཡང་གྲུབ་མཐའ་ བཞི། །བྱེ་བྲག་སྨྲ་དང་མདོ་སྡེ་བ། །རྣམ་རིག་ངོ་བོ་ཉིད་མེད་སྨྲ། །སོ་སོར་རྣམ་བཤད་བསྡུས་ པར་འཚལ། །བྱེ་བྲག་སྨྲ་བས་ཤེས་བྱ་རྫས། །(འཕགས་པ་ས་ལི་ལྗང་བའི་མདོ་ལས། འདི་ལྟ་སྟེ་དཔེར་ན་མེ་ནི་ རྒྱུ་དང་རྐྱེན་མ་ཚང་བ་ནི་མེ་མི་འབྱུང་ཀྱིས། རྒྱུ་དང་རྐྱེན་འཚོགས་པ་ལས་འབར་རོ། །དེ་བཞིན་གཤེགས་པའི་ཆོས་ནི་བདག་མེད་ དེ་འཛིན་པ་མེད་པ་ན་ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་བདེན་པ་མེད་དོ། །ཅེས་གསུངས། )ཆོས་དང་གང་ ཟག་བདེན་འདོད་པ། །མདོ་རྒྱུད་ནང་དུ་འགལ་བར་བཤད། །མདོ་སྡེ་བས་ནི་མྱང་འདས་ཀྱི། ། འབྲས་བུ་མར་མེ་མནལ་བ་ལྟར། །དཔྱད་ན་ཅུང་ཟད་མེད་པར་འདོད། །གཅེར་བུ་པ་དང་ མཚུངས་པའི་ཕྱིར། །སེམས་ཙམ་པས་ནི་ཆོས་རྣམས་ཀུན། །སྟོང་པ་ནམ་མཁའི་མེ་ཏོག་ལྟར། ། ཆད་པར་ལྟ་བ་མ་རུང་པ། །མི་དབང་ཁྱོད་ཀྱིས་ཤེས་པར་འཚལ། །དབུ་མ་པས་ནི་ཆོས་ རྣམས་ཀུན། །གདོད་ནས་མ་བཅོས་རང་བཞིན་སྟོང༌། །ཡོད་མེད་མཐའ་གཉིས་རྣམ་གྲོལ་བ། ། མཐའ་བྲལ་རྣམ་དག་ཉིད་དུ་འདོད། །(ཕོ་རི་བས་གསུངས་)ཀུན་རྫོབ་བདེན་པ་རང་གིས་སྟོང༌། ། 1-1-294 དོན་དམ་བདེན་པ་གཞན་སྟོང་སྟེ། །སྟོང་ཚུལ་དེ་ལྟར་མ་ཤེས་ན། །རྒྱལ་བའི་བཀའ་ལ་ རྨོངས་པ་ཡིན། །(དགོངས་པ་ངེས་འགྲེལ་)ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་ གཞི་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་ཀྱང༌། །མྱ་ངན་འདས་པ་ཐོབ་པ་ཡིན། །(འཕགས་པ་ས་ ལུ་ལྗང་བའི་མདོ་ལས། སྐྱེ་བའི་ཉིང་མཚམས་སྦྱོར་བའི་མངལ་དུ་ས་བོན་ཀུན་གཞི་རྣམ་པར་ཤེས་པའི་ལས་དང་ཉོན་མོངས་པ་ རྣམས་ཀྱིས་བསྐྱེད་དོ། །ཞེས་གསུངས། )སེམས་ནི་ཀུན་གཞིའི་(ལང་ཀར་གཤེགས་པའི་མདོ་ལས། རྣམ་ཤེས་ཡེ་ཤེས་ དབྱེ་བ་ནི་)རྣམ་ཤེས་ཏེ། །རང་སེམས་དེ་ནི་ཉོན་མོངས་ཡིན། །ནང་གི་ཡུལ་རྣམས་འཛིན་པས་ ན། །དེ་ལ་རྣམ་ཤེས་ཞེས་བརྗོད་དོ། །ཁྱད་པར་ལྟ་བ་ངན་པ་ཡིས། །ཡེ་ཤེས་རྒྱུན་ཆད་འདོད་ པ་དང༌། །རྣམ་ཤེས་དོན་དམ་ཡོད་པ་སྟེ། །རྣམ་རྟོག་ཆོས་སྐུ་འདོད་པ་མང༌། །ཁ་ཅིག་འདི་ སྐད་བདག་ཐོས་ཀྱི། །ཆོས་སྐད་མེད་པར་གྱུར་ནས་ཀྱང༌། །རྩ་རྒྱུད་སངས་རྒྱས་གསུངས་མིན་ ཞེས། །སྐུར་འདེབས་འབའ་ཞིག་སྨྲ་བར་བྱེད། །རེ་རེས་འཛག་བདེའི་བག་ཆགས་ལ། །སྦྱོར་ གྲོལ་ཟེར་ནས་སངས་རྒྱས་འདོད། །ཤ་ཆང་སྐྱོན་མེད་སྤྱོད་པར་བྱེད། །ཡང་དག་ལྟ་བ་ལོག་ པར་མཐོང༌། །དེ་སོགས་ལྟ་བ་ངན་པ་རྣམས། །འཕགས་པ་འཇིག་རྟེན་དབང་ཕྱུག་(པད་མ་ དཀར་པོ་)གིས། །(འགྲེལ་ཆེན་)དྲི་མེད་འོད་ལས་གསལ་བར་བཀག །མི་དབང་ཁྱོད་ཀྱིས་རྟོགས་ པར་འཚལ། །སྤྲང་བན་བདག་གི་ལྟ་བ་ནི། །ཆོས་ཉིད་དོན་དམ་བདེན་པ་སྟེ། །ཆ་མེད་ཀུན་ འགྲོ་སངས་རྒྱས་ནི། །བརྟན་གཡོ་ཀུན་ལ་ཁྱབ་པར་འདོད། །གང་ཞིག་(ལྷ་མོ་དཔལ་ཕྲེང་)བདེ་ གཤེགས་སྙིང་པོ་ལ། །རྟག་བརྟན་སྐུ་རུ་འདུ་ཤེས་བསྐྱེད། །དེ་ནི་ཡང་དག་ལྟ་བ་ཡིན། །སངས་ རྒྱས་སྲས་ཀྱི་ཐུ་བོར་གསུངས། །(འཕགས་པ་ལག་ན་མེ་ཏོག་ལས། །ཡང་དག་ལྟ་བ་རབ་བསྒོམ་ན། །སངས་རྒྱས་ ཀུན་དང་ཕྲད་པར་འགྱུར། །མི་ཁོམས་ཐམས་ཅད་སྤང་བར་འགྱུར། )དེ་བཞིན་གཤེགས་པའི་སྙིང་པོ་ལ། །རྡོ་རྗེ་ ལྟ་བུའི་སྐུ་སྨྲས་པ། །ལྟ་བ་ཕུན་སུམ་ཚོགས་པ་དང༌། །ལྟ་བའི་རྒྱ་བོ་ཡིན་པར་བཤད། །(རྒྱ་ཆེར་ རོལ་བ་ལས། ཡང་དག་ལྟ་བ་ནི་ཆོས་སྣང་བའི་སྒོ་སྟེ། །སྐྱོན་མེད་པ་ལ་འཇུག་པར་འགྱུར། )ཀུན་ནས་ཕྱག་དང་ཞབས་ 1-1-295 ལ་སོགས། །ཀུན་ནས་སྤྱན་དང་ཞལ་དང་དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ ཅད་དུ་ནི་ཁྱབ་པར་བཞུགས། །གཞི་ལ་བཞུགས་པའི་སངས་རྒྱས་ནི། །མཚན་དང་དཔེ་བྱད་ རྒྱན་དང་ལྡན། །སྟོབས་བཅུ་མི་འཇིགས་བཞི་ལ་སོགས། །ཡོན་ཏན་ཐམས་ཅད་གདོད་ནས་ རྫོགས། །(དེ་བཞིན་གཤེགས་པའི་སྙིང་པོའི་མདོར་)བུམ་ནང་མར་མེ་དབུལ་པོའི་གཏེར། །པད་མའི་ སྦུབས་ན་དེ་བཞིན་གཤེགས། །གོས་རུལ་ནང་དུ་རྒྱལ་བའི་སྐུ། །དཔེ་དགུ་དོན་དགུར་སྟོན་པ་ ལགས། །དུས་ཀྱི་འཁོར་ལོ་ཧེ་རུ་ཀ ། དང་པོ་སངས་རྒྱས་རྡོ་རྗེ་འཆང༌། །ཆོས་ཉིད་ཆོས་ དབྱིངས་ཡང་དག་མཐའ། །བདེ་གཤེགས་སྙིང་པོ་ལ་སོགས་མིང༌། །དེ་ཉིད་སྒྲིབ་བྱེད་རྣམ་ རྟོག་སྟེ། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་ འཛིན་བསྒོམ་པར་འཚལ། །རྣམ་པར་རྟོག་པ་(ཕྱོགས་ཀྱི་གླིང་པོ་)མ་གཏོགས་པ། །འཁོར་བ་ཞེས་ བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བ་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །(སམ་བཱུ་ཊི་ལས། ) ཐར་པ་སྒྲིབ་བྱེད་ཉོན་མོངས་པ། །ཐམས་ཅད་མཁྱེན་པ་སྒྲིབ་བྱེད་ནི། །ཤེས་སྒྲིབ་པ་ནི་ཡིན་ པར་བཤད། །དེ་གཉིས་སྒྲིབ་པ་ཐམས་ཅད་ཡིན། །(མྱང་འདས་མདོར་)དཔའ་བར་འགྲོ་བའི་ཏིང་ འཛིན་གྱིས། །གཞི་ལ་བཞུགས་པའི་སངས་རྒྱས་ནི། །དྲི་མ་ཀུན་སྤངས་དྲི་མེད་ཚེ། །མཁའ་ ལྟར་ཡོངས་སུ་དག་པར་གསུངས། །(ཞི་བ་ལྷས་)རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་ པ་ཡི་མཚན་ཉིད་ནི། །(འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས་ལས། འཇམ་དཔལ་ཆོས་ཐམས་ཅད་ནི་དྲི་མ་དང་བྲལ་ཞིང༌། ཤིན་ཏུ་འོད་གསལ་ཏེ། ཉོན་མོངས་པ་ཅན་རྣམས། དྲི་མ་ཅན་བྱ་བར་བྱེད་མི་ནུས་པ་དེ་ནི། རྣམ་པར་རྟོག་པ་འོད་གསལ་བ་ཞེས་ བྱའོ། །ཞེས་གསུངས་སོ། །)ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་ འགྱུར། །སྙིང་པོ་མེད་པའི་འཁོར་བ་ལ། །ཉོན་མོངས་གསེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་ བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །(ཕལ་བོ་ཆེར་)གྲུ་དང་གཟིངས་ བཅས་མཉན་པ་ཞིག །གང་དག་དེ་ཡིས་སྒྲོལ་བྱེད་ཀྱང༌། །བདག་ཉིད་དེ་ནས་ཤི་བ་བཞིན། ། 1-1-296 མ་བསྒོམ་ཆོས་ཀྱང་དེ་བཞིན་ནོ། །(བརྟག་གཉིས་)འཇིག་རྟེན་ཁམས་ནི་གང་ན་ཡང༌། །སངས་ རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ དུ་བསྟན་པ་མེད། །(མདོ་ལས་)འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ ནི་བསྐལ་པ་སྟོང་དག་ཏུ། །ངན་པར་འགྲོ་བར་མི་འགྱུར་རོ། །གོང་དུ་ལྟ་ངན་མ་བཀག་ན། ། (ལག་ན་མེ་ཏོག་གི་མདོར། སྡིག་པའི་བཤེས་གཉེན་རྣམས་དང་ནི། །མུ་སྟེགས་ཅན་གྱི་ཆོས་བསྟེན་ན། །ངན་པར་ལྟ་བ་བསྐྱེད་ པར་འགྱུར། །མི་ཁོམས་གནས་སུ་འགྲོ་བར་འགྱུར། །)སེམས་ཅན་མང་པོ་ལམ་ངན་དུ། །འཇུག་ནས་ཉེས་པ་ འོང་བར་ཐལ། །བཟློག་ན་ཕན་ཡོན་ཡོད་ཕྱིར་རོ། །ཁྱད་པར་དེང་སང་དུས་ངན་འདིར། །ལྟ་ བའི་སྙིགས་མ་དར་བ་སྟེ། །སངས་རྒྱས་བསྟན་པའི་མཇུག་མ་ལ། །ནག་པོའི་ཕྱོགས་རྣམས་ ཁ་རྒྱལ་བས། །བདུད་རིགས་སྤྲུལ་པ་དུ་མ་ཡིས། །བླ་མ་ཡི་དམ་གྲུབ་ཐོབ་སོགས། །བཟང་ པོར་གྲགས་པའི་ཆ་བཟུང་ནས། །(ལག་ན་མེ་ཏོག་ལས། གང་ཞིག་ཁེ་དང་གྲགས་པའི་ཕྱིར། །ནག་པོའི་འཁོར་ལ་ དམ་ཆོས་སྟོན་ན་ཡང༌། །འཇིག་རྟེན་ཁེ་ལ་གནས་ཤིང་ཆགས་པའི་ཕྱིར། །དེ་ཡང་ཆོས་ལ་རབ་ཏུ་གནང་བར་འགྱུར། །ཅེས་ གསུངས་པ་ལྟར། )ཉེ་ལམ་ཞེས་སོགས་ཆོས་ལོག་སྟོན། །ཡང་ན་དངོས་སམ་རྨི་ལམ་དང༌། ། གཟུགས་མེད་སྒྲ་ཙམ་ལུང་བཤད་སོགས། །ཕྱིན་ཅི་ལོག་གི་ཆོས་ལུགས་ལ། །ཡང་དག་ མཐར་ཐུག་ཡིན་པར་སྟོན། །ལྷད་ཅན་ཆོས་ལུགས་འཕེལ་གྱུར་ན། །(འཕགས་པ་རྒྱ་ཆེར་རོལ་བ་ལས། དེ་དག་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་བའི་རྒྱུས། ལུས་ཞིག་སྟེ་ཤི་བའི་དུས་སུ་ངན་སོང་ངན་འགྲོར་ལོག་པར་ལྟུང་ བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དག་གོ ། )ཆོས་ལོག་སྤྱོད་པའི་སེམས་ཅན་རྣམས། །འཁོར་ བའི་རྒྱ་མཚོར་ཐར་མི་སྲིད། །དེ་ཕྱིར་བརྩེ་བས་བཀག་པ་ལགས། །འོན་ཀྱང་གྲུབ་མཐའ་ བསྐུར་པ་ལ། །དད་པའི་རྗེས་འབྲང་དམན་པའི་རིགས། །གཟུ་ལུམ་དབང་ཅན་འགའ་ཞིག་ གིས། །འདི་ལ་མ་གུས་སྲིད་མོད་ཀྱང༌། །དེ་རྣམས་ལ་ཡང་སྡང་སེམས་མིན། །ལམ་ངན་ལྷད་ ཅན་ལྟ་བ་ལ། །ལྡོག་ཕྱིར་ཕན་པའི་སེམས་ཀྱིས་སྨྲས། །ཡང་དག་ལམ་ལ་ཞུགས་ནས་གྲོལ། ། 1-1-297 རང་བཟོ་ཕྱོགས་ཞེན་མ་གོས་ཤིང༌། །ལུང་དང་ཚད་མ་དཔང་བྱས་ནས། །སྐྱེས་བུ་དམ་པའི་ གསུང་དང་མཐུན། །མ་འོངས་འགྲོ་ལ་ཕན་སེམས་བཀོད། །གལ་ཏེ་ལུང་རིགས་རྣམ་དག་ དང༌། །བྲལ་བའི་ཤན་ཕྱེ་གཟུ་ལུམ་གྱིས། །མི་ཟབ་ཟབ་པར་བྱས་པ་དང༌། །ཉེ་ལམ་རིང་ལམ་ བྱས་ན་འགལ། །འཇིག་རྟེན་འདི་ལ་ཕལ་པ་ཡི། །རྫས་ལ་ལྟོས་པ་མཁས་གྱུར་ཀྱང༌། །ལུང་ རིགས་ཆོས་ལ་ལྟོས་མི་ཤེས། །དཔེར་ན་འུག་པ་ཉིན་ལོང་བཞིན། །དྲང་དོན་མཁས་པའི་བླ་ མ་ཡང༌། །ངེས་དོན་ཉིད་ལ་རྨོངས་པ་མང༌། །དཔེར་ན་རྐུན་མས་མཚན་མོ་ལ། །ཕུབ་མའི་སྒྲོ་ བ་ཁྱེར་བ་བཞིན། །བརྒྱ་བྱིན་མིག་སྟོང་ལྡན་པ་ཡང༌། །བདེ་གཤེགས་སྙིང་པོ་མི་མཐོང་ངོ༌། ། (སངས་རྒྱས་ཕལ་བོ་ཆེར། ཐུབ་པའི་སྤྱན་ནི་ནམ་མཁའ་མཉམ་པ་དེས། །དེས་ནི་ཆོས་ཉིད་མ་ལུས་གསལ་བར་གཟིགས། ། ཐབས་སྒོ་ཀུན་ནས་ཉོན་མོངས་ཞི་མཛད་ཅིང༌། །རྒྱལ་བ་འཇིག་རྟེན་གང་བ་ཀུན་ནས་འབྱུང༌། །ཞེས་གསུངས་པ་ལྟར། )ཨཱརྻ་ དེ་བ་སྤྱན་གཅིག་པོས། །ཆོས་ཉིད་སྒྲིབ་མེད་གསལ་བར་གཟིགས། །སེམས་ཅན་རྣམ་པ་ ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་ རྒྱས་བཀའ་དྲིན་འཚོ་བ་ཡིན། །མཉྫུ་རྒྱལ་པོ་ཆེན་པོ་ཁྱོད། །རྫོགས་ལྡན་ཆོས་ཀྱི་ཁྱབ་བྱས་ ནས། །གསུམ་ལྡན་མན་ཆད་ལྟ་ངན་ཀུན། །ཆོས་ལོག་ཐམས་ཅད་མྱུར་ཉམས་མཛོད། །འདི་ ནི་ཐུན་མོང་ཉིད་དུ་བཀོད། །ཐུན་མོང་མིན་པའི་ཆོས་མཆོག་ནི། །བཞེད་ན་སླར་ཡང་སྤྲིང་བ་ ལགས། །སྤྲོ་དགའ་ང་དང་ཕྲད་པ་བཞིན། །དགེ་བ་འདི་ཡིས་མི་དབང་ཁྱོད། །ཏང་ཀུན་རྒྱལ་ པོ་འཁོར་བཅས་ཀྱི། །མངའ་ཐང་སྟོབས་ཤུགས་དཔལ་དང་གྲགས། །ཆུ་བོའི་རྒྱུན་བཞིན་རིང་ བར་ཤོག །ཅེས་གསུངས་ནས། ཡང་ཆོས་རྗེ་རིན་པོ་ཆེས་དེ་དག་ལ་བྱིན་རླབས་མཛད་པར་གསུངས་པ། སོང་ཞིག་སོང་ ཞིག་ཀརྨ་ཀྲི་ཏ་ཁྱོད། །སང་ཉིད་ཉི་མ་སྔ་དྲོ་རྒྱས་པའི་ཚེ། །དམག་དཔུང་སྟོང་ཕྲག་ཧ་སྒྲ་ཅན། ། བདའ་བས་རང་གི་ཡུལ་དུ་སོང༌། །ཞེས་གསུངས་ནས། རྒྱ་མི་རྣམས་སྐྲག་ནས། བློན་པོ་ཙ་ཀ་ 1-1-298 ར་ཞེས་བྱ་བས་གསེར་གྱི་ཤང་ལང་དུང་ལག་ཅན་ཕུལ་ནས་ཞུས་པ། སངས་རྒྱས་རྣམ་འཕྲུལ་ བླ་མ་རིན་པོ་ཆེ། །རྒྱལ་འབངས་ཀུན་གྱི་བྱིན་རླབས་འཇུག་པའི་ཆེད། །ཡི་དམ་འཆག་མིན་བྱ་ བའི་ཆ་ཙམ་ཞིག །ཉིད་ཀྱི་བསྟོད་པ་བདག་ལ་གསུངས་པར་ཞུ། །ཞེས་དང༌། ཆོས་རྗེས། ན་མོ་ལོ་ཀི་ཤྭ་ར་ཡ། (འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཚན་དོན་གྱི་སྒོ་ནས་བསྟོད་པ། )ཤེས་བྱ་ ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ། །འཕྲིན་ལས་བཟང་པོའི་ཉི་མའི་དཀྱིལ་འཁོར་ གྱིས། །(ལག་ན་མེ་ཏོག་གི་མདོ་ལས། ཤཱ་རའི་བུ་འདི་ལྟ་སྟེ། ཉི་མའི་དཀྱིལ་འཁོར་ནི་ཐོགས་མ་ནས་གླིང་ཆེན་པོ་བཞི་དང་གླིང་ ཕྲན་བརྒྱད་ཁྲི་བཞི་སྟོང་དྲོ་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་ཐོག་མར་སེམས་བསྐྱེད་ནས་གོང་ནས་གོང་དུ་ འཕེལ་ཞིང་སངས་རྒྱས་ཀྱི་ས་ཡོངས་སུ་ནོན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཐམས་ཅད་ལ་ སྣང་བའི་ཕྱིར་ཆོས་ཀྱི་སྒྲོན་མེར་འགྱུར་ཞིང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཉོན་མོངས་པ་འདམ་ནག་རྣམས་ཡོངས་ སུ་བསྐམས་པར་བྱེད་དོ། །ཞེས་གསུངས། )གླིང་བཞི་མུན་སེལ་ཁམས་གསུམ་ཆོས་ཀྱི་རྗེ། །ཐུབ་བསྟན་ རྒྱལ་མཚན་འཛིན་ལ་སྤྱི་བོས་འདུད། །(སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ། ཕལ་བོ་ཆེར། ཆོས་ཀྱི་ཁང་བཟང་ རྒྱལ་བའི་སྐུ། །ཆོས་ཉིད་ཡེ་ཤེས་སྙིང་པོ་ལུས་དང་ལྡན། །བདེ་གཤེགས་སྙིང་པོ་བྱང་ཆུབ་འདི་ལ་ལྟོས། །ཞེས་གསུངས། )སྐུ་ མཆོག་བདེ་གཤེགས་སྙིང་པོའི་ཁང་བཟང་ལ། །ལེགས་བཤད་གསུང་གི་སྒྲ་དབྱངས་རྡོ་རྗེ་ འཛིན། །འཁྲུལ་མེད་ཐུགས་ལྡན་འོད་གསལ་ཆོས་ཀྱི་དབྱིངས། །མཐའ་འཁོབ་མུན་སེལ་ ཁྱོད་ལ་སྤྱི་བོས་འདུད། །(ལུང་བསྟན་ཁྱད་འཕགས་ཀྱི་སྒོ་ནས་བསྟོད་པ། )དུས་གསུམ་རྒྱལ་བ་རྒྱ་མཚོས་ ལུང་བསྟན་ནས། །གངས་ཅན་ཁྲོད་དུ་སངས་རྒྱས་བསྟན་པ་སྤེལ། །སྙིགས་དུས་མགོན་མེད་ དཔལ་གྱུར་དོལ་པོ་པ། །མཚུངས་མེད་ཆོས་རྗེའི་ཞབས་ལ་སྤྱི་བོས་འདུད། །(དགེ་བ་ཡོངས་སུ་བསྔོ་ བའི་ཡན་ལག)དེ་ལྟར་བསྟོད་པའི་དགེ་བས་འགྲོ་བ་ཀུན། །དངོས་གྲུབ་རྣམ་གཉིས་ཆར་གྱིས་ མཉེས་བྱས་ནས། །བྱིན་རླབས་ཆོས་ཀྱི་དཔལ་ལ་འགོད་གྱུར་ཅིང༌། །ཀུན་མཁྱེན་རྒྱལ་བའི་ གོ་འཕང་མྱུར་ཐོབ་ཤོག །ཅེས་གསུངས་ནས། གདན་འདྲེན་པ་རྣམས་རྒྱ་ནག་ཏུ་བཞུད་དོ། ། 1-1-299 དེ་ནས་ཆོས་རྗེས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་བཞུགས་ནས་སྐུ་མཆེད་རྣམས་སླར་ ལོག་སྟེ། དམག་མི་དང་རྭ་སྒྲེང་དུ་ཕྲད་དེ། ས་ལུ་ལྗང་བའི་མདོ་དང༌། རྒྱུད་འབུམ་ཚར་གཅིག་ གསུངས་ནས། ལྷ་སར་བྱོན་པས། ད་ཅི་རིན་ཚུལ་བས་སྐུ་འདྲ་བཞེངས་པ་དེ་ཆོས་རྗེས་རབ་ གནས་མཛད་པར་དྲུང་དུ་བྱོན་ནས། འདི་སྐད་གསུངས་སོ། །རྟེན་འདི་ལ་གདན་ཆུང་བ་དང་ གཅིག །ཤིན་ཏུ་རྒན་པོའི་གཟུགས་དང་གཉིས། སྐུ་བོང་ཆུང་བ་དང་གསུམ་སྟེ། ལྷ་ས་ལ་ སོགས་དབུས་ཕྱོགས་སུ་ངའི་བསྟན་པ་འོང་བར་མི་འདུག་གོ །མ་འོངས་པའི་དུས་སུ་འདིའི་ མཆོད་རྫས་རྣམས་ཧ་བཤའ་བྱེད་པ་མང་དུ་འབྱུང་བར་འགྱུར་རོ། །འོན་ཏེ་མཚན་བཟང་བ་ ལ་གསུམ་སྣང༌། སྒོ་ལ་ཉེ་བ་ནི་ཐར་པའི་སྒོ་འཛིན་པའི་རྟགས། ས་གནོན་མཛད་པ་ནི་ལོག་སྨྲ་ མང་པོ་འདུལ་བར་འགྱུར་རོ། །ངས་རབ་གནས་མཛད་པ་ནི་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ བ་ཡིན། དད་པ་གང་ཐོབ་ཀྱི་ཚོགས་རྫོགས་པར་འགྱུར་རོ། །ཞེས་སོགས་མང་དུ་གསུངས་སོ། ། དེ་ནས་རིམ་པ་བཞིན་དུ་ཡར་བྱོན་ནས། ཇོ་ནང་དུ་ཕེབས་པས། གཡའ་བཟང་རིན་པོ་ ཆེས་བསྐུལ་ནས། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་སོགས་སྒྲུབ་ཐབས་མང་དུ་མཛད་ དོ། །ཆོས་རྗེ་ཕུན་ཚོགས་དཔལ་གྱིས་བསྐུལ་ནས་རྒྱུད་བླ་མའི་འགྲེལ་པ་ལ་སོགས་བསྟན་ ཆོས་མང་དུ་མཛད་དོ། ། དེ་ནས་གདན་འདྲེན་པ་རྣམས་ཕོ་བྲང་དུ་ཐོན་ནས། ལ་ལ་ངུ༌། ལ་ལས་སྐྲ་འབལ་བ་ སོགས་ཆོས་རྗེས་ཐོས་ཤིང་གཟིགས་ནས། རྫུ་འཕྲུལ་གྱིས་དེ་རུ་བྱོན་ནས་ཆོས་ཀྱིས་མཉེས་ པར་མཛད་ནས། རྒྱལ་པོས་ཀར་ཤ་པ་ནི་གཉིས་ཕུལ་ཏེ་ཐུགས་དམ་བཀྲོལ་ནས་ཉེ་གནས་ (དད་པ་སེང་གེ་)ལ་གསུངས་པས། ཉེ་གནས་ཀྱི་ཐེ་ཚོམ་སྐྱེས་ཏེ། ཆོས་རྗེས་རིག་ནས་ཀར་ཤ་ པ་ནི་གཉིས་བསྟན་ནས་ཐེ་ཚོམ་ཞིའོ། །དེ་ཡང་(ཡེ་ཤེས་ལེའུའི་)རྒྱུད་ལས། (སྔར་)མཐོང་(བ་) 1-1-300 དང་མ་མཐོང་(བའི་)གཟུགས་ནི་ཡིད་དང་ནམ་མཁའ་ལ་ཡང་(བྲ་ཕབ་པ་ལྟ་བུའི་རང་རིག་པའི་ཚུལ་དུ་) བལྟ་བར་བྱེད་པ་གང་ཡིན་དེ་ནི་(རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་)མིག །(ཐག་ཤིན་ཏུ་)རིང་(པོ་)ནས་ རབ་ཏུ་(མེ་ལོང་)གསལ་བ་བཞིན་དུ་(དོན་དམ་པའི་སྟོང་ཆེན་གྱི་སྒྲ་དང་འཇིག་རྟེན་ཕལ་བའི་)སྒྲ་ནི་(ཆེ་ཆུང་ མེད་པར་)ཐོས་པ་འདི་ནི་རྒྱལ་བའི་(དུས་ཀྱི་འཁོར་ལོ་)རྣ་བ་(རྡོ་རྗེ་སེམས་དཔའ་)ཆེན་པོ(ཕྱག་ན་རྡོ་རྗེ་) འོ། །ཞེས་སོགས་གསུངས། ཡུམ་ཉི་ཁྲི་པར། དེ་ལ་བྱང་ཆུབ་སེམས་དཔའ་ཤའི་སྤྱན་གྱིས་ དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །དེ་བཞིན་དུ། དཔག་ཚད་སྟོང་དང༌། རི་རབ་གླིང་བཞི་ དང༌། སྟོང་གསུམ་གྱི་སྟོང་ཆེན་པོ་མཐོང་བ་ཡོད་དོ། །ཞེས་སོགས་རྒྱས་པར་གསུངས། སྤྱན་ ལྔ་མངོན་ཤེས་དྲུག་ལ་རང་དབང་བརྟན་པོ་ཐོབ་པའི་མཛད་སྤྱོད་མང་དུ་ཡོད་དེ། གཞན་དུ་ ཤེས་པར་བྱའོ། ། དེ་ནས་དགོངས་པ་མཐའ་དག་རྫོགས་པས་མྱང་འདས་ཀྱི་ཚུལ་ནི། དོན་དམ་པར་ཆོས་ ཀྱི་སྐུ་ལ་སྐྱེ་འཆི་མི་མངའ་སྟེ་གདུལ་བྱ་སེམས་ཅན་གྱི་དོན་དུ་གཟུགས་སྐུར་སྤྲུལ་ནས་མྱ་ངན་ འདས་ཚུལ་བསྟན་ཏོ། །དམ་ཆོས་པད་མ་དཀར་པོ་ལས། རིགས་ཀྱི་བུ་དག་འདི་ལྟར་ཡོངས་ སུ་མྱ་ངན་ལས་མི་འདའ་མོད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་སྨྲས་སོ། །དེ་ཅིའི་ཕྱིར་ ཞེ་ན། རིགས་ཀྱི་བུ་དག་ངས་རྣམ་གྲངས་འདིས་སེམས་ཅན་རྙེད་དཀའ་བའི་འདུ་ཤེས་མི་ བསྐྱེད་དེ། དེ་བཞིན་གཤེགས་པ་དང་བདག་ཉེའོ། །ཞེས་ཁམས་ནས་འབྱུང་བའི་ཕྱིར་རོ། ། བརྩོན་འགྲུས་མི་བརྩོན་ཞིང་དེ་བཞིན་གཤེགས་པ་དཀོན་པའི་འདུ་ཤེས་མི་བསྐྱེད་པར་ འགྱུར་རོ། །ཞེས་གསུངས། ཀྱེ་རྡོ་རྗེའི་རྒྱུད་ལས། ང་ནི་མྱ་ངན་ཡོངས་མི་འདའ། །ང་ནི་རྡོ་ རྗེ་ལྟ་བུའི་སྐུ། །དུས་རྣམས་ཀུན་ཏུ་ང་འདུག་སྟེ། །བྱིས་པ་རྣམས་ལ་འཕོ་བར་བསྟན། །ཞེས་ སོ། །གསེར་འོད་དམ་པའི་མདོར། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་ མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདས་པར་སྟོན། ། 1-1-301 ཞེས་གསུངས་པ་ལྟར་རོ། ། དགུང་ལོ་བདུན་ཅུ་ཐམ་པར་ལྕགས་མོ་གླང་ལ་སྐུའི་གཟི་བརྗིད་ཆེ་བར་ཀུན་གྱི་མཐོང་ སྣང་དུ་ཁྲིད་སྣ་ཚོགས་པས་བུ་ཆེན་རྣམས་ཀྱི་ཆོས་སྐལ་ཡིན་གསུངས། ད་ལོ་ནི་དྲོ་ས་ཅིག་ སྙེག་དགོས་བོད་ཡུལ་དུ་རིགས་དབྱར་དྲོ་དགུན་འཁྱག་པས་ངའི་བག་མི་དྲོ་གསུངས་པས། ཉེ་གནས་དངོས་གྲུབ་དཔལ་ན་རེ། དྲོ་ས་གང་དུ་གཤེགས་ཞུས་པས། དྲོ་ས་བདེ་བ་ཅན་དུ་ འགྲོ་གསུངས་ནས། འགའ་ཞིག་གི་གཟིམས་ཁང་བདེ་བ་ཅན་ལ་གོ །ལ་ལས་ཞིང་ཁམས་ བདེ་བ་ཅན་དུ་གོ་ནས་བ་སྤུ་གཡོས་སོ། ། དེ་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཞིར་ཚོགས་པ་རྣམས་ལ། ངེས་དོན་རྒྱ་མཚོ་ཁྱེད་ རྣམས་ཀྱི་ཆོས་སྐལ་ཡིན་གསུངས་ནས། ཞག་གསུམ་དུ་གསུངས་པའི་ཚེ། སྔར་བས་གཟི་ མདངས་ཆེ་ནས་ནམ་མཁའ་ལ་སྒྲ་འོད་གསལ་འཇའ་འོད་མེ་ཏོག་གི་ཆར་གཡོས་སོ། །ཚེས་ དྲུག་གི་ཉིན་པར་ཆོས་གསུངས་པའི་དུས་སུ། སྔར་བས་ཕྱོགས་ཕྱོགས་སུ་རོལ་མོ་སྣ་ཚོགས་ དང་མེ་ཏོག་འཇའ་ཚོན་སྣ་ཚོགས་པས་ཁེངས་ཏེ། ནམ་མཁའ་ལ་ཡང་ཡང་གཟིགས་སོ། ། དེ་ནས་གཟིམ་གཡོག་པ་དངོས་གྲུབ་བཟང་པོས་ཞུས་པས། ནམ་མཁར་ཡང་ཡང་དུ་ཅི་ ལ་གཟིགས་ཞེས་ཞུས་པ་དང༌། ཆོས་རྗེ་བཞད་ནས་གསུངས་པ། (འདིའི་སྐབས་སུ་གཅུང་པོ་རྡོ་རྗེ་རྒྱལ་ མཚན་གྱིས་འདི་སྐད་ཅེས་ཞུས་སོ། །སྐུའི་གཟི་བརྗིད་རབ་ཏུ་འབར། །གསུང་གི་སྒྲ་སྙན་རབ་ཏུ་གྲགས། །ཐུགས་ནི་འོད་གསལ་ མཁའ་ལྟར་ཡང་བ། །སྔར་བས་གཟི་མདངས་ཆེ་བ་ནི། །མགོན་པོ་གཤེགས་པའི་སྔར་ལྟས་འདྲ། །ཀྱེ་ཧུད་རྒྱལ་བ་ཐུགས་རྗེ་ཅན། ། ཁྱེད་ནི་མྱ་ངན་འདས་གྱུར་ན། །སངས་རྒྱས་བསྟན་པ་སུའི་འཛིན། །སེམས་ཅན་བསོད་ནམས་གང་ལ་བསགས། །ཚོགས་ཞིང་ དམ་པ་གང་ལ་བགྱིད། །མྱ་ངན་མི་འདའ་ཐུགས་རྗེས་བཟུང༌། །ཅེས་དང༌། ཆོས་རྗེ་རིན་པོ་ཆེས། རང་གི་གའུ་རྟེན་དང་བཅས་པ་ གཅུང་པོ་ལ་གཏད་དེ་གསོལ་བ། ཉོན་ཅིག་གཅུང་པོ་རྡོ་རྗེ་རྒྱལ། །ང་ནི་མྱ་ངན་འདས་འོག་ན། །རང་འདྲ་སློབ་མ་བཅུ་གསུམ་གྱིས། ། སངས་རྒྱས་བསྟན་པ་འཛིན་པར་འགྱུར། །དེ་ཀུན་མ་འོངས་སངས་རྒྱས་ཉིད། །སེམས་ཅན་བསོད་ནམས་བསགས་པའི་ཞིང༌། ། 1-1-302 ང་ཡི་རྟེན་མཆོག་མཐོང་གྲོལ་ཡོད། །ཚོགས་ཞིང་དམ་པ་བདག་ལུས་འདི། །མེ་ལ་བསྲེགས་ནས་སྐུ་གདུང་སྟེ། །ཚངས་པའི་ཡུལ་ ནས་བཅོམ་ལྡན་འདས། །རི་རབ་དག་ལ་དུས་འཁོར་ལོ། །དཔྲལ་བར་རྟ་མགྲིན་ཡང་གསང་ཁྲོས། །ལྟག་པར་སངས་རྒྱས་ཐོད་ པ་སྟེ། །རྣ་ལྟག་གཡས་སུ་འཇམ་པའི་དབྱངས། །གཡོན་དུ་རྗེ་བཙུན་སྒྲོལ་མ་ཉིད། །མགྲིན་པར་དུང་དཀར་གཡས་སུ་འཁྱིལ། ། དཔུང་པ་གཡས་སུ་མི་གཡོ་དཀར། །གཡོན་དུ་མ་ཧཱ་མ་ཡ་སྟེ། །ཁ་སར་པ་ཎི་སོར་ཚིགས་ལ། །སྙན་ཁུང་གཉིས་ལ་དུང་དཀར་རོ། ། འཁྲིག་མ་གཡས་སུ་རྡོ་རྗེ་མཆོག །རྗེ་ངར་གཉིས་ལ་མ་ཎི་སྟེ། །ལག་ངར་གཉིས་ལ་ཨཱཿདང་ཧྲཱིཿ ། ལུང་བུ་གཉིས་ལ་རྣམ་སྲས་དང༌། ། བསྟན་བསྲུང་རྡོ་རྗེ་ནག་པོ་ཆེ། འགྲམ་པ་གཉིས་ལ་རིགས་ལྔའི་ས་བོན་ཡི་གེ་ལྗང༌། །རྩིབ་བུ་རིགས་སུ་ཕྱག་མཚན་ཏེ། །རྣམ་བཅུ་ དབང་ལྡན་འབུར་དུ་དོད། །རང་སྲེལ་ཕྱག་མཚན་དང་བཅས་པ། །བསྡུས་ནས་ང་ཡི་སྐུ་ཚབ་ཀྱིས། །དེས་ཀྱང་ཚོགས་ཞིང་དམ་ པར་འགྱུར། །གཅུང་བོ་ཁྱོད་ལ་སྙིང་གཏམ་སྨྲ། །མི་ལ་མ་བསྒྲགས་དམ་པོར་གྱིས། །ཅེས་གསུངས། དེ་ནས་དངོས་གྲུབ་དཔལ་ བཟང་པོ་ལ་མཆོད་པ་ཅིག་ལེགས་པར་ཤོམས་གསུངས་པས། དེས་ཀྱང་བཀའ་བཞིན་བསྒྲུབ་པས། ཆོས་རྗེའི་འདི་སྐད་གསུངས་ སོ། །བདེ་གཤེགས་སྙིང་པོ་མཆོད་ཡོན་ཀུན་ནས་འཁྱིལ། སོར་སྡུད་འོད་གསལ་རྟགས་བཅུའི་ཞབས་བསིལ་ངར། །བསམ་གཏན་ བདེ་བའི་མེ་ཏོག་སིལ་མར་བཀྲམ། །སྲོག་རྩོལ་ཚུལ་ཁྲིམས་ཕུང་པོ་སྤོས་ཀྱི་མཆོག །མུན་པའི་སྣང་གསལ་མ་རིག་མུན་སེལ་ མཆོག །རྗེས་དྲན་ཕྱག་རྒྱ་གསུམ་གྱི་དྲི་མཆོག་ཅན། །ཏིང་འཛིན་དགའ་བའི་རོ་བརྒྱ་ཞལ་ཟས་སྦྱར། །རྡོ་རྗེ་གླུ་ཡི་ཉམས་སྐད་རོལ་ མོ་མཆོད། །མཚན་དཔེའི་གོས་རྒྱན་ལྷབ་ལྷུབ་རབ་ཏུ་སྤྲས། །རྒྱལ་བའི་སྟོབས་བཅུ་ཆོས་ཀྱི་རྒྱལ་མཚན་བསྒྲོན། །མི་འཇིགས་ བཞི་ཡིས་འཇའ་འོད་གདུགས་དཀར་འཁྱིལ། །མ་འདྲེས་བཅོ་བརྒྱད་བ་དན་ཕྱར་བའི་མཆོད། །ཞེས་སོགས་སོ་སོའི་ཕྱག་རྒྱ་དང་ བཅས་པས་ཡང་ཡང་དུ་འབུལ་ཏེ། ཐུགས་དམ་ལ་བཞུགས་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་ཏུ་འགུལ་བའི་འོད་ཟེར་ སྤྲོས་ཏེ། །ཤར་ཕྱོགས་སུ་མེ་ཏོག་གི་དྲྭ་བ་བཀོད་པ་ན། །སངས་རྒྱས་མང་པོའི་རྒྱན་འཁོར་བཅས་བསྐུལ་ནས་དགེ་སློང་གསེར་གྱི་ དྲྭ་བས་བརྒྱན་པ་ཅིག་ཐོགས་ཏེ་བསུ་བར་བྱོན་ནས་འདི་སྐད་དོ། །གཤང་གཤོང་ཚེར་མ་ཅན་གྱི་ཡུལ། །འདི་ནས་གདུལ་བྱར་རབ་ ཏུ་ཉུང༌། །སེམས་ཅན་མང་པོ་འདྲེན་པའི་ཕྱིར། །མེ་ཏོག་ཞིང་དུ་གཤེགས་སུ་གསོལ། །དེ་ནས་ལྷོ་ཕྱོགས་སྤོས་དཀར་ཁྱབ་པའི་ ཞིང་ནས་དེ་བཞིན་གཤེགས་པ་སྤོས་ཀྱི་བན་གླིང་འཁོར་བཅས། རྟ་མཆོག་ནོར་བུའི་སྒྲ་ཅན་ཐོགས་ནས་གོང་ལྟར་བརྗོད། དེ་ནས་ ནུབ་ཕྱོགས་སུ་རྔ་སྒྲའི་ཞིང་ནས་དེ་བཞིན་གཤེགས་པ་བུ་ར་ཤའི་འཁོར་བཅས་རྨ་བྱ་དང་དར་གྱི་སྤྲས་པ་ཅིག་ཐོགས་ནས་གོང་ 1-1-303 ལྟར་རོ། །དེ་ནས་བྱང་ཕྱོགས་གསེར་གྱི་དྲྭ་བས་གཡོག་པ་ན་དེ་བཞིན་གཤེགས་པ་མེ་ཏོག་བྱུང་བ་འཁོར་བཅས། ཤང་ཤང་པད་ མས་བརྒྱན་པ་གཅིག་ཐོག་ནས་གོང་ལྟར་རོ། །དེ་ལྟར་སྟེང་གི་ཕྱོགས་སུ་གསེར་བཙོ་མས་ཞིང་ནས་དེ་བཞིན་གཤེགས་པ་ནམ་ མཁའི་ཏོག་འཁོར་བཅས་སེང་གེ་དཀར་པོ་གཅིག་ཐོགས་ནས་ལྷགས་ཏེ་གོང་ལྟར་བརྗོད། །འོག་ཕྱོགས་ན་དེ་བཞིན་གཤེགས་ པ་ས་ལའི་རྒྱལ་པོ་འཁོར་བཅས་དང༌། ཤར་ལྷོ་ན་དེ་བཞིན་གཤེགས་པ་པད་མའི་སྙིང་པོ་དང༌། ལྷོ་ནུབ་ན་དེ་བཞིན་གཤེགས་པ་ སྣང་བ་དྲང་བ་དང༌། ནུབ་བྱང་དུ་དེ་བཞིན་གཤེགས་པ་ཡོན་ཏན་འོད་དང༌། བྱང་ཤར་དུ་དེ་བཞིན་གཤེགས་པ་སྣང་བའི་འཁོར་ ལོ་ལ་སོགས་དཔག་ཏུ་མེད་པ་བྱོན་ནས་དེ་དག་གིས་འདི་སྐད་དོ། །གཤང་གཤོང་ཚེར་མ་ཅན་གྱི་ཡུལ། །འདི་ནས་གདུལ་བྱ་ཉུང་ བར་སྣང༌། །སེམས་ཅན་མང་པོ་འདུལ་བའི་ཕྱིར། །རང་རང་གི་ཞིང་དུ་སྨོས་ནས། དེ་རུ་གཤེགས་སུ་གསོལ། ཞེས་སྤྲོ་བ་བསྐྱེད་ དོ། །གཞན་ཡང་མཁའ་སྤྱོད་ལ་སོགས་པའི་མཁའ་འགྲོ་མ་ཐམས་ཅད་ཀྱང་བསུ་བར་བྱོན་ནོ། །)ལུས་བཟང་ངོ་ཚ་ཤེས་ པའི་བློ་གྲོས་ཅན། །བཞིན་རས་གདོང་ལ་དགའ་བའི་སྤྱན་རྒྱས་པ། །ལྷག་བསམ་ཡངས་པའི་ མཆོག་ཁྱོད་ལེགས་པར་ཉོན། །ཨུཏྤལ་མདོག་ཅན་སངས་རྒྱས་མི་འཁྲུགས་པ། །འཁོར་ཡང་ བྱང་སེམས་རྒྱལ་པོ་དཔག་ཏུ་མེད། །ཕྱག་སྒང་སྟེང་དུ་ལག་པ་ཡུག་ཡུག་མཛད། །དེ་མཐོང་ ཕྱིར་ན་བདག་གིས་ནམ་མཁར་བལྟས། །རས་མའི་མདོག་ལྡན་སྒྲོལ་མ་འཛུམ་པའི་ཞལ། ། འཁོར་བཅས་ཕྱག་ནི་བདག་ལ་ཡུག་ཡུག་མཛད། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་ བལྟས། །ཉི་འོད་དམར་ཐག་ལྟ་བའི་འོད་དཔག་མེད། །དགེ་སློང་བརྒྱ་སྟོང་མང་པོས་ཕྱག་ ཕུལ་མཛད། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། །དམར་སྨུག་མདངས་སྡན་ གྲུབ་ཆེན་ཤ་བ་རི། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་བྱོན། །བཟང་ལྡན་གོང་མར་ བདག་ལ་ཕྱག་ཡུག་མཛད། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། །ཀ་ཤིའི་མེ་ ཏོག་ལྟ་བུ་བཅོམ་ལྡན་འདས། །སངས་རྒྱས་བྱང་སེམས་དཔག་མེད་དག་གིས་བསྐོར། །ར་ ཙའི་གདོང་ན་བདག་ལ་ཕྱག་ཡུག་མཛད། །དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། ། དེ་སོགས་རྒྱལ་བ་སྲས་བཅས་མང་པོ་རྣམས། །བསུ་བའི་ཚུལ་དུ་ཕྱོགས་རྣམས་ཀུན་ཏུ་བྱོན། ། 1-1-304 དེ་མཐོང་ཕྱིར་ན་བདག་གིས་ནམ་མཁར་བལྟས། །བུ་དེ་ལྟ་ཡིན་གྱི་གཞན་མ་ཡིན། །ཞེས་ སོགས་གསུངས་སོ། ། དེ་ནས་ནང་དུ་གདན་དྲངས་ཏེ། གསོལ་ཇ་བསྐོལ་ནས། དངོས་གྲུབ་བཟང་པོ་ལ་ཆེ་ བགྲེས་རྣམས་འདིར་བོས་ཤིག་དང་གསང་གྲོས་ཞིག་བྱེད་གསུངས་པས། དེ་རྣམས་སྐུ་དྲུང་ དུ་འདུས་ཏེ། རྣམ་བཅུ་དབང་ལྡན་གྱི་བཤད་པ་ཞིབ་ཏུ་མཛད་དོ། །དེའི་ཚེ་ཕྱི་རོལ་ཏུ་ཆོས་ཁྲི་ ལ་གསུང་འཕྲོ་ངེས་དོན་རྒྱ་མཚོ་བསྡུས་ནས་སྐུ་གཉེར་བས་ནང་དུ་བསྐྱལ་ནས། འོ་ཆོས་འཕྲོ་ བསྡུས་ཚགས་ལེགས་པར་གྱིས་ཤིག །སྐྱེ་བ་འདི་ལ་ཆོས་མཚམས་དེ་ཀ་ཙམ་ཡིན་གསུངས་ སོ། ། དེ་ནས་ཆེ་བགྲེས་རྣམས་ལ་གསུང་གླེང་མཉེས་མཉེས་དང༌། ཀུ་རེ་བཞད་གད་ཀྱི་རྣམ་ པ་མང་པོ་དང༌། བར་བར་དུ་ཞལ་ཏ་ཡང་ཡང་མཛད། (ཆོས་གྲགས་དཔལ་ཉིད་ཀྱིས་ཁྱེད་ལྟ་བུ་འདིར་ མི་བཞུགས་པའི་དུས་ན་གནས་འདིར་རྒྱལ་ཚབ་འཛིན་པ་ཅི་ལྟ་བུ་བྱུང་ཞེས་སོགས་ཞུས་པའི་ཚེ་)ཁྱད་པར་དུ་འདི་སྐད་ གསུངས་སོ། ། སྐྲ་དཀར་ལྕགས་ཀྱུས་བདག་གི་མགོ་ལ་བཏབ། །གཉེར་མའི་ཞགས་པས་ལུས་ནི་དམ་ པོར་བཅིངས། །རྟ་བདུན་རྒྱལ་པོ་ནུབ་ཀྱི་ལ་ཁར་སླེབས། །དེ་ཕྱིར་ད་ལོ་འདི་ནས་བདག་ནི་ འགྲོ། །གནས་འདི་སྤྲེལ་འདྲ་ཉ་འདྲ་རྨ་བྱ་འདྲ། །སྤྲེལ་འདྲའི་དུས་སུ་བུ་ཆེན་ཁྱེད་རྣམས་ཀྱང༌། ། ད་ལྟར་ལྟ་སྒོམ་སྤྱོད་འབྲས་ཡང་དག་སྤྱོད། །བསྟན་པ་འཛིན་པའི་དགེ་སློང་མང་དུ་འབྱུང༌། ། དམ་ཆོས་མ་ལུས་རྒྱས་པར་རབ་ཏུ་སྟོན། །དེ་ནས་གདུང་རབས་གཅིག་ནས་རྒྱལ་པོ་ནི། ། རྒྱལ་འགོང་སྙིང་དུ་ཞུགས་པ་བྱང་ནས་འབྱུང༌། །ཐེག་ཆེན་སྨོད་ཅིང་ཆོས་ལ་སྡང་བར་བྱེད། ། ཀྱེ་མ་ཀྱི་ཧུད་བདུད་རིགས་རྒྱལ་པོ་དེས། །སྐྱེས་མཆོག་དཔལ་ལྡན་བླ་མ་(ཀུན་སྤངས་)ཆོས་ གྲགས་དཔལ། །དེ་སོགས་ཡོངས་འཛིན་ཁྱད་འཕགས་མང་པོ་རྣམས། །(སོག་པོ་སྲོག་ཆགས་བསད་ 1-1-305 ནས་རང་འཁོར་དུ་སྐྱེ་བར་འདོད་པ་ལྟར་)དགེ་བའི་ལས་སུ་མཐོང་ནས་བཀྲོང་བར་འགྱུར། །(འཕགས་པའི་ སྐུ་ལ་ངན་སེམས་གྱི་ཁྲག་འབྱིན་སོགས་)མཚམས་མེད་ལས་ཀྱིས་མནར་བའི་རྒྱལ་པོ་དེས། །(རྩ་རྒྱུ་ལས། སྡིག་པ་བྱེད་པོ་རྣམས་ཀྱི་ཁྱིམ་ཁབ་རྩེ་རིའི་རྣམ་པར་མཐོང་)སྡིག་སེམས་སྟོབས་ཀྱིས་སྒྲ་གཅན་མཁའ་ལ་ མཐོང༌། །(ནམ་མཁའ་ལ་)བྲང་འགྲོས་(ཙམ་གྱི་)ཁ་གདངས་ཕ་རོལ་(དགྲ་ལ་)ཕྱོགས་པའི་ཚེ། ། (གཡུལ་ལ་སོགས་)དགྲ་ལ་རྒོལ་བས་མི་རིགས་མང་པོ་གསོད། །དགོན་གནས་བདག་པོ་ཀུན་ ཀྱང་སྐྲག་པར་བྱེད། །ཐ་མ་དེ་ཡང་གྲི་རུ་འགུམ་པར་འགྱུར། །དེ་ནས་དཔལ་ལྡན་ཇོ་མོ་ནགས་ རྒྱལ་འདིར། །འཕགས་མཆོག་ཀུན་བཟང་སྤྲུལ་པ་མཁྱེན་བརྩེ་ཅན། །མཁས་བཙུན་སངས་ རྒྱས་ཞེས་པ་རྒྱལ་ཚབ་འབྱུང༌། །མཐའ་འཁོབ་ཆོས་ལ་བསྒྱུར་བའི་གཟི་འོད་ཅན། །བཀྲ་ཤིས་ དཔལ་འབར་འཛམ་གླིང་རྒྱན་གཅིག་པོ། །དགུང་ལོ་བརྒྱད་ཅུ་རྩ་ལྔར་བོད་ཁམས་སྐྱོང༌། །དེ་ ཚེ་བྱང་ཕྱོགས་དག་ཏུ་སྐུ་འཁྲུངས་པ། །ཆོས་ལ་དབང་བསྒྱུར་སྤྲུལ་པའི་རྒྱལ་པོ་འབྱུང༌། །(ངམ་ རིང་གི་)བྱང་ཕྱོགས་གནས་སུ་དུས་ཀྱི་འཁོར་ལོ་ཡི། །ཆོས་ཀྱི་རྔ་ཆེན་འཛམ་གླིང་ཁྱབ་པར་ བརྡུངས། །བསྟན་པའི་བ་དན་ལྷུན་པོའི་རྩེ་མོར་འཕྱར། །(བཀྲ་ཤིས་གདུང་མཆུར་)དངུལ་དཀར་ གཏེར་(ཆེན་པོ་སྟོན་པ་ཙམ་)གྱིས་དུས་འཁོར་ཁང་བར་(ནང་དུ་ལྷ་ཚོགས་)མཛད། །ང་ཡིས་བསྟན་ རྒྱུད་བྱང་ཕྱོགས་དེ་ནས་དར། །སྐྱེས་མཆོག་དེ་གཉིས་ཞིང་མཆོག་ཙམ་པ་ཀར། །(རྒྱལ་བའི་ལུང་ བསྟན་ཤམ་བྷ་ལའི་ཡུལ། )བྱོན་ནས་ཁ་བ་ཅན་གྱི་རྒྱལ་ཁམས་འདིར། །(ཆོས་རྗེ་འབྲི་གུང་ལོ་ཙཱ་བས། ཅང་ མེད་སྟོང་ཉིད་འོད་ཀྱི་ཁྱི་སྒྲ་ཡིས། །རིགས་དྲུག་གྲོང་ཁྱེར་བྲང་ཁང་འགྲིམ་བྱེད་ཅིང༌། །རང་གཞན་ཐར་བའི་ཏིང་འཛིན་འཇོམས་ བྱེད་པ། །སྣ་ཚོགས་གཏོགས་མེད་ཐེ་ཚོམ་མང་པོ་བསྒྲུབ། །ཅེས་གསུངས། )མེད་པར་ལྟ་བའི་རིགས་ཅན་ཁ་རྒྱལ་ ཆེ། །བསམ་ཡས་ཆོས་འབར་སྙིང་ལ་ཞུགས་པ་ཡི། །དགེ་སློང་གཟུགས་ཅན་མདའ་ཡི་མིང་ ཅན་འབྱུང༌། །(ཡེ་ཤེས་སྒྲོལ་མའི་རྒྱུད་ལས། སྟོང་ཉིད་ཕྱལ་ཆད་ལྟ་བའི་བདུད། །རྟོགས་མེད་རང་དབང་སྤྱོད་པའི་བདུད། ། ཐུག་མེད་འདོད་པ་འབྲས་བུ་བདུད། །ཡེ་ཤེས་གསང་བའི་རྒྱུད་ལས། གྲུབ་མཐའ་ལོག་པ་ཆོས་ཀྱི་བདུད། །མི་ཐུབ་དམ་བཅའ་ 1-1-306 སྡོམ་པའི་བདུད། །ཅེས་གསུངས། )ཀྱེ་མ་ཀྱི་ཧུད་བདུད་རིགས་ནག་པོ་དེས། །གཞི་ཡི་མཐར་ཐུག་བདེ་ གཤེགས་སྙིང་པོ་བཀག །ལམ་གྱི་མཐར་ཐུག་རྡོ་རྗེ་རྣལ་འབྱོར་སྨོད། །འབྲས་བུའི་མཐར་ ཐུག་དྲི་བྲལ་མེད་པར་སྒྲོག །(རྩ་རྒྱུད་ལས། འདི་སྐད་བདག་གིས་ཐོས་པ་འདིས། །དྲང་སྲོང་རྣམས་ལ་ཆོས་སྟོན་ནས། ། གཞན་ལ་ཐོས་པས་ཀུན་མཁྱེན་མིན། །ཞེས་པའི་རྩོད་པ་འབྱུང་བར་འགྱུར། །ཅེས་གསུངས། )རྩ་རྒྱུད་འདི་སྐད་བདག་ ཐོས་མེད་དོ་སྐད། །(བསྡུས་པའི་རྒྱུད་འབྱུང་བར་ལུང་བསྟན་པ་ནི། །རྩ་བའི་རྒྱུད་ལས། འཕྲང་འཛིན་ཚིགས་བཅད་སུམ་ ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔ། །དཔལ་ལྡན་རྒྱུད་དག་རྟོགས་པ་ནི། །སྨྲ་བའི་རྒྱལ་པོས་སྟོན་གྱུར་ཏེ། །ཅེས་དང༌། ) བསྡུས་པའི་རྒྱུད་ལ་གཤེ་བ་སྣ་ཚོགས་བྱེད། །(རྩ་རྒྱུད་ལས། རྒྱུད་འགྲེལ་བྱེད་པ་ལ་པད་མ་དཀར་པོ་འཛིན། ཅེས་གསུངས། )རྒྱུད་འགྲེལ་དཔེ་ཆ་བསྡུས་ནས་(སྐྱི་ཤོད་ཀྱི་)ཆུ་ལ་བསྐུར། །བསྟན་པའི་སྙིང་པོ་རིན་ ཆེན་ཉམ་ཆུང་བྱེད། །བཀྲ་མི་ཤིས་པ་དེ་ནི་ཤི་ནས་ཀྱང༌། །ཐེག་ཆེན་རྒྱུད་སྡེ་སྙིང་པོ་གསལ་ བྱེད་པ། །གནས་འདིར་འཇམ་དབྱངས་རྣམ་འཕྲུལ་ཆོས་ཀྱི་རྗེ། །ཀུན་མཁྱེན་བོ་དྷི་སིང་ཧའི་ (བྱང་ཆུབ་སེང་གེ་)མཚན་གྲགས་པ། །ཉི་ཤར་ལྟ་བུའི་རྒྱལ་ཚབ་འཛིན་པ་འབྱུང༌། །དེ་ཚེ་གནས་ འདིར་རྒྱ་གར་འཕགས་ཡུལ་བཞིན། །ནོར་བུ་ལྟ་བུ་དགོས་འདོད་འབྱུང་གནས་ཀྱི། །དགུང་ ལོ་དགུ་བཅུ་ཕྲག་གསུམ་བསྟན་པ་སྐྱོང༌། །དེ་ཡི་གྲོགས་མཛད་ཆོས་ཀྱི་རྒྱལ་པོ་ཞིག །(རབ་ བརྟན་)འཕགས་པའི་མིང་ཅན་(ཇོ་ནང་དཔལ་གྱི་)ནུབ་ཀྱི་ཕྱོགས་སུ་འབྱུང༌། །དཔལ་འཁོར་གནས་ སུ་(སྐུ་འབུམ་)མཐོང་གྲོལ་ཆེན་པོ་བཞེངས། །དགེ་འདུན་རྒྱ་མཚོ་བསྡུ་ཞིང་འཚོ་བ་དྲངས། ། རྒྱལ་འབངས་མ་ལུས་དགའ་བའི་དཔལ་ལ་སྤྱོད། །དེ་ཡི་གནས་འདི་སྤྱི་བོའི་གཙུག་ཏུ་ལེན། ། ཡོངས་འཛིན་དེ་གཉིས་མཁའ་སྤྱོད་ཞིང་བཞུད་ནས། །མདའ་ལྔ་འཛིན་པའི་ཆོས་ལོག་(སྤྱོད་ པའི་ལྟ་ངན་མདོ་ཁམས་)སྨད་ནས་དར། །བོད་ཁམས་མི་བདེ་ལྷ་ས་ཁྱིམ་པས་སྤྱོད། །རྫོང་ནག་ གནས་སུ་མེ་ཡིས་འཇིགས་པའི་ཚེ། །(བྱང་ཆུབ་སེམས་དཔའ་)སྒྲིབ་རྣམ་སེལ་(གྱི་)སྤྲུལ་པའི་(ལུང་ རིགས་ཀྱི་)འོད་སྟོང་ཅན། །རིགས་ལྡན་རྒྱལ་བ་ཇོ་བཟང་མཚན་གྲགས་འབྱུང༌། །དེ་ཚེ་གནས་ 1-1-307 འདི་(ཇོ་ནང་རྡོ་རྗེ་གདན་གྱི་ནུབ་ཕྱོགས་)ཨོ་རྒྱན་ཞིང་ཁམས་བཞིན། །(ལུང་རྟོགས་གཉིས་ཀྱི་)ཆོས་ཀྱི་ དཔལ་འབྱོར་ནམ་མཁའི་ཁྱོན་ལྟར་ཡངས། །ཤིན་ཏུ་རྙེད་པར་དཀའ་བའི་སྐྱེས་མཆོག་དེས། ། དགུང་ལོ་བདུན་ཅུ་ཕྲག་བརྒྱད་ཧྲིལ་པོ་རུ། །ང་ཡི་བསྟན་པ་མཐའ་དབུས་མེད་པར་སྐྱོང༌། ། དེ་ཡི་གྲོགས་བཟང་ཆོས་ཀྱི་རྒྱལ་པོ་ནི། །དོལ་པོའི་མིང་ཅན་བྱམས་པའི་གླིང་ནས་འབྱུང༌། ། སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས། །རྟེན་མཆོག་མཐོང་བ་དོན་ཡོད་བཞེངས་ པར་འགྱུར། །ལོ་མང་གཞན་སྟོང་ཆོས་ཀྱི་རྒྱལ་ཁམས་སྤེལ། །གནས་འདིར་བཀུར་སྟི་རིམ་ གྲོའི་དཔལ་ལ་སྤྱོད། །(ལོ་ཙཱ་བ་མ་ཎི་ཀ་ཤྲིས་མཛད་པའི་མཚན་བརྗོད་ཊི་ཀ་ལས། བྷུདྷ་ཀོ་ཊི་ཞེས་བསྒྱུར་ནས། ཡང་ དག་པའི་པའི་མཐའ་སྟེ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྟོང་པའི་གཞི། དོན་དམ་པའི་ཡེ་ཤེས་ནི་ཡང་དག་པའི་མཐའ་ཞེས་བྱ་སྟེ། མདོ་ལས། ཡང་དག་པའི་སྟོང་པ་ཉིད་དེ། ཡང་དག་པའི་ཆོས་ཀྱི་དབྱིངས་སོ། །ཡང་དག་པའི་མཐའ་འོ། །ཞེས་གསུངས། )སྙིང་ པོའི་མཐའ་སྟོན་དེ་གཉིས་གཤེགས་གྱུར་ན། །རེ་ཞིག་འཇིག་རྟེན་ཁམས་ནི་སྟོང་པར་འགྱུར། ། རྒྱལ་བའི་བསྟན་པ་ནམ་ལངས་སྐར་མ་བཞིན། །གནས་འདི་རྒུད་ཅིང་ས་སྐྱ་ཕལ་པས་ བཟུང༌། །དེ་ཚེ་ལྗང་ལོ་འབར་བ་རི་ཡི་རྩེ་མོ་ལ། །མཐུ་སྟོབས་སྤྲུལ་པ་དྷརྨ་ན་ཐའི་མཚན། ། རྒྱལ་ཚབ་འཛིན་པ་སྐྱི་ཤོད་ལུང་པར་འབྱུང༌། །ལུང་རིགས་གནམ་ལྕགས་འཁྱིལ་པའི་སྒྱོགས་ ཆེན་གྱིས། །(མཐའ་གཉིས་ནི་ཐར་བའི་གེགས་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཉི་མའི་རྒྱལ་མཚན་གྱིས་ཞུས་པའི་མདོ་ ལས། གསོལ་པ་བཅོམ་ལྡན་འདས་དགེ་སློང་རྣལ་འབྱོར་སྤྱོད་པས་བསམ་གཏན་བསྒོམ་པའི་སྐྱོན་གང་ལགས། བཀའ་སྩལ་པ། དགེ་སློང་རྣལ་འབྱོར་སྤྱོད་པའི་བསམ་གཏན་གྱི་སྐྱོན་ནི་ཡོད་པར་འཛིན་པ་དང་མེད་པར་འཛིན་པའོ། །ཅེས་ཡོད་མེད་འཛིན་པའི་ ལྟ་ངན་ནི། )མཐའ་གཉིས་ལྟ་བའི་ཡུལ་རྫོང་རྨིང་ནས་བསྒྱེལ། །དེ་ཚེ་གནས་འདི་རྒྱལ་བྱེད་ཚལ་ དང་མཉམ། །རྣམ་དཀར་རོལ་པའི་ཆོས་ཀྱི་ཆར་ཕབ་ནས། །བོད་འབངས་ཡོངས་ཀྱང་དགའ་ བའི་དཔལ་ལ་སྤྱོད། །བསྟན་པའི་སྲོག་ཤིང་དགུང་ལོ་དྲུག་ཅུ་ལྔར། །ཁ་བ་ཅན་དུ་རྒྱལ་པའི་ བསྟན་པ་སྐྱོང༌། །དེ་ཡི་ཐུགས་སྲས་གནས་བརྟན་(བ་གུ་ལའི་)སྤྲུལ་པའི་སྐུ། །(བསོད་ནམས་བཟང་པོ་) 1-1-308 པུཎྱ་བྷ་དྲའི་མཚན་ཅན་འགྲོ་བའི་དཔལ། །སྐྱེས་མཆོག་དེ་ཡང་སྐྱིར་ཕུའི་ལུང་བར་འབྱུང༌། ། ང་ཡི་བསྟན་པ་གད་དར་རྒྱས་པར་མཛད། །དགུང་ལོ་དགུ་བཅུ་ཕྲག་གསུམ་(གྱི་བར་དུ་བོད་ཀྱི་) འགྲོ་བ་སྐྱོང༌། །ཡང་དག་མཐའ་སྟོན་དེ་ནི་བཞུད་པའི་ཚེ། །(དགའ་ལྡན་)ལྷ་ཡུལ་སྒྲོན་མེའི་ བདག་པོ་འོད་སྟོང་ཅན། །བྱམས་པའི་རྣམ་འཕྲུལ་གཟུགས་བཟང་ཁྱད་པར་འཕགས། ། འདྲེན་མཆོག་ཤེས་རབ་བཟང་པོ་མཚན་གྲགས་པ། །རྒྱལ་ཚབ་དམ་པ་མངའ་རིས་ཕྱོགས་ སུ་འབྱུང༌། །དེ་ཚེ་གནས་འདི་ཆོས་འཕགས་ཞིང་ཁམས་བཞིན། །(ཇོ་ནང་གི་)སྐྱིད་ཕུག་གནས་ སུ་སྒྲོལ་མས་ལུང་བསྟན་ནས། །རྩེ་གཅིག་ཅེས་པའི་དགོན་སྡེ་རྒྱས་པ་བཏབ། །བཤད་སྒྲུབ་ ཉལ་འགྲོའི་རྒྱུན་བཞིན་འབབ་པར་འགྱུར། །བསྟན་པ་འཛིན་པའི་སྐྱེ་བོ་མང་དུ་འབྱུང༌། །དེད་ དཔོན་ཁྱབ་བདག་བདེ་བར་གཤེགས་པའི་ཚེ། །(ཆོས་རྗེ་ཉིད་ཀྱི་ཞལ་ནས། ཡང་དག་ལྟ་དང་བྲལ་ན་དགེ་ བས་ཀྱང༌། །རྫོགས་པའི་བྱང་ཆུབ་ཐོབ་པ་མི་སྲིད་པས། །གནས་ལུགས་འཁྲུལ་ལུགས་སྤོང་བའི་ཐབས་མཆོག་ཀུན། །རྟོགས་ པར་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །ཅེས་སོགས་གསུངས་སོ། །)ཆོས་ལུགས་ཉམས་པར་བྱེད་པའི་རིགས་ ངན་ཅན། །(ཆབ་དཀར་ཆབ་ནག་)སྣང་ཞིག་བལ་ནག་སྤྲེ་གཟུགས་ཞྭ་དཀར་ཅན། །ཟུང་ཅུའི་ ཁམས་སུ་འབྱུང་ནས་བོན་རྒྱུད་སྤེལ། །འདུལ་ཐབས་ཆོས་ལོག་ཕྱུག་གི་དམྱལ་ཐག་བཅད། ། གོང་བུའི་(ཕལ་བའི་རྫས་སྔགས་)གཤོག་པས་བ་ལང་རྐེད་པ་གདར། །ལྟ་ངན་མུན་པའི་གུར་ཆེན་ བསྐོར་བའི་ཚེ། །མཐར་མཛད་རིགས་ལྡན་དྲག་པོའི་སྤྲུལ་པ་སྟེ། །ཆོས་ཀྱི་འོད་སྟོང་རཏྣའི་ (དྲུང་རིན་ཆེན་དཔལ་བཟང་པོ་)མཚན་གྲགས་པ། །མདོ་ཁམས་ཚ་བ་རོང་(ཁ་ཅིག་ཚྭ་བ་དཔུང་ཟེར་བ་ཡང་ ཡོད་)དུ་འབྱུང་བར་འགྱུར། །ཡང་དག་ལྟ་བའི་སེང་གེའི་སྒྲ་སྒྲོགས་པ། །(འགའ་ཞིག་ཝ་སྐྱེས་ཟེར་བ་ ཡང་ཡོད་)ལྟ་ངན་རིགས་ཅན་མ་ལུས་ཚར་བཅད་ནས། །མདོ་ཁམས་གནས་སུ་ང་ཡི་བསྟན་པ་ འབྱུང༌། །དེ་ཡི་སྲས་ལ་ཡོངས་འཛིན་དཔག་ཏུ་མེད། །རྒྱལ་བའི་ཆོས་ལུགས་ཡུན་རིང་གནས་ པར་འགྱུར། །དེ་ཚེ་གནས་འདིར་རྒྱལ་ཚབ་འཛིན་པ་ནི། །འཇམ་དབྱངས་རྣམ་འཕྲུལ་དཀོན་ 1-1-309 མཆོག་བཟང་པོ་འབྱུང༌། །སྐུ་ལ་རྒྱང་གྲགས་གཅིག་ཏུ་ཁྱབ་པ་ཡིས། །ཚུལ་ཁྲིམས་དྲི་བསུང་ ཁོར་ཡུག་རྣམ་པར་སྣོམ། །བྱམས་པའི་ཐུགས་ལྡན་བདག་གི་བསྟན་པ་སྐྱོང༌། །དེ་ཡི་ཐུགས་ སྲས་བསྟན་འཛིན་མང་པོ་འབྱུང༌། །ཆུ་བོ་གྱེན་དུ་འཁྱིལ་པའི་ལྷོ་ཕྱོགས་སུ། །ཀུ་མ་ར་ཡི་ (གཞོན་ནུའི་)མཚན་གྲགས་ཁམས་སུ་འོང༌། །ཁོ་བོའི་(ཀུན་མཁྱེན་ཆེན་པོའི་)གསུང་འབུམ་(གླེགས་ བམ་)རྙེད་ནས་ཁམས་སུ་སྤེལ། །བསྟན་དང་འགྲོ་ལ་ཕན་པའི་བཀྲ་ཤིས་(མདོ་ཁམས་སུ་)འབྱུང་ (བར་འགྱུར་རོ)། །(དེ་ནས་དཔལ་ཇོ་ནང་གི་)གནས་འདིར་རྒྱལ་ཚབ་འཛིན་པའི་དགེ་སློང་ནི། །འཇིག་ རྟེན་དབང་ཕྱུག་སྤྲུལ་པ་ཆོས་ཀྱི་རྗེ། །རྒྱུད་འཛིན་དཀོན་མཆོག་རྒྱལ་མཚན་ཞེས་པ་འབྱུང༌། ། མཁས་པར་གྲགས་པ་(རྒྱ་གར་རྡོ་རྗེ་གདན་གྱི་ཤར་ལྷོ་ནས་)ཟ་ཧོར་ཡུལ་དུ་ཁྱབ། །བསྟན་འཛིན་སྐུ་ ཚེ་བདུན་ཅུ་ཕྲག་ལྔའི་བར། །གནས་འདིར་སྐལ་ལྡན་མཐའ་ཡས་བདེ་བར་འདྲེན། །སྐྱེས་ མཆོག་དམ་པ་(ཤར་ཕྱོགས་)མངོན་(པར་)དགར་(འ་བའི་གནས་སུ་)བྱོན་པའི་ཚེ། །འཁོར་ལོ་བདེ་ མཆོག་རྣམ་འཕྲུལ་བདག་གི་ཡབ། །(ཡེ་ཤེས་དབང་ཕྱུག་)མཁས་གྲུབ་ཆོས་དཔལ་བཟང་པོའི་ མཚན་གྲགས་པ། །ཚད་མའི་(སྡེ་སྣོད་ཀྱི་)སྐྱེས་བུ་(གདུང་རབས་)ཁྱུང་པོའི་ཕྱོགས་སུ་འབྱུང༌། ། ནོར་བུ་ལྟ་བུར་གནས་འདིར་རྒྱལ་ཚབ་འཛིན། །རྒྱལ་བའི་བསྟན་འཛིན་རྒྱལ་མཚན་རྩེ་མོར་ བཏགས། །སྐལ་ལྡན་དཔག་མེད་ཐར་པའི་གནས་སུ་འདྲེན། །སྐྱེས་མཆོག་དམ་པ་མྱ་ངན་ འདས་པའི་ཚེ། །རྡོ་རྗེ་ཕག་མོའི་རྣམ་འཕྲུལ་བདག་གི་མ། །(ཇོ་མོ་ཚུལ་ཁྲིམས་རྒྱན་)སྐྱེ་དགུའི་ཡིད་ འཕྲོག་འོད་གསལ་སྐྱིད་ཞེས་འབྱུང༌། །རྒྱལ་ཚབ་འཛིན་པས་སྐྱེ་བ་དེ་ཉིད་དུ། །བུད་མེད་ལུས་ སྤངས་སྐྱེས་པའི་མཚན་དང་ལྡན། །རྫ་བུའི་རྩེ་ལ་རྡོ་རྗེ་རྣལ་འབྱོར་གྱི། །དུང་འབུད་དར་ འཕྱར་འགྲོ་བ་དཔག་མེད་འདྲེན། །(ཏཱ་རེ། སྒྲོལ་མ་)ཏ་ར་དཀར་ལྗང་ལྷ་མོ་བདག་མེད་མ། །(དེ་ དང་)གཉིས་སུ་མེད་པའི་(རིན་ཆེན་དབྱངས་དང་བསོད་ནམས་དབྱངས་ལྕམ་སྟེ་)བདག་གི་ སྲིང་མོ་གསུམ། །(པོ་དག་ཀྱང་མ་འོངས་པའི་དུས་སུ་དེ་དག་གི་མཚན་ཀྱང་)ཡེ་ཤེས་རྒྱན་དང་ལྷ་མོ་ཏིང་ 1-1-310 འཛིན་སྒྲོན། །དོན་འགྲུབ་(བཟང་མོ་)མ་ཞེས་དེ་དག་མཚན་དུ་བཏགས། །(ལྷ་མོ་དེ་དག་ཀྱང་) མངོན་ཤེས་(ལྔ་)བརྟན་པོ་ཐོབ་པའི་བསྒྲུབ་པ་མོས། །(ཇོ་ནང་)གནས་འདིར་ང་ཡི་བསྟན་པ་ ལེགས་པར་སྐྱོང༌། །དེ་དག་མཁའ་སྤྱོད་ཞིང་དུ་བྱོན་པའི་ཚེ། །(ཤིན་ཏུ་ངོ་མཚར་བའི་)འཇའ་འོད་ གུར་ཁྱིམ་མེ་ཏོག་ཆར་ཆེན་(དང་ས་)གཡོས། །(དེ་སོགས་)ངོ་མཚར་དཔག་མེད་དགའ་སྟོན་རབ་ ཏུ་འགྱེད། །(མེད་པར་འདོད་པའི་རིགས་)མ་དད་ལོག་ལྟའི་ཚོགས་རྣམས་(སེམས)དད་པར་(རྙེད་ཅིང་ སྙན་པར་)འཇུག །(དེ་ནས་སླར་ཡང་)ཉི་འོད་ནུབ་ནས་མུན་པ་ལངས་པ་ལྟར། །( ཨོ་རྒྱན་པད་མའི་ཞལ་ ནས། ང་ཡི་སྤྲུལ་བ་ཡིན་ཞེས་གཏེར་ཆོས་སྟོན། །དམ་ཉམས་སྐལ་མེད་འཁུ་རྣམས་ཐམས་ཅད་འདུས། །ཉེ་འཁོར་འགོ་སྐོར་ འབྲེལ་མེད་ལེགས་བཤད་པ། །བསྟན་པའི་ཆོམས་རྐུན་གཏེར་ཆོས་རྩོམ་ཞིང་སྤེལ། །བཀའ་ལུང་མང་པོ་ར་ཁྱི་ཙམ་པ་འབྱུང༌། ། པད་མ་བདག་ཀྱང་མི་མུག་ཀ་ཆད་དེ། །རྫོགས་ཆེན་སྡེའུ་ཞེས་པའི་ཆོས་ལོག་འབྱུང༌། །གཏེར་མར་གྲགས་པའི་བསླུ་ཆོས་མང་ ཞིག་འབྱུང༌། །ཞེས་དང༌། མདོ་ལང་ཀར་གཤེགས་པ་ལས། མ་འོངས་པ་ཡི་དུས་ནས་ཀྱང༌། །བྱིས་པ་རང་བཞིན་གཏེར་སར་ འབྱུང༌། །འབྲས་བུ་མེད་སྨྲ་ལྟ་ངན་པས། །སྐྱེ་བོ་མང་པོ་བརླག་པར་བྱེད། །ཅེས་གསུངས། )ཁ་བ་ཅན་དུ་ཆོས་ལོག་ འབྱུང་བ་ནི། །(སྔོན་གྱི་དུས་སུ་)བལ་པོ་ཀ་རོ་འཛིན་གྱི་བསམ་ཡས་སུ། །(ང་ཡི་པད་མའི་ཆ་འཛིན་བོད་ ཁམས་བསླུ། ཅེས་གསུངས། )པད་མའི་ཆ་འཛིན་བཟུང་ནས་བོད་ཁམས་སུ། །ཆོས་ལོག་སྣ་ཚོགས་ བསྟན་པས་བོད་ཁམས་(མང་པོ་)བསླུས། །དེ་བཞིན་མ་འོངས་དུས་ཀྱི་ཐ་མ་ལ། །པད་མ་གླིང་ པ་ཞེས་པའི་གཏེར་སྟོན་(མོན་གྱི་ཡུལ་ནས་)འབྱུང༌། །ལྷོ་རྒྱུད་ཁམས་སུ་གཏེར་ཆོས་མཐའ་རྒྱ་ སྤེལ། །སྐལ་མེད་མཐའ་ཡས་(རྒྱལ་པོ་ལ་གདམས་པའི་མདོར། ལོག་པར་ལྟ་བའི་སེམས་ཅན་ནི། །དམྱལ་བ་རྣམས་ སུ་སྐྱེ་བའོ། །)ལམ་ངན་ཕྱོགས་སུ་འཕང༌། །དེ་ཚེ་གྲི་ཐོགས་(མེ་བཙའི་)ནད་ཀྱི་དབང་པོ་དར། །(དེའི་ དུས་སུ་)བུད་མེད་མཁྱེན་པའི་ཁ་བདར་བྱེད་པ་འབྱུང༌། །(ཇོ་མོ་མང་སྟེ་ཕལ་ཆེར་)རྐ་མོ་བླ་མའི་ཆ་ འཛིན་གྲོང་འགྲིམ་བྱེད། །(མདོ་ལང་ཀར་གཤེགས་པ་ལས། ང་ཡི་བསྟན་པ་སུན་འབྱིན་པ། །ངུར་སྨྲིག་བོར་ནས་གོས་ བགོས་ཤིང༌། །འབྲས་བུ་ཡོད་དང་མེད་པར་སྨྲ། །མ་འོངས་པ་ཡི་དུས་ན་འབྱུང༌། །ཞེས་གསུངས་པ་ལྟར། )ངུར་སྨྲིག་དམར་ 1-1-311 (དམར་སེར་གྱོན་པ་རེ་རེ་དེ་བཞིན་གཤེགས་པས་གནང་བའི་གོས། )བོར་ཞིང་(དེ་བས་བཟང་པོར་འདོད་པ་)ཕྱར་གྱོན་ རྔ་ཡབ་དང༌། །དབྱུག་ཏོ་ཇོ་དར་བེ་རྒ་སྣ་ཚོགས་ཐོགས། །རྨི་ལམ་ཙམ་གྱིས་མངོན་ཤེས་ལུང་ བསྟན་བྱེད། །(རྒྱལ་བའི་གསུང་རབ་ཀྱི་)ཆོས་ལུགས་དག་པའི་བཤད་པ་དོར་ནས་ནི། །(རང་གཞན་ ཆོས་ལ་བསྐུལ་བ་ལས། །རྣམ་པར་ཤེས་པ་རི་རབ་རྒྱས་པ་ཡི། །སྣང་གྲགས་འདི་དག་མེད་ཀྱང་ཡོད་པར་མཐོང༌། །དེ་ཕྱིར་ཡོད་ པས་སྒྲོ་བཏགས་འཁྲུལ་བར་ཟད། །འཁྲུལ་བའི་དབང་གིས་ལས་ངན་ཉོན་མོངས་བསགས། །དེའི་འབྲས་བུ་འགྲོ་བ་དྲུག་ཏུ་སྨིན། ཅེས་གསུངས། གསང་བ་མཛོད་ཀྱི་རྒྱུད་ལས། ལྕགས་བསྲེགས་ས་གཞི་རང་གི་སེམས། །མེ་ཚོགས་བྱས་མཁན་ན་མེད། །བཀྲེས་ སྐོམ་སྡུག་བསྔལ་རང་གི་སེམས། །ཟས་སྐོམ་འགོག་པ་ལོག་ན་མེད། །བཅིང་བརྡེག་བཤའ་གསུམ་རང་གི་སེམས། །སྲོག་གཅོད་ བཤན་པ་ལོག་ན་མེད། །དེ་དག་རང་སེམས་འཁྲུལ་བར་སྣང༌། །དེ་ནི་སངས་རྒྱས་སྤངས་པ་ཡིན། )འཁྲུལ་སྣང་ཤི་ལོག་ དཔེ་ཆ་(ངེས་པའི་)ཆོས་སུ་(འགྲོ་ལ་)སྟོན། །དགེ་བའི་ཆོས་ལ་གླུ་གར་སྣ་ཚོགས་ཅན། །ཆོས་མིན་ ལྟ་བ་རྒྱལ་ཁམས་དར་བའི་ཚེ། །(སོག་པོ་)པར་སི་ཀ་ཡི་དམག་གིས་བོད་མཐའ་བསྐོར། །ཀྱེ་ མ་ཁ་བ་ཅན་གྱི་རྒྱལ་ཁམས་སུ། །འཇིགས་སྐྲག་ལན་རེ་སྟེང་དང་འོག་ནས་སྟེར། །གསེར་ བྱའི་ཡུལ་དུ་ཀླ་ཀློའི་ཆོས་མིན་དར། །རུག་མའི་ཡུལ་དུ་ནད་ཀྱི་བསྐལ་པ་འབྱུང༌། །བོད་ཀྱི་ ཁམས་སུ་(བདེ་གཤེགས་སྙིང་པོ་)མེད་པར་ལྟ་བ་ཡི། །(ཡེ་ཤེས་གསང་བའི་རྒྱུད་ལས། སྟོང་བ་ཕྱལ་ཆད་ལྟ་བའི་ བདུད། །ཅེས་གསུངས། )ཆོས་མིན་སྣ་ཚོགས་ཡུལ་འདིར་དར་བའི་(ཤའི་མིག་)ཚེ། །(རྡོ་རྗེའི་སྙིང་འགྲེལ་ ལས། ཤེའི་སྤྱན་དང་དེ་ནས་ལྷ། །དེ་ནས་སངས་རྒྱས་ཉིད་དུ་འགྱུར། །ཤེས་རབ་སྤྱན་དང་དེ་ནས་སླར། །ཡེ་ཤེས་སྤྱན་ནི་ལྟ་བའོ། ། ཞེས་དང༌། སངས་རྒྱས་ཐོག་མ་ཐ་མ་མེད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་ གསུངས་པ་ལྟར། )ཡེ་ཤེས་སྤྱན་ལྡན་འཕགས་པ་མཐུ་ཆེན་ཐོབ། །གཉིས་སུ་མེད་པའི་བདག་གི་ གཅུང་པོ་འདི། །དད་པའི་བཞིན་རས་དགའ་བའི་སྤྱན་རྒྱས་པ། །ལྷག་བསམ་ཡངས་པའི་བློ་ གྲོས་ཁ་རྒྱས་ཅན། །རིགས་གཟུགས་འབྱོར་ལྡན་འདར་བྱར་ལུང་བར་འབྱུང༌། །གྲུབ་ཆེན་ རབ་འབྱམས་འཛིན་པའི་མཚན་གྲགས་པ། །གཟུགས་བཟང་རྣམ་དག་བྱམས་པའི་ཐུགས་ 1-1-312 ལྡན་པ། །འཁོར་ནི་དགེ་སློང་འབུམ་ཕྲག་སྟོང་དང་བཅས། །(དཔལ་ལྡན་ཇོ་ནང་དུ་)གནས་འདིར་ (གཞན་སྟོང་གི་)ཆོས་ལུགས་ཇི་བཞིན་རྒྱལ་ཚབ་འཛིན། །(ཀུན་མཁྱེན་པ་)ང་ཡི་བསྟན་པ་ཁུར་ཆེན་ ཁུར་བར་བྱེད། །ཁྱད་པར་བཅོམ་ལྡན་དུས་ཀྱི་འཁོར་ལོ་ཡི། །ལོ་གསུམ་ཆོས་ཀྱི་དུང་འབུད་ དར་འཕྱར་ནས། །སྐྱབས་མཆོག་གསུང་རབ་རྒྱ་མཚོའི་བདག་པོ་དེས། །གདུལ་བྱ་གཞན་ལ་ ཕན་པ་མི་མཛད་དེ། །(༈སངས་རྒྱས་ཕལ་བོ་ཆེར། སེམས་ཅན་སྣོད་དུ་མ་གྱུར་པ། །སངས་རྒྱས་བསྟན་པ་མི་མཛད་དེ། ། ཅེས་གསུངས་པ་ལྟར། )སྐུ་ཚེ་གཞོན་ནུ་ཉིད་ལ་ཤར་ཕྱོགས་སུ། །སངས་རྒྱས་སྨན་པའི་རྒྱལ་པོའི་ ཞིང་དུ་འགྲོ། །དེ་ནས་སླར་ཡང་ནུབ་ཀྱི་ཕྱོགས་སུ་བཞུད། །ཉ་འདྲའི་དུས་སུ་ང་ཡི་རི་ཁྲོད་ འདི། །ཤིན་ཏུ་ཉམ་དམའ་དགེ་སློང་སྡུག་བསྔལ་ཚེ། །སྙིག་ཞེས་བྱ་བའི་རྒྱལ་པོ་ནག་ཁམས་ འབྱུང༌། །དེ་ཡིས་རི་ཁྲོད་འདི་ལ་འཇིགས་པ་སྟེར། །དེ་ཚེ་(ཇོ་ནང་གནས་ཀྱི་མཐའ་སྐོར་གྱི་)བསམ་ གཏན་(སྒོམ་པར་)ཁང་བུ་གཞན་(ཐམས་ཅད་)བོར་ནས། །ང་ཡི་མཆོད་རྟེན་འདི་ལ་འཐབ་ར་ བསྐོར། །(ཅིང་རྫོང་གི་ཚུལ་བཟུང་བར་བྱེད་པའི་ཚེ་)དགེ་སློང་རྣམས་ཀྱིས་གོ་མཚོན་བཅའ་ཁྲལ་བསྡུ། ། དེ་ལྟར་བདུད་རིགས་རྒྱལ་པོའི་དབང་པོ་(ཡུལ་དབུས་སུ་ལན་ཅིག་)དར། །(ནས་)ལྷ་སར་དབང་ ཐོབ་ཤཱཀྱ་མུ་ནེ་ཡི། །སྐུ་ཤ་(གསེར་ཆབ་)ཟ་ཞིང་དགེ་སློང་གཞན་ལ་དང༌། །རྩོད་དུས་ངན་པའི་ མགོ་བོ་དེ་ནས་འཛུགས། །དེ་ཡི་རྟགས་སུ་སྡེ་འཁྲུགས་འཐབ་རྩོད་འབྱུང༌། །ནད་མང་མུ་གེ་ འདྲེ་ཆོས་མང་པོ་དར། །རྩི་ཤིང་སྐམ་སྟེ་ས་རྡོ་རི་རྙིལ་རྒོད། །ས་བཅུད་ཉམས་ཤིང་སད་སེར་ འབྲུ་ནད་མང༌། །ང་ཡི་གནས་འདིར་དེ་ལྟར་འགྱུར་བའི་དུས། །དེ་ཡི་ཚེ་ན་(སླར་ཡང་)ཁོ་བོ་ (མཚུངས་མེད་ཆོས་རྗེ་ཉིད་)ཡུལ་(ཇོ་ནང་)འདིར་འོང༌། །(དེ་ཡི་)མིང་ནི་བསོད་ནམས་(པུནྚེ་དྷྭ་ཛ་ཤྲི་བྷ་ དྲ། )བརྒྱ་ཡི་མཚན་འཆང་བ། །བྱང་ཆུབ་སེམས་དཔའ་ནུབ་ཀྱི་ཕྱོགས་སུ་སྐྱེ། །གནས་འདིར་ བསྙེན་བཀུར་བྱེད་པ་ཤིན་ཏུ་དར། །ང་ཡི་རྟེན་ལ་གསེར་གྱི་ཅོད་པན་གསོལ་བྱེད་ཅིང༌། །དགེ་ སློང་ཚུལ་བཞིན་བྱེད་པ་མང་དུ་འབྱུང༌། །གཙང་གི་དགོན་གནས་ཀུན་གྱི་བདག་པོར་འགྱུར། ། 1-1-313 མཐའ་འཁོབ་རྒྱལ་པོ་མང་པོ་དབང་དུ་བསྡུ། །བཤད་སྒྲུབ་བསྟན་པ་རབ་ཏུ་རྒྱས་པར་མཛད། ། སྙིང་པོའི་མཐའ་སྟོན་སྐྱེས་བུ་དམ་པ་དེ། །མི་ལོ་བརྒྱད་ཅུར་བསྟན་པའི་རྒྱལ་མཚན་འཛུགས། ། བདག་ལ་རྒོལ་ངན་དུར་ཞེས་བྱ་བ་འབྱུང༌། །ང་ཡི་རྟེན་ལ་སྐུར་བ་ལྷག་པར་འདེབས། ། གཞན་ཡང་མདོ་རྒྱུད་གཞུང་གི་ནང་འགལ་དུ། །རྩོམ་ངན་དུ་མས་དུག་མདའ་མང་པོ་བྱེད། ། སྐྱེ་བོ་མང་པོ་ལམ་ངན་ལམ་ལ་སྦྱོར། །ང་ཡི་ཆོས་ལུགས་མཐོང་ན་(ཤིན་ཏུ་)མི་དགའ་ཞིང༌། ། ཚིག་ལ་རྟོན་པའི་(ཁ་ཅིག་ལ་རྒོལ་བ་)དགག་པ་ཡང་ཡང་འདེབས། །རྒོལ་ངན་དེ་ཡི་ཆོས་སྐྱོང་ར་ ཧུ་ལས། །སྡོང་གྲོགས་བྱེད་པས་མཐུ་རྩལ་ཆེ་བ་ཡི། །གྲགས་པ་ཆེ་བས་མི་མང་དད་པར་ འགྱུར། །བསྙེན་བཀུར་ཆེ་ཞིང་ཆོས་ངན་སྤྱོད་པར་བྱེད། །དེ་ཚེ་བདག་གི་གནས་འདི་ཉམ་ ཆུང་འགྱུར། །དགེ་སློང་མ་ཡི་ཚོགས་ཀྱིས་བཅུད་པའི་དུས། །བྱང་ཆུབ་སེམས་དཔའ་ནམ་ མཁའི་སྙིང་པོ་(འི་སྤྲུལ་བ་)ནི། །ཆོས་སྐྱོང་མཚན་ཅན་འདར་གྱི་ཕྱོགས་སུ་(གདུང་རབས་བརྟེན་ནས་) འབྱུང༌། །(ཇོ་ནང་དཔལ་དུ་)ང་ཡི་རྒྱལ་ཚབ་འཛིན་པས་བསྟན་པ་(ཕྱོགས་བཅུར་)སྤེལ། །རྒྱུད་སྡེའི་ སྙིང་པོ་ཐེག་པ་ཀུན་གྱི་རྩེར། །གཞན་སྟོང་ཟབ་མོ་གསལ་བར་བྱས་པར་འགྱུར། །ང་ཡི་རྟེན་ ལ་(ཕུ་དུད་)རིམ་གྲོ་ལྷག་པར་བྱེད། །སྒྲུབ་པའི་ཆོས་ཀྱིས་འགྲོ་བ་སྐྱོང་མཛད་ཅིང༌། །ལོ་མང་དུ་ ཡང་བསྟན་པ་ལྷག་པར་སྐྱོང༌། །གནས་འདིར་རྨ་བྱ་འདྲ་བའི་དུས་སུ་ཡང༌། །བཤད་སྒྲུབ་ ཉམས་ཤིང་དགེ་སློང་འབྱོར་གཡེང་ཆེ། །མཆོད་རྫས་དག་ལ་ཧབ་ཤ་བྱེད་པར་འགྱུར། །རྟེན་ རྣམས་ཁྱེར་ལ་མི་ཡི་མགོ་བོ་བསྐོར། །ཨ་བྷི་ར་ཡི་རྒྱལ་ཁམས་ཀུན་ཏུ་རྒྱུག །ང་ཡི་གནས་འདི་ བྱ་ཚང་རྙིང་པ་བཞིན། །གྲགས་པ་ཆུང་ཞིང་དགེ་འདུན་ཉུང་བའི་དུས། །རིན་ཞེས་བྱ་བའི་ རྒྱལ་པོ་སྟོབས་ཅན་འབྱུང༌། །དབུས་གཙང་གཉིས་ལ་མངའ་ཐང་རྒྱས་པའི་ཚེ། །སྡེ་པ་(མཁར་) རྩེ་(བ་དང་ལྷུན་པོ་རྩེ་བ་)གཉིས་དེ་ལ་མགོ་བོ་བཅོལ། །དེ་ཡིས་བདག་གི་གནས་འདི་ཅུང་ཟད་ བཀུར། །དེ་ཚེ་(བྱང་ཆུབ་སེམས་དཔའ་)ས་ཡི་སྙིང་པོའི་སྤྲུལ་པ་ནི། །བྱང་ཆུབ་སེམས་དཔའ་དཔལ་ 1-1-314 ལྡན་མཚན་གྲགས་འབྱུང༌། །དེ་བཞིན་མཁས་གྲུབ་ཨོ་རྒྱན་མཚན་ཅན་སོགས། །རྒྱལ་ཚབ་ འཛིན་པ་མང་པོ་འབྱུང་བ་ཡིས། །(ཆོས་རྗེ་ཉིད་ཀྱི་ཞལ་ནས། ཡོད་མེད་མཐའ་བྲལ་དབུ་མའི་ལྟ་བའི་མཆོག །རླུང་ སེམས་འགགས་པའི་ཏིང་འཛིན་བསྒོམ་པའི་མཆོག །ཆགས་མེད་གཞན་ལ་ཕན་པའི་སྤྱོད་པའི་མཆོག །རྒྱལ་བའི་སྐུ་གཉིས་ཐོབ་ པའི་འབྲས་བུའི་མཆོག །ཅེས་གསུངས། ཡང་ཇོ་ནང་ལོ་ཙྭ་བ་སྒྲ་བསྒྱུར་ཆོས་ཀྱི་རྒྱལ་པོའི་ཞལ་ནས། །ལྟ་བ་མཐའ་བྲལ་དབུ་མ་ རྟོགས་པ་གཅེས། །བསྒོམ་པ་རྩེ་གཅིག་རྒྱུན་ཆད་མེད་པ་གཅེས། །ཞེས་གསུངས་པ་ལྟར། )ལྟ་སྒོམ་སྤྱོད་འབྲས་ཡང་ དག་སྟོན་པར་བྱེད། །གནས་བདག་བཀའ་བསྲུང་རྡོ་རྗེ་གྲགས་མོ་རྒྱལ། །རྒྱལ་ཚབ་འཛིན་ པའི་སྐྱེས་མཆོག་དེ་དག་གི ། བསྟན་པ་རིན་ཆེན་མ་ཉམས་རྒྱས་པར་མཛད། ། དེ་ནས་གཟིམས་ཁང་ཀ་བཞི་མར་གདན་དྲངས་པས། བུ་སློབ་ཐམས་ཅད་ལ་ཞུ་བ་ཞུས་ ལན་མཉེས་མཉེས་སུ་མཛད་ཅིང་སྐུ་བསྙུང་བའི་རྣམ་པ་ཅུང་ཟད་ཀྱང་མེད་པའི་ངང་ལས་ཏིང་ ངེ་འཛིན་དུ་བཞུགས་ནས། (སངས་རྒྱས་ཕལ་བོ་ཆེར། སྐུ་ཚེ་ཐུང་བ་ལ་ལར་རྣམ་པར་སྟོན། །ལ་ལར་བསྐལ་བ་བསམ་ ཡས་བྱིན་གྱིས་རློབས། །ཞེས་གསུངས། མཁས་བཙུན་ཡོན་ཏན་རྒྱ་མཚོའི་རྣམ་པར་ལས། །བླ་མ་སངས་རྒྱས་ཆོས་སྐུ་ལ། །སྐྱེ་ འགགས་འདས་འགྲོ་མི་མངའ་ཡང༌། །གཟུགས་སྐུ་ལ་ཡང་སྐྱེ་འགགས་དུ། །སྣང་བ་འདུལ་བ་དབང་གིས་ཡང༌། །ཞེས་གསུངས་ པ་ལྟར། )ཚེས་དྲུག་གི་དགོང་མོར་བདེ་བར་གཤེགས་སོ། །དེ་ནས་ཡོལ་བའི་ཕྱི་རོལ་ཏུ་གཟིམ་ གཡོག་པ་དངོས་གྲུབ་བཟང་པོས་ད་རུང་གཟིམ་པ་ལགས་སམ་ཞུས་པས། ཅང་མི་གསུངས་ ནས། ལན་གཉིས་ལན་གསུམ་ཡང་དེ་བཞིན་ནོ། །དེ་ནས་ཡོལ་བ་བཀྱགས་ཏེ་བལྟས་པས། སྤྱན་ལྟ་སྟངས་མཛད་ནས་འགྱུར་ལྡོག་མ་མཛད་དོ། །ལུས་གནད་དྲག་ཏུ་བསྡམས་ནས་སྣང་ སྟེ་ཅི་ཡིན་སྙམ་མོ། །ཞལ་ནས་འོད་ཟེར་སྣ་ཚོགས་པ་ནམ་མཁའ་ལ་འཕྲོ་ཞིང་འདུག་གོ ། དེ་ནས་རིང་པོར་བརྟགས་ནས། མཁན་ཆེན་དགེ་འདུན་དཔལ་དང༌། སློབ་དཔོན་ལྷ་ རྗེ་ལ་སོགས་ཉམས་རྟོགས་ནང་གི་ཆེ་བ་རྣམས་ལ་བསྙད་དེ་བུ་ཆེན་རྣམས་ལ་རིམ་པར་སྦྲན་ ནས། མདུན་དུ་འཚོགས་ནས། སྤོས་མཆོག་སྔར་མ་མྱོང་བའི་དྲི་བཟང་ཁྱད་པར་ཅན་ཞིམ་པོ་ 1-1-315 བྲོ་སྟེ། དེ་ནས་མཐའ་བསྐོར་དུ་མཆོད་རྫས་དཔག་ཏུ་མེད་པས་བསྐོར་མ་ཐག་ནམ་མཁའ་ལ་ རོལ་མོ་སྣ་ཚོགས་གྲག་སྟེ་ནམ་ལངས་ཀྱི་བར་དུའོ། །ནམ་ལངས་ཏེ་ཉི་མ་ཤར་ཙམ་ན་ཕྱི་རོལ་ ཏུ་ནམ་མཁའ་ཡོངས་སུ་དྭངས་པའི་དཀྱིལ་དུ། འཇའ་འོད་སྣ་ཚོགས་པ་དང༌། མེ་ཏོག་གི་ཆར་ ཞག་དུ་མར་བབ་ཀྱང༌། དྲུང་བསྐོར་བས་མ་མཐོང་སྟེ་གླིང་གསེབ་པ་རྣམས་ཀྱིས་ཇོ་ནང་དུ་ ལྷགས་སོ། །ཚེས་བདུན་གྱི་ནུབ་མོར་སྐུ་གཤེགས་པའི་དུས་ཙམ་ན་ས་གཡོས་ནས་སྤུར་ལ་ བལྟས་པས། ཁམས་དཀར་པོ་སྟེང་དུ་ལུད་པས། (ཡར་ཆབ་)གཙང་པོ་གྱེན་དུ་ལོག། དམར་པོ་ ཆུ་ལམ་དུ་བྱོན་ནས་གཙང་པོའི་གཏིང་རྡོ་མང་པོ་མཐོང་སྟེ། ཕྱི་ནང་རྟེན་འབྲེལ་གྱི་རྟགས་ཁྱད་ འཕགས་འཁོར་འདས་ཀྱིས་ཤན་ཕྱེ་སྟེ། (ཆོས་རྗེ་རིན་པོ་ཆེས་མཛད་པའི་རིམ་གཉིས་སྨོན་ལམ་ལས། ནོར་བུའི་ རྩེ་མོར་ཉི་རྡུལ་བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །མི་གནས་མྱ་ངན་འདས་པ་མཆོག །རྫོགས་པའི་སངས་རྒྱས་ཐོབ་པར་ ཤོག །ཅེས་གསུངས། )དབང་མདོར་བསྟན་པའི་རྒྱུད་ལས། (ཐ་མལ་བའི་)ལུས་ཅན་རྣམས་ནི་འཆི་བ་ ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །ཞེས་སོགས་འཁོར་བ་པ་ རྣམས་ཀྱི་ཁམས་ཕྱིན་ཅི་ལོག་ཏུ་འབབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱིས་དེ་ལས་བཟློགས་ནས་དཀར་པོ་སྟེང་དང་དམར་པོ་འོག་ཏུའོ། །(དབང་མདོར་)སངས་རྒྱས་ ཀུན་གྱི་མཛོད་སྤུ་ཡི། །པད་མར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གནམ་སྟོང་གསང་བ་སྟེ། །ཞེས་ གསུངས། དཔལ་ཀྱེ་རྡོ་རྗེ་རྩ་རྒྱུད་ལས། དཔལ་ལྡན་དེ་བཞིན་སྟེང་དུ་གཤེགས། །དེ་བཞིན་ དུ་ཡང་བྱོན་པ་ཉིད། །ཤེས་རབ་ལྡན་པ་ཉིད་ཀྱིས་ནི། །དེ་བཞིན་གཤེགས་པ་མངོན་བརྗོད་ བྱ། །ཞེས་གསུངས་པའི་དོན་ཤིན་ཏུ་གསང་དགོས་པས་གཞན་དུ་ཤེས་པར་བྱའོ། །(དེའི་དུས་ སུ་བདག་གིས་རྨི་ལམ་ངན་ནས་ཐེངས་ཅིག་ཇོ་ནང་དུ་འགྲོ་སྙམ་ནས། སྔ་དྲོ་ལ་རྡོ་རྗེ་འཆང་དྲུག་གི་དུར་ཁྲོད་དུ་ཆོས་རྗེ་ཉིད་སེང་ གེ་གཅིག་བཅིབས་ནས་ནམ་མཁར་གཤེགས་པ་མཐོང་ནས། བདག་གིས་འདི་སྐད་ཅེས་བྱའོ། །སྙིང་པོའི་དོན་རྟོགས་ཆོས་ཀྱི་རྗེ། ། མཚན་ཡོངས་སུ་གྲགས་པའི་ཀུན་མཁྱེན་པ། །སྐུ་འཁྲུངས་ས་མངའ་རིས་དོལ་པོ་ལགས། །གསུང་ཁྱབ་པ་དབུས་གཙང་གཉིས། ། 1-1-316 རྗེ་བཙུན་བླ་མ་བདག་ལ་དགོངས། །ང་མུ་ཉག་བློ་གྲོས་གྲགས་པ་དེ། །ཚེ་ལོ་བཞི་བཅུ་དབུས་སུ་བསྐྱལ། །ཐོས་བསམ་ཡང་ཡང་ འབད་པ་ལགས། །ད་ལྟ་ལྕགས་མོ་འབྲུག་པའི་ལོ། །ཆོ་འཕྲུལ་མགོ་ཡི་ཟླ་བ་ལ། །རྨི་ལམ་ངན་པ་འདི་འདྲ་ཞིག །མཚུངས་མེད་ མགོན་པོ་སེང་གེ་གཅིག །བཅིབས་ནས་ལྷ་མོ་དཔག་མེད་ཀྱིས། །ནམ་མཁར་བཏེགས་ནས་ཁྱེར་བ་རྨིས། །སྐྲག་ནས་དབུས་སུ་ འགྲོ་སྙམ་ནས། །ད་ལྟ་མཁའ་ལ་བྱོན་པ་ལགས། །ཕ་མཆོག་སྤྱི་གཙུག་རྒྱན་དུ་བཞུགས། །སྔོན་བྱུང་ཇོ་ནང་རི་ཁྲོད་དུ། །ཕ་རིན་ པོ་ཆེ་ཡི་སྐུ་དྲུང་དུ། །དམ་ཆོས་འདིའི་དཔལ་ལ་སྤྱོད། །རྟག་ཏུ་འབྲལ་མེད་འདུག་སྙམ་ནས། །ཉིད་ཀྱིས་བཀའ་ནན་འདི་སྐད་དོ། ། ལྗོངས་ཁ་བ་ཅན་གྱི་མདོ་ཁམས་སུ། །གདུལ་བྱ་སྣོད་ལྡན་ཡོད་དོ་གསུངས། །ལུང་བསྟན་བྱིན་རླབས་མཛད་ནས་རྫོངས། །དུས་ ད་ལྟ་མཐའ་འཁོབ་གནས་འདིར་ཕྱིན། །སྐུ་མཐོང་བར་འདོད་ཀྱང་ལྟ་ས་མེད། །གསུང་ཐོས་པར་འདོད་ཀྱང་ཉན་ས་མེད། །ང་ཡི་ ཅི་བྱེད་བླ་མ་མཁྱེན། །གདུང་ལ་མཆི་མ་རྒྱུན་མི་ཆད། །ཕ་སྙིང་ལ་དྲང་ནོ་ཨོ་དོད་འབོད། །ཁོ་བོའི་གདུང་སེམས་མཁྱེན་ལགས་ སམ། །ལམ་སྣ་དྲོངས་ཤིག་སྤྲུལ་པའི་སྐུ། །ཅེས་སོགས་བྱས་པས། །ཚུལ་ཁྲིམས་རྣམ་པར་དག་པའི་མདོ་ཚར་གསན་ནོ། །) དེ་ནས་ཕྱོགས་ཕྱོགས་སུ་བང་ཆེན་པ་བཏང་སྟེ་དབུས་གཙང་གི་མི་གང་མོས་འདུས་ཏེ། བླ་མ་མང་པོ་དང༌། དགེ་འདུན་པ་མི་ཆེན་མང་པོ་འདུས་ཏེ་ངུ་ཞིང་གཤེགས་རྫོངས་མང་པོ་ བསྡུས་སོ། ། ཚེས་[བཅོ་]བརྒྱད་ཀྱི་ཉིན་པར། ཨ་ཀར་དཀར་དམར་དང༌། ཙན་དན་དཀར་དམར་གྱི་ ཤིང་སྒྲོམ་ལ་གདན་དྲངས་ཏེ། སྐུ་ལུས་དྲི་བཟང་པོ་སྣ་ཚོགས་ཀྱི་ངད་པ་ལྡང་ཞིང༌། བླ་བྲང་ གི་སྟེང་དུ་གདན་དྲངས་པས་ཐམས་ཅད་མཇལ་དུ་བཅུག་གོ །དེའི་ཉིན་པར་མེ་ཏོག་གི་ཆར་ དང༌། འཇའ་འོད་སྣ་ཚོགས་དང༌། རི་ཐམས་ཅད་འུར་སྒྲ་སྒྲོགས་པ་དང༌། རོལ་མོ་སྣ་ཚོགས་ པ་གྲག་གོ ། སྟག་ལོ་ཟླ་བ་དང་པོའི་ཚེས་དྲུག་ལ་སྤུར་སྦྱངས་པའི་ཚེ་ན་ངོ་མཚར་བའི་ལྟས་ཇི་ལྟ་བུ་ བྱུང་ཞེ་ན། ཆུ་འཛིན་བྲལ་བའི་ནམ་མཁའ་དྭངས་པ་ལ། །འཇའ་འོད་ཤིན་ཏུ་གསལ་བའི་ ཟླུམ་པོ་མཆོག །ཉི་ཁྱིམ་ཟླ་ཁྱིམ་ལྟ་བུའི་ཆེ་ཆུང་ནི། །ནམ་མཁའི་དཀྱིལ་དུ་རྣམ་པར་མཛེས་ 1-1-317 པར་ཁེབས། །ལ་ལར་འཇའ་ཡི་དྲ་བ་དྲ་ཕྱེད་རྣམ་པར་ཁྱབ། །དྲ་མིག་རེ་རེར་མེ་ཏོག་སྣ་ ཚོགས་སྤྲས། །ཁུག་རྣ་བྲལ་བའི་བར་སྣང་དག་པ་ལ། །འདོད་གཟུགས་ལྷ་རྣམས་ཕུལ་བའི་ མེ་ཏོག་ཆར། །ཆུ་ཤོག་འཁར་རྔ་ལི་སྡེར་ཕུབ་ཙམ་དང༌། །གཞན་ཡང་ཆེ་ཆུང་སྐྱེ་བོའི་ལག་ མཐིལ་ཙམ། །ལ་ལ་དཀྱིལ་དཀར་འདབ་མ་དམར་པོ་སྟེ། །ལྟེ་བ་སེར་པོ་འདབ་མ་སྔོན་པོ་ དང༌། །འདབ་མ་ལྗང་ཁུ་ལྟེ་བ་དམར་པོ་དང༌། །གེ་སར་རྒྱལ་པོ་འདབ་མ་དམར་སྐྱ་སྟེ། །སྡོང་ བུ་ལྗང་ལ་ཟེའུ་འབྲུ་སེར་པོ་དང༌། །རྩ་བ་གཅིག་ལ་སྡོང་བུ་དཔག་ཏུ་མེད། །རེ་རེ་ལ་ཡང་མེ་ ཏོག་སྣ་ཚོགས་འབྱར། །གཡས་སྣོལ་གཡོན་སྣོལ་དཔག་ཏུ་མེད་པ་འབྱུང༌། །ལག་པ་བརྐྱངས་ ནས་མི་ཟིན་མཁའ་ལ་འབྲོས། །ས་ལ་རེག་པའི་ཚད་དུ་མེ་ཏོག་ཆར། །ནམ་མཁས་ས་གཞིའི་ བར་དུ་རྣམ་པར་ཁེངས། །ལྷ་ཡི་རོལ་མོ་མཁའ་ལ་རྒྱུན་མི་འཆད། །གཟུགས་མེད་སྒྲ་སྙན་ ཕྱོགས་མཚམས་རྣམས་སུ་གྲགས། །འོད་གསལ་ཟླུམ་པོ་རྫ་མའི་ཕྲེང་བ་ཙམ། །ཆུ་འཛིན་ བྲལ་བའི་མཁའ་ལ་རྣམ་པར་ཁེངས། །སྲོད་ཀྱི་ཆ་ལ་ནགས་ཕུག་ཤར་ཕྱོགས་སུ། །བྱུང་ནས་ ནུབ་རིའི་རྩེ་ལ་རིམ་བཞིན་སོང༌། །ལ་ལས་ས་གཡོས་ཤིག་ཤིག་འུར་འུར་སོགས། །རྣམ་པ་ དྲུག་གིས་གཡོས་ནས་ལྷག་པར་བརྟེན། །སྐུ་མཆོག་གཤེགས་པའི་ནུབ་མོར་ལ་ལ་ཡིས། ། (མཁན་ཆེན་སྣར་ཐང་པ་)རང་ཁྱིམ་གནས་སུ་ཆོས་རྗེ་སྐུ་མདོག་དཀར། །ཆོས་གོས་ངུར་སྨྲིག་སྤྲས་ ནས་དངོས་དུ་བྱོན། །ཆོས་ཀྱི་གསུང་གླེང་ཞིབ་ཞིབ་སྣ་ཚོགས་མཛད། །(ཚ་བ་ལ་སོགས་)གསོལ་ བ་འདྲེན་ཚེ་མཁའ་ལ་གཤེགས་པར་མཐོང༌། །(བཟང་ལྡན་པ་)ལ་ལས་(ཐོ་རིངས་སུ་)ཆོས་རྗེ་སྐུ་ མདོག་སེར་པོ་ཅན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣམས། །ཆོས་དང་བྱིན་རླབས་ ཞུས་པའི་སྣང་བ་ལ། །(ཆོས་རྗེ་ཐང་བོ་ཆེ་ལ་)ཁ་ཅིག་ཐང་ཆེན་ཡངས་པའི་དགོན་པ་ལ། །གསེར་ ཁྲི་སེང་གེ་བརྒྱད་ཀྱིས་བཏེག་པའི་སྟེང༌། །མདོག་དམར་ཆོས་རྗེ་བཞུགས་ནས་འཛུམ་པའི་ ཞལ། །འཁོར་ཚོགས་མང་པོ་དག་ལ་ཆོས་གསུངས་རྨིས། །(ལོ་ཙཱ་བ་མ་ཎི་ཀ་ཤྲཱི་)འགའ་ཞིག་དག་ 1-1-318 གིས་ཚེས་དྲུག་སྲོད་དུས་སུ། །(མཁར་ཆེན་དུ་)འཇའ་འོད་གུར་ཆེན་འཁྱིལ་བའི་ནམ་མཁའ་ལ། ། མདོག་ལྡན་དབུ་རྒྱན་རྡོ་རྗེ་དྲིལ་བུ་བསྣམས། །རང་གཟུགས་ཆོས་གོས་གསིག་ནས་ཕྲག་ལ་ གཟར། །གྲུབ་ཆེན་བརྒྱད་ཅུས་བསྐོར་ནས་མཆོད་སྤྲིན་ཕུལ། །ལྷ་ཚོགས་མང་པོ་ཞིག་ལ་ཆོས་ གསུངས་རྨིས། །(ལྕེ་ལོ་དབོན་ལྷུན་གྲུབ་དཔལ་)ཁ་ཅིག་ལྷ་སའི་བར་ཁྱམས་གནས་དག་ཏུ། །བྱམས་ པ་འཇམ་དབྱངས་སྐུ་མཆེད་ལ་སོགས་པ། །ཉེ་སྲས་བརྒྱད་ལ་ངེས་དོན་རྒྱ་མཚོ་གསུངས། །དེ་ བཞིན་འཕོ་བ་ཁྱད་འཕགས་འཆད་པར་མཐོང༌། །སྤུར་ནི་ཡེ་ཤེས་མེ་ལ་བཞུས་པའི་ཚེ། །མེ་ ལྕེ་ཅིག་ཏུ་འབར་ནས་ཆོས་སྒྲ་སྒྲོགས། །དུ་བ་སྔོ་ལྗང་དར་ཡུག་བརྐྱངས་པ་ལྟར། །སྣེ་མོར་ འཇའ་འོད་གུར་ཁྱིམ་ཕུབ་པའི་དབུས། །ཆོས་རྗེ་དངོས་སུ་བཞུགས་ནས་ནམ་མཁར་ འཕགས། །སླར་ཡང་སྐུ་འབུམ་སྨད་ནས་རིམ་བཞིན་དུ། །གཡས་བསྐོར་ལན་མང་བྱས་ནས་ དབུ་རྩེ་རུ། །ནུབ་ཕྱོགས་ཁོ་ནར་སོང་བ་(དྲུང་བསྐོར་བ་)ཀུན་གྱིས་མཐོང༌། །(ལོ་ཙཱ་བ་མ་ཏི་པཎ་ཆེན་) ལ་ལས་སྤུར་ཁང་སྟེང་ན་བཅུ་གཅིག་ཞལ། །ཕྱག་སྟོང་སངས་རྒྱས་སྟོང་རྣམས་འོད་ཟེར་འཕྲོ། ། གླུ་ལེན་མཁའ་འགྲོ་དག་གིས་བསྐོར་བར་མཐོང༌། (དད་པ་སེང་གེ་)ཁ་ཅིག་སྤུར་ཁང་ལྷ་ཡི་ གཞལ་ཡས་ཁང༌། །ཞལ་བཞི་ཕྱག་ནི་ཉེར་བཞི་མཚོན་ཆས་སྤྲས། །གསེར་མདོག་ལྷ་མོས་ འཁྱུད་པའི་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་སུ་མཐོང༌། །(སངས་རྒྱས་ རིན་ཆེན་)ཁ་ཅིག་སྤུར་ཁང་སྟེང་ན་པད་མ་རྒྱས། །དགྱེས་མཛད་རྡོ་རྗེ་ཞལ་བརྒྱད་བདུད་བཞིའི་ སྟེང༌། །རི་མ་ལ་སོགས་མཁའ་འགྲོ་བརྒྱད་ཀྱིས་བསྐོར། །བརྟག་གཉིས་གཞུང་འགྲེལ་ལྷང་ ལྷང་འཆད་པར་མཐོང༌། །(བྱང་ཆུབ་འོད་)ཁ་ཅིག་གདུང་གི་མེ་ཡི་འོད་དཀྱིལ་དུ། །རྡོ་རྗེ་འཇིགས་ བྱེད་མཐིང་ནག་མ་ཧེའི་ཞལ། །ཁྲོ་གཟུགས་རོ་ལངས་དཔའ་བོ་བརྒྱད་ཀྱིས་བསྐོར། །གཤིན་ རྗེའི་གྲོང་ཁྱེར་ཟིལ་གྱིས་གནོན་པར་མཐོང༌། །(ཚུལ་ཁྲིམས་འོད་)ལ་ལས་སྤུར་ཁང་ཆོས་ཁྲིའི་ རྣམ་པར་མཐོང༌། །སེང་ཁྲི་པད་ཉིའི་སྟེང་ན་ཆོས་རྗེ་བཞུགས། །སྐུ་ནི་འགྱིང་བག་འཛུམ་པའི་ 1-1-319 ཞལ་མདངས་ལྡན། །རྒྱུད་འགྲེལ་གཞུང་བཤད་ལྷང་ལྷང་འཆད་པར་མཐོང༌། །(གྷ་རུང་བ་ལ་ སོགས་)ལ་ལས་སྤུར་ཁང་པད་མོ་སྟོང་ལས་འདས། །དབུས་མར་བསྟན་པའི་གཙོ་བོ་བཅོམ་ ལྡན་འདས། །འདབ་མར་ཕྱོགས་བཅུའི་སངས་རྒྱས་དག་གིས་བསྐོར། །བསྟན་པའི་བྱ་ར་ ལེགས་པར་མཛད་པར་མཐོང༌། །(ལོ་ཙཱ་བ་ཤེས་རབ་རྒྱལ་མཚན་)ཁ་ཅིག་སྤུར་གྱི་དུད་པ་མཆོད་པའི་ ལྷ། །དཔག་མེད་སྤྲུལ་ནས་བསྐོར་བའི་དབུས་སུ་ཡང༌། །ཀླུ་སྒྲུབ་རྟ་མཆོག་སྟེང་ན་དྲིལ་བུ་ བསིལ། །རྒྱན་དྲུག་མཆོག་གཉིས་དག་གིས་བསྐོར་བར་མཐོང༌། །(ཉ་དབོན་ཆོས་རྗེ་ལ་སོགས་)རེ་ རེས་རང་གཟུགས་ཆོས་འཆད་ཕྱག་རྒྱ་མཛད། །གླང་ཆེན་ཐལ་ཀར་སྟེང་ན་འགྱིང་བག་ བཞུགས། །རྒྱལ་ཆེན་བཞི་ཡིས་མཁའ་ལ་བཏེག་པར་མཐོང༌། །(ཞང་སྟོན་རྒྱལ་པོ་)ཁ་ཅིག་སོར་ འབྲང་ལྷ་ལྔ་འཁོར་བཅས་ལ། །མཆོད་རྫས་ཐོགས་པ་མཁའ་འགྲོ་མང་པོས་བསྐོར། །སྤུར་ ཁང་སྟེང་ན་བཀྲ་ཤིས་ཚིག་རྣམས་གསུངས། །ངན་སོང་གནས་པའི་འགྲོ་བ་འདྲེན་པར་ མཐོང༌། །(ཕུན་ཚོགས་དཔལ་)ལ་ལས་ཆོས་རྗེ་རང་གཟུགས་ཤིན་ཏུ་མཛེས། །ངང་པ་འདབ་ བཟང་སྟེང་ནས་སེམས་འགྲེལ་འཆད། །འོད་ཟེར་སྣ་ཚོགས་འཕྲོ་ཞིང་འདུ་བར་མཛད། ། མཁའ་སྤྱོད་གནས་སུ་གཤེགས་པར་རེ་རེས་མཐོང༌། །སྤུར་གྱི་དུ་བ་པད་མ་རྒྱས་པའི་དབུས། ། རིགས་ལྡན་པད་མ་དཀར་པོ་པད་མ་འཛིན། །མཐིང་ནག་ཁྲོ་ཆུང་མང་པོ་དག་གིས་བསྐོར། ། (དགེ་སློང་རིན་ཆེན་དཔལ་ལ་སོགས་)ཁ་ཅིག་དག་གིས་གསལ་བར་ཡང་ཡང་མཐོང༌། །(བྱང་ཆུབ་སེམས་ དཔའ་ཆོས་གྲགས་དཔལ་)ཁ་ཅིག་སྤུར་ཁང་མཆོད་རྟེན་མཁའ་ལ་འཕགས། །འཇའ་གུར་ནང་དུ་ རྣམ་རྒྱལ་ལྷ་དགུ་སྟེ། །ལྷ་ཡི་བུ་མོ་བྱེ་བས་ཕྱག་བསྐོར་བྱེད། །དེ་ལ་གནས་པའི་རིགས་ལ་ཚེ་ བསྲིང་མཛད། །(དགེ་སློང་བསོད་ནམས་དཔལ་ལ་སོགས་)རེ་རེས་འཇའ་ཚོན་འཁོར་ལོ་འཁྱིལ་བའི་ དབུས། །སེང་སྔོན་སྟེང་ན་མདོག་དཀར་འཇམ་པའི་དབྱངས། །སྨྲ་བའི་སེང་གེ་ལྷ་བྲན་དུ་ མས་བསྐོར། །འོག་མིན་གནས་སུ་གཤེགས་པར་ཁ་ཅིག་མཐོང༌། །(ཆོས་རྗེ་སྨན་ཆུ་ཁ་བ་)ལ་ལས་ 1-1-320 དུ་བའི་གསེབ་ནས་འཇའ་འོད་འཚེར། །རང་གཟུགས་མདོག་དཀར་རྒྱུད་འགྲེལ་གླེགས་བམ་ ཐོགས། །ཉེ་བའི་སྲས་བརྒྱད་དག་གིས་བསྐོར་བར་མཛད། །སེང་གེ་བཅིབས་ནས་མཁའ་ལ་ གཤེགས་པར་མཐོང༌། །(སློབ་དཔོན་ཟླ་བ་བཟང་པོ་)ཁ་ཅིག་སྤུར་ཁང་གསེར་ཁྲི་དར་གྱིས་སྤྲས། ། བྱུ་རུའི་མདོག་ཅན་ཆོས་གོས་ལྷུང་བཟེད་འཛིན། །རྨ་བྱ་དུ་མས་བཏེག་པའི་འོད་དཔག་མེད། ། དགེ་སློང་བརྒྱ་ཕྲག་དག་གིས་བསྐོར་བར་མཐོང༌། །ཁ་ཅིག་སྤུར་ཁང་ལྷ་ཡི་གཞལ་ཡས་ ཁང༌། །ཞལ་བཞི་ཕྱག་ནི་བཅུ་གཉིས་མཚོན་ཆས་སྤྲས། །རྡོ་རྗེ་ཕག་མོས་འཁྱུད་པའི་བདེ་ མཆོག་ལ། །མཁའ་འགྲོ་སོ་གཉིས་དག་གིས་བསྐོར་བར་མཐོང༌། །(དགེ་སློང་རིན་ཆེན་རྡོ་རྗེ་)ཁ་ ཅིག་སྤུར་ཁང་སྟེང་ན་འོད་གསལ་བ། །གུར་གུམ་མདོག་ཅན་བྱམས་པ་གཙུག་ཏོར་ཅན། ། གནས་བརྟན་བཅུ་དྲུག་དག་གིས་བསྐོར་ནས་ཀྱང༌། །བྱམས་ཆོས་སྡེ་ལྔ་མ་ལུས་འཆད་པར་ མཐོང༌། །(སློབ་དཔོན་ལྷ་རྗེ་ཀུན་དགའ་གྲགས་པ་ལ་སོགས་)ཁ་ཅིག་སྤུར་ལས་འོད་ཟེར་མཁའ་ལ་ འཕྲོས། །འཇའ་འོད་དྲ་བ་དྲ་ཕྱེད་རིགས་སུ་ཁྱབ། །ལྷ་ཡི་ཁྱེའུ་བུ་མོ་དཔག་མེད་རྣམས། །དྲ་ མིག་ཀུན་ལ་སྐུ་སྟོད་ཕྱུང་ནས་ཀྱང༌། །གླུ་གར་རོལ་མོ་གདུགས་དང་བ་དན་འཕྱར། །ཟངས་ དུང་འཁར་རྔ་གླིང་བུ་རྒྱུན་དུ་སྒྲོགས། །(དགེ་སློང་ནམ་མཁའ་བྱང་ཆུབ་)ལ་ལས་སྤུར་ཁང་རྡོ་རྗེ་ཁང་ བརྩེག་སྟེ། །ཤིན་ཏུ་འཇིགས་བྱེད་ཁྲོ་རྒྱལ་རྡོ་རྗེ་ཤུགས། །སྲུང་མ་དྲུག་ཅུའི་ཚོགས་ཀྱིས་བསྐོར་ ནས་ཀྱང༌། །ཟབ་ལམ་བསྟན་པ་མ་ལུས་བསྲུང་བར་མཐོང༌། །(ཉེ་གནས་སངས་རྒྱས་རིན་ཆེན་)ལ་ ལས་སྤུར་ཁང་དུར་ཁྲོད་གཞལ་ཡས་ཁང༌། །ཡེ་ཤེས་མགོན་པོ་དཔལ་ལྡན་ཕྱག་དྲུག་པ། ། ཕྱོགས་སྐྱོང་བཅུ་དང་གཙང་རིགས་མགོན་པོས་བསྐོར། །ནག་ཁྲིད་འགྲོ་ལ་འཆད་པར་ གསལ་བར་མཐོང༌། །(དངོས་གྲུབ་དཔལ་)ཁ་ཅིག་སྤུར་ཁང་ཆོས་འབྱུང་རོལ་པའི་སྟེང༌། །ཡུམ་ ཆེན་རྡོ་རྗེ་རྣལ་འབྱོར་དཔའ་མོ་ཆེ། །རྒྱན་དྲུག་རུས་པའི་ཕྲེང་བ་སྣ་ཚོགས་ཅན། །མཁའ་འགྲོ་ དཔག་མེད་དག་གིས་བསྐོར་བར་མཐོང༌། །(ཆོས་རྗེ་ཕྱོགས་པ་)ཁ་ཅིག་སྤུར་ཁང་རྫིང་བུ་ཡན་ 1-1-321 ལག་བརྒྱད། །ཆུ་སྐྱེས་སྟེང་ན་སྒྲོལ་མ་འཛུམ་པའི་ཞལ། །རས་མའི་མདོག་ཅན་བརྐྱང་བསྐུམ་ འགྱིང་བག་སྟེ། །འཇིགས་པ་བརྒྱད་སྐྱོབ་དག་གིས་བསྐོར་བར་མཐོང༌། །(ཆོས་རྗེ་རིན་ཆེན་ཚུལ་ ཁྲིམས་ལ་སོགས་)ཁ་ཅིག་སྤུར་ཁང་འཇའ་འོད་བྲག་རི་ལ། །གངས་དཀར་ལྟ་བུ་ཐུགས་རྗེ་ཆེན་པོ་ ནི། །ཕྱག་བཞི་གཙོ་འཁོར་གསུམ་པ་བཞད་པའི་ཞལ། །མ་ཎིའི་སྒྲ་དབྱངས་འཛམ་གླིང་ཁྱབ་ པར་མཐོང༌། །(ཆོས་རྗེ་བརྩོན་འགྲུས་སེང་གེ་ལ་སོགས་)ཁ་ཅིག་དུ་བའི་སྟེང་ན་སེང་གེའི་ཁྲི། །ནམ་ མཁའི་མདོག་ཅན་སངས་རྒྱས་སྨན་པའི་རྒྱལ། །བདེ་བར་གཤེགས་པ་བྱང་ཆུབ་སེམས་ དཔའི་ཚོགས། །གདུགས་དང་རྒྱལ་མཚན་འཕྱར་བས་བསྐོར་བར་མཐོང༌། །(བླ་མ་ཙོ་མདོ་བ་ལ་ སོགས་)ཁ་ཅིག་དག་གིས་མེ་ལྕེ་པད་འདབ་སྟོང༌། །སྟེང་ན་དེ་བཞིན་གཤེགས་པ་མི་འཁྲུགས་ པ། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན་ཏུ་ཡང༌། །སངས་རྒྱས་སོ་ལྔ་དག་གིས་བསྐོར་ བར་མཐོང༌། །(བླ་མ་དོན་ཡོད་རྡོ་རྗེ་ལ་སོགས་)སྤུར་གྱི་ཕུང་པོ་ཤེས་གྱི་མཆོད་རྟེན་ཞིག །ཤིན་ཏུ་ཆེ་ བ་དྲིལ་བུ་བརྒྱ་སྟོང་སྤྲས། །སངས་རྒྱས་སྟོང་ལ་བྱང་སེམས་དཔག་མེད་བསྐོར། །འཁོར་བ་ སྲིད་དུ་གཞན་ཕན་མཛད་པར་མཐོང༌། །(ཆོས་རྗེ་གཡོ་བ་ལ་སོགས་)ལ་ལས་སྤུར་ཁང་སྟེང་དུ་རྩ་བ་ ཟུག །སྡོང་བུ་གཉིས་སུ་བྱུང་ནས་མཁའ་ལ་འཕགས། །ཆུ་སྐྱེས་གཉིས་ལ་འཇམ་མགོན་རྩོད་ པའི་ཚུལ། །ཆོས་ཀྱི་དགོངས་པ་མ་ལུས་སྡུད་པར་མཐོང༌། །(ཆོས་རྗེ་བསོད་ནམས་རྒྱལ་མཚན་ལ་སོགས་) རེ་རེའི་དུ་བའི་གསེབ་ཏུ་རྨ་བྱའི་མདོངས། །ཤིན་ཏུ་བཀྲ་བའི་འོད་ཟེར་ཕྲེང་བས་བརྒྱན། ། དབུས་སུ་མི་གཡོ་གངས་རིའི་མདོག་ཅན་བཞུགས། །རལ་གྲི་ཀླད་ལ་བསྐོར་བའི་རྣམ་པར་ མཐོང༌། །(བླ་མ་རྟ་ར་བ་ལ་སོགས་)ཁ་ཅིག་དུ་བའི་ཕྲེང་བ་མཁའ་ལ་འཕྲོས། །དུང་དཀར་པད་མ་ བུམ་པ་དཔལ་བེའུ། །གསེར་ཉ་རྒྱལ་མཚན་གདུགས་དཀར་འཁོར་ལོའི་ཚུལ། །མཆོད་རྫས་ དུ་མར་ཁྱབ་པའི་གཟུགས་སུ་མཐོང༌། །(དུས་)རེས་འགའ་འཇའ་འོད་གྲུ་བཞི་ཟླུམ་པོ་དང༌། ། གདུགས་དང་རྒྱལ་མཚན་བ་དན་བླ་རེའི་གཟུགས། །ཤིན་ཏུ་གསལ་ལ་དྭངས་པ་མཐའ་ཡས་ 1-1-322 རྣམས། །ཆུ་འཛིན་བྲལ་བའི་མཁའ་ལ་རྣམ་པར་བཀྲ། །(དུས་)ལ་ལས་མེ་ཏོག་འདབ་མ་བཞི་ པ་བརྒྱད། །བཅུ་དྲུག་སྟོང་ཕྲག་ས་ཡ་འབུམ་ལ་སོགས། །ཁ་དོག་སྣ་ཚོགས་ཡུ་བ་ཟེའུ་འབྲུ་ བཅས། །འདོད་གཟུགས་ལྷ་ཡིས་རྒྱུད་དུ་འབབ་པར་(དྲུང་བསྐོར་བ་རྣམས་ཀྱི་)མཐོང༌། །སྐབས་ འགར་ཨ་ཀར་ཙན་དན་གོ་ཤིརྵ། །ས་ལ་སྦྲུལ་སྙིང་ག་བུར་སྤོས་ཀྱི་རིགས། །དྲི་བཟང་ཁྱད་ འཕགས་ཕྱོགས་དང་ཕྱོགས་རྣམས་སུ། །དྲི་བསུང་ངོ་མཚར་ས་གཞི་རྣམ་པར་ཁེངས། །ལ་ ལར་འཁར་རྔ་གླིང་བུ་དུང་དཀར་དང༌། །ཟངས་དུང་ལྷ་རྔ་དྲིལ་བུ་ཌཱ་མ་རུ། །རྫ་རྔ་ལ་སོགས་ གཟུགས་མེད་རོལ་མོ་ཀུན། །སྟེང་ཕྱོགས་རྣམས་སུ་རྒྱུན་དུ་དཀྲོལ་བར་ཐོས། །དེ་ཚེ་བུ་སློབ་ མང་པོ་ཀུན་རྣམས་ཀྱང༌། །ལ་ལ་ངུ་སྟེ་ལ་ལ་ཤིན་ཏུ་བརྒྱལ། །ལ་ལ་འགྲེ་ལྡོག་ལ་ལ་ཆོ་ངེ་ འདེབས། །(འཕགས་པ་ཕུང་པོ་གསུམ་པའི་མདོ་མདོ་ལས། །རྒྱལ་བ་མྱ་ངན་འདས་པའི་ཚེ། །ལྷ་ཡི་དབང་པོ་ཐམས་ཅད་དུ། ། ཀླུ་རྣམས་མྱ་ངན་བྱེད་པ་དང༌། །གནོད་སྦྱིན་ཐམས་ཅད་སྨྲེ་སྔགས་བྱེད། །འགྲོ་བ་ཐམས་ཅད་མི་དགའ་སྟེ། །ཅེས་གསུངས་པ་ ལྟར། )མྱ་ངན་མུན་པའི་ཕྲེང་བས་ཁྱབ་པར་བྱེད། །དེ་དུས་སྤུར་ཁང་ནང་དུ་མགོན་པོ་ཉིད། ། དངོས་སུ་བྱོན་ནས་བྱིན་རླབས་ཞིབ་ཞིབ་མཛད། །(ཆོས་སྐུ་མི་བཟད་རྒྱན་གྱི་འཁོར་ལོ་ལ། །ལོངས་སྐུ་མི་ ཟད་ཐེ་ཙོམ་སྣ་ཚོགས་འཆར། །སྤྲུལ་སྐུ་སྒྱུ་མ་འབད་མེད་ཅིར་ཡང་སྟོན། །འདས་འགྲོ་གཤེགས་བྱོན་བདག་ལ་མེད་ན་ཡང༌། ། སྤྲུལ་སྐུ་རྒྱུ་མ་རོལ་བའི་ཚུལ་དུ་སྟོན། །འབྲལ་མེད་རྒྱུན་དུ་གུས་པས་གསོལ་བ་ཐོབ། །ཅེས་གསུངས་པ་ལྟར། )ཞལ་ཏ་དུ་མ་ གསུངས་པའི་སྣང་བ་བྱུང༌། །ཀུན་ཀྱང་མྱ་ངན་དག་ལ་གཞོལ་བར་མཛད། །དེ་ནས་སྤུར་ཁང་ ཆེན་པོའི་ཞལ་ཕྱེ་བས། །སོག་འདབ་(གཉིས་ཀྱི་)བར་(སྒལ་བུའི་ཚིགས་)ལ་དུས་འཁོར་ཕྱག་མང་ དང༌། །དཔྲལ་བའི་ཆ་ལ་རྟ་མགྲིན་ཡང་གསང་ཁྲོས། །(པ་ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གཤོགས་པ་ཅན་དང་ བཅས་)དཔུང་པ་གཡས་སུ་ཁྲོ་རྒྱལ་མི་གཡོ་དཀར། །(མཐེབ་སོར་ཙམ་གཡས་རལ་གྲི་གླད་ལ་བསྐོར་བ་) ལྟག་པའི་ཆ་(འི་ནང་ངོས་)ལ་སངས་རྒྱས་ཐོད་པ་(ཡབ་ཡུམ་སོར་ཚིགས་ཙམ་)བྱོན། །(སྤྱི་གཙུག་)ཚངས་ པའི་གནས་སུ་སངས་རྒྱས་བཅོམ་ལྡན་འདས། །(ཐུབ་པ་)ཕྱག་(གཡས་པའི་)སོར་ཚིགས་ལ་ཁ་ 1-1-323 སར་པ་ཎི་ཏ། །(སྐུ་བོང་ནས་འབྲུ་ཙམ་ཤིན་ཏུ་གསལ་བ་)རྣ་ལྟག་གཡས་གཡོན་གཉིས་ཀ་རྣམས་སུ་ ཡང༌། །(སེང་ལྡང་ནགས་ཀྱི་)སྒྲོལ་མ་(དང་)འཇམ་དཔལ་(དམར་པོ་ཤེས་རབ་བློ་འཕེལ་ལ་སོགས་)སྐུ་ཡི་ རྟེན་རྣམས་བྱོན། །(སྐུ་གཟུགས་)དེ་དག་འབུར་(དུ་)དོད་(པ་)སྐྱེ་མཆེད་ཤིན་ཏུ་གསལ། །(བ་ བརྩོན་ནོ། །)སྙན་ཁུང་གཉིས་དང་མགྲིན་པའི་ཆ་དག་ལ། །(ཆེ་ཆུང་ནས་འབྲུ་ཙམ་དང་དངུལ་ དཀར་ལྟ་བུ་)དུང་དཀར་གཡས་སུ་འཁྱིལ་པ་རེ་རེ་དང༌། །(ཕྱག་གཡས་གཡོན་གྱི་)འཁྲིག་མ་ གཉིས་ལ་(བྱི་རུའི་མེ་ཏོག་ལྟ་བུའི་)རྡོ་རྗེ་རྩེ་ལྔ་(རེ་རེ་ཤིན་ཏུ་)གསལ། །(ཞབས་ཀྱི་)རྗེ་ངར་དག་ལ་(ཤེལ་ གྷང་ག་རའི་མདོག་ལྟ་བུ་)ༀ་མ་ཎི་པད་མེ་ཧཱུཾ། །འགྲམ་པ་གཉིས་ལ་(འཛམ་བུ་ཆུ་བོའི་གསེར་གྱི་ མདོག་ཅན་)ཨི་རྀ་ཨུ་ལྀ་དང༌། །རྩིབས་བུ་(གཡས་གཡོན་གཉིས་)རྣམས་ལ་བཀྲ་ཤིས་རྟགས་ བརྒྱད་དང༌། །སྙིང་པོ་ཧྐྵྨླྺྼྻྂ། གསུང་གི་རྟེན་མཆོག་དུ་མ་འབུར་དུ་དོད། །ཤ་རི་རམ་དང་འཕྲུལ་ མ་རུས་གདན་སོགས། །ཆུ་ཤེས་ལྟར་དཀར་རིང་བསྲེལ་དཔག་ཏུ་མེད། །(ས་བཟང་ལ་སོགས་བུ་ ཆེན་རེ་རེའི་སྔས་ལ་རིང་བསྲེལ་མང་དུ་འབྱུང༌། )ཐུགས་ཀྱི་རྟེན་མཆོག་ངོ་མཚར་ཁྱད་འཕགས་སོགས། ། སྐལ་ལྡན་ཀུན་གྱིས་མཐའ་ཡས་རྙེད་པར་འབྱུང༌། །(ཚོགས་ཁང་དུ་བུ་སློབ་སྡེ་བ་སོགས་ཀྱིས་)གཞན་ ཡང་གདུང་ཐལ་སྤར་གང་བགོས་པ་ལ། །ཡི་གེ་ཨཱཿདང་ཧྲཱིཿདཀར་དུང་དང་བཅས། །རྗེ་བཙུན་ མ་དང་རྣམ་སྲས་གུར་གྱི་མགོན། །རིང་བསྲེལ་ཁྱད་འཕགས་མཐའ་ཡས་མུ་མེད་བྱུང༌། །བདེ་ བར་གཤེགས་ནས་སྤུར་བཞུས་ཞལ་ཕྱེ་དང༌། །(ཆོས་རྗེ་ཕྱོགས་པས་)ཟླ་མཆོད་དུས་མཆོད་ལོ་ མཆོད་བཙུགས་པའི་དུས། །ཆུ་འཛིན་བྲལ་བའི་མཁའ་ལ་འཇའ་འོད་དང༌། །ཁུག་རྣ་བྲལ་ བའི་བར་སྣང་དག་ལ་ཡང༌། །ལྷ་ཡི་མེ་ཏོག་སྣ་ཚོགས་(བདེ་བའི་བསོད་ནམས་སོགས་ཀྱི་)ཆར་ཆེན་ གཡོས། །རླུང་འཚུབ་བྲལ་བའི་ས་གཞི་ཁྱོན་ལས་ཀྱང༌། །དྲི་བཟང་ཁྱད་འཕགས་ཕྱོགས་ཀུན་ རྣམ་པར་ཁེངས། །(ནམ་མཁའ་སྔོ་བསངས་ལ་)འཇའ་འོད་ཐུང་རིང་ཆེ་བ་དར་ཡུག་ཙམ། །སྐེ་ རགས་ཙམ་དང་ཆུང་བ་དར་སྐུད་ཙམ། །བར་སྣང་ཉེ་རིང་(མེད་པར་)དག་ལ་(ཕལ་ཆེར་)གཡས་ 1-1-324 སུ་འཁྱོག །(ཕལ་ཆེར་)གཡོན་དུ་འཁྱོག་ནས་ཕར་འཁོར་ཚུར་འཁོར་བྱེད། །རེས་འགའ་དབང་ པོའི་གཞུ་ལྟར་འཇའ་ཡི་གུར། །(ཟླུམ་པོ་ཆེ་ཆུང་)ཨ་ལོང་ལྟ་བུར་ནམ་མཁའ་ཡོངས་སུ་ཁྱབ། ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན་ཏུ་ཡང༌། །གཟུགས་མེད་ལྷ་ཡི་རོལ་མོ་སྣ་ཚོགས་ འཚེར། །དེ་སོགས་ངོ་མཚར་མཐའ་ཡས་དཔག་མེད་རྣམས། །རྒྱས་པར་གཞན་དུ་དད་ལྡན་ ཤེས་པར་གྱིས། ། དེ་ནས་གདུང་ཐལ་ལྷག་མ་རྣམས་བསྡུས་ནས། སྐུ་འབུམ་ཆེན་པོའི་ནང་དུ་(སྔར་གོང་མ་ གསུམ་དང་མཐུན་པར་)ཆོས་རྗེའི་སྐུ་འདྲ་བཞེངས་པའི་ནང་རྫོངས་ལ། དེ་བཞིན་གཤེགས་པའི་ རིང་བསྲེལ་གསུམ། ཤཱ་རི་བུའི་རིང་བསྲེལ་གཅིག །རྟ་ངང་པའི་རིང་བསྲེལ་གཅིག །ཆོས་རྗེ་ ཡོན་ཏན་རྒྱ་མཚོ། དུས་གསུམ་མཁྱེན་པ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་ རྒྱལ་བ་ཡེ་ཤེས་ཏེ་དེ་རྣམས་ཀྱི་རིང་བསྲེལ་རེ་རེ། གནས་བརྒྱད་ཀྱི་ས་འདམ། ཀླུ་སྒྲུབ་ཀྱི་(སྤ་ གཡུག་)ཕྱག་འཁར་གྱི་དུམ་བུ། འབྲི་གུང་འཇིག་རྟེན་མགོན་པོའི་རིང་བསྲེལ། རྒྱ་མཚོ་གླིང་གི་ འཇག་མ། ཆུ་བོ་གང་གཱའི་བྱེ་མ། མ་ག་དྷཱའི་བྱང་ཆུབ་ཀྱི་ཤིང་སྣ། ཆོས་རྗེ་ཉིད་ལ་བྱོན་པའི་ དུང་དཀར་གཅིག །བཅོམ་ལྡན་འདས། འཇམ་དཔལ། བྱམས་པ། སྒྲོལ་མ། སངས་རྒྱས་ ཐོད་པ། རྣམ་བཅུ་དབང་ལྡན། བཀྲ་ཤིས་རྫས་བརྒྱད། རིང་བསྲེལ་ཁྱད་འཕགས་བརྒྱད་ དང༌། (ཙན་དན་དཀར་པོ་ཤི་ཤ་ལ་སོགས་)སྤོས་སྣ་ཚོགས། རིན་པོ་ཆེ་དུ་མ། (དང་སྦྱར་ཏེ་)གཟུངས་ སྔགས་རྣམས་བཅུག་ནས་བཞེངས་སོ། ། དེའི་རྒྱུ་མཚན་ནི། ཨ་ཏི་ཡོ་གའི་རྒྱུད་ལས། བླ་མའི་སྐུ་འབག་སུས་བྲིས་པ། །གསེར་ དངུལ་ལ་སོགས་རྒྱུ་ལས་ནི། །སངས་རྒྱས་དཔག་ཏུ་མེད་པ་ཡི། །སྐུ་གཟུགས་དཔག་མེད་ བྱས་པ་བས། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་གསུངས་པ་ལྟར། ཕན་ཡོན་དཔག་ཏུ་ མེད་དོ། །དེ་ནས་གསེར་དངུལ་ཨ་སྨ་ཀར་བ་ལ་སོགས་ཚོན་རྩི་སྣ་ཚོགས་པས་སུ་ཐོབ་ཐོབ་ 1-1-325 བྱས་ནས་ལེགས་པར་བསྐུས་སོ། །གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་ཞིག་སངས་ རྒྱས་མཆོད་རྟེན་སྐུ་གཟུགས་ཁང༌། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་མཛེས་པར་བྱེད། །དེ་ནི་ བདེ་གཤེགས་མང་པོའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། ། ཞེས་སོགས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །སྐུ་གཟུགས་མཆོད་རྟེན་རྣམས་ལ་རྡུལ་ ཕྲ་རབ་ཇི་སྙེད་སོང་བ་དེ་སྙེད་ཀྱི་བསོད་ནམས་ཐོབ་པར་གསུངས་སོ། །མདོ་དེ་ཉིད་ལས། སྐུ་ གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱི། །ལྷ་ཡུལ་ ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །ཅེས་གསུངས། སྐུ་གཟུགས་མཐོང་བའི་ཕན་ཡོན་ནི། མཚམས་མེད་ལྔ་ལ་སོགས་ཤིན་ཏུ་མི་བཟད་པའི་སྡིག་པ་བྱང་ནས་བསོད་ནམས་དཔག་ཏུ་ མེད་པ་ཐོབ་པར་གསུངས་ཏེ། འཇམ་དཔལ་རྩ་བའི་རྒྱུད་ལས། གང་གིས་མཚམས་མེད་ལྔ་ ལ་སོགས། །སྡིག་པ་ཤིན་ཏུ་མི་བཟད་པ། །སྐུ་གཟུགས་འདི་འདྲ་མཐོང་མ་ཐག །དེ་ཡི་མོད་ ལས་བྱང་བར་འགྱུར། །ཞེས་གསུངས། དེ་ནས་བུ་སློབ་རྣམས་དང༌། བླ་མ་གྲགས་པ་ཅན་མང་པོ་དང༌། སྡེ་པ་ཡོན་བདག་རྣམས་ ཀྱིས་གཤེགས་རྫོངས་དངོས་པོ་གསེར་དངུལ་རྟ་དྲིལ་ནས་ཞིང་ལ་སོགས་པ་མང་པོ་བསྡུས་ ནས་དུས་མཆོད་ཟླ་མཆོད་བཙུག་གོ །(དེ་ལྟར་ཤེས་ནས་དད་ལྡན་གདུལ་བྱའི་མཆོག ཁྱད་པར་ཅན་གྱི་དུས་ མཆོད་ལ་སོགས་ཀྱི། དཔལ་ལྡན་བླ་མའི་ཚོགས་རྣམས་མཉེས་བྱས་ནས། དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། བླ་ མ་མཆོད་པའི་ཡོན་ཏན་བསམ་མི་ཁྱབ། །མདོ་རྒྱུད་སྡེ་སྣོད་དག་ལ་རིག་པར་བྱ། ཞེས་གསུངས་པའི་མདོ་རྒྱུད་ལས་བཤད་པ་ཅུང་ ཟད་བྲི་བ་ནི། )དེའི་ཕན་ཡོན་ནི། ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། བླ་མ་འདས་ཚེ་ལོ་ཟླ་ཞག་ གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་པ། །བསྐལ་པ་བྱེ་བར་བསགས་པའི་ སྡིག་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །ཞེས་གསུངས། །མཁའ་ འགྲོ་ཟིལ་གནོན་གྱི་རྒྱུད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་ 1-1-326 མ་སྙེད་དུ་བསྙེན་བཀུར་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུ་གཅིག་ལ་ཏིལ་མར་གྱིས་བྱུག་ པའི་བསོད་ནམས་ཁྱད་པར་འཕགས་སོ། །ཞེས་སོ། །རིམ་ལྔ་ལས། མཆོད་པ་ཐམས་ཅད་ རྣམ་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩོན། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས། གསང་བ་འདུས་པའི་རྒྱུད་ལས། ཕྱོགས་ བཅུར་བཞུགས་པའི་སངས་རྒྱས་བས། །བླ་མའི་བ་སྤུ་གཅིག་མཆོད་ལྷག །ཅེས་སོ། །དཔལ་ དུས་ཀྱི་འཁོར་ལོ་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོད་གསུམ་པོ་ མཆོད་པ་དང༌། །སྲོག་ཆགས་བྱེ་བ་ཚེ་བསྐྱབས་པས། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །ཡོན་ ཏན་རྒྱ་མཚོའི་བླ་མ་ལ། །དང་བའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་ གྲུབ་ནི། །ཚེ་འདི་ཉིད་དུ་ཐོབ་པར་འགྱུར། །ཞེས་གསུངས། དོན་དམ་བསྙེན་པ་ལས། འདོད་ པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲངས་པས། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་ མཁྱེན་པས་གསུངས། །ཞེས་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། ། དེ་ནས་ཚོགས་ཁང་དུ་སྐུ་འདྲ་དང༌། བྱང་ཆུབ་ཆེན་པོའི་མཆོད་རྟེན་རྣམས་བཞེངས་སོ། ། དེའི་ཕན་ཡོན་ནི། ལག་ན་མེ་ཏོག་ཚོགས་ཀྱི་མདོར། སློབ་དཔོན་གྱི་གདུང་ལ་མཆོད་པ་བྱས་ པའི་ཕྱིར། རྣམ་པ་ཤིང་རྣམས་སྤུངས་ནས་བསྲེགས། །རིན་ཆེན་སྣ་ཚོགས་ལས་བྱས་པའི། ། མཆོད་རྟེན་དཔག་ཚད་བརྒྱ་འམ་གང་རུང་བྱས། །སློབ་དཔོན་རུས་བུ་བསྡུས་ནས་དེ་རུ་ བཅུག །རྟག་ཏུ་སྤོས་དང་མེ་ཏོག་སྣ་ཚོགས་མཆོད། །ཚད་མེད་སངས་རྒྱས་རྣམས་དང་འཕྲད་ པར་འགྱུར། །ཞེས་གསུངས། གསང་བ་འདུས་པའི་རྒྱུད་ལས། དུས་གསུམ་སངས་རྒྱས་ཀུན་ མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་ན། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་ སོ། །རྡོ་རྗེ་ཕྲེང་བའི་རྒྱུད་ལས། རྡོ་རྗེ་འཛིན་པ་བླ་མ་མཆོག །རྗེས་སུ་མཐུན་པར་མཉེས་པར་ བྱ། །དེ་མཉེས་པས་ནི་སངས་རྒྱས་ཐམས་ཅད་མཉེས། །ཞེས་སོ། །དངོས་སུ་བཞུགས་སམ་ 1-1-327 མྱ་ངན་ལས་འདས་ནས། རིང་བསྲེལ་ཡོངས་འབྲུ་ཙམ་ལ་མཆོད་ནས་བསོད་ནམས་ཐོབ་ པའི་ཁྱབ་པར་ཅུང་ཟད་མེད་པར་གསུངས་ཏེ། སེང་གེ་རྣམ་པར་བརྩེགས་པའི་མདོར། གང་ ཕྱིར་རྒྱལ་བ་བཞུགས་པ་འམ། །ཡོངས་སུ་མྱ་ངན་འདས་ཀྱང་རུང༌། །བསོད་ནམས་འདི་དང་ ཁྱད་པར་མེད། །ཅེས་གསུངས། དམ་ཆོས་པད་མ་དཀར་པོའི་མདོ་ལས། སངས་རྒྱས་མྱ་ངན་ འདས་པའི་ཚེ་ན་ཡང༌། །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་པ། །དེ་དག་བྱང་ཆུབ་མྱུར་ དུ་ཐོབ་པར་འགྱུར། །ཞེས་སོགས་མདོ་རྒྱུད་རྣམས་ལས་ཕན་ཡོན་མང་དུ་གསུངས་སོ། ། དེ་ནས་ཙ་མི་རྒྱལ་པོས་ཕུལ་བའི་དོམ་ལྤགས། རྒྱའི་རྒྱལ་པོས་ཕུལ་བའི་གོས་འབོལ། བྷ་ར་རྒྱལ་པོས་ཕུལ་བའི་སྐུ་ཆིངས། བྱང་བ་རྒྱལ་པོས་ཕུལ་བའི་བཞུགས་ཁྲི། ཤིང་རྟ་རྒྱལ་ པོས་ཕུལ་བའི་ཞབས་ལྷམ། མཁས་བཙུན་ཡོན་ཏན་རྒྱ་མཚོས་ཕུལ་བའི་ཆོས་གོས། ཚུལ་ ཁྲིམས་དཔལ་བས་ཕུལ་བའི་ཕྱག་ཕྲེང་རྣམས་མཐོང་གྲོལ་ཆེན་པོར་བཞུགས་སུ་གསོལ། སྐུ་འདྲ་ལ་རབ་གནས་མཛད་པའི་ཚེ། ཆོས་རྗེ་ས་བཟང་བ་ལ་སོགས་རང་འདྲ་བུ་སློབ་ མང་པོས། དུས་འཁོར། ཀྱེ་རྡོར། འཇིགས་བྱེད། བདེ་མཆོག་ལ་སོགས་ཆོ་གའི་གྲྭ་བརྒྱ་ཙམ་ བཙུགས་ཏེ། རབ་གནས་དངོས་གཞི་མཛད་པའི་ཉིན་བར་དུ་ངོ་མཚར་བའི་ལྟས་ཀྱི་རྣམ་ པ་ནི། རྡོ་རྗེ་ས་གཞི་མི་བཟོད་བཞིན་དུ་གཡོས། །མཁའ་ལ་རོལ་མོའི་སྒྲ་བརྙན་སྣ་ཚོགས་ སྒྲོགས། །སྤྲིན་མེད་ཡུལ་འཇམ་ནམ་མཁའ་སྔོ་བསངས་ལ། །ཀུན་གྱི་མཐོང་སྣང་འཇའ་ དང་འོད་དཀར་སྤེལ། །མཐོང་གྲོལ་སྟེང་ན་འཇའ་ཚོན་འཁོར་ལོ་འཁྱིལ། །ལ་ལར་ནོར་བུ་ མཐིང་གའི་འོད་ཆགས་པ། །ཡུན་རིང་གཡོ་ཞིང་མཁའ་ལ་ཡལ་མ་ཐག །བཻ་ཌཱུརྱ་ཡི་ཕྲེང་ ལྟར་འོད་ཟླུམ་སྣ་ཚོགས་དང༌། །སྣ་ཚོགས་ཚོན་གསལ་མཁས་པས་སྤེལ་ལྟ་བུ། །འཇའ་ཡི་ ཚོགས་རྣམས་ཉིན་བཞིན་མཁའ་ལ་འགྱེད། །སྐབས་སྐབས་ལྷ་ཡི་མེ་ཏོག་སྣ་ཚོགས་ཀུན། ། ལག་པའི་མཐིལ་ཙམ་ཆར་ཆེན་རབ་ཏུ་འབབ། །མཁའ་ལ་ལྡིང་ཞིང་གཡས་སྐོར་གཡོན་ 1-1-328 སྐོར་བྱེད། །སྐྱེས་བུ་ཀུན་གྱི་མཐོང་སྣང་རྩོད་མེད་པར། །ལྷ་མོ་རོ་སྨད་འཇའ་འོད་གསེབ་ཏུ་ སྦས། །བར་སྣང་དག་ལ་ཕྱོགས་ཀུན་རྣམ་པར་ཁེངས། །(ས་བཟང་བ་ལ་སོགས་)ལ་ལ་དག་གིས་ སྣང་བ་འཁྲུལ་མེད་དུ། །ཆོས་རྗེས་སྣམ་སྦྱར་སེར་པོ་ཕྲག་ལ་བཟར། །རྡོ་རྗེ་དྲིལ་བུ་གསོལ་ ཞིང་འཛུམ་པའི་ཞལ། །བྱང་སེམས་དུ་མས་བསྐོར་ཞིང་རྟེན་ལ་ཐིམ། །(འབྲི་གུང་ལོ་ཙཱ་བ་ལ་སོགས་) ཁ་ཅིག་སྐུ་གཟུགས་ཆོས་རྗེ་དངོས་སུ་མཐོང༌། །ཐུགས་ཀར་པད་མ་དམར་པོ་འདབ་བརྒྱད་ ལ། །དགྱེས་མཛད་རྡོ་རྗེ་ལྷ་ཚོགས་བཞུགས་པར་མཐོང༌། །ཁ་ཅིག་སྐུ་འདྲ་ལྷ་ཡི་གཞལ་ཡས་ ཁང༌། །སྒོ་བཞིར་རྒྱལ་ཆེན་བཞི་ཡི་ཆོས་སྒྲ་སྒྲོགས། །སྨན་བླའི་ལྷ་ཚོགས་བཞུགས་པར་ཞལ་ ངོ་མཐོང༌། །(ཆོས་རྗེ་ཕྱོགས་པ་)ལ་ལས་སྐུ་གཟུགས་རྡོ་རྗེ་ཕག་མོར་གྱུར། །གཅེར་བུ་རུས་རྒྱན་ ཐོད་ཁྲག་འཛིན་པ་ཅན། །མཁའ་འགྲོ་ཀེང་ཆེན་མང་པོས་བསྐོར་བར་མཐོང༌། །(ཆོས་རྗེ་ཞང་ སྟོན་རྒྱལ་བོ་)ཁ་ཅིག་སྐུ་འདྲ་འཕགས་པ་སྤྱན་རས་གཟིགས། །ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ ཞལ་ནི་མཛེས། །ལྷ་བྲན་ཚོགས་ཀྱིས་ཡོངས་སུ་བསྐོར་བར་མཐོང༌། །(ཆོས་རྗེ་ཐང་བོ་ཆེ་བ་)རེ་ རེས་སྐུ་འདྲ་དཔལ་ལྡན་རྡོ་རྗེ་འཆང༌། །གྲུབ་ཆེན་བརྒྱད་ཅུས་ཡོངས་སུ་ཕྱག་འཚལ་མཐོང༌། ། (ཆོས་རྗེ་སྨན་ཆུ་ཁ་བ་)ཁ་ཅིག་སེང་དཀར་སྟེང་ན་ཆོས་རྗེ་བཞུགས། །ཡུམ་བཞིས་བསྐོར་ནས་ རྟེན་ལ་ཐིམ་པར་མཐོང༌། །(གྷ་རུང་བ་ལ་སོགས་)ལ་ལས་སྐུ་འདྲ་པད་མ་འདབ་སྟོང་ཚུལ། །ལྟེ་ བར་དུས་ཀྱི་འཁོར་ལོ་ཕྱག་མང་ཅན། །དྲུག་བརྒྱ་ཉི་ཤུ་ཡོངས་རྫོགས་ལྷ་ཡི་ཚོགས། །པད་ འདབ་སྟེང་ན་བཞུགས་པ་གསལ་བར་མཐོང༌། །(ཆོས་རྗེ་རིན་ཚུལ་བ་ལ་སོགས་)ཁ་ཅིག་སྐུ་འདྲ་ཆོས་ ཁྲི་གཟི་བརྗིད་འབར། །གསེར་ཁྲི་སེང་གེ་བརྒྱད་ཀྱིས་བཏེག་པའི་སྟེང༌། །ཆོས་རྗེ་བཞུགས་ ནས་རྒྱུད་འགྲེལ་འཆད་པར་མཐོང༌། །(ཆོས་རྗེ་ཕུན་ཚོགས་དཔལ་)ཁ་ཅིག་བར་སྣང་ཀུན་ཏུ་འཇའ་ ཡི་དྲ་བས་ཁྱབ། །དྲ་མིག་རྣམས་ལ་ལྷ་བྲན་རེ་རེ་བཞུགས། །སྤོས་དང་མར་མེ་མེ་ཏོག་ཆར་ བ་འཐོར། །(ཆོས་རྗེ་ཉ་དབོན་)ཁ་ཅིག་པད་དཀར་སྟེང་ན་གསེར་གྱི་མདོག །རྒྱལ་བའི་ཡུམ་ཆེན་ 1-1-329 ཞལ་གཅིག་ཕྱག་བཞི་མ། །མཁའ་འགྲོ་དཔག་མེད་དག་གིས་བསྐོར་བར་མཐོང༌། །(མཁན་ ཆེན་སངས་རྒྱས་བཟང་པོ་)རེ་རེས་སྐུ་འདྲ་ཆོས་རྗེ་དངོས་སུ་བཞུགས། །འཛུམ་ཞལ་སྐུ་ལ་འོད་ཟེར་ སྣ་ཚོགས་འཕྲོ། །ངེས་དོན་རྒྱ་མཚོ་འགྲོ་ལ་འཆད་པར་མཐོང༌། །(སློབ་དཔོན་བློ་གྲོས་རྡོ་རྗེ་ཁ་ཅིག་ སྐུ་གཟུགས་མཆོག་གི་མཐའ་སྐོར་དུ། །འཇའ་ཚོན་གུར་ཁྱིམ་འཁོར་ཡུག་བཀོད་པའི་དབུས། །བཅོམ་ ལྡན་སྨན་པའི་རྒྱལ་པོ་ནམ་མཁའི་མདོག །སངས་རྒྱས་བྱང་སེམས་དག་གིས་འདུད་པར་ མཐོང༌། །(བླ་མ་དོན་ཡོད་བཟང་པོ་ལ་སོགས་)ལ་ལས་ཁྲོ་རྒྱལ་མི་གཡོ་གངས་རིའི་མདོག །ཁྲོ་ཆུང་དུ་ མས་མཆོད་སྤྲིན་ཐོགས་ནས་བསྐོར། །ནམ་མཁར་ཐོན་ནས་རྟེན་ལ་ཐིམ་པར་མཐོང༌། །ལ་ ལས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །རེ་རེ་ལ་ཡང་བྱང་སེམས་དཔག་མེད་བསྐོར། ། མེ་ཏོག་སིལ་མའི་ཆར་དང་བཅས་པ་ཐིམ། །(སྣར་ཐང་བ་བློ་བཟང་གྲགས་པ་ལ་སོགས་)ཁ་ཅིག་སྐུ་ གཟུགས་མེ་ཏོག་དཀར་དམར་ལ། །སྒྲོལ་མ་དཀར་ལྗང་འཛུམ་རེས་འཛུམ་རེས་མཛད། ། འདུལ་བ་ཕྲན་ཚེགས་འགྲོ་ལ་གསུངས་པར་མཐོང༌། །(ཆོས་ལུང་བའི་མཁན་པོ་བསོད་ནམས་གྲགས་པ་ ལ་སོགས་)ཆོས་འབྱུང་གཡུང་དྲུང་དགའ་བ་འཁྱིལ་པའི་སྟེང༌། །ཉི་མའི་མདོག་ཅན་རྡོ་རྗེ་རྣལ་ འབྱོར་མ། །གཅེས་བུ་གྲི་ཐོད་ཁ་ཊྭཱཾ་རུས་རྒྱན་སྤྲས། །མཁའ་འགྲོ་མང་པོ་སྤྲིན་ལྟར་རྒྱུན་དུ་ འཕྲོ། །སིལ་སྙན་སྣ་ཚོགས་དཀྲོལ་བ་དངོས་སུ་མཐོང༌། །སྐུ་འདྲའི་ཐུགས་ཀར་གླེགས་བམ་ ཆར་པ་འབབ། །འཛམ་གླིང་ཀུན་ཏུ་ཆོས་ཀྱི་སྒྲ་དབྱངས་སྒྲོགས། །རྫོགས་ལྡན་ཆོས་ཀྱི་ཕྱོགས་ ཀུན་ཁྱབ་བྱས་ནས། །གསུམ་ལྡན་མན་ཆད་ལྟ་ངན་བསལ་བྱས་ཏེ། །སླར་ཡང་རྟེན་ལ་ཐིམ་ པར་ཁ་ཅིག་མཐོང༌། །(འཇམ་དཔལ་གྲགས་པ་ལ་སོགས་)སྐབས་འགར་དག་པའི་སྣང་བ་སྣ་ཚོགས་ ཀྱིས། །སྐུ་འདྲ་རྒྱལ་ཆེན་རྣམ་སྲས་འཁོར་བཅས་དང༌། །ཕྱག་དྲུག་འཁོར་བཅས་གདོང་བཞི་ ཡབ་ཡུམ་དང༌། །དམ་ཅན་རྒྱ་མཚོའི་ལྷ་ཚོགས་དུ་མར་མཐོང༌། །དེ་སོགས་ཀུན་གྱིས་རྩོད་ མེད་མཐོང་སྣང་ལ། །ངོ་མཚར་དཔག་མེད་སྣ་ཚོགས་བརྗོད་ལས་འདས། །རྟེན་མཆོག་བཀྲ་ 1-1-330 ཤིས་འོད་འབར་བོད་ཡུལ་གྲགས། །མཐོང་ཐོས་རེག་པའི་ཡོན་ཏན་བསམ་མི་ཁྱབ། །གང་ ཞིག་བྱང་ཆུབ་ཐོབ་པར་གདོན་མི་ཟ། ། དེ་ནས་སྐུ་གཤེགས་པའི་རྫོངས་ལ་ཕྱི་རྟེན་གསུམ་བཞེངས་པ་ཚར་ནས། འདུལ་བའི་སྡེ་ སྣོད་ཀྱི་བཀའ་འབབ་པ་དཀོན་མཆོག་རྣམ་རྒྱལ་གདན་ས་ལ་བཞག །དེས་ཚད་མའི་སྡེ་སྣོད་ ལ་བཀའ་བབ་པའི་ས་བཟང་ལོ་ཙཱ་བ་ལ་གཏད། དེས་མངོན་པའི་སྡེ་སྣོད་ལ་བཀའ་བབ་པའི་ མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་ལ་གཏད། དེས་ཕར་ཕྱིན་གྱི་བཀའ་བབ་པའི་ཆོས་རྗེ་ནམ་ ཡེ་སོགས་ལ་གཏད་དོ། །(རྨོག་ཅོག་པའི་མཛད་པས་ཁྱུང་པོ་རྣལ་འབྱོར་བའི་རྣམ་ཐར་ལས། ཁྱུང་པོ་སྐུ་གཤེགས་པའི་ ཞལ་ཆེམས་ལས། དེ་ལྟར་དྲི་མེད་ཤེས་རབ་ཅན། །གཤིན་རྗེ་གཤེད་ལ་མངའ་བརྙེས་པ། །འཇམ་དབྱངས་རྣམ་འཕྲུལ་རྨེ་སྟོན་ ཁྱོད། །དེ་ཚེ་ཇོ་ནང་ལོ་ཙཱར་གྲགས། །དེ་ལྟར་ཕན་སེམས་བྱམས་ཐུགས་ལྡན། །གསང་འདུས་རྒྱུད་ལ་མངའ་བརྙེས་པ། །བྱམས་ པའི་རྣམ་འཕྲུལ་གཡར་བོ་ཁྱོད། །དེ་ཚེ་ས་བཟང་མཚན་ཅན་འབྱུང༌། །སྙིང་རྗེ་ཚད་མེད་ཐུགས་ལྡན་པ། །རུ་དྲའི་རྒྱུད་ལ་སྦྱིན་མིག་ ཅན། །སྤྱན་རས་གཟིགས་དབང་དངུལ་སྟོན་ཁྱོད། །རཏྣ་གྷིར་ཏིའི་མཚན་ཅན་འབྱུང༌། །ཕྱོགས་མེད་སེམས་ཅན་བུ་ལྟར་སྐྱོང༌། །ཀྱཻ་ རྡོར་རྒྱུད་ལ་སྦྱང་སྟོབས་ལྡན། །དགེ་སློང་མེ་ཏོག་བདེ་མཆོག་ཁྱོད། །མ་ཎི་ཀ་ཤྲི་མཚན་དུ་གྲགས། །ད་ལྟ་མ་ཧཱ་མ་ཡིའི་རྒྱུད། །དོན་ གཟིགས་ས་སྙིང་རྣམ་འཕྲུལ་ཅན། །ལས་སྟོང་དགེ་སློང་དཀོན་མཆོག་འབར། །ཆོས་ཀྱི་རྒྱལ་པོའི་མཚན་དུ་གྲགས། །ནམ་མཁའི་ སྙིང་པོའི་སྤྲུལ་བ་སྟེ། །སངས་རྒྱས་ཐོད་པའི་རྒྱུད་ལ་མཁས། །དགེ་སློང་རིན་ཆེན་བརྩོན་འགྲུས་ཁྱོད། །མ་འོངས་ཞང་སྟོན་མཚན་ དུ་གྲགས། །འོད་གསལ་མངོན་གྱུར་དག་སྣང་ལྡན། །བདེ་མཆོག་རྒྱུད་ལ་སྦྱངས་བ་ཅན། །རྟོགས་ལྡན་ཞིང་སྒོམ་ཆོས་སེང་ཁྱོད། ། སྨན་ཆུ་ཁོ་བོའི་མཚན་དུ་གྲགས། །ཡིད་དམ་མངོན་གཟིགས་ཀླུན་ཡང་ཉིད། །རྟ་མགྲིན་རྒྱུད་ལ་མངའ་བརྙེས་པ། །དགེ་སློང་ རིན་ཆེན་རྡོ་རྗེ་ཁྱོད། །ལྷ་ཡི་རྒྱལ་མཚན་ཞེས་པ་འབྱུང༌། །ཆོས་ཉིད་དོན་རྟོགས་གསང་བདག་སྟེ། །དགྲ་ནག་རྒྱུད་ལ་སྦྱངས་པར་ ལྡན། །དགེ་སློང་རྒྱལ་བ་རྡོ་རྗེ་ཁྱོད། །སྐྱེས་མཆོག་ཉ་དབོན་མཚན་ཅན་འབྱུང༌། །ལུང་རིགས་མངའ་བདག་ཉི་འོད་ཅན། །སྒྲིབ་པ་ རྣམ་སེལ་རྨོག་ཅོག་ཁྱོད། །མ་འོངས་གསང་སྔགས་བསྟན་འཛིན་ནི། །རཏྣ་ཤྲིའི་མཚན་གྲགས་འབྱུང༌། །སྤངས་རྟོགས་མཐར་ནི་ སེམས་ཅན་སྐྱོང༌། །བསླབ་གསུམ་ལྡན་པའི་བློ་གྲོས་ཁྱོད། །མ་འོངས་སྡེ་སྣོད་མཁྱེན་པའི་མཆོག །དགེ་སློང་ཐང་བོ་མཚན་གྲགས་ 1-1-331 འབྱུང༌། །ནཱ་རོ་ཆོས་དྲུག་རྟོགས་པའི་མཆོག །དག་པའི་སྣང་བས་ཆོས་ཉིད་མཁྱེན། །དགེ་སློང་མགོན་པོ་རྒྱལ་མཚན་ཁྱོད། །ཕུན་ ཚོགས་མཚན་ཅན་དམ་པ་འབྱུང༌། །སྤངས་རྟོགས་མཐར་ནི་ཁམས་གསུམ་གཟིགས། །རྫུ་འཕྲུལ་མངོན་ཤེས་སེམས་ཅན་སྐྱོབས། ། དགེ་སློང་བདེ་བའི་རྡོ་རྗེ་ཁྱོད། །རྒྱལ་བ་ཡེ་ཤེས་མཚན་ཅན་འབྱུང༌། །བདག་འདྲ་བཅུ་གསུམ་འདི་དག་གིས། །མ་འོངས་དུས་ སུ་བོད་ཁམས་སྐྱོང༌། །སྡེ་སྣོད་གསུམ་གྱིས་རྔ་ཆེན་བརྡུངས། །རྒྱུད་སྡེ་བཞི་ཡི་དུང་ཆེན་འབུད། །འཁོར་ལོ་གསུམ་གྱི་དགོངས་པ་ སྤེལ། །འདི་དག་ང་ལ་གཅེས་སྤྲས་བྱ། །མ་འོངས་དེ་ཚེ་བཅུ་གསུམ་གྱིས། །ང་དང་འདྲ་བའི་སྐྱེས་བུ་འཁྲུངས། །ཅེས་གསལ་བར་ བསྟན་ནོ། །)ཞེས་ད་ལྟར་ཀུན་མཁྱེན་ཆོས་ཀྱི་རྗེར་སྐྱེས་པའི་རབས་ཏེ་སོ་གཅིག་པའོ།། །། ༈ ད་ནི་མ་འོངས་པའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ མཐའ་ཡས་པའི་དོན་མཛད་པར་གསུངས་ཏེ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ལྷའི་བུ་ དྲི་ཟའི་རྒྱལ་པོ་མཐོང་ན་དགའ་བས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དང་མིང་མཐུན་པའི་དགེ་སློང་དེ་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཟའི་རྒྱལ་པོ་ངའི་ཉན་ཐོས་དེ་ནི་འདི་ནས་ཤི་ འཕོས་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་ འདས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ། དགེ་སློང་དེ་ནི་ཤི་འཕོས་ནས་ཇི་ལྟར་ མངོན་པར་རྫོགས་པར་སངས་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། རིགས་ཀྱི་བུ། ཁྱོད་ཀྱིས་ཞུས་པ་ལེགས་སོ་ ལེགས་སོ། རིགས་ཀྱི་བུ། ངའི་མིང་འཆང་བའི་ཉན་ཐོས་ཀྱི་ཆེ་བ་ཉིད་ཉོན་ཅིག །རིགས་ཀྱི་ བུ། བསྐལ་པ་འདི་འདས་ཏེ། སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། བསྐལ་པ་དྲུག་ཅུ་རྩ་གཉིས་སུ་སངས་རྒྱས་འབྱུང་བར་མི་འགྱུར་ཏེ། རང་སངས་རྒྱས་བྱེ་བ་ ཕྲག་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ། བསྐལ་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་འདས་ནས། སངས་རྒྱས་བདུན་འབྱུང་བར་འགྱུར་རོ། །དེ་ནས་སངས་རྒྱས་བདུན་པོ་དེ་དག་ཡོངས་སུ་མྱ་ 1-1-332 ངན་ལས་འདས་ནས་དེའི་ཚེ་དེའི་དུས་སུ། འཇིག་རྟེན་གྱི་ཁམས་མངོན་པར་དང་བ་ཞེས་བྱ་ བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་མངོན་པར་དང་བ་ཞེས་བྱ་བ་དེ་ན་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་ གནས་འོད་ཅེས་བྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཀྱི་ཞིང་ ཁམས་ན་སེམས་ཅན་འཁོད་པ་དེ་དག་གིས་མཛེས་ཤིང་དད་པ་ཐོབ་པར་འགྱུར་རོ། །ད་ལྟ་ དགེ་སློང་དེ་ལ་གང་དག་དམ་པའི་ཆོས་ཀྱི་ཕྱོགས་བྱེད་པ་དང༌། དམ་པའི་ཆོས་འབྱུང་བར་ བྱེད་པའི་རིགས་དེ་དག་ཐམས་ཅད་ཀྱང༌། དེའི་ཚེ་འཇིག་རྟེན་གྱི་ཁམས་མངོན་པར་དང་བའི་ ཞིང་དེར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ ཤེས་འབྱུང་གནས་ཀྱི་འཁོར་ཉན་ཐོས་ཀྱི་མཆོག་ཏུ་འགྱུར་རོ། །ཞིང་ཁམས་དེ་ན་སེམས་ཅན་ སུ་ཡང་འདོད་ཆགས་དང༌། ཞེ་སྡང་དང༌། ང་རྒྱལ་གཏི་མུག་ཉོན་མོངས་པ་ཀུན་ནས་ལྡང་བ་ འབྱུང་བར་མི་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ཆོས་ལ་དད་པ་ཐོབ་ཅིང་ཆོས་ སྤྱོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཡེ་ཤེས་འབྱུང་གནས་འོད་ཀྱི་སྐུ་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅོ་བརྒྱད་ཐུབ་པར་ འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱང་ཐེག་པ་གསུམ་གྱིས་ཀྱང་ངེས་པར་འབྱུང་བར་འགྱུར་ རོ། །དེ་ན་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཚད་མེད་གྲངས་མེད་པའོ། །རིགས་ ཀྱི་བུ། དེའི་ཚེ་དེའི་དུས་ན། བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་གང་ཡིན་པ་དེ་དག་ཐམས་ ཅད་ཀྱང་ཐེག་པ་གསུམ་གྱི་ངེས་པར་འབྱུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་སྙིང་ རྗེ་རུ་གནས་པའོ། །སངས་རྒྱས་ཀྱི་ཞིང་དེ་ནས་ངན་སོང་གསུམ་གྱི་སྒྲ་ཡང་མེད་དོ། །མི་ཁོམ་ པ་བརྒྱད་ཀྱང་མེད་དོ། །རྟག་ཏུ་དལ་བས་བརྒྱན་པར་འགྱུར་རོ། །བྱང་སྒྲ་མི་སྙན་གྱི་གླིང་དང་ འདྲའོ། །སངས་རྒྱས་ཡེ་ཤེས་འབྱུང་གནས་ཀྱིས་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཀྱང་ 1-1-333 བཅོམ་པར་འགྱུར་རོ། །དེའི་ཚེ་དེའི་དུས་སུ་ལྟ་བ་ངན་པ་ཐམས་ཅད་ཚར་གཅོད་པར་འགྱུར་ རོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང༌། བདེ་བར་གཤེགས་པའི་གསུང་རབ་དམ་པའི་ཆོས་ལོ་མང་པོ་བྱེ་བ་ཕྲག་སྟོང་དུ་གནས་པར་ འགྱུར་རོ། །དེ་ནས་འཁོར་ཆེན་པོའི་ནང་ནས་ལྷ་དང་མི་དང་མི་མ་ཡིན་དང༌། ནམ་མཁར་ ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ལ་སོགས་དུ་མས། དེ་བཞིན་གཤེགས་པ་ལ་མེ་ ཏོག་སིལ་མས་གཏོར་ཏེ། སིལ་སྙན་དཀྲོལ། སྤོས་དང་བྱུག་པ་དག་གིས་བཅོམ་ལྡན་འདས་ ལ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བྱས་ནས། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ འོད་ཀྱི་འཁོར་དུ་སྐྱེ་བར་སྨོས་ཅི་དགོས། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དུ་སེམས་བསྐྱེད་ དོ། །ཞེས་གསུངས། འཕགས་པ་རྔ་བོ་ཆེའི་མདོ་ལས་གསུངས་ཏེ། ལི་ཙ་བཱི་གཞོན་ནུ་འཇིག་ རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཉིད་ཡིན་ཏེ། ཕྱི་མའི་དུས་ན་ལྷོ་ཕྱོགས་ཀྱི་ མཁས་པར་གྱུར་ནས། ཆོས་ཀྱི་རྔ་བོ་ཆེ་བརྡུང་བར་འགྱུར་རོ། །ཆོས་ཀྱི་དུང་འབུད་པར་འགྱུར་ རོ། །ངའི་མིང་འཛིན་པའི་དགེ་སློང་དེས་ཀྱང་ཇི་སྲིད་ཀུན་ཏུ་བསྡུས་པའི་དུས་ཡིན་པ་དེ་སྲིད་ དུ་གཡེལ་བའི་ཚོགས་ཉེ་བར་བསྡུས་ཏེ། བཀུར་སྟི་དང་རིམ་གྲོ་དང་གླེགས་བམ་དང་ཟང་ ཟིང་དང༌། བ་ལང་གི་ཚོགས་དང་ཟས་ཀྱི་སྦྱིན་པས་ཡིད་དགའ་བར་མཛད་པར་འགྱུར་རོ། ། དེའི་འོག་ཏུ་ཚར་གཅད་པའི་དུས་ཤེས་ནས་ཚར་གཅད་པར་འགྱུར་རོ། །ལོ་བརྒྱད་ཆོས་ཀྱི་ ཆར་ཕབ། ཆོས་ཀྱི་རྔ་བོ་ཆེ་བརྡུངས་ཏེ། ཆོས་ཀྱི་དུང་འབུད། ཆོས་ཀྱི་མཆོད་སྦྱིན་བྱེད་པར་ འགྱུར་རོ། །ཆོས་ཀྱི་རྒྱལ་མཚན་བཙུགས་ནས་རྣམ་པར་འཕྲུལ་པ་ཆེན་པོས་དུས་བྱེད་པར་ འགྱུར་རོ། །དེ་ནས་ཕྱིས་སངས་རྒྱས་སུ་འགྱུར་ཏེ། སངས་རྒྱས་སྟོང་རྣམས་ཡོངས་སུ་མྱ་ངན་ ལས་འདས་ནས་བསྐལ་པ་དྲུག་ཅུ་རྩ་གཉིས་འདས་ཏེ། རང་སངས་རྒྱས་འབུམ་ཡོངས་སུ་མྱ་ ངན་ལས་འདས་ཤིང༌། གཞན་ཡང་མགོན་པོ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་ 1-1-334 འོག་ཏུ་ངའི་མིང་འཆང་བའི་དགེ་སློང་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི། སངས་རྒྱས་ཀྱི་ཞིང་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །ཞེས་འབྱུང་ངོ༌། །(འཕགས་ པ་ལག་ན་མེ་ཏོག་གི་མདོ་ལས། །ཤཱ་རའི་བུས་གསོལ་བ། གཞོན་ནུ་ཁ་དོག་མ་བསྒྱུར་བ། །ཁ་སྤུ་མ་བྲག་དེ་ལྟར་དུ། །ཇི་ལྟར་རབ་ ཏུ་བྱུང་བ་ཞེས་བྱ། །ལྷུང་བཟེད་མཁན་པོ་མེད་པ་ཡིན། །ཅེས་དང༌། །གཞོན་ནུ་ན་རེ། །གང་ཞིག་ཆོས་གོས་མ་གྱོན་པ། །བདག་ མེད་ཡེ་ཤེས་ཆོས་གོས་གྱོན། །ཉེ་བའི་ཉོན་མོངས་ཀུན་སྤངས་པ། །སྐྲ་དང་ཁ་སྤུ་བྲེག་པའོ། །ཤེས་རབ་རལ་གྲི་ཀུན་བཅད་དེ། ། ཅེས་སོགས་དུ་མ་གསུངས་ནས། །བཅོམ་ལྡན་འདས་ཀྱིས་གཞོན་ནུ་ལ་གཟིགས་ནས། །གཞོན་ནུའི་སྐྲ་དང་ཁ་སྤུ་རང་ལྷུང་ནས། ། ལུས་ལ་ཆོས་གོས་གྱོན་ཏེ། །མངོན་ཤེས་ལྔ་དང་རྫུ་འཕྲུལ་ཐོབ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེའི་ཚེ་ས་ཡང་ཆེར་གཡོས་ ནས་ལྷའི་རྔ་ཡང་མ་བརྡུང་བར་གྲགས་ཏེ། རོལ་མོ་བརྒྱ་སྟོང་ཡང་དུས་གཅིག་ཏུ་རང་ཉིད་དཀྲོལ། འོད་ཟེར་མང་པོ་ཡང་འཛམ་ གླིང་དུ་ཁྱབ་པོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་འཛུམ་པ་མཛད་དོ། །རྣམ་པ་སྣ་ཚོགས་པ་དང་ལྡན་པའི་འོད་ཟེར་ཞལ་སྒོ་ ནས་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ལན་གསུམ་བསྐོར་ནས། སླར་ཡང་བཅོམ་ལྡན་འདས་ཀྱི་གཙུག་ཏོར་དུ་ནུབ་པར་གྱུར་ཏོ། ། དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཚུགས་སུ་བཅད་པ་འདི་དག་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་འོད་ཟེར་ ཞལ་སྒོ་ནས། འཇིག་རྟེན་ཁམས་ཀུན་རབ་ཏུ་སྣང་བར་བྱེད། །སེམས་ཅན་གང་ལ་ཕན་ཕྱིར་སྣང་བ་མཛད། དེ་ནས་བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགའ་བོ་གཞོན་ནུའི་ལི་ཙཱ་བི་སྒྲིབ་པ་རྣམ་པར་སེལ་བ་ད་ལྟ་ཆོས་གོས་གྱོན་པ་དེ་གནས་འདིར་མི་ སྣང་བར་གྱུར་བ་མཐོང་ངམ། དགའ་བོས་གསོལ་བ་མཐོང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་གཞོན་ནུ་ རྣམ་པར་སེལ་བ་དེ་ཉིད་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ཕྱིན་ཏོ། །ད་ལྟ་མི་འཁྲུགས་པ་དེ་བཞིན་གཤེགས་པའི་ མངོན་པར་དགའ་བ་ཞེས་བྱ་བ་མངོན་པར་བྱུང་ངོ༌། །དེའི་ལུས་བསྐལ་བ་ཚད་མེད་པར་འདས་པ་ན། བླ་ན་མེད་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་ཏེ། མཚན་ནི་ཡེ་ཤེས་འབྱུང་གནས་ཆེན་པོ་རྣམ་པར་སེལ་བའི་འོད་ཅེས་བྱའོ། །སངས་རྒྱས་ ཀྱི་ཞིང་རྟག་ཏུ་སྣང་བ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་ཞིང་དེའི་སེམས་ཅན་རྣམས་ནི་མངལ་ནས་མི་སྐྱེ། ཐམས་ཅད་པད་ མོའི་ནང་དུ་སྐྱིལ་མོ་གྲུང་བཅས་ཏེ་སྤྲུལ་ནས་སྐྱེའོ། །སངས་རྒྱས་ཀྱི་ཞིང་དེ་ལྟ་བུའི་བསོད་ནམས་དང༌། །ཡོན་ཏན་ཕུན་སུམ་ 1-1-335 ཚོགས་པ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའོ། །)འཕགས་པ་བསྐལ་པ་བཟང་པོའི་མདོར། དེ་བཞིན་ གཤེགས་པ་ཡེ་ཤེས་འབྱུང་གནས་སྐྱེ་བའི་ཡུལ། །གྲོང་ཁྱེར་བསོད་ནམས་འབྱོར་དང་ལྡན་ ཞེས་བྱ། །དེ་ཡི་རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་མྱ་ ངན་མེད། །དགའ་བ་རྒྱ་མཚོ་ཞེས་བྱ་ཡུམ་ཡིན་ནོ། །སྲས་ནི་ཡིད་གཞུང་ལེགས་སྦྱིན་རིམ་གྲོ་ པ། །ཡེ་ཤེས་ཡང་དག་འཕགས་པ་མཁས་པ་སྟེ། །བསོད་ནམས་དགའ་ཞེས་བྱ་བ་རྫུ་འཕྲུལ་ ཅན། །འདུས་པ་དང་པོར་བྱེ་བ་ཕྲག་སྟོང་ཡོད། །གཉིས་པ་བྱེ་བརྒྱ་གསུམ་པར་བྱེ་བ་བདུན། ། སྐུ་ཚེ་ལོ་གྲངས་སྟོང་ཕྲག་བརྒྱད་ཅུ་སྟེ། །ལྔ་འགྱུར་དག་ཏུ་དམ་པའི་ཆོས་ཀྱང་གནས། །རྒྱལ་ བ་དེ་ཡི་སྐུ་གདུང་རྒྱས་འགྱུར་ལ། །སྐད་ཅིག་དེ་ལ་བདེ་བར་གཤེགས་པ་དེ། །མཚན་ནི་གང་ དག་ཉན་པར་བྱེད་པ་རྣམས། །བྱང་ཆུབ་ལ་ནི་མྱུར་དུ་རེག་པར་འགྱུར། །ཞེས་གསུངས། གཞོན་ནུ་ལུང་བསྟན་པའི་མདོ་ལས། ང་ཡི་མིང་འཛིན་དགེ་སློང་ཆེན་པོ་ནི། །རིང་ཞིག་བསྟན་ པ་ཁུར་ཆེན་རབ་ཏུ་ཁུར། །དེ་ཡང་མྱ་ངན་ཡོངས་སུ་འདས་གྱུར་ནས། །མངོན་པར་དང་བ་ ཞེས་བྱའི་ཞིང་ཁམས་སུ། །སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ། །སྐྱེ་བའི་ཡུལ་ནི་ གྲོང་ཁྱེར་བསོད་ནམས་འབྱོར། །རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་བཅུ། །ཡབ་ནི་ འཁོར་ལོས་སྒྱུར་རྒྱལ་མྱ་ངན་མེད། །རྒྱལ་བའི་ཡུམ་ནི་དགའ་བའི་རྒྱ་མཚོ་ཡིན། །སྲས་ནི་ ཡིད་གཞུངས་ལེགས་སྦྱིན་རིམ་གྲོ་པ། །ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་མཆོག །ཡེ་ཤེས་ ཡང་དག་བསོད་ནམས་དགའ་ཞེས་བྱ། །ཆོས་འཁོར་དང་པོར་བསྐོར་བའི་ཉན་པ་པོ། །འདུས་ པ་དང་པོར་བྱེ་བ་སྟོང་ཕྲག་ཡོད། །བར་མ་དང་ནི་ཐ་མའི་ཉན་པ་པོ། །བྱེ་བ་བརྒྱ་དང་གསུམ་ པར་བྱེ་བ་བདུན། །སངས་རྒྱས་ཞིང་ན་སེམས་ཅན་གང་འཁོད་པ། །ཐེག་ཆེན་དག་ལ་ཤིན་ཏུ་ སྤྱད་པ་སྤྱོད། །དགེ་སློང་དེ་ལ་སུ་ཞིག་མོས་བྱེད་པ། །དང་བ་ཅན་གྱི་ཞིང་དེར་སྐྱེ་བར་འགྱུར། ། སངས་རྒྱས་ཡེ་ཤེས་འབྱུང་གནས་མཐོང་གྱུར་ན། །བྱང་ཆུབ་སེམས་དཔའ་མི་མཆོག་ཁ་ལོ་ 1-1-336 བསྒྱུར། །སྐྱེ་བ་གཅིག་རྗེས་སངས་རྒྱས་ཉིད་འགྱུར་ཏེ། །ཞིང་ཁམས་དེ་ན་སེམས་ཅན་ངན་ སོང་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་མེད། །ཉིན་མཚན་མེད་ཅིང་ཆོས་དབྱིངས་ ཡེ་ཤེས་འོད། །སྐྱེ་རྒ་ན་འཆིའི་སྒྲ་ཡང་མི་གྲག་ཅིང༌། །སྐུ་གསུམ་ཡེ་ཤེས་ལྔ་ཡི་འོད་གསལ་བ། ། རྒྱལ་བའི་སྐུ་ཚེའི་ཚད་ནི་མཐའ་ཡས་ཏེ། །བར་གྱི་བསྐལ་པ་ཆེན་པོ་བཅོ་བརྒྱད་ཡིན། ། སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་འདུལ་བར་བྱེད། །སངས་རྒྱས་དེ་ཡིས་བདུད་ དང་ཕྱིར་རྒོལ་བཅོམ། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང༌། །སྐུ་གདུང་མཆོད་རྟེན་ རྒྱས་པའི་ཐད་དུ་ཡང༌། །མར་མེ་བྱེ་བ་ཕྲག་ནི་ཉིན་མཚན་འབར། །བདེ་བར་གཤེགས་པ་ དམ་པའི་ཆོས་དག་ཀྱང༌། །ལོ་གྲངས་བྱེ་བ་སྟོང་ཕྲག་སྟོང་དུ་གནས། །རྒྱལ་བ་དེ་ཡི་མཚན་ནི་ འཛིན་ནམ་འཆང༌། །མཐོང་ཐོས་རེག་གམ་དྲན་པ་དག་ཀྱང་རུང༌། །བྱང་ཆུབ་མཆོག་ལ་ཡང་ དག་རེག་པར་འགྱུར། །ཞེས་གསུངས། དེ་ལྟ་བུའི་མངོན་པར་སངས་རྒྱས་པ་ནི་(འཕོ་བ་ཁྱད་ འཕགས་ལས། །རྣམ་པར་ཤེས་པའི་ཡུལ་ལས་རབ་འདས་པ། གཞི་ལ་གདོད་ནས་བཞུགས་པའི་སངས་རྒྱས་ཏེ། །རྣམ་རྟོག་བུམ་ པ་ཆགས་ཅིང་མ་རྟོག་པའི། །ཡེ་ཤེས་སྐྱེས་ཚེ་མར་མེ་བཞིན་དུ་མཐོང༌། །)གཞི་གདོད་མ་ཉིད་ཀྱི་ཁམས་ནས་དེ་ བཞིན་གཤེགས་པའི་སྙིང་པོའི་ཚུལ་དུ་བཞུགས་པ་དེ་མངོན་དུ་གྱུར་པ་ཡིན་པར་ཤེས་པར་ བྱའོ། །མདོ་སྡེ་རྒྱན་ལས། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རྟག་ཏུ་ལྡན་ པ། །སྤོབས་པ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཅིང༌། །གནས་གྱུར་ཆོས་ དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་མི་རྟོག་རབ་དག་ཤིན་ཏུ་ ཡུལ་ཅན་ཡེ་ཤེས་ལམ་གྱིས་འཐོབ། །ཅེས་གསུངས་སོ། །འགྲེལ་ཆེན་དྲི་མེད་འོད་ལས། ཟླ་ བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉིས་ཀ་ལ་ཡང་སྲོག་གི་རླུང་ནི་ཆེན་པོ་འགགས། །ཆུ་ སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཅན་ལ་ནི་རབ་ཏུ་ཞུགས། །དངོས་ དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་པར་གནས་པའི་གཞོམ་མེད་ལེགས་པར་རབ་ 1-1-337 ཏུ་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་དེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་ གི་གོ་འཕང་འགྲོ། །ཞེས་གསུངས་ཏེ། (འཕོ་བ་ཁྱད་འཕགས་ལས། རླུང་སེམས་དག་གི་འགག་པའི་ཐབས་སྒོ་ ནས། །ཉི་ཤུ་རྩ་བཞི་ཡུལ་གྱི་རྩ་རྣམས་འཆིངས། །ཉི་མ་ཟླ་བ་སྒྲ་གཅན་ཁ་རུ་ཚུད། །ཅེས་གསུངས། )ལམ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བསྒོམས་པས་སྒྲིབ་པའི་རྩ་བ་གཡས་གཡོན་གྱི་ལས་རླུང་མ་ལུས་པ་འགགས་ ཤིང་ཐིག་ལེ་འཕོ་མེད་དུ་བཅིངས་ནས་ལས་རྒྱ་ལ་བརྟེན་ནས་ལྟེ་བའི་ཨཱཿཤད་ཀྱི་གཏུམ་མོ་ འབར་བས། (ཨཱཿཤད་འབར་བའི་ཧྲཱིཿཡིག་ཞུ་བ་ལས། །བདུད་རྩིའི་རྒྱུན་གྱིས་ལུས་ཀུན་རབ་གང་བས། །ཡས་མར་བྱོན་ དང་མས་ཡར་གཤེགས་པ་ཡི། །དགའ་བཞི་ཞུ་བདེའི་འགྱུར་མེད་རྫོགས་པར་འགྱུར། །རེ་བ་རྫོགས་པར་རང་བཞིན་འགྱུར་མེད་ ཀྱི། །དགའ་བཞི་འགྱུར་མེད་བཅུ་དྲུག་འདུས་མ་བྱས། །རང་བཞིན་འོད་གསལ་འགྱུར་མེད་ཡོངས་སུ་གྲུབ། །གདོད་ནས་གྲོལ་བ་ སངས་རྒྱས་དེ་བཞིན་ཉིད། །)དཔྲལ་བར་ཧཾ་གིས་བྱང་སེམས་ཞུས་ཏེ་དགའ་བཞིའི་འགྲོས་ཀྱིས་མར་ དབབ་ཅིང༌། སླར་ཡང་སྐུ་བཞིའི་འགྲོས་ཀྱིས་ཡར་བསྐྱལ་ནས་བདེ་སྟོང་གི་ཏིང་ངེ་འཛིན་ལ་ བརྟེན་ནས་ཡེ་ཤེས་ཆོས་ཉིད་འོད་གསལ་གྱི་དབྱིངས་སུ་བཞུགས་པ་དང༌། དངོས་དང་དངོས་ མེད་ཀྱི་མཐའ་དང་བྲལ་བའི་སྲིད་གསུམ་གཞན་མཆོག་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ མངོན་དུ་བྱས་ནས། གཞི་གདོད་མ་ནས་བཞུགས་པའི་(སངས་རྒྱས་ཕལ་བོ་ཆེ་ལས། བྱང་ཆུབ་སྙིང་པོ་ ཕྱོགས་རྣམས་ཀུན་ཏུ་འབྱིན། །བདེ་གཤེགས་སྙིང་པོ་བྱང་ཆུབ་འདི་ལ་ལྟོས། །ཅེས་གསུངས། )བདེ་གཤེགས་སྙིང་པོ་ མཆོག་གི་གོ་འཕང་ཐོབ་པ་ཡིན་ནོ། །གཞི་ལ་བཞུགས་པའི་དེ་བཞིན་གཤེགས་པའི་སྙིང་པོ་ མ་གཏོགས་པར་སངས་རྒྱས་ཐོབ་པའི་ཚུལ་མ་མཆིས་སོ། །གོ་སྐབས་མེད་པའི་ཕྱིར་རོ། ། དཔལ་བརྟག་པ་གཉིས་པའི་རྒྱུད་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་ གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་ བསྟན་པ་མེད། །ཅེས་གསུངས་སོ། །སཾ་བྷུ་ཊིའི་རྒྱུད་ལས། རང་གི་ལུས་ལ་སངས་རྒྱས་ བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ 1-1-338 ལས་གཞན་དུ་སངས་རྒྱས་འདོད། །ཅེས་གསུངས། (འཕགས་པ་ལག་ན་མེ་ཏོག་ལས། ངས་སྔོན་སངས་ རྒྱས་བྱང་ཆུབ་ཕྱིར། །ཆོས་རྣམས་བསྒོམས་ཤིང་སྤྱད་པ་ནི། །ཤིན་ཏུ་ཟབ་ཅིང་དམ་པ་སྟེ། །མ་རབ་དག་གིས་ཤེས་པ་མིན། །ཞེས་ གསུངས། )དཔལ་དུས་ཀྱི་འཁོར་ལོའི་(ཡེ་ཤེས་ལེའུའི་)རྒྱུད་ལས། སེམས་ཅན་རྣམས་(ཀྱི་རང་བཞིན་ འོད་གསལ་རྣམ་དག་དང་)ནི་སངས་རྒྱས་(དུས་ཀྱི་འཁོར་ལོ་སྐུ་བཞིའི་བདག་)ཉིད་དེ་ཆེན་པོའི་(གསར་གྱི་) སངས་རྒྱས་གཞན་ནི་འཇིག་རྟེན་(གྱི་ཁམས་)དག་ན་ཡོད་མ་ཡིན། །ཞེས་གསུངས། (ཁྱེའུ་བཞིའི་ ཏིང་ངེ་འཛིན་གྱི་མདོ་ལས། གང་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་མི་རྟག་པའོ། །གང་མི་རྟག་པ་འདི་ནི་སྡུག་བསྔལ་བའོ། ། གང་སྡུག་བསྔལ་བ་དེ་ནི་བདག་མེད་པའོ། །གང་བདག་མེད་པ་དེ་ནི་རང་བཞིན་མེད་པའོ། །ཡེ་ཤེས་མཐའ་ཡས་པ་དང་ལྡན་ པའོ། །ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པའོ། །སྟོབས་བཅུ་དང་ལྡན་པ་མི་འཇིགས་པ་དམ་པའི་ཕ་རོལ་ཏུ་ཕྱིན་ པའོ། །ཞེས་གསུངས། )རྩོད་མེད་ཀྱི་གྲུབ་ཆེན་མང་པོས་ཀྱང་གསུངས་ཏེ། རྣལ་འབྱོར་གྱི་དབང་ ཕྱུག་བཱིར་བ་པས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །གཞན་དུ་བཙལ་བས་རྙེད་མི་འགྱུར། །(ཊོམ་བྷི་ཧེ་རུའི་ཞལ་ ནས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །བླ་མའི་ཞལ་ནས་གསལ་བར་རྟོགས། )ས་ར་ཧཱ་པས། མཁས་པ་བསྟན་ བཅོས་འཆད་པ་ཐམས་ཅད་ཀྱིས། །ལུས་ལ་སངས་རྒྱས་ཡོད་པར་མ་རྟོགས་སོ། །དེ་ལྟར་ རྟོགས་ནའང་གང་དུ་ཡང་ནི་འགྲོ་བ་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་སོ། ། རྗེ་བཙུན་དམ་པ་རྒྱ་གར་གྱིས། མྱང་འདས་ཆུང་ངུ་རྫོགས་པའི་སངས་རྒྱས་དང་གཏན་དུ་ འགྲོགས་ཀྱང་རྒྱུས་མེད་པ་མང་པོ་གཅིག་གདའོ། །ཞེས་གསུངས། མ་ལབ་སྒྲོན་གྱིས། ཡེ་ ནས་སངས་རྒྱས་ཡིན་པར་མ་རྟོགས་པར། །སངས་རྒྱས་གསར་བུ་དེས་ཀྱང་མི་འོང་ནས། ། ཞེས་སོགས། མང་དུ་གསུངས་ཏེ། རང་ལ་གཞི་གདོད་མ་ནས་བཞུགས་པའི་སངས་རྒྱས་དེ་ ལམ་མཆོག་བསྒོམས་པའི་སྟོབས་ཀྱིས་མངོན་དུ་གྱུར་པའི་ཚེ་ན་འབྲས་བུ་སངས་རྒྱས་ཉིད་དོ། ། ཆོས་རྗེ་རིན་པོ་ཆེ་ཉིད་ཀྱིས་གསུངས་པ། གཞི་ལ་བཞུགས་པའི་ལམ་གྱི་ཐབས་མཆོག་གིས། ། 1-1-339 སྤྲིན་དང་རྡུལ་སོགས་སངས་པའི་ནམ་མཁའ་བཞིན། །དྲི་མ་ཀུན་སྤངས་དྲི་མེད་དེ་བཞིན་ ཉིད། །མངོན་དུ་གྱུར་ཙམ་འབྲས་བུར་སྟོན་ལ་འདུད། །ཅེས་གསུངས། (ཆོས་རྗེས་རིན་པོ་ཆེ་ཉིད་ཀྱི་ ཞལ་ནས། སེམས་རང་བཞིན་འོད་གསལ་ཆོས་ཀྱི་སྐུ། །ཐུགས་བདེ་གཤེགས་སྙིང་པོ་ཚུལ་དུ་བཞུགས། །འདི་ཀུན་ལ་ཁྱབ་པར་ བཞུགས་མོད་ཀྱང༌། །ཐབས་མན་ངག་མེད་ན་མི་མཐོང་བས། །ཞེས་གསུངས། ས་བཟང་ལོ་ཙཱ་བས། གཞི་ལ་ཆོས་ཉིད་དོན་དམ་ དེ་བཞིན་ཉིད། །རང་བཞིན་རྣམ་དག་འོད་གསལ་ཆོས་ཀྱི་དབྱིངས། །རང་བྱུང་ལྷ་ཅིག་སྐྱེས་པའི་ཡེ་ཤེས་སྐུ། །བརྟན་གཡོ་ཀུན་ལ་ གདོད་ནས་ཁྱབ་པར་འགྱུར། །ཞེས་གསུངས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས། རྒྱལ་བའི་སྙིང་པོ་རང་ལ་བཞུགས་པ་ཉིད། ། མ་རིག་སྒོང་ངའི་སྦུབས་ལས་ངེས་གྲོལ་ཏེ། །ཡིད་བཞིན་ནོར་ལྟར་ཡེ་ཤེས་འགྲོ་བའི་དོན་མཛད་པ། །དེ་འདྲའི་གང་ཡིན་འབྲས་ བུ་ཐོབ་ཅེས་བྱ། །ཅེས་གསུངས། ཆོས་རྗེ་སྨན་ཆུ་ཁ་བས། དབུ་མའི་སྙིང་པོ་ཤེར་ཕྱིན་སྙིང་པོའི་དོན། །བྱང་ཆུབ་སྙིང་པོ་ཡེ་ཤེས་ སྙིང་པོའི་དོན། །བདེ་གཤེགས་སྙིང་པོ་ཐིག་ལེར་སྙིང་པོའི་དོན། །ཞེས་གསུངས། ཆོས་རྗེ་རིན་ཚུལ་བས། བདེ་གཤེགས་སྙིང་པོ་ མཁའ་ཁྱབ་འགྲོ་ལ་ངེས་པར་གནས་པ་དེ། །སད་པར་མཛད་པ་བསྙེན་སྒྲུབ་སྟོན་མཛད་བླ་མ་དམ་པའི་ཚུལ། །ཞེས་གསུངས། ) དེ་ལྟར་གཞི་ལ་བཞུགས་པའི་བདེ་གཤེགས་སྙིང་པོ་ནི། ཆོས་ཉིད། ཆོས་དབྱིངས། །ཆོས་སྐུ། དེ་བཞིན་ཉིད། ཡང་དག་པའི་མཐའ། གཞན་སྟོང༌། དེ་བཞིན་གཤེགས་པའི་སྙིང་པོ། ཐེག་པ་ ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་མང་ངོ༌། །ཁང་བུ་བརྩེགས་པའི་མདོ་ལས། དེ་བཞིན་ཉིད་དང༌། སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཕྱི་མའི་ མཐའ་སྟོང་པ་ཉིད་དང༌། ཆོས་ཉིད་རང་གི་ངོ་བོ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཞེས་བྱའོ། །ཞེས་གསུངས་སོ། །མདོ་ལས། དེ་ལ་གཞན་གྱི་སྟོང་པ་ཉིད་གང་ཞེ་ན། དེ་ བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་ཉིད་དང༌། ཆོས་ཀྱི་གནས་ ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་ དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དེ་བཞིན་ཉིད་ནི་གནས་ཏེ། ཆོས་དེ་དག་གཞན་གྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཞན་གྱིས་དངོས་པོ་སྟོང་པ་ཉིད་ཅེས་ 1-1-340 བྱ་སྟེ། རབ་འབྱོར། ཆོས་དེ་དག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཞེས་བྱའོ། །ཞེས་ སོགས་མང་དུ་གསུངས་ཏེ། བདེ་བར་གཤེགས་པའི་སྙིང་པོའི་གོ་འཕང་ཐོབ་ན་ལྟ་ཅི་སྨོས། (དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེ་བཞིན་གཤེགས་ཀྱི་སྙིང་པོ་འདི་ཡོད་པ། སེམས་ཅན་དག་ལ་ཀུན་ཏུ་ཆོས་ཉིད་ འདི། །བྱང་ཆུབ་སེམས་དཔའ་མཁས་པ་གང་སེམས་པ། །དེ་ནི་རབ་བྱུང་སངས་རྒྱས་ཉིད་དུ་འགྱུར། །ཞེས་གསུངས། ཡང་མདོ་དེ་ ཉིད་ལས། །དེ་བཞིན་གཤེགས་པའི་སྙིང་པོ་འདི་ཐོས་ནས། །གང་ཞིག་བྱང་ཆུབ་མཆོག་ནི་ཚོལ་བྱེད་ན། །བསོད་ནམས་ཕུང་པོ་ འདི་ཙམ་བསྐྱེད་གྱུར་པ། །ཞེས་མང་དུ་གསུངས་ཏེ། )ཐོས་པ་ཙམ་གྱིས་དགེ་བའི་རྩ་བ་ཡོངས་སུ་རྫོགས་ ནས་མཐར་སངས་རྒྱས་ཐོབ་པར་གསུངས་སོ། ། ཡུམ་ཉི་ཁྲི་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་གི་རྣ་ལམ་དུ་གྲགས་པ་ དེ་ནི་སྔོན་གྱི་རྒྱལ་བ་རྣམས་ལ་བསྙེན་བཀུར་དང་དགེ་བའི་རྩ་བ་བསྐྱེད་པའོ། །ཞེས་དང༌། སོར་ཕྲེང་ལ་ཕན་པའི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་ རྒྱུས་ནད་མེད་པ་དང༌། འཚེ་བ་མེད་པ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་དགའ་ བར་འགྱུར་རོ། །ཞེས་གསུངས། དབུ་མ་ཤེས་རབ་ཀྱི་སྒྲོན་མར། སེམས་ཅན་ཐམས་ཅད་ལ་ དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་སྟོན་པར་བྱེད་པའི་སེམས་ཅན་དེ་དག་གི་ཡོན་ཏན་ དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི། སྡིག་ པའི་ལས་གྲངས་མེད་པར་བྱས་པ་རྣམས་ནི། ཀླད་པ་ན་བ་དང༌། རིམས་ཀྱིས་བཏབ་པ་དང༌། ཟུག་རྔུ་དང་སྐུར་བ་བཏབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཞེས་སོ། ། རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོར། ང་ནི་འདི་ནས་གཤེགས་ཕྱིན་ནས། །མི་ ཡི་ནང་ནས་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོ་བ་ཡིན། །ཞེས་དང༌། དེ་ བཞིན་གཤེགས་པའི་སྙིང་པོའི་མདོ་ལས། ཐ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་ 1-1-341 མིང་ཐོས་པ་དེ་དག་ཐམས་ཅད། མཐར་གྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་ཡོན་ཏན་ བཀོད་པ་དེ་འདྲ་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱའོ། །(སངས་རྒྱས་ཕལ་བོ་ཆེར། སེམས་ཅན་རྒྱུད་ལ་རྒྱལ་བའི་ཡོན་ཏན་གྱི། །བདེ་གཤེགས་སྙིང་ པོ་རྒྱ་ཆེར་སུས་དྲན་པ། །དེ་ལ་ངན་སོང་ཀུན་གྱི་འཇིགས་པ་མེད། །ཅེས་དང༌། དེ་ནི་གཤེགས་པའི་སྙིང་པོའི་མདོ་ལས། སེམས་ ཅན་ཀུན་གྱི་ཆོས་ཉིད་འདུ་ཤེས་ཏེ། བདག་དམན་འདུ་ཤེས་བསྐྱེད་ཅིང་ཅེས་བྱ་སྟེ། ཁྱེད་ཅག་བརྩོན་འགྲུས་བརྩམས་པར་བརྟན་ བྱས་ནས། །རང་ལུས་བྱང་ཆུབ་སྙིང་པོ་ཐོབ་གྱུར་ནས། སྲོག་ཆགས་བྱེ་བ་སྟོང་ཕྲག་གྲོལ་བར་འགྱུར། །ཞེས་གསུངས། )ཞེས་ སོགས་མདོ་རྒྱུད་མང་པོར་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། ། མ་གུས་ཤིང་ཐེ་ཚོམ་ཅན་ལ་ཉེས་དམིགས་ཡང་(ཝ་ཕག་སྦྲུལ་དང་མ་ཧེ་ཕུག་རོན་བྱི་ལ། མཛེ་ནད། བོང་བུ། རྔ་མོང༌། སྤྲེའུ། འུག་པ་ལ་སོགས་ཤིན་ཏུ་ཉམས་ང་བ། །སོར་འཕྲེང་མདོ་ལས་གསུངས། )གསུངས་ཏེ། མྱ་ངན་ ལས་འདས་པ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་སྤོང་བར་བྱེད་ པ་གང་ཡིན་པ་དེ་དག་ནི་བ་ལང་དང་འདྲ་སྟེ། དཔེར་ན་དྲིན་དུ་མི་བཟོ་བ་དག་གིས་བདག་ བསད་པར་སེམས་པ་ལྟ་བུ་དེ་དག་མཆོག་ཏུ་མྱ་ངན་བྱ་བ་དེ་བཞིན་དུ། དེ་བཞིན་གཤེགས་ པའི་སྙིང་པོ་སྤངས་ནས། བདག་མེད་པར་སྟོན་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་མཆོག་ ཏུ་མྱ་ངན་བྱ་བར་ཡིན་པར་རིག་པར་བྱའོ། །ཞེས་གསུངས། (སོར་འཕྲེང་གི་མདོ་ལས། བཙུན་པ་གང་བོ་ སངས་རྒྱས་མང་པོ་ལ་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་སྨོད་པའི་སེམས་ཅན་དེ་ དག་ནི་བདག་ཉིད་ཐར་བའི་ས་བོན་བསྲེགས་ཤིང༌། ཀྱེ་མ་དུས་གསུམ་དུ་བསམ་གྱིས་མི་ཁྱབ་པར་མྱ་ངན་དུ་བྱ་བ་ཡིན་ནོ། །) འཕགས་པ་རྔ་བོ་ཆེའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་ལ་སྨོད་ པས། སངས་རྒྱས་རྟག་པ་ཉིད་ཀྱི་གཏམ་ཡོངས་སུ་སྤོང་བར་འགྱུར་རོ། །དེ་ཉིད་ཡོངས་སུ་ མྱ་ངན་ལས་འདས་པར་མི་འགྱུར་ཏེ། ཞེས་སོགས་མང་དུ་གསུངས་སོ། །དེ་བཞིན་གཤེགས་ པའི་སྙིང་པོ་ནི་འདུས་མ་བྱས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ནམ་སྙིང་པོ་ཡིན་ནོ། །ལྷ་མོ་ 1-1-342 དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ སྙིང་པོ་ནི་དོན་དམ་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལགས་སོ། །ཆོས་ཀྱི་སྐུའི་སྙིང་པོ་ལགས་ སོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་ལགས་སོ། །རང་བཞིན་གྱིས་ཡོངས་སུ་ དག་པའི་སྙིང་པོ་ལགས་སོ། །ཞེས་སོགས་དེ་བཞིན་གཤེགས་པའི་སྙིང་པོ་ཡོན་ཏན་མཐའ་ ཡས་པར་གསུངས་སོ། ། དེ་ཡང་བདག་གི་དཔལ་ལྡན་བླ་མ་ཆོས་རྗེ་ཐམས་ཅད་མཁྱེན་པ་འདིས་ཀྱང་ཚོགས་ གཉིས་ཀྱི་དགེ་བ་རྒྱ་ཆེན་པོར་བསགས་པས་རང་དོན་དམ་པ་གཞི་གདོད་མ་ནས་བཞུགས་ པའི་ཆོས་ཉིད་ཀྱི་སྐུ་ཐོབ་ཅིང༌། སྨོན་ལམ་གྱི་སྟོབས་དང་(ལོ་ཙཱ་བ་མ་ཎི་ཀ་ཤྲིས་ཀྱང་གསུངས། ཆོས་སྐུ་ དེ་ཉིད་མངོན་དུ་གྱུར་ནས་གདུལ་བྱ་རྣམས་ལ་གཟུགས་སྣ་ཚོགས་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་ཆར་བབ་ནས་ཚོགས་གཉིས་ ཀྱི་དགེ་བའི་རྩ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ། །)གདུལ་བྱ་རང་གི་མོས་པའི་སྟོབས་ཀྱིས་ གཞན་དོན་སྤྲུལ་པའི་སྐུར་གྱུར་ནས་གང་ལ་གང་འདུལ་གྱིས་ཐབས་ཚུལ་(ཡེ་ཤེས་བླ་མེད་རྒྱུད་ ལས། སྤྲུལ་སྐུ་གང་ཤར་གདུལ་བྱར་གྱིས། །གདུལ་བྱ་གང་འདུལ་སྐུར་འབྱུང་བས། །སྐྱོན་བྲལ་པད་ལྟར་སྨིན་གྲོལ་མཛད། ། ཡང་ན་ནོར་བུ་དཔག་བསམ་ལྟར། །ཞེས་གསུངས། )དཔག་ཏུ་མེད་པ་སྟོན་པར་མཛད་དོ། །(འཕོ་བ་ཁྱད་ འཕགས་ལས། །བསོད་ནམས་ཚོགས་དང་སྨོན་ལམ་རྒྱ་མཚོ་དང༌། །ཆོས་སྐུའི་བྱིན་རླབས་མཆོག་ལས་བྱུང་བ་ཡི། །སྐུ་གཟུགས་ སྣ་ཚོགས་རྒྱ་ཆེར་རབ་འབྱམས་ཀྱིས། །མཁའ་ཁྱབ་འགྲོ་བའི་དོན་ཀུན་མཛད་པར་འགྱུར། །ཞེས་གསུངས། )འཕགས་པ་ གསེར་འོད་དམ་པའི་མདོ་ལས། ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་ནི་སྐུ་མངོན་པར་འདུ་བགྱི་བ་ཐམས་ཅད་དང་བྲལ་བ་ལགས་ན། འོ་ན་ མངོན་པར་འདུ་བགྱི་བ་མེད་པར་ཇི་ལྟར་སེམས་ལ་གཟུགས་སྐུ་འབྱུང་བར་འགྱུར། བཀའ་ སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུམ་མངའ་སྟེ། འདི་ལྟ་སྟེ། ཆོས་ཀྱི་སྐུ་ 1-1-343 དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ། །གསོལ་པ། བཅོམ་ལྡན་འདས་དེ་ བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་རྟོག་པ་མི་མངའ་བ་བཞིན་དུའང་འཕྲིན་ལས་ཐམས་ཅད་ ལ་མངའ་བརྙེས་པ་ལགས་སམ། བཀའ་སྩལ་པ། ནམ་མཁའི་སྙིང་པོ་དཔེར་ན་ཉི་ཟླ་དང་ཆུ་ དང་མེ་ལོང་ལ་རྟོག་པ་མེད་བཞིན་དུ་གཟུགས་བརྙན་འབྱུང་ངོ༌། །དེ་བཞིན་དུ། དེ་བཞིན་ཉིད་ ཀྱི་ཡེ་ཤེས་ལ་རྣམ་པར་རྟོག་པ་མི་མངའ་ཡང༌། སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་སྐལ་བ་ དང་ལྡན་པ་རྣམས་ལ་གཟུགས་ཀྱི་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་དོ། །ཞེས་གསུངས་ སོ། །ལག་ན་མེ་ཏོག་ཚོགས་ཀྱི་མདོར། སེམས་ཅན་ལ་ལར་དེ་བཞིན་གཤེགས་པའི་གཟུགས་ སྟོན་ཏོ། །སེམས་ཅན་ལ་ལར་ལྷ་ཡི་ལུས་མཐོང་བས་འདུལ་ལོ། །སེམས་ཅན་ལ་ལར་སྐྱེས་ པའི་གཟུགས་ཀྱིས་འདུལ་ལོ། །ལ་ལར་བུད་མེད་ཀྱི་གཟུགས་སུ་མཐོང་བས་འདུལ་ལོ། །ལ་ ལར་ལུས་ཆེན་པོས་འདུལ་ལོ། །ལ་ལར་ལུས་ཆུང་ངུས་འདུལ་ལོ། །ཞེས་སོ། །སྤྱོད་འཇུག་ ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་བསྐང་བ། །དེ་བཞིན་ གདུལ་བྱ་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ༌། །ཞེས་གསུངས། རྒྱུད་བླ་མར། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་འོད་ཀྱིས་གཟུགས་བརྙན་འཆར་བ་ལྟར། ། དེ་བཞིན་གདུལ་བྱའི་འགྲོ་སེམས་དག་པ་ལ། །ཐུབ་པའི་དབང་པོའི་སྐུ་ནི་གཟུགས་བརྙན་ འཆར། །ཞེས་གསུངས། (འཕགས་པ་ཀླུ་སྒྲུབ་ཀྱིས་)ཆོས་དབྱིངས་བསྟོད་པ་ལས། དྲི་མ་མེད་པའི་ ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོར་གནས་གྱུར་ན། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་ སེམས་ཅན་དོན་མཛད་འབྱུང༌། །ཞེས་གསུངས་པ་ལྟར། བདག་གི་དཔལ་ལྡན་བླ་མ་འདིས་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དགེ་བ་རྒྱ་ཆེན་པོར་ཡོངས་སུ་རྫོགས་པས་རྒྱལ་ བའི་སྐུ་གཉིས་ཀྱི་ཚུལ་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་སྒྱུ་མ་སྤྲུལ་པ་ མཐའ་ཡས་པས། མཐའ་ཡས་པའི་སེམས་ཅན་ལ་མཐའ་ཡས་པའི་སྐད་ཀྱིས་ཐམས་ཅད་ 1-1-344 མཁྱེན་པའི་གསུང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པར་མཛད་ དོ། །དཔེར་ན་སྐྱེས་བུ་སྒྱུ་མ་མཁན་ཆེན་པོ་ཞིག་གིས་སྒྱུ་མའི་གཟུགས་དུ་མར་སྤྲུལ་ཏེ། ཤིང་ རྩ་ཆེན་པོ་འབྱིན་ཅིང་རི་རབ་རྩེ་མོ་ཡང་བསྐྱོད་དོ། །ལྷ་དང་མིའི་ཁྱབ་འཇུག་ལ་སོགས་སྒྱུ་ མའི་གཟུགས་མཐའ་ཡས་པ་དུས་གཅིག་ཏུ་སྤྲུལ་པར་སྟོན་ཏོ། །དེ་བཞིན་དུ། སངས་རྒྱས་ ཀྱང་སྒྱུ་མའི་སྤྲུལ་པའི་སྐུ་སྤྲུལ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་ སྲིད་པ་གསུམ་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུས་གཅིག་ཏུ་མཛད་དོ། །འགྲེལ་ཆེན་དྲི་ མེད་འོད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པ། །(ཡེ་ཤེས་ཀྱི་)སྐུ་ནི་(གདུལ་བྱ་)མོས་པ་སྣ་ ཚོགས་ལས། །རང་རང་(དང་)བསམ་པ་(མཐུན་པའི་)སེམས་ཅན་གྱི། །མཐོང་བ་སྤྲུལ་པའི་(སྐུ་) མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་གྱི་(གསུམ་གཞོམ་མེད་ཀྱི་)སྒྲས། །(གསུམ་རྗེས་སུ་སྟོན་ པ་)རྫུ་འཕྲུལ་དག་གིས་རབ་གསལ་བྱེད། །སེམས་ཅན་བསམ་པའི་(ཆོས་སྟོན་པའི་)དབང་ གིས་ནི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །མི་རྟག་པ་(ཅིར་ཡང་མ་གྲུབ་པ་ཆད་པ་ལྟ་བུ་)མིན་ རྟག་པ(འདུས་བྱས་ཀྱི་དངོས་པོ་)འང་མིན། །(རང་མཚན་པ་)གཅིག་(པུ་ལྟ་བུ་)མིན་དུ་མའི་(སྣ་ཚོགས་ གཟུགས་ཀྱི་)མཚན་ཉིད་མིན། །(རྡུལ་ཕྲ་རབ་ཀྱི་)དངོས་(པོ་ལྟ་བུ་)མིན་དངོས་པོ་(ཡང་དག་ཡེ་ཤེས་) མེད་པའང་མིན། །འདི་ནི་(ཀུན་རྫོབ་ཀྱི་)རྟེན་འབྲེལ་ཆོས་སྐུའོ། །(དམིགས་བྱའི་)སྟོང་ཉིད་(དམིགས་ མེད་)སྙིང་རྗེ་(གདོད་ནས་)དབྱེར་མེད་ཅིང༌། །(དཀར་ཕྱོགས་ཡོད་པའི་མཐའ་)ཆགས་དང་(གཞན་ཕྱོགས་ མེད་པའི་མཐའ་)ཆགས་བྲལ་རྣམ་པར་སྤངས། །ཤེས་རབ་མ་ཡིན་(ལྷན་ཅིག་སྐྱེས་པའི་སྐུ་ཡིན་)ཐབས་ ཀྱང་མིན། །(འདི་ནི་མ་ནང་གི་གོ་འཕང་)འདི་ནི་ངོ་བོ་ཉིད་སྐུ་གཞན། །(རྒྱལ་བ་སྐུ་བཞིའི་བདག་ཉིད་བཅོམ་ ལྡན་འདས་)དུས་ཀྱི་འཁོར་ལོ་ཞེས་པར་གྲགས། །(དོན་དམ་པའི་སྐུ་)སྐུ་བཞིའི་བདག་ཉིད་(དག་ པའི་རྣམ་འགྱུར་དང་)ཞི་བ་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ཏེ། །ཞེས་གསུངས་ཏེ། གདུལ་ བྱའི་དོན་དུ་སངས་རྒྱས་སྐུ་བཞིར་ཕྱེ་སྟེ་ཆོས་ཀྱི་སྐུ་ལས་དོན་དམ་པའི་སྤྲུལ་སྐུ་འབྱུང་ནས། 1-1-345 མོས་པ་སྣ་ཚོགས་པའི་སྟོབས་ལས་སེམས་ཅན་གྱི་རང་གི་བསམ་པ་དང་མཐུན་པར་སྐུའི་ བཀོད་པ་སྣ་ཚོགས་པ་ཤར་བ་ནི་ཀུན་རྫོབ་ཀྱི་སྤྲུལ་སྐུའོ། །དེ་ལས་གཞོམ་དུ་མེད་པའི་རྣམ་ པ་ཐམས་ཅད་པའི་སྒྲའི་ངོ་བོར་གནས་པ་ནི་དོན་དམ་པའི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ ལས་སེམས་ཅན་རྣམས་ལ་མཐའ་ཡས་པའི་སེམས་ཅན་ལ་རང་རང་གི་སྐད་དུ་ཆོས་སྟོན་པ་ ནི་ཀུན་རྫོབ་ཀྱི་ལོངས་སྐུ་ནི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུའོ། །ཡོད་མེད་རྟག་ཆད་སོགས་ ཀྱི་མཐའ་ལས་འདས་པའི་འདུས་མ་བྱས་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུའོ། །ཐབས་ཤེས་དབྱེར་ མེད་མི་འགྱུར་བདེ་སྟོང་གི་ཡེ་ཤེས་ནི་ངོ་བོ་མཉམ་ཉིད་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ལ་ལྷན་ ཅིག་སྐྱེས་པའི་སྐུ་ནི་རང་དོན་ཕུན་སུམ་ཚོགས་པ་དང༌། ཆོས་ཀྱི་སྐུ་ནི་གཞན་དོན་ཕུན་སུམ་ ཚོགས་སུ་གསུངས་ཤིང༌། ལྷན་ཅིག་སྐྱེས་པའི་སྐུ་ལས་ཆོས་ཀྱི་སྐུ་འབྱུང་ངོ༌། །(དགོངས་པ་བླ་མེད་ རྒྱུད་ལས། རྫོགས་རིམ་སྐུ་ནི་ཆོས་སྐུ་འབྱུང༌། །ཆོས་སྐུ་ལ་ནི་ལོངས་སྐུ་འབྱུང༌། །ལོངས་སྐུ་ལ་ནི་སྤྲུལ་སྐུ་འབྱུང༌། །ཞེས་གསུངས་ པ་ལྟར། )ཆོས་ཀྱི་སྐུ་ལས་ལོངས་སྐུ་འབྱུང༌། ལོངས་སྐུ་ལས་སྤྲུལ་སྐུ་འབྱུང་གསུངས་སོ། །འདི་ དག་ནི་སྔགས་ཀྱི་ཐེག་པ་ཐུན་མོང་མ་ཡིན་པའི་རྣམ་གཞག་གོ །འཇམ་དཔལ་ལྟ་འདོད་ལས། སངས་རྒྱས་ཤཱཀྱ་སེང་གེ་ཡིས། །སེམས་ཅན་བསམ་པའི་དབང་གིས་ནི། །སྐུ་ནི་གཅིག་གཉིས་ གསུམ་དང་ནི། །བཞི་དང་ལྔ་རུ་གསུངས་པ་སྟེ། །ཞེས་སོགས་དུ་མར་གསུངས་སོ། །དཔལ་ དུས་ཀྱི་འཁོར་ལོའི་རྒྱུད་ལས། དཔལ་ལྡན་ཟླ་བ་དང་ནི་ཟླ་བ་(ཉ་གང་བ་དང་)ཆུ་ཤེལ་(གཉིས་ འཕྲད་པ་ལས)རྣམ་རྟོག་མེད་པའི་རང་བཞིན་ལས་ནི་(མེད་པའི་)ཆུ་འབྱུང་བ། །(དེས་)དེ་བཞིན་(དུ་) འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོ་(དུས་ཀྱི་འཁོར་ལོ་ཡེ་ཤེས་སྐུ་རྣམ་པར་དག་པ། )ཕུང་པོ་ལ་བརྟེན་ (ནས་)ཐམས་ཅད་མཁྱེན་པའི་ཆོས་འཛགས་ཏེ། །(ཇི་ལྟར་)ཆུ་ནི་ས་བོན་(སྣ་ཚོགས་)ཁམས་(དང་ ཕྲད་པ་)ལ་ཀུན་ཏུ་བརྟེན་ནས་(ངོ་བོ་ནི་)རོ་མཉམ་འགྱུར་བ་(སྨྱུ་གུ་སྣ་ཚོགས་སྐྱེ་བ་)ཇི་བཞིན་ཉིད་དུ་ ཆོས་དག་ནི། །སེམས་ཅན་(སྣ་ཚོགས་)རྣམས་ཀྱིས་དག་པའི་སེམས་ཀྱི་(དབང་གིས་)རྣམ་པ་མང་ 1-1-346 པོར་འགྱུར་ཏེ་(སེམས་དག་ཚུལ་སྣ་ཚོགས་དེ་ཡང་)སྔོན་གྱི་མཐུ་ལས་སོ། །ཞེས་གསུངས་པ་ནི་རང་ དོན་དམ་པ་ཆོས་སྐུ་ཐོབ་ཅིང༌། གཞན་དོན་དམ་པ་གཟུགས་སྐུ་ཐོབ་པས། ཀུན་སློང་གི་རྣམ་ རྟོག་མེད་བཞིན་དུ་སེམས་ཅན་གྱི་དོན་མཛད་དེ། ཆོས་གསུངས་པ་ཡང་གདུལ་བྱ་རྣམས་ ལ་མོས་པའི་དབང་གིས་ཐེག་པ་གསུམ་དུ་གྱུར་ཏེ། དཔེར་ན་ཆུ་ཉིད་གཅིག་ཀྱང་ས་བོན་སྣ་ ཚོགས་པ་དང་ཕྲད་ཅིང་འདྲེས་པས་མྱུ་གུ་སྣ་ཚོགས་པ་འབྱུང་བ་བཞིན་ནོ། །རྒྱུད་ལས། (དང་ པོའི་སངས་རྒྱས་ཡེ་ཤེས་སྐུ། )དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོའི་(ཡེ་ཤེས་ཀྱི་སྐུ་)རྫུ་འཕྲུལ་རབ་ ཏུ་གསལ་(བར་)བྱེད་(པ་སྒྱུ་རྩལ་)ཆེན་པོ་དུ་མ་སྤྲུལ་པའི་སྐུ། །(ཀུན་རྫོབ་པ་)རྡོ་རྗེ་(མེ་ལྕེ་རབ་ཏུ་) འབར་བ་འཕྲོ་བ་(འི་ཁྲོ་བོ་)རྣམས་ཀྱིས་འདོད་པའི་ཁམས་ན་གནས་པ་(གདུག་པའི་ལྷ་དང་)ལྷ་ མིན་དང་ནི་མི་(འི་དོན་མཛད་པ་)རྣམས་དང༌། །(དེ་བཞིན་དུ་)ལོངས་སྤྱོད་རྫོགས་པའི་(ཀུན་རྫོབ་པའི་) གཟུགས་ཅན་(གཟུགས་ཁམས་ཀྱི་ལྷ་)རྣམས་དང་མཁའ་ལ་རྒྱལ་བའི་སྲས་(ཡང་དག་པའི་ས་ ལ་གནས་པ་དང་)སོགས་དགྲ་བཅོམ་རྣམས་ལ་(དོན་དམ་པའི་)ཆོས་སྐུ་ཡིས། །(དོན་མཛད་)སྟོང་ པ་(ནམ་མཁའི་)ཆ་ཡི་(རྣལ་འབྱོར་པ་)སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་(དུ་སྟོན་ཅིང་དེ་བཞིན་ དུ་)རླུང་རྣམས་ཀྱིས་ནི་རླུང་གི་ཟད་པར་(དུ་སྟོན་)ཏེ། །མེ་ཡི་ཆ་ཤས་རྣམས་ཀྱིས་མེ་ཡི་ཟད་ པར་(དུ་སྟོན་)ཆུ་(འི་ཟད་པར་ལ་)ཡང་འགྲོ་(བ་རྣམས་)ལ་སྤྲོས་(ནས་སྟོན་)པའི་ཆུ་ཡི་ཆ་རྣམས་ཀྱིས། ། འཛིན་མའི་(ས་གཞི་)ཆ་ཤས་རྣམས་ཀྱིས་(སྲིད་གསུམ་མཐའ་དག་)ས་ཡི་ཟད་པར་(རབ་ཏུ་ཡེ་ཤེས་ཀྱི་སྐུ་ སྣ་)ཚོགས་པའི་ཡུལ་རྣམས་ཀྱིས་(གཟུགས་སོགས་གཞན་)ནི་(ཕྱི་རོལ་ཀུན་རྫོབ་ཀྱི་)དངོས་པོའི་(ཤིན་ཏུ་ ལྐོག་ཏུ་གྱུར་པ་)རང་བཞིན་ཀུན། །(ཤེས་ཀྱང༌། འདུས་མ་བྱས་པའི་དྲི་མས་མ་གོས་པ་)ཀུན་ནས་ནམ་མཁའ་ དག་དང་མཚུངས་པའི་(དོན་དམ་པ་ཡེ་ཤེས་ཀྱི་སྐུ་)གཅིག་གིས་བདག་ཉིད་འདི་ནི་དག་པའི་ས་ ལ་(དེར་རྣལ་འབྱོར་རྣམ་པར་དག་པ་)སྟོན་པར་མཛད། །ཅེས་གསུངས་པ་ལྟར་རོ། །སངས་རྒྱས་ཀྱི་ འཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་པར་འབྱུང་བར་གསུངས་ཏེ། རྒྱུད་བླ་མར། གདུལ་བྱའི་ 1-1-347 ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་འདུལ་བར་བྱ་བ་དང༌། །དེ་ ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་འཇུག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་ སོ། །གཞན་གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་ཏེ། ། མཛད་པ་ཡོངས་སུ་མ་རྫོགས་པར། །འཁོར་བ་སྲིད་དུ་འཛད་མི་འཆད། །ཅེས་གསུངས་སོ། ། ཁྱད་པར་དུ་བདག་གི་དཔལ་ལྡན་བླ་མ་འདི་ཉིད་མ་འོངས་པར་སངས་རྒྱས་སུ་ལུང་ བསྟན་པ་ནི། གོང་བཞིན་དུ་གསུངས་ཏེ། འཕགས་པ་མེ་ཏོག་འཁོར་ལོས་ཞུས་པའི་མདོ་ ལས། སའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དང་མིང་མཐུན་ པའི་དགེ་སློང་དེ་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རིགས་ཀྱི་བུ་དག་ཉོན་ཅིག །ངའི་མིང་འཆང་བའི་དགེ་སློང་དེ་ཤི་འཕོས་ནས་འཚང་ རྒྱ་བར་འགྱུར་ཏེ། སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་ཏེ། བསྐལ་པ་དྲུག་ཅུ་རྩ་ གཉིས་འདས་པའི་འོག་ཏུ། འཇིག་རྟེན་གྱི་ཁམས་མངོན་པར་དང་བའི་འོད་ཞེས་བྱ་བའི་ཞིང་ དུ་སངས་རྒྱས་ཏེ། ཞིང་ཁམས་དེ་ན་ངན་སོང་གསུམ་གྱི་སྒྲ་ཙམ་ཡང་མི་གྲག་གོ །ཉོན་མོངས་ པ་བག་ལ་ཉལ་བ་དང་ཀུན་ནས་ལྡང་བ་འབྱུང་བར་མི་འགྱུར་རོ། །སངས་རྒྱས་ཡེ་ཤེས་འབྱུང་ གནས་འོད་དེ་ཡི་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཆེན་པོ་བསོད་ནམས་འབྱོར་དང་ལྡན་པ་ཞེས་ བྱའོ། །རིགས་ནི་རྒྱལ་རིགས་ཏེ་འོད་ནི་དཔག་ཚད་བཅུ་དགུ་ཡོད་དོ། །སངས་རྒྱས་ཡེ་ཤེས་ འབྱུང་གནས་ཀྱི་ཡབ་ནི་མྱ་ངན་མེད་པའི་རྒྱ་མཚོ་ཞེས་བྱའོ། །ཡུམ་ནི་དགའ་བའི་རྒྱ་མཚོ་ ཞེས་བྱའོ། །སངས་རྒྱས་དེའི་སྲས་ནི་ཡིད་གཞུངས་ལ་མཁས་པ་ཞེས་བྱའོ། །རིམ་གྲོ་པ་ནི་ འཕགས་པ་ལེགས་པར་སྦྱིན་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཡང་ དག་འཕགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་དགའ་བ་ཞེས་ བྱའོ། །འདས་པ་དང་པོ་ལ་ནི་འཁོར་ཉན་ཐོས་བྱེ་བ་ཕྲག་སྟོང་ཡོད་དོ། །གཉིས་པ་ལ་ནི་ཉན་ 1-1-348 ཐོས་བྱེ་བ་ཕྲག་བརྒྱ་ཡོད་དོ། །གསུམ་པ་ལ་ནི་ཉན་ཐོས་བྱེ་བ་ཕྲག་བདུན་ནོ། །ད་ལྟ་དགེ་སློང་ དེ་ལ་དད་པ་ཐོབ་པར་འགྱུར་བ་གང་ཡིན་པ་དང༌། གང་དག་ཆོས་ཉན་པ་དང་ཕྱོགས་སུ་གྱུར་ པ་ཐམས་ཅད་ཀྱང་མ་འོངས་པའི་སངས་རྒྱས་ཀྱི་ཞིང་དེ་རུ་སྐྱེ་བར་འགྱུར་རོ། །སའི་སྙིང་པོ་དེ་ བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འདི་ཉིད་ཀྱི་འཁོར་ཉན་ཐོས་ཀྱི་མཆོག་ཏུ་འགྱུར་རོ། ། རྫུ་འཕྲུལ་ཆེན་པོ་དང་མངོན་པར་ཤེས་པ་ལྔའི་འབྱོར་བ་དང་ལྡན་པར་འགྱུར་རོ། །རྟག་ཏུ་ དལ་བ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་བཅོམ་ལྡན་འདས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་འབྱུང་གནས་འོད་ཀྱི་སྐུ་ཚེའི་ཚད་ནི་བར་ གྱི་བསྐལ་པ་བཅོ་བརྒྱད་དོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང༌། དམ་པའི་ཆོས་ནི་ལོ་གྲངས་བྱེ་བ་སྟོང་ཕྲག་སྟོང་དུ་གནས་པར་འགྱུར་རོ། །སངས་རྒྱས་ཡེ་ ཤེས་འབྱུང་གནས་ཀྱི་མཚན་ཐོས་ནས་འཛིན་པའི་སེམས་ཅན་དེ་དག་གི་བསོད་ནམས་ཚད་ མེད་གྲངས་མེད་པ་ཐོབ་པར་འགྱུར་རོ། །བསྐལ་པ་སྟོང་དུ་འཁོར་བ་བསྙིལ་བར་འགྱུར་རོ། ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ། དགེ་སློང་ངའི་མིང་འཆང་ བ་དང་ཕྲད་དཀའ་བའི་འདུ་ཤེས་བསྐྱེད་པར་གྱིས་ཤིག །སངས་རྒྱས་དང་ཆོས་དང་དགེ་ འདུན་ནི་ཤིན་ཏུ་དཀོན་པའི་འདུ་ཤེས་བསྐྱེད་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་ སྐད་ཅེས་གསུངས་ནས། འཁོར་ཐམས་ཅད་ཀྱིས་ཀྱང་མ་འོངས་པའི་སངས་རྒྱས་ཀྱི་ཞིང་དེར་ སྐྱེ་བའི་སྤྲོ་བ་བསྐྱེད་དོ། །ཞེས་གསུངས་སོ། །མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་ བའི་རབས་སོ་གཉིས་པ་སྟེ་ཐ་མའོ།། །། ༈ དེ་ལྟར་མཚན་ཉིད་དང་ལྡན་པའི་དཔལ་ལྡན་བླ་མ་ཡོངས་འཛིན་ཁྱད་པར་ཅན་དང་ 1-1-349 ཕྲད་པ་དང༌། རང་ཉིད་དལ་འབྱོར་ཕུན་ཚོགས་ཐོབ་པ་དང༌། དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་ འཇུག་པ་རྣམས་ནི་ཤིན་ཏུ་དཀའ་བར་རིག་པར་བྱའོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་ མར། (ནང་ལེར་)འཁོར་བར་(གནས་རིགས་དྲུག་སྤྱིའི་སེམས་ཅན་ལ་བསམ་ན། )མི་ཉིད་དུ་ནི་འགྱུར་བ་ དག་ཀྱང་(དགེ་བའི་སྟོབས་ཀྱིས་)བརྒྱ་ལམ་ན་སྟེ་(མུ་སྟེགས་པ་ལ་སོགས་ཆོས་ལོག་སྤྱིའི་རིགས་ལ་བསམ་ན་དོན་ མེད་པའི་)ཆོས་ཀྱི་བློ་ནི་རེས་འགའ་ན། །(འབྱུང་ངོ༌། །)དེ་ལས་(ཀྱང་)དགེ་བའི་སྟོབས་ལྡན་བྱས་ པ་དབང་གིས་སངས་རྒྱས་ལ་ནི་(སྦྱིན་པ་ལ་སོགས་)རྗེས་ཆགས་གྱུར་ཀྱང་དང་པོའི་(ཉན་ཐོས་དང་ རང་རྒྱལ་གྱི་)ཐེག་པར་རབ་ཏུ་འཇུག །(པ་ཙམ་མོ། །)དེ་ལས་(ཀྱང་ཁྱད་འཕགས་)དཔལ་ལྡན་རྡོ་རྗེའི་ ཐེག་པ(འི་ལམ་དུ་འཇུག་པ་ཤིན་ཏུ་དཀོན་ནོ་དེ་བས་ཀྱང་ཏིང་ངེ་འཛིན)་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ ལམ་དག་ན་འཇུག །(བས་ཤིན་ཏུ་དཀོན་ནོ། །)དེ་ལ་སངས་རྒྱས་ཉིད་འདོད་(དེ་ལྟར་)མཆོག་གི་བདེ་ བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །(དེ་བས་མངོན་པར་འདོད་པ་ལ་ཤིན་ཏུ་རིང་) ཞེས་གསུངས། (རྒྱ་ཆེར་རོལ་བ་ལས། མི་དང་སངས་རྒྱས་འབྱུང་རྙེད་དཀའ། །དད་པའང་ཤིན་ཏུ་རྙེད་པར་དཀའ། །སངས་ རྒྱས་འབྱུང་དང་དལ་བ་དང༌། །དད་དང་ཆོས་ཉན་དམ་པ་དང༌། །དེ་དག་ཐམས་ཅད་རྙེད་དུས་སུ། བག་མེད་མ་ལུས་རྣམ་པར་ སྤོངས། །ཞེས་གསུངས། )འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། མི་ཁོམ་པ་བརྒྱད་ལས་ལྡོག་པ་ ཡང་རྙེད་པར་དཀའོ། །མིར་གྱུར་པ་ཡང་རྙེད་པར་དཀའོ། །དལ་བ་ཕུན་སུམ་ཚོགས་པ་ཡང་ རྙེད་པར་དཀའོ། །སངས་རྒྱས་རྒྱས་འབྱུང་བ་ཡང་རྙེད་པར་དཀའོ། །སངས་རྒྱས་ཀྱི་ཆོས་ཉན་ པར་བྱེད་པ་ཡང་རྙེད་པར་དཀའོ། །ཡང་དག་པའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའོ། ། ཞེས་དང༌། (ཆོས་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་འོད་དཔག་མེད་ཀྱི་ཞིང་བཀོད་མདོའི་ས་བཅད་ལས། ཅི་སླད་དལ་ འབྱོར་རྙེད་དཀའ་ཞིང༌། །ཡུན་རིང་གནས་དཀའ་ཆོས་ཀྱང་རྙེད་པར་དཀའ། །ཆོས་ལ་ཞུགས་ཀྱང་འདི་འདྲའི་ཐབས་རྙེད་དཀའ། ། ཆོས་མིན་ཆོས་ལྟར་བཅོས་པས་ཐར་མི་སྲིད། །ཅེས་གསུངས། )མྱ་ངན་འདས་པ་ཆེན་པོའི་མདོར། སངས་རྒྱས་ ཨུ་དུམ་ཝཱ་ར་ལྟར། །ཕྲད་པའི་དུས་ཀྱང་ཤིན་ཏུ་དཀའ། །མི་ལུས་ཐོབ་པ་ཤིན་ཏུ་དཀའ། །ཇི་ 1-1-350 ལྟར་རྒྱ་མཚོ་ཆེན་པོའི་ནང༌། །རུ་སྦལ་ལོང་བ་འབྱུང་བ་དེ། །གཉའ་ཤིང་བུ་གར་མགོ་ཚུད་ བཞིན། །སངས་རྒྱས་འབྱུང་བ་དེ་བས་དཀའ། །ཞེས་གསུངས། འཕགས་པ་ཀུན་ནས་དགེ་ བའི་མདོར། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །དེ་དག་མཐོང་བར་རྙེད་པར་དཀའ། ། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བསྐལ་པ་བྱེ་བར་རྙེད་པར་དཀའ། །ཞེས་གསུངས། (མདོ་ ཕལ་བོ་ཆེར། དེ་བཞིན་གཤེགས་པ་མཐོང་ངམ་ཐོས་པ་ནི། །འགྲོ་བ་རྣམས་ལ་བསྐལ་པ་བྱེད་པར་གསུངས། )སྨན་བླའི་ མདོར། ཀུན་དགའ་བོ། མིར་གྱུར་པ་ནི་རྙེད་པར་དཀའོ། །དཀོན་མཆོག་གསུམ་ལ་དད་ ཅིང་རྙེད་པར་དཀའོ། །དེ་བཞིན་གཤེགས་པའི་མཚན་ཐོས་པ་ཡང་རྙེད་པར་དཀའོ། །ཞེས་ གསུངས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་ རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། ། དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་སོགས་མདོ་རྒྱུད་རྣམས་ལས་མང་དུ་གསུངས་སོ། །དེ་ལྟ་ བུའི་རྙེད་པར་དཀའ་བའི་ཆོས་ནི་དཔལ་ལྡན་བླ་མའི་ཞལ་ནས་བརྟེན་དགོས་པར་གསུངས་ སོ། །བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་པར། །དེ་ཡི་མན་ ངག་མ་ཐོབ་པར། །འཁོར་བའི་རྒྱ་མཚོ་རྒྱ་ཆེ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་རོ། །ཞེས་ གསུངས་པས། དེ་བས་ན་བླ་མའི་རྒྱུ་དང་རང་གི་རྐྱེན་འཛོམས་པ་ལས་ཐུན་མོང་དང་མཆོག་ གི་དངོས་གྲུབ་ཐོབ་པར་གསུངས་སོ། །དཔལ་དོན་དམ་བསྙེན་པ་ལས། འདོད་པའི་དངོས་ གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་ གསུངས། །ཞེས་དང༌། གསང་འདུས་རིམ་ལྔ་ལས། རི་དབང་རྩེ་ལ་འགའ་ཞིག་ལྷུང་གྱུར་ན། ། ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། ། གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས། གྲུབ་ཆེན་དྲིལ་བུ་པས། ཉི་མའི་དཀྱིལ་འཁོར་རབ་ཚ་ཡང༌། །མེ་ཤེལ་མེད་པས་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་ 1-1-351 བྱིན་རླབས་ཀྱང༌། །བླ་མ་མེད་ན་འབྱུང་མི་འགྱུར། །ཞེས་གསུངས། (རྒྱལ་བ་འབྲི་གུང་བའི་ཞལ་ ནས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ ལ་ནན་ཏན་མཛོད། །ཅེས་གསུངས། )བདེ་མཆོག་རིམ་ལྔ་ལས། རང་སེམས་སྟོན་པའི་བླ་མ་ནི། །སྙིང་ གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམ་པ། །སངས་རྒྱས་སྟོང་གི་ ཡོན་ཏན་ནི། །གང་ཟག་དེ་ཡིས་འཛིན་པར་འགྱུར། །(ཡེ་ཤེས་མངོན་འབྱུང་གི་རྒྱུད་ལས། ས་དང་ལམ་གྱི་ རིམ་པ་ཡི། །བླ་མར་མོས་གུས་ནན་ཏན་མཛོད། །ཅེས་གསུངས། བླ་མ་སྣང་བར་མ་བྱས་ན། །སངས་རྒྱས་རྣམས་དང་འབྲལ་མེད་ གནས། །ཞེས་གསུངས། ཇོ་ནང་ལོ་ཙཱ་བས། བླ་མའི་ཡོན་ཏན་རྟོགས་ནས་མོས་གུས་འབྱུང༌། །དཀོན་མཆོག་ཡོན་ཏན་རྟོགས་ནས་ སྐྱབས་འགྲོ་འབྱུང༌། །བདེ་གཤེགས་སྙིང་པོ་རྟོགས་ནས་དག་སྣང་འབྱུང༌། །ཆོས་ཀྱི་གནས་ལུགས་རྟོགས་ནས་ཞི་དུལ་འབྱུང༌། ) ཞེས་གསུངས་ཏེ། རང་སེམས་གཞི་གདོད་མ་ནས་བཞུགས་པའི་བདེ་བར་གཤེགས་པའི་སྙིང་ པོ་གསལ་བར་སྟོན་པའི་དཔལ་ལྡན་བླ་མ་དམ་པ་དེ་ནི། སྙིང་པད་མ་འདབ་བརྒྱད་ཀྱི་དཀྱིལ་ ལམ། ལག་མཐིལ་གཉིས་སམ། འདུག་པའི་ཚེ་ན་སྤྱི་བོའི་གཙུག་གམ། འགྲོ་བའི་ཚེ་ན་མདུན་ གྱི་ནམ་མཁར་སུས་བསྒོམས་པའི་གང་ཟག་དེས། སངས་རྒྱས་སྟོང་གི་ཡོན་ཏན་ཐམས་ཅད་ ཀྱང་གང་ཟག་དེ་ཡིས་ཐོབ་པའམ་འཛིན་པར་འགྱུར་རོ། །གསུངས་སོ། །དུས་རྟག་ཏུ་བླ་མ་ ལ་ཇི་ལྟར་འདོད་པའི་དོན་དུ་གསོལ་བ་བཏབ་ཅིང་ཤིན་ཏུ་མོས་གུས་དྲག་པོ་བྱ་དགོས་པར་ གསུངས་སོ། །གསང་བ་འདུས་པའི་རྒྱུད་ལས། མཚན་ཉིད་ལྡན་པའི་སློབ་དཔོན་ལ། །མོས་ གུས་ལྡན་པའི་སློབ་མ་ཡིས། །སྐད་སྙན་མཐོན་པོས་གསོལ་བ་བཏབ། །དེ་ལ་ང་ཡིས་དངོས་ གྲུབ་སྟེར། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས་བླ་མ་ལ་དད་པ་ཆེན་པོ་ བསྐྱེད་པ་དང༌། མ་གུས་པ་རིང་དུ་སྤངས་པའི་ཐབས་སྣ་ཚོགས་པ་གསུངས་སོ། །(བསམ་སྟེང་ བའི་ཞུས་ལན་ལས། །སྐྱེས་བུ་དམ་པའི་རྣམ་ཐར་ངོ་མཚར་བ་རྣམས་ལ་ཡང་ཡང་དུ་ལྟོས་དང༌། དག་སྣང་དང༌། མོས་གུས་ཆེན་པོ་ སྐྱེ་བར་འབྱུང་བ་ལགས། །དད་པ་སྐྱེ་བའི་བྱིན་རླབས་འཇུག་པ་ཉིད་དོ། །ཅེས་གསུངས་པ་ལྟར)ཁྱད་པར་དུ་མོས་གུས་ 1-1-352 ཆེན་པོ་དྲག་པོ་འབྱུང་བའི་གཞི་བླ་མའི་རྣམ་ཐར་དང་(སེམས་ཅན་ཉོན་མོངས་ནད་མེད་རྣམས། །བདུད་ཀྱི་ ལམ་བཞུགས་དཀྲུགས་པ་ལགས། །དེ་དག་རྒྱལ་བའི་རྣམ་ཐར་ལམ་སྟོན་ནས། །བསྲུང་ཞིང་སྐྱོབས་པའི་དཔལ་གྱིས་དེ་མཐོང་ ངོ༌། །ཞེས་གསུངས། )སྐྱེས་རབས་རྒྱས་བསྡུས་ཅི་རིགས་པ་ལ་བལྟ་བར་གལ་ཆེ་གསུངས་སོ། །དྲི་ མེད་འོད་ཟེར་རྒྱས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན། །ཀུན་མཁྱེན་ཡེ་ ཤེས་དབང་གི་རྒྱལ། །མོས་གུས་དྲག་པོ་འབྱུང་བའི་གཞི། །བླ་མའི་རྣམ་ཐར་རྒྱས་བསྡུས་ རྣམས། །ཡིད་བཞིན་ནོར་བུ་ལྟ་བུ་ཅན། །ཡང་ཡང་བལྟ་བར་བརྩོན་གྱུར་ན། །དངོས་གྲུབ་ ཐོབ་པར་ཐེ་ཚོམ་མེད། །ཅེས་གསུངས་སོ། ། དེ་ལས་བཟློགས་ནས་བླ་མ་ལ་ཆོས་ཉན་ཀྱང་མ་དད་པས་རྡོ་རྗེ་སློབ་དཔོན་དུ་མི་འཛིན་ ན་སྐྱེ་བ་ལྔ་བརྒྱའི་བར་དུ་ཁྱིའི་ལུས་བླངས་པ་ལ་སོགས་པ་ཉེས་དམིགས་དཔག་ཏུ་མེད་པར་ གསུངས་སོ། །དགྲ་ནག་གི་རྒྱུད་ལས། ཀ་ཁ་གཅིག་ཙམ་སྟོན་པ་ཡི། །སློབ་དཔོན་ཞེས་སུ་མི་ འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱར་བླངས་ཏེ། །དེ་ནས་སྨེ་ཤ་ཅན་དུ་འགྱུར། །ཞེས་གསུངས་པས། གཏི་མུག་དབང་གིས་བླ་མ་ཕལ་པར་བཟུང་བའི་ཉེས་པ་ལས་ལྡོག་པའི་དོན་དུ་ཆོས་རྗེའི་ སྐྱེས་རབས་འདི་བཀོད་པ་ལགས་པས། གྲུབ་མཐའ་ངན་པ་རྣམས་ཀྱིས་མ་གུས་པ་སྤངས་པ་ དང༌། དད་ལྡན་རྣམས་ཀྱིས་ལྷག་པར་མོས་པའི་ཕྱིར། འདིའི་ལུང་འབོག་ཅིང་མཐར་ཆོས་ རྗེའི་སྐུ་གཟུགས་བཞེངས་སམ། གསུང་འབུམ་བྲིས་སམ་ཡི་གེ་འདི་ཉིད་ཙམ་བྲིས་སམ། མ་ཎི་ལ་སོགས་དགེ་བ་ཆེ་འབྲིང་ཆུང་གསུམ་གྱི་རང་རང་གང་ནུས་ཁས་ལེན་གྱི་སྐུལ་མ་ འདེབས་པར་བྱའོ། །མདོ་ལས། རྒྱལ་བའི་མཚན་བཟང་སུམ་ཅུ་རྩ་གཉིས་དང༌། །མ་འདྲེས་ སངས་རྒྱས་ཆོས་ནི་བརྒྱད་སོགས། །མཚན་བཟང་རྣམས་དང་དམ་པའི་ཆོས་ཀུན་ཡང༌། །དེ་ དག་དགེ་བ་ཁས་ལེན་དག་ལས་འབྱུང༌། །(སྔོན་སངས་རྒྱས་འོད་བསྲུང་གི་བསྟན་པ་ལ། །རྒྱལ་བུ་རིན་ཆེན་ གཙུགས་ཕུད་ཀྱིས་ཟླ་བ་གསུམ་དུ་རྒྱལ་བའི་གཙུག་ལགས་ཁང་དུ་མར་མེ་ཕུལ་བར་ཁས་བླངས་ཏེ། གྲོང་དུ་རྒྱུ་ཞིང་སོང་ན་རྒྱལ་ 1-1-353 པོའི་བུ་མོ་ཞིག་གིས་བཙུན་པ་ཁྱོད་ཅི་ཞིག་བསྒྲུབ་པར་འདིར་མཆིས་ལགས། དགེ་སློང་གིས་སྨྲས་པ། བདག་གིས་ཟླ་བ་གསུམ་ དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མར་མེ་ཕུལ་བར་ཁས་བླངས་པ། དེའི་རྒྱུ་བསྒྲུབ་པར་མཆིས་སོ། །ཞེས་དང༌། བུ་མོ་ན་ རེ། ད་ཕྱིན་ཆད་འདི་ལྟར་འགྲོ་མི་དགོས། མར་མེའི་ཡོ་བྱད་ཁོ་མོས་སྦྱར་ལ་ལོངས་ཤིག ཅེས་དང༌། ད་ཕྱིན་ཆད་མར་བསྐུར་ནས་ དགེ་སློང་གི་ཉིན་མཚན་དུ་མར་ཕུལ་ཏེ། ཀུན་ལ་ཕན་པའི་སེམས་བསྐྱེད་པས། བཅོམ་ལྡན་འདས་འོད་སྲུངས། དགེ་སློང་ཁྱོད་ མ་འོངས་པའི་དུས་བསྐལ་བ་གྲངས་མེད་པ་འདས་པ་ནས། སངས་རྒྱས་མར་མེ་མཛད་ཅེས་བྱ་བར་ལུང་བསྟན་ནས། བུ་མོ་ཁྱོད་ ཀྱང་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པར་དགུ་བཅུ་རྩ་གཅིག་འདས་པའི་འོག་ཏུ་མངོན་པར་སངས་རྒྱས་ཏེ། མཚན་ཡང་ ཤཱཀྱ་ཞེས་པར་ལུང་བསྟན་ཏེ། ཞེས་པ་འཛང་བླུན་ལས་གསུངས་པས། དགེ་བ་ཁས་ལེན་བྱས་པའི་ཕན་ཡོན་དེ་ཙམ་མོ། །)ཞེས་ སོགས་ཕན་ཡོན་གལ་པོ་ཆེ་མང་དུ་གསུངས་སོ། ། དཔལ་ལྡན་བླ་མའི་སྐྱེས་རབས་ཁྱད་འཕགས་འདི། །མདོ་རྒྱུད་རྒྱ་མཚོའི་ནང་དུ་ལེགས་ ཕྱུང་བས། །ངོ་མཚར་ཁྱད་འཕགས་ནམ་མཁའི་ཁྱོན་ལྟར་ཡངས། །དཔལ་འབྱོར་རྟ་ལྗང་ ནོར་བུ་ལྟར་གྱུར་པ། །འཕྲིན་ལས་རབ་དཀར་ཡེ་ཤེས་རོལ་པ་ཡིས། །(ལྟ་ངན་སྡེ་)ཆུ་སྲིན་ (རིགས་)རྒྱལ་མཚན་ཅན་གྱི་སྡེ་རིགས་བཅས། །(ཉོན་མོངས་བདུད་རིགས་)མདའ་ལྔའི་དབང་པོ་ ཉིན་སྐར་ལྟར་སེལ་བ། །ཐུབ་པའི་རྒྱལ་ཚབ་ཀུན་མཁྱེན་ཆོས་ཀྱི་རྗེ། །བསྟན་པའི་སྒྲོན་མེ་ འཛམ་གླིང་མཁས་པའི་རྒྱན། །(ལུང་རིགས་ཀྱི་)འཆད་པའི་ལེགས་བཤད་ཐམས་ཅད་མཁྱེན་ པའི་སྐད། །(ཆོས་རྗེས་ཉ་དབོན་པའི་ཞལ་ནས། མདོ་རྒྱུད་དགོངས་པ་དོན་བཞིན་འཆད་པ་དང༌། །དགོངས་པ་གཏན་ལ་ ཕེབས་པའི་དོན་རྩོད་དང༌། །སྡེབས་ལེགས་སྣར་སྙན་ལེགས་བཤད་སྡོམ་པ་གསུམ། །གང་མངའ་བ་ཡི་ཞབས་རྡུལ་སྤྱི་བོས་ལེན། ། ཅེས་གསུངས་པ་ལྟར། )རྩོད་པའི་དུས་སུ་ལུང་རིགས་ཐོག་ལྕགས་འཕྲོ། །རྩོམ་པའི་ལེགས་བཤད་ རྟ་བདུན་རྒྱལ་པོ་འོད། །བདག་བློ་པད་མོའི་འདབ་སྟོང་རབ་ཕྱེ་སྟེ། །ནང་རིག་འགྱུར་མེད་ གེ་སར་གསལ་མཛད་པ། །བཀའ་དྲིན་མཉམ་ལེན་དཔལ་ལྡན་ཆོས་ཀྱི་རྗེ། །སྟོན་ཟླ་དྲི་མེད་ ཞབས་རྡུལ་དཀྱིལ་འཁོར་དུ། །རྟག་ཏུ་གུས་པས་སྤྱི་བོར་བསྟེན་བགྱི་ཞིང༌། །ཁྱེད་ཀྱི་མཛད་ 1-1-354 སྤྱོད་ཚུལ་བཞིན་ལེགས་བརྟགས་ནས། །དད་པའི་ཤུགས་ཀྱིས་མཆི་མ་རྒྱུན་དུ་བབ། །མོས་ གུས་སྟོབས་ཀྱིས་བ་སྤུ་རབ་ཏུ་གཟེངས། །སྐྱེ་བ་སྔོན་དུ་བྲམ་ཟེ་པད་མ་ཕྲེང༌། །སངས་རྒྱས་ ཆོས་ཀྱི་སྣང་བ་དེ་བཞིན་དུ། །རྒྱལ་བུ་རིན་ཆེན་འབྱུང་གནས་དེ་བཞིན་གཤེགས། །འོད་ཟེར་ ཀུན་ནས་མངོན་འཕགས་རྒྱལ་པོ་དང༌། །འཕགས་པ་སྤྱན་རས་གཟིགས་དང་བརྩོན་འགྲུས་ ཀླུ། །གླིང་བཞི་རྒྱལ་པོ་དེ་བཞིན་ལོ་ཙ་བཱི། །བློ་འཆང་རྟ་རྒྱལ་རུ་རུ་པར་ཙི་ཀ ། འཇིག་རྟེན་ དབང་ཕྱུག་བསོད་ནམས་ལྡན་པ་དང༌། །འོད་བཟང་རྨ་བྱ་མཛེས་པའི་བློ་གྲོས་དང༌། །རྒྱལ་ བུ་མཛེས་ལྡན་གླང་ཆེན་ངང་པ་དང༌། །སྤོས་ཀྱི་གླང་པོ་མཛེས་བཟང་བློ་གྲོས་ཆེ། །རྒྱལ་བུ་མྱ་ ངན་མེད་པ་དེ་བཞིན་གཤེགས། །ཟླ་བའི་རྒྱལ་མཚན་རྒྱལ་པོ་ནོར་བུའི་ཕྲེང༌། །པད་མ་དཀར་ པོ་ཀླུ་སྒྲུབ་སྙིང་པོ་ཞེས། །སྲོང་བཙན་སྒམ་པོ་རྒྱལ་བ་འབྲི་གུང་བ། །ད་ལྟ་(ཀུན་མཁྱེན་ཞེས་པའི་ སྒྲ་དོན་ནི། མཁས་མཆོག་ཞང་སྟོན་རྒྱ་བོས། ཁྱོད་ནི་ཤེས་བྱ་མ་ལུས་པ། །མཁྱེན་པས་ཁྱབ་ནས་ཀུན་མཁྱེན་དུ། །གྲགས་པ་ སྙན་པས་འཇིག་རྟེན་ཁྱབ། །ཀུན་མཁྱེན་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་གསུངས། )ཀུན་མཁྱེན་ཆེན་པོར་སྐུ་ཚེ་ བཞེངས། །ནོར་བུ་ལྟ་བུར་འགྲོ་བའི་དོན་མཛད་པ། །མ་འོངས་སངས་རྒྱས་ཡེ་ཤེས་འབྱུང་ གནས་ཞེས། །མཚན་བཟང་སོ་གཉིས་རོལ་པའི་རྣམ་དག་པ། །སྐྱེས་རབས་སོ་གཉིས་རྣམ་ བཤད་ཁྱད་པར་འཕགས། །དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད། །ངོ་མཚར་རྨད་བྱུང་ བརྒྱད་ཅུའི་ལེགས་བཤད་འདི། །མདོ་རྒྱུད་དག་ལས་ལེགས་པར་བསྡུས་ནས་ནི། །(སངས་རྒྱས་ ཕལ་བོ་ཆེར། སངས་རྒྱས་རྗེས་སུ་དྲན་པ་དག་ལ་མི་ཕྱེད་པ། །དེ་དག་རྟག་ཏུ་སངས་རྒྱས་མཐའ་ཡས་མཐོང༌། །ཅེས་གསུངས། ) དད་པ་ཅན་རྣམས་མོས་གུས་བསྐྱེད་པ་དང༌། །ལོག་སྨྲ་ཅན་རྣམས་སྤྲོ་བ་རྙེད་པ་དང༌། །སྡིག་ ཅན་ཐམས་ཅད་ཆོས་ལ་དགོད་པའི་ཕྱིར། །རྣམ་བཤད་ཁྱད་འཕགས་ཞེས་བྱའི་བསྟན་བཅོས་ འདི། །མཁའ་ལྟར་དྲི་མེད་ཡངས་པའི་བློ་གྲོས་ཅན། །མཛེས་པའི་གདོང་ལ་དགའ་བའི་སྤྱན་ རྒྱས་པ། །མཚུངས་མེད་ཆོས་རྗེ་ཉིད་ལ་མི་ཕྱེད་པའི། །དད་པ་རྒྱ་མཚོ་ལྷག་བསམ་རྣམ་དག་ 1-1-355 ཅན། །སྡེ་སྣོད་རྒྱ་མཚོ་དག་ལ་སྦྱངས་སྟོབས་ལྡན། །(ཞུ་རྟེན་གསེར་གྱི་བདུན་ཚར་ལ་སོགས་)ཆོས་ཀྱི་ གྲགས་པ་ཞེས་བྱས་བསྐུལ་བ་དང༌། །ཁྱད་པར་ས་བདག་རྒྱལ་པོ་(བལ་བོ་འོད་ཟེར་བཟང་ པོ་)སྲས་ཀྱི་མཆོག །རྡོ་རྗེ་རྒྱལ་མཚན་ཞེས་བྱའི་དགེ་སློང་གིས། །ཆོས་གོས་དུང་དཀར་ལ་ སོགས་བརྟེན་ནས་བསྐུལ། །གཞན་ཡང་(བཅོམ་ལྡན་འདས་ཀྱི་གསེར་སྐུ་སོགས་)དད་ལྡན་མང་པོས་ བསྐུལ་བྱས་ནས། །(ཆོས་གྲགས་དཔལ་)རང་ཉིད་ཤིན་ཏུ་མོས་པའི་སྒོ་ནས་སྦྱར། །(མི་འབྲེལ་རང་ བཟོའི་དྲི་མ་ལ་སོགས་)འགལ་བ་ཅི་མཆིས་(ཐམས་ཅད་བཤགས་ཡུལ་ཁྱད་འཕགས་)དཔལ་ལྡན་བླ་མ་(སྐྱེས་ མཆོག་དེ་ཉིད་)དང༌། །སངས་རྒྱས་(ཆོས་དང་)བྱང་ཆུབ་(སེམས་དཔའི་)ཚོགས་ལ་(ཤིན་ཏུ་འགྱོད་པར་ སྟོབས་བཞིའི་སྒོ་ནས་)སོ་སོར་འཆགས། །(དྲི་མེད་གསུང་རབ་རྒྱ་མཙོའི་ནང་ནས་)ལེགས་པའི་(རབ་ཏུ་བསྡུས་ པ་)དགེ་བས་བདག་གཞན་(མཁའ་ཁྱབ་)སེམས་ཅན་ཀུན། །(ཆོས་རྗེ་)དཔལ་ལྡན་བླ་མའི་དྲིན་ གྱིས་རྗེས་བཟུང་ནས། །འགྱུར་མེད་འོད་གསལ་ཕྱག་རྒྱ་ཆེན་པོ་ཡི། །མཆོག་གི་དངོས་གྲུབ་ རྒྱ་ཆེན་མྱུར་ཐོབ་ཤོག །དཔལ་ལྡན་བླ་མའི་ཞབས་པད་ལེགས་བསྟེན་ནས། །འཁོར་ལོ་ གསུམ་དང་རྒྱུད་སྡེ་རྣམ་བཞིའི་ཚོགས། །དགོངས་པ་དེ་ཉིད་མཆོག་ཏུ་རབ་ཐོབ་ནས། །ཟང་ ཟིང་མེད་པར་འགྲོ་ལ་སྟོན་པར་ཤོག ། ཆོས་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་འཕགས་ཞེས་བྱ་བ་འདི་ནི། སྡེ་སྣོད་ འཛིན་པའི་དགེ་སློང་རྡོ་རྗེ་རྒྱལ་མཚན་དང༌། མཁས་པའི་དབང་པོ་ཆོས་ཀྱི་གྲགས་པ་དང༌། གཞན་ཡང་བཙུན་པ་རྡོ་རྗེ་དཔལ་ལ་སོགས་པ་དད་ལྡན་མང་པོས་(ཤོག་སྣ་དང་བཅས་པ་བྱས་ནས་) ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། དཔལ་ལྡན་བླ་མ་(ཀུན་མཁྱེན་ཆེན་པོ་)དེ་ཉིད་ཀྱི་ ཞབས་རྡུལ་པད་མོ་དྲི་མ་མེད་པ་སྤྱི་བོར་ལེན་པའི་བཙུན་པ་ཀུན་སྤངས་ཆོས་གྲགས་དཔལ་ བཟང་པོས་(བལ་ཡུལ་འཕགས་པ་ཤིང་ཀུན་གྱི་གནས་)མཁའ་ལྡིང་ཕུང་པོའི་དགོན་པར་ཆུ་སྟོད་ཀྱི་ཚེས་ བཞི་ནས་བརྩམས་ཏེ། (ཁྲིམས་སྟོད་ཀྱི་)བཅོ་ལྔའི་ཉིན་པར་རྫོགས་པར་བྱ་བ་ལགས་སོ།། །། 1-1-356 བསྟན་པ་རིན་པོ་ཆེ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། ༀ་ཡེ་ དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་ཏཱི་མཧཱ་ཤྲ་མ་ཎ་ཡེ་ སྭཱཧཱ།། །།(རིགས་ལྔའི་ས་བོན་)ཨཱོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱཿ(རབ་གནས་སྔགས་)ཧྲཱིཿབྷྲཱུཾ་ཁཾ་བཛྲི་བྷ་ཝ་ཏཱིཥྚ་ཁཾ་སྭཱཧཱ། ། (སྐྱབས་མཆོག་དང་པོ་སངས་རྒྱས་ཆོས་ཀྱི་རྗེ། །ཕ་མཆོག་རྡོ་རྗེ་འཆང་ཆེན་ཆོས་སྐུ་ཡི། །སྐྱེས་རབ་ཁྱད་འཕགས་སོ་གཉིས་ རྒྱས་བཤད་ཀྱིས། །མཆན་བུ་ཅུང་ཟད་བཏབ་པའི་ཡི་གེ་དེས། །ཡེ་ཤེས་དཔལ་གྱིས་བགྱིས་ཏེ་གསོལ་བ་བཏབ། །མེ་མོ་གླང་ལོ་ ས་གའི་བཅོ་ལྔ་རུ། །རྡོ་རྗེ་མཆེད་དྲུག་གངས་དཀར་རྩ་བ་ལ། །བྱམས་པར་ཁ་ཆེ་བདག་གིས་ཅུང་ཟད་བཀོད། །དགེ་དེས་དཔལ་ ལྡན་བླ་མ་མཉེས་གྱུར་ནས། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཏེ། །དཔེ་འདི་མཐོང་ཐོས་དྲན་པའི་སེམས་ཅན་ཀུན། ། འཁོར་བའི་སྡུག་བསྔལ་ཀུན་གྱི་སྟོང་བའི་གཞི། །མྱང་འདས་ཆེན་པོའི་ཡོན་ཏན་ཡོངས་གང་བའི། །དུས་ཀྱི་འཁོར་ལོའི་བཀྲ་ ཤིས་རྒྱ་མཚོ་ཡིས། །བྱིན་རླབས་མཆོག་དེ་ཁྱེད་ལ་འཇུག་པར་ཤོག །བཀྲ་ཤིས། །) ༼མ་དཔེ་ནི་འཛམ་ཐང་པར་མ་དང༌། དབུ་མེད་བྲིས་མ་དེ་གཉིས་ལ་གཏུག་ཡོད། ༽ མཆན་དེ་ནི་བྱམས་པར་ཁ་ཆེས་མཛད་ པར་མངོན། ། 1-1-357 ༄༅། །འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་ མདོར་བསྟན་པ་ཡོངས་སུ་བརྟག་པ་ཞེས་བྱ་བ་ བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། སྭ་དཪྴ་ནཱ་ནུ་ས་ཏོད་དེ་ཤ་པ་རཱི་ཀྵ་ནཱ་མ། བོད་སྐད་དུ། རང་གི་ ལྟ་བའི་འདོད་པ་མདོར་བསྟན་པ་ཡོངས་སུ་བརྟག་པ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ ཕྱག་འཚལ་ལོ། །ཚོགས་གསུམ་ཡོངས་སུ་རྫོགས་པ་ཡིས། །བཅུ་གསུམ་འབྲས་བུ་བརྙེས་པ་ པོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །འདིར་ ནི་མངོན་སུམ་བསྟན་འཆོས་དག །རྒྱལ་བའི་ཐུགས་སྲས་འཇམ་དབྱངས་ལ། །ཕྱིན་ཅི་ལོག་ བཞིར་བཅས་པ་ནི། །རང་དང་གཞན་གྱི་དོན་དུ་ཞུས། །ཤཱཀྱ་སེངྒེའི་སེང་གེ་ཡིས། །སློབ་ དཔོན་རྣལ་འབྱོར་པ་རྣམས་ལ། །རྒྱུད་དང་རྒྱུད་གཞན་དུ་གསུངས་དང༌། །ཤེས་རབ་ཕ་རོལ་ ཕྱིན་ཚུལ་དང༌། །བྱེ་བྲག་སྨྲ་དང་མདོ་སྡེ་པ། །རྣལ་འབྱོར་སྤྱོད་དང་དབུ་མ་རུ། །འགྱུར་རོ་ འཕགས་པའི་ཡུལ་དུ་ནི། །དབྱངས་ཅན་བདག་པོ་བདག་ལ་གསུངས། །རང་གི་ལྟ་འདོད་ མདོར་བསྟན་དུ། །གང་ལ་རྣམ་པར་ཤེས་པའི་བློས། །ཕྱིན་ཅི་ལོག་བཞིར་བཅས་པ་ནི། ། བདག་གིས་དེ་ཉིད་བཤད་པར་བྱ། །ལམ་མ་ཡིན་ལ་ལམ་གྱི་བློ། །ཆོས་མ་ཡིན་ལ་ཆོས་དང་ ནི། །བདག་མེད་པ་ལ་བདག་བློ་དང༌། །དེ་བཞིན་སྡུག་བསྔལ་ལ་བདེ་བའོ། །ཉོན་མོངས་མ་ ལུས་གཞོམ་པ་དང༌། །མི་ཤེས་མ་ལུས་སྤངས་པའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། ། 1-1-358 སེམས་ཅན་རྣམས་ལ་བཤད་པར་བྱ། །སྲེག་བཅད་བརྡར་བས་གསེར་བཞིན་དུ། །མཁས་པ་ རྣམས་ཀྱིས་ཡོངས་བརྟགས་ནས། །བདག་གསུངས་བླང་བྱ་དགེ་སློང་རྣམས། །གུས་པ་ཙམ་ གྱིས་མ་ཡིན་ནོ། །གང་ཞིག་ལམ་བཟང་དོར་ནས་ནི། །ཆོམ་རྐུན་གྱིས་གང་ལམ་མི་བགྲོད། ། དེ་འདིར་ཐུབ་པ་བདེན་པ་ཡི། །གསུང་དོར་རྫུན་པ་སུ་ཞིག་འཛིན། །འདོད་ཆགས་ལ་སོགས་ དྲི་མ་ཡི། །རྟག་ཏུ་སེམས་ཅན་བསམ་པའི་ཕྱིར། །སེམས་ཅན་བསམ་པའི་དབང་གིས་ གསུངས། །ཐུབ་པས་བདེན་པར་གསུངས་མ་ཡིན། །ཉོན་མོངས་མ་ལུས་གཞོམ་པ་དང༌། །མི་ ཤེས་མ་ལུས་སྤངས་ཕྱིར་དུ། །འདིར་ནི་བདེན་གསུང་སྟོན་པ་ཡིས། །སྦྱིན་པའི་ལམ་དུ་འཇུག་ པར་མཛད། །འདོད་ཆགས་བསམ་པ་མེད་པའི་ཕྱིར། །གཞན་གྱི་བུད་མེད་མ་བཟུང་ཞིང༌། ། ཐུབ་པས་རང་གི་བཙུན་མོ་བྱིན། །སྐྱེ་བ་འདིར་ནི་ཁྱོད་སངས་རྒྱས། །ཞེ་སྡང་བསམ་པ་མེད་ པའི་ཕྱིར། །གཞན་གྱི་ཤ་རྣམས་མ་འཕྲོགས་ཤིང༌། །ཐུབ་པས་རང་གི་ཤ་རྣམས་བྱིན། །སྐྱེ་བ་ འདིར་ནི་ཁྱོད་སངས་རྒྱས། །གཏི་མུག་བསམ་པ་མེད་པའི་ཕྱིར། །གཞན་གྱི་འཕྲོག་པ་མི་ མཛད་པར། །ཐུབ་པས་རང་གི་རྒྱལ་སྲིད་བྱིན། །སྐྱེ་བ་འདིར་ནི་ཁྱོད་སངས་རྒྱས། །འདོད་ ཆགས་ཞེ་སྡང་གཏི་མུག་རྣམས། །འདི་རྣམས་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་ མུག་རྣམས། །འདི་རྣམས་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ཆོས་ནི་དུག་མི་མངའ། ། ཆོས་ཀྱི་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འདི་རྣམས་ འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་ དུག་བཅོམ་མོ། །བདེན་པ་དཔྱད་པས་སྐྱེ་བོ་ནི། །སྐྱེ་བ་འདིར་ནི་ཁྱོད་སངས་རྒྱས། །སངས་ རྒྱས་ཁྱོད་ནི་སྐྱེ་གཞན་མིན། །སངས་རྒྱས་སྐྱེ་བོ་ཁྱོད་སངས་རྒྱས། །ལྷ་ཡི་སྐྱེ་བ་ལྷ་ཉིད་དེ། ། ལྷ་མིན་སྐྱེ་བ་ལྷ་མིན་ཉིད། །གྲུབ་པའི་སྐྱེ་བ་གྲུབ་པ་ཉིད། །མི་ཡི་སྐྱེ་བ་མི་ཉིད་དོ། །དུད་ 1-1-359 འགྲོའི་སྐྱེ་བ་དུད་འགྲོ་ཉིད། །ཡིད་བརྟགས་སྐྱེ་བ་ཡིད་བརྟགས་ཉིད། །དེ་ལྟར་ལ་སོགས་ གཞན་ལ་ཡང༌། །རྟག་ཏུ་མཁས་པས་ཤེས་པར་བྱ། །སངས་རྒྱས་ཡང་དག་འབྱུང་ལས་ཀྱིས། ། སངས་རྒྱས་ཉིད་དུ་འགྱུར་བ་སྟེ། །ལྷ་ཡི་ཡང་དག་འབྱུང་ལས་ཀྱིས། །ལྷ་ཉིད་དུ་ནི་འགྱུར་ བའོ། །ལྷ་མིན་ཡང་དག་འབྱུང་ལས་ཀྱིས། །སྦྱིན་མའི་བུ་རུ་འགྱུར་བ་སྟེ། །གྲུབ་པ་ཡང་དག་ འབྱུང་ལས་ཀྱིས། །གྲུབ་པ་ཉིད་དུ་འགྱུར་བའོ། །མི་རུ་ཡང་དག་འབྱུང་ལས་ཀྱིས། །མི་ཉིད་དུ་ ནི་འགྱུར་བའོ། །དུད་འགྲོ་ཡང་དག་འབྱུང་ལས་ཀྱིས། །དུད་འགྲོར་ཡང་དག་འགྲོ་བའོ། ། ཡིད་རྟགས་(ཡི་དྭགས་)ཡང་དག་འབྱུང་ལས་ཀྱིས། །ཡིད་རྟགས་(ཡི་དྭགས་)ཉིད་དུ་ འགྱུར་བ་སྟེ། །དམྱལ་བར་ཡང་དག་འབྱུང་ལས་ཀྱིས། །དམྱལ་བ་ཉིད་དུ་འགྱུར་བའོ། ། བསོད་ནམས་ཕུང་པོས་སངས་རྒྱས་ཁྱོད། །སྟོན་པའི་སྐུ་དང་སྤྱོད་པ་སྟེ། །སྡིག་པའི་ཕུང་པོས་ སངས་རྒྱས་ཁྱོད། །གདུག་པ་རུལ་བའི་ལུས་ཉིད་དོ། །སངས་རྒྱས་ཤཱཀྱ་སེངྒེ་ཡིས། །སེམས་ ཅན་བསམ་པའི་དབང་དག་གིས། །སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་རུ་ གསུངས་པ་སྟེ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིགས་མེད་པ། །ཡེ་ ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །ཇི་ལྟར་གཟུགས་ཀྱི་སྐུ་དང་ ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ། །སེམས་ཅན་བསམ་པའི་དབང་གི་ཕྱིར། །བསྟན་བཅོས་ སྐྱབས་གནས་གསུམ་པོས་གསུངས། །ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། །སྐུ་གསུམ་དུ་ནི་ རབ་ཏུ་བསྒྲགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་རྣམས། །སྔགས་ཀྱི་ཚུལ་ལ་མི་ཡིས་བསྒྲུབ། ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་དང༌། །ཆོས་སྐུ་མཛད་ པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བཤད། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་མངའ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་ པ་མེད་པ་འཆང༌། །གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ ། 1-1-360 སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་ མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུ་རབ་བསྒྲགས། །ཡེ་ཤེས་ཕུང་པོ་མཐའ་ཡས་པ། ། བདག་གི་ཡེ་ཤེས་སྐུ་རབ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་ འགྱུར་མེད་མཆོག །གོང་བུའི་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་ བསྒྲགས། །བསྒྲུབ་བྱ་ལུས་ནི་རྒྱལ་མིན་འགྱུར། །སེམས་ཅན་མགུ་བའི་གནས་དང་ནི། །སྟོང་ ཉིད་ཡེ་ཤེས་དམ་པའི་བདེས། །གང་ཕྱིར་སྐུ་རྣམས་སྒྲུབ་པའོ། །བསྒྲུབ་བྱ་རྣམས་དང་སྒྲུབ་པོ་ དང༌། །སྒྲུབ་པ་རྣམས་ནི་གཅིག་མེད་ན། །དེ་བཞིན་གཞན་ཉིད་མེད་པར་འགྱུར། །དེ་མེད་ན་ ནི་ཚོགས་པའང་མེད། །བསོད་ནམས་མིན་ལས་རྒྱལ་པོ་མིན། །རྒྱལ་པོ་བསོད་ནམས་མེད་ ལས་མིན། །ཚུལ་ཁྲིམས་མེད་ལས་ཚངས་པ་མིན། །ཚངས་པ་ཚུལ་ཁྲིམས་མེད་ལས་མིན། ། ཚོགས་མ་རྫོགས་ལས་སངས་རྒྱས་མེད། །སངས་རྒྱས་ངེས་པར་ཚོགས་རྫོགས་ལས། །སྡིག་ པ་མེད་ལས་སྡིག་ཅན་མིན། །སྡིག་ཅན་སྡིག་པ་མེད་ལས་མིན། །བསྟན་བཅོས་མི་ཤེས་ མཁས་པ་མིན། །མཁས་པས་བསྟན་འཆོས་མི་ཤེས་མིན། །བཟོ་རིགས་མི་ཤེས་བཟོ་མཁན་ མིན། །བཟོ་མཁན་བཟོ་རིག་མི་ཤེས་མིན། །ཤེས་པ་མེད་ན་ཡེ་ཤེས་མིན། །ཡེ་ཤེས་ཤེས་པ་ མེད་ལས་མིན། །ཤེས་བྱ་མེད་ན་ཤེས་བྱེད་མེད། །ཤེས་བྱེད་ཤེས་བྱ་མེད་ལས་མིན། །རྣལ་ འབྱོར་མེད་ན་སྦྱོར་པོ་མིན། །སྦྱོར་པོ་རྣལ་འབྱོར་མེད་ལས་མིན། །ལོངས་སྤྱོད་མེད་ན་འབྱོར་ ལྡན་མིན། །འབྱོར་ལྡན་ལོངས་སྤྱོད་མེད་ལས་མིན། །ནད་མེད་པ་ལས་ནད་པ་མིན། །ནད་པ་ ནད་མེད་པ་ལས་མིན། །སྡུག་བསྔལ་མེད་ན་སྡུག་ལྡན་མིན། །སྡུག་ལྡན་སྡུག་བསྔལ་མེད་ ལས་མིན། །ལུས་མེད་པ་ལས་ལུས་ལྡན་མིན། །ལུས་ལྡན་ལུས་མེད་པ་ལས་མིན། །ངག་མེད་ པ་ལས་ངག་ལྡན་མིན། །ངག་ལྡན་ངག་མེད་པ་ལས་མིན། །སེམས་མེད་པ་ལས་སེམས་ལྡན་ མིན། །སེམས་ལྡན་སེམས་མེད་པ་ལས་མིན། །དེ་ལྟར་ལ་སོགས་ཐམས་ཅད་འདིར། །ཤེས་ 1-1-361 པར་བྱའོ་ལེགས་འགྲོ་རྣམས། །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་ པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དིང་བདག་མཛོད། །ཕྱོགས་བཅུར་ བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་ གྱིས་ནི། །བྱིན་རླབས་གནས་སུ་དིང་བདག་མཛོད། །དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །རྡོ་ རྗེ་མི་ཕྱེད་གསུམ་བསྒོམས་པས། །གསུང་གི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དིང་ བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་ བསྒོམས་པས། །གསུང་གི་རྡོ་རྗེ་ཅན་གྱིས་ནི། །བྱིན་རླབས་གནས་སུ་དིང་བདག་མཛོད། ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ ཅན་གྱིས་ནི། །བྱིན་རླབས་གནས་སུ་དིང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་ རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱིས་ནི། །བྱིན་ རླབས་གནས་སུ་དིང་བདག་མཛོད། །རང་བདག་བྱ་བ་རྣམ་འགགས་པས། །སེམས་མེད་པ་ ཡི་ཐུགས་འཆང་བ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཀུན་གྱི་རྡོ་རྗེ་འཛིན་པ་མཆོག །ཤེས་ དང་ཤེས་བྱ་བདེ་རྣམས་དང༌། །ཤེས་དང་ཤེས་བྱ་བདེ་ལྡན་མཆོག །ལུས་ངག་ཡིད་དང་ལྡན་ པ་ཡང༌། །འཁོར་བར་རང་རང་ལས་ལ་སྤྱོད། །རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས། །ཇི་ལྟར་ སེམས་དཔའ་ཆེན་པོར་བཤད། །དེ་བཞིན་དམ་ཚིག་སེམས་དཔའ་ཡང༌། །རྣམ་པར་དག་ པར་ཡོངས་སུ་བསྒྲགས། །རྫོགས་སངས་རྒྱས་དང་རྡོ་རྗེ་སེམས། །བྱང་ཆུབ་སེམས་གང་དེ་ ཉིད་གཞན། །རང་རྒྱལ་ཉན་ཐོས་སངས་རྒྱས་དང༌། །སེམས་དཔའ་ཆེན་པོར་བཤད་པའོ། ། བྱང་ཆུབ་སེམས་དཔའ་ཐུབ་པའི་སྲས། །དམ་ཚིག་སེམས་དཔའ་དེ་བཞིན་ཏེ། །དེ་ལྟར་ སེམས་དཔའ་བཞི་པོ་རྣམས། །སྐུ་རྣམས་ཀྱི་ནི་སྒྲུབ་པོ་མཆོག །བཞི་པོ་རྣམས་ཀྱི་སྙིང་པོ་ནི། ། སྟོང་ཉིད་ཡེ་ཤེས་འགྱུར་མེད་དེ། །ཀྱཻ་ཡི་རྡོ་རྗེ་ཞེས་བརྗོད་པ། །སྟོང་ཉིད་ཡེ་ཤེས་སྨྲ་བའོ། ། 1-1-362 ཇི་ལྟར་རང་བཞིན་ཡང་དག་དག །ཆོས་རྣམས་ཐམས་ཅད་ཟག་པ་མེད། །དེ་བཞིན་རང་ བཞིན་དག་པ་ང༌། །ཞེས་པ་བདེན་པར་གསུངས་པ་མེད། །ཀུན་གྱི་སྒྲ་རྣམས་ཐམས་ཅད་ མཁྱེན། །འཇིག་རྟེན་གསུམ་སྤྱོད་སྤྱོད་པ་མིན། །ཡེ་ཤེས་རང་བཞིན་སྒྲ་ཡིས་ནི། །སྒོམ་པ་རང་ གི་རང་བཞིན་ནོ། །གང་ཚེ་རང་བཞིན་གྱིས་དག་པའི། །ཆོས་རྣམས་ཐམས་ཅད་ཟག་མེད་པ། ། དེ་ཚེ་ཕྱི་རོལ་འབྱུང་པོ་དང༌། །སྔགས་པའི་རང་བཞིན་ཇི་ལྟར་འགྱུར། །སྟོང་ཉིད་ཡེ་ཤེས་རྡོ་ རྗེ་ཡི། །རང་བཞིན་བདག་ཉིད་ཅེས་པ་དང༌། །ཇི་ལྟར་རྣལ་འབྱོར་སྤྱོད་གསུངས་པ། །དེ་ལྟར་ དབུ་མར་མི་འགྱུར་རོ། །ཕུང་པོ་རྣམ་དཔྱད་སྟོང་པ་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་ པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་པ་འགག་མེད་ པའི། །ཤེས་བྱའི་དོན་རྣམས་མཐོང་བ་ཡི། །སྟོང་ཉིད་སྟོང་པ་བསྒོམ་པ་ནི། །ཕུང་པོ་རྣམ་ དཔྱད་མ་ཡིན་ནོ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །རྒྱལ་བས་སྙིང་པོ་མེད་པར་ གསུངས། །གང་རྣམས་སྟོང་པ་ཉིད་མཐོང་བའི། །སྒྲུབ་ཐབས་འདི་ནི་གསུངས་པའོ། །སྙིང་ རྗེའི་ཆོས་རྣམས་ཐམས་ཅད་རྣམས། །སྙིང་པོ་མེད་པར་རྒྱལ་བས་གསུངས། །གང་རྣམས་སྙིང་ རྗེ་མཐོང་བ་ཡི། །སྒྲུབ་ཐབས་འདི་ནི་གསུངས་པའོ། །ཐོག་མ་ཐ་མ་མེད་བཞི་བ། །དངོས་དང་ དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་གཉིས་མེད་པ། །བྱང་ཆུབ་སེམས་ཤེས་བཤད་ པའོ། །ཀུན་རྫོབ་དང་ནི་དོན་དམ་པ། །གཉིས་པོ་དག་ཀྱང་མེད་པ་སྟེ། །ཀུན་རྫོབ་ཡོངས་སུ་ ཤེས་པ་ན། །ཐམས་ཅད་མཁྱེན་པ་ཞེས་པར་བརྗོད། །སྲིད་པ་དང་ནི་མྱ་ངན་འདས། །གཉིས་ པོ་དག་ནི་ཡོད་མིན་ཏེ། །སྲིད་པ་ཡོངས་སུ་ཤེས་པ་ན། །མྱ་ངན་འདས་པ་ཞེས་པར་བརྗོད། ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་ དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དངོས་པོ་མེད་ལ་སྒོམ་པ་མེད། །དངོས་པོ་ བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མི་འགྱུར། །སྒོམ་པ་དམིགས་སུ་མེད་པའོ། ། 1-1-363 ཡོད་དང་མེད་ལས་རྣམ་པར་འདས། །ཟག་པ་མེད་པའི་བློ་ནི་གང༌། །ཟབ་མོ་དེ་ནི་དམིགས་ པ་མེད། །ཡིད་ཆེས་དོན་ཅན་བསྒོམ་པར་བྱ། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བ་ འདྲ་བའོ། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་བ་མར་མེ་འདྲ་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། ། སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་ མེའོ་ཆེ། །འོད་ཆེན་རྣམ་པར་སྣང་བ་སྟེ། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། ། སྔགས་ཀྱི་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་ པོ་སྣ་ཚོགས་སྟོན། །དག་པ་སྤྲིན་དཀར་བཞིན་དུ་དཀར། །འོད་བཟང་སྟོན་དཀའི་ཟླ་བའི་ འོད། །ཉི་མ་གཞོན་ནུའི་དཀྱིལ་འཁོར་མཛེས། །འདོད་ཆགས་ཆེན་པོ་སེན་མོའི་འོད། །ཟུར་ ཕུད་བཟང་པོ་འཐོན་ཀའི་མཆོག །སྐྲ་མཆོག་འཐོན་ཀ་ཆེན་པོ་འཆང༌། །ནོར་བུ་ཆེན་པོ་འོད་ ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རིགས་འཆང་བ། །དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །སྒྲོན་ མ་འབར་བ་ཟླ་ཉི་དང༌། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ བ། །བཙུམས་དང་མ་བཙུམས་མིག་དག་གིས། །སྟོང་པར་གང་ཞིག་རྗེས་རྟགས་མིན། །རྨི་ ལམ་བཞིན་དུ་གཟུགས་མཐོང་འགྱུར། །གཟུགས་དེ་རྟག་ཏུ་བསྒོམ་པར་བྱ། །ཇི་ལྟར་པྲ་ཕབ་ གཞོན་ནུ་མས། །མེ་ལོང་ལ་མཐོང་དངོས་སྐྱེས་མིན། །དེ་བཞིན་འདས་དང་མ་འོངས་ཀུན། ། མཁའ་ལ་དེ་ཉིད་རྣལ་འབྱོར་པས། །དེ་ནི་དངོས་དང་དངོས་མེད་མིན། །དངོས་པོ་སྟོང་པའི་ དོན་མཐོང་ཕྱིར། །དངོས་དང་དངོས་མེད་དོན་ཡོད་པ། །སྒྱུ་མ་རྨི་ལམ་མིག་འཕྲུལ་བཞིན། ། མེད་པའི་ཆོས་ཅན་ལ་ནི་ཆོས། །སྐྱེ་བ་འདི་ནི་རབ་ཏུ་མཐོང༌། །ཡིད་བཞིན་ནོར་ལྟར་མཐའ་ ཡས་པའི། །སེམས་ཅན་རེ་བ་ཡོངས་སྐོང་བྱེད། །པྲ་ཕབ་པ་ཡི་གཞོན་ནུ་མས། །མ་མཐོང་བ་ ཡི་རྫས་རྣམས་མཐོང༌། །ཉི་ཚེ་བ་ཡི་མིག་དག་ལས། །སོན་ནས་སྒྲུབ་པ་པོ་ཡིས་མཐོང༌། ། 1-1-364 གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་པ་ཅིས་མི་མཐོང༌། །འོན་ཏེ་མེད་པའི་ གཟུགས་མཐོང་ན། །རི་བོང་རྭ་ནི་ཇི་ལྟར་མིན། །གཞན་གྱི་མིག་གིས་མི་མཐོང་ཞིང༌། །རང་ གི་མིག་གིས་མཐོང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །དོན་ གྲུབ་གྲུབ་པའི་ཀུན་རྟོག་ནི། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་ཁམས་མི་ ཟད། །ཆོས་དབྱིངས་དམ་པ་ཟད་པ་མེད། །གྲུབ་པ་གལ་ཏེ་ཀུན་རྟོག་པ། །དོན་རྣམས་གྲུབ་ པར་ཡོངས་སུ་བརྗོད། །རྣམ་པར་རྟོག་མེད་ཇི་ལྟར་བརྗོད། །ཀུན་རྟོག་ཐམས་ཅད་སྤངས་ པའོ། །གསེར་ལ་ར་གན་དུ་རྟོག་པ། །ཀུན་ཏུ་བརྟགས་པར་བརྗོད་པ་ཡིན། །གསེར་ལ་གསེར་ དུ་རྟོག་པ་ནི། །རྣམ་པར་བརྟགས་པ་མེད་པར་བརྗོད། །ཇི་ལྟར་ཡང་དག་མི་ཤེས་པ། །ཀུན་ཏུ་ རྟོག་པར་བརྗོད་པའོ། །ཇི་ལྟར་ཡང་དག་ཤེས་པ་ན། །རྣམ་པར་རྟོག་པ་མེད་པར་བརྗོད། ། རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་ཁམས་དམ་པ་ཟད་པ་མེད། །ཆོས་ཀྱི་དབྱིངས་སུ་ སོན་རྣམས་ཀྱི། །སངས་རྒྱས་དེ་ལྟར་འགྱུར་བ་ཅི། །དཔག་མེད་ཡེ་ཤེས་ཕ་རོལ་ཕྱིན། །རྣམ་ པར་མི་རྟོག་པ་ལ་འདུད། །གང་ཁྱོད་སྐྱོན་ཀུན་མེད་པའི་སྐུ། །སྡིག་བྲལ་རྣམས་ཀྱི་ངེས་པར་ ལྟོས། །རྣམ་པར་རྟོག་མེད་ཇི་ལྟར་བརྗོད། །དཔག་མེད་ཤེས་རབ་ཕ་རོལ་ཕྱིན། །རྣམ་པ་ཀུན་ གྱི་མཆོག་ལྡན་པའི། །གཟུགས་མེད་གཟུགས་ཀྱི་མཚན་ཉིད་དོ། །སྐྱོན་མེད་རྣམས་ཀྱི་ཡིད་ རྣམས་དང༌། །མིག་དག་གིས་ནི་ངེས་པར་མཐོང༌། །རྫོགས་སངས་རྒྱས་དང་བྱང་སེམས་ཀྱང༌། ། རྣམ་པར་མི་རྟོག་པ་ལ་བཤད། །སངས་རྒྱས་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་ ཀྱི་སྐྱབས་དང་ནི། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་པ་ཞེས་པར་ངེས། ། གང་ཞིག་རྣམ་པར་མི་རྟོག་པ། །ཤེས་རབ་ཕ་རོལ་ཕྱིན་ལམ་དྲན། །རྣམ་པར་མི་རྟོག་པ་འདི་ ནི། །འདི་ཡི་ལམ་དུ་བརྟེན་པར་བཤད། །འདི་ཉིད་ཤེས་རབ་ཕ་རོལ་ཕྱིན། །ཡང་དག་འགྲོ་བ་ དེ་བཞིན་གཤེགས། །དྲི་མ་དང་བཅས་དྲི་མ་མེད། །ཕ་རོལ་སེམས་ནི་མཁྱེན་པའོ། །ཇི་ལྟར་ 1-1-365 ཉི་མ་མཁར་གསལ་ཡང༌། །རྟོག་པ་མེད་པར་རབ་ཏུ་གྲགས། །གསལ་བ་ཡང་དག་གནས་ བསྒོམས་ན། །བུམ་པ་ལ་སོགས་རྣམ་རྟོག་མེད། །གསལ་བ་དེ་ནི་བསྒོམས་པ་ཡིས། །མི་དང་ མི་མོ་གང་མཐོང་བ། །རྣམ་པར་རྟོག་པ་མིན་པར་ནི། །ཀུན་གཟིགས་རྫོགས་སངས་རྒྱས་ཀྱིས་ གསུངས། །རང་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །འཇིག་ རྟེན་དཔེ་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཤེས་དང་ཤེས་བྱའི་ཕུང་ པོ་ཡང༌། །ཀུན་མཁྱེན་བདག་པོ་མཆོག་ཏུ་འགྱུར། །ཀུན་མཁྱེན་བདག་པོ་མཆོག་རྣམས་ལ། ། ཤེས་དང་ཤེས་བྱའི་བདག་པོ་མེད། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་དང་ཡང་ དག་ལྡན། །མི་ཕྱེད་བདེ་བ་འགྱུར་བ་མེད། །ཡེ་ཤེས་རྡོ་རྗེ་རྒྱལ་དབང་རྣམས། །བཅུ་དྲུག་ དགའ་བའི་དབྱེ་བ་ནི། །དབང་པོ་གཉིས་སྐྱེས་ཇི་ལྟར་འགྱུར། །བཅོ་ལྔ་ཆ་ཡི་བདག་ཉིད་ཀྱི། ། ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །ཨཱ་ལའི་རང་བཞིན་བདེ་ཆེན་པོ། །རྣལ་འབྱོར་མ་རྣམས་ དེ་ཡི་ཆ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། ། གསུམ་པོ་སྤངས་པ་དེ་ཡི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །འདིས་ནི་བདེན་པ་ གསུངས་པ་ཡིས། །སྔ་མར་གསུངས་པ་བཀག་པ་སྟེ། །སྔོན་ཉིད་དང་ནི་ཕྱི་མ་དག །རིམ་པ་ཕྱི་ མ་སྟོབས་དང་ལྡན། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། ། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་པོ། ། ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །རབ་ཏུ་མི་གནས་མྱ་ངན་འདས། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། ། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་རང་བཞིན། ། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། ། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་སྐྱེ་ 1-1-366 གནས་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་བསྐྱེད་ པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་འགྱུར་མེད་ལྔ། །ཐིག་ལེ་སྟོང་པ་འགྱུར་ མེད་དྲུག །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །འདི་ནི་ཆོས་ཀྱི་ངེས་པའི་ཆོས། ། ལམ་མ་ཡིན་ལས་ལམ་བློ་གང༌། །ཕྱིན་ཅི་ལོག་པ་བཞི་པོ་དེ། ཁྱོད་ཀྱིས་དོར་ཅིག་རྒྱལ་པོ་ཀྱེ། ། ཞེས་པ་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ཡོངས་སུ་བརྟག་པར་ལམ་ཡོངས་སུ་ བརྟག་པའི་ལེའུ་སྟེ་དང་པོའོ།། །། ལུས་དང་ངག་དང་ཡིད་ཀྱི་ལས། །རང་གིས་བྱས་པ་དགེ་མི་དགེ ། ལུས་ཅན་འབྲས་བུ་ ལོངས་སྤྱོད་ཀྱི། །གཞན་གྱིས་བྱས་པ་མ་ཡིན་ནོ། །ལུས་ཅན་ལས་རྣམས་བསྐལ་པ་ནི། །བྱེ་བ་ བརྒྱར་ཡང་ཉམས་པ་མེད། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ངེས་པར་འཐོབ་པའོ། ། ཚོགས་པ་གསུམ་པོ་གསུངས་པ་ནི། །བརྟན་པ་དང་ནི་གཡོ་བ་དང༌། །འདྲེས་པའི་ལས་ རྣམས་ལོངས་སྤྱོད་པར། །ལུས་ཅན་སྤྱོད་པར་འགྱུར་བའོ། །བརྟན་པ་ས་སོགས་འབྱུང་བ་ དང༌། །གཡོ་བ་སྲོག་ཆགས་འབྱུང་བའོ། །འདྲེས་པ་སྣ་ཚོགས་ནད་རྣམས་ཀྱིས། །བདག་བློ་ ངེས་པར་འཇོམས་པའོ། །ས་དང་ཆུ་དང་མེ་དང་རླུང༌། །བདེ་དང་སྡུག་བསྔལ་འགྱུར་བ་གང༌། ། རང་གི་ལས་འབྲས་ལོངས་སྤྱོད་ཕྱིར། །ས་ལ་སོགས་པ་དེ་ལྟ་མིན། །འཆི་དང་ནད་རྣམས་སྣ་ ཚོགས་ཀྱིས། །རང་ཉིད་ངེས་པར་འཇོམས་གྱུར་ན། །རང་གི་ལས་འབྲས་ལོངས་སྤྱོད་ཀྱི། ། ནད་ལ་སོགས་པའི་རྒྱུ་མཚན་མིན། །སེམས་ཅན་ཚོགས་ལ་བདེ་བ་དང༌། །སྡུག་བསྔལ་རྒྱལ་ པོས་སྟེར་བ་ཡང༌། །རང་གི་ལས་འབྲས་ལོངས་སྤྱོད་དོ། །གཡོ་བ་ཚོགས་པར་གྱུར་པས་མིན། ། དེ་ཡི་བདེ་སྡུག་སྟེར་བ་ཉིད། །གཞན་ཏེ་རྒྱལ་པོའི་སྟོབས་ཀྱིས་མིན། །དེ་ཡང་གཞན་གྱིས་ བྱིན་པ་ཉིད། །གཞན་ཏེའང་རྒྱལ་པོ་མ་ཡིན་ནོ། །འཁོར་བ་ན་ནི་འཁོར་བ་ཡང༌། །ལས་རྣམས་ 1-1-367 ཀྱིས་ནི་ལས་འབྲས་བསྐྱེད། །བྱས་དང་བྱེད་དུ་བཅུག་པ་ཡིས། །སེམས་ཅན་སྲིད་པར་སྤྱོད་ པའོ། །སྔོན་གྱི་ལས་ལ་ལོངས་སྤྱོད་དོན། །ཕྱི་མ་དེ་ཡང་སོག་པ་ན། །ལུས་ཅན་བྱ་བ་ངེས་པར་ ནི། །གང་གིས་ལས་རྣམས་ཟད་པ་མེད། །མི་དགེ་བཅུ་པོ་བྱས་པ་ཡིས། །ལུས་ཅན་རྣམས་ཀྱི་ སྡིག་པར་འགྱུར། །དེ་རྣམས་ངེས་པར་སྤངས་པ་ན། །ཀུན་ཏུ་བསོད་ནམས་འགྱུར་བའོ། ། ལུས་ཅན་རྣམས་ཀྱིས་བྱས་པའི་ལས། །ལས་ཀྱི་འབྲས་བུ་ལོངས་སྤྱོད་ཀྱི། །སྟེར་དང་འཕྲོག་ པར་བྱེད་པ་ཡི། །བྱེད་པོ་གཞན་ནི་འགའ་ཡང་མེད། །ལུས་ངག་སེམས་རྣམས་ཀྱིས་བྱས་ དང༌། །དབང་པོ་རྣམས་ཀྱིས་བརྟག་བྱས་དང༌། །ཡུལ་གྱི་འཛིན་པས་ལས་བྱས་གང༌། །དེ་ རྣམས་འབྲས་བུ་སྟེར་བའོ། །མི་དང་མི་མོས་སེང་མཐོང་ན། །ལུས་ཅན་འཇིག་པར་འགྱུར་ བའོ། །སྐྱེ་བོས་ཞི་བདེ་མཐོང་བ་ན། །ལུས་ཅན་རྣམས་ནི་དགའ་བར་འགྱུར། །སྟག་ཆེན་པོ་ཡི་ སྐད་ཐོས་ན། །ལུས་ཅན་རྣམས་ནི་སྐྲག་པར་འགྱུར། །བཟང་ཞིང་དགའ་བའི་སྐད་ཐོས་ན། ། ལུས་ཅན་རྣམས་ནི་དགའ་བར་འགྱུར། །ཤིན་ཏུ་ངན་པའི་དྲི་བསྣམས་ན། །ལུས་ཅན་རྣམས་ ནི་མི་དགར་འགྱུར། །ཤིན་ཏུ་ཞིམ་པའི་དྲི་བསྣམས་ན། །ལུས་ཅན་དགའ་བར་འགྱུར་བའོ། ། མར་དང་འོ་མའི་རོ་མྱངས་པས། །ལུས་ཅན་རྣམས་ནི་རྒྱས་པར་འགྱུར། །དུག་རྣམས་ཀྱི་ནི་ རོ་མྱངས་ན། །ལུས་ཅན་རྣམས་ནི་རྒྱལ་བར་འགྱུར། །ཤིན་ཏུ་གྲང་དང་དྲོ་བ་ཡིས། །རེག་བྱས་ ལུས་ཅན་སྡུག་བསྔལ་འགྱུར། །ཤིན་ཏུ་འཇམ་པའི་རེག་བྱ་ཡིས། །ལུས་ཅན་རྣམས་ནི་བདེ་ བར་འགྱུར། །སེམས་ཅན་གང་གིས་སེམས་ཅན་ཆེད། །ཡིད་ཀྱིས་སྡུག་བསྔལ་རྒྱ་མཚོ་བྱིན། ། གཞན་དེ་ཡིས་ཀྱང་ཡིད་ཀྱིས་ནི། །སྡུག་བསྔལ་རྒྱ་མཚོ་རབ་ཏུ་སྟེར། །སེམས་ཅན་གང་གིས་ སེམས་ཅན་ཆེད། །ངག་གིས་སྡུག་བསྔལ་རྒྱ་མཚོ་བྱིན། །གཞན་དེ་ཡིས་ཀྱང་ངག་གིས་ནི། ། སྡུག་བསྔལ་རྒྱ་མཚོ་རབ་ཏུ་སྟེར། །སེམས་ཅན་གང་གིས་སེམས་ཅན་ཆེད། །ལུས་ཀྱིས་སྡུག་ བསྔལ་རྒྱ་མཚོ་བྱིན། །གཞན་དེ་ཡིས་ཀྱང་ལུས་ཀྱིས་ནི། །སྡུག་བསྔལ་རྒྱ་མཚོ་རབ་སྟེར་བའོ། 1-1-368 ཁ་ཅིག་ངག་གི་སྐྱོན་རྣམས་ཀྱིས། །ལུས་ལ་དབྱུག་པ་བྱིན་པ་ན། །གཞན་དེ་ཡིས་ཀྱང་ལུས་ ཉིད་ལ། །དབྱུག་པ་སྟེར་རོ་མི་བདག་ཀྱེ། །གང་ཞིག་ཡིད་ཀྱིས་བྱས་པའམ། །ཡིད་ཀྱིས་བྱེད་ དུ་བཅུག་པའི་ལས། །དེ་ནི་ལུས་ཀྱི་ལོངས་སྤྱོད་དེ། །རྣམ་གསུམ་ལས་ཀྱི་འབྲས་བུ་གང༌། ། ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་རྣམས་དང༌། །ཡིད་ཀྱིས་རབ་བྱས་ རྣམ་གསུམ་ཞེས། །རྫོགས་སངས་རྒྱས་ཀྱིས་ཡོངས་སུ་བསྒྲགས། །གང་ཚེ་མི་དང་མི་མོ་ཡི། ། ལུས་དང་ངག་དང་ཡིད་གསུམ་གྱིས། །མི་དགེ་བྱས་པ་དེ་ཡི་ཚེ། །ལུས་ཀྱི་སྡིག་པ་ཇི་ལྟར་ འགྱུར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ལ། །རྫོགས་སངས་རྒྱས་ཀྱི་འབྲས་བུ་དང༌། །ཉན་ཐོས་ རང་སངས་རྒྱས་པ་ཡི། །འབྲས་བུ་དེ་བཞིན་གཤེགས་པས་གསུངས། །གལ་ཏེ་འབྲས་བུ་སྤྱད་ བྱར་མེད། །དེས་ན་དེ་རྣམས་འབྲས་བུར་ཅི། །རྫོགས་སངས་རྒྱས་ཕྱོགས་སྤྱད་བྱ་སྟེ། །ལོངས་ སྤྱོད་ཟད་པ་དེ་ཡིས་ཅི། །འཇིག་རྟེན་རྟག་པའི་གཟུགས་ཅན་དུ། །གང་ཚེ་ལྟ་བས་སྡུག་བསྔལ་ ཏེ། །དེ་ཚེ་སྟེར་པོ་ལེན་པ་པོ། །གཉིས་པོ་དག་ནི་ཚོགས་པ་མེད། །སྦྱིན་པོ་སྦྱིན་པའི་སེམས་ དང་ནི། །གང་ཚེ་ལེན་པོའང་ཡོད་གྱུར་པ། །དེ་ཚེ་བསོད་ནམས་ཚོགས་དང་ལྡན། །སྦྱིན་པ་པོ་ ལས་གཞན་ལ་མིན། །གང་ཚེ་སྦྱོར་པོ་གསོད་པ་པོས། །བསད་པའི་དུས་གཅིག་གྱུར་པ་ན། ། དེ་ཚེ་སྡིག་པའི་ཚོགས་ཉིད་དེ། །གསོད་པ་པོ་ལས་གཞན་ལ་མིན། །སེམས་ཅན་རྣམས་ཀྱི་ ཡིད་སྐྱེས་དང༌། །ངག་ལས་སྐྱེས་པའི་སྨོན་ལམ་བྱིན། །གང་ཚེ་སྦྱིན་བཅུའི་བསོད་ནམས་ཏེ། ། དེ་ཚེ་ལུས་ཀྱི་སྦྱིན་པ་ཅི། །ལུས་དང་ངག་དང་ཡིད་གསུམ་གྱིས། །མི་དགེ་བ་ནི་བྱས་པ་ན། ། གང་ཚེ་བདེན་པར་དགེ་སློང་ལ། །དེ་ཚེ་ཕམ་པའི་སྡིག་པར་འགྱུར། །རྨི་ལམ་སྲོག་ཆགས་ བསད་པ་དང༌། །གཞན་གྱི་ནོར་ནི་འཕྲོག་པ་དང༌། །འདོད་པས་ལོག་གཡེམ་དཔྱད་པ་ཡི། ། དགེ་འདུན་ཕམ་པར་མི་འགྱུར་རོ། །སེམས་ཅན་ཕན་ལས་བསོད་ནམས་དང༌། །སེམས་ཅན་ གནོད་ལས་སྡིག་པ་སྟེ། །ཕན་དང་གནོད་པ་རྣམས་མེད་ན། །ལས་མེད་འབྲས་བུ་མེད་པའོ། ། 1-1-369 དུད་འགྲོ་ཡིད་བརྟགས་(ཡི་དྭགས)དབུལ་པོའི་མི། །མགོན་མེད་སྡུག་བསྔལ་གྱིས་གདུངས་ རྣམས། །བྱང་ཆུབ་སེམས་དཔའི་སྦྱིན་པའི་གནས། །སྐྱོན་མེད་ཉིད་དུ་འགྱུར་བའོ། །སྲིན་པོ་ རྣམས་ནི་རྒྱལ་སྲིད་དང༌། །ཆུང་མ་རང་ཤ་མི་སྟེར་ཞིང༌། །གཞན་གྱི་རྒྱལ་སྲིད་ཆུང་མ་དང༌། ། རང་གི་ཤ་རྣམས་འཕྲོགས་པའོ། །བདུད་རྩི་ཟ་བ་རྒྱལ་སྲིད་དང༌། །ཆུང་མ་རང་ཤ་མི་སྟེར་ ཡང༌། །གཞན་གྱི་རྒྱལ་སྲིད་ཆུང་མ་དང༌། །རང་གི་ཤ་རྣམས་མི་འཕྲོགས་པའོ། །བྱང་ཆུབ་ སེམས་དཔའ་རྒྱལ་སྲིད་དང༌། །བཙུན་མོ་རང་ཤ་སྟེར་མཛད་ཅིང༌། །གཞན་གྱི་རྒྱལ་སྲིད་ཆུང་ མ་དང༌། །རང་ཤའང་འཕྲོག་པར་མི་མཛད་དོ། །བདག་གིས་གཞན་སྲིད་མ་ཕྲོགས་ཤིང༌། ། རང་གི་རྒྱལ་སྲིད་སོགས་བྱིན་པ། །དེ་ཡིས་དབང་པོའི་གོ་འཕང་བརྙེས། །སངས་རྒྱས་ཁྱོད་ ནི་ལྷས་ཀྱང་མཆོད། །བདག་གིས་གཞན་གྱི་ཆུང་མ་རྣམས། །མ་བསྟེན་འདོད་པའི་བཙུན་མོ་ བྱིན། །དེ་ཡིས་ལྷ་དང་ལྷ་མིན་དང༌། །སྐྱེ་དགུའི་ཕྱག་མཆོད་གནས་བླ་མ། །བདག་གིས་གཞན་ གྱི་ཤ་རྣམས་ནི། །མ་གསོལ་རང་ཤ་རྣམས་བྱིན་པ། །དེ་ཡི་མཚན་ཉིད་ཡོངས་རྫོགས་ཤིང༌། ། འོད་གསལ་ལྡན་པའི་སྐུ་གཉིས་བརྙེས། །བདག་གི་དཀའ་བ་སྤྱོད་པ་ན། །འབྲས་ཀྱི་རྡོག་མ་ གཅིག་གསོལ་ཞིང༌། །ཆུ་ཁྱོར་གཅིག་ལས་མ་གསོལ་བ། །དེ་ཡིས་ཐམས་ཅད་དབང་དུ་བྱས། ། ཞོ་འཐུང་གིས་ནི་རུས་པ་དང༌། །ཤི་བིར་རང་ཤ་སྤྲིན་བཞོན་པས། །ལུས་བྱིན་ཕ་རོལ་ཕན་ དོན་དུ། །བདེ་གཤེགས་ཀྱིས་སོ་གཞན་མིན་རྒྱལ། །རྒྱལ་པོ་ཟླ་འོད་དབུ་དང་ནི། །དེ་བཞིན་ དགེ་སློང་ཀླུ་སྒྲུབ་ཀྱིས། །སྙིང་རྗེས་སྟག་མོ་སྟག་ཕྲུག་ལ། །ཐུབ་པས་སྔོན་དུ་ལུས་བྱིན་དང༌། ཁྱི་ལ་ཟན་ཙམ་སྟེར་བ་ཡི། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །སྙིང་རྗེའི་བདག་ཉིད་ ཀུན་འོང་བར། །ཐུབ་པས་ཚོང་པ་ལུང་བསྟན་ཏོ། །གལ་ཏེ་སྣོད་མིན་རབ་བྱིན་པས། །ལུས་ ཅན་སངས་རྒྱས་ཉིད་འགྱུར་ན། །བྲམ་ཟེ་ལ་སོགས་སྣོད་ཉིད་ལས། །སངས་རྒྱས་ཉིད་དུ་ཅིས་ མི་འགྲོ། །ཟང་ཟིང་སྦྱིན་པ་བཅུ་པོ་ནི། །ལམ་དུ་བྱིན་པ་ཇི་ལྟ་བཞིན། །འཇིགས་མེད་སྦྱིན་པ་ 1-1-370 ལྔ་རྣམས་ཀྱང༌། །རིགས་ཀྱི་བུ་རྣམས་ཀྱིས་ཤེས་བྱ། །རིན་ཆེན་ལྕགས་ཟངས་བ་ལང་རྟ། ། གླང་ཆེན་བུ་མོ་ནོར་འཛིན་དང༌། །འདོད་པའི་ཆུང་མ་རང་གི་ཤ ། སྦྱིན་པ་རྣམ་པ་བཅུ་རུ་ འདོད། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཐབས་དང་ནི། ། སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་རྣམས་ཆོས་ཀྱི་རབ་འཇུག་པའོ། །མི་འཇིགས་ཟང་ ཟིང་དམ་པའི་ཆོས། །འདི་ལྟར་སྦྱིན་པ་གསུམ་དུ་བརྗོད། །སེམས་ཅན་ཡོངས་གཟུང་ཚུལ་ ཁྲིམས་དང༌། །མི་དགེ་བཅུ་སྤོང་ཚུལ་ཁྲིམས་དང༌། །སྡོམ་པ་ཡི་ནི་ཚུལ་ཁྲིམས་ཏེ། །གསུམ་དུ་ ཡོངས་སུ་བསྒྲགས་པའོ། །སྡུག་བསྔལ་དང་ལེན་བཟོད་པ་དང༌། །གཞན་གྱི་གནོད་པ་བཟོད་ པ་དང༌། །ཆོས་ལ་ངེས་སེམས་བཟོད་པ་སྟེ། །དེ་ལྟར་བཟོད་པ་གསུམ་དུ་བརྗོད། །བརྩོན་ འགྲུས་རབ་སྦྱོར་གོ་ཆ་དང༌། །ཡོངས་སུ་རྫོགས་ཏེ་གསུམ་དུ་འདོད། །སྐྱོན་དང་བྲལ་བའི་ བསམ་གཏན་དང༌། །དེ་བཞིན་བསམ་གཏན་གནས་དང་ནི། །ངེས་འབྱོར་བསམ་གཏན་ བརྗོད་པ་སྟེ། །དེ་ལྟར་བསམ་གཏན་གསུམ་དུ་བརྗོད། །ཐོས་བྱུང་བསམ་བྱུང་སྒོམ་བྱུང་སྟེ། ། ཤེས་རབ་ཕུང་པོ་གསུམ་དུ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཤེས་རབ་རྣམ་ པ་གསུམ་ཞེས་བསྒྲགས། །མྱུར་བར་བདེ་བ་མངོན་རྟོགས་དང༌། །ཆོས་ཀུན་ངེས་པར་རྟོགས་ པ་དང༌། །སེམས་དཔའ་ལ་ནི་འཇུག་པ་སྟེ། །ཐབས་ནི་རྣམ་པ་གསུམ་ཞེས་དྲན། །ཕུང་པོ་ རབ་ཏུ་འཆིང་བ་དང༌། །འདུ་བྱེད་རབ་ཏུ་འཆིང་བ་དང༌། །སངས་རྒྱས་ཞིང་རྣམས་སྦྱོང་བ་སྟེ། ། སྨོན་ལམ་རྣམ་པ་གསུམ་ཞེས་བརྗོད། །ལས་རྣམས་སླར་ལོག་གཉིད་དང་ཡང༌། །ངག་རྣམས་ སླར་ལོག་སྟོབས་དང་ནི། །སེམས་པར་འཇུག་པ་ཉིད་ཅེས་པ། །དེ་ལྟར་སྟོབས་ནི་གསུམ་དུ་ དྲན། །དབང་པོའི་མངོན་སུམ་གྱིས་འཛིན་དང༌། །མ་འོངས་པ་དང་གཞན་སེམས་དང༌། ། དངོས་པོ་ཐམས་ཅད་ཡོངས་མཁྱེན་པ། །ཡང་དག་ཡེ་ཤེས་གསུམ་དུ་དྲན། །སོ་སོར་གཅིག་ དབང་དབྱེ་བ་ཡིས། །དེ་རྣམས་རྨི་ལམ་གཟུགས་བཞིན་དུ། །སྦྱིན་པ་པོ་ཡིས་འཇིགས་མེད་བྱ། ། 1-1-371 སྐུ་ལྔ་ལྡན་པའི་རྒྱལ་བས་གསུངས། །སྦྱིན་མེད་བསོད་ནམས་མེད་འདི་དང༌། །མི་དགེ་བཅུ་ ཡི་ལས་རྣམས་ཀྱིས། །བསོད་ནམས་མེད་ན་ཤེས་རབ་མེད། །སངས་རྒྱས་སྦྱིན་ལ་རབ་ཏུ་ འཇུག །སྦྱིན་དང་བསོད་ནམས་མེད་སྐྱེས་བུ། །དེ་རྣམས་ཕར་ཕྱིན་དགུ་འབྲས་མེད། །སྟོབས་ མེད་རྣམས་ཀྱིས་འདྲེན་མི་འགྱུར། །ཤེས་རབ་ལས་ཀྱི་རྗེས་སུ་འབྲང༌། །གང་ཚེ་བསོད་ནམས་ མེད་གྱུར་པ། །དེ་ཚེ་སྡིག་ཅན་ལེགས་སོང་ནས། །རྫོགས་སངས་རྒྱས་ཀྱི་ཡོན་ཏན་དང༌། ། ཆོས་ཀུན་འཁོར་ལོ་རབ་ཏུ་བསྐོར། །ཤེས་རབ་ཕ་རོལ་ཕྱིན་ཞི་བར། །རབ་ཞུགས་བསོད་ ནམས་སྐས་དག་ལས། །སྐྱེ་བོ་ལེགས་པར་འགྲོ་བ་རྣམས། །སྡིག་པའི་རྒྱ་མཚོའི་ཕ་རོལ་འགྲོ། ། ཤེས་རབ་ཕ་རོལ་ཕྱིན་ཞི་བར། །རབ་ཞུགས་སྡིག་པའི་སྐས་དག་ལས། །ངན་སོང་དུ་ནི་ བགྲོད་པ་རྣམས། །བསོད་ནམས་རྒྱ་མཚོའི་ཕ་རོལ་འགྲོ། །སྡིག་པའི་ཕུང་པོ་སྤངས་ཤེས་རབ། ། དེ་ཚེ་བསོད་ནམས་ཕུང་པོར་འཇུག །བསོད་ནམས་ཕུང་པོ་དོར་ཤེས་རབ། །དེ་ཚེ་སྡིག་པའི་ ཕུང་པོར་ཞུགས། །རྟོགས་བྱེད་རྟོགས་པ་གཉིས་པོ་ཡང༌། །ཤེས་རབ་གཅིག་མིན་རབ་ཏུ་ བསྒྲགས། །རྟོགས་པ་པོ་དེས་རྟོགས་པ་ན། །ཤེས་རབ་གཉིས་པོའི་དབྱེ་གང་ཡིན། །ཤེས་ རབ་ཕ་རོལ་ཕྱིན་པའི་བློ། །སྟོང་པ་ཉིད་ཀྱི་དུས་གསུམ་གཟུགས། །གཟུང་བ་གང་ཡིན་འཛིན་ པ་སྟེ། །དེ་ལྟར་ཤེས་རབ་གཉིས་སུ་དྲན། །ཤེས་རབ་ཐབས་ནི་སྙོམས་འཇུག་པ། །སྦྱོར་བ་ ཞེས་ནི་མངོན་པར་བརྗོད། །རང་བཞིན་མེད་གང་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ ཉིད་དོ། །དཔེར་ན་ས་བོན་མེད་གྱུར་ན། །ཡན་ལག་ལྔ་ལྡན་ལྗོན་ཤིང་མེད། །ཚུལ་ཁྲིམས་ལ་ སོགས་ཕུང་པོ་ལྔ། །སྐྱེས་བུ་བསོད་ནམས་མེད་དེ་བཞིན། །གཟུགས་བཟང་དང་ནི་དབང་ ཕྱུག་དང༌། །བརྩོན་འགྲུས་ཕུན་ཚོགས་གྲགས་དེ་ལྟར། །རྣམ་པ་བཞི་འབྲས་སྟོན་པ་ནི། ། བསོད་ནམས་ཚོགས་ལས་བྱུང་བའོ། །ཀུན་མཁྱེན་ཀུན་གྱི་རྣམ་པ་མཁྱེན། །དེ་བཞིན་ལམ་ མཁྱེན་པ་དང་ནི། །ལམ་གྱི་རྣམ་མཁྱེན་སྟོན་པ་ནི། །ཡེ་ཤེས་ཚོགས་ལས་བྱུང་བའོ། །རྒྱུ་ 1-1-372 མཐུན་པ་དང་རྣམ་སྨིན་དང༌། །སྐྱེས་བུ་བྱེད་པ་ཉིད་དང་ནི། །དྲི་མེད་འགྱུར་བ་མེད་པའི་བདེ། ། སྟོན་པ་ཚུལ་ཁྲིམས་ལས་བྱུང་པའོ། །ཚོགས་གཉིས་ཡོངས་སུ་རྫོགས་པ་ཡིས། །བྱང་ཆུབ་ སེམས་དཔར་རབ་ཏུ་བརྗོད། །ཚོགས་གསུམ་ཡོངས་སུ་རྫོགས་པ་ལས། །སྟོན་པ་ཐམས་ཅད་ མཁྱེན་པར་བརྗོད། །དཀའ་བའི་ལས་རྣམས་མ་བྱས་ཤིང༌། །ཤ་ཟོས་པ་དང་ཆོམ་རྐུན་དང༌། ། གཞན་གྱི་བུ་མེད་འཕྲོག་ན་ཡང༌། །བླ་མེད་གོ་འཕང་ཐོབ་པ་མེད། །རང་གི་ཤ་ཡང་སྟེར་བ་ ན། །དངོས་ཀུན་གཞན་ལ་སྨོས་ཅི་དགོས། །སྲོག་ལྡན་ཁྱོད་ནི་རབ་སྔགས་ཏེ། །སྐྱེ་དགུ་ཀུན་ གྱིས་བསྙེན་བཀུར་གནས། །བྱང་ཆུབ་སེམས་དེས་བསྐལ་ངན་ལ། །རང་ཤ་བུད་མེད་སྦྱིན་ པར་བྱ། །གོ་འཕང་འགྲོ་བའི་ནུས་མེད་དེ། །དེ་ཕྱིར་སྨད་པར་རབ་ཏུ་བརྗོད། །གང་དག་རིང་ པོར་མགུ་དཀའ་དང༌། །གང་དག་རིང་པོར་གནས་པ་དག །ཐམས་ཅད་དཀའ་ཐུབ་པས་ འགྲུབ་ཀྱི། །དཀའ་ཐུབ་རིམ་པ་དེ་མགུ་དཀའ། །མངོན་སུམ་མཐོང་ཚེ་འཇིག་རྟེན་ན། །རྒྱལ་ པོར་སྐྱེ་བོས་ཕྱག་རྣམས་འཚལ། །དགེ་སློང་ཚངས་པར་སྤྱོད་པ་རྣམས། །མཐོང་ཚེ་རྒྱལ་པོ་ ཡིས་ཀྱང་མཆོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང༌། །ཚངས་པར་སྤྱོད་པ་བརྟུལ་ ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། ཁྲུས་ལྡན་གོ་བོ་ཏ་མ་མཆོག །བྲམ་ཟེ་ ཚངས་པ་ཚངས་པའི་རིགས། །ཚངས་པ་མྱ་ངན་འདས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །སེམས་ཅན་བསླུ་བ་སྤངས་ནས་ནི། །ཐམས་ཅད་ངེས་ པར་བྱ་བའོ། །རྫས་ཀྱིས་ཉོས་པའི་ཉ་ཡི་ཤ ། ཟོས་པ་བསླུས་པ་ཡིན་ནམ་ཅི། །གླང་པོའི་རྩལ་ དང་སྤྲིན་ཆེན་དང༌། །མྱང་འདས་དང་ནི་སོར་ཕྲེང་ཅན། །ལངྐར་གཤེགས་པའི་མདོ་སྡེ་ལས། ། བདག་གིས་ཤ་ནི་མ་གནང་ངོ༌། །རྫས་ཐོབ་དོན་དུ་སྲོག་གཅོད་དང༌། །བཟའ་བའི་དོན་དུ་ རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པོ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེད། ། རྫས་ཀྱི་དོན་དུ་སེམས་ཅན་གསོད། །རྫས་གཏེར་མེད་ན་སུས་ཀྱང་མིན། །བྱ་དང་བྱེད་པོ་ 1-1-373 ཡང་དག་འབྲེལ། །རྟག་ཏུ་སྲོག་ཆགས་གསོད་པའོ། །གང་ཚེ་རྫས་ཀྱིས་ཉ་ཉོས་པ། ཁྱིམ་ གནས་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། །བྱས་ནའང་ཇི་ལྟར་ བསོད་ནམས་འགྱུར། །མཆོད་རྟེན་ཐིག་མཁན་གྱིས་བྱས་དང༌། །ཉ་ནི་ཉ་བས་བསད་པ་སྟེ། ། མཆོད་རྟེན་ཕྱག་བྱེད་བྱེད་པོ་མིན། །ཉ་ཟོས་བསོད་པ་པོ་ལ་མིན། །གང་ཚེ་ཉ་དེ་ཟོས་པ་ཡི། ། སྡིག་པ་ཟ་བ་པོར་མེད་ན། །དེ་ཚེ་མཆོད་རྟེན་བྱེད་པ་ཡི། །བསོད་ནམས་མཆོད་བྱེད་པོ་ལ་ མེད། །གསོད་པ་པོ་དང་ཟ་བ་པོ། །གཉིས་པོ་དག་ཀྱང་སོ་སོ་སྟེ། །གསོད་པ་པོ་ནི་ནོར་ལ་ སྲེད། །ཟ་བ་པོ་ནི་ཟས་ཀྱི་དོན། །གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་ པའོ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །ཉན་ཐོས་ཀྱི་ནི་ཕྱེད་དག་ཏུ། ། ཉ་བས་ཉ་ནི་བསད་པ་དང༌། །བྲམ་ཟེ་ཡི་ནི་ཆེད་དག་ཏུ། །ཆང་མས་ཆང་ནི་བྱས་པ་དང༌། ཁ་ ན་མ་ཐོ་མེད་གཞན་མིན། །ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡིད་རྟགས་(ཡི་དྭགས)འགྲོ་བ་ སྟེ། །ཕྱི་མ་ངུ་འབོད་འགྲོ་བའོ། །ཤ་ཟ་བ་ལ་སྙིང་རྗེ་དང༌། །ཆང་འཐུང་བ་ལ་དགའ་བ་དང༌། ། ཕ་རོལ་བུད་མེད་འཛིན་བྱམས་དང༌། །སྨད་པའི་ལས་བྱེད་བཏང་སྙོམས་མེད། །ཡུལ་གྱི་ སྤྱོད་དང་རིགས་སྤྱོད་དང༌། །ཕ་དང་ལྷ་རྣམས་མཆོད་དོན་དུ། །ཤ་དང་ཉ་རྣམས་བཟའ་བ་ཡི། ། མི་དང་མི་མོ་སྐྱོན་མེད་ན། །སྟག་དང་རི་དྭགས་ཉིད་དང་ཡང༌། །བྱ་རྒོད་དང་ནི་ཕག་པ་དང༌། ། ཆུ་སྲིན་དང་ནི་ཉ་ཕྱིས་ཀྱིས། །ལས་སྤྱད་སྐྱེ་བའི་ཡོན་ཏན་མེད། །ཡུལ་སྤྱོད་རིགས་ཀྱི་སྤྱོད་པ་ དག །དུད་འགྲོ་ལྷ་རྣམས་ལ་མིན་མོད། །སྙིང་རྗེ་མེད་དང་སྙིང་རྗེར་ལྡན། །སྡིག་པ་དང་ནི་ བསོད་ནམས་འགྱུར། །གང་ཚེ་ས་ལ་དགེ་སློང་གང༌། །སྔགས་ཀྱི་ཐེག་པ་མི་ཤེས་པ། །དེ་ཚེ་ ཁྱིམ་པ་ཉེར་སྤྱོད་ཀྱང༌། །དགེ་སློང་གི་ནི་བླ་མར་བྱ། །ཁྱིམ་པའམ་ནི་གསར་བུ་ལ། །འཇིག་ རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་བརྡར་ཏེ། །བརྟུལ་ཞུགས་འཛིན་ པའི་བློས་ཕྱག་བྱ། །མཆོག་མིན་ལས་དང་ཕྱག་སྤངས་ནས། །གདན་སྟབ་པ་དང་ལྡང་བ་དང༌། ། 1-1-374 དོན་བྱ་ལ་སོགས་བསྙེན་བཀུར་རྣམས། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་བྱ། །སྙིང་རྗེ་ མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང༌། །རང་བསྟོད་བླ་མར་སློབ་མ་ ནི། །བློ་དང་ལྡན་པས་མི་བྱའོ། །བརྩེ་མེད་ཤ་ཟ་བ་ལ་གསུངས། །ཁྲོ་བ་དགའ་བར་སྣུན་བྱེད་ དང༌། །གདུག་པ་ལེགས་པའི་སྐྱེ་བོར་སྡང༌། །ཁེངས་པ་ཡེ་ཤེས་སྤངས་པའོ། །ཆགས་པ་ལྷ་ཡི་ དཀོར་ལ་སྤྱོད། །མ་བསྡམས་ཤིན་ཏུ་ཆང་འཐུང་པའོ། །རང་བསྟོད་སྟོང་པ་ཉིད་ལམ་ལ། ། སྨོད་ཅིང་གནོད་པ་བྱེད་པའོ། །སྟོང་ཉིད་སྨྲ་བ་ཁྱུ་མཆོག་ནི། །འཇམ་པ་ཡི་ནི་དབྱངས་གང་ དེའོ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །རང་བཞིན་བདག་ཉིད་གཅེས་པ་གསུངས། །བརྟན་ཞིང་ དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། ། སྙིང་རྗེར་ལྡན་ཞིང་བསྟན་འཆོས་མཁས། །དང་བའི་བདག་ཉིད་དབང་པོ་ཐུལ། །དེ་ཉིད་ བཅུ་ནི་ཡོངས་ཤེས་ཤིང༌། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་ བྱེད་སློབ་དཔོན་ནོ། །དཀྱིལ་འཁོར་དང་ནི་ཏིང་འཛིན་དང༌། །ཕྱག་རྒྱ་བྱ་བ་འདུག་སྟངས་ དང༌། །གཏོར་མ་སྦྱིན་སྲེག་རབ་གནས་དང༌། །སྤྱན་དྲང་གཤེགས་སུ་གསོལ་བའོ། །འདི་ནི་དེ་ ཉིད་བཅུ་པོ་སྟེ། །ཁྲོ་བོ་སངས་རྒྱས་དམ་ཚིག་རྣམས། །གང་གིས་རྒྱ་ཆེར་མི་ཤེས་ཏེ། །ས་ལ་རྡོ་ རྗེ་འཛིན་པ་མིན། །བྱང་སེམས་རྣམས་ལ་ལྷ་བཤོས་དང༌། །ཁྲོ་བོ་རྣམས་ལ་གཏོར་མར་ བཤད། །དཀྱིལ་འཁོར་ལ་ནི་ཚོགས་འཁོར་ཏེ། །རབ་གནས་སྦྱིན་སྲེག་ལས་ཀྱིས་སོ། །གང་ ཞིག་ཁྱིམ་པ་བསྟི་གནས་སྤྱོད། །འབངས་དང་གཤོལ་འཛིན་ཚོང་པ་དང༌། །དམ་ཆོས་འཚོངས་ པའི་རྨོངས་པ་དེ། །ས་ལ་རྡོ་རྗེ་འཛིན་པ་མིན། །དེ་བཞིན་འདོད་ན་རྟག་དམྱལ་བར། །སྡུག་ བསྔལ་རྣོན་པོ་བར་མེད་འབྱུང༌། །རྒྱལ་བའི་གནས་སུ་ལྷ་བདག་པོས། །ཉི་མ་གཅིག་ཀྱང་མི་ བྱའོ། །ལྷག་པའི་བདག་པོའི་གནས་སུ་ཡང༌། །གང་ཡང་བྱ་བ་ཉི་མ་གསུམ། །སློབ་དཔོན་ བཅས་པ་ཡིད་བརྟགས་འགྱུར། །སླར་ཡང་ལོ་གཅིག་ཏུ་ནི་ཅི། །གཙུག་ལག་ཁང་ནི་རྫས་ལ་ 1-1-375 ཆགས། །རྨོངས་པ་མི་བདེན་པ་རུ་བརྗོད། །རྣམ་པར་རྟོག་པའི་སེམས་ཀྱི་བདག །ཐོས་ལྡན་ བདུད་རྣམས་ཀྱི་ནི་རིས། །རྣམ་པར་རྟོག་མེད་ཀུན་སྦྱིན་པ། །བདག་སྦྱིན་རྣམ་པར་རྟོག་དང་ བཅས། །ཕ་རོལ་གྱི་ནི་བུད་མེད་དང༌། །རང་གི་བུད་མེད་ངན་པའི་ཡིད། །དབང་བསྐུར་ མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ ཁམས་བཞུགས་རྣམས། །དུས་གསུམ་བྱོན་ནས་མངོན་ཕྱག་འཚལ། །ཕྱོགས་བཅུའི་སློབ་ མའི་ཚོགས་རྣམས་ཀྱིས། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །དེར་གནས་ཕུང་པོ་ སངས་རྒྱས་རྣམས། །དུས་གསུམ་བྱོན་ནས་ཕྱག་འཚལ་ལོ། །གང་ཚེ་ཕྱོགས་བཅུར་བཞུགས་ སངས་རྒྱས། །སློབ་དཔོན་ལ་ནི་ཕྱག་འཚལ་ན། །དེ་ཚེ་སློབ་དཔོན་གྱིས་སྐྱབས་གནས། ། གསུམ་པོ་ཟད་པར་འགྲོ་བའོ། །དབྱེ་བའི་དམ་ཚིག་དབྱེ་བ་དང༌། །ལྷ་རྣམས་དང་ནི་སྲིན་ པོའི་ཡང༌། །གཟུགས་རྣམས་ཡོངས་སུ་བསྒྱུར་བ་མེད། །དེ་ཚེ་མཁས་པར་ཤེས་པར་བྱ། །ལྷ་ ཡིས་སྲིན་པོའི་གཟུགས་ཉིད་དུ། །བྱས་པ་དེ་ནི་དམ་ཚིག་མིན། །སྲིན་པོས་ལྷ་ཡི་གཟུགས་ ཉིད་ནི། །བྱས་པ་དེ་ནི་དམ་ཚིག་མིན། །ས་ལ་བ་ལང་ལྕི་སོགས་མཐོང༌། །སྲིན་པོ་རིང་པོར་ འགྲོ་བའོ། །ལྷ་ཡི་བཤང་བ་སོགས་མཐོང་ན། །རང་གི་གནས་ཀྱང་སྤོང་བའོ། །ལྷ་རྣམས་དང་ ནི་སྲིན་པོ་ཡང༌། །དམ་ཚིག་རྣམ་པ་བརྒྱད་དུ་དྲན། །ཤ་དང་བྲལ་བ་བརྒྱད་དུ་ནི། །ཤ་དང་ བཅས་པ་བརྒྱད་དུ་བརྗོད། །ཞོ་དང་བཅས་པའི་འབྲས་ཟན་དང༌། །འོ་མ་བུར་ཆུ་འོ་ཐིགས་ མར། །སྦྲང་དང་ནཱི་རི་ཀེ་ལའི་ཆུ། །དྲི་བཟང་ཆུ་སྟེ་བརྒྱད་པོ་རྣམས། །ལྷ་རྣམས་མཆོད་པའི་ དོན་ཆེད་ཀྱིས། །དམ་ཚིག་ཏུ་ནི་རབ་ཏུ་བསྒྲགས། །སྲིན་པོ་མཆོད་པའི་དོན་དུ་ནི། །ལུས་ཅན་ གང་ཡང་བརྒྱད་དུ་འགྱུར། །མིག་དང་བྱ་བ་འཛིན་པ་དང༌། །མེ་ཏོག་ལུས་ལས་སྐྱེས་དང་ ཚིལ། །ཟས་དང་ཆང་དང་སྐྱུགས་པ་སྟེ། །བརྒྱད་དུ་ཡོངས་སུ་བསྒྲགས་པའོ། །སྡིག་ལྡན་ཤ་ཟ་ བ་དང་ནི། །ཆོས་ལྡན་ཤ་རྣམས་མི་སྤྱོད་དང༌། །བསྒྲིན་པོ་ཁ་ན་མ་ཐོ་བཅས། ཁ་ན་མ་ཐོ་མེད་ 1-1-376 ཟས་སེམས། །སྲིན་པོ་རྣམས་ནི་ཤ་སོགས་དང༌། །ལྷ་རྣམས་བདུད་རྩི་ཟ་བའོ། །ཡིད་བརྟགས་ རྣམས་ནི་ས་ལ་གནས། །ལྷ་ཀུན་ལྷ་ཡི་གཞལ་ཡས་ལའོ། །ཡིད་བརྟགས་རྣམས་ཀྱི་དམ་ཚིག་ རྣམས། །བསྲུང་བ་ལྔ་རུ་རྒྱལ་བས་བསྟན། །རྡོ་རྗེ་སེམས་སོགས་མཁའ་འགྲོ་ཡིས། །འདུས་ པའི་ལེའུའི་ནང་དུ་གསུངས། །ལྷ་རྣམས་ས་ལ་གནས་པའོ། །ཞེས་པ་བདེན་ཚིག་མ་ཡིན་ཏེ། ། མཐོ་རིས་འཇིག་རྟེན་ཡོངས་དོར་ནས། །དུར་ཁྲོད་རུལ་པའི་དྲི་ལྡན་མིན། །དེ་བཞིན་གནས་ དང་ཉེ་གནས་སོགས། །རྣལ་འབྱོར་མ་ཡི་འཁོར་ལོ་ཀུན། །ཚོགས་ཀྱི་འཁོར་ལོ་དཔའ་བོའི་ ཟས། །ཆང་དང་ཤ་རྣམས་ཡོངས་རྫོགས་ནའོ། །ས་ལ་མཆོད་ཡོན་སྐུ་ཁྲུས་དང༌། །རབ་གནས་ སྦྱིན་སྲེག་ལས་རྣམས་ཏེ། །སངས་རྒྱས་ཧེ་རུ་ཀ་སོགས་ཀྱི། །བྱ་བའི་དབྱེ་བར་རབ་ཏུ་ བསྒྲགས། །ས་ལ་མཆོད་ཡོན་དབུལ་བར་བྱ། །དྲི་བཟང་ཆུས་གང་བུམ་པ་དང༌། །དྲི་དང་ བདུག་སྤོས་སྒྲོན་མེ་སོགས། །སངས་རྒྱས་སྐྱོན་མེད་སོགས་ལ་དབུལ། །ས་ལ་མཆོད་ཡོན་སྐུ་ ཁྲུས་དང༌། །རབ་གནས་སྦྱིན་སྲེག་ལས་རྣམས་ནི། །གང་ཚེ་སློབ་དཔོན་གཉིས་དེ་ལ། །དེ་ཚེ་ རིགས་ཀྱི་དབྱེ་བར་འགྱུར། །རིགས་ཀྱི་དབྱེ་འགྱུར་དབྱེ་བ་ཡང༌། །གཉེན་དང་མ་དང་སྐྱེ་བོ་ རྣམས། །རྡོ་རྗེ་སློབ་དཔོན་གཅིག་གྱུར་པ། །དེ་ཕྱིར་དཀྱིལ་འཁོར་དག་འདྲེན་པའོ། །དེ་ཉིད་ བཅུ་ནི་ཡོངས་སུ་ཤེས། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཉན་ཐོས་སྤྱོད་པ་སྐྱོང་བ་ནི། ། སངས་རྒྱས་ལ་སོགས་གནས་པ་གསུངས། །ཐོད་པ་ཆང་གིས་གང་བ་ཡིས། །ས་ལ་མཆོད་ ཡོན་རབ་སྦྱིན་བྱ། །ཆང་དང་ཤ་དང་ཛམ་བུ་ལི། ཁྲག་བསྲེས་ཧེ་རུ་ཀ་སོགས་ལའོ། །བདག་ ཉིད་སངས་རྒྱས་རབ་གནས་ཆེད། །སངས་རྒྱས་རྣམས་ཀྱི་ཐུགས་ཁ་དང༌། །སྤྱི་བོར་རིན་ཆེན་ ལྔ་ཚོགས་དང༌། །རིང་བསྲེལ་གཞག་པར་བྱ་བའོ། །སངས་རྒྱས་རིང་བསྲེལ་མེད་གྱུར་ན། ། བྱང་སེམས་ཐུགས་ཁའི་གནས་སུ་ནི། །གསེར་དང་བཅས་པའི་རིན་ཆེན་རྣམས། །སྐྱོན་མེད་ རབ་ཏུ་གཞག་པར་བྱ། །ཁྲོ་བོ་ལས་སྐྱེས་ཐུགས་ཁར་ནི། །རྨང་རིགས་རུས་པ་ཁྲོ་སྔགས་ 1-1-377 བཅས། །ཧེ་རུ་ཀ་སོགས་ཐུགས་ཁར་ནི། །གཡུང་པོའི་རུས་པའོ་དུར་ཁྲོད་རྒྱལ། །ལྷ་ལ་ སོགས་པའི་ཐ་སྙད་བསྟན། །སྲིན་པོ་རྣམས་ཀྱི་མཆོད་པ་དང༌། །མི་ཡི་འཇིག་རྟེན་རྗེས་འདྲེན་ ཡང༌། །བདུད་རྩི་ཟ་བའི་མཆོད་པ་མེད། །སློབ་དཔོན་དང་ནི་ཁྱིམ་པ་དང༌། །བྲམ་ཟེ་དང་ནི་ དཀའ་ཐུབ་ཅན། །ཤ་ཟོས་པ་དང་ཆང་འཐུངས་ན། །ཤི་ནས་ཡི་དྭགས་འགྲོ་བའོ། །གང་ཡང་ ཆོམ་རྐུན་སོགས་སྐྱོན་དང༌། །ཆང་དང་ཤ་རྣམས་མ་སྤངས་དང༌། །ཉན་ཐོས་སྦྱིན་པ་སྤངས་པ་ རྣམས། །ཤི་ནས་ཡི་དྭགས་འགྲོ་བའོ། །གང་ཞིག་བསོད་ནམས་ཆེན་པོ་དང༌། །སྡིག་པ་ཆུང་ངུ་ སྤྱད་པ་ཡིས། །ཤི་ནས་ཡི་བརྟགས་འགྲོ་ན་ཡང༌། །ཡིད་བཏགས་མགོན་པོར་འགྲོ་བའོ། ། སྔགས་ཀྱིས་བསྔགས་པའི་ཡིད་བརྟགས་ཀྱིས། །མི་ཡི་ལུས་ལ་ཞུགས་ནས་ནི། །གཏོར་མ་ རབ་སློང་ར་དང་ནི། །ཆང་ལ་སོགས་པ་དེ་ཕྱིར་དང༌། །ཤ་ཟོས་སྔོན་གྱི་སྐྱེ་བོ་དེ། །ཡིད་ བརྟགས་ནང་དུ་དེ་ཤེས་འགྱུར། །སྔགས་ཀྱིས་བསྔགས་པའི་ཡིད་བརྟགས་ཀྱིས། །མི་ཡི་ལུས་ ལ་ཞུགས་ནས་ནི། །གཏོར་མ་རབ་སློང་ཆུ་དང་ཟན། ཁ་ན་མ་ཐོ་མེད་ལྡན་པ། །ཉན་ཐོས་སྦྱིན་ པ་སྤངས་པ་རྣམས། །ཡིད་བརྟགས་ནང་དུ་དེ་ཤེས་འགྱུར། །སྔགས་ཀྱིས་བསྔགས་པའི་ཡིད་ བརྟགས་ཀྱིས། །མི་ཡི་ལུས་ལ་ཞུགས་ནས་ནི། །འབངས་དང་གཏུམ་པོར་གྱུར་ནས་ནི། །ཤིན་ ཏུ་སྡུག་བསྔལ་གདུང་པའོ། །འདོད་ལྡན་གཞན་གྱི་བུད་མེད་བསྟེན། །ཡིད་བརྟགས་ནང་དུ་དེ་ ཤེས་འགྱུར། །བུ་མོ་ལ་སོགས་རབ་ཀློང་བའང༌། །དེ་བཞིན་གཞན་ཡང་དེ་ཤེས་འགྱུར། ཁ་ ཅིག་དེ་རྣམས་ན་བ་ན། །ནད་མེད་ང་ཡིས་མི་ནུས་ཞེས། །ཡིད་བརྟགས་འདྲེན་པས་བརྗོད་པ་ སྟེ། །ས་ལ་སྔོན་གྱི་ལས་འབྲས་སོ། ཁ་ཅིག་དེ་རྣམས་བསོད་ནམས་སྦྱོར། །ཡིད་བརྟགས་ འདྲེན་པས་བརྗོད་འགྱུར་ཏེ། །བདག་གིས་ཁྱེད་ལ་ནོར་སྦྱིན་གྱིས། །རང་གི་ཁང་པར་སོང་ ཅིག་བུ། །བསྙུང་གནས་ལ་ནི་གནས་རྣམས་ལ། །ཡིད་བརྟགས་འདྲེན་པས་བརྗོད་པ་སྟེ། ། བདག་གིས་ནོར་རྣམས་ཅུང་ཟད་དང༌། །སླར་ཡང་བུ་ཡང་སྦྱིན་པར་བྱ། །བསྙུང་གནས་ 1-1-378 གནས་པ་རྣམས་ཀྱིས་ནི། །འགའ་ཞིག་གིས་ནི་སྡིག་པ་སྤྱད། །གང་ཞིག་ཉེར་འཚེ་དྲག་བྱས་ ནས། །སྡུག་བསྔལ་ལ་ནི་འཇུག་པའོ། །ནོར་རྣམས་རིགས་ཀྱི་དོན་དུ་སྲུང༌། །ཟ་དང་སྟེར་བ་ མ་ཡིན་པ། །དེ་འདིར་ཆུད་ཟོས་འགྱུར་བ་སྟེ། །ཤི་ནས་དེ་བཞིན་ཡིད་བརྟགས་འགྱུར། །གང་ ཞིག་འཇིག་རྟེན་ཐོབ་དོན་དུ། །སྐྱེ་བོ་དབང་ཕྱུག་སྡུག་བསྔལ་བྱེད། །དབང་ཕྱུག་བརྒྱད་ཀྱང་ མི་ཐོབ་ན། །སླར་ཡང་གང་དེ་ཐོབ་པ་ཅི། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ལ། །སངས་རྒྱས་ཞི་ བའི་ཐུགས་ཅན་ཉིད། །སྦྱིན་བཅུ་ལ་སོགས་བསོད་ནམས་ཀྱིས། །རྒྱལ་བས་བསྐལ་བ་གསུམ་ ལུང་བསྟན། །ཚོགས་གཉིས་ཡོངས་སུ་རྫོགས་པ་ཡིས། །བྱམས་པ་དང་ནི་སྙིང་རྗེའི་བདག ། རྒྱལ་དབང་སངས་རྒྱས་ཉིད་ཀྱིས་ནི། །བྱ་རྒོད་ཕུང་པོ་ལུང་བསྟན་པའོ། །མི་དགེ་བཅུ་ཡིས་ ལས་བྱེད་དང༌། །གདུག་པ་འཇུག་པར་གསུངས་པ་སྟེ། །སྔགས་ཀྱི་ཐེག་པར་བདེན་བྱས་ན། ། སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །མི་དགེ་བཅུ་ཡི་ལས་རྣམས་དང༌། ཁ་ན་མ་ཐོའི་རང་བཞིན་ བཅས། །འབད་པས་དོར་ཅིག་བློ་ལྡན་གྱིས། །བདེ་གཤེགས་རྣམས་ཀྱི་བཞེད་པའོ། །སེམས་ ཅན་མགུ་བྱེད་བསོད་ནམས་ཏེ། །སངས་རྒྱས་ལུས་ཅན་རྒྱལ་བ་ཡིས། །སེམས་ཅན་གནོད་ ལས་སྡིག་པ་སྟེ། །དམྱལ་བ་ཉིད་དུ་རབ་ཏུ་བསྒྲགས། །སེམས་ཅན་ཉིད་ནི་སངས་རྒྱས་ཏེ། ། གློ་བུར་དྲི་མས་བསྒྲིབས་པའོ། །དྲི་མ་དེ་ནི་བསལ་བ་ན། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། ། སེམས་ཅན་ཉིད་ནི་རྫོགས་སངས་རྒྱས། །བློ་ལྡན་འདོད་པའི་ལྷ་ཉིད་དེ། །སེམས་ཅན་མགུ་ བ་སྒྲུབ་བྱེད་པ། །དེ་རྣམས་ཤ་ནི་ཇི་ལྟར་ཟ། །སྦྱིན་པ་ལ་སོགས་སྟོབས་སྐྱེས་པ། །རྫོགས་པའི་ སངས་རྒྱས་འཇིག་རྟེན་འདྲེན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །ཤ་ཟ་བ་ནི་དམ་ ཚིག་མིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །བཅོམ་ལྡན་ཐུབ་པས་གསུངས་པ་སྟེ། ། ཡང་དག་ཡེ་ཤེས་འདུས་པའི་སྦྱོར། །བདག་མེད་པ་ནི་ཐོབ་པའོ། །ཕྱག་རྒྱ་དཀྱིལ་འཁོར་ སྔགས་ལ་སོགས། །སྒོམ་དང་བཟླས་པའི་ནན་ཏན་གྱིས། །བསྐལ་པ་བྱེ་བ་དུ་མས་ཀྱང༌། ། 1-1-379 དངོས་གྲུབ་ནམ་ཡང་ཐོབ་པ་མེད། །རྟོག་པ་ཐམས་ཅད་སྤངས་ནས་ནི། །གང་གིས་དེ་ཉིད་ ལ་གནས་ན། །སྐྱེ་བ་འདིར་ཡང་སྒྲུབ་པ་པོ། །དེ་ལ་བྱང་ཆུབ་མཆོག་རེག་པའོ། །རེ་ཤིག་ གཟུགས་ཀྱི་སྒོམ་པ་ཡིས། །རྡོ་རྗེ་སེམས་དཔའ་འགྲུབ་པ་མིན། །རྣམ་པ་དང་བཅས་རྟོག་པས་ ཀྱང༌། །ཨེ་ཝཾ་རྡོ་རྗེ་སེམས་མི་འགྲུབ། །དགེ་བ་དང་ནི་མི་དགེ་བའི། །རྣམ་པར་རྟོག་པ་དབྱེ་བ་ མེད། །དོན་མཆོག་རྣམ་པར་རྟོག་པ་ཡང༌། །མཁས་པ་རྣམས་ཀྱིས་མི་བྱའོ། །མེ་ཡིས་རབ་ཏུ་ སྲེག་བྱེད་ཀྱི། །རྟེན་གྱི་དབྱེ་བས་དབྱེ་བ་མེད། །ཙན་དན་ལ་ནི་འབར་བས་ཀྱང༌། །རེག་པར་ གྱུར་ན་སྲེག་པའོ། །སྡིག་ལྡན་སྐྱེ་བོ་ལ་ལ་གང༌། །བདག་ནི་རྒྱལ་པོའ་ོསེམས་པ་ན། །བསྐལ་ པ་བར་མེད་བརྒྱར་བསམས་ཀྱང༌། །དེ་ཡིས་རྒྱལ་པོར་འགྱུར་བ་མིན། །རྒྱུ་དང་འདྲ་བར་སྐྱེས་ པ་ཡི། །འབྲས་བུ་འཇིག་རྟེན་རྣམས་ན་སྤྱོད། །ཀོ་དྲ་བ་ལས་འགའ་ཞིག་དུའང༌། །སཱ་ལི་ཉིད་ ནི་སྐྱེ་མི་འགྱུར། །འགའ་ཞིག་ལྷ་ཡི་སྲིད་པར་ནི། །རྟག་ཏུ་སྡིག་པ་བྱེད་པ་ན། །མཐར་ནི་སྡིག་ པའི་དབང་གིས་དེ། །དམྱལ་བ་ཉིད་དུ་ངེས་པར་འགྱུར། །ལྷ་ཡི་སྲིད་པ་མིན་པར་ཡང༌། ། འགའ་ཞིག་བསོད་ནམས་བྱེད་པ་ན། །མཐར་ནི་བསོད་ནམས་དབང་གིས་དེ། །ལྷར་ནི་ངེས་ པར་འགྱུར་བའོ། །ཁྱི་གང་སྡུག་བསྔལ་ལ་གནས་ཤིང༌། །བྱ་རོག་བཀྲེས་པར་གནས་པ་ནི། ། ཁྱི་དང་བྱ་རོག་སོ་སོའི་བདག །ཁྱི་དང་བྱ་རོག་གིས་མི་འགྱུར། །ལོང་བ་ཉིད་དང་འོན་པ་ དང༌། །དེ་བཞིན་ལྐུགས་པ་སྒུར་འཁྱོག་དང༌། །མ་ནིང་ཉིད་དང་དབང་པོ་ཉམས། །འགྱུར་བ་ འགའ་ཡི་བསམས་པས་མིན། །སྔོན་གྱི་བསོད་ནམས་མཐུ་རྣམས་ནི། །རྗེ་བོ་ཉིད་ཀྱིས་འགྱུར་ མ་ཡིན། །སྔོན་གྱི་སྡིག་པའི་མཐུ་རྣམས་ནི། །ཁོལ་པོ་ཉིད་ཀྱིས་འགྱུར་མ་ཡིན། །སྔོན་གྱི་ བསོད་ནམས་མཐུ་རྣམས་ནི། །ལྷ་རྣམས་ཀྱིས་ཀྱང་འགྱུར་མ་ཡིན། །སྔོན་གྱི་སྡིག་པའི་མཐུ་ རྣམས་ནི། །དམྱལ་བ་ཉིད་ཀྱིས་འགྱུར་མ་ཡིན། །སྐྱེས་བུའི་སྔོན་གྱི་ལས་འབྲས་ཏེ། །གཟའ་ དང་རྒྱུ་སྐར་དོན་མེད་པའོ། །བ་ཤིཥྛས་བྱིན་དུས་སྦྱོར་གྱིས། །ཛཱ་ན་ཀ་བུ་མོ་སྡུག་བསྔལ་སྣོད། ། 1-1-380 དུས་སྦྱོར་གྱིས་ནི་སཱི་ཏ་བདེ། །ལྷ་མིན་གནམ་སྟོང་མཐུ་ཡིས་ནི། །འཐབ་དཀའ་རྣམ་པར་ རྒྱལ་མིན་ཏེ། །འཇིག་སྡེ་ཡིས་ནི་ཕྱེ་མར་བརླགས། །སྐད་ཅིག་གང་ལ་མི་སྐྱོང་དང༌། །ལྷ་རྒྱལ་ ལྷ་ཡི་བདག་པོ་སྐྱེས། །དེ་ཉིད་ལ་ནི་འབངས་དང་ནི། །འབངས་ཀྱི་ཁོལ་པོ་རྣམས་ཀྱང་ངོ༌། ། སྐད་ཅིག་གཅིག་ལ་སྐྱེས་རྣམས་ཀྱི། །སྐྱེ་རབས་ཐ་དད་ཐ་དད་འབྲས། །རང་རང་ལས་ལ་ ཉེར་སྤྱོད་པས། །དེ་རྣམས་འབྲས་བུ་གཅིག་མ་ཡིན། །གཡུལ་དང་ནགས་བསྲེགས་པ་དང་ནི། ། ཉ་བས་རྒྱ་ནི་བཅིངས་པ་ལས། །གང་གིས་ལུས་ཅན་མང་པོ་རྣམས། །གཅིག་ཅར་དུ་ནི་འཆི་ བར་འགྱུར། །གང་ཞིག་སྡིག་པས་དབུལ་པོ་དང༌། །རྟག་ཏུ་དབང་ཉམས་སྡུག་བསྔལ་འགྱུར། ། ལྷ་དང་ལྷ་མིན་དབང་པོའམ། །དེ་ཡི་བདེ་བ་སྟེར་བ་མིན། །བསོད་ནམས་ཀྱིས་ནི་འབྱོར་ ལྡན་དང༌། །ལུས་རྫོགས་ཀུན་ཏུ་བདེ་བ་དང༌། །གསང་དབང་སྲིན་པོའི་དབང་པོའམ། །དེ་ཡི་ ནོར་རྣམས་འཕྲོག་མ་ཡིན། །ཡེ་ཤེས་བསོད་པ་པོ་ཡི་ཕྱིར། །ཡེ་ཤེས་ཀྱིས་ནི་སྡིག་པ་འཇོམས། ། མཐོ་རིས་ཚངས་སོགས་ལྷ་རྣམས་ཀྱིས། །ཚེ་ཡི་ཚད་ནི་རབ་ཏུ་བསྒྲགས། །རྡོ་རྗེའི་སྐུ་ལུས་ དང་ལྡན་པའི། །སངས་རྒྱས་རྣམས་ཀྱང་མི་རྟག་ན། །ཆུ་ཤིང་སྙིང་པོ་དང་མཚུངས་པའི། །སྐྱེ་ བོ་གཞན་ལ་ཅི་ཞིག་སེམས། །སྔོན་གྱི་བསོད་ནམས་མཐུ་ཡིས་ནི། །རྗེ་བོ་ཉིད་ནི་རཱ་མར་ངེས། ། སྔོན་གྱི་སྡིག་པའི་མཐུ་ཡིས་ནི། །མཁའ་ཁྱིམ་གྱི་ནི་མངག་གཞུག་པའོ། །ལྷ་ཡི་རྗེ་བོ་རཱ་མ་ཎ། ། དམོད་པ་བྱིན་པ་དེས་དོན་མེད། །ཕྱི་ནས་ཚེ་ནི་ཟད་པ་ཡིས། །ལྷ་ནི་རཱ་མ་ཤི་བའོ། །སྔོན་གྱི་ སྡིག་པའི་མཐུ་ཡིས་ནི། །སྟོབས་ལྡན་བཅིངས་ཏེ་གནས་པའོ། །སེངྒེས་མངལ་དུ་བཞག་པ་ ཡང༌། །སྡུག་བསྔལ་ལས་ཀྱིས་སྤེལ་བའོ། །ཡཱ་མ་ཨགྣེའི་གཞུ་ཡི་སྒྲས། །ཁེངས་མེད་གྲགས་ པ་ཟད་པའོ། །ཡུལ་དབུས་ནས་ནི་ངེས་འབྱུང་ནས། །ཀོཾ་ཀ་ནར་ཞུགས་མི་དགེ་བས། །རྒྱལ་ སྲིད་ཉམས་ནས་ནགས་སུ་ཞུགས། །ཆུང་མའི་སྡུག་བསྔལ་བར་མེད་ཅིང༌། །ཆུ་སྐྱར་སོགས་ ལ་རཱ་མ་ཡིས། །ལམ་འདྲི་མི་དགེའི་ལས་ཀྱིས་སོ། །ཡུལ་དབུས་ཡོངས་སུ་དོར་ནས་ནི། །གཽ་ 1-1-381 པ་མནྚལ་ཞུགས་ཤིང༌། །ནག་པོ་ཡིས་ནི་གཡུལ་ལ་ནི། ཁ་ལོ་བ་ཡང་མི་དགེའི་ལས། །མི་ དགེའི་ལས་ཀྱིས་སངས་རྒྱས་ཀྱི། །ཞབས་ཀྱི་མཐེ་བོ་ནད་སྐྱེས་དང༌། །བྲམ་ཟེའི་མགོ་བོ་ བཅད་པ་དང༌། །ཚངས་དང་འཕྲོག་བྱེད་དག་ཀྱང་བསད། །ས་གང་རྡུལ་ཕྲན་བསགས་པ་སྟེ། ། དེ་ནི་ཚངས་པ་གདུང་བཞི་མིན། །ཆུ་གང་རྡུལ་ཕྲན་བསགས་པ་སྟེ། །དེ་ནི་ཁྱབ་འཇུག་ཕྱག་ བཞི་མིན། །མེ་གང་རྡུལ་ཕྲན་བསགས་པ་སྟེ། །དེ་ནི་དྲག་པོ་མིག་གསུམ་མིན། །རླུང་གང་ རྡུལ་ཕྲན་བསགས་པ་སྟེ། །དེ་ནི་དབང་པོ་གདུང་ལྔ་མིན། །ནམ་མཁའ་དངོས་མེད་ངེས་གྲོལ་ བ། །རྟག་ཞི་ཕྱག་བཅུ་ལྡན་པ་མིན། །དེ་རྣམས་གཞན་གྱིས་བྱས་པའང་མིན། །གང་ཕྱིར་མོ་ གཤམ་བུ་བཞིན་ནོ། །སྨིག་རྒྱུའི་ཆུ་ལ་ཁྲུས་དང་ནི། །ནམ་མཁའི་མེ་ཏོག་མགོར་བྱས་ནས། ། རི་བོང་རྭ་ཡི་གཞུ་འཛིན་པའི། །མོ་གཤམ་བུ་འདི་གང་དུ་འགྲོ། །ཕུང་པོ་ལྔ་ནི་རྒྱལ་དབང་ པོས། །རྒྱལ་བའི་དབང་པོ་ལྔ་རུ་བརྗོད། །ཕུང་པོ་ལྔ་ནི་ལྷ་ལ་སོགས། །ལྷ་སོགས་ལྔ་པོ་ཉིད་ རྣམས་སོ། །ཕུང་པོ་ལྔ་ནི་ཕྱུགས་རྣམས་ཏེ། །ཕྱུགས་རྣམས་ལྔ་པོ་ཉིད་རྣམས་སོ། །ཕུང་པོ་ལྔ་ ཉིད་མི་རྣམས་ཏེ། །མི་རྣམས་ལྔ་པོ་ཉིད་རྣམས་སོ། །དེ་ལྟར་ས་སོགས་ཁམས་རྣམས་དང༌། ། དབང་པོ་དང་ནི་ཡུལ་རྣམས་དང༌། །ལས་ཀྱི་དབང་པོ་ཐམས་ཅད་དང༌། །དེ་བཞིན་ལས་ དབང་བྱ་བའོ། །འཇིག་རྟེན་གསུམ་གྱི་སེམས་ཅན་ཀུན། །ལུས་ཅན་ལུས་སུ་གནས་རྣམས་ཀྱི། ། ལུས་ནི་དཀྱིལ་འཁོར་རྣམ་པ་སྟེ། །ཚིམ་པ་ཉིད་དུ་ཇི་ལྟར་མིན། །ལུས་ནི་དཀྱིལ་འཁོར་ཞེས་ བརྗོད་དེ། །བྱང་ཆུབ་སེམས་ནི་དཀྱིལ་འཁོར་རོ། །བྷ་ག་དཀྱིལ་འཁོར་ཞེས་པར་བརྗོད། ། དཀྱིལ་འཁོར་གསུམ་དུ་རྟགས་པའོ། །ཕུང་པོ་ལྔ་ནི་རྒྱལ་བའི་སྐུ། །བྱང་ཆུབ་སེམས་དཔའ་ ཁམས་རྣམས་སོ། །ལས་ཀྱི་དབང་པོའི་བྱ་བ་རྣམས། ཁྲོ་བོའི་རྒྱལ་པོ་རྣམས་སུ་བསྒྲགས། ། མཁའ་འགྲོ་མ་རྣམས་རྩ་རྣམས་ཏེ། །དཔའ་བོ་སོ་དང་སེན་མོ་སོགས། །ལུས་ཉིད་མེད་ན་དེ་ རྣམས་མེད། །བསོད་ནམས་སྡིག་པ་གང་ལར་མེད། །ཉ་བའི་རིགས་ཀྱི་ཕུང་པོ་རྣམས། །ཉ་ལ་ 1-1-382 སོགས་པ་དེ་བཞིན་གཤེགས། །གསོད་པོ་བསད་བྱ་དེ་རྣམས་ཀྱང༌། །ཐམས་ཅད་དེ་བཞིན་ གཤེགས་པ་ཉིད། །ཁ་ཊྭཱཾ་ཀ་སོགས་མཁའ་འགྲོ་མ། །ར་ལ་སོགས་པའི་ཁམས་རྣམས་ནི། ། མཁའ་འགྲོ་མ་རྣམས་ཀྱིས་མཁའ་འགྲོ། །བསད་ཅིང་ཟོས་པ་མིན་པ་ཅི། །ཨེ་མའོ་སངས་ རྒྱས་ཨེ་མའོ་ཆོས། །ཨེ་མའོ་ཆོས་རྣམས་སྟོན་པ་པོ། །ལེགས་པར་བྱས་པ་བྱིན་པ་དེས། །སྲིན་ པོ་དང་ནི་བདུད་ཀྱི་རིས། །ལུས་རྣམས་ལྷར་ནི་མི་འགྱུར་རོ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ དང༌། །ལྷ་རྣམས་ཀྱི་ནི་ལོངས་སྤྱོད་དེ། །དེ་རྣམས་ལུས་ཅན་ཡོངས་སུ་བསྒྲགས། །ཟན་དང་ཆུ་ དང་སྒྲོན་མེ་སོགས། །མཆོད་པའི་རྫས་སུ་ཡོངས་སུ་བསྒྲགས། །འདི་རྫས་ལྷ་རྣམས་མཆོད་པ་ སྟེ། །ལུས་ཅན་ལུས་ནི་ལྷ་མ་ཡིན། །ལུས་དོར་འགྲོ་བའི་ལུས་ཅན་ནི། །འདི་ལྟར་ཁྱིམ་དོར་ ཁྱིམ་བྱས་ནས། །གཞན་གྱི་གནས་ནི་སར་པར་ནི། །བདེ་སྡུག་ཉེ་བར་སྤྱོད་པའོ། །རེ་ཤིག་ སྲོག་ལྡན་བདེ་སྲོག་ལྡན། །འཆི་བར་མི་ནུས་པ་ནི་མེད། །ལུས་ནི་ཐལ་བར་གྱུར་པའི་ཚེ། ། སླར་ཡང་ལོག་ནས་འོང་པ་གང༌། །ལྷ་ཡི་རྒྱལ་པོའི་བློན་པོ་ཡིས། །འདི་ནི་བདེན་པའི་ངག་ཏུ་ བརྗོད། །ལུས་ནི་ཐལ་བར་གྱུར་པའི་ཚེ། །གང་ལ་སླར་ཡང་འགྲོ་བ་མེད། །མེ་ཡིས་ཐལ་བར་ གྱུར་པ་ན། །ལུས་ནི་འོང་པ་མེད་པའོ། །དེ་ལུས་ཕྱི་རོལ་གྱུར་པ་ཡི། །དེ་ཚེ་ལུས་ཅན་འགྱུར་བ་ ཅི། །མེ་ཡིས་ཐལ་བར་གྱུར་པའི་ཚེ། །ཁྱིམ་དུ་འོང་བ་མེད་པའོ། །དེ་ཁྱིམ་ཕྱི་རོལ་གྱུར་པ་ན། ། དེ་ཚེ་ཁྱིམ་པར་འགྱུར་བ་ཅི། །སྐྱེ་བ་དང་ནི་འགག་མེད་པ། །སེམས་དཔའི་ཕུང་པོར་རབ་ཏུ་ བསྒྲགས། །བདེ་དང་སྡུག་བསྔལ་ཉེར་སྤྱོད་པ། །རྟག་ཏུ་ཀུན་རྫོབ་འཁོར་བའོ། །དགོངས་ པའི་སྐད་དང་དགོངས་མིན་དང༌། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །ངེས་པའི་དོན་དང་དྲང་ དོན་དང༌། །རྒྱུད་ནི་མཐའ་དྲུག་མཚན་ཉིད་དོ། །རྩོ་རའི་སྒྲ་ནི་འཇིག་རྟེན་འགར། །ཟན་གྱི་ དོན་རབ་རྟོགས་པར་བྱེད། །ལ་ལར་ཆོམ་རྐུན་པ་ཉིད་བརྗོད། །དེ་བཞིན་རྒྱུན་དུ་བསྟན་པ་ རྣམས། །ཀར་ཎ་ཊ་པའི་ཀར་ཎའི་སྒྲས། །རྡོ་དང་རྐང་པར་དྲན་པ་དང༌། །ལ་ལར་འོན་པར་ 1-1-383 བརྗོད་པ་སྟེ། །དེ་བཞིན་རྒྱུད་རྣམས་སུ་བསྟན་པའོ། །ཁྱིམ་པ་ཡིས་ནི་ཆོས་རྣམས་ལ། །མཁས་ པ་མ་ཡིན་མཁས་རློམ་སེམས། །འདི་ནི་འཇིག་རྟེན་ལྟུང་བ་སྟེ། །འདུས་བྱས་སྒྲ་ཡིས་སྤེལ་ བའོ། །མེ་ཡི་སྒྲ་གང་དོན་ལ་ནི། །གལ་ཏེ་ཡང་ན་གནྚའི་སྒྲ། །མི་དང་གནྚའི་སྒྲ་དག་ལས། ། དབྱེ་བའི་དོན་ནི་བཤད་པ་མེད། །འགའ་ཞིག་ཏུ་ནི་མང་པོའི་སྒྲ། །དོན་གཅིག་ལ་ནི་བརྗོད་ པའོ། །ལ་ལ་ཞིག་ཏུ་སྒྲ་གཅིག་ནི། །སྣ་ཚོགས་དོན་ལ་གསུངས་པའོ། །ཇི་ལྟར་སངས་རྒྱས་ གཟུགས་སྐུ་གང༌། །དེ་བཞིན་ཆོས་ཀྱི་སྐུ་ལ་མིན། །ཇི་ལྟར་སངས་རྒྱས་ཕུང་པོ་ལྔ། །དེ་བཞིན་ ཚུལ་ཁྲིམས་སོགས་ལ་མིན། །ཇི་ལྟར་སངས་རྒྱས་རེས་གཟའ་བདུན། །དེ་ལྟར་སངས་རྒྱས་ བདུན་པོ་མིན། །ཇི་ལྟར་སངས་རྒྱས་ཀུན་སངས་རྒྱས། །དེ་ལྟར་ལྗོན་ཤིང་སོགས་ལ་མིན། ། ཇི་ལྟར་སངས་རྒྱས་སྟོང་ཉིད་གསལ། །དེ་ལྟར་མུན་པའི་མཁའ་ལ་མིན། །མཁར་སྣང་རྟོགས་ པར་བྱེད་པ་སྟེ། །མཁའ་དང་མུན་སྟུག་གཉིད་དང་ནི། །གཉིད་སྟུག་སོང་བ་རྣམས་ལ་ཡང༌། ། མི་བཟད་གྲང་དང་དྲོ་བའི་རླུང༌། །བསམ་པ་ཐམས་ཅད་ཡོད་མིན་པར། །རྟོགས་པར་བྱའོ་ ལུས་ཅན་རྣམས། །ལྗོན་ཤིང་རྟག་པར་སྲོག་ལྡན་ན། །ཡལ་ག་གཅིག་ནི་སྲོག་རྣམས་སྤངས། ། བཅད་ནས་ས་ལ་བཙུགས་པ་ན། །ཤིང་གང་སྐྱེ་བ་ག་ལ་ཞིག །ལག་པ་རྐང་པ་བཅད་པ་ན། ། སྐྱོན་མེད་རབ་ཏུ་སྐྱེ་བ་མིན། །སྲོག་མེད་ཞི་སྟེ་སོང་བ་ན། །རང་ལུས་སྲོག་ནི་འཇུག་པའོ། །ཇི་ ལྟར་སེན་དྷ་བ་ཡི་སྒྲ། །རལ་གྲི་རྟ་དང་ལན་ཚྭ་གོས། །དེ་བཞིན་ཧེ་རུ་ཀ་ཡི་སྒྲ། །མཁའ་འགྲོ་ ཡེ་ཤེས་བདེ་ཐུབ་པའོ། །ཛཿཛཿའདིར་སྤྱོན་མྱུར་བར་ནི། ཁ་ཁ་གསོལ་ཅིག་གཏོར་ཆེན་པོ། ། ཟུང་ཅིག་ཟུང་ཅིག་ཡིད་བརྟགས་ཆེ། །མཁའ་འགྲོ་རྡོ་རྗེ་འཛིན་པའི་བཀས། །ལུས་ལ་ཡེ་ ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། ། ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །བདེ་བ་དམར་པོ་བདེ་བ་སེར། །བདེ་བ་ནག་པོ་བདེ་ བ་དཀར། །བདེ་བས་ཐབས་ཅད་ཁྱབ་པ་སྟེ། །འཇིག་རྟེན་གསུམ་པོ་སྐུ་རུ་བརྗོད། །གདུལ་ 1-1-384 དཀའ་འདུལ་བ་པོ་ཡི་གཟུགས། །གདུག་པ་གང་འདི་ཐུབ་པས་མཛད། །དེ་འདི་སྒྱུ་མའི་ གཟུགས་ཉིད་དེ། །སྐྱོབ་པའི་སྐུ་ཡི་རང་བཞིན་མིན། །དབང་པོ་གཉིས་སྐྱེས་བདེ་དེ་ཉིད། །ཐ་ ཤལ་མི་འགའ་སྨྲ་བར་བྱེད། །དེ་ཉིད་བདེ་བ་ཆེན་པོར་ཡང༌། །རྒྱལ་བ་མཆོག་གིས་མ་ གསུངས་སོ། །རྟེན་ཅིང་འབྲེལ་འབྱུང་ལས་བྱུང་བ། །གལ་ཏེ་བདེ་བ་ཆེར་འགྱུར་ན། །གཡན་ པ་ཕྲུགས་པ་ལས་བྱུང་དེ། །ཇི་ལྟར་བདེ་བ་ཆེན་པོ་མིན། །ལས་ཀྱི་ཕྱག་རྒྱ་གཡོན་ཅན་འདུག ། ཡེ་ཤེས་ཕྱག་རྒྱ་དེ་བཞིན་ཏེ། །རྣམ་པར་རྟོག་མང་དོར་བྱས་ནས། །ཕྱག་རྒྱ་ཆེན་པོ་ངེས་ བརྟེན་བྱོས། །ཕྱག་རྒྱ་ཆེ་དང་རབ་འགྲོགས་པས། །སངས་རྒྱས་རྣམས་ཀྱི་འགྱུར་མེད་བདེའོ། ། འཇིག་རྟེན་གསུམ་སྤྱོད་ལས་གྲོལ་བར། །ཇི་ལྟར་དབང་པོ་གཉིས་སྐྱེས་འགྱུར། །ལྷ་དང་མི་ ཡི་བདེ་བ་དག །ཀུན་ཏུ་བསྡུས་པར་བྱས་པས་ཀྱང༌། །མཆོག་གི་རྡོ་རྗེའི་ཕྲ་མོ་ཡི། །བཅུ་དྲུག་ ཆར་ཡང་མི་ཕོད་དོ། །ཆོས་འདི་ཡི་ནི་བདེ་བ་ཡང༌། །རིམ་པ་དེ་རྣམས་བཀག་པས་སོ། །ཁྱོད་ ཀྱིས་ཕྱིན་ཅི་ལོག་དོར་བྱ། །རྒྱུད་དང་རྒྱུད་ནང་རྒྱལ་པོ་ཀྱེ། །ཞེས་པ་རང་གི་ལྟ་བའི་འདོད་པ་ མདོར་བསྟན་པ་ཡོངས་སུ་བརྟག་པར་ལེགས་པའི་ཆོས་ཡོངས་སུ་བརྟག་པའི་ལེའུ་སྟེ་གཉིས་ པའོ།། །། བདག་ཏུ་འཛིན་པ་བཟློག་དོན་དུ། །ཕུང་པོ་ཁམས་སོགས་བསྟན་པ་སྟེ། །སྐལ་བ་ཆེན་ པོས་དེ་ཡང་གཞོམ། །སེམས་ཙམ་ལ་ནི་རྣམ་པར་གནས། །འདི་རྣམས་ཐམས་ཅད་སེམས་ ཙམ་ཞེས། །གང་ཞིག་ཐུབ་པས་བསྟན་པ་ནི། །འཇིགས་པ་ཡོངས་སུ་འཕྲོག་དོན་དུ། །ངལ་ བསོའི་ཕྱིར་ཏེ་དེ་ཉིད་མིན། །རྣམ་ཤེས་སྨྲ་བ་ཐམས་ཅད་དང༌། །རྗེས་ཤེས་རིག་བྱེད་མཐའ་ སྨྲ་བ། །ཐམས་ཅད་རྣམ་པར་ཤེས་ཙམ་སྟེ། །ཐམས་ཅད་ཚངས་པའི་རང་བཞིན་མིན། །ཆུ་ལ་ ཁྱབ་འཇུག་སར་ཁྱབ་འཇུག །ཁྱབ་འཇུག་རི་ཡི་རྩེ་མོ་ལ། །འབར་ཕྲེང་རིགས་ལ་ཁྱབ་འཇུག་ སྟེ། །ཁྱབ་འཇུག་འགྲོ་ཀུན་རང་བཞིན་ཉིད། །ཆུ་ལ་སངས་རྒྱས་སར་སངས་རྒྱས། །སངས་ 1-1-385 རྒྱས་རི་ཡི་རྩེ་མོ་ལ། །འབར་ཕྲེང་རིགས་ལ་སངས་རྒྱས་ཏེ། །སངས་རྒྱས་འགྲོ་ཀུན་རང་ བཞིན་ཉིད། །ཚངས་པ་སྐུ་ཡི་རྡོ་རྗེ་སྟེ། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་རྡོ་ རྗེ་འཛིན། །དེ་ཡང་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཐམས་ཅད་ཁྱབ་འཇུག་རང་བཞིན་དང༌། ། ཐམས་ཅད་སངས་རྒྱས་རང་བཞིན་མིན། །སྐྱོབ་པའི་སྔགས་ཀྱི་ཐེག་པ་ལ། །འདིས་ནི་རིང་ དུ་འགྲོ་བར་འགྱུར། ཁྱབ་འཇུག་ཁྱབ་འཇུག་ལ་གནས་ཤིང༌། ཁྱབ་འཇུག་ཁྱབ་འཇུག་གིས་ ཟ་དང༌། ཁྱབ་འཇུག་ཁྱབ་འཇུག་ལག་པ་ལ། །རྒྱུ་མཚན་ཅི་ཡི་ཕྱིར་ན་འོང༌། །སྒྱུ་མ་ཆེན་མོ་ དྲག་ཆེན་མོ། །འབྱུང་དང་སྡུད་པར་བྱེད་པ་མོ། །རང་གིས་འཕྲོག་ཅིང་རང་གིས་བྱེད། །རང་ ཉིད་རྒྱལ་པོ་རང་གཙོ་བོ། །ཕྱག་འཚལ་བཟུང་བྱ་འཛིན་པོ་དང༌། །བསད་བྱ་དང་ནི་གསོད་པོ་ དང༌། །བི་ཤི་བལླིའི་སྔགས་ཆེད་དུ། ཁྱབ་འཇུག་འཇིགས་བྱེད་སྐྱབས་ཕྱིར་རོ། །གསད་བྱ་ གསོད་པོ་གང་དེ་དང༌། །གཟའ་བྱ་ཟ་བོ་གང་དེ་ཡང༌། །གསད་བྱ་གསོད་པ་པོ་མེད་ན། ། བསོད་ནམས་དང་ནི་སྡིག་འབྲས་མེད། །ཇི་ལྟར་བུམ་པ་བུམ་པ་ལ། །ནམ་མཁའ་ཁྱབ་པར་ ཡང་དག་གནས། །གཅིག་བདག་ཁྱབ་པ་མཁའ་བཞིན་དུ། །ལུས་དང་ལུས་ལ་དེ་བཞིན་ གནས། །ཇི་ལྟར་བུམ་པ་ཆག་པ་ན། །ནམ་མཁའ་གང་དུའང་གཡོ་བ་མེད། །དེ་བཞིན་ལུས་ནི་ ཞིག་པ་ན། ཁྱབ་བདག་གཡོ་བ་མེད་པའོ། །གཡོ་བ་རྣམ་པར་ཉམས་ན་དེའི། །བདེ་འགྲོ་ངན་ འགྲོ་མེད་ཅེ་ན། །བསོད་ནམས་སྡིག་པའི་སྟོབས་ཀྱིས་ནི། །སླར་ཡང་བདེ་དང་སྡུག་བསྔལ་ འགྱུར། །ཕྱི་བདག་གྱུར་པ་འབྱུང་པོ་དེའི། །ནང་གི་བདག་ཉིད་དབང་པོ་བཅུ། །མཆོག་གི་ བདག་ཉིད་ཡིད་ཤེས་པ། །བཞི་པོ་འགྲོ་དང་འོང་བ་པོ། །ལུས་གནས་རྐང་པར་གནས་པ་ དང༌། །གཟུགས་གནས་གཟུགས་ནི་སྤངས་པ་སྟེ། །ཐམས་ཅད་བྱེད་པོ་གཞན་གྱུར་ན། །དེ་ཚེ་ གཅིག་གིས་བྱས་པ་ཉམས། །སད་པ་རྨི་ལམ་གཉིད་འཐུག་དང༌། །བཞི་པའི་གནས་སྐབས་ གཉིས་མེད་གཞན། །འདོད་པ་ཡེ་ཤེས་བྱ་བ་ནུས། །ལུས་ཅན་རྣམས་ལ་མཁའ་གཞན་ཉིད། ། 1-1-386 བྱ་བ་ལུས་ཅན་རྣམས་ཀྱི་ལུས། །བྱེད་པོ་མཁའ་གཞན་ཡོད་མ་ཡིན། །བུ་ལྡན་རྣམས་ལ་བུ་ ཉིད་དེ། །འགྲོ་གསུམ་མོ་གཤམ་བུ་ཉིད་དོ། །གཅིག་བདག་ཀུན་འགྲོ་རྟག་ཏུ་ནི། །བྱ་བཅས་ ཡུལ་རྣམས་སྤངས་པ་སྟེ། །བརྟན་གཡོ་རྣམས་ལ་མཁའ་བཞིན་དུ། །ཐམས་ཅད་ལ་ནི་རྣམ་ པར་གནས། །གཅིག་བདག་ཀུན་འགྲོ་མཁའ་བཞིན་དུ། །གལ་ཏེ་ལུས་ལ་གནས་པ་ན། །དེ་ ཚེ་བཙུན་མོར་སྦྱོར་བྲལ་བས། །སྡུག་བསྔལ་ཀུན་འགྲོའི་བདག་ཉིད་མིན། །མྱ་ངན་མེ་ཡིས་ བསྲེགས་པ་ན། །ཇི་ལྟར་རྟག་ཏུ་རྣམ་འགྱུར་མེད། །གལ་ཏེ་དུས་ཀུན་བྱ་བར་བཅས། །གཉིད་ ཀྱི་གནས་སྐབས་ཇི་ལྟར་འགྲོ། །གལ་ཏེ་རབ་ཏུ་སྟོན་བྲལ་བ། །བདེ་དང་སྡུག་བསྔལ་ཇི་ལྟར་ སྤྱོད། །འགའ་ཞིག་རྫས་ནི་ལྟ་བ་ན། །ཇི་ལྟར་སྣང་བའི་ལག་སྤངས་བཞིན། །སེམས་དང་ སེམས་ཤེས་སྤངས་པ་ཡིས། །ཤེས་བྱ་མེད་པར་རབ་འགྱུར་ན། །སྟུག་པོའི་གཉིད་དུ་སོང་ལ་ འདིའི། །ཤེས་དང་ཤེས་བྱ་ཟད་པར་འགྱུར། །སད་པའི་སྐབས་སོང་སངས་རྒྱས་ཏེ། །ཐམས་ ཅད་མཁྱེན་པར་ཡོངས་སུ་བསྒྲགས། །ཐམས་ཅད་རིག་ཅིང་ངེས་གྲོལ་བ། །མུན་པའི་གནས་ སྐབས་མེད་པའོ། །གང་ཡང་གནས་སྐབས་འདི་རྣམས་ནི། །རྣམ་ཤེས་བཞིན་དུ་སྟོང་པར་ བརྗོད། །སླར་ཡང་འཇིག་རྟེན་གནས་མེད་ཅེས། །མེད་པར་སྨྲ་དོན་ཕྱིན་ཅི་ལོག །གཅིག་ཉིད་ འབྱུང་པོའི་བདག་ཉིད་དེ། །ལུས་དང་ལུས་ལ་རྣམ་པར་གནས། །རྣམ་གཅིག་རྣམ་པ་མང་པོ་ ཉིད། །མཐོང་བ་ཆུ་ཡི་ཟླ་བ་བཞིན། །ཇི་ལྟར་མཁའ་དང་ཆུ་ལ་ཡང༌། །ཟླ་བ་རབ་མཐོང་དེ་ བཞིན་དུ། །འགྲོ་གསུམ་འབྱུང་པོའི་ཚོགས་པ་ལ། ཁ་དོག་དུ་མར་ཡང་དག་གནས། །ཁ་དོག་ དུ་མའི་དབྱེ་བ་ཡིས། །ནོར་བུ་སྣ་ཚོགས་གཟུགས་སུ་འགྱུར། །ཡང་དག་གནས་ལ་དབྱེ་བ་ མེད། །སྣ་ཚོགས་གཟུགས་སུ་རབ་ཏུ་གྲགས། །ཆུ་མེད་ན་ནི་ཆུའི་ཟླ་བ། །ཐམས་ཅད་མེད་ གྱུར་ཇི་ལྟ་བ། །དེ་བཞིན་ལུས་ཅན་མེད་ན་ཡང༌། །འབྱུང་པོའི་བདག་ཉིད་ཀུན་མེད་འགྱུར། ། མངོན་སུམ་ནམ་མཁར་ཟླ་བ་དང༌། །ཆ་བཅས་ཆ་མེད་ཉི་མ་དང༌། །ཆ་བཅས་ཆ་མེད་དངོས་ 1-1-387 པོ་རྣམས། །ཇི་ལྟར་དངོས་མེད་དེ་བཞིན་མེད། །མངོན་སུམ་ལྗོན་ཤིང་ཆ་ཤས་བཅས། །གྲིབ་ མ་དེ་ཉིད་ཆ་ཤས་མེད། །རྟག་ཏུ་ཉི་མ་ཆ་ཤས་བཅས། །འཇིག་རྟེན་ཉི་མའི་ཆ་ཤས་མེད། ། གང་ཞིག་གདུགས་ཀྱི་གྲིབ་མ་དེ། །ངེས་དབེན་དེ་ནི་ཆ་ཤས་མེད། །རྣམ་པ་ཀུན་ཏུ་ཆ་མེད་ འགྱུར། །སྣ་ཚོགས་ཁྱབ་པ་གང་དེ་མེད། །ཕན་ཚུན་རྣམ་པ་འགལ་བའི་ཕྱིར། །གཟུགས་མེད་ གཟུགས་དང་ལྡན་མི་འགྱུར། །ནམ་མཁའ་བུམ་མིན་གཟུགས་མིན་ཏེ། །བུམ་མིན་གཟུགས་ མིན་ནམ་མཁའ་མིན། །གཅིག་ནི་དུ་མ་ཉིད་མི་འགྱུར། །དུ་མ་ཡང་ནི་གཅིག་པ་ཉིད། །ཕྲ་མོ་ སྦོམ་པོ་ཉིད་མིན་ཏེ། །སྦོམ་པོ་ཡང་ནི་ཕྲ་མོ་ཉིད། །ཆ་མེད་པ་ལ་ཆ་ཡོད་མིན། །གལ་ཏེ་ཡོད་ ན་ཆ་མེད་ཅི། །མོ་གཤམ་བུ་དང་ལྡན་མི་འགྱུར། །བུ་དང་ལྡན་ན་མོ་གཤམ་ཉམས། །དངོས་ པོ་མེད་ལ་སྒོམ་མི་འགྱུར། །སྒོམ་པ་མེད་ལའང་དངོས་མེད་ཉིད། །ཞི་བས་དྲག་པོར་ནུས་མེད་ དེ། །ཉི་མར་རི་བོང་ནུས་པ་བཞིན། །ནམ་མཁའ་མེད་པས་ཡུལ་གནས་མིན། །ལུས་གནས་ ནམ་མཁའ་གཞན་མ་ཡིན། །ངེས་པར་ཆོས་གཉིས་ཞེས་བྱ་བ། །བདག་དང་བདག་མེད་དེ་ བཞིན་ནོ། །ཇི་ལྟར་མོ་གཤམ་བུ་མེད་པ། །དེ་ལྟར་ནམ་མཁའ་མེད་པ་སྟེ། །བུ་ལྡན་རྣམས་ལ་ བུ་ཡོད་པ། །འཁོར་བར་ལུས་ཅན་དེ་བཞིན་ནོ། །ཡོན་ཏན་མེད་ན་ཐམས་ཅད་མེད། །ཡོན་ ཏན་ཡོད་ན་ལྷ་ཉིད་ཡོད། །དངོས་པོ་མེད་ན་ཐམས་ཅད་མེད། །དངོས་པོ་འགྲོ་བ་གསུམ་ལ་ ཡོད། །ལུས་ཅན་མེད་ན་བྱེད་པོ་མེད། །ལུས་ཅན་བྱེད་པ་པོ་ལ་ཡོད། །ལུས་ཅན་མེད་ན་ལས་ སྤྱོད་མེད། །ལུས་ཅན་སྤྱོད་པ་པོ་ལ་ཡོད། །མཁའ་མཆོག་ཀུན་ཏུ་འགྲོ་མི་འགྱུར། །ལུས་ཅན་ ཀུན་ཏུ་འགྲོ་བ་ཡོད། །མཐའ་ཡས་མཐའ་ཡས་སྐྱེ་གནས་སུ། །རིམ་གྱིས་ཀུན་ཏུ་འགྲོ་བའོ། ། ནམ་མཁའ་མཆོག་ལ་ཁྱབ་པ་མེད། ཁྱབ་པ་ལུས་ཅན་རྣམས་ལ་ཡོད། །སོ་སོར་རང་རང་ ལུས་ལ་ཡང༌། །རྐང་མཐིལ་སྤྱི་བོ་ཀུན་ཏུ་ཡང༌། །སོ་སོའི་ནམ་མཁའ་དེ་བཞིན་མཁའ། །ནམ་ མཁའ་ཡིས་ནི་བསྒྲུབས་པ་མེད། །ཇི་ལྟར་ལུས་ཅན་དེ་བཞིན་ལུས། །ལུས་ཅན་རྣམས་ཀྱིས་ 1-1-388 བསྒྲུབས་པ་མེད། །འཇིམ་བུམ་བྱས་པས་སྐྱེས་པ་སྟེ། །བུམ་པ་བྱེད་པ་གཞན་ཡོད་མིན། ། གསེར་དང་དངུལ་གྱི་བུམ་པ་འདི། །གསེར་མཁན་གྱིས་ནི་བྱས་པར་ངེས། །སྐྱེས་པས་ བསྒྲུབས་པ་སྐྱེས་པ་སྟེ། །བྱེད་པོས་དེ་བཞིན་བྱེད་པོ་ལ། །མོ་གཤམ་བུ་ནི་མཁའ་མཐར་ཡང༌། ། སྐྱེས་དང་མ་སྐྱེས་བསྒྲུབས་པ་མེད། །སྐྲ་ཡི་རྩེ་མོའི་སྟོང་ཕྲག་ཆའི། །སྟོང་ཕྲག་ཆ་ཤས་མཆོག་ དྲན་པ། །རྫུན་གྱི་ངག་འདི་མཐོང་བ་མེད། །དབྱེ་བའི་ཆར་འགྱུར་མིན་ནམ་ཅི། །སྐྲ་རྩེ་འབུམ་ གྱི་ཆ་ཤས་གང༌། །བ་སྤུའི་རྩེ་མོའི་ལུས་གནས་པ། །བཅད་པས་གཞན་གྱི་ལུས་འདི་ལ། །སྡུག་ བསྔལ་ཕྲ་མོའི་བདག་ཉིད་མེད། །ཀུན་ཏུ་འགྲོ་བས་ཁྱབ་ཉིད་ཀྱང༌། །ཟད་ནས་ཕྲ་མོའི་བདག་ ཉིད་འགྲོ། །ནམ་མཁའ་ལས་ནི་འདས་པའི་ལུས། །རིང་ནས་རིང་དུ་འགྲོ་བའོ། །གང་ཚེ་སྐྱེ་ མེད་ཕྱིར་རྒྱུ་འབྲས། །དེ་ཚེ་རི་བོང་རྭ་ལས་གཞུ། །སྐྱེས་ཕྱིར་རྒྱུ་དང་འབྲས་བུ་ནི། །རྟག་ཏུ་ དངོས་པོ་རྣམས་ལ་འགྱུར། །སྐྱེ་བ་གང་ཕྱིར་སྐྱེ་བ་ནི། །གཞན་ལས་གང་ཚེ་དངོས་པོ་རྣམས། ། གནས་སྐབས་རབ་སྦྱོར་འདི་མེད་པས། །རྒྱུ་ལས་རྟག་ཏུ་གྱུར་པའོ། །མངོན་དུ་ཡོད་པའི་བུམ་ པ་ནི། །འཇིམ་གོང་ལ་སོགས་རྒྱུ་ལས་ཏེ། །མེད་ན་རུས་སྦལ་སྤུ་ལས་ནི། །རྒྱུ་མེད་སྣམ་བུ་ལ་ སོགས་བཞིན། །དག་པའི་ས་བོན་ལས་ཤིང་འབྱུང༌། །གང་ཚེ་ཤིང་ལས་ས་བོན་འབྱུང༌། །གཉི་ གའང་རྒྱུ་ནི་གང་ཞིག་ལ། །འབྲས་བུ་མེད་འགྱུར་མིན་ནམ་ཅི། །དེ་མེད་པ་ལ་རྒྱུ་མེད་པས། ། དབང་ཕྱུག་ལ་སོགས་དེ་བཞིན་ཏེ། །དངོས་པོ་སོ་སོར་དངོས་མེད་ཀྱི། །འབྱུང་བ་ཡོངས་སུ་ གྲགས་པའོ། །ནམ་མཁའ་མེད་པས་མཁའ་མཆོག་མཐའ། །དེ་རྣམས་སུ་ཞིག་གིས་ནི་མཐོང༌། ། བསེ་རུའི་རྭ་ལས་གཞུ་འབྱུང་མོད། །རི་བོང་རྭ་ཡི་གཞུ་མེད་དོ། །དག་པའི་སྲད་བུའི་ཡོན་ ཏན་རས། །རུས་སྦལ་སྤུ་ཡི་ཡོན་ཏན་མིན། །ལྕགས་ལས་རྣོན་པོའི་མདའ་འབྱུང་སྟེ། །ནམ་ མཁའ་ལས་ནི་འབྱུང་བ་མེད། །གཞུ་འཛིན་བུ་ལྡན་བུ་ཡིན་གྱི། །མོ་བཤམ་བུ་འདི་གང་དུའང་ མིན། །ཇི་ལྟར་ཤིང་སྐམ་རྩུབ་ལས་མེ། །དེ་ལྟར་རློན་པའི་ཤིང་ལས་མིན། །ཏིལ་མར་ཏིལ་གྱི་ 1-1-389 འཕྲུལ་འཁོར་ལ། །དེ་ལྟར་བྱེ་མར་འགའ་ཡང་མིན། །དྲི་ནི་ཤིང་གི་མེ་ཏོག་ལ། །དེ་ལྟར་ནམ་ མཁའི་མེ་ཏོག་མིན། །རྒྱུ་མེད་འབྲས་བུ་མེད་པའི་ཕྱིར། །ལས་མེད་དགེ་དང་མི་དགེ་མེད། ། འབྱུང་པོ་འདི་དག་ཀུན་མེད་ན། །འཇིག་རྟེན་འཇིག་རྟེན་འདས་པ་མེད། །བདེན་པ་གཉིས་ ལ་བརྟེན་ནས་ནི། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་ཏེ། །འཇིག་རྟེན་ཀུན་རྫོབ་བདེན་པ་ དང༌། །དམ་པའི་དོན་གྱི་བདེན་པའོ། །རྒྱུ་འབྲས་བདག་ཉིད་སངས་རྒྱས་ཀྱིས། །ཀུན་རྫོབ་ཏུ་ ནི་ཡོངས་སུ་བསྒྲགས། །ཀུན་རྫོབ་མེད་ཅིང་འགའ་མེད་པའི། །རང་བཞིན་རྒྱུ་མེད་དངོས་པོ་ མེད། །ནམ་མཁའ་འདས་དང་མ་འོངས་དང༌། །སོང་དང་ད་ལྟར་བ་རྣམས་ནི། །ཀུན་རྫོབ་བློ་ དང་ལྡན་པས་ལྟོས། །མེད་སྐྱོ་མཁའ་སྐྱེས་མེ་ཏོག་མེད། །སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན། ། ལས་ལས་རབ་སྐྱེས་ཡང་དག་བྱུང༌། །སླར་ཡང་སྲིད་པ་ཞེས་སུ་བཤད། །དེ་ནི་མིག་ཡོར་ལྟ་ བུའོ། །གང་ཞིག་སྤྲུལ་པའི་གྲོང་ཁྱེར་དང༌། །སྤྲུལ་པ་རྣམ་པར་བལྟ་བ་བཞིན། །ལས་ཀྱིས་ སྤྲུལ་པའི་འགྲོ་བ་ཡི། །གཟུགས་ལ་དེ་བཞིན་ཡོངས་སུ་ལྟོས། །ཆོས་བསྟན་པ་ནི་སྒྲ་རྣམས་ནི། ། གང་ཡང་ཐོས་པའི་སྤྱོད་ཡུལ་དུ། །རབ་སྐྱེས་ཉན་པོས་ཐོས་པ་རྣམས། །ཐམས་ཅད་སྒྲ་རྙན་ ལྟ་བུའོ། །བསྣམ་བྱ་མྱང་བྱ་རེག་བྱ་སྟེ། །གང་ཡང་སྲེད་པར་བྱ་བའི་ཡུལ། །འདི་ཀུན་རྨི་ལམ་ མཚུངས་པ་སྟེ། །ཉེ་བར་ཐོབ་པ་མ་ཡིན་ནོ། །མི་གང་སྒྱུ་མའི་འཁྲུལ་འཁོར་ལྟར། །སེམས་ ཀྱིས་ངེས་པར་དབྱེ་བྱ་ཞིང༌། །བདག་མེད་ལུས་ཀྱི་འཁྲུལ་འཁོར་འདི། །སེམས་ཀྱི་དེ་དང་འདྲ་ བར་བྱ། །སྣ་ཚོགས་རྙེད་པ་གང་དེ་ཡང༌། །སྐད་ཅིག་སོ་སོར་བྱུང་བ་སྟེ། །འདི་དག་སྨིག་རྒྱུ་ དང་མཚུངས་པར། །མཐོང་བ་མེད་ན་མཚན་ཉིད་མེད། །ཡིད་སོགས་སེམས་ལས་བྱུང་བ་ རྣམས། །ཐམས་ཅད་ཆུ་ཟླ་ལྟ་བུ་སྟེ། །རྣམ་པ་དེ་དང་རྣམ་ཤེས་དག །ཕན་ཚུན་གཟུགས་བརྙན་ ལྟ་བུའོ། །བསམ་གཏན་པ་རྣམས་དག་པའི་བདག །ཡེ་ཤེས་ཟླ་གང་ཡང་དག་འབྱུང༌། །དེ་ ཡང་ཆུ་ཟླ་ལྟ་བུ་སྟེ། །མངོན་སུམ་དུ་ཡང་ཡོད་མ་ཡིན། །རྣལ་འབྱོར་པ་ལའང་ཡེ་ཤེས་གང༌། ། 1-1-390 དེ་བཞིན་ནམ་མཁའི་མཚན་ཉིད་དེ། །དེ་ཕྱིར་ཤེས་དང་ཤེས་བྱ་ཡང༌། །ཐམས་ཅད་ནམ་ མཁའི་མཚན་ཉིད་དོ། །དང་པོར་ཕྲ་མོའི་རང་བཞིན་མེད། །གཉིས་པར་དབང་ཕྱུག་འགྲོ་བ་ མེད། །གསུམ་པར་རིག་བྱེད་རྟག་དེ་བཞིན། །བཞི་པར་རང་བཞིན་མེད་པའོ། །ལྔ་པར་སྣ་ ཚོགས་བདག་མེད་དེ། །དྲུག་པར་དུས་གསུམ་མཐོང་བ་དང༌། །བདུན་པར་ཕན་ཚུན་སྦྱོར་བ་ དང༌། །བརྒྱད་པར་ཐམས་ཅད་ཁྱབ་ཉིད་དོ། །དགུ་པར་འདས་དང་མ་འོངས་དང༌། །ཤེས་དང་ ཤེས་བྱའང་སྟོང་པ་ཉིད། །དེ་ལྟར་རྣམ་དགུ་བཤད་པ་རྣམས། །ལྟ་བའི་མཐར་ནི་བསྒྲུབ་པར་ འགྱུར། །རྒྱུ་འབྲས་བདག་ཉིད་ཐམས་ཅད་དང༌། །སྲིད་པ་གསུམ་པོ་ལས་ལས་སྐྱེས། །རྫུན་ ལྟ་ཇི་ལྟ་དེ་ཉིད་ཡིན། །གཏན་ཚིགས་ལ་སོགས་འགལ་ཕྱིར་རོ། །བྱེ་བྲག་སྨྲ་དང་མདོ་སྡེ་པ། ། རྣལ་འབྱོར་སྤྱོད་དང་དབུ་མ་པའི། །གྲུབ་མཐའ་གང་ཞིག་ཆོས་སོགས་ཀྱི། །ཚིགས་བཅད་ སངས་རྒྱས་ཕྱག་རྒྱས་བཏབ། །གང་ཞིག་ཆོས་རྣམས་རྒྱུས་བྱུང་བ། །ལྔ་དང་བདུན་དུ་རབ་ཏུ་ གྲགས། །མ་རིག་ལ་སོགས་རིམ་པ་བཞིན། །རྐྱེན་རྣམས་སོ་སོའི་བདག་ཉིད་དོ། །ཉོན་མོངས་ ལས་དང་སྡུག་བསྔལ་ཏེ། །ཡན་ལག་གསུམ་གཉིས་བདུན་དུ་གྲགས། །ཇི་སྲིད་ནམ་མཁའི་ ཁམས་ཀྱི་བར། །ཕན་ཚུན་ལྕགས་སྒྲོག་བཞིན་དུ་བཅིངས། །ཉོན་མོངས་ལས་ནི་ལས་སྐྱེ་སྟེ། ། ལས་ལས་སྡུག་བསྔལ་ཡང་དག་འབྱུང༌། །སྡུག་བསྔལ་ཉོན་མོངས་དེ་ལས་ལས། །དེ་ཕྱིར་ སླར་ཡང་སྡུག་བསྔལ་འགྱུར། །རྒྱུ་དང་འབྲས་བུ་ཐམས་ཅད་ཀྱང༌། །འཇིག་རྟེན་གསུམ་ བཅས་སྤྱོད་ཅིང་རྒྱུ། །རྒྱུ་དང་འབྲས་བུ་བཀག་ན་ནི། །འགའ་ཡང་མྱ་ངན་འདའ་བ་མེད། ། སེམས་ཅན་གང་ཞིག་མྱང་འདས་པ། །འགའ་ཡང་རྒྱལ་བ་དེས་མ་གཟིགས། །མྱ་ངན་འདས་ པར་མྱང་འདས་འགྱུར། །ཆོས་དབྱིངས་རྟོགས་པར་འགྲོ་བའོ། །གལ་ཏེ་སངས་རྒྱས་མྱང་ འདས་ན། །རྟག་ཏུ་ངུ་བ་དེ་ཉིད་ཀྱིས། །སྤོས་ལྡན་དུ་ནི་འགྲོ་བ་ལ། །ལམ་ནི་སྨྲ་བར་ཇི་ལྟར་ འགྱུར། །མྱ་ངན་འདས་པའི་སྒྲོན་མ་ནི། །ཐམས་ཅད་དུ་ནི་མཐོང་མེད་ན། །རྟག་ཏུ་ངུ་བ་དེ་ 1-1-391 ཉིད་ཀྱིས། །སངས་རྒྱས་རྣམས་ནི་མཐོང་བ་ཅི། །སངས་རྒྱས་ཉིད་འབྲས་ངེས་པར་གསུངས། ། སངས་རྒྱས་ཉིད་འབྲས་ཟད་པ་མེད། །གང་ཚེ་གོ་འཕང་ཟད་མེད་གསུངས། །དེ་ཚེ་དུལ་བར་ ཅིས་མི་འགྱུར། །གང་ཚེ་ཚངས་པའི་གོ་འཕང་རྟག །དེ་ཚེ་ཚངས་རྣམས་ཇི་ལྟར་འགྱུར། །གང་ ཚེ་ཁྱབ་འཇུག་གོ་འཕང་རྟག །དེ་ཚེ་ཁྱབ་འཇུག་རྣམས་ཅིར་འགྱུར། །གང་ཚེ་དྲག་པོའི་གོ་ འཕང་རྟག །དེ་ཚེ་དྲག་པོ་རྣམས་ཅིར་འགྱུར། །གང་ཚེ་བརྒྱ་བྱིན་གོ་འཕང་རྟག །དེ་ཚེ་བརྒྱ་ བྱིན་རྣམས་ཅིར་འགྱུར། །གང་ཚེ་ས་སྐྱོང་གོ་འཕང་རྟག །དེ་ཚེ་ས་སྐྱོང་རྣམས་ཅིར་འགྱུར། ། གང་ཚེ་སྐྱེ་བདག་གོ་འཕང་རྟག །དེ་ཚེ་སྐྱེ་དགུའི་བདག་ཅིར་འགྱུར། །གང་ཚེ་རྗེ་བོའི་གོ་ འཕང་རྟག །དེ་ཚེ་རྗེ་རྣམས་ཇི་ལྟར་འགྱུར། །གང་ཚེ་འབངས་ཀྱི་གོ་འཕང་རྟག །དེ་ཚེ་ འབངས་རྣམས་ཇི་ལྟར་འགྱུར། །དེ་ལྟར་ལ་སོགས་གཞན་ལ་ཡང༌། །གོ་འཕང་ཐམས་ཅད་མི་ རྟག་དང༌། །གོ་འཕང་རྟག་པ་འགྲོ་གསུམ་དུ། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །འཁོར་ བའི་ཐོག་མཐའ་འདི་རྣམས་སུ། །སེམས་ཅན་མྱ་ངན་འདས་པ་མེད། །གལ་ཏེ་འཁོར་བའི་ ཐོག་མཐར་ནི། །སེམས་ཅན་མེད་ན་མྱ་ངན་འདས། །སྔོན་མེད་ཕྱི་མ་མེད་པ་དང༌། །རིང་དུ་ རྫས་རྣམས་ཕྱུང་བ་ཡིས། །རྟག་ཏུ་རྫས་ཀྱིས་སྣོད་གང་བ། །ཞེས་པ་བདེན་ཚིག་མ་ཡིན་ནོ། ། འབིགས་བྱེད་རི་ཡི་སྨྱུག་མ་མེས། །བསྲེགས་ན་སླར་ཡང་འབྱུང་བ་མེད། །དེ་ལས་གཞན་ ཡང་སྐྱེ་འགྱུར་བས། །སྨྱུག་མ་རྟག་པ་མ་ཡིན་ནོ། །ཕུང་པོ་རྣམས་ནི་ཡེ་ཤེས་མེས། །བསྲེགས་ ན་སླར་ཡང་འབྱུང་བ་མེད། །དེ་ལས་གཞན་ཡང་སྐྱེ་འགྱུར་བས། །ཕུང་པོ་རྟག་པ་མ་ཡིན་ནོ། ། བསྲེགས་པ་ཡང་དག་ཡོངས་དོར་ན། །སྨྱུག་མ་སླར་ཡང་སྐྱེ་བར་འགྱུར། །བསོད་ནམས་དང་ ནི་སྡིག་པའི་མཐུས། །བདེ་འགྲོ་ངན་འགྲོ་མ་ཡིན་ནམ། །བསྲེགས་པའི་ལུས་ནི་ཡོངས་དོར་ ནས། །སླར་ཡང་ལུས་ནི་སྐྱེ་བར་འགྱུར། །བསོད་ནམས་དང་ནི་སྡིག་པའི་མཐུས། །བདེ་འགྲོ་ དང་ནི་ངན་འགྲོར་འཇུག །ཕྲ་རབ་བསགས་པའི་ཆ་ལ་ནི། །ཕྱི་རོལ་ཕྱི་རོལ་གང་ཟག་ཡོད། 1-1-392 ཁུར་ཁུར་གང་ཟག་ཕན་དོན་དུ། །རྟག་དང་མི་རྟག་མེད་དེ་བཞིན། །གཟུགས་གཞན་ཞེས་པ་ གསུངས་པ་ནི། །རྡུལ་ཕྲན་ལུས་སུ་དེ་མེད་ཅིང༌། །ཚོར་བ་ལ་སོགས་དེ་བཞིན་གཞན། །ཐལ་ བར་གྱུར་པ་དེ་མེད་དོ། །བུག་པ་མེད་པའི་ལུས་ལ་ནི། །ཤ་དང་རུས་པ་ཁྲག་མེད་ཅིང༌། ། དབང་པོའི་གཞུ་ཡི་རྣམ་པ་ལྟའི། །སྐུ་མཐོང་བ་དང་ལྡན་པར་འགྱུར། །ནད་མེད་མི་གཙང་ འཕེལ་མེད་པའི། །ལུས་ཀྱི་རང་བཞིན་མཆོག་ལ་ནི། །སྲིད་པར་སྐྱེ་རྒ་འཆི་བ་དང༌། །ཐོག་ མེད་འགག་པ་མེད་པའོ། །ཤི་ནས་དྲི་ཟའི་སེམས་ཅན་ལ། །གཟུགས་ཀྱི་རང་བཞིན་གཞན་པ་ ནི། །གྲིབ་མ་སྒྱུ་མ་ལྟ་བུ་སྟེ། །དག་པའི་འཕོ་བ་སླར་ཡང་འབྱུང༌། །ཨཱ་སོགས་ཀཱ་སོགས་ཟླ་ཉི་ ཡི། །དབུས་སུ་མཚན་མ་གང་དེ་དང༌། །ལྷན་ཅིག་སྐྱེས་དགར་ཡང་དག་ལྡན། །དེ་ཉིད་སེམས་ ཅན་རྣམས་ལ་བཤད། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ ཨ་ཡིག་བྱུང༌། །ཨ་ཡིག་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ ཀུན་རབ་ཏུ་གསལ་བར་བྱེད། །རིགས་གསུམ་རིགས་ལྔ་ཉིད་དང་ནི། །རང་བཞིན་གྱི་ནི་ རིགས་བརྒྱ་དང༌། །བཞི་དང་ལྔ་ཡི་རིགས་གསུངས་ཤིང༌། །རིགས་གསུམ་གསང་བ་གསུངས་ པའོ། །ལྷག་པའི་ལྷ་ནི་གསང་བ་དང༌། །རིགས་མཆོག་རྣམ་པ་བརྒྱད་པོ་སྟེ། །གང་ཕྱིར་ཕུང་ པོའི་རིགས་ལུས་ལ། ཁམས་རྣམས་ཉམ་པར་གནས་པའོ། །སྲོག་དང་ཁུ་བ་རྡུལ་ཉིད་ཀྱང༌། ། རིགས་གསུམ་གསལ་བར་གསུངས་པ་སྟེ། །ལྷག་པའི་ལྷ་ནི་གསང་བ་ཡང༌། །གཟུགས་ཀྱི་ རང་བཞིན་རིགས་ཡིན་ནོ། །གསུམ་ལས་རིགས་ལྔ་གཞན་མ་ཡིན། །དེ་ཉིད་རིགས་ལྔར་ འགྱུར་བ་སྟེ། །གསང་བ་ཆེན་པོས་ཡང་དག་སྦྱོར། །རིགས་དྲུག་དེ་ནི་རབ་ཏུ་གྲགས། །ས་དང་ ཆུ་དང་མེ་དང་རླུང༌། །རོ་དང་རོ་ཆེན་ཉིད་ཀྱང་སྟེ། ཁམས་དྲུག་རྒྱལ་བས་གསུངས་པ་ནི། ། དང་པོའི་སངས་རྒྱས་རིས་མེད་དུའོ། །ཁམས་དྲུག་བདག་ཉིད་རབ་གསུངས་པ། །སྐྱེས་བུ་ 1-1-393 ཆེན་པོའི་གང་ཟག་སྟེ། །མཁའ་ཁམས་མེད་པའི་སྒྲ་ཡིས་ནི། །དངོས་དང་དངོས་མེད་རབ་ཏུ་ བསྒྲགས། །ལག་པ་རྐང་པ་བཞི་པོ་ལ། །སོར་མོ་ལྔ་ནི་ལྔ་ལྔ་སྟེ། །རྣམ་པ་ཉི་ཤུས་བྱང་ཆུབ་པ། ། སེན་མོའི་མཐར་ནི་ཡོངས་སུ་བསྒྲགས། །རྡོ་རྗེའི་སྤུ་ནི་མྱུ་གུ་ལུས། །རྡོ་རྗེའི་སྤུ་ནི་ལུས་གཅིག་ པུ། །རྡོ་རྗེའི་རྩེ་མོ་སེན་མོས་བརྩམས། །རྡོ་རྗེ་སྙིང་པོ་ལྤགས་པ་འཁྲེགས། །བཞི་བའི་དགའ་ བ་བདེ་བ་ཡི། །གནས་སྐབས་བཞི་པར་རབ་ཏུ་གྲགས། །སྐྱེ་དང་འཆི་བའི་དུས་ལ་ཡང༌། ། འཁྲིག་པར་འཕོ་བའི་སྐད་ཅིག་ལའོ། །མངལ་དུ་གནས་པའི་གནས་སྐབས་སུའང༌། །བཅུ་ དྲུག་ཆ་ཅན་རི་བོང་ཅན། །ཟླ་དྲུག་ཚད་ནི་ཇི་སྲིད་པ། །དེ་ནས་ཤིན་ཏུ་གཉིད་ལོག་སྐྱེ། །དེ་ ནས་རྨི་ལམ་གནས་སྐབས་དེའི། །གསལ་བར་སྲོག་ཆགས་རྣམས་སུ་འགྱུར། །ཡིད་ལས་བྱུང་ བ་དེ་ལ་ནི། །དེ་ལས་ཕྱག་རྒྱ་སྐྱེ་བའོ། །སྐྱེ་བ་ལ་སོགས་ཡིད་ཀུན་ལ། །མངལ་དུ་སྡུག་བསྔལ་ བར་མེད་དེ། །སྔོན་གྱི་སྡིག་པའི་སྟོབས་ཀྱིས་ནི། །བྱིས་པ་རྣམས་ནི་མི་གཙང་ཟ། །གནས་ པའི་ཟླ་བ་དགུ་ཡི་མཐར། །ལུས་ཀྱི་ཁམས་རྣམས་རྫོགས་པ་དང༌། །སྐྱེ་གནས་བུག་པས་ ཡོངས་དོར་ནས། །ཕྱི་རོལ་ས་གཞིར་འགྲོ་བའོ། །སྲོག་ཆགས་སྐྱེ་གནས་སད་པ་ཡི། །གནས་ སྐབས་གསལ་བར་སྐྱེ་བ་སྟེ། །མིག་ནི་འབྱེད་པ་ལ་སོགས་དང༌། །སྲོག་དང་ཐུར་སེལ་ལ་ སོགས་འབྱུང༌། །སྦྲིད་སོགས་ཡལ་དང་ལེ་ལོ་དང༌། །གཤང་གཅི་འདོར་བའི་བྱ་བ་དང༌། །སྣ་ ཡིས་ངུ་དང་འཐུང་དོན་དང༌། ཁུ་ཚུར་འཆིང་བ་རྣམས་ཀྱང་བྱེད། །གང་ཞིག་ཁ་ཡིས་ཟ་བ་ དང༌། །མངལ་གནས་མི་གཙང་སོག་པ་དང༌། །དེ་གདོང་གཅོད་དང་དེ་ཡི་ནི། །ཤ་ཟ་ཕྱི་རོལ་ ལུས་ཀྱིའོ། །ཚངས་པའི་ཁ་ཡིས་བཅད་པ་ན། ཁྲག་འཐུང་ཡིད་འབྱུང་མིན་ནམ་ཅི། །དབུགས་ ཀྱི་རྐང་པས་གར་བྱེད་གང༌། །སྲོག་སྟེ་ཧེ་རུ་ཀ་ཉིད་དོ། །ཤ་ཟའི་སྐྱེ་བོ་གྲོལ་བ་དང༌། །ལྷ་ཡི་ གནས་སྐབས་འགྲོ་བ་ཡང༌། །མ་ཡིས་འོ་མ་འཛིན་པ་ལས། །འོ་མ་སྐྱེས་པས་ཚིམ་པར་ངེས། ། དེས་ན་འོ་མས་བྱིས་པ་ཡི། ཁམས་རྣམས་རྟག་ཏུ་ཚིམ་པ་སྟེ། །ཧེ་རུ་ཀ་ཡིས་བདེ་སྐྱོང་བ། །སྒྱུ་ 1-1-394 མ་ཆེན་མོར་རབ་ཏུ་གྲགས། །ལྷ་ཡི་གནས་སྐབས་འགྲོ་བ་ལའང༌། །ཉ་ཤ་ཆང་གི་བཏུང་བ་ རྣམས། །ཕ་དང་མ་ཡིས་བྱིས་པ་ལ། །དེ་ཡི་གོ་སྐབས་སྦྱིན་མི་བྱ། །དེ་བཞིན་བཟའ་བར་བྱ་ བའི་ཟས། །འོ་མ་མར་ཏེ་ཤ་མེད་པའོ། །བག་མ་བླངས་པ་ཉིན་བདུན་པར། །ཤ་མེད་སྣུམ་ ཁུར་ལ་སོགས་སོ། །ཤི་ན་ཉིན་བཅུ་ཇི་སྲིད་པར། །ཤ་ཆང་འདི་དག་སྤངས་ནས་ནི། །ཕ་དང་ མ་དང་གཉེན་སྡེ་ཡིས། །ལྷ་རྣམས་སོ་སོའི་ཆོ་གའོ། །ལུགས་ལའང་མི་དང་མི་མོ་རྣམས། ། བསོད་ནམས་དོན་དུ་ལྷ་ཆོག་དང༌། །ཤ་ཟ་ལ་སོགས་ཆོ་ག་ལ། །ཕྱུགས་ཤ་སོགས་ཀྱང་ རིགས་ལ་ཡོད། །རྡུལ་དང་ཁུ་བ་མཉམ་སྦྱོར་བས། །ཤེས་རབ་ཐབས་ཀྱི་བདག་ཉིད་འགྱུར། ། རྡོ་རྗེ་སེམས་དཔའ་སྲོག་ཆེན་པོ། །སྲོག་ཆེན་པོ་ཡིས་ཡང་དག་སྦྱོར། ཁམས་ལྔ་ལས་ནི་ཡང་ དག་བྱུང༌། ཁྱབ་བདག་ལྔ་ཡི་བདག་ཉིད་དེ། །ཚོར་བ་སོགས་ལས་ཡང་དག་བྱུང༌། ཁྱབ་ བདག་དགུ་ཡི་བདག་ཉིད་དོ། །ལག་རྐང་དག་ལས་ཡང་དག་བྱུང༌། །བཅུ་གསུམ་བདག་ཉིད་ གྱུར་པ་སྟེ། །སྐྱེ་མཆེད་དྲུག་ནི་ཡང་དག་སྦྱོར། །བཅུ་དགུ་ཡི་ནི་བདག་ཉིད་དོ། །དབང་པོ་ཕྱེ་ བ་ལས་སྐྱེས་པ། །ལྔ་ལྔའི་བདག་ཉིད་ཁྱབ་བདག་སྟེ། །དེ་བཞིན་རིགས་ལྔའི་གནས་སྐབས་ རྣམས། །རྟག་ཏུ་ལུས་ཅན་རྣམ་ཤེས་བྱ། །རྐང་པ་ལག་པར་དུམ་བུ་བརྒྱད། །རྐང་པ་ལག་པའི་ མཐིལ་བཞི་དང༌། །སོར་མོའི་ཚིགས་ནི་དྲུག་ཅུ་རྣམས། །ཉིས་འགྱུར་འཁོར་ལོ་སྡོམ་པའོ། །སོ་ རྣམས་བྱུང་ཞིང་སྐྱེས་པ་ནི། །འཁོར་ལོ་གསུམ་གྱི་སྡོམ་ཆུང་སྟེ། ཁམས་ལྔ་མཉམ་པར་སྦྱོར་བ་ ལས། །ལུས་དང་ལུས་ལ་རྣམ་པར་གནས། །བཞི་བའི་དགའ་བདེའི་གནས་སྐབས་ནི། ། མངལ་དུ་གནས་པའི་གནས་སྐབས་ཏེ། །བཅུ་དྲུག་ལོ་ནི་ཐོབ་པ་ན། །དེ་ཡི་གནས་སྐབས་ གསལ་བར་འགྱུར། །ས་བོན་གང་ལས་སྐྱེས་པ་ཡི། །བཅུ་དྲུག་ཁམས་ཀྱི་བདག་ཉིད་ལུས། ། དེ་ཉིད་ལས་སྐྱེས་ས་བོན་དང༌། ཁམས་རྣམས་སླར་ཡང་བསྐྱེད་པ་པོ། །སངས་རྒྱས་ཐམས་ ཅད་བསྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་རབ་སྲིད་འབྱུང་སྐྱེ་གནས་ཏེ། ། 1-1-395 ཆོས་ཀྱི་སྐྱེ་གནས་སྲིད་མཐར་བྱེད། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་ བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་དག་མཆོག་གི་དོན་རྟོགས་པ། །གང་ཞིག་ ཕ་ལས་བདེ་ཐོབ་པ། །དེ་ཡི་བདེ་བ་རང་ཉིད་བཟའོ། །བདེ་བ་གང་གིས་འཆི་བ་ན། །དེ་ཡི་ བདེ་བ་བསམ་གཏན་བརྗོད། །བྷ་གར་ལིངྒ་མཉམ་སྦྱོར་བས། །གང་ཞིག་ཁུ་བ་ལས་བྱུང་ བདེ། །དེ་ནི་སྐྱེ་བོ་ཀུན་གྱི་སྲོག །ལྷན་ཅིག་སྐྱེས་དགར་རབ་ཏུ་བསྒྲགས། །འཇིགས་བྱེད་རང་ གི་གྲུབ་མཐའ་ལ། །རིག་བྱེད་མཐར་ནི་ཚངས་པ་ཡིས། །དགའ་བ་ཚངས་པ་ཡི་ནི་གཟུགས། ། དེ་ཡང་ཐར་པར་སྦྱོར་བའོ། །གཟུགས་མཐའ་ཡས་པས་དེ་མཐའ་ཡས། །ཤེས་རབ་ཕ་རོལ་ ཕྱིན་པར་བརྗོད། །རང་བཞིན་པ་ཡི་གཟུགས་རྣམས་ནི། །ཕྲ་ཞིང་ཆུང་བ་བསགས་པ་མིན། ། དེ་བཞིན་ཚོར་བ་སོགས་དེ་རྣམས། །རྟག་ཏུ་མཁས་པས་ཤེས་བྱ་སྟེ། །སེམས་ཅན་མཐའ་ ཡས་དེ་མཐའ་ཡས། །ཤེས་རབ་ཕ་རོལ་ཕྱིན་པར་བརྗོད། །སངས་རྒྱས་ཐོག་མ་ཐ་མ་མེད། ། དང་པོ་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་ བཞིན་གཤེགས། །དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང༌། །དེ་བཞིན་སླར་ཡང་གཤེགས་ པ་ཉིད། །འདིས་ནི་ཤེས་རབ་རིགས་པ་ཡིས། །དེ་བཞིན་གཤེགས་ཞེས་བརྗོད་པའོ། །འཇུག་ པ་དང་ནི་སྨོན་པའི་སེམས། །འགྲོ་བར་གནས་དང་འགྲོ་འགྱུར་ཏེ། །འོང་བ་དང་ནི་འོང་མེད་ པ། །གང་གིས་ཆོས་ཀྱི་དབྱིངས་ལས་གསུངས། །ཆོས་ཀྱི་དབྱིངས་སུ་སོང་བ་ཡང༌། །གལ་ཏེ་ སླར་ཡང་འོང་མེད་ན། །རྡོ་རྗེ་བཙུན་མོའི་བྷ་གར་ཉིད། །ཞུགས་པའི་ཚིག་ནི་དོན་མེད་དོ། ། བཅོམ་ལྡན་ཞེས་པའི་སྒྲ་ཡིས་ནི། །སངས་རྒྱས་མེད་པར་རབ་བསྒྲགས་ན། །དེ་ལྟར་རྣམ་ དཔྱོད་ཚད་དེ་ལ། །སངས་རྒྱས་མྱ་ངན་འདས་པ་མེད། །བྱེ་བྲག་སྨྲ་དང་མདོ་སྡེ་པ། །རྣལ་ འབྱོར་སྤྱོད་པར་ཐུབ་པས་གསུང༌། །ཅུང་ཟད་བདེན་དང་མི་བདེན་ཀྱང༌། །བདེན་པ་དབུ་མ་ པ་ཡི་ལུགས། །ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། ། 1-1-396 འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་ རྣམ་མེད་ཀྱིས། །ཕྲ་རབ་གསགས་པ་དངོས་སུ་རིག །ཁ་ཆེ་གཞུང་གི་ཆུ་སྟེར་གྱི། །བྱེ་བྲག་སྨྲ་ བའི་གཞུང་འདོད་འགྱུར། །ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་ མིན། །མོ་གཤམ་བུ་དང་ནམ་མཁར་མཚུངས། །འགོག་པའང་ནམ་མཁའ་མཚུངས་པའོ། ། འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་སུ་འགྲོ་བའང་མེད། །ཐོགས་པ་མེད་པའི་ གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་ རྡུལ་རྣམས་ཡོད་པ་མིན། །སྒྱུ་མ་རྨི་ལམ་ངེས་མཐོང་བཞིན། །དམིགས་པ་མེད་པར་རབ་ཏུ་ སྣང༌། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་ འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་བསྒྲོགས། །རྣམ་ཤེས་དེ་ཡང་དོན་ དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་ བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་ མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ནམ་ མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་ནི། །ནམ་མཁའ་མེ་ཏོག་ སེངྒེའི་རྭ། །མོ་གཤམ་བུ་དང་གསུམ་དེ་བཞིན། །གང་དུ་རྟེན་ཅིང་འབྲེལ་འབྱུང་བའི། །འདུས་ བྱས་སྐད་ཅིག་དེ་མིན་པ། །འདུས་བྱས་སྐད་ཅིག་མི་འགྱུར་བའི། །རྒྱུ་ཡི་བདག་ཉིད་མེད་པའོ། ། བུམ་པ་རྣམས་ཀྱི་རྒྱུར་སྨྲ་བ། །ས་ཆུ་བུམ་པའི་རྒྱུ་མ་ཡིན། །འབྱུང་བ་རྣམས་ལས་ཤིང་དུ་ འགྱུར། །འབྱུང་བ་དེ་རྣམས་རྒྱུ་མ་ཡིན། །འབྱུང་བ་རྣམས་ཀྱི་རྒྱུ་མེད་དེ། །འབྱུང་བ་རྒྱུ་ཡི་ བདག་ཉིད་མེད་པའོ། །བུམ་པ་རྣམས་ཀྱི་རྒྱུར་སྨྲ་བ། །ས་ཆུ་བུམ་པའི་རྒྱུ་མ་ཡིན། །འབྱུང་བ་ རྣམས་ལས་ཤིང་དུ་འགྱུར། །འབྱུང་བ་དེ་རྣམས་རྒྱུ་མ་ཡིན། །འབྱུང་བ་རྣམས་ཀྱི་རྒྱུ་མེད་དེ། ། འབྱུང་བ་ཕྲ་རབ་བསགས་པ་རྣམས། །ཕྲ་རབ་རྣམས་ཀྱི་རྒྱུ་ལ་མེད། །མོ་གཤམ་བུ་ཡི་མཁའ་ 1-1-397 མཆོག་བཞིན། །དབང་སྐྱེས་བློ་ནི་རྣམ་མེད་ན། །རྣམ་མེད་སྐྱེ་བ་སྤངས་པ་སྟེ། །མོ་གཤམ་བུ་ ནི་རྣམ་མེད་པ། །མོ་གཤམ་མེད་གང་དེ་བཞིན་མེད། །གང་ཞིག་མཐོང་བ་ཕྱི་རོལ་ཡུལ། །ཕྲ་ རབ་བསགས་པར་གནས་པ་སྟེ། །དེ་རྣམས་མཐོང་བ་དབང་སྐྱེས་བློ། །ལུས་ཅན་རྣམས་ཀྱི་ རབ་འཇུག་པའོ། །རང་གི་རྣམ་མེད་ཤེས་པའི་རྒྱུར། །ཡོད་པ་མཆོག་ཏུ་ཕྲ་རབ་ནི། །གང་དེ་ ཡོན་ཏན་མེད་གྱུར་རྣམས། །ཇི་ལྟར་དབང་པོའི་སྤྱོད་ཡུལ་མིན། །ཡོད་མིན་ཐོགས་པ་མེད་ པའི་གཟུགས། །གཞོན་ནུས་མེ་ལོང་ལ་མཐོང་བ། །དུས་གསུམ་རྗེས་སུ་འགྲོ་བ་ཀུན། །བེམ་ མིན་བླུན་པོ་རྣམས་ཀྱིས་བྱས། །མ་དག་རྟོག་གེ་མེད་འགལ་བ། །དེ་ཡང་དུ་མར་ཉམས་འགྱུར་ ཏེ། །རྒྱུར་སྣང་ན་ཡང་དེ་རྒྱུ་རྣམས། །དེ་འབྲས་སྒྲུབ་པ་མ་ཡིན་ནོ། །འཁྲུལ་པའི་ཡུལ་ལའང་ དབྱེ་བཤད་ན། །གཅིག་དང་དུ་མའི་ཆུ་ཟླ་ནི། །གང་ཞིག་ཡོད་མེད་དེ་བཞིན་ཡོད། །སད་དང་ རྨི་ལམ་མཚུངས་དོན་མེད། །འཁྲུལ་བའི་ཡུལ་འདིར་སྐྱེད་ཚལ་དང༌། །ཁུ་བྱུག་སྒྲ་ནི་གྲུབ་པ་ མེད། །ཅིག་ཅར་དབང་པོས་འཛིན་པ་ཡི། །སྒྲ་ཡང་དོན་ལ་འགལ་བ་ཉིད། །ཆུ་ཟླ་གཅིག་དང་ དུ་མ་རྣམས། །རྒྱུ་གཅིག་ཉམས་ན་དེ་མེད་དེ། ཁ་དོག་སྣ་ཚོགས་སྣོད་སོགས་ཀྱིས། །ཆུ་ལ་ཟླ་ བ་རབ་ཏུ་མཐོང༌། །སྐྱོན་རྣམས་ཡོད་པ་རྒྱལ་དབང་པོའི། །གང་ཞིག་ཡོད་མིན་དེ་ཡང་ཡོད། ། སྒྱུ་མ་མེད་པ་རྒྱལ་དབང་པོའི། །རྫུན་ཚིག་ཇི་ལྟར་དེ་མ་ཡིན། །ཇི་ལྟར་རྨི་ལམ་དེ་བཞིན་ སད། །ཡོད་མེད་དོན་གྱིས་དོན་བྱས་པ། །རྣམ་ཤེས་སྨྲ་རྣམས་སྒྱུ་མ་དང༌། །རྨི་ལམ་རྒྱུ་འབྲས་ དོན་མེད་པའོ། །ལྷ་དང་སྲིན་པོ་རྣམས་ལ་ཡང༌། །སྒྱུ་མ་རྣམ་གཉིས་རབ་ཏུ་གྲགས། །རྣམ་ ཤེས་གཅིག་པུར་ཡོད་པ་དེ། །མཁའ་ལ་མིག་འཕྲུལ་ཇི་བཞིན་ནོ། །གཞན་གྱི་རྣམ་ཤེས་ ཞུགས་པ་ན། །རང་གི་གཟུགས་ནི་ཡོངས་བསྒྱུར་བ། །དེ་ཡིས་གཡུལ་དུ་བསྣུན་པ་ཡིས། ། སྲིན་པོ་རྣམས་ནི་ཤི་བར་འགྱུར། །ཀྱཻ་ཡི་རྡོ་རྗེའི་གཟུགས་སྤྲུལ་པ། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། ། ལངྐའི་སྲིན་པོ་གདུག་ཅན་སོགས། །ས་ལ་གསོ་སྦྱོང་ལྡན་པར་མཛད། །བ་ཤིཥྛ་ཡི་གཟུགས་ 1-1-398 སྤྲུལ་པ། །རཱ་མ་ཎ་པའི་བདག་ཉིད་ཀྱིས། །རཱ་མའི་ཆུང་མ་སཱི་ཏཱ་ཕྲོགས། །ལངྐའི་གྲོང་དུ་མ་ ཁྱེར་རམ། །བྲམ་ཟེའི་གཟུགས་སུ་སྤྲུལ་པ་ནི། །བྲམ་ཟེ་འདྲ་བ་ཀིརྨཱིཏས། །བྷི་མ་མ་གཏོགས་ སྐྱེ་སེང་རྣམས། །བཅིངས་ཏེ་ཀིསྐིན་རི་ལ་ཁྱེར། །རཱ་མ་ཎ་ཡིས་སྒྱུ་མ་ཡི། །ངན་པའི་བདག་ ཉིད་དམག་ཚོགས་མཐོང༌། །བདག་གིས་སྲིན་མོ་རིགས་སྔགས་ཀྱིས། །སྲིན་པོ་དུ་མ་མཐོང་ བར་འགྱུར། །རཱ་མ་དེ་ཡིས་གཉིས་གཉིས་སུ། །བཅད་པའི་འབྱུང་པོ་ས་གཞི་ལ། །མཚོན་ གྱིས་བཅད་ཅིང་བཅད་པ་ཡི། །འབྱུང་པོ་འབྱུང་པོ་གཉིས་གཉིས་གྱུར། །སྲིན་མོའི་སྒྱུ་མར་ དེས་ཤེས་ནས། །རཱ་མ་དེ་བས་བསམས་པ་དང༌། །བདག་གི་སེངྒེའི་རིགས་སྔགས་ཀྱིས། ། སེངྒེ་དུ་མ་རབ་ཏུ་མཐོང༌། །དེ་ཡིས་རྣམ་འཕྲུལ་སེངྒེ་ནི། །དུ་མ་ས་དང་མཁའ་ལ་གྱུར། །ཟོས་ སོ་སེངྒེ་དེ་རྣམས་ཀྱིས། །ཕྱོགས་ཕྱོགས་སྲིན་པོའི་དབང་པོ་ཀུན། །བུང་བུའི་ཤིང་ལྟར་ཞོན་པ་ ཡི། །སྲིན་པོའི་དབང་པོ་མ་ཟོས་མོད། །སྒྱུ་མ་སྲིན་པོའི་བདག་པོ་རྣམས། །རཱ་མ་དེ་བས་བཅད་ པར་གྱུར། །སྒྱུ་མའི་དམག་དཔུང་བསད་པ་ནི། །རཱ་མ་དེ་བའི་སྡིག་པ་ནི། །བསད་དང་སྐྱེ་བ་ སྒྱུ་མ་སྟེ། །དེ་ཕྱིར་སྒྱུ་མའི་འབྲས་དོན་མེད། །ཆུ་ཟླ་ཇི་བཞིན་སྒྱུ་མ་དང༌། །མཁའ་ལ་ཟླ་བ་དེ་ བཞིན་མེད། །མཁའ་ལ་ཟླ་བ་འགྲིབས་པ་ན། །ཆུ་ཟླའི་གཟུགས་རྣམས་མེད་པའོ། །རྨི་ལམ་ དུས་ལ་ཤི་ཡང་འདི། །ལུས་ཅན་རྣམས་ལ་སླར་མི་འགྱུར། །གང་ཕྱིར་སད་དུས་གྱུར་པ་ན། ། རྨི་ལམ་འབྲས་དོན་མེད་དེའི་ཕྱིར། །རྨི་ལམ་ཆུང་མ་བསྟེན་པ་ཡིས། །གང་ཕྱིར་བུ་ནི་སྐྱེ་བ་ མེད། །སད་དུས་གྱུར་པ་དེ་བཞིན་ཏེ། །དེ་ཕྱིར་རྨི་ལམ་འབྲས་དོན་མེད། །ཆུ་ཀླུང་གང་ལ་ ཁྲུས་བྱེད་འཐུང༌། །སྨིག་རྒྱུའི་ཆུ་ལ་དེ་དག་མེད། ཁྱོད་ཀྱིས་གང་ཞིག་དམ་བཅས་པའི། །དོན་ ལ་དེ་བྱེད་གྱུར་པ་མེད། །ཉེ་བར་མཐོང་དང་རབ་འཇུག་དང༌། །ཐོབ་དང་རྗེས་གོམས་བདག་ ཉིད་དེ། །གཏན་ཚིགས་རྣམ་བཞི་སེམས་ཅན་ལ། །ཉེ་བར་མཐོང་བ་ཙམ་དུ་ཟད། །རྨི་ལམ་ སྟག་ལ་སེམས་པ་ཅན། །སྟག་དེ་བསམ་པའི་བག་ཆགས་ལས། །སྟག་དེ་རྣམས་ཀྱིས་བསད་ 1-1-399 པ་ན། །གང་དེ་སླར་ཡང་འགྱུར་བ་མེད། །སད་དེ་གནས་ན་སྟག་གི་ནི། །བག་ཆགས་སེམས་ ལ་མི་འགྱུར་མོད། །གང་ཕྱིར་སྟག་གིས་བསད་པ་ནི། །གང་དུ་སླར་ཡང་གོམས་པའོ། །རྨི་ ལམ་སྲོག་ཆགས་བསད་པ་དང༌། །གཞན་གྱི་ནོར་ནི་ཕྲོགས་པ་དང༌། །འདོད་ལོག་རྣམས་ནི་ སྤྱད་པ་ཡིས། །དགེ་སློང་ཕམ་པ་མ་ཡིན་ནོ། །སད་ཚེ་གསུམ་པོ་བྱས་རྣམས་ཀྱིས། །ལུས་ཅན་ རྣམས་ཀྱིས་འགྱུར་བ་ངེས། །གང་ཕྱིར་དགེ་སློང་ཕམ་པ་ཡིན། །དེ་ཕྱིར་རྨི་ལམ་འབྲས་དོན་ མེད། །ལུས་ཅན་ཁམས་དང་ཕུང་པོ་རྣམས། །སད་ཚེ་བཅོ་བརྒྱད་དང་ནི་གསུམ། །རྨི་ལམ་ ཁམས་རྣམས་གསུམ་དུ་བཤད། །ཕུང་པོ་རྣམས་ཀྱང་དེ་བཞིན་གསུམ། །འདི་རྣམས་དྲུག་ གིས་བསྐྱེད་པ་ཡི། །བདེ་དང་སྡུག་བསྔལ་གང་གྱུར་པ། །རྨི་ལམ་ལ་དེ་ཡིད་ཀྱིས་བྱ། །གཉིད་ འཐུག་སོང་ལ་དེ་མེད་དོ། །རྨི་ལམ་ཡིད་ཀྱིས་བྱས་པ་ཡིས། །ཤི་ན་སྨྲ་ཤེས་རྣམས་ཀྱིས་ནི། ། ཤཱཀྱ་སེངྒེའི་བསྟན་པ་ལ། །དགེ་འདུན་ཕམ་པ་བྱས་པ་ཡིན། །ལུས་དང་དབང་པོ་རྣམས་དང་ བློ། །སྐད་ཅིག་སྟེང་དུ་གནས་མི་འགྱུར། །མར་མེའི་འོད་བཞིན་འཁོར་དེ་རྣམས། །ཕུང་པོས་ སྐད་ཅིག་དྲེགས་ཤིང་འཆར། །སྲིད་པར་སྐྱེ་རྒ་འཆི་བ་རྣམས། །ཕུང་པོ་དེ་ལ་རིམ་གྱིས་འགྱུར། ། སྐྱེ་དང་གནས་དང་འཇིག་པ་རྣམས། །ཅིག་ཅར་དེ་ལ་ཇི་ལྟར་འགྱུར། །འཇིག་པ་མེད་པས་ སྐྱེ་བ་མེད། །སྐྱེ་བ་མེད་པས་གནས་པ་མེད། །གནས་མེད་འཇིག་པ་མེད་པ་ཡི། །རྣམ་པར་ ཤེས་པ་འབྱུང་བར་འགྱུར། །འཇིག་པའི་སྐད་ཅིག་སྐྱེ་མིན་ཞིང༌། །སྐྱེ་བའི་སྐད་ཅིག་གནས་ པའང་མིན། །གནས་པའི་སྐད་ཅིག་འཇིག་མིན་པའི། །རྣམ་པར་ཤེས་པ་རབ་ཏུ་བསྒྲགས། ། བསོད་ནམས་སྐད་ཅིག་སྡིག་པ་མིན། །སྡིག་པའི་སྐད་ཅིག་བསོད་ནམས་མིན། །སྐྱེ་འཇིག་ དང་ནི་བདེ་སྡུག་དག །སྐད་ཅིག་གཅིག་ལ་ཇི་ལྟར་མིན། །གང་ཚེ་སྐྱེ་མེད་རྣམ་ཤེས་པས། ། རྣམ་པར་ཤེས་པ་གཞན་དུ་འགྱུར། །མ་སྐྱེས་པ་ཡིས་རྒྱུ་བྱེད་པ། །དེ་ཚེ་མུ་སྟེགས་རྣམས་ཀྱི་ ལུགས། །གང་ཚེ་རྣམ་ཤེས་འགགས་པ་ལས། །རྣམ་པར་ཤེས་པ་གཞན་དུ་འགྱུར། །མ་སྐྱེས་ 1-1-400 པ་ཡིས་རྒྱུ་བྱེད་པ། །དེ་ཚེ་མུ་སྟེགས་རྣམས་ཀྱི་ལུགས། །གང་ཚེ་རྣམ་ཤེས་འགགས་པ་ལས། ། རྣམ་པར་ཤེས་པ་གཞན་དུ་འགྱུར། །འགགས་པ་དེ་ཚེ་སྣང་བ་ལས། །སྣང་བ་སྐྱེ་ཞིང་འབྱུང་ བར་འགྱུར། །གང་ཚེ་རྣམ་ཤེས་སྐྱེས་པ་ལས། །རྣམ་པར་ཤེས་པ་གཞན་འབྱུང་སྟེ། །དེ་ཚེ་སྣང་ གསལ་དེ་ལས་ནི། །སྣང་གསལ་གཞན་པ་སྐྱེ་བར་འགྱུར། །དེས་ན་གཞན་པ་དེ་ལས་ཀྱང༌། ། གཞན་པ་དེ་ཕྱིར་གཞན་འབྱུང་འགྱུར། །དེ་ལྟར་སྣང་གསལ་ཕྲེང་བ་བཞིན། །རྣམ་ཤེས་ རྣམས་ནི་འབྱུང་བར་འགྱུར། །གཅིག་ལས་ཅིག་ཅར་ཤེས་པ་ལྔ། །དབང་པོ་རྣམས་ཀྱིས་ཕྱེ་བ་ སྟེ། །དེ་རྣམས་ལས་ནི་ཅིག་ཅར་ལྔ། །ཤེས་ན་གཅིག་པ་རྫུན་མིན་ཅི། །ས་བོན་དང་ནི་འབྱུང་ བ་རྣམས། །ཅིག་ཅར་མྱུ་གུ་རྣམས་ཀྱི་རྒྱུ། །ཅིག་ཅར་ས་བོན་འབྱུང་རྣམས་ཀྱི། །ས་བོན་གཅིག་ པུ་རྒྱུ་མ་ཡིན། །ཅིག་ཅར་དུ་ནི་ལྔ་རྣམས་ལ། །གཅིག་ནི་ཕྲེང་བར་གང་ཚེ་འགྱུར། །སོ་སོ་རེ་ཡི་ ཤེས་རྒྱུན་ན། །ཅི་ཕྱིར་ཤེས་པ་རྣམས་ལས་འགྱུར། །དེ་ལྟར་དེ་རྣམས་སྐད་ཅིག་ན། །རྒྱུན་དང་ ལྡན་པར་རབ་ཏུ་ཉམས། །ཅིག་ཅར་བ་ན་ཤིང་རྣམས་ནི། །ཆག་ན་མི་ཚིག་མཐའ་མེད་དོ། །དུ་ བ་མེ་འབར་ཐལ་བ་སྟེ། །དེ་རྣམས་རིམ་གྱིས་འབྱུང་བར་འགྱུར། །སྲང་ནི་དབྱུག་པ་མཐོན་ དམན་དུ། །ཅིག་ཅར་དུ་ནི་གཡོ་བར་འགྱུར། །དབྱུག་པའི་འཁྱོག་པ་མེད་པ་ན། །སྐྱེ་དང་ འཇིག་པ་ཇི་ལྟར་འགྱུར། །བུམ་པའི་རྣམ་པ་རྡུལ་ཚོགས་གང༌། །ས་ལ་ལྷུང་བས་བུམ་པ་དེ། ། གྱོ་མོའི་རྣམ་པ་དེ་ལྟར་འདི། །འཇིག་ཅིང་སྐྱེ་བ་བུམ་པའི་འོ། །ལུས་ཅན་སླར་ཡང་སྲིད་སོང་ ནས། །ཉམས་ཏེ་གཞན་ལས་མིན་པ་སྤྱོད། །ལུས་ཅན་སྔ་ཕྱིར་མི་འགྱུར་ན། །སྦོམ་དང་ཕྲ་བ་ གང་ལས་འགྱུར། །སྣ་ཚོགས་གཉིས་མེད་ཤེས་པ་རྣམས། །ཅིག་ཅར་སྣ་ཚོགས་ཤེས་འགྱུར་ ན། །སྔོན་པོའི་ཤེས་པ་འགགས་པ་ཡིས། །སེར་པོ་ལ་སོགས་དྲི་མེད་འགྱུར། །ཕྱོགས་གཅིག་ ལ་ནི་བརྟེན་པ་ཡི། །ཤེས་ལ་གཉིས་མེད་ཡོངས་སུ་བསྒྲགས། །ཕྱོགས་གཉིས་རྣམ་པར་གྲོལ་ བ་ཡི། །སངས་རྒྱས་ཡེ་ཤེས་གཉིས་མེད་དོ། །ནག་དང་དཀར་པོ་འགགས་པ་གང༌། །སེམས་ 1-1-401 ཅན་ཡུན་རིང་བག་ཆགས་རྣམས། །སད་དུས་ལ་ཡང་དེ་བཞིན་ན། །མི་རྟག་སྐད་ཅིག་ཇི་ལྟར་ ཡིན། །བག་ཆགས་དང་ནི་བག་ཆགས་ཀྱང༌། །སད་པ་ན་ནི་འབྱུང་བར་འགྱུར། །དེ་ལྟར་ གཉིད་འཐུག་སོང་བ་ན། །རྣམ་པར་ཤེས་པ་ཉམས་པར་འགྱུར། །རྣམ་ཤེས་ཀུན་གཞི་རྣམ་ ཤེས་རྣམས། །གང་ཚེ་ལུས་དང་ལུས་ལ་གཞན། །མཆོག་གི་བདག་ཉིད་དེ་བཞིན་འགྲུབ། ། ཐམས་ཅད་རྣམས་ཀྱི་ཀུན་གཞིར་གྲག །རྣམ་ཤེས་ཀུན་གཞི་རྣམ་ཤེས་རྣམས། །རྟག་པ་ ཚངས་པ་དེ་ཅི་མིན། །སྐྱེ་དང་རྒྱུ་ནི་དེ་དག་ཀྱང༌། །མཁའ་གཞན་དེ་ཡི་མིན་ནམ་ཅི། །ཤིང་གི་ དབུས་ཀྱི་མེ་ཇི་བཞིན། །བྱེ་བྲག་པ་ཡི་ལུགས་ལ་གྲུབ། །དེ་ནི་བྱེད་པོ་རྒྱུ་གཅིག་པུ། །མུ་ སྟེགས་རྣམས་ཀྱི་ལུགས་གཞན་ཡིན། །བཞི་པའི་དུས་དང་གཉིད་འཐུག་དང༌། །རྨི་ལམ་སད་ པར་གནས་པ་ཡི། །ལུས་ཅན་ཞག་ལ་སྲོག་འཇུག་པ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །གཉིད་ འཐུག་གནས་པ་བསལ་བ་དང༌། །རྣམ་ཤེས་མེད་པ་ལས་བྱུང་པའི། །རབ་སངས་རྒྱས་ཀྱིས་ སྐྱེ་བོའི་ཚད། །སྲོག་དེ་སྲོག་ཆགས་ཀྱིས་ཤེས་བྱ། །མ་རིག་པ་ལས་སྐྱེས་པ་ཡིས། །བླུན་མིན་ འགྲོ་བ་བླུན་པོར་འགྱུར། །མི་ཤེས་སྐྱེ་བོ་ཇི་ལྟ་བ། །དེ་ལྟར་ཡེ་ཤེས་མིག་ཅན་མིན། །ནམ་ མཁའ་རིག་པ་ལས་སྐྱེས་པའི། །བླུན་མིན་རྣམས་ནི་བླུན་མེད་འགྱུར། །རྣལ་འབྱོར་རིག་པ་ ལས་སྐྱེས་པས། །ས་ཡི་གཞི་ལ་བརྟན་པར་འཇུག །ས་མིན་དབང་དུ་བྱས་ནས་ནི། །སེམས་ ཅན་རྣམས་ལ་སྙིང་རྗེའི་བདག །ནམ་མཁའ་རིག་པ་ལས་སྐྱེས་པས། །མྱུར་བར་མིག་འཕྲུལ་ དུ་ནི་འགྲོ། །མཁའ་དང་རི་བོ་མེད་བྱས་ནས། །ཕ་རོལ་རྣམ་རྟག་སློང་བའོ། །འཁོར་ལོ་རིག་ པ་ལས་བྱུང་བས། །འཁོར་ལོའི་རིག་པ་འཛིན་པར་འགྱུར། །རིན་ཆེན་རིགས་ལས་བྱུང་བ་ཡི། ། རིན་ཆེན་རིག་པ་འཛིན་པར་འགྱུར། །པདྨའི་རིག་པ་ལས་བྱུང་བས། །པདྨའི་རིག་པ་འཛིན་ པར་འགྱུར། །རལ་གྲིའི་རིག་པ་ལས་བྱུང་བས། །རལ་གྲིའི་རིག་པ་འཛིན་པར་འགྱུར། །རྡོ་ རྗེའི་རིག་པ་ལས་བྱུང་བས། །རྡོ་རྗེའི་རིག་པ་འཛིན་པར་འགྱུར། །དངོས་པོ་རྣམས་ཀྱི་ནུས་པ་ 1-1-402 ནི། །ཚད་སོགས་བསམ་མི་ཁྱབ་བསྒྲུབ་བྱ། །སྐྱེ་བ་མེད་པ་འགག་མེད་པ། །ཆད་པ་མེད་པ་ རྟག་མེད་པ། །སྣ་ཚོགས་དོན་མིན་དོན་གཅིག་མིན། །འོང་པ་མེད་པ་འགྲོ་མེད་པ། །གང་ཞིག་ རྟེན་ཅིང་འབྲེལ་པར་འབྱུང༌། །སྤྲོས་པ་ཉེ་བར་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །རྐྱེན་ རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། ། རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཡོད་པ་མིན་ལས་རྐྱེན་མེད་དེ། །ཇི་ལྟར་མཁའ་ཡི་མེ་ཏོག་ བཞིན། །ཡོད་པའང་མངོན་སུམ་ཉིད་ཀྱི་ཕྱིར། །དངོས་པོའི་རྐྱེན་ནི་ཇི་ལྟར་ཡིན། །རྣམ་རྟོག་ ལས་བྱུང་འཇིག་རྟེན་ནི། །རྣམ་རྟོག་སེམས་ལས་ཡང་དག་བྱུང༌། །སེམས་ནི་ལུས་ལས་ཡང་ དག་བྱུང༌། །དེ་ཕྱིར་ལུས་ལ་རྣམ་པར་དཔྱོད། །གཟུགས་ནི་དབུ་བ་ལྟ་བུར་གསུངས། །ཚོར་བ་ ཆུ་བུར་ལྟ་བུ་སྟེ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཆུ་ཤིང་ལྟ་བུའོ། །རྣམ་ཤེས་སྒྱུ་མ་ལྟ་ བུའོ། །ཞེས་པ་གང་རྣམས་ཕུང་པོར་བསྟན། །སེམས་ཅན་བསམ་པའི་དབང་གིས་གསུངས། ། སྐད་ཅིག་མི་རྟག་སྨྲས་པས་སོ། །སྐྱེ་བའམ་ནི་འགག་པ་ཡང༌། །སེམས་ཅན་ཚོགས་ལ་རབ་ ཏུ་གྲགས། །རྟག་དང་ཆད་པའི་གཟུགས་རྣམས་ཀྱང༌། །ཕྲ་ཞིང་ཆུང་བ་མིན་པར་བརྗོད། ། དུས་གསུམ་ཤེས་དོན་གཅིག་མིན་ཏེ། །དུ་མའང་མིན་པར་རབ་ཏུ་གྲགས། །མཁའ་སྣང་ཡེ་ ཤེས་ཚོགས་ལ་ཡང༌། །འོང་དང་འགྲོ་བ་མེད་པའོ། །ཇི་ལྟར་རྣལ་འབྱོར་སྤྱོད་གསུངས་པ། ། ཡེ་ཤེས་མེད་པར་སྨྲ་ལ་བསྟན། །རྫོགས་སངས་རྒྱས་ཀྱི་དབུ་མའི་ལུགས། །དེ་བཞིན་མ་ཡིན་ སྲས་ལ་གསུངས། །རྟ་ཡི་རྭ་རྣམས་བསགས་པ་མེད། །ནམ་མཁའི་མེ་ཏོག་བསགས་པ་མེད། ། རྡུལ་ཕྲན་རྣམས་ནི་བསགས་པ་ལས། །ལུས་ཉིད་དུ་ནི་མངོན་པར་བརྗོད། །བསོད་ནམས་ སྡིག་པའི་རང་བཞིན་སེམས། །རྣམ་རྟོག་རྟག་ཏུ་སྲོག་ཆགས་ལ། །དེ་ཡི་རྣམ་རྟོག་ལས་བྱུང་ 1-1-403 ལུས། །སྐྱེ་མཆེད་དྲུག་གི་མཚན་ཉིད་ནི། །རྡུལ་ཕྲན་རྣམས་ནི་བསགས་པ་ཡི། །ལུས་འདིར་ ཡོངས་སུ་བསྒྲགས་པའོ། །ཆ་ཤས་ཡོད་དང་མེད་པ་ཞེས། །ཕྱོགས་གཉིས་ཡོངས་སུ་གཟུང་བ་ ལས། །གཅད་བྱ་གཡོན་ཅན་ཚངས་པ་ཡི། །རྣམ་ཤེས་སྨྲ་བ་རྣམས་ཀྱིས་སོ། །ཆ་ཤས་མེད་ན་ སྦྱོར་བ་མེད། །ཆ་དེ་ཆ་ཡི་དབྱེ་བས་ཏེ། །གང་ཚེ་ཕྲ་རབ་རྡུལ་མེད་ན། །དེ་ཚེ་འགྲོ་བ་རི་བོང་ རྭའོ། །ཕྲ་རབ་རྡུལ་གྱི་ཆ་དྲུག་སྟེ། །མོ་གཤམ་རྣམས་ཀྱི་བུ་ཉིད་དེ། །ཆ་རྣམས་ཆ་ཡི་དབྱེ་བ་ ཡིས། །ཆ་རྣམས་ཉམས་པར་མི་འགྱུར་རམ། །ཕྲ་རབ་རྡུལ་གྱི་ཆ་དྲུག་པོ། །དེ་རྣམས་ཡང་ཡང་ ཆ་ཡིས་ནི། །ཆ་དང་ཆ་ཡི་ཆ་དྲུག་ཀྱང༌། །ནམ་མཁར་རྫོགས་པ་མིན་ནམ་ཅི། །རྣམ་པ་མེད་ པའི་རྣམ་ཤེས་ནི། །ཆ་ཤས་མེད་པར་ཡོངས་སུ་གྲགས། །གལ་ཏེ་རྣམ་ཤེས་རྣམ་པར་བཅས། ། ཆ་ཤས་ཉིད་ནི་འགལ་བའོ། །སྔོན་དང་ཕྱི་མའི་དབྱེ་བ་དང༌། །གཡོན་དང་གཡས་ཀྱི་དབྱེ་བ་ ལས། །དྲུག་ཏུ་ཕྱེ་བའི་རྣམ་ཤེས་རྣམས། །ཉམས་པར་གནས་པ་མིན་ནམ་ཅི། །ཟངས་ཀྱི་སྣོད་ དུ་ཆུ་ཟགས་པའི། །ཆ་ཤས་མེད་པའི་ཕྲ་རབ་རྡུལ། །ཆུ་ལ་མེ་ཡིས་རེག་པས་ཤེས། །ཕྲ་རབ་ རྡུལ་དེ་ཆ་བཅས་སོ། །ཟངས་སོགས་སྣོད་དུ་བཞག་པ་ན། །སེངྒེའི་འོ་མ་མི་གནས་ཏེ། །དེ་ རྣམས་ཉིད་ནི་གསེར་གྱི་སྣོད། །དྲི་མ་མེད་པར་གནས་པར་ངེས། །རོ་དབང་སྐེ་ཚེའི་ཚད་ཙམ་ གྱིས། །ཟངས་ཀྱི་ཁུར་པོ་སྒྱུར་བ་སྟེ། །ཆ་མེད་ཀུན་ཏུ་མེད་པ་ན། །ཆ་བཅས་ཉི་མ་བསྒྱུར་བ་ མེད། །འདིར་ནི་མང་དུ་བརྗོད་པས་ཅི། །འཇིག་རྟེན་ཀུན་རྫོབ་བདེན་པ་ལས། །འཇིག་རྟེན་ སོ་སོར་བསྒྱུར་བ་ཡི། །རོ་ཡི་དངོས་པོ་རྟོག་གེས་མིན། །སླར་ཡང་ཡེ་ཤེས་དངོས་ཡོད་ཅི། ། དམ་པའི་དོན་དེ་རྟོག་གེས་མིན། །གློ་བུར་དྲི་མས་གཡོགས་པ་ཡིས། །སེམས་ནི་བསྒྱུར་བ་སོ་ སོའོ། །གློ་བུར་དྲི་མའི་སེམས་མེད་ན། །རིང་པོའི་དུས་ན་སེམས་མེད་དེ། །སེམས་མེད་སྐྱེ་བ་ ཉམས་པ་དང༌། །སེམས་མེད་གནས་པ་ཟད་པའོ། །གང་ཚེ་གློ་བུར་ཉིད་ཀྱིས་འདིར། །སྔོན་ སེམས་དྲི་མེད་དེ་ཡི་ཚེ། །གང་ཚེ་རིང་པོའི་དུས་ཀྱི་སེམས། །དེ་ཚེ་དེ་ཡི་སྲིད་པ་གང༌། །གང་ཚེ་ 1-1-404 སེམས་མེད་སྐྱེ་བ་ན། །དེ་ཚེ་ནམ་མཁའི་མེ་ཏོག་བཞིན། །གང་ཚེ་སེམས་ནི་རྟག་གནས་ན། ། དེ་ཚེ་ཀུན་ཏུ་ཐར་པ་མེད། །གང་ཞིག་ཟངས་ཀྱི་ནག་པོ་ལྟར། །རོ་ཡི་སྦྱོར་བས་ཉམས་འགྱུར་ ཏེ། །སེམས་ཅན་དེ་ཉིད་ཉམས་མི་འགྱུར། །དྲི་མེད་ཉིད་ཀྱིས་ཡང་དག་འགྱུར། །དྲི་མེད་ཉིད་ ཀྱིས་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར། ། སེམས་ཅན་དེ་ཉིད་ཉམས་མི་འགྱུར། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །ཇི་ལྟར་རོ་ཡིས་ ཕུག་པའི་ཟངས། །སླར་ཡང་ཟངས་སུ་འགྱུར་བ་མེད། །དེ་བཞིན་ཡེ་ཤེས་ཀྱིས་ཕུག་སེམས། ། སླར་ཡང་ཕྱུགས་སུ་འགྱུར་བ་མེད། །རོ་ཡིས་ཟངས་ནི་ཕུག་པ་ན། །འགའ་ཡང་ཟངས་ནི་ མེད་པ་སྟེ། །ཡེ་ཤེས་ཀྱིས་ནི་སེམས་ཕུག་ན། །འགའ་ཡང་ཡེ་ཤེས་མེད་པའོ། །གསེར་དུ་ ཟངས་ནི་རབ་ཞུགས་ན། །ནག་པོར་འགྱུར་བ་ངེས་པ་སྟེ། །ལས་ཀྱིས་མཛེ་ནད་རབ་ཞུགས་ ན། །སེམས་ལ་ཡང་ནི་མཛེ་ནད་འགྱུར། །ཟླ་བ་རྫོགས་པའི་གནས་སྐབས་གནས། །རི་བོང་ མཚན་མ་ཉམས་པ་མེད། །རྫོགས་པའི་སེམས་ཀྱི་གནས་སྐབས་གནས། །ནག་པོ་ཉིད་ནི་ ཉམས་པ་མེད། །ཉོན་མོངས་བཞི་པོ་ཡེ་ཤེས་ཀྱིས། །ཐལ་བར་ཟད་པར་བྱས་མིན་ན། །གཞན་ དུ་སངས་རྒྱས་ཐམས་ཅད་ནི། །བཞུགས་པའི་གོ་འཕང་དོན་མེད་དོ། །རང་བཞིན་བྲལ་བའི་ རྫས་རྣམས་ལ། །རྟག་ཏུ་བྱིས་པ་རབ་རྟོགས་བྱེད། །བྱིས་པ་འཁྲུལ་བ་འཛིན་པ་སྟེ། །སངས་ རྒྱས་འཁྲུལ་བ་སྤངས་པའོ། །རྣམ་འགྱུར་མི་རྟག་པ་ལ་འགྱུར། །རྟག་པའི་མྱང་འདས་གྱུར་ལ་ མིན། །མྱང་འདས་སླར་ཡང་སྐྱེ་བ་ནི། །ཇི་ལྟར་མར་མེ་མེད་དེ་བཞིན། །ཕྲ་རབ་རྡུལ་རྣམས་ སྦྱོར་བ་ལས། །སྣ་ཚོགས་སྐྱེ་བ་མཆོག་ཏུ་མེད། །ཕྲ་རབ་རྡུལ་རྣམས་སྦྱོར་བྲལ་བས། །སྣ་ ཚོགས་ཉམས་པ་མཆོག་ཏུ་མེད། །ཕྲ་རབ་རྡུལ་རྣམས་སྦྱོར་བ་ལས། །ཤིང་རྣམས་སྐྱེ་བ་མཆོག་ ཏུ་མེད། །ཕྲ་རབ་རྡུལ་རྣམས་སྦྱོར་བྲལ་བས། །ཤིང་རྣམས་ཉམས་པ་མཆོག་ཏུ་མེད། །ཕྲ་རབ་ རྡུལ་རྣམས་སྦྱོར་བ་ལས། །ལུས་རྣམས་སྐྱེ་བ་མཆོག་ཏུ་མེད། །ཕྲ་རབ་རྡུལ་རྣམས་སྦྱོར་བྲལ་ 1-1-405 བས། །ལུས་རྣམས་ཉམས་པ་མཆོག་ཏུ་མེད། །ཕྲ་རབ་རྡུལ་རྣམས་སྦྱོར་བ་ལས། །འབྱུང་པོ་སྐྱེ་ བ་མཆོག་ཏུ་མེད། །ཕྲ་རབ་རྡུལ་རྣམས་སྦྱོར་བྲལ་བས། །འབྱུང་པོ་ཉམས་པ་མཆོག་ཏུ་མེད། ། ཕྲ་རབ་རྡུལ་རྣམས་སྦྱོར་བ་ཡིས། །སྣ་ཚོགས་ཆ་ཤས་མི་འགྱུར་ཏེ། །ཕྲ་ཞིང་ཆུང་བ་སྦྱོར་བྲལ་ བས། །སྣ་ཚོགས་ཆ་ཤས་དེ་རྣམས་མེད། །ཕྲ་རབ་རྡུལ་རྣམས་སྦྱོར་བ་ཡིས། །ཤིང་གི་ཆ་ཤས་ མི་འགྱུར་ཏེ། །ཕྲ་ཞིང་ཕྲ་བ་སྦྱོར་བྲལ་བས། །ཤིང་གི་ཆ་ཤས་དེ་རྣམས་མེད། །ཕྲ་རབ་རྡུལ་ རྣམས་སྦྱོར་བ་ཡིས། །ལུས་ཀྱི་ཆ་ཤས་མི་འགྱུར་ཏེ། །ཕྲ་ཞིང་ཕྲ་བ་སྦྱོར་བྲལ་བས། །ལུས་ཀྱི་ ཆ་ཤས་དེ་རྣམས་མེད། །ཕྲ་རབ་རྡུལ་རྣམས་སྦྱོར་བ་ཡིས། །འབྱུང་པོའི་ཆ་ཤས་མི་འགྱུར་ཏེ། ། ཕྲ་ཞིང་ཆུང་བ་སྦྱོར་བྲལ་བས། །འབྱུང་པོའི་ཆ་ཤས་དེ་རྣམས་མེད། །སྣ་ཚོགས་རྣམ་པས་ གང་སུ་ལའང༌། །ཡང་དག་གནས་པ་ཕྲ་རབ་རྡུལ། །སྣ་ཚོགས་བསྲེགས་ན་རླུང་དང་ནི། །དུ་ བ་འབར་བ་ཐལ་བ་འོང༌། །ཤིང་གི་རྣམ་པ་གང་སུ་ལའང༌། །ཡང་དག་གནས་པ་ཕྲ་རབ་རྡུལ། ། ཤིང་བསྲེགས་པ་ན་རླུང་དང་ནི། །དུ་བ་འབར་བ་ཐལ་བ་འོང༌། །ལུས་ཀྱི་རྣམ་པས་གང་སུ་ ལའང༌། །ཡང་དག་གནས་པ་ཕྲ་རབ་རྡུལ། །ལུས་བསྲེགས་པ་ན་རླུང་དང་ནི། །དུ་བ་འབར་བ་ ཐལ་བ་འོང༌། །འབྱུང་པོའི་རྣམ་པས་གང་སུ་ལའང༌། །ཡང་དག་བསགས་པ་ཕྲ་རབ་རྡུལ། ། འབྱུང་པོ་བསྲེགས་ན་རླུང་དང་ནི། །དུ་བ་འབར་བ་ཐལ་བ་འོང༌། །རླུང་གིས་བྱེ་མ་སྦྱར་བ་ལ། ། སྐྱེ་མེད་ཟད་པར་འགྲོ་བ་མེད། །བྱེ་མ་ཇི་བཞིན་ལུས་ཀྱི་ནི། །ཕྲ་རབ་རྡུལ་འདི་དེ་བཞིན་ནོ། ། སྦྱོར་བ་དང་ནི་བྲལ་བས་ཀྱང༌། །ཐམས་ཅད་དུ་ནི་ཕྲ་རབ་རྡུལ། །སྐྱེ་དང་ཟད་ལས་ངེས་གྲོལ་ ཏེ། །མཁའ་ལ་ཡང་དག་གནས་པར་ངེས། །སངས་རྒྱས་ཞིང་ནི་མཐའ་ཡས་པ། །མཐའ་ཡས་ འཇིག་རྟེན་ཁམས་རྣམས་སུ། །མཐའ་ཡས་འགྲོ་བའི་ལུས་རྣམས་ནི། །འཇིག་རྟེན་ཁམས་སུ་ ཡང་དག་གནས། །ལུས་ལ་སྲིན་བུ་མཐའ་ཡས་རྣམས། །རང་གི་ལས་འབྲས་ལོངས་སྤྱོད་དེ། ། སྲིན་བུ་གཅིག་ནི་ཉམས་པ་ཡིས། །གཞན་རྣམས་ཉམས་པར་འགྱུར་བ་མེད། །ལུས་གཅིག་ 1-1-406 ཉམས་པར་གྱུར་པ་ཡིས། །གཞན་རྣམས་ཉམས་པར་འགྱུར་བ་མེད། ཁམས་རྣམས་གཅིག་ནི་ ཉམས་པ་ཡིས། །གཞན་རྣམས་ཉམས་པར་འགྱུར་བ་མེད། །ཞིང་རྣམས་གཅིག་ནི་ཉམས་པ་ ཡིས། །གཞན་རྣམས་ཉམས་པར་འགྱུར་བ་མེད། །ཅིག་ཅར་སྐྱེས་པ་དེ་རྣམས་ནི། །ཅིག་ཅར་ ཉམས་པ་མེད་པའོ། །སངས་རྒྱས་ཞིང་རྣམས་གང་དུ་ཡང༌། །སེམས་ཅན་འགྲོ་དྲུག་རྣམས་སུ་ གནས། །ཞིང་ཚིག་པ་ན་ཞིང་གཞན་དུ། །འགྲོ་བ་ལས་ལ་སྤྱོད་པའོ། །མཐོ་རིས་འཇིག་རྟེན་ ལྷ་གནས་དང༌། །ལྷ་མིན་གནས་སུ་ལྷ་མིན་ཏེ། །དུད་འགྲོའི་གནས་སུ་དུད་འགྲོ་དང༌། །ཡིད་ བརྟགས་གནས་སུ་ཡིད་བརྟགས་འགྲོ། །དམྱལ་བ་དམྱལ་བར་འགྲོ་བ་སྟེ། །བུད་མེད་སྐྱེས་པ་ མིའི་འཇིག་རྟེན། །འཇིག་རྟེན་འདྲེན་པའི་རྫོགས་སངས་རྒྱས། །ཆོས་དབྱིངས་གནས་སུ་ གཤེགས་པའོ། །འདི་ནི་ཆོས་སོ་ངེས་པར་ཆོས། །ཕྱིན་ཅི་ལོག་ཏུ་རབ་བསྒྲགས་པའི། །བདག་ མེད་པ་ལ་བདག་བློ་གང༌། །དེ་ཁྱོད་དོར་ཅིག་མི་སྐྱོང་ཀྱེ། །ཞེས་པ་རང་གི་ལྟ་བའི་འདོད་པ་ མདོར་བསྟན་པ་ཡོངས་སུ་བརྟག་པར་བདག་མེད་པ་ཡོངས་སུ་བརྟག་པའི་ལེའུ་སྟེ་གསུམ་ པའོ།། །། ལོ་རྒྱུས་དང་ནི་ཤེད་བུའི་ཆོས། །རིག་བྱེད་ཡན་ལག་བཅས་དང་གསོ། །བཀའ་ཡིས་གྲུབ་ པ་བཞི་པོ་ནི། །གཏན་ཚིགས་རྣམས་ཀྱིས་གཞོམ་མིན་ལོ། །གང་ཚེ་བུང་བུའི་མཇུག་མ་ཡིས། ། བརྒྱན་པར་བྱས་ནས་མངོན་སྤྱོད་པ། །དེ་བཞིན་བྲམ་ཟེའི་ལོ་རྒྱུས་རྣམས། །ནམ་མཁའི་ གོས་ཅན་པ་ཡིའོ། །རིག་བྱེད་རྟག་པ་ལུས་མེད་ཡང༌། །གལ་ཏེ་ལུས་ལ་ཁྱབ་པ་ན། །དེ་ཉིད་ བཟུང་ནས་གྲངས་ཅན་རྣམས། །འོ་མའི་རྒྱ་མཚོར་ཇི་ལྟར་འཇུག །ལྷ་མིན་དང་ནི་གྲངས་ཅན་ དེ། ཁྱབ་འཇུག་ཉ་ཡི་གཟུགས་ཀྱིས་བསད། །དེ་ཡང་ཚངས་པས་བྱིན་པའོ། །རིག་བྱེད་ཉ་ཡི་ ལོ་རྒྱུས་ལས། །ཚངས་པའི་ཞལ་ལས་སྤྲོས་པའོ། །མི་ཡི་འཇིག་རྟེན་འདིར་འོངས་པ། །ཚངས་ པའི་ཞལ་དུ་ཞུགས་པའོ། །དམངས་རིས་ཁ་ལས་དོར་ཞེས་གྲགས། །རིག་བྱེད་ཞིག་སྟེ་འགྲོ་ 1-1-407 བ་ན། །འདུས་མ་བྱས་ཤིང་ཁྱབ་པ་དང༌། །རིག་བྱེད་རྟག་པར་ཇི་ལྟར་བརྗོད། །གཉིས་སྐྱེས་ ཁ་ཡིས་ཀླགས་པས་སོ། །དུར་བཱ་ས་ཡི་དམོད་པ་ཡིས། །འོ་མའི་རྒྱ་མཚོར་ཞུགས་པ་ན། །གང་ ཚེ་ལྷ་དབང་རྫུ་འཕྲུལ་ལས། ཁྱབ་འཇུག་དབང་ཕྱུག་དེ་ཚེ་ཅི། །དཔལ་མོ་དང་ནི་ཟླ་བ་གཉིས། ། ལྷ་ཡི་དབང་པོའི་མིན་པར་བསྒྲགས། །དམོད་པས་དཔལ་མོ་ཟླ་བ་དག །འོ་མའི་རྒྱ་མཚོར་ ཇི་ལྟར་འཇུག །སྟོབས་ལྡན་གྱིས་ནི་རྒྱལ་སྲིད་ལ། །རྒྱ་མཚོ་ལྷ་དང་ལྷ་མིན་བསྲུབས། །སྔོན་ དང་ཕྱི་མ་འགལ་བ་ཡི། །འཐད་པ་མིན་པ་མངོན་པར་བརྗོད། །གསེར་འོད་ཀྱི་ནི་རྒྱལ་སྲིད་ ལ། །ལྷ་མིན་ལྷ་ཡི་བདུད་རྩི་ཟོས། །དྲག་པོ་སྔོན་དུ་མགྲིན་སྔོན་དང༌། །དུག་ཉམས་སྤྱི་བོར་ ཟླ་བའོ། ཁྱབ་འཇུག་པད་མཱ་ལ་ཡར་ལྡན། །མཁའ་ལ་ཟླ་བ་རྟག་ཏུ་གནས། །སྟོབས་ལྡན་ སྲིད་ལ་བསྲུབས་པ་དང༌། །མནྡ་ར་ཡི་བསྲུབས་ཤིང་གང༌། །མནྡ་ར་ཕྱུང་དེ་བཞིན་ན། །གནོད་ སྦྱིན་སོགས་ཀྱི་ཁྱིམ་ནི་གང༌། །ལྷ་མ་ཡིན་གྱི་ལོ་རྒྱུས་ཀུན། །ཉམས་ཏེ་ཕུག་ཏུ་སོང་བའོ། ། ནམ་མཁའ་དོར་ནས་ཟླ་བ་ནི། །འོ་མའི་རྒྱ་མཚོར་ཞུགས་སོང་ན། །གཟའ་ཚེས་རྒྱུ་སྐར་སྦྱོར་ བ་དང༌། །བྱེད་པ་ས་ལ་མེད་པར་འགྱུར། །ཚངས་པ་དབང་པོ་ཁྱབ་འཇུག་ཆེ། །ལྷ་གསུམ་ པོ་ནི་གཟུགས་གཅིག་ན། །དབང་ཕྱུག་གི་ནི་གཟུགས་གཅིག་གིས། །ཚངས་པའི་མགོ་བོ་ བཅད་པའང་ཅི། །སྐྲ་དང་ཀཉྫོ་ལི་ཀར་བཅས། །ཧཱུྃ་གི་ཡི་གེ་འདོན་ཅིང་འདོན། །བི་བི་གོ་གས་ བརྒྱན་པ་ཡི། །བདེ་འབྱུང་ཁྱབ་འཇུག་ཚངས་པའོ། །འདི་ནི་བདེན་པ་གསུངས་པ་སྟེ། །སྔོན་ གསུངས་དོན་མེད་མིན་ནམ་ཅི། །ལྷ་གསུམ་པོ་ནི་གཟུགས་གཅིག་ན། །ཕན་ཚུན་དུ་ནི་འཁོན་ མེད་དམ། །ལྷ་ཡི་རྗེ་བོ་རཱ་མ་ཎ། །ལྷ་ཡི་མཆོག་ནི་སྟེར་བ་དང༌། །གང་ཚེ་ཚིག་མཐའ་བདེན་ པ་ན། །མཚོན་ཆ་འཛིན་པ་ཉིད་ནི་ཅི། །དབང་ཕྱུག་གི་ནི་བཀའ་དྲིན་གྱིས། །རཱ་མ་ཎ་ལས་ བྱེ་བ་ཕྲག །ཕྱེད་དང་བཅས་པའི་གསུམ་གྱི་ལོར། །དེ་འདིར་ཚེ་བྱིན་རྫུན་མིན་ཅི། །འབུམ་ ཕྲག་བཞི་བཅུ་རྩ་གསུམ་དང༌། ཁྲི་ཕྲག་གཉིས་ཀྱི་ལོ་རྣམས་ནི། །རྫོགས་ལྡན་ལ་སོགས་དུས་ 1-1-408 བཞི་ཡི། །ལོ་ཡི་གྲངས་སུ་རབ་ཏུ་བསྒྲགས། །སྟོང་ཕྲག་ཉི་ཤུ་རྩ་བརྒྱད་དང༌། །འབུམ་ཕྲག་ བཅུ་བདུན་བཤད་པ་ནི། །ཚངས་པ་གྲུབ་མཐར་རྫོགས་ལྡན་དུས། །ལོ་ཡི་གྲངས་སུ་རབ་ཏུ་ བསྒྲགས། །སྟོང་ཕྲག་དགུ་བཅུ་རྩ་དྲུག་དང༌། །འབུམ་ཕྲག་བཅུ་གཉིས་བརྗོད་པ་ནི། །གསུམ་ ལྡན་ཁྱབ་འཇུག་གྲུབ་པའི་མཐར། །ལོ་ཡི་ཚད་དུ་རབ་ཏུ་བསྒྲགས། །སྟོང་ཕྲག་སུམ་བཅུ་རྩ་ གཉིས་དང༌། །འབུམ་ཕྲག་བཞི་ནི་ས་སྟེང་དུ། །རྩོད་ལྡན་མ་ན་གྲུབ་པའི་མཐར། །ལོ་ཡི་ཚད་ དུ་རབ་ཏུ་བསྒྲགས། །ལྷ་དང་ཤ་ཟ་སྦྱིན་མའི་བུ། །གང་འདིར་རིགས་ཀྱིས་དུས་བཞིའོ། །དེ་ རྣམས་ས་ལ་རྒྱལ་པོ་མིན། །རྒྱལ་པོའི་ཕྲེང་བ་རབ་ཏུ་བསྒྲགས། །གསུམ་ལྡན་རཱ་མ་ཎ་སྐྱེས་ ཤིང༌། །གསུམ་ལྡན་རཱ་མ་ཎ་བསད་པའང༌། །རྩོད་ལྡན་གཉིས་ལྡན་དག་དབུས་སུ། །འཐབ་ དཀའ་རྒྱལ་པོ་བསད་པའོ། །དེར་ནི་འཇིགས་པ་བརྒྱས་བསྲེགས་ནས། །འཐབ་དཀའ་བརྒྱ་ ཕྲག་གཉིས་ནའོ། །རྒྱལ་པོའི་བུ་རྣམས་གཞན་པ་ཡི། །གྲངས་དང་ཚད་ནི་གྱུར་པ་མེད། །བྱེ་ བ་ཕྱེད་དུ་དེ་མེད་ན། །དུས་རྣམས་ཡོངས་སུ་བསྒྲགས་པ་ཡི། །ཕྱེད་བཅས་བྱེ་བ་གསུམ་པོ་ནི། ། རཱ་མ་ཎ་ཡི་ཚེར་ཅི་འགྱུར། །རྒྱལ་དབང་ཉི་ཤུ་རྩ་བཞིར་འགྱུར། །འཁོར་ལོ་བསྒྱུར་བ་དེ་ཡི་ ཕྱེད། །སྟོབས་བཟང་དང་ནི་ནོར་ལྷ་དང༌། །ནོར་ལྷ་རྣམས་ནི་སོ་སོར་དགུ། །སུམ་བཅུ་རྩ་དྲུག་ མི་རྣམས་ཀྱིའང༌། །ཕྱོགས་གོས་ཅན་གྱིས་བྱས་པ་སྟེ། །སུམ་བཅུ་དྲུག་གི་ལོ་རྒྱུས་ཀུན། །དེ་ རྣམས་གདོད་ནས་རྣམ་དཔྱད་མེད། ཁྱུ་མཆོག་སྔོན་དུ་བུར་གྱུར་པ། །དང་པོ་མུ་སྟེགས་བྱེད་ ལ་གྲག །འཁོར་ལོ་བསྒྱུར་ལྡན་བུ་ཡང་འདིའི། །དང་པོར་བྷཱ་ར་ཏ་ས་ལ། །གཞུ་ནི་ལྔ་བརྒྱ་དེ་ ཡི་ནི། །ལུས་ཀྱི་ཚད་དུ་རབ་ཏུ་བསྒྲགས། །རྒྱལ་ཕྲན་རྣམས་དང་འབངས་སོགས་དང༌། །སྐྱེ་ དགུ་རྣམས་ཀྱིའང་དེ་བཞིན་ཉིད། །རྒྱང་གྲགས་རྒྱང་གྲགས་མཐའ་ཡི་གྲོང༌། །བྱེ་བ་བྱེ་བའི་ རིགས་ལྡན་རྣམས། །བྱེ་བ་བྱེ་བའི་ཐོང་པ་ཡི། །ཐོང་ལས་པ་རྣམས་རྒྱང་གྲགས་ཕྱེད། །སྟོང་ ཕྲག་སུམ་བཅུ་གཉིས་གྱུར་གང༌། །རང་ཡུལ་འཁོར་ལོས་བསྒྱུར་བ་ཡིན། །བྱེ་བའི་གྲོང་གིས་ 1-1-409 གྱུར་པའི་ཡུལ། །འབུམ་ཕྲག་གྲོང་གིས་རང་དཀྱིལ་འཁོར། །དེ་རྣམས་ཡུལ་དུ་ལོངས་སྤྱོད་པ། ། ཡུལ་རྣམས་ཚད་ཀྱིས་རྒྱལ་ཕྲན་ཏེ། །ཡན་ལག་བཞི་ཡི་དཔུང་དང་ལྡན། །དེ་རྣམས་འབངས་ ལ་འཁོར་ལོས་བསྒྱུར། །འབུམ་ཕྲག་བརྒྱད་བཅུ་རྩ་བཞི་ཡི། །གླང་ཆེན་རྣམས་ཀྱི་འཁོར་ ལོ་བསྒྱུར། །རླུང་གི་ཤུགས་ལྡན་རྟ་རྣམས་ནི། །བྱེ་བ་བཅོ་བརྒྱད་རྣམས་སུ་བརྗོད། །སྟོང་ ཕྲག་དགུ་བཅུ་རྩ་དྲུག་གི ། ན་ཆུང་ཉུང་རུམ་བཙུན་མོ་རྣམས། །སྐྱེ་དགུ་རྣམས་ཀྱི་བྲན་གཡོག་ སོགས། །དེ་རྣམས་གྲངས་ནི་བརྗོད་དུ་མེད། །དེ་ཡི་གྲོང་ཁྱེར་ཨ་ཡོ་དྷྱའི། །ཆུར་ནི་དཔག་ཚད་ བཅུ་གཉིས་ཏེ། །ཞེང་དུ་དགུ་པར་རབ་བཤད་པ། །ཐར་པ་མཁྱེན་པའི་མིག་གིས་ལོ། །ཡན་ ལག་བཞི་ཡི་དཔུང་དང་བཅས། །འཁོར་ལོས་བསྒྱུར་བ་སྟོབས་པོ་ཆེ། །ཨ་ཡོ་དྷྱ་ཡི་གྲོང་ཤོང་ བ། །རྫུན་ཚིག་ལས་ཅི་དེ་མེད་དོ། །གྲོགས་སྦུར་ཚང་དུ་ལག་ལྡན་གྱི། ཁྱུ་རྣམས་ཤོང་བ་བཞིན་ དུ་རྫུན། །བྱིས་པ་རྣམས་ཀྱི་སྨྲ་བ་གང༌། །དེ་འདྲ་ཕྱོགས་གོས་ཅན་པའི་ལུགས། །གཞུ་ནི་སྟོང་ ཕྲག་གཅིག་པ་ཡི། །ལག་ལྡན་ཚད་དུ་གང་གྱུར་པ། །དེ་ཚེ་ལག་ལྡན་ཉལ་ཁང་དེའི། །རྒྱང་ གྲགས་ཚད་ལ་ཇི་ལྟར་འགྱུར། །དེ་ཚེ་རྒྱལ་ཕྲན་ལ་སོགས་དང༌། །ན་ཆུང་ཉུང་རུམ་བཙུན་མོ་ ཡི། ཁང་པའི་ཤིང་གི་དཔངས་རྣམས་ལ། །དཔག་ཚད་གཅིག་པ་ཙམ་དུ་འགྱུར། །བསྒྲགས་ པར་ངེས་པའི་ས་གཞི་ལ། །སྒོ་རྣམས་ཐམས་ཅད་འཕེལ་བ་སྟེ། །སྐྱེ་དགུའི་ཚད་ཀྱིས་ཐམས་ ཅད་དུ། །གོས་དང་སྟན་རྣམས་མཚུངས་པའོ། །རཱ་མའི་རོ་སོགས་བྲག་རྣམས་ལ། །སྟོབས་ ལྡན་བི་ཎུ་ན་ལ་སོགས། །རྣམས་ཀྱིས་བྱས་པའི་ཕུག་དང་ནི། །བྱེད་པའི་དུས་རྣམས་ས་སྟེང་ གྲགས། །གསུམ་ལྡན་གཉིས་ལྡན་རྩོད་དུས་ལ། །ཡ་མད་ཨག་ནིའི་བུ་སོགས་དང༌། །རཱ་མ་ སོགས་དང་སྐྱ་བསེང་སོགས། །སྔོན་གྱི་རྒྱལ་པོས་བྱས་པ་ན། །སྒོ་ཡི་ཚད་སོགས་མཚུངས་ པར་འགྱུར། །ཀུན་ལ་ལྷག་པོ་འགའ་ཡང་ཅི། །ས་ལ་མངོན་སུམ་མཐོང་བས་ན། །ད་ལྟའང་ ཉམས་པ་མེད་པར་གནས། །དེ་རྣམས་ཡུལ་དང་རི་བོ་དང༌། །ཀླུ་དང་མཚོ་ཆེན་དེ་རྣམས་ཉིད། ། 1-1-410 ས་ཡི་གཞི་ལ་གྲགས་པ་ཡི། །བསྟན་པ་རྣམས་དང་ཡི་གེའང་དེ། །རིན་ཆེན་རྣམ་པ་སྣ་ཚོགས་ དང༌། །རིན་ཆེན་སེངྒེའི་ཁྲི་རྣམས་དང༌། །ཨ་ཡོ་དྷྱ་ཡི་གྲོང་ཡང་དེ། །བྱིས་པ་རྒུར་འཁྱོག་ སོགས་དེ་བཞིན། །རཱ་མ་དེ་བའི་མགུལ་རྒྱན་གྱི། །ཕྲེང་བ་གཅིག་པུར་རྣམ་བཤད་པའང༌། ། རྩོད་ལྡན་དུས་ཀྱི་མགོན་པོ་ཡི། །མགྲིན་པའི་ཚད་ལས་ལྷག་པའང་མེད། །གངས་ཅན་རི་ཡི་ མཚམས་རྣམས་དང༌། །གྲོང་ཁྱེར་གྲངས་དང་མངོན་བྱས་པའི། །དུས་བཞི་རྣམས་ནི་གྲངས་ དང་བཅས། །ད་ལྟའང་ཞིག་ནས་སོང་བ་མེད། །གཽ་ཌར་འབུམ་ཕྲག་བཅོ་བརྒྱད་ཀྱི། །གྲོང་ ན་ལག་ལྡན་རྣམས་ཀྱི་བདག །འབུམ་ཕྲག་སུམ་བཅུ་རྩ་དྲུག་གྲོང༌། །ཡུལ་དབུས་རྟ་ཡི་འདྲེན་ པ་ཡིན། །གྲོང་ཁྱེར་འབུམ་ཕྲག་བཞི་རྣམས་ཀྱི། །མི་ཡི་དབང་པོ་ལྷོའི་ལམ་ལ། །གསུམ་པོ་དེ་ རྣམས་ས་ལ་རྗེ། །གླང་ཆེན་རྟ་དང་མི་བདག་གོ །གཞན་གང་ཕྲ་མོའི་རྒྱལ་པོ་རྣམས། །ཡུལ་ དང་ཡུལ་ལ་རྣམ་པར་གནས། །གསུམ་པོ་རྣམས་ཀྱི་འབངས་ཀུན་ལ། །དེ་རྣམས་བརྒྱ་ཕྲག་ རེ་ལས་མེད། །ཉི་མ་སོ་སོར་འཇིགས་རུང་བའི། །འབྱུང་པོ་ཐེར་འབུམ་དམག་གིས་འཇོམས། ། ཡུལ་རྣམས་གང་དུ་ལོངས་སྤྱོད་དེ། །གང་ཕྱིར་ཡུལ་སོགས་འདིར་འོང་ངོ༌། །གངས་རིའི་ བྱང་དུ་སས་སྐྱོང་རྣམས། །བོད་སོགས་རྣམས་སུ་བ་ལང་ཟ། །ནུབ་ཏུ་ཀླ་ཀློའི་རྒྱལ་པོ་རྣམས། ། བ་ལང་གཉིས་སྐྱེས་རྣམས་ཀྱང་གསོད། །བྷཱ་ར་ཏ་ཡིས་རྣམ་བཤད་པ། །དྲང་སྲོང་རྒྱས་ པས་མཁྱེན་གཟིགས་ནས། །ཨང་གཱ་བང་ག་ཀ་ལིང་གཱའི། །རྒྱལ་པོ་སོགས་ཀྱིས་ཡོངས་སུ་ བསྒྲགས། །འབུམ་ཕྲག་རེ་ཡི་ལག་ལྡན་དབང༌། །རྒྱལ་པོ་གསུམ་ལ་མེད་པ་ན། །ཕྲ་མོའི་ ཡུལ་དུ་སྟོང་ཕྲག་ནི། །ཀ་ལིང་ཀ་ཡིར་ཇི་ལྟར་འགྱུར། །ཕྲ་མོ་ཛཱ་ལན་དྷ་རའི་ཡུལ། །དཔག་ ཚད་བཅུ་པའི་ས་གཞི་ལ། །རྐང་པར་བཅས་པ་གྲོང་འབུམ་གྱི། །རྒྱལ་པོ་འབུམ་ཕྲག་བཅུ་ བཞི་ལོ། །དཔག་ཚད་བཞི་པའི་ཚད་ཅན་ནི། །རྒྱལ་པོ་གང་གི་ས་གཞི་ལ། །རྒྱང་གྲགས་ཕྱེད་ ནི་མཐའ་ཡི་གྲོང༌། །གྲོང་དང་གྲོང་མཚམས་མེད་པར་འགྱུར། །དེར་ནི་རྒྱང་གྲགས་མཐའ་ཡི་ 1-1-411 སྡེ། །གྲོང་གི་གྲངས་ཀྱང་ལྷག་པར་མེད། །མཁའ་མཁའ་རིག་བྱེད་དུས་ཏེ་འདི། །རྒྱང་གྲགས་ ཕྱེད་པའི་ས་གཞིར་གང༌། །རྐང་པར་བཅས་པ་གྲོང་འབུམ་གྱི། །དེར་ནི་གནས་པ་མི་ཤེས་སོ། ། དེ་ལྟར་བཤད་པ་ལ་སོགས་ཀྱི། །ལོ་རྒྱུས་རྣམས་ནི་བདེན་པར་མེད། །བྷཱ་ར་ཏ་དང་རཱ་མ་ཡི། ། སྙན་ངགས་མུ་སྟེགས་བྱས་པ་རྣམས། །ཕན་ཚུན་རྣམ་པར་འགལ་བར་ནི། །མཁས་པ་རྣམས་ ཀྱིས་ཤེས་པར་བྱ། །ཞེས་པ་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ཡོངས་སུ་བརྟག་པར་ ལོ་རྒྱུས་དང་སྙན་ངགས་ཡོངས་སུ་བརྟག་པའི་ལེའུ་སྟེ་བཞི་པའོ།། །། རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ཡོངས་སུ་བརྟག་པ་འཇམ་པའི་དབྱངས་མིའི་ དབང་པོ་གྲགས་པས་མཛད་པ་རྫོགས་སོ། །གཞུང་གི་ཚད་ནི་ཤོ་ལོ་ཀ་བརྒྱད་བཅུ་རྩ་བརྒྱད་ ལྷག་པའི་དྲུག་བརྒྱའི་གྲངས་སོ། །འདི་ནི་སྒྲ་དང་མངོན་བརྗོད་ལ་སོགས་པ་ཐ་སྙད་ཀྱི་གཙུག་ ལག་རྣམས་ལ་བློའི་སྣང་བ་ཆེར་རྒྱས་པ་བལ་པོའི་པཎྜི་ཏ་མཉྫུ་ཤྲཱི་དང༌། མཁས་པའི་དབང་ པོ་དཔལ་ལྡན་བློ་གྲོས་བརྟན་པའི་བཀའ་དྲིན་ལ་བརྟེན་ནས། ལོ་ཙཱ་བར་གཏོགས་པ་ཤཱཀྱའི་ དགེ་སློང་ཆོས་གྲགས་དཔལ་བཟང་པོས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར། གངས་ རིའི་ཁྲོད་དུ་སྔོན་ཆད་མ་བྱུང་བ་འདི་ལེགས་པར་བསྒྱུར་བའོ། །འགྲན་ཕྱིར་མ་ཡིན་གྲགས་པ་ འདོད་ཕྱིར་མིན། །སྟོན་དང་བསྟན་འཆོས་དག་ལ་གུས་ཕྱིར་དང༌། །དམ་པ་འགའ་ཡི་བཀའ་ ཡིས་བསྐུལ་བའི་ཕྱིར། །གངས་ཅན་ཁྲོད་ན་སྔོན་ཆད་མེད་འདི་བསྒྱུར། །འདི་ལས་བསྐྲུན་ པའི་དགེ་བ་ཅི་མཆིས་པ། །དེ་ཡང་འགྲོ་བའི་བྱང་ཆུབ་དོན་དུ་བསྔོ། །བདག་ཀྱང་གང་ལ་གང་ འདུལ་སྐད་རྣམས་ཀྱིས། །མཐའ་ཡས་འགྲོ་ལ་དམ་ཆོས་སྟོན་པར་ཤོག །བོད་ལ་བཀའ་དྲིན་ ཆེ་བ་འཇིག་རྟེན་མིག །ཀུན་གྱི་ཕྱི་མོ་ཐོན་མི་སམ་པོ་ཏྲས། །མཛད་པའི་ཡི་གེའི་གཟུགས་དང་ བརྡའ་མཁས་པའི། །ཡི་གེ་པ་དག་གིས་ཀྱང་འདི་རྟོགས་ཤོག །རྣམ་པར་ཤེས་པས་དཔྱོད་ པ་ལ། །རྣམ་པར་གཡེང་བས་གཡེངས་པའི་ཕྱིར། །རྣམ་པར་མ་དག་མཆིས་སྲིད་ན། །རྣམ་ 1-1-412 པར་བྱང་བ་རྣམས་ལ་བཤགས། །སླར་ཡང་བཟང་ལྡན་དབེན་པའི་གནས་སུ་རྒྱ་དཔེ་དང་ གཏུགས་པའི་ཞུས་དག་ཡང་དག་པར་བགྱིས་སོ།། །། ཤུབྷམསཏུསརྦཛགཏཾ། ། (མ་དཔེ་འབྲས་སྤུངས་དཔེ་རྙིང་དབུ་མེད་བྲིས་མ། ༼ཕྱི་ར། ༢༧༥༽ གསལ་བཤད། མ་ཡིག་འདི་ལས་གཞན་ལག་སོན་མ་ བྱུང་བས་དཔེ་གཞན་བསྡུར་ས་མ་རེག་པས་དོགས་གནས་ཡོད་པའི་རིགས་ཡི་དྭགས་ཨེ་ཡིན་སྙམ་པའི་(ཡིད་བརྟགས་)ལྟ་བུ་ཁ་ ཤས་ཡོད་ནའང་མ་བཅོས་རང་སོར་བཞག་ཡོད་པས་དགོངས་འཇགས་ཞུ། ) 1-1-413 ༄༅། །(སེམས་འགྲེལ་སྐོར་གསུམ་གྱི་)བླ་མའི་བརྒྱུད་རིམ་ གསལ་བ་བཞུགས་སོ། ། ༄༅། །སྭ་སྟི། དཔལ་ལྡན་ས་བཅུའི་དབང་ཕྱུག་གིས་མཛད་པའི་བླ་ན་མེད་པའི་འགྲེལ་ པ་སྐོར་གསུམ་གྱི་སྔོན་དུ་འགྲོ་བ་བླ་མའི་བརྒྱུད་རིམ་གསལ་བ་ཞེས་བྱ་བ། དཔལ་རྡོ་རྗེ་ སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཧེ་རུ་ཀ་ནི་བདེ་བའི་གར་གྱིས་བདེ་བར་རོལ་ ཞིང་འདོད་ཆགས་ཆེན་པོས་རྗེས་སུ་ཆགས་པར་མཛད། །རྡོ་རྗེ་ལྷ་མོ་རྣམ་འཕྲུལ་དུ་མའི་ དབྱིབས་ཅན་དུ་མའི་ཁ་དོག་འོད་ཟེར་ཟེར་མ་ཕྲ་ཕྲོ་འཕྲོ་བ་ཅན། །སྲིད་གསུམ་ལ་གནས་ སྲིད་གསུམ་གཟུགས་ཅན་ལྷ་དང་ལྷ་མོའི་ཚོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ ནི། །འགྲོ་བ་རྣམས་ཀྱིས་དག་པ་གཉིས་ལྡན་ཚུལ་གྱིས་ཐོབ་པར་གྱུར་ཅིག་དེ་ལ་གུས་པས་ རྟག་ཏུ་འདུད་གྱུར་ཅིག །དེ་ཉིད་མངོན་དུ་འགྱུར་བའི་ཐབས། །རྣམ་དག་ལམ་རྣམས་གསལ་ མཛད་པའི། །དཔལ་ལྡན་བླ་མར་བཏུད་བྱས་ནས། །འཆད་ཉན་སྔོན་དུ་འགྲོ་བ་བྲི། ། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་བཀའ་ རྣམས་ནི་བསྡུ་ན་རྣམ་པ་གཉིས་ཏེ། མཚན་ཉིད་ཐེག་པ་དང་སྔགས་ཀྱི་ཐེག་པའོ། །དང་པོ་ནི། བཀའ་ཆོས་ཀྱི་འཁོར་ལོ་རིམ་པ་རྣམ་པ་གསུམ་དུ་བསྐོར་ཏེ། དང་པོ་བདེན་པ་བཞིའི་ཆོས་ ཀྱི་འཁོར་ལོ་དང༌། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། ཐ་མ་དོན་དམ་རྣམ་ པར་ངེས་པའི་ཆོས་ཀྱི་འཁོར་ལོའོ། ། དེ་ལ་དང་པོ་ནི། འདུལ་བ་ལུང་སྡཻ་བཞིས་ཐོག་དྲངས་པའི་འདུལ་བའི་སྐོར་རྣམས་དང༌། འཕགས་པ་དྲན་པ་ཉེ་བར་གཞག་པ་དང༌། དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་ 1-1-414 བཞི་བཅུ་རྩ་དགུའི་ནང་ནས། དགའ་བོ་མངལ་དུ་གནས་པ་དང༌། མངལ་དུ་འཇུག་པ་སྟེ་ གཉིས་དང༌། ཚངས་པའི་དྲ་བ་དང༌། མདོ་ཆེན་པོ་སྒྱུ་མའི་དྲ་བ་ལ་སོགས་པ་ཐེག་པ་ཆུང་ངུ་ སྟོན་པའི་བཀའ་རྣམས་ཡིན་ཞིང༌། གཉིས་པ་ནི། རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་ སྟོང་པ་དང༌། ཤེས་རབ་ཁྲི་པ་དང༌། ཤེར་ཕྱིན་ལྔ་བརྒྱ་པ་དང༌། རབ་ཀྱི་རྩལ་གྱིས་རྣམ་པར་ གནོན་པ་ལ་སོགས་པ་ཤེས་རབ་སྣ་ཚོགས་སུ་གྲགས་པ་རྣམས་དང༌། འཕགས་པ་དཀོན་ མཆོག་བརྩེགས་པའི་ནང་ནས། དགའ་བོ་མངལ་གནས་དང༌། དགའ་བོ་མངལ་དུ་འཇུག་པ་ སྟེ་གཉིས་དང༌། ལྷ་མོ་དཔལ་ཕྲེང་སེང་གེའི་སྒྲས་ཞུས་པ་མ་གཏོགས་པའི་ཆོས་ཀྱི་རྣམ་གྲངས་ བཞི་བཅུ་རྩ་དྲུག་ལ་སོགས་པ་རྣམས་ཡིན་ལ། གསུམ་པ་ནི། མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་དང༌། དེ་བཞིན་གཤེགས་པའི་སྙིང་ པོའི་མདོ་དང༌། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་དང༌། ལྷ་མོ་དཔལ་ཕྲེང་གིས་ཞུས་ པའི་མདོ་དང༌། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང༌། རྔ་བོ་ཆེ་ཆེན་པོའི་མདོ་དང༌། སྤྲིན་ ཆེན་པོའི་མདོ་དང༌། དགོངས་པ་ངེས་འགྲེལ་དང༌། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་དང༌། སངས་རྒྱས་ཕལ་པོ་ཆེ་དང༌། ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ཡིན་ནོ། ། འདི་རྣམས་ཀྱིས་བརྗོད་བྱའི་དོན་ཇི་ལྟར་སྟོན་པ་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སླར་ གྱི་གྲུབ་མཐའ་ངན་པའི་བག་ཆགས་ཀྱིས་མ་བསླད་པར་བློ་གཟུ་བོར་གནས་པས་བལྟས་ན་ རྟོགས་པར་འགྱུར་ལ། དེ་དག་བལྟ་བར་མི་ནུས་པ་རྣམས་ཀྱིས་ནི། ཆོས་ཀྱི་རྗེ་ཡིས་མཛད་ པའི་བསྟན་པའི་སྤྱི་འགྲེལ་བལྟས་ན་ཡང་རགས་པ་ཙམ་རྟོགས་པར་འགྱུར་རོ། ། འཁོར་ལོ་གསུམ་ཡང༌། དྲང་དོན་དང༌། ངེས་དོན་གང་ཡིན་པ་དང༌། ལེགས་པར་རྣམ་ 1-1-415 པར་ཕྱེ་སྟེ་གསལ་བར་སྟོན་པ་ཡིན་མིན་གྱི་ཁྱད་པར་ལ་སོགས་པ་ནི། དགོངས་པ་ངེས་པར་ འགྲེལ་པའི་མདོར། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་ འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱི་ དྲང་སྲོང་{སྨྲ་བ་}ལྷུང་}རི་དྭགས་ཀྱི་ནགས་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་ དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་གསུངས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་ མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་{གཞིའི་}ཚིག་གི་}གནས་སུ་ གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་ བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་ཉིད་དང་ རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་ བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་{གཞིའི་}ཚིག་གི་}གནས་ སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང་འགག་པ་མ་མཆིས་པ་ཉིད་དང་གཟོད་མ་ནས་ཞི་ བ་ཉིད་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་རབ་ ཏུ་ངོ་མཚར་ལ་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ 1-1-416 ངེས་པའི་དོན་ལགས་ཏེ་རྩོད་པའི་{གཞིའི་}ཚིག་གི་}གནས་སུ་གྱུར་པ་མ་ལགས་སོ། །ཞེས་ གསུངས་སོ། །པཎྜི་ཏ་ཆོས་ཀྱི་བཤེས་གཉེན་ལ་སོགས་པ་རྣམས་ཀྱིས་ལུང་འདི་ནི་རྣམ་པར་ འཁྱམས་པའོ་ཞེས་བཤད་པས་གནོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་དང༌། པཎྜི་ཏ་ཆོས་ཀྱི་བཤེས་གཉེན་གང་དཔང་དུ་བྱ་བ་མཁྱེན་པར་མཛོད་ཅིག། །། ༈ གཉིས་པ་སྔགས་ཀྱི་ཐེག་པ་ལ་ཡང༌། བསྡུས་པའི་རྒྱུད་འགའ་ཞིག་དང་སྦས་པའི་ རྒྱུད་རྣམས་ཀྱི་རྗེས་སུ་འབྲང་བའི་རྒྱ་གར་བའི་འགྲེལ་པ་འགའ་ཞིག་ལས། རྒྱུད་སྡེའི་དབྱེ་ བ་གསུམ་དང་ལྔ་དང་དྲུག་ལ་སོགས་པའི་རྣམ་གཞག་མཛད་པའང་སྣང་མོད་ཀྱི། གྲགས་ཆེ་ ཞིང་དོན་ལ་གནས་པ་བཞིར་ངེས་ཏེ། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་ གྱི་རྒྱུད་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་དོ། །དེའང་དཔལ་ལྡན་རྡོ་རྗེ་སྙིང་པོས། ཇི་ལྟར་རྩ་ བའི་རྒྱུད་དུ་གསུངས། །དགེ་སློང་རྡོ་རྗེ་འཛིན་པའི་གནས། །གང་དེའང་ཅུང་ཟད་བླ་མ་ནི། ། མཉེས་བྱེད་སློབ་མ་ལ་བརྗོད་བྱ། །བདག་མེད་མས་ཞུས་རྡོ་རྗེ་ཅན། །ཇི་ལྟའི་རིམ་པ་བཞིན་ དུ་ནི། །བསླབ་པའི་གཞི་ནི་སྦྱིན་ཆེད་དུ། །ཚིག་ནི་འདི་སྐད་བཀའ་སྩལ་ཏེ། །དང་པོར་བསླབ་ པའི་གཞི་ལྔ་རྣམས། །གསོ་སྦྱོང་སོགས་དང་ཡང་དག་ལྡན། །མི་དགེ་བཅུ་པོ་ཡོངས་སྤོང་བ། ། བྱིན་ནས་དགེ་བསྙེན་ཉིད་དུ་བྱ། །དེ་ནས་བསླབ་པའི་གཞི་རྣམས་ནི། །བཅུ་པོ་བྱིན་ནས་ དགེ་ཚུལ་བྱ། །དེ་ནས་{བསླབ་པ}ཀོ་ཊི་ཤི་ཀྵ}འི་མཐར་ཐུག་ནི། །བྱིན་ནས་དགེ་སློང་བརྟུལ་ ཞུགས་བྱ། །དེ་ནས་སོ་སོ་ཐར་ཤེས་ནས། །དེ་ནས་བྱེ་བྲག་སྨྲ་བའི་ལུགས། །དེ་ནས་མདོ་སྡེ་ ཤེས་བྱས་ནས། །རྣམ་ཤེས་སྨྲ་བ་རང་ཆོས་ལས། །དེ་ནས་ཤེས་རབ་ཕ་རོལ་ཕྱིན། །དགོངས་ པ་དབུ་མ་ཤེས་བྱ་སྟེ། །དེ་ལྟར་(དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་ མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་བས་ལྷག །ཅེས་གུར་ལས་གསུངས་པ་བཞིན། )རྒྱུད་གཞན་མཉན་ ནས་ནི། །དེ་ནས་ཀྱེ་རྡོ་རྗེ་ཤེས་བྱ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་ 1-1-417 འབྲས་བུར་གནས། །ཉན་ཐོས་རང་སངས་རྒྱས་དང་འདིར། །ཐེག་པ་ཆེན་པོ་གསུམ་པ་སྟེ། ། སངས་རྒྱས་པ་ལ་བཞི་པ་དང༌། །ལྔ་པ་ཐུབ་པའི་དགོངས་པ་མེད། །ཅེས་ཀྱེའི་རྡོ་རྗེའི་འགྲེལ་ པར་གསུངས་པ་བཞིན་སོ་སོ་ཐར་པའི་བསླབ་པ་དང་ལྡན་པས་གྲུབ་མཐའ་བཞི་དང་ཐེག་ པ་གསུམ་ལ་མཁས་པར་བྱ་བ་སྟེ། དེ་དག་གི་དགོངས་པ་མ་ཤེས་ན་དུས་ལས་ཐམས་ཅད་ མཁྱེན་པའི་ལམ་ལས་ཉམས་པར་གསུངས་སོ། །འདིས་ནི་ཐེག་པ་དགུའི་རྣམ་གཞག་འདོད་ པའང་བསལ་བ་ཡིན་ནོ། ། དེ་ལྟར་གྲུབ་མཐའ་རྣམ་པ་བཞིའི་ནང་ནས་དབུ་མ་དང༌། ཐེག་པ་གསུམ་གྱི་ནང་ནས་ ཐེག་པ་ཆེན་པོ་མཆོག་ཡིན་པ་བཞིན་དུ། རྒྱུད་སྡེ་བཞིའི་ནང་ནས་ཀྱང་རྣལ་འབྱོར་ཆེན་པོ་ མཆོག་ཡིན་ནོ། །དེའང་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་གཉིས་ལས། དཔལ་ལྡན་འབྲས་ སྤུངས་སུ། བཅོམ་ལྡན་འདས་ཉིད་ཀྱིས་རྩ་བའི་རྒྱུད་ཇི་ལྟར་གསུངས་པའི་ཚུལ་དང༌། ཤམ་བྷ་ ལའི་ཡུལ་དུ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་མིའི་དབང་པོ་གྲགས་པ་ཉིད་ཀྱིས་བསྡུས་ པའི་རྒྱུད་ཇི་ལྟར་བསྡུས་པའི་ཚུལ་རྣམས་ནི་འགྲེལ་པ་ཆེན་པོ་ཉིད་དུ་གསུང་བར་འགྱུར་ལ། ཤམ་བྷ་ལའི་ཡུལ་ནས་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ནི། འབྲོ་པའི་ ལུགས་ཀྱིས། རིགས་ལྡན་སེང་གེ་ཆོས་སྟོན་པའི་དུས་སུ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ ཡབ་ཡུམ་གཉིས་ཀྱིས་རྒྱུད་ནས་འབྱུང་བ་བཞིན། རིགས་ཀྱི་སྲས་སྐྲུན་པའི་ཆོ་ག་བྱས་པས། ཁྱེའུ་ཞིག་འཁྲུངས་པ་ཆེར་སྐྱེས་པ་དང༌། ཤམ་བྷ་ལ་ན་བྱང་ཆུབ་སེམས་དཔའ་དངོས་སུ་ཆོས་ སྟོན་པ་ཡོད་པ་ཐོས་ནས། ཆོས་ཉན་དུ་བྱོན་པ་ན། མྱ་ངམ་གྱི་ཐང་ལ་ཟླ་བ་བཞི་འགྲོ་དགོས་ པས་སྲོག་གི་བར་ཆད་དུ་འགྲོ་བར་རིགས་ལྡན་གྱི་མངོན་པར་ཤེས་པའི་སྟོབས་ཀྱིས་མཁྱེན་ ནས་མྱ་ངམ་གྱི་ཐང་ཐོན་པར་བྱོན་ཏེ། བླ་ན་མེད་པའི་རྒྱུད་སྡེ་རྣམས་བྱང་ཆུབ་སེམས་དཔའི་ འགྲེལ་པ་སྐོར་གསུམ་བཞིན། ཟླ་བ་བཞིའི་བར་དུ་གསུངས་པ་ན། བུམ་པ་གང་བྱོའི་ཚུལ་དུ་ 1-1-418 མཁྱེན་པས། འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་གྲགས་ཤིང༌། མཚན་ཡང་དུས་འཁོར་ཞབས་ ཞེས་གྲགས་སོ། ། དེ་དུས་དགེ་སློང་བློ་ཤིན་ཏུ་རྟུལ་བ་ཞིག་གིས་ཤེས་རབ་འཕེལ་བར་འདོད་པས་འདོད་ པའི་ལྷ་ལ་གསོལ་བ་བཏབ་པ་ལས། ལྷས་རྨི་ལམ་དུ་བསྟན་པ་ལ་བརྟེན་ཏེ། བྱི་རུ་ལ་ལྷ་མོ་ ཀུ་རུ་ཀུལླེའི་སྐུ་ཚོན་གང་པ་བྱས་ཏེ་བུད་མེད་ཀྱི་རོའི་ཁར་བཅུག་ནས། རྒྱབ་ཏུ་དཀྱིལ་མོ་ཀྲུང་ བཅས་ནས་ཞག་བདུན་བསྒྲུབས་པས། ཁ་གྱེན་དུ་ཕྱོགས་ཏེ། ཅི་འདོད་ཅེས་ཟེར་བ་ལ་མཐོང་ ཚད་ཟིན་པར་འདོད་བྱས་ཀྱང་གྲུབ་པ་ཡིན་པ་ལ། སེམས་ཞུམ་པའི་དབང་གིས་བྲིས་ཟིན་ ཚད་ཟིན་པར་འདོད་དོ་ཞེས་སྨྲས་པས། དེ་ལྟར་གྱུར་ཅིག་ཅེས་བྱུང་བ་ཙམ་གྱི་མོད་ལ་དེ་ལྟར་ གྲུབ་པ་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་ཞེས་བྱ་བ། ཁ་སར་པ་ཎིའི་གཙུག་ལག་ཁང་དུ་ གནས་པ་དེ་ཡིས། སློབ་དཔོན་དུས་འཁོར་ཞབས་ལ་རྒྱུད་དུ་ཤེས་དྲིས་པ་ལ། སློབ་དཔོན་ གྱིས་ལན་གསུངས་པས་རྒྱུད་ཀྱི་མཚན་ཙམ་ཡང་བཟུང་བར་མ་ནུས་སྐད། དེ་ཉིད་ལ་སློབ་མ་ མང་དུ་བྱུང་བ་ལས་ཕལ་ཆེར་རྣལ་འབྱོར་པར་གྱུར། བཤད་པའི་སྲོལ་འཛིན་པ་རྒྱལ་སྲས་ནཱ་ ལེནྡྲ་པ་དུས་འཁོར་ཞབས་གཉིས་པ་ཞེས་གྲགས་པ་དེ་ཉིད། སྔ་མའི་ཡོན་ཏན་དང་མཚུངས་ པ་ཡིན་ནོ། ། དེའི་དུས་སུ་ཁ་ཆེར་བྲམ་ཟེ་ཞིག་གི་བུ། སོ་མ་ནཱ་ཐ་ཞེས་བྱ་བ། བློ་ཤིན་ཏུ་རྣོ་བ་ཞིག་ བྱུང་བས་ཡབ་མུ་སྟེགས་པ་ཡིན་པས་དེའི་གཞུང་ལུགས་རྣམས་ལོ་བཅུ་གཉིས་ལ་མཁྱེན། ཡུམ་སངས་རྒྱས་པ་ཡིན་པས་ངའི་ཆོས་ལུགས་ཀྱང་སློབ་དགོས་ཞེས་ཟེར་ནས་ཁ་ཆེ་བྲམ་ཟེ་ ཞབས་ཞེས་བྱ་བའི་པཎྜི་ཏ་ལ་ཆོས་སློབ་ཏུ་བཅུག་གོ །སོ་མ་ནཱ་ཐ་དེ་གཟུགས་ཤིན་ཏུ་མཛེས་ པས། པཎྜི་ཏའི་སྲས་མོ་ན་རེ་ང་དང་ལྷན་ཅིག་འགྲོགས་ཏེ་ཆོས་ཉན་དགོས་ཟེར་བ་ལ། དེ་ ལྟར་ཁས་བླངས་ནས་ཆོས་མང་པོ་གསན་ཏོ། །དེ་དུས་སུ་དུས་ཞབས་པ་ཆེན་པོའི་སློབ་མ་ 1-1-419 དུལ་བའི་འབྱུང་གནས་བློ་གྲོས་ཀྱིས་དབང་མདོར་བསྟན་དང༌། དབང་རབ་བྱེད་ཀྱི་གླེགས་ བམ་བྲམ་ཟེ་ཞབས་ལ་བསྐུར་བྱུང་བ་ཟླ་བ་མགོན་པོ་ལ་བསྟན་ཏེ་གཟིགས་པས། ཤིན་ཏུ་ མོས་ནས་མ་ག་དྷཱར་བྱོན་པས་དུས་འཁོར་ཞབས་རྣམ་གཉིས་དང་མཇལ་ནས་བྱང་ཆུབ་ སེམས་དཔའི་འགྲེལ་པ་སྐོར་གསུམ་ཆ་ལག་དང་བཅས་པ་རྫོགས་པར་ཞུས་སོ། །དེ་ཡི་དུས་ སུ། པཎྜི་ཏ་ཁ་ཆེ་རིན་ཆེན་རྡོ་རྗེ་དང་རྩོད་པས། ཟླ་བ་མགོན་པོ་རྒྱལ་བ་ལ། རིན་ཆེན་རྡོ་རྗེའི་ གསུང་གིས་ང་ལ་སློབ་མ་མི་དད་པར་འོང་བས་ཁྱེད་གཞན་དུ་བྱོན་གསུངས་ཏེ། བོད་ཡུལ་ དུ་བྱོན་ནས། ཁ་རག་ཏུ་གཉོས་ལོ་ཙཱ་བ་ལ་བབས། འགྲེལ་པ་དྲི་མ་མེད་པའི་འོད་བསྒྱུར་བ། གསེར་སྲང་བརྒྱ་རྫོངས་བར་ཆད་པ་ལས། བར་སྐབས་སུ་པཎྜི་ཏ་མ་མཉེས་པར་འགྱུར་བྱེད་ འཕྲོ་བསྣམས་ནས་ཕན་ཡུལ་གྲབ་ཏུ་བྱོན། ཞང་ཕོ་ཆུང་བས་བཏེག་སྟེ། འབྲོ་ལོ་ཙཱ་བ་ཤེས་ རབ་གྲགས་ཀྱིས། ལོ་ཙཱ་མཛད་ནས་འགྲེལ་ཆེན་ཡོངས་སུ་རྫོགས་པར་བསྒྱུར་རོ། །གཉོས་ ཀྱིས་ཞང་ཕོ་ཆུང་བ་ལ་ཁྱོད་ཀྱིས་ངའི་བླ་མ་འཕྲོགས་པ་ཡིན་པས་སྦ་བའི་གསེབ་ཏུ་ཉུངས་ དཀར་རྩང་ངེ་བ་ཅིག་བྱ་ཡིས་ཞེས་ཕྲིན་དུ་བསྐུར་བ་ལ། ཁྲོ་བོ་བརྒྱ་ཡིས་མཚོན་ཆས་བསྡིགས་ ཀྱང་མི་འཇིགས་ལ། ལྷ་མོ་བརྒྱའི་འཛུམ་བསྟན་ཡང་མི་ཆགས་པ་ཡིན་ནོ་ཞེས་གསུངས་ནས་ ཞབས་ཐོག་ཡུན་རིང་དུ་མཛད། གཉོས་སྟོན་ཡེ་ཤེས་མཆོག་གིས་གསེར་སྲང་བཅོ་བརྒྱད་ ཕུལ། གྲྭ་པ་མངོན་ཤེས་ཀྱིས་ལོ་གསུམ་དུ་ཆོས་སྟོན་དྲངས་ཤིང༌། ནམ་མཇལ་དུས་ཕྱག་རྟེན་ མ་ཆད་པར་མཛད། ཇོ་བཙུན་ཚུལ་ཁྲིམས་རིན་ཆེན་གྱིས་གསེར་སྲང་དྲུག་ཕུལ། གཡོ་རུ་བ་ འགར་སྟོན། མང་ཡུལ་བ་སྟོན་མ་སྲི་དར། སྨོན་གྲོ་པ་འཇལ་སྒོམ་ལ་སོགས་པས་ཞབས་ཏོག་ ཆེ་བར་བྱས་ཀྱང༌། སོ་སོར་སྤོང་ཙམ་མ་གཏོགས་པ་གཞན་མ་གནང་ངོ༌། ། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས་པའི་སྒོམ་པ་དཀོན་མཆོག་སྲུངས་ཞེས་པ། མངོན་པ་ དང༌། ས་སྡེ་དང༌། སྨན་སྤྱད་ཀྱི་གཙུག་ལག་ལ་ཤིན་ཏུ་མཁས་ཤིང༌། ཡོན་ཏན་ཆེ་བར་གྲགས་ 1-1-420 པ་དེ་ཉིད་ཀྱིས། འབྱོར་པ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་བ་དང༌། བདག་ཉིད་ ཀྱི་སྐེ་ལ་དར་ཡུག་ཅིག་བཏགས་ཏེ་ལུས་ཕུལ་ནས་ཞབས་ཐོག་ཡུན་རིང་དུ་མཛད་ཅིང་ཇི་ ལྟར་གསུངས་པ་བཞིན་བསྒྲུབས་པས་གཞུང༌། གདམས་ངག་དང་བཅས་པ་རྣམས་མ་ལུས་ པར་གནང་ངོ༌། །བླ་མ་འདི་ཉིད་ཀྱི་ཕྱི་རྟེན་རིང་བསྲེལ་མང་པོ་འབྱུང་བ་ཞིག་འཕན་ཡུལ་རག་ མའི་ནང་ན་དུས་དིང་སང་ཡང་འདུག་གོ །གྲབ་ན་ཕྱི་རྟེན་ཆེ་བ་ཞིག་བཞུགས་པ་ནི་དུས་ཕྱིས་ ཞིག་ནས་རྗེ་བཙུན་གྱི་ཕྱག་དཔེ་འགའ་ཟུང་དང་རུས་པའི་རྒྱན་དྲུག་དང་དམ་པ་རྒྱ་གར་གྱི་ སྙན་རྒྱན་ལ་སོགས་པ་ནང་ཚངས་སུ་བཞུགས་པ་རྣམས་ཀྱང་འཐོར་ནས། ཁོ་བོ་ཅག་གི་ལག་ ཏུའང་འགའ་རེ་བྱུང་ངོ༌། ། བླ་མ་སྒྲོ་སྟོན་གནམ་ལ་བརྩེགས་ནི། འཕན་ཡུལ་སྒྲོ་རིས་སུ་སྐུ་འཁྲུངས་ཤིང༌། དགུང་ ལོ་ཉི་ཤུ་རྩ་དྲུག་པ་ལ་དབུས་སྡེའི་དགེ་བཤེས་ལོ་རོ་པའི་དྲུང་དུ་གཡུ་ཆེ་ཆུང་འདྲེས་པ་ཕུལ་ གང་རྒྱགས་སུ་བསྣམས་ནས་བྱོན་ཏེ། ལྔ་བཅུ་རྩ་བརྒྱད་ཀྱི་བར་དུ་སློབ་གཉེར་རྒྱ་ཆེར་མཛད་ དོ། །ལོ་རོ་པའི་ཞལ་ནས། འཆིམས་སྔགས་པ་ཆེན་པོ་ཞིག་ཡོད་པ་ལ་འདི་རྡོ་རྗེ་འཛིན་པ་ དང་འདྲ། ང་ཀུན་འདི་ལ་ལྟོས་ན་བ་ལང་དང་འདྲ་བར་འདུག །འོན་ཀྱང་ང་ཡིས་ཀྱང་ལོ་ཙཱ་བ་ ཆེན་པོ་ལེང་ཤཱཀྱ་བརྩོན་འགྲུས། འབྲོག་མི་ཤཱཀྱ་ཡེ་ཤེས། འགོས་ཁུག་པ་ལྷས་བཙས་གསུམ་ ལ་ཐུག་པས་རྡོ་རྗེ་འཛིན་པ་དང་འདྲ་བར་སོང་སྟེ། དུས་འཁོར་ཤེས་པ་ཅིག་བྱུང་ན་ད་དུང་བ་ ལང་དང་མཚུངས་པར་འདུག་གསུང་བས། བླ་མ་གནམ་ལ་བརྩེགས་དུས་འཁོར་ལ་ཤིན་ཏུ་ དད་དེ། དུས་འཁོར་སུའི་ཤེས་དྲིས་པས། པཎྜི་ཏ་སོ་མ་ནཱ་ཐས་མཁྱེན་ཟེར་ནས། དེ་མ་ཐག་ དེར་བྱོན་ཏེ། པཎྜི་ཏ་ལ་གསེར་སྲང་བཅུ་གཉིས་དང༌། རྟ་ནག་པོ་གཅིག་ཕུལ་ནས་ཞབས་ ཐོག་ཡུན་རིང་དུ་བྱས་ཀྱང་སོ་སོར་སྤོང་ཙམ་ལས་མ་གནང༌། བླ་མ་དཀོན་མཆོག་སྲུངས་ ལའང་གསེར་ཉུང་ངུ་ཕུལ་ནས་ཞུས་ཀྱང་པཎྜི་ཏའི་བཀའ་རྒྱ་ཡོད་གསུངས་ནས་མ་གནང་ 1-1-421 ངོ༌། །དེ་ནས་པཎྜི་ཏ་རྒྱ་གར་དུ་གཤེགས་པའི་ཤུལ་དུ། སྣོར་བཟང་དུ་ལོ་གསུམ་དང༌། ཡེར་ པར་ལོ་གསུམ། བླ་མ་ལྷ་རྗེ་གོ་བཏེག་མཛད་དེ་ཞུས་པས་གཞུང༌། གདམས་ངག་ཀུན་རྫོགས་ པར་གནང་ངོ༌། །ཕྱིས་པཎྜི་ཏ་བོད་དུ་བྱོན་པའི་དུས་སུ་ལྷ་རྗེ་སྒོམ་པས་སྒྲོ་སྟོན་ལ། གཞུང༌། གདམས་ངག་མ་ལུས་པ་བྱིན་འདུག་ཅེས་པ་གསན་ནས། སྒྲོ་སྟོན་དང་མཇལ་མ་ཐག །ད་ཆོས་ གང་དགོས་པ་སྦྱིན་ནོ་གསུངས་པ་ལ། གཞོན་པའི་དུས་སུ་རྫོགས་པར་གནང་དུ་མ་འདོད། ད་ རྒས་པས་མི་ཞུ་ལགས་བྱས་པས། ཁྱོད་དཀོན་མཆོག་སྲུངས་ཀྱི་ཆོས་ཀྱིས་ངོམས་འདུག་སྟེ། དེ་ང་ལས་མ་བྱུང་ན་སུ་ལས་བྱུང་གསུངས་ནས་ཕྱག་ཕབ་བོ། །སྒྲོ་སྟོན་གྱིས་དེ་ཤིན་ཏུ་མད་ ལགས། བླ་མ་ཆེན་པོའི་བཀའ་དྲིན་ལགས་ཞེས་ཞུས་པས། ཆོས་གང་གང་བྱིན་ཞེས་གསུང་ བ་ལ། འདི་དང་འདི་རྣམས་གནང་ལགས་ཞེས་ཞུས་པས། དེ་རྣམས་ལས་ལྷག་པ་ང་ལའང་ མེད། ཐམས་ཅད་ཚང་འདུག་པས་སུ་ལའང་མ་སྟེར། གཞན་ལ་སྟེར་རི་མནའ་སྐྱོལ་གསུངས་ ནས། མགུལ་པ་ལ་ཕྲེང་བ་བཅུག་པ་དང༌། བླ་མས་ནི་རྫོགས་པར་མ་གནང༌། བླ་མ་དཀོན་ མཆོག་སྲུངས་ལ་ཞུས་པ་ལགས་མོད། ཅེས་ཞུས་པས། ཕྲེང་བ་ཕུད་དེ། ངན་པ་འདི་གསུངས་ ནས་དབུ་ལ་བྱེ་མ་སྤར་གང་རྒྱབ་སྟེ། ད་ཆུད་མ་གསན་གསུང་བ་ལ་དེ་སྐད་གསུང་མི་འཚལ། ཆུད་ཅི་སྟེ་གསོན་ཞེས་ཞུས་ནས་བཀུར་སྟི་དུ་མ་མཛད་དེ། པཎྜི་ཏའང་མཉེས་པར་མཛད་ དོ། །དེ་ལྟར་པཎྜི་ཏ་དང༌། བླ་མ་དཀོན་མཆོག་སྲུངས་ལ། བྱང་ཆུབ་སེམས་དཔའི་འགྲེལ་པ་ སྐོར་གསུམ། གཞུང༌། གདམས་ངག་ཆ་ལག་དང་བཅས་པ་མ་ལུས་པར་གསན་ཏོ། །དེ་ཉིད་ ཞི་བར་གཤེགས་པའི་དུས་སུ་བརྩིགས་པའི་ཕྱི་རྟེན་ཁང་བུ་བརྩེགས་པའི་མཆོད་རྟེན་ཞིག་སྒྲོ་ རིས་གནས་སྒང་ན་བཞུགས་སོ་ཞེས་ཐོས་ནས། དད་པས་ཀུན་ནས་བསླང་སྟེ། ཁོ་བོ་དཔོན་ སློབ་མང་བ་ཞིག་གིས་ཕྱག་དང་བསྐོར་བ་ལ་ཕྱིན་པའི་ཚེ། མཆོད་རྟེན་ནི་ཞིག་ནས་རྗེས་ཙམ་ ཡང་མི་སྣང་ངོ༌། །དེར་རབ་བྱུང་རྒན་པོ་ཞིག་འདུག་པ་ལ། བླ་མ་གནམ་ལ་བརྩེགས་ཀྱི་ཕྱི་ 1-1-422 རྟེན་ཞིག་འདི་ཕྱོགས་ན་བཞུགས་ཟེར་བ། དིང་སང་ནི་མི་སྣང༌། ཁྱེད་ཀྱིས་ཐོས་སམ་ཞེས་ དྲིས་པས། ས་ཅུང་ཟད་འབུར་བ་འདི་ཉིད་རང་ན་ཁང་བུ་བརྩེགས་པའི་མཆོད་རྟེན་ཆུང་ངུ་ ཞིག་ཡོད་པ་འགའ་ཞིག་དགེ་བསྙེན་དད་པ་ཞེས་པའི་སྤྱི་རྟེན་ཡིན་ཞེས་གླེང༌། འགའ་ཞིག་ སྒྲོ་སྟོན་གནམ་བརྩེགས་ཀྱི་ཕྱི་རྟེན་ཡིན་ཞེས་གླེང་བ་རིང་བསྲེལ་དུ་མ་འབྱོན་པ་ཞིག་འདུག་ པ་ལ་མི་མང་པོ་རིང་བསྲེལ་འདོད་པའི་ཕྱིར་དུ་མཆོད་རྟེན་གྱི་ས་བརྐོས་པས་ལོ་འགའ་ཟུང་ ནས་མཆོད་རྟེན་ཡང་ཞིག །ཚ་ཚའི་ནང་ན་གཟུངས་བཞུགས་པའི་མཇུག་ན། བླ་མ་གནམ་ ལ་བརྩེགས་ཀྱི་ཐུགས་དགོངས་པར་གྱུར་ཅིག་ཅེས་པ་གདའ་བ་བདག་གིས་ཀྱང་མཐོང་ ནའང༌། དེ་ནས་གསོ་མཁན་མེད་པས་རྗེས་མེད་འདི་བཞིན་དུ་གྱུར་གདའ་ཞེས། གནས་སྒང་ གི་དཀོན་གཉེར་བ་ཞིག་བདག་གཞོན་ནུའི་དུས་ན་ཟེར་ལགས་ཞེས་ཟེར་རོ། །མཆོད་རྟེན་གྱི་ ཤུལ་ཡིན་ཟེར་བའི་ས་འབུར་ཙམ་འདུག་པ་ལ། ཕྱག་བཙལ་ཞིང་མོས་གུས་བྱས་ནས་བཙལ་ བས་ཁོ་བོ་ཅག་རྣམས་ཀྱིས་ཀྱང་རིང་བསྲེལ་བརྒྱ་ཕྲག་དུ་མ་རྙེད་དོ། །ངོ་མཚར་བར་ཁུམས་ ཏེ་མཆོད་རྟེན་གྱི་ཤུལ་གྱི་ས་རྣམས་ལས་ཚ་ཚ་བསྒྲུབས་ཏེ་ཁང་བུ་བརྩེགས་པའི་མཆོད་རྟེན་ ཞིག་ཁོ་བོས་རྒྱུ་སྦྱར་ཏེ་སྒྲུབས་པ་དིང་སང་ཡང་གནས་སྒང་ན་བཞུགས་སོ། ། བླ་མ་ཡུ་མོ་ནི། གདུང་རུས་རྔམ་ཞེས་པ་ཡིན་ཞིང༌། ཡབ་རྔམ་ཁྲོ་བོ་ཞེས་པ་ཡིན་ལ། གངས་ཏི་སེའི་རྩར་སྐུ་འཁྲུངས་ཤིང་སྐུ་མཆེད་(ཤཱཀྱ་རྒྱལ་མཚན། གཞོན་ནུ་རྡོར་བྱང༌། ཚུལ་ཤེ ། བླ་མ་ཆེན་པོ་ སྟེ་)བཞི་ཡོད་པའི་ཆུང་བ་ཡིན་ནོ། །རིམ་གྱིས་ལ་སྟོད་ལྷོར་བྱོན་ནས་དགུང་ལོ་བཅུ་པ་ལ་ལྷོ་ མཆེར་གནས་སུ་མཁན་པོ་སྟག་ལོ་གཞོན་བྱང་བཞུགས་པ་ལ། རབ་ཏུ་བྱུང་སྟེ་མཚན་འདོགས་ པའི་དུས་ན། ཁྱེད་ཀྱི་གདུང་རུས་རྔམ་དུ་འདུག །དད་པ་ཤིན་ཏུ་ཆེ་བ་ཅིག་འདུག་པས། རྔམ་ བཙུན་དད་པ་རྒྱལ་པོ་ཞེས་བྱ་བར་འདོགས་སོ་ཞེས་གསུངས་ནས། དེ་ལྟར་མཚན་བཏགས། མཁན་པོ་ལ་ཆོས་གསན་ཅིང་ལོ་གཉིས་བཞུགས། དེ་ནས་དོན་མོ་རིར་བྱོན་ཏེ། སེ་སྟོན་སྒྲ་ 1-1-423 གཅན་འཛིན་དང༌། དགེ་གནས་སུ་བར་སྟོན་ཐོས་པ་དགའི་དྲུང་དུ་མངོན་པ་དང་ཕ་རོལ་ཏུ་ ཕྱིན་པའི་སྐོར་མང་དུ་གསན། ཁོང་རང་ཉིད་ཀྱིས་ཡུ་མོ་ཞེས་མཚན་བླ་དྭགས་སུ་བཏགས་སོ། ། དེ་ནས། དཔའ་དགེ་མཐོང་དང༌། སྙེགས་ལ་དབུ་མ་དང་ཚད་མ་གསན། དེ་ནས་འདུལ་བ་ གསན་པར་དགོངས་པ་ལ། དེ་དུས་སོག་འདུལ་བ་འཛིན་པ་མཁས་པར་གྲགས་པས། དེའི་ དྲུང་དུ་བྱོན་ཏེ་འདུལ་བའི་སྐོར་རྣམས་གསན་ཅིང་མདོ་རྩ་རྫོགས་པར་ཐུགས་ལ་གསུངས། སྤྱོད་ཕྱོགས་རྣམས་ཀྱང་གསན། ཀྱེའི་རྡོ་རྗེ་ལ་སོགས་པའི་སྔགས་ཀྱི་སྐོར་ཡང་གསན་ཅིང་ བཞུགས་སོ། །གྲོགས་ཅིག་གིས་དགུན་ཅི་བྱེད་ཅེས་འདྲི་བ་ལ། མཚམས་བྱས་ནས་སྔགས་ ཀྱི་དཔེ་འདྲ་འབྲི་གསུངས་པས། འོ་ན་ཁོ་རེ་བྱན་ལག་ཚང་ན། རྡོ་རྗེ་སྙིང་པོས་མཛད་པའི་ ཀྱེའི་རྡོ་རྗེའི་འགྲེལ་པའི་དཔེ་འདུག་ཟེར་བས་དེ་འདྲིའམ་ཞེས་ཟེར་བ་ཐོས་པས། སྔོན་གྱི་ བག་ཆགས་སད་དེ། དད་པས་སྤུ་ཟིང་གྱུར་ཏོ། །དཔེ་དེ་གཡར་དུ་ཁུགས་སམ་ཞེས་དྲིས་ པས། ཁུགས་སོ་ཞེས་ཟེར་ནས་གཡར་ཏེ་འདྲི་ཞིང་གཟིགས་པས། ཤིན་ཏུ་དད་དེ་འདི་འཆད་ པ་ཡོད་དམ་ཞེས་དྲིས་པས། སོ་མ་ནཱ་ཐ་ཞེས་བྱ་བས་འཆད་ཅེས་གྲག་གོ་ཞེས་ཟེར་ནའང༌། སྔོན་གྱི་མི་ཞིག་ཀ་ཡིན་ནམ་སྙམ་ནས་རྩད་ལེགས་པར་མ་བཅད་གསུང༌། དེ་ནས་ཁམས་པ་ ལྡེའུ་བ་ལ་སྤྱོད་ཕྱོགས་གསན་པ་ལ་དབུས་སུ་བྱོན་ནས་ཆོས་གསན་ཅིང་བཞུགས་པའི་དུས་ ན། པཎྜི་ཏ་ཟླ་བ་མགོན་པོ་སྐར་ཆུང་ན་བཞུགས་ཟེར་བ་གསན། དེར་སྔར་གྱི་གཏམ་དྲན་ ཏེ། དེས་རྡོར་སྙིང་འགྲེལ་པ་མཁྱེན་ནམ་ཞེས་དྲིས་པས། དེར་མ་ཟད་ཀྱི་སྤྱིར་གསང་སྔགས་ ཙམ་ལ་མཁས། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་ཆེན་པོས་ཐོག་དྲངས་པ་ འགྲེལ་པ་སྐོར་གསུམ་ལ་མཁས་པར་གྲགས་སོ་ཞེས་གསུངས། ཞུས་ན་གནང་ངམ་ཞེས་དྲིས་ པས། སྤྱིར་དཀའ་དོག་སྟེ། ད་ལྟ་བལ་ཡུལ་དུ་གཤེགས་པར་ཆས་པ་ལ་ཞབས་ཐོག་པ་མ་རྙེད་ འདུག་ཟེར་བས་ཞབས་ཏོག་ལ་འགྲོ་ནུས་ན་གནང་འོང་གསུང༌། དེར་དགྱེས་བཞིན་དུ་མཇལ་ 1-1-424 དུ་བྱོན་ནས། སུམ་པ་རྡོ་རྗེ་གཞོན་ནུ་ལ་མཇལ་བ་དང༌། ཆོས་ཞུ་བའི་སྣ་བོ་བཅོལ་ཏེ་ཕྱིན་པ། པཎྜི་ཏ་དང་བླ་མ་གནམ་ལ་བརྩེགས། ཀྱེའི་རྡོ་རྗེའི་རྩ་སྔགས་དང༌། ཡི་གེ་བརྒྱ་པ་ལ་ཞུས་ དག་མཛད་ཅིང་འདུག་པའི་ཚེ་མཇལ་ཞིང་ཆོས་འབྲེལ་ཞུས་པས་སྔགས་གཉིས་པོ་ལ་བཤད་ པ་མཛད་དེ་གསུངས། ཆང་དཀར་ཡོལ་གང་ཡང་གནང་བས་མ་འཐུངས་པ་ལ་བླ་མས་གནང་ བ་མི་འཐུང་བ་ཁྱེད་སྟངས་ཞན་ཞེས་འགའ་ཞིག་ཟེར་རོ། །པཎྜི་ཏས་གསེར་ཐིག་པོ་དང༌། གླ་ རྩི་རྐྱལ་པ་མང་པོ་བསྟན་ནས་འདི་རྣམས་ཁྱེད་ཀྱིས་བལ་ཡུལ་ཐུག་ཁུར་ནུས་ཤིང༌། མགོ་ཐོན་ ན། དེ་ནས་ང་བོད་དུ་སླར་འོངས་ལ་ཆོས་གང་དགོས་སྦྱིན་ནོ་གསུང༌། དེ་བཞིན་དུ་བྱའོ་སྙམ་ ནས་སྒོམ་པ་ཚུལ་གྲགས་ལ་དཔེ་ཆ་རྣམས་བཅོལ་བ་ལེན་དུ་བྱོན་པས། ཁྱོད་གར་འགྲོ་ཟེར་ བ་ལ། སྔར་གྱི་ལོ་རྒྱུས་རྣམས་བསྙད་པས། པཎྜི་ཏ་ལ་ཆོས་མི་ཁུགས། སྔར་ཡང་མང་པོས་ མ་ཁུགས་པ་ཡིན། པཎྜི་ཏའི་ཆོས་རྣམས་ཅིས་ཀྱང་དོན་དུ་གཉེར་ན་ངེད་ཀྱི་བླ་མ་སྣོར་བཟང་ པས་རྫོགས་པར་མཁྱེན་པས་དེར་ཞུས་པ་མི་འཐད་དམ་ཞེས་ཟེར་བས་བློ་འགྱུར་ཏེ་སྟོན་པ་ རྒྱལ་བ་འོད། སྒོམ་པ་དབང་བསོད། སྒོམ་པ་ཚུལ་གྲགས་གསུམ་ལ་ཞུས་སྣ་བཅོལ། གསེར་ ཞོ་འགའ་ཞིག་དང་དུང་ཆོས་ལེགས་པ་གཅིག །[ཀ་བ་ལིང་]ཀ་པཱ་ལི་]ཅིག་རྣམས་ཕུལ་ བས་མཉེས་ཏེ། ཁྱོད་ཀྱི་འདི་རྣམས་ཀྱང་ལ་ཉེ་བཟང༌། སོག་འདུལ་བ་འཛིན་པ་དེ་དགེ་བའི་ བཤེས་གཉེན་ཚད་ལྡན་ཅིག་ཡོད་པར་འདུག་སྟེ། དེའི་ཡང་ཐུགས་ཟིན་པ་ཅིག་ཡིན་ཟེར་བས་ ཁྱོད་ལ་ཡོན་ཏན་ཅིག་ཡོད་པ་ཡིན་ཏེ་འོང་གསུངས་ནས། ཆོས་གནང་བར་ཞལ་གྱིས་བཞེས། བླ་མ་དགུང་ལོ་བདུན་ཅུ་རྩ་གཉིས་པ་དང་མཇལ་ཏེ་ལོ་བཞི་བར་མེད་དུ་བསྟེན་ནས། འགྲེལ་ པ་སྐོར་གསུམ་གྱི་གཞུང༌། མན་ངག །ཆ་ལག་དང་བཅས་པ་དང༌། མཚན་བརྗོད་མན་ངག་གི་ བཤད་པ་དང༌། གསང་འདུས་སྒྲོན་གསལ་ལ་སོགས་པ་གསན་པའི་དུས་སུ། བླ་མ་བག་ཙམ་ བསྙུང་བ་བྱུང་བ་ན། གཙང་སྟོན་འདི་ལ་ཆོས་མ་ཕོགས་ཀྱི་བར་ལ་ང་མ་བསད་(ང་མ་བསད་) 1-1-425 ཅེས་མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས་གདམས་པ་ཐམས་ཅད་རྫོགས་པར་གནང་ངོ༌། ། དེ་ནས་འུ་ཡུག་ཏུ་ལྔ་བཅུ་པ་ལ་བྱོན་ནས་ནུབ་མའི་མདའ། རྒྱལ་ཁབ་ཅེས་པར་གཞི་ཕབ་ སྟེ། ཕུ་རུ་དབེན་གནས་ཀྱང་མཛད་ཅིང༌། གག་ཚངས་ཀྱི་ཕུའི་བྲག་ཕུག་ཏུའང་ཐུགས་དམ་ ཡུན་རིང་དུ་མཛད་ནས་གྲུབ་པ་ཐོབ་སྟེ། དབང་དང་ཟབ་ལམ་གྱི་ཁྲིད་དང༌། འགྲེལ་པ་སྐོར་ གསུམ་ཆ་ལག་དང་བཅས་པའི་གཞུང་བཤད་མང་དུ་གསུངས། (གསལ་སྒྲོན་བཞི་དང་གཅེས་བསྡུས་ ལ་སོགས་པའི་)གདམས་པའི་བསྟན་བཅོས་ཀྱང་མང་དུ་མཛད་ནས། དགུང་ལོ་བརྒྱད་ཅུའི་བར་ དུ་བཞུགས་ཏེ། བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཡིན་ནོ། །(ལོ་རྒྱུས་འདི་རྣམས་ནི་རྗེ་བཙུན་ཉིད་ཀྱི་ གསུང་ལ་ཆོས་དབང་གིས་ཟིན་བྲིས་མཛད་པའི་གསུང་སྒྲོས་རྒྱས་པའི་ནང་བཞིན་བྲིས་པ་ཡིན་ཞིང༌། འགའ་ཞིག་གིས་སྲས་ཀྱི་ མཚན་ཡབ་ལ་བཏགས་པ་དང༌། སེ་སྟོན་དང་བར་སྟོན་གཉིས་ལ་མཁན་སློབ་ཞུས་དུས་ཡུ་མོ་ཞེས་མཚན་དུ་བཏགས་ཞེས་པའི་ ནོར་བ་མང་དུ་བྲིས་འདུག་པ་ལ་ཡིད་མ་རྟོན་ཅིག། ) དེ་ཉིད་ཀྱིས་དགུང་ལོ་ལྔ་བཅུ་རྩ་ལྔ་པ་ལ། རིགས་ཀྱི་སྲས་སྐྲུན་པའི་ཆོ་ག་མཛད་པ་ལས། སྲས་དྷརྨ་ཤྭ་ར་འཁྲུངས་ཏེ། སྔོན་གྱི་བག་ཆགས་ཀྱིས་ཀློག་ཡིག་ཀྱང་གཞོན་ནུ་ལ་མཁྱེན། དགུང་ལོ་བཅུ་གཉིས་པ་ལ་དབང་མདོར་བསྟན་གསུངས། བཅུ་དྲུག་པ་ནས་འགྲེལ་ཆེན་གྱིས་ ཐོག་དྲངས་པའི་སེམས་འགྲེལ་སྐོར་གསུམ་གསུངས་ལ། གཞན་ཡང་སྤྱོད་ཕྱོགས་དང༌། དབུ་ ཚད་དང༌། ལམ་རིམ་དང་སྔགས་ཀྱི་རྒྱུད་སྡེ་དང་སྒྲུབ་ཐབས་མང་པོ་རྣམས་དགུང་ལོ་སུམ་ ཅུའི་བར་དུ་སློབ་གཉེར་མཛད་ཅིང་མཁས་པར་སྦྱངས་ནས་གཞན་ཕན་རྒྱ་ཆེན་པོ་ཡང་མཛད་ དོ། ། དེ་ཉིད་ཀྱི་སྲས་གྲུབ་ཐོབ་ནམ་མཁའ་རྒྱལ་མཚན་ཞེས་པ་གཙང་གི་འོ་ལུང་གི་སེ་མོ་ཆེའི་ དགོན་པར་བཞུགས་པ་ལས། གྲུབ་ཐོབ་སེ་མོ་ཆེ་ཞེས་ཀྱང་གྲགས་པ་དེ་ཉིད་ཀྱིས་ཡབ་ལ་ དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་དང༌། སེམས་འགྲེལ་སྐོར་གསུམ་གདམས་ 1-1-426 ངག་དང་བཅས་པ་རྣམས་ཐོབ་ཅིང༌། འགྲེལ་ཆུང་པད་མ་ཅན་དང༌། སྒྲུབ་ཐབས་དང་མན་ ངག་ཕྲན་ཚེགས་འགའ་ཟུང་ཡབ་ཀྱི་ལྕམ་མོ་སྤྲུལ་སྐུ་ཇོ་འབུམ་ལས་ཀྱང་ཐོབ་ལ། རྗེ་བཙུན་ ཡུ་མོས་མཛད་པའི་བསྟན་བཅོས་འགའ་ཞིག་དང༌། ཡབ་ཀྱིས་མཛད་པའི་རོ་བཅུད་སྟོང་ཐུན་ ལ་སོགས་དང༌། འབྲོ་བའི་བླ་མ་གོང་མའི་གསུང་སྒྲོས་བསྒྲིགས་པ་འོད་ཟེར་ཕྲེང་བ་དང༌། ཇོ་ བཙུན་ཁྱུང་གིས་མཛད་པའི་དྲི་མེད་རྒྱན་རྣམས་ནི། བླ་མ་དྷརྨ་ཤྭ་ར་ལས་སེམས་འགྲེལ་སྐོར་ གསུམ་གྱི་གཞུང༌། གདམས་ངག་དང་བཅས་པ་གསན་ལ། འགོས་དབང་བཙན་ལས་རིགས་ ཚོགས་ལ་སོགས་པ་གསན་ཅིང་མཁས་པར་གྲགས་པ། མཁར་གསར་པ་ནམ་མཁའ་འོད་ ལས་གསན་པ་ཡིན་ནོ། །བླ་མ་འདི་ནི་ཏིང་ངེ་འཛིན་ལ་དབང་འབྱོར་པས་མངོན་པར་ཤེས་ པ་ཆགས་ཐོགས་མེད་པ་བརྙེས་ལ་(རིན་རྩེ། དབུ་མ་པ། ཤོག་པོ་གནས་བརྟན་ལ་སོགས་ལ་)ལུང་བསྟན་ མཛད་པ་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་བྱུང་ཞིང༌། སྐུ་ཚེ་མང་པོ་དྲན་ལ། རྫུ་འཕྲུལ་དུ་མའང་ སྟོན་པར་མཛད་ཅེས་ཐོས་སོ། །གྲུབ་ཐོབ་ཉིད་ཀྱིས་ཕྱག་རིས་སུ་མཛད་པའི་རྣམ་ཐར་གྱི་ ཡི་གེ་དང༌། སྐྱེ་བ་འདི་དང་འདིར་འཁྲུངས་ཀྱི་རི་མོ་རས་རིས་སུ་བྲིས་པ་ཡང་ཁོ་བོས་མཐོང་ ཞིང༌། གྲུབ་ཐོབ་ཆེན་པོར་གདོན་མི་ཟ་བར་ཁུམས་སོ། ། དེ་ཉིད་ཕར་ཚད་མངོན་སུམ་ལ་སོགས་པ་ལ་མངའ་བརྙེས་པའི་ཆོས་རྗེ་མངོན་གྲྭ་པ་རིན་ ཆེན་རྩེ་མོ་ཞེས་གྲགས་པ་བོ་དོང་ཨེ་རུ་བཞུགས་པ་དེ་ཉིད་དང༌། སྡེ་སྣོད་དང་རྒྱུད་སྡེ་དུ་མ་ལ་དབང་འབྱོར་པ་ཆོས་རྗེ་འཇམ་དབྱངས་གསར་མ་ཤེས་ རབ་འོད་ཟེར་ཞེས་གྲགས་པ་འདོལ་ཆུང་དང་རྐྱང་ཐུར་དུ་བཞུགས་པ་དེ་དག་གིས་གཡས་རུ་ སྨོན་དཀར་གྱི་གྲོང་ཆུང་དགོན་པར་གདན་དྲངས་ནས་དབང་དང་གདམས་ངག་མ་ལུས་པར་ ཞུས། སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ་རྫོགས་པར་གསན་ནས་དབང་དང༌། གཞུང་བཤད། གདམས་ངག་ཀྱང་མང་དུ་སྤེལ་ཞིང༌། འགྲོ་བའི་དོན་རྒྱ་ཆེར་མཛད་དོ། ། 1-1-427 འདི་ཉིད་ལ་མ་ངག་དགེ་སྡིངས་དང་རྒྱང་རོ་གསེར་སྡིངས་སུ་བཞུགས་པའི། སྔགས་ མཚན་ཉིད་དུ་མ་ལ་མངའ་བརྙེས་པ་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་འོད་ཟེར་ཞེས་ ཐོག་མར་གྲགས་ཤིང༌། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས། ཆོས་སྐུ་འོད་ཟེར་ཞེས་ བཏགས་པས་ཕྱིས་དེ་ལྟར་གྲགས་པ་དེ་ཉིད་ཀྱིས། སེམས་འགྲེལ་སྐོར་གསུམ་གྱི་དབང༌། གདམས་ངག །གཞུང་བཤད་དང་བཅས་པ་རྫོགས་པར་གསན་ལ། དེ་ཉིད་ལ་ངམ་ཕྱར་སྤང་སྒང་དུ་སྐུ་འཁྲུངས་པའི་ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ཐུགས་ རྗེ་བརྩོན་འགྲུས་ཞེས་གྲགས་ལ། ཇོ་ནང་པ་ཆེན་པོ་ཞེས་ཀྱང་གྲགས་པ་མཚན་ཉིད་ཐེག་པ་ དང་རྒྱུད་སྡེ་དུ་མ་ལ་མཁས་པར་སྦྱངས་ཤིང༌། ཏིང་ངེ་འཛིན་ལ་དབང་འབྱོར་པ། ཆོས་རྗེ་ འཇམ་དབྱངས་ཆེན་པོ་བཞི་ཐོག་པ་དང༌། ཀུན་སྤངས་རི་ཁྲོད་པ་གྲགས་པ་རྒྱལ་མཚན་དང༌། མཁན་ཆེན་རིན་པོ་ཆེ་བསོད་ནམས་སེང་གེ་ལ་སོགས་པ་དགེ་བའི་བཤེས་གཉེན་སྐྱེ་མཆོག་ དུ་མའི་བླ་མར་གྱུར་ཅིང༌། སྐྱེ་བོ་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དེ་ཉིད་ཀྱིས་བུམ་པ་ གང་བྱོའི་ཚུལ་དུ་ཐོབ་པ་ཡིན་ནོ། ། དེ་ཉིད་ལ་ཁོ་བོ་ཅག་གི་དཔལ་ལྡན་བླ་མ་དམ་པ་ཡོན་ཏན་རྒྱ་མཚོ་པས་ལོ་མང་པོའི་ བར་དུ་འབྲལ་བ་མེད་པར་བསྟེན་ཅིང༌། ཆོས་རྗེ་ཉིད་ལ་མངའ་བའི་ཡོན་ཏན་ཐམས་ཅད་ ཡོངས་སུ་རྫོགས་པར་ཐོབ་པ་ཡིན་ནོ། །འདི་ཉིད་ཀྱི་རྣམ་པར་ཐར་པ་རགས་རིམ་བརྗོད་ ན། འཁྲུངས་ཡུལ་ནི་མདོག་གི་སྤེན་པ། གདུང་རུས་ལྡིང་ཡིན་ཅིང༌། གཞོན་ནུ་ལ་རབ་ཏུ་ བྱུང་ནས་ཐུགས་རྗེ་རྒྱལ་མཚན་ཞེས་མཚན་དུ་བཏགས་ལ། མདར་དུ་དམར་བྱང་སྐྱབས་དང་ སློབ་དཔོན་སྤྱང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་དྲུང་དུ་བསྙེན་ནས། དམ་པའི་ཆོས་མངོན་པ་ཀུན་ ལས་བཏུས་པ་དང༌། ཚད་མ་རྣམ་པར་ངེས་པ། རིགས་གཏེར་རྣམས་མཁས་པར་མཛད་ནས་ བཤད་པ་དང་གྲྭ་སྐོར་ཡང་མཛད་དེ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བྱོན་ནས། བླ་མ་ 1-1-428 ཆེན་པོ་དུས་འཁོར་བ་ཡེ་ཤེས་རིན་ཆེན་གྱི་དྲུང་དུ། དུས་འཁོར་དང༌། ཀྱེའི་རྡོ་རྗེའི་རྒྱུད་དང་ མངོན་རྟོགས་རྒྱན་ལ་སོགས་པ་རྣམས་གསན་ཅིང༌། བླ་མ་འཇམ་དབྱངས་ཆེན་པོ་ལ་ཀྱེའི་ རྡོ་རྗེའི་རྒྱུད་གསུམ་གདམས་ངག་དང་བཅས་པ་དང༌། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་ འགྲེལ། མངོན་པར་རྟོགས་པའི་རྒྱན། སྤྱོད་འཇུག་ལ་སོགས་པ་མང་དུ་གསན། འུ་སྟོན་ཀུན་ བཟང་དཔལ་ལ་མངོན་རྟོགས་རྒྱན། ཚད་མ་རྣམ་ངེས། འདུལ་བ་མདོ་རྩ་ལ་སོགས་པ་མང་ དུ་གསན་ཅིང༌། མཁྱེན་པར་མཛད་ནས། རྗེ་དུས་འཁོར་པའི་ཆགས་ཕྱི་ལ་གོང་དུ་ཡང་བྱོན་ ཅིང༌། བསྟན་པ་བྱ་བ་རྒྱ་ཆེར་མཛད་ནས་ཐུགས་དམ་ལ་གཞོལ་བར་དགོངས་ཏེ། བོད་ཡུལ་ དུ་གཤེགས་པར་ནན་གྱིས་ཞུས་ནས། གདན་སར་བྱོན་ཞིང༌། དེ་མ་ཐག་ཇོ་མོ་ནས། ཆོས་ རྗེ་ཀུན་སྤངས་ཆེན་པོ་ཉིད་བསྟེན་ཏེ། རི་ཁྲོད་ཆེན་པོ་དེ་ཉིད་ལས་གང་དུ་ཡང་མ་གཡོས་པར་ ལོ་སུམ་ཅུ་རྩ་བརྒྱད་བཞུགས་ནས་ཐོས་པ་དང་བསམ་པ་དང་བསྒོམས་པས་དུས་འདའ་བར་ མཛད་དེ། བསྟན་པའི་བྱ་བ་དང༌། འགྲོ་བའི་དོན་ཡང་རྒྱ་ཆེར་མཛད་པ་ཡིན་ནོ། །དེ་ཉིད་ཁོ་ བོ་ཅག་གིས་ལོ་ལྔའི་བར་དུ་འབྲལ་མེད་དུ་བསྟེན་ནས། དབང་དང༌། སེམས་འགྲེལ་སྐོར་ གསུམ་གྱི་(འབྲོ་པ། རྭ་པ། བི་བྷཱུ་ཏི་ནས་བརྒྱུད་པའི་ཤ་ཝ་རི་པའི་སྐོར། ས་སྐྱ་པཎ་ཆེན་ནས་བརྒྱུད་པའི་སྲོག་རྩོལ། གྱི་ཇོ། ཙ་མི། དཔྱལ་པ། མན་ལུང་གུ་རུ་རྣམས་ནས་བརྒྱུད་པའི་)མན་ངག་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་ པར་ཐོབ་པ་ཡིན་ནོ།། །། ༈ རྭ་པའི་ལུགས་ལྟར་ན། དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ལ་སོགས་པ། བྱང་ཆུབ་ སེམས་དཔའི་འགྲེལ་པའི་སྐོར་འདི་རྣམས་རྒྱ་གར་དུ་རྒྱལ་པོ་གསུམ་གྱི་རིང་ལ་བྱུང་སྟེ། དེ་ ཡང་རྡོ་རྗེ་གདན་དབུས་སུ་བཞག་པའི་ཤར་ཕྱོགས་ག་ཛ་པ་ཏི(གླང་པོའི་བདག་པོ)ར། རྒྱལ་པོ་དེ་ ཝ་པཱ་ལ། ལྷོ་ཕྱོགས་ན་ར་པ་ཏི(མིའི་བདག་པོ)ར། རྒྱལ་པོ་ཛའུ་གང་ག་པ། ནུབ་ཕྱོགས་ཨ་ཤྭ་ པ་ཏི(རྟའི་བདག་པོ)ར། རྒྱལ་པོ་ཀ་ན་ཀ་འུ་ཛ་ཞེས་པ་ཡོད་པའི་ཚེ་བྱུང་ངོ༌། །དེ་ལ་རྒྱ་གར་ཤར་ 1-1-429 ཕྱོགས་སུ་ཡུལ་བྷཾ་ག་ལ། བྷ་རེན་དྲ། ཨོར་ཝི་ས། ཀ་མ་རུ་བཞི་དང༌། དབུས་ཀྱི་མ་ག་དྷཱ་ རྣམས་སོ། །དེ་དུས་ན་ཤར་ཕྱོགས་ཨོར་ཝི་སར་སྐུ་འཁྲུངས་པ། ཙི་ལུ་པཎྜི་ཏ་ཐེག་པ་མཐའ་ དག་མཁྱེན་པ་དེས། རཏྣ་གི་རི་བི་ཧཱ་ར་(རིན་ཆེན་རི་བོའི་གཙུག་ལག་ཁང་)དང༌། བི་ཀྲ་མ་ཤཱི་ལ་(རྣམ་ པར་གནོན་པའི་ངང་ཚུལ། རྒྱལ་པོ་དེ་ཝ་པཱ་ལས་བཞེངས་པ་)དང༌། ནཱ་[ལན་ད་]ལེནྡྲ་]རྣམས་སུ་མདོ་རྒྱུད་ཀྱི་ གླེགས་བམ་ཐམས་ཅད་གཟིགས་ཤིང༌། ཁྱད་པར་དུ་ཕ་རོལ་གྱི་དམག་གི་འཇིགས་པ་མེད་ པ། རཏྣ་གི་རི(རིན་ཆེན་རི་བོ)འི་གཙུག་ལག་ཁང་དུ་མདོ་རྒྱུད་རྣམས་གཟིགས་པས་ཚེ་གཅིག་ གི་སངས་རྒྱས་འགྲུབ་པ་ལ་གསང་སྔགས་བླ་མེད་དགོས་པར་མཁྱེན། དེ་ཉིད་ཕྱིན་ཅི་མ་ལོག་ པར་མཁྱེན་པ་ལའང་སེམས་འགྲེལ་སྐོར་གསུམ་དགོས་པ་ཤམ་བྷ་ལ་ན་ཡོད་དོ་ཞེས་ཡི་དམ་ གྱི་ལྷས་ལུང་བསྟན་པ་ལ་བརྟེན་ནས་ཤམ་བྷ་ལར་གཤེགས་པར་དགོངས་ཏེ། ཚོང་པ་དུ་མ་ དང་འགྲོགས་ནས་བྱང་ཕྱོགས་སུ་ཟླ་བ་གཅིག་ཙམ་བྱོན་པ་ན། རི་ཞིག་གི་འགྲམ་དུ་མི་ལུས་ བོངས་ཤིན་ཏུ་ཆེ་བ་ཅིག་དང་མཇལ། ཁྱོད་གར་འགྲོ་གསུང་བ་ལ། བདག་ཤམ་བྷ་ལར་བྱང་ ཆུབ་སེམས་དཔའ་ལ་ཆོས་ཉན་དུ་འགྲོ་ཞེས་བྱས་པས། དེར་ཁྱོད་ཀྱིས་བགྲོད་པར་མི་ནུས་ ཤིང་ཚེའི་བར་ཆད་དུ་འགྲོ་བས། འདི་ཀུན་ཏུ་ཤེས་པ་བྱུང་ན་མི་ཉན་ནམ་གསུང་ངོ༌། །དེ་ཉིད་ འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་མཁྱེན་ནས་དད་གུས་སྐྱེས། ཕྱག་བྱས་མཎྜལ་ ཕུལ་ནས་ཞུས་པས། དབང་བསྐུར། གདམས་ངག་གནང༌། རྒྱུད་རྣམས་གསུངས་ཏེ། བྱང་ ཆུབ་སེམས་དཔའི་ཆོས་སྐོར་རྣམས་ཤེས་པར་གྱུར་ཅིག་གསུངས་ནས། མེ་ཏོག་གཅིག་མགོ་ ལ་བཞག་པས་ཐམས་ཅད་ཐུགས་སུ་ཆུད་དེ། སློབ་དཔོན་དེ་མི་སྣང་བར་གཤེགས་སྐད། དེ་ ནས་ཚུར་རེས་ཀྱང་ཚོང་པ་རྣམས་དང་འགྲོགས་ཏེ་གཟིངས་ལ་བྱོན་ནས་སླར་རྒྱ་གར་ཤར་ ཕྱོགས་སུ་བྱོན་ནོ། ། ཡང་ལུགས་གཅིག་ལ། ཙི་ལུ་པཎྜི་ཏ་དེ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་ཅིག་གི་སྲས་ཡིན་ 1-1-430 པས་ཡབ་ཀྱིས་ཤམ་བྷ་ལར་ཁྲིད་ནས་བྱོན་པས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་ཤིན་ ཏུ་གཟུགས་བཟང་བ་ཅིག་དང་མཇལ་ཏེ་དེ་ལ་དབང༌། གདམས་པ་མ་ལུས་པར་ཞུས་ཤིང༌། དེ་ཉིད་ཀྱིས་བྱིན་གྱིས་བརླབས་པས་ཞག་རེ་ལ་ཤོ་ལོ་ཀ་སྟོང་རེ་ཟིན་པར་གྱུར་ནས་རྒྱུད་ འགྲེལ་ཐམས་ཅད་ཐུགས་ལ་བཟུང་སྟེ་རྒྱ་གར་དུ་བྱོན། རབ་ཏུ་བྱུང་བས་ཙི་ལུ་པ་ཞེས་གྲགས་ སོ། །དེ་ནས་སློབ་དཔོན་དེ། ཀ་ཏ་ཀའི་རྒྱལ་པོའི་གནས་སུ་བཞུགས་པས་སློབ་མ་གསུམ་བྱུང་ སྟེ། དེ་རྣམས་ཀྱིས་རྒྱུད་འགྲེལ་རྣམས་གླེགས་བམ་དུ་འདྲི་བར་ཞུས་ནས་བྲིས་སོ། །གཅིག་ སློབ་མ་ཐ་མལ་པ་ཞིག་བྱུང༌། གཅིག་ཛ་ཡཱ་ཀ་ར་གུཔྟ་ཞེས་པ་གྲུབ་པ་བརྙེས་པ་ཞིག་བྱུང༌། གཅིག་ཤར་ཕྱོགས་བྷ་ག་ལར་འཁྲུངས་པ་པི་ཏོ་ཨཱ་ཙརྱ་ཞེས་པ་ཤིན་ཏུ་མཁས་པ་ཞིག་བྱུང་སྟེ། དེས་བྱང་ཆུབ་སེམས་དཔའི་ཆོས་སྐོར་མ་ལུས་པ་ཐུགས་སུ་ཆུད་ཅིང་སྐུ་ཉམས་སུ་བཞེས་སོ། ། དེ་ནས་ཡུལ་དེར་རྒྱལ་པོ་གཞན་གྱི་དམག་གི་གནོད་པ་བྱུང་ནས་གླེགས་བམ་ཐམས་ཅད་ དོང་དུ་སྦས་ཏེ་བྲོས་སོ། །དམག་གྱེས་ནས་བལྟས་པས་ཀྱེའི་རྡོ་རྗེ་དང༌། བདེ་མཆོག་གི་རྒྱུད་ གཉིས་ཀྱི་འགྲེལ་པའི་སྨད་མི་འདུག་ནས་འབྲི་བར་ཞུས་པས་མཁའ་འགྲོ་མས་སྦས་པས་ འདྲིར་མི་རུང་གསུང་སྟེ་མ་གནང་ནས་སླར་རྒྱ་གར་ཤར་ཕྱོགས་སུ་གཤེགས་སོ། །དེར་པི་ཏོ་ བ་ལ་པཎྜི་ཏ་ཨཱ་ཙརྱ་ཞེས་ཀྱང་གྲགས་ཤིང༌། དེ་ཉིད་ཀྱིས། བ་རེན་ཏྲར་སྐུ་འཁྲུངས་པའི་སློབ་ དཔོན་དུས་ཞབས་པ་ཆེན་པོ་ལ་གསུངས་ཤིང༌། དེས་ཀྱང་ཡོངས་སུ་རྫོགས་པར་མཁྱེན་ནས་ ཐུགས་ཉམས་སུ་བཞེས་སོ། ། ཁ་ཅིག་ན་རེ་དུས་ཞབས་པ་དེ་ཉིད་ཀྱིས་སྒྲོལ་མ་གྲུབ་ནས་ཅི་འདོད་པ་ཞུ་རུ་ཡོད་པས་ སྒྲོལ་མས་ལུང་བསྟན་ནས་ཤམ་བྷ་ལར་བྱོན་པ་སྤྱན་རས་གཟིགས་ཀྱིས་ལམ་ནས་བསུ་ནས་ མ་ལ་ཡའི་ཚལ་དབུས་ཀྱི་དཀྱིལ་འཁོར་གྱི་ཁང་པར་ཁྲིད་དེ་དབང་བསྐུར། རྒྱུད་འགྲེལ་པ་ རྣམས་གསུངས། གདམས་པ་དང་དཔེ་རྣམས་ཀྱང་གནང་སྟེ་སླར་རྒྱ་གར་དུ་བྱོན་ནོ། །དེ་ནས་ 1-1-431 ཤར་ཕྱོགས། པུཥྤ་གྲྀ་ཧ་ཞེས་བྱ་བའི་གྲོང་ཁྱེར་དུ་བཞུགས་པས། སློབ་མའི་མཆོག་བཞི་བྱུང་ སྟེ། དུས་ཞབས་པ་གཉིས་པ་དང༌། དུལ་བའི་འབྱུང་གནས་བློ་གྲོས་དང༌། སེང་གེ་རྒྱལ་མཚན་ དང༌། མཐའ་ཡས་རྣམས་སོ། ། དེ་ལ་དུས་ཞབས་པ་གཉིས་པ་ནི། རྒྱ་གར་ཤར་ཕྱོགས་མཉྫུ་ཧ་དེ་ཤར་སྐུ་འཁྲུངས་པ། མཚན་བོ་དྷི་པ་ཞེས་ཀྱང་ཟེར། ནཱ་ལེནྡྲ་པ་ཞེས་ཀྱང་གྲགས་སོ། །(ཁ་ཅིག་རཏྣ་ཀ་ར་དང་གཅིག་ཏུ་འདོད་ པ་ནི་མི་འཐད་དེ། དེ་ནི་སཱ་དྷུ་པུ་ཊའི་སློབ་མ་ཡིན་པས་དུས་འཕྱི་བས་སོ། །ཞེས་གསུང༌། ཡང་འགའ་ཞིག་ན་རེ། དུས་འཁོར་ ཞབས་པ་གཉིས་པས་རཏྣ་ཀ་ར་གུཔྟ་ལ་གསུངས། དེས་ནཱ་ལེནྡྲར་དར་བར་བྱས་ཟེར་བ་ཡང་མི་འཐད་དེ། དེ་གཉིས་གྲོགས་ མཆེད་ཡིན་ཅིང༌། དུས་ཞབས་པ་གཉིས་པ་ཉིད་ཀྱིས་ནཱ་ལེནྡྲར་བྱོན་ཞིང༌། དུས་ཀྱི་འཁོར་ལོའི་ལྷ་ཁང་ཡང་བཞེངས་ནས་པཎྜི་ ཏ་མང་པོ་སློབ་མར་བཅུག་པའི་ལོ་རྒྱུས་བྲིས་པ་མཐོང་བའི་ཕྱིར་རཏྣ་ཀ་ར་མི་དགོས་གསུང༌། )དེ་ཉིད་ཀྱིས་མ་ག་དྷཱར་ དར་ན་གཞན་ཐམས་ཅད་དུའང་དར་བར་འགྱུར་རོ་སྙམ་དུ་དགོངས་ནས། མ་ག་དྷཱའི་རྒྱལ་པོ་ ཤིང་སྟན་ཅན་གྱིས་བྱེད་པའི་དུས་སུ་ནཱ་ལེནྡྲར་བྱོན་ནས་གཙུག་ལག་ཁང་གི་སྒོ་གོང་དུ་རྣམ་ བཅུ་དབང་ལྡན་དང༌། དེའི་འོག་ཏུ། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་ མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གི་མཚན་ཡང་དག་པར་བརྗོད་པ་མི་ཤེས་ པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་ སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་ བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང༌། ཐར་ པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ། །ཞེས་པའི་སཾ་སྐྲྀ་ཏ་བྲིས་ པ། དེར་གནས་པའི་པཎྜི་ཏ་ལྔ་བརྒྱ་ཙམ་གྱིས་གཟིགས་པས། ཐུགས་སུ་མ་ཤོང་སྟེ། བརྩད་ པས། ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བས་ཐམས་ཅད་ཡིད་མགུ་ནས་སློབ་མར་གྱུར་ཏེ། 1-1-432 དུས་ཀྱི་འཁོར་ལོས་ཐོག་དྲངས་པའི་སེམས་འགྲེལ་རྣམས་གསན་ཏོ། །དེ་རྣམས་ཀྱི་ནང་ནས་ མཆོག་ཏུ་གྱུར་པ་མཉྫུ་ཀཱིརྟི་དང༌། འདའ་བྱང་ཆུབ་སེམས་དཔའ་དང༌། པཎྜི་ཏ་རི་བོ་པ་དང༌། ཤཱནྟ་གུཔྟ་དང༌། ཨ་བྷི་ཡུཀ་ཏ་དང༌། ཨ་བྷ་ཡཱ་ཀ་ར་གུཔྟ་དང༌། པུ་ཎྱ་ཆེན་པོ་དང༌། ཁ་ཆེ་གམ་ བྷཱི་ར་དང༌། གུ་ཎ་རཀྵི་ཏ་དང༌། སོ་མ་ནཱ་ཐ་དང༌། ཙ་མི་ལ་སོགས་པའི་མཁས་པ་མང་དུ་བྱུང་ ནས་ཤིན་ཏུ་དར་བར་གྱུར་རོ། ། དེ་ནས་བལ་པོ་ཡེ་རང་གི་པཎྜི་ཏ་ས་མནྟ་ཤྲཱི་བྷ་དྲས་མཁས་པ་ལྔ་ལ་གསན་ཅིང༌། གཙོ་ བོར་མཉྫུ་ཀཱིརྟིའི་རྗེས་སུ་འབྲང་ངོ༌། ། དེ་ལ་སྙ་ནམ་སྣང་ཡུལ་དུ་སྐུ་འཁྲུངས་པའི་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་དབོན་པོ་རྭ་ཆོས་ རབ་ཀྱིས། འཇིགས་བྱེད། དགྲ་ནག །གདོང་དྲུག་པ་སྟེ་ནག་པོ་སྐོར་གསུམ། ཧེ་རུ་ཀ་མངོན་ འབྱུང༌། ཕག་མོ་མངོན་འབྱུང༌། མགོན་པོ་མངོན་འབྱུང་སྟེ། མངོན་འབྱུང་གསུམ་དང༌། ཨ་བྷི་ དྷཱ་ན་དང༌། སཾ་པུ་ཊི་རྣམས་དང༌། ཆོས་ཆུང་དྲུག་ལ་སོགས་པ་རྣམས་ཐུགས་སུ་ཆུད་ནས། དུས་ ཀྱི་འཁོར་ལོ་གསན་པར་དགོངས་ཏེ། བལ་པོའི་མཐིལ་དུ་བྱོན་ནས། པཎྜི་ཏ་ས་མནྟ་ཤྲཱི། ལོ་ ལྔ། ཟླ་བ་བཅུ། ཞག་ལྔར་བར་ཆད་མེད་པར་བསྟེན་ནས། དབང༌། བཤད་པ། མན་ངག་གི་ བཀའ་རྣམས་ཞུས་ཤིང༌། པཎྜི་ཏ་བོད་དུ་སྤྱན་དྲངས་ནས། རྒྱུད་འགྲེལ་པ་ཆ་ལག་དང་བཅས་ པ་ཞུས་ཤིང༌། བསྒྱུར། གཏན་ལ་ཕབ། ཐམས་ཅད་ཀྱིས་བསྙེན་བཀུར་ཆེར་བྱས་ཏེ། ཉི་མ་ གཅིག་ལ་གསེར་སྲང་སུམ་བརྒྱ་ཕུལ། སླར་སྐྱིད་གྲོང་བར་དུ་བསྐྱལ་བས་བླ་མ་ཡང་ཤིན་ཏུ་ མཉེས་ཏེ། པཎྜི་ཏ་འབུམ་ཕྲག་གསུམ་པའི་པྲོག་ཞུ་དང༌། ཆགས་ལྷམ། པཎྜི་ཏ་ཉིད་ཀྱི་ཕྱག་ དྲིལ་དུས་འཁོར་ནས་གསུངས་པའི་ཚད་ལྡན་ཡང་གནང་ངོ༌། ། དེ་ལ་དེ་ཉིད་ཀྱི་སྲས་བླ་མ་ཡེ་ཤེས་སེང་གེས་གསན་ཅིང༌། དེ་ལ་དེ་ཉིད་ཀྱི་སྲས་རྭ་ འབུམ་སེང་གིས་གསན་ལ། དེ་ལ་བླ་མ་རྒ་ལོས་ཞུས་སོ། ། 1-1-433 བླ་མ་རྒ་ལོ་ནི། བོད་ཀྱི་རྒྱལ་པོའི་དུས་སུ་བློན་པོ་དབའ་སང་ཤི་ཕོ་ཉར་བཏང་སྟེ། རྒྱ་ ནག་ལས་(རྒྱ་ནག་གི་སྐད་བཙུན་པ་)ཧྭ་ཤང་སྤྱན་དྲངས་པ་དང་འབྲེལ་པར་མེ་ཉག་(མེ་ཉག་གི་སྐད་ བཙུན་པ་)ཙེན་ཙེར་གྱུར་པ་ཞིག་ཀྱང་སྤྱན་དྲངས་ཏེ། རྒྱལ་པོའི་མཆོད་གནས་སུ་གྱུར་ཅིང༌། སྔགས་འཆང་དུ་གྱུར་པའི་རྒྱུད་ལས། ཡར་འབྲོག་ཏུ། མེ་ཉག་གཞོན་ནུ་སྙིང་པོ་ཞེས་བྱ་བ་ བྱུང༌། དེའི་སྲས་གཞོན་ནུ་སེང་གེ ། དེའི་སྲས་རིག་འཛིན་སྙིང་པོ། དེའི་སྲས་རྡོ་རྗེ་སེང་གེས་ རོང་གི་མཁར་ཕུག་བཟུང༌། དེ་ལས་སྲས་བཞི་བྱུང་བའི་གཅེན་པོ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ གྲུབ་པ་བརྙེས་པ་ཞིག་བྱུང༌། དེས་གྲུབ་ཐོབ་དབང་ཕྱུག་རྒྱལ་པོ་ཞེས་བྱ་བའི་གདན་ས་དབེན་ དམར་བཟུང་ངོ༌། ། དེའི་སྲས་རྗེ་བཙུན་རྒ་ལོ་ནི། ཡབ་ཀྱི་མཚན་ལྟས་ལ་བརྟེན་ནས། སྔོན་གྱི་ཁམས་པ་རྒ་ ལོ་ཙཱ་བའི་སྐྱེ་བར་དགོངས་ནས་མཚན་དུའང་དེ་ཉིད་བཏགས། ལོ་གསུམ་བཞེས་དུས། ཁ་ཆེ་ པཎ་ཆེན་ངུར་སྨྲིག་ཏུ་བྱོན་པའི་ཚེ། མ་ཅིག་ཇོ་སྲས་སྐྱིད་མོས་བསྣམས་ནས། ཆོས་དང་བྱིན་ བརླབས་ཞུ་རུ་བྱོན་པ་ལ། ཕྱག་གིས་བཞམས། སཾ་སྐྲྀ་ཏའི་སྐད་དུ་ལུང་བསྟན་ཅིང་དབུགས་ དབྱུང་བ་མཛད་དེ། རྗེ་བཙུན་ཉིད་ཀྱིས་ཀྱང༌། བྱིས་པའི་དུས་ན་ཁ་ཆེ་བའི། །བླ་མ་པཎ་ཆེན་ ཉིད་དང་མཇལ། །མགོ་ལ་ཕྱག་གིས་བྱུགས་མཛད་ནས། །ལེགས་སྦྱར་སྐད་ཀྱིས་དབུགས་ དབྱུང་མཛད། །ཅེས་གསུངས་པ་ཡིན་ནོ། །འདྲི་ཀློག་རྣམས་གཞོན་ནུ་ཉིད་ལ་མཁྱེན་ཅིང༌། འཇིག་རྟེན་བསྟན་པ་དང༌། ཕུང་པོ་ལྔའི་རབ་བྱེད་དང༌། སྤྱོད་འཇུག་དང༌། བག་ཆགས་དབྱུག་ འདེད་ཀྱི་མན་ངག་ལ་སོགས་པ། ཡབ་ཀྱི་དྲུང་དུ་ཞུས་ཤིང༌། དེ་ན་དཔྱལ་ཆོས་ཀྱི་བཟང་པོའི་ དྲུང་དུ་བྱོན་ནས་རྒྱ་ཡིག་རྒྱ་ཀློག་ལ་སོགས་པ་དང༌། ཁྱད་པར་དུ་ཀྱེའི་རྡོ་རྗེ་དང༌། ཕག་མོ་ལ་ སྦྱངས་པ་མཛད་ཅིང༌། ནཱ་རོ་འགྲེལ་ཆེན་གདམས་ངག་དང་བཅས་པའང་གསན་ཏོ། །གཞན་ ཡང་གཤིན་རྗེ་གཤེད་དམར་པོའི་དབང༌། ཆོས་སྐོར་རྣམས་ཀྱང་ཞུས་སོ། །ཆོས་རྗེ་ས་སྐྱ་པཎྜི་ 1-1-434 ཏ་ལ་ཡང༌། ནག་པོ་པའི་དབང༌། སྒྲུབ་སྐོར། རྣམ་འཇོམས། ཨ་ར་པ་ཙ་ནའི་དབང༌། སྒྲུབ་ སྐོར་དང་བཅས་པ་རྣམས་ཀྱང་ཞུས་ཤིང༌། འཕགས་པ་རིན་པོ་ཆེ་ལ་ཡང༌། དྲིལ་བུ་པ་དང༌། མ་ཧཱ་མ་ཡའི་དབང༌། ཆོས་སྐོར་ལ་སོགས་པ་རྣམས་གསན་ལ། པཎྜི་ཏ་བི་བྷཱུ་ཏི་ཙནྡྲ་དང༌། ཁྲོ་ ཕུ་ལོ་ཙཱ་བ་བྱམས་པའི་དཔལ། དཔྱལ་ཨ་མོ་གྷ། མཁན་པོ་ཕག །སློབ་དཔོན་དྷརྨ་གཟུངས། འབུམ་པ་འོད་ཤེ ། མཚོ་ཡངས་པ་གཉན་དྷརྨ་རྒྱལ་མཚན། སྲིན་པོ་རི་པ་མཁན་པོ་འཇམ། མཁན་པོ་སེང་གེ་ཟིལ་གནོན། ཡར་འབྲོག་པ་གཉན་སྟོན་ལ་སོགས་པ་བསྟེན་ཏེ། ཟབ་པ་ དང་རྒྱ་ཆེ་བའི་ཆོས་ཀྱིས་ཕྱུག་པར་གྱུར་ནས། གྲུབ་པའི་དབང་ཕྱུག་མན་ལུང་གུ་རུ་དང༌། ལ་ སྟོད་ཆོས་ལྡན་དང༌། ལྷོ་པ་གྲུབ་སེང་དང༌། དབུས་པ་ཚུལ་དར་ལ་སོགས་པའི་དུས་འཁོར་ མཁས་པའི་སློབ་མ་མང་པོ་ཡང་བྱུང་ཞིང༌། འཕགས་པ་རིན་པོ་ཆེ་དང༌། མཁན་ཆེན་ཁྲོ་ཕུ་པ་ ལ་སོགས་པ་སྐྱེས་བུ་དམ་པའི་སློབ་མ་མང་པོ་ཡང་སྨིན་པར་མཛད་ནས། དགུང་ལོ་བརྒྱད་ཅུ་ པ་ལ་བདེ་བར་གཤེགས་སོ། ། དེ་ཉིད་ཀྱིས་སྲས་བླ་མ་ཤེས་རབ་སེང་གེ་པ་ལ་གསུངས་ཏེ། དེ་ཡང་གཞོན་ནུའི་དུས་ ནས་འབྲི་ཀློག་ཚར་ཏེ། དུས་འཁོར་ལ་སློབ་གཉེར་མཛད་ནས། དགུང་ལོ་བཅུ་དྲུག་པ་ལ་ གསུངས། ཉི་ཤུ་པ་ལ་ཐར་པར་བྱོན་ནས་དཔྱལ་པའི་ཆོས་རྣམས་ཞུས། ཉི་ཤུ་རྩ་གཉིས་པ་ ལ། སྟག་སྡེ་པ་སེང་གེ་རྒྱལ་མཚན་གྱི་དྲུང་དུ་བྱོན་ཏེ། ཕར་ཚད་ལ་སྦྱངས་པ་ལོ་ལྔའི་བར་དུ་ མཛད་ནས་མཁས་པར་མཛད་དེ་གྲྭ་སྐོར་ཡང་མཛད་དོ། །སུམ་བཅུ་པ་ལ་འཕགས་པ་རིན་ པོ་ཆེ་དང༌། མཁན་ཆེན་མཆིམས་པའི་དྲུང་དུ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་ནས་ཆོས་ ཀྱང་མང་དུ་ཞུས། ལོ་ཙཱ་པ་གྲགས་པ་རྒྱལ་མཚན་ལ་ཡང༌། ཕྲེང་བ་སྐོར་གསུམ་དང༌། འཇམ་ དཔལ་རྩ་རྒྱུད། སྨན་དཔྱད་ཡན་ལག་བརྒྱད་པ་ལ་སོགས་པ་གསན། དགུང་ལོ་བཞི་བཅུ་རྩ་ གཅིག་པ་ལ་ཤངས་འབར་བཏབ་ནས། གཙུག་ལག་ཁང་བཞེངས་ཤིང༌། རྒྱུད་འབུམ་དང་ 1-1-435 འདུལ་བ་ལུང་ཡང་བཞེངས། བླ་མ་ཆེན་པོ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ སྐུ་མཆེད་རྣམས་ཀྱིས་ཐོག་དྲངས་པའི་ཆེན་པོ་དུ་མ་དང༌། འཇིག་རྟེན་གྱི་མིག་དམ་པ། དཔང་ དཔལ་ལྡན་བློ་གྲོས་བརྟན་པ་དང༌། བླ་མ་དམ་པ་དཔལ་ལྡན་སེང་གེ་པ་དང༌། སྐྱི་སྟོན་གྲགས་ པ་རྒྱལ་མཚན་གྱིས་དབུ་མཛད། མཁས་པ་དང་བཟང་བ་དང་བཙུན་པའི་སློབ་མ་བསམ་གྱིས་ མི་ཁྱབ་པ་བྱུང་ཞིང༌། བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ནས། དྲུག་བཅུ་རྩ་ལྔ་པ་ལ་བདེ་བར་ གཤེགས་སོ། ། རོང་པ་ཡབ་སྲས་འདི་གཉིས་ཀྱིས་དུས་ཀྱི་འཁོར་ལོའི་བཤད་སྲོལ་ཤིན་ཏུ་དར་བར་ མཛད་པ་ཡིན་ནོ། །དེ་ཉིད་ལ་ཕར་ཚད་མངོན་སུམ་ལ་སོགས་པ་མཚན་ཉིད་ཀྱི་ཕྱོགས་ལ་ ཤིན་ཏུ་མཁས་པར་གྲགས་ཤིང༌། གསང་སྔགས་རྡོ་རྗེ་ཐེག་པའང་རྒྱ་ཆེར་གསན་པ་སྐྱི་སྟོན་ འཇམ་པའི་དབྱངས་གྲགས་པ་རྒྱལ་མཚན་གྱིས་གསན་ལ། དེ་ཉིད་ལ་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་གསན་པ་ཡིན་ཏེ། དེའང་དོལ་པོར་སྐུ་ འཁྲུངས་ནས་གཞོན་ནུ་ལ་རབ་ཏུ་བྱུང་སྟེ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་བྱོན་ཞིང་སྡེ་ སྣོད་འཛིན་པ་ཆེན་པོ་སྐྱི་སྟོན་ཤཱཀ་འབུམ་དང༌། སྐྱི་སྟོན་འཇམ་པའི་དབྱངས་ཁུ་དབོན་གཉིས་ ལ་ཆོས་གསན་ནས་མངོན་པ་གོང་འོག་གཉིས། མངོན་པར་རྟོགས་པའི་རྒྱན། ཚད་མ་རྣམ་ འགྲེལ་དང༌། རྣམ་ངེས་རྣམས་དུས་གཅིག་ལ་བཤད་པར་མཛད་དེ། ཆོས་ཁྲི་ཐང་གི་སྒོ་སྟེང་ ནས་གསུངས་པས་སྐྱེ་བོ་དུ་མ་ངོ་མཚར་བར་མཛད་པ་ཡིན་ནོ། །དེ་རྗེས་ཀྱང༌། མཚན་ཉིད་ ཐེག་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་ཁུ་དབོན་གཉིས་ལ་མངའ་བ་ཐམས་ ཅད་རྫོགས་པར་ཞུས་ཤིང༌། ཤིན་ཏུ་མཁས་པ་མཁྱེན་པར་མཛད་དེ། ཆོས་རྗེ་ཡོན་ཏན་རྒྱ་ མཚོ་པའི་དྲུང་དུ་བྱོན་ནས་སེམས་འགྲེལ་སྐོར་གསུམ་གྱི་དབང༌། གདམས་ངག་ལ་སོགས་ པ་རྫོགས་པར་ཞུས་ཤིང༌། གཞན་ཡང་བླ་མ་དམ་པ་དུ་མ་བསྟེན་ནས། ཆོས་ཀྱི་རྗེ། ཆོས་ཀྱི་ 1-1-436 མངའ་བདག་ཆེན་པོར་གྱུར་ཏེ། བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཁུ་ དབོན་ལ་སོགས་པ་ཆེན་པོ་དུ་མའི་བླ་མར་གྱུར་ཅིང༌། མཁས་པ་དུ་མ་དང༌། སྒྲུབ་པ་ཕོ་མོ་ ཕུལ་དུ་བྱུང་བ་དུ་མ་དང༌། གཞན་ཡང་སྐྱེ་བོ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་ལ། བསྟན་ པའི་སྙིང་པོ་དར་རྒྱས་སུ་མཛད་ཅིང༌། མཆོད་རྟེན་ཆེན་པོ་འཛམ་གླིང་རྒྱན་ཡང་བཞེངས་ལ། འགྲོ་བ་དུ་མ་དགེ་བ་ལ་འགོད་ཅིང་བཞུགས་པ་འདི་ཉིད་ཡིན་ནོ། །ཆོས་ཀྱི་རྗེ་འདི་ཉིད་སྔ་མོ་ ནས་རིང་བར་ཁོ་བོས་བསྟེན་ནས། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ། བཤད་པ་ཞིབ་ པར་མཛད་པ་ཡོངས་སུ་རྫོགས་པ་ཚར་བཞི་དང༌། གཞན་ཡང་བཀའ་དང་བསྟན་བཅོས། དབང་དང་གདམས་ངག་མང་པོ་ཞུས་ཤིང༌། ངེས་པའི་དོན་གྱི་བཀའ་དང་བསྟན་བཅོས་ཀྱི་ དོན་ཚུལ་བཞིན་དུ་རྟོགས་པ་ནི་རྗེ་བཙུན་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན་ནོ།། །། ༈ དུས་ཀྱི་འཁོར་ལོའི་རྒྱུད་ལུགས་གཞན་ནི། དུས་འཁོར་ཞབས་པའི་སློབ་མ་ཤྲཱི་བྷ་དྲ་ བོ་དྷིས། གྱི་ཇོ་ཟླ་བའི་འོད་ཟེར་ལ་གནང་ཞིང༌། དེ་ཉིད་ཀྱིས་གཞི་འགྱུར་ཡང་མཛད་ནས། ལོ་ཆུང་རྣམས་ཀྱི་ཐོག་དྲངས་པ་ལ་བཤད་པ་ཡང་ཡུན་རིང་དུ་མཛད་ཅིང༌། ལོ་ཆུང་རྣམས་ ཀྱིས་ཀྱང་བགོས་ནས་འགྱུར་མང་དུ་གྲགས་པ་ཡང་བསྒྱུར། བཤད་བཀའ་ཡང་ཡུན་རིང་དུ་ བསྐྱངས་ཞེས་གྲགས་ཤིང༌། བསྒྱུར་ཟིན་གྱི་གླེགས་བམ་མཐོང་མོད་ཀྱི། དེ་ནས་བརྒྱུད་པའི་ བཀའ་ཁོ་བོས་མ་རྙེད་དོ། ། དཱ་ན་ཤྲཱིའི་སློབ་མ་རྨ་དགེ་བའི་བློ་གྲོས་ཀྱིས་ཀྱང༌། གྱི་ཇོ་འགྱུར་གྱི་སྟེང་ནས་འགྱུར་ བཅོས་མཛད་པའི་གླེགས་བམ་མཐོང་མོད་ཀྱི། དེ་ལ་བརྒྱུད་པ་འདེད་ས་ནི་མ་རྙེད་དོ། ། མང་འོར་བྱང་ཆུབ་ཤེས་རབ་དང༌། བློ་གྲོས་སྙིང་པོ་དང༌། བསོད་ནམས་ཡེ་ཤེས་དང༌། འ་ཞ་རྒྱ་གར་བརྩེགས་རྣམས་ཀྱིས་བསྒྱུར་བ་ཡང་མཐོང་མོད་ཀྱི། དེ་རྣམས་ཀྱིའང་བཤད་ བཀའ་ནི་མི་སྣང་ངོ༌། ། 1-1-437 ཙ་མི་སངས་རྒྱས་གྲགས་པ་ནི། མེ་ཉག་འགའི་ཡུལ་དུ་སྐུ་འཁྲུངས་ཤིང༌། གཞོན་ནུ་ལ་ རྒྱ་གར་དུ་བྱོན་ནས། པཎྜི་ཏ་དུ་མ་བསྟེན་ཅིང་མཁས་པར་གྱུར་ནས། རྡོ་རྗེ་གདན་གྱི་ཡང་རིང་ ལུགས་པ་མཛད། དུས་འཁོར་འགྲེལ་ཆེན་བོད་སྐད་དུ་བྲིས་ཤིང༌། རྒྱུད་རི་ལི་ཆོས་ཀྱི་གྲགས་ པས་བསྒྱུར་ནས། རྒ་ལོ་དང༌། འགའ་རོང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས། རོང་རླིངས་ལོ་ ཙཱ་བ། ར་བྱིད་ལོ་ཙཱ་བ། སེ་ལོ་ཙཱ་བ་ལ་སོགས་པ་མང་པོ་ལ་གསུངས་མོད་ཀྱི། སྔ་མ་བཞི་པོ་ ནས་བརྒྱུད་པ་འདེད་ས་ནི་མ་རྙེད་ལ། སེ་ལོ་ཙཱ་བས་གཉོས་འོད་མ་ལ་གསུངས་ཤིང༌། དེ་ཉིད་ཀྱིས་གྲུབ་ཐོབ་ཏུ་གྲགས་པའི་ཨུ་ རྒྱན་པ་རིན་ཆེན་དཔལ་ལ་གསུངས་ནས། དབང་འཁྲིད། བཤད་བཀའ་རྣམས་ཀྱང་ཡུན་རིང་ དུ་བསྐྱངས་ཤིང༌། སྒྲུབ་ཐབས་དང༌། དབང་ཆོག་དང༌། བཅུད་ལེན་དང༌། རླུང་སྦྱོར་ལ་སོགས་ པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ། །དེ་ཉིད་ལ་ཁྱོག་པའི་ཡོན་ཏན་བྱང་ཆུབ་ཀྱིས་ཞུས། དེ་ལ་ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་གིས་ཞུས་ཤིང༌། ཆོས་རྗེ་ལ་ཁོ་བོ་ཅག་གི་བླ་མ་དམ་པ་ ཡོན་ཏན་རྒྱ་མཚོ་པས་ཞུས་ལ། ཁོ་བོས་དེ་ཉིད་ལས་ཐོབ་པ་ཡིན་ནོ། ། ཤོང་འགྱུར་ནི། ལ་སྟོད་ལྷོའི་སྤྱད་ལུངས་ཤར་ཀའི་བོང་ར་ཞེས་པར་སྐུ་འཁྲུངས་པ། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ཞེས་གྲགས་པ་དེ་ཉིད་གཞོན་ནུ་ལ་རབ་བྱུང་མཛད་ནས། བླ་མ་གོ་ལུང་པ་ཆེན་པོ་མདོ་སྡེ་དཔལ་རྒྱལ་མཚན་གྱི་དྲུང་དུ་བསྙེན་ཏེ། རྒྱུད་སྡེ་དུ་མ་དང༌། རྡོརྗེ་ཕྲེང་བ་སྐོར་གསུམ་ལ་སོགས་པ་མང་དུ་ཞུས་ཤིང༌། གར་དང༌། ཐིག་དང༌། ལྔ་བསྡུས་ དང༌། གཟའ་ལྔ་དང༌། གཡུལ་རྒྱལ་ལ་སོགས་པ་རྩིས་ཀྱི་གཙུག་ལག་དུ་མའང་བསླབས་ ནས་བྱང་བར་མཛད་དེ། གཟའ་རྣམས་གསལ་བར་བྱེད་པའི་སྒྲོན་མ་ལ་སོགས་པ་རྨད་དུ་ བྱུང་བའི་རྩིས་ཀྱི་བསྟན་བཅོས་དུ་མའང་མཛད་ནས། སྟག་སྡེ་པ་སེང་གེ་རྒྱལ་མཚན་ཞེས་ པ། ཕ་རི་ལུང་དུ་སྐུ་འཁྲུངས་ཤིང༌། ཆོས་རྗེ་མངོན་གྲྭ་པ་ལས་ཕར་ཚད་མངོན་གསུམ་དང༌། 1-1-438 དུས་འཁོར་འབྲོ་འགྱུར་གསན་ནས་མཁས་པར་གྲགས་པ་དེ་ཉིད་ཀྱི་དྲུང་དུ་ཚ་སྣར་བྱོན་ཏེ། ཕར་ཚད་མངོན་སུམ་དང༌། [བོད་[མདོ་]བསྡུས་ལ་སོགས་པ་རྣམས་ལ་མཁས་པར་མཛད་ དེ། དཔལ་དུས་ཀྱི་འཁོར་ལོའི་དབང་ཞུ་བའི་ཡོན་ལ། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་འབྲོ་ འགྱུར་གྱི་གླེགས་བམ་(ན། བླ་ན་མེད་པའི་རྒྱུད་མཆོག་འདི། །གནས་པོ་མེད་པའི་བྲག་ཕུག་ ཏུ། །གཡོག་པོ་མེད་པའི་ཤོང་སྟོན་གྱིས། །དུབ་པ་མེད་པའི་རྩོལ་བས་བྲིས། །ཞེས་པ་ལ་ སོགས་པའང་སྣང་ངོ༌། །)ཅིག་དང༌། སྤྱན་རས་གཟིགས་ཀྱིས་མཛད་པར་བཏགས་པའི་མཚན་ བརྗོད་འགྲེལ་པ་དང༌། འབྲོ་པའི་གསུང་སྒྲོས་རྒྱས་པ་འོད་ཟེར་ཕྲེང་བ་དང༌། དྲི་མེད་རྒྱན་ལ་ སོགས་པ་ཤོག་དེབ་བཞི་བཅུ་ཙམ་ཕུད་བུ་ལུང་དང༌། བྲག་ཆུང་གི་བྲག་ཕུག་ཏུ་ཕྱག་རིས་སུ་ མཛད་དེ་ཕུལ་ཞིང༌། དབང་བཅུ་གཉིས་ཡོངས་སུ་རྫོགས་པ་དང༌། གདམས་ངག་ཀྱང་ཞུས་ ཏེ་དུས་འཁོར་རྒྱུད་འགྲེལ་འབྲོ་འགྱུར་ཡོངས་སུ་རྫོགས་པར་གསན་ཏོ། །དེ་ནས་འགྲོ་བའི་ མགོན་པོ་འཕགས་པ་གདན་སར་སྔ་མ་རེས་ཕེབས་པའི་དྲུང་དུ་བྱོན་ཏེ། བསྟོད་པའི་ཚིགས་ སུ་བཅད་པ་སྤེལ་ལེགས་པ་ཕུལ་ནས། ལོ་ཙཱ་སློབ་ཏུ་འགྲོ་བས་བརྫང་བར་ཞུ་ཞེས་ཞུས་པ་ ལ། བླ་མ་དམ་པའི་ཞལ་ནས། དེ་ལྟ་བུའི་བློ་སྐྱེ་བ་བཟང༌། གཞུང་ལུགས་གསར་པ་འགྱུར་ བའི་ནུས་པ་འོང་བ་དཀའ་སྟེ། པཎྜི་ཏ་ལ་སློབ་གཉེར་དང་དྲི་གཏུགས་ལེགས་པར་གྱིས་ཤིག ། ཁོ་བོས་ཀྱང་ཆོས་ཀྱི་རྗེ་བསྟེན་ཡུན་ཐུང་པས། རྗེ་ཉིད་ཀྱིས་མཛད་པའི་སྡེབ་སྦྱོར་མེ་ཏོག་གི་ ཆུན་བུ་དང༌། ཚིག་གི་གཏེར་ལ་སོགས་པ་ཡང་ཚུལ་བཞིན་དུ་མི་ཤོད་པར་སྣང་བས། འདི་ དག་ཤེས་པ་ཅིག་ཅི་ནས་ཀྱང་གྱིས་ལ་ཤོག་ཅིག་ཅེས་གསུངས་ནས། དེ་དག་གི་དཔེ་དང༌། གསེར་སྲང་ལྔ། དར་ཡུག་བཅུ་རྣམས་གནང་སྟེ། རྟེན་འབྲེལ་ཡོད་པས་དོ་ནུབ་རྗེ་བཙུན་གོང་ མའི་གཟིམས་ཁང༌། དཔེ་ཁང་དུ་ཉོལ་ལ་སོང་ཞིག་ཅེས་གསུངས་ནས་བརྫངས་སོ། །ཤོང་ པའི་ཐུགས་དགོངས་ལ་སྐྱེ་བས་ཐོབ་པའི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱོར་བས་བྱུང་བའི་ 1-1-439 ནན་ཏན་ནི་མཆོག་ཏུ་གྱུར་ན་ལེགས་བཤད་གསར་པ་མང་དུ་ཅི་སྟེ་བསྒྱུར་བར་མི་ནུས་སྙམ་ དུ་དགོངས་ཏེ། བླ་མ་དམ་པའི་གཟིམ་གཡོག་པ་མདོ་སྨད་པ་བློ་གྲོས་རྒྱལ་པོ་དང་འགྲོགས་ ཏེ། བལ་ཡུལ་དུ་བྱོན་ནས་པཎྜི་ཏ་ཆེན་པོ་མ་ཧེན་དྲ་བྷ་དྲ(ས་དབང་བཟང་པོ)འི་དྲུང་དུ་རིག་པའི་ གནས་ཆུང་བ་ལྔ་(སྒྲ། སྙན་ངག །སྡེབ་སྦྱོར། ཟློས་གར། མངོན་བརྗོད་དེ་)བསླབས་ཤིང༌། ཁྱད་པར་སྒྲ་ རིག་པ་ལ་ཤིན་ཏུ་བྱང་བར་མཛད་ནས་གདན་ས་ཆེན་པོར་བྱོན་ཏེ། བླ་མ་དམ་པའི་བཀའ་ བཞིན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པའི་ འགྱུར་མཛད་ནས། སླར་ཡང་རྡོ་རྗེ་གདན་དུ། མ་ཧཱ་བོ་དྷི་མཆོད་པ་དང༌། བསྐོར་བ་ལ་བྱོན་ཏེ། པཎྜི་ཏ་ཆེན་པོ་ལཀྵྨཱི་ཀ་ར་སྤྱན་དྲངས་ནས། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་ བསམ་འཁྲི་ཤིང་དང༌། ཀླུ་རྣམས་ཀུན་ཏུ་དགའ་བར་བྱེད་པའི་ཟློས་གར་དང༌། སྙན་ངག་མེ་ ལོང་དང༌། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ་དང༌། འཕགས་པ་འཇམ་དཔལ་གྱི་ བསྟོད་པ་བྲ ཏྟ་མཱ་ལའི་བསྟོད་དང༌། ཙནྡྲ་པའི་མདོ་ལ་སོགས་པ་སྔོན་གངས་ཅན་དུ་མ་འགྱུར་ བ་རྣམས་གསར་དུ་བསྒྱུར་ཞིང༌། ཨ་མ་ར་ཀོ་ཥ་ལ་སོགས་པ་ཡང་མཆན་བུས་གསལ་བར་ མཛད་ནས། རིག་པའི་གནས་འདི་དག་ཤིན་ཏུ་རྒྱས་པར་མཛད་དོ། །འཕགས་པ་རིན་པོ་ཆེས་ ཀྱང༌། སྡེ་སྣོད་འཛིན་པ་ཤོང་གི་ལོ་ཙཱ་བའི་སྙན་དུ་གསོལ་པ། ཞེས་པའི་ཕྲིན་ཡིག་མཛད་པ་ ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་ པར་དཀའ་ལ་ཚིག་བརླིང་ཞིང༌། སྡེབ་སྦྱོར་བྱིངས་ཆེ་བས། ཆེན་པོ་རྣམས་ཀྱིས་ཀྱང་ཉམས་ སུ་བདེ་བར་ལོན་དཀའ་བས། སྔོན་བྱུང་བའི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང༌། ལོག་ པ་དང༌། རྣམ་གྲངས་གཞན་དང༌། ཕྱོགས་རེ་བ་དང༌། ཐལ་བར་བསྒྱུར་བ་ལ་སོགས་པ་དེ་ དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང༌། མཐའ་གཅིག་ཏུ་ངེས་ཏེ། ཞུ་ཆེན་མཛད་པའི་ གླེགས་བམ་དང༌། ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་ཟློས་གར་མཐོང་བས། དགའ་བ་ 1-1-440 དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས། ཞེས་པ་ལ་སོགས་པས་རབ་ཏུ་བསྔགས་ཤིང༌། སྒྲ་ བསྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ་ཡིན་ནོ། །འདི་ཉིད་ཀྱིས་བསྒྱུར་བའི་དཔལ་དུས་ ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པའི་འགྱུར་སྟན། མཁས་པའི་དབང་པོ་དེ་ཉིད་ཀྱིས་ ཕྱག་རིས་སུ་མཛད་པའི་གླེགས་བམ་ཡང་ཁོའི་ལག་ཏུ་བྱུང་ཞིང་བཞུགས་སོ། ། དེ་ཉིད་ལས་དེ་ཉིད་ཀྱི་གཅུང་པོ་ཤོང་སྟོན་ལོ་ཙཱ་བ་བློ་གྲོས་བརྟན་པ་ཞེས་གྲགས་པ་ཀྱེའི་ རྡོ་རྗེའི་འགྲེལ་པ་ཊཾ་ཀ་དཱ་ཤ་དང༌། སྡོམ་འབྱུང་གི་འགྲེལ་པ་པད་མོ་ཅན་དང༌། གཤིན་རྗེ་ གཤེད་དམར་པོའི་རྒྱུད་ལ་སོགས་པ་གཞི་འགྱུར་དུའང་མང་དུ་བསྒྱུར་ཞིང༌། ཞུ་ཆེན་ཡང་དུ་ མ་མཛད་ལ། འཕགས་པ་རིན་པོ་ཆེའི་སློབ་མའི་ཐུ་བོར་གྱུར་ཅིང༌། སེ་ཆེན་རྒྱལ་པོས་ཀྱང་བླ་ མར་བཀུར་བ་གཅེན་པོའི་ཡོན་ཏན་ལ་སྒྲུན་དུ་རུང་བ་ཡོད་པ་དེ་ཉིད་ཀྱིས་ཞུས་ལ། དེ་དག་གཉིས་ཀ་ལ། མང་གར་ཁྲ་ཚང་དུ་སྐུ་འཁྲུངས་ཤིང༌། འགྲོ་བའི་མགོན་པོ་ འཕགས་པ་ལ་རབ་བྱུང་ཞུས་ལ། མཚན་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་ པའི་ཏོག་ཅེས་རང་ཉིད་ཀྱིས་འདོགས་པར་ཞུས་ཤིང་བཏགས་ལ། ཕྱིས་ལོ་ཙཱ་བ་མཆོག་ལྡན་ ཞེས་གྲགས་པ། གཤིན་རྗེ་གཤེད་དམར་པོའི་རྒྱུད་དང༌། རལ་གཅིག་མ་དམར་མོའི་སྒྲུབ་ ཐབས་ལ་གཞི་འགྱུར་མཛད་ཅིང༌། བོད་ཀྱི་ཡུལ་དུ་འགྱུར་བའི་བཀའ་དང་བསྟན་བཅོས་ དང༌། དབང་དང་གདམས་ངག་ཕལ་མོ་ཆེའི་ལུང་དང་དཀའ་མངའ་བ། དགེ་བའི་བཤེས་ གཉེན་མང་པོའི་བླ་མར་གྱུར་པ་དེ་ཉིད་ཀྱིས་གསན་པ་ཡིན་ནོ། །དེ་ཉིད་ལ་སྐྱི་སྟོན་འཇམ་ པའི་དབྱངས་ཀྱིས་གསན་ལ། དེ་ཉིད་ལ་ཆོས་ཀྱི་རྗེ་ཆེན་པོ་ཉིད་ཀྱིས་གསན་པ་ཡིན་ནོ། ། ཡང་དཔལ་ལྡན་བླ་མ་དམ་པ་སྡཻ་སྣོད་དང་རྒྱུད་སྡེ་མང་པོ་ལ་དབང་འབྱོར་ཞིང༌། ཚད་མ་ སྡེ་བདུན་ལ་ཤིན་ཏུ་མཁས་པར་གྲགས་པ། དཔལ་ལྡན་སེང་གེས་ཀྱང༌། ལོ་ཙཱ་བ་མཆོག་ལྡན་ ཉིད་ལ་གསན་ལ། བླ་མ་ཤེས་རབ་སེང་གེ་པ་ལས། རྭ་འགྱུར་ཡང་གསན་མོད་ཀྱི། བླ་མ་ཆེན་ 1-1-441 པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་ཞུས་པའི་ཚེ། རྭ་འགྱུར་ལས་མཆོག་ཏུ་དགོངས་ ཏེ། ཤོང་འགྱུར་གྱི་སྟེང་ནས་གསུངས་ཤིང༌། དེའི་དུས་སུ་ཁོ་བོས་ཀྱང་བཤད་པ་ཆ་ལག་དང་ བཅས་པ་དང་དབང་ཡོངས་སུ་རྫོགས་པར་ཐོབ་བོ། ། ཡང་མཁས་པའི་དཔང་པོ་ལོ་ཙཱ་བ་ཆེན་པོ། དཔང་དཔལ་ལྡན་བློ་གྲོས་བརྟན་པ་ལས་ ཀྱང་ཐོས་ཏེ། དེ་ཡང་སྤྱད་ལུངས་ཀྱི་འུམ་བུ་གྱམ་ཞེས་བྱ་བར་སྐུ་འཁྲུངས་ནས། མཁན་ཆེན་ གསེར་ཁང་པ་ཆེན་པོའི་དྲུང་དུ། རབ་ཏུ་བྱུང་ཞིང༌། འདུལ་བ་མདོ་རྩ་གསན་ནས་དགུང་ལོ་ བཅུ་གཅིག་པ་ལ་རྫོགས་པར་ཐུགས་ལ་གསུངས་ཤིང་བྱང་བར་མཛད་དེ། ཚ་སྣར་མཁན་ ཆེན་སྟག་སྡེ་པ་སེང་གེ་རྒྱལ་མཚན་དང༌། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ། སྟག་སྡེ་རི་ཕུག་གི་མཁན་ པོ་མཛད་པའི། མཁན་ཆེན་ཤེས་རབ་དཔལ་བའི་དྲུང་དུ་བྱོན་ནས་ཕར་ཚད་མངོན་གསུམ་ ལ་སོགས་པ་མཚན་ཉིད་ཀྱི་ཆོས་རྣམས་ལ་ཤིན་ཏུ་མཁས་པར་མཛད་ཅིང༌། གྲྭ་སྐོར་ཡང་ མཛད་ནས། ལོ་ཙཱ་བ་མཆོག་ལྡན་གྱི་དྲུང་དུ་བྱོན་ཏེ་དཔལ་དུས་ཀྱི་འཁོར་ལོ་ཤོང་འགྱུར་ དང༌། གཞལ་ཡང་བཀའ་བསྟན་བཅོས་མང་པོའི་བཀའ་ལུང་རྣམས་ཞུས་ལ། སྙན་ངག་མེ་ ལོང་དང༌། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པ་དང༌། སྒྲ་ཀ་ལཱ་པའི་མིང་ལེ་དང་པོ་ ཡར་བཅད་གསན་ཅིང་བྱང་བར་མཛད་དོ། །བླ་མ་རོང་པ་ཤེས་རབ་སེང་གེ་པ་ལའང་གཤིན་ རྗེ་གཤེད་སྐོར་གསུམ་གྱི་དབང་དང༌། དེ་རྣམས་ཀྱི་ཆོས་སྐོར། དཔལ་དུས་ཀྱི་འཁོར་ལོ་རྭ་ འགྱུར་རྣམས་གསན་པ་ཡིན་ནོ། །དེ་ནས་བལ་ཡུལ་དུ་ལན་གསུམ་བྱོན་ཏེ། མ་དྷུ་པཎྜི་ཏ་ དང༌། རཱ་མ་པཎྜི་ཏ་དང༌། རྒྱ་གར་ཤར་ཕྱོགས་ཀྱི་ཙུ་ཌ་པཎྜི་ཏ་རྣམས་ལ་རིག་པའི་གནས་མང་ དུ་བསླབས་ཤིང༌། ཁྱད་པར་གྱིས་སྒྲ་རིག་པ་ལ་ཤིན་ཏུ་བྱང་བར་མཛད་ནས་སྒྲ་མདོ་ཀ་ལཱ་པ་ དང༌། དེའི་འགྲེལ་པ་བགྲོད་དཀའ་སེང་གེས་མཛད་པ་དང༌། སློབ་མ་ལ་ཕན་པ་དང༌། ཡི་ གེའི་མདོ་དང༌། ཚད་མ་རྒྱལ་དབང་བློ་དང༌། རྟོག་གེའི་སྐད་དང༌། འབྲེལ་པ་མདོར་བསྟན་ 1-1-442 དང༌། འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲ ཏྟ་མཱ་ལའི་མཇུག་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་ རྒྱུད་ཀྱི་མཇུག་དང༌། མདོར་བསྡུས་དང་པོའི་འགྲེལ་བཤད་མི་གཡོ་སྙིང་པོས་མཛད་པ་དང༌། སྦྱོར་བ་བརྒྱ་པ་ལ་སོགས་པ་གཞི་འགྱུར་དུ་མའང་མཛད་ཅིང༌། བཀའ་དང་བསྟན་བཅོས་དུ་ མ་ལ་ཞུ་ཆེན་མཛད་ལ། མཆན་དང་འགྲེལ་པ་མང་པོ་ཡང་མཛད་ནས་བསྟན་པ་ལ་བྱ་བ་རྒྱ་ ཆེན་པོ་མཛད་པ་ཡིན་ནོ། ། དེ་ཉིད་ལ་སྒྲ་དང༌། སྙན་ངག་དང༌། སྡེབ་སྦྱོར་དང༌། མངོན་བརྗོད་ལ་སོགས་པ་ཐ་སྙད་ ཀྱི་གཙུག་ལག་མང་དུ་མཉན་ཅིང༌། བཀའ་དང་བསྟན་བཅོས་མང་པོའང་ཐོས་ལ། ཁྱད་པར་ གྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ། སཾ་སྐྲྀ་ཏའི་གླེགས་བམ་གྱི་ སྟེང་ནས། མཁས་པའི་དབང་པོ་ཉིད་ཀྱིས་གསུངས་ཤིང༌། ཁོ་བོའི་ཤོང་འགྱུར་བཀྲམ་ནས། འགྱུར་མི་བཅོས་སུ་མི་རུང་བ་རྣམས་ལ་ཞུ་ཆེན་ཡང་ཞུས་ལ། སྒྲ་དང༌། སྡེབ་སྦྱོར་ལ་སོགས་ པའི་བཤད་པ་སཾ་སྐྲྀ་ཏའི་སྟེང་ནས་དཔྱད་དགོས་པ་རྣམས་ལེགས་པར་ཞུས་ཤིང༌། གླེགས་ བམ་ལ་མཆན་དུའང་བཏབ་པ་ཡིན་ནོ། །སྒྲ་དང༌། སྙན་ངག་དང༌། སྡེབ་སྦྱོར་དང༌། མངོན་ བརྗོད་རྣམས་ལ་བློ་ཡི་སྣང་བ་ཤར་བ་ནི། དམ་པ་འདི་ཉིད་ཁོ་ནའི་མཐུ་ཡིན་ནོ། །བྱང་ཆུབ་ སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེའི་རྡོ་རྗེའི་འགྲེལ་པ་དང༌། ནཱ་རོ་འགྲེལ་ཆེན་ གཉིས་དང༌། སློབ་དཔོན་ཆེན་པོ་དཔེ་མེད་འཚོ་དང༌། སློབ་དཔོན་ར་ཝི་ཤྲཱིས་མཛད་པའི་སྦྱོར་ བ་ཡན་ལག་དྲུག་གི་མན་ངག་རྩ་འགྲེལ་རྣམས་ལ་ཡང༌། ཁོ་བོས་ཞུས་ནས། ཞུ་ཆེན་ཤིན་ཏུ་ དག་པར་མཛད་པ་ཡོད་ལ། འགྱུར་སྟན་ཡང་ཁོ་བོ་ལ་གནང་ནས་ཡོད་དོ། ། ཡང༌། ཆོས་རྗེ་འཇམ་གསར་ལ། བླ་མ་རྒ་ལོས་འབྲོ་འགྱུར་ལུགས་ཀྱི་བཤད་པ། དབང༌། གདམས་ངག་རྣམས་ཐོབ་པས། རྒ་ལོ་ནས་བརྒྱུད་པ་རྣམས་ལ་ཡང་རྭ་འབྲོ་གཉི་གའི་ལུགས་ ཚང་བར་བཞེད་དོ། ། 1-1-443 ཡང༌། ཆོས་རྗེ་མངོན་གྲྭ་པ་ལ། ཀུན་མཁྱེན་འཛིམས་པ་རིན་ཤེས་གསན་ལ། དེ་ཉིད་ དང༌། བླ་མ་རྒ་ལོ་གཉི་ག་ལ་འབྲོ་ལུགས་རྭ་ལུགས་ཀྱི་སྐོར་ཚང་བར་དབུས་པ་དགེ་སློང་ཚུལ་ ཁྲིམས་དར་གྱིས་ཞུས་ལ། དེ་ཉིད་ལ་བླ་མ་ཆེན་པོ་དུས་འཁོར་བ་ཡེ་ཤེས་རིན་ཆེན་གྱིས་ཞུས་ པས། ལུགས་གཉི་གའི་གདམས་པས་བརྒྱན་པ་ཡིན་ནོ་ཞེས། བླ་མ་དམ་པ་ཡོན་ཏན་རྒྱ་མཚོ་ གསུང་ངོ༌། ། ཡང༌། རྗེ་བཙུན་མན་ལུང་གུ་རུ་ནས་བརྒྱུད་པའི་བཤད་བཀའ་དང༌། གདམས་ངག་ རྣམས་ནི། བླ་མ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། བླ་མ་གྲུབ་པ་དཔལ་བཟང་པོ། བྱང་ཆུབ་ སེམས་དཔའ་ཆེན་པོ་རྒྱལ་བ་ཡེ་ཤེས། ཆོས་རྗེ་ཡོན་ཏན་རྒྱ་མཚོ་རྣམས་ལ་བརྒྱུད་དེ་ཐོབ་བོ། ། ལོ་ཙཱ་བ་ཆེན་པོ་ཤུད་ཀྱེ་ཉིད་ཀྱིས་བསྒྱུར་བའི་དུས་འཁོར་དང༌། པཎྜི་ཏ་མང་པོ་ལ་གསན་ པའི་གཏམ་རྒྱུད། ཞལ་གདམས་རྣམས་ཀྱང་ཆོས་རྗེ་འདི་ཉིད་ལས་ཐོབ་བོ། ། དེ་ལྟར་འབྲོ་བའི་བླ་མའི་ལོ་རྒྱུས་རྣམས་ནི། བླ་མ་ཡུ་མོའི་གསུང་ལ། སྲས་དྷརྨ་ཤྭ་རས་ ཟིན་རིས་སུ་བྱས་པ་ལ། ནམ་མཁའ་འོད་དང༌། གྲུབ་ཐོབ་སེ་མོ་ཆེས་རྒྱས་པར་མཛད་པ་ བཞིན་བྲིས་ཤིང༌། རྭ་ལུགས་ཀྱི་ལོ་རྒྱུས་རྣམས་ནི། བླ་མ་རྒ་ལོ་དང༌། བླ་མ་ཡེ་ཤེས་རིན་ཆེན་པས་མཛད་པ་ བཞིན་བྲིས་ལ། ཁོ་བོའི་བླ་མ་དམ་པ། བཀའ་བསྟན་བཅོས་དུ་མ་ལ་དབང་བསྒྱུར་བ་ལོ་ཙཱ་ བ་ཆེན་པོ་མཁན་ཆེན་བུ་སྟོན་ཞབས་ཀྱིས་མཛད་པ་ལས་ཀྱང་བྲིས་ཤིང༌། ཤུད་ཀྱེ་ལོ་ཙཱ་བའི་ གསུང་ལ་བླ་མ་གྲུབ་མཆོག་པས་ཟིན་བྲིས་མཛད་པ་ལས་ཀྱང་བྲིས་སོ། ། གཞན་རྣམས་ནི། དཔལ་ལྡན་བླ་མ་ཡོན་ཏན་རྒྱ་མཚོ་པ་དང༌། ཆོས་ཀྱི་རྗེ་ཆེན་པོ་ཉིད་ དང༌། སྒྲ་བསྒྱུར་རྣམས་ཀྱི་མཆོག །འཇིག་རྟེན་གྱི་མིག་དམ་པ་དཔལ་ལྡན་བློ་གྲོས་བརྟན་ 1-1-444 པའི་གསུང་ལས་འབྱུང་བ་བཞིན་དབྲི་བསྣན་མེད་པར་བྲིས་པ་ཡིན་ནོ། །ཆོས་རྗེ་རིན་རྩེ་ དང༌། དེ་ཉིད་ཀྱི་རིང་ལུགས་པ་ཞང་རྡོ་རྗེ་རིན་ཆེན་གྱི་སློབ་མའི་ཐུ་བོ། བླ་མ་འཇམ་དབྱངས་ འཁོན་སྟོན་པ་ལས་ཀྱང༌། དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་དང༌། རྡོ་རྗེ་ སློབ་དཔོན་གྱི་དབང་གི་སྔོན་དུ་འབྲོ་འགྱུར་གྱི་རྒྱུད་དང༌། གནས་པ་བརྒྱད་ཅུ་རྩ་གཅིག་གི་ ལུང་ཡང་ཐོབ་བོ། ། འགའ་ཞིག་བླ་མའི་རྣམ་ཐར་འདི་ཉིད་ལས། །རྒྱས་པར་བྱ་བར་རིགས་ཞེས་སྨྲ་ན་ཡང༌། ། རྒྱུད་འགྲེལ་གཞུང་ཚན་ཤིན་ཏུ་ཆེ་བའི་སླད། །འདི་ཙམ་འཚམ་ཞེས་སྒྲོགས་པ་མང་བ་དང༌། ། བདག་ཉིད་རང་ཡང་དེ་ལྟར་སེམས་པའི་ཕྱིར། །རགས་པ་འདི་ཙམ་སློབ་མ་དམ་པ་འགས། ། ཡང་དང་ཡང་དུ་བསྐུལ་བའི་ཕྱིར་དུ་བྲིས། །འཁྲུལ་པ་མཆིས་ན་དམ་པ་རྣམས་ལ་བཤགས། ། དགེ་བ་འདི་ཡིས་སྐྱེ་བ་ཐམས་ཅད་དུ། །བླ་མ་དམ་པ་རྣམས་ཀྱི་རྗེས་བཟུང་ནས། །གསང་ སྔགས་རྡོ་རྗེ་ཐེག་པའི་ལམ་བགྲོད་དེ། །རྡོ་རྗེ་འཛིན་པ་མངོན་དུ་བྱེད་པར་ཤོག །ཅེས་པ་འདི་ ནི། ཤཱཀྱའི་བཙུན་པ་ཆོས་གྲགས་དཔལ་བཟང་པོས། དཔལ་བཟང་ལྡན་གྱི་གཙུག་ལག་ཁང་ དུ། མྱོས་བྱེད་(ཤིང་མོ་ལུག་)ཀྱི་(སྤྱི་ལོ་༡༣༥༥)ལོ། གྲོ་བཞིན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་བཅོ་ལྔ་ ལ་རྫོགས་པར་བྲིས་པའོ། །འདིས་འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག །ཡི་གེ་པ་ནི་དགེ་བའི་ བཤེས་གཉེན་རིན་ཆེན་དཔལ་ལོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ། །ལན་གཅིག་ཞུས་སོ།། །། (མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་མ། ༩༠༦) 1-1-445 ༄༅། །ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་གྱ་བརྒྱད་པར་སྔོན་མེད་ པ་མཆན་བུ་དང་བཅས་པ་བཞུགས། ༄༅། །ཉིན་མོར་བྱེད་པའི་བགྲོད་པ་ལྷོ་དང་བྱང་གི་མཐར་ནི་(ཇི་ཙམ་བགྲོད་ན་དཔག་ཚད་ འབུམ་ཕྲག་གཅིག་གི་)རྐང་པ་(ཉི་ཁྲི་ལྔ་སྟོང་པ་)གསུམ་(བསྡོམས་པས་བདུན་ཁྲི་ལྔ་སྟོང་ཡོད་པའི་གནས་)བཅས་ བ་ཚྭའི་ཆུ་གཏེར་(གྱི་མཐའ་)དང༌། །ཀཻ་ལ་ཤ་ཡི་(སྟེང་)ཇི་སྙེད་(པ་)ཉིད་དུ་འགྲོ་སྟེ་(འབུམ་ཕྲག་ གཅིག་གི་)ཕྱོགས་(ཏེ་ཕྱེད་)ཀྱི་བགྲོད་པ་དག་ལ་དཔག་ཚད་སྟོང་ཕྲག་ནི། །ལྔ་བཅུའོ་(ཡང་ན་ཉི་ མའི་དཀྱིལ་འཁོར་ལ་ཉི་ཁྲི་ལྔ་སྟོང་སྟེ་དེས་མ་ཁྱབ་པའི་གནས་ལ་སྟོང་ཕྲག་ལྔ་བཅུ་ཡོད་པ་དེ་བགྲོད་བྱའོ། །)གང་དུ་གོ་ ལ་ཕྱེད་ཀྱི་རེ་ཁཱར་(ཉི་མའི་ཚངས་ཐིག་གིས་སླེབ་པ་ན་ཉི་མས་)ཉིན་མོ་དང་ནི་མཚན་མོ་(མཉམ་པར་)ཆུ་ ཚོད་མཁའ་མེ་(ལོངས་)སྤྱོད(དོ)། །གང་ཞིག་(སྔར་བསྟན་པའི་)ཁྲི་ཕྲག་ལྔ་ལ་མིག་དང་ཀླུ་དང་ཟླ་ བའི་(ཞེས་པ་རགས་པ་སྟེ་ཞིབ་མོར་ན་ཕྱེད་དང་བཅས་པའི་མིག་ཀླུ་ཟླ་བའི་)ཆ་ཡིས་ཐོབ་པ་ཉིན་དང་ཉིན་ལ་ བགྲོད(ལོ་གཅིག་ལ་ཉིན་མཚན་ཁ་སྦྱོར་སུམ་བརྒྱ་དྲུག་ཅུ་རྩ་ལྔའོ)། །(འདི་ནི་ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་གྱ་བརྒྱད་ པར་སྔོན་མེད་པ་བླ་མ་ཆོས་གྲགས་དཔལ་བཟང་པོས་བསྒྱུར་བ་དེ་ཉིད་ཀྱི་མཆན་བུ་དང་བཅས་པའོ།། །།) ༈ (རང་གི་ལུགས་ནི། ཉིན་མོར་བྱེད་པའི་བགྲོད་པ་སྟེ་རྒྱུ་྄བ་ལྷཽ་ཡི་མཐར་ནི་བ་ཚྭའི་ཆུ་གཏེར་ལ་དཔག་ཚད་སྟོང་ཕྲག་ ལྔ་བཅུ་ཡོད་པའི་རྐང་པ་སྟེ་བཞི་ཆ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་པ་གསུམ་དང་བཅས་པ་སྟོང་ཕྲག་ཕྱེད་བཅས་སོ་བདུན་གྱི་ཚད་ ཉིད་དུ་འགྲོའོ། །དེས་ན་ཆུའི་དཀྱིལ་འཁོར་གྱི་མཐར་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་ལ་ནི་ཉི་མའི་དཀྱིལ་འཁོར་མི་རྒྱུ་ བར་ཤེས་པར་བྱའོ། །བྱང་གི་མཐར་ནི་ཀཻ་ལ་ཤའི་ཕྱོགས་སུ་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་སྤངས་པ་ཇི་སྙེད་པ་ཉིད་ དུ་འགྲོ་སྟེ། དེ་ལྟར་ན་ཕྱོགས་ཏེ་ལྷོ་བྱང་གི་བགྲོད་པ་གང་ཡང་རུང་བའི་ཡུལ་གཅིག་དག་ལ་དཔག་ཚད་སྟོང་ཕྲག་ནི་ལྔ་བཅུའོ་ 1-1-446 ཞེས་རྟོགས་པར་བྱའོ། །སྔར་ལེའུ་དང་པོར། མདའ་རྣམས་ཚེས་ཀྱིས་བསྒྱུར་བའི་དཔག་ཚད་སྟོང་ཕྲག་རྣམས་ནི་ཕྱོགས་ཀྱི་བགྲོད་ པ་དག་ལ་འགྲོ་བར་བྱེད། །ཅེས་གསུངས་པ་ནི། གདུང་བར་བྱེད་པ་འགྲོ་བའི་དབང་དུ་མཛད་ལ། འདི་ནི་ཉི་མའི་དཀྱིལ་འཁོར་ ཉིད་ཀྱི་དབང་དུ་མཛད་པ་སྟེ་འདིས་ནི་གདུང་བྱེད་ཀྱི་ཕྱོགས་གཅིག་ནས་ཕྱོགས་གཞན་གྱི་བར་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ ལྔ་དང༌། ཁོར་ཡུག་ཏུ་སྟོང་ཕྲག་བདུན་ཅུ་རྩ་ལྔར་ཁོང་དུ་ཆུད་པར་ཡང་ནུས་སོ། །ལྷག་མ་གང་དུ་གོ་ལ་ཞེས་སོགས་ནི་རྟོགས་པར་ བླའོ། །ལེའུ་དང་པོའི་ཚིགས་བཅད་ལྔ་བཅུ་རྩ་གསུམ་པའི་འགྲེལ་པར། ཤར་དང་ནུབ་འཁོར་བ་ནས་ཏེ་གསལ་བར་ལེའུ་ལྔ་པ་ ལས་བརྗོད་པར་བྱའོ། །ཞེས་ཁ་འཕངས་པ་དེ་འདི་ཡིན་མོད་ཀྱི་ཕྱིས་ཀྱི་འགྱུར་ལ་ཆད་དོ། །གྱི་ཇོ་དང༌། རྨའི་འགྱུར་ལ་ནི་ཡོད་དོ་ ཞེས་གསུངས་སོ། །)སྐབས་འདི་ཉིད་དུ་གྱི་ཇོའི་འགྱུར་ལས། བ་ཚྭའི་རྒྱ་མཚོའི་ཆ་གསུམ་དུ། །ཉིན་ མོར་བྱེད་པ་འགྲོ་འགྱུར་ཏེ། །ལྷོ་དང་དེ་བཞིན་བྱང་དུ་སྟེ། །ཏི་སེ་ཡི་ནི་མཐར་ཐུག་པར། །ཉི་ མ་ཡི་ནི་བགྲོད་པར་འགྱུར། །དཔག་ཚད་སྟོང་ཕྲག་ལྔ་བཅུའོ། །མེ་དང་ནམ་མཁའི་ཆུ་ཚོད་ རྣམས། །ཉིན་མོ་དང་ནི་མཚན་མོ་རྒྱུ། །གང་དུ་འཁོར་ལོའི་ཕྱེད་རི་མོར། ཁྲི་ཕྲག་ལྔ་ལས་ སོགས་ཐོབ་ནས། །ཉིན་དང་ཉིན་ལས་དོར་བར་འགྱུར། །ཟླ་བ་ཀླུ་དང་མིག་གི་ཆས། །ཞེས་ འབྱུང་ངོ༌། ། མ་ཕྱི་འབྲས་སྤུངས་དཔེ་རྙིང༌། 1-1-447 ༄༅། །འཆི་ཁའི་བར་དོའི་ངོ་སྤྲོད་ཁྱད་འཕགས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་ལོ་ཀེ་ཤྭ་ར་ཡ། འཆི་ཁའི་བར་དོའི་ངོ་སྤྲོད་ཁྱད་འཕགས་ཞེས་བྱ་བ། བླ་མ་ དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འགྲོ་ཀུན་འཆི་བའི་དུས་ཀྱི་ཚེ། །རྣལ་འབྱོར་ མགོན་པོ་མ་གཏོགས་པ། །འཁྲུལ་སྣང་འཇིགས་སྐྲག་སྐྱོབ་པའི་ཐབས། །བར་དོའི་ངོ་སྤྲོད་ ཁྱད་འཕགས་འདི། །ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཡི། །བཀའ་བཞིན་ལེགས་པར་འབྲི་བར་བྱ། ། དེ་ཡང་འདི་ལ་ཐབས་གཉིས་ཏེ། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དུ་ རྣམ་ཤེས་ཚངས་བུག་ཏུ་བཏོན་པ་དང༌། ནང་དབུགས་ཆད་ནས་བར་དོའི་ངོ་སྤྲོད་བསྟན་པའོ། ། དང་པོ་ལ་གཉིས་ལས། འབྱུང་བཞི་དང་དབང་པོ་ཐིམ་སྡུད་ཀྱི་རིམ་པ་དང༌། འཆི་ཀར་ རྣམ་ཤེས་འདྲེན་པའི་ཚུལ། དང་པོ་འབྱུང་བཞི་དང་དབང་པོ་ཐིམ་སྡུད་ཀྱི་རིམ་པར་བཤད་པ་ ནི། ཁོ་བོས་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ། ། གཉིས་པ་ནི། ཕལ་བའི་སེམས་ཅན་གང་ཡང་རུང་བ་ནི་འཆི་བའི་ཚེ། ཕྱི་དབུགས་ཆད་ པའི་དུས་སུ་ཁོག་སྨད་ལ་རེག་པར་མི་བྱ། འཕོ་བའི་རིལ་བུ་ཚངས་བུག་ཏུ་བྱུག་ཅིང་གཟུངས་ སྔགས་ཁྱད་པར་ཅན་བཟླའོ། །སྐྲ་ལ་འཐེན། རྭ་ཅན་ཡིན་ན་རྭ་བར་བརྡུང༌། དེ་ཡང་རྣམ་ ཤེས་ཚངས་བུག་ནས་ཐོན་པའི་རྟགས་སུ་ཟིལ་བའམ། རླང་པའམ་ཚ་བ་འབྱུང༌། དེ་ཡིན་ 1-1-448 ན་མཚམས་མེད་པ་ལྔ་བསགས་པ་ཡང་ལན་ཅིག་ལྷར་སྐྱེ་བར་བཤད། ཡང་བཤང་ལམ་ལ་ འཕོས་ན་དགེ་བ་ཅན་ཡིན་ན་ཡང་དམྱལ་བར་འགྲོ་བར་བཤད་དོ། །མཁའ་འགྲོ་མ་བརྟགས་ པའི་རྒྱུད་དུ། རྣམ་ཤེས་རླུང་ལ་ཞོན་ནས་ནི། །འོག་གི་ལམ་དུ་འཕོས་གྱུར་ན། །ཆོས་ལ་ གོམས་པའི་གང་ཟག་ཀྱང༌། །ངན་སོང་དག་ཏུ་སྐྱེ་བར་འགྱུར། །རྣམ་ཤེས་རླུང་ལ་ཞོན་ནས་ ནི། །སྟེང་གི་ལམ་ལ་འཕོས་གྱུར་ན། །སྡིག་ལ་གོམས་པའི་གང་ཟག་ཀྱང༌། །མཐོ་རིས་དག་ ཏུ་སྐྱེ་བར་འགྱུར། །མགྲོན་པོ་ལམ་དུ་ཞུགས་པའི་མི། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། ། ཞེས་གསུངས་སོ། །གཞན་ཡང་སྨིན་མཚམས་སུ་འཕོས་ན་གཟུགས་མེད་ཀྱི་ལྷར་སྐྱེའམ། མིག་ལ་འཁོར་ལོའི་བསྒྱུར་བ། རྣ་བ་ལ་ལྷ་ཚེ་རིང་པོ། སྣ་ལ་གནོད་སྦྱིན། ཁ་ཡི་དྭགས། ལྟེ་ བར་འདོད་ཁམས། ཆུ་སོ་དུད་འགྲོ། བཤང་ལམ་དུ་དམྱལ་བར་སྐྱེ་བར་གསུངས་པའི། རྡོ་རྗེ་ མཁའ་འགྲོའི་རྒྱུད་ལས། དུས་ལ་བབ་ན་འཕོ་བར་བྱ། །དུས་མིན་ལྷ་རྣམས་གསོད་པར་བྱེད། ། ལྷ་རྣམས་གསོད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་བསྲེག་པར་འགྱུར། །དེ་བས་འཆི་ བའི་མཚན་མ་ནི། །མཁས་པས་འབད་དེ་ཤེས་པར་བྱ། །བློ་དང་ལྡན་པའི་སྦྱོར་བ་བརྩམས། ། སྲོག་ནི་ཆད་པའི་དུས་དག་ཏུ། །ཡང་དག་སྦྱོར་བས་མཉན་པར་གྱིས། །ལམ་བཟང་ལ་ནི་ ཡིད་འོང་གནས། །ལམ་མིན་གྱིས་ནི་སྲིད་དུའང་སྐྱོན། །ཞེས་དང༌། གདན་བཞིའི་རྒྱུད་ལས། དུས་ལ་བབ་ན་འཕོས་བྱ་སྟེ། དུས་མིན་ལྷ་ནི་གསོད་པའོ། །དེ་ནས་འཆི་རྟགས་བྱུང་ནས་ནི། ། བློ་དང་ལྡན་པའི་སྦྱོར་བ་བརྩམས། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཉོན་ཅིག་ལྷ་མོ་སྒྱུ་མ་ ཆེ། །དགེ་བའི་སྒོ་ནས་འགྲོ་བ་དང༌། །གང་གི་ལམ་ནས་འགྲོ་བ་ཡིས། །ཐར་པའི་དངོས་གྲུབ་ རབ་སྟེར་བས། །མཚན་དང་ཐུན་མོང་བྱེ་བྲག་རྣམས། །མདོར་བསྡུས་ནས་ནི་བཤད་པར་བྱ། ། ལྟེ་བ་ནས་ནི་འདོད་ཁམས་ལྷ། །ཐིག་ལེའི་གཟུགས་ཅན་མཐོ་རིས་ཏེ། །སྟེང་ནས་འགྲོ་བའི་ ས་སྟེང་ན། །མྱུར་དུ་འགྲོ་བ་བྱེད་པར་འགྱུར། །སྣ་ནས་གནོད་སྦྱིན་གནས་སྐྱེའོ། །རྣ་བ་དག་ 1-1-449 ལ་མི་འམ་ཅི། །གལ་ཏེ་མིག་ལའང་ཡེ་ཤེས་སྐྱེ། །མི་རྣམས་ཀྱིས་ནི་བདག་པོར་འགྱུར། །སྲིད་ པའི་སྒོ་ནས་ཡི་དྭགས་ཏེ། །དེ་བཞིན་ཆུ་ལམ་དུད་འགྲོ་སྟེ། །ཆུ་མིན་གྱིས་ནི་དམྱལ་བར་འགྲོ། ། ཐར་པའི་ལམ་ནས་གནས་སུ་འགྲོ། །ཞེས་གསུངས། ཚངས་བུག་ལ་འཕོ་བ་ཐིམ་མོ། ། གཉིས་པ་ནི། ནང་དབུགས་ཆད་པའི་ཚེ། བེམ་རིག་བྲལ་ནས་བར་དོའི་སྐབས། ཆེ་གེ་མོ་ ཞེས། རང་རང་གི་མིང་ནས་འབོད། འོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་ འདས་པ་ཆེ་གེ་མོ་ཁྱོད་གར་འདུག་ང་ཡི་དྲུང་དུ་ཚུར་ཤོག །ཅེས་བརྗོད་ལ། ཆེ་གེ་མོ། ཁྱོད་ལ་ ངས་གྲོས་འདེབས་ཀྱི་ཚིག་འདི་གུས་པར་ཉོན་ཅིག །ཆེ་གེ་མོ། ཁྱོད་ཤི་ནས་བར་དོར་ཐོན་པ་ ཡིན། དེའི་རྟགས་སུ་ཅི་འདྲ་ཡོད་ཅེ་ན། འདི་ལྟ་སྟེ། ལུས་ཀྱི་གྲིབ་མ་མེད་པ་དང༌། ས་རྡོ་རི་ བྲག་ལ་ཐལ་བུད་དུ་འགྲོ་བ་དང༌། རིག་པ་དགུ་འགྱུར་ལས་གསལ་བ་དང༌། མངོན་ཤེས་ཅུང་ ཟད་འཆར་བ་དང༌། ཉེ་འབྲེལ་དང་ངོ་ཤེས་ལ་སྨྲ་ཡང་ལན་མི་འདེབས་པ་དང༌། རང་དབང་ མེད་པར་སྐྲག་པ་སྟེ། ཚུལ་དེ་ལྟ་བུའི་སྣང་བ་བྱུང་ན། ཁྱོད་ཤི་ནས་བར་དོ་ན་ཐོན་པའི་རྟགས་ ཡིན་པའི་ངོ་ཤེས་གྱིས་ཤིག །ད་ང་བར་དོ་ན་སླེབ་པར་འདུག་ད་རེད་སྙམ་པའི་དྲན་པ་ལེགས་ པར་གྱིས་ཤིག །དེ་ཡང་བླ་མ་དང་དཀོན་མཆོག་གསུམ་དྲན་པ་གལ་ཆེ། འོ་གཞན་ཡང་ཁྱོད་ ལ་བར་དོ་ན་ཡོད་པའི་རྟགས་སུ། ད་སྔ་མན་ངག་ཟབ་མོ་སེམས་རྒྱུད་ལ་མ་སྦྱངས་པའི་རྐྱེན་ གྱིས་རང་སེམས་འཁྲུལ་བའི་དབང་གིས་ཤིན་ཏུ་འཇིགས་ཤིང་སྐྲག་པའི་སྣང་བ་དང༌། སོད་ སོད་རྒྱོབ་རྒྱོབ་ལ་སོགས་པའི་སྒྲ་མི་སྙན་པའི་སྒྲ་སྣ་ཚོགས་ཐོས་པ་དང༌། སྔར་མཐོང་མ་མྱོང་ བའི་གཤིན་རྗེའི་ཕོ་ཉ་འཇིགས་པའི་གཟུགས་ཅན་འཇིགས་སུ་རུང་བ་སྣ་ཚོགས་པ་དང༌། གཞན་ཡང་སྲིན་པོ་དང༌། ཤ་ཟ་དང༌། བདུད་མ་རུང་བའི་གཟུགས་ཅན་མང་པོའི་མཚོན་ཆ་ སྣ་ཚོགས་ཕྱག་ན་བསྣམས་པས་འདེད་པ་བྱུང་ན་ཁྱོད་བར་དོ་ན་ཡོད་པའི་རྟགས་སུ་ངོ་ཤེས་ པར་གྱིས་ཤིག །འཇིགས་པའི་གཟུགས་ཅན་དེ་རྣམས་ལ་མ་སྐྲག་ཅིག །རང་སེམས་འཁྲུལ་ 1-1-450 བའི་དབང་གིས་དེ་དག་འཆར་བ་ཡིན་པས། འཇིགས་པའི་གཟུགས་བརྙན་དེ་དག་ཡི་དམ་ གྱི་ལྷ་ཡིན་པས་ངོ་ཤེས་པར་གྱིས་ཤིག །འོ་གཞན་ཡང་བར་དོར་ཕྱིན་པའི་རྟགས་སུ་རི་བོ་ ཆེན་པོ་ཙམ་གྱིས་སེང་གེ་དང༌། སྟག་གཟིག་ལ་སོགས་པ་གཅན་གཟན་སྣ་ཚོགས་པས་མཆེ་ བ་གཙིགས་ཤིང་སྡེར་མོ་བགྲད་པ་དང༌། བྲག་རི་ཆེན་པོ་བརྙིལ་བ་དང༌། ས་གཞི་ཆུས་ཁེངས་ པ་དང༌། ནམ་མཁར་མེ་འཁྲུགས་པ་དང༌། ཕྱོགས་བཅུར་རླུང་ཆེན་པོས་ཁྱེར་བ་ལ་སོགས་པ་ འཇིགས་སྐྲག་སྣ་ཚོགས་འབྱུང་ན་བར་དོར་ཡོད་པའི་རྟགས་ཡིན་པས་ངོ་ཤེས་པར་གྱིས་ཤིག ། དེ་རྣམས་མ་སྐྲག་ཅིག །ཅིར་སྣང་ཐམས་ཅད་རང་སེམས་ཡིན་པས། དཔེར་ན་རང་གི་གྲིབ་ མ་ལ་རང་སྐྲག་ལྟར་མ་སྐྲག་ཅིག །རང་སེམས་འཁྲུལ་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག ། འོ་གཞན་ཡང་བར་དོར་ཡོད་པའི་རྟགས་སུ་མ་ངེས་པའི་རྟགས་སྣ་ཚོགས་འཆར་ཏེ། སྔོན་ མཐོང་མ་མྱོང་བའི་ཡུལ་ཆེན་པོ་དང༌། གྲོང་ཁྱེར་སྣ་ཚོགས་པར་ཕྱིན་པ་དང༌། མིའི་རིགས་ སྣ་ཚོགས་མཐོང་བ་དང༌། གྲོགས་སྣ་ཚོགས་པ་དང་འགྲོགས་པ་དང༌། བྱ་རིགས་དང་སེམས་ ཅན་སྣ་ཚོགས་པ་མཐོང་བ་ལ་སོགས་པ་འཁྲུལ་སྣང་སྣ་ཚོགས་སུ་འཆར་བ་དང༌། བཟང་པོ་ ལ་མ་ཆགས་མ་ཞེན། ངན་པ་ལ་མ་སྡང་མ་གཤེ ། འཛིན་མེད་དུ་སེམས་ཀློད་ལ་བླ་མ་ཡི་དམ་ དྲན་པ་གལ་ཆེ། འོ་གཞན་ཡང་དམྱལ་བའི་འཇིག་རྟེན་ལྕགས་སྲེག་གི་ས་གཞི། ཁབ་རྩེའི་རི། ཤལ་མ་རིའི་སྡོང་པོ་ལ་སོགས་པ་དམྱལ་བའི་བྱེ་བྲག་སྣ་ཚོགས་དང༌། ཡི་དྭགས་ཀྱི་གྲོང་ཁྱེར། བྱོལ་སོང་གི་གླིང་སྣ་ཚོགས་པ་མཐོང་ན། རང་སེམས་བདུད་ཀྱི་ཡོ་ལང་ཡིན་པས་དེ་རྣམས་ལ་ མ་སྐྲག་ཅིག །སྤྱོད་འཇུག་ལས། ཇི་ལྟར་འཇིགས་པ་ཐམས་ཅད་དང༌། །སྡུག་བསྔལ་དཔག་ ཏུ་མེད་པ་ཡང༌། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུངས་པ་ཉིད་ཀྱིས་བསྟན། ། ཞེས་དང༌། དྲན་པ་ཉེ་བར་གཞག་པའི་མདོ་ལས་ཀྱང༌། སེམས་ནི་དགྲ་དང་དགྲ་ཆེན་པོ། ། སེམས་ལས་གཞན་པའི་དགྲ་མེད་དོ། །གཙུབ་ཤིང་རང་གིས་རང་བསྲེགས་ལྟར། །དེ་བཞིན་ 1-1-451 སེམས་ཀྱིས་བདེ་བ་བསྲེག །ཅེས་གསུངས་པ་ལྟར། རྣམ་རྟོག་མ་རིག་པའི་སེམས་འདིས་ གཞི་མེད་ཀྱི་འཇིགས་སྐྲག་སྣ་ཚོགས་པ་ལས་སྦྱོར་བའི་དེའི་དོན་རྟོགས་ཤིག །འོ་གཞན་ཡང་ བར་དོའི་དུས་སུ་རིག་པ་གཅོམ་ཆུང་ཞིང་འགྱུར་སླ་བ་དང༌། སེམས་ཆགས་སྡང་གི་དབང་དུ་ ཡེ་མ་སོང་བར་བྱམས་སྙིང་རྗེ་དྲན་པ་གལ་ཆེ། བར་དོ་ལ་བར་དོའི་ངོ་ཤེས་པ་གལ་ཆེ། བླ་ མའི་མན་ངག་དྲན་པ་གལ་ཆེའོ། །གཞན་ཡང་བར་དོའི་དུས་སུ་ཉེ་འབྲེལ་རྣམས་ཀྱིས་བརྩེ་ བའི་སྒོ་ནས་འབོད་དེ་ཚུར་ཤོག །ཟས་སྣ་ཚོགས་དང་གོས་སྣ་ཚོགས་བྱིན་ཟེར་བ་ལ་ཆགས་ ཞེན་གྱི་དབང་གིས་དེའི་གནས་སུ་མ་འགྲོ། གལ་ཏེ་དེར་སོང་ན་གཤིན་རྗེའི་ཕོ་ཉར་གྱུར་ནས་ སྡུག་བསྔལ་ཆེན་པོ་ལས་སྦྱོར་ཞིང༌། ངན་འགྲོར་སྐྱེ་བའི་རྒྱུ་བྱེད་པ་ཡིན་པས་དེ་ལ་ངོ་ཤེས་ པར་གྱིས་ཤིག །འོ་གཞན་ཡང་བར་དོའི་དུས་སུ་ཁྱོད་ཤི་ནས་ཤི་བའི་ངོ་མ་ཟིན་པས། ད་ ལྟ་སྔར་བཞིན་ང་གསོན་པོར་ཡིན་སྙམ་ནས་ངའི་ཁྱིམ་འདིར་འདུག་མི་འོས་པ་མང་པོ་བྱས། ཟས་མི་འོས་པས་ཟ། ཀབ་ཅ་ཁྱེར་མི་འོས་པས་ཁྱེར། གཏམ་མི་འོས་པས་གཏམ། ཉེ་འབྲེལ་ རྣམས་མཁུན་ཞིང་ངུ༌། ཚུལ་དེ་ལྟ་བུའི་སྣང་བ་འབྱུང་ན། ཁྱོད་བར་དོ་ན་ཡོད་པའི་རྟགས་ཡིན་ པས། དེའི་ཕྱིར་དུ་ཚིག་འདིས་ངོ་སྤྲོད་བྱ་བའི་སྙིང་གཏམ་ཡིན་པས་ཉོན་ཅིག །འོ་ན་ཆེ་གེ་མོ་ ཁྱོད་ཤི་བས་ངོ་ཤེས་པར་གྱིས་ཤིག །ཆགས་འཛིན་ཐམས་ཅད་བློས་ཐོང་ཞིག །ཁྱོད་ཤི་ནས་ བར་དོར་ཡོད་པའི་ཞེན་ཆགས་བྱས་ཀྱང་ཕན་པ་ཅུང་ཟད་ཙམ་མི་འོང་བས་ཅི་བྱེད་ཐམས་ ཅད་གཞན་ཤེས་སུ་ཆུག །ཟས་ནོར་ཉེ་འབྲེལ་ཁྱོད་ཀྱི་རྗེས་སུ་མི་འབྲང་བས་འཛིན་པ་གཏད་ ནས་ཐོང་ཞིག །ད་ནི་འཇིགས་སྐྱོབ་བྱེད་མཁན་སུ་ཡང་མེད་པས་བླ་མ་ཡི་དམ་དཀོན་མཆོག་ གསུམ་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་འདིར་སྤྱན་དྲངས་ནས་ཡོད་པས། དེ་རྣམས་ ལ་སྐྱབས་སུ་འགྲོ་བས་བསམ་པ་རྣམ་དག་གི་སྒོ་ནས་སེམས་རྩེ་གཅིག་ཏུ་གྱིས་ལ་དམིགས་ པ་འདི་བཞིན་དུ་མཛོད་ཅིག །འོ་མདུན་དུ་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ 1-1-452 རྒྱན་རྟ་བབས་དང་བཅས་པའི་དབུས་སུ་རིན་པོ་ཆེའི་ཁྲི་གླང་ཆེན་བརྒྱད་ཀྱིས་ཉེ་བར་བཏེག་ པ་པདྨ་དང་ཟླ་བ་དར་སྣ་ཚོགས་ཀླུབ་པའི་སྟེང་དུ། སངས་རྒྱས་མི་འཁྲུགས་པ་སྐུ་མདོག་ནམ་ མཁའ་གཡའ་དག་པའི་མདོག་ཅན། སྐུ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཞབས་རྡོ་ རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན་གཡོན་མཉམ་བཞག་གི་ཕྱག་རྒྱ་ མཛད་པ། ཆོས་གོས་ངུར་སྨྲིག་གི་ན་བཟའ་གསོལ་བ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་ མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་ མ། ཕྱོགས་མཚམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀྲ་ཕུང་ངེ་འོད་ ཐིབས་སེ་བཞུགས་པར་མོས་ལ། ཁྱོད་རང་གི་ལུས་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་ པར་སྤྲུལ་ནས་ཕྱག་འཚལ་བའི་མོས་པ་གྱིས་ལ། ངེད་ཀྱིས་ཀྱང༌། ཁྱོད་ཀྱི་རོགས་ལྡན་དུ་ཕྱག་ འཚལ་བ་ཡིན་པས་ངེས་ལན་མོ་མཛོད་ཅིག་པར་བརྗོད། མི་འཁྲུགས་པའི་མཚན་བརྗོད། དེའི་ཕན་ཡོན་ནི། དཀོན་མཆོག་ཏཱ་ལ་ལའི་གཟུངས་ལས། འཆི་བའི་དུས་སུ་སངས་རྒྱས་དྲན་ བྱས་ཏེ། །དགའ་བྱེད་རྒྱལ་བའི་སྐུ་གཟུགས་བསྟན་བྱས་ཤིང༌། །འཆི་ཁར་སངས་རྒྱས་སྐྱབས་ སུ་གཏམ་བརྗོད་པ། །སངས་རྒྱས་བསྟན་པའི་འཁོར་ཟེར་ངེས་ཐོབ་བོ། །ཞེས་གསུངས་པས། མཚན་བསྒྲགས་པ་གལ་ཆེ། ཆོས་རྗེ་རིན་པོ་ཆེས་མཛད་པའི་ཀུན་ཁྱབ་མ་དང༌། གཞན་ཡང་ བཤགས་ཚིགས་ཅི་རིགས་བྱ། དེ་ནས་མི་འཁྲུགས་པ་རྣམ་རྒྱལ་ལ་སོགས་པའི་གཟུངས་ སྔགས་ཤེས་ཚད་བརྗོད་ལ་བྱེ་མ་དང༌། ཡུངས་ཀར་གྱིས་བྲབ་ཅིང་བར་དོར་གྲོལ་བའི་སྨོན་ ལམ་སྣ་ཚོགས་པ། བདེ་བ་ཅན་དུ་སྐྱེ་བའི་བསྔོ་བ་སྨོན་ལམ་ཡང་གདབས། ནཻ་གུ་ཆོས་དྲུག་ ལས། འབྲིང་དང་ཐ་མས་ཆགས་སྡང་སྤངས་བྱས་ནས། །རང་གི་མོས་གུས་དམིགས་པ་རྩེ་ གཅིག་ཏུ། །གྱེན་དུ་འཕང་ཞིང་བསྔོ་སྨོན་བརྒྱན་པར་བྱའོ། །ཞེས་གསུངས་སོ། །མཐར་ ཕཊ་སྒྲ་དང་བཅས་པའི་ཞིང་ཁམས་མངོན་པར་དགའ་བའམ། ནུབ་ཕྱོགས་བདེ་བ་ཅན་འོད་ 1-1-453 དཔག་མེད་པའི་ཞབས་དྲུང་དུ་རྣམ་ཤེས་སྤར་རོ། ། ན་མོ་ལོ་ཀེ་ཤྭ་ར་ཡ། ནུབ་ཕྱོགས་རྒྱལ་བའི་ཞིང་ཁམས་བདེ་བ་ཅན། །དེར་བཞུགས་ རྫོགས་པའི་སངས་རྒྱས་འོད་དཔག་མེད། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས། ། རྒྱལ་བ་སྲས་བཅས་བདག་ལ་དགོངས་སུ་གསོལ། །འགྲོ་ཀུན་ཚེ་ཟད་རི་གཟར་འབབ་ཆུ་ བཞིན། །སྐད་ཅིག་མི་སྡོད་འཆི་བདག་གནས་སུ་འགྲོ། །སྔོན་ལས་འཕྲལ་རྐྱེན་འཛོམ་པའི་ ནད་ཀྱིས་ཐེབས། །འཆི་བའི་ལམ་ཞུགས་ཚེ་ན་ཐུགས་རྗེས་ཟུངས། །བ་སྤུ་གྱེན་ལང་བཤང་ གཅི་མལ་དུ་འཆོར། །ཟས་སྐོམ་ཞེན་ལོག་སྐོམ་གྱི་སྲེད་པ་འཕེལ། །ལུས་སྐྱོད་མི་ནུས་སེམས་ ལ་ཀྱ་ཀྱུ་མང༌། །མི་བཟད་སྡུག་བསྔལ་གདུང་ཚེ་ཐུགས་རྗེས་ཟུངས། །ལུས་པོ་ཤ་ཞུམ་པགས་ པའི་མདངས་ཀྱང་ཉམས། །དཔྱི་རྡོལ་རོ་ཉལ་མལ་ནས་ལྡང་མི་ནུས། །སྐྲ་འཛིངས་སྐད་འདར་ མགོ་བོ་འཁྱོག་པ་དཀའ། །འཆི་བའི་སྡུག་བསྔལ་བྱུང་ཚེ་ཐུགས་རྗེས་ཟུངས། །རིག་རིག་མིག་ གཉིས་གྱེན་བསྒྲད་དཀར་ཤེས་ཆེ། །ངར་ངར་དབུགས་ཀྱི་འཕྲེང་བ་ཕྱིར་འགྲོ་དང༌། །སྟན་ འཇམ་རྩུབ་ཅིང་ལུས་ལ་དྲི་ངན་བྲོ། །གཞན་གྱིས་ཞེན་པ་ལོག་ཚེ་ཐུགས་རྗེས་ཟུངས། །ས་ རླུང་ཆུ་ལ་ཐིམ་ཚེ་ལུས་པོ་ཉམས། །དུ་བ་འཚུབ་མ་ལྟ་བུའི་འཇིགས་པ་འཆར། །འཁྲུལ་སྣང་ ངོ་ཤེས་དྲན་ངོ་ཟིན་གྱུར་ནས། །སངས་རྒྱས་རིན་ཆེན་འབྱུང་ལྡན་ཞལ་མཐོང་ཤོག །ཆུ་རླུང་ ནུས་པ་མེ་ལ་ཐིམ་པའི་ཚེ། །ཁ་སྣ་སྐམ་ཞིང་སོ་གཙིགས་ལྕེ་དབང་འཁུམ། །འཇིགས་རུང་ཆུ་ ཡིས་ཁྱེར་བའི་སྣང་བ་འཆར། །སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཤོག །མེ་ཁམས་ ནུས་པ་རླུང་ལ་ཐིམ་པའི་ཚེ། །ལུས་ཀྱི་དྲོད་ཡལ་རྩ་ཁམས་མཐའ་ནས་སྡུད། །སྟོང་གསུམ་མེ་ ལྕེས་ཁྱབ་པའི་སྣང་བ་འཆར། །སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་ཤོག །རླུང་གི་ ནུས་པ་མཁའ་ལ་ཐིམ་པའི་ཚེ། །ཕྱི་ནང་རླུང་གཡུག་འདེད་པའི་སྣང་བ་འཆར། །ཕྱི་དབུགས་ ཆད་ཅིང་བཤང་གཅི་སྟན་ལ་འཆོར། །སངས་རྒྱས་དོན་ཡོད་གྲུབ་པའི་ཞལ་མཐོང་ཤོག ། 1-1-454 མཁའ་ཁམས་འོད་གསལ་དབྱིངས་སུ་ཐིམ་པའི་ཚེ། །གཡའ་དག་མཁའ་ལ་གཡེང་བའི་སྣང་ བ་འཆར། །དེ་ཚེ་བླ་མའི་མན་ངག་དྲན་མ་ཐག །སངས་རྒྱས་རྣམ་པར་སྣང་མཛད་ཞལ་མཐོང་ ཤོག །ཐིག་ལེ་གཉིས་དང་རིག་པ་སྙིང་ཁར་འདུས། །རང་བཞིན་འོད་གསལ་རབ་འབྱམས་ འཆར་བ་ལ། །རྒྱུས་མེད་སྐྲག་ནས་བདུད་དང་གཤིན་རྗེར་མཐོང༌། །རང་སེམས་དགྲ་རུ་ལང་ ཚེ་ཐུགས་རྗེས་ཟུངས། །ནང་དབུགས་ཆད་ཚེ་ཁ་སྣར་ཉི་རྡུལ་འབབ། །བེམ་རིག་བྲལ་ནས་ རྣམ་ཤེས་བར་དོར་ཕྱིན། །འདྲིས་མེད་ཡུལ་དུ་རྒྱུས་མེད་སྐྱེ་བུ་འཁྱམས། །འཇིགས་སྐྲག་ སྣ་ཚོགས་འཆར་ཚེ་ཐུགས་རྗེས་ཟུངས། །བར་དོའི་འཕྲང་ལམ་དོག་མོར་གཅིག་བུར་འགྲོ། ། གཤིན་རྗེས་ཁྲིམས་དེར་དགེ་སྡིག་ཤན་ཕྱེས་ནས། །དགེ་མེད་སྡིག་ཅན་ངན་འགྲོར་འཁྲིད་ པའི་ཚེ། །ཐུགས་རྗེས་ཟུངས་ཤིག་རྒྱལ་བ་འོད་དཔག་མེད། །ལམ་སྣ་དྲོངས་ཤིག་མགོན་པོ་ སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་རྒྱལ་སྲས་མཐུ་ཆེན་ཐོབ། །དགེ་བ་འདི་ཡིས་ འགྲོ་བ་མ་ལུས་པ། །བར་དོ་ཉིད་དུ་བར་དོར་ངོ་ཤེས་ནས། །བླ་མའི་མན་ངག་ཟབ་མོ་དྲན་མ་ ཐག །འཁྲུལ་སྣང་རྩད་ནས་ཆོད་པར་བྱིན་གྱིས་རློབས། །ཀྱི་བར་བརྗོད། བར་དོར་ངོ་སྤྲོད་ ཁྱད་འཕགས་འདི། །རྨ་བྱའི་མགྲིན་ལྟར་སྔོ་ལྗང་བ། །ཆུ་བོ་ལ་འབབ་གཙང་པོའི་འགྲམ། །རི་ རྩེ་མཁའ་ལྟར་སྔོ་བའི་ཞལ། །རྙེད་པར་རྫ་རྡོ་ཁྲ་བོ་ཡིས། །རུས་རྒྱན་མདངས་ལྡན་བཀོད་འདྲ་ བའི། །མདུན་རོལ་བྲག་རི་དཀར་པོ་ནི། །སེང་གེ་ནམ་མཁར་མཆོང་འདྲའི་མགུལ། །ལྷ་དང་ བཅས་པའི་འགྲོ་བའི་དཔལ། །སྐུ་འབུམ་ཆེན་མོའི་བཞུགས་པའི་གནས། །སྔགས་སྐྱེས་ཡེ་ ཤེས་མཁའ་འགྲོ་མས། །བྱིན་གྱིས་བརླབས་པའི་ཇོ་ནང་དུ། །སྐྱབས་མགོན་ཆོས་རྗེའི་གཟིམ་ ཁང་ནི། བདེ་བ་ཅན་དུ་གྲགས་པར་བཀོད། །དགེ་བ་སེམས་ཅན་མ་ལུས་པ། །འཆི་ཁར་ཕན་ པའི་ངོ་སྤྲོད་འདི། །འཆི་བའི་ལམ་ཞུགས་སེམས་ཅན་ལ། །འཁྲུལ་སྣང་མ་ལུས་རབ་གསལ་ ནས། །དག་སྣང་སངས་རྒྱས་ཞལ་མཐོང་ཤོག །ཐ་མལ་པ་འཆི་ཁའི་ངོ་སྤྲོད་ཁྱད་འཕགས་ 1-1-455 ཞེས་བྱ་འདི་ཡང༌། བླ་མ་ཟར་ཁང་བཀྲ་ཤིས་བཟང་པོའི་བཀས་བསྐུལ་ནས། མཁས་མཆོག་ ཆོས་གྲགས་དཔལ་བཟང་པོའི་ཆུ་ཕོ་རྟའི་ལོ་ཆུ་སྟོད་ཟླ་བའི་ཚེས་བཞིར་སངས་རྒྱས་བྱང་ ཆུབ་སེམས་དཔའི་རྣམ་འཕྲུལ་ཆོས་རྗེ་ཁྱད་འཕགས་མང་པོས་ཞབས་ཀྱིས་བཅགས་པའི་ས། སྒྲུབ་གནས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བཀོད་པའོ།། །།སརྦ་མངྒ་ལཾ། ། མ་ཡིག་འཛམ་ཐང་ཡིག་རྙིང་བྲིས་མ་ཞིག་རེད། 1-1-456 ༄༅། །རྣལ་འབྱོར་པ་འཆི་ཁའི་འོད་གསལ་འཆར་བའི་ ངོ་སྤྲོད་ཟབ་མོ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡེ། རྣལ་འབྱོར་པ་འཆི་ཁའི་འོད་གསལ་འཆར་བའི་ངོ་སྤྲོད་ ཞེས་བྱ་བ། བླ་མ་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། ། ལྟ་སྤྱོད་སྒོམ་གསུམ་ཚད་ལས་མ་ནོར་བའི། །ཆུ་བོའི་རྒྱུན་བཞིན་བསྒོམ་པའི་རྣལ་འབྱོར་ པ། །རབ་འབྲིང་ཐ་གསུམ་འཆི་ཁའི་འོད་གསལ་གྱི། །ངོ་སྤྲོད་མན་ངག་ཟབ་མོ་ཅུང་ཟད་བྲི། ། དེ་ལ་ཐོས་བསམ་དང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་མཐོན་པོ་ལ་གཉིས་ཏེ། ཀུན་སྤངས་ཀྱི་རྣལ་འབྱོར་པ་དང༌། འཁོར་ལྡན་གྱི་རྣལ་འབྱོར་པའོ། །དང་པོ་ཀུན་སྤངས་ཀྱི་ རྣལ་འབྱོར་ནི། ས་ཕུག་གམ། བྲག་ཕུག་གི་གནས་སུ་ཡོད་པས། སུས་མ་ཚོར་བར་ཤི་ནས་ དཀྱིལ་ཀྲུང་མ་ནུས་པས། སེང་གེ་ལྟ་བུར་ཉལ་བ་དེ། ཕྱི་དབུགས་ཆད་པར་སྣང་ན་ཡང་མི་ བསླང༌། གདུང་ཆོས་མི་བྱ། ཤམ་བྷ་ལའི་ཁྱད་ཆོས་མི་ཤེས་པ། ཟབ་མོའི་མན་ངག་དང་མི་ ལྡན་པའི་གང་ཟག་རྒྱུས་མེད་ཀྱི་རིགས་ཅན་གྱི་བལྟ་རུ་མ་བཅུག །ལུད་པ་ཅན་དང༌། དམེ་ གྲིབ་ཅན་དང༌། བུད་མེད་ལྟ་ཞོག །ངོ་སྤྲོད་དང༌། ཆོ་ག་དང༌། དབང་བསྐུར། ལྷ་ཆ་ལ་སོགས་ གཡེང་འཚེ་མེད་པར་ཉེ་ར་ལེགས་པར་བྱའོ། ། གཉིས་པ་ནི། འཁོར་ལྡན་གྱི་རྣལ་འབྱོར་པ་ལ་ཡང༌། འཆི་རྟགས་ཚང་ནས། ཆགས་ 1-1-457 ཞེན་སྐྱེ་བའི་དངོས་པོ་ཐམས་ཅད། ཡར་བླ་མ་དང་དཀོན་མཆོག་མཆོད། བར་དགེ་འདུན་པ་ ལ་གཏོང༌། མར་སེམས་ཅན་ལ་སྦྱིན་པར་བཏང་ནས། མ་ཤི་བའི་གོང་དུ་འོད་གསལ་ལས་ རབ་འབྱམས་འཆར་དུ་ཡོད་པས། ངོ་སྤྲོད་ལེགས་པར་དྲན་པ་གསོ་བར་བྱའོ། །འཕོ་བ་ཁྱད་ འཕགས་ལས། འཆི་ཁར་ཐོབ་པར་བྱེད་པའི་གདམ་ངག་གཅེས། །དེ་ལས་སྡིག་སྤོང་དགེ་བ་ བསྒྲུབ་པ་ཡིས། །དམ་ཚིག་མ་ཉམས་ཞེན་ཆགས་མེད་པ་གཅེས། །དེ་ཡང་འཆི་ཁའི་གོང་དུ་མ་ བསྒོམས་ཀྱང༌། །འོད་གསལ་རབ་འབྱམས་ཅི་ཞིག་ལྟར་རམ་མཐོང༌། །མྱུར་དུ་འཆི་བའི་རྟག་ ཏུ་ཤེས་བྱས་ནས། །ཆགས་ཞེན་སྐྱེ་བའི་དངོས་ཀུན་སྦྱིན་པར་བཏང༌། འདུ་འཛི་ཀུན་སྤངས་ དབེན་པའི་གནས་མཆོག་ཏུ། །ཉམས་རྟོགས་ཅན་གྱི་གྲོགས་དང་བཅས་པའམ། །ཡང་ན་ རང་ཉིད་གཅིག་པུར་གནས་བཅས་ནས། །རིག་པ་ཆོས་སྐུའི་དབྱིངས་སུ་འཕོ་བ་ལ། །དགའ་ ཞིང་སྤྲོ་བའི་ངང་ནས་འདི་ལྟར་བསམ། །འོད་གསལ་ཆོས་སྐུ་རྣམ་པ་ཐམས་ཅད་པའི། །རྣམ་ པ་ཅུང་ཟད་སྔར་ཡངས་མཐོང་མོད་ཀྱི། །རྒྱ་ཆེར་རབ་འབྱམས་ཚད་འདས་མཐོང་བ་མེད། ། ད་ནི་ཚད་འདས་རྩིས་གྲངས་ལས་འདས་པ། །རྣམ་པ་སྣ་ཚོགས་མཐོང་བ་ཉམས་རེ་དགའ། ། རྒྱལ་བའི་སྐུ་དང་འགྲོ་བ་བཟང་ངན་སོགས། །བཟང་ངན་དུ་མར་སྣང་ཡང་བཟང་ངན་མེད། ། ཐམས་ཅད་ཆོས་སྐུའི་རྣམ་པར་རོལ་པ་ཡིན། །དེ་ཕྱིར་གང་ཤར་དེ་ལ་བལྟ་བ་ཙམ། །རེ་ དོགས་སྤང་བླང་དགག་བསྒྲུབ་མི་བྱེད་པར། །སྤྲོས་བྲལ་མཉམ་ཉིད་ངང་དུ་ལྷན་གྱིས་བཞག ། ཅེས་གསུངས་པ་ལྟར་ངོ་སྤྲོད་བྱའོ། ། དེ་ནས་འཆི་ཁའི་དུས་སུ། ཕྱི་དབུགས་མ་ཆད་ཅིང༌། དབང་པོ་ཉམས་པའི་དུས་སུ། རང་ གི་དཀྱིལ་ཀྲུང་མ་ནུས་པ་ལ་བྱེད་དུ་གཞུག་ཅིང༌། ཕྱི་དབུགས་མ་ཆད་བར་དུ་སྐུ་ལུས་བརྟན་ པར་བྱ། དབུགས་ཆད་ཅིང་ལུས་སྲོད་ཡལ་ནས་དལ་བུས་བཏང༌། ཕྱི་ནང་ཡོལ་བས་བཅད་ ཅིང༌། དེ་ཉིད་ཞིང་མཆོག་ཆོས་སྐུ་ཡིན། མཐའ་སྐོར་དུ་མཆོད་པ་འབྱོར་ཚད་བཤམས། སྒོ་ 1-1-458 མ་གྲགས་པ་བསྡམས། དཀྱིལ་ཀྲུང་མ་བྱས་ཀྱང་འགལ་བ་མེད། གསོན་དུས་རྩ་རླུང་འཆིང་ བའི་དོན་ཡིན་ཏེ། ད་ནི་དགོས་པ་མེད། དེ་ལ་འབྱུང་བཞི་ཐིམ་སྡུད་ཀྱི་རྗེས་སུ་དཀར་ཆ་མར་ འབབ། དམར་པོ་ཡར་འོང་ནས། སྙིང་ཁར་འདུས་ནས་ཁ་སྦྱོར་གྱི་གནས་པའི་དབུས་སུ། རིག་པ་འོད་གསལ་ལ་གནས་པའི་རྟགས་ནི། སྐུ་ཤ་རྒྱས་པ་དང༌། གཉེར་མ་མེད་པ་དང༌། དྲི་ མི་ང་བ་དང༌། ཡ་ཡོ་མེད་པར་སྣང་ནས་ངོ་སྤྲོད་ཟིན་པས། དེ་ལ་ངོ་སྤྲོད་དང༌། དབང་བསྐུར་ ལ་སོགས་མི་བྱ། སྔར་གྱི་འཆག་མིན་གྱི་རིམ་པ། གཏོར་སྐད་དང༌། ཚ་ཚ་ཆུ་གཏོར་སྤུར་གྱི་ དྲུང་དུ་མི་བྱ། བྱེད་ན་ལོགས་སུ་བླ་མས་མཛད་པར་བསམ་ལ་རང་གི་བྱའོ། ། འཕོ་བ་ཁྱད་འཕགས་ལས། དྲུང་ན་ཡོད་པས་གཡེང་འཚེ་མ་བྱས་ན། །ཕྱི་དབུགས་ཆད་ ནས་ནང་དབུགས་ཆད་པའི་བར། །ཉིན་ཞག་གསུམ་བཞི་ཡང་ན་ལྔ་དྲུག་སོགས། །འོད་ གསལ་ངང་དུ་བརྒྱལ་བ་བཞིན་དུ་གནས། །སྔོན་དུ་ཆེར་གོམས་ངོ་ཡང་ལེགས་འཕྲོད་ནས། ། རིག་པ་འོད་གསལ་ངང་ལས་ཐིམ་པར་འགྱུར། །མ་ཐིམ་ན་ཡང་གཞན་དུ་ལོ་ཟླ་ནི། །མང་པོ་ འབད་དེ་བསྒོམས་པ་བས་ཀྱང་ལྷག །དེ་ལྟ་བུ་ཡི་རྣལ་འབྱོར་པ་ལ། ནང་རེ་བཞིན་དུ་ཉམས་ རྟོགས་ཅན་གཅིག་གིས་བརྟགས་ནས། དཀར་ཆ་མ་འབབ་པར་ཉ་ར་ལེགས་པར་བྱའོ། །གལ་ ཏེ་རྒྱུས་མེད་ཀྱིས་དེའི་ཐུགས་དམ་གྱི་བར་ཆད་བྱས་ནས་ཉེ་བའི་མཚམས་མེད་དུ་འགྱུར་ རོ། །དེ་བས་རྟགས་མ་བྱུང་བར་ཉ་ར་བྱ། རྟགས་ནི་དབང་མདོར་ལས། སངས་རྒྱས་ཀུན་གྱི་ མཛོད་སྤུ་ལས། དཔྲལ་བར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གནམ་སྟོང་གསང་བ་སྟེ། །གཙུག་ ཏོར་ནོར་བུ་འདི་དག་གོ །ཞེས་གསུངས། བརྟག་གཉིས་ལས། དཔལ་ལྡན་དེ་བཞིན་སྟེང་ དུ་གཤེགས། །དེ་བཞིན་དུ་ཡང་བྱོན་པ་ཉིད། །ཤེས་རབ་ལྡན་པས་འདི་ཡིས་ནི། །དེ་བཞིན་ གཤེགས་པ་མངོན་བརྗོད་བྱ། །ཅེས་དང༌། དྲི་མེད་འོད་ལས། ཞབས་གཉིས་ནོར་བུ་རྡུལ་དང་ ཉི་མ་དང༌། གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཆོད་དབྱེར་མེད་འདོད་ 1-1-459 པ་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱི་མཆོད་པའི་གཙོ་ལ་སྤྱི་བོས་འདུད། །ཅེས་གསུངས་ པ་ལྟར། འདས་རྟགས་ནི་དཀར་དམར་འབབ་ཅིང༌། དབུ་ཡོ་བ་དང༌། དཀྱིལ་ཀྲུང་འཆུག་པ་ སོགས་མ་བྱུང་བར་ཉ་ར་བྱས་ནའང༌། ཤི་གསོན་གཉིས་ཀའི་ཚོགས་འཕེལ་ཏེ། ཁོང་གིས་ ཏིང་ངེ་འཛིན་དུ་བཞུགས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང༌། ཉ་ར་བྱེད་མཁན་ཀྱང་བསོད་ ནམས་ཀྱི་ཚོགས་རྫོགས་པས་ཚུལ་དེ་ཉིད་དུ་འགྱུར་རོ། །རྟགས་དེ་ལྟར་བྱུང་ནའང༌། སྤུར་ལ་ སེམས་ཅན་དད་ལྡན་མཇལ་དུ་བཅུག་པའི་ཕན་ཡོན་ནི། འདི་ལྟ་སྟེ། རྒྱན་སྟུག་པོ་བཀོད་པའི་ མདོ་ལས། འཇམ་དཔལ། ས་ཕྱོགས་གང་ན་ཆོས་སྨྲ་བ་དེ་ཤི་ནས། དེའི་སྤུར་རམ། རོའམ། རོ་བམ་པ་ཞིག་ཡོད་ལ། དེའི་རོ་མཐོང་ནའང༌། མཚམས་མེད་པ་ལྔའི་ལས་རྣམས་འབྱང་ བར་འགྱུར་རོ། །ཆོས་སྨྲ་བ་དེའི་རོའམ། དུར་ཁྲོད་ནས་འདུག་པའི་ཤ་ཟོས་ནས་ཀྱང༌། དེ་ ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །སྤུར་སྦྱངས་ནས་ཉིན་རེ་བཞིན་དུ་བླ་མ་མཆོད་པ་ རྒྱས་པར་བྱས་ལ། བདག་གཞན་དུས་གསུམ་དགེ་བ་རྣམས། །མ་ལུས་གཅིག་ཏུ་བསྡུས་ནས་ ནི། །སྲིད་གསུམ་སེམས་ཅན་བསྒྲལ་བའི་ཕྱིར། །དཔལ་ལྡན་བླ་མ་ཁྱེད་ལ་འབུལ། །ཁྱེད་ཀྱི་ དོན་གཉིས་ཕུན་ཚོགས་ཤིང༌། །དགོངས་པ་ཡོངས་སུ་རྫོགས་པར་ཤོག །འདི་ཡིས་དགེ་བས་ བདག་གཞན་རྣམས། །མྱུར་དུ་རྡོ་རྗེ་འཆང་ཐོབ་ཤོག །གཟུགས་སྐུའི་རྣམ་འཕྲུལ་མཆོད་སྤྲིན་ གྱིས། །རྩ་བའི་བླ་མ་མཆོད་པར་ཤོག །ཞེས་སོགས་ཚོགས་བསྔོ་ཕུལ། རུས་ཆོག་དང་དབང་ བསྐུར་བྱས་ཀྱང་ཉིན་ཚ་ཚ་འདེབས། དགུང་ཞག་ཆོ་ག་ལ་སོགས་གཤེགས་རྫོངས་ཅི་ནུས་ ཕུལ་ལོ། །ཞེས་དབང་པོ་ཤིན་ཏུ་ཡང་རབ་ཀྱི་འཆི་ཁའི་ངོ་སྤྲོད་བྱ་ཚུལ་ལོ། ། གཉིས་པ་དབང་པོ་འབྲིང་ངོ་ཙམ་ལའང༌། སྔོན་དུ་བླ་མ་དམ་པའི་མདུན་དུ་མན་ངག་ ཟབ་མོ་ཐོབ་པས། ཉམས་རྟོགས་རྒྱུད་ལས་ཅུང་ཟད་སྐྱེ་བ་ལས། འཆི་ཁའི་གོང་དུ་ངོ་སྤྲོད་འདི་ 1-1-460 ཡིད་དུ་བཟུང་དུ་བཅུག་ལ། དེ་ཡང་འཆི་བར་འོད་གསལ་སྔོན་བས་རབ་འབྱམས་དཔག་མེད་ འཆར་ནས་ཡོད་པའང་འཆི་བའི་རྟགས་ཡིན་ཏེ། ཆགས་ཞེན་སྐྱེ་བའི་དངོས་པོ་ཐམས་ཅད་ སྦྱིན་པར་བཏང་ལ། ལམ་གྱི་འོད་གསལ་གཞིའི་འོད་གསལ་ལ་ཐིམ་པའི་རྟགས་ལ་སོགས་ པ་ངོ་ཤེས་པ་གལ་ཆེ། དེ་ལ་སོགས་པའི་ངོ་སྤྲོད་བྱ། འཆི་བའི་ཚེ་ནའང་དང་པོ་ཡུལ་ལྔ་ཐིམ་ པ་ནི། ཡེ་ཤེས་མངོན་བྱུང་གི་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བའི་ཚེ། གཟུགས་ནི་སྒྲ་ལ་ ཐིམ་པར་གྱུར། །སྒྲ་ནི་དྲི་རོ་རེག་ལ་ཐིམ། །རེག་བྱ་ཆོས་ལ་ཐིམ་པར་འགྱུར། །ཞེས་གསུངས་ སོ། །དེ་ནས་དབང་པོ་ལྔ་ཐིམ་ཞིང༌། འབྱུང་བ་བཞི་ཐིམ་པ་ནི། གཉིས་མེད་རྣམ་རྒྱལ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལས་ཐིམ་འགྱུར་བས། །རླུང་ ཡང་རྣམ་པར་ཤེས་པར་ཐིམ། །རྣམ་ཤེས་བཟུང་བ་དེ་ཉིད་ནི། འོད་གསལ་བ་ལ་འཇུག་པར་ འགྱུར། །ཞེས་གསུངས་པའི་དབང་པོ་ཡུལ་འབྱུང་བཞི་ཐིམ་དུས་སུ་འོད་གསལ་འཆར་བ་ནི། ཡེ་ཤེས་རོལ་པའི་རྒྱུད་ལས། དང་པོ་སྨིག་རྒྱུ་ལྟ་བུ་སྟེ། དང་པོ་སྨིག་རྒྱུ་དེ་ཉིད་ལས། །འོད་ ཟེར་ལྔ་དང་ལྡན་པ་མཐོང༌། །གཉིས་པ་ཆུ་ཟླ་ལྟ་བུ་དང༌། །གསུམ་པ་ཉི་མ་ལྟ་བུ་དང༌། །བཞི་ པ་མུན་པ་ལྟ་བུ་དང༌། །ལྔ་པ་སྤྲིན་མེད་མཁའ་ལྟར་དང༌། །མི་རྟོག་མཐའ་དབུས་མེད་པར་ འཆར། །ཞེས་མ་ཤིའི་གོང་དུ་འདི་དག་གི་ངོ་སྤྲོད་བྱ། ཤི་ནས་ཡུལ་དང་དབང་པོ་འབྱུང་བཞི་ ཐིམ་པའི་རྗེས་སུ་ཐིག་ལེ་དཀར་དམར་གཉིས་སྙིང་ཁར་འདུས་པའི་དབུས་སུ་རིག་པ་འོད་ གསལ་ལ་ཐིམ་པ་དེ་ཀ་ཡིན། རྣལ་འབྱོར་པ་མཐོན་པོའི་ཐ་མ་ཡིན། དེ་ལའང་དབང་བསྐུར་ དང་ངོ་སྤྲོད་ལ་སོགས་གཡེང་འཚེ་སྤངས། རྟགས་མ་ཐོན་པར་ཉ་ར་བྱའོ། །གལ་ཏེ་དེ་ཙམ་མ་ ནུས་པ་ལའང་ངོ་སྤྲོད་ལེགས་པར་བྱས་ཏེ། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་བར་ ངོ་སྤྲོད་ཀྱི་གསལ་འདེབས་འདི་ཡང་ཉིན་རེ་བཞིན་དུ་འདོན་པར་བྱའོ། །དེ་ཡང་འདི་སྐད་དུ་ བརྗོད་པར་བྱའོ། ། 1-1-461 ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ རྒྱུ་རྣམ་ཀུན་མཆོག་ལྡན་ཆོས་ཀྱི་དབྱིངས། །འབྲས་བུ་འགྱུར་མེད་བདེ་ སྟོང་ཡེ་ཤེས་མཆོག །བདེ་གཤེགས་སྙིང་པོ་མཁའ་ཁྱབ་རོལ་པའི་སྐུ། །པྲ་ཕབ་བརྒྱད་ལྡན་ ཉིད་ལ་ཕྱག་འཚལ་ལོ། །རྣལ་འབྱོར་འཆི་ཁར་འོད་གསལ་སྣ་ཚོགས་འཆར། །དེ་ཉིད་ཆོས་ དབྱིངས་བདེ་གཤེགས་སྙིང་པོ་སྟེ། །སྐྱབས་གནས་གཅིག་པུ་མཁའ་ཁྱབ་རོལ་པའི་སྐུ། འོད་ གསལ་ཕྱག་རྒྱ་ཆེན་པོར་ངོ་ཤེས་མཛོད། །ས་རླུང་ནུས་པ་ཆུ་ལ་ཐིམ་པའི་ཚེ། །འོད་གསལ་དུ་ བ་ལྟ་བུའི་ཉམས་སྣང་འཆར། །རྣམ་སྣང་སྤྱན་མ་ལ་སོགས་དོན་དམ་ལྷ། །བདེ་གཤེགས་སྙིང་ པོའི་ས་ཁམས་དྲུག་རྟོགས་ཤོག །ཆུ་རླུང་ནུས་པ་མེ་ལ་ཐིམ་པའི་ཚེ། འོད་གསལ་གངས་རི་ལྟ་ བུའི་ཉམས་སྣང་འཆར། །སྣང་མཐའ་མ་མཱ་ཀི་སོགས་ཆོས་དབྱིངས་སྐུ། །བདེ་ཤེགས་སྙིང་པོ་ ཆུ་ཁམས་དྲུག་རྟོགས་ཤོག །མེ་རླུང་ནུས་པ་རླུང་ལ་ཐིམ་པའི་ཚེ། འོད་གསལ་མར་མེ་ལྟ་བུའི་ ཉམས་སྣང་ཤར། །རིན་འབྱུང་གོས་དཀར་ལ་སོགས་བདེ་སྟོང་ལྷ། །བདེ་གཤེགས་སྙིང་པོ་ མེ་ཁམས་དྲུག་རྟོགས་ཤོག །རླུང་གི་ནུས་པ་ནམ་མཁར་ཐིམ་པའི་ཚེ། །འོད་གསལ་མི་བཟད་ ནག་ལམ་ཤེས་པ་འབྱུང༌། །དོན་གྲུབ་སྒྲོལ་མ་ལ་སོགས་ཡེ་ཤེས་ལྷ། །བདེ་གཤེགས་སྙིང་པོ་ རླུང་ཁམས་དྲུག་རྟོགས་ཤོག །ནམ་མཁའི་ཁམས་ནི་ཡེ་ཤེས་ཐིམ་པའི་ཚེ། །འོད་གསལ་ལྗང་ ནག་ཁྱབ་པའི་ཉམས་སྣང་འཆར། །མི་བསྐྱོད་དབྱིངས་ཕྱུག་ལ་སོགས་ཀུན་ཁྱབ་ལྷ། །བདེ་ གཤེགས་སྙིང་པོ་མཁའ་ཁམས་དྲུག་རྟོགས་ཤོག །ཡེ་ཤེས་ཁམས་ནི་ཆོས་ལ་ཐིམ་པའི་ཚེ། ། འོད་གསལ་མཁའ་སྣང་ལྟ་བུའི་ཉམས་སྣང་འཆར། རྡོ་རྗེ་སེམས་དཔའ་ཤེར་ཕྱིན་སྣ་ཚོགས་ ཡུམ། །བདེ་གཤེགས་སྙིང་པོ་ཡེ་ཤེས་ཁམས་རྟོགས་ཤོག །ཀུན་རྫོབ་མ་རིག་ཕུང་པོ་སོ་དྲུག་ དང༌། །གློ་བུར་ཁམས་ཀྱི་སོ་དྲུག་སྟོང་པའི་གཞིར། །དོན་དམ་འགྱུར་མེད་རང་བཞིན་འོད་ གསལ་ལྷ། །བདེ་བཤེགས་སྙིང་པོ་སོ་དྲུག་རྟོགས་པར་ཤོག །སྔོན་དུ་སྦྱངས་པའི་འོད་གསལ་ བུ་བཞིན་བསྐྱངས། །འཆི་ཁའི་འོད་གསལ་མ་ལྟར་ལྡང་བ་ལ། །བར་དོའི་འོད་གསལ་མ་ 1-1-462 པང་བུ་འགྲོ་ལྟར། །འོད་གསལ་མ་བུ་ཕྲོད་པར་བྱིན་གྱིས་རློབས། །རིག་པ་འོད་གསལ་ཉིད་ ལ་ཐིམ་པའི་ཚེ། །སྙིང་ཁར་ཐིག་ལེ་གཉིས་པོ་ཁ་སྦྱོར་དབུས། །ཆོས་ཉིད་འོད་གསལ་ངང་ལ་ རྩེ་གཅིག་གནས། །བྲལ་འབྲས་ཆོས་སྐུ་མངོན་འགྱུར་རྟོགས་པར་ཤོག །ཅེས་སོགས་ངོ་སྤྲོད་ བྱ། དེ་ནས་རྣལ་འབྱོར་པ་མཐོན་པོ་ལ། སྙིང་ཁར་ཐིག་ལེ་དཀར་དམར་འདུས་པ་ཡང༌། རྣམ་ པར་ཤེས་པ་རླུང་དང་ལྷག་ཅིག་ཏུ་ལུས་ལ་འཕོས་ནས། དཀར་ཆ་སྟེང་དུ་གཤེགས་པ་དང༌། དམར་པོ་གསང་གནས་སུ་འགྲོའོ། །ཐ་མལ་པ་ལ་ཁམས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དཀར་ ཆ་འོག་དང༌། དམར་པོ་སྟེང་དུ་གཤེགས་པ་ནི་འཁོར་བ་པ་ལའོ། །དབང་མདོར་ལས། ལུས་ ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །ཞེས་ དང༌། ལུས་ཅན་ཀུན་གྱི་ཕྱིན་ཅི་ལོག །རབ་གནས་མྱ་ངན་འདས་མིན་ལ། །ཁམས་རྣམས་ ཕྱིན་ཅི་ལོག་ཏུ་འགྱུར། །ཞེས་གསུངས་པ་ལྟར། ཐིག་ལེ་གྱེན་ལོག་ཤིན་ཏུ་དཀའ་བས། ཆུ་ སེར་སོགས་མ་བྱུང་བར་མི་བསྒུལ། བསྒོམ་པའི་ཚུལ་བཟང་ངོར་སྣང་ནའང༌། ངོ་སྤྲོད་དང༌། དབང་བསྐུར་སོགས་མི་བྱ། ངོ་སྤྲོད་དགོས་ན་ལན་འགའ་ཙམ་དུ་སྐད་མི་འཐོ་བར་བྱའོ། །དེ་ ལྟར་བྱས་ན་ཤི་གསོན་གཉིས་ཀའི་ཚོགས་རྫོགས་པའི་རྒྱུ་གྱུར་ཏེ། དབང་པོ་འབྲིང་པོ་ངོ་སྤྲོད་ དོ། ། ད་ནི་དབང་པོ་ཐ་མའི་ངོ་སྤྲོད་ནི། མན་ངག་ཐོབ་ཅིང་བར་དོ་སྦྱངས་པ་ལ། འཆི་ཁའི་གོང་ དུ་བར་དོའི་མན་ངག་སྦྱངས་པ་གལ་ཆེ། འགྲོ་འདུག་ཉལ་གསུམ་ཐམས་ཅད་དུ་བར་དོར་ ཕྱིན་པར་བསམ། དེའི་རྟགས་སུའང་གྲིབ་མ་ཡོད་མེད་དང༌། སྔར་འདྲིས་ཀྱི་མི་རྣམས་ཀྱིས་ ལན་མོ་བྱེད་མི་བྱེད་སོགས་སྦྱངས་པའི་གོམས་པ་བཏང༌། དེ་ལྟར་མིན་ན་རྨི་ལམ་དེ་ཉིད་རྨི་ ལམ་དུ་མ་ཤེས་པ་ལྟར། མ་ཤི་སྙམ་ན་ཆགས་སྡང་ལ་སོགས་འཁྲུལ་སྣང་བདེན་པར་བཟུང་ ནས་འོད་གསལ་ཐམས་ཅད་འཇིགས་སྐྲག་སྣ་ཚོགས་པ་འཆར་ཞིང༌། སྐྱེ་བ་ཕྱི་མར་འགྲོ་བ་ 1-1-463 རིགས་དྲུག་གི་གནས་སུ་ལྟུང་བར་འགྱུར་རོ། །སྦས་པ་མིག་འབྱེད་ལས། སྙིགས་མའི་ཉམས་ ལས་འཁྲུལ་སྣང་དགྲ་རུ་ལྡང༌། །འོད་ལྔའི་ཉམས་ལས་རིགས་དྲུག་གནས་སུ་སྐྱེ། །ཞེས་ གསུངས་པས། དེ་ནས་གསོན་དུས་བར་དོ་སྦྱངས་པ་གལ་ཆེ། ང་བར་དོ་ལ་ཕྱིན་པ་རེད། ད་ ནི་བླ་མའི་མན་ངག་དྲན་དགོས་ཞེས་སོགས་སྦྱངས། འཕོ་བ་ཁྱད་འཕགས་ལས། །སྔོན་དུ་ བར་དོ་ཡིན་སྙམ་ཡང་དང་ཡང༌། །གོམས་པར་བྱ་ཞིང་ཡིན་མིན་རྟགས་པའི་ཐབས། །གྲིབ་ མ་ཡོད་མེད་སྔར་འདྲིས་མི་རྣམས་ཀྱིས། །ཤེས་སམ་མི་ཤེས་བྲག་རི་ལ་སོགས་ལ། ཐོགས་པ་ ཡོད་མེད་བརྟགས་པའང་གོམས་པར་བྱ། །ཤིན་ཏུ་གོམས་ན་བར་དོའི་སྐབས་སུ་ཡང༌། །བར་ དོ་ཉིད་དུ་རང་གིས་ཤེས་པ་དང༌། །གཞན་གྱིས་ཁྱོད་ནི་བར་དོ་ཡིན་ནོ་ཞེས། །བརྗོད་པ་ལས་ ཀྱང་བར་དོ་ཤེས་པ་འབྱུང༌། །དེ་ལྟ་མིན་ན་རྨི་ལམ་རྨི་ལམ་དུ། །གཉིད་དུས་གཉིད་ན་ཤེས་ པ་མིན་པ་ལྟར། །བར་དོ་རྣམས་ཀྱིས་བར་དོར་ངོ་མི་ཤེས། །མ་ཤི་སྙམ་ནས་སྔར་བཞིན་བག་ ཆགས་སོག །དེ་ཕྱིར་དེ་ཚེ་བར་དོར་ཤེས་པ་གཅེས། །ཤེས་ནས་སྔར་གྱི་གདམ་ངག་བསྒོམ་པ་ གཅེས། །དེ་ཡང་འོད་གསལ་སྣང་བ་གང་ཤར་ལ། །འཛིན་མེད་ངང་ནས་གཏད་དེ་ལྟ་བ་ཙམ། ། མ་ཡེངས་རྩེ་གཅིག་གནས་ན་འཇིགས་སྣང་དང༌། །བྲལ་ནས་འོད་གསལ་ཉིད་ལ་ཐིམ་པར་ འགྱུར། །འཆི་ཚེ་བར་དོའི་གནས་སྐབས་ཐམས་ཅད་དུ། །རང་ལ་བར་དོའི་ངོ་ཤེས་བརྟན་ པོའམ། །གཞན་གྱིས་བར་དོའི་གསོལ་འདེབས་ཡང་ཡང་གཅེས། །གལ་ཏེ་བར་དོ་ཉིད་དུ་ མ་གྲོལ་ནའང༌། །ཆོས་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ། །དེ་ཉིད་གོམས་པ་མཆོག་ གི་དབྱིངས་སུ་འགྲོ། །གལ་ཏེ་ཡུན་རིང་གོམས་པར་མ་གྱུར་ཀྱང༌། ཆོས་དབྱིངས་ཉམས་མྱོང་ ངེས་ཤེས་བརྟན་པོ་དག །མི་དགེ་སྤངས་ཤིང་དམ་ཚིག་མ་ཉམས་ན། །འཆི་ཁའི་འོད་གསལ་ བར་དོའི་འོད་གསལ་དག །ཡང་ཡང་གོམས་པས་སྐྱེ་བ་བདུན་གྱི་མཐར། །ངེས་པར་གྲོལ་བ་ འདི་ལ་ཐེ་ཚོམ་མེད། །ཅི་སླད་ཅི་ན་མགོན་པོ་སྤྱན་རས་གཟིགས། །ཚད་མར་གྱུར་ཅིང་དཔང་ 1-1-464 དུ་གྱུར་པ་དེས། །ངེས་པ་ཉིད་དུ་དེ་ལྟར་གསུངས་ཕྱིར་དང༌། །ལུང་ལ་བསྟན་ཅིང་རིགས་པས་ གྲུབ་ཕྱིར་རོ། །འདི་ལས་གཞན་པའི་འཕོ་བ་བར་དོ་ཡི། །མན་ངག་ཟབ་ཟབ་ལྟ་བུ་ཕལ་ཆེར་ ལ། །འཕོ་ཡུལ་འོད་གསལ་ཆོས་སྐུ་མཐོང་བ་དཀོན། །གལ་ཏེ་མཐོང་ཡང་ཆོས་སྐུར་ཤེས་པ་ དཀོན། །དེ་དག་འཕོ་ཡུལ་བློ་ཡིས་བཀོད་པ་ལ། །རྣམ་ཤེས་འཕོས་སོ་སྙམ་དུ་རློམ་པ་ཙམ། ། དེ་ཕྱིར་འོད་གསལ་བདེ་གཤེགས་སྙིང་པོ་དང༌། །རྣམ་ཤེས་གླཽ་བུར་དྲི་མ་ཕྱེད་པ་གཅེས། །དེ་ སླད་འདི་ལྟར་ཁྱད་འཕགས་ཆེན་པོ་སྟེ། །ཞེས་གསུངས་པ་འང་ངོ་སྤྲོད་དུ་འདོན་པར་བྱའོ། ། ཡང་གསོལ་འདེབས་སམ་སྨོན་ལམ་བསྡུས་པ་འདི་ཉིད་བསྒྲགས་པར་བྱ་སྟེ། ན་མོ་དྷརྨ་ དྷ་ཏུ་ཨ་སྐ་ར་བྷྱཿ སེམས་ཅན་ཀུན་ལ་གདོད་ནས་བཞུགས་པའི་མཆོག །རྟག་བརྟན་ཐེར་ ཟུག་མི་འགྱུར་ཆོས་ཀྱི་དབྱིངས། །རྣམ་ཀུན་མཆོག་ལྡན་འོད་གསལ་བདེ་བའི་སྐུ། །བདེ་ གཤེགས་སྙིང་པོ་ཉིད་ལ་ཕྱག་འཚལ་ལོ། །དལ་འབྱོར་ལུས་ཅན་རབ་བྱུང་སྡོམ་ལྡན་ཁྱོད། ད་ ནི་བར་དོ་ཉིད་ལ་འཁྱམས་པའི་དུས། །གྲིབ་མ་ཡོད་མེད་ལ་སོགས་བར་དོའི་རྟགས། །ཡང་ ཡང་བརྟགས་ནས་བར་དོའི་ངོ་ཤེས་མཛོད། །ཤེས་ནས་བླ་མ་དམ་པས་གནང་བ་ཡི། །མན་ ངག་ཟབ་མོ་བསྒོམ་པའི་ཚོགས་ཀྱི་མཆོག །འོད་གསལ་ཕྱག་རྒྱ་ཆེན་མོ་དྲན་བྱས་ནས། ། འཁྲུལ་སྣང་རྩ་བར་ཆོད་པར་བྱིན་གྱིས་རློབས། །མ་དག་རྩ་ཁམས་ལས་རླུང་འདུས་པའི་ ཚེ། །འོད་གསལ་རབ་འབྱམས་དཔག་མེད་འཆར་བ་ལས། །མ་སྐྲག་མ་འཇིགས་ཆོས་སྐུའི་ རོལ་པ་ཡིན། །དག་སྣང་བདེ་བ་ཆེན་པོར་འཆར་བར་ཤོག །སྒྲ་སྐད་འཇིགས་པའི་གད་མོ་ སྒྲོགས་པ་ལ། །རང་སྒྲ་བདེ་བཤེགས་སྙིང་པོ་ཡོ་ལངས་ཡིན། །ལོངས་སྐུ་རྡོ་རྗེའི་གསུང་སྒྲ་མི་ ཟད་དབྱངས། །ཐམས་ཅད་མཁྱེན་པའི་སྐད་དུ་རྟོགས་པར་ཤོག །གཤིན་རྗེ་ཕོ་ཉ་འཇིགས་ གཟུགས་རོལ་པའི་ཚོགས། །བདེ་གཤེགས་སྙིང་པོའི་རྣམ་འགྱུར་ཡིན་པ་ལ། །སྐྱོབ་མཆོག་ དེ་ལ་མ་འཇིགས་ངོ་ཤེས་ནས། །ཡི་དམ་ལྷ་ཡི་ངོ་བོར་མཐོང་བར་ཤོག །སྒོ་གསུམ་དགེ་བ་ 1-1-465 ལ་སོགས་དུས་གསུམ་དུ། །གང་བསགས་དགེ་བ་ཀུན་དང་དཀོན་མཆོག་གསུམ། །བདེ་ གཤེགས་སྙིང་པོའི་བྱིན་བརླབས་ཆེན་པོའི་མཐུས། །ཚེ་འདས་རིག་པ་དབྱིངས་སུ་འཕོ་བར་ ཤོག །སྔགས་ཀྱི་ཉེ་ལམ་མྱུར་བདེ་རབ་བསྒོམས་པས། །ཀུན་གཞིའི་རྣམ་ཤེས་དབུགས་དང་ ལྷན་ཅིག་ཏུ། །མྱུར་བར་འགགས་ནས་ཀུན་གཞིའི་ཡེ་ཤེས་ལྔ། །ཐོབ་ཅིང་གཟུགས་སྐུ་གཞན་ དོན་བྱེད་པར་ཤོག །འཁོར་བ་སྡུག་བསྔལ་ཉིད་དུ་རབ་ཤེས་ནས། །དེ་རྒྱུ་ཀུན་འབྱུང་དབུགས་ དང་ལྷན་ཅིག་ཏུ། །མྱུར་བར་འགགས་པའི་ལམ་མཆོག་རབ་བསྒོམས་ནས། །འགོག་བདེན་ དོན་དམ་བདེན་པ་མྱུར་ཐོབ་ཤོག །ཀུན་རྟོག་སྒྲོ་བཏགས་ཁོ་ནར་མ་ཤེས་ཤིང༌། །གཞན་ དབང་སྡུག་བསྔལ་དབུགས་དང་ལྷན་ཅིག་ཏུ། །འགོགས་པར་ནུས་པའི་ཐབས་མཆོག་རབ་ བསྒོམས་ནས། །ཡོངས་གྲུབ་ཐོབ་ནས་འགྲོ་ཀུན་སྒྲོལ་བར་ཤོག །ཕྱི་ནང་ཀུན་རྫོབ་གློ་བུར་ དྲི་མའི་སྦུབས། །སྲོག་དང་ཐུར་སེལ་རླུང་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ ཟབ་ལ་བརྟེན་ནས། །གཞན་མཆོག་དོན་དམ་སྙིང་པོ་མྱུར་ཐོབ་ཤོག །ཞེས་ཟབ་མོའི་ངོ་སྤྲོད་ ཀྱི་སྨོན་ལམ་འདི་ཡང་འདོན་པར་བྱའོ། །དེ་ལྟར་ངོ་འཕྲོད་པ་ཐམས་ཅད་ལ་དག་པའི་སྣང་བ་ འཆར་ཞིང༌། དཔའ་བོ་མཁའ་འགྲོས་མེ་ཏོག་དང་རོལ་མོ་འཇའ་འོད་ཀྱིས་བསུ་བར་འགྱུར་ ཏེ། མཁའ་འགྲོ་མ་ཀུན་སྤྱོད་ལས། རྣལ་འབྱོར་པ་ནི་ཚེ་འཕོས་ན། ཁྲག་འཐུང་ལ་སོགས་རྣལ་ འབྱོར་མས། །མེ་ཏོག་ལ་སོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང༌། །སིལ་ སྙན་སྒྲ་ནི་སྣ་ཚོགས་དང༌། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་ཁྲིད་ པར་བྱེད། །ཅེས་དང༌། གུར་ལས། འཆི་བ་ཞེས་པ་རྣམ་རྟོག་སྟེ། དག་པའི་གནས་སུ་ཁྲིད་ པའོ། །ཞེས་གསུངས་སོ། །རྒྱུད་ལས། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉིས་ཀ་ཡི་ ཡང་སྲོག་གི་རླུང་ནི་ཆེན་པོ་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ནི་ཉི་མའི་ གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་པར་ 1-1-466 གནས་པའི་གཞོམ་མེད་ལེགས་པར་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་དེ་གང་ལ་ གཉིས་ནི་ཅུང་ཟད་པ་སྟེ་མཆོག་གི་གོ་འཕང་འགྲོ། །ཞེས་གསུངས་པས་འཆི་ཁའི་ངོ་སྤྲོད་བྱེད་ པ་གལ་ཆེ། ངོ་འཕྲོད་པས་འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་གོ་འཕང་གདོན་མི་ཟའོ། །དེ་ བཞིན་དུ་རོའི་ཁ་སྣ་ལ་རྡུལ་འབབ་པར་མ་གྱུར་གྱི་བར་དུ་རག་རེག་མི་བྱ། རྣལ་འབྱོར་པ་ཐ་ མ་ལ་ཡང་བསྒོམ་པའི་ཚུལ་གྱིས་ཤ་མདོག་གི་མདངས་བཟང་ན་ཉ་ར་བྱ། ངོ་སྤྲོད་ལན་འགའ་ ཙམ་སྐད་མི་མཐོ་བར་ཞག་དང་པོར་བྱ་སྟེ། ཆོ་ག་ལ་སོགས་ཐུགས་དམ་སྐྲོག་པར་མི་བྱ། ཞག་ བདུན་ཕྲག་བདུན་ཙམ་དུ་བཞུགས་པ་ཡོད་དེ་གཡེང་འཚེ་སྤང༌། གཤེགས་པའི་རྟགས་ནི། འཕོ་བ་ཁྱད་འཕགས་ལས། གལ་ཏེ་དེ་ལས་བར་དོར་འཕོ་བ་ནི། །ཀུན་བཞིའི་རྣམ་ཤེས་ནོར་ རྒྱལ་རླུང་དང་བཅས། །ཐིག་ལེ་གཉིས་དང་ལྷན་ཅིག་ལུས་ལས་འཕོ། །དེ་ཡང་ཐིག་ལེ་དམར་ པོ་སྟེང་དང་ནི། །དཀར་པོ་འོག་གི་ལམ་ནས་འབྱུང་བར་འགྱུར། །དེ་ཚེ་རྣམ་ཤེས་བརྒྱལ་བ་ སངས་ཞེས་བྱ། །བར་དོར་རྫུས་སྐྱེས་བག་ཆགས་ཙམ་གྱི་ལུས། །སྐད་ཅིག་དེ་ལས་རྨི་ལམ་ ལུས་བཞིན་འགྲུབ། །དུས་དེར་བར་དོའི་མན་ངག་ཟབ་མོ་གཅེས། །ཞེས་གསུངས། རྟགས་དེ་ ལྟར་བྱུང་ན་ནང་དབུགས་ཆད་པས་དབང་བསྐུར་དང་ཆོ་ག་རོ་ལ་བྱེད་པས་ཆོག །གདུང་ཆོས་ ལ་སོགས་ཅི་དགར་བྱའོ། ཞེས་རྣལ་འབྱོར་པ་ཐ་མའི་ངོ་སྤྲོད་དོ། ། གཞི་རྒྱུད་རྣམ་ཀུན་མཆོག་ལྡན་སྟོང་ཉིད་མཆོག །ལམ་བཟང་འོད་གསལ་ཕྱག་རྒྱ་ ཆེན་པོའི་དོན། །རྩེ་གཅིག་བསྒོམ་པའི་རྣལ་འབྱོར་ཡང་རབ་དང༌། །འབྲིང་དང་ཐ་མའི་ངོ་ སྤྲོད་བསྡུས་པ་འདི། །སྦྱར་བའི་དགེ་བ་རབ་དཀར་རྒྱ་ཆེན་གྱིས། །རྣལ་འབྱོར་འཆི་ཀའི་འོད་ གསལ་མ་བུ་གཉིས། །ལེགས་པར་འཕྲོད་ནས་རིག་པ་ཆོས་དབྱིངས་སུ། །ཐིམ་ནས་བདེ་ གཤེགས་སྙིང་པོ་མངོན་གྱུར་ཤོག །དཔག་ཡས་གཟུགས་སྐུའི་རྣམ་སྤྲུལ་ཚུལ་བསྟན་ནས། ། ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་པར། །དེ་སྲིད་གང་ལ་གང་འདུལ་ཐབས་མཁས་ཀྱིས། ། 1-1-467 འགྲོ་ཀུན་བྱང་ཆུབ་མཆོག་ལ་བཀོད་པར་ཤོག ། རྣལ་འབྱོར་པ་འཆི་ཁའི་ངོ་སྤྲོད་ཟབ་མོ་ཞེས་བྱ་བ་འདི་ཡང༌། དགེ་སློང་ཡོན་ཏན་བཟང་ པོས་ཉེ་བར་བསྐུལ་ནས། འོད་གསལ་ཕྱག་རྒྱ་ཆེན་པོའི་ཀླུང་དུ་ཕྱིན་པ། ས་བཅུའི་བྱང་ཆུབ་ སེམས་དཔའ་ཆོས་གྲགས་དཔལ་བཟང་པོས་ས་སྐྱའི་ལུང་ཕུག །གནང་ཁའུ་བྲག་རྫོང་དུ་སྦྱར་ བའོ།། །།འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་ གྱུར་ཅིག། སྣོད་མིན་ལ་གསང་བའི་བཀའ་རྒྱ་དམ་པ་བདོག། ཤུབྷཾ། མ་དཔེ་དབུ་མེད་བྲིས་མ་དཔེ་རྙིང་ཞིག་རེད། 1-1-468 ༄༅། །བསང་མཆོད་བདེ་སྟོང་རོལ་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། རྟེན་བཞེངས་པ། དགོན་པའི་ཁང་པ་བརྩིགས་པ། ཆོས་བར་ལ་འགྲོ་འདུག་བྱེད་པ་ལ་ སོགས་གང་ཡང་རུང་བ་ལ། བླ་མ་ཡི་དམ་མཁའ་འགྲོ་དང༌། གནས་བདག་ལ་འདོད་ཡོན་མཆོད་དགོས་ཀྱང༌། ས་སྟེགས་གྲུ་ བཞིའི་སྟེང་དུ་པདྨ་འདབ་བརྒྱད་བྲི། ལྟེ་བར་རཾ་འདབ་མ་བརྒྱད་ལ་བཀྲ་ཤིས་རྫས་བརྒྱད་བྲི། ཙན་དན་གྱི་ཤིང་ཟླུམ་པོར་ བརྩིགས་ཏེ། སྤོས་ཤིང༌། སྨན་ཤིང༌། ཇ་ཆང༌། ཕྱེ་མར། འབྲུ་སྣ། སྤོས་སྣ། སྨན་རིགས་དང༌། རིན་ཆེན་བདར་བ་ལ་སོགས་བསྲེག་ པར་བྱ་སྟེ། ཆབ་བྲན་ལ། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཀྲ་ཤིས་ཀྱི་མེ་ ཐབ་འབར་བའི་ནང་དུ་ༀ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་བསང་རྫས་རྣམས་ཟག་པ་མེད་ པའི་མཆོད་སྤྲིན་རྒྱ་མཚོ་ཆེན་པོར་གྱུར། བཛྲ་སྥ་ར་ཎ་ཁཾ། བསང་ངོ༌། །ཙན་དན་དཀར་དམར་ཨ་ ཀ་རུ། །ཏུ་རུ་སྐ་དང་འབྲས་དཀར་གསེར། །ཙན་དན་སྦྲུལ་སྙིང་སྦ་སྙུག་དང༌། །ཤུག་པ་སུར་ དཀར་འོམ་བུ་སོགས། །མཛེས་པའི་བ་དན་མེ་ཏོག་འཕྲེང༌། །སྤོས་སྣ་སྨན་གྱི་རིལ་བུ་དང༌། ། ཕྱེ་མར་ཆང་ཕུད་ཞལ་ཟས་ཚོགས། །རྔ་ཆེན་མཁར་རྔ་རོལ་མོའི་སྒྲ། །བདེ་སྟོང་རོལ་པའི་ བསང་མཆོད་འདིས། ཁྱབ་བདག་དང་པོའི་སངས་རྒྱས་བསང༌། །འོག་མིན་ཆོས་དབྱིངས་ཕོ་ བྲང་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་བསང༌། །ཆོས་ཉིད་རོལ་པའི་དཀྱིལ་འཁོར་དུ། །ལོངས་ སྐུ་དུས་ཀྱི་འཁོར་ལོ་བསང༌། །རྒྱ་གར་རྡོ་རྗེ་གདན་སྟེང་ནས། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་བསང༌། ། ཤམྦྷ་ལ་ཡི་གནས་མཆོག་ནས། །ཆོས་རྒྱལ་རིགས་ལྡན་སོ་ལྔ་བསང༌། །ལྷོ་ཕྱོགས་རྒྱ་མཚོའི་ ཉེ་དྲུང་ནས། །རྗེ་བཙུན་དུས་ཞབས་ཆེན་པོ་བསང༌། །བྱང་ཕྱོགས་རྩ་རིའི་གནས་མཆོག་ནས། ། དཔལ་ལྡན་དུས་ཞབས་ཆུང་བ་བསང༌། །ནཱ་ལེནྡྲ་ཡི་དགོན་པ་རུ། །རྒྱལ་སྲས་ནཱ་ལེནྡྲ་པ་ 1-1-469 བསང༌། ཁ་ཆེ་ཁྲི་བརྟན་གྲོང་ཁྱེར་དུ། །གྲུབ་ཆེན་ཟླ་བ་མགོན་པོ་བསང༌། །རྒྱ་བོད་གཉིས་ཀྱི་ ས་མཚམས་སུ། །བློ་ལྡན་འབྲོ་སྟོན་ལོ་ཙྪ་བསང༌། །འཕན་ཡུལ་རྒྱལ་བའི་དགོན་པ་རུ། ། མཉམ་མེད་ལྷ་རྗེ་སྒོམ་པ་བསང༌། །སྣོར་བཟང་དཔལ་གྱི་དགོན་པ་རུ། །བླ་མ་སྒྲོ་སྟོན་གནམ་ བརྩེགས་བསང༌། །འུ་ཡུག་རྒྱལ་ཁམས་དགོན་པ་རུ། །ཡུ་མོ་ནམ་མཁའ་རྒྱལ་མཚན་བསང༌། ། གཡའ་རུ་གྲོང་ཆུང་དགོན་པ་རུ། །སྲས་མཆོག་དྷརྨཱ་ཤྭ་ར་བསང༌། ཁང་གསར་དཔལ་གྱི་ དགོན་པ་ནས། །མཁས་པ་ནམ་མཁའ་འོད་ཟེར་བསང༌། །མཁའ་སྤྱོད་རྣམ་དག་གཞལ་ཡས་ སུ། །མ་ཅིག་སྤྲུལ་སྐུ་ཇོ་འབུམ་བསང༌། །མན་ངག་ཕོ་ལུང་དགོན་པ་རུ། །གྲུབ་ཐོབ་སེ་མོ་ཆེ་ བ་བསང༌། །རྐྱང་འདུར་ཆོས་ཀྱི་ཕོ་བྲང་དུ། །ཆོས་རྗེ་འཇམ་དབྱངས་གསར་མ་བསང༌། །དགེ་ སྡིངས་དཔལ་གྱི་དགོན་པ་རུ། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་བསང༌། །ནག་རྒྱལ་མཁའ་སྤྱོད་ དབེན་གནས་སུ། །ཀུན་མཁྱེན་ཀུན་སྤངས་ཆེན་པོ་བསང༌། །བསམ་འགྲུབ་བདེ་ཆེན་ཕོ་བྲང་ ནས། །བྱང་སེམས་རྒྱལ་བ་ཡེ་ཤེས་བསང༌། །དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ། །མཁས་བཙུན་ ཡོན་ཏན་རྒྱ་མཚོ་བསང༌། །སྐྱིད་ཕུག་ཆོས་ཀྱི་ཕོ་བྲང་ནས། །ཀུན་མཁྱེན་དོལ་པོ་སངས་རྒྱས་ བསང༌། །ལུང་རྟོགས་རོལ་པའི་ཕོ་བྲང་ནས། །རང་འདྲའི་སློབ་མ་བཅུ་གསུམ་བསང༌། །(ཇོ་ ནང་མཁའ་སྤྱོད་རི་ཁྲོད་ནས། །ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་བསང༌། །དཔལ་ལྡན་ས་སྐྱའི་གནས་མཆོག་ནས། །མཚུངས་མེད་ ཉ་དབོན་ཀུན་དགའ་བསང༌། །བཟང་ལྡན་དཔལ་གྱི་དགོན་པ་ནས། །འཇམ་དབྱངས་དཀོན་མཆོག་བཟང་པོ་བསང༌། །དཔལ་གྲོ་ སྟག་ཚང་རི་ཁྲོད་ནས། །གྲུབ་ཆེན་ཀུན་དགའ་བློ་གྲོས་བསང༌། །ཞང་ཞུང་གྲྭ་ཚང་ཆེན་པོ་རུ། །རྒྱལ་བ་ནམ་མཁའི་མཚན་ཅན་ བསང༌། །འབྲས་སྤུངས་དགོན་གསར་ཕོ་བྲང་ནས། །པཎ་ཆེན་ནམ་མཁའ་དཔལ་བཟང་བསང༌། །སྨན་སྡིངས་དབེན་པའི་རི་ཁྲོད་ ནས། །ལོ་ཆེན་རཏྣ་བྷ་དྲ་བསང༌། །ཆོས་ལུང་བྱང་རྩེ་དགོན་པ་རུ། །བློ་གསལ་རྒྱ་མཚོ་བདེ་དགྱེས་བསང༌། །རང་རང་དབེན་པའི་ གནས་མཆོག་ནས། །ཐུགས་སྲས་མཁས་གྲུབ་རྣམ་གསུམ་བསང༌། །ཆོས་སྡེ་ཆེན་པོ་རྒྱལ་རྩེ་རུ། །མཁས་གྲུབ་ལུང་རིགས་རྒྱ་མཚོ་ བསང༌། །ངེས་དོན་བསྟི་གནས་རྟག་བརྟན་དུ། །རྗེ་བཙུན་ཀུན་དགའ་སྙིང་པོ་བསང༌། །གསང་སྔགས་རི་བོའི་གནས་མཆོག་ནས། ། 1-1-470 ཀུན་དགའ་རིན་ཆེན་རྒྱལ་མཚན་བསང༌། །ཟིལ་གནོན་དབེན་པའི་རི་ཁྲོད་ནས། །མཁས་གྲུབ་བློ་གྲོས་རྣམ་རྒྱལ་བསང༌། ། གདུལ་བྱ་གང་འདུལ་ཞིང་ཁམས་ནས། །འཇམ་དབྱངས་ངག་དབང་འཕྲིན་ལས་བསང༌། །སྨིག་འཛིན་དཔལ་གྱི་དགོན་པ་རུ། ། ངག་དབང་བསྟན་འཛིན་རྣམ་རྒྱལ་བསང༌། །དགོངས་སྤྱོད་ཐུགས་རྗེའི་དཀྱིལ་འཁོར་དུ། །རྟོགས་ལྡན་ཀུན་དགའ་ཆོས་འཕེལ་ བསང༌། །གདམས་ངག་རྒྱུན་བཞིའི་མཛོད་ཀློང་དུ། །གྲུབ་དབང་ཀུན་དགའ་ཆོས་འབྱོར་བསང༌། །གཟིམ་ཁང་བདེ་ལྡན་ཕོ་བྲང་ དུ། །ཀུན་བཟང་འཕྲིན་ལས་རྣལ་རྒྱལ་བསང༌། །རིམ་གཉིས་ཁང་བཟང་མཆོག་གི་རྩེར། །རྣལ་འབྱོར་ངག་དབང་རྒྱལ་མཚན་ བསང༌། །བཤད་སྒྲུབ་ཉི་ཟླའི་གཞལ་ཡས་སུ། །དཀོན་མཆོག་འཇིགས་མེད་རྣམ་རྒྱལ་བསང༌། །སྤྱི་གཙུག་པད་ཟླའི་གདན་སྟེང་ དུ། །ངག་དབང་ཆོས་འཕེལ་རྒྱ་མཚོ་བསང༌། །མི་ཤིགས་སྙིང་གི་གུར་ཁང་དུ། །དྲིན་ཆེན་རྩ་བའི་བླ་མ་བསང༌། །)དེ་སོགས་ དབང་རྒྱུན་མན་ངག་གི ། བླ་མ་རྣམས་ལ་བསང་མཆོད་འབུལ། །བདག་ཅག་དཔོན་སློབ་ འཁོར་བཅས་རྣམས། །སྐྱེ་བ་ཀུན་ཏུ་ཡང་དག་པར། །བླ་མ་མཆོག་དང་མཇལ་བ་དང༌། །ཐོས་ བསམ་བསྒོམ་པ་མཐར་ཕྱིན་ནས། །ཡོན་ཏན་ཀུན་རྫོགས་སངས་རྒྱས་ཤོག །ཨུ་རྒྱན་མཁའ་ འགྲོའི་གནས་མཆོག་ནས། །དྲག་པོ་རྡོ་རྗེ་འཇིགས་བྱེད་དང༌། །གསུང་འདུས་ལ་སོགས་ཕ་ རྒྱུད་བསང༌། །ཆོས་དབྱིངས་རོལ་པའི་གཞལ་ཡས་ནས། །སངས་རྒྱས་རྣལ་འབྱོར་ཐོད་པ་ བསང༌། །ཤམ་བྷ་ལ་ཡི་གནས་མཆོག་ནས། །རིམ་བྱོན་སྔགས་ཀྱི་ལྷ་ཚོགས་བསང༌། །དཔལ་ ལྡན་རྒྱུ་སྐར་དཀྱིལ་འཁོར་དུ། །གཉིས་མེད་རྒྱུད་ཀྱི་ལྷ་ཚོགས་བསང༌། །གཉིས་མེད་རྒྱལ་བ་ གདོང་དྲུག་སོགས། །ཕ་རྒྱུད་ལྷ་ཚོགས་ཐམས་ཅད་བསང༌། །མཁའ་འགྲོ་རྒྱ་མཚོ་དགྱེས་རྡོར་ སོགས། །མ་རྒྱུད་ལྷ་ཚོགས་ཐམས་ཅད་བསང༌། །འཁོར་ལོ་བདེ་མཆོག་ལ་སོགས་ཏེ། །བླ་ མེད་རྒྱུད་ཀྱི་ལྷ་ཚོགས་བསང༌། །རྡོ་རྗེ་རྩེ་མོ་དཔལ་མཆོག་སོགས། །རྣལ་འབྱོར་རྒྱུད་ཀྱི་ལྷ་ རྣམས་བསང༌། །རྣམ་སྣང་མངོན་བྱང་ལ་སོགས་ཏེ། །སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས་བསང༌། ། རྣམ་པར་འཇོམས་པ་ལ་སོགས་པའི། །བྱ་བའི་རྒྱུད་ཀྱི་ལྷ་རྣམས་བསང༌། །རྒྱལ་བའི་གཙུག་ གཏོར་ལས་བྱུང་བ། །གདུགས་དཀར་རྣམ་རྒྱལ་ལྷ་ཚོགས་བསང༌། །རྒྱལ་བའི་ཚེམས་ལས་ 1-1-471 སྐྱེས་པ་ཡི། །སྭ་སྟི་ཀ་རའི་ལྷ་ཚོགས་བསང༌། །སངས་རྒྱས་དཔུང་པ་ལས་སྐྱེས་པ། །དཔུང་ བཟང་རོལ་པའི་ལྷ་ཚོགས་བསང༌། །རྒྱལ་བའི་གསང་སྦུབ་ལས་བྱུང་བ། །གསང་བ་འདུས་ པའི་ལྷ་ཚོགས་བསང༌། །སངས་རྒྱས་ཕྱག་གཉིས་ལས་སྐྱེས་པ། །ཕྱག་ན་རྡོ་རྗེའི་ལྷ་ཚོགས་ བསང༌། །རྒྱལ་བའི་ཞབས་གཉིས་ལས་བྱུང་བ། ཁྲོ་བོ་སྟོབས་ཆེན་ལྷ་ཚོགས་བསང༌། །ཡང་ གསུང་ཁྲོས་པ་ལ་སོགས་ཏེ། །རྟ་མགྲིན་རོལ་པའི་ལྷ་ཚོགས་བསང༌། །སོར་འབྲང་ལྷ་ལྔ་སྒྲོལ་ མ་སོགས། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་བསང༌། །བདག་ཅག་དཔོན་སློབ་འཁོར་བཅས་ རྣམས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཡི་དམ་ལྷ་ཡི་རྗེས་བཟུང་ནས། །རིམ་གཉིས་ རྟོགས་པ་མཐར་ཕྱིན་ཏེ། །བདེ་གཤེགས་སྙིང་པོ་མྱུར་ཐོབ་ནས། །གཟུགས་སྐུའི་འགྲོ་ཀུན་ འདྲེན་པར་ཤོག །ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ན། །ཕྱོགས་བཅུའི་སངས་རྒྱས་ཐམས་ ཅད་བསང༌། །ཤར་ཕྱོགས་རིན་ཆེན་ཞིང་ཁམས་སུ། །བདེ་གཤེགས་བརྒྱད་པོ་འཁོར་བཅས་ བསང༌། །བྱང་ཆུབ་ཤིང་དྲུང་གནས་མཆོག་ན། །སངས་རྒྱས་རབ་བདུན་འཁོར་བཅས་བསང༌། ། སྤྲོས་བྲལ་རྣམ་དག་ཞིང་ཁམས་སུ། །སངས་རྒྱས་སོ་ལྔ་འཁོར་བཅས་བསང༌། །འགྲོ་འདུལ་ ཐབས་ཀྱི་ཞིང་ཁམས་སུ། །སངས་རྒྱས་སྟོང་དང་རྩ་གཉིས་བསང༌། །འཕགས་པ་འཇམ་ དཔལ་ལ་སོགས་ཏེ། །རྒྱལ་བ་རིགས་གསུམ་མགོན་པོ་བསང༌། །ནམ་མཁའི་སྙིང་པོ་ལ་ སོགས་ཏེ། །འཕགས་པ་ཉེ་བའི་སྲས་བརྒྱད་བསང༌། །རབ་འབྱོར་དགའ་བོ་ལ་སོགས་ཏེ། ། ཉན་ཐོས་དགྲ་བཅོམ་ཐམས་ཅད་བསང༌། །འཕགས་པ་ཀླུ་སྒྲུབ་ལ་སོགས་ཏེ། །རྒྱན་དྲུག་ ཆེན་པོ་འཁོར་བཅས་བསང༌། །ཨིནྡྲ་བྷུ་ཏི་ལ་སོགས་ཏེ། །རྣལ་འབྱོར་གྲུབ་ཆེན་བརྒྱད་ཅུ་ བསང༌། །བ་ར་དྷྭ་ཛ་ལ་སོགས་ཏེ། །གནས་བརྟན་ཆེན་པོ་བཅུ་དྲུག་བསང༌། །ཀ་ཅོག་ཞིང་ གསུམ་ལ་སོགས་ཏེ། །སྒྲ་བསྒྱུར་ལོཙྪ་ཐམས་ཅད་བསང༌། །བཀའ་དང་དམ་ཚིག་གཞལ་ཡས་ སུ། །ཆོས་མཛད་མཆེད་གྲོགས་ཐམས་ཅད་བསང༌། ཁྱེད་ལ་བསང་མཆོད་འབུལ་བའི་མཐུས། ། 1-1-472 བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །སྒྲིབ་གཉིས་ཚོགས་རྫོགས་བསམ་པ་འགྲུབ། །རེ་ སྨོན་ཐམས་ཅད་མྱུར་འགྲུབ་ཤོག །རྡོ་རྗེ་ཁང་བརྩེགས་འབར་བའི་དབུས། ཁྲོ་བོའི་རྒྱལ་པོ་རྡོ་ རྗེ་ཤུགས། །བསྲུངས་མ་དྲུག་བཅུ་འཁོར་བཅས་བསང༌། །དུར་ཁྲོད་རོལ་པའི་གཞལ་ཡས་ ནས། །དཔལ་ལྡན་ནག་པོ་གུར་གྱི་མགོན། །ལྷ་མོ་ལ་སོགས་འཁོར་བཅས་བསང༌། །ཙན་ དན་རྐང་གཅིག་སྡོང་བོ་ལ། །ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །ཀྵེ་དྲ་པ་ལ་འཁོར་བཅས་ བསང༌། །ལྷ་ཆེན་དཔལ་འབར་འཕྲིན་ལས་མགོན། །དྲཀྴད་ལྕམ་དྲལ་འཁོར་བཅས་བསང༌། ། གཞན་ཡང་ལས་མཁན་ཤྭ་ན་སོགས། །འཁོར་ཚོགས་བསམ་མི་ཁྱབ་བཅས་བསང༌། ཁ་འུ་ རྡོ་རྗེ་བྲག་རྫོང་ནས། །སྟོབས་འཕྲོག་མགོན་པོ་ཞལ་བཞི་པ། །ཡུམ་ཆེན་བཞི་དང་བཅས་པ་ བསང༌། །བསིལ་བའི་ཚལ་གྱི་དུར་ཁྲོད་དུ། །ཆོས་སྐྱོང་ནག་པོ་ཕྱག་བཞི་པ། །བྱ་རོག་གདོང་ ཅན་འཁོར་བཅས་བསང༌། །རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །དཔལ་ལྡན་རྒྱལ་ཆེན་རྣམ་ ཐོས་སྲས། །གནོད་སྦྱིན་ནོར་ལྷ་འཁོར་བཅས་བསང༌། །བྱི་ན་ཡ་ཀའི་གདན་སྟེང་ན། །ཚོགས་ བདག་དམར་ཆེན་འཁོར་བཅས་བསང༌། །ལས་ཀྱི་གཤིན་རྗེ་མ་ཧེའི་གདོང༌། །ཡ་མ་ར་ཙ་ འཁོར་བཅས་བསང༌། །སེར་ནག་ཅན་དང་ཨ་གུ་ར། །རྡོ་རྗེ་ལེགས་པ་འཁོར་བཅས་བསང༌། ། ཆོས་སྐྱོང་མགོན་པོ་འཁོར་བཅས་ལ། །བདག་གིས་བསང་མཆོད་འབུལ་བའི་མཐུས། །རྒྱལ་ བའི་བསྟན་པ་བཤིག་པ་དང༌། །ཐེག་ཆེན་ཆོས་ལ་སྨོད་པ་དང༌། །བླ་མ་ལ་སྡང་སེམས་ཅན་ འཚེ། །འབྱུང་པོ་མི་མིན་དགྲ་བགེགས་རྣམས། །མངོན་སྤྱོད་རོལ་པའི་མཚོན་ཆ་ཡིས། །རྣམ་ ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །བསྟན་པའི་སྣོད་དུ་འགྱུར་བར་ཤོག །ཚངས་པ་བརྒྱ་སྦྱིན་ལ་ སོགས་ཏེ། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་བསང༌། །མཧཱ་དེ་ཝ་ལ་སོགས་ཏེ། །ལྷ་ཆེན་ བརྒྱད་པོ་འཁོར་བཅས་བསང༌། །མཐའ་ཡས་འཇོག་པོ་ལ་སོགས་ཏེ། །ཀླུ་ཆེན་བརྒྱད་པོ་ འཁོར་བཅས་བསང༌། །ཉི་མ་ཟླ་བ་ལ་སོགས་ཏེ། །གཟའ་ཆེན་བརྒྱད་པོ་འཁོར་བཅས་ 1-1-473 བསང༌། །སྨིན་དྲུག་སྣར་མ་ལ་སོགས་ཏེ། །རྒྱུ་སྐར་ལྷ་མོ་ཉེར་བརྒྱད་བསང༌། །ཤ་མེད་གངས་ དཀར་ལ་སོགས་ཏེ། །བོད་ཁམས་བརྟན་མ་གཉིས་བསང༌། །ལྷ་ས་བསམ་ཡས་ལ་སོགས་ཏེ། ། བཀའ་དྲིན་ཆེ་བའི་བསྲུངས་མ་བསང༌། །ལྷོ་བྲག་མཁར་ཆུ་ལ་སོགས་ཏེ། །དབེན་རིག་ བསྲུངས་མ་ཐམས་ཅད་བསང༌། །ཇོ་ནང་ཆོས་ལུང་ལ་སོགས་ཏེ། །ཐེག་ཆེན་ཆོས་ཀྱི་བསྲུངས་ མ་བསང༌། །ས་སྐྱ་ཁྲ་འབྲུག་ལ་སོགས་ཏེ། །གཙུག་ལག་ཁང་གི་བསྲུངས་མ་བསང༌། །འབྲི་ གོང་གསང་ཕུ་ལ་སོགས་ཏེ། །བཀའ་སྐྱོང་བསྲུངས་མ་ཐམས་ཅད་བསང༌། ཁྱེད་ལ་བསང་ མཆོད་འབུལ་བའི་མཐུས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རི་ཕུག་སྒང་རྒྱུད་ ནགས་འདབ་སོགས། །རི་ཁྲོད་ཉམས་དགའ་འགྲིམ་པའི་ཚེ། །རྡོ་རྗེ་རྣལ་འབྱོར་བསྒོམ་པ་ལ། ། ཉམས་མྱོང་བདེ་སྟོང་རྒྱས་པ་དང༌། །ས་ལམ་ཡོན་ཏན་རབ་རྫོགས་ནས། །སྤངས་རྟོགས་མ་ ལུས་མཐར་ཕྱིན་མཛོད། །བྱ་རྒོད་ཕུང་པོ་ལ་སོགས་ཏེ། །རྒྱ་གར་ས་བདག་ཀླུ་གཉན་བསང༌། ། རི་བོ་རྩེ་ལྔ་ལ་སོགས་ཏེ། །རྒྱ་ནག་ས་བདག་ཀླུ་གཉན་བསང༌། །གསེར་ཕུག་གཉན་པོ་ལ་ སོགས་ཏེ། །བོད་ཡུལ་ས་བདག་ཀླུ་གཉན་བསང༌། ཁ་ཆེ་ཁྲི་བརྟན་ལ་སོགས་ཏེ། །ཨུ་རྒྱན་ ཡུལ་གྱི་ཀླུ་གཉན་བསང༌། །ཏེ་སེ་གངས་དཀར་ལ་སོགས་ཏེ། །མངའ་རིས་ཡུལ་གྱི་ཀླུ་གཉན་ བསང༌། ཁ་བ་དཀར་པོ་ལ་སོགས་ཏེ། །དབུས་གཙང་རུ་བཞིའི་ཀླུ་གཉན་བསང༌། །ཐང་ལྷ་ ཡར་བཞུད་ལ་སོགས་ཏེ། །མདོ་ཁམས་སྒང་གསུམ་ཀླུ་གཉན་བསང༌། །ལྗང་རི་སྨུག་པོ་ལ་ སོགས་ཏེ། །ལི་ཡུལ་ས་བདག་ཀླུ་གཉན་བསང༌། །རྐོང་བཙུན་ཏེ་མོ་ལ་སོགས་ཏེ། །རྐོང་ཡུལ་ ས་བདག་ཀླུ་གཉན་བསང༌། །འོད་དེ་གུང་རྒྱལ་ལ་སོགས་ཏེ། །ཉང་པོའི་ས་བདག་ཀླུ་གཉན་ བསང༌། །སྒམ་པོ་དཔལ་རི་ལ་སོགས་ཏེ། །དྭགས་པོའི་ས་བདག་ཀླུ་གཉན་བསང༌། །ཡར་ ལོང་ཤམ་བུ་ལ་སོགས་ཏེ། །དབུས་ཀྱི་ས་བདག་ཀླུ་གཉན་བསང༌། ཁ་ཤ་སྨུག་རི་ལ་སོགས་ ཏེ། །ཁ་ལེན་མོན་གྱི་གཞི་བདག་བསང༌། །ཅོག་ལ་མཚལ་རྩེ་ལ་སོགས་ཏེ། །ཨ་བ་ཧོར་གྱི་ཀླུ་ 1-1-474 གཉན་བསང༌། །ཕྱེ་མ་སྟག་རྩེ་ལ་སོགས་ཏེ། །སེ་ཀེ་འཇང་གི་གཞི་བདག་བསང༌། །གླང་ཆེན་ འགྱིང་རི་ལ་སོགས་ཏེ། །གླང་ཡུལ་སྲིད་པའི་ཀླུ་གཉན་བསང༌། །བྲེ་ཏ་པུ་རི་ལ་སོགས་ཏེ། །ཚ་ བ་རོང་གི་གཞི་བདག་བསང༌། །གཙུག་ན་རིན་ཆེན་ལ་སོགས་ཏེ། །ཀླུ་རྒྱལ་ཡབ་ཡུམ་འཁོར་ བཅས་བསང༌། །འཁོར་ལོ་བསྒྱུར་རྒྱལ་ལ་སོགས་ཏེ། །ས་བདག་སྡེ་ཚོགས་ཐམས་ཅད་ བསང༌། །རྨ་ཆེན་སྤོམ་ར་ལ་སོགས་ཏེ། །རྨ་རིགས་སུམ་བརྒྱ་དྲུག་ཅུ་བསང༌། །གཉན་པོ་གཡུ་ རྩེ་ལ་སོགས་ཏེ། །གཉན་རིགས་ས་བདག་འཁོར་བཅས་བསང༌། །ཁྱད་པར་ཡུལ་ཕྱོགས་འདི་ ཉིད་ལ། །གནས་པའི་ས་བདག་ཀླུ་གཉན་བསང༌། །འགོ་བའི་ལྷ་ལྔ་དགྲ་བླ་བསང༌། །སློབ་ དཔོན་བརྒྱུད་ཀྱི་བསྲུངས་མ་བསང༌། །ཕ་མྱེས་བརྒྱུད་ཀྱི་བསྲུངས་མ་བསང༌། །སྡོང་གྲོགས་ བྱེད་པའི་གཞི་བདག་བསང༌། །འདོད་ཡོན་བསང་མཆོད་ཕུལ་བའི་མཐུས། །བདག་ཅག་རྣལ་ འབྱོར་འཁོར་བཅས་ཀྱིས། །བསྟན་པ་བསྲུངས་ལ་བར་ཆད་བཟློག །ནད་ཁ་ཆོད་ལ་རིམས་ ཁ་བསྒྱུར། །རྨི་ལམ་ངན་དང་མཚན་ལྟས་སྡིག །བགེགས་དང་ལོག་འདྲེན་ཐམས་ཅད་བཟློག ། བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རྡོ་རྗེ་ཚེ་དང་ལུང་རྟོགས་ཆོས། །འཛམ་གླིང་གཏེར་དང་ བསོད་ནམས་ནོར། །སྐྱིད་སྤྱོད་ཟས་དང་ཁ་དོག་གོས། །གྲགས་པ་མཐུ་དང་འབྲུ་བཅུད་ནས། ། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ལྷ་མའི་ལོངས་སྤྱོད་ཅི་མཆིས་པ། །ཡིད་བཞིན་ནོར་བུ་ འདོད་འཇོའི་བ། །མཐུན་རྐྱེན་ཟད་མེད་གཏེར་དང་སྤྲོད། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། ། ཚེ་རབས་ཀུན་ཏུ་སྡོང་གྲོགས་མཛོད། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རྩེ་གཅིག་ བྱང་ཆུབ་སྒྲུབ་པ་ལ། །འགལ་རྐྱེན་བར་ཆད་ཞི་བར་མཛོད། །འགྲོ་འཆག་ཉལ་འདུག་གང་ རུང་དུ། །དམ་ཆོས་གོ་རྟོགས་འཕེལ་བ་དང༌། །ལུང་རིགས་ཆོས་ལ་མངའ་བརྙེས་མཛོད། ། བསྟན་འཛིན་སྐུ་ཚེ་རིང་བ་དང༌། །དགེ་འདུན་སྤྱི་སྡེ་མཐུན་པ་དང༌། །ཉན་བཤད་བསྒྲུབ་པ་ རྒྱས་པ་དང༌། །འགྲོ་ཀུན་ཆོས་ལ་འགོད་པར་མཛོད། །བདག་ཅག་གནས་པའི་ས་ཀུན་ཏུ། ། 1-1-475 སད་སེར་འཁྲུགས་ལོང་ཞི་བ་དང༌། །ཆར་ཆུ་དུས་འབེབ་ལོ་ལེགས་དང༌། །འགྲོ་ཀུན་འདོད་ དགུས་ཚིམ་པར་མཛོད། །མ་འོངས་ཆོས་ལ་འཇུག་པ་རྣམས། །ཡོངས་འཛིན་ཀུན་མཁྱེན་ ཆོས་ཀྱི་རྗེས། །ཆགས་མེད་པ་ཡི་སྤྱན་གཟིགས་ནས། །ལུང་དང་རྟོགས་པའི་ཆར་རྒྱུན་གྱིས། ། གདུལ་བྱ་རྒྱ་མཚོ་སྨིན་མཛད་དེ། །ས་ལམ་ཡོན་ཏན་མཐར་ཕྱིན་ནས། །བདེ་གཤེགས་སྙིང་ པོ་མྱུར་ཐོབ་ཅིང༌། །གཟུགས་སྐུ་ཡིད་བཞིན་ནོར་བུ་ཡིས། །མཁའ་ཁྱབ་འགྲོ་བ་འདྲེན་པར་ ཤོག །ཡེ་དྷརྨཱ་ཞེས་ཀྱང་བརྗོད། བསྔོ་བ་སྨོན་ལམ་རྒྱ་ཆེན་བྱ། གསོལ་བ་བཏབ། ཡེ་ཤེས་པ་རྣམས་གཤེགས་པར་བྱེད། དམ་ ཚིག་པ་རྣམས་རང་ལ་བསྡུ། ཡི་དམ་ལྷའི་ང་རྒྱལ་གྱིས་གནས་བསྲུང༌། མི་དམིགས་པས་རྒྱས་བཏབ། འོད་གསལ་བསྒོམ་ན་དོན་ དུ་འགྱུར་རོ། །དངོས་གྲུབ་ཐོབ་པར་གདོན་མི་ཟ། །བླ་མ་ཡི་དམ་ཆོས་སྐྱོང་དང༌། །འཛམ་གླིང་བསྟན་སྐྱོང་མང་པོ་ཡི། །གནས་དང་ མཚན་མ་མཐོང་བའི་ཚེ། །བསང་གི་ཆོ་གའི་རིམ་པ་འདི། །བདེ་སྟོང་རོལ་པ་ཞེས་བྱ་བ། །དགེ་སློང་ཟླ་བ་རྒྱལ་མཚན་གྱི། །ལྷག་ བསམ་དག་པས་བསྐུལ་བའི་ཚེ། །བཙུན་པ་བཟང་པོ་གྲགས་པ་ཡིས། །ཇོ་ནང་དཔལ་གྱི་རི་ཁྲོད་དུ། །ནག་པའི་ཟླ་བར་བཀོད་ པས་ལེགས། །དགེ་བས་འགྲོ་ཀུན་ཨེ་ཝཾ་མཆོག །རྣམ་ཀུན་དྲི་བྲལ་ཐོབ་གྱུར་ཏེ། །བསྟན་དང་འགྲོ་ལ་ཕན་ཐོགས་ཤིང༌། །ཨེ་ཝཾ་ ས་མ་མསྟུ། །ཤུ་བྷཾ། བསང་མཆོད་བདེ་སྟོང་རོལ་པ་འདི་གཞི་བདག་དེ་དག་ཉེ་བར་གཟིགས་པའི་དུས་སུ་བྱང་ཆུབ་སེམས་དཔའ་ དམ་པ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོས་སྐྱིད་ཕུག་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ། །དགེའོ། །བཀྲ་ཤིས། ། མ་དཔེ་ནི་འཛམ་ཐང་དབུ་མེད་བྲིས་གསར་ཞིག་རེད། ) 1-1-476 ༄༅། །ཆར་སློང་བྱིན་རླབས་ཆར་འབེབས་ཀྱི་འཁོར་ལོའི་ དཔེ་དང་བཅས་པ་ཞེས་བྱ་ བ་བཞུགས་སོ། ། ༄༅། །ༀ་སྭ་སྟི། ཌོཾ་བྷི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆར་སློང་བྱིན་རླབས་ཆར་འབེབས་ཞེས་བྱ་བ། ཆོས་རྗེ་དཔལ་ལྡན་ བླ་མ་དམ་པ་རྣམས་དང༌། དཔལ་ཌོཾ་བྷི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གདུང་བྱེད་དཔལ་འཕྲོག་ཕྱི་ཡི་ཆུ་འཛིན་ཅན། །མཁྱེན་པའི་ གློག་འཕྲེང་བརྩེ་བའི་འབྲུག་སྒྲ་སྒྲོགས། །དམ་ཆོས་ཆར་གྱིས་གདུལ་བྱ་སྐྱོང་མཛད་པ། །ཌོཾ་བྷི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཚོགས་ གཉིས་རྒྱ་མཚོའི་དཔལ་ལས་ལེགས་འཁྲུངས་ཤིང༌། །འཛིན་མའི་སྟེང་ན་ཀུན་མཁྱེན་གཉིས་པར་གྲགས། །རྫོགས་ལྡན་ཆོས་ཀྱི་ དུང་འབུད་དར་ཕྱར་ནས། །སེམས་ཅན་སྨིན་མཛད་ཆོས་རྗེའི་ཞབས་ལ་འདུད། །འཛམ་བུའི་གླིང་གི་རྩི་བཅུད་སྨན་དང་བཅས། ། ཤིང་དང་གེལ་བ་མེ་ཏོག་འབྲས་ལྡིང་དང༌། །ལོ་ཏོག་སྙེ་མ་ཡོངས་སུ་རྒྱས་པའི་ཕྱིར། །ཆར་སློང་ལག་ལེན་སློབ་མའི་བསྐུལ་ཕྱིར་ བྲི། ། འདིར་དཔལ་ཧེ་རུ་ཀའི་སྒོ་ནས་ཆར་སློང་འདོད་པ་ལ་ཚུལ་གསུམ་སྟེ། སྦྱོར་བ་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་ གསུམ་སྟེ། ལོ་རྒྱུས། གནས་བརྟག་པ། ཐོ་བཀྲམ་པའོ། །དང་པོ་ནི། དཔལ་ཌོཾ་བྷི་ཧེ་རུ་ཀ་ཞེས་བྱ་དེ་ཉིད་ཡུལ་མ་ག་དྷའི་རྩེ་མོ་ ནས་ལོ་གསུམ་དུ་འོད་གསལ་ཕག་རྒྱ་ཆེན་པོ་བསྒོམས་ནས། རྫུ་འཕྲུལ་ཀྱི་སྟོབས་ཀྱིས་ཨོ་རྒྱན་དུ་བྱོན་ནས། གནས་ཉི་ཤུ་རྩ་ བཞིའི་གནས་སུ་མཁའ་འགྲོ་རྣམས་ལ་ཟབ་ཆོས་གསན་ཅིང༌། ཤམ་བྷ་ལར་བྱོན་རིགས་ལྡན་སྤྲུལ་བའི་སྐུ་རྣམ་རྒྱལ་ཆེན་པོའི་ མདུན་ནས་རྒྱུད་སྡེ་ལ་སོགས་མང་དུ་ཉན་ནས་སླར་རྒྱ་གར་དུ་བྱོན་ནས་ཀྱང༌། ཟླ་བ་གཉིས་དང་ཞག་དྲུག་ཏུ་ཆར་བ་མེད་པས་ཐན་ པ་ཆེན་པོ་བྱུང་ནས་རྒྱ་མཚོ་དང་ཆུ་བོ་གང་ག་རྣམས་ཉམས་ཆུང་ན། རྫིང་བུ་དང་ལྡེང་ཀ་རྣམས་ལྟ་ཅི་སྨོས། ལོ་དོག་རྩི་ཤིང་ཐམས་ 1-1-477 ཅད་སྐམ་ནས། སེམས་ཅན་སྡུག་བསྔལ་མི་བཟོད་པས་ཉེན་ནས་འདུག་པར་གཟིགས་སོ། །དེ་ནས་དགེ་བར་རྗེས་སུ་བཟུང་བར་ དགོངས་ནས་མལ་དྲོས་གནས་པའི་མཚོ་འགྲམ་དུ་བྱོན་ནས། ཀླུའི་ཆོ་འཕྲུལ་ངན་པ་སྣ་ཚོགས་སྟོན་པའི་ཚེ། གྲུབ་ཆེན་དེ་ཉིད་ ཁྲོ་བོ་དབུ་དགུ་ཕྱག་བཅོ་བརྒྱད་པར་སྤྲུལ་ཏེ། དེ་ཡང་རྩ་བའི་ཞལ་མཐིང་ནག གཡས་དཀར་བ། གཡོན་དམར་བ། དེའི་སྟེང་ དུ་དབུས་དམར་པོ། གཡས་ལྗང་ཀུ། གཡོན་སེར་པོ། དེའི་སྟེང་དབུས་དཀར་པོ། གཡས་ནག་པོ། གཡོན་སྔོན་པོ། སྤྱན་གསུམ་ གསུམ་མེ་ལྟར་འབར་བ། དབུ་སྐྲ་སེར་པོ། མཆེ་བ་བཞི་བཞི་རབ་ཏུ་གཙིགས་པ། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་ བསྣོལ། གཡས་ཀྱི་ལྷག་མ་བརྒྱད་ལ་རིམ་པ་བཞིན་དུ། རལ་གྲི། དགྲ་སྟྭ། ཞགས་པ། མདུང༌། ལྕགས་ཀྱུ། མདའ། རྩེ་གསུམ། དུང་དཀར་པོ། གཡོན་བརྒྱད་ལ། བེ་ཅོན། འཁོར་ལོ། རྒྱ་གྲམ། ཐོད་དབྱུག ལྕགས་སྒྲོགས། གཞུ། གཏུན་ཤིང༌། ཕུར་བུ་རྣམས་ འཛིན་པ། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། སྐུའི་གཟི་བརྗིད་འབར་བ་ཅན་དུ་བཞུགས་ནས། གདུག་པའི་ཚོགས་ རྣམས་དབང་དུ་བསྡུས། དེའི་ཚེ་ནམ་མཁའ་ལ་ལྷ་རྣམས་ཀྱིས་མེ་ཏོག་གིས་ཆར་པ་གཏོར། གནས་ཉེར་བཞིའི་མཁའ་འགྲོ་རྣམས་ ཀྱིས་སྤོས་བདུག ཆུ་བདག་བརྒྱད་ཀྱིས་རྒྱ་མཚོར་བསྡུས་ནས་ཕྱག་འཚལ་ནས། རང་གཟུགས་སུ་བཞུགས་པའི་ཚེ། ཀླུའི་རྒྱལ་པོ་ མལ་དྲོས་གཟི་ཆེན་གྱིས་ཕྱག་འཚལ་ཞིང་མཆོད་པའི་ཚོགས་ཀྱིས་མཆོད་ནས། ཞག་བདུན་དུ་ཆོས་བསྟན་ཞིང༌། ཀླུའི་རྒྱལ་པོ་ལ་ གསོལ་པ། །ཡུལ་རྒྱ་གར་ན་ཐན་པ་ཆེན་པོ་བྱུང་ནས་ལོ་ཏོག་ཐམས་ཅད་སྐམ་ནས། སེམས་ཅན་གྱི་དོན་དུ་འདིར་མཆིས་པས་ཆར་ པ་ཆེན་པོ་བདག་ལ་སྩོལ་ཅིག ཅེས་གསུངས་པ་དང༌། ཀླུའི་རྒྱལ་པོ་ན་རེ་རྒྱལ་སྲས་ཁྱོད་ཀྱི་འདིར་བྱོན་པ་ལེགས། ཆོས་བསྟན་པ་ བཀའ་དྲིན་ཆེ་ལགས། ཞག་བདུན་ལ་ཆར་པ་དབུལ་བར་བགྱིའོ། །ཞེས་པ་དང༌། གྲུབ་ཆེན་གྱིས་གསུངས་པ། ཞག་བདུན་དུ་ཆར་ པ་འབབས་པ་ལགས་ཏེ། མ་འོངས་པའི་སེམས་ཅན་གྱི་དོན་དུ་ཆར་སློང་གི་མན་ངག་ཚིག་དང་དོན་གསལ་བ། ཤིན་ཏུ་ཟབ་ལ་ མྱུར་བ་གཅིག་ཞུ་གསུངས་པ་དང༌། ཀླུའི་རྒྱལ་པོས་དེ་གེར་བཀྲོལ་ནས་གདམ་ངག་འདི་གསུངས་སོ། ། གཉིས་པ་ལ་གསུམ་སྟེ། །འཁོར་ལོ་བྲི་ཐབས། རྫས་བསགས་པ། བསྒྲུབ་པའི་གནས་སོ། །དང་པོ་ལ་ཕོ་འཁོར། མོ་འཁོར། བར་འཁོར། སྔགས་འཁོར། ལག་འཁོར་ཏེ་ལྔའོ། །དང་པོ་གྲོ་གམའ་ཤོག་བུ་ལ་ར་ཧུ་ལ་མགོ་དགུ་བྱ་རོག་གི་ཐོར་ཚུག་ཅན། ཕྱག་ ན་མདའ་གཞུ་ཐོག་པའི་ལྟེ་བར། འཁོར་ལོ་མི་འཁྱུད་བཞིས་བསྐོར་བའི་ལྟེ་བར། ར་ཧུ་ལ་ཞེས་ཡི་གེ་བརྩེགས་པའི་མཐའ་བསྐོར་ དུ། ༀ་ཛ་ཕུ་ཏ་ཡ་ནོན། འདུས་འདུས་ནག་པོ་མ་བྷྱོཿ ༀ་ཆར་ཆར་བླ་བླ༴ ཞེས་སྔར་རིང་གི་མཐའ་ 1-1-478 བསྐོར་དུ། ལྷ་ཀླུ་གཟའ་སྐར་ཐམས་ཅད་ཀྱིས་ས་ཕྱོགས་དང་ཡུལ་རིས་འདིར་ཆར་སྤྲིན་ཆེན་པོ་ བསྡུས་ཤིག ཆར་ཆེན་པོ་ཕོབ་ཅིག ཨུ་ཙརྻའི་སྔགས་དང༌། ༀ་ཧྲཱིཿཥྚི་བི་ཀྲི་ཏཱ་ན་ན་ཧཱུཾ་ཕཊཿ ར་ཧུ་ ལས་ཆར་ཆེན་པོ་ཕོབ་ཅིག ཅེས་བྲི། དེའི་རྒྱབ་ཏུ་འཁོར་ལོ་རྩིབ་བརྒྱད་ལ། ཤར་དུ་ཧ། ཤར་ལྷོར་ཟུར། ལྷོར་ཐུམ། ལྷོ་ ནུབ་ཏུ་རིལ། ནུབ་ཏུ་ནན། ནུབ་བྱང་དུ་ཐུམ། བྱང་དུ་སྭཱ། བྱང་ཤར་དུ་ཧ་ཞེས་བྲི། དེའི་རྒྱབ་ཏུ་ཛ་ཕུ་ཏ་ཡ་ཅེས་སྔགས་རིང་དང་ གཟའ་ཆེན་བརྒྱད་གྱིས་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག ཅེས་བྲི་དེ་རྒྱབ་ཆུ་རིས་སོ། ། གཉིས་པ་མོ་འཁོར་ཡང་ཀླུ་བདུད་མགོ་དགུ་པ། ཕྱག་ན་རྒྱ་མཚོ་འཛིན་པའི་ལྟེ་བར་འཁོར་ལོ་མུ་འཁྱུད་བཞིས་བསྐོར་བའི་ ལྟེ་བར་ནཱ་ག་ཕུ་ཞེས་བརྩེགས་མར་བྲི། མཐའ་བསྐོར་དུ་སྔགས་ཐམས་ཅད་ནི་གོང་བཞིན་ལ་གཤམ་དུ་ཀླུ་ཆེན་པོ་བརྒྱད་ ཀྱིས་མྱུར་དུ་ཆར་ཆེན་པོ་ཕོབ་ཅིག ཞེས་བྲི། རྩིབ་བརྒྱད་ཕྱིའི་མི་འཁྱུད། སྔགས་གོང་བཞིན་ནོ། །ཕྱི་བསྐོར་ཆུ་རིས་ སོ། །གསུམ་པ་བར་འཁོར་ལ་མི་འཁྱུད་ལྔས་བསྐོར་སྔགས་ཐམས་ཅད་ལོག་ཡིག་ཏུ་བྲི། ཀླུ་མ་དྲོས་ཞལ་གསུམ་སྦྲུལ་མགོ་བདུན་ དང་ཕྱག་གཉིས་ཀྱིས་སྤྲིན་དང་རྒྱ་མཚོ་འཛིན་པའི་ལྟེ་བར་ཧཱུཾ། མཐའ་བསྐོར་དུ་ཛ་ཕུ་ཏ་ཡ་ཞེས་སྔགས་རིང་བྲི། དེའི་རྒྱབ་ཏུ་པད་ མ་འདབ་བརྒྱད་ལ་གོང་གི་ཡི་གེ་བརྒྱད་བཀོད། དེ་རྒྱབ་སྔགས་དང་ཁ་བསྒྱུར་སྔར་བཞིན་ནོ། །དེ་རྒྱབ་ཆུ་རིས་སོ། །བཞི་པ་སྔགས་ འཁོར་ནི་ལྟེ་བ་ཡང་སའི་མི་འཁྱུད་གཉིས་དང༌། །ཕྱི་བསྐོར་སྤྲིན་བྲིས་སོ། །ལྟེ་བར་ༀ་བཛྲ་ཁྱུང་ཀ་ར་ཁྱུང་ཀ་ར་ག་རུ་ དྲ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ༀ་ག་རུ་དྲ་ཧཱུཾ་ནཱ་ག་མཱ་ར་ཡ་ཕཊཿ རཾ་རཾ་ཛྭ་ལ་ཛྭ་ལ། བྷ་རི་ཤ་ཡ། བྷ་ རི་ཤ་ཡ། བཛྲ་ཙནྚ་ག་རུ་དྲ་ཧཱུཾ་མཱ་ར་ཡ་སྤོ་ར་ནན། བཛྲ་པཱ་ཎི་ག་རུ་ཊ་བེ་ཀ་ར་ཧཱུཾ་ཛཿ ནཱ་ག་ཙ་ ལེ་ཙ་ལེ་ཧཱུཾ་ཕཊ། གཟའ་བརྒྱད་དང་ཀླུ་བརྒྱད་ཐམས་ཅད་ཀྱིས་ཡུལ་འདིར་ཆར་ཆེན་པོ་ཕོབ་ ཅིག མྱུར་དུ་ཕོབ་ཅིག དྲག་ཏུ་ཕོབ་ཅིག ད་ལྟ་ཉིད་དུ་ཕོབ་ཅིག ཞེས་བྲི། དེ་རྒྱབ་ཡིག་མགོ་ནང་བསྟན་ ལ། ཛ་ཕུ་ཏ་ཡཾ༴ ཅེས་སྔགས་རིག་དང་གཤམ་བུ་ལྷ་ཀླུ་གཟའ་སྐར་གྱིས་ཆར་ཆེན་པོ་དྲག་ཏུ་ཕོབ་ཅིག ཅེས་བྲི། དེ་རྒྱབ་ཡིག་མགོ་ཕྱིར་བསྟན་ལ། ནི་ལཾ་བྷ་ར་དྷ་ར༴ སོགས་དང་ཛ་ཕུ་ཏ་ཡ༴ སོགས་སྔགས་རིང་དང་ལྷ་ བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ཀྱིས་འཛམ་བུ་གླིང་གི་ཡུལ་འདིར་ཆར་ཆེན་པོ་ཕོབ་ཅིག མྱུར་ དུ༴ དྲག་ཏུ༴ ད་ལྟ་ཉིད་དུ༴ སོགས་བྲི་གཟབ་ཡིག་ཏུའོ། །ལྔ་པ་ལག་འཁོར་ནི། མུ་འཁྱུད་བཞིས་བསྐོར་ཏེ། ཁྲོ་བོ་དབུ་ 1-1-479 དགུ་ཕྱག་བཅོ་བརྒྱད་པ་གོང་ལྟར་བྲི། མ་ཚུད་ན་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྒྱ་མཚོ་འཛིན་པའི་ལྟེ་བར་ཡངས་སའི་ནང་ དུ་ཧཱུཾ་ར་ཧུ་ལ་ཞེས་བྲི། མཐའ་བསྐོར་དུ་ཡིག་མགོ་ཕྱིར་བསྟན་ལ། ༀ་ནི་ལམ་བྷ་ར་དྷ་ར༴ སོགས་དང་ཛ་ཕུ་ཏ་ཡ༴ སོགས་སྔགས་རིང་གི་གཤམ་དུ། ༀ་ནཱ་ག་ཏ་ལི་ན་ག་ཧཱུཾ་ཕཊཿ ༀ་ནི་མི་ནི་མི་ནི་མིན་དྷ་ར་ཡ་སྭཱཧཱ་ས་ བདག་གཞི་བདག་སྡེ་བརྒྱད་གཟའ་སྐར་ཐམས་ཅད་ཀྱིས་ཆར་ཆེན་པོ་ཕོབ་ཅིག མྱུར་དུ་ཕོབ་ ཅིག༴ སོགས་བྲི། དེ་རྒྱབ་ཡེ་དྷརྨཱ༴ སོགས་ༀ་ཁྱུང་ཀ་ར༴ སོགས་རྣམས་བྲི། དེ་རྒྱབ་རྩིབ་བརྒྱད་ལ་ཧཱ་ཟུར་ཐུམ་ རིལ་ནན་ཐུམ་སྭཱཧཱ། ཞེས་བྲི། དེ་རྒྱབ་ཆུ་རིས་སོ། །འོག་འཁོར་སྦལ་བའི་ལྟེ་བར་ཡངས་བའི་ནང་མུ་འཁྱུད་གཉིས་ཀྱི་ལྟེ་ བ་དང་པད་འདབ་བརྒྱད་ལ་ཕུ་རེ་རེ། དེ་རྒྱབ་ཛ་ཕུ་ཏ་ཡ༴ སོགས་དང༌། ས་བདག་ཀླུ་གཉན་ཞིང་སྐྱོང་རྣམས་ ཀྱིས་འཛམ་གླིང་སྟོང་གསུམ་གཡོ་བ་ཙམ་དུ་ཆར་ཆེན་པོ་ཕོབ་ཅིག ཅེས་བྲི། སྦལ་བའི་མགོར་ཡི་གེ་ རིམ་རིལ་གཉིས་བྲི། ལག་པ་གཡས་སུ་ཧ་ཟུར། གཡོན་དུ་ཐུམ་རིལ། རྐང་པ་གཡས་སུ་སྭཱཧཱ། གཡོན་དུ་ནན། ལྦོ་གཡས་སུ་ཀུ་ནན། གཡོན་དུ་ནག་པོ་ཕོབ་ཤིག །མཇུག་མར་ཧུ་ཡ། ཞེས་བྲི། ཁྲོ་བོ་དང་ལྟེབ་སྦྱོར་བྱ། (སྔགས་ འཁོར་སྟེང༌། བར་འཁོར་འོག་སྟེང་འོག་ཁ་སྦྱར་ལ། ཕོ་འཁོར་མོ་འཁོར་གཉིས་ཀྱི་བར་ལ་བཅར། )ཁ་དོག་འཁོར་ལོ་སེར་པོ། རྩིབ་མཆན་དམར་པོ། ལྷ་གཟུགས་དང་ཆུ་རིས་རྣམས་སྔོན་པོ། རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །འཁོར་ལོ་རས་སྔོན་པོའི་ ཕྱི་ནས་གཡོག་གོ ། ༈ གཉིས་པ་རྫས་བསོགས་པ་ནི། བག་ཟན་ལས་སྦལ་མནོག་མཚལ་གྱིས་ཁ་མིག་དམར་ཧུ་རེ་བ་བྱས་ལ། སྙིང་ཀར་ འབྲུག་ཤིང་ལ་ནཱ་ག་ཕུ་ཞེས་བརྩེགས་མར་བྲིས་ལ་བཅུག་གོ ། སིང་ལྡིང་ངམ་སྐྱེར་བའི་ཕུར་བུ་སོར་བཞི་ལ་ཚོན་སྐུད་སྣ་ལྔ་ བཏགས། དབལ་གསུམ་ལ་གླ་རྩི་དྲི་ཁྲག་བྱུག །ཕྱག་ན་རྡོ་རྗེའི་གཏུམ་མོའི་གསང་བའི་རྒྱུད་ལས་སེར་པོ་བརྒྱད། སིང་ལྡིང་ཕུར་ པ་ལ་ཀུ་ཀུལ་སྨེ་ཤ་གླ་རྩི་བྱུག་ཅེས་གསུངས་སོ། །བཙན་དུག་གསུམ་སྦྱར་ལ་བྱུག་གོསྨྱུག་ཚིགས་སོར་བཞི་ལ། མངལ་ཁྲག གྲི་ ཁྲག མཛེ་ཁྲག གཙོས་ཁྲག རྒྱ་ཁྲག་སྟེ། ཁྲག་ལྔའི་རིལ་བུ་བཅུག ར་ཐུག་གི་རྨང་ཀའི་སྐུད་པས་སྐྲིའོ། ། ༈ གསུམ་པ་བསྒྲུབ་པའི་གནས་ལ་གཉིས་ཏེ། ཕྱི་རོལ་དང་ནང་གི་གནས་སོ། །དང་པོ་ནི་མཚོ་དང་ཆུ་མིག མཚོ་ལ་གཉིས་ སྟེ་མི་རུང་བ་དང་རུང་བའོ། །དང་པོ་ནི། དྲི་མཚོ་དང༌། གཏད་པ་དང༌། ཆུ་གཞུང་ངོ༌། ། 1-1-480 ༈ གཉིས་པ་གང་མཚོ་ཟླུམ་པོ་མཚོ་གཉན་ལ་ཆར་སློང་བྱའོ། །ནམ་གྲུ་ཆུ་སྟོད་ཆུ་སྨད་ལ་སོགས་དང༌། གཟའ་པ་སངས་དང་ ཟླ་བ་གཉིས་ཀྱི་དུས་སུ་འགྲོའོ། ། ༈ གཉིས་པ་ཆུ་མིག་ལ་ཡང་གཉིས་སྟེ་མི་རུང་བ་དང་རུང་བའོ། །དང་པོ་ནད་པའི་ཁྱིམ་དང༌། བཤན་པའི་ཁྱིམ་དང་ལྐུག་ པའི་ཁྱིམ་གསུམ་ལ་མི་རུང༌། དེ་དག་གི་རྟགས་ནི་ཆི་མིག་ཀར་ལྟ་རུང༌། གཡས་གཡོན་དུ་སྦལ་སྦྲུལ་གྱི་གཟུགས་ལྟ་བུ་ཡོད་པའོ། ། དྲི་མི་ཞིམ་པ། ཉམས་མི་དགའ་བ། འོག་ཏུ་ཕ་འོང་ནད་པ་ཉལ་བ་ལྟ་བུ་ཡོད་པའོ། །གཉིས་པ་ནི། སྔོན་ན་བྲག་དམར་པོ་ཡོད་པ། གཡས་གཡོན་དུ་ས་རྡོ་སྤུ་གྲི་ལྟ་བུ་ཡོད་པའོ། །གསུམ་པ་ནི། མིག་ཁྱིམ་ཆག་པ། ཐོ་ཡུལ་ནག་པོས་བསྐོར་བའི་གནས་སོ། །གཉིས་ པ་རུང་བ་ནི། །རྒྱལ་པོའི་ཁྱིམ་དང༌། སྨན་པའི་ཁྱིམ་དང༌། དགེ་བསྙེན་གྱི་ཁྱིམ་མོ། །རྟགས་ནི་ཁ་ཤར་དུ་བལྟ་བ། བྲག་རི་དཀར་ པོས་བསྐོར་བ། ཤིང་རྩི་དྲི་བཟང་གིས་བརྒྱན་པ། རི་རྩེ་དྲངས་བའོ། །གཉིས་པ་ནི། གཡས་གཡོན་ན་སའམ་རྡོ་གྲུ་བཞི་ཡོད་པའོ། ། གསུམ་པ་ནི། གཡོན་ན་ཤིང་ཀར་གཅིག་ཡོད་པ། སྔོན་ན་སྨན་ཁུག་ལྟ་བུ་ཡོད་པའོ། །མཚོའི་གསང་སྒོ། ཆུ་མིག་གི་ཕུག་ཏུ་འདུག་ པར་བྱའོ། །གཉིས་པ་ལ་གསུམ་སྟེ། ཐོ་བཀྲམ་པ། ཆར་འབོད་བྱ་བ་བཅའ་ཀའོ། །གནས་དེ་ལྟ་བུར་ཕྱིན་མ་ཐག་ཏུ་ཤར་དུ་ཤུག་ པའི་རྒྱང་བུ་ལ། ༀ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ ཤར་རྡོ་རྗེའི་ཁྱུང་གིས་ཤར་ཕྱོགས་སུ་ཀླུ་རྒྱལ་ རིགས་བྲོས་པའི་ལམ་ཆོད་ལ་ཇི་སྲིད་ཆར་བ་མ་ཐོན་གྱི་བར་དུ་བཀའ་ཡི་བསྲུང་མ་མཛོད་ ཅིག ཅེས་ཤར་གྱི་ཐོ་ལ་བཙུག་གོ །ༀ་རཏྣ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ ལྷོར་རིན་ཆེན་ཁྱུང་གིས་ལྷོར་ ཀླུ་རྗེ་རིགས་བྲོས་པའི་ལམ་ཆོད་ལ་ཇི་སྲིད་ཆར་བ༴ ནས་ཅེས་ལྷོར་ཐོ་ལ་བཙུག་གོ །ༀ་པདྨ་ག་རུ་ཊ་ ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ ནུབ་པདྨའི་ཁྱུང་གིས་ནུབ་ཕྱོགས་ཀླུ་དམངས་རིགས་འབྲོས་པའི་ལམ་ ཆོད་ལ་ཇི་སྲིད༴ ནས་མཛོད་ཅིག ཅེས་ནུབ་ཀྱི་ཐོ་ལ་བཙུག་གོ །ༀ་ཀརྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊཿ བྱང་ལས་ཀྱི་ཁྱུང་གིས་བྱང་ཕྱོགས་སུ་ཀླུ་རྒྱལ་རིགས་འབྲོས་པའི་ལམ་ཆོད་ལ་ཇི་སྲིད༴ ནས་ མཛོད་ཅིག ཅེས་བྱང་གི་ཐོ་ལ་བཙུག་གོ །ཅེས་སྟོང་གསུམ་གྱི་ཆར་བདག་ཐམས་ཅད་དེར་འདུས་པར་བསམ་མོ། ། ༈ གཉིས་པ་ཆར་འབོད་བྱ་བ་ནི། ༀ་པདྨོ་ཥྚོ་བི་མ་ལེ་ཧཱུཾ་ཕཊཿ ཞེས་མངོན་པར་བསྔགས་པའི་དུང་ལན་གསུམ་ འབུད་དེ་འདི་སྐད་ཅེས་བྱའོ། །ཀྱཻ་རྒྱ་མཚོ་ཆེན་པོ་འདི་ལ་གནས་པའི་ཀླུ་གཉན་ཐམས་ཅད་བདག་ལ་ 1-1-481 ཉོན་ཅིག ཁྱེད་རྣམས་ལ་ཞུ་དོན་ནི། འཛམ་གླིང་འཇིག་རྟེན་འདིར་ཐན་པ་ཆེན་པོ་བྱུང་བས། ཀླུ་རྒྱལ་ཁྱེད་རྣམས་ལ་ཆར་སློང་དུ་འོང་བ་ཡིན་པས། འགྲས་བཙལ་བ་དང་འཐབ་མོས་འོང་ བ་མ་ཡིན་ལགས། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན། ཡུམ་ཀུན་ཤེས་འོད་ལྡན་མ། དུང་སྐྱོང༌། མཐའ་ཡས། རིགས་ལྡན། འཇོག་པོ། སྟོབས་རྒྱུ་པད་མ། པད་མ་ཆེན་པོ། ཡབ་ཡུམ་འཁོར་ དང་བཅས་པ་རྣམས་ལ་ཡང་དག་པར་བསྐུལ་ནས། ཆར་བ་ཆེན་པོ་མྱུར་དུ་ཕོབ་ཅིག རིངས་ བར་ཕོབ་ཅིག དྲག་ཏུ་ཕོབ་ཅིག ད་ལྟ་ཉིད་དུ་ཕོབ་ཅིག རྒྱལ་རིགས། རྗེ་རིགས། བྲམ་ཟེའི་ རིགས། དམངས་རིགས། གདོལ་པའི་རིགས། བྲན་གཡོག་ཐམས་ཅད་ཀྱིས་མཐུ་སྟོབས་མ་ ཆུང༌། རྫུ་འཕྲུལ་མ་ཞན་དབང་མ་ཆུང༌། རྒྱང་མ་རིང༌། ལས་ལ་མ་གཡོལ། ཐུགས་སྲན་མ་ཆེ་ ལ་ཆར་ཆེན་པོ་ཕོབ་ཅིག སྔོན་གྱི་དེ་བཞིན་གཤེགས་པ་དང་ཊོཾ་བྷི་ཧེ་རུ་ཀའི་སྤྱན་སྔར་ཆར་བ་ འབེབས་པའི་ཁས་བླང་གི་དམ་བཅའ་ཡོད་པས་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག ཅེས་ལན་གསུམ་ བརྗོད་དོ། ། ༈ གསུམ་པ་བཅའ་ཀ་ནི། གཡོན་རླུང་རྒྱུ་བའི་དུས་སུ་རྫིང་བུ་བསྐྱིལ་པའི་ནང་དུ་སྦལ་བ་བཅུག་ཀླུ་བརྒྱད་ཀྱིས་བསྐྱོར། ཕུར་བུས་བཙུག དེ་ཡང་སོར་གཅིག་བཏབ་ན་དྲག་ཆར། སོར་གཉིས་བཏབ་ན་སེར་བ་སོར་གསུམ་བཏབ་ན་ཐོག་འབེབ་པར་ བཤད། གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ཏེ། ཁ་བཅད་ལྟེ་བར་ཕུག་ལ། ཕུར་བའི་མགོ་ཐོན་ཙམ་བྱ་དེ་ལ་གཟུངས་ཐག་བཏག་ རྡོ་སྒྲོམ་གྱི་ཕྱི་རོལ་ཏུ་ཤིང་རྩི་དར་སྣ་བལ་ཚོན་དུང་ཙེ་ལ་སོགས་འདོད་ཡོན་བསྐོར། ཀླུ་སྨན་དང༌། །འོ་མ། ལྷ་བཤོས། སྤོས་ལ་ སོགས་པ་བཤམས། ཆུ་ཤོག་ལ་འཁོར་ལོ་བསྐྱོན། དེའི་སྲོག་ཤིང་ནང་དུ་འབྲུག་རུས་བཅུག་ལ། མར་རམ་ལ་ཆས་སྒོ་བཅད། ཀླུ་ སྨན་བསྐུའོ། །དེ་ཡང་ཆར་ཁེབ་བྱས་པའི་ཤིང་རྩིས་བསྐོར། དེ་ནས་སྦྲ་ཕུག་ལ་སོགས་པ་བྱའོ། ། ༈ གཉིས་པ་དངོས་གཞི་ལ་གསུམ་སྟེ། སྔོན་དུ་འགྲོ་བའི་རིམ་པ། ཆོ་གའི་ཚུལ། རྟག་དཔྱད་པའི་ལས་སོ། །དང་པོ་ བགེགས་གཏོར་བཏང་པ་ཆར་སྲི་བསྐྲད་པ་ནི། །ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་ཛྭ་ལ༴ སོགས་ༀ་སྭ་བྷ་ཝས་སྦྱངས། སྔོན་འགྲོའི་གཏོར་མ་སྣོད་དང་བཅས་པ་རང་བཞིན་གྱི་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་ 1-1-482 པའི་ངང་ལས་ༀ་ལས་རིན་པོ་ཆེའི་གཏོར་སྣོད་ཡངས་ཤིང་རྒྱ་ཅེ་བའི་ནང་དུ་ༀ་ཞུ་བ་ལས་ བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ཟག་ པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨ་ཀཱ་རོ༴ སོགས་སྭཱཧཱ། བྷུ་མི་པ་ཏི་ཀྵེ་ཊ་པཱ་ལ་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿ བྷུ་མི་པ་ཏི་ཀྵེ་ཊ་པཱ་ལ་ས་པ་ རི་ཝ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ༴ སོགས་ནས་ཨེ་དམ་བྷ་ལིང་ཏ་ཡེ་ སྭཱཧཱ། ལན་གསུམ་བརྗོད། བྷུ་མི་པ་ཏི་ཀྵེ་ཊ་པཱ་ལ་ས་པ་རི་ཝ་ར་བཛྲ་ཨརྒྷཾ༴ ནས་ཤབྟའི་བར་གྱིས་མཆོད། ས་ལ་རྒྱུ་བའི་ལྷ་ཀུན་དང༌། །གང་ཡང་ས་ལ་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་ དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ལན་གསུམ་བརྗོད། ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ལ་ཇི་སྲིད་ཆར་པ་མ་ཐོན་གྱི་བར་དུ་བྱ་བ་ མཐར་ཕྱིན་པའི་འཕྲིན་ལས་མཛོད་ཅིག གང་དག་ནག་པོའི་ཕྱོགས་སུ་གྱུར་པ་གསང་སྔགས་ ཀྱི་ཀུན་སྤྱོད་གཉན་པོ་ལ་བལྟ་བར་མི་དབང་བའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ ཡིན་པ་དེ་དག་ཐམས་ཅད་ལ་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ འདིས་ཚིམ་པར་གྱིས་ལ་བདག་ཅག་གི་བྱ་བ་མཐར་མ་ཕྱིན་གྱི་པར་དུ་འདིར་མ་གནས་པར་ གཞན་དུ་སོང་ཅིག གལ་ཏེ་མི་འགྲོ་བར་གྱུར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་ རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །སུམྦྷ་ནི༴ སོགས། མཆོད་པ་བསང་སྦྱངས་བྱིན་ གྱིས་བརླབས་ནས། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱའོ། ། ༈ གཉིས་པ་ཆོ་གའི་ཚུལ་ལ་གཉིས་ཏེ། བདག་བསྐྱེད་དང་མདུན་བསྐྱེད་དོ། །དང་པོ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ ངང་ལས་རང་ཉིད་ཕྱག་ན་རྡོ་རྗེར་གྱུར་པའི་ཐུགས་ཀར་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཆོས་ ཀྱིས་དབྱིངས་ནས་བླ་མ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་བཛྲ་པཱ་ཎི་ས་མཱ་ཛཿ ན་མོ་གུ་ 1-1-483 རུ་བྷྱཿ གང་གི་དྲིན་གྱི༴ སོགས་དང༌། ལྕང་ལོ་ཅན་གྱི༴ སོགས་ཕྱག་འཚལ་ལོ། །དཀོན་མཆོག་ གསུམ་ལ་བདག་སྐྱབས༴ སོགས་ཡན་ལག་བདུན་པ་རྣམ་དག་བྱ། ཚད་མེད་བཞི་བསྒོམ། ༀ་ཤུ་ནྱ་ཏ་ཛྙཱ་ན༴ ཚོགས་བསགས་ཤིང༌། རྒྱལ་མཚོ་ཀླུའི་ཕོ་བྲང་སྤྲིན་གྱི་གཞལ་ཡས་ཁང་གི་དབུས་སུ་པད་མ་འདབ་ བརྒྱད་ཀྱི་ལྟེ་བར་ཧཱུཾ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ་ཡོངས་སུ་ གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་ཞལ་བཞི། ཕྱག་བརྒྱད་ པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། རྒྱབ་ཞལ་ལྗང་ཀུ། རྩ་ཞལ་སྐུ་མདོག་ དང་བཅས་པ་བཻཌཱུརྱའི་རི་བོ་ལྟར་སྔོ་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དམར་ལ་བསྒྲད་ པ་མཆེ་བ་བཞི་བཞི་རྣམ་པར་གཙིགས་པ་སྨ་ར་དང༌། དབུ་སྐྲ་དམར་སེར་མེ་ལྟར་འབར་བ། གཡས་གཡོན་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་འཛིན་པ། གཡས་གསུམ་གྱིས་ རལ་གྲི་འཁོར་ལོ་ལྕགས་ཀྱུ་འཛིན་པ། གཡོན་གསུམ་ན་རྩེ་གསུམ་ཕུར་བུ་སྤྲིན་གྱི་ཞགས་པ་ འཛིན་པ། སྐུ་སྟོད་ཆུ་དར་སྔོན་པོས་གཡོག་པ། སྐུ་སྨད་སྟག་ལྤགས་དང་ཐོད་རློན་གྱི་འཕྲེང་ བ་ཐོག་པ། །ཞབས་གཉིས་ཀླུ་བརྒྱད་ཀྱི་མཇུག་མ་བཞི་བཞི་མནན་པའོ། །ཀླུ་བརྒྱད་ཐམས་ ཅད་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ། གསང་བདག་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། བཛྲ་པཱ་ཎི་ས་མཱ་ཡ་ཛཿ ཛཿཧཱུཾ་བཾཿཧོ། གཉིས་སུ་མེད་པར་གྱུར། སླར་ཡང་དབང་བསྐུར། དྲི་མ་དག ཆུའི་ལྷག་མ་ཡར་ ལུད་པ་ལས་མི་བསྐྱོད་པས་རྒྱས་བཏབ་པར་གྱུར། ཐུགས་ཀར་ཧཱུཾ་གི་མཐའ་བསྐོར་དུ། ༀ་ནི་ ལམ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་བསྙེན་པ་ཅི་ནུས་བྱའོ། །ཐུན་མཚམས་སུ་མཆོད་པ་འབུལ་བ་ནི། །མཆོད་ རྫས་བྱིན་གྱིས་བརླབས། ཁྲོ་རྒྱལ་སྐུ་ལ་དྲི་མ་མི་མངའ་ཡང༌། །དཀར་ཆབ་དམར་ཆབ་སྤོས་ཀྱི་ཆབ། ། སྨན་ཆབ་བདུད་རྩི་འོ་མའི་ཆབ། །ཁྲོ་རྒྱལ་ཁྱོད་མཆོད་པར་འབུལ། །བཛྲ་པཱ་ཎི་ཨརྒྷཾ་པྲ་ཏིཙྪ་ ཡེ་སྭཱཧཱ། རིན་ཆེན་སྣ་ལྔའི་མེ་ཏོག་དང༌། །ཆུ་ལས་སྐྱེས་དང་ཐང་ལས་སྐྱེས། །ཡིད་ཀྱིས་སྤྲུལ་ 1-1-484 པའི་མེ་ཏོག་ཀུན། །རྡོ་རྗེ་འཛིན་པའི་དབུ་ལ་འབུལ། །པུཥྤེ༴ ཀ་པུར་བཟང་དྲུག་སྤོས་ཀྱི་དྲི། ། ཨ་ཀ་རུ་དང་ཏུ་རུ་ཀ ། གླ་རྩི་ཙན་དན་སྤོས་ཀྱི་དྲི། །འགགས་པ་མེད་པའི་ཤང་ལ་འབུལ། །དྷུ་ པཾ༴ འབྲུ་ཡི་མར་དང་རྩིའི་མར། །འདམ་བུ་སྣང་གསལ་རིན་ཆེན་སྒྲོན། །རྡོ་རྗེ་གཏུམ་པོའི་ སྤྱན་ལ་འབུལ། །ཆར་བ་བབས་ཕྱིར་བཞེས་སུ་གསོལ། །དཱི་པཾ༴ རྣམ་ལྔའི་སྤོས་ལ་སྨན་ལྔ་ སྦྱར། །ར་སཱ་ཡ་ན་ཨ་མྲྀ་ཏ། །རྡོ་རྗེ་འཛིན་ལ་དྲི་མཆོག་འབུལ། །ཆར་པ་ཆེན་པོ་དབབ་ཏུ་ གསོལ། །གྷནྡྷེ༴ རོ་མཆོག་བརྒྱད་ལྡན་བདུད་རྩི་བཤོས། །རྡོ་རྗེ་ཁྲོ་བོའི་ལྗགས་ལ་འབུལ། ། བདེ་བར་བཞེས་ཏེ་དགྱེས་པར་དགོངས། །ཆར་བ་ཆེན་པོ་དབབ་ཏུ་གསོལ། །ནཻ་ཝེ་ཏྱེ༴ ཀུན་ གྲགས་རྔ་ཆེན་སྒྲ་སྙན་དང༌། །དམ་ཆོས་སྒྲ་སྒྲོགས་སིལ་སྙན་རྣམས། །རྡོ་རྗེ་ཁྲོ་བོའི་སྙན་ལ་ འབུལ། །ཆར་པ་ཆེན་པོ་དབབ་ཏུ་གསོལ། །ཤབྟ༴ དྷརྨཱ་ར་ཎི༴ ཧཱུཾ་ཆོས་ཉིད་མི་འགྱུར་གསང་ བའི་བདག །ཞལ་བཞི་ཕྱག་བརྒྱད་གདུག་པ་འདུལ། །རྡོ་རྗེ་རལ་གྲི་འཁོར་ལོ་དང༌། །ལྕགས་ ཀྱུ་གཡས་སུ་འཛིན་ལ་འདུད། །གཡོན་ནས་དྲིལ་ཕུར་རྩེ་གསུམ་དང༌། །སྤྲིན་ཞགས་འཛིན་པ་ སྐུ་མདོག་སྔོ། །ཀླུ་བརྒྱད་ཞབས་གནོན་བཅོམ་ལྡན་འདས། །ཆར་བའི་དངོས་གྲུབ་སྩོལ་བར་ མཛོད། །ཅེས་པའི་བདག་བསྐྱེད་བྱའོ། །སྐབས་སུ་ཡང་འབབ་དཀའ་ན་རླུང་ནོན་དང༌། །སྤྲིན་བསྡུས་བྱེད་པ་གལ་ཆེ་ཁོ་བོས་ ལོགས་སུ་བཀོད་པར་ཤེས་པར་བྱའོ། ། ༈ གཉིས་པ་མདུན་བསྐྱེད་ལ་བཞི་སྟེ། སྦལ་བ་བསྐྱེད་ཚུལ། ཕུར་བུ་བསྐྱེད་ཐབས། སྔགས་བཟླ་བ། འཁོར་ལོ་བསྐྱེད་ པའོ། །དང་པོ་ལ་གཉིས་ཏེ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་བསྟིམས་པའོ། །དང་པོ་ནི། མདུན་དུ་ཝཾ་ལས་རྒྱ་མཚོ་ སྔོ་ལ་ཡངས་པ། གཏིང་ཟབ་པའི་ནང་བྷྲུཾ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ ཉམས་དགའ་བ། རིན་པོ་ཆེའི་བྲག་རི་ཐེམ་སྐས། བྱ་སྐྱིབས་ནེའུ་སེང༌། ཀླུ་ཤིང་སྣ་ཚོགས་ཀྱིས་ བརྒྱན་པའི་དབུས་སུ་ནཱ་ག་ཕུཿལས་ཀླུའི་རྒྱལ་པོ་མ་དྲོས་པ། སྦལ་པ་ནག་པོའི་གཟུགས་ཅན་ ཁ་མིག་དམར་བ། དེ་རྒྱབ་པད་མ་འདབ་བརྒྱད་ལ། ཤར་དུ་མཐའ་ཡས་སྔོན་པོ། ལྷོར་ནོར་ 1-1-485 རྒྱས་སེར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་སྟོབས་རྒྱུད་ལྗང་ཀུ། ཤར་ལྷོ་པད་མ་དཀར་ པོ། ལྷོ་ནུབ་ཏུ་པད་མ་ཆེན་པོ་སེར་པོ། ནུབ་བྱང་དུ་དུང་སྐྱོང་ནག་པོ། བྱང་ཤར་དུ་རིགས་ལྡན་ བཻཌཱུརྱའི་མདོག་ཅན། ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་ བར་དུ་སྤྲིན་འཛིན་པ། སྦྲུལ་མགོ་བདུན་བདུན་དང་ལྡན་པ། སྦྲུལ་མཇུག་ཐམས་ཅད་ལྟེ་བར་ འདུས་པའོ། །གཉིས་པ་ཡེ་ཤེས་བསྟིམས་པ་ནི། རང་ཡི་དམ་ཀྱི་ཐུགས་ཀར་ཧཱུཾ་ལས་འོད་ཟེར་ལྕགས་ ཀྱུ་ལྟ་བུ་འཕྲོས་པས། སྟོང་གསུམ་གྱི་ལྷ་ཀླུ་ཆར་བདག་ཐམས་ཅད་ལ་ཀའི་བྱ་བུར་རླུང་གིས་ དེད་པ་ལྟར་གཟུགས་བརྙན་ལ་བཀུག་པར་གྱུར། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཡི་དམ་རྒྱུད་སྡེ་བཞིའི་ ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་ པའི་བཀའ་བདེན་པ་དང༌། བཀའ་གསང་སྔགས། རིག་སྔགས་གཟུངས་སྔགས། སྙིང་པོ་ ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཐུས། ནམ་མཁའ་བར་སྣང་ས་གཞི་ལ་གནས་པའི་ཀླུ་རྒྱལ་མ་དྲོས་ གཟི་ཅན། འཁོར་གྱི་ཀླུ་ཆེན་བརྒྱད། ཀླུའི་རྒྱལ་པོ་དང་རྒྱལ་མོ། བློན་པོ་དང་བློན་མོ། ཀླུའི་ བུ་དང་བུ་མོ། ཀླུའི་བྲན་དང་གཡོག་འཁོར། སྡེ་རི་དང་སྡེ་ཚན་ཆར་བའི་བདག་པོ་ཐམས་ཅད་ མདུན་གྱི་གཟུགས་བརྙན་འདི་ལ་ཁུག་ཅིག ནཱ་ག་ར་ཛ་མཱ་ར་ཡ་ཧཱུཾ་ཛཿ དཔེ་ལ་འདི་འདུག ས་མཱ་ཡ་ ཧཱུཾ་ཛཿ ཅེས་ལན་མང་དུ་དགུག་གཞུག་བྱའོ། །ༀ་བཛྲ་པཱ་ཎི་ཀཱི་ལ་ཡ་ནཱ་ག་སརྦ་ནཱ་ག་བིགྷྣན་ཧ་ན་ཧ་ན་ཧཱུཾ་ ཕཊ། ཅེས་བརྗོད་པ་དང་ཕུར་བུ་བཙུག་གོ །གཉིས་པ་ནི། ཧཱུཾ་ལས་ཕུར་པ་སྐུ་སྟོད་ཕྱག་ན་རྡོ་རྗེ་སྐུ་མདོག་ མཐིང་ག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ནམ་མཁའ་ལ་ཕྱར་བ། གཡོན་དྲིལ་བུ་ ཐུགས་ཀར་འཛིན་པ། སྤྱན་གསུམ་བསྒྲད་པ་ཞལ་གདངས་ཤིང༌། མཆེ་བ་གཙིགས་པ། སྨ་ ར་དང་ཨག་ཚོམ་མེ་ལྟར་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫིས་པ་དུར་ཁྲོད་ཆས་ཀྱིས་ བརྒྱན་པ། སྨད་ཕུར་བུའི་རྣམས་པ་དབལ་གསུམ་ལ་དུག་གི་ཚ་ཚ་འཕྲོ་བ། ཀླུའི་སྒོ་གསུམ་ 1-1-486 གཟིར་ཞིང་འདེབས་པའི་གནས་གསུམ་ལས་འོད་ཟེར་གྱིས་ཡེ་ཤེས་པ་བསྟིམ་མོ། །གསུམ་པ་ སྔགས་ནི། ༀ་བཛྲ་པཉྩ་ཛྙཱ་ན་ཤོ་དྷ་ཡ་སརྦ་དུཥྚན་ཀ་ར་ཧཱུཾ་ཕཊ། ཅེས་དང༌། གཟུངས་ཐག་ལ་བརྟེན་ ནས་སོང༌། དེ་ནས་རང་གི་ཐུགས་ཀར་སྔགས་ཕྲེང་དུག་གི་ཚ་ཚ་གཟུང་ཐག་ལ་བརྟེན་ནས། ཡེ་ ཤེས་ལྔའི་ལམ་ལ་འཁྲིལ་ཞིང་སོང་ནས། གཟུགས་བརྙན་ལ་ཕོག་པ་ཙམ་གྱིས་བརྒྱལ་ཞིང་ གཟིར་ནས་རང་དབང་མེད་པར་ཆར་ཆེན་པོ་འཛམ་གླིང་ཀུན་ཏུ་འབབས་པར་བསམ་ལ། ངག་ ཏུ་འདི་སྐད་བརྗོད། ༀ་ཛ་ཕུ་ཏ་ནན། འདུས་འདུས་ནག་པོ་མ་བྷྱོཿ ༀ་ཆར་ཆར་བླ་བླ་ཐིབས་ཐིབས་ ཟིལ་ཟིལ་ཧུར་ཐུམ་ཕྲོཾ་ཕྲོཾ་ཤར་ཤར་ཕོབ་ཕོབ་ཟུར་ཟུར་ཧ་ཟུར་ཐུམ་རིལ་ནན་ཐུམ་སྭཱཧཱ། ཞེས་ ཐུན་རེ་བྱ། སྨྲ་བཅད་དྲག་པོར་བགྲང་ངོ༌། །ༀ་ནཱ་ག་ཏ་ལི་ནན་ཧཱུཾ་ཕཊཿ ཞེས་སྔགས་གཤམ་དུ་འདི་བཏབ་པ་ན་ཆར་ འབྲུ་ཆེ་བར་བཤད་དོ། ། ༈ བཞི་པ་འཁོར་ལོ་བསྐྱེད་པ་ལ་གསུམ་སྟེ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་བསྟིམ་པ། ལས་ལ་བསྐུལ་པའོ། །དང་ པོ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕོ་འཁོར་གཟའ་བདུད་ར་ཧུ་ལ་ནག་པོ་མགོ་དགུ་ པ་བྱ་རོག་གི་ཐོར་ཚུག་ཅན། ལག་ན་རའི་མདའ་གཞི་ཐོག་པ། སྟོད་མིག་གིས་གང་བ། སྨད་ སྦྲུལ་མཇུག་ཅན། མོ་འཁོར་ནཱ་ག་ཕུཿལས་ཀླུ་བདུད་ནག་པོ་མགོ་དགུ་པ། ལག་ན་རྒྱ་མཚོ་ ནམ་མཁར་བསྐྱོད་པ། སྨད་སྦྲུལ་མཇུག་ཅན། བར་འཁོར་ཀླུ་མ་དྲོས་པ་ཞལ་གསུམ་ཕྱག་ གཉིས་པ་སྤྲིན་དཔུང་རྒྱ་མཚོ་འཛིན་པ། སྔགས་འཁོར་དྲག་པོ་ཁྱུང་དབུ་དགུ་ཕྱག་བཅོ་བརྒྱད་ པར་བསྐྱེད། གཉིས་པ་ནི་འགུག་གཞུག་གོང་ལྟར་བྱའོ། །གསུམ་པ་བསྐུལ་བ་ནི། །ཧཱུཾ་གཟའ་ བདུད་ཆེན་པོ་ར་ཧུ་ལ། །མཐིང་ག་མགོ་དགུ་སྟོབས་པོ་ཆེ། །རོ་སྟོད་མིག་སྟོང་སྦྲུལ་མཇུག་ ཅན། །གསང་བདག་བཀའ་ཉན་གཟའ་བརྒྱད་བཅས། །སྟོང་གསུམ་ལ་འུར་ཆར་པ་ཕོབ། ། མ་གཡེལ་མ་འདའ་ཆར་ཆེན་ཕོབ། །ཀླུ་བདུད་ནག་པོ་མགོ་དགུ་པ། །སྲིད་པའི་རྒྱ་མཚོ་ནམ་ མཁར་བསྐྱོད། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །རྡོ་རྗེ་འཛིན་པའི་བཀས་བསྐུལ་ནས། ། 1-1-487 སྤྲིན་ཆེན་ནག་པོ་ནམ་མཁར་བསྡུས། །གློག་ལྕེ་འབར་བ་ད་ཕྱར་ཅིག འབྲུག་སྐད་ངར་བ་ ད་སྒྲོགས་ཅིག །ཆར་རྒྱུན་རྫི་ཆར་ད་ཕོབ་ཅིག །རྩི་ཤིང་ལོ་ཏོག་བསྐྱེད་དུ་གསོལ། །ཞེས་པ་ནི་ ཕྱི་རོལ་ཏུ་བསྒྲུབས་པའི་ལུགས་སོ། །གཉིས་པ་ནང་དུ་བསྒྲུབས་པ་ལ་བཞི་སྟེ། བསྒྲུབས་པའི་ཚུལ་དང་སྤོག་ཆོག་གི་རིམ་པ། རྨི་ ལམ་བརྟགས་པའི་ཚུལ། སྤྲིན་བརྟགས་པ་ཉིད་དོ། །ཁང་པ་གཙང་མར། མཚོ་དང་རྫིང་བུ་ལྡེང་ཀ་ཆུ་མིག་དགུ་ལ་སོགས་པའི་ ཆུ་སྣ་བསྡུས་པ་ཟང་ཤུའམ་རྫ་མའི་སྦལ་བ་བཙུག་པ་ལ་སོགས་གོང་བཞིན་ནོ། །གཏུམ་པོ་གསང་བའི་རྒྱུད་ལས། སྤྲ་ཚིལ་ཞ་ཉེ་ བག་ཟན་ལས། །སྦལ་བའི་གཟུགས་ཡང་མཛེས་པར་བྱ། །ཀླུ་ཆེན་བརྒྱད་ཀྱིས་བསྐོར་བར་བྱ། །ཀླུ་སྨན་སྣ་ཚོགས་དཀར་མངར་ སོགས། །འཚོགས་པར་བྱས་ནས་མཆོད་པར་འབུལ། །ཆོས་ལ་སུ་གུ་མཆུ་ལྔ་པར། །བླུག་ལ་ཁ་བཅད་གནས་སུ་སྦས། །སྤྱན་ འདྲེན་གདན་དང་ཕྱག་འཚལ་བསྟོད། །བདེན་པ་བདར་ཞིང་བསྡིག་པར་བྱ། །ཞེས་གསུངས་པ་ལྟར་བསྒྲུབ་ལ། འཁོར་ལོ་ནི་ཞི་བ་ ལ་གཡས་བསྐོར། དྲག་པོ་ལ་གཡོན་བསྐོར་བྱའོ། །བསྒྲུབ་པ་པོ་ནི། དམ་ཚིག་དང་སྡོམ་པ་ལྡན་པ་ལ་སྙིང་རྗེ་ལ་ལྷག་པར་གནས་ པ། ལམ་རིམ་པ་གཉིས་ལ་སེམས་འཇོག་པ་དགེ་སློང་དགེ་ཚུལ་དག་གིས། བུད་མེད་དང་ཁྱི་ཕག་དམེ་ཡུག་ནལ་གསུམ་བཀོར་ ཟས་ལ་སོགས་པ་མི་གཙང་བའི་རིགས་ཀྱིས་གྲིབ་ལ་འཛེམ་པ་གལ་ཆེའོ། །ཞེས་པ་ནི་ཞི་བའི་ཆར་སློང་ངོ༌། ། ༈ གཉིས་པ་ནི་དྲག་པོའི་ཆར་སློང་ངམ། ཆར་པ་འགྱིང་ན་སྤོག་ཆོག་བྱ་བ་ནི། རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་ མཁའ་ལྡིང་དབང་པོ་ཞལ་དགུ་ཕྱག་བཅོ་བརྒྱད་ཡོད་པ། །རྩ་ཞལ་མཐིང་ནག གཡས་དཀར་ གཡོན་དམར། དེའི་སྟེང་དུ་དབུས་དམར་པོ། གཡས་ལྗང་ཀུ། གཡོན་སེར་པོ། དེའི་སྟེང་ དུ་དབུས་དཀར་པོ། གཡས་ནག་པོ་གཡོན་སྔོན་པོ། ཐམས་ཅད་ཀྱང་ཁྱུང་ཞལ་སྤྱན་གསུམ་ གསུམ་ལ་མེ་འབར་བ། རྡོ་རྗེའི་རྭ་གཉིས་གཉིས་སྣོ་བའི་བར་ན་ནོར་བུས་བརྒྱན་པ། ཕྱག་ དང་པོ་གཉིས་རྡོ་རྗེ་དངདྲིལ་བུ་ཐུགས་ཀར་བསྣོལ་བ། གཡས་བརྒྱད་རལ་གྲི། དགྲ་སྟྭ། ཞག་ པ། མདུང༌། ལྕགས་ཀྱུ། མདའ། རྩེ་གསུམ། དུང་དཀར། གཡོན་བརྒྱད་ན་བེ་ཅོན། འཁོར་ ལོ། རྒྱ་གྲམ། ཐོད་དབྱུག ལྕགས་སྒྲོགས། གཞུ། གཏུན་ཤིང༌། ཕུར་བུ་འཛིན་པ། རྡོ་རྗེའི་མེ་ འབར་བའི་གཤོག་པ་ཅན། རལ་གྲི་གཤིབ་པའི་མཇུག་སྒྲོ་འབར་བ། ཡན་ལག་ཐམས་ཅད་ 1-1-488 སྦྲུལ་གྱིས་བརྒྱན་པ། སྡེར་མོ་ལྕགས་ཀྱུ་འབར་བ་བསྒྲད་པས། ཆུ་བདག་བརྒྱད་མནན་པའི་ སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾཿ ལྟེ་བར་དྲཾཿ གསང་བར་ཧྲཱིཿ དཔུང་པ་གཡས་སུ་ ཨེ། གཡོན་དུ་ཝཾ། དཔྱི་མགོ་གཡས་སུ་མ། གཡོན་དུ་ཡ། བྲང་ལ་བཾ། སོག་འདབས་སུ་ཨ། རྐེད་པ་གཡས་སུ་ཧཱུཾ། གཡོན་དུ་ཕཊ། ལྐོག་མར་ཛཿ ཞེས་པའི་བསྲུང་བའི་ཡི་གེ་རྣམས་བཀོད། འོད་ཟེར་ གྱིས་ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དེ་ནས་མདུན་བསྐྱེད་ཀྱིས་གཟའ་ཀླུ་ གཉིས་ཀྱི་མཇུག་མར་བཟུང་ནས་གླད་ལ་བསྐོར་ཞིང་ས་ལ་བརྡབ་ནས་བུ་ཀ་དགུ་ནས་ཁྲག་རྒྱུན་འབབས་ནས་ཤིན་ཏུ་སྐྲགཅིང་ མ་བཟོད་པར་རང་རང་གིས་འཁོར་ལ་བཀའ་བསྒོ་ཞིང༌། དེ་རྣམས་ཀྱི་ཆར་བ་སྤྲིན་དང་བཅས་པ་ནམ་མཁར་འདྲེན་ནས་སྟོང་ གསུམ་གཡོ་ནུས་པ་ཙམ་དུ་ཆར་བ་འབབས་པར་བསམ་ལ། དྲག་སྔགས་འདི་བཟླའོ། །ༀ་བཛྲ་ག་རུ་དྲ་ཙ་ལེ་ཙ་ལེ་ཧཱུཾ་ ཕཊ། ནཱ་གཱ་མཱ་ར་ཡ་དུ་ན་དུ་ན། རཾ་རཾ་ཛྭ་ལ་ཛྭ་ལ། ད་ཧ་ད་ཧ། ན་ཤ་ཡ་ན་ཤ་ཡ་མ་ར་ཡ་ཕཊ། ན་ག་གྷྲི་ཧ་རུ་དྲ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་ཕཊ། ཅེས་པ་དང༌། འཁོར་ལོ་གཡོན་དུ་བསྐོར། ཡུངས་དཀར། ཟངས་ ཕྱེ། ལྕགས་ཕྱེ། དུག་སྣ་ཚོགས་ལ་སོགས་པའི་ཐུན་གྱིས་སྦལ་པ་ལ་བྲབས་སོ། །གཟའ་ཀླུ་གཉིས་ཀྱི་ལྟོ་བར་ལྕགས་ཀྱི་འཁོར་ལོ་ རལ་གྲིའི་རྩིབས་ཅན་སྔགས་ཕྲེང་དང་བཅས་པས་དྲག་ཏུ་འཁོར་བས། བཟོད་གླགས་མེད་པར་ཆར་ཆེན་ཧུར་ལངས་སུ་འབབས་ པར་བསམ་མོ། །དེས་དྲག་པོའི་ཆར་པ་མྱུར་དུ་ཕེབས་པར་ཐེ་ཚོམ་མེད། ལར་རྣལ་འབྱོར་པ་རབ་བསྐྱེད་རྫོགས་ཟུང་འཇུག་མཐར་ ཕྱིན་པ། འབྲིང་དམ་ཚིག་དང་སྡོམ་པ་ལ་སེལ་མ་ཞུགས་པ། ཐ་མ་འདིའི་ལུང་ཐོབ་ཅིང༌། ལག་ལེན་གོ་ལ་མ་ནོར་ཞིང༌། དམར་ ཁྲིད་བཞིན་དུ་ཞལ་ཤེས་སུ་ཕྱི་ནང་གཉིས་ཀྱི་གནས་གང་རུང་དུ་ཞི་ཆར་བསྒྲུབ་པ་ན། རབ་ཞག་གཅིག འབྲིང་ཞག་གཉིས། ཐ་ མ་ཞག་གསུམ་ནང་ལ་འབབ་པ་ཐེ་ཚོམ་མེད་པར་ཡོད་དོ། །གལ་ཏེ་གྲིབ་ཀྱི་དབང་གིས་རྟགས་འགྱང་ན། དྲག་ཆར་སྤོག་ཆོག་བྱ་ སྟེ། ཅི་ཐོད་ཐོད་ལ་མི་བྱའོ། །ཚུལ་དེ་ལྟ་བུའི་བསྒྲུབ་པའི་རྨི་ལམ་དུ་མི་སྡེ་ཆང་འདྲེན་པའམ། བུད་མེད་ཆུ་ཁུར་བ་ཅན། རང་ཉིད་ ཆུ་ལ་བསྐྱལ་བ་དང༌། ལྡིམ་རའི་ནང་དུ་འདུག་པ་དང༌། ནེའུ་སེང་དང་མཚོ་དང་ལྡེང་ཀ་དང༌། ཆུ་མིག་རྡོལ་བ་དང༌། ཆུ་གླང་རྭ་ལུག་ ཉ་སྦལ་བ་ལ་སོགས་པ་དེད་པ་རྨི་ན་མྱུར་དུ་ཆར་འབེབས་པའི་རྟགས་ཡིན་ནོ། །སྤྲིན་བརྟགས་པ་དང༌། འབྲུགས་སྐད་བརྟགས་ པ་དང༌། ཐོག་བསྲུང་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། འོང་བ་དང་མི་འོང་བ་བརྟགས་པའོ། །དང་པོ་ལ་བཀའ་ལུང་ཐོབ་ཅིང༌། 1-1-489 ཚུལ་བཞིན་དུ་བསྒྲུབ་པའི་ཚེ། ཆར་སྤྲིན་དམར་པོ་ཐོ་རངས་སུ་མཆེད་ན་ཞག་གཅིག་ནས་འབབ། ར་རྒྱ་མོའི་ལྟོ་བ་འདྲ་ན་ཞག་ གཉིས་ནས་འབབ། ཁམ་པའམ་ནག་པོ་ལྷོར་འགྲོ་ན་ཞག་གསུམ་ཙམ་ནས་འབབ། སྤྲིན་ནག་ཕག་རྒོད་འགྲོག་པ་ལྟ་བུ་ནུབ་ནས་ བྱང་དུ་འགྲོ་ན་ཉིན་གཅིག་ཉིད་དུ་འབབ། བྲན་མོ་ཆུ་ཁུར་བ་ལྟ་བུ་ཆུའི་གཟར་བུ་བསྐོར་བ་དང༌། རྙིང་བ་དོར་ཞིང་སྤྲིན་གསར་ པས་ཁེབས་པ་དང༌། སྤྲིན་འོག་མ་བྱང་སྟེང་མ་ལྷོར་འགྲོ་སྟེ་འཐབ་ན་འབབ། ན་བུན་རི་རྩེར་འཚུབ་ན་བཟང༌། དམར་པོ་དང་ནག་ པོ་ཁམ་པ་སྐྱ་པོ་མགུལ་ཆེ་ན་བབ། ནུབ་ནས་སྤྲིན་ལངས་ཏེ་བྱང་དུ་འདུས་ན་བཟང་ངོ༌། ། ༈ གཉིས་པ་མི་འོང་བའི་རྟགས་ནི། །འདི་ལྟ་སྟེ། སྤྲིན་ནག་སྤྲིན་དཀར་དུ་སོང་ན་མི་འབབ། སྤྲིན་མགོ་ལྷོར་སོང་བ་དང༌། སྟེང་བྱང་འོག་ནུབ་ཏུ་བསྣོལ་ཏེ་འབབ་ན་མི་འབབ་པོ། །ཤར་དུ་དཀར་པོ་མེ་ཏོག་ལྟ་བུ་བྱུང་ན་དྲི་ཟས་ཆར་འགགས་པ་ཡིན། ། ལྷོར་རི་རབ་ལྟ་བུ་ནི་གཤིན་རྗེའི་ཁེགས་སོ། །ནུབ་ནས་ཕག་རྒོད་ལྟ་བུ་བྱུང་ན་ཀླུས་དཀྱོར་བ་ཡིན། བྱང་དུ་སྤྲིན་དམར་འཕར་བ་ ལྟ་བུ་བྱུང་ན་གནོད་སྦྱིན་དག་གིས་བར་ཆད་བྱེད་པའི་རྟགས་ཡིན། ། ༈ ཐན་པ་ཆེན་པོའི་རྟགས་ལ། ཁུག་སྣ་འཁྱིལ་བ་དང༌། ནུབ་ཀྱི་སྐྱེབ་བསོར་གཡོ་བ་དང༌། ས་རླངས་སྤྲིན་མི་མངོན་པ་ དང༌། །ཤར་ནས་ཆར་ལྷོར་ཁྱེར་བ་དང༌། གློག་ལྕེ་དཔྱད་པའོ། །དང་པོ་འབྲུག་སྐད་ནུབ་ཏུ་གྲགས་ན་དོ་ནུབ་ཉིད་དུ་འབབ། བྱང་ དུ་གྲགས་ན་ཞག་གཅིག ས་ཞབས་སུ་གྲགས་ན་དྲག་ཆར་འོང༌། གཡའ་དག་ནམ་མཁར་གྲགས་ན་བཟང༌། འབྲུག་སྐད་སྦོམ་ཞིང་ ཡུན་ཐུང་ངུ་གྲགས་ན་སེར་བ་འོང༌། ། ༈ གཉིས་པ་ནི། འབྲུག་སྐད་ལྷོར་གྲགས་ན་ཐང་འབྲུག་ཡིན། ཤར་དུ་གྲགས་ན་ཆར་མི་འོང༌། འུར་ཞིང་ལྡིར་བར་གྲགས་ ནས་ཆར་མི་འོང་ན་སྔགས་མ་དག་པ་ཡིན། ཆར་བ་མི་ཡུལ་དུ་ཤོར་ན་གྲིབ་ཀྱི་རྟགས་ཡི། ཕྲ་ལ་རིང་བ་ནི་མི་འབབ་པའི་རྟགས་ ཡིན་ནོ། །གསུམ་པ་ནི། གློག་དམར་འགྱུ་ན་དྲག་ཆར་འོང༌། གློག་སྐྱ་སྦྲུལ་ལྕེ་ཆད་པ་འདྲ་ན་ཆར་བ་འོང༌། ནུབ་བྱང་དུ་འཁྱུག་ན་ བཟང༌། མི་འབབ་རྟགས་ནི། གློག་དཀར་ཡིན་ན་མི་འབབ། སྐམ་གློག་ལྷོར་འགྲོ་ན་མི་འོང༌། སྐར་མདའ་རྒོད་ཅིང་སྤྲིན་དཀར་ དམར་དར་ཞིང༌། ལྷོ་ནས་བྱང་དུ་རྒྱུ་བ་ནི་ཆར་བ་ནང་སྔ་མ་འབབ་པའོ། །གསུམ་པ་ལ་གཉིས་ཏེ། ཐོག་བསྲུང་བསྒོམ་པ་དང་ གླད་ཐེམ་བསྟན་པའོ། །དང་པོ་ལ་གསུམ། གློག་བཞི་མ་དང༌། གསེར་གདུགས་མ་དང༌། ཆོས་འབྱུང་མའོ། །དང་པོ་ནི། རང་ ཡི་དམ་དུ་གནས་པའི་སྟེང་དུ་ནམ་མཁའ་ཁྱབ་ཚད་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་ 1-1-490 པའི་སྟེང་དུ་ཤཱཀྱ་ཐུབ་པ། རྩིབས་སྟོང་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། ལྟེ་བར་ འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་དབུ་སྟོང་ཕྱག་ གཉིས་སྟོང༌། གཡས་པ་སྟོང་གི་འཁོར་ལོ་རེ་རེ། གཡོན་སྟོང་ལ་རིན་པོ་ཆེ་ཟ་མ་ཏོག་རེ་རེ་ འཛིན་པར་བསྒོམ་ལ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོང་ལ་ཕྱག་ འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀུན་དགའ་པོ། འདི་ལྟ་སྟེ། ཤར་ཕྱོགས་ན་ཡིད་འོང་ཞེས་བྱ་བའི་གློག་ཡོད། ལྷོ་ཕྱོགས་ན་སྐད་བརྒྱ་པ་ཞེས་ བྱ་བའི་གློག་ཡོད། །ནུབ་ཕྱོགས་ན་འོད་མཉམ་པ་ཞེས་བྱ་བའི་གློག་ཡོད༌། བྱང་ཕྱོགས་ནས་ རྒྱུན་གྱི་བདག་པོ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ། གློག་ཆེན་པོ་བཞིའི་མིང་ཤེས་པ་ དང་འཛིན་པ་དེ་ལ་གནམ་ལྕགས་ཀྱི་ཐོག་འབབ་པར་མི་འགྱུར་རོ། །ༀ་ཏདྱ་ཐཱ། ནི་མི་ནི་མི་ ནི་མིན་དྷ་ར་ཡ་སྭཱཧཱ། དྲཻ་ལོ་ཀྱ་ལོ་ཀཱ་ནི་ཤུ་བ་ལ་བྷ་ནི་རཀྵ་རཀྵ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་ཉི་ཤུ་རྩ་ གཅིག་གི་ཐོག་ལྷུང་བར་མི་འགྱུར་རོ་སྤྱན་རས་གཟིགས་དབང་ཕྱུག་གི་གསུངས་པ་ལས་བྱུང་བའི་ཇོ་བོ་རྗེའི་ལུགས་སོ། །ཐུགས་ རྗེ་ཆེན་པོ་པད་མ་དྲ་བའི་རྒྱུད་གསེར་འོད་དམ་པ་ལས་གསུངས་སོ། །གཉིས་པ་ནི། འོག་གྲུ་གསུམ་གྱི་ནང་དུ་སྡེ་ བརྒྱད་སྦྲུལ་བརྒྱད་བསྣོལ་བའི་སྟེང་དུ་ཐོག་བདག་ཀན་རྐྱལ་དུ་བསྐྱེལ་བའི་སྟེང་དུ་གནམ་ ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ལྟེ་བར་རྒྱལ་བ་ཡུམ་ཆེན་མོ། རྩིབས་སྟོང་ལ་ ཕྱག་ན་རྡོ་རྗེ་རེ་རེ། དེ་དག་གི་སྟེང་དུ་ནམ་མཁའ་ཁྱབ་ཚད་ལ་གསེར་གདུགས་ཀྱི་བླ་བྲེས་ ཁེབས་པ་གཅིག དེ་དག་གི་རྩེ་མོར་བཅོམ་ལྡན་འདས་ཕྱི་ནང་ཐམས་ཅད་ཤཱཀྱ་ཐུབ་པ་འབུམ་ ཐབས་འགགས་གནམ་འགག་གིས་ཚུལ་དུ་བཞུགས་པར་གྱུར་གསེར་གདུགས་དང་འཁོར་ ལོ་གཡས་སུ་འཁོར་བས་ཡུ་བ་ཕུར་པའི་རྩེ་མོ་ཅན་འོག་གི་ཐོག་བདག་གིས་ལྟེ་བར་གཟིར་ བར་བསམ་སྟེ། མུ་ནི་བགྲང༌། བཛྲ་གྷ་རུ་ཊ་ཧཾ་པ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཞེས་པཎ་ཆེན་ཤཱཀྱ་ཤྲིའི་ལུགས་སོ། ། གསུམ་པ་ནི། རང་ཉིད་ཡི་དམ་དུ་གནས་པའི་ངང་ལས་ཀྱང་ནམ་མཁར་ཡིད་ཀྱི་འཛུབ་རིས་སུ་ 1-1-491 ཆོས་འབྱུང་ཟུར་ལྔ་པ་བྲིས་སྟེང་དེ་འཁོར་བས་ཐོག་བདག་བྲོས་པར་བསམ་ལ། ༀ་བཛྲ་ཛྙཱ་ན་ ག་རུ་ཊ་ནཱ་ག་ཙ་མུ་ནི་ཏི་ས་མཱ་ཡ་ཨ་ཨ་ཨཱ། ཞེས་ཉེར་གཅིག་གི་བསྲུང་ངོ༌། །ཅེས་པ་འདི་རྗེ་བཙུན་སྒ་ལོའི་ལུགས་ སོ། །གནམ་འཁྲུགས་ཙམ་ནས་སྲོག་འཚོ་བའི་མན་ངག་གོ །གཉིས་པ་གླད་ཐེམ་བསྟན་པ་ནི་རི་རྩེ་ནོར་བུའི་དབྱིབས་ཅན་ཤར་ དུ་བལྟ། བྲག་དཀར་རྩི་ཤིང་མཛེས་ལྡན་པ་ཕྱོགས་སུ། རྒྱ་མཚོ་ཆུ་མིག་རྫིང་བུ་ལྡེང་ཀ་ལ། །མེ་ཏོག་ཨུཏྤལ་སྨན་སྣ་ཚོགས་ཀྱིས་ བརྒྱན། ན་བུན་སྐྱིབས་སེར་ནུབ་བྱང་དག་ཏུ་འགྲོ། ཆུ་མིག་མགོ་མང་ལ་སོགས་རྒྱས་གཙང་ལ། །བྱ་བྲན་ངང་པ་འདུས་པའི་མཚོ་ གཉན་སོགས། གནས་བཟང་དེ་འདྲར་གཏད་པ་གལ་ཆེའོ། །ཞེས་པར་བྱིན་ནས། ཆུ་འཁོར་སྲོག་ཤིང་བཙུག རིན་ཆེན་དུ་བསྐྱེད། གཤོག་ལྡེབ་བརྒྱད་སྤྲིན་གྱིས་ལྷ་མོ་བརྒྱད་དུ་བསྐྱེད། ཙན་དན་གྱི་ཤིང་གྲུ་གང་བུ་ཟླུམ་པོར་གཞོག་སྟེ། རྩ་བ་སོར་བཞིའི་སར་གྲུ་ བཞི་སྟེང་ཅུང་ཟད་སྟོང་སྨད་ཚུལ་དུ་ཕུག་ནས་རྩ་བའི་གཤོག་ལྡེབ་རྣམས་རྩ་བ་གཉིས་ཕྱེད་ཙམ་རིང་ཐུང་བྱ། །ཀུན་གྱི་དཀྱིལ་དུ་ ཕུག་ལ། གཡག་གི་དཔུང་རྩིད་ཀྱིས་སྐུད་པས་སྲོག་ཐག་བསྐོར་རོ། །དྲག་པོའི་དུས་སུ་ཝ་མཆུ་གཡས་སུ་བསྟན། །ཞི་བ་ལ་གཡོན་ དུའོ། །སྲོག་ཤིང་གི་མཐའ་བསྐོར་གཟའ་བརྒྱད་བསྐོར་རོ། །ཕོ་འཁོར་གྱི་ལྟེ་བར་ཆུ་ཤིང་ར་འདྲ་བ་ལ་ར་ཁྲག་གིས་ར་ཧུ་ལ་ཞེས་ གཟབ་ཡིག་ཏུ་བརྩེགས་མར་བྲི། མེ་འཁོར་གྱི་ལྟེ་བར་འབྲུག་ཤིང་ལ་གཙོས་ཁྲག་གིས་ནཱ་ག་ཕུ་ཞེས་བྲིས་ལ་སྔགས་འཁོར་སྟེང༌། བར་འཁོར་འོག སྟེང་འོག་སྦྱར་ལ། ཕོ་འཁོར་མོ་འཁོར་གཉིས་བར་ལ་གཅར་ཏེ་བསྡམ་མོ། །རྫས་ནི་གནམ་གྱི་མི་མཐོང་བར་ བྱའོ། །ཆར་རྫས་རླན་གྱིས་མ་གོས་པ་གལ་ཆེའོ། །སྨྱུག་ཚིགས་གམ་རྡོ་སྒྲོམ་དུ་བཅུག་ལ་མཐའ་བསྐོར་དུ་མར་རམ་བག་ཟན་གྱི་ སྦལ་སྦྲུལ་ལྕོང་མོ་ཉ་བཞིས་བསྐོར། ཤིང་རྩིས་བསྐོར་བར་བྱ། སྐབས་སྐབས་སུ་ཀླུ་སྨན་བསྲེས་པའི་ཆབ་གཏོར་དང་ཞི་ཆོག་བྱ། བཀའ་བསྒོ་དྲག་ཏུ་བྱ། སྔགས་རྒྱུན་དུ་དྲངས། ཐུན་མ་ཤོར་བར་བསྒྲངས་འཇོག་ཁར་གསོལ་བ་འདི་དག་གདབ་པོ། །ལྷ་ཀླུས་ དུས་སུ་ཆར་འབེབས་ཤིང༌། །ལོ་ཏོག་ཕུན་སུམ་འཚོགས་པ་དང༌། །རྒྱལ་པོ་ཆོས་བཞིན་བྱེད་ པ་དང༌། །འཇིག་རྟེན་དག་ཀྱང་དར་བར་ཤོག །ཅེས་བྱའོ། །བར་བར་དུ་སྤྲིན་ཆར་དབབ་པའི་མདོ་དང༌། རྡོ་རྗེ་ ལྗགས་གི་མདོ་དང༌། རྡོ་རྗེ་རྐན་དང༌། རྡོ་རྗེ་མཆུའི་མདོ་དང༌། སངས་རྒྱས་ཀླུ་དབང་གི་རྒྱལ་པོའི་མཚན། །དེ་བཞིན་གཤེགས་པ་ ཀླུའི་དབང་ཕྱུག་རྒྱལ་པོའི་མཚན། ཀླུ་རིག་པའི་སྒྲོན་མའི༴ རྒྱལ་པོ་བརྩོན་འགྲུས་ཆེན་པོའི༴ རིན་ཆེན་གཙུག་ཏོར་ཅན་ལ་སོགས་ པའི་མཚན་བསྒྲགས་ཅིང༌། གཟུངས་སྔགས་ཁྱད་པར་ཅན་བརྗོད་ཅིང་ཆར་པ་དབབ་པའི་གསོལ་བ་དྲག་ཏུ་བཏབ་པའོ། །ཆོས་རྗེ་ 1-1-492 རིན་པོ་ཆེའི་མཛད་པའི་ཀུན་ཁྱབ་མ་དེ་ལ་མཚན་མ་ཚང་བ་མེད་པ་དེས་མཚན་བསྒྲགས་པ་དང་ཆོས་བཤད་བྱའོ། །ཞུ་ཆར་གྱི་ཀླུ་ ལ་མི་གནོད་པར་བྱམས་སྙིང་རྗེའི་སྒོ་ནས་མན་ངག་འདི་ཁོ་ན་བཞིན་དུ་བྱའོ། །གལ་ཏེ་མི་འབབ་ན་དྲག་ཆར་གྱི་སྒོ་ནས་ལན་རེ་ ཙམ་དུ་བྱས་ཏེ་འཛེམ་དགོས་སོ། །ཅི་ཡིན་ན་ཐོག་ལྷུང་བ་དང༌། སེར་བ་རྒོད་པ་དང༌། ལས་དྲག་པོ་ལ་མཛེ་ཕོག་པ་དང༌། ཀླུ་ལ་ གནོད་པས་ལས་སུ་མི་འགྲོའོ། །འདི་དམ་སྡོམ་མེད་པ་དང༌། བཀའ་ལུང་མ་ཐོབ་པ་མཐོང་རྒྱུད་ཀྱི་ལག་ལེན་བཞིན་དུ་མ་སློབས་ པ་གཟུ་ལུམ་དུ་མི་སྤྱོད་པ་གལ་ཆེའོ། ། ༈ གསུམ་པ་རྗེས་བྱ་བ་ལ་བཞི་སྟེ། གཏང་རག་གི་མཆོད་བསྟོད། བཟོད་གསོལ། གཤེགས་གསོལ། བཅའ་ཀ་བསྡུ་བའོ། ། དང་པོ་ནི། ཆར་བས་ཚིམ་པ་དང༌། ཀླུ་སྨན་གྱི་རིལ་ལུ་སྦྱར་བའི་ཀླུ་གཏོར་འོ་མ་འབུལ་ལོ། །དེ་ཡང་ཁོ་བོས་ལ་སོགས་སུ་(སཾ་བྷ༴ སོགས་ཀྱི་བསྔོ། ཨཻ་ཀླུ་རྒྱལ་མ་དྲོས་དགོངས་སུ་གསོལ། །སོགས༴ དམ་རྫས་ལྡན་པར་ཤོག)བཀོད་པ་ལས་ཤེས་སོ། །བསྟོད་པ་ ལ་གསུམ་སྟེ། ཁྱུང་གི་བསྟོད་པ། ཀླུའི་བསྟོད་པ། འཁོར་ལོའི་བསྟོད་པའོ། །དང་པོ་ནི༌། གསང་བདག་ཁྲོས་པ་ག་རུ་ཊ། ། ཞལ་དགུ་ཕྱག་ནི་བཅོ་བརྒྱད་པ། །རྡོ་རྗེ་གཤོགས་པ་མཇུག་སྒྲོ་འབར། །གདུག་པ་ཀླུ་ཁམས་ འདུལ་ལ་ཕྱག་འཚལ་ལོ། །རྩ་ཞལ་གསུམ་ནི་དཀར་དམར་མཐིང༌། །བར་ཞལ་གསུམ་ནི་ དམར་ལྗང་སེར། །སྟེང་ཞལ་གསུམ་ནི་དཀར་དམར་སྔོ། །ཐམས་ཅད་ཁྱུང་ཞལ་རྔམ་ལ་ཕྱག་ འཚལ་ལོ། །རྡོ་རྗེ་རལ་གྲི་དགྲ་སྟྭ་དང༌། །ཞྭགས་པ་མདུང་ཐུང་ལྕགས་ཀྱུ་མདའ། །རྩེ་གསུམ་ གཡས་ན་རིམ་བཞིན་འཛིན། །ཡེ་ཤེས་རོལ་པའི་ཁྱུང་ལ་ཕྱག་འཚལ་ལོ། །དྲིལ་བུ་བེ་ཅོན་ འཁོར་ལོ་དང༌། །རྒྱ་གྲམ་ཐོད་དབྱུག་ལྕགས་སྒྲོགས་གཞུ། །གཏུན་ཤིང་ཁྱུང་ཕུར་གཡོན་པས་ འཛིན། །སྔགས་འཁོར་དྲག་པོ་འབར་ལ་ཕྱག་འཚལ་ལོ། །ཉ་ཤ་བ་ལིང་རཀྵ་འབར། །ག་ར་ ཆང་ཕུད་མཆོད་པ་བཞེས། །རྡོ་རྗེ་ཁྱུང་ཆེན་ཁྱེད་ཀྱིས་ཀྱང༌། །བདག་ཅག་ཐུགས་རྗེས་བཟུང་ དུ་གསོལ། །ཞེས་པ་དང༌། ཕུར་བུ་ལ་བསྟོད་པ་ནི། ཧཱུཾ་རྡོ་རྗེ་ཁྲོ་རྒྱལ་བགེགས་ཀྱི་གཤེད། །མཐིང་ག་ ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་མེ་འབར་མཆེ་བ་གཙིགས། །གོས་སྔོན་ཅན་ལ་ ཕྱག་འཚལ་ལོ། །རྡོ་རྗེ་གཡས་ལ་དྲིལ་བུ་གཡོན། །སྐྲ་སེར་སྨ་ར་མེ་སྟག་འཕྲོ། །སྐུ་སྨད་ཕུར་ 1-1-493 བ་རྣོ་དབལ་འབར། །ཀླུ་བརྒྱད་སྒྲོལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྔ་ལྡན་གཟུངས་ཐག་ལ། ། སྔགས་འཕྲེང་དྲག་པོའི་ཚ་ཚ་འཕྲོ། །རྣལ་འབྱོར་བདག་ལ་འདོད་དགུ་ཡི། །དངོས་གྲུབ་ཆར་ ཆེན་དབབ་ཏུ་གསོལ། །ཞེས་པའོ། །ཀླུའི་བསྟོད་པ་ནི། རྒྱ་མཚོ་ཆུ་བོ་གཏེར་གྱི་བདག །ཀླུ་རྒྱལ་མ་ དྲོས་དམ་ཚིག་ཅན། །མཐའ་ཡས་འཇོག་པོ་སྟོབས་ཀྱི་རྒྱུ། །རིགས་ལྡན་ནོར་རྒྱས་བུ་ལ་ཕྱག་ འཚལ་ལོ། །དུང་སྐྱོང་པད་མ་པད་ཆེན་པོ། །འཛམ་གླིང་ལོ་ཏོག་རྒྱས་པ་དང༌། །སངས་རྒྱས་ བསྟན་པ་བསྲུང་དུ་གསོལ། ། གསུམ་པ་ནི། གཟའ་འཁོར་གྱི་བསྟོད་པ་ནི། སྟེང་ཕྱོགས་གནམ་ལྕགས་འཁོར་ལོ་ལ། །གནས་ པའི་གཟའ་ཆེན་ར་ཧུ་ལ། །སྤྲུལ་པ་གཟའ་བརྒྱད་ཚོགས་དང་བཅས། །བྱང་ཆུབ་སེམས་ དང་ལྡན་པར་མཛོད། །འོག་གིས་འཁོར་ལོ་གསེར་ལྡན་ལ། །གནས་པའི་ཀླུ་ཆེན་གདོང་པ་ དགུ། །ཆུ་བདག་སྤྲུལ་པའི་ཀླུ་བརྒྱད་བཅས། །ཆར་པའི་དངོས་གྲུབ་བདག་ལ་སྩོལ། །ཞེས་ པས་བསྟོད། (གཉིས་པ་ཁར་སང་ཆར་སློང་བྱས་པ་ལ༴ སོགས་མྱུར་ཐོབ་ཤོག)བཟོད་གསོལ་ནི། ཀླུ་སྨན་འབུལ་པའི་སྐབས་ སུ་ཁོ་བོས་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ། །གསུམ་པ་གཤེགས་གསོལ་ལ། ཚུལ་བཞི་སྟེ། གཤེགས་གསོལ་དངོས་ དང༌། བསྔོ་བ་སྨོན་ལམ། བདག་བསྲུངས། བཅའ་ཀ་བསྡུ་བའོ། །དང་པོ་ཁྱུང་དང་ཕུར་བུ་ལ། ༀ་ཁྱེད་ཀྱི་སེམས་ཅན་ དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་སྩོལ། །རང་རང་ཡུལ་དུ་གཤེགས་ནས་ཀྱང༌། སླར་ཡང་བྱོན་པར་མཛད་དུ་གསོལ། །ཞེས་དང༌། འཁོར་ལོའི་བཅའ་ཀ་རྣམས་ལ། ༀ་སྦལ་ཁང་རིན་ ཆེན་འབར་བ་ལ། །མ་དྲོས་ཀླུ་བརྒྱད་ན་ག་བརྒྱད། །རང་རང་གནས་སུ་བསྐྱོད་དེ་གཤེགས། ། སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །ནཱ་ག་ར་ཙ་མུཿ ཐབས་ཀྱི་འཁོར་ལོ་ནམ་མཁའ་ལ། ། བཀུག་པའི་བཀའ་བསྲུང་ར་ཧུ་ལ། །མགྱོག་པའི་གཟའ་བརྒྱད་ཡབ་ཡུམ་བཅས། །རང་རང་ གནས་སུ་བདེ་བར་གཤེགས། །ཤེས་རབ་ས་ཡི་འཁོར་ལོ་ལ། །བཞུགས་པའི་ཀླུ་བདུད་མགོ་ དགུ་པ། །འཁོར་དུ་ཀླུ་ཆེན་བརྒྱད་པོ་བཅས། །ཀླུ་ཡུལ་རང་རང་གནས་སུ་གཤེགས། །ཞེས་སོ། ། 1-1-494 རང་ཉིད་(རང་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་གྱུར་པའི་དཔྲལ་པར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གི་མཚན་པར་ གྱུར། )གསང་བདག་གི་ང་རྒྱལ་དང་གནས་གསུམ་བསྲུང་ངོ༌། །བཞི་པ་ནི། བཅའ་ཀ་བསྡུ། འཁོར་ལོ་བསྐྱེད་དོ། །ཐོ་བསྐྱེལ། སྙུག་ ཚིག་བཀྲོལ། དེ་ཡང་ཆར་རྫས་རྣམས་མ་འབྲུལ་བར་བསྡུས། དེ་དག་གི་ཀླུ་སྨན་སྦྱར་བའི་ཆུས་བསྐུའོ། །དེ་ལྟར་རྣལ་འབྱོར་པས་ ཞི་ཆར་བྱས་ཀླུ་རྣམས་ལ་མི་གནོད་ཅིང་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་པས། ཚོགས་གཉིས་ཡོངས་སུ་རྫོགས་པའི་ཡན་ལག་ ཏུ་ཉེ་བར་འགྲོ་བས་འདི་ཁོ་ན་བཞིན་དུ་མཛད་པར་ཞུ། སྤོག་ཆོག་དྲག་ཆར་ནི་མི་བྱའོ། །འཇམ་དབྱངས་རྣམ་འཕྲུལ་ཊོཾ་བྷི་ཧེ་རུ་ ཀ ། མ་དྲོས་ཀླུ་རྒྱལ་བླངས་བའི་མན་ངག་མཆོག །ཞི་ཆར་དྲག་ཆར་གཉིས་ཀའི་ལག་ལེན་གྱིས། །ཆོ་ག་བྱིན་རླབས་ཆར་འབེབས་ ཞེས་བྱ་བའི། །འགྲིག་ཆགས་བསྒྲིགས་པའི་དགེ་བས་འགྲོ་བ་ཀུན། །ལུང་རིགས་ཆར་བརྒྱས་སྒྲིབ་གཉིས་དག་བྱས་ནས། །ལ་ བའི་སྐུ་གཉིས་དཔལ་ལ་སྤྱོད་པར་ཤོག །དཔལ་ཊོཾ་བྷི་ཧེ་རུ་ཀའི་སྒོ་ནས་ཆར་སློང་ཞི་དྲག་གཉིས་ཀའི་སྒོ་ནས་མན་ངག་སེམས་ ཅན་ལ་ཕན་པའི་ཡན་ལག་བྱིན་རླབས་ཆར་འབེབས་ཞེས་བྱ་བ་འདི་ཡང་བླ་མ་ཆོས་ཀྱི་རྒྱལ་མཚན་དཔོན་སློབ་ཀྱི་ཆ་རྐྱེན་ཞུ་རྟེན་ མང་པོ་དང་བཅས་པས་བསྐུལ་བའི་ངོར། སྡེ་སྣོད་འཛིན་པ་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོས་ཆོས་རྗེ་ཐམས་ཅད་མཁྱེན་ པའི་ཕྱག་ལེན་ཅི་ལྟ་བ་བཞིན་དུ་ཀུན་འཛིན་གྱི་ལོར་ཇོ་ནང་དཔལ་གྱི་རི་ཁྲོད་དུ་སྦྱར་བའོ། །བདེ་ལེགས་སུ་གྱུར་ཅིག བཀྲ་ཤིས། བྷ་ཝན་དུ། ༈ འདི་རྒྱུད་པ་ནི། གསང་བདག ཊོཾ་བྷི་ཧེ་རུ་ཀ ཤ་ནའི་གོས་ཅན། ཇོ་བོ་རྗེ། འཇམ་དབྱངས་གསར་མ། ཆོས་སྐུ་འོད་ཟེར། ཀུན་སྤངས་ཆེན་པོ། ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་ཆེན་པོ། ཀུན་སྤངས་ཆོས་གྲགས་དཔལ། རྒྱལ་བ་ཇོ་བཟང༌། རིགས་ལྡན། བྱང་ཆུབ་སེང་གེ་ནས་རིམ་པར་བརྒྱུད་པའོ། །སརྦ་མངྒ་ལཾ།